Semantic search
ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དྲེགས་པའི་མཆོད་བསྟོད་ (Volume 33, Text 33)
ྈ ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དྲེགས་པའི་མཆོད་བསྟོད་བཞུགས༔ ྈྈྈ གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀའ་སྲུང་དྲེགས་པའི་མཆོད་བསྟོད་ནི༔ ཕྱི་ནང་གསང་རྟེན་ཚོགས་པར་བྱས༔ མཆོད་པའི་ཡོ་བྱད་གཙང་བ་བཤམས༔ སྤྱན་གཟིགས་ཐམས་ཅད་མཛེས་པར་བཀྲམ༔ བྱིན་གྱིས་བརླབས་ལ་དར་ནག་གཡབ༔ རོལ་མོ་སྦྱར་སྤོས་སྣ་ཚོགས་བཅས༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ གསང་བདག་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གནམ་ལྕགས་རྩེ་དགུས་ཐོད་ཁྲག་དཀྲུག༔ དྲེགས་པའི་མགོ་བཅད་སྐྲ་ནས་བཟུང༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མ༔ མཐིང་ནག་ཁ་ཊྭཱཾ་ཐོད་ཁྲག་འཛིན༔ གཙོ་བོའི་སྐུ་ལ་གཉིས་མེད་འཁྲིལ༔ རང་རིག་ལྷ་ལ་ཕྱག་འཚལ་བསྟོད༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་རྟེན་རྣམས་དང༔ དུར་ཁྲོད་མཆོག་གི་མཆོད་པའི་སྤྲིན༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་མར་མེ་ཁྲག་མཁྲིས་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ ཐོད་པ་ལྟག་སྤྲོད་རྔ་ཆེན་དང༔ ཉོན་མོངས་སེལ་བྱེད་སྨན་གྱི་མཆོག༔ བདེ་བ་སྐྱེད་པའི་དམར་ཆེན་པོ༔ བཟའ་བཏུང་འདོད་ཡོན་གཏོར་མའི་ཚོགས༔ རིན་ཆེན་དར་ཟབ་གོ་མཚོན་དང༔ གཅན་གཟན་རྐང་འགྲོ་འདབ་ཆགས་རིགས༔ ཞྭ་གོས་ཆས་ཞུགས་འཆམ་གར་དང༔ དཔའ་བོ་སྟག་ཆས་བསོ་སྒྲ་སྒྲོག༔ སྣ་ཚོགས་རུ་དར་དུ་མ་ཕྱར༔ སྤྱན་གཟིགས་རྣམས་ཀྱི་མཆོད་པ་འབུལ༔ ཁྱད་པར་སྣང་སྟོང་སྐུ་བསྒོམ་ཞིང༔ རླུང་སྔགས་སེམས་གསུམ་དབྱེར་མེད་བཟླས༔ རང་རིག་ཡེ་ནས་མ་བཅོས་པ༔ མ་རིག་གཉིས་འཛིན་རུ་དྲ་བསྒྲལ༔ གཉིས་སྣང་དབྱེར་མེད་ཀློང་དུ་སྦྱོར༔ མཆོད་པའི་མཆོག་ནི་འདི་ཡིན་པསཿ ལྷ་མཆོག་ཁྱོད་ཀྱི་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཡོངས་སུ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ དེ་འཛིན་སྐྱེས་བུ་སྐྱོང་བ་དང༔ འབྲལ་མེད་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔ ཧཱུྃ་ འདོད་པ་ཁམས་ལ་དབང་བསྒྱུར་བ༔ ལྷ་ཡི་སྡེ་དཔོན་ཆེན་པོ་ནི༔ དབང་ཕྱུག་མ་ཧཱ་དེ་ཝ་ནི༔ སྐུ་མདོག་མཐིང་ནག་མུན་པའི་མདོག༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་པ་གློ་སྙིང་འཛིན༔ རལ་པ་སྤྲིན་གཏིབས་བེར་ཆེན་གསོལ༔ འཇིགས་བྱེད་སེང་གེ་ཆིབས་སུ་འཆིབ༔ ལྷ་དམག་འབུམ་ཕྲག་མང་པོས་བསྐོར༔ ལྷ་ཡི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས་གོང་ལྟར་འགྲེས་ལ། ཧཱུྃ་ ལྷ་རྣམས་ཀུན་ལ་དབང་བསྒྱུར་བ༔ ལྷ་མོའི་སྡེ་དཔོན་ཆེན་པོ་ནི༔ ལྷ་མོ་ཨུ་མ་དེ་ཝཱི་སྟེ༔ སྐུ་མདོག་མཐིང་ནག་འོད་དུ་འབར༔ ཕྱག་གཡས་རྩེ་གསུམ་འབར་བ་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་བསྣམས༔ ཁྲོས་པའི་བཞིན་ཅན་བེར་ནག་གསོལ༔ གླང་ཆེན་ནག་པོ་ཆིབས་སུ་འཆིབ༔ ལྷ་མོ་འབུམ་ཕྲག་དུ་མས་བསྐོར༔ ལྷ་མོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གཤིན་རྗེ་ཀུན་ལ་དབང་བསྒྱུར་བ༔ གཤིན་རྗེའི་སྡེ་དཔོན་ཆེན་པོ་ནི༔ གཤིན་རྗེ་ཡ་མ་རཱ་ཛ་ནག༔ བེ་ཅོན་ཐོད་དབྱུག་ཕྱག་ན་བསྣམས༔ གཅན་གཟན་ལྤགས་པ་སྐུ་ལ་གསོལ༔ མ་ཧེ་ནག་པོ་ཆིབས་སུ་འཆིབ༔ གཤིན་རྗེ་འབུམ་ཕྲག་མང་པོས་བསྐོར༔ གཤིན་རྗེའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གཤིན་རྗེ་མོ་ལ་དབང་བསྒྱུར་བ༔ གཤིན་རྗེ་མོ་ཡི་སྡེ་དཔོན་ནི༔ གཤིན་རྗེ་སྒྲོལ་བྱེད་ནག་མོ་ནི༔ ཕྱག་ན་འཁོར་ལོ་ཐོད་ཁྲག་ཐོགས༔ མི་ལྤགས་གཡང་གཞི་སྐུ་ལ་གསོལ༔ ཆུ་གླང་ནག་མོ་ཆིབས་སུ་འཆིབ༔ གཤིན་རྗེ་འབུམ་ཕྲག་དུ་མས་བསྐོར༔ གཤིན་རྗེའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱཱུུྃྃ་ བདུད་རྣམས་ཡོངས་ལ་དབང་བསྒྱུར་བ༔ བདུད་རྣམས་ཡོངས་ཀྱི་སྡེ་དཔོན་མཆོག༔ བདུད་པོ་སྐོས་རྗེ་བྲང་དཀར་ནི༔ ནག་པོ་ཁྲམ་ཤིང་ཐོད་ཁྲག་ཐོགས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ བདུད་དམག་འབུམ་ཕྲག་དུ་མས་བསྐོར༔ བདུད་ཀྱི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ བདུད་མོ་ཡོངས་ལ་དབང་བསྒྱུར་བ༔ བདུད་མོ་ཡོངས་ཀྱི་སྡེ་དཔོན་མཆོག༔ བདུད་མོ་རེ་མ་ཏཱི་ནག་མོ༔ ལག་ན་ཁྲམ་ཤིང་ཐོད་ཁྲག་ཐོགས༔ སྐུ་ལ་མཐིང་གི་བེར་ཆེན་གསོལ༔ བོང་བུ་ག་དམར་ཆིབས་སུ་འཆིབ༔ བདུད་མོ་འབུམ་ཕྲག་དུ་མས་བསྐོར༔ བདུད་མོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ སྲིན་པོ་ཡོངས་ལ་དབང་བསྒྱུར་བ༔ སྲིན་པོ་ཡོངས་ཀྱི་སྡེ་དཔོན་མཆོག༔ སྲིན་པོ་གློག་གི་ཕྲེང་བ་ཅན༔ ནག་པོ་གློག་གི་ཐུལ་པ་ཅན༔ ཕྱག་གཉིས་གློག་ཞགས་ཐོག་སེར་ཐོགས༔ ཆིབས་སུ་འབྲུག་ཆེན་འཇིགས་ལ་འཆིབ༔ སྲིན་པོ་འབུམ་ཕྲག་དུ་མས་བསྐོར༔ སྲིན་པོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ སྲིན་མོ་ཡོངས་ལ་དབང་བསྒྱུར་བ༔ སྲིན་མོ་ཡོངས་ཀྱི་སྡེ་དཔོན་མཆོག༔ ཀླུ་མོ་སྦལ་མགོ་ཁྲག་མིག་ཅན༔ དམར་ནག་སྐུ་ལ་བེར་ནག་གསོལ༔ ཕྱག་གཉིས་ཕུར་པ་མི་མགོ་འཛིན༔ ཆིབས་སུ་རྔ་མོང་གྭ་པ་འཆིབ༔ སྲིན་མོ་འབུམ་ཕྲག་དུ་མས་བསྐོར༔ སྲིན་མོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གནོད་སྦྱིན་ཡོངས་ལ་དབང་བསྒྱུར་བ༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་མཆོག༔ གནོད་སྦྱིན་ཡཀྴ་མེ་དབལ་ནི༔ སྐུ་མདོག་ནག་པོ་ཆར་སྤྲིན་མདོག༔ མེ་ཕུང་འབར་བའི་ན་བཟའ་ཅན༔ རིན་པོ་ཆེ་དང་ཟངས་གྲི་བསྣམས༔ གཅན་གཟན་གཏུམ་པོ་སྟག་ལ་འཆིབ༔ གནོད་སྦྱིན་འབུམ་ཕྲག་དུ་མས་བསྐོར༔ གནོད་སྦྱིན་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གནོད་སྦྱིན་མོ་ལ་དབང་བསྒྱུར་བ༔ གནོད་སྦྱིན་མོ་ཡི་སྡེ་དཔོན་མཆོག༔ གནོད་སྦྱིན་སྔོན་མོ་བེར་ནག་གསོལ༔ ཕྱག་ན་སྤུ་གྲི་གཡུ་སྤྱང་ཐོགས༔ ལྕགས་ཀྱི་ཕག་རྒོད་འཇིགས་ལ་འཆིབ༔ གནོད་སྦྱིན་མོ་འབུམ་དུ་མས་བསྐོར༔ གནོད་སྦྱིན་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱཱུུྃྃ་ ཐེའུ་བྲང་ཡོངས་ལ་དབང་བསྒྱུར་བ༔ ཐེའུ་བྲང་ཡོངས་ཀྱི་སྡེ་དཔོན་མཆོག༔ མཐུ་ཆེན་གནམ་ཐེའུ་དཀར་པོ་ནི༔ ཟ་འོག་སྔོ་ཁྲའི་བེར་ཆེན་གསོལ༔ ཕྱག་གཉིས་ཤེལ་གྲི་ཤེལ་མདུང་བསྣམས༔ བ་དན་དཀར་པོ་ཕྱ་ར་ར༔ ཆིབས་སུ་རྟ་དཀར་ཕྲུམ་དམར་འཆིབ༔ ཐེའུ་རང་འབུམ་ཕྲག་དུ་མས་བསྐོར༔ ཐེའུ་བྲང་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ སྔགས་སྲུང་ཡོངས་ལ་དབང་བསྒྱུར་བ༔ སྔགས་སྲུང་ཡོངས་ཀྱི་སྡེ་དཔོན་མཆོག༔ སྔགས་སྲུང་ཨེ་ཀ་ཛཱ་ཊི་མ༔ ནག་མོ་ལྕགས་ཀྱི་རལ་པ་ཅན༔ དར་མཐིང་འཇའ་ཚོན་ན་བཟའ་ཅན༔ ཕྱག་གཡས་དམ་ཉམས་ཙིཏྟ་གསོལ༔ གཡོན་པས་གཡུ་ཡི་སྤྱང་མོ་འགྱེད༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སྔགས་སྲུང་འབུམ་ཕྲག་དུ་མས་བསྐོར༔ སྔགས་སྲུང་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ བཙན་རྣམས་ཡོངས་ལ་དབང་བསྒྱུར་བ༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་མཆོག༔ བཙན་རྒྱལ་སྲོག་ཟན་དམར་པོ་ནི༔ སྐུ་ལ་དར་དམར་རལ་གུ་གསོལ༔ བསེ་རྨོག་དར་འཕྲུ་ཚུབས་སེ་ཚུབ༔ བསེ་ཡི་མདུང་དར་ཡ་ལ་ལ༔ བསེ་མདའ་བསེ་གཞུ་སྦྲེངས་སེ་སྦྲེང༔ བསེ་རྟ་དམར་པོ་རླུང་གཤོག་འཆིབ༔ བཙན་དམག་འབུམ་ཕྲག་དུ་མས་བསྐོར༔ བཙན་གྱི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ མུ་སྟེགས་ཡོངས་ལ་དབང་བསྒྱུར་བ༔ མུ་སྟེགས་ཡོངས་ཀྱི་སྡེ་དཔོན་ཆེ༔ མུ་སྟེགས་གུ་ལང་ནག་པོ་ནི༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཁ་ཊྭཱཾ་བྷནྡྷ་ཕྱག་ན་འཛིན༔ སེང་གེ་རལ་པ་ཅན་ལ་འཆིབ༔ མུ་སྟེགས་འབུམ་ཕྲག་དུ་མས་བསྐོར༔ མུ་སྟེགས་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ ལྷ་རྣམས་ཡོངས་ལ་དབང་བསྒྱུར་བ༔ ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་ཆེ༔ ལྷ་རབས་ཤམ་པོ་དུང་ལྟར་དཀར༔ སྐུ་ལ་དར་དཀར་བེར་ཆེན་གསོལ༔ ཤེལ་མདུང་དང་ནི་ཤེལ་གྲི་ཐོགས༔ ཆིབས་སུ་ལྷ་གཡག་དཀར་པོ་འཆིབ༔ ལྷ་དམག་འབུམ་ཕྲག་དུ་མས་བསྐོར༔ ལྷ་ཡི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ མ་སང་ཡོངས་ལ་དབང་བསྒྱུར་བ༔ མ་སང་ཡོངས་ཀྱི་སྡེ་དཔོན་མཆོག༔ སྤྱི་བདུད་རྒྱལ་པོ་གུ་རུམ་ནི༔ ཤེལ་ཁྲབ་བསེ་རྨོག་ཡ་ལ་ལ༔ དར་མདུང་དཀར་པོ་ཕྱ་ར་ར༔ ཆིབས་སུ་རྡོ་རྟ་གྲོ་གར་འཆིབ༔ མ་སང་འབུམ་ཕྲག་དུ་མས་བསྐོར༔ མ་སང་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ མ་མོ་ཡོངས་ལ་དབང་བསྒྱུར་བ༔ མ་མོ་ཡོངས་ཀྱི་སྡེ་དཔོན་མཆོག༔ མ་མོ་སྲིད་པའི་རྒྱལ་མོ་ནི༔ དཀར་མོ་དར་དཀར་རལ་གུ་གསོལ༔ འཁོར་ལོ་དང་ནི་མེ་ལོང་ཐོགས༔ ཆིབས་སུ་གཡུ་འབྲུག་སྔོན་པོ་འཆིབ༔ མ་མོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ མཁའ་འགྲོ་ཡོངས་ལ་དབང་བསྒྱུར་བ༔ མཁའ་འགྲོ་ཡོངས་ཀྱི་སྡེ་དཔོན་མཆོག༔ མཁའ་འགྲོ་མགྱོགས་བྱེད་ནག་མོ་ནི༔ སྐུ་ལ་དར་ནག་རལ་གུ་གསོལ༔ རྒྱུ་ཞགས་མཚོན་གྱི་གྲུ་གུ་བསྣམས༔ ཆིབས་སུ་སོ་བྱ་རོག་པོ་འཆིབ༔ མཁའ་འགྲོ་འབུམ་ཕྲག་མང་པོས་བསྐོར༔ མཁའ་འགྲོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ རུ་དྲ་ཡོངས་ལ་དབང་བསྒྱུར་བ༔ རུ་དྲ་ཡོངས་ཀྱི་སྡེ་དཔོན་ཆེ༔ རུ་དྲ་རྡོ་རྗེ་བདུད་འདུལ་ནི༔ དམར་ནག་དར་གྱི་བེར་ཆེན་གསོལ༔ ཡུངས་ཐུན་བྷནྡྷ་ཁྲག་ཅན་ཐོགས༔ ཆིབས་སུ་མགྱོགས་འགྲོ་ཁམ་ནག་འཆིབ༔ རུ་དྲ་འབུམ་ཕྲག་དུ་མས་བསྐོར༔ རུ་དྲའི་འབུམ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ འགོང་པོ་ཡོངས་ལ་དབང་བསྒྱུར་བ༔ འགོང་པོ་ཡོངས་ཀྱི་སྡེ་དཔོན་ཆེ༔ འགོང་པོ་ཡམ་ཤུད་དམར་པོ་ནི༔ ཟ་འོག་དམར་པོའི་ན་བཟའ་ཅན༔ རལ་གྲི་དང་ནི་ཞགས་པ་ཐོགས༔ ཆིབས་སུ་ཟངས་རྟ་དམར་པོ་འཆིབ༔ འགོང་པོ་འབུམ་ཕྲག་དུ་མས་བསྐོར༔ འགོང་པོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ བགེགས་རྣམས་ཡོངས་ལ་དབང་བསྒྱུར་བ༔ བགེགས་རྣམས་ཡོངས་ཀྱི་སྡེ་དཔོན་ཆེ༔ བགེགས་རྒྱལ་བི་ནཱ་ཡ་ཀ་ནི༔ མཐིང་ནག་དར་ནག་བེར་ཆེན་གསོལ༔ ཁ་ཊྭཱཾ་རྩེ་གསུམ་ཐོད་ཁྲག་འཛིན༔ ཆིབས་སུ་བདུད་རྟ་རྩལ་ཆེན་འཆིབ༔ བགེགས་རྣམས་འབུམ་ཕྲག་དུ་མས་བསྐོར༔ བགེགས་ཀྱི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ དམུ་བདུད་ཡོངས་ལ་དབང་བསྒྱུར་བ༔ དམུ་བདུད་ཡོངས་ཀྱི་སྡེ་དཔོན་མཆོག༔ དམུ་བདུད་བཀྲག་མེད་ནག་པོ་ནི༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ ཤང་ལང་དང་ནི་མདའ་གཞུ་ཐོགས༔ དམུ་རྟ་འཕྱོང་རྒོད་ནག་མོ་འཆིབ༔ དམུ་བདུད་འབུམ་ཕྲག་དུ་མས་བསྐོར༔ དམུ་བདུད་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གཟའ་རྣམས་ཀུན་ལ་དབང་བསྒྱུར་བ༔ གཟའ་རྣམས་ཡོངས་ཀྱི་སྡེ་དཔོན་མཆོག༔ གཟའ་བདུད་ནག་པོ་རཱ་ཧུ་ལ༔ དུད་ཁ་མགོ་དགུ་བྱ་རོག་ཞལ༔ མིག་སྟོང་ལྡན་ལ་སྦྲུལ་མཇུག་ཅན༔ སྐུ་ལ་ན་བཟའ་འབྲུག་སློག་གསོལ༔ དང་པོས་ཆུ་སྲིན་རྒྱལ་མཚན་ཕྱར༔ སྦྲུལ་ཞགས་འོག་མས་མདའ་གཞུ་འགེངས༔ ཆིབས་སུ་འབྲུག་ཆེན་གློག་འགྱུ་འཆིབ༔ གཟའ་སྐར་འབུམ་ཕྲག་དུ་མས་བསྐོར༔ གཟའ་བདུད་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གནམ་སྨན་ཡོངས་ལ་དབང་བསྒྱུར་བ༔ གནམ་སྨན་ཡོངས་ཀྱི་སྡེ་དཔོན་མཆོག༔ གནམ་སྨན་ཐོག་གི་བུ་ཡུག་ནི༔ དམར་སྐྱ་ཐོག་དང་སེར་བ་ཐོགས༔ ཆིབས་སུ་འབྲུག་དང་གློག་ལ་འཆིབ༔ གནམ་སྨན་འབུམ་ཕྲག་དུ་མས་བསྐོར༔ གནམ་སྨན་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ ཀླུ་བདུད་ཡོངས་ལ་དབང་བསྒྱུར་བ༔ ཀླུ་བདུད་ཡོངས་ཀྱི་སྡེ་དཔོན་མཆོག༔ ཀླུ་བདུད་ནག་པོ་སྦྲུལ་མགོ་དགུ༔ སྐུ་ལ་སྦྲུལ་གྱི་སློག་པ་གསོལ༔ སྦྲུལ་གྱི་མཇུག་མས་རྒྱ་མཚོ་དཀྲུག༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ ཆིབས་སུ་ཆུ་སྲིན་འཇིགས་ལ་འཆིབ༔ ཀླུ་བདུད་འབུམ་ཕྲག་དུ་མས་བསྐོར༔ ཀླུ་བདུད་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ ཀླུ་མོ་ཡོངས་ལ་དབང་བསྒྱུར་བ༔ ཀླུ་མོ་ཡོངས་ཀྱི་སྡེ་དཔོན་མཆོག༔ ཀླུ་མོ་ཡཀྴ་ནག་མོ་ནི༔ སྦྲུལ་ལྤགས་གསོལ་ནས་སྦྲུལ་མཇུག་གཡོབ༔ ཕྱག་གཉིས་སྦྲུལ་ཞགས་ནད་རྐྱལ་ཐོགས༔ ཆིབས་སུ་རུས་སྦལ་འཇིགས་ལ་འཆིབ༔ ཀླུ་མོ་འབུམ་ཕྲག་དུ་མས་བསྐོར༔ ཀླུ་མོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གིང་རྣམས་ཡོངས་ལ་དབང་བསྒྱུར་བ༔ གིང་གི་ཚོགས་ཀྱི་སྡེ་དཔོན་མཆོག༔ གིང་ཆེན་ཚངས་པ་དཀར་པོ་ནི༔ སྤུ་གྲི་ཉི་ཟེར་ཞགས་པ་ཐོགས༔ སྐུ་ལ་བྱ་རྒོད་ཐུལ་པ་གསོལ༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ གིང་བྲན་འབུམ་ཕྲག་དུ་མས་བསྐོར༔ གིང་གི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ རྒྱལ་པོ་ཡོངས་ལ་དབང་བསྒྱུར་བ༔ རྒྱལ་པོའི་ཚོགས་ཀྱི་སྡེ་དཔོན་མཆོག༔ རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་རྩལ༔ དཀར་པོ་དོམ་གྱི་སློག་པ་གསོལ༔ བདུད་ཞགས་དང་ནི་སྤུ་གྲི་ཕྱར༔ ཆིབས་སུ་བ་གླང་སྣ་རིང་འཆིབ༔ རྒྱལ་ཕྲན་འབུམ་ཕྲག་དུ་མས་བསྐོར༔ རྒྱལ་པོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ དགྲ་ལྷ་ཡོངས་ལ་དབང་བསྒྱུར་བ༔ དགྲ་ལྷའི་ཚོགས་ཀྱི་སྡེ་དཔོན་མཆོག༔ དགྲ་ལྷ་རྡོ་རྗེ་ལེགས་པ་དཀར༔ ཟབ་སློག་ཤེལ་གྱི་ཐམ་ཀ་ཅན༔ ཕྱག་གཉིས་རྡོ་རྗེ་རུ་མཚོན་ཐོགས༔ ཆིབས་སུ་ར་སྐྱེས་དཀར་པོ་འཆིབ༔ དགྲ་ལྷ་འབུམ་ཕྲག་དུ་མས་བསྐོར༔ དགྲ་ལྷའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ མགོན་པོ་ཡོངས་ལ་དབང་བསྒྱུར་བ༔ མགོན་པོའི་ཚོགས་ཀྱི་སྡེ་དཔོན་མཆོག༔ མགོན་པོ་མ་ཧཱ་ཀཱ་ལ་ནི༔ ནག་པོ་དར་ལྗང་བེར་ཆེན་གསོལ༔ དམག་སྒྲོམ་བིང་ཆེན་རྐེད་ལ་བཙུགས༔ གྲི་གུག་འཕྱར་ཞིང་ཐོད་ཁྲག་འཛིན༔ ཆིབས་སུ་རྟ་ནག་རྟིང་དཀར་འཆིབ༔ མགོན་པོ་འབུམ་ཕྲག་དུ་མས་བསྐོར༔ མགོན་པོའི་སྡེ་དཔོན་ཁྱོད་ལ་བསྟོད༔ འདིར་གཤེགས་སོགས། ཧཱུྃ་ གཞན་ཡང་བཀའ་སྡོད་ཕྱག་བརྙན་ནི༔ ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་དང༔ ནང་གི་ལྷ་སྲིན་སྡེ་བརྒྱད་དང༔ གསང་བའི་ལྷ་སྲིན་སྡེ་བརྒྱད་དང༔ སྦས་པའི་ལྷ་སྲིན་སྡེ་བརྒྱད་དང༔ ཡང་གསང་གཏེར་གྱི་ལྷ་སྲིན་དང༔ དྲེགས་པ་སྔགས་ཀྱི་ལྷ་སྲིན་དང༔ ལས་བྱེད་མྱུར་མགྱོགས་ལྷ་སྲིན་དང༔ བཏགས་ཤིང་ཆགས་པའི་ལྷ་སྲིན་དང༔ སྡེ་བརྒྱད་འཁོར་དང་བཅས་པ་དང༔ ཡུལ་རིས་འདི་ཡི་གཞི་བདག་བཅས༔ འདིར་གཤེགས་སོགས། དེ་ནས་ཕུད་སྦྲེང་གཏོར་མ་ཕྱི་ལ་སྤག༔ ཧཱུྃ་ གསོན་ཅིག་དགོངས་ཤིག་དྲེགས་པ་ཐུགས་དམ་ཅན༔ རྣལ་འབྱོར་བདག་གི་གྲོགས་དང་ར་མདའ་མཛོད༔ ནད་གདོན་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ ཚེ་དཔལ་འབྱོར་པ་རྒྱས་པའི་ཕྲིན་ལས་མཛོད༔ ཁམས་གསུམ་དབང་དུ་འདུ་བའི་ཕྲིན་ལས་མཛོད༔ སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ དཀོན་མཆོག་དབུ་འཕང་མཐོ་བའི་ཕྲིན་ལས་མཛོད༔ རྣལ་འབྱོར་བསམ་པ་འགྲུབ་པའི་ཕྲིན་ལས་མཛོད༔ དགྲ་ལ་རྟགས་ཐོན་བགེགས་ལ་ལས་མཛོད་ཅིག༔ ཅེས་པའི་ཕྲིན་ལས་གསོལ་ལ་རང་གནས་གཤེགས༔ དྲེགས་པ་མངོན་འགྲུབ་མཐུ་རྩལ་ནུས་པ་འབར༔ མི་མཐུན་རྐྱེན་བཟློག་མཐུན་རྐྱེན་བསམ་པ་འགྲུབ༔ དེ་ཕྱིར་དྲེགས་པ་མཆོད་ལ་བརྩོན་པར་བྱ༔ དམ་མེད་མཆོད་པ་མ་གཙང་བབ་ཅོལ་དུ༔ འདི་དག་བགྱིས་ན་དྲེགས་པ་ཁྲོས་པའི་རྒྱུ༔ དེ་ཕྱིར་དམ་ལྡན་མཆོད་རྫས་གཙང་ཞིང་འཛོམས༔ དེ་ཡིས་འདི་བགྱིས་ཕན་ཡོན་དཔག་མེད་ཐོབ༔ ས་མ་ཡ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་ཡང་དག་པའོ།། །།
སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་མན་ངག་གི་ཟིན་བྲིས་རིག་པ་འཛིན་པའི་ངལ་འཚོ་ (Volume 7, Text 33)
༄༅། །སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་མན་ངག་གི་ཟིན་བྲིས་རིག་པ་འཛིན་པའི་ངལ་འཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། གུ་རུའི་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་མན་ངག་འཆད་པ་ལ། བཤད་བྱ། འཆད་བྱེད། ཇི་ལྟར་འཆད་པའི་ཚུལ་དང་གསུམ་ལས། དང་པོ་ནི། སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་ཉིད་སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པའི་སྙིང་པོ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་དང་བཅས་པའོ། །གཉིས་པ་འཆད་བྱེད་ལ་ས་གཏེར་དང་དགོངས་གཏེར་གཉིས་ལས། དང་པོ་ནི། སྤྲུལ་པའི་སྐུ་བཟང་པོ་གྲགས་པའི་གཏེར་བྱོན་གསོལ་འདེབས་རྩ་བ། རིག་འཛིན་མངའ་རིས་པའི་གཏེར་བྱོན་ལ། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་ལོ་རྒྱུས་ལུང་བསྟན། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད། ལས་བྱང་ཡོན་ཏན་གཏེར་མཛོད། དབང་ཆོག་བསམ་འཕེལ་ནོར་བུ། གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད། རྫོགས་རིམ་ཡོན་ཏན་གཏེར་མཛོད། ཞལ་གདམས་ཡོན་ཏན་གཏེར་མཛོད། ཚོགས་མཆོད། གཏོར་ཆོག །བསྐུལ་ཞིང་དམ་བདར། རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པའི་བརྒྱུད་འདེབས། ཟིན་བྲིས་སོགས་སོ། །གཉིས་པ་དགོངས་གཏེར་ནི། རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ་་་འདིའི་ཟིན་བྲིས་འབའ་ར་བ་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱིས་མཛད་པ་ཤིན་ཏུ་ཞལ་གསལ་བ་ཡོད། མཆན། ཞེས་བསྐྱེད་རྫོགས་ལས་ཚོགས་དང་བཅས་པའོ། །གསུམ་པ་ཇི་ལྟར་འཆད་པའི་ཚུལ་ལ། སྨིན་གྲོལ་ལས་ཚོགས་དང་བཅས་པ་ལས། དང་པོ་སྨིན་བྱེད་དབང་ནི། དབང་ཆོག་བསམ་འཕེལ་ནོར་བུ་ལ་སྐབས་སུ་བབས་པའི་མཚམས་སྦྱོར་དང་། སྤྲོ་ན་མན་ངག་བཅུ་གསུམ་གྱི་མངོན་རྟོགས་དང་མཐུན་པའི་ལྷ་དང་སྔགས་ཀྱིས་བརྒྱན་པའི་གསོལ་འདེབས་ཀྱི་ཚིག་གིས་དབང་བསྐུར། གཉིས་པ་གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི། དང་པོ་བསྐྱེད་རིམ་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། རྒྱུན་དུ་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་དང་། ཁྱད་པར་གྱི་དུས་སུ་ལས་བྱང་ཡོན་ཏན་གཏེར་མཛོད། ཚོགས་ཀྱི་མཆོད་པ་སོགས་བྱ་ཞིང་། གང་གི་ཚེ་ཡང་བཟླས་པའི་སྐབས། བསྙེན་དུས་དཀར་དམར་མཐིང་གསུམ་འོད་ཟེར་གྱིས༔ བདག་དང་ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་སྦྱངས༔ ཞེས་སོ། །གཉིས་པ་སྒྲུབ་པ་ནི། གཞན་འདྲ་བ་ལ་བཟླས་པའི་སྐབས། སྒྲུབ་དུས་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས༔ བདག་དང་འགྲོ་བའི་ལུས་ངག་ཡིད་བྱིན་བརླབས༔ ཞེས་སོ། །གསུམ་པ་ལས་སྦྱོར་ནི། ལས་སྦྱོར་མཁའ་འགྲོའི་ཚོགས་ཀྱིས་ཕྲིན་ལས་སྒྲུབ༔ དཀར་སེར་དམར་ནག་འོད་ཟེར་འཕྲོ་འདུར་བཟླ༔ ཞེས་གཙོ་བོའི་ཐུགས་སྲོག་གི་མཐར་སྔགས་ཕྲེང་འཁོར་བའི་འོད་ཀྱིས་ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། བདག་གཞན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཞི་བར་བསམ་པ་སོགས་རིགས་འགྲེའོ། །དེ་ལྟར་བསྙེན་པ་ཟླ་བ་གཅིག་གི་དབང་དུ་བྱས་ན། སྒྲུབ་པ་ཞག་བདུན་དང་། ལས་སྦྱོར་ཞག་གསུམ་ལྟ་བུར་བྱ་ཞིང་། རྒྱུན་དུའང་ཐུན་གྱི་མཇུག་ཏུ་སྒྲུབ་པ་དང་། ལས་སྦྱོར་གྱི་དམིགས་པ་ཅུང་ཟད་རེ་བྱ། ཐུན་བསྡུ་བ་ན། མཆོད་ཅིང་བསྟོད་ལ། རྗེས་ནི་གུ་རུའི་སྐུ་གསུང་ཐུགས་འོད་ཀྱིས༔ བདག་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས༔ དབྱེར་མེད་ངོ་བོ་ཉིད་དུ་གྱུར་པར་བསམ༔ ཞེས་གསུངས་པ་ལྟར་མདུན་བསྐྱེད་ལས་དབང་བཞི་ལེན་པའི་དམིགས་པ་སྤྱི་ལྟར་རྗེས། བཛྲ་མུཿས་གཤེགས་སུ་གསོལ་བའམ་རང་ལ་བསྡུ། བསྔོ་སྨོན་བྱ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག །ཐུན་བཞིའམ་གཉིས་སོགས་སུ་ཚོགས་ཀྱི་འཁོར་ལོས་མཆོད། དེ་ལྟར་ཉམས་སུ་བླངས་པས་དངོས་ཉམས་རྨི་ལམ་དུ་བྱིན་གྱིས་བརླབས་པའི་མཚན་མ་མཐོང་བར་ངེས་ཏེ། ལམ་ཟབ་མོ་བྱིན་རླབས་བླ་མའི་བསྐྱེད་རིམ་མོ། །གཉིས་པ་རྫོགས་རིམ་ལ་གསུམ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་མཛད་པ་པོའི་ཆེ་བ། གདམས་ངག་ལ་ངེས་ཤེས་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ། གདམས་པ་རིན་པོ་ཆེ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་ཚུལ་ལོ། །དང་པོ་ནི། རྫོགས་རིམ་རྡོ་རྗེའི་ཚིག་རྐང་ཡོན་ཏན་གཏེར་མཛོད་ལས། བདག་འདྲ་པདྨ་འབྱུང་གནས་ནི༔ ཞེས་སོགས་སོ། །གཉིས་པ་གདམས་ངག་ལ་ངེས་ཤེས་བསྐྱེད་ཕྱིར་ཆོས་ཀྱི་ཆེ་བ་ནི། ཁྱད་པར་དམ་ཆོས་བདུད་རྩིའི་མཚོ༔ སོགས་སོ། །གསུམ་པ་གདམས་པ་དངོས་ལ། སྔོན་འགྲོ །དངོས་གཞི། རྗེས་ཏེ་གསུམ་ལས། དང་པོ་ལའང་སྤྱིའི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོ་གཉིས། དང་པོ་ནི། དང་པོ་དབེན་པའི་གནས་སུ། སོགས་སོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལའང་གཉིས་ཏེ། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། བདེ་བའི་གདན་ལ། སོགས་ཀྱིས་འདུས་བྱས་མི་རྟག་པ་དངོས་སུ་བསྟན་ཅིང་། དལ་འབྱོར་རྙེད་དཀའ་ཤུགས་ཀྱིས་བསྟན། དེ་ནས་འཁོར་བའི་ཉེས་དམིགས། སོགས་ཀྱིས་འཁོར་བའི་ཉེས་དམིགས་དངོས་སུ་བསྟན་ཅིང་། ལས་སུ་རྒྱུ་འབྲས་ཤུགས་ལ་བསྟན་པས་དམིགས་སྐོར་བཞིའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། དེ་ནས་དམ་ཆོས། སོགས་ཀྱིས་ལམ་གྱི་འཇུག་སྒོ་སྐྱབས་འགྲོ་དང་། ཚད་མེད་ནམ་མཁའི། སོགས་ཀྱིས་ལམ་གྱི་རྩ་བ་སེམས་བསྐྱེད་གཉིས་བསྟན་པས་དམིགས་རྐང་གཉིས་སོ། །གཉིས་པ་དངོས་གཞི་ལ། བསམ་གཏན་ལ་འཇུག་པའི་ཡན་ལག །མཉམ་གཞག་རླུང་སེམས་དབྱེར་མེད། རྗེས་ཐོབ་འོད་གསལ་སྣང་བཞི། གེགས་སེལ་བླ་མའི་རྣལ་འབྱོར། བོགས་འདོན་སྤྱོད་པ་རྣམ་གཉིས་ཏེ་ལྔ་ལས། དང་པོ་ནི། དེ་ནས་ལུས་ནི། སོགས་ཏེ་མི་གཡོ་གསུམ་ལྡན་གྱི་རྣལ་འབྱོར་རོ། །གཉིས་པ་མཉམ་གཞག་རླུང་སེམས་དབྱེར་མེད་ནི། ཐུན་དྲུག་ཁ་སྦྱར། སོགས་ཏེ་དེ་ཡང་རང་ཉིད་པདྨ་འབྱུང་གནས་སུ་གསལ་བའི་ངང་། སྒོ་གསུམ་མི་གཡོ་གསུམ་ལྡན་གྱིས་བཅིངས་ཏེ་རླུང་རོ་བསལ་ལ། རླུང་ཁ་སྦྱོར་དུ་བཟུང་། ཡིད་མིག་རླུང་གསུམ་གཅིག་ཏུ་དྲིལ་ཏེ་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་སྙོམས་པར་འཇུག་གོ །གསུམ་པ་རྗེས་ཐོབ་འོད་གསལ་སྣང་བཞི་ནི། མཉམ་གཞག་དེ་ལས། སོགས་ཏེ་ཐུན་དེ་ལས་ལྡང་བ་ན། དྭངས་པའི་ཆུ་ལས་ཉ་འཕར་བ་ལྟར་སྣང་བ་མཆེད་པའི་རིམ་པས་ལུས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུར་ལྡང་ཞིང་། དབྱིངས་རྣམ་པར་དག་པའི་ཀློང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གནད་ལ་གཟིར་བས་རགས་པའི་ཆོས་ཐམས་ཅད་དྭངས་མར་སྨིན། དྭངས་མ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཇུག །རྗེས་ཐོབ་སྒྱུ་མའི་དཔེ་བརྒྱད་ལྟར་མཐོང་བས་གཟུང་འཛིན་གྱི་མདུད་པ་རང་སར་གྲོལ་ནས་དོན་གྱི་བཙན་ས་ཟིན་པར་འགྱུར་རོ། །བཞི་པ་གེགས་སེལ་བླ་མའི་རྣལ་འབྱོར་ནི། བླ་མའི་རྣལ་འབྱོར། སོགས་ཏེ་བཟང་ངན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་བླ་མའི་ཐུགས་འོད་གསལ་དང་། རང་གི་སེམས་ཉིད་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་གཞག་པས་གེགས་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་ལྟར་གྲོལ་ལོ། །ལྔ་པ་བོགས་འདོན་སྤྱོད་པ་རྣམ་གཉིས་ནི། སྐབས་སུ་ངལ་གསོ། ཞེས་སོགས་ཀྱིས་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་སྤྱོད་པ་དང་། སྐབས་སུ་ལུས་ནི། སོགས་ཀྱིས་སྤྲོས་བཅས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྟན་ཏེ། དེ་གཉིས་ཀྱང་གཅིག་གྲོགས་གཅིག་གིས་བྱས་ཏེ་བོགས་དབྱུང་བར་བྱའོ། །གསུམ་པ་རྗེས་ལ། ཐུན་གྱི་རྗེས་སུ་ཇི་ལྟར་བྱ་བའི་ཚུལ་དངོས་དང་། འཕྲོས་དོན་གཉིས་ཀྱི་ཁྱད་པར་གཞན་རྟགས་ཚད་དང་བཅས་པ་བསྟན་པའོ། །དང་པོ་ནི། རྗེས་ནི་དགེ་བ་བསྔོ་ཞིང་། སོགས་སོ། །གཉིས་པ་འཕྲོས་དོན་གཉིས་ཀྱི་ཁྱད་པར་གཞན་རྟགས་ཚད་དང་བཅས་པ་བསྟན་པ་ནི། ལྷ་སྲས་ཚེ་འདིའི་སོགས་སོ། །དེ་ལྟ་བུའི་ལམ་གྱི་རིམ་པ་ཤིན་ཏུ་ཟབ་ཅིང་གསང་བ་འདིའི་དོན་སྙིང་པོར་དྲིལ་ཏེ་ཉམས་སུ་ལེན་པའི་ཚུལ་ཅུང་ཟད་བཤད་ན། གནས་ཀྱིས་གང་ཟག་བྱིན་གྱིས་བརླབ་ནུས་པ་ཨོ་རྒྱན་རིན་པོ་ཆེའི་སྦས་གནས་སོགས་འདུ་འཛི་སྐྱེ་བོས་དབེན་ཞིང་ཉམས་དགའ་བར། ཡར་མར་གྱི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་ཚེ། རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི་དམ་ཚིག་བྲིས་སྐུ་སོགས་རྟེན་གསུམ་ཇི་ལྟར་རིགས་པའི་མདུན་དུ། གཏོར་མ་པདྨ་སྤུངས་པ་དང་། སྨན་རཀ །ཆུ་གསུམ་སྔོན་འགྲོའི་ཉེར་སྤྱོད་སོགས་གཙང་ཞིང་བཀོད་པས་མཛེས་པར་བཤམ། རང་ཉིད་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་སུ་གསལ། སྔོན་འགྲོ་གཏོར་མ་བྱིན་ལ། དཀར་ཕྱོགས་རྣམས་ལ་ཆོས་སྒྲུབ་ཀྱི་གྲོགས་བཅོལ། ནག་ཕྱོགས་རྣམས་བདེན་པའི་སྟོབས་དང་། ཐུགས་ཀ་ནས་སྤྲུལ་པའི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱིས་རྒྱ་མཚོའི་མཐར་བསྐྲད་པར་བསམས་ལ། རྡོ་རྗེ་སྲུང་བའི་གུར་གྱིས་བཅིང་། སྒོ་དྲུང་དུ་ཐོ་བརྟན་པོར་བརྩིགས་པར་བྲིས་སྐུའམ་ས་བོན་ལ་རྒྱལ་ཆེན་བཞི་བསྐྱེད་ཅིང་སྤྱན་དྲང་མཆོད་བསྟོད་གཏོར་མ་ཕུལ། སྒྲུབ་པ་མ་ཐོན་བར་བར་ཆད་སྲུང་བའི་སླད་དུ་བརྟན་བཞུགས་བྱ། དེ་ནས་ནང་དུ་ལོག་ཅིང་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། ད་རེས་རྙེད་དཀའ་ཞིང་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་ལུས་རྟེན་འདི་ལྟ་བུ་ཐོབ་ཀྱང་། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཁོ་ན་ལས་མ་འདས་པས་ངེས་པར་མྱུར་དུ་འཆི། ཤི་བའི་འོག་ཏུ་ལས་རྒྱུ་འབྲས་ཁོ་ན་ལས་གཞན་ནི་གང་ཡང་རྗེས་སུ་མི་འབྲང་། སྡིག་པའི་ལས་ལ་བརྟེན་ནས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ། ཟག་བཅས་ཀྱི་དགེ་བའི་ལས་ཀྱིས་མཐོ་རིས་གསུམ་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པ་སྟེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་རང་གཞན་ཐམས་ཅད་ཐར་པ་ཞིག་ཅི་ནས་བྱ་དགོས་པར་འདུག་པས། དེའི་ཆེད་དུ་བླ་མ་དང་དཀོན་མཆོག་ལ་སྐྱབས་དང་ར་མདར་ཞུ་སྙམ་པས། མདུན་གྱི་ནམ་མཁར་འཇའ་ཚོན་འཁྲུགས་པའི་ཀློང་དུ་སྐྱབས་གནས་ཀུན་འདུས་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་གསལ་བཏབ་སྟེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་འགྲོ་བརྒྱ་སྟོང་ལ་སོགས་ཅི་ནུས་དང་། དེ་རྣམས་ཀྱི་སྤྱན་སྔར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཆི་མེད་པདྨ་འབྱུང་གནས་ཀྱི་ཏིང་ངེ་འཛིན་བསྒྲུབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་བློ་རྒྱུད་དང་འདྲེ་ངེས་བྱ། ཡན་ལག་བརྒྱད་པས་ཚོགས་བསགས་པའི་མཐར་མོས་གུས་དུང་བ་བྱས་པས་སྐྱབས་ཡུལ་རྣམས་གཙོ་བོ་ལ་ཐིམ། དེ་ཉིད་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས། དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ་ཤེས་པ་འཛིན་མེད་དུ་བཞག །ཕྱི་ནང་གི་མཆོད་པ་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པས་ཀ་དག་གི་རིག་པ་བརྗོད་བྲལ་གཉུག་མའི་དེ་ཁོ་ན་ཉིད་དོན་དམ་འཆི་མེད་པདྨ་འོད་འབར་དུ་ཤེས་པའི་ངང་། རྣམ་དག་འོད་ལྔ། སོགས་ཀྱིས་ལྷུན་གྲུབ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རང་མདངས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་ཅིང་། བདག་མདུན་སྣོད་བཅུད་ཐམས་ཅད་རང་བཞིན་ཡོངས་གྲུབ་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ཁོང་དུ་ཆུད་པས། རྣམ་པ་ཙམ་དུ་ཡེ་ཤེས་པ་སྤྱན་འདྲེན་དང་། བཞུགས་གསོལ་ཕྱག་འཚལ་ཚོགས་མཆོད་ནས་བླང་། མཆོད་ཅིང་བསྟོད། བསྙེན་དུས་ཀྱི་ཛཔ྄་དགོངས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱས་རྗེས་སྒྲུབ་པ་དང་། ལས་སྦྱོར་གྱི་དམིགས་བཟླས་ཅུང་ཟད་བྱ། དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ནུས་པ་བརྟན་ཅིང་ནུས་ལྡན་གོང་འཕེལ་དུ་བྱིན་གྱིས་བརླབས། མཆོད་ཅིང་བསྟོད། གཏོར་མ་འབུལ། ཚོགས་ཀྱི་འཁོར་ལོས་མཆོད། སླར་ཡང་མཆོད་ཅིང་བསྟོད་ལ་དབང་བཞི་བླང་། ནོངས་པ་བཤགས། བདག་མདུན་དབྱེར་མེད་པ་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་བསྡུ། དེ་ལས་ཟུང་འཇུག་གི་སྐུར་ལྡང་། བསྔོ་སྨོན་བཀྲ་ཤིས་སོགས་བྱ། སྲོད་ཐུན་ཉལ་བའི་རྣལ་འབྱོར་ལ་འཇུག་པའི་ཚེ་འོད་གསལ་དེ་ཀའི་ངང་དུ་མཉམ་པར་གཞག་ལ་གཉིད་ལོག །ནངས་པར་ཟུང་འཇུག་གི་སྐུར་ལྡང་། དེ་ལྟ་བུའི་ཚུལ་གྱིས་ཐུན་དྲུག་ཏུ་བྱ། སྔ་དགོང་གི་ཐུན་ལ་ལས་བྱང་ཡོན་ཏན་གཏེར་མཛོད་དང་། ཐུན་གཞན་ལ་སྒྲུབ་ཐབས་ལྟར་ཉམས་སུ་བླང་། ཚོགས་དང་གཏོར་མ་སོགས་ཀྱང་ཅི་ནུས་སུ་འབུལ། ཐུན་ཐམས་ཅད་ལ་མ་ནུས་ཀྱང་། སྔ་ཐུན་མཇུག་གཏོར་མ་དང་། དགོང་ཐུན་མཇུག་ཚོགས་མཆོད་བྱ། བསྐྱེད་རིམ་ལ་གསལ་སྣང་ཅུང་ཟད་ཐོབ་ནས་ཐུན་ཐམས་ཅད་ཀྱི་མཇུག་རྫོགས་རིམ་སྒོམ་ཚུལ་ནི། ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱ། ངག་གནད་རླུང་རྒྱུ་བ་རང་སོར་བཞག །ཡིད་ཀྱི་གནད་སྔར་འདས་ཀྱི་རྟོག་པའི་རྗེས་མི་གཅོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་ཤེས་པ་བརྗོད་བྲལ་ལ་རྩིས་གདབ་མི་བྱ་བར། མིག་གྲུ་གང་ཙམ་གྱི་ནམ་མཁའ་ལ་ཧྲིག་གེར་བལྟ། རླུང་རོ་དགུ་ཕྲུགས་སུ་བུས་རྗེས། འོག་རླུང་ཅུང་ཟད་བསྐུམ། སྟེང་རླུང་རྫོགས་པར་རྔུབ། སླར་འོག་རླུང་རྫོགས་པར་དྲངས་ཏེ་ལྟེ་འོག་ཏུ་ཁ་སྦྱོར་གྱི་ཚུལ་དུ་བཟུང་། རིག་པ་བརྗོད་མེད་དུ་བཞག །དེ་ལྟར་ཉམས་སུ་བླངས་པས་ལུས་སེམས་ཤིན་སྦྱང་གི་བདེ་བ་ཐོབ་ཅིང་། རླུང་ཇི་ཙམ་འདོད་པའི་བར་དུ་འཛིན་ནུས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་། །ཐུན་དེ་ལས་ལྡང་བའི་རྗེས་ཐོབ་ཏུ། ཉིན་མོ་ཡིན་ན་དྲང་སྲོང་ཙོག་བུའི་འདུག་སྟངས་དང་བཅས་ཐོད་རྒལ་གཟིར། མཚན་མོ་ཡིན་ན་ལུས་གནད་དང་བཅས་མུན་པའི་རྣལ་འབྱོར་བསྒོམ། དང་པོར་བསྐྱེད་བཟླས་གཙོ་བོར་བྱ། བར་དུ་བསྐྱེད་བཟླས་རྫོགས་གསུམ་ཟུང་དུ་སྦྲེལ། ཐ་མ་བསྐྱེད་རིམ་དང་བཟླས་པ་སྔོན་དུ་འགྲོ་བས་རྫོགས་རིམ་ཁོ་ན་ལ་ཉིན་ཐུན་གསུམ། མཚན་ཐུན་གསུམ་སྟེ་ཐུན་དྲུག་ཏུ་གཅིག་བསྒྲིལ་གྱིས་བསྒོམ། ཁྱད་པར་དུས་དང་གནས་སྐབས་ཀུན་ཏུ་གསོལ་འདེབས་བསམ་པ་ལྷུན་གྲུབ་མས་གདུང་ཤུགས་དྲག་པོས་གསོལ་བ་གདབ། དེའི་ཚེ་དམིགས་གནད་ནི། མདུན་གྱི་ནམ་མཁར་འཇའ་ཚོན་འཁྲུགས་པའི་དབུས་སུ། རང་གི་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མེད་པའི་ཨོ་རྒྱན་རིན་པོ་ཆེ། སྐུ་ཡི་ཆ་ལུགས་དང་རྣམ་འགྱུར་སོགས་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ལྟར་རམ། རང་གི་བློ་ངོར་འཆར་གང་བདེ་བ་ཞིག་གསལ་གདབ། དེའི་མཐའ་སྐོར་དུ་རྩ་གསུམ་ཆོས་སྲུང་དང་བཅས་མངོན་སུམ་དུ་བཞུགས་ཡོད་སྙམ་པའི་འདུན་པ་དྲག་པོ་བྱ། གསོལ་བ་བཏབ་པ་ཙམ་གྱིས་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེར་བཀོད་ནས་གསོལ་བ་བཏབ་པ་ལས་དགོས་འདོད་ཀྱི་ཆར་ཆེན་པོ་འབེབ་པ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་གང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བསམ། རྒྱུན་དུ་དེ་ཙམ་གྱིས་འཐུས་ལ། དམིགས་བསལ་གྱི་སྐབས་སུ། གསོལ་བ་ཐོག་མར་བཏབ་པའི་རྐྱེན་གྱིས། གང་འདོད་པའི་ལྷར་གནས་གྱུར་ཏེ་འོད་ཟེར་དང་སྤྲུལ་པའི་སྤྲོ་བསྡུས་ལས་སྒྲུབ་པ་སོགས་གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད་ལྟར་དང་། སྔགས་སོ་སོར་ཡོད་པ་རྣམས་བཛྲ་གུ་རུའི་མཇུག་ཏུ་སྦྲེལ་མར་བཟླ། བཟླས་པ་དང་གསོལ་འདེབས་སྤེལ་ལ་བཟླས་པས་འདོད་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ཡང་བསྙེན་པའི་ཚད་ནི། སྤྱི་ཙམ་དུ་འབུམ་ཕྲག་བཅུ་གཉིས་ཡིན་ལ། སྨིན་པར་འདོད་པ་ལ་ནི་ངེས་པ་མེད་དོ། །སྒྲུབ་པ་ནི། སྔགས་བཛྲ་གུ་རུ་ཁོ་ན་ཡིན་ལ། བསྙེན་པའི་བཞི་ཆ་ཙམ་བཟླ། ལས་སྦྱོར་སྔགས་ཤམ་དུ། ཨ་ཧ་རི་ནི་ས། སོགས་སྒྲུབ་ཐབས་ལྟར་བསྐྱར་ཏེ་བསྙེན་པའི་བཅུ་ཆ་ཙམ་བཟླའོ། །བསྙེན་སྒྲུབ་གྲོལ་ཁར། ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་བྱ་བའམ་མ་གྲུབ་ན་ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར། རྗེས་ཆོག་གི་སྐབས་གཏོར་མ་ལྷར་ཤེས་པ་གནས་གསུམ་དུ་རེག་ཅིང་དབང་བླང་། མཐར་ལྷ་འོད་དུ་ཞུ་བ་ལས་དངོས་གྲུབ་ཅི་འདོད་པ་སྟེར་བའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ་ཅུང་ཟད་རོལ། དེ་ནས་བསྔོ་སྨོན་བཀྲ་ཤིས་སོགས་སྤྱི་ལྟར་བྱ། མཚམས་ཐོའི་མདུན་དུ་མཆོད་གཏོར་བཤམས་ལ་གཏང་རག་གི་ཚུལ་དུ་ཕུལ། ནོངས་པ་བཤགས་ཤིང་གཤེགས་སུ་གསོལ། གྲོགས་དམ་ཚིག་ལྡན་པ་དང་རིམ་གྱིས་འཕྲད་པས་མཚོན་གསང་བ་སྤྱིའི་ལུགས་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པའི་སྐབས་སུ་གེགས་སེལ་དང་བོགས་འདོན་གྱི་མན་ངག་ཅུང་ཟད་བཤད་ན། དང་པོ་ནི། བཟང་ངན་ལེགས་ཉེས་སྐྱིད་སྡུག་སོགས་ཇི་ལྟ་བུ་བྱུང་ཡང་། དེ་ཐམས་ཅད་བླ་མ་ཨོ་རྒྱན་ཆེན་པོའི་ཐུགས་རྗེའི་རོལ་པར་ཤེས་པས། བཟང་པོ་ལ་རེ་འདོད་དང་ངན་པ་ལ་དོགས་པ་དང་ཆེད་དུ་སྤང་བ་སོགས་གང་ཡང་མི་བྱ་བར་རང་སོར་གློད། གལ་ཏེ་ནད་དང་། གདོན་དང་། འཇིགས་སྐྲག་སོགས་རྐྱེན་ཚབ་ཆེ་བ་བྱུང་ན། དེ་ཉིད་སྐད་ཅིག་གིས་ཨོ་རྒྱན་རིན་པོ་ཆེར་བསྒོམ། དབང་བཞི་བླང་། མོས་གུས་དུང་བ་བྱས་ནས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། གཟུང་འཛིན་གྱི་རྩ་བདར་བཅད་དེ་འགྱུ་བ་རང་ཐོག་ཏུ་བཞག་པས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འགྲོ་བ་ནི་ངེས་པའོ། །གཉིས་པ་བོགས་འདོན་སྤྲོས་མེད་ཀྱི་སྤྱོད་པ་ནི། སྤྲོས་བཅས་ཀྱི་དགེ་སྦྱོར་གྱིས་དུབ་པའམ། འདུ་འཛིའི་གཡེང་བ་སོགས་ཀྱིས་དགེ་སྦྱོར་ལ་གནོད་པ་ལྟར་སྣང་བའི་ཚེ། ཚོགས་དྲུག་གི་སྣང་བར་གང་ཤར་ཡང་ཕྱིར་མི་འཆིང་། ནང་དུ་མི་སྡུད། ཤར་བ་དེ་ཅོག་གེར་བཞག་སྟེ། རིག་པའི་ངང་ཚུགས་མ་ཤོར་བར་རང་མདངས་སྐྱོང་བས་ཉམས་རྟོགས་ལ་བོགས་ཐོན་ཏེ་མཉམ་རྗེས་ཁྱད་མེད་པ་སོགས་འབྱུང་ངོ་། །སྤྲོས་བཅས་ཀྱི་སྤྱོད་པ་ནི། རང་ཉིད་ལ་ནད་གདོན་སོགས་རྐྱེན་དྲག་པོ་བྱུང་བའམ། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་འཇིགས་སྐྲག་འཆར་བའི་ཚེ་ལྟ་བུར་རྫོགས་རིམ་རྡོ་རྗེའི་ཚིག་རྐང་ལས། སྐབས་སུ་ལུས་ནི་དུར་ཁྲོད་མི་རོ་བཞིན༔ །ཕཊ྄་ཅེས་རྒྱང་བསྐྱུར་བདུད་རྩིར་བྱིན་བརླབ་ཕྱིར༔ འབྲུ་གསུམ་སྔགས་ཀྱང་བརྒྱ་རྩ་བརྒྱད་དུ་བཟླ༔ ཞེས་སོགས་གསུངས་པའི་དོན་ཉམས་སུ་ལེན་པ་ནི། ཕཊ། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་རྩ་བ་གསུམ་ལ་སྐྱབས་སུ་མཆི། །རྣམ་གྲོལ་སྐུ་བཞིའི་གོ་འཕང་ཐོབ་བྱའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཕཊ། རང་ལུས་ཐ་མལ་གསལ་བའི་སྙིང་དབུས་ནས། །རླུང་སེམས་དབྱེར་མེད་དྭངས་མ་ཐིག་ལེའི་གཟུགས། །ཕཊ་ཅེས་བརྗོད་པས་ཚངས་པའི་སྒོ་ནས་ཐོན། །སྤྲོས་བྲལ་འོད་གསལ་ནམ་མཁའི་དབྱིངས་སུ་ཐིམ། །སྙིགས་མའི་ཕུང་ཁམས་ཕྱི་སྣོད་ཀ་པཱ་ལར། །འབྲུ་གསུམ་འོད་ཀྱིས་སྦྱངས་བསྒྱུར་སྤེལ་བ་ལས། །ནང་བཅུད་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན། །འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་ཀྱིས་སྦྱངས་སྤེལ་བསྒྱུར་ལ། ཕཊ། །ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་དང་། །མཁའ་འགྲོ་དམ་ཅན་བགེགས་རིགས་ལན་ཆགས་དང་། །རིགས་དྲུག་འགྲོ་ཀུན་ཁྱབ་བདག་བླ་མའི་སྐུར། །ཡོངས་ཤར་དག་པ་རབ་འབྱམས་དཀྱིལ་འཁོར་ཆེར། །གང་བཞེད་ཅིར་ཡང་འཆར་བའི་འདོད་ཡོན་གཏེར། །ཕུང་ཁམས་ཚོགས་ཀྱི་འཁོར་ལོའི་མཆོད་པ་འབུལ། །མཆོད་སྦྱིན་མགྲོན་རྣམས་མཉེས་ཤིང་ཚིམ་གྱུར་ནས། །ཚོགས་རྫོགས་སྒྲིབ་བྱང་བྱང་ཆུབ་མྱུར་ཐོབ་ཤོག །ཕཊ། །མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཇི་སྙེད་མགྲོན། །ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་རྣམས། །དོན་དམ་རང་བཞིན་ལས་འདས་འོད་གསལ་དབྱིངས། །མ་བཅོས་རིག་པ་ཟང་ཐལ་ངང་དུ་ཨཿ ཞེས་དམིགས་འདོན་ཟུང་དུ་འཇུག་པས་ཉམས་སུ་བླང་། དེ་ལྟར་རིམ་གཉིས་ལ་བརྩོན་པའི་སྐབས་སུ། བླ་མ་ཨོ་རྒྱན་རིན་པོ་ཆེར་བཅོས་མིན་གྱི་དད་པ་གསར་དུ་འཁྲུངས་པ་སོགས་བྱུང་ན་བྱིན་རླབས་ཞུགས་པའི་རྟགས་སུ་ཤེས་པས། སྣང་སྲིད་ཐམས་ཅད་དཔལ་ལྡན་བླ་མའི་ངོ་བོར་གསལ་བཏབ་ཅིང་མོས་གུས་བསྐྱེད། རིག་པ་བརྗོད་མེད་དུ་བཞག་པས་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ཡང་དབང་པོ་རབ་ཁྲེགས་ཆོད་ཀྱིས་སེམས་ཀ་དག་ཏུ་དེངས། ཐོད་རྒལ་གྱིས་ལུས་འོད་གསལ་དུ་དེངས་ནས་གཞི་ལས་འཕགས་པའི་གཞི་སྣང་དུ་སངས་རྒྱས། འབྲིང་འཆི་བ་ཆོས་ཀྱི་སྐུར་གྲོལ། ཐ་མ་བར་དོའི་སྐབས་སུ་བརྟན་པ་ཐོབ་པར་འགྱུར། ཤིན་ཏུ་བརྩོན་པ་ཞན་པས་ཀྱང་སྨོན་ལམ་དང་ཐུགས་རྗེའི་དབང་གིས་སྐྱེ་བ་བརྒྱུད་ནས་བདེ་བ་ཅན་དང་། པདྨ་འོད་སོགས་དག་པའི་ཞིང་ཁམས་སུ་དབུགས་འབྱིན་ཐོབ་པར་ངེས་ནའང་། དེ་ཉིད་མྱུར་དུ་འགྲུབ་པར་བྱེད་པ་ལམ་གྱི་ཆད་མཐུད་ལྟ་བུ་འཕོ་བ་དང་། བར་དོའི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་གསོལ་འདེབས་ལམ་ཁྱེར་ལས་ཇི་ལྟར་འབྱུང་བ་བཞིན་ལས། འཕོ་བའི་རྣལ་འབྱོར་ལ་དམིགས་པའི་ཁྱད་གཞན་ཡང་སྐྱབས་སེམས་སྔོན་དུ་འགྲོ་བས་འདི་ལྟར་གསལ་གདབ་སྟེ། མདུན་གྱི་ནམ་མཁར་སྟོང་གསལ་འོད་ལྔའི་ཀློང་། །འཇིག་རྟེན་ཞིང་ཁམས་རྣམ་དག་བདེ་བ་ཅན། །གཞི་དང་བཀོད་པ་ཚད་མེད་ཡོན་ཏན་རྫོགས། །ཡིད་འཕྲོག་འཇའ་ཟེར་ཐིག་ལེ་འཁྲིགས་པའི་ཀློང་། །རྨ་བྱས་བཏེགས་པའི་རིན་ཆེན་པདྨའི་ཁྲིར། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ནི། །རྣམ་པ་ཨོ་རྒྱན་སྣང་བ་མཐའ་ཡས་སྐུ །དྭངས་གསལ་པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་བྱེ་བས་འཁྱུད་པའི་འོད་ཟེར་འཕྲོ། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ལྷུང་བཟེད་བསྣམས། །སྤྲུལ་སྐུའི་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ། །མཚན་དཔེའི་དཔལ་འབར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །མཐའ་སྐོར་སངས་རྒྱས་བྱང་སེམས་ཉན་རང་སོགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ཀུན། །རང་གཞན་ཐར་པའི་ལམ་སྟོན་ཆེན་པོར་བཞུགས། །གཙོ་བོའི་ཐུགས་ཀར་ཡེ་ཤེས་ལྔ་ཡི་དངོས། །རབ་དམར་ཐིག་ལེ་འོད་ལྔའི་ཟེར་ཕྲེང་འཕྲོ། །ཟག་མེད་བདེ་བ་ཆེན་པོའི་རང་བཞིན་ཅན། །རང་ཉིད་ཐ་མལ་གནས་པའི་སྙིང་དབུས་སུ། །རླུང་སེམས་དབྱེར་མེད་ཐིག་ལེ་དམར་པོར་གསལ། །གསོལ་བ་བཏབ་པས་མདུན་གྱི་ལྷ་ཚོགས་ལས། །འོད་ཟེར་འཕྲོས་པས་བདག་གི་སྒྲིབ་གཉིས་སྦྱངས། །སྙིང་དབུས་ཐིག་ལེ་ཚངས་པའི་ལམ་ནས་ཐོན། །གཙོ་བོའི་ཐུགས་ཀའི་ཡེ་ཤེས་ཐིག་ལེར་ཐིམ། །དབྱེར་མེད་རོ་གཅིག་གཉུག་མའི་ངང་དུ་གྱུར། །ཅེས་བརྗོད་ཅིང་གསལ་བཏབ་ལ། ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ། །ཞེས་སོགས་གསོལ་འདེབས་ཚར་མང་དུ་བྱ་ཞིང་མཐར། དབྱིངས་འོད་གསལ་ཆོས་སྐུའི་ཀློང་ཡངས་ལས། །གདངས་འགག་མེད་བདེ་ཆེན་པདྨ་འོད། །དཔལ་སྤྲུལ་པའི་ཞིང་ཁམས་ཉམས་དགའ་བར། །མགོན་བླ་མ་ཨོ་རྒྱན་སྣང་མཐའ་ཡས། །སྐྱབས་དཀོན་མཆོག་རྒྱ་མཚོའི་འཁོར་དང་བཅས། །བདག་ཐར་པའི་ལམ་སྟོན་ཆེན་པོར་བཞུགས། །ཡིད་སྙིང་ནས་གུས་པས་གསོལ་འདེབས་ན། །སེམས་ཐིག་ལེ་དྭངས་གསལ་འོད་ལྔའི་མདངས། །སྟེང་ཚངས་པའི་ལམ་ནས་ནམ་མཁར་ཐོན། །རྗེ་ཁྱོད་ཀྱི་ཐུགས་རྗེའི་ཡེ་ཤེས་དང་། །དབྱིངས་འོད་གསལ་ངང་དུ་རོ་གཅིག་ཤོག །ཅེས་དང་། ཧིཀ྄ །ཅེས་དྲག་ཏུ་བརྗོད་པས་ཐིག་ལེ་ཚངས་བུག་གི་ལམ་ནས་གཙོ་བོའི་ཐུགས་ཀའི་ཐིག་ལེར་ཐིམ་པར་བསམས་ལ་སེམས་བཟུང་། ཀ །ཞེས་བརྗོད་པས་ཐིག་ལེ་མར་བབས་ནས་སྙིང་དབུས་སུ་གནས་པར་བསམས་ལ་རྩལ་སྦྱང་ཞིང་། མཐར། མདུན་གྱི་སྐྱབས་ཡུལ་འོད་ཞུ་བླ་མར་ཐིམ། །བླ་མ་ཨོ་རྒྱན་འཆི་མེད་ཚེ་དཔག་མེད། །སྤྱི་བོ་ནས་ཞུགས་སྙིང་དབུས་ཐིག་ལེ་དང་། །དབྱེར་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་ཐོབ། །ཅེས་བརྗོད་ཅིང་བསམས་ལ་ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས། བསྔོ་སྨོན་བྱ། འབྱོངས་རྟགས་མ་བྱུང་གི་བར་ཉམས་སུ་བླང་། དེ་ནས་ཀྱང་གདམས་པ་མ་བརྗེད་པར་བྱ། ནམ་འཆི་ངེས་པའི་དུས་ལ་བབས་པའི་ཚེ། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་སྤང་། ཐིག་ལེ་བླ་མའི་ཐུགས་ཀར་ཐིམ། བླ་མ་བདེ་ཅན་ནམ་པདྨ་འོད་དུ་གཤེགས་པར་བསམས་ལ་ད་ལྟའི་ཤེས་པ་སྐད་ཅིག་མ་འདི་ཀའི་ངང་དུ་བཞག །བར་དོའི་སྐབས་སྒྲ་འོད་ཟེར་གསུམ་སོགས་སྣང་བ་གང་ཤར་ཐམས་ཅད། ཕར་བལྟས་ན་མཐའ་ཡས་ཀྱང་། ཚུར་བསྡུས་ན་རང་སེམས་གཉུག་མ་ལས་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད། སེམས་ཀྱི་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཟུང་འཇུག །དེ་གསུམ་དབྱེར་མེད་བརྗོད་བྲལ་བློ་འདས་དོན་གྱི་པདྨ་འབྱུང་གནས་ཞལ་མཇལ་བ་ན། ཤེས་རིག་གི་ངང་ཚུགས་མ་ཤོར་བར་ཀློད་ལ་བཞག་པས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་རང་སར་གྲོལ་ནས་གདོད་མའི་བཙན་ས་ཟིན་པར་འགྱུར་བ་ནི་ངེས་པའོ། །གསུམ་པ་ལས་ཚོགས་ནི། གསོལ་འདེབས་ལམ་ཁྱེར་ཡོན་ཏན་གཏེར་མཛོད་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླངས་ཏེ། དམིགས་པའི་མན་ངག་ཅུང་ཟད་གོང་དུའང་བསྟན་ཟིན་ཏོ། །སྤྱི་དོན་གཉིས་པ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་གྱི་མན་ངག་ཉམས་སུ་བླང་བ་ནི། གཞུང་དེ་ཉིད་ཟབ་ཅིང་གསལ་བར་སྣང་བས་དེ་ཁོ་ན་ལྟར་རྟོགས་པར་བྱའོ། །དེ་ལྟར་ན་བྱིན་རླབས་དང་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཨོ་རྒྱན་བླ་མའི་ཐུགས་སྒྲུབ་མཐའ་དག་གི་ཡང་སྙིང་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་མན་ངག་ཡོན་ཏན་གཏེར་མཛོད་ཀྱི་ཟིན་བྲིས་བདུད་རྩིའི་ཉིང་ཁུ་རིག་པ་འཛིན་པའི་ངལ་འཚོ་འདི་ཡང་། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་ཨོ་རྒྱན་པདྨ་ཐོད་ཕྲེང་གི་བྱིན་རླབས་ཀྱི་སྣང་བ་ལ་བརྟེན་ནས་ཚིག་གི་ཨུཏྤ་ལར་དོན་གྱི་འབྲས་བུས་མཛེས་པར་སྦྱར་བ་སྟེ། དགེ་བས་འགྲོ་ཀུན་བསམ་དོན་ཆོས་བཞིན་དུ་འགྲུབ་ནས་འཆི་མེད་མཚོ་སྐྱེས་བླ་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་སྒྲིག་བཀླག་པས་ཀུན་ཤེས་གོ་གསལ་དུ་བཀོད་པ་སྲོག་གི་བཙན་རྫོང་ (Volume 49, Text 33)
༄༅། །སྒེག་རྡོར་ལུགས་ཀྱི་བླ་བསླུ་བཅུ་གསུམ་མའི་ཆོག་སྒྲིག་བཀླག་པས་ཀུན་ཤེས་གོ་གསལ་དུ་བཀོད་པ་སྲོག་གི་བཙན་རྫོང་ཞེས་བྱ་བ་བཞུགས་སོ། ། དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱིན་རླབས་གཟི་བརྗིད་ཉི་མ་འབུམ་འོད་འཕྲོ། །དངོས་གྲུབ་ནོར་བུའི་ཆར་རྒྱུན་གང་འདོད་བསྙིལ། །གློག་ལྟར་མྱུར་བའི་ཕྲིན་ལས་ཡིད་བཞིན་སྒྲུབ། །རྩ་གསུམ་ལྷ་ལ་འདུད་དོ་དགྱེས་བརྩེས་སྐྱོངས། །ལུས་རྟེན་ཆགས་དང་གནས་པའི་གཞི། །བླ་ཚེ་ཉམས་པ་གསོ་བའི་ཐབས། །གྲུབ་པའི་ཞལ་ལུང་བྱིན་གཟི་ཅན། །འཁྲུལ་མེད་ལག་ཏུ་བླང་བདེར་དགོད། །གྲུབ་པའི་སློབ་དཔོན་ཆེན་པོ་སྒེག་པ་རྡོ་རྗེས་བཀྲལ་པའི་བླ་བསླུ་བཅུ་གསུམ་མར་གྲགས་པ་འདི་ལ་དོན་གསུམ་སྟེ། དང་པོ་བླ་བརྟག་པ། གཉིས་པ་བཅོས་པའི་ཐབས། གསུམ་པ་རྟགས་ལ་དཔྱད་པ་འོ། །དང་པོ་དགྲ་ཡུལ་དུ་བླ་འཁྱམས་པ། བླ་དུར་དུ་ཞུགས་པ། བླ་གཤིན་པོས་ཁྱེར་པ་སོགས་ཀྱི་ལྟས་སུ་རང་ངམ་གཞན་སྒྲེན་མོའམ་གཅེར་ བུར་བུད་པ་རྨིས་ན་ངེས་པར་བླ་ཁྱེར་བ་ཡིན་ཅིང་། གཞན་ཡང་འབྱུང་བ་དགྲ་ཐོག་ཏུ་སོང་བ་སོགས་སྐེག་ལ་བབས་པ། དངོས་སུ་སེམས་རྣལ་དུ་མི་ཕེབ་པའི་ཡེད་ཡེད་པ་དང་མཚན་མོ་རྟག་ཏུ་གཉིད་སྐྲག་སད་བྱེད་པ་སོགས་བླ་འཁྱམས་པའི་རྟགས་ཡིན་པས་ཕྱི་བཤོལ་ལེ་ལོའི་དབང་དུ་མ་སོང་བར་འཕྲལ་དུ་བླ་ཚེ་བསླུ་བའི་ཐབས་ལ་འབད་དགོས་སོ། །གཉིས་པ་བཅོས་ཐབས་ལ་གསུམ། སྦྱོར་བ་བཅས་གཤོམ་བྱ་བ། དངོས་གཞི་ཆོ་གའི་རིམ་པ། རྗེས་མཇུག་ཆོ་གའི་ལས་རིམ་མོ། །དང་པོ་གཤོམ་ནི། ཕུག་ལོགས་སུ་ཡི་དམ་གང་ལ་བྱེད་པའི་གཏོར་མཆོད་རང་གཞུང་ལྟར་བཤམ། ཚེ་སྒྲུབ་དང་སྦྲེལ་ན་དཀྱིལ་འཁོར་ཚེ་རྫས་སོགས་རྒྱས་པར་བཀོད་པའི་མདུན་ནམ། ལོགས་གང་བདེར་སྟེགས་བུའམ་སླེའུའི་ཁར་རྡུལ་ཚོན་གྱི་མི་གཟུགས་སྐྱེ་མཆེད་དོད་ཅིང་གཅེར་བུ་རྐང་ལག་བརྐྱངས་ཏེ་གན་རྐྱལ་དུ་གནས་པའི་ཚུལ། དེ་མཐར་མུ་ཁྱུད་གཉིས་ཟླུམ་པོར་བསྐོར་བའི་བར་ཕྱོགས་མཚམས་བརྒྱད་དུ་ཕྱེ་བའི་ཤར་ཤིང་། ལྷོ་མེ། ནུབ་ལྕགས། བྱང་ཆུ། མཚམས་བཞི་སའི་གནས་ཏེ་སྤར་ཁའི་གནས་ཡུལ་ཡིན་པས་གཙུག་ལག་དང་མཐུན་པར་ཤིང་སོགས་ལ་རིམ་བཞིན་ལྗང་དམར་དཀར་མཐིང་སེར་པོའི་མདོག་ཏུ་བྱ། དེའི་མཐར་རེ་ཁཱ་གྲུ་བཞིར་བཅད་པ་ཕྱོགས་མཚམས་བརྒྱད་དུ་ཕྱེ་བའི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་ཀུན་ཁྱབ་ཀྱི་དབང་དུ་བྱས་པའི་མཛེས་ཚོན་གང་བདེར་བྱ། རྒྱུན་དུ་རྡུལ་ཚོན་མི་ལྕོགས་ན་རས་སམ་ཤོག་བུ་ལ་ཆུ་ཚོན་གྱིས་གོང་གསལ་དཔེའུ་རིས་ལྟར་བྲིས་པའི་མི་གཟུགས་ཀྱི་སྙིང་གར་བསྒྲུབ་བྱ་ཕོ་མོ་གང་ཡིན་གྱི་འདྲ་གླུད་མཐོ་གང་སོར་བཞི་ལས་མི་ཆུང་བ། ངར་ཕྱེ་རིན་ཆེན་སྨན་སྣ་བསྲེས་པར་བཟོས་པ་སྐྱེ་མཆེད་དོད་ཅིང་ཚོན་རྩིས་ཁ་བསྒྱུར་བར་གོན་འཕྲོའི་གོས་བགོ་བ་དང་བཅས་དར་སོགས་གླུད་གོས་བཟང་པོས་གཡོགས་པའི་མདུན་དུ་གླུད་རྫས། ཟེར་མོའི་སྒྲོ། མུ་ཏིག །ཀུ་བ། ལུང་ཐང་། དར་ལེ་བརྒན། འགྲོན་བུ། དུང་། མཚལ། བསེ། རྡོ་རྒྱུས། སྙིང་ཞོ་ཤ། མཁལ་མ་ཞོ་ཤ། དབང་ལག །ཆུ་སྲིན་སྡེར་མོ། ལྕགས། ཟངས། ཟས་སྨན་གོས་དར་སྣམ་བུ་འབྲུ་དང་བཅས་པ་སོ་སོར་སྣ་འདུས་ཚང་བ་དང་། གཡས་སུ་ལྷོ་རྫས་བཙོད། རྒྱ་སྐག །ཞུ་མཁན་སོགས། གཡོན་དུ་བྱང་རྫས་ལན་ཚྭ། བུལ་ཏོག་སོགས་ཡུལ་དེ་དང་དེ་ནས་ཐོན་པའི་རིགས། མདུན་རྒྱབ་ཏུ་ལ་རྫས་ཚྭ་ལ། ལ་བཙས་རྡོ། ཀླུང་རྫས་བྱེ་མ་སྒོག་ཙོང་ཟམ་ཤིང་སོགས་དང་བཅས་པ་རིན་ པོ་ཆེའི་སྣོད་དུ་བཀོད་པའི་ལག་གཡས་སུ་གསེར། གཡོན་དུ་གཡུ། རྒྱབ་ཏུ་ནམ་མཁའ་ཁོང་པ་ཁམས་མཐུན་འཇའ་རིས་ཅན། རྒྱང་བུ། མདའ། འཕང་། ཕོ་ཡིན་ན་ཕྲག་པ་གཡས་སུ་སྟག་པ་དང་མོ་ཡིན་ན་གཡོན་དུ་གླང་མའི་བྱང་བུར་ལོ་གྲངས་ཀྱི་ཁྲམ་རིས་བྲིས་པ་བཅས་གཟུག །གླུད་སྤྱི་འགྲོར་ལུས་ངག་ཡིད་གསུམ་མཚོན་པའི་མར་མེ་གསུམ་མདུན་དུ་བཞག་པའི་སྲོལ་ཡང་སྣང་། ཆེད་དུ་དམིགས་ནས་བསད་པ་མ་ཡིན་པའི་ལུག་གི་བསད་ཤ་གསར་པ་དྲི་ནག་མེད་པ་གཙང་མ། ཕོའི་བླ་བསླུ་ན་ལུག་གི་རྐང་པ་གཡས་ཀྱི་ཤ་དང་། མོའི་བླ་བསླུ་ན་ལུག་གི་རྐང་པ་གཡོན་གྱི་ཤ་དགོས་པ་ཁྱད་པར་བ། ཕོ་མོ་གང་ཡིན་ཡང་ཤ་དེའི་ཁུད་དུ་བླ་གཡུ་དང་ལོ་གྲངས་ཅི་ལོན་གྱི་གྲངས་དང་བསྟུན་པའི་ནས་དཀར་རྡོག་བཅས་དར་དཀར་དྲི་མེད་ཀྱིས་བསྟུམས་ནས་བཅུག་པའི་ཤ་དེའི་ཕྱི་བལ་དང་རས་དཀར་དྲི་མེད་ཀྱིས་དྲིལ་བ་ཡོན་བདག་གིས་ཐེའུས་མནན་ལ་ཕོ་ཡིན་ན་ངར་གླུད་ཀྱི་གཡས་དང་མོ་ཡིན་ན་གཡོན་དུ་འཇོག །ཤིན་ཏུ་དོ་གལ་ཅན་ལ་རྒྱ་ཤོག་ལ་བྱིན་རྟེན་བསྲེས་པའི་མཚལ་གྱིས་ཚེ་བསྙེན་ལྟ་བུའི་ཡི་དམ་གྱི་སྙིང་པོ་དང་བླ་འགུགས་སྔགས་བྱང་གཤམ་དུ་འགུགས་པའི་འདོད་གསོལ་བྲིས་པའི་ཤོག་བྱང་གིས་བླ་རྟེན་དཀྲིས་པའི་རྒྱབ་ཏུ་བལ་སོགས་ཀྱིས་བསྟུམ་པ་དང་། བླ་ལུག་ལའང་ནང་གཞུག་དེ་ལྟར་བྱེད་པ་ཞལ་ཤེས་སུ་སྣང་། དེའི་མཐར་མི་གཟུགས་ཀྱི་ལུས་ཀྱི་ལྷུ་བཅུ་གཉིས་ཏེ། རྐང་པ་གཉིས། བརླ་གཉིས། ལག་གཉིས། གྲུ་མོ་གཉིས། དཔུང་མགོ་གཉིས། སྟོད་སྨད་གཉིས་ཏེ་བཅུ་གཉིས་དང་། མགོ་དང་བཅུ་གསུམ་གྱི་ཁར་སྣོད་སའམ་ཟན་ལ་བཅོས་པར་ནས་ཕུལ་རེ་དང་། ཡོན་བདག་གི་འདྲ་གླུད་ངར་ཟན་ལས་བཟོས་པ་མཛུབ་གང་བ་རེའི་རྒྱབ་ཏུ་ནམ་མཁའ་འཇའ་མ། རྒྱང་བུ། མདའ། འཕང་། ཕོ་མོ་དང་སྦྱར་བའི་སྟག་མ་གླང་མ་གང་བདེའི་བྱང་བུ་སོ་སོའི་གདོང་ཅན་རྣམས་གཟུག །མདུན་དུ་མཐེབ་ཀྱུ་རེ། བཤོས་བུ་རེ། ཆངས་བུ་རེ། རྗེ་ངར་གྱི་ཤ་དུམ་རེ། ཞལ་བུ་ཆང་ཕུད་བླུགས་པ་རེ་རེ་སྟེ་ཚན་བཅུ་གསུམ་ཚང་ངེས་པ་བཞག །མི་གཟུགས་རྐང་ལག་སོགས་ཀྱི་བར་དང་མུ་ཁྱུད་ཀྱི་ནང་བཅས་པར་ཕོ་མོ་གང་ཡིན་གྱི་བླ་རྟགས་སོ་སོའི་མཚན་མ་དང་ལྡན་པའི། རྟ། རྐྱང་། གླ་བ། ཤ་བ། རྣ་བ། གཡག །བ་གླང་། ར། ལུག་རྣམས་ཀྱི་གཟུགས་ཟན་ལས་སྐྱེ་མཆེད་དོད་ཅིང་རང་མདོག་གིས་བསྒྱུར་པ་ཁ་ནང་དུ་བསྟན་ལ་བཞག །དེའི་མཐར་མུ་ཁྱུད་སྤར་ཁའི་གནས་ཡུལ་བརྒྱད་ལ་འཇིམ་སྟེགས་སུ་སྤར་ཁའི་རང་མདོག་གི་ཁོང་པ་བསྒྱུར་ཅིང་མཐའ་འཇའ་རིས་ཅན་གྱི་ནམ་མཁའ། རྒྱང་བུ་འཕན་བཟང་གིས་སྤྲས་པ། མདའ། འཕང་། ཕོ་གདོང་། མོ་གདོང་། མདུན་དུ་ཡོན་བདག་གི་འདྲ་གླུད། རྒྱན་ལྡན་གྱི་བཤོས་བུ། ཆངས་བུ། མཐེབ་ཀྱུ་དང་བཅས་པ་ཚར་བརྒྱད་བཀོད་པའི་ཐོག །སྤར་ཁ་སོ་སོའི་གདོན་གྱི་སྡེ་བརྒྱད་སྡོང་ཟླ་དང་བཅས་པའི་གཟུགས་བརྙན་ཙཀླི་དང་ཤིང་བྱང་གང་བདེར་བཀོད་པར་བྱ་སྟེ། ལྷོར་བཙན་མི་དམར་རྟ་དམར་གོ་ཁྲབ་ཅན་དང་གྲི་བོ་མི་དམར་ནག་ཁྲོ་ཉམས་རལ་པ་གཟེངས་པ། ལྷོ་ནུབ་ཏུ་ས་བདག་སེར་པོ་རྒྱལ་པོའི་ཆས་ལ་ཐོད་ཅན་དང་ཕུ་བདག་མི་དཀར་འདུང་མ་གྱོན་པ། ནུབ་ཏུ་བདུད་མི་ནག་རྟ་ནག་བེར་ ནག་གྱོན་པ་དང་སྐྱེས་བུ་དཀར་པོ་གོས་དཀར་ཅན། ནུབ་བྱང་དུ་རྒྱལ་འགོང་སེར་སྐྱ་བཙུན་གཟུགས་ཞྭ་སེར་ཅན་དང་ཐེའུ་རང་བྱིས་པ་དཀར་སྐྱ་གཙུག་ཕུད་ཅན། བྱང་དུ་ཀླུ་སྔོན་པོ་སྦྲུལ་མཇུག་དང་སྦྲུལ་གདེངས་ཅན་དང་མ་མོ་བུད་མེད་ནག་མོ་དར་ནག་གི་གོ་ཟུ་ཅན་དྲེལ་ནག་ཞོན་པ། བྱང་ཤར་དུ་རྦད་འདྲེ་དང་དཀོར་འདྲེ་གཉིས་ཀ་མི་གཟུགས་གོས་ནག་དང་གོས་སེར་གྱོན་ནས་ལག་པ་གདེངས་པ། ཤར་དུ་རྒྱལ་པོ་བསེ་ཐེབས་དང་གཟན་ཤམ་ཅན་དཀར་པོ་གླང་ལ་ཞོན་པ་དང་ཀླུ་སྨན་གོང་མཚུངས། ཤར་ལྷོར་རྒྱལ་འགོང་གོང་མཚུངས་དང་སྨྱོ་འདྲེ་ནག་པོ་གཅེར་བུ་རལ་པ་གཟེངས་པ། ཐམས་ཅད་ཀྱང་གཟུགས་སྐྱེ་མཆེེད་དོད་ཅིང་ལག་གཉིས་གདེངས་ཏེ་གླུད་ལ་རྔམས་པའི་ཚུལ་ཅན་བཅས་བཀོད། དེ་མཐར་ཕྱོགས་མཚམས་བརྒྱད་དང་སྟེང་འོག་མཚོན་བྱེད་ཤར་ནུབ་བཅས་པར་འཇིམ་སྟེགས་ཐོག་ནམ་རྒྱང་མདའ་འཕང་ཤིང་བྱང་ལ་སྲིད་པ་སྤྱི་རིས་བྲིས་པ་རྣམས་ཚར་བཅུ་བཀོད་པའི་ཐོག །ཕྱོགས་ཀྱི་གདོན་ཆེན་བཅུའི་གཟུགས་དགོས་པས་ལྡིང་ཁྲི་ལྟ་བུ་ཡོད་ན་སྟེང་འོག་སོགས་ཅི་ལྟ་བར་བཀོད་ལ་དེ་ཡང་དེ་བཞིན་མ་ཐུབ་ན་ཕྱོགས་མཚམས་བརྒྱད་སོ་སོ་དང་། སྟེང་ནུབ་དང་འོག་ཤར་དུ་བཀོད་དེ། དེའང་ཙཀླི་ཤིང་བྱང་གང་བདེའམ་འཇིམ་གཟུགས་བྱེད་པ་གང་རིགས་ཀྱིས་གདོན་ཆེན་གྱི་གཟུགས་ཁྲོ་ཚུལ་རྔམ་པ་དར་ཆེན་གྱི་བེར་དང་ཐོད། གཡས་དར་མདུང་ཕྱར་ཞིང་གཡོན་ཞགས་པ་འཛིན་པ། རྟ་མཆོག་སྒ་སྲབ་ཀྱིས་སྤྲས་པར་འགྱིང་ཚུལ་གྱིས་ཞོན་པའི་སྟེང་དུ་བྱ་ལྡིང་ཞིང་རོལ་དུ་ཁྱི་ཁྲིད་པ་རེ་འགོད། བེར་ཐོད་དར་མདུང་ཞགས་པ་རྟ་བྱ་ཁྱི་བཅས་སོ་སོའི་རང་མདོག་དང་མཚུངས་པར་དགོས་པ་སྟེ། སྟེང་ལྷའི་གདོན་སྔོན་པོ། ཤར་དུ་རྒྱལ་པོ་དང་དྲི་ཟའི་གདོན་དཀར་པོ། ལྷོར་གཤིན་རྗེ་དང་གྲུལ་བུམ་གདོན་སེར་པོ། ནུབ་ཏུ་ཀླུའི་གདོན་དམར་པོ། བྱང་དུ་གནོད་སྦྱིན་གདོན་ལྗང་གུ། མཚམས་ཀྱི་ཤར་ལྷོ་མེ་ལྷ། ལྷོ་ནུབ་ཏུ་སྲིན་པོ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན་རྣམས་ཁྲ་བོ། འོག་གི་ས་བདག་ནག་པོའི་གདོན་དུད་ཁ་བྱའོ། །འདི་རྣམས་ཙཀླི་བྱེད་ན་སྤར་ཁའི་གདོན་གཉིས་རེ་གཅིག་ཏུ་བསྡུས་པའི་ཙཀླི་བརྒྱད། ཕྱོགས་བཅུའི་གདོན་བཅུ་སོ་སོ་བཅས་བཅོ་བརྒྱད་དགོས་སོ། །གདོན་གཟུགས་ཐམས་ཅད་མགྲོན་ཐབས་ཡིན་པས་མདུན་ཕྱོགས་ལ་ཁ་བསྟན། དེའི་མཐའ་མདོས་དཀྲིས་ཀྱིས་དཀྲི། དེའི་གཡས་གཡོན་གང་བདེར་ཡོན་བདག་དངོས་ཡོད་ན་དེས་ཁྱབ་ཅིང་། མེད་ན་རས་དྲི་མེད་ཀྱི་ཁར་བླ་རྟེན་གྱི་གོས་བཟང་པོ་དྲི་མ་ཅན་འཇོག་པར་བཤད། དེའང་ལག་ལེན་དུ་སྐྱེས་པ་གཡས་དང་བུད་མེད་གཡོན་ཕྱོགས་སུ་འཇོག་པ་དང་། བླ་དཔོན་ལྟ་བུ་ཆེ་གཉན་གྱི་རིགས་ལ་ཁྲི་རྒྱབ་ཡོལ་ཚུལ་བཞིན་བྱས་པའི་ཁར་ན་བཟའ་དབུ་ཞྭ་ཕྱག་ཕྲེང་སོགས་བཞག་པར་སྣང་། དེའི་མདུན་དུ་ཁུག་རྟགས་བརྟགས་པའི་ཀ་ཊོ་ར་ལྟ་བུའི་སྣོད་བཟང་པོ་ཆག་རྡོལ་སོགས་ཀྱི་སྐྱོན་མེད་པའི་ནང་དུ་རྒྱུན་འབབས་ཀྱི་ཆུ་སྣ་མང་པོས་བཀང་བའི་སྟེང་ཁམས་མཐུན་གྱི་རྩི་དང་ལྡན་པའི་ཤིང་ཕོར་དང་། མར་རམ་ཟན་བཟང་པོ་ལ་བྱིན་རྟེན་དང་དྲི་བཟང་བསྲེས་པའི་བླ་ལུག་ཕོ་མོའི་རྟགས་མཚན་གོ་མ་ལྡོག་པར་སྐྱེ་མཆེད་དོད་ཅིང་ཚོན་རྩིས་སྤྲས་པའང་ལག་ལེན་ལྟར་བཀོད། གཞན་ཡང་སྡེ་བརྒྱད་སྤྱིའི་གཏོར་མ་དང་རྔན་ཆ་གསེར་སྐྱེམས་སོགས་ལེགས་པར་ བཤམ་མོ། །གསེར་སྐྱེམས་ནི་ཚར་རེ་བཞིན་མཆོད་དགོས་པས་འཛོམ་ན་ཕུད་ཕོར་བཅུ་གསུམ། མ་འཛོམ་ན་གཅིག་གི་ནང་འབྲུ་སྣ་དང་རིན་ཆེན་ཕྱེ་མ་བཏབ་ཅིང་ཆང་ཕུད་བླུགས་པ་མདོས་མདུན་བཀོད། ཡས་རྣམས་མ་གཙང་ན་རང་གི་བླ་ཚབ་ཏུ་ཁྱེར་དོགས་ཡོད་པར་བཤད་པས་གཟབ་པར་བྱ་བ་དང་། ཐགས་ནོར་ན་སྡེ་བརྒྱད་འཁྲུགས་པར་འགྱུར་བས་སྤར་ཁ་སོགས་ཀྱི་ནམ་མཁའི་ཁོང་པ་སོ་སོའི་རང་མདོག་དང་འཕྲོད། གྲོགས་ཀྱི་ཁ་དོག་ཅན་མ་ནོར་བ་དང་མཐར་འཇའ་རིས་འབྱུང་འཕྲོད་ལྟར་དཀྲི། གླུད་ནམ་གྱི་ཁོང་པ་ཡོན་བདག་གི་སྲོག་ཁམས་ཀྱི་ཁ་དོག་ལ་འཕྲོད། ནང་ནས་དགྲ་དེད་དང་ཕྱི་ནས་གྲོགས་དེད་འོང་བའི་རིམ་པ་ལྔ། དེ་རྒྱབ་འཇའ་རིས་གོང་མཚུངས་བྱེད་པའི་ཕྱག་ལེན་སྣང་། འགྲུབ་ན་བླ་བསླུའི་འཁོར་ལོ་གསུང་རྒྱུན་མ་བྲིས་ལ་བླ་རྟེན་དང་མཉམ་དུ་བཞག་གོ །ཡང་བཅས་གཤོམ་འབྲིང་པོ་བྱེད་ན་གོང་སྨྲོས་མདོས་ཡས་རྣམས་ཚང་བ་བཀོད། གདོན་རྣམས་དམིགས་པས་གསལ་བཏབ་པ་ཙམ་ལས་གཟུགས་བྲིས་འབུར་མི་དགོས། བསྡུས་པ་མདོས་ཡས་རྣམས་ཀྱང་ཚན་བཅུ་གསུམ་པ་ལ་བསྡུ། སྤར་ཁ་དང་ཕྱོགས་བཅུའི་གདོན་ལ་ཟུར་དུ་མི་བཤམ་པར་བཤད་མོད། བསྒྲུབ་བྱ་དོ་གལ་དང་འབྱོར་པ་ལ་བསྟུན་པར་འོས་སོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ་གཞུང་བསྲང་ཞིང་བྱིན་གྱིས་བརླབ་པ་དང་། བླ་བསླུ་དངོས་ལ་འཇུག་པ་གཉིས་ལས། དང་པོ་ནི། དབང་ཆེན་ལྟ་བུ་རང་ཉིད་ཡི་དམ་ཞི་ཁྲོ་གང་བྱེད་ཀྱི་ཕྲིན་ལས་གཞུང་བསྲང་། ཛཔ྄་བསྙེན་ཆོས་སྲུང་སྐོང་གསོ་ཚོགས་དང་བཅས་པ་རྒྱས་པར་སོང་བའི་མཚམས་སུ་མདོས་བྱིན་རླབས་ལ་འཇུག་པར་བཤད་པ་ལྟར་རམ། ད་ལྟ་ཕལ་མོ་ཆེས་ཚེ་སྒྲུབ་བླ་བསླུ་སྦྲེལ་མ་བྱེད་པ་གྲགས་ཆེ་ཞིང་། དེའི་ལག་ལེན་ཡང་ཚེའི་ཕྲིན་ལས་ལན་གསུམ་གཏང་བའི་བསྙེན་བཟླས་ཀྱི་མཚམས་སུ་མདོས་ལ་འཇུག་ཅིང་། བླ་བསླུའི་བཟླས་པ་དང་འགུག་གཞུག་གྲུབ་ནས་ཚེ་འགུགས་བྱེད། ཆོས་སྲུང་དང་ཚོགས་སྐོང་དགོང་མོར་གཏང་བའི་ཕྱག་སྲོལ་འདུག་པ་ཉིད་བྱིན་རླབས་དགེ་འཕྲོད་ཆེ་བ་ཉམས་མྱོང་རྒྱུན་ལྡན་དུ་སྣང་ཡང་། མ་ལྕོགས་ན་སྔ་དྲོ་ཚེའི་ཕྲིན་ལས་རྒྱས་པར་གཏང་ཞིང་བསྙེན་པ་ཅི་འགྲུབ་ཚེ་འགུགས་སྐོང་གསོ་ཚོགས་མཆོད་ལྷག་མའི་བར་གྲུབ་པར་བྱ། ཕྱི་དྲོ་མདོས་གཏང་ཞིང་སྔགས་བཟླ་བའི་ཚར་གྲངས་གང་འགྲོ་བྱ་བ་ཉིད་འདོན་བྱ་ཟོར་ཡང་ཞིང་བཟླས་པའི་གྲངས་འགྲོ་བ་ལ་ལེགས་པར་སྣང་། དེའང་སྨད་ཕྱོགས་སུ་བླ་བསླུ་བརྒྱ་རྩ་དང་སྟོང་རྩ་ལ་སོགས་པའི་ཐ་སྙད་བྱེད་ཅིང་གཞུང་ཚར་གྲངས་གྱེར་བ་གཙོར་བཏོན་པར་སྣང་ཡང་ནུས་པ་འབྱིན་བྱེད་དམིགས་བཟླས་ཁོ་ན་ཡིན་པས་དེ་ཉིད་གཙོར་བྱ་བ་གལ་ཆེ་འོ། ཁ་ཅིག་གིས་རྒྱབ་དཔུང་དུ་སྡེ་བརྒྱད་ཆ་སྙོམས་གཏང་བའི་སྲོལ་འདུག་པ་ལྟར་གཏོང་ན་སྐབས་འདིར་འབྲེལ་བས། གསེར་སྐྱེམས་བཤམ། བྱིན་རླབས་སྤྱི་མཐུན་བྱས་ལ་ཚར་གཅིག་གམ་གསུམ་ཙམ་འབུལ་ཏེ་སྡོངས་གྲོགས་བྱེད་པའི་ཕྲིན་ལས་བཅོལ། གང་ལྟར་མདོས་བྱིན་གྱིས་བརླབ་པ་ནི། ཡས་རྣམས་ལ་ཆབ་བྲན་ཏེ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ། ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབགས་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །རྟེན་འབྲེལ་རྫས་ལས་གྲུབ་པའི་མི། །རྐྱེན་ངན་ཟློག་པའི་དཔའ་ངར་ཅན། ཁོག་སྟོད་གསེར་ལ་ཁོག་སྨད་གཡུ། །རྐེད་པ་མཆོང་ལ་རྐང་ལག་ཀུན། །གསེར་དངུལ་ཟངས་དང་ལྕགས་ལས་གྲུབ། །ཞོ་ཤའི་སྙིང་ལ་མུ་ཏིག་ཀླད། །ལུང་ཏང་མིག་ལ་ཟེར་སྒྲོའི་སྐྲ། །བྱེ་རུའི་ལྗགས་ལ་འགྲོན་བུའི་སོ། ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས། །མདའ་བཀྲ་སྐྱེས་པ་སྟག་ཆས་རྫོགས། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་བྱེ་བ་འཕྲོ། །ཤིང་རིས་འཇའ་ཚོན་འོད་དུ་འབར། །ནམ་མཁའ་བདུད་རྩིའི་སྐྱེམས་ཕུད་དང་། །གཏོར་མ་ཆངས་བུ་ཏིང་ལོ་དང་། །ཤ་དུམ་འབྲུ་སྣ་ཡས་སྟགས་རྣམས། །སོ་སོར་ཅི་འདོད་ལོངས་སྤྱོད་རྫས། །སྦྱིན་བདག་ཚེ་གླུད་སྲོག་གི་སྐྱིན། །བུ་ལོན་ལན་ཆགས་འཇལ་བའི་རྫས། །ཟག་མེད་ནམ་མཁའི་མཛོད་དུ་གྱུར། །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐབས་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་སྒྲེང་བའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱངས་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པར་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུག་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་གཤིབས་ཏེ་བརྐྱང་པ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །ཅེས་སྔགས་དྲུག་ཕྱག་དྲུག་གིས་སྦྱང་སྤེལ་སྒྱུར་ཐོབ་ཚིམ་དབང་དུ་བྱེད་པའི་ནུས་ལྡན་དུ་བྱ། གཉིས་པ་བླ་བསླུ་དངོས་ལ། དང་པོ་སྤྱན་འདྲེན་པ། དེ་ནས་འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ། སྤར་ཁའི་ཐོག་གི་གདོན་བྱེ་བྲག་པར་བསྔོ་བ། ཕྱོགས་བཅུའི་གདོན་ལ་བསྔོ་བ། ཁྱད་པར་བླ་གཤེད་བདུད་ཀྱི་བདུད་རེ་ཏེ་མགོ་ཡག་དང་བྱང་ཤར་སྲོག་བདག་རྒྱལ་པོ་པེ་ཧར་ལ་བསྔོ་བ། བླ་འགུགས་ཀྱི་སྔགས་བཟླ་བ་དང་དྲུག་ལས། དང་པོ་སྤྱན་འདྲེན་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་མགྲོན་རིགས་རྣམས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ལ། སྤོས་གསུར་གྱི་དུད་པ་འབུལ་བཞིན་དུ་དབྱངས་སྙན་རོལ་སྒྲ་དང་བཅས་པས་འདི་སྐད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །བཀའ་དང་དམ་ལ་གནས་པ་ཡི། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །གཙང་མགོན་བདུན་ཅུ་རྩ་ལྔ་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འབྱུང་བ་ལྔ་ཡི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྤར་ཁ་བརྒྱད་ཀྱི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྨེ་བ་དགུ་ཡི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གཙུག་ལག་སྤྱི་ཡི་ལྷ་ཚོགས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྡེ་བརྒྱད་དྲེག་པའི་ཚོགས་བཅས་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ང་རྒྱལ་གདུག་པའི་སེམས་ཀྱིས་མ་བྱོན་པར། །བྱམས་དང་ཞི་བའི་སེམས་ཀྱིས་གཤེགས་སུ་གསོལ། །སརྦ་གུ་རུ་སརྦ་དེ་བ་སརྦ་ཌཱ་ཀི་སརྦ་པྲེ་ཏ་ས་མ་ཡ་ཛཿཛཿ ཞེས་སྤྱན་དྲངས་པས་མགྲོན་རྣམས་ཆར་སྤྲིན་གཏིབས་པ་ལྟར་ལྷགས་ཏེ། དཀོན་མཆོག་རྩ་གསུམ་མདུན་གྱི་ནམ་མཁའ། དཔལ་མགོན་རྣམས་བར་སྣང་ལ་བཞུགས་ནས་དགྱེས་པའི་ཐུགས་ཀྱིས་དགོངས། འབྱུང་ལྔ་སྤར་སྨེ་ལ་སོགས་པ་བགེགས་རིགས་ལན་ཆགས་མགྲོན་རྣམས་ས་གཞི་ལ་ཁྲོམ་ཚོགས་པ་བཞིན་འཁོད་ནས་བྱམས་དང་གུས་པའི་ཚུལ་གྱིས་གནས་པར་བསམ། གཉིས་པ་འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནམ་མཁའ་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་སེམས་ཀྱི་གླུད། །འབྱུང་བ་ཆེན་པོ་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྲག་རི་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་རུས་པའི་གླུད། །འབྱུང་བ་ཆེན་པོ་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ས་ཕྱོགས་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་ཤ་ཡི་གླུད། །འབྱུང་བ་ཆེན་པོ་ས་ལ་གཏོང་། །ས་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རྒྱ་མཚོ་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་ཁྲག་གི་གླུད། །འབྱུང་བ་ཆེན་པོ་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྲེག་བྱེད་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་དྲོད་ཀྱི་གླུད། །འབྱུང་བ་ཆེན་པོ་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རླུང་ཕྱོགས་སྟོང་གི་འཇིག་རྟེན་ན། །འདུས་པ་ཆེན་པོ་དབུགས་ཀྱི་གླུད། །འབྱུང་བ་ཆེན་པོ་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་སྲིན་རྣམས། །དེང་གི་རྒྱུ་སྦྱོར་ཡོན་བདག་ལ། །སྔོན་གྱི་ལན་ཆགས་འབྲེལ་པ་ཡིས། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བཀྲག་མདངས་དབང་བའི་ལྷ་སྲིན་རྣམས། །བླ་གླུད་གཉན་པོ་འདི་བཞེས་ལ། །བུ་ལོན་ལན་ཆགས་བྲལ་བར་མཛོད། །གསུམ་པ་སྤར་ཁའི་གདོན་བྱེ་བྲག་པར་བསྔོ་བ་ནི། ཧཱུྃ། ལྷོ་ཕྱོགས་སྤར་ཁ་ལི་ཐོག་ན། །བཙན་དང་གྲི་བོ་བསྡོངས་པ་ཡིས། །ཐབ་དང་གཞོབ་ལ་སྙད་བཏགས་ནས། །དེ་གཅིག་སྤང་པོ་ཁ་སེར་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ལྷོ་ནུབ་སྤར་ཁ་ཁོན་ཐོག་ན། །ས་བདག་ཕུ་བདག་བསྡོངས་པ་ཡིས། །མི་གཙང་འཁོན་ལ་སྙད་བཏགས་ནས། །དེ་གཅིག་རོལ་པོ་ཁ་ནག་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ནུབ་ཕྱོགས་སྤར་ཁ་དྭ་ཐོག་ན། །བདུད་དང་སྐྱེས་བུ་བསྡོངས་པ་ཡིས། །དམེ་པོའི་བདུད་ལ་སྙད་བཏགས་ནས། ཁ་རིང་འཁྱགས་པ་ཆལ་ཆོལ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ནུབ་བྱང་སྤར་ཁ་ཁེན་ཐོག་ན། །རྒྱལ་འགོང་ཐེའུ་རང་བསྡོངས་པ་ཡིས། །བུ་སྲིང་ནལ་གྱིས་ཉེན་ལངས་ནས། །དེ་གཅིག་གནམ་སྔོ་ས་སྔོ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བྱང་ཕྱོགས་སྤར་ཁ་ཁམ་ཐོག་ན། །ཀླུ་དང་མ་མོ་བསྡོངས་པ་ཡིས། །ནལ་དང་ཡུགས་ལ་སྙད་བཏགས་ནས། །དེ་གཅིག་ལུ་མ་ཁ་རྒྱས་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བྱང་ཤར་སྤར་ཁ་གིན་ཐོག་ན། །རྦད་འདྲེ་དཀོར་འདྲེ་བསྡོངས་པ་ཡིས། །བན་བོན་ནོར་ལ་སྙད་བཏགས་ནས། །དེ་གཅིག་ས་འཁྱགས་རྡོ་འཁྱགས་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཤར་ཕྱོགས་སྤར་ཁ་ཟིན་ཐོག་ན། །ཀླུ་དང་རྒྱལ་པོ་བསྡོངས་པ་ཡིས། །རབས་ཆད་ནོར་ལ་སྙད་བཏགས་ནས། ཁ་རིང་རྩི་ཐོག་རྒྱས་དུས་སུ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཤར་ལྷོ་སྤར་ཁ་ཟོན་ཐོག་ན། །རྒྱལ་འགོང་སྨྱོ་འདྲེ་བསྡོངས་པ་ཡིས། །རིམས་དང་ཡམས་ལ་སྙད་བཏགས་ནས། ཁ་རིང་ཉི་མ་ལྡོག་མཚམས་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །ནམ་མཁའ་ཁམས་ཀྱི་མདངས་དང་ལྡན། །རྒྱང་བུ་དེ་ནི་འཕན་བཟང་དང་། །ཕོ་གདོང་མོ་གདོང་འགྲོ་ཤེས་དང་། །ངར་མིའི་ལུས་ལ་རྒྱན་ཆ་ཅན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །བཞི་པ་ཕྱོགས་བཅུའི་གདོན་ལ་བསྔོ་བ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྟེང་ཕྱོགས་སྟོང་གི་འཇིག་རྟེན་ན། །ལྷ་ཡི་གདོན་ནི་ཆེན་པོ་པ། །མི་ཡང་སྔོན་པོ་ཆས་ཏེ་བྱུང་། །རྟ་ཡང་སྔོན་པོ་ཞོན་ཏེ་བྱུང་། །བེར་ཡང་སྔོན་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་སྔོན་པོ་བཅིངས་ཏེ་བྱུང་། །དར་མདུང་སྔོན་པོ་ཕྱར་ཏེ་བྱུང་། །ཞགས་པ་སྔོན་པོ་ཐོགས་ཏེ་བྱུང་། །བྱ་ཡང་སྔོན་པོ་ལྡིང་ཞིང་བྱུང་། ཁྱི་ཡང་སྔོན་པོ་ཁྲིད་དེ་བྱུང་། །སྟེང་ན་གནས་པའི་ལྷ་སྲིན་ཡིན། །སྟེང་གི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །རྒྱལ་པོ་དང་ནི་དྲི་ཟའི་གདོན། །མི་ཡང་དཀར་པོ་ཆས་ཏེ་བྱུང་། །རྟ་ཡང་དཀར་པོ་ཞོན་ཏེ་བྱུང་། །བེར་ཡང་དཀར་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་དཀར་པོ་བཅིངས་ཏེ་བྱུང་། །དར་མདུང་དཀར་པོ་ཕྱར་ཏེ་བྱུང་། །ཞགས་པ་དཀར་པོ་ཐོགས་ཏེ་བྱུང་། །བྱ་ཡང་དཀར་པོ་ལྡིང་ཞིང་བྱུང་། ཁྱི་ཡང་དཀར་པོ་ཁྲིད་དེ་བྱུང་། །ཤར་ན་གནས་པའི་ལྷ་སྲིན་ཡིན། །ཤར་གྱི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །གྲུལ་བུམ་དང་ནི་གཤིན་རྗེའི་གདོན། །མི་ཡང་སེར་པོ་ཆས་ཏེ་བྱུང་། །རྟ་ཡང་སེར་པོ་ཞོན་ཏེ་བྱུང་། །བེར་ཡང་སེར་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་སེར་པོ་བཅིངས་ཏེ་བྱུང་། །དར་མདུང་སེར་པོ་ཕྱར་ཏེ་བྱུང་། །ཞགས་པ་སེར་པོ་ཐོགས་ཏེ་བྱུང་། །བྱ་ཡང་སེར་པོ་ལྡིང་ཞིང་བྱུང་། ཁྱི་ཡང་སེར་པོ་ཁྲིད་དེ་བྱུང་། །ལྷོ་ན་གནས་པའི་ལྷ་སྲིན་ཡིན། །ལྷོ་ཡི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀླུ་ཡི་གདོན་ནི་ཆེན་པོ་པ། །མི་ཡང་དམར་པོ་ཆས་ཏེ་བྱུང་། །རྟ་ཡང་དམར་པོ་ཞོན་ཏེ་བྱུང་། །བེར་ཡང་དམར་པོ་གྱོན་ཏེ་བྱུང་། །ཐོད་ཀྱང་དམར་པོ་བཅིངས་ཏེ་བྱུང་། །དར་མདུང་དམར་པོ་ཕྱར་ཏེ་བྱུང་། །ཞགས་པ་དམར་པོ་ཐོགས་ཏེ་བྱུང་། །བྱ་ཡང་དམར་པོ་ལྡིང་ཞིང་བྱུང་། ཁྱི་ཡང་དམར་པོ་ཁྲིད་དེ་བྱུང་། །ནུབ་ན་གནས་པའི་ལྷ་སྲིན་ཡིན། །ནུབ་ཀྱི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །གནོད་སྦྱིན་གྱི་ནི་གདོན་ཆེན་པོ། །མི་ཡང་ལྗང་གུ་ཆས་ཏེ་བྱུང་། །རྟ་ཡང་ལྗང་གུ་ཞོན་ཏེ་བྱུང་། །བེར་ཡང་ལྗང་གུ་གྱོན་ཏེ་བྱུང་། །ཐོད་ཀྱང་ལྗང་གུ་བཅིངས་ཏེ་བྱུང་། །དར་མདུང་ལྗང་གུ་ཕྱར་ཏེ་བྱུང་། །ཞགས་པ་ལྗང་གུ་ཐོགས་ཏེ་བྱུང་། །བྱ་ཡང་ལྗང་གུ་ལྡིང་ཞིང་བྱུང་། ཁྱི་ཡང་ལྗང་གུ་ཁྲིད་དེ་བྱུང་། །བྱང་ན་གནས་པའི་ལྷ་སྲིན་ཡིན། །བྱང་གི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །མཚམས་བཞི་སྟོང་གི་འཇིག་རྟེན་ན། །མེ་ལྷ་སྲིན་པོ་རླུང་ལྷ་དང་། །བྱང་ཤར་དབང་ལྡན་འབྱུང་པོའི་གདོན། །མི་ཡང་ཁྲ་བོ་ཆས་ཏེ་བྱུང་། །རྟ་ཡང་ཁྲ་བོ་ཞོན་ཏེ་བྱུང་། །བེར་ཡང་ཁྲ་བོ་གྱོན་ཏེ་བྱུང་། །ཐོད་ཀྱང་ཁྲ་བོ་བཅིངས་ཏེ་བྱུང་། །དར་མདུང་ཁྲ་བོ་ཕྱར་ཏེ་བྱུང་། །ཞགས་པ་ཁྲ་བོ་ཐོགས་ཏེ་བྱུང་། །བྱ་ཡང་ཁྲ་བོ་ལྡིང་ཞིང་བྱུང་། ཁྱི་ཡང་ཁྲ་བོ་ཁྲིད་དེ་བྱུང་། །མཚམས་ན་གནས་པའི་ལྷ་སྲིན་ཡིན། །མཚམས་ཀྱི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འོག་ཕྱོགས་སྟོང་གི་འཇིག་རྟེན་ན། །ས་བདག་ཆེན་པོ་ནག་པོའི་གདོན། །མི་ཡང་དུད་ཀ་ཆས་ཏེ་བྱུང་། །རྟ་ཡང་དུད་ཀ་ཞོན་ཏེ་བྱུང་། །བེར་ཡང་དུད་ཀ་གྱོན་ཏེ་བྱུང་། །ཐོད་ཀྱང་དུད་ཀ་བཅིངས་ཏེ་བྱུང་། །དར་མདུང་དུད་ཀ་ཕྱར་ཏེ་བྱུང་། །ཞགས་པ་དུད་ཀ་ཐོགས་ཏེ་བྱུང་། །བྱ་ཡང་དུད་ཀ་ལྡིང་ཞིང་བྱུང་། ཁྱི་ཡང་དུད་ཀ་ཁྲིད་དེ་བྱུང་། །འོག་ན་གནས་པའི་ལྷ་སྲིན་ཡིན། །འོག་གི་ཕྱོགས་ལ་དབང་བསྒྱུར་པས། ཁར་སང་ཁ་ཡི་ཉི་མ་ལ། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ལྔ་པ་བླ་གཤེད་ཀྱི་བདུད་རྒྱལ་གཉིས་ལ་སྒོས་སུ་བསྔོ་བ་ནི། ཀྱེ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བདུད་མཁར་ནག་པོའི་ནང་ཤེད་ན། །བདུད་རྗེ་རེ་ཏེ་མགོ་ཡག་བཞུགས། །སྤྲུལ་པ་ཕོ་བདུད་བཅུ་གསུམ་འགྱེད། །སྐྱེས་པ་ཀུན་གྱི་སྲོག་གཅོད་བྱེད། །ཟ་མ་མོ་ཡི་སྲིད་ལ་རྐུ། །བྱིས་པ་ཆུང་གི་ཚེ་ལ་རྐུ། །བདུད་པོ་བླ་རྐུན་བཅུ་གསུམ་གྱིས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །བླ་དང་སྲོག་ལ་བརྐུས་བཞམས་སྲིད། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། །ཀྱེ། ཉི་མ་བྱང་ཤར་མཚམས་ཤེད་ན། །སྲོག་བདག་རྒྱལ་པོ་པེ་ཧར་ཁྱོད། །གཙུག་ལག་ཁང་གི་སྲུང་མ་ཡིན། །སྤྲུལ་པ་ཛམ་གླིང་ཀུན་ལ་འགྱེད། །ས་བདག་འགོང་པོ་ཕོ་ཉར་གཏོང་། །ཐེའུ་རང་སྟོང་སྡེའི་རྒྱབ་རྟེན་བྱེད། །སེམས་ཅན་ཀུན་གྱི་སྲོག་དབུགས་ལེན། །དམ་སྲི་སྤུན་དགུའི་ཁ་འཛིན་བྱེད། །བླ་རྐུན་པེ་ཧར་འཁོར་བཅས་ཀྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིའི། །བླ་དང་སྲོག་ལ་བརྐུས་བཞམས་སྲིད། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་ལ་བཞུགས། ཁྱད་པར་བླ་གཤེད་སྡེ་གཉིས་ལ། །རིན་ཆེན་གསེར་སྐྱེམས་དམ་པ་དང་། །རིན་ཆེན་ནམ་མཁའ་སྣ་ཚོགས་དང་། །རིན་ཆེན་རྒྱང་བུ་འཕན་བཟང་སྤྲས། །ངར་མི་ཕོ་མོ་ཆུང་གསུམ་ཕྱུག །རང་རང་མཛེས་པའི་རྒྱན་གྱིས་བརྒྱན། །ཕོ་གདོང་དང་ནི་མོ་གདོང་དང་། །བཤོས་བུ་དང་ནི་མཐེབ་ཀྱུ་དང་། །ཤ་སྣ་དེ་ནི་བཅུ་གསུམ་དང་། །བླ་ཡི་གླུད་ནི་བཅུ་གསུམ་རྣམས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །གླུད་དང་ཚབ་ཏུ་འབུལ་ལགས་ན། །ལྷུ་མོ་དེ་ནི་བཅུ་གཉིས་དང་། །མགོ་བོ་དང་ནི་བཅུ་གསུམ་གྱི། །ཚབ་ཏུ་དེ་ནི་འབུལ་ལགས་ཀྱི། །ལུས་ངག་ཡིད་གསུམ་གླུད་དུ་འབུལ། །བླ་གླུད་གསེར་སྐྱེམས་འདི་བཞེས་ཤིག །ཡས་སྟགས་བཟང་པོ་འདི་བཞེས་ཤིག །རྔན་ཆ་དར་ཟབ་གསེར་དང་དངུལ། །ལྷོ་བྱང་ལ་ཀླུང་རྫས་དུ་མ། །གཏོར་མ་གསེར་སྐྱེམས་བཅས་པ་བཞེས། །རྒྱུ་སྦྱོར་མི་བུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །གནོད་པ་སྡུས་ལ་བླ་ཚེ་གཏོད། །ཞི་བ་ཆེན་པོའི་ངང་ལ་བཞུགས། །མཉམ་པ་ཆེན་པོའི་ངང་ལ་བཞུགས། །ཕན་པ་བྱང་སེམས་བསྐྱེད་དུ་གསོལ། །ཞེས་བསྔོས་པས་སོ་སོ་ནས་ཡས་སྟགས་རྣམས་བདག་གིར་བྱས། མགུ་ཞིང་ཚིམས་ཏེ་ཇི་ལྟར་བསྒོས་པའི་དོན་བདེ་བླག་ཏུ་སྒྲུབ་པར་མོས། དྲུག་པ་བླ་འགུགས་ཀྱི་སྔགས་བཟླ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་ཡང་འོད་ཟེར་སྣ་ཚོགས་སྟེང་འོག་ཀུན་ཏུ་བ་ཐག་འཛིངས་པ་ལྟར་འཕྲོས་པས་ས་འོག་ས་སྟེང་ས་བླའི་ཁམས་ཐམས་ཅད་ཁྱབ། བླ་ཚེ་ལ་བར་དུ་གཅོད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་བཙན་དང་རྒྱལ་པོ་ལ་སོགས་མདོར་ན་བགེགས་གདོན་གྱི་རིགས་སུ་གྱུར་པས་བརྐུས་པ་དང་། ཕྲོགས་པ་དང་། བཞམས་པ་དང་། ཡར་པ་དང་། འཁྱམས་པ་དང་། སྟོར་བ་སོགས་བཀུག །ཡོན་གྱི་བདག་པོར་བསྟིམས་པས། ཉམས་པ་སོས། ཆད་པ་མཐུད། ཡོ་བ་བསྲངས། སྔར་བས་ཀྱང་གཟི་བྱིན་དང་ལྡན་པས། བླ་ཚེ་སྲོག་གསུམ། མི་ནོར་ཟས་གསུམ་ལ་སོགས་པ་རྒྱས་ཤིང་བརྟན་པར་གྱུར་པར་མོས་ལ་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ་ཞིང་སྔགས་ཟུར་གསལ་དཀྱུས་སུ་བཀོད་པ་ནི། ཨ་ཧ་རི་ནི་ས་ཛྷབ་ཛྷབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀཿཁུག་ཛཿཛཿ བརྒྱ་སྟོང་ཁྲི་འབུམ་སོགས་རྟགས་དང་སྦྱར་ཏེ་བཟླ་འོ། །སྐབས་འདིར་གཏེར་ཆེན་གསུང་ལ་ཁམས་པ་ཀུན་དགའ་བསྟན་འཛིན་གྱིས་ཟིན་བྲིས་མཛད་པ་ལས་ཡི་དམ་གྱི་སྔགས་ཤམ་དུ་སྔགས་འདི་བཏགས་ནས་བཟླ་དགོས་པར་གསུངས་ཤིང་ཕལ་ཆེར་གྱིས་ཕྱག་ལེན་དུའང་མཛད་པར་སྣང་ངོ་། །དེ་ལྟར་ཐུན་དྲུག་གམ་བཞིར་བཅད་པའི་ཆོ་ག་བཟླས་པ་བཅས་བྱེད། དངོས་ཉམས་རྨི་ལམ་གྱི་ལྟས་དང་བསྟུན་ནས་སྐབས་སུ་བླ་འཁྱམས་པའི་གནས་རྣམས་ནས་མི་མིང་ལོ་ཁམས་འདི་ཞེས་བྱ་བའི་བླ་ཚེ་ཉམས་པ་དང་སོགས་འོག་གི་འགུགས་ཚིག་ལྟར་ཁུག་ཅིག་པའི་ཚིག་སྐད་གསང་མཐོན་པོས་འབོད་ཅིང་བསྟིམས་པའི་མོས་པ་བརྟན་པོ་བྱེད་པར་བཤད་པ་ལྟར། ནངས་ནུབ་གུང་གཉིས་སོགས་སུ་ཁང་སྟེང་བསྐོར་ཏེ་ཕྱོགས་ཀུན་ཏུ་ཐོས་ངེས་པའི་སྐད་ཀྱིས་འོག་གི་འགུགས་ཚིག་ལྟར་འབོད་པ་དང་། ཡང་ཆེ་གཉན་གྱི་རིགས་ལ་ཐོག་སྟེང་ནས་མདའ་དར་གཡབ་ཅིང་སྐད་དམའ་བར་འབོད་པའི་ལག་ལེན་སྣང་བའང་བྱས་ན་ལེགས་མོད། དཀྱུས་སུ་ཐུན་མཇུག་སོ་སོར་བདེན་བདར་དགུགས་གཞུག་མཛད་པའི་ཕྱག་ལེན་ལྟར་ན། བཟླས་པ་གྲུབ་པ་དང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། རྒྱལ་པོའི་ཕོ་བྲང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་ཆོས་གྲྭ་ཆེན་པོ། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུ་ས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས་ཚེ་དང་ལྡན་པ། མིང་རུས་ལོ་ཁམས་སོ་སོར་སྨྲོས་པའི། བླ་ཚེ་ཉམས་པ་དང་། ཡར་པ་དང་། སྟོར་བ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་ཕྲོགས་པ། གདོན་ཕྲན་གྱིས་བརྐུས་པ། བྱད་མ་ལྷ་སྲུང་གིས་བཀུག་པ་ཐམས་ཅད་རང་གནས་སུ་ཁུག་ཅིག །ཅེས་རོལ་མོ་འགུགས་སྔགས་དང་བཅས་པ་ལན་གསུམ་བྱ། སྐབས་མཚམས་སུ་ཡོན་བདག་དངོས་སམ་བླ་རྟེན་གང་རུང་གི་མདུན་དུ་ཁ་གཏད་དེ་བླ་ལུག་ཆུ་དང་བཅས་པ་བཞག །དམོད་བོར་ཏེ་བླ་ལུག་བསྐོར་བས་ཁ་ཡོན་བདག་གི་བླ་རྟེན་ཕྱོགས་སུ་གཏད་དེ་བསྡད་ན་ཁུག་རྟགས་ཡིན་པས་མཇུག་གི་བྱ་བས་འཐུས་ཤིང་། ཕྱིར་ལོག་ཏུ་བསྡད་ན་ཆོ་ག་སྔགས་བཟླས་སོགས་ལ་འབད་ཅིང་བསྐྱར་ལ་བརྟག་གོ །དེ་ལྟར་ཐུན་གསུམ་སོགས་ཚར་གྲངས་དུ་བྱེད་ལ་རེ་རེ་བཞིན་གླུད་མདོས་འབྲུ་སྣ་ཟན་དུམ་སོགས་ཀྱིས་ཁ་གསོ། གསེར་སྐྱེམས་སྔ་མ་ཕྱི་རོལ་དུ་མཆོད་ལ་གསར་དུ་བཤམ། སྔགས་དྲུག་ཕྱག་དྲུག་སྔགས་རྐྱང་པ་ཙམ་བརྗོད་ལ་ཕྱག་རྒྱ་དང་དམིགས་པས་བྱིན་བརླབ། སྤྱན་འདྲེན་ནས་འགུགས་པ་ཡན་ཆད་ལ་གྲངས་གཟུང་། དགོང་མོར་ཆོས་སྲུང་གཏོར་སྐྱོང་ཆད་བརྟན་ནས་ཤིས་བརྗོད་བར་ལྷ་གཞུང་གི་རྗེས་ཆོག་ཚང་བར་བྱའོ། །དེ་ནས་ཉིན་གཅིག་ཡིན་ན་ཚར་རྗེས་མ། ཞག་གྲངས་བྱེད་ན་རྫོགས་པའི་སྐབས་སུ་འགུགས་གཞུག་ཡན་གྲུབ་ནས། གསུམ་པ་མཇུག་གི་ཆོ་ག་སྣང་སྲིད་ལྷ་འདྲེ་སྤྱིར་བསྔོས་ཏེ་གཤེགས་སུ་གསོལ་ལ་ལས་གཞུང་གི་མཇུག་བསྡུ་བ་དང་བཅས་པ་ནི། ཐོག་མར་ཡི་དམ་གྱི་བསྐུལ་ཡོད་ན་གཏང་། ཆོས་སྐྱོང་གཏོར་འབུལ་བྱས་ལ་གླུད་ཀྱི་མར་མེ་སྦར་ཏེ། ཀྱེ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །བཀྲག་དང་མདངས་ལ་དབང་བ་རྣམས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །དཀའ་བས་བཙལ་ཅིང་དཀོན་པ་བསྡུས། །ལེགས་དགུ་བསགས་ཤིང་ཞིམ་དགུ་སྤུངས། །བདག་གིས་བསམ་པ་རྣམ་དག་ཅིང་། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སྣང་སྲིད་ལྷ་འདྲེ་དགྱེས་བྱེད་པའི། །འདོད་ཡོན་དྲུག་ལྡན་མཆོད་གཏོར་དང་། །དབུལ་བའི་གླུད་ཆེན་འདི་བཞེས་ལ། །བདེ་བར་གཤེགས་པའི་གསུང་ལ་ཉོན། །ཆོས་ཉིད་བདེན་པའི་དོན་ལ་སོམས། །དབང་གི་རྒྱལ་པོའི་བཀའ་མ་བཅག །རིག་འཛིན་རྒྱལ་པོའི་ངག་ལ་ཉོན། །རང་གི་ལུས་ལ་དཔེ་ལོངས་ལ། །ཕ་རོལ་གཞན་ལ་གནོད་མ་བྱེད། །འཁོར་བའི་རྒྱུ་འབྲས་དྲན་པར་གྱིས། །ལུང་པ་ཡི་ནི་སུམ་མདོ་ན། །ལམ་འཕྲང་དེ་ནི་བཞི་མདོ་ན། །ལྷ་སྲིན་བསྐྱོད་པའི་གནས་ཤིག་མཆིས། །མདོས་གླུད་དམ་པ་འདི་ལོངས་ལ། །འཁོར་འདིར་གནོད་འཚེ་མ་མཛད་པར། །སྐྱོད་ཅིག་གཤེགས་ཤིག་ད་གཤེགས་ཤིག །རང་རང་སོ་སོའི་གནས་སུ་གཤེགས། །ཞེས་བརྗོད་ལ་བླ་རྟེན་བླ་རྐང་སོགས་ལས་གཞུང་གི་གཏོར་མའི་མདུན་དུ་བསྡུ། ཡས་རྣམས་ཕྱོགས་སྐྱེལ་བྱེད་ན་མ་ནོར་བར་སྣོད་བཅུར་བསྡུ། དེ་མིན་བསྒྲུབ་བྱའི་འདྲེ་ལྔ་བདུད་གཅོད་ལྟ་བུའི་ཕྱོགས་གཅིག་ཏུ་བསྐྱལ་ན་ཕྱི་ནས་རིམ་བཞིན་སྣོད་ཆེན་གཅིག་ཏུ་བསྡུས་ལ། ཐོག་མར་དཀར་གཏོར་གསེར་སྐྱེམས་ཁྱེར། དེ་རྗེས་ཡས་རྣམས་ཕྱིར་སྤགས། དེ་རྒྱབ་ས་སྟེགས་ཡིན་ན་བསྡུས་ལ་བཞག །དེ་རྒྱབ་ཆད་ཐོའི་གཏོར་ཟོར་བཤམ། མདོས་སྟན་གཞན་ཡིན་ན་སྤྲུག་པ་དང་བསྟུན། གསེར་སྐྱེམས་གཏང་། དེའང་སྤྱི་འགྲོ་གང་རུང་གིས་ཆོག་ལ། འདོན་བྱ་ངེས་པ་མེད་པའི་རིགས་ལ་ཕྱོགས་འདིའི་ཕྱག་སྲོལ་ཆགས་མེད་རིན་པོ་ཆེས་མཛད་པ་ལྟར་ན། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ། ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །སྔོན་མོ་འབྲུ་ཡི་སྙིང་ཁུ་སྟེ། །རིན་ཆེན་དམ་པ་གསེར་བདར་ནས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །དེ་རིང་གཟུ་དང་དཔང་པོ་མཛོད། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དཔལ་མགོན་བདུན་ཅུ་འཁོར་དང་བཅས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བར་ཆད་རྐྱེན་རྣམས་ཟློག་ཏུ་གསོལ། །གཟའ་བརྒྱད་གདོང་མོ་རྒྱུ་སྐར་ཚོགས། །དབྱུ་གུ་དྲུག་ཅུ་མཁའ་འགྲོ་བདུན། །ས་བདག་རྗེ་བློན་བཅུ་བདུན་སོགས། །དུས་ཚོད་ཚེས་གྲངས་བདག་པོ་རྣམས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །སྡེ་བརྒྱད་ཡུལ་ལྷ་གཞི་ཡི་བདག །ཡུལ་དང་ས་སྐོར་ཁང་ཁྱིམ་འདིར། །གཉུག་མར་གནས་པ་མ་ལུས་ཀུན། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །རུ་ང་ཕྲག་དོག་མ་བྱེད་ཅིག །མཐོ་མཐོ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་དམའ་རྣམས་ཀྱིས་དབུ་ཆུམས་ཤིག །ཐད་དུ་འདུག་པ་སྐུ་ཟུར་ཅིག །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །མདོས་དང་ཟོར་གྱི་ལམ་ཕྱེས་ཤིག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདོས་གཏང་ཕྱོགས་སུ་དཀར་གཏོར་བཅས་ཕུལ། ལས་གཞུང་གི་ཆད་ཐོ་བཏང་ལ་མདོས་བཏེགས། ཕྱོགས་སྐྱེལ་སྐབས་ཕྱོགས་མཚམས་སྟེང་འོག་བཅུ་དང་། ཕྱོགས་གཅིག་ལ་བསྒྲུབ་བྱའི་ལོ་ལྷ་མིན་པ་འོས་པའི་ཕྱོགས་སུ་བསྐྱལ་གཞུག །བྷྱོ། གཞན་ཡང་ཟློག་ཅིང་སྒྱུར་བ་ནི། །ཞེས་སོགས་སམ། བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ཞེས་པ་ལྟ་བུའི་ཟློག་བྱང་སྤྱི་རྒྱུག་གང་ཤེས་བརྗོད་ལ་ཆད་ཐོའི་གཏོར་མ་མདོས་རྗེས་ཟོར་དུ་འཕེན། སྤྲོ་ན་ལོཀྟྲི་དང་སེང་གདོང་མ་ལྟ་བུའི་ཟློག་པ་ཐལ་རྡེབ་བཅས་པའང་བྱ། རྗེས་སུ་བརྟན་མ་བསྐྱང་ཞིང་བྲོ་བརྡུང་། བསྒྲུབ་བྱ་ལ་སྲུང་འཁོར་བརྟན་པོར་བསྒོམ། ཚེ་འགུགས་རྒྱས་པར་གཏང་། དངོས་གྲུབ་ལེན་པ་སོགས་ལས་གཞུང་གི་མཇུག་ཆོག་དཀྱུས་ལྟར་བྱེད་ཅིང་བཀྲ་ཤིས་པའི་ཚིགས་སུ་གཅད་པ་དང་བསྟུན་མེ་ཏོག་སིལ་མ་ཕྱོགས་ཀུན་ཏུ་འཐོར། ཚེ་སྒྲུབ་དང་སྦྲེལ་སྐབས་རྒྱས་པར་སྤྲོ་ན་བསྒྲུབ་བྱ་གོས་རྒྱན་བཟང་པོ་དང་སྟན་དཀར་གཡུང་དྲུང་གི་རི་མོ་ཅན་ལ་བཞག་སྟེ་ཚེ་དབང་རྒྱས་པར་བསྐུར། ཚེ་རྫས་སྦྱིན། འཁོར་ལོ་ཡོད་ན་དང་བླ་གཡུ་མགུལ་དུ་གདགས། ཞལ་བསྲོའི་ཚུལ་དུ་ཚོགས་འཁོར་གྱི་དགའ་སྟོན་ལ་ལོངས་སྤྱད་དུ་གཞུག །བླ་རྐང་དང་བླ་ནས་རྣམས་ཀྱང་ལྟས་བརྟགས་ཟིན་ནས་བསྒྲུབ་བྱ་རང་ཉིད་ཀྱིས་བཟའ། བླ་རྟགས་བླ་ལུག་རྣམས་བྱི་བ་སོགས་ཀྱི་གནོད་པ་མི་འབྱུང་བའི་སར་སྦའོ། །བླ་གླུད་རྒྱས་པ་ྀཨཚ། རྩ་བའི་གསུམ་པ་རྟགས་ལ་དཔྱད་པ་ལའང་། དང་པོ་བླ་རྐང་ལ་བརྟག་པ། གཉིས་པ་ནས་ལ་བརྟག་པ། གསུམ་པ་རྨི་ལམ་ལ་བརྟག་པ་སྟེ་གསུམ་ལས། དང་པོ་ནི། བླ་རྐང་གི་རྒྱ་བཤིགས་ལ་ལེགས་པར་བལྟ། དེ་ཡང་ཕྱི་རུས་པ་ལ་བརྟག་པ། ནང་ཆུ་སེར་ལ་བརྟག་པ། གསང་བ་དྲི་ལ་བརྟག་པ་སྟེ་གསུམ་ལས། དང་པོ་ནི། རུས་པ་སྣུམ་ལ་འདྲིལ་བ། འཇམ་ལ་ལྕི་བ་རྣམས་བཟང་། གཙང་ལ་སོབ་པ། རྩུབ་ལ་དམར་བ། ཡང་ལ་ཆུང་བ་རྣམས་ངན་པ་ཡིན། ཁྱད་པར་རྐང་ལ་གོག་བཀས་སེར་ག་སྤུ་རིས་བྱུང་ན་ངན་ཞིང་། མ་བྱུང་ན་མཆོག་ཏུ་བཟང་ངོ་། །གཉིས་པ་ནང་ཆུ་སེར་ལ་བརྟག་པ་ནི། ཆུ་སེར་གྱི་སྦུ་གུ་སྟོད་དུ་འདུག་ན་བཟང་། སྨད་དུ་བྱུང་ན་ངན། བར་དུ་བྱུང་ན་འབྲིང་། དེ་ལ་ཡང་ཞིབ་པར་མདོག་ལ་བརྟག་སྟེ། ཆུ་སེར་དམར་ན་བཟང་། སེར་ན་འབྲིང་། ནག་ན་ངན་པའོ། །གསུམ་པ་གསང་བ་དྲི་ལ་བརྟག་པ་ནི། སྣུམ་དྲི། ཚིལ་དྲི། སྨན་དྲི་སྟེ་དྲི་བཟང་བྱུང་ན་བཟང་བ་ཡིན། ནད་དྲི། ཤི་དྲི། རུལ་དྲི་སྟེ་དྲི་ངན་བྱུང་ན་ངན་པ་ཡིན་པས་ལེགས་པར་དཔྱད། གཉིས་པ་ནས་རྡོག་ལ་བརྟག་པ་ནི། བླ་རྐང་གི་ཁྲོད་དུ་ བཅུག་པའི་ནས་སྔར་བས་མང་དུ་ཡོད་ན་བཟང་། ཉུང་ན་ངན། རང་སར་བསྡད་ན་འབྲིང་ཡིན་པས་སྐྱོན་མེད། མདོག་ཀྱང་རང་མདོག །དཀར་སེང་སོགས་ལེགས་ཤིང་། ནག་ནོག་ངན་པར་བཤད། གསུམ་པ་རྨི་ལམ་བརྟག་པ་ནི། རང་ངམ་ཡོན་གྱི་བདག་པོའི་རྨི་ལམ་དུ་གཡུ་བཏགས་པ་དང་། གོས་གསར་གྱོན་པ་དང་། རྡོ་རྗེ་དང་། དུང་དང་། གཡུང་དྲུང་གི་རི་མོ་ལ་སོགས་རྨིས་ན་མཆོག་ཏུ་བཟང་ངོ་། །དེ་ལྟར་ཐམས་ཅད་བཟང་རྟགས་སུ་བྱུང་ན་མཆོག་ཏུ་ལེགས། ཕྱེད་ཙམ་བཟང་ལ་ཕྱེད་ཙམ་ངན་ན་འབྲིང་སྟེ་མ་བསྐྱར་རུང་ཆོག །ངན་པ་མང་ན་སླར་ལན་གསུམ་དུ་བསྐྱར་བར་བྱའོ། །རྟགས་ལེགས་ན་བླ་གཡུ་ལུས་ལ་འབྲལ་མེད་གདགས་ཤིང་། བླ་རྐང་གི་ཤ་ཕྱི་འཁྱར་མེད་པར་བསྒྲུབ་བྱས་བཟའ་བ་དང་བསྟུན་ཕྱེ་མར་གྱིས་ཞལ་བསྲོ་བར་བྱའོ། །ཞེས་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེས་མཛད་པའི་བླ་བསླུ་བཅུ་གསུམ་གྱི་ཡིག་རྙིང་གཞིར་བཞག་གི་སྟེང་ཕྱག་བཞེས་ཟབ་མོས་ཟུར་བརྒྱན་ཏེ་འགྲིགས་ཆགས་གོ་བདེར་བཀོད་པས་འགྲོ་ལ་ཕན་པར་གྱུར་ཅིག །ཆོས་ལྡན་འཚོ་བ་ལྷུན་ཆགས་རི་དབང་བཞིན། །བླ་ཚེ་སྲོག་གི་རྡོ་རྗེའི་ཀ་བ་ཉིད། །མི་འགྱུར་བརྟན་པའི་བཙས་སུ་འདི་གྱུར་ཏེ། །འབྲེལ་ཚད་འཆི་བདག་འཇིགས་ལས་གྲོལ་གྱུར་ཅིག །ཅེས་མཆོག་དམན་ཀུན་ལ་ལན་ཚྭའི་ཟས་བཞིན་འགྲིམ་ཡང་གཞུང་མཐུན་ལག་ལེན་བྱེད་པ་དཀོན་པར་མཐོང་བས། རྩ་གཞུང་ཉིད་ལུང་རྒྱུན་བར་མ་ཆད་པར་སྣང་བས་སོར་བཞག་ཐོག་གཞན་ལ་ཕན་པའི་བསམ་པས་གསལ་བྱེད་ཀྱིས་བརྒྱན་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།
རྩ་གསུམ་དམ་ཅན་ཆོས་སྐྱོང་བའི་སྲུང་མའི་དབང་པོའི་རྗེས་འབྲང་དང་བཅས་པ་རྣམས་ཀྱི་སྲོག་འཁོར་བྲི་ཡིག་དང་བླ་རྡོ་བཅས་གསལ་བར་བཀོད་པ་པདྨའི་དགའ་ཚལ་ (Volume 40, Text 33)
༄༅། །རྩ་གསུམ་དམ་ཅན་ཆོས་སྐྱོང་བའི་སྲུང་མའི་དབང་པོའི་རྗེས་འབྲང་དང་བཅས་པ་རྣམས་ཀྱི་སྲོག་འཁོར་བྲི་ཡིག་དང་བླ་རྡོ་བཅས་གསལ་བར་བཀོད་པ་པདྨའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཡ། གདོད་མའི་དབྱིངས་སུ་ཡེ་ཤེས་རྩལ་རྫོགས་པས། །འཁོར་འདས་སྟོང་སྲོག་གཅིག་ཏུ་སྡོམ་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་གསང་བ་གསུམ། །སྒོ་གསུམ་ཐིག་ལེར་བཞུགས་ནས་བྱིན་གྱིས་རློབས། །བདེ་གསལ་མི་རྟོག་ཡེ་ཤེས་དུག་གསུམ་དུ། །ཤར་བའི་རང་མདངས་རྒྱུད་གསུམ་དྲེགས་བྱེད་ཀྱིས། །ཐ་ཚིག་ཉན་དང་བརྒྱུད་འཛིན་དམ་ལྡན་ལ། །བརྩེར་དགོངས་གསང་བ་འཆད་ལ་གནང་བ་སྩོལ། །ཆོས་སྲུང་རྔ་གྱེར་ཙམ་གྱིས་གནས་དགོན་གང་། །བསྙེན་སྒྲུབ་དམ་རྫས་ཚུལ་བཞིན་བྱེད་པ་དཀོན། །མོས་ལྡན་འགའ་ཡང་ཅི་བྱའི་གཏོལ་དང་བྲལ། །དེ་འདྲར་ཕན་སླད་ཟབ་བསྡུས་ལག་ལེན་བྲི། །དེའང་རྩ་གསུམ་ཆོས་སྐྱོང་རྣམས་བསྙེན་ཅིང་སྒྲུབ་པ་ལ་གཙོ་བོ་དམ་ཚིག་གཙང་ཞིང་ཏིང་ངེ་འཛིན་བརྟན་པ་ཁོ་ན་སྲོག་ལྟར་གཅེས་པ་ཡིན་ཡང་། དམ་ཚིག་གི་བྱེ་བྲག་ཏུ་བྲིས་སྐུ་གླེགས་བམ་བནྡྷ་སོགས་སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་དམ་རྫས་བཅང་ཐབས་དགོས་པ་བཅས་གསར་རྙིང་གི་རྒྱུད་གཞུང་མན་ངག་ཀུན་ནས་རྒྱ་ཆེར་གསུངས་པ་དང་། ཁྱད་པར་ཆོས་སྐྱོང་རྣམས་ནི་སྲོག་འཁོར་བླ་རྡོ་སོགས་རྟེན་རྫས་འཚོགས་ན་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཤུགས་ཀྱིས་འཁོར་བར་བཤད་ཅིང་། རྟེན་རྫས་ལའང་ཕྱི་རྟེན་ནང་རྟེན་གསང་རྟེན་གྱི་དབྱེ་བ་དང་། སྒྲུབ་རྫས་སྐོང་རྫས་མཆོད་རྫས་སོགས་མང་དུ་བཤད་པ་ལས། འདིར་སྒྲུབ་པ་པོ་རྣམས་ལ་མེད་ཀ་མེད་དུ་གྱུར་པ་རྟེན་རྫས་སྲོག་འཁོར་དང་བླ་རྡོའི་ལག་ལེན་ཅུང་ཟད་བཤད་པ་ལ་བཞི། སྤྱིར་རྩ་བ་གསུམ་གྱི་རྟེན་དང་སྲོག་འཁོར། བྱེ་བྲག་ཆོས་སྐྱོང་རྣམས་ཀྱི་སྲོག་འཁོར་འབྲི་ཐབས། བཅའ་བསྒྲིག་བླ་རྡོའི་ལག་ལེན། རབ་ཏུ་གནས་པའི་ཚུལ་སྨྲོས་པའོ། །དང་པོ་ལའང་། བླ་མ་ལ་གུ་རུའི་སྒྲུབ་ཐབས་རྣམས་སུ་སྲོག་འཁོར་བཅའ་ཐབས་ཐ་དད་པ་མང་དུ་འབྱུང་ཞིང་ཁྱད་པར་བླ་མ་དགོངས་འདུས་ལས་རྒྱས་བསྡུས་འབྲིང་པོ་དང་། རཏྣའི་ཐུགས་སྒྲུབ་ལས་སྐུ་གསུམ་ཙཀྲ་སོགས་ཐ་དད་མང་དུ་འབྱུང་བ་དང་། ཡི་དམ་བཀའ་བརྒྱད་བདེ་འདུས་ལས་སྲུང་འཁོར་ཆེན་མོ་བླ་རྡོའི་མཆོག་ཏུ་གསུངས་པས་མཚོན་སྒྲུབ་སྡེ་སྤྱི་བྱེ་བྲག་ལས་མང་དུ་བསྟན་པ་དང་། མཁའ་འགྲོ་ཉང་གཏེར་ཁྲོས་ནག་གཙོ་བོར་གྱུར་པའི་གཞུང་ཐ་དད་ལས་མང་དུ་འབྱུང་ཡང་། འདིར་སྤྱི་འགྲོ་ཙམ་བཤད་ན། ༈ ཐོག་མར་བླ་མའི་སྲོག་འཁོར་ནི། དར་རས་ཤོག་དཀར་གཙང་མ་ལ་གསེར་དངུལ་གྱི་ཁུ་བའམ་མཚལ་ལ་རིན་པོ་ཆེ་བསྲེས་པས་མུ་ཁྱུད་བདུན་བསྐོར་བའི་ལྟེ་བར། ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་བརྩེགས་མར་བྲིས་པའི་མཐའ་སྐོར་དུ་དབུ་ནས་བརྩམ་གཡས་སྐོར་གྱི། ཧོ༔ རྒྱལ་བ་དགོངས་བརྒྱུད་བླ་མ༔ རིག་འཛིན་བརྡ་བརྒྱུད་བླ་མ༔ གང་ཟག་སྙན་བརྒྱུད་བླ་མ༔ དྲིན་ཆེན་རྩ་བརྒྱུད་བླ་མ༔ སྐུ་གསུམ་བཀའ་བརྒྱུད་བླ་མ༔ སྨོན་ལམ་དབང་བརྒྱུད་བླ་མ༔ མཁའ་འགྲོ་གཏད་བརྒྱུད་བླ་མ༔ མདོར་ན་བླ་ན་མེད་པའི་བླ་མ་རྣམས་ཐུགས་དམ་མ་གཡེལ་བར༔ འདིར་གཤེགས་ཤིང་བཞུགས་ནས་བདག་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་ཅིང་དངོས་གྲུབ་རྣམ་གཉིས་སྩོལ་བ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། བླ་མ་སྐུ་གསུམ་གྱིས་མཚོན་བླ་སྒྲུབ་སྤྱིའམ་རང་ཉིད་གང་གཙོ་བོར་བྱེད་པའི་བསྙེན་སྒྲུབ་ཀྱི་སྔགས་རྣམས་བྲི། དེ་རྒྱབ་འཁོར་ལོ་རྩིབས་བཅུ་དྲུག་ལ། ཨོཾ་ཨཱཿཧཱུྃ༔ བརྩེགས་མ་རེ་རེའི་མཐར། དབུ་ནས་གཡས་སྐོར་དུ། སངས་རྒྱས་ཀུན་འདུས་སྐུ་གསུམ་བཀའ་བརྒྱུད་བླ་མས་དངོས་གྲུབ་རྣམ་གཉིས་སྩོལ་ཅིག༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་རཏྣ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་པདྨ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་ཀརྨ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་བུདྡྷ་བིདྱཱ་སྱ་སིདྡྷི་ཨཱཿཧཱུྃ་ཛ༔ ཨོཾ་ཀཱ་ཡ་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཝཱ་ཀ་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཙིཏྟ་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཛྙཱ་ན་བཛྲ་སིདྡྷི་ཨཱཿཧཱུྃ༔ ཨོཾ་ཨཱ་ཡུ་སིདྡྷི་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཨོཾ་པུུཎྱ་སིདྡྷི་ཨཱཿཧཱུྃ་བྷྲཱུྃ༔ ཨོཾ་མ་ཧཱ་མུ་དྲཱ་སིདྡྷི་ཨཱཿཧཱུྃ་ཨཱ༔ ཨོཾ་ཀརྨ་ཙ་ཏུར་སིདྡྷི་ཨཱཿཧཱུྃ་སྭཱ་ཨཱཿཧཱ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་སརྦ་བུདྡྷ་ཨཱ་བེ་ཤ་ཡ་ཧྲཱིཾ་ཛ༔ ཨོཾ་གུ་རུ་དྷརྨ་ཀཱ་ཡ་སརྦ་ཨཱ་བེ་ཤ་ཡ་ཧྲཱིཾ་ཛ༔ ཨོཾ་གུ་རུ་སམྦྷོ་ཀཱ་ཡ་སརྦ་ཨཱ་བེ་ཤ་ཡ་ཧྲཱིཾ་ཛ༔ ཨོཾ་གུ་རུ་ནིརྨ་ཀཱ་ཡ་སརྦ་ཨཱ་བེ་ཤ་ཡ་ཧྲཱིཾ་ཛ༔ ཨོཾ་བོ་དྷི་སཏྭ་སརྦ་ཨཱ་བེ་ཤ་ཡ་ཧྲཱིཾ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཧཱུྃ་ཧཱུྃ་ཛ་ཛཿཕེཾ་ཕེཾ་ཧྲིང་ཧྲིང་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང༔ སརྦ་ཏིཥྛ་ལྷན་ལྷན་ཡེ་སྭཱ་ཧཱ༔ ཞེས་བྲི། དེ་རྒྱབ་དབྱངས་གསལ། དེ་རྒྱབ་རྟེན་འབྲེལ་སྙིང་པོ་ཅི་ཤོང་བྲིའོ།། ༈ །།གཉིས་པ་ཡི་དམ་གྱི་སྲོག་འཁོར་ནི། འབྲི་གཞི་བྲི་རྫས་གོང་ལྟར་ལ། འཁོར་ལོ་མུ་ཁྱུད་བདུན་བསྐོར་བའི་ལྟེ་བར་ཡི་དམ་ཡབ་ཡུམ་ཞལ་སྦྱོར་རམ། ཡབ་རྐྱང་ཡུམ་རྐྱང་གང་ཡིན་པའི་ས་བོན་བྲི། ཕྱོགས་བཞིར་སྤྱི་ཙམ་དུ། ར་ཧ༔ ཙ་རི༔ ཧྲི་ནི༔ ཡ་ས༔ ཞེས་བཀོད། ཡང་ཡབ་རྐྱང་ལ། ར་ཙ་ཧྲི་ཡ༔ ཡུམ་རྐྱང་ལ། ཧ་རི་ནི་ས༔ ཁོ་ན་བཀོད་པའམ། བཀའ་བརྒྱད་ལ་དབུས་སུ་ཧཱུྃ། མཐའ་སྐོར་ཕྱོགས་མཚམས་བརྒྱད་དུ་ཧཱུྃ་བརྒྱད་ནང་བསྟན་དུ་འབྲི་བ་དང་། ཡང་དག་ལྷ་དགུ་ལྟ་བུ་གཙོ་འཁོར་ཉུང་བ་ལ། དབུས་སུ་ཧཱུྃ་ཞལ་སྦྱོར། མཐའ་སྐོར་དུ་ཧ་བརྒྱད་ཞལ་ནང་བསྟན། རྟ་ནག་ལྷ་ལྔ་ལ། ཧྲཱིཿཡིག་གཙོ་འཁོར་ལྔ་བཀོད་པས་མཚོན། དཔའ་བོ་མཁའ་འགྲོ་སྤྱི་སྲོག་མི་བཀོད་པར་རང་འཁོར་གྱི་ས་བོན་བཀོད་པའི་མཐར། ཀྱེ་ཧོ༔ བཅོམ་ལྡན་འདས་དཔལ་ཆེན་པོ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་དང༔ ལྟ་བུ་ཡི་དམ་གང་ཡིན་སོ་སོའི་མཚན་ཁ་བསྒྱུར། གཞན་ཡང་ཐེག་པ་རིམ་དགུ་དང་འབྲེལ་བའི་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་བརྩེ་བར་དགོངས་ནས་འདིར་གཤེགས་ཤིང་བཞུགས་ལ་སྒྲུབ་པ་པོ་ཆེ་གེ་ལ་བྱིན་གྱིས་བརླབ་པ་དང༔ དབང་ཡོངས་རྫོགས་སུ་བསྐུར་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་གཡེལ་བར་མྱུར་དུ་སྩོལ་ཅིག༔ ནད་གདོན་མི་ཤིས་མི་རུང་བ་མཐའ་དག་ཞི་ཞིང་བསམ་དགུ་ཆར་ལྟར་ཕོབ་ཅིག༔ འཇའ་ལུས་མཁའ་སྤྱོད་ཚེ་འདིའམ་བར་དོར་འགྲུབ་པར་མཛད་དུ་གསོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ལོ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ་ཡི་དམ་གང་ཡིན་པའི་བསྙེན་སྒྲུབ་ཀྱི་སྔགས་ཚང་བའི་མཐར། ཙཀ་ཤུ་ཙེར་ལྡན་གུཾ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲཱུྃ་ཨ་ནྲྀ་ཏྲི་ཙིཏྟ་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང༔ ཞེས་བཏགས་པ་བྲི། དེ་རྒྱབ་རྩིབས་བཅུ་དྲུག་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བརྩེགས་པའི་མཐར། ཡི་དམ་ལྷ་ཚོགས་འཁོར་དང་བཅས་པས་བདག་ལ་དབང་སྐུར་བྱིན་གྱིས་རློབས་དངོས་གྲུབ་སྩོལ་ཅིག༔ ཅེས་ཚར་རེ་རེས་བསྐོར། དེ་རྒྱབ་མུ་ཁྱུད་ལ། ཧོ༔ ཡི་དམ་ཞི་ཁྲོ་རབ་འབྱམས་གནས་ཡུལ་དཔའ་བོ་མཁའ་འགྲོ་ཞི་རྒྱས་དབང་དྲག་ལ་གཏོགས་པའི་ལྷ་ཚོགས་འཁོར་བཅས་ཀྱིས་བདག་གི་སྒོ་གསུམ་བྱིན་གྱིས་བརླབས་ནས༔ ལུས་འཇའ་ལུས༔ ངག་ནུས་ལྡན༔ སེམས་ཆོས་སྐུ༔ ཕུང་ཁམས་སྐྱེ་མཆེད་ལྷ་ཡི་རང་བཞིན་དུ་བསྒྱུར་ལ་ཁྱེད་རྣམས་དང་དགོངས་པ་མཉམ་པར་བྱིན་གྱིས་རློབས༔ མི་མཐུན་ཀུན་ཞི་ཞིང་ཚེ་བསོད་ཆོས་མཆོག་རྒྱས་པ་དང༔ སྣང་སྲིད་དབང་འདུས་གནོད་བྱེད་ཚར་གཅོད་པའི་དངོས་གྲུབ་སྩོལ་ཅིག༔ རྩ་རླུང་ཐིག་གསུམ་འབྱོངས་ནས་སྐུ་གསུམ་རང་ས་ཟིན་སྐུ་བཞི་དང་འདུ་འབྲལ་མེད་པར་མཛད་དུ་གསོལ༔ ཅེས་བྲི། དེ་རྒྱབ་ཡི་དམ་གང་ཡིན་གྱི་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པྲ་ཝེ་ཤ་ཡ་ཧོ༔ ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲི༔ ཕེཾ་ཕེཾ་ཧྲིང་ཧྲིང་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ སྔགས་ཉུང་བས་མུ་ཁྱུད་མ་གང་ན་མང་དུ་བསྐྱར་ལ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་མུ་ལེ་ལྷོད་ལྷོད་སྡུས་སྡུས་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ༔ ཨོཾ་ཏྲི་དུ་ཏྲི་དུ་མ་དུ་མ་དུ་ཆུམ་ཆུམ་ཀྲོག་ཀྲོག་སརྦ་སིདྡྷི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཕཊ༔ ཨོཾ་སྤུར་སྤུར༔ སྤུར་ཡེ་སྤུར་ཡེ༔ ན་འོང་ན་འོང་ཧ་རི་ནི་ས་ཧཱུྃ་ཕཊ༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཡེ་ཨ་ནྲྀ་ཏྲི་ཨཱ་ཀར་ཤ་ཡ་ཧྲིང་ཕེཾ་ཛ༔ ཧ་རི་ནི་ས་ནྲྀ་རཱུ་པ་སྙིང་ན་སཱ་རེ་ཧཱུྃ་ཛ༔ ཞེས་དང་། གཞན་ཡང་ཕྱི་པའི་སྔགས་མ་ཡིན་པའི་སྣང་བ་དབང་སྡུད་ཀྱི་སྔགས་གང་ཤེས་ཅི་མང་བྲི། དེ་རྒྱབ་དབྱངས་གསལ་དང་རྟེན་སྙིང་བྲིའོ།། ༈ །།གསུམ་པ་མཁའ་འགྲོའི་སྲོག་འཁོར་ནི། བཤད་མ་ཐག་པའི་ཡི་དམ་ཡུམ་རྐྱང་གི་ཙཀྲ་བགྱིས་ཀྱང་ཆོག་མོད། དམིགས་བསལ་སྤྲོ་ན། འབྲི་གཞི་དར་རས་མཐིང་ག་ལ་རང་བྱུང་གི་མཚལ་ལམ་གནས་ཆེན་གྱི་སིནྡྷུ་ར་བསྲེས་པའི་གསེར་རམ་མཚལ་གྱིས་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར། ཨ། དེའི་དབུ་ནས་བརྩམ་སྟེ། གཡས་སྐོར་གྱིས། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་ལ། ཤར་དུ། ཧ། ཡིག་གི་མགོ་ཕྱིར་བསྟན། དེའི་དབུ་ནས་བརྩམ་སྟེ་གཡས་སྐོར་དུ། ཨོཾ་ཧ་བཛྲ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེས་མཚོན་ཏེ། ལྷོར། རིའི་མཐར། ཨོཾ་རི་རཏྣ་ཌཱ་ཀི་ནཱི་སོགས། ནུབ་ཏུ། ནིའི་མཐར། ཨོཾ་ནི་པདྨ་སོགས། བྱང་དུ། སའི་མཐར། ཨོཾ་ས་ཀརྨ་སོགས། མཚམས་བཞིར་ཕྲེང་བྲིས་ཀྱིས། ཤར་ལྷོར། ཨོཾ་ས་མ་ཡ་ཌཱ་ཀི་ནཱི་སོགས། ལྷོ་ནུབ་ཏུ། ཨོཾ་བི་ཤྭ་སོགས། ནུབ་བྱང་དུ། ཨོཾ་སརྦ་སོགས། བྱང་ཤར་དུ། ཨོཾ་ལོ་ཀ་སོགས་བྲི་སྟེ་དེ་ནི་ཕག་མོ་ཁྲོས་མ་རྩ་བའི་འཁོར་ལོའོ། །སྤྲོ་ན། དེའི་ཕྱིར་མུ་ཁྱུད་ལ་མགྲོན་ཐབས་ཀྱི་ཚུལ་དུ་མཁའ་འགྲོ་འདུས་པའི་སྔགས་བྱང་བྲི་བ་ནི། སྒྲོལ་མ།་་་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཉང་གཏེར་ཕག་མོ་ཞལ་གཉིས་མ།་་་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། དོན་གྲུབ་ལ།་་་ཨོཾ་བཛྲ་ཝ་ར་ཧི་ཨཱ་བེ་ཤ་ཡ་སརྦ་དུཥྚཱན་ཧྲཱིཿསྭཱ་ཧཱ། དབུ་བཅད་མ།་་་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ། གསང་ཡེ།་་་ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། སེང་གདོང།་་་ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ མནྡ་ར།་་་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ མཚོ་རྒྱལ་རྩ་སྔགས།་་་ཨོཾ་ཨཱཿཌཱ་ཀི་ནཱི་ཛྙཱ་ན་སཱ་ག་ར་ཛི་ཏཱ་སརྦ་སིདྡྷི་ཧཱུྃ༔ འདོད་གསོལ།་་་སརྦ་ཏྲི་བི་ཥ་ཡཱ་ཎཾ་ཌཱ་ཀི་ནཱི་སཱ་ག་ར་ས་པ་རི་ཝཱ་རཱརྞི་ཤྲ་ཡ་ཏྭི་དཾ་སྡྱི་རཾ་ཏིཥྛནྟུ་ཨ་ཧཉྩ་སརྦ་ཏྭེ་ཥུ་པ་རཉྩ་སཱ་མཱ་ནྱ་ནཱཾ་སརྦ་སིདྡྷི་པྲ་ཡ་ཙྪནྟུ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དབྱངས་གསལ་བྱེད། རྟེན་འབྲེལ་སྙིང་པོ་རྣམས་ཀྱི་མཐར། གོང་གི་སརྦ་ཏྲི་བི་ཥ་ཡཱ་ཎཾ་སོགས་ནས། པྲ་ཡ་ཙྪནྟུ་ཞེས་པའི་བར་གོང་ལྟར་དང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ་གང་ཤོང་། དེ་རྒྱབ་མུ་ཁྱུད་ལ་རྡོར་ར་དང་། འོད་ཟེར་པ་ཏྲ་སྤྱི་ལྟར་བྲིའོ།། ༈ །།རྩ་བའི་གཉིས་པ་ཆོས་སྐྱོང་སྲོག་འཁོར་འབྲི་ཐབས་ལ་གཉིས། སྤྱི་འགྲོ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི། རོ་རས་སོགས་ལ་གྲི་ཁྲག་བསྲེས་པའི་མཚལ་ལམ་རིན་པོ་ཆེའི་ཁུ་བས་འཁོར་ལོ་མུ་ཁྱུད་བདུན་བསྐོར་བའི་ལྟེ་བར་ཆོས་སྐྱོང་ཕོ་མོ་གང་ཡིན་གྱི་ས་བོན་བྲིས་པའི་མཐར། དབུ་ནས་གཡས་སྐོར་དུ། ཆོས་སྐྱོང་གང་ཡིན་གྱི་མཚན་གྱི་མཐར། འཁོར་དང་བཅས་པ་བདག་སྒྲུབ་པ་པོ་ལ་ལུས་དང་གྲིབ་མ་ལྟ་བུར་འགྲོགས་ནས་ཅི་ལྟར་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་སྒྲུབས་ཤིག༔ སྔོན་གྱི་དམ་བཅའ་གཉན་པོ་མ་སྙེལ་ཅིག༔ རྒྱལ་བ་སྲས་བཅས་རིག་འཛིན་གོང་མ་རྣམས་མ་བསླུ་བར་འདིར་གཤེགས་ལ་བཞུགས་ནས་གང་བཅོལ་མཛད་དུ་གསོལ༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཆོས་སྐྱོང་གང་ཡིན་དེའི་བསྙེན་སྒྲུབ་ཀྱི་སྔགས་སམ། འབོད་སྔགས་མཐར། རྣལ་འབྱོར་བདག་ལ་འཚེ་བའི་བགེགས་བཟློག་ནས་དགྲ་སྲོག་དམར་པོ་ཆོད་ཅིག༔ ཅེས་བཏགས་པ་བྲི། དེ་རྒྱབ་རྩིབས་བཅུ་དྲུག་ལ། ཧཱུྃ་བྷྱོ་རཾ་ཨེ་ཛཿཏྲི༔རྣམས་བརྩེགས་མར་བྲིས་པའི་དབུ་ནས་གཡས་སུ། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་བདག་ལ་འདུས་ནས་ཕྲིན་ལས་སྒྲུབས་ཤིག༔ ཅེས་རེ་རེ་བཞིན་བྲི། དེ་རྒྱབ་མུ་ཁྱུད་ལ། དྷརྨ་པཱ་ལ་ས་པ་རི་བཱ་ར་ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཧྲིང་ཧྲིང་ཛཿཛཿཕེཾ༔ པྲ་བེ་ཤ་ཡ་ཧོ་ཧོ་ཏིཥྛ་ལྷན༔ ས་མ་ཡ་ཧཱུྃ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧོ༔ རྒྱལ་བ་གོང་མ་རྣམས་ཀྱི་སྤྱན་སྔར་སངས་རྒྱས་བསྟན་པ་སྲུང་ཞིང་སྒྲུབ་པོ་བུ་ལྟར་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་རྣམས་སྔོན་གྱི་དམ་ཚིག་གཉན་པོ་དྲན་པར་མཛོད་ལ་བདག་སྒྲུབ་པ་པོ་ལ་ལུས་དང་གྲིབ་ལྟར་འགྲོགས་ནས༔ ཕྲིན་ལས་གང་བཅོལ་མཛད་ཅིང་རྟགས་དང་མཚན་མ་སྟོན་ཅིག༔ ཞི་བ་དང་རྒྱས་པ་དབང་དྲག་པོ་སོགས་ཅི་ལྟར་བཅོལ་བ་མཛོད་ཅིག༔ བདག་ཀྱང་དམ་ལས་མི་འདའ་ཞིང་ཁྱོད་ཀྱང་དམ་ལས་མ་འདའ་ཞིག༔ མཆོག་གསུམ་རྒྱལ་བ་ཞི་ཁྲོ་དཔང་དུ་བཞུགས་སོ༔ དམ་ཆུ་གཉན་པོ་དྲན་པར་མཛད་འཚལ་ལོ༔ བཛྲ་ས་མ་ཡ་ན་ར་ཀན་སི་ཧཱུྃ༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ་ཆོས་སྐྱོང་སོ་སོའི་སྔགས་མཐར། བཛྲ་ས་མ་ཡ་ཙིཏྟ་ཨཱ་ཀར་ཤ་ཡ་ཧྲཱིང་ཛཿཧཱུྃ་བཾ་ཧོཿཨེ་ཧྱེ་ཧི་ཧཱུྃ་ཛ་ཕེཾ་ས་མ་ཡ་སཏྭཾ༔ ཞེས་བཏགས་པ་ཚར་དུ་ཤོང་བྲི། དེ་རྒྱབ་རྦད་གསད་ཀྱི་སྔགས་གང་ཡོད་མཐར། བདག་སྒྲུབ་པ་པོ་ལ་གནོད་པའི་དགྲ་བོ་ཐམས་ཅད་ཀྱི་རྣམ་ཤེས་སྐེམ་པར་མཛོད་ཅིག༔ ཤ་རུས་ཕུང་ཁམས་མཱ་ར་ཡ་ཁཱ་ཧི་ཁཱ་ཧི་དགྲ་སྲོག་ལ་ཡ་ཡཱ༔ ཞེས་བྲི། དེ་རྒྱབ་དབྱངས་གསལ་དང་ཡེ་དྷར་བྲིའོ།། ༈ །།ཡང་ན། མགོན་པོ་ཕོ་རྒྱུད་སྤྱིའི་སྲོག་འཁོར་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར། ཧཱུྃ་བྲི་དེའི་དབུ་ནས་གཡས་སྐོར་དུ། ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ལེགས་ལྡན།་་་ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་ལ། ཤར་ལྷོ་ནུབ་གསུམ་དུ། ཧཱུྃ་མགོ་ཕྱིར་བསྟན་པའི་དབུ་ནས་བརྩམ་སྟེ། ཤར་དུ། ཕྱག་བཞི།་་་ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ ལྷོར། མ་ནིང་།་་་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ནུབ་ཏུ། སྟག་ཞོན།་་་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿདགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། བྱང་དུ། ཀྵ་ཡིག་གི་མཐར། བེང་།་་་ཨོཾ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ཎི་ཛཿ ཤར་ལྷོར། ཧཱུྃ་མཐར། ཞལ་བཞི།་་་ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ༔ ལྷོ་ནུབ་ཏུ། ཨཾ་གི་མཐར། ལྷ་ཆེན།་་་ཨོཾ་མ་ཧཱ་དེ་ཝ་ཛཿཨུ་མ་དེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ནུབ་བྱང་དུ། རཱ་ཡིག་གི་མཐར། གཟའ།་་་ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛ༔ བྱང་ཤར་དུ། བཻ་ཡིག་གི་མཐར། རྣམ་སྲས།་་་ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲིཾ་ཛ༔ ཅེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ཞེས་དམ་ཅན་སྤྱིའི་སྔགས་དང། མགྲོན་ཐབས་ཀྱི་ཚུལ་དུ་སྤྲོ་ན། ཕྱག་དྲུག།་་་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཏྲཀྴད།་་་ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛ་ཛ༔ ཞང་བློན།་་་ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་རཱ་གེ་ཧཱུྃ་ཕཊ། ཛཾ་དམར།་་་ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ། ལས་གཤིན།་་་ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ༔ ཤན་དམར།་་་ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ་ཤ་རཾ་བྷྱོ་པུ་རུ་ཛ་གྷྲྀ་ག་ཧ་ལ་གྷྲན་ཏ་ཡ་ཛ་ཛཿ དམ་ཅན།་་་ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ ཞིང་སྐྱོང་།་་་ཨོཾ་མ་ཧཱ་ཀཱ་ལ་སིངྷ་མུ་ཁ་ཧཱུྃ་ཕཊ་ཏྲི་ཧྲིཾ་ཛཿསི་ན་ར་མ་ཧཱུྃ་ཕཊ་ཏྲི་ཧྲིཾ་ཛཿཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། སྐུ་ལྔ།་་་ཨོཾ་རཱ་ཛ་ཨ་ཧོ་བྷྲཱུྃ་རྦད་ཙིཏྟ་ཐིབས་ཐིབས་ཛ༔ ཤ་མ་རུ་ཏྲི་མ་ཧོ་ཛ༔ སརྦ་རཱ་ཛ་ས་མ་ཡ་ཐིབས་ཐིབས་ཛ༔ ཀླུ་བཙན།་་་ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་གིངྐ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་པ་རྣམས་ཀྱི་མཐར། སརྦ་བཛྲ་སྱ་དྷརྨ་པཱ་ལ་སྱ་རཀྵི་ཏ་སཱ་ག་ར་ས་པ་རི་བཱ་རཱརྞཱི་ཤྲ་ཡ་ཏྭི་དཾ་སྡྱི་རཾ་ཏིཥྛནྟུ། ཨ་ཧཉྩ་སརྦ་ས་ཏྭེ་ཥུ་ཙ་ཏུརྦི་ཀརྨཱ་ཎཱཾ་སརྦ་སིདྡྷི་པྲ་ཡཙྪནྟུ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར། སརྦ་བཛྲ་སྱ་སོགས་འདོད་གསོལ་གོང་ལྟར། པྲ་ཡཙྪནྟུ།ཡི་བར་དང་། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། གང་ཤོང་། དེ་རྒྱབ་རྡོར་ར་མེ་རི་སོགས་སྤྱི་ལྟར་བྲིའོ།། ༈ །།ལྷ་མོ་མོ་རྒྱུད་ཀྱི་སྲོག་འཁོར་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར། ཏྲཀ྄ །བྲིས་པའི་དབུ་ནས་བརྩམ་སྟེ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཞེས་པའི་མཐར། སྔགས་སྲུང་མ།་་་ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ ཞེས་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་པའི་ཤར་དུ། མ་ཡིག་གི་དབུ་ནས་བརྩམ་སྟེ་གཡས་སྐོར་དུ། རེ་མ་ཏི།་་་ཨོཾ་ཏྲཀ་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏཱིཀྵྞ་ཀཱ་ལཱི་དུན་བྷྱོཿ ལྷོར། ཀཾ་ཡིག་གི་མཐར། གཤོག་རྒོད་མ།་་་ཏདྱ་ཐཱ། རུ་རུ་བི་ཏིཥྛ་བད་དྷོ་མ་མོ་རཀྨོ་ཙིཏྟ་ཁ་རཀྨ་བྷྱོ་བྷྱོ་སྭཱ་ཧཱ། ནུབ་ཏུ། བྷྱོཿའི་མཐར། སྲོག་སྒྲུབ་མ།་་་ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ༔ བྱང་དུ། བྷྱོཿའི་མཐར། དུར་ཁྲོད་མ་མོ།་་་ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛ༔ རྩིབས་མཆན་རྣམས་ལ། བྷྱོཿབྷྱོཿབྷྱོཿ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཚེ་རིང་མཆེད་ལྔ།་་་ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རཱི་ས་མ་ཡ་ཛ༔ ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མཾ་ལཾ་ཨཾ་ཏཾ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ གཡུ་སྒྲོན་མ།་་་ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། བརྟན་མ།་་་བཛྲ་ཨཱ་ར་ལི་ཛཿ བཛྲ་ཨཱ་ར་ལི་ཧཱུྃ། བཛྲ་ཏི་ཏི་དྷེ། བཛྲ་བྷ་ར་དྷཱ། བཛྲ་ས་བྱཱ་ཧཱུྃ། བཛྲ་ཏི་ཏི་ཧཱུྃ། བཛྲ་མ་ཏི་ཧཱུྃ། བཛྲ་ཏིང་ས་ཧཱུྃ། བཛྲ་ཁ་ར་ལི་ཧཱུྃ། བཛྲ་སིང་སོ་ཧཱུྃ། བཛྲ་ཡཀྴ་ཕྱིར། བཛྲ་དུ་ཕྱིར་ས་ར་ན་ཕཊཿ མ་དུང་བྷྱོ་མ་དུང་བྷྱོ། ཧཱུྃ་ཧཱུྃ་ཛཿཛཿ ཞེས་པའི་མཐར། ཤྲཱི་མནྟྲ་དྷི་པ་ཏཱི་ཨེ་ཀ་ཛ་ཌྱཱཱ་དི་བཛྲ་སྱ་དྷརྨ་པཱ་ལཱི་རཀྵི་ཏཱ་སཱ་ག་ར་ས་པ་རི་ཝཱ་རཱརྞཱི་ཤྲ་ཡ་ཏྭི་དཾ་སྡྱི་རཾ་ཏིཥྛནྟུ། ཨ་ཧཉྩ་སརྦ་ས་ཏྭེ་ཥུ་ཙ་ཏུརྦི་ཀརྨཱ་ཎཱཾ་སརྦ་སིདྡྷི་པྲ་ཡཙྪནྟུ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར། ཤྲཱི་མནྟྲ་སོགས་འདོད་གསོལ་དང་། སུ་པྲ་ཏིཥྛ་གང་ཤོང་བྲི། དེའི་ཕྱི་རོལ་དུ་རྡོར་ར་མེ་རི་སྤྱི་ལྟར་བྲིའོ།། ༈ །།གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ། ལེགས་ལྡན་ཕྱག་བཞི་མ་ནིང་ཞལ། །སྔགས་སྲུང་ལྷ་ཆེན་གཟའ་བདུད་དང་། །རྣམ་སྲས་དུར་ཁྲོད་ལྷ་མོ་བཅས། །དངོས་རོལ་དཀྱུས་བསྟན་ཆོས་སྐྱོང་དགུ །ཚོགས་བདག་གཏེར་མ་རྣམ་སྲས་སེར། །སྲོག་སྒྲུབ་ཤན་པ་རང་བྱུང་རྒྱལ། །ཞིང་སྐྱོང་དམ་ཅན་དྲེགས་པའི་སྡེ། །དགོངས་བཙན་པེ་ཧར་ཙི་མ་ར། །གཉན་ཆེན་ཐང་ལྷ་གཡུ་སྒྲོན་མ། །བཅུ་གསུམ་སྤྱི་རྒྱུག་ཉེར་མཁོར་བཀོད། །གཏེར་ཁ་སོ་སོར་འབྱུང་བ་དང་། །ཆོས་སྲུང་བྱེ་བྲག་དུ་མའི་རྟེན། །ཐམས་ཅད་གཅིག་ཏུ་སྡུད་མི་ནུས། །བསྡུས་ཀྱང་ལག་ཏུ་ལེན་པ་ཉུང་། །དེ་ཕྱིར་གཞན་ལས་ཤེས་པར་བྱ། ༈ །དེ་ལ་ཐོག་མར་རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྲོག་འཁོར་གཞུང་གི་ཡིག་རྙིང་ལས་འབྱུང་བ་ནི། དར་རས་མཐིང་ནག་ལ་གྲི་ཁྲག་བསྲེས་པའི་མཚལ་སོགས་ཀྱིས་ཙཀྲ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བྷུར་ཀུརྟི་ཕཊ། ཅེས་པས་བསྐོར། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བྷུརྐུར་མ་ཧཱ་པདྨ་དྷེ་བུར་ཙི་བུར་བྱི་གེ་བྱེ་མ་ན་སེ་ཨེ་ཧོ་ཤོ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུ་རུ་ཀུརྨ་ཨ་པྲརྞ་བུད་ཙི་ཀེ་བི་མ་ན་སེ་ཁ་ཤོ་མོག་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྲི། དེ་རྒྱབ་རྩིབས་བཞི་ལ་ཤར་དུ། ཧཱུྃ་གི་མཐར། ཨོཾ་བཛྲ་ཀྲོ་དྷ་ཛྭ་ལ་ས་མ་ཡ་ཧཱུྃ། ལྷོར། ཡའི་མཐར། ཨོཾ་བཛྲ་ཡཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ནུབ་ཏུ། ཛའི་མཐར། ཨོཾ་བཛྲ་རཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། བྱང་དུ། མའི་མཐར། ཨོཾ་བཛྲ་ཙིཏྟ་ཛྭ་ལ་ས་མ་ཡ་ཧཱུྃ། ཞེས་པ་རྣམས་ཀྱིས་བསྐོར། དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་ཡེ་དྷར་རྣམས་བཀོད་དོ། ༧ །དེ་ལས་བསྡུ་ན་འཁོར་ལོ་མུ་ཁྱུད་བཞི་པའི་ལྟེ་བར་ཧཱུྃཿགི་མཐར། ཨོཾ་བཛྲ་ཀྲོ་དྷ་སོགས་ཡི་དམ་གྱི་སྔགས། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བྷུ་རུ་ཀུ་རུ་སོགས་སྒྲུབ་སྔགས་རྐྱང་པ། དེ་རྒྱབ་རྩིབས་བཞི་ལ་ས་བོན་བཞི་ཁོ་ན། དེ་རྒྱབ་རྟེན་སྙིང་ཙམ་གྱིས་བསྐོར་བར་བཤད་དོ།། ༈ །།གཉིས་པ་མགོན་པོ་མེ་འབར་མའམ་ཉང་གཏེར་ཕྱག་བཞི་པའི་སྲོག་འཁོར་ནི། རོ་རས་སམ་རྒྱ་ཤོག་ལ་པད་རཱཀ་དང་མཚལ་སྦྱར་བས་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་ལྟེ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་ཨོཾ་ཨཱཿཧཱུྃ༔བརྩེགས་མའི་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱིས་སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ཏེ་རྟེན་འདི་ལ་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཅིག །ཅེས་བྲི། ཆོས་འབྱུང་རྒྱབ་ཀྱི་ཟུར་ནས་གཡས་སྐོར་དུ། ཨོཾ་ མ་ ཧཱ་ ཀཱ་ ལ་ ཧཱུྃ༔ ཞེས་བཀོད། ཆོས་འབྱུང་རྒྱབ་ཟུར་གཡོན་ངོས་ཀྱི་མཆན་ནས་གཟུང་སྟེ། ཨེ་ཀ་ ཛཱ་ཊི་ གུ་ཎ་ ཧྲྀ་ད་ ཧཱུྃ་ ཕཊ༔ ཅེས་མཆན་དྲུག་ཏུ་འཕྲོད་པར་བྱས་ནས་བཀོད། དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཤར་དུ། མ་ཧཱ་ཀཱ་ལ་ཀཱ་ཁ་མུ་ཁ་ཧཱུྃ་ས་མ་ཡ་སྲོག་དུང་དུང་ཛ༔ ལྷོར། མ་མ་རཀྨོ་ཛྭ་ལི་རུ་ཧྲིང་ཛ༔ ནུབ། སིདྡྷ་མུ་ཁ་ཧཱུྃ་ཏྲི་ཧྲིང་ཛ༔ བྱང། རཀྴ་རཱ་ཧུ་ལ་པ་ཧྲིང་ཛ༔ ཤར་ལྷོ། གིང་ཀ་ར་ར་ཧྲིང་ཛ༔ ལྷོ་ནུབ། ཡ་མ་རཱ་ཛ་ཡ་ཧྲིང་ཛ༔ ནུབ་བྱང་། བཛྲ་སཱ་དྷུ་ཙ་ཧྲིང་ཛ༔ བྱང་ཤར། ཡཀྴ་ནག་པོ་དུ་ཧྲིང་ཛ༔ ཞེས་བཀོད། དེའི་ཕྱི་རོལ་རྩིབས་བརྒྱད་ལ་མདུན་ནས་བརྩམ་སྟེ། མ་ ར་ ཙ་ ཀྲོ་ དྷ་ མ་ ར་ ཎ༔ ཞེས་འབྲུ་བརྒྱད་བཀོད། དེ་རྒྱབ་ཨཱ་ལི་ཀཱ་ལི། དེ་རྒྱབ་ཡེ་དྷར་སྤེལ་ཚིག་བཅས། དེ་རྒྱབ་མེ་རི་གཡས་སྐོར་དུ་བྲིའོ། །འདི་ནི་སྦྲགས་སྒྲུབ་ཀྱི་སྲོག་འཁོར་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཟིན་བྲིས་ལྟར་ཡིན་ལ། ༧ གཞུང་གི་དངོས་བསྟན་སྨིན་གླིང་ཕྱག་བཞེས་ཁུངས་མ་གཞན་ལས་འབྱུང་བ་ལྟར་ན་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར་ཆོས་འབྱུང་བསྣོལ་བའི་དབུས་སུ་ཧཱུྃ་ྈ ཞལ་སྤྲོད་མཐར། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ཀྱིས་བསྐོར། མདུན་རྒྱབ་བོར་བའི་ཟུར་བཞི་ལ། ཨོཾ་ ཏྲཱཾ་ ཧྲཱིཿ ཨཱཿ དེ་རྒྱབ་རྩིབས་བརྒྱད་ཀྱི་ཤར་སོགས་ཕྱོགས་བཞིར། ཧཱུྃ་ རུ་ ཏྲི་ པ། ཤར་ལྷོ་སོགས་ལ། ར་ ཡ་ ཙ་ དུ་ ཞེས་སྲོག་ཡིག་བརྒྱད་ལ་གོང་གསལ་པད་འདབ་བརྒྱད་དུ་བཀོད་པའི་འཁོར་སྔགས་རྣམས་ཀྱིས་བསྐོར། དེ་རྒྱབ་དབྱངས་གཡས་སྐོར་དང་གསལ་བྱེད་གཡོན་སྐོར། དེ་རྒྱབ་རྟེན་སྙིང་སྐབས་ཐོབ་ཀྱི་སྤེལ་ཚིག་བཅས། དེ་རྒྱབ་རྡོར་ར་མེ་རི་བྲི་བར་གསུངས་སོ།། ༈ །།གསུམ་པ་དཔལ་མགོན་མ་ནིང་ནག་པོ་གཏེར་ཁ་མང་པོ་ལས་བྱོན་པས་རཏྣ་དང་འཇའ་ཚོན་ལུགས་སུ་རྟེན་དང་སྲོག་འཁོར་ཤིན་ཏུ་རྒྱས་པར་འབྱུང་བས་མཚོན་ལུགས་སྲོལ་མང་ཡང་། སྨིན་ལུགས་རྩིབས་དྲུག་མ་དང་རྩིབས་བརྒྱད་མ་གཉིས་གཙོ་བོར་མཛད་པ་ལྟར་ན། དང་པོ་ནི། དར་རས་ནག་པོ་ལ་གསེར་གྱི་ཙཀྲ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་ལྟེ་བར་ཧཱུྃ་ཡིག་གི་མཐར། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཨ་ཀི་མ་མ་ཏྲག་རཀྴ་ཙིཏྟ་སྲོག་དུང་དུང་ཛཿཛ༔ ཏྲི་ཡཾ་རུ་ཏྲ་ཧཱུྃ་བྷྱོ་མུན་ཤི་བྷྱོ་མུན་ནག་ཤི་བྷྱོ་རུ་ཏྲ་ནག་པོ་དགྲ་བོའི་སྙིང་ལ་སུ་ནྲྀ་ཙིཏྟ་རྦད་སུ་ནྲྀ་མཱ་ར་ཡ་རྦད༔ ཅེས་པས་བསྐོར། དེ་རྒྱབ་འཁོར་ལོ་རྩིབས་དྲུག་ལ། ཏྲི་ཡཾ་རུ་ཏྲ་ཧཱུྃ་བྷྱོ་མུན་ཤི་བྷྱོ༔ མུན་ནག་ཤི་བྷྱོ་རུ་ཏྲ་ནག་པོ་དགྲ་བོ་ཆེ་གེའི་སྙིང་ལ་རྦད་བྷྱོ༔ ཞེས་རྩིབས་དྲུག་ལ་ཆ་བགོས་ནས་བཀོད། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཅེས་ཚར་གསུམ་སྤེལ་ཚིག་བཅས་བྲི། ༧ གཉིས་པ་རྩིབས་བརྒྱད་མ་ནི། མགོན་པོ་ཞལ་ཕྱག་ཡོངས་སུ་རྫོགས་པར་བྲིས་པའི་ལྟོ་བར་འཁོར་ལོ་མུ་ཁྱུད་བཞི་བསྐོར་བའི་ལྟེ་བར་རཾ་ཡིག་གི་མཐར། དཔལ་མགོན་ལྕམ་དྲལ་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དགོངས་ཏེ་རྟེན་འདི་ལ་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོའི་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་འགྲོགས་ཤིང་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བ་དང་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་བསྒྲུབ་པར་མཛོད་ཅིག །ཅེས་པ་ལྟ་བུའི་འདོད་གསོལ་གྱིས་བསྐོར། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཅེས་བྲི། དེ་རྒྱབ་རྩིབས་བརྒྱད་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དགྲ་བོ་ཆེ་གེའི་ཙིཏྟ་ལ་རྦད་རྦད༔ ཁྲག་དྲོངས་ཐུཾ་རྦད་རིལ་སྲོག་ལ་རྦད་ཡ་ཡཀྴ་ནཱ་ག་རཱ་ཧུ་ལ་ཡཀྴ་རཀྴ་དྷ་ཤ་གྲཱི་བ་དགྲ་བོ་ཆེ་གེ་ནྲྀ་མཱ་ར་ཡ་སོད༔ ཅེས་ཆ་བགོས་ནས་བཀོད། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་དང་ཆེ་མཆོག་གི་སྙིང་པོ་སོགས་ཡི་དམ་གྱི་སྙིང་པོ་བྲི། ཡང་ན་རྩིབས་བརྒྱད་ལ་སྙིང་པོ་དང་མུ་ཁྱུད་དང་པོར་གསད་སྔགས་བྲིས་ཀྱང་ཆོག་པ་འདམ་གར་གསུངས་ཏེ་ཕྱི་མ་ལྟར་ན་རྩིབས་བརྒྱད་ལ་ག་ཎ་གུ་ཧྱའི་སྔགས་ཚར་བརྒྱད་བཀོད་དོ། ༧ །ཡང་རྩིབས་བརྒྱད་ལུགས་གཅིག་ནི། འཁོར་ལོ་མུ་ཁྱུད་བཞི་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར་སྙིང་པོས་བསྐོར། དེ་རྒྱབ་རྩིབས་བརྒྱད་ཀྱི་ཤར་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཧཱུྃ་ཛ༔ ཤར་ལྷོར། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཀྴ་དུ་བིང་ནི་ཛ༔ ལྷོ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རཾ་དུ་ན་ཧཱུྃ༔ ལྷོ་ནུབ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཊ་ཧ་ན་ཧཱུྃ་ཕཊ༔ ནུབ་ཏུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་རཾ་ཧཱུྃ༔ ནུབ་བྱང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲཀྴད་ཧཱུྃ་ཛ༔ བྱང་། ཨོཾ་ཨུ་མ་དེ་བཱི་ཛཿཛ༔ བྱང་ཤར། ཨོཾ་དེ་ཝཱི་རེ་མ་ཏི་ཧཱུྃ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ་བསྙེན་སྔགས་ལ་རྟེན་སྙིང་ཤམ་བུ་བཏགས་པ་བཀོད། དེ་རྒྱབ་བཀྲ་ཤིས་རྟགས་བརྒྱད་བྲི། གཞུང་ནས་མགོན་པོ་སྡེ་ལྔ་རྩིབས་དང་གཞན་རྣམས་མཆན་དུ་འགོད་པ་དང་རྫས་བརྒྱད་བྲི་བར་བཤད་ཀྱང་དཀྱུས་བསྟན་འདི་མན་ངག་ཡིན་གསུངས་སོ།། ༈ །།བཞི་པ་གཏེར་མགོན་ཞལ་བཞི་པའི་སྲོག་འཁོར་དར་རས་མཐིང་ནག་ལ་མཚལ་དང་གྲི་ཁྲག་སྦྱར་བས་ཙཀྲ་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཧཱུྃ་ཧཱུྃ་ཕཊ༔ རྡོ་རྗེ་ནག་པོ་ཆེན་པོ་མཐུ་སྟོབས་དབང་ཕྱུག་ཞལ་བཞི་པས་སྔོན་གྱི་ཐུགས་དམ་སོགས་འདོད་གསོལ་གོང་དུ་སྨྲོས་པ་རྣམས་ཀྱིས་རིགས་བསྒྲེས་ཏེ་གང་འོས་སྦྱར་བ་བྲི། དེ་རྒྱབ་རྩིབས་བཞི་ལ་མདུན་དུ། ཨོཾ་ནཱ་ག་རཀྴ་ཧཱུྃ་ཕཊ༔ གཡས་སུ། ཨོཾ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ རྒྱབ་ཏུ། ཨོཾ་རཱ་ཧུ་ལ་ཧཱུྃ་ཕཊ༔ གཡོན་དུ། ཨོཾ་རཀྴ་ས་ཧཱུྃ་ཕཊ༔ ཅེས་དང་སོ་སོའི་མཚན་ནམ། སྤྱི་ཙམ་དུ། དྲེགས་པའི་དབང་པོས་སྔོན་གྱི་ཐུགས་དམ་སོགས་རེ་རེ་བཞིན་འདོད་གསོལ་སྦྱར། དེ་རྒྱབ་མུ་ཁྱུད་ལ་རྒྱབ་ངོས་ནས་མགོ་ནང་བསྟན་གྱི་དབྱངས་ཡིག་བཅུ་དྲུག་གཉིས་ཚན་དུ་བཅད་ནས་ཕྱོགས་མཚམས་བརྒྱད་དུ་གཡོན་སྐོར་བྲི། དེ་རྒྱབ་གསལ་བྱེད་ལེ་ཚན་བརྒྱད་རྒྱབ་ངོས་ནས་བརྩམ་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་ཚན་བརྒྱད་དུ་བཅད་ནས་བྲི། དེ་རྒྱབ་རྟེན་སྙིང་། དེ་རྒྱབ་རྡོར་ར་མེ་རི་དང་བཅས་པ་བྲིའོ།། ༈ །།ལྔ་པ་སྔགས་སྲུང་མའི་སྲོག་འཁོར་གཏེར་ཁ་རྣམས་ནས་འབྱུང་བ་འགའ་ཞིག་མཆིས་པ་ལས། སྨིན་གླིང་ཕྱག་ལེན་དུ་གཏེར་གསར་གནམ་ལྕགས་བྲག་གི་གཏེར་བྱོན་ལ་མཛད་པ་ལྟར་ན། དཔྱིད་རའི་ཚེས་བཞིའི་ཉིན་གུང་ལ་ཤར་ནས་ནུབ་ཏུ་ཁ་བལྟ། དེ་བཞིན་དུ་དབྱར་རའི་བཅུ་བདུན་གྱི་ས་སྲོས་ལ་བྱང་ནས་ལྷོ། སྟོན་རའི་བཅུ་དྲུག་གི་ནམ་ལངས་ལ་ལྷོ་ནས་བྱང་། དགུན་རའི་བཅོ་ལྔའི་ས་སྲོས་ལ་ནུབ་ནས་ཤར་དུ་བལྟས་ལ་གྲོ་གའམ། ཤིང་ཤུན་ནམ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་དབུས་སུ། ཏྲཀ྄ །དེའི་མགོ་ནས་བརྩམ་སྟེ་གཡས་སྐོར་དུ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མ་མ་ཏྲཀ་རཀྴ་ཁ་མུ་ཏྲ༔ མུ་རུ་མུ་རུ་ཧཱུྃ་བྷྱོ་ཧཱུྃ༔ རཀྨོ་ཏེ་ཀེ་ཡ་ཙ་ཛཿལ་བྷྱོ༔ རུ་ལུ་རུ་ལུ་མ་ཏི་བྷྱོ༔ སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ། ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ ཞེས་ཚར་དུ་ཤོང་བྲི། དེ་རྒྱབ་མུ་ཁྱུད་ལ་འཁོར་ལོ་རྩིབས་བཞི་ལ་ས་བོན་གྱི་མགོ་ནས་བརྩམ་སྟེ་གཡས་སྐོར་དུ། སྟེང་གི་རྩིབས་ལ། མ་མ་ཏྲཀ་རཀྴ་ཁ་མུ་ཏྲ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ། དེ་བཞིན་དུ། གཡོན་རྩིབས་ལ། མུ་རུ་མུ་རུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་མྨེ་པྲ་སོགས་གོང་ལྟར། མདུན་རྩིབས་ལ། རཀྨོ་ཏེ་ཀེ་ཡ་ཙ་ཛཿལ་བྷྱོ་སརྦ་སིདྡྷི་སོགས། གཡས་རྩིབས་ལ། རུ་ལུ་རུ་ལུ་མ་ཏི་བྷྱོ་སརྦ་སིདྡྷི་སོགས། དེ་རྒྱབ་ཀྱི་མུ་ཁྱུད་ལ། ཨོཾ་མ་མ་ཏྲཀ་རཀྴ་སྙིང་ཐུཾ་རྦད་མྱོག༔ ཐུཾ་རྦད་སྙིང་གཟེར་སྲོག་འདར་ཡེད་ཐུཾ༔ སྲོག་ཏྲིག་ཏྲིག་ཤཾ་ཁྱེར་བྷྱོ༔ ཨོཾ་མ་མ་སྲོག་གཏུབ་ལེ་སོད༔ རཀྨོ་སྙིང་ཁྲག་ས་མ་ཡ་བྷྱོ༔ ཨོཾ་མ་མ་ཏྲཀ་རཀྴ་སྙིང་ཐུཾ་སོགས་ནས། ཤཾ་ཁྱེར་བྷྱོ༔ ཞེས་རྦད་སྔགས་གོང་ལྟར་མཐར། ཙ་ཙ་ཤི་ཤི་ལི༔ སྙིང་ཁྲག་འདྲེད་ཤག་ལ་ཕུ་ཙ་ཙ་ཡ་མ་ར་སྙིང་དུ་སྙིང་ཐུཾ་ཤག༔ མ་མ་ཨེ་ཀ་ཛཱ་ཊི་སྲོག་ཐུཾ་རྦད༔ དེ་བཞིན་དུ། ཨོཾ་མ་མ་ཏྲག་སོགས། མ་མ་རཀྨོ་སྙིང་ཀུ་རུ་ཛཿཛཿསྙིང་ཁོས་ཁོས༔ ཨོཾ་མ་མ་ཏྲཀ་སོགས། མ་མ་ཨེ་ཀ་ཛཱ་ཊི་སྙིང་ཐུཾ་ཛཿ ཞེས་བྲིའོ། །གོང་གི་སརྦ་སིདྡྷི་སོགས་སྤེལ་ཚིག་སྤྱི་འགྲོ་ཡིན་ལ། དེའི་མལ་དུ་འདོད་གསོལ་དམིགས་བསལ་བོད་སྐད་སྦྱར་ཡང་རུང་ངོ་།། ༈ །།དྲུག་པ་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྲོག་འཁོར་ཤ་འུག་གཏེར་བྱོན་ལྟར་ན། ཡར་ངོ་རྒྱལ་གྱི་ཉི་མ་ལ། སྨད་འཚོང་མ་དཔལ་ཅན་གྱི་ལག་ནས་བྱུང་བའི་དར་རམ་རས་སམ་གྲོ་ཤོག་ལ། རང་གི་ས་བོན། ན་ཆུང་གི་རཀྟ། གི་ཝཾ། ག་པུར། གུར་གུམ། ཙནྡན་གྱི་ལྡེ་གུས་བྱུགས་ཤིང་འཐས་པར་བཅག །རྫས་དེ་རྣམས་བསྲེས་པའི་གསེར་རམ་མཚལ་ལམ་རྒྱ་སྣག་བཅས་མེ་ཏོག་དམར་པོའི་ཁར་བཞག་ནས་བགེགས་བསྐྲད། གཏོར་མ་བཏང་ལ་ཁ་ནུབ་ཏུ་གཏད་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་བྲི་གཞི་སོར་བརྒྱད་པ་གཉིས་བྱས་པ་ལ་ཡབ་ཡུམ་གཉིས་ཀྱི་སྐུ་མངོན་རྟོགས་བཞིན་སོ་སོར་བྲིས་པའི་ལྟོ་བར་མུ་ཁྱུད་རིམ་པ་ལྔ་བསྐོར། རིམ་པ་གསུམ་པ་ལ་རྩིབས་བཞི་བྱ། ཡབ་འཁོར་གྱི་ལྟེ་བ་ལ། ཨོཾ་མ་ཧཱ་དེ་ཝ་ཛཿས་མ་ཡ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲི། མུ་ཁྱུད་དང་པོ་ལ། ཨོཾ་མ་ཧཱ་དེ་ཝ་ལོ་ཀ་ནན་དྷེ་དྷ་ཤ་ཨཾ་ཀུ་ཤ་ཛཿཛཿཧྲིཾ་ཧྲིཾ་རཱ་ཙ་སིདྡྷི་ཁུག་ཁུག་སརྦ་པཱ་ཤཾ་ཀུ་རུ་ཧྲིཾ་ཛ༔ ཞེས་བྲི། རྩིབས་བཞི་ལ། ཨོཾ་མ་ཧཱ་དེ་ཝ་ཧཱུྃ༔ གྷ་ར་ཧོ་ཧཾ་ཛཿཧཱུྃ༔ ཨེ་མན་ཛུ་ཀུབ་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཞེས་མདུན་ནས་གཡས་སྐོར་དུ་ཚན་བཞིར་བྲི། རྩིབས་མཆན་བཞི་ལ། ཧ་བཛྲ་སིདྡྷི་ས་མ་ཡ་པཱ་ཤཾ་ཀུ་རུ་ཧོ༔ དེ་བཞིན་དུ། རི་རཏྣ་སིདྡྷིྎ ནི་པདྨྎ ས་ཀརྨྎ ཞེས་ཁ་བསྒྱུར་ལ་བྲི། ཕྱིའི་མུ་ཁྱུད་ལ། ཨོཾ་མ་ཧཱ་དེ་ཝ་ཛཿཛཿཛུ་ཛུ་ཧྲིཾ་ཧྲིཾ་ཁུག་ཁུག་དུང་དུང་སློང་སློང་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཛ༔ ཨ་ནྲྀ་ཏྲི་ཧྲིཾ་ཧྲིཾ་ཛ༔ ཨཱ་ཀར་ཤ་ཡ་ཧཱུྃ་ཛ༔ བ་སུ་སིདྡྷི་ས་མ་ཡ་སྡུས་སྡུས་ཨཾ་ཀུ་ཤ་ཧྲིཾ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཿཛ༔ ཞེས་བྲི། དེའི་ཕྱི་རོལ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བྲིའོ། །ཡུམ་འཁོར་གྱི་ལྟེ་བ་ལ། ཨུ་མ་དེ་ཝཱི་ཧྲཱིཿས་མ་ཡ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲི། མུ་ཁྱུད་ལ། ཨུ་མ་དེ་ཝཱི་ལོ་ཀ་ནན་སོགས་ཡབ་འཁོར་ལྟར་བྲི། རྩིབས་ལ། ཨུ་མ་དེ་ཝཱི་ས་མ་ཡ་སཏྭཾ་ཛ༔ ཨུ་དྷི་བཾ་མ་ནུ་ཧོ༔ ཨ་པ་ཧི་མུ་ལེ་ཏཾ༔ ལོ་ཀི་ཙིཏྟ་དྷི་ཧྲིཾ་ཛ༔ གཞན་རྣམས་གོང་བཞིན་བྲི། ལྟེ་བ་མུ་ཁྱུད་རྣམས་ལ་སྤེལ་ཚིག་བརྟན་བཞུགས་དང་དབང་སྡུད་སོགས་རང་གང་འདོད་ཁ་བསྒྱུར་རོ། །འདི་ནི་གཏེར་གཞུང་དངོས་བསྟན་ལྟར་བཀོད་པ་ཡིན་ལ། ༧ ཕྱིས་ཀྱི་སྨིན་གླིང་ཕྱག་ལེན་དུ་འཁོར་ལོ་གཅིག་ཏུ་ཡབ་ཡུམ་གཉིས་ཀའི་སྔགས་བསྡུས། ཕྱི་རོལ་དུ་སྐུ་མི་བྲི་བར་དེ་དང་བླ་རྟེན་བཅས་བཅངས་པའི་ཕྱག་སྲོལ་ཡང་ཡོད་འདུག་གོ། ༈ །།བདུན་པ་དྲང་སྲོང་ཁྱབ་འཇུག་ཆེན་པོ་ལས་འབྲེལ་གཏེར་བྱོན་གཙོར་བྱས་པ་ལ། ཚེས་ལྔའི་སྲོད་འཁོར་དང་། བརྒྱད་ཀྱི་སྔ་དྲོ་ལ་ཁ་ནུབ། བཅུ་གཅིག་ནམ་འཇིངས་ལ་བྱང་། བཅོ་ལྔའི་ཉིན་ཕྱེད་ལ་ལྷོ་ནུབ། བཅོ་བརྒྱད་ནམ་ཕྱེད་ལ་ཤར། ཉི་ཤུ་གཉིས་ཀྱི་ཕྱེད་ཡོལ་ལ་ནུབ། ཉེར་ལྔའི་སྐྱ་རེངས་འཆར་བ་ལ་ལྷོ། ཉེར་དགུའི་ཉི་མ་མདུང་གང་ལ་ཁ་བྱང་ཤར་དུ་བལྟས་ཏེ། ཨོལ་སྒོ་དགག་པའི་འཁོར་ལོ་ནི། དར་རས་ཤོག་གུ་གང་རུང་ལ་མཚལ་གྱིས་ཆོས་སྐྱོང་གི་སྐུ་བྲིས་པའི་ལྟོ་བར་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་གླིང་དགུར་བཅད་པའི་དབུས་སུ། ཨོཾ་ ལིང་ཚེ་བརྒྱད་ལ་རྒྱབ་ཕྱོགས་ནས་གཡས་སྐོར་གྱིས། ཙིཏ་༡ ཏ་༢ རཀ་༣ རོ་༤ ཁོ་༥ ཡག་༦ བག་༧ སོད༔༨ ཅེས་རེ་རེ་བཀོད། དེ་རྒྱབ་མུ་ཁྱུད་ལ། ཨོཾ་དུག་ཐ་ནི་ཁ་ཆིངས༔ ཨོཾ་ཏྲི་ཤག་གཟའ་ཁ་ཆིངས༔ ཨོཾ་བ་དུཾ་བུ་ཏྲི་ཁ་ཆིངས༔ གར་པ་ལ་ཏྲི་ཛ་མ་ཀིར་རཀྵ༔ ལུགས་གཅིག་ལ། ཨོཾ་དུམ་སུ་དུམ་སུ་ཏྲི་ཧྲི༔ གར་པ་ལ་པྲི་ཛ་ཡ་ཀིར་སྐོར་རཀྴ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལིང་ཚེ་བརྒྱད་བཅད་པ་ལ་རྒྱབ་ནས་གཡས་སྐོར་དུ། ཨོཾ་༡ ཀེ་ཏ་༢ ཀཻ་ཏ་༣ རཱ་༤ ཧུ་༥ ལ་༦ སྭཱ་༧ ཧཱ༨༔ དེ་རྒྱབ་མུ་ཁྱུད་ནུབ་ཏུ། ཨོཾ་དུར་གཟའ་ཁ་ཆིངས༔ བྱང་དུ། ཨོཾ་ཏྲི་ཤག་གཟའ་ཁ་ཆིངས༔ ཤར་དུ། ཨོཾ་ག་རུ་ཎ་ཏ་ཁ་ཆིངས༔ ལྷོར། ཨོཾ་བྷེ་ཤད་འབྱེད་སྭཱ་ཧཱ༔ ཞེས་ཚོ་བཞིར་བགོས་ཏེ་བྲིའོ། ༧ །སྲོག་འཁོར་ནི་དར་དམར་ལ་མཚལ་དང་ར་ཁྲག་བསྲེས་པས་གསང་བདག་གཏུམ་པོའི་སྐུའི་ལྟོ་བར་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་ལྟེ་བར། ཀྵ་ཏྲི་ར་ ཞེས་ས་བོན་གསུམ་ཀའམ། ཏྲི་རྐྱང་པས་ཆོག དེ་མཐར། ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲཾ་ཧ་ཧེ་ག་ཤ་ལ་ཛཿཛ༔ ཞེས་བྲི། དེ་རྒྱབ་རྩིབས་བརྒྱད་ལ་ནུབ་ནས་བརྩམ་སྟེ། ཨོཾ་པ་ཤ་༡ མི་ཀི་༢ དུ་རུ་༣ མ་ཤི་༤ ཀི་༥ ཛ་ལ་ཏི་༦ ཨ་ཙི་ཏེ་༧ སྭཱ་ཧཱ༔༨ ཞེས་ཚན་བརྒྱད་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་ཡེ་དྷརྨཱ་སོགས་རྟེན་སྙིང་སྤེལ་ཚིག་བཅས་བྲིའོ། ༧ །གཟའ་བདུད་བརྟོད་གནོན་གྱི་འཁོར་ལོ་ནི། རྒྱ་ཤོག་ལ་རིན་པོ་ཆེ་བསྲེས་པའི་མཚལ་སྣག་གང་ཡང་རུང་བས་གསང་བདག་གཏུམ་པོའི་སྐུའི་ལྟོ་བར་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཏེ་སོ་ཧི་ས་མ་ཡ་ཛཿཛ༔ འཆང་བ་པོས་གཟའ་རྒོད་བརྟོད་ལ་ནོན་པར་གྱུར་ཅིག་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲི། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ཀྱི་ནུབ་ནས་བརྩམ་སྟེ་གཡས་སྐོར་དུ། ༡ ཨོཾ་མ་རཀྵེ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༢ ཡ་མ་ཀེ་ཏ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༣ ཁྱི་ཆོ་ཏེ་ཧ་མ་ལ་ཧབ་ཧབ༔ ཏྲི་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༤ ནཱ་ག་ཤོ་ག་ཡ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༥ མུ་ཡེ་ཀ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༦ བྱི་ན་ཀ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༧ ས་ག་ཤ་གེ་ཏ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ༨ རཀྴ་ཀ་ཧ་པ་ཤ་མི་ཀི་རཱ་ཧུ་ལ་ཛཿཛ༔ ཞེས་བརྒྱད་པོ་རིམ་བཞིན་བཀོད། དེ་རྒྱབ་མུ་ཁྱུད་ལ། ཨོཾ་རཀྨོ་ཙ་མོ་འདུ་ལ་ཧྲི་ལ་ཤན་སེལ་བྷྱོ༔ རཀྨོ་ཤིག་ཤིག༔ ཨོཾ་ཨཱཿཔ་ཤ་ཏྲི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་དང་འདོད་གསོལ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རྟེན་སྙིང་སྤེལ་ཚིག་བཅས་པ་བྲིའོ། །འདི་རྣམས་ལ་གཏེར་ཁ་རྣམས་སུ་འདྲ་ལ་ཁད་ལ་ཕྲན་བུའི་འདྲ་མིན་དང་། ལས་འབྲེལ་གཞུང་དང་ལག་ལེན་གྱི་ཟིན་རྣམས་ལའང་འདྲ་མིན་བྱུང་བས་མཐའ་གཅིག་ཏུ་ཁ་ཚོན་བཅད་དཀའ་ཡང་དགེ་སྦྱོང་བློ་གསལ་རྒྱ་མཚོའི་ཟིན་ཉིད་ཅུང་དག་པར་བཟུང་ནས་བཀོད་པའོ། ༧ །གཟའ་རྒོད་འཇིག་རྟེན་པའི་སྲོག་འཁོར་ནི། དར་དམར་ལ་གསེར་རམ་མཚལ་སྣག་གང་རུང་གིས་ཙཀྲ་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བར་ཏྲི་འི་མཐར་ཡི་དམ་བསྙེན་སྔགས་ཀྱིས་བསྐོར། དེ་རྒྱབ་རྩིབས་བདུན་ལ། ཛ་ ཏི་ རཱ་ ཧུ་ ལ་ མ་ ཛ༔ ཞེས་འབྲུ་རེ་རེ་ས་བོན་རྒྱབ་ཕྱོགས་ནས་བརྩམ་སྟེ་བྲི། རྩིབས་མཆན་ལ་བསྙེན་སྔགས་ཚར་གཅིག་བཀོད། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་སྤེལ་ཚིག་བཅས་བྲིའོ། ༧ །ཡང་མཁའ་འགྲོ་ཡང་ཏིག་ལས་འབྱུང་བའི་བརྟོད་གནོན་དང་བླ་རྡོ་ཁྱད་པར་ཅན་ནི། དར་ནག་ལ་ར་ཁྲག་གིས་འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར་བའི་ལྟེ་བར་ཧཱུྃ་ཀྵའི་མཐའ་སྐོར་དུ། བདག་སྒྲུབ་པ་པོ་མིང་འདི་ཞེས་བྱ་བས་འཇིག་རྟེན་དྲེགས་བྱེད་ཆེན་པོ་གཟའ་མཆོག་རྒྱལ་པོ་འགྲུབ་པར་གྱུར་ཅིག །ཅེས་བྲི། དེ་རྒྱབ་རྩིབས་བཞི་ལ། ཧཱུྃ་བཞི་བྲི། མུ་ཁྱུད་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བདག་སྒྲུབ་པ་པོ་མིང་འདི་ཞེས་བྱ་བས་གཟའ་རྒོད་བརྟོད་ལ་ནོན་པར་གྱུར་ཅིག་སྭཱ་ཧཱ། ཞེས་བྲིའོ།། ༈ །།བརྒྱད་པ་རྣམ་སྲས་མདུང་དམར་ཅན་གྱི་སྲོག་འཁོར་ནི། གཉལ་པའི་ལུགས་གཉགས་དབོན་ཕྱག་བཞེས་དང་རཏ་གླིང་པད་གླིང་གཏེར་མ་བཅས་ཕྱོགས་མཚུངས་པ་ལས། གཉགས་དབོན་ཕྱག་བཞེས་ལྟར། དར་རས་རྒྱ་ཤོག་དམར་པོ་ལ་གསེར་གྱིས་མུ་ཁྱུད་རིམ་པ་བདུན་བསྐོར་བའི་ལྟེ་བར། བཻ། དེ་མཐར། ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲིཾ་ཛ༔ ཞེས་དང་འདོད་གསོལ་བཅས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཻ་ཤྲ་མ་ཎ་ཡ་ཧྲིཾ་ཧྲིཾ༔ ནྲྀ་སརྦ་འགུལ་འགུལ༔ ཡེད་ཡེད༔ ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང༔ ཡིད་ལ་རཾ་རཾ༔ དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས་ཛཿཛ༔ ཞེས་བྲི། དེ་རྒྱབ་རྩིབས་བརྒྱད་ལ་ཤར་ནས་གཡས་སྐོར་དུ། ཨོཾ་ཛམྦྷ་ལ་ཡ་སྭཱ་ཧཱ༔ ཤར་ལྷོ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ༔ ལྷོར། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ༔ ལྷོ་ནུབ། ཨོཾ་གུ་ཧྱ་སྡྱ་ནཱ་ཡ་སྭཱ་ཧཱ༔ ནུབ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ༔ ནུབ་བྱང་། ཨོཾ་པཉྩི་ཀཱ་ཡ་སྭཱ་ཧཱ༔ བྱང་། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ༔ བྱང་ཤར། ཨོཾ་པི་ཙི་ཀུཎྜ་ལཱི་ཡེ་སྭཱ་ཧཱ༔ ཞེས་རྟ་བདག་བརྒྱད་ཀྱི་སྔགས་བྲི། རྩིབས་མཆན་བརྒྱད་ལ་ཤར་ནས་གཡས་སྐོར་དུ་ཀླུ་བརྒྱད་སྔགས། ཨོཾ་བ་རུ་ཎ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཤར་ལྷོ། ཨོཾ་ཨ་ནནྟ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ལྷོ། ཨོཾ་ཀ་རི་ཀ་རི་ཛཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ལྷོ་ནུབ། ཨོཾ་ཀརྐོ་ཊཱ་ཡ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ནུབ། ཨོཾ་ཨུ་ལི་ཀ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ནུབ་བྱང་། ཨོཾ་ཏཀྵ་ཀ་སིདྡྷི་ཕ་ལ་ཧཱུྃ་ཛ༔ བྱང་། ཨོཾ་བ་སུ་ཀཱི་སིདྡྷི་ཕ་ལ་ཧཱུྃ་ཛ༔ བྱང་ཤར། ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཕ་ལ་ཧཱུྃ་ཛ༔ དེ་རྒྱབ་དབྱངས། དེ་རྒྱབ་གསལ་བྱེད། དེ་རྒྱབ་རྟེན་སྙིང་རྣམས་གཡས་སྐོར་ཁོ་ནས་འགོད་ཅིང་སྤེལ་ཚིག་ཀྱང་སྦྱར། དེ་རྒྱབ་མེ་རི་གཡས་སྐོར་དུ་བྲིའོ། ༧ །སྣང་བ་དབང་སྡུད་དར་རས་སྔོན་པོ་ལ་པད་རཱཀ་དང་སིནྡྷུ་རས་མུ་ཁྱུད་རིམ་པ་བདུན་བསྐོར་བའི་ལྟེ་བར། བཻ་ཡིག་མཐར། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བཙུན་མོ་བློན་འབངས་སྡེ་དང་བཅས་པ་སྔོན་གྱི་དམ་བཅའ་རྗེས་སུ་དགོངས་ནས་བདག་སྒྲུབ་པ་པོ་ཆེ་གེས། འཇིག་རྟེན་ཁམས་ཀྱི་རྒྱལ་པོ་བློན་པོ་མཁན་སློབ་དགེ་འདུན་སྐྱེས་པ་བུད་མེད་ལྷ་འདྲེ་མི་གསུམ་བཟའ་བཏུང་གོས་རྒྱན་རིན་ཆེན་འབྲུ་སྨན་དར་ཟབ་རས་གོས་རྟ་དྲེལ་ཕྱུགས་ལུག་ས་རིས་ནོར་དབྱིག་དཀོར་ནོར་དང་བཅས་པ་ཐམས་ཅད་དབང་དུ་སྡུས་ཤིག །བདག་སྒྲུབ་པ་པོ་འདི་ཞེས་བྱ་བ་འཁོར་དང་བཅས་པ་འཕེལ་ཞིང་རྒྱས་པ་དང། ཡུན་རིང་དུ་བརྟན་ཅིང་དར་བས་འགྲོ་བའི་སྣང་བ་དབང་དུ་སྡུས་ཤིག །ཨ་ནྲྀ་ཏྲི་སརྦ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་པ་ལྟ་བུ་དབང་སྡུད་སྤེལ་ཚིག་སྤྱི་དང་བྱེ་བྲག་རང་རང་གང་འདོད་སྦྱར། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཛམྦྷ་ལ་ཡ་སྭཱ་ཧཱ༔སོགས་རྟ་བདག་བརྒྱད། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བ་རུ་ཎ་སིདྡྷི་ཕ་ལ་སོགས་ཀླུ་བརྒྱད་སྔགས་གོང་ལྟར་བྲི། དེ་རྒྱབ་རྩིབས་བརྒྱད་ལ། ཨོཾ་བཻ་ཤྲ་མ་ཎ་ཡ་ཧྲིང་ཧྲིང༔སོགས་གོང་གི་མུ་ཁྱུད་གཉིས་པའི་སྣང་བ་དབང་སྡུད་སྔགས་ཚར་གཅིག་ཆ་བགོས་ནས་བྲི། རྩིབས་མཆན་ལ་ལྟེ་བར་བཤད་པ་ལྟ་བུའི་འདོད་གསོལ་དམིགས་བསལ་བྲི། དེ་རྒྱབ་དབྱངས། དེ་རྒྱབ་གསལ་བྱེད། དེ་རྒྱབ་ཡེ་དྷར། ཕྱི་ཟུར་བཞི་ལ་ནོར་བུ་འབར་བ་མིག་གསུམ་པ་རེ་རེ་མགོ་ཕྱིར་བསྟན་དུ་བྲིའོ།། ༈ །།དགུ་པ་ཞིང་སྐྱོང་དུར་ཁྲོད་མ་མོའི་སྲོག་འཁོར་ཉང་དང་པད་གླིང་བརྒྱུད་པའི་མན་ངག་ཕྱོགས་བསྡུས་ལ། ཕྱི་སྒྲུབ་ནང་སྒྲུབ་དང་ལས་ལ་སྦྱོར་བའི་ཁྱད་པར་གྱི་འཁོར་ལོ་མང་དུ་གསུངས་པ་ལས། རྩ་སྒྲུབ་ལས་བཤད་པའི་བླ་རྡོ་ཀུན་འདུས་ནི། རོ་རས་ལ་ནལ་བུའི་ཁྲག་གམ་སྤྱང་ཀའི་ཁྲག་བསྲེས་པའི་མཚལ་སྣག་གིས་ལྷ་མོའི་སྐུ་དཀྱུས་ཀྱི་མངོན་རྟོགས་ན་གསལ་བ་ལྟར་ལ་ཕྱག་གཡས་ལྕགས་ཀྱུ། གཡོན་མེ་ལོང་བསྣམས་པ། ཕྲག་པ་གཡས་ཀྱི་སྟེང་དུ་ཁྲོས་ནག་གམ་ཕག་མོ་ཞལ་གཉིས་མ་བྲིས་པའི་ལྟོ་བར་ཙཀྲ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར། ཧྲཱི༔ མཐར། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ་རྩིབས་བཞིར་ནུབ་ནས་གཡས་སྐོར་དུ། ཨོཾ་བཛྲ་ཌཱ་ཀི་སོགས་དང་། རཏྣྎ པདྨྎ ཀརྨྎ རྣམས་ཁ་སྤོས་ལ་བྲི། དེ་རྒྱབ་རྩིབས་བཅུ་ལ་ནུབ་ནས་གཡས་སུ། བྷྱོ་ ར་ མ་ ལི་ པྲ་ མ་ ཡ་ ཧུར་ ཧུར་ ཛ༔ ཞེས་བཀོད། རྩིབས་མཆན་བཅུ་ལ་ཡིག་མགོ་ནང་བསྟན་གྱི་བྷྱོའི་གཡས་ཟུར་ནས་བརྩམ་གཡོན་སྐོར་དུ། ཧྲཱིཿ མ་ ཧ་ རི་ ནི་ མུ་ ཧུར་ ཧུར་ བྷྱོ་ བྷྱོ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཏྲཀ་རཀྴ༔ མུ་ཏྲ་བྷྱོ༔ མ་མ་དམ་ལ་འདུ་འདུ༔ དམ་ལ་འདུས༔ ཞེས་དང་འདོད་གསོལ་བཅས་བྲི། འཁོར་ལོའི་ལྟེ་བ་དམར། རྩིབས་བཞི་སེར། རྩིབས་བཅུ་སྔོ། མཆན་གཉིས་དམར། མུ་ཁྱུད་སྔོན་པོའོ། ༧ །ཡང་ཙཀྲ་སུམ་སྦྲགས་ཀྱི་བླ་རྡོ་ཁྱད་པར་ཅན་ལྟར་ན། བྲི་གཞི་སོགས་གོང་ལྟར་ལ། འཁོར་ལོ་དང་པོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར། བྷྱོ་ མཐའ་སྐོར་དུ། ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛ༔ མ་མོ་དམ་ལ་འདུས་འདུས་ཛ༔ སྒྲུབ་པོའི་གྲོགས་མ་གཡེལ་སོགས་འདོད་གསོལ་བྲི། དེ་རྒྱབ་རྩིབས་ལྔ་ལ་ནུབ་ནས་གཡས་སུ། ར་ ལི་ པྲ་ མ་ ཡ༔ ཞེས་བཀོད། མཆན་ལ་ནུབ་ནས། ཨོཾ་ ནི་ ཀི་ ཛཿ བཛྲ༔ དེ་རྒྱབ་མུ་ཁྱུད་ལ། ར་ལི་པྲ་མ་ཡ་ཛ༔ སི་ལི་མ་ནི་ཛ༔ མ་ཧཱ་པདྨ་ཧུར་ཧུར་ཀྲོ་དྷ་ནཱི་ཧུར་ཧུར་བྷྱོ་བྷྱོ་ཛཿཛ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ་རྡོ་རྗེ་ཕྱེད་པ་བཅུ་བཞི་བྲི། དེ་རྒྱབ་ལྷ་མོའི་སྐུ་མངོན་རྟོགས་ནས་འབྱུང་བ་ལྟ་བུའི་འདོམས་སུ་རོ་སོལ་གྱི་རྡོ་རྗེ་རྒྱ་གྲམ་བྲི་འོ། ༧ །འཁོར་ལོ་གཉིས་པ་རིག་མ་ལ་མི་གཟན་ཅིང་བཀྲ་ཤིས་པའི་བླ་རྡོ་ནི། མུ་ཁྱུད་རིམ་པ་གསུམ་བསྐོར་བའི་ལྟེ་བར་མ་མོའི་སྐུ་བྲི་བར་བཤད་ཀྱང་སྟོང་པར་བཞག་ན། དེ་རྒྱབ་རྩིབས་ལྔ་ལ། ཨོཾ་ ནི་ ཀི་ ཛཿ བཛྲ༔ ཞེས་བཀོད། འཁོར་ལོ་གཉིས་ཀྱི་ལྟེ་བ་དམར། རྩིབས་སྔོ། མཆན་དམར། མུ་ཁྱུད་ལྗང་གུ་བྱ། འཁོར་ལོ་གསུམ་པ་ནི་གོང་སྨྲོས་བླ་རྡོ་ཀུན་འདུས་དེའོ། །འཁོར་ལོ་དང་ལྷན་ཅིག་འཆང་རྒྱུ་སངས་རྒྱས་སོ་ལྔའི་མཚན་སྔགས་ནི། དར་རས་དཀར་པོ་ལ་དྲི་བཟང་གི་ཁུ་བའམ་དེ་བསྲེས་པའི་མཚལ་གྱིས། ཨོཾ་ན་མཿཤཱཀྱ་མུ་ན་ཡེ། ན་མོ་བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ། ན་མོ་རཏྣ་རསྨི་སྥ་རཱ་ཡ། ན་མོ་ནཱ་གི་ཤྭ་ར་རཱ་ཛ་ཡ། ན་མོ་བཱི་ར་སེ་ནཱ་ཡ། ན་མོ་བཱི་ར་ནནྡཱ་ཡ། ན་མོ་རཏྣགྣ་ཡེ། ན་མོ་རཏྣ་ཙནྡྲ་པྲ་བྷཱ་ཡ། ན་མོ་དརྴཱ་ནྲ་བྷཱ་བ་ཡ། ན་མོ་རཏྣ་ཙནྡྲཱ་ཡ། ན་མོ་བི་མ་ལཱ་ཡ། ན་མཿཤཱུ་ར་དཏྟཱ་ཡ། ན་མོ་བྲཧྨ་ཎཱ་ཡ། ན་མོ་བྲཧྨ་དཏྟཱ་ཡ། ན་མོ་ཝ་རུ་ཎེ་ད་ཝཱ་ཡ། ན་མོ་ཝ་རུ་ཎ་དེ་བ་སྱ་དེ་བཱ་ཡ། ན་མོ་བྷ་དྲ་ཤྲི་ཡེ། ན་མ་ཤྩནྡན་ཤྲི་ཡེ། ན་མོ྅་ནནྟ་ཏེ་ཛ་སེ། ན་མཿཔྲ་དྷཱ་ཤྲི་ཡེ། ན་མོ྅་ཤོ་ཀ་ཤྲི་ཡེ། ན་མོ་ན་རཱ་ཡ་ན་ཡ། ན་མཿཀུ་སུ་མ་ཤྲི་ཡེ། ན་མོ་བྲཧྨ་པྲ་བྷཱ་བི་མ་ལེ་ཊཱ་བྷི་ཛྙཱ་ཡ། ན་མཿཔདྨ་པྲ་བྷཱ་བི་མ་ལེ་ཏཱ་བྷི་ཛྙཱ་ཡ། ན་མོ་བྷ་ན་ཤྲི་ཡེ། ན་མཿསྨྲྀ་ཏེ་ཤྲི་ཡེ། ན་མོ་ནཱ་མ་སུ་པ་རི་ཀཱིརྟི་ཤྲི་ཡེ། ན་མཿཨིནྡྲ་ཀེ་ཏུ་དྷྭ་ཛ་རཱ་ཛ་ཡ། ན་མཿསུ་བི་ཀྲཱནྟ་ཤྲི་ཡེ། ན་མོ་བི་ཛི་ཏ་སཾ་གྲ་མཱ་ཡ། ན་མོ་བི་ཀྲཱཏྟེ་ག་མི་ཤྲི་ཡེ། ན་མཿས་མནྟ་བྷཱ་ས་བྱཱུ་ཧ་ཤྲི་ཡེ། ན་མོ་རཏྣ་པདྨ་བི་ཀྲཱནྟཱ་ཡ། ན་མོ་རཏྣ་ཤྩ་པདྨཱ་ས་ནི་པྲ་ཏིཥྛ་ཏཾ་བརྦ་ཏིནྡྲ་རཱ་ཛཱ་ཡ། ཞེས་ཕྲེང་གཅིག་གམ། མི་བདེ་ན་ཕྲེང་གསུམ་མ་ལྟ་བུ་བྱས་ཀྱང་རུང་ངོ་། །དེ་དག་གིས་དངོས་གྲུབ་རོལ་མཚོའི་དཀྱུས་སུ་བཞུགས་པའི་ཆོས་སྐྱོང་དགུ་པོའི་སྲོག་འཁོར་བསྟན་ཟིན་ཏོ།། ༈ །།གཉིས་པ་རྗེས་འབྲང་ཉེར་མཁོའི་སྡེ་ཚན་ལས། ཐོག་མར་གཏེར་མགོན་ཚོགས་བདག་གི་སྲོག་འཁོར་ནི། ཁམས་བྱོན་མགོན་པོ་ཚོགས་ཀྱི་བདག་པོ་བཀའ་གཏེར་གཉིས་འདུས་ཀྱི་འཁོར་ལོའི་རྣམ་གྲངས་མང་དུ་བཞུགས་པ་ལས། ཙཀྲ་ཆུང་བ་ནི་དར་ནག་པོ་ལ། གཤམ་གསལ་དྲི་བཟང་རྣམས་བསྲེས་པའི་གསེར་རམ་མཚལ་གྱིས་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར་གྲུ་གསུམ་མདུན་བསྟན་གྱི་དབུས་སུ། ཧཱུྃ་བྷྱོ་ཟུང་འབྲེལ། ཟླ་གམ་གསུམ་ལ་ཧཱུྃ་ཡིག་མགོ་ནང་བསྟན་རེ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿཛ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ་ཕཊ་ཛཿཛ༔ ཅེས་བྲི། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ལ་ཧཱུྃ་ཡིག་མགོ་ཕྱིར་བསྟན་རེ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ཤཾ་ཀ་རི་སིདྡྷི་ཧཱུྃ་ཕཊ༔ ཅེས་དང་ཡེ་དྷརྨ་སྤེལ་ཚིག་བཅས། དེ་རྒྱབ་མེ་རི་གཡས་སྐོར་དུ་བྲི། འདི་ལ་བླ་རྡོ་དང་སྲུང་འཁོར་སོགས་སྤེལ་ཚིག་གིས་བསྒྱུར་ཆོག་གོ ༧ །ཡང་བཻ་རོ་ཙ་ནས་དྷ་ན་སཾསྐྲྀ་ཏ་ལ་ཞུས་པ་སྲུང་འཁོར་སྡེ་བརྒྱད་ཟིལ་གནོན་དུ་གྲགས་པའི་ཕན་ཡོན་བྱིན་རླབས་ཤིན་ཏུ་ཆེ་བ་ནི། གཟའ་སྐར་དུས་ཚེས་བཟང་པོར་སྨན་ཤོག་ལ་རིན་པོ་ཆེའི་ཁུ་བའམ་རྒྱ་སྣག་གིས་མུ་ཁྱུད་རིམ་པ་བདུན་བསྐོར་བའི་ལྟེ་བར། ཧཱུྃ་བྷྱོ། དེའི་མཐའ་སྐོར་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྵ་བཻ་ཏ་ལི་ཧཱུྃ་ཛ༔ བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་དང་སྤེལ་ཚིག་བཀོད། དེ་རྒྱབ་རྩིབས་བརྒྱད་ལ། ཧཱུྃ་བརྒྱད་བྲི། རྩིབས་མཆན་ལ། སྲུངས་ཤིག༔ རེ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ་རྩིབས་བརྒྱད་ལ་བཀྲ་ཤིས་རྫས་བརྒྱད། རྩིབས་མཆན་ལ་རྒྱལ་སྲིད་སྣ་བདུན་བྲི། ས་སྟོང་གཅིག་ལ་གཏེར་བུམ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཙཀྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཛ༔ སྔགས་ཐོག་མཐའ་དེས་འགྲེས་ཏེ། ཙཀྲའི་མལ་དུ། མ་ཎི་ ཝསཏྲཱི་ མ་ཧཱ་ཏ་ ཧསྟི་ ཏུ་རཾ་ག་ཨ་ཤྭ་ ཁྙྑ་ དྷ་ནཾ་མེ། བཅུག་པ་བྲི། དེ་རྒྱབ་མུ་ཁྱུད་ཡངས་པ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛཿཛ༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་འབྱིན༔ སྙིང་ལ་སུ་ཏྲི་དགྲ་བོའི་ཙིཏྟ་རྦད༔ ཨོཾ་མ་ཧཱ་ཀཱ་ལ་ནྲྀ་ཐུཾ་ལིང་ཐུཾ་རིལ་རྦད༔ སུ་ནྲྀ་ཛ༔ ཤ་ཏྲཱུཾ་ཙིཏྟ་མཱ་ར་ཡ་རྦད༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ་ཕཊ༔ ཏྲག་རཀྴ་རག་མོ་ཐུཾ་ལིང༔ སྙིང་ལ་འདུས་འདུས༔ སྲོག་ལ་པྲིང་པྲིང་ཤཾ་ཤཾ་ཁྱེར་བྷྱོ༔ ཏྲག་རཀྴ་རཀྨོ་ཐུཾ་རིལ་རྦད༔ སྙིང་ཁ་ལ་རཀྴ་ཛཿཛ༔ ཏྲག་རཀྴ་ཙིཏྟ་ཤཾ་ལོང༔ སྙིང་ཁ་ལ་རཀྴ་ཛཿཛ༔ ཐུཾ་རི་ལི་ལི་བྷྱོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡེ་རཏྣ་སིདྡྷི་འདུས་འདུས༔ ཨོཾ་བཛྲ་ཡཀྴ་བཻ་ཏ་ལི་རཏྣ་སིདྡྷི་འདུས་འདུས༔ ཤིན་ཏུ་རྒྱས་པར་སྤྲོ་ན་གཞུང་གི་གཡང་འབོད་དབང་སྡུད་སྔགས་ཚང་མ་སྐབས་འདིར་བྲི་སྲོལ་ཡོད་འདུག་ཀྱང་དཀྱུས་ལ་འདི་ཀས་འཐུས། མ་ཧཱ་ཀཱ་ལ་རཏྣ་སིདྡྷི་འདུས་འདུས༔ མ་ཧཱ་ཀཱ་ལ་ཨཱ་ཡུརྫྙཱ་ན་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཛ༔ དཔལ་ཡེ་ཤེས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོས་བདག་སྒྲུབ་པ་པོ་ལ་སྟེང་ཕྱོགས་ལྷ་དང་བར་ཕྱོགས་མི་དང་འོག་ཕྱོགས་ཀླུ་དང་ཕྱོགས་སྐྱོང་བ་བཅུ་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ལོངས་སྤྱོད་སྙན་གྲགས་མངའ་ཐང་དཔལ་འབྱོར་མཐུ་སྟོབས་འཁོར་འབངས་སོགས་དངོས་གྲུབ་ཐམས་ཅད་བསྡུས་ནས་སྩོལ་ཅིག༔ ད་ལྟ་ཉིད་དུ་སྩོལ་ཅིག༔ འགྲོ་བ་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཕུན་ཚོགས་ཐམས་ཅད་སྡུས་ཤིག༔ སརྦ་ནྲྀ་ཨཱ་ཀརྵ་ཡ་ཁུག་ཁུག་ཧྲིཾ་ཧྲིཾ་ཛཿཛ༔ ཞེས་བྲི། འདིར་ཡང་རྒྱས་པར་བྱེད་ན། སྟེང་ཕྱོགས་ལྷའི་ཚེ་དང་བསོད་ནམས་སོགས་རེ་རེ་ནས་བཀྲོལ་ཏེ་བྲི་བར་བཤད་དོ། །དེ་རྒྱབ་མུ་ཁྱུད་ལ། ཨཱ་ལི་ཀཱ་ལི་ཡེ་དྷར་བྲིས་པའི་ཤམ་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་འཁོར་ལོ་ཆེན་པོ་འདི་ལ་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོའི་ཚེ་དང་བསོད་ནམས་ཐམས་ཅད་སྲུངས་ཤིག་སྤེལ་ཅིག༔ སྲོག་སྐྱོབས་ཤིག༔ འབྱུང་བ་བཞིའི་དགྲ་བགེགས་མེད་པར་མཛོད་ཅིག༔ མཚོན་དང་མུ་གེའི་འཇིགས་པ་མེད་པར་མཛོད་ཅིག༔ དགྲ་དང་ཆོམ་རྐུན་གྱི་འཇིགས་པ་མེད་པར་མཛོད་ཅིག༔ མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ལས་ཐར་བར་མཛོད་ཅིག༔ འཇིགས་པ་བརྒྱད་ལས་ཐར་བར་མཛོད་ཅིག༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་འཁོར་འབངས་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད་ཅིག༔ རིན་པོ་ཆེ་ཡིད་བཞིན་ནོར་བུ་ལ་སོགས་པ་དང་འབྲུ་ནོར་བང་མཛོད་འཕེལ་བར་མཛོད་ཅིག༔ ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛོད་ཅིག༔ སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲི། དེའི་ཕྱི་རོལ་དུ་མགོན་པོའི་སྐུ་གཞུང་ལྟར་ལ། སྐུ་ལ་དར་ནག་གི་བེར། ཕྱག་གཡས་བིང་ཆེན། གཡོན་ཐོད་ཁྲག་གི་ནང་དུ་མེ་ཏོག་པདྨའི་སྟེང་དུ་ནོར་བུ་འབར་བས་མཚན་པ་དང་། སྤྱི་བོར་པད་ཟླར་སྤྱན་རས་གཟིགས་སམ་ཡང་ན། ཧྲཱིཿས་མཚན་པ་བྲིའོ།། ༈ །།གཉིས་པ་རྣམ་སྲས་སེར་ཆེན་བཀའ་གཏེར་ཟུང་འཇུག་སྲོག་འཁོར། དར་རས་སེར་པོའི་ངོས་སུ་གསེར་རམ་མཚལ་གྱིས་མུ་ཁྱུད་རིམ་པ་བཞི་བསྐོར་བའི་དབུས་སུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར། བཻ། དེའི་མཐའ་སྐོར་དུ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། སྤེལ་ཚིག་བཅས་བྲི། དེ་རྒྱབ་མུ་ཁྱུད་ལ་པད་འདབ་བརྒྱད་བྱས་པའི་འདབ་མ་རེ་རེ་བཞིན། བཻ། བཞི་རེ་སྟེ་ཁྱོན་སུམ་ཅུ་སོ་གཉིས་ཚང་བ་བཀོད། དེ་རྒྱབ་དབྱངས་གསལ། དེ་རྒྱབ་རྟེན་སྙིང་རྣམས་འདོད་གསོལ་བཅས་བྲིས་པའི་ཕྱི་རོལ་དུ་མེ་རི་གཡས་སྐོར་དུ་བྱའོ།། ༈ །།གསུམ་པ་ཤན་པ་སྲོག་སྒྲུབ་ནག་མོའི་སྲོག་འཁོར་རྒྱུད་དང་ཀུན་མཁྱེན་ཀློང་ཆེན་པའི་བཞེད་པ་ལྟར། ཚེས་གཅིག་སྐྱ་རེངས་དང་པོ་ནས་ཉི་ཤར་ཡན་ལ་གཙོ་བོ་རྒྱུ་བ་ལྟ་བུ་གཙོ་འཁོར་གྱི་དུས་སོ་སོའམ། ཉི་ཤར། ཕྱེད་ཡོལ། ས་སྲོས། ནམ་ཕྱེད་ཡོལ་ཏེ་གཙོ་འཁོར་ཡོངས་རྫོགས་རྒྱུ་བའི་དུས་སུ། རོ་རས་སམ་དར་ནག་ལ་ནལ་བུ་དང་བྱ་ནག་ལུག་ནག་གི་སྙིང་ཁྲག་བསྲེས་པའི་སྣག་ཚས་འཁོར་ལོ་མུ་ཁྱུད་རིམ་པ་བཞིར་བསྐོར་བའི་ལྟེ་བར། མ་བྷྱོ་བྲི། དེ་རྒྱབ་རྩིབས་བརྒྱད་ལ། ཨོཾ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་ཏྲི་སོད༔ སྙིང་ཁ་ཁ་བཾ༔ ཡ་ཡ་སོད༔ ཙ་ཝ་ནི་རི་མུ་སོད༔ གྷ་ཡ་སོད༔ ནྲྀ་ཡ་སོད༔ རགྨོ་ཙིཏྟ་རྦད༔ རགྨོ་ཙིཏྟ་རྦུད༔ ཅེས་ནུབ་ནས་བརྩམ་གཡས་སྐོར་དུ་བྲི། དེ་རྒྱབ་མུ་ཁྱུད་ལ། ཁ་ཐཾ་མུ་ཁ་ཐཾ་མ་རཀྴ་ཁུ་མ་རིལ་མ་རིལ་མ་མོ་བྷྱོ༔ ཞེས་དང་འདོད་གསོལ་བྲི། དེ་རྒྱབ་རྟེན་སྙིང་སྤེལ་ཚིག་བཅས་བྲིའོ།། ༈ །།བཞི་པ་གནོད་སྦྱིན་ཤན་པའི་སྲོག་འཁོར་ཀུན་མཁྱེན་པའི་གསུང་ལས་བྱུང་བ་ནི། དར་རས་དམར་པོ་ལ་གསེར་རམ་མཚལ་གྱིས་འཁོར་ལོ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར། བདག་སྒྲུབ་པ་པོ་ལ་དྲག་པོ་མཐུའི་དངོས་གྲུབ་དང་མི་ནོར་ཟས་གསུམ་གྱི་དངོས་གྲུབ་སྩོལ་ཅིག །ཅེས་གཡས་སྐོར་དུ་བྲི། དེ་རྒྱབ་རྩིབས་བརྒྱད་ལ། ཨེ་ཧེ་རྨ་རུ་ཙེ་དགྲ་བགེགས་ཐམས་ཅད་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། བདག་སྒྲུབ་པ་པོ་ལ་མི་ནོར་ཟས་གསུམ་སིདྡྷི་ཕ་ལ་ཧོ༔ ཞེས་བྲི། དེ་རྒྱབ་ཏུ། བདག་སྒྲུབ་པ་པོ་ལ་མཐུ་དང་སེར་བའི་དངོས་གྲུབ་སྩོལ་ཅིག༔ ཅེས་བྲི། དེ་དག་གིས་མ་གང་ན་བསྐྱར་བལྡབ་ཏུ་བྲི་ཆོག །དེ་རྒྱབ་གནོད་སྦྱིན་ཆེན་པོའི་སྐུ་མངོན་རྟོགས་ལྟར་བྲིའོ། ༧ །ཡང་རད་གླིང་གཏེར་བྱོན་ལྟར་ན། བྲི་གཞི་སོགས་གོང་ལྟར་ལ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར། ཀྵ་ཧྲཱི༔ བྲི། དེ་རྒྱབ་རྩིབས་བརྒྱད་ལ། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ་ཤ་རཾ་བྷྱོ་པུ་རུ་ཛཿགྷྲི་ག་ཧ་ལ་གྷྲན་ཏ་ཡ་ཛཿཛ༔ ཞེས་ཆ་བགོས་ལ་བྲི། རྩིབས་མཆན་ལ། ཛ༔ བརྒྱད་བྲི། དེ་རྒྱབ་མུ་ཁྱུད་ལ། ཨ་ཏྲི་རྣྲི་ཛཿསིདྡྷི་ཕ་ལ་རཏྣ་སིདྡྷི་ཧཱུྃ༔ ཨཱ་ཀར་ཤ་ཡ་ཛ༔ ཨཱ་ཀར་ཤ་ཡ་ཧྲིང༔ པཱ་ཤཾ་ཀུ་རུ་སིདྡྷི་སྡུས་སྡུས༔ མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ ཨེ་བྷྱོ་མ་རུ་ཙེ་རཏྣ་སིདྡྷི་ཛ༔ གུ་ན་ཧྲི་ཏྲི་རཏྣ་སིདྡྷི་ཧཱུྃ་ཛ༔ རཾ་བྷྱོ་ཤཾ་རཏྣ་སིདྡྷི་ཧཱུྃ་ཛ༔ པུ་རུ་སིདྡྷི་ཛ་གྷྲིག་སིདྡྷི་ཧཱུྃ༔ གྷྲན་ཏ་རཏྣ་སིདྡྷི་ཧཱུྃ་ཛ༔ ཀྱིན་ཏ་ཨ་ཏྲི་ནྲྀ་སིདྡྷི་ཧཱུྃ་ཛ༔ ཨ་བ་ལཾ༔ པཱ་ཤཾ་ཀུ་རུ་སིདྡྷི་ཧཱུྃ་ཛ༔ ཨེ་ཧེ་བྷྱོ༔ མ་རུ་ཙེ་ཨ་ཏྲི་རྣྲི་ཛ༔ སིདྡྷི་ཕ་ལ་རཏྣ་ཁ་དྷེ་ཧཱུྃ་ཛ༔ འགུལ་འགུལ་མ་མ་ཧྲིཾ་ཧྲིཾ༔ མ་མ་ཁ་ཤི་བཾ་ཨཱ་ཀརྴ་ཡ་ཛ༔ ཨཱ་ཀརྴ་ཡ་ཧྲིཾ༔ མི་འགྲམ་ཆོག༔ མི་སྙིང་འགུལ༔ རྣྲི་སྲོག་རྩ་ལ་བྲེང་བྲེང༔ ཐུལ་ཐུལ་ཡེཾ་ཡེཾ་ཡིད་ཀྱི་དབང་པོ་ཁུག་ཅིག༔ མི་ནོར་ཟས་གསུམ་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་དང་ཡེ་དྷར་བྲིའོ།། ༈ །།ལྔ་པ་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོའི་སྲོག་འཁོར་ནི། དར་རས་ནག་པོ་ལ། པདྨ་རཀྟ། ནལ་བུའི་ཁྲག་དྲི་བཟང་མཚལ་བསྲེས་པས་ལྷ་མོའི་སྐུ་བྲིས་པའི་ལྟོ་བར་ཙཀྲ་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བར་པདྨ་འདབ་བརྒྱད་ཀྱི་དབུས་སུ། མ་བྲི། མཐའ་སྐོར་དུ། ཨོཾ་མ་མ་ཏྲག་རཀྴ་མ་ཧི་དུན་བྷྱོ༔ མ་ཧཱ་ཡཀྴ་མ་ཧཱ་ཏཱིཀྵྞ་ནག་མོ་དུནྟིང་མ་བྷྱོ༔ ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྴ་ཏཱིཀྵྞ་ནག་མོ་དུན་བྷྱོ༔ ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛ༔ ཞེས་གཡས་སྐོར་དུ་བྲི། དེ་རྒྱབ་རྩིབས་བརྒྱད་ལ་ནུབ་ནས་གཡས་སྐོར་དུ། ཨཱ་ལི་བཅུ་དྲུག་གཉིས་རེ་ཚན་དུ་བཅད་ནས་བྲི། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་འདོད་གསོལ་བཅས་བྲིའོ།། ༈ །།དྲུག་པ་བདུད་མགོན་སེང་གེའི་གདོང་ཅན་གྱི་སྲོག་འཁོར་ལ་ལུགས་སྲོལ་འགའ་ཞིག་སྣང་ཡང་གཏེར་ཁ་གཉིས་འདུས་ཀྱི་ལུགས། ཡིག་རྙིང་ལས་བཤད་པ་ལྟར་ན། དབྱར་ཟླ་ར་བའི་ཚེས་གསུམ་དང་ཟླ་བ་གང་རུང་གནམ་སྟོང་གི་ཉིན་གུང་ལྟ་བུ་སྤྱི་དང་བྱེ་བྲག་ཏུ་རྒྱུ་བའི་དུས་གཉན་ལ། ཡབ་འཁོར་དར་ཤོག་མཐིང་ནག་དང་། ཡུམ་འཁོར་དམར་པོའི་ངོས་སུ་གསེར་རམ་དངུལ་ལམ་མཚལ་གྱིས་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་ལྟེ་བར་ཡབ་ཡུམ་གྱི་ས་བོན་དང་འདོད་གསོལ་སྐབས་སྦྱར་བྲི། དེ་རྒྱབ་མུ་ཁྱུད་དུ་ཡབ་ལ་འཁོར་ལོ་རྩིབས་དྲུག་གི་ནུབ་ནས་བརྩམ། སིཾ་ ཧ་ མུ་ ཁ་ ཧཱུྃ་ ཕཊ༔ ཅེས་བྲི། ཡུམ་འཁོར་ལ་པདྨ་འདབ་དྲུག་བྲིས་པའི་ནུབ་ནས། སི་ ན་ ར་ མ་ ཧཱུྃ་ ཕཊ༔ ཅེས་འབྲུ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་དང་། དེ་རྒྱབ་ཐོད་ཕྲེང་གིས་བསྐོར་བ་གཉིས་ཀ་ལ་འདྲ། དེ་རྒྱབ་ཡབ་ཡུམ་སོ་སོའི་སྐུ་མངོན་རྟོགས་དང་མཚུངས་པ་ལ་ཞོན་པ་མེད་པ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཞབས་བགྲད་ཅིང་མེ་རླུང་དབུས་སུ་བཞུགས་པ་བྲི། ཡུམ་འཁོར་སྔགས་གཡོན་སྐོར་དུ་བྲི་ནས་ཞལ་སྦྱོར་དུའང་བཞེད། དེའི་གནད་གདམས་ནི། ཡེ་ཤེས་པར་བསྒྲུབ་ན། ཡབ་འཁོར་ལྟེ་བར། ཧཱུྃ་ ཡུམ་འཁོར་ལ། བྷྱོ་འི་མཐར། བདག་སྒྲུབ་པ་པོ་ལ་ཞལ་སྟོན་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་ཅིག །ཅེས་བྲི། ཡེ་ཤེས་འཇིག་རྟེན་ཕྱེད་མར་བསྒྲུབ་ན་ཡབ་ལྟེར། ཧཱུྃ་ཏྲི། ཡུམ་ལྟེར། བྷྱོ་ཏྲི་འི་མཐར། ལོ་ཀ་འཁོར་དང་བཅས་པ་བདག་སྒྲུབ་པ་པོའི་དབང་དུ་སྡུས་ལ་ཕྲིན་ལས་རྣམ་པ་བཞི་ཇི་ལྟར་འདོད་པ་མྱུར་དུ་འགྲུབ་པར་མཛོད་ཅིག །ཅེས་བྲི། དྲག་པོར་བསྒྲུབ་ན་ཡབ་ལྟེར། ཏྲི་ཧཱུྃ། ཡུམ་ལྟེར། ཏྲི་བྷྱོ་ བྲི། ཤིན་ཏུ་དྲག་པོར་བྱེད་ན། ཏྲི་རྐྱང་རེ་བྲིས་པའི་མཐར་དགྲ་བགེགས་སྒྲོལ་བའི་སྤེལ་ཚིག་ཅི་འདོད་སྦྱར་རོ། །རྒྱལ་སྲས་ལེགས་པ་དང་ལས་འབྲེལ་གྱི་གཏེར་གཞུང་དངོས་དང་ཡང་འདྲ་མིན་ཁྱད་པར་འགའ་ཞིག་འདུག་ཀྱང་ཕྱིས་ཀྱི་ཕྱག་བཞེས་ལས་འབྱུང་བ་ལྟར་བྱས་པའོ།། ༈ །།བདུན་པ་དམ་ཅན་རྡོ་རྗེ་ལེགས་པའི་སྲོག་འཁོར་རད་གླིང་ཐུགས་གསང་ལས་འབྱུང་བ་ལྟར་ན། དར་རས་ཤོག་བུ་གང་རུང་ལ་མཚལ་དང་ར་ཁྲག་སྦྱར་བས་མགར་དམར་སྐུ་མངོན་རྟོགས་ལྟར་ལ་ཞོན་པ་མེད་པའི་གདན་ཅན་བྲིས་པའི་ལྟེ་བར་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་ལྟེ་བར། ཏྲི་འི་མདུན་ནས་གཡས་སྐོར་དུ། ཛཿཧཱུྃ་བཾ་ཧོ༔ བཞིས་བསྐོར་བའི་རྒྱབ་ཏུ་སྤེལ་ཚིག །དེ་རྒྱབ་རྩིབས་དྲུག་ལ། བཛྲ་ སཱ་དྷུ་ཙ་ ཧྲིང་ཛཿ ཏྲི་པ་ཙ་ ཤཱུ་ལ་ ནྲྀ་ཛ༔ ཞེས་ནུབ་ནས་གཡས་སྐོར་དུ་བཀོད། རྩིབས་མཆན་དྲུག་ལ་རེ་རེ་བཞིན། བཛྲ་སཱ་དྷུ་ཨཾ་ཀུ་ཤ་ཛ༔ དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་རྟེན་སྙིང་སྤེལ་ཚིག་བཅས་བྲི། འདིའི་བྲི་ཡིག་མཆན་བུ་ལས་ཡང་ན་དམ་ཅན་ཚབ་ཏུ་རྡོ་རྗེ་གཏུམ་པོའི་སྐུ་བྲི་བའང་བཤད་དོ། ༈ །མགར་ནག་བླ་རྡོ་གཡུང་སྟོན་པའི་ཕྱིང་ཁུག་ནག་པོ་ལས་བྱུང་བ་སོགས་སྣང་ཡང་། གུ་རུའི་ཇོ་རྩེའི་གཏེར་མ་སྲོག་སྒྲུབ་ཡང་སྙིང་འདུས་པ་ལས་འབྱུང་བ་ལྟར་ན། ཚེས་བཅུའི་ཉིན་ཕྱེད་ལ་བྱང་ཤར། ཉེར་གཉིས་ཀྱི་ཉི་མྱུར་ལ་ཤར་ལྷོ། ཉེར་དགུའི་ཕྱེད་ཡོལ་ལ་ལྷོ་ནུབ་ཏུ་ཁ་ཕྱོགས་པའམ། ཡང་ན་ཚེས་གཅིག་དང་གནམ་སྟོང་ལྟ་བུ་རྒྱུ་བའི་དུས་སུ། དར་རས་ཤོག་གུ་གཙང་མ་ལ་མཚལ་དང་ར་ཁྲག་བཟང་དྲུག་རིན་པོ་ཆེ་བསྲེས་པའི་ཁུ་བས་ཙཀྲ་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བར། ཏྲི་འི་མཐར། ཨོཾ་རྡོ་རྗེ་འབར་བ་ཧས་བྱ་ཧུས་བྱ༔ གླེ་གད་ཏྲི་དུ་ཛ༔ ཀྱེ་ཀྱེ་ཚུར་བྱོན་ཚུར་བྱོན༔ ཨཱ་ཀརྵ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་དང་། ཟས་ནོར་ཀྱི་དངོས་གྲུབ་ཞུ་བའམ་བརྟན་བཞུགས་སོགས་སྤེལ་ཚིག་བྲི། དེ་རྒྱབ་རྩིབས་དྲུག་ལ་ཏྲི་རེ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཀྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ རཱ་ཙ་སི་ཏི་ཐིབས་ཛ༔ རཱ་ཙ་ཨཱཿཨ་ཧོ་བྲུཾ་ཤ་མ་རུ་ཏྲི་མ་ཧོ་ཛཿམ་ལེ་ཐུན་མ་ལེ་རཱ་ཙ་བྷྱོ༔ ཞེས་བྲི། དེ་རྒྱབ་རྟ་མགྲིན་དང་ཕྱག་རྡོར་སྙིང་པོ་གོང་སྨྲོས་ལྟ་བུ་རང་གི་ཡི་དམ་གང་ཡིན་གྱི་སྙིང་པོ་བྲིའོ།། ༈ །།བརྒྱད་པ་དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་བདེ་འདུས་གཞུང་ལས་ཙཀྲ་མང་དུ་གསུངས་པའི་གཉན་པ་སྲོག་གི་འཁོར་ལོ་ལའང་རྒྱས་པར་སྡེ་དཔོན་སུམ་ཅུ་རེ་རེ་བཞིན་སྲོག་འཁོར་སོ་སོར་བྱར་ཡོད་ཀྱང། འདིར་སྤྱི་བསྡུས་སུ། སྐྱེས་དར་མའི་ཞིང་ལྤགས་སམ། མ་རྙེད་ན་རོ་རས་ལ་སྙིང་སྣ་དང་ཁྲག་སྣ་དང་ཨ་མྲྀཏ་བསྲེས་པའི་སྣག་ཚས་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་མུ་ཁྱུད་ནང་མར་གྲུ་གསུམ་བྲི། ལྟེ་བར་དྲེགས་པ་ཀུན་གྱི་སྲོག་འདུས་པའི་ཡི་གེ །ཨཱེ༔བྲི། ཟླ་གམ་གསུམ་ལ་མདུན་ནས་གཡས་སྐོར་དུ། ཧུར་ ཐུམས་ ཛ༔ དེ་རྒྱབ་འཁོར་ལོ་རྩིབས་བཞི་ལ་རྒྱབ་ནས་བརྩམ། མཱ་ ར་ ཡ་ ཕཊ༔ ཅེས་འབྲུ་བཞི་བྲི། རྩིབས་མཆན་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཅེས་བྲི། ཕྱི་རོལ་མུ་ཁྱུད་ལ། ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛཿབྷྱོ༔ མ་ཧཱ་དེ་ཝ་ཨེ་ཛཿབྷྱོ༔ ཨུ་མ་དེ་ཝཱི་ཨེ་ཛཿབྷྱོ༔ ཡ་མ་རཱ་ཛ་ཡ་ཛཿབྷྱོ༔ ཡ་མ་དན་ཏིང་ཡ་ཛཿབྷྱོ༔ མ་མ་རུ་ལུ་མ་ཛཿབྷྱོ༔ ཨེ་ཀ་ཙཱ་ཏི་ཏྲག་ཛཿབྷྱོ༔ དུ་ཁྲག་དུ་ཛཿབྷྱོ༔ དུན་ཏིང་དུ་ཛཿབྷྱོ༔ རཱ་ཙ་ཙ་ཛཿབྷྱོ༔ གིང་ཀ་ར་ཏྲི་ཛཿབྷྱོ༔ བཛྲ་སཱ་དྷུ་ཏྲི་ཛཿབྷྱོ༔ རཱ་ཧུ་ལ་རཱ་ཛཿབྷྱོ༔ རག་ཤ་ར་ཛཿབྷྱོ༔ རག་མོ་ར་ཛཿབྷྱོ༔ ཡཀྴ་ཀྵ་ཛཿབྷྱོ༔ ཡག་མོ་ཀྵ་ཛཿབྷྱོ༔ མ་ཧཱ་ཀཱ་ལ་ཀྵིཾ་ཛཿབྷྱོ༔ རུ་ཏྲ་རྣྲི་ཛཿབྷྱོ༔ མུན་མུན་པ་ཛཿབྷྱོ༔ ཏིར་ཏི་ཀ་ཐ་ཛཿབྷྱོ༔ དྷེ་བ་ཨ་ཛཿབྷྱོ༔ ཨ་སེ་ལ་ཨ་ཛཿབྷྱོ༔ ཏིག་སྣ་འདྲེ་རུམ་ཙམ་ཛཿབྷྱོ༔ ཨ་བྷི་ཤུཀྵུ་ཛཿབྷྱོ༔ ཏྲི་པ་ཤ་ལ་ཏྲི་ཛཿབྷྱོ༔ ཧཾ་ཤཾ་ཏྲི་ཛཿབྷྱོ༔ བྱི་ནཱ་ཡ་ཀ་ཨུ་ཛཿབྷྱོ༔ ཌཱ་ཀི་ནཱི་མཾ་ཛཿབྷྱོ༔ ནཱ་ག་རཱ་ཛ་ཕུ་ཛཿབྷྱོ༔ ནཱ་ག་ཀྲོ་ཏི་ཤྭ་རཱི་ཕུ་ཛཿབྷྱོ༔ ཞེས་དང་སྤེལ་ཚིག་གང་འོས་བྲི། དེ་རྒྱབ་དྲེགས་པ་སོ་སོ་ལ་སོ་སོའི་སྐུ་བྲི་བར་བཤད་ཀྱང་འདིར་སྤྱི་ཙམ་དུ་གསང་བདག་དྲེགས་པ་ཀུན་འདུལ་གྱི་སྐུ་བྲིའོ།། ༈ །།དགུ་པ་བླ་མ་དགོངས་འདུས་ལས་འབྱུང་བའི་གཏེར་སྲུང་བཙན་རྒོད་ཆེན་པོའི་སྲོག་འཁོར་ནི། ཕྱོགས་མེད་དུ་བསྒྲུབས་ནས་བསྟེན་ཅིང་སྲུང་མར་བཀོལ་བར་འདོད་ན་དར་དཀར་ལ་མཚལ་དང་དྲི་བཟང་པོའི་སྨན་སྦྱར་ལ་བྲི། ནོར་སྒྲུབ་གཙོར་བྱེད་པ་ལ་མཐིང་ཤོག་ངོས་སུ་གསེར་གྱིས་བྲི་སྟེ་འཁོར་ལོ་མུ་ཁྱུད་རིམ་པ་བདུན་དུ་བསྐོར། ནོར་སྒྲུབ་ལ་གཅིག་བསྣན་ཏེ་བརྒྱད་དུ་བྱ། ལྟེ་བར། ཧྲཱི༔ དེའི་མདུན་རྒྱབ་གཉིས་སུ། ཏྲི་ཞབས་ནང་བསྟན་རེ། གཡས་སུ་ཀྵ་ གཡོན་དུ་ཕུ་ བྲིས་པའི་མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་། ལུས་དང་གྲིབ་མ་བཞིན་འགྲོགས་པའི་འདོད་གསོལ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་གིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿཧཱུྃ་ཕཊ༔ ཅེས་དང་འདོད་གསོལ་བྲི། དེ་རྒྱབ་མུ་ཁྱུད་ལ། ཕཊ་ཧཱུྃ་ཛཿཛཿཧྲཱིང་ཧྲཱིང་ཏ་ཙིཏ་ཡ་མ་ས་ཤ་ཡག་ཤ་ཡག་ར་ཀ་གིང་ཏྲི་ར་ར་ཙ་ཏྲི་ཙན་ག་ནཱ་ཨོཾ༔ ཞེས་དང་ལས་གང་བཅོལ་གྱི་ཤམ་བུ་བྲི། དེ་རྒྱབ་མུ་ཁྱུད་ལ་འཁོར་ལོ་རྩིབས་བརྒྱད་པ་གཉིས་སྟེང་འོག་བསྣོལ་མར་བྲི། དེའང་ཐོག་མར་ཕྱོགས་མཚམས་བརྒྱད་དུ་རྩེ་མོ་ཡོད་པའི་རྩིབས་བརྒྱད་པ་བྲི། དེ་སྟེང་རྩིབས་མཆན་རྣམས་སུ་རྩེ་མོ་བསྟན་པའི་རྩིབས་བརྒྱད་པ་གཅིག་བྲིས་པས་རྩེ་བསྣོལ་བཅུ་དྲུག་ཏུ་འབྱུང་ཞིང་ཕྱི་ནང་རིམ་པ་གཉིས་སུ་ཡོད་པའི་ནང་མ་ལ། ཧྲཱི༔ བཅུ་དྲུག་མགོ་ནང་བསྟན། ཕྱི་མ་ལ། ཕུ༔ བཅུ་དྲུག །རྩིབས་མཆན་ལ། ཏྲི༔ ཡིག་བཅུ་དྲུག་བཀོད། དེ་རྒྱབ་མུ་ཁྱུད་ལ་རང་གི་ཡི་དམ་གང་གཙོ་བོར་བྱེད་པའི་སྔགས་བྲི་བར་གསུངས་ཤིང་དགོངས་འདུས་དཔེའུ་རིས་སུ་རིགས་གསུམ་མགོན་པོའི་ཞི་སྙིང་། གཤིན་རྗེ་རྟ་མགྲིན་གཏུམ་པོའི་སྔགས་རྣམས་དང་ཆེ་མཆོག་ཡབ་ཡུམ་གྱི་སྙིང་པོ་བཀོད་པར་སྣང་། དེ་རྒྱབ་བླ་མ་སྐུ་གསུམ་གྱི་སྙིང་པོ་དང་། སྤྱི་བསྡུས་སུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་དྷེ་ཝ་དྷཱ་ཀི་ནཱི༔ བོ་དྷི་ཙིཏྟ༔ མ་ཧཱ་སུ་ཁ༔ བཛྲ་མ་ཧཱ་ཀྲོ་དྷ༔ ཤཱནྟི་ཀ༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ སརྦ་སིདྡྷི༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཛྙཱ་ན་སཏྭ༔ ཨ་མི་དེ་ཝ༔ མ་མ་ཙིཏྟ་སཾ་བྷ་ཝ་ཨ་དྷིཥྛཱ་ནཾ༔ མ་མ་ཨཱ་ཡུརྫྙཱ་ན༔ སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི། དེ་རྒྱབ་ཁྲོ་བཅུའི་སྙིང་པོ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ དེ་བཞིན་དུ་ཐོག་མཐའ་འདྲ་བ་ལ། བི་ཛ་ཡ་ ནཱི་ལ་དཎྜ་ ཡ་མཱནྟ་ཀ་ ཨཱརྻ་ཨ་ཙ་ལ་ ཧ་ཡ་གྲཱི་བ་ ཨ་པ་ར་ཛཱི་ཏ་ ཨ་མྲྀཏ་ཀུཎྜ་ལཱི་ ཏྲཻ་ལོཀྱ་བི་ཛ་ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ༔ ནཱ་ག་ཙནྟྲི་ས་མ་ཡ་དམ་ལས་མ་འདའ་སྭཱ་ཧཱ༔ ཞེས་བྲི། ནོར་སྒྲུབ་གཙོ་བོར་བྱེད་ན་དེ་རྒྱབ་མུ་ཁྱུད་བརྒྱད་པ་ལ། ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་གིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ གནོད་སྦྱིན་འབར་བ་སྤུན་བདུན་གྱིས་བདག་སྒྲུབ་པོ་ཆེ་གེ་ལ་ཟས་ནོར་གྱི་དངོས་གྲུབ་སྩོལ་ཅིག་ཚེ་སྲིངས་ཤིག༔ དཔལ་སྐྱེད་འབྱོར་བ་སྤེལ་ སྙན་གྲགས་སྒྲོགས་ བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ཞེས་བྲི། དེ་རྣམས་ལ་ཧྲཱི༔ཡིག་བཅུ་དྲུག་མ་གཏོགས་ཡིག་མགོ་ཕྱིར་བསྟན་ཁོ་ནའོ།། ༈ །།བཅུ་པ་ཆོས་རྒྱལ་ལི་བྱིན་ཧཱ་རའི་སྲོག་འཁོར་ནི། དར་རས་དཀར་པོ་ལ་དྲི་བཟང་སྨན་སྣ་རིན་པོ་ཆེ་དང་མཚལ་བསྲེས་པས་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་ལྟེ་བར། ཨོཾ་ དེའི་མཐར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་རཀྴ་ཙིཏྟ་ཟུངས་ཁ་རག་སྨ་ཤ་རྦད་རྦད༔ འཁུ་ན་དུམ་བུར་ཤིག་འདའ་ན་རཀྴ་ཙིཏྟ་ཕྱུངས་རྦད༔ ལྡོག་ན་རཀྴ་ཙིཏྟ་གཏུབས་གཏུབས༔ རཱ་ཙ་སཾ་ཏི་ས་མ་ཡ་ཐིབས་ཛ༔ རཱ་ཙ་ཨ་ཧོཿབྲུཾ་རྦད༔ ཤ་མ་རུ་ཏྲི་མ་ཧོ་ཛ༔ ཐུགས་ཀྱི་རྒྱལ་པོ་རྣལ་འབྱོར་སྒྲུབ་པ་པོའི་གྲོགས་ལ་ཛཿས་མ་ཡ་ཧཱུྃ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ་རྩིབས་བཞི་བཀོད་པའི་ཤར་དུ། ཨོཾ་བཛྲ་རཱ་ཙ་རུ་ལུ་རུ་ལུ་ཏྲི་ཏྲི་ཨཱརྻ་ཛ་ལ་བྷྱོ་ཧཱུྃ་ཧཱུྃ༔ སྐུའི་རྒྱལ་པོ་རྣལ་འབྱོར་སྒྲུབ་པ་པོའི་གྲོགས་ལ་ཛ༔ ལྷོ་རྩིབས་ལ། བྲུཾ་སི་རཀྴ་ཏི་མཱ་ར་ཡ་བཛྲ་སུཾ་ཏྲི་མཱ་ར་ཡ་རྦད་དུཾ༔ ནི་ལ་ནི་ལ་རྒྱུག་བྲེང་ཐུཾ་རིལ་ས་མ་ཡ་དུ་ལིང་རྦད༔ ཡོན་ཏན་རྒྱལ་པོ་སྒྲུབ་པ་པོའི་གྲོགས་ལ་ཛ༔ ནུབ་རྩིབས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་ནཱ་ག་རཱ་ཙ་བོ་དྷི་སཏྭ་ཨ་ཏྲི་སེམས་དཔའ་དམ་ལ་འདུ་འདུ་ས་མ་ཡ་ཛཿཛ༔ གསུང་གི་རྒྱལ་པོ་རྣལ་འབྱོར་སྒྲུབ་པ་པོའི་གྲོགས་ལ་ཛ༔ བྱང་རྩིབས་ལ། ཨ་ལ་ལ་ཧོ་ཨོཾ་བཛྲ་ཤྲཱི་བདེ་ཤྲཱི་བདེ་ཨ་ཧ་ར་ནན་ཛྲ་ཧཱུྃ་ཏྲི་ནན་བཛྲ་དུ་རུ་ཐིབས་པྲ་ཤག་ཧཱུྃ་ཛ༔ བཛྲ་ཧཱུྃ་ཏྲི་དུག་ས་མ་ཡ་ཛཿཛ༔ ཕྲིན་ལས་རྒྱལ་པོ་རྣལ་འབྱོར་སྒྲུབ་པ་པོའི་གྲོགས་ལ་ཛ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་སིདྡྷི་ཨ་མྲྀཏེ་ཧཱུྃ་ཕཊ༔ མ་ཧཱ་རཱ་ཛ་སྐུ་ལྔ་ཡབ་ཡུམ་སྤྲུལ་པ་བློན་འབངས་ཐམས་ཅད་ཀྱི་འཁུ་ལྡོག་ཆོ་འཕྲུལ་ཆིངས་ཤིག༔ དཔལ་ཆེན་པོའི་དམ་ལས་མ་འདའ་བར་ལས་བཞིའི་གྲོགས་གྱིས་ཤིག་བཛྲ་ས་མ་ཡ་རཀྵནྟུ༔ ཞེས་བྲི། དེ་རྒྱབ་མེ་རི་གཡས་སྐོར་དུ་བྱེད་པའང་ཡོད་ཅིང་མ་བྲིས་ཀྱང་ཆོག །འདི་སྨིན་གླིང་ཕྱག་བཞེས་ལས་འབྱུང་བ་ལྟར་ཡིན་ཡང་སྔགས་ལ་ཐེ་ཚོམ་དང་མ་དག་པ་མང་བས་རྩ་བའི་ཁུངས་ཉང་གཏེར་གྱི་རྒྱུད་ལ་གཏུགས་ནས་དག་པར་བྱས་པའོ།། ༈ །།བཅུ་གཅིག་པ་གནོད་སྦྱིན་ཙིའུ་དམར་པོའི་སྲོག་འཁོར་ནི། དར་རས་གྲོ་ཤོག་དམར་པོ་ལ་ཙནྡན་དམར་པོའི་ཁུ་བས་བྱུགས་པ་ལ། མཚལ་དང་རྒྱ་སྐྱེགས་སྐྱེས་དར་མའི་གྲི་ཁྲག་རྣམས་བསྲེས་པས་ཙཀྲ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་ལྟེ་བར། ཨོཾ་ཏྲི་ཧཱུྃ་གསུམ་ཐོ་བརྩེགས། ཏྲིའི་གཡས་གཡོན་དུ་ཕཊ་རེ་བྲིས་པའི་མཐའ་སྐོར་དུ། ཨོཾ་ཀཱ་ཡ་བཛྲ་ཙ་ར་ཐང༔ ཝཱ་ཀ་བཛྲ་ཙ་ར་ཐང༔ ཙིཏྟ་བཛྲ་ཙ་ར་ཐང༔ ས་མ་ཡ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ གནོད་སྦྱིན་ཙིའུ་དམར་པོ་ཁྱོད་ཀྱིས་སློབ་དཔོན་པདྨའི་བཀའ་ལས་མ་འདའ་བར་རྟེན་འདིར་བརྟན་པར་བཞུགས་ལ་སོགས་འདོད་གསོལ་བྲི། དེ་རྒྱབ་རྩིབས་བརྒྱད་ལ། ཨོཾ་པདྨ་ ཙཎྜ་ མ་ཧཱ་ ཀྲོ་དྷ་ ཧ་ཡ་ གྲཱི་བ་ ཧུ་ལུ་ཧུ་ལུ་ ཧཱུྃ་ཕཊ༔ ཅེས་ནུབ་ནས་གཡས་སྐོར་དུ་བྲི། རྩིབས་མཆན་རྣམས་སུ། གནོད་སྦྱིན་ཆེན་པོ་སློབ་དཔོན་པདྨའི་བཀའ་ལས་མ་འདའ་ཞིག༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤཱུ་ལ་གྲཱི་བ་ཏྲི་ཤཱུ་ལ་ཧྲིང་ཧྲིང་ཛཿཛ༔ ཨོཾ་ཀཱ་ཡ་བཛྲ་ཙ་ར་སོགས་དང་སྤེལ་ཚིག་བཅས་ལྟེ་བའི་ལྟར་བྲིའོ།། ༈ །།བཅུ་གཉིས་པ་གཉན་ཆེན་ཐང་ལྷའི་སྲོག་འཁོར་ནི། དར་དཀར་རམ་རྒྱ་ཤོག་གཙང་མ་ལ་སྨན་སྣ་རིན་ཆེན་དྲི་བཟང་བསྲེས་པའི་མཚལ་གྱི་ཁུ་བས་འཁོར་ལོ་མུ་ཁྱུད་རིམ་པ་ལྔར་བསྐོར་བའི་ལྟེ་བར། ཨ་ མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་། གཉན་ཆེན་ཐང་ལྷ་སྐུ་མཆེད་སྲས་ལྕམ་འཁོར་དང་བཅས་པས་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི་བཀའ་དང་དམ་ལས་མ་འདའ་བར་རྟེན་འདིར་བརྟན་པར་བཞུགས་ལ་སོགས་འདོད་གསོལ་བྲི། དེ་རྒྱབ་རྩིབས་བརྒྱད་ཀྱི་ཤར་རྩིབས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་སརྦ་རོ་ག་གྲ་ཧ་ན་དུཿཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོར། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་མ་ཎི་རཏྣ་སིདྡྷི་ཧཱུྃ༔ ནུབ་ཏུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་ཨཱ་ཡུཿསིདྡྷི་ཧཱུྃ༔ བྱང་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཕཊ་ཕཊ༔ ཤར་ལྷོར། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་པུ་ཏྲ་སིདྡྷི་ཧཱུྃ༔ ལྷོ་ནུབ་ཏུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་བིགྷྣཱན་རཱ་ཛ་མཱ་ར་ཡ་ཕཊ༔ ནུབ་བྱང་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་སི་སི་སི་སི༔ ཡེར་ཡེར༔ ལྷེང་ལྷེང༔ ཐེག་ཐེག༔ ཕུག་ཕུག༔ སྙིལ་སྙིལ༔ བློང་བློང༔ མཐོང་སྟེ་གནད་ལོག༔ བྱང་ཤར་དུ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་འབར་བ་རྩལ་བྲཧྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ལ། ཧྲཱིཿམ་ཧཱ་ཀྲོ་དྷ་པདྨཱནྟ་ཀྲྀཏ་ཧ་ཡཾ་གྲཱི་བ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧྲཱི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉི་ཁུ་ཤ་ལི་སྭཱ་ཧཱ༔ ས་བརྒྱད་དབང་ཕྱུག་དམ་ཅན་རྡོ་རྗེ་འབར་བ་རྩལ་སྤྲུལ་འཁོར་བཅས་པ་རྟེན་འདི་ལ་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་བན་བོན་སྔགས་པའི་མཐུ་བྱད། སྣང་སྲིད་ལྷ་འདྲའི་ཟ་ཁ་ཟུག་པ། ནད་གདོན་བར་ཆད། ཆག་ཆེ་ཉམ་ང་། ཁྱད་པར་སྟེང་འོག་བར་གསུམ་གྱི་གདོན་གྱི་གནོད་པ་སྨྱོ་འབོག་སྙིང་རླུང་སྟོད་འཚང་ལྐུག་འཆལ་བརྒྱལ་གཟེར་འཁྲུག་ལོང་ཞྭ་གྲུམ་ལ་སོགས་པ་ཞི་ཞིང་ཟློག་པ་དང་སྲུང་བའི་ཕྲིན་ལས་མཛོད་ཅིག །ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མ་གཡེལ་བར་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་བྲི། དེ་རྒྱབ་ཨཱ་ལི་ཀཱ་ལི། དེ་རྒྱབ་ཡེ་དྷར་བྲི། སྲུང་འཁོར་གཙོར་བྱེད་ན་དེ་རྒྱབ་རྡོར་ར་མེ་རི་བྲི། བླ་རྡོ་ཙམ་ལ་ནི་མི་དགོས་སོ།། ༈ །།བཅུ་གསུམ་པ་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་ནང་གསང་བའི་སྲོག་འཁོར་གཅིག་ཏུ་འདུས་པ་མཁས་གྲུབ་ཆེན་པོའི་ཕྱག་ལེན་མ་ནི། གཞི་དཀར་པོའི་དབུས་སུ་ལྟེ་བ་མཐིང་གར། བཾ་ དེའི་མཐར་པད་འདབ་བཞི་ཕྱོགས་མདོག་ལ། ཤར་ནས་གཡས་སྐོར་དུ། ཧ་ རི་ ནི་ ས་ དེའི་ཕྱི་རོལ་དུ་མུ་ཁྱུད་དང་པོ་དམར་སྨུག་ལ། ཨོཾ་ཧྲཱིཿཧ་རི་ནི་ས་ལོ་ཀ་སིདྡྷི་ཨཱ་ཀརྵཱ་ཡ་ཁུག་ཁུག་སྡུས་སྡུས་ཛཿཛཿཙིཏྟ་ཧྲཱིཾ་ཧྲཱིཾ༔ པཉྩ་ཌཱ་ཀི་ནཱི་ས་པ་རི་བཱ་རཱརྞཱི་ཤྲ་ཡ་ཏྭི་དཾ་སྡྱི་རཾ་ཏིཥྛནྟུ། ཨ་ཧཉྩ་སརྦ་ས་ཏྭེ་ཥུ་ཙ་ཏུཿཀརྨཱ་ཎཱཾ་སིདྡྷི་དེ་ཧི། མུ་ཁྱུད་གཉིས་པ་དམར་ཆེན་ལ། ཨོཾ་ཧྲཱིཿབཛྲ་པྲ་མོ་ཧ་ཧྲཱིང་ཧྲཱིང་སྡུས་སྡུས་ཨཱརྵཱ་ཡ་ཁུག་ཛ༔ པཉྩ་ཌཱ་ཀི་ནཱི་སོགས་གོང་ལྟར། གསུམ་པ་དཀར་པོ་ལ། ཨོཾ་བཛྲ་པྲ་མོ་ཧ་ཧྲཱིང་ཧྲཱིང་སྭཱ་ཧཱ༔ ཞེས་དང་། དབྱངས། གསལ་བྱེད། རྟེན་སྙིང་བཅས་པའི་མཐར། པཉྩ་ཌཱ་ཀི་ནཱི་སོགས་སྤེལ་ཚིག་དང་། བཀྲ་ཤིས་ཚིགས་གཅད། སུ་པྲ་ཏིཥྛ་བཅས་བྲི། དེ་རྒྱབ་རྡོར་ར་དང་། ནོར་འཛིན་པ་ཏྲས་བསྐོར་བ་བྱའོ།། ༈ །།གསུམ་པ་འཁོར་ལོ་བཅའ་བསྒྲིག་དང་བླ་རྡོའི་ལག་ལེན་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སྤྱིར་འཁོར་ལོ་ཐམས་ཅད་ལྟེ་བ་མ་བུག་པ་དང་། མུ་ཁྱུད་མ་ཆད་པ་དང་། རྩིབས་དང་མུ་ཁྱུད་མ་ཐུག་པ་དང་། སྔགས་རྣམས་ཆད་ལྷག་བྲི་བསུབ་མེད་པ་དག་ཅིང་ཧ་ཅང་བཅར་ཆེ་བ་དང་བར་ཕྱེ་ཆེ་བའི་སྐྱོན་མེད་པར་བྲི་རྒྱུ་མང་ཉུང་དང་བསྟུན། ཉུང་བ་རྣམས་ཕྲེང་གཅིག་ལ་མགོ་མཐའ་རྭ་འཕྲོད་པ། མང་བ་རྣམས་ཡིག་རྩེ་མགོ་ཕྱི་ནས་བླངས། ཡིག་མཇུག་ནང་དུ་བསྐོར་ནས་ཕྲེང་གཉིས་གསུམ་ལ་དུ་ཤོང་བྱ། དམིགས་བསལ་ཅན་མ་གཏོགས་འདིར་བསྟན་འཁོར་ལོ་ཡིག་མགོ་ཕྱིར་བསྟན་ཁོ་ན་ཡིན་ཞིང་། དེའང་རྩིབས་ཀྱི་ཤར་ལྷོ་ནུབ་བྱང་གི་དབྱེ་བ་ཡོད་པ་རྣམས་མ་གཏོགས་ས་བོན་གྱི་ཀླད་དམ་རྒྱབ་ཕྱོགས་ནས་འགོ་གཟུང་ལ་བྲི། རྫས་དམིགས་བསལ་མེད་པ་ལ་དྲི་བཟང་སྨན་སྣ་རིན་པོ་ཆེའི་ཁུ་བས་བྱུགས། ཆོས་སྐྱོང་གི་སྤེལ་ཚིག་གམ་འདོད་གསོལ་སྤྱིར་རྟེན་བཅའ་བ་ལ་བརྟན་བཞུགས་སྲུང་བ་སོགས་ལས་བྱེ་བྲག་པ་ལ་སོ་སོའི་ཕྲིན་ལས་སྒྲུབ་པ་ཁ་བསྒྱུར་དགོས་ཀྱང་འདིར་རྟེན་གྱི་བླ་རྡོ་དང་ལས་སྤྱི་ལ་དཔེར་མཚོན་ན། ཆོས་སྐྱོང་སོ་སོའི་མཚན་ཆེ་བརྗོད་ཅན་བྲིས་པའི་མཇུག་ཏུ་སྤེལ་ཚིག་སྦྱར་དགོས་པས་ལྟེ་བར། དཔལ་མ་ཧཱ་ཀཱ་ལ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་དྲན་པར་མཛོད་ལ། རྟེན་འདིར་རྟག་ཏུ་བརྟན་པར་བཞུགས་ནས་སྒྲུབ་པ་པོའི་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་འགྲོགས་ལ་བསམ་དོན་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །ཅེས་པ་ལྟ་བུ་དང་། ཕྱིའི་མུ་ཁྱུད་སྔགས་མཐར། དྲན་པར་མཛོད་ལ། ཞེས་པ་ཡན་ཆད་གོང་ལྟར་ལ། བདག་སྒྲུབ་པ་པོ་འཁོར་དང་བཅས་པའི་འདི་ཕྱིའི་ལེགས་ཚོགས་གོང་དུ་སྤེལ་ཞིང་ཕྱི་ནང་གསང་བའི་རྟེན་འབྲེལ་འབད་མེད་ལྷུན་གྲུབ་ཏུ་བསྒྲིག་པར་མཛོད་ཅིག །འགལ་རྐྱེན་མཐའ་དག་སོལ། མཐུན་རྐྱེན་ཐམས་ཅད་སྒྲུབས། རྣམ་བཞིའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་དང་། དགོན་གནས་ལྟ་བུ་ལ། ཁྱད་པར་ཆོས་འཁོར་གཉན་པོ་འདིའི་སྲུང་མ་དམ་པ་མཛོད་ལ་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་མེལ་ཚེ་མི་གཡེལ་བ་དང་། འགལ་རྐྱེན་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཞིང་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛོད་ཅིག །ཅེས་བྲི། འདོད་གསོལ་རྩ་བ་དེ་ལྟ་བུ་ལ་དོན་དང་མཐུན་པའི་འབྱིན་འཇུག་མང་ཉུང་ཇི་འདོད་བྱ་ཆོག་ཅིང་། སྟབས་བདེ་བར་བྱེད་ན་གོང་དུ་ཕོ་རྒྱུད་མོ་རྒྱུད་ཀྱི་སྐབས་སུ་ཡོད་པའི། དྷརྨ་པཱ་ལ་སྱ་རཀྵི་ཏ་སོགས་སྦྱར་ཡང་དོན་འཐུས་ཤིང་སྟབས་བདེའོ། །བྲི་མཁན་ཀྱང་རབ་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་རིམ་གཉིས་ཏིང་ངེ་འཛིན་དང་ལྡན་པ། འབྲིང་དབང་དང་དམ་ཚིག་ཡོད་པ། ཐ་མའང་དབང་ཐོབ་ལ་ལོག་ལྟ་དང་མི་དགེ་བ་མི་སྤྱོད་པ་ཞིག་གལ་ཆེ། དུས་སོ་སོར་བཤད་པ་རྣམས་དང་སྤྱིའི་དུས། བླ་མ་ལ་ཡར་གྱི་ཚེས་བཅུ། ཡི་དམ་ལ་ཉ་སྟོང་བརྒྱད། མཁའ་འགྲོ་ལ་མར་ངོའི་ཚེས་བཅུ། ཆོས་སྐྱོང་ལ་དགུ་གསུམ་གྱི་དུས་སུ་ལེགས། གནས་དབེན་ཅིང་གཙང་སྦྲ་དང་ལྡན་པར་དམ་མེད་ཀྱི་མིས་མ་མཐོང་ཞིང་མ་རེག་པར་ཐོག་མར་སྙན་གསན་འབེབ་པའི་ཚུལ་དུ་སྐོང་གསོལ་རེ་གཏང་རྒྱུ་བྱུང་ན་ལེགས་ཤིང་། བྲི་བའི་སྐབས་སུའང་གཡས་ཆུང་དུ་མ་སོང་བར་ཡི་དམ་གྱི་ང་རྒྱལ་ལྡན་པས་ཆོས་སྐྱོང་སོ་སོའི་སྙིང་པོ་བཟླ་བཞིན་དུ་རབ་སྟན་ཐོག་དང་། མ་འགྲུབ་ནའང་ཉིན་རྫོགས་སུ་འབྲིའོ།། ༈ །།གཉིས་པ་བྱེ་བྲག་སོ་སོའི་རྟེན་ལ། ཐོག་མར་བླ་མའི་སྲོག་འཁོར་ལ་བདུད་རྩི་ཆོས་སྨན། ལྔ་ཚན་ལྔ། དར་སྣ། འབྲུ་སྣ། སྨན་སྣ། རིན་པོ་ཆེ་རྣམས་བཞག །དར་སྣ་ལྔའི་ན་བཟས་དྲིལ། སྐུ་རྟེན་ཨོ་རྒྱན་སྐུ་ཆེ་ཆུང་གང་རུང་། གསུང་རྟེན་བླ་སྒྲུབ་གང་རུང་གི་གླེགས་བམ་མམ་ཆོས་ཚན། ཐུགས་རྟེན་ཐོད་པ་མཚན་ལྡན་དང་རྡོ་རྗེ། ཁྱད་པར་རང་བྱུང་ཤེལ་དཀར་ཟུར་བརྒྱད་སོགས་འབྲལ་མེད་དུ་བཅང་ངོ་། ༧ །ཡི་དམ་དང་མཁའ་འགྲོ་ལ་བྱང་སེམས་དཀར་དམར་ཚད་ལྡན་རྙེད་ན་རབ། མ་རྙེད་ན་གནས་ཆེན་རྣམས་ལས་བྱུང་བའི་ཅུ་གང་དང་སིནྡྷུ་ར་དང་ཆོས་སྨན་བྱུགས་པ་དང་ལྟེ་བར་བཞག །ལྷའི་བླ་རྡོ་ཤེལ་ལ་ཨ་ མིའི་བླ་རྡོ་གཡུ་ལ་ནྲྀ་ འདྲེའི་བླ་རྡོ་ཕ་ཝང་ལོང་བུ་ལ་ཏྲི་ གསེར་རམ་མཚལ་གྱིས་བྲིས་པ་རྣམས་དང་ལྷན་ཅིག་དར་ཚོན་སྣ་ལྔ་དང་ཞིང་ལྤགས་ཀྱིས་དྲིལ་བ་བཤད་ཀྱང་མ་རྙེད་ན་བླ་མ་བྱིན་རླབས་ཅན་གྱི་གདུང་རས་ཀྱིས་དྲིལ། ༧ མཁའ་འགྲོ་སྤྱིའི་སྲོག་འཁོར་ཁྱད་པར་དུ་བཤད་པ་དེ་ལ། གནས་ཆེན་ནས་བྱུང་བའི་སིནྡྷུ་ར། ག་པུར། བྱང་སེམས་དཀར་དམར་དངོས་སམ། སེལ་མེད་ཀྱི་བདུད་རྩི་ཆོས་སྨན་བྱུགས། གནས་གསུམ་མཁའ་འགྲོ་རྒྱ་མཚོ་བསྐྱེད་ཅིང་བསྟིམས། ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་དབུ་སྐྲ་གཏེར་བྱོན་ལྟ་བུ་རྙེད་ན་དང་། མ་རྙེད་ན་མཁའ་འགྲོའི་རིགས་ངེས་པ་ཅན་གྱི་སྐྲ་དང་། འགྲོན་བུ་ལ་བཾ་བྲིས་པ་བཅས་ལྷན་ཅིག་ཏུ་དྲིལ་ནས་ལུས་ལ་འཆང་བའམ། གཏོར་མ་སོགས་ཀྱི་ནང་དུ་བཅུག་པས་ཡེ་ཤེས་དང་ལས་ལས་གྲུབ་པའི་ཌཱ་ཀིའི་ཚོགས་སྤྲིན་བཞིན་དུ་འདུ་བར་གསུངས་སོ། ༧ །ཆོས་སྲུང་ཕོ་རྒྱུད་སྤྱིའི་སྲོག་འཁོར་ལ། ཆོས་སྲུང་ཆགས་ངེས་པའི་རྟེན་གཏོར་དང་། མེ་ཏོག་གི་ཕྱེ་མ། བདུད་རྩི་ཆོས་སྨན། གྲི་ཤ་སོགས་ཤ་སྣ་ཁྲག་སྣ། གུ་གུལ། ཡུངས་དཀར། ས་སྣ་ཆུ་སྣ། དྲི་བཟང་། རིན་ཆེན་འབྲུ་སྨན་སོགས་ཀྱིས་བྱུགས། དམ་ཅན་རྒྱ་མཚོར་བསྐྱེད་བསྟིམ་བརྟན་བཞུགས་བྱ། སྐུ་དང་གཏོར་མའི་ནང་གཞུག་དང་། ལུས་ལ་འཆང་བས་ཀྱང་རུང་སྟེ་བསྟན་སྲུང་དབང་པོ་རྣམས་འབྲལ་མེད་དུ་འགྲོགས་ནས་ཕྲིན་ལས་རྣམ་བཞི་ཡིད་བཞིན་དུ་བསྒྲུབ་པར་གསུངས་སོ། ༧ །མོ་རྒྱུད་སྤྱིའི་སྲོག་འཁོར་ལ། ཆོས་སྲུང་ཆགས་པའི་རྟེན་གཏོར་གྱི་ཕྱེ་མ་སོགས་རྫས་གོང་ལྟར་དང་། རཀྟ། གི་ཝཾ། གུར་གུམ་སོགས་བྱུགས་ནས་རབ་ཏུ་གནས། རྟེན་གཏོར་དང་སྐུ་སོགས་ཀྱི་ནང་དུ་བཅུག་པས་སྲིད་པ་མ་མོ་རབ་འབྱམས་དབང་དུ་འདུས་ཤིང་བཀའ་ཉན་པར་འགྱུར་བར་གསུངས་སོ། ༧ །སྤྱིའི་བླ་རྡོར་ཆོས་སྐྱོང་མགོན་པོ་ཕོ་རྒྱུད་ལ་སྒྲུབ་གནས་ཀྱི་བྱང་ཕྱོགས་ནས་རྡོ་ནག་གྲུ་གསུམ་གྲི་གུག་རྩེ་མོས་བླངས་པ་ལ་གསེར་གྱིས་ཧཱུྃ་བྲིས་པ་དང་། ལྷ་མོ་མོ་རྒྱུད་ལ་བྱང་ཤར་མཚམས་ནས་མཚོ་ཆེན་གྱི་རྡེའུ་སྔོན་པོ་གྲི་གུག་གིས་བླངས་ཏེ་བྷྱོའམ་རང་སྲོག་བྲི། གཉིས་ཀ་གནམ་མ་མཐོང་བ་དང་ཕྱོགས་སོ་སོ་འགྲིགས་ན་ལེགས། ཕྱོགས་མ་འགྲིགས་ན་གང་འབེན་ནས་བླངས། གྲི་གུག་མ་འཛོམ་ན་གྲི་རྩེས་བླངས་ཀྱང་ཆོག་པ་ཆགས་མེད་རིན་པོ་ཆེས་གསུངས། དྲེགས་པ་གཞན་ལ་སོ་སོའི་བླ་རྡོ་ཤེས་ན་ལེགས་ཤིང་མ་ཤེས་ན་ཕ་ཝང་ལོང་བུ་གནམ་གྱིས་མ་མཐོང་ཞིང་ལག་པས་མ་རེག་པར་བླངས་པ་ལ་སོ་སོའི་ས་བོན་ནམ་ཏྲི༔ མགོན་པོའི་རིགས་ལ་གྲི་སྙིང་དང་། ལྷ་མོ་ལ་ནལ་བུའི་སྙིང་བླ་རྟེན་གྱི་གཙོ་བོ་ཡིན་ཞིང་། གཞན་སོ་སོའི་རྟེན་རྫས་དང་མཐུན་པར་སོ་སོར་འཛོམ་པ་གལ་ཆེ། རྩ་གསུམ་ཆོས་སྐྱོང་སྤྱི་ལ་སོ་སོའི་སྐུ་གཟུགས་རིན་པོ་ཆེས་བྲིས་པ་ཚོན་གང་བ་དང་། དར་སོ་སོའི་ཁ་དོག་དང་མཐུན་པ་ལ་སྲོག་སྔགས་གསེར་གྱིས་བྲིས་པ་དང་། སོ་སོའི་དམ་རྫས་རིལ་བུར་དྲིལ་བ་ལ་སྲོག་ཡིག་བྲིས་པ་རྣམས་ལྷན་ཅིག་ཏུ་བཞག་པ་གནད་ཀྱི་ཞལ་གདམས་སུ་གསུངས་པ་དང་། ཆོས་སྐྱོང་རྣམས་ཀྱི་བླ་རྡོའི་ས་བོན་དང་འཁོར་ལོའི་ས་བོན་ཞལ་སྤྲོད་དུ་བཞག །སྲོག་སྔགས་དེ་མཉམ་མམ་འཁོར་ལོའི་རྒྱབ་ཏུ་དྲིལ་ཡང་ཆོག་ཅིང་། དེ་རྒྱབ་སོ་སོའི་གཉན་པོར་འགྱུར་བའི་ཡི་དམ་སྐུ་གཟུགས་སྔགས་བྱང་དང་བཅས་པའམ་མ་འཛོམ་ན་སྔགས་བྱང་ཙམ་གྱིས་དྲིལ་བར་བཤད་དོ། ༧ །ཆོས་སྐྱོང་སོ་སོའི་ཐོག་མར་ཡེ་ཤེས་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོའི་འཁོར་ལོ་དར་ནག་གིས་དྲིལ། ལུག་ནག་གི་སྙིང་དང་ལྷན་ཅིག་བཞག་པར་བཤད། གྲི་ལྕགས་ཀྱི་གྲི་གུག་སོགས་མགོན་པོ་སྤྱིའི་རྟེན་ཚང་བར་གསག་གོ ༧ །དཔལ་མགོན་ཕྱག་བཞི་པའི་བླ་རྡོ་ཕ་ཝང་ལོང་བུ་ལ་པད་རཱཀ་དང་མཚལ་གྱིས་ཧཱུྃ་བྲིས་པ་འཁོར་ལོ་དང་ལྷན་ཅིག་པར་དྲིལ། གསེར། གཡུ། བྱེ་རུ། ཤེལ། དུང་། ཁབ་ལེན། དུར་ཁྲོད་ཀྱི་རྡོ་ནག །གྲི་ལྕགས། ཐོག་མདེའུ། ཟངས་ཁབ། འབྲུ་སྨན། གྲི་སྙིང་གི་དུམ་བུ་བཅས་དར་ནག་གིས་བཏུམ། གྲི་སྙིང་སྐྱོན་བྲལ་བཅུག་ལ་རྟེན་གཏོར་སོགས་དང་ལྷན་ཅིག་འཇོག་པའམ། ལྕགས་ཟངས་གང་རུང་གི་གྭའུར་མན་ངག་གི་གནད་དང་ལྡན་པས་བཅང་ངོ་། ༧ །མ་ནིང་འཁོར་ལོའི་ལྟེ་བར་བླ་རྡོ་ཕ་ཝང་ལོང་བུ་ལ་གསེར་རམ་མཚལ་གྱིས་ས་བོན་བྲིས་པ་བཞག །འཇའ་ཚོན་གཞུང་ལས། ཕ་ཝང་ལོང་བུའི་ངོས་དྲུག་གི་སྟེང་དུ་ཨོཾ་ འོག་ཏུ་མ་ ངོས་བཞི་ལ་ ར་ ཡ་ ཙ་ དུ་ བཞི་གསེར་གཡུ་པད་རཱག་མཚལ་གྱིས་བྲི་བར་གསུངས། མན་ངག་བཞིན་བལྟབས་པ་སྲོག་སྔགས་གསེར་གྱིས་དར་ནག་ལ་བྲིས་པ་དང་ལྷན་ཅིག་ཏུ་དར་ནག་གིས་དྲིལ་བ་གྲི་སྙིང་དུ་བཅུག་པ་ཟངས་ལྕགས་ཀྱི་གྭའུར་བཅུག་ནས། སྒྲུབ་པའི་ཚེ་བྲག་ནག་ལ་སྐྱེས་པའི་སྨྱུག་མ་ལིངས་པས་བཅད་པ་བྱ་ནག་གི་སྒྲོ་གྲི་ལྕགས་གྱི་མདེའུ་ཅན་གྱི་མགུལ་དུ་སྟག་གཟིག་རས་མ་དར་ཚོན་དང་བཅས་ཏེ་གདགས། སྒྲུབ་པ་ཚར་ནས་ལུས་ལ་བཅང་། འཁོར་ལོ་རྩིབས་བརྒྱད་མ་ལའང་བླ་རྡོ་སོགས་བྱེད་ལུགས་འདྲ་བ་ལས་མགོན་པོ་གནས་ཁང་དུ་ཆགས་པའི་ཐབས་གོང་གི་མདའ་གཏོར་མ་ལ་བཙུགས་ནས་སྒྲུབ་ཁང་གི་བྱང་ཤར་དུ་མི་མངོན་པར་སྦ། ལས་ལ་སྦྱར་ཚེ་གྲི་སྙིང་གི་རྩ་དབུས་མར་སྲོག་འཁོར། གཡས་སུ་སྨན་སྣ། གཡོན་དུ་ལིང་ག་བཅུག་ལ་མདའི་མགུལ་དུ་གདགས་པར་གསུངས། ལྷ་མེད་པའི་འཁོར་ལོ་རྩིབས་དྲུག་པ་དེ། ཕ་ཝང་ལོང་བུ་གསེར་མདོག་ཧཱུྃ་བྲིས་པ་དང་ལྷན་དུ་ལྟེབ། མི་ལྤགས་ཀྱིས་དྲིལ་ནས་བཅང་གསུངས་སོ། ༧ །ཞལ་བཞི་པའི་གསང་མགོན་སྲོག་འཁོར་རང་བྱུང་རྡོ་ནག་གྲུ་གསུམ་ལ་ཧཱུྃ་བྲིས་པ་དང་ལྷན་ཅིག་དར་ནག་གིས་དྲིལ་བ་ཁོ་ནའམ། འཛོམ་ན་གྲི་སྙིང་གི་རྩ་སྦུབས་དབུས་མར་བཅུག །རྩ་སྦུབས་གཡས་སུ་སྒྲུབ་ཐབས་ལས་འབྱུང་བའི་རྩ་སྔགས་འབྲུ་བཅུ་བཞི་མ་དང་གཡོན་དུ་ལས་སྦྱོར་གྱི་སྔགས་མཐིང་ཤོག་ལ་གསེར་གྱིས་བྲིས་པ་བཅུག །རིན་ཆེན་འབྲུ་སྨན་དར་ཚོན་གྱིས་བཀང་སྟེ་དར་མཐིང་ནག་གིས་དྲིལ་བ་མདའ་བྱ་རྒོད་མ་གྲི་ལྕགས་ཀྱི་མདེའུ་ཅན་གྱི་མགུལ་དུ་དར་ཟབ་སྟག་གཟིག་རས་མ་དང་ལྷན་ཅིག་བཏགས་ལ། སྒྲུབ་པ་ཚར་ནས་གྭའུ་བླ་རྡོ་སྒྲུབ་པ་པོས་མཆན་དུ་བཅང་། གྲི་ལྕགས་ཀྱི་གྲི་གུག་དང་རལ་གྲི་བྱ་རོག་རྒྱལ་མཚན་སོགས་ཀྱང་རྟེན་དུ་བཟུང་ངོ་། ༧ །དཔལ་ལྡན་སྔགས་ཀྱི་སྲུང་མའི་སྲོག་འཁོར་པདྨ་རཀྟ། གི་ཝཾ། གུར་གུམ། བདུད་རྩི་རྣམས་ཀྱིས་བྱུག །ནལ་བུའི་སྙིང་དངོས་སམ་སྙིང་གི་ཕྱེ་མ་ས་སྤྱིན་དང་སྦྱར་ནས་སྙིང་གཟུགས་བཅོས་པའི་རྩ་སྦུབས་སུ་གཞུག །རབ་གནས་གྲུབ་ནས་རྟེན་གཏོར་དང་ཉེ་བར་ཁ་ཊྭཱཾ། སྦ་ལྕག་ཚིགས་གསུམ་ནལ་བུ་དང་རྨ་བྱའི་རྒྱལ་མཚན་སོགས་དང་ལྷན་ཅིག་ཏུ་བཞག་གོ ༧ །ལྷ་ཆེན་ལྕམ་དྲལ་ལ། ཐོག་མར་རྟེན་རྫས་ཀྱི་གཙོ་བོ་སྐུ་རྟེན་ནི། ཟླ་བ་ཡར་ངོ་རྒྱལ་གྱི་ཉི་མ་ལ། སྨད་འཚོང་མ་གཞོན་ནུ་དཔལ་ཅན་གྱི་འདོམས་དཀྲིས་ཀྱི་རས་སམ་དར་ལ་རང་གི་ས་བོན་དང་ན་ཆུང་གི་རཀྟ་གྷི་ཧཾ་ག་པུར་གུར་གུམ་ཙནྡན་གྱི་ལྡེ་གུ་སོགས་སྨན་སྤོས་དྲི་ཞིམ་པོས་ཆག་ཆག་འཐས་པར་བྱས་ལ་མེ་ཏོག་དམར་པོའི་ཁར་བཞག །སྙིང་ཁའི་ཐད་དུ་ཨཾ་དམར་པོ་ཞིག་བྲིས་ལ་དེ་དང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་ཆེན་འཁོར་བཅས་སྔགས་ཀྱི་རྣམ་པར་འོད་ཟེར་དམར་པོ་ཆི་ལི་ཆི་ལི་བྱུང་ནས་གཞི་དེ་ལ་ཐིམ་པར་བསམ་ཞིང་སྔགས་བཟླ་མེ་ཏོག་གཏོར། དེ་ནས་རང་ངམ་ལྷ་བཟོ་བ་དམ་ཚིག་དང་ལྡན་པས་མངོན་རྟོགས་བཞིན་དུ་ཉིན་དེ་ཉིད་ལ་རྫོགས་པར་བྲིས་ལ་དེའི་མདུན་དུ་མཆོད་པ་དང་གཏོར་མ་བཤམ། བགེགས་བསྐྲད་ནས་གཟུགས་ལྷར་བསྐྱེད་ལ་འབོད་སྔགས་ཀྱི་བཟླས་པས་དགུག་བསྟིམ་མཆོད་བསྟོད་དང་སྔགས་བཟླ། སྔགས་ཀྱི་མེ་ཏོག་གཏོར་ནས་བརྟན་བཞུགས་དང་བཀྲ་ཤིས་གསོལ། མེ་མཆོད་ཕུལ་ལ་ཞལ་གསོ། དེ་གཞན་ལ་མི་སྟོན་པར་དབེན་པར་མཆོད་པ་དང་བཅས་ནས་རྟེན་དུ་གཟུང་། སྲོག་ཕུར་ནི་ཙནྡན་གྱི་ཕུར་པ་སོར་བཞི་པ་གཅིག་ལ་ཡབ་ཀྱི་སྔགས་བྲི་རང་གི་ཏི་ལ་བྱུགས། སྟག་མའི་ཕུར་པ་སོར་བཞི་པ་གཅིག་ལ་ཡུམ་གྱི་སྔགས་བྲི་གཞོན་ནུ་མའི་ཟླ་མཚན་བྱུགས། ཤེལ་རྡོ་ལ་ཨ་ ཕ་ཝང་ལོང་བུ་ལ་ཏྲི་ གཡུ་ལ་ནྲྀ་བྲི། དེ་རྣམས་ལ་རབ་གནས་བྲིས་སྐུ་བཞིན་བྱ། དེ་ནས་ཟངས་སམ་ཙནྡན་དམར་པོའི་དབང་རྟེན་མཛུབ་གང་བ་སྦུབས་ཅན་ཞིག་བཅོས་པའི་ནང་དུ་སྔར་གྱི་ཙཀྲ་ཁ་སྦྱར་གྱི་བར་དུ་སྤེལ་ཚིག་བཅུག་པ་མཐའ་ནས་རིམ་བཞིན་བལྟབ། ལྟེ་བ་མ་ཆག་པར་སྲོག་རྟེན་ལ་དཀྲིས་ཤིང་དྲིལ། གཞོན་ནུ་མས་བཀལ་པའི་སྐུད་པ་དམར་པོས་བཅིངས་ནས་དབང་རྟེན་གྱི་སྣོད་དུ་བཅུག །དེའི་ཞབས་སུ་ལྷ་འདྲེ་མི་གསུམ་གྱི་སྲོག་རྟེན་དང་རཏྣ་ལྔ་དང་མེ་ཏོག་དམར་པོ་དང་སྨན་སྤོས་དྲི་ཞིམ་པོ་དང་དར་ཟབ་སྣ་ཚོགས་དང་ནོར་སྣ་གང་རྙེད་བཅུག་ལ་ཞབས་བསྡམ། གོང་བཤད་རྫས་སྣ་དྲུག་པོས་བྱུགས་ལ་སྤོས་ཀྱིས་བདུག་མེ་ཏོག་དམར་པོའི་ཁར་བཞག་ནས་སྔར་བཞིན་རབ་གནས་བྱ། དེ་དར་སྣས་དྲིལ་ཏེ་རྟེན་དུ་གཟུང་ངོ་། །སྒྲུབ་པའི་སྐབས་ལ་མ་རྡལ་གྱི་དབུས་སུ་བཀོད་ཅིང་རྒྱུན་དུ་རང་གི་ལུས་དང་མི་འབྲལ་བར་བཅངས། མིས་མ་མཐོང་བ་གཅེས་སོ། །ཚེས་བརྒྱད་དང་བཅོ་ལྔ་དང་རྒྱལ་གྱི་ཉི་མ་ཐམས་ཅད་ལ་གཏོར་མ་དང་པཱུ་ཛ་ལྔས་མཆོད་ཅིང་སྔགས་ཀྱི་མེ་ཏོག་ཕུལ་བར་བྱའོ། །ཞེས་གཏེར་གཞུང་ལས་གསུངས་སོ། ༧ །གཟའི་ཨོལ་དགག་འཁོར་ལོ་ལ་ལྷོ་ནུབ་མཚམས་གྱི་ས་ནག །རོ་དཀྱུས་མ་དང་དགེ་སློང་གཙང་མའི་བཾ་བསྲེགས་པའི་ཚིགས་མ་རྣམས་རྟ་ཁྱི་ར་ནག་པོ་གསུམ་གྱི་དྲི་ཆུས་སྦྱངས་པ་བྱུག །ཡང་རྫས་དེ་རྣམས་བྲིས་སྐུའི་ཨོལ་བ་ལ་བྱུགས་པའང་བཤད། བླ་རྡོའི་འཁོར་ལོ་ལ་དྲི་བཟང་སྨན་སྣས་བྱུག །བླ་རྡོའི་མན་ངག་ལ་གསལ་ཁ་མེད། གཅེས་གནད་ལས། བླ་རྡོའི་འཁོར་ལོ་མཚལ་གྱིས་བྲི༔་་་གཞུང་བཞིན། སྲོག་གི་སྙིང་པོ་རྡོ་ལ་བྲི༔་་་ར་ཁྲག་གིས་ཕ་ཝང་ལོང་བུ་ལ་བྲི། དེ་དང་རིན་ཆེན་རྣམ་པ་ལྔ༔ འཁོར་ལོས་བཏུམས་ལ་ར་སྙིང་གཞུག༔་་་རོག་པོ་འོག་ཅན་གྱི། དར་ནག་བཏུམས་ལ་ལུས་ལ་བཅང༔ བརྟོད་གནོན་ལ། རྫས་ཀྱི་བརྟོད་གནོན་ལོགས་ན་གབ། འཁོར་ལོས་གནོན་པ་ལ་རྫས་དམིགས་བསལ་མེད། རབ་གནས་བྱས་ནས་སྒྲུབ་པ་པོའི་མགུལ་དུ་གདགས་པར་གསུངས། གཟའ་རྒོད་འཇིག་རྟེན་པའི་སྲོག་འཁོར་ལོ་ཕ་ཝང་ལོང་བུ་ལ་ར་ཁྲག་གིས་ཏྲིཿབྲིས་པ་འཁོར་ལོ་དང་ལྷན་ཅིག་པར་སྨན་སྣ་དང་བཅས་དར་དམར་གྱིས་དྲིལ། གྲི་སྙིང་དུ་གཞུག །དེ་དར་དམར་གྱིས་བཏུམ། ཁྲོ་ཆུའི་ཁབ་དང་ལྷན་དུ་ཚོན་སྐུད་ཀྱིས་བཅིངས་ནས་བཅང་། རྒྱ་ཞང་ཁྲོམ་གྱི་མན་ངག་ལས་འབྱུང་བའི་བླ་རྡོ་ནི། དར་དམར་པོ་ལ། ཛཿབ་ཏི་རཱ་ཧུ་ལ་ཛཿ ཞེས་གསེར་གྱིས་ཕྲེང་གཅིག་ཏུ་བྲིས་པ་བྱ་ཕོ་མཚལ་ལུའི་སྙིང་ནང་དུ་བཅུག་པ་དང་ལྷན་ཅིག་ཟངས་ཕུར་སོར་བཞི་པ་བཅས་ཚོན་སྐུད་ཀྱིས་བཅིངས་ལ་འཇིག་རྟེན་པའི་སྲོག་འཁོར་དང་མཉམ་དུ་བཅང་ངོ་། །ལས་འབྲེལ་གྱི་གསང་རྟེན་བླ་རྡོའི་མན་ངག་ལས། དར་དམར་ངོས་སུ་འཁོར་ལོ་རྩིབས་བདུན་པའི་ལྟེ་བར། ཏྲི་ རྩིབས་བདུན་ལ། ཛ་ བ་ ཏི་ རཱ་ ཧུ་ ལ་ ཛཿ འབྲུ་རེ་རེ། རྩིབས་མཆན་ལ་གཞུང་བསྙེན། མུ་ཁྱུད་ལ་རྟེན་སྙིང་བྲིས་པ་དེ་ཕོའི་སྙིང་དུ་གཞུག །ཟངས་ཁབ། ཕ་ཝང་ལོང་བུ། ཁྲོ་ཆུའི་ཁབ་བཅས་ཚོན་སྐུད་ཀྱིས་དྲིལ་ལ་བཅངས་པས་ལུས་དང་གྲིབ་མ་ལྟར་འགྲོགས་པར་འགྱུར་གསུངས། ཡང་ཏིག་ལས་འབྱུང་བའི་བརྟོད་གནོན་བླ་རྡོ་ཟུང་འབྲེལ་ལ། རྡོ་ཕ་ཝང་ལོང་བུ་ལ་ར་ཁྲག་གིས་ངོས་བཞིར་ས་བོན་ཏྲི་བཞི་བྲིས་པ་དབུས་སུ་བཅུག །གསེར་དངུལ་ཟངས་ལྕགས་གཟི་རྙིང་སྨན་འབྲུ་བདེ་བར་གཤེགས་པའི་རིང་བསྲེལ་རྣམས་དང་ལྷན་ཅིག་པར་དར་ནག་གིས་དྲིལ་ནས་ལུས་ལ་བཅང་གསུངས། སྤྱིར་གཟའ་བདུད་སྒྲུབ་ཅིང་རྟེན་བཅའ་བ་ལ་གཅེས་པ་སྤྱི་དོན་རྣམ་པ་དྲུག་ཤེས་དགོས་པར་བཤད་ཅིང་། དེ་ལས་གལ་ཆེ་བ་ཙཀྲ་བླ་རྡོའི་རིམ་པ་ལའང་། དྲང་སྲོང་བརྟོད་ལ་གནོན་པ། གཡང་དུ་འགུགས་པ། བཙོན་དུ་འཛིན་པ། རང་སྲུང་ཡིད་བཞིན་ནོར་བུ། དུག་དབྱུང་བ། རང་ལུས་ཚགས་སུ་གཞུག་པ། ནོར་སྒྲུབ་སིདྡྷི་ཞུ་བ། ཤི་ས་གནད་འབེབ། རྒབ་འདྲེ་མནན་པ་སོགས་དང་། རེ་རེ་ལའང་འདྲ་མིན་རྒྱས་བསྡུས་སུ་འབྱུང་བ་ལས། ཨོལ་དགག །བླ་རྡོ། བརྟོད་གནོན་གསུམ་འཛོམ་ན་བསྒྲུབ་ཏུ་བཏུབ་པར་གསུངས་པས་གོང་མ་རྣམས་ཀྱིས་ཕྱག་བཞེས་གཙོ་བོར་མཛད་པ་ལྟར་བགྱིས་པ་ཡིན་ནོ། ༧ །རྣམ་སྲས་མདུང་དམར་ཅན་གྱི་སྲོག་འཁོར་ལྟེ་བར་ཕ་ཝང་ལོང་བུ་ལ་བཻ་དྲུག་བྲིས་ལ་དར་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ་བཞག །འཁོར་ལོའི་ཕྱི་ནས་ཟ་འོག་གིས་དྲིལ། དེ་ཚོན་སྐུད་ཀྱིས་བཅིངས་ནས་ནོར་སྣ་འབྲུ་སྨན་ཟས་སྣ་གོས་སྣ་ཅི་འཛོམ་དང་ལྷན་ཅིག་གསེར་རམ་ཟངས་ཀྱི་གྭའུར་བཅུག །སྒྲུབ་པ་ཚར་ནས་རང་གིས་བཅང་བའམ་མི་བཅང་ན་བསེ་ཕོར་རམ་ཟངས་གཞོང་འབྲུས་གང་བའི་དབུས་སུ་བཞག །ཡང་ཡིག་རྙིང་ལས་སྲོག་རྩ་གཏེལ་དུ་གཟུང་བའི་མན་ངག་ཏུ་བཤད་པའི་བཅས་རྒྱས་པ་བྱེད་ན། གསེར། དངུལ། ཟངས། ལྕགས། བྱེ་རུ། མུ་ཏིག །མུ་མེན། དུང་། མཆོང་། ཤེལ། ཞ་ཉེའི་རྡོ། གྲི་ཁྲག །མཚལ་རྣམས་ཕྱེ་མར་བཏུལ་བ་ཀ་ར་བུ་རམ་སྦྲང་རྩིས་སྦྲུས་ཏེ་བླ་རྡོ་ཟུར་བཞི་པ་ཞིག་བཅོས་ལ་ཟུར་བཞིར་བཻའི་མིག་ཏུ་མ་ཡོད་པ་བཞི། ཞབས་སུ་ནྲྀ་བྲིས་པ་དང་ལྷན་ཅིག་བྱང་སེམས། མཚལ། ཤེལ་དམར་པོ། ཤྭ་རྣམས་དར་དམར་དུ་དྲིལ་ལ་ཕོ་མོའི་རྩ་བར་དུ་བལྟེམས། དར་དང་སྨན་སྣ་རིན་པོ་ཆེ་བཅས་ཟ་འོག་སྐུད་པས་རྒྱ་གྲམ་དུ་བཅིངས། གྲི་སྙིང་གི་རྩ་དབུས་མར་རྣམ་སྲས། གཡས་སུ་རྟ་བདག་བརྒྱད། གཡོན་དུ་ཀླུ་བརྒྱད་ཀྱི་སྙིང་པོ་རྣམས་མཐིང་ཤོག་ལ་གསེར་གྱིས་བྲིས་པ་དང་། ཡང་མཐིང་ཤོག་ལ་སིནྡྷུ་རས་མ་བཞི་བྲིས་པ་རྣམས་བཅུགས་ལ་བླ་རྡོ་དང་ལྷན་ཅིག་ཟངས་ཀྱི་གྭའུར་བཞག །སྒྲུབ་པ་བྱས་ནས་མཆན་ཁུང་དུ་བཅངས་པས་ལུས་དང་གྲིབ་མ་བཞིན་འགྲོགས་པར་བཤད་དོ། །ཡང་རཏྣའི་གཏེར་གཞུང་ལས། ཕ་ཝང་ལོང་བུའི་སྟེང་དུ་བཻ་ འོག་ཏུ་ཙ་ ལོགས་བཞིར་ཏྲི་བཞི་མཚལ་དང་གྲི་ཁྲག་གིས་བྲི། རང་བྱུང་མན་ཤེལ་མ་ཉམས་པ་དང་ལྷན་ཅིག་སྲོག་འཁོར་གྱི་དབུས་སུ་བཞག །ཟངས་ཁབ་དང་ལྷན་ཅིག་དར་དམར་གྱིས་དྲིལ་ལ་ཟ་འོག་སྐུད་པས་བཅིངས་ནས་ལྕགས་ཀྱི་གྭའུར་གཞུག་པར་གསུངས་སོ། །སྣང་བ་དབང་སྡུད་རབ་གནས་ཟིན་ནས་རྫས་གོང་སྨྲོས་རྣམས་ལས་གང་འཛོམ་དང་ལྷན་ཅིག་དར་ལེ་བརྒན་གྱིས་དྲིལ་ནས་བཅང་ངོ་། ༧ །ཞིང་སྐྱོང་དུར་ཁྲོད་མ་མོའི་སྲོག་འཁོར་ལ་སིནྡྷུ་རས་བྱུག །ལྷ་མོའི་སྐུའི་འདོམས་སུ་རོ་སོལ་གྱི་རྡོ་རྗེ་རྒྱ་གྲམ་བྲི། ཕ་ཝང་ལོང་བུའི་ལོགས་དྲུག་ལ་འཁོར་ལོ་བྲི་བའི་རྫས་རྣམས་ཀྱིས། ར་ ལི་ པྲ་ མ་ ཡ་ ཏྲི༔ ཞེས་བྲི། རི་བོང་ཝ་ཕག་གསུམ་ཤ་བཅས་འཁོར་ལོའི་ལྟེ་བར་བཏུམས་ལ་ལྟེབ་ཆིངས་བྱས། གསེར། གཡུ། མཆོང་། ཤེལ། ཟངས། ལྕགས། སྤང་སྤོས། གུ་གུལ་དཀར་ནག །གླ་རྩི་རྣམས་དང་ལྷན་ཅིག་སངས་རྒྱས་སོ་ལྔའི་མཚན་སྔགས་བཅས་རོ་རས་དང་དར་དམར་གྱིས་དྲིལ་ལ། ནལ་བུའི་སྙིང་ངམ་རི་བོང་ཝ་ཕག་གང་རུང་གི་ཐོད་པར་བཅུག་ལ་སྒྲུབ་དུས་གཏོར་མ་སོགས་ལ་བཙུགས་པའམ། འབོད་དུས་མཆན་གཡས་དང་། རྦད་དུས་གཡོན་དུ་བཅང་བར་བཤད་ཅིང་། ཐོད་པ་མཆོད་རྟེན་མདོས་ལ་བརྟེན་པ་སོགས་གཞུང་ཉིད་དུ་ཤེས་པར་བྱའོ། ༧ །གཏེར་མགོན་དྲག་སྔགས་ཀྱི་མཐར་ཐུག་ཚོགས་ཀྱི་བདག་པོའི་བླ་རྟེན་བིང་གི་བཅས་ནི་རང་གཞུང་ལས་ཤེས་པར་བྱ་དགོས་ཤིང་། འདིར་གཏེར་མགོན་ཚོགས་ཀྱི་བདག་པོའི་འཁོར་ལོ་ཆེ་ཆུང་གཉིས་ཀར་བྲི་སྒྲུབ་ཀྱི་སྐབས་སུ་དམེ་མཛེ་ལོང་གསུམ། ཁྱི་དང་བུད་མེད་རྣམས་ཀྱིས་མ་མཐོང་བར་བྱ། མཛེས་ཚོན་དང་དྲི་བཟང་ཁྱད་པར་བས་བྱུག །ཕ་ཝང་ལོང་བུ་ལ་ཧཱུྃ་བྲིས་པ། བྱང་སེམས་དཀར་དམར། སེང་ལྡེང་ཕུར་བུ། གྲི་སྙིང་དུམ་བུ་རྣམས་ལྷན་ཅིག་བཞག །རབ་གནས་དང་ཚོགས་ཀྱིས་མངའ་གསོལ་བྱ། སྒྲུབ་པ་ཚར་ནས་མཆན་ཁུང་གཡོན་དུ་བཏགས་པས་མགོན་པོ་ལུས་དང་གྲིབ་མ་བཞིན་འགྲོགས་ནས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཡིད་ལ་ཅི་འདོད་པ་འགྲུབ་པར་གསུངས། མགོན་པོ་འདིའི་ཕྱི་རྟེན་སྟག་གཟིག་གི་རྒྱལ་མཚན་གྱི་ནང་དུ་ཁྱད་པར་རྟེན་གྲི་ལྕགས་ཀྱི་ཁབ་སོར་བཞི་པ་ལ། གྲི་ཁྲག་གིས་ཧཱུྃ་ྈ ཞལ་སྦྱོར་ཤོག་སྔོན་ལྟ་བུར་བྲིས་པས་དྲིལ། ཁབ་མིག་ཏུ་ཟ་འོག་སྣ་ལྔའི་སྐུད་པས་བརྒྱུས། ཁབ་རྩེར་གྲི་ཁྲག་གིས་ངར་བླུད། རྡོ་ཕ་ཝང་ལོང་བུ་ལ་ཡབ་ཡུམ་གྱི་བསྙེན་སྔགས་གསེར་དངུལ་གྱིས་བྲི། དར་ནག་ལ་མཚལ་གྱིས་ཤཱ་ས་ནའི་སྔགས་འགོ་ནང་བསྟན་སྔགས་འཁོར་གྱི་ཚུལ་དུ་བྲིས་པའི་ལྟེ་བར་ཕ་ཝང་ལོང་བུ་བཏུམས། དེ་དང་སྔ་མའི་ཁབ་བཅས་གྲི་སྙིང་གི་ནང་དུ་བཅུག །སྨན་སྣ། སྤོས་སྣ། འབྲུ་སྣ། རིན་པོ་ཆེ། དར་ཚོན་བཅས་པས་བཀང། ཕྱི་ནས་དྲི་བཟང་གིས་བྱུགས། ནང་རྟེན་ལུག་ནག་གི་སྙིང་གི་རྩ་དབུས་མར་དར་ནག་ལ་ཡབ་ཀྱི་སྙིང་པོ་ཤཱ་ས་ན་དང་བཅས་པ་གསེར་དངུལ་གྱིས་བྲིས་པ་དང་། རྩ་སྦུབས་གཡས་སུ་ལས་མགོན་གསུམ་གྱི་གསད་སྔགས་གྲི་ཁྲག་གིས་བྲིས་པ་དང་། གཡོན་དུ་ཡུམ་གྱི་སྔགས་གཡུ་ཡིས་བྲིས་པ་རྣམས་བཅུག །འབྲུ་སྨན་སོགས་དང་དྲི་བཟང་གིས་བྱུག་པ་གོང་ལྟར་ལ། ཞིང་ཆེན་གྱི་འཕན་དང་དར་ཟབ་རྒྱལ་མཚན་གྱི་ནང་དུ་བཞག །གསང་རྟེན་ཉ་ཆེན་གྱི་སྙིང་ནང་དུ་དར་ནག་ལ་གསེར་དངུལ་གྱིས་ཧཱུྃ་བྷྱོ་སྦྲེལ་མ་ལ་ཧཱུྃ་མགོ་ནང་བསྟན་གསུམ་དང་རྩ་སྔགས་ཀྱིས་བསྐོར་བ་བྲིས། གསེར་དངུལ་སོགས་རིན་པོ་ཆེའི་ཞུན་མས་བྱུག །རྩ་སྔགས་སྟོང་བཟླས་པས་སྔགས་ལ། དྲིལ་ནས་དབྱངས་གསལ་སྔགས་བྱང་དང་བཅས་པ་བཅུག །ཕྱི་ནས་བདུད་རྩི་ལྔས་བྱུགས་ལ་མདའ་བྱ་རྒོད་མའི་མགུལ་དུ་དར་ནག །དར་ཚོན་སྣ་ལྔའི་འཕན། དངུལ་གྱི་མེ་ལོང། གྲུམ་རྒོད་ལག་པ་དང་ལྷན་ཅིག་བཏགས་ལ་རྟེན་གཏོར་དང་ལྷན་ཅིག་བཞག་གོ །འདིར་དྲི་བཟང་ཞེས་པ་ནི། ཨ་བར་སྐྱུར་གསུམ། གུ་གུལ་དཀར་ནག །ཙནྡན་དཀར་དམར། ཤུ་དག་དཀར་པོ། གི་ཝཾ། རུ་རྟ། ལི་ཤི །སྤང་སྤོས། བྲག་སྤོས་རྣམས་ཨ་མྲྀཏ་དང་ལྷན་ཅིག་སྦྱར་བའོ། །གནད་ཀྱི་ཕྱི་རྟེན་དགྲ་ལ་དམག་དཔུང་དུ་རྦད་པའི་བིང་། ནང་རྟེན་མགོན་པོ་གནད་བསྐུལ་གྱི་དབང་སྡུད་ཀྱི་བིང་། གསང་རྟེན་སྲོག་སྙིང་གཏའ་མར་བཟུང་བའི་བིང་རྣམས་འདི་ཉིད་ཆེད་དུ་སྒྲུབ་པ་པོ་ཡིན་ན་ཤིན་ཏུ་གལ་ཆེ་ཡང་སྤྲོས་པ་རྒྱས་པས་བྲིར་མ་ལོངས་པས་གཞུང་དུ་ཤེས་པར་བྱ་དགོས་སོ། ༧ །རྣམ་སྲས་སེར་ཆེན་ལ་ཡིག་རྙིང་དུ་གསལ་བར་མ་གསུངས་པས་དམིགས་བསལ་མེད་ཀྱང་། སྤྱིར་རང་བྱུང་གི་ཤེལ་རྡོ་དང་གསེར་ཐིག་པོ་ལ་བཻ་བྲིས་པ་འཁོར་ལོའི་ལྟེ་བར་གཞུག །རིན་པོ་ཆེ་སྨན་འབྲུ་ཟས་གོས་དར་སྣ་གང་འཛོམས་ཀྱིས་གསེར་གྱི་གྭའུ་བཀང་བ་ལ་ཙཀྲ་བླ་རྡོ་བཅས་ཟ་འོག་གིས་དྲིལ་ནས་གཞུག །རིན་པོ་ཆེའི་རྒྱལ་མཚན་དང་ནེའུའི་རྐྱལ་པ་སྲོག་ཡིག་དང་ནོར་འབྲུས་བཀང་བ། ཞྭ་སྔོན་གོས་སྔོན། ལུང་ཏང་ཕྲེང་བ་སོགས་རྣམ་སྲས་སྤྱིའི་དམ་རྫས་རྣམས་རྟེན་དུ་གཟུང་ངོ་། ༧ །སྲོག་སྒྲུབ་མའི་སྲོག་འཁོར་ལ་བླ་རྡོ་དམིགས་བསལ་མ་གསུངས་ཤིང་འཁོར་ལོ། ན་ཆུང་ནལ་ཕྲུག །བྱ་ནག །ལུག་ནག་གང་རུང་གི་སྙིང་ནང་དུ་བཅུག །དར་ནག་གིས་དྲིལ་ལ་བཅང་། ༧ གནོད་སྦྱིན་ཤན་པའི་སྲོག་འཁོར་ལྟེ་བར་རྡོ་ཕ་ཝང་ལོང་བུའི་ངོས་དྲུག་ལ་རི་བོང་ཁྲག་དང་མཚལ་གྱིས་ཀྵ་གསུམ་དང་ཧྲཱིཿགསུམ་བྲིས་པ་དབུས་སུ་བཞག་ལ་ལྟེབ། ཟངས་ཁབ་དང་མཉམ་དུ་དར་དམར་གྱིས་དྲིལ། ཚོན་སྐུད་ཀྱིས་བཅིང་། བྱ་ཕོ་མཚལ་ལུའི་སྙིང་ནང་བཅུག །ཟ་འོག་དམར་པོའི་ཁུག་མར་བཅུགས་ནས་སྒྲུབ་པའི་སྐབས་སུ་རྟེན་གཏོར་སོགས་ལ་བཙུག །ལས་སྦྱོར་དུས་སུ་ལུས་ལ་བཅང་གསུངས། རཏྣའི་ལུགས་ལ་ཕ་ཝང་ལོང་བུའི་ལོགས་དྲུག་ལ་མཚལ་གྱིས་ཏྲི་དྲུག་བྲིས་པ་ཙཀྲའི་ལྟེ་བར་བཞག་པ་དར་དམར་གྱིས་དྲིལ་ལ་རི་བོང་གི་སྙིང་དུ་བཅུག །དེ་དར་ཟབ་ཀྱིས་དྲིལ་ནས་ཚོན་སྐུད་ཀྱིས་བཅིངས་པར་ཟངས་ཁབ་ཟ་འོག་གི་སྐུད་པ་བརྒྱུས་པ་གཟེར་ལ་ཟངས་ཀྱི་གབ་རྩེར་བཞག་ལ་སྒྲུབ་པ་ཚར་ནས་རང་གིས་བཅང་། ༧ དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོའི་སྲོག་འཁོར་གྱི་ལྟེ་བར་གོང་སྨྲོས་མཚོ་རྡེལ་སྲོག་ཡིག་ཅན་བཞག་པ་དར་ནག་གིས་དྲིལ། བསྙེན་པའི་དུས་སུ་རྟེན་གཏོར་ལ་བཙུགས་ནས་ཡེ་ཤེས་པ་བསྟིམ། སྒྲུབ་པའི་སྐབས་རང་གིས་བཅང་། ནལ་བུའི་སྙིང་གི་རྩ་སྦུབས་དབུས་མར་སྲོག་སྙིང་གསེར་གྱིས་བྲིས་པ་དང་། སྐྱེས་པ་གྲིར་ཤི་བའི་ཙིཏྟ། སྐྱེས་དར་མའི་ཕོ་དབང་། གྲི་ཁྲག །རྡོ་སོལ། བྱང་སེམས་དཀར་དམར། ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་པའི་རྐེད་པ་བཅད་ལ་ཕྱེད་ཡན་ལྷ་མོའི་སྐུ་དང་མན་ཆད་ལ་སྙིང་པོ་བྲིས་པ། གནམ་ལྕགས་ཀྱི་རལ་གྲི་སོགས་རྟེན་དུ་གཟུང་ངོ། ༧ །ཞིང་སྐྱོང་དབང་པོའི་སྲོག་འཁོར་ལ། སྐྱེར་པའམ་སེང་ལྡེང་གི་བྱང་བུ་ནས་འདྲ་རིས་ཚོན་གང་བ་གཉིས་སྙིང་གི་རྩ་སྦུག་ལ་རན་པ་ལ་བྱང་སེམས་དཀར་པོས་ཧཱུྃ་དང་དམར་པོས་བྷྱོཿབྲིས་པ་ཚོན་སྐུད་ཀྱིས་ཁ་སྦྱར་དུ་བཅིང། དེ་ལ་འཁོར་ལོ་གཉིས་ཞལ་སྦྱར་དུ་བལྟབས་པ་དཀྲིས་ནས། དོམ་ནག་གམ་རྟ་གསེབ་ནག་པོའི་སྙིང་མ་བསྣད་མ་རུལ་མ་ཉམས་པར་བསྐམས་པའི་རྩ་དབུས་མར་བཅུག །གལ་ཏེ་འཁོར་སྡེ་བརྒྱད་ཀྱི་རྟེན་བཅའ་བར་འདོད་ན་རང་རང་གི་གཟུགས་བཞོན་པ་དང་བྲལ་བ་རེ་རེའི་སྙིང་གར་འཁོར་ལོ་རྩིབས་ལྔ་ལ་ཡ་ལ་སོགས་་་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་རྣམས་སོ་སོར།པའི་ས་བོན་ལྔ་ལྔ་བཀོད་བལྟབ་ལུགས་སོགས་གོང་དང་འདྲ། རྟ་ཐོད་དུ་གཞུག་གོ །རྟེན་་་གོང་སྙིང་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི།དེ་བྲག་ནག་ལ་སྐྱེས་པའི་སྨྱུག་མ་མི་བསད་ཀྱི་གྲིས་བཅད་པ་ལ་མི་བསད་མྱོང་བའི་སྐྱེས་བུས་ལག་ལེན་བྱས་པའི་མདའ་ནག་ལྷ་གྲངས་དང་མཉམ་པའམ་གཅིག །གྲི་ལྕགས་ཀྱི་མདེའུ། གྲི་ཁྲག་མཚལ་དང་བསྲེས་པའི་ལྟོང་དམར། བྱ་ནག་ཤ་ཟན་གྱི་སྒྲོ་བཞི་སྒྲོམ་དུ་མེས་མ་བཤུར་བ་བསྐྱོན་པའི་མགུལ་དུ་གཅན་གཟན་གྱི་མཆེ་སྡེར། སྟག་གཟིག་རས་མ། དུར་ཁྲོད་བརྒྱད་དང་། བྱ་ནག །དོམ་ནག །རྟ་ནག །ཁྱི་ནག །གཡག་ནག་རྣམས་ཀྱི་གཟུགས་འབུལ་ཚིག་ཅན་དང་། དར་ཚོན་གྱི་འཕྱང་འཕྲུལ་སོགས་དང་ལྷན་ཅིག་གདགས་ནས་སྒྲུབ་པའི་རྟེན་དུ་བྱའོ། ༧ །དམ་ཅན་མགར་དམར་སྲོག་འཁོར་ལྟེ་བར་ཕ་ཝང་ལོང་བུ་ལ་མཚལ་དང་ར་ཁྲག་གིས་ངོས་བཞིར་ཛཿཧཱུྃ་བཾ་ཧོ༔ སྟེང་འོག་ཏྲི་ནི་བྲིས་པའི་ཏྲི་ཡིག་ཙཀྲའི་ཏྲི་དང་སྦྱར། རའི་དབང་པོ་རྣམ་ལྔ་དུམ་བུ་དང་ལྷན་ཅིག་དར་ཟབ་དང་རའི་སྙིང་ཤུན་གྱིས་དྲིལ། རིན་ཆེན་འབྲུ་སྨན་དང་བཅས་ཏེ་སྤྲེའུ་འུག་པ་བྱི་ལ་གང་རུང་གི་ཐོད་པར་བཅུག །ཟ་འོག་དམར་པོས་བཏུམས་ལ་ཟངས་གཞོང་དམར་པོར་བཞག །སྒྲུབ་པ་ཚར་ནས་ཟངས་སམ་ལྕགས་ཀྱི་གྭའུར་བཅུག་ནས་རང་གིས་བཅང་ངོ་། ༧ །མགར་ནག་ལ་བླ་རྡོ་གོང་སྨྲོས་དང་མཚུངས་པ་ལྟེ་བར་བཞག་པ་དང་ལྷན་ཅིག །རིན་པོ་ཆེ། བཟང་དྲུག །གླ་རྩི་རྣམས་བཞག །འཁོར་ལོ་བལྟབས་ནས། ཟངས་ཁབ་སོར་དྲུག་མིག་གསུམ་པ། ལྕགས་ཁབ་སོར་བཞི་པ། ཤིང་ཕུར་མང་གི་ཐལ་བ་བཅས་དར་དམར་དུ་བཏུམས་ལ་ར་ནག་པོའི་སྙིང་ནང་བཅུག་ལ་དར་གྱིས་བཏུམས། སྒྲུབ་པ་ཚར་ནས་སག་རེའི་ཁུག་མར་བཅུག །དེ་ར་ལྤགས་ཀྱི་ཁུག་མར་བཅུགས་ནས་མཆན་ཁུང་གཡོན་དུ་བཅངས་པས་སྐྱེས་བུ་ལུས་དང་གྲིབ་མ་བཞིན་འགྲོགས་པ་དང་། ཅི་བསམ་པའི་དོན་འགྲུབ་པར་གསུངས། དམར་ནག་གཉིས་ཀར་རའི་ཙིཏྟ་མ་ཉམས་པ་སོགས་དབང་པོ་རྣམ་ལྔ། རའི་རྒྱལ་མཚན། སྨྱུག་རྒོད་རྩེ་རྒྱལ། སྟག་རས་གཟིག་རས། ཁྲབ་བྱང་། རྔ་མ་ཁྲ་བོ། གཡུ་དུང་སོགས་རིན་པོ་ཆེ་སྣ་ལྔ། མེ་ལོང་ལ་སོགས་པ་རྟེན་དུ་གཟུང་ངོ་། ༧ །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་ཕྱི་སྒྲུབ་རི་རབ། ནང་སྒྲུབ་ཐོད་པ། གསང་སྒྲུབ་འཁོར་ལོ་ལ་བརྟེན་པ་དང་དེ་རེ་རེ་ལའང་བྱེ་བྲག་མང་དུ་གསུངས་པའི་ནང་ནས། གཉན་པ་སྲོག་གི་འཁོར་ལོ་ཉིད་སྲོག་རྟེན་གཙོར་གྱུར་པ་ཡིན་ཞིང་། གཞན་ཡང་གཞུང་ལས། རྟག་ཏུ་བསྟེན་པའི་དམ་རྫས་ནི༔ རང་རང་མཐུན་པའི་སྙིང་རྣམས་དང༔ ཁྲག་སྣ་དང་ནི་ཨ་མྲྀ་ཏ༔ རྟག་ཏུ་ལུས་ལ་བཅངས་ན་ནི༔ དྲེགས་པ་ལུས་དང་གྲིབ་མ་འདྲ༔ བདག་ཉིད་ལྷ་སྲིན་སྡེ་བརྒྱད་ལུས༔ འདར་ཞིང་འདུག་སྟེ་བསྐོར་ཕྱག་འཚལ༔ ལྷ་སྲིན་སྡེ་བརྒྱད་བྲན་བཞིན་འཁོལ༔ རང་རང་མཐུན་པའི་སྙིང་རྣམས་ནི༔ བམ་ཆེན་དག་གི་ཙིཏྟ་ནི༔ དྲེགས་པ་སྤྱི་ཡི་རྫས་ཡིན་ནོ༔ ཞེས་སོགས་སྡེ་དཔོན་སུམ་ཅུ་རེ་རེ་བཞིན་དུ་རྒྱས་པར་གསུངས་པ་འཛོམ་ན་མཆོག་ཡིན་པས་གཞུང་དེ་ཉིད་དུ་ཤེས་པར་བྱ། སྤྱི་ཙམ་དུ་ཕ་ཝང་ལོང་བུའི་ངོས་བཞིར་ཛཿཧཱུྃ་བཾ་ཧོ༔ ལོགས་གཅིག་ལ་ཨཱེཿབཅས་གསེར་རམ་མཚལ་གྱིས་བྲིས་ལ་འཁོར་ལོའི་ཨཱེཿདང་ཞལ་སྦྱར། སྙིང་སྣ་ཁྲག་སྣ་ཨ་མྲྀཏ་རྣམས་དང་ལྷན་ཅིག་བལྟབས་ལ་དར་ཁ་དོག་སྣ་ཚོགས་ཀྱིས་དྲིལ། ཚོན་སྐུད་ཀྱིས་བཅིངས་པ་སྐྱེས་དར་མའི་ཙིཏྟའི་སྦུབས་སུ་བཅུག་ནས་དར་གྱིས་བཏུམས། ཐོད་པ་མཚན་ལྡན་ལ་ཕྲིན་ལས་རྣམ་བཞི་རྫོགས་པའི་དཀྱིལ་འཁོར་བྲིས་ཤིང་སྙིང་སྣ་ཁྲག་སྣ་ཚོགས་ཀྱིས་བཀང་བའི་ནང་དུ་བཞག །སྡེ་དཔོན་རྣམས་ཀྱི་སྐུ་གཟུགས་ཡོད་ན་ལྷན་ཅིག་བཞག །དར་ལ་སྔགས་བྱང་བྲིས་པས་བཀབ། མཆོད་ཐོད་ལ་འཁོར་ལོ་རྩིབས་བརྒྱད་བྲིས་པ་ལ་འབྲུ་སྨན་རིན་པོ་ཆེ་ཟས་སྣ་དར་ཟབ་སོགས་ཀྱིས་བཀང་བ་མདུན་དུ་བཞག །སྒྲུབ་པ་ཚར་ནས་འཁོར་ལོ་ཙིཏྟ་བཅས་ལུས་ལ་བཅང་ཆོག་པ་གོང་གི་ལུང་ལས་གསལ་ལོ། ༧ །གཏེར་སྲུང་བཙན་རྒོད་ཆེན་པོའི་སྲོག་འཁོར་ལ་དྲི་བཟང་སྨན་སྣས་བྱུག །རྡོ་དམར་ཟུར་གསུམ་སྙིང་འདྲ་བ་རང་བྱུང་ལ་མཚལ་གྱིས་ཙ་ཏྲི་བྲིས་པ་སྲོག་ཡིག་ལ་བླན། རྟ་དམར་གྱི་སྙིང་དུམ་བུའང་བཞག་པར་བཤད། གང་ལྟར་དར་དམར་གྱིས་དྲིལ་ལ་སྒྲུབ་པའི་དུས་སུ་གཏོར་མའི་ནང་དུ་ར་ཚིལ་དང་པྲ་ཚིལ་བསྲེས་པས་བཏུམས་ནས་གཞུག །རྒྱུན་དུ་རྟེན་མདུང་ལ་གདགས། ལས་སྦྱོར་དུས་སུ་ལུས་ལ་བཅང་། ཕྱི་རྟེན་མི་རྟ་ཁྱི་གསུམ་གྱི་ཤ་ཁྲག་ཕྱེ་གཙང་ཕུད་མ་ཉམས་པ་བསྲེས་པར་བཤོས་བུ་ཆེ་བ་གཅིག་ལ་རང་འདྲའི་བཤོས་ཕྲན་དྲུག་གིས་བསྐོར་བ། བསེ་ཟངས་གང་རུང་གི་སྣོད་ར་ཡི་དབང་པོ་ལྔས་བརྒྱན་པའོ། །ནང་རྟེན་དར་དམར་པོ་སྐྱོན་བྲལ་ལ་ཕྱི་ནང་གསང་བའི་སྐུ་འབག་བྲིས་པ་ཟངས་ཀྱི་མདུང་སོ་ཅན་གྱི་མདུང་དམར་ལ་བཏགས་པ་གཏོར་མ་ལ་འཛུག་གོ །སྤྱན་གཟིགས་སྨྱུག་མ་ལོ་རྒྱས་ཚིགས་དགུ། ཀླུ་བཙན་དགྱེས་པའི་རྨ་བྱའི་མདོངས། བཙན་རྒོད་དགྱེས་པའི་སྟག་རས་གཟིག་རས། གནོད་སྦྱིན་དགྱེས་པའི་རིན་ཆེན་སྣ་ཚོགས་བཏགས་པ་གཏོར་མའི་འགྲམ་དུ་འཛུག་གོ །མིས་མ་མཐོང་བ་གལ་ཆེ་བར་གསུངས་སོ། ༧ །རྒྱལ་ཆེན་པེ་ཧར་གྱི་སྲོག་འཁོར་ལྟེ་བར། མཆོང་ལ་ཧཱུྃ་ དུང་ལ་ཨོཾ་ གསེར་ལ་ཏྲཱཾ་ བྱེ་རུ་ལ་ཧྲཱིཿ གཡུ་ལ་ཨཱཿརྣམས་གསེར་གྱིས་བྲིས་པ་དབུ་ཞབས་མ་ལོག་པར་བཞག་ལ་བལྟབས། དར་སྣ་ལྔས་དྲིལ་ཏེ་སྤྲེའུའི་ཐོད་པར་བཅུག །དེ་བྱི་ལ་ནག་པོའི་པགས་པས་བཏུམས་ཏེ་སྒྲུབ་པའི་སྐབས་རྟེན་གཏོར་དང་ལྷན་ཅིག་བཞག །སྒྲུབ་པ་ཚར་ནས་ལུས་ལ་བཅང་བར་བཤད་དོ། །འདིའི་རྒྱུད་ལས། དབང་རྫས་སྲུང་རྫས་སྐྲོད་རྫས་དང་། །གཟིར་རྫས་འགུགས་རྫས་ཐུན་གྱི་རྫས། །སྒྲུབ་རྫས་མཆོད་རྫས་རྟེན་པའི་རྫས། །དཀོར་རྫས་ལ་སོགས་ཚང་བར་གསག །ཅེས་རྫས་སྣ་བཅུ་གསུམ་སོ་སོའི་དབྱེ་བ་བཅས་རྒྱས་པར་གསུངས་པ་འདི་ཉིད་སྒྲུབ་པའི་གང་ཟག་ལ་གལ་ཆེ་ཞིང་། དེ་ལས་ཕྱིའི་རྟེན་རྫས་ཟ་འོག་ལ་སོགས་པའི་རྒྱལ་མཚན་ལྔ། སྨྱུག་རྒོད་དར་འགྲོན་བུ་ཌ་མ་སོགས་དང་། ནང་རྟེན་སྐུ་དང་བསེ་བྱང་རྒྱ་ཕོར། གསེག་ཤང་པར་བུ། སྦ་མཁར། མཆོད་རྟེན་སོགས་དང་། གསང་རྟེན་བླ་རྡོ། དམ་ཤིང་ལ་སོགས་པ་རྟེན་དུ་གཟུང་ངོ་། ༧ །གནོད་སྦྱིན་ཙིའུ་དམར་པོའི་སྲོག་འཁོར་ལྟེ་བར་ཕ་ཝང་ལོང་བུ་ལ་མཚལ་གྱི་ཏྲིཿབྲིས་པ་བཞག་ལ་བལྟབས། འདི་ལ་གཏེར་གཞུང་དུ། ཕྱི་གསོལ་ཁ་ལ་བརྟེན་ནས་དམ་ཅན་སྤྲིན་ལྟར་འདུ་བ། ནང་སྦ་ལྕག་ལ་བརྟེན་ནས་དམ་ཅན་ཁྱི་ལྟར་འབྲང་བ། གསང་བ་བླ་རྡོ་སྲོག་འཁོར་ལ་བརྟེན་ནས་དམ་ཅན་ཕྲུ་ལྟར་ཆགས་པ། ཡང་གསང་དེ་ཁོ་ན་ཉིད་མདུང་ཞགས་ལ་བརྟེན་ནས་དགྲ་བགེགས་ཆམ་ལ་འབེབ་པ་སྟེ་ཤོག་དྲིལ་བཞིར་བཤད་པའི་ཕྱི་མ་གསུམ་ཀ་ལ་དགོས་པ་ཡིན་པས་དེ་དག་གི་བཅས་རྒྱས་པར་བསྒྲུབ་ན་གཏེར་གཞུང་ལས་ཤེས་པར་བྱ་དགོས་ཤིང་། སྤྱི་ཙམ་དུ་གསེར་ཐིག་པོ་དང་། གཡུ་མིག་མེད་ལ་མཚལ་གྱིས་ཏྲི་བདུན་བྲིས་པ་དང་ལྷན་ཅིག་དར་དམར་པོས་བཏུམས་ལ་ཟངས་ཀྱི་གྭའུར་བཅུགས་ལ་རྟེན་གཏོར་སོགས་དང་ལྷན་ཅིག་བཞག །སྒྲུབ་པ་ཚར་ནས་ལུས་ལ་བཅངས་ནའང་ཆོག་ཅིང་། རང་སྲུང་སེང་ལྡེང་ཕུར་པ་ལ་རྟ་མགྲིན་གྱི་སྔགས་བྲིས་ནས་དར་དམར་གྱིས་དྲིལ་བ་ལུས་ལ་འཆང་བ་རྒྱུད་ལས་གསུངས་སོ། །གཞན་ཡང་སྦ་ལྕག །བཙན་མདའ་དམར་པོ་དར་དམར་སྟག་རས་ཀྱིས་བརྒྱན་ཅིང་རིན་ཆེན་འབྲུ་སྨན་ཟ་འོག་ཁུག་མར་བླུགས་པ་གདགས་པ་དང་། མདུང་ཞགས་དམར་པོ་སོགས་རྟེན་དུ་གཟུག་གོ ༧ །གཉན་ཆེན་ཐང་ལྷའི་སྲོག་འཁོར་ལྟེ་བར་རང་བྱུང་ཤེལ་ལ་གསེར་གྱིས་ཨ་བྲིས་པ་དང་། བཟང་དྲུག་རིན་ཆེན་ལྷན་ཅིག་ཏུ་བཞག་པ་བལྟབས་ལ་དར་དཀར་པོས་བཏུམས། སྨྱུག་རྒོད་རྩེ་རྒྱལ་ལ་དར་སྣ་དང་ཟ་འོག་གི་འཕན་ཆུང་སོགས་དང་ལྷན་ཅིག་བཏགས་ལ། དར་དམར་ངོས་སུ་གསེར་གཡུ་མུ་ཏིག་སོགས་རིན་པོ་ཆེ་གང་འཛོམ་བཀོད་པའི་ཡོལ་བའི་མདུན་དུ་སྲོག་རྟེན་གྱི་ཚུལ་དུ་བཀྲམ། གཞན་ཡང་འདག་སྐུའམ་བྲིས་སྐུ་རབ་གནས་ལྡན་པ་སྐུའི་རྟེན། དར་དཀར་ལ་གསེར་དངུལ་བསྲེས་པའི་མཚལ་གྱིས་སྙིང་པོ་བྲིས་པ་དང་། རྡོ་རྗེའི་ཏོག་བྱས་པའི་སྦ་ལྕག་གསུང་གི་རྟེན། མན་ཤེལ་ཤེལ་དཀར་དྲི་མེད་ཐུགས་ཀྱི་རྟེན། རྟེན་གཏོར་དར་གདུགས་ཅན་གྱི་གཡས་གཡོན་དུ་དངུལ་དང་ཤེལ་སོགས་རིན་པོ་ཆེའི་སྣོད་དུ་གཡའ་ཆུ་གངས་ཆུ་སོགས་རྒྱུན་འབབ་ཆུ་གཙང་གིས་བཀང་བ་ཡོན་ཏན་གྱི་རྟེན། མཆོད་གཏོར་ལུག་མགོས་བརྒྱན་པ་ཕྲིན་ལས་ཀྱི་རྟེན་དུ་བཤད་པས་སྒྲུབ་པའི་སྐབས་སུ་དེ་དག་ཚང་བ་དང་། བཅས་བཤམ་ཕྱག་ལེན་ལྟར་བྱ། སྒྲུབ་པ་ཚར་ནས་སྲོག་འཁོར་རིན་པོ་ཆེའི་གྭའུར་བཅུགས་ནས་རང་གིས་བཅངས་ན་བླ་རྡོ་དང་སྲུང་བ་མཆོག་ཏུ་འགྱུར་རོ། ༧ །རྡོ་རྗེ་གཡུ་སྒྲོན་མའི་སྲོག་འཁོར་ལ། བདུད་རྩི་དང་། དྲི་བཟང་། འབྲུ་སྨན་སོགས་ཀྱིས་བྱུགས། རབ་གནས་བྱས་ལ་དར་དམར་པོས་དྲིལ། ཤེལ་དང་། བྱེ་རུ། གཡུ་བཅས་ཟ་འོག་དམར་པོའི་ཁུག་མར་གཞུག །དེ་ཉིད་མཎྜལ་པདྨ་འདབ་མ་བཞི་པའི་སྟེང་དུ་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་ཆོས་འབྱུང་སུམ་བརྩེགས་བྲིས་པའི་ནང་དུ། ཧྲཱིཿཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཁུག་ཛ༔ ཏྲི་ཡོ་ག་སརྦ་བྷ་བ་བཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲིས་པ་སྟེང་དུ་བཞག །དེའི་རྒྱབ་ཏུ་ཕྱི་སྒྲུབ་གཙོ་མོ་སྐུ་མདོག་དཀར། དར་དཀར་འདུང་མ་དང་གསེར་གཡུས་བརྒྱན་པ། གཡས་ནོར་བུ་གཡོན་མེ་ལོང་། དར་ཐོད་དང་མེ་ཏོག་ཕྲེང་བས་མཛེས་པ། ཞི་འཛུམ་སྐྱིལ་ཀྲུང་ཕྱེད་པས་རིན་ཆེན་ཁྲི་དང་པད་ཟླ་ལ་བཞེངས་པ། འཁོར་རང་འདྲ་བཞི་བཅས་པའི་བྲིས་སྐུ་དང་། གཡས་སུ་དར་སྣ་ལྔ་དང་མེ་ལོང་གིས་བརྒྱན་པའི་མདའ་དར། གཡོན་དུ་དཀར་མངར་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་བཅས་བཤམས་ལ་སྒྲུབ་པའི་རྟེན་དུ་བྱ་བར་གསུངས་སོ།། ༈ །།དེ་ལྟར་བཤད་པ་དེ་རྣམས་ནི་སྲོག་རྟེན་ཙཀྲ་དང་བླ་རྡོའི་ལག་ལེན་གཙོར་སྨྲོས་པ་ཡིན་ལ། སྤྱིར་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་སྐུ་རྟེན་བྲིས་འབུར་གང་རུང་སྐུ་བརྙན་ཆགས་ཚད་རབ་གནས་དང་ལྡན་པ། གསུང་རྟེན་རྒྱུད་དང་མན་ངག་གི་གླེགས་བམ་དང་དར་ལ་སྲོག་སྔགས་རིན་པོ་ཆེས་བྲིས་པ། ཐུགས་རྟེན་བླ་རྡོ་ཙཀྲ་ཕྱག་མཚན་བྲིས་འབུར་དང་། མེ་ལོང་། ཡོན་ཏན་རྟེན་ཐོད་པ་མཚན་ལྡན་རྩ་བརྒྱད་སྟོང་སྦྱར་གྱི་སྨན་དང་རཀྟ་སོ་ལྔ་སོགས་སོ་སོའི་མཐུན་རྫས་ཀྱིས་བཀང་བ་དང་། བེར་ཕོད་རིན་པོ་ཆེའི་རྒྱན་ཕྲེང་ལ་སོགས་པ། ཕྲིན་ལས་ཀྱི་རྟེན་ཐུགས་དམ་སྐུལ་བའི་ཡོ་བྱད། མཚོན་ཆ་སོགས་དགྲ་བགེགས་འགུགས་སྒྲོལ་གྱི་རྫས་རྣམས་ཚོགས་པར་བྱ་དགོས་པར་བཤད་ཅིང་། གཞན་ཡང་འཇའ་ཚོན་མ་ནིང་གི་གཞུང་ལས། དང་པོ་ཕྱིའི་བླ་རྡོ་འདི་ལྟར་གསག༔ བྱ་རོག་གཡག་ནག་ལུག་ནག་ཁྱི༔ རྟ་ནག་ར་དམར་སྤྲེ་འུ་ཁྲ༔ གསོན་པོའམ་ཡང་ན་གསོབ་ཀྱང་རུང༔ དར་ཚོན་སྣ་ལྔ་དུང་ལོང་དང༔ དྲིལ་བུ་གཡེར་ཁས་བརྒྱན་པ་ཕྱིའི་རྟེན༔ གདུགས་དང་རྒྱལ་མཚན་བ་དན་མདའ་ལ་སོགས༔ ཅི་ཙམ་འབྱོར་ཚོགས་རྟེན་དུ་འཛུགས༔ དེ་ནས་ནང་གི་བླ་རྡོ་འདི་རྣམས་གསག༔ དར་ནག་བེར་དང་ཙནྡན་བིང་ཆེན་དང༔ གྲི་སྙིང་རལ་གྲི་བྷནྡྷ་ཏྲི་ཤུལ་དང༔ གྲི་གུག་ནལ་བུའི་རྒྱལ་མཚན་མདའ་གཞུ་མདུང༔ དར་ཟབ་སྣ་ལྔས་བརྒྱན་པ་ནང་གི་རྟེན༔ གསང་བའི་བླ་རྡོ་འདི་དག་བཅང་བ་གཅེས༔ གསེར་གཡུ་མུ་མེན་བྱེ་རུ་ཤེལ་དང་དུང༔ ཁབ་ལེན་རྡོ་དང་དུར་ཁྲོད་རྡོ་ནག་དང༔ གྲི་ལྕགས་ཐོག་གི་མདེའུ་སྤོས་སྣ་སྨན༔ ཟངས་ཁབ་ནལ་བུའི་སྙིང་དང་གྲི་སྙིང་དུམ༔ འབྲུ་སྣ་ལྔ་དང་སྟག་གཟིག་རས༔ དར་ཟབ་སྣ་ཚོགས་གསང་བའི་རྟེན༔ ཞེས་སོགས་གསུངས་པ་མགོན་པོ་ལྕམ་དྲལ་སྤྱི་ལ་འཇུག་པར་སྣང་བ་དང་། ཕྱི་རྟེན་རྟ་གཡག་སོགས་གཟུང་རྟེན་འབུལ་བ་དང་། རྔ་ཐུག་གི་བྱེད་ལུགས་ཡོངས་རྫོགས་རྟེན་གཏོར་རྒྱུན་གཏོར་རྟག་གཏོར་གྱི་རྣམ་གཞག་ལག་ལེན་སོགས་གཞན་ལས་ཤེས་པར་བྱ་དགོས་སོ། །ཕྱི་ནང་གསང་བའི་རྟེན་ལ་ངོས་འཛིན་ཚུལ་མང་ཡང་འདིར་སྤྱི་བཏང་ཙམ་དུ་བཤད་པ་ཡིན་ནོ། །གོང་སྨྲོས་སྙིང་གི་བཅའ་སྒྲུབ་བྱེད་ལུགས་ནི། སྙིང་རློན་པ་རུལ་སུངས་མེད་པའི་མས་ཀྱི་རྩ་སྦུགས་ནས་ཐོག་མར་བྱེ་མས་བརྒྱངས་ནས། སྐམ་རྗེས་བྱེ་མ་ཤིང་བུ་ལྟ་བུས་བགས་ཀྱིས་བཏོན་ནས་ནང་ཤོང་བདེ་བར་བྱས་པ་ལ་ཕྱི་ནང་ཐམས་ཅད་དུ་དྲི་སྨན་དམ་རྫས་ཀྱིས་བྱུགས་ནས། སྙིང་གི་དབུས་སུ་སོ་སོའི་འཁོར་ལོའམ་སྲོག་སྙིང་དབུ་ཞབས་མ་ལོག་ཅིང་ཡི་གེ་མི་ཉམས་པའི་བཅའ་ག་དྲིལ་བལྟབས་དར་སྐུད་ཀྱིས་བཅིངས་ནས་བཅུག །དེའི་རྩ་སྦུགས་གཡས་གཡོན་དུ་ཤོང་བདེ་ན་གཡས་སུ་སྨན་གྱི་ཕུར་མ་དང་གཡོན་དུ་རིན་པོ་ཆེ་འབྲུ་སྣ་ཤོང་ཚད་བཅུག །བར་རྣམས་དྲི་བཟང་གིས་གཏམས་པའི་རྩ་བར་དར་གྱིས་བཀག་པ་ལ་པྲ་ཚིལ་གྱིས་བྱུགས་ཏེ་གསེང་མེད་པར་བྱས་ཏེ་དར་ཚོན་སྣ་ལྔས་དྲིལ་ལ་ལྟེ་བའི་ས་བོན་ཞལ་གང་དུ་ཕྱོགས་པ་དེར་མི་ནོར་བའི་མཚན་མ་བྱས་ལ་མདུན་ཕྱོགས་སུ་གཟུང་ངོ་།། ༈ །།བཞི་པ་རབ་གནས་བྱ་བའི་ཚུལ་ནི། འཁོར་ལོ་རྣམས་བྲིས་ཟིན་མ་ཐག་པ་ནས་སྟེགས་གཙང་མར་སྲོག་ཡིག་གི་མདུན་རང་ལ་བསྟན་ཏེ་ལེབ་མོར་བཀྲམ་པའི་མདུན་དུ་ཞི་དྲག་གི་སྦྱོང་བ་དང་ཁྲུས་ཆས་སྤྱི་ལྟར་བཤམས། ཁྲུས་བུམ་དུ་རྣམ་འཇོམས་སྨེ་བརྩེགས་ཀྱི་སྙིང་པོ་དང་ཡིག་བརྒྱ་དང་ཁྲུས་བདུན་གྱི་རིག་པ་བཟླས་པས་བྱིན་བརླབས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྦྱོང་བ་བགེགས་བསྐྲད། སྤྲོ་ན་ཏིལ་སྦྱོང་། ཁྲུས་གསོལ། སྐུ་ཕྱི་བཅས་སྤྱི་ལྟར་བྱ། འཁོར་ལོ་དང་བླ་རྡོའི་མདུན་ཞི་དྲག་གི་མཆོད་གཏོར་རང་གཞུང་དང་མཐུན་པར་བཤམ། བླ་མ་ལ་གུ་རུ་ཞི་བ་རིགས། ཡི་དམ་སྤྱི་ལ་བཀའ་བརྒྱད་བདེ་འདུས་ལྟ་བུ། མཁའ་འགྲོ་སྤྱི་ལ་ཉང་གཏེར་ཁྲོས་ནག་གམ་གཏེར་གསར་མཁའ་འགྲོ་དགོངས་འདུས་ཀྱི་སྙིང་པོ་ལྟ་བུ། བྱེ་བྲག་པ་ལ་གང་ཡིན་དེའི་ཕྲིན་ལས། ཆོས་སྐྱོང་རྣམས་ལ་བདག་བསྐྱེད་གཉེན་པོའི་ཡི་དམ་དང་མདུན་བསྐྱེད་གང་ཡིན་དེའི་ལས་བྱང་བཏང་ལ། བླ་རྡོ་ཉིད་མངོན་རྟོགས་བཞིན་བསྒོམས་པ་ལ་ཡེ་ཤེས་པ་སྤྱན་དྲངས་བཞུགས་གསོལ་ཕྱག་མཆོད་བསྟོད་པ་སོགས་རྒྱས་བསྡུས་གང་འོས་ཚིག་ཙམ་དུ་མ་ལུས་པ་སྒོམ་དོན་ལ་འབྱོར་བར་བྱས་ནས། སོ་སོའི་གཞུང་ནས་བཤད་པའི་འོད་ཟེར་སྤྲོ་བསྡུའི་དམིགས་པ་སྤྱི་དང་ཁྱད་པར་མཆོག་གསུམ་རྩ་གསུམ་ཆོས་སྲུང་དང་བཅས་པ། བྱེ་བྲག་རྟེན་གང་ཡིན་པ་དེའི། ཐུགས་རྒྱུད་བསྐུལ་བས་སྐུའི་བྱིན་རླབས་ཐམས་ཅད་ལྷ་སོ་སོའི་སྐུ །གསུང་སྔགས་འབྲུ། ཐུགས་ཕྱག་མཚན་དང་འཇའ་འོད་ཐིག་ལེའི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་མདུན་རྟེན་ལ་ཐིམ་པར་མོས་ལ་སོ་སོའི་སྙིང་པོ་ཅི་ནུས་བཟླས་མཐར། མཆོད་བསྟོད་དང་། འཁོར་ལོའི་སྔགས་ཤམ་ལས་འབྱུང་བ་ལྟར་འདོད་གསོལ་བརྗོད། ཆོས་སྐྱོང་རྣམས་ལ་བདག་བསྐྱེད་ཀྱི་སྔགས་བརྒྱའམ་ལྔ་བཅུ་སྔོན་དུ་འགྲོ་བས་སོ་སོའི་བཟླས་པ་ལ་ནན་ཏན་དུ་བྱས་ནས་སྔགས་ཐུན་གྱི་མཚམས་འཇོག་པ་ན་གཏོར་མ་བྱིན་གྱིས་བརླབས་པ་ཕུལ་ནས་བསྟོད་པ་བསྡུས་པ་དང་ཕྲིན་ལས་གསོལ། དེ་ལྟར་ཉིན་གསུམ་ལ་སོགས་པ་ཐུན་བཅད་ལ་བསྒྲུབ། མ་མཐར་ཡང་ཐུན་གསུམ་མམ་གཅིག་ལ་བསྐྱེད་བསྟིམ་བཟླས་པ་ནན་ཏན་དུ་བྱས་ལ་བསྒྲུབས་པའི་ཐུན་མཐའ་མ་ལ། མདུན་གྱི་ལྷ་འོད་དུ་ཞུ་བ་བླ་རྡོ་དང་དབྱེར་མེད་དུ་གྱུར་པར་བསམས་ནས་སྔགས་མཐར་ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་དང་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་བྱ། ཡང་ན་འཁོར་ལོའི་རིགས་སྤྱིའི་རབ་གནས་ཕྱག་རྒྱ་བཞི་ལྡན་ཙམ་སྦྱར་ནའང་ཤིན་ཏུ་ལེགས་པར་འགྱུར་རོ། །དེ་ལྟར་རབ་གནས་ལེགས་པར་ཟིན་ནས་བླ་རྡོ་རྣམས་ཙཀྲའི་དབུས་སུ་བཞག་ལ་ལྟེ་བའི་མུ་ཁྱུད་མ་ཆག་ཅིང་དབུ་ཞབས་དང་ཕྱོགས་མ་འཆོལ་བའི་སྲུང་བ་སྤྱི་ལྟར་གྲུ་བཞིར་བལྟབས་རྗེས། སྙིང་སོགས་སུ་འཇུག་སྐབས་གྲུ་བཞི་དེའི་གཡས་གཡོན་གྱི་མཐའ་གཉིས་ནས་རིལ་མོར་མདུན་དུ་བཀུག་པ་དར་སྐུད་ཀྱི་འཆིང་ཞིང་ཤོང་ཐབས་གང་བདེ་བྱ། ནང་རྟེན་རྒྱལ་མཚན་དང་མདའ་མདུང་སོགས་ལ་བཏགས་ན་གྲུ་བཞིར་བལྟབས་པ་དེ་ཁ་དར་སྐུད་ཀྱིས་དཀྲིས་པ་ཚས་དང་བཅས་ཏེ་བཏགས་པ་སོགས་བྱས་ལ། གཏོར་སྒྲུབ་ཀྱི་སྐབས་ཡིན་ན་རྟེན་གཏོར་ལ་འཛུག །མདུན་བསྐྱེད་ཀྱི་རྟེན་དུ་བྱ་བ་སོགས་སྐབས་དང་བསྟུན་ལ། སྒྲུབ་པ་ཚར་རྗེས་རྩ་བ་གསུམ་གྱི་རྟེན་ལུས་ལ་བཅངས་ན་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་གྲུབ་པའི་རྒྱུར་འགྱུར་བ་དང་། ཡང་ན་ཇི་སྐད་དུ། གབ་རྩེ་སོགས་ལ་གཞུག་ནས་ཕྱི་ཕོ་བྲང༔ ནང་ནི་གང་ཡིན་ལྷར་བསམ་བསྐྱེད་བསྟིམས་སོགས༔ དུས་བཟང་ཀུན་ལ་མ་ཆག་ཡང་ཡང་བྱ༔ མཆོད་བསྟོད་དངོས་འབྱོར་ཡིད་སྤྲུལ་ཅི་རིགས་འབད༔ རྟག་ཏུ་གང་ཡིན་ལྷ་ཡི་ངེས་ཤེས་བྱ༔ རང་སྔགས་བཟླས་ཤིང་མེ་ཏོག་འཐོར་བ་གནད༔ རང་གིས་འཆང་ངམ་རྟེན་ལ་གཞུག་པ་སོགས༔ སྐབས་བབས་ཤེས་བྱ་རྩ་བ་གསུམ་སོགས་ནི༔ བྱ་རྒོད་རོ་འདུས་ལྟ་བུར་ཡོང་ནས་ནི༔ ཕྲིན་ལས་གང་བཅོལ་འགྲུབ་པའི་གནད་འདི་ཟབ༔ ལར་ནི་རང་གིས་དམ་ཚིག་བསྲུང་གལ་ཆེ༔ ཞེས་གསུངས་པ་ལྟར་བྱའོ། །ཆོས་སྐྱོང་གི་བླ་རྡོ་བྱེ་བྲག་ཏུ་བཅང་ལུགས་ཕྱོགས་མཚོན་སོ་སོར་བཤད་པ་ལྟར་ལ། སྤྱིར་སྒྲུབ་པ་པོ་དམ་ཚིག་དང་ལྡན་ཅིང་ཆོས་སྐྱོང་རྒྱུན་དུ་བསྟེན་ཅིང་མཆོད་པ་ཡིན་ན་བླ་རྡོ་ལུས་ལ་བཅངས་ན་དགོས་ཁྱད་ཆེ། དམ་ཚིག་ཇི་བཞིན་མི་སྲུང་བ་དང་གསོལ་མཆོད་ལ་བརྩོན་པ་ཙམ་གྱིས་ནི་སྲོག་འཁོར་བླ་རྡོ་རྣམས་སྒྲུབ་རྟེན་གཏོར་མ་སོགས་དང་ལྷན་ཅིག་བཞག་པ་ལེགས། དགོན་གནས་ཆོས་འཁོར་ཆེན་པོ་དང་མགོན་ཁང་ཡོད་མཁན་ལ་མགོན་ཁང་ཉིད་དུ་རྟེན་དང་བླ་རྡོ་སྲོག་འཁོར་སོགས་བཞག་པ་གལ་ཆེའོ། །སྤྱིར་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་ཟོལ་མེད་དུ་བསྲུང་ན་ལུས་དང་གྲིབ་མ་བཞིན་དུ་འཁོར། བླ་རྡོ་བཅང་མཁས་ན་འདབ་ཆགས་སྙིས་བཟུང་བ་བཞིན་འཁོར། མཆོད་གཏོར་ལ་བརྩོན་ན་དབུལ་པོ་ནོར་ལ་རུབ་པ་བཞིན་འཁོར། གདུང་བའི་དབྱངས་ལ་བརྩོན་ན་བུང་བ་མེ་ཏོག་ལ་ལྡིང་བ་བཞིན་འཁོར། སྲུང་མ་འཁོར་བ་ཙམ་གྱིས་འགལ་རྐྱེན་བར་ཆད་ཞི། མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་འགྱུར་བར་གསུངས་སོ། །རྩ་གསུམ་དམ་ཅན་སྒྲུབ་གནས་སུ། །ཙནྡན་དྲི་བཞིན་རྟག་བཞུགས་ནས། །དགྱེས་པའི་འཛུམ་ཞལ་རབ་གཡོ་བས། །ཉིན་དང་མཚན་དུ་སྐྱོང་གྱུར་ཅིག །གསང་བ་རྗེན་པར་ཕྱུང་བ་ཡི། །ནོངས་པ་སྙིང་ནས་བཟོད་པར་གསོལ། །བསྟན་ཕྱིར་ལྷག་བསམ་རབ་དཀར་བས། །འདི་བྱས་བསྟན་པའི་བཙས་སུ་ཤོག །ཅེས་པའང་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ལ་མེད་དུ་མི་རུང་བ་དང་། ཁྱད་པར་རིན་ཆེན་གཏེར་མཛོད་ཀྱི་ཆ་རྐྱེན་དུ་འབྲི་བར་འདུན་པའི་ཐོག །ཆོས་སྐྱོང་བའི་རྒྱལ་པོའི་རྣམ་ཐར་འཛིན་པ་གླིང་རྗེ་དབང་ཆེན་ཆོས་སྐྱོང་ནས་བསྐུལ་མ་མཛད་པ་ལྟར། རྩ་བའི་རྒྱུད་དང་གཏེར་གཞུང་རྣམས་ཀྱི་དགོངས་བཅུད་བསྡུས། སྨིན་གླིང་གཏེར་ཆེན་རིན་པོ་ཆེའི་ཕྱག་བཞེས་དགེ་སྦྱོང་བློ་གསལ་རྒྱ་མཚོས་ཟིན་བྲིས་སུ་མཛད་པ་དང་། ཕྱིས་སུ་མཁས་དབང་སྔགས་རམ་པ་བསྟན་འཛིན་སྐྱེས་མཆོག་དང་། རྩེའི་དགེ་རྒན་འགྱུར་མེད་སྐྱེས་མཆོག་རྣམ་གཉིས་ཀྱིས་ཁ་སྐོང་ཕལ་ཆེར་བཅས་ཟིན་བྲིས་སུ་བཏབ་པ་དང་། ༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱི་དགོངས་ཀློང་ནས་ཕྱུང་བའི་མན་ངག་སོགས་ཀྱིས་ཁ་བསྐངས་ཏེ། པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་དེ་བི་ཀོ་ཊིའི་མ་མགོན་དམ་ཅན་ངེས་པར་འདུ་བའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་ (Volume 24, Text 33)
༁ྃ༔ མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་བཞུགས་སོ༔ ྈྈ རྒྱ་གར་སྐད་དུ༔ གུ་རུ་ཀཱ་ཡ་ཏྲི་ཡ་ནི་ཏུཏྟསྟབ་ནཱ་མ༔ བོད་སྐད་དུ༔ བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་ཞེས་བྱ་བ༔ འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ༔ མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་བླ་མ་སྐུ་གསུམ་བརྒྱུད་པའི་གསོལ་འདེབས་ནི༔ ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཨེ་མ༔ སྤྲུལ་པའི་མི་བཞིས་བདག་ལ་ཉོན༔ ད་དུས་བསྐལ་པ་བཟང་ཞིང་དམ་ཆོས་དར༔ ཡ་རབས་མང་བས་དགེ་བཅུའི་ཁྲིམས་ལ་གནས༔ སྙིགས་མའི་དུས་སུ་སྡིག་སྤྱོད་འགྲོ་བ་ནས༔ སྡིག་པའི་འབྲས་བུ་སྨིན་པས་མི་དགེ་བཅུ་ལ་སྤྱོད༔ ངན་འགྲོར་ལྟུང་བས་ཐར་པ་ཐོབ་པར་དཀའ༔ དེ་དོན་པདྨ་བདག་གིས་རྟོགས་གྱུར་ནས༔ ཕྱི་རབས་དོན་དུ་ཟབ་དོན་སྙིང་པོའི་བཅུད༔ བདེར་གཤེགས་རྣམས་ཀྱི་ཐུགས་ཀྱི་ཚལ་པ་ནི༔ འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས་ཟབ་མོ༔ ཤར་ལྷོ་ནུབ་བྱང་སྟོད་སྨད་ཐམས་ཅད་དུ༔ རིན་ཆེན་གཏེར་དུ་གཏམས་ནས་བཀའ་རྒྱ་གདབ༔ དུས་མཐར་སྨོན་ལམ་ལས་དག་སྐྱེས་བུ་ནི༔ ཆ་ལུགས་མ་ངེས་སྤྲུལ་པའི་སྐུ་བཞི་ཡང༔ ཐར་ཐོར་འབྱུང་ཞིང་ཟབ་མོ་རྒྱ་བཀྲོལ་ཞིང༔ འགྲོ་བ་འགའ་ཞིག་ཐར་པའི་ལམ་ལ་བཀོད༔ སྤྲུལ་པ་ཡིན་པས་འཇའ་ཡལ་ལྟ་བུར་གཤེགས༔ དེ་དུས་པདྨ་ང་ནི་ལྷོ་ནུབ་ཏུ༔ གདུག་པའི་སྲིན་པོ་འདུལ་བའི་རྒྱལ་པོར་འགྱུར༔ འོག་མིན་པདྨ་འོད་དུ་ཆོས་སྐུ་ལས༔ ལོངས་སྐུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་རྒྱས༔ དེ་ཡིས་མདངས་ལས་སྲིན་པོའི་རྒྱལ་པོ་ནི༔ མ་ངེས་སྣ་ཚོགས་སྤྲུལ་པའི་སྐུ་རེ་འབྱོན༔ སྤྲུལ་སྐུ་བྱེ་བ་ཕྲག་བརྒྱས་བོད་ཁམས་ཁྱབ༔ ཚེས་བཅུའི་དུས་སུ་འཛམ་གླིང་སྲིད་པ་འདི༔ ས་རྡོ་ཤིང་གསུམ་ཡན་ཆད་པདྨ་ཡིས༔ ཐུགས་རྗེས་ཁྱབ་ཅིང་བྱིན་རླབས་འབྱུང་ངེས་པས༔ ཕྱི་རབས་དེ་དུས་ལས་ལྡན་སྐྱེས་བུ་དང༔ དམ་ཆོས་སྤྱོད་པའི་འགྲོ་བ་ཕོ་མོ་རྣམས༔ དུས་བཟང་ཡར་ངོ་ཁྱད་པར་ཚེས་བཅུའི་དུས༔ འབྱོར་ཚོགས་བཤམས་ཤིང་མོས་གུས་གདུང་སེམས་ཀྱིས༔ སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་ཐོབ༔ འཛབ་སྒྲོགས་སྐྱོ་ཤས་དད་པ་དག་སྣང་སྤྱོད༔ པད་འབྱུང་འཇིག་རྟེན་དབང་ཕྱུག་མི་ཏྲ་བཅས༔ བརྩེ་བར་སེམས་ནས་དད་ལྡན་ཚོགས་ཁང་དུ༔ སྤྲུལ་པ་མ་ངེས་འཇའ་འོད་སྤོས་དང་ནི༔ ཁྱེ་འུ་རྣལ་འབྱོར་ཕོ་མོ་ལྷ་ཡི་གཟུགས༔ སྣ་ཚོགས་མ་ངེས་ཅིར་ཡང་སྤྲུལ་ནས་འོང༔ དེ་དུས་སྨོན་ལམ་གང་བཏབ་འགྲུབ་པ་དང༔ བྱིན་རླབས་ཞུགས་པའི་རྟགས་ནི་སྣ་ཚོགས་འོང༔ ཁྱད་པར་བག་དྲོ་ཉམས་དགའ་ཤེས་པ་གསལ༔ གླུ་གར་ཉམས་དང་རྩེད་དགའ་འཁྲབ་སྙིང་འདོད༔ བདེ་གསལ་མི་རྟོག་ཉམས་མྱོང་ཕྱོགས་མེད་རྒྱས༔ དེ་དུས་རྟོག་པ་དེ་ལ་སྣ་མི་བསྐྱིལ༔ གང་ཤར་བཟོ་མེད་ལྷུག་པར་སྤྱོད་པ་སྐྱོངས༔ དག་སྣང་ཅན་གྱིས་བདག་ཉིད་མངོན་སུམ་མཇལ༔ དེ་ཕྱིར་གསོལ་འདེབས་ཟབ་མོ་འདི་ལྟར་ཐོབ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཆོས་ཉིད་རྣམ་དག་ནམ་མཁའ་ལྟ་བུ་ལ༔ ཡེ་ཤེས་འཇའ་སྤྲིན་ལྟ་བུར་སྐུ་བཞེངས་པ༔ མཚན་དང་དཔེ་བྱད་ཡོངས་རྫོགས་པདྨའི་ཞལ༔ ཐུབ་དབང་སྟོན་པ་མཁྱེན་རབ་དཀྱིལ་འཁོར་རྒྱས༔ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་རུ༔ ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་འཛིན་ཅིང༔ ཉོན་མོངས་ནད་ཀྱིས་གདུངས་པའི་སེམས་ཅན་ལ༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འབེབ་མཛད་པ༔ འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོའི་སྐུ་ལ་གསོལ་བ་འདེབས༔ ྈྈ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན༔ གར་གྱི་དབང་ཕྱུག་བདེ་ཆེན་རོལ་པའི་སྐུ༔ སྲིད་གསུམ་གདུག་པ་མ་ལུས་འདུལ་མཛད་པའི༔ དཔའ་བོ་རྟ་མཆོག་སྐུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བྲག་དཀར་ཡེ་ཤེས་གསང་བའི་རྫོང་ཕུག་ཏུ༔ ཡེ་ཤེས་དབྱིངས་ལས་རོལ་པའི་མཁའ་འགྲོ་མ༔ ལས་ཅན་ལས་འཕྲོ་མཐུད་པའི་ལུང་བསྟན་ཅིང༔ དམ་ཉམས་བདུད་ཚོགས་བཅོམ་པའི་མཐུ་སྟོབས་ལྡན༔ རྫུ་འཕྲུལ་སྤྲུལ་པས་བསྟན་འགྲོའི་དོན་བྱེད་པའི༔ མ་མོ་ཨེ་ཀ་ཙཱ་ཏི་ལ་གསོལ་བ་འདེབས༔ ྈྈྈྈ གྲོང་ཁྱེར་ན་ལེ་ནན་མཁར་ཕོ་བྲང་དུ༔ དབྱིངས་ལས་སྤྲུལ་པའི་ཤེས་རབ་ཡུམ་གྱི་གཟུགས༔ ཟག་མེད་བདེ་སྟོང་མཁའ་འགྲོ་བྱེ་བའི་གཙོ༔ ཆགས་རབ་དོན་གྱི་འགྲོ་བ་དབང་དུ་སྡུད༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་མཛད་པ༔ དྷེ་ཝ་མཁའ་འགྲོའི་ཞབས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཕགས་ཡུལ་ཝཱ་ར་ཎཱ་སཱིའི་གྲོང་ཁྱེར་དུ༔ འཇིག་རྟེན་དབང་ཕྱུག་འཕགས་པའི་འོད་ཟེར་ལས༔ སྤྲུལ་པའི་ཟློས་གར་བསྟན་པའི་སྒྲོན་མེ་མཆོག༔ རྫུ་འཕྲུལ་མཐུ་སྟོབས་བདུད་དང་མུ་སྟེགས་བཏུལ༔ འཆི་མེད་རྡོ་རྗེའི་སྐུར་གྱུར་མཁའ་སྤྱོད་གཤེགས༔ མི་ཏྲ་ཛྭ་ཀིའི་ཞབས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷོ་ནུབ་རྒྱ་མཚོ་ཆུ་གླིང་ཨོ་རྒྱན་དུ༔ ཡབ་དང་ཡུམ་མེད་པདྨའི་སྙིང་པོ་ལ༔ རྫུས་སྐྱེས་སྐུ་འཁྲུངས་རྡོ་རྗེ་ལྟ་བུའི་སྐུ༔ མངལ་གྱི་སྐྱོན་དང་དྲི་མས་མ་གོས་པའི༔ རྫུ་འཕྲུལ་མཐུ་སྟོབས་བསམ་གྱིས་མི་ཁྱབ་པའི༔ པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གྲཱ་ཡི་ཚའུ་ལུང་དཔལ་གྱི་ཡོངས་རྫོགས་ཕུག༔ ཚེ་རབས་ལས་སད་དཔལ་གྱི་རྗེ་དང་མཇལ༔ དགོངས་པས་ཡོངས་བཟུང་འདུ་འབྲལ་མེད་པར་གཟིགས༔ ཏི་སྒྲོར་གྲུབ་བརྙེས་མན་ངག་ལྡེ་མིག་ཐོགས༔ མདོ་རྒྱུད་དགོངས་པ་མ་ལུས་འགྲོལ་མཛད་པ༔ ཡེ་ཤེས་མཚོ་རྒྱལ་སྐུ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འཇིགས་པ་བརྒྱད་དང་ནད་གདོན་ཞི་བྱེད་པ༔ དཔའ་བོ་རྟ་མགྲིན་པདྨ་གར་དབང་ཕྱུག༔ འབྱོར་པས་འདོད་དགུ་ལོངས་སྤྱོད་ནོར་ཀུན་རྒྱས༔ རྣམ་སྲས་ནོར་བདག་གཏེར་གྱི་དབང་ཕྱུག་ཚོགས༔ དབང་གིས་སྲིད་གསུམ་མ་ལུས་དབང་གྱུར་པའི༔ རིགས་བྱེད་ལྷ་མོ་ཀུ་རུ་ཀུལླེའི་ཚོགས༔ དྲག་པོས་དགྲ་བགེགས་མ་ལུས་ཚར་བཅད་པའི༔ དཔལ་མགོན་དྲག་རྩལ་དམ་ཅན་རྒྱ་མཚོའི་ཚོགས༔ གསོལ་བ་འདེབས་སོ་ལས་བཞིའི་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་གསོལ་འདེབས་ཕྱི་རབས་དོན་དུ་པདྨས་མཚོ་རྒྱལ་ལ་གནང་བའོ༔ ཐའཅ༔ ྈ
ཕུར་པའི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ (Volume 31, Text 33)
ཕུར་པའི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །ཆོས་དབྱིངས་ཀློང་ཡངས་གདལ་ཁྱབ་ཞིང་ཁམས་ན། །དཔལ་ལྡན་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ཀ་དག་ཆོས་སྐུ་ཐོབ་པར་བྱིན་གྱིས་རློབས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །ལྷུན་གྲུབ་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབས། །གསང་བདག་ཕྱག་ན་རྡོ་རྗེ་ལ་གསོལ་བ་འདེབས། །གང་འདུལ་སྤྲུལ་སྐུ་ཐོབ་པར་བྱིན་གྱིས་རློབས། །དགེ་སློང་དྲི་མེད་གྲགས་པ་ལ་གསོལ་བ་འདེབས། །ཚེ་འདིར་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། །ཆོས་རྒྱལ་ཨིནྡྲ་བོ་དྷི་ལ་གསོལ་བ་འདེབས། །བསྟན་པའི་བཀའ་ཆེན་བབས་པར་བྱིན་གྱིས་རློབས། །རིག་འཛིན་རོ་ལངས་བདེ་བ་ལ་གསོལ་བ་འདེབས། །ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །དྷ་ན་སཾསྐྲྀཏ་ལ་གསོལ་བ་འདེབས། །གསང་སྔགས་ཟབ་དོན་རྟོགས་པར་བྱིན་གྱིས་རློབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །འགྲོ་དོན་ཕྱོགས་མེད་འབྱུང་བར་བྱིན་གྱིས་རློབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །སྨོན་ལམ་ལས་འཕྲོ་ཐོབ་པར་བྱིན་གྱིས་རློབས། །ཐུགས་སྲས་རྗེ་འབངས་གྲོགས་ལྔ་ལ་གསོལ་བ་འདེབས། །འཇའ་ལུས་རྡོ་རྗེར་གྲོལ་བར་བྱིན་གྱིས་རློབས། །གུ་རུ་རཏྣ་གླིང་པ་ལ་གསོལ་བ་འདེབས། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་ལུགས་རང་ཞལ་མཐོང་བར་བྱིན་གྱིས་རློབས། །ཡི་དམ་ཕུར་པའི་ལྷ་ཚོགས་ལ་གསོལ་བ་འདེབས། །དངོས་གྲུབ་རྣམ་གཉིས་འབྱུང་བར་བྱིན་གྱིས་རློབས། །ཆོས་སྐྱོང་ཕུར་སྲུང་ཚོགས་ལ་གསོལ་བ་འདེབས། །ཕྱི་ནང་བར་ཆད་མེད་པར་བྱིན་གྱིས་རློབས། །བཀའ་བརྒྱུད་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །ཡི་དམ་ལྷ་ཡིས་དངོས་གྲུབ་བསྩལ་དུ་གསོལ། །ཆོས་སྐྱོང་སྲུང་མས་བར་ཆད་བསལ་དུ་གསོལ། །སྒྲུབ་པ་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་ཕུར་པའི་གསོལ་འདེབས་འདི་ནི་སྲས་མཆོག་ཚེ་དབང་གྲགས་པས་མཛད་པའོ། །སརྦ་མངྒ་ལཾ།། །།
ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྒྲུབ་ཐབས་གསང་བ་གཅིག་གྲུབ་ (Volume 23, Text 33)
འུའུའུ༔ ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྒྲུབ་ཐབས་གསང་བ་གཅིག་གྲུབ་བཞུགས་སོ༔ ྈྈྈ ན་མ་ཨཱརྱ་ལོ་ཀེ་ཤྭ་ར་ཡ༔ ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་གི༔ གསང་བ་ཡེ་ཤེས་གཅིག་གྲུབ་ཉམས་ལེན་གནད༔ གཏོར་གླུད་དག་གིས་བགེགས་རྣམས་ཚིམས་བྱས་ཏེ༔ མཚམས་བཅད་བདེ་བའི་གདན་ལ་རབ་ཏུ་གནས༔ དལ་འབྱོར་ལས་འབྲས་འཁོར་བའི་ཉེས་དམིགས་བསམ༔ མི་རྟག་སྐུལ་མས་རང་རྒྱུད་ཆོས་དང་བསྲེ༔ ཁམས་གསུམ་གནས་ཀུན་གང་དུ་བཙལ་ན་ཡང༔ བདེ་བའི་གནས་ནི་གང་གིས་སྦྱིན་མི་ནུས༔ གཏན་གྱི་བདེ་བ་དཀོན་མཆོག་གསུམ་ལ་ཡོད༔ བསླབ་བྱ་ཕན་ཡོན་དྲུག་ལྡན་སྐྱབས་འགྲོ་ལ༔ རྟག་ཏུ་རྩེ་གཅིག་གུས་པའི་ཡིད་ཀྱིས་བསྟེན༔ དེ་ནི་མེད་ཐབས་མེད་པའི་ལམ་གྱི་སྲོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྲཱི༔ མདུན་གྱི་ནམ་མཁར་འཇའ་འོད་གུར་ཁང་དབུས༔ དཀྱིལ་འཁོར་དབང་ཕྱུག་ཀུན་བཟང་སྣང་མཐའ་ཡས༔ ཐུགས་རྗེ་ཆེན་པོ་ཞི་ཁྲོའི་ལྷ་ཚོགས་རྣམས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་ཤིང་བཞུགས༔ དབང་སྐུར་བྱིན་རློབས་མཆོག་གི་དངོས་གྲུབ་སྩོལ༔ ཧྲཱི༔ གསང་སྔགས་རྡོ་རྗེ་ཐེག་པའི་འབྲས་བུའི་ཆོས༔ སྨིན་གྲོལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པའི༔ སྣང་བ་མཐའ་ཡས་མགོན་པོ་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་ཕྱག་འཚལ༔ ཧྲཱི༔ ཕྱི་མཆོད་འདོད་ཡོན་རྣམ་ལྔ་གཙང་ཞིང་མཛེས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང༔ སྨན་གཏོར་རཀྟ་གསེར་སྐྱེམས་དང་རེ་སྤྲོ༔ སྒེག་བཞད་ལྷ་མོའི་ཚོགས་དང་བཅས་རྣམས་འབུལ༔ ཧྲཱི༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་བཅུ་དང་མཚམས་མེད་ཆེན་པོ་ལྔ༔ ཉེ་བ་ལྔ་དང་ལྕི་བཞི་ལོག་པ་བརྒྱད༔ རང་བཞིན་བཅས་དང་འགལ་བའི་ཉེས་ཀུན་བཤགས༔ ཧྲཱི༔ སོ་སོ་སྐྱེ་བོ་འཕགས་པའི་ཚོགས་རྣམས་དང༔ སངས་རྒྱས་བྱང་སེམས་བླ་མ་རིག་འཛིན་གྱི༔ དུས་གསུམ་ཟག་མེད་དགེ་ཚོགས་ཐམས་ཅད་ལ༔ དད་པས་རྗེས་སུ་ཡི་རང་འབུལ་བར་བགྱི༔ ཧྲཱི༔ བླ་མ་བདེ་གཤེགས་རིག་འཛིན་མཁའ་འགྲོ་དགོངས༔ འགྲོ་རྣམས་ལས་དང་མ་རིག་རྐྱེན་དབང་གིས༔ ཆོས་ཀྱིས་ཕོངས་པའི་མུན་འཐོམས་འཁྱམས་གྱུར་ན༔ ཐེག་གསུམ་སྔགས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ ཧྲཱི༔ གང་ཞིག་གདུལ་བྱའི་སྤྱོད་པས་ཐུགས་ཆད་ཅིང༔ དུས་ལས་ཡོལ་བས་ཞིང་ཁམས་གཞན་རྣམས་སུ༔ གཤེགས་པར་དགོངས་པའི་སྐྱེས་ཆེན་ཐམས་ཅད་ཀྱང༔ སྲིད་མཚོ་བསྒྲལ་སླད་ཡུན་དུ་བཞུགས་སུ་གསོལ༔ ཧྲཱི༔ བདག་གཞན་དགེ་བའི་ལོ་ཏོག་ཇི་སྙེད་ཀུན༔ ཡུན་གྱི་བདེ་བས་འགྲོ་ཀུན་ཚིམས་བྱེད་ཕྱིར༔ སྙིང་པོ་མཆོག་གི་ས་ལ་གནས་བྱའི་ཕྱིར༔ འཁོར་གསུམ་མི་དམིགས་ཀུན་བཟང་ཀློང་དུ་བསྔོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་བསྙེན་པ་བརྒྱ་སྟོང་དག་ཏུ་བཟླ༔ ཚོགས་གསག་མཎྜལ་བཀོད་འཕགས་བཤམས་བྱས་ལ༔ ཧྲཱི༔ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལ༔ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡན༔ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་བཅས༔ མཉེན་ལྕུགས་སྲ་བརྟན་རིན་ཆེན་རྩིག་པར་ལྡན༔ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོར༔ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་བརྒྱན༔ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ༔ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོར༔ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདི༔ བླ་མ་ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ བདག་གི་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག༔ ཧྲཱི༔ བདག་གི་ཡུལ་འཁོར་ལོངས་སྤྱོད་འདོད་ཡོན་དང༔ ཕ་མ་བུ་ཚ་མཛའ་བའི་གྲོགས་ལ་སོགས༔ འཛིན་པའི་ཡིད་ཀྱིས་གཅེས་པར་བཟུང་བ་རྣམས༔ བླ་མ་ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནས༔ དག་པའི་ཡེ་ཤེས་ཆེན་པོ་བསྟན་དུ་གསོལ༔ ཧྲཱི༔ བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་ནས༔ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལ༔ དབང་པོ་ལྔ་ཡི་རྟེན་གྱིས་མཐའ་རྟེན་བྱས༔ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱན༔ ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡན༔ མིག་གཉིས་དྭངས་མའི་འོད་ཀྱིས་མུན་པ་སེལ༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་སྒྱུ་ལུས་འདི༔ བླ་མ་ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ བདག་གི་ཡིད་ཡུལ་འཁྲུལ་སྣང་ཀུན་དག་ནས༔ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ ཚོགས་ཞིང་འོད་ཞུ་རང་དང་གཉིས་སུ་མེད༔ མ་བཅོས་ཁྱབ་གདལ་ཟུང་འཇུག་ངང་ལ་བཞག༔ དེ་ནི་སྒྲུབ་པའི་སྔོན་འགྲོའི་གདམས་པ་འོ༔ ས་མ་ཡ༔ དངོས་བཞི་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང༔ བསྐྱེད་རྫོགས་ལམ་གྱི་རིམ་པ་བསྟན་པ་ནི༔ ཧྲཱི༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ༔ ཡང་དག་དོན་གྱི་སྙིང་པོ་མ་ཐོབ་པས༔ མཐའ་མེད་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས༔ དཀོན་མཆོག་གསུམ་དང་བླ་མ་མཆོག་ཁྱོད་ལ༔ སྙིང་ནས་དད་པའི་ཤུགས་ཀྱིས་སྐྱབས་སུ་མཆི༔ ཧྲཱི༔ བདག་གིས་སྨོན་འཇུག་སེམས་བསྐྱེད་ལ་བརྟེན་ནས༔ འགྲོ་རྣམས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས༔ མྱུར་དུ་ཐར་ནས་བྱང་ཆུབ་ཐོབ་པར་བྱ༔ ས་མ་ཡ་མ་ཧཱ་ཡོ་ག་ཙིཏྟ་ཧཱུྃ༔ ཧྲཱི༔ སེམས་ཅན་བདེ་དང་ལྡན་ཞིང་སྡུག་བསྔལ་བྲལ༔ མི་འབྲལ་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧྲཱི༔ མཁའ་ཁྱབ་གཞལ་ཡས་ཁང་གི་བཀོད་པ་ནི༔ ཞིང་ཁམས་ཆེན་པོ་གསེར་གྱི་ས་གཞིའི་དབུས༔ འབྱུང་བ་ཡོངས་རྫོགས་དྭངས་པའི་རིན་ཆེན་མཚོ༔ ཡོངས་སུ་རྒྱས་པའི་དབུས་སུ་སྐྱེས་པ་ཡི༔ པདྨའི་སྡོང་པོ་ཁྲི་འཕང་གསུམ་དང་ལྡན༔ ཡལ་ག་མེ་ཏོག་འབྲས་བུའི་ཁུར་གྱིས་ལྕི༔ ཆུ་བྱ་སྣ་ཚོགས་ཐེག་གསུམ་ཆོས་སྒྲ་སྒྲོག༔ ཕན་ཚུན་ཆོས་ཀྱི་རོལ་ཚིམས་གར་ཐབས་སྒྱུར༔ ཡལ་འདབ་རེ་རེའང་མཆོད་པའི་ལྷ་མོས་བརྒྱན༔ སྙན་པའི་གླུ་དབྱངས་མཛེས་པའི་གར་གྱིས་མཆོད༔ རིག་འཛིན་དུ་མ་གསེར་གཡུ་བྱུ་རུ་ཡི༔ མདོག་མཚུངས་བུང་བའི་ཚུལ་བཟུང་ཐེག་ཆེན་ཆོས༔ བརྡ་དང་སྟབས་ཀྱིས་སྐལ་ལྡན་རྣམས་ལ་སྒྲོག༔ རིན་ཆེན་ནེའུ་སེང་བྲག་རིའི་ཚལ་གྱིས་བསྐོར༔ དེ་དག་རྣམས་ལ་དྲང་སྲོང་རིག་འཛིན་གནས༔ མ་ཡེངས་བསམ་གཏན་ཏིང་འཛིན་རོས་གང་བའི༔ ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པར་བཞུགས༔ ཕྱོགས་མཚམས་མ་ལུས་ཡེ་ཤེས་འོད་ཀྱི་གུར༔ རབ་མཛེས་མདངས་བཀྲ་རིམ་གསུམ་རྣམ་པར་གསལ༔ སྟེང་ཕྱོགས་ནམ་མཁའ་འོད་ཀྱི་སྤྲིན་ཕུང་ན༔ རིག་འཛིན་ལྷ་དང་མཁའ་འགྲོ་དཔག་མེད་ཀྱིས༔ བདུད་རྩིའི་ཁྲུས་གསོལ་མེ་ཏོག་མནྡཱ་ར༔ ཁ་དོག་སྣ་ཚོགས་ཆར་འབེབ་རོལ་མོ་སྒྲོག༔ རི་བོ་ཆེན་པོ་པོ་ཏ་ལ་འདྲ་ཡི༔ ཇི་ལྟར་རབ་འབྱམས་དག་པའི་ཞིང་གི་དབུས༔ འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་བའི་སྟེང༔ སྐད་ཅིག་དྲན་རྫོགས་ཆུ་ལ་ཉ་འཕར་ལྟར༔ རང་རིག་ཧྲཱིཿདཀར་མདངས་ལྡན་འོད་འཕྲོ་བས༔ རྒྱལ་བ་སྲས་བཅས་སྤྱན་དྲངས་ཧྲཱིཿལ་ཐིམ༔ སླར་འཕྲོས་འགྲོ་དྲུག་སྡུག་བསྔལ་སེལ་བྱས་ནས༔ དེ་ལྟར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ པདྨའི་དབང་ཕྱུག་ཞལ་གཅིག་ཕྱག་གཉིས་པ༔ དཀར་གསལ་མདངས་ལྡན་ཞལ་འཛུམ་བཞད་པའི་ཚུལ༔ ཕྱག་གཡས་མཆོག་སྦྱིན་དགོས་འདོད་རེ་བ་སྐོང༔ གཡོན་པ་སྟ་ཟུར་ནས་བརྐྱང་གདན་འདིང་མཛད༔ པད་དཀར་ཡུ་བ་མཐེབ་མཛུབ་ལ་གནས་པའི༔ ཡལ་ག་ལོ་འདབ་སྙན་ཤལ་ཕྱོགས་ཀུན་མཛེས༔ སྲིད་ཞིར་མི་གནས་ཞབས་གཉིས་བརྐྱང་བསྐུམ་ཚུལ༔ ཡིད་འོང་མཚན་དང་དཔེ་བྱད་ལྷུན་གྱིས་གྲུབ༔ སྨིན་མཚམས་མཛོད་སྤུ་འོད་ལྔའི་ཐིག་ལེར་འཁྱིལ༔ ཞི་ཚུལ་དགུ་ལྡན་རྒྱན་ཆ་བཅུ་གསུམ་འཆང༔ དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས༔ ཀུན་ནས་བཀྲག་མདངས་འོད་དང་གཟི་བརྗིད་འབར༔ ཐུགས་རྗེའི་བརྩེ་བས་འགྲོ་ལ་ལྷག་གེར་གཟིགས༔ འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པའི་ནང༔ འགག་མེད་ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས༔ ཧྲཱི༔ སྤྱི་བོ་བདེ་ཆེན་འཁོར་ལོའི་ལྟེ་བ་ལ༔ སྐུ་ཡི་རྡོ་རྗེ་རྣམ་སྣང་དཀར་བའི་ཞལ༔ རང་འདྲའི་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས༔ ཕྱག་གཡས་འཁོར་ལོ་གཡོན་པས་དྲིལ་བུ་བསྣམས༔ མགྲིན་པར་ལོངས་སྤྱོད་པདྨ་དམར་པོའི་དབུས༔ གསུང་གི་རྡོ་རྗེ་སྣང་མཐའ་དམར་བའི་ཞལ༔ རང་འདྲའི་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས༔ ཕྱག་གཡས་པདྨ་གཡོན་པ་དྲིལ་བུ་བསྣམས༔ ཐུགས་ཀར་ཆོས་འཁོར་རྡོ་རྗེའི་ལྟེ་བར་ནི༔ ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་སྔོ་བའི་ཞལ༔ རང་འདྲའི་འོད་ཀྱི་ཡུམ་དང་སྙོམས་པར་ཞུགས༔ ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་བསྣམས༔ ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུའི་རྣམ་པར་བཞུགས༔ ཧྲཱི༔ ལྟེ་བར་སྤྲུལ་པའི་འཁོར་ལོའི་ཆོས་འབྱུང་དབུས༔ སྣ་ཚོགས་པད་ཉི་བམ་གྱི་གདན་སྟེང་དུ༔ གསང་བ་ཡེ་ཤེས་ཌཱ་ཀི་སྐུ་མདོག་དམར༔ ཞལ་གཅིག་ཁྲོ་འཛུམ་ཕྱག་བཞིའི་དང་པོ་གཉིས༔ གྲི་གུག་ཐོད་ཁྲག་ཐུགས་ཀར་དཀྲུག་ཅིང་གསོལ༔ ལྷག་མའི་ཕྱག་གཉིས་རལ་གྲི་ཁ་ཊྭཱཾ་ག༔ ཞབས་གཉིས་གར་སྟབས་ཕྱག་རྒྱ་ལྔ་ཡིས་བརྒྱན༔ ཕྱོགས་བཞིར་པདྨ་འདབ་བཞི་ཉི་མའི་གདན༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ མཐིང་སེར་དམར་ལྗང་ཕྱག་གཉིས་གྲི་ཐོད་དང༔ དར་སྣས་སྤྲས་པའི་ཁ་ཊྭཱཾ་གཡོན་ན་འཆང༔ ཞབས་རྣམས་འདོར་སྟབས་གྱེན་གཟིགས་ཚུལ་དུ་བཞུགས༔ ཀུན་ཀྱང་ཕྱག་རྒྱ་ལྔ་ལྡན་གར་ཉམས་ལྡན༔ གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞི་ཡི༔ དཔའ་བོ་རྣལ་འབྱོར་གྲངས་མེད་ལྡན་པ་རྣམས༔ གཅིག་ཏུ་མ་ངེས་སྐུ་མདོག་ཕྱག་མཚན་བཅས༔ སྟེང་འོག་ཕྱོགས་མཚམས་འཁོར་གྱི་ཚུལ་དུ་སྟེ༔ མ་ལུས་ཏིལ་གྱི་གང་བུ་ལྟ་བུར་བཞུགས༔ ཧྲཱི༔ རྡོ་རྗེ་ལུས་ཀྱི་ཕུང་པོ་བྱེ་བྲག་ལྔ༔ ཡང་དག་རྫོགས་པའི་སངས་རྒྱས་ལྔ་རུ་གྲགས༔ དེ་བཞིན་ཁམས་ལྔ་རིགས་ཀྱི་ཡུམ་ཆེན་ལྔ༔ མིག་སོགས་དབང་པོའི་སྐྱེ་མཆེད་སེམས་དཔའ་ཡབ༔ ཡུལ་དུ་སྣང་དུས་རྟོག་པ་སེམས་མ་འོ༔ རེག་དང་ཚོར་བའི་རྟོག་པ་ཁྲོ་བོ་སྟེ༔ རྟག་དང་ཆད་པ་མུ་བཞི་ཁྲོ་མོ་འོ༔ ཉོན་མོངས་དྲུག་ནི་ཐུབ་དྲུག་དབང་ཕྱུག་མ༔ ཀུན་བཟང་མ་བཅོས་ཀུན་ལ་ཁྱབ་པར་གདལ༔ སྐྱེ་འགག་གནས་དམིགས་འགྲོ་འོང་སྨོན་དང་འཇུག༔ མི་གནས་ཡེ་ཤེས་གསང་བ་ཐུགས་ཀྱི་ངང༔ མཉམ་གཞག་མི་གཡོ་ཆོ་འཕྲུལ་རང་བྱུང་ཤར༔ སྣང་བ་སྣང་བྱེད་ཞི་དང་ཁྲོ་བོར་བཞུགས༔ ཧྲཱིཿབོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ གཙོ་འཁོར་ལྷ་རྣམས་གསལ་བའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་གས་མཚན༔ གཙོ་བོའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་བསམ༔ ཧྲཱི༔ གསལ་བརྟན་ཏིང་འཛིན་ཡེ་ཤེས་རོལ་པ་ལས༔ སྒྱུ་འཕྲུལ་གར་ལྡན་དཀྱིལ་འཁོར་ལྷ་ཡི་ཚོགས༔ དམིགས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས༔ ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་ལོ་ཀེ་ཤྭ་ར་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲི་ཤྱ་ཧོ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཛ༔ ཧྲཱི༔ གདོད་ནས་གཉིས་མེད་མཉམ་པའི་ངང་ཉིད་ལས༔ བློ་སྦྱོང་ཕྱིར་དུ་དམ་ཚིག་ཡེ་ཤེས་སེམས༔ ཆུ་ལ་ཆུ་བཞག་སྒྱུ་མ་ཇི་བཞིན་དུ༔ དུ་མར་སྣང་ཡང་རོ་གཅིག་བརྟན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ལྷན༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཀུན་འདུས་ཐུགས་རྗེ་ཆེན་པོ་ལྷ་ཡི་ཚོགས༔ རང་ཤེས་འཁྲུལ་བྲལ་བརྡ་དང་གར་གྱི་ཕྱག༔ རྣམ་དག་ཡེ་ཤེས་ཆེན་པོ་རྟོགས་བྱའི་ཕྱིར༔ སྲི་ཞུ་གུས་པས་འཕྲུལ་དགའི་ཚུལ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧྲཱི༔ ཡེ་ཤེས་གླུ་བྲོ་དོན་གྱི་བརྡས་མཚོན་ནས༔ དགའ་བ་བཅུ་དྲུག་གླུ་དབྱངས་བྲོ་དང་གར༔ ཡང་དག་དོན་རྟོགས་རང་བྱུང་རང་ལ་མཆོད༔ རྟོགས་པའི་ཡེ་ཤེས་རང་གནས་བསྟན་དུ་གསོལ༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ཏེ་ཏེ་ན་ཧཱུྃ༔ ཧྲཱི༔ ཏིང་འཛིན་ཆོ་འཕྲུལ་ཡེ་ཤེས་རོལ་པ་ལས༔ ཕ་རོལ་ཕྱིན་པ་དྲུག་རྫོགས་མཆོད་པའི་སྤྲིན༔ ནམ་མཁའི་ཁམས་ཀུན་ལེགས་པར་བཀང་ནས་ཀྱང༔ རང་བྱུང་ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ ཧྲཱིཿབཛྲ་ཨཱ་ཧ་ར་ཨཱ་ཧ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧྲཱི༔ གསང་བ་ཡུམ་གྱི་བདེ་བ་དམ་པ་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཏེ༔ འདོད་ཡོན་མ་འགགས་རང་བྱུང་ལྷ་མོ་ཡི༔ བདེ་བ་དམ་པ་སེམས་ཀྱི་རྒྱན་དུ་འབུལ༔ པཉྩ་ཀཱ་མ་གུ་ཎ་པཱུ་ཙ་ཧོ༔ ཧྲཱི༔ རང་བྱུང་གདོད་ནས་གྲུབ་པ་རྫས་ཀྱི་མཆོག༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ དག་མཉམ་རྟོགས་པས་རང་བྱུང་ལྔ་ལ་མཆོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧྲཱི༔ ཁྱད་པར་རྨད་བྱུང་འདོད་ཡོན་རྣམ་ལྔ་དང༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་སོགས༔ ཤ་ཁྲག་རུས་པའི་རྫས་སུ་ལྷུན་གྱིས་གྲུབ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག་གི་རྟེན༔ ཟག་མེད་བདུད་རྩིའི་གཏོར་མ་ལོངས་སྤྱོད་རྒྱན༔ ལྷ་མཆོག་ཐུགས་རྗེ་ཆེན་པོའི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི༔ ཧྲཱི༔ མཉམ་ཉིད་དག་པ་རྒྱལ་བའི་ཡེ་ཤེས་སྐུ༔ རྩོལ་མེད་རང་བྱུང་ཨཱ་ལི་ཀཱ་ལིའི་སྒྲ༔ རྟོག་མེད་སྤྲོས་བྲལ་འོད་གསལ་ཐིག་ལེའི་ཐུགས༔ རྩོལ་དང་བྲལ་བ་ལྷུན་གྲུབ་ཡོན་ཏན་གཏེར༔ རང་བཞིན་མ་ངེས་ཕྲིན་ལས་ལྷུན་གྱིས་གྲུབ༔ ཁྱབ་བདག་མགོན་པོ་སྤྱན་རས་གཟིགས་ལ་བསྟོད༔ ཧྲཱི༔ སྐྱེ་མེད་སྐུ་ཡི་རོལ་པ་འགག་པ་མེད༔ ཐུགས་རྗེ་སྤྲུལ་སྐུས་འཇིག་རྟེན་ཁྱབ་པར་འགེངས༔ ཞི་རྒྱས་དབང་དྲག་ཅིར་ཡང་སྟོན་མཛད་པ༔ པདྨ་དབང་ཕྱུག་ཉིད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ གསང་བ་ཡེ་ཤེས་མཁའ་འགྲོ་ཀུན་གྱི་གཙོ༔ སྟེང་འོག་ཕྱོགས་བཞིར་རྣམ་འཕྲུལ་སྣ་ཚོགས་ཀྱིས༔ འཁོར་དུ་མཁའ་འགྲོ་འབུམ་སྡེའི་ཚོགས་དང་བཅས༔ དངོས་གྲུབ་རྣམ་གཉིས་སྩོལ་ལ་ཕྱག་འཚལ་བསྟོད༔ གཙོ་བོའི་ཐུགས་ཀར་པདྨ་འདབ་དྲུག་དབུས༔ ལྟེ་བར་ཧྲཱིཿདང་འདབ་མར་ཡིག་འབྲུ་བཀོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀུན་ཀྱང་དཀར་དམར་མདངས་ལྡན་འོད་འཕྲོ་གསལ༔ གསང་བར་ཌཱ་ཀིའི་ཐུགས་ཀར་ཆོས་འབྱུང་དབུས༔ བཾ་ལས་ཁུག་པ་གསུམ་པོར་ཌཱ་ཀི་ནཱི༔ ཕྱོགས་ཀྱི་རིགས་བཞི་ཌཱ་ཀིའི་ཐུགས་ཀ་རུ༔ དགའ་བ་འཁྱིལ་པ་གཡས་སུ་འཁྱིལ་བ་རེ༔ དེ་ཡི་ལྟེ་བར་སོ་སོའི་ས་བོན་བཀོད༔ ཧ་རི་ནི་ས་ཡིག་འབྲུ་གསལ་ཞིང་བསྐོར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བཾ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ གཙོ་ལས་འོད་འཕྲོས་འཁོར་གྱི་ས་བོན་གཡོས༔ ཀུན་ལས་འོད་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ༔ ཀུན་ཀྱང་ལྷ་ཡི་ངོ་བོར་བཀུག་ལ་བསྟིམ༔ སྔགས་ཀྱི་སྒྲ་སྒྲོག་དིར་དིར་སྟོང་ཁམས་ཁེངས༔ གང་ཤར་འཛིན་མེད་སྙིང་རྗེའི་ངང་ནས་བཟླས༔ བསྙེན་པ་བྱེ་ལྔ་སྒྲུབ་པ་བྱེ་གཉིས་ཀྱིས༔ རྟགས་དང་མཚན་མ་ཡ་མཚན་བརྗོད་ལས་འདས༔ སྐྱེ་བ་གཅིག་གིས་བདེ་བ་ཅན་དུ་འཁོད༔ ཐེ་ཚོམ་མེད་དོ་སྙིང་དུ་ས་མ་ཡ༔ ཐུན་མཚམས་མཆོད་གཏོར་འབུལ་ཞིང་བསྟོད་པ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྲཱིཿསརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་མཎྜལ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ པཱ་དྱཾ༴ པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ རིན་ཆེན་སྣོད་ནང་འབྱོར་ཚོགས་གཏོར་མ་བཤམ༔ བསང་སྦྱངས་བྱིན་བརླབས་རྒྱ་ཆེན་མང་དུ་སྤེལ༔ ཧྲཱི༔ སྐྱེ་མེད་ཆོས་དབྱིངས་རོལ་པ་ཆེན་པོའི་གནས༔ མ་འདྲེས་ཡོངས་རྫོགས་སྤྲུལ་པའི་ཞིང་ཁམས་ནས༔ ཐུགས་རྗེ་ཆེ་མངའ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་གཤེགས་སུ་གསོལ༔ ཧྲཱིཿལོ་ཀེ་ཤྭ་ར་ས་མ་ཡ་ཛཿཛ༔ ཉི་ཟླ་པདྨའི་གདན་སྟེང་དགྱེས་པར་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པའི་ཚོགས༔ ཨརྒྷཾ་མེ་ཏོག་སྤོས་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཆོས་དང་སྨན་གཏོར་རཀྟ་ཚོགས་མཆོད་ཀྱིས༔ བླ་མ་རིག་འཛིན་ཡི་དམ་མཁའ་འགྲོ་དང༔ དམ་ཅན་སྲུང་མའི་ཚོགས་ཀྱི་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་ལོ་ཀེ་ཤྭ་ར་དྷེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་མ་ཡ་ཌཱ་ཀི་ནཱི་སརྦ་པཱུ་ཙ་ག་ཎ་ཙཀྲ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧྲཱི༔ ཙནྡན་གུར་གུམ་ག་པུར་གླ་རྩི་དང༔ གསེར་དངུལ་ཟངས་ལྕགས་མུ་ཏིག་བཻ་ཌཱུར་བཅས༔ ཤ་ལྔ་བདུད་རྩི་དཔལ་གྱི་གཏོར་མ་དང༔ གཞན་ཡང་སྤྱན་གཟིགས་མཆོད་སྤྲིན་སྣ་ཚོགས་འབུལ༔ ཧྲཱི༔ ཡང་དག་རྟོགས་པའི་ཡེ་ཤེས་རྣམ་པ་ལྔ༔ ཞི་གནས་ལྷག་མཐོང་ཏིང་འཛིན་བསམ་མི་ཁྱབ༔ དགེ་བཅུ་རྣམ་དག་སྤྱོད་པའི་དགྱེས་མཆོད་ནི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་བཅས་བཞེས༔ ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་སྐུ༔ སྐུ་མདོག་དཀར་གསལ་འགྲོ་ཀུན་མུན་པ་སེལ༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རྣམ་པར་གཟིགས༔ འགྲོ་བ་འདུལ་མཛད་ཉིད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ༔ གར་གྱི་དབང་ཕྱུག་པདྨ་གསུང་གི་ལྷ༔ སྐྱོན་བྲལ་དྲི་མེད་ཐུགས་ཀྱི་རྡོ་རྗེ་ཉིད༔ སྐུ་གསུམ་མངོན་དུ་གྱུར་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྤྱི་མགྲིན་ཐུགས་དབུས་རྡོ་རྗེ་གསུམ་གྱི་ལྷ༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་བའི་ཉམས་དང་ལྡན༔ ལྟེ་བར་གསང་བ་ཡེ་ཤེས་ཌཱ་ཀི་མ༔ ཕྲིན་ལས་རྣམ་བཞིའི་མཁའ་འགྲོར་བཅས་ལ་འདུད༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་ཀུན༔ སྒྲུབ་མཆོག་བདག་ལ་དབང་སྐུར་བྱིན་གྱིས་རློབས༔ གཉིས་མེད་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ལོ་ཀེ་ཤྭ་ར་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ ལོ་ཀེ་ཤྭ་ར་ཏྭེ་ནོ་པ་ཏིཥྛ་དྲི་ཌྷོ་མེ་བྷ་བ༔ སུ་ཏོ་ཥྱོ་མེ་བྷ་བ༔ སུ་པོ་ཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ ལོ་ཀེ་ཤྭ་ར་མ་མེ་མུཉྩ་བཛྲཱི་བྷ་བ༔ མ་ཧཱ་ས་མ་ཡ་སཏྭ་ལོ་ཀེ་ཤྭ་ར་ཨཱ༔ དེ་རྗེས་རྣམ་པ་གསལ་བ་ལྷ་ཉིད་ལ༔ ཡིད་ནི་རྩེ་གཅིག་མཉམ་པར་བཞག་པར་བྱ༔ ལུས་ནི་སྣང་སྟོང་སྒྱུ་མ་ལྷ་ཡི་སྐུ༔ ངག་ནི་གྲགས་སྟོང་གཞོམ་མེད་རྡོ་རྗེའི་སྒྲ༔ འཕོ་ཆེན་བཅུ་གཉིས་དབུ་མར་རྫོགས་པར་བྱེད༔ སེམས་ནི་གསལ་སྟོང་རང་བཞིན་རྣམ་ཐར་གསུམ༔ སྙིང་པོ་རིག་པ་སྐུ་དང་ཡེ་ཤེས་ལྔ༔ སྐྱེ་འཆི་མེད་པའི་གཡུང་དྲུང་ཉིད་དུ་གསལ༔ ཉམ་དང་ལྡང་དུས་འོད་གསལ་སྒྱུ་ལུས་བསྒོམ༔ མ་ཡེངས་དྲན་པའི་ལྕགས་ཀྱུས་རྟག་ཏུ་བཟུང༔ ནད་གདོན་བགེགས་ཞི་ཚེ་རིང་ནད་དང་བྲལ༔ རྨི་ལམ་ཉི་ཤར་མེ་ཏོག་ཐོད་དུ་བཅིངས༔ རྡོ་རྗེ་དྲིལ་བུ་ཅང་ཏེའུ་དཀྲོལ་བ་དང༔ ཟས་ནོར་ཚོགས་འདུ་ཉམས་དགའ་ཤེས་པ་གསལ༔ ཀུན་ལ་བྱམས་ལྡན་མོས་གུས་དག་སྣང་འཆར༔ རྗེས་ལ་སྣོད་བཅུད་སྙིང་གའི་ཧྲཱིཿལ་བསྡུ༔ ཧྲཱིཿཡང་མི་དམིགས་རྡོ་རྗེ་གསང་བའི་མཁར༔ སྟོང་གསལ་རིག་པ་མ་བཅོས་ཆོས་སྐུར་བདལ༔ ལྡང་ཚེ་ཐུགས་རྗེ་ཆེན་པོ་ཉིད་དུ་གྱུར༔ གནས་གསུམ་འབྲུ་གསུམ་སྔགས་ཀྱིས་སྲུང་བ་སྟེ༔ སྣོད་བཅུད་ཞིང་དང་འགྲོ་བ་ལྷ་རུ་བལྟ༔ དམིགས་མེད་བསྔོ་བ་སྨོན་ལམ་ཤིས་པ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་དྲཱ་བ་ཅན་གྱི་རྒྱུད་ནས་བཅུད་བསྡུས་པ་འདི་འདྲའི་གདམས་པ་རྙེད་པར་དཀའ༔ རྗེ་འབངས་རྣམས་ཀྱིས་གསང་བའི་ཉམས་ལེན་མཛོད༔ མཚོ་རྒྱལ་ཡི་གེར་བྲིས་ཤིག་ས་མ་ཡ༔ བློ་ལྡན་ཤེས་རབ་ཅན་དང་འདི་འཕྲད་ནས༔ ཕྱི་མའི་འགྲོ་བ་འདྲེན་པའི་དཔལ་དུ་འགྱུར་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་ཤེས་རབ་འོད་ཟེར་གྱིས་བསམ་ཡས་གཙུག་ལག་ཁང་གི་རང་བྱོན་རྣམ་པར་སྣང་མཛད་ཀྱི་སེང་ཁྲིའི་ལོགས་ནས་སྤྱན་དྲངས་པའོ། །རྗེ་དེ་ཉིད་ཀྱིས་སེང་ཤོག་ལེབ་ནས་དག་པར་ཕབ་པའོ།། །།
བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས༔ ཡང་གསང་སྒྲུབ་པའི་ལས་བྱང་བར་ཆད་ཀུན་སེལ་ (Volume 15, Text 33)
བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས༔ ཡང་གསང་སྒྲུབ་པའི་ལས་བྱང་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ཀུན་བཟང་དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བཀའ་བརྒྱད་ཐུགས་ཀྱི་མེ་ལོང་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན༔ བཀའ་བརྒྱད་ཁྲོ་མཁར་ཆེན་མོ་ལས༔ ཁོལ་དུ་ཕྱུངས་ནས་ཡང་ཟབ་བཀོད༔ རྩེ་ལུང་གཙུག་ལག་ཁང་ལ་སྦས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ དེ་ལས་བྱུང་བའི་ལས་རིམ་གྱི༔ ཕྲིན་ལས་བར་ཆད་ཀུན་སེལ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བཅུ༔ བཀའ་བསྒོ་མཚམས་བཅད་བརྡ་སྒོ་དབྱེ༔ མཆོད་རྫས་བྱིན་གྱིས་བརླབ་དང་བདུན༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ དཀྱིལ་འཁོར་ལྷ་བསྐྱེད་སྤྱན་འདྲེན་དང༔ བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་དང༔ བསྟོད་པ་འཛབ་བསྙེན་རྣམ་པ་བདུན༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་ལས་བསྒྲལ་དང་ཆད་མདོ་དང༔ བརྟན་སྐྱོང་རྟ་བྲོ་བསྡུ་ཆོག་དང༔ བཀྲ་ཤིས་སྨོན་ལམ་རྣམ་པ་བདུན༔ ལས་རིམ་ཉི་ཤུ་རྩ་གཅིག་གོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ དག་པ་གཉིས་ལྡན་ཆོས་ཀྱི་སྐུ༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ མ་ངེས་དོན་མཛད་སྤྲུལ་པའི་སྐུ༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ ཤེས་རབ་གསུམ་ལྡན་བླ་མ་རྗེ༔ ཚོགས་གཉིས་དོན་ལྡན་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ རྐང་གཉིས་གཙོ་བོ་སངས་རྒྱས་དང༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་གསོག་ཞིང་གྱུར་དགེ་འདུན་ལ༔ བདག་དང་འགྲོ་ཀུན་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧཱུྃ༔ བདག་གཞན་འགྲོ་བ་ཀུན་དོན་དུ༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ བཀའ་བརྒྱད་ལྷ་ཚོགས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ ལོག་འདྲེན་བགེགས་རྣམས་ཚར་བཅད་ནས༔ གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བཅུ་པ་ནི༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ བཀའ་བརྒྱད་ལྷ་ཚོགས་གནས་འདིར་གཤེགས༔ ཉི་ཟླ་པད་སྟེང་རོ་གདན་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པ་མི་དགེ་ཅི་བགྱིས་བཤགས༔ དགེ་བ་བསྒྲུབས་ལ་རྗེས་ཡི་རང༔ བླ་མེད་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་གཞན་དོན་བཞུགས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ བླ་མེད་ཆོས་སྐུ་ཐོབ་པར་ཤོག༔ ཅེས་ཚོགས་གསག་པར་བྱ༔ བཞི་པ་བཀའ་བསྒོ་བའི་རིམ་པ་ནི༔ བགེགས་གཏོར་ཕྱིར་ཕུལ་ལ༔ བདག་ཉིད་དཔལ་ཆེན་པོ་བསྒོམ༔ དུང་འབུད༔ རྔ་དྲག་ཏུ་བརྡུང་ཞིང༔ ང་རོ་དབྱངས་བཅས་འདི་སྐད་དོ༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ལོག་འདྲེན་བར་ཆད་བགེགས་ཀྱི་ཚོགས༔ རྣམ་རྟོག་གཟུང་འཛིན་འཁྲུལ་ལས་བྱུང༔ རང་ལས་སྐྱེ་ཞིང་རང་ལ་སྡིག༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་འགྲོ་བར་མི་བྱེད་ན༔ ཀུན་བཟང་ཐུགས་རྗེའི་འོད་ཟེར་ལས༔ སྣང་སྲིད་དཔལ་ཆེན་སྐུ་རུ་གསལ༔ ཁྱོད་རྣམས་ལུས་ངག་ཡིད་གསུམ་ནི༔ རྡུལ་ཕྲན་བཞིན་དུ་རློག་པར་བྱེད༔ དེ་བས་འདི་རུ་མ་འདུག་པར༔ སྔོན་འགྲོའི་གཏོར་མ་འདི་ཁྱེར་ལ༔ རང་རང་གནས་དང་རྟེན་ལ་གཤེགས༔ ཨོཾ་སུམ་བྷ་ནི་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ཅིང་བགེགས་གཏོར་བྱིན་ནོ༔ ལྔ་པ་མཚམས་བཅད་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ འོད་ཟེར་མཚོན་ཆ་ཕྱོགས་བཅུར་འཕྲོས༔ རྡོ་རྗེ་དབྱུག་པ་གྲི་གུག་དང༔ རལ་གྲི་འཁོར་ལོ་རྣམ་ལྔ་སྟེ༔ གུར་ཆེན་ཡེ་ཤེས་མེ་ཕུང་འབར༔ ཕྱོགས་བཞི་མཚམས་བརྒྱད་ཀུན་མཚམས་བཅད༔ ཨོཾ་བཛྲ་ཙཎྜ་ཕེ་ལཾ་ཤཾ་ཀ་ཙཀྲ་ཏཱིཀྵ་ཎ་ཛྭ་ལ་རཾ༔ དེ་ནས་ཁྲོ་བོ་རོལ་པའི་མཚམས་བཅད་ནི༔ ཧཱུྃ༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས༔ གར་དགུའི་ཚུལ་གྱིས་ཧཱུྃ་སྒྲ་སྒྲོག༔ བར་ཆད་འབྱུང་པོ་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ དྲུག་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ སྣང་སྲིད་ཐམས་ཅད་གཞལ་ཡས་ཁང༔ གཟུགས་སྣང་ཐམས་ཅད་ཧེ་རུ་ཀ༔ མ་རིག་གཉིས་འཛིན་སྒོ་བཅད་པས༔ རང་གསལ་ཡེ་ཤེས་འཆར་སྒོ་ཕྱེས༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ བརྟཐཏནརྒབ༔ བདུན་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་སེམས་ཀྱི་ལྷ༔ མ་རྟོགས་རང་ངོ་མ་ཤེས་པས༔ ཡེ་ནས་འགྲོགས་ཀྱང་ཞལ་མ་མཐོང༔ རང་གསལ་བརྡ་ཡིས་ཕྱག་འཚལ་ལོ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ྈྈྈྈ དམ་བཅའ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་བཀའ་བརྒྱད་ལྷ༔ བསྐལ་པ་སྔོན་ནས་ཡི་དམ་ལྷ༔ ད་ལྟ་གཉིས་མེད་རང་ངོ་ཤེས༔ ད་ནི་མི་འདོར་རྩེ་གཅིག་བསྒྲུབ༔ ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ བྱིན་འབེབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས༔ སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ལོངས་སྐུ་རིགས་ལྔ་དཔལ་ཆེན་ཚོགས༔ སྤྲུལ་སྐུ་དཔལ་གྱི་ལྷ་རུ་གསལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གསང་བའི་དཀྱིལ་འཁོར་བྱིན་ཕོབ་ཅིག༔ ཨོཾ་བཛྲ་ཤྲཱི་ཀྲོ་དྷ་དེ་ཝ་སརྦ་དུཥྚཱཾ༔ ཌཱ་ཀི་ནཱི་ས་མ་ཡ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བྱིན་རླབས་ནི༔ ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བྷི་ཤུདྡྷོ྅་ཧཾཿགིས་སྟོང་པར་སྦྱང༔ ཕྱི་མཆོད་བྱིན་རླབས་ནི༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཅེས་སོགས། ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་ས་མ་ཡ་ཨཱཿཧཱུྃ༔ གཏོར་མ་བྱིན་རླབས་ནི༔ ཨོཾ་བཛྲ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཐཱ༔ རཀྟ་བྱིན་རླབས་ནི༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ བདུད་རྩི་བྱིན་རླབས་ནི༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ བསྐལ་པ་སྔོན་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་གིས་བག་མེད་ཅི་བགྱིས་པ༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ དེ་ཡན་ཆད་སྔོན་འགྲོའི་རིམ་པའོ༔ གཉིས་པ་དངོས་གཞིའི་རིམ་པ་ལས༔ དང་པོ་གཞལ་ཡས་ཁང་ལྷ་བསྐྱེད་ནི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་དེ་བཞིན་ཉིད༔ ཕྱོགས་མཚམས་མེད་པར་ཀུན་ཏུ་བརྡལ༔ དེ་བཞིན་ཀུན་སྣང་ཏིང་འཛིན་གྱིས༔ འགྲོ་དྲུག་སེམས་ཅན་སྙིང་རྗེས་བསྒྲལ༔ དེ་ལས་རྒྱུ་ཡི་ཏིང་ངེ་འཛིན༔ ཧཱུྃ་ནི་ཐམས་ཅད་བསྐྱེད་བྱའི་རྒྱུ༔ ཐམས་ཅད་སྐྱེད་པའི་རྒྱུ་གསལ་བསྒོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་བི་ཤུདྡྷེ་མཎྜལ་ཧཱུྃ༔ ཧཱུྃ༔ བསྐལ་པ་གསུམ་གྱིས་འཇིག་རྟེན་སྟོང༔ ཡེ་ནས་དག་པའི་ངང་ཉིད་ལས༔ ཀུན་བཟང་ཡུམ་གྱི་མཁའ་ཀློང་ནས༔ སྣོད་བཅུད་སྦྱོང་ཕྱིར་འབྱུང་རིམ་བརྩེགས༔ ཨེ་ཡཾ་རཾ་ར་སུཾ་ཀེཾ་བྷྲཱུྃ༔ ཨེ༔ སྐྱེ་མེད་སྟོང་པའི་ནམ་མཁའ་ལ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང༔ རཾ་ལས་མེ་དཔུང་དམར་ནག་ཀློང༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀེཾ་ལས་རུས་པའི་རི་རབ་སྟེང༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་ཨེ་རུ་གསལ༔ དེ་སྟེང་ཐོད་པ་སྐམ་རློན་གྱི༔ རྩིག་པ་བ་གམ་མཛེས་པ་ལ༔ ལྷ་ཆེན་ཀ་བ་་ཀླུ་ཆེན་གདུང༔ གཟའ་བརྒྱད་ཀ་ཞུ་ཞིང་ཆེན་ཐོག༔ རྒྱུ་སྐར་དྲལ་ལྕམ་ཐོད་པའི་བད༔ རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་ཕོད༔ མི་རོའི་རྒྱལ་མཚན་ཀེང་རུས་འཕན༔ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ ཕྱི་ནང་མེད་པར་ཀུན་ཏུ་གསལ༔ ཕོ་བྲང་གཞལ་ཡས་གླིང་ཆེན་དགུ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ མཐིང་ནག་གྲུ་གསུམ་འབར་བའི་སྟེང༔ དྲེགས་པ་པདྨ་ཉི་ཟླའི་གདན༔ རང་རང་དཀྱིལ་འཁོར་སོ་སོར་གསལ༔ བྷྲཱུྃ་བྷི་ཤྭ་བི་ཤུདྡྷེ་བྷ་ག་ཝཱན༔ ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་ཧཱུྃ་བྷྲཱུྃ༔ རུ་དྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྱ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ཧཱུྃ༔ རྒྱུ་ཡི་ཡི་གེ་གདན་ལ་བབ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་འཛིན༔ གཡོན་གྱི་ཕྱག་གསུམ་བྷནྡྷ་འཛིན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཡབ་ཡུམ་སྦྱོར་བའི་ཐུགས་ཀ་ནས༔ ཐམས་ཅད་བསྐྱེད་པའི་ཡི་གེ་སྤྲོ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་སཏྭཾ༔ ཧཱུྃ༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུྃ་ཡིག་བཅུ་དྲུག་འཕྲོས༔ ཁྲག་འཐུང་ཡབ་ཡུམ་འཁོར་བཅས་བསྐྱེད༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྩེ་དགུ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་གཤེད༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅོན་རལ་གྲི་སཏྭ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་མཆོག་ཟ་བྱེད་བེ་ཏཱ་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཏུ་དབང་ཆེན་རྟ་མཆོག་དཔལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་ལྗང་དབུས་དམར་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཞགས༔ གཡོན་གསུམ་དྲིལ་བྷན་ལྕགས་སྒྲོག་བསྣམས༔ ཡུམ་མཆོག་པདྨ་ཟིལ་གནོན་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དུ་རྡོ་རྗེ་གཞོན་ནུ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་འཛིན༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམ་བྷནྡྷ་ཞིང་ག་འུ༔ ཡུམ་ཆེན་ཉིད་བཞི་བདེ་མཆོག་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱན་སྤྲས༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་མགོ༔ ཡུམ་མཆོག་སྲིད་པ་སྤྱི་འདུལ་སྦྱོར༔ གཡས་པས་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང༔ གཡོན་གསུམ་བྷན་དམར་ཀླུ་བརྒྱད་སྙིང༔ ཡུམ་ཆེན་འབྱུང་བ་ལྔ་བདག་སྦྱོར༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་མནན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ རིགས་བཞི་སྤྲུལ་པའི་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས༔ ཕྱི་རོལ་སྒོ་བ་བཞི་རྣམས་ནི༔ ཡ་མཱན་པྲ་ཛྙཱན་པདྨཱན་བིགྷ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དཀྱིལ་འཁོར་དགུ་ཡི་ལྷ་ཚོགས་རྣམས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཕྱི་རོལ་ཁོར་ཡུག་ལྕགས་རི་ལ༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་ལྷ༔ རང་བྱུང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྟོབས་དང་ནུས་པ་ལྡན་པའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཛྙཱ་ན་པཉྩ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་སྐུར་བཞེངས་ཤིག༔ སྲིད་གསུམ་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ གནས་མཆོག་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་ཆེ་མཆོག་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ ཡང་དག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ པདྨ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ པདྨ་གསུང་གི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བླ་མེད་ཧེ་རུ་ཀ་ཡི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ རིག་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རིག་འཛིན་ཐོད་རྩལ་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ འཇིག་རྟེན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་ཀུན་འདུལ་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཧཱུྃ༔ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སྟོབས་ལྡན་ནག་པོའི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཨོཾ་ཨེ་ཨཱ་རལླི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿཧྲཱིཾ་ཧྲཱིཾ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣང་སྲིད་རྣམ་དག་གཞལ་ཡས་འདིར༔ བྱོལ་སོང་གཙོ་བརྒྱད་ཉི་ཟླའི་སྟེང༔ ཏི་ར་བམ་ཆེན་གདན་སྟེང་དུ༔ རྒྱལ་བ་གཙོ་དགུའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ སྤྱན་ལ་མཆོད་པའི་ལྷ་འཕྲོས་པ༔ གཟུགས་ཀྱི་ལྷ་མོ་པུཥྤེ་མས༔ ལག་གཉིས་གར་བསྒྱུར་མེ་ཏོག་འཛིན༔ རྒྱལ་བ་མཉེས་ཕྱིར་སྤྱན་ལ་འབུལ༔ ཨོཾ་བཛྲ་པུཥྤེ་ཧཱུྃ༔ སྙན་ལ་མཆོད་པའི་ལྷ་འཕྲོས་པ༔ སྒྲ་ཡི་ལྷ་མོ་གིརྟཱི་མས༔ ལག་གཉིས་པི་ཝང་སྒྲ་བསྒྱུར་བསྣམས༔ རྒྱལ་བ་མཉེས་ཕྱིར་སྙན་ལ་འབུལ༔ ཨོཾ་བཛྲ་གཱིརྟཱི་པཱུ་ཛ་ཧོ༔ ཤངས་ལ་མཆོད་པའི་ལྷ་འཕྲོས་པ༔ དྲི་ཡི་ལྷ་མོ་དྷཱུ་པེ་མས༔ ལག་གཉིས་གར་བསྒྱུར་སྤོས་མེ་བསྣམས༔ དཀྱིལ་འཁོར་གཙོ་དགུའི་ལྷ་ལ་འབུལ༔ ཨོཾ་བཛྲ་དྷཱུ་པེ་པཱུ་ཛ་ཧོ༔ ལྗགས་ལ་མཆོད་པའི་ལྷ་འཕྲོས་པ༔ རོ་ཡི་ལྷ་མོ་ནཻ་ཝིདྱས༔ ལག་གཉིས་གར་བསྒྱུར་ཞལ་ཟས་བསྣམས༔ དཀྱིལ་འཁོར་གཙོ་དགུའི་ལྷ་ལ་འབུལ༔ ཨོཾ་བཛྲ་ནཻ་ཝིདྱ་པཱུ་ཛ་ཧོ༔ སྐུ་ལ་མཆོད་པའི་ལྷ་འཕྲོས་པ༔ རེག་གི་ལྷ་མོ་ན་བཟའ་མས༔ ལག་གཉིས་གར་བསྒྱུར་ལྷབ་ལྷུབ་བསྣམས༔ དཀྱིལ་འཁོར་གཙོ་དགུའི་ལྷ་ལ་འབུལ༔ ཨོཾ་བཛྲ་སྤརྴེ་པཱུ་ཛ་ཧོ༔ སྐུ་གསུང་ཐུགས་ལ་ལྷ་འཕྲོས་པ༔ སྣང་གསལ་དྲི་རོ་ཕྲེང་བ་མས༔ ལག་གཉིས་གར་བསྒྱུར་མཆོད་འབུལ་མ༔ དཀྱིལ་འཁོར་གཙོ་དགུའི་ལྷ་ལ་འབུལ༔ ཨོཾ་ཨཱ་ལོ་ཀེ་ཤབྡ་རཱ་ས་གནྡྷེ་མཱ་ལེ་པཱུ་ཛ་ཧོ༔ ནང་མཆོད་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ ཕུང་པོ་ཁམས་དང་སྐྱེ་མཆེད་དང༔ མཱཾ་ས་ཤ་ཆེན་ཀེང་རུས་ཚིལ༔ ཙིཏྟ་སྙིང་དང་ནང་ཁྲོལ་ལྷ༔ རཀྟ་དྲི་ཆེན་གོ་རོ་ཙན༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་རྣམ་ལྔའི་མཆོད་པ་འབུལ༔ ཨོཾ་བཛྲ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ དབྱིངས་དང་རིག་པ་གཉིས་མེད་པ༔ འཁོར་འདས་གཉིས་མེད་ངང་དུ་སྦྱོར༔ གཉིས་མེད་རྟོགས་པའི་བྱང་ཆུབ་སེམས༔ མཁའ་གསང་མཉམ་སྦྱོར་བདེ་བའི་རོལ༔ རྒྱལ་བ་ཡབ་ཡུམ་རྣམས་ལ་འབུལ༔ ཨོཾ་བཛྲ་བྷོ་དྷི་ཙིཏྟ་པཱུ་ཛ་ཧོ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ རུ་དྲ་བསྒྲལ་པའི་ཤ་ཁྲག་འདི༔ ལྕང་ལོ་བཅས་པའི་བྷནྡྷར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་བྱའི་ཕྱིར༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་མ་ཧཱ་རཀྟ་ལ་ཁཱ་ཧི༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ བདུད་རྩི་སྨན་མཆོད་འབུལ་བ་ནི༔ རང་བྱུང་གདོད་ནས་རྣམ་པར་དག༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཁྱད་པར་རྨད་བྱུང་བདུད་རྩི་འདི༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཡེ་ཤེས་ལྔ་རྫོགས་བསྒྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་ཨ་མྲྀཏ༔ དཀྱིལ་འཁོར་གཙོ་དགུའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ དམ་ཚིག་ཆེན་པོའི་ཧཱུྃ་བསྒོམས་ཏེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ བླངས་ཤིང་མྱང་བས་དངོས་གྲུབ་ཐོབ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ བ་ལིཾ་གཏོར་མཆོད་འབུལ་བ་ནི༔ ཐོད་པ་མཚན་ལྡན་སྣོད་ནང་དུ༔ དམ་རྫས་རྨད་བྱུང་གཏོར་ཆེན་གཏམས༔ དཔལ་གྱི་གཏོར་མ་རི་ལྟར་སྤུངས༔ དཀར་གྱི་ཐིག་གདབ་དམར་གྱིས་བྲན༔ ཛ་གད་ཕུད་དང་རཀྟས་བྲན༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ༔ གཙོ་དགུའི་ལྷ་ཚོགས་ཐུགས་དམ་བསྐང༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ གླུ་བྲོ་གར་མཆོད་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ གླུ་བྲོ་གར་མཆོད་འབུལ་བ་ནི༔ སྟོང་པའི་ངང་ལས་ཅིར་ཡང་སྣང༔ སྣང་བའི་མཚན་ཉིད་སྐྱེ་བ་མེད༔ གླུ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་འཇོམས་པའི་བྲོ༔ གར་ནི་སྲིད་གསུམ་འདུལ་བའི་གར༔ ཐམས་ཅད་འདུས་པ་ཕྱག་རྒྱ་ཆེ༔ གླུ་བྲོ་གར་གྱི་མཆོད་པ་འདིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ དུག་ལྔ་དུག་གསུམ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དུག་ལྔ་དུག་གསུམ་མཆོད་པ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ ཡེ་ཤེས་ལྔ་དང་རིགས་ལྔའི་རྫས༔ སྦྱོར་སྒྲོལ་ཏིང་འཛིན་མཆོད་པ་བཞེས༔ དུག་གསུམ་མཆོད་པ་བླ་མེད་རྫས༔ ཤ་ཁྲག་རུས་པ་རྣམ་པ་གསུམ༔ ཡེ་ནས་སྐུ་གསུམ་རང་བཞིན་ཡིན༔ རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་མ་ཧཱ་པཉྩ་མ་ཧཱ་ཀིཾ་ནི་རི་ཏི་མ་ཧཱ་རཀྟ་མ་ཧཱ་ཨ་མྲྀཏ་པཱུ་ཛ་ཧོ༔ ཡང་དག་མཆོད་པ་ནི༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཡང་དག་མཆོད་པ་འབུལ་བ་ནི༔ སྤྲོས་མེད་དོན་རྟོགས་བློ་ཡིས་ནི༔ མ་རྟོགས་དོན་དམ་གནས་སུ་བསྒྲལ༔ དུས་གསུམ་རྒྱལ་བ་དེ་ལ་མཉེས༔ མཆོག་གི་མཆོད་པ་བླ་མེད་བཞེས༔ ཧཱུྃ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་དྲ་པྲ་བྷན་ཙཀྲ་ཧཱུྃ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་སྐུའི་རང་བཞིན་ནི༔ ཀུན་བཟང་ཟག་མེད་ཆོས་ཀྱི་སྐུ༔ སེམས་ཅན་དོན་ལ་དེ་བཞིན་གཤེགས༔ འགྱུར་མེད་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྩོལ་མེད་རང་བཞིན་ཆོས་ཀྱི་སྒྲ༔ མ་འགགས་རང་རྩལ་གྲགས་སྟོང་ནི༔ ཆགས་མེད་སྐྱོན་བྲལ་པདྨའི་གསུང༔ འགག་མེད་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྤྲོས་པ་མེད་པ་ཆོས་ཀྱི་དབྱིངས༔ དམིགས་མེད་རྣམ་དག་ཆོས་ཀྱི་ཐུགས༔ ཁྱབ་བརྡལ་ཆེན་པོ་འདུས་མ་བྱས༔ འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་ཤར་བ༔ བསྩལ་དང་སྩོལ་བ་མི་དམིགས་ཀྱང༔ ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་བྱུང༔ ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་ཤར་ཅིང༔ དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས༔ རྟོག་ཚོགས་དྲེགས་པ་ངང་གིས་འདུལ༔ ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་དུ༔ འཇམ་དཔལ་སྐུ་ལ་ཕྱག་འཚལ་བསྟོད༔ གསུང་མཆོག་འགག་མེད་དཀྱིལ་འཁོར་དུ༔ དབང་ཆེན་གསུང་ལ་ཕྱག་འཚལ་བསྟོད༔ གཡོ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ ཡང་དག་ཐུགས་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ལྷུན་རྫོགས་དཀྱིལ་འཁོར་དུ༔ དཔལ་ཆེན་ཡོན་ཏན་ཕྱག་འཚལ་བསྟོད༔ ཕྲིན་ལས་དྲག་པོའི་དཀྱིལ་འཁོར་དུ༔ ཕུར་པ་ཕྲིན་ལས་ཕྱག་འཚལ་བསྟོད༔ ཤ་ཁྲག་རྒྱ་མཚོའི་དཀྱིལ་འཁོར་དུ༔ མ་མོ་རྦོད་གཏོང་ཕྱག་འཚལ་བསྟོད༔ ཐུགས་རྗེའི་གདུང་འཚོབ་དཀྱིལ་འཁོར་དུ༔ རིག་འཛིན་སློབ་དཔོན་ཕྱག་འཚལ་བསྟོད༔ འཇིག་རྟེན་རོལ་པའི་དཀྱིལ་འཁོར་དུ༔ མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ དྲག་སྔགས་རོལ་པའི་དཀྱིལ་འཁོར་དུ༔ དམོད་པ་དྲག་སྔགས་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པ༔ དཔལ་གྱི་བཀའ་སྡོད་ཕྱག་འཚལ་བསྟོད༔ ཨོཾ་ཨཱཿཧཱུྃ་ན་མོ་ཧྲྀ་ད་ཡ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མེད་དཀྱིལ་འཁོར་ལྷ་ཚོགས་དགོངས༔ སྔོན་ནས་རང་ཉིད་རིག་པའི་དོན༔ མ་རྟོགས་མ་རིག་སོ་སོར་བཟུང༔ རྣམ་དག་ཆོས་སྐུའི་ཀློང་དུ་བཤགས༔ ས་མ་ཡ་ཨེ་ཧོ་ཤུདྡྷེ་ཨཱ༔ བདུན་པ་བསྙེན་ཅིང་བསྒྲུབ་པ་ནི༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ ཆེ་མཆོག་དཔལ་དགུའི་དབུ་རྒྱན་ནང༔ ཐབས་ཤེས་ཉི་ཟླ་པདྨའི་གདན༔ མི་བསྐྱོད་རྣམ་སྣང་རིན་འབྱུང་དང༔ མཐའ་ཡས་དོན་གྲུབ་ཡབ་ལྔ་ལ༔ ཡུམ་ཆེན་དབྱིངས་ཕྱུག་སངས་རྒྱས་སྤྱན༔ མཱ་མ་གོས་དཀར་དམ་ཚིག་སྒྲོལ༔ རྒྱལ་བ་ཡབ་ཡུམ་ཕྱག་མཚན་བཅས༔ ཀུན་བཟང་ཡབ་ཡུམ་དགྱེས་པར་སྦྱོར༔ སྲས་མཆོག་སེམས་དཔའ་སེམས་མར་བཅས༔ སྤྲུལ་སྐུ་ཐུབ་དྲུག་མཐར་བྱེད་བརྒྱད༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འབར༔ དབུ་རྒྱན་ཅོད་པན་ཕྲེང་བ་དང༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ རིན་ཆེན་དར་དཔྱང་ཆས་རྣམས་རྫོགས༔ སྐུ་ནི་ཞི་ཚུལ་མདངས་དང་ལྡན༔ གསུང་ནི་ཡང་སྙིང་སྔགས་སྒྲ་སྒྲོག༔ ཐུགས་ནི་རང་བྱུང་ཡེ་ཤེས་གསལ༔ འཛབ་ཀྱིས་སྐུ་གསུང་ཐུགས་སུ་བསྐུལ༔ སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ སྐུ་ལས་གསུང་བྱུང་སྔགས་འབྲུག་ལྡིར༔ བསྡུས་པས་ཆོས་དབྱིངས་མཁའ་ལ་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་མི་གཏོང་ངོ༔ ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་སཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ སྙིང་པོ་བརྒྱ་སྟོང་བཟླས་རྗེས་སུ༔ སྟོང་ཚིགས་ཀྱི་མཆོད་པ་བྱ༔ ཧཱུྃ༔ དབུས་ཕྱོགས་འཁོར་ལོའི་གཞལ་ཡས་སུ༔ ཟླ་གམ་དབང་ཆེན་དཀྱིལ་འཁོར་དུ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང༔ ཐབས་ཤེས་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨའི་གེ་སར་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ནི་གནམ་ཞལ་དབྱིངས་ཕྱུག་མ༔ གཉིས་མེད་འཁྲིལ་སྦྱོར་ཆ་ལུགས་ནི༔ སྒེག་པ་དཔའ་བ་འཇིགས་སུ་རུང༔ རྒོད་དང་གཤེ་འཇིགས་སྙིང་རྗེ་རྔམ༔ ཁྲོ་བོའི་གར་དགུ་དྲག་ཤུལ་ལྡན༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་རྔམ་པའི་སྒྲ་སྒྲོག་ཅིང༔ ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས༔ འཛབ་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་གང༔ བསྡུས་པས་གསང་བའི་ཐུགས་ཀར་ཐིམ༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་འགྲུབ་བར་དུ་མི་གཏང་ངོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ འདི་ཡན་རང་གཞུང་ཡིན། འདི་མན་ཆད་སྔགས་འཁོར་འདི་བདེར་འདུས་ནས་བླངས་པའོ། མཆན། ཧཱུྃ༔ ཤར་ལྷོ་ནུབ་བྱང་ཕྱོགས་དང་མཚམས་བཞི་རུ༔ མཐིང་སེར་དམར་ལྗང་གྲུ་གསུམ་གཞལ་ཡས་ཁང༔ རུ་དྲ་གཤིན་རྗེ་ཀླུ་རྒྱལ་ལྷ་ཆེན་དང༔ མ་མོ་དར་ཟབ་དྲེགས་པ་དགྲ་བགེགས་དང༔ ཐབས་དང་ཤེས་རབ་ཉི་ཟླ་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ ཧེ་རུ་ཀ་དང་འཇམ་དཔལ་རྟ་མཆོག་དཔལ༔ ཕུར་པ་བླ་མེད་རིག་འཛིན་དྲེགས་པ་འདུལ༔ སྟོབས་ལྡན་ལ་སོགས་ཡབ་ཡུམ་སྲས་འཁོར་བཅས༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ གསུང་གིས་སྙིང་པོ་སྒྲ་སྒྲོག་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ འཛབ་ཀྱི་སྙིང་པོ་རྡོ་རྗེའི་སྐུ་གསུང་ཐུགས༔ ཨ་ལས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒྲུབ༔ མ་འགྲུབ་བར་དུ་ཏིང་འཛིན་མི་གཏང་ངོ༔ འདི་ཡན་བདེར་འདུས་ནས་སོ། །མཆན། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཅེས་ཟུར་མ་ཉམས་པའི་བཟླས་པ་བྱའོ༔ ཧཱུྃ༔ ཡང་སྤྲུལ་དཔལ་ཆེན་བཀའ་སྡོད་རྣམས༔ བཟླས་བརྗོད་བསྙེན་པའི་མཆོད་པ་བཞེས༔ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཧཱུྃ་ཕཊ༔ ཅེས་སྟོང་ཚིགས་བྱའོ༔ བསྙེན་པ་བདུན་འབུམ་ཉི་ཁྲི་སྦྱོར༔ རྒྱུད་བསྐུལ་བྱ་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་ལྷ་ཚོགས་དང༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་དགོངས༔ འདིར་བཞུགས་བདག་ཅག་འཁོར་བཅས་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང༔ བསྐྱེད་རྫོགས་ཟུང་འཇུག་འདི་བཟུང་ནས༔ བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ད་ལྟར་དངོས་གྲུབ་མི་སྩོལ་ན༔ རྒྱལ་བ་ཐུགས་རྗེ་མི་ཆུང་ངམ༔ སྒྲུབ་པའི་ཞག་གྲངས་ཐེམས་ལགས་སོ༔ འཛབ་བསྙེན་ཀུན་ཀྱང་ཐེམས་ལགས་སོ༔ གཏོར་ཚོགས་འབྱོར་པས་བསྐངས་ལགས་སོ༔ ཐུགས་རྗེའི་བརྩེ་བས་རབ་དགོངས་ནས༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བླང་ངོ༔ རྗེས་ཀྱི་ཆོ་ག་ལ་ཡང་བདུན་གྱི༔ དང་པོ་ཚོགས་མཆོད་ནི༔ བདུད་རྩི་ཚོགས་ལ་གཏོར་ཞིང་སྦྱངས་ཏེ༔ ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་རྣམས་ཐམས་ཅད་སྒྱུ་མར་རིག༔ རིག་པའི་ཡི་གེ་རཾ་ཡཾ་ཁཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཨོཾ་དང་ཨཱཿདང་ཧཱུྃ་དུ་འཕྲོས༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧཱུྃ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ གསང་བའི་དཀྱིལ་འཁོར་གནས་འདིར་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་བཟང་རོ་བདའ་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ ཞེས་སྐོང་གསོའི་རིམ་པ་གཞན་ཡང་བྱའོ༔ དེ་ནས་ཚོགས་ཕུད་རིམ་གསུམ་སྤྲོས་ཏེ༔ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བར་པ་བཤགས་པ་ནི༔ ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བག་ཆགས་ལུས་ངག་སེམས༔ བག་མེད་ཚུལ་གྱིས་ཅི་བགྱིས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བདུད་རྩི་བྲན་ཏེ༔ ཧཱུྃ༔ རྒྱུ་གཉིས་རྐྱེན་སྦྱར་བདུད་རྩི་འདི༔ དུག་ལྔ་རྣམ་དག་ཡེ་ཤེས་རྫས༔ ཛ་གད་དཔའ་བོའི་ཕུད་ཀྱིས་མཆོད༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ ཚོགས་ཐ་མ་ནི༔ དགྲའི་ལིངྒ་ཧོམ་ཁུང་དུ་བཅུག་ལ༔ བསྒྲལ་ཆོག་བྱ་བ་ནི༔ ཧཱུྃ༔ དཔལ་ཆེན་ལྷ་ཚོགས་དབྱིངས་ནས་བཞེངས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་གང༔ ཐམས་ཅད་མ་ལུས་སྐར་ལྟར་འཁྲུག༔ ཞིང་བཅུ་སྒྲོལ་བའི་དུས་ལ་བབ༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས༔ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་མགོ་ལུས་སྡོམས༔ དྲིལ་བུ་ཅན་གྱིས་རྡུལ་དུ་རློགས༔ མཚོན་ཆ་ཅན་གྱིས་སྙིང་ནས་གཟིར༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཞེས་བསྒྲལ་ནས་བསྟབ་པ་བྱ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ གནམ་ས་ཙམ་གྱི་ཞལ་ཡང་ཕྱེས༔ ཉི་ཟླ་ཙམ་གྱི་སྤྱན་ཡང་གཟིགས༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་སྐྱོད་ལ༔ དགྲ་བགེགས་བསྒྲལ་པའི་ཤ་རུས་འདི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ ཞེས་འབུལ་ལོ༔ དེ་ནས་ཚོགས་འགྱེད་པ་ནི༔ ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སེམས་ཅན་ཚོགས་གཉིས་མྱུར་གསག་ཕྱིར༔ ཞལ་ཟས་ཚོགས་མཆོད་དམ་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ སྔོན་ནས་ད་ལྟ་ཡན་ཆོད་དུ༔ སྒྲུབ་མཆོག་བདག་ཅག་འཁོར་བཅས་ཀྱིས༔ ལས་ངན་སྡིག་སྒྲིབ་ཅི་བགྱིས་པ༔ ཚོགས་ཀྱི་འཁོར་ལོས་བྱང་གྱུར་ནས༔ ཚེ་དང་བསོད་ནམས་རབ་རྒྱས་ཤིང༔ རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཅེས་དྲང༔ སློབ་དཔོན་གྱིས་ཁམ་གསུམ་བཞེས་ནས༔ ཧཱུྃ༔ ཚོགས་ཀྱི་འཁོར་ལོ་ཕུལ་བའི་བསོད་ནམས་ཀྱིས༔ སྒྲུབ་མཆོག་མཆེད་ལྕམ་འཁོར་བཅས་རྣམས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ ཅེས་སྨོན་ལམ་བཏབ་བོ༔ དེ་ནས་ཚོགས་སྤེལ་ལོ༔ གཉིས་པ་ལྷག་མཆོད་གཏང་བ་ནི༔ ཚོགས་ལྷག་མ་བསྡུས་ནས་ཁ་ཆུས་བྲན་ཏེ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བཀའ་བརྒྱད་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་དུ༔ དཔལ་ཆེན་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་ཆེན་མོ་ཉེར་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་རྣམས༔ གནས་བཟང་དེ་ནི་དུར་ཁྲོད་འགྲིམ༔ གོས་བཟང་དེ་ནི་གཡང་གཞི་གྱོན༔ སྐྱོགས་བཟང་དེ་ནི་བནྡྷ་ཐོགས༔ ཟས་བཟང་དེ་ནི་མཱཾ་ས་ཟ༔ སྐྱེམས་བཟང་དེ་ནི་རཀྟ་འཐུང༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད༔ དཔལ་གྱི་བཀའ་ཉན་ལྷག་སྡུད་པ༔ སྐྱེས་མཆོག་གིང་ཆེན་བཅོ་བརྒྱད་ནི༔ དབུ་ལ་ཕུར་རལ་ཤ་ར་ར༔ ཕྱག་ན་གྲི་ཐོགས་ཟངས་སེ་ཟང༔ གིང་ཕོ་དགུ་ནི་ཤ་ར་ར༔ གིང་མོ་དགུ་ནི་སི་ལི་ལི༔ ཐམས་ཅད་རུ་མཚོན་ཆེམས་སེ་ཆེམ༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ མ་མོ་བདུན་དང་སྲིང་མོ་བཞི༔ འབར་མ་ཆེན་མོ་བརྒྱད་རྣམས་དང༔ ཕོ་ཉ་དྲུག་ཅུ་རྩ་བཞིའི་ཚོགས༔ ལངྐ་དུར་ཁྲོད་བདག་པོ་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང༔ དུར་ཁྲོད་རྫས་ལ་ལོངས་སྤྱོད་ཅིང༔ རྣལ་འབྱོར་ཀུན་གྱི་དྲོད་ཚད་ཉུལ༔ སྒྲུབ་པ་པོ་ཡི་གྲོགས་མཛད་མ༔ བསྟན་པའི་དགྲ་བགེགས་གཤེད་པོ་ཆེ༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་ཝཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ལ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ས་མུ་ཏྲ་ས་མ་ཡེ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ བྷྱོ་བྷྱོ་བྷྱོ༔ ཨཱ་རལླི་ཛ༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཀུན་བཟང་གཙོ་འཁོར་ཞི་བའི་ལྷ༔ བཀའ་བརྒྱད་གཙོ་དགུའི་ལྷ་ཚོགས་དང༔ མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་རྣམས༔ མ་གཡེལ་ཐུགས་དམ་རྒྱུད་བསྐུལ་ལོ༔ དབུས་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ དཔལ་ཆེན་གཙོ་འཁོར་ཐུགས་དམ་བསྐུལ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཡང་དག་ལྷ་ཚོགས་ཐུགས་དམ་བསྐུལ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ གཤིན་རྗེའི་ལྷ་ཚོགས་ཐུགས་དམ་བསྐུལ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ དབང་ཆེན་གཙོ་འཁོར་ཐུགས་དམ་བསྐུལ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐུལ༔ ཤར་ལྷོ་འཁོར་ལོའི་རྩིབས་སྟེང་ནས༔ རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐུལ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐུལ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐུལ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐུལ༔ དཀྱིལ་འཁོར་མུ་རན་སྐྱོང་བྱེད་པ༔ དཔལ་གྱི་བཀའ་སྡོད་ཐུགས་དམ་བསྐུལ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་བཅས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་སརྦ་དུཥྚཱན་བིགྷྣཱཾ་ཨེ་ཧུར་ཐུམ་ཛ༔ ཞེས་ཐུགས་དམ་བསྐུལ་ལོ༔ བཞི་པ་ཆད་མདོ་བྱ་བ་ནི༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་དགའ་ལྡན་ཞེས་བྱའི་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ༔ ཀཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་དབུས་མ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་མཁས་པ་བི་མ་མི་ཏྲ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རྡོ་རྗེ་དབྱིངས་ཀྱི་སྲུང་མ་འཁོར་བཅས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་འོག་རོལ་དུ༔ བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མའི་དམ་པ་རྗེ་འབངས་གྲོགས་གསུམ་གྱིས༔ ཡང་གསང་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ སྒྲུབ་པ་བཀའ་བརྒྱད་དམ་ཅན་ཡོངས་འདུས་ནས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རྫོགས་ཆེན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དྲེགས་པ་སྡེ་བརྒྱད་མཁའ་འགྲོ་ཆོས་སྐྱོང་གིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དགྲ་བགེགས་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ལྔ་པ་བརྟན་མ་སྐྱོང་བ་ནི༔ གཏོར་མ་ཕྱིར་ཁྱེར་ཏེ༔ བྷྱོ༔ དམ་ལ་བཏགས་པའི་མ་སྲིང་བརྟན་མའི་ཚོགས༔ བདག་ཉིད་ཆེན་པོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ ལྷབ་ལྷུབ་མང་པོ་དར་ཆེན་ན་བཟའ་དང༔ རིན་ཆེན་མང་པོའི་རྒྱན་ཆས་རབ་ཏུ་སྤྲས༔ རོལ་མོ་མང་པོའི་སྒྲ་དང་བཅས་ནས་ནི༔ བདུད་མོ་ཆེན་མོ་བཞི་རུ་གྲགས་པ་ཡང༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྩལ༔ ལྷབ་ལྷུབ་མང་པོ་དར་ཆེན་ན་བཟའ་དང༔ རིན་ཆེན་མང་པོའི་རྒྱན་ཆས་རབ་ཏུ་སྤྲས༔ རོལ་མོ་མང་པོའི་སྒྲ་དང་བཅས་ནས་ནི༔ གནོད་སྦྱིན་ཆེན་མོ་བཞི་རུ་གྲགས་པ་ཡང༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རོག་མོ་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡའ་མོ་བསིལ༔ ལྷབ་ལྷུབ་མང་པོ་དར་ཆེན་ན་བཟའ་དང༔ རིན་ཆེན་མང་པོའི་རྒྱན་ཆས་རབ་ཏུ་སྤྲས༔ རོལ་མོ་མང་པོའི་སྒྲ་དང་བཅས་ནས་ནི༔ སྨན་བཙུན་ཆེན་མོ་བཞི་རུ་གྲགས་པ་ཡང༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས༔ བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ལ་ཁཱ་ཧི༔ དྲུག་པ་གཏོར་མནན་བྱ་བ་ནི༔ གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་བསྟན་པའི་རུ་དྲ་མནན་པར་བསམས་ལ༔ རང་དཔལ་ཆེན་པོར་བསྐྱེད་པའི་ང་རྒྱལ་གྱིས༔ ཧཱུྃ༔ ཀུན་བཟང་ཡུམ་ལྔའི་མཁའ་དབྱིངས་སུ༔ ཞིང་བཅུ་ཚང་བའི་ལྔ་ཕུང་ལ༔ བཀའ་བརྒྱད་གཙོ་དགུའི་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་གཏན་ནས་འཇོམས༔ དཔལ་ཆེན་ཧེ་རུ་ཀ་ཡི་བྲོ་བརྡུངས་པས༔ གཏི་མུག་རུ་དྲ་གཏན་ནས་བརླག༔ བཛྲ་ཧེ་རུ་ཀ་ཡི་བྲོ་བརྡུངས་པས༔ ཞེ་སྡང་དགྲ་བོ་རྡུལ་དུ་བརླག༔ འཇམ་དཔལ་གཤིན་རྗེའི་བྲོ་བརྡུངས་པས༔ ང་རྒྱལ་དགྲ་བགེགས་རྡུལ་དུ་བརླག༔ དབང་ཆེན་གར་གྱི་བྲོ་བརྡུངས་པས༔ འདོད་ཆགས་དགྲ་བགེགས་རྡུལ་དུ་བརླག༔ རྡོ་རྗེ་གཞོན་ནུའི་བྲོ་བརྡུངས་པས༔ ཕྲག་དོག་དགྲ་བགེགས་རྡུལ་དུ་བརླག༔ བླ་མེད་ཧེ་རུ་ཀ་ཡི་བྲོ་བརྡུངས་པས༔ དགའ་བྲོད་བདུད་རྣམས་རྡུལ་དུ་བརླག༔ རིག་འཛིན་ཐོད་རྩལ་བྲོ་བརྡུངས་པས༔ འཁོར་བའི་བདུད་རྣམས་རྡུལ་དུ་བརླག༔ དྲེགས་པ་ཀུན་འདུལ་བྲོ་བརྡུངས་པས༔ ཉོན་མོངས་བདུད་རྣམས་རྡུལ་དུ་བརླག༔ སྟོབས་ལྡན་ནག་པོས་བྲོ་བརྡུངས་པས༔ འཆི་བདག་བདུད་རྣམས་རྡུལ་དུ་བརླག༔ དཔལ་གྱི་འཁོར་ཚོགས་བྲོ་བརྡུངས་པས༔ བསྟན་པའི་མཐར་མནན་ཆོ་ག་རྫོགས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུན་མཱ་ར་ཡ་ནན༔ དེ་ནས་གཏོར་གཞོང་ཁ་ཡར་བསྟན་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ གཏི་མུག་བུདྡྷ་རྡོ་རྗེ་ལ༔ ལྷུན་གྲུབ་ལྷ་དང་ལྷ་མོས་བསྐོར༔ དངུལ་ལམ་སྔོན་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ༔ ལོགས་ན་ལྷུན་གྲུབ་ལྷ་བཀོད་དེ༔ བཏབ་པས་ལྷ་ཀུན་འགྲུབ་པར་འགྱུར༔ ལྷུན་གྲུབ་ལྷ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྣམ་བཞི་ཐམས་ཅད་པྲ་སཱ་དྷ་ཡེ་སྭཱ་ཧཱ༔ ཞེ་སྡང་བཛྲ་རྡོ་རྗེ་ལ༔ ཞི་བའི་ལྷ་དང་ལྷ་མོས་བསྐོར༔ ཤེལ་ལམ་དཀར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཟླུམ༔ ལོགས་ལ་ཞི་བའི་ལྷ་བཀོད་དེ༔ བཏབ་པས་ནད་གདོན་སྡིག་སྒྲིབ་ཞི༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ང་རྒྱལ་རཏྣ་རྡོ་རྗེ་ལ༔ རྒྱས་པའི་ལྷ་དང་ལྷ་མོས་བསྐོར༔ གསེར་རམ་སེར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་གྲུ་བཞི༔ ལོགས་ལ་རྒྱས་པའི་ལྷ་བཀོད་དེ༔ བཏབ་པས་འབྱོར་དྲུག་རྒྱས་པར་གྱུར༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ཚེ་དང་བསོད་ནམས་འབྱོར་པ་དྲུག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འདོད་ཆགས་པདྨ་རྡོ་རྗེ་ལ༔ དབང་གི་ལྷ་དང་ལྷ་མོས་བསྐོར༔ ཟངས་སམ་དམར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ལོགས་ལ་དབང་གི་ལྷ་བཀོད་དེ༔ བཏབ་པས་སྣང་སྲིད་དབང་དུ་འདུ༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་སྣང་སྲིད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲག་དོག་ཀརྨ་རྡོ་རྗེ་ལ༔ དྲག་པོའི་ལྷ་དང་ལྷ་མོས་བསྐོར༔ ལྕགས་སམ་ནག་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ལོགས་ལ་དྲག་པོའི་ལྷ་རྣམས་ཤར༔ བཏབ་པས་དགྲ་བགེགས་ཐལ་བར་བརླག༔ དྲག་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ བདུན་པ་བསྡུ་ཆོག་བཀྲ་ཤིས་སྨོན་ལམ་བྱ་བ་ནི༔ ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ ཆོས་སྐུ་གཤེགས་བཞུགས་མི་མངའ་ཡང༔ གསང་འདུས་བཀའ་བརྒྱད་ལྷ་ཚོགས་རྣམས༔ ཐུགས་རྗེ་བརྩེ་བས་འདིར་བྱོན་ནས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང༔ ཕྲིན་ལས་རྣམ་བཞིའི་སྒོར་ཞུགས་ཤིང༔ སེམས་ཅན་ཀུན་དོན་མཛད་ནས་ཀྱང༔ སླར་ཡང་སྐྱེ་མེད་ཀློང་དུ་བསྡུ༔ དེ་རིང་ཉིད་ལ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཡེ་ཤེས་པ་དབྱིངས་ལ་གཤེགས་ཤིང༔ དམ་ཚིག་པ་རང་ལ་བསྡུའོ༔ ཧཱུྃ༔ ཆོ་ག་ལྷག་ཆད་གྱུར་པ་དང༔ མ་འབྱོར་པ་དང་ཉམས་པ་དང༔ བག་མེད་བློས་བཅོས་ཅི་བྱས་པ༔ དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལ༔ ཞེས་དཀྱིལ་འཁོར་བསྡུ་ཞིང༔ ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་སོགས༔ ཨཱ་ལི་ཀཱ་ལི་ཚང་བར་བརྗོད༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ༔ མ་ནུ་པཱ་ལ་ཞེས་སོགས༔ སཏྭ་ཨཱཿཧཱུྃ༔ ཞེས་ལྷག་ཆད་ཁ་བསྐང་ངོ༔ བསྔོ་བ་ནི༔ བདག་གཞན་སྒྲུབ་མཆོག་མཆེད་ལྕམ་མ་ལུས་ཀྱིས༔ དུས་གསུམ་དགེ་བ་ཅི་བསགས་ཐམས་ཅད་རྣམས༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་དྲུང༔ རྣམ་མཁྱེན་སངས་རྒྱས་འབྲས་བུ་ཐོབ་ཕྱིར་བསྔོ༔ བཀྲ་ཤིས་ནི༔ ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་ཀ་དག་གདོད་མའི་ཀློང༔ སྤྲོས་བྲལ་མི་དམིགས་ཁྱབ་བརྡལ་ཆེན་པོའི་སྐུ༔ ཀུན་བཟང་ཡབ་ཡུམ་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ལོངས་སྐུའི་བཀྲ་ཤིས་འོག་མིན་རྣམ་དག་ཀློང༔ རང་གསལ་མ་འགག་འོད་ཀྱི་སྐུར་སྣང་བ༔ རིགས་ལྔའི་སངས་རྒྱས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་སྣ་ཚོགས་གང་སྣང་བ༔ གདུལ་བྱའི་དབང་གིས་འགྲོ་ཀུན་འདྲེན་མཛད་པ༔ རིག་འཛིན་རྣམས་ཀྱི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཡི་དམ་བཀྲ་ཤིས་ལྷ་ཡི་ལྷར་གྱུར་པ༔ མཆོག་དང་ཐུན་མོང་དངོས་གྲུབ་གཉིས་སྩོལ་བ༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ བསྙེན་དང་སྒྲུབ་པ་ལས་སྦྱོར་མཐར་ཕྱིན་ནས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བརྗོད་སྨོན་ལམ་ནི༔ བདག་ཅག་སྐལ་ལྡན་མཆེད་ལྕམ་མ་ལུས་ཀུན༔ འདྲེན་མཆོག་རྒྱལ་པོ་རྡོ་རྗེ་སློབ་དཔོན་དང༔ གསང་སྔགས་བླ་མེད་དཀྱིལ་འཁོར་དྲུང་བཞུགས་ནས༔ བསྙེན་སྒྲུབ་མཐར་ཕྱིན་འདི་ཡི་བྱིན་རླབས་ཀྱིས༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང༔ རིང་པོར་མི་ཐོགས་བྱང་ཆུབ་ལམ་ཞུགས་ནས༔ འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ བདག་གཞན་གདོད་མའི་ས་ལ་ཕྱིན་པར་ཤོག༔ ཅེས་སྨོན་ལམ་གདབ་བོ༔ བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས༔ ཡང་གསང་འདུས་པའི་ལས་བྱང་འདི་ཉིད་ནི༔ བར་ཆད་ཀུན་སེལ་ཕྲིན་གཞུང་དམ་པ་འདི༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ དཔལ་གྱི་བསམ་ཡས་གཙུག་ལག་ཁང་ཆེན་དུ༔ རྗེ་འབངས་རྣམས་ཀྱིས་ཞུས་པའི་དོན་དུ་བཀོད༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གནང༔ བུམ་ཐང་རྩེ་ལུང་བྲག་ལ་སྦས༔ མ་འོངས་དུས་སུ་ང་ཡི་བུ༔ པདྨའི་མིང་ཅན་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈ ཅེས་སྨོན་ལམ་བཏབ་ནས་སྦས་པ་ནི། ད་ལྟ་བསྟན་ཞབས་ལྔ་བདོའི་དུས་སུ། བདག་བློ་ཆུང་པདྨ་གླིང་པས་ཆུ་ཕོ་སྟག་གི་ལོ་དཔྱིད་ཟླ་ར་བའི་ཉ་ལ། རྩེ་ལུང་གཙུག་ལག་ཁང་གི་རྒྱབ། རྣམ་སྣང་གི་སྐུ་རྒྱབ་སོག་པ་གཡས་ཐད་ཀྱི་བྲག་མགོ་ནས་གདན་དྲངས་པའོ།། །།
ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཁོག་གསལ་བར་བསྡེབས་པ་ཡེ་ཤེས་རོལ་པའི་སྙིང་པོ་ (Volume 22, Text 33)
༄༅། །ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཁོག་གསལ་བར་བསྡེབས་པ་ཡེ་ཤེས་རོལ་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ནིརྟི་ཤྭ་ར་ཡ། གཉིས་སྣང་བདེ་ཆེན་ཐིག་ལེ་གཅིག་ཏུ་འཁྱིལ། །རང་རྩལ་འགྲོ་ལ་དམིགས་མེད་ཐུགས་རྗེའི་རྒྱུན། །དུས་གསུམ་མ་འགགས་སྤྱན་རས་གཟིགས་དབང་པོས། །བདག་གཞན་སྲིད་ཞིའི་མཐའ་ལས་བསྒྲལ་དུ་གསོལ། །སྒྲུབ་ཐབས་འོ་མའི་ཆུ་གཏེར་ལས། །སྙིང་བཅུད་བདུད་རྩིའི་གོང་བུ་ཉིད། །ཚོགས་སུ་སྒྲུབ་པའི་ལག་ལེན་ནི། །དོན་གཉིས་ལྷུན་གྲུབ་དཔྱིད་དུ་དགོད། །སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་དྲི་མེད་ཀུན་དགའི་ཡང་གཏེར་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་བགྱི་བ་ལ། ཐོག་མར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ནི། གནས་དུས་སྟོན་འཁོར་ཡོ་བྱད་ཀྱི་རྟེན་འབྲེལ་ཚུལ་བཞིན་དུ་ཚོགས་པ་དགོས་ཏེ། དེའང་གནས་བྱིན་རླབས་དང་ལྡན་ལ་འདུ་འཛིས་དབེན་པ། བཀྲ་ཤིས་ལ་ཉམས་དགའ་བ། དུས་ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་ཚེས་བརྒྱད་ལྟ་བུ། སྟོན་པ་རྡོ་རྗེ་སློབ་དཔོན་བསྙེན་སྒྲུབ་མཐར་ཕྱིན་ཅིང་བསྐྱེད་རྫོགས་ཀྱི་དྲོད་རྟགས་ཐོབ་པ། གྲོགས་འཁོར་དད་པ་དམ་ཚིག་ལྡན་ཅིང་སོ་སོའི་བྱ་བ་ལ་མཁས་པ། ཡོ་བྱད་སྒྲུབ་པའི་རྟེན་དང་མཆོད་པའི་དམ་རྫས་རྒྱན་གྱི་བྱེ་བྲག་སོགས་སྤྱི་དང་བྱེ་བྲག་ནས་བཤད་པ་རྣམས་སོ་སོའི་མཚན་ཉིད་དང་ལྡན་པ་ལེགས་པར་ཚོགས་པར་བྱའོ། །སྒྲུབ་པ་དངོས་ཀྱི་ལས་རིམ་ལ་གསུམ། སྔོན་འགྲོའི་རིམ་པས་ལས་རུང་དུ་བྱ་བ། དངོས་གཞི་སྒྲུབ་པ་ཆེན་པོས་ཐུགས་དམ་བསྐུལ་བ། རྗེས་ཀྱི་རིམ་པ་རྣམས་ཀྱིས་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གསུམ། ས་ཆོག །མཚམས་གཅོད། ལྷག་གནས་ཀྱི་རིམ་པའོ། །དང་པོ་ལའང་བཞི་ལས། ཐོག་མར་ས་བརྟག་པ་སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང་གཞན་གསུམ་ཕྱག་ལེན་དུ་མཛད་པ་ལས། གཉིས་པ་ས་སློང་བ་ལའང། སྣང་བ་ཡུལ་བདག་ལས་བསླངས་ཟིན་པའི་དབང་དུ་བྱས་ཏེ། མི་སྣང་བ་ས་བདག་ལྷ་ཀླུ་ལས་བསླང་བ་ནི། དཀྱིལ་འཁོར་གང་དུ་བྱ་བའི་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་སྐྱུ་དང་རིལ་བུས་མཚན་པ་བཀོད། མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་དང་བཅས་པས་གཡས་སུ་བསྐོར། གཞན་ཡང་། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཐོག་མར་བདག་གི་རྣལ་འབྱོར་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས། ཕྲིན་ལས་ལམ་ཁྱེར་ལྟར་སྐྱབས་སེམས་ལན་གསུམ་དང་ཚད་མེད་བཞི་བསྒོམ། གཏེར་གཞུང་གི་དབུ་ནས་འབྱུང་བའི་སྒྲུབ་ཐབས་ལྟར་ཡན་ལག་བཞི་རྫོགས་སུ་བསྐྱེད། དམིགས་པའི་འཕྲོ་འདུ་བཅས་ཡིག་བཅུ་གཉིས་བརྒྱ། ཤམ་བུ་གདགས་པ་བརྒྱ་རྩ་བརྒྱད་ཙམ་བཟླས་ལ། འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཟུང་འཇུག་གི་སྐུར་ལྡངས། མཆོད་གཏོར་རྣམས། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ཀྱིས་བསང་། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པ་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ གསུམ་གྱིས་བརླབ། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ས་འོག་ནས་སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས༔ དགྱེས་ཤིང་འཛུམ་པའི་མདངས་ཕྱུང་སྟེ་འཁོད་པར་གྱུར༔ ཨོཾ་པྲྀ་ཐཱི་དེ་ཝཱི་ནཱ་ག་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྷྲྀཧྞ་བྷཱུཉྫ་ཧོ༔ ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ས་མཆོད། ཧཱུྃ༔ དགོངས་ཤིག་དབང་ཆེན་མངའ་བདག་བརྟན་མ་དང༔ ཆུ་དང་ས་ལ་གནས་པའི་འབྱུང་པོ་ཀུན༔ བདག་གིས་མཆོད་ཅིང་བསྟོད་པས་དགྱེས་པ་བསྐྱེད༔ རིན་ཆེན་ས་རིན་མཆོད་གཏོར་འདི་བཞེས་ལ༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ ཞི་དང་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཅེས་གསོལ་བས་དགྱེས་བཞིན་དུ་གནང་བ་བྱིན༔ གཙྪ་ཞེས་བརྗོད་པས། འོད་ཟེར་རིན་པོ་ཆེ་འབར་བའི་རྣམ་པས་སའི་གཞི་དེར་ཐིམ་པས་བཀྲ་ཤིས་པའི་གཟི་བྱིན་འབར་བར་གྱུར༔ ཅེས་བསྒོམ། གསུམ་པ་སྦྱང་ཞིང་གཟུང་བ་ནི། དབང་མཆོག་ཕུར་བུ་ཐོགས་ལ། བདག་དང་དབང་མཆོག་གི་ཕུར་བུ་རྟ་མགྲིན་དུ་གསལ་བ་ལས་འོད་ཟེར་དམར་པོའི་དྲྭ་བས་ཕྱོགས་ཀུན་ཁྱབ་པས་ས་གཞི་དབང་དུ་བྱས་པར་གྱུར༔ ཧྲཱི༔ བདག་ཉིད་དབང་ཆེན་ཐུགས་ཀ་ནས༔ འོད་འཕྲོས་ས་ཡི་དངོས་འཛིན་སྦྱངས༔ ཕྱོགས་མཚམས་འོད་དམར་འབར་བས་ཁྱབ༔ བརྟན་གཡོ་ཐམས་ཅད་དབང་དུ་གྱུར༔ ཧྲཱིཿབི་ཤུདྡྷ་པ་ཤཾ་ཀུ་རུ་ཧོ༔ ཞེས་བརྗོད་ཅིང་ཕུར་བུ་དཀྱིལ་འཁོར་གྱི་སྟེགས་བུའི་ནུབ་བྱང་དུ་གདབ་བོ། །བཞི་པ་བསྲུང་ཞིང་མཚམས་གཅོད་པ་ནི། བགེགས་གཏོར་བཤམ། ཕྲིན་ལས་ལྟར་བྱིན་རླབས་བསྔོ་བ་བཀའ་བསྒོ་རྣམས་བྱས་ལ་རྟ་སྔགས་ཧཱུྃ་བཞི་པ་ཡུངས་ཐུན་གུ་གུལ་དུད་པས་བདུག་ལ་བསྐྲད། སྲུང་མཚམས་གཅོད་པའི་ཚིག་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ་མོ། །གཉིས་པ་མཚམས་གཅད་པ་ལ་གསུམ། ཕྱི་ནང་གསང་བའོ། །དང་པོ་ཕྱི་མཚམས་རྒྱལ་ཆེན་བཞི་ལ་བཅོལ་བ་ནི། སྒྲུབ་ཁང་གི་ཕྱོགས་བཞིར་གོམ་པ་བདུན་ཅུ་རྩ་བཞིའི་སར་ཐོ་བཞི་བརྩིགས་པ་ལ་རྒྱལ་ཆེན་སོ་སོའི་སྐུའམ་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུགས་ལ། སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་མདུན་དུ་མཐེབ་སྐྱུ་རིལ་བུས་མཚན་པ་རེ་དང་། དེའི་མདུན་དུ་གཡོན་ཕྱོགས་ནས་བརྩམ་པའི་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་རོལ་ཆས་སོགས་སེར་སྦྲེང་གི་ཚུལ་གྱིས་སྒྲུབ་ཁང་ནས་དོན་ཏེ་ཤར་གྱི་ཐོ་མདུན་དུ་འཁོད་ལ། གོང་གི་ས་ལྷའི་སྐབས་ལྟར་མཆོད་གཏོར་བསང་སྦྱང་བྱིན་རླབས་བྱ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་བསམ་ལ། ཨོཾ་དྷྲྀཥྚ་རཱཥྚཱ་ཡ་སྭཱ་ཧཱ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་དྲང་ཞིང་བསྟིམ། ཨོཾ་དྷྲྀཥྚ་རཱཥྚཱ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྷྲྀཧྞ་བྷཱུཉྫ་ཧོ༔ ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ༔ ཤར་ཕྱོགས་སྐྱོང་མཛད་ཡུལ་འཁོར་སྲུང༔ དྲི་ཟའི་དཔུང་དང་བཅས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྲུང་བ་མཚམས་ཀྱི་ལས་མཛོད་ཅིག༔ སྔགས་ཀྱི་མཐར། ཏིཥྛ་བཛྲ་ས་མ་ཡ་སཏྭཾ་ཞེས་བརྗོད་ཅིང་མེ་ཏོག་མཐོར་བ་དང་བཅས་བརྟན་པར་བཞུགས༔ བཀྲ་ཤིས་བརྗོད༔ དེ་ནས་ལྷོའི་ཐོ་མདུན་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་བསམ་ལ༔ ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་དྲང་ཞིང་བསྟིམ། སྔགས་མཐར་གཏོར་སྔགས་བཏགས་པ་གསུམ་དང་། ཉེར་སྤྱོད་ཀྱིས་མཆོད། ཧཱུྃ༔ ལྷོ་ཕྱོགས་སྐྱོང་མཛད་འཕགས་སྐྱེས་པོ༔ གཤིན་རྗེའི་དཔུང་དང་བཅས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྲུང་བ་མཚམས་ཀྱི་ལས་མཛོད་ཅིག༔ སྔགས་ཀྱི་མཐར། ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་བཞུགས་དང་ཤིས་བརྗོད་བྱ། ནུབ་ཀྱི་ཐོ་མདུན་དུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་བསམ་ལ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་དྲང་ཞིང་བསྟིམ། སྔགས་མཐར་གཏོར་སྔགས་བཏགས་པ་གསུམ་དང་། ཉེར་སྤྱོད་ཀྱིས་མཆོད། ཧཱུྃ༔ ནུབ་ཕྱོགས་སྐྱོང་མཛད་སྤྱན་མི་བཟང༔ ཀླུ་ཡི་དཔུང་དང་བཅས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྲུང་བ་མཚམས་ཀྱི་ལས་མཛོད་ཅིག༔ སྔགས་ཀྱི་མཐར། ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་བཞུགས་དང་ཤིས་བརྗོད་བྱ། བྱང་གི་ཐོ་མདུན་དུ་ཕྱིན་ལ་མཆོད་གཏོར་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་ཏེ་རྟེན་དང་དབྱེར་མེད་པར་བཞུགས་པར་བསམ་ལ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་རྟེན་ལ་དྲང་ཞིང་བསྟིམ། སྔགས་མཐར་གཏོར་སྔགས་བཏགས་པ་ལན་གསུམ་དང་། ཉེར་སྤྱོད་ཀྱིས་མཆོད། ཧཱུྃ༔ བྱང་ཕྱོགས་སྐྱོང་མཛད་རྣམ་ཐོས་སྲས༔ གནོད་སྦྱིན་དཔུང་དང་བཅས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྲུང་བ་མཚམས་ཀྱི་ལས་མཛོད་ཅིག༔ སྔགས་ཀྱི་མཐར། ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྟན་བཞུགས་བྱ། བཀྲ་ཤིས་བརྗོད། གཉིས་པ་བར་མཚམས་ལ་གཉིས་ལས། དང་པོ་བགེགས་ལ་ཕུར་བུས་གདབ་ཅིང་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛཏྲི<!TCC Tibetan character 4,146 undefined in unicode!>་ཁ་སྤྲོད་མཐར་མགྲིན་པ་ནས་བརྩམ་སྟེ་མགོ་ཕྱིར་བསྟན་པས། ཡ་མ་དམ་སྲི་གམ་པ་རི་མཱ་ར་ཛཿཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུལ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལམ་ཧཱུྃ་ལམ་སཏྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲོམ་གྱིས་བསྐོར་བ་བྲིས་ལ། འགྲུབ་ན་སྒྲུབ་པའི་སྔ་ཉིན་ལྟ་བུར་ཕུར་པ་སོགས་དྲག་པོའི་ཕྲིན་ལས་བཏང་བའི་ཚོགས་ཐ་མའི་གདབ་ཁ་དང་འབྲེལ་བར་བཀུག་བསྟིམ་གྲངས་མང་བྱས་ལ་ཐུན་གདབ། འདྲེ་ལྟེབ་ཏུ་གཅོག་ཅིང་ཚོན་སྐུད་ཀྱིས་བཅིངས། ཐོད་ངན་ནམ་ཁྱི་ཐོད་ལྟ་བུར་བཅུག །ཕུང་རེས་དྲིལ་ལ་རྩང་གིས་གཟེར་བའི་མནན་ཆས་བྱས། སྒོ་དྲུང་དུ་དོང་གྲུ་གསུམ་བྲུས་པ་ལ་བཀོད། དེ་ཙམ་མི་འགྲུབ་པའི་སྐབས་ལིངྒ་དོང་ནང་དུ་བཏིང་། སློབ་དཔོན་གྱིས་གསེར་སྐྱེམས་ཐོགས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ གསུམ་གྱིས་བྱིན་བརླབས་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། ཁྱད་པར་པདྨ་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིགས་མཚམས་གསུམ་པོར་གསེར་སྐྱེམས་ཕུལ། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་རང་ཉིད་དབང་ཆེན་ཡོངས་རྫོགས་ཀྱི་ང་རྒྱལ་གཟུང་། ཨེ་ཡཾ་རཾ། ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་གཟུགས་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཇིག་རྟེན་དབང་ཕྱུག་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་པའི་ཡ་མ་དམ་སྲི་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་དགུག་གཞུག་བྱས་ལ། ཧཱུྃ༔ མ་རིག་གཏི་མུག་རྒྱུ་ལས་བྱུང༔ ཆགས་སྡང་ཉོན་མོངས་དྲག་པོའི་གཟུགས༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ སྔོན་ཡང་སྒྲུབ་ལ་བར་དུ་བཅད༔ ད་ཡང་གནོད་པ་རྩོམ་ལ་འདུན༔ དེ་ཕྱིར་སྙིང་རྗེ་ཁྲོས་པ་ཡི༔ ཡེ་ཤེས་རྡོ་རྗེའི་ལྕགས་ཀྱུས་དགུག༔ ཐར་མེད་ཨེ་ཡི་དབྱིངས་སུ་མནན༔ མེ་ཆུ་རླུང་གི་ཕྱག་རྒྱས་བཏབ༔ རྡོ་རྗེའི་གར་གྱི་བྲོ་བརྡུངས་པས༔ བྱང་ཆུབ་མཆོག་སེམས་མ་བསྐྱེད་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་སཏྭཾ་བྷ་ཡ་ལཾ་ནན༔ ཞེས་བརྗོད་ལ་སས་བྱིབ། མེ་ཆུ་རླུང་གིས་རྒྱས་གདབ། རོ་གཡམ་ལ་གླིང་བཞི་དང་རྒྱ་གྲམ་བྲིས་པས་ཁ་བཅད། ཐམས་ཅད་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ལ། ལས་བྱང་ལྟར། ཧྲཱིཿཧྲཱི༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དཔལ་ཆེན་པདྨ་ཧེ་རུ་ཀ༔ རྟ་གདོང་རྔམ་བཞད་ཕྱོགས་བཅུར་འཚེར༔ རྡོ་རྗེའི་གར་གྱི་བྲོ་བརྡུངས་པས༔ ཉོན་མོངས་འཁོར་བའི་བག་ཆགས་བཅོམ༔ གཟུང་འཛིན་དགྲ་བགེགས་དབྱིངས་སུ་བསྒྲལ༔ རྡོ་རྗེ་འབར་བའི་ཨེ་ཀློང་དུ༔ བར་ཆད་དམ་འགོང་སྤྱི་ནས་མནན༔ མི་འགྱུར་ལྷུན་པོའི་ཕྱག་རྒྱས་གདབ༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾཿཨེ་ཧཱུྃ་ལཾ་ནན༔ ཞེས་དང་། ཧཱུྃ་བཞིའི་སྔགས་བརྗོད་ལ་རྟ་བྲོ་བརྡུང་། དེ་ནས་གཉིས་པ་སྒོ་བྱང་གདགས་པ་ནི། ཤིང་བྱང་ལ་རྟ་མགྲིན་དམར་ནག་ཤིན་ཏུ་ཁྲོས་པ་ཕྱག་གཡས་ཐོད་དབྱུག་ཕྱར་ཞིང་གཡོན་ཞགས་པ་འཛིན་པ་དབུ་གཙུག་རྟ་ཞལ་ལྗང་གུ་དུར་ཁྲོད་ཆས་བརྒྱད་ཞབས་འདོར་ཐབས་པད་ཉིར་བཞེངས་ཤིང་མེ་ཀློང་འགྱིང་པ་དང་། རྒྱབ་ངོས། ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ དཔལ་རྟ་མཆོག་ཧེ་རུ་ཀ་རྟེན་འདིར་བརྟན་པར་བཞུགས་ནས་སྒྲུབ་པའི་གནས་འདིར་ནང་གི་དངོས་གྲུབ་ཕྱིར་མི་ཡལ་བ་དང་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་གཡེལ་བ་མེད་པར་མཛད་དུ་གསོལ། ཅེས་བྲིས་པ་སྒོའི་ཡ་ཐེམ་དུ་གདགས། མཆོད་གཏོར་བཤམས་ལ་བྱིན་རླབས་སྔར་བཞིན་བྱ། ཧྲཱི༔ དབང་ཆེན་རོལ་པའི་དུར་ཁྲོད་ནས༔ བཅོམ་ལྡན་ཁྲོ་རྒྱལ་རྟ་མཆོག་དཔལ༔ དམ་ཚིག་དབང་གིས་འདིར་གཤེགས་ལ༔ རྟེན་དང་དབྱེར་མེད་བརྟན་པར་བཞུགས༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཧི་ཧི༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས། སྙིང་པོའི་མཐར་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་དང་། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད་པ་འབུལ། ཧཱུྃ༔ ཆོས་ཉིད་ཞི་བ་པདྨའི་རྒྱལ༔ གདུག་པ་འདུལ་ཕྱིར་རྔམས་པའི་གཟུགས༔ རྡོ་རྗེ་རྟ་ཡི་གདོང་པ་ཅན༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ རྟེན་དང་དབྱེར་མེད་བརྟན་པར་བཞུགས༔ གསང་ཆེན་སྒྲུབ་པའི་དཀྱིལ་འཁོར་འདིར༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་བགེགས་ཚོགས་རྒྱུན་ཆོད་ཅིག༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཏིཥྛནྟུ༔ ཞེས་བརྗོད་པས་དགྱེས་བཞིན་དུ་རྟེན་ལ་བཞུགས་ནས་ནང་གི་མཚམས་བཅད་པར་བསམ་མོ། །གསུམ་པ་གསང་མཚམས་ཁྲོ་བཅུ་རོལ་པའི་ཕུར་གདབ་ནི། དཀྱིལ་འཁོར་གྱི་སྟེགས་བུའི་ཕྱོགས་མཚམས་བརྒྱད་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་གྲུ་གསུམ་བཅུ་བཀོད། སློབ་དཔོན་དཀྱིལ་འཁོར་ཤར་དུ་ཕྱོགས་ནས་འཁོད་པའི་མདུན་དུ་སེང་ལྡེང་གི་ཕུར་པ་ཙན་དན་དམར་པོས་ཁ་དོག་བསྒྱུར་ཞིང་རྩེ་མོར་ཅོད་པན་བཅིངས་པ་བཅུ་འབྲུ་སྣོད་དུ་བཞག་ལ། རང་ཉིད་རྟ་མཆོག་དཔལ་དུ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་བཅུའི་རང་བཞིན་ཧཱུྃ་འབར་བ་དང་བཅས་སྤྲོས༔ ཕུར་བུ་རྣམས་ལ་ཐིམ་པས་སྟོད་ཁྲོ་བོ་ལ་སྨད་ཕུར་བུའི་རྣམ་པ་ཅན་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པར་བསམ་ལ༔ སློབ་དཔོན་གྱི་ཕྱག་གཡས་པས་ཐོ་བ་དང་གཡོན་པས་ཕུར་བུ་ཐོགས་ལ་སྟངས་སྟབས་དང་བཅས། སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ སྐྱེ་ལ་དབང་མཛད་ཧཱུྃ་ཀ་ར༔ སྟེང་གི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཤར་ནས་ཕྱོགས་བཞི་གཡས་སྐོར་དུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཡོ་བྱད་དབང་མཛད་རྣམ་པར་རྒྱལ༔ ཤར་གྱི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཚེ་ལ་དབང་མཛད་གཤིན་རྗེའི་གཤེད༔ ལྷོ་ཡི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཆོས་ལ་དབང་མཛད་རྟ་མཆོག་དཔལ༔ ནུབ་ཀྱི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ལས་ལ་དབང་མཛད་བདུད་རྩི་འཁྱིལ༔ བྱང་གི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཙྪིནྡ་ཙྪིནྡ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ བྱང་ཤར་ནས་མཚམས་བཞི་གཡོན་སྐོར་དུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ རྫུ་འཕྲུལ་དབང་མཛད་ཁམས་གསུམ་རྒྱལ༔ བྱང་ཤར་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ སེམས་ལ་དབང་མཛད་འདོད་པའི་རྒྱལ༔ ནུབ་བྱང་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ མོས་ལ་དབང་མཛད་མི་གཡོ་མགོན༔ ལྷོ་ནུབ་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ ཡེ་ཤེས་དབང་མཛད་དབྱུག་སྔོན་ཅན༔ ཤར་ལྷོའི་མཚམས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ འོག་ཕུར་ནུབ་ཀྱི་ནུབ་ཏུ་གདབ་ལ། ཧཱུྃ༔ དབང་ཆེན་ཀུན་ལ་དབང་སྒྱུར་བའི༔ སྨོན་ལམ་དབང་མཛད་སྟོབས་པོ་ཆེ༔ འོག་གི་ཕྱོགས་སུ་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་སརྦ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པ་ནི་སྤྲོས་བཅས་ཀྱི་ཕྱག་ལེན་དང་འབྲེལ་བའི་སྐབས་ཅུང་ཟད་རྒྱས་པར་སྤྲོས་པ་ཡིན་ལ། བསྡུ་ན་གཏེར་གཞུང་དངོས་བསྟན་ཀྱི་སྐུལ་ཚིག །ཧཱུྃ༔ དབང་ཆེན་ཀུན་ལ་དབང་བསྒྱུར་བའི༔ དབང་བཅུའི་བདག་ཉིད་ཁྲོ་བོ་བཅུ༔ དཀྱིལ་འཁོར་ཕྱོགས་བཅུར་བཞུགས་ནས་ཀྱང༔ གསང་བ་མཚམས་ཀྱི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀྲོ་དྷ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པས་འཐུས་ཤིང་འདིའི་སྐབས་སུའང་ཧཱུྃ་བཅུ་པོ་རེ་རེ་བཞིན་བཛྲ་ཀྲོ་དྷ་སོགས་ཤམ་སྦྱར་ན་ལེགས་སོ། །གང་ལྟར་མཐར། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་གར་ཕུར་པའི་དབལ་གྱིས་གཟིར་ཏེ་སྐུ་དང་འོད་ཟེར་སྤྲུལ་པའི་ཕོ་ཉས་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་གྱུར༔ ཅེས་བསྒོམ། གསུམ་པ་ལྷག་གནས་ལ་གཉིས། ལྷ་དང་། བུམ་པ་སྟ་གོན་ནོ། །དང་པོ་ནི། ལྷ་ལ་སྙན་གསན་དབབ་པ་སྟེ། རྡུལ་ཚོན་གྱི་སྐབས་སུ་ཡེ་ཤེས་དང་ལས་ཀྱི་ཐིག་བཏབ་ནས་ལྷ་གནས་ངེས་པར་བྱ་དགོས་ཀྱང་དཀྱུས་སུ་རས་བྲིས་ཀྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་སྟེགས་བུའི་དབུས་སུ་གཙོ་བོ། ཕྱོགས་བཞིར་རིགས་བཞི། དེ་རྒྱབ་མཁའ་འགྲོ་སྡེ་བཞི་བཅས་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ཕྱེད་པར་དགོད། མཆོད་གཏོར་བཤམས་ལ་ས་ཆོག་མཚམས་གཅོད་རྣམས་དང་ཞག་གིས་བར་ཆོད་ན་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། ཉིན་གཅིག་ལ་སྦྲེལ་ན་མི་དགོས། ལས་བྱང་ལྟར་མཆོད་པ་བྱིན་བརླབས། སྒྲུབ་པའི་གཞིར་རང་བྱུང་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར་རྒྱལ་བ་རྒྱ་མཚོ་ཐུག་རྗེ་ཆེན་པོའི་ལྷ་ཚོགས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར༔ ཅེས་གདོད་ནས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ་ལ་ལས་བྱང་ལྟར་མཆོད་བསྟོད་ཚང་བར་བྱ། སྤོས་བཏུལ༔ མེ་ཏོག་དང་བཅས་ཐལ་མོ་སྦྱར་ལ༔ བཅོམ་ལྡན་སྙིང་རྗེའི་གཏེར་ཆེན་པོ༔ ཁྱེད་རྣམས་མཆོད་དང་གཞན་དོན་ཕྱིར༔ བདག་གིས་དཀྱིལ་འཁོར་བསྒྲུབ་འཚལ་བས༔ ཐུགས་རྗེས་དགོངས་ཏེ་གནང་དུ་གསོལ༔ ཞེས་གསོལ་བས་དགྱེས་བཞིན་དུ་གནང་བ་བསྩལ་ཏེ་ས་གཞིར་ཐིམ་ནས་བྱིན་གྱིས་བརླབ་པར་བསམ་མོ། །གཉིས་པ་བུམ་པ་སྟ་གོན་ནི། གཞི་སྟེང་དེར་རྣམ་རྒྱལ་དང་ལས་བུམ་གཉིས་ཆས་དང་ནང་བཅུད་ཁ་རྒྱན་གཟུངས་ཐག་ལྡན་པར་བཀོད། མཆོད་པ་ཁ་གསོས་ལ་བྱིན་བརླབ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར༔ ཞེས་དང་། ཨོཾ་ལོ་ཀེ་ཤྭ་ར་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ཞེས་སྔགས་ཙམ་གྱིས་མཆོད། ཧྲཱི༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་འཁོར་ལོས་སྒྱུར༔ གསང་བ་ཡེ་ཤེས་ཡུམ་དང་གཉིས་སུ་མེད༔ ཕྲིན་ལས་བཞི་མཛད་བདེ་ཆེན་མཁའ་འགྲོ་མ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས༔ བུམ་པའི་ལྷ་རྣམས་ལ་ཕོག༔ སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་པར་བསམ༔ བསྙེན་སྒྲུབ་ཀྱི་སྔགས་བཟླ༔ མཐར་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་པར་བལྟའོ༔ ལས་བུམ་དུ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་བསྣམས་པ་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ཙམ་བཟླས་མཐར། རྟ་མགྲིན་འོད་དུ་ཞུ་ནས་ལས་ཐམས་ཅད་སྒྲུབ་པའི་ཆུ་རྒྱུན་དུ་གྱུར། ཅེས་མོས། སྒྲུབ་པའི་རྗེས་སུ་དབང་ཆེན་སྐུར་བ་དང་འབྲེལ་ན་སྐབས་འདིར་སློབ་མ་སྟ་གོན་བྱའོ། །དེ་ནས་སྒྲུབ་ཐབས་ལྟར་གཏོར་འབུལ་དང་། ཕྲིན་ལས་གཤམ་ནས་འབྱུང་བའི། ཧྲཱི༔ སྣོད་བཅུད་འབྱུང་བ་སོགས་ཀྱིས་བདག་བསྐྱེད་འོད་གསལ་དུ་འཇུག་ལྡང་བྱ་ཞིང་བསྔོ་སྨོན་བརྗོད་པས་གྲུབ་བོ། །འདིའང་མཚམས་གཅོད་དང་ཉིན་གཅིག་ཏུ་སྦྲེལ་ན་བསྡུ་ལྡང་གོང་དུ་སོང་བས་འདིར་མི་དགོས་སོ། །གཉིས་པ་དངོས་གཞི་སྒྲུབ་ཅིང་མཆོད་པས་ཐུགས་དམ་བསྐུལ་བ་ལ་གསུམ། སྦྱོར་བ་ཉེར་བསྡོགས། དངོས་གཞི་སྒྲུབ་མཆོད། གྲུབ་ནས་དངོས་གྲུབ་བླང་བའོ། །དང་པོ་སྒྲུབ་པའི་རྟེན་བཤམ་པ། སྒྲུབ་པ་པོ་གནས་སུ་དགོད་པ། བར་ཆད་བསལ་ཅིང་བྱིན་དབབ་པའོ། །དང་པོ་རྟེན་གྱི་ཡོ་བྱད་ལྷག་པར་གནས་པ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ། མ་འཛོམ་ན་མེ་ཏོག་གི་ཚོམ་བུ་ལེགས་པར་བཀྲམ། ཐོད་པ་མཚན་ལྡན་མྱང་གྲོལ་རིལ་བུ་ལས་བྱང་དབུར་བཤད་པ་ལྟར་སྔར་ནས་ཚད་ལྡན་དུ་སྦྱར་བས་བཀང་ཞིང་དར་དམར་གྱི་ཁེབས་བཀབ་པ། མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿམ། མཐའ་སྐོར་ཡིག་བཅུ་ཤམ་བཅས་དབུ་ཕྱིར་བསྟན་དུ་བྲིས་པ་དང་རྣམ་རྒྱལ་བུམ་པ། དབང་བསྐུར་བྱེད་ན་དབུ་རྒྱན་སོགས་དབང་རྫས་རྣམས། སྐུ་གསུང་ཐུགས་རྟེན། གཏོར་ཆེན། དཀྱིལ་འཁོར་གྱི་རྒྱན་ཆས་ཐམས་ཅད་ཚོགས་པར་བྱས་ལ་གཞི་མདུན་སྟེགས་བུའི་སྟེང་དུ་དགོད། བདག་གི་རྣལ་འབྱོར་བཟླས་པའི་བར་སོང་ནས་སྟོང་ཚིགས་ཕུལ། སླར་ཛཔ྄་དབྱངས་བྱ་བའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་དྲིལ་སྤོས་འཛིན་པས་སྣ་དྲངས། རྟེན་སྒྲུབ་མཆོད་པའི་རྫས་རྣམས་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སྐོར་ལན་གསུམ་བྱས་ནས་མདུན་དུ་འཁོད་དེ་དབྱངས་དང་བཅས་པས། ཧཱུྃ༔ བུམ་པ་རིན་ཆེན་མེ་ལོང་བདུད་རྩིར་བཅས༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྟེན༔ སྨན་རཀ་གཏོར་གསུམ་དུག་གསུམ་དབྱིངས་སུ་མཆོད༔ ཚོགས་ཀྱི་འཁོར་ལོས་རྟོག་ཚོགས་ཡེ་ཤེས་རོལ༔ ཤེས་རབ་རལ་གྲིས་བདུད་བཞི་དབྱིངས་སུ་བསྒྲལ༔ ཕུར་བུ་རྣམ་བཞིས་སྐྱེ་རྒ་ན་འཆི་འཇོམས༔ མདའ་བཞི་ཚད་མེད་རྣམ་བཞིས་འགྲོ་བ་འདུལ༔ མེ་ལོང་ཡེ་ཤེས་བཞི་ལྡན་རང་ངོ་སྤྲོད༔ ཚོན་སྐུད་དྲྭ་བས་རྒྱུད་ལྔ་གནས་ནས་འདྲེན༔ གཞུང་བཞིན་དཀྱིལ་འཁོར་མ་ཉམས་མ་འདྲེས་གསལ༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་ངོ་མཚར་ཆེ༔ དར་གུར་ཁྱབ་པའི་སེམས་ཅན་ཐུགས་རྗེས་སྐྱབས༔ སྟག་ཤམ་གང་ལ་དཔའ་རྣམས་སྤྱོད་པར་མཛད༔ ཛྙཱ་ན་མཎྜ་ལ་སརྦ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་ལ། དཀྱིལ་འཁོར་དབུས་སུ་ཁྲིའུ་ཤིང་གི་སྟེང་མྱང་གྲོལ་ཐོད་པ་དར་ཁེབས་མེ་ལོང་གིས་བཀབ་པ། རིལ་བུ་མང་ནས་ཐོད་པར་མ་ཤོང་ན་བུམ་པ་སོགས་སྣོད་གཞན་དུ་བླུགས་པ་དང་། རྣམ་བུམ་སོགས་མདུན་ནས་གཡས་སྐོར། ལྡིང་ཁྲི་གོང་མར་སྐུ་གསུང་ཐུགས་རྟེན། རྒྱབ་ངོས་སུ་གཏོར་ཆེན་རྒྱན་སྤྲོས་ཅན། དཀྱིལ་འཁོར་གྱི་རྡོར་རྭའི་སྟེང་ཁྲོ་བཅུའི་ཕུར་བུ། མཐའ་སྐོར་ཤར་དུ་མཆོད་ཡོན་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་མཚམས་འཛིན་བཅས། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཙུགས་པ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། གཞན་ཡང་ཟུར་བཞིར་རྒྱལ་མཚན། ལོགས་བཞིར་འཕན། དར་གྱི་དྲྭ་ཕྱེད་སོགས་སོ་སོའི་ཕྱག་ལེན་ལས་འབྱུང་བ་ལྟར་མཛེས་བརྗིད་ཆགས་པ་དང་། སྟེང་ན་དར་གྱི་གདུགས་དབུབ། གཤམ་དུ་སྟག་གཟིག་སྒབ་དཀྲིས་ཀྱིས་བསྐོར། དཀྱིལ་འཁོར་མདུན་རྒྱབ་གང་བདེར་མཆོད་གཏོར་ཁ་ཟས་བཟང་དགུས་བརྒྱན་པའི་གཡས་གཡོན་ཆོས་གཏེར་སྲུང་མ་སྤྱི་བྱེ་བྲག་གི་གཏོར་འབུལ། ཆད་བརྟན་རྒྱུན་བཞག །རྒྱུན་གསོའི་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། ཕྱི་མཆོད་བརྒྱ་རྩ་སོགས་ཡོད་ན་མཐའ་སྐོར་སྟེགས་བུ་རིམ་པ་ཅན་ལ་གོ་རིམ་མ་འཆོལ་བར་བཀོད། གཞན་ཡང་ཉིན་རེ་བཞིན་འབུལ་རྒྱུའི་ཆོས་སྐྱོང་གཏོར་སྤུངས། ཆད་མདོ་བརྟན་མ། ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཕྲིན་ལས་ལ་དགོས་པ་རྣམས་དང་། དཀྱིལ་འཁོར་བྱང་ཕྱོགས་སུ་ལྕགས་ཧོམ་དུ་ཉུ་ལེའི་ལིངྒ། རྟ་མགྲིན་གྱི་ཕུར་པ་སྟེགས་བཅས། ཡུངས་དཀར་སོགས་ཐུན་རྫས་རྣམས་ཀྱང་འདུ་བྱ། སློབ་དཔོན་གྱི་མདུན་གཡོན་ནས་བརྩམ་སྟེ་ནང་མཆོད། རྡོར་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད་རྣམས་བཞག་གོ །གཉིས་པ་ཚོགས་སྒྲུབ་ལས་ལ་འཇུག་རུང་གི་བྱ་བ་སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང་གནས་སུ་དགོད་པ་ནི། རྒྱལ་ཐེབས་ཀྱིས་དབྱངས་བོར་ལེན་དང་ལས་ཀྱི་རྡོ་རྗེས་ཐོད་ཆང་མར་ཟེགས་ཅན་ཚིག་བསྟུན་སོ་སོར་དྲང་བ་སོགས་ལག་ལེན་ལྟར་བྱས་ལ། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རེ་རེ་བཞིན་སྐྱེམས་དྲང་བ་ཐམས་ཅད་ལ་འགྲེ །ཧཱུྃ༔ བླ་མའི་གདུང་གསོབ་སྐུ་དང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབ་ཚེ་དང་བསོད་ནམས་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཐེབས་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ ཕྱི་ནང་མཚམས་གཅོད་བར་གཅོད་ཐམས་ཅད་སྲུང༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ ཕྲིན་ལས་གཞུང་སྲོང་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་ཆེན་མངའ་གསོལ་དགྱེས་པར་བཞུགས༔ དངོས་གྲུབ་བགེགས་གཉིས་དུས་ཀྱི་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ ཕུད་གཙང་བགོས་མཁན་ནང་མ་བྱ་བྱེད་མཁས༔ ཕྱི་གིང་ཕྱག་ཚང་ཆེན་པོར་མངའ་གསོལ་ལོ༔ གཡོས་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་མོར་མངའ་གསོལ་དགྱེས་པར་བཞུགས༔ གསལ་དག་ཛཔ྄་མཁས་ཡི་དམ་བརྩོན་པར་བསྒྲུབ༔ གསེར་ཕྲེང་མཆེད་རྣམས་མངའ་གསོལ་དགྱེས་པར་བཞུགས༔ ཀུན་གྱི་བཀའ་བསྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད༔ རྡུལ་ཕྱགས་སྐྱེས་བུར་མངའ་གསོལ་བརྟན་པར་བཞུགས༔ ཞེས་པས་སོ་སོར་མངའ་གསོལ་ཅིང་རང་གྲལ་དུ་དགོད་དོ། །གསུམ་པ་བར་ཆད་བསལ་ཞིང་བྱིན་དབབ་པ་ནི། སློབ་དཔོན་དང་རྒྱལ་ཐེབས་རྣམས་དཀྱིལ་འཁོར་ཤར་ཕྱོགས་སུ་འཁོད། སྒྲུབ་མཆེད་གཞན་རྣམས་རང་གྲལ་དུ་བཞེངས་ཏེ་ཞྭ་ཆོས་རོལ་མོ་སོགས་གཟི་བྱིན་བསྐྱེད་ལ། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་ཧེ་རུ་ཀར་གསལ་བའི་མིག་འབྲས་གཉིས་སུ་མ་དང་ཨ་ལས་ཉི་ཟླ༔ རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ་བསམ་ལ༔ ཧཱུྃ༔ ང་ནི་བཅོམ་ལྡན་རྟ་མཆོག་དཔལ༔ བཀའ་ཡི་འཁོར་ལོ་རབ་སྦྱོར་བས༔ ཁམས་གསུམ་དབྱིངས་སུ་མཐར་བྱེད་ན༔ ལོག་འདྲེན་བགེགས་ལ་སྨོས་ཅི་དགོས༔ སོང་ཞིག་ལྷ་མིན་ལྷ་ཡང་རུང༔ སྒྲུབ་ལ་བར་དུ་གཅོད་པ་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ན་རྡུལ་དུ་བརླག་པར་འགྱུར༔ ཞེས་དང་ཧཱུྃ་གི་གླུ་གླང༔ ཐུན་གྱིས་བྲབ༔ གུ་གུལ་གྱིས་བདུག༔ རྡོ་རྗེའི་ལྟ་བ་དང་བཅས་རྡོ་རྗེའི་འགྲོས་ཀྱིས་ལན་གསུམ་དུ་བསྐོར་བས་སྒྲུབ་རྫས་ཀྱི་བར་ཆད་ཐམས་ཅད་བསལ༔ སླར་ཡང་དཀྱིལ་འཁོར་ཤར་ཕྱོགས་སུ་འཁོད་ལ་དར་སྣའི་གཡབ་མོ་དང་དྲི་ཞིམ་སྤོས་དུད་དབྱངས་རོལ་བཅས། ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་སོགས་འོག་ནས་འབྱུང་བ་ལྟར་བརྗོད་ཅིང་བསྐོར་བ་ལན་གསུམ་བྱས་ཏེ་གནས་དང་ཡོ་བྱད་སྒྲུབ་པ་པོ་དང་བཅས་པ་ལ་བྱིན་ཕབ་པས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་ལ་གྲལ་དུ་འཁོད། ཛཔ྄་དབྱངས་ལན་གསུམ་བྱ། སྒྲུབ་ཐབས་ལྟར་གཏོར་འབུལ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཅས་ཀྱིས་གྲུབ་བོ། །གཉིས་པ་དངོས་གཞི་སྒྲུབ་ཅིང་མཆོད་པས་ཐུགས་དམ་སྐུལ་བ་ལ་གསུམ། ཕྲིན་ལས་ཛཔ྄་བསྙེན་དང་བཅས་པས་དངོས་གྲུབ་སྒྲུབ་པ། དེའི་བར་གཅོད་བསལ་བ། དུས་གྲངས་རྟགས་ཚད་བཤད་པའོ། །དང་པོ་ནི། སྒྲུབ་པ་པོ་རྣམས་ལེགས་པར་འཁོད་དེ། ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས། ཕྲིན་ལས་ལམ་ཁྱེར་ལྟར། བགེགས་གཏོར་གཏང་ཞིང་བཀའ་བསྒོ །སྲུང་མཚམས་གཅད། མཆོད་རྫས་བྱིན་བརླབ། སྐྱབས་སེམས་ཚོགས་གསག་སྡོམ་བཟུང་། ཚད་མེད་བཞིས་བློ་སྦྱང་བ་བཅས་སྔོན་འགྲོ་རྣམས་གྲུབ་ནས། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྒོམས་ནས་ལས་གཞུང་བསྲང་བས་ཀྱང་ཆོག་མོད། ལས་དང་པོ་བ་ཏིང་ངེ་འཛིན་གསལ་བརྟན་མ་གྱུར་པ་དང་སྤྲོས་པ་དང་བཅས་པའི་ཚེ། ཐོག་མར་སྒྲུབ་ཐབས་ནས་འབྱུང་བ་ལྟར་བདག་བསྐྱེད་དྲང་བསྟིམ་དབང་བསྐུར་ཛཔ྄་དགོངས་གསལ་གདབ་ཡན་སོང་ནས། ཡིག་བཅུ་སྟོང་ཕྲག་དང་། ཤམ་ཅན་བརྒྱ་རྩ་ཙམ་བཟླས་ལ་ཕྲིན་ལས་གཤམ་དུ་འབྱུང་བ་ལྟར་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡངས། དེ་ནས་དཀྱིལ་འཁོར་མྱང་གྲོལ་བུམ་པ་སོགས་མདུན་རྟེན་ལ་དམིགས་ཏེ། ལས་སྔགས་ཀྱིས་བསང་། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྙིང་རྗེའི་རང་གདངས་སོགས་ཀྱིས་དམ་ཚིག་པ་བསྐྱེད། བཛྲ་ས་མཱ་ཛ༔ ཞེས་པ་ནས་ཕྲིན་ལས་ལམ་ཁྱེར་གྱི། ཧྲཱི༔ པདྨ་རྣམ་པར་རྒྱས་པའི་སོགས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་བཞུགས་སུ་གསོལ། དབང་བསྐུར་ཅིང་རྒྱས་གདབ། ཕྱག་མཆོད་བསྟོད་པའི་བར་དུ་སོང་ནས་བཟླས་པ་བསྐུལ། སྒྲུབ་ཐབས་ལྟར་བཟླས་དམིགས་དང་གཟུངས་ཐག་བླངས་ལ། ཡབ་ཡུམ་འཁོར་སྔགས་སྦྲེལ་མ་བཟླ། ཐུན་པ་རྣམས་ཀྱིས་སྔགས་རྒྱུན་བླངས་ཏེ་འདི་ནས་བརྩམ་སྒྲུབ་པ་གྲོལ་ཁའི་ཐུན་ཐ་མའི་བར་ཉིན་མཚན་སྔགས་སྒྲ་མ་ཆད་པར་བྱ། ཐུན་མཐར་ལས་སྦྱོར་འཁོར་བ་དོང་སྤྲུགས་བཟླས་པ་ཡིག་དྲུག་བརྒྱ་རྩ་རེ་ལ་ཤམ་བུ་ཚར་རེ་སྦྱར་བ་ཚན་དྲུག་དང་། གཟུངས་རིང་ཉེར་གཅིག་ཙམ་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ལ། ཁྱད་པར་གྱི་མཆོད་པ་འབུལ། སྒྲུབ་ཐབས་ལྟར་གཏོར་མ་བྱིན་བརླབས། གཏོར་མགྲོན་སྤྱན་འདྲེན་མི་དགོས་པས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་སོགས་དང་སྔགས་ལན་གསུམ་གྱིས་ཕུལ། སྔགས་ཙམ་གྱིས་མཆོད། ཕྱག་འཚལ་ཤློ་ཀ་གཅིག་ལ་བསྟོད་ཅེས་མཐའ་བསྒྱུར་བ་དང་། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔སོགས་ཀྱི་འདོད་དོན་གསོལ་ལ་འོག་ནས་འབྱུང་བ་ལྟར་ཉུ་ལེའི་བར་ཆད་གཟིར་ཅིང་བྱིན་འབེབ་ཛཔ྄་དབྱངས་བཅས་བྱས་པས་ཐུན་དང་པོ་འགྲུབ། དེ་ནས་ཐུན་གཉིས་པ་ལ། མདུན་མཆོད་ཁ་གསོས་ཏེ་མཆོད་རྫས་བྱིན་བརླབ། བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་པ་ཐུན་ཕྱི་མ་རྣམས་ལ་མ་འགྲུབ་ཀྱང་ཆོག །དཀྱིལ་འཁོར་བསྐྱེད་པ་ནས་བཟླས་པ་སྟོང་ཚིགས་གཏོར་འབུལ་གྱི་བར་སྔ་མ་ལྟར་བྱ། ཉིན་ཐུན་གསུམ་བྱེད་ན་སླར་ཡང་མཆོད་པ་བྱིན་རླབས་མན་ཆད་སྨོས་མ་ཐག་པ་ལྟར་ཚར་གཅིག་བསྐྱར། གང་ལྟར་ཐུན་ཕྱི་མའི་གཏོར་འབུལ་མཐར། བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་དང་བྱེ་བྲག་མགོན་པོ་ཕྱག་བཞི་པ་གཙོ་འཁོར་གྱི་གཏོར་ཆོག་གྲུབ་ནས། ཕྲིན་ལས་ལྟར་ཚོགས་བྱིན་བརླབ། སྤྱན་འདྲེན་དང་མཆོད་པའི་འཕྲོས་སུ་འགྲུབ་ན་སྐོང་བཤགས་གང་འོས་གཏང་། བཤགས་པ་བསྒྲལ་བསྟབ་ཀྱི་བར་སོང་ནས་ཚོགས་ལ་རོལ་ཅིང་ལྷག་ཆོག་བྱས་ལ་ལྷག་མ་བཙོན་དུ་འཛིན། ཆོས་སྐྱོང་གཏོར་སྐྱོང་སོགས་མཐར་དབྱུང་། ལས་གཞུང་གི་ཆད་མདོ་བརྟན་མ་རྟ་བྲོ་བཅས་གྲུབ་ནས། རྗེས་ཆོག་མཆོད་པ་ཤློ་ཀ་གཅིག་དང་སྔགས་ཙམ་གྱིས་མཆོད་ལ་བསྟོད་པ་བྱ། ནོངས་པ་བཤགས་པ་ནི། བདག་གིས་བསྙེན་སྒྲུབ་ཕྲིན་ལས་བགྱིས་པ་ལ༔ ལྷག་ཆད་འགལ་འཁྲུལ་ཉེས་བྱས་ཅི་མཆིས་ཀུན༔ ཚེ་རབས་བསགས་པའི་སྡིག་དང་ལྷན་ཅིག་ཏུ༔ འགྱོད་པས་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ། ཕྱོགས་བཅུ་ན་བཞུགས་པའི་སོགས་ཚིག་ལྷུག་གམ། འདིར་ནི་རྟེན་དང་སོགས་དང་། སུ་པྲ་ཏིཥྛའི་སྔགས་ཀྱིས་མེ་ཏོག་འཐོར་ཏེ་མདུན་བསྐྱེད་རས་བྲིས་སོགས་རྟེན་ལ་བརྟན་བཞུགས་བྱ། བསྔོ་སྨོན་དང་ཤིས་བརྗོད། ཉུལ་ལེ་བསྐྲད་ཅིང་བྱིན་འབེབ་སོགས་བྱས་པས་གྲུབ་བོ། །མཚན་ཐུན་གཉིས་གསུམ་གང་བྱེད་ཀྱི་ཐོག་མར་བདག་བསྐྱེད་འགྲོ་དགོས་ལ། གཞན་ཐུན་གཉིས་པ་ལྟར་དང་ཐུན་མཐར་ཉུ་ལེ་བསྐྲད་གཟིར་བྱིན་འབེབ་དང་ཛཔ྄་དབྱངས་མ་ཆད་པར་བྱའོ། །གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཅིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། སློབ་དཔོན་ནམ་རྒྱལ་ཐེབས་མདུན་དུ་ཧོམ་ཁུང་ཉུ་ལེའི་ལིངྒ་བཅས་པ་དང་ལས་ཕུར། ཐུན་རྫས་རྣམས་དགོད་ལ། རྟེན་བསྐྱེད་པ་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲིཿལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་འགུགས་གཞུག་བྱས་ལ། ཕུར་པ་འདྲིལ་ཞིང༔ ཧཱུྃ༔ འབར་བ་ཨེ་ཡི་དབྱིངས་རུམ་དུ༔ དམ་སྲི་འབྱུང་པོ་བཀུག་བྱས་ཏེ༔ དབང་ཆེན་ཁྲོས་པའི་མཚོན་གྱིས་གཟིར༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་དང་། ཧྲཱིཿཧཱུྃ༔ དབང་གི་རྒྱལ་པོ་ཀཱི་ལ་ཡ༔ སྟོད་ནི་རྟ་གདོང་རྔམས་བཞད་འཚེར༔ སྲིད་པ་གསུམ་པོ་འདར་ཞིང་གཡོ༔ སྨད་ནི་ཕུར་བུ་འབར་བ་ཡིས༔ དམ་སྲི་འབྱུང་པོའི་སྙིང་ལ་གཟིར༔ སྒྲུབ་པའི་བར་ཆད་རྡུལ་དུ་རློག༔ ཨོཾ་པདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྔགས་དབྱངས་དང་ཕུར་སྐོར་ཚམ་རྔམ་བྱས་ལ་ལིངྒར་གདབ། ཡུངས་དཀར་རྡོ་ཐུན་སོགས་བྲབས་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་ལ་སྲུང་འཁོར་གསལ་གདབ། དེ་མ་ཐག་གཡབ་དར་སྦྱར་སྤོས་དབྱངས་རོལ་བཅས་བྱིན་དབབ་པ་ནི། ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ རྡོ་རྗེའི་སྐུ་མངའ་འགྲན་དུ་མེད་པ་ཡི༔ རྩ་གསུམ་རབ་འབྱམས་ལྷ་ཚོགས་ཐུགས་དམ་ཅན༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ སྒྲུབ་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱི༔ འོག་མིན་བདེ་ཆེན་བཀོད་པའི་ཞིང་ཁམས་ནས༔ རིགས་ཀྱི་ཁྱབ་བདག་སྣང་མཐའ་ཚེ་དཔག་མེད༔ བདེ་གཤེགས་པདྨ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ སྒྲུབ་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱི༔ འགྲོ་འདུལ་རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ རིགས་ལྔ་སྒྱུ་འཕྲུལ་དྲ་བའི་སྐུར་སྟོན་པ༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ སྒྲུབ་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱི༔ གནས་ཡུལ་དུར་ཁྲོད་དྲག་པོའི་ཞིང་ཁམས་ནས༔ གང་འདུལ་ལས་མཛད་མཐུ་རྩལ་ཐོགས་མེད་པ༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ སྒྲུབ་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱི༔ གཞན་ཡང་ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་ནས༔ བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དྷཱ་ཀི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་སྒྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ སྒྲུབ་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ས་པ་རི་ཝཱ་ར་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་དང་ཛཔ྄་དབྱངས་བྱའོ། །གསུམ་པ་ཚད་ནི། དུས་སྨིན་སློབ་ལ་ཟླ་བ་དྲུག །མོས་སློབ་ཀྱི་དབང་དུ་མཛད་ནས། ཟླ་བ་གཅིག་གམ༔ ཞག་བདུན་ནམ༔ ཉིན་ཞག་གསུམ་གྱིས་མཐའ་རྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་འགྱུར་བ་ཡིན་ནོ༔ ཞེས་གསུངས། གྲངས་ནི། གཞུང་ལས། བསྙེན་སྒྲུབ་སོ་སོར་བྱེད་ན༔ ཐོག་མར་སྒྲུབ་ཐབས་ལྟར་སྔགས་འབུམ་ཕྲག་བཞིའམ་གསུམ་བཟླ༔ དེ་ནས་སྒྲུབ་པའི་དཀྱིལ་འཁོར་དང་རྫས་བཤམས་ཤིང་ཕྲིན་ལས་ལམ་ཁྱེར་གྱི་གཞུང་བསྲངས་ལ་སྔགས་འབུམ་ཕྲག་བཞི་བཟླས་ཤིང༔ མཐར་ལས་སྦྱོར་གྱི་ཚུལ་དུ་རིལ་བུའི་སྒྲུབ་པ་བདུན་ཕྲག་གི་རྗེས་དངོས་གྲུབ་བླང་བར་བྱའོ༔ ཞེས་གསུངས་པས། རང་ཉིད་གཅིག་སྒྲུབ་སྐབས་དེ་ལྟར་བྱ་དགོས་ལ། སྦྱིར་བསྙེན་པ་སྔོན་དུ་མ་སོང་བར་སྒྲུབ་པ་ལ་འཇུག་ཐབས་མེད་པས་སློབ་དཔོན་ཉིད་བསྙེན་སོང་གི་དབང་དུ་བྱས་ནས། འདིར་སྒྲུབ་ཆེན་ཁོ་ནའི་སྐབས་སུའང་རྒྱས་པར་སྤྲོ་ཞིང་ཡོ་བྱད་སོགས་འཛོམ་ན། ཞག་བདུན་ཕྲག་གསུམ་ལ་བདུན་གཉིས་ཀྱི་རིང་གོང་སྨོས་རྩ་བའི་ཛཔ྄་བཟླས་ཐུན་མོང་ལས་སྦྱོར་ཁོ་ན་འབད། བདུན་གཅིག་གི་ཚེ་ཛཔ྄་བཟླས་སྔ་མ་ཁྱུག་ཙམ་སོང་ནས། ཁྱད་པར་ལས་སྦྱོར་སྐྱེ་བདུན་རིལ་སྒྲུབ་ཀྱི་དམིགས་བཟླས་ལ་རྩེ་གཅིག་ཏུ་འབད། དེའང་བསྙེན་སྒྲུབ་ཀྱི་སྔགས་ཤམ་འདོགས་བཅས་པ་ལ་ཐུན་གྱི་དངོས་གཞི་བྱ་ཞིང་། ཐུན་མཐར་གནད་སྐུལ་ཤམ་བུའང་བརྒྱ་རྩ་རེ་ཙམ་གདགས་ལ་སྟོང་ཚིགས་མཆོད་པ་དང་གཏོར་འབུལ་སོགས་བྱ། ཞག་པོ་དྲུག་སོང་ནས་ཉིན་བདུན་པར་དངོས་གྲུབ་དབང་དུ་བྱ་བའི་སྔགས་ཤམ་ཡང་གདགས། སྒྲུབ་པ་བདུན་ཕྲག་གཉིས་བྱེད་ན་བདུན་གཅིག་ལ་རྩ་བའི་བཟླས་པ་དང་། བདུན་གཅིག་ལ་མྱང་གྲོལ་རིལ་སྒྲུབ་གཙོར་བཏོན། བདུན་གཅིག་ལས་མི་འགྲུབ་ན་ཐུན་གྱི་ཕྱེད་རྩ་བའི་བཟླས་པ་ཕྱེད་རིལ་སྒྲུབ་སྔགས་དམིགས་བྱ། འོན་ཀྱང་རྩ་བའི་བསྙེན་སྒྲུབ་སྔོན་དུ་སོང་བས་རིལ་བུ་ཁོ་ནའི་སྒྲུབ་ཆེན་བྱེད་ན་དེའི་སྔགས་དམིགས་གཙོར་བཏོན་པས་ཆོག་གོ །རྟགས་ཚད་ནི་གསང་བ་སྤྱི་དང་བྱེ་བྲག་གཞུང་དུ་གསལ་བ་ལྟར་རོ། །གསུམ་པ་གྲུབ་ནས་དངོས་གྲུབ་བླང་བ་ལ་གསུམ། དངོས་གྲུབ་ཀྱི་རྫས་བཤམ་པ། ཆོ་གའི་སྔོན་འགྲོ །ཆོ་ག་དངོས་སོ། དང་པོ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་གཞི་དཀར་པོའི་སྟེང་དུ་གྲོའི་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་དང་ཞོ་མར་འོ་མས་སྦྲུས་པའི་ནོར་བུ་འབར་བའི་གཟུགས་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཟའ་བཅའ་སྣ་ཚོགས་པས་བསྐོར་བ། གཡས་སུ་མངར་གསུམ་ཐུད་དང་བསྲེས་པའི་རིལ་བུ་དང་། གཡོན་དུ་བྷཉྫ་བཟང་པོར་འབྲུ་བཅུད་བདུད་རྩི་ལ་ཨ་མྲྀཏ་བཏབ་པའང་བཤམ། དགོང་ཐུན་བཟླས་པའི་གཤམ་དུ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པས་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པས་ཡེ་ཤེས་མཆོག་གི་གཟི་བྱིན་འབར་བར་གྱུར༔ བསྙེན་སྒྲུབ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཏགས་པ་བརྒྱ་རྩ་ཙམ་བཟླ། ཕྱིར་ནངས་ཐོར་ཐུན་ལ་ཕྲིན་ལས་གཞུང་བསྲངས་ཏེ། བཟླས་པ་ཁ་སྐོང་སྟོང་ཚིགས་བཅས་གྲུབ་ནས་བསྙེན་རྒྱུན་སྔ་མ་གྲོལ། དངོས་གྲུབ་བླང་བའི་སྔགས་བཏགས་པ་རྒྱུན། གཏོར་བསྔོ། ཚོགས་མཆོད་སོགས་རྒྱས་པར་བྱེད། ཚོགས་ཐ་མའི་སྐབས་ཉུ་ལེའི་ལིངྒ་མེར་བསྲེགས་ལ་ཆོས་སྲུང་གཏོར་མར་བསྟབ། གཉིས་པ་ནི། ལྟ་ཉན་གྱི་འབྱུང་པོ་ཚར་གཅད་པའི་ཕྱིར། ཧྲཱིཿཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་རྒྱལ༔ རྡོ་རྗེ་གསང་བའི་བདག་ཉིད་དེ༔ བགེགས་ཀྱི་ཚོགས་ཀུན་ཕྱིར་དེངས་ཤིག༔ འདས་ན་བརླག་པར་གདོན་མི་ཟ༔ ཞེས་དང་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་སོགས་ཀྱིས་བསྐྲད། ཧཱུྃ་ཧྲཱི༔ ནམ་མཁའི་མཐའ་དང་མཉམ་པའི་སོགས་ཀྱི་བྱིན་འབེབ་སྔར་བཞིན་བྱ། ཉམས་ཆག་བཤགས་པ་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་ལྟ་བུ་བརྗོད་ཀྱང་ཆོག་མོད། བསྡུ་ན། ཨོཾ་ཨཱཿཧཱུྃ༔ རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་དཀོན་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་མཆེད་ལ་ངན་སྨྲས་ཤིང༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤངས་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྒོམ་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲང༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྒོ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབ༔ བློ་ཡི་སྟོབས་ཆུང་སྤྱོད་པ་བོགས་མ་ཐོན༔ ལེགས་བསམ་དཔྱད་ཀྱང་དོན་ལོག་ཐུགས་འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས༔ ཞེས་དང་ཡིག་བརྒྱ་བརྗོད། ལས་གཞུང་ལྟར་མཆོད་ཅིང་བསྟོད། གསུམ་པ་ནི། ཨོཾ་ཨཱཿཧཱུྃ༔ རྒྱལ་བ་རྒྱ་མཚོ་དངོས་གྲུབ་གཏེར་གྱི་མཛོད༔ ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་ཤློ་ཀ་གཅིག་གིས་དངོས་གྲུབ་བསྐུལ། བསྙེན་སྒྲུབ་སྔགས་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་ཏྲཱཾ༔ ཀརྨ་སིདྡྷི་ཨཱ༔ སརྦ་ལོ་ཀ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་སྟོང་ཕྲག་གམ་བརྒྱ་རྩ་ལས་མི་ཉུང་བ་བཟླས་པས། དངོས་གྲུབ་ཐམས་ཅད་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པས་བདག་གིས་གནས་ལྔར་ཐིམ་པར་བསམ། སྐྱ་རེངས་འཆར་བ་དང་བསྟུན་མྱང་གྲོལ་སྣོད་དང་སྐུ་གསུང་ཐུགས་རྟེན་སོགས་སྒྲུབ་རྫས་རྣམས་ལས་རྡོར་གྱིས་བཏེགས་ལ་དངོས་གྲུབ་ལེན་པ་ནི། ཧྲཱི༔ ཡེ་ཤེས་ལུས་ཅན་འགྲན་དུ་མེད་པ་ཡི༔ གཟི་བརྗིད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚངས་པའི་དབྱངས་ལ་ཆོས་ཀྱི་ཆར་ཆེན་འབེབ༔ ནུས་པ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཟུངས་དྲན་ཏིང་འཛིན་མཁྱེན་བརྩེ་ཡོངས་ཀྱི་གཞི༔ འོད་གསལ་སྙིང་པོའི་དངོས་གྲུབ་བསྩལ་དུ་གསོལ༔ ཡིད་བཞིན་ནོར་བུ་དཔག་བསམ་བུམ་པ་བཟང༔ འདོད་འབྱུང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ གདུལ་བྱ་སོ་སོའི་མོས་པ་ཇི་བཞིན་དུ༔ ཐོགས་མེད་འཇུག་པའི་དངོས་གྲུབ་བསྩལ་དུ་གསོལ༔ སྲུང་དང་ཞི་རྒྱས་དབང་དང་མངོན་སྤྱོད་སོགས༔ ཐུན་མོང་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མཁའ་སྤྱོད་རིལ་བུ་མིག་སྨན་རྐང་མགྱོགས་སོགས༔ ཁྱད་པར་གྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་ཡོ་བྱད་འདོད་རྒུར་བསྒྱུར་ལ་སོགས༔ ཕྱི་ནང་དབང་བཅུའི་དངོས་གྲུབ་བསྩལ་དུ་གསོལ༔ མཐོང་ཐོས་དྲན་རེག་གདུལ་བྱ་སྨིན་ཅིང་གྲོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་སྔགས་བརྗོད་པས་གནས་གསུམ་དུ་གཏུགས། རིལ་བུའི་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་ཐིམ༔ དམ་ཚིག་པ་མྱང་གྲོལ་འོད་འབར་བའི་བདུད་རྩིར་གྱུར་པར་བསམ་ལ་རིལ་བུ་དང་བུམ་ཆུ་སོགས་མྱང་ཞིང་རྟེན་རྣམས་གནས་གསུམ་དུ་གཏུགས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད་པས། སྟན་ཐོག་དེ་ཉིད་དུ་དངོས་གྲུབ་རྣམས་གཉིས་བདེ་བླག་གི་ཚུལ་གྱིས་ཐོབ་པར་བསམ་ལ་དགོངས་པའི་གདིང་བཟུང་ངོ༔ དེས་རང་དོན་དངོས་གྲུབ་བླང་བ་གྲུབ་ནས། གཞན་དོན་དབང་བསྐུར་སྦྲེལ་དགོས་ན་བཀའ་ལུང་ཡོངས་རྫོགས་དོན་དུ་གཉེར་བ་ལ་དབང་ཆེན་ཁྲིད་དང་སྦྲེལ་དགོས་པ་དང། དབང་འབྲེལ་དཀྱུས་ཙམ་ལ་དོན་དབང་མདོར་བསྡུས་ཀྱི་བུམ་དབང་རྗེས། སྒྲུབ་པ་ཁྱད་པར་བ་སྐྱེ་བདུན་རྫས་ཀྱི་དབང་བསྐུར་སྦྱར་བ་ཙམ་གྱིས་འཐུས་སོ། །རྩ་བའི་གསུམ་པ་མཐའ་རྒྱས་རྗེས་ཀྱི་རིམ་པ་ལ་གསུམ། དཀྱིལ་འཁོར་དང་འབྲེལ་བའི་རྗེས་ཆོག །ཕྱི་མཚམས་བཀྲོལ་བ། སློབ་དཔོན་ལ་སྐུ་དྲིན་གསོལ་ཞིང་སྨོན་ལམ་དང་ཤིས་བརྗོད་བྱ་བའོ། །དང་པོ་ནི། དངོས་གྲུབ་བླང་བ་ཁོ་ནའམ་དབང་བསྐུར་གྲུབ་པའི་རྗེས་སུ་ལྷག་ཆོག་གཏང་ཞིང་སྔར་བཙོན་དུ་བཟུང་བའི་ལྷག་མ་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། ཆོས་སྲུང་གཏོར་འབུལ་སྐབས་དེ་དག་གི་གཏོར་མ་རྣམས་ཡང་ཐོག་ལྟ་བུར་འབུལ། ཆད་བརྟན་ལའང་རྒྱུན་བཞག་ཕྱིར་བསྐྱང་ཞིང་རྟ་བྲོ་རྡུང་། གཏོང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་རྣམས་རས་བྲིས་ཀྱི་དཀྱིལ་འཁོར་རམ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རང་ལ་བསྟིམ། ཨ་ཀཱ་རོའི་སྔགས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པས་དཀྱིལ་འཁོར་བསྡུ། སྲུང་བའི་ཕུར་བུ་བཅུ་པོ། ཧཱུྃ་རེ་རེ་བརྗོད་ལ་སྔར་བཏབ་རིམ་ལས་ལྡོག་ཕྱོགས་ཚུལ་གྱིས་ཕྱུང་སྟེ། ཨོཾ་ཨཱཿཧཱུྃ་གིས་ཕུར་ཁུང་དུ་བདུད་རྩི་གཏོར་བས་བགེགས་རྣམས་རྨས་པ་གསོས་ཏེ་རང་གནས་སུ་སོང་བར་མོས་སོ། །གཉིས་པ་མཚམས་བཀྲོལ་བ་ནི། ཐོག་མར་རྒྱལ་ཐོའི་རྩ་བར་མཆོད་གཏོར་བཤམ། གོང་གསལ་ཐོ་འཛུག་སྐབས་ལྟར་བྱིན་བརླབས། སྔགས་ལན་གསུམ་གྱིས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད། བསྟོད་པ་ཤློ་ཀའི་ཚིག་རྐང་བཞི་པ། སྲུང་བ་སོགས་ལ། ཅི་བཅོལ་ཕྲིན་ལས་བསྒྲུབ་པར་མཛོད༔ ཅེས་བསྒྱུར་ལ་སྔགས་མཐར། བཛྲ་མུཿབཏགས་པས་གཤེགས་སུ་གསོལ་བ་ཕྱོགས་བཞི་ཀར་འགྲེས་ཏེ་ཐོ་བསྡུ། ནང་སྒོར་ཡང་མཆོད་གཏོར་བཤམས་ནས་བྱིན་བརླབས། གཏོར་འབུལ་མཆོད་པ་གོང་ལྟར་ལ། ཧཱུྃ༔ ཆོས་ཉིད་ཞི་བ་སོགས་བསྟོད་པ་ཤློ་ཀ་གཅིག་གི་འཕྲོས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་བརྗོད་ཅིང་གཤེགས་སུ་གསོལ་བའམ། དེ་དག་སྐུ་རྟེན་ལ་བརྟན་བཞུགས་བྱས་ཀྱང་ཆོག་གོ །གསུམ་པ་ལ་ཐོག་མར་སྐུ་དྲིན་གསོལ་བ་ནི། ནང་དུ་ཕྱིན་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་སྟེགས་བུའི་དབུས་སུ་བཞུགས་པར་གསུངས་པ་ལྟར་རམ། རང་མལ་དུ་བཞུགས་པ་ལ་སྒྲུབ་མཆེད་རྣམས་ཀྱིས་ལུས་ལོངས་སྤྱོད་དགེ་ཚོགས་ལྟོས་མེད་དུ་འབུལ་བར་མཚོན་བྱེད་ཕྲེང་བ་བསྡུས་ཏེ་མདུན་དུ་སྤུངས། ཕྱག་ལན་གསུམ་འཚལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར༔ ལས་རྡོར་གྱིས་ཕུད་སྐྱེམས་དྲངས་ལ། ཧོ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདག་ཅག་ཐུགས་རྗེ་ཆེན་པོས་རྗེས་བཟུང་བའི༔ བཀའ་དྲིན་དུས་གསུམ་ཀུན་ཏུ་འཁོར་མེད་ཕྱིར༔ ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ་ལགས་ན༔ དཔལ་ལྡན་བླ་མ་དམ་པ་ཞབས་བརྟན་ཞིང༔ མདོ་སྔགས་བསྟན་པ་དར་ཞིང་རྒྱས་པ་དང༔ འཇིག་རྟེན་ཁམས་ཀུན་བདེ་ལེགས་དཔལ་འབྱོར་རྒྱས༔ འདིར་འདུས་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས༔ བྱང་ཆུབ་བར་དུ་ཁྱེད་ཀྱིས་རྗེས་གཟུང་གསོལ༔ ཞེས་ཞུ་ཞིང་མེ་ཏོག་འཐོར༔ ཞབས་ལ་སྤྱི་བོས་བཏུད་དོ། །སྨོན་ལམ་གདབ་པ་ནི། དཔོན་སློབ་ཐམས་ཅད་ཀྱིས་སྤོས་ཀྱི་རེང་བུ་དང་མར་མེ་ཐོགས༔ རྒྱལ་ཐེབས་ཀྱིས་དབྱངས་བོར་ལེན་བྱས་ཏེ། ཧོ༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་དུ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་འདུས་པའི་ཚོགས་རྣམས་ཀྱིས༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ ཚོམ་བུ་གཅིག་ཏུ་ནམ་ཡང་མི་འབྲལ་ཞིང༔ མཐོ་རིས་ཡོན་ཏན་བདུན་གྱིས་འབྱོར་པ་དང༔ འཕགས་པའི་ནོར་ལ་རང་དབང་སྤྱོད་པར་ཤོག༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ ཡེ་ཤེས་གསལ་བའི་མར་མེའི་འོད་ལམ་ལས༔ འཕགས་མཆོག་དཔའ་བོ་མཁའ་འགྲོས་མདུན་བསུས་ཏེ༔ པདྨོ་བཀོད་པའི་ཞིང་དུ་དབུགས་ཕྱུངས་ཤིག༔ བླ་མ་རྒྱལ་བ་རྒྱ་མཚོས་རྗེས་བཟུང་ནས༔ རྩ་རླུང་ཐིག་ལེ་སེམས་ཀྱི་དྲི་མ་བྱང༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས༔ འོད་གསལ་ཐིག་ལེ་ཆེན་པོར་ལྷུན་རྫོགས་ཤོག༔ ཅེས་གདུང་ཤུགས་དྲག་པོས་སྨོན་ལམ་དུ་བཏབ་པས་བརྩོན་འགྲུས་ཅན་རྣམས་ཚེ་འདིར་གྲོལ་ཞིང༔ མ་འབད་ཀྱང་ཕྱི་མར་དག་པའི་ཞིང་དུ་དབུགས་འབྱིན་ཅིང་གྲོལ་བ་ཐོབ་པར་འགྱུར་རོ༔ ཞེས་གསུངས་སོ། །གཞན་ཡང་ལས་གཞུང་ནས་འབྱུང་བའི་སྨོན་ལམ་གྱིས་མཚོན་ཐུན་མོང་མ་ཡིན་པའི་སྨོན་ལམ་མང་དུ་འདེབས་ནུས་ནའང་མཆོག་ཏུ་འགྱུར་རོ། །མཐར་ཤིས་བརྗོད་ཀྱིས་དགེ་ལེགས་སུ་བྱ་བ་ནི། མེ་ཏོག་འཐོར་ཞིང་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས། ལས་གཞུང་ཤློ་ཀ་སོགས་སམ། ཅུང་ཟད་སྤྲོ་ན། རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཐུགས་རྗེའི་གཏེར་ཆེན་ཡི་དམ་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་སྒྲུབ་མཆོག་བུ་བཞིན་སྐྱོང༔ ཕྱི་ནང་མཁའ་འགྲོ་ཆོས་སྲུང་བཀྲ་ཤིས་ཤོག༔ མཁའ་ཁྱབ་འགྲོ་ཀུན་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་འོད་གསལ་དབྱིངས་ཀྱི་ངང༔ ལམ་ཀྱི་བཀྲ་ཤིས་ཡེ་ཤེས་སྣང་བ་རྒྱས༔ འབྲས་བུའི་བཀྲ་ཤིས་ཟུང་འཇུག་མངོན་དུ་གྱུར༔ ཕྲིན་ལས་མཛད་པ་མཐའ་ཡས་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་སྙན་འགྱུར་བརྗིད་ཆགས་པའི་རོལ་མོའི་སྒྲ་ཡུན་རིང་བར་འཁྲོལ་བ་སོགས་ཀྱིས་དགེ་ལེགས་སུ་བྱ། སྦྱིན་བདག་ཡོད་ན་ཡོན་ཕུལ། སློབ་དཔོན་གྱིས་གཏོང་ཐུན་མདོར་བསྡུས་པ་སྔོན་དུ་འགྲོ་བས་བསྔོ་བ་མཛད་ཅིང་སྒྲུབ་པ་པོ་རྣམས་ཀྱིས་མཐུན་འགྱུར་བརྗོད། ཞག་གསུམ་ཙམ་གནས་སྲུང་ཞིང་བཤགས་སྐོང་ཚོགས་མཆོད་བཤད་ཉན་སོགས་བློ་ནུས་དང་འཚམ་པའི་དགེ་བའི་བྱ་བ་འགྲུབ་ནའང་ཕྱིན་ཆད་བཀྲ་ཤིས་ཤིང་བསྟན་པ་འཕེལ་བའི་གནད་དུ་ཆེའོ། །ཆོས་ཉིད་སྟོབས་དང་འཕགས་མཆོག་སྨོན་ལམ་མཐུས། །བདག་གཞན་སྲིད་པའི་འཆིང་བ་དབྱིངས་སུ་གྲོལ། །པདྨ་རྣམ་རྒྱས་ཞིང་དུ་ཕྱམ་གཅིག་པར། །རྒྱལ་བ་རྒྱ་མཚོའི་ཚོམ་བུར་རབ་སྨིན་ཤོག །ཅེས་ཨོ་རྒྱན་དྲི་མེད་ཀུན་དགའི་ཡང་གཏེར་རྒྱལ་བ་རྒྱ་མཚོའི་སྒྲུབ་པའི་ཁོག་དབུབ་བཀླག་ཆོག་མར་དགོད་པར་འོས་པའི་བཀའ་ལུང་ནོར་བུའི་ཅོད་པན། ༧འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྤྱི་བོར་བསྩལ་པ་གུས་པས་མཆོད་དེ། ས་བཅད་ཀྱི་འགྲོས་དང་འདོན་ཆ་དམིགས་སུ་བསལ་བ་རྣམས་རང་གཞུང་ཉིད་རྩ་བར་བཟུང་། ཁ་འགེངས་དགོས་ངེས་པ་རྣམས་རིགས་མཐུན་ཟབ་གཏེར་ཉི་མ་སེང་གེའི་པདྨ་རྒྱལ་པོ་དང་། ཆོས་དབང་རིན་པོ་ཆེའི་ཡང་འདུས་ལུང་དབང་ནས་བླངས་ཏེ་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་རང་གཞན་ལ་ཕན་འདོད་ལྷག་བསམ་བཟང་པོས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ཁྲོ་བོ་ཆེན་པོ་སྨེ་བ་བརྩེགས་པའི་སྒོ་ནས་རྣལ་འབྱོར་པ་རང་གི་གྲིབ་བསལ་བའི་ཆོ་ག་བདུད་རྩིའི་ཆུ་རྒྱུན་ (Volume 47, Text 33)
༄༅། ཁྲོ་བོ་ཆེན་པོ་སྨེ་བ་བརྩེགས་པའི་སྒོ་ནས་རྣལ་འབྱོར་པ་རང་གི་གྲིབ་བསལ་བའི་ཆོ་ག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། བླ་མ་རྡོ་རྗེ་སེམས་དཔའ་དང་། །ཡི་དམ་སྨེ་བརྩེགས་ཁྲོ་བོ་དང་། །མཁའ་འགྲོ་སྨེ་བརྩེགས་མ་ལ་འདུད། །གཞན་གྱི་གྲིབ་སེལ་ལོགས་སུ་བསྟན། །རྣལ་འབྱོར་རང་གི་གྲིབ་སེལ་ནི། །ཟན་ནི་གཙང་མ་གཅིག་ལ་ནི། །མཆོད་རྟེན་ནག་པོའི་ཕྱོགས་བཞི་རུ། །མདུན་སྦྲུལ་གཡས་སྦལ་རྒྱབ་ཏུ་བྱ། །གཡོན་དུ་ཕག་ནག་གཟུགས་བྱའོ། །འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་དང་། །གཙང་མའི་སྣོད་དུ་ཆངས་བུ་གསུམ། །གཏོར་ཆུང་ཉྭ་ཡུས་བརྒྱན་བྱས་བཞག །རང་གི་སྲིན་ལག་གཡོན་པ་ལ། །སྐུད་ནག་ཕྱིར་ལོག་བཀལ་བ་དཀྲིས། །གདན་ལ་འདུག་སྟེ་འདི་སྐད་དོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང་། །རྡོ་རྗེ་སེམས་དཔའ་ཁྲོ་བོ་སྨེ་བ་བརྩེགས། ཁྲོ་མོ་སྨེ་བརྩེགས་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་སྡིག་ལྟུང་གྲིབ་དང་སྡུག་བསྔལ་ཀུན། །བསལ་ནས་དག་པའི་ས་ལ་འགོད་པར་ཤོག །བདག་གི་སྤྱི་བོར་ཟླ་སྟེང་ཧཱུྃ་ཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་འདུས་པ་ལས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཀུན་དའི་མདོག །མཚན་དཔེ་རབ་རྫོགས་དར་དང་རིན་ཆེན་བརྒྱན། །རྡོ་རྗེ་དྲིལ་འཛིན་ཕྱེད་སྐྱིལ་བཞུགས་པ་ཡི། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །རྒྱལ་བ་སྲས་བཅས་ཡི་དམ་ཆོས་སྐྱོང་རྣམས། །བུ་ཡུག་འཚུབ་བཞིན་བྱོན་ནས་སྐུ་ལ་ཐིམ། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར། །བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་དག་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་དང་། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་ཅི་ནུས་བཟླ། མཆོད་རྟེན་བྲན། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་ཝ་སོགས། མཆོད་རྟེན་སྟོང་པའི་ངང་ལས་པད་ཉིའི་སྟེང་། །ཧཱུྃ་ཡིག་མཐིང་ནག་འོད་དུ་ཞུ་བ་ལས། ཁྲོ་བོ་སྨེ་བརྩེགས་དབུ་དགུ་མདུང་ཐབས་བརྩེགས། །སྐུ་མདོག་དུག་ཆེན་ཧ་ལ་བཞིན་དུ་གནག །ཕྱག་བཞི་ཞབས་བཞི་འབྱུང་བཞིའི་གདན་ལ་བཞུགས། །གཡས་ཀྱི་དང་པོས་མེ་དཀྱིལ་གྲུ་གསུམ་བག་ཆགས་སྲེག །འོག་མས་ས་དཀྱིལ་གྲུ་བཞི་བག་ཆགས་གནོན། །གཡོན་པས་ཆུ་དཀྱིལ་ཟླུམ་པོས་བག་ཆགས་བཀྲུ། །འོག་མས་རླུང་དཀྱིལ་ཟླ་གམ་བག་ཆགས་གཏོར། །སྐུ་ལ་དུག་གི་མེ་དཔུང་སྔོ་དམར་འབར། །གདན་མཚམས་ཕྱོགས་བཞིར་དུག་གསུམ་མ་རིག་པའི། །ངོ་བོ་བྱ་སྦྲུལ་ཕག་གསུམ་སྦལ་ནག་བཅས། །གཙོ་བོའི་དཔྲལ་བར་ཨོཾ་དང་མགྲིན་པར་ཨཱཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །སྤྲོ་ན་སྤྱན་འདྲེན་མ་ལུས་སེམས་ཅན་སོགས་བྱའོ། །ཨོཾ་བྷུར་ཁུང་དྷིས་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རྒྱས་པར་རབ་འབྱམས་རྒྱ་མཚོ་སོགས་གང་འོས་དང་བསྟུན། ཨོཾ་བྷུར་ཁུང་དྷིས་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། དེ་ནས་གཏོར་མ་ཆངས་བུ་ལ་ཆུ་གཙང་བྲན་ལ། ཨོཾ་ཨཱཿབིགྷྣཱཾ་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེའི་ནང་དུ་ཁཾ་ནག་པོ། །ཞུ་བས་བདུད་རྩིའི་རྒྱ་མཚོ་ནག་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཁྲོ་བོའི་ལྗགས་རྩེ་འོད་ཟེར་སྦུ་གུ་ཡིས། །བདུད་རྩི་གསོལ་བས་ཚིམས་ཤིང་དགྱེས་པར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཉེར་གཅིག་བརྗོད་ལ་གཏོར་མ་ཆངས་བུ་མཆོད་རྟེན་དུ་འབུལ། དེ་ནས་སྲིན་མཛུབ་ལ་དཀྲིས་པའི་སྐུད་པ་ནག་པོའི་སྣེ་ནས་ལག་གཡས་ཀྱིས་བཟུང་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད་ཅིང་མཆོད་རྟེན་ལ་བསྐོར་བ་གཅིག་བྱས་ཏེ། རང་གི་སྡིག་སྒྲིབ་དང་མི་གཙང་བ་ཐམས་ཅད་འོད་ནག་པོའི་རྣམ་པར་ཐོན། སྐུད་པ་འདི་ལ་ཐིམ་པ་ཉིད་དུ་གྱུར། ཅེས་མདུད་པ་གཅིག་བྱ། དེ་ལྟ་བུ་གསུམ་མམ་བདུན་ནམ་ཉེར་གཅིག་བྱའོ། །དེ་ནས་སྐུད་པ་མཆོད་རྟེན་གྱི་དབུ་ལ་བཏགས་ནས། བདག་གི་བག་ཆགས་སྡིག་སྒྲིབ་ཉམས་ཆག་དང་། །ཕྲག་དོག་མི་གཙང་གྲིབ་ཀྱིས་གོས་པ་རྣམས། །ཐམས་ཅད་ཁྲོ་བོ་ཁྱོད་ལ་མཆོད་པར་འབུལ། །སྐུ་གསུང་ཐུགས་རྒྱུད་མཉེས་ཤིང་ཐུགས་དམ་བསྐངས། །སྐུ་ལུས་གཟི་མདངས་རྒྱས་པར་མཛད་དུ་གསོལ། །དེ་ནས་འབྲང་རྒྱས་དཀར་ནག་གྲིས་བགོས་ལ། དཀར་པོ་ཡར་བཞག །ནག་པོ་མཆོད་རྟེན་མདུན་དུ་བཞག་ལ་བྲན་ནས། ཧཱུྃ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་སྲུང་མའི་ཚོགས། །འཁོར་དང་བཅས་པ་གསན་ཅིང་དགོངས་སུ་གསོལ། །ཉམས་དང་དྲི་མའི་ཚོགས་རྣམས་བྱང་བར་མཛོད། །ཉམས་དང་ཚོགས་འདྲེས་ཉམས་པའི་སྐོང་བ་བྱས། །ཉམས་པ་སྣོད་མེད་རྣམས་ལ་ཆོས་བཤད་བྱས། །ཉམས་པའི་ཟས་ཟོས་ཉམས་པའི་སྐོམ་འཐུངས་དང་། །ཉམས་པ་ཅན་དང་གཏམ་འདྲེས་ཁ་རླངས་འདྲེས། །ཉམས་པ་ཅན་དང་ཕྱག་དང་གོས་སྟན་འདྲེས། །ཉམས་གྲིབ་སྐྱོན་གྱུར་རྨེ་རྨུགས་ནལ་གསུམ་དང་། །རོ་བག་སྨེ་བཙོག་སྡིག་སྒྲིབ་ལ་སོགས་ཏེ། །བག་ཆགས་བྱུར་གྱིས་གོས་པའི་ཉེས་པ་ཡིས། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་སྲུང་མ་ཡི། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་དང་། །རྨེ་བཙོག་དྲི་མའི་ཚོགས་ཀྱིས་གོས་གྱུར་པ། ཁྱེད་ཀྱི་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ། །མཐོལ་ཞིང་བཤགས་སོ་གནོང་ཞིང་འགྱོད་ལགས་པས། །དག་ཅིང་བྱང་ནས་ཉམས་གྲིབ་མེད་པར་མཛོད། །ཉམས་གྲིབ་ནད་གདོན་ཐམས་ཅད་དག་ནས་ཀྱང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །བདག་ཅག་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །རང་གི་གཏི་མུག་ལས་གྱུར་པའི་གྲིབ་དང་སྡིག་སྒྲིབ་ཐམས་ཅད་ཕག་ལ་ཐིམ་པར་བསམ་ལ། ཧཱུྃ། འབྱུང་བ་ལྔ་འདུས་ཕུང་པོ་ལ། །ཉོན་མོངས་སྒྲིབ་པའི་བག་ཆགས་ཀྱིས། །གོས་པར་གྱུར་པའི་དྲི་མ་རྣམས། །གཏི་མུག་ཕག་ལ་ཐིམ་གྱུར་ཅིག །ཨོཾ་མ་ཧཱ་མ་དྷཱ་ལི་ཀ་ཡེ་སྭཱ་ཧཱ། རང་གི་ཞེ་སྡང་ལས་གྱུར་པའི་གྲིབ་དང་སྡིག་སྒྲིབ་ཐམས་ཅད་སྦྲུལ་ལ་ཐིམ་པར་བསྒོམ་ལ། ཧཱུྃ། འབྱུང་བ་ལྔ་འདུས་ཕུང་པོ་ལ། །ཉོན་མོངས་སྒྲིབ་པའི་བག་ཆགས་ཀྱིས། །གོས་པར་གྱུར་པའི་དྲི་མ་རྣམས། །ཞེ་སྡང་སྦྲུལ་ལ་ཐིམ་གྱུར་ཅིག །ཨོཾ་མ་མ་ཀྲོ་ཏ་ཀྲོ་ཏ་ཡེ་སྭཱ་ཧཱ། རང་གི་འདོད་ཆགས་ལས་གྱུར་པའི་གྲིབ་དང་སྡིག་སྒྲིབ་ཐམས་ཅད་བྱ་ལ་ཐིམ་པར་བསྒོམ་ལ། ཧཱུྃ། འབྱུང་བ་ལྔ་འདུས་ཕུང་པོ་ལ། །ཉོན་མོངས་སྒྲིབ་པའི་བག་ཆགས་ཀྱིས། །གོས་པར་གྱུར་པའི་དྲི་མ་རྣམས། །འདོད་ཆགས་བྱ་ལ་ཐིམ་གྱུར་ཅིག །ཨོཾ་མ་ཧཱ་ཀི་ལི་ཀི་ལི་སྔོ་ཏ་ཡེ་སྭཱ་ཧཱ། རང་གི་མ་རིག་པའི་ལས་ལས་གྱུར་པའི་གྲིབ་དང་སྡིག་སྒྲིབ་ཐམས་ཅད་སྦལ་པ་ལ་ཐིམ་པར་བསྒོམ་ལ། ཧཱུྃ། འབྱུང་བ་ལྔ་འདུས་ཕུང་པོ་ལ། །ཉོན་མོངས་སྒྲིབ་པའི་བག་ཆགས་ཀྱིས། །གོས་པར་གྱུར་པའི་དྲི་མ་རྣམས། །མ་རིག་སྦལ་པ་འདི་ལ་ཐིམ་གྱུར་ཅིག །ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། དེ་ལྟར་མ་རིག་པ་དང་དུག་གསུམ་སོ་སོའི་གཟུགས་ལ་ཐིམ་པ་དེ་ཁྲོ་བོ་ལ་མཐུན་རྫས་སུ་འབུལ་བས་མཉེས་པར་བསྒོམ་ལ། ཧཱུྃ། འབྱུང་བ་ལྔ་འདུས་ཕུང་པོ་ལ། །བྱུར་དང་ནད་གདོན་སྡིག་སྒྲིབ་རྣམས། ཁྲོ་ཆེན་སྨེ་བ་བརྩེགས་པ་ལ། །མཆོད་པར་འབུལ་བས་དགྱེས་པར་མཛོད། །ཨོཾ་མ་མ་སུ་སུ་ཡེ་སྭཱ་ཧཱ། ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། ཨོཾ་མ་མ་ཀར་ཀར་ཡེ་སྭཱ་ཧཱ། ཨོཾ་མ་མ་ཆུར་ཆུར་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས། ཧཱུྃ། རང་གི་སྤྱི་བོའི་རྡོར་སེམས་སྐུ་ལུས་ལས། །བདུད་རྩིའི་རྒྱུན་བབ་ཚངས་བུག་ནས་ཞུགས་ཏེ། །བདུད་རྩིས་ལུས་གང་ལུས་ངག་ཡིད་གསུམ་གྱི། །སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་བ། །ཐམས་ཅད་སོལ་ཁུའི་རྣམ་པར་ལུས་ལས་ཐོན། །སྨེ་བ་བརྩེགས་ལ་མཆོད་པའི་ཚུལ་དུ་འབུལ། ཁྲོ་བོ་ཤིན་ཏུ་དགྱེས་ནས་གཟི་མདངས་འབར། །མཐུ་ནུས་སྟོབས་རྩལ་ཕུན་སུམ་ཚོགས་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་ལན་གསུམ་དང་། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་མཱ་ན་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཁྲོ་བོ་སྨེ་བརྩེགས་ཀྱི་སྔགས་ལན་གསུམ་དང་། ཨོཾ་གྷར་ཁཾ་འཛིར་ཁཾ་ཨུ་ཙུཥྨ་ཀྲོ་ཏ་ཕཊ་སྭཱ་ཧཱ། ཞེས་ཁྲོ་མོ་སྨེ་བརྩེགས་ཀྱི་སྔགས་ལན་གསུམ་རྣམས་བརྗོད་ཅིང་། མཆོད་རྟེན་གྱི་སྟེང་དུ་ཁྲུས་བྱས་ལ། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །ཐམས་ཅད་དག་པར་མཛད་དུ་གསོལ། །དེ་སྐད་གསོལ་བ་བཏབ་པ་ཡིས། །རྡོ་རྗེ་སེམས་དཔའ་འོད་ཞུ་ནས། །བདག་ལ་ཐིམ་པས་བདག་ཉིད་ནི། །ཡི་དམ་ལྷ་ཡི་སྐུར་གསལ་གྱུར། །ཨོཾ་ཨཱཿཧཱུྃ། དེ་ནས་མཆོད་རྟེན་གཏོར་མ་སོགས། །གྲོང་ཁྱེར་གྱི་ནི་ལྷོ་ཕྱོགས་སམ། ཁང་པ་མི་མངོན་ས་རུ་ནི། །རོལ་མོ་དང་བཅས་བསྐྱལ་ནས་ཀྱང་། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། ཞེས་སོགས་མཚམས་བཅད་སྲུང་འཁོར་བསྒོམ། །དཔེར་ན་རྨ་བྱས་དུག་འཐུང་ན། །སྒྲོ་ལ་མདོངས་རེ་འབྱུང་བ་ཡིན། །དེ་བཞིན་སྨེ་བརྩེགས་གྲིབ་སོགས་ཀྱིས། །མཆོད་ན་སྐུ་ལུས་གཟི་མདངས་རྒྱས། །རང་གི་ཉམས་གྲིབ་དག་པ་ཡིན། །སྨེ་བརྩེགས་གྲིབ་སེལ་ཟབ་མོ་འདི། །གཞུང་གི་འཁྲུགས་བསལ་ལག་ལེན་བསྲེས། །སྨེ་བརྩེགས་བསྙེན་པའི་རྣལ་འབྱོར་པ། །རཱ་གའི་མིང་ཅན་དེ་ཡིས་བྲིས། །ཉེས་བཤགས་དགེ་བས་སྒྲིབ་དག་ཤོག །བྷ་ཝནྟུ།། །།
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། གསོལ་འདེབས་བསམ་པ་ལྷུན་གྲུབ་ (Volume 10, Text 33)
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། གསོལ་འདེབས་བསམ་པ་ལྷུན་གྲུབ་བཞུགས་སོ། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་འཆིབ་སྟེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་བདག་འདྲའི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུ་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན༴ བསམ་པ༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ༴ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན༴ བསམ་པ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན༴ བསམ་པ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན༴ བསམ་པ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན༴ བསམ་པ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུའི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའང་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནོར་བུ་སྤུན་གསུམ་གྱི་བྲག་རིན་ཆེན་འབར་བའི་མགུལ་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཞལ་གདམས་མན་ངག་བཅུ་གསུམ་ལས་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ཁོལ་དུ་ཕྱུངས་པ་སྟེ། འདིས་ཀྱང་རིས་སུ་མ་ཆད་པའི་བསྟན་འགྲོའི་ཕན་བདེའི་འདོད་དགུ་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
བསྟན་པའི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཉུང་ངུ་ (Volume 9, Text 33)
བསྟན་པའི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཉུང་ངུ་བཞུགས་སོ། །ཧཱུྃ་བྷྱོ། བསིལ་ཚལ་ཐོད་མཁར་མེ་རླུང་དབུས། །ལྷ་ཆེན་མ་ཧཱ་ཀ་ལ་ཆེ། །སྐུ་མདོག་རྡུལ་བྲལ་ནམ་མཁའི་མདངས། །ཞལ་གདངས་རྣོ་དཀར་མཆེ་བ་གཙིགས། །ལྗགས་འདྲིལ་ཤངས་བརྫེས་སྤྱན་དམར་ཟླུམ། །སྨ་ར་སྨིན་མ་མཚམས་སྤྲིན་མདོག །རུ་མཚོན་སྙིང་ཞགས་ལྕགས་ཀྱུ་འཛིན། །བེར་ནག་གསོལ་ཞིང་གསེར་སྐེད་བཅིངས། །ཙན་དན་བེང་བཅུག་ལྷ་དམག་འགྱེད། །རབ་འཇིགས་སྐུ་དང་ཡན་ལག་རྣམས། །ཐོད་པ་སྐམ་རློན་སྙིང་སྦྲུལ་བརྒྱན། །སག་ལྷྭམ་མཛེས་གསོལ་འདོར་སྟབས་བཞེངས། །ཧཱུྃ་བྷྱོ། ལས་མགོན་སྲོག་བདུད་སྤུ་གྲི་ནག །མཐིང་ནག་གཏུམ་རྔམ་འཇིགས་སུ་རུང་། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །དམར་ཟླུམ་སྤྱན་གྱི་སྡང་མིག་གཡོ། །བསྟན་པའི་བྱ་ར་ལྟག་པའི་སྤྱན། །གྲི་གུག་ལྕགས་པར་རྩེ་གསུམ་ཞགས། །བདུད་མདའ་སྤྱིར་བཀང་དགྲ་སྙིང་འདེབས། །བྲང་གི་སྤྱན་གྱིས་སྲིད་གསུམ་གཟིགས། །དམག་དཔོན་བཞི་འགྱེད་ཡན་ལག་སྤྱན། །དར་ནག་བེར་གསོལ་ཙན་དན་བེང་། །ཐོད་པ་སྐམ་རློན་དཔའ་ཆས་རྫོགས། །སྟག་ཤམ་བདུད་རྟ་རྟིང་དཀར་ཆིབས། །ཧཱུྃ་བྷྱོ། ལྷ་མོ་དཔལ་འབར་བྱེ་རུའི་མདངས། ཁྲོ་མོའི་ཆ་ལུགས་གཡུ་སྨིན་ཅན། །གཅོད་བྱེད་རལ་གྲི་ཐོད་ཁྲག་འཛིན། །ཉི་ཟླ་ཐོད་པ་སྐམ་རློན་ཕྲེང་། །མི་དང་སྟག་གི་གཡང་གཞིས་བརྒྱན། །དམར་སེར་རལ་གཡེངས་འདོར་ཐབས་བགྲད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །ལས་བྱེད་མགོན་པོ་སྡེ་ལྔའི་ཚོགས། །ལྷ་དང་གཤིན་རྗེ་མ་མོའི་གཙོ། །བདུད་པོ་བཙན་རྗེ་དཀོར་གྱི་བདག །གནོད་སྦྱིན་ཀླུ་བདུད་རང་རང་འཁོར། །བརྒྱད་དང་དམག་ཚོགས་བྱེ་བ་འབུམ། །ཡང་འཁོར་དཔག་མེད་བཅས་པ་ཡིས། །དམ་རྫས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད། །བླ་མའི་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བྱེད་པའི། །དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཅི་ལྟར་བཅོལ་བའི་ཕྲིན་ལས་ཀུན། །མ་ཐོགས་མྱུར་བར་སྒྲུབ་མཛད་གསོལ། ༈ །བྷྱོ། བསྟན་སྲུང་གཙོ་མོ་འདོད་ཁམས་དབང་ཕྱུག་མ། །ལང་ཚོ་སྦེད་ཅིང་སྐུ་མདོག་མུན་པའི་མདངས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས། །རལ་གྲི་ནད་རྐྱལ་ཐོགས་ནས་དྲེལ་ནག་ཞོན། །རྒྱན་དང་ཆ་ལུགས་རྫུ་འཕྲུལ་བསམ་མི་ཁྱབ། །དཔོན་གཡོག་འཁོར་བཅས་དམར་གྱི་གཏོར་མ་བཞེས། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དེར་འཛིན་སྐྱེས་བུ་སྐུ་ཚེ་རབ་བརྟན་ཅིང་། །བཤད་དང་སྒྲུབ་པའི་དགེ་འདུན་འདུས་པའི་སྡེ། །དབྱར་མཚོ་ཇི་བཞིན་འཕེལ་བར་མཛད་དུ་གསོལ། །རྣལ་འབྱོར་བདག་གི་ཉེར་འཚེ་ཀུན་ཞི་ནས། །ཚེ་དཔལ་ལོངས་སྤྱོད་རྒྱས་ཤིང་འགྲོ་བ་ཀུན། །དབང་དུ་སྡུས་ལ་སྡང་དགྲ་མྱུར་དུ་སོད། །གང་བརྩམས་ཐོགས་མེད་འགྲུབ་པའི་ནུས་རྩལ་ལྡན། །ཡུལ་ཕྱོགས་ཀུན་ཏུ་མི་ཕྱུགས་འཕེལ་བ་སོགས། །བདག་གིས་ཅི་བཅོལ་ལས་རྣམས་འགྲུབ་པར་མཛོད། ༈ །ཛཿ གསང་བདག་རྡོ་རྗེ་འཛིན་པ་ཡི། །བཀའ་ཉན་ལས་བྱེད་རཱ་ཧུ་ལ། །སྨུག་ནག་འོད་འཕྲོ་དབུ་དགུ་པ། །སྤྱི་གཙུག་བྱ་རོག་གདོང་ནག་འཇིགས། །མགོ་ལུས་མིག་གང་ལྟོ་ཞལ་ཅན། །ཕྱག་བཞི་གཡས་གཉིས་ཆུ་སྲིན་གྱི། །རྒྱལ་མཚན་རལ་གྲི་མེ་འབར་བསྣམས། །གཡོན་གཉིས་སྦྲུལ་ཞགས་རྭ་ཡི་གཞུ། །མདའ་ལྡན་སྐུ་སྨད་སྦྲུལ་དུ་འཁྱིལ། །མི་ལྤགས་སྟོད་གཡོགས་གཡུ་འབྲུག་འཆིབ། །ཡབ་ཡུམ་སྲིང་བཞི་གཟའ་རྒྱུ་སྐར། །དམག་ཚོགས་བྱེ་བ་འབུམ་བཅས་ཀྱིས། །དམར་གྱི་གཏོར་མ་འདི་བཞེས་ལ། །བདག་ལ་སྡང་བའི་དགྲ་བོ་འདི། །ལོ་ཟླར་མ་བཞག་མྱུར་དུ་སོད། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། ༈ །ཀྱེ། སྐྱེས་བུ་ཆེན་པོ་བཙན་རྒོད་འབར། །མྱུར་མགྱོགས་རྩལ་ལྡན་སེང་གེ་འཆིབ། །དམར་ནག་ཞལ་གཅིག་ཁྲོ་གཏུམ་འཇིགས། །རྡོ་རྗེ་ཐོད་ཁྲག་ཕྱག་གཉིས་བསྣམས། །གྲུ་མོར་ར་ཡི་རྒྱལ་མཚན་མཛེས། །ཟ་འོག་བེར་གསོལ་དཔའ་བའི་ཆས། །ཡོངས་སུ་རྫོགས་པས་སྐུ་ལ་བརྒྱན། །གནམ་ལྷ་དྲག་པོ་གིང་ཆེན་དཀར། །ཐེའུ་རང་བྱ་ཞོན་མོན་པ་ནག །ཇག་པ་དམར་པོས་དགྲ་སྲོག་ལེན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་། །བརྟན་མ་བཅུ་གཉིས་ཤན་པའི་ཚོགས། །བཙན་རྒོད་དགེ་བསྙེན་འཁོར་དང་བཅས། །དམ་རྫས་གཏོར་མ་འདི་ཕུལ་མཐུས། །རྣལ་འབྱོར་བདག་ཅག་གཞི་དང་བྱེས། །གང་དུ་འགྲོ་ཡང་ཁ་འཛིན་དང་། །སྡོང་གྲོགས་མཐུ་རྩལ་མ་ཆུང་ཞིག །མི་འབྲལ་འགྲོགས་ཤིང་བུ་བཞིན་སྐྱོངས། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལས། །ཅི་བཅོལ་ཡིད་བཞིན་འགྲུབ་པར་མཛོད། ༈ །བཻ། རྒྱལ་ཆེན་རྣམ་མང་ཐོས་སྲས་འགྱིང་བག་བརྗིད། །ཉི་མ་འབུམ་གྱི་འོད་ལ་ཅོ་འདྲི་བའི། །བཙོ་མ་གསེར་མདོག་གཟི་འབར་ཞི་འཛུམ་ཞལ། །ཕྱག་གཉིས་རིན་ཆེན་རྒྱལ་མཚན་ནེའུ་ལེ་འཛིན། ཁྲབ་བེར་དར་དཔྱང་རྒྱ་ཞྭ་རབ་མཛེས་གསོལ། །གདོང་ལྔའི་རྒྱལ་པོ་རྒྱན་ལྡན་ཁྲི་ལ་བཞུགས། །འགྲོ་བ་ཀུན་ལ་སྙིང་རྗེས་རིན་ཆེན་གྱི། །གཏེར་གྱི་ཆར་འབེབ་སྤྲུལ་པའི་ནོར་ལྷ་བརྒྱད། །འཁོར་དང་བཅས་ལ་མཆོད་གཏོར་ཕུལ་བའི་མཐུས། །དབུལ་ཕོངས་སྡུག་བསྔལ་ཚ་གདུང་ཀུན་ཞི་ནས། །བདག་ལ་ཟས་ནོར་ཆར་བཞིན་མྱུར་དུ་ཕོབ། ཁམས་གསུམ་དབང་སྡུད་ཚེ་དཔལ་ལོངས་སྤྱོད་རྒྱས། །ཡང་དག་འབྱོར་པ་ལེགས་འཕེལ་ཕུན་ཚོགས་བརྟན། །འཛད་མེད་རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ། །མཐུ་སྟོབས་རྫུ་འཕྲུལ་རྨད་བྱུང་ལྟད་མོ་ཆེ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༈ །ཧཱུྃ། མེ་རླུང་འཚུབས་མ་འཁྱིལ་པའི་དབུས། །ཞིང་སྐྱོང་ཆེན་པོ་སེང་གེའི་གདོང་། །སྐུ་མདོག་མཐིང་ནག་བེར་ཆེན་གསོལ། །ཕྱག་གཡས་རུ་མཚོན་གཡོན་ཐོད་པ། །དམར་གྱི་གཏོར་མས་བཀང་པ་འཛིན། །སྟག་རལ་གཟིག་ཤུབས་དཔའ་ཆས་རྫོགས། །རྟ་ནག་རྟིང་དཀར་མགྱོགས་འགྲོ་ཞོན། །ཡབ་ཡུམ་འཁོར་བཅས་དགྱེས་སྐྱེད་ཕྱིར། །དམ་རྫས་གཏོར་མ་ཕུལ་བའི་མཐུས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་བདག་གི་བར་ཆད་སོལ། །སྲུང་སྐྱོབ་སྐྱེལ་མ་མཛད་དུ་གསོལ། །སྡོང་གྲོགས་མཐུ་རྩལ་མ་ཆུང་ཞིག །དམ་ཉམས་དགྲ་བོ་རྡུལ་དུ་རློག །བྱད་དང་གཏད་ཁྲམ་ངན་པ་ཟློག །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་ཉུང་ཤས་འདི། རིག་འཛིན་མིང་ཅན་གྱིས་ཕུན་ཚོགས་རབ་བརྟན་དུ་བགྱིས་པ་སརྦ་མངྒ་ལཾ།། །།
བྷྱོ་གདབ་གཅེས་པ་ (Volume 53, Text 33)
བྷྱོ་གདབ་གཅེས་པ་ནི། རྣལ་འབྱོར་པ་བདག་དང་མཆེད་ལྕམ་རྣམས་ཀྱིས་ནས་ནག་ཐོགས་ནས་གཏོར། དར་ནག་གིས་གཡབ། ཐལ་མོ་རྡེབ་ཅིང་ཟློག་པ་འདི་སྐད་དོ། །ཧཱུྃ་བྷྱོ། དང་པོ་བྷྱོ་ཡིས་མི་གདབ་རྒྱུ། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐུལ། །བར་དུ་བྷྱོ་ཡིས་མི་གདབ་རྒྱུ། །ཆོས་སྐྱོང་སྲུང་མ་བྷྱོ་ཡིས་སྦྲན། །ཐ་མ་བྷྱོ་ཡིས་མི་གདབ་རྒྱུ། །བར་ཆད་དགྲ་བགེགས་བྷྱོ་ཡིས་བསྒྲལ། །ད་ལྟ་བྷྱོ་ཡིས་མི་གདབ་རྒྱུ། །ཆག་ཆེ་ཉམས་ང་བྷྱོ་ཡིས་ཟློག །ཧཱུྃ། ང་ནི་སྔགས་འཆང་རྒྱལ་པོ་ཡིན། །ང་ནི་ཟློག་བྱེད་ཆེན་པོ་ཡིན། །ང་ནི་སྟོང་གསུམ་བདག་པོ་ཡིན། །ང་ནི་སྲིད་གསུམ་རྗེ་བོ་ཡིན། །སྣང་སྲིད་ང་ཡིས་དབང་དུ་བསྡུས། །རང་བྱུང་བསྟན་པ་རིན་ཆེན་ལ། །བདག་ཅག་ཞུགས་དང་སྐྱོང་ལགས་ཏེ། །འགྲོ་དྲུག་སེམས་ཅན་གྲངས་མང་བས། །ལོག་རྟོག་གདུག་པའི་སེམས་ཀྱིས་སུ། །བསྟན་པའི་རུ་ཏྲ་བྱེད་པ་དང་། །དུག་ལྔ་རྒྱས་པའི་དབང་གིས་ནི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་། །སྔགས་འཆང་རྒྱ་པོ་བདག་ཅག་ལ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །གདུག་རྩུབ་གཏུམ་པའི་སེམས་ཀྱིས་སུ། །ངན་སྔགས་མོད་པ་གང་བྱེད་ལ། །སྟོང་གསུམ་མ་མོས་བྷྱོ་ཡིས་ཐོབས། །སྟོང་གསུམ་བྷྱོ་སྒྲ་དི་རི་རི། །སྣང་སྲིད་ལྷ་འདྲེས་བྷྱོ་ཡིས་ཐོབས། །སྣང་སྲིད་བྷྱོ་སྒྲ་དི་རི་རི། །བྷྱོ། ནམ་མཁའ་ལྷ་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །བར་སྣང་གཉན་གྱི་བྱད་སྣ་ཡང་། །དམ་ཉམས་དགྲ་བགེགས་འདི་ལ་བྷྱོ། །ས་བདག་ཀླུ་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །སྣང་སྲིད་ལྷ་འདྲེའི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །གླིང་བཞི་མི་ཡི་བྱད་སྣ་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །འགྲོ་དྲུག་ཡོངས་ཀྱི་དམོད་ཟོར་ཡང་། །ཉམས་པའི་དགྲ་བགེགས་འདི་ལ་བྷྱོ། །དེ་རིང་ཚོགས་པའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བགེགས་འདི་ལ་བྷྱོ། །སེམས་ཀྱི་བསམ་པའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བགེགས་འདི་ལ་བྷྱོ། །ལུས་ལ་འབྱུང་བའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བགེགས་འདི་ལ་བྷྱོ། །དུག་ལྔ་གཡོས་པའི་གདུག་རྩུབ་ཀྱང་། །སྡང་བའི་དགྲ་བགེགས་འདི་ལ་བྷྱོ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །བྷྱོ་བྷྱོ་བར་ཆད་བདུད་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་སྲོག་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཤ་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་སྙིང་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཁྲག་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་རུས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ལྕེ་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ལུས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ངག་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཡིད་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ལྷ་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་སྔགས་ལ་བྷྱོ། །བྷྱོ་བྷྱོ་བྱད་མའི་ཐོག་ཏུ་བྷྱོ། །གང་དགོས་སྦྱར། འདི་དགྲ་ཆོས། དགྲ་ཟློག །དགྲ་བྲུབ། དགྲ་གནན་སྤྱི་ལ་བྱའོ། །ཨོཾ་སརྦ་དྷརྨཱ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཡ་དགྲ་བགེགས་སྲོག་རྩ་ལ་ཁཱ་ཧི། མཱཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། གོ་རོ་ཙ་ན་ལ་ཁཱ་ཧི། བ་ལིཾ་ཏ་ལ་ཁཱ་ཧི། གཏོར་མ་འབྲུ་ནག་གི་ཟན་ལ་དུག་ཁྲག་གིས་སྦགས་ལ་ཕུལ་ཏེ་ཕྲིན་ལས་བཅོལ་མཐར། གཏོར་མ་དུག་མཚོན་མེ་རླུང་སོགས་སུ་བསམ་ལ་དགྲ་ཕྱོགས་སུ་འཕང་། བྷྱོ་ཟློག་དམོད་བཅོལ་བྱའོ། །ཨ་རཱ་གས་སོ།། །། ༄༅། །བྷྱོ་གདབ་ཉེར་བསྡུས་ནི། ཧཱུྃ། ང་ནི་ཆེ་མཆོག་ཟློག་བྱེད་རྒྱལ་པོ་ཡིན། །སྟོང་གསུམ་སྣང་སྲིད་མ་མོས་བྷྱོ་ཡིས་ཐོབས། །བདེན་ཚིགས་བརྗོད་པའི་བྷྱོ་སྒྲ་ཏི་རི་རི། །ནམ་མཁའ་ལྷ་ཡི་བྱད་སྣ་དགྲ་ལ་བྷྱོ། །བར་སྣང་གཉེན་གྱི་བྱད་སྣ་དགྲ་ལ་བྷྱོ། །ས་གཞི་ཀླུ་ཡི་བྱད་སྣ་དགྲ་ལ་བྷྱོ། །སྣང་སྲིད་ལྷ་འདྲེའི་བྱད་སྣ་དགྲ་ལ་བྷྱོ། །ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་བྷྱོ། །ལྷ་འདྲེའི་གདུག་རྩུབ་བྱད་སྣ་དགྲ་ལ་བྷྱོ། །དྲང་སྲོང་དམོད་པའི་བྱད་སྣ་དགྲ་ལ་བྷྱོ། །མུ་སྟེགས་བན་བོན་བྱད་སྣ་དགྲ་ལ་བྷྱོ། །གླིང་བཞི་འགྲོ་བའི་དམོད་པ་དགྲ་ལ་བྷྱོ། །སྔོན་ལས་འཕྲལ་རྐྱེན་གདོན་བགེགས་དགྲ་ལ་བྷྱོ། །བྷྱོ་བྷྱོ་ཟློག་ཟློག །ཉིན་གསུམ་ལྟས་ངན་ཐམས་ཅད་དགྲ་ལ་བྷྱོ། །མཚན་གསུམ་སྨིན་ལམ་ངན་པ་དགྲ་ལ་བྷྱོ། །བྱད་ཁ་ཕུར་ཁ་ཐམས་ཅད་དགྲ་ལ་བྷྱོ། །ཅེས་པའང་རཱ་ག་ཨ་སྱེས་སྦྱར་བའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
འགོང་པོ་ཨར་ལ་གཏད་པའི་མན་ངག་གི་ལག་ལེན་རྣམ་པར་གསལ་བ་འཆུག་མེད་དུས་ཀྱི་བཙོན་ཁང་ (Volume 54, Text 33)
༄༅། །འགོང་པོ་ཨར་ལ་གཏད་པའི་མན་ངག་གི་ལག་ལེན་རྣམ་པར་གསལ་བ་འཆུག་མེད་དུས་ཀྱི་བཙོན་ཁང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་རཱ་ཛ་ཡ། གཏུམ་ཆེན་འབར་བའི་གར་གྱིས་འཁོར་འདས་ཀུན། །དབང་བྱེད་ཕྱག་རྒྱ་གཉེན་པོའི་དམ་འོག་ཏུ། །གདུག་ཅན་ཨར་ལ་གཏད་པའི་སྒྱུ་རྩལ་ཅན། །དཔལ་ཆེན་རྡོ་རྗེ་སློབ་དཔོན་མཆོག་ལ་འདུད། །གངས་ཅན་སྐྱོབ་པའི་ཆོས་ཚན་ལྔ་ཕྲག་ལྔའི། །ཡ་གྱལ་སྙིགས་དུས་མི་བསྲུན་འབྱུང་པོའི་རིགས། །ཨར་གཏད་ལག་ལེན་རིག་འཛིན་མཁས་རྣམས་ཀྱི། །བཞེད་པ་བཅུད་དུ་དྲིལ་ནས་འདིར་བཀོད་བྱ། །དེའང་ལྷ་བྲག་ཐུགས་སྒྲུབ་ཆོས་སྡེ་ཉེར་ལྔའི་ཚན་པ་གཉིས་པར། འགོང་པོ་ཤར་གྱི་ཕྱོགས་ནས་འབྱུང༔ ཞེས་སོགས་བོད་ཕུང་བྱེད་ཀྱི་འགོང་པོ་སྤུན་དགུ་ཤར་ཕྱོགས་ནས་འབྱུང་བར་གསུངས་ནས། ཕྱི་རབས་ལྔ་བརྒྱ་ཐ་མ་ལ༔ བྱང་སེམས་ལྡན་པའི་མི་གསུམ་གྱིས༔ རི་མཐོའི་རྩེ་མོར་སྒྲུབ་པ་བྱ༔ ཟླ་བ་གཅིག་ཏུ་དྲག་སྔགས་བཟླ༔ ལུང་པ་གསུམ་གྱི་འཛོམས་སུ་མནན༔ ལོ་རེར་ལན་རེ་བྱས་པ་ན༔ བོད་ཁམས་བདེ་སྐྱིད་ལྡན་པར་འགྱུར༔ གང་ཟག་གཅིག་གིས་ཞག་བདུན་དུ༔ བསྒྲུབས་པས་ཕྱོགས་དེ་ཁོལ་བུར་བདེ༔ བྱིན་རླབས་ལྡན་པའི་མི་གསུམ་གྱིས༔ རྒྱུན་དུ་སྒྲུབ་པ་བྱས་གྱུར་ན༔ རྟག་ཏུ་བོད་ལ་བདེ་སྐྱིད་འབྱུང༔ བྱང་སེམས་ལྡན་པས་འགྲོ་དོན་མཛོད༔ ཅེས་འགོང་པོ་མནན་པའི་ཐབས་དང་དེའི་ཕན་ཡོན་བཅས་ལེགས་པར་གསུངས་པ་ལྟར་ཨར་གཏད་ཀྱི་ཆོ་ག་ལ་འཇུག་པ་ལ་གསུམ་སྟེ། སྦྱོར་དངོས་རྗེས་སོ། །དང་པོ་ནི། རྩ་བར། ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ འགྲོ་བ་ཡོངས་ཀྱི་དོན་བྱེད་ན༔ འགོང་པོ་ཨར་ལ་གཏད་པར་བྱ༔ ཞེས་གསུངས་པས། རབ་ཏུ་ཐུགས་སྒྲུབ་རྩ་བའི་དབང་བསྐུར་ཐོབ་ཅིང་། བསྙེན་པ་ཐེམས་པ། འབྲིང་བསྙེན་པ་མ་ཐེམས་ཀྱང་། དབང་ཐོབ་རྗེས་དམ་ཚིག་དང་ལྡན་པ། ཐ་མ་ཐུགས་སྒྲུབ་ཀྱི་དབང་མ་ཐོབ་ཀྱང་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་དབང་བཞི་ནོས་ཤིང་དམ་སྡོམ་དང་ལྡན་པའི་སྒོ་ནས་གཙོ་བོར། སྣང་ཡུལ་རྟོག་པ་འཕྲོ་མི་བྱ༔ ཤེས་པ་རྩེ་གཅིག་དྲིལ་ནས་ཀྱང༔ ཞེས་རིག་པ་རྩེ་གཅིག་སེམས་ཐོག་ཏུ་དྲིལ་ནས་མཉམ་པར་འཇོག་ནུས་པ་ཞིག་དགོས་པར་གསུངས་པ་ལྟར། ལྷ་སྒོམ་སྔགས་བཟླས་ཤེས་ཙམ་གྱིས་ལས་འདི་བརྩམ་མི་རུང་བས། ཆོས་ཐམས་ཅད་གནས་ལུགས་རྫོགས་པ་ཆེན་པོའི་ངང་དུ་འུབས་ཀྱིས་འདུས་པར་ཐག་རྦད་ཀྱིས་ཆོད་པའི་གདིང་དང་ལྡན་པ་ཞིག་དང་། ཁེ་གྲགས་རྙེད་བཀུར་གྱི་ཆེད་དུ་མ་ཡིན་པར། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ཤིན་ཏུ་གཅེས་སོ། །དེ་ལྟ་བུའི་སྔགས་པས་ཨར་གཏད་ལ་ཤིས་པའི་གཟའ་ཚེས་འཕྲོད་སྦྱོར་དང་ལྡན་པར། དབེན་པའི་གནས་སུ་སྤྲོ་ན། ཕུང་ས་སྣ་ཚོགས་ལས་གྲུབ་པའི་མཎྜལ་སྟེགས་བུ་གྲུ་བཞི་པའི་དབུས་སུ་བྲུབ་ཁུང་རྒྱར་ཁྲུ་གང་པའམ་མཐོ་གང་པ། རྒྱའི་ཕྱེད་ཚད་ཀྱི་དཔངས་ལ་བང་རིམ་གསུམ་པ། ཕྱི་རོ་སོལ་གྱིས་ནག་པོ་དང་། ནང་གྲི་ཁྲག་སོགས་ཁྲག་སྣ་དང་སྙིང་སྣས་དམར་པོར་བྱུགས། ཁ་ཁྱེར་ལ་དྲག་པོའི་རྩང་གཅུས་ལོགས་སྟོད་སྨད་གྲི་ཁྲག་དང་བཙག་གིས་དམར་པོར་བྱུགས་ཤིང་། རྐེད་པ་རོ་སོལ་གྱིས་ནག་པོར་བྱུགས་པ་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུགས་པའམ། བསྡུ་ན་བྲུབ་ཁུང་རྐྱང་པ་ཙམ་གྱིས་ཀྱང་ཆོག་སྟེ། དུག་ཤོག་ལ་ཨར་གཏད་ཀྱི་ལིངྒ་ཞལ་ཤེས་མན་ངག་གིས་བརྒྱན་པ་བྲིས་ཤིང་སྦྱང་བ་སོགས་སྤྱི་ལྟར་བགྱིས་རྗེས་སྔོ་དམར་གྱིས་བྱད་དུ་བཅུག་ལ་བཀོད། ཉེ་ལོགས་ཅི་བདེ་བར་བདག་བསྐྱེད་ཀྱི་སྨན་རག་མཆོད་གཏོར། སྒེར་གསོལ་བྱེད་རྒྱུའི་སྐོང་གསོའི་གཏོར་མ་སོགས་ཚོགས་པར་བགྱིས་ཤིང་། ཐུན་གཏོར་ཟུར་གསུམ་མཚེ་ཡུངས་རྩང་དང་ཁྲག་གིས་བརྒྱན་པ། གསེར་སྐྱེམས་ཀྱི་ཆས། གཡབ་དར། ཕུར་པ། སྒྲོལ་གྲི། རོལ་ཆེན། ཐོད་ནང་དུ་བླུག་པའི་ཐུན་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་དངོས་གཞི་ནི། ཤར་ཕྱོགས་ཁ་བལྟས་ལྕགས་ཀྱུས་བཟུང༔ ཞེས་གསུངས་པས་སྒྲུབ་པ་པོ་ཁ་ཤར་དུ་བལྟས་ཏེ་སྟན་ལ་འཁོད་ནས། བྱང་གཏེར་ཐུགས་སྒྲུབ་ཀྱི་གཞུང་བསྲང་། དོན་བསྟོད་རྫོགས་ཀྱི་བར་གཏང་། ཡི་དམ་གཞན་བྱེད་ནའང་བདག་བསྐྱེད་གཞུང་བསྲང་བསྟོད་པའི་བར་གཏང་། ཐུགས་སྒྲུབ་བཏང་ན་བསྟོད་པའི་མུ་དེ་ཀར་གསེར་སྐྱེམས་ལ་འཇུག་པས་ཆོག་ལ། ཡི་དམ་གཞན་བྱེད་ན་དེ་ཉིད་སྐད་ཅིག་གིས་རྡོ་རྗེ་དྲག་པོ་རྩལ་དུ་གནས་འགྱུར་བར་བསྐྱེད་ན་ལེགས་པས་འདི་ལྟར། རང་ཉིད་སྐད་ཅིག་རྡོ་རྗེ་དྲག་པོ་རྩལ། །མཐིང་ནག་ཁྲོ་གཏུམ་འཇིགས་པའི་ཆ་ལུགས་ཅན། །ཞལ་གཅིག་ཕྱག་གཉིས་གར་དགུའི་ཉམས་དང་ལྡན། །གཡས་པ་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར། །གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན། །རིན་ཆེན་རུས་རྒྱན་ཟབ་ཆེན་བེར་སྨུག་སྟེང་། །དུར་ཁྲོད་ཆས་བརྒྱད་ལ་སོགས་ཉམས་ཀུན་རྫོགས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །རྩ་གསུམ་ཀུན་འདུས་འཇིགས་བྱེད་ཆེན་པོའི་སྐུ། །འཁོར་འདས་ཟིལ་གནོན་ཆེ་བཙན་འགྲན་ཟླ་བྲལ། །གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། །ཅེས་གསལ་བཏབ་ལ། གསེར་སྐྱེམས། མཁྱེན་གསོལ། གཟུ་དཔང་རྣམས་བཀའ་བརྒྱད་ཁྲོ་རོལ་ལམ། ཡི་དམ་གང་བྱེད་ཀྱི་གཞུང་ལྟར་གཏང་། སྤྱི་ཙམ་དུ་གསེར་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབས་ལ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་དབང་དྲག་པདྨའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ལས་གཤིན་འཆི་བདག་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་ཕུད་སྐྱེམས་འཐོར་ལ། གཟུ་དཔང་གསོལ་བ་ནི། ཧཱུྃ། ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་ཡི་དམ་ལྷ། ཁྲག་འཐུང་དབང་དྲག་འཁོར་དང་བཅས། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ཚིག་འཛིན་ལ་དགྲ་བྱུང་ན། །མ་ཉེས་མ་ཡོ་སྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དང་པོར་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །མཐའ་མར་གསང་སྔགས་སྙིང་པོ་ཕྲལ། །ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དང་དུ་བླངས། །མཚམས་མེད་ལྔ་ཡི་འབྲས་བུ་སྨིན། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །དབང་དྲག་པདྨའི་ལྷ་ཚོགས་རྣམས། །ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ལ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །མ་གཡེལ་མ་གཡེལ་ཐུགས་དམ་ཅན། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་སྙན་མནན་ནོ། །དེ་ནས་དཀོན་མཆོག་སྤྱི་སྐུལ་ནི། ཧཱུྃ༔ བདེ་གཤེགས་དབང་ཕྱུག་ཆེན་པོའི་བསྟན་པ་ནས༔ མར་མེ་མཛད་ཀྱི་བསྟན་པ་རྫོགས་ཀྱི་བར༔ འདས་པའི་སངས་རྒྱས་ཐམས་ཅད་དགོངས་སུ་གསོལ༔ སྤྲུལ་སྐུ་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ འགྲོ་དོན་རྒྱ་ཆེན་སྒྲུབ་པའི་ཐུགས་དམ་ཅན༔ ད་ལྟར་བཞུགས་པའི་སངས་རྒྱས་དགོངས་སུ་གསོལ༔ བྱམས་པ་འབྱོན་ནས་འཇམ་དབྱངས་བསྟན་པའི་བར༔ གང་འདུལ་གདུལ་བྱ་སྐྱོང་བར་ཐུགས་དགོངས་པའི༔ མ་བྱོན་སངས་རྒྱས་ཐམས་ཅད་དགོངས་སུ་གསོལ༔ མ་འོངས་ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ བོད་ཀྱི་སེམས་ཅན་ལས་ངན་སྤྱོད་དུས་འདིར༔ ཁྲི་སྲོང་ལྡེའུ་བཙན་གདུང་རྒྱུད་ཐ་མ་ལ༔ ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ དེང་དུས་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ ཆོས་རྒྱལ་དམངས་སུ་འབེབས་པ་མི་སྐྱོབ་ན༔ དུས་གསུམ་རྒྱལ་བའི་ཐུགས་དམ་གང་ལ་མཛད༔ འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་མི་མཛད་ན༔ བྱང་ཆུབ་སེམས་དཔའི་གདུལ་བྱ་གང་ལ་དགོངས༔ བོད་ཀྱི་རྗེ་འབངས་ཐུགས་རྗེས་མི་སྐྱོབ་ན༔ པདྨ་འབྱུང་གནས་མཐུ་རྩལ་གང་ལ་བསྐྱེད༔ དམ་ཆོས་སྒྲུབ་པའི་བར་གཅོད་མི་བསྲུང་ན༔ ཆོས་སྐྱོང་བཀའ་སྲུང་དམ་ཚིག་ཅི་ལ་མཛད༔ ཧཱུྃ༔ བཞེངས་ཤིག་ཞིང་ཁམས་སོ་སོའི་གནས་ནས་བཞེངས༔ དགོངས་ཤིག་སྙིགས་མའི་སེམས་ཅན་དོན་ལ་དགོངས༔ གཤེགས་ཤིག་བོད་ཀྱི་རྗེ་འབངས་དོན་ལ་གཤེགས༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ་ཡི་ཚོགས༔ པདྨ་འབྱུང་གནས་རིག་འཛིན་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་དམ་ཅན་གཞི་བདག་རྣམས༔ མཐུ་རྩལ་དཔུང་སྐྱེད་བདག་གི་བསམ་པ་སྒྲུབས༔ སངས་རྒྱས་བསྟན་པ་སྙིགས་མའི་མཐའ་ལ་ཐུག༔ བདུད་ཀྱི་སྤྲུལ་པས་འཛམ་གླིང་ཁྱབ་པར་འདུལ༔ བོད་ཡུལ་འདི་ན་སྡུག་བསྔལ་ཁྲག་མཚོ་བརྡོལ༔ ཁྲི་སྲོང་ལྡེའུ་བཙན་གདུང་རྒྱུད་དམངས་སུ་འབེབ༔ དབེན་གནས་དགོན་པ་རྣམས་སུ་ཇག་ཆོམ་བྱེད༔ དམག་དཔུང་འཇིགས་པས་སེམས་ཅན་གྱོད་ལ་འབེབ༔ བདུད་དང་འགོང་པོས་སྡེ་དཔོན་ཁ་ལོ་སྒྱུར༔ དམ་ཆོས་ཚུལ་བཞིན་བྱེད་དུ་བར་ཆོད་བྱས༔ དམ་ཚིག་ཚུལ་བཞིན་སྲུང་དུ་མ་སྟེར་རོ༔ དམ་ཅན་བཀའ་སྲུང་མཆོད་དུ་མ་སྟེར་རོ༔ ཆོས་རྒྱལ་མངའ་ཐང་རྒྱས་སུ་འབངས་མགོ་རྒོད༔ བོད་ཁམས་སེམས་ཅན་བདེ་རུ་དམག་འཁྲུག་དར༔ ཧཱུྃ༔ བདེ་བར་གཤེགས་པའི་དགོངས་པ་སྤྲིན་ལྟར་གཏིབས༔ ཁྲོ་བོ་འཇིགས་པའི་གད་མོ་འབྲུག་ལྟར་སྒྲོགས༔ འགྲོ་ལ་བརྩེ་བའི་ཐུགས་རྗེ་གློག་ལྟར་འཁྱུགས༔ བྱིན་རླབས་མཐུ་རྩལ་དྲག་པོ་ཐོག་ལྟར་ཕོབ༔ བདུད་དང་འགོང་པོ་དམ་སྲི་ཤ་ཟ་དང༔ ཕུང་བྱེད་གདོན་གྱི་རིགས་རྣམས་ཐལ་བར་རློགས༔ དུག་ལྔ་འབྱོལ་ཉོག་རང་རྒྱུད་འཁྲུགས་པའི་མི༔ བདུད་ཀྱི་སྡེ་དཔོན་རྒྱལ་ཕྲན་ཆམ་ལ་ཕོབ༔ ལས་ངན་རྔམས་སེམས་མེ་ལྟར་འབར་བ་ཡི༔ དམག་དཔོན་དམག་མིའི་རང་གཤེད་རང་ལ་ཕོབ༔ སངས་རྒྱས་བསྟན་པ་བཤིག་པའི་གདོན་བགེགས་དང༔ ཆོས་རྒྱལ་དམངས་སུ་འབེབ་པའི་དགྲ་བོ་དང༔ བོད་ཁམས་ཕུང་བར་བྱེད་པའི་འགོང་པོ་དང༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བགེགས་ཀུན༔ ཡིད་ཀྱི་བསམ་སྦྱོར་ངན་པ་སྨྱོ་རུ་ཆུགས༔ ངག་གི་སྨྲ་བ་ལྐུགས་ཤིང་བརྒྱལ་དུ་ཆུགས༔ གདོས་བཅས་ལུས་ཀྱི་ཕུང་པོ་མྱུར་དུ་སྒྲོལ༔ བདག་ཅག་བར་གཅོད་འདི་ལས་ཐར་བར་མཛོད༔ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་ཧཱུྃ་ནྲྀ་ཏྲི་སརྦ་དུཥྚཱཾ་ཨེ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ བྲུབ་ཁུང་དང་དམིགས་བྱ་བསྐྱེད་པ་ནི། ཕཊ། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་བསྟན་འགྲོའི་ལེགས་ཚོགས་འཕྲོག་པར་བྱེད་པའི་གདོན་བགེགས་ཐམས་ཅད་འདུས་པའི་ངོ་བོ་ར་ཙ་ཏྲི་ལས་ཕུང་བྱེད་འགོང་པོ་སྤུན་དགུ་མིའི་གཟུགས་ལས་སྟག་སེང་བྱ་སྤྲེལ། ཁྱི་སྤྱང་བྱི་ལ། རྔ་མོང་མི་གདོང་ཅན། བྱད་དབྱིབས་ཉམ་ཆུང་ཞིང་ལུས་གཅེར་བུ་རིད་པ་མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། རྣམ་ཤེས་འགུགས་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཆེ་མཆོག་ཁྲག་འཐུང་རྡོ་རྗེ་དྲག་པོ་རྩལ་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་བགེགས། དཔལ་ལྡན་བླ་མ་དམ་པའི་སྐུ་བགེགས། སེམས་ཅན་ཡོངས་ལ་འཚེ་བར་བྱེད་ཅིང་། ཁྱད་པར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པ། བསམ་ངན་སྦྱོར་རྩུབ་འཆང་བའི་བོད་ཁམས་ཕུང་བྱེད་ཀྱི་འགོང་པོ་སྤུན་དགུ་རྒྱལ་འགོང་། དམ་སྲི། རྒྱ་འདྲེའི་ཚོགས་དང་བཅས་པའི་ཚེ་སྲོག་ཡིད་གསུམ། གནམ་ས་བར་གསུམ། ཉི་ཟླའི་གོ་བར། ཆོས་བོན་སྲུང་མའི་སྐྱབས་འོག་གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་ལན་གསུམ་བདུན་ཉེར་གཅིག་སོགས་ཅི་རིགས་སུ་བྱ་སྟེ། ཤར་ནས་འགུགས་འདྲེན་ཡང་ཡང་བྱ༔ ཞེས་གསུངས། སྐབས་འདིར་ཐེམ་མེད་ཀྱི་མནན་པའི་བསྐུལ། འགུགས་འདྲེན་དུ་བསྒྱུར་བའི་ཕྱག་བཞེས་ལྟར། ཧཱུྃ༔ ང་ནི་དུག་གསུམ་འཇོམས་པའི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ བྱེ་བ་དཔག་མེད་འགྱེད་པ་པོ༔ ང་ནི་སངས་རྒྱས་ཀུན་གྱི་དངོས༔ ང་ནི་རྒྱལ་བ་ཀུན་གྱི་རྗེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་ཡབ༔ ང་ནི་མ་མོ་ཀུན་གྱི་བདག༔ ང་ནི་འབྱུང་བ་ལྔ་ཡི་དབྱིངས༔ ང་ནི་སྲིད་པ་ཀུན་གྱི་མེས༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་བདུད་འདུལ་དྲག་པོ་རྩལ༔ ཁམས་གསུམ་ཀུན་གྱི་སྲོག་གི་བདག༔ སྐྱེ་མེད་འཆི་བྲལ་རྡོ་རྗེའི་སྐུ༔ འགག་མེད་རང་སྟོང་གྲགས་པའི་གསུང༔ སྤྲོས་མེད་བརྗོད་བྲལ་འགྱུར་མེད་ཐུགས༔ སངས་རྒྱས་ཆེ་བའི་ཡོན་ཏན་རྫོགས༔ ཕྲིན་ལས་ལྷུན་གྲུབ་འགྲོ་བ་འདུལ༔ ཐོགས་མེད་སྤྲུལ་པས་འོད་ཟེར་འགྱེད༔ སྲིད་པའི་ཡང་སྲིད་དམ་ཅན་ཚོགས༔ ཀུན་ཀྱང་སྔོན་གྱི་ཐ་ཚིག་བཞིན༔ དཔལ་གྱི་སྐུ་ལ་ད་ཆུམ་ཆུམ༔ སྣང་སྲིད་དྲེགས་པའི་ལྷ་སྲིན་ཚོགས༔ ཀུན་ཀྱང་ང་ཡི་བཀའ་འབངས་ཡིན༔ བཀའ་ལས་མ་འདའ་དམ་ལ་འདུས༔ ཐ་ཚིག་བཞིན་དུ་གཏོར་མ་ལོངས༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཕྱི་རབས་བསྐལ་པ་སྙིགས་མའི་དུས༔ བོད་ཁམས་ཕུང་བྱེད་འགོང་པོ་དགུ༔ སེམས་ཅན་རྣམས་ཀྱི་བདུད་དུ་འབབ༔ དེ་ལས་སྤྲུལ་པའི་དམག་རིགས་དགུ༔ དེ་རྣམས་འབྱུང་བའི་རྟགས་དགུ་ནི༔ དུད་འགྲོའི་མཇུག་སྤུ་མགོ་ལ་འདོགས༔ འབངས་ཀྱིས་རྒྱལ་ལ་རྒོལ་བའི་དུས༔ རྒྱལ་ཁྲིམས་ཉམས་བྱེད་འགོང་པོ་ནི༔ མི་ལུས་སྤྲེ་འུའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །མ་བུ་མི་གཅིག་གོས་སུ་གྱོན༔ བོད་འབངས་སིལ་བུར་འཐོར་བའི་རྟགས༔ སྡེ་པ་ནང་འཁྲུགས་འགོང་པོ་ནི༔ མི་ལུས་སེང་གེའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །ཕུ་དུང་ཁ་མཐུད་དམར་པོ་འདོགས༔ སྙིང་རྗེ་མེད་པ་བཤན་པའི་རྟགས༔ སྲོག་གཅོད་ནག་པོའི་འགོང་པོ་ནི༔ མི་ལུས་སྤྱང་ཀིའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །མི་ཚེ་ཆོ་ལོང་ལས་ལ་དགའ༔ བསོད་ནམས་དབང་ཐང་ཉམས་པའི་རྟགས༔ སླུ་བྱེད་གཡོ་སྒྱུའི་འགོང་པོ་ནི༔ མི་ལུས་ཞུ་མེའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །མགོ་ལ་རྒྱ་ཞུ་དཀར་པོ་གྱོན༔ རྔམས་སེམས་མེ་ལྟར་འབར་བའི་རྟགས༔ ཚུལ་ཆོས་བདུད་ཀྱི་འགོང་པོ་ནི༔ མི་ལུས་རྔ་མོའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །གནས་དགོན་ཐམས་ཅད་འཐབ་ར་འཆའ༔ བོད་ཁམས་ནང་འཁྲུག་དར་བའི་རྟགས༔ ཁམས་གསུམ་ཕུང་བྱེད་འགོང་པོ་ནི༔ མི་ལུས་ཁྱི་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །མཐའ་མིའི་སྤྱོད་པ་དབུས་སུ་དར༔ དམག་རིགས་སྡེ་དགུ་ཡོང་བའི་རྟགས༔ རྒོལ་བྱེད་འཁྲུག་པའི་འགོང་པོ་ནི༔ མི་ལུས་བྱ་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །སེང་སློག་ཝ་ཡིས་གྱོན་པའི་དུས༔ སངས་རྒྱས་བསྟན་པ་རྫོགས་པའི་རྟགས༔ ནག་པོ་ཆོམ་བྱེད་འགོང་པོ་ནི༔ མི་ལུས་སྟག་གི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །ཉི་ཟླ་མཐའ་ལ་སྤྱོད་པའི་དུས༔ ནག་པོ་མུན་འཐིབས་འབྱུང་བའི་རྟགས༔ སྡུག་བསྔལ་ཉིད་འཕེལ་འགོང་པོ་ནི༔ མི་ལུས་རྔམས་ཤིང་ཁྲོ་སེམས་ཅན༔ ཁྲོ་རྒྱལ་འབར་བས་ད་ཁུག་ཅིག །ཕ་ནི་དམ་སྲི་མགོ་དགུ་པ༔ མ་ནི་ཕུང་བྱེད་ནག་མོ་ལ༔ བུ་ནི་འགོང་པོ་སྤུན་དགུ་སྐྱེས༔ ཆོ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད༔ འཛམ་གླིང་འཇོམས་པའི་གོ་གདུག་ཅན༔ ཁྱོད་ཀྱི་མཐུ་སྟོབས་མ་ལུས་ཀུན། །གསང་བདག་པདྨའི་ཐུགས་རྗེ་ཡིས༔ ད་ལྟ་ཉིད་དུ་འདིར་ཁུག་ཅིག །ཅེས་ཐུན་རེ་ལ་དགུག་གཞུག་བརྒྱ་ལྔ་བཅུ་ཉེར་གཅིག་སོགས་སྐབས་དང་སྦྱར་ཞིང་ཤེས་པ་ཡུལ་སྣང་གི་རྟོག་ཕྱིར་མ་འབྲེངས་པར་ལྟ་བའི་གདེང་དང་ལྡན་པའི་ངང་ནས་ལྷའི་ང་རྒྱལ་རྩེ་གཅིག་པས་ལྕགས་ཀྱུའི་ཕྱག་རྒྱས་ཡང་ཡང་རྟེན་ལ་བཀུག་ཅིང་བསྟིམ། དེ་ནས་ཨར་གཏད་ཀྱི་བཟླས་པ་དངོས་ནི། ཨོཾ་བཛྲ་ཙཀྲ་ཨེ༔ སྙིང་ཁ་རཀ་དུནྟེ་རྦད༔ ཕུད་བྱེད་སྲོག་ལ་རྦད༔ འགོང་པོའི་དབུགས་ལ་རྔུབས༔ བདུད་མོའི་ཤ་ལ་ཆེམས༔ ཕུང་བྱེད་འགོང་པོའི་ཤ་རུས་ཁྲག་རྩ་ལ་ནུར་ནུར༔ མ་ཙ་དུ་ཨ་ཡ་ཤ་ལ་ན་ཧཾ་ཤཾ༔ བཛྲ་ཏྲི་ཏྲིག༔ མཱ་ར་ཡ་རྦད༔ བཛྲ་ནཱི་ལཾ་དྷཱ་ར་རཀྵ༔ བཛྲ་ཨ་རི་ཨ་རི་ནི༔ ནཱ་ག་ཙ་ཏྲིག་རྦད་ཏྲི༔ ཧ་རི་ཧ་རི༔ ཏྲིམ་ཏྲིམ༔ ཕུང་བྱེད་འགོང་པོའི་སྲོག་རྩ་གཏུབས་གཏུབས༔ ཞེས་སྨྲ་བ་བཅད་དེ་ཐུན་རེ་ལ་དགུ་བརྒྱ་ཙམ་རེ་བཟླ་ཞིང་། ཐུན་རྫས་ལ་བཏབ། དེ་ཡང་། བོད་ཁམས་འཁྲུགས་ཤིང་ཆོ་འཕྲུལ་ཆེ༔ དྲག་སྔགས་དགུ་བརྒྱ་བཟླས་ལ་བརྡེག༔ ཅེས་གསུངས། ཐུན་བསྡུ་ཁར་ཐུན་གཏོར། རཾ་ཡཾ་ཁཾ་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་སྨན་རཀ་བྲན་ལ་བདེ་གཤེགས་སྤྱི་བསྐུལ་ཆེ་བ་ནི། ཧཱུྃ་བྷྱོ༔ བདེ་གཤེགས་དབང་ཕྱུག་ཆེན་པོའི་བསྟན་པ་ནས༔ མར་མེ་མཛད་ཀྱི་བསྟན་པ་མ་རྫོགས་བར༔ འདས་པའི་སངས་རྒྱས་ཐམས་ཅད་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྤྲུལ་སྐུ་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ རྒྱ་ཆེན་ཆོས་འཁོར་རིམ་པར་བསྐོར་མཛད་པའི༔ ད་ལྟ་བཞུགས་པའི་སངས་རྒྱས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ བྱམས་པ་འབྱོན་ནས་འཇམ་དབྱངས་བསྟན་པའི་བར༔ འགྲོ་དོན་རྒྱ་ཆེན་མཛད་པར་ཞལ་བཞེས་པའི༔ མ་བྱོན་སངས་རྒྱས་ཐམས་ཅད་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ ཡི་དམ་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ རྩེ་གཅིག་བསྒྲུབས་པའི་ཡི་དམ་རྒྱང་མ་རིང༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་དབྱིངས་ནས་སྐུལ༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ རང་རིག་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ནས༔ སྐུ་གཅིག་བཞེངས་པས་དཀྱིལ་འཁོར་མ་ལུས་རྫོགས༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྲོག་རྩའི་ལྷོ་ནུབ་མཚམས་ནས་དགའ་བའི་རྩ༔ སྤྱི་གཙུག་ཟུག་པའི་རྩ་འདབ་འབར་བ་ལས༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ ཀླད་པ་དུང་ཁང་འབར་བའི་གཞལ་ཡས་ནས༔ སངས་རྒྱས་མཁའ་འགྲོ་ཁྲག་འཐུང་ལྔ་བཅུ་བརྒྱད༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ མགྲིན་པ་བུམ་སྐེད་དྲྭ་བས་འབྲེལ་འདྲ་ནས༔ རིན་ཆེན་མཁའ་འགྲོའི་ལྷ་ཚོགས་མ་ལུས་དང༔ པདྨ་གསུང་གི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྙིང་ག་ཆོས་ཀྱི་འཁོར་ལོའི་འདབ་བརྒྱད་ནས༔ རྡོ་རྗེ་མཁའ་འགྲོ་ཡང་དག་ཐུགས་ཀྱི་ལྷ༔ རང་བྱུང་ཞི་བའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ ལྟེ་བ་གསེར་གྱི་ཁྲི་འུ་ལྟ་བུ་ནས༔ པདྨ་མཁའ་འགྲོའི་ལྷ་ཚོགས་མ་ལུས་དང༔ བདུད་རྩི་ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ གསང་གནས་བདེ་སྐྱོང་རྩ་འདབ་བཞི་ཡི་སྟེང༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་མ་ལུས་དང༔ ཆེ་མཆོག་མ་མོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྲོག་རྩའི་ནུབ་བྱང་མཚམས་ན་རྟེན་འབྲེལ་རྩ༔ བསྐོར་ཏེ་རྐང་གཡས་བརླ་རྩར་ཟུག་པ་ལས༔ དྲེགས་པ་ཀུན་འདུལ་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྲོག་རྩའི་བྱང་ཤར་མཚམས་ན་དྲག་པོའི་རྩ༔ རྐང་གཡོན་བརླ་རྩར་ཟུག་པའི་རྩ་སྟེང་ནས༔ སྟོབས་ལྡན་ནག་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ དུས་གསུམ་བདེ་གཤེགས་མ་ལུས་འདུས་པའི་སྐུ༔ དྲག་པོའི་ཚུལ་གྱིས་དྲེགས་པ་ཐམས་ཅད་སྒྲོལ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྐུ་མདོག་མཐིང་ནག་རབ་ཏུ་བརྗིད་ཅིང་རྔམས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ལས༔ འབར་བ་ཁྲོ་བཅུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ ཞལ་གདངས་མཆེ་གཙིགས་ཧཱུྃ་གི་ང་རོ་སྒྲོག༔ ཕྱག་གཡོན་གསེར་གྱི་དྲིལ་བུ་འབར་བ་ལས༔ ཁྲོ་མོ་བཅུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ རལ་པ་ཁམས་ནག་གྱེན་བརྫེས་ཐོད་སྐམ་བརྒྱན༔ ཟབ་ཆེན་བེར་སྨུག་བརྗིད་པའི་ན་བཟའ་གསོལ༔ དཔའ་བོ་དཔའ་མོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ དུར་ཁྲོད་ཆས་བརྒྱད་ལེགས་སྤྲས་འབར་བའི་སྐུ༔ ཞབས་གཉིས་དོར་སྟབས་མེ་དཔུང་ཀློང་ན་བཞུགས༔ ཆོས་སྐྱོང་སྲུང་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ སྤྱན་གསུམ་དམར་ཟླུམ་ཉི་འོད་ལྟ་བུར་འབར༔ སྙན་ནས་འབྲུག་སྒྲོག་ཤངས་ནས་རླུང་ནག་འཚུབ༔ སྡེ་བརྒྱད་དྲེགས་པའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་རྒྱུད་བསྐུལ་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ མ་འོངས་ལྔ་བརྒྱ་ཐ་མར་ཤར་བའི་དུས༔ བོད་ཀྱི་སེམས་ཅན་ལས་ངན་སྤྱོད་པའི་དུས༔ ཁྲི་སྲོང་ལྡེའུ་བཙན་གདུང་རྒྱུད་ཐ་མ་ལ༔ ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ དེང་དུས་ལས་དང་རྐྱེན་གྱི་དབང་གྱུར་པའི༔ ཕུང་བྱེད་བདུད་དང་སྲིན་པོ་དར་བ་ཡིས༔ ཆོས་རྒྱལ་དམངས་སུ་འབེབ་པ་མི་སྐྱོབ་ན༔ རྒྱལ་བའི་ཐུགས་རྗེ་དམ་བཅས་ཅི་ལ་དགོངས༔ འགྲོ་དྲུག་སྡུག་བསྔལ་སྐྱོབ་པར་མི་མཛད་ན༔ བྱང་ཆུབ་སེམས་དཔའི་གདུལ་བྱ་གང་ལ་དགོངས༔ བོད་ཀྱི་སེམས་ཅན་ཐུགས་རྗེས་མི་སྐྱོབ་ན༔ པདྨ་འབྱུང་གནས་མཐུ་རྩལ་གང་ལ་བསྐྱེད༔ དམ་ཆོས་སྒྲུབ་པའི་བར་ཆད་མི་བསྲུང་ན༔ ཆོས་སྐྱོང་སྲུང་མའི་དམ་བཅའ་ཅི་ལ་མཛད༔ ཧཱུྃ༔ བཞེངས་ཤིག་ཞིང་ཁམས་སོ་སོའི་གནས་ནས་བཞེངས༔ དགོངས་ཤིག་སྙིགས་མའི་སེམས་ཅན་དོན་ལ་དགོངས༔ གཤེགས་ཤིག་བོད་ཀྱི་རྗེ་འབངས་དོན་ལ་གཤེགས༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ་ཡི་ཚོགས༔ པདྨ་འབྱུང་གནས་རིག་འཛིན་མཁའ་འགྲོ་དང༔ ཆོས་སྐྱོང་སྲུང་མ་དམ་ཅན་གཞི་བདག་རྣམས༔ མཐུ་རྩལ་དཔུང་སྐྱེད་བདག་གི་བསམ་པ་སྒྲུབས༔ སངས་རྒྱས་བསྟན་པ་སྙིགས་མའི་མཐའ་ལ་ཐུག༔ བདུད་ཀྱི་སྤྲུལ་པས་འཛམ་གླིང་ཁྱབ་པར་འདུལ༔ བོད་ཡུལ་འདི་ན་སྡུག་བསྔལ་ཁྲག་མཚོ་བརྡོལ༔ ཁྲི་སྲོང་ལྡེའུ་བཙན་གདུང་རྒྱུད་དམངས་སུ་འབེབ༔ དབེན་གནས་དགོན་པ་རྣམས་སུ་ཇག་ཆོམ་བྱེད༔ དམག་དཔུང་འཇིགས་པས་སེམས་ཅན་གྱོད་ལ་འབེབ༔ བདུད་དང་འགོང་པོས་སྡེ་དཔོན་ཁ་ལོ་སྒྱུར༔ དམ་ཆོས་ཚུལ་བཞིན་བྱེད་དུ་བར་ཆོད་བྱས༔ དམ་ཚིག་ཚུལ་བཞིན་སྲུང་དུ་མ་སྟེར་རོ༔ དམ་ཅན་བཀའ་སྲུང་མཆོད་དུ་མ་སྟེར་རོ༔ ཆོས་རྒྱལ་མངའ་ཐང་རྒྱས་སུ་འབངས་མགོ་ལོག༔ བོད་ཁམས་སེམས་ཅན་བདེ་རུ་འཁྲུག་པ་དར༔ དེ་དུས་ཁྱོད་ཀྱི་ཐུགས་རྗེས་གཟུང་དུ་གསོལ༔ ཧཱུྃ༔ བདེ་བར་གཤེགས་པའི་དགོངས་པ་སྤྲིན་ལྟར་གཏིབས༔ ཁྲོ་བོ་འཇིགས་པའི་གད་མོ་འབྲུག་ལྟར་སྒྲོགས༔ འགྲོ་ལ་བརྩེ་བའི་ཐུགས་རྗེ་གློག་ལྟར་འཁྱུགས༔ བྱིན་རླབས་མཐུ་རྩལ་དྲག་པོ་ཐོག་ལྟར་ཕོབ༔ བདུད་དང་འགོང་པོ་དམ་སྲི་ཤ་ཟ་དང༔ ཕུང་བྱེད་གདོན་གྱི་རིགས་རྣམས་ཐལ་བར་རློགས༔ དུག་ལྔ་འབྱོལ་ཉོག་རང་རྒྱུད་འཁྲུགས་པ་ཡི༔ བདུད་ཀྱི་སྡེ་དཔོན་རྒྱལ་ཕྲན་ཆམ་ལ་ཕོབ༔ ལས་ངན་རྔམས་སེམས་མེ་ལྟར་འབར་བ་ཡི༔ དམག་དཔོན་དམག་མིའི་རང་གཤེད་རང་ལ་ཕོབ༔ སངས་རྒྱས་བསྟན་པ་བཤིག་པའི་གདོན་བགེགས་དང༔ ཆོས་རྒྱལ་དམངས་སུ་འབེབ་པའི་དགྲ་བོ་དང༔ བླ་མའི་སྐུ་དགྲ་རྣལ་འབྱོར་སྒོས་དགྲ་དང༔ རྒྱལ་ཁམས་ཕུང་བར་བྱེད་པའི་འགོང་པོ་དང༔ རྣལ་འབྱོར་བདག་ལ་སྡང་བྱེད་དགྲ་བོ་རྣམས༔ ལུས་སེམས་བེམ་རིག་རྟེན་དང་ཕྲོལ་ལ་ཤོག༔ ཡིད་ཀྱི་བསམ་སྦྱོར་ངན་པ་མྱོས་སུ་ཆུགས༔ ངག་གི་གདངས་སྒྲ་ལྐུགས་ཤིང་བརྒྱལ་དུ་ཆུགས༔ གདོས་བཅས་བག་ཆགས་ལུས་ཀྱི་ཕུང་པོ་སྒྲོལ༔ བདག་ཅག་བར་ཆོད་ཀུན་ལས་གྲོལ་བར་མཛོད༔ མ་གཡེལ་མ་གཡེལ་ཡི་དམ་ལྷ་ཡི་ཚོགས༔ མ་འདའ་མ་འདའ་དམ་ཅན་བཀའ་སྲུང་རྣམས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཡིད་ལ་བརྣགས་པའི་དགྲ་བགེགས་རྡུལ་དུ་རློགས༔ རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་ངན་ས་ལམ་བར་ཆད་དང༔ འཇིགས་པ་བརྒྱད་སོགས་དུས་མིན་འཆི་བ་དང༔ ལྟས་ངན་ཕྱོགས་ངན་མ་ལུས་བརླག་པར་མཛོད༔ ཨོཾ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་ཧཱུྃ༔ ནྲྀ་ཏྲི་དུ་ཏྲི་དགྲ་བགེགས་མཱ་ར་ཡ་རྦད༔ རྦོད་ཟོར་སརྦ་བྷྱོ་ཟློག་བྷྱོ་རྦད༔ སརྦ་ཟློག་བྷྱོ༔ ཞེས་བརྗོད་ཅིང་ཐུན་གཏོར་ཕུལ། ཕུད་གཏོར། རཀྟ་སྦྲེང་། ཕུར་པ་ཕྱོགས་བཅུར་དྲིལ་ལོ། །སླར་ཐུན་གཏོར་གསར་པ་ཞིག་བཤམས་ལ་རཀྟ་བྲན། ཉེར་བསྡུ། བསྔོ་སྨོན་ཤིས་བརྗོད་ཀྱི་བར་དུ་བཏང་སྟེ། དེ་ཡང་དགོང་ཐུན་གྱི་མཐར་སྒེར་གསོལ་དང་། སྲོད་ཐུན་གྱི་མཐར་ཚོགས་འཁོར་བྱ། དེ་ལྟར་ཁུག་རྟགས་མ་བྱུང་གི་བར་དགུག་གཞུག་ལ་གཙོ་བོར་བྱ་ཞིང་། ཁུག་རྟགས་བྱུང་ནས་རྨི་ལམ་དུ་གཟུགས་བརྙན་གང་བྱུང་དང་བསྟུན་པའི་ལིདྒའི་སྣ་སྒོར་སྤྲེའུའི་གཟུགས་བསྒོམས་པའི་སྙིང་གར་ཏྲི་གསལ་བ་ལ་དམིགས་ཏེ་དགུག་གཞུག་ལན་གསུམ་གྱི་མཐར། ཧཱུྃ༔ ང་ནི་དུག་གསུམ་འཇོམས་མའི་འགུགས་འདྲེན་གྱི་བསྐུལ་བཏང་ལ། སླར་ཡང་དགུག་གཞུག་ཚར་གཅིག་བྱས་ཏེ། ཐུན་མཐར་ལིངྒ་ལ་ཨར་གཏད་ཀྱི་སྔགས་ཀྱིས་ཐུན་ཤེད་ཐོན་པར་བྲབས། དེ་ལྟ་བུས་རིམ་པས་ཐུན་བཞིར་གཅད་པའི་ངང་ནས་རིག་པའི་ངར་དང་ལྡན་པས་བསྒྲུབ་པར་བྱའོ།། །།གསུམ་པ་རྗེས་ཀྱི་རིམ་པ་ལས་ལ་སྦྱར་བ་ནི། སྒྲུབ་ཞག་ཐེམས་པའི་ཐུན་མཐའ་མར་ཟན་ལིང་ཟུར་པ་ཞིག་ཀྱང་བཤམས་ལ། ཨར་གཏད་ཀྱི་སྔགས་མཇུག་ཏུ་གདབ་ཁ་བྱ་བ་ནི། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ དྲག་སྔགས་སོ་ལྔ་པའི་མཐར། གནོད་བྱེད་འབྱུང་པོ་དམ་སྲི་ཏྲི་མཱ་ར་ཡ་ཕཊ། ཅེས་ཉ་བོ་དང་ལིང་གར་ཕུར་བུས་གདབ། བསྒྲལ་བྱའི་རིག་པ་ཡེ་ཤེས་ཀྱི་ཆ་དེ་ཉིད་ཆོས་ཉིད་མ་ལ་བུ་ཐིམ་པའི་ཚུལ་དུ་དབྱིངས་རིག་བསྲེས་ཏེ་སྤར། མ་རིག་སེམས་སྣང་འཁྲུལ་གཟུགས་ཀྱི་ཚེ་སྲོག་དྭངས་མ་རང་ལ་བསྡུ་བའི་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བསྒྲལ། སླར་ཡང་ཨར་གཏད་ཀྱི་སྔགས་དང་བཅས་ཐུན་གྱིས་བྲབས་ཤིང་། རྣམ་སྨིན་གྱི་ཕུང་པོ་བག་ཆགས་ཀྱི་གཟུགས་སུ་སྣང་བ་དུམ་བུར་གཏུབས་པར་མོས་ལ་ཟན་ལིང་རལ་གྲིས་གཏུབས་ལ་གཏོར་གྲལ་དུ་བཤམས། སྨན་རཀ་བྲན་ལ་བསྟབ་པ་ནི། ཧཱུྃ༔ འཇིགས་བྱེད་རྡོ་རྗེ་དྲག་པོ་རྩལ༔ བཞད་པའི་ཞལ་གདངས་མཆེ་བ་གཙིགས༔ མི་འགྱུར་ཆོས་ཉིད་དགོངས་པ་ཡིས༔ གཟུགས་སྣང་བསྒྲལ་པའི་ཤ་ཁྲག་དང༔ བག་ཆགས་རྟོག་པ་མ་ལུས་པ༔ འཁོར་བའི་ལམ་ལྔ་དགག་པའི་ཕྱིར༔ ཡེ་ཤེས་ཁྲོ་བོའི་ཞལ་དུ་བསྟབ༔ དུག་གསུམ་ཤ་ཁྲག་མཆོད་པ་འདི༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་འབུལ༔ ཧ་ཧ་བཞད་ཅིང་དགྱེས་པར་རོལ༔ རུས་པ་གིང་གི་ཚོགས་ལ་འབུལ༔ ཏྲུམ་ཏྲུམ་འཆོས་ཤིག་གིང་གི་ཚོགས༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁ་ཧི༔ རྩ་བར། སྤྲེ་འུ་ཁྱི་དཀར་སྤྱང་ཀི་ཡི༔ ཐོད་པར་འགོང་པོའི་ལིངྒ་གཞུག༔ ཅེས་གསུངས་པས། ཐོད་པ་དེ་གསུམ་གང་འབྱོར་གྱི་ནང་དུ་ཤོག་ལིང་། མནན་ཆས་སྤྱི་ལྟར་བྱས་ཏེ་རེ་བས་དྲིལ། ཚོན་སྐུད་ཀྱིས་བཅིངས། རྩང་གིས་རྒྱ་གྲམ་དུ་བརྒྱན་ལ། ལ་ཐེལ་གྱིས་མནན། མནན་དོང་ལག་ལེན་ལྟར་བྲུས་པའི་དྲུང་དུ་ཁྱེར་ལ། གསེར་སྐྱེམས་གཏང་། གཏོར་མ་ནག་པོ་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་བཤམས་པར་སྨན་རཀ་བྲན། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཞེས་བརླབས། མི་བསད་ཀྱི་རལ་གྲི་དངོས་སམ་རལ་གྲིའི་ཕྱག་རྒྱ་དང་བཅས་ཏེ། ས་ལ་བརྒྱབས་པས་ས་གཞི་ལིང་གིས་གས་ཏེ་རྒྱ་མཚོ་ཆེན་པོ་སྔོ་མེར་གྱིས་རྡོལ་བར་བསམ་ལ། ཨོཾ་ཀྲྀཥྞ་ཛ་མཱ་རི་ཧཱུྃ་ཛ༔ ཞེས་བརྗོད་པས་རྒྱ་མཚོའི་དབུས་ནས་ལས་ཀྱི་གཤིན་རྗེ་ནག་པོ་འཇིགས་སུ་རུང་བ་ཤིན་ཏུ་ཁྲོས་པའི་ཆ་བྱད་ཅན། གཡས་དབྱུག་པ་དང་། གཡོན་ཞགས་པ་ཐོགས་པ། མ་ཧེ་ནག་པོ་ལ་ཞོན་པ། འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཞིག་བྱུང་བར་བསམ་ལ། ཨོཾ་ཀྲྀཥྞ་ཛ་མཱ་རི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་བསྔོས་པས་དགྱེས་ཤིང་ཚིམས་པར་བསམ་ལ་གཏོར་མ་དོང་ནང་དུ་བསྐྱུར། འགོང་པོ་སྤུན་དགུ་འཁོར་དང་བཅས་པ་རྣམས་འཆི་བདག་གི་ལག་ཏུ་གཏད་པས་བསྐལ་པའི་བར་དུ་ཡང་ཐར་བ་མེད་པར་བསམ་ལ་མནན་ཐོད་ལག་ཏུ་ཐོགས་ཏེ། ཧཱུྃ༔ རི་རབ་ཆེན་པོའི་རྨང་འོག་ནས༔ རྒྱ་མཚོའི་གཏིང་རུམ་སླེབས་པ་ན༔ ལྕགས་ཀྱི་ཁང་པ་སྒོ་མེད་ན༔ ནག་པོ་ལུས་ཆེ་ཡན་ལག་རགས༔ ཁ་ནས་གཤིན་དྲིའི་རླངས་པ་འཐུལ༔ མ་ཧེ་ནག་པོ་རྟ་རུ་ཞོན༔ ལག་ན་དབྱུག་ཏོ་ཞགས་པ་ཐོགས༔ གཤིན་ཡུལ་འཇིག་རྟེན་དམེ་ནག་ཅེས༔ ཟིན་ནས་ཐར་ས་མེད་པའི་གནས༔ འཆི་བདག་ཆོས་ཀྱི་རྒྱལ་པོ་སྟེ༔ མངོན་ཤེས་མཐུ་དང་རྫུ་འཕྲུལ་ལྡན༔ དགེ་སྡིག་ཆོས་བཞིན་དབྱེ་བ་པོ༔ འགོང་པོ་ཁྱོད་ཀྱི་ལག་ཏུ་གཏད༔ འཆི་བདག་ནག་པོ་དམ་ཚིག་ཅན༔ འགོང་པོ་གཏད་ཀྱིས་སླར་མ་གཏང༔ ཀྲྀཥྞ་ཛ་མཱ་རི་ཧཱུྃ་ཛ༔ འགོང་པོའི་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་པྲེ་ཏ་གྷྲྀ་ཎ་ནི་ཁ་རཾ་ཁཱ་ཧི༔ ཞེས་བརྗོད། འདིར་འཆི་བདག་གི་ཞལ་གདངས་པའི་ནང་དུ་གདབ་པ་སོགས་ནི་མི་དགོས་ཏེ། བཙོན་རྫིར་བཙོན་པ་སྤྲད་པ་བཞིན་དུ་ཁྱེར་ཏེ་སོང་བར་བསམ། བསྐུལ་བ་ནི། ཧཱུྃ༔ ང་ནི་དུག་གསུམ་འཇོམས་པའི་སྐུ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ བྱེ་བ་དཔག་མེད་འགྱེད་པ་པོ༔ ང་ནི་སངས་རྒྱས་ཀུན་གྱི་དངོས༔ ང་ནི་རྒྱལ་བ་ཀུན་གྱི་རྗེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་ཡབ༔ ང་ནི་མ་མོ་ཀུན་གྱི་བདག༔ ང་ནི་འབྱུང་བ་ལྔ་ཡི་དབྱིངས༔ ང་ནི་སྲིད་པ་ཀུན་གྱི་མེས༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་བདུད་འདུལ་དྲག་པོ་རྩལ༔ ཁམས་གསུམ་ཀུན་གྱི་སྲོག་གི་བདག༔ སྐྱེ་མེད་འཆི་བྲལ་རྡོ་རྗེའི་སྐུ༔ འགག་མེད་རང་སྟོང་གྲགས་པའི་གསུང༔ སྤྲོས་མེད་བརྗོད་བྲལ་འགྱུར་མེད་ཐུགས༔ སངས་རྒྱས་ཆེ་བའི་ཡོན་ཏན་རྫོགས༔ ཕྲིན་ལས་ལྷུན་གྲུབ་འགྲོ་བ་འདུལ༔ ཐོགས་མེད་སྤྲུལ་པས་འོད་ཟེར་འགྱེད༔ སྲིད་པའི་ཡང་སྲིད་དམ་ཅན་ཚོགས༔ ཀུན་ཀྱང་སྔོན་གྱི་ཐ་ཚིག་བཞིན༔ དཔལ་གྱི་སྐུ་ལ་ད་ཆུམ་ཆུམ༔ སྣང་སྲིད་དྲེགས་པའི་ལྷ་སྲིན་ཚོགས༔ ཀུན་ཀྱང་ང་ཡི་བཀའ་འབངས་ཡིན༔ བཀའ་ལས་མ་འདའ་དམ་ལ་འདུས༔ ཐ་ཚིག་བཞིན་དུ་གཏོར་མ་ལོངས༔ དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཕྱི་རབས་བསྐལ་པ་སྙིགས་མའི་དུས༔ བོད་ཁམས་ཕུང་བྱེད་འགོང་པོ་དགུ༔ སེམས་ཅན་རྣམས་ཀྱི་བདུད་དུ་འབབ༔ དེ་ལས་སྤྲུལ་པའི་དམག་རིགས་དགུ༔ དེ་རྣམས་འབྱུང་བའི་རྟགས་དགུ་ནི༔ དུད་འགྲོའི་མཇུག་སྤུ་མགོ་ལ་འདོགས༔ འབངས་ཀྱིས་རྒྱལ་ལ་རྒོལ་བའི་དུས༔ རྒྱལ་ཁྲིམས་ཉམས་བྱེད་འགོང་པོ་ནི༔ མི་ལུས་སྤྲེ་འུའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མ་བུ་མི་གཅིག་གོས་སུ་གྱོན༔ བོད་འབངས་སིལ་བུར་འཐོར་བའི་རྟགས༔ སྡེ་པ་ནང་འཁྲུགས་འགོང་པོ་ནི༔ མི་ལུས་སེང་གེའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ ཕུ་དུང་ཁ་མཐུད་དམར་པོ་འདོགས༔ སྙིང་རྗེ་མེད་པ་བཤན་པའི་རྟགས༔ སྲོག་གཅོད་ནག་པོའི་འགོང་པོ་ནི༔ མི་ལུས་སྤྱང་ཀིའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མི་ཚེ་ཆོ་ལོང་ལས་ལ་དགའ༔ བསོད་ནམས་དབང་ཐང་ཉམས་པའི་རྟགས༔ སླུ་བྱེད་གཡོ་སྒྱུའི་འགོང་པོ་ནི༔ མི་ལུས་ཞུ་མེའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མགོ་ལ་རྒྱ་ཞུ་དཀར་པོ་གྱོན༔ རྔམས་སེམས་མེ་ལྟར་འབར་བའི་རྟགས༔ ཚུལ་ཆོས་བདུད་ཀྱི་འགོང་པོ་ནི༔ མི་ལུས་རྔ་མོའི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ གནས་དགོན་ཐམས་ཅད་འཐབ་ར་འཆའ༔ བོད་ཁམས་ནང་འཁྲུག་དར་བའི་རྟགས༔ ཁམས་གསུམ་ཕུང་བྱེད་འགོང་པོ་ནི༔ མི་ལུས་ཁྱི་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ མཐའ་མིའི་སྤྱོད་པ་དབུས་སུ་དར༔ དམག་རིགས་སྡེ་དགུ་ཡོང་བའི་རྟགས༔ རྒོལ་བྱེད་འཁྲུག་པའི་འགོང་པོ་ནི༔ མི་ལུས་བྱ་ཡི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ སེང་སློག་ཝ་ཡིས་གྱོན་པའི་དུས༔ སངས་རྒྱས་བསྟན་པ་རྫོགས་པའི་རྟགས༔ ནག་པོ་ཆོམ་བྱེད་འགོང་པོ་ནི༔ མི་ལུས་སྟག་གི་མགོ་ཅན་ཁྱོད༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ ཉི་ཟླ་མཐའ་ལ་སྤྱོད་པའི་དུས༔ ནག་པོ་མུན་འཐིབས་འབྱུང་བའི་རྟགས༔ སྡུག་བསྔལ་ཉིད་འཕེལ་འགོང་པོ་ནི༔ མི་ལུས་རྔམས་ཤིང་ཁྲོ་སེམས་ཅན༔ ཁྲོ་རྒྱལ་འབར་བས་འགུགས་ཤིང་གནོན༔ ཕ་ནི་དམ་སྲི་མགོ་དགུ་པ༔ མ་ནི་ཕུང་བྱེད་ནག་མོ་ལ༔ བུ་ནི་འགོང་པོ་སྤུན་དགུ་སྐྱེས༔ ཆོ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད༔ འཛམ་གླིང་འཇོམས་པའི་གོ་གདུག་ཅན༔ ཁྱོད་ཀྱི་མཐུ་སྟོབས་མ་ལུས་ཀུན། །གསང་བདག་པདྨའི་ཐུགས་རྗེ་ཡིས༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་བརྗོད། རྡི་ཨ་ཡཾ༔ ཞེས་བརྗོད་པས་གཤིན་རྗེ་རླུང་གིས་བསྐྱོད་དེ་རང་གནས་རྒྱ་མཚོའི་གཏིང་རུམ་དུ་ནུབ་པར་བསམ། དུར་གཡམ་ལ་རི་གླིང་དང་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཀབ། ནམ་མཁའ། རླུང་། མེ། ཆུ། ས་རྣམས་ཀྱི་དཀྱིལ་འཁོར་རིམ་པར་ཆགས་པས་མནན་པར་བསམ་སྟེ་མེ་ཆུའི་རྒྱས་འདེབས་ཀྱི་མཐར་སས་བྱིབས། ནྲྀ་ཏྲི་སརྦ་སཏྭཾ་བྷ་ཡ་ལཾ་ནན༔ ཞེས་བརྗོད་ཅིང་། རི་རབ་ཀྱི་སྟེང་དུ་དོན་ཡོད་གྲུབ་པའི་ཕོ་བྲང་བཏབ་པར་བསམ་ལ་རྟ་བྲོ་བཀའ་བརྒྱད་ལྟར་རམ། ཡི་དམ་རང་གཞུང་གི་བྲོ་བརྡུངས་ལ། སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་གདབ་བོ། །མི་དམིགས་ཆོས་ཀྱི་དབྱིངས་སུ་ས་མཱ་དྷི། །ཞེས་བརྗོད་ལ་ཀ་དག་གི་ངང་དུ་མཉམ་པར་བཞག ༈ །གལ་ཏེ་མནན་པ་མི་བྱེད་པར་ལས་མཇུག་སྲེག་པས་བསྡུ་ན། གོང་གི་ཞལ་བསྟབ་ཚར་མ་ཐག །ཚེར་མ་ཅན་གྱི་ཤིང་ལ་ཐབ་གྲུ་གསུམ་དུ་བརྩིག །སྨན་རཀ་གཏོར་མ་ཉེར་སྤྱོད། ཡུངས་དཀར་ལ་དུག་ཁྲག་བཏབ་པ་མར་ཁུས་སྦགས་པ་སོགས་བཤམ། ལིངྒ་ཐབ་ཀྱི་བར་སྣང་ལ་བརྒྱང་། མར་ནག་བསྐོལ་བ་དང་ཨ་རག་གི་ཉིང་ཁུ་ཡང་འདུ་བྱ། མཆོད་གཏོར་སྨན་རག་རྣམས་ཐུགས་སྒྲུབ་ལས་གཞུང་ངམ་ཕུར་པ་ལྟར་བྱིན་གྱིས་བརླབ། ཡུགས་སའི་མེ་མགལ་འབར་བའི་ལྕེ་བདེ་ལས་མེ་སྤར། ཐབ་ཁུང་བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཐབ་ཁུང་གྲུ་གསུམ་པ་མེ་རབ་ཏུ་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མེ་ལྷ་རྡོ་རྗེ་དྲག་པོ་རྩལ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སུ་གྱུར་པ་ནི། རྡོ་རྗེ་བྲག་ཆེན་པདྨ་དང༔ ཉི་ཟླ་སྡེ་བརྒྱད་རུ་དྲའི་སྟེང༔ ཧཱུྃ་དང་རྡོ་རྗེའི་འཕྲོ་འདུ་ལས༔ མེ་ལྷ་རྡོ་རྗེ་གཞོན་ནུའི་སྐུ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ ཅེས་པ་ནས། ཕུར་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་ཕུར་པ་དྲིལ་སྒྲུབ་ཀྱི་ཕྲིན་ལས་ལྟར་བྱ། རྩ་བར། མཆོད་རྫས་ནི་མར་གྱིས་སྣ་དྲངས་སྨན་ཕུད་རཀྟ་གཏོར་མ་འབུལ༔ སྲེག་རྫས་ནི་ཡུངས་དཀར་གྱིས་སྣ་དྲངས་ལ་དུག་ཁྲག་དང་ལིང་ག་བསྲེག༔ ཅེས་གསུངས་པ་ལྟར་བླུག་གཟར་དུ་མར་ཁུ་བཀོལ་བ་ལ་དགང་གཟར་གྱིས་བདུད་རྩི་བཏབ་པ་དབུལ་ཞིང་། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་གྲོལ་བའོ༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེ་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དགང་བླུག་གིས་གཏོར་མ་འབུལ་ཞིང་། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བདུད་རྩིའི་སྐབས་ལྟར་རཀྟ་དགང་བླུག་གིས་དབུལ་ཞིང་། ཧཱུྃ༔ ཁམས་གསུམ་འཁོར་བའི་ཉོན་མོངས་དག་བྱའི་ཕྱིར༔ རྒྱུད་དྲུག་བསྒྲལ་པའི་རཀྟའི་མཆོད་པ་འདི༔ ཐུགས་རྗེ་ཆགས་པས་འགྲོ་བའི་དོན་མཛད་པའི༔ ཁྲག་འཐུང་ཁྲོ་བོའི་ཚོགས་ལ་མཆོད་པར་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ བསྲེག་རྫས་འབུལ་ཞིང་། ཧཱུྃ༔ རྣམ་བཞིའི་ཕྲིན་ལས་རྫོགས་པའི་མེ་ཀློང་ནས༔ དཔལ་ཆེན་ཡབ་ཡུམ་ཁྲོ་བོ་ཁྲོ་མོའི་ཚོགས༔ སྤྲུལ་པ་ཁྲ་ཐབས་རིགས་ལྔ་ཀཱི་ལ་ཡ༔ དམར་ནག་སྡེ་གསུམ་བཤན་པ་དྲེགས་པ་ལ༔ དམ་རྫས་དྲག་པོའི་སྦྱིན་སྲེག་མཆོད་པར་འབུལ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ བཛྲ་ཛྭ་ལ་རཾ་རཾ༔ དམ་སྲི་འགོང་པོ་མཱ་ར་ཡ་ཁ་རཾ་ཁཱ་ཧི༔ ཞེས་ལན་གྲངས་ཇི་ལྟར་འོས་པ་འབུལ་ལ་འགོང་པོའི་ལུས་ངག་ཡིད་གསུམ་དྲག་པོའི་མེས་བསྲེགས། ཕུང་པོ་ལྷ་རྣམས་ཀྱི་ཞལ་དུ་གསོལ་བར་བསམ་ལ་བཞེས་སྒྲ་དྲག་པོ་དང་བཅས་འཕྲུལ་མེས་ལིངྒ་བསྲེག །སླར་ཡང་མཆོད་བསྟོད་བཟོད་གསོལ་བྱ། མེ་ལྷའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། ཕུར་པའམ་བཀའ་བརྒྱད་ལྟར་བྲོ་བརྡུང་བྱའོ།། །།ཡང་ཡི་དམ་གཞན་དང་འབྲེལ་བའམ་ཕུར་པའི་དཔེ་ལུང་མི་འབྱོར་ན། ཞལ་བསྟབ་འཕྲོས་སུ་ཐབ་གོང་ལྟར་བརྩིག །དུག་ཐུན་ཁྲག་སྣ་ལིངྒ་སོགས་བསྲེག་རྫས་འདུ་བྱ། གདོལ་བཤན་ནམ་ཡུགས་སའི་མེས་ཧོམ་སྦར། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཐབ་ཁུང་གྲུ་གསུམ་པ། མེ་རབ་ཏུ་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དཔལ་ཆེན་ཧེ་རུ་ཀ་ཐམས་ཅད་འདུས་པའི་ངོ་བོ་རྡོ་རྗེ་དྲག་པོ་རྩལ་ཞལ་གནམ་ས་ལྟར་གདངས་པའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་གསལ་བར་གྱུར། ཅེས་གསལ་བཏབ་ནས་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་ཧཱ་པཉྩ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པ་དང་། ཕྱག་བྱར་འོས་པས་བསྟོད། ལིངྒ་བར་སྣང་དུ་བརྒྱང་ལ་འཕྲུལ་མེས་བསྲེག་པར་འདོད་ན་ལག་ལེན་གོང་ལྟར་བྱ་ཞིང་། བསྲེག་རྫས་དང་མཉམ་དུ་མེ་ཧོམ་དུ་ཕུལ་ནའང་ཆོག་ལ་གང་ལྟར་སྐུལ་ཚིག་ནི། ཧཱུྃ༔ ཡེ་ཤེས་བསྐལ་མེ་འབར་བའི་ཧོམ་ཁུང་དུ༔ ཟིལ་གནོན་ཁྲོ་རྒྱལ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྲག་འཐུང་སྤྲུལ་པའི་ཕོ་ཉར་བཅས་པ་ལ༔ དམ་སྲི་འགོང་པོ་གནོད་བྱེད་གདོན་བགེགས་ཀྱི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ དོན་སྙིང་ནང་ཁྲོལ་དབང་པོའི་མཆོད་པ་འབུལ༔ ཕུང་ཁམས་སྐྱེ་མཆེད་བཀྲག་མདངས་མཆོད་པ་འབུལ༔ བླ་ཚེ་སྲོག་དབུགས་དབང་ཐང་མཆོད་པ་འབུལ༔ ཡུལ་མཁར་ལོངས་སྤྱོད་འཁོར་བཅས་མཆོད་པ་འབུལ༔ བཞེས་ཤིག་རོལ་ཅིག་ལྷག་མེད་ཁ་རཾ་ཁཱ་ཧི༔ ཨོཾ་ཀརྨ་རཀྴ་ཀྲོ་ཏ་སརྦ་དུཥྚཱཾ་ཧཾ་ཤཾ་ཏྲི་ཛྭ་ལ་རཾ༔ འགོང་པོ་སྤུན་དགུ་འཁོར་དང་བཅས་པ་མཱ་ར་ཡ་ཁ་རཾ་ཁཱ་ཧི༔ ཞེས་ཤོག་ལིང་ཧོམ་དུ་བསྲེགས་པས་ལྷག་མེད་དུ་སོང་བར་བསམ། མེ་ལྷ་མེ་འབར་བའི་རྣམ་པར་གྱུར། རྗེས་སུ་བྲོ་བརྡུང་བས་ལས་གསོར་མི་རུང་བ་ཡིན་ཞེས་གསུངས་པས་རང་གཞུང་གི་རྟ་བྲོ་བརྡུང་། གང་ལྟར་དེ་དག་གྲུབ་པའི་རྗེས་སུ་སྲུང་མའི་མཆོད་གསོལ། ཚོགས་སྐོང་། རྗེས་ཀྱི་ཆོ་ག་རྣམས་རང་གཞུང་ལྟར་བྱའོ།། །།གཞན་ཡང་རྩ་བའི་གཞུང་ལས། ནང་འཁྲུག་ཆོ་འཕྲུལ་བག་རེ་ལ༔ བརྒྱ་རྩ་རེ་ལས་མང་མི་བྱ༔ རྨི་ལམ་ཆོ་འཕྲུལ་བྱུང་བ་ལ༔ ཉི་ཤུ་གཅིག་ལས་མང་མི་དགོས༔ ཐོ་རངས་སྔ་དྲོ་དང་པོ་ལ༔ བདུན་བདུན་བཟླས་པས་ནོན་འགྱུར་ཡིན༔ ཞེས་གསུངས་པས་དེ་རྣམས་ཡིད་ལ་གཟུང་ཞིང་ཐོ་རེངས་རྒྱུན་གྱི་རྣལ་འབྱོར་གུ་རུ་དྲག་པོའི་རིགས་སམ་མ་གཤིན་ཕུར་སོགས་གང་ཡང་རུང་བའི་ང་རྒྱལ་གྱིས་བདུན་ཙམ་རེ་བཟླ་བ་ནི་རྒྱུན་གྱི་བར་གཅོད་ཞི་བ་ལ་ངེས་པར་གནད་ཟབ་པ་ཡིན་ཞེས་གསུངས་པ་དང་། ཁྲག་འཐུང་ནམ་མཁའ་འཇིགས་མེད་དང་ཀློང་གསལ། གནམ་ཆོས་རིག་འཛིན་རྡོ་རྗེ་དྲག་པོའི་དགོངས་གཏེར་རྣམས་ལས་འབྱུང་བ་དུས་ཀྱི་འགོང་པོའི་སྲུང་བ་བློ་ལ་ཡོད་ཆོག་ལ་སོགས་པའང་སྙིགས་མའི་དུས་འདིར་དོ་གལ་ཤིན་ཏུ་ཆེ་བར་སྣང་བས། རང་གཞན་ལ་ལེགས་པར་འདོད་པ་རྣམས་ཀྱིས་བཏང་སྙོམས་སུ་མི་འདོར་བར་ཉམས་སུ་བསྟར་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སེམས་སོ། །དུས་ཚོད་འདི་འདྲར་གདམས་ཟབ་འདི། །མཁོ་ཡང་ལག་ཏུ་ལེན་མཁན་མེད། །སྤྱི་དོན་སྒྲུབ་ན་རང་དོན་འབྱུང་། །རང་དོན་བསྒྲུབས་པས་གཉིས་ཀ་ཉམས། །ཆེ་དགུ་དོན་མེད་གཡེང་བས་ཁྱེར། །དམན་རྣམས་སྡུག་བསྔལ་ཤ་ཐང་ཆད། །སྔགས་པ་ནུས་མེད་ཞེ་རྩ་འཁུམས། །སུས་ཀྱང་བཀའ་བཞིན་སྒྲུབ་མི་ནུས། །དེས་ན་འདི་འདྲས་རང་གཞན་ལ། །ཕན་པའི་གོ་སྐབས་འབྱུང་དཀའ་ཡང་། །པད་བསྟན་རྒྱས་པའི་ཞབས་འདེགས་སུ། །སྦྱར་བའི་དགེ་བའང་དེར་གྱུར་ཅིག །ཅེས་པའང་རྩ་བའི་གཞུང་དང་རྡོར་བྲག་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་ཡིག་ཆ་རྩ་བར་བཟུང་། རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱི་ལེགས་ཆས་བརྒྱན་ཏེ་སུས་ཀྱང་ལག་ཏུ་བླང་བདེ་བར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། །སྔོན་འགྲོའི་རྣལ་འབྱོར་སྙིང་པོ (Volume 17, Text 33)
༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། །སྔོན་འགྲོའི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་སྔོན་འགྲོའི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ནི། གཞུང་རྩ་བ་ལས། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ངེས་འབྱུང་དྲག་པོས་རང་རྒྱུད་སྦྱང༔ སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ ཅེས་གསུངས་ཏེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། དབང་དང་མན་ངག་ཐོབ་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གནས་དབེན་པར་སྟན་བདེ་བ་ལ་དུག།ལུས་གནད་བསྲང་། རླུང་རོ་བསལ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། བླ་མ་སྤྱི་བོར་བསྒོམ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མཐར་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་ལ་དྲན་པ་མངོན་དུ་བཞག་སྟེ་ཁྲིད་ཀྱི་སྔོན་འགྲོའི་དམིགས་རིམ་ལ་འཇུག་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དཔལ་ཆེན་ཡང་དག་ཟབ་ཏིག་ལས། དལ་འབྱོར་རྙེད་དཀའ་དོན་ཆེ་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ཡིད་འབྱུང་དྲག་ཏུ་བསྐྱེད༔ ཅེས་གསུངས་པ་ལྟར་རེ་རེ་ནས་ཞིབ་ཏུ་དཔྱད་ཅིང་སེམས་བཟུང་ལ་མྱོང་བ་ཐོན་པར་བྱའོ། །གཉིས་པ་ཐུན་མིན་ལ་གསུམ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པ་ལས་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ། དྲེགས་པ་མ་ཧེ་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་འཇམ་དཔལ་ཁྲག་འཐུང་ཆེན་པོ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་དབྱིངས་ཉིད་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ཅི་ནུས་སུ་བྱ། གཉིས་པ་སེམས་སྐྱེད་ནི། སྐྱབས་ཡུལ་དཔང་པོར་བཞུགས་པའི་ཚུལ་གྱིས་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ཇི་ལྟར་རིགས་པ་བརྗོད་པའི་སྒོ་ནས་གསལ་གདབ། མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་དོན་དམ་བྱང་སེམས་ཀྱི་ངང་དུ་མཉམ་པར་བཞག །གསུམ་པ་བླ་མའི་རྣལ་འབྱོར་ལ་དྲུག །རྟེན་བསྐྱེད་པ། ཚོགས་གསག་པ། སྡིག་སྒྲིབ་སྦྱོང་བ། གསོལ་བ་གདབ་པ། དབང་བླང་བ། དེ་ཁོ་ན་ཉིད་ལ་བློ་བཞག་པའོ། །དང་པོ་ནི། ཨ༔ སྣོད་བཅུད་འཛིན་ཞེན་དབྱིངས་སུ་ཐིམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་འཇམ་པའི་དབྱངས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ རང་འོད་རིག་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ དཔལ་ཆེན་ཟིལ་གནོན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་འཁོར་ལོ་བེ་ཅོན་འཛིན༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ བདེ་དྲོད་མེ་དཔུང་འབར་བའི་ཀློང༔ དྲེགས་པ་པད་ཉིའི་གདན་ལ་འགྱིང༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ གཉིས་པ་ཚོགས་གསག་ལ་གཉིས། ཡན་ལག་བདུན་པ་བྱ་བ་དང་། མཎྜལ་འབུལ་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ གཉིས་པ་མཎྜ་ལ་ནི། ཨོཾ་ཨཱཿཧཱུྃ༔ འཁོར་འདས་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜ་ལས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་རཏྣ་མཎྜལ་པཱུ་ཛ་ཨཱཿཧཱུྃ༔ གསུམ་པ་སྡིག་སྒྲིབ་སྦྱོང་བ་ནི། ཐུགས་ཀར་ཟླ་སྟེང་མཱུཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཉམས་ཆག་སྦྱངས༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་ཝཱ་གཱི་ཤྭ་རི་ཡ་མཱནྟ་ཀ་མཱུཾ་ཧཱུྃ༔ ཞེས་འཇམ་དཔལ་ཞི་ཁྲོའི་སྔགས་སྦྲེལ་བ་ཅི་ནུས་སུ་བཟླ །བཞི་པ་གསོལ་འདེབས་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་འདེབས་ཤིང༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཤིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་སྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲག་པོས་ཡང་ནས་ཡང་དུ་གསོལ་བ་གདབ། ལྔ་པ་དབང་ལེན་ནི། རིགས་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབས༔ དབང་བཞིའི་ཡེ་ཤེས་འཕེལ་བར་གྱུར༔ ཅེས་བརྗོད་ཅིང་བསམས་ལ་སེམས་བཟུང་། དྲུག་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། ཐུན་བསྡུ་བའི་ཚེ། བླ་མ་ཞི་ཁྲོ་ཡབ་ཡུམ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་མོས་ཏེ་ཐུགས་ཡིད་བསྲེས་ལ། རིག་པའི་གཤིས་དམིགས་མེད་དུ་རྗེན་ནེ། གདངས་བརྗོད་བྲལ་དུ་ལམ་མེ། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་གཉུག་མའི་ངང་བསྐྱང་ཞིང་ལམ་དུ་ཁྱེར་བ་ལ་བསླབ་པར་བྱའོ། །ཞེས་པའང་གཞུང་རྩ་བ་དང་། དཔལ་ཆེན་ཡང་དག་གི་ཟབ་ཏིག་ལས་ཇི་ལྟར་འབྱུང་བ་བཞིན་ངག་འདོན་སྙིང་པོར་དྲིལ་བའི་ཚུལ་གྱིས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་སྦྱར་བའི་དགེ་བས། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བླ་མ་འཇམ་དཔལ་ཞི་ཁྲོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། ༈ །།འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་མཐུ་སྟོབས་མེ་འབར་ཞེས་བྱ་བ་བཞུགས། རྒྱལ་ཀུན་ཡབ་གཅིག་ཆོས་སྐུ་ཀུན་ཏུ་བཟང་། །མཁྱེན་རབ་མངའ་བདག་ལོངས་སྐུ་འཇམ་པའི་དབྱངས། །སྤྲུལ་སྐུ་འཁོར་འདས་ཕྱག་རྒྱ་ཟིལ་གནོན་ལ། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །སྐུ་ཡི་རིག་འཛིན་མཉྫུ་ཤྲཱི་མི་ཏྲ། །སྨྲ་བའི་སེང་གེ་བློ་ལྡན་མཆོག་སྲེད་ཞབས། །དྲག་སྔགས་གཤིན་རྗེའི་བཀའ་བབས་གནུབས་ཆེན་ལ། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །འཇམ་དཔལ་ཆོས་རྒྱལ་ཚུལ་བཟུང་ཁྲི་སྲོང་རྗེ། །དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་མ། །སྙན་བརྒྱུད་མཛོད་འཆང་འཇིགས་བྲལ་མདོ་སྔགས་གླིང་། །གསོལ་བ་འདེབས་སོ་གཟུང་འཛིན་ཚར་ཆོད་ཤོག །གནས་པའི་འཁོར་ལོ་གཞི་དབྱིངས་གཏན་ལ་ཕེབས། །སྲིད་པའི་འཁོར་ལོ་འཁྲུལ་སྣང་དབྱིངས་སུ་བསྒྲལ། །སྤྲུལ་པའི་འཁོར་ལོའི་སྨིན་གྲོལ་ནུས་མཐུ་ཐོབ། །གཅོད་པའི་འཁོར་ལོས་འགྲོ་ཀུན་ཡོངས་སྒྲོལ་ཤོག །ཅེས་པའང་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་མདོ་གཞུང་ཨེ་ཝཾ་ཆོས་སྒར་དུ་མེ་ཡོས་ཁྲུམས་སྟོད་ཟླ་བའི་ཉེར་དགུའི་སྲོད་ལ་བྲིས་པ་ཕྱི་ནང་གསང་བའི་བདུད་སྡེ་ཚར་གཅོད་པར་གྱུར་ཅིག། །།འདིའང་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་གིས་གདམས་པའོ།། །།
སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (Volume 48, Text 33)
༁ྃ༔ སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ དཔལ་ལྡན་རྡོ་རྗེ་སེམས་ལ་འདུད༔ དེ་ཉིད་སྒྲུབ་སོགས་མན་ངག་གིས༔ སྒྲིབ་པ་མ་ལུས་སྦྱོང་བའི་ཐབས༔ ཐུགས་རྗེའི་ཆུ་རྒྱུན་འདི་དག་ལ༔ ངེས་འབྱུང་བསམ་པ་བརྟན་པོ་ཡི༔ ཐར་འདོད་བློ་དང་སྙིང་རྗེ་ཆེ༔ དངོས་གྲུབ་གེགས་གྱུར་སྡིག་སྒྲིབ་ཚོགས༔ རྐྱོན་དུ་མཐོང་བའི་རྣལ་འབྱོར་པས༔ རྡོ་རྗེ་སེམས་དཔའ་སྒྲུབ་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ བླ་མ་རྡོ་རྗེ་སེམས་དཔའ་ནི༔ མཆོག་གསུམ་རྒྱལ་བ་འདུས་པའི་གཟུགས༔ སྲས་དང་མཁའ་འགྲོའི་ཚོགས་བཅས་ལ༔ བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ མཁའ་མཉམ་འགྲོ་རྣམས་སྒྲོལ་སླད་དུ༔ རྡོ་རྗེ་སེམས་དཔའི་རྗེས་སུ་སྤྱོད༔ སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ༔ བདེ་བར་རྟག་གནས་མཉམ་པ་ཉིད༔ རང་བྱུང་སྟོང་གསལ་མཐའ་བྲལ་བསྒོམ༔ གཉིས་པ་བསྐྱེད་རིམ་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཀུན་ཡེ་དག་སྙིང་རྗེའི་རྩལ༔ ཟུང་འཇུག་ཧཱུྃ་གི་འཕྲོ་འདུ་ལས༔ རྡོ་རྗེ་མེ་རི་འབྱུང་བ་ལྔ༔ ཡེ་ཤེས་གཞལ་ཡས་ཁང་ལ་སོགས༔ མངོན་དགའི་ཞིང་ཁམས་ལྷུན་གྱིས་གྲུབ༔ དེ་དབུས་པདྨའི་གེ་སར་ལ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ འཕགས་པ་མཆོད་ཅིང་འགྲོ་དོན་བྱས༔ ཚུར་འདུས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་འཛུམ་སྐྱིལ་ཀྲུང་བཞུགས༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ སྙེམས་མ་དཀར་མོ་གྲི་ཐོད་ཅན༔ འཁྲིལ་སྦྱོར་ཞི་བའི་ཚུལ་དགུ་དང༔ རྒྱན་ཆས་བཅུ་གསུམ་དག་གིས་སྤྲས༔ འཇའ་ཟེར་ཐིག་ལེའི་ཀློང་དུ་གསལ༔ རྡོ་རྗེ་གསང་གསུམ་ཨོཾ་ཨཱཿཧཱུྃ༔ ཡེ་དབང་ཡོངས་རྫོགས་ཡེ་ཤེས་ལྔ༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རང་བཞིན་དབྱིངས་ནས་སྤྱན་དྲངས་བསམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་སུ་སྙོམས་ཞུགས་པའི༔ རྒྱལ་བ་སྲས་དང་བཅས་རྣམས་ཀྱང༔ གཟུགས་སྐུ་རྡོ་རྗེ་སེམས་དཔར་བཞེངས༔ ཐུགས་རྗེས་ཉེ་བར་འདིར་གཤེགས་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿས་གཉིས་མེད་བསྟིམ༔ ཧཱུྃ༔ ཡེ་ཤེས་རྡོ་རྗེ་སེམས་དཔའ་ཆེ༔ བྱང་ཆུབ་བར་དུ་ལེགས་བཞུགས་ཤིང༔ མཐའ་ཡས་འགྲོ་རྣམས་སྒྲོལ་མཛད་པའི༔ བདེ་གཤེགས་གཙོ་ལ་ཕྱག་འཚལ་ལོ༔ ཏིཥྛ་ལྷན༔ ན་མོ་ཧཱུྃ༔ ཐུགས་ལས་མཆོད་པའི་ལྷ་མོ་སྤྲོ༔ ཧཱུྃ༔ བསོད་ནམས་རྒྱ་མཚོ་ལས་བྱུང་བའི༔ ནམ་མཁའི་མཐའ་ཀླས་ཡེ་ཤེས་ཀྱི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་སྣང་གསལ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་བསམ་ཡས་པ༔ རྡོར་སེམས་སྲས་དང་བཅས་ལ་འབུལ༔ ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཨོཾ་གུ་རུ་བཛྲ་སཏྭ་ཨརྒྷཾ་སོགས་ནས༔ ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་དང༔ རྒྱལ་སྲིད་བཀྲ་ཤིས་རྟགས་རྫས་སོགས༔ ཀུན་བཟང་མཆོད་སྤྲིན་ཆེན་པོ་ཡིས༔ བླ་མ་རྡོར་སེམས་མཉེས་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཧཱུྃ༔ ཡེ་ཤེས་ཚད་མེད་དཔའ་བོའི་ཕུད༔ བདེ་བ་ཆེན་པོའི་དམར་ཆེན་པོ༔ འདོད་ཡོན་གཏོར་མའི་སྤྲིན་ཕུང་རྣམས༔ བླ་མ་རྡོ་རྗེ་སེམས་ལ་འབུལ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཐབས་ཤེས་བདེ་སྟོང་རོལ་པ་ཡི༔ གཉིས་མེད་རྣལ་འབྱོར་དགྱེས་པ་བསྐྱེད༔ མ་རིག་གཉིས་འཛིན་འཁྲུལ་པའི་བདུད༔ རང་གསལ་དམིགས་མེད་བསྒྲལ་བས་མཆོད༔ མཆོད་དང་མཆོད་བྱ་མི་དམིགས་ཀྱང༔ རང་རྩལ་ལྷུན་གྲུབ་མཉེས་པ་ཆེ༔ མ་ཧཱ་སུ་ཁ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ དོན་ལ་རྡོ་རྗེའི་གླུ་ཡིས་བསྟོད༔ ཧཱུྃ༔ མི་གཡོ་ཤེས་རབ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་ཐབས་མཁས་སྤྲུལ་པའི་སྐུ༔ དབྱེར་མེད་རྡོ་རྗེ་སེམས་ལ་འདུད༔ དྲི་མེད་དུང་མདོག་མཚན་དཔེ་རྫོགས༔ སྣང་སྟོང་གཉིས་མེད་རྡོར་དྲིལ་འཛིན༔ རྡོ་རྗེ་སྙེམས་མར་མཉམ་སྦྱོར་བ༔ ཕྱག་འཚལ་རྡོ་རྗེ་སེམས་ལ་འོ༔ དེ་ནས་བཟླ་བྱའི་དམིགས་པ་ནི༔ ཐུགས་ཀར་འོད་ཀྱི་དཔལ་བེའུའི་དབུས༔ ཡེ་ཤེས་སེམས་དཔའ་རང་འདྲ་བའི༔ ཡབ་ཀྱི་ཐུགས་ཀར་པད་ཟླའི་སྟེང༔ རྡོ་རྗེ་དཀར་པོ་རྩེ་ལྔ་པའི༔ ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་ལུས་གང་རྟོག་སྒྲིབ་སྦྱངས༔ ཕར་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་ཚུར་བསྡུས་བཀྲག་མདངས་འབར༔ འགྲོ་བའི་ལས་ཉོན་སྒྲིབ་པ་སྦྱངས༔ རྡོ་རྗེ་སེམས་དཔའི་ས་ལ་བཀོད༔ ཕྱི་སྣོད་རྡོ་རྗེ་སེམས་དཔའི་ཞིང༔ ནང་བཅུད་རྡོར་སེམས་ཡབ་ཡུམ་སྐུ༔ གྲགས་པ་སྔགས་ཀྱི་སྒྲ་གདངས་འུར༔ རང་རིག་གསལ་སྟོང་ལྷང་ངེ་བ༔ མ་བཅོས་རྩོལ་མེད་ངང་ལ་བཞག༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཡང་ན་ཡང་སྙིང་འདི་བཟླས་ཏེ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དེ་ལྟར་ཡི་གེ་བརྒྱ་པ་འདི༔ ལན་གཅིག་བརྒྱ་རྩ་བཟླས་པ་ཡིས༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་སྦྱང༔ སྒྲིབ་པ་ཤིན་ཏུ་འཐུག་པ་ཡིས༔ འབུམ་ཕྲག་གཅིག་བཟླས་ལས་ཀུན་འགྲུབ༔ ཡང་ན་ཡང་སྙིང་ཡི་གེ་དྲུག༔ འབུམ་ཕྲག་བཅུ་དྲུག་བཟླ་བར་བྱ༔ མཚམས་མེད་ལྔ་ཡི་སྡིག་ལ་སོགས༔ ཉམས་ཆག་མ་ལུས་བྱང་བར་འགྱུར༔ རྩ་བའི་དམ་ཚིག་ཉམས་པ་ཡང༔ འདི་ཡིས་བྱང་བར་ཐེ་ཚོམ་མེད༔ གལ་ཏེ་ཉམས་འགལ་འདས་རལ་གྱི༔ ཚོད་དང་སྦྱར་ཏེ་བཟླ་བར་བྱ༔ རླུང་ནི་འབྱུང་འཇུག་གནས་གསུམ་ལ༔ སྦྱར་ཏེ་བཟླས་ན་མཆོག་ཏུ་ཟབ༔ ཐུན་བཟླས་རྫོགས་དུས་བསྡུ་རིམ་ནི༔ ཐུགས་ཀའི་འོད་ཀྱིས་སྣོད་བཅུད་རྣམས༔ འོད་ཞུ་ཡེ་ཤེས་སེམས་དཔར་བསྟིམ༔ དེ་ཡང་ཧཱུྃ་གི་བར་དུ་བསྡུ༔ དམིགས་མེད་ཀ་དག་ངང་དུ་བཞག༔ སླར་ཡང་ཆུ་ལས་ཉ་ལྡང་ལྟར༔ རྡོ་རྗེ་སེམས་དཔའི་སྐུ་རུ་གསལ༔ གནས་གསུམ་རྡོ་རྗེས་རྒྱས་བཏབ་ཅིང༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་བལྟ༔ དགེ་བ་བསྔོ་བས་རྒྱས་གདབ་སྟེ༔ བླ་མ་རྡོ་རྗེ་སེམས་དཔའ་དགོངས༔ འདི་ལྟར་དགེ་སྤྱད་བསོད་ནམས་གང༔ མཐའ་ཡས་སེམས་ཅན་རྣམས་ལ་བསྔོ༔ སྒྲིབ་གཉིས་ཀུན་ཟད་ཡོན་ཏན་རྫོགས༔ འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་འབྱོར༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ དེ་ནས་ཤིས་པའང་བརྗོད་པར་བྱ༔ གཞན་ཡང་དགེ་ཚོགས་རྒྱ་ཆེན་བསྒྲུབ༔ ས་མ་ཡ༔ ཁྱད་པར་ཉམས་ཆག་བསྐང་བའི་ཕྱིར༔ རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞེངས༔ མཎྜལ་བདུད་རྩིས་ཆག་ཆག་གདབ༔ རྡུལ་ཚོན་ཚུལ་བཞིན་བྲི་བ་འམ༔ ཡང་ན་ཤིང་ངམ་རས་ལ་སོགས༔ བྲིས་པ་བཀྲམ་ཞིང་དེ་ཡི་སྟེང༔ རང་བྱུང་ཤེལ་ལ་བྲིས་པའི་སྐུ༔ དམ་ཚིག་རྟེན་བཤམ་མཆོད་གཏོར་བཀྲམ༔ མཆོད་པ་རཾ་ཡཾ་ཁཾ་གིས་སྦྱང༔ སྟོང་པའི་ངང་ལས་ཞིང་ཁམས་མཆོག༔ རིན་ཆེན་གཞལ་མེད་ཁང་དང་བཅས༔ རྒྱན་བཀོད་ལོངས་སྤྱོད་ཕུན་སུམ་ཚོགས༔ བྷྲཱུྃ་ལས་བྷཉྫའི་སྣོད་རྣམས་སུ༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་སྤྲིན༔ སྨན་རཀ་གཏོར་གསུམ་ཕྱི་ནང་གསང༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས༔ ཤབྡ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ དེ་ལྟར་མཆོད་རྫས་བྱིན་བརླབས་ནས༔ དངོས་གཞི་རྟེན་བསྐྱེད་ཡེ་ཤེས་འགུགས༔ མཆོད་བསྟོད་བཟླས་པ་ཅི་ནུས་བྱ༔ དེ་ནས་ཚོགས་ཀྱི་ལོངས་སྤྱོད་བཤམ༔ རཾ་ཡཾ་ཁཾ་གིས་མ་དག་སྦྱང༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ དབྱིངས་ཀྱི་བྷནྡྷ་ཡངས་པའི་ནང༔ ཕུང་ཁམས་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་འོད་དུ་ཞུ༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ལྔའི༔ བདུད་རྩི་སྤྱན་དྲངས་གཉིས་མེད་ཐིམ༔ འདོད་ཡོན་མཆོད་སྤྲིན་སྤྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ རང་སྣང་འདོད་ཡོན་མཆོད་སྤྲིན་སྤྲོ༔ བླ་མ་རྡོ་རྗེ་སེམས་ལ་སོགས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་བཛྲ་སཏྭ་སོགས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཐོག་མེད་དུས་ནས་བསགས་པ་ཡི༔ ལས་དང་ཉོན་མོངས་སྒྲིབ་པའི་ཚོགས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ རང་སྣང་འཁྲུལ་པའི་དུག་གསུམ་དགྲ་བགེགས་རྣམས༔ རྣམ་ཐར་གསུམ་དུ་ཡེ་ཤེས་ཆེན་པོས་བསྒྲལ༔ བག་ཆགས་སྦྱང་པའི་ཡེ་ཤེས་ཚོགས་མཆོད་འདི༔ བདེ་བར་གཤེགས་པ་རྣམས་ཀྱི་ཞལ་དུ་བསྟབ༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཕཊ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དེ་ནས་བརྡའི་འབུལ་ལེན་གྱིས༔ ཕྱི་ནང་གསང་བའི་ཚོགས་འཁོར་བྱ༔ འདོད་ཡོན་ལྷག་མ་ཀུན་བསྡུས་ནས༔ ཞལ་ཆབ་ཨོཾ་ཨཱཿཧཱུྃ་གིས་བྲན༔ བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ འདོད་ཡོན་བདུད་རྩི་འདི་གསོལ་ལ༔ སྔོན་གྱི་ཐ་ཚིག་ཇི་བཞིན་དུ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷག་མ་ཕྱི་ཡི་ཁྱམས་སུ་བསྐྱལ༔ སྨོན་ལམ་བཏབ་ཅིང་རྗེས་བསྡུ་བྱ༔ དེ་ཡིས་ཉམས་ཆག་ཐམས་ཅད་བསྐང༔ ས་མ་ཡ༔ རང་དང་གཞན་ལ་སོགས་པ་རྣམས༔ ངན་སོང་རྒྱུ་རྣམས་སྦྱང་བའི་ཕྱིར༔ བླ་མས་སློབ་མའི་བགེགས་བསྐྲད་ཅིང༔ མཎྜལ་ཕུལ་ཞིང་དམིགས་པ་ནི༔ སློབ་མ་ཐ་མལ་གནས་པ་ཡི༔ གསང་བར་དམྱལ་བའི་ས་བོན་དུ༔ སྙིང་ཁར་ཡི་དྭགས་ས་བོན་པྲེ༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི༔ སོ་སོའི་སྟེང་དུ་རཾ་ཡཾ་ཁཾ༔ སློབ་དཔོན་རྡོར་སེམས་གསལ་བ་ཡི༔ ཐུགས་ཀའི་འོད་ཀྱིས་སློབ་མ་ཡི༔ གནས་གསུམ་ས་བོན་གསུམ་གྱི་སྟེང༔ རཾ་ཡཾ་ཁཾ་བསྐུལ་མེ་རླུང་ཆུས༔ ས་བོན་བག་ཆགས་བསྲེགས་གཏོར་བཀྲུས༔ སློབ་དཔོན་རྡོ་རྗེ་སེམས་དཔའ་ཡི༔ ཕྱག་གཡས་ཉི་མ་ལ་གནས་པའི༔ སོར་མོ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཡོན་པ་ཟླ་བ་ལ་གནས་པའི༔ སོར་མོ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་པ༔ ཨོཾ་སུ་ར་ཏ་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་ཡིས༔ དམྱལ་བ་ཡི་དྭགས་དུད་འགྲོ་རུ༔ སྐྱེ་བའི་སྡིག་སྒྲིབ་ས་བོན་སྦྱང༔ ཐལ་མོ་གཟེང་བསྐུམ་ཕྱག་རྒྱ་དང༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བི་ཤུདྡྷེ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཡི་གེ་བརྒྱ་པའི་མཐར༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིརྱ་ཀ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་འགྱོད་བཤགས་སྡོམ་སེམས་ཀྱིས༔ ཀྱེ་མ་ཀྱེ་ཧུད་རྡོ་རྗེ་འཛིན༔ འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག༔ དབང་མཆོག་རྒྱལ་པོ་བསྒྲག་ཏུ་གསོལ༔ སླད་ནས་མི་འཆབ་མི་སྦེད་དོ༔ བླ་མས་དབུགས་དབྱུང་མཛད་པ་ནི༔ བུ་འདིར་ཤོག་ཅིག་རིགས་ཀྱི་བུ༔ རང་གི་ཉམས་དང་འདས་ཉམས་ཀྱིས༔ ན་རཀ་གནས་སུ་ལྟུང་བ་ལས༔ སྐྱོབ་ཕྱིར་དབང་མཆོག་སྦྱིན་པར་བྱ༔ སྔགས་ཀྱིས་གདབ་པའི་བྱེ་མ་དང༔ ཡུངས་དཀར་རྣམས་ཀྱིས་སློབ་མ་བྲབ༔ ཡིག་བརྒྱའི་མཐར༔ ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པས་དབང་བསྐུར་ཁྲུས་བྱས་ལ༔ ཧཱུྃ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ དེ་ཉིད་དུ་ནི་བླུག་མཛད་པས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ ཡིག་བརྒྱའི་མཐར༔ ཚེ་འཁོར་བ་ཐོག་མ་མེད་པ་ནས་ཉོན་མོངས་པ་ཞེ་སྡང༔ འདོད་ཆགས༔ གཏི་མུག་གི་སྒོ་ནས་བསགས་པའི་དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བུམ་ཆུ་བླུད་ཅིང་ཤིས་པ་བརྗོད༔ དེ་ཡིས་ངན་སོང་གནས་རྣམས་སྦྱང༔ ས་མ་ཡ༔ གཞན་དོན་སློབ་མ་རྗེས་འཛིན་དང༔ ཉམས་ཆག་བསྐང་ཕྱིར་བདག་འཇུག་སླད༔ རྡོ་རྗེ་སེམས་དཔའི་དབང་བསྐུར་ཐབས༔ ས་ཆོག་བྱ་ཞིང་དཀྱིལ་འཁོར་ནི༔ སྒོ་རྫོགས་རྡོར་ར་མེ་རི་སོགས༔ དབུས་སུ་འདབ་བརྒྱད་ལྟེ་བ་ལ༔ སྐུ་དང་ཕྱག་མཚན་གང་འོས་བྲི༔ སྟེང་དུ་བུམ་པ་བཅུད་ལྡན་བཤམ༔ གསང་ཐོད་མེ་ལོང་ཕྱག་རྒྱ་བརྡ༔ ཤེལ་རྡོ་དབང་རྫས་གང་འོས་བཀོད༔ མཆོད་གཏོར་ཚོགས་ཀྱི་འཁོར་ལོ་བཤམ༔ རྡོར་སེམས་ཕྲིན་ལས་གཞུང་བསྲངས་ལ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་རྡོར་སེམས་ཡབ་ཡུམ་གསལ༔ བདག་ཐུགས་སྔགས་ཕྲེང་གཟུངས་ཐག་ལ༔ འཁྲིལ་ཏེ་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ མཉམ་སྦྱོར་བྱང་སེམས་བུམ་ཆུར་འདྲེས༔ ཡིག་བརྒྱ་འམ་ནི་ཡིག་དྲུག་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་འབུལ༔ བུམ་ལྷ་ཡབ་ཡུམ་བདེ་ཆེན་གྱི༔ འོད་ཞུ་བུམ་ཆུར་དབྱེར་མེད་འདྲེས༔ ལས་ཆུ་སྔགས་ཀྱི་བྱིན་གྱིས་བརླབ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ ཅེས་བཟླས་རང་གིས་དབང་བླངས་ཤིང༔ སློབ་མ་མདུན་འཁོད་ལས་ཆུས་བཀྲུ༔ བགེགས་བསྐྲད་གོ་བསྒོ་སློབ་མ་ཡིས༔ དྭངས་བ་ཆེན་པོས་མཎྜལ་ཕུལ༔ རྡོར་སེམས་གཙོ་བོ་ཁྱོད་ལ་འདུད༔ ཐར་པ་ཆེན་པོ་བདག་འདོད་ཀྱི༔ དེ་ཉིད་དབང་དང་དམ་ཚིག་རྣམས༔ མགོན་པོ་དཔའ་བོས་བསྩལ་དུ་གསོལ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་གཞུག༔ བླ་མ་རྡོ་རྗེ་སེམས་དཔའ་དགོངས༔ བདག་གིས་སངས་རྒྱས་དོན་གཉེར་ཕྱིར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པ་གཟུང༔ བླ་མས་བདུད་རྩི་སྦྱིན་བཞིན་དུ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཉམས་ན་ཕམ་བྱེད་མ་ཉམས་ན༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཕྱིར༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ སློབ་མས༔ ཨི་དན་ན་ར་ཀན༔ ཞེས་བརྗོད་དེ་ནས་བྱིན་དབབ་ནི༔ སློབ་མ་སྐད་ཅིག་རྡོ་རྗེ་སེམས༔ ཡབ་ཡུམ་གསལ་བའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཡབ་ཡུམ་གཉིས༔ སྦྱོར་བའི་བརྡ་དང་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བསྐུལ༔ རྡོ་རྗེ་སེམས་དཔའི་རྣམ་པ་རུ༔ སྤྱན་དྲངས་ཡེ་ཤེས་སེམས་དཔར་ཐིམ༔ རོལ་མོའི་སྒྲ་དང་ཡིག་བརྒྱ་དང༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨ་ཛྷེཾ༔ ཞེས་བཟླས་སྤོས་བསྲེགས་མོས་གུས་བསྐྱེད༔ མཉམ་པར་བཞག་ལ་རྟགས་རྣམས་འབྱུང༔ ཏིཥྛ་བཛྲས་བརྟན་པར་བྱ༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ དབང་ལྷ་ནམ་མཁའ་གང་བར་བསྐུལ༔ དབང་བསྐུར་བྱ་བ་མཛད་པར་བསམ༔ ཨོཾ༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་རྡོར་སེམས་འོད་ཞུ་བའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ ལྷ་དབང་ལུས་ལ་ཡོངས་རྫོགས་ཤོག༔ ཡིག་བརྒྱའི་མཐར༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བཞག་ཅིང་བུམ་ཆུ་བླུད༔ བདུད་རྩིས་ལུས་གང་དྲི་མ་དག༔ ཡར་འཁྱིལ་རིགས་ལྔས་དབུ་བརྒྱན་གྱུར༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ བསྐྱེད་རིམ་ལ་དབང་སྤྲུལ་སྐུ་ཐོབ༔ དེ་ནས་གསང་བའི་དབང་བསྐུར་བ༔ བླ་མ་རྡོར་སེམས་ཡབ་ཡུམ་ཉིད༔ མཉམ་སྦྱོར་བྱང་སེམས་ལྕེ་ལ་བཞག༔ རྩ་གནས་ཀུན་གང་བདེ་བ་འབར༔ ཨཱ༔ དབང་བསྐུར་ཀུན་གྱི་རྨད་བྱུང་བ༔ རྡོར་སེམས་ཡབ་ཡུམ་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ ཡིག་བརྒྱའི་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་དབང་ཐོབ་ནས་ངག་སྒྲིབ་དག༔ རྩ་རླུང་བསྒོམ་དབང་ལོངས་སྐུ་ཐོབ༔ ཕྱག་རྒྱ་བརྡ་ཐབས་ལ་སོགས་བསྟན༔ ཧཱུྃ༔ རྒྱལ་བ་ཀུན་གྱི་བགྲོད་བྱའི་ལམ༔ འདི་ལས་རྨད་བྱུང་ཡོད་མ་ཡིན༔ ལྷན་སྐྱེས་བདེ་བ་ཉམས་སུ་མྱོང༔ དཔེ་དབང་སེམས་ལ་ཡོངས་རྫོགས་ཤོག༔ ཡིག་བརྒྱའི་མཐར༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་གསུམ་དང་ལྡན་པ་ཡིས༔ དགའ་བ་བཞི་པོ་གཏན་ལ་འབེབ༔ དཔེ་དོན་ངོ་འཕྲོད་ཡིད་སྒྲིབ་དག༔ བདེ་སྟོང་བསྒོམ་དབང་ཆོས་སྐུ་ཐོབ༔ ཚིག་དབང་ཤེལ་རྡོ་སྙིང་གར་བཟུང༔ ཧཱུྃ༔ སེམས་ཉིད་ཀ་དག་ཤེལ་ལྟར་དྭངས༔ ལྷུན་གྲུབ་ཡེ་ཤེས་གཟུགས་བརྙན་གསལ༔ དམིགས་མེད་སྣང་ལ་བྱ་རྩོལ་བྲལ༔ རྫོགས་པ་ཆེན་པོའི་དབང་ཐོབ་ཤོག༔ ཡིག་བརྒྱའི་མཐར༔ དྷརྨ་དྷཱ་ཏུ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྫོགས་ཆེན་དབང་ཐོབ་བག་ཉལ་དག༔ ཡེ་གྲོལ་བསྒོམ་དབང་ངོ་བོ་ཉིད༔ ཐོབ་པའི་སྐལ་བ་མཆོག་ཏུ་བྱས༔ དམ་ཚིག་ཁས་བླང་གཏང་རག་འབུལ༔ ཚོགས་འཁོར་རྗེས་བསྡུ་བསྔོ་སྨོན་བགྱི༔ དེ་ཡིས་སྨིན་ཅིང་གྲོལ་བར་འགྱུར༔ ས་མ་ཡ༔ སྒྲིབ་པ་མ་ལུས་བསྲེག་བྱའི་ཕྱིར༔ མེ་ཐབ་དཀར་ཟླུམ་མཐིལ་མཐོ་གང༔ ཡང་ན་ཁྲུ་གང་དེ་ཡི་ཕྱེད༔ དཔངས་དང་མཆུ་དང་ཁ་ཁྱེར་གཉིས༔ སོར་དོ་འམ་ནི་སོར་བཞིའི་ཚད༔ ཟུར་བཞི་ཟླ་ཕྱེད་རྡོ་རྗེས་མཚན༔ ལྟེ་བར་པད་འདབ་རྡོ་རྗེ་ཧཱུྃ༔ དྲི་བཟང་དཀར་པོའི་བུད་ཤིང་བཅས༔ ནམ་ལངས་ཤར་དུ་ཁ་བལྟས་ལ༔ གཡས་སུ་རྫས་ནི་མར་ཁུ་དང༔ བདུད་རྩི་ཅན་གྱི་ཡམ་ཤིང་དང༔ ཏིལ་ལ་སོགས་པ་འབྲུ་སྨན་ཟས༔ དར་ཟབ་རིན་ཆེན་གང་འབྱོར་དང༔ གཡོན་དུ་སྨན་རཀ་གཏོར་མ་དང༔ མཆོད་པ་མེ་ལྷའི་གཏོར་མ་བཤམ༔ མདུན་དུ་རྡོར་དྲིལ་དགང་གཟར་བླུག༔ ལས་ཆུ་རྣམས་ཀྱང་ཚོགས་པར་བྱ༔ རྡོ་རྗེ་སེམས་དཔའི་ལས་གཞུང་བསྲང༔ ལས་ཆུ་བྱིན་བརླབས་ཀུན་ལ་འཐོར༔ མཆོད་པ་བྱིན་བརླབ་རྫས་རྣམས་ནི༔ བྷྲཱུྃ་ལས་དཀར་ཞིང་ཟླུམ་པའི་སྣོད༔ ཧཱུྃ་ལས་ངོ་བོ་བདུད་རྩི་ལ༔ རྣམ་པ་བསྲེག་རྫས་སོ་སོའི་གཟུགས༔ ཞི་བའི་ལས་ཀུན་འགྲུབ་བྱེད་གྱུར༔ ཨོཾ་ཨཱཿཧཱུྃ༔ བྷྲཱུྃ་ལས་འོད་འཕྲོས་སངས་རྒྱས་ཀྱི༔ ཡེ་ཤེས་ལས་གྲུབ་གཟར་བུ་གཉིས༔ ཛྭ་ལ་རཾ༔ ཐབ་ཀྱི་ཤར་ལྷོ་དག་ནས་མེ༔ སྤར་ཞིང་ཧཱུྃ་བཟླས་རླུང་གཡབ་བྱ༔ སྭཱ་ཧཱ་བཟླས་ཤིང་ཀུ་ཤ་བཀྲམ༔ ཧཱུྃ་ཧཱུྃ་བཟླས་ཤིང་དགང་བླུག་གིས༔ མར་ཁུ་གཡས་སྐོར་བླུག་བཞིན་པས༔ མེ་པྲ་བརྟགས་ཤིང་བསང་སྦྱང་ལ༔ ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར༔ མཚན་ཉིད་ཡོངས་རྫོགས་འབར་བའི་ཀློང༔ རཾ་ལས་མེ་ལྷ་སྐུ་མདོག་དཀར༔ ཞི་འཛུམ་བགྲང་ཕྲེང་སྤྱི་བླུགས་བསྣམས༔ ར་སྐྱེས་དཀར་པོའི་ཁྲི་ལ་བཞུགས༔ དྲང་སྲོང་འབུམ་གྱི་འཁོར་གྱིས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཤར་ལྷོ་དག་ནས་སྤྱན་དྲངས་གྱུར༔ ཨགྣ་ཡེ་བཛྲ་ས་མ་ཡ་ཛ༔ ཧཱུྃ་ཞེས་ཕྱིར་འབྲངས་བགེགས་རྣམས་བསྐྲད༔ ཛཿཧཱུྃ་བཾ་ཧོཿས་གཉིས་མེད་གྱུར༔ ཨརྒྷཾ་སོགས་ནས༔ ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ སྟོན་པའི་སྤྱན་སྔར་དབང་ཐོབ་ཅིང༔ དྲང་སྲོང་ཆེན་པོ་ཚངས་པའི་སྲས༔ ཞི་བའི་ཕྲིན་ལས་མཐར་ཕྱིན་མཛད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མེ་ལྷའི་ལྗགས་དང་གཟར་བུའི་ཁར༔ རཾ་གྱིས་མཚན་པའི་འོད་ཟེར་གྱིས༔ བསྲེག་བླུག་བདུད་རྩི་གསོལ་བར་གྱུར༔ ཨོཾ་པ་བ་ཀ་ཨགྣ་ཡེ་ནད་གདོན་སྡིག་སྒྲིབ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཐབ་ཁུང་དུ༔ རང་སྣང་རྣམ་དག་ཞི་བའི་ལྷ་ཚོགས་ལ༔ དམ་རྫས་བདུད་རྩིའི་བསྲེག་བླུག་འདི་ཕུལ་བས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད༔ དགང་བླུག་མར་ཁུ་གཡས་སྐོར་འབུལ༔ ཨོཾ་བི་ཤ་ཧསྟ་བཛྲ་ཡེ་སྭཱ་ཧཱ༔ ཡམ་ཤིང༔ ཨོཾ་བི་མ་ལ་ཨགྣ་ཡེ་བཛྲ་ཡེ་སྭཱ་ཧཱ༔ མར་ཁུ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ ཏིལ༔ ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ༔ ཟས་མཆོག༔ ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ༔ འབྲས༔ ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ༔ གྲོ༔ ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནས༔ ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྲན་མ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དཱུརྦ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ ཀུ་ཤ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་བཛྲ་པུ་ལེ་མ་ཧཱ་ན་ཡ་སྭཱ་ཧཱ༔ རྫས་གཞན་རྣམས༔ ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ༔ གོ་ཡུའི་ཆུ་ཡི་ཞལ་ཟས་འབུལ༔ ཨོཾ་བཛྲ་ཝསཏྲ་ཡ་སྭཱ་ཧཱ༔ གོས་བཟང་འབུལ༔ སོ་སོར་སྨོན་ལམ་གདབ་པར་བྱ༔ ཨོཾ་མུ༔ ཡེ་ཤེས་མེ་ལྷ་ཤར་ལྷོར་བཞུགས༔ བསྲེག་བླུག་ཕྱག་ཚང་མཛད་པ་དང༔ དམ་ཚིག་མེ་ལྷའི་ལྟོ་བ་རུ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ སྤྱན་དྲངས་བསྟིམ་ཞིང་མཆོད་བསྟོད་བྱ༔ ལྷ་རྣམས་འཛུམ་པའི་ལྗགས་སྟེང་དང༔ གཟར་བུའི་ཁ་ལ་ཧཱུྃ་ཡིག་འབར༔ འོད་ཀྱིས་བདུད་རྩིའི་རྒྱུན་དྲངས་བསམ༔ ཡིག་དྲུག་གིས་བསྐང་ཡིག་བརྒྱས་འབུལ༔ སྙིང་པོའི་མཐའ་ལ་རྫས་སྔགས་བཏགས༔ སོ་སོར་ཕྲིན་ལས་གསོལ་བར་བྱ༔ དེ་ཚེ་ལྷ་རྣམས་ཐམས་ཅད་ཀྱི༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ནད་གདོན་སྡིག་སྒྲིབ་སྦྱང་བར་བསམ༔ ཡང་ན་སྡིག་སྒྲིབ་རྫས་ལ་ཐིམ༔ གནས་འགྱུར་བདུད་རྩིའི་རང་བཞིན་འབུལ༔ ཡེ་ཤེས་མེ་ཡིས་སྡིག་སྒྲིབ་བསྲེགས༔ གང་མོས་བསྒོམ་ཞིང་བརྒྱ་སྟོང་སོགས༔ ཇི་ལྟར་ནུས་ཚད་འབུལ་བར་བྱ༔ ཡང་ན་རྫས་རྣམས་ཕྱོགས་གཅིག་བསྡུས༔ སྙིང་པོ་ཁོ་ནས་ཕུལ་ཀྱང་ཆོག༔ ཞལ་ཟས་གོས་བཟང་སྔར་བཞིན་ཕུལ༔ བཛྲ་མུཿཡིས་ཡེ་ཤེས་གཤེགས༔ ཧཱུྃ་གིས་དམ་ཚིག་རང་ལ་བསྡུ༔ ཨོཾ་ཨགྣ་ཡེ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ མེ་ལྷ་དམ་ཡེ་གཉིས་མེད་གྱུར༔ མཆོད་གཏོར་བསངས་ཤིང་མི་དམིགས་པར༔ བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་ཏུ༔ ཨོཾ་ཨཱཿཧཱུྃ་ལས་བདུད་རྩིར་གྱུར༔ ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ བདག་གི་དོན་དང་གཞན་གྱི་དོན༔ འགྲུབ་བྱེད་མེ་ལྷ་འཁོར་བཅས་ཀྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་དང་བཀྲ་ཤིས་མཛད་དུ་གསོལ༔ བདག་གིས་སྦྱིན་སྲེག་ཆོ་ག་དང༔ བསྙེན་ཅིང་སྒྲུབ་པ་ལ་སོགས་པར༔ ཏིང་འཛིན་མ་གསལ་སྔགས་མ་དག༔ མཆོད་རྫས་མ་དག་ལྷག་ཆད་སོགས༔ གོང་འོག་ནོར་འཁྲུལ་ཅི་མཆིས་པ༔ བཤགས་པས་དག་ཚངས་མཛད་དུ་གསོལ༔ ཡིག་བརྒྱ་བརྗོད་ཅིང་ཡེ་ཤེས་གཤེགས༔ དམ་ཚིག་འབར་བའི་རྣམ་པར་བསམ༔ ཤིས་པ་བརྗོད་ཅིང་སྨོན་ལམ་བཏབ༔ ཐལ་སོལ་ཆུ་བོ་ཆེན་པོར་བསྐྱལ༔ གནས་སྐབས་འགལ་རྐྱེན་ཐམས་ཅད་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་འགྱུར༔ མཐར་ཐུག་ཚོགས་རྫོགས་དངོས་གྲུབ་ཐོབ༔ དེ་བས་གདམས་པ་ཤིན་ཏུ་ཟབ༔ ས་མ་ཡ༔ དེ་ནས་མཐོང་གྲོལ་བཞེངས་པ་ནི༔ རིས་སུ་བྲིས་དང་འབུར་དུ་བཏོད༔ རྡོ་རྗེ་སེམས་དཔའི་སྐུ་དང་ནི༔ ཕྱག་མཚན་རྡོ་རྗེ་ཧཱུྃ་གིས་མཚན༔ སྙིང་པོ་དང་ནི་ཁྱད་པར་དུ༔ འཿཨཿཤཿསཿམཿཧ༔ ཐིག་ལེ་སུམ་རིམ་གྱིས་བརྒྱན་པ༔ མཚན་ཉིད་ལྡན་པ་རབ་ཏུ་གནས༔ ཁྱད་པར་ར་བའི་བརྒྱད་ལ་བརྩམ༔ ཚུལ་བཞིན་བསྒྲུབས་པ་དེ་མཐོང་ཚད༔ ངན་སོང་སྐྱེ་སྒོ་ངེས་པར་ཁེགས༔ ས་མ་ཡ༔ མྱོང་གྲོལ་དམ་རྫས་སྒྲུབ་པ་ནི༔ སངས་རྒྱས་འཕེལ་གདུང་སྐྱེ་བདུན་ཤ༔ ཨ་རུ་ར་དང་བཟང་དྲུག་རྣམས༔ ཞིབ་པར་བཏགས་ལ་རྡོར་སེམས་ཀྱི༔ བུམ་བཟླས་ཁྲི་འབུམ་བགྱིས་པའི་ཆུས༔ སྦྲུས་ལ་རིལ་བུ་བོད་སྲན་ཙམ༔ བསྒྲིལ་ཏེ་བུམ་པའི་ནང་དུ་བླུགས༔ དབུ་རྒྱན་མགུལ་ཆིངས་རྣམས་ཀྱིས་སྤྲས༔ བགེགས་བསྐྲད་ཁྲུས་གསོལ་དཀྱིལ་འཁོར་གྱི༔ དབུས་སུ་བཞག་ལ་གཟུངས་ཐག་བཏགས༔ ཕྲིན་ལས་གཞུང་བསྲང་བཟླས་པའི་མཐར༔ བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མྱོང་གྲོལ་གོང་བུ་རེ་རེ་བཞིན༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱུར༔ བདག་གི་ཐུགས་ཀའི་འོད་ཟེར་ནི༔ གཟུངས་ཐག་ལ་འཁྲིལ་བུམ་ནང་གི༔ ཐུགས་ཀར་ཕོག་ཅིང་རྒྱུད་བསྐུལ་བས༔ མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་གྱིས༔ རྒྱལ་མཆོད་འགྲོ་བའི་སྒྲིབ་པ་སྦྱངས༔ བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི༔ བྱང་སེམས་ངོ་བོར་སྤྱན་དྲངས་ལ༔ རིལ་བུའི་ལྷ་ཚོགས་སྐུ་ལ་ཐིམ༔ སྐུ་ལས་སྤྲུལ་པ་གྲངས་མེད་འཕྲོས༔ སངས་རྒྱས་མཛད་པ་ཐམས་ཅད་བསྒྲུབས༔ ཚུར་འདུས་བུམ་པ་གང་བར་གྱུར༔ སྙིང་པོའི་མཐར༔ ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ སྒྲ་འོད་མ་འཕེལ་བར་དུ་བསྒྲུབ༔ རྟགས་བྱུང་ཐལ་སྦྱར་མེ་ཏོག་འབུལ༔ སྐྱོབ་པ་སངས་རྒྱས་རྡོ་རྗེ་སེམས༔ འགྲོ་བ་ཉམ་ཐག་སྡུག་བསྔལ་ལས༔ སྤྲིན་བར་ཉི་མ་དྲོ་བ་བཞིན༔ མྱོང་གྲོལ་རྒྱལ་པོའི་དབང་བསྐུར་སྩོལ༔ དེ་ནས་བུམ་པ་སྤྱི་བོར་བླང༔ རང་བྱུང་ལྷ་མཆོག་རྡོ་རྗེ་སེམས༔ ཐབས་མཁས་འཇུག་པ་བསམ་མི་ཁྱབ༔ ཡེ་ཤེས་རྒྱལ་པོ་དམ་རྫས་ཀྱི༔ འཁོར་བ་ལས་སྒྲོལ་དབང་ཐོབ་ཤོག༔ སྙིང་པོ་ཤམ་ཅན་དབྱངས་སུ་བླང༔ དམ་ཚིག་རྡོ་རྗེ་སེམས་དཔའི་སྐུ༔ ཡེ་ཤེས་སེམས་དཔའ་སྲན་འབྲུ་ཙམ༔ སྙིང་གི་དབུས་སུ་བཞུགས་པར་གྱུར༔ དམ་རྫས་མྱོང་ཞིང་ཤིས་པ་བརྗོད༔ ལས་ཀྱི་རྗེས་བསྡུ་གཞུང་བཞིན་བྱ༔ ཐོས་ཚད་འཁོར་བ་ལས་སྒྲོལ་འགྱུར༔ ཐར་པའི་གནས་སུ་འདྲེན་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སཱཙྪ་གདབ་པ་ནི༔ དྲི་བཟང་དཀར་པོའི་ས་བཟང་པོ༔ སྤོས་ཆུས་སྦྲུས་ལ་འཇིམ་པའི་སྟེང༔ ཟླ་བའི་གདན་ལ་ཧཱུྃ་ཡིག་ལས༔ རྡོ་རྗེ་སེམས་དཔའི་སྐུ་རུ་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཾ་ཛྷིཾ་ཧཱུྃ༔ ཞེས་བཟླས་འོད་ཞུ་འཇིམ་པར་ཐིམ༔ ཨོཾ་བཛྲ་སཏྭ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་ཧཱུྃ༔ ཞེས་བཟླས་བཏབ་སྟེ་ཕྱིར་ཕྱུང་ཞིང༔ ཆོས་ཉིད་དག་པའི་སྔགས་ཀྱིས་སྦྱང༔ ཧཱུྃ་ལས་མཆོད་རྟེན་དཀར་པོ་ནི༔ ཆེ་ཞིང་མང་བ་མཁའ་ཁྱབ་ཀྱི༔ བུམ་པར་རྡོ་རྗེ་སེམས་དཔའ་བཞུགས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ འགྲོ་བའི་ལས་སྒྲིབ་སྦྱང་བར་བསམ༔ ཡིག་བརྒྱ་ཡིག་དྲུག་རྟེན་སྙིང་བཟླ༔ ཨོཾ༔ བཀྲ་ཤིས་དགེ་བ་འདི་ཡི་མཐུས༔ སངས་རྒྱས་བསྟན་པ་དར་གྱུར་ཅིག༔ བླ་མའི་སྐུ་ཚེ་བརྟན་པ་དང༔ བཞེད་དོན་མ་ལུས་འགྲུབ་པར་ཤོག༔ ཕ་མས་གཙོར་བྱས་སེམས་ཅན་གྱི༔ སྒྲིབ་གཉིས་དག་ནས་ཚོགས་གཉིས་རྫོགས༔ བར་དོའི་སེམས་ཅན་ཐམས་ཅད་ཀུན༔ འཇིགས་སྐྲག་སྡུག་བསྔལ་ཀུན་ཞི་ནས༔ སངས་རྒྱས་ཞིང་དུ་སྐྱེ་བར་ཤོག༔ བདག་སོགས་འཁོར་བཅས་སྦྱིན་བདག་གི༔ ནད་གདོན་བར་ཆད་ཞི་བ་དང༔ དུས་མིན་འཆི་བའི་རྐྱེན་རྣམས་ཟློག༔ ཚེ་བསོད་དཔལ་འབྱོར་དགེ་བ་འཕེལ༔ རང་རིག་ཡེ་ཤེས་དོན་རྟོགས་ནས༔ བླ་མེད་སངས་རྒྱས་འགྲུབ་པར་ཤོག༔ དེ་ལྟར་སྨོན་ལམ་ལེགས་བཏབ་ནས༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ ཆུས་མི་འཇིག་པར་དབེན་པར་གཞུག༔ དེས་ནི་བར་ཆད་ཐམས་ཅད་ཟློག༔ ཁྱད་པར་འཆི་བ་བསླུ་བའི་མཆོག༔ ལས་ཀྱི་སྒྲིབ་པ་ཀུན་ཟད་ཅིང༔ གནས་སྐབས་ཚེ་རིང་བསོད་ནམས་འཕེལ༔ མཐར་ཐུག་རང་རིག་ཡེ་ཤེས་རྟོགས༔ དེ་བས་འདི་ལ་བརྩོན་པར་གྱིས༔ ཨེ་མ་ཧོ༔ དེ་ལྟར་སྒྲིབ་སྦྱང་ཀུན་གྱི་མཐར་ཐུག་འདི༔ ཟུར་བཟའ་མེ་ཏོག་སྒྲོན་གྱི་སྒྲིབ་སྦྱང་ཆེད༔ ཨོ་རྒྱན་མཁན་པོ་པདྨ་བདག་གིས་བཤད༔ ད་ལྟ་ཉམས་བླངས་ཕྱི་མའི་དོན་ཆེད་དུ༔ རིན་ཆེན་ཟབ་མོའི་གཏེར་ལ་སྦས་པར་གྱིས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་སྦྲུལ་ལོ་སྨིན་དྲུག་ཟླ་བའི་ཚེས་ཉེར་ལྔ་ལ་འབུམ་རྫོང་གསང་བའི་བྲག་ཕུག་ནས་མཆོག་གྱུར་གླིང་པས་ཐབས་ཤེས་རྟེན་འབྲེལ་འཛོམས་པའི་སྐབས། ཀརྨའི་མཁན་ཆེན། ཟླ་སྤྲུལ་རིན་པོ་ཆེ་དང་ཟུར་མང་བསྟན་འཛིན་སྤྲུལ་སྐུ་རིན་པོ་ཆེའི་གཙོས་ལས་ཅན་འདུས་པ་དུ་མའི་སྤྱན་ལམ་དུ་གདན་དྲངས་པ་ལོ་གསུམ་བཀའ་རྒྱས་བཏབ་སྟེ་འོག་མིན་ཀརྨར་གཏན་ལ་ཕབ་པའི་ཡི་གེ་པ་ནི་པྲ་ཛྙཱ་དྷྭ་ཛའོ།། །།
བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། ཞི་བའི་ཚེ་སྒྲུབ་ཚེ་ལུང་བདུན་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་འཆི་མེད་སྲོག་སྟེར་ (Volume 14, Text 33)
༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། ཞི་བའི་ཚེ་སྒྲུབ་ཚེ་ལུང་བདུན་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་འཆི་མེད་སྲོག་སྟེར་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡ། གདོད་ནས་རང་བྱུང་རྡོ་རྗེའི་སྲོག་གྲུབ་པས། །འགྲོ་ལ་འཆི་མེད་མཆོག་སྩོལ་ལྷག་པའི་ལྷར། །གུས་པས་བཏུད་ནས་ཞི་བ་རྡོར་དབྱིངས་ཀྱི། །ཕྲིན་ལས་ཚེ་དབང་གཞུང་དོན་རབ་གསལ་བྱ། །སྒྲུབ་ཆེན་བཀའ་བརྒྱད་ལུགས་སྲོལ་ཐམས་ཅད་ཀྱི་ཕྱི་མོ་བདེ་གཤེགས་འདུས་པའི་ཕྲིན་ལས་ཁ་ཚར་གྱི་བྱེ་བྲག་བདེ་གཤེགས་ཞི་བའི་དཀྱིལ་འཁོར་དང་འབྲེལ་བ་བཀྲ་ཤིས་ཚེའི་ཆོ་ག་བྱ་བ་ལ་ཚེ་ལུང་རྣམ་པ་བདུན་གྱིས་བསྟན་ཏེ། རྩ་བ་ལས། ཚེ་ཡི་བཅའ་ཐབས་ཚེ་དཀྱིལ་བསྒོམ༔ ཚེ་ཡི་རང་བཞིན་འགུགས་པ་དང༔ ཚེ་བཅིང་ཚེ་ཡི་བླན་ཐབས་དང༔ ཚེ་བུམ་དབང་བསྐུར་བསྟིམ་པའོ༔ ཞེས་སོ། །དེ་ལ་དང་པོ་ཚེ་བཅའ་བ་ནི། སྟེགས་བུ་ཁེབ་ལྡན་སྟེང་ཞི་དཀྱིལ་སྒོམ་དོན་དང་མཐུན་པའི་རས་བྲིས་བཀྲམ་པའམ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་ཁྲིའུ་ལ་རྣམ་བུམ་བཀོད། དེའི་ནང་དུ་ཆང་དང་སྙིང་པོ་ལྔ་བླུགས། མགུལ་ཆིངས་སེར་པོ་བཅིངས། གུ་གུལ་བདུག །ཁྲོ་བཅུའི་སྔགས་ཀྱིས་བགེགས་བསྐྲད་ལ་བཀོད་པའི་ཁར་ཚེའི་འབྲང་རྒྱས་བུམ་གཟུགས་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་པ་བཞག །གཡས་གཡོན་དུ་ཚེ་རིལ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་རྒྱན་ལྡན། མཐར་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ་སོགས་ཉེར་མཁོ་རྣམས་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་དཀྱིལ་འཁོར་བསྒོམ་པའི་ཐོག་མར་སྔོན་འགྲོ་ནི། མདུན་མཁར་སྐྱབས་ཡུལ་རྣམས་གསལ་བཏབ་ལ། སྐྱབས་འགྲོ་སེམས་བསྐྱེད་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །ལེགས་པར་བྱིན་རློབ་མཁའ་འགྲོ་མ། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །ལན་གསུམ། བདག་གཞན་གཉིས་མེད་དོན་ཕྱིར་དུ། །འཆི་མེད་ཚེ་ཡི་མཆོག་བསྒྲུབས་ནས། །སྙིང་པོ་བླ་མེད་མཆིས་པ་དང་། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ལན་གསུམ། ཚོགས་གསག་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཞེས་བརྗོད་ལ་དོན་བསྒོམ། མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྡ་པཱུ་ཛ་ས་མ་ཡེ་ཧཱུྃ། དངོས་གཞི་བདག་མདུན་དབྱེར་མེད་ཀྱི་དཀྱིལ་འཁོར་སྒོམ་པ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་བྷྲཱུྃ་ཡིག་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་རྒྱན་གྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བཞི་པ༔ འཁོར་ལོའི་དབུས་སུ་དཔལ་རྣམ་པར་སྣང་མཛད་ཚེ་དཔག་མེད་ཡབ་ཡུམ་སྐུ་མདོག་དཀར་པོ་གཡས་འཁོར་ལོ་གཡོན་ཚེ་བུམ་ཅན༔ ཡུམ་ཀུན་ཏུ་བཟང་མོ་ཆ་ལུགས་གཙོ་བོ་དང་མཐུན་པ༔ གཡས་ཡབ་ལ་འཁྱུད་ཅིང་ཚེ་བུམ་ཅན༔ རྒྱན་ཆ་ལུགས་མཚན་དང་དཔེ་བྱད་འབར་བ༔ ཐབས་དང་ཤེས་རབ་འབྲེལ་བ༔ ཤར་གྱི་རྩིབས་ལ་མི་བསྐྱོད་པ་ཡབ་ཡུམ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་གཡོན་ཚེ་བུམ་ཅན༔ ཡུམ་སངས་རྒྱས་སྤྱན་མ་དང་འཁྲིལ་བ༔ ལྷོའི་རྩིབས་ལ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་ནོར་བུ་ཚེ་བུམ་ཅན༔ ཡུམ་མཱ་མ་ཀཱི་དང་འཁྲིལ་བ༔ ནུབ་ཀྱི་རྩིབས་ལ་འོད་དཔག་མེད་སྐུ་མདོག་དམར་པོ་གཡས་པདྨ་གཡོན་ཚེ་བུམ་ཅན༔ ཡུམ་གོས་དཀར་མོ་དང་འཁྲིལ་བ༔ བྱང་གི་རྩིབས་ལ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་གཡས་རལ་གྲི་གཡོན་ཚེ་བུམ་ཅན༔ ཡུམ་དམ་ཚིག་སྒྲོལ་མ་དང་འཁྲིལ་བའོ༔ དེའི་ཕྱི་རོལ་དུ་སེམས་དཔའ་བརྒྱད༔ སེམས་མ་བརྒྱད༔ ཐུབ་པ་དྲུག༔ སྒོ་བ་ཡབ་ཡུམ་ལ་སོགས་ཞི་བའི་ལྷ་ཚོགས་ཐམས་ཅད་སྐུ་མདོག་རིགས་དང་མཐུན་པ༔ གཡས་པ་རྣམས་རིགས་ཀྱི་ཕྱག་རྒྱ༔ གཡོན་པ་རྣམས་རིགས་ཀྱི་བུམ་པ་ཚེའི་བདུད་རྩིས་བཀང་བ་བསྣམས་པའི༔ རྣམ་པར་སྣང་མཛད་ཀྱི་སྤྱི་བོར་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ན་ཚེའི་བུམ་པ་འཛིན་པའོ༔ ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འོག་མིན་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛ༔ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ཞེས་པས་འགུགས་གཞུག་བཅིང་མཉེས་བྱ། གཞུང་དུ་དེ་ཙམ་ལས་མ་གསུངས་ཀྱང་སྤྱི་མཐུན་ལྟར་མཆོད་བསྟོད་བྱེད་ན། བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཆོད། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐུ་མཆོག་རྣམ་པར་དག་པའི་སྐུ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ གསུང་མཆོག་རྣམ་པར་དག་པའི་གསུང༔ མཁའ་དང་མཉམ་པའི་གསུང་མངའ་བ༔ མཉམ་ཉིད་གསུང་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་མཆོག་རྣམ་པར་དག་པའི་ཐུགས༔ མཁའ་དང་མཉམ་པའི་ཐུགས་མངའ་བ༔ མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གསུམ་པ་ཚེའི་རང་བཞིན་རྟེན་དགོད་པ་ནི། བཅོམ་ལྡན་ཚེ་དཔག་མེད་ཀྱི་ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་སྟེང་འོག་གཉིས་ཁ་སྦྱོར༔ དེའི་བར་དུ་ཨ་ལས་ཟླ་བ་དང་མ་ལས་ཉི་མའི་དཀྱིལ་འཁོར༔ ཨཱ་ཡུརྫྙཱ་ན་བིནྡུ་བྷྲཱུྃ༔ ཞེས་བརྗོད་པས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཚེ་དང་སྲོག་དང་བླའི་ངོ་བོ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ༔ དེའི་ནང་ན་རང་བྱུང་གི་ཡི་གེ་དུ་དུད་ཀ་ཞིག་གནས་པར་གྱུར༔ ཅེས་གསལ་གདབ། བཞི་པ་ཚེ་འགུགས་པ་ནི། བླ་ཚེ་བརྐུས་པ་ཕྲོགས་པ་ལ། ཕྱག་རྒྱ་སོར་མོ་རྒྱབ་སྤྲད་པ་དྲལ་ཅིང་། ཨོཾ་བཛྲ་མུགིཏ་ཧ༔ ཞེས་བརྗོད་པས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རླུང་གིས་སྤྲིན་གཏོར་བའམ༔ མཚོའི་དར་བཤིགས་པ་བཞིན་དྲལ་ཏེ་ལྷ་འདྲེ་མཐུ་བོ་ཆེ་རྣམས་ཀྱི་སྙིང་དང་འཆི་བདག་གཤིན་རྗེའི་ལག་ཏུ་རང་གི་བླ་ཚེ་བརྐུས་ཤིང་ཕྲོགས་ནས་སྦས་པའི་རང་བཞིན་སྐར་ཆེན་ལྟར་གནས་པར་གྱུར༔ ས་མ་ཡ་དེ་བ་ཙིཏྟ་ན་བཛྲ་ཨངྐུ་ཤ་ཛ༔ ཞེས་བརྗོད་པས་བདག་གི་ཐུགས་ཀ་ནས་ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་བྱུང་ནས་ཕྲོགས་པའི་ཚེ་དེ་ལྕགས་ཀྱུས་བཟུང་བར་གྱུར༔ བཛྲ་ཨཱ་ཡུ་ཤེ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་པས་སྐད་ཅིག་གིས་བཀུག་ནས་ཐུགས་ཀའི་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཚེའི་རྟེན་གནས་པ་ལ་ཐིམ་པར་གྱུར༔ ཅེས་དམིགས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་རྗེ་སྐུ་མཆོག་ཡོན་ཏན་རྒྱ་མཚོའི་གཏེར༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ༔ བྱང་ཆུབ་སེམས་ཀྱི་བདེ་བ་རོལ་པའི་གཙོ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ སྐལ་ལྡན་བདག་ཅག་རྣམས་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་བརྗོད་ལ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ ཞེས་བཟླས། ཚེ་དཔག་མེད་ཀྱི་ཕྱག་གཡོན་གྱི་བུམ་པས་དབང་བསྐུར། གཡས་པའི་ཕྱག་སོར་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་འཕྲོ་བ་དཀར་ན་ར་ར་བབས་པས་ཚེ་བུམ་ཁེངས་པར་བསམ། དེ་ནས་ཚེའི་ལྷ་ཚོགས་བསྐུལ་བ་ནི། ཧཱུྃ༔ བཅོམ་ལྡན་རྣམ་པར་སྣང་མཛད་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་འཁོར་ལོ་འབར་བ་ཡིས༔ ཕྱོགས་བཅུའི་ནམ་མཁའི་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ཕྱོགས་མཚམས་ཀུན་ནས་བསྡུས་བསྡུས་ནས༔ བཅོམ་ལྡན་ཚེ་སྩོལ་སྲོག་སྐྱོབ་མཛོད༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྡོ་རྗེ་འབར་བ་ཡིས༔ ཤར་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ཤར་ཕྱོགས་ཀུན་ནས་བསྡུས་བསྡུས་ནས༔ བཅོམ་ལྡན་ཚེ་སྩོལ་སྲོག་སྐྱོབ་མཛོད༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རིན་ཆེན་འབར་བ་ཡིས༔ ལྷོ་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ལྷོ་ཕྱོགས་ཁམས་ནས་བསྡུས་བསྡུས་ནས༔ བཅོམ་ལྡན་ཚེ་སྩོལ་སྲོག་སྐྱོབ་མཛོད༔ བཅོམ་ལྡན་སྣང་བ་མཐའ་ཡས་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་པདྨ་འབར་བ་ཡིས༔ ནུབ་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ནུབ་ཕྱོགས་ཀུན་ནས་བསྡུས་བསྡུས་ནས༔ བཅོམ་ལྡན་ཚེ་སྩོལ་སྲོག་སྐྱོབ་མཛོད༔ བཅོམ་ལྡན་དོན་ཡོད་གྲུབ་པ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྒྱ་གྲམ་འབར་བ་ཡིས༔ བྱང་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ བྱང་ཕྱོགས་ཀུན་ནས་བསྡུས་བསྡུས་ནས༔ བཅོམ་ལྡན་ཚེ་སྩོལ་སྲོག་སྐྱོབ་མཛོད༔ ཧཱུྃ༔ དབུས་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ ཡུམ་ཆེན་ཀུན་བཟང་ཚེ་ཡི་བདག༔ ཕྱག་ན་དངུལ་གྱི་བུམ་པ་བསྣམས༔ དབུས་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ སངས་རྒྱས་སྤྱན་ནི་ཚེ་ཡི་བདག༔ ཤེལ་གྱི་བུམ་པ་ཕྱག་ན་བསྣམས༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ གོས་དཀར་མོ་ནི་ཚེ་ཡི་བདག༔ ཕྱག་ན་རིན་ཆེན་བུམ་པ་བསྣམས༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ མཱ་མ་ཀཱི་ནི་ཚེ་ཡི་བདག༔ ཕྱག་ན་བྱེ་རུའི་བུམ་པ་བསྣམས༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ དམ་ཚིག་སྒྲོལ་མ་ཚེ་ཡི་བདག༔ ཕྱག་ན་མུ་མེན་བུམ་པ་བསྣམས༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག༔ ཕྱོགས་བཞི་མཚམས་བཞིའི་ཚེ་འགུགས་པ༔ སེམས་དཔའ་སེམས་མ་འཁོར་བཅས་རྣམས༔ ཕྱག་ན་རིགས་ཀྱི་བུམ་པ་བསྣམས༔ རྣམ་ཤེས་གནས་ཡུལ་གནས་ནས་ཚེ་ཉམས་ན༔ ཡུལ་བརྒྱད་གནས་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རིགས་དྲུག་གནས་ནས་ཚེ་འགུགས་པ༔ བཅོམ་ལྡན་སྤྲུལ་སྐུ་ཐུབ་པ་དྲུག༔ ཕྱག་ན་རིན་ཆེན་བུམ་པ་བསྣམས༔ རིགས་དྲུག་གནས་ནས་ཚེ་ཁུག་ཅིག༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བསྐུལ་ནས། ལྷ་ཚོགས་རྣམས་ལས་འོད་ཟེར་དང་ཕོ་ཉའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཚེའི་བཅུད་དྭངས་མ་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ནས་ཚེ་བུམ་གྱི་ནང་དུ་ཐིམ་པར་གྱུར། ཅེས་དམིགས་ལ་གོང་གི་སྔགས་བཟླ། དེ་ནས་ཕོ་ཉ་སྒོ་མ་བཞི་བསྐུལ་བ་ནི། ཧཱུྃ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་བའི༔ དཀར་མོ་མགྱོག་མ་ཞི་བའི་འོད་འཕྲོའི་ཚོགས༔ དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་བའི༔ སེར་མོ་མགྱོགས་མ་རྒྱས་པའི་འོད་འཕྲོའི་ཚོགས༔ དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་བའི༔ དམར་མོ་མགྱོགས་མ་དབང་གི་འོད་འཕྲོའི་ཚོགས༔ དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཧཱུྃ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་བའི༔ སྔོན་མོ་མགྱོགས་མ་དྲག་པོའི་འོད་འཕྲོའི་ཚོགས༔ དཔལ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཚེ་ཡི་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་དང་གོང་གི་སྔགས་བཟླ། ལྔ་པ་ཚེ་བཅིང་བ་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་དཔལ་དང་གཟི་བརྗིད་ཚེ་དང་བསོད་ནམས་མ་ལུས་པ་བསྡུས་ནས་གྭའུའི་ནང་གི་ཚེ་རྟེན་ལ་ཐིམ་ཉི་ཟླའི་གྭའུ་ཁ་བསྒྲིགས། སྟེང་འོག་གི་རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞི་ཡར་མར་མདུད་པའི་ཕྱི་ནས་རྡོ་རྗེའི་ཐག་པས་བསྡམས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། དྲུག་པ་ཚེ་བླན་པ་ནི། གཟུང་ཐག་བླངས་ལ། བདག་ཉིད་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་ཧཱུྃ་ལེབ་བརྒན་གཉིས་ཁོང་བརྒྱུད་དུ་བྱུང་བ་སྣ་སྒོ་གཉིས་ནས་འཕྲོས་ཏེ་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁོང་གསེང་ནས་ཐོན་ཏེ་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཐིམ་པས་མཉེས་པའི་མཆོད་པ་ཕུལ། འོད་ཟེར་ཕྱི་ནང་སྣོང་བཅུད་ཐམས་ཅད་ལ་འཕྲོས་པས་དཔལ་དང་གཟི་བརྗིད། ཚེ་དང་བསོད་ནམས། བཅུད་དང་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་དང་སྒྲུབ་རྫས་ལ་བསྡུས། བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག་པས། གང་ཞིག་ཚེ་ཟད་པ་དང་ཉམས་པ་དང་། བསོད་ནམས་ཟད་པ་དང་། དཔལ་དང་གཟི་བརྗིད་ཟད་པ་རྣམས་ཀྱི་དོན་མཛད་པར་ཐུགས་དམ་བསྐུལ། འོད་ཟེར་སླར་འདུས་ཏེ་ཚེ་བུམ་སོགས་ལ་ཐིམ་པར་གྱུར། ཅེས་དམིགས་ལ། ཨོཾ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ་ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་ཅི་ནུས་བཟླ། བདུན་པ་དབང་བསྐུར་ཞིང་བསྟིམ་པ་ནི། བདག་མདུན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཚེ་དཔག་མེད་ལ་ཐིམ། དེའང་འོད་དུ་ཞུ་ནས་ཐུགས་ཀའི་ཉི་ཟླའི་གྭའུར་ཚེའི་རང་བཞིན་ཡི་གེ་དུ་གནས་པ་ལ་ཐིམ། དེ་ཉིད་ཡི་གེ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ག །སྭཱ་སེར་པོ། ཧ་ལྗང་གུ་ལྔར་གྱུར་པ། རང་གི་སྤྱི་གཙུག་ནས་ཞུགས་ཏེ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར་འཁོད་པར་གྱུར། བཛྲ་ཨཱ་ཡུ་ཤེ་ཨཱོཾ༔ བཛྲ་ཨཱ་ཡུ་ཤེ་ཧཱུྃ༔ བཛྲ་ཨཱ་ཡུ་ཤེ་ཏྲཱཾ༔ བཛྲ་ཨཱ་ཡུ་ཤེ་ཧྲཱི༔ བཛྲ་ཨཱ་ཡུ་ཤེ་ཨཱ༔ ཡིག་འབྲུ་ལྔ་པོ་འོད་དུ་ཞུ་ནས་རང་གི་ཙིཏྟའི་དཀྱིལ་འཁོར་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་ཚེའི་རང་བཞིན་འོད་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བའི་དབུས་སུ། སྲོག་གི་རྟེན་རང་བྱུང་གི་ཡི་གེ་ནྲྀ་གནས་པ་ལ་ཐིམ་པས་ཚེ་དང་དཔལ་དང་གཟི་བརྗིད་ཐམས་ཅད་རྒྱས་ཤིང་འཆི་མེད་རྡོ་རྗེ་ཚེའི་རིག་འཛིན་ཐོབ་པར་གྱུར། བདག་ཉིད་ཀྱང་འོད་དུ་ཞུ་ནས་ནྲྀ་ཡིག་ལ་འདུས། ནྲྀ་འོད་དུ་ཞུ་ནས་ཨ་དཀར་པོར་གྱུར། དེའང་མི་དམིགས་ཏེ་ཆོས་ཀྱི་དབྱིངས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡངས་པ་ན་སྣང་གྲགས་དཀྱིལ་འཁོར་གསུམ་དུ་བལྟས་ཏེ་ཚེ་རྫས་ལ་ལོངས་སྤྱོད། བསྔོ་བ་སྨོན་ལམ་སྤྱི་ལྟར་བྱའོ། །འདིའི་སྒོ་ནས་སློབ་མ་ལ་དབང་བསྐུར་ན། བཅའ་གཞི་དང་འདོན་བྱ་སྔར་ལྟར་ལ། དྲུག་པ་ཚེ་གླན་པའི་བཟླས་པ་ཡན་སོང་ནས། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ལ་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་བཀའ་བབས་ཤིང་། ཐུགས་དམ་གྱི་ལྷ་མཆོག་རྩོད་མེད་དུ་གྲགས་པ་བཀའ་བརྒྱད་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པའི་བཀའ་སྲོལ་སྔ་ཕྱི་དུ་མར་བྱོན་པ་རྣམས་ཀྱི་ནང་ནས་རྩ་བར་གྱུར་པ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྐུའི་རྣམ་འཕྲུལ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། །མངའ་བདག་མྱང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་ནས་ཆོས་རྒྱལ་ཆེན་པོའི་བླ་དཔེ་སྤྱན་དྲངས་པར་མཛད་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལས། གུ་རུ་རིན་པོ་ཆེས་དཔལ་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས་དཀྱིལ་འཁོར་གྱི་མདོ་ལོགས་སུ་ཕྱུངས་ནས་བདེ་གཤེགས་ཞི་བ་སྒྲུབ་པའི་ཆ་ལག་ཏུ་བཞག་པ་ཚེ་ལུང་བདུན་པའི་མཇུག་གི་ས་བཅད་དབང་བསྐུར་གྱི་ལས་རིམ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཆི་མེད་གཙོ་བོ་ཁྱོད་ལ་འདུད༔ ཐར་ལམ་ཆེན་པོ་བདག་འདོད་དོ༔ དེ་ཉིད་དབང་དང་དམ་ཚིག་དང༔ མགོན་པོ་དཔའ་བོར་སྐྱབས་གསོལ་ནས༔ ཐེག་ཆེན་ཁང་པར་གཞུག་པ་དང༔ མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ༔ ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པ་བདེ་གཤེགས་ཞི་བ་ཚེའི་དཀྱིལ་འཁོར་གྱི་ལྷར་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ། མཐའ་སྐོར་དུ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་ཡིད་ཀྱིས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དབང་དོན་རྒྱུད་ལ་བརྟན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པ་ཡིན་པས་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བའི་བློས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཁྱོད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱོད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་མཛད། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམ་སྣང་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཕྱག་གཡས་འཁོར་ལོ་དང་གཡོན་ཚེ་བུམ་བསྣམས་པ་ཡུམ་ཀུན་ཏུ་བཟང་མོ་དཀར་མོ་ཕྱག་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་པས་ཚེ་བུམ་བསྣམས་པ། གཉིས་ཀའང་རྒྱན་དང་ཆ་ལུགས་རྫོགས་ཤིང་མཚན་དང་དཔེ་བྱད་འབར་བ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཚེ་དཔག་མེད་སྐུ་མདོག་དམར་པོ། ཕྱག་མཉམ་གཞག་ཚེའི་བུམ་པ་བསྣམས་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞི་བ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་རྣམ་པར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པར་མོས་ཤིག །སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་བརྗོད་ལ་སྤོས་དང་རོལ་མོ་བྱ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ཚེའི་རང་བཞིན་ཚེ་རྟེན་དགོད་ཅིང་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་རྣམས་རིམ་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་རྣམ་སྣང་དུ་གསལ་བའི་སྤྱི་བོར་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ཐུགས་ཀར་ཧཱུྃ་ལས་སོགས་གོང་དུ་སྨོས་པ་ལྟར་མཐར་ཆགས་སུ་གཏོང་བ་ལས། ཚེའི་རྟེན་གནས་པ་ལ་ཐིམ་པར་གྱུར༔ ཅེས་པའི་མཚམས་སུ་སྔགས་བདུན་ཙམ་བརྗོད། ཧཱུྃ༔ བཅོམ་ལྡན་རྣམ་པར་སྣང་མཛད་སོགས་ནས། ཅིས་ཀྱང་མི་ཤིགས་པར་གྱུར། ཅེས་པ་ཡན་བརྗོད། བར་གྱི་སྔགས་རྣམས་བདུན་རེ་ཙམ་བཟླ། དེ་ནས་དབང་དངོས་ཀྱི་ཐོག་མར་བསྟོད་ཅིང་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་རྗེ་སྐུ་མཆོག་ཡོན་ཏན་རྒྱ་མཚོའི་གཏེར༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ༔ བྱང་ཆུབ་སེམས་ཀྱི་བདེ་བ་རོལ་པའི་གཙོ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ སྐལ་ལྡན་རྣམས་ལ་ཚེ་ཡི་དབང་བསྐུར་སྩོལ༔ ཅེས་བསྐུལ་ཅིང་གསོལ་བ་བཏབ་པས་བུམ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་འོད་དུ་ཞུ་ནས་ཚེ་དཔག་མེད་ལ་ཐིམ་སོགས་ནས། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཞུགས་ཏེ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར་འཁོད་པར་གྱུར་པར་མོས་ཤིག །རྣམ་བུམ་གནས་ལྔར་བཞག་ལ། བཛྲ་ཨཱ་ཡུ་ཤེ་ཨཱོཾ༔ ཞེས་སོགས་མཚན་སྔགས་ལྔ་བརྗོད། ཡིག་འབྲུ་ལྔ་པོ་འོད་དུ་ཞུ་ནས་སོགས་ནས། རིག་འཛིན་ཐོབ་པར་གྱུར། ཨོཾ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་སོགས་སྔགས་བརྗོད་ལ་ཚེ་འབྲང་ལག་ཏུ་གཏད། ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ནས་ཚེ་སྦ་བའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་ལྷར་གསལ་བ་ཡང་འོད་དུ་ཞུ་ནས་ནྲྀ་ཡིག་ལ་འདུས། ནྲྀ་འོད་དུ་ཞུ་ནས་ཨ་དཀར་པོར་གྱུར། དེའང་མི་དམིགས་ཏེ་ཆོས་ཀྱི་དབྱིངས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དབྱིངས་སུ་ཅི་གནས་སུ་མཉམ་པར་ཞོག་ཅིག །ཅེས་དར་གཅིག་འཇོག །དེ་ལྟར་ཚེ་དབང་བསྐུར་ཅིང་བསྒྲུབས་པས་དཔལ་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལོངས་སྤྱོད་ལ་མངའ་བརྙེས་ནས་སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཚེ་མི་འགྱུར་བའི་དབང་ཐོབ་པར་གྱུར་ཅིག༔ ཚེ་བརྟན་པའི་དབང་ཐོབ་པར་གྱུར་ཅིག༔ སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཅེས་དང་མེ་ཏོག་འཐོར་ལ་ཤིས་པ་བརྗོད། དམ་ཚིག་ཁས་བླངས། གཏང་རག་སོགས་སྤྱི་ལྟར་བྱ། བུམ་དཀྱིལ་བསྡུས་ཟིན་ནས་མདུན་བསྐྱེད་རྗེས་ཆོག་མེད། བདག་བསྐྱེད་ལ་དམིགས་ཏེ་དབང་བསྐུར་ཅིང་བསྟིམ་པ་ཕྱིན་ཆད་བྱས་ལ་བསྔོ་སྨོན་དང་བཀྲ་ཤིས་བརྗོད་པས་གྲུབ་བོ། །རང་གཞུང་གཙང་མར་རིགས་འགྲེས་མ་བསླད་པར། །གསལ་བར་བཀོད་འདིས་རྡོ་རྗེ་སེམས་དཔའི་ཚེ། །ཀུན་གྱིས་འགྲུབ་ནས་འཆི་བདག་བདུད་ཀྱི་དཔུང་། །སྲིད་ན་མིང་ཡང་གྲགས་པར་མ་གྱུར་ཅིག །ཅེས་པ་འདི་ཉིད་ཀུན་གཟིགས་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཛ་ཀ་དང་དགེ་མང་མཆོག་སྤྲུལ་བཅས་རྣམ་པ་གསུམ་གྱིས་གསུང་བསྐུལ་གནང་བ་ལྟར། རྗེ་བླ་མ་ཉིད་ཀྱི་དགོངས་དོན་དང་ཕྱག་བཞེས་ཀྱི་རྗེས་སུ་འབྲང་། གཞུང་རྩ་འགྲེལ་གྱི་དགོངས་པ་སོར་བཞག་ཏུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །།
ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་བཞུགས་པའི་དབུ་ཕྱོགས་ (Volume 38, Text 33)
༁ྃ༔ ལྷ་སྨན་རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད་བཞུགས་པའི་དབུ་ཕྱོགས་ལགས་སོ༔ བསང་སྦྱང་། སྟོང་པའི་ངང་ལས་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨཱོཾ་སརྦ་བིད་པཱུ་ར་སོགས། ཨ་ཀཱ་རོ་སོགས། ལྷ་སྨན་གཡུ་སྒྲོན་སྐུ་མདོག་དཀར༔ ཤ་བ་ཡུ་མོ་ལ་འཆིབ་ནས༔ ནེའུ་གསིང་ནང་ནས་མེ་ཏོག་འཐུ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གཡས་པས་མདའ་དར་གཡོན་མེ་ལོང༔ བཤུད་གླུ་ཀྱུར་ཀྱུར་དགའ་བའི་ཚུལ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ སྤྱན་འདྲེན་མཆོད་པའི་ལྷ་མོ་ནི༔ རྡོ་རྗེ་གཡུ་སྒྲོན་དམ་ཚིག་ཅན༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཡི་གེ་ཧྲཱིཿལས་སྐུར་སྤྲུལ་མ༔ སྤྱན་རས་གཟིགས་སོགས་ལྕམ་གཅིག་མ༔ ཆོས་མཛད་ཡོངས་ཀྱི་ཡུམ་གཅིག་མོ༔ དེ་རིང་མིང་པོས་འབོད་ལགས་ཀྱིས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ རྡོ་རྗེ་འཆང་གིས་གཉེར་གཏད་ནས༔ གསང་སྔགས་སྲུང་མ་མཛད་པའི་ཕྱིར༔ པད་འོད་ཨོ་རྒྱན་ཙ་རི་ཏྲ༔ གནས་ཆེན་རྣམས་ནས་གཤེགས་སུ་གསོལ༔ དབང་ཕྱུག་ཤཱཀྱ་སེང་གེ་ཡིས༔ དམ་ཆོས་རྒྱས་པར་བཀའ་བསྒོས་བཞིན༔ འཕགས་ཡུལ་གངས་ཅན་ལྗོངས་རྣམས་ཀྱི༔ ཆོས་འཁོར་རྣམས་ནས་གཤེགས་སུ་གསོལ༔ ཁྱད་པར་ཚ་བ་ཁེ་ཤོད་ཡུལ༔ བྲག་ནག་གངས་རིའི་ཅོད་པན་ཅན༔ ཆུ་ཀླུང་ནགས་མ་མེ་ཏོག་མཛེས༔ ཤེལ་གུར་དབུས་ནས་གཤེགས་སུ་གསོལ༔ རྡོ་རྗེ་གཡུ་སྒྲོན་དམ་ཚིག་ཅན༔ ཐུགས་རྗེས་གནས་འདིར་བྱོན་པ་ལེགས༔ རིན་ཆེན་སྣ་ལྔའི་ཁྲི་སྟེང་དུ༔ ཅི་བདེར་བཞུགས་ལ་འདོད་དོན་སྩོལ༔ ཨཱོཾ་བཛྲ་མ་མ་ལ་ལ་ལི་ལི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཡུམ་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ འཁོར་བཅས་དགྱེས་བྱེད་མཆོད་པ་ནི༔ ཡན་ལག་བརྒྱད་ལྡན་འོ་མའི་མཚོ༔ གཙང་མ་དྲི་ཞིམ་མཆོད་པ་འབུལ༔ ཨུཏྤ་ལ་དང་ཀུ་མུ་ད༔ པུཎྚ་ལ་སོགས་མེ་ཏོག་རིགས༔ གཙང་མ་དྲི་ཞིམ་མཆོད་པ་འབུལ༔ ཨ་ག་རུ་དང་དུ་རུཥྐ༔ ག་པུར་ཙནྡན་ལ་སོགས་པ༔ གཙང་མ་དྲི་ཞིམ་མཆོད་པ་འབུལ༔ རྔ་ཆེན་དུང་དང་རོལ་མོའི་ཚོགས༔ ཡིད་འོང་མཛེས་པའི་སྒྲ་སྙན་རྣམས༔ རྡོ་རྗེ་གཡུ་སྒྲོན་ཁྱོད་ལ་འབུལ༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ ཙནྡན་དྲི་དང་རོ་བརྒྱའི་ཟས༔ ལྷ་རྫས་ན་བཟའ་ལ་སོགས་ཀུན༔ རྡོ་རྗེ་གཡུ་སྒྲོན་ཁྱོད་ལ་འབུལ༔ གསེར་དངུལ་ལ་སོགས་རིན་ཆེན་དང༔ ཀ་ར་བུ་རམ་བཅུད་ཀྱི་མཆོག༔ ག་པུར་ལ་སོགས་སྨན་སྣ་རྣམས༔ རྡོ་རྗེ་གཡུ་སྒྲོན་ཁྱོད་ལ་འབུལ༔ དམ་རྫས་མཆོད་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རྟེན་རྫས་སྤྱན་གཟིག་གཅལ་དུ་བཀྲམ༔ དངོས་བཤམས་ཡིད་སྤྲུལ་འདི་ཕུལ་མཐུས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས༔ དགེ་འདུན་སྡེ་རྒྱས་འབྱོར་པར་ལྡན༔ རྣལ་འབྱོར་བདག་གི་འདོད་དོན་སྒྲུབས༔ བདག་ཅག་འཁོར་དང་བཅས་པ་ཡི༔ ནད་གདོན་བར་ཆད་ཞི་བ་དང༔ ཚེ་དང་བསོད་ནམས་རྒྱས་པ་དང༔ འཁོར་དང་ལོངས་སྤྱོད་དབང་དུ་སྡུས༔ གདུག་པའི་དགྲ་བགེགས་ཚར་ཆོད་ཅིག༔ ཆོས་དང་ལོངས་སྤྱོད་འབྱོར་པར་ལྡན༔ གནས་འདིར་བསྟན་པ་དར་ཞིང་རྒྱས༔ འགྲོ་དོན་ཕྱོགས་མེད་ཁྱབ་པར་མཛོད༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ལེགས་ཉེས་སྤྱོད་ཚུལ་གསལ་བར་སྟོན༔ མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་སོགས༔ ཅི་ལྟར་སྨོན་པའི་དངོས་གྲུབ་སྩོལ༔ གསལ་བྱེད་པྲ་ཡི་སྒོ་ཕྱེས་ལ༔ ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ༔ མདོར་ན་ཕྲིན་ལས་གང་བཅོལ་བ༔ ཐོགས་པ་མེད་པར་ལུང་བསྟན་ཞིང༔ གཡེལ་བ་མེད་པར་སྒྲུབ་པ་སོགས༔ དངོས་གྲུབ་འབྱུང་བའི་ཕྲིན་ལས་མཛོད༔ ཨཱོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛཿཛ༔ ས་པ་རི་ཝཱ་ར་མ་ཧཱ་བྷ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི། པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཨཱོཾ་བཛྲ་ཨརྒྷཾ་སོགས། བཛྲ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུའི་སྨན་མོས་འགྲོ་དོན་མཛད་ལ་བསྟོད༔ སྤྲུལ་སྐུ་གནས་ལ་ངེས་པ་མ་མཆིས་ཀྱང༔ རི་རབ་གྲོང་དང་ནགས་ཚལ་མཚོ་གླིང་དང༔ ལྷོ་མོན་བོད་དང་རྒྱ་གར་ལ་སོགས་ཀྱི༔ ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད༔ ཆོས་མཛད་སྲུང་མ་སྤྱན་རས་གཟིགས་ཀྱི་ལྕམ༔ མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་ཀུན་གྱི་བདག༔ དམ་ཚིག་ཅན་ལ་དགོས་འདོད་འབྲས་སྩོལ་མ༔ རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད༔ ཉི་ཤུ་རྩ་བཞིའི་གནས་ཀྱི་གཙོ་མོ་སྟེ༔ མཁའ་འགྲོ་ཀུན་གྱི་དབང་མོ་ཁྱོད་ཁོ་ན༔ འཇིག་རྟེན་དབང་ཕྱུག་མི་བསྐྱོད་རྡོ་རྗེ་ཡི༔ ལྕམ་གཅིག་རྡོ་རྗེ་གཡུ་སྒྲོན་གང་དེ་བསྟོད༔ སྔོན་གྱི་བསྐལ་པའི་ཐོག་མར་ཁྱོད་ཉིད་ཀྱང༔ ཤ་ཝ་རི་དང་པདྨ་འབྱུང་གནས་དང༔ མི་བསྐྱོད་བཟང་པོ་རྡོ་རྗེ་དགའ་བ་སོགས༔ རིག་འཛིན་ཡོངས་ཀྱི་ལྕམ་གཅིག་ཁྱོད་ལ་འདུད༔ ཇི་ལྟར་ཁས་བླངས་བཞིན་དུ་འགྲོ་རྣམས་ལ༔ ཐུགས་རྗེ་ཅན་གྱིས་ཉིན་མཚན་རྒྱུན་དུ་གཟིགས༔ མ་བཞིན་བརྩེ་བས་སྐྱོང་བའི་མཁའ་འགྲོ་མ༔ གཡོ་མེད་ཀུན་ཏུ་སྟོན་ལ་གུས་ཕྱག་འཚལ༔ གཞན་ལ་དབང་སྒྱུར་འཁོར་ལོ་རིན་ཆེན་འདྲ༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་འདྲ༔ མི་འབྲལ་གཟུགས་མཆོག་བཙུན་མོ་རིན་ཆེན་འདྲ༔ ཡོན་ཏན་ཀུན་སྩོལ་བློན་པོ་རིན་ཆེན་འདྲ༔ ཐེག་པའི་དོན་རྟོགས་གླང་པོ་རིན་ཆེན་འདྲ༔ ས་བཅུ་བགྲོད་མཛད་རྟ་མཆོག་རིན་ཆེན་འདྲ༔ ཕས་རྒོལ་འཇོམས་མཛད་དམག་དཔོན་རིན་ཆེན་འདྲ༔ དབང་པོ་བརྒྱ་བྱིན་ལྟར་ནི་ལོངས་སྤྱོད་ཆེ༔ མེ་ཏོག་པདྨ་ལྟར་ནི་སྐུ་མདངས་ལེགས༔ ཨུ་དུམཝ་ར་ལྟར་ནི་སྐྱེ་བ་དཀོན༔ ནམ་མཁའི་འཇའ་ཚོན་ལྟར་ནི་ཁ་དོག་ལེགས༔ ཕྱག་ན་རྡོ་རྗེ་ལྟར་ནི་མཐུ་རྩལ་ཆེ༔ འཇིག་རྟེན་མགོན་པོ་ལྟར་ནི་ཀུན་གྱིས་བསྟོད༔ ཐུན་མོང་དངོས་གྲུབ་མ་ལུས་སྩོལ་བ་དང༔ དུས་རྣམས་ཀུན་ཏུ་ལྷ་མོ་ཁྱོད་ལ་བསྟོད༔ དེ་ནས་གསོལ་ཁ་བྱེད་ན་སླར་གསོ་བྲན་དང་ཨ་ཀཱ་རོ་བརྗོད་ན་རུང༔ ཧཱུྃ༔ རྡོ་རྗེ་བརྟན་མ་གཡུ་སྒྲོན་མ༔ སྐུ་མདོག་ཀུནྡ་ལྟར་དཀར་ཞིང༔ བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཁྱད་པར་འཕགས་པའི་ལྷ་མོ་ནི༔ ཞི་ཞིང་འཛུམ་པའི་ངང་ཚུལ་ཅན༔ སྤྱན་གཉིས་སྒྲུབ་པ་པོ་ལ་གཟིགས༔ གཡུ་ཡི་སྨིན་མ་དུང་གི་ཚེམས༔ ཕྱག་གཡས་མདའ་དར་ནམ་མཁར་ཕྱར༔ གཡོན་པས་དངུལ་དཀར་མེ་ལོང་འཛིན༔ སྨན་ཤ་ཡུ་མོ་ཆིབས་སུ་འཆིབ༔ ལྷ་རྫས་ན་བཟའ་དགུ་བརྩེགས་གསོལ༔ རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན༔ ཁྱོད་ཀྱི་ན་བཟའི་སུལ་རྣམས་ནས༔ རིན་ཆེན་སྣ་ཚོགས་ཆར་དུ་འབེབ༔ སྒྲུབ་མཆོག་འདོད་པའི་རེ་བ་སྐོང༔ མཁའ་འགྲོ་དཀར་མོའི་ཚོགས་ཀྱིས་བསྐོར༔ ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ འདིར་བྱོན་གཙང་མའི་ཕུད་ལ་རོལ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ༔ སྔོན་ཚེ་པདྨས་བཀའ་བསྒོས་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རིགས་བཞིའི་སྨན་བཙུན་མཆེད་བཞི་ནི༔ སྔོ་སེར་དམར་དང་ལྗང་བའི་མདོག༔ དྲེལ་རྟ་རྐྱང་དང་འབྲོང་ལ་འཆིབ༔ རང་རང་རིགས་ཀྱི་ཕྱག་མཚན་འཛིན༔ རིགས་བཞིའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་གྱིས་བསྐོར༔ འདིར་བྱོན་གཙང་མའི་ཕུད་ལ་རོལ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ སྔོན་ཚེ་པདྨས་བཀའ་བསྒོས་བཞིན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་བརྟན་མ་བཅུ་གཉིས་ནི༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་ལྡན༔ སོ་སོའི་ཞོན་པ་སྣ་ཚོགས་འཆིབ༔ རིགས་དང་མཐུན་པའི་འཁོར་གྱིས་བསྐོར༔ ཕྱི་འཁོར་སྨན་མོ་འབུམ་ཕྲག་དང༔ མ་ལུས་འཁོར་དང་ཡང་འཁོར་བཅས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ བྲན་གཡོག་མང་པོའི་འཁོར་གྱིས་བསྐོར༔ འདིར་བྱོན་གཙང་མའི་ཕུད་ལ་རོལ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སོ་སོའི་དངོས་གྲུབ་ཐམས་ཅད་སྩོལ༔ རྡོ་རྗེ་གཡུ་སྒྲོན་འཁོར་བཅས་ལ༔ སྔ་མ་ལས་བྱས་གཏང་རག་གཏོང༔ ཕྱི་མ་ལས་བཅོལ་ཞུ་སྐྱེམས་འབུལ༔ ད་ལྟ་ལས་ཀྱི་གཉེར་ཟས་འདི༔ དགྱེས་པ་ཆེན་པོས་བཞེས་སུ་གསོལ༔ རྡོ་རྗེ་འཆང་དབང་ཧེ་རུ་ཀ༔ སྟོན་པ་གསང་བདག་རྟ་མགྲིན་དང༔ མཁའ་འགྲོ་སེང་གདོང་པདྨ་འབྱུང༔ བཞད་པ་རྡོ་རྗེ་ཀརྨ་པ༔ སངས་རྒྱས་དབོན་པོ་གར་གྱི་དབང༔ སུམ་ལྡན་རྡོ་རྗེ་འཛིན་པ་ཡི༔ བཀའ་དང་དམ་ལ་མ་འདའ་བར༔ མ་ལྟར་བསྟེན་ནོ་དབང་མ་ཆེ༔ སྲིང་ལྟར་བསྟེན་ནོ་སྙིང་མ་རིང༔ མཛའ་ལྟར་བསྟེན་ནོ་གཞུང་མ་ངན༔ བྲན་ལྟར་བསྟེན་ནོ་ཞེ་མ་སྡང༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ བདག་གི་བརྒྱུད་པའི་བསྟན་པ་སྲུངས༔ བླ་མ་རྣམས་ཀྱི་སྐུ་ཚེ་སྲིངས༔ ལུང་རྟོགས་ཆོས་སྲིད་འཛིན་པ་ཡི༔ དགེ་འདུན་སྡེ་རྣམས་སྐྱོང་བར་མཛོད༔ མི་མཐུན་རྐྱེན་རྣམས་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ སྣང་སྲིད་ཐམས་ཅད་དབང་དུ་སྡུས༔ བསྟན་དང་བདག་ཅག་དཔོན་སློབ་ལ༔ སྡང་བའི་དགྲ་བོ་ཐམས་ཅད་ཐུལ༔ བྱིན་པའི་ཟས་འདི་ཁྱོད་ཀྱིས་གསོལ༔ བཅོལ་པའི་ལས་རྣམས་ཐམས་ཅད་སྒྲུབས༔ ཇི་ལྟར་གདམས་པའི་ངག་ལ་ཉོན༔ བདག་གི་དགོས་པའི་དོན་རྣམས་སྒྲུབས༔ མ་རུང་གདུག་པའི་དགྲ་འདི་སོད༔ གནོད་པར་བྱེད་པའི་བགེགས་རྣམས་ཐུལ༔ བར་ཆད་རྐྱེན་རྣམས་ཐམས་ཅད་ཟློག༔ སྡོད་པའི་གནས་མལ་ཁྱོད་ཀྱིས་སྲུངས༔ ཉེ་བར་མཁོ་བའི་ཡོ་བྱད་སྤེལ༔ བརྒྱུད་པ་འཛིན་པའི་ལས་རྣམས་སྒྲུབས༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ རྟག་ཏུ་མི་འབྲལ་འགྲོགས་ནས་ཀྱང༔ ཇི་ལྟར་འདོད་པའི་རེ་བ་ཀུན༔ འབད་པ་མེད་པར་འགྲུབ་པར་མཛོད༔ དེ་ནས་སྐོང་བ་བྱེད་ན་གནམ་ཆོས་ནས་འབྱུང་བ་ལྟར་བྱ་སྟེ། ཧྲཱི༔ སྲིང་ཅིག་རྡོ་རྗེ་གཡུ་སྒྲོན་མའི༔ ཐུགས་དམ་གཉན་པོ་བདག་གིས་བསྐང༔ དམ་ཚིག་ཉམས་པ་ཐམས་ཅད་བཤགས༔ གང་བཅོལ་ལས་རྣམས་ཁྱོད་ཀྱིས་སྒྲུབས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་དང་ཞལ་ཟས་དང༔ རོལ་མོ་སྒྲ་དབྱངས་ཐམས་ཅད་ཀྱིས༔ གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང༔ འདོད་ཡོན་ལྔ་དང་རིན་ཆེན་བདུན༔ བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱིས༔ གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང༔ གཡག་ལུག་ར་གསུམ་ལྷ་འབྲི་དང༔ དཀོར་ནོར་རི་དྭགས་གཡུང་དྭགས་སོགས༔ མཐུན་རྫས་རྣམ་པ་སྣ་ཚོགས་ཀྱིས༔ གཡུ་སྒྲོན་འཁོར་བཅས་ཐུགས་དམ་བསྐང༔ བདག་ཅག་བག་མེད་དབང་གྱུར་ནས༔ སྡོམ་པ་གསུམ་དང་འགལ་བ་ཡི༔ ཉམས་པ་ཐམས་ཅད་མཐོལ་ཞིང་བཤགས༔ བཟོད་པར་བཞེས་ནས་དགྱེས་པར་མཛོད༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ མི་མཐུན་རྐྱེན་དང་བར་ཆོད་སོལ༔ ཕ་རོལ་བྱད་དང་རྦོད་གཏོང་དང༔ སྐག་དང་སྲི་དང་ལྟས་ངན་དང༔ རྨི་ལམ་མཚན་ལྟས་ངན་པ་སོགས༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློག༔ བདག་དང་བདག་ལ་སྡང་བ་ཡི༔ དམ་ཉམས་སྡིག་ཅན་དགྲ་བགེགས་འདི༔ ལོ་ཟླ་ཞག་ཏུ་མ་བཞག་པར༔ ད་ལྟ་ཉིད་དུ་མྱུར་དུ་སྒྲོལ༔ ཁྱོད་ནི་སྲུང་མ་ཐུགས་དམ་ཅན༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ ཁྱེད་དང་དམ་ཚིག་གཅིག་པའི་ཕྱིར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་འབུལ་བསྡུས་པ་ནི། ཧྲཱི༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ན༔ རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས༔ རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གཉན་པོ་འགྲུབ་པར་མཛོད༔ དམ་རྫས་གཙང་མ་བཤམ་པའི་མཆོད་པ་འདི༔ རྡོ་རྗེ་གཡུ་སྒྲོན་མ་ལ་མཆོད་པར་འབུལ༔ ཐུགས་རྗེས་བརྩེར་དགོངས་སྦྱིན་པའི་མཆོད་པ་བཞེས༔ མཆོད་པ་བཞེས་ཤིག་ཨ་ལ་ལ་ཧོ༔ ཨཱོཾ་བཛྲ་མ་མ་ལ་ལ་ལི་ལི་སརྦ་པཉྩ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི༔ ཞེས་ཕུད་གཏོར་ན་ཡང་རུང་བའོ། །འདི་ཡི་སྒྲུབ་ཐབས་ཀློང་ཆེན་རབ་འབྱམས་པས་མཛད་པར་བདག་བསྐྱེད་དུ་མཛད་པར་བཤད། དབང་ཕྱུག་རྡོ་རྗེས་འདི་ཁོ་ན་ལྟར་མཛད་ནས། བདག་བསྐྱེད་སྤྱན་རས་གཟིགས་སུ་ངེས་པར་བསྐྱེད། མ་ཎི་བསྒྲང་བ་སོགས་མཛད། ཡང་ན་གུ་རུ་བསྒོམས་ཀྱང་འགལ་བ་མེད་གསུངས། ཀར་ལུགས་སྔགས་ནི༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་ཛ༔ ཞེས་དང་། ཨཱོཾ་བྷི་ལུག་ཀྵ་ན་ཨ་ལོ་ཀྵ་ཁ་ཡ་སྭཱ་ཧཱ༔ ཞེས་བསྙེན་སྔགས་སོ། །ཨཱོཾ་བྷི་ལི་བྷི་ལི་ཁྱི་ལི་ཁྱི་ལི་ཨ་ལོ་ཀྵ་ཁ་ཡ་སྭཱ་ཧཱ༔ ཞེས་སྒྲུབ་སྔགས་རྒྱུན་དུ་བྱེད་ན་དེ་གས་ཆོག །ལས་སྦྱོར་པྲ་སྒྲུབ་སྔགས་ནི་གཞུང་དུ་གསལ། མཁས་གྲུབ་ལུང་རིག་ཉི་མས། མཚན་སྔགས་ནི། ཨཱོཾ་ཨཱཿབཛྲ་ཤཱ་ས་ན་མ་ཧཱ་བཱ་ལ་བྷི་རོ་ཙ་ནཱ་དཱི་པེ་སྭཱ་ཧཱ༔ འདི་མཛད། ཀློང་ཆེན་རབ་འབྱམས་པའི་རིན་ཆེན་ཤོག་འདྲ་ལས། ཨཱོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ༔ གནམ་ཆོས་ལས། ཨོཾ་བཛྲ་པྲ་མོ་ཧ་བ་སུ་སིདྡྷི་ཧྲིཾ་ཛཿཧཱུྃ་སྭཱ་ཧཱ༔ འབྲུག་ལུགས་སྔགས་ནི། ཨོཾ་མ་མ་ལ་ལ་ལི་ལི༔ ཞེས་གསུངས་སོ། །ཞི་སྒྲུབ་འདི་ཀར་འབྲུག་ལུགས་ཀློང་ཆེན་རབ་འབྱམས་པ་གནམ་ཆོས་མཐུན་པར་ཐུགས་སྲོག་ཧྲཱིཿཡིག་ལ། ལུང་རིག་ཉི་མས་མིང་ཡིག་དང་པོ་སྟེ་དཀར་པོ་ཡིན་གསུངས་སོ། །དེ་ལྟར་གཏོར་ཆོག་འདི་ནི་གནམ་ཆོས་ལས་བྱུང་བ་དང་། རྗེ་དབང་ཕྱུག་རྡོ་རྗེ་དང་། མཐུ་ཆེན་རྡོ་རྗེ་འཛིན་པ། ཀློང་ཆེན་རབ་འབྱམས་དང་། ལུང་རིག་ཉི་མ་རྣམས་ཀྱིས་མཛད་པའི་ཁུངས་བཙུན་ལ་བརྟེན་ཏེ། རཏྣ་ལུགས་དང་ཉང་ལུགས་པད་གླིང་སོགས་དང་མི་འགལ་བར། སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་ཉེས་འགལ་མཆིས་ན་ལྷ་མོ་ཉིད་ལ་བཤགས་ཤིང་། དགེ་བས་བདག་གི་བརྒྱུད་པ་ངེས་པར་འཛིན་པ་རྣམས་ལ་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲྭ་བ་ (Volume 52, Text 33)
པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲྭ་བ་བཞུགས་སོ། །དྲི་བཟང་གི་ཤིང་དང་འོལ་སྐོམ་སྨན་སྣ་འབྲུ་སྣ་སོགས་གཙང་མ་མེར་བསྲེགས་པ་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ལྷ་རྫས་བསང་གི་དུད་སྤྲིན་ཟག་མེད་བདེ་བ་ཆེན་པོ་འདོད་ཡོན་རྣམ་པ་ཐམས་ཅད་པར་འཆར་བའི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ཧྲཱིཿ རང་བཞིན་འོད་གསལ་དག་པའི་དབྱིངས་ཉིད་ལས། །བདེ་ཆེན་རང་མདངས་ཡིད་འཕྲོག་ལྷ་མོའི་གཟུགས། །ཐབས་ཤེས་ཨུཏྤལ་མདའ་གཞུའི་ཕྱག་རྒྱ་ཅན། །རིག་བྱེད་དབང་གི་ཌཱ་ཀི་འདིར་གཤེགས་ཤིག །ས་གསུམ་བརྟན་པ་འཕྲོག་པའི་ཡིད་འོང་སྐུ། །རྡུལ་བྲལ་བདེ་བའི་ལང་ཚོ་མངོན་འབར་ཞིང་། །སྲིད་ཞིའི་དྭངས་བཅུད་དབང་མེད་སྡུད་པ་ཡི། །དབང་མཛད་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྟོང་སྐུ་ཡི་གར་སྟབས་ལམས་སེ་ལམ། །དགྱེས་བཞད་གསུང་གི་སྒྲ་དབྱངས་སྒྲོག་བཞིན་དུ། །མཆོད་པའི་མགྲོན་དུ་དགྱེས་པས་འདིར་གཤེགས་ལ། །རྗེས་ཆགས་ཐུགས་ཀྱིས་དགོངས་ཤིང་བརྩེ་བར་མཛོད། །གཙང་སྦྱར་བསང་གི་དུད་སྤྲིན་ཡིད་འོང་བ། །རབ་དཀར་ཆུ་འཛིན་གཞོན་ནུའི་ཕུང་པོ་ལྟར། །ལྷ་ལམ་རབ་ཏུ་ཁྱབ་པའི་ཟེར་མ་ལས། །འདོད་ཡོན་རྒྱ་མཚོའི་རོལ་པ་ཟད་མི་ཤེས། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །བུམ་བཟང་དཔག་བསམ་ཤིང་དང་ནོར་བུའི་གཏེར། །ལྷ་ཡི་སྐྱེད་ཚལ་བདུད་རྩིའི་ཆུ་བོ་སོགས། །ལྷ་མིའི་འབྱོར་པ་མ་ཚང་མེད་པ་དང་། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་གང་མཆིས་པའི། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་བ། །རེག་འཇམ་བདེ་མཆོག་འདོད་ཡོན་དྲུག་ལྡན་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འདུས། །སྣང་སྲིད་དབང་གི་ཕྱག་རྒྱར་སད་པ་ལས། །རྗེས་ཆགས་དགའ་བའི་གཏེར་ལྡན་གཞོན་ནུའི་ཚོགས། །ཐབས་ཤེས་བདེ་སྟོང་རོལ་པའི་ཟློས་གར་གྱིས། །ཟག་མེད་བདེ་བ་སྤེལ་བའི་མཆོད་པ་འབུལ། །ཐམས་ཅད་མཉམ་ཉིད་འོད་གསལ་དག་པའི་དབྱིངས། །གདོད་ནས་བདེ་བ་ཆེན་པོའི་ངང་ཉིད་དུ། །བདག་དང་ལྷ་དང་ཆོས་ཀུན་དབྱེར་མེད་པའི། །རང་བྱུང་མཆོད་པ་མཆོག་གིས་མཉེས་གྱུར་ཅིག །རྒྱལ་ཀུན་ཕྲིན་ལས་རིག་བྱེད་དབང་མོ་ཡི། །ཞབས་པད་གཙུག་གིས་བསྟེན་པའི་རྣལ་འབྱོར་བདག །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་ནས། །རྣམ་གཉིས་དངོས་གྲུབ་འདོད་དགུའི་གྲུ་ཆར་ཕོབ། །ཐབས་ཤེས་ཨུཏྤལ་མདའ་གཞུས་སྲིད་གསུམ་གྱི། །ཡིད་སྣང་བརྟན་པ་དབང་མེད་ཕྲོགས་མཛད་དེ། །མི་དང་མི་མིན་སྐྱེ་དགུའི་ཚོགས་ཆེན་པོ། །རྣལ་འབྱོར་མཐུན་པའི་བྲན་དུ་གནང་བར་མཛོད། །མ་དག་རླུང་སེམས་གཡོ་བའི་ཆོ་འཕྲུལ་ཀུན། །བདེ་སྟོང་དྷཱུ་ཏིའི་དབྱིངས་སུ་དབང་བྱས་ནས། །འཕོ་མེད་བདེ་བ་ལྷན་སྐྱེས་ཌཱ་ཀི་ནཱིའི། །གོ་འཕང་ཚེ་འདིར་འགྲུབ་པར་མཛད་དུ་གསོལ། །དཔལ་དང་འབྱོར་པ་སྙན་དང་གྲགས་པ་དང་། །མཐུ་དང་ནུས་པ་བདེ་དང་སྐྱིད་པའི་དཔལ། །ཡར་ངོའི་ཟླ་དང་དབྱར་གྱི་ཆུ་བོ་ལྟར། །འཕེལ་རྒྱས་བརྟན་པའི་ཕྲིན་ལས་མཛད་དུ་གསོལ། །མདོར་ན་ཡིད་ལ་གང་འདོད་དཔལ་ཐོབ་ཅིང་། །མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་དབང་གིས་ཕྱུག །བསྟན་དང་འགྲོ་ལ་ཕན་པའི་མཐུ་ལྡན་པས། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །ཞེས་པའང་དགེ་སྦྱོང་ཚེ་རིག་འཛིན་པ་ཨ་ཚང་གིས་བསྐུལ་ངོར་སྨིན་ཟླའི་དམར་ཕྱོགས་རྒྱལ་བ་གསུམ་པར་ཁྲ་འགུའི་རི་ཁྲོད་དུ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ།། །། ༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་བདུད་རྩི་བསང་གི་དུད་པའི་སྤྲིན། །འདོད་ཡོན་ཀུན་ལྡན་ཀུན་བཟང་མཆོད་སྤྲིན་གྱིས། །རིག་བྱེད་དབང་མོ་དབང་མཛད་མཁའ་འགྲོ་འབུམ། །བསང་ངོ་མཆོད་དོ་དབང་གི་དངོས་གྲུབ་སྩོལ། །ཨ་ཚང་གི་ངོར་མིཕམ་པས་སོ།། །། ༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་གཏེར། །འདོད་དགུ་ལྷུན་གྲུབ་འཛད་མེད་ནམ་མཁའ་མཛོད། །རིག་བྱེད་དབང་མོ་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་པདྨ་ཌཱ་ཀཱི་ནཱི་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་སརྦ་སིདྡྷི་ཧཱུྃ། ཞེས་པ་ཨ་ཚང་གིས་བསྐུལ་ངོར་མི་ཕམ་པས་སོ། །མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་གསོལ་མཆོད་མདོར་བསྡུས་ (Volume 67, Text 33)
ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་སྲུང་སྡེ་བདུན་གསོལ་མཆོད་མདོར་བསྡུས་བཞུགས་སོ། །ན་མོ་གུ་རུ་བྷྱ༔ འདིར་ཞི་ཁྲོའི་ཆོ་ག་སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བར་བཀའ་སྲུང་གསོལ་མཆོད་མདོར་བསྡུས་ནི། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སོགས་བཀའ་སྲུང་སྡེ་བདུན་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ གཟུགས་སྐུ་འཇའ་ཚོན་ལྟ་བུར་སྐུར་བཞེངས་པ༔ བླ་མ་བདེ་གཤེགས་ཡི་དམ་ཞི་ཁྲོའི་ཚོགས༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ ཧཱུྃ༔ གཏེར་བདག་དཔལ་མགོན་མ་ནིང་གཙོ་དང་འཁོར༔ ཨེ་ཀ་ཛཱ་ཊི་ལྷ་མོ་རེ་མ་ཏཱི༔ ཤན་པ་སྲོག་སྒྲུབ་གཟའ་བདུད་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་གནོད་སྦྱིན་དམར་ནག་དང༔ སོ་སོའི་རིགས་དང་གཡོག་འཁོར་དཔུང་དང་བཅས༔ བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཞེས་པས་སྤྱན་དྲངས། བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། ཧཱུྃ༔ བླ་མ་བདེ་གཤེགས་ཞི་ཁྲོ་དང༔ མ་སྲིང་མཁའ་འགྲོའི་ཚོགས་དང་བཅས༔ དམ་ཅན་རྒྱ་མཚོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ སྨན་རཀ་གཏོར་གསུམ་གསང་བའི་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉན་པོ་སྐོང་ཕྱིར་འབུལ༔ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོ༔ ཞེས་པས་མཆོད། ཧཱུྃ༔ བྱིན་རླབས་དངོས་གྲུབ་འདོད་སྟེར་རོལ་པ་ཅན༔ བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་བདག༔ བོད་ཁམས་སྐྱོང་བའི་ལྷ་རབ་བརྟན་མར་བཅས༔ གཞི་བདག་སྲུང་མ་འཁོར་དང་བཅས་ལ་བསྟོད༔ ཅེས་བསྟོད། བཀའ་སྲུང་འཁོར་བཅས་ཐུགས་དམ་དགྱེས་བསྐངས་ནས། །གསང་ཆེན་བསྟན་པ་དར་ཞིང་རྒྱས་པ་དང་། །བདག་ཅག་འགལ་རྐྱེན་ཀུན་ཞི་མཐུན་པའི་རྐྱེན། །མ་ཚང་མེད་འབྱོར་བསམ་དོན་ལྷུན་གྲུབ་མཛོད། །ཅེས་ཕྲིན་ལས་བཅོལ་ལོ། །ཞེས་པའང་གཏེར་གཞུང་རྩ་བ་ལས་ཛྙཱ་ནས་མདོར་བསྡུས་པ་དགེ། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ དངོས་གྲུབ་རྒྱ་མཚོའི་ཆ་ལག་གཞི་བདག་རྟེན་ལ་བཀོལ་བ་ (Volume 43, Text 33)
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ དངོས་གྲུབ་རྒྱ་མཚོའི་ཆ་ལག་གཞི་བདག་རྟེན་ལ་བཀོལ་བ་བཞུགས་སོ༔ ྈྈྈྈྈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ཡུལ་གཞི་བདག་ཉམས་གསོས་དང༔ ཡུལ་ལ་འཁྲུག་པ་མི་འབྱུང་ཕྱིར༔ གཞི་བདག་རྟེན་ལ་བཀོལ་བ་བསྟན༔ དབྱར་སྟོན་གཟའ་སྐར་ལེགས་པ་ལ༔ བརྩམ་པར་བྱ་བའི་དུས་ཡིན་ནོ༔ དང་པོ་ཡུལ་འདྲེ་མནན་པ་ནི༔ ལིངྒའི་སྙིང་གར་ཏྲིཿབྲིས་པའི༔ མཐའ་རུ་ཡུལ་འདྲེ་འཁྱམས་པོ་རྣམས༔ ཁུག་ཛཿརྦད་སོད་ནན་ཞེས་བྲི༔ རི་ཞབས་ཧོམ་བྲུ་ལིངྒ་བཞག༔ ན་མོ་དཀོན་མཆོག་རྩ་གསུམ་དང༔ ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་དབྱིངས་རྟེན་འབྲེལ་བསླུ་བ་མེད༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུལ་འདྲེ་འགོང་པོ་གནས་འདིར་ཁུག༔ ཡུལ་འདྲེ་ཐམས་ཅད་ཁུག་ཛ༔ རྦད་སོད༔ ཐུན་གྱིས་བྲབས་ལ་སཱཙྪས་མནན༔ ཧཱུྃ༔ ཡུལ་འདྲེ་སྲིད་པའི་འོག་གཞིར་སོང༔ བྲུབ་ཁུང་དགུ་རིམ་ནང་དུ་ཚུད༔ ཁྲོ་བོ་ཀུན་གྱི་མཐུ་སྟོབས་ཀུན༔ འདུས་པའི་མཆོད་རྟེན་ནག་པོས་མནན༔ ཁྲོ་བོ་རོལ་པའི་བྲོ་བརྡུངས་པས༔ སྟེང་དུ་ནམ་ཡང་མ་ལྡང་ཞིག༔ སཏྭཾ་བྷ་ཡ་ནན༔ ས་བཙལ་རི་དེའི་མདུན་དག་ཏུ༔ གཤོང་ལས་འབུར་དང་འབུར་ལས་གཤོང༔ ཡིད་དང་མཐུན་པར་གསེར་སྐྱེམས་བཤམ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ ས་ཡི་ལྷ་མོ་ལ་སོགས་པའི༔ སྟོང་གསུམ་ས་ཡི་བདག་པོ་རྣམས༔ འདི་རུ་གཞི་བདག་རྟེན་བཅའ་བས༔ ས་འདི་བདག་ལ་བསྩལ་དུ་གསོལ༔ བྷཱུ་མི་པ་ཏི་ས་པ་རི་བཱ་ར་བྷ་ལིནྟ་ཁཱ་ཧི༔ ས་སྲིན་བསྐྲད་པར་བྱ་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༔ ས་སྲིན་ནག་པོ་འཁོར་དང་བཅས༔ ཁྲོ་བོའི་རྒྱལ་པོའི་བཀའ་བྱུང་བས༔ གཏོར་མ་འདི་ལོངས་གཞན་དུ་དེངས༔ བཀའ་ལས་འགལ་བ་རྡུལ་དུ་རློག༔ དྲག་སྔགས་ཡུངས་ཐུན་གུ་གུལ་བདུག༔ ལྟོ་འཕྱེ་བརྟགས་ལ་ས་གཞི་བརྐོ༔ གསས་མཁར་གྲུ་བཞི་བརྩེགས་པའི་དབུས༔ འཁོར་ཡུག་གཞལ་ཡས་བཅས་པ་བྲི༔ མ་ལྡོག་སྲོག་ཤིང་འབྲུས་མཚན་འཛུགས༔ གཞི་བདག་དེ་ཡི་རི་རྩེ་ནས༔ གནམ་མ་མཐོང་བའི་རྡོ་བླངས་ལ༔ ཏྲིཿམཚན་རིན་ཆེན་སྨན་དར་སྣ༔ གཞི་བདག་ཆེ་གེའི་མིང་གང་ཡིན༔ མགོ་མཇུག་ཨོཾ་དང་སྭཱ་ཧཱས་བརྒྱན༔ དར་ལ་རིན་ཆེན་ཁུ་བས་བྲི༔ ཡང་ན་སྟོབས་སྐྱེད་སྔགས་རྫས་བྱ༔ དེ་རྣམས་རཏྣའི་གྭའུར་བཅུག༔ རིན་ཆེན་ནམ་ནི་རྫ་བུམ་དུ༔ རྩ་གསུམ་ཉེས་སེལ་འབྱུང་ལྔ་དང༔ གཞི་བདག་སྙིང་པོ་བཀྲ་ཤིས་བརྒྱད༔ ཏ་ལ་མ་ཐ་གཉན་ལ་ཐ༔ མི་འཛད་ཡུན་གྱི་གཏེར་མཛོད་ཅིག༔ ཅེས་པ་ལ་སོགས་བྲིས་པ་རྣམས༔ སྨན་གྱི་སྲོག་ཤིང་དག་ལ་དཀྲི༔ བུམ་རྫས་ཉེར་ལྔ་རིན་ཆེན་འབྲུ༔ དར་ཟབ་ཟས་སྨན་དམ་རྫས་ཀྱིས༔ བཀང་ལ་ཁ་བཅད་དབུས་སུ་བཞག༔ གྭའུ་སྲོག་ཤིང་དག་ལ་བཏགས༔ རྩེ་རུ་ཤིང་བྱང་རིང་པོ་ལ༔ རྩ་གསུམ་སྐུ་དང་ཡུལ་ལྷའི་གཟུགས༔ སྤྱན་གཟིགས་སྣ་ཚོགས་བྲིས་པའི་རྒྱབ༔ དེ་རྣམས་ཀུན་གྱི་སྲོག་སྔགས་དང༔ དབྱངས་གསལ་རྟེན་འབྲེལ་སྙིང་པོའི་མཐར༔ རྩ་གསུམ་ཆོས་སྲུང་ནོར་ལྷ་དང༔ ཡུལ་ལྷ་ཆེ་གེ་རྟེན་འདིར་བཞུགས༔ ཡུལ་འདིའི་ནད་མུག་འཁྲུགས་རྩོད་ཞི༔ རྟག་ཏུ་ལེགས་འཕེལ་བསྲུང་དུ་གསོལ༔ ཡེ་ཤེས་བརྟན་པའི་སྔགས་སོགས་བྲི༔ གཡས་གཡོན་ཤིང་གི་བ་དན་དང༔ སྨྱུག་མ་རྩེ་རྒྱལ་དར་སྣ་འཛུགས༔ དམུ་ཐག་ཕྱོགས་བཞི་དག་ཏུ་འཐེན༔ སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་བརླབ༔ བྷྲཱུྃ༔ ཁོར་ཡུག་ཞིང་ཁམས་མཛེས་པའི་དབུས༔ རིན་ཆེན་གཞལ་ཡས་ཁང་པའི་ནང༔ སྟེང་དུ་གུ་རུ་པདྨ་ལ༔ བཀྲ་ཤིས་ལྷ་བརྒྱད་ལྷ་མོ་བརྒྱད༔ དཀོན་མཆོག་རྩ་གསུམ་རྣམས་ཀྱིས་བསྐོར༔ འོག་ཏུ་གཞི་བདག་གཙོ་བོ་ནི༔ ཆ་ལུགས་ཀུན་རྫོགས་གཟི་བརྗིད་ལྡན༔ འཁོར་དང་བཅས་པའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ ཀྱཻ༔ རང་བཞིན་གནས་ནས་སྤྱན་འདྲེན་གྱིས༔ དགྱེས་པའི་རྟེན་འདིར་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི༔ ལོངས་སྤྱོད་སྤྱན་གཟིགས་དཀོར་ཆའི་ཚོགས༔ བསམ་མི་ཁྱབ་པས་ཐུགས་དམ་བསྐང༔ རྟེན་འདིར་བརྟན་པར་བཞུགས་ནས་ཀྱང༔ ཡུལ་འདིར་ས་ཡི་དཔལ་རྣམས་སྡུས༔ ནད་མུག་འཁྲུག་རྩོད་རྒུད་པ་ཞི༔ ཡུལ་གྱི་དགེ་བཅུ་ལྡན་པར་མཛོད༔ ཅེས་བརྗོད་དམིགས་པ་གསལ་བཏབ་ལ༔ ཀུན་གྱི་སྐུ་ལས་འོད་འཕྲོས་པས༔ ཉམས་དང་མི་མཐུན་ཀུན་སྦྱངས་ནས༔ སྲིད་ཞིའི་དཔལ་ཀུན་རབ་ཏུ་སྡུས༔ ལྷ་ཚོགས་ཀུན་དང་གནས་འདིར་ཐིམ༔ ཡུལ་གྱི་དགེ་བཅུ་ལྡན་པར་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ལོ་ཀ་པཱ་ལ་སྭཱ་ཧཱ༔ སརྦ་སིདྡྷི་ཛ་ཛཿཏིཥྛ༔ ཏ་ལ་མ་ཐ་གཉན་ལ་ཐ༔ མི་འཛད་ཡུན་གྱི་གཏེར་མཛོད་ཅིག༔ བརྒྱ་རྩ་བཟླས་ལ་རྩེ་གཅིག་བསྒོམ༔ དེ་ནས་གསས་མཁར་བསྟོད་པ་ནི༔ ཀྱཻ༔ སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ ལྷ་སྲུང་རྟེན་ལ་བཀོལ་བ་ནི༔ རིན་ཆེན་ལྔ་ལས་གྲུབ་པ་ཡི༔ གསས་མཁར་རིན་ཆེན་གཞལ་ཡས་ཁང༔ ཁོར་ཡུག་བཀོད་པ་ཉམས་རེ་དགའ༔ མི་འཛད་གཏེར་གྱི་ལོངས་སྤྱོད་དང༔ མི་འབྲལ་རྟེན་གྱི་བླ་རྡོ་བཅས༔ ཀུན་ཏུ་མི་འགྱུར་སྲོག་ཤིང་ལྡན༔ གཏོར་སྐུ་སྐུ་ཡི་རྟེན་དུ་བཅས༔ སྲོག་སྔགས་གསུང་གི་རྟེན་དུ་བྲིས༔ བླ་རྡོ་ཐུགས་ཀྱི་རྟེན་དུ་བཟུང༔ སྤྱན་གཟིགས་ལོངས་སྤྱོད་བསམ་མི་ཁྱབ༔ འཁོར་ལོས་སྒྱུར་བའི་མཁར་ལྟ་བུ༔ གཞི་བདག་རྟེན་ལ་བཞུགས་སུ་གསོལ༔ རྩ་བ་གསུམ་གྱིས་རྒྱབ་རྟེན་མཛོད༔ རིན་ཆེན་སྐུ་མཁར་ཆེན་པོ་ནི༔ བ་གམ་ལྕོག་བཅས་ཁྲིགས་སེ་ཁྲིག༔ ནང་བཅུད་བླ་རྡོ་གཏེར་ཆེན་སྦས༔ བག་དྲོ་ཡིད་ཆགས་ལམས་སེ་ལམ༔ མཐུན་པའི་སྤྱན་གཟིགས་མང་པོ་འདི༔ ནོར་དང་ལོངས་སྤྱོད་སྤུངས་སེ་སྤུང༔ མི་འགྱུར་སྲོག་གི་ཀ་བ་བཙུགས༔ ས་ཡི་རྟེན་ཕུར་ཐིབས་སེ་ཐིབ༔ གནམ་གྱི་འཇུ་ས་དམུ་ཐག་འཐེན༔ ལྷ་ཡི་གནས་སུ་བྲེངས་སེ་བྲེང༔ གཏོར་སྐུ་རིན་ཆེན་ཏོག་གིས་སྤྲས༔ ཉི་ཟླའི་འོད་ཟེར་ལམས་སེ་ལམ༔ ལྷ་ཤུག་སྨྱུག་མའི་བ་དན་བཙུགས༔ ལྷོ་སྤྲིན་བཞིན་དུ་ཡ་ལ་ལ༔ དར་ཟབ་དར་ཚོན་འཕན་ལྕེ་འཕྱོ༔ འཇའ་ཚོན་སྣ་ལྔ་ཁྱུགས་སེ་ཁྱུག༔ གཞི་བདག་གནས་སུ་བརྟན་པར་བཞུགས༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྤེལ༔ རི་རྩེར་རྒྱལ་མཚན་རྩེ་མོའི་སྔགས༔ བྲིས་པའི་རྒྱལ་མཚན་བཙུགས་བྱས་ལ༔ རི་བསྟོད་ཕྱོགས་ལས་རྣམ་རྒྱལ་ནི༔ ཀྱཻ༔ དཔལ་གྱི་རི་རྒྱལ་ལྷུན་པོ་ནི༔ རིན་ཆེན་རྩེ་མོ་དགུང་ལ་རེག༔ ཉི་ཟླའི་མགུལ་རྒྱན་ཡ་ལ་ལ༔ ལྷོ་སྤྲིན་སྟོད་གཡོགས་སྤུངས་སེ་སྤུང༔ ན་བུན་ཤམ་ཐབས་ལྷུབས་སེ་ལྷུབ༔ བདུད་རྩིའི་སྨན་ཆར་སི་ལི་ལི༔ ཁྲུས་ཆབ་སིལ་མ་ཤ་ར་ར༔ མེ་ཏོག་རྒྱན་ཆ་ལམས་སེ་ལམ༔ རྫ་སྤང་ཟ་འོག་ཁྲ་ཆེམས་སེ༔ རིན་ཆེན་ཕ་བོང་ཕྲ་ཚོམ་ཅན༔ བྲག་རི་དར་ཐོད་ཡེ་རེ་རེ༔ ནགས་ཚལ་གོ་མཚོན་རྒྱན་དང་ལྡན༔ གཙོ་བོ་རི་རྒྱལ་ལྷུན་པོ་ལ༔ འཁོར་ཚོགས་གསེར་རི་བདུན་དང་འདྲ༔ བརྗིད་ཅིང་དཔའ་བ་ཁྱོད་ལ་བསྟོད༔ དགེ་བཅུ་ཡུལ་འདིར་དར་བར་མཛོད༔ དེ་ལས་ལྷག་པར་མཐོ་བའི་ཕྱིར༔ རྩེ་ལ་རྒྱལ་མཚན་འཕྱར་བ་ནི༔ ཕྱོགས་ལས་རྣམ་པར་རྒྱལ་བར་ཤོག༔ རྗེས་སུ་དགའ་སྟོན་སྣ་ཚོགས་བྱ༔ དེ་ཡིས་གཞི་བདག་གནས་སུ་ཚུད༔ སྟོབས་རྩལ་རྒྱས་ཤིང་ཕྲིན་ལས་མྱུར༔ ཡུལ་ཁམས་ཐམས་ཅད་བདེ་བར་ངེས༔ ཕྱི་རབས་རྣམས་ཀྱིས་བརྩོན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་ཤིང་གཏན་ལ་ཕབ་པའི་ཕྱག་བྲིས་ལས། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཞལ་བཤུས་པ་འཛམ་གླིང་ཡངས་པའི་འཇིག་རྟེན་ཀུན་ཏུ་དགེ་ལེགས་དཔལ་གྱི་འབྱོར་པ་ཆེན་པོས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡོ་བརྡྷནྟུ།། ༈ །།བ་ལ་སྤུ་རའི་གདམས་པ་གཉིས་པོའི་ཞལ་ཤེས་ནི་དེ་ཉིད་ལྔ་སྤེལ་དང་། ཚུལ་བཞིན་བསྒྲུབས་པའི་ཨ་མྲྀཏའོ།།
སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཕྲིན་ལས་བསྡུས་པ་སྙིང་པོ་དོན་གསལ་ཁྲིགས་སུ་བསྡེབས་པ་ཡེ་ཤེས་རོལ་པ་ (Volume 16, Text 33)
༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཕྲིན་ལས་བསྡུས་པ་སྙིང་པོ་དོན་གསལ་ཁྲིགས་སུ་བསྡེབས་པ་ཡེ་ཤེས་རོལ་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ས་མནྟ་བྷ་དྲཱ་ཡ། གཞི་ཐོག་འཁྲུལ་པ་རང་གྲོལ་བས། །དང་པོར་སངས་རྒྱས་མགོན་དེ་ཡི། །སྐུ་དང་ཡེ་ཤེས་རྣམ་པ་དགུ །གཅིག་གྱུར་རྡོ་རྗེའི་བླ་མར་འདུད། །དབང་རྣོན་སྤྲོས་པ་ཆུང་ངུ་ཡི། །ཉམས་ལེན་ཤིན་ཏུ་རྣལ་འབྱོར་ལུགས། །བསྐྱེད་རྫོགས་ཆུང་ངུའི་ཕྲིན་ལས་ཀྱི། །ཡན་ལག་དཀྱུས་སུ་བསྡེབས་ཏེ་འགོད། །འདི་ལ་གཏེར་གཞུང་རྩིས་འགོས་མ་བསྡུས་པའི་སྦྱོར་བ་རྟེན་དང་མཆོད་གཏོར་ཇི་ལྟར་ཚོགས་པ་འདུ་བྱ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་གཞི་གནས་ཀྱི་བདག་པོ་ལ་དཀར་གཏོར་དང་གསེར་སྐྱེམས་བཤམས་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། བྷཱུ་མི་པཱ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛས་ས་བདག་བརྟན་མ་སོགས་སྤྱན་དྲངས། བྷཱཱུ་མི་པཱ་ཏི་ས་པ་རི་བཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ས་བདག་ལྷ་ཀླུ་འཇིག་རྟེན་སྐྱོང་བ་དང༔ གནས་དང་ཡུལ་གྱི་བདག་པོར་གྱུར་པ་ཀུན༔ རིན་ཆེན་ས་གླུད་མཆོད་པ་འདི་བཞེས་ལ༔ བདག་གིས་གནས་འདིར་སྙིང་པོ་བྱང་ཆུབ་སྒྲུབ༔ ཀོ་ལོང་མ་མཛད་ཁྱོད་ཀྱིས་སྡོངས་གྲོགས་གྱིས༔ མཐར་ཕྱིན་བར་དུ་དགེ་བའི་མཐུན་རྐྱེན་མཛོད༔ ས་འདི་བཀྲ་ཤིས་བྱིན་ཆགས་མཛད་དུ་གསོལ༔ བྷཱུ་མི་པཱ་ཏི་གཙྪ་ས་གཤེགས་སུ་གསོལ། སྐྱབས་སུ་འགྲོ་བ་ནི། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་པ་ནི། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པ་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ དེ་ནས་གཏེར་གཞུང་ལས་དངོས་སུ་བསྟན་པ་དངོས་གྲུབ་བསྙེན་པའི་ཡན་ལག་སྔོན་འགྲོ་རིམ་པ་གསུམ་གྱི་དང་པོ་འགལ་རྐྱེན་སེལ་ཕྱིར་བགེགས་མཚམས་བཅད་པ་ནི། ཧཱུྃ༔ སྣང་སྲིད་ཡེ་ནས་སངས་རྒྱས་ས༔ གདོད་ནས་འཁྲུལ་པ་རང་སར་གྲོལ༔ ཐམས་ཅད་བདེ་བ་ཆེན་པོའི་ངང༔ རྐྱེན་ངན་སྡུག་བསྔལ་གྲོགས་སུ་ཤར༔ སྣང་གྲགས་སེམས་ཉིད་སྐུ་གསུང་ཐུགས༔ མ་དག་བགེགས་ཀྱི་མིང་ཡང་མེད༔ གལ་ཏེ་རྣམ་རྟོག་བདུད་བྱུང་ན༔ རྟོག་མེད་རྡོ་རྗེས་བརླག་པར་འགྱུར༔ བདེ་ཆེན་ཁྲོ་བོའི་སྤྲིན་ཆེན་འཁྲིགས༔ སྐྱེ་འགག་འགྱུར་མེད་རྡོ་རྗེའི་གུར༔ ཡེ་ཤེས་མེ་ཡིས་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ གཉིས་པ་རང་རྒྱུུད་སྦྱང་ཕྱིར་བརྡ་སྒོ་བཤགས་པ་དམ་བཅའ་ནི། ཨོཾ༔ ཡེ་ནས་ཆོས་སྐུ་དག་པ་ལ༔ སྲུང་མཚམས་འགལ་འཁྲུལ་ཡུལ་ལས་འདས༔ མ་ལུས་དཀྱིལ་འཁོར་གསུམ་དུ་རྫོགས༔ སྐུ་གསུང་ཐུགས་སུ་འདའ་མི་འགྱུར༔ ཡུལ་གསུམ་གསལ་བའི་གཟེར་ཐེབས་པ༔ ཉམས་པ་རྐྱེན་གྱིས་མི་ཕྱེད་ཀྱང༔ མཉམ་གཞག་རྗེས་ཐོབ་ཡོད་དབང་གིས༔ སྤྱི་དང་ཁྱད་པར་ལྷག་པ་ལས༔ འགལ་བར་གྱུར་པ་ཐམས་ཅད་བཤགས༔ བདག་གཞན་གཉིས་མེད་ཆོས་ཀྱི་སྐུ༔ ཐབས་ཤེས་མཉམ་སྦྱོར་ལོངས་སྤྱོད་རྫོགས༔ སྣོད་བཅུད་རྒྱུད་རྣམས་དག་རྟོགས་པ༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ས་མ་ཡ་ཤུདྡྷེ་ཨ༔ བོ་དྷི་ཙིཏྟ་ས་མ་ཡ་ཧཱུྃ༔ གསུམ་པ་མཐུན་རྐྱེན་སྤེལ་ཕྱིར་མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ ཆོས་ཀུན་གཉིས་མེད་དོན་རྟོགས་ནས༔ འདོད་པའི་ཡོན་ཏན་ཐམས་ཅད་པ༔ ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་རྒྱན༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་ཤར༔ སྣོད་བཅུད་ཐབས་དང་ཤེས་རབ་དང༔ མཉམ་སྦྱོར་བདེ་ཆེན་ལོངས་སུ་སྤྱོད༔ སྣང་ཡོད་ཕྱི་ནང་གསང་མཆོད་པ༔ སྦྱངས་སྤེལ་བསྒྱུར་བ་འཁྲུལ་པའི་བློ༔ འོན་ཀྱང་ཞེན་པ་སྦྱང་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་རཾ་ཡཾ་ཁཾ༔ སྤྲོས་པས་མཚན་མར་འཛིན་པ་སྦྱངས༔ དབྱིངས་ཀྱི་བྷནྡྷར་རིག་པའི་བཅུད༔ འོད་ཞུ་ཡེ་ཤེས་བདུད་རྩིར་བསྟིམ༔ ཐབས་ཤེས་བདེ་ཆེན་སྤྲིན་ཆེན་འཁྲིགས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ༔ ལན་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ༔ མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་གུ་ཧྱ་ཀཱ་མ་གུ་ཎ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་རིམ་པ་གསུམ་གྱི་དང་པོ་ཉེ་བར་བསྙེན་པའི་ཡན་ལག་དམ་ཚིག་གི་འཁོར་ལོ་གསལ་གདབ་པ་ནི། ཧཱུྃ༔ ཆོས་རྣམས་ཀ་དག་དེ་བཞིན་ཉིད༔ ལྷུན་གྲུབ་འོད་གསལ་ཉི་བཞིན་གསལ༔ རིག་པ་ཐིག་ལེ་ཧཱུྃ་དུ་འབར༔ སྣོད་བཅུད་ཀུན་སྦྱངས་དག་པའི་ངང༔ འོད་སྣང་འབྱུང་བ་ཡུམ་ལྔའི་དབྱིངས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང༔ རིག་པ་དཔལ་ཆེན་ཆེ་མཆོག་མཐིང༔ ཐིག་ལེ་ཞལ་གཅིག་ཐབས་ཤེས་ཕྱག༔ དབྱིངས་རིག་རྡོ་རྗེ་དུང་ཁྲག་འཛིན༔ ཚོགས་བརྒྱད་བསྒྲལ་པའི་དུར་ཁྲོད་ཆས༔ སྟོབས་བཅུ་རྫོགས་པ་དཔལ་གྱི་རྒྱན༔ བདེན་གཉིས་དབྱེར་མེད་ཞབས་འདོར་སྟབས༔ ལྟ་བའི་རྒྱལ་པོ་ཁྱུང་གཤོག་གདེངས༔ དབྱིངས་ཀྱི་གནམ་ཞལ་ཡུམ་ཆེན་ནི༔ དུག་གསུམ་སྒྲོལ་བའི་ཁ་ཊྭཱཾ་ག༔ འཁོར་བ་སྟོངས་མཛད་ཐོད་ཁྲག་འཛིན༔ དབྱིངས་རིག་ཟུང་འཇུག་གཉིས་མེད་འཁྲིལ༔ ཚད་ཕེབས་རྩལ་རྫོགས་གར་དགུ་ལྡན༔ གཟུང་འཛིན་ཟད་པར་སྲེག་པའི་མེ༔ འཁོར་འདས་ཀུན་ལ་ཁྱབ་པར་འཕྲོ༔ རྣམ་ཐར་བརྒྱད་ལྡན་འཁོར་ལོ་ལ༔ པད་ཉི་རུ་དྲ་སོགས་ཀྱི་གདན༔ ཡེ་ཤེས་བརྒྱད་ལས་ཤར་བའི་སྐུ༔ ཤར་དུ་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་འཁོར་ལོ་བེ་ཅོན་འཛིན༔ ནུབ་ཏུ་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་རལ་གྲི་ལ་སྦྲུལ་ཞགས་འཛིན༔ བྱང་དུ་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་རྡོ་རྗེ་ཕུར་པ་འཛིན༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཁྱུང་ཆེན་ཞིང་དབྱུག་འཛིན༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ དཀར་པོ་རྡོ་རྗེ་དྲིལ་བུ་འཛིན༔ ནུབ་བྱང་དྲེགས་འདུལ་མཐིང་ནག་འབར༔ རྡོ་རྗེ་དྲེགས་པའི་མགོ་ཕྲེང་འཛིན༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ རྩེ་དགུ་དྲེགས་པའི་སྙིང་ཕྲེང་འཛིན༔ ཀུན་ཀྱང་རང་རང་ཡུམ་དང་འཁྲིལ༔ སྲས་དང་སྤྲུལ་པ་བཀའ་སྡོད་འཕྲོ༔ སྒོ་ཁྱམས་མཐའ་བཞི་འཇོམས་མཛད་པའི༔ ཁྲོ་མོ་དཀར་སེར་དམར་ལྗང་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་འཛིན་པ་ཕོ་ཉ་སྤྲོ༔ དབྱིངས་ལས་ལྷུན་གྲུབ་རིག་པའི་རྩལ༔ མ་བཅོས་ཡེ་རྫོགས་ངང་དུ་གསལ༔ གདོད་ནས་སྒོ་གསུམ་སྐུ་གསུང་ཐུགས༔ དབྱིངས་ཡེ་བདེ་ཆེན་རྡོ་རྗེའི་ངང༔ ཡེ་ནས་ལྷུན་གྲུབ་ཡེ་ཤེས་ལྔ༔ དབུ་རྒྱན་རྒྱལ་བ་རིགས་ལྔ་གསལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་རྒྱས་གདབ་བཅས་མ་བསྐྱེད་ལྷུན་གྲུབ་ཏུ་གསལ། དེའང་གཞུང་ལས། དབང་པོ་ཡང་རབ་ཐམས་ཅད་ཀྱིས༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་བསྒོམ༔ འབྲིང་གིས་རྒྱུན་གྱི་རྣལ་འབྱོར་བྱ༔ ཐ་མས་མོས་སྒོམ་ཙམ་གྱིས་འགྲུབ༔ ཅེས་གསུངས་པ་ལྟར་བྱའོ། །གཉིས་པ་ཡེ་ཤེས་སྒྲུབ་པའི་ཡན་ལག་ཡེ་ཤེས་པ་འགུགས་བསྟིམ་མཆོད་བསྟོད་ཀྱི་རིམ་པ་ནི། ཧཱུྃ༔ ཆོས་དབྱིངས་མཐའ་དང་བྲལ་བའི་ཞིང༔ ཡེ་ཤེས་ལྷུན་གྲུབ་ཕོ་བྲང་ནས༔ རིག་པ་རང་སྣང་བཅོམ་ལྡན་འདས༔ ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ རྒྱལ་བ་ཞི་ཁྲོའི་འཁོར་དང་བཅས༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ འོག་མིན་འཐུག་པོ་བཀོད་པའི་ཞིང༔ འོད་ལྔ་འབར་བའི་ཕོ་བྲང་ནས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ༔ རིག་འཛིན་རྩལ་འཆང་ཡབ་ཡུམ་སྲས༔ སྤྲུལ་པ་འཁོར་དང་བཅས་པ་རྣམས༔ འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ མེ་རི་འབར་བའི་ཕྱོགས་བཅུའི་ཞིང༔ དུར་ཁྲོད་རོལ་པའི་ཕོ་བྲང་ནས༔ ཁྲོ་བོ་རོལ་པའི་ལྷ་ཚོགས་རྣམས༔ བཀའ་སྡོད་ཕྱག་བརྙན་འབུམ་དང་བཅས༔ ཁམས་གསུམ་གདུག་པ་འཇོམས་པའི་ཕྱིར༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ རུ་ལུ་རུ་ལུ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཧཱུྃ༔ དབྱིངས་ལས་ཡེ་ཤེས་སྣང་བའི་གནས༔ བདེ་བ་ཆེན་པོ་ཡུམ་གྱི་མཁའ༔ འཁོར་འདས་མཉམ་པའི་ཁྲི་གདན་ལ༔ དཔལ་ཆེན་འཁོར་བཅས་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཧཱུྃ༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་སྐུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཡུམ་ལྔའི་རང་བཞིན་ལ༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་སྤྲོ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་མཁའ་དབྱིངས་གང༔ གཉིས་མེད་བདེ་ཆེན་རྒྱན་དུ་རོལ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ ཨོཾ་མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ གཉིས་འཛིན་བདུད་རྣམས་གཞོམ་པའི་ཕྱིར༔ དབྱིངས་རིག་དབྱེར་མེད་རྩི་མཆོག་འདི༔ ལྷ་དང་རིག་འཛིན་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདིར་བརྒྱུད་མཆོད་སྤྲོ་ན། ཀུན་བཟང་ཧེ་རུ་ཀ་དཔལ་རྡོ་རྗེ་ཆོས། །ལས་ཀྱི་དབང་མོ་དགའ་རབ་ཤྲཱི་སིཾ་ཧ། །རིག་འཛིན་རྣམ་བརྒྱད་པདྨཱ་ཀ་ར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མངའ་བདག་ཡབ་སྲས་བཀའ་བབས་གྲུབ་ཆེན་བརྒྱད། །མཆོག་གྱུར་གླིང་པ་ཆོས་བདག་བརྒྱུད་པར་བཅས། །སྨིན་གྲོལ་མཆོག་སྦྱིན་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀློང་དགུའི་ཡེ་ཤེས་སྒྲུབ་ཆེན་ཚོམ་བུ་དགུ །གནས་གསུམ་མཁའ་འགྲོ་རྒྱུད་གསུམ་དམ་ཅན་དང་། །དཀར་པོའི་ཕྱོགས་སྐྱོང་གཞི་གནས་གཏེར་བདག་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་འབུལ། ཨོཾ་ཨཱཿཧཱུྃ་གིས་ལྷག་མ་མྱོང་། ཧཱུྃ༔ སྟོང་གསུམ་དབྱིངས་ཀྱི་བྷནྡྷ་རུ༔ ཁམས་གསུམ་ཉོན་མོངས་ཀུན་བསྒྲལ་པས༔ བདེ་ཆེན་རཀྟའི་རྒྱ་མཚོ་འཁྱིལ༔ སྙིང་རྗེ་རྒྱས་ཕྱིར་བཞེས་སུ་གསོལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་པདྨའི་སྣོད་ཡངས་པར༔ ཤ་ལྔ་བདུད་རྩི་དམ་རྫས་ཚོགས༔ བཟའ་དང་བཅའ་བའི་རིགས་ཐམས་ཅད༔ ཡིད་བཞིན་རིན་ཆེན་འབར་བའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ མཚན་ལྡན་མི་མོའི་མཁའ་དབྱིངས་སུ༔ རིག་པའི་ཐབས་སྦྱོར་བདེ་ཆེན་སྤྲིན༔ རྒྱལ་བ་མཆོད་ཅིང་འགྲོ་བ་བསྒྲལ༔ འཛིན་མེད་ཡེ་མཆོད་ཆེན་པོར་བཞེས༔ མ་ཧཱ་ཏ་ན་ག་ཎ་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་སྐུ་སྐྱེ་འཆི་མི་མངའ་སྒེག་པའི་སྐུ༔ ལོངས་སྤྱོད་རྫོགས་སྐུ་བདུད་བཞི་ལ་དཔའ་བ༔ གདུག་པ་འདུལ་ཕྱིར་མི་སྡུག་ཚུལ་སྟོན་པ༔ སྐུ་ལྔ་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཨཱ་རལླི་བཞད་ཟུང་འཇུག་སྟོང་པའི་དབྱིངས༔ ཡེ་ཤེས་འོད་གསལ་ཐུགས་རྗེ་གཤེ་བའི་ཚིག༔ དབྱེར་མེད་ཧཱུྃ་རྔམ་འབྲུག་སྟོང་ལྡིར་བའི་དབྱངས༔ གསུང་ལྔ་ཡོན་ཏན་ལྡན་ལ་ཕྱག་འཚལ་བསྟོད༔ ཀ་དག་མཉམ་ཉིད་ཞི་བ་ཆེན་པོ་ལ༔ ལྷུན་གྱིས་གྲུབ་པ་སྙིང་རྗེ་ཆེན་པོའི་རྩལ༔ གང་ལ་ཆགས་ཐོགས་མེད་པ་ངོམ་པའི་ཐུགས༔ རིག་པའི་སྙིང་པོ་ལྔ་ལ་ཕྱག་འཚལ་བསྟོད༔ ཨ་ལ་ལ་ཧོ༔ གསུམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཛཔ྄་བཟླ་བ་ནི། གཞུང་ལས། རབ་འབྲིང་བློ་ཁྱད་ཛཔ྄་ཀྱི་དོན༔ ཇི་ལྟར་ནུས་པ་དེ་བཞིན་སྤྱོད༔ ཅེས་གསུངས་པ་ལྟར་ལས་འདིར་ལས་དང་པོ་པའི་དབང་དུ་བྱས་ཏེ་སྐུ་གསུང་ཐུགས་ཀྱི་བཟླས་པ་གསུམ་ལས། དང་པོ་ནི། དཀྱིལ་འཁོར་གྱི་འཁོར་ལོའི་གསལ་སྣང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་ཡུལ་གསུམ་གྱད་དུ་གྱུར་ཅིང་ཉམས་ལྔ་མཐར་ཕྱིན་པར་བྱའོ། །གཉིས་པ་ནི། ལྷ་རྣམས་ཀུན་གྱི་ཐུགས་ཀ་རུ༔ རིན་ཆེན་འོད་ཀྱི་དཔལ་བེ་འུར༔ ཉི་མའི་གདན་ལ་ཡེ་ཤེས་སེམས༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ཏིང་འཛིན་རྡོ་རྗེའི་ལྟེ་བ་ལ༔ ཧཱུྃ་ཡིག་འབར་བའི་མཐའ་མ་རུ༔ སྔགས་ཀྱི་ཕྲེང་བ་འཁོད་པར་གྱུར༔ ཅེས་གསལ་བཏབ་ལ་བཟླ་བ་ཟླ་བ་སྐར་ཕྲེང་གི་དགོངས་པ་གསུང་གི་བསྙེན་པ། དེ་ལས་སྔགས་ཕྲེང་ཡབ་ཞལ་ནས་ཡུམ་ཞལ་འགལ་མེ་ཀླད་སྐོར་ཚུལ་དུ་འཁོར་བས་བདེ་ཆེན་གྱི་ཉམས་འབར་བར་བསམ་པ་གསུང་གི་ཉེ་བསྙེན། དེ་ལྟར་འཁོར་བ་ལས་བདེ་ཆེན་གྱི་འོད་ཟེར་འཕྲོས་དོན་གཉིས་སྒྲུབ་པ་རྒྱལ་པོའི་ཕོ་ཉ་བཏང་བ་ལྟ་བུ་གསུང་གི་སྒྲུབ་པ། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མཐའ་ཡས་པའི་སྤྲོ་བསྡུས་སྣང་གྲགས་ལྷ་སྔགས་སུ་གསལ་བ་བུང་བ་ཚང་ཞིག་ལྟ་བུ་སྒྲུབ་པ་ཆེན་པོའི་དགོངས་པ་སྟེ་དེ་དག་སྐབས་དང་སྦྱར་བས་བཟླ་བྱའི་སྔགས། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བདེ་གཤེགས་ཞི་བའི་སྙིང་པོའོ། །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཁྲོ་བོ་རོལ་པའི་སྙིང་པོ་སྟེ་སྤྱི་བསྡུས་སོ། །དཔལ་དགུའི་སྙིང་པོ་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡཱ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་ལོཀྟྲི་པཱ་ལ་ཐུན་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་ཡཀྴ་བྷྱོ་རཾ་ཧཱུྃ་ཕཊ༔ ཅེས་དཔལ་དགུ་བཀའ་སྡོད་བཅས་པ་དང་། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་ོརཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་སྤྱི་དྲིལ་དྲག་སྔགས་མེ་ཕུང་མ་སྟེ་གཙོ་འཁོར་གྱི་འགྲོས་སྦྱར་ལ་བཟླ། ཨ་ཏི་རང་ལུགས་ཀྱི་རྡོ་རྗེའི་བཟླས་པ་ནི། སྟོང་གསུམ་ཆོས་དབྱིངས་གཞལ་ཡས་ཁང༔ ཁམས་གསུམ་རིགས་བདག་ཡབ་ཡུམ་སྲས༔ སྒྲ་སྐད་ཐམས་ཅད་ཆོས་ཀྱི་དབྱིངས༔ སེམས་ཉིད་ཆོས་སྐུ་རོལ་པ་ཆེ༔ དབྱེར་མེད་བདེ་བ་ཆེན་པོར་སྦྱོར༔ ཡེ་ནས་གྲོལ་བའི་ངང་དུ་བསྒྲལ༔ དཔལ་གྱི་དགོངས་པའི་མཐར་ཐུག་ཏུ༔ མཉམ་གཞག་རྗེས་ཐོབ་མེད་པ་རུ༔ རྫོགས་པ་ཆེན་པོའི་ངང་དུ་གནས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་ལྔ་སྦྲེལ་བཟླ་སྟེ། དེའང་གཞུང་ལས། རབ་ཀྱིས་བརྗོད་མེད་ངང་དུ་དབྱངས༔ འབྲིང་གིས་རླུང་དང་སྦྱར་ནས་བཟླས༔ ཐ་མས་ངག་ཏུ་བསྒྲང་བའི་ཚེ༔ སྣོད་བཅུད་རྒྱུད་རྣམས་དག་པར་བསྒོམ༔ ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི་གཞི་ལམ་འབྲས་གསུམ་དགོངས་པ་བརྒྱད་ཀྱིས་བསྡུས་པའི་དོན་གཞུང་བཞིན་ཉམས་སུ་བླང་། ཐུན་མཐར་སྟོང་ཚིགས་མཆོད་བསྟོད་ཀྱང་སྤྲོ་ན་བྱའོ། །སྐབས་འདིར་ཚོགས་མཆོད་ཀྱི་ཕྲིན་ལས་རྗེས་འབྲེལ་དང་བཅས་པ་ནི། དམ་ཚིག་གི་རྫས་རྣམས་ཚོགས་པར་བྱས་ལ། ཧཱུྃ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ༔ ཅེས་པས་བྱིན་བརླབས་བསང་ཆུ་འཐོར་ལ། ཧཱུྃ་ཧྲཱི༔ ཡེ་ནས་བདུད་རྩི་རྣམ་ལྔ་ནི༔ ཡེ་ཤེས་ལྔ་ཡི་རང་བཞིན་ལ༔ གཙང་དང་དམེ་བ་དམིགས་སུ་མེད༔ འདོད་ཡོན་ལྔ་ཡི་སྤྲིན་དུ་འཁྲིགས༔ འོན་ཀྱང་རྟོགས་གོམས་མི་ལྡན་པའི༔ རྣམ་རྟོག་དྲི་མ་བསལ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་རཾ་ཡཾ་ཁཾ༔ སྤྲོས་པས་མཚན་མར་འཛིན་པ་སྦྱང༔ རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ ཧཱུྃ་ཧྲཱི༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ནི༔ ཀུན་ཏུ་བཟང་པོའི་རྒྱན་ཡིན་ཏེ༔ རྣལ་འབྱོར་ཏིང་འཛིན་རྩལ་སྦྱང་ཕྱིར༔ བྷནྡྷ་གཞལ་ཡས་གཟེད་ཁོང་དུ༔ དམ་རྫས་ཐམས་ཅད་འོད་དུ་ཞུ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས༔ འོད་འཕྲོས་ཡེ་ཤེས་བདུད་རྩི་བཀུག༔ དྭངས་མ་རིན་ཆེན་འབར་བར་སྤུངས༔ འདོད་ཡོན་སྡོང་པོ་དཔག་བསམ་ཤིང༔ ནམ་མཁའི་མཐའ་ཁྱབ་རྒྱས་པ་ལས༔ ཡིད་བཞིན་རཏྣའི་ཆར་པ་འབེབས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ག་ཎ་ཙཀྲ་ཧཱུྃ་ཧྲཱིཿཋཱ༔ ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃ་ཧྲཱི༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་བཀའ་བརྒྱད་ལྷ༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་འདྲེན་གྱིས༔ དུར་ཁྲོད་ཚོགས་ཁང་འབར་བ་རུ༔ ཞིང་ཆེན་གསར་རྙིང་གཅལ་དུ་བཀྲམ༔ དམ་རྫས་བདུད་རྩི་རྒྱ་མཚོར་འཁྱིལ༔ ཞུན་ཆེན་མར་མེ་ཡེ་ཤེས་གསལ༔ རྐང་གླིང་ཐོད་རྔ་བརྡ་སྐད་སྙན༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ བདེ་ཆེན་བརྟུལ་ཞུགས་རྩལ་རེ་ཆེ༔ ཀུན་ཏུ་བཟང་པོའི་རྒྱན་ཡིན་ཏེ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ རུ་ལུ་རུ་ལུ་ཨེ་ཨཱ་རལླི་ཧྲཱིཾ་ཛ༔ ཚོགས་ཕུད་ཀྱིས་མཆོད་པ་ནི། ཧཱུྃ་ཧྲཱི༔ སྲིད་གསུམ་འདོད་ཡོན་ཐམས་ཅད་ནི༔ འབྱུང་བ་ལྔ་ལས་བྱུང་ཞིང་སྤྲོ༔ ཐམས་ཅད་ཡེ་ཤེས་ལྔ་ཡི་ངང༔ ཐབས་དང་ཤེས་རབ་སྦྱར་བ་ལས༔ གཉིས་མེད་བདེ་ཆེན་སྤྲིན་དུ་འབྱུང༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་རྒྱས་པ་ལྟར༔ འདོད་པའི་ཡོན་ཏན་ཀུན་གྱི་སྤྲིན༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ འབྱུང་བ་ལྔ་ནི་ཡུམ་ཡིན་ལ༔ ཕུང་པོ་ཡེ་ཤེས་ལྔ་ནི་ཡབ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བའི༔ བདེ་ཆེན་བྱང་ཆུབ་སེམས་ལ་རོལ༔ གུ་ཧྱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཡུམ་རྣམས་ཐམས་ཅད་དབྱིངས་ཡིན་ལ༔ ཡབ་རྣམས་ཐམས་ཅད་རིག་པ་སྟེ༔ དབྱིངས་རིག་དབྱེར་མེད་སྦྱོར་བ་ཡི༔ བླ་མེད་མཆོད་པ་བཞེས་སུ་གསོལ༔ སྒེག་མོའི་ཚོགས་ཀྱི་ཕྱི་མཆོད་དང༔ སུ་ར་ཏྭ་ཡི་ནང་མཆོད་འབུལ༔ གསང་མཆོད་སྦྱོར་བའི་དགོངས་པ་གསལ་བཏབ་ལ། ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ཧོ྅་ཧཾ༔ རཱ་ག་ཡཱ་མི༔ ཨ་ལ་ལ་ཧོ༔ ཛཿཧཱུྃ་བཾ་ཧོ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ མ་ཧཱ་སུ་ཁ་ཨ་ཧཾ༔ ཞེས་བདེ་ཆེན་ཡེ་ཤེས་ཀྱི་ཉམས་སྤར། འདུ་བར་མི་འོས་པ་རྣམས་བསྒྲལ་བའི་དགོངས་པས། དམིགས་རྟེན་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཛཿཡ༔ ཁམས་གསུམ་རྒྱུད་ལྔའི་འགྲོ་བ་རྣམས༔ གཟུང་དང་འཛིན་པས་བདག་ཏུ་ཞེན༔ མི་སྲུན་ལོག་པའི་སེམས་ཅན་ཁྱོད༔ རྒྱུ་ནི་གཏི་མུག་མ་རིག་པ༔ ཆགས་སྡང་གཉིས་ཀྱིས་རྐྱེན་བྱས་ནས༔ འཁོར་བའི་གནས་སུ་རྟག་ཏུ་འཁྱམས༔ སྡུག་བསྔལ་རྩ་བ་བཅད་པའི་ཕྱིར༔ མཁའ་དབྱིངས་ཡུམ་གྱི་ཨེ་རུ་བཅུག༔ ཡེ་ཤེས་ཐབས་ཀྱི་མཚོན་ཆ་ཡིས༔ ཉོན་མོངས་དྲྭ་བ་ཐམས་ཅད་བཅོམ༔ ཡེ་ཤེས་དྭངས་མ་དབྱིངས་སུ་སྤར༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་བའི་ཤ་ཁྲག་རུས་པ་བདུད་རྩིར་སྤར་བ་བསྟབ་པ་ནི། ཧཱུྃ༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་བསྟབ༔ རྟོག་མེད་འོད་གསལ་དབྱིངས་སུ་བཞེས༔ ཁམས་གསུམ་འཁོར་བ་སྟོངས་པ་དང༔ སྲིད་གསུམ་སངས་རྒྱས་ཞིང་དུ་བསྒྲལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཉམས་ཆག་བཤགས་པ་ནི། མཆོད་རྫས་བཏེགས་ཤིང་ལྟ་དགོངས་ལ་མཉམ་པར་བཞག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ ཡེ་ནས་རྣམ་དག་ཆོས་ཀྱི་སྐུ༔ མ་རྟོགས་འཁྲུལ་པའི་མིང་ཡང་མེད༔ འོན་ཀྱང་ཡོད་མེད་འཁྲུལ་པའི་བློས༔ སྐུ་གསུང་ཐུགས་ལ་འགལ་བ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས༔ ཕྱི་ནང་གསང་བའི་ཚོགས་ཀྱིས་བསྐང༔ དག་དང་མ་དག་མིང་མེད་པ༔ བློ་འདས་གདོད་མའི་གཤིས་འདི་ནི༔ སྟོང་ཉིད་འཛིན་པའི་གཟེབ་ལས་གྲོལ༔ ཡེ་ནས་རང་གྲོལ་ཆོས་ཀྱི་སྐུ༔ འགག་མེད་རོལ་པ་ཅི་ཤར་ཡང༔ ཆོས་ཉིད་ངང་དུ་ཆོས་ཉིད་རོལ༔ དབྱིངས་རིག་དབྱེར་མེད་ཀློང་དུ་ཐིམ༔ རྣམ་དག་འོད་གསལ་དངོས་གྲུབ་སྩོལ༔ ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླའོ། །དེ་ནས་བརྡའི་འབུལ་ལེན་དང་བཅས་ཚོགས་རྫས་རྣམས་ནང་གི་སྲེག་བླུགས་སུ་ལོངས་སྤྱད། ལྷག་མ་བསྡུས་ལ་སྒྲུབ་པ་ཆེན་པོའི་སྐབས། ཧཱུྃ༔ དང་པོ་ཕུད་ཀྱིས་སོགས་བརྗོད་ཅིང་ཕུད་ལྷག་བསྲེ་བ་དང་ཁ་ཕྲུས་བཏབ། དཀྱུས་ལ། ཞིང་ཆེན་པགས་པ་རྒྱ་ཆེ་བར༔ ཧྲཱིཿལས་ཤ་ཁྲག་ལོངས་སྤྱོད་རྣམས༔ བདུད་རྩིའི་རང་བཞིན་གསོལ་བར་བསམ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཨེ་ཨཱ་རལླི་ཧྲཱིཾ་ཛ༔ ཨོཾ་བཛྲ་པུཥྤེ་ནས་ ཤབྡ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ བྷྱོ༔ དཔལ་གྱི་བཀའ་ཉན་དམ་ཚིག་ཅན༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྒྲོལ་བྱེད་གིང་ཆེན་བཅོ་བརྒྱད་དང༔ མ་བདུན་སྲིང་བཞི་འབར་མ་བརྒྱད༔ སྟེང་འོག་ཕྱོགས་བཞིའི་ཕོ་ཉའི་ཚོགས༔ ཕྱོགས་སྐྱོང་རྒྱལ་ཆེན་ཆུང་མར་བཅས༔ ས་བདག་མ་ཡམས་བརྟན་མ་དང༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས༔ སྐུ་ཡིས་ཆོ་འཕྲུལ་སྣ་ཚོགས་སྟོན༔ ཨཱ་རལླི་དང་བཤུགས་གླུ་ལེན༔ བརྩེ་བའི་ཐུགས་རྗེས་འགྲོ་དྲུག་སྒྲོལ༔ དཔལ་གྱི་ཕ་འབབ་འདི་གསོལ་ལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་འབུལ། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་དུ་བསྐུལ༔ མཛོད་ཅིག་མཛོད་ཅིག་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ ཕོ་བྲང་དགུ་ཀློང་འབར་བའི་ཨེ་དབྱིངས་ནས༔ དཔལ་ཆེན་འདུས་པའི་ལྷ་ཚོགས་སྐུར་བཞེངས་ཤིག༔ བཀའ་སྡོད་ཕོ་ཉའི་ཚོགས་རྣམས་ལས་ལ་ཆོས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བར་ཆད་ཆག་ཆེན་བསྒྲལ་བའི་དུས་ལ་བབ༔ མ་གཡེལ་མ་གཡེལ་བཅོལ་པའི་ཕྲིན་ལས་མཛོད༔ ཆད་ཐོ་བསྒྲག་པ་ནི། ཧཱུྃཿ སྔོན་ཚེ་འོག་མིན་གནས་སུ་ཀུན་བཟང་གིས༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་ལ༔ རྒྱུད་ལུང་མན་ངག་དགོངས་པ་བརྡ་ཡིས་བཤད༔ གསང་སྔགས་བསྟན་པ་སྤེལ་བར་བཀའ་བགྲོས་ནས༔ བར་དུ་སྲིད་གསུམ་གནས་སུ་རིག་འཛིན་གྱིས༔ གསང་སྔགས་བཀའ་ཡི་བསྡུ་བ་མཛད་པའི་ཚེ༔ འཁོར་གྱི་རིག་འཛིན་མཁའ་འགྲོ་མང་པོ་ཡིས༔ གསང་སྔགས་བསྟན་པ་འཛིན་པར་ཞལ་གྱིས་བཞེས༔ ད་ལྟ་འཛམ་གླིང་གནས་མཆོག་དུ་མ་རུ༔ ཤཱཀྱ་ཐུབ་པ་གསང་བདག་ལ་སོགས་པས༔ གསང་སྔགས་བསྟན་པ་རྒྱ་ཆེར་སྤེལ་བའི་ཚེ༔ ཕྱོགས་བཅུའི་ལྷ་དང་རིག་འཛིན་མཁའ་འགྲོ་ཡིས༔ རྣལ་འབྱོར་བུ་བཞིན་སྐྱོང་བར་ཞལ་གྱིས་བཞེས༔ དུར་ཁྲོད་བརྒྱད་དང་བསམ་ཡས་མཆིམས་ཕུ་རུ༔ པདྨ་ཐོད་ཕྲེང་གྲུབ་པའི་སློབ་དཔོན་རྣམས༔ གསང་སྔགས་སྙན་དུ་བརྒྱུད་ཅིང་གཏེར་དུ་སྦས༔ ཐབས་ལ་མཁས་པས་འགྲོ་བའི་དོན་མཛད་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་ཐམས་ཅད་ཀྱིས༔ གསང་སྔགས་བསྟན་པ་སྲུང་བར་ཞལ་གྱིས་བཞེས༔ ཀུན་ཀྱང་དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་དུཥྚཱན་ཨེ་ཛ་བྷྱོ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ས་མ་ཡ་རཀྵནྟུ༔ ཟོར་དུ་བསྐུལ་བ་ནི། ཧཱུྃ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་སྒྲོལ༔ གཏོར་ཟོར་འབར་བའི་མཚོན་ཆ་འདིས༔ ཕས་ཀྱི་མི་མཐུན་རྐྱེན་རྣམས་ཟློག༔ མ་ཧཱ་ཤ་རི་བྷྱོ་ཟློག༔ བརྟན་མ་བསྐྱང་བ་ནི། བཤལ་ཆུ་བདུད་རྩིར་བརླབས་ལ། ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད༔ བདུད་ལ་དབང་བྱེད་ཀུན་བཟང་མོ༔ བདུད་ཀྱི་ཆེ་ཞེའི་འཁོར་དང་བཅས༔ གནོད་སྦྱིན་དབང་བྱེད་གནོད་སྦྱིན་མོ༔ ནོར་བདག་ཆེན་མོའི་འཁོར་དང་བཅས༔ སྨན་མོ་ཀུན་གཙོ་ཀོང་ལྷ་མོ༔ སྨན་མོ་བསྟན་སྐྱོང་འཁོར་དང་བཅས༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ ཁས་བླངས་བཞིན་དུ་མཆོད་གཏོར་བཞེས༔ སྒྲུབ་པ་པོ་ཡི་སྡོངས་གྲོགས་མཛོད༔ ཟབ་གཏེར་བསྟན་པ་སྤེལ་དུ་གསོལ༔ པདྨ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི། གཏོར་གཞོང་འོག་ཏུ་དམིགས་བྱ་བཀུག་ལ། ཧཱུྃ༔ ཁྲོ་བོ་རོལ་པའི་དུར་ཁྲོད་དུ༔ དུག་ལྔ་བསྒྲལ་བའི་ཕུང་པོ་ལ༔ རྡོ་རྗེས་འབིགས་ཤིང་འཁོར་ལོས་གཅོད༔ ནོར་བུས་སྦྱང་ཞིང་པདྨས་བརླབ༔ རལ་གྲིས་གཏུབས་ཏེ་རོལ་པ་ཡིས༔ ཚོགས་ནི་ཡེ་ཤེས་ལྔ་རུ་རོལ༔ བྲོ་ནི་བདུད་བཞི་འཇོམས་པར་བརྡུང༔ གླུ་ནི་རྫོགས་པ་ཆེན་པོར་བླང༔ དམིགས་མེད་དབྱིངས་སུ་རྒྱས་བཏབ་བོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་དྲ་སཏྭམྦྷ་ཡ་ནན༔ སྒྲུབ་དཀྱིལ་དང་འབྲེལ་ན་འདིར་མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་བརྗོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གསུམ་པ་རྗེས་ཀྱི་བྱ་བ་ལ་གསུམ་ལས་དང་པོ་བསྡུ་ལྡང་ནི། ཧཱུྃ༔ སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ཉིད༔ ཐམས་ཅད་དབྱིངས་སུ་དབང་དུ་བསྡུས༔ རིག་པའི་སྣང་ཚུལ་ཅི་ཤར་ཡང༔ རང་གྲོལ་དབྱིངས་སུ་དབང་དུ་བསྡུས༔ འཁོར་འདས་འཛིན་སྟངས་ཇི་སྙེད་པ༔ འོད་གསལ་རྟོག་མེད་དབྱིངས་སུ་འདུས༔ གཟུང་འཛིན་རྟོག་ཚོགས་ཟད་པ་ཡིས༔ སྐུ་ཡི་སྣང་བ་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ ཕཊ༔ སེམས་ཉིད་སྐྱེ་འགག་མེད་པའི་རྩལ༔ འཛིན་མེད་རང་གསལ་ལྷ་ཡི་སྐུ༔ ཧེ་རུ་ཀ་དཔལ་ལྷན་ཅིག་སྐྱེས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ༔ གང་གིས་གཞོམ་པར་མི་ནུས་སོ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་རྒྱུན་སྤྱོད་སྨོན་ལམ་ནི། རང་བཞིན་མཚན་མར་མ་གྲུབ་པའི༔ སྣོད་ནི་ཞིང་དང་གཞལ་ཡས་ཁང༔ བཅུད་ནི་ལྷ་དང་ལྷ་མོར་རོལ༔ སྒྲ་སྐད་ཐམས་ཅད་སྔགས་ཀྱི་སྒྲ༔ སེམས་ཉིད་རང་གྲོལ་ཡེ་ཤེས་ལྔ༔ ཐུགས་རྗེའི་འཁོར་ལོ་ལྷུན་གྲུབ་པས༔ འགྲོ་རྣམས་བདེ་ལ་འགོད་པར་ཤོག༔ ན་མོ་ཧཱུྃ༔ གསུམ་ལ་དོན་བསྡུ་ནི། སྣང་ཐིམ་གཞོན་ནུ་བུམ་པའི་དབྱིངས༔ ལྷུན་གྲུབ་སྐུ་ནི་འགྲོ་ལ་སྣང༔ མཐར་ཐུག་འབྲས་བུ་འཐོབ་བྱ་ཉིད༔ འདི་ནི་གཞི་ལམ་འབྲས་གསུམ་རྫོགས༔ ཞེས་དང་། ཧོ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ བསོད་ནམས་ཡེ་ཤེས་གང་བསྒྲུབས་པའི༔ འབྲས་བུ་དུས་འདིར་མྱུར་དུ་སྨིན༔ ཀུན་བཟང་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ༔ བྱིན་རླབས་སྤྲིན་ཕུང་རིག་འཛིན་ཚོགས༔ དངོས་གྲུབ་ཆར་འབེབ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་བ་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །སྒྲུབ་སྡེའི་ཕྲིན་ལས་འོ་མའི་ཆུ་གཏེར་ལས། ཁྱད་འཕགས་དྲི་མེད་བཻ་ཌཱུརྱ་ལྟ་བུ། །སྐལ་བཟང་སྙིང་གི་ནོར་འདི་གཏེར་ཆེན་རྗེའི། །དགོངས་པ་ཇི་བཞིན་བཀླགས་པས་གྲུབ་པར་བཀོད། །ནོངས་པ་རྩ་གསུམ་ཆོས་སྲུང་ལ། །བཤགས་ཤིང་ལེགས་བྱས་སྣང་བའི་གཟིས། །མཆོག་བསྟན་ཉིན་སྣང་གསལ་བ་དང་། །དགེ་ལེགས་པད་ཚལ་རྒྱས་པར་ཤོག །ཅེས་པའང་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ཡིས་རྗེས་སུ་གནང་བ་དང་། སྲས་ཡུམ་ཟུང་གིས་བཀའ་བསྩལ་སྒྲུབ་སླད་ཟབ་ཆོས་འདི་ཉིད་ལ་ཞབས་ཏོག་ཏུ་འགྱུར་བའི་བསམ་པས། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་དཔལ་ཆེན་ཐུགས་ཀྱི་འཁོར་ལོར་སྦྱར་བ་དགེ་ལེགས་འཕེལ།། །།
ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ (Volume 21, Text 33)
༄༅། །ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་དྲུག་སྐོར་དྲུག་པ་དང་རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་བཅས་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རིམ་སྐོར་གྱི་ལས་ཚོགས་ཀྱི་ཡན་ལག་དྲུག་སྐོར་དྲུག་པ། ལག་ཏུ་བླང་བའི་རིམ་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ། ལྷག་པའི་ལྷ་བདེ་སྟོང་གི་སེམས་དཔའ་ཆེན་པོ་གཉིས་ལ་ཕྱག་འཚལ་ལོ། །གང་གི་སྟོང་ཉིད་ཡེ་ཤེས་མེས། །ཉོན་མོངས་སྲེག་མཛད་སྨྲ་བའི་བདག །བདེ་ཆེན་དགྱེས་རོལ་བརྩེ་བ་ཅན། །དེ་དག་བདག་ཉིད་པདྨོར་མཆོད། །འདིར་གང་རྗོད་པར་བྱེད་ན་འཕགས་པ་ཐུགས་རྗེ་ཆེན་པོ་ལྷག་པའི་ལྷར་བཟུང་ནས་བསྐྱེད་རིམ་བཟླས་པ་དང་བཅས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས། གཞན་ལ་ཕན་པ་འབའ་ཞིག་ཡིད་ལ་བརྣགས་པས་ལས་རབ་འབྱམས་བསྒྲུབ་པ་ལ་སྤྱི་དོན་དྲུག་སྟེ། རྟེན་གྱི་ཆོས་དྲུག །གསོན་གྱི་ཆོས་དྲུག །གཤིན་པོ་ལ་ཕན་གདགས་པའི་ཆོས་དྲུག །ཕྲིན་ལས་དྲུག །གསང་སྔགས་ཀྱི་གནད་དྲུག །ཐུན་མཚམས་ཀྱི་ཆོས་དྲུག་རྣམས་ཡིན་ལ། དེ་ལྟར་དྲུག་ཚན་རེ་རེ་ལ་ཆོས་དྲུག་དྲུག་དང་། ཆོས་རེ་རེ་ལའང་ཕྱི། ནང་། གསང་བ། དོན། རྟགས། མཚོན་པ་སྟེ་དྲུག་དྲུག་ཏུ་ཕྱེ་བས་ལས་ཀྱི་ཁ་ཚར་ཉིས་བརྒྱ་དང་བཅུ་དྲུག་ཏུ་ངེས་པ་ལས། སྤྱི་དོན་དང་པོ་རྟེན་གྱི་ཆོས་དྲུག་ལ། རབ་གནས། མཆོད་པ། བསྟོད་པ། གསོལ་བ་གདབ་པ། སཱཙྪ། སྐུ་ཁྲུས་དང་དྲུག་ལས། དང་པོ་རབ་གནས་ལ། ཕྱིའི་རབ་གནས་ནི། རྟེན་གང་རབ་ཏུ་གནས་བྱ་དེ་ཉིད་དྲི་ཆབ་ཀྱིས་བཀྲུ། མཆོད་པ་ལྔ་བཤམ། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པ་བཅའ། བུམ་བསྐྱེད་དབང་ཆོག་ལྟར་བྱས་ལ་བགེགས་ལ་གཏོར་མ་བྱིན་ལ་བསྐྲད། རྟེན་ཞི་བ་ཡིན་ན་ཐུགས་རྗེ་ཆེན་པོ་ཞི་སྒྲུབ་གང་རུང་དང་། ཁྲོ་བོ་ཡིན་ན་རྟ་མགྲིན་དུ་བསྐྱེད་པ་སོགས་ཁྲིད་ཡིག་པད་དཀར་ཕྲེང་བའི་དངོས་གཞིའི་སྐྱེད་རིམ་གྱི་སྐབས་ལྟར་བྱ། ཡེ་ཤེས་པ་དགུག་གཞུག །དབང་བསྐུར་རྒྱས་གདབ། མཆོད་བསྟོད། ཞལ་བསྒྱུར། བརྟན་བཞུགས། ཡེ་དྷརྨཱས་རབ་གནས་ཤིས་བརྗོད་བྱའོ། །ནང་གི་རབ་གནས་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཧྲཱིཿལ་ཡི་གེ་དྲུག་པས་བསྐོར་བ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་རྟེན་གང་ཡིན་པ་དེ་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བསྟིམས་པས་སྔར་བས་གཟི་བརྗིད་ཆེས་ཆེར་གྱུར་པར་བསམ་ལ་མཆོད་ཅིང་བསྟོད་དོ། །གསང་བའི་རབ་གནས་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་འོག་མིན་ནས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད་བསྟོད། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ལྷ་མོ་བུམ་པ་ཐོགས་པ་མང་པོ་བྱུང་བས་རྟེན་ལ་དབང་བསྐུར། དབང་རྟགས་སུ་ལྷ་རྟེན་དེའི་རིགས་མཐུན་གྱི་ལྷས་རྒྱས་གདབ། རིགས་ལྔ་ཡབ་ཡུམ་མི་དམིགས་པར་བསམ་མོ། །དོན་གྱི་རབ་གནས་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་ག་ཡོད་པ་ལས་འོད་འཕྲོས། རྟེན་གྱི་གནས་གསུམ་དུ་ཐིམ་པས་དེའི་དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཧཱུྃ་སྔོན་པོ་བསམ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཤིང་རྒྱས་གདབ་བོ། །རྟགས་ཀྱི་རབ་གནས་ནི། རྟེན་གྱི་ལྷ་ལ་མཆོད་བསྟོད། བུམ་པས་དབང་བསྐུར། མངའ་གསོལ། བཀྲ་ཤིས་བརྗོད་དོ། །མཚོན་པའི་རབ་གནས་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར། འཁོར་བ་ཇི་སྲིད་བར་དུ་བརྟན་པར་བཞུགས་པར་གསོལ་བ་གདབ་བོ། །གཉིས་པ་མཆོད་པ་ལ་ཕྱིའི་མཆོད་པ་ནི། མཎྜལ། སྤོས། མེ་ཏོག །ཡོན་ཆབ། དྲི་ཆབ། །ཞབས་བསིལ། ཞལ་ཟས། མར་མེ། རོལ་མོ་སོགས་ཅི་འབྱོར་པ་བཤམས་ལ། རང་ཐུགས་རྗེ་ཆེན་པོར་བསྒོམ། ཡིག་དྲུག་བརྗོད་པས་བླ་མ་དཀོན་མཆོག་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་པ་འབུལ་ལོ། །ནང་གི་མཆོད་པ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་མང་པོ་སྤྲོས། རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་མཆོད་པར་བསམ་མོ། །གསང་བའི་མཆོད་པ་ནི། ལྷ་མོ་དེ་རྣམས་བདག་ལ་ཐིམ་པས་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཐབས་ཤེས་དབྱེར་མེད་དུ་མཆོད་པར་བསམ། དོན་གྱི་མཆོད་པ་ནི། མཆོད་པ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་ཐིམ། རང་ཤར་རང་གྲོལ་དུ་མ་འགགས་པར་མཆོད་དོ། །རྟགས་ཀྱི་མཆོད་པ་ནི། སྨན་འབྲུ་ཆུ་སོགས་གང་ཡིད་དུ་འོང་བ་མཐོང་བ་ཐམས་ཅད་བློས་བླངས་ཏེ་བླ་མ་དང་ཐུགས་རྗེ་ཆེན་པོ་ལ་འབུལ་ལོ། །མཚོན་པའི་མཆོད་པ་ནི། རང་ལུས་ཕུང་པོ་མཆོད་པའི་རྫས་སུ་ཆགས་པ་དང་ཞེན་པ་མེད་པར་འབུལ་ལོ། །དེ་ཐམས་ཅད་ལ་འཛིན་པ་མེད་ན་མཆོད་པ་གནས་སུ་འཁྱོལ་བ་ཡིན་ནོ། །གསུམ་པ་བསྟོད་པ་ལ། ཕྱིའི་བསྟོད་པ་ནི། ལྷ་དང་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་མདོག་རྒྱན་ཆ་ལུགས་ལ་བསྟོད་པས་དགྱེས་ནས་དངོས་གྲུབ་གནང་བར་བསམ་ལ་བསྟོད་དོ། །ནང་གི་བསྟོད་པ་ནི། རང་ལྷར་གསལ་བཏབ། སྔར་བས་གཟི་བརྗིད་ཆེ་བར་བསམ་ལ་བསྟོད་དོ། །གསང་བའི་བསྟོད་པ་ནི། ལྷ་དང་རང་ཉིད་གཉིས་སུ་མེད་པས་ལོགས་ནས་བསྒྲུབ་ཏུ་མེད་པར་ཤེས་པས་བསྟོད་དོ། །དོན་གྱི་བསྟོད་པ་ནི། ཆོས་ཉིད་མཉམ་པ་རིས་མེད་པའི་ཕྱིར་བདག་དང་ཐུགས་རྗེ་ཆེན་པོའི་ཐུགས་དགོངས་དབྱེར་མེད་པར་བསམ་ལ་བསྟོད་དོ། །རྟགས་ཀྱི་བསྟོད་པ་ནི། ཐུགས་རྗེ་ཆེན་པོའི་སྐུ་མདོག་ཞལ་ཕྱག་རྒྱན་ཆས་སོ་སོར་དོན་རྟགས་མཚོན་པ་གསུམ་གྱི་དགོས་པའི་སྒོ་ནས་བསྟོད། མཚོན་པའི་བསྟོད་པ་ནི། ཚིག་དང་དབྱངས་སུ་བཅད་ནས་བསྟོད་པས་ལྷ་མཉེས་ནས་བདག་ལ་བྱིན་གྱིས་བརླབས་པར་བསམ་ལ་བསྟོད། བཞི་པ་གསོལ་འདེབས་ལ། ཕྱིའི་གསོལ་འདེབས་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་སྤྱན་དྲངས་ལ། ཡི་གེ་དྲུག་པས་གསོལ་བ་ཕར་བཏབ་པས་བྱིན་རླབས་ཚུར་བསྩལ་བར་འོང་ངོ་། །ནང་གི་གསོལ་འདེབས་ནི། རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ལ་མཆོད་པ་ཕུལ་བས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པར་བསམ། གསང་བའི་གསོལ་འདེབས་ནི། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཡབ་ཡུམ་སྦྱོར་མཚམས་ནས། འོད་ཟེར་བྱུང་བ་བདག་གི་ལུས་ལ་ཕོག་པས་དབུགས་དབྱུང་བདེ་བ་སྐྱེས་པར་བསམ། དོན་གྱི་གསོལ་འདེབས་ནི། རྩ་བ་གསུམ་གྱིས་བྱིན་གྱིས་བརླབས་ནས། སེམས་ཉིད་རང་ཤར་རང་གྲོལ་དུ་གྱུར་པར་བསམ་མོ། །རྟགས་ཀྱི་གསོལ་འདེབས་ནི། དུས་རྟག་ཏུ་བླ་མ་ཡི་དམ་མཁའ་འགྲོ་གསུམ་སྤྱི་གཙུག་རྒྱན་དུ་བཞུགས་ནས་བྱིན་གྱིས་རློབས་པར་བསམ་མོ། །མཚོན་པའི་གསོལ་འདེབས་ནི། ཚིག་དང་དབྱངས་སུ་གསོལ་བ་འདེབས་ཤིང་མོས་གུས་ཐུན་མོང་མ་ཡིན་པ་བྱས་པས་བར་གཅོད་སེལ་ཞིང་ལམ་སྣ་འདྲེན་པ་ཡིན་ནོ། །ལྔ་པ་སཱཙྪ་ལ། ཕྱིའི་སཱཙྪ་ནི། འདག་ས་ལ་རིན་པོ་ཆེ་དང་སྨན་སྣ་ཚོགས་བཏབ་ལ་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ། ཡི་གེ་དྲུག་པ་བཟླ་ཞིང་འབི་འབི་ཆོས་སྐུ །སྐུ་སྤར་ལོངས་སྐུ །སཱཙྪ་དེ་ཉིད་ཕྱི་མཆོད་རྟེན་ལ་ནང་ཐུགས་རྗེ་ཆེན་པོར་བྱོན་པར་བསམ་མོ། །ནང་གི་སཱཙྪ་ནི། ཟས་གང་ཟ་བ་རིན་པོ་ཆེའི་ཕུང་པོར་བསམ། ཁམ་དུ་བཅད་དུས་ཆོས་སྐུ། ཁོང་དུ་མིད་དུས་ལོངས་སྐུ །དྲི་མ་ཕྱིར་ཕྱུང་བས་སྤྲུལ་སྐུར་བྱོན་པས་དེའི་དྲི་ཚོར་བའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་དག་པར་བསམ་མོ། །གསང་བའི་སཱཙྪ་ནི། རང་ལུས་ཤའི་འདག་ས་ལ་ཡི་དམ་ཐུགས་རྗེ་ཆེན་པོའི་སཱཙྪ་བཏབ། གསལ་བར་འདུག་ན་ཐེབས་པ་ཡིན། གདབ་ཏུ་མེད་ན་བརྟན་པ་ཡིན་ནོ། །དོན་གྱི་སཱཙྪ་ནི། གཞི་དངོས་པོ་གནས་ལུགས་ཀྱི་སྐུ་སྤར་དུ། རིག་པ་མ་འགགས་པའི་འདག་ས་བཅུག་ནས། རང་ཤར་རང་གྲོལ་གྱི་སཱཙྪ་བཏབ་པས། འདེབས་མཁན་མེད་ན་ཐེབས་པ་ཡིན་ནོ། །རྟགས་ཀྱི་སཱཙྪ་ནི། སྣོད་ཀྱི་འཇིག་རྟེན་སྐུ་སྤར་དུ། བཅུད་ཀྱི་སེམས་ཅན་གྱི་འདག་ས་བཅུག་ནས། འཁོར་འདས་དབྱེར་མེད་ཀྱི་སཱཙྪ་བཏབ། སེམས་ཅན་ཐམས་ཅད་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ནི་སཱཙྪ་ཐེབས་པ་ཡིན་ནོ། །མཚོན་པའི་སཱཙྪ་ནི། ལག་པ་གཡས་པ་སྐུ་ལྔ། གཡོན་པ་ཡེ་ཤེས་ལྔ། སྐུ་ལྔ་ཡེ་ཤེས་ལྔའི་བར་ནས། ལས་དང་བྱ་བ་བྱས་པ་ཐམས་ཅད་སྐུ་གསུམ་དུ་བསམ། ཅི་བྱེད་སངས་རྒྱས་ཀྱི་མཛད་སྤྱོད་ཡིན། སེམས་སྐྱེད་ཀྱིས་ཟིན་ན་ཐེབས་པ་ཡིན་ནོ། །དྲུག་པ་སྐུ་ཁྲུས་ལ། ཕྱིའི་ཁྲུས་ནི། ཐུགས་རྗེ་ཆེན་པོའི་སྐུ་སོགས་རྟེན་རབ་གནས་དང་ལྡན་པ་མེ་ལོང་གི་ངོས་སུ་དྲི་བཟང་གི་ཆུས་སྐུ་ཁྲུས་གསོལ། རྟེན་དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ཆུ་ལ་བྱུང་བས། རང་གིས་ཁྲུས་བྱས་པས་སྒྲིབ་པ་དག་པར་བསམ། ནང་གི་སྐུ་ཁྲུས་ནི། ཡི་གེ་དྲུག་པ་བཟླ་ཞིང་འཐུངས་པས་དྲི་ཆུ་ཕོ་བས་ནད་དང་སྒྲིབ་པ་ཐམས་ཅད་ཕྱིར་ཐོན་པར་བསམ། གསང་བའི་སྐུ་ཁྲུས་ནི། རང་ཐུགས་རྗེ་ཆེན་པོ་ལ་ལྷ་རྣམས་ཀྱིས་ཁྲུས་གསོལ་བས་རང་གི་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དོན་གྱི་སྐུ་ཁྲུས་ནི། ཆོས་ཉིད་རྣམ་པར་མི་རྟོག་པའི་ཆུས་ཡེ་ཤེས་གསལ་དག་བྱི་དོར་བྱས་པར་བསམ། རྟགས་ཀྱི་སྐུ་ཁྲུས་ནི། རིག་པ་རང་ཤར་རང་གྲོལ་གྱིས་རྣམ་རྟོག་བག་ཆགས་ཐམས་ཅད་བྱང་བར་བསམ། མཚོན་པའི་སྐུ་ཁྲུས་ནི། ཐུགས་རྗེ་ཆེན་པོའི་སྐུ་ལ་ཁྲུས་གསོལ་ནས་བཀྲག་མདངས་གཟི་བརྗིད་ལྡན་པར་བསམ་པའོ།། །།སྤྱི་དོན་གཉིས་པ་གསོན་གྱི་ཆོས་དྲུག་ལ། དབང་བསྐུར། ཚེ་སྒྲུབ། བྱིན་རླབས། དབྱུག་བཅོས། སྲུང་འཁོར། ནད་འདོན་དང་དྲུག་ལས། དང་པོ་དབང་བསྐུར་ལ། ཕྱིའི་དབང་ནི། ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ཀྱི་མདུན་དུ་སྟེགས་བུ་དཀར་པོའི་སྟེང་དུ། བུམ་པ་དཀར་པོའི་ནང་། ཆུ་གཙང་མ་ལ་སྨན་དང་འབྲུ་བཏབ། དར་དཀར་པོས་མགུལ་ཆིངས་བྱ། མེ་ལོང་གིས་ཁ་བཅད། མཆོད་པ་བཤམ། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བསྐྱེད། སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་བསྟོད། བཟླས་པ་བྱ། གསོལ་བ་བཏབ། སློབ་མས་མཎྜལ་དབུལ། གསོལ་བ་གདབ། སྡིག་པ་བཤགས། བུམ་ནང་གི་ལྷ་རྣམས་བདུད་རྩིར་ཞུ་བ་སློབ་མའི་སྤྱི་བོར་བླུགས་ཁར་སྦྱིན། བདུད་རྩིས་ལུས་ཐམས་ཅད་ཁྱབ་སྡིག་སྒྲིབ་དག །དབང་རྟགས་སུ་སློབ་མ་ཐུགས་རྗེ་ཆེན་པོར་གསལ་བའི་སྤྱི་བོར་འོད་དཔག་མེད་ཀྱིས་རྒྱས་བཏབ་ལ་བཞག་གོ །ནང་གི་དབང་ནི། སློབ་མ་ཐུགས་རྗེ་ཆེན་པོར་བསྐྱེད་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གསུམ་བསམ། སྐུ་གསུང་ཐུགས་ཀྱི་རྒྱས་གདབ། ཡི་གེ་དྲུག་པའི་ལུང་དབོག །ལྷ་དབང་ལུས་ལ་བསྐུར་རོ། །གསང་བའི་དབང་ནི། མེ་ལོང་ནང་དུ་བྱང་སེམས་དཀར་དམར་ཅུང་ཟད་དང་ཅུ་གང་བསྲེས་ལ་ཆང་དང་སྦྱར་བ་སློབ་མའི་ལྕེ་ཐོག་ཏུ་བཞག །བདེ་གསལ་རྒྱུད་ལ་སྐྱེས་པ་དེ་ངོས་འཛིན་དུ་བཅུག་གོ །དོན་གྱི་དབང་ནི། སློབ་མའི་སེམས་ཆོས་དབྱིངས་རྣམ་པར་དག་པ་གདོད་ནས་ཡིན་པར་ངོ་སྤྲད་ཆོས་དབང་སེམས་ལ་བསྐུར་རོ། །རྟགས་ཀྱི་དབང་ནི། རྣམ་རྟོག་རང་ཤར་རང་གྲོལ་རིག་པའི་རྒྱལ་པོ་ལ་རང་དབང་ཐོབ་པར་བསྐུར་རོ། །མཚོན་པའི་དབང་ནི། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དུ་དབང་བསྐུར། བླ་མ་ལ་ཡོན་དབུལ་ལོ། །གཉིས་པ་ཚེ་སྒྲུབ་ལ། ཕྱིའི་ཚེ་སྒྲུབ་ནི། གནས་དབེན་པར་ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ཀྱི་མདུན་དུ་མཎྜལ་དཀར་པོའི་དབུས་སུ། ཚེ་བུམ་དཀར་པོ་རྒྱུན་འབབ་ཀྱི་ཆུ་དང་ལྔ་ཚན་ལྔའི་རྫས་ཀྱིས་བཀང་བ་མགུལ་ཆིངས་དང་རས་དཀར་དང་ཤིང་འབྲས་བུ་ཅན་གྱི་ཁ་རྒྱན། འབྲུ་དཀར་གྱི་ཕྱེ་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་ཚེའི་འབྲང་རྒྱས་དང་། མཆོད་པ་དང་། གཏོར་མ་བཤམ། སྐྱབས་སེམས་སྔོན་དུ་བཏང་། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པ་བྷྲཱུྃ་ལས་རིན་པོ་ཆེའི་ཁང་བཟང་གི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་ཉི་ཟླའི་གདན་ལ་སངས་རྒྱས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་འཆི་མེད་ཀྱི་བདུད་རྩིས་བཀང་ནས་བསྣམས་པ། ཞབས་རྡོར་སྐྱིལ་མཚན་དཔེས་བརྒྱན་པ་སྤྲུལ་སྐུའི་ཆ་ལུགས་ཅན་བསམ། ཡེ་ཤེས་པ་སྤྱན་དྲངས་བསྟིམ། དབང་བསྐུར་རྒྱས་གདབ། མཆོད་བསྟོད། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། བུམ་ནང་གི་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་ཀར་ཕོག་པས་བསྐུལ། བདག་དང་བུམ་ལྷའི་ཐུགས་ཀ་ནས་འོད་འཕྲོས་པས་བརྟན་གཡོའི་ཚེ་བཅུད་ཐམས་ཅད་བཀུག་ཚེ་དཔག་མེད་ཀྱི་བུམ་པར་བསྟིམ། སླར་རང་གི་ཐུགས་ཀའི་འོད་ཀྱིས་ཚེ་བུམ་ནས་བདུད་རྩི་དྲང་རང་གི་ཁར་ཞུགས་ལུས་ཐམས་ཅད་གང་། བཀྲག་དང་གཟི་མདངས་རྒྱས། སྤྱི་བོར་ཚེ་དཔག་མེད་ཀྱི་རྒྱས་བཏབ། རང་གི་ཐུགས་ཀའི་འོད་ཀྱིས་སླར་ཡང་བརྟན་གཡོའི་མངའ་ཐང་དཔལ་འབྱོར་ཐམས་ཅད་བསྡུས་ཚེའི་འབྲང་རྒྱས་ལ་བསྟིམས་པར་ཡང་བསམ། ཡི་གེ་དྲུག་པ་བཟླ། ཐུན་མཚམས་སུ་མཆོད་བསྟོད་གཏོར་མ་འབུལ། ཚེ་འཕེལ་བའི་རྟགས་སྤྱི་ལྟར་མཐོང་ནས། བུམ་པའི་ལྷ་ལ་མཆོད་བསྟོད། ལྷ་བདུད་རྩིར་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་བསམ། བུམ་ཆུ་འཐུང་ཞིང་ཁྲུས་བྱ། ཚེའི་འབྲང་རྒྱས་ལ་རོལ། རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ནང་གི་ཚེ་སྒྲུབ་ནི། རང་གི་སྤྱི་བོར་ཚེ་དཔག་མེད་གསལ་བཏབ། དེའི་ཕྱག་གི་བུམ་པ་ནས་ཚེའི་བདུད་རྩི་བབ་རང་གི་ཚངས་བུག་ཏུ་ཞུགས་ལུས་ཐམས་ཅད་གང་། ཚེ་བཀྲག་གཟི་མདངས་རྒྱས་པར་བསམ་མོ། །གསང་བའི་ཚེ་སྒྲུབ་ནི། རང་གི་སྙིང་དཀྱིལ་དུ་ཚེའི་སྙིང་པོ་ནྲྀ་ལྗང་གུ་ཞིག་གནས་པ་ཟླ་བའི་གྭའུ་ཁ་སྦྱོར་དུ་བཅུག །ཡི་གེ་དྲུག་པས་རྒྱས་བཏབ་ལ་བགེགས་དང་ལོག་འདྲེན་གྱིས་བདག་གི་ཚེ་ལ་བར་དུ་གཅོད་པ་ཅི་ཡང་མི་འབྱུང་བར་བསམ་མོ། །དོན་གྱི་ཚེ་སྒྲུབ་ནི། རང་རིག་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལ་སྐྱེ་ཤི་གང་ཡང་མེད་པས་ཚེའི་རང་བཞིན་དུ་ཡེ་ནས་གྲུབ་པར་ཐག་བཅད་ཅིང་བསམ་མོ། །རྟགས་ཀྱི་ཚེ་སྒྲུབ་ནི། ཡི་གེ་དྲུག་པ་བཟླས་པས་ཚེ་རིང་ནད་དཀོན་ལུས་རྡོ་རྗེ་ལྟ་བུར་འགྱུར་བའོ། །མཚོན་པའི་ཚེ་སྒྲུབ་ནི། ཚེ་བུམ་འབྲང་རྒྱས་དང་བཅས་པས་རང་གཞན་ལ་དབང་བསྐུར། ཚེའི་འབྲང་རྒྱས་ཟོས། ཚེ་ཆང་འཐུངས་པས་ཚེའི་དངོས་གྲུབ་ཐོབ་པར་བསམ་པའོ། །གསུམ་པ་བྱིན་རླབས་ལ། ཕྱིའི་བྱིན་རླབས་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས་རང་གཞན་གྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ནས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསམ། ཡི་གེ་དྲུག་པ་བཟླའོ། །ནང་གི་བྱིན་བརླབ་ནི། རང་ཐུགས་རྗེ་ཆེན་པོར་བསྒོམས་པའི་སྤྱི་བོར་བླ་མ་བསྒོམས་ལ་བྱིན་གྱིས་བརླབས་པར་བསམ། སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམས་ལ་དངོས་གྲུབ་སྩོལ་བར་བསམ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་བསྒོམས་ལ་སྣང་བ་བསྒྱུར་བར་བསམ་མོ། །གསང་བའི་བྱིན་རླབས་ནི། རང་ལྷར་གསལ་བའི་ཐུགས་ཀ་ནས་ཡི་གེ་དྲུག་པའི་འོད་ཟེར་འགལ་མེ་ལྟར་འཁོར་བ་ལས་འོད་ཟེར་འཕྲོས་པས། འགྲོ་བ་རིགས་དྲུག་གི་སྙིང་ལ་ཕོག་ནས་སེམས་དབང་དུ་འདུས་ཤིང་བཀའ་ཉན་པར་བསམ། དོན་གྱི་བྱིན་བརླབ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་དབྱིངས་ལྷུན་གྱིས་གྲུབ་པའི་བྱིན་གྱིས་བརླབས་ནས་གནས་པའོ། །རྟགས་ཀྱི་བྱིན་རླབས་ནི། རིག་པ་རང་ཤར་རང་གྲོལ་བ་རྒྱུན་པར་ཉམས་དང་མི་འབྲལ་བར་གནས་པའོ། །མཚོན་པའི་བྱིན་རླབས་ནི། བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་གདབ། ཡི་གེ་དྲུག་པ་བཟླས་ཤིང་། ནད་གདོན་གྱིས་ཉེན་པ་ལ་ལག་གིས་བྱིལ་བྱིལ་བྱ། ཐལ་ལྕག་བརྒྱབ་པས་ནད་གདོན་བར་ཆད་ཐམས་ཅད་སང་སང་སོང་བར་བསམ་མོ། །བཞི་པ་དབྱུག་བཅོས་ལ། ཕྱིའི་དབྱུག་བཅོས་ནི། སྨྱག་ཤད་དམ། སྦ་དཀར་གྱི་དབྱུག་པ་ལ་ཡི་གེ་དྲུག་པ་བརྗོད་པས་དབྱུག་པ་ཐུགས་རྗེ་ཆེན་པོར་བྱིན་བརླབས་ནས། རང་གཞན་གང་ལའང་བྱིལ་བྱིལ་བྱས་པས་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསམ་མོ། །ནང་གི་དབྱུག་བཅོས་ནི། དབྱུག་པ་བྱིན་རླབས་བྱས་ཏེ་རང་གཞན་ལ་བརྒྱབས་པས་ལས་དང་བག་ཆགས་ཀྱི་སྡིག་སྒྲིབ་ཐམས་ཅད་དཀར་སང་སང་སོང་བར་བསམ་མོ། །གསང་བའི་དབྱུག་བཅོས་ནི། དབྱུག་པ་བྱིན་རླབས་བྱས་ཏེ་རང་གཞན་ལ་བརྒྱབས་པས། ཆོས་ཉིད་གཉུག་མ་མ་བཅོས་པའི་ངང་ལ་ལྷན་ལྷན་གནས་པར་བསྒོམ་མོ། །དོན་གྱི་དབྱུག་བཅོས་ནི། དབྱུག་པ་བྱིན་རླབས་བྱས་ལ་བརྡེག་པ་ནི། བརྡེག་བྱ་རྡེག་བྱེད་རྡེག་པོ་ཐམས་ཅད་རང་རང་གི་ངོ་བོར་མ་གྲུབ་པར་རྟོགས་པའོ། །རྟགས་ཀྱི་དབྱུག་བཅོས་ནི། དབྱུག་པ་དྲང་པོར་འདུག་པ་ཆོས་ཉིད་མ་བཅོས་གཉུག་མ། གཅིག་པུར་སྐྱེས་པ་ཐིག་ལེ་ཉག་གཅིག །སྲ་ཞིང་མཁྲེགས་པ་ཆོས་ཉིད་ལ་གང་གིས་མི་ཚུགས། སྣུམ་ཞིང་འདྲིལ་བ་ཆོས་ཉིད་ཀྱི་བདེ་བས་ཁྱབ་པ། འཇམ་ཞིང་མཛེར་པ་མེད་པ་ཆོས་ཉིད་ལ་ཉོན་མོངས་ཀྱི་ཟུག་རྔུ་མེད་པ། ཕྲ་ལ་བཤན་པ་ཆོས་ཉིད་ངོ་བོ་རྟོགས་པར་དཀའ་ཞིང་རྟོགས་ན་འཚང་རྒྱ་བའོ། །མཚོན་པའི་དབྱུག་བཅོས་ནི། དབྱུག་པ་དེ་ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་པ་གང་དུ་འདུག་པའི་མདུན་དང་གདན་གྱི་མདུན་དུ་བཞག །གང་དུ་འགྲོ་ཡང་ལུས་ལ་བཅང་ངོ་། །ལྔ་པ་སྲུང་བ་ལ། ཕྱིའི་སྲུང་བ་ནི། གྲོ་གའམ་ཤོག་བུ་དཀར་གཙང་ལ་འཁོར་ལོ་རྩིབས་དྲུག་པ་བྲིས་པའི་ལྟེ་བར་ཆེ་གེ་མོ་ལ་སྲུངས་ཤིག །རྩིབས་དྲུག་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་འབྲུ་རེ་བྲི། ཡིག་དྲུག་ཅི་འགྲུབ་བཟླས་པས་བྱིན་གྱིས་བརླབས་ཏེ། ལ་ཆས་དྲིལ་ལ་གང་བསྲུང་བའི་མགུལ་དུ་བཏགས་པས་ནད་གདོན་བར་ཆད་ཐམས་ཅད་བསྲུང་བར་འགྱུར་རོ། །ནང་གི་སྲུང་བ་ནི། རང་ལྷར་གསལ་བའི་སྙིང་གར་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཧྲཱིཿ རྩིབས་དྲུག་ལ་ཡི་གེ་དྲུག་བཀོད་ལ་བཟླའོ། །གསང་བའི་སྲུང་བ་ནི། ནང་ཆོས་ཉིད་ཀྱི་འཁོར་ལོ་ལ་རྩོལ་སྒྲུབ་མེད་པར་མཉམ་པར་བཞག །བསྲུང་བྱ་སྲུང་བྱེད་དབྱེར་མེད་དུ་གྲོལ་ལོ། །རྟགས་ཀྱི་སྲུང་བ་ནི། རང་སེམས་ལ་གནོད་བྱེད་གང་ཡང་རང་ཤར་རང་གྲོལ་དུ་གྱུར་པའོ། །མཚོན་པའི་སྲུང་བ་ནི། གོང་དུ་བཤད་པའི་འཁོར་ལོ་དང་སྲད་བུ་དཀར་པོ་རྡོ་རྗེའི་མདུད་པ་དྲུག་བཏབ་པར་ཡི་གེ་དྲུག་མ་བཟླས་པས་རང་གཞན་ལ་བཏགས་སོ། །དྲུག་པ་ནད་འདོན་ལ། ཕྱིའི་ནད་འདོན་ལ། སྤྱི་བོ་ཚངས་པའི་བུ་ག་སྐྱ་ཧར་གྱིས་ཕྱེ་བར་ནད་ཀྱི་ངོ་བོ་རླངས་པ་སྔོ་དམར་དུ་བུན་བུན་སོང་བར་བསམ་པས་སྟོད་ཚ་བའི་ནད་འདོན། ཕོ་བ་སྒལ་པར་བཅར་ནས་ཁར་སྒྲེགས་པ་ལྷུད་ལྷུད་ཕྱུང་པས་ཕོ་མཆིན་གྱི་ནད་འདོན་པ་སྐྱུག་པ་ལྟ་བུའོ། །སྲིན་ཞལ་ཁ་ཕྱེ་བར་ཐུར་སེལ་དང་བསྡོངས་ནས་ནད་ཐམས་ཅད་སེར་ཉོག་ཉོག་སོང་བར་བསམ་ཞིང་འོག་རླུང་བཏང་བས་སྨད་ཀྱི་ནད་ཐམས་ཅད་འདོན་པ་བཤལ་སྦྱོར་ལྟ་བུའོ། །རིག་པ་རང་སོར་གསལ་ལེ་འབོལ་ལེ་ཤིགས་སེ་གློད་ལ་བཞག་པས་རླུང་ནད་ཐམས་ཅད་འདོན་ཏེ་སྨན་མར་ལྟ་བུའོ། །གང་ན་བའི་སར་རིག་པ་རྩེ་གཅིག་ཏུ་གཅུར་ནས་བསྒྲིམས་ཏེ་གཏད་ཅིང་ལག་པས་མནན་པས་ཁོལ་བུར་ན་བ་ཐམས་ཅད་འདོན་ཏེ་གཏར་ཁ་ལྟ་བུའི་གདམས་པའོ། །ནང་གི་ནད་འདོན་ནི། དུག་ལྔ་སེམས་ཀྱི་ནད་ཡིན་པས་ཉོན་མོངས་རྣམ་རྟོག་གང་སྐྱེས་ཀྱང་རང་ཤར་རང་གྲོལ་དུས་མཉམ་དུ་ཆལ་ཆལ་དུ་བཏང་ངོ་། །གསང་བའི་ནད་འདོན་ནི། འཁོར་བའི་གཅོང་ནད་ཀྱི་རྩ་བ་མ་རིག་པ་ཡིན་པས། རིག་པ་གསལ་ལ་འཛིན་པ་མེད་པར་ཤར་ན་འཁོར་བ་ཀ་ནས་དག་སྟེ། སྡུག་བསྔལ་བདེ་བ་ཆེན་པོར་འཆར་རོ། །དོན་གྱི་ནད་འདོན་ནི། གཉིས་འཛིན་བདག་གཞན་གྱི་ནད་འདི། དོན་ཆོས་ཉིད་མཉམ་པ་རིས་མེད་མ་བཅོས་མཉམ་ཡངས་ཆེན་པོས་སེལ་ལོ། །རྟགས་ཀྱི་ནད་འདོན་ནི། ནད་དང་སྡུག་བསྔལ་འབྱུང་བའི་རྩ་བ་བདག་འཛིན་ཡིན་པས། བདག་ལ་བརྟགས་པས་བདག་མ་གྲུབ། བདག་མ་གྲུབ་པས་གཞན་མ་གྲུབ། བདག་གཞན་གང་ཡང་མ་གྲུབ་པས་འཛིན་མེད་ཀྱི་རིག་པ་རང་སར་གྲོལ་བས་སེལ་ལོ། །མཚོན་པའི་ནད་འདོན་ནི། ན་བའི་ཚེ་ལས་དང་པོ་པས་སྨན་དཔྱད་ཟས་སྤྱོད་འདྲེ་བཅོས་གང་དགོས་ཀྱིས་སེལ་ལོ།། །།སྤྱི་དོན་གསུམ་པ་གཤིན་པོ་ལ་ཕན་བཏགས་པའི་ཆོས་དྲུག་ལ། རོ་ཁྲུས། བུམ་ཆོག །རོ་བསྲེག །མཚན་བྱང་སྦྱོང་བ། དུར་མཚེད་དུ་གཞུག་པ། རོ་ཟན་གཏང་བ་དང་དྲུག་ལས། དང་པོ་རོ་ཁྲུས་དང་གཉིས་པ་བུམ་ཆོག་ནི་བཀའ་འབུམ་ཉིད་དུ་ས་བཅད་སོ་སོར་གསུངས་ནས་ལག་ལེན་གྱི་སྐབས་བུམ་ཆོག་མ་གཏོགས་དེའི་གོང་དུ་རོ་ཁྲུས་མ་བྱུང་བས་རོ་ཁྲུས་ཆད་པ་ཡིན་ནམ། ཡང་ན་རོ་ཁྲུས་དང་བུམ་ཆོག་དོན་གཅིག་པར་དགོངས་པ་ཡིན་ནམ་སླར་བརྟག་དགོས་ལ། འོན་ཏེ་རོ་ཁྲུས་དང་བུམ་ཆོག་སོ་སོར་ས་བཅད་མཛད་ནས་ལག་ལེན་ལ་དོན་གཅིག་པར་བསྡོམས་པ་ཡིན་ནམ་སྙམ་མོ། །གཉིས་པ་བུམ་ཆོག་ལ། ཕྱིའི་བུམ་ཆོག་ནི། སྔགས་ཀྱིས་བཀྲུས་པའི་མཎྜལ་དཀར་པོའི་སྟེང་དུ་བུམ་པ་བཅའ། མཆོད་པ་བཤམ། རང་ཐུགས་རྗེ་ཆེན་པོར་བསྒོམ། བུམ་པར་ཡང་ལྷ་བསྐྱེད་མཆོད་བསྟོད། ཡིག་དྲུག་བཟླ་ཞིང་སྔགས་ཀྱི་སྤྲོ་བསྡུ་བྱའོ། །ནང་གི་བུམ་ཆོག་ནི། ཚེ་འཕོས་པ་དེའི་རྣམ་ཤེས་མདུན་དུ་བཀུག །གཤེད་དང་ཕྲལ་ཁྲུས་བྱའོ། །གསང་བའི་བུམ་ཆོག་ནི། ཤི་བའི་རུས་པའམ་གོས་སམ་མིང་བྲིས་པར་ཁྲུས་བྱས་པས་སྡིག་སྒྲིབ་དག་པར་བསམ། དོན་གྱི་བུམ་ཆོག་ནི། སྔགས་ཀྱིས་བཀྲུས་པས་ལས་ཉོན་ཤེས་སྒྲིབ་སྦྱངས་ནས་ཡང་དག་པའི་དོན་མཐོང་བར་བསམ། རྟགས་ཀྱི་བུམ་ཆོག་ནི། རྣམ་པར་ཤེས་པ་རིགས་དྲུག་ཏུ་སྐྱེ་བའི་སྒོ་བཅད་ནས་བྱང་ཆུབ་ཏུ་གནས་པར་འགྱུར་རོ། །མཚོན་པའི་བུམ་ཆོག་ནི། ལྷ་སྔགས་བསྒྲུབས་ལ་ཚེ་འདས་ཀྱི་གནས་སྦྱང་། རོ་བདག་གི་དགེ་བ་རྫོགས་པར་བྱའོ། །གསུམ་པ་རོ་བསྲེག་ལ། ཕྱིའི་རོ་བསྲེག་ནི། རོ་བཀྲུས་ནས་རས་དཀར་གྱིས་དྲིལ། མཚོག་མ། དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་ཡི་གེ་དྲུག་པ་འབྲུ་རེ་རེ་བཏགས་པས་སྐྱེ་སྒོ་གཅོད། ཤིང་དོང་དུ་བཅུག་མེ་སྤར། ནང་གི་རོ་བསྲེག་ནི། རོའི་སྙིང་གར་ཐུགས་རྗེ་ཆེན་པོ་བསྐྱེད། ཡིག་དྲུག་གིས་བསྲེག་རྫས་ཡམ་ཤིང་སོགས་ཐུགས་རྗེ་ཆེན་པོའི་སྐུའི་འོད་དང་། ཞལ་དང་ཕྱག་ཏུ་ཕུལ་བར་བསམ་མོ། །གསང་བའི་རོ་བསྲེག་ནི། མེ་ནང་དུ་ཐུགས་རྗེ་ཆེན་པོ་བསྐྱེད། རོ་བདུད་རྩིར་ཞུ་བ་ལྷ་ཚོགས་རྣམས་ལ་ཕུལ་བས་མཉེས་ཤིང་ཚིམས་ནས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཟད་པར་བསམ། དོན་གྱི་རོ་བསྲེག་ནི། ཚེ་འདས་དེའི་སྡིག་སྒྲིབ་སྦྱངས་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་ལ་གནས་པས་སྐྱེ་བ་མེད་པར་བསམ། རྟགས་ཀྱི་རོ་བསྲེག་ནི། རིག་པ་འགག་མེད་ཆོས་སྐུ་ལས་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་རྒྱུན་མི་འཆད་དུ་བྱེད་པར་བསམ། མཚོན་པའི་རོ་བསྲེག་ནི། རུས་བུ་ཐལ་བ་བསྡུས་ལ་སཱཙྪ་བཏབ་སྟེ་སྤྲུལ་སྐུའི་རྟེན་དུ་བཞག་གོ །བཞི་པ་མཚན་བྱང་སྦྱོང་བ་ལ། ཕྱིའི་མཚན་བྱང་ནི། ཤོག་བུར་ཚེ་འདས་ཀྱི་གཟུགས་མིང་བྲིས། སྨྱུག་མ་ཚིགས་དྲུག་པ་རིགས་དྲུག་གི་རྟེན་དུ་བསམ་གཟུགས་ལ་བཏགས། གདུགས་དང་འཕན་གྱིས་བརྒྱན། བདུན་རྣམ་དག་བྱ། བུམ་པ་བཅའ་ཞིང་བསྒྲུབ། མཚན་བྱང་ལ་ཚེ་འདས་ཀྱི་རྣམ་ཤེས་བཀུག །གཤེད་དང་ཕྲལ་བདག་ཐུགས་རྗེ་ཆེན་པོ་བསྒོམས་ལ་ཡིག་དྲུག་བཟླ། རིགས་དྲུག་གི་གནས་སུ་སྐྱེ་བའི་ལམ་སྦྱང་། བུམ་པས་ཁྲུས་བྱའོ། །ནང་གི་མཚན་བྱང་ནི། མཚན་བྱང་ལ་རྣམ་ཤེས་བཀུག །ཤི་བའི་ལུས་དངོས་སུ་བསམ། ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བཅུག །བྱིན་བརླབ་དབང་བསྐུར་རོ། །གསང་བའི་མཚན་བྱང་ནི། འགྲོ་དྲུག་གི་སྐྱེ་སྒོ་བཅད་ལ་རྣམ་ཤེས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལུང་བསྟན་ནོ། །དོན་གྱི་མཚན་བྱང་ནི། སེམས་ཆོས་ཉིད་ཀྱི་དབྱིངས་སུ་འཚང་རྒྱ་བར་བྱིན་གྱིས་བརླབ་བོ། །རྟགས་ཀྱི་མཚན་བྱང་ནི། ཐུགས་རྗེ་ཆེན་པོ་རང་ཤར་གྱི་ངང་ལས་གཟུགས་སྐུས་འགྲོ་དོན་བྱེད་པར་བསམ་མོ། །མཚོན་པའི་མཚན་བྱང་ནི། མཚན་བྱང་བསྲེགས་ལ་ཚེ་འདས་ཀྱི་ལུས་སེམས་སྟོང་པར་རྒྱས་གདབ་ཐལ་བ་སཱཙྪ་བཏབ་ལ་བཞག་གོ །ལྔ་པ་དུར་མཚེད་དུ་གཞུག་པ་ལ། ཕྱིའི་དུར་ཆས་ནི། རོ་ལ་ཁྲུས་བྱ་ཡི་གེ་དྲུག་པ་དྲི་བཟང་གིས་བྲིས་ལ་བཏགས། གཤེད་དང་ཕྲལ། ལན་ཆགས་ཀྱི་གཏོར་མ་བཏང་ལ་མཆོད། རས་ཀྱིས་དྲིལ་ལོ། །ནང་གི་དུར་མཚེད་ནི། རོ་ལ་རྣམ་ཤེས་བཀུག །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བཅུག་དབང་བསྐུར། ཕུང་པོ་ལྷའི་དཀྱིལ་འཁོར་དུ་བྱས་ལ། བང་བའམ་དུར་དུ་གཞུག་གོ །གསང་བའི་དུར་མཚེད་ནི། རོ་ལ་སྒྲུབ་པ་བྱས་ལ་ཕུང་ཁམས་ཤ་ཁྲག་རྩ་བ་གསུམ་ལ་མཆོད་པ་བྱའོ། །དོན་གྱི་དུར་མཚེད་ནི། རོ་ཐིག་ལེ་ཉག་གཅིག་ཆོས་སྐུར་བྱིན་གྱིས་བརླབས་ལ་བཞག་གོ །རྟགས་ཀྱི་དུར་མཚེད་ནི། རོ་འབྱུང་བ་བཞི་གང་རུང་གི་དུར་དུ་སྦའོ། །མཚོན་པའི་དུར་མཚེད་ནི། རོ་དང་ནོར་དུ་བཅས་ཏེ་དུར་ཁྲོད་དམ་རི་ལ་བསྐྱལ་ལོ། །དྲུག་པ་རོ་ཟན་གཏང་བ་ལ། ཕྱིའི་རོ་ཟན་གཏང་བ་ནི། ཉེ་དྲུང་རྣམས་ཀྱི་ཟན་ལ་ཡི་གེ་དྲུག་པས་གང་ལ་གང་འོས་སུ་རྒྱ་ཆེ་ཞིང་བྱིན་གྱིས་བརླབས་ལ་བཏང་ངོ་། །ནང་གི་རོ་ཟན་ནི། ཟན་ལ་གཏོར་མ་བྱས་ལ་ཚེ་འདས་རྡོ་རྗེའི་གྲལ་དུ་བཞག་ལ་ཟས་སྐལ་དུ་བསྔོའོ། །གསང་བའི་རོ་ཟན་ནི། ཟས་ཚོགས་འཁོར་དུ་བྱིན་གྱིས་བརླབས། ཚེ་འདས་ལྷར་བསྐྱེད་ལ་བཏང་ངོ་། །དོན་གྱི་རོ་ཟན་ནི། ཚེ་འདས་ཀྱི་དོན་དུ་དགེ་བ་ཅི་བྱས་པ་ཐམས་ཅད། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་དམིགས་མེད་ཀྱི་རྒྱས་གདབ་བོ། །རྟགས་ཀྱི་རོ་ཟན་ནི། ཚེ་འདས་ཀྱི་དོན་དུ་ཀློག་འདོན་སོགས་དགེ་བ་ཅི་འགྲུབ་ལ་འབད་དོ། །མཚོན་པའི་རོ་ཟན་ནི། རོ་བཏོན་ནས་སྟོན་མོ་བྱའོ།། །།སྤྱི་དོན་བཞི་པ་ཕྲིན་ལས་དྲུག་ལ། ཞི་བ། རྒྱས་པ། དབང་། མངོན་སྤྱོད། སྦྱིན་སྲེག །བརྟུལ་ཞུགས་དང་དྲུག་ལས། དང་པོ་ཞི་བའི་ལས་ལ། ཕྱིའི་ཞི་བའི་ལས་ནི། མཎྜལ་དཀར་པོ་བྱ། མེ་ཏོག་དཀར་པོ་བཀྲམ། གཏོར་མ་དཀར་པོ་བཤམ། ལྷ་ཐམས་ཅད་དཀར་པོ་བསྒོམ། འོད་ཟེར་དཀར་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་དགྲ་བགེགས་ལ་སོགས་པ་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ། །ནང་གི་ཞི་བའི་ལས་ནི། རྣམ་རྟོག་ཐམས་ཅད་རང་བྱུང་རང་ཤར་རང་གྲོལ་དུ་བཏང་བས་རྣམ་རྟོག་ཐམས་ཅད་ཞི་བར་འགྱུར་རོ། །གསང་བའི་ཞི་བའི་ལས་ནི། དུག་ལྔ་རྣམ་རྟོག་གང་སྐྱེས་ཐམས་ཅད་རང་ཞི་རང་དག་ཏུ་བཏང་བས་གསང་བ་དུག་ལྔ་ཞི་བར་འགྱུར་རོ། །དོན་གྱི་ཞི་བའི་ལས་ནི། ཆོས་ཐམས་ཅད་མ་བཅོས་མཉམ་པ་རིས་མེད་མཐའ་བྲལ་དུ་བཞག་པས་བདག་གཞན་ཕྱོགས་ཆར་འཛིན་པ་ཞི་བར་འགྱུར་རོ། །རྟགས་ཀྱི་ཞི་བའི་ལས་ནི། །རིག་པ་རང་གསལ་འཛིན་མེད་ཀྱི་ངང་ལ་བཞག་པས་ཡུལ་སྣང་གི་འཛིན་པ་ཞི་བར་འགྱུར་རོ། །མཚོན་པའི་ཞི་བའི་ལས་ནི། སེམས་མ་བཅོས་བདེ་བ་ཆེན་པོར་རང་བབས་སུ་ཀློད་ལ་བཞག་པས་སྡུག་བསྔལ་གྱི་ཟུག་རྔུ་ཞི་བར་འགྱུར་རོ། །གཉིས་པ་རྒྱས་པའི་ལས་ལ། ཕྱིའི་རྒྱས་པའི་ལས་ནི། མཎྜལ་སེར་པོ་བྱ། མེ་ཏོག་སེར་པོ་བཀྲམ། གཏོར་མ་སེར་པོ་བཤམ། ལྷ་སེར་པོ་བསྒོམ། འོད་ཟེར་སེར་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་ཚེ་བསོད་ནམས་དཔལ་དང་གཟི་བརྗིད་འཁོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་འགྱུར་རོ། །ནང་གི་རྒྱས་པའི་ལས་ནི། རང་གི་རིག་པ་གུ་ཡངས་མཐའ་རྒྱ་ཆེ་བར་བཞག་པས་ཡེ་ཤེས་རྒྱས་པར་འགྱུར་རོ། །གསང་བའི་རྒྱས་པའི་ལས་ནི། རིག་པ་བྱང་ཆུབ་ཀྱི་སེམས་ངོས་བཟུང་བས་རང་གསལ་སེམས་ཀྱི་ཉམས་རྒྱས་པར་འགྱུར་རོ། །དོན་གྱི་རྒྱས་པའི་ལས་ནི། ཆོས་ཐམས་ཅད་མཉམ་ཡངས་རིས་མེད་དུ་བཞག་པས་ཉམས་ཆོས་དབྱིངས་སུ་རྒྱས་པར་འགྱུར་རོ། །རྟགས་ཀྱི་རྒྱས་པའི་ལས་ནི། རིག་པ་རང་ཤར་རང་གྲོལ་དུ་བཞག་པས་མཉམ་གཞག་རྗེས་ཐོབ་གཉིས་སུ་མེད་པར་ཉམས་ལེན་རྒྱས་པར་འགྱུར་རོ།། མཚོན་པའི་རྒྱས་པའི་ལས་ནི། གང་ལའང་ཞེན་ཆགས་དང་འཛིན་པ་མ་བྱས་པས་རྟག་ཏུ་བདེ་བ་རྒྱས་པར་འགྱུར་རོ། །གསུམ་པ་དབང་གི་ལས་ནི། ཕྱིའི་དབང་གི་ལས་ནི། མཎྜལ་དམར་པོ་བྱ། མེ་ཏོག་དམར་པོ་བཀྲམ། གཏོར་མ་དམར་པོ་བཤམ། ལྷ་དམར་པོ་བསྒོམ། འོད་ཟེར་དམར་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་དགྲ་བགེགས་བདུད་དང་ལྷ་མི་ཐམས་ཅད་ལོག་པར་ལྟ་བ་མི་མོས་པ་ཡིན་ཡང་དབང་དུ་འདུས་པར་འགྱུར་རོ། །ནང་གི་དབང་གི་ལས་ནི། རིག་པ་ཐ་མལ་གྱི་རྗེས་ཕྱིར་མ་སོང་བར་འགག་ཏུ་བཅུག་པས་རྣམ་པར་རྟོག་པ་དབང་དུ་འདུས་པར་འགྱུར་རོ། །གསང་བའི་དབང་གི་ལས་ནི། དུག་ལྔ་ཐ་མལ་གྱི་དབང་དུ་མ་སོང་བར་བྱས་ནས་འགག་ཏུ་བཅུག་པས་ཉོན་མོངས་པ་དབང་དུ་འདུ་བར་འགྱུར་རོ། །དོན་གྱི་དབང་གི་ལས་ནི། རིག་པ་ལ་གང་ཤར་ཡང་རང་ཤར་རང་གྲོལ་དུ་ངང་གིས་ཆོས་ཐམས་ཅད་མ་བཅོས་པར་རང་གསལ་དུ་བཞག་ནས་འགག་ཏུ་བཅུག་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། །རྟགས་ཀྱི་དབང་གི་ལས་ནི། རིག་པ་ལ་གང་ཤར་ཡང་རང་ཤར་རང་གྲོལ་དུ་བཏང་ཞིང་འགག་ཏུ་བཅུག་པས་རང་གི་རིག་པ་དབང་དུ་འདུས་པར་འགྱུར་རོ། །མཚོན་པའི་དབང་གི་ལས་ནི། རང་གི་རིག་པ་མ་བཅོས་རྣལ་མའི་བཙན་ས་ཟིན་པས་ཆོས་དང་མཐུན་པར་བྱས་ན་འགྲོ་བ་ཕོ་མོ་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། །བཞི་པ་དྲག་པོའི་ལས་ལ། ཕྱིའི་དྲག་པོའི་ལས་ལ། མཎྜལ་ནག་པོ་བྱ། མེ་ཏོག་ནག་པོ་བཀྲམ། གཏོར་མ་ནག་པོ་བཤམ། ལྷ་ནག་པོ་བསྒོམ། འོད་ཟེར་ནག་པོ་སྤྲོ། ཡི་གེ་དྲུག་པ་བཟླས་པས་དགྲ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །ནང་གི་དྲག་པོའི་ལས་ནི། རིག་པ་ཐ་མལ་གྱི་རྗེས་སུ་མི་བཏང་བར་དངོས་མེད་དུ་ཚར་བཅད་པས་རྣམ་པར་རྟོག་པ་དངོས་མེད་དུ་འགྱུར་རོ། །གསང་བའི་དྲག་པོའི་ལས་ནི། དུག་ལྔ་འབུར་འཇོམས་སུ་ཚར་བཅད་ན་ཉོན་མོངས་པ་རྗེས་མེད་དུ་འགྱུར་རོ། །དོན་གྱི་དྲག་པོའི་ལས་ནི། ཆོས་ཐམས་ཅད་མ་སྤངས་ཀུན་གྲོལ་དུ་ཚར་བཅད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་དངོས་མེད་དུ་འགྱུར་རོ། །རྟགས་ཀྱི་དྲག་པོའི་ལས་ནི། རིག་པ་ལ་གང་ཤར་གང་སྣང་ཐམས་ཅད་རང་ཤར་རང་གྲོལ་དུ་ཚར་བཅད་པས་གང་སྣང་ཐམས་ཅད་དངོས་མེད་དུ་འགྱུར་རོ། །མཚོན་པའི་དྲག་པོའི་ལས་ནི། དགྲ་དང་བགེགས་སོགས་སྡང་བར་བྱེད་པ་ཐམས་ཅད་ཡིད་ལ་མ་བཞག་པར་རང་སར་རང་གྲོལ་དུ་བཅུག་པས་དངོས་མེད་རྗེས་མེད་དུ་འགྱུར་རོ། །ལྔ་པ་སྦྱིན་སྲེག་གི་ལས་ལ། ཕྱིའི་སྦྱིན་སྲེག་ནི། མཎྜལ་དཀར་པོའི་སྟེང་དུ། ཙནྡན་དཀར་པོའམ། ཤུག་པའི་མེ་ཐབ་ཟླུམ་པོར་བརྩིག །མཆོད་གཏོར་བཤམ། མེ་སྤར། མེའི་དབུས་སུ་ཐུགས་རྗེ་ཆེན་པོ་བསྐྱེད། མཆོད་བསྟོད། རང་གི་སྡིག་སྒྲིབ་ཐམས་ཅད་བསྡུས་ཏེ་སྣ་སྒོ་ནས་ཐོན་ཏེ་ཏིལ་དཀར་ནག་ལ་ཐིམ་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བཟླ་ཞིང་ཏིལ་དཀར་ནག་མེར་དོར། གཞན་གྱིས་བསྲེག་རྫས་འབྱོར་ནའང་ཏིལ་གྱི་དམིགས་པ་ལྟར་ཁ་བསྒྱུར་ལ་དབུལ། རང་གི་སྡིག་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་མེས་རྩད་ནས་བསྲེགས་ཏེ་དངོས་མེད་དུ་བདེ་སངས་སོང་བར་བསམ། ལན་ཅི་མང་དུ་བསྲེག་མཆོད་བསྟོད་མེ་དང་ལྷ་མི་དམིགས་པའི་སྟོང་པར་རྒྱས་གདབ་བོ། །ནང་གི་སྦྱིན་སྲེག་ནི། རང་ལྷར་གསལ་བའི་ཐུགས་ཀར་ཐུགས་རྗེ་ཆེན་པོ་མཚོན་གང་བ་གཅིག་བསྐྱེད་ནས་ཟས་སྐོམ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བསྡུས་ལ་བསྟིམ། ལག་པ་ཧོམ་གཟར་གྱི་ཚུལ་གྱིས་རང་གི་ཁ་མེ་ཐབ་ཏུ་ཕུལ་བས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་མཉེས་ནས་སྡིག་སྒྲིབ་ཐམས་ཅད་དག་སྟེ་བདེ་སིང་སིང་སོང་བར་བསམ་མོ། །གསང་བའི་སྦྱིན་སྲེག་ནི། རང་བྱུང་སྙིང་གི་ཧོམ་ཁུང་དུ། ཡེ་ཤེས་གསལ་བའི་མེ་སྦར་བར། རིག་པ་རང་སྣང་མེ་ལྷ་བཞུགས། གཉིས་འཛིན་འཁྲུལ་པའི་རྫས་བསྲེགས་པས། རྣམ་པར་རྟོག་པ་དངོས་མེད་དུ་འཚིག་གོ །དོན་གྱི་སྦྱིན་སྲེག་ནི། ཆོས་ཉིད་རང་བྱུང་གི་ཧོམ་ཁུང་དུ། གཉིས་སུ་མེད་པའི་མེ་སྦར། མཉམ་པ་རིས་མེད་ཀྱི་མེ་ལྷ་བཞུགས། གང་ཟག་བློའི་འདོད་པ་དངོས་མེད་དུ་འཚིག་གོ །རྟགས་ཀྱི་སྦྱིན་སྲེག་ནི། མཐའ་བྲལ་སྟོང་པའི་ཧོམ་ཁུང་དུ། ཡེ་ཤེས་གསལ་བའི་མེ་སྦར། མེ་ལྷ་ཐུགས་རྗེ་ཆེན་པོར་བསྐྱེད། རང་ཤར་རང་གྲོལ་གྱི་མེ་ལྷ་བཞུགས། ཡིན་མིན་གྱི་རྣམ་རྟོག་ཐམས་ཅད་འཚིག་གོ །མཚོན་པའི་སྦྱིན་སྲེག་ནི། རང་གར་འདུག་པའི་གཡོས་ཁང་དུ། སྒྱེད་བུ་གསུམ་གྱི་ཧོམ་ཁུང་དུ། འབྱུང་བ་སྲེག་བྱེད་ཀྱི་མེ་སྦར། མེ་ལྷ་ཐུགས་རྗེ་ཆེན་པོར་བཞུགས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བུད་ཤིང་ལ་བསྡུས་ལ་བསྲེག །ཉེས་སྒྲིབ་དངོས་མེད་ཐལ་བར་སོང་བར་བསམ་མོ། །དྲུག་པ་བརྟུལ་ཞུགས་ལ། ཕྱིའི་བརྟུལ་ཞུགས་ནི་ཡི་གེ་དྲུག་པ་རང་བྱུང་གི་བརྟུལ་ཞུགས་ཞེས་བྱ་སྟེ། རང་ཐུགས་རྗེ་ཆེན་པོར་བསྒོམ། ཡི་གེ་དྲུག་པ་བཟླ་ཞིང་དེའི་འོད་ཟེར་མེ་ལྟ་བུས་ནད་གདོན་གནོད་པ་བྱ་སྒྲོ་ལྟ་བུ་ཧྲག་ཧྲག་ཐུལ་ཐུལ་དངོས་མེད་དུ་བསྲེགས་པར་བསམ་ལ་གང་ན་བའི་སར་ཐལ་ལྕག་བརྡེག་གོ །ནང་གི་བརྟུལ་ཞུགས་ནི། མཁའ་འགྲོ་གསང་བ་ཡེ་ཤེས་ཌཱ་ཀིའི་བརྟུལ་ཞུགས་ཀྱིས་འཆར་བྱེད་ཀྱི་རིག་པ་གོ་མི་དགག་པར་ཅི་ཤར་ཐོལ་བྱུང་ལ་བཏང་ངོ་།། ནད་པའི་མཐའ་བསྐོར་དུ་མཁའ་འགྲོ་མའི་བྲོ་ཚོགས་བརྡུང་ངོ་། །གསང་བའི་བརྟུལ་ཞུགས་ནི། རིག་པ་ཐོགས་མེད་ཀྱིས་འབྱུང་བ་དཀྲུགས་པ་ཞེས་བྱ་སྟེ། རང་རིག་གང་ཤར་གྱི་རྟོག་པ་ཐོལ་སྐྱེས་དེ་ཉིད་མ་ཤོར་བར་ནམ་མཁའ་ནས་ཐོག་ལྷུང་བ་ལྟར་ནད་གདོན་གང་ཡིན་དེ་ཉིད་ལ་གཅེར་གྱིས་གཏད་ལ། དམིགས་པ་རིག་རྩལ་དེ་ཉིད་ངར་དང་བཅས་པས་དྲིལ་མཐར་ཉོན་མོངས་པ་དྲུག་ལ་བཙན་ཆོད་བྱའོ། །དོན་གྱི་བརྟུལ་ཞུགས་ནི། དེ་ཁོ་ན་ཉིད་ཀྱི་བརྟུལ་ཞུགས་མི་འགྱུར་བས་གཞིའི་བརྟུལ་ཞུགས་ཞེས་བྱ་སྟེ། འབྱུང་བའི་རྩལ་ནང་ནས་ཤར། རིག་པའི་ངར་ཕྱིར་ཐོན་ཏེ། ཆོས་ཉིད་མ་དང་བུ་འཕྲོད། རིག་པ་རང་ཤར་རང་གྲོལ་དུ་གྲོལ་བས་འཁོར་བ་སྤང་དུ་མེད། མྱ་ངན་ལས་འདས་པ་བསྒྲུབ་ཏུ་མེད། སྤང་བླང་མེད་པ་རང་སར་གྲོལ་བས་གཞི་ལ་འགྱུར་བ་མེད་དོ། །རྟགས་ཀྱི་བརྟུལ་ཞུགས་ནི། ཐུགས་རྗེ་ཁྱབ་གདལ་གྱི་བརྟུལ་ཞུགས་རིག་པ་ལ་ཕྱོགས་རིས་མེད། ལྷ་དང་འདྲེ་རུ་མཉམ། སྐྱིད་དང་སྡུག་ཏུ་མཉམ། གསེར་དང་བོང་བ་མཉམ། མཉམ་པ་རིས་མེད་དུ་བཞག་གོ །མཚོན་པའི་བརྟུལ་ཞུགས་ནི། རྟེན་འབྲེལ་གྱི་གནད་ཀྱིས་འགྲོ་དོན་བྱ་བ་སྟེ། རིག་པ་གསལ་ལ་དྭངས་པ་དཔའ་གདིངས་དང་བཅས་པས། ནད་གདོན་ཉོན་མོངས་རྣམ་རྟོག་ཐམས་ཅད་ཟིལ་གྱིས་མནན། ཐོལ་བྱུང་གི་རིག་པ་མི་དགག །རྟེན་འབྲེལ་རིག་པ་གང་ཤར་བྱ། ནད་པ་དང་སེམས་ཅན་ལ་ཕན་སེམས་བསྐྱེད། གདོན་ལ་བྱམས་དང་སྙིང་རྗེ་བསྒོམ་མོ།། །།སྤྱི་དོན་ལྔ་པ་གསང་སྔགས་ཀྱི་གནད་དྲུག་ལ། རྩ་རླུང་། འཕོ་བ། གྲོང་འཇུག །སྒྱུ་ལུས། འོད་གསལ། གཏུམ་མོ་དང་དྲུག་པོ་རེ་རེ་ལའང་ཕྱི་ནང་གསང་བ་དོན་རྟགས། མཚོན་པ་སྟེ་དྲུག་དྲུག་ཏུ་དབྱེ་བ་ནི་ཁྲིད་གཞུང་པད་དཀར་ཕྲེང་བའི་མཚན་བཅས་ཀྱི་རྫོགས་རིམ་དུ་བསྟན་པ་ལྟར་དང་།། །།སྤྱི་དོན་དྲུག་པ་ཐུན་མཚམས་ཀྱི་ཆོས་དྲུག་ལ། བདུན་རྣམ་དག །མཎྜལ། ཁྲུས་ཆབ། བསྐོར་བ། གཏོར་མ། ཆུ་གཏོར་དང་དྲུག་པོ་རེ་རེ་ལའང་། ཕྱི་ནང་གསང་བ་དོན་རྟགས་མཚོན་པ་སྟེ་དྲུག་དྲུག་གི་དབྱེ་བ་ནི་ཁྲིད་ཡིག་དེ་ཉིད་ཀྱི་རྗེས་ཐུན་མཚམས་རྒྱུན་གྱི་སྤྱོད་པའི་སྐབས་སུ་བཤད་པ་ལྟར་ཉམས་སུ་བླང་བ་ཡིན་ནོ། །དེ་དག་གིས་ཐུགས་རྗེ་ཆེན་པོའི་དྲུག་སྐོར་ལས་ཚོགས་ཀྱི་རིམ་པ་ཉིས་བརྒྱ་དང་བཅུ་དྲུག་ཡོངས་སུ་ཚང་བ་ཡིན་ནོ།། ༈ །།ཡང་རྒྱུན་སྤྱོད་ལས་ཚོགས་བསྡུས་པར་སྤྲོ་ན། མཎྜལ། བསྐོར་བ། སཱཙྪ། ཟས། སྐོམ། གཏོར་མ། ལང་བ། འགྲོ་བ། ཉལ་བ། འདུག་པ། གཉིད། རྨི་ལམ་གྱི་རྣལ་འབྱོར་དང་བཅུ་གཉིས་སོ། །དང་པོ་མཎྜལ་གྱི་རྣལ་འབྱོར་ལ། ཕྱིའི་མཎྜལ་སའམ་ཤིང་། ནང་གི་མཎྜལ་མེ་ལོང་ངམ་རིན་པོ་ཆེ། གསང་བའི་མཎྜལ་སེམས་ཉིད་ལ་རིན་པོ་ཆེའི་རྒྱན་བཀོད་ནས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་བྱས་ནས་བྱིན་གྱིས་བརླབས་ལ། བླ་མ་དང་ཐུགས་རྗེ་ཆེན་པོ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་འབུལ་ལོ། །གཉིས་པ་བསྐོར་བའི་རྣལ་འབྱོར་ལ། ཐུགས་རྗེ་ཆེན་པོའི་སྐུ་གཅིག་ལ། ཕྱི་ལྟར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ནང་ལྟར་ན་བརྒྱུད་པའི་བླ་མ་ཐམས་ཅད། གསང་བ་ལྟར་ན་ཡི་དམ་མཁའ་འགྲོ་ཐམས་ཅད་བསྟིམས་ལ་ཡི་གེ་དྲུག་པ་བཟླ་ཞིང་བསྐོར་བས། རྟེན་དེ་ལས་འོད་བྱུང་བས་རང་གི་ལུས་ལ་ཕོག་པས་སྒྲིབ་པ་བྱང་བར་བསམ་ལ་བསྐོར་བ་བྱའོ། །གསུམ་པ་སཱཙྪའི་རྣལ་འབྱོར་ལ། ཕྱིའི་སཱཙྪ་འདག་ས། ནང་གི་སཱཙྪ་ཟན། གསང་བའི་སཱཙྪ་རང་ལུས་སྐུ་སྤར་དུ་བཅུག་ཡི་གེ་དྲུག་པ་བཟླ་ཞིང་བཏབ་པས་ཕྱི་མཆོད་རྟེན་ལ་ནང་ཐུགས་རྗེ་ཆེན་པོ་ཀྲོང་ཀྲོང་བྱུང་བར་བསམ་མོ། །བཞི་པ་ཟས་ཀྱི་རྣལ་འབྱོར་ལ། རང་ཐུགས་རྗེ་ཆེན་པོར་བསྒོམས་ནས། ཕྱི་བླ་མ་འཁོར་བཅས་མགྲིན་པ་ལོངས་སྤྱོད་འཁོར་ལོར་བསམ། ནང་ཡེ་ཤེས་སེམས་དཔའ་ཐུགས་རྗེ་ཆེན་པོ་སྙིང་ག་ཆོས་ཀྱི་འཁོར་ལོར་བསམ། གསང་བ་མཁའ་འགྲོ་མ་རྣམས་ལྟེ་བ་སྤྲུལ་པའི་འཁོར་ལོར་བསམ། ཁ་ཟས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསམ་བྱིན་བརླབས་ལ། ལག་པ་གཡོན་འདོད་ཡོན་གྱི་ལྷ་མོས་མཆོད་པར་བསམས་ནས། མགྲིན་པར་བླ་མ་བདུད་རྩིས་མཆོད། སྙིང་གར་ཡི་དམ་བདུད་རྩིས་མཆོད། ལྟེ་བར་མཁའ་འགྲོ་བདུད་རྩིས་མཆོད། དེ་རྗེས་བཤང་གཅི་ཕྱིར་འདོན་པ་ན་ཡི་གེ་དྲུག་པ་བརྗོད་ཅིང་སེ་གོལ་གྱི་སྒྲས་ཡི་དྭགས་རྣམས་ལ་ཟས་སུ་སྦྱིན་ནོ། །ལྔ་པ་སྐོམ་གྱི་རྣལ་འབྱོར་ལ། རང་ཐུགས་རྗེ་ཆེན་པོར་བསྒོམ། སྐོམ་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་བརླབ། ཡི་གེ་དྲུག་པ་བཟླ་ཞིང་། མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་མཁའ་འགྲོ་གསལ་བ་ལ། ལག་གཡོན་འདོད་ཡོན་གྱི་ལྷ་མོས་ཕུལ་བས། བླ་མ་ཡི་དམ་མཁའ་འགྲོ་གསུམ་རིམ་བཞིན་བདུད་རྩིས་མཆོད་པར་བསམ། དྲི་ཆུ་འདོར་བའི་ཚེ་ཡི་གེ་དྲུག་པ་བཟླ་ཞིང་སེ་གོལ་དང་བཅས་པས་ཡི་དྭགས་ཐམས་ཅད་ལ་སྐོམ་དུ་བསྔོའོ། །དྲུག་པ་གཏོར་མའི་རྣལ་འབྱོར་ལ། ཟན་གཏོར་དང་ཆུ་གཏོར་གང་འབྱོར་སྣོད་གཙང་མར་བཤམ། ཡི་གེ་དྲུག་པས་བདུད་རྩིར་བྱིན་བརླབ། ཡིག་དྲུག་བརྗོད་ཅིང་འགྲོ་བ་རིགས་དྲུག་ཐམས་ཅད་བཀུག །ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས་ལ་འབུལ། ཆུ་གཏོར་ཡིན་ན་རིགས་དྲུག་གི་གནས་སུ་བདུད་རྩིའི་རྒྱུན་བབས་པར་བསམ་མོ། །ཡང་ན་ཆུ་སྦྱིན་བྱེད་ན། ཐུགས་རྗེ་ཆེན་པོའི་ཕྱག་གཡས་ནས་བདུད་རྩི་བབ་པས་ཡི་དྭགས་ཐམས་ཅད་ཚིམས་པར་བསམ་ལ་སྦྱིན་ནོ། །བདུན་པ་ལང་བའི་རྣལ་འབྱོར་ལ་གསུམ་སྟེ། དང་པོ་ཁད་ཀྱིས་ལང་བའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་རིམ་གྱིས་བྱེད་པས་སེམས་ཅན་བློས་མི་གཏོང་། གཉིས་པ་གཅིག་ཅར་ལང་བ་ན་སེམས་ཅན་གྱི་དོན་ལ་མྱུར་དུ་འཇུག་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཟིན་པར་བྱ། གསུམ་པ་སེམས་ཅན་ལ་བརྩེ་བར་གནས་པ་ནི། བུ་གཅིག་པའི་མ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་ཞེ་ཕུགས་སུ་བཅུག་ནས། ལུས་ངག་ཡིད་གསུམ་གྱིས་ཕན་གདགས་པའོ། །བརྒྱད་པ་འགྲོ་བའི་རྣལ་འབྱོར་ལ་གསུམ་སྟེ། དང་པོ་གར་འགྲོ་བླ་མ་སྤྱི་བོར་བསྒོམ། གཉིས་པ་ཡི་དམ་ཐུགས་རྗེ་ཆེན་པོ་ལ་བསྐོར་བ་གཡས་ཕྱོགས་སུ་བྱེད་པར་བསམ། གསུམ་པ་མཁའ་འགྲོ་མ་རྣམས་སྐྱེལ་མ་བྱེད་ཅིང་མཁའ་འགྲོ་ཚོགས་པའི་དབུས་སུ་ཞུགས་ནས་འགྲོ་བར་བསམ་མོ། །དགུ་པ་ཉལ་བའི་རྣལ་འབྱོར་ལ་གསུམ། དང་པོ་གར་ཉལ་ཡང་རྣམ་རྟོག་མགོ་ནོན་པར་བསམ། གཉིས་པ་ཐ་མལ་གྱི་ཤེས་པ་གློད་ལ་ཉལ། གསུམ་པ་སེམས་མཉམ་པ་ལ་བསྡུས་ཏེ་ཉལ་ལོ། །བཅུ་པ་འདུག་པའི་རྣལ་འབྱོར་ལ་གསུམ། དང་པོ་ལུས་མཉམ་པར་འདུག་སྟེ་ཐུགས་རྗེ་ཆེན་པོ་གདོད་ནས་རང་ལ་གྲུབ་པར་ཤེས་པས་ལྷོད་དེ་ཤིག་གེ་འདུག །གཉིས་པ་ངག་མཉམ་པར་འདུག་སྟེ་ཡི་གེ་དྲུག་པ་ཤུགས་འབྱུང་རྩོལ་བྲལ་དུ་ན་ར་ར་བཟླ། གསུམ་པ་ཡིད་མཉམ་པར་འདུག་སྟེ་རྟོག་མེད་འཛིན་མེད་རང་བྱུང་རང་གྲོལ་དུ་བཞག་གོ །བཅུ་གཅིག་པ་གཉིད་ཀྱི་རྣལ་འབྱོར་ལ་གསུམ། དང་པོ་སྲོད་ལ་ཤེས་པ་རྩེ་གཅིག་ཏུ་བསྡུས་ལ་ཉོན་མོངས་དང་རྣམ་རྟོག་གི་དབང་དུ་མི་གཏང་། གཉིས་པ་ནམ་གུང་གཉིད་དང་བསམ་གཏན་བསྲེས་ལ་དྲན་པ་དང་རྟོག་པ་ཡིད་ལ་མི་བྱ། གསུམ་པ་ཐོ་རངས་གཉིད་སད་པ་དང་གཉིད་ཀྱིས་ངོམས་པར་བྱས་ལ་རིག་པ་གསལ་དག་བྱི་དོར་བྱའོ། །བཅུ་གཉིས་པ་རྨི་ལམ་གྱི་རྣལ་འབྱོར་ལ་གསུམ། དང་པོ་སྲོད་ལ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་བསམ་པ་བཏང་ལ་རྨི་ལམ་ངོས་བཟུང་། །གཉིས་པ་ནམ་ཕྱེད་རྨི་ལམ་དུ་ངོ་ཤེས་པས་རྨི་ལམ་འཁྲུལ་པ་འཇིག །གསུམ་པ་ཐོ་རངས་གཉིད་སད་པ་དང་འདི་ལྟར་སྣང་བ་ཡང་རྨི་ལམ་སྒྱུ་མ་ལྟར་རང་བཞིན་མེད་པར་ངོ་ཤེས་པར་བྱའོ།། ༈ །།ཡང་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་གདམས་རང་དོན་ཁྱད་པར་དུ་འཕགས་པའི་གདམས་པ་ལམ་ཁྱེར་དྲུག་ནི། རང་གི་དགེ་བ་རང་གིས་བྱ་བ། རང་གི་བདུན་ཚིགས་རང་གིས་བྱེད་པ་དང་། རང་གི་རོ་བསྲེག་རང་གིས་བསྲེག་པ། རང་གི་རོ་རྫོངས་རང་གིས་བྱ་བ། རང་གི་རོ་ཟན་རང་གིས་བཏང་བ། རང་གི་རོ་ཁུར་རང་གིས་བྱས་ཏེ་སྦ་བ་དྲུག་གོ །དང་པོ་རང་གི་དགེ་བ་རང་གིས་བྱ་བ་ནི། ཐུགས་རྗེ་ཆེན་པོའི་ཆོས་ཉམས་ལེན་གང་བྱེད་ཀྱང་སྙིང་རྗེ་དང་འབྲེལ་དགོས་པས། དང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་ནོར་རྫས་འདོད་ཡོན་ལོངས་སྤྱོད་ཉེ་དྲུང་ལ་སོགས་པ་ཅི་ཡོད་པ་ཐམས་ཅད་སེམས་ཅན་རྣམས་ལ་སྦྱིན་པར་གཏང་ངོ་སྙམ་དུ་བསམ། རང་ཐུགས་རྗེ་ཆེན་པོར་སྐད་ཅིག་གིས་བསྐྱེད་ལ་ལག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས་ལ། བདག་གི་བུ་དང་བུ་མོ་སྤུན་དང་ཚང་ཟླ་ནོར་རྫས་འདོད་ཡོན་ལོངས་སྤྱོད་གང་དང་ཅི་མཆིས་པ་འདི་དག་ཐམས་ཅད་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་གང་ལ་གང་འདོད་དུ་སྦྱིན་པར་བཏང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད་པས་སོ་སོར་གང་ལ་ཅི་འདོད་པ་ཐམས་ཅད་ཐོབ་པར་བསམ་མོ། །དེ་ཡང་བདག་གི་འཁོར་དང་ལོངས་སྤྱོད་ལ་གནོད་དམ་སྙམ་པ་སོགས་བྱུང་ན་བློས་མ་ཐོང་བ་ཡིན་པས། ཆགས་ཞེན་གྱིས་བཅིངས་པ་བསོད་ནམས་ཀྱི་ཚོགས་སུ་མི་འགྱུར་བས་ཞེན་འཁྲིས་རྦད་ཀྱིས་བཅད་པ་དེ་ལྟར་ཡང་ཡང་བཏང་བར་བསམས་པས་ཚེ་འདིར་འཁོར་དང་ལོངས་སྤྱོད་འཕེལ། ནད་གདོན་སྡུག་བསྔལ་ཞི་ནས། ཕྱི་མ་ལ་ལོངས་སྤྱོད་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །ཚུལ་འདི་ནི་ཐམས་ཅད་ལ་གསང་ནས་བྱ་བ་གལ་ཆེ་སྟེ་གཞན་གྱིས་ཤེས་ན་ལ་ལ་དག་གིས་སུན་འབྱིན་པའི་ཕྱིར། ཁྱོད་ཀྱིས་དེ་ལྟར་བློས་བཏང་བས་བདག་ལ་ཆེ་གེ་མོ་ཞིག་སློང་ཞེས་སུན་འབྱིན་འོང་བས་དེ་ནི་བདུད་ངག་ལ་ཞུགས་པ་ཞེས་བར་གཅོད་ཡིན་པས་གཞན་ལ་གསང་ངོ་། །དགེ་བའི་བྱ་བ་འདི་ལས་སེམས་སྦྱོང་ལྷག་པ་དང་བསོད་ནམས་ཆེ་བ་གང་དུའང་མེད་དོ། །གཉིས་པ་རང་གི་བདུན་ཚིགས་རང་གིས་བྱ་བ་ནི། ཚེས་བརྒྱད་ཉ་དང་ཉེར་གཉིས་ཉེར་དགུའམ་གནམ་སྟོང་ལ་བར་ན་ཞག་བདུན་རེ་ཡོད་པས་དུས་བཟང་དེ་རྣམས་སུ། དཀོན་མཆོག་ལ་མཆོད་པ་ཅི་འབྱོར་འབུལ། འགྲོ་དྲུག་ལ་སྦྱིན་གཏོང་ཅི་འགྲུབ་བྱ། རང་ཐུགས་རྗེ་ཆེན་པོར་བསྒོམ། སྦྱིན་པ་ཅི་གྲུབ་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ལན་བདུན་རེ་བརྗོད་ལ་འགྲོ་བ་སེམས་ཅན་གང་ལ་གང་འདོད་པའི་སྦྱིན་པས་ཚིམས་པར་བསམ། ངག་ཏུ་ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་སྙིང་རྗེའི་མགྲོན། མ་ལུས་ཁྱབ་པའི་རྫས། ཆོས་ཉིད་སྟོང་པའི་མཐུས། མི་ཟད་གཏེར་དུ་བསྔོ། ཞེས་ལན་གསུམ་མམ་བདུན་རེ་བརྗོད། དེ་ཡང་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་པོ་ཐུགས་རྗེ་ཆེན་པོའི་ཞིང་དུ་བསམ། སྟེང་ལྷ་དང་ལྷ་མིན་སྲིད་པ། བར་མི་དང་བྱོལ་སོང་གི་སྲིད་པ། འོག་དམྱལ་བ་དང་ཡི་དྭགས་ཀྱི་སྲིད་པ་སྟེ། སྲིད་པ་གསུམ་སྙིང་རྗེའི་མགྲོན་དུ་བྱས་ལ་དེ་ཐམས་ཅད་ཕམ་རྒྱལ་ཆེ་ཆུང་མེད་པ་ཡོངས་ལ་ཁྱབ་པར་བྱས་ལ་ཆོས་ཉིད་ཀྱི་དོན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་མཐུས་ཟག་མེད་རིན་པོ་ཆེའི་གཏེར་མི་ཟད་པར་བསྔོས་ལ་བཏང་། འདི་ལྟར་ཟླ་བ་རེ་ལ་སྦྱིན་གཏོང་ཐེབ་བཞི་རེ་བཏང་ནས་བདུན་ཚིགས་རྒྱུན་མ་བཅད་ན། ཚེ་འདིའི་རྐྱེན་ངན་ཐམས་ཅད་བཟློག་ཅིང་ཕྱི་མ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་ངོ་། །ཤི་ནས་ཉེ་འབྲེལ་གྱིས་བདུན་ཚིགས་བཟུང་བ་བས་ད་ལྟ་འདི་ལྟར་བྱས་པ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་བསོད་ནམས་སུ་འགྱུར་ངེས་སོ། །གསུམ་པ་རང་གི་རོ་བསྲེག་རང་གིས་བྱ་བ་ནི། དུས་ནམ་ཡང་རུང་སྟེ། རང་ཐ་མལ་པའི་ལྟེ་བར་རཾ་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་དུད་ཁ་རེ་བསམ། ཡཾ་དེ་གཉིས་ལས་རླུང་གཡོས་ལྟེ་བའི་རཾ་ལས་མེ་འབར་བ་ཡེ་ཤེས་ཀྱི་མེ་ཚ་ཞིང་བདེ་བའི་དྲོད་དང་ལྡན་པས། རང་ལུས་ཀྱི་ཕུང་པོ་ལྔ། དུག་ལྔ། རྣམ་རྟོག་མངོན་ཞེན། ཆགས་ཞེན་བག་ཆགས་ངན་པ་ཐམས་ཅད་ཐུལ་གྱིས་བསྲེགས། རང་སེམས་ཧྲཱིཿདཀར་པོ་ཞིག་ཏུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་རང་སྒྲ་ལས་ཧྲཱིཿའོད་དུ་ཞུ་ནས་ཐུགས་རྗེ་ཆེན་པོའི་སྐུར་ལམ་གྱིས་གྱུར་པར་བསམ་མོ། །འདིས་ནི་ཤི་བའི་ཚེ་རོ་བསྲེགས་བྱས་པ་བས་ད་ལྟར་རང་གི་ལས་ཉོན་བག་ཆགས་བསྲེགས་པ་འདི་བརྒྱ་སྟོང་གི་བསོད་ནམས་ཆེ། ཚེ་འདིར་ནད་གདོན་བར་གཅོད་ཀྱིས་མི་ཚུགས། ཕྱི་མ་ལ་སྒྲིབ་པས་མི་ཚུགས་པ་ཡིན་ནོ། །བཞི་པ་རང་གི་རོ་རྫོངས་རང་གིས་བྱ་བ་ནི། དུས་ནམ་ཡང་རུང་བས་རང་གི་ཁྱིམ་མ་ཡིན་པ་དགོན་པའམ། རི་ཁ་ལ་སོགས་པ་གཞན་དུ་ཕྱིན་ལ། དང་པོ་རང་གི་ལུས་གདོས་བཅས་ཤ་ཁྲག་ལས་གྲུབ་པ་འདི། སེམས་ཅན་ཐམས་ཅད་ལ་གང་ལ་གང་དགོས་པར་སྦྱིན་ནོ་སྙམ་པས། ལག་གཡས་མཚོན་ཆ་རྣོན་པོ་ཤེས་རབ་ཀྱི་རལ་གྲིར་བསམ། ལག་གཡོན་སྙིང་རྗེའི་སྐམ་པར་བསམ་ལ། སྐམ་པས་རང་གི་ལུས་བཟུང་། རལ་གྲིས་ཐོག་མར་ལུས་ཀྱི་སྟོད་སྨད་ཕྲལ། དེ་ནས་གཟུགས་སུ་བསིལ། དེ་ནས་ཤ་ཁམ་རེ་ཁྲག་ཐིགས་རེ། གློ་སྙིང་ནང་ཁྲོལ་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་སོ་སོར་གང་ལ་གང་འདོད་པ་ཐམས་ཅད་ལ་ལྟོས་པ་མེད་པར་སྦྱིན། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཕམ་རྒྱལ་འཐབ་རྩོད་ཐོབ་ཤོར་མེད་པར་ཐམས་ཅད་ཚིམས་ཤིང་རང་སར་ཕྱིན་པར་བསམ། ལུས་ལ་ཞེན་ཆགས་མི་བྱའོ། །ཤི་བའི་ཚེ་རོ་རྫོངས་སྟོན་མོ་གཏང་བ་བས་ད་ལྟ་འདི་ལྟར་བྱས་པ་བརྒྱ་སྟོང་གིས་བསོད་ནམས་ཆེ་བ་དང་། འཆི་བསླུའི་མཆོག་ཏུ་འགྱུར་བར་ཆད་སེལ་ཕྱི་མ་ངན་སོང་དུ་མི་འགྲོའོ། །ལྔ་པ་རང་གི་རོ་ཟན་རང་གིས་གཏང་བ་ནི། རང་གཞན་གྱིས་དྲངས་པའི་ཟས་སྐོམ་ཐམས་ཅད་བྱིན་གྱིས་བརླབས་ལ། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བདུད་རྩིར་བསམས་ལ་བཟའ། ལྟོ་བ་གཞལ་ཡས་ཁང་ན་ཐུགས་རྗེ་ཆེན་པོ་བཞུགས་པར་བསམས་ལ་ཟས་སྐོམ་ཟོས་པས་ཐུགས་རྗེ་ཆེན་པོ་དགྱེས་ཤིང་བདུད་རྩིས་ལུས་ཐམས་ཅད་ཁྱབ་པས་བཀྲག་མདངས་གཟི་མདངས་དང་ལྡན་པར་བསམ་མོ། །ཤི་ཙ་ན་ཉེ་དྲུང་གིས་ཟས་གཏད་པ་བས་ད་ལྟ་བྱས་པ་བརྒྱ་སྟོང་གི་བསོད་ནམས་ཆེ། ལྷ་ལ་ཚོགས་གསོག་བཟའ་བཏུང་བཅུད་ལེན་དུ་འགྱུར་བ་ཡིན་ནོ། །དྲུག་པ་རང་གི་རོ་ཁུར་རང་གིས་བྱ་བ་ནི། རང་ལུས་བེམ་པོ་འདི་བུ་རིག་པ་ཁྱེའུ་ཆུང་ཐུགས་རྗེ་ཆེན་པོ་ལ་བསྐུར་ལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་འདིས་འཁོར་བའི་གནས་ནས་ཁུར་ལ། བྱང་ཆུབ་ཆེན་པོའི་རི་ཁྲོད་དམ་དུར་ཁྲོད་དུ་བསྐྱལ་ལ་བཏང་ངོ་། །སྐུ་གསུམ་སངས་རྒྱས་ཀྱི་བྱ་དང་གཅན་གཟན་ལ་ཟས་སུ་སྦྱིན་ནོ། །ཕུང་པོ་ལྷག་མེད་ཀྱི་ངང་དུ་བཏང་ངོ་། །ཤི་ཙ་ན་བུ་ལ་སོགས་པས་རོ་ཁུར་ནས་དུར་ཁྲོད་དམ་རི་ལ་བསྐྱལ་བ་ལས། ད་ལྟར་འདི་ལྟར་སྒོམ་པ་བརྒྱ་སྟོང་གི་བསོད་ནམས་ཆེ། ཡི་གེ་དྲུག་པ་བཟླས་པས་འཁོར་བ་དོང་ནས་སྤྲུགས་པ་ཡིན་ནོ། །འདི་ནི་སྤྲུལ་པའི་རྒྱལ་པོའི་གདམས་པ་ཐུན་མོང་མ་ཡིན་པ་དྲུག་སྟེ་ཤིན་ཏུ་ཟབ་པའི་མཐར་ཐུག་པར་གདའོ།། ༈ །།ཡང་སྤྲུལ་པའི་རྒྱལ་པོའི་ཞལ་གདམས་སྣང་བ་རིན་པོ་ཆེའི་ཚོགས་ལམ་གྱི་གདམས་པ་དྲུག་ལ། ཕྱི་སྣང་བ་ཚོགས་ལམ། ནང་སྣང་བ་ཚོགས་ལམ། གསང་བ་སྣང་བ་ཚོགས་ལམ། དོན་སྣང་བ་ཚོགས་ལམ། རྟགས་སྣང་བ་ཚོགས་ལམ། མཚོན་པ་སྣང་བ་ཚོགས་ལམ་དང་དྲུག་གོ །དང་པོ་ཕྱི་སྣང་བ་ཚོགས་ལམ་ནི། འདི་ལྟར་ཕྱིའི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་འབུལ་ཏེ། དཔྱིད་ཀའི་དུས་རྩི་ཤིང་ནགས་ཚལ་ཐམས་ཅད་ལ་སོགས་པ་ཁ་འབུས་ལ་ལེགས་པ་གང་ན་ཅི་འདུག་པ་ཐམས་ཅད། དབྱར་ཀའི་དུས་མེ་ཏོག་ལ་སོགས་པ་ལང་ཚོ་ལེགས་པ་ཐམས་ཅད། སྟོན་ཀའི་དུས་འབྲས་བུ་དང་འབྲུ་སྨིན་པ་ཐམས་ཅད། དགུན་གྱི་དུས་ཆབ་རོམ་ལ་སོགས་པ་ཐམས་ཅད་བདག་གཞན་བསོད་ནམས་གསག་པའི་བསམ་པས། རང་ཐུགས་རྗེ་ཆེན་པོར་སྐད་ཅིག་གིས་བསྐྱེད། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ལན་གསུམ་གྱིས། ཡར་བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད་པར་བཞེས་ཤིག །མར་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ངོམས་ཤིང་ཚིམས་པར་གྱུར་ཅིག །བར་ལན་ཆགས་བུ་ལོན་གྱི་བདག་པོ་ཐམས་ཅད་ཀྱིས་ཁྱེར་བར་གྱུར་ཅིག །ཅེས་བརྗོད། དེས་ནི་བདག་པོ་ཅན་ལོ་ཏོག་ལ་སོགས་པ་རྣམས་ཀྱང་བདག་གི་བློས་བླངས་ཏེ་ཕུལ་བས་བདག་གཞན་གཉིས་ཀ་ཚོགས་རྫོགས་པར་འགྱུར་རོ། །གཉིས་པ་ནང་སྣང་བ་ཚོགས་ལམ་ནི། ནང་གི་རྣམ་རྟོག །རང་གི་བློར་སྣང་ཞིང་བསམ་པའི་རྫས་ཐམས་ཅད་ཐུགས་རྗེ་ཆེན་པོར་ཚོགས་སུ་འབུལ་ཏེ། སྟེང་ན་ལྷའི་བདུད་རྩི། འོག་ན་ཀླུའི་བདུད་རྩི། བར་ན་མིའི་བདུད་རྩི། ཆུ་ཆང་ཇ་ཞོ་འོ་མ་ལ་སོགས་པ་ལྷ་ཀླུ་མི་གསུམ་གྱི་ཉེར་སྤྱོད་དུ་འོས་པའི་བདུད་རྩི་འདི་བདག་གིས་བློས་བླངས་ཏེ། རང་ཐུགས་རྗེ་ཆེན་པོར་མོས་པས་ཡི་གེ་དྲུག་པ་ལན་གསུམ་གྱིས་ཡར་བླ་མ་དཀོན་མཆོག་མཆོད། མར་འགྲོ་དྲུག་ལ་སྦྱིན་པ་གཏང་། བར་ལན་ཆགས་དང་བུ་ལོན་གྱི་བདག་པོ་ཐམས་ཅད་ལ་གཞལ་ཏེ། ལན་གསུམ་བརྗོད་ཅིང་བསྔོའོ། །བདག་གཞན་ཐམས་ཅད་ཚོགས་རྫོགས་པར་འགྱུར་རོ། །གསུམ་པ་གསང་བ་སྣང་བ་ཚོགས་ལམ་ནི། སྤྱིར་ཁམས་གསུམ་པའི་སེམས་ཅན་ཐམས་ཅད། སྒོས་རང་གི་ཉེ་འབྲེལ་ལ་སོགས་པ་ཐམས་ཅད། ཡང་སྒོས་རང་གི་ལུས་འདི་ལ་ཞེན་པས། ཞེན་སྣང་གི་མཚན་མ་ཐམས་ཅད་ཚོགས་སུ་འབུལ་ཏེ། རང་ལུས་ཐུགས་རྗེ་ཆེན་པོར་གསལ་བས་ཡི་གེ་དྲུག་མ་ལན་གསུམ་གྱིས་བདག་འཛིན་དང་ཞེན་པ་ཐམས་ཅད་ཡར་བླ་མ་དཀོན་མཆོག་མཆོད། མར་འགྲོ་དྲུག་ལ་སྦྱིན། བར་ལན་ཆགས་བུ་ལོན་གྱི་བདག་པོ་ཐམས་ཅད་ལ་གཞལ་ལོ། །དེས་ནི་བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པ་དང་། རྐྱེན་ངན་བར་ཆོད་ཉམ་ང་དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་པར་འགྱུར་རོ། །བཞི་པ་དོན་སྣང་བ་ཚོགས་ལམ་ནི། གཟུང་འཛིན་སྣང་བ་ཐམས་ཅད་ཚོགས་སུ་འབུལ་ཏེ། གཟུང་འཛིན་གཉིས་སུ་བཟུང་བའི་ཆོས་ཀྱིས་རང་བྱུང་ཡེ་ཤེས་ཀྱི་དོན་མ་རྟོགས་པའི་འཁྲུལ་བློ་གཟུང་བ་དང་འཛིན་པ་ཐམས་ཅད་ཚོགས་སུ་འབུལ། དེ་ཡང་ཕྱི་ཡི་གཟུང་བའི་ཡུལ་རང་ཤར་རང་གྲོལ་བས། དབང་པོ་ཚོགས་དྲུག་གི་ཡུལ་གཟུགས་ལ་སོགས་པ་ཐམས་ཅད་འཛིན་མེད་རང་གྲོལ་དུ་གཏོང་། ནང་འཛིན་པའི་སྣང་བ་རང་ཤར་རང་གྲོལ་བས། དུག་ལྔ་རྣམ་རྟོག་ཐམས་ཅད་རང་གྲོལ་དུ་བཏང་ངོ་། །རང་ཐུགས་རྗེ་ཆེན་པོར་བསམ། ཡི་གེ་དྲུག་མ་ལན་གསུམ་བཟླ་ཞིང་གཟུང་འཛིན་ཆགས་སྡང་ཅི་སྐྱེས་པ་ཐམས་ཅད་ཡར་བླ་མ་དཀོན་མཆོག་མཆོད། མར་འགྲོ་དྲུག་ལ་སྦྱིན་གཏོང་བྱ། བར་ལན་ཆགས་བུ་ལོན་གྱི་བདག་པོ་རྣམས་ལ་གཞལ་ལོ། །ཉོན་མོངས་པ་དུག་ལྔ་སྟོངས་ནས་འཁོར་བ་དོང་ནས་སྤྲུགས་པར་འགྱུར་རོ། །ལྔ་པ་རྟགས་ཀྱི་སྣང་བ་ཚོགས་ལམ་ནི། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཚོགས་སྣོད། བཅུད་ཀྱི་སེམས་ཅན་ཐམས་ཅད་ཚོགས་རྫས། ཆུ་ཐམས་ཅད་ཆང་། ས་ཐམས་ཅད་ཤ །བྲག་དང་རྡོ་ཐམས་ཅད་མར། གཟུགས་སྡུག་གུ །སྒྲ་སྙན་པོ། དྲི་ཞིམ་པོ། རོ་སྣ་ཚོགས། རེག་བྱ་བདེ་འཇམ། ཆོས་ཡིད་དུ་འོང་བ། །དེ་ཐམས་ཅད་རང་ཐུགས་རྗེ་ཆེན་པོར་མོས་པ་བྱས་ལ། ཡི་གེ་དྲུག་པ་ལན་གསུམ་གྱིས་མགྲོན་རིགས་རྣམས་ལ་གོང་ལྟར་མཆོད། བསོད་ནམས་ཀྱི་ཚོགས་རྫོགས་ནས་ཞིང་ཁམས་དག་པར་སྐྱེའོ། །དྲུག་པ་མཚོན་པའི་ཚོགས་ལམ་ནི། ནངས་ནུབ་ལ་སོགས་པར་བཟའ་བཏུང་གང་བྱེད་ཀྱང་། རང་ཐུགས་རྗེ་ཆེན་པོར་བསྒོམ། ཡི་གེ་དྲུག་པ་ལན་གསུམ་གྱིས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབ། ཕུད་དང་པོ་བླ་མ་དཀོན་མཆོག་ཡི་དམ་ཆོས་སྐྱོང་མཆོད། བར་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བཏང་། ཐ་མ་ལན་ཆགས་དང་བུ་ལོན་ཐམས་ཅད་ལ་གཞལ། ལྷག་མ་རང་ཉིད་བཟའ་ཞིང་བཏུང་ངོ་། །དེ་ལྟར་ལས་ཚོགས་དྲུག་པོ་གང་དང་གང་བྱེད་ཀྱང་། མཐར། བླ་མ་ཡི་དམ་ཐུགས་དམ་སྐོང་གྱུར་ཅིག །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །འགྲོ་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་ལྔའི་མགྲོན་དུ་གྱུར་པ་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །ཅེས་བསྔོ། བསྔོ་སྨོན་བྱ། དམིགས་མེད་ཀྱི་རྒྱས་གདབ་བོ། །དེ་ལྟར་ཐམས་ཅད་ཚོགས་སུ་བསྔོས་པས། ཚོགས་གསག་རྒྱུན་མི་འཆད། སྒྲིབ་སྦྱོང་རྒྱུན་མི་འཆད། དངོས་གྲུབ་རྒྱུན་མི་འཆད། རྐྱེན་ཟློག་རྒྱུན་མི་འཆད། མཆོད་གཏོར་རྒྱུན་མི་འཆད་དེ། རྒྱུན་མི་འཆད་པ་དྲུག་ཏུ་འབྱུང་སྟེ། སྤྲུལ་པའི་རྒྱལ་པོའི་ཞལ་གདམས་འདོད་དགུ་འབྱུང་བའི་སྣང་བ་རིན་པོ་ཆེའི་ཚོགས་ལམ་དྲུག་པ་ཞེས་བྱ་བ་གདམས་ངག་ཟབ་པའི་ཚུལ་དུ་བདོག་པ་ཡིན་ནོ།། ༈ །།ཡང་སྤྲུལ་པའི་རྒྱལ་པོའི་གཏོར་མ་ལམ་དུ་ཁྱེར་བའི་ཞལ་གདམས་ལ། ལྟ་བའི་གཏོར་མ། སྒོམ་པའི་གཏོར་མ། སྤྱོད་པའི་གཏོར་མ་གསུམ། དེ་རེ་རེ་ལའང་། སྤྱིའི་གཏོར་མ། སྒོས་ཀྱི་གཏོར་མ། ཁྱད་པར་གྱི་གཏོར་མ་དང་གསུམ་གསུམ་དུ་གསུངས་པ་ལས། ལྟ་བའི་གཏོར་མ་གསུམ་དང་། སྒོམ་པའི་གཏོར་མ་གསུམ་ནི་ནང་དོན་ཁོ་ན་དང་སྦྱར་བར་གསུངས་པས་འདིར་མ་བྲིས་ལ། སྤྱོད་པའི་གཏོར་མ་ཡང་གསུམ། འདོད་ཡོན་རྒྱན་གྱི་གཏོར་མ། ཤ་ཁྲག་དམར་གྱི་གཏོར་མ། ཤ་ཁྲག་དམར་ལ་འབེན་བཅས་པའི་གཏོར་མ་དང་གསུམ་མོ། །དང་པོ་འདོད་ཡོན་རྒྱན་གྱི་གཏོར་མ་ལའང་གསུམ། སྤྱིར་སྣོད་རིན་པོ་ཆེའམ་རྫ་ཤིང་ལ་སོགས་པའོ། །སྒོས་ཀྱི་སྣོད་ནི་གང་འབྱོར་པའོ། ཁྱད་པར་གྱི་སྣོད་ནི་རུ་སྦལ་གྱི་ཁོག་པའོ། །སྤྱིའི་རྫས་ནི་ཟན་དང་ཆུའོ། །སྒོས་ཀྱི་རྫས་ནི་ཤ་དང་མར་རོ། ཁྱད་པར་གྱི་རྫས་ནི་ཆང་བྱིན་གྱིས་བརླབས་པའོ། །དེ་ཡང་ཡི་གེ་དྲུག་པ་བརྗོད་ནས་ཡར་བླ་མ་དཀོན་མཆོག་ལ་འདོད་ཡོན་གྱི་ལྷ་མོ་མང་པོ་སྤྲུལ་ལ་མཆོད། མོས་གུས་བསམ་པ་དག་ན་གཏོར་མ་ཐེངས་པ་ཡིན་ནོ། །གཉིས་པ་ཤ་ཁྲག་དམར་གྱི་གཏོར་མ་ནི། སྤྱིའི་སྣོད་ཐོད་པ། སྒོས་ཀྱི་སྣོད་བྷནྡྷ་མཚན་ལྡན། ཁྱད་པར་གྱི་སྣོད་ཐོད་པ་དུམ་བུ་གཅིག་པའོ། །སྤྱིའི་རྫས་ཟན་དང་ཆང་། སྒོས་ཀྱི་རྫས་ཤ་ལྔ་བདུད་རྩི་ལྔ། ཁྱད་པར་གྱི་རྫས་བདུད་རྩི་སྨན་བྱིན་གྱིས་བརླབས་པའོ། །ཡི་གེ་དྲུག་པ་བརྗོད་པས་བླ་མ་ཡི་དམ་ལ་ནང་བདུད་རྩིའི་ལྷ་མོས་མཆོད། གཏོར་ཚོགས་ཆེ་ན་གཏོར་མ་ཐེངས་པའོ། །གསུམ་པ་ཤ་ཁྲག་དམར་ལ་འབེན་བཅས་པའི་གཏོར་མ་ནི། སྤྱིའི་གཏོར་སྣོད་བསྟན་པ་ལ་གནོད་པའི་རུ་ཏྲ། སྒོས་ཀྱི་སྣོད་རང་ལ་གནོད་པའི་དགྲ། ཁྱད་པར་གྱི་སྣོད་བླ་མའི་སྐུ་དགྲའོ། །སྤྱིའི་རྫས་ཤ་ཁྲག་རུས་པ། སྒོས་ཀྱི་རྫས་དགྲ་བོའི་དོན་སྙིང་། ཁྱད་པར་གྱི་རྫས་དབུགས་བྱིན་གྱིས་བརླབས་ལ། ཡི་གེ་དྲུག་པ་བརྗོད་ཅིང་དགྲའི་ཤ་ཁྲག་གློ་སྙིང་དབུགས་དང་བཅས་པ་ཆོས་སྐྱོང་སྲུང་མ་ལ་འབུལ། དགྲའི་ལུས་སེམས་བྲལ་ན་གཏོར་མ་ཐེངས་པ་ཡིན་ནོ། །སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་གཏོར་མ་ལམ་ཁྱེར་ཞལ་གདམས་ཨི་ཐི། །གཞན་ཡང་བཀའ་འབུམ་ཉིད་དུ་ལས་ཚོགས་ནང་དོན་ལྟ་སྒོམ་སྤྱོད་པ་དང་སྦྱར་བའི་ཞལ་གདམས་མན་ངག་མང་དག་ཞིག་འདུག་པ་རྣམས་བྲིས་ན་རང་ཉིད་ཡི་གེའི་ངལ་བ་དང་། གཞན་དག་གིས་ཀྱང་གླེགས་བམ་བོང་ཆེ་བ་མཐོང་བ་ཙམ་གྱིས་འདོར་བ་ནི་མང་དུ་མཐོང་ལ། དེང་སང་བོད་འདིར་བསྟན་པ་མར་འགྲིབ་དང་སེམས་ཅན་རྣམས་ཀྱང་རྩོད་དུས་ཀྱི་དབང་གིས་བློ་ཆུང་ཁོ་ན་མང་བས། ཡིག་ཚོགས་མང་བ་བས་ཉུང་ངུ་ཁྱེར་བདེ་ཁོ་ན་ལ་བློ་རྩེ་གཏོད་པ་མང་བ་དེའི་ཕྱིར་མདོར་བསྡུས་ཉེར་མཁོ་རྣམས་བསྡུས་པ་ཡིན་ནོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་ལས་ཚོགས་རྒྱས་པ་དྲུག་སྐོར་དྲུག་པ་ལས་ཚོགས་ཀྱི་རིམ་པ་ཉིས་བརྒྱ་དང་བཅུ་དྲུག་པ་དང་། རྒྱུན་སྤྱོད་ལས་ཚོགས་བསྡུས་པ་དང་། ཞལ་གདམས་རང་དོན་བསྡུས་པ་ཁྱད་པར་དུ་འཕགས་པ་ལམ་ཁྱེར་དྲུག་དང་། ཞལ་གདམས་སྣང་བ་རིན་པོ་ཆེའི་ཚོགས་ལམ་གྱི་གདམས་པ་དྲུག་དང་། གཏོར་མ་ལམ་དུ་ཁྱེར་བའི་ཞལ་གདམས་ལྟ་སྒོམ་སྤྱོད་གསུམ་ལས། ཕྱི་མ་སྤྱོད་པའི་གཏོར་མ་གསུམ་དང་བཅས་པ་འདི་རྣམས་རྒྱལ་པོ་བཀའ་འབུམ་རང་དུ། མདོར་བསྡུས་ས་བཅད་ཙམ་འདི་ལས་རྒྱས་པར་སྤྲོས་པ་མ་གསུངས་འདུག་པས། དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་ཀྱི་གསུངས་ཁོ་ན་ཡིན་པས་ཁུངས་བཙུན་ཞིང་ཡིད་གདིང་ཁེལ་ལ་བྱིན་རླབས་ཆེ་བར་མཐོང་བས། གཞན་པའི་བཀའ་གཏེར་སོ་སོར་གསུངས་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གྱི་ལས་ཚོགས་མང་དུ་གསུངས་པ་རྣམས་ནས་ཁ་འགེངས་པ་དང་། ཡང་བོད་ཀྱི་བླ་མ་ལ་ལ་དག་གིས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མཛད་འདུག་པ་དོན་ལ་གནས་མི་གནས་ཅིར་གྱུར་མ་ངེས་པ་དེ་རྣམས་ནས་ཁ་བཀང་ཡང་དོན་བསྲེ་བསླད་ལས་མི་འདའ་བས་དེ་ལྟར་མ་བྱས་ཤིང་། ཡང་གོ་དཀའ་བའི་གནས་རྣམས་གསལ་དུ་བཏང་ཡང་ཚིག་གིས་ལྷད་དུ་བབས་པས་དེ་ལྟར་མ་བྱས་ཤིང་། རང་སོར་བཞག་པ་འདི་ནི་རྩ་བ་མི་འཆོལ་བ་དང་ལྷད་མ་ཞུགས་པ་དང་བྱིན་རླབས་མི་ཡལ་བ་དང་། རང་བཟོ་དང་རྟོག་བརྟགས་དང་འཐད་ལེགས་གྱ་ཚོམ་སྤངས་པའི་ཕྱིར་རང་སོར་བཞག་པ་ཡིན་གྱི་ཚུལ་གཞན་དག་གིས་ནི་མ་ཡིན་ནོ། །སྨྲས་པ། འཕགས་མཆོག་ཕྱག་ན་པདྨ་ཅན། །གངས་ཅན་འགྲོ་འདིར་སྨན་སླད་དུ། །ཆོས་སྐྱོང་རྒྱལ་པོའི་ཚུལ་བསྟན་པ། །སྲོང་བཙན་ཞབས་ཀྱིས་བདག་སྐྱོངས་ཤིག །སྒོ་གསུམ་ཆོས་དང་མི་འབྲལ་ཞིང་། །སྣང་གྲགས་དྲན་རྟོག་ལྷ་དང་སྔགས། །ཏིང་འཛིན་རོལ་པར་རྟག་འཆར་བ། །གདམས་ངག་ཟབ་མོ་འདི་ཡིན་ནོ། །གཞན་སྲོག་གཅོད་དང་བུད་མེད་དགུག །ཁྱི་དང་ཐབ་གཞོབ་སྔགས་ལ་སོགས། །མང་དུ་ཤེས་པའི་མན་ངག་མཁན། །དེང་སང་མང་ཞིག་བྲིམ་ན་ཡང་། །ཕྱི་མར་ཅི་བྱ་ཁྱོད་སོམས་ཤིག །འདི་དགེ་ཀུནྡ་ལྟར་དཀར་བ། །རང་དོན་ཡིད་བྱེད་བདག་ལ་མེད། །མར་གྱུར་འགྲོ་ལ་ལེགས་སྦྱིན་གྱིས། །འཕགས་མཆོག་གོ་འཕང་ཐོབ་ཕྱིར་བསྔོ། །དེ་ལྟར་ཆོས་སྐྱོང་བ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་འབུམ་གྱི་བསྐྱེད་རྫོགས་རྣམས་ཀྱི་ལས་ཚོགས་རྒྱུན་སྤྱོད་ལས་ཚོགས་རང་དོན་ཚོགས་ལམ་གཏོར་མ་རྣམས་བསྡུས་ཏེ་བྲིས་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཡང་། རང་གཞན་ལ་ཕན་པའི་བསམ་པ་རྣམ་པར་དག་པ་ཁོ་ན་ཡིད་ལ་བརྣགས་པས་ཤིང་ཁམས་ལུག་གི་ལོ་གྲོ་བཞིན་ཅན་གྱི་དམར་པོའི་བཟང་པོའི་དང་པོ་ལ། དབུར་སྟོད་འབྲི་གུང་དུ་སོན་པ་སྐྱུ་རའི་གདུང་ལས་ཤཱཀྱའི་དགེ་སློང་ཆོས་ཀྱི་གྲགས་པས་འབྲི་ཆོས་ཕྱུག་གི་ཕོ་བྲང་རྩེ་བ་བཞིས་ཀ་སྲ་བརྟན་རྡོ་རྗེའི་གནས་མཆོག་ཏུ་འབད་པས་སྦྱར་བ་སྟེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྣམ་པ་ཀུན་ཏུ་དགེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
བླ་མ་ཀརྨ་གུ་རུའི་བསྙེན་ཡིག་སྤར་བཅངས་མ་ (Volume 12, Text 33)
༄༅། །བླ་མ་ཀརྨ་གུ་རུའི་བསྙེན་ཡིག་སྤར་བཅངས་མ་བཞུགས་སོ། ། རིག་སྔགས་འཆང་བའི་འཁོར་ལོས་བསྒྱུར་བའི་རྒྱལ། །དཔལ་ལྡན་བཀྲ་ཤིས་སྟོབས་ཀྱི་རྒྱལ་པོ་དང་། །དབྱེར་མེད་ཆོས་དབྱིངས་རང་གྲོལ་ཞབས་པད་རྡུལ། །གཙུག་ཏུ་བསྟེན་ནས་བསྙེན་པའི་དམིགས་རིམ་བྲི། །ཀརྨ་གུ་རུའི་བསྙེན་པའི་ཚེ་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ཁའི་མཐར་བསྙེན་སྔགས་ཁ་དོག་ལྗང་ནག་མདུན་ནས་བརྩམ་སྟེ་གཡས་སྐོར་དུ་ལངས་ནས་འཁོད་པ་གསལ་ཞིང་འཚེར་བ་ཉི་མ་འབུམ་གྱི་འོད་བཀྲག་ལྟ་བུ་ཞིག་ལ་སེམས་ཡང་ཡང་གཏད་ནས་སྒོམ་ཞིང་། དེའི་འོད་ཀྱིས་མུན་ནང་དུ་སྒྲོན་མེ་སྦར་བ་ལྟར་དར་ལྗང་གུའི་ཕྲུ་མ་ཕུས་བཏབ་པ་ལྟ་བུ་རང་ལྷར་སྣང་བའི་ལུས་ཀྱི་ནང་ཐམས་ཅད་ཤིན་ཏུ་གསལ་བར་བསམ་པ་ཐུན་གཅིག་ལ་ཆ་གཉིས་སུ་བགོས་པའི་ཆ་དང་པོ་ལ་ཉམས་སུ་ལེན། ཆ་གཉིས་པར་བསྙེན་པ་ཞེས་པ་ནི་ཉེ་བའི་དོན་ཏེ་འཇིག་རྟེན་ན་མི་ལ་ཟས་གོས་སོགས་ཀྱི་སྟེར་སྦྱིན་བྱས་ནས་ཉེ་འབྲེལ་འདོགས་པ་དང་འདྲ་བས། རང་གི་ཐུགས་ཀའི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱི་སྣེ་ལ་ཕྱི་ནང་གསང་བའི་མཆོད་ཚོགས་སྤྲོས་ནས་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་ཕུལ། ཐུགས་མཉེས་ཤིང་ཚིམ་པར་བསམས་ནས་འོད་ཟེར་ཚུར་བསྡུ། དེ་འདྲ་བའི་སྤྲོ་བསྡུ་ཐུན་དེ་མ་རྫོགས་བར་བྱེད། དེ་ནས་བདུན་གཉིས་པ་ལ་ཐུན་རེའི་སྟོད་ཀྱི་ཆ་གོང་ལྟར་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཞི་ཁྲོ་རབ་འབྱམས་ཀྱི་སྐྱབས་ཡུལ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་བྱིན་རླབས་རྣམས་ཀརྨ་གུ་རུའི་རྣམ་པ། གསུང་བསྙེན་སྔགས་དང་ཨཱ་ལི་ཀཱ་ལི། ཐུགས་སྣ་ཚོགས་རྡོ་རྗེ་སོགས་ཕྱག་མཚན་གྱི་རྣམ་པ་ཆར་བཞིན་དུ་བབས་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་པ་ནི་སྒྲུབ་པ་སྟེ། དཔེར་ན་འཇིག་རྟེན་ན་ཁས་དྲག་ཅན་ཞིག་ལ་གཉེན་གྲོགས་བཅོལ་བའི་འབྲས་བུས་རང་འདོད་པའི་སྟོབས་འབྱོར་སོགས་དེས་སྟེར་བ་དང་འདྲ། སྒྲུབ་པ་ཆེན་པོ་ཞེས་པའི་དོ་ལི་འདིར་མི་མཛད། བདུན་ཕྲག་གསུམ་པའི་ཚེ་ཐུན་གྱི་སྟོད་ཆ་སྔར་ལྟར་ལ་ཆ་གཉིས་པར་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས་འོད་ཟེར་མེ་ལྕེ་ལྟ་བུ་ཚ་ཞིང་རྩུབ་པ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་ཐོན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། གནོད་བྱེད་གདོན་བགེགས་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་བསམ། ཚུལ་འདིས་བདུན་ཕྲག་གསུམ་ལ་དཔེས་མཚོན་པ་ཡིན། དེ་ལས་མང་བར་བྱེད་ན་དེ་རྩིས་ཀྱི་སུམ་འགྲོས་བྱེད། རྩ་བའི་བསྙེན་པ་འབུམ་ཕྲག་གཅིག་ཙམ་སོང་ནས་ཐུན་ཐམས་ཅད་ཀྱི་ཞབས་སུ་རང་ཉིད་དབང་ཕྱུག་ཆེན་པོར་གསལ་བའི་ཐུགས་ཀར་ཀརྨ་གུ་རུ་ཡེ་ཤེས་སེམས་དཔའི་ཚུལ་དུ་གསལ་བཏབ། ཆུ་སྦུབ་ནས་མེ་འབར་བ་སོགས་ཀྱི་དམིགས་པ་དང་བཅས་སྔགས་རིང་བརྒྱའམ་ཉེར་གཅིག་གང་རིགས་བཟླ། ལས་བཞིའི་བསྙེན་པ་སོགས་སྤྲོས་བཅས་འདོད་ན་བསྙེན་ཡིག་གཞན་ནས་ཁ་བསྐང་བས་འགལ་བ་མེད་དོ། །ཞེས་བླ་མ་ཀརྨ་གུ་རུའི་བསྙེན་ཡིག་སྤར་བཅངས་མ་འདི་ནི་བློ་བཟང་ཐབས་མཁས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་པ་ངག་དབང་དགེ་ལེགས་སོ།། །།
ཕྱུགས་གླུད་གཏང་ཐབས་འདོད་ཡོན་མཆོག་སྦྱིན་ནད་བདག་སྟོབས་འཇོམས་ (Volume 44, Text 33)
ཕྱུགས་གླུད་གཏང་ཐབས་འདོད་ཡོན་མཆོག་སྦྱིན་ནད་བདག་སྟོབས་འཇོམས་བཞུགས་སོ༔ ས་མ་ཡ༔ ནོར་གླུད་གཏང་ན༔ སྣོད་དུ་བགེགས་གཏོར་ཤ་ཁྲག་གིས་བརྒྱན༔ ནོར་གླུད་ལ༔ ནམ་མཁའ་དང༔ མར་མེ་དང༔ སྤུ་གླུད་དང༔ ཆངས་བུ་གཙང་མས་བཀང་ལ༔ ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས༔ བསང་སྦྱང་བྱིན་གྱིས་བརླབས་ནས༔ ཀྱཻ༔ ཉོན་ཅིག་ནད་བདག་ཕོ་མོའི་ཚོགས༔ སྣང་སྲིད་ལྷ་འདྲེ་མ་ལུས་པ༔ བཀའ་དང་བདེན་པའི་ཚིག་ལ་ཉོན༔ གླུད་གཏོར་ལེན་ལ་འདིར་འདུས་ཤིག༔ ཀྱཻ༔ ནད་བདག་མ་མོ་ཆེན་མོ་ནི༔ བུད་མེད་གཅེར་བུ་ཁྲག་རལ་ཅན༔ ལག་ན་ནད་ཀྱི་རྐྱལ་པ་ཐོགས༔ རེ་བ་ནག་པོ་གོས་སུ་གྱོན༔ འདིར་གཤེགས་གླུད་དང་གཏོར་མ་ལོང༔ ནད་བདག་ཆེན་པོ་འཇིགས་པའི་གཟུགས༔ མགོ་ལ་གྲོད་པའི་ཞྭ་གྱོན་ཞིང༔ ལུས་ལ་མི་ལྤགས་གཡང་གཞི་གྱོན༔ ལག་ན་བཤའ་གྲི་དམར་པོ་ཐོགས༔ འདིར་གཤེགས་གླུད་དང་གཏོར་མ་ལོང༔ སྡོང་ཟླ་མི་ནག་རྒྱ་ཆས་ཅན༔ ཞགས་པ་དང་ནི་གློ་སྙིང་བཟུང༔ རིགས་དང་སྡེ་ཚན་འཁོར་བཅས་པ༔ འདིར་གཤེགས་གླུད་དང་གཏོར་མ་ལོང༔ ཨོཾ་ལས་བྱུང་བའི་རཏྣའི་སྣོད༔ ནང་དུ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ གཏོར་མ་འདོད་དགུའི་རྒྱ་མཚོ་འདིས༔ ནད་བདག་ཕོ་མོ་ཚིམས་གྱུར་ཅིག༔ རིན་ཆེན་ཕྱེ་མ་འབྲུ་སྣ་ལས༔ ཕྱུགས་གླུད་དངོས་ལས་ལྷག་པ་རུ༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་གྱིས་བརླབས་ནས་འབུལ་ལོ་བཞེས༔ རིན་ཆེན་མང་དང་གཟུགས་མཛེས་དང༔ འབྱམས་ཀླས་འཇིགས་པ་ཐམས་ཅད་བྲལ༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ ནད་བདག་གླུད་གཏོར་གྱིས་ཚིམས་ཤོག༔ ཁ་འབར་མའི་སྔགས༔ དཀོན་མཆོག་རྩ་གསུམ་བདེན་པ་དང༔ ཆོས་དབྱིངས་རྣམ་པར་དག་པ་དང༔ ཆོས་ཅན་རྒྱུ་འབྲས་བདེན་མཐུ་དང༔ སྔགས་འཆང་བདག་གི་བཀའ་ཉོན་ལ༔ ནད་བདག་འཁོར་བཅས་གཞན་དུ་སོང༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ བསྟན་པའི་སྤྱི་དགྲ་རྣལ་འབྱོར་དགྲ༔ ཟ་ཁ་གཏོད་ལ་གནས་མལ་སྤོས༔ གལ་ཏེ་བཀའ་འདའ་གནོད་བྱེད་ན༔ བདེན་པའི་སྟོབས་ཀྱིས་བརླག་པར་བྱེད༔ སྔགས་ཀྱི་མཐུ་ཡིས་ལུས་སྲོག་འབྲལ༔ དེ་བས་མྱུར་དུ་ཕྱིར་དེངས་ཤིག༔ ཅེས་བརྗོད༔ ཐུགས་ཀྱི་རྡོ་རྗེའི་དགོངས་པའི་གཏེར་ལས་ཕྱུང་བའོ༔ ྈྈྈ ྈ
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་ (Volume 62, Text 33)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་བཞུགས༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ཨ༔ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྲུབ་ཀུན་སྣང་རིག་པའི་གདངས༔ ཟུང་འཇུག་ཡེ་ཤེས་སྒྱུ་མའི་ཚུལ༔ སྣོད་བཅུད་འོག་མིན་གསང་བའི་གནས༔ དག་པའི་ཞིང་གི་བཀོད་པ་དང༔ གཞལ་མེད་ཁང་ཆེན་མཚན་རྫོགས་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རང་རིག་སྟོང་གསལ་འདུས་མ་བྱས༔ ཞལ་ཕྱག་སྐུར་བཞེངས་རིག་པ་འཛིན༔ དགའ་རབ་རྡོ་རྗེ་དཀར་གསལ་མདངས༔ མཚན་དཔེ་གཟི་བྱིན་དཔལ་དུ་འབར༔ སྤྲུལ་པའི་སྐུ་ཡི་ཆ་བྱད་ནི༔ ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས༔ ཆོས་འཆད་ཕྱག་རྒྱ་ཐུགས་ཀར་བཅིངས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འོད་ཟེར་བསམ་ཡས་འཕྲོ༔ སྤྱི་བོར་ཆུ་སྐྱེས་ཉི་ཟླའི་སྟེང༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ གཅེར་བུ་རྒྱན་མེད་སྐྱིལ་ཀྲུང་བཞུགས༔ མགྲིན་པར་ལོངས་སྐུ་རྡོ་རྗེ་སེམས༔ ཟླ་མདོག་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་དཀར༔ རྡོ་རྗེ་དྲིལ་བུ་འཛིན་དང་སྦྱོར༔ ཐུགས་ཀར་སྤྲུལ་སྐུ་པདྨ་འབྱུང༔ དཀར་དམར་མདངས་ལྡན་སྤྲུལ་སྐུའི་ཆས༔ རྡོ་རྗེ་ཐོད་པ་ཚེ་བུམ་འཛིན༔ རང་འོད་ཡུམ་འཁྱུད་ཞི་ཁྲོའི་ཉམས༔ དེ་ཕྱིར་པདྨ་འདབ་བཞི་ལ༔ ཤར་དུ་སློབ་དཔོན་མཉྫུ་ཤྲཱི༔ གསེར་མདོག་ཕྱག་གཡས་བེ་ཅོན་གདེངས༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རབ་བྱུང་ཆ་ལུགས་གཟི་བརྗིད་འབར༔ ལྷོ་རུ་རིག་འཛིན་ཤྲཱི་སིཾ༔ ཕྱག་གཡས་སྡིགས་མཛུབ་ནམ་མཁར་གཏོད༔ གཡོན་པས་བདུད་རྩིའི་ཐོད་ཞལ་བསྣམས༔ རྣལ་འབྱོར་བརྟུལ་ཞུགས་གྲུབ་པའི་ཚུལ༔ ནུབ་ཏུ་ཛྙཱ་ན་སཱུ་ཏྲ་ཆེ༔ སྡེ་སྣོད་འཛིན་པ་པཎ་གྲུབ་ཆས༔ ཕྱག་གཡས་ཐུགས་ཀར་ཆོས་འཆད་རྒྱ༔ གཡོན་པས་མཉམ་གཞག་གླེགས་བམ་བསྣམས༔ བྱང་དུ་འཆི་མེད་བི་མ་ལ༔ དཀར་ལྗང་གཟི་བརྗིད་མཚུངས་པ་མེད༔ ཤངས་རྩེར་སྐྱེ་མེད་ཨ་ཡིས་མཚན༔ མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས༔ དེ་ཡི་ཕྱི་རོལ་ཁོར་ཡུག་གི༔ སྟེང་འོག་བར་མཚམས་ཐམས་ཅད་དུ༔ འོད་གསལ་ཐེག་མཆོག་རྫོགས་པ་ཆེ༔ སྡེ་གསུམ་ཀློང་དགུའི་རིག་འཛིན་ཚོགས༔ མ་ལུས་ལུས་པ་མེད་པ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྒོ་བཞིར་རིགས་བཞིའི་དྷཱ་ཀི་ནཱི༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱ་ཆེ༔ མ་བཅོས་ལྷུན་གྲུབ་གཉུག་མའི་བབ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་གསལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ རིག་འཛིན་ཡོངས་རྫོགས་ཀྱི་བཟླས་པ་སྤྲོ་ན༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ དེ་བཞིན་དུ་སྦྱར་ཏེ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བཛྲ་སཏྭ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སཱུ་ཏྲ་སརྦ་སིདྡྷི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་སརྦ་སིདྡྷི་ཧཱུྃ༔ ཞེས་སོ་སོར་བཅུག་པ་བཟླ༔ ཚེ་སྔགས་ནི༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་སོ། །ཞུས་སོ།། །།
དམ་པ་སངས་རྒྱས་ཀྱི་ལུགས་འཇམ་དཔལ་སྨྲ་སེང་གི་སྒྲུབ་རྗེས་ (Volume 61, Text 33)
ཨོཾ་སྭསྟི། རྒྱལ་ཀུན་མཁྱེན་བརྩེའི་ཡེ་ཤེས་དངོས། །གཅིག་བསྡུས་འཇམ་པའི་རྡོ་རྗེ་དང་། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །དམ་པའི་ཐུགས་དམ་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དབེན་པའི་གནས་སུ་དུས་བཟང་པོ་ལ། མཎྜལ་པདྨ་འདབ་མ་བརྒྱད་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་དཔའ་བོའི་རིལ་བུ་དར་དམར་སེར་གྱིས་བཀབ་པ་གཞག །མདུན་དུ་དཀར་གཏོར་དང་མཐའ་མཆོད་པས་བསྐོར་བ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། ཁྲུས་དང་གཙང་སྦྲ་ལ་གནས་པས། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་བས་སྟོང་པར་བསྒོམ། སྟོང་པའི་ངང་ལས་གཙོ་བོའི་གནས་དང་དེའི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། གཙོ་བོའི་པད་ཟླའི་སྟེང་དུ་སིཾ་ལས་སེང་གེ་སྔོན་པོ་མགོ་བོ་གཡས་སུ་བསྟན་ཅིང་གདོང་གྱེན་དུ་ཕྱོགས་པ་རལ་པ་དམར་སེར་གྲོལ་བ་ཉལ་སྟབས་སུ་གནས་པའི་སྟེང་དུ། པད་ཉི་ལ་གནས་པའི་དྷཱིཿཡིག་གུར་གུམ་གཞོན་ནུའི་མདོག་ཅན་དང་། གདན་མདུན་མའི་སྟེང་དུ་ཧྲཱིཿཡིག་སྔོ་སངས། ས་བོན་དེ་གཉིས་ཡོངས་སུ་གྱུར་པ་ལས། བདག་ཉིད་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དམར་སེར་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱི་བར་ནས་བྱུང་བའི་ཨུཏྤལའི་སྡོང་བུ། སྙན་གཡས་གཡོན་གྱི་ཐད་ཀར་ཁ་ཕྱེ་བའི་གཡས་ན་རལ་གྲི་དང་གཡོན་ན་གླེགས་བམ་ཅན། བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་དབུ་སྐྲ་ཟུར་ཕུད་ལྔ་པའི་རྩེ་མོར་ནོར་བུས་སྤྲས་ཤིང་། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེ་ལ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་འཛུམ་སྒེག་པའི་ཆ་ལུགས་ཅན་འོད་ཟེར་དམར་པོ་འཕྲོ་བ། མདུན་དུ་འཕགས་མ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ལྷ་མོའི་ཆ་ལུགས་ཡོངས་སུ་རྫོགས་ཤིང་། ཞབས་ཙོག་པུའི་ཕྱེད་ཀྲུང་གིས་བཞུགས་པ། བུད་མེད་སྒྱུ་མའི་ང་རྒྱལ་གྱིས་འགྱིང་ཞིང་ཕྱག་མཚན་དང་རྒྱན་ཆས་ཐམས་ཅད་ཡབ་དང་མཚུངས་པ། ཡབ་ཀྱི་ཐུགས་ཀར་འཁོར་ལོ་དམར་པོ་རྩིབས་བཞི་པ་དང་ཡུམ་གྱི་ཐུགས་ཀར་པདྨ་འདབ་མ་བརྒྱད་པ། དེ་གཉིས་ཀྱི་དབུས་སུ་རལ་གྲི་ལ་སོ་སོའི་ས་བོན་སྔགས་ཀྱིས་བསྐོར་བས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་སྤྱན་དྲངས་པ་མཆོད་ནས། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ནས་གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན། བཟླས་པའི་དམིགས་པ་ནི། ལྷ་ཡབ་ཡུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་གཞལ་ཡས་ཁང་བཅུད་འཇམ་དཔལ་དང་དབྱངས་ཅན་མར་གྱུར་པའི་རང་གི་ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་སྣ་བུག་གཡས་ནས་ཐོན་ཡུམ་གྱི་སྣ་བུག་གཡོན་དུ་ཞུགས་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ལས་འོད་ཟེར་འཕྲོས་ཡུམ་གྱི་སྣ་བུག་གཡས་ནས་བྱུང་བདག་གི་གཡོན་དུ་ཞུགས་ནས་དྷཱིཿལ་ཐིམ་པར་བསམ་ལ། ཨོཾ་ཧྲཱིཿདྷཱིཿམ་མེ་དཱི་པཾ་སྭ་ར་སྭ་ཏཱི་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ། ཞེས་ཅི་ནུས་བཟླ། མཇུག་ཏུ་ཐུགས་ཀའི་འོད་ཀྱིས་དག་པའི་སྣོད་བཅུད་བསྡུས་ནས་ཡུམ་ལ་ཐིམ། དེ་ཡབ་ལ། དེ་ཐུགས་ཀའི་འཁོར་ལོ་ས་བོན་གྱི་བར་དུ་བསྡུས་ནས་མི་དམིགས་པར་སྦྱངས་ཤིང་དགེ་བ་བསྔོ། ཉལ་བའམ་ཐུན་མཚམས་ལ་འཇུག །ཐོ་རངས་ལྡང་ན་ཧྲཱིཿདྷཱིཿའི་སྒྲས་བསྐུལ་བར་བསམ་ནས་ལྡང་ངོ་། །ཐུན་མཚམས་སུ་སྐུ་གཟུགས་ལ་མཆོད་བསྟོད་གང་འགྲུབ་དང་། འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། མ་གྲུབ་ན་སྤོག་ཆོག་ནི། བདག་མདུན་གོ་བརྗེས་ནས་སྔགས་དྷཱིཿཧྲཱིཿཞེས་བསྒྱུར་བ་དང་། སྔགས་ཀྱི་འོད་ཟེར་མེ་ལྟ་བུས་གཟིར་མཐར་འཇམ་དཔལ་དགྱེས་ཤིང་འཛུམ་པས་དངོས་གྲུབ་སྩོལ་བར་བསམ་ཞིང་མཆོད་བསྟོད་བྱའོ། །བསྙེན་པ་ལན་གཅིག་ཐོན་ནས་དཔའ་བོའི་རིལ་བུ་བསྒྲུབ་སྟེ། དཀར་པོ།་་་སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙནྡན་ཨ་ཀ་རུ། །སྤང་སྤོས་དབང་ལག་ཤུ་དག་་་དཀར་པོ།གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དཔའ་བོ་བཅུ་གཉིས་བསྡུས་ནས་ནི། །ཞིབ་པར་བཏགས་ལ་སྦྲང་རྩི་དང་། །བ་དམར་འོ་མས་རིལ་བུར་བྱ། །ཞེས་པ་ལྟར་བསྒྲུབས་ལ་རིན་པོ་ཆེའི་ལྷུང་བཟེད་དུ་བླུག །དར་དཀར་ལ་གུར་གུམ་དང་རྒྱ་སྐྱེགས་ཀྱིས་ཕོ་འཁོར་བྲིས་པས་སྟེང་ནས་བཀབ། དར་དམར་ལ་བབ་ལ་དང་ཡུང་བས་མོ་འཁོར་བྲིས་ཏེ་འོག་ཏུ་བཏིང་། གཉིས་ཀའང་རྩིབས་བརྒྱད་དམ་འདབ་བརྒྱད་མུ་ཁྱུད་གསུམ་པ། མུ་ཁྱུད་གསུམ་ལ་ནང་ནས་རིམ་བཞིན་ཨཱ་ལི་གཡས་སྐོར། ཀཱ་ལི་གཡོན་སྐོར། རྟེན་འབྲེལ་སྙིང་པོ་རྣམས་བྲི། ཕྱི་ནས་དར་དམར་སེར་གྱི་གུར་ཕུབ། མཐའ་མཆོད་པས་བསྐོར། རིལ་བུ་དབྱངས་ཅན་མར་བསྐྱེད། སྒྲུབ་ཚུལ་གཞན་སྔར་ལྟར་ལས་ཁྱད་པར་འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ནས་རིལ་བུ་ལ་བསྟིམས་ནས་བཟླས་པས། འོད་དང་དུ་བ་དང་སྒྲ་ལ་སོགས་པས་རྟགས་ལྡན་དུ་བསྒྲུབ་བོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། མདུན་བསྐྱེད་སྐབས། མདུན་དུ་རིལ་བུ་ཧྲཱིཿལས་འཕགས་མ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་སོགས་དབྱངས་ཅན་མའི་བསྒོམ་གཞི་རིལ་བུར་བྱེད་པ་ཙམ་ལས་གཞན་རྒྱས་གདབ་ཀྱི་བར་སྔར་བཞིན་བྱས་ནས། མཆོད་པ་རྣམས་བྱིན་གྱིས་བརླབ། ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ནས། སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྒྱལ་བའི་སྲས་པོ་འཇམ་དཔལ་དབྱངས། །མདོག་དམར་རལ་གྲི་པུསྟི་འཛིན། །སྨྲ་བའི་སེང་གེར་ཕྱག་འཚལ་ལོ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཡུམ། །མདོག་སྔོ་རལ་གྲི་པུསྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བདག་མདུན་རྩ་བའི་བཟླས་པ་དང་། བསྒྲུབ་རྫས་ལ་དམིགས་པའི་བཟླས་པ་སྔར་བཤད་པ་བཞིན་བྱས་ནས། སླར་ཡང་མཆོད་ཅིང་བསྟོད། གཏོར་མ་བསང་སྦྱང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང་རྡོར་ཐལ་གྱེན་དུ་ཕྱེ་ལ་སྙིང་པོའི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ། སྔར་ལྟར་མཆོད་བསྟོད་འདོད་དོན་གསོལ། སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད། མཚམས་སྦྱོར་གྱི་ཁྱད་པར། རྗེ་བཙུན་འཇམ་དཔལ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཁྱད་པར་ཅན་འདི་ཉིད་སྟོན་པ་སངས་རྒྱས་ཀྱིས་དྲང་སྲོང་ཉི་མའི་ཤིང་རྟ་ལ་གསུངས། དེས་བྲམ་ཟེ་རིག་བྱེད་གཞོན་ནུ་ལ་གནང་བ་སྟེ། དེའི་ལོ་རྒྱུས་ནི། ན་ལེནྡྲར་སྭསྟི་བྷ་དྲ་ཞེས་བྱ་བ་ལོ་དགུ་བཅུ་རྩ་དགུ་ལོན་པ་གཅིག་དགེ་བའི་ལས་ཀྱི་རྐྱེན་སད་པས་འཁོར་བ་ལ་སྐྱོ། སངས་རྒྱས་ལ་འདོད་པ་སྐྱེས་ཏེ། སུ་མ་ཏི་ཀཱིརྟི་ཞེས་པའི་སར་ཡི་གེ་སློབ་ཏུ་སོང་བས། དེའི་ཡོན་བདག་རྒྱལ་པོ་ཀུ་མཱ་ར་དེ་བ་ན་རེ། ལོ་འདི་ཙམ་ལོན་པས་ཡི་གེ་ཡང་མི་ལོབ་ན་ཆོས་ཤེས་པ་ལྟ་ཅི་སྨྲོས་ཞེས་སྨྲས་པས། བདེན་སྙམ་སྟེ་ད་ནི་འཕགས་པ་འཇམ་དཔལ་ལ་གསོལ་བ་གདབ་བོ་སྙམ་ནས། དྲང་སྲོང་ཉི་མའི་ཤིང་རྟ་ལ་སྒྲུབ་ཐབས་འདི་ཞུས་ནས་ཅི་ཙམ་ན་འགྲུབ་བྱས་པས། ལས་འཕྲོ་ཡོད་ན་ཉིན་གཅིག་ལའང་འགྲུབ་བོ་གསུངས། དེར་རྒན་པོས་འཕགས་པའི་སྐུ་གཅིག་གི་དྲུང་དུ་རལ་གྲི་ཐོགས་ཏེ་འཕགས་པ་དོ་ནུབ་ཞལ་མི་སྟོན་ན་རལ་གྲིས་བདག་གི་སྐེ་བཅད་ནས་འཆིའོ་ཞེས་གལ་བཙུགས་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ་པས། ནམ་ལངས་པ་ན་འཕགས་པ་དངོས་སུ་བྱོན་ཏེ་ཆོས་གསུངས་ཤིང་བྱིན་གྱིས་བརླབས། ལོ་བརྒྱད་ལོན་པ་ཙམ་གྱི་ན་ཚོད་དུ་གྱུར། རིག་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་མཐུ་ཅན་དུ་གྱུར་པས་པཎྜི་ཏ་རིག་བྱེད་གཞོན་ནུ་ཞེས་བྱ་བར་གྲགས་སོ། །དེས་གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ལམ་འགྲོ་མགོན་དམ་པ་རིན་པོ་ཆེ་ལ་གསུངས། དེའི་ཐུགས་དམ་ལྷའི་གཙོ་བོ་ཡང་འདི་ཉིད་ཡིན་ལ། དམ་པ་རིན་པོ་ཆེས་ཁ་ཆེ་གུ་ཧྱ་པ་དང་། དམ་པ་སོ་ཆུང་པ་སོགས་ལ་གནང་བ་ནས་རིམ་པར་བརྒྱུད་པའི་ལྷག་པའི་ལྷ་འདི་ཉིད་ཀྱི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་སོགས་ནས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཅེས་གསོལ་བ་བཏབ། རྒྱུན་བཤགས་སྤྱི་དང་འདྲ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྭ་བྷཱ་བ༴ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་སིཾ་ལས་སེང་གེ་སྔོན་པོ་སོགས་དང་དྷཱིཿཡིག་གུར་གུམ་གཞོན་ནུའི་མདོག་ཅན་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་དམར་སེར་སོགས་ནས། འོད་ཟེར་དམར་པོ་འཕྲོ་བ་ཞེས་པའི་བར་གྱིས་སློབ་མ་འཇམ་དཔལ་དུ་བསྐྱེད། སློབ་དཔོན་འཇམ་དཔལ་དུ་གསལ་བའི། སྤྱི་བོ་ནས་འཇམ་དཔལ་གྱི་སྐུ་གཉིས་པ་ཞིག་མཆེད། ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་འཇམ་དཔལ་གྱི་སྐུར་དངོས་སུ་གྱུར་སྙམ་པ་གྱིས་ཤིག་བྱས་ལ་སྙིང་པོ་བཟླ་ཞིང་སྤོས་རོལ་བྱ། སྐུའི་རྗེས་གནང་ངོ་། །དེ་བཞིན་དུ་སློབ་དཔོན་འཇམ་དཔལ་དུ་གསལ་བའི། མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དམར་པོ་རང་སྒྲ་སྒྲོག་པར་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། སྙིང་པོ་བཟླ་ཞིང་སྤོས་རོལ་བྱ། གསུང་གི་རྗེས་གནང་ངོ་། །ཡང་སློབ་དཔོན་འཇམ་དཔལ་དུ་གསལ་བའི། ཐུགས་ཀ་ནས་རལ་གྲི་དྷཱིཿས་མཚན་པ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། སྔགས་དང་སྤོས་རོལ་བྱ། ཐུགས་ཀྱི་རྗེས་གནང་ངོ་། །སློབ་དཔོན་འཇམ་དཔལ་དུ་གསལ་བའི། ཕྱག་གཡོན་གྱི་པུསྟི་ལས་འོད་འཕྲོས་ཏེ་ལྟེ་བར་ཐིམ་པས་ཡོན་ཏན་གྱི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། སྙིང་པོ་དང་སྤོས་རོལ་བྱ། ཡོན་ཏན་གྱི་རྗེས་གནང་ངོ་། །ཡང་མཎྜལ་དང་གསོལ་འདེབས་བྱས་ལ། སློབ་དཔོན་དང་མདུན་བསྐྱེད་ཀྱི། དཔྲལ་བ་ནས་དབྱངས་ཅན་མ་དཀར་མོ་དཔག་ཏུ་མེད་པ་སྤྲོས། སློབ་མའི་དཔྲལ་བར་ཐིམ་པས་སྐུ་ཡི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། དེ་བཞིན་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི། མགྲིན་པ་ནས་དབྱངས་ཅན་མ་དམར་མོ་དཔག་ཏུ་མེད་པ་སྤྲོས། སློབ་མའི་མགྲིན་པར་ཐིམ་པས་གསུང་གི་དབང་ཕྱུག་ཏུ་གྱུར་སྙམ་པ་དང་། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི། སྙིང་ག་ནས་དབྱངས་ཅན་མ་སྔོན་མོ་དཔག་ཏུ་མེད་པ་སྤྲོས། སློབ་མའི་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་ཕྱུག་ཏུ་གྱུར་སྙམ་པ་དང། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི། ལྟེ་བ་ནས་དབྱངས་ཅན་མ་སེར་མོ་དཔག་ཏུ་མེད་པ་སྤྲོས། སློབ་མའི་ལྟེ་བར་ཐིམ་པས་ཡོན་ཏན་གྱི་དབང་ཕྱུག་ཏུ་གྱུར་སྙམ་པ་དང་། ཡང་སློབ་དཔོན་དང་མདུན་བསྐྱེད་ཀྱི། གསང་བ་ནས་དབྱངས་ཅན་མ་ལྗང་གུ་དཔག་ཏུ་མེད་པ་སྤྲོས། སློབ་མའི་གསང་བར་ཐིམ་པས་ཕྲིན་ལས་ཀྱི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། ཞེས་པའི་བར་གྱི་དམིགས་པ་ཕོག་སྟེ། སྔགས་བཟླ་བཞིན་དུ་རིལ་བུ་བྱིན་ལ་ཟར་འཇུག །ཕྲིན་ལས་ཀྱི་རྗེས་གནང་ངོ་། །དེ་ནས་བཟླས་ལུང་ནི། སློབ་དཔོན་འཇམ་དཔལ་དུ་གསལ་བའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་ལྟེ་བར་རལ་གྲིའི་ཡུ་བར་དྷཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་འཇམ་དཔལ་དུ་གསལ་པའི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རལ་གྲིའི་ཡུ་བར་དྷཱིཿཡིག་གིས་མཚན་པའི་མཐར་འཁོད་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། བྱས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་བོར་བཅིངས་པར་མོས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་གསུམ་གྱིས་མེ་ཏོག་སྤྱི་བོར་གཞག །རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་ཡོན་འབུལ་སོགས་སྤྱི་དང་འདྲ། བདག་མདུན་གྱི་རྗེས་ཆོག་ཀྱང་སྔར་དང་འདྲའོ། །རྩ་བའི་གཞུང་གི་སྙིང་པོ་བླངས་པའི་ལག་ལེན་ནི་དེ་ཙམ་མོ། །སྤྲོ་ན་རྗེས་གནང་རིམ་པ་སོ་སོ་ལ་སྐུ་གཟུགས་སོགས་དབང་རྫས་ཚིགས་བཅད་ཀྱིས་གཏོད་པའི་ཕྱག་ལེན་ཡང་སྣང་སྟེ་དམ་པ་གོང་མ་རྣམས་ཀྱིས་མཛད་པ་ལས་ཤེས་པར་བྱའོ། །མི་འ༵གྱུར་དབྱིངས་ལས་ཚད་མེ༵ད་ཀྱི། །ཐུགས་རྗེས་འཇམ་དཔལ་རྡོ༵་རྗེ༵འི་སྐུར། །ཡོངས་བཞེངས་སྒྲུབ་ཐབས་དམ་པའི་ལུགས། །ཟབ་དོན་སྙིང་པོར་བཀོད་འདི་འོ། །དམ་པ་སངས་རྒྱས་ཀྱི་ཐུགས་དམ་ལྷའི་གཙོ་བོ་འཇམ་དཔལ་སྨྲ་སེང་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
མཐོང་གྲོལ་འཁོར་ལོའི་ལག་ལེན་གསལ་བྱེད་ཤེལ་དཀར་ཐུར་མ་ (Volume 42, Text 33)
༄༅། །མཐོང་གྲོལ་འཁོར་ལོའི་ལག་ལེན་གསལ་བྱེད་ཤེལ་དཀར་ཐུར་མ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། བླ་མ་དགོངས་འདུས་ལས་འབྱུང་བའི་མཐོང་གྲོལ་འཁོར་ལོ་ཆེན་མོ་འདི་ཉིད་ཁམས་ཕྱོགས་རྙིང་མའི་ཆོས་སྡེ་ཆེན་པོ་རྣམས་སུ་སྤར་རེ་ཙམ་བཞུགས་པར་སྣང་ཡང་། དེང་དུས་སྙིང་པོའི་བསྟན་པའི་བབ་ཡོལ་བ་ལྟ་བུས་དོ་གལ་ཆེན་པོ་འདི་རིགས་གཞུང་བཞིན་ཕྱག་ལེན་མཛད་པ་པོ་ནི་ཤིན་ཏུ་དཀོན་པར་མཐོང་ལ། སྤར་སྤྱི་འགྲེ་བཏབ་པའི་འཁོར་ལོ་ལ། རྟེན་སྙིང་བརྗོད་པའི་འབྲུ་འཐོར་བ་ཙམ་ཁོ་ནས་ནི་གཞུང་གི་དགོངས་པ་ཕྱོགས་མཐུན་ཙམ་དུའང་མི་འགྲོ་བས་ཕན་ཡོན་ཡང་དེ་དང་མཚུངས་པར་མངོན། འདི་རིགས་གཞུང་དང་ཚུལ་མཐུན་མཛད་པ་པོ་བྱུང་ན་རང་དོན་འཁྲི་བ་མེད་ངེས་པའི་བྱང་ཆུབ་སྤྱོད་པ་ཁྱད་པར་ཅན་ཡིན་པར་མངོན་པས། ལྷག་པའི་སེམས་བསྐྱེད་དང་ལྡན་ལ་མངོན་པའི་ང་རྒྱལ་ཤས་ཆུང་བའི་གང་ཟག་བློ་གྲོས་དམན་པ་ལ་ཕན་པའི་ལག་ལེན་འདི་ལ་དོན་གསུམ། འཁོར་ལོ་བྲི་བ། རབ་གནས། ལས་ལ་སྦྱར་བའི་ཚུལ་ལོ། །དང་པོ་ནི། ཡར་ཚེས་བརྒྱད་དང་བཅུ་དང་བཅོ་ལྔ་ལྟ་བུའི་དུས་ཁྱད་པར་ཅན་གྱི་སྔ་དྲོར་ལས་བྱང་མེ་ཕྲེང་ཙམ་གྱི་ཚོགས་སྐོང་གཏང་། བླ་མ་ཡི་དམ་མཁའ་འགྲོ་ལ་སྙིང་ནས་གསོལ་བ་བཏབ་སྟེ་གཞན་ཕན་མཐའ་ཡས་པ་འབྱུང་བའི་ཕྲིན་ལས་ཞུ། འབྲི་མཁན་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཁ་ཤར་དུ་ཕྱོགས་ཏེ་ལྷག་ཆད་མེད་པར་བྲི། སྤར་ཡིན་རུང་འདེབས་པའི་ཚུལ་དེ་ལྟར་བྱ་བ་ལས་གང་བྱུང་དེས་ཆོག་བྱས་ཚེ་རང་བྱུང་གསང་བ་ཟབ་མོ་ལ་བརྙས་བཅོས་དང་བཀའ་འདས་ཀྱི་ཉེས་ལྟུང་འབྱུང་། འབྲི་རྫས་རྒྱ་མཚལ་ལ་ག་པུར་གུར་གུམ་ཙནྡན་སོགས་དྲི་བཟང་དང་བསྒྲུབས་པའི་ཆོས་སྨན་སེལ་མེད་བསྲེ། ཚོན་རྫོགས་བཅས་གྲུབ་ནས་རིན་པོ་ཆེའི་སྣོད་འབྲུས་གང་བར་བཏིང་། ཆ་མང་དུ་ཡོད་ན་བརྩེགས་ལ་བཀུར་སྟི་དང་བཅས་ཏེ་བཞག་གོ །འདིའི་མུ་ཁྱུད་ཕྱི་མའི་སྔགས་དེ་དཀོན་མཆོག་རྗེས་དྲན་ལེགས་སྦྱར་གྱི་སྐད་གཞིར་བཞག་པར་སྣང་ཡང་མ་དག་རྒྱུན་འབྱམས་ཆེར་སྣང་བས་ཧ་ཅང་དཔའ་མ་ཐལ་བར་མ་དག་ངེས་པ་རྣམས་ཀྱི་ཟུར་ཅུང་ཟད་འཆོས་པ་བྱུང་ན་ཞབས་ཏོག་ཏུ་འགྱུར་བར་སྣང་ངོ་། །གཉིས་པ་རབ་གནས་ནི། གཞུང་གི་དངོས་བསྟན་རབ་གནས་ཁོ་ན་ཙམ་བཤད་ཀྱང་གཤམ་དུ། ཀུན་ལ་གོང་དུ་བསྟན་པ་བཞིན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ བསྙེན་སྒྲུབ་གཏོར་མཆོད་བརྩོན་པར་གཅེས༔ ཙཀྲ་རབ་གནས་ལན་མང་བྱ༔ ཞེས་པའི་ཚིག་གི་ནུས་པས་སྒྲུབ་པའི་ཚུལ་ཡང་བསྟན་པར་མ་ཟད། འདི་དང་ཆོས་སྡེ་གཅིག་པའི་རྒྱུད་དགུའི་ལག་ལེན་སོགས་ལས་སྒྲུབ་པའི་ཚུལ་གསུངས་པ་ལྟར་གལ་ཤིན་ཏུ་ཆེ་བ་དང་། ཙཀྲའི་སྔགས་བརྒྱ་སྟོང་ཁྲི་འབུམ་བཟླ་བར་བཤད་པའང་རབ་གནས་ཚར་གཅིག་ལ་མང་དུ་མི་འགྲུབ་ཅིང་། སྒྲུབ་པ་ཆེད་དུ་བྱས་ན་རབ་གནས་ལན་མང་ཞོར་ལ་འགྱུར་བ་དང་སྔགས་ཀྱང་གྲངས་མང་པོར་འགྲོ་བས། རྒྱུད་དགུ། བཏགས་གྲོལ་མཐོང་གྲོལ་རྣམས་བཞེངས་གྲུབ་ནས། ལུགས་འདིའི་རབ་གནས་བཀྲ་ཤིས་བརྩེགས་པའམ། སྤྱི་འགྲོ་རྒྱས་བསྡུས་གང་རུང་གི་སྒོ་ནས་གསུང་རྟེན་རབ་ཏུ་གནས་པ་ཚུལ་བཞིན་སྔོན་དུ་བཏང་། དེ་ནས་རབ་སྒྲུབ་ཆེན་དང་འབྲེལ་ན་སྒྲུབ་རྟེན་དུ་བཞག །རྒྱུད་དམ་སྔགས་ཚར་གྲངས་འདོན་མཁན་ཟུར་དུ་འཇོག་ལ་ཚར་གྲངས་འགྲོ་བར་བྱ། འབྲིང་རྩེ་ལེའི་སྐོང་ཆོག་ལྟ་བུའི་བདག་མདུན་བུམ་གསུམ་གྱི་སྒྲུབ་མཆོད་རྒྱས་པ་དང་སྦྲེལ། ཐ་མའང་ལས་བྱང་མེ་ཕྲེང་ཙམ་ལ་བརྟེན་ཏེ་བདག་མདུན་བསྐྱེད་བཟླས་སོགས་སོ་སོའི་གཞུང་གསལ་ལྟར་བྱ་དགོས་ཤིང་། གང་ལའང་ཕྱི་ནང་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་ཇི་ཙམ་འབྱོར་པ་བུངས་བསྐྱེད་དེ་འབུལ་བ་གལ་ཆེའོ། །དེས་ན་འདིར་ཡང་ཐོག་མར་རབ་གནས་ནི། འཁོར་ལོའི་སྣོད་སྟེགས་བུར་བཀོད། རབ་གནས་ཀྱི་ཡོ་བྱད་ཚང་བར་བསགས་ལ། མེ་ཕྲེང་ངམ་མི་ལྕོགས་ན་རྒྱུན་ཁྱེར་ལྟ་བུའི་བདག་གི་རྣལ་འབྱོར་བཟླས་པ་བཅས་གཏང་། མེ་ཏོག་བྱིན་རླབས་དང་སྦྱོང་ཁྲུས་ནས་བརྩམ། གསུང་རྟེན་ལུགས་ཀྱི་བསྐྱེད་བསྟིམ་སྤྱན་དབྱེ་ཞལ་བསྒྱུར་མངའ་དབུལ་བརྟན་བཞུགས་ཤིས་བརྗོད་བཅས་རྒྱས་པར་བྱ། སླར་སྒྲུབ་པའི་དཀྱིལ་འཁོར་རྒྱས་བསྡུས་ཇི་ལྟར་འགྲུབ་པའི་མདུན་རྟེན་དུ་བཀོད་ལ་ཕྲིན་ལས་ཀྱི་གཞུང་བསྲང་། དེའང་རྩེ་ལེའི་སྐོང་ཆོག་གཏང་ན་འཁོར་ལོའི་བསྐྱེད་ཆོག་ཟུར་དུ་མི་དགོས། མདུན་བསྐྱེད་རྟེན་འཁོར་ལོ་ལ་བྱས་པས་ཆོག་ཅིང་ཁྲུས་གསོལ་ཡང་དཀྱུས་སུ་འབྱུང་། བཟླས་པ་སྤྱི་དྲིལ་ཆེན་མོའི་རྗེས་སུ་འཁོར་ལོའི་སྔགས་རྣམས་ཅི་འགྲུབ་བཟླ་བའི་ཚེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དཀྱིལ་འཁོར་པའི་ལྷའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་བྱིན་རླབས་གཟི་བརྗིད་རབ་ཏུ་འབར། སླར་ཡང་འོད་ཟེར་ནམ་མཁའི་ཁམས་ཁྱབ་པར་འཕྲོས། རིགས་དྲུག་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་རྣམས་ཀྱི་རྟོག་སྒྲིབ་བག་ཆགས་ཐམས་ཅད་བསལ། གདོད་མའི་དབྱིངས་སུ་སྐད་ཅིག་གིས་བྱང་ཆུབ་སྟེ་འཁོར་འདས་གཞིར་རྫོགས་དག་པ་རབ་འབྱམས་སྣང་སྟོང་འོད་ལྔའི་ཕུང་པོར་འཁྱིལ་བར་བསམ། ཕྱག་བཤགས་སྨོན་ལམ་གྱི་མཇུག་ཏུ། སྦྱིན་སྲེག་ལས་འབྱུང་བའི་འདོད་གསོལ་ཆེན་མོར་གྲགས་པའམ། ཡང་ན་རང་གཞུང་གཤམ་གྱི། ཨཱོྃ་ཨཱཾཿཧཱུྃ༔ ཀུན་བཟང་བདེ་སྤྱོད་སོགས་ནས། སྟོབས་མཆོག་འགྱེད་པར་ཤོག༔ བར་གྱིས་གསོལ་གདབ་འདོད་དོན་གསོལ། དེ་ནས་སྲུང་མའི་གཏོར་འབུལ། སྐོང་ཆོག་ཚོགས་མཆོད་ནས་རྗེས་རིམ་མཆོད་བསྟོད་ནོངས་བཤགས་ཡན་གྲུབ་ནས་བརྟན་བཞུགས་མཐར་རང་གཞུང་དབུའི། བླ་མ་ཡི་དམ་སོགས་ནས། གྲོལ་བའི་གདིང་ཐོབ་བསམ༔ བར་འདོན་བསྒོམ་བྱ། ཡེ་དྷར་གྱིས་མེ་ཏོག་འཐོར་ཞིང་ཤིས་བརྗོད་སོགས་ཕྲིན་ལས་མཐར་དབྱུང་ངོ་། ༈ །མེ་ཕྲེང་ཙམ་ལ་བརྟེན་ན། བདག་བསྐྱེད་སོང་རྗེས་ཙཀྲ་སྭ་བྷཱས་སྦྱང་། སྟོང་པར་གྱུར་པའི་ངང་ཉིད་སོགས་ནས། རང་སྒྲ་སྒྲོག་པར་གསལ༔ བར་མཐོང་གྲོལ་རང་གཞུང་ལྟར་བསྐྱེད། ལས་གཞུང་ལྟར་སྤྱན་འདྲེན་བྱས་ནས་མེ་ཏོག་འཐོར་བཞིན་རྟེན་སྙིང་སོགས་སྔགས་རྣམས་བརྗོད་ལ། དེ་ཚེ་ཕྱོགས་བཅུ་སོགས་ནས། དབྱེར་མེད་གཅིག་ཏུ་གྱུར་པ་ལ༔ བར་དང་དབང་སྐུར་རྒྱས་གདབ་ཕྱག་འཚལ་ཡན་གྲུབ་པ་དང་། ཁྲུས་གསོལ་སྐུ་ཕྱི་ན་བཟའ་འབུལ་བ་སོགས་སྤྱི་ལྟར་བྱ། མཆོད་བསྟོད་འཕྲོས་སུ་བདག་མདུན་གཉིས་ཀར་དམིགས་པའི་འཕྲོ་འདུ་བཅས་གཙོ་དགུ་སྤྱི་དྲིལ་ཆེ་འབྲིང་སོགས་བཟླས་པ་སྤྱི་དང་། བྱེ་བྲག་གོང་སྨྲོས་དམིགས་བཟླས་ཅི་ནུས་མཐར་སྟོང་ཚིགས་ཕུལ་ལ་འདོད་གསོལ་གཉིས་པོ་གང་འོས་བརྗོད། སླར་མཆོད་པ་བྱིན་རླབས་ནས་བསྐྱར་ཏེ་ཐུན་གསུམ་སོགས་བཅད་པའི་དགོང་ཐུན་མཐར་སྲུང་མའི་གཏོར་འབུལ་དང་ཚོགས་མཆོད་ཕྱིན་སྔ་མས་རིགས་འགྲེ། ༈ རྒྱས་བསྡུས་གང་བྱེད་ཀྱང་དེ་ལྟར་ཞག་བདུན་སོགས་བསྒྲུབས་ནས་གྲུབ་པའི་ཐུན་རྗེས་མར་རྟ་བྲོའི་རྗེས་སུ། ཧྲཱི༔ དུས་གསུམ་སངས་རྒྱས་སོགས་ཀྱིས་གསོལ་བ་འདེབས་ལ་མོས་གུས་དྲག་ཏུ་སྐྱེད། དངོས་གྲུབ་བླང་བའི་ཚིག་བརྗོད། འཁོར་ལོ་གཅིག་ཕྱར་ཐབས་སུ་བཀྲམ་ལ་རང་གཞུང་མཇུག་གི །ཙཀྲ་ཞལ་ཕྱེས་བལྟ་བའི་ཚེ༔ སོགས་ནས། སྟོབས་མཆོག་འགྱེད་པར་ཤོག༔ བར་གྱི་དམིགས་པ་བྱས་ལ་སྨོན་ལམ་ལན་གསུམ་རྩེ་གཅིག་ཏུ་གདབ། མེ་ལོང་ངོས་སུ་ཁྲུས་ཚིག་རྣམས་བརྗོད་ལ་ཁྲུས་གསོལ་སྐུ་ཕྱི་བཅས་བྱས་པའི་ཁྲུས་ཆུ་འཐོར་འཐུང་དང་གནས་ལྔར་བྱུགས་ཏེ་བདེ་གཤེགས་རིགས་ལྔ་སོགས་དམིགས་པའང་གཞུང་ལྟར་བསྒོམ། སླར་གཏང་རག་མཆོད་པ་དང་མཎྜལ། བསྟོད་པ་རྒྱས་པར་འབུལ། ནོངས་བཤགས་ཕྱིན་གོང་ལྟར་བྱ། སྒྲུབ་པ་གྲུབ་ནས་འཁོར་ལོ་ལྟེ་བ་མ་ཉམས་པར་བལྟབ། དར་སྣ་གང་འཛོམ་གྱིས་དྲིལ། ཙཀྲ་ངོ་བོ་ཆོས་ཀྱི་སྐུ༔ སོགས་ནས། མཐོང་གྲོལ་རྫོགས༔ བར་གཞུང་ལྟར་དམིགས་ཏེ་མཆོད་པའི་གནས་སུ་བཀུར་སྟི་བཅས་བཞུགས་སུ་གསོལ་བར་བྱའོ། །གསུམ་པ་ལས་ལ་སྦྱར་ཚུལ་ནི། སྤྱིར་འཁོར་ལོ་འདི་ཉིད་སྡིག་ཅན་མ་ཡིན་པའི་ཆོས་ལྡན་དང་དམ་ཚིག་ཅན་གྱི་ལུས་ལ་བཅངས་པས་གནས་སྐབས་ནད་གདོན་རྐྱེན་ངན་བར་གཅོད་ཐམས་ཅད་ལས་གྲོལ། མཚམས་མེད་བྱས་པ་དང་སྡོམ་གསུམ་འཆལ་པ་རྣམས་ཀྱང་སོར་ཆུད། མཐར་ཐུག་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་སོགས་ཕན་ཡོན་བསམ་ལས་འདས་པ་གསུངས་ཤིང་། བྱེ་བྲག་གཞུང་གསལ་སྐུ་གསུང་ཐུགས་རྟེན་ལ་བཞུགས་པ་དང་། ཉི་ཟླ་གཙུག་ལག་ཁང་གཙོ་བོར་གྱུར་པའི་ལས་སྦྱོར་ཉེར་གཅིག་ཆ་ཚང་སྒྲུབ་པའི་རྣལ་འབྱོར་པ་རབ་ཚེ་གཅིག །འབྲིང་བར་དོ་དང་པོ། ཐ་མ་སྐྱེ་བ་གཞན་དུ་བར་མ་ཆོད་པར་རྣམ་པར་གྲོལ་ཞིང་། ཇི་ལྟར་སྐལ་པ་དམན་ཀྱང་ངན་སོང་དུ་ལྟུང་མི་སྲིད་པ་དང་། རྒྱལ་ཁམས་ཆེན་པོའི་རིམ་གྲོ་ལའང་འདིའི་ལས་སྦྱོར་ཚང་བ་གྲུབ་ན་དེ་ལས་ལྷག་པ་གཏན་ནས་མེད་པར་གསུངས་ཏེ། གཏན་ཚིགས་ཀྱང་། འདི་ནི་སྟོབས་ཆེན་རྒྱལ་པོ་སྟེ༔ ཀུན་བཟང་དགོངས་པ་རིག་འཛིན་ལུང༔ བསྟན་པའི་སྙིང་པོ་ཡང་དག་གོ༔ ཞེས་གང་ཟག་གི་བློས་བཅོས་པ་མིན་པ་ཀུན་བཟང་རང་བྱུང་གི་དགོངས་པ་བྱིན་རླབས་ནུས་སྟོབས་ཆེན་པོ་དང་ལྡན་པའི་ངེས་དོན་བསྟན་པ་ཀུན་གྱི་སྙིང་པོ་ཡིན་པས་གལ་ཆུང་དུ་མི་འདོར་བ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་ལགས་སོ། །ཞེས་གཏི་ཐུག་ཟིན་བྲིས་འདིའང་སྐལ་མཉམ་དང་རང་ལའང་བརྗེད་ཐོ་ཙམ་དུ་སྨན་པར་རེ་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་ནོངས་པ་བཤགས་ཤིང་དགེ་བས་གཞན་ཕན་མཐའ་ཡས་པ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།
རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་ཕྲིན་ལས་ཀྱི་བྱང་བུ་དབང་ཆེན་དགྱེས་པའི་རོལ་མོ་ (Volume 25, Text 33)
༄༅། །རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་ཕྲིན་ལས་ཀྱི་བྱང་བུ་དབང་ཆེན་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་མ་ཧཱ་པ་ཤཱ་ཡ། ས་གསུམ་དབང་སྒྱུར་རྟ་སྐད་ཅན། །མ་ཆགས་པདྨའི་རིགས་ཀྱི་གཙོ། །གཟི་ལྡན་དཔལ་ལ་ཕྱག་འཚལ་ནས། །ཕྲིན་ལས་བཀོད་ལ་བྱིན་རླབས་སྩོལ། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ། ཡོ་བྱད་ཀྱི་བཤམ་ནི། འབྱོར་ན་བྲིས་སྐུ་སོགས་རྟེན་དགྲམ་པའི་མདུན་དུ་དཔལ་གཏོར་རྒྱན་ལྡན། སྨན་རཀ །ཉེར་སྤྱོད་སོགས་མཆོད་པ་དང་། ཚོགས་རྫས། གཏོར་འབུལ་སོགས་འདུ་བྱ། ཆོ་གའི་སྔོན་འགྲོ་ལ་ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། སྣང་བ་མཐའ་ཡས་པདྨ་དབང་ཆེན་རྩལ། །པདྨ་ཐོད་ཕྲེང་མཁའ་འགྲོ་མཚོ་རྒྱལ་མ། ཁྲི་སྲོང་ལྡེའུ་བཙན་མངའ་བདག་ཉང་རལ་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །སངས་རྒྱས་སྲས་ཆུང་ཀྲོ་དྷ་རཱ་ཛ་བ། །པཀྴི་ཤཱཀ་འོད་སྙེ་སྟོན་དགའ་རབ་རྗེ། །ཤཱཀྱ་འབྱུང་གནས་ཚེ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །རྒྱལ་སྲས་ཆོས་རྗེ་ལེགས་དཔལ་རཏྣ་ཤྲཱི། །རྒྱལ་སྲས་པདྨ་གྲགས་འབྱུང་བྱམས་པའི་མཚན། །ངག་དབང་གྲགས་པ་རྒྱས་སྟོན་འགྲོ་མགོན་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །ཆོས་རྒྱལ་རྡོ་རྗེ་ཤཱཀྱ་ཤེས་རབ་ཞབས། །གཏེར་བདག་གླིང་པ་བཤད་སྒྲུབ་རྒྱ་མཚོ་དང་། །ཀུན་བཟང་སྙན་གྲགས་གྲུབ་དབང་གཞན་ཕན་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །དཔལ་འབྱོར་རྒྱ་མཚོ་བསྟན་འཛིན་ཆོས་ཀྱི་རྒྱལ། །བསོད་ནམས་མཆོག་ལྡན་ཚེ་དབང་རིག་པ་འཛིན། །རྩ་བའི་བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །རིགས་ཁམས་ས་བོན་སྨིན་བྱེད་རླན་གྱིས་གསོས། །རིམ་གཉིས་ལམ་ལས་མངོན་རྟོགས་གོང་དུ་འཕེལ། །དབང་ཆེན་གྲུབ་པའི་འབྲས་བུ་ཚེ་འདི་ལ། །སྨིན་ནས་དོན་གཉིས་ཕྲིན་ལས་རབ་རྒྱས་ཤོག །གཉིས་པ་ཕྱི་གཏོར་འབུལ་བ་ནི། དཀར་གཏོར་གསེར་སྐྱེམས་བཤམས་ལ་རྙིང་མ་སྤྱི་མཐུན་ལྟར་བྱ། གསུམ་པ་སྐྱབས་སེམས་ཚོགས་གསག་ནི། རང་གི་སྙིང་གའི་འོད་ཟེར་གྱིས་བླ་མ་དང་དཔལ་ཆེན་པདྨ་དབང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། བདག་ནི་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་ཡི་དམ་ལྷ། །པདྨ་དབང་གི་དཀྱིལ་འཁོར་དུ། །སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངས། །ལན་གསུམ། སེམས་ཅན་མ་ལུས་ཐམས་ཅད་ཀུན། །སངས་རྒྱས་ས་ལ་འགོད་བྱའི་ཕྱིར། །རྟ་མགྲིན་དབང་གི་དཀྱིལ་འཁོར་དུ། །བདག་ནི་འཇུག་ཅིང་བསྒྲུབ་པར་བགྱི། །ལན་གསུམ། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི། །བླ་མ་ཡི་དམ་ལྷ་ཚོགས་དང་། །རྒྱལ་བ་མ་ལུས་སྲས་དང་བཅས། །དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས། །བདག་གཞན་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར། རཾ་ཡཾ་ཁཾ་གིས་བགེགས་གཏོར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་བར། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། ཁྲོ་རྒྱལ་རྟ་མགྲིན་ཐུགས་ཁྲོས་ནས། །རྡོ་རྗེའི་མཚོན་ཆ་འབར་བ་ཡིས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཞེས་དང་དྲག་སྔགས་རོལ་མོའི་ཚམ་རྔམ་སོགས་ཀྱིས་བགེགས་བསྐྲད་དོ། །ལྔ་པ་མཚམས་གཅད་པ་ནི། ཧྲཱིཿ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས། །འབར་བའི་ཁྲོ་བོ་མེ་དཔུང་འབར། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བགེགས་དང་ལོག་འདྲེན་རྡུལ་དུ་རློག །དབང་ཆེན་མེ་དཔུང་དམར་ནག་འབར། །བསྐལ་པ་དུས་མཐའི་མེ་ལྟ་བུ། །དབང་དྲག་མཚོན་ཆ་བྲག་ལྟར་གཏམས། །གང་ལ་བབས་ཀྱང་གཅོད་ཅིང་སྒྲོལ། །དབང་ཆེན་ཁྲོ་བོ་མི་བཟད་རྔམ། །སྲིད་པའི་འཁོར་ལོ་ཡེ་ཤེས་འཁྲིགས། །དབང་ཆེན་མཚམས་ལས་གང་འདའ་བ། །རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཨོཾ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ་ཏཱིཀྵྞ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ། དྲུག་པ་བྱིན་དབབ་པ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆར་བབས་པ་ལྟར་བྱོན་ནས་བདག་གནས་སྒྲུབ་པའི་ཡོ་བྱད་རྣམས་ལ་ཐིམ་ཞིང་བྱིན་གྱིས་བརླབ་པར་གྱུར། ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་སྟོན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆག་སྐོང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་སྤོས་དང་རོལ་མོ་དབྱངས་བཅས་བྱིན་དབབ་བོ། །བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་དངོས་འཛིན་དྲི་མ་ཐམས་ཅད་བསྲེག་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྷན་དྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བིདྱ། ཤབྡ་ཨཱཿཧཱུྃ། སྨན་ཕུད། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲིཏ་ཧཱུྃ་ཧྲཱིཿཋཿ རཀྟ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་ར་ལས་དགྲ་བགེགས་བསྒྲལ་པའི་རཀྟའི་རྦ་ཀློང་འཁྲུགས་པ་ལ། ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ གཏོར་མ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་གཞོང་ཨ་ལས་ཀ་པཱ་ལའི་སྣོད་དུ་གཏོར་རྫས་ཨོཾ་ལས་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་སྔགས་རྣམས་ལན་གསུམ་བརྗོད། གཉིས་པ་དངོས་གཞིའི་ཐོག་མར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ། ཆོས་ཀུན་སྟོང་ཉིད་རང་རིག་བྱང་ཆུབ་སེམས། །མ་བྱུང་མ་སྐྱེས་དམིགས་མེད་ནམ་མཁའི་ངང་། །འཁྲུལ་པས་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཉི་ལྟར་ཤར། །ཟུང་འཇུག་རྒྱུ་ཡི་ཡི་གེ་ཧྲཱིཿདམར་པོ། །འོད་འཕྲོས་རྒྱལ་མཆོད་འགྲོ་བའི་སྒྲིབ་པ་སྦྱངས། །གནོད་བྱེད་ཚར་བཅད་ཚུར་འདུས་ཡོངས་གྱུར་པ། །ཡེ་ཤེས་ཐོང་གཤོལ་གསེར་གྱི་རང་བཞིན་ལས། །འོད་འབར་ཕྱི་སྣོད་དབང་གི་གཞལ་ཡས་ཁང་། །རིན་ཆེན་ཕོ་བྲང་གྲུ་ཆད་སྒོ་བཞིར་ལྡན། །རྒྱལ་ཆེན་ཀ་བ་ལྷ་བརྒྱད་གདུང་མ་བྲེས། །གཟའ་སྐར་དྲལ་ཕྱམ་ཀླུ་བརྒྱད་ཐོག་ཕུབ་བྱས། །ཕྱོགས་སྐྱོང་བཅུ་ཡི་པགས་པའི་རྒྱལ་མཚན་ཕྱར། །སྦྲུལ་ནག་ཁ་བད་ཉ་ཆེན་ཟ་ར་ཚགས། །རྡོ་རྗེའི་ར་བ་ལྕགས་རིར་བསྐལ་མེ་འབར། །ཕྱི་ནང་ཟང་ཐལ་ཡེ་ཤེས་གཞལ་མེད་དབུས། །ཟླ་གམ་དམར་ནག་ཐོད་པའི་ཕྲེང་བས་བསྐོར། །དེ་དབུས་རཏྣའི་ཁྲི་རྐང་སེང་གེས་བཏེགས། །པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ། །མ་ལས་ཉི་སྟེང་ཀླུ་རིགས་དྲེགས་པ་ཅན། །ཚངས་པ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །ཕྱག་མཚན་འོད་ཞུ་དབང་ཆེན་རྟ་མཆོག་རྒྱལ། །དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་ལྡན། །གཡས་དཀར་གཡོན་སྔོ་རིགས་ལྔའི་དབུ་རྒྱན་ཅན། །དབུ་གསུམ་རྟ་ཞལ་ལྗང་ཞུར་གསུམ་གྱིས་མཚན། །ཕྱག་གཡས་དང་པོས་གསེར་གྱི་ཞགས་པ་དང་། །མི་གཡོ་ལྗང་སྔོ་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་གཡས་གཡོན་དང་པོས་རྡོ་རྗེ་དུང་། །བར་པས་རལ་གྲི་ཞགས་པ་ཐ་མ་གཉིས། །ཕུར་བུ་འདྲིལ་བ་ཁྲ་ཐབས་ཚུལ་དུ་འགྱེད། །ཕྱག་གཡོན་དང་པོས་དབང་གི་ལྕགས་སྒྲོག་དང་། །ཕྱག་རྡོར་མཐིང་ནག་གཡས་དཀར་གཡོན་སྔོ་ཞལ། །ཕྱག་དྲུག་གཡས་གཡོན་དང་པོས་རྡོ་རྗེ་དྲིལ། །བར་པས་སྦྲུལ་ཆེན་ཞལ་གསོལ་ཐ་མ་གཉིས། །ཐལ་མོ་རྡེབ་པ་ཁྲ་ཐབས་ཚུལ་དུ་འགྱེད། །བར་པ་གཉིས་ཀྱིས་རལ་གྲི་ཐོང་གཤོལ་ཕྱར། །ཐ་མའི་ཕྱག་གཉིས་དགྲ་སཏྭ་ཐོ་བ་གདེངས། །གླང་ཀོ་སྟག་ཤམ་ཞིང་ལྤགས་ན་བཟའ་གསོལ། །སྦྲུལ་རིགས་ལྔ་དང་ཐལ་ཞག་ཁྲག་ཐིག་བརྒྱན། །དཔལ་གྱི་ཆ་ལུགས་རྡོ་རྗེའི་གཤོག་པ་གདེངས། །ཞབས་བཞི་བགྲད་པས་ཀླུ་ཆེན་རིགས་བཞི་མནན། །རབ་འབར་བསྐལ་པའི་མེ་དཔུང་ཀློང་དུ་བཞུགས། །ལྗགས་སྟེང་སྣང་བ་མཐའ་ཡས་སྐུ་མདོག་དམར། །མཉམ་གཞག་ཕྱག་རྒྱ་མཛད་ཅིང་སྐྱིལ་ཀྲུང་བཞུགས། །དཔྲལ་བར་ཡ་མཱནྟ་ཀ་མཐིང་ནག་མདོག །གཡས་དཀར་གཡོན་དམར་ཕྱག་དྲུག་གཡས་གསུམ་གྱིས། །ཞིང་དབྱུག་དགྲ་སཏྭ་རལ་གྲི་གཡོན་གསུམ་གྱིས། །སྡིགས་མཛུབ་ཞགས་པ་དུང་དམར་ཐོ་བ་བསྣམས། །ཐུགས་ཀར་རྟ་མགྲིན་ཡེ་ཤེས་སེམས་དཔའ་དམར། །ཞལ་གསུམ་གཡས་དཀར་གཡོན་སྔོ་ཕྱག་དྲུག་གཡས། །རྡོ་རྗེ་རྩེ་གསུམ་སྦྲུལ་ཞགས་གཡོན་གསུམ་གྱིས། །དྲིལ་བུ་བནྡྷ་ཕུར་བུ་འདྲིལ་ཞིང་འདེབས། །ལྟེ་བར་རྡོ་རྗེ་གཞོན་ནུ་མཐིང་ནག་འབར། །ཞལ་གསུམ་གཡས་དཀར་གཡོན་དམར་ཕྱག་དྲུག་གཡས། །རྡོ་རྗེ་རྩེ་དགུ་རྒྱ་གྲམ་གཡོན་པ་གཉིས། །མེ་དཔུང་ཁ་ཊྭཱཾ་མཐའ་གཉིས་ཕུར་བུ་འདྲིལ། །གཤོག་པ་གཡས་སུ་རྣམ་པར་རྒྱལ་བ་དཀར། །གཡས་དམར་གཡོན་ལྗང་ཕྱག་དྲུག་གཡས་གཉིས་ཀྱིས། །རྡོ་རྗེ་འཁོར་ལོ་གཡོན་གཉིས་བནྡྷ་དང་། །ཏྲི་ཤཱུ་ལ་བསྣམས་མཐའ་གཉིས་ཕུར་བུ་འདྲིལ། །གཤོག་གཡོན་ཁམས་གསུམ་རྣམ་རྒྱལ་དམར་སྐྱ་ཞལ། །དབུས་དཀར་གཡས་སྔོ་གཡོན་དམར་ཕྱག་དྲུག་གི །གཡས་གཉིས་རྡོ་རྗེ་དབྱུག་ཏོ་གཡོན་པ་གཉིས། །བྷནྡྷ་ཐོ་བ་ཐ་གཉིས་ཕུར་བུ་འདྲིལ། །ཀུན་ཀྱང་རྒྱན་དང་ཆ་ལུགས་གཙོ་དང་མཐུན། །ཞབས་སོར་ལྔ་ལ་རིགས་ལྔའི་ཁྱུང་ཆེན་ནི། །རྡོ་རྗེའི་ཁྱུང་མཐིང་རྡོ་རྗེའི་ཕ་ལམ་ཐོགས། །འཁོར་ལོའི་ཁྱུང་དཀར་འཁོར་ལོའི་ཕ་ལམ་ཐོགས། །རཏྣའི་ཁྱུང་སེར་རཏྣའི་ཕ་ལམ་ཐོགས། །པདྨའི་ཁྱུང་དམར་པདྨའི་ཕ་ལམ་ཐོགས། །ལས་ཀྱི་ཁྱུང་ལྗང་རྒྱ་གྲམ་ཕ་ལམ་ཐོགས། །གཞན་ཡང་ཕྱག་སོར་བ་སྤུའི་བུ་ག་ལས། །སྤྲུལ་པའི་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོ། །དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་དང་བཅས། །དབང་ཆེན་འབར་བའི་སྐུ་ལ་ཡོངས་སུ་རྫོགས། །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ་གིས་མཚན། །རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས། །ཐུགས་ཀར་ཉི་སྟེང་དམར་ནག་འབར་བའི་ཧཱུྃ། །གསང་སྔགས་ཕྲེང་བས་གཡས་སུ་བསྐོར་བ་ལས། །འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ། །སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་གྱུར། །ཅེས་གསལ་གདབ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཧཱུྃ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ། ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན། །དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ། །རྩ་བའི་སྔགས་མཐར། བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། པདྨ་བནྡྷ་ཧྲཱིཿགབ། ཛཿཧཱུྃ་བཾ་ཧོཿ ཞེས་གཉིས་སུ་མེད་པར་བསྟིམ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་དུ། །དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །བཞི་པ་ཕྱག་འཚལ་བ་ནི། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་དང་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཙ་ཧོཿ ལྔ་པ་མཆོད་པ་ལ་ཕྱི་མཆོད་ནི། ཧྲཱིཿ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨརྒྷཾ་ནས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཧཱུྃ། གཟུགས་སྒྲ་དྲི་རོ་རེག་བྱ་ཡི། །ལྷ་མོ་དཀར་སྔོ་སེར་དམར་ལྗང་། །ཕྱག་ན་འདོད་ཡོན་ལོངས་སྤྱོད་བསྣམས། །དབང་ཆེན་ལྷ་ལ་འབུལ་ལགས་ན། །འདོད་ཡོན་མཆོད་པ་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དེ་བཱི་པཱུ་ཛ་ཨཱཿཧཱུྃ། ནང་མཆོད་ནི། ཧཱུྃ། རྣམ་དག་རང་བྱུང་གྲུབ་སྨན་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མ་ཧཱ་པཉྩ་ཨ་མྲིཏ་ཁ་རཾ་ཁཱ་ཧི། རཀྟའི་མཆོད་པ་ནི། ཧཱུྃ། རཀྟ་དམར་ཆེན་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གསང་མཆོད་ནི། ཧཱུྃ། གསང་བ་ཐབས་དང་ཤེས་རབ་ལས། །པདྨ་ནོར་བུ་མཉམ་སྦྱར་ནས། །དགྱེས་པ་ཆེན་པོའི་བདེ་ཆེན་ངང་། །བྱང་ཆུབ་སེམས་ཀྱི་མཆོད་པ་ནི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སྭཱ་ཧཱ། ཧཱུྃ། ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲིཏ་ཁ་རཾ་ཁཱ་ཧི། དྲུག་པ་བསྟོད་པ་ནི། ཧཱུྃ། པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ །མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ། །དབང་དྲག་སྟོབས་ཆེན་རྔམ་ཆེན་གཏུམ། །སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་། །དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཞབས་བཞི་འཁོར་བའི་ཆོས་བཞི་སྒྲོལ། །དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །རྟ་མགོ་ལྗང་གུ་རྟ་སྐད་འཚེར། །མེ་དཔུང་འབར་བའི་དབུས་ན་བཞུགས། །རྔམ་པའི་ང་རོ་འབྲུག་སྟོང་སྒྲོག །དྲེགས་པ་ཕོ་མོ་དབང་དུ་སྡུད། །དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །རིགས་ཀྱི་བདག་པོ་བཅོམ་ལྡན་འདས། །དཔལ་ཆེན་ཁྲོ་བོའི་རྒྱལ་རྣམས་དང་། །ཀླུ་འདུལ་ཁྱུང་ཆེན་རིགས་ལྔ་སོགས། །སྤྲུལ་པ་འཁོར་ཚོགས་བཅས་ལ་བསྟོད། །དབང་བཞི་སྐུར་ཅིང་རྒྱུད་བཞི་སྨིན། །ཕྲིན་ལས་རྣམ་བཞི་འགྲུབ་པ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །བདུན་པ་བཟླས་པ་བྱ་བ་ལ། ཐོག་མར་བདག་ལུས་སྲུང་བ་ནི། གནས་ལྔར་བྱ་ཁྱུང་གི་རྒྱས་རེག་སྟེ། ཧྱ་གྲཱི་བ་ཧྲཱིཿགབ། བ་མོ་དྷ་ར་ཧྲཱིཿགབ། པདྨ་དྷ་ར་ཧྲཱིཿགབ། ཙནྡྷ་རཀྵ་ཧྲཱིཿགབ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བཟླས་དམིགས་ནི། ཧཱུྃ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས། །འོད་ཟེར་ཕྱིར་འཕྲོས་སྟོང་གསུམ་འཇིག་རྟེན་གང་། །རྒྱལ་བ་མཆོད་ཅིང་བྱིན་རླབས་དངོས་གྲུབ་བསྡུས། །དྲེགས་པ་ཚར་བཅད་མཐུ་དང་ནུས་པ་འཕྲོག །དྭངས་མ་ཚུར་འདུས་སྣང་གྲགས་ལྷ་དང་སྔགས། །དག་པ་རབ་འབྱམས་ཆོས་དབྱིངས་ཆེན་པོར་རྫོགས། །ཞེས་པའི་དོན་གསལ་བཏབ་ནས། ཐོག་མར་ཁམས་གསུམ་དབང་སྡུད་ཀྱི་སྙིང་པོ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཞེས་པ་ཅུང་ཟད་བཟླ། རྩ་སྔགས་ནི། ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་གཙོ་བོར་བཟླ། བདེ་གཤེགས་གཅིག་དྲིལ་གྱི་དྲག་སྔགས་ནི། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི། བཛྲ་པཱ་ཎི། ཀཱི་ལ་ཡ། ཡ་མ་མ་ཧཱ་ཡཀྴ། ཀཱ་ལ། རཱུ་པ། ཀརྨ། རཾ་རཾ། ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་འབུམ་ཕྲག་གསུམ་དུ་བཟླ་བར་གསུངས། ཤམ་བུ་ནི། ནཱ་ག་དུན་ཙན་དྷེ་ཙན་དྷེ་མི་ལི་མི་ལི་ཧཱུྃ་ཕཊ། ཅེས་དང་། ཀླུ་འདུལ་བའི་ལས་གཙོ་བོར་བྱེད་ན། མི་ལིའི་ཤམ་དུ། བནྡྷ་བནྡྷ་ནཱ་ག་ནི་སྭཱ་ཧཱ། ཞེས་འདོགས་པ་བཟླ། ཐུན་མཐར་གཏོར་མ་འབུལ་བ་ནི། བྱིན་བརླབ་ཚིག་ལྷུག་གོང་ལྟར་ལ། སྔགས་འབྲུ་གསུམ་ལན་གསུམ་གྱིས་བྱིན་གྱིས་བརླབ། རྩ་སྔགས་མཐར། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་འབུལ། ཧྲཱིཿ རིག་པ་ཡེ་ཤེས་ཉིད་ལས་སྐྱེས་པའི་ལྷ། །རང་བྱུང་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་དགོངས་སུ་གསོལ། ཁྱོད་ལ་བསྙེན་སྒྲུབ་མཆོད་བསྟོད་བྱིན་རླབས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་། །དབང་དྲག་འགུགས་བསྐྲད་གཟིར་མནན་ལ་སོགས་པ། །ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ་བོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ཐོག་མར་ཚོགས་མཆོད་ནི། ཚོགས་རྫས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། རཾ་ཡཾ་ཁཾ། ཚོགས་རྫས་མ་དག་པའི་དྲི་མ་བསྲེག་གཏོར་བཀྲུས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས། ཚོགས་གཞོང་བྷྲཱུྃ་ལས་རིན་པོ་ཆེ་དང་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་ཨོཾ་ཨཱཿཧཱུྃ་ལས་ཡེ་ཤེས་རྡོ་རྗེའི་བདུད་རྩི་འདོད་ཡོན་རྣམ་ལྔའི་ཕུང་པོ་ཕྱི་ནང་གསང་བའི་མཆོད་སྤྲིན་བདེ་ཆེན་ལྷ་མོའི་རོལ་པ་དང་བཅས་པ། འདོད་རྒུ་རྒྱུན་མི་འཆད་པར་འབྱུང་བའི་རིན་པོ་ཆེའི་གཏེར་རྣམ་པར་དག་པར་གྱུར། ཨོཾ་མ་ཧཱ་རཏྣ་ཀཱ་མ་ལ་བི་ཤུདྡྷ་ཧཱུྃ། ལན་གསུམ། ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །སྤྲུལ་པའི་ཁྲོ་བོ་མི་བཟད་པ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་མ་ཧཱ་པདྨེ་ཤྭ་ར་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །མ་ཧཱ་པདྨེ་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་དྷཱུ་པཾ་པུཥྤཾ་དཱི་པཾ་གནྡྷཾ་ནཻ་བིདྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བར་པ་བཤགས་པ་ནི། ཧཱུྃ། བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བཟོད་པར་གསོལ་ཏེ་ཚངས་པར་བསྩལ་དུ་གསོལ། །ཚངས་པ་འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་སོགས་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བསྟབ་ནི། ཚོགས་ཐ་མར་འགུག་གཞུག་སྤྱི་ལྟར་བྱས་ལ། ཧཱུྃ། སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ཞིང་བཅུ་མ་ལུས་ཐམས་ཅད་དང་། །འཁོར་བའི་ཉོན་མོངས་རྒྱ་ཕྲལ་ནས། །དུག་ལྔ་དབྱིངས་སུ་བསྒྲལ་བར་བྱ། སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ། ཧཱུྃ། ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ། །ཤ་ཁྲག་སྲོག་དབུགས་མཆོད་པ་འདི། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཨོཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་པཉྩ་ཨ་མྲིཏ་ཁ་རཾ་ཁཱ་ཧི། དེ་ནས་བཟའ་བཏུང་རྣམས་བརྡ་དང་བརྡའི་འབུལ་ལེན་གྱིས་བྲིམས་ཏེ། ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད་ལ་སྨོན་ལམ་གདབ། ལྷག་མ་བསྡུས་ལ་བདུད་རྩིས་བྲན། འབྲུ་གསུམ་གྱིས་བྱིན་བརླབ། ཧཱུྃ། སྔོན་གྱི་ཞལ་བཞེས་དམ་མནོས་བཞིན། །དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི། །ལྷག་གཏོར་དབང་བའི་སྲུང་མ་རྣམས། །འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཕྱི་རོལ་དུ་དོར། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧྲཱིཿ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །འཁོར་དུ་དྲེགས་པའི་ཚོགས་རྣམས་འབུམ་གྱིས་བསྐོར། །དབང་ཆེན་རྔམ་པའི་གནས་ནས་སྐུ་བཞེངས་ལ། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །གནོད་པའི་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གསུམ་པ་ཆད་ཐོ་བསྒྲག་པ་ནི། གཏོར་མ་ལ་སྨན་རཀ་བྲན་ནས་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཡི། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །འཁོར་བཅས་འདིར་གཤེགས་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་མི་མཐུན་ཞི་བ་དང་། །ཚེ་དང་ལོངས་སྤྱོད་རྒྱས་པར་སྤེལ། །འཇིག་རྟེན་དྲེགས་པ་དབང་དུ་སྡུས། །དགྲ་བགེགས་གདུག་པའི་དཔུང་ཚོགས་ཆོམས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་འབུལ། བཞི་པ་བརྟན་མ་བསྐྱང་བ་ནི། གཏོར་གཞོང་བཤལ་བའི་ཕུད་ཀྱིས་གཏོར་མ་བྲན་ནས་བདུད་རྩིར་སྤེལ་ལ། བྷྱོཿ སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་ཉན་མ་མོ་བརྟན་མའི་ཚོགས། །དམ་རྫས་དཔལ་གྱི་གཏོར་མ་ལོངས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་འབུལ། ལྔ་པ་བྲོ་བརྡུང་བ་ནི། གཏོར་གཞོང་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ། ཧཱུྃ། ང་ནི་འཇིགས་བྱེད་ཆེན་པོ་སྟེ། །དགྲ་བགེགས་འབྱུང་པོ་སྤྱི་ནས་གནོན། །དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས། །དུག་གསུམ་ལས་ཀྱི་ཁུང་བུར་མནན། །མནན་ནོ་བཅིངས་སོ་སཏྭམྦྷ་ཡ། །རྡོ་རྗེའི་བྲོ་ཡིས་རྒྱས་གདབ་པས། །སུས་ཀྱང་འཇིག་པར་ནུས་མ་ཡིན། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བྱའོ། །དྲུག་པ་གཏང་རག་བཟོད་གསོལ་ནི། སྔགས་ཙམ་གྱིས་མཆོད། ཡེ་ཤེས་ཧ་ཡ་གྲཱི་བ་རྟ་མཆོག་དཔལ། །ཆགས་མེད་སྐུ་ནི་ནུབ་ཀའི་དམར་ཐག་ལྟར། །འབར་བའི་སྐུ་ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་སྦུབས་གནོན་པའི་ལྷ། །པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་པས་བསྟོད། བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་དང་། །སྒོ་གསུམ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ། ཁྲོ་མཆོག་རྟ་མགྲིན་སྐུ་ལ་མཐོལ་ལོ་བཤགས། །ཞེས་ཡིག་བརྒྱ་བརྗོད། བདུན་པ་བསྡུ་ལྡང་ནི། མདུན་རྟེན་ཚོགས་ཞིང་སོགས་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། བདག་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་བཞག །ཕཊ་ཕཊ་ཕཊ། ཅེས་བརྗོད་པས། སླར་ཡང་དཔལ་ཆེན་པོ་རྟ་མགྲིན་གྱི་སྐུར་ལངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། གནས་ལྔ་སྲུང་སྔགས་བཟླས་པའི་སྐབས་སུ་བཤད་པ་ལྟར་བྱ། བརྒྱད་པ་བསྔོ་སྨོན་ཤིས་བརྗོད་ནི། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། ཁྲོ་རྒྱལ་དཔའ་བོ་རྟ་མགྲིན་གྱི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཅེས་དང་། བླ་མ་རྟ་མཆོག་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ནས། །ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་དོ། །དབང་ཆེན་རྟ་མཆོག་གསང་གསུམ་ལ། །བདེ་གཤེགས་གཅིག་དྲིལ་ཟབ་མོའི་ལམ། །མྱུར་བགྲོད་མཐའ་རུ་ཕྱིན་པའི་འབྲས། །བདག་གཞན་སྐྱེ་དགུས་སྤྱོད་གྱུར་ཅིག །གཞུང་འདི་ཉིད་གཏེར་རྙིང་ཁྱད་པར་ཅན་དུ་སྣང་ཡང་རྟ་པོད་གསེབ་ཏུ་བཞུགས་པ་ཙམ་ལས་རྐང་ཚུགས་ཀྱི་ཡིག་ཆ་མི་འདུག་པས། རང་གཏེར་དང་རིགས་མཐུན་གཞན་གྱིས་ཁ་བསྐངས་ཏེ་པདྨ་གར་དབང་བསྟན་གཉིས་གླིང་པའི་སྡེས་པདྨ་གསུང་གི་ཕོ་བྲང་དང་འདབས་ཆགས་པ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཁྲོས་མ་ནག་མོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་མཁའ་སྤྱོད་ཐེམ་སྐས་ (Volume 34, Text 33)
༄༅། །ཐུགས་རྗེ་ཁྲོས་མ་ནག་མོའི་དབང་བསྐུར་རྒྱས་པ་བཀླག་ཆོག་ཏུ་བཀོད་པ་མཁའ་སྤྱོད་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷཱི་ཀཱ་ལཱི་ཡཻ། རྣམ་ཐར་གསུམ་ལྡན་ཨེ་དབྱིངས་བདེ་ཆེན་ཀློང་། །དཔེ་བྲལ་དཔེ་ཡི་གཟུགས་ཀྱིས་སྐལ་ལྡན་ཀུན། །མཁའ་ལ་སྤྱོད་མཛད་རྡོ་རྗེ་བཙུན་མོ་ལ། །གུས་པས་འདུད་དོ་བརྩེ་བས་རྗེས་འཛིན་མཛོད། །གང་དེའི་སྒྲུབ་ཐབས་ཀུན་གྱི་མཆོག་གྱུར་པ། །མཁའ་འགྲོའི་བཀའ་བབས་གཏེར་ཁ་གོང་མ་ལས། །བྱིན་རླབས་ཆུ་རྒྱུན་མ་ཆད་བྱོན་དེ་དང་། །བཀའ་བརྒྱུད་ཟུང་འབྲེལ་སྨིན་བྱེད་ཁྲིགས་སུ་བཀོད། །བཀའ་སྲོལ་འདིའི་སྨིན་བྱེད་རྩ་བ་བྱིན་རླབས་དབང་བཞི་ལ་ཕག་ལྔའི་རྗེས་གནང་སྦྱར་བ་ཉིད་ཡིན་ལ། དེའི་གསལ་བྱེད་འཇམ་དབྱངས་རལ་གྲི་དང་མངའ་རིས་པཎ་ཆེན་གྱིས་མཛད་པ་སྣང་མོད། ཕྱིས་ནས་ལོ་ཆེན་དྷརྨ་ཤྲཱིའི་ཡིག་ཆ་ལས་རྒྱུན་ལོགས་སུ་བཞུགས་ཤིང་། འདིར་བཀའ་མའི་ལུགས་ལ་ལྷ་དབང་ཆས་དབང་སོགས་ཐེམས་མེད་ཁ་སྐོང་སྦྱར་བའི་དབང་བསྐུར་རྒྱས་པ་ཀུན་མཁྱེན་ཁྲ་ཝ་ཁ་པ་དང་མཁས་གྲུབ་ཀརྨ་ཆགས་མེད་ལས་བརྒྱུད་པ་ལྟར་བྱ་བར་འདོད་ན། བཤམ་དང་དབང་སྒྲུབ་སོགས་དེ་དག་གིས་མཛད་པ་ལྟར་བྱས་ཀྱང་ཆོག་མོད། ལོ་ཆེན་གྱི་ཡིག་ཆ་ཉིད་མདོ་རྒྱས་འཚམ་ཞིང་རྣམ་པ་གསལ་བས་དེ་ལ་བརྟེན་པ་ལེགས་པས། དཀྱིལ་འཁོར། དབང་རྫས། མཆོད་གཏོར། ཉེར་མཁོའི་ཆས་རྣམས་དེ་ལས་བཤད་པ་ལྟར་ལ་ལྷག་པོར་དགོས་པ་དབང་གཏོར། དབུ་རྒྱན། རྡོ་རྗེ། དྲིལ་བུ། གཙུག་གི་ནོར་བུ་དང་དུར་ཁྲོད་ཆས་བརྒྱད་སོ་སོ་བ། གཙོ་འཁོར་བཅུ་གསུམ་རྣམས་ཀྱི་ཙཀླི་ཚང་བ་བཀོད། ལས་བྱང་མཁའ་སྤྱོད་བགྲོད་པའི་བདེ་ལམ་ལྟར་བསང་གཏོར་བྱ་བ་ནས་བརྩམ། བདག་མདུན་བུམ་པ་སྒྲུབ་པ། གཏོར་འབུལ། བདག་འཇུག་བླང་བ་ཡན་ཆད་གྲུབ་ནས། བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱས་པའི་ལས་བུམ་གྱི་ཆུས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་བཏབ། དྲང་དོན་ཆོས་བཤད་སྤྱི་འཚམ་བྱ། ཁྱད་པར། དེའང་ཕྱོགས་དུས་རྒྱལ་བ་མ་ལུས་པའི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་གཅིག་ཏུ་བསྡུས་པ། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་ཡོངས་ཀྱི་སྤྱི་རྗེར་གྱུར་པ། འཆི་མེད་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོར་བརྟུལ་ཞུགས་ཀྱི་རོལ་རྩེད་མཛད་པའི་ཚེ་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཕག་མོ་མངོན་པར་འབྱུང་བའི་རྒྱུད་འབུམ་པ་ཕྱག་ཏུ་ཕུལ། ཌཱ་ཀི་གཙུག་གི་རྒྱན་གཅིག་མས་གསོལ་བ་བཏབ་པའི་ངོར་སློབ་དཔོན་ཆེན་པོས་རྒྱུད་དེའི་ནང་ནས་ཕག་མོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒྲུབ་ཐབས་མངོན་དུ་ཕྱུངས། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱིས་ནག་མོ་ཐུགས་ཀྱི་སྒྲུབ་པ་འདི་སྙན་བརྒྱུད་ཀྱི་ཚུལ་དུ་གསུངས་པས། སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་འདི་ཉིད་གཉན་ཅིང་ཟབ་པར་དགོངས་ཏེ་ཐུགས་ཀྱི་ཀློང་དུ་སྦས། དེ་ནས་བོད་ཡུལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས། དམ་པའི་ཆོས་བསྒྱུར་ཏེ་ཉན་བཤད་སྒོམ་སྒྲུབ་ཀྱིས་བསྟན་པ་སྤེལ་བའི་དུས་སུ། ཌཱ་ཀི་གཙུག་གི་རྒྱན་གཅིག་མའི་རྣམ་འཕྲུལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་གནང་། ཁྱད་པར་ཚེས་བཅུའི་དུས་གཅིག་ལ་དཔལ་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་བའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་མཛད་པའི་ནུབ་མོ་མཚོ་རྒྱལ་ལ་མཁའ་འགྲོ་སྡེ་ལྔས་ལུང་བསྟན་པ་ལྟར། སློབ་དཔོན་ཆེན་པོའི་ཐུགས་ལ་གབ་པའི་ནག་མོ་ཐུགས་ཀྱི་སྒྲུབ་པ་གནང་བར་གསོལ་བ་བཏབ་པས་ཆོས་འདིའི་བཀའ་ལུང་མན་ངག་བཅས་རྫོགས་པར་གནང་། མཚོ་རྒྱལ་གྱིས་ཐུགས་ཉམས་སུ་བཞེས་ཤིང་མངའ་བདག་སོགས་སྨིན་གྲོལ་ལ་བཀོད། མ་འོངས་པའི་གདུལ་བྱར་དགོངས་ནས་གཞུང་ཕལ་ཆེར་བྲག་སྲིན་མོ་སྦར་རྗེས་ཅན་དང། ཐུགས་སྒྲུབ་རྣམ་གསུམ་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས་ཀྱི་ཀ་བ་མཁའ་འགྲོའི་གསང་མཛོད་དུ་སྦས་པ། དུས་ལ་བབས་པའི་ཚེ་ཇི་སྐད་དུ། ཐུགས་གཏེར་ལྔ་ནི་མངའ་བདག་སྤྲུལ་པས་འདོན༔ ཞེས་གྲགས་པ་ལྟར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་འབྲས་བུ་མཐར་ཕྱིན་པའི་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་ལྔའི་ཐོག་མར་བྱོན་པ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ་སྐུའི་སྲས་གཉིས་ཀྱི་གཅེན་པོ་ཉི་མ་ཤེས་རབ་བམ་གསང་མཚན་མི་བསྐྱོད་རྡོ་རྗེ་ལ་གནང་། དེས་མདོ་བོ་སངས་རྒྱས་རས་པ་ལ་གནང་། དེས་གྲུབ་ཆེན་མེ་ལོང་རྡོ་རྗེ་སོགས་ནས་བརྒྱུད་པ་སྟེ་གཏེར་ཁ་འདི་ལ་མཁའ་འགྲོའི་བཀའ་བབས་པས་བརྒྱུད་འཛིན་ཁྲོས་ནག་གི་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཡིན་ཞིང་། འདིའི་སྨིན་བྱེད་རྩ་བའི་གཞུང་ལས་དངོས་སུ་བསྟན་པའི་བྱིན་རླབས་རྗེས་གནང་བཅས་པ་དང་། བརྒྱུད་པའི་བླ་མ་རྣམས་ཀྱིས་བཀའ་གཏེར་གཅིག་འདྲེས་སུ་མཛད་པའི་དབང་བཞི་རྒྱས་པར་བསྐུར་བའི་ཕྱག་སྲོལ་གཉིས་སུ་མཆིས་པ་ལས་ད་ལམ་ཕྱི་མའི་ལུགས་ལྟར་བསྒྲུབ་པ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པའི་རྗེས་ཟློས་མཛོད། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་འཇུག་འདོད་ན། །དམ་པས་བདག་ནི་ངེས་པར་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཁྱེད་རང་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་ལྷའི་ཆས་དགོས་པས་སྟག་ལྤགས་ཤམ་ཐབས་ཀྱིས་སྨད་དཀྲིས་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨཱ་ལཾ་ཀ་ར་ཝསཏྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པས་སྨད་གཡོགས་བཅིངས་ལ། ཡང་གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་པས་སྟོད་གཡོགས་བཀོན། མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུར་བྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་མིག་དར་དང་། ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་གཏད། ཀྱཻ་བུ་ཁྱོད་སུ་ཞིག་ཅི་ལ་དགའ། ཞེས་དྲིས་པ་ལ་ལན་འདི་ལྟར་ཏུ་ཐོབ་ཅིག །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པའི་ལན་འདི་ལྟར་ཐོབ། སངས་རྒྱས་མཆོག་གི་དམ་ཚིག་གོ །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མཁའ་ཁྱབ་ཏུ་སད་པར་བསམ་ལ་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ བླ་མ་དཀོན་མཆོག་མཁའ་འགྲོ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ དུག་ལྔ་ཟད་མཛད་མཁའ་འགྲོ་མ༔ ལྔ་ལ་མོས་པའི་སེམས་ཀྱིས་བསྟོད༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བདག་གིས་དགེ་བ་གང་བྱས་པ༔ སེམས་ཅན་རྣམས་ཀྱི་དོན་དུ་བསྔོ༔ གཞན་གྱི་དགེ་བའི་རྩ་བ་ལ༔ བདག་གིས་རྗེས་སུ་ཡི་རང་ངོ༔ མཆོག་ཏུ་གསང་བ་སྔགས་ཀྱི་ལམ༔ བདག་གི་རྒྱུད་ལ་བརྟེན་པར་བགྱི༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཁྱད་པར་གྱི་དམ་ཚིག་རྣམས་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་སྲས་དང་བཅས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །གདུག་ཅིང་རྩུབ་པའི་སྤྱོད་པ་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །དངོས་པོ་ཀུན་ལ་མ་ཆགས་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །སྨྲ་ཞིང་ཤེས་རབ་བསྟེན་པར་བྱ། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་ལ་སྤྱད་པར་བྱ། །འདུས་པའི་དམ་ཚིག་རྣམ་གསུམ་སྟེ། །མི་ཕོད་རྫི་དང་འཁྲི་བ་གཅོད། །ཞེན་པ་ལྡོག་པ་རྣམ་གསུམ་ཡིན། །སྣང་བའི་ཡུལ་ལ་མི་ཕོད་རྫི། །འཁྲི་བ་ཟས་དང་ནོར་ལ་གཅད། །ཞེན་པ་འཁོར་དང་གཡོག་ལ་ལོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དམ་ཚིག་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་སྒྲོལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་དང་བཅས་པས་མཚན་པར་གྱུར་པའི་མོས་པས་འདི་ཡི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ སེམས་བསྐྱེད་པ་དེ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྙིང་ཁར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ལས་ཀྱི་རྡོ་རྗེས་ཁྲིད་དེ་ཡོལ་བའི་ནང་དུ་ཞུགས་པར་མོས། ཨཱ་ཁཾ་བཱི་ར་ཧཱུྃ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་ཤར་སྒོ་ནས་ལྷ་ཐམས་ཅད་ལ་ཕྱག་འཚལ་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ས་མ་ཡེ་ཧཱུྃ། ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ལན་གསུམ། སླར་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས་ལ་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་ལ་བཞག་པ་རྣམས་རིམ་པར་འབྱུང་བས་སྙན་གཏོད་ཅིག །སློབ་མའི་མགོར་རྡོ་རྗེ་བཞག་ལ། ཁྱོད་ནི་རྣལ་འབྱོར་མའི་རིགས་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་འདི་འདྲ་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །སྙིང་གར་རྡོ་རྗེ་བཞག་ལ། རྡོ་རྗེ་མཁའ་འགྲོ་མ་ཁྱོད་དེང་། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྕེ་ལ་བཞག་སྟེ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཨ་མྲྀཏོ་ད་ཀ་ཋཿ ཡང་རྡོ་རྗེ་མགོར་བཞག་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་བསྩལ་པ། ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདག་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་མ་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆིའོ། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་མ་ཁྲོས་མ་ནག་མོའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བདག་ལ་མྱུར་དུ་དབབ་པར་མཛད་དུ་གསོལ། ལན་གསུམ་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ། ནོར་བུ་ལྟ་བུ། བདུད་རྩི་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཤིན་ཏུ་ཡང་སྨིན་པར་མཛད་དུ་གསོལ། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། རླུང་ཁ་སྦྱོར་དུ་བཅིང་། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། གནས་ཁང་ཨོ་རྒྱན་དག་པའི་ཞིང་ཁམས་སློབ་དཔོན་རྡོ་རྗེ་ཕག་མོ་དངོས་སུ་གསལ་བ་ལ་གུས་འདུད་བྱས་པས་དེའི་སྐུ་ལས་འོད་ཟེར་འཕྲོས། ཁྱེད་རང་ལ་ཕོག་པས། ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་པ་ཐམས་ཅད་སྦྱངས། སྟོང་པའི་ངང་ལས་རང་སེམས་ཨ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་མ་རྗེ་བཙུན་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། ཁ་ཊྭཱཾ་ག་ཐུགས་ཀར་གཏད་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། རལ་པ་དམར་ནག་སྤྲིན་ལྟར་གཏིབས་ཤིང་། ཐོད་སྐམ་ལྔས་དབུ་བརྒྱན་པ། སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ། རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་ཚུལ་གྱིས་རླུང་དཀྱིལ་ནག་པོ་གཞུའི་དབྱིབས་ཅན་ལ་ཡམ་ཡམ་གཡོ་བའི་ཚུལ་གྱིས་བཞུགས་པར་གྱུར་པའི། ཐུགས་ཀའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་གྱི་གཙོ་མོ་དང་གཉིས་སུ་མེད་པའི་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གནས་ཡུལ་དུར་ཁྲོད་འོག་མིན་གྱི་ཞིང་ཁམས་ཁྱབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད། རྣམ་པ་རྡོ་རྗེ་ཕག་མོ་ལྷ་ལྔའི་སྐུར་སྣང་བ་གྲངས་མེད་པ་ཁ་ཆར་དང་བུ་ཡུག་འཚུབས་པ་ལྟར་འུར་འུར་ཆེམ་ཆེམ་བྱོན་ནས་ཁྱེད་རང་གི་སྙིང་གར་སིབ་སིབ་ཐིམ་པར་མོས་ཤིག །ཤ་ཆེན་གུ་གུལ་སོགས་འབེབ་རྫས་བདུག །ཐོད་རྔ་སོགས་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ། རང་བཞིན་རྣམ་དག་ལྷུན་གྲུབ་གཞལ་ཡས་ནས། །འགྲོ་བའི་དོན་དུ་ཐུགས་རྗེ་སྤྲུལ་པའི་སྐུ །མཁའ་འགྲོའི་གཙོ་བོ་པད་འབྱུང་དམ་པ་རྗེ། །ཕྲིན་ལས་མཚུངས་མེད་བཀའ་བརྒྱུད་རིན་པོ་ཆེ། །དཔལ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ནི། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ། །རོལ་མོ་སྒྲ་སྙན་མང་པོ་སི་ལི་ལི། །སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འདིར་གཤེགས་སྐལ་ལྡན་རྣམས་ལ་བྱིན་ཕོབ་ཅིག །ལུས་ལ་བདེ་དྲོད་འབར་བའི་བྱིན་ཕོབ་ཅིག །ངག་ལ་ནུས་པ་འབར་བའི་བྱིན་ཕོབ་ཅིག །སེམས་ལ་རྟོགས་པ་འབར་བའི་བྱིན་ཕོབ་ཅིག །འདུ་བ་གསུམ་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཨོཾ་བཛྲ་ལི་ཙཎྜེ་མ་ཧཱ་སུ་ཁ་ནི་ཙཎྜེ་ཛྙཱ་ན་ཨུ་བྷི་ནི་ཙཎྜེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་དྲག་ཏུ་བཟླ་ཞིང་དབབ་པས་ཕེབས་རྟགས་སྤྱི་ལྟར་འབྱུང་། མ་ཕེབ་ན་སྤོག་ཆོག་ནི། ཁྱེད་རང་ཕག་མོར་གསལ་བའི་སྙིང་གར་ཕག་མོ་སྡེ་ལྔ་བདེ་བའི་གར་སྟབས་ལིང་ལིང་བསྒྱུར་ཞིང་སྐུ་ལས་མུ་མེད་པའི་འོད་ཟེར་སྤྲོ་བས་ལུས་ནང་གང་། བ་སྤུའི་བུ་ག་ནས་ཕྱིར་སོང་བས་སྣང་སྲིད་ཐམས་ཅད་ཕག་མོའི་སྐུར་ཡམ་ཡམ་ཤིག་ཤིག་བཞེངས་པ་རྣམས་བུ་ཡུག་འཚུབས་པ་ལྟར་འདུས་ནས་སྤྱི་གཙུག་ནས་ཐིམ་པའི་རྐྱེན་གྱིས་རང་ལུས་ཀྱང་སྙིང་གར་འདུས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་སྐྱེས་པར་བསམ་ཞིང་། རིག་པ་སྐྱེ་མེད་ཀྱི་ངང་དུ་ཁྲིག་གེར་ཞོག་ཅིག །ཨོཾ་ཨུ་པ་ཀརྨ་མ་མ་ལི་མ་ཧཱ་སུ་ཁ་ནི༔ མ་མ་ལི་ཛོ་ཀི་ཀོ་ར་ཡ༔ མ་མ་ལི༔ ཞེས་དྲག་ཏུ་བཟླས་པས་དབབ་བོ། །གལ་ཏེ་དེས་ཀྱང་མ་ཕེབ་ན། དགོངས་པ་སྣང་སྲིད་སྤྱི་གཏིང་ལྡོག་ཅིང་སྟོང་གསུམ་མགལ་མེ་ལྟར་དུ་བསྐོར་བས། ཨོཾ་བཛྲ་ལི་ཧཱུྃ་ཛ༔ མ་ཧཱ་སུ་ཁ་ནི༔ དེ་བ་ཏད་ཏ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ་ཞིང་བཤུགས་གླུ་འབོད། དེས་མི་ཕེབས་མི་སྲིད་དོ། །དེ་ལྟར་ཡེ་ཤེས་ཕབ་པའི་རྒྱུན་དེ་ཉིད་བརྟན་པར་བྱས་པའི་མོས་པ་བྱེད་དུ་བཅུག་སྟེ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ༔ཞེས་བརྗོད། སྐབས་འདིར་ཁ་དོག་དྲི་བར་འདོད་ན་སྤྱི་དང་མཐུན། དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་སོང་ནས་ཀུན་རྫོབ་དཀྱིལ་འཁོར་དུ་འཇུག་པ་ལ། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་ཅིང་གསོལ་བ་བཏབ་པར་མོས་ཤིག །ཨོཾ་བཛྲ་ཨརྒྷཾ་སོགས་སྔགས་རྒྱ་བྱ། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །མཁའ་འགྲོའི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡོད་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་ཐོབ་པ། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་དབུ་དང་ཐུགས་ཀར་འབུལ་བའི་མོས་པས་འདིའི་རྗེས་ཟློས་བཅས་དོར་མཛོད། ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་དེ་ཉིད་ཁྱེད་རང་རྣམས་ལ་དངོས་གྲུབ་ཀྱི་ཚུལ་དུ་གནང་ནས་རྗེས་སུ་འཛིན་པར་མོས་ཤིག །མེ་ཏོག་མགོར་བཞག་ལ། ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །སློབ་མ་རྗེས་སུ་གཟུང་བར་མཛོད། ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་དར་དང་དུས་མཉམ་དུ་བསལ་བའི་མོས་པ་མཛོད། སྤྱན་ལྔ་རྣམ་དག་དབྱེ་དང་མི་དབྱེ་བྲལ། །འོན་ཀྱང་སྣ་ཚོགས་ཡངས་པའི་སྤྱན་ཕྱེ་བས། །ཆོས་ཀུན་སྒྲིབ་བྲལ་མཁྱེན་ཅིང་གཟིགས་པ་ཡི། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཏྲཱཾ༔ ཞེས་མིག་དར་བཀྲོལ། ཀྱཻ༔ ཁམས་གསུམ་དག་པ་སྐུ་གསུང་ཐུགས༔ ཕོ་ཉ་གསུམ་ལྡན་དཀྱིལ་འཁོར་ལྟོས༔ ས་གསུམ་པོ་ཡང་གཡོ་བས་ན༔ སྒོ་གསུམ་སྐུ་གསུམ་ཉིད་དུ་སྦྱོར༔ ཕྱི་སྣོད་ཀྱི་འཇིག་རྟེན་དག་པའི་བརྡར་ཡེ་ཤེས་ཀྱི་མེ་རིས་བསྐོར་བའི་དབུས་སུ་རྡོ་རྗེའི་གུར་ཁང་། རང་བྱུང་དུར་ཁྲོད་ཆེན་པོ་བརྒྱད། ཆོས་འབྱུང་གཉིས་བརྩེགས་གྲྭ་ཟུར་དགའ་བ་འཁྱིལ་བས་བརྒྱན་པའི་ནང་དུ་པདྨ་ཉི་མ་རོའི་གདན་ལ། ནང་བཅུད་ཀྱི་སེམས་ཅན་དག་པའི་བརྡར་དབུས་དང་ཕྱོགས་བཞིར་བཅོམ་ལྡན་འདས་མ་རྗེ་བཙུན་ཁྲོས་མ་རིགས་ལྔ། ཕྱི་རོལ་དུ་དུར་ཁྲོད་ཀྱི་མཁའ་འགྲོ་བརྒྱད་བཞུགས་པ། དེ་དག་ནི་ངོ་བོ་གཅིག་ལ་གང་འདུལ་གྱི་སྐུར་བསྟན་པ་ཡིན་ཏེ། ཁྲོས་མ་ཉིད་ཀྱི་རྩ་རྒྱུད་ལས། གཏི་མུག་ཅན་གྱི་གང་ཟག་ལ༔ སྐུ་ཡི་ཕག་མོ་དཀར་མོར་བསྟན༔ གཏི་མུག་ཚུལ་གྱིས་གཏི་མུག་འཇོམས༔ འདོད་པ་གཙོར་བྱེད་གང་ཟག་ལ༔ གསུང་གི་ཕག་མོ་དམར་མོར་བསྟན༔ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས༔ ཞེ་སྡང་སྤྱོད་པའི་གང་ཟག་ལ༔ ཐུགས་ཀྱི་ཕག་མོ་ནག་མོ་བསྟན༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས༔ ང་རྒྱལ་ཅན་གྱི་གང་ཟག་ལ༔ ཡོན་ཏན་ཕག་མོ་སེར་མོར་བསྟན༔ ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས༔ ཕྲག་དོག་ཅན་གྱི་གང་ཟག་ལ༔ ཕྲིན་ལས་ཕག་མོ་ལྗང་གུར་བསྟན༔ ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས༔ ཞེས་དང་། དུག་ལྔ་དག་པས་མཁའ་འགྲོ་ལྔ༔ རྣམ་ཤེས་ཚོགས་བརྒྱད་མཁའ་འགྲོ་བརྒྱད༔ ཅེས་གསུངས་པ་ཡིན་པས་དགའ་བ་དང་སྤྲོ་བ་བསྐྱེད་མཛོད། དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། ཁྱོད་ནི་རྣལ་འབྱོར་མའི་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །དམ་ཚིག་ཐམས་ཅད་སྐྱོང་བ་དང་། །གསང་སྔགས་འདི་ལ་བརྩོན་པར་གྱིས། །དེ་དག་གིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞིའི་དབང་ལ་སྐུ་བུམ་པ་གསུང་གསང་བ་ཐུགས་ཤེས་རབ་ཡེ་ཤེས་བཞི་པ་ཚིག་དབང་སྟེ། དབང་བཞི་ཡོངས་རྫོགས་རིམ་པ་ལྟར་བསྒྲུབ་པ་ལ། དང་པོ་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ལ་བུམ་པའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས་བདག་གི་ལུས་ལ་བུམ་པའི་དབང་བསྐུར་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བ་བྱུང་གིས་བྱུགས་པའི་མཎྜལ་གྱི་དབུས་སུ། ཆོས་འབྱུང་གི་ལྟེ་བར་མེ་ཏོག་གི་ཚོམ་བུ་བཀོད་པའི་སྟེང་དུ་འཁོད་པར་མོས་ཤིག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་གནས་བཞིའི་ཨ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ནམ་མཁའ་གང་བ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་རིམ་བཞིན་མཛད། ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་མ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་ངོ་བོར་གྱུར་པ་ལ། བུམ་པའི་ཆུ་སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་ངོ་བོར་ཞུ་བའི་རྒྱུན་གྱིས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། རྡོ་རྗེ་མཁའ་འགྲོ་ཆུ་ཡི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་ཀུན་བྱང་ནས༔ བཀྲ་ཤིས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་འཐོར་ཞིང་བླུད་པ་འོག་མ་རྣམས་ལའང་འགྲེ །བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱང་། ཆུའི་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་མི་བསྐྱོད་པས་དབུ་བརྒྱན། དེས་མི་བསྐྱོད་པ་རྡོ་རྗེ་མཁའ་འགྲོའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་རྡོ་རྗེ་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་རྣམས་རིན་ཆེན་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ་དབུ་རྒྱན་སངས་རྒྱས་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པ་སྤྱི་བོར་བཅིངས་པར་མོས་ཤིག །རིན་ཆེན་མཁའ་འགྲོ་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཡོན་ཏན་རབ་གྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་རཏྣ་དྷཱ་ཀི་ནཱི་ཨཱ་བྷི་ཥིཉྩ་ཧཱུྃ། རྣམ་བུམ་དབང་དང་སྐུར་ཚིག་སྔར་བཞིན། ཧཱུྃ༔ བུམ་པའི་དབང་བསྐུར་སོགས་ཀྱི་མཐར། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། རྣ་ལྟག་གཡས་པར་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། དེས་རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོའི་སྒོ་ནས་ཅོད་པན་གྱི་དབང་བསྐུར། ཉོན་མོངས་པ་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་དང་རིན་ཆེན་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་རྣམས་པདྨ་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། སངས་རྒྱས་ཐམས་ཅད་འོད་དཔག་མེད་པའི་ངོ་བོར་གྱུར་པའི་རྡོ་རྗེ་ལག་གཡས་སུ་གཏད་པར་མོས་ཤིག །པདྨ་མཁའ་འགྲོ་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་པདྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བུམ་པའི་དབང་བསྐུར་སོགས། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། ལྟག་པར་འོད་དཔག་མེད་ཀྱིས་དབུ་བརྒྱན། དེས་འོད་དཔག་མེད་དང་པདྨ་མཁའ་འགྲོའི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང་པདྨ་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་སྣ་ཚོགས་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། སངས་རྒྱས་ཐམས་ཅད་དོན་ཡོད་གྲུབ་པའི་ངོ་བོར་གྱུར་པའི་དྲིལ་བུ་ལག་གཡོན་དུ་གཏད་པར་མོས་ཤིག །ལས་ཀྱི་མཁའ་འགྲོ་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར། །ལས་ཀྱི་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་ཀརྨ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ༔ བུམ་པའི་དབང་བསྐུར་སོགས། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པས་དབུ་བརྒྱན། དེས་དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པ་དང་ལས་ཀྱི་མཁའ་འགྲོའི་བག་ཆགས་རྒྱུད་ལ་བཞག་པ་ཡིན་ནོ། ཁྱེད་རང་རྣམས་སངས་རྒྱས་མཁའ་འགྲོ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་གྱུར་པ་ལ། རྡོ་རྗེ་དྲིལ་བུ་སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་ངོ་བོར་ཞུ་བ་སྤྱི་བོར་འཁྲོལ་ཞིང་མིང་གི་དབང་བསྐུར་བར་མོས་ཤིག །སངས་རྒྱས་མཁའ་འགྲོ་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །སངས་རྒྱས་མཁའ་འགྲོར་ཁྱོད་དབང་བསྐུར། །ཨོཾ་བུདྡྷ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཀྱཻ་དཔལ་རྡོ་རྗེ་ཁྲོས་མ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཧཱུྃ༔ བུམ་པའི་དབང་བསྐུར་སོགས། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུས་ལུས་གང་བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་དབང་གི་ལྷ་རྣམས་ཀྱང་ཡེ་ཤེས་པའི་ཚུལ་དུ་ཞུགས་པར་མོས་མཛོད། དེས་རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོའི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་དང་སངས་རྒྱས་མཁའ་འགྲོའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །དེ་རྣམས་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་གྱུར་པ་སྟེ་རིགས་པའི་དབང་ལྔའོ། །དེ་ནས་ལྷ་དང་སྔགས་ཀྱི་དབང་སྦྱིན་པ་ལ། ཁྱེད་རང་རྣམས་བཅོམ་ལྡན་འདས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་གསལ་བ་ལ། དཀྱིལ་འཁོར་གྱི་དབུས་ནས་ལྷ་སོ་སོའི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དེ་དང་དེའི་ངོ་བོར་གྱུར་པར་སྒོམས་ཤིག །སོ་སོའི་ཙཀ་ལི་མགོར་བཞག་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་ཁྲོས་མ་ནག་མོའི་སྐུར་གྱུར་ནས། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས། །མི་འགྱུར་རྡོ་རྗེའི་ས་ལ་ཕྱིན་པར་ཤོག །ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་བདེ་ཆེན་དཀར་མོའི་སྐུར་གྱུར་ནས། །ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་དབང་ཐོབ་ནས། །ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་སེར་མོ་དོན་གྲུབ་སྐུར་གྱུར་ནས། །ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས། །རྒྱས་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །རི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་དམར་མོ་སྒྲ་སྒྲོག་སྐུར་གྱུར་ནས། །འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་དབང་ཐོབ་ནས། །དབང་གི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ལྷ་དབང་ལུས་ལ་བསྐུར་བ་ཡིས། །ལུས་སྣ་ཚོགས་མཐར་ཕྱིན་སྐུར་གྱུར་ནས། །ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་དབང་ཐོབ་ནས། །དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་ཤོག །ས་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུགས་ཀྱི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཚོར་བའི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་རཏྣ་དྷཱ་ཀི་ནཱི་ཨ༴ ཧཱུྃ། པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འདུ་ཤེས་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་པདྨ་དྷཱ་ཀི་ནཱི་ཨ༴ ཧཱུྃ། ལས་ཀྱི་རིགས་ཀྱི་མཁའ་འགྲོས་མ། །ལྗང་མོ་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འདུ་བྱེད་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་ཀརྨ་དྷཱ་ཀི་ནཱི་ཨ༴ ཧཱུྃ། དམ་ཚིག་མཁའ་འགྲོ་དམིགས་པ་ཅན། །དཀར་སེར་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་ས་མ་ཡ་དྷཱ་ཀི་ནཱི་ཨ༴ ཧཱུྃ། སྣ་ཚོགས་མཁའ་འགྲོ་མི་ཐུབ་མ། །དམར་སེར་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཀུན་གཞིའི་རྣམ་ཤེས་གནས་སུ་དག་གྱུར་ཅིག །ཨོཾ་བྷི་ཤྭ་དྷཱ་ཀི་ནཱི་ཨ༴ ཧཱུྃ། ཐམས་ཅད་མཁའ་འགྲོ་ཀུན་ཏུ་རྒྱུ། །དམར་ལྗང་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཡིད་ཀྱི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་སརྦ་དྷཱ་ཀི་ནཱི་ཨ༴ ཧཱུྃ། འཇིག་རྟེན་མཁའ་འགྲོ་ལས་བྱེད་མ། །དཀར་ལྗང་གྲི་གུག་ཐོད་ཁྲག་འཛིན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དབང་པོ་སྒོ་ལྔའི་ཕུང་པོ་གནས་སུ་དག་གྱུར་ཅིག །ཨོཾ་ལོ་ཀ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྤྱི་བོར་བླ་མ་རིགས་བདག་གི་ཚུལ་དང་ཕྱག་མཚན་རྣམས་གཏད་ནས་མངའ་གསོལ་བར་མོས་ཤིག །སྤྱི་གཙུག་ཏུ་ནོར་བུ་བཅིངས་ཤིང་། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ནག་མོ་ཡི། །སྤྱི་གཙུག་ནོར་བུའི་དབང་བསྐུར་བས། །བླ་མ་རྒྱུན་དུ་བསྟེན་པར་ཤོག །རྩ་སྔགས་མཐར། རཏྣ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ། ཁ་ཊྭཱཾ་མཆན་ཁུང་གཡོན་དུ་གཏད་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། ཁ་ཊྭཱཾ་འབར་བས་དབང་བསྐུར་བས། །ཐབས་མཆོག་ཡབ་དང་མི་འབྲལ་ཤོག །སྔགས་མཐར། ཤྲཱི་ཧེ་རུ་ཀ་ཁ་ཊྭཱཾ་ཀ་ཨ་བྷི༴ གཡས་སུ་གྲི་གུག་གཏད་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །གྲི་གུག་འབར་བས་དབང་བསྐུར་བས། །དུག་གསུམ་རྩད་ནས་གཅོད་པར་ཤོག །སྔགས་མཐར། བཛྲ་ཀརྟ་རི་ཨ་བྷི༴ གཡོན་དུ་ཐོད་ཁྲག་གཏད་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་ཁྲག་འབར་བས་དབང་བསྐུར་བས། །ཐུགས་རྗེས་འགྲོ་རྣམས་དབང་སྡུད་ཤོག །སྔགས་མཐར། ཀ་པཱ་ལ་རཀྟ་ཨ་བྷི༴ དེ་ནས་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་རིམ་པར་མངའ་གསོལ་བས་རྗེ་བཙུན་ཁྲོས་མ་དངོས་དང་ཐ་དད་མེད་པའི་གཟི་བརྗིད་བསྐྱེད་པར་མོས་ཤིག །མགོ་བོར་ཐོད་སྐམ་དབུ་རྒྱན་བཀོན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་སྐམ་འབར་བས་དབང་བསྐུར་བས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །སྔགས་མཐར། པཉྩ་ཀ་པཱ་ལ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཧཱུྃ། རུས་པའི་རྒྱན་དྲུག་བཀོན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི༴ བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །རུས་པའི་རྒྱན་དྲུག་དབང་བསྐུར་བས། །ཕ་རོལ་ཕྱིན་དྲུག་དབང་ཐོབ་ཤོག །སྔགས་དང་། མ་ཧཱ་ཀིཾ་ནི་རི་ཏི་ཨ་ལཾ་ཀཱ་ར་ཨ་བྷི༴ ཐོད་རློན་དོ་ཤལ་བྱས་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི༴ བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །ཐོད་རློན་དོ་ཤལ་དབང་བསྐུར་བས། །གཏི་མུག་གནས་སུ་དག་གྱུར་ཅིག །སྔགས་དང་། ཀ་པཱ་ལ་མཱ་ལཱ་ཨ་བྷི༴ སྟག་ལྤགས་ཤམ་ཐབས་བྱས་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི༴ བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །སྟག་ཤམ་འབར་བའི་དབང་བསྐུར་བས། །ང་རྒྱལ་ཟིལ་གྱིས་གནོན་པར་ཤོག །སྔགས་དང་། བྱཱ་གྷྲི་ཛི་ནམྤ་ར་ཨ་བྷི༴ སྤྱི་ཁྱབ་ཏུ་དུར་ཁྲོད་ཆས་བརྒྱད་བཀོན་ལ། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །བཅོམ་ལྡན་ཐུགས་རྗེ་ཁྲོས་མ་ཡི། །དུར་ཁྲོད་ཆས་བརྒྱད་དབང་བསྐུར་བས། །ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་གྱུར་ཅིག །སྔགས་དང་། མ་ཧཱ་ཤྨ་ཤཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་དམར་པོ་འཕྲོས། ཞལ་ནས་ཐོན། ཁྱེད་རང་གི་གནས་བཞིར་འཁོད་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས་ལན་བདུན། མེ་ཏོག་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སོགས་དང་། སློབ་མས་མེ་ཏོག་ཕུལ་ལ། བཅོམ་ལྡན་བདག་ལ་སོགས་སྤྱི་ལྟར་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དང་རྗེས་སུ་གནང་བ་བསྩལ་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་དབང་སྟེགས་སེང་གེས་བཏེག་པའི་ཁྲིའི་སྟེང་དུ། རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྡོ་རྗེ་དང་དྲིལ་བུ་འཛིན་པས་འཁྱུད་པར་གྱུར་པར་མོས་ཤིག །ལག་པ་གཡས་སུ་རྡོ་རྗེ་བྱིན་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་དེ་ཁོ་ན་ཉིད་ཀྱི་ཐུགས་ཀྱི་དམ་ཚིག་ཟུངས་ཤིག །ལག་པ་གཡོན་དུ་དྲིལ་བུ་གཏད་ལ། ཨཱཿལས་བྱུང་བའི་དྲིལ་བུ་ཤེས་རབ་དེ་ཁོ་ན་ཉིད་ཀྱི་གསུང་གི་དམ་ཚིག་ཟུངས་ཤིག །འཁྱུད་པའི་ཚུལ་བྱེད་དུ་བཅུག་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་ཕྱག་རྒྱ་སྐུ་ཡི་དམ་ཚིག་ཟུངས་ཤིག །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །གཙོ་མོའི་གནས་བཞིའི་འོད་ཟེར་གྱིས་བསྐུལ་བའི་དབང་ལྷ་ནམ་མཁའ་གང་བ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབ། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཏེ། །རྡོ་རྗེ་སེམས་དཔར་ཁྱོད་གྱུར་ནས། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །ཨོཾ་བཛྲ་དྷཱ་ཀི་ནཱི་མ་ཧཱ་གུ་རུ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག །བདེ་བ་ཆེན་པོ་ཉམས་སུ་མྱོང་། ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་སློབ་མའི་ལུས་ལ་ཐིམ་པར་གྱུར། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བའི་མོས་པ་མཛོད། མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། དེ་ནས་འདི་ཉིད་ཀྱི་སྒྲུབ་ཐབས་དང་མེ་ལོང་རྣམས་ལག་ཏུ་གཏད་ལ། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །སངས་རྒྱས་རྣམས་དང་མཉམ་པར་འགྱུར། །ཨོཾ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་དྷ་ར་ཧཱུྃ། དེ་ལྟར་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་འདོད་ཁམས་དག་པས་དབང་དུ་འདུས་ཤིང་སྔགས་སྐྱེས་ཀྱི་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གཉིས་པ་གསང་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་གི་ངག་ལ་གསང་བའི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་སྟེ་སྤྱི་བོ་ནས་ཞུགས། དྷཱུ་ཏིའི་ལམ་བརྒྱུད། གསང་གནས་འདབ་བཞིའི་འཁོར་ལོར་རྣལ་འབྱོར་མ་ལྔ་བཞུགས་པའི་ཞལ་དུ་ཐིམ་པས་བདེ་བའི་རོ་མྱོང་ནས་ལྔ་ཀ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་ཕྱིར་ཕྱུངས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྕེ་ཐོག་ཏུ་བཞག་པའི་མོས་པ་བྱེད་དུ་བཅུག་ལ། གསང་རྟེན་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ ཐོད་པ་མཚན་ལྡན་ཡེ་ཤེས་ཀ་པཱ་ལར༔ བདུད་རྩི་ལྔ་ལྡན་མཁའ་འགྲོ་རིགས་ལྔའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྐུ་ལྔ་དབང་དུ་སྡུད་པར་ཤོག༔ པཉྩ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པས་དབང་བསྐུར་པས་མཁའ་འགྲོ་སྐུ་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པས་འབྱུང་བ་བཞི་གནས་སུ་དག་ནས་རྩ་ཁམས་མཁའ་འགྲོར་གྲོལ་བར་བསམ། དེས་གསུང་གི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རང་ལུས་ལ་བསྟེན་ནས་རླུང་དྲུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་ཁམས་དག་པས་དབང་དུ་འདུས་ཤིང་ཞིང་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་དབྱེར་མེད་པའི་བདག་ཉིད་ཅན་ལ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་གི་ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ལན་གསུམ། མེ་ལོང་སྙིང་གར་བཞག །དེ་ལས་གཡོན་པའི་མཐེབ་སྲིན་གྱིས་སིནྡྷུ་ར་བླངས་པ་སྙིང་གར་བྱུག་ཅིང་། ཧཱུྃ༔ ཆོས་རྣམས་དག་ཅིང་གསལ་ལ་དྲི་མ་མེད༔ སྣང་ལ་རང་བཞིན་ངོས་གཟུང་མེད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་ཤེས་རབ་ཡེ་ཤེས་གསལ་བ་ངོ་བོ་སྟོང་པའི་ངང་དུ་རང་སེམས་འདྲེས་ཤིང་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོར་གྲོལ་བར་བསམ་མོ། །དེས་ཐུགས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་གཟུགས་མེད་ཁམས་དག་པས་དབང་དུ་འདུས་ཤིང་ལྷན་སྐྱེས་ཕོ་ཉའི་ཚོགས་དང་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །བླ་མ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱིས། བདག་ལ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བར་མཛད་དུ་གསོལ། ལན་གསུམ། དེ་ནས་མེ་ལོང་གི་སིནྡྷུ་ར་འདི་ཉིད་བླ་མ་བསྒོམ་པའི་རྟེན་རྫས་ཡིན་ལ། ཁྱེད་རང་གི་སྤྱི་བོར་བྱུགས་པས། བླ་མ་རྡོ་རྗེ་འཆང་ཆེན་པོ་དང་དུས་ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་སྤྱི་བོར་བྱུགས། ཡི་དམ་གྱི་ལྷ་ཚོགས་སྒོམ་པའི་སྒྲུབ་རྫས་ཡིན་པའི་ཕྱིར་ལྟེ་བར་བྱུགས་པས་ཁྱེད་རང་རྣམས་ཀྱི་ལྷ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ཡིན་པས། དུས་རྟག་ཏུ་མི་འབྲལ་བར་ལུས་སེམས་ཐུགས་རྗེ་ཁྲོས་མ་ནག་མོར་སྒོམས་ཤིག །ཅེས་ལྟེ་བར་བྱུགས། བྲིས་སྐུ་སྤྱི་བོར་བཞག་ཅིང་མིག་ལམ་དུ་ཡང་བསྟན་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་དབང་ལུས་ལ་བསྐུར་བ་ཡིས༔ ཕག་མོ་ཁྲོས་མའི་སྐུར་གྱུར་ནས༔ རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཕྱག་རྒྱ་ཆེན་པོ་སྒོམ་པའི་དམིགས་པ་ཏིང་ངེ་འཛིན་གྱི་རྫས་ཡིན་པས་སྙིང་གར་བྱུགས་པ་ན་རང་སེམས་ངོ་བོ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་ཞོག་ཅིག །ཅེས་སྙིང་གར་བྱུགས་ལ། ཧཱུྃ། ལྟོས་ཤིག་ཕྱི་ཡི་ཡུལ་ལ་ལྟོས། །རྒྱ་མཚོའི་ནང་ན་གཟའ་སྐར་ཤར་བ་བཞིན། །ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ལ་བལྟས་པས་སེམས་མ་རྙེད། །ལྟོས་ཤིག་བར་གྱི་གནས་ལ་ལྟོས། །ཚོགས་དྲུག་ཟང་ཐལ་ལྷུག་པར་མཐོང་། །ཡེ་ནས་མ་བཅོས་ཆོས་ཉིད་དབང་ཐོབ་ཤོག །ཨོཾ་དྷརྨ་བོ་དྷི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་པས་ལུས་རྡོ་རྗེ་ཕག་མོའི་སྐུ་སྣང་སྟོང་ཟུང་འཇུག །ངག་སྔགས་ཀྱི་ལུང་ཐོབ་ནས་རྡོ་རྗེ་ཕག་མོའི་གསུང་གྲགས་སྟོང་བརྗོད་མེད། སེམས་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་ལ་མི་རྟོག་པའི་ཆོས་ཉིད་རྡོ་རྗེ་ཕག་མོའི་ཐུགས་ཏེ། རྩ་བའི་སྒྲུབ་ཐབས་ལས། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ ཞེས་གསུངས་པ་ཡིན་པས་དེའི་ངང་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། གཙོ་བོར་ཁམས་གསུམ་དུ་འཛིན་པའི་བག་ཆགས་དག་ནས། ཕོ་ཉ་གསུམ་འདུས་མཁའ་ལ་སྤྱོད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་འདི་ཀས་ཐམས་ཅད་ཀྱི་གོ་ཆོད་པར་བྱེད་ན་ལོ་ཆེན་ཡིག་ཆ་ལྟར་རྗེས་གནང་ལྔ་པོ་སྐབས་འདིར་སྦྱར་རོ། །དེ་རྣམས་ཀྱིས་རྩ་བའི་དབང་བཞི་ཡོངས་སུ་རྫོགས་པ་གྲུབ་ནས། ཁྱད་པར་དུ་གཏོར་མ་ལ་བརྟེན་ནས་བྱིན་གྱིས་བརླབ་པ་ལ། གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལ། ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་རྗེ་བཙུན་མ་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར། སྟེང་གི་ཆ་ལ་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་སྤྲིན་ལྟར་འཁྲིགས་པ། ཕྱིའི་མཐའ་སྐོར་དུ་གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས་ཀྱི་དཔའ་བོ་དང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་གཙོ་འཁོར་དེ་རྣམས་ཀྱི་དཔྲལ་བ་ནས་འོད་ཟེར་དཀར་པོ་དང་ཡེ་ཤེས་ཀྱི་མེ་ཡི་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས། ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་པའི་མོས་པ་མཛོད། ཧཱུྃ། མ་བཅོས་ཆོས་དབྱིངས་སྐྱེ་བ་མེད་པ་ལས། །རང་བྱུང་ལོངས་སྐུ་ཁྲོས་མ་ནག་མོ་ནི། །སྐུ་མདོག་མཐིང་ནག་ཁྲོ་མོའི་ཆ་བྱད་ཅན། །གཅེར་བུ་རྟོག་བྲལ་དབུ་སྐྲ་ཐུར་དུ་གྲོལ། ཁྲོ་གཉེར་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །སྤྱི་གཙུག་ཕག་ཞལ་སྲིད་གསུམ་རྩེ་ནས་བལྟ། །ཕག་མོའི་ངུར་སྒྲས་སྟོང་གསུམ་ཟིལ་གྱིས་གནོན། །གྲི་གུག་ཐོད་ཁྲག་གཡས་གཡོན་ཕྱག་ན་འཛིན། །རྒྱལ་མཚན་ཁ་ཊྭཱཾ་ག་ནི་གྲུ་མོར་བརྟེན། །ཕྱག་རྒྱ་ལྔ་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་དཔུང་ཀློང་ན་ཞབས་གཉིས་བརྐྱང་བསྐུམ་གྱིས། །པད་ཉི་དུས་མཚན་རོ་ཡི་སྟེང་ན་མནན། །བདེ་སྟོང་ཉམས་ལྡན་འབར་བའི་གར་གྱིས་བཞུགས། །ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ཀྱི་དྲི་མ་དག་གྱུར་ཅིག །མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །རྩ་སྔགས་བརྗོད་ལ་སྤྱི་བོར་བཞག །དེས་འགྱུར་མེད་རྡོ་རྗེ་སྐུ་ཡི་དབང་ཐོབ་ནས། སྐུ་མི་འགྱུར་བ་རྡོ་རྗེའི་སྐུ་མངོན་དུ་གྱུར་པའི་མོས་པ་མཛོད། ཡང་རྗེ་བཙུན་ཁྲོས་མ་ནག་མོ་གཙོ་འཁོར་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་དག་པའི་མོས་པ་མཛོད། ཧཱུྃ། ཆོས་ཉིད་རང་སྒྲ་རྣམ་པར་དག་པ་ཡི། །ཨཱ་ལི་ཀཱ་ལིའི་ངོ་བོ་རབ་བརྗོད་ཅིང་། །ཨཱ་རལླི་ཞེས་བཞད་པའི་གད་རྒྱངས་སྒྲོག །ཕེཾ་ཕེཾ་སྒྲ་ཡིས་མཁའ་འགྲོ་དབང་དུ་བསྡུས། །ཧཱུྃ་གི་ང་རོས་བདུད་དཔུང་འཇོམས་པར་མཛད། །སྟོང་ཉིད་ཆོས་སྒྲས་འགྲོ་བ་དབྱིངས་སུ་སྒྲོལ། །ཕཊ་ཀྱི་འབྲུག་སྒྲས་ལོག་འདྲེན་ཚར་གཅོད་ཅིང་། །བདེ་བ་རབ་རྒྱས་ཨ་ཧཾ་སྒྲ་འབྱིན་ཅིང་། །གསུང་དབྱངས་དྲུག་ཅུས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མའི་གསུང་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །ངག་ལ་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་གི་སྒྲིབ་པ་དག་གྱུར་ནས། །ཡན་ལག་དྲུག་ཅུའི་གསུང་ནི་ཐོབ་པར་ཤོག །རྩ་སྔགས་བརྗོད་ལ་མགྲིན་པར་བཞག །དེས་འགག་མེད་རྡོ་རྗེའི་གསུང་གི་དབང་ཐོབ་ནས། གསུང་མི་འགྱུར་བ་རྡོ་རྗེའི་གསུང་མངོན་དུ་གྱུར་པའི་མོས་པ་མཛོད། ཡང་རྗེ་བཙུན་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཡེ་ཤེས་ཀྱི་རླུང་གིས་གཏོར་བའི་མོས་པ་མཛོད། ཧཱུྃ། དོན་དམ་སྟོང་ཉིད་བདེ་ཆེན་དག་པའི་ཐུགས། ཁ་དོག་མཚན་མ་བརྗོད་པའི་ཡུལ་ལས་འདས། །ཉོན་མོངས་རྣམ་དག་ཡེ་ཤེས་ཆེན་པོ་ཉིད། །གདོད་ནས་རྣམ་དག་སྤྲོས་བྲལ་དོན་སྟོན་མ། །འཁོར་བའི་སྐྱོན་བྲལ་ཤེས་རབ་ཕ་རོལ་ཕྱིན། །བདེ་སྟོང་གཉིས་མེད་ཡེ་ཤེས་འཆར་མཛད་མ། །མཐོང་ཐོས་དྲན་པས་འགྲོ་བ་ཐམས་ཅད་ལ། །འབར་བ་གསུམ་གྱི་དངོས་གྲུབ་སྟེར་མཛད་མ། །དགའ་བདེ་གཉིས་མེད་ཡེ་ཤེས་འཆར་མཛད་མ། །ཐུགས་རྗེ་ཁྲོས་མའི་ཐུགས་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །སེམས་ལ་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་ཀྱི་སྒྲིབ་པ་དག་གྱུར་ནས། །སྤང་རྟོགས་མཁྱེན་བརྩེ་ལྡན་པར་ཤོག །སྔགས་བརྗོད་ལ་སྙིང་གར་བཞག །དེས་འཁྲུལ་མེད་རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ནས། ཐུགས་མི་འགྱུར་བ་རྡོ་རྗེའི་ཐུགས་མངོན་དུ་གྱུར་པའི་མོས་པ་མཛོད། ཡང་རྗེ་བཙུན་མ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་ལ་ཕོག་པས། སྒོ་གསུམ་ཆ་མཉམ་དུ་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་མེ་རླུང་ཆུ་གསུམ་གྱིས་བསྲེགས་ནས་གཏོར་ཅིང་བཀྲུས་ཏེ་དག་པའི་མོས་པ་མཛོད། ཧཱུྃ། དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སྣང་སྟོང་དབྱེར་མེད་འཇའ་ལས་གཟུགས་སྐུའི་ཚུལ། །རྣམ་དག་སྐུ་ལ་ཡོན་ཏན་རབ་རྒྱས་ཤིང་། །འགག་མེད་གསུང་གིས་གདུལ་བྱ་སྨིན་གྲོལ་མཛད། །སྤྲོས་བྲལ་ཐུགས་ཀྱིས་འཁོར་བའི་རྒྱ་མཚོ་སྐེམ། །ཡོན་ཏན་ལྷུན་གྱིས་གྲུབ་པས་དངོས་གྲུབ་སྟེར། །ཕྲིན་ལས་ཐུགས་རྗེས་འགྲོ་བ་ཐབས་ཀྱིས་འདུལ། །ཐུགས་རྗེ་ཁྲོས་མ་བདེ་བ་ཆེན་པོ་ཡི། །འཁོར་ལོ་ལྔ་རྫོགས་ཕྲིན་ལས་ཀུན་གྱི་བདག །མཆོག་དང་ཐུན་མོང་དངོས་གྲུབ་གཏེར་འཆང་བ། །ཡེ་ཤེས་མཁའ་འགྲོ་བདེ་གཤེགས་ཀུན་གྱི་ཡུམ། །ཕག་མོའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་ཁྲོས་མའི་ལྷ་ཚོགས་ཀྱིས། །རྡོ་རྗེའི་སློབ་མ་འདི་རྣམས་ལ། །སྒོ་གསུམ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །སྒོ་གསུམ་སྒྲིབ་པ་དག་གྱུར་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །འདིར་སྤྲོ་ན་བརྒྱུད་པའི་མཚན་བརྗོད་ལ་གཏོར་མའི་བཀའ་བསྒོ་སྤྱི་ལྟར་བྱ། རྩ་སྔགས་བརྗོད། གཏོར་མ་གནས་བཞིར་བཞག །མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྒོ་གསུམ་རྗེ་བཙུན་ཁྲོས་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་ནས་སྲུང་བ་ཆེན་པོ་བྱས་པར་མོས་ཤིག །མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་དག་གིས་རྗེ་བཙུན་ཁྲོས་མ་ནག་མོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་ཕག་མོ་མངོན་འབྱུང་གི་དགོངས་པ་ལྟར། རྩ་བའི་དབང་བཞི་ལ་ཕྲ་མོར་བྱེ་བ་སུམ་ཅུ་རྩ་ལྔའི་དབང་རྒྱས་པ་ཐོབ་པ་ཡིན་པས་རྩ་བ་ཡན་ལག་གི་དམ་ཚིག་སྤྱི་དང་། ཁྱད་པར་རྒྱུད་ལས། བདེ་ཆེན་དཀར་མོའི་དམ་ཚིག་ཏུ༔ སེམས་ཅན་ཀུན་ལ་བྱམས་པ་བསྒོམ༔ ཁྲོས་མ་ནག་མོའི་དམ་ཚིག་ཏུ༔ དྲག་ཅིང་རྩུབ་པའི་སྤྱོད་པ་བྱ༔ སེར་མོ་དོན་གྲུབ་དམ་ཚིག་ཏུ༔ དངོས་གྲུབ་ཀུན་ལ་ཆགས་མི་བྱ༔ དམར་མོ་སྒྲ་སྒྲོག་དམ་ཚིག་ཏུ༔ སྨྲ་ཞིང་བུད་མེད་བསྟེན་པར་བྱ༔ སྣ་ཚོགས་མཐར་ཕྱིན་དམ་ཚིག་ཏུ༔ རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ༔ མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ༔ བདུད་རྩི་ལྔ་དང་ཤ་ལྔ་ལ༔ རྟག་ཏུ་ལོངས་སྤྱོད་བྱ་བ་ནི༔ བཟའ་བའི་དམ་ཚིག་རྣམ་ལྔ་སྟེ༔ གསང་སྔགས་སྤྱོད་པས་བསྟེན་པར་བྱ༔ ཞེས་གསུངས་པ་ལྟར། ལས་དང་པོ་པས་མོས་པ་ཡིད་བྱེད་དང་། རྟོགས་པ་ན་འཕར་རིམ་གྱིས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་བྱིན་རླབས་ནས་བརྩམ། ཤིས་བརྗོད་བསྔོ་སྨོན་གྱི་བར་རྗེས་ཀྱི་བྱ་བ་རྣམས་ལས་བྱང་ལྟར་བྱའོ། །བདག་ཀྱང་རྡོ་རྗེ་བཙུན་མོས་རྗེས་བཟུང་སྟེ། །འབྲེལ་ཚད་མཁའ་སྤྱོད་མཛེས་མའི་གྲོང་ཁྱེར་དུ། །འཁྲིད་པའི་ནུས་ཐོབ་བརྟུལ་ཞུགས་རོལ་པ་ཡིས། ཁམས་གསུམ་སྐུ་གསུང་ཐུགས་སུ་རྣམ་དག་ཤོག །རྩ་བའི་དབང་ལ་ཉང་སྲས་མི་བསྐྱོད་རྡོ་རྗེ། འཇམ་དབྱངས་རལ་གྲི །མངའ་རིས་པཎ་ཆེན་གྱིས་མཛད་པའི་ཆོག་སྒྲིག་སོགས་ཚད་ཐུབ་དང་ཡིག་ཆ་གཞན་ཡང་ཅི་རིགས་སྣང་ཞིང་། བཀའ་གཏེར་གཉིས་ལྡན་ལ་ཆོས་འདིའི་གྲུབ་ཐོབ་ཀུན་མཁྱེན་ཁྲ་ཝ་ཁ་པ་བསོད་ནམས་རྒྱལ་མཚན་དང་། ཆགས་མེད་ཞབས་ཀྱིས་དེ་ལས་ཅུང་ཟད་བསྡུས་པ་བཅས་སྣང་བས། ཡིག་ཆ་དེ་དག་གི་དགོངས་དོན་དང་མི་འགལ་བར་གཙོ་བོར་ཉང་ལུགས་སོར་བཞག་ཏུ་བགྱིས་ནས། པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པ་རྩལ་གྱིས་གནས་ཆེན་དེ་བཱི་ཀོ་ཊིའི་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
འཇམ་དཔལ་ཁྲོ་བོའི་ལས་རིམ་མདོར་བསྡུས་དངོས་གྲུབ་ཀྱི་སྙེ་མ་ཕྲིན་ལས་ཀུན་འབྱུང་ (Volume 18, Text 33)
༄༅། །འཇམ་དཔལ་ཁྲོ་བོའི་ལས་རིམ་མདོར་བསྡུས་དངོས་གྲུབ་ཀྱི་སྙེ་མ་ཕྲིན་ལས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། གུ་རུ་ཡ་མཱནྟ་ཀ་ན་མོ། དང་པོ་མཚམས་བཅད་པ་ནི། ཐུན་མོང་གི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་སྔོན་དུ་སོང་བས་ཕྱོགས་སྐྱོང་གཞི་བདག་བགེགས་ལ་གཏོར་མས་ཚིམ་པར་བྱས་ལ། རང་ཉིད་གསལ་བ་གསུམ་དང་ལྡན་པས། ཧཱུྃ། དུས་གསུམ་བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་པ། །འཇམ་དཔལ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་འདིར། །འཇུག་པའི་སྐལ་མེད་མི་དང་མི་མ་ཡིན། །ལྷ་ཀླུ་ལ་སོགས་བགེགས་ཀྱི་རིགས་གྱུར་རྣམས། །རང་རང་འདོད་རྒུའི་མཆོད་སྦྱིན་འདི་ཁྱེར་ལ། །བདེན་པའི་ཚིག་ཉོན་གཞན་དུ་འགྲོ་བར་གྱིས། །གལ་ཏེ་འཇིགས་བྱེད་འབར་བའི་བཀའ་བཅག་ནས། །ཕྱོགས་འདིར་འདུག་ན་བརླག་པར་ཐེ་ཚོམ་མེད། །ཧཱུྃ། བདག་ཉིད་ཁྲོ་རྒྱལ་དཔལ་ཆེན་འབར་བ་ཡིས། །སྐུ་གསུང་ཐུགས་སྤྲུལ་ཁྲོ་ཚོགས་གྲངས་མེད་འགྱེད། །བསྐལ་པའི་མེ་དཔུང་ཀློང་ནས་ཧཱུྃ་ཕཊ་སྒྲོག །མཚོན་ཆའི་ཆར་གྱིས་གནོད་བྱེད་ཐལ་བར་རློག །ཧཱུྃ། སྣང་སྲིད་རྣམ་དག་ཡེ་ནས་ཡེ་ཤེས་ལྷ། །བདེ་ཆེན་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །རིག་རྩལ་མ་འགགས་ལྷ་དང་འདྲེར་འཛིན་པའི། །ལོག་རྟོག་བདུད་སྡེའི་དཔུང་བཅས་དབྱིངས་སུ་སྒྲོལ། །ཨོཾ་སུམྦྷ་ནི་སོགས་བརྗོད། དེ་ནས་བརྡ་སྒོ་དབྱེ་བ་ནི། ཧཱུྃ། སྣོད་ཀྱི་འཇིག་རྟེན་གདོད་ནས་གཞལ་མེད་ཁང་། །བཅུད་ཀྱི་སེམས་ཅན་རང་གྲུབ་ཡེ་ཤེས་ལྷ། །དེ་ཉིད་རང་ངོ་མ་ཤེས་སྒོ་བཅད་པའི། །རང་རིག་རང་གསལ་ཡེ་ཤེས་སྒོ་ཕྱེས་ཤིག །བྷྲཱུྃ་པྲ་བེ་ཤ་ཡ་ཕཊཿ དེ་ནས་བརྡ་ཕྱག་འཚལ་བ་ནི། ཧཱུྃ། རྒྱལ་བ་ཀུན་འདུས་སྙིང་པོ་རང་སེམས་ལྷ། །གདོད་ནས་རང་ལ་གནས་ཀྱང་ཞལ་མ་མཐོང་། །དེ་རིང་མ་རིག་འཁྲུལ་པའི་རབ་རིབ་སངས། །རང་གསལ་མཇལ་བའི་བརྡ་ཕྱག་གུས་པར་འབུལ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་དམ་བཅའ་བ་ནི། ཧཱུྃ། དང་པོ་མེ་ཏོག་ཕོག་པའི་ཡི་དམ་ལྷ། །བཅོམ་ལྡན་འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་རྣམས། །ད་ནི་རང་དང་འབྲལ་མེད་རང་ངོ་ཤེས། །མ་གྲུབ་བར་དུ་མི་གཏོང་བསྒྲུབ་པར་བགྱི། །ཙིཏྟ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་བྱིན་དབབ་པ་ནི། ཧཱུྃ། ཆོས་དབྱིངས་མཁའ་ལྟར་རྟོག་བྲལ་ངང་ཉིད་ལས། །ལོངས་སྤྱོད་རྫོགས་དང་མཆོག་གི་སྤྲུལ་པའི་སྐུ །སྤྲིན་དང་ཆར་ལྟར་སྐྱེ་འགྲོའི་རེ་བ་སྐོང་། །བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་ལྷ་ཚོགས་རྣམས། །སྤྱན་འདྲེན་ཐུགས་དམ་དབང་གིས་བརྩེ་བས་གཤེགས། །སྒྲུབ་མཆོག་བདག་ལ་ཁྱོད་ཀྱི་ཐུགས་རྗེས་གཟིགས། །དབང་བསྐུར་བྱིན་རླབས་དམ་པ་བསྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ཅིག །ཨོཾ་ཨཱཿཧཱུྃ་གུ་རུ་ཡ་མཱནྟ་ཀ་ཌཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། དེ་ནས་མཆོད་དེ། ཧཱུྃ། རང་དང་གཉིས་མེད་ལྷག་པའི་ལྷ། །འཇམ་དཔལ་རྒྱལ་བའི་དཀྱིལ་འཁོར་དུ། །ནམ་མཁའི་མཛོད་ལས་བྱུང་བ་ཡི། །ལྷ་རྫས་མཆོད་སྤྲིན་གུས་པར་འབུལ། །ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་སོགས། དེ་ནས་བཤགས་པ་ནི། ཧཱུྃ། དཔང་གྱུར་ཚད་མ་ཐམས་ཅད་དགོངས་སུ་གསོལ། །བདག་གཞན་ཐོག་མ་མེད་ནས་ད་ལྟའི་བར། །མ་རིག་དབང་གིས་ཉེས་བྱས་གང་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་བཤག་དག་པར་མཛོད། །ཅེས་ཡིག་བརྒྱ་བཟླ། དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ། ཡེ་ཤེས་ལྔ་ལྡན་ཡི་གེ་ཨོཾ། །རྡོར་སེམས་རྣམ་སྣང་རིན་འབྱུང་འོད། །དོན་གྲུབ་ཡབ་ཡུམ་ངོ་བོར་བཞུགས། །སྤྲོ་བསྡུ་ཞུ་བས་བདུད་རྩི་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཨཱཿ བདེ་གཤེགས་གསུང་འདུས་སྐྱེ་མེད་ཨ། །མཆོད་པ་ཆེན་པོ་ཕྱག་ཆེན་པོ། །གཟུང་འཛིན་རུ་ཊ་དབྱིངས་བསྒྲལ་པའི། ཁྲག་ཆེན་བདེ་སྐྱེད་རྦ་ཀློང་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ། ཧཱུྃ། རྒྱལ་བའི་ཐུགས་སྲོག་ཡི་གེ་ཧཱུྃ། །སྣོད་བཅུད་སྦྱངས་བསྒྱུར་སྤེལ་བྱིན་བརླབས། །འདོད་ཡོན་ཕུང་པོ་མི་ཟད་པ། །དམ་རྫས་བདུད་རྩི་གཏོར་མ་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། དེ་ནས་ཕྱི་ནང་གི་མཆོད་རྫས་ལྷག་མ་བྱིན་གྱིས་བརླབ་པ་ནི། སྭཱ། ཡོན་ཏན་རེ་སྐོང་ཡི་གེ་སྭཱ། །ཅི་འདོད་འབྱུང་བའི་རིན་ཆེན་གཏེར། །མེ་ཏོག་ལ་སོགས་སྤྲིན་ཕུང་གཏིབ། །ནམ་མཁའི་མཛོད་སོགས་བླ་ན་མེད། །ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་སོགས། ཧཱ། ལས་རྣམས་ཀུན་འགྲུབ་ཡི་གེ་ཧཱ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད། །རཱུ་པ་སོགས། དེ་ནས་ལྷ་བསྐྱེད་པ་ནི། ཧཱུྃ། སེམས་ཉིད་དྲི་མེད་ཀ་ནས་དག །མ་ནོར་མ་བཅོས་ཆོས་ཀྱི་སྐུ །བློ་འདས་སྤྲོས་དང་བྲལ་བར་བརྡལ། །འཁོར་འདས་རོ་མཉམ་ཀུན་ཏུ་བཟང་། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། རྒྱུ་ལམ་འབྲས་བུ་ལྷན་ཅིག་སྐྱེས། །རང་ལ་ཡོད་པ་མ་ཤེས་པར། །གཟུང་འཛིན་མ་རིག་འཁྲུལ་སྣང་ལ། །ཨ་འཐས་སེམས་ཅན་སྙིང་རེ་རྗེ། །ཨོཾ་སརྦ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་བི་ཤུདྡྷེ་མཎྜ་ལ་ཧཱུྃ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་ནི་གང་ཡང་ཡོད་མ་ཡིན། །དགོས་འདོད་ཀུན་འབྱུང་ཡི་གེ་ཧཱུྃ། །ཐམས་ཅད་སྐྱེད་པའི་རྒྱུ་རུ་བསྒོམ། །ཙིཏྟ་བཛྲ་ཧཱུྃ། དེ་ལས་རཾ་ཡཾ་ཁཾ་ཆད་པའི། །མེ་ཆུ་རླུང་གི་འཇིག་རྟེན་སྟོང་། །འབྱུང་རིམ་སྣོད་བཅུད་སྦྱང་ཕྱིར་བརྩེགས། །ཨེ། ཡཾ། སུཾ། ཀཾ །རཾ། བྷྲཱུྃ། འདི་རྣམས་རིམ་བཞིན་ཡོངས་སུ་གྱུར། །མཐའ་དང་དབུས་བྲལ་ནམ་མཁའ་ཆེ། །གཡོ་བྱེད་སྟོབས་ལྡན་སྔོ་ལྗང་རླུང་། །རཀྟ་རྦ་ཀློང་འཁྲུག་མཚོ་དམར། །ཀུན་ཁྱབ་ཞིང་ཆེན་ས་བརྡལ་བར། །རབ་མཐོ་སྲ་བརྟན་ཀེང་རུས་བརྗིད། །འོད་ལྡན་བསྐལ་པའི་མེ་དཔུང་འབར། །སྣ་ཚོགས་རྡོ་རྗེ་པད་སྡོང་བརྡལ། །དུར་ཁྲོད་རྡོར་ར་མེ་རིས་བསྐོར། །དེ་དབུས་ཡེ་ཤེས་གཞལ་ཡས་ཁང་། །སྐམ་རློན་ཐོད་པ་རཏྣ་བརྩེགས། །གནམ་ལྕགས་ངུར་མོའི་གཟེར་ཆེན་གདབ། །ཀླུ་བརྒྱད་ཀ་གདན་ལྷ་བརྒྱད་ཀ །གཟའ་བརྒྱད་ཀ་ཞུ་རྒྱུ་སྐར་ཕྱམ། །མཆོག་ཆེན་དྲལ་གྲབ་ཞིང་ལྤགས་ཐོག །རྒྱུ་མའི་དྲ་བ་དྲ་ཕྱེད་མཛེས། །ཞིང་གི་རྒྱལ་མཚན་བ་དན་ཕྱར། །ཙིཏྟའི་ཕོ་ལོང་རྨ་བྱའི་གདུགས། །རིན་ཆེན་ཏོག་འབར་དར་དཔྱང་སྤྲས། །ཉི་མ་ཟླ་བའི་སྐར་ཁུང་གསལ། །གྲུ་ཆད་ཁྱམས་སྒོ་རྟ་བབས་སོགས། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཟླ་གམ་འཆར་སྒོ་ཆོས་འབྱུང་ནང་། །ཆུ་གླང་པདྨ་ཉི་ཟླ་དང་། །དྲེགས་པ་དགྲ་བགེགས་གདན་ཁྲི་གསལ། །མ་བཅོས་ལྷུན་གྲུབ་ངོ་མཚར་ཆེ། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཨེ་ཙཀྲ་མཎྜ་ལ་བྷྲཱུྃ། རུ་ཏྲ་ཀྲོ་དྷཱི་ཏི་ར་བཾ། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙཎྜ་མཎྜ་ལ། ཧཱུྃ། ཇི་ལྟར་ཟླ་བ་ལྡིང་བ་འམ། །ཆུ་ལ་ཉ་འཕར་ཇི་བཞིན་དུ། །གདན་སྟེང་སྐད་ཅིག་དྲན་རྫོགས་སུ། །རྒྱུ་ཡི་ཡི་གེ་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་དཔལ་ཆེན་གཤིན་རྗེ་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཞལ་གདངས་རབ་རྣོའི་མཆེ་བ་གཙིགས། །ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ། །སྤྱན་དགུ་སྡང་མིག་ཕྱོགས་བཅུར་བསྒྲད། །ཤངས་ནས་ཧཱུྃ་དང་སྙན་ནས་འབྲུག །དྲག་པོའི་སྒྲ་སྒྲོག་སྲིད་གསུམ་འདར། ཁྲོ་གཉེར་ཆེར་བསྡུས་སྨིན་མ་དང་། །སྨ་ར་ཨག་ཚོམ་དབུ་ཡི་སྐྲ །དམར་སེར་གྱེན་འབར་མེ་སྟག་དང་། །གློག་དམར་རྐན་སྒྲའི་ཚྭ་ཚྭ་འཕྲོ། །ཐོད་སྐམ་ལྔ་ནང་བདེ་གཤེགས་ལྔ། །རིན་ཆེན་འོད་འབར་དར་དཔྱང་སྦྲུལ། །དབུ་རྒྱན་མཛེས་སྡུག་དཔའ་བརྗིད་ལྡན། །ཞབས་བཞི་གྱད་ཀྱི་དོར་ཐབས་བཞེངས། །གཡས་གཡོན་ཕྱག་དྲུག་རིམ་པ་བཞིན། །རལ་གྲི་ཐོ་བ་གཏུན་ཤིང་དང་། །ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །རིགས་ལྔའི་ཀླུ་དང་རུས་པ་ཡི། །སྙན་ཆ་མགུལ་ཆུ་དོ་ཤལ་སོགས། །ཕྱག་ཞབས་སྐུ་རྒྱན་མགོ་རློན་ནི། ཁྲག་འཛག་ལྔ་བཅུའི་ཕྲེང་བས་བརྒྱན། །སྲིན་པོ་གླང་ཆེན་གཡང་གཞི་དང་། །སྟག་ལྤགས་རློན་པས་སྟོད་སྨད་གཡོགས། །རྒྱུ་མའི་སྐ་རགས་སྐེད་ལ་དཀྲིས། །སྦོམ་ཐུང་གསུས་ཆེ་ཡན་ལག་རག །བ་སྤུའི་མཚོན་ཆ་རྡོ་རྗེའི་གཤོག །འགྱིང་བརྗིད་དུར་ཁྲོད་དཔའ་ཆས་རྫོགས། །རབ་བརྗིད་ཁྲོ་གཏུམ་རྔམ་པའི་སྐུ །མེ་འབར་གར་གྱི་ཉམས་ལྡན་པ། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་ཉི་མའི་སྟེང་། །འཇམ་དཔལ་རྟ་མགྲིན་གསང་བའི་བདག །ཆོས་རྒྱལ་བདུད་རྩི་འཁྱིལ་བ་སྟེ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷ། །དཀར་དམར་མཐིང་སེར་ལྗང་འོད་འབར། །ཞལ་རེ་ཕྱག་ཞབས་གཉིས་གཉིས་པ། །སྤྱན་གསུམ་མཆེ་གཙིགས་ཁྲོ་ཆས་རྫོགས། །རལ་གྲི་རྡོར་དབྱུག་རྡོ་རྗེ་འབར། །བེ་ཅོན་རྒྱ་གྲམ་གཡས་ན་བསྣམས། །གཡོན་རྣམས་སྡིགས་མཛུབ་དོར་ཐབས་ཞབས། །གར་དགུའི་ཉམས་ལྡན་གསལ་བར་བསྐྱེད། །པང་དུ་སྦྱོར་ཡུམ་བེ་ཏཱ་འཁྲིལ། །མཐིང་དམར་ནུ་མ་བྷ་ག་རྒྱས། ཁྲོ་མོའི་ཆས་རྫོགས་ཁྲོ་འཛུམ་ཞལ། །གཡས་པ་གཙོ་འཁྱུད་གྲི་གུག་དང་། །ཕུར་བུ་ཞིང་བཅུའི་སྙིང་ལ་འདེབས། །གཡོན་པ་བྷནྡྷ་བདུད་རྩི་ཡི། ཁྲག་བཀང་ལྕགས་དྲལ་དགྲ་བྲུབ་རྣམས། །བསྐལ་པའི་མེ་ཀློང་བཞུགས་པར་བལྟ། །ཡབ་ཡུམ་ཐུགས་ལས་ཧཱུྃ་བཞི་འཕྲོས། །ཕྱོགས་བཞིའི་འཁོར་ལོའི་རྩིབས་སྟེང་དུ། །དྲེགས་པ་པད་ཉི་རོ་གདན་དབུས། །སྲས་མཆོག་རིགས་བཞི་ཡབ་ཡུམ་གྱུར། །རྡོ་རྗེ་རིན་ཆེན་པདྨ་དང། །ལས་ཀྱི་གཤིན་རྗེ་གཤེད་བཞི་ནི། །མཐིང་སེར་དམར་ལྗང་མེ་འོད་འབར། །ཞལ་རེ་ཕྱག་ཞབས་གཉིས་གཉིས་ལྡན། །རབ་ཁྲོ་ཁྲོ་བོའི་རྒྱན་ཆ་རྫོགས། །རང་རང་རིགས་མཚོན་བེ་ཅོན་གཡས། །གཅོད་བྱེད་འཁོར་ལོ་གཡོན་ན་བསྣམས། །སྦྱོར་སྒྲོལ་ཡུམ་སྦྱོར་ཡབ་འདྲའི་མདོག །ཁྲོ་མོའི་རྒྱན་རྫོགས་གྲི་ཐོད་འཛིན། །གར་གྱི་ཉམས་ལྡན་གསལ་བར་བསྐྱེད། །གཞན་ཡང་སྤྲུལ་པའི་འཁོར་ཚོགས་ནི། ཉི་མ་དང་ནི་འོད་ཟེར་བཞིན། །བདུད་འཇོམས་བྲག་འཇོམས་ཨ་བ་གླང་། །ཡ་བ་ཕྱྭ་སངས་རྨིག་པ་དང་། །ཏེལ་པ་ལྷ་མཆོག་འཆི་བདག་རྒྱལ། །མིག་དམར་ཕྱོགས་སྐྱོང་གཤིན་རྗེའི་སྡེ། །སྒོ་འཛིན་གིང་བདུད་རྩིས་བཤན་རྣམས། །བཞི་བཞིའི་གྲངས་ལྡན་ཕོ་མོ་བྲན། །སྤྲུལ་པ་ལ་སོགས་མོས་པས་བསྒོམ། །ཕྱི་རོལ་འཁོར་ཡུག་ལ་གནས་པའི། །དུར་ཁྲོད་བདག་རྣམས་མ་ལུས་པ། །འབུམ་ཕྲག་མཁའ་འགྲོ་གིང་ལང་ཀ །དབང་ཕྱུག་འབར་མ་མ་སྲིང་ཚོགས། །ཕྱི་ནང་དྲེགས་པ་ཐམས་ཅད་ནི། །བསམ་གྱིས་མི་ཁྱབ་སྤྲིན་ལྟར་གཏིབ། །ཀུན་གྱིས་མི་སྡུག་གཟུགས་སྤྲུལ་ཅིང་། ཁ་དོག་མཚོན་ཆ་རྫུ་འཕྲུལ་རྩལ། །མ་ངེས་སྣ་ཚོགས་ཅིར་ཡང་བསྒྱུར། །སྲིད་པའི་ཡང་རྩེ་མན་ཆད་ཀྱི། །མཐུ་སྟོབས་ནུས་པ་གང་ཆེ་ཡང་། །དབང་བསྡུས་ཟིལ་གནོན་དམ་ལ་འདོག །བྲན་ཁོལ་ཅི་བགྱིས་ལས་ལ་འཇུག །བཀའ་འདས་རྡུལ་དུ་བརླག་བྱེད་པའི། །གཙོ་འཁོར་མ་འདྲེས་ཡོངས་རྫོགས་གསལ། །ཧཱུྃ། མ་བཅོས་རང་བྱུང་ཡེ་ཤེས་ལྔ། །མ་འགག་ཐུགས་རྗེའི་རྩལ་འབྱིན་ཕྱིར། །རང་གསལ་སྐུ་གསུང་ཐུགས་བྱིན་བརླབས། །ཡེ་ཤེས་ལྔ་དབང་ལྷུན་གྲུབ་སྐུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿན་མཿསརྦ་ཏ་ཐཱ་ག་ཏ་གུ་རུ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཛྙཱ་ན་སརྦ་པཉྩ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ། ཀུན་བཟང་དགོངས་ཀློང་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སྐུ་མཆོག་ལྷ། །སྲིད་གསུམ་ལོག་འདྲེན་བསྒྲལ་བའི་ཕྱིར། །འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨེ་ཧྱེ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། ཀུན་ཏུ་བཟང་མོ་ཡུམ་གྱི་མཁར། །རྒྱལ་བ་གཤེགས་བཞུགས་མི་མངའ་ཡང་། །ལོག་རྟོག་སྦྱང་ཕྱིར་ལྷ་ཚོགས་རྣམས། །དབྱེར་མེད་དགྱེས་པར་བཞུགས་སུ་གསོལ། །ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། ཡེ་ནས་ཆོས་སྐུ་རང་བཞིན་བྲལ། །གཉིས་སྣང་རང་འཁྲུལ་འགྲོ་བ་རྣམས། །གང་འདུལ་དེར་སྟོན་ལྷ་ཚོགས་ལ། །གཉིས་མེད་གུས་པར་ཕྱག་བགྱིད་དོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཕྱི་མཆོད་འབུལ་བ་ནི། ཧཱུྃ། བདུག་སྤོས་མེ་ཏོག་སྣང་གསལ་དྲི། །བཤོས་གཙང་རོལ་མོ་མཆོད་སྤྲིན་ཆེ། །ནམ་མཁའི་མཛོད་ལས་བྱུང་བ་རྣམས། །གུས་འབུལ་བླང་དོར་མེད་པར་བཞེས། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སོགས། ནང་མཆོད་ནི། ཧཱུྃ། མཛེས་ལྡན་དྲི་ཞིམ་རོ་མཆོག་ལྡན། །རེག་བདེ་ཟག་མེད་ཡིད་བཞིན་སྤྲིན། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ཕུན་ཚོགས་མཆོད་པ་བཞེས། །ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ། འདོད་ཁྲོ་གཏི་མུག་ང་རྒྱལ་ཆེ། །ཕྲག་དོག་དུག་ལྔ་སོར་རྟོག་དང་། །མེ་ལོང་ཆོས་དབྱིངས་མཉམ་ཉིད་གྲུབ། །རིགས་ལྔ་དགོངས་མཆོད་ཏིང་འཛིན་མཆོད། །ཧཱ་ལ་པཉྩ་པཱུ་ཙ་ཧོཿ ཧཱུྃ། གཏི་མུག་ཤ་དང་འདོད་ཆགས་ཁྲག །ཞེ་སྡང་རུས་པ་དུག་གསུམ་གྱི། །མཆོད་པ་བླ་མེད་སྐུ་གསུམ་དངོས། །རང་གྲོལ་ཆེན་པོར་འབུལ་ལོ་བཞེས། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀིཾ་ནི་རི་ཏི་པཱུ་ཛ་ཁཱ་ཧི། དེ་ནས་གསང་མཆོད་འབུལ་བ་ནི། ཧཱུྃ། དཔལ་ཆེན་ཡབ་ཡུམ་གཉིས་མེད་ཀྱི། །དཀར་དམར་བདེ་ཆེན་བདུད་རྩི་ཆེ། །ཟག་མེད་ཡེ་ཤེས་དགའ་བཞིའི་རྒྱུན། །རང་ལས་རང་བྱུང་རང་ལ་འབུལ། །མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ དེ་ནས་སྨན་མཆོད་ནི། ཧཱུྃ་ཧྲཱིཿ རྩ་བ་བརྒྱད་དང་ཡན་ལག་སྟོང་སྦྱར་སྨན། །གདོད་ནས་རྣམ་དག་རང་བྱུང་བདུད་རྩི་ཆེ། །རིགས་ལྔ་སྐུ་ལྔ་དམ་ཚིག་ཡེ་ཤེས་ལྔ། །ལྷུན་གྲུབ་ཡོངས་རྫོགས་སྨན་མཆོད་དགྱེས་པར་བཞེས། །མཚན་རེ་རེ་ནས་བཏོན་ནས་རྩ་སྔགས་ཀྱི་རྗེས་སུ། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། དེ་ནས་རཀྟ་འབུལ་བ་ནི། ཧཱུྃ། སྲིད་རྩ་བདག་འཛིན་རུ་དྲ་བསྒྲལ་བའི་ཁྲག །སྣོད་བཅུད་ཉི་མ་དམར་ཆའི་དྭངས་མ་དང་། །འདོད་ཆགས་བདེ་སྟོང་རོ་མཉམ་བྱིན་བརླབས་པ། །འཁོར་བ་དབྱིངས་སུ་སྒྲོལ་ཕྱིར་འབུལ་གྱིས་བཞེས། །སྙིང་པོའི་མཐར། མ་ཧཱ་རཀྟ་ཛྭ་ལ་པཱུ་ཛ་ཁཱ་ཧི། དེ་ནས་གཏོར་མ་འབུལ་བ་ནི། ཧཱུྃ། སྐྱེ་མེད་རྣམ་དག་ཀློང་བརྡལ་གཏོར་སྣོད་དུ། །འགག་མེད་རང་རྩལ་སྣ་ཚོགས་གཏོར་མ་སྤུངས། །གཉིས་མེད་བདེ་བ་ཆེན་པོར་བྱིན་གྱིས་བརླབས། །འདོད་ཡོན་ཐམས་ཅད་ཚིམ་བྱེད་མཆོད་པར་འབུལ། །དེ་ནས་གཏོར་མ་བསྔོ། སྔགས་མཐར་མ་ཧཱ་བ་ལིནྟ་པུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ཛ་གད་འབུལ། ཧཱུྃ། མ་ལུས་འབྲུ་བཅུད་ཀུན་འདུས་མྱོས་བྱེད་ལ། །སྦྱངས་བསྒྱུར་སྤར་ཅིང་བྱིན་བརླབས་བྱང་ཆུབ་སེམས། །བཏུང་བའི་མཆོག་གྱུར་ཛ་གད་བདུད་རྩི་འདི། །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་མཉེས་ཕྱིར་འབུལ། །མ་ཧཱ་ཛ་གད་པཱུ་ཛ་ཁཱ་ཧི། དེ་ནས་སྦྱོར་མཆོད་འབུལ། ཧཱུྃ། སྣང་སྲིད་འཁོར་དང་མྱ་ངན་འདས་པའི་ཆོས། །དབྱིངས་རིག་དབྱེར་མེད་ངང་དུ་མཉམ་པར་སྦྱོར། །བརྗོད་བྲལ་བདེ་ཆེན་རྟོགས་པའི་མཆོད་པ་ཆེ། །བློ་འདས་ངང་དུ་སྤང་བླང་མེད་པར་འབུལ། །སརྦ་དྷརྨ་མ་ཧཱ་མུ་དྲ་པཱུ་ཛ་ཧོཿ བསྒྲལ་མཆོད་ནི། ཧཱུྃ། བདག་མེད་མཚོན་ཆ་གྲུབ་མཐའ་གཅིག་རྟོགས་པས། །མ་རྟོགས་ལོག་རྟོག་སེམས་ཅན་དབྱིངས་སུ་བསྒྲལ། །དུས་གསུམ་རྒྱལ་བ་མཉེས་མཆོད་བླ་ན་མེད། །ཀ་དག་ཀློང་ནས་འབུལ་ལོ་དགྱེས་པར་བཞེས། །ཤྲཱི་ཡ་མཱནྟ་ཀ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ། པྲ་བེ་ཤ་ཡ་ཕཊ། ཏི་ཧཱུྃ། ཨེ་སྥ་ར་ན་ཕཊ། མ་ཧཱ་པཱུ་ཛ་ཁཱ་ཧི། དེ་ནས་རྡོ་རྗེའི་གླུ་དང་གར་གྱིས་མཆོད། ཧཱུྃ། སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས། སྣང་ཙམ་ཉིད་ནས་གཞི་རྩ་བྲལ། །རོ་མཉམ་འདུ་འབྲལ་མེད་པར་བདེ། །རྡོ་རྗེའི་གླུ་གར་མཆོད་པ་བཞེས། །ཨོཾ་མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ཏེ་ཧཱུྃ། དེ་ནས་དགྱེས་བསྟོད་བྱ་བ་ནི། དང་པོ་དོན་གྱི་བསྟོད་པ། ཧཱུྃ། ཀ་དག་ལྷུན་གྲུབ་མ་བཅོས་ཕོ་བྲང་ནས། །སྤྲོས་བྲལ་བདེ་ཆེན་སྐུ་དང་ཡེ་ཤེས་ལྷ། །དབྱིངས་རིག་དབྱེར་མེད་རང་བྱུང་རིགས་ཀུན་གཙོ། །ཆོས་སྐུ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། མཐའ་བྲལ་རྣམ་དག་འོད་གསལ་དཀྱིལ་འཁོར་དུ། །ཐུགས་རྗེ་འགག་མེད་ཟང་ཐལ་ཡེ་ཤེས་ལྷ། །སྣ་ཚོགས་འཆར་ཡང་བདེ་ཆེན་འགྱུར་མེད་སྐུ །ལོངས་སྐུ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། རྒྱ་ཆེན་རྣལ་འབྱོར་ཐབས་མཁས་ཐུགས་རྗེའི་ཀློང་། །རིག་པ་རང་རྩལ་ཡེ་ཤེས་ཤར་བའི་ལྷ། །འགྲོ་འདུལ་ཕྲིན་ལས་མཐའ་དག་མཐར་ཕྱིན་མཛད། །སྤྲུལ་སྐུ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་བ་སྐོང་། །ཐོགས་མེད་སྒྱུ་མ་ཆེན་པོ་རྫུ་འཕྲུལ་བདག །སྲིད་ཞིར་གནས་སྐྱོན་བྲལ་བའི་ཡོན་ཏན་གཏེར། །བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པའོ། །དེ་ནས་བྱེ་བྲག་ཏུ་སྐུ་མདོག་རྒྱན་ཆའི་སྒོ་ནས་བསྟོད་པ། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ནས། །མ་ཧེ་པདྨ་ཉི་ཟླ་དྲེགས་པའི་སྟེང་། །བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་གཤིན་རྗེ་གཤེད། །མཐིང་ནག་གཏུམ་རྔམ་མི་བཟད་འཇིགས་པའི་གཟུགས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོས་པའི་ཞལ། །ཞལ་རེ་སྤྱན་གསུམ་ཉི་ཟླའི་སྡང་མིག་གཟིགས། །རབ་གདངས་ཞལ་ནས་རྣོ་ངར་མཆེ་བ་གཙིགས། །ལྗགས་འདྲིལ་རྐན་རྡེབ་དྲག་པོའི་ང་རོ་སྒྲོག །ཤངས་ནས་ཧཱུྃ་འབྱིན་སྙན་ནས་འབྲུག་སྟོང་ལྡིར། ཁྲོ་གཉེར་འཇིགས་བསྡུས་སྨིན་མ་སྨ་ར་དང་། །ཨག་ཚོམ་དབུ་སྐྲ་བསྐལ་པའི་མེ་ལྟར་འབར། །བ་སྤུ་མཚོན་ཆ་རྡོ་རྗེའི་གཤོག་པ་གདེངས། །གཡས་ཀྱི་དང་པོ་རལ་གྲིས་བདག་འཛིན་གཅོད། །བར་པ་ཐོ་བས་དགྲ་བགེགས་ཀླད་རུས་འགེམ། །ཐ་མ་གཏུན་ཤིང་དམ་ཉམས་རྡུལ་དུ་བརླག །གཡོན་གྱི་དང་པོ་ལྕགས་ཀྱུས་སྲིད་གསུམ་འགུགས། །བར་པ་ཞགས་པས་ལོག་འདྲེན་ཀུན་ནས་འཆིང་། །ཐ་མ་ཐོང་གཤོལ་དགྲ་བོ་ཁ་ཞབས་ཟློག །གླང་ཆེན་ཀོ་རློན་སྟག་ལྤགས་ཤམ་ཐབས་དང་། །སྲིན་པོའི་གཡང་གཞི་ཀླུ་རྒྱལ་སྦྲུལ་ཆུན་སྤྲས། །ཐོད་སྐམ་ཐོད་རློན་ཕྲེང་བ་དབུ་རྒྱན་དང་། །དོ་ཤལ་བ་སུ་ཁྲག་འཛག་སྲད་བུས་སྦྲེལ། །རིན་ཆེན་རུས་རྒྱན་ཁྲག་ཞག་ཚོམ་བུས་བརྒྱན། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་གར་དགུའི་ཉམས། །རིགས་ལྔའི་རྒྱས་བཏབ་རྒྱལ་བའི་སྤྱི་མེས་ཆེ། །ཇི་ལྟར་སྤྲུལ་ཡང་འགྲོ་འདུལ་ཕྲིན་ལས་རྩལ། །གཉིས་མེད་དགྱེས་ཡུམ་བེ་ཏཱ་ཛ་ལི་སྦྱོར། །གཙོ་མཆོག་ཐུགས་དམ་སྐུལ་མཛད་སངས་རྒྱས་སྐྱེད། ཁྲོ་མོའི་རྒྱན་རྫོགས་ཁྲ་ོའཛུམ་གར་དགུའི་ཉམས། །གྲི་གུག་ཕུར་བུ་ལྕགས་དྲྭ་བནྡྷའི་ཕྱག །བདེ་སྟོང་རོལ་གར་ཟག་མེད་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་མཆོག་རིགས་ཀྱི་ལྷ། །འཇམ་དཔལ་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རལ་གྲི་སྡིགས་མཛུབ་ཕྱག །གཏི་མུག་ཆོས་དབྱིངས་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་གསུང་མཆོག་རིགས་ཀྱི་ལྷ། །རྟ་མཆོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རྡོར་དབྱུག་སྡིགས་མཛུབ་ཕྱག །འདོད་ཆགས་སོར་རྟོག་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་མཆོག་རིགས་ཀྱི་ལྷ། །ཕྱག་རྡོར་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱག །ཞེ་སྡང་མེ་ལོང་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་ཡོན་ཏན་རིགས་ཀྱི་ལྷ། །ཆོས་རྒྱལ་སེར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་བེ་ཅོན་སྡིགས་མཛུབ་ཕྱག །ང་རྒྱལ་མཉམ་ཉིད་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། དུས་གསུམ་རྒྱལ་བའི་ཕྲིན་ལས་རིགས་ཀྱི་ལྷ། །བདུད་རྩི་ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་འཁོར་ལོ་སྡིགས་མཛུབ་ཕྱག །ཕྲག་དོག་བྱ་གྲུབ་ཡེ་ཤེས་གྲོལ་ཕྱག་འཚལ། །ཧཱུྃ། བཛྲ་ཡ་མཱནྟ་ཀ་མཐིང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རྡོ་རྗེ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ཞེ་སྡང་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། རཏྣ་ཡ་མཱནྟ་ཀ་སེར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རིན་ཆེན་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ང་རྒྱལ་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། པདྨ་ཡ་མཱནྟ་ཀ་དམར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །པདྨ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །འདོད་ཆགས་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། ཀརྨ་ཡ་མཱནྟ་ཀ་ལྗང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རྒྱ་གྲམ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ཕྲག་དོག་འཇོམས་མཛད་སྲས་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། འགྲོ་འདུལ་རིགས་བཞིའི་སྐུ་སྟོན་སྲས་མཆོག་བཞི། །ཡ་མ་རཱ་ཙ་མྱོས་བྱེད་མེ་རུ་ཙེ། །ཚར་དགུ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་དང་། །བཀའ་སྡོད་ཕོ་ཉར་བཅས་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་མཆོད་འབུལ་བཞེས་དགྱེས་པར་རོལ། །ཉེས་ལྟུང་ཉམས་ཆག་ཀུན་བཤགས་བསྙེན་ཅིང་བསྒྲུབ། །ཞི་རྒྱས་དབང་དྲག་ཕྲིན་ལས་མ་ལུས་པ། །དམ་ལྡན་སྔགས་འཆང་བདག་གིས་འགྲུབ་མཛད་གསོལ། །ཞེས་པས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། ཛཔ྄་དགོངས་དང་ལྡན་པས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཡ་མ་རཱ་ཛ། ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཨཱོཾ་བཛྲ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཨཱོཾ་རཏྣ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཨཱོཾ་པདྨ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཨཱོཾ་ཀརྨ་ཡ་མཱནྟ་ཀ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ། ཨོཾ་ཡ་མ་རཱ་ཛ། ཡ་མ་རཀྴ། ཡ་མ་རཀ་ཨ། ཡ་མ་རཀྵ་ཧཱུྃ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྫ་ཧཱུྃ་ཕཊ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ། ནི་ར་མ་ཡ་ཧཱུྃ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཧཱུྃ་ཕཊ། བཻ་ཏཱ་ལི་རཀྵ་མོནྟ་བྷྱོ། ཨེ་ཀ་ཛ་ཊཱི་ཏྲཀ་རཀྴ་སྙིང་ཁ་རགྨོ་བྷྱོ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཐོ་ལ་ཡ་ཧཱུྃ་ཕཊ། ཨོཾ་རཀྨོ་རཀྨོ་སྙིང་རྩ་ལ་ཤཾ་བྷྱོ། ཧེ་མ་དེ་བྱི་ཧཱུྃ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་བྱི་ཏྲི་བི་མར་ཏ་ཀ་ཧཱུྃ་ཕཊ། ཨོཾ་རཀྨོ་རཀྨོ་ཁྲག་ལ་མུ་ཤ་ལ་བྷྱོ། ཡ་མ་དེ་བྱི་ཧཱུྃ། ཨོཾ་ཡ་མ་རཱ་ཛ་པྲེ་ཏ་ཛྭ་ལ་ཧཱུྃ་ཕཊ། ཨོཾ་རཀྨོ་རཀྨོ་ཏིང་ལམ་མ་བྷྱོ། ནཱ་ག་དེ་བྱི་ཧཱུཾ། ཨོཾ་ཡ་མ་རཱ་ཛ་ཀ་ལ་ཀྵེ་པྲེ་ཏོ་ད་ཏ་ཀ་ཧཱུྃ་ཕཊ། ཨོཾ་མ་མ་ཏྲག་རཀྨོ་རུ་ལུ་བྷྱོ། ཁ་རཀ་དེ་བྱི་ཧཱུྃ། ཞེས་པ་རྣམས་ལ། ནད་གདོན་བར་ཆད་ཤཱནྟིཾ་ཀུ་རུ་སོགས་ཕྲིན་ལས་གང་བསྒྲུབ་ཁ་བསྒྱུར་དང་། སྲུང་དུས། མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྐབས་དང་སྦྱར་ལ་ཅི་རིགས་བཟླས་པ་བྱའོ། །དེ་ནས་ཛཔ྄་བསྐུལ་ནི། ཨོཾ། གཟུགས་སྣང་སྐུ་ཡི་རོལ་པ་ཆུ་ཟླའི་གར། །ཨཱཿ སྒྲ་གྲགས་གསུང་གི་རོལ་པ་གྲགས་སྟོང་སྔགས། །ཧཱུྃ། དྲན་རྟོག་ཐུགས་ཀྱི་རོལ་པ་བདེ་སྟོང་ཐུགས། །མ་གསལ་བར་བསྒོམ་མ་གྲུབ་བར་མི་གཏང་། །ཞེས་སྐབས་སུ་གསལ་གདབ་པར་བྱའོ། དེ་ནས་ཚོགས་མཆོད་ནི། ཧཱུྃ། ལྷ་སྔགས་ཏིང་འཛིན་རང་བྱུང་རང་གསལ་བས། །དངོས་མེད་དངོས་པོར་འཛིན་ཞེན་རཾ་མེས་བསྲེགས། །མཚན་མེད་མཚན་མར་འཛིན་ཞེན་ཡཾ་རླུང་གཏོར། །གཉིས་མེད་གཉིས་སུ་འཛིན་ཞེན་ཁཾ་ཆུས་བཀྲུས། །རཾ་ཡཾ་ཁཾ། ཧཱུྃ། སྦྱང་གཞི་སྦྱོང་བྱེད་སྦྱང་མཁན་རྣམ་རྟོག་ཙམ། །ཨཱཿ ཡེ་ནས་འོད་གསལ་རང་ངོ་ཤེས་པ་བདུད་རྩི་ཆེ། །ཨོཾ། ཟག་མེད་འདོད་ཡོན་ཕུན་ཚོགས་སྣང་སྲིད་གང། །ཧྲཱིཿ གདོད་མའི་རྒྱལ་དང་རྒྱལ་སྲས་མ་ལུས་དགྱེས། །ཧཱུྃ་ཨཱཿཨོཾ་ཧྲཱིཿ ཧཱུྃ། རང་བཞིན་གནས་ལ་མཐའ་དབུས་བརྗོད་བྲལ་ཕྱིར། །སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་མི་འཚལ་ཡང་། །མ་རིག་རང་རྩལ་འགྲོ་རྣམས་བསྒྲལ་སླད་དུ། །ཚོགས་མཆོད་བཞེས་ཕྱིར་སྤྱན་འདྲེན་བརྩེ་བས་གཤེགས། །བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ། རྒྱལ་རྣམས་འཁྲུལ་གྲོལ་གློ་བུར་དྲི་བྲལ་ཡང་། །བདག་བློ་སྦྱང་ཕྱིར་རབ་མཛེས་གདན་ཁྲིར་བཞུགས། །བདག་སོགས་ལུས་ངག་ཡིད་ཀྱིས་ཕྱག་འཚལ་མཆོད། །སྡིག་བཤགས་ཡི་རངས་བསྐུལ་སོགས་བྱང་ཆུབ་བསྔོ། །སརྦ་ཏ་ཐཱ་ག་ཏ་ས་མ་ཡ་མ་ཧཱ་ག་ཎ་པཱུ་ཛ་ཨ་ཨ། ཧཱུྃ། མཆོད་ཡུལ་མཆོད་བྱ་མཆོད་བྱེད་མཆོད་བྲལ་ཡང་། །སྒྱུ་མ་ཆེན་པོའི་རོལ་གར་འདོད་ཡོན་སྤུངས། །སྣང་དམིགས་ཤེས་བྱས་ཁྱབ་དང་མ་ཁྱབ་པའི། །བླ་མེད་ཚོགས་ཕུད་དབྱིངས་ནས་དབྱིངས་འབུལ་བཞེས། །མ་ཧཱ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། བཤགས་ཡུལ་བཤགས་བྱ་བཤགས་བྱེད་བཤགས་བྲལ་ཡང་། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཁྲུལ་དབང་གིས། །ཕྱི་ནང་གསང་བ་རྩ་བ་ཡན་ལག་ལས། །དམ་ཚིག་ཉམས་ཆག་ཉེས་ལྟུང་གནོང་འགྱོད་བཤགས། །ཡི་གེ་བརྒྱ་པ་བཟླས་སོ། །ཧཱུྃ། བསྐང་ཡུལ་བསྐང་བྱ་སྐོང་བྱེད་བསྐང་བྲལ་ཡང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷར་ཤར་བའི། །གཙོ་འཁོར་ཐུགས་དམ་གཉན་པོ་ནོངས་གྱུར་གང། །བླ་མེད་སྦྱོར་སྒྲོལ་ཚོགས་མཆོད་ཆེན་པོས་བསྐང་། །ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །སུམ་ཅུ་རྩ་དགུའི་ལྷ་ཚོགས་ཐུགས་དམ་ཅན། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་བེ་ཏཱ་ཡུམ། །ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང་། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་བ་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་། །བཛྲ་རཏྣ་པདྨ་ཀརྨ་ཡི། །ཡ་མཱནྟ་ཀ་གཤེད་བཞི་ཡབ་ཡུམ་ནི། །ཡ་མ་རཱ་ཛ་རལ་གཅིག་རྒྱས་བྱེད་གཏུམ། །ཨཱརྻ་འོད་ཟེར་ཚར་དགུ་རེ་མ་ཏི། །ཐུགས་ཀྱི་སྲས་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །ནག་འཇོམས་རེ་ཏི་ཕྱྭ་སངས་གདོང་དགུ་མ། །བྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ། །ཡ་བ་རྔམས་སྟབས་མིག་དམར་ཁྲག་རལ་ཅན། །རྨིག་པ་ཀླུ་མོ་ཏེལ་པ་སྤྱན་གསུམ་མོ། །བདུད་འཇོམས་རལ་གཅིག་འཆི་བདག་རལ་པ་ཅན། །རྗེ་དམར་རལ་ནག་ཐོད་དབྱུག་ཕག་མགོ་མ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ཐུགས་དམ་བསྐང་། །བྱ་རྒོད་སྟག་དང་ཀང་ཀ་སྤྱང་ཀིའི་མགོ །འགུགས་འཆིང་སྡོམ་མྱོས་སྒོ་སྲུང་ཡབ་ཡུམ་དང་། །གྲི་ཐོགས་གིང་བཞི་ཁྲམ་ཐོགས་བདུད་ཕོ་བཞི། །སྲོག་གཅོད་ཤན་པ་བཞི་བཅས་ཐུགས་དམ་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །འཁོར་བ་རྒྱུ་ལས་སྒྲོལ་བའི་རཀྟ་དང། ཁྱད་པར་རྨད་བྱུང་འདོད་ཡོན་གཏོར་ཆེན་དང་། །རྣམ་དག་རྒྱུ་ལས་བསྒྲལ་བའི་བམ་ཆེན་དང་། །འབྲུ་བཅུད་སྟོང་ལ་སྦྱར་བ་བཏུང་བའི་མཆོག །ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་ཀལྤས་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཐུན་མོང་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་ཟློག་ཅིང་སྒྱུར། །ཧཱུྃ། དཔལ་གྱི་བཀའ་སྲུང་དྲེགས་པ་ཕོ་མོའི་ཚོགས། །དམ་ལྡན་སྲུང་སྐྱོབ་དམ་མེད་རྩད་ནས་གཅོད། །དཀྱིལ་འཁོར་མཐའ་ཉུལ་ལེགས་ཉེས་སྟངས་འཛིན་རྣམས། །རང་རང་དགྱེས་པའི་འདོད་ཡོན་དུ་མས་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །ཡེ་སྒྲོལ་ཡེ་སྦྱོར་ཆེན་པོའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །འཁོར་བ་རྒྱུ་ལས་སྒྲོལ་བའི་རཀྟ་དང་། ཁྱད་པར་རྨད་བྱུང་འདོད་ཡོན་གཏོར་ཆེན་དང་། །རྣམ་དག་རྒྱུ་ལས་བསྒྲལ་བའི་བམ་ཆེན་དང་། །འབྲུ་བཅུད་སྟོང་ལ་སྦྱར་བ་བཏུང་བའི་མཆོག །ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་ཀལྤས་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །ཐུན་མོང་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་ཟློག་ཅིང་སྒྱུར། །དེ་ནས་དགྲ་བགེགས་བསྒྲལ་བ་ནི། ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །གཏུམ་དྲག་བདུད་འདུལ་རབ་ཁྲོས་མཐུ་སྟོབས་བདག །སྐུ་ཡི་ལྷ་ཚོགས་མ་ལུས་སྐུ་བཞེངས་འཚལ། །གཤེད་མའི་དམག་དཔུང་སྐར་མདའ་ཐོག་ལྟར་སྐྱོད། །གནད་ནས་བསྐུལ་ལོ་དགྲ་བགེགས་ད་ལྟ་ཁུག །འདས་དང་མ་འདས་སྲུང་སྐྱོབ་ལྷ་དང་ཕྲོལ། །མཚོན་ཆའི་ཆར་ཕོབ་ལུས་སེམས་ཕྲོལ་ལ་སོད། །ཤ་ཁྲག་རུས་པ་དུག་གསུམ་ཞལ་དུ་བཞེས། །མིང་ཙམ་མེད་པར་རྡུལ་དུ་རླག་པར་མཛོད། །དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་བདུད་རྩིའི་གསང་ནན་འབུལ་བ། ཧཱུྃ། འཆི་མེད་བདུད་རྩི་ཡེ་ཤེས་རོ་མཆོག་ལྡན། །རྒྱུ་འབྲས་ནད་སེལ་སྨན་མཆོག་ཨ་མྲྀ་ཏ། །མ་ལུས་རྒྱལ་བ་མཉེས་མཆོད་དམ་པ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་ནས་དངོས་གྲུབ་སྩོལ། །སརྦ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། དེ་ནས་སྤྱན་གཟིགས་ཐོགས། སློབ་མས། ཧཱུྃ། དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་མ་ལུས་དགོངས། །ང་ནི་འདོད་ཡོན་ཀུན་འབྱུང་ལྷ་མོ་སྟེ། །འཁོར་འདས་རོ་མཉམ་ཚོགས་ཀྱི་ལོངས་སྤྱོད་འབུལ། །གཉིས་འཛིན་སྤངས་པའི་ངང་ནས་བདེ་ཆེན་རོལ། །མ་ཧཱ་ག་ཎ་པཱུ་ཛ་སུ་ཁ་ཧོཿ བླང་བ་ནི། ཧོཿ ཚོགས་མཆོད་འདོད་ཡོན་ཕུན་ཚོགས་མ་ལུས་རྒྱན། །ཟག་མེད་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་། །རྣལ་འབྱོར་དམ་ཚིག་ལྡན་པས་ཆོ་ག་བཞིན། །མི་ཟད་བདེ་བའི་གཏེར་ལ་ལོངས་སྤྱོད་བྱ། །ཨ་ལ་ལ་ཧོཿ ཞེས་པས་རོལ་ལོ། །དེ་ནས་ཚོགས་ལྷག་ནི། ཧཱུྃ། སྦྱོར་དངོས་རྗེས་ཚང་འདོད་ཡོན་ཕུང་པོའི་ཚོགས། །དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ། །བར་དུ་འཁོར་ཚོགས་ལྷག་མ་དགྱེས་པར་མཆོད། །ཐ་མར་ཆོས་རྣམས་རྒྱུ་འབྲས་གཅིག་ཕྱིར་བསྲེ། །ང་ཁྱོད་དམ་ཚིག་འདྲེས་ཕྱིར་ཁ་ཆུས་བྲན། །དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་ཁོལ་ནི། །དྲེགས་པ་ཕོ་མོ་མ་སྲིང་གིང་ལངྐ། །དུར་ཁྲོད་བདག་བྱེད་བསྟན་དང་ཞིང་སྐྱོང་ཚོགས། །སྔོན་ཚེ་ཁས་བླངས་དམ་ལ་མ་འདའ་བར། །ལྷག་གཏོར་འདི་ལོངས་བཅོལ་བའི་ཕྲིན་ལས་སྒྲུབས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། དེ་ནས་ཆད་མདོ་བྱ་བ་ནི། ཧཱུྃ། དུས་གསུམ་དུས་མེད་ཀ་དག་བསྐལ་པ་ལ། །བཅོམ་ལྡན་ལྷུན་གྲུབ་འཇམ་དཔལ་གཤིན་རྗེ་ཡིས། ཁྲེགས་ཆོད་ཐོད་རྒལ་ཆེན་པོའི་རྫུ་འཕྲུལ་གྱིས། །གློ་བུར་མ་རིག་དྲེགས་པ་བཏུལ་བའི་ཚེ། །རྟོག་ཚོགས་གཏོར་མ་ལེན་པར་མ་ཆད་དམ། །སྐུ་ལྔ་རང་ངོ་ཤེས་པར་མ་ཆད་དམ། །ཡེ་ཤེས་མཐོང་གོམས་བརྟན་པར་མ་ཆད་དམ། །ཆོས་ཉིད་མངོན་སུམ་རྟོགས་པར་མ་ཆད་དམ། །ཉམས་སྣང་གོང་དུ་འཕེལ་བར་མ་ཆད་དམ། །རིག་པ་ཚད་ལ་ཕེབས་པར་མ་ཆད་དམ། །ཆོས་ཉིད་ཟད་སར་སྐྱོལ་བར་མ་ཆད་དམ། །ངོ་བོ་འགྱུར་མེད་རྟོགས་པར་མ་ཆད་དམ། །རང་བཞིན་བློ་ཐག་ཆོད་པར་མ་ཆད་དམ། །རང་རྩལ་ཐུགས་རྗེ་འཆར་བར་མ་ཆད་དམ། །རང་རིག་ཡེ་ཤེས་ཞལ་བཞེས་དྲན་མཛོད་ལ། །གཞན་སྣང་གཉིས་འཛིན་གཏོར་མ་འདི་བཞེས་ནས། །རང་གྲོལ་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ལྟར་འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ། །བོད་ཁམས་བསྟན་སྲུང་བཅུ་གཉིས་འཁོར་དང་བཅས། །ཕྱོགས་མཚམས་རང་རང་གནས་ནས་འདིར་གཤེགས་ལ། །བཀའ་ཡི་གཏོར་ལོངས་ཁས་བླངས་ཕྲིན་ལས་སྒྲུབས། །ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི། དེ་ནས་དམ་སྲི་མནན་པ་ནི། གཏོར་གཞོང་སྦུབས་ལ། ཧཱུྃ། འཁོར་འདས་དབང་བསྒྱུར་འཇིགས་བྱེད་དཔལ་ཆེན་སྐུ །ཆོས་ཀྱི་དབྱིངས་ལས་ལོངས་སྤྲུལ་སྐུར་བཞེངས་ཏེ། །སྟོང་གསུམ་སྲིད་གསུམ་འདར་བ་རྡོ་རྗེའི་བྲོ། །བརྡུངས་པས་དགྲ་བགེགས་དམ་སྲི་རྡུལ་དུ་རློགས། །དགྲ་བགེགས་དམ་སྲི་ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། མཱ་ར་ཡ་ནན། དེ་ནས་གཏོར་མ་སོགས་དངོས་གྲུབ་ཏུ་བླང་བ་ནི། ཧཱུྃ། དུས་གསུམ་དཀོན་མཆོག་མ་ལུས་ཀུན་འདུས་པའི། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་རྣམས། །མཁྱེན་བརྩེ་ནུས་མཐུ་མཐར་ཕྱིན་འགྲོ་བའི་དཔལ། །ཡིད་བཞིན་ནོར་མཆོག་འདོད་དགུ་མི་ཟད་གཏེར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྒོ་ཕྱེ་ནས། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་ཀུན། །མོས་པའི་བུ་ལ་དུས་འདིར་མྱུར་འགྲུབ་པའི། །དངོས་གྲུབ་དམ་པ་མ་ལུས་བསྩལ་དུ་གསོལ། །སིདྡྷི་ཕ་ལ་སརྦ་ཧཱུྃ། དེ་ནས་བཟོད་པར་གསོལ་བ་ནི། ཧོཿ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས། །བསྐྱེད་རྫོགས་བསྙེན་སྒྲུབ་ཚུལ་བཞིན་མ་འགྲུབ་སོགས། །ལྷག་ཆད་ནོར་འཁྲུལ་ཉེས་ཚོགས་གང་མཆིས་པ། །མཁྱེན་མངའི་ལྷ་ལ་མཐོལ་བཤགས་བཟོད་པར་བཞེས། །ཧེ་རུ་ཀའི་ཡིག་བརྒྱ་དང་། དབྱངས་གསལ་གྱིས་ཁ་སྐོང་ངོ་། །དེ་ནས་བཀྲ་ཤིས་བརྗོད་པ་ནི། ཧཱུྃ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་བྱུང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྲུང་ནོར་ལྷ་དམ་ཅན་རྒྱ་མཚོ་བཅས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་གཅིག་བསྡུས་འཇམ་དཔལ་གྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན་ལ་ཁྱབ། །འགྱུར་མེད་འགག་མེད་འཁྲུལ་མེད་རེ་བ་སྐོང་། །ཐོགས་མེད་ཅི་བསམ་དོན་འགྲུབ་བཀྲ་ཤིས་ཤོག །ཅེས་པ་དང་། རྒྱས་པ་གཞན་ནས་ཁ་བསྐང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། སྐྱེ་མེད་དབྱིངས་ལས་འགག་མེད་སྐུར་ཤར་བའི། །གང་འདུལ་ཆོ་འཕྲུལ་སྟོན་མཛད་སྐུ་མཆོག་ལྷ། །སྨིན་གྲོལ་ཆོས་འཁོར་འགྲོ་བ་མ་ལུས་འདུལ། །སླར་ཡང་ཆོས་དབྱིངས་སྐྱེ་མེད་དབྱིངས་སུ་བསྡུའོ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ དེ་ནས་རྒྱུན་གྱི་སྤྱོད་ལམ་ནི། ཧཱུྃ། འཇའ་ཚོན་ཆུ་ཟླ་ལྟ་བུ་ཞེན་མེད་ལུས། །ངར་འཛིན་རྣམ་དག་རང་བྱུང་དཔལ་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་དུས་ཀུན་དུ། །ཐབས་ཤེས་ཟུང་འབྲེལ་འགྲོ་འདུལ་སྤྱོད་ལམ་བྱའོ། །ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧྲཱིཿ དེ་ནས་བསྔོ་བ་ནི། ཧོཿ བདག་གཞན་དུས་གསུམ་ཕུན་ཚོགས་དགེ་སྤྱད་མཐུས། །འགྲོ་ཀུན་སྐྱོན་དག་ཡོན་ཏན་གོང་དུ་རྫོགས། །སྨིན་གྲོལ་ལམ་ལ་གོམས་པ་མཐར་ཕྱིན་ཏེ། །སྐུ་གསུམ་ལྷུན་གྲུབ་སངས་རྒྱས་ཐོབ་པར་ཤོག །གནས་སྐབས་སུ་ཡང་འཇིག་རྟེན་མ་ལུས་བདེ། །བསྟན་འཛིན་ཐམས་ཅད་སྐུ་ཁམས་བཟང་བ་དང་། །སེམས་ཅན་ཐམས་ཅད་ཆོས་བཞིན་སྤྱོད་འགྱུར་ཞིང་། །མཐར་ཐུག་འཁོར་བའི་རྒྱ་མཚོ་མྱུར་སྐེམ་ཤོག །བསྔོ་བྱ་སྔོ་བྱེད་བསྔོ་བ་མི་དམིགས་པ། །འཁོར་འདས་ཀུན་བཟང་ཀློང་དུ་རོ་གཅིག་པའི། ཆོས་དབྱིངས་ཟབ་མོ་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བའི་སྨོན་པ་འགྲུབ་པར་ཤོག །ཕྲིན་ལས་མདོར་བསྡུས་དངོས་གྲུབ་ཀྱི་སྙེ་མའི་ཟིན་བྲིས་རེ་ཞིག་རྫོགས་སོ། །སརྦ་མངྒ་ལཾ།། །།འདི་མཉམ་ཉིད་རྡོ་རྗེའི་གསུང་དུ་ཚུར་པར་དཀར་ཆག་ལས་གསལ།། །།
བླ་མ་དགོངས་པ་འདུས་པ་ལས༔ ཐོད་བརྟག་གནོད་སྦྱིན་ནོར་ལེན་ (Volume 51, Text 33)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཐོད་བརྟག་གནོད་སྦྱིན་ནོར་ལེན་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ གསང་སྔགས་ཟབ་མོ་ལ་སྤྱོད་པའི་རྣལ་འབྱོར་པ་གང་དག་བྷན་སྐྱོགས་ཀ་པཱ་ལ་འཆང་བར་འདོད་པས༔ བཟང་ངན་བླང་དོར་གྱི་མཚན་ཉིད་ཤེས་པས་འཆང་བར་བྱེད་པར་གལ་ཆེ་སྟེ༔ བཟང་པོས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་སྐྱེད་ཅིང༔ ངན་པས་གནས་སྐབས་དང་མཐར་ཐུག་ནམ་དུ་ཡང་མི་འདོད་པའི་སྐྱོན་དུ་མ་སྐྱེད་པར་བྱེད་པའི་ཕྱིར༔ བཟང་ངན་གྱི་མཚན་ཉིད་བརྟག་པ༔ ཐོད་བརྟག་གནོད་སྦྱིན་ནོར་ལེན་ཞེས་བྱ་བ་འདི་ལ་བླང་བྱ་བཟང་པོ་ངོས་འཛིན་པ་དང༔ སྤང་བྱ་ངན་པ་ངོས་འཛིན་པའོ༔ དང་པོ་བླང་བྱ་བཟང་པོ་ངོས་འཛིན་པ་ལ་གསོན་གཤིན་གཉིས་ཏེ༔ གསོན་པོའི་དུས་ཕོ་མོ་གང་ཡང་འདྲ་བར༔ མདོག་སྔོ་བའམ་ནག་པ༔ མིག་ཕུགས་ཟབ་ལ་མེར་བ༔ སོ་སྐྱ་བ༔ སྐྲ་ཚན་ཆེ་ལ་རྩུབ་པ༔ སྣ་ཆེ་ལ་རྣོ་བ༔ མཚོག་མ་འབུར་བ༔ མཇིང་པ་ཕྲ་བ༔ སྨིན་མ་ནག་ལ་རིང་ཞིང་སྨིན་མཚམས་འབྲེལ་བ༔ ཡང་ན་མིག་དཀར་ལ་ཤལ་བ༔ མཁུར་ཚོས་མཐོ་བ༔ སོ་བཟུར་བ༔ མཆེ་བ་རིང་བ༔ མཆུ་ཡོར་ལ་ཆེ་བ༔ བསོད་ནམས་ཟ་ཐང་དཔལ་ཁ་ཆུང་བ༔ མ་ལྐུགས་པ་སྟེ༔ གསོན་གྱི་དུས་སུ་དཔྱད་པ་དེ་རྣམས་ཚངས་པའི་མི་དེའི་ཐོད་པ་ཤི་བའི་ཚེ་ཆུད་མ་ཟོས་པར་ཉ་ར་བྱས་ན་བཟང་པོ་མི་འོང་མི་སྲིད་དོ༔ ཤི་བའི་ཐོད་པ་ལ་རྣམ་པ་མང་ཡང༔ མདོག་ལ་བརྟག་པ༔ དབྱིབས་ལ་བརྟག་པ་ལ་སོགས་པ་ལས༔ དབྱིབས་ནི་ནས་འབྲས་ལྟ་བུ༔ མདུན་ངོས་ནས་འཇོང་བ༔ ལྟག་པའི་ངོས་གཉིས་འབུར་བ་སྟེ༔ མཚོག་མ་མ་ཞོམ་ཞིང་རབ་ཏུ་རྒྱས་ནས་ནོར་བུ་ལྟ་བུ་ཡོད་པ་བཟང༔ རིགས་རྒྱུད་འཕེལ་བར་བྱེད་པའི་ཐོད་པ་རྡོ་རྗེའི་དབྱིབས་ཅན་ནི༔ མདུན་རྒྱབ་གཡས་གཡོན་གཉིས་རྒྱས་ཤིང༔ དེའི་ངོས་གཉིས་རྡོ་རྗེའི་རྭ་ལྟར་ཟུར་དུ་ལྷག་པར་འབུར་བའོ༔ ཟུར་མ་དོད་པས་ཟླུམ་པོར་འདུག་ན་ངན་ནོ༔ འགྲོ་བ་འདུན་པའི་ཐོད་པ་པདྨའི་དབྱིབས་ཅན་ནི༔ མདུན་ཕྲ་ལ་གདོང་ལེབ་ཅིང༔ རྒྱབ་རྒྱས་ལ་ཟླུམ་པ༔ ཡ་ཡོ་མེད་པར་སྙོམས་ཤིང་བལྟས་པས་པདྨ་ལྟར་གནས་པའོ༔ དེ་ལྟ་བུ་ལ་རང་ས་ཉམས་ན་ངན་པའོ༔ གཡུལ་ལས་རྒྱལ་བའི་ཐོད་པ་གླང་པོ་ཆེའི་རྒྱབ་ལྟ་བུ་ནི༔ མདུན་རྒྱབ་གཡས་གཡོན་སྙོམས་པ༔ དབུས་གོང་གདོང་རིང་ལ་མཐོ་བ༔ རྣ་ལྟག་གཉིས་སུ་གླང་པོ་ཆེའི་མཆེ་བ་ལྟ་བུའི་རུས་འབུར་རྒྱས་པ༔ ཚང་ར་ཞོམ་པ་ལྟར་མ་ཡིན་ཞིང་ཀུན་ཏུ་རྒྱས་པའོ༔ མདོར་ན་ཐོད་པའི་དབྱིབས་གཏིང་རྒྱ་མཚོ་ལྟར་ཟབ་པ༔ ངོས་རི་བོ་ལྟར་མཐོ་བ༔ དབྱིབས་གླིང་བཞིའི་བཀོད་པ་ལྟར་ཁོད་སྙོམས་པ༔ ཡ་ཡོ་དང་འཁྱམ་འཁྱོམ་མེད་པ༔ བལྟས་པ་ཙམ་གྱིས་ཡིད་དུ་འོང་བ༔ ལག་ཏུ་བླང་བ་ཙམ་གྱིས་ནོར་བུ་རིན་པོ་ཆེ་ལྟར་ལྗིད་ཆེ་བ༔ ཤེལ་ལྟར་དྭངས་པ༔ སྲབ་མཐུག་སྙོམས་པ༔ ལྷ་བའི་ཟམ་མ་ཆད་པ༔ ནང་གི་ཐོད་ལུང་ཐལ་མར་ཡོད་པ༔ གདོང་སོག་པོ་ཁྲོས་པའི་གདོང་སྣ་ལྟར་ཡོད་པ་ལས་སྤུ་གྲིའི་སོ་ལྟར་མ་ཡིན་ཞིང་འཇམ་ལ་མཐོ་བ༔ ཕྱི་ནས་ནང་དུ་འདུད་པ་ལྟ་བུ༔ ནང་ནས་ཟེད་པ་ལྟ་བུ་རྣམས་བཟང་བ་སྟེ༔ ཁྱད་པར་དུ་རུས་ལྷག་དང་རུས་འབུར་རིན་པོ་ཆེའི་ཕྲ་བཏབ་པ་ལྟ་བུའམ༔ མར་ཁུའི་ཟར་བུ་ཐིགས་པ་ལྟ་བུ་བྱུང་ན་མཆོག་ཏུ་བཟང་བའོ༔ ཁ་དོག་བཟང་རྟགས་ནི༔ དཀར་ལ་དྭངས་པ༔ སེར་ལ་འཚེར་བ༔ དམར་ལ་སྣུམ་པ༔ སྔོ་ལ་འོད་དང་ལྡན་པ༔ སྨུག་ལ་བརྗིད་པ་སྟེ༔ གང་ཡང་སྣུམ་ལ་བཀྲག་དང་ལྡན་ན་བཟང་བའོ༔ མཁྲེགས་པ༔ ལྗིད་པ༔ མཐུག་པ༔ འཇམ་པ༔ སྙོམས་པ༔ མཛེས་ཤིང་ཡིད་འོང་བ་རྣམས་ཀུན་འཛོམ་པ་རབ༔ ཕྱེད་འཛོམ་པ་འབྲིང༔ རེ་རེ་འཛོམ་པ་ཐ་མའོ༔ དུམ་བུའི་བརྟག་པ་ནི༔ རྣ་ལྷན་ལྟག་ལྷན་གསུམ་མ་གཏོགས་པའི་དུམ་བུ་གཅིག་པ་ཚེ་ལ་དབང༔ གཉིས་པ་ནོར་ལ་དབང༔ གསུམ་པ་ཟས་ལ་དབང༔ བཞི་པ་ལས་ལ་དབང༔ བཅུ་གཅིག་ཕན་ཆད་མཆོག་གི་ཐོད་པ་སྟེ་བཟང་བའོ༔ ནང་གི་དཔྱད་ལ༔ མདུན་རང་ས༔ གཡས་མི་ས༔ གཡོན་ནོར་ས༔ རྒྱབ་ཕྱི་ས་སྟེ་ནང་མེ་ལོང་གི་ངོས་ལྟར་རབ་ཏུ་འཇམ་པའམ༔ མར་ལ་མཐེབ་བཅག་བྱས་པ་ལྟ་བུ་བཟང༔ ཤིང་ལོ་རབ་ཏུ་རྒྱས་ཤིང་ཡན་ལག་རགས་པ༔ ཡལ་ག་རང་སར་འཁྱིལ་ཞིང་ཤིང་འབྲས་ལྟ་བུའི་ཕྲུམ་ཕྲུམ་དང༔ མེ་ཏོག་ལྟ་བུར་ཤར་ན་བཟང༔ ཐོད་སྤྲིས་མ་རལ་བ་ནང་དར་དམར་པོའི་ངོས་གཡོགས་བྱས་པ་འདྲ་ན་བཟང་བའོ༔ གླང་པོ་ཆེའི་རྗེས་བཞི་དོད་པ་འདྲ་བའི་ཁུང་བུ་ལ་འཇམ་ཞིང་འབུ་ཚགས་མེད་ན་རྐང་བཞི་འདུ་ཞེས་བཟང་བའོ༔ ཚངས་བུག་ཕྱི་ནང་དུ་ཐལ་མར་ཡོད་པ་བཟང་ཞིང༔ ཚངས་བུག་གཉིས་པ་བྱུང་ན་མཆོག་ཏུ་བཟང་བའོ༔ མདོར་ན་ཐོད་པ་འཇམ་ན་མི་ཁ་བྱམས༔ ལྗིད་ཆེ་ན་བསོད་ནམས་འཕེལ༔ དབྱིབས་ལེགས་ན་ནོར་འདུ༔ གདིང་ཟབ་ན་ཟས་འདུ༔ མཐུག་ཅིང་ཁོད་སྙོམས་ན་ལོངས་སྤྱོད་བརྟན༔ སྲབ་ལ་དྭངས་ཤིང་མཁྲེགས་ན་ཆོས་འཕེལ༔ ནང་གི་རི་མོ་དར་ཞིང་རྒྱས་ན༔ འཁོར་འདབས་འབངས་སྲིད་འཕེལ༔ ཚངས་བུག་གསང་ན་མི་རྒྱུད་གྲུང་ལ་སྐད་ཐོན་པ་འོང༔ བལྟས་པ་ཙམ་གྱིས་ཡིད་དུ་འོང་ལ་ཉམས་དགའ་རིག་པ་དྭངས་ན༔ ཐོད་པ་དེ་ལ་ཡོན་ཏན་མེད་མི་སྲིད་པས་འཆང་བར་བྱའོ༔ ཐོད་པ་གང་ཡིན་ཡང་འཕྲད་པའི་ཚེ་རྫས་ཀྱིས་གང་ན་བཟང༔ མདུན་དང་གཡས་རང་ལ་བསྟན་ན་བཟང་བ་སྟེ༔ རྟེན་འབྲེལ་འགྲིགས་པས་བཅང་བའི་འོས་སུ་འགྱུར་ཏེ༔ ཡོན་ཏན་དེ་རྣམས་ཚང་བའི་ཐོད་པ་བཅང་པ་ཙམ་གྱིས་དངོས་གྲུབ་འབྱུང༔ འཕྲིན་ལས་འགྲུབ་པས་གདམས་པ་དང་ལྡན་པས་རྟག་ཏུ་བཅང་བར་བྱའོ༔ སྤང་བྱའི་ཐོད་པ་ངོས་འཛིན་པ་ནི༔ རྐྱེན་གྱིས་སྐྱོན་ཅན་དུ་གྱུར་པ་དང༔ རྒྱུ་ལས་གྲུབ་པའི་སྐྱོན་ཅན་ནོ༔ རྐྱེན་གྱིས་སྐྱོན་ཅན་དུ་གྱུར་པ་ནི༔ བཟང་པོའི་མཚན་རྟགས་མང་པོ་དང་ལྡན་ཀྱང༔ ཐོད་པ་བྲེག་མ་ཤེས་པས་ཉམས་པ་དང༔ མཐོ་དམན་དུ་ཤོར་བ་དང༔ ཡ་ཡོར་ཤོར་ཞིང་ཁོད་མ་སྙོམས་པ་དང༔ མིག་ལ་སོགས་པ་ཁུང་བུ་བུག་པ་དང༔ ནང་མཚོན་རྩེ་ལ་སོགས་པས་བརྡར་ནས་ཐོད་སྤྲིན་མེད་པར་བྱས་པ་དང༔ རབ་ཏུ་བཟང་པོའི་ཐོད་པ་ཐོད་རྒོད་དུ་མ་བཞག་པར་ཡི་གེ་དང་ལྷ་རྟེན་བྲིས་ནས་རབ་གནས་དང་སྒྲུབ་པ་མ་བྱས་པ་དང༔ གས་པ་དང༔ གྲུམ་པ་དང༔ ཆག་པ་དང༔ འཛེར་བ་དང༔ ཚིག་པ་དང༔ ཟད་པ་དང༔ བཙོས་ནས་ལྷ་བ་དང་སྣུམ་གཏོན་པ་དང༔ མནན་ཞབས་སུ་ཚུད་པ་ལ་སོགས་པ་རྣམས་སྐྱོན་ཅན་དུ་གྱུར་པས་སྤང་བར་བྱའོ༔ རྒྱུ་ལས་གྲུབ་པའི་སྐྱོན་ནི༔ ཡོ་ཞིང་དབྱིབས་མ་ལེགས་པ༔ མདོག་མི་སྡུག་པ༔ སྐྱ་ཐལ་བ༔ སེར་ལ་སྐོག་པ༔ ནག་ཧམ༔ ཞག་མེད༔ དུད་མདོག༔ བཀྲག་ཉམས༔ མདོག་ཤོར༔ སྔོ་ནག་ལ་སོགས་པ་སྟེ༔ མཐོང་བ་ཙམ་གྱིས་མི་སྡུག་པ་སྐྱོན་ཅན་ཏེ་སྤང༔ ཕྱི་ནང་གང་ཡང་རྩུབ་པ༔ ཡང་བ༔ སོབ་པ༔ ཞོམ་པ༔ སྲིན་རྗེས་དང་གྲོག་ཚང་ཡོད་པ༔ ཤིང་ལོ་སྐམ་པ༔ ཆག་པ༔ འགྱེལ་བ༔ ཤིང་སྐམ་ཀེ་རུ་ལྟ་བུའམ༔ ཤིང་ལོ་ཕྱིར་གྱེས་པ༔ བྱས་བྲད་པ་ལྟ་བུ༔ བྱ་རྗེས༔ འབུ་ཁུང་ཅན༔ སྲབ་མཐུག་ཁོད་མ་སྙོམས་པ༔ ངམ་ནག་པ༔ ཕྱི་ས་མཐུག་ལ་དྲང་བ༔ རང་ས་སྲབ་པ༔ སོག་སྣ་གོ་ལོག་པ༔ སྤུ་གྲིའི་སོ་ལྟར་རྣོ་བ༔ ལྷ་བའི་ཟམ་ཆད་པ༔ ཐེར་བ༔ སྲབ་སྐོགས་སུ་སོང་བ༔ དུམ་བུ་ལྔ༔ དྲུག༔ བདུན༔ བརྒྱད༔ དགུ༔ བཅུ་བར་ཡོད་པ༔ རྩ་རིང་པོ་དོང་དུ་སོང་བ༔ ཚངས་བུག་མེད་པ༔ འཕྲད་པའི་ཚེ་སྟོང་པ༔ ཁ་སྦུབ་པ༔ ལྟག་པ་དང་གཡོན་རང་ལ་བསྟན་པ་རྣམས་བཟང་ཡང་རྟེན་འབྲེལ་མི་ཤིས་པ་སྟེ༔ མདོར་ན་མཐོང་བ་ཙམ་གྱིས་ཡིད་དུ་མི་འོང་བ༔ ལག་ཏུ་བླང་བ་ཙམ་གྱིས་ཡིད་མི་བདེ་བར་གྱུར་པའི་ཐོད་པ་ལ་སྐྱོན་མེད་མི་སྲིད་པས་མི་འཆང་སྤང་བར་བྱའོ༔ དེ་ལྟར་ཐོད་པ་ལེགས་པར་བརྟགས་ནས༔ བཟང་པོ་ཡོན་ཏན་དང་ལྡན་པ་བླངས་ནས་འཆང་ཞིང་གང་ལ་གང་དགོས་སུ་སྤྱད༔ ངན་པ་རྣམས་ལག་པས་ཀྱང་མི་རེག་ན་འཆང་བ་ནི་སྨྲོས་ཅི་དགོས་ཏེ་སྤང་བར་བྱའོ༔ རྫས་ངན་ལ་དགོས་པའི་ཐོད་པ་ནི༔ གྲི་སོགས་ཀྱི་སོ་མ་བཏད་ཅིང་གྲ་གཤགས་མ་བྱས་པའི་ཐོད་རྒོད་ལ་སོགས་པ་ལ་བྱའོ༔ ཡང་ན་རུས་སྣ་མི་གཅིག་པ་དགུའི་ཐོད་པ་དགུ་ཚང་བར་ཡོད་ན་གནས་དེར་དུར་ཁྲོད་ཀྱི་ར་བར་འགྱུར་བས༔ ངན་པ་རེ་རེ་ཡོད་ཀྱང་སྐྱོན་དུ་མི་འགྱུར་བས་དེའི་མཚན་ཉིད་ཤེས་པར་བྱའོ༔ ཐོད་པའི་མཚན་ཉིད་བཟང་ངན་བརྟག་པའི་མན་ངག་གནོད་སྦྱིན་ནོར་ལེན་ཞེས་བྱ་བ༔ ཕྱི་རབས་སྔགས་འཆང་རྣམས་ཀྱི་དོན་དུ་ཧེ་རུ་ཀ་གལ་པོའི་རྒྱུད་ནས་བཏུས་པའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ བརྡ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །།
བླ་མ་དྲག་པོ་ལས༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས་བྱ་བ་ཐེམ་མེད་པ་ (Volume 45, Text 33)
<!TCC Tibetan character 3,182 undefined in unicode!>༔ བླ་མ་དྲག་པོ་ལས༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས་བྱ་བ་ཐེམ་མེད་པ་བཞུགས་སོ༔ ྈྈྈྈྈྈྈྈྈ རབ་འཇིགས་མེའི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ༔ དུས་ཀྱི་ཐ་མར་མཚོན་གྱི་བསྐལ་པ་དར༔ ཕལ་ཆེར་མི་ཕྱེད་མཚོན་གྱིས་འཆི་བའི་ཚེ༔ རྡོ་རྗེའི་གོ་ཁྲབ་ལྕགས་ཁང་ལྟ་བུ་འདི༔ ལས་ཅན་བུ་ཡི་དོན་དུ་ས་མ་ཡ༔ འདི་ལ་གསུམ་སྟེ༔ འདོགས་པ་རྡོ་རྗེའི་གོ་ཆས་བསྲུང་བ༔ སྔགས་བཟླས་པས་མཚོན་གྱིས་དབལ་ཟློག་པ༔ ཏིང་ངེ་འཛིན་སེམས་ཀྱིས་སྲུང་བ་སུམ་ཕྲུགས་རྡོ་རྗེའི་གོ་ཆའོ༔ ཙཀྲ་བྲི་བ་ནི༔ མཐིང་ཤོག་དག་ལ་ཐལ་ཆེན་གྱིས་བྱུག་སྟེ༔ དམ་ལྡན་སྔགས་པས༔ ཟླ་སྟོད་གཟའ་སྐར་བཟང་ཞིང་དར་བ་ལ་བྲི་བའམ༔ མཆོག་ཏུ་གཟའ་དམག་དཔོན་དར་བ་ལ༔ སྐྱབས་འགྲོ་སེམས་བསྐྱེད་ལྡན་པས༔ ཁ་བྱང་ཕྱོགས་སུ་བལྟས་ཏེ༔ བྲི་བའི་རྒྱུ་ནི༔ རབ་གསེར༔ འབྲིང་མཚལ༔ ཐ་མ་ཡང་རྒྱ་སྣག་ལ་རིན་པོ་ཆེ་བརྡར་ལ་བྱའོ༔ རྒྱུ་དེ་དག་ལ་ཡང་སྔགས་་་ཨོཾ་ཏ་ཡནྟེ་ཞེས་སོགས།བརྒྱ་རྩ་བརྒྱད་བཟླས་ཏེ་བྲི༔ ཙཀྲ་མུ་ཁྱུད་བདུན་དུ་བསྐོར་ལ༔ ལྟེ་བ་ཆེ་རུ་བྱས་ཏེ་རྡོ་རྗེ་སྦྲགས་པ་གཅིག་བྲིས་པའི་ལྟེ་བར༔ བསྲུང་བྱའི་གཟུགས་དང་མིང་རུས་དང་བཅས་པ་བྲིས་པའི་མཐར༔ མདའ༔་་་སྲུངས་ཤིག །གྲི༔་་་སྲུངས་ཤིག །མདུང༔་་་སྲུངས་ཤིག །རྡོ་ལ་སོགས་པའི་མཚོན་ཐམས་ཅད་སྲུངས་ཤིག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཏ་ཡནྟེ༔ ཉག་ཕཊ༔ ས་ལི་ས་ལི་ཕཊ་ཕཊ༔་་་དཔེ་གཅིག་ལ་སིལ་སིལ་ཕཊ་ཕཊ༔སྣང་། འཆང་བ་པོ་ལ་སྲུངས་ཤིག་བྲི༔ དེའི་ཕྱི་རིམ་རྡོ་རྗེའི་རྭ་བཞི་ལ༔ ཨོཾ་ཐེ་ཐེ་བོ་ཤྲ་བུན་ཐེ་བོ་ཤྲ་ཕཊ༔ དུམ་ཤྲི་ཤྲི་ན་ཏྲེ་ཏྲེ་ཀེ༔ ཕོ་ཕོ་ཤྲི་མི་སྭཱ་ཧཱ༔ འཆང་བ་པོ་ལ་མདའ་གྲི་མདུང་རྡོ་ལ་སོགས་པའི་མཚོན་ཐམས་ཅད་ལས་སྲུངས་ཤིག་བྲི༔ མཚམས་བཞིར་རྡོ་རྗེ་རྐྱང་པ་རེ་བྲི༔ དེ་རྣམས་ཀྱི་ལྟེ་བ་ལ་ཧཱུྃ་རེ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ སྔགས་འདི་ཚར་བཅུ་བྲི༔ ཨོཾ་མཚོན་རྣོ་སོད་ཟློག་ཆུམ་དྲིལ་སྭཱ་ཧཱ༔ འཆང་བ་པོ་ལ་རཀྵ་བྲི༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཟློག་མཚོན་གྱི་དབལ་ཟློག༔ མདའ་རྡོ་སྙིལ༔ རྡོ་མ་ལྕགས་ཀྱི་མདངས་འཕྲོག༔ ཅེས་ཚར་རེ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་པྲ་མ་ཐ་ར་སོད༔ ཞུན་ཆི་ལི་ལི་སོད༔ ལྕགས་ངར་དྲག་པོས་བྱའི་སོད༔ ལྕགས་ཀྱི་ཕ་སོད༔ ལྕགས་ཀྱི་མ་སོད༔ རྣོ་བའི་ཁ་སྙིལ༔ ཉལ་ཉལ་སོད༔ ཁུང་ཐལ་སོད༔ གྲི་སོད༔ མདའ་སོད༔ མདུང་སོད༔ རྡོ་སོད༔ ཆེ་གེ་ལ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ དང་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ཕྱི་རིམ་མེ་རི་གཡོན་སྐོར༔ དེ་ནས་ཙཀྲ་ལ་དྲི་བཟང་གིས་བྱུག༔ རྩ་སྔགས་བརྒྱ་དང་རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ༔ དེ་ནས་མིང་གཟུགས་མགོ་མཇུག་མ་ལོག་པར་དྲིལ་ཏེ༔ དར་དམར་གྱིས་ཐུམ་ལེགས་པར་བྱས་ཏེ༔ ཁྱི་དང་བུད་མེད་ཀྱིས་མ་རེག་པར་མགུལ་ལམ་མཆན་ཁུང་གཡོན་དུ་བཅང༔ དེ་ནས་འདིའི་མན་ངག་མཐའ་རྒྱས་ནི༔ ཉུངས་དཀར་དང་བྱེ་མ་ལ་ཙཀྲའི་སྔགས་བརྒྱ་སྟོང་ཁྲི་སོགས་བཟླས་ཏེ༔ གསེར་གྱི་འཁོར་ལོ་མེའི་དབལ་ཅན་དུ་བསམ་སྟེ༔ དར་གྱི་ཁུག་མར་བླུག་སྟེ་བཅང་ངོ༔ ནམ་གཡུལ་དུ་ཞུགས་དུས་གོ་ཁྲབ་ལ་བཏབ་པས་སྲ་བ་ཡིན་ནོ༔ གཡུལ་སྤྲད་པའི་ཚེ༔ བདག་ཉིད་གསང་བདག་གི་བསྐྱེད་རིམ་དང་ལྡན་པས༔ རྐང་པ་གཡོན་གྱི་འོག་གི་ས་བླངས་ཏེ་ཐུན་དང་བསྲེས་ལ༔ སྔགས་བཟླས་ཤིང་གོམ་པ་ཉེར་གཅིག་ཕྱིན་ནས་གཏོར་བས༔ ཆེ་གེའི་དཔལ་དུ་འགྱུར་ཏེ་ཕ་རོལ་གྱི་མཚོན་ཆ་ཐམས་ཅད་བསྙིལ༔ རྩེ་གུག་གཞུ་གཞོབ་སོང་བར་བསྒོམ༔ ཕ་རོལ་གྱི་མཚོན་རྣམས་ནུས་མེད་དུ་འགྱུར་རོ༔ མདོར་ན་སྔགས་འདི་བློ་ལ་ཡོད་པ་རང་གིས་མཚོན་གྱིས་མི་ཚུགས་སོ༔ ཏིང་ངེ་འཛིན་གྱིས་གསད་པ་ནི༔ རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་བསྲུང་བྱ་གསང་བདག་ཏུ་བསྒོམ༔ གཡས་རྡོ་རྗེ་གཡོན་སྡིགས་མཛུབ་ལས་མེ་འབར་བ༔ རྐང་མཐིལ་ནས་སྤྱི་བོའི་བར་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གསོལ་བས༔ ཉམ་ང་བག་ཚ་མེད་པར་བསྒོམ༔ དེ་ལྟར་གསལ་བའི་འོད་ཟེར་རྡོ་རྗེའི་རྒྱ་གྲམ་ལ་ཕོག༔ རྡོ་རྗེའི་རྭ་ལས་རྡོ་རྗེའི་ཚྭ་ཚྭ་འཕྲོས་ཏེ༔ ཕ་རོལ་གྱི་མཚོན་ཆ་རྣམས་མགར་བའི་ཞུན་ལྟར་ཞུན་དུ་ཧྲིལ་སོང་བར་བསྒོམ༔ འདིས་ནི་ཕ་རོལ་པོ་རྣམས༔ སྟོབས་ཤོར་ཉམས་མེད༔ ནུས་པ་ཐམས་ཅད་བརླག་པར་འགྱུར་ཏེ༔ ཕ་རོལ་ཉམ་ཐག་པར་འགྱུར་རོ༔ འདི་ལྟར་སྔགས་འཁོར་རྫས་དམིགས་པ་ཐམས་ཅད་འཛོམ་ན༔ ནུས་པ་གསང་བའི་བདག་པོ་དང་མཉམ་སྟེ༔ ཁྲོ་ཆུའི་ཕ་བོང་ལྟ་བུའོ༔ དེས་ན་མཚོན་གྱིས་མི་ཚུགས་པར་ལྟ་སྨྲོས་ཀྱང་ཅི་དགོས་ཏེ༔ རྡོ་རྗེའི་གུར་དང་རྒྱ་གྲམ་ནི་བཙན་པོའི་མཁར་ལྟ་བུ༔ གནམ་ལྕགས་ཀྱི་འཁོར་ལོ་ནི་ལྕགས་ཀྱི་རི་དང་མཚུངས་སོ༔ མེའི་ཚྭ་ཚྭ་ནི་ཕར་རྒྱག་གི་མཚོན་ལྟ་བུའོ༔ དེ་ཕྱིར་གཞུང་ལས་ཅི་ལྟར་བྱུང་བ་ལྟར༔ དེས་ཆོག་མི་བྱ་བར་ཐམས་ཅད་འཛོམ་པར་བྱའོ༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས༔ ཡང་ཟབ་ལྕགས་ཁང་ལྟ་བུ་འདི༔ དམ་ཅན་འཁོར་ལོའི་རྒྱུད་ལས་ཕྱུངས༔ བླ་མ་དྲག་པོའི་ལས་ཚོགས་སུ༔ རིན་ཆེན་གཏེར་དུ་བཅས་ཏེ་བཞག༔ སྙིགས་མ་ལྔ་བདོའི་ཐ་མ་ལ༔ གཡུལ་འཁྲུག་དམེ་གསད་ཧམ་གསུམ་དང༔ འགོང་པོའི་བསྟན་པ་དར་དུས་སུ༔ ཆོས་མཛད་དམ་པ་གྲིར་གུམ་དུས༔ དེ་དུས་འགྲོ་ལ་ཕན་ཐོགས་ཤོག༔ བདག་འདྲ་ཨ་ཙར་ཡེ་ཤེས་ཀྱིས༔ གུ་རུའི་གསུང་བཞིན་ཤོག་སེར་བྲིས༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྡིག་ཅན་མ་ཡིན་དགེ་ལྡན་ལ༔ སྤེལ་ཚོད་རིག་པས་བརྟག་པར་བྱའོ༔ ཞུ་ཡོན་རང་ལ་ཅི་རི་དགོས༔ རིན་ཆེན་དོང་ཙེར་བྲུབས་ནས་ཀྱང༔ མཁར་ཆུ་ཕུག་རིང་ཨ་ཐམ་རྒྱ༔ ྈྈྈྈྈྈ ྈྈྈྈྈ སྤྲུལ་སྐུ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ།། །། ༈ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བྷྱཿ མཚོན་སྲུང་ཙཀྲའི་ཕྱག་ལེན་ནི། གཟའ་སྐར་འཕྲོད་སྦྱོར་བཟང་བ་དང་། ཁྱད་པར་བསྲུང་བྱའི་དགྲ་གཤེད་མིན། །སྲོག་གཟའ་དར་ཉིན་མཆོག་ཏུ་ལེགས། །དཀར་སྤྱད་ཁྱི་དང་བུད་མེད་སོགས། །ཐོ་ཕྱིར་མི་ཉེ་དབེན་པར་བྱ། །ངག་བཅད་གུར་དྲག་ལས་གཞུང་བསྲང་། །ཉི་ཤར་ཉི་མར་རྒྱབ་གཏད་ལ། །ཞིང་ངམ་རྔ་ལ་གྲི་ཁྲག་བྱུགས། །དེ་སྟེང་ཤོག་བུ་དགྲམ་ལ་འབྲི། །ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་ནི། །རྒྱན་ལྡན་ལང་ཚོ་དར་ལ་བབས། །མཉམ་པའི་སྟབས་ཀྱིས་ལངས་པ་ཡི། །སྙིང་གར་ནྲྀ་མཐར་མིང་རུས་དང་། །སྲུང་བའི་སྤེལ་ཚིག་མགོ་ཕྱིར་བསྟན།་་་དཔེར་ན། འཆང་བ་པོ་ཤིང་ཁམས་སྒ་རིགས་ལྷ་སྲུང་རྡོ་རྗེ་ཞེས་བྱ་བའི་ལུས་ལ་མདའ་གྲི་མདུང་རྡོ་རྗེ་ལ་སོགས་པའི་མཚོན་ཆ་ཐམས་ཅད་སྲུངས་ཤིག །ལྟ་བུའོ། །གཞན་རྣམས་གཞུང་དུ་གསལ་ལྟར་བྲི། །བྲིས་ཚར་ཐོད་ནང་འབྲུ་བླུགས་ལ། །དེ་དབུས་ཤིང་བུར་འཁོར་ལོ་བཙུག །བགེགས་བསྐྲད་ཁྲུས་གསོལ་ལས་གཞུང་བསྲང་། །ཙཀྲ་གཞལ་ཡས་ལྟེ་བ་རུ། །གཙོ་བོའི་ཐུགས་ཀར་མཆོད་རྟེན་གྱི། །བུམ་པར་ཕྱག་ན་རྡོ་རྗེ་ཡི། །ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། །དེ་ཡི་ཐུགས་ཀར་ཉི་ཟླའི་དབུས། །ཧཱུྃ་གི་ཁོག་པར་མིང་གཟུགས་དང་། །དབྱེར་མེད་བསྲུང་བྱ་ནྲྀ་ཡིག་བསྒོམ། །བསྙེན་མཐར་རྟེན་དང་བརྟེན་པའི་ལྷ། །འོད་ཞུ་འཁོར་ལོར་གྱུར་པར་བསམ། །རང་སྔགས་ཡིད་བཟླས་ཚར་བདུན་བྱ། །འཁོར་ལོའི་འོད་ཀྱི་སྣང་བ་ནི། །རྡོ་རྗེའི་གོ་ཁྲབ་ལྟ་བུ་ཡིས། །བསྲུང་བྱ་བཞུ་བླུགས་གཡོགས་པར་བསམ། །རྟེན་འབྲེལ་བརྒྱ་རྩས་རབ་གནས་བྱ། །ཟུར་གསུམ་དབྱིབས་སུ་ལྟེབ་པ་དང་། །སྲུང་ཆིངས་མཆོད་རྟེན་རིས་སུ་བཅིང་། །སླར་ཡང་གོང་ལྟར་ལེགས་པར་བསྒྲུབ། །རྨི་ལྟས་སྲུང་རྟགས་སྤྱི་དང་ནི། །དངོས་སུ་འོད་དང་དུ་བ་སོགས། །བྱུང་ན་ངེས་པར་གྲུབ་པ་ཡིན། །ཟངས་ཀྱི་གྭའུར་གཞུག་ལ་འཆང་། །ཐོག་མཐའ་བར་གསུམ་ཐམས་ཅད་དུ། །སྔགས་པ་རང་དང་བསྒྲུབ་བྱ་ལས། །གཞན་པས་འཁོར་ལོ་རེག་མི་རུང་། །གཡུལ་དུ་ཞུགས་དུས་དམར་སྐྱུར་དང་། ཁྱི་དང་བུད་མེད་སོགས་སྤངས་ནས། །འཁོར་ལོ་དྲོད་དང་མ་བྲལ་བར། །བཅངས་ལས་ངེས་པར་བསྲུང་བ་ཡིན། །འདི་ཡང་ཕྱག་ལེན་རྒྱུན་ལྡན་གྱི། །བླ་མའི་ཞལ་ལས་ཐོས་པ་ལྟར། །མཚོ་སྐྱེས་དགྱེས་པས་བྲིས་པའི་དགེས། །འགྲོ་རྣམས་འཇིགས་པ་ཀུན་བྲལ་ཤོག །མངྒ་ལཾ།། །།
ཡང་ཕུར་སྦྲགས་མའི་ཟབ་ཏིག་ (Volume 27, Text 33)
༁ྃ༔ ཡང་ཕུར་སྦྲགས་མའི་ཟབ་ཏིག་བཞུགས༔ ཁོ་བོ་པདྨ་འོད་གསལ་མདོ་སྔགས་གླིང་པ་རང་ལོ་བརྒྱད་པ་མེ་ཕག་ཟླ་བ་དགུ་པའི་ནང་དུ་གློ་བུར་གྱི་བར་དུ་གཅོད་པས། འཇིག་རྟེན་ཕྱི་མའི་ལྟད་མོ་ལ་མངོན་པར་ཕྱོགས་པ་ཙམ་མངོན་དུ་བྱུང་བའི་སྐབས། ཟླ་བ་དེ་ཉིད་ཀྱི་ཚེས་བཅུའི་ཐོ་རངས་སྣང་སེམས་འདྲེས་པའི་ཉམས་ཤིན་ཏུ་གསལ་བར། ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མོན་བོད་འདྲེས་མའི་ཆས་ཅན་གྱིས་མངོན་སུམ་བཞིན་དུ་དབུགས་དབྱུང་ཞིང་གདམས་ངག་རྗེས་སུ་བསྟན་པ་ནི་འདི་ཡིན་ཏེ། ཨ༔ གདོད་ནས་ཀ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པ་རང་སྣང་བ༔ མཚོན་ཆེན་ཧཱུྃ་ཡིག་སྔོན་པོ་ནི༔ ནམ་མཁའི་དཀྱིལ་ནས་འཇའ་ལྟར་ཤར༔ དེ་ལས་རོལ་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྟོང༔ སྟོང་པའི་ངང་ལས་གསལ་བའི་རྩལ༔ སངས་རྒྱས་ཞིང་ཁམས་ཡོངས་སྦྱངས་པའི༔ བཀོད་པ་ཆེན་པོའི་རོལ་པ་ནི༔ ཀློང་ལྔ་རྣམ་པར་དག་པའི་མདངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུར་ཁྲོད་དྲག་པོའི་བཀོད་པ་རྫོགས༔ དེ་དབུས་པད་ཟླ་ཉི་མ་དང༔ ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང༔ ཧཱུྃ་གི་མཚོན་བྱེད་ཡོངས་གྱུར་ལས༔ མཚོན་བྱ་བདག་ཉིད་རྩ་བའི་ལྷ༔ རྡོ་རྗེའི་རང་བཞིན་སྟོང་པ་ཉིད༔ གཞོན་ནུ་ཡེ་ཤེས་སྙིང་རྗེའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པ༔ ཆོས་སྐུའི་ཡོན་ཏན་ཐམས་ཅད་ཉིད༔ གཟུགས་ཀྱི་རྣམ་པར་ཤར་བ་ནི༔ སྐུ་དང་རྩ་ཞལ་རབ་ཏུ་སྔོ༔ སྟོན་ཀའི་ནམ་མཁའ་དག་པ་བཞིན༔ གཡས་དཀར་གཡོན་དམར་བཞད་གཤེ་རྔམ༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ ཐེག་པ་དགུ་དང་ཡེ་ཤེས་ལྔ༔ རྫོགས་པའི་རྡོ་རྗེ་མཚོན་ཆར་འབེབ༔ གཡོན་གཉིས་ཉོན་མོངས་སྲེག་པའི་མེ༔ སྡིགས་པའི་མཛུབ་མོའི་རྩེ་ནས་སྤྲོ༔ གཉིས་པ་དུག་གསུམ་རྩད་གཅོད་པའི༔ ཁ་ཊྭཱཾ་ཅང་ཏེའུ་དྲིལ་བུ་འཁྲོལ༔ ཐ་མ་གཉིས་ཀྱིས་ཁམས་གསུམ་པོའི༔ ཉོན་མོངས་དུག་ཆེན་སྦྱང་བའི་ཕྱིར༔ རི་རབ་ཕུར་བུ་འདྲིལ་བ་ནི༔ ཆེ་བཙན་འགྲན་བྲལ་རྟགས་སུ་བརྗིད༔ སྔོན་བྱུང་རུ་དྲ་བསྒྲལ་པ་ཡི༔ དཔལ་ཆེན་པོ་ཡི་ལོངས་སྤྱོད་དང༔ དུར་ཁྲོད་མཁའ་འགྲོ་འབུམ་གྱི་ཚོགས༔ དགྱེས་རྒུར་རོལ་པའི་ཡ་མཚན་ཆེ༔ རྡོ་རྗེའི་སྐུ་ཡི་དབྱིངས་སུ་རྫོགས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཅན༔ མ་ཧཱ་རུ་དྲའི་སྤྱི་ནས་བརྫིས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་མཐིང༔ ཨུཏྤལ་དུང་ཁྲག་བསྣམས་པས་འཁྱུད༔ གཟིག་ཤམ་སྣ་ཚོགས་ཁྲོ་མོའི་ཆས༔ ཆགས་དང་གཏུམ་པའི་ཉམས་འགྱུར་རྫོགས༔ དེ་ལྟར་གསལ་བའི་ཡེ་ཤེས་སྐུ༔ རང་བཞིན་ཅིར་ཡང་མ་དམིགས་བཞིན༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་ཕྱིར༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ ཕུང་པོ་སྲས་མཆོག་རིགས་ལྔ་སྟེ༔ འབྱུང་བ་དེ་ཡི་ཡུམ་དང་རོལ༔ དགེ་དང་མི་དགེའི་ཆོས་རྣམས་ཀུན༔ ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ༔ དེ་ལས་ཉོན་མོངས་རྟོག་པའི་རྩལ༔ ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་ཚོགས༔ མ་འདྲེས་ཉི་དང་འོད་བཞིན་པར༔ ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར༔ དེ་ལས་ཡེ་ཤེས་ཏི་ལ་ཀ༔ དྭངས་མ་ལྔ་འདུས་སྙིང་པོའི་སྲོག༔ བླ་མ་རྡོ་རྗེ་འཆང་ཆེན་པོ༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ སྤྱི་བོའི་སྟེང་ན་འགྱིང་ཞིང་རོལ༔ པདྨ་ཟླ་ཉི་དྲེགས་པའི་སྟེང༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ གཡས་དཀར་གཡོན་དམར་ཞལ་གྱིས་བརྗིད༔ ཡེ་ཤེས་ཆེན་པོའི་ཕྱག་དྲུག་གཡས༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་སྟེ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ ཡུམ་ནི་དབྱིངས་ཕྱུག་སྙེམས་མ་ཁྲོས༔ སྔོ་སྐྱ་རྡོ་རྗེ་དུང་ཁྲག་སྟོབ༔ གཉིས་ཀ་གར་དགུའི་རོལ་པ་དང༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ རྡོ་རྗེ་པདྨ་མཉམ་སྦྱོར་བས༔ བསྲུབས་ཤིང་སྲུབ་པའི་སྦྱོར་བ་ཡིས༔ བདེ་བ་ཆེན་པོའི་གཟི་བྱིན་ནི༔ བཟོད་དུ་མེད་པར་འབར་བའི་རྩལ༔ འཇའ་ཟེར་ཐིག་ལེ་འོད་ཕུང་གི༔ རྣམ་འཕྲུལ་འབར་ཞིང་འཁྲུགས་པའི་ཀློང༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོར་བཅས༔ ཤིན་ཏུ་བཟོད་པར་དཀའ་བ་ཡི༔ བདེ་སྟོང་ཡེ་ཤེས་ཉམས་འབར་བས༔ ཨ་ཧཾ་ཧཱུྃ་དང་ཕཊ་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་ཡོངས་སུ་སྒྲོག༔ སྣང་སྟོང་གྲགས་སྟོང་རིག་བཞིན་སྟོང༔ གསལ་སྟོང་དང་ནི་ཚོར་བས་སྟོང༔ གདོད་མའི་རང་བཞིན་ཅིར་ཡང་འཆར༔ འཆར་བའི་ཐུགས་རྗེ་འགག་མེད་རྩལ༔ གདུག་པ་ཅན་རྣམས་རྗེས་འཛིན་ཕྱིར༔ སྣང་སྲིད་སྣོད་བཅུད་གཞིར་བཞེངས་པ༔ རྡོ་རྗེ་ཁྲོ་བོའི་ཕྱག་རྒྱར་རྫོགས༔ རྡོ་རྗེའི་སྐུ་དང་ནཱ་དའི་གསུང༔ གཞོམ་མེད་ཐིག་ལེ་ཆེན་པོ་ནི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ༔ སྣོད་ཀྱི་འབྱུང་བ་རྣམ་ལྔ་དང༔ བཅུད་ཀྱི་ཕུང་པོ་རྣམ་པ་ལྔ༔ རྒྱུད་ཀྱི་ཉོན་མོངས་རྣམ་ལྔར་བཅས༔ ཡེ་ཤེས་ལྔ་རུ་རང་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲིད་པའི་ཁྲག་འཐུང་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཁྲག་འཐུང་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཆགས་སྡང་འདུལ་བའི་ལྷ་ནི་རྔམས་ཤིང་བརྗིད༔ གར་དགུས་རོལ་པའི་ཕྲིན་ལས་ཧེ་རུ་ཀ༔ སྐུ་གསུང་ཐུགས་མཆོག་བདག་ལ་བརྟན་བཞུགས་ནས༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡ་ཧོ༔ ཨ་ནུ་རཱ་ག་ཡཱ་མི༔ ཧཱུྃ༔ སྟོང་པ་ཉིད་ཀྱི་ངོ་བོ་རྡོ་རྗེ་ཆེ༔ རང་བཞིན་འགྱུར་མེད་གཞོན་ནུའི་ཡེ་ཤེས་ཤར༔ མཁའ་མཉམ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ལ༔ གཉིས་སུ་མེད་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ བླ་ན་མེད་པའི་མཆོད་པར་སྦྱར་བ་ནི༔ བྱང་ཆུབ་སེམས་ཀྱི་འོད་ཟེར་སྤྲིན་ཆེན་འཕྲོ༔ འདོད་པའི་ཡོན་ཏན་རོལ་མོ་བསམ་ཡས་པ༔ ཡུལ་དང་བདེ་ཆེན་ཟུང་འཇུག་རྒྱན་དུ་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ སྒེག་དཔའ་འཇིགས་རུང་རྡོ་རྗེའི་གཟི་བྱིན་འབར༔ རྒོད་གཤེ་དྲག་ཤུལ་མཐའ་ཡས་སྔགས་ཀྱི་ཚིག༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་ལས་ཀྱི་རིམ་པ་ཡིས༔ དཔལ་ཆེན་འཁོར་བཅས་གསལ་བཏབ་ནས༔ གྱད་དུ་གྱུར་པའི་ཏིང་འཛིན་བརྟན༔ ང་རྒྱལ་གཅིག་པུ་ཟླ་མེད་པ༔ ཡེ་ཤེས་མཆོག་གི་གཟི་བསྐྱེད་ནས༔ གཅིག་པུ་གཉིས་སུ་མ་ཡིན་པའི༔ གོམས་པ་མི་འཕྲོག་གྱུར་པ་ན༔ གཞི་ལམ་འབྲས་གསུམ་དབྱེར་མེད་པའི༔ དག་པ་དྲན་པས་མཚམས་སྦྱར་ཏེ༔ བསྐྱེད་རིམ་རབ་ཏུ་བརྟན་པར་བྱ༔ ས་མ་ཡ༔ ཁྱད་པར་ལམ་དབང་བླང་བ་ནི༔ བཟླས་པས་རྒྱུད་བསྐུལ་དབང་བླང་སྟེ༔ སྤྱི་བོའི་གཙུག་ན་བཞུགས་པ་ཡི༔ བླ་མ་ཧེ་རུ་ཀ་དཔལ་ལ༔ རྩེ་གཅིག་གདུང་བས་འདི་སྐད་གསོལ༔ ཨོཾ༔ སྒྲིབ་པའི་གདུང་བ་ཀུན་བཅོམ་པའི༔ ཁྲག་འཐུང་ཆེན་པོ་བདག་ལ་དགོངས༔ རྡོ་རྗེའི་ཡེ་ཤེས་དཀྱིལ་འཁོར་དུ༔ སྐལ་ལྡན་ཡོངས་སུ་སྨིན་མཛད་གསོལ༔ རྒྱུད་སྦྱང་བྱང་ཆུབ་སེམས་གསུམ་བསྐྱེད༔་་་ཨོཾ༔ ཀུན་བཟང་བླ་ན་མེད་སོགས། མཆན། སྨིན་པའི་འོས་སུ་གྱུར་པ་ན༔ བླ་མ་ཧེ་རུ་ཀ་དཔལ་གྱིས༔ ཐུགས་ནས་ལྕགས་ཀྱུ་ལྟ་བུའི་འོད༔ སྤྲོས་ཏེ་ཀུན་ཏུ་སྣང་བ་ཡིས༔ ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས༔ ལྷན་ཅིག་ཡོངས་སུ་སད་བྱས་ཏེ༔ བྱང་ཆུབ་སེམས་ཀྱི་ཆུས་དབང་བསྐུར༔ ཨོཾ༔ ནམ་མཁའ་གང་བའི་དེ་བཞིན་གཤེགས༔ ཏིལ་གྱི་གོང་བུ་ལྟ་བུ་ནི༔ སྙོམས་འཇུག་བྱང་སེམས་བདུད་རྩིའི་ཆུས༔ རྡོ་རྗེའི་སྐུ་རུ་ཁྱོད་དབང་བསྐུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླས་དགོངས་པ་རྩེ་གཅིག་གསལ༔ སླར་ཡང་སྙོམས་ཞུགས་བདུད་རྩིའི་རྒྱུན༔ རྡོ་རྗེའི་ལྕེ་ལ་བཞག་པར་མོས༔ ཨཱ༔ དཀར་དམར་བདེ་སྟོང་རོ་གཅིག་པ༔ ལྷག་པ་ཆེན་པོའི་བྱང་ཆུབ་སེམས༔ དཔའ་བོ་ཁྱོད་ཀྱི་ལྕེ་ལ་བཞག༔ རྣམ་པར་མི་རྟོག་ཉིད་གྱུར་ཅིག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱ༔ ཐུགས་ལས་རང་འདྲ་གཉིས་པ་སྤྲོས༔ ཡིད་དུ་འོང་བའི་རིག་མར་གྱུར༔ འཛུམ་པ་དང་ནི་ལག་བཅངས་དང༔ རྒོད་དང་འཁྲིག་ཚིག་སྨྲ་བ་དང༔ འདོད་ཡོན་རོལ་མོས་རྣམ་བརྒྱན་ཏེ༔ སྙོམས་འཇུག་ཏིང་འཛིན་སྒྲུབ་པར་མོས༔ ཧཱུྃ༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ འདི་ལས་ཡང་དག་བྱུང་བས་ན༔ འདིར་ཞུགས་འདིར་ལྟོས་འདི་དོན་སྤྱོད༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡ་ཧོ༔ ཨ་ནུ་ར་ག་ཡཱ་མི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེའི་དོན་ལ་ངོ་སྤྲད་བྱ༔ ཧོ༔ གདོད་ནས་རྣམ་པར་གྲོལ་བ་ཡི༔ ཡེ་ཤེས་མཆོག་ནི་འདི་ཡིན་ཏེ༔ ཉམས་སུ་མྱོང་བཞིན་བསམ་བརྗོད་འདས༔ བློ་འདས་ཆེན་པོར་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ དེ་རྣམས་ཀུན་གྱི་བར་དག་ཏུ༔ རུ་ལུ་བཟླ་ཞིང་ཉམས་སྐྱོང་ངོ༔ ས་མ་ཡ༔ རུ་ལུ་རུ་ལུ་ཧཱུྃ་ཧཱུྃ་བྷྱོ་ཧཱུྃ༔ མ་དག་རྣམ་ཤེས་ཚོགས་བརྒྱད་དེ༔ ལམ་གྱི་སྐབས་སུ་ཡེ་ཤེས་ལྷ༔ སྲོག་དང་བཅས་པ་རྣམ་པ་བརྒྱད༔ འབྲས་བུ་ཤིན་ཏུ་རྣམ་དག་པ༔ རྒྱུ་འབྲས་རྣམ་ཐར་བརྒྱད་དག་གིས༔ གནས་སྐབས་ཐུན་མོང་ཐུན་མིན་གྱི༔ ཡེ་ཤེས་བརྒྱད་དུ་རང་ཤར་བའི༔ ཏིང་ངེ་འཛིན་ནི་འདི་ཡིན་ཏེ༔ ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ བདུད་དང་རུ་དྲ་བསྒྲལ་བ་དང༔ གདུལ་བྱ་ཡོངས་སུ་སྨིན་པའི་ཕྱིར༔ ཐབས་ཀྱི་ཕྲིན་ལས་དེང་བསྐུལ་ན༔ འབར་བ་སྐུ་ཡི་གཟི་བྱིན་སྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་སྒྲོགས༔ ཡེ་ཤེས་ཆེན་པོའི་སྲོག་ལྡན་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔ དེ་སྐད་བསྐུལ་བའི་དེ་མ་ཐག༔ སྐུ་ནི་གར་དགུར་ཤིག་ཤིག་གཡོས༔ ཁྱད་པར་རྡོ་རྗེ་པདྨར་གསོར༔ གསུང་ནི་སྔགས་ཀྱི་སྒྲ་ཆེན་བསྒྲག༔ ཁྱད་པར་ཨ་ཧཾ་བདེ་སྐད་བླང༔ ཐུགས་ནི་མཁའ་ལས་མི་གཡོ་བཞིན༔ བཟོད་མེད་བདེ་བ་སྟོང་པར་ཞུགས༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ གང་གང་འདུལ་བ་དེ་དེར་སྟོན༔ དཀར་དམར་མཐིང་བའི་འོད་ཟེར་གྱིས༔ བདག་དང་བདག་གིར་འཛིན་པ་ཡི༔ རྒྱུད་དང་རྟོག་པ་ཀུན་སྦྱངས་ནས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས༔ ཡེ་ཤེས་ཆེན་པོར་རོ་གཅིག་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བར་མེད་ཆུ་བོའི་རྒྱུན་བཞིན་བཟླ༔ བསྙེན་དང་སྒྲུབ་པ་འདི་ཉིད་ལ༔ བདུན་ཕྲག་བདུན་དུ་སུས་བརྩོན་པ༔ ཐུན་མོང་དངོས་གྲུབ་ལྟ་ཅི་སྨོས༔ དཔྱིད་ཀྱི་ས་རླན་དྲོས་པ་ན༔ རྩ་བ་མྱུ་གུ་མེ་ཏོག་སོགས༔ རྩོལ་མེད་ངང་གིས་འབྱུང་བ་བཞིན༔ སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས༔ བདག་དང་ཕུང་པོ་རྣམ་རིག་གི༔ གཟུང་འཛིན་རྟོག་པས་མ་གོས་པར༔ བདེ་བས་ཐབས་བྱས་སྟོང་པ་ཉིད༔ ནམ་མཁའ་གང་བར་འཕེལ་བ་ཡིས༔ རྣམ་པ་ཀུན་ཏུ་ཟུང་འཇུག་པ༔ འཇིག་རྟེན་ཀུན་ན་སྒྲ་ཆེ་བ༔ ནམ་མཁའི་མཐའ་ལ་ལོངས་སྤྱོད་པའི༔ ཡང་དག་ཟླ་མེད་དེ་བཞིན་ཉིད༔ མཆོག་གི་གོ་འཕང་ཚེ་འདི་རུ༔ དཀའ་བ་མེད་པ་མངོན་བགྱིད་པའི༔ ལམ་གྱི་མཆོག་ནི་འདི་ཉིད་དོ༔ ས་མ་ཡ༔ ཆེས་ཆེར་གདུག་ཅིང་མི་སྲུན་པ༔ ཞི་བའི་ཐབས་ཀྱིས་འདུལ་མིན་ཏེ༔ ཤེས་རབ་ངང་ལས་ཁྲོ་བོའི་སྐུ༔ གཏུམ་ཆེན་རོལ་པ་ཅིར་ཡང་སྟོན༔ དེ་དང་རྗེས་སུ་མཐུན་པ་ཡི༔ ལས་ཀྱི་རིམ་པ་འདི་ཡིན་ཏེ༔ མདུན་དུ་ཨེ་བསྣོལ་གྲུ་གསུམ་བྲི༔ དུག་གཏོར་ཁྲག་དང་བཅས་པ་དང༔ ལས་ཀྱི་མཚོན་ཆ་རྣམས་བཀོད་དེ༔ ཕཊ་ཛཿཞེས་པའི་སྒྲ་གདངས་ཀྱིས༔ བདག་ལས་གཉིས་པ་མདུན་དུ་ཕྱེ༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ འབར་བ་ཆེན་པོའི་གཟི་བྱིན་སྐྱེད༔ མ་ཉེས་ཡུས་གདབ་གསེར་སྐྱེམས་བཏང༔ ཐུགས་དམ་ཆེན་པོ་འདི་ལྟར་བསྐུལ༔ ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ རིགས་ལྔ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྤྲུལ་པར་བཅས༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་སྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ ཅེས་བསྐུལ་ཏིང་འཛིན་སྲོག་བཟུང་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ བྲག་གཡང་ངོས་ནས་ཆུ་འབབ་བཞིན༔ དྲག་པོ་བར་ཆད་མེད་པར་བཟླ༔ སྐབས་སུ་བཞི་སྙིང་གཅིག་དྲིལ་གྱིས༔ མཚོན་ཆའི་གཟེར་ཡང་གདབ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ གཞན་ཡང་དྲག་སྔགས་དམོད་པའི་མཚོན༔ རྣོན་པོའི་འཕྲུལ་འཁོར་འདི་ཡང་གདགས༔ མ་རཀྨོ་ཡགྨོ་ཀཱ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ དེ་ནས་གཟུགས་བརྙན་སྦྱོར་བ་ལ༔ མངོན་དུ་བྱ་ཕྱིར་འདི་ལྟར་བསྐུལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ཧོཿཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ༔ ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ༴ གདུག་ཅིང༴ ཕོབ་ཅིག་རྣམ་པར་གཟིར་བར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས༴ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང༴ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཤྭ་ན་མུ་ཁའི་དུས༴ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང༴ རིངས་པར་ཁུག་ལ་སྨྲར་ཆུགས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ས་བདག་ཆེན་མོའི་དུས༴ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང༴ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བདག་ཉིད་ཆེན་མོའི་དུས༴ མཐུ་རྩལ༴ དངོས་གྲུབ༴ གདུག་ཅིང༴ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ དེ་ལྟར་འགུགས་བསྟིམ་དབབ་པ་དང༔ དབྱེ་དང་མངོན་སྤྱོད་ནན་ཏུར་གྱིས༔ གདུག་པ་ཅན་རྣམས་དམིགས་པར་བཅས༔ དྭངས་མ་བསྲེ་ཞིང་སྙིགས་མ་བསྒྲལ༔ བར་མ་རང་ལ་བསྟིམས་བྱས་ཏེ༔ བདག་ཕུར་འབེན་གསུམ་དབྱེར་མེད་པ༔ ཆོས་ཉིད་མཉམ་པའི་ངང་དུ་བཞག༔ དེ་ཉིད་གདིང་དུ་གྱུར་པ་ན༔ ཐུན་མོང་དངོས་གྲུབ་ལོངས་སྤྱད་ནས༔ མཆོག་གི་དངོས་གྲུབ་མངོན་དུ་འགྱུར༔ ས་མ་ཡ༔ རྦོད་གཏོང་ཉམ་ང་ཕྱིར་བཟློག་ཕྱིར༔ གཏོར་མ་བཤམས་ཤིང་ཐོད་རྔ་བརྡུང༔ འཇིགས་པའི་དབྱངས་ཀྱིས་འདི་སྐད་བསྐུལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ལས༔ དབྱིངས་ཀྱི་ཆོ་འཕྲུལ་འོད་ལྔར་ཀུན་ཏུ་ཤར༔ མ་རུངས་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀུ་མཱ་ར༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བའི༔ མངོན་སྤྱོད་དམོད་པ་ཆེན་པོའི་རྩལ་སྐྱེད་ལ༔ ཕྱིར་ཟློག་ལས་ཀྱི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཤིན་ཏུ་རྣམ་དག་ཡེ་ཤེས་ངང༔ སྙིང་རྗེའི་སྐུར་ཤར་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཤེས་རབ་ཡུམ་དང་མཉམ་སྦྱོར་བས༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བརྟགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་བཛྲ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སོགས་གོང་གིས་འགྲེ༔ ཧཱུྃ་བྷྱོ༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་རཏྣ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་སོགས། ཧཱུྃ་བྷྱོ༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་པདྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་སོགས། ཧཱུྃ་བྷྱོ༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་ཀརྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་སོགས། ཧཱུྃ་བྷྱོ༔ མི་དགེ་བཅུ་པོ་གནས་དག་ཅིང༔ དགེ་བ་བཅུ་པོ་གནས་གྱུར་པ༔ ཁྲོ་བཅུ་ཁྲ་ཕྱག་འཁོར་བཅས་ཀྱིས༔ རྒྱུ་འབྲས་འཆོལ་བར་སྤྱོད་པ་ཟློག༔ གདོད་མའི་བདེ་གཤེགས་སོགས། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་གཅིག་ཉིད་ལས༔ དུ་མའི་གར་གྱིས་རྣམ་འཕྲུལ་པ༔ སྒོ་མ་སྲུང་མར་བཅས་པ་ཡིས༔ སྣ་ཚོགས་རྟོག་པ་ཐམས་ཅད་ཟློག༔ གདོད་མའི་བདེ་གཤེགས་སོགས། དེ་ལྟར་གནད་ནས་བསྐུལ་ནས་ཀྱང༔ དུག་གི་གཏོར་མ་འཕང་བའི་སླད༔ ཡེ་ཤེས་དབྱིངས་སུ་བཏེགས་ནས་ཀྱང༔ གཏོར་ཆེན་དུག་དང་མཚོན་ཆར་བསམ༔ འཕང་པའི་རྗེས་སུ་དཔལ་ཆེན་ཚོགས༔ ཁྲོས་འཁྲུགས་རྔམས་པས་རབ་ཞུགས་ཏེ༔ ཀླ་ཀློ་གདུག་པ་གཙོར་གྱུར་པའི༔ མི་མཐུན་ཐམས་ཅད་བརླགས་པར་བསམ༔ ཧཱུྃ་བྷྱོ་བྷྱོ༔ དགོངས་སུ་གསོལ་ལོ་སངས་རྒྱས་རྣམས༔ གསན་དུ་གསོལ་ལོ་ཡི་དམ་ལྷ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཚོགས༔ ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག༔ བསྟན་པ་གཤིགས་པའི་དགྲ་བོ་དང༔ བར་གཅོད་བྱེད་པའི་བགེགས་ཚོགས་ཀྱི༔ སྐྱོབ་པའི་ལྷ་དང་སྲུང་མ་དང༔ འགོ་བའི་དགྲ་བླ་བརྒྱུད་དང་བཅས༔ སྡོང་ཟླ་བྱེད་པའི་འབྱུང་པོ་ཀུན༔ ཡེ་ཤེས་མེ་ཡི་མཚོན་ཆས་གཟིར༔ རིག་སྔགས་དམོད་པས་རྨང་མེད་བཅོམ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་ཆོད༔ མིང་དང་བརྡ་ཙམ་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་བརྗོད་དམོད་མོ་དུལ་མོ་བརྡབ༔ ས་མ་ཡ༔ དེ་ལྟ་བུ་ཡི་སྣོད་རུང་ཕྱིར༔ སྟོད་ལས་ཡང་དག་དབང་བཞི་བསྐུར༔ སྨད་ལས་ཕུར་པའི་བསྒྲལ་དབང་བྱ༔ དམ་ཚིག་བསྲུངས་ན་དོན་དུ་འགྱུར༔ ས་མ་ཡ༔ གཞན་ཡང་གསང་བ་བཤད་བྱ་བ༔ ཐེག་པ་ཆེན་པོའི་ཆེན་པོ་ནི༔ གསང་སྔགས་རྡོ་རྗེ་ཐེག་པ་སྟེ༔ དེ་ལས་ཀྱང་ནི་བླ་མེད་ཡིན༔ བླ་མེད་ཀུན་གྱི་མཐར་ཐུག་པ༔ བཤད་དང་མ་བཤད་ཅི་ཡང་རུང༔ རྡོ་རྗེ་ཆགས་པ་ཆེན་པོ་ཡི༔ ལམ་འདི་ཉིད་ནས་མངོན་བྱས་ཏེ༔ འབྲས་བུ་འགྲུབ་པར་གདོན་མི་ཟ༔ དེ་ཉིད་མངོན་དུ་བྱ་བའི་སླད༔ དང་པོ་ཕྱི་ཡི་ཚོགས་འཁོར་ནི༔ ཐབས་ཀྱི་ཤ་དང་ཟན་ཡིན་ཏེ༔ ཤེས་རབ་ཉིད་ནི་མ་ད་ན༔ ཟུང་འཇུག་ཀུན་ཏུ་རུ་ཉིད་ཀྱིས༔ ཡེ་ཤེས་རྒྱས་པར་སྤེལ་བའི་སླད༔ ཡིད་དུ་འོང་བའི་བུ་མོ་ནི༔ གཟུགས་དང་ལང་ཚོས་བརྒྱན་པ་བཞག༔ རྡོ་རྗེའི་དམ་ཚིག་བསྐུལ་བའི་སླད༔ དང་པོ་ཆོ་ག་འདི་ལྟར་བརྟག༔ རཾ་ཡཾ་ཁཾ༔ ཡེ་ཤེས་རླུང་དང་རང་རྩལ་མེ༔ བྱང་སེམས་ཆུ་ཡི་ཆོ་འཕྲུལ་ལས༔ སྣོད་བཅུད་ཐ་མལ་འཛིན་ཞེན་སྦྱངས༔ སྟོང་པའི་ངང་ལས་གསལ་བའི་གདངས༔ སྣོད་ནི་པདྨ་བྷཉྫའི་ནང༔ བཅུད་ནི་བྱང་ཆུབ་སེམས་ཆེན་པོ༔ རྣམ་པར་དབྱེ་བ་ཀུན་སྤངས་པའི༔ འཕེལ་འགྲིབ་བྲལ་བའི་ཕྱག་རྒྱ་ཆེ༔ རྡོ་རྗེའི་དམ་ཚིག་ཆེན་པོར་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡ་ཧོ༔ ཨ་ནུ་རཱ་ག་ཡཱ་མི༔ ཧཱུྃ་ཧཱུྃ༔ པདྨར་རྡོ་རྗེ་སྦྱོར་ལྡན་པའི༔ ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་པོས༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་དང༔ རྡོ་རྗེ་གཞོན་ནུ་སྤྱན་དྲང་ངོ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི༔ མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཧཱུྃ༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དབང་པོའི་རོལ་པ་ཕྱི་ཡི་ཚོགས༔ ཡུལ་དང་ཤེས་པ་མི་ཕྱེད་པ༔ བདེ་སྟོང་ལོངས་སྤྱོད་ནང་གི་ཚོགས༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ བསམ་གྱིས་མི་ཁྱབ་གསང་བའི་ཚོགས༔ གཉིས་མེད་མཉམ་པའི་ངང་དུ་རོལ༔ མ་ཧཱ་པཱུ་ཛ་ཏ་ན་ག་ཎ་ས་མ་ཡ་ཨ་ཧཾ༔ ཧོ༔ རྩ་བ་ཡན་ལག་དང་བཅས་པ༔ ཕྱི་ཡི་དམ་ཚིག་ཉམས་ཆག་བཤགས༔ བདེ་ཆེན་ལམ་དུ་མ་བསླངས་པའི༔ ནང་གི་ཉམས་ཆག་བཟོད་པར་གསོལ༔ མེད་དང་ཕྱལ་པ་གཅིག་པུ་དང༔ ལྷུན་གྱིས་གྲུབ་པར་མཉམ་གཞག་པས༔ ཀུན་ནས་ཀུན་ཏུ་མི་ཕྱེད་པའི༔ རྡོ་རྗེའི་དམ་ཚིག་དག་གྱུར་ཅིག༔ ས་མ་ཡ་ཧོ༔ ཧཱུྃ་བྷྱོ༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དགྲ་བགེགས་ཀླ་ཀློ་དགུག་ཅིང་བསྟིམ༔ ཐེ་ཚོམ་རྟོག་པའི་བྱུར་འདྲེ་ཀུན༔ ཛ་ཧཱུྃ་བཾ་ཧོཿའི་ཕྱག་རྒྱས་གདབ༔ གཟུང་དང་འཛིན་པའི་གཉིས་འཛིན་བདུད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཀུན་ནས་ཀུན་ཏུ་འོད་གསལ་བ༔ གདོད་མའི་སྟོང་ཆེན་དབྱིངས་སུ་ཐིམ༔ ཧཱུྃ་ཧཱུྃ་ཧོཿཧཾ་མཱ་ར་ཡ་ཕཊ༔ ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློགས་དམར་འགྱུ་འདྲའི་ལྗགས་རྐྱང་སྟེ༔ ཉམས་པ་བདུན་ལྡན་དགྲ་བོ་རོལ༔ ཡེ་ཤེས་ཆེན་པོའི་གཟི་བྱིན་སྐྱེད༔ བདེ་བ་ཆེན་པོའི་རྩལ་དང་བཅས༔ དབྱིངས་རིག་གཉིས་སུ་མེད་པའི་ངང༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ས་མ་ཡ་ཧོ་ཧོ་ཧོ༔ ཨ་ཧཾ་མ་ཧཱ་སུ་ཁ་ཧོ༔ དེ་ནས་ཚོགས་ལ་ལོངས་སྤྱད་དེ༔ ཡུལ་ནི་ཕྱི་ཡིན་དགྲ་ནི་ནང༔ གཉིས་སུ་མེད་པ་གསང་བ་སྟེ༔ ཐམས་ཅད་མཉམ་པ་ཉིད་དུ་སྦྱར༔ མི་ཕྱེད་རོ་མཉམ་གཅིག་ཏུ་བྱ༔ ས་མ་ཡ་ཕེཾ་ཕེཾ༔ ལྷག་ལ་དབང་བའི་མགྲོན་དགུག་སྟེ༔ ཧཱུྃ་བྷྱོ༔ གནས་དང་ཡུལ་དང་ཞིང་རྣམས་ཀུན༔ སྐྱོང་བའི་མ་སྲིང་མཁའ་འགྲོ་དང༔ ལྷག་མའི་དམ་ཚིག་གཏོགས་པ་ཀུན༔ འདིར་གཤེགས་དཔལ་གྱི་ཕ་འབབ་བཞེས༔ རྣལ་འབྱོར་ཕྱི་ཡི་བར་ཆད་སོལ༔ འབྱུང་བཞི་ནང་གི་གཡོ་འཁྲུགས་ཟློག༔ རྩ་རླུང་གསང་བའི་སུན་མ་ཆོད༔ ཐིག་ལེ་རྟེན་དང་བརྟེན་པར་བཅས༔ ཡེ་ཤེས་ཆེན་པོར་དབྱེར་མེད་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྡོ་རྗེའི་རིགས་གཅིག་ཕྱིར༔ གསང་ཆེན་སྨོན་ལམ་འདི་ཡང་གདབ༔ ཧོ༔ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་དང་གཟུངས་མ་དང༔ རྡོ་རྗེའི་སྲོག་གིས་སྦྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོས་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོས་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ ས་མ་ཡ༔ ཐུན་མཚམས་ཀུན་ཏུ་སྤྱོད་པའི་ཕྱིར༔ དང་པོར་རྡོ་རྗེའི་ཐ་ཚིག་བསྐུལ༔ ཧཱུྃ་ཨེ༔ སྐྱེ་བ་མེད་པ་ཨེ་ཀ་ཛཱ་ཏིའི་དབྱིངས༔ འགག་པ་མེད་པ་བདེ་ཆེན་ཝྃ་ཡིག་གཟུགས༔ གཉིས་མེད་དྲེགས་པའི་ཆོ་འཕྲུལ་སྣ་ཚོགས་པ༔ རྡོ་རྗེ་སྲིན་པོ་མ་ནིང་རོལ་པ་ལས༔ ཅིར་ཡང་འཆར་ཞིང་ཅིར་ཡང་འབྱུང་བ་ཡི༔ འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྣམ་འཕྲུལ་པ༔ ཐམས་ཅད་ཐུགས་དམ་དབང་གིས་འདིར་གཤེགས་ལ༔ ཤ་ཁྲག་བ་ལིཾ་ལོངས་སྤྱོད་རྒྱ་མཚོ་བཞེས༔ བསྟན་དང་འཁོར་སྲུངས་བསྟན་འཛིན་སྐུ་ཚེ་སྲིངས༔ གཞན་དོན་ཕྲིན་ལས་གཡེལ་བ་མེད་པར་མཛོད༔ དྷརྨ་པཱ་ལ་ས་མ་ཡ་ཧོ༔ ཧཱུྃ་བྷྱོ༔ འཇིག་རྟེན་སྤྱི་དང་བོད་ཁམས་བརྟན་མའི་ཚོགས༔ ནག་མོ་སྨུག་མོ་དཀར་མོ་འབུམ་སྡེའི་ཚོགས༔ འདིར་སྤྱོན་དཔལ་གྱི་ལྷག་གཏོར་བཤལ་ཆུ་བཞེས༔ བོད་ཁམས་སྲུང་ཞིང་མཐའ་དམག་གཡོ་འཁྲུགས་ཟློག༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨེ་ཧཱུྃ༔ རྣམ་པར་ཐར་པ་གསུམ་གྱི་མཁའ་དབྱིངས་སུ༔ གེགས་བྱེད་རུ་དྲ་ཀླ་ཀློ་སྡེར་བཅས་མནན༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྲིད་དུ༔ མནན་པ་ཡིན་གྱིས་ནམ་ཡང་མ་ལྡངས་ཤིག༔ ས་མ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ དེ་ལྟ་བུ་ཡི་ཐབས་མཁས་ལ༔ བརྟེན་ནས་དངོས་གྲུབ་ལྷུར་བླང་ཕྱིར༔ མཆོད་བསྟོད་དམ་ཚིག་ཉམས་ཆག་བཤགས༔ དེ་ནས་དངོས་གྲུབ་བསྐུལ་བའི་ཕྱིར༔ རྩེ་གཅིག་གདུང་བས་འདི་སྐད་གསོལ༔ ཨོཾ་ཨཱཿཧཱུྃ་ཧོ༔ བླ་མ་ཡང་དག་ཡི་དམ་ཀཱི་ལ་ཡ༔ རྩེ་གཅིག་བསྙེན་ཅིང་བསྒྲུབས་པས་ཐུགས་དམ་བསྐུལ༔ དེང་འདིར་དངོས་གྲུབ་སྩོལ་བའི་དུས་ལགས་ན༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ དབང་བཅུ་ཕྱི་དང་ནང་ལ་སོགས་པ་ཡི༔ ཐུན་མོང་དངོས་གྲུབ་དཀའ་བ་མེད་པ་དང༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེའི༔ གོ་འཕང་ཚེ་འདི་ཉིད་ལ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ནོངས་པ་བཤགས་ཤིང་ཡེ་ཤེས་པ༔ བསྟིམ་མམ་རང་བཞིན་དབྱིངས་སུ་གཤེགས༔ དམ་ཚིག་འཁོར་ལོ་བསྡུ་བའི་ཕྱིར༔ ཨ་ཨ་ཨ༔ འཁོར་འདས་ཆོས་ཀུན་བདེན་གཉིས་དབྱེར་མེད་པ༔ ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་ཐིམ༔ དེ་ལས་སླར་ཡང་ཟུང་འཇུག་སྒྱུ་མ་དང༔ ཆུ་ཟླ་ལྟ་བུའི་ལྷན་སྐྱེས་སྐུ་རུ་ལྡང༔ ཕཊ་ཕཊ་ཕཊ༔ ཧོ༔ དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན༔ ཤིན་ཏུ་རྣམ་དག་འདུས་མ་བྱས་པར་བསྔོ༔ དེ་ཡི་དགེ་བས་མཐའ་ཡས་ཡིད་ཅན་ཀུན༔ ཁྲག་འཐུང་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཧཱུྃ༔ ཆོས་སྐུ་ཡང་དག་གདོད་ནས་འདུས་མ་བྱས༔ ལོངས་སྐུ་དཔལ་ཆེན་བཛྲ་ཀུ་མཱ་ར༔ སྤྲུལ་སྐུ་གང་འདུལ་དེར་སྣང་སྣ་ཚོགས་གཟུགས༔ དབྱེར་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་བསྔོ་སྨོན་རྒྱ་ཆེར་བྱ༔ ས་མ་ཡ༔ དེ་ལྟ་བུ་ཡི་གདམས་པ་ནི༔ རྒྱུད་ལས་ལུང་དང་མན་ངག་དོན༔ གྲུབ་པའི་སློབ་དཔོན་ཆེན་པོ་ཡི༔ དགོངས་ཉམས་གཅིག་ནས་གཅིག་དྲིལ་བ༔ མ་འོངས་ང་ལ་མོས་པ་ཡི༔ སློབ་དཔོན་དང་ནི་སློབ་མ་དང༔ དེ་ཡི་རྗེས་འབྲང་དང་བཅས་པར༔ ཤིན་ཏུ་བརྩེ་བའི་བསམ་པ་ཡིས༔ སྙན་བརྒྱུད་ངེས་པའི་བརྡ་སྦྱར་ཏེ༔ སྣོད་ལྡན་དང་ནི་སྐལ་ལྡན་ལ༔ བསྣན་དང་འཕྲི་བ་མེད་པ་རུ༔ བྱིན་གྱིས་བརླབས་པའི་གཟི་བྱིན་གྱིས༔ པདྨ་བདག་གི་བཀའ་བརྒྱུད་དང༔ དེ་ལས་གཞན་པའི་སྒྲུབ་བརྒྱུད་སྲོག༔ ནམ་ཡང་ནུབ་པ་མེད་པ་རུ༔ འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན༔ ས་མ་ཡ༔
རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ཆེན་པོའི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་འདོད་དགུ་རིན་ཆེན་ཆར་འབེབ་ (Volume 50, Text 33)
༄༅། །རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ཆེན་པོའི་སྒྲུབ་ཐབས་ཕྲིན་ལས་ཀྱི་བྱང་བུ་འདོད་དགུ་རིན་ཆེན་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཡཀྵ་ཀཱ་ལ་ཡ། མི་བསྐྱོད་དབྱིངས་ལས་སྙིང་རྗེས་ཁྲོས་པའི་གཟུགས། །ནམ་མཁའི་མདངས་ཅན་འདོད་རྒུའི་ཆར་འབེབ་པ། །གང་དེར་འདུད་དོ་སྙིགས་འགྲོའི་མྱ་ངམ་ཐང་། །རྫོགས་ལྡན་ནོར་བུའི་སྤྲིན་གྱིས་འཚོ་བར་མཛོད། །འདོད་རྒུའི་དཔལ་འབྱོར་བདེ་བླག་ཏུ་རྒྱས་པར་བྱེད་པ་མི་བསྐྱོད་ཛམྦྷ་ལའི་ནོར་སྒྲུབ་བྱ་བ་ལ་གསུམ། སྦྱོར་བ་རྟེན་བཅའ་བ། དངོས་གཞི་བསྙེན་སྒྲུབ་ཀྱི་རིམ་པ། རྗེས་དངོས་གྲུབ་བླང་བ་སོགས་སོ། །དང་པོ་ནི། བཀྲ་ཤིས་ལ་ཉམས་དགའ་བའི་གནས་སུ། ཉི་མ་བྱང་བགྲོད་ཀྱི་ཡར་ངོའི་ཚེས་གཟའ་སྐར་དུས་སྦྱོར་བཟང་པོའི་སྔ་དྲོའི་ཆར་གནས་ཁང་བྱི་དོར་བྱས་པའི་གུང་དུ་སྟེགས་བུ་སེར་པོ་གྲུ་བཞི་པ་ལ་རིན་ཆེན་འབྲུ་སྨན་སྤོས་དང་མེ་ཏོག་གཅལ་དུ་བཀྲམ་པའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ། མ་འཛོམ་ན་འབྲུའམ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་བཞི་བཀོད་པའི་དབུས་སུ་ཁྲིའུའི་སྟེང་ཐུགས་རྟེན་ཐོད་པ་གསེར་མདོག་དུམ་བུ་གསུམ་པའི་ནང་ཉེར་ལྔའི་རྫས་ཀྱི་ཁུ་བས་བྱུགས་ཤིང་། ཉེར་ལྔ་ཁྲོལ་བུ་སོགས་རྫས་བཅུད་ཀྱིས་གཏམས་པའི་ནང་དུ། གསུང་རྟེན་རྒྱས་པར་སྲོག་འཁོར་བཅས་ཆོག་ཡིད་བཞིན་ནོར་བུ་གཞུང་གསལ་ལམ། མི་འགྲུབ་ན་བསྡུས་པ་གང་རུང་མདུན་ཕྱོགས་སུ་མགོ་གཞུག་མ་ནོར་བར་བཞག །སྐུ་རྟེན་རིན་པོ་ཆེའམ་དཔལ་ཅན་ས་ལ་ཡབ་ཡུམ་གཉིས་ཀྱི་སྐུ་གཟུགས་རྫས་སྔགས་ནང་གཞུག་རབ་གནས་ལྡན་པའམ་མ་འབྱོར་ན་བྲིས་སྐུ་རྒྱབ་གཟུངས་ཅན་ཙཀྲའི་རྒྱབ་ཏུ་བཞག །བནྡྷའི་གཡས་སུ་ཡོན་ཏན་རྟེན་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟུར་བརྒྱད་སྟེང་ནོར་བུ་འབར་བའི་དབྱིབས་ཅན་ཁ་ཟས་བཟང་རྒུས་བསྐོར་བ། གཡོན་དུ་ཕྲིན་ལས་རྟེན་གཡང་ཕོར་མར་ཁུས་བཀང་བ། གཡང་སྒྱེ་དང་རིན་ཆེན་དར་གོས་འབྲུ་སྨན་སོགས་དཔལ་ཅན་གྱི་གཡང་རྫས་གང་འབྱོར། རྒྱབ་ཏུ་མདའ་དར་རྒྱན་ལྡན། མདུན་ངོས་འབུལ་གཏོར་དཀར་ཟླུམ་འབྲུ་སྣའི་ཆན་བཟའ་བཏུང་གི་ཕུད་དཀར་སྐྱེམས་དང་བཅས་པ། ཆུ་གཉིས་ཉེར་སྤྱོད་སོགས་བཤམ། འབྱོར་ན་སྟེང་དུ་གདུགས་དང་བླ་བྲེ་དབུབ། མཐའ་སྐོར་དུ་རྒྱལ་མཚན་དང་བ་དན་བསྒྲེང་། དར་དཔྱང་དང་རིན་པོ་ཆེའི་ཕྲེང་བས་བརྒྱན་ཏེ་བག་དྲོ་ལྷུན་ཆགས་པར་བྱའོ། །དེ་ལ་རྟེན་གྱི་སྲོག་འཁོར་བསྡུས་པ་ནི། རབ་དར་ནག་གམ་མཐིང་ཤོག་ལ་གསེར་གྱིས་བྲི། མ་འབྱོར་ན་རས་སམ་རྒྱ་ཤོག་ལ་རིན་པོ་ཆེ་བསྲེས་པའི་རྒྱ་སྣག་གིས་མུ་ཁྱུད་རིམ་པ་བདུན་བསྐོར། ལྟེ་བར་ཧཱུྃ། མཐའ་སྐོར་དུ་ཧཱུྃ་གི་དབུ་ནས་བརྩམ་སྟེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཡཀྵ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིཾ་ཧྲཱིཾ་ཛཿསྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ་པདྨ་འདབ་མ་བརྒྱད་བྲིས་པའི་དབུ་ཕྱོགས་ནས་གཡས་སྐོར་དུ་འདབ་མ་རེ་ལ་ཡབ་ཡུམ་སྔགས་གཉིས་རེ་བརྩེགས་མར་བྲི་སྟེ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་དཱ་ཏཱ་ཡཻ་སྭཱ་ཧཱ༔ ཨོཾ་དྷ་ནཾ་དཱ་ཡ་སྭཱ་ཧཱ༔ ཨོཾ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ༔ ཨོཾ་ཀི་ལི་མཱ་ལི་ནཱ་སྭཱ་ཧཱ༔ ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ནཱ་སྭཱ་ཧཱ༔ ཨོཾ་གུཔྟ་ཡཻ་སྭཱ་ཧཱ༔ ཨོཾ་མུ་ཁེནྡྲ་ཡ་སྭཱ་ཧཱ༔ ཨོཾ་དེ་བྱཱཻ་སྭཱ་ཧཱ༔ ཨོཾ་ཙརྱེནྡྲ་ཡ་སྭཱ་ཧཱ༔ ཨོཾ་སྭ་ར་སྭ་ཏྱཱཻ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ་ནོར་ལྷ་སྤྱིའི་གཟུངས་དང་རྒྱལ་ཆེན་སྡེ་བཞིའི་སྙིང་པོ་བྲི་སྟེ། ཏདྱ་ཐཱ༔ ཨོཾ་ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི༔ ཏིཥྛ་ཏིཥྛ༔ སརྦ་ཨརྠ་མེ་སཱ་དྷ་ནི༔ ཏདྱ་ཐཱ༔ སུ་དྷ་ནི༔ སུ་ར་སྱ༔ སུ་མ་ཏི༔ སུ་པུ་ཥི༔ ཧི་ལི་མི་ལི་སྭཱ་ཧཱ༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ་གོང་གནོན་གཉེན་པོའི་སྔགས་ནི། ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཚར་གཅིག་གམ་གསུམ་ཙམ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨཱ་ལི་་་་ཨོཾ་ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀཱ་ལི་་་་ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ༔ རྟེན་འབྲེལ་སྙིང་པོ་་་་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔རྣམས་དང་། འདོད་གསོལ་ནི། དཔལ་ལྡན་མགོན་པོ་ཛམྦྷ་ལ་ཡབ་ཡུམ། ནོར་ལྷ་ཕོ་བརྒྱད་མོ་བརྒྱད། ནོར་ལྷ་གཏེར་བདག་བྱེ་བའི་འཁོར་དང་བཅས་པ་རྣམས་རྟེན་འདི་ལ་བརྟན་པར་བཞུགས་ནས་སྔོན་གྱི་ཐུགས་དམ་མ་གཡེལ་བར་སྒྲུབ་པ་པོ་ལ་སྟོང་གསུམ་འཇིག་རྟེན་འཁོར་འདས་རབ་འབྱམས་ཐམས་ཅད་ཀྱི། སྣོད་ཀྱི་འབྱུང་བའི་དྭངས་མ་བཅུད་ཀྱི་འབྱོར་པའི་དཔལ་ཡོན་དབང་པོ་དྲུག་གི་འདོད་ཡོན། ལྷའི་བདུད་རྩི་ཀླུའི་ནོར་བུ་གནོད་སྦྱིན་གཏེར་ཆེན་གླིང་བཞིའི་མི་ཕོ་བྲང་མཁར་རིགས་རྒྱུད་སྲས་མངའ་རིས་བདེ་སྐྱིད་དཔའ་རྩལ་སྟོབས་སྲ་བརྟན་གོ་ཆ། རྐང་བཞི་ཕྱུགས་ལོ་ཏོག་འབྲུ་བཅུད་བཟའ་ཤིང་སྨན་ཞིམ་མངར་ཟས་བཀྲག་ལྡན་གོས་ཡིད་འཕྲོག་རྒྱན་བརྗིད་ཅན་ནོར། མཁས་པའི་མཁྱེན་རབ་གྲུབ་པའི་ནུས་མཐུ་འཕགས་པའི་སྤངས་རྟོགས་དམ་པའི་ཆོས་བཤད་སྒྲུབ་བསྟན་པ་འཆི་མེད་ཚེ་བསོད་ནམས་དབང་ཐང་སྙན་གྲགས་དཔལ་འབྱོར་ནད་མེད་བདེ་བ་རྒས་མེད་ལང་ཚོ། མདོར་ན་ཅི་བསམ་ཡིད་བཞིན་དུ་འགྲུབ་པའི་ཕྱྭ་གཡང་དངོས་གྲུབ་མ་ལུས་པ་ཐོགས་མེད་མྱུར་དུ་སྩོལ་བར་མཛད་དུ་གསོལ། སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་སམ་དེའི་དོན་བསྡུས་པ་ཙམ་བྲི། དེ་རྒྱབ་རྡོར་ར་དང་ཕྱི་རོལ་འོད་ལྔ་འབར་བའི་ཕྲེང་བས་བསྐོར། འཛོམ་ན་སྲོག་འཁོར་རྒྱས་པའི་རྫས་ཀྱི་གནད་ཡིག་ལས་འབྱུང་བ་རྣམས་ཀྱིས་བྱུགས། མ་འཛོམ་ན་སྨན་སྣ་རིན་ཆེན་ལྔ་ཚན་ལྔ་དང་། ས་སྣ་ཆུ་སྣ་ཆོས་སྨན་རྣམས་དྲི་བཟང་དང་སྦྱར་བས་བྱུགས། སྦྱོང་ཁྲུས་རབ་གནས་མདོར་བསྡུས་བྱས་ལ་ལེགས་པར་བལྟབས་ཏེ་དར་སྣས་དྲིལ་ལོ། །གནོད་སྦྱིན་རྒྱུན་མཆོད་ཀྱི་སྤོས་སྦྱོར་ནི། བཟང་དྲུག །ཙནྡན་དཀར་དམར། ཨ་ག་རུ། དྲི་བཟང་། ག་པུར། ཤུ་དག །ཤིང་ཚྭ། སྤོས་དཀར། སྤང་སྤོས། ལ་ཕུག །གོ་སྙོད། ཏོང་ཀུན་རྣམས་སྦྱར་བའོ། །སྤྱིར་འདིའི་རྟེན་གྱི་གཙོ་བོ་ཐོད་པ་མཚན་ལྡན་མེད་ཀ་མེད་ཡིན་ཡང་མ་འཛོམ་པ་དང་ཉིན་ཆོག་ལྟ་བུར། དཀྱིལ་འཁོར་དབུས་སུ་གཏོར་མ་གོང་གསལ་སྔགས་རྣམས་གཟུངས་བསྒྲིལ་བྱས་ནས་བཅུག་པ་བཤམ། རྒྱབ་ཏུ་བྲིས་སྐུ་བཀྲམ། མེད་ན་ཙཀླི་གཏོར་མ་ལ་བཙུགས་ཤིང་དར་གུར་དབུབ། གཡས་གཡོན་དུ་ཕྱྭ་ཆ་དཀོར་ཆ་གང་འབྱོར་གྱི་སྒྲོམ་དང་སྣོད། མདུན་དུ་མཆོད་གཏོར་ཙམ་བཀོད་པས་ཆོག་པའང་གཞུང་གི་དགོངས་པའོ། །གཞན་ཡང་ཆུ་སྦྱིན་གྱི་ཆས། དཀར་མངར། ཚོགས་མཆོད། སྔོན་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། ༈ །།གཉིས་པ་དངོས་གཞི་བསྙེན་སྒྲུབ་ཀྱི་རིམ་པ་ལ་བཞི། ཆོ་གའི་སྔོན་འགྲོ། བདག་བསྐྱེད། མདུན་བསྐྱེད། ཐུན་མཚམས་ཀྱི་བྱ་བ་རྣམས་སོ། །དང་པོ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་འགྲོ་ནི། ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ རྩ་བ་གསུམ་གྱི་བྱིན་གྱིས་རློབས༔ སྐུ་གསུམ་ངང་དུ་གནས་གྱུར་ཅིག༔ ལན་གསུམ། སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ གནོད་སྦྱིན་དབང་པོའི་བསྐྱེད་བཟླས་དང༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་བགྱི༔ ལན་གསུམ། ཉིན་དང་པོར་བགེགས་གཏོར་བྱིན་བརླབ་པ། མགྲོན་འགུགས་པ། སྔགས་སྔོས་ལན་གསུམ་བཅས་སྤྱི་ལྟར་བྱ། བཀའ་བསྒོ་བ་ནི། ཧཱུྃ༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་འདིར༔ བགེགས་ཚོགས་འདུག་པའི་སྐབས་མེད་པས༔ རང་རང་གནས་སུ་བདེ་བར་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་དྲག་སྔགས་བརྗོད། གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད། སྲུང་མཚམས་གཅད་པ་ནི། ཧཱུྃ༔ ང་ནི་མཉམ་ཉིད་ངང་གིས་ཁྲོ༔ ཐུགས་རྗེ་ཁྲོས་པའི་རང་རྩལ་ལས༔ རྡོ་རྗེ་མེ་མཚོན་ཁྲོ་ཚོགས་ཀྱིས༔ བགེགས་ཀྱི་སྦྱོར་བ་མཚམས་བཅད་དོ༔ བཛྲ་ཀྲོ་དྷ་རཀྵ་ཧཱུྃ༔ མཆོད་གཏོར་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་མཛོད་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ཨཱཿཧཱུྃ༔ ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབ་བོ། །གཉིས་པ་བདག་བསྐྱེད་གསང་བའི་བདག་པོའི་སྒོམ་བཟླས་ནི། ཧཱུྃ༔ སྤྲོས་བྲལ་ངང་ལས་ཡེ་ཤེས་རྩལ༔ འབར་བ་ཧཱུྃ་གི་འོད་ཟེར་གྱིས༔ སྣོད་བཅུད་ཞེན་འཛིན་སྟོང་པར་སྦྱངས༔ འོད་གསལ་ངང་ལས་སྐད་ཅིག་གིས༔ སྲ་བརྟན་རྡོ་རྗེའི་སྲུང་འཁོར་དང༔ རང་བྱུང་ལྷུན་གྲུབ་ཕོ་བྲང་དབུས༔ པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཧཱུྃ་ལས་སྐུ་བཞེངས་གསང་བའི་བདག༔ མཐིང་ནག་ཆར་སྤྲིན་འཁྲུགས་པའི་མདོག༔ ཞལ་གཅིག་ཕྱག་བཞི་ཁྲོ་གཏུམ་ཉམས༔ རྩ་ཕྱག་སྡིགས་མཛུབ་སྦྲེལ་བ་ཡིས༔ རྡོ་རྗེ་དྲིལ་འཛིན་ཡུམ་ལ་འཁྲིལ༔ ལྷག་མ་ལྕགས་ཀྱུ་ཞགས་པ་གདེངས༔ ཕག་མོ་གྲི་ཐོད་འཛིན་པས་འཁྱུད༔ ཁྲོ་བོའི་ཆས་རྫོགས་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་ཀློང་དུ་འགྱིང༔ ཕྱོགས་བཞིར་དཔའ་བོ་སྡེ་བཞི་པོ༔ སོ་སོའི་རིགས་ཀྱི་མཁའ་འགྲོར་བཅས༔ དཀར་སེར་དམར་མཐིང་གཡས་རང་རྟགས༔ གཡོན་རྣམས་ཐོད་པ་ཁྲག་བཀང་རོལ༔ འབར་ཞིང་ཆགས་པའི་ཉམས་འགྱུར་རྫོགས༔ ཐོད་སྦྲུལ་རིན་ཆེན་རུས་པས་བརྒྱན༔ པད་ཉི་བདུད་བཞིའི་གདན་ལ་རོལ༔ གཞན་ཡང་སྟེང་འོག་བར་མཚམས་ཀུན༔ བདག་སྐྱོབ་ལྷ་དང་མཁའ་འགྲོའི་ཚོགས༔ ཆར་སྤྲིན་གཏིབས་པ་ཇི་བཞིན་གསལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ ཐུགས་དབུས་ཉི་སྟེང་རྡོ་རྗེའི་སྦུབས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་ནུས་སྟོབས་བདག་ལ་ཐིམ༔ གསང་བདག་དཔལ་དང་དབྱེར་མེད་བསམ༔ ཨོཾ་བཛྲ་པཱ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བཟླ་བ་ནི་བསྙེན་པ་སྟེ་ཚད་འབུམ་ཕྲག་གཉིས་སོ། །དེའི་གྲངས་ཐེམས་ནས་སྒྲུབ་པ་དང་ལས་སྦྱོར་སྦྲེལ་བ་ནི། སླར་ཡང་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ནས་འབར་བའི་འོད་ཟེར་གྱིས༔ བགེགས་ཀྱི་ཚོགས་རྣམས་ཚར་བཅད་ཅིང༔ གནོད་སྦྱིན་ནོར་བདག་ལས་ལ་བསྐུལ༔ གང་འདོད་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླ། ཚད་འབུམ་ཕྲག་གཅིག་གོ །ཡུམ་དང་འཁོར་སྔགས་ནི། ཨོཾ་བཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླ། ཚད་ཁྲི་ཕྲག་གཅིག་གོ །ནོར་སྒྲུབ་དཀྱུས་འགྲེ་ཙམ་ལའང་བཟླས་གྲངས་མང་ཉུང་དེའི་རིགས་པས་དཔག །གསུམ་པ་མདུན་བསྐྱེད་ནོར་ལྷའི་བསྙེན་སྒྲུབ་ནི། དཀྱིལ་འཁོར་དང་རྟེན་རྫས་རྣམས་ལ་དམིགས་ཏེ། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་རྣམ་དག་ལས༔ སྣང་སྟོང་སྒྱུ་མའི་ཏིང་འཛིན་རྩལ༔ མདུན་དུ་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ འདོད་རྒུའི་འབྱོར་པས་ཡོངས་གང་དབུས༔ རབ་ཏུ་རྒྱས་པའི་པདྨ་ནི༔ སྣ་ཚོགས་མདོག་ཅན་འོད་དུ་འབར༔ དེ་ཡི་ཟེའུ་འབྲུར་ཉི་མ་དང༔ ཡིད་བཞིན་གཏེར་གྱི་བུམ་པ་ཆེ༔ གནོད་སྦྱིན་ཕོ་མོ་ཟུང་བཅས་པའི༔ སྟེང་དུ་ཧཱུྃ་ཡིག་མཐིང་ནག་འབར༔ དེ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ ཀུན་ཏུ་ཁྱབ་པའི་འོད་ཟེར་གྱིས༔ འཁོར་འདས་དཔལ་འབྱོར་དྭངས་བཅུད་བསྡུས༔ མཐིང་ནག་འོད་ཀྱི་གོང་བུར་འདྲིལ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ བཅོམ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་བདག་པོའི་ཚུལ༔ གནག་ཅིང་སྣུམ་པའི་མདངས་འོད་འཚེར༔ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་གཡོ༔ མཆེ་བ་བཞི་གཙིགས་ཁྲོ་གཉེར་བསྡུས༔ མིའུ་ཐུང་གཏུམ་ཞིང་ཁྲོས་པའི་ཉམས༔ ཕྱག་གཡས་རྡོ་རྗེའི་ཐོ་བ་གསོར༔ ལོག་འདྲེན་འབྱུང་པོའི་སྤྱི་ནས་འགེམས༔ གཡོན་པས་ནོར་བུའི་རྒྱལ་མཚན་བསྒྲེངས༔ མི་མཐུན་བདུད་ཀྱི་དཔུང་ལས་རྒྱལ༔ གཡས་འོག་རིན་ཆེན་ཐོད་པ་བསྣམས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར༔ གཡོན་འོག་བརྗིད་ལྡན་ནེའུ་ལེ་བཟུང༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་འབེབ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་རཏྣའི་རྩེ་བྲན་དབུས༔ པདྨ་ཉི་ཟླའི་གདན་གྱི་སྟེང༔ རིགས་བདག་མི་བསྐྱོད་རྡོ་རྗེ་བཞུགས༔ སྐུ་ལ་སྟག་ལྤགས་ཤམ་ཐབས་འཕྱང༔ སྦྲུལ་རིགས་ལྔ་དང་རིན་ཆེན་བརྒྱན༔ རྟགས་ཀྱི་མཚན་མ་འགྲེང་ཞིང་འབར༔ ཞབས་གཉིས་གཡོན་བརྐྱང་དོར་སྟབས་ཀྱིས༔ ཡེ་ཤེས་མེ་འོད་ཀློང་ན་རོལ༔ གཡོན་ན་ནོར་རྒྱུན་ལྷ་མོ་ལྗང༔ ལྕགས་ཀྱུ་གཏེར་བུམ་བསྣམས་པས་འཁྱུད༔ ཕྱོགས་མཚམས་འདབ་བརྒྱད་པདྨ་ལ༔ ནོར་བུ་བཟང་སོགས་གནོད་སྦྱིན་བརྒྱད༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ ཨིནྡྲ་ནཱི་ལའི་མདངས་འོད་འཚེར༔ ཡབ་རྣམས་བནྡྷ་ནེ་འུ་ལེ༔ ཡུམ་རྣམས་ལྕགས་ཀྱུ་གཏེར་བུམ་བསྣམས༔ དར་དང་རིན་ཆེན་མེ་ཏོག་བརྒྱན༔ ཉི་མ་ནོར་སྐྱུག་ཕོ་མོའི་སྟེང༔ སྒེག་མཛེས་ཁྲོ་བོའི་ཉམས་ལྡན་འགྱིང༔ སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི༔ ཕྱི་ནང་བར་མཚམས་ཁོར་ཡུག་ཏུ༔ འཇིག་རྟེན་སྐྱོང་བའི་སྡེ་དཔོན་དང༔ ནོར་ལྷ་གཏེར་བདག་བྱེ་བའི་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རང་གི་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཅེས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་པ་ནི། སྤོས་སྦྱོར་བསྲེག །དབྱངས་རོལ་གདུང་ཤུགས་དང་བཅས་ཏེ། ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་དང་བཅས༔ མཆོད་ཅིང་བསྟོད་ཕྱིར་སྤྱན་འདྲེན་ན༔ སེམས་ཅན་དབུལ་ཞིང་ཕོངས་པ་ཡི༔ མགོན་སྐྱབས་མཛད་པར་ཞལ་བཞེས་ཤིང༔ དམ་བཅས་དུས་ནི་དེང་ལགས་པས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ལ༔ ཚེ་བསོད་དཔལ་དང་འབྱོར་པ་སྤེལ༔ སྲིད་གསུམ་ཕྱྭ་གཡང་ལོངས་སྤྱོད་ཀྱི༔ དངོས་གྲུབ་འདོད་རྒུའི་བྱིན་ཆེན་ཕོབ༔ ཨོཾ་ཡཀྵ་ཛམྦྷ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲང་། བཞུགས་གསོལ་ཕྱག་འཚལ་བ་ནི། ཧཱུྃ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བཀྲ་ཤིས་དགེ་བའི་གདན་ལ་བཞུགས༔ མི་བསྐྱོད་རྡོ་རྗེའི་བདག་ཉིད་ལ༔ གུས་ཤིང་དང་བས་ཕྱག་འཚལ་ལོ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཨཱ་ས་ན་ཏིཥྛ་ལྷན༔ ན་མོ་ན་མ་མི༔ ཕྱི་ནང་གི་མཆོད་པ་ནི། ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ མཆོད་ཡོན་བདུད་རྩི་ཞལ་དུ་འབུལ༔ ཆུ་གཙང་འདག་ཆལ་ཞབས་ལ་འབུལ༔ མཚར་སྡུག་མེ་ཏོག་དབུ་ལ་འབུལ༔ བསུང་ཞིམ་བདུག་སྤོས་ཤངས་ལ་འབུལ༔ གཟི་ལྡན་སྒྲོན་མེ་སྤྱན་ལ་འབུལ༔ དྲི་བཟང་ཆར་རྒྱུན་སྐུ་ལ་འབུལ༔ བཅུད་ལྡན་ཞལ་ཟས་ལྗགས་ལ་འབུལ༔ རོལ་མོའི་སྒྲ་དབྱངས་སྙན་ལ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཡིད་འོང་གཟུགས་ཀྱི་མཆོད་པ་འབུལ༔ སྙན་འགྱུར་སྒྲ་ཡི་མཆོད་པ་འབུལ༔ སིམ་བྱེད་དྲི་ཡི་མཆོད་པ་འབུལ༔ ཞིམ་མངར་རོ་ཡི་མཆོད་པ་འབུལ༔ འཇམ་འཁྲིལ་རེག་བྱའི་མཆོད་པ་འབུལ༔ བདེ་ཆེན་ཆོས་ཀྱི་མཆོད་པ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་མ་ཧཱ་སུ་ཁ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ དགེ་ལེགས་རྟགས་ཀྱི་མཆོད་པ་འབུལ༔ བཀྲ་ཤིས་རྫས་ཀྱི་མཆོད་པ་འབུལ༔ རྒྱལ་སྲིད་གཏེར་གྱི་མཆོད་པ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམ་བྷ་ལ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་པཱུ་ཛ་ཧོ༔ མངྒ་ལཾ་ཀུ་རུ་པཱུ་ཛ་ཧོ༔ ཤྲཱི་མ་ཧཱ་རཏྣ་པཱུ་ཛ་ཧོ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྣོད་བཅུད་འབྱོར་པའི་མཎྜལ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམ་བྷ་ལ་ས་པ་རི་ཝཱ་ར་སརྦ་མཎྜལ་པཱུ་ཛ་ཧོ༔ ཧཱུྃ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ འདོད་ཡོན་གཏོར་མའི་མཆོད་པ་འབུལ༔ དཀར་མངར་ཕུད་ཀྱི་མཆོད་པ་འབུལ༔ ཟས་མཆོག་བཅུད་ཀྱི་མཆོད་པ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛམ་བྷ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་སུ་ར་སཱ་ཁཱ་ཧི༔ མ་ཧཱ་ར་ས་ཡཱ་ན་ཁཱ་ཧི༔ ཞེས་འབུལ། བསྟོད་པ་ནི། ཧཱུྃ༔ མི་བསྐྱོད་ཡེ་ཤེས་རྡོ་རྗེ་སེམས༔ འགྲོ་བའི་དོན་དུ་སེམས་དཔའི་ཚུལ༔ གནོད་སྦྱིན་གཏེར་གྱི་ཁྱབ་བདག་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྐུ་མདོག་གནག་ཅིང་སྣུམ་འོད་འཚེར༔ ཞལ་གཅིག་ཕྱག་བཞི་ཁྲོ་ཞིང་སྒེག༔ མིའུ་ཐུང་གཏུམ་པའི་ཚུལ་འཆང་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ནོར་བུའི་རྩེ་བྲན་དང༔ རིགས་བདག་ཅོད་པན་འཆང་བ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྤྱན་གསུམ་དམར་ཟླུམ་འཁྱིལ་ཞིང་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ བདུད་བཞི་འདུལ་མཛད་དཔའ་བོ་ཆེར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཕྱག་བཞིའི་ཐོ་བས་ལོག་འདྲེན་འདུལ༔ ནོར་བུའི་རྒྱལ་མཚན་ཕྱོགས་ལས་རྒྱལ༔ ཁམས་གསུམ་ཀུན་གྱི་དབང་ཕྱུག་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཐོད་པས་འདོད་པའི་དངོས་གྲུབ་སྟེར༔ ནོར་སྐྱུག་གཏེར་གྱི་ཆར་ཆེན་འབེབ༔ སྒྲུབ་པོའི་རེ་སྐོང་ཛམྦྷ་ལར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྦྲུལ་དང་རིན་ཆེན་རུས་པ་སོགས༔ འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན༔ ཆེ་བའི་ཡོན་ཏན་ཡོངས་རྫོགས་ལྷར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བདེ་ཆེན་མཚན་མ་རབ་ཏུ་བསྒྲེངས༔ གཏེར་བུམ་ནོར་སྦྱིན་གདན་དུ་བཏིང༔ ཡཀྵ་བྱེ་བའི་སྡེ་དཔོན་ཆེར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བཙུན་མོ་དཔལ་ལྡན་ནོར་གྱི་རྒྱུན༔ བརླ་གཡོན་འཁྱུད་ཅིང་འཁྲིལ་བའི་ཚུལ༔ དངོས་གྲུབ་གཏེར་གྱི་དབང་ཕྱུག་མར༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཕྱོགས་མཚམས་སྐྱོང་བའི་གཏེར་བདག་ཆེ༔ གནོད་སྦྱིན་དབང་པོ་ཡབ་དང་ཡུམ༔ རང་རང་རིགས་ཀྱི་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ སྒོ་བཞི་སྲུང་བའི་ནོར་ལྷ་ཆེ༔ འཇིག་རྟེན་དཔལ་མགོན་རྒྱལ་ཆེན་བཞི༔ བཙུན་མོ་སྲས་དང་གཡོག་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ གཞན་ཡང་གཏེར་གྱི་ཕོ་བྲང་ཆེར༔ དམ་ཚིག་ཐུགས་རྗེས་བཞུགས་པ་ཡི༔ ནོར་ལྷ་བྱེ་བའི་ཚོགས་རྣམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ནོངས་བཤགས་འདོད་དོན་གསོལ་བ་ནི། ཨོཾ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ ནོར་ལྷ་གཏེར་བདག་ཚོགས་རྣམས་ཀྱི༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་འགྱོད་པས་མཐོལ་ཞིང་བཤགས༔ ཡེ་ཤེས་ཆེན་པོས་བཟོད་པར་བཞེས༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལུས༔ གནོད་སྦྱིན་གཏེར་གྱི་ལོངས་སྤྱོད་སོགས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཛམ་བྷ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཕྲིན་ལས་ཀྱི་གཞུང་བསྲངས་ནས། ལྷ་སྐུའི་གསལ་སྣང་ལ་སེམས་ཡུན་རིང་གཟུང་། བཟླས་པའི་ཐོག་མར་བསྙེན་པ་ནི། བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ མདུན་བསྐྱེད་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་ལ་ཐིམ༔ ནུས་པ་བསྐྱེད་ཅིང་གཟི་བྱིན་འབར༔ ཐུགས་དམ་རྒྱུད་བསྐུལ་འོད་ཟེར་ཚོགས༔ མཁའ་ལ་སྤྲིན་ལྟར་ཁྱབ་པ་ལས༔ འདོད་རྒུའི་ཆར་ཆེན་འབེབ་པར་བསམ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཅུ་བཟླ་བ་ནི་གྲངས་ཀྱི་ཚད་དོ། །དེ་ནས་སྒྲུབ་པ་ནི། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས༔ མདུན་བསྐྱེད་འཁོར་བཅས་ཐུགས་རྒྱུད་བསྐུལ༔ གཏུམ་ཞིང་སྒེག་པའི་གཟི་བྱིན་བསྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གཡོས༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས༔ རང་དབང་མེད་པར་འུབས་ཀྱིས་བསྡུས༔ བདག་གི་བང་མཛོད་གནས་ཁང་དང༔ ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས༔ དྭངས་མ་རྟེན་རྫས་རྣམས་ལ་ཐིམ༔ ཡིད་བཞིན་འདོད་འཇོའི་དཔལ་དུ་བསམ༔ ཨོཾ་ཡཀྵ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིང་ཧྲཱིང་ཛཿསྭཱ་ཧཱ༔ ཞེས་འབུམ་ཕྲག་བཞི་བཟླ་བར་གསུངས་སོ། །བཞི་པ་ཐུན་མཚམས་ཀྱི་བྱ་བ་ནི། བཟླས་ཐུན་འཇོག་པ་ན་མཆོད་བསྟོད་རྒྱས་པར་གྲུབ་ན་ལེགས་ཀྱང་མི་ལྕོགས་ན་སྔགས་ཙམ་གྱིས་མཆོད། བསྟོད་པ་ཐོག་མཐའི་ཤློ་ཀ་རེ་རེ་བྱ། ༈ ཆུ་སྦྱིན་ནི། རང་གི་མདུན་དུ་ཟངས་གཞོང་གི་ནང་དུ་སྐུའམ་བཤོས་བུ་ནོར་གཟུགས་མ་བཤམ། ཆུ་བུམ་འདུ་བྱས་ལ། ཟངས་གཞོང་གི་ནང་དུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་མ་གཏེར་བུམ་གནོད་སྦྱིན་ཕོ་མོ་ལ་ཞབས་བརྟེན་པའི་མགོན་པོ་ཛམ་བྷ་ལ་ནག་པོ་ཡུམ་ནོར་རྒྱུན་མས་འཁྱུད་པ། འདབ་མ་བརྒྱད་ལ་གནོད་སྦྱིན་ཕོ་མོ་བརྒྱད། ཕྱི་རོལ་དུ་གཏེར་བདག་བྱེ་བའི་འཁོར་དང་བཅས་པ་གསལ་བའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས། རྟེན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བདག་ཉིད་གསང་བའི་བདག་པོའི་ཕྱག་གཡས་པའི་མཐིལ་དུ་ཟླ་བ་ལ་བཾ་ཡིག་གིས་མཚན་པ་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་གནོད་སྦྱིན་འཁོར་བཅས་ཤིན་ཏུ་དགྱེས་པར་གྱུར༔ ཆུ་རྒྱུན་བར་མ་ཆད་དུ་སྦྲེང་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཨིནྡྲ་ནཱི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛམླུཾ་སྭཱ་ཧཱ༔ བཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ་ཧཱུྃ༔ ཞེས་བརྒྱ་རྩ་བརྒྱད་སོགས་འབུལ། ཛམ་བྷ་ལའི་ཞལ་དང་ནོར་སྐྱུག་དང་བ་སྤུའི་ཁུང་བུ་ཚུན་ཆད་ནས་འདོད་རྒུའི་ཆར་ཆེན་པོ་བབས་པར་བསམ༔ མཐར། ཨརྒྷཾ་སོགས་ཀྱིས་མཆོད། འོག་ནས་འབྱུང་བའི་ཤྭ་ལོ་ཀ་ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཞེས་བསྟོད། ཡེ་ཤེས་པ་རྟེན་ལ་ཐིམ༔ དམ་ཚིག་པ་འོད་དུ་ཞུ་བའི་ཆུ་འདོད་རྒུའི་བདུད་རྩིར་བསམ་ལ༔ ཨོཾ་ཛཾ་བྷ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཆུ་ཐིགས་ལྕེར་བཞག་ལ་དངོས་གྲུབ་བླང་། ཁྱིམ་དང་བང་མཛོད་ཞིང་ལྷས་སོགས་སུ་འཐོར། འདི་ནི་ནོར་ལྷ་སྤྱིའི་དམ་ཚིག་གལ་པོ་ཆེ་ཡིན་པས་དུས་རྒྱུན་དུ་མ་ཆག་པ་གྲུབ་ན་ལེགས་ཤིང་། དེའི་སྐབས་སུའང་འདོན་སྒོམ་འདི་ལྟར་ལ། རྟེན་གྱི་གནས་ནས་ཞེས་པའི་ཚབ་ཏུ། རང་བཞིན་གྱི་གནས་ནས། ཞེས་དང་། ཡེ་ཤེས་པ་རང་ལ་ཐིམ༔ ཞེས་པ་ནི་ཁྱད་པར་རོ།། ༈ །།གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་འདོད་ཡོན་མི་ཟད་པའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ༔ གསུམ། གནོད་སྦྱིན་དབང་པོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་གྱུར། ཨོཾ་ཡཀྵ་ཀཱ་ལ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ་པཱུ་ཛ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་ལྔའམ་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བདུད་རྩི་མཆོག་གི་མཆོད་ཡོན་དང༔ མེ་ཏོག་ལ་སོགས་ཉེར་སྤྱོད་ཚོགས༔ བཟའ་བཅའ་བཏུང་བ་དང་བཅས་པའི༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་བར་ཆད་སོལ༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ འཛད་མེད་འབྲུ་ནོར་ལོངས་སྤྱོད་དང༔ གནོད་སྦྱིན་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་ཡཀྵ་ཛམྦྷ་ལ་སིདྡྷི་ཕ་ལ་ཧོ༔ ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། གཏོར་མ་ཕུད་དང་བཅས་པ་མཛོད་ཕུགས་སོགས་གཙང་སར་གཤེགས་པའམ་རང་གིས་དངོས་གྲུབ་ཏུ་རོལ། ཕྱིར་མི་གཏོང་བ་གནད་དོ།། ༈ །།ཚོགས་མཆོད་འབུལ་བ་ནི། དཀར་མངར་ལ་དུ་ལ་ཕུག་སོགས་གཙང་ཞིང་བསོད་པའི་བཟའ་བཏུང་བཤམ། རཾ་ཡཾ་ཁཾ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཚོགས་མཆོད་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་འདོད་ཡོན་མི་ཟད་པའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབ། ཚོགས་ཕུད་ཆ་ལྔར་བསྒོས་པའི་དང་པོ། ཚོགས་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རིགས་བདག་བླ་མ་མི་བསྐྱོད་རྡོ་རྗེའི་ཞལ་དུ་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཨོཾ་གུ་རུ་བཛྲ་ཨཀྵོ་བྷྱཿསརྦ་ཀཱ་མ་གུ་ཎ་ག་ཎ་པཱུ་ཛ་ཧོ༔ གཉིས་པ། ཚོགས་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཡི་དམ་ཕྱག་ན་རྡོ་རྗེའི་ཞལ་དུ་འབུལ་ལོ། །མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སརྦ་ཀཱ་མ་གུ་ཎ་ག་ཎ་པཱུ་ཛ་ཧོ༔ གསུམ་པ། ཚོགས་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ་འབུལ་ལོ། །ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པར་མཛད་དུ་གསོལ། ཨོཾ་བཾ་བཛྲ་བྷ་ར་ཧེ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཧཱུྃ༔ སརྦ་ཀཱ་མ་གུ་ཎ་ག་ཎ་པཱུ་ཛ་ཧོ༔ བཞི་པ། ཚོགས་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་དཀྱིལ་འཁོར་གཙོ་བོ་དཔལ་ལྡན་རྡོ་རྗེ་ཛམྦྷ་ལ་ཡབ་ཡུམ་གྱི་ཞལ་དུ་འབུལ་ལོ། །མི་འཛད་གཏེར་གྱི་དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ། ཨོཾ་བཛྲ་ཡཀྵ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སརྦ་ཀཱ་མ་གུ་ཎ་ག་ཎ་པཱུ་ཛ་ཧོ༔ ལྔ་པ། ཚོགས་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་མཚམས་སྐྱོང་བའི་གནོད་སྦྱིན་ཡབ་ཡུམ་བརྒྱད། རྒྱལ་པོ་ཆེན་པོ་སྡེ་བཞི། ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཆུ་བོའི་རྒྱུན་བཞིན་དུ་སྩོལ་བར་མཛོད་ཅིག །ཨོཾ་ཡཀྵ་བཱ་སུ་དེ་བ་སརྦ་སིདྡྷི་ཧྲཱིང་ཛ༔ སརྦ་ཀཱ་མ་གུ་ཎ་ག་ཎ་པཱུ་ཛ་ཧོ༔ ཞེས་པ་རྣམས་ཀྱིས་ཕུལ། བར་པ་དངོས་གྲུབ་ཏུ་དམིགས་ལ་རང་གིས་རོལ། ལྷག་མ་ཆངས་བུ་བྱས་ལ། ལྷག་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །དགྱེས་ཤིང་ཚིམས་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷུཉྫ་ཧོ༔ ཞེས་སྦྱིན། འདིར་རྩ་བའི་གཞུང་དུ་སྔགས་བསྔོས་རྐྱང་པ་ལས་མ་གསུངས་ཤིང་ཚིག་ལྷུག་རྣམས་གསར་དུ་སྤྲོས་པ་ཡིན་པས་བསྡུ་ན་སྔགས་བསྔོས་ཁོ་ནས་ཆོག །ཕྲིན་ལས་ཚར་གཅིག་ཁོ་ནའི་སྐབས་འདི་རྣམས་ཚང་བ་གཏང་། ཐུན་གསུམ་བྱེད་ན་བཟླས་པ་མཆོད་བསྟོད་བཅས་གྲུབ་པ་དང་། ཐུན་དང་པོ་ལ་ཆུ་སྦྱིན། བར་པར་གཏོར་འབུལ། ཕྱི་མ་ལ་ཚོགས་མཆོད་ཕུལ་བས་འཐུས་སོ།། ༈ །།དེ་ནས་ཐུགས་དམ་བསྐུལ་བ་ནི། བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ མདུན་བསྐྱེད་འཁོར་བཅས་ཐུགས་རྒྱུད་བསྐུལ༔ གཏུམ་ཞིང་སྒེག་པའི་གཟི་བྱིན་བསྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གཡོས༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས༔ རང་དབང་མེད་པར་འུབས་ཀྱིས་བསྡུས༔ བདག་གི་བང་མཛོད་གནས་ཁང་དང༔ ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས༔ དྭངས་མ་རྟེན་རྫས་རྣམས་ལ་ཐིམ༔ ཡིད་བཞིན་འདོད་འཇོའི་དཔལ་དུ་གྱུར༔ ཅེས་གོང་གི་སྒྲུབ་བཟླས་སྐབས་ཀྱི་དམིགས་པ་བཞིན་གསལ་གདབ། གཏོར་མ་གསེར་སྐྱེམས་སོགས་མཆོད་པའི་དཔུང་བསྐྱེད། སྦྱར་སྤོས་བསྲེག །དབྱངས་རོལ་གདུང་ཤུགས་བཅས་པས་མདའ་དར་གཡབ་ལ། ཧཱུྃ༔ བཀྲ་ཤིས་ཡིད་འོང་གྲུབ་པའི་ཞིང༔ ལོངས་སྤྱོད་གཏེར་གྱི་ཕོ་བྲང་ནས༔ རིགས་ཀྱི་ཁྱབ་བདག་ཛཾ་བྷ་ལ༔ བཙུན་མོ་དཔལ་ལྡན་ནོར་གྱི་རྒྱུན༔ ནོར་ལྷ་རབ་འབྱམས་ཚོགས་དང་བཅས༔ རྩེ་གཅིག་གུས་པས་སྒྲུབ་ལགས་ན༔ བྱམས་པའི་ཞལ་བཟང་དུས་འདིར་སྟོན༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྣོད་བཅུད་རི་གླིང་འབྱོར་པའི་ཚོགས༔ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན༔ བུམ་བཟང་འདོད་འཇོ་དཔག་བསམ་ཤིང༔ གཏོར་མ་སྐྱེམས་ཕུད་རོ་བཅུད་ལྡན༔ ཟད་མི་ཤེས་པའི་ལོངས་སྤྱོད་ཀྱིས༔ གཡར་དམ་བསྐང་ཞིང་ཉམས་ཆག་བཤགས༔ མོས་ཤིང་གདུང་བས་རྒྱུད་བསྐུལ་ན༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ སྟོང་གསུམ་འཁོར་འདས་རབ་འབྱམས་ཀྱི༔ སྣོད་ཀྱི་འབྱུང་བའི་ཕྱྭ་གཡང་ཁུག༔ བཅུད་ཀྱི་འབྱོར་པའི་ཕྱྭ་གཡང་ཁུག༔ མཛེས་སྡུག་གཟུགས་ཀྱི་ཕྱྭ་གཡང༴ སྙན་བརྗིད་སྒྲ་ཡི་ཕྱྭ་གཡང༴ བསུང་ཞིམ་དྲི་ཡི་ཕྱྭ་གཡང༴ བཅུད་ལྡན་རོ་ཡི་ཕྱྭ་གཡང༴ འཇམ་འཁྲིལ་རེག་བྱའི་ཕྱྭ་གཡང༴ ཡིད་མཐུན་ཆོས་ཀྱི་ཕྱྭ་གཡང༴ ལྷ་ཡི་བདུད་རྩིའི་ཕྱྭ་གཡང༴ ཀླུ་ཡི་ནོར་བུའི་ཕྱྭ་གཡང༴ གནོད་སྦྱིན་གཏེར་གྱི་ཕྱྭ་གཡང༴ གླིང་བཞི་མི་ཡི་ཕྱྭ་གཡང༴ ཕོ་བྲང་མཁར་གྱི་ཕྱྭ་གཡང༴ རིགས་རྒྱུད་སྲས་ཀྱི་ཕྱྭ་གཡང༴ མངའ་རིས་བདེ་སྐྱིད་ཕྱྭ་གཡང༴ དཔའ་རྩལ་སྟོབས་ཀྱི་ཕྱྭ་གཡང༴ སྲ་བརྟན་གོ་ཆའི་ཕྱྭ་གཡང༴ རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང༴ ལོ་ཏོག་འབྲུ་བཅུད་ཕྱྭ་གཡང༴ བཟའ་ཤིང་སྨན་གྱི་ཕྱྭ་གཡང༴ ཞིམ་མངར་ཟས་ཀྱི་ཕྱྭ་གཡང༴ བཀྲག་ཅན་གོས་ཀྱི་ཕྱྭ་གཡང༴ ཡིད་འཕྲོག་རྒྱན་གྱི་ཕྱྭ་གཡང༴ བརྗིད་ཅན་ནོར་གྱི་ཕྱྭ་གཡང༴ མཁས་པའི་མཁྱེན་རྩལ་ཕྱྭ་གཡང༴ གྲུབ་པའི་ནུས་མཐུའི་ཕྱྭ་གཡང༴ འཕགས་པའི་སྤངས་རྟོགས་ཕྱྭ་གཡང༴ དམ་པའི་ཆོས་ཀྱི་ཕྱྭ་གཡང༴ བཤད་སྒྲུབ་བསྟན་པའི་ཕྱྭ་གཡང༴ འཆི་མེད་ཚེ་ཡི་ཕྱྭ་གཡང༴ བསོད་ནམས་དབང་ཐང་ཕྱྭ་གཡང༴ སྙན་ཅིང་གྲགས་པའི་ཕྱྭ་གཡང༴ དཔལ་དང་འབྱོར་པའི་ཕྱྭ་གཡང༴ ནད་མེད་བདེ་བའི་ཕྱྭ་གཡང༴ རྒས་མེད་ལང་ཚོའི་ཕྱྭ་གཡང༴ ཅི་བསམ་འགྲུབ་པའི་ཕྱྭ་གཡང༴ ཕྱྭ་ཁུག་གཡང་སྐྱོབས་དངོས་གྲུབ་སྩོལ༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཤྲཱི་བཱ་སུ་དྷཱ་རི་ཎཱི་སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཤར་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ནོར་བུ་བཟང༔ བཙུན་མོ་དཔལ་ལྡན་ཟླ་བའི་འོད༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས་ནས༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ ཨོཾ་མ་ཎི་བྷ་དྲ་ཡ་ཙནྡྲ་ཀཱནྟྱཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ལྷོ་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་གང་བ་བཟང༔ བཙུན་མོ་དཔལ་ལྡན་ནོར་སྦྱིན་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས་འགྲེ། ཨོཾ་པཱུརྞ་བྷ་དྲ་ཡ་དཱ་ཏཱ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ནུབ་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ནོར་སྦྱིན་དང༔ བཙུན་མོ་དཔལ་ལྡན་རབ་སྦྱིན་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་དྷ་ནཾ་དཱ་ཡ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ བྱང་ནས་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་རྣམ་ཐོས་སྲས༔ བཙུན་མོ་དཔལ་ལྡན་འཕགས་མ་དང༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨཱརྻ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཤར་ལྷོའི་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་རོལ་པའི་ཕྲེང༔ བཙུན་མོ་དཔལ་ལྡན་རབ་བཟང་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་ཀི་ལི་མཱ་ལི་ནཱ་སུ་བྷ་དྲ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ལྷོ་ནུབ་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་ཀུཎྜ་ལཱི༔ བཙུན་མོ་དཔལ་ལྡན་རབ་སྦས་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་པི་ཙི་ཀུཎྜ་ལཱི་ནཱ་གུཔྟ་ཡཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ནུབ་བྱང་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་སྒོ་ཡི་དབང༔ བཙུན་མོ་དཔལ་ལྡན་མཛེས་མ་དང༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་མུ་ཁེནྡྲ་ཡ་དེ་བྱཱཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ བྱང་ཤར་དངོས་གྲུབ་སྩོལ་བའི་ལྷ༔ གནོད་སྦྱིན་སྡེ་དཔོན་གཡོ་བའི་དབང༔ བཙུན་མོ་དཔལ་ལྡན་དབྱངས་ཅན་མ༔ སྲས་འཁོར་སྤྲུལ་པར་བཅས་པ་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་ཙརྱེནྡྲ་ཡ་སྭ་ར་སྭ་ཏྱཱཻ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ སྒྲུབ་ལ་བར་ཆད་ཟློག་པ་དང༔ དངོས་གྲུབ་སྩོལ་བར་ཞལ་བཞེས་པའི༔ མཐུ་ཆེན་རྒྱལ་པོ་ཆེན་པོ་བཞི༔ རང་རང་རིགས་ཀྱི་དཔུང་བཅས་རྣམས༔ རྩེ་གཅིག་གུས་པས་སོགས། ཨོཾ་དྷྲྀཥྚ་རཱཥྚ་ཡ་བི་རཱུ་ཌྷ་ཀ་ཡ་བི་རཱུ་པཱཀྵ་ཡ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ གཞན་ཡང་སྟེང་འོག་བར་མཚམས་ནས༔ དངོས་གྲུབ་རིན་ཆེན་ཆར་འབེབ་པའི༔ ནོར་ལྷ་གཏེར་བདག་རབ་འབྱམས་ཚོགས༔ རྩེ་གཅིག་གུས་པས་སོགས། ཏདྱ་ཐཱ༔ ཨོཾ་ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི༔ ཏིཥྛ་ཏིཥྛ༔ སརྦ་ཨརྠ་མེ་སཱ་དྷ་ནི༔ ཏདྱ་ཐཱ༔ སུ་དྷ་ནི༔ སུ་ར་སྱ༔ སུ་མ་ཏི༔ སུ་པུ་ཥི༔ ཧི་ལི་མི་ལི་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བསྐུལ་ལོ། །སྒྲུབ་པ་ཞག་གསུམ་མམ་བདུན་ལ་སོགས་པར་ཉིན་རེ་ཐུན་བཞིའམ་གསུམ་སོགས་བྱེད་ན་འདི་ཡན་ཆད་ཚར་གཅིག་བྱ། ཐུན་རྗེས་མ་རྣམས་ལ་མཆོད་ཁ་གསོས་ལ་མཆོད་པ་བྱིན་བརླབ། མདུན་བསྐྱེད་ནས་འདི་ཡན་བསྐྱར། ཚར་གྲངས་གྲུབ་པའི་ཐུན་རྗེས་མའི་སྐབས་བཀའ་གཏེར་སྲུང་མའི་གཏོར་འབུལ་བྱ། མདུན་བསྐྱེད་ལ་མཆོད་བསྟོད་ཐུན་མཚམས་སྐབས་ལྟར་དང་། ཡིག་བརྒྱ་བརྗོད། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། བརྟན་བཞུགས་རྒྱས་བསྡུས་གང་ཡང་རུང་བས་རྟེན་རྣམས་ལ་བརྟན་བཞུགས་བྱ། བདག་ཉིད་ལྷར་གསལ་བ་འོད་དུ་ཞུ་ནས་ཐུགས་སྲོག་ཧཱུྃ་ཡིག་ལ་ཐིམ་པར་བསམ། དེ་ཉིད་མཐིང་ནག་འོད་འབར་བ་ལ་སེམས་ཅི་གནས་སུ་གཟུང་། དེའང་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། ཅེས་མོས་ལ་ལྷ་དང་སྣང་བ་གསུམ་དབྱེར་མི་ཕྱེད་པའི་དགོངས་པའི་གདིང་བསྐྱེད། སླར་གསང་བའི་བདག་པོའི་སྐུར་གསལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་འོ། །དགེ་བསྔོ་ནི། བདག་གིས་བསྙེན་སྒྲུབ་བགྱིས་ལ་སོགས༔ དགེ་བའི་རྩ་བ་ལ་བརྟེན་ནས༔ འགྲོ་ཀུན་འདོད་རྒུའི་དཔལ་འབྱོར་རྒྱས༔ བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག༔ ཅེས་དང་གཞན་ཡང་འོས་ཤིང་འཐད་པའི་སྨོན་ལམ་མང་དུ་གདབ། ཞལ་ནས་གསུངས་པའི་ཚིགས་སུ་གཅད་པས་ཐོག་དྲངས་བཀྲ་ཤིས་རྒྱས་པར་བརྗོད་དོ།། ༈ །།གསུམ་པ་རྗེས་དངོས་གྲུབ་བླང་བ་སོགས་ནི། ཚུལ་བཞིན་བསྒྲུབས་པས་གྲུབ་པའི་རྟགས་གཞུང་ལས་གསུངས་པ་རྣམས་དངོས་ཉམས་རྨི་ལམ་དུ་བྱུང་བའམ། ཞག་གྲངས་ཐེམས་པའི་ཚེ་གཟའ་སྐར་ཚེས་གྲངས་དགེ་ཞིང་ཤིས་པའི་ཉི་ཤར་ལ་འགྲིགས་པར་བྱས་ཏེ་ཞྭ་གོས་སོགས་རྒྱན་ཆས་སྤྲས། ཕྲིན་ལས་ཚར་གཅིག་བཏང་བའི་སྐབས་གཏོར་མ་དང་ཚོགས་མཆོད་རྒྱ་ཆེར་འབུལ་ཞིང་། རྗེས་ཀྱི་མཆོད་བསྟོད་ཀྱང་རྒྱས་པར་བྱ། ནོངས་བཤགས་བཟོད་གསོལ་ཡན་གྲུབ་པ་དང་། གདུང་བའི་ཤུགས་བསྐྱེད་ལ་དངོས་གྲུབ་སྤྱིར་གསོལ་བ་ནི། ཧཱུྃ༔ དཔལ་ལྡན་རྡོ་རྗེ་ཛཾ་བྷ་ལ༔ ཡབ་ཡུམ་སྲས་འཁོར་སྤྲུལ་པར་བཅས༔ དང་པོར་གདུང་བས་རྩེ་གཅིག་བསྙེན༔ བར་དུ་དངོས་གྲུབ་ཏིང་འཛིན་བསྒྲུབས༔ ད་ལྟ་གསོལ་བའི་དུས་ལགས་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་ལྟར༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ ཡེ་ཤེས་ཆེན་པོའི་མཐུ་རྩལ་སྐྱེད༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་ཕོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ བསྙེན་སྒྲུབ་སྔགས་ཀྱི་མཐར། སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བརྗོད། བྱེ་བྲག་སོ་སོར་བླང་བ་ནི། སྐུ་རྟེན་སྤྱི་བོར་བཞག་ལ། ཨོཾ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འགྱུར་མེད་སྐུ་ཡི་སྒོ་ཕྱེས་ལ༔ གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་རྡོ་རྗེར་བདག་སྒྲུབས་ཤིག༔ སྔགས་བརྗོད་པ་འདི་ཕྱིན་ལ་འགྲེས། ཀཱ་ཡ་སིདྡྷི་ཨོཾ༔ སྐུ་ཡི་དངོས་གྲུབ་ཀུན་ཐོབ་གྱུར༔ གསུང་རྟེན་ཙཀྲ་མགྲིན་པར་གཏུགས་ལ། ཨཱ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འགག་མེད་གསུང་གི་སྒོ་ཕྱེས་ལ༔ ནུས་རྩལ་སྔགས་ཀྱི་དངོས་གྲུབ་སྩོལ༔ གསུང་གི་རྡོ་རྗེར་བདག་སྒྲུབས་ཤིག༔ ཝཱ་ཀ་སིདྡྷི་ཨཱ༔ གསུང་གི་དངོས་གྲུབ་ཀུན་ཐོབ་གྱུར། །ཐུགས་རྟེན་ཐོད་པ་སྙིང་གར་བཞག་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འཁྲུལ་མེད་ཐུགས་ཀྱི་སྒོ་ཕྱེས་ལ༔ མཁྱེན་བརྩེ་ཡེ་ཤེས་དངོས་གྲུབ་སྩོལ༔ ཐུགས་ཀྱི་རྡོ་རྗེར་བདག་སྒྲུབས་ཤིག༔ ཙིཏྟ་སིདྡྷི་ཧཱུྃ༔ ཐུགས་ཀྱི་དངོས་གྲུབ་ཀུན་ཐོབ་གྱུར། །ཡོན་ཏན་རྟེན་གཏོར་མ་ལྟེ་བར་བཞག་ལ། སྭཱ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ འདོད་འབྱུང་ཡོན་ཏན་སྒོ་ཕྱེས་ལ༔ ལོངས་སྤྱོད་རྒྱན་གྱི་དངོས་གྲུབ་སྩོལ༔ ཡོན་ཏན་རྡོ་རྗེར་བདག་སྒྲུབས་ཤིག །གུ་ཎ་སིདྡྷི་སྭཱ༔ ཡོན་ཏན་དངོས་གྲུབ་ཀུན་ཐོབ་གྱུར། །ཕྲིན་ལས་རྟེན་གཡང་རྫས་རྣམས་མདུན་དུ་བཀྲམ་ལ། ཧཱ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལས༔ ཐོགས་མེད་ཕྲིན་ལས་སྒོ་ཕྱེས་ལ༔ གང་འདུལ་ཡིད་བཞིན་དངོས་གྲུབ་སྩོལ༔ ཕྲིན་ལས་རྡོ་རྗེར་བདག་སྒྲུབས་ཤིག༔ ཀརྨ་སིདྡྷི་ཧཱ༔ ཕྲིན་ལས་དངོས་གྲུབ་ཀུན་ཐོབ་གྱུར། །ཅེས་དམིགས་ལ་བཟའ་བཅའ་བཏུང་བའི་ཕུད་ལ་ལོངས་སྤྱད། རྟེན་རྣམས་དཀྱིལ་འཁོར་དུ་བཀོད་ལ་སླར་ཡང་མཆོད་བསྟོད་དང་བརྟན་བཞུགས་རྒྱས་པར་བྱ། སྨོན་ལམ་གདབ་ཅིང་ཤིས་པ་བརྗོད། སྐུ་གསུང་ཐུགས་རྟེན་རང་གི་ལུས་ལ་འཆང་། མི་ལྕོགས་ན་རྟེན་གཏོར་དང་ལྷན་ཅིག་མཛོད་ཀྱི་ཕུགས་སུ་སྦས་ལ་དུས་དང་རྒྱུན་དུ་ཅི་འབྱོར་པའི་ཕུད་ཀྱིས་མཆོད་པས་བྱིན་རླབས་དང་དངོས་གྲུབ་ཆེན་པོ་གདོན་མི་ཟ་བར་འབྱུང་བར་འགྱུར་རོ།། ༈ །།སྒྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པ་དང་ལྷག་ཆད་ཁ་སྐོང་བའི་དོན་དུ་ཐུན་མཚམས་སུ་མེ་མཆོད་འབུལ་བར་སྤྲོ་ན། རྒྱས་པའི་ཐབ་ཏུ་འབྲས་བུ་དང་དྲི་བཟང་པོ་ལྡན་པའི་བུད་ཤིང་གྲུ་བཞིར་བརྩིག །བསྲེག་རྫས་རིན་པོ་ཆེ་འབྲུ་སྨན་དར་ཟབ་ཕྱེ་ཕུར་སོགས་གང་འབྱོར་དང་། རང་འདོད་པའི་ནོར་སྣ་རྣམས་འདུ་བྱས་ལ་མེ་སྦར། སྟོང་པའི་ངང་ལས་རྒྱས་པའི་ཐབ་ཁུང་གྲུ་བཞི་སེར་པོ་མཚན་ཉིད་ཡོངས་སུ་རྫོགས་ཤིང་མེ་གསེར་མདོག་ཏུ་འབར་བའི་དབུས་སུ། དཔལ་ལྡན་མགོན་པོ་རྡོ་རྗེ་ཛམྦྷ་ལ་ཡབ་ཡུམ་གནོད་སྦྱིན་ནོར་ལྷའི་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་མ་ཧཱ་སུ་ཁ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད། ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ ནོར་ལྷ་བྱེ་བའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཅེས་བསྟོད། ཨོཾ་ཨཱཿཧཱུྃ་གསུམ། བསྲེག་རྫས་རྣམས་ཟག་པ་མེད་པའི་བདུད་རྩི༔ མཁོ་རྒུའི་ལོངས་སྤྱོད༔ རྒྱན་ཕྲེང་ན་བཟའ་སོགས་སྤྲིན་ཕུང་ལྟར་གྱུར་ནས་གནོད་སྦྱིན་འཁོར་བཅས་ཐུགས་མཉེས་ཤིང་འདོད་རྒུའི་དངོས་གྲུབ་ཆར་བཞིན་དུ་འབེབ་པར་བསམ་ལ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ སརྦ་རཏྣ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྒྱ་རྩ་སོགས་ཅི་ནུས་འབུལ་བའི་མཐར། ཡེ་ཤེས་པ་སྲོག་འཁོར་སོགས་རྟེན་ལ་ཐིམ༔ དམ་ཚིག་པ་མེ་འབར་བ་རབ་ཏུ་རྒྱས་པ་ལས་འོད་ཟེར་མཁའ་ལ་སྤྲིན་བཞིན་དུ་ཆགས་པའི་གསེབ་ནས་འདོད་རྒུའི་ཆར་ཆེན་པོ་བབས་པས་རང་གི་གནས་ཁང་བང་མཛོད་ཡུལ་ཕྱོགས་སོགས་ཕྱུར་བུར་ཁེངས་པར་གྱུར༔ ཅེས་བསྒོམ་མོ། །འདིའི་ཟབ་གནད་ཐུན་མོང་མ་ཡིན་པ། ཕྱི་ཆུ་སྦྱིན། ནང་གཏོར་མ། གསང་བ་གྭའུ། ཡང་གསང་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་དང་དེ་དག་སོ་སོའི་དུས་གནད་བཅས་གཞུང་དུ་གསལ་བ་ལྟར་གྲུབ་ན་རེ་རེ་ལའང་དགོས་པ་ཆེན་པོ་ཡོད་ཅིང་། སྤྱི་དང་བྱེ་བྲག་གི་བསྙེན་སྒྲུབ་ལེགས་པར་ཐེམས་པའི་རྣལ་འབྱོར་པས་ལས་ཀྱི་སྦྱོར་བ་འབྱུང་བཞི་ཡོངས་རྫོགས་དང་བཅས་པ། ཡི་གེ་བཅུ་སོ་སོ་ལ་བརྟེན་པ་རྣམས་ཀྱང་ལག་ཏུ་བླང་བར་བྱའོ། །ནོར་ལྷ་གཞན་ལ་སྒབ་འདྲེ་མནན་པ་དང་བསེ་རག་བཀར་བ་སོགས་དགོས་ཀྱང་འདི་ནི་རྡོ་རྗེ་མི་བསྐྱོད་པ་ཁྲོས་པའི་རིགས་ཡིན་པས་བགེགས་དང་བར་ཆད་ཐམས་ཅད་ཤུགས་ཀྱིས་ནོན། བཀའ་བཙན་ལ་བྱིན་ཆེ་བས་དེ་དག་མི་དགོས་པར་གསུངས་སོ། །དབུལ་ཕོངས་བསྐལ་པ་ཤར་བ་སྙིགས་མའི་དུས། །སྐྱོབ་བྱེད་ཟབ་ཆོས་ཡིད་བཞིན་ནོར་མཚུངས་པར། །སྤྱོད་འདི་བསོད་ནམས་ལྡན་པར་ཤེས་གྱིས་ལ། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བས་དོན་ཡོད་མཛོད། །མི་བསྐྱོད་ཁྲོས་པས་བདུད་བགེགས་ཚར་བཅད་ནས། །འདོད་རྒུའི་དཔལ་འབྱོར་དབྱར་གྱི་མཚོ་ལྟར་རྒྱས། །ཆོས་ལྡན་ལོངས་སྤྱོད་སྐབས་གསུམ་གྲོང་ཁྱེར་ཉིད། །ས་ལ་འཕོས་པས་སྐྱེ་དགུར་བདེ་སྟེར་ཤོག །ཅེས་རྨད་དུ་བྱུང་བའི་ཟབ་ཆོས་བསྐལ་དུས་འདི་འདྲར་ཤིན་ཏུ་རྙེད་པར་དཀའ་བ་འདི་ཉིད་ཉམས་སུ་བསྟར་བ་བྱུང་ན་ཕན་འདོད་ལྷག་པའི་བསམ་པས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཁ་འཕང་རིགས་ཡང་གཏེར་གཞན་ནས་བསབས་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།
རྫས་ཕུར་བྱིན་རླབས་ (Volume 32, Text 33)
ྈྈྈྈ ཤྲཱི་བཛྲ་ཀུ་མཱ་ར་ལ་ན་མོ༔ རྫས་ཀྱི་ཕུར་པ་བྱིན་རླབས་ནི༔ གདབ་ཕུར་ཐམས་ཅད་ཨེ་ལ་བཀོད༔ དང་པོ་གུ་གུལ་གྱིས་བདུག་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་དྷི་ཏིཥྛ་རྨུག་རྨུག་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ༔ ཐུགས་རྗེས་འཛིན་ཕྱིར་རཀྟས་བྱུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ་དགྲ་བགེགས་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ༔ ཐུགས་དམ་བསྐུལ་ཕྱིར་ཡུངས་དཀར་བྲབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ཙ་ར་ཡ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཨེ་ཡི་གདན༔ རུ་ཏྲ་ཐམས་ཅད་བཀུག་པའི་སྟེང༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ ཡབ་ཡུམ་སྦྱོར་བའི་འཕྲོ་འདུ་ལས༔ ཧཱུྃ་ཡིག་ཉེར་གཅིག་སྤྲོས་པ་ཡིས༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ མཐིང་ལྗང་དམར་བའི་སྐུ་སྟོད་རྣམས༔ ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ༔ རིགས་ཀྱི་མཚོན་ཆ་ཕྱག་ན་བསྣམས༔ སྐུ་སྨད་ཕུར་བུ་འབར་བའི་དབལ༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ ཕུར་པ་ཆོས་དབྱིངས་ཕྱག་རྒྱས་འཛིན༔ ཐམས་ཅད་འདི་ལྟར་བསྐུལ་བར་བྱ༔ ཧཱུྃ༔ དཱིཔྟ་ཙཀྲ་ཕུར་པའི་ལྷ༔ སྣ་ཚོགས་ལྕགས་ཀྱི་རལ་པ་ཅན༔ ཨུཏྤལ་རྒྱས་པའི་མདོག་འདྲ་བ༔ སྙིང་རྗེ་འདུས་པའི་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ གནོད་བྱེད་བགེགས་ལ་སྨྲོས་ཅི་དགོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཕུར་བུ་ཨེ་ཡི་སྟེང་དུ་བཀོད༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ཀཱི་ལ་ཡ༔ དུང་ཁང་དཔའ་བོ་འབྲུ་ལྔ་ལས༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ སྐུ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ༔ རྩེ་མོར་ཧྲཱིཿཡིག་དམར་པོ་ལ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་འདུས༔ མཐུ་རྩལ་ལྡན་པའི་ཀཱི་ལ་ཡ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ། ཧྲཱིཿ དབང་བསྐུར་བྱིན་རླབས་སྔགས་རྒྱ་བྱ༔ དེ་ནས་ཕྲིན་ལས་བསྐུལ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས༔ ཐུགས་རྗེའི་ཐབས་ཀྱི་ཆོ་འཕྲུལ་ལས༔ སྒྲོལ་བྱེད་བཛྲ་ཀཱི་ལ་ཡ༔ བསད་ཅིང་བསྒྲལ་བ་མ་ཡིན་ཏེ༔ ཐུགས་རྗེའི་ཐབས་ལྡན་སྦྱོར་བ་ཡི༔ སྙིང་རྗེ་འདུས་པའི་ཀཱི་ལ་ཡ༔ བཏབ་ན་ལྷ་ཡང་བརླག་པས་ན༔ གནོད་བྱེད་དགྲ་བགེགས་བརླག་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་པས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ༔ འདི་ལྟ་བུའི་ཕུར་པ་གང་ལ་བཏབ་ཀྱང་དོན་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་ཆེན་པོའི་ཕྲིན་ལས་པ་མཆོག་གྱུར་གླིང་པའི་གཏེར་མའོ།། །།
མཆོག་གླིང་ཟབ་བདུན་དྲེགས་པ་སྡེ་ལྔའི་གཏོར་འབུལ་ལྷན་ཐབས་ (Volume 41, Text 33)
རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཏེར་གྱི་བདག་པོ་དྲེགས་པ་སྡེ་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ཤུ་ལ་ཏྲི་ཛ༔ ཨོཾ་དེ་བ་ཨ་ཛ༔ ཨོཾ་དྷ་ཤ་གྷྲྀ་བ་དུ་ཛ༔ ཨོཾ་ནཱ་ག་རཱ་ཛ་ནཱཾ་ཛ༔ ཨོཾ་དྷྭ་ཏི་ཀུ་མ་ར་བཻ་ཛ༔ ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤུ་ལ་རཱ་ཛ་དེ་བ་རཱ་ཛ་དྷ་ཤ་གྷྲྀ་ཝ་ནཱ་ག་རཱ་ཛ་དྷྭ་ཏི་ཀུ་མ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ལན་གསུམ་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ ཟབ་གཏེར་སྲུང་མའི་དབང་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལ། བསྟོད་བསྐུལ་ནི། ཧཱུྃ༔ ཤུ་བ་སྲོག་ཟན་བཙན་གྱི་རྗེ༔ ཞེས་སོགས་བརྗོད་པ་གཞུང་ལྟར་རོ། །བྱིན་རླབས་འདོད་གསོལ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ཟླ་མིང་པས་བྲིས་པ་འཕེལ་འགྱུར་ཅིག། །།
འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པ་ (Volume 11, Text 33)
༄།། ཛྙཱ ནཱ ལོ ཀ བྲྀ དྡྷི ནཱ མ མ ཉྫུ གྷོ ཥ ཏཱ དྷ རྨ རཱ ཛ བྲ ཧྨཱ དེ ཝ པུ ཥྤ སྱ ཡོ ག བི ཧ ར ཏི སྨ །། ༄། །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མཉྫུ་ཤྲཱི་གྷོ་ཥཱ་ཡ། སྙིང་དབུས་མི་ཤིགས་ཐིག་ལེ་རུ། །སྒྲིབ་གསུམ་ཟད་པའི་འོད་པོ་ཆེ། །ཡེ་ཤེས་སྣང་བ་ལམ་མེ་བ། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་ཞབས། །དད་པས་བསྙེན་ལས་བློ་གྲོས་ཀྱི། །པདྨོ་ལྷག་པར་རྒྱས་འདོད་ན། །དབེན་པར་བདེ་བའི་སྟན་ལ་འདུག །ངེས་འབྱུང་སྙིང་རྗེས་རྒྱུད་བསྐུལ་ནས། །སྦྱོར་དངོས་རྗེས་ཀྱི་ཉམས་སུ་བླང་། །དེ་ལ་དང་པོ་སྦྱོར་བ་ལ། །རྣམ་པ་བདུན་ལས་སྐྱབས་འགྲོ་ནི། ཨ། གཟོད་ནས་སྟོང་པ་ཆོས་ཀྱི་སྐུ །འོད་གསལ་ཡེ་ཤེས་ལོངས་སྤྱོད་རྫོགས། །དབྱེར་མེད་ཆེན་པོ་སྤྲུལ་པའི་སྐུ །འཇམ་མགོན་བླ་མར་སྐྱབས་སུ་མཆི། །གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི། ཧོཿ ལས་ཉོན་གཞན་དབང་ལ་བརྟེན་ནས། །ཀུན་བརྟགས་འཁྲུལ་པའི་འགྲོ་བ་ཀུན། །ཡོངས་གྲུབ་གདོད་མའི་སར་འགོད་སླད། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱི། །གསུམ་པ་ཡན་ལག་བདུན་པ་ནི། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལུས་ཅན་བླ་མ་ལྷར། །སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོབས་བཞིས་སྡིག་ལྟུང་ཚོགས་ཀུན་བཤགས། །འཁོར་འདས་དགེ་ལ་རྗེས་ཡི་རང་། །ཞི་བསིལ་ཆོས་འཁོར་བསྐོར་བར་སྐུལ། །སྐྱེ་འཆི་མེད་པར་རྟག་བཞུགས་གསོལ། །དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ། །བཞི་པ་བགེགས་ཚོགས་མཚམས་གཅོད་ནི། །ཧཱུྃ། གཟུང་འཛིན་འཁྲུལ་པ་ལས་སྐྱེས་པའི། །བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས། །རིག་སྟོང་གཉུག་མའི་ཧེ་རུ་ཀའི། །བརྟུལ་ཞུགས་ཆེན་པོས་མཐར་བསྐྲད་དོ། །ཧཱུྃ་ཧཱུྃ་ཧཱུྃ། ལྔ་པ་སྲུང་འཁོར་བསྒོམ་པ་ནི། །ཨོཾ། གཉུག་མ་བྱ་རྩོལ་བྲལ་བའི་ཀློང། །མི་ཕྱེད་མི་ཤིགས་རྡོ་རྗེའི་གུར། །ཡེ་ཤེས་སྣང་བ་རབ་འབར་བས། །གཉིས་སྣང་རྟོག་པ་མཚམས་གཅད་དོ། །བཛྲ་ཛྙཱ་ན་བྷྲཱུྃ། དྲུག་པ་བྱིན་ཆེན་འབེབ་པ་ནི། །ཧཱུྃ། རང་སྣང་དོན་གྱི་འོག་མིན་ནས། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །རབ་འབྱམས་རྩ་གསུམ་རྒྱ་མཚོར་བཅས། །གནས་འདིར་བྱིན་ཕོབ་མཆོག་དབང་སྐུར། །ཧཱུྃ་ཧཱུྃ་ཧཱུྃ། བདུན་པ་མཆོད་རྫས་བྱིན་རླབས་ནི། །ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འོག་མིན་རྡོ་རྗེའི་ཞིང་། །ནང་བཅུད་མཆོད་པའི་ཕྱག་རྒྱ་ཆེ། །ཕུང་ཁམས་སྐྱེ་མཆེད་སྨན་གཏོར་རཀ །ཀུན་ཏུ་བཟང་པོའི་སྤྲིན་ཆེན་འཁྲིགས། །ཨོཾ་ཨཱཿསརྦ་པཱུ་ཛ་མེ་གྷ་ཧཱུྃ། གཉིས་པ་དངོས་གཞིར་བསྐྱེད་རིམ་ནི། །ཨ། མཁའ་ཁྱབ་མཁའ་ཡི་ཡེ་ཤེས་ནི། །དང་པོའི་སངས་རྒྱས་དེ་བཞིན་ཉིད། །ཀུན་སྣང་སྙིང་རྗེ་སྒྱུ་མའི་སྤྲིན། །རྡོ་རྗེ་རྣོན་པོའི་ངོ་བོར་བཞེངས། །དེ་ལས་རྒྱུ་ཡི་ཡི་གེ་ཨ། སྐྱེ་མེད་སྐྱེ་བའི་ཚུལ་དུ་ཤར། །ཐུགས་རྗེའི་ཆོ་འཕྲུལ་འོད་ཟེར་ལྔས། །སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས། །འབྱུང་བ་རིམ་བརྩེགས་ཡུམ་ལྔའི་མཁར། །ཐར་པ་ཆེན་པོའི་གཞལ་མེད་ཁང་། །རྒྱ་ཁྱོན་བཀོད་པ་བསམ་འདས་དབུས། །པད་ཉི་ཟླ་བའི་གདན་སྟེང་དུ། །རང་རིག་ཨ་ཡིག་ཡོངས་གྱུར་ལས། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །དཀར་དམར་མདངས་ལྡན་རྒྱལ་པོའི་ཆས། །ཞི་འཛུམ་གཟི་བརྗིད་དཔལ་དུ་འབར། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་རྒྱས། །ཨུཏྤལ་རྒྱས་པའི་སྡོང་བུ་འཛིན། །འདབ་མ་སྙན་ཐད་ཁ་བྱེ་བར། །ཤེས་རབ་རལ་གྲི་པུསྟི་བསྣམས། །ཞབས་ཟུང་རོལ་སྟབས་འོད་ལྔའི་ཀློང་། །རྒྱལ་ཀུན་འདུས་པའི་ངོ་བོར་བཞུགས། །གནས་གསུམ་རྡོ་རྗེའི་ཨོཾ་ཨཱཿཧཱུྃ། །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །ཕྱོགས་དུས་བདེ་གཤེགས་རྩ་གསུམ་ཀུན། །སྤྱན་དྲངས་དབྱེར་མེད་ཆེན་པོར་གྱུར། །གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི། །ཨོཾ། སྟོང་གསལ་འདུས་མ་བྱས་པའི་དབྱིངས། །གཞོན་ནུ་བུམ་སྐུའི་ཕོ་བྲང་ནས། །ཟུང་འཇུག་སྒྱུ་མར་རང་སྣང་བའི། །ཡེ་ཤེས་སྐུ་ཅན་ཁྲི་སྲོང་རྗེ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས། །མོས་ཤིང་གདུང་བས་སྤྱན་འདྲེན་ན། །མཁའ་ལས་འཇའ་ཚོན་ཤར་བ་ལྟར། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །རྡོ་རྗེ་གསུམ་གྱི་བྱིན་ཆེན་ཕོབ། །ཕྱི་ནང་གསང་བའི་དབང་བཞི་སྐུར། །ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་དྷརྨ་རཱ་ཛ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། གསུམ་པ་བཞུགས་སུ་གསོལ་བ་ནི། །ཨ། དམ་ཚིག་ལྷ་སྔགས་ཆོས་ཉིད་ཀློང་། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །གདོད་ནས་འདུ་འབྲལ་མེད་པའི་ཕྱིར། །རྡོ་རྗེའི་སྟན་ལ་ཏིཥྛ་ལྷན། །བཞི་པ་བརྡ་ཕྱག་འཚལ་བ་ནི། །ཧོཿ རང་བྱུང་གཉུག་མའི་བླ་མ་ལྷར། །རང་ལས་སྤྲུལ་པའི་དྷཱ་ཀི་ནཱིས། །རང་ཞལ་མཇལ་བའི་བརྡ་ཕྱག་གིས། །རང་གྲོལ་ཆོས་སྐུའི་ཀློང་དུ་འདུད། །ཨ་ལ་ལ་ཧོཿ ལྔ་པ་མཆོད་པ་འབུལ་བ་ནི། །ཧོཿ ཕྱི་མཆོད་འདོད་ཡོན་རྒྱ་མཚོའི་སྤྲིན། །ཀུན་བཟང་སྨོན་ལམ་སྟོབས་ཀྱིས་སྤྲུལ། །ནང་མཆོད་སྨན་རཀ་བ་ལིཾ་ཏ། །རྩ་རླུང་ཐིག་ལེ་རྣམ་པར་དག །གསང་མཆོད་སྦྱོར་སྒྲོལ་འོད་གསལ་དབྱིངས། །དུག་གསུམ་རང་གྲོལ་གདོད་མའི་གཤིས། །སྤང་བླང་བསལ་བཞག་བྲལ་བའི་ངང་། །དག་མཉམ་རྟོགས་པའི་རྒྱན་དུ་མཆོད། །ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ཧོཿ དྲུག་པ་རྡོ་རྗེའི་གླུ་ཡིས་བསྟོད། །ཧོཿ ཐོག་མཐའ་དབུས་མེད་བྱང་ཆུབ་སེམས། །ངོ་བོ་བློ་འདས་ཅིར་མི་དམིགས། །རང་བཞིན་སྟོང་གསལ་འོད་པོ་ཆེ། །ཐུགས་རྗེ་སྒྱུ་མའི་སྐུ་རུ་ཤར། །རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས། །འགྲོ་བའི་ཁམས་དང་དབང་པོ་དང། །བསམ་པའི་རིམ་པ་ཇི་བཞིན་དུ། །ཆོས་ཀྱི་ཕུང་པོ་རྒྱ་མཚོར་སྣང་། །གཟུང་འཛིན་མཐའ་ལ་མི་གནས་པའི། །ཡེ་ཤེས་སྙིང་རྗེའི་ཚུལ་འཆང་བ། །བསམ་གྱིས་མི་ཁྱབ་ཡོན་ཏན་དང་། །ཕྲིན་ལས་འགག་མེད་ཀུན་ཏུ་འཆང་། །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡབ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེ། །དེ་ལ་རྟག་ཏུ་འདུད་ཅིང་བསྟོད། །ཨེ་མ་ཧོ་ཡེ་ཤེས་ཆེན་པོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །མི་འབྲལ་མངོན་སུམ་བྱིན་བརླབས་ནས། །དངོས་གྲུབ་མཐའ་དག་བསྩལ་དུ་གསོལ། །བདུན་པ་ཛཔ྄་ཀྱི་དགོངས་པ་ནི། །དྷཱིཿ སྙིང་དབུས་འཇའ་ཟེར་འོད་ལྔའི་ཀློང་། །ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས། །དྲི་མེད་སྟོན་ཟླ་གསར་པའི་མདངས། །ཕྱག་གཉིས་རལ་གྲི་གླེགས་བམ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས། །ཐུགས་ཀར་ཏིང་འཛིན་སེམས་དཔའ་ནི། །ཤེས་རབ་འཁོར་ལོ་རྩིབས་དྲུག་པའི། །ལྟེ་བར་དྷཱིཿཡིག་དཀར་པོ་དང་། །རྩིབས་དྲུག་རྡོ་རྗེའི་འབྲུ་དྲུག་མཚན། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །ཡེ་ཤེས་ཡོན་ཏན་བྱིན་རླབས་ཀུན། །ལྷ་སྔགས་ཕྱག་མཚན་རྣམ་པ་རུ། །སྤྱན་དྲངས་རང་གི་གནས་གསུམ་དང་། །སྙིང་གའི་འཁོར་ལོར་དབྱེར་མེད་ཐིམ། །རབ་འབྱམས་ཤེས་བྱ་ཐམས་ཅད་ལ། །ཐོགས་མེད་བློ་གྲོས་རྒྱས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ བླ་མ་ཡི་དམ་དབྱེར་མེད་པའི། །མཚན་སྔགས་འདིས་ཀྱང་དངོས་གྲུབ་བསྐུལ། །ཨོཾ་ཨཱཿམཉྫུ་ཤྲཱི་བྲཧྨཱ་དེ་བ་པུཥྤ་སརྦ་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཧཱུྃ། སྣང་བ་ཐམས་ཅད་ལྷ་ཡི་སྐུ །ཆུ་ཟླ་འཇའ་ཚོན་ལྟ་བུར་བལྟ། །གྲགས་པ་རྟེན་ཅིང་འབྲེལ་འབྱུང་སྔགས། །སྒྲ་བརྙན་བྲག་ཅའི་ཚུལ་དུ་བསམ། །དྲན་རྟོག་འོད་གསལ་དབྱིངས་ཀྱི་ངང་། །སྤང་བླང་བསལ་བཞག་བྲལ་བར་སྐྱོང་། །གསུམ་པ་རྗེས་ཀྱི་རིམ་པ་ལ། །དང་པོ་ཚོགས་ཀྱི་མཆོད་པ་ནི། །བཟའ་བཏུང་སྣ་ཚོགས་ཕུད་ཀྱི་དངོས། །རིན་ཆེན་བྷནྡྷའི་སྣོད་དུ་བཤམ། །ཨོཾ་ཨཱཿཧཱུྃ། རྟེན་འབྱུང་སྣང་བའི་ཀ་པཱ་ལར། །སྟོང་ཉིད་ཡེ་ཤེས་བདུད་རྩིར་བསྐྱིལ། །འདོད་ཡོན་རྣམ་པ་ཐམས་ཅད་པ། །ཟུང་འཇུག་སྒྱུ་མའི་རོལ་པར་ཤར། །ཨོཾ་སརྦ་པཱུ་ཛ་ག་ཎ་ཙཀྲ་ཨཱཿཧཱུྃ། ཧཱུྃ། དབྱིངས་ལས་སྐུར་བཞེངས་རྩ་གསུམ་ལྷ། །བདེ་ཆེན་ཚོགས་ཀྱི་འདུ་བར་གཤེགས། །སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །བཛྲ་ས་མ་ཡ་ཛཿ ཨོཾ། སྣོད་བཅུད་རང་བྱུང་བདུད་རྩི་ལྔ། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །བླ་ན་མེད་པའི་ཚོགས་མཆོད་ཀྱིས། །རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག །སརྦ་པཉྩ་ཨ་མྲིཏ་ག་ཎ་ཙཀྲ་པཱུ་ཛ་ཨོཾ། ཨཱཿ ཕུང་པོ་རང་བྱུང་བྷནྡྷ་རུ། །རྩ་རླུང་ཐིག་ལེའི་གཏོར་མ་བཤམས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །སྒོ་གསུམ་དམ་ཚིག་ཉམས་ཆག་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨ། ཧཱུྃ། རིག་པ་རང་བྱུང་ཀཱི་ལ་ཡས། །གཟུང་འཛིན་བདུད་ཚོགས་དབྱིངས་སུ་བསྒྲལ། །མ་འཁྲུལ་གཤིས་ཀྱི་དམར་ཆེན་པོས། །ཧེ་རུ་ཀ་དཔལ་དགྱེས་གྱུར་ཅིག །ཤྲཱི་བཛྲ་ཧེ་རུ་ཀ་མ་ཧཱ་རཀྟ་པཱུ་ཛ་ཧོཿ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན། །གདན་གསུམ་དཀྱིལ་འཁོར་གཅིག་ཏུ་རྫོགས། །འདོད་ཡོན་རྡོ་རྗེའི་དམ་ཚིག་གིས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཨ་ལ་ལ་ཧོཿ བྷྱོཿ དགའ་བཞིའི་ཐིག་ལེ་མ་མོའི་གཟུགས། །ཞིང་སྐྱོང་ལངྐ་བྲན་དང་བཅས། ཁྲག་འཐུང་ཆེན་པོའི་ཕམ་ཕབ་འདི། །དགྱེས་པར་བཞེས་ལ་ཕྲིན་ལས་མཛོད། །ཧཱུྃ་ཧ་ཧེ་བྷྱོ་བ་ལིཾ་ཏ་ཁཱ་ཧི། གཉིས་པ་སྲུང་མ་མཆོད་པ་ནི། །བྷྱོཿ དབྱིངས་རིག་ཟུང་འཇུག་ཐིག་ལེའི་རྩལ། །སྔགས་སྲུང་ཁྱབ་འཇུག་རྡོ་རྗེ་ལེགས། །འབུམ་ཕྲག་ཡངས་པའི་སྲུང་མའི་ཚོགས། །ཤ་ཁྲག་སྨན་ཕུད་གཏོར་མས་མཆོད། །གཉིས་འཛིན་ཞི་ཞིང་རིག་རྩལ་རྒྱས། །རླུང་སེམས་དབང་སྡུས་རྟོག་ཚོགས་སྒྲོལ། །ཀ་དག་ལྷུན་གྲུབ་རྡོ་རྗེའི་གྲོང། །མངོན་པར་བྱང་ཆུབ་རྟེན་འབྲེལ་སྒྲིགས། །སརྦ་དྷརྨ་པཱ་ལ་བྷཱཉྫ་ཧོཿ གསུམ་པ་དངོས་གྲུབ་གསོལ་བ་ནི། །ཧོཿ རང་བྱུང་དབྱིངས་ཀྱི་དཀྱིལ་འཁོར་ནས། །རིག་པ་རང་སྣང་འཇམ་པའི་དབྱངས། །ཐུགས་རྗེ་འགྲོ་འདུལ་ཁྲི་སྲོང་རྗེ། །ཡེ་ཤེས་ཆེན་པོའི་ཀློང་ནས་བཞེངས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདག་རྒྱུད་སྒྲིབ་གཉིས་ཡོངས་སུ་སྦྱོངས། །མཁྱེན་བརྩེ་ནུས་པ་མཐའ་ཡས་པའི། །དངོས་གྲུབ་དམ་པ་བསྩལ་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧོཿ བཞི་པ་ལྷར་སྣང་བསྡུ་བ་ནི། །ཨ། རིག་རྩལ་སྤྲུལ་པའི་ལྷ་ཚོགས་ཀུན། །རིག་པ་འོད་གསལ་དབྱིངས་སུ་ཐིམ། །རིག་སྟོང་ཟུང་འཇུག་གཉུག་མའི་ངང་། །རིག་གདངས་འགག་མེད་ལྷུག་པར་བསྐྱང་། །ཨ་ཨ་ཨ། ལྔ་པ་ཐུན་མཚམས་ལྷ་སྐུར་ལྡང་། །ཧཱུྃ། ཀ་དག་གཏིང་གསལ་འདུས་མ་བྱས། །ལྷུན་གྲུབ་ཟུང་འཇུག་སྒྱུ་མའི་སྐུ །སྣང་གྲགས་རིགས་གསུམ་མཉྫུ་ཤྲཱིའི། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད། །ཨོཾ་ཨཱཿཧཱུྃ། དྲུག་པ་བསྔོ་སྨོན་བྱ་བ་ནི། །ཧོཿ དུས་གསུམ་བསགས་པའི་ལེགས་བྱས་ཀུན། །འཇམ་དཔལ་མཁྱེན་པའི་ཡོངས་བསྔོ་དང་། །མི་ཕྱེད་མཉམ་པ་ཉིད་གྱུར་ཏེ། །མཁའ་ཁྱབ་འགྲོ་ཀུན་སྒྲོལ་བར་ཤོག །བདུན་པ་ཤིས་པ་བརྗོད་པ་ནི། །ཧོཿ འཇམ་མགོན་གཞོན་ནུའི་ཡེ་ཤེས་ཀྱིས། །བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག །ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀས། །དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག །ངག་གི་དཔལ་མོ་དབྱངས་ཅན་ལྷས། །ཕྲིན་ལས་མཛད་པའི་བཀྲ་ཤིས་ཤོག །སྲིད་དང་ཞི་བའི་ལེགས་ཚོགས་ཀྱིས། །འཇིག་རྟེན་དགེ་བའི་བཀྲ་ཤིས་ཤོག །འདི་ནི་བཀའ་མིན་གཏེར་མ་མིན། །དག་པའི་སྣང་བ་ལྟ་ག་ལ། །སོ་སོ་སྐྱེ་བོ་ཐ་ཤལ་གྱི། །རྣམ་རྟོག་འོག་འགྱུའི་ཕྲེང་བ་ཡིན། །དེ་ལྟ་ན་ཡང་འཇམ་པའི་དཔལ། ཁྲི་སྲོང་རྗེ་དེའི་མཚན་ཙམ་ཡང་། །བསྐལ་མང་རྣ་བར་ཐོབ་དཀའི་ཕྱིར། །དད་པའི་མེ་ཏོག་སྙིང་ནས་རྒྱས། །མོས་གུས་སྦྲང་རྩིའི་ཟིལ་དངར་རྒྱུན། །འགོག་པ་མེད་པར་འཇོ་བ་ལ། །ལེགས་བྱས་ཅུང་ཟད་མཆིས་སྲིད་ན། །འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཅིག །ཤྲཱི་མཉྫུ་གྷོ་ཥ་བྲཧྨཱ་པུཥྤ་དེ་བའི་ཡེ་ཤེས་ཆེན་པོའི་བྱིན་རླབས་ཅུང་ཟད་ཐོབ་པ་ལ་བརྟེན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་བློ་གྲོས་ཀྱི་ཨ་དརྴར་ཇི་ལྟར་ཤར་བ་བཟོ་མེད་དུ་སྐད་ཅིག་གིས་བྲིས་པ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
མཁའ་འགྲོ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས་ (Volume 46, Text 33)
༄༅། །མཁའ་འགྲོ་བདུད་འདུལ་དྲག་མོའི་ཆ་ལག་ཁྱུང་སྒྲུབ་བདུད་འདུལ་ནག་མོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་གདུག་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། ཡེ་ཤེས་ལས་དང་འཇིག་རྟེན་ཁྲོ་བོའི་རྒྱལ། །ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ལོག་འདྲེན་གཤེད། །རྡོ་རྗེ་མཁའ་ལྡིང་འབར་བ་ལ་བཏུད་ནས། །སྒྲུབ་ཐབས་སྨིན་བྱེད་དང་བཅས་ཁྲིགས་སུ་འགོད། །གཏེར་བྱོན་གྱི་ཁྱུང་སྒྲུབ་ཇི་སྙེད་པ་ལས་ཁ་ཚང་དོན་འདྲིལ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་འཕགས་པར་ཡོངས་སུ་གྲགས་པ་མ་ཏི་རཏྣའི་གཏེར་བྱོན་འདི་ཉིད་ཉམས་སུ་བསྟར་བ་ལ་གཉིས། ནུས་སྟོབས་ཀྱི་དངོས་གྲུབ་སྒྲུབ་པ་དང་། གྲུབ་ནས་ལས་ཀྱི་རིམ་པ་ལ་འཇུག་པའོ། །དང་པོ་ནི། སྒྲུབ་པའི་གནས་བྲག་རི་དམར་པོའམ་ནག་པོ་བྱ་ཁྱུང་འདྲ་བ་དང་། ཁྱུང་གཤོག་བརྒྱངས་པ་འདྲ་བའི་བྲག་ཕུག་གམ། མཚོ་འགྲམ་སོགས་གཞུང་མཐུན་གྱི་གནས་སམ་ཇི་ལྟར་འོས་པར་གཙང་མའི་སྟེགས་ལ་ཟངས་ལྕགས་ཐོད་པའི་སྣོད་དུ། གཏོར་མ་ཟུར་གསུམ་དམར་པོ་རྩེར་མེ་རི་དང་རྩྭ་བར་མཐེབ་ཀྱུས་མཚན་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྒྲུབ་པ་དངོས་ལ་ཐུན་དང་ཐུན་མཚམས་ཀྱི་བྱ་བ་གཉིས་ལས། དང་པོ་ལ་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ བྱིན་རླབས་གཏེར་མཛོད་བླ་མ་དང༔ དངོས་གྲུབ་གཏེར་མཛོད་ཡི་དམ་ལྷ༔ བསྙེན་སྒྲུབ་ལས་སྦྱོར་མཁའ་འགྲོ་མར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། རྩ་བ་གསུམ་ལ་སྐྱབས་སོང་ནས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དང་ཐོད་པའི་ཞལ་བུ་རྣམས་སུ། ཕྱི་ནང་གི་མཆོད་པ་ཐམས་ཅད་གཙང་ཞིང་ཡིད་དུ་འོང་བ་དམ་ཚིག་མཆོག་གི་རྫས་ཀྱི་དངོས་པོ་ནམ་མཁའི་ཁམས་ཀུན་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨ་མྲྀཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ། དངོས་གཞི་ཏིང་འཛིན་བསྒོམ་པ་གཏེར་གཞུང་གི་ཚིག་ལྷུག་གཏང་ན་ལེགས་མོད་ཀྱི། གྱེར་སྒོམ་སླ་བའི་ཕྱིར་ཚིགས་བཅད་དུ་བསྡེབས་པ་ལྟར་ན། ཨོཾ་སྭ་བྷཱ་བས་སྦྱང་། དག་པ་ཡེ་ཤེས་དབྱིངས་སུ་སྟོང་པར་སྦྱངས། །སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོའི་དབུས། །རི་རབ་ནག་པོའི་སྟེང་དུ་པད་ཉི་ལ། །ཀླུ་གཉན་ས་བདག་བགེགས་ཚོགས་བསྣོལ་བའི་སྟེང་། །འོད་ཟེར་ལྔ་ལྡན་ལྕགས་ཀྱི་སྒོ་ང་ནི། །མེ་འོད་འཕྲོ་བ་ཁྲོཾ་ཡིག་གིས་མཚན་ལས། །འོད་འཕྲོས་རྒྱལ་མཆོད་བྱིན་རླབས་དངོས་གྲུབ་བསྡུས། །འགྲོ་རྣམས་གདུག་པ་ཀླུ་ཡི་ནད་བསལ་ཏེ། །སྟེང་འོག་གདོན་དང་འབྱུང་པོ་ཚར་བཅད་ནས། །ཚུར་འདུས་ཡོངས་གྱུར་བདག་ཉིད་དུས་གསུམ་གྱི། །རྒྱལ་བ་ཡོངས་ཀྱི་མཐུ་སྟོབས་ནུས་པའི་གཟུགས། །ཡེ་ཤེས་ཁྲོ་རྒྱལ་ཁྱུང་ཆེན་འབར་བ་ནི། །སྐུ་མདོག་དམར་ནག་ཁྲོ་ཆུ་ཞུན་མའི་ལུས། །རྣོ་ངར་རལ་གྲིའི་གཤོག་པ་མེ་འབར་བས། །སྲིད་གསུམ་ཁྱབ་པའི་ཉི་ཟླ་ཐང་འཕེན་ཞིང་། །ས་གཞི་གདར་ཤ་གཅོད་ཅིང་རི་རབ་བསྙིལ། །སྒྲོ་ཕྲན་སྤུ་གྲིས་འབྱུང་པོ་སྲོག་རྩ་གཅོད། །མཇུག་སྒྲོ་གནམ་ལྕགས་རྡོ་རྗེས་ས་སྲིན་འཇོམས། །སྤྱན་གསུམ་སྡང་མིག་གསེར་ཆུ་དངུལ་ཆུ་ཡི། །རྦ་རླབས་དམར་ནག་འཁྲུགས་པས་རྒྱལ་བསེན་འདུལ། །ཟངས་ཀྱི་རྭ་གཡས་བསྐལ་པའི་མེ་ཆེན་འབར། །ལྕགས་ཀྱི་རྭ་གཡོན་བསྐལ་པའི་ཆུ་ཆེན་འབྲུབ། །རྭ་བར་ནོར་བུས་དགོས་འདོད་ཆར་དུ་འབེབ། །ཡན་ལག་སྦྲུལ་རིགས་རྣམ་ལྔའི་རྒྱན་གྱིས་སྤྲས། །མཆུ་སྡེར་གནམ་ལྕགས་ཨུར་མོས་གནོད་བྱེད་ཀྱི། །ས་བདག་ཀླུ་གཉན་སྙིང་རྩ་འདྲེན་བྱེད་ཅིང་། །ཕྱག་གཉིས་ཀླུ་རིགས་རྣམ་ལྔའི་ཆུན་པོ་ནི། །སྦྲུལ་ཆེན་རིགས་ལྔའི་རྣམ་པས་ཞལ་དུ་བཅུག །སྤུ་གྲིའི་མཆེ་གཙིགས་ཤ་རུས་ཀྲུཾ་ཀྲུཾ་གསོལ། །ཞལ་ནས་ཁྱུང་སྐད་ཀྲང་ཀྲིང་ཏང་ཏང་སྒྲས། །ཀླུ་གཉན་ས་བདག་སྡེ་བརྒྱད་སྙིང་རྩ་འདར། །ཤངས་ནས་གློག་འཁྱུག་སྙན་ནས་འབྲུག་སྟོང་ལྡིར། །བ་སྤུ་སྤྲུགས་པས་གྲངས་མེད་སྤྲུལ་པའི་ཁྱུང་། །གནམ་ལྕགས་རྡོ་རྗེའི་ཐོག་སེར་དྲག་ཏུ་འབེབ། །མེ་ཡི་ཚྭ་ཚྭ་དྲག་པོ་སྐར་ལྟར་འཁྲུགས། །སྡེ་བརྒྱད་ཟིལ་གྱིས་གནོན་པའི་སྟོབས་ལྡན་པའི། །དུང་ཁང་ཟླ་དཀྱིལ་བདེ་གཤེགས་སྐུའི་རང་གཟུགས། །རྒྱལ་རིགས་འདུལ་བའི་ཁྱུང་ཆེན་དཀར་ཞིང་བརྗིད། །མགྲིན་པར་པདྨར་རྒྱལ་བའི་གསུང་གི་དངོས། །བྲམ་ཟེ་འདུལ་བའི་ཁྱུང་ཆེན་དམར་ལ་འཚེར། །ཐུགས་ཀར་ཉི་དཀྱིལ་རྒྱལ་ཀུན་ཐུགས་རྗེའི་རྩལ། །དམངས་རིགས་འདུལ་བའི་ཁྱུང་ཆེན་མཐིང་ལ་ཁྲོ། །ལྟེ་བར་རྒྱལ་རྣམས་ཡོན་ཏན་ཕུང་པོའི་དཔལ། །རྗེ་རིགས་འདུལ་བའི་ཁྱུང་ཆེན་སེར་ལ་མཛེས། །གསང་བར་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །གདོལ་པ་འདུལ་བའི་ཁྱུང་ཆེན་ལྗང་ནག་གཏུམ། །ཀུན་ཀྱང་འཇིགས་ཚུལ་ཆ་བྱད་གཙོ་བོ་ལྟར། །ཡེ་ཤེས་ལྔ་ཡི་རང་འོད་འཕྲོ་བཞིན་པའི། །སོ་སོའི་གནས་ལྔར་ཁྲོཾ་ཡིག་ཁ་དོག་ལྔ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་སྭཱ་སེར་དང་། །ཧཱ་ལྗང་འབྲུ་ལྔས་མཚན་ལས་འོད་འཕྲོས་པས། །ཕྱོགས་དུས་རྒྱལ་བ་ཞི་ཁྲོའི་མཐུ་བྱིན་ཀུན། །ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་རྣམ་པ་རུ། །སྤྲིན་ཕུང་གཏིབས་ལྟར་ཐོགས་མེད་སྤྱན་དྲངས་གྱུར། །ཞེས་གསལ་བཏབ་ནས། སྤྱན་འདྲེན་པ་ནི། ཧཱུྃ༔ འབྱུང་བ་ལྔ་ཡི་རི་རབ་རྩེ་མོ་ནས༔ ས་བདག་ཀླུ་གཉན་གདོན་བགེགས་བསྣོལ་བའི་ཁྲི༔ ཉི་ཟླ་པདྨ་འབར་བའི་གདན་སྟེང་དུ༔ རང་བཞིན་འོད་ཟེར་འབར་བའི་གཞལ་ཡས་ནས༔ གང་འདུལ་ཁྲོ་རྒྱལ་སྤྲུལ་པ་ག་རུ་ཎ༔ བདག་གིས་དད་པ་དམ་ཚིག་སྤྱན་འདྲེན་ནོ༔ ཚུར་གཤེགས་ཚུར་གཤེགས་བྱ་ཁྱུང་སྟོབས་ལྡན་རྗེ༔ བྱ་ཁྱུང་རྒྱལ་པོ་སྐུར་བཞེངས་སྤྱན་འདྲེན་ནོ༔ ཡེ་ཤེས་ཁྱུང་ཆེན་འབར་བ་གཤེགས་སུ་གསོལ༔ གདོན་འདུལ་ཁྱུང་ཆེན་སྐུར་བཞེངས་སྤྱན་འདྲེན་ནོ༔ འབྱུང་པོ་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ ཀླུ་འདུལ་ཁྱུང་ཆེན་སྐུར་བཞེངས་སྤྱན་འདྲེན་ནོ༔ ཀླུ་གདོན་ས་བདག་འདུལ་ཕྱིར་གཤེགས༴ དྲེགས་པ་འདུལ་ཕྱིར་ཁྱུང་ཆེན་སྤྱན༴ སྡེ་བརྒྱད་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ སྲོག་བདག་འདུལ་ཕྱིར་ཁྱུང་ཆེན་སྤྱན༴ རྒྱལ་བསེན་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ གཉན་རིགས་འདུལ་ཕྱིར་ཁྱུང་ཆེན་སྤྱན༴ ས་སྲིན་འདུལ་ཕྱིར་ཁྱུང་ཆེན་གཤེགས༴ བགེགས་འདུལ་ཁྱུང་ཆེན་སྐུར་བཞེངས་སྤྱན༴ གནོད་བྱེད་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ཛྙཱ་ན་ག་རུ་ཌཿབཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཀླུ་གཉན་ཉི་ཟླ་པདྨའི་གདན་སྟེང་དུ༔ ཡེ་ཤེས་ཁྲོ་རྒྱལ་ཁྱུང་ཆེན་བཞུགས་སུ་གསོལ༔ གནོད་བྱེད་གདོན་བགེགས་བསྣོལ་བའི་གདན་སྟེང་དུ༔ སྟོབས་ལྡན་ཁྱུང་ཆེན་འབར་བ་བཞུགས་སུ་གསོལ༔ ཀླུ་གདོན་ས་བདག་བསྣོལ་བའི་གདན་སྟེང་དུ༔ དགྲ་གཤེད་བྱ་ཁྱུང་རྒྱལ་པོ་བཞུགས་སུ་གསོལ༔ ཛྙཱ་ན་ག་རུ་ཌཿཏིཥྛ་ས་མ་ཡ་ལྷན༔ དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་དུ་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་རྡོ་རྗེ་གསུམ་གྱི་རྒྱས་གདབ། སྤྱི་བོར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡེ་ཤེས་ལྔ་ཡིས་དབང་བསྐུར་བར་གྱུར། ཕྱག་འཚལ་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཞི་ཁྲོའི་ཡོན་ཏན་སྤྲུལ༔ ཡེ་ཤེས་ཁྲོ་རྒྱལ་ཁྱུང་ཆེན་འབར་བ་ལ༔ བདག་ཉིད་དད་པ་དམ་ཚིག་མོས་གུས་ཀྱིས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཛྙཱ་ན་ག་རུ་ཌ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཁྲོ་རྒྱལ་ཁྱུང་ཆེན་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་ཚོགས༔ རྣམ་ལྔ་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔ དཀར་གསུམ་མངར་གསུམ་སྨན་གྱི་མཆོད་པ་འབུལ༔ ཤ་ཁྲག་དམར་གྱི་གཏོར་མའི་མཆོད་པ་འབུལ༔ གནོད་བྱེད་འབྱུང་པོའི་ཤ་ཁྲག་མཆོད་པ་འབུལ༔ ས་བདག་ཀླུ་གཉན་དོན་སྙིང་ཤ་ཁྲག་མཆོད་པ་འབུལ༔ ཐུགས་རྗེས་དགོངས་ལ་མཆོད་པ་བཞེས་སུ་གསོལ༔ རྣལ་འབྱོར་ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ ཛྙཱ་ན་ག་རུ་ཌཿབཛྲ་པུཥྤེ་ནས། ཤབྡ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་གཏོར་མ་གནོད་བྱེད་ཀྱི་ཤ་ཁྲག་ཏུ་དམིགས་ལ་འབུལ། གནོད་བྱེད་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི། ཧཱུྃ༔ དུས་གསུམ་བདེར་གཤེགས་སྤྲུལ་པ་ཁྱུང་ཆེན་ཚོགས༔ བདག་ནི་དུས་གསུམ་མ་རིག་དབང་གྱུར་པས༔ ཉེས་ལྟུང་དྲི་མས་ཐུགས་དང་འགལ་པ་རྣམས༔ ཡེ་ཤེས་ཁྱུང་ཆེན་ཚོགས་ལ་མཐོལ་ལོ་བཤགས༔ ཛྙཱ་ན་ག་རུ་ཌཿས་མ་ཡ་ཤུདྡྷེ་ཨ༔ བསྟོད་པ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ཞི་ཁྲོའི་ཡོན་ཏན་སྤྲུལ༔ དབང་བསྐུར་བྱིན་བརླབས་ཡོན་ཏན་རབ་བསྔགས་པ༔ གང་འདུལ་ཐབས་ཀྱི་ཕྱག་རྒྱའི་སྐུ་རུ་སྤྲུལ༔ ཡེ་ཤེས་བྱ་ཁྱུང་རྒྱལ་པོ་ག་རུ་ཎ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ སྐུ་མདོག་དམར་ནག་ཁྲོ་ཞུན་ལུས་པོ་ལ༔ མེ་ཡི་ཚྭ་ཚྭས་གནོད་བྱེད་གཞོབ་ཏུ་སྲེག༔ གཤོག་པ་རལ་གྲི་རྣོ་དབལ་མེ་འབར་བས༔ ས་བདག་ཀླུ་གཉན་འབྱུང་པོ་བསྲེགས་ཅིང་གཏུབ༔ སྒྲོ་ཕྲན་སྤུ་གྲི་རྣོ་ངར་ལྡན་པ་ཡིས༔ གནོད་བྱེད་གདོན་བགེགས་ཐམས་ཅད་སྲོག་རྩ་གཅོད༔ གཤོག་གཡས་བརྡབས་པས་ཉི་ཟླ་ཐང་ལ་འཕེན༔ གཤོག་གཡོན་བརྡབས་པས་རི་རབ་ས་གཞིར་སྙིལ༔ སྤྱན་གཡས་གསེར་ཆུ་ཁོལ་མས་རྒྱལ་པོ་འདུལ༔ སྤྱན་གཡོན་དངུལ་ཆུ་འཁྲུགས་པས་སྲིན་མོ་འདུལ༔ རྭ་གཡས་མེ་དཔུང་འབར་བས་གཟའ་ཀླུ་སྲེག༔ རྭ་གཡོན་བསྐལ་པའི་ཆུ་འབྲུབ་རྒྱུ་སྐར་འདུལ༔ རྭ་བར་ནོར་བུ་འབར་བས་དགོངས་འདོད་འབྱུང༔ ཡན་ལག་སྦྲུལ་གྱིས་བརྒྱན་པས་ཀླུ་རྣམས་འདུལ༔ སྤུ་གསེབ་རྡོ་རྗེའི་མཚོན་ཆའི་ཁྱུང་ཚོགས་འབེབ༔ ཕྱག་གཉིས་སྦྲུལ་ཆུན་ཁར་བཅུག་ཀླུ་གཉན་འདུལ༔ ཀྲང་ཀྲིང་སྒྲ་སྒྲོག་ཀླུ་རྣམས་ཟིལ་གྱིས་གནོན༔ མཇུག་སྒྲོ་གཡུ་ཡི་རྡོ་རྗེས་ས་སྲིན་འདུལ༔ ཁྱུང་སྐད་ཏང་ཏང་ཀླུ་རྣམས་སྙིང་རྩ་འདར༔ སྡེར་མོ་ལྕགས་ཀྱུས་གནོད་བྱེད་སྙིང་རྩ་དྲང༔ མཆུ་སྡེར་གནམ་ལྕགས་ཨུར་མོས་འབྱུང་པོ་གཟིར༔ ཁྲོ་ཆུའི་རལ་པས་རྡོ་རྗེའི་ཐོག་སེར་འབེབ༔ ཤངས་ནས་བསྐལ་པ་ལས་ཀྱི་རླུང་དམར་འགྱུ༔ སྙིང་ནས་ཐུག་ཆོམ་འབྲུག་སྒྲ་སྟོང་བཞིན་ལྡིར༔ སྤྱན་རྩ་ཁྲག་གི་རྦ་རླབས་གྱེན་དུ་གཟིགས༔ སྟེང་གི་ཚངས་པ་བརྒྱ་བྱིན་སྔངས་ཤིང་འདར༔ གཤོག་པ་གཡས་གཡོན་བར་སྣང་བརླབས་པ་ཡིས༔ ལྷ་སྲིན་སྡེ་བརྒྱད་མ་ལུས་དབང་དུ་སྡུད༔ ཡོན་ཏན་ཁྲོ་རྒྱལ་མཐུ་སྟོབས་རྩལ་དང་ལྡན༔ ཁྱུང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བཟླས་པ་བྱ་བ་ནི། ཐུགས་ཀྱི་ཁྱུང་ཆེན་ཐུགས་ཀར་ཉི་དཀྱིལ་དབུས༔ ཧཱུྃ་མཐར་སྔགས་ཕྲེང་གཡས་སྐོར་འོད་ཟེར་འཕྲོས༔ བདེ་གཤེགས་སྲས་བཅས་མཉེས་པའི་མཆོད་པ་འབུལ༔ སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་ཁྲོ་བོ་ཁྲོ་མོ་ཡི༔ མཐུ་ནུས་བྱིན་རླབས་གྲངས་མེད་ཁྱུང་གི་ཚུལ༔ བུ་ཡུག་འཚུབས་ལྟར་སྔགས་ཀྱི་ཕྲེང་བར་ཐིམ༔ འོད་ཟེར་མར་འཕྲོས་འགྲོ་བའི་སྡིག་སྒྲིབ་དང༔ གཏི་མུག་གདུག་པ་ཀླུ་ཡི་གདོན་ཀུན་བསལ༔ སླར་ཡང་ཐུགས་སྲོག་སྔགས་ཀྱི་ཕྲེང་བ་དང༔ སྤུ་སྤྲུག་གཤོག་སྒྲོ་བརྡབས་པས་ཁྱུང་གི་ཚོགས༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་སྟོང་གསུམ་གང༔ ཀླུ་གཉན་ས་བདག་སྲོག་སྙིང་ཆེམ་ཆེམ་གསོལ༔ གནམ་ལྕགས་རྡོ་རྗེའི་ཐོག་སེར་མེའི་ཚྭ་ཚྭ༔ ཤུགས་དྲག་བསྐལ་པའི་ལས་ཀྱི་འཐོར་རླུང་བཅས༔ འུར་འུར་ཆེམ་ཆེམ་དྲག་ཏུ་ཕབ་པ་ཡིས༔ ས་བདག་ཀླུ་གཉན་འབྱུང་པོའི་གྲོང་ཁྱེར་འབུམ༔ རྩྭ་ཕུང་མེ་སྦར་ཇི་བཞིན་ལྷག་མེད་དུ༔ བསྲེག་ཅིང་གཏོར་ནས་མ་དག་འཁྲུལ་སྣང་ཀུན༔ རང་གྲོལ་བདེ་བ་ཆེན་པོའི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་སྒྲ་ཆེ་བ་སོགས་བཟླས་པའི་སྐྱོན་སྤངས་ཤིང་དམ་ཚིག་ལ་གནས་པས་རྩེ་གཅིག་ཏུ་བཟླ། གྲངས་ཚད་ནི་འབུམ་ཕྲག་གཅིག་སྟེ་བཞི་འགྱུར་དུ་བཟླས་ན་ནུས་པ་མཆོག་ཏུ་འགྱུར་རོ། །རྩ་བསྙེན་གྲངས་སུ་ཐེམས་ནས་ལས་སྦྱོར་གྱི་བཟླས་པ་ནི། ཨོཾ་པྲ་ཛྙཱ་ཧསྟ༔་་་ས་བདག་ཀླུའི་གཉེན་པོ། ཨོཾ་ཁྲོཾ་ག་རུ་ཎ་ཧཱུྃ༔་་་འབྱུང་པོའི་གཉེན་པོ། རྨ་བྱ་ཁྱུང་ཁྱུང༔་་་དུག་གི་གཉེན་པོ། ཧ་ལ་ཧ་ལ༔་་་འབྲུམ་བུ། ཕྱུང་ཕྱུང༔་་་མཛེ། ཤིག་ཤིག༔་་་འབྲས། སརྦ་སཏྭམྦྷ་ཡ་ནན༔་་་སྲིན་འབྲུམ་བུ་གཉན། ཨོཾ་སི་ལི་སི་ལི་ནན༔་་་གག་པ་དང་ཕོལ་མིག །བཛྲ་ཏི་ཤི་ནན༔་་་ཕོལ་མིག །བར་ཞུམ་ཧ་རི་ནན༔་་་ལྦ་བ། ཙི་ལི་ཙི་ལི་་་སྐྱ་བཤལ།ཡཾ་ཡཾ་ནན༔་་་དམུ་ཆུ། ལཾ་ལཾ༔་་་སྐྲན། སད་སད༔་་་བས་ལྡག །སོད་སོད༔་་་སྲིན། ཧབ་ཕྱུང་་་གློ།ཧུབ་ཕྱུང༔་་་ཧོན། ནན་་་རྒྱ་འདྲེ།ནན་སོདཿ་་་ཆང་འདྲེ། ཕུག་ཕུག་སོད༔་་་ཆུ་བྱི་ཤ་ཐུཾ། ཕཊ་ཕཊ་སོད༔་་་སྦྲུལ། ཕཊ་ཕཊ་སྭཱ་ཧཱཿ་་་དུག །ཁྲོལ་ཁྲོལ་སྭཱ་ཧཱ༔་་་ཐབ། ཞེས་འབུམ་ཚོ་གཅིག་བསྙེན་ན་ནུས་པ་ཐོག་དང་འདྲ་བར་གསུངས་པས་ཞོར་སྒྲུབ་བྱེད་ན་རྩ་བསྙེན་གྱི་བཞི་ཆ་དང་། ནུས་པ་ཁོ་ན་དམིགས་སུ་འདོད་ན་འདིའང་རྩ་བསྙེན་ཆ་མཉམ་པར་བཟླ་དགོས་པ་གཞུང་ལས་གསལ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གསུམ་བཟླ་ཞིང་། སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། ཉེར་བསྡུ་དང་ལྷར་ལྡང་ནི། སྣོད་བཅུད་འོད་ཞུ་ལྷར་ཐིམ་ཞིང་། །རིམ་བཞིན་ཐུགས་སྲོག་ནཱ་དར་ཡལ། །བརྗོད་བྲལ་སྟོང་ཉིད་ངོ་བོར་གྱུར། །སླར་ཡང་བྱ་ཁྱུང་སྐུ་རུ་གསལ། །དགེ་བསྔོ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་བྱ་ཁྱུང་འགྲུབ་གྱུར་སོགས་བརྗོད་ལ་ཐུན་མཚམས་ཀྱི་བྱ་བར་འཇུག་གོ །གཉིས་པ་ཐུན་མཚམས་ཀྱི་བྱ་བ་ནི། གཏོར་མ་འབུལ་ན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཀླུ་གཉན་ས་བདག་གནོད་བྱེད་འབྱུང་པོ་ཐམས་ཅད་བཀུག་སྟེ་བསྒྲལ་པའི་ཤ་ཁྲག་རུས་པའི་རྣམ་པ་ལ། ངོ་བོ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདུད་འདུལ་ཡེ་ཤེས་ཀྱི་ཁྱུང་ཆེན་རིགས་ལྔ་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་གྱུར་པའི་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཛྙཱ་ན་ག་རུ་ཌཿཨི་དཾ་བ་ལིཾ་ཏ་ཀླུ་གཉན་ས་བདག་གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་ཕུལ། ཛྙཱ་ན་ག་རུ་ཌཿབཛྲ་པུཥྤེ་ནས། ཤབྡ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་ཨ་མྲྀཏ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་མཆོད་ལ་བསྟོད་པ་ནི། ཧཱུྃ། དུས་གསུམ་བདེ་གཤེགས་ཞི་ཁྲོ་མ་ལུས་པའི། །དབང་བསྐུར་བྱིན་བརླབས་ཡོན་ཏན་རབ་བསྔགས་པ། ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས། །ཡེ་ཤེས་ཁྱུང་ཆེན་ཉིད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་སྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ ཡེ་ཤེས་བྱ་ཁྱུང་རིགས་ལྔའི་ལྷ་ཚོགས་རྣམས༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཁྱེད་ཀྱི་ཕྲིན་ལས་དྲག་པོའི་དུས་ལ་བབ༔ སྔོན་གྱི་ཐུགས་དམ་དམ་བཅའ་མ་གཡེལ་བར༔ ས་བདག་ཀླུ་གཉན་འདུལ་བའི་དུས་ལ་བབ༔ གག་ལྷོག་གཟེར་གསུམ་འདུལ་བའི་དུས༴ སྨྱོ་འབོག་མཛེ་ནད་འདུལ་བའི་དུས༴ བྱད་དང་རྦོད་གཏོང་འདུལ་བའི་དུས༴ གདུག་པ་ཀླུ་ནད་འདུལ་བའི་དུས༴ དྲེག་དང་གྲུམ་བུ་འདུལ་བའི་དུས༴ འབྲས་དང་ཕོལ་མིག་འདུལ་བའི་དུས༴ གཉན་དང་ལྦ་བ་འདུལ་བའི་དུས༴ ལྷོག་པ་ས་སྲིན་འདུལ་བའི་དུས༴ ཀླུ་གདོན་ས་བདག་འདུལ་བའི་དུས༴ སྟེང་གི་གཟའ་གདོན་འདུལ་བའི་དུས༴ གློ་ཧོན་གོད་སྲི་འདུལ༴ སྐྲན་དང་དམུ་ཆུ་འདུལ༴ སྲིན་བུ་མགོ་དགུ་འདུལ༴ ས་སྲིན་མགོ་དགུ་འདུལ༴ ནད་རིམས་འགོས་རིམས་འདུལ༴ བགེགས་རིགས་སྟོང་ཕྲག་འདུལ༴ ཕོ་གདོན་འབྱུང་པོ་འདུལ༴ མོ་གདོན་སྲིན་མོ་འདུལ༴ དམ་སྲི་ཐེའུ་རང་འདུལ༴ སེར་བ་ཁ་ཆར་ཟློག་པའི་དུས༴ མཐུ་སྟོབས་ཁྱུང་ཆེན་འབར་བའི་དུས་ལ་བབ༔ བར་ཆད་གདོན་བགེགས་འབྱུང་པོ་རྣམས༔ ཁྱུང་ཆེན་འབར་བ་ཁྱེད་ཀྱིས་སྒྲོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་རྣམས༔ ཁྱེད་ཀྱི་ཐུགས་རྗེས་ཟློག་ཏུ་གསོལ༔ ཞི་དང་རྒྱས་དང་དབང་ལ་སོགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། གཏོར་མགྲོན་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ་ལ་ཤིས་བརྗོད་བྱའོ།། ༈ གཉིས་པ་ལས་ཀྱི་སྦྱོར་བ་སྒྲུབ་པ་ལ། འདི་ཉིད་ཀྱི་ལས་སྦྱོར་ཀུན་གྱི་རྩ་བ་ཁྲོ་ཆུ་རྫས་སྦྱོར་གྱི་རིལ་བུ་སྒྲུབ་ན། གཞུང་གསལ་རྫས་སྣ་བཞི་བཅུ་ཞེ་གསུམ་པོ་རིལ་བུ་བྱེད་ན་ཟངས་བུམ་དུ་བླུགས། ཕྱེ་མ་བྱེད་ན་གླང་རྭ་ཁྱུང་སྐུ་བྲིས་པའི་ནང་དུ་སྦྱར་བ་དཀྱིལ་འཁོར་པདྨ་འདབ་བཞིའི་དབུས་སུ་བཞག་པའི་མདུན་དུ་མཆོད་གཏོར་བཤམས་ལ། ཐུན་བཞིར་བཅད་པའི་ཐུན་འགོ་རྣམས་སུ་བདག་བསྐྱེད་བཟླས་པ་བསྡུ་ལྡང་བཅས་གྲུབ་པ་དང་། མཆོད་པ་བྱིན་རླབས། མངོན་རྟོགས་མདུན་བསྐྱེད་དུ་བསྒྱུར་བ་བཏང་ལ་རྩ་བསྙེན་འབུམ། ལས་སྔགས་མ་མཐའ་ཡང་སྟོང་ཕྲག་ལས་མི་ཉུང་བ་བཟླས། ཐུན་མཚམས་རྣམས་སུ་གཏོར་འབུལ་ཕྲིན་བཅོལ་བྱ་ཞིང་། གྲུབ་པའི་ཚེ་མདུན་བསྐྱེད་རྫས་ལ་བརྟན་པར་བཞུགས། ཁྱད་པར་ཀླུ་འདུལ་གྱི་རྫས་སྒྲུབ་ན་རྫས་སྔགས་བརྗེ་བ་མ་གཏོགས་སྒྲུབ་ཚུལ་དེ་ལྟར་བྱ། གདོན་ཁྲོལ་དང་དྲག་པོའི་མེ་མཆོད་སོགས་ལའང་ཕྲིན་ལས་འདི་ཉིད་སྦྱར་བས་འགྲུབ་བོ།། །། ༄༅། །དེར་སྐབས་སུ་བབས་པའི་ཉེར་མཁོ་གཞན་ལ་དབང་བསྐུར་བའི་ཚུལ་ནི། སྟེགས་བུར་པདྨ་འདབ་བཞི་བྲིས་པའི་དབུས་སུ་མཉྫི་ལ་ཟངས་བུམ་ནང་དུ་དྲི་བཟང་གི་ཆུ་ལ་སྔགས་ཀྱིས་བཏབ་པའི་ཡུངས་དཀར་བླུགས། རྨ་སྐྲངས་ཆུ་སེར་སོགས་ཀླུ་ས་བདག་གི་ནད་ཅན་དག་ལ་བསྐུར་ན་རབ་གཞུང་འདིའི་ཁྲོ་ཆུ་རྫས་སྦྱོར་གྱི་རིལ་བུ་དང་དྲི་ཆུ་སྦྱར་བས་བཀང་། མ་འབྱོར་ན་བྱ་ཁྱུང་ལྔ་པའི་རིལ་བུ་བཏབ་ཅིང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན་ལ་སྐུ་ཙག་བཙུགས། གཟུངས་ཐག་རྡོ་རྗེ་དང་ལྡན་པར་བྱ་ཁྱུང་རིགས་ལྔའི་ཙཀ་ལི་ཡོད་ན་བཞག །མེད་ནའང་མི་འགལ། མདུན་དུ་གཏོར་མཆོད་སྒྲུབ་དུས་ལྟར་བཤམས་ལ། སྐྱབས་སེམས་ནས་གཟུང་བདག་བསྐྱེད་བཟླས་པ་ཡན་གྲུབ་པ་དང་། བུམ་པ་བསང་སྦྱང་། དག་པ་ཡེ་ཤེས་དབྱིངས་སུ་སྟོང་པར་གྱུར། །སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བ་ཡི། །རིན་ཆེན་བུམ་པ་མཚན་ཉིད་ཀུན་ལྡན་ནང་། །བུམ་བཅུད་རྒྱ་མཚོ་ཆེན་པོར་འཁྱིལ་བའི་དབུས། །རི་རབ་ནག་པོའི་སྟེང་དུ་ཞེས་པ་ནས། བདག་ཉིད་ཅེས་པར་བུམ་ལྷ་དུས་གསུམ་གྱི། །ཞེས་ཁ་བསྒྱུར་བ་ལས་བསྟོད་པའི་མཐར་ཐུག་གི་བར་ཇི་ལྟར་བར་གཏང་། སྤྱན་འདྲེན་ཚིགས་བཅད་ཐམས་ཅད་མ་ལྕོགས་ན། ཡེ་ཤེས་ཁྱུང་ཆེན་འབར་བ་གཤེགས་སུ་གསོལ༔ ཞེས་པའི་འཕྲོས། སྔགས་མན་ཆད་བརྗོད། བསྟོད་པའང་མ་ལྕོགས་ན། ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཞེས་པའི་འཕྲོས་སུ། ཁྱུང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་སྦྲེལ། བུམ་བཟླས་ནི། བདག་ཉིད་ལྷ་ཡི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་དམར་པོ་གློག་གི་ཞགས་པ་ལྟ་བུ་གཟུངས་ཐག་ལ་བརྒྱུད་དེ་སོང་ནས་བུམ་ལྷའི་ཐུགས་ཀར་ཞུགས། ཐུགས་དམ་གྱི་རྒྱུད་བསྐུལ་བས་ཐུགས་སྲོག་སྔགས་ཕྲེང་དང་། སྒྲོ་ཆེན་སྒྲོ་ཕྲན་ཐེ་ཆེན་ཐེའུ་ཆུང་བ་སྤུའི་བུ་ག་ཐམས་ཅད་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཁྲོ་ཆུ་ཞུན་མ་ལྟར་ནུས་ལྡན་དུ་བབས་པ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་པའི་དམིགས་པ་རྩེ་གཅིག་པས་རྩ་བའི་སྔགས་ཅི་འགྲུབ་དང་། ལས་སྔགས་ཀྱང་དོ་གལ་དང་བསྟུན་ཏེ་བཟླ། མཐར་གཏོར་འབུལ་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི་སྔར་བཤད་ཐུན་མཚམས་ཀྱི་བྱ་བའི་སྐབས་ལྟར་འདིར་བླང་། འོན་ཀྱང་གཏོར་མགྲོན་སྤྱན་འདྲེན་མི་དགོས་པས་གཏོར་མ་བྱིན་རླབས་འཕྲོས་སུ། ལྷ་རྣམས་ཀྱི་ལྗགས་སོགས་ལ་འཇུག་པས་ཆོག །ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཕུལ་ལ། བུམ་ལྷ་འོད་དུ་ཞུ་བས་བདུད་རྩིའི་ཆུར་གྱུར། ཅེས་མོས། ལས་བུམ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ལ་བཞག་གོ །དེ་ནས་སློབ་མ་རྣམས་འདུས་ལ་ཁྲུས་བྱ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་བགེགས་རྣམས་ཚིམ་པར་བྱེད་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔའི་དངོས་པོ་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་གནོད་བྱེད་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསོགས་ཚིམས་པར་བསྔོས་ལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཁྱད་པར་དུ་རྒྱལ་བ་ཡོངས་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་ཁྲོ་བོ་མཁའ་ལྡིང་རྡོ་རྗེ་ཁྱུང་ཆེན་ནག་པོ་ཀླུ་འདུལ་བྱ་ཁྱུང་རིགས་ལྔའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྒྲུབ་བྱ་རྡོ་རྗེ་སློབ་མ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ལོག་འདྲེན་འབྱུང་པོ་སྤྱི་དང་། ཁྱད་པར་ཀླུ་གཉན་ས་བདག་གི་རིགས་སུ་གྱུར་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམས་པར་གྱིས་ལ་གནོད་ཅིང་འཚེ་བའི་བསམ་པ་སྤངས་ནས་འདིར་མ་གནས་པར་གཞན་དུ་འགྲོ་བར་གྱིས་ཤིག །གལ་ཏེ་མི་འགྲོ་ཞིང་གནོད་ཅིང་འཚེ་བར་བྱེད་ན་བདག་ཉིད་ཡེ་ཤེས་ཀྱི་ཁྱུང་ཆེན་འབར་བས་སྤྲུལ་པ་ཡང་སྤྲུལ་གནམ་ལྕགས་རྡོ་རྗེའི་ཁྲོ་མཚོན་མེ་དཔུང་གི་ཚོགས་དྲག་ཏུ་སྤྲོས་པས། གནོད་བྱེད་འབྱུང་པོ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་བརླག་པར་འགྱུར་བས་འདི་རུ་མ་གནས་པར་གཞན་དུ་འགྲོ་བར་གྱིས་ཤིག །ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་ར་ཙ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ སུ་མ་རཱ་ཙ་ཨུ་ཙ༴ སུ་ནི་རཱ་ཙ་ཨུ་ཙ༴ མ་ཙ་མ་ཙ་ཨུ་ཙ༴ ཟ་ཟ་ཏྲིག་ཤག་ཏྲི༔ ཀྲིང་ཀྲིང་དུང་དུང༔ མ་མ་རཀྨོ་སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཡུངས་ཐུན་གུ་གུལ་གྱི་དུད་པས་བདུག་ལ་མཚམས་བཅད། འབྱོར་ན་ཁྲོ་ཆུའི་རྫས་སྦྱོར་བདུག་ལ་སྲུང་འཁོར་བསྒོམ་ཞིང་། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད། དེ་ནས་སེམས་བསྐྱེད་གསལ་བཏབ་ལ། དེའང་ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནང་གསལ་གྱི་ངོ་བོ་ཅི་ཡང་འདུས་མ་བྱས་ཤིང་འཕོ་འགྱུར་དང་བྲལ་བའི་དབྱིངས་སུ། རྒྱལ་བ་ཐམས་ཅད་ཐུགས་ཀྱི་དགོངས་པ་དབྱེར་མེད་རོ་གཅིག་པའི་ངོ་བོར་བཞུགས་པ་ལས་སོ་སོ་ཐ་མི་དད་ཅིང་། ཡེ་ཤེས་དེའི་རང་རྩལ་འགག་པ་མེད་པར་ཅིར་ཡང་འཆར་བའི་ཕྱིར། གདུལ་བྱ་སེམས་ཅན་གྱི་ཤེས་རྒྱུད་དང་འཚམ་པའི། འདུལ་བྱེད་ཀྱི་ལྷའི་ངོ་བོ་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་ཇི་སྙེད་པའི་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་སྤྲུལ་པ་མཛད་པ་ལས། གདུག་པ་ཅན་རྣམས་འདུལ་བ་ལ། ཁྲོ་བོ་ཡོངས་ཀྱི་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ་དང་ཡེ་ཤེས་ལྔ་སོ་སོའི་རང་རྩལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བདག་ཉིད་རིགས་ལྔའི་ཁྲོ་བོ་སོ་སོ་རུ་སྤྲུལ་པ་ལས། ལྷ་དེ་དག་གི་རང་རྩལ་སོ་སོའི་རིགས་དང་དགོངས་པ་ཐ་མི་དད་པའི་ཀླུ་གཉན་ས་བདག་གི་གཉེན་པོ་མཁའ་ལྡིང་དབང་པོའི་སྐུར་བཞེངས་པ་ནི་ཡེ་ཤེས་ཀྱི་བྱ་ཁྱུང་། མཚོ་མ་དྲོས་པའི་བྱང་ཕྱོགས་ན་ཤིང་ཤལ་མཱ་ལིའི་སྡོང་པོ་རྩེ་མོ་ཤིན་ཏུ་མཐོ་བ་ན་བྱ་ཁྱུང་རྣམ་པ་བཞིའི་ཚང་འཆའ་བ་དང་། རི་རབ་རྩེ་མོའི་ཁ་ཁྱེར་སུམ་ཅུ་རྩ་གསུམ་ལྷའི་ཡུལ་གྱི་དཔག་བསམ་གྱི་ཤིང་ལྗོན་པ་རྣམས་དང་། རི་རབ་ཀྱི་བང་རིམ་དང་གསེར་གྱི་རི་བདུན་གྱི་རྩེ་མོ་རྣམས་སུ་གནས་ཤིང་རྒྱ་མཚོ་ལ་གནས་པའི་ཀླུ་གཉན་ས་བདག་ཐམས་ཅད་ཟས་སུ་ཟ་ཞིང་སྐོམ་དུ་འཐུང་བའི་སྲོག་གཅོད་དུ་བྱེད་པའི་སྲོག་གི་གཤེད་མར་གྱུར་པ། འཇིག་རྟེན་གྱི་འགྲོ་བ་འདབ་ཆགས་ཐམས་ཅད་ཀྱི་རྗེ་བོ་བྱ་ཡི་རྒྱལ་པོ་འདབ་བཟང་ཁྱུང་ཆེན་ནམ། མཁའ་ལྡིང་དབང་པོ་དང་། ནམ་མཁའ་ལྡིང་སོགས་སུ་གྲགས་པ་ནི་སྔོན་གྱི་ལས་དང་སྨོན་ལམ་གྱི་མཐུ་ལས་གྲུབ་པ་འཇིག་རྟེན་གྱི་བྱ་ཁྱུང་སྟེ། འདིར་ནི་སྙིགས་དུས་ཀྱི་འགྲོ་བ་ཉོན་མོངས་ཤིན་ཏུ་རགས་པས་ལས་སྤྱོད་ཉེས་པ་ལ་བརྟེན། མི་བཟད་པའི་ནད་གདོན་དྲག་པོས་ཉམ་ཐག་པའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་ངོ་བོ་ཡེ་ཤེས་ཀྱི་ཁྲོ་བོའི་རྒྱལ་པོ་ཉིད་རྣམ་པ་ཀླུ་གཤེད་བྱ་ཁྱུང་གི་ཚུལ་དུ་བཞེངས་པས་ཚན་ཆེ་ལ་འགྲུབ་ཐག་ཉེ་བ། ཀླུ་གཉན་ས་བདག་ཁོ་ནའི་གཉེན་པོར་མ་ཟད། བན་བོན་སྔགས་པའི་བྱད་ཕུར་གཏད་ཁྲོམ་རྦད་འདྲེ་རྦོད་གཏོང་ཐམས་ཅད་ཟློག་པའི་ནུས་སྟོབས་ལྷག་པར་ཆེ་བ་དང་། དལ་ཡམས་གཡུལ་འཁྲུག་ལྷ་འདྲེའི་གཡོས་ཆེན་འབྱུང་པོའི་ཆོ་འཕྲུལ་ཐན་དང་ལྟས་ངན་སོགས་ཆག་ཆེ་ཉམ་ང་ཐམས་ཅད་ཚར་གཅོད་པའི་དྲག་རྩལ་སྟོབས་ཤུགས་དང་ལྡན་པའི་ལྷ་ཁྱད་པར་ཅན་འདི་སྒྲུབ་པའི་ཐབས་གསར་རྙིང་ཀུན་ལ་ཡོད་པ་ལས་འདིར་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་གསུམ་ལས་གཏེར་མ། སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གཏེར་ཁ་རྣམས་སུ་བྱུང་བ་ལས། ཟབ་ཅིང་རྒྱས་པ་ཁྱད་པར་དུ་གྱུར་པ་འདི་ནི། རང་གཞུང་ལས། བདག་འདྲ་པདྨ་རྒྱལ་པོ་ཡིས༔ གདུག་པ་ཀླུ་འདུལ་མང་སྦས་ཀྱང༔ ཟབ་པའི་མཐར་ཐུག་འདི་ཉིད་ནི༔ འདི་ལས་སྦས་པ་གཞན་ན་མེད༔ འདི་ཉིད་ཁོང་གི་སྙིང་ལྟར་གཅེས༔ ལས་འཕྲོའི་བུ་དང་འཕྲད་པར་ཤོག༔ ཅེས་གདམས་ནས་མདོ་ཁམས་མཁའ་འགྲོའི་གསང་ཕུག་བ་ཐང་ཤིང་རྒྱལ་བའི་དབེན་གནས་སིནྡྷུ་ར་ཆུའི་གཏེར་དུ་སྦས། ནུས་པའི་མངའ་བདག་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་སྐྱེ་བ་གཏེར་སྟོན་ཆེན་པོ་མ་ཏི་རཏྣས་སྤྱན་དྲངས་པའི་སེང་གདོང་བདུད་འདུལ་དྲག་མོའི་ཆོས་སྡེ་ལས་བྱུང་བའི། ཁྱུང་སྒྲུབ་བདུད་འདུལ་ནག་མོར་གྲགས་པ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་མཁའ་ལྡིང་རྡོ་རྗེ་ཁྱུང་ཆེན་དབྱེར་མི་ཕྱེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྡ་སྦྱར། དེ་ལྟར་མཎྜལ་ཕུལ་བ་སོང་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཧེ་རུ་ཀ༔ ཡོན་ཏན་བྱིན་རླབས་རྨད་པོ་ཆེ༔ ས་བདག་ཀླུ་གཉན་འདུལ་བའི་ཕྱིར༔ ཁྲོ་རྒྱལ་སྟོབས་ལྡན་ཁྱུང་ཆེན་གྱི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ་བརྗོད། དེ་ནས་བླ་མས། ཨེ་མ་སྐལ་ལྡན་དམ་ཚིག་ཅན༔ དམ་ལ་གནས་ཤིང་སྒྲུབ་ནུས་སམ༔ དམ་མེད་ལོག་ལྟ་གཡེང་བ་ཅན༔ གཉིས་རྟོག་ཅན་རྣམས་ཕྱིར་དེངས་ཤིག༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ་བླ་མ་ཧེ་རུ་ཀ༔ བདག་ནི་དམ་ལྡན་སྙིང་རུས་ཅན༔ ཅི་གསུང་བཞིན་དུ་བདག་སྒྲུབ་བགྱི༔ དབང་བསྐུར་ཟབ་མོ་བསྩལ་དུ་གསོལ༔ ཞེས་ཞུ། མདུན་གྱི་ནམ་མཁར་ཡེ་ཤེས་ཁྱུང་ཆེན་རིགས་ལྔ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བྱིན་རླབས་གཏེར་མཛོད་བླ་མ་དང༔ དངོས་གྲུབ་གཏེར་མཛོད་ཡི་དམ་ལྷ༔ བསྙེན་སྒྲུབ་ལས་སྦྱོར་མཁའ་འགྲོ་མར༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། རྩ་བ་གསུམ་ལ་སྐྱབས་སོང་ནས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་ཡན་ལག་བདུན་པ་འདིའི་རྗེས་ཟློས། ཡེ་ཤེས་ཁྱུང་ཆེན་རིགས་ལྔ་དང༔ རྩ་གསུམ་རྒྱལ་བ་སྲས་བཅས་ལ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་འབུལ༔ སྡིག་བཤགས་དགེ་བསྐུལ་རྗེས་ཡི་རང༔ ཆོས་འཁོར་བསྐོར་ཞིང་གསོལ་བ་འདེབས༔ དགེ་རྩ་འཁོར་གསུམ་ཡོང་དག་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ ཅེས་བརྗོད་དུ་གཞུག །དེ་ནས་དབང་གི་གཞི་ཡེ་ཤེས་པ་དབབ་པ་ནི། ཁྱོད་རང་གིས་སློབ་དཔོན་ལ་མོས་གུས་དུང་བ་གཅིག་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱོད་རང་ལ་ཕོག་པས་རྣམ་སྨིན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱང་། ལས་བུམ་ཆུ་དང་། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སློབ་མ་རིག་པའི་ངོ་བོ་ཡེ་ཤེས་ཀྱི་བྱ་ཁྱུང་སྐུ་མདོག་དམར་ནག་ཁྲོ་ཆུ་ཞུན་མའི་ལུས་ལ་མེའི་ཚྭ་ཚྭ་འཕྲོ་བ། རྡོ་རྗེ་རལ་གྲིའི་གཤོག་པ་རྣོ་བའི་ངར་དང་ལྡན་པ་གཡས་པས་ཉི་ཟླ་ཚོག་པོར་འཕེན་པ། གཤོག་པ་གཡོན་པས་རི་རབ་བསྙིལ་ཞིང་ས་གཞི་གདར་ཤ་གཅོད་པ། སྒྲོ་ཕྲན་སྤུ་གྲི་ངར་མ་ལ་མེ་འབར་བས་གནོད་བྱེད་སྲོག་རྩ་གཅོད་ཅིང་གཞོབ་ཏུ་བཏང་བ། མཇུག་སྒྲོ་གཡུ་ཡི་རྡོ་རྗེས་ས་སྲིན་འཇོམས་པ། སྤྱན་གཡས་གསེར་ཆུ་ཁོལ་མ་དམར་ཀྱི་ལི་ལི་འཁོར་བ། སྤྱན་གཡོན་དངུལ་ཆུ་ཁོལ་མ་དམར་ནག་ཏུ་འཁྲུགས་པ། ཟངས་ཀྱི་རྭ་གཡས་པ་ལས་བསྐལ་པའི་མེ་འབར་བ། ལྕགས་ཀྱི་རྭ་གཡོན་པ་ལས་བསྐལ་པའི་ཆུ་ཆེན་འབྲུབ་པ། རྭ་བར་དུ་ཡིད་བཞིན་ནོར་བུ་ལས་དགོས་འདོད་ཀྱི་ཆར་འབེབ་པ། ཡན་ལག་ཐམས་ཅད་སྦྲུལ་རིགས་ལྔས་བརྒྱན་པ། མཆུ་སྡེར་ལྕགས་ཀྱུ་རྣོན་པོས་ཀླུ་བརྒྱད་གཟིར་བ། སྤུ་སྤྲུགས་པས་ཁྱུང་དང་རྡོ་རྗེ་དང་མཚོན་ཆའི་ཆར་འབེབ་པ། ཕྱག་གཉིས་ཀྱིས་ཀླུ་རིགས་ལྔའི་ངོ་བོ་སྦྲུལ་རིགས་ལྔའི་རྣམ་པ་ཞལ་དུ་བཅུག་ནས་གསོལ་བ། ཞལ་ནས་མེ་འབར་ཞིང་ཀྲང་ཀྲིང་གི་སྒྲ་སྒྲོག་པས་ཀླུ་གཉན་སྡེ་བརྒྱད་ཟིལ་གྱིས་གནོན་པ། དེ་ཡི་སྤྱི་མགྲིན་སྙིང་ལྟེ་གསང་བར་བྱ་ཁྱུང་རིགས་ལྔ་དཀར་དམར་མཐིང་སེར་ལྗང་བའི་སོ་སོའི་ཐུགས་ཀར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་དང་ཁྲོཾ་ཡིག་ལྔ་རྣམས་སོ་སོའི་རང་འོད་སྤྲོ་བ་ལས་འོད་ཟེར་དཔག་མེད་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་ཡེ་ཤེས་བྱ་ཁྱུང་རིགས་ལྔའི་རྣམ་པ་བསམ་གྱིས་མི་ཁྱབ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སློབ་མ་ཡེ་ཤེས་ཁྱུང་ཆེན་དུ་གསལ་བ་ལ་སིབ་སིབ་ཐིམ་པར་མོས་ཞེས་དམིགས་པ་ཕོག་ལ། རྩ་སྔགས་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་བྱའོ། །སྤྲོས་པ་ལ་དགའ་ན་སྤྱན་འདྲེན་དབྱངས་དང་བཅས་པ་བྱ། བསྡུ་ན་མི་དགོས། མཐར། ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་བར་དུ་བརྟན་པར་གྱུར། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག །དངོས་གཞི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བྱ་བ་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་བུམ་བཅུད་ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་ངོ་བོ་ཁྱེད་རང་གི་སྤྱི་བོ་ནས་དབང་བསྐུར་བས་སྡེ་བརྒྱད་འབྱུང་པོ་ཀླུ་གཉན་ས་བདག་གི་གཉེན་པོ་ཁྲོ་རྒྱལ་ཁྱུང་གི་སྐུར་གྱུར་པའི་མོས་པ་གྱིས། ཞེས་བརྗོད་ནས་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བུམ་ཆུ་རིགས་ལྔའི་ངོ་བོ་ནི༔ ཡོན་ཏན་བྱ་ཁྱུང་ཚོགས་སུ་གྱུར༔ ཀླུ་གཉན་ས་བདག་གཉེན་པོ་དང༔ གཟའ་བདུད་འབྱུང་པོ་སྡེ་བརྒྱད་ཀྱི༔ གཉེན་པོར་ཁྱོད་ལ་དབང་བསྐུར་པས༔ ཁྲོ་རྒྱལ་ཁྱུང་གི་སྐུར་གྱུར་ནས༔ ཡེ་ཤེས་ཁྱུང་ཆེན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འོ་སྐལ་ལྡན་རིགས་ཀྱི་བུ། བུམ་པ་བདུད་རྩི་བྱ་ཁྱུང་གི་ངོ་བོས་དབང་བསྐུར་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ཕྱི་ནང་ཐམས་ཅད་བདུད་རྩི་བྱ་ཁྱུང་གིས་གང་ནས་ཀླུ་གདོན་འབྱུང་པོའི་གཉེན་པོ་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ཀྱི་ངོ་བོ་བྱ་ཁྱུང་གི་སྐུ་དངོས་སུ་གྱུར་པའི་ང་རྒྱལ་སྒོམས་ཤིག །བུམ་པ་ཁྲོ་རྒྱལ་ཁྱུང་གི་ལྷ་ཚོགས་མགྲིན་པར་བཞག་ཅིང་བུམ་ཆུའི་བདུད་རྩི་བྱིན་པས་སྟོབས་ལྡན་ཁྱུང་གི་གསུང་དང་ནུས་པ་མཉམ་པར་མོས་ཤིག །ཧཱུྃ༔ བུམ་པ་ལྷ་ཡི་སོགས་ཚིགས་བཅད་གོང་བཞིན་དང་། སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགྲིན་པར་བཞག་ཅིང་བུམ་ཆུ་བླུད། ངག་ཏུ་བདུད་རྩི་བླུད་པས་ཀྲང་ཀྲིང་གི་སྒྲ་སྒྲོག་པས་སྡེ་བརྒྱད་ཀྱི་གཉེན་པོར་གྱུར་པར་སྒོམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་ལན་གསུམ། བུམ་པ་ཁྲོ་རྒྱལ་ཁྱུང་གི་ལྷ་ཚོགས་སྙིང་གར་བཞག་པས་ཡེ་ཤེས་ཁྱུང་ཆེན་འབར་བའི་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བུམ་པ་ལྷ་ཡི་སོགས་ཚིགས་བཅད་དང། སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །ཐུགས་ཀར་ཉི་དཀྱིལ་ལ་ཁྲོཾ་ཧཱུྃ་མཐིང་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་མཆོད། མཐུ་དབང་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྟིམ། ཐུགས་སྲོག་སྔགས་ཕྲེང་ལས་བྱ་ཁྱུང་དང་ཐོག་སེར་མེའི་ཚྭ་ཚྭ་འཕྲོས་པས་འབྱུང་གདོན་དང་ཀླུ་གཉན་ཐམས་ཅད་བརླགས། སེམས་སྐྱེ་འཆི་མེད་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་དབྱེར་མེད་པར་སྒོམས་ཤིག །ཅེས་བརྗོད། དེ་དག་ནི་རྩ་བའི་དབང་གསུམ་མོ། །གྲངས་གསོག་ན་འདི་ཁོ་ན་གསག་དགོས་པས་ནུས་ན་སྨྲོས་མ་ཐག་ལྟར་དང་། མི་ནུས་ན། ཚིགས་བཅད་ཚར་གཅིག་གི་མཇུག་ཏུ་སྔགས་གསུམ་སྦྲེལ། ཚིགས་ལྷུག་བརྡ་སྤྲོད་རྣམས་ཀྱང་སྦྲེལ། སྔགས་ཀྱི་རྗེས་ཟློས་མཇུག་ཏུ་བྱའོ། །དེ་ནས་ཡན་ལག་དབང་ལྔ་ནི། ཀླུ་གདོན་འགྲོལ་བའི་རྗེས་གཅོད་ལྟར་བསྐུར་ཏེ། འཛོམ་ན་ཁྱུང་ལྔ་སོ་སོའི་ཙཀླི་དང་བུམ་པ་སྦྲག །ཙཀླི་མེད་ཀྱང་བུམ་པ་གཅིག་པུས་ཆོག་པས་དེ་ཐོགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་སྐུ་ཡི་དབང༔ རྒྱལ་རིགས་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ རྒྱལ་རིགས་དཀར་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ཁྱུང་དཀར་དང་བུམ་པ་སྤྱི་བོར་བཞག །བུམ་ཆུ་སྤྱི་བོར་བླུགས་ལ། ཁྱོད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་དུང་ཁང་ཟླ་བའི་སྟེང་དུ་སྐུའི་བྱ་ཁྱུང་དཀར་པོའི་རྣམ་པས་འཁོད་པར་གྱུར། དེས་ཀླུ་རྒྱལ་རིགས་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་གསུང་གི་དབང༔ བྲམ་ཟེ་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ བྲམ་ཟེ་དམར་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཁྱུང་དམར་དང་བུམ་པ་མགྲིན་པར་བཞག །བུམ་ཆུ་ངག་ཏུ་བླུད་ནས། ཁྱོད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་མགྲིན་པར་པདྨའི་དབུས་སུ་གསུང་གི་བྱ་ཁྱུང་དམར་པོའི་རྣམ་པས་འཁོད་པར་གྱུར། དེས་བྲམ་ཟེ་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཐུགས་ཀྱི་དབང༔ གདོལ་པ་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ གདོལ་པ་ནག་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཁྱུང་ནག་དང་བུམ་པ་སྙིང་གར་བཞག །བུམ་ཆུས་སྙིང་གར་ཐིག་ལེ་བྱ། ཁྱོད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་ཐུགས་ཀར་ཉི་དཀྱིལ་དུ་ཐུགས་ཀྱི་བྱ་ཁྱུང་མཐིང་ནག་གི་རྣམ་པས་འཁོད་པར་གྱུར། དེས་ཀླུ་གདོལ་པ་ནག་པོ་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་བྱ་ཁྱུང་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཡོན་ཏན་དབང༔ རྗེ་རིགས་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ རྗེ་རིགས་སེར་པོ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཞེས་ཁྱུང་སེར་སྐུ་དང་བུམ་པ་ལྟེ་བར་བཞག །ཁྱེད་རང་རྣམས་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་ལྟེ་བར་ཡོན་ཏན་ཁྱུང་ཆེན་སེར་པོའི་རྣམ་པས་འཁོད་པར་གྱུར། དེས་ཀླུ་རྗེའུའི་རིགས་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཕྲིན་ལས་དབང༔ དམངས་རིགས་འདུལ་བའི་གཉེན་པོར་དབང་བསྐུར་རོ༔ དམངས་རིགས་ལྗང་གུ་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་ཁྱུང་ལྗང་གུ་དང་བུམ་པ་གསང་བར་བཞག །ཁྱེད་རང་ཡེ་ཤེས་ཁྱུང་ཆེན་དུ་གསལ་བའི་གསང་གནས་སུ་ཕྲིན་ལས་ཀྱི་ཁྱུང་ཆེན་ལྗང་གུའི་རྣམ་པས་འཁོད་པར་གྱུར། དེས་ཀླུ་དམངས་རིགས་འདུལ་བའི་གཉེན་པོར་མངའ་གསོལ་བ་ཡིན་ནོ། །དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཡེ་ཤེས་ཁྲོ་བོ་ཁྱུང་ཆེན་འབར་བ་ཀླུ་འདུལ་བྱ་ཁྱུང་རིགས་ལྔའི་ཚོགས་དང་བཅས་པ། གཟའ་ཀླུ་ས་བདག་ལོག་འདྲེན་འབྱུང་པོའི་གཤེད་མ་ཉིད་དུ་གཞོམ་བྲལ་རྡོ་རྗེའི་ངོ་བོར་ལྷུན་གྱིས་གྲུབ་པར་གྱུར་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་མངའ་གསོལ་བར་མོས་ཤིག །དུས་གསུམ་རྒྱལ་བ་མ་ལུས་པའི། །ཡེ་ཤེས་ལྔ་ལས་སྤྲུལ་པའི་སྐུ །གདུག་པ་མ་ལུས་འཇོམས་མཛད་པ། །ཡེ་ཤེས་ཁྱུང་གི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པ་བརྗོད་ལ་མེ་ཏོག་འཐོར་རོ། །དེ་ལྟར་ཡེ་ཤེས་ཁྱུང་ཆེན་འབར་བའི་དབང་བསྐུར་ཟབ་མོ་བྱིན་རླབས་ཀྱི་ཚན་ཁ་ཅན་དེ་ཉིད་བསྐུར་གྲུབ་ཟིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱའོ། །རྗེས་ཀྱི་བྱ་བ་མཆོད་པ་ཁ་གསོས་བྱིན་བརླབས་ལ། ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །སྨན་གཏོར་རཀྟ་ཀླུ་གཉན་ཤ་ཁྲག་སོགས། །ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ། །བཛྲ་ཛྙཱ་ན་ག་རུ་ཎ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་སྤྱི་གཟུགས་ཆེ། །ཀླུ་གཉན་སྡེ་བརྒྱད་འབྱུང་པོའི་གཤེད་མ་སྟེ། །བྱད་ཕུར་རྦོད་གཏོང་ཟློག་པའི་དབང་ཕྱུག་ཆེ། །ཡེ་ཤེས་ཁྱུང་ཆེན་རྒྱལ་ལ་ཕྱག་འཚལ་བསྟོད། །མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས་ཤིང་ཡིག་བརྒྱ་བཟླ། བཛྲ་མུཿས་བུམ་པའི་ཡེ་ཤེས་པ་གཤེགས། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་གང་མོས་ལྟར་བྱ་ཞིང་ཤིས་པ་བརྗོད་དོ། །ལས་ངན་རྣམ་པར་སྨིན་པ་སྙིགས་མའི་ལུས། །སྡུག་བསྔལ་བརྒྱ་ཡིས་གཙེས་རྣམས་སྐྱོབ་པ་ལ། །མཐུ་ལྡན་རྡོ་རྗེ་མཁའ་ལྡིང་སྒྲུབ་པའི་ཐབས། །དལ་བར་སྡོད་ཚེ་ཉམས་སུ་བླང་བར་རིགས། །ནད་གདོན་བགེགས་ཀྱི་མུན་པ་དྭངས་ནས་སུ། །མཐོ་རིས་འབྱོར་པའི་ཉིན་བྱེད་ཁོར་ཡུག་ཤར། །ཡེ་ཤེས་མཁའ་ལ་ལྡིང་བའི་སྐུ་འགྲུབ་ཅིང་། །རིགས་ལྔའི་ཁྲོ་རྒྱལ་རྣམས་དང་དགོངས་མཉམ་ཤོག །ཅེས་པ་འདིའང་རྩ་བའི་གཞུང་དང་། ཆོས་འདིར་རང་བྱན་ཆུད་པའི་རིག་པ་འཛིན་པ་དག་གི་ཡིག་ཆའི་བཅུད་བླངས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ འཕོ་བ་དཔག་ཆེན་མདའ་མོ་ (Volume 56, Text 33)
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ འཕོ་བ་དཔག་ཆེན་མདའ་མོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ སྐུ་གསུམ་བདེ་ཆེན་ལྷ་ལ་ཕྱག་འཚལ་ལོ༔ གང་ཟག་ཡང་རབ་ཚེ་འདི་རུ༔ སྔོན་སྦྱངས་ཤེས་རབ་གྲོལ་བ་དང༔ བརྩོན་འགྲུས་བསྒོམས་པས་སངས་རྒྱ་ཡང༔ གང་ཟག་དབང་པོ་བརྩོན་འགྲུས་ཞན༔ མ་བསྒོམ་སངས་རྒྱས་ཐོབ་པའི་ཐབས༔ འཕོ་བ་དཔག་ཆེན་མདའ་མོ་བསྟན༔ ཕྱི་རབས་བུ་ཡིས་ཉམས་སུ་ལོངས༔ འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ཡོད་པ་ལས༔ སྔོན་འགྲོ་ལ་ཚོགས་དང་གཏོར་མས་མཉེས་པར་བྱས་ལ༔ དང་པོ་སྟོང་ཉིད་ཟང་ཐལ་དུ་ཀློད་ལ་བཞག༔ དེ་ལ་ཞག་གཅིག་སོང་བའི་ནངས་པར་ལུས་རྡོ་རྗེའི་སྐྱིལ་ཀྲུང་བཅའ༔ པུས་མོ་གཉིས་ཀྱི་ཁར་ལག་མཐིལ་གཉིས་བཀབ་ལ༔ རང་གི་ལུས་སྡོང་ཁོག་ཞབས་རྡོལ་ལྟ་བུ༔ ཕྱི་དཀར་བ༔ ནང་དམར་བ༔ ཕྲུ་མ་ལྟ་བུ་ཅིག་འདུག་པ་ལ་ཤེས་པ་གཏད༔ ཞག་གཅིག་སྟོང་ར་ལ་སྦྱང་ངོ༔ དངོས་གཞི་ནི༔ རང་གི་སྙིང་གི་ཐད་ན༔ ཤེས་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ ཆེ་ཆུང་ཚོན་གང་བ་གཅིག་འདུག་པ་དེ༔ ཧིཀ྄་ཅེས་པ་རེས་འཕུལ་དུས༔ སྤྱི་བོར་རྒྱང་རྒྱང་སོང་བར་བསམ་ལ༔ དེ་ལ་ཞག་གཅིག་སྦྱང་ངོ༔ དེ་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས༔ ཆོས་སྐུ་ནི་དམིགས་གཏད་མེད་པ༔ ནམ་མཁའི་ཁམས་མཐའ་ཡས་པར༔ རིས་དང་མཚན་མ་མེད་པར་གཏད་མེད་དུ་འབྱམས་འཕོ་བ་འོ༔ དེས་སྐྱེ་བ་མེད་པའི་ངང་དུ་ཟང་ཐལ་དུ་གྲོལ་ལོ༔ ལོངས་སྐུ་རིགས་ལྔའི་ཞིང་ཁམས་སུ་ཡི་དམ་གྱི་ལྷ་གང་མོས་དེའི་ཐུགས་ཀར་འུར་སྒྲ་དང་བཅས་ནས་འཕོ་བའོ༔ སྤྲུལ་སྐུ་ནི་རང་གི་བླ་མའི་ཐུགས་ཀར་འཕོ་བའོ༔ དེ་རྣམས་གང་ལ་འཕོ་ཡང་གོམས་པ་དང༔ སྤྱི་བོ་ན་བ་དང༔ ཚངས་བུག་ཁ་བྱེ་བ་དང༔ སྐྲ་འཕར་བ་དང༔ ཁྲག་ཐོན་པ་དང༔ ལུས་པོ་འདར་བ་དང༔ འགྱེལ་བ་དང༔ འཁྱོམ་པ་ལ་སོགས་པ་འབྱུང་ངོ༔ འཕོ་བའི་དུས་སུ་དཔག་ཆེན་གྱི་མདའ་བཏང་བ་ལྟར་ཤུགས་དང་བཅས་ཏེ༔ གང་ལ་ཡང་ཐོགས་པ་མེད་པར་འུར་སྒྲ་དང་བཅས་ནས་སོང་བར་བསྒོམ་མོ༔ ཐེངས་གསུམ་བས་མང་ན་ཐལ་ཉེན་ཡོད་པས་ཚོད་དང་སྦྱར་རོ༔ ཐལ་ན་ནི༔ ཕོའི་རྐང་མཐིལ་བརྡུང་ངོ༔ མོའི་པདྨའི་ཟེའུ་འབྲུ་ནས་འཐེན་པས་ཕེབས་སོ༔ འབེབ་པའི་དུས་སུ༔ ཀ་ཞེས་ཤུགས་དང་བཅས་པ་རེས་གསེར་གྱི་རྡོ་རྗེ་དེ་སྙིང་ཁར་རྩར་བསླེབས་པར་སྒོམ་མོ༔ དེ་ནས་མ་བཅོས་རང་ཐོག་ཏུ་ཀློད་ལ་བཞག༔ འདི་ཡང་ཆང་གིས་མྱོས་པའི་དུས་དང༔ ཁམས་འདུས་པའི་དུས་དང༔ ཉོན་མོངས་པ་འཁྲུགས་གཏུམ་པའི་དུས་སུ་གསལ་མི་གདབ་བོ༔ ཐལ་འགྲོ་བའི་སྐྱོན་ཡོད་དོ༔ དམ་ཚིག་ཏུ་ཚེས་བཅོ་ལྔ་ལ་དམིགས་པ་ཚར་རེ་མ་ཆག་པ་གལ་ཆེའོ༔ དེས་ནི་ཕ་མྱེས་ཀྱི་ཡུར་བ་ཆད་པ་གསོས་པ་བཞིན་ནམ་དགོས་སུ་དོན་འགྲུབ་པའོ༔ དེ་ནས་བསྔོ་བས་རྒྱས་གདབ་པ་ནི༔ ཨེ་མ༔ རང་དོན་ཆོས་སྐུ་ཐོབ་པར་གྱུར་ཅིག༔ གཞན་དོན་གཟུགས་སྐུ་ཐོབ་པར་གྱུར་ཅིག༔ འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག༔ དུས་གསུམ་བསགས་སོགས་དགེ་བ་རྣམས༔ འགྲོ་དྲུག་ཕ་མའི་དོན་དུ་བསྔོ༔ བར་དོ་མེད་པར་རང་གྲོལ་ནས༔ སྐུ་གསུམ་འབྲས་བུ་ཐོབ་པར་ཤོག༔ ཅེས་བརྗོད་དོ༔ ཨེ་མ༔ འཕོ་བ་དཔག་ཆེན་མདའ་མོ་འདི༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ཡིན༔ བསགས་པ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ དམ་རྒྱ༔ ཟབ་རྒྱ༔ མི་སྤེལ་རྒྱ༔ མི་ནུབ་རྒྱ༔ ༔
རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གྲུབ་གཉིས་འདོད་དགུའི་དཔལ་སྦྱིན་ (Volume 36, Text 33)
༄༅། །རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་གྲུབ་གཉིས་འདོད་དགུའི་དཔལ་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ། མཚན་མཆོག་ཨུཏྤལ་ཕན་བདེའི་མཚར་སྡུག་ཅན། །མཁྱེ༵ན་བརྩེ༵འི་སྦྲང་རྩིའི་ཟིལ་མངར་དབ༵ང་པོ༵འི་དཔྱིད། །དུས་གསུམ་རྒྱལ་བའི་ཡུམ་མཆོག་འཕགས་མ་དང་། །དབྱེར་མེད་སྙིང་གི་ཆུ་མཚོར་དགྱེས་རྩེན་མཛོད། །ཟབ་གསང་རྒྱུད་སྡེ་ཆེན་པོ་བཞིའི། །དགོངས་དོན་སྒྲོལ་མའི་བསྟོད་སྒྲུབ་ཀྱི། །སྒྲུབ་ཐབས་ཟབ་ལ་ཁྱེར་བདེ་དང་། །སྨིན་བྱེད་སྙིང་པོའི་གསལ་བྱེད་བྲི། །འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་འདོད་པས། རྒྱུད་སྡེ་ཆེན་པོ་བཞིའི་སྒྲུབ་ཚུལ་དང་འབྲེལ་བའི་སྒྲོལ་མའི་སྒྲུབ་ཐབས་སྨིན་བྱེད་བཅས་ཁྲིགས་བསྡེབ་ཏུ་དགོད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་གྱི། དང་པོ་སྔོན་འགྲོའི་ཐོག་མར་སྦྱོར་བ་གཤོམ་འགོད་ནི། བཀྲ་ཤིས་གཙང་མའི་གནས་ཁང་རྒྱན་དང་བྱི་དོར་བྱས་པར་གཞུང་མཐུན་གྱི་རྟེན་བཀྲམ་པའི་སྤྱན་སྔར། ཞི་དཀྱིལ་སྒོ་རྫོགས་རྟ་བབས་བརྒྱད་ཅན་ལྟེ་བར་པདྨ་འདབ་བརྒྱད་ཨུཏྤ་ལའམ་ཏཱཾ་གྱིས་མཚན་པའི་དབུས་སུ་རྣམ་རྒྱལ་གཟུངས་ཀྱི་བུམ་པ་ཉེར་ལྔའི་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། ཤར་དུ་སྒྲོལ་ལྗང་གི་སྐུ་དང་སྔགས་བྱང་མེ་ལོང་། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་རྡོར་དྲིལ་བསྣོལ་མ། ཕྱོགས་གང་བདེར། གསང་ཐོད། སིན་དཀྱིལ་ལམ་རིག་ཙཀ །མན་ཤེལ། བཀྲ་ཤིས་རྫས་རྟགས་དང་རིན་ཆེན་བདུན་ཙཀ །བསང་ཆུ་བཅས་བཀོད་ལ་མཐའ་ཉེར་སྤྱོད་མཆོད་པ་བདུན་དང་མཚམས་འཛིན་གྱིས་གཡས་སུ་བསྐོར། གཏོར་མ་དཀར་ཟླུམ་རྒྱན་ལྡན་མདུན་དུ་བཤམས། གཞན་ཡང་སྔོན་འགྲོ་དཀར་གཏོར། གསེར་སྐྱེམས། བགེགས་གཏོར། སྲུང་མའི་གཏོར་མ་སོགས་གང་དགོས་འདུ་བྱ། སྒྲུབ་པ་པོའང་ཁྲུས་དང་གཙང་སྦྲ་ལ་གནས་པས་ངེས་འབྱུང་དང་བྱང་སེམས་དད་པའི་བློས་ཀུ་ཤའི་སྟན་ལ་འཁོད་པས་ཉམས་སུ་བླང་ངོ་། །གཉིས་པ་བརྒྱུད་པའི་གསོལ་འདེབས་ནི། ཆོས་དབྱིངས་རྡོ་རྗེ་བཙུན་མོ་བཅོམ་ལྡན་འདས། །སྲིད་ཞིའི་ཡོན་ཏན་དཔལ་གྱུར་བདེ་ཆེན་ཡུམ། །ཚད་མེད་ཕྲིན་ལས་ཐུགས་རྗེ་མྱུར་མ་དཔའ། །རྗེ་བཙུན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས། །གང་དེས་རྗེས་བཟུང་མཚོ་སྐྱེས་རྡོ་རྗེ་འཆང་། །གསང་ཆེན་བཀའ་ཡི་སྡུད་མོ་མཁར་ཆེན་བཟའ། །མངའ་བདག་ཁྲི་ལྡེ་བཻ་རོ་ཙ་ན་སོགས། །ལས་ཅན་རྗེ་འབངས་རྣམས་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཇོ་བོ་གསེར་གླིང་པ། །དཔལ་ལྡན་མར་མེ་མཛད་དང་ཛེ་ཏཱ་རི། །རྡོ་རྗེ་གདན་པ་པཎ་ཆེན་འབུམ་ཕྲག་གསུམ། །སྒྲོལ་མའི་བཀའ་བབ་རྣམས་ལ་གསོལ་བ་འདེབས། །ཆོས་དབང་གཡག་ཕྱར་རཏྣ་ཞིག་པོ་གླིང། །བདུད་འདུལ་རོག་རྗེ་གླིང་དང་རྭ་སྟོན་ཆེ། །འཇིགས་གླིང་མཆོག་གྱུར་གླིང་དང་བསྟན་གཉིས་གླིང་། །ཟབ་གཏེར་བདག་པོ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཀུན་སྤྱི་གཟུགས་པདྨའི་ཞལ་སྐྱིན་མཆོག །མདོ་སྔགས་བཀའ་གཏེར་རྒྱ་མཚོའི་ཤིང་རྟ་ཆེ། །མཁྱེན་བརྩེའི་གཏེར་བརྙེས་ས་གསུམ་གླིང་བཞིའི་མགོན། །འཇམ་དབྱངས་བླ་མའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ་དང་། །པདྨའི་གདུང་འཛིན་ཆོས་ཀྱི་བློ་གྲོས་ཞེས། །ཡེ་ཤེས་རྡོ་རྗེའི་རིག་འཛིན་རྩལ་འཆང་ཆེ། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །དད་དང་ངེས་འབྱུང་ཤེས་རབ་མཐུ་ཐོབ་པས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རྒྱུད་སྡེ་རྣམ་བཞིའི་བསྐྱེད་རྫོགས་མཐར་ཕྱིན་ནས། །དངོས་གྲུབ་གཏེར་མཛོད་བརྙེས་པར་བྱིན་གྱིས་རློབས། །མཚན་ཐོས་ཙམ་གྱིས་འཇིགས་དང་སྡུག་བསྔལ་སེལ། །སྲིད་ཞིའི་ཕན་བདེའི་དཔལ་ལ་དབང་ཐོབ་པས། །གདུལ་དཀའ་རྗེས་འཛིན་བྱང་ཆུབ་སྤྱོད་མཐར་ཕྱིན། །རྗེ་བཙུན་འཕགས་མའི་གོ་འཕང་མངོན་བྱེད་ཤོག །གསུམ་པ་བསང་ཆུ་སྒྲུབ་པ་ནི། བདག་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་བུམ་པའི་ནང་དུ་པད་ཉི་ལ་གནས་པའི་ཧཱུྃ་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་སྟེ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་མཐར། ལྷ་འོད་དུ་ཞུ་བ་ཁྲོ་བོའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། བཞི་པ་སྔོན་གཏོར་གཏང་བ་ནི། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དང་། སྭ་བྷཱ་བས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །སྡྱཱ་ན་པ་ཏི་ཀྵེ་ཏྲ་པ་ལཱཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྞེ་དཾ་བ་ལིནྟ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་བཞེས་ནས་འདོད་དོན་སྒྲུབས། །བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪཿས་དཀར་ཕྱོགས་པ་རྣམས་གཤེགས་སུ་གསོལ་བ་དང་ཆབས་ཅིག །ནགས་ཕྱོགས་པ་རྣམས་ཀྱང་གཏོར་མའི་ལྷག་མས་ཚིམས་པར་བསམ་ལ། ཨོཾ་བཛྲ་ཨ་མྲྀཏ་སོགས་དང་། སུམྦྷ་ནི་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བར་གྱུར་པར་བསམ། ལྔ་པ་གནས་དང་མཆོད་པ་བྱིན་རླབས་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཡུལ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི། མཆོད་སྤྲིན་རབ་འབྱམས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་པས་བྱིན་གྱིས་བརླབ་བོ། །དྲུག་པ་སྐྱབས་སེམས་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་དུ་གསལ་བའི་སྤྱན་སྔར། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །འཕགས་མ་སྒྲོལ་མ་བསྒོམ་པར་བགྱི། །ལན་གསུམ་བྱའོ། ༈ །གཉིས་པ་དངོས་གཞི་ལས་དང་པོ་བྱ་རྒྱུད་ཀྱི་དགོངས་པ་ལྟར་མདུན་དུ་བསྐྱེད་ལ་གུས་བསྙེན་བྱ་བ་སྟེ། སྒྲོལ་མ་རྡོ་རྗེའི་ཚིག་རྐང་ལས། རང་ཉིད་ཐ་མལ་བཞག་བྱས་ཏེ༔ ཆོ་ག་དྲུག་གི་བྱེད་པ་ཡིས༔ དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བའི༔ ནམ་མཁར་སྒྲོལ་མ་བལྟས་ནས་ནི༔ ཡན་ལག་བདུན་དང་མཎྜལ་འབུལ༔ ཞེས་སོགས་གསུངས་པ་ལྟར་ཉམས་སུ་ལེན་པ་ནི། བདག་ཉིད་ཐ་མལ་གསལ་བ་ཡི། །མདུན་གྱི་ནམ་མཁར་རྗེ་བཙུན་མ། །འཁོར་བཅས་མངོན་སུམ་བཞུགས་པའི་མདུན། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གུས་པས་བསྟོད་ཅིང་མཆོད་པར་གྱུར། །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊཿཀྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་གནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་མས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊཿཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལས་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་པའི་བར་ཅི་ནུས་དང་། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བསྟེན་གནས་པ་འམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །མཎྜལ་ཚོམས་བུ་སོ་བདུན་མ་འབུལ་ཞིང་། གཞན་ཡང་། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོཊ་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་ཇི་ལྟར་རིགས་པ་གྲངས་གསག །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ།། འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་གེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པའི། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟར་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་པ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ལན་གསུམ་སོགས་བྱ། རྒྱུད་སྡེ་བཞི་འབྲེལ་རྒྱུན་ཁྱེར་དང་དབང་ཟིན་དུ་མི་གསལ་ཡང་སྒྲོལ་མའི་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཕྱི་བསྟོད་སྒྲུབ་ཀྱི་སྐབས་གསུང་པའི་དགོངས་དོན་ལྟར། སྒྲོལ་མའི་ཐུགས་ཀར་ཟླ་གདན་ལ། །གཟུངས་སྔགས་ཕྲེང་བ་གསལ་བ་ལས། །སྤྲོ་བསྡུས་དོན་གཉིས་སྒྲུབ་ལ་སོགས། །གང་འདོད་ལས་ཀུན་འགྲུབ་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་སྔགས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾ། པྲ་དུཥྚཱཾ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སཏྭཾ་བྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཱཾ། སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་གཟུངས་སྔགས་ཀྱང་ཅུང་ཟད་བཟླས་ན་ལེགས་པའི་ཡན་ལག་ཏུ་སེམས་པས་བཀོད་པའོ། ༈ །གཉིས་པ་བདག་སྐྱེད་སྤྱོད་རྒྱུད་ལྟར་བདག་ཉིད་ཡང་དག་པའི་ལྷར་བལྟ་བར་གསུངས་པ་ནི། དེ་ནས་མདུན་གྱི་རྗེ་བཙུན་མ། །འོད་ཞུ་རང་ཐིམ་གཉིས་མེད་ངང་། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །ཨུཏྤལ་གསར་པའི་སྡོང་བུ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་གིས། །པད་དཀར་ཟླ་བའི་སྟེང་ན་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །ཐུགས་དབུས་ཟླ་སྟེང་ཏཱཾ་ལྗང་གུ །དེ་ལས་འཕྲོས་པའི་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའི་སྐུ །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ལས་བྱང་རྩ་བ་རྒྱུན་ཁྱེར་དུ་མཛད་པས་སྤྱན་འདྲེན་སོགས་མི་འདུག་ཀྱང་ལས་རིམ་མདོར་བསྡུས་སྦྱར་ན་ལེགས་སྙམ་ཟབ་ཏིག་སྒྲོལ་མའི་ནང་སྒྲུབ་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་ཐབས་ལས་འབྱུང་བས་ཁ་སྐོང་སྟེ། མདུན་སྐྱེད་ཡེ་ཤེས་པ་སྤྱན་དྲང་བ་ནི། ཏཱཾ༔ ཆོས་སྐུ་མཁའ་ལྟར་རྣམ་དག་ཀྱང༔ ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ མཁའ་ལས་ཉི་གསལ་འོད་བཞིན་དུ༔ དམིགས་མེད་ཐུགས་རྗེས་གནས་འདིར་གཤེགས༔ ཨོཾ་ཨཱརྱ་ཏཱ་ར་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཞེས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་སྤུན་གྲོགས་ཀྱི་ཚུལ་དུ་བཞུགས་པར་བསམ་ལ། དབང་བསྐུར་རྒྱས་གདབ་ནི། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་རིགས་ཀྱི་བདག༔ འོད་དཔག་མེད་པས་དབུར་བརྒྱན་བསམ༔ ཨོཾ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཕྱག་མཆོད་བསྟོད་པས་བསྐུལ་བ་ནི། ན་མོ༔ རྨད་བྱུང་ཐུགས་བསྐྱེད་དམ་བཅས་ནས༔ འགྲོ་བ་སྒྲོལ་བའི་ཕྲིན་ལས་ཀྱིས༔ རྒྱལ་ཀུན་བྱང་ཆུབ་སྤྱོད་པ་མཆོག༔ ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སྒེག་སོགས་ལྷ་མོས་ནམ་མཁའ་གང༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས༔ བྱུང་བའི་ཡེ་ཤེས་རོལ་མོས་མཆོད༔ ཨོཾ་བཛྲ་ལཱ་སྱཻ་ཧཱུྃ༔ ཨོཾ་བཛྲ་མཱ་ལྱཻ་ཏྲཱཾ༔ ཨོཾ་བཛྲ་གཱིརྟཱི་ཧྲཱི༔ ཨོཾ་བཛྲ་ནིརྟཱི་ཨཱ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པའི་རྒྱུད་ཀྱི་རྒྱལ་པོ་ཕྱག་འཚལ་ཉེར་གཅིག་བརྗོད་པས་བསྟོད། བཟླས་པའི་རྣལ་འབྱོར་ནི། བདག་གི་ཐུགས་ཀར་ཏཱཾ་ཡིག་མཐར། །སྔགས་ཕྲེང་འཁོར་ལས་གཉིས་པ་བྱུང་། །མདུན་གྱི་འཕགས་མའི་ཤངས་བུག་ཞུགས། །ཐུགས་སྲོག་ལ་ཐིམ་ཐུགས་རྒྱུད་བསྐུལ། །སླར་ཡང་སྔགས་ཕྲེང་ལྟེ་བ་ནས། །ཐོན་ཏེ་རང་གི་ལྟེ་བར་ཞུགས། །བར་མེད་འཁོར་བའི་སྣང་བ་ཡིས། །དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། ༈ གསུམ་པ་ཡོ་གའི་རྣལ་འབྱོར་ལྷ་བདག་དབྱེར་མེད་རྟོགས་པས་བཟླས་པའི་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་ལ། གཉིས་མེད་དུ་བྱ་བ་ནི། ཧོ༔ བདེ་བར་གཤེགས་སོ་སེམས་མའི་གཙོ༔ ཚུར་གཤེགས་དམ་ཡེ་དབྱེར་མེད་པར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཕྱག་རྒྱ་བཞིས་བསྲེ་བ་ནི། ཨོཾ་བཛྲ་ཨ་ཀུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོ༔ ཡེ་ཤེས་སེམས་དཔའ་རང་ལ་ཐིམ། །ཛཿཧཱུྃ་བཾ་ཧོཿདབྱེར་མེད་ངང། ཐུགས་ནས་འཇིགས་པ་བརྒྱད་སྐྱོབ་པའི། །སྒྲོལ་མ་ནམ་མཁའ་གང་བར་སྤྲོས། །འགྲོ་རྣམས་གནས་སྐབས་མཐར་ཐུག་གི །འཇིགས་པ་བརྒྱད་ལས་དབུག་དབྱུང་གྱུར། །ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླའོ། ༈ །བཞི་པ་རྣལ་འབྱོར་བླ་མེད་ལྟར་སྐྱེད་རྫོགས་དང་དམ་ཡེ་ཟུང་འཇུག་དག་མཉམ་ཆེན་པོར་བསྐྱེད་པའི་ཕྲིན་ལས་འདི་རྒྱུན་ཁྱེར་རྡོ་རྗེའི་གསུང་ཚིག་ལ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་དང་ལས་རིམ་ཅུང་ཟད་སྤྲོས་ན་ལེགས་སྙམ་གྱིས་འདི་ལྟར། སླར་ཡང་རང་ཉིད་གཟོད་མ་ནས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །གཉུག་མ་དོན་གྱི་འཕགས་མའི་སྐུ །དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་ཆགས་པའི་ཉམས་ཀྱིས་སྒེག༔ དབུ་སྐྲ་གནག་སྣུམ་སྤྱི་བོར་བཅིངས༔ རྩེ་མོར་ཡིད་བཞིན་ནོར་བུས་བརྒྱན༔ ལྷག་མ་སིལ་བུ་ལྕང་ལོར་འཕྱང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤལ་བསྣམས༔ ཞབས་ཟུང་གཡས་བརྐྱང་རོལ་པ་ཡིས༔ ཡིད་འོང་པད་ཟླའི་སྟེང་དུ་འགྱིང་། །ཕྱོགས་དུས་རྩ་གསུམ་ཆོས་སྐྱོང་ཚོགས། །ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ གཙོ་མོའི་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཏཱཾ༔ སྟོང་པ་ཤིན་ཏུ་ཡོད་མེད་འོད་གསལ་དབྱིངས༔ ནམ་མཁའ་བཞིན་ལས་ཐུགས་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མའི་ཡུམ་གྱུར་རྗེ་བཙུན་མ༔ རིགས་ཀྱི་འཁོར་ལོར་བཅས་ཏེ་གནས་འདིར་གཤེགས༔ ཕྱི་ནང་འཇིགས་དང་སྡུག་བསྔལ་མ་ལུས་སོལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ ལུས་ངག་ཡིད་ལ་མཆོག་གི་དབང་བཞི་སྐུར༔ ལས་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཏཱ་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ གཉིས་མེད་བརྟན་བཞུགས་ནི། ཨོཾ༔ རྡོ་རྗེའི་ཡེ་ཤེས་བླ་མེད་པའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ ཏིང་འཛིན་སྤྲུལ་པའི་ལྷ་ཚོགས་དང༔ དབྱེར་མེད་ཆེན་པོར་བརྟན་པར་བཞུགས༔ བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ གུས་ཕྱག་འཚལ་བ་ནི། ཨོཾ༔ དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་པ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ གཉིས་འཛིན་བྲལ་བ་ལྟ་བའི་ཕྱག༔ དག་མཉམ་ཆོས་སྐུའི་དབྱིངས་སུ་འཚལ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་མཆོད་འབུལ་བ་ནི། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན། །རྗེ་བཙུན་དམ་ཚིག་སྒྲོལ་མར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ བསྟོད་པ་ནི། ཨོཾ༔ དོན་ཡོད་གྲུབ་པ་ལས་ཀྱི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དམ་ཚིག་སྒྲོལ་མ་ཁྱོད་ལ་བསྟོད༔ ཆོས་ཉིད་གཅིག་ལས་མ་གཡོས་ཀྱང༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ བཟླས་པ་ནི། གཉུག་མ་དོན་གྱི་འཕགས་མའི་སྐུའི། །ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས། །སངས་རྒྱས་སྲས་དང་བཅས་པ་མཆོད༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་ཀུན༔ ཚུར་འདུས་བདག་ཐིམ་གཉིས་མེད་གྱུར༔ ཐ་མལ་སྣང་ཞེན་རྒྱུར་བཅས་སྦྱངས། །སྣང་གྲགས་རིག་གསུམ་རྗེ་བཙུན་མའི། །གསང་བ་གསུམ་གྱི་རོལ་པར་སད། །ཅེས་བརྗོད་ཅིང་བསམ་ལ་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ལ་བསླབ་ཅིང་སེམས་བཟུང་སྟེ་བཟླས་པའང་བྱ། དབང་གཞུང་དུ་དམ་ཡེ་དབྱེར་མེད་ཀྱི་ལས་སྦྱོར་དང་བླ་མེད་ཀྱི་བཟླས་བསྒོམ་དགོས་པའི་གསལ་ཁ་མཛད་མི་འདུག་ཀྱང་དབང་གི་སྐབས་ཟབ་དབང་གསུམ་ཀ་འབྱུང་བས། རྒྱུན་ཁྱེར་རྩ་བའི་དངོས་བསྟན་ལྟར་རྒྱུད་སྡེ་བཞིའི་ཉམས་ལེན་ཚང་ན་ལེགས་པར་སེམས་པས་བླ་མེད་ཀྱི་བསྒོམ་བཟླས་ཀྱང་བཀོད་པའོ། ༈ །ལྔ་པ་བུམ་པ་གཟུངས་སྒྲུབ་ལྟར་བྱ་བར་གསུངས་པས། གཟུངས་བུམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཏཱཾ་ཡིག་ལྗང་གུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་སྒོམ་ལ་ཡི་གེ་བཅུ་པ་དང་ཡང་སྙིང་གཟུངས་རིང་རྣམས་ཀྱི་བཟླས་པ་ཅི་འགྲུབ་དང་བསྟོད་པའི་རྒྱུད་ཀྱང་འདོན་ལ་མཐར། གཟུངས་ཀྱི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། ༼སྤྲོ་ན་གཏོར་འབུལ་དང་། ཆོས་སྲུང་གཏོར་ཆོག །ཚོགས་མཆོད་བཅས་སྐབས་འདིར་བྱས་ན་ལེགས། མཆན།༽ བདག་འཇུག་རྒྱས་བསྡུ་གང་རིགས་བྱས་ལ་གནང་བ་ནོད། ༈ དྲུག་པ་སྨིན་བྱེད་དབང་གི་ཆོ་ག་ནི། སྣོད་དུ་རུང་བའི་སློབ་མ་སྒོ་དྲུང་དུ་འཁོད་པར་ཁྲུས་ནས་དབྱུང་། ནང་དུ་འཁོད་པ་དང་བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཁྱད་པར་རྗེ་བཙུན་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་དབང་གི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེག་ཅིང་འཇོམས་པར་གདོན་མི་ཟའོ། །ཞེས་བཀའ་བསྒོས་ལ། ཨ་མྲྀཏ་དང་། སུམྦྷ་ནི་བརྗོད་པས་གུ་གུལ་ཡུངས་ཐུན་རོལ་མོ་དང་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། གྲལ་ལ་འཁོད་པ་དང་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་སྐྱེད་པའི་ཡུམ་མཆོག་ཆོས་སྐུ་ཞི་བར་བཞུགས་པའི་དུས་ན་ཀུན་ལ་ཁྱབ་པའི་དབྱིངས་འོད་གསལ་སྤྲོས་པ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ། ལོངས་སྐུའི་ཐུགས་རྗེའི་སྤྲིན་ཆེན་བཀོད་པའི་དུས་སུ་ཡེ་ཤེས་ཆེན་པོ་ལྔའི་རང་མདངས་དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་རིགས་ལྔའི་རྣམ་པར་སྣང་ཞིང་། སྤྲུལ་པའི་སྐུས་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་བསམ་གྱིས་མི་ཁྱབ་པར་སྤྲོ་བ་ལས། ཐུགས་བསྐྱེད་དང་ཕྲིན་ལས་རྒྱལ་བ་སྲས་དང་བཅས་པ་ལས་རྨད་དུ་བྱུང་བ་སྒྲོལ་མ་མྱུར་མ་དཔའ་མོ་ཞེས་པའི་མཚན་དང་སྐུའི་བཀོད་པ་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་དུ་ཁྱབ་པར་བརྡལ་ཞིང་། སངས་རྒྱས་ཀུན་གྱི་ཕྲིན་ལས་མངའ་དབང་སྒྱུར་ཏེ་སེམས་ཅན་མ་བསྒྲལ་བ་མཐའ་དག་སྒྲོལ་ཞིང་དབུགས་དབྱུང་བ་དེ་ཉིད་ཀྱི་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པའི་རོལ་མོ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུ་ཅན་འཕགས་མ་སྒྲོལ་མ་ནི། ཐུན་མོང་བའི་གདུལ་བྱའི་སྣང་ངོར། སྔོན་ཐོག་མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་དུ་དེ་བཞིན་གཤེགས་པ་རྔ་སྒྲའི་སྤྱན་སྔར་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པའི་གཡར་དམ་དུ་བཞེས་པ་ལྟར། ཉིན་རེ་བཞིན་དུ་སྔ་དྲོ་དང་ཕྱི་དྲོའི་དུས་ཀྱི་ཚེ་སེམས་ཅན་བྱེ་བ་ཕྲག་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མཛད་པས། འཕགས་མ་སྒྲོལ་མ་ཞེས་མཚན་དྲན་པ་ཙམ་གྱིས་ཀྱང་སྲིད་པ་དང་ཞི་བའི་གདུང་བ་མཐའ་དག་སེལ་བར་བྱིན་གྱིས་བརླབས། དེ་ནས་སངས་རྒྱས་དོན་ཡོད་གྲུབ་པའི་སྤྱན་སྔར་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཉེར་འཚེ་མཐའ་དག་ལས་སྲུང་ཞིང་སྐྱོབ་པར་དམ་བཅས། སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ལས་རྣམ་པར་འཕྲུལ་བའི་ཚུལ་གྱིས་འགྲོ་བ་སྒྲོལ་བའི་གྲོགས་མཛད་པ་སོགས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་རྫོགས་ལྡན་གྱི་དུས་སུ་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོས་པོ་ཊ་ལའི་རི་བོའི་རྩེར་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་པ་གསུངས། དེ་ནས་སུམ་ལྡན་དང་། ཉིས་ལྡན་དང་། རྩོད་ལྡན་གྱི་དུས་རྣམས་སུ་གདུལ་བྱ་སོ་སོའི་དབང་པོ་དང་མཐུན་པར་རྒྱུད་འབྲིང་པོ་དང་བསྡུས་པ་སོགས་ཇི་སྙེད་ཅིག་གསུངས་པས། བདག་ཅག་གི་སྟོན་པ་མཆོག་ལའང་སེར་སྐྱའི་ཁབ་ཏུ་བཞུགས་པའི་སྐབས་བཙུན་མོའི་མཆོག་ས་འཚོ་མ་འཁོར་བརྒྱད་ཁྲི་དང་བཅས་པས་སྤྲོས་བཅས་ཆགས་ཆེན་གྱི་སྤྱོད་པས་ས་བཅུ་རྫོགས་པར་མཛད་པ་དང་། ཞིང་པའི་བུ་མོ་ལེགས་སྐྱེས་མའི་ཚུལ་གྱིས་བ་མཆོག་སྟོང་གི་འོ་མའི་ཉིང་ཁུའི་ཟས་དང་བཅས་པའི་སྙོམས་འཇུག་གི་བདེ་བ་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་ཏེ། མངོན་པར་སངས་རྒྱས་པའི་ཚེ་བདུད་ཀྱི་དཔུང་མི་འཁྲུགས་ཕྲག་གཅིག་སྒྲོལ་མས་བཞད་པ་བརྒྱད་ཀྱིས་བདུད་རྣམས་བརྒྱལ་ཅིང་བསྒྱེལ་པར་མཛད་པ་དང་། གཞན་ཡང་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཆེན་པོ་ཙནྡྲ་གོ་མི། རྡོ་རྗེའི་བླ་མ་པདྨ་སམ་བྷ་ཝ། རྡོ་རྗེའི་སྐུ་བརྙེས་པཎ་ཆེན་བི་མ་ལ་མི་ཏྲ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་སྒྲོལ་མའི་སྔགས་རིག་གྲུབ་པའི་པཎ་གྲུབ་མཐའ་ཡས་པ་བྱོན་ཏེ། ཐུན་མོང་ཁྱད་པར་མཆོག་གི་དངོས་གྲུབ་བརྙེས་པའི་སྒྲུབ་ཐབས་མན་ངག་དང་བཅས་པའི་བཀའ་སྲོལ་ཡང་བཀའ་གཏེར་དག་སྣང་གི་བཀའ་བབས་ཉེ་བརྒྱུད་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་རྗེ་བཙུན་འཇམ་པའི་དབྱངས་དངོས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེའི་དབང་པོ་ཉིད་ཀྱིས། ཐུན་མོང་མ་ཡིན་པའི་ལྷག་པའི་ལྷ་མོ་འདི་ཉིད་བཀའ་གཏེར་ལུགས་སྲོལ་དུ་མའི་སྒྲུབ་ཐབས་དང་མན་ངག་རྣམས་ཉམས་བཞེས་ཚད་དུ་བསྐྱལ་པས་འཕགས་མ་མཆོག་གིས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་ཡང་ཡང་བྱིན་གྱིས་བརླབས་པ་ལས་དངོས་གྲུབ་ཀྱི་སྒོ་དུ་མ་བརྙེས། སྒྲོལ་མའི་ཆོས་སྐོར་མང་པོའི་ཟབ་གཏེར་གྱི་བཀའ་བབ་བཞུགས་པ་སྟེ། དེ་ཡང་སྒྲོལ་མ་འཇིགས་པ་ཀུན་སེལ་ལས། དེ་ལྟར་རྒྱལ་བ་ཀུན་གྱི་ཡུམ༔ འཕགས་མའི་རྒྱུད་དང་མན་ངག་ཚོགས༔ རྒྱུད་སྡེ་བཞི་དང་རབ་སྦྱར་ནས༔ རྒྱས་པར་གཞན་དུ་བསྟན་པ་ཡིན༔ ཞེས་གསུངས་པ་ལྟར་རྗེ་བླ་མ་ལ་བཀའ་བབས་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སྒྲུབ་ཐབས་འདི་ཁོ་ན་ལ་ཡང་དབང་དང་བསྐྱེད་རྫོགས་སོགས་ཟབ་ཅིང་རྒྱ་ཆེ་བར་བཞུགས་པར་མངོན་ཡང་། ཉམས་ལེན་རྒྱུན་གྱི་རྣལ་འབྱོར་འདི་ཙམ་ཐུན་མོང་གི་ཆོས་སྐལ་དུ་སྣང་བར་མཛད་ནས་སྐལ་ལྡན་རྣམས་ལ་སྤེལ་བར་མཛད་པའི་དབང་བསྐུརགྱི་་སྙིང་པོ་ཉིད་བསྐུར་བ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་བའི་བྱ་བ་ལ་འཇུག་པར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །བླ་མ་དང་རྗེ་བཙུན་སྒྲོལ་མ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་གསོལ་ན། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཅེས་གསོལ་བ་བཏབ་པས་གནང་བ་སྦྱིན་ཞིང་རྡོ་རྗེ་ཐེག་པའི་ལམ་ལ་སྤྲོ་བ་སྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ། བུ་ཚུར་ཐེག་པ་ཆེན་པོ་པ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །གུས་ཤིང་དྭངས་པའི་ཡིད་ཀྱིས་ཟུངས། །རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་དཔྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །ལན་གསུམ། དངོས་གཞི་ལ་རྩ་བའི་སྒྲུབ་ཐབས་ལྟར་རྒྱུད་སྡེ་བཞིའི་དབང་བསྐུར་རིམ་ཅན་དུ་སྦྱིན་པའི། དང་པོ་ཐུན་མོང་བྱ་རྒྱུད་དང་མཐུན་པའི་བུམ་པའི་ཆུ་ཡི་དབང་བསྐུར་བས་སྤང་བྱ་སྤོང་བའི་ས་བོན་རྒྱུད་ལ་བཞག་པས་དྲི་མ་ཐམས་ཅད་བཀྲུ་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྗེ་བཙུན་སྒྲོལ་མ། རྒྱལ་བ་སྲས་དང་བཅས་པས་བསྐོར་བ་སྤྱན་དྲངས་པ་དང་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱི་གང་བས་ཁྲུས་བྱས་ཤིང་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །རྩ་སྔགས་ཡིག་བཅུ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་སློབ་མ་ཉུང་ན་ཁྲུས་བྱ་ཞིང་བུམ་ཆུ་སྦྱིན། ཁྲོམ་ཚོགས་ལྟ་བུའི་ཚེ་བུམ་ཆུ་འཐོར་ཞིང་སྦྱིན་ནོ། །དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྐལ་པ་ཅན་དུ་བྱས་པར་མོས་མཛོད་ཅིག །སླར་ཡང་གསུང་རྡོ་རྗེ་པདྨའི་རིགས་ཀྱི་དམ་ཚིག་དང་ཡོན་ཏན་ཡོངས་སུ་རྫོགས་པའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ་དབང་བསྐུར་བས་རྟོགས་བྱ་རྟོགས་པའི་ས་བོན་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་རྒྱུད་ལ་སྐྱེས་པར་མོས་མཛོད། པདྨའི་རིགས་ཀྱི་དམ་ཚིག་མཆོག །ཕྱག་རྒྱའི་དབང་བསྐུར་བླ་ན་མེད། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །རྟོགས་པ་མཆོག་དང་ལྡན་པར་ཤོག །རྩ་སྔགས་དང་། ཨོཾ་པདྨོ་ཨུྞྦ་བཱ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་དེ་ཐལ་མོ་ཁ་སྦྱར་ལས་གུང་མཛུབ་སྲིན་གསུམ་རྩེ་ཅུང་མ་རེག་པ་ཁ་འབུས་པདྨའི་ཕྱག་རྒྱ་སྤྱི་བོར་བཞག་གོ །དེ་ནས་ཡན་ལག་བསྟོད་པའི་རྒྱུད་ཀྱི་རིག་པ་གཏད་པའི་སླད་དུ་འདུན་པ་འདི་ལྟར་མཛོད། མདུན་གྱི་དབང་ལྷ་རྗེ་བཙུན་སྒྲོལ་མའི་ཞལ་ནས་བསྟོད་པའི་རྒྱུད་ཀྱི་རྒྱལ་པོའི་སྔགས་ཀྱི་ཡིག་འབྲུ་རྣམས། བཻ་ཌཱུརྻ་ཞུན་མའི་མདངས་ཅན་འོད་ཟེར་མར་མེ་འབར་བ་ལྟ་བུ་བར་མ་ཆད་པར་བྱོན་ཏེ། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཐིམ་པས་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་བསྟོད་པའི་རྒྱལ་པོའི་རྒྱུད་ཀྱི་རྗེས་ཟློས་ལན་གསུམ་གནང་བར་ཞུ། ཞེས་བརྡ་སྤྲད་ལ། ཕྱག་འཚལ་ཉེར་གཅིག་ལན་གསུམ་དང་ཕན་ཡོན་ཚར་གཅིག་བཅས་རྗེས་ཟློས་བྱར་གཞུག །དེ་ལྟར་ཆུ་དང་ཅོད་པན་གྱི་དབང་དང་རྒྱུད་ཀྱི་རིག་པ་གཏད་པས་དབང་གི་གཞི་བཀོད་ནས། གཉིས་པ་ཁྱད་པར་སྤྱོད་རྒྱུད་ཀྱི་དགོངས་པ་རྡོ་རྗེ་གསུམ་གྱི་དབང་བསྐུར་བགྱིད་པ་ལ། ཕྱི་སྣོད་རྣམ་པར་དག་པ་བདེ་ཆེན་པདྨ་དྲྭ་བ་གཡུ་ལོ་བཀོད་པའི་ཞིང་ཁམས་བལྟ་ན་སྡུག་པའི་དབུས་སུ་ནང་བཅུད་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་དངོས་སུ་སྒྲུབ་པའི་ཕྱིར། པདྨ་དཀར་པོའི་ལྟེ་བར་ཟླ་བའི་གདན་སྟེང་ཁྱེད་རང་རྣམས་ཀྱི་གཞི་ལུས་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་དང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤ་ལ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ། སྣང་སྟོང་འོད་ལྔ་འཁྲིགས་པའི་ཀློང་དུ་ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་མཐའ་ཡས་པ་འཕྲོ་ཞིང་ཡེ་ཤེས་སྒྱུ་མའི་སྐུར་ལམ་གྱིས་གསལ་བར་གྱུར་པའི་མོས་པ་མཛོད། དབང་བསྐུར་དངོས་ལ། རྡོ་རྗེ་ཐུགས་ཀྱི་རང་བཞིན་ལག་གཡས་སུ་གཏད་པས་མཁྱེན་པ་གཉིས་ལྡན་ཡེ་ཤེས་ཐུགས་ཀྱི་དབང་མཆོག་ཐོབ་པར་མོས་ཤིག །རྡོ་རྗེ་ལག་གཡས་སུ་གཏད་དེ་གསོར་དུ་གཞུག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐུགས་དང་གཉིས་སུ་མེད། །རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས། །མཁྱེན་པ་གཉིས་ལྡན་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་བཛྲ་ཨ་བྷི་ཥིཉྩ་མི། དྲིལ་བུ་གསུང་གི་རང་བཞིན་ལག་གཡོན་དུ་གཏད་པས་གསུང་གྲགས་སྟོང་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་དབང་མཆོག་ཐོབ་པར་མོས་ཤིག །དྲིལ་བུ་ལག་གཡོན་དུ་གཏད་དེ་དཀྲོལ་ནས་དཀུར་བསྟེན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་གསུང་དང་གཉིས་སུ་མེད། །དྲིལ་བུ་གསུང་གི་དབང་བསྐུར་བས། །ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་ཤོག །རྩ་སྔགས། ཝཱ་ཀ་གཎྜེ་ཨ་བྷི་ཥིཉྩ་མི། ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་སྐུ་ཡི་དམ་ཚིག་མངོན་དུ་གྱུར་པའི་བརྡར་ཐུགས་ཀར་བསྣོལ་ཏེ་བཟུང་བ་ལ། ནམ་མཁའ་གང་བའི་དབང་གི་ལྷས་རྡོ་རྗེའི་མིང་གི་དབང་བསྐུར་བར་གྱུར་པའི་མོས་པ་གྱིས་ཤིག །སློབ་དཔོན་གྱིས་རྡོར་དྲིལ་བསྣོལ་ནས་སྤྱི་བོར་བཟུང་སྟེ་དཀྲོལ་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྐུ་དང་གཉིས་སུ་མེད། །རྡོ་རྗེ་མིང་གི་དབང་བསྐུར་བས། །མཚན་གྱིས་ས་གསུམ་ཁྱབ་པར་ཤོག །རྩ་སྔགས། ཀཱ་ཡ་ནཱམ་ཨ་བྷི་ཥིཉྩ་མི། དེ་ལྟར་དངོས་གཞིའི་རྣལ་འབྱོར་རྒྱུད་ཀྱི་བུམ་དབང་གི་སྦྱོར་བར་འབྲེལ་བའི་བྱ་སྤྱོད་ཀྱི་རིག་དབང་ལྔ་པོ་གྲུབ་སྟེ། ཉོན་མོངས་པ་དུག་ལྔ་དག །ཕུང་པོ་ལྔ་ཡེ་ཤེས་སུ་གནས་གྱུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་རིགས་ཀྱི་ལས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །ནམ་མཁར་བཞུགས་པའི་དབང་ལྷ་ཡེ་ཤེས་པ་རྣམས་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོཿ ཞེས་ཕྱག་རྒྱ་བཞིས་ཁྱེད་རང་རྣམས་ལ་བསྟིམས་པས་དམ་ཡེ་དབྱེར་མེད་རྗེ་བཙུན་བཅོམ་ལྡན་འདས་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པ་ལ། གསུམ་པ་རྣལ་འབྱོར་རྒྱུད་དང་བཞི་པ་བླ་མེད་མ་ཧཱ་ཡོ་གའི་དབང་ཐམས་ཅད་རྫོགས་པའི་ཆེད་དུ་སླར་ཡང་བཀྲ་ཤིས་རྣམ་རྒྱལ་བུམ་པས་དབང་བསྐུར་བས། དེ་ཉིད་བཅུ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་དང་བྱ་བ་ཐམས་ཅད་སྒྲུབ་པ་ལ་དབང་ཐོབ་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སེང་གེའི་ཁྲི་ལ་མངའ་གསོལ་བར་མོས་ཤིག །རྣམ་བུམ་གྱིས་སླར་ཡང་དབང་བསྐུར་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་ལྟར་དབང་བསྐུར་པའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་གྱུར། རྟེན་སྙིང་དང་སུ་པྲ་ཏིཥྛ་བརྗོད་ཅིང་མེ་ཏོག་འཐོར་ལ་རབ་ཏུ་གནས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། དཀོན་མཆོག་གསུམ་གྱི་ཤིས་བརྗོད་བྱ། མ་ཧཱའི་ལམ་རིམ་ཁྱད་པར་བ་རྡོ་རྗེ་གསུམ་གྱི་ལམ་བྱེད་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་འཇུག་པའི་ཕྱིར་ནང་ལྷ་སྔགས་རིག་པའི་དབང་བསྐུར་སྦྱིན་པའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་འཕགས་མའི་སྨིན་མཚམས་ནས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྐུ་སྤྱི་བོར་བཞག །ཨོཾ། རྗེ་བཙུན་སྒྲོལ་མའི་སྐུ་ཡི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན། །ཡེ་ཤེས་སྐུ་རུ་དག་པར་ཤོག །ཡིག་བཅུའི་མཐར། ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་ཞིང་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་འཕགས་མའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་གྱི་མཐར་འཁོད་པ། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འཕགས་མའི་སྐུ་ནམ་མཁའ་གང་བར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ཐམས་ཅད་ཡོངས་སུ་སྦྱངས། སྣང་སྲིད་སྣོད་བཅུད་ཐམས་ཅད་འཕགས་མའི་གསང་གསུམ་ཡེ་ཤེས་ཀྱི་རོལ་པར་ཤར་བས། མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་ཡིད་བཞིན་དུ་འགྲུབ་པའི་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་དང་། ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བྷོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾ། པྲ་དུཥྚཱཾ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སཏྭཾ་བྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཱཾ། སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་སོ་སོར་ལན་གསུམ་གསུམ་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱཿ རྗེ་བཙུན་སྒྲོལ་མའི་གསུང་གི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །ཕྱི་ནང་བརྟན་གཡོའི་སྒྲ་སྐད་ཀུན། །རྡོ་རྗེའི་སྔགས་སུ་རྫོགས་པར་ཤོག །ཡིག་བཅུའི་མཐར། ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲོད་པའི་སླད་དུ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཤེས་པར་གྱིས་ལ། སྣང་རིག་ཟུང་འཇུག་རང་བྱུང་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་སྙིང་གར་བཞག་ལ། ཧཱུྃ། རྗེ་བཙུན་སྒྲོལ་མའི་ཐུགས་ཀྱི་དབང་། །དེང་འདིར་ཁྱོད་ལ་སྦྱིན་པ་ཡིས། །གཟུང་འཛིན་རྟོག་ཚོགས་ཇི་སྙེད་ཀུན། །འོད་གསལ་དབྱིངས་སུ་སྨིན་པར་ཤོག །ཡིག་བཅུའི་མཐར། ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ནས་རྩ་ཁམས་ལྷར་སྨིན། ལམ་མ་ཧཱའི་བསྐྱེད་རིམ་བསྒོམ་པ་ལ་དབང་། སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྣལ་འབྱོར་བླ་མེད་ཀྱི་ཨ་ནུ་དང་ཨ་ཏིའི་གསང་བ་ཟབ་མོའི་དབང་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་སྦྱོར་བ་ཨ་ནུའི་རྩ་ཁམས་རང་བྱིན་བརླབ་པ་གསང་བའི་དབང་གི་སླད་དུ། བླ་མ་བཅོམ་ལྡན་འདས་མ་ཡབ་དོན་ཡོད་གྲུབ་པ་རྡོ་རྗེ་རྟའི་རྒྱལ་པོ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་སྤྱན་དྲངས་ཏེ་སྐུ་ལ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས། དཀར་དམར་ལྷག་པའི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག །གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཨཱཿ ཡབ་ཡུམ་སྙོམས་པར་ཞུགས་པ་ཡིས། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས། །གསལ་སྟོང་ཡེ་ཤེས་ཉམས་མྱོང་ཤོག །ཡིག་བཅུའི་མཐར། བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་མྱངས་པའི་བྱང་སེམས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག་ནས་རླུང་ཁམས་སྔགས་སུ་སྨིན། ལམ་ཨ་ནུའི་རང་བྱིན་བརླབ་བསྒོམ་པ་ལ་དབང་། གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་དངོས་གཞི་ཨ་ནུའི་དཔེ་ཡི་ཡེ་ཤེས་མཚོན་པའི་སླད་དུ། གཟུགས་དང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་ཞིང་མཚན་ཉིད་མཆོག་དང་ལྡན་པའི་རིག་མ་ཕྱག་གཡོན་དུ་བྱིན་པར་མོས་ཤིག །སིན་དཀྱིལ་ལམ་གཟུགས་བརྙན་གཏད་ལ། ཧཱུྃ། དགའ་བའི་སྒྱུ་རྩལ་ཡིད་དུ་འོང་། །སྣ་ཚོགས་གཟུགས་ཅན་འདི་ཁྱེར་ལ། །འདུ་ཤེས་གསུམ་གྱི་སྦྱོར་བ་ཡིས། །དཔེ་ཡི་ཡེ་ཤེས་མཚོན་པར་གྱིས། །ཡིག་བཅུའི་མཐར། པྲ་ཛྙཱ་ཛྙཱ་ན་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ། སློབ་མ་ཐབས་མཆོག་དོན་གྲུབ་རྟ་ཡི་རྒྱལ་པོ་དང་རིག་མ་འཕགས་མ་སྒྲོལ་མར་གསལ་བའི་ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བུ་གར་ཕཊ་དང་། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་གསུམ་པ་ཟེའུ་འབྲུར་ཨཱཾཿགིས་མཚན་པར་གསལ་ཐོབས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པས་ཡབ་ཡུམ་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་བྱང་སེམས་ཐིག་ལེ་གཡོས། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་ཡས་བབ་རྒྱུའི་དགའ་བ་བཞི་ཉམས་སུ་མྱོང་། རྡོ་རྗེ་ནོར་བུའི་རྩེར་ལྷན་ཅིག་སྐྱེས་པའི་བདེ་ཆེན་དཔེའི་ཡེ་ཤེས་མངོན་དུ་བྱས། སླར་གྱེན་དུ་ལྡོག་པས་མས་བརྟན་འབྲས་བུའི་དགའ་བ་བཞི་དང་ཟུང་དུ་འཇུག་པའི་སྟོང་པ་བཞིའི་འོད་གསལ་གྱི་མཐར་ཐུག་བརྗོད་བྲལ་དཔེ་ཡི་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ནས་ཐིག་ལེ་ཡེ་ཤེས་སུ་སྨིན། ལམ་ཨ་ནུའི་གཞན་ལུས་བསྟེན་པ་ལ་དབང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་རྗེས་ཨ་ཏི་དོན་གྱི་ཡེ་ཤེས་ངོ་སྤྲད་པ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས། གདོད་ནས་མི་ཤིགས་ཐིག་ལེ་ཆེན་པོའི་དབྱིངས་སུ་བཞུགས་པའི་ངེས་པ་དོན་གྱི་འཕགས་མའི་དགོངས་པ་རྡོ་རྗེའི་ཚིག་གིས་ངོ་སྤྲད་པའི་དོན་ལ་མཉམ་པར་ཞོག་ཅིག །ཤེལ་རྡོ་བསྟན་ཅིང་གནས་གསུམ་དུ་བཞག །ཧོཿ རྟག་ཏུ་སྙིང་ལ་གནས་པ་ཡི། །མི་ཤིགས་ཐིག་ལེ་བདེ་བ་ཆེ། །རྣམ་ཀུན་སྟོང་པ་ཟུང་འཇུག་པའི། །དོན་གྱི་ལྷན་སྐྱེས་མངོན་གྱུར་ཤོག །ཡིག་བཅུའི་མཐར། དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨཿ ཞེས་ཅུང་ཟད་མཉམ་པར་འཇོག །དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས་དྭངས་མ་འགྱུར་མེད་དུ་སྨིན། ལམ་ཨ་ཏིའི་འོད་གསལ་ཡེ་ཤེས་བསྒོམ་པ་ལ་དབང་། རིག་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དབང་བསྐུར་ཡོངས་སུ་རྫོགས་པའི་བརྡ་རྟགས་སུ་སྲིད་ཞིའི་དགེ་ལེགས་དཔལ་གྱི་རང་གཟུགས་བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན་གྱིས་མངའ་གསོལ་བས། ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་གྱུར་ནས་དགེ་ལེགས་རྟག་པའི་ཉི་མ་ཁོར་ཡུག་ཏུ་འཆར་བའི་མོས་པ་མཛོད། ཨོཾ། ཕུན་ཚོགས་སྲིད་ཞིའི་མཆོད་སྡོང་མཚུངས་པ་མེད། །ཕུན་ཚོགས་དཔལ་ཀུན་རྩོལ་མཛད་ཐུབ་པ་ཆེས། །ཕུན་ཚོགས་བཀྲ་ཤིས་རྫས་སུ་བྱིན་བརླབས་འདིས། །ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས་གྱུར་ཅིག །ཨཱཿ བཀྲ་ཤིས་ཚོགས་གཉིས་ལྗོན་པའི་མྱུ་གུ་ལས། །བཀྲ་ཤིས་མཚན་བཟང་མེ་ཏོག་རྒྱས་པའི་དཔལ། །བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱིས་དབང་བསྐུར་བས། །བཀྲ་ཤིས་སྲིད་མཐར་མི་ཉམས་རྟག་བརྟན་ཅིག །ཧཱུྃ། དགེ་བཅུའི་ཁ་ལོ་གྱེན་ལ་བསྒྱུར་མཛད་པའི། །དགེ་ཚོགས་རྨད་བྱུང་འཁོར་ལོས་བསྒྱུར་རྒྱལ་གྱིས། །དགེ་མཚན་རིན་ཆེན་བདུན་གྱིས་མངའ་གསོལ་བས། །དགེ་འདུན་སྡེ་འཕེལ་ཆོས་སྲིད་དར་གྱུར་ཅིག །ཅེས་མངའ་གསོལ་ལ་བཀྲ་ཤིས་པའི་ཚིགས་སུ་གཅད་པ་ཅི་རིགས་བརྗོད་དོ། །དེ་དག་གིས་གསང་བ་རྒྱ་མཚོའི་ཤིང་རྟ་ཐམས་ཅད་མཁྱེན་གཟིགས་༧འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་གཏེར། རྒྱུད་སྡེ་བཞི་འབྲེལ་གྱི་སྒྲོལ་མའི་དོན་གྱི་དབང་བསྐུར་སྙིང་པོ་བསྡུས་པ་ལེགས་པར་བགྱིས་གྲུབ་པ་ལགས་པས་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་མ་ཉམས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་སྤྱི་ལྟར་བྱའོ། ༈ །གསུམ་པ་རྗེས་ཀྱི་རིམ་པ་ལས། ༼གོང་དུ་ཚོགས་མཆོད་བྱས་ན་ལྷག་ཆོག་འདིར་སྦྱར། མཆན།༽ དང་པོ་དངོས་གྲུབ་བླང་བ་ནི། གཏང་རག་གི་མཆོད་བསྟོད་མདོར་བསྡུས་བྱས་ལ། ཨོཾ༔ ཤིན་ཏུ་རྣམ་དག་འོད་གསལ་དཀྱིལ༔ རིག་པ་ཡེ་ཤེས་འཁོར་ལོའི་ཚུལ༔ ཚོགས་མཆོག་དམ་ཚིག་སྒྲོལ་མའི་ལྷ༔ རྩེ་གཅིག་བསྙེན་ཅིང་བསྒྲུབས་ལགས་ན༔ སྔོན་ཚེ་ཐུགས་བསྐྱེད་དམ་བཅས་ལྟར༔ མི་འགྱུར་མི་ཤིགས་འོད་གསལ་རྩལ༔ རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མཆོག་གི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ གཉིས་པ་ནོངས་བཤགས་ནི། ཧོ༔ རྗེ་བཙུན་འཕགས་མའི་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཨ་ཨ་ཨ༔ ཞེས་འཁོར་གསུམ་མི་རྟོག་པའི་ངང་དུ་མཉམ་པར་བཞག །གསུམ་པ་བསྡུ་རིམ་ནི། ཨ༔ རིག་པ་རང་སྣང་དམ་ཚིག་པ༔ རང་བྱུང་ཡེ་ཤེས་དབྱིངས་ཀྱི་ཀློང༔ འདུ་འབྲལ་མེད་པར་རོ་གཅིག་ཕྱིར༔ ཞལ་ཕྱག་མཚན་མ་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ བཞི་པ་རྗེས་སྤྱོད་ནི། ཏཱཾ༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ བདག་ཉིད་དམ་ཚིག་སྒྲོལ་མའི་སྐུ༔ སྣང་གྲགས་རྟོག་གསུམ་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ ཞེས་དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་སོགས་གསོལ་འདེབས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །མཚན་གྱི་ཨུཏྤལ་འཆང་ཙམ་གྱིས། །ཕན་བདེའི་ཟིལ་མངར་འདོད་འཇོ་ན། །ཚུལ་བཞིན་བསྙེན་དང་བསྒྲུབས་པ་ན། །དགེ་ལེགས་དཔལ་སྟེར་སྨྲོས་ཅི་དགོས། །དེ་ཕྱིར་ཚད་མའི་མཁས་གྲུབ་ཀྱི། །བཀའ་སྲོལ་སྨིན་གྲོལ་ཟབ་མོའི་རྒྱུན། །འཕེལ་ཕྱིར་ལྷག་བསམ་ཁུར་འདིས་ཀྱང་། དགེ་ལེགས་སྣང་བ་རྟག་བརྟན་ཤོག །ཅེས་པའང་ཐམས་ཅད་མཁྱེན་གཟིགས་མཉྫུ་གྷོ་ཥའི་རྡོ་རྗེ་གསུང་གི་ཟེག་མ་ཙམ་ཡང་ནོར་བུ་རིན་པོ་ཆེའི་རྡུལ་བཞིན་སྲིད་འདིར་ནུབ་པར་ཕངས་ནས། ཀུན་མཁྱེན་བླ་མ་དྷརྨ་མ་ཏིའི་བཀའ་དྲིན་གྱིས་ཟབ་གསང་མཆོག་འདིས་སྨིན་པའི་སྐལ་པ་བཟང་པོར་གྱུར་པའི་དད་དང་ལྷག་བསམ་གྱིས་བྲིས་ཀྱང་། སྒྲུབ་ཐབས་རྩ་བ་རྒྱུན་ཁྱེར་ལས་མི་བཞུགས་པས་བསྡུས་དྲགས། དབང་ཡང་རྩ་ཐོ་ཙམ་ལས་མེད་པ་ལ་འཁོར་ལོའི་མགོན་པོ་འཇམ་མགོན་བླ་མས་ཆོག་ཁྲིགས་བཞུགས་ཀྱང་དཔེ་རྒྱུན་དབྱིངས་སུ་མནལ་བས་མི་འབྲི་ཀ་མེད་བྱུང་བ་ལ། རང་བློས་གང་དཔོག་ཏུ་དཔྱད་དེ་བྲིས་ཀྱང་དོགས་གནས་མང་དུ་བྱུང་བས་རྗེ་འདིའི་གསུང་གི་གསང་བ་དཔོག་ནུས་ཆོས་ཀྱི་སྤྱན་ལྡན་དཔང་པོར་ཞུ་ཡུལ་མ་མཆིས་པས། ནོར་འཁྲུལ་གང་བྱུང་ལྷ་དང་མཁའ་འགྲོའི་སྤྱན་སྔར་སྙིང་ནས་བཤགས་ཤིང་ལེགས་བྱས་ཀྱི་སྣང་བས་བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་སུ་སྨོན་ཏེ་སྒྲོལ་མ་འབུམ་ཕྲག་དྲུག་གསོག་པའི་སྐབས་བཀླག་ཆོག་གི་ཚུལ་དུ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་དགྱེས་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ཞོལ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་དུ་བྲིས་པས། ཡི་གེ་པ་ནི་རེབ་གོང་སྔགས་བན་འཇིགས་མེད་སྐལ་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས་བགྱིས་པས་སྙིགས་དུས་ཀྱི་རྒུད་པ་ཞི་བའི་བསྟན་འགྲོའི་དཔལ་ཡོན་ཅིར་ཡང་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །། ༈ འབུལ་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ༔ ཧེ་ཧེ་བྷ་ག་བ་ཏཱི༔ མ་ཧཱ་སཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ༔ མཱ་བི་ལཾ་བ་མཱ་བི་ལཾ་བ༔ ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ༔ ལན་གསུམ་གྱིས་ཕུལ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྗེ་བཙུན་མྱུར་མ་དཔའ་མོ་དང༔ འཇིགས་པ་ཐམས་ཅད་སེལ་མཛད་མ༔ འཁོར་གྱི་ཚོགས་དང་བཅས་ལ་བསྟོད༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ བདག་གཞན་གནས་སྐབས་མཐར་ཐུག་གི༔ ཕྱི་ནང་འཇིགས་བརྒྱད་ཚོགས་རྣམས་ཀུན༔ སྲུང་དང་ཞི་དང་ཟློག་པར་མཛོད༔ འཁོར་བ་ངན་སོང་སྡུག་བསྔལ་སྒྲོལ༔ ཚེ་དང་བསོད་ནམས་ཡེ་ཤེས་སོགས༔ མཆོག་ཐུན་ཕྲིན་ལས་རྒྱས་པར་མཛོད༔ ཅེས་བསྟོད་ཅིང་འདོད་དོན་གསོལ། སྤྲོ་ཞིང་ནུས་ན་ཆ་གསུམ་གཏོར་མ་གཏང་ངོ།། ༈ །།འཕགས་མ་སྒྲོལ་མའི་ཚོགས་མཆོད་ཤིན་ཏུ་བསྡུས་པ་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻ་ཏཱ་རེ་ཡེ། རྗེ་བཙུན་སྒྲོལ་མའི་ལྷ་ལ་ཚོགས་མཆོད་འབུལ་བར་འདོད་ན་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ཐབས་ཤེས་ཀྱི་དམ་རྫས་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་རྣམས་བསང་ཆུ་དང་བདུད་རྩི་བྲན་ལ། རཾ་ཡཾ་ཁཾ། ཡེ་ཤེས་རིག་རྩལ་མེ་རླུང་ཆུས། །ཚོགས་རྫས་དངོས་འཛིན་བསྲེགས་གཏོར་སྦྱངས། །བྷནྡྷའི་སྣོད་དུ་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་ཕུང་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་དང་། །ལས་རབ་བཀོད་པ་ལོངས་སྐུའི་ཞིང། །གནས་གསུམ་སྤྲུལ་པའི་དཀྱིལ་འཁོར་ནས། །དམ་ཚིག་སྒྲོལ་མ་རྣལ་འབྱོར་མ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས། །ལོངས་སྤྱོད་རྣམ་པ་ཐམས་ཅད་པའི། །ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས། །གཟུང་འཛིན་རྟོག་ཚོགས་དབྱིངས་སུ་སྒྲོལ། །མཆོག་ཐུན་ཕྲིན་ལས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ལྷག་མ་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། ཕཻཾ་ཞེས་པས་མགྲོན་དགུག །ཨོཾ་ཨུཥྨྀ་ཊ་བྷ་ལིཾ་ཏ་ཁཱ་ཧི། ཞེས་བསྔོས། རྗེ་བཙུན་འཕགས་མའི་ལྷ་ཚོགས་ལ། །རྨད་བྱུང་མཆོད་པ་ཕུལ་པ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ། རྗེས་སུ་མཆོད་བསྟོད། འདོད་གསོལ། ནོངས་བཤགས། ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། བསྔོ་སྨོན། བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ །མངྒ་ལཾ།། །།
ཡེ་ཤེས་རབ་འབར་ལས༔ ཚེ་དབང་འཆི་མེད་རྔ་སྒྲ་ (Volume 13, Text 33)
༁ྃ༔ ཡེ་ཤེས་རབ་འབར་ལས༔ ཚེ་དབང་འཆི་མེད་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། ། ཡེ་ཤེས་རབ་འབར་ལས༔ ཚེ་དབང་འཆི་མེད་རྔ་སྒྲ་ནི༔ དྷ་དྷི་གྷུ་ཏི་ཧཱུྃ༔ འཆི་མེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རབ་འབར་དྲག་པོའི་རྣལ་འབྱོར་པས༔ རང་གཞན་ཚེ་ཡི་བར་ཆད་ཞི་བ་དང༔ ཚེ་ཡི་རིག་འཛིན་མཆོག་ལ་དབང་བའི་ཐབས༔ འཆི་མེད་རྔ་སྒྲ་ཚེ་བཅུད་ནོར་བུ་འདི༔ ལང་གྲོའི་སྤྲུལ་པར་བཀའ་བབས་རྗེས་གནང་ནས༔ སྨོན་ལམ་མཐུ་བཙན་དུས་སུ་སྤྱོད་པ་འབྱུང༔ རི་ངོགས་དྲང་སྲོང་འདུ་བའི་ས་ཕྱོགས་སུ༔ དཀྱིལ་འཁོར་བུམ་པ་ཚེ་ཡི་རིལ་བུར་བཅས༔ རྟགས་ཚད་གྲུབ་པའི་མཚན་མ་རྫོགས་པར་བསྒྲུབ༔ འགྲུབ་ནས་སྣོད་ལྡན་བཅུད་དང་སྦྱར་བའི་ཐབས༔ ཁྲུས་བྱས་བགེགས་བསྐྲད་མཎྜལ་གསོལ་བ་ནི༔ ཨེ་མ་མགོན་པོ་ཆེ་བའི་མཆོག༔ རིག་འཛིན་ཚེ་ཡི་དབང་ཕྱུག་དགོངས༔ དུས་མིན་འཆི་བའི་གེགས་སེལ་ནས༔ ཚེ་ཡི་རིག་འཛིན་དངོས་གྲུབ་སྩོལ༔ ཞུས་པས༔ ཧོ་དད་ལྡན་དགེ་བའི་ངང་ཚུལ་ཅན༔ འགྲོ་ལ་བྱམས་དང་ཕན་སེམས་ལྡན༔ དགེ་བའི་ས་བོན་ལྡན་ལ་སྦྱིན༔ ཚུལ་མིན་ཡིན་ན་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡང་ཞུ་བ་ནི༔ བདག་ནི་དཀར་པོའི་ཆོས་ལ་ཞུགས༔ གཞན་ལ་ཕན་པའི་སེམས་མཆོག་བསྐྱེད༔ དུས་མིན་འཆི་བ་བཟློག་པ་དང༔ ཚེ་ཡི་དབང་མཆོག་བསྩལ་དུ་གསོལ༔ ཞུས་པས༔ ཡེ་ཤེས་པ་དབབ༔ དམ་ཚིག་པ་བརྟན་པར་བྱེད༔ ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ༔ དྲག་པོའི་ལྷ་དབང་ལུས་ལ་བསྐུར༔ འཇིགས་པ་བརྒྱད་སོགས་དུས་མིན་བགེགས༔ ཚེ་ལ་བར་ཆད་མི་འབྱུང་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་སོགསྎ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཧཱུྃ་ཧྲཱི༔ སྐྱེ་མེད་བུམ་པའི་ཀློང་ཡངས་ནས༔ ཆོས་ཉིད་འདུས་མ་བྱས་པའི་ལྷ༔ ཚེ་མཆོག་འཆི་མེད་བདུད་རྩི་འདིས༔ ཚེ་ཡི་རིག་འཛིན་མཆོག་ཐོབ་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ བྷནྡྷ་མགྲིན་པར་བཞག༔ ཧཱུྃ་ཧྲཱི༔ བྷནྡྷ་དྲག་པོའི་གཞལ་ཡས་ཁང༔ ལྷ་ཚོགས་བྱང་ཆུབ་སེམས་ཀྱི་རྒྱུན༔ མྱང་བས་འཆི་མེད་རིག་འཛིན་གྱི༔ དངོས་གྲུབ་བདུད་རྩིའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཤེལ་དང་རྡོ་རྗེ་སྙིང་ཁར་བཞག༔ ཧཱུྃ་ཧྲཱི༔ སེམས་ཉིད་གསལ་ལ་འགག་པ་མེད༔ སྣང་སྟོང་ཟུང་འཇུག་སྐྱེ་འཆི་བྲལ༔ མི་ཤིགས་རྡོ་རྗེ་དྲག་པོའི་རྒྱ༔ སྐྱེ་འཆི་བྲལ་བའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲུབ་གཏོར་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ དམ་ཚིག་དྲག་པོ་སྲུང་བའི་གུར༔ ཡེ་ཤེས་འཆི་མེད་བཅུད་དུ་དབབ༔ དབང་དྲག་ཚེ་དཔག་མེད་མགོན་གྱི༔ ཡོན་ཏན་ལྷུན་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨརྩིགྎ ཨཱོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ གུ་ཎ་ཨཱ་ཡུརྫྙཱ་ན་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་ཆང་བཅས་པ་སྦྱིན་ལ༔ ཧཱུྃ་ཧྲཱི༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་སྐུ་པད་འབྱུང་སྔོན་བྱུང་དྲང་སྲོང་གི༔ ཚེ་རིལ་བདུད་རྩི་ཟག་མེད་རྫས་མཆོག་གིས༔ རེག་ཚད་བགེགས་ཞི་མྱང་ཚད་རིག་འཛིན་སར༔ སྐད་ཅིག་བགྲོད་པའི་ཕྲིན་ལས་རྫས་མཆོག་གིས༔ མཁའ་ཁྱབ་སེམས་ཅན་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨཱ་ཡུརྫྙཱ་ན་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་རྒྱ་མ་ཆུང༔ གསང་སྔགས་དབང་གི་སྲོག་ཤིང་དམ་ཚིག་སྲུངས༔ ཡར་མཆོད་མར་སྦྱིན་དགེ་བའི་སོ་ནམ་དང༔ གཞན་གྱི་སྲོག་བསླུ་ཚཱ་ཚ་ལམ་འཕྲང་བཅོས༔ དབང་རྟེན་ཡན་ལག་གཅེས་སོ་རྗེས་འཇུག་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་དཀྱིལ་འཁོར་གྱི་གནས་བཅུད། དུས་སུ་ཆོས་བདག་ལ་བབས་པ་འདིའོ།། །།
ཁྲོས་ནག་གི་གཏུམ་མོའི་མེ་དབང་བསྐུར་བའི་ཆོ་ག་བཀླགས་པས་གྲུབ་པ་ (Volume 34, Text 34)
༄༅། ཁྲོས་ནག་གི་གཏུམ་མོའི་མེ་དབང་བསྐུར་བའི་ཆོ་ག་བཀླགས་པས་གྲུབ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཡོ་གི་ནཱི་ཡེ། མི་འགྱུར་བདེ་ཆེན་གཉུག་མའི་ཡེ་ཤེས་ཀྱིས། །གང་ཐུགས་གཡོ་མེད་ལེགས་གཏམས་བླ་མ་དང་། །ཐ་དད་མ་དམིགས་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་མེ་དབང་བྱིན་རླབས་སྐུར་ཚུལ་བྲི། །ཇི་སྐད་དུ་རྩ་བར། མེ་དབང་བསྐུར་བ་ནི༔ མར་མེ་གཅིག་གཏད་ལ་ཟར་གཞུག༔ གཏོར་དབང་ཞིག་བྱ༔ དེས་ཆོག་གོ༔ ཞེས་གསུངས་པའི་རྡོ་རྗེའི་ཚིག་ཉིད་ལག་ལེན་ཁྱེར་བདེ་བཀླགས་ཆོག་ནག་འགྲོས་སུ་དགོད་པ་ལ། གནས་དུས་དགེ་བར་མཎྜལ་ཆོས་འབྱུང་ཉིས་བརྩེགས་བྲིས་པའམ། ཡང་ན་སྟེགས་བཀོད་ལེགས་པའི་སྟེང་དུ་འབྲུའི་ཚོམ་བུ་ལྔ་ཚོམས་སུ་བཀོད་པའི་དབུས་སུ། ཐོད་སྟེགས་མི་མགོའི་སྒྱེད་པུ་གསུམ་གྱི་ཁར་ཐོད་པ་མཚན་ལྡན་དུ་སྨན་ཕབས་དང་དྲོད་སྨན་ཛ་གད་བཟང་པོ་སྦྱར་བས་བཀང་། དེའི་ཁར་འཁར་བའི་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བསྣོལ་མའི་དབུས་དང་ཕྱོགས་བཞིར་ཨ་ཧ་རི་ནི་ས་ལ་རྩ་སྔགས་ཀྱིས་གཡོན་དུ་བསྐོར་བས་བཀབ། དེའི་སྟེང་དུ་མཉྫི་མཐོ་བར་ཐོད་པ་མཚན་ལྡན་དུ་འབྲུ་བཟང་པོའི་རྗེན་ལ་བདུད་རྩི་ཆོས་སྨན་དང་རིན་པོ་ཆེ་འབྲུ་སྨན་ཤ་ཁྲག་མེ་ཏོག་ཕྱེ་སྟེ་ཁྱད་པར་གྱི་རྫས་བསྲེས་པ་ལ། དཔལ་གཏོར་དབལ་ཁ་རྣོ་ཞིང་དོད་པ་འཁོར་རང་འདྲ་བཞིས་བསྐོར་བའི་མཐར་བུར་དཀར་གང་རིགས་ཀྱི་འཕྲོད་དང་སྦྱར་བའི་ཕྱེ་མར་ལ་ཁྱད་པར་གྱི་རྫས་དྲོད་སྨན་གང་འཛོམ་དང་སྦྱར་བའི་རིལ་བུ་མི་གྲངས་ལས་ཅུང་ཟད་མང་བས་བཅེར། གཏོར་མའི་རྩེར་སྐུ་རྟེན་གྱི་ཙཀླི་དར་དམར་གྱི་གུར་ཕུབ་པ་བཙུགས། དཀྱིལ་འཁོར་གྱི་མཐར་བུར་སྦྲང་དང་དྲོད་སྨན་སྦྱར་བའི་ཁུ་བས་བརྫིས་པའི་ཟན་ལ་མི་གྲངས་ལས་ཅུང་ཟད་ལྷག་པའི་ཞུན་མར་གྱི་ཏིང་ལོ་ཆུང་ངུ་བཟོས་པས་བསྐོར། གཞན་ཡང་འདས་མ་འདས་ཀྱི་མཁའ་འགྲོའི་གཏོར་མ། སྨན་རཀ །ཕྱི་ནང་གི་མཆོད་པ་དང་བཅས་ཅི་བདེར་བཤམ། ཌཱ་དྲིལ་རྐང་གླིང་སོགས་རོལ་མོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱས་ལ། ཆོ་ག་མཁའ་སྤྱོད་བགྲོད་པའི་ཉེ་ལམ་བཞིན་ནང་མཆོད་ནས་གཟུང་། བདག་བསྐྱེད་ཀྱི་བཟླས་པའི་བར་དཀྱུས་ལྟར་བཏང་། དེ་ནས་མདུན་བསྐྱེད་ཀྱི་དོད། གཏོར་སྣོད་ཆོས་འབྱུང་དམར་ནག་འབར་བའི་གཞལ་ཡས་ཁང་གི་ནང་དུ་པད་ཉི་རོའི་གདན་ལ། ཨ་ཧ་རི་ནི་ས་ལས་ཡེ་ཤེས་ལྔའི་རིག་རྩལ་ཕག་མོ་ཁྲོས་མ་ལྷ་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བར་གྱུར། ཐོད་པའི་དམ་རྫས་མེ་ལོང་གི་དཀྱིལ་འཁོར་དང་བཅས་པ་ངོ་བོ་རྡོ་རྗེ་ཕག་མོ་ལ། རྣམ་པ་ཡེ་ཤེས་ཀྱི་བདུད་རྩི་དང་ཡི་གེའི་གཟུགས་སུ་གསལ་བར་གྱུར། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཕཻཾ་ཞེས་འབར་བའི་རྒྱ་དང་བཅས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་གུ་རུ་མཎྜལ་ཤྲཱི་བཛྲ་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། རང་གི་སྙིང་ག་ནས་སྔགས་ཕྲེང་སྤྲོས་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རྗེས་ཆགས་ཀྱིས་འོད་དུ་ཞུ་བ་མདུན་བསྐྱེད་ཀྱི་འཁོར་ལོ་ལ་ཐིམ་པར་མོས་ལ། རྩ་སྔགས་འབྲུ་བཅུ་དྲུག་པ་དང་འབྲུ་ལྔ་པ་གཉིས་ཀྱི་ཤམ་བུར། བཛྲ་ཛྙཱ་ན་ཛྭ་ལ་རཾ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་བཏགས་པའི་བཟླས་པ་ཅི་འགྲུབ་བྱས་རྗེས། གཏོར་ཆོག་ལྟར་མཁའ་འགྲོའི་གཏོར་འབུལ་བྱ། དེ་ནས་དབང་བསྐུར་བ་ནི། སློབ་དཔོན་ཧེ་རུ་ཀའི་ཆས་སུ་ཞུགས་ཏེ་ཁྲིའུ་ལ་བཟང་པོའི་སྟབས་ཀྱིས་འདུག་ནས། སློབ་མ་རྣམས་བདུད་རྩི་ལྔ་དང་སྦྱར་བའི་དྲིའི་ཆུས་ཁྲུས་བྱས། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་མེ་མཚོན་ཁྲོ་བོའི་ཚོགས་ཀྱིས་བགེགས་བསྐྲད་པར་བསམ་ལ། བདེན་སྟོབས་བརྗོད་པའི་མཐར། དེང་འདིར་མེ་དབང་ཟབ་མོའི་བྱིན་རླབས་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཅེས་པའི་མཐར་བཛྲ་བྷ་ར་ཧེ་ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། ཅེས་དང་། སུ་བྷའི་སྔགས་བཟླ། ཤ་ཆེན་དང་གུ་གུལ་གྱིས་བདུག་ཅིང་ཐུན་བྲབ་པ་དང་བཅས་པས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་པས་སྲུང་བའི་འཁོར་ལོས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཟུང་འཇུག་ཧེ་རུ་ཀའི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ངེས་གསང་རྗེ་བཙུན་རྡོ་རྗེ་ཁྲོས་མ་ནག་མོ་ལྷ་ལྔའི་དཀྱིལ་འཁོར་དུ་གཏུམ་མོའི་མེ་དབང་ཟབ་མོ་ཉན་པར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་སྤྱིར་ཙཎྜ་ལཱིའི་སྒྲ་ལས་དྲངས་ན་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་ན་གཏུམ་མོ་སྟེ། ཕྱིའི་གཏུམ་མོས་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇོམས། ནང་གི་གཏུམ་མོས་ནད་བཞི་བརྒྱ་རྩ་བཞི་འཇོམས། གསང་བའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའོ། །གཏུམ་མོའི་ངོ་བོ་ནི། རྡོ་རྗེ་ཉི་མ་སྟེ། རྡོ་རྗེ་ནི་གང་གིས་ཀྱང་མི་ཤིགས་ཤིང་གཞོམ་མི་ནུས་པ་ཡིན་ལ། ཉི་མ་ནི་འདི་སྟོབས་སུ་གྱུར་པས་རྩ་རླུང་ཐིག་ལེའི་སྙིགས་མ་ཐམས་ཅད་བསྲེགས་ནས་འཁོར་བའི་སྐྱེ་རྒྱུན་གཅོད་པའི་ཕྱིར། ཡེ་ཤེས་ཀྱི་མེ་དང་དོན་དམ་པའི་མེ་ཞེས་བྱའོ། །དེ་ཉམས་སུ་ལེན་པའི་གདམས་ངག་གི་བཀའ་སྲོལ་ཡང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསང་ཆེན་རྙིང་མ། དེ་ལ་ཡང་རྒྱ་ཆེ་བ་བཀའ་མ་དང་། ཟབ་མོ་གཏེར་གྱི་སྡེ་ཚན་གཉིས་ལས། འདིར་གཏེར་མ། དེ་ཡང་རྗེ་བཙུན་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ཉིད་ཀྱིས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གནང་། དེས་མཁའ་འགྲོའི་ལུང་བསྟན་ལྟར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ་བསྩལ་ཅིང་། དེས་ཟབ་མོའི་གཏེར་དུ་སྦས་པ་གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ། སྲས་མཆོག་མི་བསྐྱོད་རྡོ་རྗེ། མཉམ་མེད་མདོ་བོ་རས་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ་ནས་རིམ་པར་བརྒྱུད་དེ། རྟོགས་པས་སྲིད་གསུམ་ཟིལ་གྱིས་ནོན་ཅིང་བྱིན་རླབས་ཀྱིས་རྡོ་རྗེའི་མཁའ་འགྲོ་མ་ཐམས་ཅད་འདུ་བ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པར་བྱེད་པའི་གནས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧གཏེར་བདག་གླིང་པ་ཞེས་མཚན་ཡོངས་སུ་གྲགས་པ་གང་གི་སྐུའི་སྲས་དང་གསུང་གི་སློབ་མར་གྱུར་པའི་སྐྱེས་ཆེན་རྣམས་ཀྱིས། ལེགས་པར་བཟུང་སྟེ་དར་ཞིང་རྒྱས་པར་གྱུར་པའི་བཀའ་སྲོལ་ལྟར་གཏུམ་མོའི་མེ་དབང་གི་བྱིན་རླབས་སྒྲུབ་པར་བྱེད་པ་ལ། ཐོག་མར་རྒྱུད་སྦྱང་བའི་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། བརྒྱུད་པའི་རྩ་བ་བླ་མ་རྗེ༔ ཞེས་སོགས་ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་དབང་ལ་འཇུག་པར་བྱའོ་སྙམ་པས་འདིའི་རྗེས་ཟློས། བདག་གཞན་གཉིས་མེད་དོན་བསྒྲུབ་ཕྱིར༔ ཞེས་སོགས་ལན་གསུམ། ཁྱད་པར་གྱི་སྡོམ་པ་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་གཟུང་བྱང་ཆུབ་བར། །སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་བསྒོམ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །གདུག་ཅིང་རྩུབ་པའི་སྤྱོད་པ་བྱ། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །དངོས་པོ་ཀུན་ལ་མ་ཆགས་སྦྱིན། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །སྨྲ་ཞིང་ཤེས་རབ་བསྟེན་པར་བྱ། །ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ། །རྒྱུག་ཅིང་མཆོང་བའི་སྤྱོད་པ་བྱ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་ལ་སྤྱད་པར་བྱ། །འདུས་པའི་དམ་ཚིག་རྣམ་གསུམ་སྟེ། །མི་ཕོད་རྫི་དང་འཁྲི་བ་གཅོད། །ཞེན་པ་ལྡོག་པ་རྣམ་གསུམ་ཡིན། །སྣང་བའི་ཡུལ་ལ་མི་ཕོད་རྫི། །འཁྲི་བ་ཟས་དང་ནོར་ལ་གཅད། །ཞེན་པ་འཁོར་དང་གཡོག་ལ་ལྡོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དམ་ཚིག་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་སྒྲོལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བར་བྱ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། དེ་ནས་མེ་དབང་བསྐུར་བ་དངོས་ལ། ཐོག་མར་བྱིན་གྱིས་བརླབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ལུས་གནད་མེ་ཐབ་དྲུག་ཆིངས་བཅས་ལ། རླུང་རོ་ལན་གསུམ་སངས་ཀྱིས་བུས། དེ་ནས་སོ་སོའི་རྐང་འོག་ཏུ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པའི་རྣམ་པ་ཅན་མཆོག་མ་ལ་བ་དན་དང་ཆངས་གཟུང་ལ་ཡཾ་གྱིས་མཚན་པ། བཤང་ལམ་དུ་རཾ་དམར་པོ་རྣམས་གསལ་བཏབ་ལ། ངག་གི་གནད་རླུང་ཁ་སྦྱོར་དུ་ཆིངས། ཡིད་ཀྱིས་ཡཾ་ཞེས་བརྗོད་པས་མཆོག་མའི་བ་དན་བསྐུལ། ཡཾ་ལས་རླུང་གཡོས་པས་བཤང་ཁའི་མེ་སྦར་ཏེ་ལུས་ནང་ཐམས་ཅད་མེས་གང་བར་བསམ་དུ་བཅུག་པ་ལ། གཏོར་མ་རྗེ་བཙུན་རྡོ་རྗེ་ཕག་མོར་གསལ་བའི་ཐུགས་ཀའི་ཨ་ཡིག་ལས་ངོ་བོ་རྡོ་རྗེ་ཕག་མོ་ལ་རྣམ་པ་ཡེ་ཤེས་ཀྱི་མེ་འོད་འབར་བར་གྱུར་པའི་ཏིང་ལོ་ཁྱེད་རང་རྣམས་ཀྱི་ཁ་ནས་ཞུགས། ལུས་ནང་གི་མེ་དང་རོ་གཅིག་ཏུ་འདྲེས་པ་ལས་རླུང་དྲག་ཏུ་གཡོས་ཤིང་མེ་ཇེ་ཆེར་འབར་བས་སྤྱི་བོ་ཚངས་པའི་བུ་ག་དང་། བ་སྤུའི་བུ་ག་ཐམས་ཅད་ནས་མེ་ལྕེ་ཐོན་པའི་རྩེ་མོས་མཁའ་འགྲོ་དམར་མོ་ལག་ཏུ་མེ་སྒྲོན་འཛིན་ཅིང་བདེ་བ་ཆེན་པོའི་གར་མཛད་པས་གང་། ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བར་བསམ་མཛོད། ཅེས་ཏིང་ལོ་སྦར་བ་སློབ་མ་རེ་རེ་བཞིན་རྩ་སྔགས་ལ་བཛྲ་ཛྙཱ་ན་ཛྭ་ལ་རཾ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་བཏགས་པ་བཟླ་བཞིན་དུ་བྱིན་ལ་ཟར་བཅུག་པའི་མཐར། དར་གཅིག་བདེ་དྲོད་ཀྱི་རང་ཞལ་ལ་སེམས་ཆེ་རེ་གཏད་དེ་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བར་མཛོད་ཅེས་བརྗོད། དེ་བརྟན་པར་བྱ་བའི་ཕྱིར་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་ལྷར་གསལ་བ་ལ་གུས་འདུད་དུང་པ་བསྐྱེད་དེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། དཔལ་ལྡན་རྡོ་རྗེ་མཁའ་འགྲོའི་གཙོ༔ ཡེ་ཤེས་ལྔ་ཡི་གཟུགས་ཅན་དངོས༔ ཁྱབ་བདག་སྟོང་ཉིད་རྣལ་འབྱོར་མར༔ གདུང་སེམས་དྲགས་པོས་བདག་གདུང་ན༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ དངོས་གྲུབ་ཐུགས་ཀྱི་ཀློང་ནས་ཞུ༔ བདེ་དྲོད་ཡེ་ཤེས་བསྐྱེད་དུ་གསོལ༔ ཞེས་ལན་གསུམ། དེ་ནས་གཏོར་མ་རྗེ་བཙུན་ཁྲོས་མ་ནག་མོར་གསལ་བའི་སྤྱི་བོའི་ཨོཾ་ལས་མེ་འོད་དཀར་པོའི་རྣམ་པ་ཅན་འཕྲོས། སོ་སོའི་སྤྱི་བོ་ནས་ཐིམ་པས་ལུས་ནང་ཐམས་ཅད་མེ་འོད་དཀར་པོས་གང་། ལུས་ཀྱི་དྲི་མ་དག །རང་ལུས་སྣང་སྟོང་ལྷ་སྐུའི་འཁོར་ལོ་ཡེ་ཤེས་ཀྱི་མེའི་དབང་ཐོབ་པའི་མོས་པ་མཛོད་བྱས་ལ། གཏོར་མ་སྤྱི་བོར་བཞག་སྟེ། ཨོཾ༔ རྣམ་དག་སྐུ་ཡི་སྒོ་ཕྱེས་ལ༔ སྐལ་ལྡན་འདི་ལ་ཞལ་བསྟན་འཚལ༔ མཚན་དཔེ་འབར་བའི་བྱིན་རླབས་ཀྱིས༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལུས་ལ་བདེ་དྲོད་སྦར་དུ་གསོལ༔ འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། བཛྲ་ཛྙཱ་ན་ཛྭ་ལ་རཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡང་མགྲིན་པའི་ཨཱཿལས་མེ་འོད་དམར་པོའི་རྣམ་པ་ཅན་འཕྲོས། སོ་སོའི་མགྲིན་པ་ནས་ཐིམ་པས་ལུས་ནང་ཐམས་ཅད་མེ་འོད་དམར་པོས་གང་། ངག་གི་དྲི་མ་དག །ངག་གྲགས་སྟོང་སྔགས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་མེའི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་མགྲིན་པར་བཞག་སྟེ། ཨཱ༔ དྲི་མེད་གསུང་གི་སྒོ་ཕྱེས་ནས༔ དམ་ཆོས་ཟབ་མོའི་གནད་བསྒྲག་འཚལ༔ སྙིང་པོ་ལུང་གི་བྱིན་རླབས་ཀྱིས༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ འགག་མེད་ངག་ནུས་བསྐྱེད་དུ་གསོལ༔ ཚངས་པ་གསུང་གི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། བཛྲ་ཛྙཱ་ན་ཛྭ་ལ་རཾ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཡང་ཐུགས་ཀའི་ཧཱུྃ་ལས་མེ་འོད་སྔོན་པོའི་རྣམ་པ་ཅན་འཕྲོས། སོ་སོའི་སྙིང་ག་ནས་ཐིམ་པས་ལུས་ནང་ཐམས་ཅད་མེ་འོད་སྔོན་པོས་གང་། ཡིད་ཀྱི་དྲི་མ་དག །ཡིད་བདེ་སྟོང་འོད་གསལ་གྱི་འཁོར་ལོ་ཡེ་ཤེས་ཀྱི་མེའི་དབང་ཐོབ་པའི་མོས་པ་མཛོད། གཏོར་མ་སྙིང་གར་བཞག་སྟེ། ཧཱུྃ༔ ཟབ་མོ་ཐུགས་ཀྱི་སྒོ་ཕྱེས་ནས༔ ཏིང་འཛིན་ཟབ་མོའི་ཚུལ་བསྟན་འཚལ༔ ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱིས༔ ཡིད་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ རྣམ་དག་རྟོགས་པ་བསྐྱེད་དུ་གསོལ༔ སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། བཛྲ་ཛྙཱ་ན་ཛྭ་ལ་རཾ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་གཏོར་མ་ལྷར་གསལ་བ་ལ་ཐིམ། དེའི་རྐྱེན་གྱིས་གཏོར་མའི་ལྷ་ཚོགས་རྣམས་ཀྱང་འོད་དུ་ཞུ། མེ་ལོང་གི་དཀྱིལ་འཁོར་ལ་ཐིམ། དེ་འོད་དུ་ཞུ་སྟེ་ཐོད་པའི་བདུད་རྩི་ལ་རོ་གཅིག་ཏུ་འདྲེས་པར་བསམ་ཞིང་མེ་ལོང་གི་དཀྱིལ་འཁོར་ཡང་བཀྲུས་ཏེ་ཐོད་པའི་བདུད་རྩི་ལ་བསྲེས་ནས། སློབ་དཔོན་གྱི་ལག་གཡས་སུ་ཐབས་ཀྱི་རྫས་གཏོར་མའི་ལྷ་འོད་དུ་ཞུ་བའི་དམ་རྫས་རིལ་བུ་དང་། གཡོན་དུ་ཤེས་རབ་ཀྱི་རྫས་ཐོད་པའི་བདུད་རྩི་གཉིས། ཨོཾ་ཨཱཿཧཱུྃ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སིདྡྷི་ཕ་ལ་བཛྲ་ཛྙཱ་ན་ཛྭ་ལ་རཾ་ཧཱུྃ་ཛ༔ ཞེས་བྱིན་པ་མྱངས་པས་རྩ་ཁམས་ཐམས་ཅད་ཁྱབ། བདེ་དྲོད་ཡེ་ཤེས་ཆེས་ཆེར་འཕེལ་བས་སྣང་རིག་ཐམས་ཅད་བདེ་སྟོང་རྣམ་པར་མི་རྟོག་པའི་གཉུག་མའི་ཡེ་ཤེས་ཀྱི་རོལ་མོར་ཤར་བར་བསམ་ལ་ཉམས་བསྐྱང་ཞིང་རྡོ་རྗེའི་གླུ་དང་གར་བྱའོ། །མཐར་དཀྱིལ་འཁོར་བསྡུ་ཞིང་སྨོན་ལམ་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ངག༵་་རླུང་དྭངས་མ་དོན་དམ་ཡེ་ཤེས་མེའི། །དབ༵ང་བསྐུར་ཆོ་གས་རྩ་རླུང་སྙིགས་མ་ཀུན། །བསྲེགས་ནས་ཆོ༵ས་ཟབ་འབྲས་བུ་གསུང་རྡོ་རྗེའི། །གོ་འཕང་དཔ༵ལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་ཁྲོས་མ་ནག་མོའི་གཏུམ་མོའི་མེ་དབང་གི་ཆོ་ག་འདི་ཡང་དགེ་སློང་དབང་པོ་དང་། དགེ་སློང་བསམ་འཕེལ་མཆེད་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་དྷརྨ་ཤྲཱིས་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་གྲོ་བཞིན་ཟླ་བའི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་དགེ་བའི་སྔ་དྲོའི་ཆར་སྟན་ཐོག་གཅིག་ཏུ་གྲུབ་པར་སྤེལ་བ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་གྱུར་ཅིག །སརྦ་དཱ་མངྒལཾ།། །། ༈ ཁྲོས་ནག་གི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བདེ་དྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་གཏུམ་མོ་ཞག་བདུན་མ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཁྲིད་ཡིག་བདེ་དྲོད་རབ་འབར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བ། བླ་མ་དང་རྗེ་བཙུན་ཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ། །མི་འ༵གྱུར་བདེ་ཆེན་ཟག་མེ༵ད་ཡེ་ཤེས་དངོས། །སྟོང་ཉིད་རྡོ༵་རྗེ༵་བཙུན་མོར་མཉམ་སྦྱོར་བ། །བླ་མ་མཆོག་དང་དབྱེར་མེད་རྣལ་འབྱོར་མར། །ཕྱག་བྱས་ཟབ་དོན་ངེས་གསང་འདིར་གསལ་བྱ། །འདིར་ཟབ་ལམ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་རྩ་རླུང་ལུས་ལ་རང་བྱུང་དུ་བསྐོན་པར་བྱེད་པའི་མན་ངག་སྙིང་པོར་དྲིལ་ནས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ལ། ཐོག་མར་སྔོན་འགྲོ་ནི། རྙེད་དཀའི་དལ་འབྱོར་ལ་མི་རྟག་པའི་དྲན་ཤེས་དང་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། བརྒྱུད་པའི་རྩ་བ་བླ་མ་རྗེ༔ ཞེས་སོགས་སྐྱབས་འགྲོ་མང་དུ་བཟླས་མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་མཉམ་པར་གཞག །དེ་ནས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྒོ་ནས་ཚུགས་ཐབས་མེད་པའི་སྙིང་རྗེས་དྲངས་ཏེ། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། བདག་གཞན་གཉིས་མེད་དོན་བསྒྲུབ་ཕྱིར༔ ཞེས་སོགས་མང་དུ་བཟླས་མཐར་སྐྱབས་ཡུལ་མི་དམིགས་པའི་ངང་ལ་བཞག །དེ་ནས་བླ་མའི་རྣལ་འབྱོར་བསྒོམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བ་རོའི་གདན་ལ་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་རྗེ་བཙུན་མས་འཁྱུད་པ་ལ་བླ་མ་ཡི་དམ་མཁའ་འགྲོའི་སྤྲིན་ཕུང་འཁྲིགས་པས་སྣང་སྲིད་དཔལ་ལྡན་བླ་མའི་འཁོར་ལོར་སད་པར་བསམ་ལ། ཕཻཾ་ཞེས་བརྗོད་ཅིང་། ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་པཱུ་ཛ་རཏྣ་མཎྜ་ལ་ཧཱུྃ། ཞེས་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་མཆོད་པའི་སྤྲིན་ཕུང་དུ་སྤྲོས་ཏེ་ཕུལ་བར་མོས་ལ། བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས། ཨོཾ། ཆོས་དབྱིངས་འོག་མིན་ཞིང་ཁམས་ནས། །ཞེས་སོགས་ཀྱི་མཐར། བདག་གི་ལུས་ལ་བདེ་དྲོད་དང་སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་གསོལ་བ་ཅི་མང་དུ་བཏབ་པའི་རྗེས་སུ། བླ་མའི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་ཀྱི་གནས་བཞི་གང་བས་དབང་ཐོབ་པར་བསམ་ལ། ཧེ་རུ་ཀའི་ཡིག་བརྒྱའང་ཅི་ནུས་བཟླས་མཐར། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མ་དང་རང་སེམས་དབྱེར་མེད་ཀ་དག་སྤྲོས་བྲལ་གྱི་ངང་ལ་དར་གཅིག་མཉམ་པར་གཞག །དེ་ནས་དངོས་གཞི་ནི། ལུས་གནད་མེ་ཐབ་དྲུག་ཆིངས་བཅས། རླུང་རོ་ལན་གསུམ་ཕྱིར་སངས་ཀྱིས་བུས་ལ་འཇམ་རླུང་ཐུན་གསུམ་གཟུང་། དེ་ནས་རྐང་འོག་ཏུ་རླུང་དཀྱིལ་གཞུ་བདུངས་པའི་རྣམ་པ་ཅན་མཆོག་མ་གཉིས་ལ་བ་དན་གྱིས་མཚན་པའི་རྒྱུད་གཡས་གཡོན་གྱི་སྟེང་དུ་རྐང་པ་བཞག །རྐང་བར་དུ་ཆངས་གཟུང་ལ་ཡཾ་ལྗང་གུ་དང་། བཤང་ལམ་གྱི་མདོར་རཾ་ཡིག་དམར་པོ་ཞིག་བསམ། དེ་ལྟར་དམིགས་པ་གསལ་ཐེབས་པ་དང་རླུང་བུམ་ཅན་དྲག་ཏུ་གཟུང་། ཡིད་ཀྱིས་ཡཾ་ཞེས་བརྗོད་པས་མཆོག་མའི་བ་དན་བསྐུལ། དེས་ཡཾ་ལས་རླུང་གཡོས་བཤང་ལམ་གྱི་རཾ་ལ་ཕོག་པས་རཾ་ལས་མེ་སྟག་ཕྲོམ་ཕྲོམ་པ་ལ་སེམས་གཏད་དེ་བཞག །མེ་སྟག་ལས་ཡེ་ཤེས་ཀྱི་མེ་ཁ་དོག་དམར་ལ་རེག་བྱ་ཚ་བ་འུར་འུར་འབར་ཞིང་། རླུང་ཡང་དྲག་ཏུ་གཡོས་པས་མེ་ཡང་ཇེ་ཆེར་འབར་ནས་ལུས་ནང་ཐམས་ཅད་མེས་གང་། སྤྱི་གཙུག་ཏུ་མེ་ཉུག་ཉུག་པ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་ལྕེ་ནས་ཀྱི་གྲ་མ་གཟིངས་པ་ལྟར་འབར་བའི་རྩེ་མོ་ཐམས་ཅད་དུ་མཁའ་འགྲོ་དམར་མོ་ལག་ཏུ་མེ་སྒྲོན་འཛིན་ཞིང་གར་སྟབས་ལིང་ལིང་སྒྱུར་བ་དཔག་ཏུ་མེད་པས་གཏམས་ནས་དྲོད་འབར་བར་བསམ། ལུས་གནད་གཙུབ་ཤིང་གཙུབ་སྟན་གྱི་འཕྲུལ་འཁོར་ལ་འབད། རླུང་གནད་བུམ་ཅན་སྦྱོར་བ་བཞི་ལྡན་དྲག་ཏུ་གཟུང་། དམིགས་པའི་གནད་མེ་དྲག་ཏུ་འབར་བས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བ་ལ་ཡིད་རྩེ་གཅིག་ཏུ་གཏད། དེ་ལྟར་འབད་པས་ཞག་གཅིག་རང་ལ་ལུས་ལ་བདེ་དྲོད་སྐྱེ་བས། གོས་སྲབ་ཏུ་གཏང་། དེ་དུས་དྲོད་སྣང་འཆར་ཡང་དྲག་པོ་མི་བྱ། བར་དུ་སུན་ཉམས་འོང་ཡང་འཕྲོ་མི་གཅད། མཐར་གོམས་པ་དང་གཉུག་བསྲིང་། དྲོད་ཚད་གཏན་ལ་ཕེབས་ནས་ཀྱང་བཙན་ཐབས་སུ་འཕྲོ་མི་གཅོད་པར་སྦྲུལ་མཇུག་ལྟར་རྒྱུན་ནར་གྱིས་འཕྲོ་གཅད། སྐབས་སྐབས་སུ་ལུས་ལ་ཁྱད་པར་གྱི་རྫས་དང་སྦྱར་བའི་སྣུམ་མམ། མ་འབྱོར་ན་སྣུམ་རྐྱང་པའི་བྱུག་པ་བྱས་ལ་འཕུར། དྲོད་སྐྱེས་མཚམས་ནས། རེས་བདེ་དྲོད་ཀྱི་རང་ངོ་ལ་སེམས་ཆེ་རེ་གཏད་དེ་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ། རྗེས་ཀྱི་རིམ་པ་ལ། ཐུན་མཚམས་སོགས་གནས་སྐབས་ཀུན་ཏུ་གནས་ཁང་གི་ཕྱི་ནང་གོས་སྟན་ཐམས་ཅད་མེའི་རང་བཞིན་མེ་དཔུང་དུ་འབར་བར་བསམ། མཚན་མོ་པུས་བྲང་སྦྱར་ཏེ་གཞོགས་གཡས་ཕབ་ལ་བར་རླུང་ཅུང་ཟད་བཟུང་ནས་མེ་དམིགས་ལ་སེམས་གཏད་དེ་ཉལ། དམ་ཚིག་ཏུ་གོས་སྦུ་གུ་ཅན་དང་དྲོད་ཅན་མི་གྱོན། ཟས་བཅུད་ཅན་བརྟེན། མེ་དང་ཉི་མར་བསྲོ་བ། ཟས་ཧ་ཅང་ལན་ཚྭ་ཆེ་བ། ལུས་ལ་རྔུལ་ཐོན་པ། བྱང་སེམས་ཉམས་པ་རྣམས་སྤང་། གྲིབ་ཀྱི་རིགས་ལ་འཛེམ། དྲོད་སྐྱེས་ནས་ཞེན་པ་དང་རང་མཐོང་མི་བྱ་ཞིང་། ཐོ་ཅོའི་སྤྱོད་པ་མི་བྱེད། བླ་མ་ལ་མོས་གུས་དང་ཉམས་ལེན་ལ་འབད་པས་བོགས་ཐོན་པར་འགྱུར་རོ། །ངག༵་བརྗོད་ལས་འདས་བདེ་ཆེན་མི་འགྱུར་བར། །དབ༵ང་བསྒྱུར་རླུང་སེམས་སྒྱུ་འཕྲུལ་རོལ་གར་ལས། །ཆོ༵ས་དབྱིངས་རིས་མེད་ལྷ་སྔགས་འོད་གསལ་དུ། །འཆར་བའི་ཟུང་འཇུག་ཡེ་ཤེས་དཔ༵ལ་ཐོབ་ཤོག །ཅེས་པ་འདི་ཡང་དགེ་སློང་དབང་པོ་དང་དགེ་སློང་བསམ་འཕེལ་མཆེད་ཀྱིས་མེ་ཏོག་དང་བཅས་ཏེ་བསྐུལ་བ་ལས་གཉོས་བཙུན་རྨོངས་པ་དྷརྨཱ་ཤྲཱིས་རྒྱལ་བའི་ལོ་གྲོ་བཞིན་ཟླ་བའི་ཉེར་བརྒྱད་ཀྱི་ཕྱི་དྲོ་སྟན་ཐོག་གཅིག་ཏུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
བཅོམ་ལྡན་འདས་འཇམ་དཔལ་ཞི་ཁྲོའི་ཉམས་ལེན་རྒྱུན་ཁྱེར་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་བྱེད་པའི་རྡོ་རྗེའི་གོ་ཆ་ (Volume 18, Text 34)
༄༅། །བཅོམ་ལྡན་འདས་འཇམ་དཔལ་ཞི་ཁྲོའི་ཉམས་ལེན་རྒྱུན་ཁྱེར་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་བྱེད་པའི་རྡོ་རྗེའི་གོ་ཆ་བཞུགས་སོ།། དཀོན་མཆོག་བརྩེགས་པ་ལས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བརྗོད་པ་བས་འཇམ་དཔལ་གྱི་མཚན་ལན་གཅིག་བརྗོད་པ་མཆོག་ཏུ་གསུངས་ཕྱིར་རང་གི་ཉམས་ལེན་ནོ། །ལུང་ཐོབ་ངེས་ཀྱི་གཞུང་ཚིག་མ་བཅོས་པར་བསྒྲིགས་པས་བྱིན་རླབས་ཆེའོ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་གཞིར་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ལན་གསུམ། ཐོ་རངས་ཙོག་པུར་འདུག་ནས་སྐྱབས་སེམས་བྱས་པའི་མཐར་གསུངས་པའི་དོན། མདུན་གྱི་ནམ་མཁར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རང་གི་ཡི་དམ་འཇམ་དཔལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ། སྙན་གྱི་ཐད་ཀར་ཁ་གྱེས་པའི་སྟེང་ན་སྟོང་ཕྲག་བརྒྱ་པའི་པོ་ཏི་འཛིན་པ། ཞབས་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། བརྒྱད་གཉིས་ལོན་པའི་ལང་ཚོ་ཅན་དུ་གྱུར། དེའི་གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ ཨ་བྷི་ཥིཉྩ་མཱཾ། དབང་བསྐུར་མི་སྐྱོད་པ་ཡིས་དབུ་བརྒྱན་གྱུར། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་སོགས། འཛམ་བུ་གླིང་དང་གླིང་གཞན་རྣམས། །རིན་ཆེན་སྣ་བདུན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་མཉྫུ་ཤྲཱི་རཏྣ་མཎྜ་ལ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་སོགས། འཇམ་པའི་དབྱངས་ལ་འདུད། །བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་སོགས་ནས། སྤོབས་པའི་སྣང་བ་བསྩལ་དུ་གསོལ། །པཎྜི་ཏ་སྟོང་ལ་གཅིག་ཆག་གིས་མཛད་པའོ། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཏནྟྲ་ཙིཏྟ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཨ་ར་པ་ཙ་ན་ཡ་ཏེ་ན་མཿ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། །འདི་མཚན་བརྗོད་ཚར་གཅིག་དང་མཉམ་པར་ཨོ་རྒྱན་ཆེན་པོས་གསུངས་སོ། །བཅོམ་ལྡན་འདས་འཇམ་དཔལ་གྱིས་བདག་ལ་དབང་བསྐུར་ཞིང་ཤེས་རབ་ཀྱི་སྣང་བ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་དང་སྔགས་ཕྲེང་དང་ཕྱག་མཚན་གྲངས་མེད་པ་འཕྲོས་ནས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ། དེ་ནས་མདུན་བསྐྱེད་འོད་དུ་ཞུ་ནས་བདག་ལ་ཐིམ་པས་བདག་ཉིད་སྐད་ཅིག་ལ་མདུན་བསྐྱེད་དང་འདྲ་བའི་འཇམ་དཔལ་གྱི་སྐུར་གྱུར་པའི་སྙིང་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བ་ལ་ཨཿ རྩིབས་དྲུག་ལ་མདུན་ནས་བརྩམ་ཡིག་དྲུག་བཀོད་པ། འཁོར་ལོ་ལ་མ་རེག་པར་འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བར་གྱུར། ཨོཾ་ཝཱ་ཀྱེ་དཾ་ན་མཿ འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྲུག་པ་འགྲོ་བ་དྲུག་ལས་སྒྲོལ་བར་བྱེད་པའི་བདག་ཉིད་བསམ་གྱིས་མི་ཁྱབ་པ། ཟླ་མེད་པའི་རྫུ་འཕྲུལ་ཆེ་བ། སྲིད་པའི་རྒྱ་མཚོ་ཐམས་ཅད་དང་། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པ། འབྱུང་པོ་ཐམས་ཅད་ཀྱིས་བཟོད་དཀའ་བ། འཇིག་རྟེན་ཐམས་ཅད་ཀྱིས་མ་གོས་པ། འབྱུང་པོ་ཐམས་ཅད་ཀྱིས་མི་ཐུབ་པ། སྲིད་པའི་ལས་ཐམས་ཅད་སྦྱོང་བར་བྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱེད་པ། མ་རུངས་པ་ཐམས་ཅད་ཟློག་པར་བྱེད་པ། སངས་རྒྱས་ཐམས་ཅད་རྗེས་སུ་ཡི་རང་བར་བྱེད་པ། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་པ། འཇམ་དཔལ་གྱི་བསྟན་པ་ལ་སྔགས་ཐམས་ཅད་ཀྱི་མཆོག་དེ་གང་ཞེ་ན། ཨོཾ་ཝཱ་ཀྱེ་དཾ་ན་མཿ རྟག་ཏུ་བཟླས་བརྗོད་བྱེད་ན་དོན་ཐམས་ཅད་་འགྲུབ་པར་བྱེད་པར་འགྱུར་རོ། །ཉིན་རེ་ཞིང་བརྒྱ་རྩ་བཟླས་ན་འཆི་བའི་ཚེ་འཇམ་དཔལ་དབྱངས་ཀྱི་ཞལ་མཐོང་ངོ་། །གཏན་དུ་བཟླས་ན་སངས་རྒྱས་ཉིད་ཀྱང་ཚེ་འདིར་ཐོབ་པར་གསུངས་སོ། །སྐད་ཅིག་གིས་ལྕེ་ཡི་སྟེང་ན་པདྨ་དང་ཟླ་བའི་སྟེང་ན་རྡོ་རྗེ་དཀར་པོའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནུས་པ་གསུང་གི་དབང་ཕྱུག་ཐམས་ཅད་འོད་དམར་པོའི་རང་བཞིན་དུ་བསྡུས་ནས་རྡོ་རྗེ་ལ་ཐིམ། དེ་འོད་དུ་ཞུ་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཚོན་གང་བ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་བཞུགས་པའི་ཐུགས་ཀར། ཟླ་བའི་གདན་ཡུངས་དཀར་གཤགས་པ་ཙམ་གྱི་སྟེང་དུ་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་གྱི་མཐའ་སྐོར་དུ་ཡི་གེ་བརྒྱ་པ། རྡོ་རྗེ་ལ་ཨཱ་ལི་དམར་པོས་བསྐོར་བ། སེམས་དཔའ་ལ་ཀཱ་ལི་སྔོན་པོས་བསྐོར་བར་གྱུར། གསོལ་བ་འདེབས་པའི་སྔགས་འདི་ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷརྨ་ཀཱ་ཡ། སཾ་བྷོ་ཀཱ་ཡ། ནིརྨཱ་ཀཱ་ཡ། ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ་སྭཱ་ཧཱ། སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་པ་ཙམ་གྱིས་སྔགས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་འོད་ཟེར་གྱིས་ཚུར་བསྡུས་ནས་སོ་སོར་ཐིམ་པར་གྱུར། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས། སཏྭ་ཨཿ ཨོཾ་ཨ་ཨཱ་ཨི་ཨཱི་སོགས། ཀ་ཁ་ག་གྷ་ང་སོགས་དབྱངས་གསལ། སྔགས་གསུམ་ལན་བདུན་བདུན་བརྗོད། ཀཱ་ལི་སེམས་དཔའ་ལ་ཐིམ། ཨཱ་ལི་རྡོ་རྗེ་ལ་ཐིམ། ཡིག་བརྒྱ་ཧཱུྃ་ལ་ཐིམ། སེམས་དཔའ་རྡོ་རྗེ་ལ་ཐིམ། རྡོ་རྗེ་ཧཱུྃ་ལ་ཐིམ། ཧཱུྃ་ལྕེ་ལ་ཐིམ་པར་གྱུར། ཨོཾ་ཡེ་དྷརྨ་སོགས་ལན་བདུན་བརྗོད། ཧྲཱིཿ ངག་གི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས། །བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན། །སྔགས་ཀྱི་ནུས་པ་འབྲས་བུའི་བཅུད་དང་ལྡན། །གྲགས་སྟོང་ཚངས་པའི་དབྱངས་ལ་ཕྱག་འཚལ་ལོ། །མི་ཟད་གསུང་གི་འཁོར་ལོ་གང་བསྐོར་བ། །དེང་འདིར་བདག་གི་ངག་ལ་བསྐོར་ནས་ཀྱང་། །དཔལ་དང་གཟི་བརྗིད་བདེན་པ་འགྲུབ་མཛད་དེ། །བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཝཱ་ཀ་པདྨ་མཎྜ་ལ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བརྗོད་དམིགས་མེད་ངང་དུ་མཉམ་པར་བཞག །འདི་ཡིས་ངག་གི་ནུས་པ་དུང་འགྱུར་ཞིང་། །གཞན་གྱིས་བཅིངས་པ་དང་། མནན་པ་ལས་གྲོལ་བར་འགྱུར་རོ། །འདི་ལྟ་བུ་ནངས་མ་རེ་ལ་མ་ཆག་པར་བྱས་ན། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཐུ་ནུས་དང་མཉམ་པར་གསུངས་པས་བརྩོན་པར་བྱའོ། །ཞེས་ཁ་ལ་རྒྱས་འདེབས་ཀྱི་གཞུང་ལས་ཇི་ལྟར་བྱུང་བ་བཞིན་ནོ།། ༈ ཨོཾ་སྭ་བྷཱ་ཝ་སོགས། རང་ཉིད་འཇམ་དཔལ་འོད་དུ་ཞུ་ནས་སྟོང་པར་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་གནམ་ས་སྲིད་པའི་འཁོར་ལོ་སྤུ་གྲི་ལྟར་རྣོ་བའི་རྩིབས་བྱེ་བ་གྲངས་མེད་གཡས་གཡོན་དུ་དྲག་ཏུ་འཁོར་བའི་ནང་གི་འོག་གཞིར། གྲུ་གསུམ་མཐིང་ནག་འབར་བའི་ནང་དུ་དགྲ་བགེགས་བྱད་མ་གན་རྐྱལ་དུ་ལྕེས་བྲང་ཁེབས་པའི་སྙིང་གར་རྣྲིའི་མིག་ཏུ་ཟུག་པའི་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་མེ་ཡི་ཚྭ་ཚྭ་འཕྲོ་བས་གསེར་གྱི་ས་གཞི་ལ་འཛེར་བས་བསྐལ་པའི་བར་དུ་ཐར་ས་མེད་པ། ཕུར་པའི་སྟོད་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་སྟོང་གསུམ་དང་མཉམ་པ། རྭ་འོག་མ་རྣམས་ལ་བཀའ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་རྣམས་བདག་དང་བསྲུང་བྱ་རྣམས་སྲུང་བའི་ཚུལ་དུ་བཞུགས་པ། རྡོ་རྗེའི་ཕྱི་རོལ་འཁོར་ལོའི་ནང་དུ་རྡོ་རྗེའི་ར་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གནོད་བྱེད་ཐམས་ཅད་རྒྱངས་གྲག་ཏུ་ཉེ་བར་མི་ནུས་པ། རྡོ་རྗེའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་རྒྱན་རྟ་བབས་དང་ལྡན་པ་སྲ་ལ་མཁྲེགས་པའི་དབུས་སུ། འཁོར་ལོ་རྩིབས་བཅུ་རིམ་པ་གཉིས་ཀྱི་དབུས་པདྨ་འདབ་བཞིའི་ལྟེ་བར་ཆུ་གླང་པད་ཉི་བཾ་གྱི་གདན་ལ་རང་གི་རྣམ་པར་ཤེས་པ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། དབུས་ཞལ་མཐིང་ནག །གཡས་དང་པོས་རལ་གྲི །བར་པས་ཐོ་བ། ཐ་མས་གཏུན་ཤིང་། གཡོན་དང་པོས་ལྕགས་ཀྱུ། བར་པས་སྦྲུལ་ཞགས། ཐ་མས་ཐོང་གཤོལ་འཛིན་པ། ཞབས་བཞི་བསྒྲད་ཅིང་རྡོ་རྗེའི་གཤོག་པ་གདེངས་པ། དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་ཡུམ་བེ་ཏཱ་ལི་དམར་མོ་ཕུར་པ་དང་ལྕགས་དྲྭ་འཛིན་པས་འཁྱུད་ནས་མེ་ཕུང་གི་ཀློང་ན་འགྱིང་བའི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ལྟེ་བར་ཆོས་རྒྱལ། གསང་བར་བདུད་རྩི་འཁྱིལ་བ། ཐུགས་ཀར་ཕྱག་ན་རྡོ་རྗེའི་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པའི་བུམ་པར་འཇམ་དཔལ་གཞོན་ནུར་གྱུར་པ་གསེར་མདོག་ཞི་འཛུམ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་བཞིར་རལ་གྲི་པོ་ཏི་མདའ་གཞུ་བསྣམས་ཤིང་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པའི་ཐུགས་ཀར་ཉི་ཟླའི་གའུའི་ནང་པད་ཉིའི་སྟེང་ཡ་ནག་པོའི་གདན་ལ་ཧཱུྃ་མཐིང་ནག་གི་ནང་དུ་མཱུཾ་གསེར་མདོག །དེ་ལ་སྔགས་གཡས་སུ་འཁོར་བ། འཁོར་ནི་པདྨ་འདབ་བཞི་ལ་སྲས་མཆོག་རིགས་བཞི་ཡབ་ཡུམ་མཐིང་སེར་དམར་ལྗང་བེ་ཅོན་སྡིགས་མཛུབ་ཅན། ནང་གི་རྩིབས་བཅུར་ཕྱོགས་སྐྱོང་གཤིན་རྗེ་བཅུ། ཕྱིའི་རྩིབས་བཅུར་བདུད་རྩི་འཁྱིལ་བ་བཅུ་ཞལ་ནང་དུ་གྱུ་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱས་བསྲུང་བའི་ལས་མཛད་པ། རྩིབས་མཆན་བཅུ་ལ་སྟོབས་ཆེན་མཐིང་ནག་བཅུ་བ་དན་རླུང་གཡབ་འཛིན་པས་དགྲ་བགེགས་གྱོད་བྱུར་ཐམས་ཅད་རླུང་གི་ཤུགས་ཀྱིས་རྒྱ་མཚོའི་ཕ་རོལ་བསྐྲད་པ། སྒོ་བཞིར་སྒོ་བ་བཞི་དང་ཕྱིའི་ཁྱམས་སུ་གིང་བདུད་རྩིས་ཤན་དྲེགས་པའི་ཚོགས་དང་བཅས་པ་གསལ་བའི་གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། གཤིན་རྗེ་ནག་པོའི་འཁོར་ལོ་ལས་ཐམས་ཅད་འགྲུབ་པའི་རྒྱུད་ལས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་ཀྱིས་བདེ་གཤེགས་འཁོར་དང་བཅས་པ་བསྡུ་བར་བྱའོ། །ལག་ངར་གཉིས་ནི་ངེས་བསྣོལ་ལ། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་བྱས་ཏེ། །སེ་གོལ་བརྡབ་ཅིང་བསྡུ་བར་བྱ། །ལྕགས་ཀྱུ་ལ་སོགས་རྣམ་བཞི་ཡིས། །ངེས་པར་འགུགས་པ་ལ་སོགས་བྱ། །ཞེས་གསུངས་པ་ལྟར་བྱ་ཞིང་། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨོཾ་བཛྲ་ས་མ་ཛཿཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དམ་ཚིག་པ་དང་དབྱེར་མེད་དུ་གྱུར་ཅིང་། དབུ་རྒྱན་ནང་དུ་རིགས་ལྔ་བཞུགས་པས་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་ཏི་པཱུ་ཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ། པཉྩ་ཨ་མྲྀཏ་རཀྟ་བ་ལིན་ཏ་ཁཱ་ཧི། མ་ཧཱ་སུ་ཁ་པཱུ་ཛ་ཧོཿ ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་དངོས་འཇམ་པའི་དབྱངས། །ཤིན་ཏུ་འཇིགས་བྱེད་དྲག་པོའི་སྐུར་སྟོན་པ། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པ། །བདུད་འཇོམས་གཤིན་རྗེ་གཤེད་པོ་འཁོར་བཅས་བསྟོད། །ཐུགས་ཀའི་མཱུཾ་ཡིག་གི་ནང་དུ་བསྲུང་བྱ་ཐམས་ཅད་ཚུད་ཅིང་སྔགས་འཁོར་ལས་འོད་ཟེར་ཚྭ་ཚྭ་འཕྲོས་པས་ལུས་གང་། སྡིག་སྒྲིབ་དང་ཉོན་མོངས་པ་ཐམས་ཅད་བསྲེགས་ནས་རང་ལུས་རྡོ་རྗེའི་གོ་ཁྲབ་ཏུ་གྱུར། ཕྱིར་འཕྲོས་པས་ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསྡུས་ནས་རང་དང་བསྲུང་བྱ་ལ་ཐིམ། ཕྱིའི་རྡོ་རྗེ་ལས་འོད་ཟེར་ཚྭ་ཚྭ་ཕྱིར་འཕྲོས་པས་ཕ་རོལ་གྱི་སྲུང་བའི་ར་བ་བསྡུས་ནས་སླར་རང་གི་སྲུང་འཁོར་ལ་ཐིམ་པས་སྲ་མཁྲེགས་མི་འགྱུར་རབ་ཏུ་བརྟན་པས་སྲེད་མེད་བུས་ཀྱང་མི་བཟློག་པར་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྔ་དྲོའི་ཆ་ལ་ཅི་ནུས་བཟླས་ནས། འདི་ལ་རཀྵ་མི་བཏགས་ཧཱུྃ་ཕཊ་སྦྱར་བ་ནི་བསྙེན་སྔགས་ཡིན་ལ། གོ་ཆ་འཇམ་དཔལ་གྱི་ཐུགས་ཀར་མཱུཾ། རྟ་མགྲིན་ཧྲཱིཿ ཕྱག་རྡོར་ཧཱུྃ། ཆོས་རྒྱལ་ཡ། བདུད་རྩི་འཁྱིལ་བའི་ཐུགས་ཀར་ཨཱཿརྣམས་ལས་འོད་ཟེར་འཕྲོས། རང་འདྲ་དཔག་ཏུ་མེད་པ་སྤྱན་དྲངས་སོ་སོར་ཐིམ། ཉི་མའི་གདན་ལ་གནས་པའི་ཕྱག་རྡོར་ཤེལ་གྱི་མཆོད་རྟེན་བུམ་པའི་འཇམ་དབྱངས་ཐུགས་ཀའི་ཧཱུྃ་མཱུཾ་གྱི་མཐར་བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཀྱིས་ལུས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པའི་རྡུལ་བ་སྤུའི་བུ་ག་ནས་ཕྱིར་གཏོར། སླར་འོད་ཟེར་རྡོ་རྗེའི་བུ་ག་ནས་ཡུམ་གྱི་པདྨར་ཞུགས། ཡུམ་གྱི་ཐུགས་ཀའི་མཱུཾ་ལ་བསྐོར་ནས། ཡུམ་གྱི་ཤངས་བུག་གཡས་ནས་ཐོན་རང་གི་གཡོན་དུ་ཞུགས་ཧཱུྃ་ལ་ཐིམ། འོད་ཟེར་དེའི་རྒྱུན་མ་ཆད་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད་ཅིང་། ཐུགས་རྗེ་བྱིན་རླབས་བསྡུས་ནས་འོད་ཟེར་ཉིད་ལ་ཐིམ་ཞིང་དེ་ཉིད་རང་ལ་ཐིམ་པར་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཡ་མ་རཱ་ཙ་ཨ་མྲྀཏ་ཀུཎྜ་ལཱི་མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། དེ་སྲུང་སྔགས་དང་ཧཱུྃ་ཕཊ་སྦྱར་བ་ནི་སྤྱི་སྒྲུབ་བོ། །ཡང་ཐུགས་ཀའི་ཧཱུྃ་གི་གདན་ཡ་ནག་པོ་ལས་འོད་ཟེར་འཕྲོས་པས། འོག་གཞི་ལྕགས་ཁང་དུ་ཚུད་པའི་དགྲ་བགེགས་ཀྱི་བླ་ཚེ་སྲོག་གི་དྭངས་མ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཡར་བསྡུས་ཐུགས་ཀར་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་ལྡན་པར་གྱུར། རང་གི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་ཀྱི་ལུས་ངག་ཡིད་ཀྱི་སྟོབས་དང་ནུས་པ། ཁ་རྗེ་དབང་ཐང་ཚེ་བསོད་དཔལ་གྲགས་མཐུ་ནུས་ཐམས་ཅད་འོད་དམར་པོའི་རྣམ་པར་བསྡུས་ནས་རང་གི་གནས་གསུམ་དུ་ཐིམ་པས་བདེ་བ་རྒྱས་ཤིང་བཀྲག་མདངས་གཟི་བརྗིད་དང་ལྡན་ཏེ་དགྲ་བགེགས་སོལ་སྒྱེ་ཐང་ལ་བསྐྱུར་བ་ལྟར་ནག་ཧྲུལ་གྱིས་སོང་བར་གྱུར། ཨོཾ་ཀིང་ཀང་ཁ་ཏྲུན་རྣྲི་མྱོག་དགྲ་བོ་ཝཱཀ་སཏྭམྦྷ་ཡ་ནན། བྷིག་ནན་ཏྲ་ཐུམ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུཾ་སྤུར་བྲུབ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡ། དགྲ་སྲི་སྟམྦྷ་ཡ་རཀྴ་ནན། དྲུཾ་དྲུཾ་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་སོད། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་གྱི་གདུག་རྩུབ་གནོད་པ་མཱ་ར་ཡ་ནན་ཁ་ཐཾ་རཀྵ། འདི་ཡན་སྲུང་བ་རྡོ་རྗེའི་གོ་ཆ་ཞེས་བྱའོ། །དེ་ནས་དགོང་མོ་དམིགས་རིམ་ལྟར་བསྐྱེད་པའི་ངང་ལས། རང་ལྷར་གསལ་བ་ལས་འོད་ཟེར་འཕྲོས། མེའི་ཁྲོ་བོ་མེའི་མཚོན་ཆ་ཐོགས་པ་དམག་དཔུང་གི་རྣམ་པས་བྱད་མ་རྦད་འདྲེ་རྦོད་གཏོང་ལྷ་སྲུང་དང་བཅས་པ་བསྲེགས་ཤིང་སླར་ཁོ་རང་གི་རང་གཤེད་རང་ལ་ཕབ་སྟེ་གཏན་བརླག་ཏུ་བཏང་ནས་མེད་པར་གྱུར། ༈ འོད་ཟེར་ཐོག་དང་ལྕགས་བསྲེགས་ཀྱི་ཚྭ་ཚྭ་ལྟ་བུས་བྱད་མའི་སྲུང་འཁོར་འདམ་བརྩིག་ལ་སྒྱོགས་ཕོག་པ་ལྟར་བཤིགས། དཀྱིལ་འཁོར་གྱི་དཀྱིལ་དཀྲུགས། ལྷ་ཆའི་སྒྲ་བཅག །འུར་སྒྲ་ཐུག་ཆོམ་གློག་ལྟར་དུ་འཁྱུག་པས། འཇིག་རྟེན་ས་གཞི་ཐམས་ཅད་མེར་མེར་བགེགས་དང་ལོག་འདྲེན་ཉེ་ཞིང་བལྟ་ཡང་མི་ནུས་པའི་འོད་ཟེར་གྱི་ཤུགས་ཀྱིས་ལྕགས་རིའི་རྒྱབ་ཏུ་བསྐྲད་པར་གྱུར། བྱད་ཟློག་སྔགས་ཁ་ལ་རྒྱས་འདེབས་ནས་གསུངས་པ་འདི་གུར་དྲག་སྲུང་འཁོར་ལ་ཡང་ཡོད་དེ་ཚེ་བདག་གི་ཟློག་སྔགས་འདི་ཉིད་དོ། །ཧཱུྃ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག །ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག །གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག །སརྦ་ཙིཏྟ་གཟེར་ཐུཾ། བྷིག་ནན། ཏྲིག་ནན། རྦད་ཡ་ཟློག་ཡ། གནོད་བྱེད་རྦོད་གཏོང་མཁན་ལྷ་དང་བཅས་པའི་སྲོག་ལ་མཱ་ར་ཡ་ཧཱུྃ་ཕཊ། ནངས་ནུབ་བརྒྱ་རྩར་བཟླ་གསུངས་ཀྱང་ནུབ་མོ་རེ་ལ་བརྒྱ་རེ་ཙམ་བཟླ་བར་བྱའོ། །དགྲ་ཟློག་ལ་དམིགས་པ་གོང་ལྟར་དགྲ་ལ་དམིགས་ནས། ཨོཾ་ཀིང་ཀང་ཞེས་པ་ནས། པྲ་ལེ་ཛྭ་ལ་ཟློག །གནོད་བྱེད་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་ཟློག་ནན། ཞེས་བསྒྱུར་བར་བྱ་འོ། །འདི་ནི་ཟློག་པ་མེ་ཡི་སྤུ་གྲི་ཞེས་གྲགས་སོ། །རང་ཉིད་ཡི་དམ་ལྷའི་བསྐྱེད་རིམ་གསལ་བའི་ངང་ནས། རྩིབས་མཆན་སྟོབས་པོ་ཆེ་བཅུ་དང་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཞལ་ཕྱིར་གཟིགས་ཏེ། ཕྱག་གཡས་གནམ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་དང་། གཡོན་མཚོན་ཆའི་འཁོར་ལོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གནོད་བྱེད་བདུད་བཞིའི་ངོ་བོ་མི་གཟུགས་དཀར་སེར་དམར་ནག་བཞིའི་རྣམ་པར་བཀུག་ནས། སྲུང་འཁོར་གྱི་ཕྱི་རོལ་སྲིད་པའི་འཁོར་ལོ་འབར་བ་སོ་འཐབ་པའི་བར་དུ་ཤ་ཁྲག་དབང་པོ་དོན་སྙིང་ཐམས་ཅད་དམར་ཉོག་ཉོག་གཏུབས། འཁོར་ལོ་ཡང་ཤིན་ཏུ་རྣོ་ངར་དང་ལྡན་ཞིང་སྤུ་གྲི་ལྟ་བུས་གནོད་བྱེད་འབྱུང་པོ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཧྲུག་ཧྲུག་གཏུབས་ནས་བསད་པར་གྱུར། ཨོཾ་ཀིང་ཀང་ནས། པྲ་ལེ་ཛྭ་ལ་སོད། གནོད་བྱེད་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ཧུར་ཐུཾ་ཛཿམཱ་ར་ཡ་སོད། ཅེས་སོགས་བཟླས་པས་གདོན་ཐུལ་རྟགས་མྱུར་དུ་འོང་། རྣྲི་མྱོག་ཏྲི་མྱོག་ཏུ་བསྒྱུར་བས་དར་སྲི་གོད་འདྲེ་ཆུང་སྲི་བྱུར་འདྲེ་སོགས་འདུལ་བའི་མཆོག་གོ །བསད་པ་འཁོར་ལོའི་བསམ་གཏན་ཞེས་བྱའོ། །དེ་ནས། རང་གི་ཕྱག་གཡས་རལ་གྲི་ས་ལ་བརྒྱབ་པས་གསེར་གྱི་ས་གཞི་ཆུ་དང་རླུང་གི་དཀྱིལ་འཁོར་ཡང་བཀས་ནས། ལས་ཀྱི་གཤིན་རྗེ་མཐིང་ནག་ཨ་ཝ་གླང་མགོ་ཁ་གནམ་ས་ཙམ་གདངས་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་གནོད་བྱེད་དགྲ་བགེགས་ཐམས་ཅད་ངའི་ཁ་ལ་ལུག་ཟེར་བའི་འབོད་པའི་སྒྲ་ཆེན་པོ་བསྒྲགས་པ་དང་། སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ཀྱིས་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་སྦུར་མ་རླུང་གིས་བསྡུས་པ་ལྟར་དེའི་ཁར་བླུགས་པས་ཁ་བསྡམས་ནས། འོག་ཕྱོགས་རིམ་པ་བདུན་གྱི་ས་འོག་ལྕགས་མཁར་གྲུ་གསུམ་སྒོ་མེད་ནང་དུ་སོང་། སྟེང་རྡོ་རྗེ་རྒྱ་གྲམ་གནམ་ལྕགས་ཀྱི་གཟེར་བཏབ་སྟེ། འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞིས་མནན་པའི་རྩེར་རང་ཉིད་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་སྲུང་འཁོར་དང་བཅས་པ་གསལ་བར་གྱུར། ཨོཾ་ཀིང་ཀང་སོགས། ཁ་ཐཾ། དགྲ་བོ་སའི་ཁམས་སུཾ་ནན། མེའི་ཁམས་རཾ་ནན། ཆུའི་ཁམས་བཾ་ནན། རླུང་གི་ཁམས་ཡཾ་ནན། ནམ་མཁའི་ཁམས་ལཾ་ནན། རྣམ་པར་ཤེས་པའི་ཁམས་སཏྭམྦྷ་ཡ་ནན། ཞེས་བརྗོད། ཆོས་རྣམས་དམིགས་མེད་ཡེ་ནས་རྫོགས་པ་ཆེ། །དགེ་བས་འགྲོ་ཀུན་འཇམ་དཔལ་ཉིད་འགྲུབ་ཤོག ༈ །ཞར་བྱུང་ཇག་འཆིང་ནི་རླུང་སྒྲུབ་སྟེ་གོང་དུ་མངོན་རྟོགས་སོགས་མི་དགོས་པར་ནམ་དགོས་དུས། རང་ཉིད་སྐད་ཅིག་དྲན་རྫོགས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་པའི་འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག་ལྕགས་ཀྱུ་དང་ཐོ་ལུམ་འཛིན་པ། སྐུ་སྨད་ཕུར་པའི་དབལ་ཅན་ལ་ཡུམ་བེ་ཏཱ་ཙ་ལི་དམར་མོ་ཕུར་པ་ལྕགས་དྲྭ་ཅན་སྐེད་པ་ཡན་ཆད་ཡབ་ལ་འཁྱུད་པའི་ཐུགས་ཀར་ཧཱུྃ་ལ་སྙིང་པོས་བསྐོར་བར་གྱུར། ཕྱག་གཡས་ལྕགས་ཀྱུས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཇག་རྐུན་ཐམས་ཅད་སྙིང་ཁ་ནས་བཟུང་འོག་ཏུ་བཀུག །ཕྱག་གཡོན་གནམ་ལྕགས་ཀྱི་ཐོ་ལུམ་མེ་འབར་བས་མགོ་ནས་བརྡུང་། ཡབ་ཡུམ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་མེ་འབར་བས་དགྲ་རྐུན་ཇག་པའི་སྙིང་གར་བཏབ་པས་གསེར་གྱི་ས་གཞི་ལ་འཛེར། འགའ་ཞིག་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་ནས་ཡུམ་གྱི་ལྕགས་ཀྱི་དྲྭ་བ་ནག་པོའི་ནང་དུ་ཚུད་པས་ཅི་བསམ་ཆ་མེད་མགོ་དང་དབང་པོ་དྲན་རིག་རྣམས་ནག་ཐིབས་ཐིབ་སོང་ནས་ལམ་ནོར། མུན་ནག་འཐིབས་ཤིང་ཐར་ས་མེད་པར་གྱུར། དགྲ་ཇག་རྐུན་གསུམ་ཐམས་ཅད་ཀྱི་ཀླད་ཁུང་ནང་དུ་མུན་པའི་གཡུང་དྲུང་ནག་པོ་གཅིག་གཡོན་དུ་དྲག་ཏུ་འཁོར་བས་མིག་ལོང་རྣ་བ་འོན་ལྕེ་དིག་མྱོས་འཐིབས་དམུ་གབ་ཀྱིས་གཡོགས་པས་ས་རིམ་པ་དགུའི་འོག་ཏུ་སོང་སྟེ་འབྱུང་བ་རིམ་པར་བརྩེགས་པར་གྱུར། ཨོཾ་ཀིང་ཀང་སོགས་ནས། པྲ་ལེ་ཛྭ་ལ་སོད། ཟ་དགོས་བརྡུང་དགོས་རྐུ་དགོས་འཕྲོག་དགོས་ཟེར་བའི་དགྲ་བོ་ཐམས་ཅད་མཱ་ར་ཡ་ནན་བྲུབས་ཁ་ཐཾ་ཁ་ཆིངས་ཤིག །ཅེས་སྔགས་གྲངས་ཅི་ལྕོགས་བཟླས་ལ་ཐལ་མོ་བརྡབ་བོ། །འདི་རྒྱུན་ཁྱེར་ནམ་དགོས་དུས་སྔགས་དང་དམིགས་པ་ཁོ་ནས་ཆོག་གོ ༈ །བྱད་དཀྲོལ་ན་བུམ་པར་བ་དམར་ཟལ་གྱི་འོ་མ་དང་ཆུ་གཙང་བཟང་དྲུག་བཏབ་པ་བཤམ། དེར་གཤིན་རྗེ་ཡབ་ཡུམ་སྲས་མཆོག་བཞི་དང་བཅས་པ་དྲན་རྫོགས་སུ་བསྐྱེད་པ་ལས་བདུད་རྩི་བབས་པས་བུམ་པ་གང་བར་དམིགས། རང་ཉིད་བདག་བསྐྱེད་སྲུང་འཁོར་དང་བཅས་གསལ་བཏབ་པའི་རང་གི་ཡ་རྐན་ཟླ་བ་ལ་ཧཱུྃ་ལས་ཀཱ་ལི་སོ་བཞི། མ་རྐན་ཨ་ལས་ཨཱ་ལི་བཅུ་དྲུག་གཡས་སུ་འཁོར་བ། ལྕེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལ་རྟེན་འབྲེལ་སྙིང་པོས་བསྐོར་བ། དེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་བདེ་གཤེགས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་གི་མགྲིན་པར་ཐིམ་པས་ལུས་ངག་ཡིད་གསུམ་མནན་པ་ཐམས་ཅད་ལས་གྲོལ་བར་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ལུས་བཅིངས་པ་ཤིག་ཤིག་ཕྱུང་ཕྱུང། ཨོཾ་སྐུ་ཨ་པ་ར་ཤག་སོང་ཧེ་སྭཱ་ཧཱ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ངག་བཅིངས་པ་ཤིག་ཤིག་ཕྱུང་ཕྱུང་། ཨཱཿགསུང་ཨ་པ་ར་ཤག་སོང་ཧེ་སྭཱ་ཧཱ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཡིད་བཅིངས་པ་ཤིག་ཤིག་ཕྱུང་ཕྱུང་། ཧཱུྃ་ཐུགས་ཨ་པ་ར་ཤག་སོང་ཧེ་སྭཱ་ཧཱ། ཞེས་སྔགས་གསུམ་སྦྲེལ་མའམ་སོ་སོར་བཏོན་ཡང་རུང་སྟེ་བརྒྱའམ་སྟོང་བཟླ། བུམ་ཆུ་ཁྲུས་དང་བཏུང་བ་དུས་བཞིར་བྱ། བུམ་པ་མི་བྱེད་ན་སྔགས་ཉེར་གཅིག་སྐབས་སུ་བཟླ། དེས་གཏད་དང་ངག་མནན་བྱད་དུ་བཅུག་པ་ཐམས་ཅད་དང་། རང་ནུས་རང་ལ་ལྡོག་པའི་ཉེས་སྐྱོན་ཐམས་ཅད་སེལ་ལོ། །གཞན་དོན་དུ་བྱེད་ན་བུམ་བསྐྱེད་སྤྱི་ལྟར་བྱ། སྔགས་བརྒྱ་རྩ་བརྒྱད་སོགས་བྱས་ནས་བྱབ་ཁྲུས་སྤྱི་ལྟར་དང་། བྱབ་པའི་སྐབས་སུ་བྱད་ཐག་གཅོད་པ་སོགས་ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ་ཞིང། བུམ་ཆུ་ལྷག་མ་ལ་ཡང་སྔགས་མང་དུ་བཏབ་ལ་ཞག་འགའ་འཐུང་བཅུག་པས་སེལ་ལོ། ༈ །འདིར་སྦྱིན་སྲེག་སྤྱི་ལྟར་ལས། ཐབ་སྤྱི་ལྟར་ལ་ལྷ་གྲངས་ཚོམ་བུ་བཀོད། བསྲེག་རྫས་སྤྱི་ལྟར་རམ། ལིང་ཆུང་དང་སྟག་ལོ་ལ་མིང་བྲིས་ལ་ཤ་དུམ་སྦགས། མེ་ལྷ་ནམ་མཁར་བཏེགས་སམ་འོད་ཞུ་རུང་། བསྲེག་རྫས་དགྲ་བགེགས་དངོས་སུ་གསལ་བ་གཤིན་རྗེ་གཤེད་འཁོར་བཅས་ཞལ་དུ་བསྟབ་པར་བསམ། གཙོ་འཁོར་སོ་སོའི་སྔགས་ལ་བསྲེག་རྫས་སྔགས་བཏགས་པས་གྲངས་ཅི་རིགས་འབུལ་བ་སྤྱི་ལྟར་རུང་མོད་ཀྱི། ལིངྒ་ནི་སྔགས་རིང་ལ་བསྲེག་སྔགས་བཏགས་པ་ཁོ་ན་གལ་ཆེའི་གཙོ་བོ་ཡིན། ཨོཾ་ཀིང་ཀང་ནས། པྲ་ལེ་ཛྭ་ལ་སོད། གནོད་བྱེད་དགྲ་གྱོད་མི་ཁ་བྲ་མཆུ་སརྦ་ཤ་ཏྲཱུན་མཱ་ར་ཡ་ཛྭ་ལ་རཾ། ཞེས་དང་། དམོད་བྱང་ལ་སྔ་དགྲ་ལག་གིས་བརྡར་བ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ། ཞེས་སོགས་བསྒྱུར་ཤེས་པས། དར་ནག་གམ་རྔ་མ་གཡབ་ཐལ་མོ་བརྡབ། ཚར་བ་དང་རང་གི་སྣ་བུག་གཡས་ནས་ཡཾ་ཡིག་དམར་ལྗང་ལས་རླུང་བྱུང་བས་བསྲེག་རྫས་གཏོར་ནས་སྟོང་པར་བསམ། ཐལ་བ་དགྲ་ཕྱོགས་སུ་རླུང་ལ་བསྐུར། རང་གི་ཁང་པ་སོགས་ལ་མ་ལོག་པར་འཛེམ་པ་གནད་ཆེ། ཡང་ཐལ་བ་མནན་པ་གཞུང་ལྟར་བྱ། གསུམ་ལྔ་བདུན་སོགས་བྱས་ན་ན་ཚ་གོད་ཀ་ཆད་ཅིང་། དགྲ་བོ་བརླག་པར་ཐེ་ཚོམ་མེད་དེ། ཆུང་སྲི་དང་འབྱུང་པོས་ཚེ་འདིར་གནོད་པར་མི་འགྱུར་རོ། །དེ་ལྟར་སྒྲུབ་པའི་འབྲས་བུ་མྱུར་དུ་འབྱིན། །བར་ཆད་དུས་མིན་འཆི་ལས་ཟློག་བྱེད་པ། །གྱིམ་ཤང་དྲག་པོའི་སྦྱིན་སྲེག་ཅེས་བྱ་འོ། ༈ །གོད་ཆོད་དོ་དམ་ཆེན་པོ་བྱེད་ན་འཁོར་ལོ་ཆེ་འབྲིང་ངམ། བསྡུ་ན་ལིང་རྐྱང་དགྲ་ལིང་ལ་གོད་འདྲེ་གོད་སྲི་བསྒྱུར་ནས། རྩ་སྔགས་ཤམ་ལ་གོད་སྲི་ཁ་ཆིངས་ཤིག །མཆུ་སྡོམས་ཤིག་མཱ་ར་ཡ་ནན། ཅེས་གཞུང་ལྟར་ཟློག་པ་ལའང་ཁ་བསྒྱུར་དང་། སྔགས་ལའང་བསྒྱུར་ཁ་ཐམས་ཅད་ཁ་བསྒྱུར་ནས་བྲི་བ་ལ་ཡང་ཁ་བསྒྱུར་ལ། མནན་བསྲེག་འཕང་གསུམ་བྱས་པས་ཟབ་བོ།། །ྀཨཚ། ༈ དེ་བཞིན་རྒྱས་འདེབས་རྒྱས་པ་ལ། འདྲེ་མནན་ཏྲི་མྱོག་བྱུར་འདྲེ་གོད་འདྲེ་དར་སྲི་ཆུང་སྲི་རྒན་སྲི་གོད་སྲི་ཝཱ་ཀ་སཏྭམྦྷ་ཡ་ནན། ཅེས་པ་བསྒྱུར་ཞིང་། དགྲ་མནན་རྣྲི་མྱོག་དགྲ་བོ་ཝཱ་ཀ་སཏྭམྦྷ་ཡ་ནན། ཅེས་རྣྲི་དང་ཏྲི་བརྗེའོ། །གཞུང་དུ་མ་ནས་བསྒྱུར་ཁ་གསུངས་པས་ནད་འདྲེ་གཅོང་སྲི་སོགས་གང་འདོད་ལ་བསྒྱུར་རོ། ༈ །གནམ་ཆོས་ལུགས་འདོད་ན་དྲན་རྫོགས་སུ་སྐུ་མདོག་ཆ་ལུགས་འདྲ་བ་ལས། གཡོན་དང་པོས་དགྲ་སཏྭའོ། །ཐུགས་ཀར་ཡ་སྔོན་པོར་ཡེ་ཤེས་པ་བསྟིམ། ཨོཾ་ཀིང་ཀང་ཀཱ་ལ་དགྲ་ནན། ཅེས་བཟླས་པས་འཐུས་སོ། ༈ །འདི་ཡི་ལས་ཚོགས་ཟུར་མཁར་ལུགས་ཀྱི་དུག་སྲུང་ལ། བསེ་རུ་དཀར་པོ། གླ་རྩི། མཚལ་དཀར། གསེར་མདོག །བོང་ང་དཀར་པོ། ཨ་མྲྀཏ་རྣམས་ཞིབ་པར་བཏགས་ལ་དྲི་ཆུ་བར་པ་ལ་སྦྱར་ནས་ལྟོ་སྟོང་ལ་སྦྱར་ན་སྦྱར་དུག་གི་གནོད་པ་སྲུང་བར་གསུངས་སོ། །པདྨ་བཀའ་ཐང་ལས། ཚེ་ལོ་བཞི་བཅུ་པ་ལ་དགྲ་ཡི་བསྐལ་པ་དར་གསུངས་པ་དང་། ཨོ་རྒྱན་གྱི་གསུང་གཏེར་གཞུང་མང་པོ་ནས། ཉིན་གཅིག་བསྒྲུབས་ན་ལོ་གསུམ་དགྲ་མི་ལྡངས། །གསུངས་པས་དུས་དེང་སང་མཁོ་བའི་ལྷ་ཡིན་ལ། འཇམ་དཔལ་རྩ་རྒྱུད་ལས། །དུས་ཀྱི་ཐ་མ་དག་ལ་ནི། །སྔགས་རྣམས་འགྲུབ་པར་ངེས་པ་ཡིན། །དེ་ཉིད་ཀྱིས་ན་ཐུབ་དབང་གིས། །གཞོན་ནུར་ཡོངས་སུ་བསྟན་པ་ཡིན། །ཤེས་རབ་ཆེན་པོ་འཇམ་པའི་དབྱངས། །བྱིས་པ་གཞོན་ནུའི་ཚུལ་དང་ལྡན། །འཇིག་རྟེན་འདིར་ནི་ཀུན་ཏུ་རྒྱུ། །སེམས་ཅན་རྗེས་སུ་གཟུང་བར་མཛད། །དེ་ཡི་དུས་སུ་སྒྲུབ་པ་ནི། །འཇམ་པའི་དབྱངས་སུ་རབ་ཏུ་མཐོང་། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་ཏུ་སྲུང་བ་ནི། །འཇམ་པའི་དབྱངས་སུ་འགྱུར་བ་ཡིན། །ཞེས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཅེས་བྱ་བ་ཡིན་ཏེ། གཤིན་རྗེའི་རྒྱལ་པོ་ཡང་འཇོམས་པ་དང་འགུགས་པར་བྱེད་པ་ཡིན་ན། སེམས་ཅན་གཞན་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པས་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་ཡིན། ཁ་ཐུན་གཞུང་ལས། ཁྲོ་བོའི་ནང་ནས་གཤིན་རྗེ་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱང་ནི་ལག་ཆ་འཆོར། །གསུངས་པས་ནུས་པ་གཞན་ལས་ཆེ། འཇམ་དཔལ་ཞིང་བཀོད་མདོ་ལས། སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་གི་མཚན་བརྗོད་པ་བས་ནི། གང་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་བརྗོད་ན་བསོད་ནམས་ཆེས་མང་དུ་བསྐྱེད་དོ། །ཅེས་གསུངས་པས་ཕན་ཡོན་ཆེ་ཞིང། མདོ་དེ་ཉིད་ལས། འཇམ་དཔལ་གྱི་རྗེས་སུ་སློབ་པའི་བློ་སྐད་ཅིག་སྐྱེས་པའི་བསོད་ནམས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནོར་བུས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་ལས་བསོད་ནམས་ཆེའོ། །ཞེས་གསུངས་ཤིང་། འདིའི་སྔགས་ནི། ཨོཾ་ནི་སྐུ་ལྔ་ཡེ་ཤེས་ཏེ་འཇམ་དཔལ་རིགས་ལྔ་དང་། མཉྫུ་ཤྲཱི་ནི་འཇམ་དཔལ་ཏེ། འབྲུ་གསུམ་འདི་མཚན་བརྗོད་དང་། འཇམ་དཔལ་དམ་བཅས་པའི་གཟུངས་དང་། སྒྲུབ་ཐབས་རྒྱ་མཚོ་འཇམ་པའི་རྡོ་རྗེའི་སྔགས་ལས་འབྱུང་ཞིང་ཕན་ཡོན་མཐའ་ཡས་སོ། །ཡ་མཱནྟ་ཀ་ནི་གཤིན་རྗེ་གཤེད་དེ། འཇིགས་བྱེད་རྟོག་པ་སོགས་གཤིན་རྗེ་གཤེད་ཀྱི་སྔགས་རྒྱུད་རྣམས་ནས་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་ཐམས་ཅད་ཀྱི་སྙིང་པོ་མ་འཁྱུག་པ་བྱིན་རླབས་ཅན་དང་། ཡ་མ་རཱ་ཙ་ནི་ཡ་ཚོགས་ཀྱི་མགོ་ཡིན་ཞིང་། ལས་གཤིན་ཐམས་ཅད་ཀྱི་སྙིང་པོ་འབྲུ་བཞི་ཐུགས་སྲོག་བཞིའི་ས་བོན་དང་། ཧཱུྃ་ནི་འཇམ་དཔལ་མཚན་བརྗོད་ལས། ཡི་གེ་ཧཱུྃ་ནི་ཡི་གེ་གཅིག །ལས་རྣམས་མ་ལུས་བྱེད་ཅིང་དགེ །སྔགས་ཀྱི་སྙིང་པོ་བཟླས་ཙམ་གྱིས། །འགྲོ་དང་གནས་དང་དུག་དང་ནི། །དེ་བཞིན་དགྲ་རྐུན་རེངས་པར་བྱེད། །སེམས་ཅན་དུག་ཅན་ཐམས་ཅད་ལ། །བཟླས་པ་ཙམ་གྱིས་རེངས་པར་བྱེད། །ཅེས་གསུངས་ལ། ཕཊ་ནི་ཚར་གཅོད་པའམ་སྡུག་བསྔལ་གཅོད་པར་བྱེད་པར་རྡོ་རྗེ་རྩེ་མོ་ལས་གསུངས་སོ། །དེས་ན་སྔགས་འདི་ཤིན་ཏུ་ལེགས་པར་མཐོང་ཞིང་། རང་གིས་ཉམས་སུ་བླངས་ནས་རྟགས་ཐོན་ཡིད་ཆེས་པའི་ཕྱིར། ཉམས་ལེན་རྒྱུན་ཁྱེར་བསྡུས་པའི་བརྗེད་བྱང་སྟེ། གཏེར་རྙིང་རྒྱ་གཞུང་གི་ཚིག་མ་བཅོས་པར་བསྒྲིགས་པས་བྱིན་རླབས་ཆེ་ཞིང་། ཚིག་ལྷུག་ཀྱང་དམིགས་པ་ཟིན་སླ་བའི་ཕྱིར་ཚིགས་བཅད་སོགས་མ་བྱས་པར་བྲིས་ཏེ། ཉེར་མཁོ་བསྡུས་པ་འདི་ཙམ་མེད་ཀ་མེད་དུ་འདུག་པས་འོ་མའི་རྒྱ་མཚོ་ལས་མར་ལྟར་ཕྱུང་པ་ཡིན་ལ། རྒྱས་པར་བསྒྲིག་ན་རྒྱ་ཆེ་ཞིང་དྲག་སྔགས་འཇིགས་རུང་ཉེས་ལྟུང་གི་གཞིར་འགྱུར་དོགས་མ་བྲིས། རྒྱུན་ཁྱེར་བསྡུས་པ་ཨ་རཱ་གས་བྲིས་པ་ལ་འགལ་འཁྲུལ་མཆིས་ན་བཤགས་ཤིང་དགེ་བས་འགྲོ་ཀུན་འཇམ་དབྱངས་ཉིད་ཀྱི་སྐུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
བླ་མ་དགོངས་པ་འདུས་པ་ལས༔ ཐོད་སྒྲུབ་ཡིད་བཞིན་བང་མཛོད་ (Volume 51, Text 34)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཐོད་སྒྲུབ་ཡིད་བཞིན་བང་མཛོད་ཅེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ཐོད་པ་མཚན་ལྡན་འཆང་བར་འདོད་པས༔ གནད་ཀྱི་གདམས་པ་དང་མི་ལྡན་པས་བཅངས་ན༔ དངོས་གྲུབ་མི་འབྱུང་བའི་སྟེང་དུ༔ ཐོད་པ་ལ་སྲུང་མ་གནོད་སྦྱིན་དང་མཁའ་འགྲོ་ལ་སོགས་འཁོར་བས་དེ་དག་ཁྲོས་ཤིང་མི་འདོད་པ་དུ་མ་སྐྱེད་པར་བྱེད་དེ༔ གནད་ཀྱི་གདམས་པ་དང་ལྡན་ན༔ ཇི་ལྟར་འདོད་པའི་དངོས་གྲུབ་དང་ཕྲིན་ལས་གང་ཡང་ཐོགས་པ་མེད་པར་འགྲུབ་པར་འགྱུར་བའི་ཕྱིར༔ གནད་ཀྱི་གདམས་པ་མན་ངག་འདི་ལྟར་བྱས་ལ་བཅང༔ དེ་ཡང་ཐོད་པ་བཟང་པོ་སྐར་མ་བཟང་ཞིང་གཟའ་དར་བའི་དུས་སུ་ཉ་སྟོང་བརྒྱད་སོགས་ལ་བབས་པའི་ཚེ༔ ལག་ཏུ་བླང་ཞིང་བགེགས་བསྐྲད༔ གུ་གུལ་གྱི་དུད་པས་བདུག༔ ཉུངས་དཀར་དང་ཏིལ་ནག་ལ་སོགས་པའི་ཐུན་གྱིས་བྲབ་ཅིང༔ ཁྲོ་བོའི་དྲག་སྔགས་དྲག་ཏུ་བརྗོད་ལ་བགེགས་དང་ཕྲལ་བར་བྱའོ༔ དེ་ནས་གཡང་གི་སྐར་མ་ལ་བབས་པའམ༔ དེ་མ་ཡིན་ཡང་གཟའ་སྐར་བཟང་པོའི་ཉིན་པར༔ ཐོད་པའི་ནང་དུ་ཆང་ཕུད་བཟང་པོ་ཨ་མྲྀཏ་དང་སྦྱར་བ་བླུགས་ནས༔ བདུད་རྩིར་བྱིན་གྱིས་བརླབ་པ་ལ་སོགས་བླ་མ་ཡི་དམ་མཁའ་འགྲོའི་སྒྲུབ་མཆོད་ཚོགས་ཀྱི་འཁོར་ལོ་དང་བཅས་པ་རྒྱས་པར་བྱའོ༔ དེ་ནས་ཐོད་པ་ལེགས་པར་ཕྱི་ཞིང་དྲ་དྲི་སྣམ་སྣུམ་ལ་སོགས་མེད་པར་བྱས་པའི་ནང་དུ༔ བླ་མ་ཡི་དམ་མཁའ་འགྲོའི་སྐུ་རྟེན་དང༔ རྩ་སྔགས་ནོར་སྒྲུབ་ཀྱི་ཤམ་བུ་ཅན་འདོད་གསོལ་དང་བཅས་པ་གསེར་དངུལ་གྱིས་བྲིས་པ་དང༔ བརྒྱུད་པའི་མཚན་འབུམ་དང༔ གཟུངས་སྔགས་ཀྱི་རིགས་མང་པོ་དང༔ ག་པུར༔ གུར་གུམ༔ ཙནྡན༔ གླ་རྩི༔ གི་ཝང༔ ཛཱ་ཏི་ལ་སོགས་པའི་སྨན་སྣ་ཚོགས༔ འབྲུ་སྣ་ཚོགས༔ རིན་པོ་ཆེ་སྣ་ཚོགས༔ ཤིང་ཐོག་སྣ་ཚོགས༔ ཟས་སྣ་ཚོགས༔ དར་ཟབ་སྣ་ཚོགས༔ གདུང་རིང་བསྲེལ་ལ་སོགས་པའི་བྱིན་རླབས་ཅན་གྱི་རྫས༔ པཉྩ་ཨ་མྲྀཏ་དང༔ བསྟན་པའི་ཡང་ཞུན་གྱི་གླེགས་བམ༔ སྟག་གཟིག་གི་རས་མ༔ བཀྲ་ཤིས་རྟགས་བརྒྱད༔ རྒྱལ་སྲིད་སྣ་བདུན་ལ་སོགས་པ་འདོད་ཡོན་གྱི་ལོངས་སྤྱོད་ཇི་སྙེད་པས་ཕྱུར་གྱིས་གང་བར་བྱས་པའི་ཕྱི་དར་ཟབ་སྣ་ཚོགས་པས་བཏུམས་ལ་བླ་མ་ཡི་དམ་མཁའ་འགྲོའི་དལ་དབུས་སུ་བཞུགས་སུ་གསོལ་ལ༔ སྭ་བྷཱ་ཝས་སྟོང་པར་སྦྱངས་ཤིང༔ ཐོད་པ་གཞལ་ཡས་ཁང་ཆེན་པོའི་དབུས་སུ་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས་པ་བསྐྱེད་ལ༔ ཡེ་ཤེས་པ་སྤྱན་དྲངས་ཤིང་ཡང་ཡང་བསྟིམ༔ དཀྱུས་སོ་སོ་ནས་འབྱུང་བ་ལྟར་བླ་མ་ཡི་དམ་མཁའ་འགྲོའི་བཟླས་པ་བྱ་ཞིང་བསྒྲུབས་ནས༔ དངོས་གྲུབ་ཀྱི་ལྟས་བྱུང་བ་དང༔ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༔ མངའ་གསོལ་ཡང་བྱ༔ རྟེན་འབྲེལ་སྙིང་པོ་དང་ཨཱ་ལི་ཀཱ་ལི་མང་དུ་བརྗོད་ལ་རབ་ཏུ་གནས་པར་བྱ༔ ཐོད་པ་མཆོད་པའི་རྟེན་དུ་དམིགས་ལ་ཚོགས་འཁོར་གྱི་བཟའ་མགྲོན་ཅི་འགྲུབ་བཀྱེ༔ དེ་ནས་ཐོད་པ་དེ་སུས་ཀྱང་མ་མཐོང་ཞིང་ལག་མ་བརྒྱུད་པར་བང་མཛོད་ཀྱི་ཕུགས་སམ༔ སྐུ་གསུང་ཐུགས་ཀྱི་རྟེན་གྲལ་ལམ༔ རང་གི་སྔས་སུ་བཞག་སྟེ་མདུན་རང་ལ་བསྟན་པར་བྱའོ༔ སྐབས་སུ་ཉ་སྟོང་བརྒྱད་གསུམ་དང་ཚེས་བཅུའི་སྐབས་ལ་བབ་པའི་ཚེ༔ སྒྲུབ་མཆོད་སྔར་ལྟར་བྱ་ཞིང་ཁ་གསོ༔ དེ་ཡིས་ཐོད་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་དགོས་འདོད་དབང་གི་རྒྱལ་པོ་ལྟར་གྱུར་ནས་ཅི་ལྟར་འདོད་པའི་དངོས་གྲུབ་འབྱུང་ཞིང༔ ཕྲིན་ལས་ཅི་འདོད་འབྱུང་བར་འགྱུར་རོ༔ གཞན་ཐོད་པ་གང་འཐད་སྐྱོན་མེད་པ་ལ་ཐོད་གཡོག་བྱ༔ སྒྲུབ་པ་བྱས་པའི་ཐོད་པ་ལས་སྦྱོར་གང་ཡང་མི་བྱེད་པར་སྦའོ༔ དེས་ཅི་འདོད་པ་འབྱུང་བ་ནི༔ དཔེར་ན་ཕྱུག་པོ་ཟས་ནོར་མང་པོ་ཡོད་པ་ལ༔ བཟའ་བཏུང་གིས་དགྱེས་པར་བྱས་ནས་ཚིག་སྙན་པོས་སློང་ཤེས་ན་ཅི་འདོད་སྦྱིན་པར་བྱེད་ཅིང༔ དེ་ལྟར་མ་ཡིན་པས་ནི་ཅི་ཡང་མི་སྟེར་བ་དང་མཚུངས་པར༔ ཐོད་པ་བཟང་པོ་མཆོད་ཅིང་མཆོག་དང་ཐུན་མོང་དངོས་གྲུབ་བསླངས་པས་འདོད་དགུ་འབྱུང་བར་འགྱུར་ཏེ༔ ཐོད་པའི་ནང་དུ་ནོར་བུ་ལ་སོགས་པ་གཅེས་པའི་རྫས་དང༔ ཡོ་བྱད་ཀྱིས་གང་བར་བྱེད་པ་གནད་ཡིན་ནོ༔ ཐོད་པ་བཟང་པོ་ལ་བརྟེན་ནས་དངོས་གྲུབ་བླང་བའི་ཐབས༔ ཐོད་སྒྲུབ་ཡིད་བཞིན་བང་མཛོད་ཅེས་བྱ་བ༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ༔ ཨོ་རྒྱན་གྱི་དགེ་སློང་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་ལས༔ བདག་འདྲ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཡི་གེར་བྲིས་ནས༔ གསང་བ་བྲག་གི་ཡང་རྫོང་དུ་གཏེར་དུ་སྦས་པའོ༔ སྐལ་ལྡན་ལས་ཅན་ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པས་གདན་དྲངས་པའོ།། །།
ཤི་འདྲེ་གླུད་བསྔོ་ (Volume 44, Text 34)
ན་མོ་གུ་རུ་པདྨ་ཀྲོ་དྷཱ་ཡ༔ ཤི་འདྲེ་ལ་གླུད་བསྔོ་ན༔ བགེགས་གཏོར་གླུད་གཟུགས༔ ནམ་མཁའ༔ ཆངས་བུ༔ ཤ་དུམ༔ ཟན་ཆད༔ མར་མེ་ཡོས་བཀྲ༔ ཟས་དང་ཤ་ཡི་གསུར་དུད་སོགས་བྲན༔ ཨོཾ་ཨཱཿཧཱུྃ༔ ཨ་ཀཱ་རོས་བྱིན་བརླབ༔ མཆོག་གསུམ་པདྨ་འབྱུང་གནས་དང༔ རྡོ་རྗེ་གཞོན་ནུའི་མཐུ་སྟོབས་ཀྱིས༔ བདེན་པ་བསླུ་བ་མེད་པའི་མཐུས༔ གསོན་འདྲེ་འཁོར་བཅས་འདིར་ཁུག་ཅིག༔ སྔོན་ཚེ་ལས་ངན་བསགས་པ་ལ༔ ད་ལྟ་བར་སྲིད་འདྲེ་རུ་སྐྱེས༔ གཟུགས་ནི་མི་བརྫུ་དགུ་རུ་སྤྲུལ༔ ཆ་ལུགས་མ་ངེས་ཡ་མ་ཟུང༔ སེམས་ལ་གནོད་སེམས་མེ་ལྟར་འབར༔ དེ་རིང་བྱམས་པའི་སེམས་ལྡན་པས༔ སྐད་ཅིག་མདོས་འདི་ལེན་པར་གྱིས༔ རིན་ཆེན་ལྔ་དང་འབྲུ་སྣ་ལས༔ གྲུབ་པའི་སྐུ་གླུད་རྒྱན་ལྡན་དང༔ ནམ་མཁའ་བལ་ཚོན་ཤིང་བཀྲ་སོགས༔ ཤ་ཆང་ཆངས་བུ་གཙང་མ་དང༔ ཤེལ་ཚིགས་ཁྲི་དཀར་སྟོང་ནག་པོ༔ ཟས་སྣ་གསུར་གྱི་འདོད་ཡོན་བཅས༔ གང་ལ་གང་འདོད་ཡོན་ཏན་འབྱུང༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ རྒྱ་ཆེ་རྒྱུན་ཆད་མེད་པར་གྱུར༔ བསྔོ་འོ་ཐོབ་ཅིང་རབ་ཏུ་ཚིམས༔ སྔོན་གྱི་ལན་ཆགས་འཁོར་བ་དང༔ འཕྲལ་གནོད་རྐྱེན་བགེགས་ཞི་བར་གྱིས༔ ཕྱིན་ཆད་ཡུལ་འདིར་གནོད་མ་བྱེད༔ རྨེ་དང་གྲི་ཁ་མཚོན་ཁ་སྒྱུར༔ སྡང་དགྲ་བགེགས་ལ་ཟ་ཁ་བྷྱོ༔ བཀའ་ལ་མ་འདའ་དམ་ལ་འདུས༔ ཕྱི་མིག་ཙམ་ཡང་མ་བལྟ་བར༔ མཐའ་མེད་རྒྱ་མཚོའི་ཕ་རོལ་སོང༔ བཀའ་ལས་འདས་ན་བརླག་པར་འགྱུར༔ ཡཀྴ་གནོད་སྦྱིན་ཆེན་པོ་ཡིས༔ ཤ་རུས་ཟ་ཞིང་ཁྲག་ལ་འཐུང༔ རྣམ་ཤེས་རྡོ་རྗེ་དམྱལ་བར་འཚེད༔ བདེན་པའི་སྟོབས་འདི་དྲན་པར་གྱིས༔ ཞེས་ཚར་གང་མང་མཐར༔ གླུད་ཐག་རིང་བསྐྱལ༔ སྔགས་འདི་དྲག་པོའི་སྔགས་ཤམ་དུ་སྦྱར༔ རཱ་ཙ་རཀྨོའི་སྲོག་ལ་མཱ་ར་ཡ༔ ཙིཏྟ་མཱ་ར་ཡ་རྦུད༔ མགོ་ལ་ཆོད༔ སརྦ་དུཥྚཱཾ་གནོད་བྱེད་ཕོ་མོ་ཕྱེ་མར་འཐག༔ སརྦ་བིགྷྣཱཾ་མཱ་ར་ཡ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་སྲུང་འཁོར་སྒོམ་མོ༔ རྡོ་རྗེ་དྲག་པོས་གླུད་ཀྱི་སྒོ་ནས་དམ་ལ་བཏགས་པའི་ཤི་འདྲེའི་གླུད་བསྔོ་དགོངས་གཏེར་ལགས་སོ༔ ས་མ་ཡ་ཆ༔ ཀ་རུ་ནྲྀ་ཏྲི་ཛ༔ སྲོག་ཡིག་ཡིན༔ འདི་བློ་ལ་ཡོད་ན་གནོད་མི་ཐུབ༔ སྔགས་ཤམ་བཏགས་ན་ཚེ་འཕོས་པས་མི་རུང༔ དམ་ཚིག་རྒྱ༔
མཚོན་སྲུང་ཟབ་བསྡུས་ (Volume 45, Text 34)
མཚོན་ཆའི་འཇིགས་པ་ལས་རབ་ཏུ་རྒྱལ་བའི་ཐབས་དར་མདུད་ཟབ་ཁྱད་མ་ལག་ཏུ་ལོན་ངེས་པ་མྱོང་བས་གྲུབ་པ་ནི། ཞག་གསུམ་ངག་བཅད་ལ་གོང་བསྙེན་འབུམ་ཚོ་གཅིག་བྱ། དེ་ནས་ནངས་པར་ཐོ་རངས་རྒྱུན་དུ་ངག་མ་གཏང་གོང་དུ་སྔགས་བརྒྱ་སྟོང་གང་འགྲུབ་བཟླ། སྔགས་བཟླ་དུས་དམིགས་པ་རང་ཉིད་ལྕགས་ཀྱི་ཁ་ཊྭཱཾ་གར་བསྒོམས་ནས། སྔགས་བཟླས་རྗེས། མཚོན་གྱི་མིང་མེད་རྡོ་རྗེའི་ལུས་སུ་གྱུར་པར་བསམ། མཚོན་ཆ་ཆར་དུ་བབས་ཀྱང་གནོད་པར་མི་འགྱུར་རོ། །ལས་སྦྱོར་ནི། དར་དམར་གྱི་སྲུང་སྐུད་དར་དམར་དྲི་ནག་སོགས་མེད་པ་ལ་རྡོ་རྗེའི་མདུད་པ་གསུམ་བརྒྱབ། མདུད་པ་རེ་ལ་སྔགས་སྟོང་ཕྲག་རེ་བཟླས་ལ། དེ་རང་གཞན་སུ་རིགས་ཀྱི་མགོའམ་སྐེ། ལག་གཡོན་པ་ལྟ་བུ་གང་རིགས་ལ་བཏགས་པས་ལོ་རེའི་ནང་དུ་མཚོན་མི་ཕོག་ཅིང་ཕོག་ཀྱང་མི་ཐུབ་པ་ནི་ལག་ལེན་མྱོང་བས་གྲུབ་པ་ཡིན་ནོ། །ཟད་ཁྱད་ལ་གདེངས་ཁེལ་བློ་ཐུབ་པའི་ཁྱད་ནོར་གཞན་ལ་མེད་པའི་ཁྱད་ཆོས་བསམ་འཕེལ་གྱི་ནོར་བུའོ། །ཟ་ཡིག་མཚོན་སྲུང་མཚོན་བསྙེན་སོགས་གཞན་མང་དུ་ཡོད་པ་རྣམས་ནི་རྫས་མི་འཛོམ་པ་དང་། བསྲུང་བྱ་མང་བ་སོགས་ཀྱིས་བསླུས་པ་མང་། སྲུང་སྐུད་བརྗེས་མཚམས་ཀྱི་ལོ་ཟླ་ཚེས་གྲངས་མ་ནོར་ན་གདམས་པ་འདིས་བསླུ་བར་མི་སྲིད་དོ། །དེས་ན་དུས་མ་ནོར་མ་བརྗེད་པར་བྱའོ། །ཡང་གཡུལ་དུ་ཞུགས་པའི་དུས་ཚོད་ངེས་པ་ཅན་ཡོད་ན་སྲུང་སྐུད་བཏགས། སྔགས་ཆུ་ལུས་ལ་བྱུགས། ནས་དཀར་པོ་གསུམ་ལ་སྔགས་སྟོང་རྩ་བཏབ་ནས་མིད་ན་གོ་ཁྲབ་སུམ་བརྩེགས་གྱོན་པ་ལས་ཀྱང་བློ་ཐུབ་བོ། །མཚོན་ཆ་ཆར་དུ་བབས་ཀྱང་རང་ལུས་རྡོ་རྗེ་ཕ་ལམ་དང་འདྲའོ། །དམ་ཚིག་ནི། སྲུང་སྐུད་ལ་བུད་མེད། བྱ་རོག །ཁྱི། ཞིམ་བུ་རྣམས་ཀྱིས་མ་རེག་མ་འགོང་བར་གལ་ཆེ་འོ། །ཡང་ལེ་ལོ་ཅན་ལ་སྲུང་སྐུད་དགོས་དུས་མ་གཏོགས་བཏགས་མི་དགོས། དབེན་པར་སྦས་ལ་ཚགས་བྱ། སྔགས་ནི། ནག་པོ་ཤྲཱི་ཁ་ལ་ཁེལ། ཞེས་པ་འདི་ཁོ་ནའོ། །འདི་ནི་གཞན་ལ་མེད་པའི་གདམས་པ་ཟབ་ཁྱད་ཅན་ཡིན་པས་འཆོལ་བར་སྤྱོད་ན་མཁའ་འགྲོ་མ་རྣམས་ཀྱིས་ཆད་པ་ཆོད། ས་མ་ཡ། རྒྱ་རྒྱ་རྒྱ། སྨྲག་ཁ་ཐི། འདི་བྱ་པ་བཀྲ་ཤིས་དར་རྒྱས། ངག་དབང་ཀུན་དགའ་སྙིང་པོ། ཡུག་པ་ནོར་བུ་དབང་རྒྱལ། གྲུབ་ཆེན་ཀུན་དགའ་རྡོ་རྗེ་སོགས་ཀྱིས་གཏན་ལ་ཕབ་པ་བསླུ་མི་སྲིད་པ་ཡིན་ནོ།། །། ༈ མཚོན་ཆའི་འཇིགས་པ་སྲུང་བའི་སྒོམ་བཟླས་བཞུགས་སོ། །བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨོཾ་སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྐད་ཅིག་གིས། །རང་ལུས་ལྕགས་ཀྱི་ཁ་ཊྭཱཾ་ག །སྔོན་པོ་མེ་འོད་རབ་འབར་བ། །ཅིས་ཀྱང་གཞོམ་དུ་མེད་པར་གྱུར། །ནག་པོ་ཤྲཱི་ཁ་ལ་ཁེལ། ཞེས་ཅི་ནུས་བཟླས་མཐར། མཚོན་ཆའི་འཇིགས་པས་མི་ཚུགས་པའི། །གཞོམ་མེད་རྡོ་རྗེའི་ལུས་སུ་གྱུར། །དགེ་འདིས་བདག་གཞན་འགྲོ་བ་ཀུན། །ཕྱི་ནང་མཚོན་ཆའི་འཇིགས་པ་སོགས། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་བའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་བརྗོད། འདི་ཉིད་ཐོག་མར་ཞག་གསུམ་མཚམས་བཅད་ལ། ངག་གཅད་ཤིན་ཏུ་དམ་པས་བསྙེན་པ་འབུམ་ཕྲག་གཅིག་བྱ། དེ་ནས་རྒྱུན་དུ་ཐོ་རངས་ངག་མ་གཏང་གོང་དུ་སྔགས་བརྒྱ་སྟོང་གང་འགྲུབ་བཟླས་པས་མཚོན་ཆ་ཆར་དུ་བབས་ཀྱང་གནོད་པར་མི་འགྱུར་རོ། །སརྦ་མངྒ་ལཾ།། །། ༄༅། །མཚོན་སྲུང་རལ་གྲི་མ་འདིའི་ལོ་རྒྱུས་དང་ཕན་ཡོན་ནི། ཐང་ཁལ་ཆེན་མོས་འཁྲུགས་དུས། ཐང་ཆུང་བའི་བཟའ་ ཚོ་ལྔ་བཅུ་ལ་བཏགས་པས། ཐམས་ཅད་ལ་མཚོན་གྱིས་མ་ཕོག །འགའ་ཞིག་གོས་རྐྱང་པའི་སྟེང་དུ་ མདའ་བབས་ཀྱང་མ་ཕིགས་སོ། །དེ་བཞིན་དུ་ཡིད་ཆེས་པར་གྱིས་ཤིག །འདི་བྲི་བའི་ཚེ་ལྷག་ཆད་བྱུང་ ནས་བསྲུབ་དགོས་བྱུང་ན་མི་ཕན་པས་བསྐྱར་ལ་བྲིའོ། །གྲི་རྩེས་བྲད་ན་ནུས་པ་ཉམས་འགྲོ །འདོགས་པའི་ཚེ་སྙུག་མ་ཕྲ་མོ་རྩི་མ་ཤོག་བུའི་ཞིང་དང་མཉམ་པའི་ནང་དུ་བཅུག་ལ་རལ་གྲི་ཡུ་བའི་ཕྱོགས་ནས་བསྒྲིལ། ལུང་སྨྱུག་མའི་སྦུབས་ནས་དྲངས། འགོང་ཡུགས་ལ་འཛེམ་ཞིང་མགྲིན་པར་གདགས། རལ་གྲིའི་རྒྱབ་ལ་ཡེ་དྷརྨཱ་བྲི། རཀྵ་རྣམས་མ་རེག་པར་ཐད་ཀར་བྲི། རབ་གནས་སྤྱི་དང་མཐུན། ཤིན་ཏུ་ཟབ་པར་གདའོ།། ྀཨཚ༔ ༄༅། །བྱང་ཆུབ་གླིང་པའི་གཏེར་མ་མཚོན་སྲུང་གི་སྔགས་རྒོད་ཤིན་ཏུ་ཟབ་པར་གྲགས་པ་ནི། ཨོཾ་ཨཱཿཧཱུྃ། ཨོཾ་ས་ཏི་ཨ་ཏ། ཝ་ནྱ་ཡ། སྤུ་ཏ་ཡ། སྦ་ལ་ཁ། ནི་སཾ། ཁྲི་སུ་ཐུ། བྷྱ་ཏི་པ་ཙ་རི་རི་ཀ་ཏྲ། ཚུ་ཡ་ངྷ་ར་མུན་ཡ་མུ་རཾ། མུ་སྤེ་ལོ་ཧ། བཛྲ་ཛྷ་ཧི་ལི་ཧ་སེ་ཁཱ་ཧཱི། དྷྲ་ཧོཾ་དྷ་རཾ་ཨ་ཕུ་ཏ། མུ་རཾ་སེ། བཛྲ་ཀ་ཧི། ཧོ་ར་ཕུ་ཏོ་ན་ཧཱུྃ། སི་དྷི་གྷི། ཨཱོཾ་སི་དྷི་རཱ་ཙ། ཏ་ར་ཀ་ཏ་ཕཊ། ཏ་རོ་ཀ་ཏ་མ་ཀུ་ཏ་ར་ནི། ཨོཾ་ལ་ཐ་བྷེ། ཏ་ཕཊ་ཏ་ར་ཏ། ཨོཾ་ལེ་ཨ་གྷེ། བྷ་ཙེ་ཀོ་ལ། བྷྱ་ཝ་ཙམ་ཀེ་ར། སཾ་བྷ་དྷ། མོ་བྷི་ལེ། ཨ་ཐོ་ཨ་མ་གྷ་ན། ས་ཏ་དྷ་ནུ། ཀེ་ན་ཀེཾ །མ་རུ་ལམ་བྷོ། མ་ཧཱ་ཡམ། ཨོཾ་ཙསྟི། ཨོཾ་ཛིང་ཡི་དྷ། ཨོཾ་ཚིང་ཆུ་ཕུ་སྭཱ་ཧཱ། མདུང་སོ་ཧི་བྷོ། དར་སྐུད་དམར་པོས་ཁོང་དཀྲིས་བཅས་རང་སྔགས་དང་ཡེ་དྷརྨཱ་བརྒྱ་རྩས་རབ་གནས་བྱ། ལ་རིལ་བྱས་ནས་གདགས། ཟབ་བོ། །ཡི་གེ་གཅད་མཚམས་མ་འཁྲུལ་བར་གལ་ཆེའོ། །རྒྱ་རྒྱ་རྒྱ། གཏེར་ཆེན་བླ་མའི་རྒྱུན་གྱི་ཕྱག་བཞེས་མའོ། །མངྒ་ལཾ།། །། ༄༅། །རྒྱ་ཟི་ནག་པོའི་མཚོན་སྲུང་བཞུགས་སོ། །ཨ་ཙརྻའི་མན་ངག་ཤིན་ཏུ་གསང་བ་འདི་ཆིག་བརྒྱུད་མ་གཏོགས་གཞན་ལ་སྤེལ་ན་ནུས་པ་ཉམས་པས་གསེར་སྲང་གང་གི་བཀའ་རྒྱ་དང་བཅས་ཏེ་དམ་པར་བྱའོ། །འདི་ལ་རྫས་ནི་ཁབ་རྒྱ་ཟི་ནག་པོ་ལོངས་མ་སྤྱད་པའོ། །སྔགས་ནི། ཨོཾ་ཆི་ཏི་མོ་ལ་ཛ་འ་ཛ་ཙ་ཀོ །ཞེས་འབུམ་ཚོ་གཅིག་ཁབ་ཀྱི་མིག་ཏུའོ། །ཀོ་ཙི་ཛ་འ་ཛ་ལ་མོ་ཏི་ཆི་ཨོཾ། ཞེས་ཁབ་ཀྱི་རྩེ་མོ་ལའོ། །སོ་སོར་འབུམ་ཚོ་རེ་བཏབ་ལ་རང་གི་དཔུང་མགོ་གཡོན་པའི་གོས་ཀྱི་གསེབ་བམ། གོས་ཤོར་དོགས་ན་དཔུང་མགོའི་པགས་པའི་གསེབ་ཏུ་བཅུགས་ནས་སྔགས་འདི་གདབ། ཨོཾ་མཚོན་ནི་གྲི་སོད། འབུམ་ཚོ་གཅིག་གདབ། འདི་དང་མ་བྲལ་ན་རང་མ་ཤི་བར་དུ་མཚོན་གྱི་འཇིགས་པ་མེད་དོ། །ྀཨཚ། ཡང་སྙིང་གི་དུམ་བུའི་མན་ངག་ཨ་ཙརྻ་ནག་པོའི་མཚོན་སྦྱོར་རྒྱ་ཟི་ནག་པོའི་མཚོན་སྒྲུབ་འདི་ལ་གསུམ། རྫས། དམིགས་པ། སྔགས་སོ། །དང་པོ་ནི། ཁབ་རྒྱ་ཟི་ནག་པོའི་མིག་ཏུ་སྐུད་པ་མ་བསྒྲིལ་བ་ཞིག་བརྒྱུས་ཏེ་དཔུང་གཡོན་གྱི་གོང་བའི་ནང་དུ་གདགས། ཁྱི། ཞིམ་བུ། བུད་མེད་གསུམ་གྱིས་མ་མཐོང་བར་བྱ། གཉིས་པ་ནི། རང་ཨ་ཙརྻ་ནག་པོ་འཇིགས་སུ་རུང་བར་བསྒོམ། གསུམ་པ་ནི། ཨ་ཙར་ནག་པོའི་ལྕགས་ཀྱི་ངར་དྲིལ་དྲིལ། མཚོན་སྣ་ལྔ་ལ་རྦད་རྦད། ལྕགས་ཀྱི་ངར་དྲིལ་དྲིལ། མཚོན་ངར་ཞི་ཞི། མདའ་རྩེ་གྲུམ་གྲུམ། མདུང་རྩེ་གྲུམ་གྲུམ། གྲི་རྩེ་གྲུམ་གྲུམ། མཚོན་དགུ་པའི་ངར་ཆུམ་ཆུམ། མཱ་ར་ཡ་རྦད་རྦད། ཤིན་ཏུ་གསང་བ་གལ་ཆེ། སྔགས་འབུམ་ཕྲག་གདབ། གལ་ལ་ཐུག་ནས་གོས་འཕྲོག་ཤོར་ན་ཁབ་ཁོང་དུ་མིད་པས་ལུས་ཀྱི་དངོས་པོ་གནམ་ལྕགས་རྡོ་རྗེ་དང་མཚུངས་སོ། །ཟབ་རྒྱ། ྀཨཚ། སརྦ་ཐཱ་མངྒ་ལཾ།། །།
སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་ (Volume 27, Text 34)
སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་བཞུགས་སོ༔ ཤྲཱི་ཧེ་རུ་ཀ་ཧཾ༔ སྨིན་ཅིང་གྲོལ་བར་བྱེད་པ་ཡི༔ ཟབ་མོའི་ཁྲིད་ཀྱི་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ འཁོར་བར་ངེས་པར་འབྱུང་བ་ཡི༔ མི་རྟག་འཆི་བ་རྗེས་དྲན་ཅིང༔ ལས་འབྲས་བླང་དོར་བརྩོན་པ་དང༔ དལ་འབྱོར་རྙེད་དཀའི་རང་བཞིན་བསམ༔ སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱང་དང༔ ཚོགས་གསག་བླ་མའི་རྣལ་འབྱོར་བསྒོམ༔ གསོལ་གདབ་དབང་བླང་ཐུགས་ཡིད་བསྲེ༔ ཁྱད་པར་བསྐྱེད་པའི་རིམ་པ་ནི༔ ཟུང་འཇུག་ཆེན་པོར་ཡོངས་གྲུབ་པ༔ ཀུན་བརྟགས་ལྷ་ཡི་ཕྱག་རྒྱ་ནི༔ ཟབ་གསལ་ཆེན་པོ་མཐར་ཐུག་པ༔ ཉམས་ལྔ་མཐར་ཕྱིན་བར་དུ་སྒོམ༔ གསལ་བ་ཚད་དུ་ཕྱིན་པ་འོ༔ དེ་ནི་བུམ་དབང་ལམ་ཁྱེར་རོ༔ ངག་དང་རྡོ་རྗེའི་བཟླས་པ་ནི༔ རླུང་སྔགས་འགྲོ་འོང་སྟོབས་སུ་སྨིན༔ མི་ཤིགས་དྭངས་མར་སྨིན་པ་ལས༔ བརྗོད་པ་རྡོ་རྗེའི་ནཱ་དའི་སྒྲ༔ གསུང་གི་རྒྱན་དུ་རང་བྱུང་བའོ༔ དངོས་གཞི་རླུང་གི་དུག་བསལ་ནས༔ སྟོང་ར་སྒོམ་ཞིང་ལྟེ་བ་རུ༔ རཾ་ཡིག་སྒོམ་ལ་སེམས་གཏད་ཅིང༔ འོག་རླུང་བསྐུམ་དང་མེ་སྦར་ཞིང༔ ཀུམྦྷ་ཁ་སྦྱོར་ཆོ་ག་ཡིས༔ བདེ་དྲོད་ཡེ་ཤེས་རིམ་གྱིས་སྐྱེ༔ མི་རྟོག་ཏིང་འཛིན་ངང་དུ་བཞག༔ སླར་ཡང་བདེ་ཆེན་སྒྲུབ་པ་ནི༔ ལུས་གནས་འཁོར་ལོ་བཞི་ལྡན་གསལ༔ དབུ་མའི་ཡར་སྣེ་ཧེ་རུ་ཀ༔ དཀར་པོ་བདེ་བའི་ཉམས་ལྡན་གསལ༔ ལྟེ་འོག་མེ་དང་དབྱེར་མེད་པའི༔ ཕག་མོ་དམར་མོ་གསལ་བ་ལ༔ སེམས་གཏད་ཀུམྦྷའི་སྦྱོར་བ་ཡིས༔ ཤེས་རབ་སྟོང་པའི་མེ་བསྐུལ་བས༔ འཁོར་ལོའི་རྩ་འདབ་ཐམས་ཅད་བསྲེགས༔ བླ་མའི་སྐུ་ལས་བདུད་རྩི་དྲངས༔ འཁོར་ལོའི་གནས་རྣམས་ཐམས་ཅད་དང༔ ཁྱད་པར་ཤེས་རབ་སྒྱུ་མར་ཐིམ༔ འབར་འཛག་བདེ་ཆེན་དགྱེས་མཆོད་སྤྲིན༔ མཁའ་དབྱིངས་ཁྱབ་པར་འཕྲོས་པ་ལས༔ རྩ་གསུམ་ཞི་ཁྲོའི་ཚོགས་རྣམས་ཀུན༔ སྤྱན་དྲངས་ཐབས་མཆོག་དཔའ་བོར་བསྟིམ༔ དེ་ལྟར་དམིགས་པ་དྲག་ཏུ་བཟུང༔ ཧེ་རུ་ཀ་དཔལ་སྙིང་གར་བྱོན༔ ཕག་མོ་བདེ་བའི་གར་འཁྱུགས་ནས༔ སྙིང་གར་འཛོམ་དང་དགྱེས་པར་རོལ༔ མཐར་ནི་བྱང་སེམས་ཐིག་ལེར་གྱུར༔ དེ་ལ་སེམས་གཏད་ཐིག་ལེ་ནི༔ དབུ་མའི་ཡར་སྣར་སྤྲོས་པ་དང༔ སྣ་རྩེར་རྡོ་རྗེ་ནོར་བུའི་རྩེར༔ རེས་མོས་བཟུང་ཞིང་མཐའ་རུ་ནི༔ སྙིང་གར་བསྟིམ་ལ་གསལ་སྟོང་གི༔ ཐིག་ལེ་སྔོ་སྐྱ་ཧཱུྃ་མཚན་པ༔ མཐར་ནི་སྟོང་ཆེན་དབྱིངས་སུ་བསྟིམ༔ མཆན། ལྟ་བ་མཐའ་དང་བྲལ་བར་བསྐྱང༔ གསང་དབང་ལམ་བྱེད་རིམ་པ་འོ༔ གསུམ་པའི་ལམ་ལ་བརྟེན་པ་ཡི༔ དྲོད་ཐོབ་རྣལ་འབྱོར་བརྩམ་པར་བྱ༔ རིགས་ཅན་ལྔ་པོ་བཀུག་བྱས་ནས༔ དྲང་ངེས་ཆོས་བཤད་ཟབ་དབང་བསྐུར༔ འདོད་པའི་བདེ་བ་སྤེལ་བྱས་ནས༔ རོལ་ཐབས་བརྒྱད་དང་འདུ་ཤེས་བཞིས༔ སྙོམས་འཇུག་དགའ་བཞི་ལུགས་འབྱུང་གི༔ ཡེ་ཤེས་ངོས་བཟུང་དབབ་བསྐྱིལ་ལྡོག༔ ལུགས་ལྡོག་བཅུ་དྲུག་མཐར་སོན་གྱིས༔ བདེ་བའི་ཡེ་ཤེས་རྡུལ་དང་བྲལ༔ འགྱུར་མེད་བདེ་བ་ཆེན་པོ་ནི༔ འཕོ་མེད་ཀུན་ལ་ཁྱབ་པ་འོ༔ ཡན་ལག་ལུས་སྦྱོང་འདྲེན་བཀྲམ་བཟློག༔ འཁྲུལ་འཁོར་སྟངས་སྟབས་འབད་པར་བྱ༔ ཕོ་ཉའི་ལམ་གྱི་རིམ་པ་འོ༔ བཞི་པའི་དོན་གྱི་ཡེ་ཤེས་ནི༔ མཚན་མཚོན་ཀུན་ལས་རབ་འདས་པའི༔ ཡང་དག་གྲུབ་པ་ཆེན་པོ་དང༔ རིག་པ་ཡེ་ཤེས་ཕུར་པ་སྟེ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རྩལ་རྫོགས་ཆེན་པོར་ལྷུན་གྱིས་གྲུབ༔ རུ་ཤན་ཕྱི་ནང་དབྱེ་བ་དང༔ སྒོ་གསུམ་རྣལ་དུ་དབབ་པ་ཡིས༔ ཀ་དག་ལྟ་བ་ནམ་མཁའི་དབྱིངས༔ རྒྱ་ཆད་ཕྱོགས་ལྷུང་ཀུན་བྲལ་བ༔ ཡིད་དཔྱོད་བསམ་ལས་འདས་པ་རུ༔ བླ་མའི་དྲིན་གྱིས་རང་ཐོག་འཕྲོད༔ ཐམས་ཅད་རང་གྲོལ་ཆེན་པོར་བལྟ༔ ཤར་གྲོལ་དབྱེར་མེད་ཆེན་པོ་འོ༔ གང་བྱུང་སྤྱོད་པ་རྩིས་གདབ་བྲལ༔ ལྷུན་གྲུབ་ཆེན་པོའི་གནས་ལུགས་ནི༔ སྒྲོན་མ་བཞི་ཡིས་མངོན་དུ་བྱེད༔ སྣང་བཞི་མཐར་ཕྱིན་ཨེ་མ་ཧོ༔ བཞི་པའི་ལམ་ཁྱེར་རིམ་པ་འོ༔ སྒོ་གསུམ་དཔལ་ཆེན་ཁྲོ་རྒྱལ་གྱི༔ སྐུ་བཞིའི་ངོ་བོར་བྱང་ཆུབ་ནས༔ ཐམས་ཅད་རིག་པ་རང་སྣང་གི༔ རང་བྱུང་ཁྲོ་བོའི་སར་བཀོད་པས༔ འགྲོ་དོན་འཁོར་བ་དོང་སྤྲུགས་འགྱུར༔ ྀཨཚ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ བརྡ་ཐིམ༔ ཁོ་བོ་རང་བྱུང་པདྨ་གླིང་པ་ལ༔ རིག་འཛིན་མཁས་གྲུབ་རྒྱལ་པོ་རྣམ་པ་བཞིའི༔ ཡི་དམ་མནོག་ཆོས་བསྩལ་བའི་ཡང་ཕུར་གཉིས༔ ཇི་བཞིན་ཉམས་ལེན་སྐལ་པ་དབེན་གྱུར་ཀྱང༔ བསྙེན་སྒྲུབ་འབྲེལ་འཇོག་བྱེད་པའི་གནས་སྐབས་སུ༔ བླ་མ་ལྷག་པའི་ལྷ་ཡི་བྱིན་རླབས་ལས༔ རིག་སྟོང་འོད་གསལ་ཀློང་ལྔའི་སྒྲོམ་ལས་ཐོན༔ རིང་དུ་གསང་ཞིང་ཤིང་མོ་ལུག་གི་ལོར༔ རང་དང་རིགས་མཐུན་རྡོ་རྗེའི་མཆེད་པོ་ནི༔ ཀུན་གཟིགས་མངྒའི་མཚན་ཅན་མཆོག་ལ་ཕུལ༔ དགེ་བས་དཔལ་ཆེན་གོ་འཕང་མཆོག་ཐོབ་ཤོག༔ ཅེས་བདེ་ཆེན་ཧེ་རུ་ཀ་དངོས་འཁོར་ལོའི་དབང་ཕྱུག་དྲན་པས་གདུང་སེལ་་་འཇམ་དབྱངས་ཆོས་ཀྱི་བློ་གྲོས།་་་མཆོག་གིས་ཚེ་རབས་ཀུན་ཏུ་ཐུགས་བརྩེའི་གཡར་དམ་གྱིས་བཟུང་བའི་རྟེན་འབྱུང་གིས། ཤིན་ཏུ་གསང་བ་ཆེན་པོའི་ཐུགས་ཀྱི་ཏི་ལ་ཀ་འདི་ཡང་རབ་ཚེས་མྱོས་བྱེད་ཤིང་ལུག་ས་ག་ཟླ་བའི་ཚེས་དྲུག་ལ། དཔལ་ས་ལ་སྤྱོད་པའི་འོག་མིན་གསང་བ་ཆེན་པོའི་ཕོ་བྲང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་གཟིམས་སྤྱིལ་ནས་བཀའ་དྲིན་བདུད་རྩིའི་ཉིང་ཁུའི་དཔྱིད་དུ་ཐོབ་པ། རིག་པ་འཛིན་པ་བདེ་ཆེན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་་་དིལ་མཁྱེན་བཀྲ་ཤིས་དཔལ་འབྱོར་རིན་པོ་ཆེ་་་སྙིང་གི་བདུད་རྩིའི་ཡང་བཅུད་དུ་འཆང་བའི་སྐལ་བཟང་རྨད་དུ་བྱུང་བའི་རྟེན་འབྱུང་གི་རྩེ་མོར་སོན་པ་གུ་ཧྱ་ྀཨཚ་རྒྱ༔ ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨན་མཆོད་ (Volume 32, Text 34)
ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་དཔལ་ཆེན་ཧེ་རུ་ཀ་དཔལ་ཆེ། །རྡོ་རྗེ་འཆང་དབང་ཤཱཀ་ཐུབ་དགའ་རབ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །ཨིནྡྲ་བྷཱུ་ཏི་ཤྲཱི་སིང་ཧ་དང་། །གོ་མ་ས་དང་སློབ་དཔོན་ཧཱུྃ་མཛད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །པྲ་བྷ་ཧསྟི་པདྨཱཀ་ར་རྗེ། །ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ལྡེ་འུ་བཙན། །རྒྱལ་སྲས་ཆོས་བློ་ཀླུ་ཡི་དབང་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཤུད་བུ་དཔལ་སེང་དྲི་མེད་ཟླ་ཤར་ཞབས། །ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབ་བརྒྱུད་འཛིན་སློབ་མར་བཅས་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་ཡུམ། །སྲས་མཆོག་ཁྲོ་བཅུ་ཟ་གསོད་སྒོ་མ་དང་། །ཤྭ་ན་རེ་ཏི་བསྭེ་མོ་གིང་ཆེན་བཞིར། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཕྱི་འཁོར་སྐྱོང་བ་དབང་ཕྱུག་བརྟན་མ་དང་། །དྲེགས་པ་སྡེ་བརྒྱད་འཇིག་རྟེན་སྐྱོང་བའི་ལྷ། །ཡུལ་རིས་གཞི་བདག་གནས་བདག་འཁོར་ཚོགས་ལ། །སྨན་མཆོད་འབུལ་ལོ་ཕྲིན་ལས་ཀུན་འགྲུབ་མཛོད། །ཅེས་པའང་རྟོགས་ལྡན་གྱིས་བསྐུལ་ངོར་ཟླ་མིང་པས་བྲིས།།
རྩ་གསུམ་ཆོས་སྐྱོང་དང་བཅས་པ་རྣམས་ལ་གཏོར་མ་བསྔོ་བ་ཕྲིན་ལས་མྱུར་མགྱོགས་ (Volume 41, Text 34)
རྩ་གསུམ་ཆོས་སྐྱོང་དང་བཅས་པ་རྣམས་ལ་གཏོར་མ་བསྔོ་བ་ཕྲིན་ལས་མྱུར་མགྱོགས་བཞུགས། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ལན་གསུམ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བྱིན་རླབས་ཀློང་ཡངས་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་སྤྲིན་འཁྲིགས་ཡི་དམ་ཞི་ཁྲོའི་ལྷ། །དགོས་འདོད་ཆར་འབེབ་དཔའ་བོ་མཁའ་འགྲོའི་ཚོགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མཁའ་ལྟར་ཁྱབ་པའི་ལེགས་ལྡན་ཚོགས་ཀྱི་བདག །ཡེ་ཤེས་མགོན་པོ་ཕྱག་བཞི་ཕྱག་དྲུག་པ། །ཞལ་བཞི་མ་ནིང་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་མགོན་པོ་ཡབ་ཡུམ་འཁོར་དང་བཅས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མཐུ་སྟོབས་དུས་མཐའི་རླུང་དང་བསྐལ་པའི་མེ། །རྡོ་རྗེ་བེར་ཆེན་ལྷ་མོ་རང་བྱུང་མ། །སྔགས་སྲུང་ཨེ་ཀ་ཛཱ་ཊི་སྲོག་སྒྲུབ་མ། །ཤན་པ་དམར་ནག་ལས་བྱེད་དྲེགས་པའི་ཚོགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སྲིད་པའི་རླུང་ཞགས་དབང་ཕྱུག་ལྷ་ཆེན་ཡབ། །ཨུ་མ་དེ་བཱི་ཡུམ་བཅས་མཁའ་འགྲོའི་ཚོགས། །ལྷ་སྲིན་ཀུན་གྱི་དམག་དཔུང་སྤྲིན་ལྟར་སྡུད། །དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །གཏུམ་ཆེན་རྔམ་པའི་ང་རོ་འབྲུག་ལྟར་སྒྲོག །ཞིང་སྐྱོང་སེང་གེའི་གདོང་ཅན་ཡབ་དང་ཡུམ། །རྒྱལ་ཆེན་རྣམ་མང་ཐོས་སྲས་རྟ་སྔོན་ཅན། །དུར་ཁྲོད་བདག་པོ་བདག་མོ་ངས་ནུས་མ། །ལས་ཀྱི་གཤིན་རྗེ་དམ་ཅན་རྡོ་རྗེ་ལེགས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཕྲིན་ལས་དངོས་གྲུབ་ཐོགས་མེད་གློག་ལྟར་འཁྱུགས། །ཚེ་རིང་མཆེད་ལྔ་ཨ་ཕྱི་གཡུ་སྒྲོན་མ། ཁ་རག་ཁྱུང་བཙུན་མ་སོགས་བརྟན་མའི་ཚོགས། །གནོད་སྦྱིན་ཞང་བློན་བེག་རྩེ་ཚོགས་ཀྱི་བདག །ཛམ་ལྷ་རིགས་ལྔ་རྟ་བདག་ཀུ་བེ་ར། །ཀུན་འཁྱིལ་མཆེད་གསུམ་ལ་སོགས་ནོར་བདག་རྣམས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དྲག་སྔགས་མཐུ་རྩལ་ཐོག་སེར་བཞིན་དུ་འབེབ། །རྟ་ནག་དྲེགས་པ་ཤ་ཟ་ཁ་མོ་ཆེ། །སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་། །ཤྭ་ན་ས་བདག་བདག་ཉིད་སྐྱེས་བུ་སོགས། །གཟའ་གདོང་གིང་ལྔ་བདུད་ཤན་རྩིས་ཀྱི་བདག །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དགྲ་བོའི་སྟེང་དུ་རླུང་ལྟར་ཇག་པར་རྒྱུག །སྤུ་གྲི་མཆེད་གསུམ་སྔགས་བདག་སྨྱོ་ཁ་དང་། །ཇག་པ་མེ་ལེན་ཀླུ་བཙན་སྤུན་བདུན་དང་། །དྲེགས་པ་སྡེ་ལྔ་པེ་ཧར་ཙི་འུ་དམར། །ཟབ་གཏེར་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སྒྲུབ་པའི་མཐུན་རྐྱེན་དབྱར་གྱི་དཔལ་ལྟར་སྤེལ། །ཐང་ལྷ་སྤྲག་གི་བཙན་རྒོད་སྤོམ་ར་ཆེ། །མགུར་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང་། །ཆོས་འཁོར་སྒྲུབ་གནས་དབེན་གནས་ཆོས་བཞིན་སྐྱོང་། །གཉུག་མར་གནས་དང་གློ་བུར་ལྷགས་པ་ཡི། །གཞི་བདག་ཕོ་མོ་འཁོར་དང་བཅས་པ་རྣམས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་རྒྱས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །རྟེན་ལ་བཞུགས་སམ་རང་གནས་ཅི་བདེར་གཤེགས། །སྲིད་ཞིའི་དགེ་ལེགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ལྟར་ཉམས་ལ་གང་ཤར་མཆོག་གྱུར་གླིང་པས་བྲིས་པ་བྱིན་རླབས་ཀྱི་བབ་ཅུང་ཟད་ཡོད་དམ་སེམས་པ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་དུ་བྲིས་པ་དགེ །སརྦ་མངྒ་ལཾ།། །། ༈ ཞིག་གླིང་ཐུགས་ཆེན་བཀའ་སྲུང་ནི། མགོན་པོ་ལྕམ་དྲལ་དཔལ་མགོན་བདུན་བཅུ་ལྔ། །མ་གཅིག་དཔལ་ལྷ་ཤན་པ་ར་མགོ་ཅན། །ལངྐ་མགྲིན་བཅུ་མཱ་ར་སྙིང་ཟན་དང་། །གཟའ་གདོང་སྙིང་རྐུན་ནཱ་ག་ཏི་པ་ཙ། །ཐང་ལྷ་གངས་བཙན་འཁོར་དང་བཅས་རྣམས་ཀྱིས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །དྲག་པོ་སྡེ་བཞི་རིག་འཛིན་སྲོག་སྒྲུབ་པའི། །མཐུ་ལྡན་བཀའ་སྲུང་དྲེགས་པའི་གཙོ་བོ་རྒྱལ། །ཀླུ་བདུད་མུན་ནག་ཤ་ཟན་ཁྲག་རལ་ཅན། །ཨེ་ཀ་ཛཱ་ཊི་རྡོ་རྗེ་ལེགས་པ་དང་། ཁྱབ་འཇུག་ཆེན་པོ་བཀའ་ཡི་བྱ་ར་མཛད། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །མགོན་པོ་ཚོགས་བདག་ཡབ་ཡུམ་བཀའ་འཁོར་དང་། །མཚོ་བྲག་གཉིས་ཀྱི་ནང་གི་སྲུང་མ་ཆེ། །མ་ནིང་ལས་མགོན་དཔལ་འབར་རེ་མ་ཏི། །གཟའ་བདུད་བཙན་རྒོད་རྣམ་སྲས་ཞིང་སྐྱོང་ཆེ། །ཕྱི་ཡི་གཏེར་སྲུང་དགེ་བསྙེན་རྡོ་རྗེ་རྒྱལ། །མཚོ་སྨན་འོད་ལྡན་ཀླུ་བདུད་རཀྴ་སོགས། །བརྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སྒྲུབ་པའི་མཐུན་རྐྱེན་སོགས་དང་སྤེལ་བར་བྱའོ། །ཞེས་འདི་ཡང་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་སྲུང་མ་རྣམས་རིགས་བསྡུས་ཀྱི་དབང་དུ་བྱས་ན་གཏོར་བསྔོ་ཕྲིན་ལས་མྱུར་མགྱོགས་ནང་དུ་མ་འཐུས་པ་མེད་ཀྱང་སྲོག་གཏད་དམིགས་གསལ་དུ་ཡོད་པ་རྣམས་གཏོར་བསྔོས་ཀྱི་དུས་སུ་དྲན་ཙམ་རེ་བྱུང་ན་གལ་ཆེ་བར་བསམ་སྟེ་ཁ་སྐོང་གི་ཚུལ་དུ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་གྱིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།
འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་ (Volume 11, Text 34)
༄༅། །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་མཉྫུ་བཛྲ་ཡ། གང་ཞིག་བདུད་རྩིའི་གཏོར་བླུགས་ཀྱིས། །སྒྲིབ་པའི་དྲི་མ་བསལ་བ་དང་། །ཡང་དག་ཡེ་ཤེས་མཆོག་ཐོབ་ཕྱིར། །བྱིན་རླབས་དབང་གི་རིམ་པ་ནི། །མཚན་ཉིད་ལྡན་པའི་སློབ་དཔོན་གྱིས། །བཀྲ་ཤིས་ཡིད་མཐུན་དབེན་པའི་སར། །དཀྱིལ་འཁོར་གཞལ་ཡས་མཚན་རྫོགས་དབུས། །བུམ་པ་བདུད་རྩི་སིནྡྷུ་རའི། །མཎྜལ་ཆོས་ཀྱི་འབྱུང་གནས་ཅན། །སྐུ་གསུང་ཐུགས་ཀྱི་རྟེན་དུ་བཤམ། །ཕྱི་ནང་གསང་མཆོད་ཚོགས་པར་དགྲམ། །བདག་མདུན་དབྱེར་མེད་བསྐྱེད་བཟླས་དང་། །རིག་པའི་མེ་ཏོག་དོར་བས་འཇུག །དེ་ནས་དད་ལྡན་དམ་ཚིག་མཆོག །སྲུང་བར་ནུས་པའི་སློབ་མ་རྣམས། ཁྲུས་བྱས་བགེགས་ཕྲལ་སྲུང་འཁོར་བསྒོམ། །མཎྜལ་དང་བཅས་གསོལ་བ་གདབ། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ། །བླ་མ་འཇམ་དཔལ་དཔའ་བོ་ཡིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །གདོང་གཡོགས་མེ་ཏོག་ཕྲེང་བ་གཏད། །སྐྱབས་སེམས་ཡན་ལག་བདུན་པ་དང་། །སྡོམ་པས་རྒྱུད་སྦྱངས་ནང་དུ་གཞུག །ཡེ་ཤེས་དབབ་བརྟན་མེ་ཏོག་དོར། །གདོང་གཡོགས་ཕྱེ་ཞིང་དཀྱིལ་འཁོར་བསྟན། །དེ་ནས་དངོས་གཞི་བུམ་དབང་ལ། །སྦྱོར་དངོས་རྗེས་ལས་དང་པོ་ནི། །གསོལ་གདབ་སློབ་དཔོན་སྨིན་མཚམས་ནས། །ཨོཾ་ཡིག་དཀར་པོ་གྲངས་མེད་སྤྲོས། །སློབ་མའི་སྨིན་མཚམས་ཨོཾ་ལ་བསྟིམ། །བུམ་དབང་བསྐུར་བའི་སྣོད་རུང་བསམ། །གཉིས་པ་དབང་ལྷ་སྤྱན་དྲངས་མཆོད། །གསོལ་གདབ་བུམ་པ་སྤྱི་བོར་བཞག །ཨོཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །མདུན་གྱི་ནམ་མཁར་མངོན་གཤེགས་ཏེ། །མེ་ཏོག་ཆར་འབེབ་རོལ་མོ་འཁྲོལ། །ཤིས་བརྗོད་རྡོ་རྗེའི་གླུ་ལེན་བཞིན། །རྣམ་པར་རྒྱལ་བའི་བདུད་རྩིའི་ཆུས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །གདན་གསུམ་ལྷ་སྐུར་དག་པར་ཤོག །ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་པས་དབང་བསྐུར་བདུད་རྩིའི་ཆུས། །ལུས་གང་དྲི་མ་ཀུན་དག་སྟེ། །ཟབ་གསལ་དབྱེར་མེད་ལྷ་ཡི་སྐུ །ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ། །དབང་ལྷ་བསྟིམ་ཞིང་བརྟན་པར་བྱ། །གསུམ་པ་སྙིང་གར་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཤེས་རབ་ཀྱི། །འཁོར་ལོ་རྩིབས་དྲུག་ལྟེ་བ་རུ། །རལ་གྲི་ཆང་བཟུང་དྷཱིཿས་མཚན་པ། །དེ་ཉིད་ཐིག་ལེ་དཀར་སེར་གྱུར། །རྩེ་གཅིག་ཡིད་ཀྱིས་མཉམ་གཞག་ནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་པ། །ནམ་མཁའ་གང་བ་སྤྲོ་ཞིང་བསྡུ། །བཟླས་པའི་ལུང་སྦྱིན་དོན་ངོ་སྤྲད། །འོད་གསལ་དབྱིངས་སུ་མཉམ་པར་འཇོག །གཉིས་པ་གསང་བའི་དབང་བསྐུར་སླད། །སློབ་དཔོན་མགྲིན་པའི་ཨཱཿདམར་སྤྲོས། །སློབ་མའི་མགྲིན་པར་ཐིམ་པའི་མོད། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །བླ་མ་ཡབ་ཡུམ་སྙོམས་འཇུག་གི །བདུད་རྩི་བྷནྡྷར་བསྐྱིལ་ཅིང་སྦྱིན། །ཨཱཿ སྣང་བ་རང་གསལ་མཉྫུ་ཤྲཱི། །ཟབ་མོ་སྟོང་པ་དབྱངས་ཅན་ལྷར། །སྙོམས་ཞུགས་བདེ་བའི་འོད་དང་སྒྲས། །སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ། །ནོར་བུའི་ལམ་ནས་པདྨར་འཁྱིལ། །སྨྲ་མེད་བདེ་བའི་བྱང་ཆུབ་སེམས། །རྡོ་རྗེའི་དམ་ཚིག་རྨད་པོ་ཆེས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ལས་རླུང་ཉི་ཁྲི་ཆིག་སྟོང་ཀུན། །སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ། །གཞོམ་དུ་མེད་པའི་ནཱ་དའི་སྒྲ །གསུང་གི་རྡོ་རྗེར་རྫོགས་པར་ཤོག །བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་ཨཱཿཧཱུྃ་གིས་མྱང་བ་ལས། །ལུས་སེམས་ཟག་མེད་བདེ་བས་ཚིམས། ཁྱད་པར་གཏུམ་མོ་འབར་བའི་མེས། །ཧཾ་ཡིག་ཞུ་བའི་བདེ་ཆེན་གྱིས། །གཉིས་སྣང་རྟོག་པ་བསལ་བར་བསམ། །རྡོར་བཟླས་ཁ་སྦྱོར་མཉམ་པར་འཇོག །གསུམ་པ་ཤེས་རབ་དབང་བསྐུར་སླད། །སློབ་དཔོན་ཐུགས་ཀའི་ཧཱུྃ་མཐིང་སྤྲོས། །སློབ་མའི་སྙིང་གར་ཐིམ་པའི་མོད། །ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀ །བེ་ཅོན་ཐོད་ཁྲག་བསྣམས་པར་གྱུར། །དེ་ལ་རྡོ་རྗེ་བེ་ཏཱ་ལིའི། །ངོ་བོ་རིགས་ཀྱི་གཟུང་མ་སྦྱིན། །ཧཱུྃ། ཟབ་མོ་སྟོང་ཉིད་རྣམ་ཐར་གསུམ། །གསལ་བ་སྣ་ཚོགས་གཟུགས་སུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐར་པ་བསྟེན་པའི་ལྷ་མོ་འདི། ཁྱེར་ཅིག་འཇམ་དཔལ་ཧེ་རུ་ཀཿ ཁྱེར་ལ་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །སྲིད་པ་དག་བྱེད་དགའ་བ་བཞིའི། །ཡེ་ཤེས་བཞི་པོ་མཚོན་པ་ལས། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་སུ་རོ་གཅིག་པའི། །དཔེ་ཡི་ལྷན་སྐྱེས་མངོན་གྱུར་ནས། །ཐིག་ལེ་དབུ་མར་སྨིན་པར་ཤོག །པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། །སིནྡྷུའི་ཐིག་ལེ་སྙིང་གར་དགོད། །འདུ་ཤེས་གསུམ་གྱིས་རབ་སྦྱར་པས། །དགའ་བཞིའི་རྒྱུ་འབྲས་མཐར་སོན་པའི། །བཅུ་དྲུག་ཕྱེད་ཕྱེད་ལྷན་སྐྱེས་ཆེ། །བསམ་མི་ཁྱབ་པའི་ངང་དུ་འཇོག །བཞི་པ་ཚིག་གི་དབང་བསྐུར་ཕྱིར། །སློབ་དཔོན་ཐུགས་དབུས་ཨ་དཀར་ལས། །ཨ་ཡིག་གཉིས་པ་དཔག་མེད་འཕྲོས། །སློབ་མའི་སྙིང་ནང་ཆར་ལྟར་བབས། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་བསམ། །ངོ་སྤྲོད་རྡོ་རྗེའི་ཚིག་འདི་གདབ། །ཨ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །ཆོས་ཀུན་སེམས་ཀྱི་རྟེན་འབྲེལ་ཏེ། །སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ། །ཟབ་མོ་སྟོང་པ་ཉིད་ཀྱི་ངང་། །གསལ་ཆ་འགག་མེད་ཅིར་ཡང་ཤར། །ཤར་ཙམ་ཉིད་ནས་དབྱིངས་སུ་གྲོལ། །ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེ། །བློ་འདས་གཉུག་མའི་གནས་ལུགས་ལྟོས། །སྤྲོ་བསྡུ་བསལ་བཞག་བྲལ་བར་ཞོག །མ་ཡེངས་འཛིན་མེད་ལམ་དུ་ཁྱེར། །མཉམ་རྗེས་ཁོར་ཡུག་ཆོས་སྐུའི་ཀློང་། །དོན་གྱི་ལྷན་སྐྱེས་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ། མི་གཡོ་མི་སྨྲ་བརྗོད་བྲལ་ངང་། །མཉམ་པར་བཞག་མཐར་སློབ་མ་ནི། །ཨ་ཡིག་དཀར་པོར་འོད་དུ་ཞུ། །བླ་མའི་ཐུགས་ཀར་དབྱེར་མེད་ཐིམ། །ཐུགས་ཡིད་རོ་གཅིག་འདྲེས་པར་བསམ། །ཨ་ཨ་ཨ་ཞེས་ཉམས་བསྐྱང་ཞིང་། །ཕཊ་ཀྱིས་རིག་རྩལ་གོང་དུ་སྤར། །རང་བཟོའི་ཆོ་གས་གཞན་གྱི་རྒྱུད། །སྨིན་པའི་ངེས་པ་མ་མཆིས་མོད། །དད་དང་ངེས་ཤེས་མཆོག་ལྡན་ན། །མི་སྨིན་པའི་ཡང་ངེས་པ་ཅི། །དེ་ལྟ་མོད་ཀྱི་བྲག་ཅ་ཡང་། །སྐྱེས་བུ་བཞིན་དུ་ཟློ་བྱེད་ལྟར། །མོས་པས་བསྐུལ་བའི་རྗེས་འབྲངས་ཏེ། །རེ་དོགས་མེད་པར་ལྷུག་པར་སྨྲས། །དགེ་བའི་དངོས་པོ་མཆིས་སྲིད་ན། །ཟབ་གསལ་དབྱེར་མེད་དབང་བཞིའི་ཆུ། །འགྲོ་ཀུན་ཡིད་ཀྱི་སར་སྨིན་ནས། །སྐུ་བཞིའི་འབྲས་བུ་མྱུར་ཐོབ་ཤོག །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་བློ་གྲོས་ཀྱི་ཆུ་གཏེར་ལས་བྱུང་བའོ།། །།
གུ་རུ་ཞི་དྲག་གི་ཆ་ལག་ཁྱུང་ཆེན་རིགས་ལྔའི་སྒྲུབ་ཐབས་གདུག་པ་ཀུན་འདུལ་ (Volume 46, Text 34)
༁ྃ༔ གུ་རུ་ཞི་དྲག་གི་ཆ་ལག་ཁྱུང་ཆེན་རིགས་ལྔའི་སྒྲུབ་ཐབས་གདུག་པ་ཀུན་འདུལ་བཞུགས་སོ༔ ྈྈྈྈྈྈྈ བླ་མ་རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ གུ་རུ་ཞི་དྲག་སྒྲུབ་པའི་ཆ་ལག་ཏུ༔ མ་འོངས་ཀླུ་གཉན་ས་བདག་གདུག་པའི་ཚོགས༔ འདུལ་བྱེད་ཁྱུང་ཆེན་རིགས་ལྔའི་མན་ངག་འདི༔ ཨོ་རྒྱན་སྔགས་འཆང་པདྨ་བདག་གིས་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལ་སྤྱི་དོན་གསུམ་ཡིན་ཏེ༔ རྫས་དང་སྔགས་དང་སྒྲུབ་ཐབས་སོ༔ དང་པོ་རྫས་ཀྱི་སྦྱོར་བ་ནི༔ སྨན་མཆོག་མིང་ཅན་སྤྲུ་བ་ནག༔ གུ་གུལ་དངུལ་ཆུ་རྡོ་རྗེའི་ཁྱུང༔ སྨན་ཆེན་ཀྱི་ལྕེ་སྤང་རྒྱན་དཀར༔ ཡུངས་དཀར་སྤོས་དཀར་བདེ་གཤེགས་ཁྱུང༔ མ་གི་བྲག་ཞུན་སིནྡྷུ་ར༔ ཆུ་རྩ་ལྕུམ་རྩ་རིན་ཆེན་ཁྱུང༔ རུ་རྟ་སྤང་སྤོས་སེང་ལྡེང་དམར༔ རེ་ལྕག་སྤང་རྩི་པདྨའི་ཁྱུང༔ ཤུ་དག་སྟག་ཤ་ཐར་ནུ་བ༔ ཀླུ་བདུད་མུ་ཟི་ལས་ཀྱི་ཁྱུང༔ ལོ་བརྒྱད་དྲི་ཆུས་རིལ་བུ་དྲིལ༔ རྒྱ་སྣག་བཟང་པོས་ཁ་དོག་བསྒྱུར༔ མཚན་ལྡན་ཐོད་པའི་ནང་དུ་བྲུབ༔ དྲག་པོའི་ཤིང་ཕུར་སྲོག་ཏུ་གཟུགས༔ དལ་དབུས་བཞག་ལ་མཆོད་གཏོར་བཤམ༔ གཉིས་པ་སྔགས་ཀྱི་རིམ་པ་ནི༔ ཨོཾ་པ་ཀྵཱིཾ་སྭཱ་ཧཱ༔ ཨོཾ་ནི་བདེ་གཤེགས་རིགས་ཀྱི་ཁྱུང༔ གཏི་མུག་རྒྱུ་འབྲས་ནད་གདོན་སེལ༔ ཆོས་དབྱིངས་ཡེ་ཤེས་འགྲུབ་པར་བྱེད༔ པ་ནི་པདྨའི་རིགས་ཀྱི་ཁྱུང༔ འདོད་ཆགས་རྒྱུ་འབྲས་ནད་གདོན་སེལ༔ སོར་རྟོག་ཡེ་ཤེས་འགྲུབ་པར་བྱེད༔ ཀྵཱིཾ་ནི་རྡོ་རྗེའི་རིགས་ཀྱི་ཁྱུང༔ ཞེ་སྡང་རྒྱུ་འབྲས་ནད་གདོན་སེལ༔ མེ་ལོང་ཡེ་ཤེས་འགྲུབ་པར་བྱེད༔ སྭཱ་ནི་རིན་ཆེན་རིགས་ཀྱི་ཁྱུང༔ ང་རྒྱལ་རྒྱུ་འབྲས་ནད་གདོན་སེལ༔ མཉམ་ཉིད་ཡེ་ཤེས་འགྲུབ་པར་བྱེད༔ ཧཱ་ནི་ལས་ཀྱི་རིགས་ཀྱི་ཁྱུང༔ ཕྲག་དོག་རྒྱུ་འབྲས་ནད་གདོན་སེལ༔ བྱ་གྲུབ་ཡེ་ཤེས་འགྲུབ་པར་བྱེད༔ གསུམ་པ་སྒྲུབ་ཐབས་ཏིང་འཛིན་ནི༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ༔ ཚད་མེད་རྣམ་བཞི་ཡུན་རིང་བསྒོམ༔ ཆོས་རྣམས་རང་བཞིན་སྟོང་པར་བསམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་ཉིད་ཡེ་ཤེས་རྡོ་རྗེའི་ངང༔ སྙིང་རྗེ་ཁྲོས་པས་ཞེ་སྡང་གཅོད༔ རིག་རྩལ་ཡི་གེ་འབྲུ་ལྔར་ཤར༔ འོད་ཀྱིས་སྣང་གྲགས་ཐམས་ཅད་སྦྱངས༔ འབྱུང་རིམ་རྡོ་རྗེའི་སྲུང་འཁོར་དང༔ བརྗིད་ལྡན་དྲག་པོའི་ཕོ་བྲང་དབུས༔ སྣ་ཚོགས་པདྨ་འདབ་བཞི་དང༔ ཉི་གདན་ཀླུ་གཉན་ས་བདག་སྟེང༔ དབུས་སུ་ཀྵཱིཾ་ལས་རྡོ་རྗེའི་ཁྱུང༔ མཐིང་ནག་གཏུམ་ཞིང་ཁྲོ་བོའི་ཉམས༔ ཤར་དུ་ཨོཾ་ལས་བདེ་གཤེགས་ཁྱུང༔ དཀར་སྨུག་བརྗིད་ཅིང་ཁྲོ་བོའི་ཉམས༔ ལྷོ་རུ་སྭཱ་ལས་རིན་ཆེན་ཁྱུང༔ སེར་ནག་སྒེག་ཅིང་ཁྲོ་བོའི་ཉམས༔ ནུབ་ཏུ་པ་ལས་པདྨའི་ཁྱུང༔ དམར་སྨུག་ཆགས་ཤིང་ཁྲོ་བོའི་ཉམས༔ བྱང་དུ་ཧཱ་ལས་ལས་ཀྱི་ཁྱུང༔ ལྗང་ནག་རབ་འཇིགས་ཁྲོ་བོའི་ཉམས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གནམ་ལྕགས་རྭ་དང་མཆུ་སྡེར་ཅན༔ སྤུ་གྲི་འབར་བའི་གཤོག་པ་གདེངས༔ སྤྱན་གསུམ་དམར་ཟླུམ་ཁྲག་ཏུ་ཁོལ༔ ཀྲང་ཀྲིང་སྒྲ་ཡིས་འཇིག་རྟེན་གཡོ༔ རྭ་བར་རིགས་ཀྱི་ནོར་བུས་མཚན༔ ཕྱག་གཉིས་ཉོན་མོངས་དུག་ལྔའི་མདངས༔ ཀླུ་གདོན་སྦྲུལ་གྱི་རྣམ་པར་གཟུང༔ སྟོད་ནི་རྡོ་རྗེའི་མཆུ་ཡིས་གཟིར༔ མཇུག་མ་ཞབས་ཀྱི་སྡེར་མོས་མནན༔ རིན་ཆེན་སྦྲུལ་རྒྱན་བརྗིད་པར་གསོལ༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ གར་དགུའི་ཉམས་དང་ལྡན་པས་འགྱིང༔ སོ་སོའི་ཐུགས་ཀར་ཉི་མའི་སྟེང༔ ཐུགས་སྲོག་ས་བོན་གསལ་ཞིང་འབར༔ འོད་ཟེར་ལྕགས་ཀྱུའི་སྦྱོར་བ་ཡིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསམ༔ ཁྲོཾ༔ དཔལ་ཆེན་ཁྲག་འཐུང་རྣམས་ཀྱི་དབུ་གཙུག་ནས༔ ཁྲོ་རྒྱལ་ཕྲིན་ལས་ཡོངས་རྫོགས་གྷ་རུ་ཊ༔ རིགས་ལྔ་སྤྲུལ་པ་ཡང་སྤྲུལ་འབུམ་སྡེའི་ཚོགས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ དུག་ལྔའི་ཀླུ་གདོན་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་དལ་ཡམས་འདུལ་ཕྱིར་གཤེགས༴ གདུག་པ་ས་བདག་འདུལ་ཕྱིར་གཤེགས༴ ཚུར་གཤེགས་ཚུར་གཤེགས་དགྱེས་ཤིང་བརྟན་པར་བཞུགས༔ པཉྩ་གྷ་རུ་ཊ་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ འཇིག་རྟེན་དྲེགས་པའི་ཚོགས་རྣམས་བསྒྲལ་པ་ཡི༔ དྲག་པོའི་འདོད་ཡོན་སྨན་རཀ་གཏོར་མའི་ཚོགས༔ ཁྱུང་ཆེན་རིགས་ལྔ་འཁོར་དང་བཅས་ལ་འབུལ༔ ཀླུ་གཉན་ས་བདག་འདུལ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཧོ༔ པཉྩ་ཨ་མྲྀཏ་ཁཱ་ཧི༔ རཀྟ་ཛྭ་ལ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས༔ དཔག་བསམ་རྒྱས་པ་ཤིང་གི་སྡོང་པོ་ལ༔ འཇིགས་བྱེད་སྤྲུལ་པའི་བྱ་ཆུང་གྷ་རུ་ཊ༔ མཁའ་ལྡིང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ ཁྱུང་ཆེན་རིགས་ལྔའི་ཐུགས་ཀ་རུ༔ རང་རང་ཐུགས་སྲོག་གསལ་ཞིང་འབར༔ བཟླས་པའི་རྐྱེན་གྱིས་འོད་ཟེར་ལྔ༔ མེ་དང་མཚོན་ཆའི་དབལ་ཅན་འཕྲོས༔ སྣོད་ཀྱི་འཇིག་རྟེན་གཟི་མདངས་བསྐྱེད༔ བཅུད་ཀྱི་སེམས་ཅན་ནད་གདོན་བསལ༔ ཀླུ་གཉན་ས་བདག་དམ་ལ་གཟིར༔ གདུག་པ་ཅན་རྣམས་ཐལ་བར་བརླག༔ སྣང་གྲགས་ཁྱུང་གི་རང་བཞིན་བསམ༔ རིག་པ་འབྲུ་ལྔ་འབྲུ་འབུམ་བཟླས༔ ནད་གདོན་བར་ཆད་ཐམས་ཅད་སེལ༔ འབྲུ་འབུམ་གཉིས་སུ་བཟླས་པ་ཡིས༔ ཀླུ་གཉན་ས་བདག་སྡེ་བརྒྱད་ཐུལ༔ འབུམ་ཕྲག་བཅོ་ལྔ་སུས་བཟླས་པ༔ ནུས་པ་ཁྱུང་ཆེན་ཉིད་དང་མཉམ༔ ཐུན་མཐར་ལྷ་སྐུ་དབྱིངས་སུ་བསྡུ༔ རྒྱུན་སྤྱོད་ཁྱུང་གི་ང་རྒྱལ་བྱ༔ བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད༔ དེས་ནི་ཁྱུང་ཆེན་རིགས་ལྔ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞི་བ་ཁྲུས་ཀྱི་དུག་སྦྱོང་ནི༔ རིན་ཆེན་སྣོད་དུ་རྒྱུན་འབབ་ཆུ༔ ལྔ་ཚན་ལྔ་དང་ཁྱུང་ལྔའི་རྫས༔ སྦྱར་བ་དལ་གྱི་དབུས་སུ་བཞག༔ ལྷ་བསྐྱེད་སྔགས་བཟླས་འོད་དུ་ཞུ༔ ནད་གདོན་ཅན་རྣམས་སྔགས་འདིས་བཀྲུ༔ ཨོཾ་པ་ཀྵཱིཾ་སྭཱ་ཧཱ༔ ནཱ་ག་དུ༔ ཙྪནྡེ་ཙྪནྡེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ སརྦ་ནཱ་ག་ནི་སྭཱ་ཧཱ༔ ནཱ་ག་དུ་ན་ཤིག་ཤིག་ཁྲོལ་ཁྲོལ༔ ཤུ་བ་ཙ་ཏྲི་ཤིག་ཤིག་ཁྲོལ་ཁྲོལ༔ བྷུ་བ་བྷ་ན་ཤིག་ཤིག་ཁྲོལ་ཁྲོལ༔ ས་བདག་ཀླུ་གཉན་སྡེ་བརྒྱད་འབྱུང་པོ་དུག་ལྔའི་རྒྱུ་འབྲས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེས་ནི་ནད་གདོན་ཐམས་ཅད་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲེག་པའི་ཆོ་ག་ནི༔ དུག་ཤིང་མེ་སྦར་ཁྱུང་ལྔ་བསྐྱེད༔ ཡམ་ཤིང་གདུག་པའི་ཤ་རུ་འབུལ༔ ཨོཾ་པ་ཀྵཱིཾ་སྭཱ་ཧཱ༔ སརྦ་ནཱ་ག་དུཥྚཱན་བྲྀཀྵཱ་ཡ་སྭཱ་ཧཱ༔ མར་ནག་གདུག་པའི་ཁྲག་ཏུ་འབུལ༔ ཨོཾ་པ་ཀྵཱིཾ་སྭཱ་ཧཱ༔ སརྦ་ནཱ་ག་དུཥྚཱན་ཨགྣ་ཡེ་སྭཱ་ཧཱ༔ པད་ཁ་གདུག་པའི་སྙིང་སྲོག་འབུལ༔ ཨོཾ་པ་ཀྵཱིཾ་སྭཱ་ཧཱ༔ སརྦ་ནཱ་ག་དུ་ན་ཛྭ་ལ་རཾ༔ ཤུ་བ་ཙ་ཏྲི་ཛྭ་ལ་རཾ༔ བྷུ་བ་བྷ་ན་ཛྭ་ལ་རཾ༔ དྲུང་དྲུང༔ དུར་དུར༔ ཀྵཱིཾ་ཀྵཱིཾ༔ སརྦ་དུཥྚཱན་མཱ་ར་ཡ་ད་ཧ་པ་ཙ་ཕཊ༔ ཁྱུང་རྣམས་འབར་བའི་མེ་རུ་བསམ༔ མེ་ཞགས་བརྐྱངས་པས་ཀླུ་གཉན་སོགས༔ གདུག་པའི་གདོན་རྣམས་ཚར་གཅོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་བསྐུར་བྱེད་ན་རྫས་རྣམས་བཤམ༔ ནུས་ལྡན་བསྒྲུབ་ཅིང་བཟླས་པ་བྱ༔ སྦྱོར་བའི་ཆོ་ག་སྤྱི་ལྟར་ལ༔ ཁྱུང་ཆེན་རིགས་ལྔ་བསྐྱེད་ཅིང་བསྟིམ༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ནང་ན་ཁྱུང་ཆེན་རིགས་ལྔ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་ལྡིང་སྐུ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་བཅུད་ལྡན་མགྲིན་པར་བཞག༔ ཧཱུྃ༔ མཚན་ལྡན་བྷནྡྷ་བདུད་རྩིས་གཏམས༔ ཁྱུང་ཆེན་གསུང་གི་ནུས་པ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་གར་བཞག་བྱས་ལ༔ ཧཱུྃ༔ དག་གསལ་རྙོག་མེད་མེ་ལོང་འདི༔ ཁྱུང་ཆེན་ཡེ་ཤེས་སྟོང་གསལ་མཚོན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིང་འཛིན་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱད་པར་རིལ་བུ་སྤྱི་བོར་བཞག༔ ཁྲོཾ༔ རྫས་ཀྱི་རིལ་བུ་ཡེ་ཤེས་ཁྱུང་ཆེན་ལྔ༔ སྤྱི་བོར་བཞག་པས་དུག་ལྔའི་ནད་གདོན་སྦྱངས༔ ས་བདག་ཀླུ་གཉན་གདུག་པ་ཀུན་འདུལ་བའི༔ གཉེན་པོ་སྟོབས་ཀྱི་དབང་བསྐུར་ཐོབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་བསྟིམ་བཟླས་པའི་དམིགས་པ་བཅས༔ སྔགས་ཀྱི་བཟླས་བརྗོད་བརྒྱ་རྩ་བྱ༔ དམ་ཚིག་རིལ་བུའི་རྣམ་པར་བསམ༔ མགུལ་དུ་འཆང་བས་ནད་གདོན་སྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྫས་ཀྱི་ཕན་ཡོན་ནི༔ ཀླུ་ནད་མཛེ་རིགས་བཅོ་བརྒྱད་འཇོམས༔ རྐང་ལག་ཆད་པའང་འཚོ་འགྱུར་ན༔ ཤུ་བ་བལ་ལྡག་གཡན་པ་སོགས༔ འགོས་ཟིན་རྣམས་ལ་སྨྲོས་ཅི་དགོས༔ གཉན་ནད་གག་ལྷོག་གཟེར་ཐུང་སོགས༔ ནད་རིགས་བཅོ་བརྒྱད་ཐམས་ཅད་ལ༔ མེ་སྟེང་ཆུ་བླུགས་ཇི་བཞིན་འགྱུར༔ ས་བདག་གདུག་པའི་ཞ་རེངས་ནད༔ དྲེག་གྲུམ་རྐང་འབམ་ཐམས་ཅད་ཀུན༔ འཇོམས་བྱེད་རྡོ་རྗེ་ཕ་ལམ་ཡིན༔ གཞན་ཡང་བཞི་བརྒྱ་རྩ་བཞིའི་ནད༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་ཀུན༔ འདི་ཡིས་མི་ཐུབ་གཅིག་ཀྱང་མེད༔ ཁྱད་པར་ཙི་ཏི་ཛྭ་ལ་ལ༔ མན་ངག་སྨན་གསུམ་ཞལ་ལས་ཤེས༔ མཐར་ཐུག་དུག་ལྔ་གནས་གྱུར་ནས༔ ཡེ་ཤེས་ལྔ་ལྡན་བཅུད་ལེན་འགྱུར༔ ལྷ་བསྒོམས་སྔགས་བཟླས་ཕན་ཡོན་ནི༔ ཁྱུང་ཆེན་སྒྲུབ་པའི་རྣལ་འབྱོར་པ༔ གང་དུ་གནས་པའི་ཡུལ་ཕྱོགས་ཀྱང༔ འབྱུང་བའི་དུག་ཀུན་ཞི་བ་ལས༔ སྨན་ཤིང་འབྲས་བུ་གཟི་བརྗིད་འཕེལ༔ ཀླུ་གཉན་ས་བདག་གདུག་པ་ཐུལ༔ ནད་རིགས་ཀུན་གྱི་རྒྱུན་ཆད་ཅིང༔ རང་གི་ཉོན་མོངས་དུག་བཅོམ་ནས༔ ཡེ་ཤེས་རབ་ཏུ་འཕེལ་བར་འགྱུར༔ དེ་ཕྱིར་དམ་ལྡན་སྔགས་འཆང་ཀུན༔ འདི་ཉིད་ཁོ་ན་གཅེས་སུ་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈ མ་འོངས་ལྷ་ལྕམ་སྐྱེ་མཐའ་པདྨའི་མིང༔ འགྲོ་འདུལ་སྨོན་ལམ་དབང་གིས་མཐའ་འཁོབ་རོང༔ ཀླུ་གཉན་ས་བདག་གདུག་པ་དར་བའི་ས༔ གནམ་ས་ཆོས་འབྱུང་འདྲ་བའི་གནས་སུ་སྐྱེ༔ དེ་དུས་གདམས་པ་འདི་འཕྲད་དོན་ལྡན་ཕྱིར༔ བླ་མ་ཞི་དྲག་སྒྲུབ་པའི་ཆ་རྐྱེན་དུ༔ ཡི་གེར་ཐོབས་ལ་གནས་ལྕགས་བྲག་ཏུ་སྦོས༔ བཙན་རྒོད་ཆེན་པོས་བཀའ་འདི་ཐུབ་པར་སྲུངས༔ སྐལ་ལྡན་ལས་འཕྲོ་ཅན་ལ་གཏོད་ཅིག་རྒྱ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ བདུད་རི་གནམ་ལྕགས་འབར་བའི་བྲག་ནས་ཁོ་བོ་པདྨ་རིག་འཛིན་རྩལ་གྱིས་སྤྱན་དྲངས་པའོ།། །། ༈ འདིའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། ཡེ་ཤེས་མཚོ་རྒྱལ། པདྨ་གསལ། གཏེར་སྟོན་པདྨ་རིག་འཛིན། གྲུབ་དབང་པདྨ་རྡོ་རྗེ། རིག་འཛིན་ཆོས་ཀྱི་རྒྱ་མཚོ། །རྗེ་པདྨ་གསང་སྔགས། རྭ་སྟོན་སྟོབས་ལྡན་རྡོ་རྗེ། རིག་འཛིན་ཐུགས་མཆོག་རྡོ་རྗེ། ཀུན་བཟང་བདེ་ཆེན་རྒྱལ་པོ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། སྤང་སྟོན་པདྨ་ཚེ་དབང་། བསྟན་འཛིན་མཁྱེན་རབ་མཐུ་སྟོབས། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་སོ།། །།
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ གཅོད་ཡུལ་སྣང་བ་ལམ་ཁྱེར་ (Volume 56, Text 34)
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ གཅོད་ཡུལ་སྣང་བ་ལམ་ཁྱེར་བཞུགས་སོ༔ ཨེ་མ་ཧོ༔ ྈྈྈྈྈྈྈྈྈྈྈྈྈ ཨེ་མ་ཨོ་རྒྱན་པདྨ་ངས༔ ཉམས་སུ་ལེན་པའི་སྐྱེས་བུ་ལ༔ གཅོད་ཡུལ་སྣང་བ་ལམ་ཁྱེར་བསྟན༔ ཕྱི་རབས་རྣམས་ཀྱིས་འདི་ལྟར་སྤྱོད༔ འདི་ལ་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྔོན་འགྲོ་ནི༔ རང་དུར་ཁྲོད་དུ་གནས་སམ༔ རང་མཛེ་ཕོ་མོ་དང་འབྲེལ་ལམ༔ ནད་འགོ་བའམ༔ བྲག་ཕུག་གམ༔ ལྷ་ཁང་ངམ༔ ཁང་སྟོང་ངམ༔ གང་ཡ་ང་བའི་སར་ཕྱིན་ལ༔ སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ་བྱས༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ༔ སྣང་བ་བདེན་མེད་དུ་ཤེས་པར་བྱིན་གྱིས་རློབས་ཤིག༔ སྐྱེ་མེད་ཆིག་ཆོད་དུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ རང་སྣང་རང་གྲོལ་དུ་རྟོགས་པར་བྱིན་གྱིས་རློབས་ཤིག༔ སྙེམ་ཐག་འཁྲི་བ་བཙན་ཐབས་སུ་ཆོད་པར་བྱིན་གྱིས་རློབས་ཤིག༔ ཡིད་ཀྱིས་རེ་སྙེམས་བླང་དོར་དང་བྲལ་བར་བྱིན་གྱིས་རློབས་ཤིག༔ ཅེས་གསོལ་བ་གདབ་བོ༔ དངོས་གཞི་ནི༔ གདོན་ལ་གཅོད་ན་རང་གར་ཉལ་བ་དེའི་སྙིང་གི་འོག༔ སྒལ་པའི་དཀྱིལ་འོག་ན༔ གཞི་བདག་གམ༔ གདོན་དེ་ཡོད་པའམ༔ རང་གི་མགོས་ལུང་པའི་ཕུ་ནོན་པ༔ རྐང་པས་མདའ་ནོན་པ༔ ཡན་ལག་གི་འོག་ཏུ་གདོན་ཕལ་པ་དང་བཅས་པ་མནན་ལ༔ གན་རྐྱལ་དུ་བཅར་ཉལ་ལ་ཀློད་དེ༔ ད་ནི་འདི་ནས་བསྐལ་པའི་བར་དུ་མི་ལྡང་ངོ་སྙམ་དུ་འཕྲིགས་བཅད་ལ་བསྡད་པས༔ རབ་ལ་དངོས༔ འབྲིང་ལ་ཆོ་འཕྲུལ༔ ཐ་མ་ལ་གཟི་བྱིན་དང་རྨི་ལམ་དུ་འབྱུང་སྟེ༔ འཇིགས་པ་དང༔ ཡ་ང་བ་དང༔ སྐྱི་ཟིང་བ་དང༔ གཟུགས་བརྙན་སྣ་ཚོགས་པ་འོང༔ དེ་བྱུང་བའི་དུས་སུ་རབ་རིག་པ་གཏད་མེད་དུ་ཤེས་པས་གྲོལ་འགྲོ༔ འབྲིང་སེམས་ཀྱི་ཆོ་འཕྲུལ་ཡིན་སྙམ་པས་གྲོལ་འགྲོ༔ ཐ་མ་ཆགས་ཞེན་དང་འཛིན་པ་ལུས་ལས་བྱུང་བ་ཡིན༔ སེམས་ནི་སྟོང་པ་ཡིན༔ སྟོང་ཉིད་རིག་པ་གཅེར་བུ་ལ་ཞེན་པ་ཉམ་ང་དང་བྲལ༔ འོ༔ ཐམས་ཅད་ཀྱང་རང་གི་སེམས་ཡིན༔ རང་མདངས་ཡིན༔ དངོས་ཅན་ཞིག་འདུག་ན་དགའ་ཡི༔ ངས་ནམ་མཁའི་མཐས་གཏུག་གཏུག་བཙལ་ཀྱང༔ ངོ་བོ་ངོས་གཟུང༔ དབྱིབས་དང་ཁ་དོག༔ མཚོན་དཔེ༔ མིང་བཙལ་བས་མ་རྙེད༔ ད་ཤ་འདོད་པས་ཤ་ཁྱེར༔ ལན་ཆགས་བྱང་བར་གྱུར་ཅིག༔ ཁྲག་འདོད་པས་ཁྲག་ཁྱེར་ཅིག༔ རུས་པ་འདོད་པས་རུས་པ་ཁྱེར་ཅིག༔ པགས་པ་འདོད་པས་པགས་པ་ཁྱེར་ཅིག༔ ནང་ཁྲོལ་འདོད་པས་ནང་ཁྲོལ་ཁྱེར་ཅིག༔ ལན་ཆགས་བྱང་བར་གྱུར་ཅིག༔ ངའི་ལུས་ཁོག་པོ་འདི་ནམ་ཞིག་འཁོར་བའི་རྒྱུ་ཡིན་པ་ལ༔ ད་རེས་དངོས་སུ་ལེན་མཁན་ཡོད་པས་དགའ༔ ཆགས་ཞེན་ཡོད་པས་ཀྱང་ཡོད་རེ་བྱས་ལ་ཁར་ཡང་འདོན༔ སེམས་ཀྱི་སྟེང་དུ་བློ་ལ་ཡང་བླང་ངོ༔ དེ་ནས་གཏད་མེད་དུ་ལྷོད་དེ་ཉལ་བསྡད་དོ༔ དེ་ཡིས་ཆོད་པའི་རྟགས་སུ༔ ཤེས་པ་བདེ་འབོལ་བ་དང༔ དྭངས་སིང་བ་དང༔ རྨི་ལམ་ལ་ཟས་གོས་སྟེར་བ་ལ་སོགས་དངོས་སུ་འབྱུང་བ༔ གདོན་བགེགས་གཞི་བདག་དེས་བྲན་བྱེད་པ་འབྱུང༔ ཁྱད་པར་སྔར་མེད་པའི་ཉམས་ཁྱད་པར་ཅན་ཐོལ་ཐོལ་འཆར་བ་འབྱུང་ངོ༔ གཞན་ཡང་གཉན་ས་རུ་འགྲོ་མི་དགོས་ཏེ༔ རང་གང་འདུག་གི་མལ་དེར་དམིགས་པ་དེ་བྱས་པས༔ རོ་མལ་ན་ཡོད་པས་མལ་གཉན་སར་ཤེས་པར་བྱའོ༔ བདུད་འཇམ་པོ་ཞུགས་པ་ནི༔ བཟང་པོར་བསྐུར་བ་དང༔ ཕྱེ་གཏོང་དང༔ འགྲོ་དོན་དང༔ གདུལ་བྱ་དང༔ ཕན་ཐོགས་དང༔ བསོད་ནམས་དང༔ སྙན་གྲགས་དང༔ འཁོར་གཡོག་འབྱུང་བ་རྣམས་ཡིན་ནོ༔ དེ་རྣམས་གཏད་མེད་དུ་མ་ཤེས་པར་རེ་སྙེམས་ཞུགས་ནས་ད་ཅིག་འོང་བར་འདུག་གོ་སྙམ་པའི་ཞེན་འཛིན་ཞུགས་པས༔ བདུད་ཀྱིས་ཁྱེར་བ་ཡིན་ཏེ༔ དེ་ལྟར་བྱུང་བའི་དུས་སུ་སྐྱོ་བ་གཏིང་ནས་སྐྱེད༔ ཞེན་པ་གཏིང་ནས་ལོག༔ བློ་སྣ་འུབ་ཀྱིས་བསྟུང༔ དཀའ་ཐུབ་བཅུད་ལེན་བྱས༔ སྙེམས་ཐག་ནང་ནས་གཅད༔ རང་གིས་སེམས་ལ་ཞེན་འཛིན་འདུག་གམ་བལྟ༔ འདུག་ན་ད་རུང་ཀློད་པས་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་ཞིང༔ ཡལ་ནས་འགྲོ༔ དེ་ལྟ་བུ་མ་རྟོགས་ནའང༔ ནང་དུ་རང་ལ་བལྟས་པས་བདུད་ཀྱི་རྩ་བ་སེམས་ཡིན་པས༔ སེམས་ནི་བཙལ་ཡང་མ་གྲུབ༔ སྣང་བ་དང༔ སྟོང་པ་དང༔ ལྷ་དང༔ འདྲེ་དང༔ དགྲ་དང༔ གཉེན་དང༔ གཙང་བ་དང༔ བཙོག་པ་དང༔ བདེ་བ་དང༔ སྡུག་བསྔལ་བ་དང༔ ཉོན་མོངས་པ་རྣམས་ལེགས་པར་ཀློད་ཅིང་གཞིག་པས༔ ངོ་བོ་མ་གྲུབ་པར་རང་སར་གྲོལ་འགྲོ༔ མ་གྲོལ་བཅིང་མེད་ཀྱི་ངང་དུ་ཀློད་པས༔ ཤེས་པ་བཅིང་མེད་བདེན་འཛིན་གྱི་སྣ་སྐྱིལ་མེད་པར་ཆེད་དུ་བསྒོམ་པ་དང་བྲལ༔ དབང་པོ་རྒྱ་ཡན་དུ་གྱུར༔ གང་ལྟར་བྱས་ཀྱང་གཏད་མེད་དུ་བདེ་ཕྱམ་ཕྱམ་པ་ཞིག་འབྱུང་ངོ༔ དེ་དུས་ཆོད་པ་ཡིན་ནོ༔ བདུད་རྩུབ་ཆོས་སུ་ཞུགས་པའང༔ ནད་དང༔ གདོན་དང༔ མི་དང༔ མི་མ་ཡིན་པ་རྣམས་ཡིན་ཏེ༔ ཐོག་འགེལ་དུ་བྱས་ཏེ༔ ནད་པ་སླར་ཡང་འདྲེ་ལ་གཏད༔ གཉན་གྱི་སྟེང་དུ་གཉན་པ་དབབ༔ མེ་བཙའ་ཨ་ཚ་ཚུགས་སུ་བཏབ་པས༔ སླར་འཕྲིགས་མི་ཚུད་པར་གྲོགས་སུ་འགྱུར་བའོ༔ རྗེས་ནི༔ དུས་རྟག་ཏུ་བློ་སྣ་ཐུང་ཧྲིལ་བསྡུས་ནས༔ ནམ་འཆི་ངེས་མེད་སྙིང་གི་དཀྱིལ་དུ་ཏུང་ངེ་བྱས༔ ཉམས་ལེན་ཕྱི་དུས་སུ་མི་གཞག༔ མིག་བསྒྲད༔ གཅོད་གསུམ་དུས་གཅིག་ཏུ་ཤེས་པར་གྱིས་ཤིག༔ ཨེ་མ་ཐོག་མེད་མ་རིག་སེམས༔ རྣམ་པར་རྟོག་པ་གང་སྐྱེས་བདུད༔ དེ་ནི་རང་གི་སེམས་ལས་བྱུང༔ སེམས་ལ་བྱུང་གནས་འགྲོ་གསུམ་མེད༔ གྲོལ་བས་སངས་རྒྱས་བྱུང་བ་མེད༔ འཁྲུལ་པས་འཁོར་བར་ལྷུང་བ་མེད༔ དཀར་ནག་ལས་ཀྱི་དྲིས་མ་གོས༔ རང་གྲོལ་གདོད་མའི་སངས་རྒྱས་ཡིན༔ གཉིས་མེད་རང་གྲོལ་གཤིས་ལུགས་ཡིན༔ ཆོས་ཉིད་ངང་ལ་སྐྱབས་འགྲོ་དང༔ སེམས་བསྐྱེད་གསོལ་བ་གདབ་པར་བྱ༔ རང་ལ་བར་ཆད་བྱུང་བ་ན༔ གཉན་སར་ཕྱིན་ལ་སྟོང་གསལ་བསྒོམ༔ སེམས་ཅན་གཞན་ལ་ཕན་འདོགས་ན༔ སྙིང་རྗེ་སྔོན་དུ་སོང་བ་ཡིས༔ བདག་དང་གཞན་དང་གདོན་དང་ནད༔ ཐམས་ཅད་སྟོང་པར་ཤེས་བྱས་ལ༔ ཕཊ་ཕཊ་བྱ་ཞིང་སྟོང་ཉིད་བསྒོམ༔ དེས་ཀྱང་ཞི་བར་མ་གྱུར་ན༔ གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ལན་གསུམ་འགོང་ལ་མཐའ་བྲལ་བསྒོམ༔ མཎྜལ་བཅས་ལ་ཤིང་བུ་དང༔ རྡེ་འུ་བྱིན་རླབས་བྱས་ལ་སྒྱུར༔ སྟེང་གི་ལྷ་རྣམས་དམ་ལ་ཐོགས༔ འོག་གི་ཀླུ་རྣམས་ཟིལ་གྱིས་གནོན༔ ཀླུ་ལ་ལས་ནི་གང་བཅོལ་འགྲུབ༔ ལྷ་རྣམས་རང་རང་གྲོགས་དན་བྱེད༔ ལྷ་འདྲེ་མི་གསུམ་བྲན་དུ་འཁོལ༔ རྩ་བ་གསུམ་དང་ཆོས་སྐྱོང་གིས༔ མ་ལྟར་སྐྱོང་ཞིང་བུ་ལྟར་འཚོ༔ ཐོགས་བཅས་བདུད་ལ་ཆོད་པ་ཡིན༔ སྣང་བ་དགྲར་ནི་ག་ལ་ལྡང༔ ཐོགས་མེད་བདུད་ལ་ཆོད་པ་ཡིན༔ གནོད་སྦྱིན་ཕོ་མོ་དམ་ལ་ཐོགས༔ ཉོན་མོངས་དགྲ་ལས་རྒྱལ་བར་འགྱུར༔ དེ་ལ་སོགས་པ་ཐུན་མོང་དུ༔ ཚེ་རིང་ནད་མེད་བསམ་དགུ་འགྲུབ༔ ཀུན་གྱི་གཙུག་ནོར་ལྟ་བུར་འགྱུར༔ མཆོག་ཏུ་བླ་མེད་དེར་སངས་རྒྱས༔ རྣལ་འབྱོར་ལམ་པའི་ཉམས་ལེན་ལ༔ འདི་ལས་ཟབ་པ་ལོགས་ན་མེད༔ སྐལ་ལྡན་གཅིག་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཅོད་ཡུལ་སྣང་བ་ལམ་ཁྱེར་ཞེས་བྱ་བ༔ ྀཨཚ༔ ྈྈྈྈྈྈྈྈྈ
འཕགས་མ་སྒྲོལ་མ་ལ་གསོལ་བ་གདབ་པའི་ཆོ་ག་མཎྜལ་བཞི་པའི་ངག་འདོན་ (Volume 36, Text 34)
༄༅། །འཕགས་མ་སྒྲོལ་མ་ལ་གསོལ་བ་གདབ་པའི་ཆོ་ག་མཎྜལ་བཞི་པའི་ངག་འདོན་བཞུགས་སོ། ། ན་མ་ཨཱརྻ་ཏཱ་ར་ཡཻ། འདིར་རྗེ་བཙུན་སྒྲོལ་མ་ལ་འདོད་དོན་གསོལ་བའི་ཐབས་ཟབ་མོ་མཎྜལ་བཞིའི་ཆོ་ག་བྱ་བར་སྤྲོ་ན། གནས་ཁང་བྱི་དོར་བྱས་ཤིང་རྒྱན་གྱིས་བརྒྱན་པའི་དབུས་སུ་ཁྲི་ལེགས་པ་ལ་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་རྗེ་བཙུན་མའི་སྐུ་རབ་གནས་ཅན་བཞུགས་སུ་གསོལ། དེའི་དྲུང་དུ་དྲིའི་མཎྜལ་རེ་ཁཱ་ཉིས་རིམ་པ་བཞི་བྲི། དེ་རེ་རེའི་སྟེང་དུ་རྣམ་ལྔ་ཚང་བའི་མཆོད་པ་ཚར་བཞི་བཤམ། གསོལ་བ་འདེབས་མི་རྒྱུད་དག་པའི་དགེ་སློང་བཞིས་བསྒྲུབ་ན་ཤིན་ཏུ་མྱུར་ལ། དེ་ལྟར་མ་གྲུབ་ན་རང་གཅིག་པུས་གསོལ་བ་བཏབ་ཀྱང་འགྲུབ། དེའི་རིམ་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཅེས་གནས་དང་། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཅེས་མཆོད་པ་བྱིན་གྱིས་བརླབ། སྤོས་བཏུལ་ཞིང་སྙིམ་པ་མེ་ཏོག་དང་བཅས་པས་སྦྱར་ཏེ། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །ཞེས་སྤྱན་དྲང་། མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་། ཁྱད་པར་རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་སྒྲོལ་མ་ཉི་ཤུའི་འཁོར་གྱིས་བསྐོར་བ་དང་བཅས་པ་བྱོན་ནས་སྐུ་གཟུགས་དང་ཐ་མི་དད་པར་བཞུགས་པར་གྱུར། དེ་ནས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བླ་མ་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དཀོན་མཆོག་སྤྱི་ལ་བསྟོད་ཅིང་། རེ་རེ་ལ་ཕྱག་གསུམ་གསུམ་སྟེ་བཅུ་གཉིས་བཙལ་ལ། དཀོན་མཆོག་གི་རྟེན་སྤྱི་ལ་མེ་ཏོག་གཏོར་ནས་ས་ལ་འདུག་སྟེ་བཟང་སྤྱོད་ལྟར་ཡན་ལག་བདུན་པ་ཚར་གཅིག་གི་རྗེས་སུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དང་། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ། མཇུག་ཏུ་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱགས་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ན། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྤྱོད་འཇུག་ལྟར་སེམས་བསྐྱེད་བླངས་ལ་མཎྜལ་དང་པོའི་མཆོད་པ་དཀོན་མཆོག་སྤྱི་ལ་འབུལ་བའི་འདུན་པས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་བུདྡྷ་བོ་དྷི་སཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡའི་བར་གྱིས་མཆོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་སྐྱེས་བུ་སྤྱི་དང་ཁྱད་པར་དཔལ་ལྡན་བླ་མ་དམ་པ་འདི་ཞེས་བྱ་བ་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་སྤྱི་དང་ཁྱད་པར་འདི་ཞེས་བྱ་བའི་སྡེ་འདིར་འདུས་པའི་དགེ་འདུན་ཐམས་ཅད་མཐུན་ཞིང་ཆོས་སྤྱོད་བཅུའི་སྒྲུབ་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྦྱིན་པའི་བདག་པོས་ཐོག་དྲངས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡང་དག་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྒྲུབ་པ་ལ་གནས་སྐབས་ཀྱི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཚང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་ལ་གསོལ་བ་ལན་གསུམ་གདབ། དེ་ནས། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཅེས་ཤློཀ་གཅིག་ཕྱག་དང་བཅས་པ་ལན་བདུན་བྱས་ཏེ། རྗེ་བཙུན་མ་ལ་མེ་ཏོག་གཏོར་ནས་ས་ལ་འདུག་སྟེ། མཎྜལ་གཉིས་པའི་མཆོད་པ་འཕགས་མ་ལ་འབུལ་བའི་བློས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཐུགས་རྗེ་ཆེ་མངའ་རྗེ་བཙུན་མ། །འཕགས་མ་སྒྲོལ་མ་ལ་འབུལ་ན། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་བཱ་ར་ཨརྒྷཾ་སོགས་སྔར་ལྟར་ཕུལ་ལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱི་འོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་པ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པའི་བར་གྱི་ཡན་ལག་བདུན་པ་དང་སྔར་ལྟར་སྐྱབས་སེམས་བླང་ངོ་། །དེ་ནས། གང་གི་དོན་དུ་བྱ་བའི་བསྒྲུབ་བྱ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྗེ་བཙུན་མའི་ཕྱག་གཡས་པའི་སྐྱབས་འོག་ཏུ་ཚུད་པར་བསམ་ལ། ཨོཾ་རྗེ་བཙུན་མ་འཕགས་མ་སོགས་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཉིས་བརྗོད། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྗེ་བཙུན་འཕགས་མ་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས་ཞེས་པ་ནས། བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་བར་སྔར་ལྟར་ཚར་གསུམ་གྱིས་འདོད་དོན་གསོལ། དེ་ནས་སྔར་ལྟར་ཕྱག་བདུན་བཙལ་ཏེ། མཎྜལ་གསུམ་པའི་མཆོད་པ་འབུལ། ཡན་ལག་བདུན་པ་བྱས་ཏེ། བསྟོད་པ་ཚར་གསུམ་གསོལ་འདེབས་དང་བཅས་བྱ། ཡང་ཕྱག་བདུན་དང་མཎྜལ་བཞི་པའི་མཆོད་པ་འབུལ། ཡན་ལག་བདུན་པ་བྱ། བསྟོད་པ་ཚར་བདུན་གསོལ་འདེབས་དང་བཅས་པ་བྱའོ། །རྗེས་སུ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡི་གེ་བརྒྱ་པས་བཟོད་པར་གསོལ་ལ། བཅོམ་ལྡན་འདས་མ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་སྦྱངས་ཤིང་བསོད་ནམས་ཀྱི་ཚོགས་སྤེལ་བའི་སླད་དུ། སྐུ་འདི་ཉིད་ལ་བརྟན་པར་བཞུགས་སུ་གསོལ། བཞུགས་ནས་ཀྱང་། བདག་སོགས་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་དང་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང་། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་མའི་བཀྲ་ཤིས་དང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སོགས་བསྔོ་སྨོན་ཇི་ལྟར་རིགས་པ་བྱའོ། །ཞེས་ཡིག་རྙིང་ལས་འདོན་བདེ་བར་ཟིན་བྲིས་སུ་བྱས་པ་སྟེ་འདོད་པའི་དོན་འགྲུབ་པར་གྱུར་ཅིག །འདི་ནི་ཇོ་བོ་ལུགས་ཀྱི་མན་ངག་སྣར་ཐང་བརྒྱ་རྩ་སོགས་ལས་འབྱུང་བ་ལྟར་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་སྟེ་སླར་ཡང་ནག་འགྲོས་བཀླག་ཆོག་ཏུ་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།
གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་སྨིན་བྱེད་རྩ་བའི་དབང་གི་ཆོ་ག་ཡེ་ཤེས་བཅུད་སྦྱིན་ (Volume 13, Text 34)
༄༅། །གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་སྨིན་བྱེད་རྩ་བའི་དབང་གི་ཆོ་ག་ཡེ་ཤེས་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཀྲོ་དྷཱ་ཡ། རྣམ་དག་དབྱིངས་ལས་ཐུགས་རྗེའི་རྩལ་ཆེན་གཡོས། །ཡེ་ཤེས་མེ་ལྕེ་བྱེ་བ་རབ་འབར་བས། ཁམས་གསུམ་དྲེགས་པའི་ཚོགས་རྣམས་འཇོམས་མཛད་པ། །འཇིགས་བྱེད་བླ་མ་དྲག་པོར་ཕྱག་བགྱི་འོ། །གང་གི་སྒྲུབ་ཐབས་བྱིན་རླབས་ནུས་པའི་སྟོབས། །ཀུན་གྱིས་འགྲན་བྲལ་དུས་སྙིགས་འབྱུང་པོའི་གཤེད། །ཉམས་སུ་ལེན་འདོད་ཐོག་མར་འཇུག་པའི་སྒོ །སྨིན་བྱེད་ནོར་བུའི་ཐེམ་སྐས་འདིར་འཛེགས་ཤིག །བླ་མ་དྲག་པོ་ཡེ་ཤེས་རབ་འབར་གྱི་རྩ་བའི་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་ཚུལ་རྒྱས་པ་སྒྲུབ་ཁོག་དང་སྦྲེལ་བའི་སྟ་གོན་གྱི་རིམ་པ་རྣམས་དང་། དངོས་གཞིའི་བསྙེན་སྒྲུབ་ཡན་ལག་བཅས་རྒྱས་པར་སྦྱོར་བའི་ཚུལ་ནི་དཀྱུས་སུ་ལག་ལེན་དཀའ་ཞིང་ཡོངས་སུ་གྲགས་པས་མ་སྨོས་ལ། འདིར་མགྱོགས་དབང་མདོར་བསྡུས་ཏེ་བསྐུར་བའི་ཚུལ་ལ་དོན་གསུམ། སྦྱོར་བ་སྟ་གོན་དང་སྒྲུབ་མཆོད། དངོས་གཞི་དབང་བསྐུར་འཕྲོས་དོན་དང་བཅས་པ། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་དང་། བུམ་པ་ཆས་ལྡན་གཉིས་བཅས་སྟེགས་བུར་སྤྱི་ལྟར་བཀོད། སྟ་གོན་རྫས་བཞི་སོགས་འདུ་བྱས་ལ། བསྐྱེད་རྫོགས་ཆུང་བའི་ལས་བྱང་གཏུམ་དྲག་དམར་ནག་གསང་སྒྲུབ་དང་སྦྲེལ་བ་བཏང་ལ་བཟླས་པ་ཅི་འགྲུབ་བྱ། འགྲུབ་ན་བུམ་བསྐྱེད་གཏེར་གཞུང་ལྟར་བསྐྱེད་བཟླས་བྱ། མི་འགྲུབ་ན། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་སྙིང་པོ་བཟླ། མཐར་སྟོང་ཚིགས་མཆོད་བསྟོད་དང་། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་ནམ་འཁྱིལ་པའི་བསྐྱེད་བཟླས་ཀྱང་སྤྱི་མཐུན་བྱའོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་བཅད་འདོན་ལ་སྲུང་འཁོར་གསལ་གདབ། སེམས་བསྐྱེད་དང་ཆོས་བཤད་ཅི་རིགས་བྱ་བ་ལས་ཁྱད་པར། དེའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ཀྱང་ཐུགས་རྗེ་ཕྲིན་ལས་ཁྱད་པར་དུ་འཕགས་པ་འོད་དཔག་མེད་དངོས་གུ་རུ་པདྨ་རྒྱལ་པོ་དེ་ཉིད་ཀྱི་རྣམ་འཕྲུལ་བཀོད་པ་ཞིང་ཁམས་རབ་འབྱམས་རྒྱ་མཚོར་ཁྱབ་པ་ལས། ཁྱད་པར་དུའང་མཉམ་མེད་ཤཱཀྱའི་དབང་པོས་གདུལ་བའི་ཞིང་འདིར་མ་འགགས་པའི་ཐབས་དང་ཐུགས་རྗེས་གང་ལ་གང་འདུལ་གྱི་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་ཆད་པས་མི་དང་མི་མ་ཡིན་གྱི་གདུལ་དཀའ་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་ལ་བཀོད་པར་མཛད་པ་ལས། ལྷག་པར་ཡུལ་དང་ཡུལ་ཅན་གྱི་རྟེན་འབྲེལ་འཛོམ་པའི་དབང་གིས་གདོང་དམར་མུན་གླིང་བོད་ཀྱི་རྒྱལ་ཁམས་འདིར་ཐུགས་རྗེའི་རྩལ་བསྐྱེད་དེ། གུ་རུ་རིན་པོ་ཆེ་ཉིད་ཀྱི་སྒྱུ་འཕྲུལ་ཁོ་ནས་དངོས་དང་བརྒྱུད་ནས་སྙིང་པོའི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་སྤེལ་བར་མཛད་ཅིང་། སྐུ་དངོས་ཀྱིས་འདུལ་བའི་རྫོགས་ལྡན་གྱི་དུས་སུ་སྐལ་ལྡན་རྗེ་འབངས་མཆོག་གི་འདུས་པ་རྣམས་ལ་ཟབ་རྒྱས་རྡོ་རྗེ་ཐེག་པའི་ཆོས་ཆར་མཐའ་ཡས་པ་ཕབ་པ་ལས། གདུག་པའི་གཟའ་ཀླུ་རྒྱལ་འགོང་རྣམས་ཀྱི་གཉེན་པོར་གུ་རུ་དྲག་པོ་གཏུམ་དྲག་མེའི་ཕྲེང་བ་ཅན་གྱི་སྐུར་བཞེངས་ཏེ་སྲོག་གི་སྙིང་པོ་བླངས། ཐ་ཚིག་གི་གནད་ལ་ཕབ། བཀའི་འབངས་སུ་བཀོལ་ནས་གུ་རུ་དྲག་པོའི་རྒྱུད་དང་གདམས་སྐོར་མཐའ་ཡས་པ་གསུངས། མ་འོངས་པ་ན་འབྱུང་པོ་གདུག་པ་ཅན་ཁ་དར་བར་གཟིགས་ནས་སོ་སོའི་དུས་སྐལ་ལ་དགོངས་པའི་གདམས་ངག་མང་པོ་གཏེར་དུ་སྦས་ཤིང་ཉིད་སྤྲུལ་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་གཏད་རྒྱ་བཀྲོལ་ནས་གཞན་དོན་རྒྱ་ཆེར་མཛད་པ་ལས། སྐབས་སུ་བབས་པ་དྲག་པོ་ཡེ་ཤེས་རབ་འབར་གྱི་གདམས་སྐོར་རྣམས་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་དང་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་ལ་གནང་ཞིང་གཉེར་དུ་གཏད། སྙིགས་མའི་དུས་མཐའི་འདྲེ་རྒོད་མ་རུངས་པ་གཉེན་པོ་གཞན་གྱིས་འདུལ་བར་དཀའ་བ་ལ་འདི་ཉིད་ཁོ་ན་ཟབ་པར་དགོངས་ཏེ་བཀའ་རྒྱ་དང་སྨོན་ལམ་གྱིས་མཚམས་སྦྱོར་གནང་བ་ལྟར། མདོ་ཁམས་ལི་ཐང་གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་དཀྱིལ་འཁོར་དུ་གཏེར་རྒྱས་བཏབ་པ། འདུལ་བའི་དུས་སུ་སོན་པའི་ཚེ། འགྲོ་འདུལ་གཏེར་བདག་གླིང་པའི་ལུང་བྱང་ལས། ལང་གྲོའི་རྣམ་འཕྲུལ་པདྨ་དྲག་པོ་ཞེས༔ རྣལ་འབྱོར་ལྡན་པ་མདོ་ཁམས་ཕྱོགས་སུ་འབྱུང༔ ཞེས་དང་། གཏེར་ལུང་གཞན་ཁ་ཤས་ཚིག་མཐུན་པར། བུ་འབོར་ཕྱོགས་སུ་པདྨ་མདོ་གླིང་ཞེས༔ དཔའ་བོ་ཐབས་ལྡན་གུར་དྲག་གདམས་པ་སྤེལ༔ ཞེས་སོགས་ལུང་བྱང་མང་པོས་ཟིན་ཅིང་། པདྨ་དྲག་པོ་དངོས་དང་རྣམ་དབྱེར་མེད་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་བྱིན་རླབས་ནུས་པའི་གཟི་བྱིན་ཚད་མེད་པ། སྡེ་བརྒྱད་ལྷ་སྲིན་གདུག་རྩུབ་ཅན་རྣམས་ཀྱིས་བཏེགས་པའི་ཁྲི་ལ་རྟག་ཏུ་བཞུགས་པ། ལང་གྲོ་ལོ་ཙཱའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་རིག་འཛིན་ཀློང་གསལ་སྙིང་པོའམ་པདྨ་མདོ་སྔགས་གླིང་པས་སྤྱན་དྲངས་ཏེ་ནག་ཕྱོགས་གདུག་པའི་ཚ་ངར་ཞི་བར་མཛད་པའི་དྲག་པོ་ཡེ་ཤེས་རབ་འབར་གྱི་རྩ་དབང་རྒྱས་པ་བསྒྲུབ་པ་ལ་སྔོན་འགྲོ་སྟ་གོན་དང་། དངོས་གཞིའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་གཞུག །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་ཐབས༔ གསང་སྔགས་ལམ་དུ་སྦྱོར་བ་ཡི༔ སྟ་གོན་ཆོས་རྣམས་བསྩལ་དུ་གསོལ༔ གསུམ། སློབ་དཔོན་གྱིས་ལན་སྦྱིན་ལ། ཧོ༔ རིགས་དྲུག་ནང་ནས་དལ་འབྱོར་དང༔ དལ་འབྱོར་ཆོས་བཞིན་གསང་སྔགས་དང༔ ལས་འཕྲོ་འབྲས་བུ་ལོངས་སྤྱོད་ན༔ སྐྱབས་སུ་འགྲོ་ནས་རིམ་བཞིན་རྩོམས༔ ཞེས་གནང་བ་སྦྱིན་ཅིང་བཀའ་བསྒོས་པ་ལ། ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་འབོགས་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ རྡོ་རྗེ་རྒྱལ་པོ་ཆེ་བའི་མཆོག༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ཉིད་གཞུག་ཏུ་གསོལ༔ ལན་གསུམ་མམ་གཅིག །དེ་ལ་འདུན་པ་འདི་ལྟར་དུ་མཛོད། བླ་མ་དང་གཉིས་སུ་མེད་པའི་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པ་ལ། བདག་གཞན་ནམ་མཁས་ཁྱབ་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་མོས་གུས་དང་བཅས་ཏེ་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སོགས་ལན་གསུམ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་མ་རྒན་སེམས་ཅན་མཐའ་དག་དཔལ་ཆེན་པདྨ་དྲག་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོར་འཇུག་ཅིང་སྨིན་གྲོལ་གྱི་རིམ་པ་མཐར་ཕྱིན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ མ་གྱུར་འགྲོ་བ་སོགས་གསུམ། དེ་དག་གིས་ཐུན་མོང་སོ་བྱང་གི་འཇུག་སྒོ་གྲུབ་ནས་སྔགས་ཀྱི་ཐུན་མོང་མ་ཡིན་པ་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པའི་བརྟུལ་ཞུགས་བཟུང་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏོང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་སྡོམ་པ་བཟུང༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ལ༔ ཕྱི་ནང་གསང་བའི་སྡོམ་པ་གསུམ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་བྱས་ནས༔ སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ ལན་གསུམ། སོ་ཤིང་དབང་གི་ཤིང་སོར་བཅུ་གཉིས་པ་རྒྱ་མདུད་དང་ཆངས་གཟུང་བཅུམ་གཞོག་མེ་ཏོག་ཅོད་པན་ཅན་དང་ར་བ་འདུ་བྱས་ལ། དེ་ནས་དངོས་གྲུབ་ཀྱི་པྲ་ལྟས་བརྟག་པའི་རྟེན་འབྲེལ་དང་ལྡན་པའི་སོ་ཤིང་འདི་ཉིད་ཚོམ་བུའི་དཀྱིལ་འཁོར་ཡེ་ཤེས་དཀྱིལ་འཁོར་དངོས་སུ་གསལ་བ་ལ་དངོས་གྲུབ་གང་ཐོབ་ཀྱི་ལྟས་བསྟན་དུ་གསོལ་སྙམ་པའི་ཡིད་རྩེ་གཅིག་པས་འདོར་བར་ཞུ། སོ་ཤིང་སྦྱིན་ལ། ཧོ༔ བུ་ཁྱོད་དཀྱིལ་འཁོར་ཆེན་པོ་རུ༔ ཞུགས་ནས་དངོས་གྲུབ་བརྟག་བྱའི་ཕྱིར༔ ཡེ་ཤེས་ལྔ་ལྡན་སོ་ཤིང་འདི༔ རྡོ་རྗེ་ཐལ་སྦྱར་སོ་ཡིས་དོར༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ བཛྲ་ཧཱ་ས་ཧཱ༔ ཞེས་འདོར་དུ་གཞུག །ཤར་ལྷོ་ནུབ་བྱང་ཕྲིན་ལས་བཞིའི་དངོས་གྲུབ་སྟེ༔ མཚམས་སུ་ཕྲན་ཚེགས་འགྲུབ་པར་གསུངས་སོ། །སྐྱོར་ཆུ་ནི་ལས་ཐམས་ཅད་ཀྱི་བུམ་པའི་ཆུ་དུང་ཞལ་དུ་བླུག་སྟེ། བཾ་བཾ་བཾ་ལས་བྱུང་བའི་ཆུ༔ ཅེས་ལན་བདུན་བཟླས། ཁྱོར་ཆུ་ལག་གཡས་པས་ལན་གསུམ་འཐུངས་པས་ངག་གི་ཉེས་སྐྱོན་དག་པར་མོས་ཤིག །ཨོཾ་ཧྲཱིཿབྷི་ཤུདྡྷེ་སརྦ་དྷརྨཱ་སརྦ་པཱ་པཾ་ནི་ཙརྻ་སརྦ་སཾ་ཤོ་དྷ་ནི་སརྦ་བྷི་ཀལ་པ༔ ཨ་པ་ནཱ་ཡ་ཧཱུྃ༔ ཞེས་ལན་གསུམ་སྦྱིན། སྲུང་སྐུད་དམར་པོ་ལ་རྡོ་རྗེའི་མདུད་པ་བྱས་ཏེ་གཙོ་བོའི་སྔགས་བཏབ། རྡོ་རྗེའི་མདུད་པ་སྐྱེས་པའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིངས་པས་བར་དུ་གཅོད་པ་ཐམས་ཅད་ལས་སྲུང་བར་མོས། ཧྲཱི༔ རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ འཇུག་པའི་བར་ཆད་བྱེད་པའི་བགེགས༔ བསྲུང་ཕྱིར་རྡོ་རྗེའི་སྲད་བུ་འདི༔ སྐལ་ལྡན་ཁྱོད་ལ་གདགས་པར་བགྱི༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བུདྡྷ་མཻ་ཏྲི་སརྦ་རཀྵ་རཀྵ་སརྦ་སྭཱ་ཧཱ༔ ཞེས་བཅིང་། རྨི་ལམ་གྱི་མཚན་མ་བརྟག་པའི་ཕྱིར་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་དུ་ཟུངས་ཤིག །ཧཱུྃ༔ སྐལ་ལྡན་ཁྱོད་ནི་དུས་གསུམ་དུ༔ དགེ་དང་མི་དགེར་འགྱུར་བ་གང༔ དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས༔ བརྟག་པར་བྱ་ཕྱིར་སྔས་སྟན་སྦྱིན༔ ལེགས་ཉེས་མཚན་མ་ཅི་བྱུང་ཡང༔ ནངས་པ་རང་ལ་མ་གསང་སྨྲོས༔ ཨོཾ་བཛྲ་ཏཱིཀྵྞ་པཾ༔ ཞེས་བྱིན། དེ་དག་གིས་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཅས་གྱིས་འགྲུབ་བོ། །དེ་ནས་སྒྲུབ་མཆོད་བྱ་བ་ལ། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མེད་ན་མཎྜལ་ལ་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་ཁྲིའུ་ལ་སྔར་སྟ་གོན་བྱས་པའི་བུམ་པ། དེའི་ཁར་ཐོད་པ་མཚན་ལྡན་ཆང་དང་སྦྱར་བས་བཀང་བ་བཞག་པའི་ཁར་སིནྡྷུ་རའི་མེ་ལོང་ལ་ཧཱུྃ་གི་མཐའ་སྐོར་དུ་རྩ་སྔགས་གཡས་སྐོར་དུ་བྲིས་པས་བཀབ་པའི་ཁར་ཤེལ་རྡོ་བཞག་ལ་དར་དམར་གྱི་གུར་ཕུབ། མདུན་དུ་ལྷ་ཙཀ་ཡོངས་རྫོགས། ཐོད་པ་ཆོས་སྨན་གྱིས་བཀང་བ། རྡོར་དྲིལ། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ། མཚམས་རྣམས་སུ་ཕྱག་མཚན་དྲུག་པོ་དང་དུར་ཁྲོད་ཆས་ཀྱི་ཙཀ་ལི། ཚེ་དབང་འཆི་མེད་རྔ་སྒྲ་སྦྲེལ་ན། རྒྱབ་ངོས་སུ་སྒྲུབ་གཏོར་དང་ཚེ་རིལ་ཆང་། རྗེས་གནང་སྦྲེལ་ན་ཕྲེང་བ་མེ་ལོང་གླེགས་བམ་རྣམས་དང་། ཐུན་མོང་མ་ཡིན་པ་ལ་སྡེ་བརྒྱད་སྲོག་དབང་བྱེད་ན་དེའི་གཏོར་མ་དང་། སྲོག་ཡིག་བརྒྱད་སོ་སོར་བྲིས་པའི་ཙཀ་ལི་ཐོད་ངན་དུ་བཅུག་པ་གཞིའི་འོག་གམ་མདུན་དུ་བཀོད། གང་ལྟར་མདུན་ངོས་སུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། གཞན་ཡང་སྲུང་མའི་གཏོར་འབུལ། ཚོགས་དང་ཆད་བརྟན། སྔོན་གཏོར་སོགས་ཕྲིན་ལས་ལ་དགོས་པ་རྣམས་དང་། ལས་བུམ། མིག་དར་མེ་ཏོག །སྲུང་སྐུད་དམར་པོ་རྩ་སྔགས་ཀྱིས་བཏབ་པ་སོགས་དབང་ལ་དགོས་པ་རྣམས་ཚོགས་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སྔོན་འགྲོ་ནས་བརྩམ་བསྐྱེད་རྫོགས་འབྲིང་པོའི་ཕྲིན་ལས་གཞུང་བསྲངས་ལ་བདག་མདུན་དབྱེར་མེད་དུ་སྒྲུབ། ཛཔ྄་ཀྱི་གོང་དུ་ཛཔ྄་ཁང་ཕྱེས་ཏེ་སོ་སོར་འཕྲོ་འདུའི་དམིགས་གནད་སྦྱར་བའི་རྩ་བསྙེན་ཅི་འགྲུབ་དང་ལས་སྔགས་ཁྱུགས་ཙམ་སྦྱར། བུམ་བཟླས་སྟ་གོན་སྐབས་ལྟར་བྱས་ལ་སྟོང་ཚིགས་ཕུལ་ཞིང་བུམ་ལྷ་འོད་ཞུ་བྱ། ཚེ་དབང་བྱེད་ན་བླ་མ་དྲག་པོའི་ཚེ་སྒྲུབ་སྦྱར་ལ་བདག་མདུན་ལ་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བཅས་ཛཔ྄་བཟླ། རྒྱས་པར་སྤྲོ་ན་བླ་མ་ལོངས་སྐུ་སྦྱར་བ་དང་ཚེ་འགུགས་བཏང་ནའང་འབྲེལ་རུང་མདོར་བསྡུ་བའི་ཚེ་མི་དགོས། དེ་ནས་སྲུང་མའི་གཏོར་འབུལ་རྒྱས་པ་ལྕོགས་དཀའ་བས་འདོན་ཆ་ཉུང་བསྡུས་བཏང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་སོང་ནས། དབང་ཆོག་ཡེ་ཤེས་བཅུད་བསྡུས་ལྟར་རམ། མི་ལྕོགས་ན། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ལ་གསུམ། འཇུག་པ། དངོས་གཞི། འཕྲོས་དོན་ནོ། །དང་པོ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བཀའ་བསྒོ་བགེགས་བསྐྲད་མཚམས་གཅོད་སྲུང་འཁོར་སྒོམ་པ་རྣམས་བྱས་ལ། སེམས་བསྐྱེད་གསལ་བཏབ་ནས། སྤྲོ་ཞིང་ནུས་ན་དབང་གི་རྣམ་གཞག་བཤད། བསྡུ་ན། བླ་མ་དྲག་པོ་ཡེ་ཤེས་རབ་འབར་གྱི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་རྩ་བའི་དབང་བསྐུར་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བཅས་འབྲུ་གསུམ་གྱིས་གདོང་གཡོགས། ཨཱ་ཁཾ་བཱི་ར་ཧཱུྃ་གིས་ཅོད་པན་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་དད་མོས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ༔ བླ་མ་དྲག་པོ་ཆེ་བའི་མཆོག༔ དཀྱིལ་འཁོར་མངའ་བདག་དགོངས་སུ་གསོལ༔ བདག་ནི་དྲག་པོའི་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བའི་དབང་མཆོག་སྩོལ༔ ལན་གསུམ། སློབ་དཔོན་གྱིས་ལན་སྦྱིན་པ། ལེགས་སོ་བུ་ཁྱོད་སྐལ་པ་བཟང༔ ཆེ་བཙན་འགྲན་ཟླ་དང་བྲལ་བའི༔ དྲེགས་པའི་སྲོག་བདག་དྲག་པོ་སྟེ༔ འདི་ཉིད་ཀློང་དུ་མ་གྲུབ་ན༔ དྲེགས་པས་རང་གི་སྲོག་ལ་རྒོལ༔ ཚུལ་བཞིན་བསྒྲུབ་པར་ནུས་ལ་སྦྱིན༔ ཚུལ་མིན་གང་ཡིན་ཕྱིར་དེངས་འཚལ༔ ཞེས་གནང་བ་བསྩལ་ཅིང་སྤྲོ་བ་དྲིས་པའི་ལན་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་བླ་མ་དགོངས་སུ་གསོལ༔ བདག་ནི་དམ་ཚིག་གཙོར་འཛིན་ཞིང༔ ལས་དང་སྐལ་པ་སྣོད་དང་ལྡན༔ སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ དངོས་སྟ་ཕྲལ་ཞིང་ཞག་གིས་ཆོད་པའི་སྐབས་སོགས་བར་འདིར་སྐྱབས་སེམས་སྡོམ་བཟུང་རྣམས་སྟ་གོན་སྐབས་ལྟར་བྱ། དངོས་སྟ་སྦྲེལ་སྐབས་མི་དགོས། དེ་ནས་གསང་བའི་དཀྱིལ་འཁོར་གཉན་པོར་འཇུག་ཅིང་། ཡེ་ཤེས་རྒྱུད་ལ་སྐྱེད་ནུས་པའི་རྩ་བ་དམ་ཚིག་ལ་ཚུལ་བཞིན་གནས་དགོས་པས་རྡོ་རྗེའི་ཆུ་ནན་སྦྱིན་པ་དང་། དམ་ཚིག་རྡོ་རྗེའི་རྒྱས་གདབ་པ་དང་། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མེད་དུ་གཟུང་བར་བསྒོ་བ་རྣམས་རིམ་པར་འབྱུང་བ་ལགས་པས་ངེས་འཚལ། ནང་མཆོད་ལས་བུམ་གྱི་ཆུ་བསྲེས་པ་སྦྱིན་ལ། ཧཱུྃ་ཧྲཱི༔ པདྨ་དྲག་པོའི་དམ་ཆུ་འདི༔ བསྲུང་ན་ཐར་པར་སྐྱེལ་བའི་ཆུ༔ ཉམས་ན་དམྱལ་བར་འཕེན་པའི་ཆུ༔ སྙིང་ལ་བཞག་གིས་དམ་དུ་ཟུངས༔ ས་མ་ཡ་ན་ར་ཀན་ཋ་ཋ༔ རྡོ་རྗེ་སྙིང་གར་བཞག་ལ། འདི་ནི་སྔགས་ཀྱི་དམ་ཚིག་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྙིང་གི་དཀྱིལ་དུ་རྒྱས་གདབ་ཅིང༔ དམ་ཚིག་བསྲུང་ན་རྫོགས་པའི་སངས་རྒྱས་ཐོབ༔ མ་བསྲུངས་ཉམས་ན་དམྱལ་བའི་གཏིང་རྡོ་སྟེ༔ དེ་ཕྱིར་འདི་ལ་གཅེས་པར་བསྐྱང་བར་གཅེས༔ རྡོ་རྗེ་མགོར་བཞག་ལ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ བདག་གི་ལུས་ངག་ཡིད་གསུམ་ལ༔ རྒྱལ་བའི་སྐུ་གསུང་ཐུགས་སུ་ཟུངས༔ དེ་ནས་སྲུང་སྐུད་འདོགས་ལ། ཧཱུྃ་ཧྲཱི༔ དྲག་པོའི་དཀྱིལ་འཁོར་ལ་སྨིན་ལ༔ བར་ཆད་བགེགས་རྣམས་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པར་བཅས༔ ཡེ་ཤེས་ལྔ་ཡི་རྒྱས་གདབ་བོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་རཀྵ་རཀྵ༔ ད་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཆོས་ཐམས་ཅད་འོད་གསལ་ཀ་དག་ཆེན་པོའི་ངང་ནས། སྣོད་རྣམ་པར་དག་པ་བདེ་ཆེན་དབང་དྲག་རོལ་པའི་གཞལ་མེད་ཁང་གི་དབུས་སུ་པད་ཉི་དྲེགས་པ་བསྣོལ་བའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པ་ཧཱུྃ་ཡིག་དམར་པོ་ལས་སྐད་ཅིག་གིས་པདྨ་དྲག་པོ་ཡེ་ཤེས་རབ་འབར་སྐུ་མདོག་དམར་པོ། ཞལ་གསུམ་གཡས་དཀར་གཡོན་ལྗང་བ། ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཐོ་ལུམ་མེ་ཕུང་གཡོན་གསུམ་ཐོད་ཁྲག་ལྕགས་སྡིག་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་གར་དགུའི་ཉམས་ཀྱིས་བརྗིད་པ། ཞབས་བཞི་འདོར་ཐབས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་ཞིང་རང་འོད་ཀྱི་ཡུམ་དང་འཁྲིལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེ་འབྲུ་གསུམ་གྱིས་མཚན་པར་གསལ་ཐོབ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་དབྱིངས་ན་བཞུགས་པའི་བྱིན་རླབས་དབབ་པའི་སླད་དུ། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དུར་ཁྲོད་གསང་བ་མཆོག་གི་ཞིང་རབ་འབྱམས་དང་། རྔ་ཡབ་པདྨ་འོད་ལངྐ་དཔལ་གྱི་ཕོ་བྲང་ན་བཞུགས་པའི་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་པ་རྣམས་དང་། ཁྱད་པར་པདྨ་དྲག་པོ་རྩལ་གྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་སྐད་ཅིག་གིས་དྲག་པོ་ཡེ་ཤེས་རབ་ཏུ་འབར་བའི་དཀྱིལ་འཁོར་གྱི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཞུགས་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་རོལ་བཅས་ལས་བྱང་གི་སྤྱན་འདྲེན་དང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད། དེ་ལྟར་དབབ་པའི་ཡེ་ཤེས་པ་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག །སྔར་བྱིན་པའི་རིན་པོ་ཆེའི་ཅོད་པན་སྔོན་ནས་འབྲེལ་བའི་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་འདུན་དང་ཚིག་འདིའི་རྗེས་ཟློས་བཅས་འདོར་བར་ཞུ། ཧཱུྃ༔ རང་བྱུང་དབྱིངས་ནས་གྲུབ་པའི་ལྷ༔ ཆེ་མཆོག་པདྨ་དྲག་པོ་ལ༔ འབྲེལ་བའི་རིག་པའི་མེ་ཏོག་འབུལ༔ ཕྲིན་ལས་ལྷུན་གྲུབ་བསྩལ་དུ་གསོལ༔ བཛྲ་ཙིཏྟ་པུཥྤེ་ཧཱུྃ༔ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་གཞུག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཀྱེ་ཧོ༔ མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ ལིང་ཐོག་དེ་རིང་ངས་འབྱེད་ཀྱིས༔ ཡེ་ཤེས་སྤྱན་དུ་གསལ་གྱུར་ནས༔ ལྷ་དང་རྒྱུད་དོན་མཐོང་བར་ཤོག༔ ཅེས་མིག་དར་བསལ། དག་པ་ཡེ་ཤེས་ཀྱི་མིག་ཐོབ་པས་པདྨ་དྲག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །ཨེ་མ་ཧོ༔ ལྟོས་ཤིག་དཀྱིལ་འཁོར་འདི་ལ་ལྟོས༔ ས་ལམ་རྫོགས་པའི་བཀོད་པ་ལ༔ ཡེ་ཤེས་རྣམ་ལྔའི་བཀྲག་མདངས་འཚེར༔ རྣམ་ཐར་སྒོ་དང་ཐེག་པའི་ཏོག༔ སྟོབས་བཅུ་ལྷུན་རྫོགས་གཞལ་ཡས་ལ༔ ལོག་སྲེད་མ་ལུས་གནོན་པའི་ཁྲིར༔ རྩལ་རྫོགས་ཐབས་ཤེས་གདན་སྟེང་དུ༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་གསུམ་ཡོངས་རྫོགས་ཞལ་གསུམ་ལ༔ རིགས་དྲུག་འདུལ་ཕྱིར་ཕྱག་དྲུག་གིས༔ སོ་སོར་རིགས་ཀྱི་ཕྱག་མཚན་འཛིན༔ ཞབས་བཞིས་བདུད་བཞི་རྒྱལ་བསེན་བརྫིས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་འདྲེས་འཇའ་ཚོན་ཅི་ལྟ་བ༔ ཨེ་མ་ཡ་མཚན་ཡི་དམ་ལྷ༔ ཨེ་མ་ལས་ལྡན་སྐལ་པ་བཟང༔ ཨེ་མ་འདྲེན་པའི་བཀའ་དྲིན་ཅན༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་མཆེད༔ བྱང་ཆུབ་བར་དུ་ཐར་པའི་གྲོགས༔ ནམ་ཡང་འབྲལ་བར་མ་གྱུར་ཅིག༔ ཅེས་མེ་ཏོག་འཐོར། ཁྱེད་རང་རྣམས་ཀྱི་གསང་བའི་མཚན་རྡོ་རྗེ་འདུས་པ་རྩལ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞི་དབང་བསྐུར་བ་ལ་ཐུན་མོང་རིག་པའི་དབང་ལྔ། ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་། མཐའ་རྟེན་གྱི་རིམ་པ་རྣམས་སུ་ཡོད་པ་ལས་ཐོག་མར་ཐུན་མོང་རིག་པའི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རིགས་ཀུན་འདུས་པའི་སློབ་དཔོན་དགོངས༔ ཁྱེད་ཞབས་པདྨོའི་བཀའ་དྲིན་གྱིས༔ བདག་ལ་ཐུགས་རྗེས་ཉེར་དགོངས་ལ༔ རིགས་ལྔའི་ཐུན་མོང་དབང་མཆོག་སྩོལ༔ གསུམ། སློབ་མ་རྣམས་དང་དབང་རྫས་བུམ་ཆུ་མི་བསྐྱོད་པ་ཡབ་ཡུམ་རྡོ་རྗེ་དྲིལ་བུ་འཛིན་པའི་སྐུར་གྱུར། ཧཱུྃ་ཧཱུྃ་ཧཱུྃ༔ དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་རྣམ་རྒྱལ་བུམ་པའི་ཆུར་གྱུར། བུམ་པ་སྤྱི་བོར་བཞག་ལ། ཧྲཱི༔ སངས་རྒྱས་ཀུན་གྱི་བུམ་པའི་དབང༔ ཞེ་སྡང་རྟོག་པ་རྣམ་པར་འཇོམས༔ མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས༔ དཀྱིལ་འཁོར་ཡོངས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀ་ལཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏེ་སཏྭཾ༔ ཨ་ཧཾ༔ ཞེས་བུམ་ཆུ་འཐོར་འཐུང་བྱ། སློབ་མ་རྣམས་དང་དབང་རྫས་དབུ་རྒྱན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པའི་སྐུར་གྱུར། སྭཱ་སྭཱ་སྭཱ༔ དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་རིན་པོ་ཆེའི་དབུ་རྒྱན་དུ་གྱུར། ཧྲཱི༔ སངས་རྒྱས་ཀུན་གྱི་དབུ་རྒྱན་དབང༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས༔ དཀྱིལ་འཁོར་ཡོངས་ཀྱི་དབང་ཐོབ་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨོཾ་བཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏེ་སཏྭཾ༔ ཨ་ཧོ༔ བཛྲ་ཏུཥྱ་ཧོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སློབ་མ་རྣམས་དང་དབང་རྫས་རྡོ་རྗེ་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། ཧྲཱིཿཧྲཱིཿཧྲཱི༔ དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་རྡོ་རྗེ་རྩེ་ལྔ་པར་གྱུར། ཧྲཱི༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ སོར་རྟོག་ཡེ་ཤེས་པདྨའི་རིགས༔ དཀྱིལ་འཁོར་ཡོངས་ཀྱི་དབང་ཐོབ་ཤོག༔ ཨོཾ་པདྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ སློབ་མ་རྣམས་དང་དབང་རྫས་དྲིལ་བུ་དོན་གྲུབ་ཡབ་ཡུམ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། ཧཱ་ཧཱ་ཧཱ༔ དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་སྒྲ་དང་ལྡན་པའི་དྲིལ་བུར་གྱུར། ཧྲཱི༔ སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས༔ དཀྱིལ་འཁོར་ཡོངས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཀརྨ་གྷཱཎྜེ་ཨ་བྷི་ཥིཉྩ་ཨཱ༔ ཨ་མོ་གྷ་སིདྡྷི་ཨཱ༔ སློབ་མ་རྣམས་དང་དབང་རྫས་རྡོར་དྲིལ་རྣམ་སྣང་ཡབ་ཡུམ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། ཨོཾ་ཨོཾ་ཨོཾ༔ དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་རྡོ་རྗེ་དང་དྲིལ་བུར་གྱུར། ཧྲཱི༔ སངས་རྒྱས་ཀུན་གྱི་མིང་གི་དབང༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཆོས་དབྱིངས་ཡེ་ཤེས་བདེ་གཤེགས་རིགས༔ དཀྱིལ་འཁོར་ཡོངས་ཀྱི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ནཱམ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་རྫས་སོ་སོས་དབང་བསྐུར་ལ་དག་པ་བརྗོད་པ་ནི། འོ་སྐལ་ལྡན་རྗེས་སུ་འཇུག་པའི་སློབ་མ་རྣམས་ལ༔ མི་བསྐྱོད་པ་ཆུའི་དབང་གིས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་བདེ་སྟོང་ཡེ་ཤེས་ཀྱི་དབང་ཐོབ༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་གིས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་མི་ཟད་གཏེར་གྱི་དབང་ཐོབ༔ འོད་དཔག་མེད་རྡོ་རྗེའི་དབང་གིས་རྒྱལ་བ་ཐམས་ཅད་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་དབང་ཐོབ༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་གིས་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་འགྲོ་བ་འདུལ་བའི་དབང་ཐོབ༔ རྣམ་པར་སྣང་མཛད་མིང་གི་དབང་གིས་རྒྱལ་བ་ཐམས་ཅད་ཀྱི་ལས་བཞི་ལྷུན་གྱིས་གྲུབ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁའ་མཉམ་གདུལ་བྱ་འདྲེན་པའི་དབང་ཐོབ་པ་ཡིན་ནོ༔ ཧྲཱི༔ ཕུང་པོ་ལྔ་ནི་རིགས་ལྔའི་སྐུ༔ ཁམས་ལྔ་ཡུམ་ལྔའི་རང་བཞིན་ཏེ༔ བུདྡྷ་རྡོ་རྗེ་རིན་ཆེན་དང༔ པདྨ་ཀརྨ་ཐོད་ཕྲེང་རྩལ༔ དབང་དྲག་རིགས་ལྔའི་དབང་ཐོབ་ནས༔ ཕྲིན་ལས་ལྷུན་གྱིས་གྲུབ་པ་འོ༔ གཉིས་པ་ཁྱད་པར་གྱི་དབང་ལྔ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་དང༔ དབྱེར་མེད་བླ་མ་དགོངས་སུ་གསོལ༔ བདག་ཅག་རྡོ་རྗེ་སློབ་མ་ལ༔ ཡི་དམ་དྲག་པོ་ཧེ་རུ་ཀའི༔ དབང་བཞིའི་བཀའ་དྲིན་གནང་བ་སྩོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ གསུམ། ལན་སྦྱིན་པ། ཧོ༔ ཁྱོད་རང་ཡི་དམ་དྲག་པོའི་སྐུ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་སྒོམས༔ རིམ་བཞིན་དབང་བཞིའི་ཏིང་ངེ་འཛིན༔ མ་ཡེངས་དྲན་གསལ་བརྟན་པོས་ལོངས༔ ལམ་འདིར་ཏིང་ངེ་འཛིན་གྱིས་འགྲོ༔ བཅུད་དང་ལྡན་པས་ཁྲིད་པ་ལས༔ གཞན་དུ་ཚོལ་བའི་འདུ་ཤེས་སྤོངས༔ ཞེས་གདམས། དེ་ནས་རྩ་བའི་དབང་ལྔ་རིམ་པར་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། སྣང་སྟོང་དབྱེར་མེད་ཡེ་ཤེས་ལྷའི་དཀྱིལ་འཁོར་མཚོན་པ་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་པས་ལུས་ལ་བུམ་པའི་དབང་བསྐུར་རྫོགས་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ་ཧྲཱི༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷའི༔ བཅུད་འདུས་བུམ་པའི་བདུད་རྩི་འདིས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕུང་པོ་ལྷ་རུ་སྨིན་པར་ཤོག༔ ཨོཾ་ཨཱཿཧཱུྂ༔ ཨརྩིག་ནིརྩིག་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གྲགས་སྟོང་དབྱེར་མེད་མཚོན་པ་མེ་ལོང་སྔགས་བྱང་མགྲིན་པར་བཞག་ཅིང་། བདེ་སྟོང་ཟུང་འཇུག་མཚོན་པ་ཐོད་པའི་བདུད་རྩི་མྱང་བ་ལ་བརྟེན་ནས་ངག་ལ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རྫོགས་པར་མོས་ཤིག །མེ་ལོང་མགྲིན་པར་བཞག །བདུད་རྩི་སྦྱིན་ལ། ཧཱུྃ་ཧྲཱི༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷའི༔ སྔགས་ཀྱི་ཕྲེང་དང་བདུད་རྩིའི་བཅུད༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ ངག་དབང་སྔགས་ཀྱིས་གྲོལ་བར་ཤོག༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གསང་བ་དང་ཤེར་དབང་ཐོབ། ངག་གི་སྒྲིབ་པ་དག །རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རིག་སྟོང་དབྱེར་མེད་མཚོན་པ་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ལ་བརྟེན་ནས་སེམས་ལ་ཀ་དག་དང་ལྷུན་གྲུབ་ཀྱི་དབང་བསྐུར་རྫོགས་པར་མོས་ཤིག །ཤེལ་རྡོ་བསྟན་ཅིང་སྙིང་གར་བཞག་ལ། ཧཱུྃ་ཧྲཱི༔ ཕྱི་གསལ་ནང་གསལ་ཟང་ཐལ་ཤེལ༔ འཆར་གཞི་མ་འགགས་སྣ་ཚོགས་རྒྱན༔ རང་གྲོལ་ཐུགས་སུ་དབང་བསྐུར་བས༔ བརྡ་ཡིས་ཆོས་ཉིད་རང་གྲོལ་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་རིག་པ་རྩལ་གྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གྲོལ་བ་བཞི་ལྡན་མཚོན་པ་བདུད་རྩི་སྨན་གྱི་ཐོད་པས་དབང་བསྐུར་བས་སྤང་རྟོགས་མཐར་ཕྱིན་ཡོན་ཏན་གྱི་དབང་བསྐུར་རྫོགས་པར་མོས་ཤིག །སྨན་ཐོད་གཏད་ཅིང་མྱང་དུ་གཞུག་ལ། ཧཱུྃ་ཧྲཱི༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷ༔ ཡོན་ཏན་མི་འཛད་གཏེར་ལ་མངའ༔ མྱོང་ཚད་སྨིན་པའི་དབང་བསྐུར་བས༔ ཡོན་ཏན་མཐའ་རྒྱས་དབང་ཐོབ་ཤོག༔ རྩ་སྔགས། སརྦ་པཉྩ་ཨ་བྷི་ཥིཉྩ་ཧྲཱི༔ དེས་ཡོན་ཏན་མཐའ་རྒྱས་ཀྱི་དབང་ཐོབ། ལྷན་སྐྱེས་ཀྱི་སྒྲིབ་པ་དག །ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་དབང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཐབས་ཤེས་ཟུང་འཇུག་མཚོན་པ་རྡོ་རྗེ་དང་དྲིལ་བུ་བྱིན་པས་ཕྲིན་ལས་འགྲོ་བ་འདུལ་བའི་དབང་བསྐུར་རྫོགས་པར་མོས་ཤིག །རྡོར་དྲིལ་ལག་ཏུ་གཏད་ལ། ཧཱུྃ་ཧྲཱི༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ བསྟན་དང་འགྲོ་དོན་ལྷུན་གྲུབ་ནོར༔ ཐབས་ཤེས་རྟགས་ཀྱི་དབང་བསྐུར་བས༔ ཕྲིན་ལས་ཕྱོགས་བཅུར་ཁྱབ་གྱུར་ཅིག༔ རྩ་སྔགས། སརྦ་དྷརྨཱ་དྷཱ་ཏུ་ཀརྨ་ཨ་བྷི་ཥིཉྩ་ཧྲཱི༔ དེས་འགྲོ་འདུལ་ཕྲིན་ལས་ཀྱི་དབང་ཐོབ། འཕོ་བའི་སྒྲིབ་པ་དག །ཐབས་དང་ཤེས་རབ་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ་དབང་། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་དག་རྣམས་ཀྱིས་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་སྐལ་པ་མཉམ་པར་གྱུར་པ་ལ་དབང་རྟགས་སུ་འབར་བའི་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་པར་མོས་ཤིག །ཕྱག་མཚན་གཡས་གཡོན་གསུམ་གསུམ་རིམ་པར་གཏད་ལ། ཧཱུྃ་ཧྲཱི༔ ད་ནི་སློབ་མའི་ལུས་ངག་ཡིད༔ དྲག་པོའི་སྐུ་གསུང་ཐུགས་སུ་སྨིན༔ སློབ་མ་ལྷ་དང་སྐལ་པ་མཉམ༔ རྩལ་རྫོགས་རྟགས་དབང་རྫོགས་པར་བྱེད༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་ཡིས༔ འགྱུར་མེད་རྟོགས་པ་རྫོགས་པའི་དབང༔ གནམ་ལྕགས་ཐོ་ལུམ་འབར་བ་ཡིས༔ བདག་འཛིན་ལོག་རྟོག་བཅོམ་པའི་དབང༔ བསྐལ་པའི་མེ་དཔུང་འབར་བ་ཡིས༔ མ་རིག་ཉེས་ཚོགས་སྲེག་པའི་དབང༔ སྐལ་ལྡན་རྒྱུད་ལ་ཡོངས་རྫོགས་ཤོག༔ བྷནྡྷ་དམར་གྱིས་བཀང་བ་ཡིས༔ ཉམས་པའི་སྙིང་ཁྲག་འཐུང་བའི་དབང༔ གནམ་ལྕགས་སྡིག་པ་མགོ་དགུ་ཡིས༔ རྒྱལ་འགོང་དམ་སྲི་འདུལ་བའི་དབང༔ གནམ་ལྕགས་འབར་བའི་ཕུར་པ་འདིས༔ ཉེས་ཚོགས་དྲུང་ནས་འབྱིན་པའི་དབང༔ སྐལ་ལྡན་རྒྱུད་ལ་ཡོངས་རྫོགས་ཤོག༔ དེ་རྣམས་ཀྱིས་དབང་ལྔ་རྗེས་འབྲེལ་དང་བཅས་པ་སོང་ནས། གསུམ་པ་མཐའ་རྟེན་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་སོ་སོའི་བྱིན་རླབས་ནུས་སྟོབས་མ་ལུས་པ་ཐོབ་པར་མོས་ཤིག །གཙོ་འཁོར་གྱི་ཙཀ་ལི་རྣམས་ཀྱིས་རིམ་པར་དབང་བསྐུར་ལ། ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་ཡོན་གཟི་བྱིན་ནུས་པར་བཅས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ ཆེ་མཆོག་དཀྱིལ་འཁོར་གཙོ་དང་དབྱེར་མེད་ཤོག༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ སྐུ་ཡི་བྱིན་རླབས་ཐུགས་རྗེ་ནུས་པའི་མདངས༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས་ནས༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ འཇམ་དཔལ་གཤིན་རྗེའི་ནུས་པ་རྫོགས་པར་ཤོག༔ རྩ་སྔགས། ཡ་མཱནྟ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ གསུང་གི་བྱིན་རླབས་ཐུགས་རྗེ་ནུས་པའི་མདངས༔ དབང་ཆེན་རྟ་མཆོག་རོལ་པའི་སྐུར་བཞེངས་ནས༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ རྟ་མགྲིན་དབང་གི་ནུས་པ་ཡོངས་རྫོགས་ཤོག༔ རྩ་སྔགས། ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ ཐུགས་ཀྱི་བྱིན་རླབས་ཐུགས་རྗེ་ནུས་པའི་མདངས༔ གསང་བདག་ཕྱག་ན་རྡོ་རྗེའི་སྐུར་བཞེངས་ནས༔ སྐལ་ལྡན་བུ་ཡི་ཡིད་ལ་དབང་བསྐུར་བས༔ གསང་བདག་ཐུགས་ཀྱི་ནུས་པ་ཡོངས་རྫོགས་ཤོག༔ རྩ་སྔགས། བཛྲ་པཱ་ཎི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ ཡོན་ཏན་བྱིན་རླབས་ཐུགས་རྗེ་ནུས་པའི་མདངས༔ ཡོན་ཏན་མཁའ་འགྲོ་སྡེ་ལྔའི་སྐུར་བཞེངས་ནས༔ སྐལ་ལྡན་བུ་ཡི་རྒྱུད་ལ་དབང་བསྐུར་བས༔ ཡོན་ཏན་སྡེ་ལྔའི་ནུས་པ་ཡོངས་རྫོགས་ཤོག༔ རྩ་སྔགས། ཧ་རི་ནི་ས་སརྦ་གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ ཕྲིན་ལས་བྱིན་རླབས་ཐུགས་རྗེ་ནུས་པའི་མདངས༔ ཕྲིན་ལས་ཡཀྴ་མེ་དབལ་སྐུར་བཞེངས་ནས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཡཀྴའི་ནུས་པ་ཡོངས་རྫོགས་ཤོག༔ རྩ་སྔགས། བཛྲ་ཧཱུྃ༔ རཀྴ་ཧཱུྃ༔ ཡཀྴ་ཧཱུྃ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ རིག་རྩལ་བྱིན་རླབས་ཐུགས་རྗེ་ནུས་པའི་མདངས༔ རྡོ་རྗེ་ཁྲོ་རྒྱལ་བཅུ་ཡི་སྐུར་བཞེངས་ནས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟོབས་བཅུའི་ནུས་པ་མ་ལུས་ཡོངས་རྫོགས་ཤོག༔ རྩ་སྔགས། ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཧཱུྃ་ཧྲཱི༔ ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་གི༔ མཐུ་སྟོབས་བྱ་ཁྱུང་རྒྱལ་པོའི་སྐུར་བཞེངས་ནས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཟློག་སྒྱུར་ནུས་པ་མ་ལུས་ཡོངས་རྫོགས་ཤོག༔ རྩ་སྔགས། ཁྲོཾ་གྷ་རུ་ཌ་ཀཱ་ལ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཁྱེད་རང་རྣམས་ཆེ་མཆོག་པདྨ་དྲག་པོ་གཙོ་འཁོར་རྣམས་དང་དབྱེར་མེད་པའི་ཡེ་ཤེས་ལྷའི་ཕྱག་རྒྱར་དངོས་སུ་གྱུར་པ་ལ་དུར་ཁྲོད་ཆས་རྒྱན་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །གླང་ཆེན་ཀོ་རློན་གཏད་ལ། ཧཱུྃ་ཧྲཱི༔ ཐེག་ཆེན་སྟོབས་བཅུ་རྫོགས་མཛད་པའི༔ གླང་ཆེན་གོས་ཀྱིས་དབང་བསྐུར་བས༔ བདུད་ལས་རྒྱལ་བའི་དབང་མཆོག་འདི༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཧསྟི་ཏི་ར་མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ སྟག་ཤམ་གཏད་ལ། ཧཱུྃ་ཧྲཱི༔ བདག་འཛིན་རུ་ཏྲ་བསྒྲལ་བ་ཡི༔ དཔའ་བོ་སྟག་ཤམ་འདི་གཏད་པས༔ ཆོས་དབྱིངས་རོལ་པ་ཆེན་པོ་ལས༔ དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱ་ལ་སཏྲི་ཀྲོ་ཏ་ཨ་བྷི་ཥིཉྩ་མཱཾ༔ རྒྱན་དྲུག་གཏད་ལ། ཧཱུྃ་ཧྲཱི༔ རིགས་དྲུག་གང་འདུལ་བསྒྲལ་བའི་རྟགས༔ ཕ་རོལ་ཕྱིན་དྲུག་རྟགས་ཀྱི་རྒྱ༔ མ་འདྲེས་ཡོངས་རྫོགས་ཆེན་པོའི་དབང༔ གང་འདུལ་འཁོར་བ་དགྲོལ་བར་ཤོག༔ ཨོཾ་བཛྲ་དྷརྨ་མུ་དྲ་སརྦ་ཨ་བྷི་ཥིཉྩ་མཱཾ༔ མགོ་ཕྲེང་གཏད་ལ། ཧཱུྃ་ཧྲཱི༔ འཁོར་འདས་སྐྱེ་ཤི་ཚར་གཅོད་ཅིང༔ འདུ་བྱེད་ལྔ་བཅུ་ཡོངས་གྲོལ་བའི༔ ཐོད་ཕྲེང་སྦྲུལ་ཆུན་འདི་གཏད་པས༔ འཁོར་བ་སྒྲོལ་བའི་དབང་རྫོགས་ཤོག༔ ཨོཾ་བཛྲ་དྷརྨ་མུ་ཏྲ་སརྦ་ཨ་བྷི་ཥིཉྩ་མཱཾ༔ དེ་རྣམས་ཀྱིས་ལུས་ལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་རྫོགས་པས་དེང་ཕྱིན་ཆད་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་གསལ་སྟོང་ཆུ་ཟླ་ལྟ་བུར་སྒོམ་པའི་རིམ་པ་ལ་བརྩོན་པར་གྱིས་ཤིག །ཧྲཱི༔ ཕུང་ལྔ་རིགས་ལྔའི་ཧེ་རུ་ཀས༔ གང་འདུལ་འགྲོ་དོན་བྱེད་པ་ལ༔ ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ ལྷ་བསྒོམ་སྔགས་བཟླས་ཏིང་འཛིན་ལ༔ མ་གྲུབ་བར་དུ་མ་གཡེལ་ཟུངས༔ བླ་མ་དང་དཀྱིལ་འཁོར་གཙོ་མཆོག་དབྱེར་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་དམར་ཤར་གྱིས་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་དམར་པོའི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་མཱ་ར་ཡ་ཕཊ༔ ལན་གསུམ། དེས་ངག་ལ་རྡོ་རྗེ་སྔགས་ཀྱི་དབང་བསྐུར་རྫོགས་པས་དེང་ཕྱིན་ཆད་གྲགས་པ་ཐམས་ཅད་གསང་སྔགས་ཀྱི་རང་སྒྲར་ཤེས་པས་བཟླས་པའི་རིམ་པ་ཆུ་བོའི་རྒྱུན་ལྟ་བུ་དང་མ་བྲལ་བར་གྱིས་ཤིག །ཧཱུྃ༔ ལུས་ལྷ་ངག་སྔགས་ཡིད་ཏིང་འཛིན༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་སྐུ༔ ཆོས་དབྱིངས་མི་ཤིགས་ཐིག་ལེའི་ཀློང༔ གཞོམ་གཞིག་མེད་པའི་སྐུ་ཐོབ་ཤོག༔ དེས་སེམས་ལ་ཏིང་ངེ་འཛིན་སྒོམ་པའི་དབང་བསྐུར་རྫོགས་པས་དེང་ཕྱིན་ཆད་དྲན་རྟོག་ཐམས་ཅད་ཡེ་གྲོལ་ཆོས་སྐུའི་རང་བབ་ཏུ་ཤེས་པས་གཤིས་ལུགས་སུ་ལ་ཟློ་བའི་དགོངས་པ་བསྐྱང་བར་གྱིས་ཤིག །ཡེ་དྷརྨ་སོགས་བརྗོད་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས། ཤིས་བརྗོད་བྱ། བརྒྱུད་འཛིན་བསྙེན་སྒྲུབ་བྱེད་མཁན་ལ་དྲེགས་པའི་སྲོག་དབང་བསྐུར་ན་ཟུར་གསལ་གཏེར་གཞུང་སྲོག་དབང་དང་དྲེགས་པའི་གསོལ་མཆོད་སྦྲེལ་ལ་སྐབས་འདིར་བསྐུར། བཀའ་རྫོགས་དོན་གཉེར་ཅན་ལ་རྗེས་གནང་སྦྲེལ་ནའང་སྐབས་འདིར་བླང་ངོ་། །གང་ལྟར་རྩ་བའི་དབང་ཆེན་ནི་གོང་གསལ་དེས་རྫོགས་པ་ཡིན་ལ། འཕྲོས་དོན་ཚེ་དབང་འདིར་སྦྲེལ་ན། དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་ཡོངས་རྫོགས་གྲུབ་ནས་རྗེས་འབྲེལ་བཀྲ་ཤིས་ཚེའི་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་ཆེ་བའི་མཆོག༔ རིག་འཛིན་ཚེ་ཡི་དབང་ཕྱུག་དགོངས༔ དུས་མིན་འཆི་བའི་གེགས་སེལ་ནས༔ ཚེ་ཡི་རིག་འཛིན་དངོས་གྲུབ་སྩོལ༔ གསུམ། ཧོ༔ དད་ལྡན་དགེ་བའི་ངང་ཚུལ་ཅན༔ འགྲོ་ལ་བྱམས་དང་ཕན་སེམས་ལྡན༔ དགེ་བའི་ས་བོན་ལྡན་ལ་སྦྱིན༔ ཚུལ་མིན་ཡིན་ན་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ དེའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་དཀར་པོའི་ཆོས་ལ་ཞུགས༔ གཞན་ལ་ཕན་པའི་སེམས་མཆོག་བསྐྱེད༔ དུས་མིན་འཆི་བ་བཟློག་པ་དང༔ ཚེ་ཡི་དབང་མཆོག་བསྩལ་དུ་གསོལ༔ ཚེ་དབང་སྒེར་དུ་བྱེད་སྐབས་འདིར་སྐྱབས་སེམས་གོང་གསལ་དང་རྒྱུན་བཤགས་ཡན་ལག་བརྒྱད་པ་ཙམ་བྱ་དགོས། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དྲག་པོ་རྒྱན་ཆ་ལུགས་ཕྱག་མཚན་ཡོངས་སུ་རྫོགས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་དང་བཅས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་གང་བ་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ལུས་ངག་ཡིད་གསུམ་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །སྙིང་པོ་ལ་དབབ་སྔགས་བཏགས་པས་བྱིན་ཕབ་ལ། །ཏིཥྛ་བཛྲས་བརྟན་པར་བྱ། བླ་མ་དཀྱིལ་འཁོར་པ་ལས་ཡེ་ཤེས་ཀྱི་ལྷ་སྐུ་གཉིས་པ་འཕྲོས་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དང་དབྱེར་མེད་དུ་གྱུར་ཏེ་བདུད་བཞིའི་གཡུལ་ལས་རྒྱལ་བར་མོས་ཤིག །ལྷ་ཙཀ་ཚང་མའམ་གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ༔ དྲག་པོའི་ལྷ་དབང་ལུས་ལ་བསྐུར༔ འཇིགས་པ་བརྒྱད་སོགས་དུས་མིན་བགེགས༔ ཚེ་ལ་བར་ཆད་མི་འབྱུང་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ བུམ་པ་རང་བྱུང་དཀྱིལ་འཁོར་གྱི་ལྷ་ལས་འཆི་མེད་བདུད་རྩིའི་རྒྱུན་སྤྱི་བོར་བབས་ལུས་ཀྱི་ནང་ཁེངས་པས་འགྱུར་མེད་རྡོ་རྗེ་སྐུའི་ཚེ་དབང་ཐོབ་པར་མོས། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ སྐྱེ་མེད་བུམ་པའི་ཀློང་ཡངས་ནས༔ ཆོས་ཉིད་འདུས་མ་བྱས་པའི་ལྷ༔ ཚེ་མཆོག་འཆི་མེད་བདུད་རྩི་འདིས༔ ཚེ་ཡི་རིག་འཛིན་མཆོག་ཐོབ་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུ་ཛྙཱ་ན་གཡུ་ཚེ་བྷྲཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷའི་གཞལ་ཡས་ཁང་དུ་ལྷ་ཚོགས་ཡབ་ཡུམ་བདེ་སྦྱོར་མཛད་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱང་བས་རྩ་རླུང་བྱིན་གྱིས་བརླབས་ཏེ་འགག་མེད་རྡོ་རྗེ་གསུང་གི་ཚེ་དབང་ཐོབ་པར་མོས། བྷནྡྷ་མགྲིན་པར་བཞག་ལ། ཧཱུྃ་ཧྲཱི༔ བྷནྡྷ་དྲག་པོའི་གཞལ་ཡས་ཁང༔ ལྷ་ཚོགས་བྱང་ཆུབ་སེམས་ཀྱི་རྒྱུན༔ མྱང་བས་འཆི་མེད་རིག་འཛིན་གྱི༔ དངོས་གྲུབ་བདུད་རྩིའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསལ་སྟོང་ཟང་ཐལ་དྭངས་པའི་ཤེལ་དང་མི་འགྱུར་བ་རྡོ་རྗེས་མཚོན་ཏེ་ཆོས་ཉིད་སྐྱེ་འཆི་མེད་པ་གནས་ལུགས་དོན་གྱི་རང་ངོ་བསྐྱངས་པས་འཁྲུལ་མེད་རྡོ་རྗེ་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས། ཤེལ་དང་རྡོ་རྗེ་སྙིང་ཁར་བཞག་ལ། ཧཱུྃ་ཧྲཱི༔ སེམས་ཉིད་གསལ་ལ་འགག་པ་མེད༔ སྣང་སྟོང་ཟུང་འཇུག་སྐྱེ་འཆི་བྲལ༔ མི་ཤིགས་རྡོ་རྗེ་དྲག་པོའི་རྒྱ༔ སྐྱེ་འཆི་བྲལ་བའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་གཏོར་མའི་ལྷ་ལས་བྱིན་རླབས་བདུད་རྩི་འོད་ཟེར་གྱི་རྣམ་པ་གནས་ལྔར་ཞུགས་པས་ལྷུན་གྲུབ་ཡོན་ཏན་གྱི་ཚེ་དབང་ཐོབ་པར་མོས། སྒྲུབ་གཏོར་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ དམ་ཚིག་དྲག་པོ་སྲུང་བའི་གུར༔ ཡེ་ཤེས་འཆི་མེད་བཅུད་དུ་དབབ༔ དབང་དྲག་ཚེ་དཔག་མེད་མགོན་གྱི༔ ཡོན་ཏན་ལྷུན་རྫོགས་དབང་ཐོབ་ཤོག༔ ཨོཾ་ཨཱ་ཧཱུྃ་ཨརྩིག་སོགས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ གུ་ཎ་ཨཱ་ཡུརྫྙཱ་ན་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ སྲིད་ཞིའི་དྭངས་བཅུད་བསྡུས་པའི་ཐབས་ཤེས་ཀྱི་རྫས་མཆོག་མྱང་བས་འབྱུང་ལྔའི་དྭངས་མ་སྟོབས་སུ་གྱུར་ཏེ་གཞོམ་བྲལ་རྡོ་རྗེའི་ལུས་ཀྱིས་མཁའ་ཁྱབ་ཀྱི་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་ཚེ་དབང་ཐོབ་པར་མོས། ཚེ་རིལ་ཆང་བཅས་པ་སྦྱིན་ལ། ཧཱུྃ་ཧྲཱི༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་སྐུ་པད་འབྱུང་སྔོན་བྱུང་དྲང་སྲོང་གི༔ ཚེ་རིལ་བདུད་རྩི་ཟག་མེད་རྫས་མཆོག་གིས༔ རེག་ཚད་བགེགས་ཞི་མྱང་ཚད་རིག་འཛིན་སར༔ སྐད་ཅིག་བགྲོད་པའི་ཕྲིན་ལས་རྫས་མཆོག་གིས༔ མཁའ་ཁྱབ་སེམས་ཅན་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས། སརྦ་ཀརྨ་ཨཱ་ཡུརྫྙཱ་ན་ཏིཥྛ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ དེ་ནས་སྤྲོ་ན་བཀྲ་ཤིས་རྫས་རྟགས་དང་རྒྱལ་སྲིད་ཀྱིས་དབང་བསྐུར། ཤིས་བརྗོད་རྒྱས་པར་བྱའོ། དེ་ལྟར་ན་དེ་དག་རྣམས་ཀྱིས་རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་ལས་བྱོན་པ་བླ་མ་དྲག་པོ་ཡེ་ཤེས་རབ་འབར་གྱི་རྩ་བའི་སྨིན་བྱེད། ཚེ་དབང་འཆི་མེད་རྔ་སྒྲ་དང་བཅས་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏང་། གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་ལྟར་བྱས་པས་འགྲུབ་བོ། །གཏེར་ཆེན་ཉིད་དུས་ཁྲིགས་སུ་ཕབ་པ་མེད། །ཕྱིས་སུ་ཀཿཐོག་རྒྱལ་སྲས་ཀུན་མཁྱེན་སོགས། །འདྲ་མིན་ཕྱག་བཞེས་བྱུང་ཡང་རྩ་བའི་དོན། །ཅི་ནུས་བཀོད་འདིར་ནོངས་ན་བཟོད་པར་གསོལ། །མ་རུངས་དམ་འགོང་བདུད་སྡེའི་ཚང་ཚིང་ཀུན། །ཡེ༷་ཤེས༷་ཞུགས་ལྕེས་རྨེགས་མེད་བསྲེགས་ནས་ཀྱང་། སྣང་སྲིད་དག་པའི་འཁོར་ལོར་རབ༷་འབ༷ར་བས། །རྡོ་རྗེ་རྩེ་མོའི་ས་མཐར་ཕྱིན་གྱུར་ཅིག །ཅེས་ཉེར་མཁོའི་དབང་གིས་རང་ཉིད་ལ་འདོད་པ་འཇོ་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གཏེར་ཆེན་འདི་ཉིད་ཀྱིས་ཁྱད་པར་དུ་བྱིན་གྱིས་བརླབས་པའི་གནས་མཆོག་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
མཁྱེན་བརྩེའི་ཡང་གཏེར་བལ་པོའི་ཛཾ་ནག་གཡང་འགུགས་འགྲེས་བྱང་ (Volume 50, Text 34)
མཁྱེན་བརྩེའི་ཡང་གཏེར་བལ་པོའི་ཛཾ་ནག་གཡང་འགུགས་འགྲེས་བྱང་ནི། རྩེ་གཅིག་གུས་པས་སྒྲུབ་ལགས་ན༔ བྱམས་པའི་ཞལ་བཟང་དུས་འདིར་སྟོན༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྣོད་བཅུད་རི་གླིང་འབྱོར་པའི་ཚོགས༔ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན༔ བུམ་བཟང་འདོད་འཇོ་དཔག་བསམ་ཤིང༔ གཏོར་མ་སྐྱེམས་ཕུད་རོ་བཅུད་ལྡན༔ ཟད་མི་ཤེས་པའི་ལོངས་སྤྱོད་ཀྱིས༔ གཡར་དམ་བསྐང་ཞིང་ཉམས་ཆག་བཤགས༔ མོས་ཤིང་གདུང་བས་རྒྱུད་བསྐུལ་ན༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ སྟོང་གསུམ་འཁོར་འདས་རབ་འབྱམས་ཀྱི༔ སྣོད་ཀྱི་འབྱུང་བའི་ཕྱྭ་གཡང་ཁུག༔ བཅུད་ཀྱི་འབྱོར་པའི་ཕྱྭ་གཡང་ཁུག༔ མཛེས་སྡུག་གཟུགས་ཀྱི་ཕྱྭ་གཡང་ཁུག༔ སྙན་བརྗིད་སྒྲ་ཡི་ཕྱྭ་གཡང་ཁུག༔ བསུང་ཞིམ་དྲི་ཡི་ཕྱྭ་གཡང་ཁུག༔ བཅུད་ལྡན་རོ་ཡི་ཕྱྭ་གཡང་ཁུག༔ འཇམ་འཁྲིལ་རེག་བྱའི་ཕྱྭ་གཡང་ཁུག༔ ཡིད་མཐུན་ཆོས་ཀྱི་ཕྱྭ་གཡང་ཁུག༔ ལྷ་ཡི་བདུད་རྩིའི་ཕྱྭ་གཡང་ཁུག༔ ཀླུ་ཡི་ནོར་བུའི་ཕྱྭ་གཡང་ཁུག༔ གནོད་སྦྱིན་གཏེར་གྱི་ཕྱྭ་གཡང་ཁུག༔ གླིང་བཞི་མི་ཡི་ཕྱྭ་གཡང་ཁུག༔ ཕོ་བྲང་མཁར་གྱི་ཕྱྭ་གཡང་ཁུག༔ རིགས་རྒྱུད་སྲས་ཀྱི་ཕྱྭ་གཡང་ཁུག༔ མངའ་རིས་བདེ་སྐྱིད་ཕྱྭ་གཡང་ཁུག༔ དཔའ་རྩལ་སྟོབས་ཀྱི་ཕྱྭ་གཡང་ཁུག༔ སྲ་བརྟན་གོ་ཆའི་ཕྱྭ་གཡང་ཁུག༔ རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་ཁུག༔ ལོ་ཏོག་འབྲུ་བཅུད་ཕྱྭ་གཡང་ཁུག༔ བཟའ་ཤིང་སྨན་གྱི་ཕྱྭ་གཡང་ཁུག༔ ཞིམ་མངར་ཟས་ཀྱི་ཕྱྭ་གཡང་ཁུག༔ བཀྲག་ཅན་གོས་ཀྱི་ཕྱྭ་གཡང་ཁུག༔ ཡིད་འཕྲོག་རྒྱན་གྱི་ཕྱྭ་གཡང་ཁུག༔ བརྗིད་ཅན་ནོར་གྱི་ཕྱྭ་གཡང་ཁུག༔ མཁས་པའི་མཁྱེན་རྩལ་ཕྱྭ་གཡང་ཁུག༔ གྲུབ་པའི་ནུས་མཐུའི་ཕྱྭ་གཡང་ཁུག༔ འཕགས་པའི་སྤངས་རྟོགས་ཕྱྭ་གཡང་ཁུག༔ དམ་པའི་ཆོས་ཀྱི་ཕྱྭ་གཡང་ཁུག༔ བཤད་སྒྲུབ་བསྟན་པའི་ཕྱྭ་གཡང་ཁུག༔ འཆི་མེད་ཚེ་ཡི་ཕྱྭ་གཡང་ཁུག༔ བསོད་ནམས་དབང་ཐང་ཕྱྭ་གཡང་ཁུག༔ སྙན་ཅིང་གྲགས་པའི་ཕྱྭ་གཡང་ཁུག༔ དཔལ་དང་འབྱོར་པའི་ཕྱྭ་གཡང་ཁུག༔ ནད་མེད་བདེ་བའི་ཕྱྭ་གཡང་ཁུག༔ རྒས་མེད་ལང་ཚོའི་ཕྱྭ་གཡང་ཁུག༔ ཅི་བསམ་འགྲུབ་པའི་ཕྱྭ་གཡང་ཁུག༔ ཕྱྭ་ཁུག་གཡང་སྐྱོབས་དངོས་གྲུབ་སྩོལ༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ སོ་སོའི་སྔགས་བརྗོད།
གུ་རུ་རིན་པོ་ཆེའི་ལས་བྱང་ཡིད་བཞིན་ནོར་བུ་ (Volume 6, Text 34)
༄༅༔ ༔གུ་རུ་རིན་པོ་ཆེའི་ལས་བྱང་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ༔ ཉའཐརྷཐ༔ རྣམ་དག་རང་བྱུང་ཆོས་དབྱིངས་ནམ་མཁའི་ཀློང་ཆེན་ལས༔ ཡེ་ཤེས་རང་གསལ་ཉི་མའི་འོད་ཟེར་ ཡོངས་ལ་སྙོམས༔ མ་རིག་མུན་ནག་ཐིབས་སེལ་རྨོངས་པའི་གཉིད་སེལ་མཛད༔ སྟོང་ཉིད་སྙིང་རྗེའི་རང་བཞིན་འགྲོ་དོན་མཛད་ལ་འདུད༔ ཐེག་ཆེན་བློ་ལྡན་སྦྱངས་པའི་ལས་འཕྲོ་སད༔ བླ་མས་རྗེས་བཟུང་འཁོར་བའི་ཉེས་དམིགས་དྲན༔ དེ་ལས་ཡིད་འབྱུང་སྙིང་པོའི་དོན་གཉེར་བའི༔ ལས་ཅན་དོན་ཕྱིར་བླ་མའི་སྒྲུབ་པའི་ཐབས༔ ངེས་པའི་ལུང་བཞིན་གཡོ་མེད་སེམས་ཀྱིས་དགོད༔ རྒྱུད་སྡེ་རྒྱ་མཚོའི་ནང་ནས་ཡོངས་གསུངས་པའི༔ ཤིས་པའི་གནས་སུ་དགོས་པའི་ཡོ་བྱད་དག༔་་ཐོག་མར་དབེན་པའི་གནས་སུ་ཕྱི་ནང་གི་ཡོ་བྱད་འཚོགས་ནས། ཉེ་བར་བསགས་ལ་ཕྱི་ནང་བྲེལ་བ་སྤང༔ རྣལ་འབྱོར་པ་ཁྲུས་བྱས་བདེ་བའི་སྟན་ལ་འདུག་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ།་་་བྱང་སེམས་ལྡན་པས་བསོད་ནམས་ཚོགས་ལ་འབད༔ ལས་བྱེད་ཁྲོ་བོ་དབང་ཆེན་སྐུར་བསྒོམས་ལ༔་་་་སྐད་ཅིག་གིས་རང་ཉིད་ཁྲོ་རྒྱལ་རྟ་མགྲིན་དམར་པོ་སྤྱི་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་རབ་ཏུ་འཚེར་བ་ཕྱག་ན་པདྨའི་དབྱུག་ཐོ་དང་ཐོད་ཁྲག་འཛིན་པ་དུར་ཁྲོད་ཀྱི་རྒྱན་དང་ལྡན་པར་བསྒོམས་ལ། གཏོར་མ་གཅིག་ཕྱི་རོལ་གྱི་འབྱུང་པོ་རྣམས་ལ་བྱིན་ལ་བདེན་པ་བརྗོད་ལ་བཏང་། ཕྱི་ནང་བགེགས་བསྐྲད་མཚམས་ཀྱི་ཆོ་ག་བྱ༔ ཧྲཱིཿཧཱུྃ་ཕཊ༔ ཧྲཱི༔ དུས་གསུམ་བླ་མས་བྱིན་བརླབས་པའི༔ བདག་ཉིད་དབང་ཆེན་ཧེ་རུ་ཀ༔ རབ་བརྗིད་རྒྱན་ལྡན་གར་དགུས་བརྗིད༔ ཧཱུྃ་ཕཊ་སྒྲ་སྒྲོག་མེ་དཔུང་འབར༔ གདུག་པའི་ཚོགས་འཇོམས་བཀའ་བསྒོ་བ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ དངོས་གྲུབ་བར་ཆད་བྱེད་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ང་ཡི་བཀའ་ལས་མ་འདའ་ཞིག༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྡོ་རྗེ་མེ་དབལ་ཁྲོས་པ་ཡིས༔ ལུས་ངག་རྡུལ་བཞིན་བརླག་པར་བྱེད༔ དེ་བས་མ་གནས་མྱུར་དུ་དེངས༔ སརྦ་བིགྷྣན་ཨུ་ཙ་ཏ་ཡ་ཕཊ༔ སུམ་བྷ་ནིས་བསྐྲད༔ ཧྲཱི༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཁྲོ་བོའི་སྐུ༔ ཕྱོགས་མཚམས་ཀུན་ཏུ་ཁེངས་པ་ཡིས༔ བར་ཆད་བགེགས་རྣམས་རྡུལ་དུ་རློག༔ རྡོ་རྗེ་མཚོན་ཆ་འབར་འཕྲོས་པས༔ ཕྱོགས་མཚམས་རྡོ་རྗེ་མཚོན་ཆས་གཏམས༔ རླུང་ཡང་འགྱུ་བའི་སྐབས་མེད་ན༔ བར་ཆད་བགེགས་ཀྱིས་ཚུགས་མི་འགྱུར༔ ཁྲོ་བོ་མཚོན་ཆའི་འོད་ཟེར་ལས༔ བསྐལ་པའི་མེ་དཔུང་རབ་འབར་བས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འབར༔ བགེགས་རྣམས་རྡུལ་ཕྲན་བཞིན་དུ་བསྲེག༔ སྲུང་བའི་འཁོར་ལོ་རབ་འབར་བསམ༔ ཧྲཱིཿཧཱུྃ་བཛྲ་ཀྲོ་དྷ་བཛྲ་ཏཱིཀྣ་ཛྭ་ལ་རམ་རཀྵ་རཀྵ་ཧཱུྃ་ཕཊ༔ བསྲུང་བྱ་སྲུང་བྱེད་ངོ་བོས་སྟོང༔ རྟོག་བྲལ་རང་གྲོལ་ཆོས་སྐུའི་མཚམས༔ བརྗོད་བྲལ་མཉམ་ཉིད་ངང་དུ་བཅད༔ རེ་དོགས་བགེགས་ཆེན་བྲལ་བར་གྱུར༔ ས་སྟེགས་་་དལ་བརྩིག་་་བརྐྱང་ནུལ་་་་བ་བྱུང་ལྔས་བྱུག་་་ཆག་ཆག་ཚུལ་བཞིན་་་བདུད་རྩི་ལྔ་ལ་སོགས་པས་་་གདབ༔ ཐིག་གདབ་ཚོན་དགྱེ་སྒྲུབ་དང་མཆོད་པ་སོགས༔ ཉེ་བར་མཁོ་བའི་ཡོ་བྱད་མངོན་པར་བཤམ༔་་་དབང་སྒྲུབ་ཆེན་པོ་བྱེད་ན་དཀྱིལ་ཆོག་ལྟར་བྲི། མཆོད་སྡོང་པད་འདབ་ལ་བརྟེན་པའམ། ཡང་ན་ཚོམ་བུ་ཙམ་བཀོད་པར་བྱ། དེ་དག་འབྱོར་པ་དང་ལོང་སྐབས་རྩིས་ལ་བྱའོ། །སྒྲུབ་རྫས། བུམ་ཐོད་མེ་ལོང་སིནྡྷུ་ར་བདུད་རྩི། རིན་པོ་ཆེ་འབར་བའི་གཏོར་མ་ལ་སོགས་པའོ། །མཆོད་རྫས། ཕྱིའི་རྣམ་ལྔ་ནང་གི་སྨན་རཀ་གཏོར་མ། རྡོ་རྗེ་དྲིལ་བུ་ཐོད་རྔ་རྐང་གླིང་ཞུན་མེ་གཡབ་དར་རོལ་མོ། གསུར་ཆེན་ཚོགས་ཀྱི་ཡོ་བྱད། ཆས་གོས། དབུ་རྒྱན་རྒྱན་དྲུག་ཌཱ་རུ་ཁ་ཊྭཱཾ་ལ་སོགས། གར་ཆས། བླ་ཡོལ་གདུགས་རྒྱལ་མཚན་འཕན་ལ་སོགས་པ་དལ་མཆོད་པའོ། །ལུགས་མ་རས་བྲིས་སྐུ་གསུང་ཐུགས་ཀྱི་རྟེན༔ མཆོད་རྟེན་དམིགས་ཡུལ་ཇི་ལྟར་རིགས་པ་དགོད༔ ཕྱི་ནང་མཆོད་བརླབ་ཚོགས་རྟེན་སྤྱན་དྲངས་ལ༔ ཕྱག་དང་མཆོད་འབུལ་སྡིག་པ་བཤགས་པ་དང༔ རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་གདབ༔ ལུས་དབུལ་སེམས་བསྐྱེད་དགེ་བ་ཡོངས་སུ་བསྔོ༔ ཞེས་པས༔ ཧྲཱི༔ ཕྱི་ནང་མཆོད་རྫས་དངོས་འཛིན་དྲི་མ་རྣམས༔ ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང༔ ཡེ་ཤེས་འབྱུང་གསུམ་འོད་ཀྱི་ཏིང་འཛིན་གྱིས༔ རྣམ་དག་བྱང་ཆུབ་སེམས་སུ་སྦྱང་བྱ་འོ༔ རཾ་མེ་ཡཾ་རླུང་ཁཾ་ཆུ༔ སརྦ་དྷརྨ་བི་ཤུདྡྷོ྅་ཧཾ༔ བྷྲཱུྃ༔ རིན་ཆེན་མཚན་ལྡན་སྣོད་མཆོག་ཡངས་པ་རུ༔ སྣ་ཚོགས་ཐབས་ལྡན་མཆོད་པའི་ཡོ་བྱད་རྣམས༔ ཤེས་རབ་ཟབ་མོའི་ཏིང་འཛིན་བསྒོམ་པ་དང༔ དུས་གསུམ་རྒྱལ་བ་ཀུན་གྱི་བྱིན་རླབས་ཀྱིས༔ ཕུན་སུམ་ཚོགས་པ་མཛེས་ཤིང་རྒྱ་ཆེ་བའི༔ གཉིས་མེད་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས༔ ཨོཾ་ཨཱཿབཛྲ་ཨརྒྷཾ༔ཡོན་ཆབ་ཨཱ་ཧ་ར༔ཞབས་བསིལ་པུཥྤེ༔མེ་ཏོག་དྷཱུ་པེ༔བདུག་སྤོས་ཨཱ་ལོ་ཀེ༔མར་མེ་གནྡྷེ༔དྲི་ཆབ་ནཻ་ཝིདྱ༔ཞལ་ཟས་ཤབྡ་རོལ་མོ་པཱུ་ཛ་ཧཱུྃ༔ ཡཾ་རླུང་རཾ་མེ༔ ཨོཾ་ཨཱཿཧཱུྃ༔ཐོད་སྒྱེད་གསུམ། ཨཱཿཐོད་པ། ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔བཅུད་བདུད་རྩི་ལྔ། སྥ་ར་ཎ་ཕཊ༔འཕྲོས། སཾ་ཧ་ར་ཎ་ཧཱུྃ༔འདུས། ཨོཾ་ཨཱཿཧཱུྃ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧཱུྃ་ཧྲཱིཿལྷ་ལ་གཏོར་རེ་བ་སྐོང་། བི་ཤུདྡྷ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿརྫས་ལ་གཏོར་ལ་སྦྱང་། དྷརྨ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿབདག་ལ་སིདྡྷི་བླང་། བཛྲ་ཡཀྴ་ཀྲོ་དྷ་ཛྭ་ལ་ཧ་ན་ཧ་ན་ཧཱུྃ་ཕཊ༔བགེགས་བསྐྲད་པར་བྱའོ། །བྷྲཱུྃ༔སྣོད། གཏོར་མ་བརླབ་ཨོཾ་ཨཱཿཧཱུྃ༔དྲུག་བརྗོད། མ་ཧཱ་བ་ལིནྟ༔ ཏེ་ཛོ་བ་ལིནྟ༔ བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ རཀྟ་བརླབ་པ་ཨ་ཀ་པཱ་ལ་བྷནྡྷ་བྷྲཱུྃ༔ ར་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ༔ ནམ་མཁའ་མཛོད་ཀྱི་སྔགས་ན་མ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་སྤེལ༔ བྷྲཱུྃ་རཏྣ་མཎྜ་ལ་གཞལ་ཡས་ཁང་སཱུརྻ་ཙནྡྲ་པདྨ་མཎྜ་ལ་གདན་ཨོཾ་ཨཱཿཧཱུྃ༔རྩ་བ་གསུམ་སཱུརྻ་ཙནྡྲ་ཛ༔ ཨོཾ་བཛྲ་ས་མ་ཡ་ཛ༔་་་སྤྱན་དྲངས། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་སྐུ་འཁྲུངས་པ༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ གུ་རུ་བཛྲ་ས་མཱ་ཛ༔ ཞལ་དང་ཞབས་བསིལ་་་་ཡང་དག་དོན་དུ་དག་མོད་ཅིང༔ རྟོག་པའི་དྲི་མ་མི་མངའ་ཡང༔ སྲི་ཞུ་གུས་པའི་ཚུལ་གྱིས་ནི༔ འགྲོ་བའི་དོན་དུ་སྐུ་བསིལ་ལོ༔ ཨཱ་ཧ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ བཞུགས་སུ་གསོལ་བ་་་མྱ་ངན་མི་འདའ་ཐུགས་རྗེ་ཡིས༔ ཉོན་མོངས་མི་སྤོང་གོས་པ་མེད༔ མ་ཆགས་རང་བཞིན་དག་པས་ན༔ པདྨའི་གདན་ལ་བཞུགས་སུ་གསོལ༔ བཛྲ་པདྨ་ཀ་མ་ལཱ་ཡ་སཏྭམ༔ ཕྱག་འཚལ་བ་་་སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་ལ་མི་འགྱུར་གཡོ་བ་མེད༔ ལུས་ངག་ཡིད་གསུམ་བྱིན་གྱིས་རློབ་མཛད་པའི༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ བཱ་ད་བནྡྷ་ནཾ་ཀ་རོ་མི༔ མཆོད་པ་་་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས༔ འདོད་ཡོན་རྣམ་ལྔ་རིན་ཆེན་བདུན་ལ་སོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་བློས་བླངས་ནས༔ བླ་མ་སངས་རྒྱས་མཆོག་ལ་མཆོད་པར་བགྱི༔ སརྦ་པཱུ་ཛཿཧོ༔ སྡིག་བཤགས་་་མ་རིག་བདག་གི་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕྱི་ནང་སྡོམ་དམ་ཉམས་ཆག་ཞིག་གྱུར་པ༔ གནོང་ཞིང་འགྱོད་པས་བླ་མའི་སྤྱན་སྔར་བཤགས༔ ཡི་རང་་་སྐུ་གསུང་ཐུགས་ཀྱི་རྣམ་ཐར་དཔག་མེད་ཀྱིས༔ འགྲོ་ཀུན་ཐར་པའི་ལམ་ལ་འགོད་མཛད་ཅིང༔ མ་ཆགས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ༔ གསོལ་འདེབས་བསྐུལ་ཞིང་རྗེས་སུ་ཡི་རང་ངོ༔ བསྐུལ་་་ཐོག་མེད་དུས་ནས་བསྐྱངས་པའི་མ་རྣམས་ཕྱིར༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ ས་ལམ་ཡོན་ཏན་མ་ལུས་མངོན་གྱུར་ནས༔ བསམ་བཞིན་མངོན་དུ་གྱུར་པར་མཛད་དུ་གསོལ༔ མདུན་གྱི་་་དཔང་པོ་འོད་གྱུར་བདག་གི་སྡིག་སྒྲིབ་སྦྱངས༔ སྣོད་དུ་རུང་བྱས་སྐུ་གསུང་གཟི་བྱིན་བཅས༔ བདག་ལ་ཐིམ་པས་དབང་ཐོབ་བྱིན་ལྡན་བསམ༔ དམ་བཅའ་བ་་་རྒྱུད་དྲུག་རང་བྱུང་ཡེ་ནས་ལྷ༔ མ་རྟོགས་སྡུག་བསྔལ་འཁོར་བ་ཡི༔ འགྲོ་བའི་དོན་དུ་བླ་མ་ལྷ༔ འདུ་འབྲལ་མེད་པར་བསྒྲུབ་པར་བགྱི༔ བྱིན་དབབ་པ་་་ཧྲཱི༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འཁོར་བའི་སྐྱབ་མཆོག་འགྲོ་བའི་མགོན༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ འགྲོ་རྣམས་སྐུ་གསུམ་ས་ལ་དགོད་པའི་བློས༔ ཚིག་དོན་ལྡན་པས་རང་གི་ཤེས་རྒྱུད་སྦྱང༔་་་མ་གྱུར་སེམས་ཅན་ཐམས་ཅད་ལ་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚངས་པའི་གནས་པ་བཞི་སྙིང་ཐག་པ་ནས་བསྒོམས་པ་ཚད་ལ་ཕེབ་པར་སྦྱང་སྟེ། བླ་མའི་ཞལ་ལས་ལོངས། ཧཱུྃ༔ དེ་བཞིན་ཉིད་ཀྱི་ས་མཱ་ཏི་་་ཆོས་ཉིད་སྟོང་གསལ་རྣམ་དག་ནམ་མཁའི་ཀློང༔ གདོད་ནས་མ་སྐྱེས་སྤྲོས་པའི་མཐའ་དང་བྲལ༔ ཀུན་སྣང་ས་མཱ་ཏི་་་དེ་ཉིད་མ་རྟོགས་སྣྲེལ་ཞི་འཁོར་བ་ལ༔ སྙིང་རྗེ་བྱམས་པའི་འོད་ཟེར་ཉི་འོད་གསལ༔ རྒྱུའི་ས་མཱ་ཏི་་་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི་གེ་ཧཱུྃ༔ མ་འགག་རང་གསལ་རིག་པའི་ངོ་བོར་ཤར༔ ཧཱུྃ༔ དེ་ལས་འོད་འཕྲོས་སྣོད་བཅུད་ཞེན་རྟོག་སྦྱངས༔ མ་ལུས་འོད་གྱུར་རྣམ་དག་རྒྱུའི་ཧཱུྃ་ལ་ཐིམ༔ རྒྱུའི་ཧཱུྃ་ལས་ཨེ་མཐིང་ག་འཕྲོས་འབྱུང་བ་ནམ་མཁའི་ཀློང༔་་་མཐིང་ག་གྲུ་གསུམ་ཚད་ལས་འདས་པ། ཆོས་ཉིད་རྣམ་པར་དག་པའི་ངང་དུ་བསྒོམ༔ རྒྱུའི་ཧཱུྃ་ལས་ཡཾ་ལྗང་གུ་འཕྲོས་འབྱུང་བ་རླུང་གི་དལ༔ སྐྱོད་བྱེད་ཐོགས་མེད་ཀློང་ཡངས་འཁྱིལ་བར་བསྒོམ༔་་་ཟླ་གམ་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། རྒྱུའི་ཧཱུྃ་ལས་རཾ་དམར་སེར་འཕྲོས་འབྱུང་བ་མེ་ཆེན་འབར༔ སྨིན་བྱེད་སྟོབས་ལྡན་ཡེ་ཤེས་རང་འབར་བསྒོམ༔་་་དམར་པོ་གྲུ་གསུམ་པ། རྒྱུའི་ཧཱུྃ་ལས་ཁཾ་དཀར་པོ་འཕྲོས་འབྱུང་བ་ཆུ་ཡི་ཀློང༔ སྡུད་བྱེད་རྣམ་དག་རྒྱ་མཚོ་རྦ་ཀློང་འཁྱིལ༔་་་ཟླུམ་པོ་སྔོ་སྐྱ་མེར་བ། རྒྱུའི་ཧཱུྃ་ལས་ལཾ་སྣ་ཚོགས་མདོག་འཕྲོས་རིན་ཆེན་རི་རབ་དག༔་་་གྲུ་བཞི་པ་རིན་ཆེན་བཞི་ལས་གྲུབ་པ། བརྟན་བྱེད་བརྗིད་ལྡན་མི་འགྱུར་མི་གཡོ་བསྒོམ༔ དེ་སྟེང་ཡངས་པར་ཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་རྡོ་རྗེ་མེ་རིའི་གུར་ནང་དབུས༔ བྷྲཱུྃ་ལས་རིན་ཆེན་འབར་བའི་གཞལ་ཡས་ཁང༔ རིན་ཆེན་ས་གཞི་པདྨ་བརྡལ་བའི་སྟེང༔ རྩིག་པ་འདོད་ཡོན་ཕ་གུ་དྲ་བ་དང༔ དྲྭ་ཕྱེད་མདའ་ཡབ་རིན་ཆེན་སྣ་ལྔར་ལྡན༔ སྒོ་བཞི་རྟ་བབས་བརྒྱད་ལྡན་ཆོས་འཁོར་བརྒྱན༔ རིན་ཆེན་ཀ་གདུང་ཐོག་ཕུབ་འོད་ལྔ་གསལ༔ རྒྱ་ཡངས་མ་ཆད་རིན་ཆེན་ཏོག་དང་ལྡན༔ ཉི་འོད་ལྟར་གསལ་འཇའ་ཚོན་འཁོར་ཡུག་ལྡན༔ ཁྱམས་དང་གྲུ་ཆད་ཕྱོགས་བཞིའི་སྒོ་རྣམས་དག༔ དཀར་སེར་དམར་ལྗང་ཁ་དོག་མ་འདྲེས་གསལ༔ དབུས་ཉིད་མཐིང་ག་བཻཌཱུར་ས་གཞིའི་སྟེང༔ རིན་ཆེན་ཟུར་བརྒྱད་གསེར་མདོག་འོད་ཟེར་འབར༔ ལྟེ་བ་ཡངས་པར་ཙཀྲ་རྩིབས་བཞི་པ༔ རྡོ་རྗེའི་མུ་ཁྱུད་རྩིབས་བཞི་ཕྱོགས་ཀྱི་མདོག༔ ལྟེ་བར་ཆུ་སྐྱེས་རིན་ཆེན་ཁྲིར་བཅས་པ༔ སེང་གེས་བཏེགས་སྟེང་ཉི་ཟླ་འོད་གསལ་གདན༔ དེ་སྟེང་ཧཱུྃ་ཉིད་འཕྲོས་འདུས་ཡོངས་གྱུར་པས༔ ཐུགས་མཆོག་རྡོ་རྗེ་རིགས་ཀྱི་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་གར་གྱི་ཉམས་དང་ལྡན༔ མཐིང་ནག་སྐུ་ལ་རིན་ཆེན་རུས་པས་བརྒྱན༔ ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན༔ ཐབས་མཆོག་རྒྱལ་པོ་ཡབ་ཀྱི་མདུན་ཉིད་དུ༔ གསང་བའི་ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ དམར་མོ་ཕྱག་གཡས་གྲི་གུག་འཕྱར༔ གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ༔ ཁྲག་ཞག་ཐིག་ལེ་རུས་པའི་རྒྱན་ལྡན་པ༔ ཤེས་རབ་བདེ་ཆེན་ཡབ་ཀྱི་སྐུ་ལ་འཁྲིལ༔ བདེ་སྟོང་དབྱེར་མེད་གསལ་ལ་རྟོག་མེད་བསྒོམ༔ ཡབ་ཀྱི་གསང་བ་རྡོ་རྗེ་ཧཱུྃ་གིས་མཚན༔ ཡུམ་གྱི་གསང་བ་པདྨ་ཨཱཾ་དང་ལྡན༔ མཉམ་སྦྱོར་བདེ་སྟོང་འོད་ཀྱི་འཕྲོ་འདུ་ལས༔ དཀར་སེར་དམར་ལྗང་ཧཱུྃ་བཞི་ཕྱོགས་བཞིར་འཕྲོས༔ འཁོར་ལོ་རྩིབས་བཞིར་ཆུ་སྐྱེས་རིན་ཆེན་ཁྲི༔ གླང་ཆེན་རྟ་དང་རྨ་བྱ་མཁའ་ལྡིང་གིས༔ བཏེགས་པའི་སྟེང་དུ་ཉི་ཟླ་འོད་གསལ་གདན༔ སྟེང་དུ་ཧཱུྃ་བཞི་ཡོངས་གྱུར་པས༔ ཤར་དུ་འཁོར་ལོ་ཐོད་ཕྲེང་རྩལ༔ དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ བུདྡྷ་མཁའ་འགྲོ་ཡུམ་དང་སྦྱོར༔ ལྷོ་རུ་རིན་ཆེན་ཐོད་ཕྲེང་རྩལ༔ གསེར་མདོག་རིན་ཆེན་དྲིལ་བུ་འཛིན༔ རིན་ཆེན་མཁའ་འགྲོ་ཡུམ་དང་སྦྱོར༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ རཱ་ག་པདྨ་དྲིལ་བུ་འཛིན༔ པདྨ་མཁའ་འགྲོ་ཡུམ་དང་སྦྱོར༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན༔ ཀརྨ་མཁའ་འགྲོ་ཡུམ་དང་སྦྱོར༔ རྒྱན་དང་ཆ་ལུགས་གཙོ་དང་མཐུན༔ ཡེ་ཤེས་མེ་འོད་ཀློང་ན་བཞུགས༔ སྤྱན་གསུམ་ཁྲོ་འཛུམ་འགྱིང་བག་ཅན༔ འོད་དང་གཟི་བརྗིད་འབར་བ་བསྒོམ༔ རྩིབས་མཆན་བཞི་ལ་ཤུགས་འགྲོ་བཞི༔ དུར་ཁྲོད་རྒྱན་ལྡན་མཛེས་པ་བསྐྱེད༔ ཡིད་བཞིན་རིན་ཆེན་ཟུར་བརྒྱད་སྟེང༔ སྤྲུལ་པའི་མཚན་བརྒྱད་འཁོར་གྱིས་བསྐོར༔་་་ཤར་དུ་པདྨ་རྒྱལ་པོ་དཀར། ཤར་ལྷོར་ཉི་མ་འོད་ཟེར་དམར་སེར། ལྷོར་བློ་ལྡན་དཀར་སེར། ལྷོ་ནུབ་ཏུ་ཐོད་ཕྲེང་སྔོ་སྐྱ །ནུབ་ཏུ་ཤཱཀྱ་སེངྒེ་སེར་པོ། ནུབ་བྱང་དུ་མཚོ་སྐྱེས་དམར་སྐྱ །བྱང་དུ་རྡོ་རྗེ་གྲོ་ལོད་དམར་ལྗང་། བྱང་ཤར་དུ་སེང་གེ་སྒྲ་སྒྲོག་མཐིང་ག །ཐམས་ཅད་ལོངས་སྐུ་གར་སྟབས། རྡོ་རྗེ་ཐོད་ཁྲག་ཁ་ཊྭཱཾ་ཅན་ནོ། །གློ་འབུར་བཞི་ལ་མཁའ་འགྲོ་ནི༔་་་སྔོ་སེར་དམར་ལྗང་བཞི། ཤུགས་འགྲོ་བཞི་དང་གསང་ཡུམ་བཞི་འཁྲིལ་སྦྱོར་དུ་འདུག་གོ །ཉི་མ་སྤྱན་གཅིག་སྔོན་སྐྱ་མནྡྷཱ་ར་དམར་སེར༔ མ་མོ་རྒྱན་ཅན་དུད་ཁ་རྡོ་རྗེ་སྨན་གཅིག་མ་ལྗང་ནག༔ རིགས་བཞིའི་ཚུལ་འཆང་རྒྱན་ལྡན་བསམ༔ གྲུ་ཆད་བཞི་ལ་གནས་པ་ནི༔ རྒྱ་མཚོའི་གླིང་གི་མཁའ་འགྲོ་མ༔ ཞི་བ་མཚོ་སྐུ་མདོག་མ་ངེས་པ་གར་ཐབས་གྲི་ཐོད་ཁ་ཊྭཱཾ་ཅན། དར་དང་རུས་རྒྱན་གྱིས་བརྒྱན་པའོ། །དང་བདུད་འདུལ་མ༔ ཡེ་ཤེས་མཁའ་འགྲོ་ལ་སོགས་བསམ༔ ཐམས་ཅད་གཅེར་བུ་རུས་རྒྱན་ཅན༔ གྲི་གུག་ཐོད་པ་ཁ་ཊྭཱཾ་འཛིན༔ བར་ཁྱམས་ཕྲིན་ལས་བཞི་ཡི་ལྷ༔ གིང་ཆེན་སྡེ་བཞི་དཔའ་མོ་སྡེ་བཞི་དང༔ བདག་སྐྱོབ་ལྷ་དང་རིག་འཛིན་དང༔ ཆོས་སྐྱོང་སྲུང་མ་མ་ལུས་བསམ༔ སྒོ་བཞིར་ཡེ་ཤེས་སྒོ་མ་བཞི༔ རྒྱལ་ཆེན་བཞི་དང་མཉམ་པར་སྦྱོར༔ འགུགས་འདྲེན་འཆིང་སྡོམ་ལས་མཛད་བསམ༔ སྟེང་གི་ཆ་ཕྱོགས་ནམ་མཁའ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བསམ༔ བར་སྣང་སྒྲུབ་ཆེན་བཀའ་བརྒྱད་ལྷ༔ ཁྲོ་བོ་ཁྲོ་མོའི་ཚོགས་བཅས་བསམ༔ ཕྱི་རོལ་འོད་ཀྱི་འཁོར་ཡུག་ལ༔ སྤྲུལ་པའི་ཞིང་ཁམས་དཔག་མེད་བསམ༔ དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར༔ བརྡ་རྟགས་སྤྲུལ་པའི་འཁོར་ལོ་བསྒོམ༔ གཙོ་བོའི་སྤྱི་བོར་ཀུན་བཟང་སྐུ༔ རིགས་བདག་ཕྱག་རྒྱར་བསྒོམ་བྱ་ཞིང༔ ཀླད་ཁང་མགྲིན་པ་སྙིང་ག་རུ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་པ༔ སྐུ་གསུང་ཐུགས་ཀྱི་བདག་པོར་བསྒོམ༔ ཀུན་གྱི་ཐུགས་ཀར་ཡི་གེ་ཧཱུྃ༔ རང་རང་མདོག་ལྡན་གསལ་བར་བསམ༔ གཙོ་བོའི་མདུན་དུ་དབང་ཆེན་སྐུ༔ དམར་སྨུག་འོད་ཟེར་རབ་ཏུ་འབར༔ པདྨ་ཐོད་ཁྲག་འཛིན་བྱེད་ཅིང༔ དུར་ཁྲོད་རྒྱན་སྤྲས་རྟ་ཞལ་ལྡན༔ སྲིད་གསུམ་དབང་དུ་སྡུད་བྱེད་བསྒོམ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ ཡེ་ནས་ལྷུན་གྲུབ་དབང་བྱིན་རྫོགས༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཨོཾ་ཨཱཿཧཱུྃ༔ འོད་ཀྱིས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་བསྟིམ་ཞིང་བརྟན་པར་བཞུགས༔ ཅེས་པས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་སྤྱན་དྲངས་ཏེ། རོལ་མོའི་སྒྲ་བསྒྲག །དར་གྱིས་གཡབ། སྤོས་སྣ་ཚོགས་དང་གསུར་ཆེན་གཏང་། གདུང་བའི་དབྱངས་དང་བཅས་པས། ཧཱུྃ༔ ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལ༔་་་སྤྱན་དྲང་བ་ཡིན། དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ མཚན་བརྒྱད་སྤྱན་དྲང་བ་་་རྨོངས་པའི་མུན་པ་སེལ་མཛད་པ༔ ཉི་མ་འོད་ཟེར་གྲགས་པ་སྤྱོན༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་གཤེགས་སུ་གསོལ༔ བདུད་དང་མུ་སྟེགས་ཚར་གཅོད་པ༔ འཕགས་པ་སེང་གེ་སྒྲ་སྒྲོག་བྱོན༔ ལོག་འདྲེན་གདུག་པ་འདུལ་མཛད་པ༔ ཤཱཀྱ་སེང་གེ་གཤེགས་སུ་གསོལ༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་ཐོད་ཕྲེང་རྩལ་དུ་གྲགས༔ ཡོན་ཏན་ཐམས་ཅད་རབ་རྫོགས་པ༔ པདྨ་སཾ་བྷ་ཞེས་ཀྱང་བྱ༔ འཁོར་འདས་ཀུན་ལ་དབང་སྒྱུར་པའི༔ པདྨ་རྒྱལ་པོ་ཞེས་ཀྱང་བྱ༔ བོད་ཀྱི་ཡུལ་དུ་བྱོན་པའི་ཚེ༔ གསང་མཚན་རྡོ་རྗེ་གྲོ་བོ་ལོད༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ བཛྲ་མ་ཧཱ་གུ་རུ་ས་མ་ཡ་ཛ༔ ཌཱ་ཀི་མ་སྤྱན་དྲང་བ་་་སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྟོང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ ལུས་གནད་རྩ་ཡི་ཕོ་བྲང་ནས༔ སེམས་ཉིད་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་ཡེ་ཤེས་དབྱེར་མེད་པའི༔ མཁའ་འགྲོ་འབུམ་དང་བཅས་ཏེ་གཤེགས་སུ་གསོལ༔ ཤར་རྡོ་རྗེ་རིགས་ཀྱི་ཕོ་བྲང་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མཁའ་འགྲོ་འབུམ་དང་བཅས་ཏེ་གཤེགས་སུ་གསོལ༔ ལྷོ་རིན་ཆེན་རིགས་ཀྱི་ཕོ་བྲང་ནས༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ ཌཱ་ཀི་འབུམ་དང་བཅས་ཏེ་གཤེགས༴ ནུབ་པདྨ་རིགས་ཀྱི་ཕོ་བྲང་ནས༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ ཌཱ་ཀི་འབུམ་དང་བཅས་ཏེ་གཤེགས༴ བྱང་ལས་ཀྱི་རིགས་ཀྱི་ཕོ་བྲང་ནས༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ ཌཱ་ཀི་འབུམ་དང་བཅས་ཏེ་གཤེགས༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་སྡེ་བརྒྱད་གཤེགས་སུ་གསོལ༔ བྱོན་ཚུལ་ནི་་་ཞུབ་ཅན་སྟོང་སྒྲ་སི་ལི་ལི༔ མཁའ་འགྲོ་འབུམ་སྡེ་ཐིབས་སེ་ཐིབ༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ དར་གྱི་ཅོད་པན་པུ་རུ་རུ༔ དུང་གི་རྣ་ཆ་ཝངས་སེ་ཝང༔ གསེར་གྱི་གདུ་བུ་སི་ལི་ལི༔ སིལ་སྙན་མང་པོ་ཁྲོ་ལོ་ལོ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཌཱ་རུ་ཅང་ཏེའུ་ཁྲོ་ལོ་ལོ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞབས་བསིལ་འབུལ་བ་བཟེད་ཞལ་དུ་དབུལ་་་ཡང་དག་དོན་དུ་དག་མོད་ཅིང༔ རྟོག་པའི་དྲི་མ་མི་མངའ་ཡང༔ སྲི་ཞུ་གུས་པའི་ཚུལ་གྱིས་སུ༔ འགྲོ་བའི་དོན་ཕྱིར་སྐུ་བསིལ་ལོ༔ ཨརྒྷཾ་ཨཱ་ཧ་ར་པཱུ་ཛཿཧཱུྃ༔ བཞུགས་སུ་གསོལ་བ་་་ཧཱུྃ༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བརྒྱད་མདངས་དང་ལྡན༔ ཉི་ཟླ་ཁ་སྦྱོར་འོད་རེ་གསལ༔ རྟོག་མེད་རོ་གདན་བག་རེ་དྲོ༔ བཞུགས་པའི་གནས་སུ་དང་རེ་སྤྲོ༔ སློབ་དཔོན་མཁའ་འགྲོ་གིང་གི་ཚོགས༔ བྱིན་གྱིས་རློབ་ཅིང་བརྟན་པར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གིས་གདམས་པའི་གནད་བསྒྲག་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་་་ཧཱུྃ༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་ལྡན་ཅིར་ཡང་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྟོབས་ལྡན་ལྷ་སྲིན་དམ་ལ་འདོགས༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ རྣམ་ཤེས་གནས་གྱུར་ཞེ་སྡང་རྣམ་དག་པས༔ མེ་ལོང་ཡེ་ཤེས་བཛྲ་ཐོད་ཕྲེང་རྩལ༔ རྡོ་རྗེའི་རིགས་མཆོག་ཉོན་མོངས་ཞེ་སྡང་སྦྱོང༔ ཐུགས་མཆོག་པད་འབྱུང་ཐུགས་ལ་ཕྱག་འཚལ་ལོ༔ གཟུགས་ཕུང་གནས་གྱུར་གཏི་མུག་རྣམ་དག་པས༔ ཆོས་དབྱིངས་ཡེ་ཤེས་བུདྡྷ་ཐོད་ཕྲེང་རྩལ༔ དེ་བཞིན་རིགས་མཆོག་ཉོན་མོངས་གཏི་མུག་སྦྱོང༔ སྐུ་མཆོག་པད་འབྱུང་སྐུ་ལ་ཕྱག་འཚལ་ལོ༔ ཚོར་ཕུང་གནས་གྱུར་ང་རྒྱལ་རྣམ་དག་པས༔ མཉམ་ཉིད་ཡེ་ཤེས་རིན་ཆེན་ཐོད་ཕྲེང་རྩལ༔ རིན་ཆེན་རིགས་མཆོག་ཉོན་མོངས་ང་རྒྱལ་སྦྱོང༔ ཡོན་ཏན་པད་འབྱུང་གཏེར་ལ་ཕྱག་འཚལ་ལོ༔ འདུ་ཤེས་གནས་གྱུར་འདོད་ཆགས་རྣམ་དག་པས༔ ཀུན་རྟོག་ཡེ་ཤེས་པདྨ་ཐོད་ཕྲེང་རྩལ༔ པདྨའི་རིགས་མཆོག་ཉོན་མོངས་འདོད་སྲེད་སྦྱོང༔ གསུང་མཆོག་པད་འབྱུང་གསུང་ལ་ཕྱག་འཚལ་ལོ༔ འདུ་བྱེད་གནས་གྱུར་ཕྲག་དོག་རྣམ་དག་པས༔ བྱ་གྲུབ་ཡེ་ཤེས་ཀརྨ་ཐོད་ཕྲེང་རྩལ༔ ལས་ཀྱི་རིགས་མཆོག་ཉོན་མོངས་ཁོང་ཁྲོ་སྦྱོང༔ ཕྲིན་ལས་པད་འབྱུང་གྲུབ་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་རྣམ་དག་ནམ་མཁའི་དཀྱིལ་འཁོར་ནས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་རྣམ་པར་དག་པའི་མཁའ་དབྱིངས་ནས༔ རང་བྱུང་ཡེ་ཤེས་ཤུགས་ཀྱིས་འགྲོ་མཛད་ཅིང༔ ཆོས་དབྱིངས་རྣམ་པར་དག་པའི་མཁའ་དབྱིངས་ནས༔ གཉིས་མེད་བདེ་སྟོང་རང་བྱུང་ཤུགས་ཀྱིས་འགྲོ༔ ཡེ་ཤེས་ཌཱ་ཀི་རྣམས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དོན་དམ་རྣམ་དག་མཁའ་དབྱིངས་ནས༔ རིག་པའི་ཡེ་ཤེས་ཐབས་ཀྱིས་འགྲོ་བའི་དཔལ༔ མ་བཅོས་ཤུགས་ལས་བྱུང་བ་སྤྲུལ་པའི་ཚོགས༔ མཁའ་འགྲོ་དམ་ཅན་རྣམས་ལ་ཕྱག་འཚལ་ལོ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧོ༔ ཕྱག་རྒྱའི་པཱུ་ཛ་་་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་ཀྱི་གར་དང་ལྡན༔ ཕྱག་རྒྱ་བཞི་དང་མཉམ་པར་སྦྱོར༔ དང་པོ་ལས་ཀྱི་ཕྱག་རྒྱ་སྟེ༔ གཉིས་པ་དམ་ཚིག་ཕྱག་རྒྱ་འོ༔ གསུམ་པ་ཆོས་ཀྱི་ཕྱག་རྒྱ་སྟེ༔ བཞི་པ་དབྱེར་མེད་ཕྱག་རྒྱ་ཆེ༔ ཕྱག་རྒྱ་གར་གྱི་མཆོད་པ་འབུལ༔ མ་ཧཱ་མུ་དྲ་ནཱིརྟི་པཱུ་ཛ་ཧཱུྃ༔ ཧཱུྃ༔ མཛེས་པའི་ཞིང་ཁམས་ཕྱི་ནང་མཆོད་པས་བརྒྱན༔ ཡིད་འོང་རྒྱ་ཆེན་མཆོད་པ་ཇི་སྙེད་དང༔ བདག་གཞན་ལུས་ངག་ཡིད་གསུམ་ལྷ་ལ་འབུལ༔ འགྲོ་བའི་དོན་དུ་དགྱེས་པས་བཞེས་སུ་གསོལ༔ རཏྣ་མཎྜ་ལ་པཱུ་ཛ་ཧོཿ ཕྱིའི་རྣམ་ལྔ་་་ཧཱུྃ༔ ཨུ་རྒྱན་ཆེན་པོ་པདྨ་འཁོར་བཅས་ལ༔ དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་དབྱངས་སྙན་མཆོད་པ་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ འདོད་ཡོན་དྲུག་་་མཛེས་པའི་གཟུགས་དང་སྙན་པའི་སྒྲ་དབྱངས་དང༔ ཚིམ་པའི་དྲི་དང་བདའ་བའི་རོ་མཆོག་དང༔ རེག་འཇམ་ན་བཟའ་ཆོས་དབྱིངས་ལྷ་མོ་སོགས༔ འདོད་ཡོན་ནམ་མཁའ་གང་བའི་མཆོད་པ་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ རྒྱལ་སྲིད་སྣ་བདུན་་་ཕུན་སུམ་ཚོགས་པའི་འཁོར་ལོ་བཙུན་མོ་དང༔ ནོར་བུ་རིན་ཆེན་བློན་པོ་གླང་པོ་རྟ༔ དམག་དཔོན་གཏེར་གྱི་བུམ་པ་དཔག་བསམ་ཤིང༔ འདོད་འཇོའི་བ་སོགས་རིན་ཆེན་སྣ་ཚོགས་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ བཀྲ་ཤིས་རྟགས་བརྒྱད་་་རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་ཉ་དང༔ པདྨ་མདངས་ལྡན་དུང་དཀར་གཡས་སུ་འཁྱིལ༔ བུམ་བཟང་དཔལ་བེའུ་གཡུང་དྲུང་འཁྱིལ་བ་དང༔ རྡོ་རྗེ་རྒྱལ་མཚན་འཁོར་ལོ་ལ་སོགས་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ བླ་རེ་ཡོལ་བ་དར་དཔྱང་ལྷབ་ལྷུབ་དང༔ རིན་ཆེན་ཕྲེང་བ་དྲིལ་བུ་གཡེར་ཁ་སོགས༔ བ་དན་འཕན་དར་རྔ་ཡབ་ཁྲི་གདན་བཅས༔ དགྱེས་པའི་རོལ་མོ་མཉེས་པའི་ཡོ་བྱད་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ ལྷ་ཀླུ་མི་སོགས་འགྲོ་བ་ཕོ་མོ་རྣམས༔ མཛེས་པའི་ཡིད་འོང་རྒྱན་དང་ལྡན་པ་དང༔ ས་ཆུ་མེ་རླུང་ནམ་མཁའ་ཉི་ཟླའི་འོད༔ རྩི་བཅུད་ལོ་ཏོག་སྣང་སྲིད་མཆོད་པར་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ སརྦ་པཱུ་ཛ་ཧོ༔ ནང་མཆོད་་་རྡོ་རྗེ་སློབ་དཔོན་གསན་ཅིང་དགོངས་སུ་གསོལ༔ རང་གི་དམ་ཚིག་བསྐང་བའི་ཕྱིར༔ རང་གི་སློབ་དཔོན་གཉན་ལ་མཆོད༔ སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ༔ ཡི་དམ་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ རང་གི་སེམས་ཉིད་རྟོགས་བྱའི་ཕྱིར༔ རང་གི་ཡི་དམ་གཉན་ལ་མཆོད༔ སྙིང་གི་པདྨར་བཞུགས་སུ་གསོལ༔ མ་མོ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ རང་གི་དངོས་གྲུབ་ཐོབ་བྱའི་ཕྱིར༔ རང་གི་མཁའ་འགྲོ་གཉན་ལ་མཆོད༔ ལྟེ་བའི་གནས་སུ་བཞུགས་སུ་གསོལ༔ གདོད་ནས་རྣམ་པར་དག་པའི་ཕྱིར༔ གཙང་སྨེའི་རྣམ་རྟོག་ཀུན་དང་བྲལ༔ ཐབས་ཆེན་ཡེ་ཤེས་ཤ་ཆེན་ལྔ༔ ཤེས་རབ་ཆོས་དབྱིངས་བདུད་རྩི་ལྔ༔ འབྱུང་བའི་བཅུད་དང་དམ་ཚིག་རྫས༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དགྱེས་ཆེན་མཆོག་གིས་བཞེས་སུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐྱེ་མེད་སྐུ་ལ་འགག་མེད་གསུང༔ སྤྲོས་བྲལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་འབུལ་བ་་་ཧཱུྃ༔ མཚན་ལྡན་ཐོད་པ་སྣོད་ཀྱི་འཇིག་རྟེན་དུ༔ རོ་མཆོག་ལྡན་པ་བཅུད་ཀྱི་ལོངས་སྤྱོད་རྣམས༔ ཡེ་ཤེས་ལྔ་ལྡན་གཏོར་མར་བྱིན་བརླབས་ཏེ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ བཞེས་ནས་བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིནྟ་པཱུ་ཛ་ཁ་རཾ་ཁཱ་ཧི༔ བསྟབ་པ་ནི་་་ཧཱུྃ༔ བདེ་སྟོང་རྣམ་དག་ཐུགས་རྗེ་ཆགས་པའི་དབྱིངས༔ སྦྱོར་སྒྲོལ་རང་བྱུང་དམར་ཆེན་རཀྟ་འདི༔ འཁོར་བའི་གཞི་རྩ་དབྱིངས་སུ་གཅད་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་འབུལ༔ དབང་དྲག་ཕྲིན་ལས་ཐུགས་རྗེའི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་པཱུ་ཛ་ཁ་རཾ་ཁཱ་ཧི༔ སྦྱོར་མཆོད་ནི་་་ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ དབྱེར་མེད་བདེ་ཆེན་བྱང་ཆུབ་སེམས༔ རྩ་བྲལ་འདོད་སྲེད་ཞེན་པ་དག༔ བདེ་ཆེན་མཉམ་སྦྱོར་རོལ་པའི་མཆོད་པར་བཞེས༔ ལྷན་སྐྱེས་བདེ་ཆེན་དངོས་གྲུབ་སྩོལ༔ ཛྙཱ་ན་དྷཱ་ཏུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བསྒྲལ་མཆོད་ནི་་་ཧཱུྃ༔ འགྲོ་དྲུག་སེམས་སུ་གསལ་བརྟགས་ནས༔ རྩ་བྲལ་སྐྱེ་མེད་ངང་ལས་འཁྲུལ་པའི་སེམས༔ འགག་མེད་ཡེ་ཤེས་རིག་པའི་རྩལ་གྱིས་བསྒྲལ༔ ང་བདག་རྩད་བཅད་བསྒྲལ་པའི་མཆོད་པ་འབུལ༔ སྐྱེ་མེད་རང་གྲོལ་ཆོས་སྐུའི་སིདྡྷི་སྩོལ༔ དུཿཁ་མཱ་ར་པཱུ་ཛ་ཧོ༔ ལོངས་སྤྱོད་རྒྱན་གྱི་མཆོད་པ་་་མཉམ་པའི་གྲུབ་རྫས་ཆེན་པོ་དག༔ བདག་དང་མཉམ་པའི་ཚོགས་ལ་དབུལ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན༔ དག་མཉམ་རྟོགས་པའི་མཆོད་པར་བཞེས༔ སྒོ་ལྔའི་ཞེན་འཛིན་དག་པའི་དངོས་གྲུབ་སྩོལ༔ རང་རིག་རྟོགས་པའི་མཆོད་པ་འབུལ༔ དབྱེར་མེད་དེ་རྟོགས་མཆོད་པའི་མཆོག༔ ཅེས་པས༔ གསང་མཆོད་་་ཆོས་སྐུ་རྣམ་དག་བླ་མ་དགོངས་སུ་གསོལ༔ སྣོད་བཅུད་རང་བྱུང་ཆོས་ཀྱི་དབྱིངས༔ མ་སྐྱེས་སྤྲོས་བྲལ་ངོ་བོ་ཉིད༔ རང་སྣང་མཉམ་ཉིད་རང་བཞིན་མཆོག༔ མ་འགག་རང་གསལ་མཚན་ཉིད་ཅན༔ གནས་ལུགས་སྐུ་གསུམ་དབྱེར་མེད་མཆོད་པ་འབུལ༔ སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས༔ བསྟོད་པ་སྟེ་གླུ་ཡེ་ཤེས་སོ་་་ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རང་བཞིན་རྣམ་དག་ལས༔ མ་སྐྱེས་མི་འགག་མཁའ་ལ་འཇའ་ཚོན་ལྟར༔ ཡེ་ཤེས་སྐུར་སྣང་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་བླ་མ་མཆོག་ལ་ཕྱག་འཚལ་བསྟོད༔ ཞིང་ཁམས་དཔག་མེད་ནམ་མཁའི་མཐའ་ཀླས་པར༔ གདུལ་བྱ་དཔག་མེད་མོས་པ་ཐ་དད་ཀྱི༔ བསམ་པའི་ཁྱད་པར་ཇི་བཞིན་དོན་མཛད་པ༔ རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་དབྱིངས་རྒྱ་མཚོ་རྒྱ་ཆེན་ཀློང་ཡངས་ལས༔ རྣམ་དག་སྐྱོན་བྲལ་དཔག་བསམ་པད་སྡོང་ལ༔ ཡེ་ཤེས་རང་གསལ་ཡིད་བཞིན་མཆོག་གི་སྐུ༔ མཚོ་སྐྱེས་རྡོ་རྗེ་པདྨ་མཆོག་ལ་བསྟོད༔ སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཅིར་ཡང་སྟོན༔ ལ་ལར་ཐུགས་རྗེ་རྣམ་དག་ཞི་བའི་སྐུར་བསྟན་ནས༔ གདུལ་བྱའི་ཚོགས་འདྲེན་ཐར་པའི་ས་ལ་ཕྱིན་པར་མཛད༔ འཇིག་རྟེན་ཆོས་བརྒྱད་ཉོན་མོངས་ཞི་བར་མཛད་ལ་ཕྱག་འཚལ་བསྟོད༔ ལ་ལར་སྐྱོན་བྲལ་ཡོན་ཏན་རྒྱས་པའི་སྐུར་བསྟན་ནས༔ ཐུགས་རྗེའི་སྟོབས་དང་སྨོན་ལམ་དཔག་ཏུ་མེད་པའི་མཐུས༔ རང་རང་རེ་འདོད་ཡོངས་རྫོགས་ཡིད་བཞིན་ནོར་བུའི་ཚུལ༔ ཚེ་འབྱོར་ཡེ་ཤེས་རྒྱས་པར་མཛད་ལ་ཕྱག་འཚལ་བསྟོད༔ ལ་ལར་དབང་སྒྱུར་དབང་མཛད་དབང་གི་སྐུར་བསྟན་ནས༔ ཐུགས་རྗེའི་དབང་གིས་གདུལ་བྱ་གདུག་པའི་ཚོགས་རྣམས་ཀུན༔ དབང་དུ་སྡུད་མཛད་ཕྲིན་ལས་ལྷུན་གྲུབ་དབང་གི་སྐུ༔ འཁོར་འདས་དབང་སྒྱུར་པདྨ་དབང་ལ་ཕྱག་འཚལ་བསྟོད༔ དུག་གསུམ་རགས་པས་འཁོར་བར་གདུག་པའི་བསམ་སྦྱོར་ཅན༔ ཁྲོ་བ་གདུལ་ཕྱིར་གཏུམ་དྲག་འཇིགས་པའི་སྐུར་བསྟན་ནས༔ གདུག་པ་ཚར་གཅོད་དུག་ལྔ་ང་བདག་རྩད་ནས་འབྱིན༔ བདུད་འདུལ་རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་ལྔ་རྫོགས་སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྐུ༔ འགྲོ་ལྔ་རྗེས་འཛིན་ཐར་པའི་ལམ་ལྔ་སྟོན་པར་མཛད༔ ཕྲིན་ལས་ཡོངས་རྫོགས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དོན་དམ་རྣམ་དག་མཁའ་དབྱིངས་ལ༔ རིག་པའི་ཡེ་ཤེས་རང་བྱུང་ཤུགས་ཀྱིས་འགྲོ༔ འབྱུང་ལྔ་རྣམ་དག་བདེ་ཆེན་ཡུམ་གྱི་ཚུལ༔ སྡེར་བཅས་མཁའ་འགྲོ་རྣམ་ལྔའི་ཚོགས་ལ་བསྟོད༔ རྒྱལ་བའི་འཁོར་སྐྱོང་བཀའ་ཡི་ཐ་ཚིག་ཅན༔ ཉམས་ཀྱི་དྲོད་ཉུལ་དམ་ཅན་གྲོགས་མཛད་ཅིང༔ དམ་ཚིག་ཉམས་པའི་གཤེད་མ་དྲེགས་པའི་ཚོགས༔ བཀའ་ཉན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ རང་གི་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་འཕགས་པའི་ཐུགས་དམ་བསྐུལ༔ ཐམས་ཅད་གསང་སྔགས་སྒྲར་ལྡན་པས༔ འགྲོ་ཀུན་བདེ་ལ་འགོད་པའི་བློས༔ གསང་སྔགས་དག་ཅིང་གསལ་བར་བཟླ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་། ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཧཱུྃ་ཛ༔་་་རྩ་བའི་བསྙེན་པ་ཤམ་བུ་དང་བཅས་པའོ། །ཨོཾ་ཨཱཿཧཱུྃ༔ བུདྡྷ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ཨཱ་ཡུཿཛྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ཨ་ནྲྀ་ཏྲི་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཨོཾ་ཨཱཿཧཱུྃ༔ ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ཀརྨ་སིདྡྷི་ཧཱུྃ་ཧཱུྃ༔ ལས་ལ་སྦྱོར་ཚུལ་རིམ་པར་བཟླ༔ རྟགས་དང་སྦྱར་ལ་དངོས་གྲུབ་བླང༔་་་མཆོག་སྒྲུབ་པ་ལ་རྩ་བའི་བསྙེན་པ་འབུམ་ཕྲག་བཅུ་གཅིག་ལ་སོགས་བཟླ། དེ་ནས་ཤམ་བུ་བཏགས་ཏེ་མཁའ་འགྲོ་བསྒྲུབ། དེ་ལ་རྟགས་མཚན་གྲུབ་པར་མངོན་པ་དང་དངོས་གྲུབ་བླང་། དེ་ནས་ལས་བཞིའི་བསྙེན་པ་རིམ་པར་འབུམ་ཕྲག་རེ་བཟླ། དེ་ནས་གང་དགོས་འགྲུབ་བོ། །ཚེས་བཅུ་ལ་སོགས་ཚོགས་འཁོར་རྒྱས་པར་བྱེད་པར་འདོད་པས།་་་སྐལ་ལྡན་ཕོ་མོའི་ཚོགས་འདུས་ལ༔ ཚོགས་ཀྱི་མཆོད་པ་རྒྱ་ཆེར་བཤམ༔ སྦྱང་སྤེལ་བསྒྱུར་ནས་བདུད་རྩི་ལ༔ འདོད་ཡོན་ལྔ་ཡི་སྤྲིན་འཕྲོ་བསམ༔ ལྷ་དང་རིག་འཛིན་མཁའ་འགྲོའི་ཚོགས༔ གུས་པས་སྤྱན་དྲངས་དད་པས་མཆོད༔་་་ཅེས་པས། ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱ་བ་ནི། ཚོགས་ཁང་དུ་སྐལ་ལྡན་ཡོ་བྱད་དང་བཅས་པ་འདུས་ཏེ། སྐལ་པ་དང་མི་ལྡན་པ་ཕྱིར་དབྱུང་ཞིང༔ སྐལ་ལྡན་དམ་ལ་བཞག་སྟེ༔ ཧཱུྃ༔ རྡོ་རྗེ་འདུ་བར་འདུས་པ་ཡི༔ ཐེག་མཆོག་དམ་པའི་རིགས་ཅན་རྣམས༔ བླ་འོག་རིམ་པ་ཇི་བཞིན་དུ༔ རྡོ་རྗེ་གསང་བའི་གྲལ་འཁོད་དེ༔ རིགས་མ་ཡིན་པར་རིགས་མི་འགྱུར༔ རིགས་ཅན་རྣམས་ཀྱི་དམ་ཚིག་ནི༔ རིགས་མེད་པ་ལ་འབབ་མི་འགྱུར༔ དེ་ལས་འདས་ན་དེ་བརླག་བྱེད༔ དེ་ལས་སྐལ་ལྡན་ཚོགས་འཁོད་ལ༔ དམ་མེད་པ་རྣམས་ཕྱིར་དེངས་ཤིག༔ ས་མ་ཡ༔ ས་མ་ཡ༔ དམ་མེད་ཨུཙྪ་ཏ་ཡ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟེང་ཡང་ཧཱུྃ་གི་རང་བཞིན་ལ༔ འོག་ཀྱང་ཧཱུྃ་གི་རང་བཞིན་ནོ༔ ཕྱོགས་མཚམས་ཧཱུྃ་གི་རང་བཞིན་ལས༔ སྟེང་ཡང་དཔའ་བོ་དཔའ་མོས་གང༔ འོག་ཀྱང་དཔའ་བོ་དཔའ་མོས་གང༔ ཕྱོགས་མཚམས་དཔའ་བོ་དཔའ་མོས་ཁེངས༔ དཔའ་བོ་དཔའ་མོའི་རང་བཞིན་ལ༔ བར་ཆད་བགེགས་ཀྱི་མིང་ཡང་མེད༔ དཔའ་བོ་དཔའ་མོའི་རོལ་མཚམས་ལས༔ འདས་ན་ཐལ་བར་བརླག་པར་འགྱུར༔ བར་ཆོད་བགེགས་སོགས་སྨོས་ཅི་དགོས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གླུར་བླང་ཞིང་མཚམས་བཅད༔ ཧཱུྃ༔ ཆོས་སྐུ་རྣམ་དག་སྐྱེ་བ་མེད་པ་ལ༔ ལོངས་སྐུ་འགག་མེད་འོད་དཔག་མེད་དུ་ཤར༔ སྣ་ཚོགས་སྤྲུལ་པ་མ་ཧཱ་གུ་རུའི་སྐུ༔ ཆེ་མཆོག་པདྨ་དཔལ་གྱི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་ཡིག་འབྲུའི་འཕྲོ་འདུ་ཡིས༔ ཚོགས་ཀྱི་ཞལ་ཟས་འདོད་པའི་ལོངས་སྤྱོད་རྣམས༔ མི་གཙང་དྲི་མ་ཉེས་པའི་སྐྱོན་རྣམས་ཀུན༔ བསྲེག་དང་གཏོར་དང་བག་ཆགས་སྦྱང་བར་བྱ༔ བཛྲ་ཛྭ་ལ་རཾ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་བི་ཤུདྡྷོ྅་ཧཾ༔ ཧཱུྃ༔ རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི༔ ཡཾ་རཾ་ཀཾ་དང་ཨ་ཡི་འཕྲོ་འདུ་ལས༔ རླུང་མེ་ཐོད་སྒྱེད་བྷནྡྷའི་ནང་དུ་ནི༔ བཅུད་ཀྱི་སྙིང་པོ་ཡི་གེ་འབྲུ་གསུམ་བསམ༔ ཧཱུྃ༔ བྷནྡྷ་མཚན་ལྡན་རིན་ཆེན་སྣོད་ནང་དུ༔ ཨོཾ་དང་ཨཱཿཧཱུྃ་ཡི་གེའི་འཕྲོ་འདུ་ལས༔ ཚོགས་ཀྱི་ཞལ་ཟས་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལས༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རུ༔ རྒྱལ་བའི་ཐུགས་དམ་བསྐང་ཕྱིར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ དེ་ནས་ཚོགས་རྟེན་སྤྱན་དྲངས་ཏེ༔ མོས་གུས་གདུང་བ་དྲག་པོས་འདི་སྐད་དོ༔ ཧཱུྃ༔ ནུབ་ཕྱོགས་ཨུ་རྒྱན་དུར་ཁྲོད་ཆེན་པོ་ནས༔ གནས་གསུམ་མཁའ་འགྲོ་སྤྲིན་ཚོགས་འདུས་པའི་དབྱིངས༔ ཆགས་བྲལ་པད་ཉི་རོ་ཡི་གདན་སྟེང་ནས༔ རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་རྩལ༔ དུས་ངན་སྙིགས་མའི་འགྲོ་བ་འདུལ་བ་དང༔ བདག་ཅག་རྗེས་འཇུག་ཐུགས་རྗེས་བཟུང་སླད་དུ༔ ཞལ་ཟས་ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ ཐུགས་རྗེ་རྫུ་འཕྲུལ་ལྡན་པའི་སྐུ་སྐྱོད་ལ༔ བྱིན་རླབས་དངོས་གྲུབ་འབེབ་ཕྱིར་གཤེགས་སུ་གསོལ༔ དགའ་བདེ་ཡེ་ཤེས་རྒྱུད་ལ་སྤོར་བའི་ཕྱིར༔ ཕག་མོ་ཡུམ་གྱི་ཚོགས་བཅས་གཤེགས་སུ་གསོལ༔ ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ་པའི་ཕྱིར༔ རྡོ་རྗེ་མཁའ་འགྲོའི་ཚོགས་བཅས་གཤེགས༴ རྒྱས་པས་འབྱོར་དྲུག་ཡེ་ཤེས་སྤེལ་བའི་ཕྱིར༔ རིན་ཆེན་ཌཱ་ཀིའི་ཚོགས་བཅས་གཤེགས༴ དབང་མཆོག་མོས་པ་བཞི་དང་ལྡན་པའི་ཕྱིར༔ པདྨ་ཌཱ་ཀིའི་ཚོགས་བཅས་གཤེགས༴ དྲག་པོས་མངོན་སྤྱོད་ལས་རྣམས་སྒྲུབ་པའི་ཕྱིར༔ ལས་ཀྱི་ཌཱ་ཀིའི་ཚོགས་གཤེགས༴ ཕྲིན་ལས་སྣ་ཚོགས་ལས་རྣམས་སྒྲུབ་པའི་ཕྱིར༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་གཤེགས༴ བསྟན་པ་བསྲུང་ཞིང་བར་ཆད་བསྒྲལ་བའི་ཕྱིར༔ བཀའ་སྲུང་ཆོས་སྐྱོང་ཚོགས་བཅས་གཤེགས་སུ་གསོལ༔ གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནཱི་ཨེ་ཨཱ་རལླི་ཕེཾ་ཕེཾ༔ ཧཱུྃ༔ ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ ཉི་ཟླ་པདྨ་བམ་ཆེན་གདན་སྟེང་དུ༔ འཕན་གདུགས་བླ་བྲེ་ཁྲི་ཡོལ་རྒྱན་དུ་བྲེས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་གཅལ་དུ་བཀྲམ༔ ཡིད་འོང་སྐལ་ལྡན་འདུས་པའི་ཕོ་བྲང་འདིར༔ ཆེ་མཆོག་པདྨ་མཁའ་འགྲོའི་ཚོགས་དང་བཅས༔ རྔམ་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ གུ་རུ་པདྨ་དེ་བ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ མཐའ་ཡས་སྤྲུལ་སྐུ་སྐྱེ་འགྲོ་ཡོངས་ཀྱི་མགོན༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དབང་བསྐུར་བྱིན་བརླབས་པདྨ་ཐོད་ཕྲེང་རྩལ༔ ཡོན་ཏན་གྲངས་མེད་ཆེ་མཆོག་ཧེ་རུ་ཀ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ དེ་ལ་མཆོད་གཏོར་ཚོགས་འབུལ་བ༔ བསྡུས་པ་བྱེད་ན་འདི་ཁོ་ནས་སོ་་་་དགོངས་སམ་རྡོརྗེ་སློབ་དཔོན་རྣམས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འདིར་བྱོན་ཚོགས་དང་གཏོར་མ་འབུལ༔ བྱིན་གྱིས་རློབ་ཅིང་བཞེས་སུ་གསོལ༔ དགོངས་སམ་མ་མོ་མཁའ་འགྲོ་རྣམས༔ ལས་དང་ཡེ་ཤེས་གྲུབ་པ་མོ༔ འདིར་བྱོན་ཚོགས་དང་གཏོར་མ་འབུལ༔ བྱིན་གྱིས་རློབ་ཅིང་བཞེས་སུ་གསོལ༔ དགོངས་སམ་རིག་འཛིན་སློབ་དཔོན་རྣམས༔ གདུང་བ་དྲག་པོས་བདག་འབོད་ན༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ འདིར་བྱོན་རྒྱན་གྱི་མཆོད་པ་འབུལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་འཇིག་རྟེན་གཏོར་མ་བཤམས༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རི་རྒྱལ་ལྷུན་པོ་བས་ཀྱང་མཐོ་ཞིང་བརྗིད༔ མ་མོའི་གཏོར་མ་པདྨས་བསྐོར་བ་འདི༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ བདུད་རྩི་ཆང་གི་མཆོད་པ་སྦྲེང་བ་འདི༔ ལྷ་ཡི་ཞལ་ཟས་བས་ཀྱང་རོ་རེ་བདའ༔ རཀྟ་དམར་གྱི་ཨརྒྷཾ་བསྐྱིལ་བ་འདི༔ རྒྱ་མཚོའི་མཆིང་སྣམ་ལས་ཀྱང་གཏིང་རེ་ཟབ༔ དཀར་རྩི་དམར་རྩི་དྲི་ཆེན་དྲི་ཆུ་དང༔ ཤ་ཆེན་ལ་སོགས་བདུད་རྩི་རྣམ་པ་ལྔ༔ གླང་རྟ་བ་གླང་ཁྱི་ཤ་དང༔ མཆོག་ཆེན་མི་ལ་སོགས་ཏེ་ཤ་ཆེན་ལྔ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་སྟོང༔ མ་ཧཱ་ཙིཏྟ་ལ་སོགས་སྙིང་སྣ་སྟོང༔ མ་ཧཱ་རཀྟ་ལ་སོགས་ཁྲག་སྣ་སྟོང༔ དབང་པོ་ལྔ་དང་གོ་རོ་ཙ་ན་དང༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ ཤིང་ཏོག་མེ་ཏོག་འབྲུ་དང་སྨན་རྣམས་དང༔ མངར་དང་ཁུར་བ་ཐུག་པའི་བྱེ་བྲག་དང༔ མར་ཐུད་སྤྲི་ཁྲུམ་ཞོ་དང་འོ་མ་དང༔ རྩི་དང་ཙཱ་རུ་རྩི་ཆེན་གོ་སྙོད་དང༔ ལྒ་དང་ལན་ཚྭ་སྤོད་ཀྱི་བྱེ་བྲག་དང༔ རི་སྒོག་ལུང་སྒོག་ཤ་བལ་སྣ་ཚོགས་དང༔ རམ་བུ་རུག་པ་ཤ་མོ་སྣ་ཚོགས་དང༔ བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདི༔ ཏིང་འཛིན་དགོངས་བརྒྱུད་དག་པས་བྱིན་བརླབས་ནས༔ བདུད་རྩིར་སྦྱར་པའི་གཏོར་མ་ཆེན་པོ་འདི༔ དུས་གསུམ་བླ་མའི་ཚོགས་ལ་མཆོད་པར་འབུལ༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་གྱུར་ཅིག༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པར་འབུལ༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ དཔའ་བོ་དཔའ་མོ་རྣམས་ལ་མཆོད་པར་འབུལ༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ དུས་གསུམ་བདེ་གཤེགས་ཚོགས་ལ་མཆོད་པར་འབུལ༔ རིག་འཛིན་རྩལ་འཆང་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཅན་སྲུང་མའི་ཚོགས་ལ་མཆོད་པར་འབུལ༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་པཱུ་ཛ་བ་ལིནྟ་ག་ཎ་ཙཀྲ་ཨ་མྲྀཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཆེ་མཆོག་པདྨའི་ལྷ་ཚོགས་འཁོར་བཅས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ གཟུགས་ཀྱི་ལྷ་མོ་མེ་ལོང་འཛིན༔ སྤྱན་གྱི་མཆོད་པར་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོ་སྙན་པའི་རོལ་མོ་ཐོགས༔ སྙན་གྱི་མཆོད་པར་བཞེས་སུ་གསོལ༔ དྲི་ཡི་ལྷ་མོ་དྲི་ཞིམ་བདུག་སྤོས་ཐོགས༔ ཤངས་ཀྱི་མཆོད་པར་བཞེས་སུ་གསོལ༔ རོ་ཡི་ལྷ་མོ་ཞིམ་པའི་ཞལ་ཟས་འཛིན༔ ལྗགས་ཀྱི་མཆོད་པར་བཞེས་སུ་གསོལ༔ རེག་བྱའི་ལྷ་མོ་བདེ་འཇམ་ན་བཟའ་འཛིན༔ སྐུ་ཡི་མཆོད་པར་བཞེས་སུ་གསོལ༔ ཆོས་ཀྱི་ལྷ་མོ་བདེ་སྟོང་ཆོས་འབྱུང་འཛིན༔ ཐུགས་ཀྱི་མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཱུ་ཛ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔ རྣལ་འབྱོར་དབང་ཕྱུག་རྡོ་རྗེ་ཧེ་རུ་ཀས༔ བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས༔ ཐ་མ་ལུས་འདི་བླངས་པ་ཡན་ཆད་དུ༔ ཉོན་མོངས་རྣམ་རྟོག་འཁྲུལ་པའི་དབང་གྱུར་པས༔ ལུས་ངག་ཡིད་གསུམ་མི་དགེ་ཅི་བགྱིས་པ༔ རྒྱལ་བའི་སྐུ་གསུང་ཐུགས་དང་འགལ་བ་རྣམས༔ ཚོགས་ཀྱི་མཆོད་པ་འདི་ལ་བརྟེན་ནས་ནི༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཐུགས་རྗེ་བརྩེ་བས་ཚངས་པ་ཡར་བཞེས་ལ༔ ཡེ་ཤེས་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ས་མ་ཡ༔ ཨ་ཨ་ཨ༔ ཐ་མ་ལིང་གར་དགུག་གཞུག་བསྒྲལ་བྱས་ཏེ༔ ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་སྐུ་བཞེངས་ལ༔ རྔམས་བརྗིད་རབ་ཏུ་དགྱེས་པའི་ཞལ་ཕྱེས་ཤིག༔ གྲུ་གསུམ་བྷནྡྷ་འབར་བའི་སྣོད་ནང་དུ༔ བར་ཆད་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་འདི༔ ཆེ་མཆོག་པདྨའི་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་བཛྲ་ཨཱ་རལླི༔ གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ༔ འདོད་ཆགས་ཁྲག་ལ་ཧུབ་ཧུབ་དགྱེས་པར་རོལ༔ ཞེ་སྡང་རུས་ལ་ཁྲུམ་ཁྲུམ་དགྱེས་པར་རོལ༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི༔ དབང་དྲག་པདྨའི་ཞལ་གྱིས་བཞེས་ནས་ཀྱང༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ༔ ཀིཾ་ནི་རི་ཏི་ཁཱ་ཧི༔ ཚོགས་ཀྱི་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔ སྙིགས་མ་ལྔ་ལྡན་དུས་ཀྱི་ཐ་མ་འདིར༔ འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་རྣམས༔ ཁྱེད་ལ་སྐྱབས་གསོལ་ཡུན་གྱི་མགོན་བགྱིད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་ནས་ཀྱང༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན༔ ཚོགས་ཀྱི་ཞལ་ཟས་འདི་ལ་ཆར་ལྟར་ཕོབ༔ དུས་འདི་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་བ་མེད་པ་སྐུ་ཡི་དངོས་གྲུབ་སྩོལ༔ འགག་པ་མེད་པ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་པ་མེད་པ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ལྷུན་གྱིས་གྲུབ་པ་ཡོན་ཏནདངོས་གྲུབ་སྩོལ༔ ཐོགས་པ་མེད་པ་ཕྲིན་ལས་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་སྭཱ༔ དྷརྨ་སིདྡྷི་ཧྲཱི༔ ཀརྨ་སིདྡྷི་ཧཱ༔ ཞེས་པས་ཚོགས་ཀྱི་ཞལ་ཟས་དངོས་གྲུབ་ཆེན་པོར་བསམས་ཏེ༔ ཧོ༔ རྣམ་དག་ཆོས་ཉིད་ཀྱི་ངང་ནས༔ ཆོས་ཅན་སྣོད་བཅུད་འཁོར་འདས་ལྷ་དང་ལྷ་མོ་རིག་འཛིན་སྤྲུལ་པ་དང་བཅས་པར་བཞུགས་པ་རྣམས༔ དམིགས་པ་མེད་པའི་ཐུགས་རྗེས་འདུ་འབྲལ་མེད་པར་བདག་ལ་དགོངས་སུ་གསོལ༔ འདིར་རྣལ་འབྱོར་འདུས་པའི་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་རོལ་པར་སྣང་བ་རྣམས༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དམ་ཚིག༔ ཟག་པ་མེད་པའི་བདུད་རྩིར་སྦྱར་བ་འདི༔ རྒྱལ་བའི་སྐུ་རྣམ་པར་དག་པ་ལ་བཀྲེས་པ་མི་མངའ་ཡང༔ རྣལ་འབྱོར་མཆོག་གི་དམ་ཚིག་རང་བྱུང་དག་པའི་དོན༔ ཞེན་པ་མེད་པའི་ཚུལ་གྱིས་རེ་དོགས་མེད་པར་འབུལ་ན༔ གཉིས་སུ་མེད་པའི་ཚུལ་གྱིས་བླང་དོར་མེད་པར་བཞེས་ནས་རྣམ་དག་ཆོས་ཉིད་ཀྱི་དབྱིངས་སུ་ཡེ་ཤེས་རོལ་པའི་ལོངས་སྤྱོད་རང་ཐིམ་པར་མཛད་དུ་གསོལ༔ དེ་ལྟར་གྱུར་པའི་བྱིན་རླབས་ཀྱིས་ཚོགས་ཀྱི་གཞི་འཛིན་པའི་རྒྱལ་པོའམ་སྦྱིན་བདག་དང༔ ཚོགས་ཀྱི་ལས་རྫོགས་ཤིང་མཐར་ཕྱིན་པར་མཛད་པའི་རྡོ་རྗེ་སློབ་དཔོན༔ མཆེད་ལྕམ་དྲལ་རྣམས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉེས་ལྟུང་ཐམས་ཅད་ལས་གྲོལ་ཏེ༔ ཐེག་པ་ཆེན་པོའི་ལམ་མཐར་ཕྱིན་ནས་སངས་རྒྱས་པར་གྱུར་ཅིག༔ འདིར་ཡང་སྤང་བྱ་མི་འདོད་ཅིང་མི་མཐུན་པ་ཐམས་ཅད་མི་འབྱུང་ཞིང༔ བསྒྲུབ་པ་གསང་སྔགས་ཐེག་པ་ཆེན་པོའི་གྲོགས་དང་རྒྱུར་གྱུར་པ་རྣམས་མངོན་དུ་འགྱུར་བ་དང༔ རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ༔ དེས་མཚོན་ནས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང་གྲོགས་བླ་མ་དམ་པས་རྗེས་སུ་བཟུང་ནས༔ ཐེག་པ་ཆེན་པོའི་དོན་མངོན་དུ་བྱས་ནས་སངས་རྒྱས་པར་གྱུར་ཅིག༔ ཕྱི་རོལ་འབྱུང་བ་རྣམ་ལྔ་ལ༔་་་ས་ཆུ་མེ་རླུང་ནམ་མཁའ་ལྔ་པོ་མཁའ་འགྲོ་སྡེ་ལྔ་ཡིན་པས། འབོ་གཅོག་ཡུལ་སོགས་ཚོགས་སུ་མི་འགྲོ་བ་མེད་པས་གནད་ཞལ་ལས་ཞུས། མཁའ་འགྲོ་སྡེ་ལྔའི་ཀློང་ཡངས་སུ༔ རྩ་བ་གསུམ་བསམ་མཆོད་པར་འབུལ༔ ཁྱད་པར་མེ་ལ་མཆོད་སྦྱིན་བསྲེག༔་་་ཕྱིའི་སྦྱིན་སྲེག་གཞུང་བཞིན་གྲུབ་ཚར་བྱའོ། །ནང་དུ་བདེ་ཆེན་རོལ་པ་ཡི༔་་་ནང་གི་སྦྱིན་སྲེག་གསང་དབང་ལྟར་གཏུམ་མོ། །མཆོད་སྦྱིན་རྩ་ཁམས་ལྷ་ལ་དབུལ༔་་་ཤེས་རབ་ཡེ་ཤེས་ལྟར་ཐིག་ལེ་སྤེལ་སྦྱོང་ཤེས་པར་བྱའོ། །གསང་བ་ཆོས་དབྱིངས་སྐྱེ་མེད་ལ༔ རང་རིག་ཡེ་ཤེས་རང་གསལ་དབུལ༔་་་དབང་བཞི་པ་ལྟར། བསོད་ནམས་ཚོགས་ཆེན་རྫོགས་པར་འགྱུར༔ ཅེས་པ་ལྟར་ཚོགས་ལ་རོལ༔ རྡོ་རྗེའི་གླུ་ལ་སོགས་པ་གསང་སྔགས་ཀྱི་སྤྱོད་པ་ཇི་སྙེད་པ་བྱའོ། །དེ་ནས་མཆོད་བསྟོད་གསོལ་བ་གདབ༔ དངོས་གྲུབ་སྐུལ་ཞིང་བྱིན་རླབས་ཞུ༔་་་ཅེས་པས་དཀྱིལ་འཁོར་ལ་མཆོད་བསྟོད་གསོལ་འདེབས་བྱས་ལ་བྱིན་དབབ། བདག་འཇུག་གམ་སློབ་མ་རྗེས་སུ་འཛིན་ན་འདིར་བྱ། ཡིན་ནའང་འདིར་དངོས་གྲུབ་བསྐུལ་ལ། བདག་འཇུག་གི་ཚུལ་དུ་བྱིན་རླབས་ཞུ་ཞིང་དངོས་གྲུབ་བླང་སྟེ་་་གཏོར་མ་གུ་རུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་དབྱིག་ཏུ་བསམ༔ དེ་ལ་མཆོད་ཅིང་བསྟོད་པ་བྱ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་པའི་འཛབ་བྱ་གསོལ་བ་གདབ༔ རྒྱལ་བའི་ཐུགས་བསྐུལ་སིདྡྷི་བསྡུ༔ ཀུན་གྱི་བྱིན་རླབས་བཅུད་བསྡུས་བསམ༔ རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་ཅན༔ སྐུ་གསུང་ཐུགས་མཉམ་གཉིས་མེད་དངོས་གྲུབ་མཆོག༔ ཚེ་ཆོས་སྣ་ཚོགས་ཅི་འདོད་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཅེས་སོགས་གསོལ་བ་བཏབ་པ་ཡིས༔ རྩ་གསུམ་སྤྱི་བོར་བྱོན་ནས་ཀྱང༔ བྱིན་རླབས་དངོས་གྲུབ་སྩོལ་བར་བསམ༔ ཨོཾ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ ངག་ལ་ནུས་པ་དབྱུང་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡིད་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་པས་དབང་བཞི་བདག་གིས་བླང༔ ཨོཾ་ཨཱཿཧཱུྃ༔ སྐྱེ་མེད་སྐུ་ལ་འགག་མེད་གསུང༔ སྤྲོས་མེད་ཐུགས་ཀྱི་དངོས་གྲུབ་འདི༔ སུ་འདོད་སྦྱིན་གྱིས་ང་ལས་ལོངས༔ ད་ལྟ་ཉིད་དུ་ང་ལས་ལོངས༔ ཞེས་གསུངས་་་ལྷ་ཚོགས་་་དངོས་གྲུབ་གནང་བར་བསམ༔ བདག་དང་སློབ་མ་་་དགའ་བའི་མདངས་ལྡན་གུས་པ་ཡིས༔ གོང་ལྟར་ལ་རྗེས་འདོན་པ་བསྒྱུར་་་བདག་འདོད་དངོས་གྲུབ་བསྩལ་དུ་གསོལ༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཅེས་པས་དངོས་གྲུབ་བླང་བྱ་སྟེ༔ ཨ་ལ་ལ་ཧོ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ མཆེད་ལྕམ་རྣམས་་་་སློབ་དཔོན་ལ་ཞུས་པ་་་ལའང་དེ་བཞིན་དུ༔ ལན་གསུམ་བར་དུ་་་གོང་གི་་་དངོས་གྲུབ་་་སྐུ་གསུང་ཐུགས་ཀྱི་སིདྡྷིའི་རྟགས་སུ་་་སྦྱིན༔ ཧོ༔ བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ཀྱིས་ཨོ་རྒྱན་ཆེན་པོ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཨ་ལ་ལ་ཧོ༔ གཏོར་མ་ཆ་བཞིར་སྤྲོས་བྱས་ཏེ༔ ཚོ་གཅིག་དངོས་གྲུབ་རྫས་སུ་རོལ༔ ཚོ་གཅིག་སྦྱིན་སྲེག་མཆོད་སྦྱིན་བྱ༔་་་རྒྱས་བསྡུས་གང་རུང་བྱས་ཏེ་གཞུང་དུའོ། །ཚོ་གཅིག་མཁའ་འགྲོ་དམ་ཅན་བསྐང༔་་་རྒྱས་པར་བསྟོད་བསྐུལ་གཞུང་གཞན་བཞིན་བྱ། བསྡུས་པར་མོས་ན་སྔགས་ཀྱིས་དབུལ་ཏེ། ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི་པྲ་ཏཱི་ཛ་མ་ཧཱ་བ་ལིནྟ་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཕཊཿཁཱ་ཧི་ཞེས་སོ། །ཞེས་པ་དང༔ དེ་ནས་གཏོར་མ་དབུལ་ཞིང་ལྷག་མ་བཏང༔་་་ཞེས་པས་གཏོར་མར་ལྷག་ཕུད་ཕུལ་ཏེ་སྡེ་ལྔའི་མཁའ་འགྲོ་མཆོད། དེ་ནས་གཏོར་མ་ཤོད་དུ་ཕབ་ལ༔ བྷྲཱུྃ༔ ཨོཾ་ཨཱཿཧཱུྃ་ཞེས་པས་ལོངས་སྤྱོད་ལྔ་ལྡན་དུ་བྱིན་གྱིས་བརླབ་ཅིང་དབང་ཆེན་སྐུར་གསལ་བས༔ ཧྲཱི༔ པདྨ་རྒྱལ་པོའི་བཀའ་འཁོར་ན༔ གནས་པའི་བྲན་གཡོག་ཕོ་ཉའི་ཚོགས༔ མཁའ་འགྲོ་གིང་དང་ལང་ཀའི་ཚོགས༔ དབང་ཕྱུག་མཁའ་འགྲོ་ཕྲ་མེན་མ༔ ཤུགས་འགྲོ་མ་སྲིང་ཕོ་ཉའི་ཚོགས༔ ལྷག་མ་ཕུད་ཀྱི་བདག་པོ་རྣམས༔ ཐམས་ཅད་མ་ལུས་འདིར་འདུས་ཤིག༔ ཨོཾ་བཛྲ་ཨཱ་རལླི་ཧྲིང་ཧྲིང༔ བཛྲ་ཌཱ་ཀི་ནཱི་ཛཿཛ༔ ཞེས་པས་སྤྱན་དྲངས་མཆོད་པ་འབུལ༔ ཕྲིན་ལས་བཅོལ་ལ་ཐ་ཚིག་བརྗོད༔ ཅེས་པས། སློབ་དཔོན་པདྨའི་བཀའ་ཉན་ལྷག་མ་ལ་གཏོགས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་སྟོད༔ མི་ནུབ་པའི་རྒྱལ་མཚན་ཚུགས༔ སྡང་བའི་དགྲ་ཐུལ༔ གནོད་པའི་བགེགས་ཆོམས༔ ཞིང་བཅུ་ཐལ་བའི་རྡུལ་བཞིན་རློག༔ རྣལ་འབྱོར་པའི་འཁོར་སྲུངས༔ རྐྱེན་ངན་དང་བར་ཆོད་ཟློག༔ ཚེ་དང་དབང་ཕྱུག་སྤེལ༔ བདག་ཅག་གི་བསམ་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཞེས་སྨན་ཁྲག་བསྲེས་ལ་ཁ་ཕྲུ་གདབ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ པདྨ་འབྱུང་གནས་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ མ་དང་མཁའ་འགྲོ་ཚོགས་ཀྱི་བདག༔ ཐ་མར་ལྷག་མས་མི་མཆོད་དུ༔ བྲན་དང་ཕོ་ཉ་ལྷག་མའི་བདག༔ ལྷག་མ་ཁ་ཆུས་མི་བྲན་དུ༔ མ་སྲིང་དམ་ལས་འདས་ཀྱི་དོགས༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རུ༔ ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད༔ ལྷག་མ་རྟིང་ལ་མི་སྦྱིན་དུ༔ ལས་ཀྱི་མཐའ་རྣམས་ཁྱོད་ལ་འཚལ༔ ལྷག་མའི་མཆོད་པ་འདི་བཞེས་ལ༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དབང་ཆེན་པདྨའི་འཁོར་དུ་གཏོགས་པ་ཡི༔ ཕྱི་འཁོར་སྐྱོང་བའི་སྲུང་མ་ཐུགས་དམ་ཅན༔ དབང་ཕྱུག་མཁའ་འགྲོ་གིང་དང་ལང་ཀ་ཡི༔ ཕྲ་མེན་ཤུགས་འགྲོ་མ་སྲིང་ཕོ་ཉའི་ཚོགས༔ ལྷག་སྡུད་གཏོར་ལེན་གཤིན་རྗེ་སྲིན་པོ་རྣམས༔ འཇིགས་པའི་ལུས་ལ་རྔམ་པའི་ཆ་བྱད་ཅན༔ ཉེས་ལེགས་སྟང་འཛིན་དམ་ཚིག་རྗེས་གཅོད་མ༔ རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕ་འབབ་སྡུད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམ༔ རང་རང་སྲུང་མ་འཁོར་དང་བཅས་པ་རྣམས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཇི་ལྟར་དབང་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་སརྦ་ཌཱ་ཀི་ནཱི་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཆོད་དང་ཕྲིན་ལས་བཅོལ་བ་གོང་བཞིན་བྱའོ༔ དེ་ནས་གཏོར་མ་ཕྱིར་བཏེགས་ལ༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡི༔ སྤྱན་སྔར་དམ་བཅས་ཞལ་བཞེས་པའི༔ ལྷ་སྲིན་ཕོ་ཉ་དྲེགས་པའི་འཁོར༔ ཕོ་རྒྱུད་མོ་རྒྱུད་ལས་མཁན་ཚོགས༔ ཐ་ཚིག་བཞིན་དུ་དམ་ལ་འདུ༔ མཆོད་གཏོར་འདི་ལོངས་ཕྲིན་ལས་མཛོད༔ བྷྱོ༔ མཁའ་འགྲོ་འབུམ་སྡེ་ཉེ་རེ་རེ༔ ཞུབ་ཅན་སྟོང་སྡེ་སི་ལི་ལི༔ ཕོ་ཉ་གཏོར་ལེན་ཤ་ར་ར༔ ལ་ལ་གསེར་གྱི་སྐེད་ཆིངས་ཅན༔ ལ་ལ་གཡུ་ཡི་ལན་ཕྲན་ཅན༔ ལ་ལ་བྱེ་རུའི་འཕར་ཆག་ཅན༔ ལ་ལ་དངུལ་གྱི་སྐེ་རགས་ཅན༔ ལ་ལ་ཟངས་ཀྱི་ཐོད་གདེངས་ཅན༔ འདི་ལྟར་མ་ཚོགས་བསམ་ལས་འདས༔ ཕྱག་ན་གསེར་དངུལ་གཞོང་པ་བསྣམས༔ གཏོར་མ་བཏུད་ཅིང་བཏུད་ཅིང་ལེན༔ གཏོར་མ་འདི་ལོངས་ཕྲིན་ལས་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ དྲུང་དུ་ཁས་བླངས་དམ་བཅས་བཞིན༔ དགྲ་དང་བདུད་དཔུང་ཞི་བར་མཛོད༔ ཐུགས་དམ་བཞིན་དུ་གཏོར་མ་ལོངས༔ དུས་ལ་བབ་ཀྱི་ཕྲིན་ལས་མཛོད༔ ཅེས་པས་འབྱུང་པོ་ཡོངས་ཚིམས་བྱ༔་་་གོང་བཞིན་མཆོད་ལས་བཅོལ། ཚོ་གཅིག་མི་ཟད་གཏེར་དུ་སྦ༔་་་ཞེས་པས་དལ་གྱི་འོག་གམ། མ་སྒྱེད་འོག་ཏུ་ཏྲཱཾ་ལས་རཏྣར་བསམས་ལ་སྦ། མཁའ་འགྲོ་ལྔ་ཡི་མཁའ་དབྱིངས་སུ༔ དམ་རྫས་འདོད་ཡོན་རྣམ་པ་ལྔ༔ མི་ཟད་རིན་ཆེན་གཏེར་སྦས་པས༔ ཚེ་རབས་བསྐལ་པ་ཐམས་ཅད་དུ༔ ཟད་མེད་གཏེར་ལ་ལོངས་སྤྱོད་ཤོག༔ ཅེས་བརྗོད་ལ། གཏོར་སྣོད་ཁ་སྦུབ་དགྲ་བགེགས་བསྡུ༔ ཞབས་ཀྱིས་མནན་ཏེ་ཏིང་འཛིན་བསར༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ དགྲ་བགེགས་སྒྲོལ་མཛད་འཇིགས་པའི་སྐུ༔ ཉོན་མོངས་དགྲ་བགེགས་རྡུལ་དུ་རློག༔ ཞབས་ཀྱིས་བྲོ་བརྡུང་ཁྲིགས་སེ་ཁྲིག༔ ཆེ་མཆོག་རིགས་ལྔས་བྲོ་བརྡུང་པས༔ ནད་གདོན་བར་ཆད་ཞི་གྱུར་ཅིག༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ སྣང་སྲིད་དབང་དུ་འདུས་གྱུར་ཅིག༔ དགྲ་བགེགས་འབྱུང་པོ་བརླག་གྱུར་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམ་བྷ་ཡ་ནན༔ དཀྱིལ་འཁོར་ལྷ་ལ་མཆོད་བསྟོད་བྱ༔ པདྨ་འབྱུང་གནས་འཁོར་བཅས་ལ༔ མ་རིག་ནོངས་གྱུར་བཟོད་པར་གསོལ༔ བག་མེད་ཉོན་མོངས་བཟོད་པར་གསོལ༔ ལྷག་ཆད་འགལ་འཁྲུལ་བཟོད་པར་གསོལ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན༔ ཚངས་པ་ཆེན་པོའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ ཨོཾ༔ སྐུ་གསུང་ཐུགས་རྫོགས་པདྨ་རྒྱལ་པོ་སྟེ༔ རིག་འཛིན་ཆེ་མཆོག་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་སྤྲུལ་པར་བཅས༔ ལྷག་པའི་ལྷ་མཆོག་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དངོས་གྲུབ་ཀུན་སྟེར་དཔའ་བོ་མཁའ་འགྲོའི་ཚོགས༔ བསམ་པ་ཀུན་འགྲུབ་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཕུན་ཚོགས་བདེ་ཆེན་ལྷུན་གྲུབ་བཀྲ་ཤིས་ཤོག༔ བདེ་ལེགས་ཆོས་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ བདག་གི་དགེ་བའི་རྩ་བ་འདིས༔ མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ རིག་འཛིན་རྣམ་བཞི་མཐར་ཕྱིན་ནས༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ཡེ་ཤེས་པ་རྟེན་ཡོད་ན་དེ་ལ་བསྟིམ་མེད་ན་གཤེགས་སུ་གསོལ་ཏེ་དམ་ཚིག་པ་བདག་ལ་བསྡུའོ་་་་ཨོཾ༔ ཐུགས་རྗེའི་བདག་པོ་གུ་རུ་རྗེ༔ སེམས་ཅན་དོན་མཛད་བདེ་ལ་བཀོད༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ ཨོཾ་གུ་རུ་དྷུ་ཀི་ནཱི་བཛྲ་མུ༔ དམིགས་མེད་བློ་བྲལ་ངང་ལ་བཞག༔ ལས་ཀྱི་ལྷ་རྟ་མགྲིན་ནམ་གཙོ་བོའི་ང་རྒྱལ་གྱིས་་་སྤྱོད་ལམ་ཡོངས་སུ་དགེ་ལ་འབད༔ ཕྱི་རབས་རྗེས་འཇུག་ལས་འཕྲོ་ཅན༔ སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ༔ བླ་མ་ཉིད་ལ་གསོལ་བཏབ་ནས༔ ནམ་མཁའི་སྙིང་པོ་བདག་གིས་བཀོད༔ ཡེ་ཤེས་མཚོ་རྒྱལ་ལ་སོགས་པའི༔ མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་བྱས༔ རྡོ་རྗེ་བདུད་འཇོམས་ལ་སོགས་པའི༔ སྔགས་འཆང་རྣམས་ཀྱིས་སྨོན་ལམ་བཏབ༔ གིང་ཆེན་རྣམ་བཞི་ལ་སོགས་པའི༔ བཀའ་ཉན་རྣམས་ཀྱིས་བསྲུང་བར་བྱས༔ མི་རྗེ་ཁྲི་སྲོང་ལ་སོགས་པའི༔ རྒྱལ་བློན་དད་པས་ཚོགས་འཁོར་བསྐོར༔ མ་འོངས་ཐ་མའི་དུས་ཀྱི་ཚེ༔ སྔགས་འཆང་སྦས་ཚུལ་དཔལ་མིང་ཅན༔ བསྟན་པའི་སྙིང་པོའི་སྐལ་པ་ཅན༔ ལས་ཅན་དེ་དང་འདི་འཕྲོད་ལ༔ བླ་མའི་བསྟན་པ་གསལ་བྱེད་ཤོག༔ ཅེས་པ་ལྟར་ཡི་གེར་བཀོད་ནས༔ གཅིག་ལ་སྟོད་དཔལ་མོར་རྒྱ་མཚོ་ཆེན་པོའི་ནུབ་ཏུ༔ ཡང་དག་དོན་གྱི་གཏེར་དུ་བསྩལ་ཏོ༔ སློབ་དཔོན་པདྨའི་ཕྲིན་ལས་ཡིད་བཞིན་ནོར་བུ་ཞེས་བྱ་བ༔ ཤིན་ཏུ་ཟབ་པའི་ལས་བྱང་འདི༔ ནམ་མཁའི་སྙིང་པོས་དཔལ་བསམ་ཡས་མཆིམས་ཕུར་བོད་ཀྱི་ཡི་གེར་བཀོད་ནས༔ ལ་སྟོད་དཔལ་མོའི་མཚོ་འགྲམ་དུ་གཏེར་དུ་སྦས་པའོ༔ ཐུགས་གཏེར་འདི་ཉིད་གྲུབ་ཐོབ་རིམ་པར་བྱོན་པའི་གནས། དཔལ་མང་པོ་བྱང་ཆུབ་གླིང་དུ་སྐྱེས་པའི་སྔགས་འཆང་དཔལ་རྒྱལ་མཚན་ཞེས་པའི་གཏེར་སྟོན་གྱིས་སྤྱན་དྲངས་ཏེ། དེ་ཉིད་ཤོག་སེར་ལས་བཤུ་བར་འཕགས་པ་དགེ་འདུན་དར་གྱིས་བསྐུལ་ཅིང་། བདག་རྐྱེན་བླ་མ་དམ་པ་ཤཱཀྱ་དཔལ་གྱིས་མཛད་ནས། ལྷོ་བོད་ཀྱི་མཚམས་གཉའ་ནམ་གྱི་དབེན་གནས་སུ་ཤོག་སེར་ལས་ཞུས་ཤིང་བརྡ་ཡིག་བཀའ་ཕྲེང་རྣམས་བོད་ཡིག་གསལ་བར་བྱས་ཤིང་། ཁ་འཕང་དཀྲུག་སྡེབ་རྣམས་བློ་དམན་འགའི་དོན་དུ་ཁྲིགས་མ་བཀླག་ཆོག་ཏུ་བསྡེབས་པའི་ནང་། རྒྱུད་བླ་སྒྲུབ་ལས་བྱང་རང་གི་དགོངས་པ་མིན་པ་རང་བཟོའི་ཚིག་མེད་པས་འགལ་འཁྲུལ་ཆེར་མེད་སྙམ་མོ། །གལ་ཏེ་བདག་བློ་རྨོངས་པས་འགལ་སྲིད་ན། བླ་མ་ཡི་དམ་ཆོས་བདག་མཁའ་འགྲོའི་སྤྱན་སྔར་བཤགས། འདིས་འགྲོ་བ་དཔག་ཏུ་མེད་པ། ལམ་ཟབ་རྡོ་རྗེ་ཐེག་པའི་ལམ་ནས་སྐུ་ལྔ་ཡེ་ཤེས་ལྔར་སངས་རྒྱས་ཏེ། ཐེག་ཆེན་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་གྱུར་ཅིག །ྈསརྦ་མངྒ་ལཾ།། །།
ཕྱག་རྡོར་སྟོབས་པོ་ཆེ་རྡོ་རྗེ་གཏུམ་པོའི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབ་ (Volume 28, Text 34)
ཕྱག་རྡོར་སྟོབས་པོ་ཆེ་རྡོ་རྗེ་གཏུམ་པོའི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་དུ། །བསྟན་པའི་བདག་པོ་ཐུབ་དབང་བཅོམ་ལྡན་འདས། །བྱང་སེམས་ལྷ་མིའི་རིག་འཛིན་རྣམས་ཀྱིས་བསྐོར། །བསྟན་པའི་མངའ་བདག་མཆོག་ལ་གསོལ་བ་འདེབས། །ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ན། །གསང་བའི་བདག་པོ་ཕྱག་རྡོར་སྟོབས་པོ་ཆེ། །གནོད་སྦྱིན་སྡེ་དཔོན་རིག་འཛིན་ཚོགས་ཀྱིས་བསྐོར། །རིག་སྔགས་བདག་པོའི་ཞབས་ལ་གསོལ་བ་འདེབས། །པདྨ་འོད་ཀྱི་ཕོ་བྲང་དམ་པ་རུ། །དྲེགས་པ་ཀུན་འདུལ་པདྨ་ཐོད་ཕྲེང་རྩལ། །དྷཱ་ཀི་རིག་འཛིན་གིང་ཆེན་ཚོགས་ཀྱིས་བསྐོར། །དྲག་རྩལ་མཐུ་སྟོབས་ཅན་ལ་གསོལ་བ་འདེབས། །རྡོ་རྗེ་གདན་མཚུངས་འཕྲུལ་སྣང་གཞལ་ཡས་སུ། །མངའ་བདག་ཡབ་སྲས་ཡེ་ཤེས་མཚོ་རྒྱལ་ལ། །རིག་འཛིན་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར། །སྨིན་གྲོལ་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་སྣང་རྩེའི་གཞལ་ཡས་སུ། །པདྨའི་གདུང་འཛིན་གར་གྱི་དབང་ཕྱུག་ལ། །དད་ལྡན་ཆོས་མཛད་འབྲེལ་ལྡན་ཚོགས་ཀྱིས་བསྐོར། །སྨིན་གྲོལ་དགའ་སྟོན་འགྱེད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་ཐུགས་རྗེའི་བྱིན་རླབས་ཀྱིས། །མི་མཇེད་ཁམས་འདིར་བཀྲ་ཤིས་བདེ་ལྡན་ཞིང་། །བར་ཆད་བགེགས་ཞི་སྐྱེད་རྫོགས་མཐར་ཕྱིན་ནས། །གསང་བའི་བདག་པོའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་སྤྲུལ་སྐུ་རིན་པོ་ཆེ་བདེ་ཆེན་གླིང་པས་བསྐུལ་བའི་ངོར་རྫོགས་ཆེན་པ་གར་གྱི་དབང་ཕྱུག་རྩལ་གྱིས་སྦྱར་བའོ། །མངྒ་ལཾ།། །།
དབང་ཆེན་འདུས་པ་རྟ་མགྲིན་ཡང་ཕྱུང་དམར་པོའི་སྐོང་བ་དབེན་རྩ་མ་་ (Volume 26, Text 34)
༄༅། །དབང་ཆེན་འདུས་པ་རྟ་མགྲིན་ཡང་ཕྱུང་དམར་པོའི་སྐོང་བ་དབེན་རྩ་མ་བཞུགས་སོ། ། ཧྲཱིཿ བདེ་སྟོང་ཟུང་འཇུག་གདོད་ནས་དག་པའི་དབྱིངས། །མ་རྟོགས་བདག་འཛིན་རུ་དྲ་རྣམ་གསུམ་སྡེ། །འདུལ་བྱེད་རྟོགས་པའི་ཡེ་ཤེས་རྟ་མཆོག་རྒྱལ། །དུས་གསུམ་རྒྱལ་བ་ཀུན་གྱིས་མངའ་གསོལ་ཅིང་། །དཔལ་ཆེན་ཁྲོ་རྒྱལ་རྣམས་ཀྱི་སྟོབས་འདུས་པ། །འཁོར་བཅས་བསྐང་བའི་གནས་འདིར་སྤྱན་འདྲེན་ན། །དབང་ཆེན་འབར་བའི་གར་གྱིས་གཤེགས་སུ་གསོལ། །དམ་ཚིག་དབང་གིས་དགྱེས་ཤིང་བརྟན་པར་བཞུགས། །ཧྲཱིཿ འདོད་ཆགས་བདེ་ཆེན་ཐབས་སུ་བསྒྲལ་བའི་ཕྱིར། །དཔལ་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་དམ་བསྐང་། །ཆགས་འཛིན་ཤེས་རབ་སྟོང་པར་སྦྱོར་བའི་ཕྱིར། །ཡུམ་ཆེན་པདྨ་གཟི་ལྡན་ཐུགས་དམ་བསྐང་། །དབྱིངས་དང་ཡེ་ཤེས་རོལ་པར་ཤར་བའི་ཕྱིར། །སྤྲུལ་པ་ཁྲ་ཐབས་ལྕམ་དྲལ་ཐུགས་དམ་བསྐང་། །ཉོན་མོངས་ཡེ་ཤེས་བཞི་རུ་དག་པའི་ཕྱིར། །རིགས་བཞིའི་དབང་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །ཚོགས་བརྒྱད་དབྱིངས་ཀྱི་ངང་དུ་བཞེངས་པའི་ཕྱིར། །ཟིལ་གནོན་ཡབ་ཡུམ་བརྒྱད་པོའི་ཐུགས་དམ་བསྐང་། །བདུད་བཞི་རྩད་གཅོད་ལས་བཞི་སྒྲུབ་པའི་ཕྱིར། །སྒོ་སྲུང་གདོང་ཅན་བཞི་ཡི་ཐུགས་དམ་བསྐང་། །རྟོག་ཚོགས་རྣམ་དག་ཡེ་ཤེས་ངང་དུ་རོལ། །དབང་ཆེན་བཀའ་སྡོད་ཚོགས་ཀྱི་ཐུགས་དམ་བསྐང་། །པདྨས་གཉེར་གཏད་རྣལ་འབྱོར་སྐྱོང་བའི་ཕྱིར། །གཏེར་སྲུང་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་། །ཧྲཱིཿ ཕྱི་མཆོད་དྲི་མེད་སྡོམ་པའི་ཉེར་སྤྱོད་ཀྱིས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །ནང་མཆོད་ཚད་མེད་ཕར་ཕྱིན་འདོད་ཡོན་གྱིས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །གསང་མཆོད་འཕོ་མེད་དམ་ཚིག་ཕྱག་རྒྱ་ཡིས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །ཡང་གསང་འཁོར་འདས་མཉམ་ཉིད་དགོངས་པ་ཡིས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུན་མོང་མཆོད་རྫས་དངོས་འབྱོར་ཡིད་ཀྱིས་སྤྲུལ། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། ཁྱད་པར་དམ་ཚིག་སྔགས་ཀྱི་སྦྱོར་བས་བསྒྲུབས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །ཐུན་མིན་རྟ་སྐད་ཐེངས་གསུམ་དགོངས་ཉམས་སྤར། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །རང་བབ་གཉུག་མའི་བསྐྱེད་རྫོགས་རྫོགས་པ་ཆེས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །རང་བྱུང་ཡེ་གྲོལ་ལྟ་སྒོམ་སྤྱོད་པ་ཡིས། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །མ་བཙལ་ལྷུན་གྲུབ་ཆོས་ཉིད་རོལ་པའི་རྒྱན། །དབང་ཆེན་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །ཀུན་རྫོབ་ཉེས་ལྟུང་གནོང་ཞིང་འགྱོད་པས་བཤགས། །དོན་དམ་སྐྱེ་མེད་ཀློང་དུ་སོར་ཆུད་ནས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་མཛོད། །ཕྱི་སྣོད་བདེ་ཆེན་འབར་བའི་གཞལ་ཡས་ཁང་། །ནང་བཅུད་དབང་ཆེན་རོལ་པའི་ཕྱག་རྒྱ་ཆེ། །ཉོན་མོངས་ཡེ་ཤེས་ངང་དུ་ཁ་བསྐངས་ནས། །པདྨོ་བཀོད་པའི་རྒྱན་དུ་ཡོངས་གྲུབ་ཤོག །སྐུ་དང་ཐིག་ལེ་ཡེ་ནས་བརྡལ་བ་ཆེ། །ལྷུན་རྫོགས་བདེ་ཆེན་དྲྭ་བའི་དཀྱིལ་འཁོར་དུ། །སྤང་བླང་མེད་པར་ཆམས་གཅིག་བྱང་ཆུབ་ནས། །མི་ཟད་རྒྱན་གྱི་འཁོར་ལོར་དབང་སྒྱུར་ཤོག །ཅེས་པའང་མཆིམས་ཕུ་གྲེ་གུ་དགེའུ་པདྨ་དབང་གི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་བགྱིས་པའི་ཚེ་གང་དྲན་ཐོལ་བྱུང་སྐད་ཅིག་མའི་རི་མོར་སྣང་བར་བྱེད་པ་པོ་པདྨ་གར་དབང་བློ་གྲོས་མཐའ་ཡས་སོ། །དགེ་ལེགས་འཕེལ།། །།
བརྡའ་དོན་ལམ་ཟབ་པདྨའི་སྙིང་གཏམ་བླ་མའི་རྣལ་འབྱོར་བཅས་ (Volume 5, Text 34)
༄༅། །བརྡའ་དོན་ལམ་ཟབ་པདྨའི་སྙིང་གཏམ་བླ་མའི་རྣལ་འབྱོར་བཅས་བཞུགས་སོ། ། ཟབ་ལམ་རིག་འཛིན་ཐུགས་ཀྱི་ཆུ་གཏེར་ལ། །དག་སྣང་དྲི་མེད་ཟླ་བཞིན་ཤར་བའི་ནང་། །སྣང་བརྙན་ཇི་ལྟའི་པདྨ་འབྱུང་གནས་དེས། །མངོན་སུམ་བཀའ་བསྩལ་ལམ་བཟང་འདི་བཤད་དོ། །འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོག་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རྒྱུ་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་མཆོག་ཏུ་གྱུར་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉན་ཏེ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་གསན་འཚལ། དེ་ཡང་སྣོད་དུག་ཅན་ཁ་སྦུབ་ཞབས་རྡོལ་གྱི་དཔེའི་སྐྱོན་གསུམ་དང་དྲི་མ་དྲུག་སྟེ། མདོ་ལས། དགེ་སློང་དག་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བསྟན་པར་བགྱིའོ། །ཞེས་སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ་ལྟར། ལེགས་པར་ཉོན་གྱི་སྒྲས་སྣོད་དུག་ཅན་དང་། རབ་ཏུས་ཁ་སྦུབ་དང་ཡིད་ལ་ཟུངས་ཤིག་གིས་ཞབས་རྡོལ་གསུམ་གྱི་སྐྱོན་གསུམ་དང་། རྣམ་བཤད་རིགས་པ་ལས། །ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་སྡུད་དང་། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པ་ལྟར། སྤང་བྱར་འོས་པ་རྣམས་དོར་ནས། སྟོན་པ་ཆོས་འཁོར་གནས་དུས་ཏེ། སྔོན་བྱུང་ཕུན་སུམ་ཚོགས་པ་ལྔ་ལྡན་རྗེས་སུ་དྲན་པ་གསལ་བཏབ་ནས་གསན་པར་ཞུ། གསན་བྱའི་ཆོས་ཀྱི་ངོ་བོ་འདི་ཉིད་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། རྒྱུད་ཨ་ཏི་བཀོད་པ་ཆེན་པོ་ལས། གང་གིས་ལྷ་སྐུ་འབུམ་ཕྲག་སྒོམ་པ་བས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གི་ཆར་མི་འགྲོ །བསྙེན་སྒྲུབ་ལས་སྦྱོར་ས་ཡ་དུང་ཕྱུར་བས། །བླ་མའི་གསོལ་འདེབས་ཚིག་གསུམ་བརྗོད་པ་ནི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་དོ། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །གང་གིས་འདུ་འཛི་སྤངས་ནས་སྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་གཅིག་ཆར་འགྲུབ་པར་ངེས། །ཞེས་དང་། རིག་འཛིན་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་ལས། ངེས་དོན་སྟོན་པའི་བླ་མ་དེ༔ རང་ལ་སངས་རྒྱས་ཀུན་ལས་ལྷག༔ ཅེས་དང་། ཡང་དེ་ཉིད་ལས། གསང་སྔགས་ངེས་པའི་དོན་སྟོན་པའི༔ བླ་མ་སངས་རྒྱས་ཀུན་གྱི་དངོས༔ ཞེས་དང་། དེ་ཡང་རང་ལ་གསང་སྔགས་སྟོན་པའི་བླ་མ་དེ༔ སངས་རྒྱས་དངོས་སུ་ཤེས་པས་གསོལ་བ་ཐོབ་ཅིག༔ གསུངས་པ་ལྟར་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པའི་ལམ་ཟབ་བཀའ་སྲོལ་མི་འདྲ་བ་མང་དུ་འབྱུང་ནའང་འདིར་ད་ལམ་སྐབས་སུ་བབས་པ། བདག་ཅག་གི་སྟོན་པ་ཟས་གཙང་གི་སྲས་སྐྱོབ་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྤྱན་སྔར་ལས་ཅན་དག་པའི་འཁོར་ལྔ་ལས། སྔགས་པ་རྡོ་རྗེ་བདུད་འཇོམས་དེ་ཉིད་བསམ་བཞིན་འགྲོ་བའི་དོན་དུ་བྱོན་པ་ཡང་། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་ལུང་གནས་བྱང་གསལ་བཀོད་ཅེས་དཔལ་བསམ་ཡས་སུ་བཀའ་བསྩལ་པ་ལས། འདི་ནས་ནུབ་བྱང་བྲག་ནག་རྩར། །རྡོ་རྗེ་བདུད་འཇོམས་ལས་འཕྲོས་ནས། །མངའ་རིས་རྒྱལ་པོ་སྐྱོབ་པར་འགྱུར། །ཞེས་དང་། ལྷ་སྲས་མུ་ཁྲི་བཙན་པོའི་སྐྱེ་སྤྲུལ་རི་ཁྲོད་པ་བཟང་པོ་གྲགས་པའི་གཏེར་ལུང་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་ལས། བྱང་ཕྱོགས་ཐོ་ཡོར་ནག་པོའི་ས་ཕྱོགས་སུ༔ རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ༔ ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང༔ ཞེས་དང་། ཡང་དེ་ཉིད་ཀྱི་ཕྱི་གཏེར་གསོལ་འདེབས་མཇུག་ལས། མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔ ང་ཡི་རྗེས་འཇུག་སྦས་པའི་རྣལ་འབྱོར་པ༔ འགྲོ་དོན་ཆེར་སྤྱོད་ལྷག་པར་ང་ལ་མོས༔ ཐེ་ཚོམ་ཆུང་ཞིང་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔ དེ་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང༔ ཞེས་དང་། དེ་ཉིད་ཀྱི་ནང་གསེས་ལྷ་སྲས་ཀྱི་ཞུས་ལེན་སྐབས་ལས། དུས་ངན་ཐ་མའི་མཐར་ཐུག་སླེབ་ཀ་རུ༔ རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔ ང་ཡི་གཏེར་འདོན་ཆོས་རྒྱལ་གདུང་རྒྱུད་སྐྱོབ༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ དུས་ངན་ཐ་མའི་སེམས་ཅན་ཟོག་པོས་འདུལ༔ དེ་ཡི་སྐྱོན་གྱིས་ལོག་ལྟའི་འདམ་ལ་ཚུད༔ ཆོས་དང་ཆོས་འདྲ་མི་ཕྱེད་ཐེ་ཚོམ་ཆེ༔ རི་བོ་བཀྲ་བཟང་འདབས་སུ་འབྱུང་བ་དེ༔ གསང་སྔགས་ཐེག་པ་ཆེན་པོའི་བཀའ་དང་མཐུན༔ དགེ་བའི་ཚུལ་སྤྱོད་སྦས་པའི་རྣལ་འབྱོར་པས༔ གུང་ཐང་རྒྱལ་པོ་རྗེ་འབངས་སྐྱོབ་པར་ངེས༔ ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔ ཞེས་ལུང་དང་མཐུན་པར་བྱོན་པའི་སྤྲུལ་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དེ་ཉིད་དགུང་ལོ་སུམ་ཅུ་པ་མེ་ཕོ་རྟ་ལ་ཟབ་གཏེར་རྣམས་སྤྱན་དྲངས་པ་ལས། སྙིང་པོར་གྱུར་པ་དྲག་པོ་ཐུགས་ཀྱི་སྒྲུབ་པའི་ཧཱུྃ་གི་ཕྲིན་ལས་སྐབས་ལས། ང་ཡི་རྗེས་འཇུག་རྣལ་འབྱོར་པ༔ གདམས་ངག་འདི་དང་འཕྲད་པའི་ཚེ༔ བརྩོན་འགྲུས་དྲག་པོས་བར་ཆད་སྤངས༔ ཉམས་ལེན་དྲག་པོས་དངོས་གྲུབ་ཐོབ༔ ཐེ་ཚོམ་སྤོངས་ལ་སྒྲུབ་པར་མཛོད༔ བུ་ཁྱོད་ཡི་དམ་འདི་ལ་མཛོད༔ བདག་དང་ཞལ་མཇལ་ལུང་སྟོན་ངེས༔ ཞེས་དང་། སྐུའི་སྐྱེས་རབས་སྒྲོན་མ་རྣམ་གསུམ་གྱི་ལུང་ལས་ཀྱང་། བརྡའ་དང་རྨི་ལམ་ཚུལ་དུ་ལན་གཅིག་མཇལ༔ ཞེས་ལུང་བསྟན་པ་ལྟར་ལྕགས་ཕོ་ཁྱི་ལོ་སུམ་ཅུ་རྩ་བཞི་པའི་སྟེང་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་འབྱུང་ཡང་འབྲུ་བཅུད་བསྡུ་བའི་སྐབས་སུ་བབ་པ་ན༔ གནས་ཆེན་བྱང་ཕྱོགས་རི་བོ་བཀྲ་བཟང་གི་གནས་སུ་ཐུགས་དམ་སྒྲུབ་པའི་བཅད་རྒྱ་དམ་པོ་ལ་བཞུགས་པའི་ཚེ། རྨི་ལམ་གྱི་ཚུལ་དུ་དག་པའི་སྣང་བར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་དང་ཞལ་མཇལ་ནས་ཉེ་བར་གདམས་པའི་ཟབ་ལམ་ཐུན་མོང་མ་ཡིན་པ་འདིའི་དོན་ཉམས་སུ་བཞེས་པར་བྱེད་པ་ལ། རྙེད་པར་དཀའ་བའི་དལ་བ་དང་འབྱོར་པས་བརྒྱན་པའི་ལུས་རྟེན་གྱི་མཆོག་ཐོབ་པ་དོན་ལྡན་དུ་བསྒྲུབ་པའི་ཕྱིར། ལས་དང་འབྲས་བུ་མི་སླུ་བའི་ཆོས་ཀྱི་མཚན་ཉིད། ཉེས་བཅས་འཁོར་བའི་སྣང་ཚུལ། བླ་མེད་ཐར་པའི་ཕན་ཡོན། རྙེད་དཀའ་དལ་འབྱོར་གྱི་ལུས་རྟེན། མི་རྟག་འཆི་བའི་སྡུག་བསྔལ་ལ་སོགས་པ་དྲན་པ་དང་ཤེས་བཞིན་བརྟེན་པས་ཡིད་ཉེ་བར་བསྐུལ་ནས། སྦྱོར་བ་སྐྱབས་སེམས་ཀྱི་དོན་དུ། ཧཱུྃ༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ༔ འོད་གསལ་ཆེན་པོའི་དགོངས་པ་ཅན༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ མི་འབྲལ་རྩེ་གཅིག་དགོངས་པ་ཅན༔ བྱིན་གྱིས་རློབ་ཅིང་བར་ཆད་སེལ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ བརྩེ་གདུང་བྱམས་པའི་དགོངས་པ་ཅན༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་དམ་བཅ་འོ༔ ཞེས་ལན་གསུམ་རྣམས་སྔོན་དུ་བགྱིས་ནས་སྐྱབས་ཡུལ་བདག་དང་ཚུལ་གསུམ་མི་དམིགས་པའི་ངང་དུ་ཅུང་ཞིག་ལྷོད་ཀློད། སླར་སྐད་ཅིག་གིས་རང་གི་ལུས་སྐུ་ཨ་འཐས་འཛིན་མེད་ཀྱི་སྤྱི་བོར་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་དང་རིག་འཛིན་སྔགས་འཆང་པདྨ་འབྱུང་གནས། རྣམ་པ་གདན་དྲི་མེད་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་གསལ་ལ་རྙོགས་པ་མེད་པ་གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ་ཅན་མཛེས་ཤིང་བརྗིད་ལྡན་ཡིད་དུ་འོང་བ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ། སྔགས་པའི་ཆ་ལུགས་མཐིང་ནག་དར་གྱི་གསང་གོས་ཕྱག་རྒྱའི་ཕུ་དུང་ཅན་གྱི་སྟེང་དུ། རབ་བྱུང་ཆ་ལུགས་ཆོས་གོས་དམར་པོ་གསེར་གྱི་པ་ཏྲ་རིས་གསོལ་བའི་ཕྱིར་རྒྱལ་པོའི་ཆ་ལུགས་ཟབ་ཆེན་གྱི་བེར་སྨུག་ལྷུབས་སེ་བ་གཡང་ལུགས་སུ་མནབས་ཤིང་། ཕྱག་གཡས་ཐབས་མཆོག་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པ་ཤེས་རབ་བདེ་ཆེན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་ཟུང་འཇུག་གི་བརྡར་འཛིན་པ། དབུ་ལ་པདྨའི་སྙན་ཞུ་འོད་འཁྱིལ་ལེ་མནབས་པ། བག་དྲོ་ཆིལ་ལེ་བ་ཞིག་བསྒོམས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་བའི་ཁ་དོག་དང་ལྡན་པ། ཀུན་འདུས་ཡིད་བཞིན་ནོར་བུ་དང་མཚུངས་པ་དེ་ལ་ཡིད་གཉིས་ཐེ་ཚོམ་མེད་པར་སྙན་པའི་གདུང་དབྱངས་དང་བཅས་པས་འདི་ལྟར་དུ་གསོལ་བཏབ་ཀྱིས་ཐུགས་རྒྱུད་བསྐུལ་ཏེ། ལྷ་སྲས་མུ་ཁྲི་བཙན་པོའི་ཞལ་ཆེམས་ལས། ང་ཡི་བུ་འབངས་དད་གུས་ལྡན་པ་རྣམས༔ བླ་མ་སྐུ་གསུམ་གྱི་གསོལ་འདེབས་དེ༔ སྐྱབས་བླ་མ་དྲན་དུས་སུ་གསོལ་བ་ཐོབ༔ ཅེས་གསུངས་པ་ལྟར། བླ་མ་སྐུ་གསུམ་གྱི་གསོལ་འདེབས་བྱའོ། །དེ་ལྟར་གདུང་ཤུགས་དང་ལྡན་པས་ཅི་ནུས་སུ་བགྱིས་པའི་མཐར་གུ་རུའི་སྐུའི་སྤྱི་གཙུག་ནས་འོད་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། རང་གི་སྤྱི་བོར་ཐིམ། བྱང་སེམས་བདུད་རྩིར་གྱུར། ཐོད་པ་གང་། ལུས་སྒྲིབ་དག །བུམ་དབང་ཐོབ། སྐུའི་བྱིན་རླབས་རྒྱུད་ལ་ཞུགས། དེ་བཞིན་མགྲིན་པ་ནས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ། བྱང་སེམས་སུ་གྱུར། མགྲིན་པར་གང་། ངག་སྒྲིབ་དག །གསང་དབང་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས། ཐུགས་ཀ་ནས་འོད་ཟེར་མཐིང་གའི་ཚོགས་དཔག་ཏུ་མེད་པ་བྱུང་། རང་གི་སྙིང་ཁར་ཐིམ། བྱང་སེམས་སུ་གྱུར། སྙིང་ཁ་གང་། ཡིད་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། ཚིག་དབང་ནི། རིག་འཛིན་མ་ཧཱ་གུ་རུའི་ཞལ་ནས་བཀའ་བསྩལ་བར་མོས་ཏེ། ཚིག་དོན་རྗེས་སུ་རྟོགས་པར་མཛོད་ཅིག །ཕྱི་ནང་གི་རྐྱེན་ཐམས་ཅད་འཁྲུལ་པ་ཡིན་པས་ཇི་ལྟར་སྣང་བ་སྤྲིན་དང་ན་བུན་ལྟ་བུར་ཤེས་པར་གྱིས། སྡུག་བསྔལ་གྱི་རྟོག་པ་བྱུང་ན་རེ་དོགས་ཀྱི་འཕྲང་བསྐྱུར་ལ། མ་བཅོས་པའི་ཤེས་པ་རང་ལུགས་སུ་ཆམ་མེར་ཞོག །གཡེངས་བྱེད་ཀྱི་རྐྱེན་མང་ན་བློ་ནང་དུ་ཁུག་ལ་བྱ་བྱེད་ཀྱི་འདོར་ལེན་སྤོངས། ཅི་ཤར་གྱིས་རིག་པ་མ་བསླད་པ་འཛིན་མེད་བྱུང་རྒྱལ་དུ་སྐྱོངས། རྐྱེན་སྣང་ཐེ་ཚོམ་གྱི་སེམས་ཀྱིས་རྒྱུད་དཀྲུགས་ཏེ་ཅི་ཡང་བྱེད་མི་ཤེས་པར་ཤེས་པ་རྫི་འཁོར་ན། རིག་པ་རང་ལུགས་ཀྱི་ངང་ནས་བླ་མ་ལ་གསོལ་བ་ཐོབ། རྗེས་སུ་ཤར་བའི་རྣམ་རྟོག་གིས་མ་བསླད་པ་དེ་སྒྲོ་འདོགས་གཅོད་པའི་སྙིང་གཏམ་ཡིན་ནོ། །གསུངས་པའི་ངོ་སྤྲོད་ཀྱི་དོན་དེ་ལ་ཉམས་ལེན་དགེ་སྦྱོར་གྱི་མཐིལ་དངོས་བྱ་ཞིང་། རྗེས་མཇུག་གི་བྱ་བ་མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ཉིད་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་ཞིག་དུ་ཧྲིལ་གྱུར་ནས་གསང་བ་དབང་གི་རྟགས་རྒྱ་རལ་པའི་ཐོར་ཅོག་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་ཉིད་དང་དབྱེར་མེད་པ་སྤྱི་བོའི་གཙུག་ཏུ་བླ་མའི་དྲན་པར་འབྲལ་མེད་དུ་བསྟེན་པའམ། རང་སེམས་གོང་དུ་རྡོ་རྗེ་ལ་བསྟིམས་ནས་དབྱེར་མེད་སྣང་ལ་རང་བཞིན་མ་གྲུབ་པ་གཞོམ་གཞིག་དང་བྲལ་བ་ཆོས་ཉིད་དོན་དམ་པ་མཁའ་ཁྱབ་ནམ་མཁའི་རྡོ་རྗེ་ཅན་སྣང་བཅས་རྫོགས་པའི་རིམ་པ་ལ་བཀའ་དྲིན་རྗེས་སུ་དྲན་པའི་གསོལ་བ་འདེབས་པར་སྤྲོ་ན། གུ་རུ་རཏྣ་སིདྡྷི་ཛ་ཡེ་ན་མ༔ གནས་ངོ་མཚར་བཀྲ་བཟང་རི་བོའི་རྩེར། །མགོན་སྔགས་འཆང་པདྨ་འབྱུང་གནས་དེས། །གནད་ཐབས་ཤེས་ལྡན་པའི་བརྡའ་སྤྲོད་ཀྱིས། །དོན་གསང་སྔགས་ཟབ་མོའི་སྙིང་ཐིག་བསྟན། །ཚུལ་དེ་ལྟར་བདག་རྒྱུད་བྱིན་གྱིས་རློབས། །གནས་ལྔ་ལྡན་འཇའ་འོད་གུར་ཁྱིམ་དུ། །ཆོས་བརྒྱད་ཁྲི་བཞི་སྟོང་ཀུན་འདུས་པ། །དེ་ཡི་གེར་མ་བསྟན་སྙིང་གི་གཏམ། །བཀའ་བསྩལ་བའི་མོད་ལས་ཅིག་ཆར་གྲོལ། །ཕ་རྒོད་ཀྱི་ལྡེམ་འཕྲུས་བྱིན་གྱིས་རློབས། །གནས་རིག་འཛིན་བྱིན་བརླབས་སྒྲུབ་ཁང་དུ། །ལུང་བསྟན་པ་ཇི་བཞིན་དུས་མཐར་བྱོན། །རྟགས་ངོ་མཚར་ཆེན་པོ་བཅོ་བརྒྱད་ལྡན། །ཡོངས་སྙན་བརྒྱུད་སྤྱོད་པའི་བཀའ་དྲིན་ཅན། །སྲས་རྣམ་རྒྱལ་མགོན་པོས་བྱིན་གྱིས་རློབས། །གནས་བདག་གིར་འཛིན་སྤངས་བླ་མའི་དྲུང་། །འཁོར་འདུས་པ་དང་པོའི་སྐལ་པ་ཅན། །སྣོད་སྙིང་ཐིག་གདམས་པའི་བུ་བདུན་གྱི། ཁྱེད་ཐུ་བོར་གྱུར་པའི་རིག་སྔགས་འཆང་། །དབོན་རྡོ་རྗེ་དཔལ་གྱིས་བྱིན་གྱིས་རློབས། །གནས་སྨོན་ལམ་དག་པ་སྤྲུལ་སྐུའི་དྲུང་། །གཏེར་ཟབ་ཡིག་སྒྱུར་བའི་འདུ་བྱེད་མཁན། །ལས་དག་པས་རིག་འཛིན་རྣམ་འགྱུར་གཟིགས། ཁྱེད་བཀའ་གཏད་ལུང་ཟིན་རིག་པ་འཛིན། །སྔགས་རྡོ་རྗེ་མགོན་པོས་བྱིན་གྱིས་རློབས། །གནས་རྒྱལ་གྱི་ཤྲཱིའི་བྱང་ལྗོངས་སུ། །སྲས་ཞང་དབོན་བཀའ་ལས་ཐོབ་པའི་དོན། །ཡུན་རིང་པོར་སྒོམ་སྒྲུབ་མཐར་ཕྱིན་ནས། །བུ་སྐལ་ལྡན་གདུལ་བྱ་ཐར་ལམ་བཀོད། །རྗེ་བཤེས་གཉེན་གང་དེས་བྱིན་གྱིས་རློབས། །གནས་རྡོ་རྗེ་ཕུར་པའི་གཞལ་ཡས་སུ། །ལམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ། །དུས་རྒྱུན་ཆད་མེད་པར་རབ་འབད་པས། །མཐར་འགྱུར་མེད་ཐིག་ལེའི་དེ་ཉིད་རྟོགས། །དབོན་ངག་དབང་གྲགས་པས་བྱིན་གྱིས་རློབས། །གནས་རི་རྒྱལ་ཤར་འདབས་སྒྲུབ་ཁང་དུ། །དཔལ་ཀུན་བཟང་དགོངས་པ་ཀློང་དུ་གྱུར། །རྟེན་པདྨའི་སྐུ་ལ་གྲུབ་མཚན་རྙེད། །སྲས་སྨོན་ལམ་ལས་འཕྲོའི་རྣམ་སྤྲུལ་པ། །རྗེ་སངས་རྒྱས་མཚན་གྱིས་བྱིན་གྱིས་རློབས། །གནས་ཀུན་གཟིགས་བྱང་ཕྱོགས་བདེ་གྲོལ་དུ། །རྫས་མཁོ་དགུས་དཔལ་ལྡན་བླ་མར་མཆོད། །བཀའ་ལུང་རྫོགས་ཐུགས་ཀྱི་སྲས་སུ་གྱུར། །བརྒྱུད་འཛིན་པའི་སྐྱེས་བུར་ལུང་གིས་བསྟན། །མེས་ནམ་མཁའི་མཚན་གྱིས་བྱིན་གྱིས་རློབས། །གནས་རིག་རྩལ་དབང་བསྐུར་ཆུ་བོ་རིར། །མ་ཁམས་གསུམ་འགྲོ་བ་འདྲེན་པའི་ཕྱིར། །ཐུགས་བརྩེ་ཆེན་མཆོག་གི་སྤྲུལ་པའི་སྐུ། །སྐྱབས་གཅིག་ཆོག་རིག་འཛིན་མངའ་རིས་པ། །ཕ་བདུད་འཇོམས་རྡོ་རྗེས་བྱིན་གྱིས་རློབས། །གནས་ཕ་ཡུལ་སྤངས་པའི་བདེ་ལྡན་དུ། །མགོན་དམ་པས་རྗེས་བཟུང་རིག་སྔགས་འཆང་། །ཉམས་གང་ཤར་སྒྱུ་མའི་རོལ་རྩེད་ཀྱིས། །དབྱིངས་ཟང་ཐལ་མ་བཅོས་ལྷུག་པར་སྟོན། །དཔལ་དབང་པོའི་སྡེ་ཡིས་བྱིན་གྱིས་རློབས། །གནས་ཐུབ་བསྟན་རྡོ་རྗེའི་བྲག་ཆེན་དུ། །མགོན་པདྨའི་ཟབ་གཏེར་བརྒྱ་རྩའི་ཆོས། །ལས་སྐལ་ལྡན་རེ་བ་ཡོངས་བསྐངས་ནས། །དཔལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་འཛིན། །རྗེ་ངག་གི་དབང་པོས་བྱིན་གྱིས་རློབས། །གནས་འགྲོ་མགོན་ཞང་གི་གདན་ས་ཆེར། །བཀའ་གསར་རྙིང་གདམས་པའི་བང་མཛོད་ཅན། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཛིན། །ཟུར་ཐམས་ཅད་མཁྱེན་པ་པདྨ་དབང་། །མགོན་ཀུན་དགའི་མཚན་གྱིས་བྱིན་གྱིས་རློབས། །གནས་དགའ་བ་ལྡན་པའི་ཕོ་བྲང་དུ། །ཆོས་སྣ་ཚོགས་སྤྲོས་པའི་འཁྲུལ་སྣང་ཀུན། །དབྱིངས་ཟང་ཐལ་རིག་པའི་རང་རྩལ་དུ། །ཡོངས་རྣམ་པར་གྲོལ་བའི་རིག་སྔགས་འཆང་། །དཔལ་དྲག་པོ་རྩལ་གྱིས་བྱིན་གྱིས་རློབས། །གནས་ཐུབ་བསྟན་ལྕོག་སྒར་ཆོས་གྲ་རུ། །མགོན་རིག་འཛིན་པདྨའི་ཕྲིན་ལས་པ། །ཆོས་བཀའ་གཏེར་གསར་རྙིང་གདམས་པས་ཕྱུག །ལམ་སྡོམ་པ་གསུམ་གྱི་གནད་གོམས་པ། །རྗེ་པདྨའི་མཚན་ཅན་བྱིན་གྱིས་རློབས། །གནས་ནུབ་དགོན་ཆོས་ཀྱི་གདན་ས་རུ། །ཆོས་བཀའ་གཏེར་གདམས་པའི་མཛོད་འཛིན་པ། །ཡོངས་འདོད་པ་འཇོ་བའི་ལྷག་བསམ་ཅན། །རྗེ་གཉགས་སྟོན་པདྨ་དབང་རྒྱལ་གྱིས། །བདག་མོས་པའི་བུ་ལ་བྱིན་གྱིས་རློབས། །གནས་ཕྱོགས་མེད་དག་པའི་ཞིང་ཁམས་སུ། །ཆོས་ཐེག་པ་ཆེན་པོའི་རྣལ་འབྱོར་པ། །ལམ་རིམ་པ་གཉིས་ཀྱི་གནད་ལ་སློབ། །དཔལ་གསང་བ་སྔགས་ཀྱི་གདམས་པས་ཕྱུག །རྗེ་རཏྣ་བྷ་དྲས་བྱིན་གྱིས་རློབས། །གནས་སྦས་པ་པདྨའི་ཚལ་ནང་དུ། །མགོན་ཡོངས་འཛིན་དུ་མའི་ཐུགས་ཀྱི་སྲས། །ཆོས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན། །རྒྱུད་ལྷག་བསམ་ལྡན་པའི་བྱ་བྲལ་བ། །རྗེ་རིགས་སྔགས་འཆང་དེས་བྱིན་གྱིས་རློབས། །གནས་རི་རྒྱལ་བཀྲ་བཟང་ཤར་འདབས་སུ། །རྗེ་རིག་འཛིན་མཆོག་དེའི་ཐུགས་ཀྱི་སྲས། །ཆོས་བཀའ་གཏེར་བདུད་རྩིས་ཐུགས་རྒྱུད་གང། །ལམ་ཉམས་སུ་ལེན་པའི་མོས་འདུན་ཅན། །རྗེ་པདྨ་དགའ་བས་བྱིན་གྱིས་རློབས། །གནས་འོད་གསལ་ཆོས་སྐུའི་ཕོ་བྲང་དུ། །རྗེ་པདྨ་དགའ་བའི་ཐུགས་ཀྱི་སྲས། །ཆོས་ཟབ་དགུས་སྐལ་ལྡན་ཐར་ལམ་འགོད། །རྒྱུད་སྨིན་ཅིང་གྲོལ་བའི་བཀའ་དྲིན་ཅན། །རྗེ་ཀུན་བཟང་འགྱུར་མེད་ཀྱིས་བྱིན་གྱིས་རློབས། ཁ་སྐོང་ནི། གནས་སྒྲོལ་ཕུག་གྲུབ་པའི་དགའ་ཚལ་དུ། །ཆོས་སྔ་འགྱུར་གདམས་ངག་བདུད་རྩིའི་བཅུད། །ཐུགས་རིན་ཆེན་བུམ་པར་ལེགས་བལྟམས་ནས། །ཡོངས་སྐལ་ལྡན་གསོས་སུ་སྩོལ་མཛད་པ། །རྗེ་ཆོས་ཀྱི་རྒྱལ་མཚན་གྱིས་བྱིན་གྱིས་རློབས། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །དཔལ་བཀའ་གཏེར་རྒྱ་མཚོའི་འཁོར་ལོས་སྒྱུར། །དོན་མཁས་ཤིང་གྲུབ་པའི་དགེ་མཚན་བརྙེས། །མཁའ་ཁྱབ་ཀྱི་ཕྲིན་ལས་སྐྱོང་བའི་མགོན། །རྗེ་འཇམ་དབྱངས་བླ་མས་བྱིན་གྱིས་རློབས། །གནས་སྤྱི་གཙུག་ཆུ་སྐྱེས་ཉི་ཟླའི་སྟེང་། །སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་པ། །མཚན་དྲན་པས་དངོས་གྲུབ་རྣམ་གཉིས་སྩོལ། །ཕ་རིགས་བརྒྱའི་ཁྱབ་བདག་ཀུན་ཏུ་བཟང་། །རྗེ་དྲིན་ཅན་བླ་མས་བྱིན་གྱིས་རློབས། །བློ་བཅོས་མིན་དད་དང་གདུང་ཤུགས་ཀྱིས། །འཕྲལ་སླུ་བྲིད་དབང་དུ་མ་ཤོར་བར། །ཚུལ་འཁོར་བར་འཁྱམས་ལ་སྐྱོ་བ་སྐྱེས། །ཡོང་ངེས་པའི་འཆི་བ་དྲན་བཞིན་དུ། །སྐྱབས་བླ་མ་བསྟེན་པར་བྱིན་གྱིས་རློབས། །རང་གཅེས་འཛིན་སྤངས་པའི་ཐེག་ཆེན་སེམས། །དེར་འཇུག་པས་ཉེར་བླང་སྒྲུབ་བྱའི་ལམ། །ཟབ་མཐར་ཐུག་བླ་མའི་རྣལ་འབྱོར་ལ། །ཡིད་ཐེ་ཚོམ་མེད་པར་ཉམས་སུ་ལེན། །བདག་འབྲལ་བ་མེད་པར་བྱིན་གྱིས་རློབས། །རབ་འབྱམས་སུ་སྣང་བ་དག་པའི་ཞིང་། །གཉིས་འཛིན་དང་བྲལ་བས་བར་ཆད་མེད། །སྤང་བླང་གིས་དབེན་པས་ཅི་བྱེད་བདེ། །འགྱུར་མེད་ཀྱི་སིདྡྷི་ལྷུན་གྱིས་གྲུབ། །ཨ་ལ་ལ་སྐལ་ལྡན་གྱི་དགྱེས་པ་སྐོང་། །ཞེས་སྙན་པའི་གདངས་ཀྱིས་བྱིན་དབབ་ཅིང་། རྗེས་ཐོབ་ཉམས་རྟོགས་ཀྱི་རྒྱུན་བསྐྱང་བ་དང་། བསྔོ་བ་དང་སྨོན་ལམ་བཀྲ་ཤིས་ཀྱི་མཐའ་རྟེན་དང་བཅས་པའི་ཐུགས་དམ་གྱི་རིམ་པས་ཡུན་དུ་འཚོ་ཞིང་དགེ་བར་མཛོད་ཅིག །ཡང་དག་མན་ངག་ལམ་མཆོག་འདི་ལྟ་བུ། །སྔོན་བྱོན་གོང་མ་རྣམས་ཀྱི་ཐུགས་ཀྱི་དབྱིག །གཞན་གྱི་ངོ་མཚར་མཆོག་ཙམ་རྟོགས་ན་ཡང་། །སྐལ་ལྡན་ཉམས་སུ་ལེན་ལ་གནད་ཀྱིས་དབེན། །དེའི་ཕྱིར་བརྒྱུད་ལྡན་བླ་མའི་གསུང་གི་རྒྱུན། །ཐབས་མཆོག་དབང་བཞིའི་རིམ་པ་ལ་བརྟེན་ནས། །སྙིང་གི་ཞལ་གདམས་ངོ་མཚར་དོན་གསལ་བ། །བརྡའ་དོན་ལམ་ཟབ་དངོས་གྲུབ་བྱིན་འབེབས་འདི། །གསང་ཆེན་རྒྱུད་སྡེའི་མངའ་བདག་རིག་འཛིན་རྗེ། །རྣམ་ཀུན་འབྲལ་བ་མེད་པར་རྟག་བསྟེན་པ། །སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། །ངག་དབང་བློ་མཚོར་འཕེལ་བའི་དང་པོར་བཀོད། །བཤད་ཐབས་ངག་འདོན་ཀུན་ཚང་རྒྱས་པ་སྟེ། །དེ་ལས་སེར་མས་ཕྱེ་བ་ཤིན་ཏུ་བསྡུས། །རྒྱ་ཚོས་ཀྱིས་ཕྱེ་སེར་མར་བསྣན་པ་འབྲིང་། །ཉམས་ལེན་སྐབས་ཀྱང་དེ་བཞིན་ཤེས་པར་བྱ། །ཤུ་བྷཾ།། །།
རྩ་གསུམ་དྲིལ་སྒྲུབ་ཀྱི་སྒྲུབ་ཐབས་ཕྲིན་ལས་སྨིན་བྱེད་རིག་པའི་རྩལ་དབང་རྗེས་གནང་དང་བཅས་པའི་ཡི་གེ་མཁའ་འགྲོའི་ཐུགས་ཀྱི་ཐིག་ལེ་ (Volume 4, Text 34)
༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་སྒྲུབ་ཐབས་ཕྲིན་ལས་སྨིན་བྱེད་རིག་པའི་རྩལ་དབང་རྗེས་གནང་དང་བཅས་པའི་ཡི་གེ་མཁའ་འགྲོའི་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། བྱིན་རླབས་དངོས་གྲུབ་ཕྲིན་ལས་འབྱུང་བའི་གནས། །རྩ་གསུམ་ཀུན་འདུས་རྗེ་བཙུན་ཐོད་ཕྲེང་རྩལ། །སྙིང་དབུས་བཀོད་ནས་ཁྱེར་བདེའི་སྒྲུབ་ཐབས་དང་། །རྩ་བ་ཡན་ལག་སྨིན་བྱེད་ཆུ་འབབས་བཀོད། །མཁས་གྲུབ་རིག་འཛིན་ཆེན་པོ་འཇམ་དབྱངས་བླ་མའི་གཏེར་བྱོན་རྩ་གསུམ་དྲིལ་སྒྲུབ་ཀྱི་ཉམས་ལེན་བྱ་བར་འདོད་པ་དག །གཞུང་ལས། སྐལ་བཟང་ལྷག་པའི་བསམ་པ་ཅན༔ རྩ་བ་གསུམ་གྱི་དབང་ཐོབ་པས༔ དབེན་ཞིང་ཡིད་དུ་འོང་བའི་གནས༔ སྒྲུབ་པའི་ཡོ་བྱད་འཚོགས་བགྱིས་ནས༔ མཐུན་བཞིར་ངོ་གཉིས་ཚེས་བརྒྱད་དམ༔ ཚེས་བཅུའི་གཟའ་སྐར་ཤིས་པའི་དུས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས༔ ཕྲིན་ལས་གཞུང་བསྲང་བླ་མ་བསྒྲུབ༔ ཟླ་བ་གསུམ་གྱི་སྦྱོར་བ་ཡིས༔ རིག་འཛིན་ཞལ་མཐོང་ལུང་བསྟན་ཐོབ༔ ཅེས་སྒྲུབ་པའི་གང་ཟག །སྒྲུབ་གནས། ཡོ་བྱད། སྒྲུབ་དུས། སྒྲུབ་ཐབས། དུས་ཀྱི་ཚད་བཅས་གསལ་བར་གསུངས་པ་ལྟར་ཤེས་པར་བྱས་ལ། སྒྲུབ་རྟེན་རྩ་གསུམ་གཏོར་མ། སྨན་རཀ །ཕྱི་མཆོད་སོགས་བཤམ། སྔོན་གཏོར། བཀའ་སྲུང་གཏོར་འབུལ། གཞན་ཡང་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱ། སྒྲུབ་ཐབས་དངོས་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། བརྒྱུད་པའི་གསོལ་འདེབས་ཉེ་བརྒྱུད་མ་ལྟ་བུ་སྔོན་དུ་བཏང་། རང་ཉིད་སྐད་ཅིག་གིས་རྩ་གསུམ་ཡོངས་འདུས་ཐོད་ཕྲེང་རྩལ་གྱི་སྐུར་གྱུར། བགེགས་གཏོར་བྲན། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛ༔ས་མགྲོན་འགུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ༔ ལན་གསུམ་གྱིས་བསྔོ། ཧཱུྃ༔ གནས་འདིར་འཁོད་པའི་བགེགས་ཚོགས་ཇི་སྙེད་ཀུན༔ ཟག་མེད་གཏོར་མའི་མཆོད་སྦྱིན་འདི་ལོངས་ལ༔ རིག་འཛིན་འདུས་པ་ཨོ་རྒྱན་ཆེན་པོ་ཡི༔ གསང་བ་སྤྱོད་པའི་གནས་འདིར་མ་འཚེ་བར༔ དཀར་ཕྱོགས་ལྷ་ཀླུ་འདིར་འཁོད་བར་ཆད་སྲུངས༔ ནག་ཕྱོགས་མི་མིན་འབྱུང་པོ་གཞན་དུ་དེངས༔ སརྦ་བྷཱུ་ཏ་གཙྪཿ ཞེས་དང་དྲག་སྔགས་བརྗོད་ལ་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་སྲུང་བའི་འཁོར་ལོ་ཆེན་པོས་ཀུན་ནས་བསྐོར་བར་གྱུར༔ ཧཱུྃ༔ རང་ཉིད་རིག་འཛིན་མཁའ་འགྲོ་འདུས་པའི་སྐུར༔ གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལས༔ བདུད་སྲིན་གཤིན་རྗེ་ཁྲོས་པ་ཁྲོ་བོའི་ཚོགས༔ གྲངས་མེད་ཕྱོགས་བཅུར་སྤྲོས་ནས་བགེགས་རྣམས་གཟིར༔ དེ་ཕྱིར་སྣ་ཚོགས་མཚོན་ཆ་འཁྲིགས་པའི་གུར༔ རབ་བརྟན་མེ་རླུང་ཆུ་ཡི་དཀྱིལ་འཁོར་རྒྱས༔ ཧཱུྃ་བཛྲ་ཀྲོ་ཏ་བི་ཤྭ་ཏཱིགྣ་ཙཀྲ་རཾ་ཡཾ་ཁཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ཞེས་སྲུང་འཁོར་བརྟན་པོར་བསྒོམ། དེ་ནས་སྐྱབས་འགྲོ་ནི། ན་མོ༔ རྩ་གསུམ་དབྱེར་མེད་རིག་འཛིན་སངས་རྒྱས་ཐུགས༔ སྐུ་གསུམ་ངོ་བོ་ཆེ་མཆོག་དམ་ཆོས་གསུང༔ སྐྱབས་གསུམ་ཀུན་འདུས་དམ་ཅན་དགེ་འདུན་སྐུ༔ གང་ལ་བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ ལན་གསུམ། སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་མཆོད་པ་བྱིན་རླབས་ནི། ཕྱི་མཆོད་རང་མིང་ལས་བྱུང་ལྷ་མོའི་ཚོགས༔ རབ་མཛེས་མཆོད་སྤྲིན་འཛིན་པས་མཁའ་ཁྱབ་ཅིང༔ ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་སྨན༔ དཔའ་བོ་འབྲུ་ལྔ་ཡོངས་གྱུར་བདེ་གཤེགས་ལྔ༔ ཡབ་ཡུམ་རྗེས་ཆགས་ཞུ་བས་འབྲུ་གསུམ་གྱུར༔ འོད་འཕྲོས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ དམ་ཚིག་བཅུད་ལ་གཉིས་མེད་ཐིམ་གྱུར་པས༔ གྲུབ་པའི་རྫས་མཆོག་ཡེ་ཤེས་བདུད་རྩིར་གྱུར༔ གཉིས་འཛིན་ལས་བྱུང་དགྲ་བགེགས་བསྒྲལ་པའི་ཁྲག༔ མཚན་ལྡན་པདྨའི་རྡུལ་དང་གཉིས་མེད་པས༔ གནས་གསུམ་རིག་འཛིན་མཁའ་འགྲོ་དབང་བྱེད་པའི༔ ཟག་མེད་འདོད་ཆགས་དག་པའི་བདུད་རྩིར་གྱུར༔ སྣང་སྲིད་སྣོད་མཆོག་མཚན་ལྡན་ཐོད་པའི་ནང༔ རོ་མཆོག་བཟའ་བཏུང་བཅུད་ཀྱིས་ཡོངས་གང་བའི༔ འབྲུ་གསུམ་ལས་བྱུང་ཟག་མེད་ལོངས་སྤྱོད་རྫས༔ འདོད་ཡོན་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ དུག་ལྔ་དུག་གསུམ་རྒྱུས་བསྐྱེད་སྒྲུབ་པའི་རྫས༔ དུར་ཁྲོད་ལས་བྱུང་མ་ཉམས་བམ་ཆེན་ཤ༔ སྐུ་གསུམ་ཡེ་ཤེས་ལྔ་བདག་བྱིན་བརླབས་པས༔ རོ་ལངས་གྲུབ་པའི་བཅུད་ལེན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ པུཥྤེ་ དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པཱུ་ཛ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་ཤྨ་ཤཱ་ན་པཱུ་ཛ་ཨཱཿཧཱུྃ༔ སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བརླབ་བོ། །གཉིས་པ་དངོས་གཞི་ལ་ཐོག་མར་དམ་ཚིག་པ་གསལ་གདབ་པ་ནི། ཨེ་མ་ཧོཿ སྐུ་གསུམ་དབྱེར་མེད་ཏིང་འཛིན་ལས་བྱུང་བའི༔ རང་བྱུང་ཡེ་ཤེས་རྣམ་པ་ཀུན་གྱི་མཆོག༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བ་ཡིས༔ མ་དག་སྣོད་བཅུད་སྦྱངས་ལ་གསོལ་བ་འདེབས༔ རྡོ་རྗེ་མེ་རླུང་འཁོར་ལོ་འབར་བའི་དབུས༔ རིན་ཆེན་ཁང་བརྩེགས་ཟག་མེད་མཆོད་སྤྲིན་གྱིས༔ ཀུན་ནས་མཛེས་པ་ཐར་པའི་གྲོང་ཁྱེར་མཆོག༔ ངོ་མཚར་གཞལ་ཡས་ཁང་ལ་གསོལ་བ་འདེབས༔ དེ་དབུས་ལྷ་རྫས་ལས་གྲུབ་རིན་ཆེན་ཁྲིར༔ པད་སྡོང་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཕྲིན་ལས་དབང་ཕྱུག་ཡེ་ཤེས་ལྔ་ལྡན་སྐུ༔ གུ་རུ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ སྐུ་མདོག་དཀར་གསལ་མཚན་དཔེའི་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་ཁ་ཊྭཱཾ་མཚན་དཔེས་མཛེས༔ གུ་རུ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ དར་དམར་ཅོད་པན་རིགས་ལྔའི་ཕྱག་རྒྱ་ཅན༔ ལྡེམ་འཕྲུས་མཚན་པ་དབུ་ལ་རྒྱན་དུ་མཛེས༔ གསང་གོས་ཕོད་ཅན་ཆོས་གོས་སྐུ་ལ་གསོལ༔ གུ་རུ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ ཐུགས་ཀར་ཉི་ཟླ་པདྨའི་གདན་སྟེང་དུ༔ ཆེ་མཆོག་འདུས་པ་བདེ་ཆེན་འཁོར་ལོ་ནི༔ ཡབ་ཡུམ་ཟུང་འཇུག་རུས་པའི་རྒྱན་གྱིས་སྤྲས༔ གུ་རུ་ལོངས་སྤྱོད་རྫོགས་ལ་གསོལ་བ་འདེབས༔ སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་འཛིན་གྲི་གུག་ཐོད་ཁྲག་འཛིན༔ གཡས་བརྐྱང་གཡོན་བསྐུམ་ཁྲོ་འཛུམ་ཉམས་དགུ་ལྡན༔ གུ་རུ་ལོངས་སྤྱོད་རྫོགས་ལ་གསོལ་བ་འདེབས༔ ཡང་སྙིང་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང༔ རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེ་བར་ནི༔ ཧཱུྃ་ཡིག་འོད་ཟེར་ཁ་དོག་ལྔར་གསལ་བའི༔ གུ་རུ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ སྐུ་གསུམ་དབྱེར་མེད་ཡེ་ཤེས་ཆེན་པོ་དངོས༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་སྐུ༔ དཔའ་བོ་མཁའ་འགྲོའི་འཁོར་ལོས་སྒྱུར་རྒྱལ་མཆོག༔ གུ་རུ་བདེ་ཆེན་སྐུ་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་སོགས་ནི། སྤོས་དུད་རོལ་མོའི་སྒྲ་དང་བཅས་ཏེ། ཧཱུྃ༔ འཁོར་ལོ་ལྔ་བརྩེགས་ལྷུན་གྲུབ་ཕོ་བྲང་ནས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རིག་འཛིན་དཔའ་བོ་རྣལ་འབྱོར་མ་ཚོགས་བཅས༔ དབྱིངས་ནས་འདིར་གཤེགས་ཞབས་བསིལ་དབང་བསྐུར་སྩོལ༔ ཨོཾ་ཨུཏྟ་ར་མཎྜ་ལ་ས་མ་ཡ་ཛ༔ ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ གསལ་སྟོང་དབྱེར་མེད་གཟུགས་སྐུའི་དཀྱིལ་འཁོར་རྫོགས༔ ཕྲིན་ལས་མཐར་ཕྱིན་རིག་འཛིན་ལ་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོཿ རང་འདྲའི་དཀྱིལ་འཁོར་རང་ལ་ཐིམ་གྱུར་པས༔ གཉིས་མེད་ལྷུན་གྲུབ་རང་གནས་མངོན་དུ་གྱུར༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱི་ནང་གསང་བ་དེ་བཞིན་ཉིད་དང་བཅས་པའི་མཆོད་པ་ནི། ཧཱུྃ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་བཤོས༔ ལྷ་རྫས་སིལ་སྙན་མཆོད་པ་དཔག་མེད་རྣམས༔ རབ་འབྱམས་ཞིང་གི་མཆོད་སྤྲིན་རྒྱ་མཚོ་ཡིས༔ རྩ་བ་གསུམ་འདུས་རིག་འཛིན་དཀྱིལ་འཁོར་མཆོད༔ གཞན་ཡང་ཏིང་འཛིན་མཐུ་ལས་རྣམ་སྤྲུལ་པའི༔ རྒྱལ་བ་མཉེས་བྱེད་མཆོད་པའི་ཁྱད་པར་གང༔ ཀུན་བཟང་མཆོད་ལས་ལྷག་པར་ཡོངས་བཀོད་ནས༔ རྩ་གསུམ་འདུས་པ་རིག་འཛིན་དཀྱིལ་འཁོར་མཆོད༔ བཛྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཨོཾ༔ རང་བྱུང་གདོད་ནས་གྲུབ་པའི་དམ་ཚིག་རྫས༔ རྩ་བརྒྱད་སྟོང་སྦྱར་རིགས་ལྔ་ཡེ་ཤེས་དངོས༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་སྐོང་བའི་མཆོག༔ འཆི་མེད་བདུད་རྩི་སྨན་གྱི་མཆོད་པ་འདིས༔ བརྒྱུད་པ་གསུམ་ལྡན་རིག་འཛིན་ཐུགས་དམ་བསྐང༔ རྩ་བ་གསུམ་འདུས་རིག་འཛིན་ཐུགས་དམ་བསྐང༔ སྐུ་གསུམ་དབྱེར་མེད་རིག་འཛིན་ཐུགས་དམ་བསྐང༔ སྐྱབས་གསུམ་ངོ་བོ་རིག་འཛིན་ཐུགས་དམ་བསྐང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐུགས་དམ་བསྐང༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཐུགས་དམ་བསྐང༔ ཚེ་ལ་དབང་བའི་རིག་འཛིན་ཐུགས་དམ་བསྐང༔ རྣམ་པར་སྨིན་པའི་རིག་འཛིན་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨཱ༔ ཉོན་མོངས་མཐར་བྱེད་ནང་མཆོད་བདུད་རྩིའི་མཆོག༔ འདོད་ཆགས་རྣམ་དག་མཁའ་འགྲོའི་རང་བྱུང་རྫས༔ ཞེ་སྡང་རྣམ་དག་དགྲ་བགེགས་བསྒྲལ་པའི་ཁྲག༔ གཉིས་མེད་བདུད་རྩི་ཨརྒྷཾ་རྒྱ་མཚོ་འདིས༔ བརྒྱུད་པ་གསུམ་ལྡན་རིག་འཛིན་ཐུགས་དམ་བསྐང༔ རྩ་བ་གསུམ་འདུས་རིག་འཛིན་ཐུགས་དམ་བསྐང༔ སྐུ་གསུམ་དབྱེར་མེད་རིག་འཛིན་ཐུགས་དམ་བསྐང༔ སྐྱབས་གསུམ་ངོ་བོ་རིག་འཛིན་ཐུགས་དམ་བསྐང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐུགས་དམ་བསྐང༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཐུགས་དམ་བསྐང༔ ཚེ་ལ་དབང་བའི་རིག་འཛིན་ཐུགས་དམ་བསྐང༔ རྣམ་པར་སྨིན་པའི་རིག་འཛིན་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སྣང་སྲིད་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལར༔ གཡོ་བ་བཅུད་ཀྱི་སེམས་ཅན་དམ་ཚིག་རྫས༔ ཟག་མེད་ཡེ་ཤེས་ཆེ་དང་དབྱེར་མེད་པའི༔ མཆོད་སྦྱིན་གཏོར་མ་འདོད་ཡོན་ལྔ་ལྡན་འདིས༔ བརྒྱུད་པ་གསུམ་ལྡན་སོགས་གོང་བཞིན་འགྲེ །ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལྷན་སྐྱེས་དགའ་བ་བསྐྱེད་པའི་ཕྱག་རྒྱ་དང༔ ཐབས་ཤེས་རྗེས་ཆགས་རོལ་པའི་དགའ་བ་ལས༔ རྡོ་རྗེ་པདྨ་འདུས་པའི་བདེ་ཆེན་མཆོག༔ བློ་བྲལ་ཟག་མེད་ཡེ་ཤེས་མངོན་གྱུར་འདིས༔ བརྒྱུད་པ་གསུམ་ལྡན་སོགས་གོང་བཞིན་འགྲེ །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ ཧཱུྃ༔ གདོད་ནས་རང་རིག་ཧེ་རུ་ཀ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ མི་དམིགས་སྤྲོས་བྲལ་ཕྱག་རྒྱ་ཆེ༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བསྟོད་པ་ནི། ཨེ་མ་ཧོ༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ དབུ་ལ་དར་དམར་ལྡེམ་སྒྲོའི་ཅོད་པན་ཅན༔ བདེ་གཤེགས་རིགས་ལྔ་མཚན་དཔེས་མཛེས་པ་འདི༔ མཁའ་སྤྱོད་གདུལ་བྱ་ཆོས་སྐུས་འདུལ་བའི་རྟགས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ སྟོང་ཉིད་རྡོ་རྗེ་བདེ་ཆེན་ཀ་པཱ་ལ༔ ཟུང་འཇུག་ཁ་ཊྭཾ་མཚན་དཔེས་མཛེས་པ་འདི༔ འོག་མིན་གདུལ་བྱ་ལོངས་སྐུས་འདུལ་བའི་རྟགས༔ ལོངས་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ རྡོ་རྗེ་སྐྱིལ་ཀྲུང་སྣ་ཚོགས་ན་བཟས་མཛེས༔ འཇིག་རྟེན་གདུལ་བྱ་སྤྲུལ་སྐུས་འདུལ་བའི་རྟགས༔ སྤྲུལ་སྐུ་ཐུབ་པའི་གཙོ་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ མཁའ་འགྲོའི་དབང་ཕྱུག་ཨོ་རྒྱན་རིན་པོ་ཆེ༔ པདྨ་འོད་ཀྱི་གཞལ་ཡས་སེམས་དཔའ་གསུམ༔ གཅིག་ཏུ་གྱུར་པ་མཚན་དཔེས་མཛེས་པ་འདི༔ རྒྱ་བོད་སྐལ་ལྡན་གདུལ་བྱ་འདུལ་བའི་རྟགས༔ རྩ་བ་གསུམ་འདུས་ཁྱེད་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ལྷ་དང་རིག་འཛིན་ཚོགས༔ བར་ཆད་སོལ་ཅིག་མ་མོ་མཁའ་འགྲོའི་ཚོགས༔ མོས་པའི་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ བཟླས་པའི་ཛཔ྄་དབྱངས་བྱ་བ་ནི། སྟེང་གི་ཕྱོགས་ནས་རིག་འཛིན་སྤྲིན་ལྟར་འཐིབས༔ བར་སྣང་ཁམས་ནས་ཡི་དམ་འཇའ་ལྟར་གསལ༔ འོག་གི་ཕྱོགས་ནས་མཁའ་འགྲོ་ཁྲོམ་ལྟར་འཚོགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས༔ གསོལ་བ་འདེབས་སོ་རྩ་བ་གསུམ་གྱི་ལྷ༔ གསོལ་འདེབས་བརྒྱུད་འཛིན་རྣམས་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླ། གསོལ་འདེབས་ཀྱི་སྐུལ་བ་ནི། སྔགས་ཚན་ཕྱི་མ་གསུམ་ལའང་རེ་རེ་བཞིན་མགོར་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་དྷེ་བ་གུ་ཧྱ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་ཌཱ་ཀི་ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ས་མ་ཡ་སིདྡྷི་ཧཱུྃ༔ ཞེས་བླ་མ་ཡི་དམ་མཁའ་འགྲོ་སོ་སོ་དང་སྤྱིར་དྲིལ་བ་སྟེ་ཛཔ྄་དབྱངས་ཅི་ནུས་བྱ་ཞིང་དུས་རྟགས་གྲངས་ཀྱི་བསྙེན་ཚད་མ་ཐེམས་བར་དུ་བཟླ། གསུམ་པ་རྗེས་ནི། ཐུན་འཇོག་པ་ན་བཟླས་པའི་ཁ་སྐོང་མཆོད་བསྟོད་སྤྱི་དང་མཐུན། ཡིག་བརྒྱ་དང་མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ་གསུམ་གྱིས་བདག་བསྐྱེད་འོད་གསལ་དུ་བཅུག །ཕཊ་གསུམ་གྱིས་ལྷར་ལྡང་། སྨོན་ལམ་ནི། དགེ་བ་འདི་ཡིས་མཐའ་ཡས་འགྲོ་བ་ཀུན༔ བླ་མ་ཡི་དམ་མཁའ་འགྲོ་དབྱེར་མེད་པའི༔ སྐུ་བཞིའི་དབང་ཕྱུག་མཆོག་གི་དངོས་གྲུབ་དེ༔ སྐྱེ་བ་འདི་ལ་མྱུར་དུ་འགྲུབ་པར་ཤོག༔ གཞན་ཡང་ཚེ་རིང་ནད་མེད་ཕུན་སུམ་ཚོགས༔ ཐུན་མོང་དངོས་གྲུབ་གྲུབ་ཆེན་བརྒྱད་ལ་སོགས༔ འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་ཚོགས་རྣམས༔ ཚེ་འདིར་འབད་མེད་མྱུར་དུ་འགྲུབ་པར་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ ཇི་སྐད་སྨོན་ལམ་བཏབ་པ་འགྲུབ་པར་ཤོག༔ ཤིས་བརྗོད་ནི། རིག་འཛིན་འདུས་པ་བླ་མའི་བཀྲ་ཤིས་ཤོག༔ ཆེ་མཆོག་འདུས་པ་ཡི་དམ་བཀྲ་ཤིས་ཤོག༔ དམ་ཅན་འདུས་པ་མཁའ་འགྲོའི་བཀྲ་ཤིས་ཤོག༔ རྩ་གསུམ་འདུས་པ་བདེ་ཆེན་བཀྲ་ཤིས་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་བཀྲ་ཤིས་ཤོག༔ ཅེས་བརྗོད། དུས་བཟང་སོགས་ཀྱི་སྐབས་ཚོགས་མཆོད་སྤྲོ་ན་ཚེས་བཅུའི་ལས་བྱང་ལྟར་སྦྱར། སྒྲུབ་པའི་སྐབས་སུ་དགོང་རེ་བཞིན་བཀའ་སྲུང་གི་གཏོར་འབུལ་དགོས་པའང་ཟུར་གསལ་ལྟར་ཤེས་པར་བྱའོ། ༈ །འདི་ཉིད་ཀྱི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བར་འདོད་ན། རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་དབུས་མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་གཅིག་བཀོད་པའི་ཁར་རྐང་གསུམ་ལྟ་བུར་རིན་པོ་ཆེའི་སྣོད་དུ་བླ་མའི་གཏོར་ཆེན་རྒྱན་ལྡན། གཡས་སུ་བནྡྷ་དུམ་གཅིག་ཆང་བཟང་པོས་བཀང་བ་ལ་ཆོས་སྨན་དང་མངར་གསུམ་བཏབ་པ། གཡོན་དུ་མེ་ལོང་ཤེལ་རྡོ། མདུན་དུ་མདའ་གཞུ། མདུན་རྒྱབ་གང་བདེར་མཁའ་འགྲོ་དང་བཀའ་སྲུང་གི་གཏོར་འབུལ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། གཞན་ཡང་ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ་སྒྲུབ་ཐབས་སུ་ཇི་སྐད་བཤད་པ་ལྟར་སྔོན་གཏོར་ནས་བཟླས་པའི་བར་ཚང་བར་བཏང་། སྤྲོ་ན་ལས་བྱང་ཆེན་མོ་བཏང་ཡང་མཆོག་ཏུ་འགྱུར། གང་ལྟར་བདག་མདུན་ཐ་མི་དད་པའི་ཏིང་ངེ་འཛིན་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བསྟིམ་བཟླས་པ་བཅས་སྤྱི་འགྲོས་བསྒྲུབ། དེ་ནས་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་གསོལ་འདེབས་ལས་བྱང་ལྟར་བྱ་བ་དང་། རྩ་གསུམ་སྐོང་གསོལ་མར་མེའི་སྐོང་བཤགས་རྣམས་ཀྱང་འགྲུབ་ན་གལ་ཆེའོ། །དེ་ནས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་ནི། སྙིམས་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱར། རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་གུས་པ་དང་བཅས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བླ་མ་རྡོ་རྗེ་འཛིན་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་འདིར་གཞུག་པར་མཛད་དུ་གསོལ༔ པྲ་ཏཱིཙྪ་ཧོ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་བླ་མ་རྡོ་རྗེ་འཛིན་པ་རྣམས་ཀྱིས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་འདིར༔ བདག་གིས་སློབ་མ་གཞུག་པར་འཚལ༔ ཅེས་བཀའི་གནང་བ་ནོད་དོ། །དེ་ནས་གཞན་ལ་དབང་བསྐུར་བ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་བགེགས་གཏོར། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་གྱིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿཛཿ སརྦ་བྷཱུ་ཏ་ནཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས། ཁཾ་སྭཱ་ཧཱ༔ གསུམ་གྱིས་བསྔོ། ན་མོ་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས༔ གསང་ཆེན་རོལ་པའི་གནས་འདིར་དཔའ་བོ་དང་རྣལ་འབྱོར་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ཀྱི་ཚོགས་ཐམས་ཅད་ས་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ ཅེས་དང་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོར་གྱུར༔ ཅེས་པས་སྲུང་འཁོར་བསྒོམ། གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་འདེབས་ཆོས་བཤད་སྤྱི་འགྲོ་བྱས་ལ། མཚམས་སྦྱོར་གྱི་ཁྱད་པར། སྐབས་སུ་བབས་པ་འདི་ནི། དངོས་གྲུབ་རྣམ་པ་གཉིས་སྒྲུབ་པ་ལ་ཐབས་ཟབ་ཅིང་མྱུར་བས་སྔ་འགྱུར་བཀའ་མའི་ཆོས་སྡེ་ལས་ཀྱང་ཁྱད་པར་དུ་འཕགས་པ་བརྒྱུད་པ་དྲུག་ལྡན་གཏེར་མའི་ཕྱོགས། ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པའི་ནང་གསེས་བྱང་གཏེར་གྱི་ཆོས་སྡེར་གཏོགས་པ་ཡིན། དེའང་བསྟན་པ་སྔ་དར་གྱི་དུས་སངས་རྒྱས་གཉིས་པ་པདྨཱ་ཀ་རས་སྐལ་ལྡན་རྗེ་འབངས་རྣམས་ལ་རང་རང་གི་སྐལ་པ་དང་འཚམས་པར་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཆོས་ཚུལ་མཐའ་ཡས་པ་ཞིག་བསྩལ་ཅིང་ཕལ་ཆེར་མ་འོངས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་ཟབ་མོའི་གཏེར་དུ་གཏམས་པར་མཛད་པ་ལས། ཟབ་མོ་རྩ་གསུམ་དྲིལ་སྒྲུབ་ཀྱི་སྐོར་འདི་ནི་ཨོ་རྒྱན་རིན་པོ་ཆེ་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་བཞུད་ཁར་གསང་གཏེར་ཡང་སྙིང་གི་གདུལ་བྱ་མཚོ་རྒྱལ་གཉིས་དང༔ རིག་འཛིན་བདུད་འཇོམས་རྡོ་རྗེ་དང༔ འཁོན་ཀླུའི་དབང་པོ་དང༔ ལྷ་སྲས་མུ་ཁྲི་བཙད་པོ་སྟེ་ལྔ་དང་ལྷན་ཅིག་ཏུ་བསམ་ཡས་ཡང་གོང་དཔལ་གྱི་ཕོ་བྲང་དུ༔ གསང་གཏེར་ཡང་སྙིང་གི་སྒྲུབ་པ་མཛད་ཅིང༔ ལི་ཡུལ་གྱི་ཞིང་སྐྱོང་ལ་དམ་ཚིག་ཕོག་སྟེ་བཀའ་བསྒོ་བར་མཛད་པ་ན༔ འཛམ་གླིང་བྱེ་བ་ཕྲག་བརྒྱའི་དཔའ་བོ་དང༔ རྣལ་འབྱོར་མ་དང༔ ཞིང་སྐྱོང་གི་མཁའ་འགྲོ་དང་བཅས་འདུས་ཏེ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་སློབ་དཔོན་ཆེན་པོ་ལ་ཞུས་པ༔ ཕྱི་ནང་གསང་བའི་གཏེར་ཁ་ཆེན་པོ་ཐམས་ཅད་དུ༔ ཕྲིན་ལས་ལ་མ་གཏོགས་པའི་གསོལ་འདེབས་ཀྱི་ལས་བྱང་བཀའ་མ་བསྩལ་ན༔ མ་འོངས་པའི་གདུལ་བྱ་རྣམས་དད་པའི་དོན་ལ་འགྱུར་ལགས་པས༔ དངོས་གྲུབ་ཚེ་འདིར་འབྱུང་བའི་གསོལ་འདེབས་ཀྱི་ལས་བྱང༔ གསང་གཏེར་ཐམས་ཅད་ཀྱི་ཡང་སྙིང་ཞིག་ཅིས་ཀྱང་གསུང་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་ཆེན་པོས་གསོལ་འདེབས་ཀྱི་ཕྲིན་ལས་སོགས་རྩ་གསུམ་དྲིལ་སྒྲུབ་ཀྱི་གདམས་སྐོར་རྒྱས་པར་གསུངས་ནས་རིག་འཛིན་སྔགས་གྲུབ་ཡོངས་ཀྱི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གཉེར་དུ་གཏད༔ མ་འོངས་པའི་ལས་ལྡན་འགའ་དང་བདུད་འཇོམས་རྡོ་རྗེའི་སྐུ་སྐྱེ་ཕྱི་མའི་ཆོས་སྐལ་དུ་དགོངས་ནས། སྒྲོལ་བྱེད་ནག་པོའི་མཁར་གསང་མཛོད་མཁའ་འགྲོའི་ཕུག་ཏུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་ལ་བཀའི་གནང་བ་བསྩལ་ཏེ་གཏེར་དུ་སྦས། དེ་ཉིད་གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་སྐུ་སྐྱེ་ཕྱི་མ་དཔལ་ལྡན་འཇམ་དབྱངས་བླ་མ་ཞེས་བྱ་བ་མཁས་གྲུབ་འགྲན་ཟླ་དང་བྲལ་བ་དེས་གནས་རྙིང་ཚོགས་པའི་གྲྭ་སར་སྐུ་གཞོན་པའི་སྐབས་སུ་གསན་སྦྱོང་མང་དུ་མཛད། ཉང་སྟོད་ཁྲོ་སྒང་ཞེས་བྱ་བར་ཆོས་འཁོར་ལ་ཕེབས་དུས། ཁྲོ་སྒང་གི་གཙུག་ལག་ཁང་དེའི་འགྲམ་ལ་སོ་ཕག་གི་སྒྲོམ་ཆེན་པོ་གཅིག་འདུག་པས་ཕ་གི་བཀོག་ནས་གཅོག་རྒྱུ་བྱུང་ན་དགའ་བ་ལ་དགོངས་པའི་ཐུགས་བསམ་ཡང་ཡང་བྱུང་བ་ལ། ཉིན་གཅིག་གྲྭ་པ་གཞན་རྣམས་ཚོགས་ལ་ཐེག་པའི་ཤུལ་སོ་ཕག་བཀོག་ནས་བྲག་ལ་བརྡབས་པས་ཤོག་སེར་བྱང་བུ་གཅིག་དོན། དེའི་ཚེ་སློབ་དཔོན་ཆེན་པོའི་ལུང་བསྟན་དང་། ཉམས་དང་རྟོགས་པ་དཔག་ཏུ་མེད་པ་ཤར། ཤིན་ཏུ་གསང་བའི་ཚུལ་གྱིས་ལུང་བསྟན་ཤོག་དྲིལ་བཞིན་མཛད་པས། སྒྲོལ་བྱེད་ནག་པོའི་མཁར་གྱི་གསང་མཛོད་མཁའ་འགྲོའི་ཕུག་པ་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་སྐོར་རྣམས་དངོས་གྲུབ་ཏུ་ཐོབ་སྟེ་སྐལ་ལྡན་རྣམས་ལ་རིམ་པར་སྤེལ་བ་ལས། འདིར་ནང་སྒྲུབ་མཁའ་འགྲོ་ཀུན་འདུས་ལས་བཤད་པ་རིག་པའི་རྩལ་དབང་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཅས་བསྒྲུབ་པར་བགྱི་བ་ལ་བདག་ཉིད་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་པ་ལགས། ཁྱེད་རང་སློབ་མ་རྣམས་ཀྱིས་བགྱི་བར་འོས་པ་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐོས་པས་གྲོལ་བའི་རྩལ་དབང་ནི༔ དོན་གཉེར་དཔའ་བོ་རྣལ་འབྱོར་མས༔ རྗེ་ལ་ཚོགས་ཀྱི་འཁོར་ལོས་མཆོད༔ མཎྜལ་ཕུལ་ནས་གསོལ་བ་བཏབ༔ ཅེས་གསུངས་པ་ལྟར་ཚོགས་མཆོད་སྔོན་དུ་གྲུབ་ཟིན་པས། སྐབས་འདིར་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཞབས་དྲུང་དུ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །འོ་ན་ཁྱེད་རང་སྐྱེས་པ་རྣམས་དཔའ་བོ་དང༔ བུད་མེད་རྣམས་དཔའ་མོའི་རང་བཞིན༔ རུས་པའི་རྒྱན་གྱིས་བརྒྱན་པ༔ ལག་ན་ཌཱ་མ་རུ་དང༔ ཐོད་པ་དང༔ ཁ་ཊྭཱཾ་ག་དང༔ དར་དཔྱངས་དང་དངོས་གྲུབ་ཀྱི་རྫས་རྣམས་འཛིན་པར་བསམ༔ བླ་མ་རྩ་བ་གསུམ་འདུས་པའི་རིག་འཛིན་རྡོ་རྗེ་འཆང་ཨོ་རྒྱན་རིན་པོ་ཆེའི་རྣམ་པར་གསལ་བ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་བ་གསུམ་གྱི་རང་བཞིན་དངོས༔ གུ་རུ་བདག་ལ་དགོངས་སུ་གསོལ༔ ཁྱོད་ཞབས་རྟག་ཏུ་བདག་བསྟེན་གྱིས༔ གསང་གསུམ་བྱིན་རླབས་དངོས་གྲུབ་སྩོལ༔ ལན་གསུམ། བདག་ཉིད་ཀྱིས་ཐོག་དྲངས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་དང་རེ་ས་གཞན་ན་མེད་པས་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་པར་མཛད་དུ་གསོལ་སྙམ་དུ་རྩེ་གཅིག་པའི་ཡིད་ཀྱིས་འདིའི་རྗེས་ཟློས། ན་མོ༔ རྩ་གསུམ་དབྱེར་མེད་རིག་འཛིན་སངས་རྒྱས་ཐུགས༔ སྐུ་གསུམ་ངོ་བོ་ཆེ་མཆོག་དམ་ཆོས་གསུང༔ སྐྱབས་གསུམ་ཀུན་འདུས་དམ་ཅན་དགེ་འདུན་སྐུ༔ གང་ལ་བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ ལན་གསུམ། བདག་གཞན་སེམས་ཅན་ཐམས་ཅད་གདོད་ནས་སངས་རྒྱས་པ་ཡིན་ཡང་གཉིས་འཛིན་འཁྲུལ་པའི་གཞན་དབང་གིས་འཁོར་བའི་རྒྱ་མཚོར་འཁོར་བ་སྙིང་རེ་རྗེ། གློ་བུར་དྲི་མ་དེ་དག་སེལ་བའི་སླད་དུ་རྩ་བ་གསུམ་འདུས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ནོད་དེ་འཁོར་བ་རང་བཞིན་མ་གྲུབ་པ་རང་བྱུང་གདོད་མའི་སངས་རྒྱས་ཀྱི་དགོངས་པ་མངོན་དུ་བྱ་བའི་བློས་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། སྐྱབས་སེམས་འདི་དག་དཀྱུས་སུ་མི་འབྱུང་ཡང་ལས་དང་པོ་པ་བསྟན་པ་ལ་འཇུག་པའི་གོ་རིམ་སྨིན་བྱེད་སྤྱི་འགྲོས་ཡིན་པས་ལྷག་སྐྱོན་མེད་དོ། །དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་མཛད་འཚལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ ཞེས་བརྗོད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་པ། ཁྱེད་རང་རྣམས་ལ་ཕོག་པས་གདོས་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་དཀར་ཟླ་བའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ། ཡོན་ཏན་རིག་འཛིན་ཡེ་ཤེས་མཆོག༔ གུ་རུ་བུདྡྷ་ཐོད་ཕྲེང་རྩལ༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་ཐོད་པ་ཟུང་འཇུག་ཐུགས་ཀར་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་ཁ་ཊྭཱཾ་གྲུ་མོར་བརྟེན༔ དར་ལྗང་ཕོད་ཆེན་ཆོས་གོས་བེར་སྨུག་གསོལ༔ དར་དམར་ཅོད་པན་རིགས་ལྔའི་ཕྱག་རྒྱས་སྤྲས༔ རྒོད་ལྡེམ་སྙན་ཆ་མགུལ་རྒྱན་གདུ་བུས་བརྒྱན༔ མནྡཱ་ར་བ་རབ་མཛེས་གཉིས་མེད་འཁྲིལ༔ འོད་ཟེར་ལྔ་ལྡན་ཀློང་དུ་གསལ་བར་བསྐྱེད༔ དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་གསལ་བར་གྱུར། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཁ་བ་དང་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས་ཏེ། ཁྱེད་རང་དམ་ཚིག་སེམས་དཔའ་ལ་མཚོ་ལ་ཆར་བབས་པའམ་རྡོ་ཚན་ལ་ཁ་བ་བབས་པ་ལྟ་བུ་གཉིས་མེད་དུ་སིབ་སིབ་ཐིམ་པའི་ཐུགས་འདུན་མཛད་པར་ཞུ། སྤོས་བསྲེག་ཅིང་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ། ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ རྣམ་སྨིན་ཚེ་དབང་ལྷུན་གྲུབ་ཕྱག་རྒྱ་ཆེ༔ གསང་བའི་རིག་འཛིན་རབ་འབྱམས་དབྱིངས་ནས་བཞེངས༔ གསང་ཆེན་རོལ་པའི་དུར་ཁྲོད་གནས་མཆོག་འདིར༔ རིག་འཛིན་རྣམ་བཞིའི་བྱིན་འབེབ་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་རླབས་ཀྱིས༔ བདག་གནས་རྣལ་འབྱོར་རྣམས་ལ་བྱིན་གྱིས་རློབས༔ དབང་སྐུར་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བར་ཆད་དགྲ་བགེགས་ཐམས་ཅད་ཞི་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཏིཥྛ་བཛྲ༔ རྡོ་རྗེ་སྤྱི་གཙུག་ཏུ་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱའོ། །དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་སོང་ནས། དབང་དངོས་ལ་རིམ་པ་བཞིར་ཡོད་པའི་དང་པོ་སྐུ་གཏོར་མ་ལ་བརྟེན་ནས་བྱིན་གྱིས་བརླབས་པས་ལུས་སྣང་སྟོང་སྐུ་རྡོ་རྗེར་ངོ་སྤྲད་པ་རིག་པ་རྩལ་གྱི་དབང་ཐོབ་པའི་ངེས་ཤེས་སྐྱེད་མཛོད། གཏོར་ཆེན་སློབ་མའི་སྤྱི་བོར་བཞག་ལ། ཨོཾ༔ རང་ལུས་སྤྲུལ་སྐུའི་གཞལ་ཡས་སུ༔ སྣང་སྟོང་སྤྲུལ་སྐུའི་བླ་མ་བཞུགས༔ སྣང་སྟོང་སྤྲུལ་སྐུའི་ཡི་དམ་བཞུགས༔ སྣང་སྟོང་སྤྲུལ་སྐུའི་མཁའ་འགྲོ་བཞུགས༔ དབྱེར་མེད་སྐུ་ཡི་རྡོ་རྗེ་ཡིས༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་བཛྲ་ཨོཾ༔ ཧ་རི་ནི་ས་ཧྲཱིཿཛ༔ ཨོཾ་ཨཱཿཧཱུྃ་བཛྲ་ཌཱ་ཀི་ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ༔ ཨ་དྷི་ཏིཥྛ་ས་མ་ཡ་ལྷན༔ དེའི་དོན་ནི། ནང་རང་ལུས་ཕུང་པོ་ལྔ་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་ལས་ཀྱིས་སྤྲུལ་པའི་ཆོས་རྣམས་ནི། གདོད་མ་ནས་དག་པ་སྤྲུལ་པའི་སྐུར་གནས་པ་ཡིན་ལ། ཕྱི་རོལ་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་ཀྱང་གདོད་མ་ནས་དེ་ལྟར་གནས་པས། ཕྱི་ནང་གཉིས། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པ་ནི། སྐུ་རྡོ་རྗེའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ནི་གསང་བ་སྤྲུལ་སྐུའི་བྱིན་རླབས་ཀྱི་སྒོ་ནས། ལུས་སྐུ་རྡོ་རྗེར་སྒྲུབ་ཅིང་སྣང་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་བུམ་དབང་གི་ཡང་སྙིང་། གཏོར་མ་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་ལགས་སོ། །གཉིས་པ་གསུང་བདུད་རྩི་ལ་བརྟེན་ནས་བྱིན་གྱིས་བརླབས་པས་ངག་གྲགས་སྟོང་གསུང་རྡོ་རྗེར་ངོ་སྤྲད་པ་རིག་པ་རྩལ་གྱི་དབང་ཐོབ་པའི་ངེས་ཤེས་སྐྱེད་མཛོད། ཐོད་པ་མགྲིན་པར་བཞག །བདུད་རྩི་ཁར་བྱིན་ལ། ཨཱ༔ རང་ངག་ལོངས་སྐུའི་གཞལ་ཡས་སུ༔ གྲགས་སྟོང་ལོངས་སྐུའི་བླ་མ་བཞུགས༔ གྲགས་སྟོང་ལོངས་སྐུའི་ཡི་དམ་བཞུགས༔ གྲགས་སྟོང་ལོངས་སྐུའི་མཁའ་འགྲོ་བཞུགས༔ དབྱེར་མེད་གསུང་གི་རྡོ་རྗེ་ཡིས༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་བ་ཌཱ་ཀི་ནཱི་ཝཱ་ཀ་བཛྲ་ཨཱ༔ ཧ་རི་ནི་ས་ཧྲཱིཿཛ༔ ཨོཾ་ཨཱཿཧཱུྃ་བཛྲ་དྷེ་བ་གུ་ཧྱ་སིདྡྷི་ཧཱུྃ༔ ཨ་དྷི་ཏིཥྛ་ས་མ་ཡ་ལྷན༔ དེའི་དོན་ནི། རང་ངག་རྩ་རླུང་ཟག་བཅས་ཀྱི་བདེ་བ་ལ་ལོངས་སྤྱོད་པ་ནི། གདོད་མ་ནས་དག་པ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་ཡིན་ལ། ཕྱི་རོལ་ལྟར་ཇི་ལྟར་གྲགས་པའི་སྒྲ་རྣམས་ཀྱང་གདོད་མ་ནས་དེ་ལྟར་གནས་པས། ཕྱི་ནང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པ་ནི། གསུང་རྡོ་རྗེའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ནི་གསང་བ་ལོངས་སྐུའི་བྱིན་རླབས་ཀྱི་སྒོ་ནས། ངག་གསུང་རྡོ་རྗེར་སྒྲུབ་ཅིང་གྲགས་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་གསང་དབང་གི་ཡང་སྙིང་། བདུད་རྩི་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་ལགས་སོ། །གསུམ་པ་ཐུགས་མེ་ལོང་གི་དཀྱིལ་འཁོར་ལ་བརྟེན་ནས་བྱིན་གྱིས་བརླབས་པས་ཡིད་རིག་སྟོང་ཐུགས་རྡོ་རྗེར་ངོ་སྤྲད་པ་རིག་པ་རྩལ་གྱི་དབང་ཐོབ་པའི་ངེས་ཤེས་སྐྱེད་མཛོད། མེ་ལོང་ཤེལ་རྡོ་བཅས་སྙིང་གར་བཞག་ལ། ཧཱུྃ༔ རང་སེམས་ཆོས་སྐུའི་གཞལ་ཡས་སུ༔ རིག་སྟོང་ཆོས་སྐུའི་བླ་མ་བཞུགས༔ རིག་སྟོང་ཆོས་སྐུའི་ཡི་དམ་བཞུགས༔ རིག་སྟོང་ཆོས་སྐུའི་མཁའ་འགྲོ་བཞུགས༔ དབྱེར་མེད་ཐུགས་ཀྱི་རྡོ་རྗེ་ཡིས༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔གུ་རུ་དེ་བ་ཌཱ་ཀི་ནཱི་ཙིཏྟ་བཛྲ་ཧཱུྃ༔ ཧ་རི་ནི་ས་ཧྲཱིཿཛ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་དྷི་ཏིཥྛ་ས་མ་ཡ་ལྷན༔ དེའི་དོན་ནི། རང་སེམས་ཐིག་ལེ་གཟུང་འཛིན་དུ་གནས་པ་ནི། གདོད་མ་ནས་རྟོག་པ་དང་བྲལ་བ་དག་པ་ཆོས་ཀྱི་སྐུར་གནས་པ་ཡིན་ལ། ཕྱི་རོལ་ལྟར་དྲན་རིག་གི་མཚན་མ་རྣམས་ཀྱང་གདོད་མ་ནས་དེ་ལྟར་གནས་པས། ཕྱི་ནང་གཉིས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པ་ནི། ཐུགས་རྡོ་རྗེའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ནི་གསང་བ་ཆོས་སྐུའི་བྱིན་རླབས་ཀྱི་སྒོ་ནས། ཡིད་ཐུགས་རྡོ་རྗེར་སྒྲུབ་ཅིང་རིག་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡང་སྙིང་། མེ་ལོང་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་ལགས་སོ། །བཞི་པ་ཟུང་འཇུག་དམ་རྫས་ལ་བརྟེན་ནས་བྱིན་གྱིས་བརླབས་པས་དབྱེར་མེད་བདེ་སྟོང་ཡེ་ཤེས་རྡོ་རྗེར་ངོ་སྤྲད་པ་རིག་པ་རྩལ་གྱི་དབང་ཐོབ་པའི་ངེས་ཤེས་སྐྱེད་མཛོད། གཏོར་མ་བདུད་རྩི་མེ་ལོང་གསུམ་བརྩེགས་ལ་སྙིང་ཁ་མགྲིན་པ་སྤྱི་བོ་གསུམ་དུ་བཞག་ལ། ཧཱུྃ༔ གནས་གསུམ་དག་པའི་གཞལ་ཡས་སུ༔ སྐུ་གསུམ་དབྱེར་མེད་བླ་མ་བཞུགས༔ སྐུ་གསུམ་དབྱེར་མེད་ཡི་དམ་བཞུགས༔ སྐུ་གསུམ་དབྱེར་མེད་མཁའ་འགྲོ་བཞུགས༔ ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཡིས༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་བཛྲ་ཧྲཱི༔ ཧ་རི་ནི་ས་ཧྲཱིཿཛ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ས་མ་ཡ་སིདྡྷི་ཧཱུྃ༔ ཨ་དྷི་ཏིཥྛ་ས་མ་ཡ་ལྷན༔ དེའི་དོན་ནི། ཕྱི་ནང་དབྱེར་མེད་ཀྱི་ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་གཉིས་སུ་སྣང་ཡང་། དོན་ལ་ནམ་མཁའ་གཉིས་སྣང་དང་བྲལ་བ་བཞིན་དུ་གདོད་མ་ནས་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟ་བུར། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་པ་ནི། ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ནི་གསང་བ་ཟུང་འཇུག་གི་བྱིན་རླབས་ཀྱི་སྒོ་ནས་ལུས་ངག་ཡིད་གསུམ་དབྱེར་མེད་ཡེ་ཤེས་རྡོ་རྗེར་སྒྲུབ་ཅིང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པ་དབང་བཞི་པའི་ཡང་སྙིང་། དམ་རྫས་ལ་བརྟེན་པའི་རིག་པ་རྩལ་གྱི་དབང་ལགས་སོ། །དེ་རྣམས་ཀྱིས་དངོས་གཞི་ནང་སྒྲུབ་དང་འབྲེལ་བ་རིག་པ་རྩལ་གྱི་དབང་བཞི་རྫོགས་པར་གྲུབ་པ་ལགས། ཡན་ལག་རྗེས་སུ་གནང་བ་མཁའ་འགྲོའི་ཁ་རླངས་ཅན་སྦྱིན་པ་ལ་བཞི་ལས། དང་པོ་སྐུའི་རྗེས་སུ་གནང་བ་ནི། དྲི་མ་མེད་པའི་མེ་ལོང་ལ་དངོས་པོར་མ་གྲུབ་པའི་གཟུགས་བརྙན་ས་ལེར་འཆར་བས་མཚོན་ཏེ་འཁོར་འདས་ཀྱིས་བསྡུས་པའི་གཟུགས་ཐམས་ཅད་གསལ་སྟོང་དབྱེར་མེད་དུ་རིག་པར་གྱིས་ཤིག །མེ་ལོང་བསྟན་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཡའ་དག་མེ་ལོང་འདི་ལ་ལྟོས༔ ཅིར་སྣང་གསལ་སྟོང་རང་བཞིན་དུ༔ འདི་ཡིས་མཚོན་ཏེ་ཤེས་པར་གྱིས༔ གཉིས་པ་གསུང་གི་རྗེས་སུ་གནང་བ་ནི། དྲིལ་བུ་གསིལ་བའི་སྒྲ་བདེན་དངོས་ཀྱིས་སྟོང་ཡང་རང་བཞིན་མ་འགག་པར་གྲགས་པ་ལྟར་སྒྲ་སྐད་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་གོ་བར་གྱིས་ཤིག །དྲིལ་བུ་དཀྲོལ་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ དྲིལ་བུའི་སྒྲ་སྐད་འདི་ལ་ལྟོས༔ ཅིར་གྲགས་གྲགས་སྟོང་རང་བཞིན་དུ༔ འདི་ཡིས་མཚོན་ཏེ་ཤེས་པར་གྱིས༔ གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ནི། ཤེལ་གོང་གི་ངོ་བོ་ཅིར་ཡང་མ་གྲུབ་བཞིན་དུ་རྣམ་པ་ཁ་དོག་སྣ་ཚོགས་སུ་རྐྱེན་ལ་བརྟེན་ནས་འབྱུང་བ་བཞིན་སེམས་ཀྱི་དྲན་རྟོག་ཐམས་ཅད་སྟོང་ཉིད་ཀྱི་རང་རྩལ་རིག་སྟོང་དབྱེར་མེད་དུ་རྟོགས་པར་གྱིས་ཤིག །ཤེལ་གོང་བསྟན་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ དྲི་མེད་ཤེལ་གོང་འདི་ལ་ལྟོས༔ ཅིར་འགྱུ་གསལ་སྟོང་རང་བཞིན་དུ༔ འདི་ཡིས་མཚོན་ཏེ་ཤེས་པར་གྱིས༔ བཞི་པ་ཟུང་འཇུག་གི་རྗེས་སུ་གནང་བ་ནི། མདའ་དང་གཞུ་ཡ་བྲལ་རེ་རེ་བས་དོན་མི་འགྲུབ་ལ་གཉིས་ཀ་ཚོགས་ཤིང་སྐྱེས་བུའི་མཐེབ་མཛུབ་ཀྱི་རྩོལ་བ་དང་བཅས་པས་དགོས་པ་འགྲུབ་པ་ལྟར་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པ་ཉིད་གནས་ལུགས་ཀྱི་དོན་དུ་མཚོན་པར་གྱིས་ཤིག །མདའ་གཞུ་གཏད་དེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཟུང་འཇུག་མདའ་གཞུས་མཚོན་པར་བྱེད༔ ཡ་བྲལ་གནས་ལུགས་དོན་མིན་པས༔ བརྗོད་བྲལ་ལྷན་སྐྱེས་རྟོགས་པར་གྱིས༔ ཞེས་བརྗོད། དེ་རྣམས་ཀྱིས་རྗེས་གནང་དངོས་གཞི་གྲུབ་ནས། མཐའ་རྟེན་ཐུགས་དམ་སྐོང་བའི་ཆོ་ག་སྒྲུབ་པ་ནི། གཏོར་མ་ལ་ཤེས་པ་དྲུག་ལྡན་དུ་བཤད་པ་ལས། སྐབས་འདིར་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཀུན་བཟང་རྣམ་ཐར་ལྟ་བུའི་མཆོད་རྫས་སུ་ཤེས་པས་རྩ་བ་གསུམ་གྱི་ཐུགས་དམ་སྐོང་བའི་འདུན་པ་མཛད་པར་ཞུ། གཏོར་མ་ཁ་གསོ། བདུད་རྩི་བྲན་ལ། ཨེ་མ་ཧོཿ སྣོད་བཅུད་དག་པའི་གཏོར་མ་འདིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ རིག་འཛིན་འདུས་པ་བླ་མའི་ཐུགས་དམ་བསྐང༔ ཆེ་མཆོག་འདུས་པ་ཡི་དམ་ཐུགས་དམ་བསྐང༔ དམ་ཅན་འདུས་པ་མཁའ་འགྲོའི་ཐུགས་དམ་བསྐང༔ རྩ་གསུམ་འདུས་པའི་དཀྱིལ་འཁོར་ཐུགས་དམ་བསྐང༔ ཞེས་དང་། ཧཱུྃ༔ སྣོད་ཀྱི་འཇིག་རྟེན་རྣམ་དག་པ༔ བདེ་ཆེན་ཀ་པཱ་ལ་ཡི་ནང༔ བཅུད་ཀྱི་སེམས་ཅན་རྣམ་དག་པ༔ དངོས་གྲུབ་བདུད་རྩིའི་རྒྱ་མཚོས་གང༔ རིག་འཛིན་འདུས་པའི་ཐུགས་དམ་བསྐང༔ ཆེ་མཆོག་འདུས་པའི་ཐུགས་དམ་བསྐང༔ དམ་ཅན་འདུས་པའི་ཐུགས་དམ་བསྐང༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་སིདྡྷི་ས་མ་ཡ་ཁ་རཾ་ཁཱ་ཧི༔ མ་ཧཱ་སིདྡྷི༔ ཞེས་བརྗོད། དེ་ནས་གཏོར་མ་དངོས་གྲུབ་ཏུ་ཤེས་པ་ནི། གཏོར་ཟན་བདུད་རྩི་མགྲིན་པར་མྱངས་པས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་ཆེན་གྱི་ཆ་ཤས་སྦྱིན་ལ། རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ དངོས་གྲུབ་བདུད་རྩིའི་ཞལ་ཟས་འདི༔ སྐལ་ལྡན་ལུས་ལ་འཇུག་པར་བྱེད༔ འཆི་མེད་ཚེ་ཡི་དངོས་གྲུབ་རོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བདུད་རྩི་ལག་ཏུ་སྦྱིན་པ་མྱོང་བཅུག་ལ། རྩ་བ་གསུམ་གྱི་བྱིན་རླབས་ཀྱིས༔ དངོས་གྲུབ་བདུད་རྩིའི་བཏུང་བ་འདི༔ སྐལ་ལྡན་ངག་ལ་འཇུག་པར་བྱེད༔ འགག་མེད་གསུང་གི་དངོས་གྲུབ་རོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བདུད་རྩིའི་ཐིགས་པ་སྙིང་གར་བཀོད་ལ། རྩ་བ་གསུམ་གྱིས་བྱིན་བརླབས་པའི༔ དངོས་གྲུབ་བདུད་རྩིའི་ཐིགས་པ་འདི༔ སྐལ་ལྡན་ཡིད་ལ་འཇུག་པར་བྱེད༔ བདེ་ཆེན་ཐུགས་ཀྱི་དངོས་གྲུབ་རོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཅེས་བརྗོད་དོ། །དེ་ལྟར་ཁྱེད་རྣམས་ཀྱིས་རྩ་བ་གསུམ་བསྒྲིལ་ནས་སྒྲུབ་པའི་དཀྱིལ་འཁོར་དུ། ཐོས་པས་གྲོལ་བའི་རིག་པ་རྩལ་གྱི་དབང་ཐོབ་པར་བྱས་པས། འཆི་ཁ་འམ། བར་དོའམ། སྐྱེ་བ་ཕྱི་མ་ལ་རྩ་བ་གསུམ་གྱི་གོ་འཕང་མངོན་དུ་བྱེད་ཅིང་། ཚེ་འདིར་ཡང་འཇིག་རྟེན་གྱི་ཁམས་ན་གནས་པའི་བླ་མ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ་དང༔ དག་པའི་ཞིང་ན་བཞུགས་པའི་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་དངོས་གྲུབ་སྩོལ་བ་དང་། སངས་རྒྱས་བསྟན་པ་སྐྱོང་བའི་དམ་ཅན་རྣམས་ཀྱིས་སྲུང་ཞིང་སྐྱོབ་པར་བྱེད་པ་ཡིན་ཞིང་། རྩ་བའི་གྲོལ་ཚད་ཀྱང་གཏེར་གཞུང་ལས། གང་ཟག་བྱེ་བ་དགུ་དང་དགུ་ཁྲི་དང༔ སྟོང་ཕྲག་ལྔ་རྣམས་གསོལ་འདེབས་འདི་ཡིས་གྲོལ༔ བསྟན་པ་ཉང་དང་ཤང་དང་འཇང་གི་ཕྱོགས་སུ་དར༔ ཞེས་གསུངས་པས་ཡིད་དགའ་བར་གྱིས་ལ་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། ལུས་ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་དུ་སྤྲོས་ལ་གཏང་རག་གི་མཎྜལ་དུ་འབུལ་སྙམ་པས་འདིའི་རྗེས་ཟློས། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ བདག་གི་ལུས་ངག་ཡིད་གསུམ་དང༔ ལོངས་སྤྱོད་ཀུན་གྱིས་ཁྱེད་མཆོད་ཀྱིས༔ གུ་རུས་འབངས་སུ་བཟུང་དུ་གསོལ༔ ལན་གསུམ་བརྗོད། མཚམས་སྦྱོར་སྤྱི་འགྲོ་དང་བཅས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས་སོ། །དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བཀའ་སྲུང་གཏོར་མ་འབུལ། ཕྲིན་ལས་ཆེ་བ་དང་མ་འབྲེལ་ན་རིག་འཛིན་བསྐུལ་སོགས་མི་དགོས། མཆོད་པ་ཁ་གསོ། སྔགས་ཙམ་གྱིས་བྱིན་བརླབ། ཕྱི་མཆོད་ཚིགས་བཅད་རྣམས་ཀྱི་མཇུག་ཏུ་སྔགས་མཆོད་རྣམས་བཏགས་ལ་མཆོད། མ་བཅོས་སྤྲོས་བྲལ་གྱིས་བསྟོད། ཡིག་བརྒྱ་དང་ནོངས་བཤགས་བྱ། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་དམ་ཡེ་གཉིས་ཆར་རང་ལ་བསྡུ་ཞིང་བདག་བསྐྱེད་བསྡུ་ལྡང་སྨོན་ལམ། བཀྲ་ཤིས་གོང་གི་སྒྲུབ་ཐབས་སུ་བཤད་པ་ལྟར་བྱས་པས་འགྲུབ་བོ། །ངོ་མཚར་སྨིན་གྲོལ་ཡང་སྙིང་བདུད་རྩིའི་བཅུད། །སྐལ་བཟང་ཐར་འདོད་ཚོགས་ཀྱིས་ལོངས་སྤྱད་ནས། །འཆི་མེད་བླ་མ་རྩ་གསུམ་ཀུན་འདུས་ཀྱི། །གོ་འཕང་མྱུར་ཐོབ་དོན་གཉིས་ལྷུན་གྲུབ་ཤོག །ཅེས་ཟབ་ཆོས་འདིའི་དཔེ་ལུང་གི་རྒྱུན་མདོ་ཁམས་ལྗོངས་སུ་སྔོན་ཆད་མ་བྱོན་པས་ཕྲིན་ལས་འཕེལ་རྒྱས་སུ་འགྱུར་བའི་ཞབས་ཏོག་ཏུ་དམིགས་ཏེ་པདྨ་གར་དབང་བསྟན་གཉིས་གླིང་པས་ཡང་ཁྲོད་ཐུགས་ཀྱི་ཕོ་བྲང་དུ་གསལ་བར་བྱས་པ་དགེ་ལེགས་འཕེལ།། །།
པདྨ་གསང་བའི་ཐིག་ལེ་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས་ (Volume 63, Text 34)
པདྨ་གསང་བའི་ཐིག་ལེ་ལས། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ལམ་རྫོགས་ཞེས་བྱ་བ་བཞུགས་སོ། །ན་མོ་པདྨཱཀ་ར་ཡེ། སྤྲོས་པ་མེད་པའི་དོན་ལ་མཉམ་པར་བཞག་པས་རྣམ་པ་ལམ་བྱེད་ལྷ་ཡི་ཕྱག་རྒྱ་བསྒོམ་པ་ནི། ན་མོ༔ གདོད་ནས་དག་པ་གཉུག་མའི་བབ༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ཧོ༔ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཡང༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ ཞེས་སྐྱབས་སེམས་ལན་གསུམ་རེ་བརྗོད། ཨ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ འགགས་མེད་རང་བྱུང་སྙིང་རྗེའི་སྤྲིན༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ ཕྱི་སྣོད་དག་པའི་གྲོང་ཁྱེར་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །རང་རིག་ཧྲཱིཿཡིག་ཡོངས་གྱུར་ལས༔ འཆི་མེད་མཚོ་སྐྱེས་པདྨ་འབྱུང༔ ཟག་མེད་དཀར་དམར་ལང་ཚོས་གང༔ བདེ་ཆེན་ཐིག་ལེར་འཁྱིལ་བའི་ཞལ༔ རྗེས་ཆགས་སྤྱན་ཟུང་འཛུམ་པའི་མདངས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ རྡོ་རྗེ་ཚེ་ཡི་བུམ་པ་འཛིན༔ པང་དུ་རང་འོད་ལས་སྐྱེས་པའི༔ འཆི་མེད་ཡེ་ཤེས་མནྡཱ་ར༔ མདའ་དར་ཚེ་བུམ་བསྣམས་པས་འཁྲིལ༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་མཉམ་ཆེན་པོའི་དབྱིངས་སུ་སྦྱོར༔ ལོངས་སྤྱོད་རྫོགས་སྐུ་ཞི་བའི་ཆས༔ འོད་ཟེར་དྲུག་ཕྲག་བསམ་ཡས་འཕྲོ༔ རབ་འབྱམས་ཚེ་ལྷའི་འཁོར་དང་བཅས། །རིགས་མཆོག་རྣམ་པ་ལྔ་ཡི་བདག༔ སྐུ་གསུང་ཐུགས་ཀྱི་ངོ་བོར་རྫོགས། །ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིངྟ་མ་ཧཱ་རཀྟ་མ་ཧཱ་ཡོ་གི་དྷརྨ་དྷཱ་ཏུ་པཱུ་ཛཿཧོཿ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ སྐྱེ་འཆི་སྤངས་པ་སྤྲུལ་པའི་སྐུ༔ དབྱེར་མེད་མཚོ་སྐྱེས་རྒྱལ་བར་བསྟོད༔ ཅེས་བརྗོད་ལ། ལྷ་སྐུའི་ཕྱག་རྒྱ་དྭངས་གསལ་རྙོགས་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམས་ལ། གསལ་བརྟན་གྱི་ཉམས་མ་སྐྱེས་བར་སྦྱང་ཞིང་། དག་པ་དྲན་པ་ལ་བསླབ་པ་དང་། ང་རྒྱལ་ལ་སེམས་གཟུང་། དེས་སྐྱོ་ན། རང་ཉིད་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭ་འུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པའི་བཟླས་དམིགས་ལ་རྩེ་གཅིག་ཏུ་བརྩོན་བཞིན་རྟགས་ཐོན་བར་དུ་བཟླ། ཐུན་ལས་ལྡང་བར་བརྩམ་པ་ན། ཧོ༔ མ་བསྐྱེད་ཡེ་ནས་རྫོགས་པའི་ལྷ༔ ཆོ་འཕྲུལ་ཆེན་པོའི་དཀྱིལ་འཁོར་པ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་ཆོས་སྐུའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ སླར་ཡང་རང་དང་སྣང་བ་ཀུན༔ ཆུ་ལས་ཆུ་བུར་རྡོལ་པ་ལྟར༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱར་ཤར༔ རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་རྟག་ཆད་ཀྱི་མཐའ་བསལ། དགེ་བ་འདི་དང་དགེ་བ་གཞན༔ ཐམས་ཅད་གཅིག་ཏུ་བསྡོམས་བྱས་ནས༔ ཟག་མེད་ཆོས་སྐུའི་དབྱིངས་སུ་བསྔོ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ཅེས་པས་དགེ་བ་རྫོགས་བྱང་དུ་བསྔོ་ལ། ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་རྩལ༔ འགགས་པ་མེད་པར་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ གཞི་གྲོལ་རིག་པ་ཀ་ནས་དག༔ གཞི་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ ལྷུན་གྲུབ་ཐིག་ལེ་ཆེན་པོའི་སྦུབས༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཀྱི་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པའང་ཀོང་ཡུལ་སྒོམ་ཆེན་ཨོ་རྒྱན་རང་གྲོལ་གྱི་ཐུགས་དམ་རྒྱུན་ཁྱེར་དུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་དགེ། །།
ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་གསོལ་འདེབས་མི་ཤིགས་དྭངས་མ་ཡོངས་འགྲུབ་ (Volume 20, Text 34)
༄༅། །ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཀྱི་གསོལ་འདེབས་མི་ཤིགས་དྭངས་མ་ཡོངས་འགྲུབ་ཞེས་བྱ་བ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ་ཧྲཱིཿ མི་ཤིགས་དྭངས་མ་རྟག་བརྟན་གཡུང་དྲུང་གི །ངོ་བོར་རབ་བཞུགས་བདེ་ཆེན་འཁོར་ལོས་སྒྱུར། །རྒྱལ་བ་རྒྱ་མཚོའི་སྤྲུལ་གཞི་འོད་དཔག་མེད། །ཚེ་བདག་མགོན་པོ་མཆོག་དེར་གསོལ་བ་འདེབས། །པདྨའི་རིགས་ཅན་ཡོངས་ཀྱི་བདག་པོ་ཆེ། །རྒྱལ་བ་སྲས་བཅས་ཐུགས་རྗེ་གཅིག་བསྡུས་དཔལ། །ལག་ན་པདྨོས་བརྒྱན་པ་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་མཆོག་དེར་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བ་ཡོངས་དང་སངས་རྒྱས་སྟོང་། །མཐུ་སྟོབས་བྱིན་རླབས་གཅིག་བསྡུས་ཀོ་ཥའི་མཚོར། །རང་བྱུང་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །མ་ནོར་བླ་མ་མཆོག་དེར་གསོལ་བ་འདེབས། ཁ་སྦྱོར་ཡན་ལག་བདེ་བ་ཆེན་པོའི་སྐུ །གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ། །སྟོང་ཉིད་མཁའ་ལ་སྙིང་རྗེའི་གཏེར་འགྲོ་བ། །མཁའ་འགྲོ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །སྤངས་རྟོགས་མཐར་ཕྱིན་རྒྱལ་བར་ཡོངས་གྲུབ་ཀྱང་། །གདུལ་བྱར་སྨན་པའི་གཟུགས་སྐུ་ཅིར་ཡང་འཆར། །འདྲེན་པ་ཡོངས་ཀྱི་གཙོ་མཆོག་བདེ་ཆེན་གླིང་། །རིག་འཛིན་འཁོར་ལོས་སྒྱུར་དེར་གསོལ་བ་འདེབས། །གང་གིས་རྗེས་བཟུང་ཐུགས་ལས་སྐྱེས་པའི་སྲས། །ལུང་རྟོགས་ཆོས་ཀྱིས་དམ་པའི་གདུང་འཚོབ་པ། །རྣལ་འབྱོར་རྡོ་རྗེ་ཚེ་དབང་ནོར་བུའི་སྡེ། །དྲིན་ཆེན་བླ་མ་མཆོག་དེར་གསོལ་བ་འདེབས། །སྨིན་དབང་ཆུ་རྒྱུན་གྲོལ་བྱེད་གདམས་པའི་གཏེར། །ལེགས་པར་བསྩལ་ནས་ཐར་པ་མཆོག་སྦྱིན་མཛད། །འགྲོ་བའི་འདྲེན་མཆོག་བཀའ་དྲིན་ཟླ་མེད་མགོན། །དྲན་མཆོག་རྩ་བའི་བླ་མར་གསོལ་བ་འདེབས། །ཡི་དམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །ཀུན་རྫོབ་དོན་དམ་འཆི་མེད་རྡོ་རྗེའི་ཚེ། །འགྱུར་མེད་དངོས་གྲུབ་སྩོལ་མཛད་ཚེ་དཔག་མེད། །གོས་དཀར་མགྱོགས་མར་བཅས་ལ་གསོལ་བ་འདེབས། །ཚེ་ཡི་བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ། །ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །བདག་སྐྱོབ་ལྷ་དང་དཀར་པོའི་ཆོས་སྲུང་བའི། །དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་ཚེ་ཡི་དཀྱིལ་འཁོར་བླ་མ་ལྷར། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་འཕགས་ནོར་བདུན་གྱིས་ཕྱུག །དལ་འབྱོར་རྟེན་ཐོབ་བཤེས་གཉེན་དམ་པས་བཟུང་། །བསླབ་གསུམ་རྣམ་དག་ཐེག་ཆེན་ས་ལམ་གྱི། །ཡོན་ཏན་མ་ལུས་མྱུར་ཐོབ་རྩལ་ཆེན་རྫོགས། །དོན་གཉིས་ཕུན་ཚོགས་རྒྱལ་བའི་གནས་དམ་པ། །བདུད་སྡེ་བཞི་བཅོམ་འཆི་མེད་རྡོ་རྗེའི་སྐུ །སྐལ་པ་དྲུག་ལྡན་མཐའ་ཡས་འགྲོ་བའི་དཔལ། །སྲིད་ཞི་ལས་འདས་དེ་བཞིན་གཤེགས་པའི་གནས། །བདེ་ཆེན་མགོན་པོའི་གོ་འཕང་ལ་འཁོད་ཤོག །དེ་ལྟར་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མན་ངག་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བརྒྱུད་པའི་གསོལ་འདེབས་མི་ཤིགས་དྭངས་མ་ཡོངས་གྲུབ་ཅེས་བྱ་བ་འདི་ནི་ཞ་ལུ་དགེ་སློང་རྡོ་རྗེ་འཛིན་པ་རིན་ཆེན་འཇམ་དཔལ་ཆོས་དར་གྱིས་ཡང་ནས་ཡང་དུ་གསུང་གིས་བསྐུལ་བར་བརྟེན། རིག་འཛིན་ཚེ་དབང་ནོར་བུས་དྲག་པོ་ལྕགས་སྤྲེལ་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ཚེས་བཅུའི་ཐུན་ཆ་ཤས་གཅིག་ཏུ་ཀློ་ལམ་དཀར་ནག་གི་དབུས་རྟག་བརྟན་རིན་ཆེན་དེའུའི་སྐེ་ན་བསམ་གཏན་སྒོམ་པའི་སྤྱིལ་པོ་འཆི་མེད་གཡུང་དྲུང་འཁྱིལ་བར་བྲིས་པ་སྟེ་དགེའོ།། །།
དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་ (Volume 3, Text 34)
དམ་པ་རིགས་བརྒྱའི་ལྷ་དབང་གི་བཀོལ་བྱང་བཞུགས་སོ། །ཧཱུྃ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་དབང་བསྐུར་རོ། །ཧཱུྃ་ཨ་ཨ་བྷི་ཥིཉྩ་མི། ཧཱུྃ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་པས་དབང་བསྐུར་རོ། །ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་མི། ཧཱུྃ། ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ། །རིགས་ཀྱི་ཡུམ་གྱུར་རྣམས་ཀྱིས་དབང་བསྐུར་རོ། །མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་མི། ཧཱུྃ། རྣམ་ཤེས་དབང་པོ་དག་པས་སྐུ་གསུང་ཐུགས། །བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ཀྱིས་དབང་བསྐུར་རོ། །མ་ཧཱ་སཏྭ་ཨ་བྷི་ཥིཉྩ་མི། ཧཱུྃ། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ཀྱིས་དབང་བསྐུར་རོ། །བོ་དྷི་དེ་ཝཱི་ཨ་བྷི་ཥིཉྩ་མི། ཧཱུྃ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་རོ། །པཱུ་ཛ་དེ་ཝཱི་ཨ་བྷི་ཥིཉྩ་མི། ཧཱུྃ། དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་བསྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ཡིས་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི། ཧཱུྃ། རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ཡིས་དབང་བསྐུར་རོ། །ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མི། ཧཱུྃ། སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་མཛད་གཙོ། །ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང་། །བཅོམ་ལྡན་ཐུབ་པ་དྲུག་གིས་དབང་བསྐུར་རོ། །སརྦ་མུ་ནི་ཨ་བྷི་ཥིཉྩ་མི། ཧཱུྃ། འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཧེ་རུ་ཀ་རྣམས་ཀྱིས་དབང་བསྐུར་རོ། །སརྦ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་མི། ཧཱུྃ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །གདུག་པ་འདུལ་མཛད་ཡུམ་གྱིས་དབང་བསྐུར་རོ། །སརྦ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་མི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། ཁྲོ་མོ་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཧ་ཨ་བྷི་ཥིཉྩ་མི། ཧཱུྃ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །ཕྲ་མེན་ཆེན་མོ་བརྒྱད་ཀྱིས་དབང་བསྐུར་རོ། །ཧེ་ཨ་བྷི་ཥིཉྩ་མི། ཧཱུྃ། རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ཡིས་དབང་བསྐུར་རོ། །ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་མི། ཧཱུྃ། དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི། །མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ། །རྣལ་འབྱོར་ཉི་ཤུ་བརྒྱད་ཀྱིས་དབང་བསྐུར་རོ། །བྷྱོ་བྷྱོ་བྷྱོ་བྷྱོ་ཨ་བྷི་ཥིཉྩ་མི། ཤིན་ཏུ་བསྡུ་ན། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །ཞི་ཁྲོ་རབ་འབྱམས་རྒྱལ་བས་དབང་བསྐུར་རོ། །ཞེས་དང་། རྩ་སྔགས་སམ། ཡི་གེ་བརྒྱ་པའི་མཐར། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་མི། ཞེས་དབང་བསྐུར་བས། འདི་ལྟར་ཆོས་ཐམས་ཅད་དམ་པ་རིགས་བརྒྱའི་ངོ་བོར་དག་ཅིང་། དེ་ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་གསང་ཆེན་རིགས་གཅིག་ཏུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ།། །།
གཏེར་གསར་ཚེ་རིང་མའི་གཏོར་མ་འབུལ་བའི་འདོད་གསོལ་ (Volume 39, Text 34)
གཏེར་གསར་ཚེ་རིང་མའི་གཏོར་མ་འབུལ་བའི་འདོད་གསོལ་བཞུགས། ཧྲཱིཿ འོད་གསལ་དབྱིངས་ལས་བདེ་ཆེན་ཡེ་ཤེས་མདངས། །ཞིང་སྐྱོང་ལྷ་སྨན་རྒྱལ་མོ་མཆེད་ལྔ་དང་། །རིགས་ཀྱི་ཚོམ་བུ་འབུམ་སྡེ་འཁོར་བཅས་ཀྱིས། །གཏོར་མ་གསེར་སྐྱེམས་ཕུད་མཆོད་དགྱེས་བཞེས་ལ། །རྒྱལ་བའི་བསྟན་སྲུངས་བླ་མའི་སྐུ་ཚེ་སྲིངས། །འདུས་པའི་སྡེ་རྒྱས་འཕགས་པའི་ནོར་གྱིས་ཕྱུག །རྣལ་འབྱོར་ཚེ་དབང་འབྱོར་པ་སྙན་གྲགས་སྤེལ། །བདེ་སྟོང་ཡེ་ཤེས་སྐྱེད་པའི་གྲོགས་མཛོད་ཅིག །གཞི་བྱེས་ཉིན་དང་མཚན་མོ་དུས་རྟག་ཏུ། །བདག་འཁོར་ཡོན་བདག་བྱམས་པའི་ཐུགས་ཀྱིས་སྐྱོངས། །འཇིགས་དང་བར་ཆད་འཚེ་བ་ཀུན་ལས་སྐྱོབས། །བཀྲ་ཤིས་དགེ་ལེགས་དབྱར་མཚོ་ལྟར་རྒྱས་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། །ལོ་ཕྱུགས་ལེགས་ཤིང་དགེ་བའི་ཆོས་སྤྱོད་འཕེལ། །སྐྱེ་དགུའི་མོས་སྣང་དམ་པའི་ཆོས་ལ་སྒྱུར། །དག་པ་མཁའ་སྤྱོད་གནས་སུ་བསུ་སྐྱེལ་མཛོད། །ཐུགས་དམ་མ་བསྙེལ་བརྩེ་གདུང་མ་ཆུང་བར། །མདོར་ན་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལས་དང་དངོས་གྲུབ་ཇི་ལྟར་བསམ་པའི་དོན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་ཀུན་མཁྱེན་འཇམ་དབྱངས་བླ་མའི་བཀའ་བཞིན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ།། །།
རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་ཆོག་རྫོགས་པ་རང་བྱུང་གི་རྒྱུད་ཀྱི་དགོངས་དོན་ཇི་བཞིན་ཆོག་བསྒྲིགས་ཟིན་བྲིས་སུ་བཀོད་པ་ (Volume 55, Text 34)
༄༅། །རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་ཆོག་རྫོགས་པ་རང་བྱུང་གི་རྒྱུད་ཀྱི་དགོངས་དོན་ཇི་བཞིན་ཆོག་བསྒྲིགས་ཟིན་བྲིས་སུ་བཀོད་པ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཡ། བླ་མ་མཆོག་དང་ཀུན་བཟང་ཆོས་ཀྱི་སྐུ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ། །སྐུ་གསུམ་ངོ་བོ་གཅིག་ཏུ་འདུས་ཕྱག་འཚལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །འདིར་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་དབང་བསྐུར་བའི་རིམ་པ་ལ་གསུམ་སྟེ། ཆོ་ག་ལ་འཇུག་པ་གང་ཟག་གི་མཚན་ཉིད། སྔོན་འགྲོ་ལེགས་པར་བཤམ་པ་དང་། དངོས་གཞི་དབང་བསྐུར་བའོ། །དེ་ལ་དང་པོ་སྟོན་བྱེད་སློབ་དཔོན་ནི་མཚན་ཉིད་གསུམ་དང་ལྡན་དགོས་ཏེ། མདོ་རྒྱུད་ཀྱི་དོན་ལ་མཁས་པ། མངོན་སུམ་གྱི་གནད་བསྒོམས་པ། རང་སྨིན་ནས་གཞན་རྒྱུད་དགྲོལ་ནུས་པའོ། །སློབ་མའི་མཚན་ཉིད་ནི། མངོན་སུམ་སྙིང་པོའི་དོན་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བ། དད་པའི་ཞིང་ས་བཟང་བ། མི་དགེ་བ་དུག་ལྟར་སྤོང་བ། འཁྲུལ་པའི་དོན་རིག་པས་ཡང་དག་པའི་གདམས་པ་ཞུ་བ་ལ་འཇིག་རྟེན་གྱི་ནོར་རྫས་ལ་གཏོང་ཕོད་ཆེ་བ། ལུས་དང་སྲོག་ལ་མི་ཕོངས་པར་ཆོས་ཕྱིར་ལུས་སྲོག་གཏོང་ནུས་ཤིང་སྲི་ཞུ་དང་མོས་གུས་ཆེ་བའོ། །གཉིས་པ་རྫས་བཤམ་པ་ནི། དཀྱིལ་འཁོར་གྲུ་བཞི་ཚད་ལྡན་མེ་ལོང་གི་ངོས་ལྟར་སྙོམས་པ་ལ། བ་བྱུང་ལྔ་དང་དྲིས་བྱུགས་པའི་སྟེང་དུ་ཐིག་ཚོན་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ལ། ཚངས་ཟུར་ནས་སྒོ་རྐྱང་གི་ཐིག་རྫོགས་པར་གདབ་ཅིང་། དབུས་ཟླུམ་པོ་མཐིང་ག་པདྨ་འདབ་བརྒྱད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞིར་མཛེས་ཚོན་དུ་སྤེལ་ཞིང་། ལྷ་སྣམ་གྲུ་ཆད་དང་། སྒོ་རྟ་བབས། ཞིང་ཁམས་དང་བཅས་པའི་མཐར་ཉི་ཟླ་པདྨ་རྡོ་རྗེའི་ར་བ་འོད་ཟེར་ལྔའི་ཕྲེང་བས་བསྐོར་བར་བྲིས་པའི་དབུས་དང་ཕྱོགས་བཞིར་རིན་པོ་ཆེའི་བུམ་པ་རིགས་ལྔའི་ཁ་དོག་ཅན་སོ་སོའི་ས་བོན་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཀོད། བུམ་པའི་ནང་དུ་རིན་པོ་ཆེ་ལྔ། འབྲུ་སྣ་ལྔ། སྨན་སྣ་ལྔ། སྤོས་ལྔ། སྙིང་པོ་ལྔ་རྣམས། གངས་ཀྱི་ཆུ་གཙང་འོ་མ་དང་སྦྱར་བ་དཀར་གསུམ་མངར་གསུམ་གྱིས་བྲན་པས་བཀང་ཞིང་། ཁ་རྒྱན་གྱི་གསེབ་ཏུ། མེ་ལོང་ལྔ། ཤེལ་ལྔ། དར་སྣ་ལྔ། རྨ་བྱའི་མདོངས་ལྔ། རིགས་ལྔའི་ཙཀ་ལི་དང་བཅས་པ་བཀོད། གསང་དབང་གི་རྫས་ཐོད་པ་བདུད་རྩིས་གང་བ་ཁ་མེ་ལོང་གིས་བཅད། སིནྡྷུ་རས་བྱུགས་པའི་ཁ་དར་དམར་པོས་བཀབ་ལ་བཞག །སྒོ་བཞིར་ཕུར་པ་བཞི་དང་། མདའ་བཞི་བཀོད། མཚམས་བཞིར་རལ་གྲི་བཞི། ཕྱི་ནང་གསང་གསུམ་གྱི་མཆོད་པ་སྨན་རཀ་གཏོར་གསུམ་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམ། བླ་བྲེ་དང་ཡོལ་བ་ལ་སོགས་བཀོད་པས་བརྒྱན་པ་དང་། བྱང་ཤར་དུ་པདྨ་འདབ་བཞི་དབུས་ལྗང་གུའི་སྟེང་དུ་ལས་ཀྱི་བུམ་པ་དྲི་བཟང་གི་ཆུས་བཀང་ཞིང་། ཁ་རྒྱན་མགུལ་ཆིངས་སོགས་བཀོད་པས་བརྒྱན་པ་བཤམ་པར་བྱའོ། །གསུམ་པ་དངོས་གཞི་དབང་བསྐུར་བ་ལ། བདག་དང་དཀྱིལ་འཁོར་བྱིན་གྱིས་བརླབ་པ། སློབ་མ་འཇུག་པ། དབང་བསྐུར་བ་དངོས་སོ། །དེ་ཡང་གསང་སྔགས་འོག་མ་ལྟར་བསྐྱེད་རྫོགས་དུ་མའི་སྤྲོས་པ་མེད་ནའང་ཡེ་ནས་དཀྱིལ་འཁོར་སངས་རྒྱས་ཡིན་མོད་ཀྱི། གནས་སྐབས་སུ་གཟུང་འཛིན་སྤྲོས་པ་སྦྱོང་བའི་ཕྱིར། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་ཞིག་བྱས་ལ། རང་ཉིད་སྐད་ཅིག་གིས་གཞིའི་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ག་མཉམ་སྦྱོར། ཕྱག་གཉིས་མཉམ་གཞག་ཞབས་སྐྱིལ་ཀྲུང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འོད་ཟེར་དུ་མ་འཕྲོ་བར་བསམ་ལ། ཨཿ བརྒྱ་རྩ་བརྒྱད་བཟླས། མདུན་དུ་རིགས་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་ལ། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱས་རྒྱས་བཏབ་ནས། སྣང་སྲིད་སྣོད་བཅུད་ཐམས་ཅད་རིགས་ལྔའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་ལྷ་མོས་གང་བ་འདོད་ཡོན་གྱི་རྒྱན་དུ། ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབ། ལས་བུམ་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད་ལ། བཟླས་པ་ཅི་འགྲུབ་བྱ། སློབ་མ་འཇུག་པ་ནི། དེ་ནས་སློབ་མས་མཎྜལ་ཕུལ་བའི་རྗེས་སུ་ཐལ་མོ་སྦྱར་ལ། ཨེ་མ་ཧོ། སྐྱེས་མཆོག་འགྲོ་མགོན་བླ་མ་རྗེ། །བདག་ནི་ལས་ཅན་རིགས་ཀྱི་བུ། །གསང་ཆེན་ངེས་པའི་ལུང་འདི་ལ། །རྟོགས་པས་བདག་ཉིད་གཟུང་དུ་གསོལ། །ཞེས་ལན་གསུམ་ཞུའོ། །དེ་ནས་བླ་མས་གནང་བ་བྱིན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཤིན་ཏུ་གསང་བའི་ཐེག་པ་འདིར། །རྡོ་རྗེ་འཛིན་པ་བདག་གི་ལུང་། །ཞུ་ན་འབྲས་བུ་དེས་ཐོབ་འགྱུར། །བདག་ཉིད་ཆེན་པོ་ཁྱེད་ཅག་ནི། །བློ་ཡི་ཐེ་ཚོམ་རབ་བསལ་ནས། །ནོར་བུའི་ཡོན་ཏན་མཐོང་བ་བཞིན། །བདག་ཅག་བླ་མར་སྤྲོ་ལགས་སམ། །ཞེས་དྲིས་པའི་ལན་དུ་སློབ་བུས་སྤྲོ་ལགས་ཞེས་ཞུ། དེ་ནས་སྐྱབས་འགྲོ་བྱ་བ་ནི་རྗེས་ཟློས་བུས་བྱས་ལ། ཧཱུྃ། རླུང་ལྔ་རྣམ་པར་དག་པའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་ལན་གསུམ་བྱ། དེ་ནས་བླ་མས་འདི་སྐད་བརྗོད། སྐལ་ལྡན་རང་གི་ལུས་ཀྱི་འཁོར་ལོ་བཞི་དམ་ཆོས། རྩ་འདབ་དགེ་འདུན། ཐིག་ལེ་ལྔའི་དྭངས་མ་ཡེ་ཤེས་ནི་ཉོན་མོངས་པ་ཡེ་ནས་དག་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་ངོ་ཤེས་ནས་བསྒོམ་སྙམ་དུ་དོན་དམ་པའི་སྐྱབས་སུ་འགྲོ་བ་གྱིས་ཤིག །ཅེས་བརྗོད། དེ་ནས་སྨོན་པ་སེམས་བསྐྱེད་ནི། ཨེ་མ་ཧོ། མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱ། །ཞེས་ལན་གསུམ་བྱ། དེས་ནི་རང་རིག་མངོན་སུམ་གྱི་ཡེ་ཤེས་སྣང་བ་བཞི་ཉམས་སུ་བླང་སྙམ་དུ་སེམས་བླ་ན་མེད་པར་བསྐྱེད་པའོ། །ཞེས་བཤད་ལ། འཇུག་པ་སེམས་བསྐྱེད་ནི། ཨེ་མ་ཧོ། སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་བཞི། །ཚིག་ལས་འདས་པའི་རང་བྱུང་དེ། །ད་ལྟ་ཉིད་དུ་རྟོགས་པར་བྱ། ཞེས་ལན་གསུམ་བྱ། དེས་ནི་དབྱིངས་ཀ་དག་ཆོས་སྐུ་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ལྷུན་གྲུབ་རང་རིག་ཆོས་སྐུ་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ། དེ་ཉིད་ཚིག་དང་ཡི་གེ་མེད་པའི་དོན་སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ་སེམས་སྐྱེད་ཅིག །ཅེས་བཤད། དེ་ནས་སྲུང་སྐུད་གདགས་པ་ནི། ཚོན་སྣ་ལྔའི་སྐུད་པ་ལ། ཨཱོྃ་ཨཱཿཧཱུྃ་ཨཱོྃ་སྭཱ་བྷཱ་བ་བི་ཤུདྡྷ་སརྦ་དྷརྨཱ་སྭཱ་བྷཱ་བ་བི་ཤུདྡྷོ྅་ཧཾ། ཞེས་པའི་སྔགས་ཀྱིས་མདུད་པ་བྱས་ལ། ཕོའི་དཔུང་པ་གཡས་དང་། མོའི་དཔུང་པ་གཡོན་ལ་གདགས་སོ། །དེ་ནས་དམ་བསྒྲག་པ་ནི། ལས་བུམ་གྱི་ཆུ་དུང་ཕོར་དུ་བླུགས་ལ། ཧཱུྃ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ། །ཉམས་ན་དམྱལ་མེ་བཟོད་དཀས་སྲེག །བསྐལ་པ་གྲངས་མེད་སྡུག་བསྔལ་འགྱུར། །བསྲུང་ན་དངོས་གྲུབ་རྨད་པོ་ཆེ། །མ་ལུས་ལྷུན་གྱིས་གྲུབ་པར་འགྱུར། །དེ་བས་དམ་ཚིག་སྲོག་གི་ཆུ། །སྙིང་ལ་ཞོག་ལ་ཐུབ་པར་གྱིས། །ཞེས་བརྗོད་ཅིང་། ཀྱེ་སྐལ་ལྡན་ཀུན། དམ་ཚིག་ཉམས་ན་དམྱལ་བ་ལས་ཐར་པའི་དུས་མེད་ཅིང་། སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་པས། དམ་ཚིག་སྲུངས་ཤིག །ཨཱོྃ་བཛྲ་ས་མ་ཡ་ཧཱུྃ། ཞེས་རྡོ་རྗེ་སྤྱི་བོར་བཞག །དེ་ནས་སློབ་མའི་རྒྱུད་དག་པའི་ཕྱིར། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་དབང་བསྐུར་བ་ནི། ལས་བུམ་གྱིས་སློབ་མ་བསངས་ལ། པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྣམ་པར་འཇོམས་པ་་་རྒྱུད་རང་ནས་རྣམ་འཇོམས་སྔོན་པོ། གཡས་བུམ་པ་དཀར་པོ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་པ། གཡོན་སྡིགས་མཛུབ་ཕུར་པ་འདྲིལ་བ། ཀླུ་རིགས་བཞིས་སྐུ་བརྒྱན་པ་གཅིག་གསུངས་འདུག།སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་དང་བྱང་ཤར་ལྕང་ལོ་ཅན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པར་བསམ་ལ། གུ་གུལ་གྱི་དུད་པས་བདུག་ཅིང་རོལ་མོའི་སྒྲ་བསྒྲག་ལ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྔགས་འདི་ཉི་ཤུ་རྩ་གཅིག་བཟླས་ལ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱས། ལས་ཀྱི་བུམ་པ་དེ་ཉིད། བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པ། ཕྱི་བུམ་པའི་རྣམ་པ་ལ་ནང་བཅུད་གཞལ་ཡས་ཁང་དུ་བསམ་པའི་པད་ཟླའི་སྟེང་དུ་རྡོ་རྗེ་རྣམ་འཇོམས་ལ་ཁྲུས་ཀྱི་ལྷ་མོས་བསྐོར་བར་བསམ་ལ། ཡེ་ཤེས་པ་དགུག་ཅིང་བསྟིམ། མཆོད་པ་ལྔས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་ཅི་རིགས་པས་བསྟོད། ལྷ་ཚོགས་འོད་དང་ལྡན་པའི་བདུད་རྩིའི་བུམ་པ་དེ་ཉིད་བདུད་རྩིས་གང་བར་བསམ། བཟླས་པ་ནི། ཨཱོྃ་བཛྲ་ཙཎྜ་སརྦ་ཨ་བུདྡྷ་རམ། ཡཾ་སརྦ་བུདྡྷ་ཧོ་རཾ་རཾ་བཾ་རཾ་རཾ་བཛྲ་ཙཎྜ་རཾ་རཾ། ཞེས་པ་བརྒྱ་སྟོང་བཟླས། དེ་ནས་བུམ་པ་སྤྱི་བོར་བཞག་ལ་དབང་བསྐུར་བ་ནི། ཧཱུྃ། བདུད་རྩི་དག་པའི་ཡེ་ཤེས་སྐུ། །ཆོས་ཉིད་མཁའ་མཉམ་ཡེ་ཤེས་བུམ། །རྣམ་དག་ཀུན་སྦྱོང་ཡེ་ཤེས་ཆུ། །རིག་པའི་ཡེ་ཤེས་སྙིང་པོར་བཅས། །མཁའ་གསང་མཉམ་སྦྱོར་ལན་ཚྭའི་རོ། །རྣམ་དག་དྲི་མེད་བཅུད་ལེན་སྨན། །འདོད་ཡོན་ལས་གྲུབ་རིན་པོ་ཆེ། །རིན་ཆེན་འོད་འབར་དྲི་ཞིམ་སྤོས། །གསོ་བྱེད་རྡོ་རྗེ་འོ་མའི་ཆུ། །འདོད་པ་ཚིམ་བྱེད་འབྲས་བུ་དང་། །མཉེན་འཁྲིལ་ཐུགས་རྗེ་དར་དཔྱང་དང་། །འབྲས་བུ་བཅུད་ཀྱིས་གཏམས་པ་ཡི། །ཆོས་ཉིད་མཉམ་པའི་བུམ་པ་མཆོག །སྐལ་ལྡན་འདི་ལ་དབང་བསྐུར་པས། །ཆོས་ཉིད་རང་སྟོབས་རྙེད་ནས་ཀྱང་། །དབང་ཆེན་སྐུ་དང་ལྡན་གྱུར་ཅིག །ཨཱོྃ་མ་ཧཱ་ཀ་ལ་ཤཿསིདྡྷི་བཛྲ་ཧཱུྃ། ཞེས་དབང་བསྐུར། དེ་ནས་ཁྲུས་ཀྱི་བུམ་པས་ཁྲུས་བྱ་ཞིང་། སྤྱི་བོར་བཞག་ལ། ཧཱུྃ། རྣམ་དག་དྲི་མེད་ཡེ་ཤེས་ཆུས། །བཀྲུས་པས་རྣམ་དག་སྡུག་བསྔལ་བྲལ། །རྣམ་རྟོག་དྲི་མ་ཀུན་སྦྱོང་ཞིང་། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཀྱི། །ཡེ་ཤེས་ཆུ་རྒྱུན་བབས་ནས་ནི། ཁྱོད་ཀྱི་རྣམ་རྟོག་བྱང་གྱུར་ནས། །ཕྱི་དང་ནང་གི་སྡུག་བསྔལ་རྣམས། །ཐམས་ཅད་ཞི་བར་གྱུར་ནས་ཀྱང་། །ཡེ་ཤེས་སྣང་བ་གསལ་བར་སྟོན། །དག་པ་ཡེ་ཤེས་བདུད་རྩི་འདིས། །དྲི་མའི་སྐྱོན་རྣམས་བྱང་བ་དང་། །མི་གཙང་ལ་སོགས་ཉམས་པ་ཀུན། །ཤེལ་སྒོང་ལྟ་བུར་གྱུར་ནས་ནི། །རྣམ་འཇོམས་ཉིད་ཀྱི་སྐུ་གསུང་ཐུགས། །རིགས་ཀྱི་བུ་ལ་སྣང་བར་ཤོག །ཨཱོྃ་བཛྲ་ཙཎྜ་ཀྲོ་དྷ་ཀཱ་ཡ་ཧཱུྃ་ཕཊ། དེ་ནས་གཏོར་མ་སྤྱི་བོར་བཞག་ལ། ཨཱོྃ་བཛྲ་ཙཎྜ་མ་ཧཱ་ཀྲོ་དྷ་ཧུ་ལུ་ཧུ་ལུ། བྷན་དྷ་བྷན་དྷ་ཧུ་ལུ་ཧུ་ལུ་ཧཱུྃ། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་རྣམ་འཇོམས་ཁྲུས་དབང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་བརྗོད་པར་བྱའོ།། །། ༈ དེ་ནས་དངོས་གཞིའི་དབང་བསྐུར་བ་དངོས་ནི། སློབ་མ་རྣམས་གདོང་དར་དམར་པོས་དཀྲིས་ལ། ལག་ཏུ་མེ་ཏོག་བཟུང་ལ་གསོལ་བ་གདབ་པ་ནི། ཧཱུྃ། རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས། །ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ། །དཀྱིལ་འཁོར་འདིར་འཇུག་བདག་ལ་དབང་བསྐུར་སྩོལ། །གསང་བ་ཆེན་པོ་བདག་ལ་གནང་བར་མཛོད། །ཅེས་གསོལ་བ་བཏབ་ལ། སླར་དམ་ཚིག་བསྐྱར་ཅིང་ནན་ཏན་ཏུ་བྱ་བ་ནི་དམ་ཆུ་བླུད་ལ། དམ་ཚིག་ཁྲོ་ཆུ་ཁོལ་མ་འདི། ཁྱོད་ལ་གཏད་ཀྱི་ཐུབ་པར་གྱིས། །ཉམས་ན་དམྱལ་བའི་རྒྱུ་ཡིན་ཏེ། །ཐུབ་ན་ཡོན་ཏན་རྩ་བརྒྱད་ཐོབ། །དེ་བས་ཁྱོད་ཀྱིས་གུས་པས་ལོངས། །ས་མ་ཡཱ་སཏྭཾ། བག་ཤ་ནི་ཧོ་ཧོ། དེ་ནས་ཡེ་ཤེས་དབབ་པ་ནི། སློབ་མ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ། རྩ་གནས་འཁོར་ལོ་བཞི་ཡི་རྩ་དང་ཡི་གེ་དང་ཐིག་ལེ་སྐུ་དང་འོད་ཟེར་འཕྲོ་བ། སྙིང་ནང་དང་དུང་ཁང་དུ་ཞི་ཁྲོའི་ལྷ་ཚོགས་གསལ་གདབ་ལ། སློབ་དཔོན་གྱིས་ཌཱ་དྲིལ་དཀྲོལ་ཞིང་། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟེ་བ་སྤྲུལ་སྐུའི་བཞུགས་གནས་ཡིན། །རླུང་ལྔ་གཡོ་རྩོལ་ལས་འདས་པས། །ཐིག་ལེ་འོད་སྐུར་ཤིགས་སེ་ཤིག །སྙིང་ག་ཆོས་སྐུའི་བཞུགས་གནས་སུ། །སངས་རྒྱས་རིགས་ལྔ་ཡབ་ཡུམ་བཞུགས། །འོད་ཟེར་ལྔ་རུ་ཤིགས་སེ་ཤིག །མགྲིན་པ་ལོངས་སྤྱོད་ཕོ་བྲང་དུ། །སེམས་དཔའ་རྒྱལ་བ་རྒྱ་མཚོ་བཞུགས། །ཐིག་ལེ་འོད་སྐུར་ཡ་ལ་ལ། །སྤྱི་བོ་བདེ་ཆེན་འཁོར་ལོ་ནི། །སྐུ་གསུམ་འབྲས་འདུས་རྩེ་མོ་ན། ཁྲོ་རྒྱལ་གད་རྒྱངས་ཡ་ལ་ལ། །ཨཱོྃ་བོ་དྷི་ཙིཏྟ་ཤཱནྟིཾ་ཀྲོ་དྷ་ས་པ་རི་ཝཱ་ར་སརྦ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་རོལ་མོའི་སྒྲས་བྱིན་ཕབ། གུ་གུལ་ཤ་ཆེན་སོགས་ཀྱི་དུད་པས་བདུག །རྡོ་རྗེ་སྤྱི་བོར་བཞག་ལ། སུ་པྲ་ཏིཥྛས་བརྟན་པར་བྱས། དེ་ནས་མེ་ཏོག་དོར་བ་ནི། ཨེ་མ་ཧོ། ཐོག་མ་མེད་པའི་དུས་དག་ནས། །ད་ལྟའི་དུས་འདི་ཡན་ཆོད་དུ། །སྔོན་ནས་ལས་འབྲེལ་ཡོད་པའི་ལྷ། །རིགས་མཆོག་དེ་ལ་འབབ་པར་ཤོག །ཅེས་བརྗོད་དེ། མེ་ཏོག་དལ་གྱི་དབུས་སུ་བབས་ན། སྣ་ཚོགས་རང་གྲོལ། ཤར་དུ་རྡོ་རྗེ་སྙིང་པོ། ལྷོར་འདོད་ཡོན་རང་ཤར། ནུབ་ཏུ་བདེ་ཆེན་རྒྱལ་པོ། བྱང་དུ་སྒོ་ལྔ་བྱ་བྲལ་ཞེས་བཏགས་སོ། །དེ་ནས་མིག་དབྱེ་བ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ཀྱི་མ་རིག་རྨོངས་པའི་མིག །ཡེ་ཤེས་སྤྱན་དུ་ངས་ཕྱེ་འོ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཞེས་དལ་བསྟན་ལ། མཐོང་བ་བརྟག་པ་ནི། མིག་ཟིམ་བུས་དཀྱིལ་འཁོར་གྱི་ནང་དུ་བལྟས་ལ། མདོག་དཀར་སེར་དམར་ལྗང་མཐིང་སོགས། རིགས་སོ་སོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་གསེར་གྱི་ཐུར་མས་དཀྱིལ་འཁོར་བསྟན་ལ། དེ་ཡང་དབུས་ཟླུམ་པོ་མཐིང་གར་བྱུང་བ་ནི། གཞི་ཆོས་ཉིད་ཀྱི་དོན་ལ་གཉེན་པོ་དང་བྲལ་བའི་བརྡའོ། །པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱུང་བ་ནི། གཞི་ལ་རླུང་ལྔའི་དྭངས་མ་དང་ལྡན་པའི་བརྡའོ། །གྲུ་ཆད་བཞིར་བྱུང་བ་ནི། འབྱུང་བ་བཞིའི་འོད་དང་ལྡན་པའི་བརྡའོ། ཁྱམས་བཞི་སྒོ་དང་བཅས་པ་ནི། ཕྲིན་ལས་བཞི་པོ་རང་ལ་ཚང་བའི་བརྡའོ། །པཉྩ་རེ་ཁཱའི་རྩིགས་པ་ལྔར་བྱུང་བ་ནི། ཡེ་ཤེས་ལྔའི་ར་བ་དང་ལྡན་པའི་བརྡའོ། །རྟ་བབས་བཞི་ནི། གཞི་ལ་ཚད་མེད་བཞི་ལྷུན་གྱིས་གྲུབ་པའི་བརྡའོ། །རི་དྭགས་བརྒྱད་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་གཞི་ནས་དག་པའི་བརྡའོ། །འཁོར་ལོ་བཞི་ནི། ཕྱི་ནང་གསང་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བཞི་ཡེ་ནས་བསྐོར་བའི་བརྡའོ། །གདུགས་བཞི་ནི། རྟག་པ་བརྟན་པ་འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་པའི་གཞིའི་དབྱིངས་གདོད་མ་ནས་གནས་པའི་བརྡའོ། །སྣ་ཚོགས་རྡོ་རྗེ་ནི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་རྫོགས་པ་ཆེན་པོའི་ངང་ན་གནས་པའི་བརྡའོ། །འདོད་ཡོན་གྱི་སྣམ་བུ་ནི། འདོད་ཡོན་མ་སྤང་རྒྱན་དུ་ཤར་བའི་བརྡའོ། །ཕ་གུ་ནི། འདོད་ཡོན་མ་སྤངས་རང་ལས་བྱུང་བའི་བརྡའོ། །དྲྭ་ཕྱེད་ནི། གཞིའི་ཡོན་ཏན་རྫོགས་པའི་བརྡའོ། །མདའ་ཡབ་ནི། ཐུགས་རྗེ་ལ་ཕྱོགས་རིས་མེད་པའི་བརྡའོ། །པུ་ཤུ་ནི། འོད་གསལ་སྙིང་པོར་གྱུར་པའི་བརྡའོ། །ཞིང་ཁམས་ནི། རང་སྣང་ལྷུན་གྱིས་གྲུབ་པའི་བརྡའོ། །ཉི་གདན་ནི། ཤེས་རབ་དབྱིངས་སུ་འཁྱིལ་བའི་བརྡའོ། །པདྨ་ནི། ཡེ་ནས་དྲི་མས་མ་གོས་པའི་བརྡའོ། །རྡོ་རྗེའི་ར་བ་ནི། དབྱིངས་ལ་འཕོ་འགྱུར་མེད་པའི་བརྡའོ། །འོད་ཟེར་གྱི་ཕྲེང་བས་བསྐོར་བ་ནི། དབྱིངས་ན་སྐུ་དང་ཡེ་ཤེས་ལྔའི་རོལ་པ་ལྷུན་གྱིས་གྲུབ་པའི་བརྡའོ། །ཞེས་བཤད་དོ། །དེ་ནས་རྫས་ཀྱི་མཐོང་བ་བསྟན་པ་ནི། ཨེ་མ་བརྡ་ཤེས་སྐལ་ལྡན་བུ། །བརྡ་དང་དམ་རྫས་བཀོད་པའི་ཚོགས། །གནས་ལུགས་མཚོན་པའི་རྫས་འདི་ལྟོས། །མཐོང་བའི་དོན་ནི་བདག་ལ་སྨྲོས། །ཞེས་བརྗོད་དུས། སློབ་མས། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་མཐོང་ལགས། ཞེས་ལན་གདབ་ལ། བླ་མས་རྫས་ཀྱི་དེ་ཉིད་བསྟན་པ་ནི། ཐུར་མས་མཚོན་ལ། ཀྱེ་སྐལ་ལྡན། བུམ་པ་ལྔར་བྱུང་བ་ནི། རིགས་ལྔ་རང་ལ་རྫོགས་པའི་བརྡའོ། །མགུལ་ཆིངས་ལྔ་ནི། ཡུམ་ལྔ་ཡབ་ལྔ་དབྱེར་མེད་པའི་བརྡའོ། ཁ་རྒྱན་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ནས་རྫོགས་པའི་བརྡའོ། །ཤེལ་ནི། ངོ་བོ་ཀ་དག་ཆོས་སྐུའི་གཞི་མཚོན་པའི་བརྡའོ། །རྨ་བྱའི་མདོངས་ལྔ་ནི། རང་བཞིན་འོད་མདངས་སྒྲོན་མ་ལྔ་རང་ལ་འཆར་བས་ལྷུན་གྲུབ་ལོངས་སྐུའི་ཞིང་མཚོན་པའི་བརྡའོ། །མེ་ལོང་ལྔ་ནི། ཐུགས་རྗེའི་རིག་པའི་སྙིང་པོ་ཡེ་ཤེས་ལྔ་ལྡན་སྤྲུལ་པ་འཕྲོ་བའི་གཞི་མཚོན་པའི་བརྡའོ། །མདའ་ལྔ་ནི། ཤེས་རབ་ལྔ་གཞི་ལ་མཚོན་པའི་བརྡའོ། །དར་སྣ་ལྔ་ནི། རླུང་ལྔ་དབྱིངས་ན་མཚོན་པའི་བརྡའོ། །ཕུར་པ་བཞི་ནི། རིག་པ་ཆོས་དབྱིངས་འཕོ་འགྱུར་མེད་པ་མཐའ་བཞི་ལས་གྲོལ་བའི་བརྡའོ། །གྲི་བཞི་ནི། རིག་པའི་ངོ་བོར་རྟོགས་པས་སྐྱེ་བཞིའི་མངལ་སྒོ་ཆོད་པའི་བརྡའོ། །ཕྱི་ནང་གི་མཆོད་པ་གཏོར་ཚོགས་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ་ནི། སྣང་སྲིད་སྣོད་བཅུད་ཀྱི་འཇིག་རྟེན་འདོད་ཡོན་སྒོ་ལྔའི་སྣང་ཡུལ་ཐམས་ཅད་རང་རིག་པའི་ངང་ནས་རྨི་ལམ་སྒྱུ་མ་ལྟར་འགགས་པ་མེད་པ་ཡེ་ནས་ཤར་བའི་བརྡའོ། །ཞེས་བཤད་དོ། །དེ་ནས་བླ་མ་མཐོང་བ་བསྟན་པ་ནི། སྐལ་ལྡན་གྱི་སློབ་བུ་ཁྱོད་ཀྱིས་བླ་མ་ཅིར་མཐོང་། སློབ་མས། བླ་མ་ཁྱོད་ཉིད་སངས་རྒྱས་ཀྱི་ལམ་སྟོན་པའི་གནས་སུ་མཐོང་ལགས། དེ་ནས་མཆེད་ལྕམ་མཐོང་བ་བསྟན་པ་ནི། ཨེ་མ་ངོ་མཚར་རིགས་ཀྱི་བུ། །གྲོགས་ཀྱི་དམ་པ་གང་ཡིན་པ། །འཇུག་སྒོ་གཅིག་པའི་མཆེད་ལྕམ་ལ། །དག་པའི་སྣང་བ་མཐོང་རེ་རན། ཁྱོད་ཀྱིས་མཐོང་བ་བདག་ལ་སྨྲོས། །ཞེས་པའི་ལན་དུ། ཐར་པ་སྒྲུབ་པའི་གྲོགས་རྣམས་ལྷ་དང་ལྷ་མོའི་རང་བཞིན་དུ་མཐོང་ལགས། ཞེས་བརྗོད་ནས། དེ་ནས་དབང་བསྐུར་བར་གསོལ་བ་གདབ་པ་ནི། ཨེ་མ་རིན་ཆེན་བླ་མ་དང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །བདག་ཅག་སྐལ་ལྡན་བུ་དག་ལ། །སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས། །དུས་འདིར་བདག་ལ་གནང་བར་མཛོད། །ཅེས་ཞུ་ཞིང་། སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ། ཆོས་ཉིད་དབྱིངས་ཀྱི་རྡོ་རྗེ་དང་། །ཤེས་རབ་རང་བཞིན་དྲིལ་བུ་ཟུངས། །སྒྲ་ཡིས་ཐམས་ཅད་ཟིལ་གྱིས་མནན། །དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར། །ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག །ཨཱོྃ་བཛྲ་ཙིཏྟ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་དབུས་ཀྱི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། ཆོས་ཉིད་སྟོང་པ་ཡེ་ཤེས་དག་པ་ཡི། །རྣམ་དག་དོན་ལྡན་ཡེ་ཤེས་བུམ་པ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྟོང་རིག་གསལ་བའི་དོན་ལྡན་ཤོག །ཨཱོྃ་བཛྲ་ཙིཏྟ་ཡེ་ཏི་ཏ་བཛྲ་ཨ་ནི་སཏྭཾ། ལྷོའི་བུམ་པ་རྣ་ལྟག་གཉིས་སུ་བཞག་ལ། ཧཱུྃ། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །ཆོས་སྐུ་དག་པའི་རང་བཞིན་ལས། །ཡེ་ཤེས་དག་པའི་ཕོ་བྲང་འདིར། །བཀྲ་ཤིས་དག་པའི་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཨཱོྃ་རཏྣ་ཨེ་བཾ་ཏི་ཏ་ཛ་ཧཱུྃ། ནུབ་བུམ་མགྲིན་པར་བཞག་ལ། ཧཱུྃ། རྟོག་པའི་དྲྭ་བ་སེལ་བའི་བུམ་པ་འདིས། །དག་པའི་ཡེ་ཤེས་གཉིས་དང་སྦྱོར། །ཡེ་ཤེས་སྟོན་པའི་བུམ་པ་རབ་མཛེས་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཨཱོྃ་པདྨ་དུ་དི་ཤ་རི་ཧི་བག་སཏྭཾ། བྱང་གི་བུམ་པ་ལྟེ་བ་དང་ཡན་ལག་བཞི་ལ་བཞག་ལ། ཧཱུྃ། བྱང་ཆུབ་ལས་བྱུང་བདུད་རྩིའི་སྣོད། །ཉོན་མོངས་སེལ་བའི་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཨཱོྃ་ཀརྨ་ཛྙཱ་ན་ཏཾ་བག་ཤཾ་ཧཱུྃ། དབང་རྫས་ཀྱི་མདའ་བཞི་སྤྱི་བོ་དང་ལག་པར་གཏད་ལ། ཧཱུྃ། ཡེ་ཤེས་གསལ་བའི་སྒྲོ་བཞིར་ལྡན། །ཤེས་རབ་སྐྱེད་པའི་མདའ་བཞི་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །སྣང་བ་བཞི་དང་འཕྲད་པར་ཤོག །ཨཱོྃ་ཛཿཧཱུྃ་བཾ་ཧོཿཁ་ག་ཛཿཡ། རལ་གྲི་བཞི་མགོ་དང་ལག་པར་གཏད་ལ། ཧཱུྃ། ཤེས་རབ་དོན་སྟོན་རལ་གྲི་བཞིས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག །ཨཱོྃ་བཛྲ་པྲ་ཛྙཱ་མ་ཧཱ་ཏི་བག་ཤ་ཧཱུྃ། མེ་ལོང་བཞི་སྙིང་གར་བཞག །ཧཱུྃ། ཆོས་ཉིད་རྣམ་དག་སྟོང་པའི་རྒྱུ། །ཡེ་ཤེས་ཧཱུྃ་ལས་འོད་ཟེར་འཕྲོ། །ཐམས་ཅད་དེ་ཡི་དོན་ལ་གནས། །ཆོས་དབྱིངས་ཡེ་ཤེས་མཚོན་པའི་དཔེ། །མེ་ལོང་འདི་ལ་བརྟེན་པ་ཡིས། །སྐལ་ལྡན་འདི་ལ་དབང༴ ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ཤོག །ཨཱོྃ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སརྦ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག ཧཱུྃ། ཉོན་མོངས་དག་པ་ཡེ་ཤེས་རྒྱུ། །གསལ་འགྲིབ་མེད་པའི་དོན་རྟོགས་པ། །རྫས་ཀྱི་མེ་ལོང་དམ་པ་འདིས། །སྐལ་ལྡན༴ མེ་ལོང་ཡེ་ཤེས་དོན་རྟོགས༴ ཨཱོྃ་ཨ་དརྴ་ཛྙཱ་ན་བཛྲ་སརྦ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུྃ། ཡབ་ཡུམ་གཉིས་མེད་དཀྱིལ་འཁོར་ལྡན། །ཡེ་ཤེས་སྟོང་གསལ་མཉམ་པའི་མེ་ལོང་འདིས། །སྐལ་ལྡན༴ མཉམ་ཉིད་ཡེ་ཤེས་དོན་རྟོགས་ཤོག །ཨཱོྃ་རཏྣ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུྃ། ཐམས་ཅད་འབྱུང་བ་ཡེ་ཤེས་དག་པའི་རྫས། །དེང་གི་སྐལ་ལྡན་འདི་ལ་དབང་བསྐུར་བས། །སོར་རྟོག་ཡེ་ཤེས་དབང་ཐོབ་ཤོག །ཨཱོྃ་པདྨ་ཨ་ཏི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། མེ་ལོང་བཞི་སྙིང་གར་བཞག །ཧཱུྃ། ཐམས་ཅད་གཉིས་མེད་གཅིག་ཏུ་འདུས་པའི་ཡེ་ཤེས་དེ། །ཆོས་རྣམས་བྱ་བ་རྫོགས་པར་སྟོན་མཛད་པས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག །ཨཱོྃ་ཀརྨ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རྨ་བྱའི་སྒྲོ་ཆུན་གནས་ལྔར་བཞག་ལ། ཧཱུྃ། ཁ་དོག་ཐམས་ཅད་སྟོན་མཛད་པའི། །ལྷུན་གྲུབ་དཀྱིལ་འཁོར་ཐམས་ཅད་ཀྱིས། །མུ་ཁྱུད་ར་བར་སྟོན་མཛད་པའི། །འོད་ཆེན་སྣ་ལྔའི་རྨ་བྱ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །རིན་ཆེན་སྦུབས་སུ་སངས་རྒྱས་ཤོག །ཨཱོྃ་པྲ་བེ་ཤ་ཡ་འདུ་ཤ་ཧཱུྃ། གཏོར་མ་སྤྱི་བོ་དང་ལག་པར་བཞག་ལ། ཧཱུྃ། སྣ་ཚོགས་པ་ཡི་རྫས་ཆེན་འདིས། །འདི་དང་ཕྱི་མ་གཉིས་ཀ་རུ། །ལོངས་སྤྱོད་ཆེན་པོ་འཕེལ་བར་འགྱུར། །བྱིན་རླབས་དྲག་པོའི་གཏོར་མ་འདིས། །སྐལ་ལྡན༴ བར་ཆད་ཐམས་ཅད་བསལ་བ་དང་། །སངས་རྒྱས་བྱིན་རླབས་གནང་བར་མཛོད། །ཨཱོྃ་བྷ་ལིང་ཏ་དུ་ཤ་ཡ་ན་ཧཱུྃ། མིག་ལ་ཐིག་ལེ་བྱས་ལ་དཀྱིལ་འཁོར་བལྟར་བཅུག་ལ། ཧཱུྃ། རྣམ་དག་དྲི་མེད་ཆོས་ཀྱི་སྤྱན། །དོ་ནུབ་ཁྱོད་ལ་མངོན་གྱུར་ཤོག །སྤྱི་དང་རང་གི་དོན་ཤེས་པའི། །གང་ཡང་མ་འགགས་ཤེས་རབ་སྤྱན། །དོ་ནུབ་ཁྱོད་ལ་གསལ་བར་གྱིས། །ཧཱུྃ། ཕྱི་དང་ནང་མེད་ཀུན་གསལ་བའི། །རང་བཞིན་མ་གཡོས་རིག་པའི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རིག་པའི་དཀྱིལ་འཁོར་གསལ་བར་ལྟོས། །ཧཱུྃ། དངོས་དང་དངོས་མེད་སྣང་བ་དང་། །བདག་གཞན་ཐམས་ཅད་དོན་གསལ་བའི། །ཐམས་ཅད་མཁྱེན་ཉིད་བཞི་ཡི་སྤྱན། །དོ་ནུབ་ཁྱོད་ལ་གསལ་གྱུར་ནས། །རིག་པའི་དཀྱིལ་འཁོར་གསལ་བར་ལྟོས། །ཧཱུྃ། ཐོགས་པ་མེད་པའི་སྤྱན་མངའ་ཡིས། །དཀྱིལ་འཁོར་ཕྱོགས་མཚམས་ཀུན་ནས་ལྟོས། །གནས་བཞིར་དྲིའི་ཐིག་ལེ་བྱས་ལ་དཀྱིལ་འཁོར་སྒོ་བཞིར་བལྟར་བཅུག་ལ། ཧཱུྃ། ཤར་གྱི་སྒོ་ནི་རིག་པ་གསལ། །རིག་པ་ཡེ་ཤེས་མཚོན་པའི་ཕྱིར། །ཡེ་ཤེས་དག་པའི་སྣང་བར་འཆར། །དེ་ཕྱིར་ཤར་གྱི་སྒོ་ཞེས་བྱ། །དེ་ཡང་ཁྱོད་ལ་བསྟན་པར་བྱ། །མ་བྲེད་མ་དངངས་མྱུར་དུ་ལྟོས། །ཆགས་མེད་སྤྱན་གྱིས་བལྟས་པ་ན། །འགྱུར་མེད་ཡེ་ཤེས་དག་པ་མཐོང་། །ཧཱུྃ། ལྷོ་སྒོ་ཡེ་ཤེས་བསྐྱེད་པའི་སྒོ། །སྣང་བ་ལྷུག་པར་འཆར་བའི་རྟགས། །ཡེ་ཤེས་ཉི་ཤུ་རྩ་གཅིག་རྫོགས། །དེ་ཕྱིར་ལྷོ་ཡི་སྒོ་ཞེས་བྱ། །སྣང་བ་བསྟན་གྱིས་ལེགས་པར་ལྟོས། །དུས་འདིར་ཁྱོད་ཀྱིས་མ་བལྟས་ན། །ཕྱིས་ནི་རྙེད་པར་ག་ལ་འགྱུར། །ཡེ་ཤེས་མིག་གིས་མ་ཆགས་ལྟོས། །ཧཱུྃ། ནུབ་སྒོ་བག་ཆགས་ནུབ་པའི་སྒོ། །དུག་ལྔ་ཡེ་ཤེས་ལྔ་ལྡན་འོད། །འོད་ལྔ་མ་འདྲེས་རྫོགས་པའི་ས། །ཤེས་རབ་མིག་གིས་བལྟས་བྱས་ན། ཁྱོད་ཀྱིས་དཀྱིལ་འཁོར་ལྷ་ཚོགས་མཐོང་། །ཧཱུྃ། བྱང་སྒོ་ས་ལམ་སྦྱོང་བའི་སྒོ། །སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྒོ། །ལས་རབ་རྫོགས་པའི་སྒོ་ཆེན་འདི། །མཁྱེན་གསལ་མིག་གིས་མྱུར་དུ་ལྟོས། །རྡོ་རྗེ་རང་རྟགས་ཆེན་པོ་འདི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །དཀྱིལ་འཁོར་དེ་བཞིན་གནས་པ་ཡིན། །རྡུལ་ཚོན་དཀྱིལ་འཁོར་དེ་བཞིན་དུ། །རང་གི་ལུས་ལ་ཡོད་པ་ཡིན། །དེ་བཞིན་དཀྱིལ་འཁོར་ཕོ་བྲང་ལྟོས། །རང་ལུས་གཞལ་ཡས་ཁང་གི་ཚུལ། །ལྷ་རྣམས་མ་བསྐྱེད་ལྷུན་གྱིས་རྫོགས། །དེ་ཕྱིར་དབང་གི་དཀྱིལ་འཁོར་ལྟོས། །མྱུར་དུ་བལྟས་ན་དངོས་གྲུབ་ཐོབ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ཨ་སཏྭཾ་ཧཱུྃ། ཞེས་དབང་བསྐུར། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། དྷོ་དྷི་སཏྭ་མུ་ན་ཡ་སྭཱ་ཧཱ། ཨཱ་ལི་ཀཱ་ལི་དང་ཡེ་དྷརྨཱ་བརྗོད་ལ། བཀྲ་ཤིས་རྒྱས་པར་བརྗོད། ཚོགས་ཀྱི་འཁོར་ལོ་ལ་རོལ་པར་བྱའོ། །དེ་ལྟ་བུའི་དབང་གི་དངོས་གྲུབ་ཐོབ་པ་ལ། ཕྱི་དབང་རྫོགས་ནས་ལོངས་སྤྱོད་ཐམས་ཅད་འཕེལ་བར་འགྱུར་རོ། །ཆོས་ཉིད་རྟགས་མཐོང་ཕུང་པོ་ཡེ་ཤེས་ལྔར་རྫོགས་པའོ། །དེ་ཡན་ཞི་བ་བྱང་ཆུབ་སེམས་སུ་དབང་བསྐུར་བའོ།། །། ༈ ད་ནི་ཁྲོ་བོའི་དབང་བསྐུར་བ་ནི། དཀྱིལ་འཁོར་མཐིང་ནག་གྲུ་གསུམ། མུ་ཁྱུད་ལྗང་གུ། ཟླ་གམ་དམར་པོ། དེའི་ཕྱི་རིམ་མུ་ཁྱུད་ཟླུམ་པོ། དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད་ཁ་དོག་སེར་པོ། རྩིབས་མཆན་རྣམས་མཛེས་ཚོན། གྲུ་བཞི་སྒོ་བཞི་གྲུ་ཆད་ལྗང་གུ། ཕྱི་རིམ་ཟླུམ་པོ་རྡོ་རྗེའི་ར་བ་སྒོ་རྒྱན་སོགས་མཛེས་པར་བྲིས་པའི་དབུས་སུ་བཀོད་པ་ནི། དབུས་ཀྱི་འཁོར་ལོའི་གྲུ་གསུམ་གྱི་སྟེང་དུ། སྐྱེས་པ་བུད་མེད་བྷནྡྷ་ཕོ་ཐོད་ལ་ཡི་གེ་བྷྲཱུྃ་མོ་ཐོད་ལ་མ་བྲིས་ལ། དེའི་མདུན་དུ་བུད་མེད་ཕྲུ་གུ་མ་སྐྱེས་པའི་ཚིལ་བུ། བྱང་སེམས་དཀར་དམར། ཐོད་པ་གཅིག་གི་ནང་དུ་ཤ་ཁྲག་སྣ་ཚོགས་ཀྱི་གཏོར་མ་བཤམ། ཟླ་གམ་གསུམ་གྱི་སྟེང་དུ། བུམ་པའི་ནང་དུ་རིན་པོ་ཆེ་དང་སྨན་སྣ་ཚོགས། བུམ་པའི་ཁ་དོག་དམར་པོ་བྱ། དར་དམར་གྱི་མགུལ་ཆིངས་བྱས་པ་རྣམས་བཞག །འཁོར་ལོའི་སྟེང་དུ། ཁྲོ་བོའི་སྐུ་བརྒྱད། གྲུ་ཆད་རེ་རེ་ལ་མེ་ལོང་རེ་དང་རྨ་བྱའི་སྒྲོ་རེ། ཟླ་གམ་སྟེང་དུ་བྷནྡྷ་གླིང་བཞི་མཚན་ལྡན་དུ་གཏོར་མ་བདུད་རྩིས་བྲན་པ་དར་མཐིང་གས་ཁ་བཅད། ལྷོ་ཕྱོགས་སུ་ཚིལ་ཆེན་གྱི་མར་མེ་དར་སེར་ཡོལ་བ་བྱ། ནུབ་ཏུ་སེང་ལྡེང་གི་ཕུང་པ་དར་དམར་གྱིས་བརྒྱན་པ། བྱང་དུ་མར་མེ་ལྔ་བལྟམས་པར་དར་ལྗང་ཡོལ་བ་བཏང་། དཔྲལ་བར་ཐལ་ཆེན་གྱིས་མཚན་མ་བྲི། ལྕེ་ལ་རཀྟའི་ཐིག་ལེ། སྙིང་ལ་ཞག་གི་ཟོ་རིས། མགོ་ལ་དབང་ཞུས་ལེགས་པར་བརྒྱན་ལ། བགེགས་བསྐྲད། དུར་ཁྲོད་ཆས་ཀྱི་མཚན་མ་བཏབ་ལ། འདི་སྐད་ཅེས་བརྗོད་དོ། ཧཱུྃ། ཁྲོ་རྒྱལ་ཡབ་དང་ཡུམ་དང་བཅས། །ཐམས་ཅད་གནས་འདིར་གཤེགས་སུ་གསོལ། །བགེགས་དང་ལོག་འདྲེན་ཐམས་ཅད་ཀུན། ཁྲོ་བོའི་མཚན་ཐོས་ཙམ་གྱིས་ཀྱང་། །ཐམས་ཅད་བརྒྱལ་ཞིང་འོ་དོད་འབོད། །སྡུག་བསྔལ་ཆེན་པོས་ཟིན་པས་ན། །གནས་འདིར་མ་འདུག་གཞན་དུ་དེངས། །ཧོ། དགོངས་ཤིག་རོལ་ཅིག་ཁྲོ་རྒྱལ་རྣམས། །སློབ་མ་འཇུག་ཅིང་གནང་བར་མཛད་དུ་གསོལ། །དུག་གསུམ་རྩད་གཅོད་འཁོར་བའི་དབྱིངས་ནས་ཐོན། །ང་ནི་ཁྲོ་རྒྱལ་པདྨ་སྟེ། །ངས་ནི་དཀྱིལ་འཁོར་རྫས་སྟོན་གྱིས། །འབྱུང་པོའི་ཚོགས་རྣམས་རབ་ཏུ་དེངས། ཁྱོད་ལ་དབང་གི་སྐལ་པ་མེད། །དབང་མཆོག་ཐོབ་པར་མི་འགྱུར་གྱི། །ཕྱི་མའི་དུས་ཀྱི་ཐ་མ་ལ། །སྟོན་པ་རྡོ་རྗེ་སློབ་དཔོན་གྱིས། ཁྱོད་ལ་དབང་གི་བརྡ་སྟོན་གྱི། །འདི་ལ་སྐལ་མེད་ཕྱིར་དེངས་ཤིག །ཧོ། དབང་གི་སྐལ་པ་མི་ལྡན་པ་རྣམས། དབང་གི་དཀྱིལ་འཁོར་འདིར་ཡང་ས་ཚོན་གྱི་དཀྱིལ་འཁོར་འཇིགས་པ་དང་བཅས་པར་མཐོང་བ་ཡིན་ནོ། །རྫས་རྣམས་མང་པོ་དབང་པོ་རྟུལ་བ་དང་མི་ལྡན་པའོ། །གསང་བ་དབང་གི་དཀྱིལ་འཁོར་འདི་ལ་ཡིད་མ་ཆེས་པ་དང་། དེ་ལྟ་བུའི་འདུ་ཤེས་དང་ལྡན་པ་རྣམས་ལ། དབང་རིན་པོ་ཆེ་འདིའི་སྐལ་པ་མེད་པས་དབང་བསྐུར་ཀྱང་བསྐལ་པར་ནུས་པ་མི་འབྱུང་བས། རིགས་ཀྱི་བུ་རྣམས་དེ་ལྟར་མ་བྱེད་ཅིག །ཅེས་བཤད་ཅིང་། དེ་ནས་སློབ་མ་སྐད་ཅིག་གིས། པདྨ་ཧེ་རུ་ཀར་བསྐྱེད་པ་གོང་འོག་ཏུ་ཡང་མང་དུ་གསུངས་ཀྱང་། རྫོགས་པ་རང་བྱུང་གི་རྒྱུད་ལས། པདྨ་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག །གཡས་ལྗང་གཡོན་སྔོ་དབུས་དམར་ཕྱག་དྲུག་གཡས་གསུམ་དགྲ་སཏྭ་མདུང་ཐུང་རལ་གྲི། གཡོན་གསུམ་བམ་དབྱུག་ཐོད་པ་སྡིགས་མཛུབ་མཛད་པ། དབུ་ཡི་སྟེང་རྟ་མགོ་གསུམ་གྱིས་རྟ་སྐད་འཚེར་བ་མེ་དཔུང་གི་ཀློང་དུ་བཞུགས་པ་བསྐྱེད་པར་གསུངས་སོ། །པདྨ་ཧེ་རུ་ཀར་གསལ་བའི་ཐོད་པ་དུང་ཁང་དུ། འབར་བ་ཁྲོ་བོའི་དཀྱིལ་འཁོར་དུ་གསལ་བཏབ་ལ། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་འཕྲོས། སྟེང་ཕྱོགས་མེ་རི་འབར་བའི་ཕོ་བྲང་ནས། ཁྲོ་བོའི་ལྷ་ཚོགས་སློབ་མའི་ལུས་ལ་རྒྱ་མཚོ་ལ་ཆར་བབས་པ་བཞིན་ཐིམ་པར་བསམ་ལ། ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ས་པ་རི་ཝཱ་ར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་རོལ་མོའི་སྒྲ་དང་། ཚིལ་ཆེན་གུ་གུལ་གྱི་དུད་པ་བདུག །སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱས། དེ་ནས་ཞུན་ཆེན་གྱི་མར་མེ་སློབ་བུའི་སྤྱི་བོར་བཞག །ཟངས་ཞུ་ཟླ་གམ་གཟུགས་ཅན་བསྐོན་ལ། ཧཱུྃ། ཐུགས་རྗེའི་འོད་དང་ལྡན་པར་གྱུར་པ་ཡིས། །སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔ་ཡི་འོད། །འབྱུང་བ་ལྔ་ལ་ཡེ་ཤེས་ལྔ་ཡིས་ཁྱབ། །ཡེ་ཤེས་ལྔ་ལས་བྱུང་བའི་འོད་ལྔ་འདི། །གཉིས་མེད་ཆེན་པོར་གཞལ་ཡས་ཁང་། །ཡབ་ལྔའི་དངོས་གྲུབ་བླང་བའི་ཕྱིར། །འབྱུང་བ་དག་པའི་མར་མེ་འདིས། །སེམས་ཅན་འདི་ལ་དབང་བསྐུར་པས། །རྣམ་པར་དག་པའི་ཞིང་ཁམས་སུ། །རྒྱལ་བ་ཡབ་དང་གནས་པར་ཤོག །ཨཱོྃ་ནུ་པ་ཏི་ཤ་ཏི་ཤ་ནི་ཧཱུྃ། ཚིལ་ཆེན་གུ་གུལ་དུད་པས་བདུག་ལ། ཧཱུྃ། ཡེ་ཤེས་ལྔ་དང་འོད་ལྔ་དང་། །ཡབ་ལྔ་དང་ནི་ཡུམ་ལྔ་ཡིས། །དབང་བསྐུར་དབང་ས་ནོན་པའི་ཕྱིར། །ཡེ་ཤེས་རང་ལུས་དཀྱིལ་འཁོར་ལྡན། །རྡོ་རྗེ་ས་མེད་བརྗིད་པའི་འོད། །དབང་གི་ཡེ་ཤེས་འོད་མཆོག་དམ་པ་འདི། །རང་གི་ཙིཏྟའི་དཀྱིལ་ན་གནས་པའི་འོད། །ངས་བསྟན་ཁྱོད་ཀྱིས་ངེས་པར་ལོངས། །འདི་བསྟན་པ་ཡི་ཡོན་ཏན་གྱིས། །རང་གི་དག་པ་མཐོང་བར་ཤོག །ཨཱོྃ་མ་ཧཱ་ས་ལ་ཤ་སཏྭཾ་བག་ཤ་ཧཱུྃ། མར་མེ། ཧཱུྃ། འབྱུང་ཆེན་སྣ་ལྔ་ཡེ་ཤེས་ལྔ་ལས་བྱུང་། །རིག་པ་ཉིད་མཚོན་ཡེ་ཤེས་ལྔ་ཡི་རྫས། །ཀུན་ཀྱང་མི་མཉམ་ཡེ་ཤེས་ལྔ་འོད་ཀྱིས། །འགྱུར་མེད་ཕོ་བྲང་བསྟན་གྱི་ཉེ་བར་ལོངས། །འབྱུང་བ་ཡེ་ཤེས་དག་པའི་རྫས་འདི་ནི། །སེམས་ཅན་ཁྱོད་ལ་དབང་བསྐུར་པས། །ཡེ་ཤེས་ཆིག་ཆོད་འབར་བར་ཤོག །ཨཱོྃ། དུ་ཀ་ཤ་ཏི་སཏྭཾ་བག་ཤ་ཧཱུྃ༔ མར་མེ། ཧཱུྃ། འབྱུང་བ་ཐམས་ཅད་དབང་གི་དཀྱིལ་འཁོར་ཏེ། །དྲི་མེད་དབང་གི་ཡེ་ཤེས་རོལ་པ་ཡི། །དབང་བསྐུར་སངས་རྒྱས་ཀུན་དང་མཉམ་པའི་འོད། །འོད་ལྔ་ཉིད་ལས་རིག་པའི་སྐུ་ལྔ་གསལ། །ཡེ་ཤེས་དུས་དམ་ལྡན་པའི་རྫས་ཆེན་འདིས། །སེམས་ཅན་འདི་ལ་དབང་བསྐུར་པས། །ངོ་བོའི་སྣང་བ་མཐོང་བར་ཤོག །ཨཱོྃ་ཛྙཱ་ན་སཏྭཾ་བག་ཤ་ཧཱུྃ། མར་མེ། ཧཱུྃ། རྡོ་རྗེའི་རིགས་དང་བུདྡྷའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་ལ་སོགས་པ་ཡི། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །བདག་ཅག་ཡང་དག་མཐའ་བྲལ་ཤོག །ཨཱོྃ་ད་དུ་ཤ་སཏྭཾ་བག་ཤ་ཧཱུྃ། བྷན་དྷ། ཧཱུྃ། བྷནྡྷ་ཡེ་ཤེས་རྣམ་པར་དག །ལྕང་ལོ་དབྱིངས་དང་འདུ་འབྲལ་མེད། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་། །སེམས་ཅན་འདི་ལ་བསྐུར་བར་བྱ། །འདི་ལ་བསྐུར་པའི་ཡོན་ཏན་གྱིས། །འདི་ཡི་བར་ཆད་བསལ་བ་དང་། །ཕྱི་མར་གཞལ་ཡས་ཁང་ལྡན་ཤོག །ཨཱོྃ་བྷན་དྷ་ཡ་ཏི་ཧཱུྃ། ཕུར་པ་གནས་ལྔར་བཞག་ལ། ཧཱུྃ། དགྲ་དང་བགེགས་ཟློག་ཕུར་བུ་འདིས། །གང་ལ་བཏབ་པ་བརླག་པར་བྱེད། །ཐལ་བ་བཞིན་དུ་བརླགས་ནས་ཀྱང་། །བགེགས་ཞེས་བྱ་བའི་མིང་ཡང་མེད། །རིག་པ་འདི་དང་དབྱེར་མེད་ཚུལ། །རང་ལ་ཡོད་པའི་ཡེ་ཤེས་དེ། །བར་ཆད་བསལ་ནས་མཐོང་བར་གྱུར། །དེས་ན་ཕུར་པའི་དབང་བསྐུར་ལོངས། །ཨཱོྃ་བརྗིད་ཏ་ཀཱི་ལི་ཀཱི་ལ་ཡ་ཀ་ས་པ་ནི་ཧཱུྃ། ཐོད་པ་མར་མེ་ཚིལ་ཆེན་གསུམ་གནས་ལྔར་བཞག་ལ། ཧཱུྃ། རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །ཐོད་པ་མར་མེ་ཚིལ་ཆེན་རྣམ་གསུམ་གྱིས། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི། །དབང་བསྐུར་ཁྱོད་ལ་རྫོགས་པར་ཤོག །ཨཱོྃ་ན་ནེ་བུྃ། གོང་རྫས་གནས་ལྔར་བཞག་ལ། ཧཱུྃ། རིག་པ་དང་ནི་ཡེ་ཤེས་ཀྱི། །སྣང་བ་དམ་པ་འདི་ཡིན་པས། །རིགས་ཀྱི་བུ་ཁྱོད་མྱུར་དུ་ལྟོས། །ཕྱི་ཡི་དབྱིངས་དང་རིག་པ་གཉིས། །འདུ་འབྲལ་མེད་པ་དེ་བཞིན་ནོ། །རྫས་ཀྱི་དབྱིངས་དང་རིག་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་པས། །རྣམ་དག་དབྱིངས་དང་ཡེ་ཤེས་ཀྱི། །དབང་བསྐུར་དམ་པ་ཐོབ་པར་ཤོག །མན་ཤེལ་གནས་ལྔར་བཞག་ལ། ཨཱོྃ། ཡེ་ཤེས་རིག་པའི་ཀློང་དཀྱིལ་ནས། །ཐུགས་རྗེའི་སྟོབས་ཀྱིས་ཁྱོད་ལ་གནང་། །དྲི་མེད་འདུ་འབྲལ་མེད་པ་འདིས། །དོ་ནུབ་ཁྱོད་ལ་བསྐུར་བར་བྱ། །མན་ཤེལ། ཨཱོྃ། གསང་བ་དག་པ་ཤེས་རབ་ཐབས་ལྟར་སྣང་། །དབྱིངས་དང་རིག་པ་གཉིས་མེད་ཤེས་རབ་ཐབས། །རྡོ་རྗེའི་དོན་ཉིད་རྣམ་པར་རིག་པར་ལྡན། །རྟོགས་པའི་དོན་ལྡན་ཤེས་རབ་དབྱིངས་དང་ལྡན། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །མན་ཤེལ། ཨཱོྃ། ཐབས་འདི་ཀུན་ལ་བཀོད་པའི་ཐབས། །ཤེས་རབ་ཀུན་ལ་ཁྱབ་པའི་རྟགས། །ང་ཡིས་ཐབས་བསྟན་ཁྱོད་ཀྱིས་ལོངས། །གསང་སྔགས་རྒྱལ་པོའི་ཐབས་དག་ནི། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །མན་ཤེལ། ཨཱཿ དབྱིངས་དང་རིག་པ་གཅིག་གྱུར་ནས། །རིགས་ལྔ་རྒྱལ་བ་ཡབ་ཡུམ་བཅུ། །དབང་བསྐུར་རྡོ་རྗེའི་དཀྱིལ་འཁོར་རྫོགས། །དབང་ནི་རང་རང་ཙིཏྟའི་དཀྱིལ། །རྡོ་རྗེའི་དཀྱིལ་འཁོར་བསྟན་གྱིས་ཕྱག་འཚོལ་ཅིག །མན་ཤེལ། ཨཱཿ ཡང་དག་བདེ་བའི་ས་ལ་མི་འགྱུར་འཁོར་ལོ་བསྐོར། །དེ་ཡང་ཁྱོད་ཀྱི་རང་རྟགས་ཏེ། །དོ་ནུབ་ང་ཡིས་བསྟན་པར་བྱ། །ཨཱོྃ་ཙཀྲ་སིདྡྷི་ཧཱུྃ། མཆོད་རྟེན་གནས་ལྔར་བཞག་ལ། ཧཱུྃ། ཐེག་པ་དགུ་དང་ཡེ་ཤེས་དགུ། །ས་དགུ་ལམ་དགུ་སྟོན་པའི་རྒྱུད། །མ་རིག་པ་ལས་ཐར་པའི་ཡེ་ཤེས་ཏེ། །འགྲོ་བ་མཐུན་བྱེད་སྤྲུལ་པའི་སྐུ་ཐོབ་སྟེ། །ཀུན་གྱི་མཚོན་བྱེད་མཆོད་རྟེན་དམ་པ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་པས། །སྤྲུལ་པ་སྐུ་ཡི་ས་ཐོབ་ཤོག །ཨཱོྃ་པྲ་ཏི་ཤ་ཛ་ཡ། ཁྲོ་བོའི་སྐུ་བཞག་ལ། སྤྲུལ་པའི་སྐུ་ལས་ཐུགས་རྗེ་འབྱུང་བའི་ཕྱིར། །སྤྲུལ་སྐུར་གྱུར་ནས་འགྲོ་དོན་འབྱུང་བ་དང་། །ཡེ་ཤེས་ཐབས་ཀྱིས་ཕ་རོལ་སྒྲོལ་གྱུར་ཅིག །ཨཱོྃ་བཛྲ་མ་ཧཱ་ཙཎྜ་ཤ་ཡ་ན་ནེ་ཧཱུྃ། མེ་དཔུང་བཞག་ལ། ཧཱུྃ། ཡེ་ཤེས་བསྐྱེད་པའི་ཤེས་རབ་མེ་ཆེན་འདིས། །འགྲོ་བ་མ་རིག་སེལ་བའི་སྒྲོན་མར་གསལ། །སྐྱེ་མེད་དབྱིངས་སུ་སྒྲོལ་བྱེད་མེ་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་པས། །སྐྱེ་མེད་ཡེ་ཤེས་དོན་རྟོགས་ཤོག །ཨཱོྃ་ཨགྣི་ཧ་ལ་ཤ་ཨཱཿ རིན་པོ་ཆེ་གནས་ལྔར་བཞག་ལ། ཧཱུྃ། རིག་པའི་ཡེ་ཤེས་དགོས་འདོད་སྐོང་མཛད་པའི། །ཡེ་ཤེས་འགགས་མེད་ཤེས་རབ་དོན་སྟོན་ཅིང་། །སྣ་ཚོགས་ཅིར་ཡང་སྟོན་པའི་རིག་པའི་དབང་། །དགོས་འདོད་སྐོང་མཛད་རིན་ཆེན་དབང་བསྐུར་པས། །རིག་པའི་ངོ་བོ་ཉིད་དང་ལྡན་གྱུར་ཅིག །ཨཱོྃ་རཏྣ་ཨེ་བཾ་ཧཱུྃ། གནས་ལྔར་པདྨ་བཞག་ལ། ཧཱུྃ། དྲི་མེད་སྐྱོན་བྲལ་ཡེ་ཤེས་དག་པའི་རྫས། །རིག་པ་ཆགས་མེད་སེམས་ལས་རྣམ་གྲོལ་ཏེ། །རྣམ་པར་མི་རྟོག་རིག་པ་ཆོས་ཀྱི་སྐུ། །དྲི་མེད་སྐྱོན་བྲལ་པདྨའི་སྡོང་པོ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ཨཱོྃ་པདྨ་ཤྭ་དྷ་ནི་ཧཱུྃ། རལ་གྲི་གནས་ལྔ་དང་ལག་ཏུ་གཏད་ལ། ཧཱུྃ། ཤེས་རབ་དང་ནི་གཉིས་མེད་སྦྱོར་བར་མཛད། །དཀྱིལ་འཁོར་ཉིད་དང་ཡེ་ཤེས་སྒྱུ་མར་རོལ། །གཉིས་མེད་མཚོན་པ་ཤེས་རབ་རལ་གྲི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་པས། །ཤེས་རབ་ཆེན་པོས་རང་རྒྱུད་གྲོལ་བར་གྱིས། །ཨཱོྃ་པྲ་ཛྙཱ་ཀཱ་ཡ་སིདྡྷི་ཧཱུྃ། ཧཱུྃ། དཀྱིལ་འཁོར་དང་ནི་དབྱིངས་ཀྱི་ཡེ་ཤེས་དང་། །དབྱིངས་དང་ཡེ་ཤེས་དོན་སྦྱོར་བའི། །ཕྱི་ཡི་དབྱིངས་དང་ནང་གི་ཡེ་ཤེས་དང་། །གསང་བའི་རིག་པ་ཆོས་ཉིད་ངང་དུ་འདུས། །དབྱེར་མེད་ཚུལ་གྱིས་དེ་བཞིན་གནས་པ་རྣམས། །ང་ཡིས་བསྟན་གྱིས་ང་ལ་གུས་པར་ཉོན། །ཡེ་ཤེས་དག་པའི་རྫས་ཀྱི་སྤྲིན་ཆེན་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་པས། །དབྱིངས་དང་ཡེ་ཤེས་རྟོགས་ནས་ཀྱང་། །ཐུགས་རྗེ་ཕྱོགས་བཅུར་མཛད་པར་ཤོག །ཨཱོྃ་དྷཱ་ཏུ་ཛྙཱ་ན་ཧྲཱིཿཏྲཱཾ། ཁྲོ་བོའི་སྐུ་གནས་ལྔར་བཞག་ལ། ཧཱུྃ། སྟོང་པ་ཉིད་ནི་ཡེ་ཤེས་སྐུ། །སྣ་ཚོགས་འབྱུང་བ་རོལ་པའི་སྐུ། །ཆོས་སྐུ་མཚོན་པའི་སྐུ་མཆོག་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་པས། །མཐར་ཕྱིན་འབྲས་བུ་ཐོབ་པར་ཤོག །ཨཱོྃ་བཛྲ་ཀཱ་ཡ་ཧཱུྃ། མཆོད་པའི་ལྷ་མོ་ལྔ་གནས་ལྔར་བཞག་ལ། ཧཱུྃ། སྐྱེ་དང་འཆི་མེད་རྡོ་རྗེའི་སྐུ། །སྟོང་ཉིད་རྡོ་རྗེའི་སྙིང་པོ་ཅན། །དག་པའི་ཡེ་ཤེས་མཚོན་པའི་ཕྱིར། །དྲི་མ་དག་པས་གཟུགས་སྐུར་སྟོན། །ཆོས་དབྱིངས་དག་པའི་ཡེ་ཤེས་མཚོན། །སྐྱེ་མེད་མཆོད་པའི་སྐུ་མཆོག་གིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨཱོྃ་ཨཱཿཀཱ་ཡ་ནི་ཧཱུྃ། རྡོ་རྗེ་གནས་ལྔར་བཞག་ལ། ཧཱུྃ། རྡོ་རྗེ་འགྱུར་མེད་རིག་པའི་དུས། །རང་རྟགས་མཚོན་པ་དབང་གི་དུས། །འགྱུར་མེད་ཀུན་རྫོགས་སངས་རྒྱས་ཀྱི། །ས་ལམ་མཐར་ཕྱིན་གྲོལ་བར་ཤོག །ཨཱོྃ་བཛྲ་ཀྲ་པ་ཡ་ཧཱུྃ། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ། སྙིང་པོ་དོན་ཉིད་རྣམ་སྦྱར་ཕྱིར། །ཡེ་ཤེས་དག་པའི་ལམ་ཆེན་དང་། །སྙིང་པོ་རང་བཅས་རྡོ་རྗེའི་དོན། །སངས་རྒྱས་གཞི་ཡི་སྙིང་པོར་བཅས། །དེ་བཞིན་ཀུན་ལ་གནས་པ་ཡིན། །སྙིང་པོའི་དོན་ཉིད་ང་ཡིས་བསྟན། །རྟོགས་པ་རྒྱུད་ལ་སྐྱེ་འགྱུར་ཤོག །ཨཱོྃ་བཛྲ་ཙིཏྟ་ཀཱ་ཡ་ཧཱུྃ། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། སངས་རྒྱས་རྣམས་ཀྱི་དབང་བསྐུར་ནི། །བུམ་པ་འདི་ལ་མཛད་པ་ཡིན། །དབང་བསྐུར་འདི་ལ་བྱིན་གྱིས་བརླབས། །ཆོ་འཕྲུལ་རྒྱས་པར་སྟོན་པ་ཡི། །བུམ་པ་འདི་ལ་ཕྲིན་ལས་རྫོགས། །ཡེ་ཤེས་དག་པའི་དབང་བསྐུར་འདིས། །མ་རིག་འཁོར་བ་རྒྱུན་བཅད་ཕྱིར། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨཱོྃ་བཛྲ་དུ་ཤ་ཧཱུྃ། ཐིག་ལེ་ལྔ་ཚོན་གྱི་ཚོམ་བུ་སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་རིགས་ལྔ་ཡུམ་ལྔར་གསལ། །ཐབས་ཤེས་རྡོ་རྗེའི་དོན་ལྡན་པའི། །ལོངས་སྤྱོད་རྫོགས་སྐུ་སྣང་བར་གསལ། །རྣམ་དག་སངས་རྒྱས་མཛད་སྤྱོད་དེ། །ད་ནས་བརྟན་པ་ཐོབ་བྱས་ཏེ། །སངས་རྒྱས་ཀུན་དང་མཉམ་པ་ཡི། །ཡེ་ཤེས་དག་པའི་ཚོམ་བུ་འདིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །རང་སྣང་བར་དོ་བརྟན་པར་ཤོག །ཨཱོྃ་བཛྲ་སི་ཏ་ཀཱ་ཡ་ཧཱུྃ། སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུྃ། ཡེ་ཤེས་རང་རྟགས་རྡོ་རྗེའི་དོན་ཉིད་བརྟན། །སྐྱེ་འཇིག་བྲལ་བས་སྐུ་ཡི་འོད་ལ་བཞུགས། །འཆི་དང་བྲལ་བས་གསུང་གི་ཟེར་ལ་རོལ། །སྐྱེ་དང་འཆི་མེད་རྡོ་རྗེའི་དོན་མཚོན་སྐུ། །སྐྱེ་བ་མེད་པའི་ཡེ་ཤེས་ཨ་དཀར་འདི། །སེམས་ཅན་ཀུན་ལ་རྟག་པར་ཡོད་པ་སྟེ། །དེ་ཡི་དོན་ནི་མཚོན་པའི་འོད་ལྔར་གསལ། །ཡང་དག་པ་དང་དབྱེར་མེད་མཉམ་པ་ཉིད། །དོན་མཚོན་ཡེ་ཤེས་རང་རྟགས་མཉམ་སྦྱར་བའི། །སངས་རྒྱས་ཀུན་དང་དགོངས་པ་མཉམ་པ་ཡི། །རྡོ་རྗེ་སྐྱེ་མེད་རང་རྟགས་དབང་ཆེན་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་པས། །སྐྱེ་མེད་ཡེ་ཤེས་དོན་རྟོགས་སངས་རྒྱས་ཤོག །ཨཱོྃ་བཛྲ་ཏ་ན་ཀཱ་ཡ་ཀ་ར་ཧཱུྃ། བུམ་པ་གནས་ལྔར་བཞག་ལ། ཧཱུྃ། ཆོས་ཉིད་རྟོག་མེད་ཡེ་ཤེས་དག་པའི་རྒྱུ། །གསང་སྔགས་ལས་ལ་སྦྱོར་བ་སྟེ། །སྟོང་ཉིད་བུམ་པ་སྨན་གྱིས་གཏམས། །བདུད་རྩི་དབང་རྫོགས་དཀྱིལ་འཁོར་རྫོགས་པ་སྟེ། །འཇིག་རྟེན་འདི་ན་མེད་པ་འཚོལ་བ་དང་། །ཕྱི་མ་ཡེ་ཤེས་རྟོགས་ནས་གྲོལ་གྱུར་ཅིག །བདུད་རྩི་དག་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་པས། །རྣམ་དག་བདུད་རྩི་ཡེ་ཤེས་དོན་རྟོགས་ཤོག །ཨཱོྃ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ། བུམ་པ་གནས་ལྔར་བཞག་ལ། ཧཱུྃ། སྟོང་པ་ཉིད་དང་ཡེ་ཤེས་ཀྱི། །དབང་བསྐུར་བདག་གིས་བླངས་པའི་ཕྱིར། །རྫས་མཆོག་དམ་པ་བདུད་རྩིའི་བུམ་པ་འདིས། །སྐྱེ་མེད་དབྱིངས་དང་ཡེ་ཤེས་མཚོན་པའི་ཕྱིར། །སངས་རྒྱས་ལམ་དང་ཡེ་ཤེས་དག་པའི་ལམ། །ལམ་སྦྱངས་ནས་ནི་ཡེ་ཤེས་ལྔ་དང་སྦྱར། །འདུ་འབྲལ་མེད་པའི་རིག་པ་རྟོག་མེད་ངང་། །དབང་བསྐུར་འཁོར་ལོའི་ས་ལ་མཐར་ཕྱིན་ཤོག །ཡེ་ཤེས་རྟོགས་པའི་དོན་ཆེན་དེ་ཐོབ་ནས། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ས་ཆེན་དེར། །སྤྲུལ་པ་འགག་མེད་ཕྱོགས་བཅུར་གསལ་བར་མཛོད། །དེ་ལ་གནས་ན་སེམས་ཅན་དོན་ལ་སྦྱོར། །དེ་ལྟར་ཡོན་ཏན་ཀུན་ལྡན་བུམ་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་པས། །སྟོང་ཉིད་སྙིང་པོ་མཐར་ཕྱིན་ཤོག །ཨཱོྃ་བཛྲ་བྷི་ལ་ཧཱུྃ། བུམ་པ། ཧཱུྃ། ཡེ་ཤེས་རྒྱུ་མཚན་དག་པའི་རིག་པ་དང་། །གསང་སྔགས་ཀུན་གྱི་ཡེ་ཤེས་མཚོན་པའི་ཕྱིར། །རྫས་ཀྱི་བུམ་པ་བདུད་རྩི་དག་པ་འདིས། །གཞོན་ནུ་བུམ་པའི་སྐུ་ལ་མཐར་ཕྱིན་པའི། །རང་བཞིན་མ་འགགས་ཉི་མའི་འོད་ལྟར་གསལ། །ཐུགས་རྗེས་ཀུན་ནས་འགྲོ་བ་ཡོངས་ལ་ཁྱབ། །སྟོང་སུམ་ལྡན་པའི་ཆོས་ཉིད་དག་པའི་དོན། །རང་གི་དེ་བཞིན་ཉིད་ཀྱི་བུམ་པ་འདི། །དག་པའི་ལམ་མཚོན་བཀྲ་ཤིས་བུམ་པ་དང་། །དག་པའི་དོན་ཉིད་ཡེ་ཤེས་སྤྱན་སྦྱར་ཕྱིར། །རྒྱུ་མཚན་དག་པའི་བཀྲ་ཤིས་བུམ་པ་འདིས། །ཀུན་གྱི་དོན་ཉིད་ཡེ་ཤེས་མཚོན་པའི་ཕྱིར། །དག་པའི་ལམ་དང་ཡེ་ཤེས་གསང་ལམ་དང་། །ལམ་ཆེན་འབྲས་བུ་དུས་འདིར་མཚོན་པའི་ཕྱིར། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ཨཱོྃ་ཨཱཿཧཱུྃ་ཧྲཱིཿཏྲཱཾ། ཐོད་པ་དཔྲལ་བར་བཞག་ལ། ཧཱུྃ། རྣམ་དག་ཡེ་ཤེས་ཐོད་པའི་གཞལ་ཡས་ཁང་། །རིགས་ལྔ་ལྷུན་གྱིས་གྲུབ་པའི་ཐོད་པ་འདིས། །གང་ཟག་དག་པའི་ཞིང་དུ་ཡཾ་གིས་བགྲོད། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཐོད་པ་འདི། །ཡུམ་གྱི་དེ་བཞིན་མཁའ་ལ་རབ་བསྐྱོད་ནས། །འགྲོ་བ་དབྱིངས་སུ་འདྲེན་མཛད་ཡེ་ཤེས་ཐོད། །དག་པའི་དོན་ལྡན་གཞལ་ཡས་ཁང་གི་ཚུལ། །རྣམ་དག་དོན་སྤྱོད་རིན་ཆེན་ཐོད་པ་འདིས། །དགོས་འདོད་རེ་བ་ཐམས་ཅད་སྐོང་མཛད་པའི། །རིན་ཆེན་ཟུར་བརྒྱད་བཀྲ་བའི་ཐོད་པ་འདིས། །སེམས་དང་ཡེ་ཤེས་སོ་སོར་འབྱེད་པ་ཡི། །རབ་ཏུ་གསལ་བྱེད་བཀྲ་ཤིས་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་པས། །གཞལ་ཡས་ཁང་དུ་ཡཾ་གིས་སྐྱོད་འགྱུར་ཤོག །ཨཱོྃ་བཛྲ་བྷན་དྷ་ཧཱུྃ། ཐོད་པ། ཧཱུྃ། སྐྱེ་བའི་ཡེ་ཤེས་མ་ཡིན་ཏེ། །རྫོགས་པ་ཀུན་ལ་ཁྱབ་པའི་དོན། །སངས་རྒྱས་ཀུན་དང་མཉམ་སྦྱར་བའི། །ཡི་གེ་བྷྲཱུྃ་ལྡན་དབྱིངས་སུ་འཁྱིལ། །བྷྲཱུྃ་གྱིས་མ་སྐྱོད་ཆོས་ཉིད་མཁའ། །ཡེ་ཤེས་དག་པའི་ཐོད་པ་འདིས། །སྐལ་ལྡན་འདི་ལ་དབང་བསྐུར་པས། །དབྱིངས་ལས་ཕྱིར་མི་ལྡོག་པར་ཤོག །ཨཱོྃ་བཛྲ་བྷནྡྷ་ཛྙཱ་ན་དུ་ཡ་ནི་ཧཱུྃ། ཐོད་པ། ཧཱུྃ། ཤེས་རབ་དང་ནི་སྐུ་གསུང་ཐུགས། །ངོ་བོ་འགྱུར་མེད་ཆོས་ཀྱི་དོན། །རང་བཞིན་འགག་མེད་ལོངས་སྐུའི་དོན། །ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འཕྲོས། །སྐུ་གསུམ་དོན་ལྡན་ཡི་གེ་ཨེ། །སྣ་ཚོགས་ཨེ་ཡི་གཞལ་ཡས་ཁང་། །ཨེ་དང་ལྡན་པའི་ཐོད་པ་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །ཨཱོྃ་ཨེ་ཀྲ་ཧྲཱིཿབྷྲཱུྃ་ཧཱུྃ། སྤྱི་བོར་བྱང་སེམས་དཀར་པོ་བཞག་ལ། ཧཱུྃ། ཤེས་རབ་དོན་བྱེད་ཡེ་ཤེས་ལྡན། །རང་རིག་སྒྲོན་མའི་འོད་ཆེན་ལྡན། །ཤེས་རབ་བསྐྱེད་པའི་བྷོ་དྷི་འདིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་པས། །ཤེས་རབ་རྟོགས་པའི་དོན་ལྡན་ཤོག །ཨཱོྃ་པྲ་ཛྙཱ་ཤ་ཡ་ཧཱུྃ། བྱང་སེམས་དམར་པོ་མགྲིན་པར་བཞག་ལ། ཧཱུྃ། སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །མ་རྨོངས་ཇི་ལྟར་ཤེས་འགྱུར་ཞིང་། །ཕྱི་ནང་གསང་བའི་ཆོས་རྣམས་ལ། །གང་ལ་ཐོགས་མེད་ཤེས་གྱུར་ནས། །བསོད་ནམས་ལྡན་ཞིང་སྐུ་འབར་དང་། །འགྲོ་བ་ཕ་རོལ་སྒྲོལ་བར་ཤོག །ཨཱོྃ་ཛ་ག་ཡ་ཧཱུྃ། མིག་ལ་དྲིའི་ཐིག་ལེ་བྱས་ལ་དཀྱིལ་འཁོར་བལྟར་བཅུག་ལ། ཧཱུྃ། ཤར་སྒོ་རྡོ་རྗེ་དབྱིངས་ཀྱི་སྒོ། །ཚོམ་བུར་བལྟ་ན་འདིར་ལྟོས་ཤིག །ལྷོ་སྒོ་ལོངས་སྤྱོད་རྫོགས་པའི་སྒོ། །ཡེ་ཤེས་བལྟ་ན་འདིར་ལྟོས་ཤིག །ནུབ་སྒོ་སྐུ་ལྔ་མཐར་ཕྱིན་སྒོ། །རིགས་ཉིད་བལྟ་ན་འདིར་ལྟོས་ཤིག །བྱང་སྒོ་རྡོ་རྗེ་སྙིང་པོའི་སྒོ། །རིགས་ལྔ་བལྟ་ན་འདིར་ལྟོས་ཤིག །ཕོ་བྲང་པདྨ་རྣམ་དག་སྐུ། །རང་ལུས་བལྟ་ན་འདིར་ལྟོས་ཤིག །ཨཱོྃ་མཎྜ་ལ་ཨཱཾ་ཧཱུྃ། རྡོ་རྗེ་སྤྱི་བོར་བཞག་ཅོད་པན་བཏགས། ཧཱུྃ། རང་རྟགས་རྡོ་རྗེ་དོན་ཉིད་དེ། །དར་དང་འབྲུ་ཡི་རང་རྟགས་ཀྱི། །འཇིག་རྟེན་འདི་ཡི་བར་ཆད་བསལ་བའི་ཕྱིར། །རང་རྟགས་རྡོ་རྗེ་ཉིད་དང་འདུ་འབྲལ་མེད། །འཇིག་རྟེན་ལྷ་དང་མཁའ་འགྲོ་རྣམས། །འདི་ལ་སྲུང་ཞིང་སྐྱོབ་པ་དང་། །དབང་རྟགས་འདི་ནི་མཐོང་བ་ཙམ་གྱིས་ཀྱང་། །བགེགས་རྣམས་བརྒྱལ་ཞིང་གཞན་དུ་བྲོས། །ཡམས་དང་རིམས་ནད་ཀུན་ལས་ཐར་བ་དང་། །དབང་རྟགས་འདི་ཡིས་རབ་ཏུ་བསྐྱབ་པའི་ཕྱིར། །གནོད་སྦྱིན་རྣམས་དང་གསང་བའི་རིགས་རྣམས་དང་། །དེ་བཞིན་མཁའ་འགྲོའི་རིགས་རྣམས་ནི། །པདྨ་དང་ནི་དེ་བཞིན་ལས་ཀྱི་རིགས། །ས་དང་བར་སྣང་གནས་པ་དང་། །རི་རབ་དང་ནི་མཚོ་ལ་གནས། །མཁའ་འགྲོ་འཁོར་དང་བཅས་པ་ཡིས། །འདི་ལ་སྐུ་ཡིས་བསྲུང་བར་གྱིས། །ནད་དང་ཡམས་ལས་གྲོལ་བ་དང་། །དབང་རྟགས་འདི་ཉིད་བཏགས་པ་ཡིས། །ལམ་ཆེན་ལྔ་པོ་བརྟེན་པར་གྱིས། །རྡོ་རྗེའི་དོན་དང་འབྲལ་བ་མེད་པ་དང་། །ཡང་དག་ས་ལ་དེ་བཞིན་གནས་པ་དང་། །གསང་སྔགས་ཀུན་གྱི་དགོངས་པ་ལོན་པར་ཤོག །ཨཱོྃ་བཛྲ་ཙཎྜ་སརྦ་ཧ་ས་ན་ཧཱུྃ། སོ་སོའི་གསང་མཚན་ནས་བོས་ལ། ཧཱུྃ། ལས་ཀྱི་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་ལས་ཀྱི་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཧཱུྃ། རིན་ཆེན་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་རིན་ཆེན་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཧཱུྃ། པདྨ་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་པདྨའི་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཧཱུྃ། རྡོ་རྗེ་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་རྡོ་རྗེའི་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཧཱུྃ། དེ་བཞིན་རིགས་ཀྱི་གསང་མཚན་གང་ཡིན་པ། །སེམས་དཔའ་དེ་བཞིན་རིགས་རྣམས་ཀྱིས། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཧཱུྃ། དེ་ལ་སོགས་ཏེ་བདེ་གཤེགས་ཐམས་ཅད་ཀྱི། །གསང་མཚན་དམ་པ་གང་ཡིན་པ། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །ཨཱོྃ་བཛྲ་ རཏྣ་ པདྨ་ ཀརྨ་ བུདྡྷ་ སཏྭཾ། ཞེས་དབང་བསྐུར་རོ། །དེ་ལྟར་ཚིག་དང་མཐུན་པར་བསྒོམ་ཞིང་དབང་བསྐུར་པས། །དངོས་གྲུབ་ཆེན་པོ་ཐོབ་འགྱུར་རོ། །བཀྲ་ཤིས་ཀྱང་བརྗོད་པར་བྱའོ།། །། ༈ དེ་ནས་ཚེ་དབང་རིན་པོ་ཆེ་བསྐུར་བ་ནི། དཀྱིལ་འཁོར་སྤྱི་མཐུན་ལྟར་བྲིས་པའི་དབུས་སུ། བུམ་པ་མགུལ་ཆིངས་དམར་པོ་དཀར་གསུམ་གྱིས་བཀང་བ་འབྲུའི་གདན་ལ་བཞུགས་སུ་གསོལ་ཞིང་། འབྲས་ཆན་དང་ཤ་མར་བུ་རམ་སོགས་ཞིམ་པ་སྣ་ཚོགས་བཀོད། བུམ་པའི་སྟེང་དུ་ཚེའི་འབྲང་རྒྱས་ཁ་ཟས་རོ་ཞིམ་པས་བརྒྱན་པ། མདའ་རྒོད་སྒྲོ་མ་ལ་དར་སྣ་མེ་ལོང་གིས་བརྒྱན་པ། གཟུངས་ཐག་དམར་པོ་སུམ་སྒྲིལ་བཏགས་ལ། སྲིན་ལག་ཏུ་བཟུང་ལ། དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ་མདའ་བཞི་གྲི་བཞི་སོགས་རྒྱན་བཀོད་པས་བརྒྱན་པར་བྱས་ལ། དེ་ནས། བདག་དབང་ཆེན་གྱི་ཏིང་ངེ་འཛིན་བརྟན་པའི་ངང་ནས་ཡི་གེ་ནྲྀ་འོད་གསལ་བ་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་གྲངས་མེད་པ་འོད་ཀྱི་གོང་བུར་དཀྱིལ་འཁོར་རྫས་དང་བཅས་པ་ལ་ཐིམ་པར་བསམ། ཡི་གེ་ཨཱེཿ ཛཔ྄་ཏུ་བགྲང་། དེ་ནས་དབང་བསྐུར་བ་ནི། བདག་ཉིད་དབང་ཆེན་དུ་གསལ་བ་དང་། སློབ་མ་ཚེ་དཔག་མེད་ཏུ་གསལ་བའི་བར་དུ་ཨཱཿདཀར་པོ་དགུ་ལས་འོད་ཟེར་འཕྲོས། ཨཱཿཨ་ཞེས་པས་འོད་ཟེར་དམར་པོ་གྲངས་མེད་པ་འཕྲོས་ཏེ། སློབ་མའི་ལུས་ལ་ཐིམ་པས་ཚེ་དབང་ཐོབ་པར་བསམ་ལ། རོལ་མོའི་སྒྲས་བྱིན་ཕབ། རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱས། ཨཱཿདེ་དག་ཀྱང་ཚེ་དཔག་མེད་སྐུ་མདོག་དམར་པོ་ཤ་སྟག་ཏུ་སྒོམ། ཡང་ན། ཚེ་དཔག་མེད་སྐུ་མདོག་སྐུ་སྟོད་སེར་པོ། ལྟེ་བ་མན་ཆད་ལྗང་གུ། ཕྱག་མཚན་གཡས་ཚེའི་བུམ་པ། གཡོན་རིན་པོ་ཆེ་འོད་འབར་བ་བསྣམས་པར་བསམ་ལ། མཆེད་ལྕམ་རྣམས་ཀྱིས། ཨཱོྃ་ཨཱཿཧཱུྃ། ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་བཛྲ་དྷྲྀཀ྄་ཛཿཧཱུྃ། ཞེས་ཛཔ྄་ཏུ་བཟླས་པས། ཨཱཿདང་དབྱེར་མེད་དུ་གནས་པར་སྒོམས། དེ་ནས་ཚེ་འགུགས་པར་བྱ་བ་ནི། ཧཱུྃ། ཤར་ལྷོ་ནུབ་བྱང་དབུས་ལྔ་ནས། །ཚེ་བདག་རིགས་ལྔ་ལྷ་མོའི་ཚོགས། །སྐུ་མདོག་སྣ་ལྔ་འབར་བ་ལ། །ཆིབས་སུ་འབྱུང་བ་ལྔ་ལ་བཅིབས། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཕྱོགས་བཞི་དབུས་ལྔའི་སྒོ་ཕྱེས་ལ། །བདུད་རྩི་ཚེ་ཡི་དངོས་གྲུབ་སྩོལ། །ཚེ་མཆོག་དཀྱིལ་འཁོར་དབབ་ཏུ་གསོལ། །ཞེས་ཚེ་བཀུག་ལ། དཀྱིལ་འཁོར་ཚེ་རྫས་ལ་བསྟིམས་ནས། བུམ་པ་ཚེ་ཡི་འབྲང་རྒྱས་སོགས་སློབ་བུའི་སྤྱི་བོར་བཞག་ལ། ཧཱུྃ། བཅོམ་ལྡན་ཚེ་དཔག་མེད་པ་ནི། །སྐུ་ལ་ཚེ་ཡི་བེར་ཆེན་གསོལ། །ཕྱག་ན་ཚེ་ཡི་ལོངས་སྤྱོད་བསྣམས། །ཞལ་ནས་ཚེ་ཡི་ལོངས་སྤྱོད་འགྱེད། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །སྐལ་ལྡན་འདི་ལ་དབང་བསྐུར་རོ། །དབང་གི་དཀྱིལ་འཁོར་བསྟན་དུ་གསོལ། །ལོ་བརྒྱ་འཚོ་དང་སྟོན་བརྒྱ་བཅའ། །ཚེ་ལ་དབང་བའི་རིག་འཛིན་གྱི། །དངོས་གྲུབ་ཆེན་པོ་ཐོབ་པར་ཤོག །ཨཱོྃ་བུདྡྷ་ཨཱ་ཡུརྫྙཱ་ན་ཧཱུྃ། བཛྲ་ཨཱ་ཡུརྫྙཱ་ན་ཏྲཱཾ། རཏྣ་ཨཱ་ཡུརྫྙཱ་ན་ཨཱོྃ། པདྨ་ཨཱ་ཡུརྫྙཱ་ན་ཨཱཿ ཀརྨཿཨཱ་ཡུརྫྙཱ་ན་ཧཱུྃ་ཧྲཱིཿ ཞེས་དབང་བསྐུར་ཞིང་བཀྲ་ཤིས་བརྗོད་ལ། དེ་ལྟར་དབང་བསྐུར་པས། འགྱུར་མེད་ཚེའི་དབང་ཐོབ་པར་འགྱུར་རོ།། །། ༈ དེ་ནས་རིག་པ་རང་གི་དབང་བསྐུར་བ་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་མཚན་ཉིད་དང་ལྡན་པའི་དབུས། འཁོར་ལོ་རྩིབས་བརྒྱད་ཤིན་ཏུ་མཛེས་པ་དང་། ཁ་བྱེ་བ་དང་མ་བྱེ་བ་སྤེལ་བའི་པདྨའི་དྲྭ་བ་དང་། དེའི་ཕྱི་རིམ་ཟླུམ་པོ་བུམ་པའི་དབྱིབས་ཅན། ཚོགས་གཏོར་ཡང་གོང་དང་མཐུན། དཀྱིལ་འཁོར་དབུས་སུ་རྨ་བྱའི་སྒྲོ་དང་། མེ་ལོང་། བྱང་སེམས་དཀར་པོ་བཤམ། ཕྱི་རོལ་དུ་པདྨའི་སྟེང་དུ་བྱང་སེམས་དམར་པོ་དང་། ཁྲོ་བོའི་སྐུ་བཤམས་ལ། རང་པདྨ་ཧེ་རུ་ཀ་གོང་ལྟར་གསལ་བའི་ངང་ནས་ཨཱཿབཟླས་ཤིང་། སློབ་བུ་ཡང་པདྨ་ཧེ་རུ་ཀར་བསྒོམ་ཞིང་ཡེ་ཤེས་དབབ། རྡོ་རྗེ་དང་བཅས་ཏིཥྛ་བཛྲས་བརྟན་པར་བྱས། དཀྱིལ་འཁོར་དབུས་ཀྱི་སྒྲུབ་རྫས་སློབ་བུའི་སྤྱི་བོར་བཞག་ལ། ཧཱུྃ། འོད་ལྡན་ཡེ་ཤེས་འོད་སྐུ་སྟེ། །དག་པས་དག་པའི་རྒྱུ་མཚན་ཏེ། །གསང་བས་གསང་བའི་འོད་ལྡན་པའི། །ཆོས་སྐུ་ལྷུན་རྫོགས་བདེ་བ་ཆེ། །སྟོང་ཉིད་རང་གསལ་བདེ་བར་བསྐུར། །ཨཱོྃ་མ་ཧཱ་ཨ་ནུ་པྲ་ཏི་ཡ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་རྨ་བྱའི་སྒྲོ་ཆུན་གྱིས་དབང་བསྐུར་རོ། །ཧཱུྃ། ཆོས་ཉིད་གསལ་འཚེར་གཡོས་པ་མེད། །རྡོ་རྗེ་སྐྱོན་བྲལ་བྱང་ཆུབ་སེམས། །བདུད་རྩི་དག་པས་ཆོས་ཉིད་སྐུ། །འཁོར་འདས་མི་རྟོག་དབང་བསྐུར་རོ། །ཨཱོྃ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཿཨཿ ཞེས་བྱང་སེམས་དཀར་པོས་དབང་བསྐུར་རོ། །ཧཱུྃ། འཁོར་བའི་སྐྱོན་སྤངས་ཡེ་ཤེས་དམར། །འདོད་ཆགས་ཆོས་སྤངས་ཆོས་ཉིད་སྟོང་། །ཆགས་མེད་ཡེ་ཤེས་པདྨར་གསལ། །ཨཱོྃ་ལྡན་བྷ་ག་སྟོང་ཉིད་དེ། །བདག་མེད་སྙིང་པོའི་དབང་བསྐུར་རོ། །ཨཱོྃ་སུ་མན་རྩ་སུ་རཱ་ག་ཧཱུྃ། ཞེས་བྱང་སེམས་དམར་པོས་དབང་བསྐུར་རོ། ཁྲོ་བོའི་སྐུ་དཔྲལ་བ་སོགས་ གནས་བཞིར་བཞག་ལ། ཧཱུྃ། དཔའ་གཏུམ་རྡོ་རྗེའི་རང་བཞིན་ཉིད། །ཐ་དད་གཉིས་སུ་མི་འཛིན་ཞིང་། །རྒྱན་དང་ཆ་ལུགས་འོད་ཟེར་འབར། །རང་གསལ་ཆོས་ཉིད་མེ་ལོང་སྐུ། །གཟུང་དང་འཛིན་པ་གཉིས་ལས་འདས། །འགྱུར་མེད་དབྱིངས་སུ་དབང་བསྐུར་རོ། །ཨཱོྃ་ཀྲོ་ཏ་ཨ་ནུ་ཡ་ཧཱུྃ། ཁྲོ་སྐུས་དབང་བསྐུར་རོ། །ཞེས་དབང་གནས་བཞིར་བསྐུར་ཞིང་བཀྲ་ཤིས་བརྗོད་དོ།། །། ༈ དེ་ནས་བཀའ་རྟགས་ཕྱག་རྒྱའི་དབང་བསྐུར་ནི། དཀྱིལ་འཁོར་དབུས་ཟླུམ་པོ་རྡོ་རྗེའི་ར་བ་གྲུ་བཞི་སྒོ་བཞིའི་མཚམས་བཞིར་བུམ་པ་བཞི། ཕྱི་རིམ་ཟླུམ་པོ་དཀྱིལ་འཁོར་སྤྱི་ལྟར་བྲི། དེའི་དབུས་སུ་བུམ་པ་ཁ་རྒྱན་དང་བཅས་ཏེ་བཞག །ཚོགས་གཏོར་ཡང་གོང་དང་འདྲ། དྲི་ཞིམ་གྱི་ཆུས་ཁ་གདོང་བཀྲུས་ལ། བདག་དང་སློབ་བུ་པདྨ་ཧེ་རུ་ཀར་བསྒོམས་ལ། ཨཱཿཅི་ནུས་བཟླ་ཞིང་། རོལ་མོ་དང་བཅས་ཡེ་ཤེས་པ་དབབ། རྡོ་རྗེ་དང་བཅས་པས་ཏིཥྛ་བཛྲ་གྱིས་བརྟན་པར་བྱས། བུམ་པ་སྤྱི་བོར། ཧཱུྃ། ཆགས་མེད་ཡེ་ཤེས་དྲི་མ་མེད། །རྣམ་དག་འོད་གསལ་ཤེས་རབ་ཐབས། །སྐུ་གསུམ་ཤེས་རབ་འབྱུང་བའི་ཐབས། །བྱང་ཆུབ་སེམས་ལས་སྤྲུལ་སྐུ་འགྱེད། །ཆོས་ཉིད་རྟོག་མེད་རྫས་བཞི་སྟེ། །གཉིས་འདས་ཆོས་སྐུར་དབང་བསྐུར་རོ། །ཨཱོྃ་སུ་ལ་བཛྲ་པྲ་ཏི་ཏི་ཧ་ཧ་ཨཱོྃ་ཨཱཿ མན་ཤེལ། བྱང་ཆུབ་སྙིང་པོ་སྟོང་པའི་སྐུ། །སྐུ་གསུམ་ངོ་བོ་ཉིད་ལས་ནི། །ཡེ་ནས་མ་སྐྱེས་རབ་རྫོགས་པས། །གཞན་ནས་བཙལ་བར་མི་བྱ་སྟེ། །རང་ཉིད་ལྷ་ཡི་ལྷར་གྱུར་མཆོག །རྫོགས་ཆེན་འདུ་འབྲལ་མེད་པ་ཡི། །སྟོང་པ་ཆེན་པོར་དབང་བསྐུར་རོ། །ཨཱོྃ་སྭ་བྷཱ་བ་ཨ་ཏི་རི་ཤྭ་ས་ལ་བྷི་ཧཱུྃ་ཨཱཿ ཐིག་ལེ་རྣམ་ལྔ། ཧཱུྃ། ཆོས་སྐུ་རྟོག་ལས་འདས་པས་ན། །བསམ་འདས་བརྗོད་མེད་ངོ་བོ་སྟོང་། །རང་ཉིད་རྫོགས་ཆེན་ལྷུན་གྲུབ་པས། །ཐིག་ལེ་གཅིག་པར་དབང་བསྐུར་རོ། །ཨཿབྷི་སཏྭཾ་བྷ་ཡ་ཨཱཿ མན་ཤེལ། ཧཱུྃ། ཨེ་མ་ངོ་མཚར་རྨད་བྱུང་བ། །སྟོང་པའི་སྙིང་པོ་འོད་གསལ་ངང་། །མ་ཆགས་གོས་མེད་བྱང་ཆུབ་སེམས། །དྲི་མེད་དག་པའི་རིག་སྣང་སྟེ། །རྫོགས་ཆེན་མཐའ་དང་དབུས་མེད་པས། །སྣང་བ་བཞི་རྫོགས་དབང་བསྐུར་རོ། །ཨཱོྃ་སྭ་མཾ་རཏྣ་ལཾ་ཧཱུྃ། མན་ཤེལ་གྱི་འཇའ་ཚོན་ལ། ཧཱུྃ། ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་། །རང་བྱུང་ཡེ་ཤེས་རྟོག་མེད་དབྱིངས། །སྟོང་གསལ་རིག་པའི་སྙིང་པོར་ལྡན། །སྟོང་ཉིད་བདག་མེད་ཡེ་ཤེས་ངང་། །ཆོས་རྣམས་ལྷུན་གྲུབ་རྫོགས་ཆེན་པ། །ཡང་དག་ཡེ་ཤེས་འོད་གསལ་བ། །སྟོང་པ་ཉིད་དུ་དབང་བསྐུར་རོ། །ཨ་ཨཱཿ ཨི་ཨཱིཿ ཨཱོྃཿཧཱུྃ། ཞེས་དབང་བསྐུར་རོ། །བཀྲ་ཤིས་ཀྱང་བརྗོད་དོ།། །། ༈ དེ་ནས་གསང་དབང་བསྐུར་བ་ནི། སློབ་མ་གསུམ་མམ་ལྔ་ལས་མི་མང་བར་བྱས། དབང་རྟེན་ཕྱག་རྒྱ་མཚན་ལྡན་པད་ཅན། དུང་ཅན་རི་མོ་ཧསྟིའི་རིགས་བཞི་ཚང་ན་རབ། དེ་མ་བྱུང་ཡང་མཚན་ཉིད་དང་ལྡན་པ་ཞིག་བཙལ་ལ། དབང་ལ་འཇུག་པར་བྱ་སྟེ། དཀྱིལ་འཁོར་ཟླུམ་པོ་པདྨ་འདབ་བརྒྱད། མུ་ཁྱུད་འཁོར་ལོ་རྩིབས་བརྒྱད་རྣམས་ཕྱོགས་ཚོན་དང་མཛེས་ཚོན་དུ་བྱ། དབུས་ཀྱི་ལྟེ་བར་རྣམ་སྣང་མངོན་བྱང་གི་སྐུ་བཞག །དེའི་སྟེང་དུ་སྣང་བ་མཐའ་ཡས། དེའི་གཙུག་ཏུ་པདྨ་དབང་ཆེན་གྱི་སྐུ་བཞག །དེའི་སྟེང་དུ་རྨ་བྱའི་གདུགས་དར་གྱིས་བརྒྱན་པ་ཕུབ། སློབ་དཔོན་ཁ་ཤར་ནས་ནུབ་ཏུ་བལྟས་ལ། དཀྱིལ་འཁོར་གྱི་ཤར་ལྷོར་བཀྲ་ཤིས་ཀྱི་བུམ་པ་ཁ་རྒྱན་དང་བཅས་པ་བཞག །ལྷའི་མདུན་དུ་མེ་ལོང་མཛེས་པ་བཀྲམ། ཤར་ཕྱོགས་ཀྱི་ཆ་ལ་ཐོད་པའི་ནང་དུ་བྱང་སེམས་དམར་པོ་བཤམ། བྱང་གི་ཆ་ལ་མེ་ལོང་ཡུ་བ་ཅན། དེའི་ནང་དུ་བྱང་སེམས་དཀར་པོ། ལྷོའི་ཆ་ལ་བུ་མ་སྐྱེས་པའི་བུད་མེད་ཀྱི་ཚིལ་བུ་ཤ་དང་མར་མེ་རྣམས་བཀོད། དེ་ནས་གསང་ཡུམ་ཆས་སུ་ཞུགས་པ། བྱེ་རུ་སོགས་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཤར་དུ་བཞག །དེ་བཞིན་དུ་གཞན་རིག་མ་གསུམ་ཡང་ཕྱོགས་བཞིར་བཞག །སློབ་དཔོན་པདྨ་ཧེ་རུ་ཀའི་བསྐྱེད་རིམ་དུ་ཞུགས་ལ། ཨཱཿབརྒྱ་རྩ་བཟླས་ཤིང་། ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་། དབང་གི་བྲོ་བརྡུང་བྱ། དེ་ནས་སློབ་དཔོན་ལ་ཞལ་སྐྱེམས་དྲངས་ཤིང་གསོལ་བ་བཏབ་པ་ནི། ཀྱེ། མཁའ་གསང་གཉིས་སྤྲོད་དབང་བསྐུར་སྩོལ། །ཤེས་རབ་ཐབས་ལྡན་སྦྱོར་སྒྲོལ་དབང་། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དབང་བདག་རྡོ་རྗེ་འཛིན་རྒྱལ་སྐུ། །མ་རིག་རྨོངས་པས་མིག་ལྡོང་པས། །ཤེས་རབ་མིག་གི་དབང་བསྐུར་སྩོལ། །རྨུགས་ཤིང་མྱོས་པས་སྒྲ་མ་ཐོས། །གཉིས་མེད་སྙན་གྱི་དབང་སྩོལ་ཅིག །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །རྣམ་དག་འོད་གསལ་དྲི་མ་ཚོར། །ཡེ་ཤེས་ཤངས་ཀྱི་དབང་བསྐུར་སྩོལ། །ཕྱི་ནང་ཡུལ་ལ་ཆགས་གྱུར་པས། །འཁོར་འདས་གཉིས་འཛིན་སྤྱོད་པ་ཡིས། །ཆོས་ཉིད་དག་པའི་རོ་མ་མྱོང་། །རང་རིག་བཅུད་ལྡན་དབང་བསྐུར་སྩོལ། །ཕྱི་ནང་ཡུལ་ལ་ཆགས་གྱུར་པས། །དབྱིངས་དང་རིག་པའི་གཟུགས་མ་མཐོང་། །འོད་གསལ་ལུས་ཀྱི་དབང་བསྐུར་སྩོལ། །དྲན་པ་ཀུན་ཏུ་མཚོན་བྱེད་པ། །རང་སྣང་སྙིང་པོའི་དོན་མ་རྟོགས། །ལྟ་བ་རིག་པའི་དབང་བསྐུར་སྩོལ། །ཅེས་ཞུ་ཞིང་། སློབ་བུ་རྣམས་གྲལ་ལ་འཁོད། དེ་ནས་སློབ་བུ་པདྨ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བ་ལ། ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་རྟེན་གྱི་ཡུམ་སློབ་དཔོན་གྱི་གཡོན་ཕྱོགས་སུ་བཞག །སྦྱོར་བའི་བརྡས་བསྐུལ་ཞིང་། དང་པོ་རྫས་ཀྱི་དབང་བསྐུར་བ་ནི། རྣམ་སྣང་མངོན་བྱང་གི་སྐུ་སྤྱི་བོར་བཞག་ལ། ཧཱུྃ། ཡེ་ཤེས་རྣམ་དག་འོད་སྣང་ཆོས་སྐུའི་དབྱིངས། །སྐྱེ་མེད་རང་གསལ་ཐུགས་རྗེའི་དབྱིངས་ལས་བྱང་ཆུབ་སེམས། །དྲི་མེད་སྐྱོན་བྲལ་རིག་པ་ཞི་བའི་ཡབ། །སྟོང་པ་ཉིད་མཚོན་རྒྱུ་ལས་བྱང་ཆུབ་སེམས། །འཁོར་བར་མི་གནས་ཡེ་ཤེས་རང་སྣང་སྣ་ཚོགས་འཕྲོ། །དག་པའི་རྒྱུ་མཚན་བདེ་བའི་ཐིག་ལེ་སྟེ། །ཆགས་ལ་ཆགས་དགའ་བདེ་བའི་དབང་བསྐུར་རོ། །ཨཱོྃ་སརྦ་དྷརྨཱ་རཏྣ་ཙཀྲ་ཨཱཿ སྣང་བ་མཐའ་ཡས་ཀྱི་སྐུ། ཧཱུྃ། སྟོང་ཉིད་དམར་མདངས་ཤེས་རབ་དབང་གི་སྐུ། །ཆོས་ཉིད་མཁའ་མཉམ་སྣང་སྲིད་ཤེས་རབ་ཡུམ། །གསང་སྔགས་ལས་བྱུང་ཐིག་ལེ་འདྲེན་བྱེད་མ། །རཀྟའི་རང་བཞིན་ཆོས་ཉིད་འདྲེན་བྱེད་མ། །ཤེས་རབ་དྲིལ་ནས་སྐུ་ཡི་སྣང་བ་གསལ། །བྷ་གའི་དབྱིངས་ནས་སྤྲུལ་སྐུ་དུས་གསུམ་འབྱུང་། །འགག་མེད་ཆགས་ཉམས་བདེ་བ་སྐྱེད་པར་བྱེད། །ཡི་གེ་མུཾ་དང་ལྡན་པའི་རིགས་སུ་སྣང་། །དབང་རྟགས་འོད་ཟེར་རྡོ་རྗེ་ལེབ་བརྒན་འཕྲོ། །རྟོག་མེད་ཤེས་རབ་དབྱིངས་ཀྱི་དབང་བསྐུར་རོ། །ཨཱོྃ་མུཾ་སུ་རཱ་ག་ཡ་ཧཱུྃ། པདྨ་དབང་ཆེན་གྱི་སྐུ་བཞག་ལ། ཧཱུྃ། སྐྱེ་མེད་རོ་ལྡན་མཱཾ་ས་ཚིལ་ཆེན་བཅས། །རྒྱལ་བ་ཀུན་དང་སྐྱེ་མེད་སྙིང་པོ་མཉམ། །རིག་པའི་སྐུ་དང་སོ་སོར་ཐ་མི་དད། །དབྱིངས་དང་མི་འབྲལ་ཤེས་རབ་ཐབས་དང་ལྡན། །སྒོ་ལྔ་མ་འགགས་ཞི་གནས་ལྷག་མཐོང་སྟེ། །བསྐྱེད་པ་མ་ཡིན་རང་བྱུང་རྫོགས་པ་ཆེ། །སྣ་ཚོགས་འོད་འཕྲོ་ལོངས་སྐུ་ཉིད་ཀྱི་ལུས། །མ་སྒྲིབ་དྲི་མེད་ཤེས་རབ་ཡེ་ཤེས་ཅན། །གསང་བའི་མཛོད་འཛིན་ཐུགས་མཆོག་ཙིཏྟའི་ངང་། །མི་དམིགས་སྟོང་གསལ་གྲགས་སྟོང་གཉིས་ལས་འདས། །གཉིས་འཛིན་ཡུལ་འདས་ཆོས་ཉིད་དག་པའི་སྙན། །འཁོར་བའི་སྐྱོན་སྤངས་ཡེ་ཤེས་དྲི་ཞིམ་ཤངས། །ཐེ་ཚོམ་གཉིས་གསལ་པདྨ་དག་པའི་ལྗགས། །སྐྱེ་བ་རྒྱུན་བཅད་ཡེ་ཤེས་སྐུ་གསུམ་ཚུལ། །མ་སྐྱེས་ཐིག་ལེའི་ངང་དུ་དབང་བསྐུར་རོ། །ཨ་ཡང་པུ་ཏི་ཏ་ཨ་ཧཱུྃ་ཨཱཿ རྨ་བྱའི་སྒྲོ་ཆུན། ཧཱུྃ། སྟོང་པ་ཉིད་དང་ནམ་མཁའི་སྐུ་མཚོན་ཏེ། །སྟོང་ཉིད་འགགས་མེད་མཐའ་ཉིད་རྣམ་པར་གསལ། །རྒྱ་མ་ཆད་པའི་ཡེ་ཤེས་བུམ་པའི་སྐུ། །སྟོང་ཉིད་དབྱིངས་ཟླུམ་ཡེ་ཤེས་ཐིག་ལེའི་ངང་། །རྒྱུད་གསང་རྨད་བྱུང་སྐུ་ནི་དུ་མས་སྟོང་། །མཐའ་དང་དབུས་མེད་ཡངས་པ་སྙིང་པོའི་དོན། །རང་སྣང་ཆོས་ཉིད་ཡེ་ནས་གཟུང་འཛིན་བྲལ། །ཆོས་ཉིད་ལས་ནི་སྐུ་ཉིད་སོ་སོར་གསལ། །ཡང་གསང་དོན་སྟོན་ཁ་རྒྱན་སྙིང་པོར་བཅས། །དག་པ་ཉིད་ཀྱིས་དག་པ་ཉིད་སྟོན་སྐུ། །བུམ་པའི་གཟུགས་ལ་སྐུ་བཞིའི་ཡེ་ཤེས་གསལ། །སྐུ་གསུམ་སྟོང་པའི་མཐའ་གཉིས་རང་སྣང་སྟེ། །ཐབས་མཁས་ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །ཚིག་དང་བརྗོད་བྱ་གཉིས་ལས་རབ་ཏུ་འདས། །སངས་རྒྱས་དང་ནི་རིག་པ་སྟོང་ཉིད་གསལ། །ཡེ་ཤེས་དང་ནི་སྐུ་ཡང་མ་བསྒྲིབས་གསལ། །ཆོས་ཉིད་རང་བྱུང་རྟོག་མེད་པས། །མཁའ་ཀློང་དབྱིངས་སུ་དབང་བསྐུར་རོ། །ཨཱོྃ་ལ་མ་དུ་ཡ་ཏྲི་ཏ་ཧཱུྃ། བཀྲ་ཤིས་བརྗོད། དེ་ལྟར་རྫས་ཀྱིས་དབང་བསྐུར་ནས། །ཡང་དག་དབང་ལ་འཇུག་ཚེ་ན། །གཡོན་གྱི་ཡུམ་ལ་དམིགས་བྱ་སྟེ། །བྱང་ཆུབ་སེམས་གཉིས་འདྲེན་པའི་ཕྱིར། །བྷ་གའི་ནང་དུ་རིལ་བུ་གཞུག །ཕྱེད་འདྲེན་ན་ནི་ནས་གཅིག་སྟེ། །ལྷག་མ་མེད་པར་རྫོགས་བྱེད་ན། །ཆེ་ཆུང་སྲན་མའི་ཚད་དང་མཉམ། །དེས་ནི་གཉིས་ཀ་འདྲེན་པར་བྱེད། །ཐིག་ལེ་ཟློག་པར་བྱེད་པ་ན། །ཡི་གེ་འབྲུ་བཞི་དྲན་པར་བྱ། །དམར་པོ་རང་ལ་སྟིམ་བྱེད་ན། །འབྲུ་གཉིས་དགུ་དང་བཅས་པ་འོ། །དེ་ལྟར་དྲན་ཞིང་གསལ་བྱས་ན། །རྡོ་རྗེ་ཆུ་འཐུང་ཞེས་བྱར་འགྱུར། །རིལ་བུ་བཅུག་ལ་སྦྱར་བྱ་སྟེ། །དཀྱིལ་འཁོར་ནུབ་ཀྱི་ཕྱོགས་དག་ཏུ། །སྒྲུབ་པ་ཡབ་ཡུམ་སྐུལ་བྱེད་པའི། །སྦྱོར་བའི་བརྡ་ཡིས་འདི་སྐད་གསུངས། །ཧོ། བདག་ཉིད་ལས་ནི་སྣ་ཚོགས་སྣང་། །རྒྱལ་བ་ཐམས་ཅད་མཉམ་སྦྱར་བས། །མཁའ་ལ་སེམས་དཔའ་འོད་དུ་ཞུ། །འོད་འཕྲོས་སྦྱོར་བའི་བརྡས་བསྐུལ་ལོ། །ས་མ་ཡ། མཉམ་པར་སྦྱོར་ཅིག་རྡོ་རྗེ་རྒྱལ། །མཱུཾ་ཨཱཿཧཱུྃ། བདེ་དགའ་ལོངས་སྤྱོད་ཆོས་ཀྱི་སྐུ། །གཉིས་མེད་དབྱིངས་སུ་བརྡ་སྦྱོར་འཁྱུད། །མཱུཾ་ཨཱཿ བདེ་ལྡན་ཕུན་སུམ་ཚོགས་པ་ཡི། །རྡོ་རྗེ་ལ་ནི་བསྟིམ་པ་སྟེ། །པདྨ་ལ་ནི་བཛྲ་ཧཱུྃ། །སྡོམས་ཤིག་སྟོང་ཉིད་མུ་དྲ་སྟེ། །སྟིམས་ཤིག་བྱང་ཆུབ་དབྱིངས་སུ་སྟིམས། །ཏྲ་ཏ་ཡ་ཧཱུྃ་མཱཾ། དེ་ནས་སློབ་བུ་དད་ལྡན་གྱིས། །མེ་ལོང་མ་ཆག་མ་གས་པས། །བྱང་ཆུབ་སེམས་ནི་ལྕེ་ཡིས་བླང་། །བླངས་ཏེ་སློབ་དཔོན་ཉིད་ལ་ཕུལ། །དེ་ནས་སློབ་དཔོན་གསང་བ་ཉིད། །འགྱིང་བའི་ཆས་སུ་ཞུགས་ནས་ནི། །བུ་ལ་གནང་བའི་སྐབས་ཕྱེ་སྟེ། །སྟ་གོན་ཆོ་ག་རྫོགས་བྱས་ཏེ། །དང་པོ་སྤྱི་གཙུག་དབང་བསྐུར་རོ། །ཏིང་འཛིན་རིག་པ་འདི་ལྟ་སྟེ། །བུ་ཡི་སྟེང་དུ་བཞག་པའི་ཚེ། །རྫས་དེ་ཡི་གེ་ཧཱུྃ་དུ་བསམ། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཡི་གེ་དེ་ལ་རབ་བསྣན་ཏེ། །འོད་ཟེར་ཕྱོགས་བཅུར་འཕྲོ་བར་བསམ། །དེ་ནས་ཚངས་པའི་བུ་གར་ཐིམ། །དུང་ཁང་འབར་བར་བབས་པར་བསམ། །ཧཱུྃ་དེའི་འོད་ཟེར་འཕྲོས་པ་ལས། ཁྲོ་བོའི་དཀྱིལ་འཁོར་མགོ་ལ་བསམ། །དེ་ནས་ཆོས་ཉིད་རྩར་ཐིམ་པས། ཧཱུྃ་དེ་འོད་ཀྱི་ཐིག་ལེར་བསམ། །དེ་ནས་ཙིཏྟར་ཐིམ་པར་བསམ། །ཧཱུྃ་དེ་སྣ་ཚོགས་འོད་དུ་ཞུ། །དེ་ཉིད་ལས་ནི་ཞི་སྐུར་བསམ། །ཐུགས་ལ་དཀྱིལ་འཁོར་རྫོགས་པར་བསྒོམ། །དེ་ནས་ཡི་གེ་ཧཱུྃ་དེ་ཡང་། །སྒལ་ཚིགས་ཉིད་ཀྱི་རྟར་བརྒྱུད་ནས། །ཕོ་མོ་གང་ཡིན་གསང་གནས་སུ། །ཡི་གེ་དེ་ཉིད་བབས་པར་བསམ། །བརྒྱུད་པའི་དབང་ཉིད་མ་རྫོགས་བར། །ཡི་གེ་དེ་ཉིད་རྟག་པར་བསམ། །དེ་ལྟར་བབས་ལུགས་རྣམ་བཞི་བསྒོམ། །དེ་ལྟར་ཏིང་འཛིན་གསལ་བྱས་ལ། །བྱང་ཆུབ་སེམས་ཉིད་སྣོད་དེ་ཡང་། །བུ་མཆོག་དད་དང་ལྡན་པ་ཡི། །གསང་བའི་གནས་སུ་རྫས་བཞག་སྟེ། །བྱང་ཆུབ་སེམས་དེ་ཧཱུྃ་དང་ཨཱཿ དེ་ཉིད་འོད་དུ་འཕྲོས་པ་ལས། །བྱང་ཆུབ་སེམས་ནི་འོད་དུ་བསམ། །ཧཱུྃ་དང་ཨཱཿཡིས་འཕུལ་གྱུར་ནས། །གསང་བའི་མཁའ་ལ་ཐིམ་པར་བསམ། །ཧཱུྃ་དང་གཉིས་མེད་འབྲེལ་བར་བསམ། །གཉིས་མེད་ཡི་གེ་དེ་དག་ནི། །ཡཾ་གི་སྒོ་ཡང་རྩར་བསྐྱོད་ནས། །ལྟེ་བའི་རྩ་ལ་ཐིམ་པར་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །གང་དག་སྐྱེ་མེད་འདོད་པ་རྣམས། །ཡི་གེ་དེ་ཡི་བྱིན་རླབས་ལས། །སྐྱེ་བའི་སྒོ་ཡང་ཆོད་པར་བསམ། །གང་དག་བུ་དང་ཚ་འདོད་པ། །དེ་ཡི་འོད་དང་ཟེར་ལྡན་པས། །དབང་པོའི་དྭངས་མ་མིག་ཏུ་བསམ། །དེ་ལས་ཤ་གཟུགས་དོད་པར་བསམ། །དེ་ལས་ཡན་ལག་རྒྱས་པར་བསམ། །སྲིད་པའི་ཤ་གཟུགས་དོད་པ་འོ།། དེ་ནས་ཙིཏྟར་བརྒྱུད་པར་བསམ། །ཞི་བའི་སྐུ་ལ་ཐིམ་གྱུར་ནས། །སྐུ་རྣམས་འོད་དང་ལྡན་གྱུར་ནས། །ཡབ་ཡུམ་སྦྱོར་བ་བྱས་པར་བསམ། །མཁའ་དང་སེམས་དང་འོད་འཕྲོས་པས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །དེ་ནས་ཡཾ་གིས་བསྐྱོད་ནས་ནི། །ཆོས་ཉིད་སྟོང་པའི་རྩ་བཞིན་ཧཱུྃ། །ཐིག་ལེའི་སྐུ་ལས་འོད་འཕྲོས་པས། །དྭངས་མ་གཉིས་སུ་ཕྱེ་གྱུར་ནས། །དྭངས་མ་ལྔ་ཡི་འོད་ཟེར་འཕྲོས། །ཡཾ་གིས་དུང་ཁང་ནང་དུ་བསྐྱོད། །དེ་ལས་འོད་ཟེར་ལྔ་བྱུང་བས། ཁྲོ་བོའི་སྐུ་རྣམས་འོད་ལྡན་བསམ། །ཧཱུྃ་དང་ཨཱཿགཉིས་རྣམ་དག་པས། ཁྲོ་བོ་ཡབ་ཡུམ་སྦྱོར་བར་བསམ། །དེ་ཉིད་ཐིག་ལེའི་སེམས་སྦྱར་བས། །བྱང་ཆུབ་སེམས་ནི་འོད་དུ་ཞུ། །དེ་ནས་ཧཱུྃ་གིས་མར་བདས་ནས། །སྲོག་པ་རྩ་ཡི་རྟར་བརྒྱུད་ནས། །ལྟེ་བའི་སྲས་ལ་དབང་བསྐུར་བསམ། །ཐིག་ལེ་དེ་ལ་བསྟིམས་ནས་ནི། །ཧཱུྃ་དེ་སླར་ལ་ལོག་པར་བསམ། །ཧཱུྃ་ལས་སྒྲ་དང་འོད་བྱུང་བས། །བུ་ཡི་ཚངས་པའི་བུ་ག་ན། །ཧཱུྃ་ཉིད་འོད་དང་བཅས་པར་བསམ། །ཨཱཿཉིད་མིག་དང་བཅས་ནས་གནས། །མཱུཾ་ཉིད་རྣ་བ་གཡས་གཡོན་ནོ། །དེ་ལྟར་ཡི་གེ་འབྲུ་གསལ་ཏེ། །སྤྱི་གཙུག་ཧཱུྃ་ཉིད་ཆོས་སྐུར་བསམ། །དེ་ལས་འོད་འཕྲོས་དབང་ཆེན་སྐུ། །ཡབ་ཡུམ་བཅས་པ་རབ་ཏུ་བསམ། །བྱང་ཆུབ་སེམས་ཉིད་བབས་པ་ལས། །བུ་ཡི་ལུས་ལ་ཐིམ་གྱུར་ནས། །ལུས་ཉིད་འོད་དུ་ཞུ་བར་བསམ། །དེ་ནས་སྟོང་ཉིད་ཆོས་སྐུར་བསམ། །ཆོས་སྐུའི་སྲས་ཉིད་ཡང་དག་བསམ། །མིག་གི་ཨཱཿཉིད་ལོངས་སྤྱོད་སྐུ། །བཅོམ་ལྡན་སྣང་བ་མཐའ་ཡས་བསམ། །ཡབ་ཡུམ་གྲངས་མེད་འཕྲོ་བསམ་སྟེ། །ཛཿཧཱུྃ་བཾ་ཧོཿབརྡས་བསྐུལ་ནས། །ལས་ཀྱི་ཕྱག་རྒྱ་ལེགས་བསྡམས་ཏེ། །ཡབ་ཡུམ་གཉིས་མེད་བདེ་བ་ལས། །མཁའ་ལ་བྱང་ཆུབ་སེམས་བབས་པས། །ལུས་དང་དབང་པོ་ཚིམས་བྱས་ཏེ། །ལུས་རྣམས་འོད་དུ་ཞུ་གྱུར་ནས། །ལོངས་སྤྱོད་སྐུ་དང་དབྱེར་མེད་བསམ། །ལོངས་སྐུའི་སྲས་སུ་གྱུར་པར་བསམ། །དེ་ནས་མཱུཾ་ལས་དམིགས་བྱས་ཏེ། །མཱུཾ་ཉིད་འོད་དུ་ཞུ་བ་ལས། །སྤྲུལ་སྐུ་རྡོ་རྗེ་འཛིན་དུ་བསམ། །དེ་ཉིད་འོད་དུ་ཞུ་བ་ལས། །རྣམ་སྣང་མངོན་བྱང་ཡབ་ཡུམ་བསམ། །ཛཿཧཱུྃ་བཾ་ཧོའིཿབརྡས་བསྐུལ་བས། །ལས་ཀྱི་ཕྱག་རྒྱས་བསྡམས་གྱུར་པས། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །མཁའ་ལ་སེམས་བབས་འོད་འཕྲོས་པས། །བུ་ཡི་ལུས་ལ་ཐིམ་གྱུར་ནས། །ལུས་ནི་འོད་དུ་ཞུ་ནས་ནི། །དབང་རྫོགས་མངོན་ཤེས་དྲུག་ལྡན་པའི། །སྤྲུལ་སྐུ་ཉིད་ཀྱི་སྐུ་ཐོབ་སྟེ། །སྤྲུལ་སྐུ་རྡོ་རྗེའི་སྲས་དབང་ཐོབ། །རྫོགས་སངས་རྒྱས་དང་ཆོས་སྐུ་ཐོབ། །དེ་ལྟར་དབང་ཉིད་རབ་རྫོགས་ནས། །བརྒྱུད་པ་རྣམ་པ་དེ་བཞིན་ནོ། །དེ་ལ་སྐུ་གསུམ་རྫོགས་པའི་དབང་། །རང་བྱུང་དབང་ཉིད་རབ་ཏུ་རྫོགས། །སྐུ་གསུམ་དབྱེར་མེད་རྫོགས་པ་འོ། །དབང་བསྐུར་དཀྱིལ་འཁོར་རྫོགས་བྱེད་ན། །དང་པོ་སྦྱོར་བ་བྱེད་ཚེ་ནས། །བདག་དང་སྒྲུབ་པའི་ཡུམ་ཉིད་ཀྱི། །སྤྱི་གཙུག་བདེ་བའི་གནས་སུ་ཡང་། །ཡི་གེ་འདི་ལྟར་བསྒོམ་པར་བྱ། །ཡུམ་ལ་མཱུཾ་ཉིད་དམར་པོ་སྟེ། །ཡབ་ལ་ཨཱཿདཀར་འོད་འཕྲོ་འོ། །དེ་གཉིས་འོད་འབར་འཕྲོ་འདུ་ལས། །ཚངས་པའི་བུ་གར་ཐིམ་པར་བསམ། །དེ་གཉིས་འོད་དུ་ཞུ་བ་ལས། །ས་མ་ཡ་ཞེས་སྒྲ་བྱུང་ནས། །དམ་ཚིག་ཕྱག་རྒྱ་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །མཁའ་ལ་བྱང་ཆུབ་སེམས་བབས་པས། །རྩ་བཞིའི་ནང་དུ་ཐིག་ལེ་སྟོང་། །དེ་ལས་གཟི་ལྡན་འོད་འཕྲོས་པས། །ཐིག་ལེ་དྭངས་སྙིགས་བྱེ་ནས་ནི། །དྭངས་མ་འོད་ཟེར་ལྔ་རྣམས་ཏེ། །སྙིགས་མ་དཀར་པོའི་ཐིག་ལེ་འོ། །དྭངས་མ་ཙིཏྟའི་ནང་དུ་བབས། །དེ་ལས་འོད་ཟེར་རབ་འཕྲོས་པས། །དྭངས་མ་སིང་ཏིའི་སྒྲ་བྱུང་བས། །ཞི་བ་ཡབ་ཡུམ་བརྡས་བསྐུལ་ཏེ། །ཆོས་ཀྱི་ཕྱག་རྒྱས་འཁྱུད་ནས་ནི། །ཡབ་ཡུམ་གཉིས་མེད་སྦྱོར་བར་བསམ། །བྱང་ཆུབ་སེམས་ཉིད་བབས་པ་ལས། །འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །ཆ་ཤས་འོད་ཟེར་ཐམས་ཅད་ཀྱང་། །སྒལ་ཚིགས་ཐིག་ལེ་དག་ལ་ཐིམ། །ལས་ཀྱི་རླུང་གིས་དེད་ནས་ནི། །སྒལ་ཚིགས་དག་པའི་རྟ་བརྒྱུད་ལ། །གསང་བའི་མཁའ་ལ་བབས་གྱུར་ཏེ། །བདག་ཉིད་སྦྱོར་བའི་བརྡས་བསྐུལ་ཏེ། །ལས་ཀྱི་ཕྱག་རྒྱས་འཁྱུད་བྱས་ནས། །ཡུམ་གྱིས་བསྐྱོད་ཅིང་བདེ་བ་སྐྱེད། །ཡབ་ཡུམ་གཉིས་མེད་ལྷན་སྦྱར་ཏེ། །བདེ་གསང་ཆོས་ཀྱི་དབང་བསྐུར་རོ། །སྙིང་པོའི་སྐུ་ཡང་དེས་འཐོབ་བོ། །དང་པོའི་སྐབས་སུ་ཤེས་པར་བྱ། །དེ་ལྟར་དབང་བསྐུར་རྫོགས་ནས་ནི། །སྦྱོར་བའི་དབང་བསྐུར་འདི་ལྟར་བརྗོད། །རིགས་ངེས་བསྟན་པའི་ཚིག་འདི་བརྗོད། །ཧཱུྃ། འདི་ནི་རིགས་ངེས་རྒྱལ་བའི་སྲས། །ཧ་ཨེ་མ་ཧོ། དེ་རིང་ཕན་ཆད་རྒྱལ་བའི་སྲས། །ད་ནི་སངས་རྒྱས་ངེས་པའི་ལམ། །སྐུ་གསུམ་འབྲས་བུ་རང་སྣང་སྟེ། །ཕྱིན་ཅི་མ་ལོག་དབང་ཐོབ་ནས། །སངས་རྒྱས་སྐུ་དང་དབྱེར་མེད་མཉམ། །རྫོགས་སངས་རྒྱས་པའི་སྐུ་ཐོབ་ནས། །ཕྱིར་མི་སྡོག་པའི་ས་ཡང་ཐོབ། །གདོད་ནས་མ་ཆགས་སྙིང་པོའི་དོན། །སྔ་མ་ཁྱོད་ཀྱིས་མ་ཐོབ་སྟེ། །དུས་འདི་ཉིད་དུ་ཐོབ་པས་ན། །དེ་རིང་ཕན་ཆད་རྫོགས་སངས་རྒྱས། །ཡང་དག་ངེས་པའི་ས་ཐོབ་པས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཐིག་ལེ་ཉག་གཅིག་དབང་ཐོབ་བོ། །ལྔ་གསུམ་དགུ་ལ་རྫོགས་པ་འོ། །རྡོ་རྗེ་འཆང་གི་གྲལ་ཐོབ་པས། །དེ་ལ་ལྷུན་གྱིས་གནས་པར་བརྗོད། །བདག་ཉིད་སྲས་སུ་བྱུང་ནས་ནི། །སངས་རྒྱས་ཉིད་ཀྱང་མཉེས་པ་ཡིན། །རབ་ཏུ་དགྱེས་པའི་དབང་ཐོབ་བོ། །ཨཿཡཾ་ས་ལང་བསྟན་པ་ཤ་ཧཱུྃ། ཧཱུྃ། ཨཱཿལྡན་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར། །མཱུཾ་ལྡན་བྱང་སེམས་དམར་དྭངས་འོད་ཟེར་འཕྲོས། །གཉིས་མེད་སྐུ་ཡང་རབ་ཏུ་གསལ་བའི་ཐིག་ལེ་སྟེ། །སྐུ་གསུམ་ཡོན་ཏན་བྱང་ཆུབ་སེམས་མཉམ་པས། །བྱང་ཆུབ་སྙིང་པོ་རྒྱུ་ལ་ལྷུན་གྲུབ་སྐུ། །ཐ་དད་མི་འབྱེད་ཆོས་སྐུ་སྟོང་བདག་མེད། །དཀར་དང་དམར་དང་ཤེས་རབ་ཐབས་མཁས་སྐུ། །སྟོང་ཉིད་སྟོང་པ་མཁའ་ཁྱབ་ཀུན་ལ་རོལ། །ཆགས་མེད་ཆགས་པའི་ཚུལ་བསྟན་བྱང་ཆུབ་ཉིད་ཀྱི་རྒྱུ། །མཚན་མ་སྤྲོས་བྲལ་གསང་བ་ཡུམ་གྱི་དབང་། །ཐབས་མཁས་ཐུགས་རྗེ་ཆེན་པོ་ཡིན་པས་ན། །དེང་ནས་གཟུང་སྟེ་རྒྱལ་བའི་སྲས་པོ་འོ། །ཨཱོྃ་བྷོ་དྷི་ཙིཏྟ་ཨ་ནི་ག་ཡ་ཨཱཿ བདུད་རྩི་བྱིན་ལ། ཨེ་མ་ངོ་མཚར་ལྟ་བའི་དཀྱིལ་འཁོར་ཆེ། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཉིད་བསྟན་པ། །སྔོན་ཆད་མ་འཚལ་དེང་འདིར་བདག་གིས་ཤེས། །རང་གི་རང་བཞིན་ཡིན་པར་ཤེས་པ་ན། །གཞན་ནས་མ་བཙལ་ཕྱི་ནང་དབང་ཐོབ་པས། །གསང་བའི་དབང་ནི་ཡོངས་རྫོགས་དུས་འདིར་ཐོབ། །དཔའ་བོས་གནང་བས་བཀའ་དྲིན་རབ་ཏུ་ཆེའོ། །ཧ་ཧ་ཧེ་ཧེ་རིག་ངེས་སོ། །ཧོ་ཧོ་ཧ་ཧི། ཨ་ཨི། དབང་རྫོགས་ཡོན་ཀྱང་འབུལ་བར་བྱ། དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་བརྗོད་དོ།། །། ༈ དེ་ནས་རྫོགས་ཆེན་རང་སྣང་གི་དབང་ནི། དཀྱིལ་འཁོར་ཟླུམ་པོ་ཕྱི་རིམ་འཁོར་ལོས་བསྐོར་བ། སྒོ་འཁོར་ཡུག་སོགས་སྤྱི་དང་མཐུན། དབུས་སུ་རིན་པོ་ཆེའི་བུམ་པ་ཁ་རྒྱན་མགུལ་ཆིངས་ནང་བུམ་རྫས་དང་ཆུས་གང་བ་བཞག །དེའི་སྟེང་དུ་རིགས་ལྔའི་སྐུ་རྟེན་ཙཀ་ལི་བཤམ། ཤར་གྱི་བུམ་པའི་སྟེང་དུ་རིགས་གསུམ་གྱི་སྐུ་དང་གོས་དཀར་མོའི་སྐུ་བཞག །ལྷོའི་བུམ་པའི་སྟེང་དུ་རིག་གསེར་ཕྲེང་ཚེ་དཔག་མེད། ཕ་རོལ་ཕྱིན། སྨན་བླའི་སྐུ་བཞག །ནུབ་ཀྱི་བུམ་པའི་ཁར་ཁྲོ་ཆེན་རིགས་ལྔའི་སྐུ་བཞག །བྱང་གི་བུམ་པའི་ཁར་སྒོ་བ་བཞིའི་སྐུ་བཞག །བྱང་ཤར་གྱི་བུམ་པའི་སྟེང་དུ་རིགས་གསུམ་ཁྲོ་བོའི་སྐུ་དང་རྣམ་འཇོམས་ཀྱི་སྐུ་བཞག །ཤར་ལྷོའི་བུམ་པའི་སྟེང་དུ་རྣམ་འཛིན་དང་། སྟོན་དྲུག་དང་། ཀུན་ཏུ་བཟང་པོའི་སྐུ་བཞག །ལྷོ་ནུབ་ཀྱི་བུམ་པའི་སྟེང་དུ་རིག་ལྔ་ཡུམ་ལྔའི་སྐུ་བཞག །ནུབ་བྱང་གི་བུམ་པའི་སྟེང་དུ་ཀྲོ་ཏཱི་ཤྭ་རཱི་སོགས་ཁྲོ་མོ་ཡུམ་ལྔའི་སྐུ་བཞག །ཕྱོགས་བཞི་མཚམས་བརྒྱད་དུ་བཀྲ་ཤིས་རྫས་བརྒྱད་བཞག །བུམ་པ་རེ་རེའི་རྩར་ཕུད་དང་བཅས་པའི་གཏོར་མ་རེ་བཞག །བྷནྡྷ་མཚན་ལྡན་ནང་དུ་དམ་རྫས་བཤམ། བདག་ཉིད་པདྨ་ཧེ་རུ་ཀར་གསལ་བའི་ངང་ནས། ཨཱཿ བརྒྱ་རྩ་བརྒྱད་བཟླས། སློབ་མ་པདྨ་ཧེ་རུ་ཀར་གསལ་བ་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། རོལ་མོ་དང་བཅས་རྡོ་རྗེ་སྤྱི་བོར་བཞག ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་བུམ་པ། ཞི་ཁྲོའི་ལྷ་ཚོགས་སུ་གསལ་བ་སློབ་མའི་གནས་ལྔར་བཞག་ལ། གསལ་བ་གསུམ་དང་ལྡན་པའི་ངང་ནས། ཧཱུྃ། ལྔ་ལྡན་རྡོ་རྗེ་འབར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་འདུ་འབྲལ་མེད་པའི་སྐུ་གསལ་བ། །གསང་ལྡན་རྡོ་རྗེ་རིགས་ཀྱིས་དབང་བསྐུར་ཞིང་། །རྡོ་རྗེ་འདུས་པའི་སྲས་སུ་དབང་བསྐུར་རོ། །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཤཱནྟིཾ་ཀྲོ་དྷ་ཤཱི་བི་ར་ས་པ་རི་ཝཱ་ར་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དབང་བསྐུར་ལ། ཧཱུྃ། གསང་བ་བདེ་ལྡན་རྡོ་རྗེ་གར་གྱི་བདག །བདག་དང་གཞན་དང་སྐུ་ལྔ་མཐར་ཕྱིན་དང་། །མི་འགྱུར་གསལ་མཆོག་དགྱེས་པའི་གད་མོ་ཆེ། །རིག་དང་སྟོང་དང་བྱ་བ་བྱེད་པའི་སྟོབས། །ཆོས་ལ་གནས་པའི་སེམས་དཔའ་ཡིད་ལ་བསྐུལ། །ཞེས་བུམ་ཆུས་ཁྲུས་བྱ་ཞིང་། དབང་རྟགས་སྤྱི་བོར་བཞག་ལ། གསང་མཚན་གདགས་པ་ནི། ཨ་ལ་ལ་ཧོ། རྡོ་རྗེ་མོས་པ་རྩལ། རྡོ་རྗེ་དྲག་པོ་རྩལ། རྡོ་རྗེ་བཞད་པ་རྩལ། རྡོ་རྗེ་འོད་འབར་རྩལ། རྡོ་རྗེ་གཏེར་དབང་རྩལ། རྡོ་རྗེ་རབ་བསྔགས་རྩལ། རྡོ་རྗེ་གསང་ཐོབ་རྩལ། རྡོ་རྗེ་རིག་འཛིན་རྩལ། ཞེས་བཏགས། ཨེ་མ་ཧོཿ ཧ་ཧི་སྲིརྦ༴ ཧཱུྃ། རྡོ་རྗེ་གསང་མཆོག་ཁྱོད་དབང་ལྡན། །དབང་གི་རིགས་ལྡན་གསང་མཆོག་སྟེ། །འབར་བ་འོད་འཕྲོ་འཁོར་ལོའི་གཞལ་ཡས་སུ། །བདེ་ལྡན་དབྱིངས་མཆོག་སྐུ་ལྔའི་དབང་བསྐུར་རོ། །ཞེས་སྐུ་རྣམས་ཀྱིས་དབང་བསྐུར་རོ། །ཕྱོགས་བཞིའི་བུམ་པས་རིམ་པ་བཞིན། ཧཱུྃ། ཆོས་ཉིད་དབྱིངས་ལས་རིག་པའི་དབྱིངས་ཤར་བ། །མཐོང་བ་ཉིད་དང་ཡེ་ཤེས་ཐབས་ཀྱི་སྐུ། །ཙིཏྟ་རིན་ཆེན་འཁོར་ལོའི་གཞལ་ཡས་སུ། །བདེ་མཆོག་ཐུགས་ཀྱི་འཁོར་ལོའི་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུྃ། བུམ་པ། ཧཱུྃ། བདེ་ལྡན་དབྱིངས་ཤར་ཤེས་རབ་ཡུམ་གྱི་ངང་། །གསལ་འཚེར་ལྷུན་སྟུག་རྡོ་རྗེ་རབ་གསང་འབར། །གསང་བ་མཁའ་དབྱིངས་བྷ་གའི་གཞལ་ཡས་སུ། །ཆོས་ཉིད་སྤྲོས་བྲལ་བདེ་ཆེན་དབང་བསྐུར་རོ། །ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྡོ་རྗེ་གསང་བ་བདེ་མཆོག་དབྱིངས་སུ་སྒྲོལ། །ཤེས་རབ་མཐའ་ལྡན་ཀ་དག་ཡངས་པའི་ངང་། །སེམས་དཔའི་དཀྱིལ་འཁོར་སེམས་དཔའི་རང་བཞིན་མཆོག །ཆོས་རྣམས་མི་དམིགས་རྡོ་རྗེ་སེམས་དཔའི་སྐུ། །ནམ་མཁའ་མཐའ་ཀླས་ཆོས་དབྱིངས་རོ་གཅིག་ཏུ། །ལས་རྣམས་མཐར་ཕྱིན་སྟོང་ཉིད་བརྡལ་བའི་སྐུ། །སེམས་དང་སྟོང་ཉིད་ཆོས་ཀྱི་སྐུ་ལ་དབང་། །མཚན་ལྡན་སྲིད་སྐྱེད་ལྟེ་བའི་གཞལ་ཡས་སུ། །རྡོ་རྗེ་ལས་གསང་ཐུགས་ཀྱི་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུྃ། ཧཱུྃ། གསལ་བ་རབ་སྐྱེད་ཡེ་ཤེས་སེམས་དཔའི་ངང་། །ཤེས་རབ་འོད་འཕྲོ་ཉོན་མོངས་ཟིལ་གྱིས་གནོན། །རྡོ་རྗེ་མདའ་འཕེན་ཤེས་རབ་དབྱིངས་སུ་འཕེན། །དཀྱིལ་འཁོར་དབང་སྡུད་ཡེ་ཤེས་སྣང་བའི་བདག །སངས་རྒྱས་ལྔ་ལྡན་ཐུགས་ཀྱི་ཅོད་པན་ལྡན། །རིན་ཆེན་རྒྱུགས་ཕྱེད་རྩ་བའི་གཞལ་ཡས་སུ། །མཉམ་ཉིད་འོད་འཕྲོ་ཆོས་སྐུའི་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུྃ། ཧཱུྃ། རྡོ་རྗེ་བདེ་ལྡན་ཐུགས་ཀྱི་གསང་མཆོག་སྐུ། །ཡང་གསང་ཡེ་ཤེས་འཁོར་ལོའི་བདག །གསང་ལྡན་དབྱིངས་ནས་ཡེ་ཤེས་འོད་འཕྲོ་ཞིང་། །ཕྱོགས་མེད་རང་སྣང་ཆོས་སྐུའི་དཀྱིལ་འཁོར་བདག །བདེ་ལྡན་ཆོས་དབྱིངས་གསང་བར་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུྃ། ཧཱུྃ། གསང་སྔགས་སྐུ་དང་མཐའ་འདས་དང་། །ས་རྣམས་མཐར་ཕྱིན་ཡེ་ཤེས་རྣམ་པར་དག །ཆོས་སྐུ་རང་སྣང་སྟོང་པ་ཉིད་དུ་སྣང་། །བྷནྡྷ་གསལ་འཕེན་འཁོར་ལོའི་གཞལ་ཡས་དབྱིངས། །རྟོག་མེད་བསམ་ཡས་འཁོར་ལོ་ཆེ་བའི་ཆུ། །རྡོ་རྗེ་ཐུགས་ཀྱི་དབྱིངས་སུ་དབང་བསྐུར་རོ། །ཨ་ཨ་བཛྲ་ཙིཏྟ་ཧཱུྃ། དེ་ལྟར་ཚིག་དོན་རྫོགས་བྱས་ནས། །སྔགས་དང་ཕྱག་རྒྱས་འདི་ལྟར་བསྟན། །མཁས་པ་ཏིང་འཛིན་ལྡན་པ་ཡིས། །ཏིང་འཛིན་སྒོ་ནས་དབང་བསྐུར་བ། །རྣམ་སྣང་མངོན་བྱང་ཕྱག་རྒྱ་ཡིས། །སྤྱི་གཙུག་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བྷུདྡྷ་ཀྲ་པ་ཙ་ཧཱུྃ་ཧཱུྃ་བྷྱོ། འོད་ཟེར་འཕྲོ་འདུ་ལྡན་པ་ཡིས། །མངོན་བྱང་སྐུ་དང་དབྱེར་མེད་བསམ། །གཡས་ནི་རྡོ་རྗེ་གསོར་བའི་ཚུལ། །གཡོན་ནི་དྲིལ་བུ་དཀྲོལ་བའི་ཚུལ། །མགྲིན་པའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ཀྲ་པ་ཙ་ཧཱུྃ་ཧཱུྃ། ལག་མཐིལ་མཉམ་པར་བཞག་པ་ཡིས། །ཐུགས་ཀའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། རཏྣ་བྷྱཿཀྲ་པ་ཙམ་ཨ་བྷི་ཥིཉྩ་ཨ་ཨ་ཨ། ལག་གཉིས་མཉམ་པར་བཞག་པ་ཡིས། །ལྟེ་བའི་གནས་སུ་བཞག་ནས་ནི། །དེ་ལ་ཡང་ནི་འདི་སྐད་དོ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། པདྨ་སརྦ་ཀུན་ལེན་ཧ་ཧ་ཧཱུྃ་ཨཱཿ ལག་གཉིས་མཉམ་པར་བཞག་པ་ཡིས། །དཔྲལ་བའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཀརྨ་དུཥྚཱན་གྷ་ར་ཨཱཿཧཱུྃ། ཀྲ་བྷ་ཙང་ཧྲཱིཿཧྲཱིཿཧྲཱིཿ གཡས་པས་རལ་གྲིའི་ཚུལ་བྱས་ལ། །གཡོན་པ་ཐུགས་ཀར་མཉམ་པར་གཞག །སྤྱི་བོའི་གཙུག་ཏུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། མཉྫུ་བཛྲ་སིདྡྷི་ཧཱ་ཧཱ་ཧཱ། ལག་གཉིས་མཁྲིག་མ་བསྣོལ་ནས་ནི། སྣ་ཚོགས་རྡོ་རྗེའི་ཚུལ་དུ་བྱས། །སྙིང་ག་ཉིད་དུ་མཉམ་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨཱོྃ་ན་ལམ་བཛྲ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ། གཡས་པ་བརྐྱངས་ཏེ་ཐུགས་ཀ་རུ། །ཐལ་མོ་སྐྱབས་སྦྱིན་གལ་དུ་བཟེད། །གཡོན་པ་བརྐྱངས་ཏེ་དེ་བཞིན་ནོ། །སྙིང་ག་དག་ཏུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ལག་གཡས་གུར་གྱི་ཚུལ་དུ་བྱས། །སྤྱི་གཙུག་ཉིད་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བྷི་ཤ་དེ་སྭཱ་ཧཱ། གཡས་པ་བརྡེག་པ་ལྟར་བྱས་ལ། །སྙིང་གའི་དབུས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨཱོྃ་བཛྲ་གྷྲྀཧྣ་རཏྣ་དྷྲྀག །པྱཱཾ་རཱ་ག་རཱ་ཏེ། མཱཾ་མོ་ཧ་རཱ་ཏེ། ཨེ་ཨ་རཱ་ལཱི་གྷ་བཛྲ་སཏྭ་ཧཱུྃ་ཧཱུྃ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་བསྣོལ་བ་ལ། །སྙིང་གའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། པྲ་ཛྙཱ་སརྦ་ཧཱུྃ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཨཱཾཿ རིན་ཆེན་སྒྲོམ་བུ་ལྟར་བྱས་ལ། །གསང་བའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ཨཱ་ཡུཿསྭཱ་ཧཱ་ཧཱུྃ་ཨཱཾཿ ལག་གཉིས་པདྨ་ལྟར་བྱས་ལ། །སྙིང་གའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨ་མྲྀཏ་དུ་ས་ཧ་ལ་ཧཱུྃ་ཕཊ། གཡོན་པའི་སྡིགས་མཛུབ་ཕྱག་རྒྱ་ནི། །ལག་པའི་མཐིལ་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨ་ཀྲོ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱཿ གཡས་པ་སེ་གོལ་ཕྱག་རྒྱ་ནི། །ལྟེ་བའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཧྱ་གྷྲཱི་ཝ་སརྦ་ཀུ་ལེན་སི་ཏི་ཧཱུྃ། ལག་གཉིས་ཁྱུང་གཤོག་ལྟར་བྱས་ལ། །སྨིན་ཕྲག་ཉིད་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བུདྡྷ་ཀྲོ་ཏ་སརྦ་ཀྲ་ཙམ་ཨ་བྷི་ཥིཉྩ་ཧཱུྃ། ལག་གཉིས་བུམ་པ་ལྟར་བྱས་ལ། །དཔྲལ་བའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཀུཎྜ་ལཱི་ཨ་མྲྀཏ་ཀརྨ་ཧཱུྃ་ཨཱཿ ལག་གཉིས་སྲིན་ལག་མཛུབ་སྦྱར་ལ། །ལྕེ་ཡི་སྟེང་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ཀྲི་ལ་ཏྱ་སཏ་ཨི་སེ་ནྱི་དྷུ་ཧཱུྃ་ཕཊ༔ གཡོན་པ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །སྙིང་གའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཛ་ས་ཏྱེ་ཧཱུྃ་ཕཊཿསྭཱ་ཧཱ། ལག་གཉིས་ཞགས་པའི་ཕྱག་རྒྱ་ཡིས། །མིག་ནི་གཡས་སུ་རེག་བྱས་ལ། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་སེང་ཧ་ཡ་ལ་ཡ་བྷི་ཏ་ཧོ་ཧོ་ཧོ། ལག་གཉིས་འཁྱུད་བརྒྱུད་སྒྲོག་བསྡམས་ལ། །དཔུང་པ་གཡོན་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཨཱོྃ་མཾ་དུ་ས་ཡ་ཧཱུྃ་ཨ་ཧོ། གཡས་སྟེང་གཡོན་བསྐུམ་ཁུ་ཚུར་གྱིས། །སྙིང་ག་ཉིད་དུ་བརྟེན་བྱས་ལ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བྷན་དྷ་བཛྲ་ཀ་པ་ཙ་ཧཱུྃ་ཧཱུྃ། ལག་གཉིས་དགྲ་སཏྭའི་ཕྱག་རྒྱ་ཡིས། །པུས་མོ་གཡོན་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཀ་ལ་ཧྲཱིཿཏི་ཀུ་ལེན་ཧྱེ་ཕཊཿཕཊཿསྭཱ་ཧཱ། ལག་གཉིས་རྟ་མགོའི་ཕྱག་རྒྱ་ཡིས། །སྤྱི་བོའི་གཙུག་ཏུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། པདྨ་ཏ་ཀྲི་ཏ་ཧཱུྃ་ཁ་ལ་ཡ་ཧ་ཧ། གཡས་པ་རྩེ་གསུམ་ཕྱག་རྒྱ་ཡིས། །ལག་གཉིས་བུམ་པ་ལྟར་བྱས་ལ། །སྤྱི་གཙུག་དག་ཏུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཙཎྜ་བཛྲ་པཱ་ཎི་ཡེ་ཧྱེ་ཧཱུྃ་ཕཊཿསྭཱ་ཧཱ། ལག་གཉིས་གཞུ་འགེངས་ཚུལ་བྱས་ལ། །གཡོན་པའི་མཛུབ་མོ་སྣ་རྩེར་བཞག །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ཀུ་ལན་སེར་སེར་ཧཱུྃ་ཧཱུྃ་ཧ། ལག་གཡོན་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །སྙིང་ག་ཉིད་དུ་བཟུང་བྱས་ལ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་དུཥྚཱན་ག་ལཱ་ཡ་བཛྲ་ཧཱུྃ་ཧཱུྃ། ལག་གཉིས་ཐོད་ཕྲེང་ཕྱག་རྒྱ་ཡིས། །སྤྱི་བོའི་གཙུག་ཏུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་མཉྫུ་ཀརྨ་ཏ་སུ་དྷ་ཧཱུྃ་ཧཱུྃ། ལག་གཉིས་མཉམ་པར་བཞག་པ་ཡིས། །མགྲིན་པའི་གནས་སུ་བཞག་པ་ལ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ས་ལིང་སིང་ཧཱུྃ་ཨཱཿ ལག་གཉིས་སེ་གོལ་བསྣོལ་བ་ཡིས། །རྩིབ་ལོགས་གཡས་སུ་བཞག་པ་ལ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། མ་བྱིས་རིཥྚི་ཨ་བྷི་ཥིཉྩ་ཨཱོྃ། གཡས་པའི་མཐེབ་མོས་གཡོན་མཛུབ་མནན། །རྩིབ་ལོགས་གཡོན་དུ་བཞག་པ་ལ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ལམ་ཧྲཱིཿཨ་བྷི་ཥིཉྩ་ཨཱཿ གཡས་ནི་རལ་གྲི་ལྟ་བུ་ཡིས། །ལྕེ་ཡི་སྟེང་དུ་བཞག་པ་ལ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱཿ མུཾ་བྷྲཱུྃ་ཏ་ཨ་བྷི་ཥིཉྩ་ཧཱུྃ། ལག་གཡོན་དག་གི་སོར་མོ་ནི། །མཐེབ་དང་མཛུབ་དང་མཐེའུ་ཆུང་སྤྲད། །ལྷག་མ་གཉིས་ནི་སྒྲེང་པར་བྱ། །གཡས་པ་ཐལ་མོ་གདེངས་པ་ཡིས། །ལྟག་པའི་ཁུང་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཏི་མི་སྭཱ་ཧཱ་ཨ་བྷི་ན་ཛ་བ། ལག་གཡས་རྩེ་གསུམ་བསྒྲེངས་པ་ཡིས། །རྣ་ལྟག་གཉིས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་སུན་དྷ་ཨ་བྷི་ཥིཉྩ་ཨཱཿ ལག་པ་གཡས་བརྐྱངས་མཐེ་བོང་བསྒྲེངས་པ་ཡིས། །རྣ་ལྟག་གཡོན་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། མུཾ་ཥྚི་ཨཱ་བྷི་ཥིཉྩ་ཨཱཿ ལག་གཡོན་མཐེའུ་ཆུང་མཛུབ་བརྐྱངས་ཏེ། །ལྐོག་མའི་གནས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། མཱུཾ་ལཱཾ་ཧང་ཏི་ས་པ་རི་ཨ་བྷི་ཥིཉྩ་ཨཱཿ ལག་གཉིས་པདྨ་ལྟར་བྱས་ཏེ། །ནུ་མ་གཡས་སུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ས་ལང་ཀྲོ་ཏི་ཨ་བྷི་ཥིཉྩ་ཨཱཿ ལག་གཡོན་རྩེ་བཞི་ལྟར་བྱས་ལ། །མཚོག་མའི་སྟེང་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བཾ་ཤ་རི་ཨ་བི་ཏི་ནི་ཛཿཨཱཿ ལག་གཉིས་སོར་མོ་བསྣོལ་བྱས་ཏེ། །སྤྱི་གཙུག་སྟེང་དུ་གཞག་པར་བྱ། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བིཥྚ་སྟན་དྷ་ཤ་རི་ཨ་བྷི་ཥིཉྩ་ཨཱཿ སྐྱོབ་པ་མཐར་ཕྱིན་མཆོག་ལྡན་པའི། །བདེ་གཤེགས་སྐུ་ཡི་དབང་བསྐུར་ནི། །བཀྲ་ཤིས་གདུགས་ལ་བརྟེན་ནས་ནི། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། སི་བ་ཀ་ཀ་ཡཱ་སིང་ཨ་བྷི་ཥིཉྩ་ཨཱཿ ལྟ་བྱེད་མ་འགགས་དོན་མཚོན་པའི། །བདེ་གཤེགས་སྤྱན་གྱི་དབང་བསྐུར་ནི། །བཀྲ་ཤིས་ཉ་ལ་བརྟེན་ནས་ནི། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། སྭོ་ནི་ས་ཡ་སུ་གུ་ཨ་བྷི་ཥིཉྩ་ཨཱཿ སྨྲ་བྱེད་ཕ་རོལ་སྒྲ་ལ་མཁས། །སངས་རྒྱས་ལྗགས་ཀྱི་དབང་བསྐུར་ནི། །བཀྲ་ཤིས་པདྨ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཏི་ཀ་ཏ་ཡ་སིང་ཨ་བྷི་ཥིཉྩ་ཨཱཿ ཆོས་རྣམས་ལས་བྱུང་ཆོས་དབྱིངས་ཟླུམ། །སངས་རྒྱས་མགུལ་གྱི་དབང་བསྐུར་ནི། །བཀྲ་ཤིས་བུམ་པ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཏི་ཏ་ཀ་ཏག་ཤ་ཨ་བྷི་ཥིཉྩ་ཨཱཿ མི་ནུབ་རྒྱལ་མཚན་ཆོས་ཀྱི་དོན། །སངས་རྒྱས་རྣམས་ཀྱི་སྐུ་ཡི་དབང་། །བཀྲ་ཤིས་རྒྱལ་མཚན་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། བི་ཤད་དེ་ཨ་ཡང་ཨ་བྷི་ཥིཉྩ་ཨཱཿ སྒྲ་དབྱངས་རྟོག་མེད་དོན་མཚོན་པའི། །སངས་རྒྱས་རྣམས་ཀྱི་གསུང་གི་དབང་། །བཀྲ་ཤིས་དུང་ལ་བརྟེན་བྱས་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ས་ཏྲི་ཡང་ཏ་མང་ཨ་བྷི་ཥིཉྩ་ཨཱཿ གསལ་འོད་ལྡན་པ་དཔལ་བེའུ་ཐུགས། །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དབང་། །བཀྲ་ཤིས་དཔལ་བེའུ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཙིཏྟ་ཡ་ཨ་བྷི་ཥིཉྩ་ཨཱཿ ཐོགས་མེད་མྱུར་མགྱོགས་འཁོར་ལོ་ཞབས། །སངས་རྒྱས་རྣམས་ཀྱི་ཞབས་ཀྱི་དབང་། །བཀྲ་ཤིས་འཁོར་ལོ་ལ་བརྟེན་ནས། །དེང་མཆོག་བུ་ལ་གནང་བར་བགྱི། །ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ། ཙཀྲ་སུ་ལམ་བྷི་ན་ཀུ་ཨ་བྷི་ཥིཉྩ་ཨཱཿ དབང་དང་ལྡན་པའི་དཀྱིལ་འཁོར་ནི། །དབང་མཆོག་རྫོགས་པར་བྱིན་བྱས་ནས། །དཀྱིལ་འཁོར་ཐམས་ཅད་ལེགས་བྱས་ཏེ། །དཔལ་ལྡན་འཁོར་ལོ་རྫོགས་བྱས་ནས། །བདེ་ལྡན་གསང་མཆོག་གསང་བའི་དབྱིངས། །ཡང་གསང་ཐུགས་ཀྱི་རྡོ་རྗེ་མཆོག །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་དང་དབྱངས་ལྡན་ཐམས་ཅད་དུ། །བདག་གི་དབང་མཆོག་བསྐུར་བ་བཞིན། །དེང་ནས་གཟུང་སྟེ་ཐོབ་པར་ཤོག །ཐོབ་ནས་འགྱུར་མེད་བརྟན་པར་འགྱུར། །ཡང་དག་གསང་བའི་དོན་ལྡན་ཏེ། །འཇིག་རྟེན་བརྟེན་པའི་སྐུ་གསུང་ཐུགས། །དེང་ནས་གཟུང་ལ་མ་གཏང་ཞིག །ཨེ་མ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་འཆང་ཆེན་མི་སྤོང་བར། །ཐུགས་ཀྱི་དཀྱིལ་དུ་ལེགས་པར་ཟུངས། ཨ་ལ་ལ་ཧོ་རྫོགས་སངས་རྒྱས། །བདག་གིས་དེང་ནས་བཟུང་ནས་ནི། །བསྐལ་པ་བརྒྱ་སྟོང་བར་དུ་ཡང་། །བདག་གིས་སྟོང་པ་ཉིད་ཀྱི་སྐུ། །ནམ་དུ་ཡང་ནི་མི་གཏང་ངོ་། །དེ་ལྟར་དབང་རྫོགས་བྱས་ནས་ནི། །ཕྱག་རྒྱ་སྔགས་དང་བཅས་པས་ནི། །སྐུ་ཡི་རབ་ཏུ་བསྐུལ་ནས་ནི། །གསང་སྔགས་ལྡན་པ་རྫོགས་པར་བྱས། །ཡེ་གསང་ཆེན་པོ་འདི་བཤད་པས། །ཐམས་ཅད་རྫོགས་སངས་རྒྱས་སྐུ་ཐོབ། །དེ་ལྟར་དབང་རྣམས་བསྐུར་ནས། ཨཱ་ལི་ཀཱ་ལི་དང་ཡེ་དྷརྨཱ་བཟླས་པའི་ནས་ཀྱིས་བཀྲ་ཤིས་རྒྱས་པར་བརྗོད། སུ་པྲ་ཏིཥྛས་བརྟན་པར་བྱས། དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར། དེ་ནས་རྗེས་ཀྱི་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གི་མཆོད་པ་དང་། བསྟོད་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་བ་སོགས་རྗེས་སྤྱོད་སྤྱི་དང་མཐུན་པར་བྱའོ། །རྒྱུད་ཀྱི་དབང་འདི་ཉིད་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་སྐུ་ཚེའི་སྟོད་ལ། དབང་རྒྱུན་མེད་འདུག་ཀྱང་། ཞིང་གཞན་དུ་ཐེག་ཁར་དབུས་པ་དྷརྨཱ་བོ་དྷི་ཞེས་པ་ཞིག་ལ་དབང་རྒྱུན་རྣམ་དག་འདུག་པ་གཟིགས་ནས་གསན་ཏེ་ཞིང་ལ་གཤེགས་ཁར། མཁས་གྲུབ་བདེ་ལེགས་རྒྱ་མཚོ་རྐྱང་པ་ལ་ཤིན་ཏུ་གསང་བའི་ཚུལ་དུ་གནང་ནས། སླར་མདོ་ཁམས་ཕྱོགས་སུ་གཅིག་བརྒྱུད་དུ་བརྒྱུད། དེས་ཀཿཐོག་རྡོ་རྗེ་འབུམ་ལ་བརྒྱུད། ཀཿཐོག་རྡོ་རྗེ་འབུམ་གྱིས་དབུས་གཙང་དུ་བྱོན་ནས། བསམ་ཡས་འཇའ་སྟོད་དུ་ཆོས་རྗེ་རིན་ཆེན་གྲུབ་ལ་གནང་། དེ་ལས་བདག་གིས་ཐོབ། དེའི་དུས་ཕྲེང་པོ་ནས་བླ་མ་པདྨ་བཟོད་པ་ལ་ཡང་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་འདུག །འདི་ཡིད་ཆེས་པར་ཡོད་པས་སློབ་མ་དམ་ལྡན་གསུམ་ལས་མང་ན་བཀའ་སྲུང་སྨུག་ནག་གིས་བཀའི་ཆད་པ་དྲག་ཏུ་འབྱུང་བས་ན། བཀའ་རྒྱ་འདི་ལ་ཤིན་ཏུ་དམ་པར་གྱིས་ཤིག །དབང་གི་ཡིག་ཆ་འདི་ཟངས་བྲག་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས། རྫོགས་ཆེན་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་མྱངས་སྟོད་ཟངས་བྲག་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བགྱིས་པ་འདིས། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཐའ་དབུས་ཀུན་ཏུ་རྒྱས་པར་ཤོག །མངྒ་ལཾ།། །། ༄༅། །འདིར་བཀའ་སྲུང་ཁྲོས་མའི་དབང་བཞུགས་སོ། །འགྲོ་བའི་སྐྱབས་གནས་རེ་འདོད་སྐོང་། །རྩ་བ་གསུམ་ལ་གུས་བཏུད་ནས། །རྫོགས་པ་ཆེན་པོའི་བཀའ་སྲུང་ཆེ། ཁྲོས་མའི་དབང་བསྐུར་བྲི་བར་བྱ། །དེ་ཡང་གནས་དབེན་པར་དཀྱིལ་འཁོར་གྲི་ཁྲག་གིས་ཆག་ཆག་གདབ། ཨེ་གྲུ་གསུམ་མཐའ་མེ་རིས་མཚན་པའི་དབུས་སུ་ས་བོན་བྷྱོ་ཡིག་མཐིང་ནག་གིས་མཚན་པ། དེའི་སྟེང་དུ་མཉྫིའི་ཁར་ལྕགས་སམ་ཐོད་པའི་ནང་དུ་འབྲུ་ནག་གི་ཕྱེ་ལས་དཔལ་གཏོར་བརྗིད་ལྡན་ཤ་ཁྲག་གིས་བརྒྱན་པ། དར་ནག་གི་ཅོད་པན་དང་འདི་ཉིད་ཀྱི་སྐུ་རྟེན་ཙཀ་ལིས་བརྒྱན་པའི་མཐའ་སྐོར་དུ། ཕྱི་ནང་གི་མཆོད་པ་སྤྱན་གཟིགས་བརྗིད་ལྡན་བཤམས་ལ། སྔོན་འགྲོ་སྤྱི་དང་མཐུན་པར་བྱས་ནས། བདག་ཉིད་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་བའི་མདུན་གྱི་གཏོར་མ་ཁྲོས་མར་གསལ་བ་ལ། ཡེ་ཤེས་པ་དགུག་ཅིང་བསྟིམ། ཕྱི་ནང་མཆོད་པས་མཆོད་ཅིང་བསྟོད་ལ། བཟླས་པ་བྱ་བ་ནི། མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ་རག་མོ་ཏེ་ཀེམ་ཙ་ཙ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཏི་བྷྱོ། ཞེས་ཅི་ནུས་བཟླས་ཤིང་། བདག་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས་པས། ཁྲོས་མའི་ཐུགས་ཀར་ཕོག །ཐམས་ཅད་ཐུགས་དམ་གྱི་རྒྱུད་བསྐུལ། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བསམ། དེ་ནས་སློབ་མ་ཁྲུས་ནས་དབྱུང་། རྡོ་རྗེ་སློབ་དཔོན་གྱིས་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་བགེགས་བསྐྲད། སྲུང་འཁོར་བསྒོམ། སློབ་བུས་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། ཀྱེ་མ་རྡོ་རྗེ་འཛིན་པ་ཆེ། །སྐལ་ལྡན་བདག་ལ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བཀའ་སྲུང་ཁྲོས་མའི་དབང་བསྐུར་སྩོལ། །ཅེས་ཞུ། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་བདུད་རྩི་བྱིན་ལ། ཀུན་ཏུ་བཟང་མོའི་ཐུགས་སྤྲུལ་ཏེ། ཁྲོས་མའི་དབང་བསྐུར་བུ་ལ་སྦྱིན། །དམ་ཚིག་མ་འདའ་ཡུན་དུ་སྲུངས། །ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཧཱུྃ། ཞེས་དམ་ཚིག་ཕོག་ལ། སློབ་མ་བསང་ཆུས་བསང་ལ། སྐད་ཅིག་གིས་དུར་ཁྲོད་མེ་རི་འབར་བའི་དབུས་སུ། ཐོད་པ་འབར་བའི་གཞལ་ཡས་ཁང་རཀྟའི་ཞམ་ཆུ་འབབ་པའི་དབུས་སུ། པད་ཉི་དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང་དུ་ཡི་གེ་བྷྱོ་ལས་འོད་ཟེར་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། བཀའ་སྲུང་ཁྲོས་མ་སྐུ་མདོག་མཐིང་ནག་འཇིགས་པའི་ཆ་བྱད་ཅན། ཞལ་གདངས་ཤིང་མཆེ་བ་གངས་རི་ལྟར་གཙིགས་པ། རལ་པས་ས་གཞི་ཁྱབ་པ། སྤྱི་བོའི་གཙུག་ཏུ་མཐིང་རལ་འོད་དུ་འབར་བ། ཕྱག་གཡས་བམ་གྱི་ཙིཏྟ་བསྣམས་ཤིང་། གཡོན་སྤྱང་མོ་ཁྲ་ཐབས་སུ་ཐོགས་ཤིང་། ཞལ་དུ་ཉམས་པའི་སྙིང་ཁྲག་འདྲེན་པ། འཁོར་དུ་ལྕགས་ཀྱི་སྤྱང་མོ་འབུམ་གྱིས་བསྐོར་བ། མ་མོ་འབུམ་གྱི་དབུས་ན་ཧཱུྃ་ཕཊ་བྷྱོའི་སྒྲ་འབྲུག་ལྟར་དུ་སྒྲོག་པ། དེའི་གནས་གསུམ་གྱི་ཡི་གེ་གསུམ་དང་། ཁྱད་པར་ཐུགས་སྲོག་བྷྱོ་ལས་འོད་ཟེར་འཕྲོས། རང་བཞིན་དང་ཆོས་སྐུ་ཀུན་ཏུ་བཟང་མོའི་ཀློང་ནས། རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱ་མཚོ་ལ་ཆར་བབས་པ་ལྟར་དབྱེར་མེད་དུ་ཐིམ་པར་བསམ་ལ། མ་མ་ཏྲག་རཀྴ་ཁ་མུན་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། རག་མོ་ཏེ་ཀེམ་ཙ་ཙ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཏི་བྷྱོ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམས་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་གཏོར་མ་དེ་ཉིད་ཕྱི་གཏོར་མའི་རྣམ་པ་ལ། ནང་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་དུ་བསྐྱེད་པའི་དབུས་སུ་ཁྲོས་མ་འཁོར་དང་བཅས་པ་བསྐྱེད་ལ། གཙོ་འཁོར་རྣམས་ཀྱི་དཔྲལ་བའི་ཨཱོྃ་ལས་འོད་ཟེར་དཀར་པོ་དང་། སྐུའི་རྣམ་པ་དཔག་ཏུ་མེད་པ་སློབ་མར་ཐིམ་པར་བསམ། གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་ཆེ། །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་ཞིང་བཅུའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་སྐུ་ཡི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། དེ་ནས་གཏོར་མ་མགྲིན་པར་བཞག་ལ། གཙོ་འཁོར་རྣམས་ཀྱི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་། སྲོག་སྔགས་ལུ་གུ་རྒྱུད་ཀྱི་ཚུལ་དུ་སློབ་མའི་མགྲིན་པར་ཐིམ་པར་བསམ་ལ། ཧཱུྃ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་གསུང་གི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་གཏོར་མ་སྙིང་ཁར་བཞག་ལ། གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་དང་། ཐུགས་ཕྱག་མཚན་གྱི་རྣམ་པ་སློབ་མའི་སྙིང་གར་ཐིམ་པར་བསམ་ལ། ཧཱུྃ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་ཐུགས་ཀྱི་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས། །བསྟན་པའི་དགྲ་བོ་སྒྲོལ་བའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་གཏོར་མ་ལྟེ་བར་བཞག་ལ། གཙོ་འཁོར་རྣམས་ཀྱི་ལྟེ་བ་ནས་འོད་ཟེར་སེར་པོ་དང་། རིན་པོ་ཆེའི་རྣམ་པ་དཔག་ཏུ་མེད་པ་བྱུང་ནས། སློབ་བུའི་ལྟེ་བར་ཐིམ་པར་བསམ་ལ། ཧཱུྃ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་ཆེ། །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་ཡོན་ཏན་དབང་། །སྐལ་ལྡན་རིག་ཀྱི་བུ་ལ་དབང་བསྐུར་པས། །དགོས་འདོད་ཡིད་བཞིན་འགྲུབ་པའི་དབང་ཐོབ་ཤོག །མ་མ་ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། གུ་ཎ་ཨ་བྷི་ཥིཉྩ་སྭཱ། དེ་ནས་གཏོར་མ་གསང་གནས་སུ་བཞག་ལ། གཙོ་འཁོར་རྣམས་ཀྱི་གསང་གནས་ནས་འོད་ཟེར་ལྗང་གུ་དང་། ལས་བཞིའི་ཕྱག་མཚན་གྱི་རིགས་དཔག་ཏུ་མེད་པ་བྱུང་ནས། སློབ་མའི་གསང་གནས་སུ་ཐིམ་པར་བསམ་ལ། ཧཱུྃ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་ཆེ། །དམ་ཚིག་ཅན་ལ་དངོས་གྲུབ་མྱུར་སྟེར་མ། །བསྟན་པའི་དགྲ་བོའི་སྲོག་རྩ་གཅོད་མཛད་མ། །བསྟན་སྲུང་ཁྲོས་མ་ནག་མོའི་ཕྲིན་ལས་དབང་། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས། །མངོན་སྤྱོད་དྲག་པོའི་དབང་རྣམས་ཐོབ་པར་ཤོག །མ་མ་ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། ཀརྨ་ཨ་བྷི་ཥིཉྩ་ཧཱ། དེ་ནས་བཟླས་ལུང་བྱ་བ་ནི། སློབ་དཔོན་ཆེ་མཆོག་ཧེ་རུ་ཀར་གསལ་བ་དང་། སློབ་བུ་ཁྲོས་མར་གསལ་བའི་ཐུགས་ཀར་རང་རང་གི་སྲོག་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ། སློབ་དཔོན་གྱི་ཞལ་ནས་བྱུང་། སློབ་མའི་ངག་ལ་ཐིམ་ནས། ཐུགས་ཀའི་སྔགས་ཕྲེང་ལ་འཁོད་པའི་མོས་པ་མཛོད། ཅེས་བརྗོད། བཟླས་ལུང་ནི། ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་མུ་རུ་མུ། ཧཱུྃ་བྷྱོ་བྷྱོ་ཧཱུྃ། རག་མོ་ཏེ་ཀེམ་ཙ་ཙ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཏི་བྷྱོ། ཡིཾ་ལིཾ་ཤིཾ་ལིཾ་མ་ཤ་ཛཿམི་ཤ་དུ་ན་ཛཿཕོབ་ཡ། ཏྲག་ཧཻ། མ་དུན་ཙེ་ཡ། ཀེཾ་ཀེཾ །སྲི་ལ་དུན་ཚེ་ཡ། ཀྱེངས་ཀྱེངས་ཕོབ་ཡ། འུར་འུར། ཏྲབ་ཏྲབ་ཐིབ་ཐིབ། ཀྱིང་ཀྱིང་། དུན་དུན་ཕོབ་ཡ། ཙི་པོ་འི་འུ་ཏྲ་ཡག་ཤི་དུ་རུ་རུ། ཏྲི་དུན་རྩི་ཕོབ་ཡ། རྒྱ་རྒྱ་ཡ་ཕོབ་ཡ། ཞེས་རྗེས་ཟློས་བྱས་ལ། འདི་ཡི་རྗེས་ཟློས་བྱེད་དུ་བཅུག །བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སོགས། ཏིཥྛ་བཛྲ་གྱིས་བརྟན་པར་བྱ། དེ་ནས་གཏོར་མ་སློབ་བུའི་སྤྱི་བོར་བཞག་ལ། བཀའ་བསྒོ་བ་ནི། ཀུན་བཟང་ཡབ་ཡུམ། ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། གསང་བདག་ཕྱག་རྡོར། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། ཛྙཱ་ན་སཱུ་ཏྲ། བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། ཉང་ཏིང་འཛིན་བཟང་པོ། མངའ་བདག་ཆོས་རྒྱལ། ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེངྒེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། འཁྲུལ་ཞིག་སེངྒེ་རྒྱབ་པ། གྲུབ་ཐོབ་མེ་ལོང་རྡོ་རྗེ། རིག་འཛིན་ཀུ་མ་རཱ་ཛ། ཀུན་མཁྱེན་དྲི་མེད་འོད་ཟེར། མཁས་གྲུབ་བདེ་ལེགས་རྒྱ་མཚོ། རྟ་མགོ་བྱ་བྲལ་ཆོས་རྗེ། སངས་རྒྱས་དབོན་པོ། སངས་རྒྱས་ཡེ་ཤེས། སངས་རྒྱས་རྒྱལ་མཚན། རིན་ཆེན་གྲུབ་པ། འཁྲུལ་ཞིག་ཀུན་དགའ་རྒྱལ་མཚན། སྤྲུལ་སྐུ་ཞིག་པོ་གླིང་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སྲུང་སྐྱོབ་མཛོད་ཅིག །ལ་སོགས་པའི་བཀའ་བསྒོ་དམ་གཞག་རྒྱས་པར་བྱས་ལ། བཀྲ་ཤིས་བརྗོད། དེ་ནས་གཏོར་མ་དཔག་ལ་དཔལ་འབར་བཙུག །སྨན་རཀ་བྲན་ལ་བསྐུལ་པ་བྱ་བ་ནི། བྷྱོ། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ན། །སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །སྐུ་མདོག་མཐིང་ནག་འབར་བ་ལ། །རལ་པའི་ཟར་བུས་ས་གཞི་ཁེབས། །གཡས་པས་ཞིང་ཆེན་ཙིཏྟ་བསྣམས། །གཡོན་པས་གཡུ་ཡི་སྤྱང་མོ་བསྣམས། །གཡུ་སྤྱང་དགུ་འབུམ་ཕོ་ཉར་འགྱེད། །འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས། །མིག་གི་དབང་པོ་མངོན་དུ་ཕྱུངས། །ལྕགས་ཀྱི་སྡེར་ཆེན་འབར་བ་ཡིས། །ལུས་ཀྱི་ཁོང་ཁྲོལ་སྙིང་ཕྱུངས་ཤིག །སྤྱང་མོ་སྤྲུལ་པའི་འཕྲོ་འདུ་ཡིས། །སྲོག་རྩ་སྙིང་རྩ་ཆོད་ལ་ཤོག །མགོ་དང་ལུས་སུ་ཕྲོལ་ལ་ཤོག །ཤ་དང་རུས་པ་ཕྱེས་ལ་ཤོག །ནང་ཁྲོལ་དབང་པོ་ཉུལ་ལ་ཤོག །དགྲ་བོའི་ལྷ་ལྔ་དབང་དུ་སྡུས། །མངོན་སྤྱོད་དྲག་པོས་རྡུལ་དུ་རློགས། །ཞེ་སྡང་སྐྱེད་ལ་སྲིད་པ་དཀྲུགས། །མི་མངོན་མཁའ་དབྱིངས་བདེ་ཆེན་ནས། །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །དབུ་དགུ་ཐོར་གཙུག་གཅིག་ཏུ་བཅིངས། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །དེང་འདིར་ལས་རྣམས་ཐམས་ཅད་བྱེད། །མཁའ་ལ་དེ་བཞིན་གཤོག་གཅིག་མ། །དཔལ་གྱི་གཙུག་འབྱམས་ཨ་ལ་ལ། །ཟངས་ཀྱི་ཁ་ལ་ལྕགས་ཀྱི་སོ། །སྣ་ཚོགས་ཞལ་དུ་ཞིང་འགྲོན་མ། །མཐིང་ནག་གཅེར་བུ་དབུ་དགུ་མ། །སྙིང་ཡང་དགུ་སྟེ་རྐང་གཅིག་མ། །སྟོང་ཁམས་མཆོང་ཞིང་མཁའ་ལ་འགྲོ། །བལྟས་པས་བདུད་རྣམས་སྒྲོལ་བར་བྱེད། །གདུག་བྱེད་རྣམས་ཀྱི་སྙིང་འབྱིན་མ། །རྡོ་རྗེ་བ་སྤུ་རེ་རེ་ལ། །རྡོ་རྗེ་ལྕགས་ཀྱུ་རེ་རེ་ལྡན། །སྣང་སྲིད་མ་ལུས་རྡུལ་དུ་རློག །བར་བར་མིག་ནས་ཁྲག་འཛག་མ། །རྐན་སྒྲ་རྡེབ་ཅིང་བདུད་དཔུང་འཇོམས། །རྟག་ཏུ་དབང་ཕྱུག་སྐུ་ལ་འཁྲིལ། །དགའ་བའི་གདོང་གི་གྲོགས་བྱེད་མ། །འདོད་ཁམས་གཙོ་མོ་དབང་དུ་སྡུད། ཁྱོད་ནི་མ་བརྒྱད་གཙོ་མོ་སྟེ། ཁྲག་བཅུད་འཐུང་ཞིང་དགྲ་བོ་གསོད། །དམ་རྫས་རྒྱན་གྱི་གཏོར་མ་ལོངས། ཁྲག་ནད་འཕེན་ཞིང་ཕྲིན་ལས་མཛོད། །ཕྲིན་ལས་བདག་མོ་མཐུ་མ་ཆུང་། །ཞེས་བསྐུལ་ཞིང་། གཏོར་མ་དགྲ་ཕྱོགས་སུ་འཕེན་ལ་དམོད་མོ་གདབ་ཅིང་དམོད་བཅོལ་བྱའོ། །རྗེས་སུ་ལྷ་གཤེགས་ཤིང་དཀྱིལ་འཁོར་བསྡུ་བ་སོགས་རྗེས་སྤྱོད་སྤྱི་དང་མཐུན་ནོ། །ཞེས་པ་འདིའང་རྒྱལ་བ་ཞང་སྟོན་གྱིས་གཏེར་ནས་སྤྱན་དྲངས་པའི་ཁྲོས་མའི་རྒྱུད་ལས་བཏུས་ཏེ། རྫོགས་ཆེན་པ་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་ཆུ་རྟ་ལོ་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་བཀོད་པའི་ཡི་གེ་པ་ནི་ཟངས་བྲག་གི་བླ་མ་འོད་གསལ་ཚུལ་ཁྲིམས་ཀྱིས་བགྱིས་པའོ།། །། ༈ རྒྱུད་བཅུ་བདུན་གྱི་དབང་འདི་ལ། རྣམ་འཇོམས་ཁྲུས་དབང་དང་ཞི་བའི་དབང་གཅིག །ཁྲོ་བོའི་དབང་དང་གཉིས། ཚེ་དབང་རིན་པོ་ཆེ་དང་གསུམ། རིག་པ་རང་གི་དབང་བསྐུར་བ་དང་བཞི། བཀའ་རྟགས་ཕྱག་རྒྱའི་དབང་དང་ལྔ། གསང་དབང་དང་དྲུག །རྫོགས་ཆེན་རང་སྣང་གི་དབང་དང་འཁོར་ལོ་རིན་པོ་ཆེ་སྐུ་ལྟར་འབར་བའི་དབང་གཉིས་གཅིག་སྟེ། བདུན་པོ་དེ་ལ་ཐོག་མ་ནས་ས་བཅད་མ་མཛད་འདུག་པའི་སྟབས་ཀྱིས་བློ་ཆུང་དག་མགོ་རྨོངས་ཀྱིས་དོགས་ནས་འདིར་ཐོ་ཙམ་བཀོད་པ་སྟེ། རྒྱས་པར་གཞུང་དང་ས་བཅད་བསྒྲིགས་ནས་ཤེས་པར་བྱའོ། །མངྒ་ལཾ། །དགེའོ།། །།
དྲེགས་པ་མཆོད་བསྟོད་འགྲེས་བྱང་ (Volume 33, Text 34)
དྲེགས་པ་མཆོད་བསྟོད་འགྲེས་བྱང་། འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་རྟེན་རྣམས་དང༔ དུར་ཁྲོད་མཆོག་གི་མཆོད་པའི་སྤྲིན༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་མར་མེ་ཁྲག་མཁྲིས་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ ཐོད་པ་ལྟག་སྤྲོད་རྔ་ཆེན་དང༔ ཉོན་མོངས་སེལ་བྱེད་སྨན་གྱི་མཆོག༔ བདེ་བ་སྐྱེད་པའི་དམར་ཆེན་པོ༔ བཟའ་བཏུང་འདོད་ཡོན་གཏོར་མའི་ཚོགས༔ རིན་ཆེན་དར་ཟབ་གོ་མཚོན་དང༔ གཅན་གཟན་རྐང་འགྲོ་འདབ་ཆགས་རིགས༔ ཞྭ་གོས་ཆས་ཞུགས་འཆམ་གར་དང༔ དཔའ་བོ་སྟག་ཆས་བསོ་སྒྲ་སྒྲོག༔ སྣ་ཚོགས་རུ་དར་དུ་མ་ཕྱར༔ སྤྱན་གཟིགས་རྣམས་ཀྱི་མཆོད་པ་འབུལ༔ ཁྱད་པར་སྣང་སྟོང་སྐུ་བསྒོམ་ཞིང༔ རླུང་སྔགས་སེམས་གསུམ་དབྱེར་མེད་བཟླས༔ རང་རིག་ཡེ་ནས་མ་བཅོས་པ༔ མ་རིག་གཉིས་འཛིན་རུ་དྲ་བསྒྲལ༔ གཉིས་སྣང་དབྱེར་མེད་ཀློང་དུ་སྦྱོར༔ མཆོད་པའི་མཆོག་ནི་འདི་ཡིན་པསཿ ལྷ་མཆོག་ཁྱོད་ཀྱི་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཡོངས་སུ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ དེ་འཛིན་སྐྱེས་བུ་སྐྱོང་བ་དང༔ འབྲལ་མེད་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔ ༈ དྲེགས་པ་མཆོད་བསྟོད་འགྲེས་བྱང་། འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་རྟེན་རྣམས་དང༔ དུར་ཁྲོད་མཆོག་གི་མཆོད་པའི་སྤྲིན༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་མར་མེ་ཁྲག་མཁྲིས་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་སྒྲ༔ ཐོད་པ་ལྟག་སྤྲོད་རྔ་ཆེན་དང༔ ཉོན་མོངས་སེལ་བྱེད་སྨན་གྱི་མཆོག༔ བདེ་བ་སྐྱེད་པའི་དམར་ཆེན་པོ༔ བཟའ་བཏུང་འདོད་ཡོན་གཏོར་མའི་ཚོགས༔ རིན་ཆེན་དར་ཟབ་གོ་མཚོན་དང༔ གཅན་གཟན་རྐང་འགྲོ་འདབ་ཆགས་རིགས༔ ཞྭ་གོས་ཆས་ཞུགས་འཆམ་གར་དང༔ དཔའ་བོ་སྟག་ཆས་བསོ་སྒྲ་སྒྲོག༔ སྣ་ཚོགས་རུ་དར་དུ་མ་ཕྱར༔ སྤྱན་གཟིགས་རྣམས་ཀྱི་མཆོད་པ་འབུལ༔ ཁྱད་པར་སྣང་སྟོང་སྐུ་བསྒོམ་ཞིང༔ རླུང་སྔགས་སེམས་གསུམ་དབྱེར་མེད་བཟླས༔ རང་རིག་ཡེ་ནས་མ་བཅོས་པ༔ མ་རིག་གཉིས་འཛིན་རུ་དྲ་བསྒྲལ༔ གཉིས་སྣང་དབྱེར་མེད་ཀློང་དུ་སྦྱོར༔ མཆོད་པའི་མཆོག་ནི་འདི་ཡིན་པསཿ ལྷ་མཆོག་ཁྱོད་ཀྱི་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཡོངས་སུ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ དེ་འཛིན་སྐྱེས་བུ་སྐྱོང་བ་དང༔ འབྲལ་མེད་སྒྲུབ་པའི་མཐུན་རྐྱེན་སྒྲུབས༔
ལས་བྱང་ཡོན་ཏན་གཏེར་མཛོད་གསལ་བར་བྱེད་པའི་ལྷན་ཐབས་དངོས་གྲུབ་གཏེར་མཛོད་ (Volume 7, Text 34)
࿊ ལས་བྱང་ཡོན་ཏན་གཏེར་མཛོད་གསལ་བར་བྱེད་པའི་ལྷན་ཐབས་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། དད་པས་གསོལ་བ་འདེབས་ལ་དངོས་གྲུབ་ཆར། །ཡིད་བཞིན་འཇོ་བ་མཚོ་སྐྱེས་དབང་གི་རྒྱལ། །སྙིགས་མ་ལྔ་བདོའི་རྒུད་པ་སེལ་བ་ལ། །སངས་རྒྱས་ཀུན་ལས་ལྷག་པ་དེར་བཏུད་ནས། །གནས་སྐབས་མཐར་ཐུག་འདོད་དོན་ཀུན། །བདེ་བླག་སྒྲུབ་པའི་ཐབས་ཟབ་མོ། །ལས་བྱང་ཡོན་ཏན་གཏེར་མཛོད་ཀྱི། །གསལ་བྱེད་ལྷན་ཐབས་འབྲི་བར་བྱ། །ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གང་ལས་འབྱུང་བ་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་ལམ་ཁྱེར་ཆོ་གའི་ལས་རིམ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་བཟང་པོར་གུ་རུའི་སྐུ་འབག་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་རས་བྲིས་ལ་སོགས་པ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་ལ། དཀྱིལ་འཁོར་སྒོ་རྫོགས་སམ། བསྡུ་ན་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པར་མཉྫིའི་ཁར་རིན་པོ་ཆེའི་གཏོར་སྣོད་དུ་གཏོར་མ་པད་འདབ་ལྔ་པ་ཡར་མར་ཁ་སྦྱོར་བར་དུ་ཟེའུ་འབྲུ། དེ་སྟེང་ཉི་གདན་སྲབ་མོ། དེ་སྟེང་ནོར་བུ་མིག་གསུམ་མམ་བླ་གཏོར་ཟན་སྐྱུད་མ་རྒྱན་སྤྲོས་གང་ལེགས། སྤྲོ་ན་མཁའ་འགྲོའི་གཏོར་མ་ཕྲིན་ལས་གང་སྒྲུབ་ལྟར་བཤམ་ནའང་ལེགས་པར་བཤད། བྱང་གཏེར་བཀའ་སྲུང་ཡོངས་རྫོགས་ཀྱི་གཏོར་མ་འགྲུབ་ན་བཤམ་པར་བཤད་ཀྱང་། དཀྱུས་སུ་མ་གཟའ་རྡོར་གསུམ་ལ་དབུས་སུ་སྔགས་སྲུང་མ་སྙིང་གཟུགས་འཁོར་ཟུར་གསུམ་དྲུག་དང་མདུན་དུ་དུར་ཁྲོད་མ་གསུམ་ལ་ཟུར་གསུམ་སུམ་གཤིབ། གཡས་སུ་ཁྱབ་མཇུག་གཡོན་དཀྱུས་མཐེབ་རིལ་བརྒྱད་ཀྱིས་བསྐོར་བ། གཡོན་དུ་རྡོར་ལེགས་གྲུ་བཞི་གཤམ་དཀྲིས་སྟེང་ནོར་བུ་མིག་གསུམ་ཅན། སྤྱི་གཏོར་རྩ་གསུམ་གྱི་གཡས་སུ་རྒྱལ་པོར་གསང་ཕྱི་མཐེབ་ཀྱུས་བསྐོར་བ། གཡོན་དུ་རོལ་པ་རྐྱ་བདུན་བཙན་བཤོས་ཟུར་གསུམ་འཁོར་དྲུག་གམ་མཐེབ་ཀྱུས་བསྐོར་བ། རྒྱབ་ཏུ་གཞི་བདག་སྤྱི་གཏོར་ཁ་སྐོང་མཐེབ་ཀྱུ་གང་མང་རྣམས་ཕྱག་ལེན་ལྟར་གྱི་རྩི་དང་རྒྱན་སྤྲོས་ཀྱིས་མཛེས་པར་བཀོད་པའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ་ཕབས་ལྡན། མདུན་དུ་མཆོད་ཡོན། ཞབས་བསིལ། ཞལ་བསིལ་ཏེ་ཆུ་གསུམ་སྔོན་དུ་བྱས་པའི་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་སོགས་མཆོད་པ་དང་རྒྱན་གྱི་བཀོད་པ་ཅི་འབྱོར་བག་དྲོ་ལྷུན་ཆགས་སུ་བྱ། དབང་རྐྱང་ལྟ་བུར་སྤྲོས་པ་བསྡུ་ན་གཏེར་སྲུང་སྤྱི་གཏོར་གཅིག་ཙམ་ལས་མ་གཟའ་སོགས་སོ་སོར་མ་འབྱོར་ཡང་རུང་། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཐོད་རྔ་སོགས་ཉེ་བར་མཁོ་བ་རྣམས་ཉེར་བསྡོགས་སུ་བྱའོ། །གཉིས་པ་དངོས་གཞི་ལ། ཚིག་བདུན་གསོལ་འདེབས་ལན་གསུམ། བརྒྱུད་འདེབས་ཟུར་གསལ། མཐའ་ཡས་རྒྱལ་བའི་ངོ་བོ་ཀུན་ཏུ་བཟང་། །ཞེས་སོགས་ཚང་བར་བཏང་། མདུན་གྱི་ནམ་མཁར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱོགས་དུས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀྱིས་བསྐོར་བ་མཁའ་ཁྱབ་ཀྱི་རོལ་མོར་སད་པར་གྱུར། མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ན་མོ༔ སྐྱབས་གནས་མཆོག་གི་སོགས་ལས་བྱང་ཡོན་ཏན་གཏེར་མཛོད་ལྟར་སྐྱབས་འགྲོ །སེམས་བསྐྱེད། ཡན་ལག་བརྒྱད་པའི་མཇུག་གི །སརྦ་སིདྡྷི་ཧཱུྃ༔ ཡན་བྱ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། རང་ཉིད་སྐད་ཅིག་གིས་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར། བགེགས་གཏོར་ལ་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་བསྔོ། བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ ལྷུན་གྱིས་གྲུབ་པའི་རིག་པ་ལ༔ ལྷ་དང་འདྲེ་བགེགས་མིང་ཙམ་མེད༔ ཀུན་ཏུ་གསལ་བའི་ཡེ་ཤེས་ཀྱི༔ འོད་ཀྱིས་མ་རིག་མུན་པ་བཅོམ༔ བཀའ་ནི་ཀུན་བཟང་དོན་གྱི་བཀའ༔ ལོག་རྟོག་འཁྲུལ་པ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ༔ ཕཊ་ཕཊ༔ སུམྦྷ་ནི་སོགས་བརྗོད། སྲུང་མཚམས་བཅད་པ་ནི། ཧཱུྃ་ཧྲཱི༔ འཁོར་བ་མིང་ཙམ་མེད་པས་ན༔ མྱ་ངན་འདས་པས་ཀུན་ཏུ་ཁྱབ༔ ཡེ་ཤེས་ཀུན་ཁྱབ་ཞིང་ཁམས་སུ༔ འཁྲུལ་རྟོག་བག་ཆགས་བསྲུང་མཚམས་གཅོད༔ བཛྲ་རཀྵ་རཀྵ༔ བྱིན་དབབ་པ་ནི་སྤོས་དུད་རོལ་མོ་དབྱངས་དང་བཅས་པས། ཧཱུྃ་ཧྲཱི༔ གདོད་ནས་ལྷུན་གྲུབ་སྐུ་གསུང་ཐུགས༔ བྱིན་རླབས་ཡེ་ཤེས་རྨད་པོ་ཆེ༔ སྤྲོ་བསྡུ་མེད་པའི་ངང་ཉིད་ལས༔ ལྷམ་མེ་ལྷན་ནེར་བྱིན་ཆེན་ཕོབ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཕྱི་ནང་མཆོད་པ་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ འབྲུ་གསུམ་འོད་ཀྱིས་སོགས་ནས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། བར་ལས་གཞུང་ལྟར། བདུད་རྩི་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ལན་བདུན། གཏོར་མ་ལ། ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ལན་བདུན། རཀྟ་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ༔ ལན་བདུན། ཉེར་མཆོད་རྣམས། ཨོཾ་ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་སརྦ་པཱུ་ཛ་ཧོ༔ ནང་མཆོད་རྣམས་བརླབ་པ་ནི། རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་པཱུ་ཛ་ཧོ༔ ཞེས་བརླབ་བོ། །དེ་ནས་བསྐྱེད་པའི་ཏིང་ངེ་འཛིན་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རྣམ་དག་འོད་ལྔ་རྡོ་རྗེའི་གཞལ་ཡས་ཁང༔ ཞེས་སོགས་ནས་སྤྱན་འདྲེན་གཤམ་གྱི། འགྲོ་བའི་དོན་དུ་འདིར་བཞུགས་བྱིན་གྱིས་རློབས༔ བར་ལས་གཞུང་ལྟར་དང་། བཞུགས་གསོལ་དང་ཕྱག་འཚལ། ཧཱུྃ༔ ཕོ་བྲང་ཡིད་འོང་སོགས་ནས། པུ་རུ་ཤ་ཡ་ཧོ༔ ཞེས་པའི་བར་ཚོགས་གཏོར་ལས་བླང་། ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོ་སོགས་ཕྱི་ནང་སྨན་རཀ་གཏོར་མཆོད་བསྟོད་པའི་བར་བྱ་ཞིང་། བསྙེན་སྒྲུབ་ཀྱི་བཟླས་དམིགས་གསལ་བཏབ་ལ། རྩ་བའི་བསྙེན་པ། བཛྲ་གུ་རུ་ཅི་ནུས་བཟླ །སླར་ཡང་གསོལ་འདེབས་ཀྱི་ཚུལ་དུ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་རིག་འཛིན་སྤྱི་འཛབ་ཀྱང་ཇི་ལྟར་འོས་པ་བཟླས་མཐར། ལས་སྦྱོར་དམིགས་པ་བཅས། བཛྲ་གུ་རུ་ལ། ཨ་ཧ་རི་ནི་ས་ཧཱུྃ༔ ཤཱནྟིཾ༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཏགས་པའང་ཅུང་ཟད་བཟླས་ལ། ཧཱུྃ༔ རིག་འཛིན་ཡོངས་རྫོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་སརྦ་པཱུ་ཛ་ཁཱ་ཧི༔ ཞེས་སྟོང་ཚིགས་མཆོད་བསྟོད་བྱ། གསོལ་འདེབས་བསམ་པ་ལྷུན་གྲུབ་གང་མང་འདོན་ཞིང་གཞན་ཡང་གདུང་ཤུགས་དྲག་པོས་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཅི་ལྕོགས་བྱའོ། །དེའང་གཞུང་ལས། བསམ་པ་ལྷུན་གྲུབ་གསོལ་འདེབས་ཀྱི༔ ཚིག་དང་བླ་མའི་གསང་སྔགས་སྤེལ༔ ཞེས་པས། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་ཚིག་མཚམས་རྣམས་སུ། བཛྲ་གུ་རུའི་ཛཔ྄་རེ་སྦྱོར་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། །གཏོར་མ་ལ་ཆབ་དང་བདུད་རྩི་བྲན། རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུ་བ་དང་། སོགས་ནས། རྟག་ཏུ་བདེ་ཞིང་དགའ་བདེ་འཕེལ་བར་མཛོད༔ ཅེས་པའི་བར་གཏོར་འབུལ་ལེའུ་ལྟར་བྱ། དེ་མཚམས་སྤྲོ་ན་བྱང་ལུགས་བཀའ་སྲུང་བསྡུས་མཆོད་ཟུར་གསལ། ཧཱུྃ། སངས་རྒྱས་རྡོ་རྗེ་འཆང་ཆེན་སོགས་དང་། སྐུ་ལྔའི་གཏོར་འབུལ། ཧཱུྃ། དགྲ་བགེགས་ལོག་འདྲེན་ཚར་གཅོད་སོགས་དང་། ཙི་དམར་ལ། ཀྱེ༔ ཕྱོགས་ཕྱོགས་དེ་ནི་སོགས་བརྗོད་ཅིང་། བསྡུ་ན་གཏེར་བདག་སྤྱི་གཏོར་ཙམ་དང་གཞི་བདག་དཀར་གཏོར་བཏང་། དེ་ནས་ཚོགས་ཀྱི་ཡོ་བྱད་བྲན་ལ། བྱིན་བརླབ་ནི། ཧཱུྃ་ཧྲཱི༔ ཀ་དག་རིག་པ་ཀུན་ཏུ་བཟང༔ ལྷུན་གྲུབ་བདེ་ཆེན་འོད་ལྔ་ཡིས༔ རྟོག་འཛིན་ཚོགས་ཀྱི་ཡོ་བྱད་རྣམས༔ ཡེ་ཤེས་འོད་ལྔར་བྱིན་གྱིས་བརླབས༔ ཨོཾ་ཨུ་ཙུཥྨ་བེ་ཏ་ལི་སརྦ་དྲ་བྱམ་ཤོ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ། ཚོགས་ལ་སྤྱན་འདྲེན་པ་ནི། ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོ་མ༔ སོགས་ཚོགས་གཏོར་ཡོན་ཏན་གཏེར་མཛོད་ལྟར་ལ། ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་པའི་མཚམས་སུ་ཚོགས་ཕུད་རིམ་པ་བཞིར་བཅད་པའི་གཉིས་པ་དཀྱིལ་འཁོར་དུ་ཕུལ་ལ་སྨན་རཀ་བྲན་ཏེ། ཧཱུྃ༔ སྟོང་གསུམ་རྣམ་དག་སོགས་ནས། སརྦ་བི་ཤུདྡྷེ་སྭཱ་ཧཱ༔འི་བར་བརྗོད། ཚོགས་ཕུད་གསུམ་པ་ཕུལ། སྨན་རཀ་བྲན་ལ་དམ་བདར་ཡོན་ཏན་གཏེར་མཛོད་ལས། ཧཱུྃ༔ རིག་འཛིན་བླ་མ་རྣམ་བཞི་སོགས་ནས་ཡིག་བརྒྱའི་བར་བརྗོད། ཚོགས་ཕུད་དང་པོ་ནམ་མཁར་མཆོད་ལ། རྡོ་རྗེ་གླིང་པའི་གཏེར་བྱོན་ལྟ་བུ་རྩ་གསུམ་སྤྱི་སྐོང་གང་འོས་ཤིག་གཏང་། དེ་ནས་ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས། ཀྱེ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱ་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་པ་ཉིད་དུ་རོལ༔ ཨ་ཧོ་མ་ཧཱ་སུ་ཁཾ༔ ཞེས་འབུལ་ལོ། །ཚོགས་པས་ལན་དུ། བདེ་བར་གཤེགས་པ་ཆོས་ཀྱི་མཆོག༔ འདོད་ཆགས་དྲི་མ་མེད་པ་ཡིས༔ གཟུང་འཛིན་དྲི་མ་རྣམ་པར་བྲལ༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཞེས་གཙང་སྨེ་མེད་པར་ནང་གི་སྦྱིན་སྲེག་ཚུལ་དུ་རོལ། ཚོགས་བསྔོ་ནི། ཧོ༔ ཚོགས་གཉིས་བསགས་པའི་དགེ་ཚོགས་ཀྱིས༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ རང་གཞན་ཚོགས་གཉིས་རབ་རྫོགས་ནས༔ སྐུ་དང་ཡེ་ཤེས་རྒྱས་པར་ཤོག༔ གོང་དུ་བཤམས་པའི་ཚོགས་བཞི་པ་དང་། མཆེད་ལྕམ་རྣམས་ཀྱི་ཚོགས་ལྷག་བསྡུས་པ་བཅས་གཙང་བ་ཙོག་གཉིས་ཆར་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ། བརྗོད་རྗེས་བསྲེས་ལ་སྨན་རཀ་བྲན་ཏེ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རོལ་པའི་ལྷ་ཚོགས་རྣམས་དང་ནི༔ ལས་ལ་གྲུབ་པ་མཁའ་འགྲོ་དབང་ཕྱུག་རིགས༔ མ་བདུན་སྲིང་བཞི་འདིར་གཤེགས་མཆོད་པ་བཞེས༔ འབར་མ་དང་ནི་སྤོར་མ་ཕོ་ཉའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་བཀའ་ཡི་སྲུང་མར་བཅས༔ མ་ལུས་འདིར་གཤེགས་ཟག་མེད་བདུད་རྩི་ལ༔ རྔམས་ཤིང་དགྱེས་པའི་ཚུལ་གྱིས་རོལ་དུ་གསོལ༔ མ་མ་ཤཱ་ཏྲཱུཾ་ཨ་མུ་ཀཾ་ཁྲཾ༔ ཡཀྴ་བཛྲ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རིག་འཛིན་མཁའ་འགྲོ་ཡོངས་ཀྱི་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧཱུྃ༔ མ་གཡེལ་མ་གཡེལ་བླ་མ་རིག་འཛིན་མཁའ་འགྲོའི་ཚོགས༔ ཞེས་སོགས་དམ་བདར་ལྟར། རྦོད་ཟོར་བྷྱོ་བྷྱོ༔ ཞེས་པའི་བར་བཏང་དེ་ནས་བཀའ་ནན་སྒྲོག་པའི་ཆད་མདོ་གཏོང་བ་ནི། བཀའ་སྲུང་གཏོར་མ་ལས་ཀྱི་རྡོ་རྗེས་སློབ་དཔོན་མདུན་དུ་བཏེགས། སྨན་རཀ་བྲན་ལ། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་ནས། ས་མ་ཡ་དམ་ལས་མ་འདའ་ཞིག༔ ཅེས་པའི་བར་བརྗོད་ལ་འབྲུ་ཚོམ་དོར། ཐོག་ཁར་ཞལ་ནང་བསྟན་དུ་ཕུལ། བརྟན་མ་སྐྱོང་བ་ནི། གཏོར་སྣོད་ཆང་གིས་བཤལ་ལ་དཀྱིལ་འཁོར་ནས་ཚོགས་ཀྱི་ཕམ་ཕབ་བླུག །བདུད་རྩི་བྲན་ཅིང་། འཐོར་ནས་ཞུས་ཏེ། ཧཱུྃ་བྷྱོ༔ རྟེན་འབྲེལ་བཅུ་གཉིས་མ་མོ་བརྟན་མའི་ཚོགས༔ ནག་མོ་དམར་མོ་དཀར་མོ་འབུམ་ཕྲག་རྣམས༔ གཏོར་མ་འདི་བཞེས་རྣལ་འབྱོར་བདག་ཉིད་ཀྱིས༔ ཇི་ལྟར་བཅོལ་བའི་ལས་ལ་འབྲས་བུ་སྩོལ༔ མ་མཱ་ཁ་ཁཱ་ལ་ལཱ་ལེ་ལཻ་ཏ་ཏཱ་ཏེ་ཏཻ་སྲིང་འགྲོ་མ་པཉྩ་བ་ལིཾ་ཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤལ་ཆུ་ནམ་མཁའ་མཐོང་བའི་སར་འཐོར་རོ། །དངོས་གྲུབ་བླང་བ་ནི། ཧཱུྃ༔ བདེ་མཆོག་བདེ་ཆེན་ནམ་མཁའི་དཀྱིལ་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿཨ་ལ་ལ་ཧོ༔ ཞེས་གཏོར་མ་གནས་བཞིར་གཏུགས་ལ་དབང་བཞི་བླང་། གཏོར་མའི་ལྷ་རང་ལ་ཐིམ་པར་མོས། ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་རོལ་ལོ། །ཡི་གེ་བརྒྱ་པས་ལྷག་ཆད་སྐོང་བ་ནི། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་སོགས་དང་། ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ བཛྲ་ས་མ་ཡ༔ ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་སྤྱི་དང་། ཁྱད་པར་དུ་ཡང་གསང་སྔགས་ཟབ་མོའི་ཆོ་ག་ལ་ལྷག་ཆད་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ བཟོད་པར་གསོལ་བ་ནི། མ་འབྱོར་པ་དང་ཉམས་པ་སོགས་སྤྱི་འགྲེའམ་བྱང་ལུགས་གསུང་རྒྱུན་ལྟར་བརྗོད། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་སོགས། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་པར་བཞུགས། རྟག་མཐའ་སྦྱོང་བ་ནི། རང་རིག་ཐིག་ལེ་གཅིག་ཏུ་གདལ་བ་ལ༔ སྤྲོ་དང་བསྡུ་བར་བྱ་བ་མི་དམིགས་ཀྱང༔ མ་རྟོགས་འཁྲུལ་པའི་བློ་རྟོག་སྦྱང་བའི་ཕྱིར༔ ཐམས་ཅད་ཐིག་ལེ་ཆེན་པོར་བསྡུ་བར་བྱ༔ བཛྲ་མུ༔ ཆད་མཐའ་བསལ་བ་ནི། ཧཱུྃ༔ རྟག་ཏུ་མི་འགྱུར་ཐིག་ལེ་སྙིང་པོར་ཟླུམ༔ བསྐྱེད་དང་རྫོགས་པའི་མཐའ་གཉིས་བྲལ་བ་ལ༔ ཆད་པའི་སྟོང་ཉིད་མེད་པ་ལས་གྲོལ་ཕྱིར༔ སླར་ཡང་རིག་འཛིན་བླ་མའི་སྐུ་རུ་ཤར༔ ཧཱུྃ་ཨཱཿ བསྔོ་བ་ནི། ན་མོ༔ བདག་གིས་ཁམས་གསུམ་འཁོར་བའི་སེམས་ཅན་གྱི༔ དགེ་སྤྱད་བསྐུལ་བཏབ་ཏིང་འཛིན་སེམས་བསྐྱེད་དང༔ གཞན་དོན་དགེ་ཚོགས་རྗེས་སུ་ཡི་རང་ཞིང༔ དུས་གསུམ་ཚོགས་གཉིས་བསགས་དང་གསག་འགྱུར་ཀུན༔ འགྲོ་བའི་དོན་ཕྱིར་བྱང་ཆུབ་ཕྱིར་བསྔོ་འོ༔ ཀུན་བཟང་ཡངས་པའི་ཀློང་དུ་སངས་རྒྱས་ཤོག༔ སྨོན་ལམ་ནི། ཨེ་མ་ཧོ༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ དུས་གསུམ་བསགས་པའི་དགེ་བ་ཡིས༔ མཉམ་མེད་བླ་མ་མྱུར་འགྲུབ་ནས༔ ཨོ་རྒྱན་གནས་སུ་ཕྱིན་པར་ཤོག༔ བཀྲ་ཤིས་ནི། ཨེ་མ་ཧོ༔ ཀུན་བཟང་བདེ་ཆེན་སྣང་མཐའ་ཡས༔ ཐིག་ལེ་ཟང་ཐལ་ལུ་གུ་རྒྱུད༔ དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ༔ ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ གཟུང་འཛིན་བྲལ་བའི་ཞིང་ཁམས་ས༔ ལྔ་ཕུང་ཟད་པའི་འོད་པོ་ཆེ༔ ཆོས་དང་ཡེ་ཤེས་མིང་འདོགས་བྲལ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ རྟེན་འབྲེལ་ཆོས་ཀུན་མ་འགག་པ༔ བྱས་དང་བྱེད་པ་ཆོས་སྐུའི་རྩལ༔ འཁོར་བ་མིང་དུ་ཟད་པ་ཡི༔ རྟོགས་པའི་གདིང་ཐོབ་བཀྲ་ཤིས་ཤོག༔ ཅེས་དང་། རིག་འཛིན་འདུས་པ་བླ་མའི་བཀྲ་ཤིས་ཤོག༔ ཆེ་མཆོག་འདུས་པ་ཡི་དམ་བཀྲ་ཤིས་ཤོག༔ དམ་ཅན་འདུས་པ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དབྱེར་མེད་ཟུང་འཇུག་བདེ་ཆེན་བཀྲ་ཤིས་ཤོག༔ ཅེས་སོགས་ཇི་ལྟར་རིགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་རྒྱས་སུ་བྱའོ། །གསོལ་འདེབས་དཔྱིད་ཀྱི་དགའ་ཚལ་ལྟར་རྒྱས་ཀྱང་། །སྒྲུབ་ཐབས་ཉམས་བཞེས་མཛད་པ་ཕྱོགས་འདིར་དཀོན། །འདི་འདོད་འགའ་ཡང་ཁྱི་མཐོང་རྡོ་རྡེག་ཚུལ། །ཡིག་ཆ་བཟང་པོ་གང་ཟག་གྲགས་པས་བསླད། །དེས་ན་སྐལ་མཉམ་ལ་ཕན་ཕྱིར། །འདི་བྱས་དགེ་བས་ཡང་སྲིད་ཀུན། །ཨོ་རྒྱན་གུ་རུས་རྗེས་བཟུང་སྟེ། །གསང་གསུམ་རྣམ་ཐར་ཀུན་འགྲུབ་ཤོག །ཅེས་པ་འདི་ནི་པཎ་ཆེན་སྐུ་མཆེད་ཀྱི་གཏེར་གཞུང་ཁོ་ན་ལས་མ་ཚང་ཁ་སྐོང་དུ་བསྡེབས་པའི་ཚུལ་རིག་འཛིན་ཆེན་པོ་པདྨ་ཕྲིན་ལས་ཀྱི་ཕྱག་བཞེས་ཇི་ལྟ་བར་རང་བཟོའི་ནོངས་པས་མ་གོས་པར། བདེ་བ་ཆེན་པོ་པདྨ་དབང་ཆེན་གྱི་འབངས་སུ་གྱུར་པའི་རིག་འཛིན་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཟློག་བྱང་ (Volume 49, Text 34)
བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློགས། །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློགས། །ལྷ་འདྲེའི་ཟ་ཁ་ཟུག་པ་ཟློགས། །རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་གྲངས༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་གདུག་རྩུབ༴ འབྱུང་བའི་དགྲ་གཤེད་འཐབ་པ༴ གཟའ་སྐར་དུས་ཚོད་ངན་པ༴ ལོ་ཟླ་ཞག་དུས་བབས་པ༴ ཁྲམ་དང་བྱད་དུ་བཅུག་པ༴ ཧོམ་དང་པར་བུ་བསྐོར་པ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོག༴ དུས་མིན་འཆི་བ་རྣམ་བརྒྱད༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེ་ཉམ་ང་ཐམས་ཅད༴ སྔོན་སྒུག་ཕྱི་ནས་དེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་ཡམས་སྣ་རིམས་སྣ༴ དགྲ་སྲི་རྨི་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒས་སྲི༴ གཞོན་སྲི་དར་སྲི་གོད་སྲི༴ གྲི་སྲི་མཚོན་སྲི་ནད་སྲི༴ མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་གནོད་པའི་དགྲ་བགེགས་རྣམས། །སྡང་བྱེད་དགྲ་ཡི་སྟེང་དུ་ཟློགས། །གནོད་བྱེད་བགེགས་ཀྱི་སྟེང་དུ༴ བར་ཆད་བདུད་ཀྱི་སྟེང་དུ༴ ཟ་འདྲེ་ཕུང་འདྲེའི་སྟེང་དུ་ཟློགས། །དམ་ཉམས་བྱད་མའི་སྟེང་དུ་ཟོར།། །། ༄༅། །བྷྱོ༔ གཞན་ཡང་ཟློག་ཅིང་སྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློགས༔ ཡེེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་དང་འཇིགས་བརྒྱད༴ གློ་བུར་བདུན་བརྒྱ་ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ སྐེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་རྒྱུ་སྟབས༴ མགོན་པོའི་སྤར་བུ་བསྐོར་པ༴ གཤིན་རྗེའི་འཕྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀིང་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྡྷེའི་འབུམ་བསྐོར་བྱེད་པ༴ སྔགས་པའི་སྔགས་ཟོར་འཕེན་པ༴ བོན་གྱི་གཙོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ མནན་གཏད་སྲེག་འཕང་བྱས་པ༴ མོ་རྩིས་རྨི་ལམ་མཚན་ངན༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་གྲུ་གུར་འཐུལ་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན༴ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ སྒྱུར་རོ་དཔལ་ཆེན་མཐུ་ཡིས་སྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་ལྡན་དཔལ་ཆེན་ཁྲོ་བོའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་སྒྱུར་བ་དང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྨིན་གཏེར་གཤིན་རྗེ་དང་གུར་དྲག་ལས་འབྱུང་བའི་ལྟས་ངན་བརྒྱ་ཟློག་གོ། །།
བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་གྱི་བྱ་བ་སྤྱི་ལ་ཉེ་བར་མཁོ་བའི་སྒྲུབ་མཆོད་སྐོང་རྫས་རྣམས་ཀྱི་གསལ་བྱེད་པདྨའི་ཆུན་པོ་ (Volume 40, Text 34)
༄༅། །བསྙེན་སྒྲུབ་དབང་བསྐུར་དཀྱིལ་འཁོར་གྱི་བྱ་བ་སྤྱི་ལ་ཉེ་བར་མཁོ་བའི་སྒྲུབ་མཆོད་སྐོང་རྫས་རྣམས་ཀྱི་གསལ་བྱེད་པདྨའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།། ཀུན་རྫོབ་ཕྱིན་ཅི་ལོག་བློའི་གཞན་དབང་ཅན། །དེར་བརྟེན་རྟེན་འབྲེལ་གནད་ཀྱིས་དྲི་མའི་རྒྱ། །བཀྲོལ་ནས་ཚོགས་ཆེན་ལྷུན་རྫོགས་རྣམ་གྲོལ་སར། །འགོད་མཛད་རྩ་གསུམ་སྤྱི་དཔལ་བླ་མར་འདུད། །ཐོས་ཆུང་སྔགས་པ་གསར་བུ་རྣམས། །གསང་སྔགས་སྤྱོད་ལ་ཉེར་མཁོའི་ཕྱིར། །མེད་ཐབས་མེད་པའི་རྫས་འགའ་ཞིག །སྡུད་ཐབས་ལག་ལེན་གསལ་བར་འགོད། །དེའང་སྒྲུབ་ཆེན་ཐམས་ཅད་ཀྱི་སྤྱི་དོན་གནས་དུས་སྟོན་འཁོར་ཡོ་བྱད་ཕུན་སུམ་ཚོགས་པ་ལྔས་བསྡུས་པའི་རྫས་སམ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། ཨོ་རྒྱན་རིན་པོ་ཆེས། ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསོག༔ ཅེས་དང་། སློབ་དཔོན་སངས་རྒྱས་གསང་བས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པར་བསྡུ་བྱ་སྟེ། །ཞེས་སོགས་རྒྱ་ཆེར་འབྱུང་བའི་ནང་ཚན་ཐོག་མར་མེད་དུ་མི་རུང་བའི་བསྒྲུབ་པར་འོས་པ་ནི། སློབ་དཔོན་ཆེན་པོས། མཆོད་པའི་རྫས་ཀྱིས་བདེ་གཤེགས་མཉེས༔ སྐོང་བའི་རྫས་ཀྱིས་དམ་ཅན་བསྐངས༔ སྒྲུབ་རྫས་ཚོགས་པས་བྱིན་རླབས་འབྱུང༔ ཞེས་གསུངས་པ་རྣམས་ལས་དང་པོ་སྒྲུབ་རྫས་ཚོགས་པ་གལ་ཆེ་བས། དེའང་སྐུ་རྟེན་ཐོད་པ་མཚན་ལྡན་སྐུ་བྲིས་པ་སྟེ། དེའི་མཚན་ཉིད་རྒྱས་པ་འདིར་མ་སྤྲོས་ཀྱང་། མདོར་བསྡུས་མཆོག་གི་ཕྱིར་དུ་དུམ་བུ་གཅིག་པ། ཁ་དོག་ལྷའི་རིགས་མཐུན་ནམ་དཀར་སེར། གང་ཡང་སྣུམ་ཞིང་མཐུག་ལ་ལྗིད་ཆེ་བ། དབྱིབས་ཟླུམ་པོ་སོགས་ལས་བཞི་དང་མཐུན་པ་ལ་མ་ཡོ་ཞིང་རང་ས་མཐོ་བ་དང་མཐུག་ཅིང་ཕྱི་ས་དེ་ལས་ལྡོག་པ། ནང་དུ་ཤིང་ལོ་རྒྱས་ཤིང་རྩེ་རང་སར་ཕྱོགས་པ། རྣལ་འབྱོར་སྲོག་ཀ་འདོད་འཇོའི་གཞོང་བུ་ཚངས་བུག་གླང་མཆེ་སོགས་ཡོད་ཅིང་རང་ས་དང་འབྲེལ་བ་རྣམས་ལ་སྲིན་རྗེས་དང་སྲིན་ཁུང་སོགས་ཀྱི་སྐྱོན་མེད་པ་ལ་ཕལ་ཆེར་འདུ། སྤྱིར་དབྱིབས་གྲོག་རྐེད་དང་ཟ་ལུང་མེད་པ་མཐོང་མ་ཐག་ཡིད་དུ་མི་འོང་བ་ནི་ཡོན་ཏན་བརྒྱ་སྐྱོན་གཅིག་གིས་འཇོམས་པ་ཡིན་པས་སྤང་། དབྱིབས་མུ་ཟླུམ་དང་ཟ་ལུང་མཛུབ་མོ་ཁེལ་ལ་ཡིད་དུ་འོང་བ་ནི་སྐྱོན་བརྒྱ་ཡོན་ཏན་གཅིག་གིས་སེལ་བ་ཡིན་པས་བླང་བར་བྱ། ཟས་གོས་ནོར་རྣམས་ལ་དུམ་བུ་གཉིས་པ་དང་གསུམ་པ་སོགས་བཤད་པ་ལས་གསང་དབང་ནང་མཆོད་སོགས་སྤྱི་ལ་མཁོ་བའི་ཐོད་པ་མཚན་ལྡན་རིགས་འདི་ལྟར་བརྟག་ཅིང་། དུམ་བུ་དྲུག་པ་ཕན་ཆད་ནི་མངོན་སྤྱོད་ཀྱི་སྐབས་མ་གཏོགས་སྤང་བར་བྱའོ། །གསུང་རྟེན་བནྡྷ་ཚལ་བུ་ལ་སྲོག་ཡིག་དང་སྙིང་པོ་འབྲི་བའང་ཐོད་ངན་མ་ཡིན་པ་དགོས་ཤིང་། གཞན་སྐབས་བབས་སོ་སོའི་གཞུང་ནས་བཤད་པ་ལྟར་དམིགས་སུ་ཕྱེད་པར་བྱ། ཐུགས་རྟེན་རྡོ་རྗེ་ཕུར་བུ་ཚད་ལྡན་སོགས་དང་། གཏེར་མ་བླ་སྒྲུབ་རྣམས་ལས་གསུངས་པའི་སྐུ་རྟེན་གུ་རུའི་སྐུ་འབག་འབུར་རམ་ཞལ་ཐང་ལ་བྱིན་རླབས་ཀྱི་སྔགས་ཚུལ་བཞིན་དགོད་པ་དང་། གསུང་རྟེན་སྲོག་འཁོར། ཐུགས་རྟེན་ཤེལ་རྡོ་དང་མེ་ལོང་། ཡོན་ཏན་ཀ་པཱ་ལ་མཚན་ལྡན། ཕྲིན་ལས་རྡོར་དྲིལ་དར་སྣས་མཚོན་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་བྱེ་བྲག་མང་དུ་བཤད་པ་རྣམས་ནི་འདིར་བསྡུར་མི་ལང་བས་སོ་སོར་ཤེས་པར་བྱ་དགོས། མདོར་ན་བསྐྱེད་རྫོགས་གདིང་ཁེལ་སྤྲོས་མེད་ཁོ་ནར་དྲིལ་བའི་རྣལ་འབྱོར་པ་དང་། དད་བརྩོན་ཆེའང་འབྱོར་པ་མེད་པ་མ་གཏོགས་བསྙེན་སྒྲུབ་བྱེད་པ་སྤྱི་རྣམས་ཀྱིས་རབ་རྩ་གསུམ་ཆོས་སྐྱོང་། ཐ་ན་རང་གིས་བསྒྲུབ་བྱ་གང་ཡིན་པ་དེའི་བརྟེན་སྒྲུབ་མཆོད་པའི་རྫས་གཞུང་མཐུན་བརྡ་ཙམ་ཡན་ཆད་ངེས་པར་ཚོགས་དགོས་ཏེ། སྔགས་ཀྱི་དངོས་གྲུབ་ནི་རྫས་སྔགས་ཏིང་ངེ་འཛིན་ཚོགས་པའི་རྟེན་འབྲེལ་ལ་རག་ལས་པ་དང་སོ་སོའི་དམ་ཚིག་ཡིན་པའི་ཕྱིར་རོ། །གཞན་ཡང་དབང་དང་རབ་གནས་སྦྱིན་སྲེག་སོགས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་རྣམས་སྒྲུབ་ཕྱིན་ཆད་དེ་ལ་མཁོ་བའི་ཡོ་བྱད་རྣམས་བརྡ་མཚོན་ཙམ་བྱས་ན་གཞུང་དང་འགལ་བས་རང་གཞུང་དང་མཐུན་པའི་ཚད་ལྡན་སྔ་ནས་ཚགས་སུ་ཚུད་པར་བྱ་དགོས་ཀྱི། མཐའ་འཁོབ་ཀྱི་སྔགས་པའི་ལག་ལེན་ངན་འབྱམས་དབང་དང་སྒྲུབ་པ་ཆེ་ཆུང་གང་ལའང་དཀྱིལ་འཁོར་མེད་པ་དང་། ཙཀ་ལི་རིགས་མཐུན་ཙམ་གྱིས་ཀུན་ལ་འགྲེ་བ་སོགས་རྒྱུད་ལུང་ལ་ཁྱད་གསོད་ནམ་ཡང་མི་བྱ་བར། རྡུལ་ཚོན་མ་གྲུབ་ཀྱང་རས་བྲིས་དཀྱིལ་འཁོར་ཚད་ལྡན་དང་ཙཀ་ལི་སོ་སོའི་གཞུང་མཐུན་ཅན་སོགས་དགོས་པའི་ཡོ་བྱད་རྩོལ་བས་བསྒྲུབས་ན། སློབ་དཔོན་གྱི་བྱ་བ་བགྱིས་པ་དེ་བྱས་ལ་མ་གསག་པའི་ལས་སུ་མི་འགྱུར་བ་དང་། རྒྱལ་བའི་བཀའ་བཞིན་བསྒྲུབས་པའི་ཕན་ཡོན་ཞར་བྱུང་དུ་ཐོབ་ལ་ཕྱིས་ནས་བསྟན་པའི་མིག་ལྟོས་བཟང་ཞིང་། གཞན་མང་པོ་ལའང་ཕན་པའི་བཙས་སུ་འགྱུར་རོ། ༈ །རྫས་རྣམས་ཀྱི་ཐོག་མ་དཀྱིལ་འཁོར་དང་མཎྜལ་གྱི་བྱ་བ་སོགས་དག་བྱེད་སྤྱིའི་རྫས་སུ་ཉེ་བར་མཁོ་བའི་བ་བྱུང་ལྔ་ནི། རྣམ་གྲངས་བྱ་རྒྱུད་ལེགས་གྲུབ་ལས། དམར་ཟལ་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་ལྕི་བ་དང་། །ཞེས་གསུངས་པ་ལྟར་ལ། ལག་ལེན་སངས་རྒྱས་གསང་བས། དང་པོ་དཀྱིལ་འཁོར་ཆེ་ཆུང་གི །བསྐུས་པས་ཡོག་པའི་མར་བཤམས་ལ། །ལྕི་བ་དངོས་པོ་ཉི་ཤུ་འགྱུར། །འོ་མ་དག་དང་ཞོ་དག་ཀྱང་། །དང་པོ་མར་གྱི་སུམ་འགྱུར་རོ། །དང་པོ་ལྕི་བ་བཙིར་བ་ཡང་། །དང་པོར་ཆུ་ཡིས་བསྣོས་ལ་བཙིར། །དེ་ནས་ཚགས་ཀྱིས་བཙགས་བྱས་ཏེ། །དེ་ནས་དེ་རྣམས་སྦྱར་བྱས་ལ། །ཞག་ནི་གཉིས་དང་གསུམ་བར་དུ། །དེ་ནི་རས་སུ་བཅུག་པ་ཡང། །ཉི་མ་གཉིས་བར་མ་ཆོད་པར། །ཉི་མ་བདུན་དུ་རིམ་གྱིས་བྱུག །ཅེས་མར་དེ་ཉིད་སྦྱར་གཞིར་བྱས་ནས་གཞན་བཞི་པོའི་སྦྱོར་སྡེ་ཚད་ཅན་དུ་གསུངས་པ་ལས་བསྐོལ་བའི་རྒྱུ་མཚན་མ་བཤད་ཀྱང་། དགྲ་ལས་རྣམ་རྒྱལ་གྱིས། །སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དབོ། །ཚིགས་མ་བོར་ཏེ་དབུས་ཀྱི་ཆས། །ཞེས་གསུངས་པ་གང་ཡང་རུང་བར་མངོན་ནོ། །འོན་ཀྱང་ད་ལྟའི་ཕྱག་ལེན་སྔོན་གྱི་མཁས་པ་དག་གིས། དགོན་པའི་རྩྭ་ཟོས་གཙང་མ་ཡི། །བ་ཡི་མར་དང་འོ་མ་ཞོ། །བཤང་བ་གཅིན་དང་བཅས་པ་ལ། །བ་བྱུང་ལྔ་ཞེས་རྒྱལ་བས་གསུངས། །བརྔས་པའི་རྩྭ་དང་སྦང་མ་སོགས། །མི་གཙང་སྣ་ཚོགས་ཟོས་པ་ཡི། །བ་ཡི་རྣམ་ལྔས་གོ་མི་ཆོད། །དེས་ན་གཙང་མ་སྨྲོས་པ་ཡིན། །དགོས་དུས་དེ་རྣམས་རྙེད་དཀའ་བས། །རིལ་བུར་བསྒྲུབ་པའི་ཆོ་ག་བཤད། །ལྕི་བ་ས་ལ་མ་ལྷུང་བ། །ཉི་མ་ལ་བསྐམས་གྲིབ་མར་བཏགས། །དེ་ལ་གཅིན་བསྲེས་སླར་ཡང་བསྐམ། །དེ་ལྟར་ལན་གསུམ་བྱས་པ་ལ། །མར་དང་འོ་མ་ཞོ་བསྲེས་ཏེ། །བྱེ་འུའི་སྒོ་ངའི་ཚད་ཙམ་དུ། །རིལ་བུར་བྱས་ལ་གྲིབ་སྐམ་བྱ། །འདི་ནི་བླ་མའི་མན་ངག་ཡིན། ཞེས་བཤད་པ་ལྟར། བེའུ་ཐོག་མར་སྐྱེས་པའི་བ་སེར་སྐྱ་རབ། མ་རྙེད་ན་བ་གསར་དམར་ཟལ་ལྟོ་སྦྱངས་ནས་ས་གཙང་གི་རྩྭ་ཆུ་ལ་ལོངས་སྤྱད་པའི་ལྕི་བ་དང་ཆུ་ས་ལ་མ་ལྷུང་བར་སྣོད་གཙང་མར་གཟེད་པའི་ཆུ་གཙང་དུ་ལྕི་བ་བསྐོལ་བའི་ཁུ་བ་ཕོས། ཉི་མར་བསྐམས་ནས་བཏགས་པ་ལ་བ་གཅིན་བསྲེས་ནས་སྐམ་པ་སྟེ། སྐམ་བརྡུང་བསྲེ་བ་ལན་གསུམ་མཐར། བའི་མར་ལྕི་བའི་ཆ་ཉི་ཤུ །འོ་མ་དང་ཞོ་མར་གྱི་སུམ་འགྱུར་བསྲེས་པས་རིལ་བུར་བགྱིས་པ། དགོས་དུས་སུ་དྲི་བཟང་གི་ཆུར་སྦྱར་ནས་ལོངས་སྤྱད། དེའང་མཚན་ཉིད་ཚང་བའི་བ་དེ་ལ་གླང་ཆེན་རྩི་ཞེས་བྱ་བའི་སྨན་ཡོན་ཏན་ལྔ་ཚང་བ་ཞིག་ཡོད་པས། གདོན་བགེགས་ཐུབ་པ་དང་། འདུ་བའི་ནད་སེལ་བ་དང་། དྲི་ཞིམ་པ་དང་། འགྲོ་བ་དབང་དུ་འདུ་བ་དང་། ཤིན་ཏུ་གཙང་བ་རྣམས་ཡོད་པས། དེ་དང་མཐུན་པའི་ཡོན་ཏན་འབྱུང་བར་བཤད་དོ།། ༈ །།སྒྲུབ་པ་དང་དབང་བསྐུར་སོགས་ལ་དགོས་པའི་གཙོ་བོ་བུམ་པའི་རྫས་ནི། བྱ་རྒྱུད་ལ་བཅོ་ལྔར་བཤད་པས་མཚོན་དབྱེ་བསྡུ་མང་ཡང་ཡོ་ག་སྤྱི་ལ་འཇུག་པ་ཉེར་ལྔ་པོ་གྲགས་ཆེ་སྟེ། དེ་ནི་གསང་སྙིང་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་སྐམ་ལ། །ཞེས་གསུངས་པ་ལྟར་ལ། འདིའི་ངོས་འཛིན་རྒྱ་བོད་མཁས་གྲུབ་རྣམས་ཀྱི་བཞེད་སྲོལ་མི་འདྲ་བ་མང་ཡང་བོད་ཡུལ་དུ་ཕལ་པས་འབྱོར་སླ་བའི་ཕྱག་ལེན་རྣམ་པར་དག་པའི་ཕྱོགས་ལྟར་ན། འབྲུ་ལྔ་ནི། འབྲས་སོ་བ། ནས། གྲོ །ཏིལ་དཀར། མོན་སྲན་དཀར་པོའམ་མ་རྙེད་ན་སྲན་མ་དཀར་པོ་གང་རུང་ངོ་། །སྤོས་ལྔའམ་དྲི་ལྔ་ནི། ག་པུར། ལི་ཤི །ཛཱ་ཏི། གུར་གུམ། ཙནྡན་དཀར་དམར་གང་རུང་ངོ་། ཁ་ཅིག་ཏུ་གླ་རྩི། གུར་གུམ། ཛཱ་ཏི། ཙནྡན་དཀར་དམར། ཅེས་བགྲངས་པ་དང་གླ་རྩིའི་མལ་དུ་ཨ་ག་རུ་བྱེད་པའང་སྣང་ཡང་སྤྱི་ཁྱབ་སྔ་མ་ཉིད་ལེགས་སོ། །རིན་ཆེན་རབ་ལྔ་ཕལ་པས་འབྱོར་དཀའ། ཐ་མ་གསེར་དངུལ་ཟངས་ལྕགས་གཤའ་ཚེ་དཀར་པོ་སྟེ་ལྕགས་རིགས་ལྔས་འཐུས་པར་གསུངས་ཀྱང་། སྐབས་འདིར་འབྲིང་པོའི་དབང་དུ་བྱས་ཏེ། གསེར། དངུལ། བྱེ་རུ། མུ་མེན། མུ་ཏིག་གོ །འདི་ལ་དངུལ་གྱི་ཚབ་ཏུ་པདྨ་རཱ་ག་བཤད་པ་ཡོད་ཀྱང་འཛོམ་དཀའ་འོ། །སྙིང་པོ་ལྔ་ནི། སྦྲང་རྩི། བུ་རམ། མར། ལན་ཚྭ། ཀ་ར་རྣམས་སོ། །འདིར་ཀ་རའི་མལ་དུ་ཏིལ་ལ་བཤད་པ་ཡོད་པ་ཉིད་ལེགས་ཏེ། རིམ་བཞིན། མེ་ཏོག ཤིང་། རྩི་ཐོག ཆུ། ས་རྣམས་ཀྱི་སྙིང་པོའམ་བཅུད་དུ་བཤད་པའི་ཕྱིར་རོ། །སྨན་ལྔ་ནི། སྟག་ཚེར་བ། ཀཎྜ་ཀཱ་རི། ཤུ་དག་དཀར་པོ། དབང་ལག །རྒྱ་མཚོ་ལྦུ་བ་བཅས་ལ་བྱེད་པ་མང་ཞིང་། ཕྱག་ལེན་དག་པའི་ཕྱོགས་གཅིག་ལ། སེ་བ་དྲི་ལྡན་གྱི་མེ་ཏོག །ཟུར་ལུགས་ཨུཏྤལ་སྔོན་པོ། ཤུ་དག་དཀར་པོ། ཀཎྜ་ཀཱ་རི། ཅོ་ག་ཀླད་སྨན་རྣམས་སུ་བཤད། ཀུན་མཁྱེན་དྷརྨཱཀ་རས་རྒྱ་བལ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཕྱག་སྲོལ་བཞིན་འཁྲུལ་མེད་ཀྱི་ངོས་འཛིན་མཛད་པ་ལྟར་ན། འབྲུ་དྲི་སྙིང་པོ་ལྔ་རྣམས་སྔར་དང་འདྲ་བ་ལས། གུར་གུམ་ཁ་ཆེ་སྐྱེས་མ་འབྱོར་ན་བལ་གུར་དང་ཀླུ་མོ་གུར་གུམ་གཏང། རིན་པོ་ཆེ་མཆོག་དང་འབྲིང་རྣམས་ཀྱང་རྙེད་དཀའ་བས་གྲུབ་ཆེན་པདྨ་བཛྲས་བཤད་པ་ལྟར། ཤེལ་རིགས་གང་རྙེད། དུང་། བྱེ་རུ། དངུལ། མུ་ཏིག་ལྔས་ཆོག་པར་བཞེད་ཅིང་། དེ་ལ་ཤེལ་རིགས་མཆོག་ལྔ་མི་འབྱོར་བས་པད་རཱག་ཚབ་ནལ་ཙམ་དང་། མུ་ཏིག་མང་དུ་མ་འབྱོར་ཚེ་ཉ་ཕྱིས་གཏང་གསུངས། སྨན་ལྔ་ནི། བྲྀཏ་ཏཱི་དང་ཀཎྜ་ཀཱ་རི་དངོས་མ་འབྱོར་ན། ཚབ་བོད་ཀྱི་ཤིང་སྨན་ཀཎྜ་ཀཱ་རི་རིགས་གཉིས་ཀྱི་ཕྲ་བ་ལ་བྲྀཧ་ཏཱི་དང་། སྦོམ་པ་ལ་སིང་ཚེར་བྱེད། རྣམ་རྒྱལ་དཀར་པོ་སྔོ་ལྡུམ་དྲི་ཞིམ་ཅན། ས་ཧ་དེ་བ་ལྡུམ་བུ་ཆུང་ངུ་ཞིག་སྟེ་གཉིས་ཀ་བལ་པོ་སོགས་སུ་སྐྱེ་བས་དངོས་མ་འབྱོར་ན། སྔ་མ་རྣམས་ཀྱི་ཕྱག་བཞེས་ལྟར་ཤུ་དག་དཀར་པོ་དང་། ཅོ་ག་ཀླད་སྨན་གྱིས་ཚབ་བྱེད་པ་ལས་འོས་མ་མཆིས། དཎྜོཏྤ་ལ་དབྱུག་པའི་ཨུཏྤལ་དཀར་དམར་ནི་བལ་པོ་སོགས་སུ་སྐྱེ་བའི་ཤིང་ཕུང་མདའ་ཚད་ཙམ་ལ་མེ་ཏོག་ཆུ་སྐྱེས་འདྲ་བའི་དཀར་དམར་གཉིས་ཡོད་ཀྱང། མ་རྙེད་ན་ཟུར་ལུགས་ཨུཏྤལ་དང་། ཤེལ་དར་སྒེའུ་དར་གྱིས་ཚབ་རུང་བར་བཞེད་ཞིང་། དེ་དག་རྩ་བ་དགོས་པར་བཤད། འདི་རྣམས་ཀྱང་འབྱོར་པ་ཡོད་ན་རིན་པོ་ཆེ་རྣམས་མ་རྨས་པ་དང་། སྨན་སོགས་ཁྲོལ་བུར་བུམ་པའི་ནང་དུ་བླུགས་དགོས་པས་སྔོན་གྱི་ཡོ་ག་བ་རྙིང་མའི་ཕྱག་བཞེས་ལྟར། ཁ་ཅིག་བུམ་པའི་ཁ་རྒྱན་ལ་རིན་པོ་ཆེ་བཏགས་པའང་མཚོན་བྱེད་ཙམ་ཡིན་ཞིང་། རིལ་བུ་མཛད་པའང་ཡོད་མོད། ཕྱེ་མ་ཉིད་འཇུག་པ་བདེའོ། །དེའི་སྟེང་དུ་བླ་མེད་ཀྱི་རྒྱུད་ལས་བདུད་རྩི་ལྔ་དང་ཤ་ལྔ་སྟེ་དམ་རྫས་ཆེན་པོ་ལྔ་ཚན་གཉིས་བསྣན་པས་བུམ་རྫས་སོ་ལྔ་ཞེས་གསུངས་པ་ནི་བླ་མེད་ཀྱི་སྐབས་སུ་མེད་དུ་མི་རུང་བའི་ཁྱད་ཆོས་ཡིན་པས་དེ་དག་གཏེར་བྱོན་སོགས་ཁུངས་ལྡན་གྱི་ཕབས་གཏའ་འཛོམས་ན་ལེགས། ཅིས་ཀྱང་མ་འཛོམ་ན་སྐྱོབས་ཀྱི་སྨན་རྣམས་སྦྱར་རོ། །བུམ་པ་དྲིའི་ཆུས་སུམ་གཉིས་དགང་བར་བཤད་པ་ལའང་རྡོ་རྗེ་སྙིང་རྒྱན་ལས། ཙནྡན་དང་ནི་རྒྱ་སྤོས་དང་། །ག་པུར་དེ་བཞིན་གུར་གུམ་དང་། །ཨ་ག་རུ་དང་ལྷ་ཡི་ཤིང་། །ཙནྡན་དམར་པོ་ཉིད་དང་ནི། །ཞེས་གསུངས་པ་ལས་ལྷའི་ཤིང་ནི་ཤུག་པ་སྟེ། དེ་དག་ཐམས་ཅད་དམ་མ་འབྱོར་ན་གང་རུང་དང་ཆུ་གཙང་མ་སྦྱར་དགོས་སོ།། ༈ །།དབང་གི་སྐབས་སུ་ཡེ་ཤེས་པ་འབེབ་པའི་རྫས་སྦྱོར་རྒྱུད་དང་མན་ངག་རྣམས་ལས་རྒྱས་བསྡུས་ཅི་རིགས་འབྱུང་ཡང་། གསང་སྔགས་བླ་མེད་སྤྱིར་ཐུན་མོང་དུ་འཇུག་པ་ནི། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཟླ་མཚན་ཕྱིས་པའི་རས་མ་ནི། །བྱི་ལའི་རྟུག་པར་བཅས་པ་དག །ཞིབ་ཏུ་བཏགས་ནས་བདུག་པར་བྱ། །བདུག་པ་འདི་ཡིས་སྒྲུབ་པ་པོ། །ཤིན་ཏུ་བྱིན་གྱིས་བརླབ་པར་འགྱུར། །ཞེས་སོགས་གསར་རྙིང་གི་རྒྱུད་སྒྲུབ་ཐབས་དབང་ཆོག་རྣམས་ནས་རྫས་མང་ཉུང་འདྲ་མིན་མང་དུ་འབྱུང་བ་ལས། སྔོན་གྱི་ཕྱག་ལེན་ཁུངས་དག་ལྟར་ན། སྐྱེས་པ་གཙང་མའི་བྱང་སེམས་དཀར་པོ། བུད་མེད་རིགས་བཟང་གི་བྱང་སེམས་དམར་པོ། སྔགས་པ་ནུས་ལྡན་དང་དགེ་སློང་ཚད་ལྡན་ནམ་སྐྱེས་པ་གཞོན་ནུ་གཙང་མ་རྣམས་གང་བྱུང་གི་དྲི་ཆེན་དྲི་ཆུ། རིམས་ངན་གྱིས་ཤི་བ་ལྟ་བུ་མ་ཡིན་པའི་མིའི་ཀླད་པ་ནི་ཤ་ཆེན་གྱི་དྭངས་མ་སྟེ་བདུད་རྩི་ལྔ་པོ་རྩ་བའི་རྫས་ཡིན་ལ། བྱི་ལ་ནག་པོའི་བྲུན། རའི་རྐང་ལག་གི་ཉྭ་བཞིའི་ཤ །བུད་མེད་ཀྱི་འདོམས་རས་རྡུལ་གྱིས་སྦགས་པ། སྒྲུབ་པ་པོའི་སྐྲ་དང་སེན་མོ་ཅུང་ཟད་བཅས་པའི་རྫས་རྣམས་སྣེ་འཛོམས་ཙམ་བྱས། དྲིའི་ཤུགས་སྐྱེད་པའི་ཕྱིར། ག་པུར། ཛཱ་ཏི། གུར་གུམ་རྣམས་ཅུང་ཟད་རེ། ཙནྡན་དཀར་དམར། ཨ་ག་རུ། ཁྱད་པར་ཨར་ནག་དྲི་ལྡན་ན་གི་རྣམས་གང་མང་གིས་བུངས་བསྐྱེད། ཐམས་ཅད་ཀྱི་འདབ་འཕར་གུ་གུལ་ནག་པོ་སྦྱར་བ་ཕྱེ་མའམ་རིལ་བུ་གང་བྱེད་ཀྱང་བྱིན་གྱིས་བརླབས་པའི་ནང་མཆོད་དམ། བདུད་རྩི་རིལ་བུ་ཆང་དང་སྦྱར་བས་ཁ་ཕྲུ་ཅུང་ཟད་བཏབ། ཡེ་ཤེས་འབེབ་པའི་སྔགས་ཀྱིས་སྒྲུབ་པ་ཡུན་རིང་ཐུང་གང་འགྲུབ་བྱས་པ་དེ་ཉིད། བྱིན་འབེབ་ཀྱི་སྐབས་སུ་ཡི་དྭགས་ཀྱི་མེ་ལ་བསྲེག་པར་བཤད་པས་འཛོམས་ན་རོ་སོལ་གྱི་མེ་དང་། མ་འབྱོར་ན་སོལ་མེ་ལྟ་བུ་ལ་བསྲེག་པར་བྱའོ། །གཏེར་མའི་ཕྱོགས་བླ་མ་དགོངས་འདུས་སོགས་ལས་འབྱུང་བ་ནི། གུ་གུལ་ནག་པོ། ཤ་ཆེན། ཀླད་ཆེན། བདུད་རྩི་ལྔ། བྱི་ལ་ནག་པོའི་བྲུན། བུད་མེད་ཀྱི་ཟླ་མཚན་དངོས་སམ་དེས་གོས་པའི་འདོམས་དཀྲིས་སོགས། རའི་ཉྭ་བཞིའི་ཤ་རྣམས་སྦྱར་བའམ། ཡང་ན། ཤ་ཆེན། གུ་གུལ། བྱི་ལའི་བྲུན། ཨ་ཀ་རུ། ལི་ག་དུར། དུ་རུཥྐ། གུར་གུམ། ཛཱ་ཏི། རྒྱ་ཤུག་རྣམས་སྦྱར་བ་ལ། ཡེ་ཤེས་དབབ་པའི་སྔགས་ཀྱིས་བསྒྲུབ། ལས་ལ་སྦྱོར་བའི་སྐབས། སློབ་མ་སོ་སོའི་སྤྱི་བོའི་སྐྲ་དང་སྦྱར་ལ་བདུག་པར་གསུངས་སོ། །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་པདྨ་དཔའ་བོའི་ལས་ཚོགས་སུ། བྱེ་བྲག་ཡེ་ཤེས་དབང་སྡུད་ནི༔ བདག་མདུན་པདྨ་དཔའ་བོར་གསལ༔ སྙིང་གའི་ས་བོན་ལས་བྱུང་བའི༔ འོད་དམར་ལྕགས་ཀྱུ་ལྟ་བུའི་རྩེར༔ དབང་མཛད་པདྨ་དྷཱ་ཀི་ནཱི༔ ལྕགས་ཀྱུ་ཐོགས་པ་དཔག་མེད་འཕྲོས༔ གང་ཞིག་བསྒྲུབ་པར་འདོད་པ་ཡི༔ ཡེ་ཤེས་ལྷ་དེའི་ཐུགས་ཀར་རེག༔ དབང་མེད་ཐུགས་རྗེའི་རྒྱུད་བསྐུལ་ཏེ༔ བདེ་བ་ཆེན་པོའི་བྱིན་རླབས་ཟིལ༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་ཆར་ལྟར་བབས༔ བདག་གནས་བསྒྲུབ་པའི་རྫས་ལ་ཐིམ༔ ལྷ་དང་སྐལ་བ་མཉམ་པ་ཡི༔ དངོས་གྲུབ་གཟི་བྱིན་རྒྱས་པར་བསམ༔ གང་ཡིན་ལྷ་དེའི་སྔགས་ཤམ་དུ༔ ཨོཾ་ཛྙཱ་ན་སརྦ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ་ཨ༔ སཏྭཾ་བྷ་ཡ༔ སཏྭཾ་བྷ་ཡ༔ ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ༔ ར་ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ༔ ཧྲཱིང་ཧྲཱིང་ཕེཾ་ཕེཾ་ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་བཟླས་གླ་རྩི་ཙནྡན་གཉིས༔ མི་ཡི་སྐྲ་སེན་ཉྭ་བཞིའི་ཤ༔ གོ་རོ་ཙ་ན་ཚིལ་ཆེན་དང༔ བྱང་སེམས་དཀར་དམར་བྱི་ལའི་བྲུན༔ གུ་གུལ་སྤོས་དཀར་ཤུ་དག་བཅས༔ མྱོས་བྱེད་ཉིང་ཁུས་བྲན་ལ་བཏབ༔ བསྙེན་སྒྲུབ་དུས་སུ་བདུག་པ་ཡིས༔ ཡེ་ཤེས་པ་རྣམས་དབང་མེད་འདུ༔ བྱིན་ཆེན་ཕེབ་ཅིང་ཉམས་རྟོགས་འཕེལ༔ དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར༔ གསུངས་ཏེ། འདིའི་རྫས་ཚུལ་བཞིན་སྦྱར་ནས་སྒྲུབ་པའི་སྐབས་པདྨ་དཔའ་བོའི་བསྐྱེད་བཟླས་འདི་ཉིད་ལས་འབྱུང་བ་ལྟར་རམ། མི་འགྲུབ་ན་ཐོག་མར་བླ་མ་ཞི་བའི་རིགས་ཀྱི་བསྐྱེད་བཟླས་དང་། དེ་གནས་གྱུར་ཏེ་བླ་སྒྲུབ་རྣམས་ནས་མཐུན་པར་འབྱུང་བ་ལྟར། པདྨ་དཔའ་བོ་ཡབ་ཡུམ་གྱི་སྐུར་གསལ་བའི་ཐུགས་ཀར་ཨུཏྤལ་དམར་པོའི་ལྟེ་བར་ཉི་ཟླ་ཁ་སྦྱོར་དབུས་སུ་ཧྲི་ནི་དམར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་དམར་ལྕགས་ཀྱུའི་དབྱིབས་ཅན་གྱི་སྤྲོ་བསྡུས་འཁོར་འདས་དབང་དུ་བྱས་པར་མོས་ལ། ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཧྲི་པདྨ་གིངྐ་ར་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་ཅི་འགྲུབ་བཟླ། དེ་ནས་བདག་དང་སྒྲུབ་རྫས་ལྷར་གསལ་བའི་སྔགས་བཟླས་སྤྲོ་བསྡུ་བྱས་པས་ཆོག །རྫས་འདི་ནི་དབང་བསྐུར་བའི་སྐབས་སློབ་མ་དང་། བསྙེན་སྒྲུབ་ཀྱི་སྐབས་སྤྱན་འདྲེན་དུས་སོགས་སུ་བདུག་པས་ཡེ་ཤེས་ཀྱི་བྱིན་ཆེན་འབེབ་པའི་ཟབ་ཁྱད་རྨད་དུ་བྱུང་བའོ།། ༈ །།མཆོད་པའི་རྫས་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱིའི་མཆོད་རྫས་དངོས་བཤམ་ཆུ་གཉིས་ཉེར་སྤྱོད། ཡིད་སྤྲུལ་རྫས་རྟགས་རྒྱལ་སྲིད་སོགས་སུ་བཤད་པ་ལས་སྐབས་འདིར་སྔ་མ་སྟེ། འདི་ལ་མཆོད་ཡུལ་ལྷའི་དབྱེ་བས་ཞི་དྲག་གཉིས་ལས། ཞི་བ་ནི་རྒྱུད་སྡེ་འོག་མ་རྣམས་ཀྱི་ལུགས་དང་ཐུན་མོང་དུ་བྱ་དགོས་པས། མཆོད་ཡོན་ནི། མདུན་བདར་བའི་བསུ་སྐྱེམས་ཡིན་པས། དྭངས་བསིལ་མངར་འཇམ་སོགས་ཡན་ལག་དང་ལྡན་པའི་ཆུ་གཙང་སྲོག་ཆགས་མེད་པ་རིན་པོ་ཆེའི་བྱ་མ་བུམ་ནས་སྦྲེང་བ་དང་རིན་པོ་ཆེའི་སྣོད་དུ་བཤམས་པ་སྟེ། དེའང་ཞི་བའི་ལས་ལ། ནས། འོ་མ། མེ་ཏོག་དཀར་པོ། ཀུ་ཤ །ཏིལ་དཀར། འབྲས་ཡོས། བདུད་རྩིར་བཅས་པའི་དྲི་དཀར་པོའི་ཆུ་སྟེ་རྫས་བདུན་དུ་གྲགས་པ་དང་། རྒྱས་པ་ལ། ཏིལ། ཀུ་ཤ །མེ་ཏོག་སེར་པོ། དྲི་སེར་པོའི་ཆུ་རྣམས་སྦྱར་བའོ། །དགོངས་འདུས་ལས། ཁ་དོག་ལས་བཞི་སོ་སོ་ལྟར་བསྒྱུར་བའང་གསུངས་སོ། །ཞབས་བསིལ་ནི། ཕྱག་ཞབས་བཀྲུ་བའི་ཆུ་གཙང་མ་འདམ་དང་སྲོག་ཆགས་མེད་པ་ལ་ཤིང་ཤུན་ལྔའི་ཕྱེ་མ་བཏབ་པ་དགོས་ཏེ། དེའང་བོད་དུ་ཡོད་པའི་འོ་མ་དང་བདུད་རྩི་ཅན་དུ་གྲགས་པ། བ་ལུ། འོམ་བུ། ལྕང་དཀར། ཤུག་པའམ་ཙནྡན་དཀར་པོ། ཁམ་བུ་རྣམས་ཀྱི་ཤུན་པ་ལ་བྱ་བར་བཞེད་དོ། །མེ་ཏོག་དངོས་ཐང་དང་ཆུ་ལས་སྐྱེས་ཤིང་དུག་རིགས་མ་ཡིན་པའི་ཁ་དོག་དྲི་ངད་ཕུན་སུམ་ཚོགས་པ་དང་། གཟུགས་བརྙན་གསེར་དངུལ་སོགས་རིན་པོ་ཆེ་དང་དར་གོས་སྣ་ཚོགས་ལས་སྡོང་པོ་ལོ་མ་ཟེའུ་འབྲུ་རྣམས་ཚང་བར་ཆེད་དུ་བཟོས་པའམ། ཐ་ན་གྲོ་ཤོག་ཚོན་གྱིས་བསྒྱུར་བ་ལས་དབྱིབས་ལེགས་མདངས་མཛེས་སུ་བཅོས་པ་སྟེ། འདིའང་གཏེར་རྙིང་གཞུང་ཆེན་རྣམས་ལས་བཤད་པས་གསར་མའི་ཕྱག་ལེན་དུ་འབྲུ་བཤམས་པ་ལས་མེད་ཀྱང་དམིགས་པའི་རྟེན་ཙམ་ལ་ནི་མཚུངས་ཕྱིར་བསམ་པ་དག་པས་ལེགས་པར་བསྒྲུབས་ན་དེ་ཙམ་གྱི་ཚོགས་སུ་འགྱུར་རོ། །བདུག་སྤོས་ལྷན་སྐྱེས་ཙནྡན་དང་ཨ་ག་རུ་སོགས་དྲི་ངད་བཟང་པོ་དང་ལྡན་པ་སྟེ་བོད་དུའང་ཤུག་པ་ཨར་ནག་མཁན་དཀར་སོགས་དྲི་བཟང་ཅན་རྣམས་དང་། སྦྱར་སྤོས་ཆོས་སྡེ་ཆེན་པོ་རྣམས་ཀྱི་བཟོ་ཁྱད་ལག་ལེན་མང་ཡང་ཕལ་པས་མི་འབྱོར་ཞིང་། ཡི་གེས་འཇིགས་པས་མ་སྤྲོས་ལ། གཏེར་ཆེན་ཆོས་རྗེ་གླིང་པས་གུ་རུ་སྤྱན་འདྲེན་གྱི་སྤོས་སྦྱོར་ལ་བསྔགས་པའི་དྲི་བཟང་ཕུལ་དུ་བྱུང་བ་ནི། ནཱ་གི་དུག་ཕྲལ་དུལ་མ་དང་། ཁ་ཆེ་གུར་གུམ་གཉིས་ཆ་མཉམ། དེའི་ཕྱེད་དང་གུ་གུལ་གླ་རྩི་རུ་རྟ་གསུམ་ཆ་མཉམ། གསུམ་པོའི་ཕྱེད་དང་ཙནྡན་དཀར་པོ། ཛཱ་ཏི། ཨ་གར་ནག་པོའམ་འབའ་ཞིག་ཆ་མཉམ། གསུམ་པོའི་ཕྱེད་དང་སྤོས་དཀར། ཏོང་ཀུ་དྲི་ལྡན་བཅས་ཞིབ་པར་འདམ་བཏགས་ཡུན་རིང་དུ་བྱས་ནས་གོང་བུར་བསྒྲིལ་བའམ། སྤོས་ཀྱི་རེང་བུའམ། ཕུར་མ་བྱས་ནས་བྱིན་འབེབ་སོགས་ཀྱི་སྐབས་སུ་བདུག་པས་དྲི་ཞིམ་ཕུན་སུམ་ཚོགས་པ་འབྱུང་བར་གསུངས་སོ། །བླ་མ་དགོངས་འདུས་ལས་གསུངས་པའི་ཚུལ་བཞིའི་སྦྱར་སྤོས་ནི། ཤིང་ཚྭ་ཆུའི་ཚུལ། སྤོས་དཀར་ཐལ་གྱི་ཚུལ། ལི་ཤི་རྡོར་གྱི་ཚུལ། སྤང་སྤོས་ཚྭའི་ཚུལ་ཞེས་སྦྱོར་ཚད་དང་ལྡན་པ་ལ། སྦྲང་བུར་གྱི་ཁ་ཚར་དང་ཁུ་བ་ཆང་ལ་བྱས། སུག་སྨེལ་གྱི་ཕབས་བཏབ་པས་དྲི་ཞིམ་ལ་དགོས་པ་དང་ལྡན་པའི་སྤོས་བཟང་འཕྲལ་དུ་འགྲུབ། ཡང་སྤོས་སྦྱོར་བཀའ་རྒྱ་མར་གྲགས་པ། ཀླུ་མོ་སྲང༔ མཛེ་འཇོམས་རྒྱ་གར་མ༔ སྤོས་དཀར༔ འདྲེ་འཇིགས༔ ཀུ་སུ་མ༔ མ་གི་ཏ༔ ཙནྡན་དཀར་པོ༔ བཅས་རེང་བུ་བྱ་སྲོལ་མེད་པས་ལེགས་པར་བཏུལ་ལ་སྤོས་འཁོར་བྱ། དུས་འཁོར་ལུགས་སུ་གྲགས་པ་ནི། གླ་རྩི། ག་པུར། སིཧླ། ཙནྡན། ཨར་ནག་བཅས་སོ། ཁ་ཆེ་པཎ་ཆེན་ལུགས་ནི། ན་གི་ཙནྡན་ཨ་ག་རུ། །ཀ་ར་གླ་རྩི་ལྔ་སྦྱོར་བྱ། །སྔོ་སྨན་གྱི་སྤོས་སྦྱོར་ནི། གླ་རྩི། རྡོ་དྲེག ཏོང་ཀུ །བ་ལུ་བཅས་སྦྱར་རོ། །འདི་རྣམས་ལས་རྒྱུད་སྡེ་འོག་མ་དང་། ཀླུ་ཆོག་དངོས་སམ་དེ་དང་འབྲེལ་བའི་རིགས་ལ་གླ་རྩི་དང་གུ་གུལ་ནག་པོ་མ་འདྲེས་པ་དགོས་པས་ཆེན་པོ་རྣམས་ཀྱིས་སྤོས་རེང་དྲི་ཞིམ་ཡང་སྐབས་ཕྱེད་པར་དགོས། ཆོས་སྐྱོང་འབོད་ཅིང་སྐོང་སྐུལ་གྱི་སྤོས་སྦྱོར་ཡང་དཀྱུས་འགྲེས་མི་ཆོག་སྟེ། མགོན་པོ་རྣམས་ལ་གྲི་ཤ །ལྷ་མོ་ལ་ནལ་བུའིི་ཤ །རྣམ་སྲས་སོགས་ལ་སྤོས་དཀར། དམ་ཅན་ལ་ར་གསུར་སོགས་གཙོར་བྱ་ཞིང་གཟའ་ལ་སྤང་སྤོས་འཛེམས་དགོས་པའི་མཚོན་སྤང་བླང་བྱེ་བྲག་མང་བས། འཛོམས་ན་སོ་སོའི་གཞུང་ནས་བཤད་པ་ལྟར་བྱ་བ་གལ་ཆེ་ལ་མ་འཛོམ་ན་སྤོས་རེང་དཀྱུས་མའི་རིགས་དང་ཤིང་སྤོས་དྲི་ལྡན་སིཧླ་སོགས་བདུག་པ་ལེགས་སོ། །མར་མེ་ནི། ཕྱུགས་ལས་བྱུང་བའི་རྩི་མར། འབྲུ་རིགས་ལས་བྱུང་བའི་འབྲུ་མར། ཏིལ་བཙིར་བའི་མར་ཁུ་རྣམས་རབ་རིན་པོ་ཆེའི་སྣོད། ཐ་ན་ཟངས་རག་རྫ་སའི་ཀོང་བུ་ཡན་གཙང་ཞིང་དག་པར་སྦྱར། ནག་ནོག་མ་ཡིན་པར་མུན་པ་འཇོམས་ནུས་པའི་གསལ་མདངས་ཅན་བྱ། མ་འབྱོར་ན་སྒྲོན་ཤིང་ལྟ་བུ་སྦར་བས་ཀྱང་རུང་བར་གསུངས་སོ། །དྲི་ཆབ་ནི་ཚད་པ་ཆེ་བའི་སར་ལུས་བསིལ་ཞིང་དྲི་ང་བ་སེལ་བ་སྟེ། དུས་འཁོར་ལས་བསྒྲུབ་པར་བྱ་གསུངས་པས། སྒྲུབ་ཚུལ་བུ་སྟོན་གྱིས་བཀྲལ་པ་ལྟར་ན། གསེར་དངུལ་དུང་དང་ཉ་ཕྱིས་ཀྱི་སྣོད་གང་ཡང་རུང་བར། སུག་སྨེལ། ཤིང་ཚྭ། སྤང་སྤོས། བཱ་ལ་ཀ །ཙནྡན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས་ནས། ཆུ་གཙང་བྲེ་བརྒྱད་ལ་བཅུག་སྟེ་བཞི་གསུམ་སྐམ་གྱི་བར་བསྐོལ་བའི་ལྷག་མ་དྲིའི་ཆུར་འགྱུར་བར་གསུངས་པ་ལྟར་རམ། མི་ནུས་ན་བུམ་རྫས་སྐབས་ཀྱི་དྲི་ལྔའམ། །ག་པུར། ཙནྡན། ཛཱ་ཏི། གུར་གུམ། སིཧླ་སོགས་དྲི་ཞིམ་པོའི་སྨན་དང་ཆུ་གཙང་སྦྱར་བའོ། །ཞལ་ཟས་ཀྱི་རྒྱུ་ནི། དགོངས་འདུས་ལས། ཕྱི་ཡི་དཀར་གསུམ་མར་ཁུ་འོ་མ་ཞོ༔ དེ་བཞིན་མངར་གསུམ་སྦྲང་རྩི་ཀ་ར་དང༔ མེ་ཏོག་སྣ་ཚོགས་བུ་རམ་བཅས་པ་འོ༔ ཞེས་དང་། གཏོར་མའི་རྒྱུ་དངོས་པོ་རྣམ་པར་དག་པའི་ཕུད་མ་ཉམས་པར་རོ་བཅུད་ནུས་པ་དང་ལྡན་ཞིང༔ སེར་སྣ་འཇུར་གེགས་མི་གཙང་བ་སོགས་ཀྱིས་མ་བཅིངས་པར་ཕངས་མེད་ཆགས་པ་མེད་པར་བཏང་བའོ༔ ཞེས་དང་། འབྲས་ཟན་ལ་སོགས་པ་གཙང་མའི་བཤོས་སམ༔ ཤ་ཆང་སྒོག་པ་ལྒ་གཡེར་ལ་སོགས་པའི་ཚུལ་མིན་མ་འདྲེས་པའི་སྣ་ཚོགས་གཡོས་ཀྱི་སྦྱར་བའི་ཞལ་ཟས༔ ཞེས་གསུངས་པ་ལྟར། འབྱོར་པ་དང་དཔག་པའི་ཕྱེ་གཙང་མ་ལ་དཀར་མངར་བསྲེས་པ་རང་གིས་བཟའ་ན་ཇི་ཙམ་ཡིད་དུ་འོང་བ་དེ་ཙམ་དུ་གཙང་ཞིང་དག་པར་སྦྱར་བའོ། །རྙིང་མ་པ་འགའ་ཞིག་གིས་ཞལ་ཟས་ཟླུམ་པོ་ལ་འབྲི་མོག་བྱུགས་པ་སོགས་ལག་ལེན་མ་དག་པའི་རྒྱུན་ནམ་ཡང་མི་བྱའོ། །རོལ་མོ་ནི་འབུད་བརྡུང་དཀྲོལ་བའི་རིགས་རྣམས་ཏེ་འདིའང་ཁམས་ཕྱོགས་སྔགས་པ་འགའ་རེས་མཆོད་པའི་གྲལ་དུ་རོལ་མོ་ཏིང་ཤག་སོགས་བཤམས་པར་སྣང་བ་ནི་བླུན་པའི་ལག་རྒྱུན་ཏེ། འབུད་དཀྲོལ་མ་བྱས་ན་རོལ་མོའི་མཆོད་པའི་གོ་མི་ཆོད་པས་ཌཱ་དྲིལ་ཙམ་ནི་སུས་ཀྱང་དཀྲོལ་བ་དེ་ཀ་ཡིན་པས་རོལ་མོའི་སྒྲ་བྱེད་ཚེ་བཤམས་པ་ལ་དོན་མེད་པས་སོ། །མཆོད་པའི་ཡུལ་ཡེ་ཤེས་ཀྱི་ལྷ་ལ་བཟང་ངན་གྱི་རྟོག་པ་དང་འདོད་ཡོན་ལ་ཆགས་ཞེན་མེད་ཀྱང་རང་ཉིད་ཚོགས་གསོག་པའི་ཕྱིར་ཡིན་པས། གཞན་ལས་དངོས་སུ་འཕྲོག་ཅིང་ལྐོག་ཏུ་བརྐུས་པ་སོགས་རྒྱུ་མ་དག་པ་དང་། རྙིང་ཞིང་འབག་བཙོག་གིས་གོས་པ་སོགས་དངོས་པོ་མ་དག་པ་དང་། བརྒྱ་མཆོད་ལྟ་བུ་ལ་ཆེས་སོ་མང་ངོ་སྙམ་པའི་སེར་སྣ་དང་། གཞན་ལ་ཁྱད་གསོད་དང་འགྲན་སེམས་ཀྱིས་བྱས་པ་ལྟ་བུ་བསམ་པ་མ་དག་པ་མ་ཡིན་པར་རང་གི་འབྱོར་པ་གང་ཡོད་དཔུང་བསྐྱེད་ཅིང་། སྔ་མ་ཕུལ་ཟིན་ནས་རྙིང་པ་བརྗེ་ཞིང་གསར་པ་བཤམ་དགོས་ཏེ། དགོངས་འདུས་ལས། བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར༔ ཅི་འབྱོར་གཏོར་དཔུང་ཆེ་བར་བསྐྱེད༔ མ་འབྱོར་གང་ཙམ་དམིགས་པ་བྱ༔ ཡོད་ནས་མ་བཤམས་ལྷ་ཡིས་ཁྲེལ༔ མེད་ན་ཆེད་དུ་གཉེར་ནས་ཀྱང༔ སེར་སྣ་མ་ཤོར་སྤེལ་བའི་གནད༔ མགྲོན་དགྱེས་བདག་ལ་དངོས་གྲུབ་འབྱུང༔ ཡེ་ཤེས་ལྷ་ལ་ཆེ་ཆུང་མེད༔ རང་གི་བསོད་ནམས་གསོག་པའི་ཕྱིར༔ ཞེས་གསུངས་པ་ལྟར་རོ། །དེས་ན་མེ་ཏོག་ཧ་ཅང་རྙིང་པ་དང་། ཞལ་ཟས་རྙིང་པ་མང་དུ་བཀོད་པ་སོགས་ལྷ་ལྟ་ཅི་སྨྲོས། མི་ཡི་ག་ལྡོག་པའི་ལག་ལེན་ངན་པ་ནམ་ཡང་མི་བྱའོ། ༈ །དྲག་པོའི་ཉེར་སྤྱོད་བླ་མེད་ལུགས་སུ། ཁྲག་གི་མཆོད་ཡོན་ནི་ཁྲག་ཆེན་གཙོ་བོར་གྱུར་པའི་སྙིང་དང་ལུས་ལས་བྱུང་བའི་ཁྲག་སྣ་ཇི་ལྟར་འཚོགས་པ་སྐམ་པོར་བྱས་པའི་ཕྱེ་མ་ཆུ་གཙང་ལ་བཏབ་པ་དང་། དུག་ཆུའི་ཞབས་བསིལ། བཙན་དུག །བསེ་ཞོ། ཐར་ནུ། ཐང་ཕྲོམ་པ་སོགས་གང་འཚོགས་ཀྱི་ཕྱེ་མ་ཆུ་ལ་སྦྱར། དབང་པོའི་མེ་ཏོག་ནི། ཐོད་པའི་སྣོད་དུ། སྙིང་། ལྕེ། རྣ་བ། མིག སྣ་རྣམས་ལག་ལེན་ལྟར་བཞག་པ་དོན་ལྔའི་མེ་ཏོག་ཡིན་པའི་ཕྱིར་དང་། ཚིལ་ཆེན་གྱི་སྤོས་ནི། གྲི་ཚིལ་ལམ་མི་ཚིལ་དཀྱུས་མ་དེ་ཀ་ལྟར་བསྲེགས་པའི་གསུར་བཏང་ཡང་ཆོག་ལ། གུ་གུལ་ནག་པོ། ཤུ་དག །གླ་རྩི། བཙན་དུག །ཡུངས་དཀར་སོགས་དང་སྦྱར་བའི་རེང་བུའམ་ཕྱེ་མ་སྦྱར། ཞུན་ཆེན་གྱི་མར་མེ་ནི། ཚིལ་ཆེན་བཞུས་པའམ་ཤ་ཆེན་གྱི་ཞག་ལས་བཅོས་པ་ཡིན་ཡང་མཚོན་བྱེད་ཕྱུགས་ཀྱི་ཚིལ་ལ། མི་ཚིལ་འདྲེས་པའི་མར་མེ་བྱ། མཁྲིས་པའི་དྲི་ཆབ་ནི། གི་ཝང་དངོས་མང་དུ་རྙེད་དཀའ་ཡང་ས་གི་ཝང་ལྟ་བུ་ལ་གཞི་བྱས། མཁྲིས་ཆེན་དང་དོམ་མཁྲིས་གཙོར་བྱས་མཁྲིས་སྣ་རྙེད་ཚད་བསྡུས་པའི་ཕྱེ་མ་ཆུར་སྦྱར། ཤ་ཆེན་གྱི་ཞལ་ཟས་ནི། ཤ་ཁྲག་ལས་བཅོས་པའམ་དཀྱུས་ཙམ་ལ་དམར་གཏོར་ཟུར་གསུམ་མིའི་མགོ་ལག་རྐང་གིས་བརྒྱན་ཅིང་ཁྲག་གམ་སྨུག་རྩིས་བྱུགས་པའོ། །འདི་རྣམས་ཀྱི་སྣོད་ཀྱང་ཐོད་ཚལ་ལམ་བསེ་ལྕགས་སོགས་ལས་བཅོས་པའི་གྲུ་གསུམ་འཛོམས་ན་མཆོག་གོ །དྲག་པོའི་རོལ་མོའང་དུར་ཁྲོད་ཀྱི་རྫས་ལས་བྱུང་བ་རྣམས་གཙོ་བོ་ཡིན་ལ། དཀྱུས་སུ་ཐོད་རྔ་དང་མི་རྐང་གླིང་བུ་སོགས་སོ།། ༈ །།གཉིས་པ་ནང་གི་མཆོད་རྫས་ལའང་ཡིད་སྤྲུལ་དང་དངོས་བཤམ་གཉིས་ལས། དང་པོ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་བཅས་འདོད་ཡོན་ལྔ་ཡིན་ལ། འདིའང་གཏེར་མ་འགའ་ལས་མཚོན་བྱེད་ཀྱི་བརྡ་བཤམ་པའང་གསུངས་པས། དེ་ལྟར་ན། གཟུགས་ལ་སྟེགས་བུ་ཅན་གྱི་མེ་ལོང་། སྒྲ་ཏིང་ཤག་སོགས། དྲི་སྤོས་དང་དྲི་བཟང་སྦྱར་བའི་ལྡེ་གུ། རོ་བཟའ་བཏུང་གཙང་མ་ཅི་རིགས་སམ་ཞལ་ཟས། རེག་བྱ་དར་སྣ་ཚོགས་རྣམས་བཀོད་པར་སྣང་ངོ་། ༈ །གཉིས་པ་དངོས་བཤམ་སྨན་རཀ་གཏོར་གསུམ་ཉིད་བླ་མེད་སྤྱི་ལ་གཙོར་བཤད་དེ། དེའང་བདུད་རྩི་སྨན་མཆོད་ནི། རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་གྱི་དམ་རྫས་ཚོགས་པར་དགོས་ཏེ། དེའང་བམ་བརྒྱད་ཀྱི་དགོངས་པ་ལྟར་རྩ་བ་བརྒྱད་ལ་ཕྱི་ནང་གསང་གསུམ་དབྱེ་བས་ཉེར་བཞི། དེ་རེ་རེའི་ཡན་ལག་དུ་མར་སྦྱར་བའི་ཚུལ་ལྟར་རམ། ཡང་ན། བདུད་རྩི་ཡོན་ཏན་གྱི་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ༔ ཞེས་དང་། ཉང་གཏེར་འགྲོ་འདུལ་ལས། བདུད་རྩི་ལྔ་ལ་རྩ་བ་བརྒྱད༔ སྦས་པ་ནང་གི་རྩ་བ་བཞི༔ མངོན་པ་ཕྱི་ཡི་རྩ་བ་བཞི༔ ཞེས་པ་ལྟར་དམ་རྫས་ཀྱི་གཙོ་བོ་བདུད་རྩི་ལྔ་རེ་རེ་ལ། ཕྱི་ནང་གི་རྩ་བ་བཞི་བཞི་སྦྱར་བས་བརྒྱད་དོ། །བརྒྱད་ཚན་དེ་དག་རེ་རེ་ལའང་སོ་སོའི་སྐྱོབས་དང་འཕྲད་དུ་འགྱུར་བའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་པ་རེ་སྦྱར་དུ་ཡོད་པས་ན་ཡན་ལག་སྟོང་དུ་འགྱུར་རོ། །ཚུལ་འདི་བཀའ་དགོངས་སོགས་གཏེར་མའི་སྨན་སྒྲུབ་རྣམས་ལས་གཙོ་བོར་བཤད་པར་སྣང་བས་དེ་ལྟར་སྦྱོར་ན། རྩ་བའི་བདུད་རྩི་ལྔ་གཏེར་བྱོན་གྱི་རིལ་བུའམ། རིག་འཛིན་གོང་མས་སྦྱར་བ་ལ་གཞི་བྱས་བུངས་སྐྱེད་སྐྱོབས་ཀྱི་སྨན་རྣམས་སྦྱར་ཏེ། དྲི་ཆེན་གྱི་སྐྱོབས། ཛཱ་ཏི། ཨ་རུ་ར། སུག་མེལ། ཨ་ག་རུ། །དུ་རུཥྐ། བྱང་སེམས་ཀྱི་སྐྱོབས། ཅུ་གང་། ག་པུར། ཤ་རཱི་རཾ། གངས་ཏིག །ཐལ་དཀར་རྡོ་རྗེ། ཤ་ཆེན་གྱི་སྐྱོབས། སྙིང་ཞོ། མཁལ་ཞོ། གླ་གོར་ཞོ་ཤ །ཀ་ཀོ་ལ། ཙི་ཏྲ་ཀ །རཀྟའི་སྐྱོབས། ཙནྡན་དམར་པོ། ལི་ཤི །སྐྱུ་རུ་ར། སྟར་བུ། དྲི་ཆུའི་སྐྱོབས། ཅོང་ཞི། བྲག་ཞུན། ལི་ག་དུར། གུར་གུམ། ལྕང་དཀར་སོགས་ཀྱི་ཐང་ཆུ་རྣམས་ཏེ་ནང་གི་རྩ་བ་བརྒྱད་ལས་འཕྲོས་པའོ། །ཕྱིའི་རྩ་བ་བརྒྱད་ནི། །ཙནྡན་སྦྲུལ་གྱི་སྙིང་པོ་ལ་ཚང་བར་གསུངས་ཤིང་། དེའང་རྩ་བ་མཱུ་ལ་པ་ཏི། སྡོང་པོ་ཙན་དཀར། ཡུ་བ་ལི་ཤི །ཤུན་པ་ཤིང་ཚ། ལོ་མ་གནྡྷ་བྷ་དྲ། མེ་ཏོག་གུར་གུམ། འབྲས་བུ་ཛཱ་ཏི། སྙིང་པོ་ག་པུར་རྣམས་སུ་བཤད་པས་དེ་བརྒྱད་ལ་རྩ་བར་གཟུང་། ཡན་ལག་སྟོང་ནི། ཨ་རུ་རིགས་ལྔ། ག་པུར་རིགས་གསུམ། གི་ཝང་། བ་རུ་ར། འབྲས་གསུམ། གེ་སར་གསུམ། གུ་གུལ་དཀར་ནག་གིས་མཚོན་རྒྱ་བལ་ནས་བྱུང་བའི་རྩི་སྨན། ཨ་ག་རུ་རིགས་བཞི། ཤིང་སྨན། ཚོས་བཙོད་ཞུན་མཁན་བསེ་ཡབ་ལྟ་བུ་མོན་ཡུལ་སོགས་ནས་འབྱུང་བའི་བར་སྨན་དུ་གྲགས་པའི་རིགས། བོད་དུ་སྐྱེ་བའི་རུ་རྟ་དབང་ལག་རྩ་བ་ལྔ་སོགས་རྩ་བའི་རིགས། སྟག་ཚེར་སེང་ཚེར་སོགས་སྡོང་པོ་དང་ཤུན་པ། རྟག་ངུ་རིགས་གསུམ་ཨུཏྤལ་སྔོ་དམར་སོགས་མེ་ཏོག །གྲོ་མ་གོ་སྙོད་སོགས་འབྲས་བུ། ཏོང་ཀུ་སྲོ་ལོ་སོགས་ལོ་མ། རྒུན་འབྲུ་སྟར་ཁ་ཁམ་བུ་སོགས་ཤིང་ཏོག བྲག་ཞུན་རིགས་ལྔ། མདུང་རྩེ་སྦལ་རྒྱབ། མཚལ་བཙག་སོགས་ས་རྡོ་ལས་བྱུང་བ་སྟེ། མདོར་ན་དུག་རིགས་དང་བཤལ་སྐྱུགས་མིན་པའི་རྩི་སྔོ་ས་རྡོའི་སྨན་ཚོགས་ཚད་སྦྱར་དགོས་ལ། ཚྭ་སྣ་གཞུང་དུ་བཤད་ཀྱང་རོ་སོགས་ལ་གནོད་ཅིང་མཚུར་རིགས་ལྟ་བུ་ཁ་དོག་ལ་གནོད་པ་དང་། ཤིང་ཀུན། བཤུལ་ཆགས་ཀྱི་ཤས་མཚོན་ཁ་དོག་དྲི་རོ་ལ་གནོད་པའི་སྤྱང་ཀི་རྣམས་ཀྱང་མི་གཏོང་བར་སྣང་། གཞན་ཡང་གཞུང་ལས། དཀར་གསུམ་མངར་གསུམ། ལྔ་ཚན་ལྔ། ཕབས་ལྔ། ཆང་ལྔ། ཆུ་ལྔ། འོ་མ་ལྔ། བམ་གཙང་མའི་དོན་སྣོད་ཤ་ཁྲག་རུས་ལྤགས་སྐྲ་སེན་རྐང་ཀླད་ཚང་བ། ཤང་ཤང་སྤྲེའུ་སོགས་གདོང་པ་ཅན། རྨ་བྱ་བྱ་རྒོད་སོགས་གཤོག་པ་ཅན། སེང་གེ་སྟག་གཟིག་སོགས་གཅན་གཟན། གླང་ཆེན་བསྭེ་གཡག་སོགས་རྨིག་པ་ཁ་དབྲག །རྟ་རྐྱང་བོང་དྲེལ་སོགས་རྨིག་ཟླུམ། ཉ་སྲམ་སོགས་ཆུ་གནས། བྱི་བ་སོགས་ས་འཛུལ་རྣམས་ཀྱི་ཤ་ཁྲག །སྙིང་སྣ། དུང་། འགྲོན་བུ། འབྲུག་རུས་སོགས་རུས་པ་སྣ་ཚོགས། ནལ་ཕྲུག་སྐད་མ་འབྱིན་པའི་ལྕེ་སོགས་ལྕེ། འབྲུ་རིགས་ཚོགས་ཚད་ཀྱི་ཕྱེ་མ་སོགས་རེ་རེ་ལའང་སྟོང་སྟོང་སྦྱར་བར་བཤད་པས་སྤང་བླང་མེད་པར་ཇི་ལྟར་ཚོགས་པ་བྱ་ཆོག་ཀྱང་། དེང་སང་ཏིང་འཛིན་དགོངས་པའི་རྩལ་གྱིས་ཚུལ་བཞིན་བྱིན་གྱིས་རློབ་ནུས་པ་དཀོན་པས་མོས་སྒྲུབ་ཙམ་གྱི་སྐབས་འདིར་རྩི་སྨན་རྣམས་ལ་གཞི་བྱེད་སྔོ་སྨན་ཧ་ཅང་མི་མང་བའི་སྣེ་ཚང་དང་། ལྔ་ཚན་ལྔ། དཀར་མངར། ཤིང་ཏོག །འབྲུ་ཕྱེ། ས་རྡོའི་སྨན་སོགས་ཀུན་ལ་འོས་ཤིང་འཐད་པ་རྣམས་གཙང་དག་ཏུ་སྦྱར་ཅིང་། གཞན་རྣམས་ཕབས་རྒྱུན་གྱིས་འཐུས་པར་མཛད་པའི་ཕྱག་སྲོལ་འབྱུང་བ་ཉིད་གཉིས་རྟོག་རགས་ཤིང་ཐེ་ཚོམ་ཆེ་བའི་བློ་ངོར་སྐྱོན་མི་སྐྱེད་པའི་ཕྱིར་ལེགས་ཀྱང་། ཕྱིས་ཀྱི་ཆོས་སྨན་རྣམས་ལའང་བྱིན་རྟེན་རྙེད་ཚད་བསྲེས་ནས་རྟེན་འདུས་སུ་སྦྱར་པའང་མང་བས་དེ་འདྲ་མི་བྱ་བར། གསར་མའི་བདུད་རྩི་རིལ་བུ་དང་མཚུངས་པར་བཤད་མ་ཐག་པའི་སྨན་ཕྱེ་ཆུ་ཆང་འོ་མས་སྦོལ་བ་ལ། གཏེར་བྱོན་ཟོལ་མེད་ཀྱི་གུ་རུ་རིན་པོ་ཆེ་རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ་སོགས་ཀྱིས་བསྒྲུབས་པའི་ཆོས་སྨན་དང་། སེལ་མེད་ཀྱི་རིགས་འཛིན་བརྒྱུད་པ་གོང་མས་ཚད་ལྡན་དུ་སྦྱར་བའི་ཆོས་སྨན་ཆང་གི་ཉིང་ཁུ་ལ་སྦངས་པའི་ཁུ་བ་བསྲེས་ཏེ་འདྲེས་པར་འཕུར། གུར་གུམ་དང་ཙནྡན་དམར་པོའི་ཕྱེ་མ་སོགས་གང་འབྱོར་གྱིས་སེར་པོའམ་དམར་སྨུག་ལྟ་བུའི་ཁ་དོག་ལེགས་པའི་བསྒྱུར་ཁ་བྱས་ལ་བསྐམས་པའི་ཕྱེ་མ་བཀའ་དགོངས་སོགས་ཀྱི་སྨན་སྒྲུབ་སྐབས་སུ་བསྒྲུབ་པ་བྱུང་ན་རབ། མ་བྱུང་ན་དེ་དག་སོགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས་གཞུང་གསལ་བདུད་རྩི་བྱིན་རླབས་ཀྱི་དམིགས་གནད་རྩེ་གཅིག་གསལ་བས་སྔགས་འབུམ་ཕྲག་ལ་སོགས་པས་བསྒྲུབས་པ་དེ་ཉིད། སྨན་སྒྲུབ་བྱེད་སྐབས་ཀྱི་ཕབས་གཏའ་དང་། བདུད་རྩི་སྨན་མཆོད་ནམ་དགོས་དུས་སུ་སྨན་ཐོད་མཚན་ལྡན་དུམ་གསུམ་སོགས་སྐྱོན་མེད་པའི་ནང་ཆང་ངམ་ཆུ་གཙང་མངར་དང་སྦྱར་བ་ལ་བཏབ། སྒྲུབ་ཆེན་སོགས་ཀྱི་སྐབས་ཚོགས་བརྒྱད་དག་པའི་བརྡར་དར་བརྒྱད་བལྟབས་སམ། ཁམས་དཀར་དམར་དག་པའི་བརྡར་ཟངས་དང་གཤའ་ཚེ་བསྲེས་པ་འཁར་བའི་མེ་ལོང་གིས་བཀབ་པར་བཤད་པ་ལྟར་བྱའོ།། ༈ །།གཉིས་པ་རཀྟ་ནི། དབྱེ་བའི་རྣམ་གྲངས་གསུམ་དང་ལྔ་སོགས་གསུངས་ཤིང་སྦྱོར་ཐབས་དང་བྱིན་རླབས་རཀྟ་ཁྲག་རྒྱུད་དང་། གཏེར་མའི་གཞུང་ཆེན་རྣམས་ནས་རྒྱས་བསྡུས་ཅི་རིགས་འབྱུང་ཡང་། སྣོད་བཅུད་བཅུད་འདུས་ཀྱི་རཀྟའི་ཕབས་གཏའ་འམ་རུ་རྩི་སྦྱོར་བའི་ཚུལ་ནི། རྩ་བ་མཁའ་དབྱིངས་པདྨའི་རཀྟ་གཏེར་བྱོན་མཚོ་རྒྱལ་གྱི་རཀྟ་དངོས་སམ་ཕབས་རྒྱུན། གྲུབ་པའི་རིགས་རྒྱུད་འཁྲུལ་མེད་དམ་རིགས་བཟང་མཁའ་འགྲོའི་མཚན་རྟགས་ཅན་སྐྱེས་པའི་སྐྱོན་གྱིས་མ་གོས་པའི་པདྨ་རཀྟ། མ་རྙེད་ན་ཚབ་བམ་བུངས་སྐྱེད་དུ་གཏེར་བྱོན་གྱི་སིནྡྷུ་ར། ཙ་རི་པདྨ་བཀོད་སོགས་གནས་ཆེན་ཡོངས་གྲགས་ཀྱི་སིནྡྷུ་ར། སྲིད་པའི་རཀྟ་བྲག་ཞུན། གུ་ཧྱ་མཱུ་ལའི་རཀྟ་མི་རྒན་གྱི་སྲོག་པ་རྩ་ལ་གོས་པའི་ཁྲག་ཡིན་པར་བཤད་པ་དང་། སྐྱོབས་སུ། ཙནྡན་དམར་པོ། གུར་གུམ། ལི་ཤི །ཛཱ་ཏི། སེ་འབྲུ། སྲི་ཤིང་སྣ་མ། སྟར་བུ། སེ་བའི་མེ་ཏོག་དམར་པོ།་་་འབྲས་བུའང་། རྡོ་དྲེག་དམར་པོ། བྱིའུ་རུག་པ་དམར་པོ་བཅས། ཡན་ལག་སྲོག་མ་བཅད་པའི་རཀྟ་ཉེར་ལྔར་གྲགས་པ། རྡོའི་རཀྟ་ལྔ་ནི། མཚལ། ལྡོང་རོས། བཙག །མདུང་རྩེ་སྨུག་པོ། སྨུག་པོ་སྦལ་རྒྱབ། ཤིང་གི་རཀྟ་ལྔ་ནི། རྒྱ་སྐྱེགས། བཙོད། སེང་ལྡེང་། བཙན་དུག །ཐར་ནུ། རྩིའི་རཀྟ་ལྔ་ནི། གླ་རྩི། གོ་ཕྱེ། བུ་རམ། འབྲི་སྨུག །སྦྲང་རྩི། འབྲུའི་རཀྟ་ལྔ་ནི། རྒུན་འབྲུམ། སྐྱེར་འབྲུ། སྐྱུ་རུ་ར། ར་ཤག་དམར་པོ། ནས་ནག །མེ་ཏོག་གི་རཀྟ་ལྔ་ནི། ཨུག་ཆོས། ལུག་རུ་སྨུག་པོ། སྲན་མའི་མེ་ཏོག །ཧ་ལོ། རམ་བུ་བཅས་ཕྱེ་མར་བྱ། འཁོར་བ་རྒྱུའི་རཀྟར་གྲགས་པ་སྲོག་ཆགས་ལས་བྱུང་བའི་ཁྲག་སྣ་གཙང་མས་སྦོལ་ཏེ་རིལ་བུ་ཟུར་གསུམ་མམ་ཕྱེ་མར་སྐམ་པ་ཉིད་གོང་གསལ་སྨན་གྱིས་རིགས་འགྲེའམ། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་དམ་རྫས་རཀྟའི་སྒྲུབ་པ་ལྟར་བྱས་ལ་ཁྲག་མཆོད་ཐོད་པའི་སྣོད་དུ་ཆུ་གཙང་མའམ་ཇ་ཁུ་སོགས་ལ་བཏབ། སྒྲུབ་མཆོད་སྐབས་དར་དམར་ཟུར་གསུམ་གྱིས་བཀབ་པར་བཤད་དོ།། ༈ །།གསུམ་པ་གཏོར་མ་ལ་རྣམ་གྲངས་མང་དུ་གསུངས་པའི་ནང་ནས་འདིར་སྒྲུབ་གཏོར་དང་མཆོད་གཏོར་ལ་མཁོ་བའི་དམ་རྫས་སྟོན་ཏེ། དེའང་བཀའ་བརྒྱད་ཀྱི་མན་ངག་གཅེས་ལྡེ་ལས། ལག་ལེན་ཤེས་པ་བཞི་ལྡན་ཏེ༔ བ་ལིཾ་གཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་གསུངས་པ་ལྟར་གཏོར་མ་གཅིག་ཉིད་མཆོད་པའི་སྐབས་མཆོད་རྫས། སྒྲུབ་པ་དང་དབང་དུས་ལྷར། ཟློག་པ་ལ་དམག་དཔུང་། འཕང་བ་ལ་ཟོར་དུ་ཤེས་པར་བྱ་བ་ཡིན་པས་ཐ་དད་མེད་པའི་ལུགས་དང་། ཡང་དགོངས་འདུས་སོགས་ལས་དབྱེ་སྒོ་ཐ་དད་བཤམ་ཚུལ་བཅས་འབྱུང་བ་ལྟར། ཏིང་འཛིན་གསལ་མི་གསལ། འབྱོར་སྤྲོས་ཆེ་ཆུང་། གཙོ་ཆེར་གཞུང་སོ་སོའི་དགོངས་པ་ལྟར་བྱ་དགོས་ལ། གཏོར་མའི་རྒྱུ་ནི། དགོངས་འདུས་གཏོར་མའི་དེ་ཉིད་ལས་ཕྱི་ནང་གསང་གསུམ་གྱི་དབྱེ་བས་དགུར་གསུངས་ཏེ། ཕྱི་གཏོར་རྒྱུ་གོང་དུ་་་ཞལ་ཟས་སྐབས།སྨྲོས་ཟིན། ནང་གི་དཀར་གསུམ་ཚིལ་ཞག་རུས་པ་སྟེ༔ མངར་གསུམ་དྲི་ཆེན་ཚིལ་ཆེན་གསུར་ཆེན་པོ༔ དེ་དག་སྐྱོབས་ཀྱང་དྲི་ཆུ་ཨ་མྲྀ་ཏ༔ ཆང་སྦྱར་ཤ་ཆེན་ཞལ་ཟས་སྣ་ཚོགས་སོགས༔ གསང་བའི་དཀར་གསུམ་རྐང་ཀླད་བྱང་སེམས་སོགས༔ མངར་གསུམ་བུད་མེད་རྩི་ཆེན་མཚལ་ཆེན་དང༔ དྭངས་མ་དང་ནི་དེ་བཞིན་སྙིགས་མ་འོ༔ ཞེས་གསུངས་པ་ལས། །འདི་ནང་དང་གསང་གཏོར་གྱི་སྐབས་སུ་རྒྱུ་དེ་དག་ཕལ་ཆེར་འཕྲལ་འཕྲལ་མི་ཚོགས་པའི་དབང་དུ་བྱས། ལག་ལེན་དམར་ཁྲིད་ལས། སྣ་ཚོགས་སྤོད་དང་ཟས་སྣ་དང༔ སྤོད་ཀྱི་རྣམ་པ་མང་པོ་ཡང༔ སོ་སོའི་རིགས་དང་མཐུན་པ་ལ༔ གང་ལ་གང་དགོས་རིགས་པས་དཔྱད༔ ཅེས་གསུངས་པའི་སྤོད་ཀྱི་རིགས་ཀྱང་རྒྱུ་དང་ལྷན་ཅིག་སྦྱར་བས། སྤོད་བཏབ་པ་ཙམ་གྱིས་རྒྱུ་རྣམ་པར་དག་པའི་ལག་ལེན་སླ་ཐབས་རིག་འཛིན་གོང་མ་འགའ་ཞིག་གིས་མཛད་པ་ལྟར་སྦྱོར་བ་ལ། ཐུགས་སྒྲུབ་ཀྱི་རིགས་ལས་གཏོར་མའི་རྒྱུ་དང་སྤོད་དུ་བསྔགས་པའི་རྫས། གོང་སྨྲོས་རྩ་བརྒྱད་སྟོང་སྦྱར་གྱི་སྨན་ཕྱེ་དང་། སྲོག་ཆགས་གཙང་མ་ལས་བྱུང་བའི་མཁལ་མ་སྙིང་གློ་བ་མཚེར་པ་བ་སུ་ཏ་སྟེ་ནང་གྲོལ་རྣམ་པ་ལྔ། ཚིལ་རྐང་མར་ཞག་རུས་པ་གོ་རོ་ཙ་ན་ལྔ། མིག་རྣ་བ་སྣ་ལྕེ་སྙིང་སྟེ་དབང་པོ་རྣམ་པ་ལྔ། སྟར་ཁ་རྒུན་འབྲུ་ཁམ་བུ་ཨ་མྲ་སོགས་ཤིང་ཏོག་སྣ་ཚོགས། དུག་རིགས་མ་ཡིན་པའི་མེ་ཏོག །འབྲས་བུ་གསུམ། བཟང་པོ་དྲུག །ག་པུར་སོགས་སྨན་སྣ། ནས་འབྲས་གྲོ་སྲན་ཁྲེ་ཏིལ་སོ་བ་ཡུངས་དཀར་ཙི་ཙི་སོགས་འབྲུ་རིགས་ཀྱི་ཕྱེ། ཞོ་ཐུད་མར་ཕྲུམ་སྦྲང་རྩི་ཀ་ར་བུ་རམ་སོགས་དཀར་མངར་གྱི་རིགས། རྩི་བོ་ཆེ་སྒ་སྐྱ་པི་ལིང་ཕོ་རིལ་འུ་སུ་གོ་སྙོད་ལན་ཚྭ་གཡེར་མ་སོགས་སྤོད་ཀྱི་རིགས། རི་དང་ཀླུང་གི་ཤྭ་མོང་དང་སྒོག་ཙོང་གི་རིགས་རྣམས་གཙང་ཞིང་དག་པར་སྦྱར་བའི་ཕྱེ་ལ་ཆང་སྣ་དང་ཁྲག་སྣས་སྦོལ་པའི་ཕུར་མ་གོང་སྨྲོས་ཀྱི་རིགས་པས་བྱིན་བརླབས་ནས། རྩ་གསུམ་ཆོས་སྲུང་བླ་མེད་ནང་གི་རིགས་ཀྱི་སྒྲུབ་གཏོར་དང་མཆོད་གཏོར་ལ་བསྲེ་བ་དང་འཐོར་ཅིང་བླུག་པར་བྱའོ།། ༈ །།གསུམ་པ་གསང་མཆོད་ལ་ཡིད་སྤྲུལ་རིག་མ་བཅུ་དྲུག་དང་དངོས་སྦྱོར་སྒྲོལ་ཡིན་ཡང་། བོད་ཀྱི་ཕྲིན་ལས་དཀྱུས་ལ་ཐམས་ཅད་ཀྱང་ཡིད་སྤྲུལ་ལས་འོས་མ་མཆིས་ཤིང་མཚོན་བྱེད་ཀྱི་རྫས་བཤམ་པ་སོགས་མ་བཤད་དོ།། ༈ །།སྐོང་བའི་རྫས་ནི། སྤྱིར་མཆོད་རྫས་རྣམས་ཀྱང་སྐོང་རྫས་སུ་འགྱུར་རུང་། བྱེ་བྲག་བཀའ་བརྒྱད་མདངས་སྐོང་དུ། ཐུགས་དམ་སྐོང་བའི་དམ་རྫས་ནི༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ ཟ་ལེ་འབྲི་དང་ཤེལ་སྒོང་ལུག༔ ཙ་ར་ལ་སོགས་མདངས་ཀྱིས་བསྐང༔ ཞེས་སོགས་ཀྱིས་བསྟན་པ་རྣམས་དང་། ཁྱད་པར་རྨད་དུ་བྱུང་བའི་སྐོང་རྫས་བམ་ཆེན་ཏེ། དེ་རྣམས་མ་ནོར་ཅིང་མ་ཚང་མེད་པ། མ་ཉམས་པ། མ་རྙིང་པ། རོ་དང་ལྡན་པར་བཤམས་པས་དམ་ཅན་ཐུགས་དམ་སྐོང་བ་ཡིན་ནོ། །འདི་རྣམས་ད་ལྟ་དངོས་འབྱོར་དུ་བཤམས་པའི་ལག་ལེན་དཀོན་ཡང་ཏིང་ངེ་འཛིན་ཡེངས་མེད་དུ་མ་གསལ་ན་ཁ་ཡིས་འདོན་པ་ཙམ་བྲག་ཆའམ། ནེ་ཙོའི་ཁ་ཏོན་ལྟར་དོན་མེད་པར་མ་ཟད་ལྷ་སྲུང་ཁྲོས་པའི་བཀའ་ཆད་འབྱུང་བས་གཟུགས་བརྙན་བཅའ་བའམ། སྐོང་གཏོར་ལ་སྤར་དུ་བཏབ་ནས་བཀོད་པ་ཉིད་ཤིན་ཏུ་གལ་ཆེ་བའི་ཕྱིར་ཕྱོགས་ཙམ་སྨྲོས་པའོ།། ༈ །།དེ་ནས་ཞར་བྱུང་ཉེར་མཁོའི་རྫས། རབ་གནས་ཀྱི་སྐབས་སུ་ཁྲུས་ཀྱི་ཡོ་བྱད་ལ་བཀྲུ་བའི་རྫས་འདག་ཆལ་དང་། བྱུག་པའི་རྫས་དྲི་བཟང་གཉིས། དང་པོ་ལ་རིམ་པ་ལྔར་དཀྱིལ་ཆོག་རྡོར་ཕྲེང་ལས་བཤད་དེ། ཞོ། འོ་མ། མར། སྦྲང་རྩི། བྱེ་མ་ཀ་ར་སྟེ་ཕྱིའི་བདུད་རྩི་ལྔ། འོ་མ། ཞོ། མར། ལྕི་བ། ཆུ་སྟེ་བ་བྱུང་ལྔ། ནྱ་གྲོདྷ། ཨུ་དུམ་བ་ར། པླཀྴ། པིྥྣ་ལྱ། གནྡྷ་མུཎྜ་སྟེ་འོ་མ་ཅན་གྱི་ཤིང་གི་ཤུན་པ་ལྔ། དྲི་ལྔ། སྐྱུ་རུ་ར་དང་། ཡུང་བའི་ཕྱེ་མ་རྣམས་ཀྱིས་རིམ་པར་བྱུགས་ཤིང་བཀྲུ་དགོས་པ་ལས། ཤུན་པ་ལྔའི་ཚབ་ཏུ་བ་ལུ། འོམ་བུ་སོགས་བོད་རང་དུ་གྲགས་པའི་ཤིང་འོ་མ་དང་བདུད་རྩི་ཅན་རྣམས་ཀྱིས་བྱ་བ་ལས་ཐབས་མ་མཆིས་ཤིང་། དེ་ཙམ་ཡང་མ་ལྕོགས་ན། སློབ་དཔོན་ཀུན་དགའ་སྙིང་པོས། སུག་པ་དང་ནི་སྲན་ཕྱེ་དང་། །ཀུ་ཤ་བ་ཡི་རྣམ་ལྔ་དང་། །དེ་ལྟར་སོ་ཕག་ལ་སོགས་པས། ཁྲུས་ནི་བྱ་བར་གསུངས་པ་སྟེ། །ཞེས་པ་ལྟར་དང་། དཱུརྦའི་པིར་ཙམ་ནི་མ་འཛོམ་ཐབས་མེད་དོ། ༈ །གཉིས་པ་བྱུག་རྫས་ནི། ཙནྡན་དཀར་དམར། གུར་གུམ། གྲནྠི་ཀ །ཨ་ག་རུ་རྣམས་སམ། གུར་གུམ། ཨ་ག་རུ། གླ་རྩི། ག་པུར་ལ་སོགས་པ་དྲིའི་རྫས་ཇི་ལྟར་རྙེད་པ་སྦྱར་བར་བཤད་དོ།། ༈ །།གཞན་ལས་ཀྱི་སྦྱོར་བའི་བྱེ་བྲག་མཆོག་གི་ལས་སྐྱེ་བདུན་མྱང་གྲོལ་དང་འཕོ་རྫས། དུག་ཁྲག་རྭ་སྲུང་དང་བྱུག་བདུག་འདོགས་གསུམ་རྒྱན་གྱི་འཁོར་ལོས་མཚོན་པའི་སྲུང་བ་རྣམས་དང་། ནད་ཞི་བྱེད་སྨན་སྦྱོར་དང་ལོ་གྱོན་རིལ་བུ། གདོན་ཞི་བྱེད་རྟ་ནག་སོགས་ཀྱི་རྫས་རྒོད། ཚེ་རྒྱས་བྱེད་རིལ་བུ་དང་བཅུད་ལེན། ཤེས་རབ་རྒྱས་བྱེད་འཇམ་དབྱངས་དང་དབྱངས་ཅན་རིལ་བུ། བསོད་ནམས་ལོངས་སྤྱོད་རྒྱས་བྱེད་དཔལ་ཅན་རིལ་བུ། དབང་སྡུད་རྫས་སྒྲུབ་སྤྱི་དང་བྱེ་བྲག་སོགས་མང་ཡང་འདིར་བསྡུར་མ་ལང་ལ། ༈ ལོ་ཏོག་རྒྱས་བྱེད་ཆར་འབེབ་སོགས་ལ་ཉེ་བར་མཁོ་བའི་ཀླུ་སྨན་གྱི་ལག་ལེན་མ་དག་རྒྱུན་འབྱམས་མང་ཞིང་། དེས་ཕན་པ་ལས་གནོད་པ་ཆེ་བའི་ངག་རྒྱུན་དང་མིག་མཐོང་དུ་འདུག་པས་ཡིད་བརྟོན་ཕེར་བ་འགོད་ན། སྤྱིར་རྙིང་མ་གཏེར་མའི་ཕྱོགས་རྣམས་དང་། གསར་མའི་གཞུང་ལས་འབྱུང་བ། བོན་ལུགས་སོགས་འདྲ་མིན་མང་དུ་འབྱུང་ཞིང་སོ་སོའི་རང་སྲོལ་མ་འདྲེས་པ་བྱས་ན་ཕལ་ཆེར་ཁུངས་ལྡན་དུའང་སྣང་མོད། ཁུངས་ཆེ་བ་སྤང་སྐོང་། རྒྭ་ལོའི་ཀླུ་གཏོར། བླ་མ་དགོངས་འདུས་ཆར་ཆོག་གསུམ་རྩ་བའི་སྨན་ཐམས་ཅད་གཅིག་པ་ཁོ་ནར་སྣང་ཞིང་། འདྲ་མིན་མང་ཉུང་གཅིག་གཉིས་རེ་བྱུང་ཡང་དགོས་པའི་གནད་ཀྱིས་སྐྱོན་དུ་མི་འགྱུར་བར་རྟོགས་པས་དེ་ལྟར་གུང་བསྡེབས་ཏེ་བཀོད་ན། ཐོག་མར་མེ་ཏོག་དང་སྔོ་སྨན་རིགས་ཁྱེའུ་མགོ་གཙང་གིས་ཡར་ངོར་བཏུས་ཏེ་མེ་ཉིས་མ་ཕོག་པའི་གྲིབ་སྐམ་བྱ། ལ་སྨན་ཁྲོལ་བུའི་རིགས་རྣམ་འཇོམས་ཀྱིས་བསྒྲུབས་པའི་བུམ་ཆུས་བཀྲུ་བཤལ་ཡིད་ཆེས་པ་ལན་གསུམ་དང་། བཀྲུར་མི་རུང་བ་རྣམས་དང་། ཐམས་ཅད་ལའང་སྦྱོང་ཁྲུས་རྒྱས་པར་བགྱི། ཨུཏྤལ་སྔོ་དམར་དང་། ད་ལི། སྤེན་ནེ། འོམ་བུ། སེ་བ། ཉ་སྦྲིད་རྣམས་ཀྱི་མེ་ཏོག །ཤང་དྲིལ་དཀར་དམར། སྤང་རྒྱན། ལུག་མིག །ལུག་རུ། ཧ་ལོ། རྟག་ངུ་རིགས་གསུམ། དུང་ཏིག་བཅས་དུག་རིགས་མ་ཡིན་ཞིང་འབུ་སྲིན་གྱི་རོ་སོགས་མེད་པའི་མེ་ཏོག་རྣམས་དང་། སྤང་སྤོས་ལ་གཞི་བླངས་ཏེ། སྤང་སྐོང་སྨན། སྨྱུག་ལོ། ཐང་དཀར་ལོ་མ། རྨ་བྱའི་མདོངས་ཏེ་རྩྭ་རྨ་བྱར་གྲགས་པ་བལ་པོ་ནས་འབྱུང་བ་འཁྲུལ་མེད་དངོས་སམ། ངོས་ཟིན་ན་ཁམས་ཕྱོགས་འགའ་རེར་ཕྱོགས་མཚོན་ཡོད་པ་དང་། མ་རྙེད་ན་དྲེས་མའི་མེ་ཏོག་བྱ་གྲགས་དུས་བཏུས་པས་ཚབ་བྱ། ཟི་ར་དཀར་ནག སྦྲུལ་ལྤགས་པ་དངོས་ལྷོ་མོན་ནས་འབྱུང་བ། མ་རྙེད་ན་འབྲུག་ཤིང་གི་ཤུན་པ་སྟེ་འགའ་ཞིག་གིས་སེ་རྒོད་པའི་ཤུན་པའང་གཏང་། སྔོ་ཆུ་སྲིན་སྡེར་མོ། ཛཱ་ཏི། རྒྱ་མཚོ་ལྦུ་བ་འདི་དངོས་ནི་འབྱོར་དཀའ། རྒྱ་ཡུལ་ནས་འབྱུང་བ་ཕལ་ཆེར་འབུའི་ནང་ཁྲོལ་ཡིན་པས་གཏང་མི་རུང་བས་མཚོ་ཁར་ཆགས་པའི་ཆུ་བལ་སྔོ་ལྗང་དེ་ཀ་ལེགས་གསུངས། མཚལ་དཀར། འདིའང་ཁམས་ཕྱོགས་འགའ་རེ་ནས་འབྱུང་བའི་རྡོ་མཚལ་དཀར་ལ་དྭངས་པ་དེ་ཀ་ལེགས། སྤོས་དཀར། སྙིང་ཞོ་ཤ །གླ་གོར་ཞོ་ཤ །མཁལ་མ་ཞོ་ཤ །སྤུ་ཤེལ་རྩེ། ཤཱུ་དག་དཀར་པོ་འདིའང་ཤཱུ་དག་གི་དྲི་དང་བཟི་མེད་པ་དེ་དགོས། མ་རྙེད་ན་མཚོ་ཆེན་འགའ་རེའི་ནང་དུ་འོང་བ་དེས་ཚབ་རུང་། རྡོ་རྒྱུས་བྱ་བལ་མ། པུཥྤ་གེ་སར། ནཱ་ག་གེ་སར། ག་པུར། གུར་གུམ། ཙནྡན་དཀར་དམར། ཏིལ་དཀར་ནག་རྣམས་དང་། དེ་སྟེང་དགོངས་འདུས་ནས་ལྷག་པོར་འབྱུང་བ། རྒྱ་སྤོས་སུ་གྲགས་པའི་རྩ་བ། སུག་སྨེལ། གསེར་དངུལ། དུང་སྲིན་མེད། བྱེ་རུ། ཟངས། མུ་ཏིག་རྣམས་ཁྲོལ་བརྡུངས་ཐོག་བཙོ་བཀྲུ་ལན་གསུམ་བྱས་པ་དང་། ཀླུ་གཏོར་ལས་འབྱུང་བ། གཟི། ལི་ཁྲི་སྟེ་སིནྡྷུ་ར། འགྲོན་བུ། ཆག་ཚང་ཀུ་བ། སླེ་ཏྲེས་དང་བྱི་ཏང་ག །ཨ་རུ་ར། འདམ་བུ་ཀ་ར་རྣམས་ཞིབ་པར་བཏུལ། མི་གཙང་བ་མ་འདྲེས་པའི་ཀ་ར་བུ་རམ་བལ་པོའི་ལག་ནས་བྱུང་བ་དང་། སྦྲང་དཀར་བཅས་མངར་གསུམ་གྱིས་སྦོལ། དགོངས་འདུས་ལས་བག་ཕྱེའི་རིལ་བུར་གསུངས་ཀྱང་ད་ལྟའི་ཕྱག་རྒྱུན་དུ་ཉ་ལ་གནོད་ཟེར་མི་མཛད་པས། གྲོ་ནས་འབྲས་སོགས་འབྲུ་དཀར་ཕྱོགས་བསྲེས་ཀྱི་ཕྱེ་ཞིབ་ཕྲན་བུ་སྦྱར། ལྕགས་བསྭེ་སོགས་དྲག་པོ་དང་དུག་ཅན་མ་ཡིན་པའི་སྣོད་དུ། ཀླུ་གནས་ངེས་པའི་ཆུ་སྣ་དང་། བ་དམར་སེར། ར་དཀར་མོ། འབྲི་ཟལ་མོ་གསུམ་གྱི་འོ་མས་སྦྲུ། དབང་ལག་གིས་དམ་རྒྱབ་སྟེ་རིལ་བུ་ལུག་རིལ་འབྲིང་པོ་ཙམ་དུ་བསྒྲིལ་ནས་གྲིབ་སྐམ་བྱ། སྔ་རྗེས་ཐམས་ཅད་དུ་ཤ་ཆང་སྒོག་ཙོང་ལ་སོགས་པའི་དྲི་ཙམ་ཡང་མ་ཕོག་ཅིང་། ཁྱི་དང་བུད་མེད་སོགས་ཀྱིས་མ་རེག་མ་འགོམ་པ་དང་། ཁྱད་པར་དུ་གླ་རྩི་དང་གུ་གུལ་ནག་པོ་སོགས་ཀླུས་མི་འདོད་པའི་རྫས་ཀྱི་དྲིས་མ་གོས་ལ། ལས་བྱེད་རྣམས་ཁ་ལག་དག་གཙང་ཁ་རླངས་མ་ཕོག་པ་སོགས་ཤིན་ཏུ་གཙང་སྦྲ་ཐོན་པར་བྱས་ཏེ། རས་དཀར་དྲི་མ་མེད་པའི་ཁུག་མར་བླུགས། རིན་པོ་ཆེ་དང་རྫ་ཤིང་པར་བུ་གཙང་མར་མེ་ཉི་ནམ་མཁའི་མདངས་མ་ཕོག་པར་བཞག །རྒྱལ་ཉ་མཆུ་ཉ་གཉིས་སུ་ཁྱི་སྒྲ་དང་བུད་མེད་སོགས་མེད་ཅིང་སྔར་རོ་དབྱུང་མ་མྱོང་བའི་དབེན་པར། བླ་མ་དགོངས་པ་འདུས་པ་ལས་འབྱུང་བའི་སྒྲུབ་པ་ཚད་ལྡན་བྱུང་ན་རབ། གཏེར་གཞུང་གཞན་ལས་ཀྱང་ཕྱོགས་མཚོན་འབྱུང་བ་ལྟར་བྱིན་གྱིས་བརླབས་ལ་ལེགས་པར་ཚགས་བྱ། ཆར་སློང་གི་སྐབས་སུ་བབས་པའི་ཚེ། ལག་རྗེན་གྱིས་མ་རེག་པར་རྡོག་པོ་བདུན་ནམ་གསུམ་རེ་དར་དཀར་སྔོན་གྱི་ཁུད་དུ་བཏུམས་ནས་རྐྱ་པའི་ཉིན་ལམ་ཚུན་གྱི་ཆུ་མིག་གཉན་པོ་རྣམས་ཀྱི་ཕུག་ཏུ་བྱ་ཁྱིས་མི་མཐོང་བར་སྦ་བ་དང་། མཚོ་སོགས་གལ་ཆེ་བར་སྨྱུག་ཚིགས་ལྟ་བུར་ཆར་བསྐུལ་གྱི་སྔགས་དང་ལྷན་ཅིག་བཅུག་ལ་ཁ་བཅད་དེ་གཏིང་དུ་སྦས་པས་ཞག་གསུམ་མམ་ལྔའམ། འགྱངས་ནའང་ཞག་བདུན་ཕན་ཆད་ལ་ཆར་ཆེན་པོ་འབབ་པར་གསུངས་ཤིང་། གཞན་ཡང་ད་ལྟའི་ཕྱག་ལེན་ལྟར་བ་རའི་འོ་མར་རིལ་བུ་སྦྱངས་ཏེ་ཆུ་མིག་ཏུ་བླུགས་ན་ཀླུའི་གནོད་པ་རྣམས་ཞི་བ་དང་། ཆུ་མིག་སྐམ་པ་སོས་པ་སོགས་ཡོན་ཏན་མང་ངོ་། །སྤང་སྐོང་དུ་རས་སྐུད་དམར་པོ་གསུངས་པ་ནི་དཀྱིལ་འཁོར་དཀྲི་བའི་ཡོ་བྱད་ཀྱིས་ཆོག་པ་ཡིན་ལ། འགའ་ཞིག་གིས་འབྲི་ཏ་ས་འཛིན་གཏང་བའི་སྲོལ་འདུག་པའང་ཧ་ཅང་འགལ་བ་མེད། དགོངས་འདུས་སུ་ལེ་བརྒན་སོགས་དར་སྣ་གསུངས་པ་ནི་དེ་དག་གཙང་མར་བྱས་པ་མཆོད་རྫས་སུ་བཞག་པས་ཆོག་གོ །ཀླུ་བསང་ཤིང་སྣ་རྣམས་ནི་ཟུར་དུ་བསྡུས་པའི་ཕྱེ་བསང་རྫས་ལ་བསྲེས་ནས་དུད་པ་བྱས་ན་ལེགས་ལ། གཞུང་གཞན་ནས་བཤད་པ་རྣམས་རང་ལུགས་སོ་སོར་བསྡུ་བསྒྲུབ་བྱ་བ་ལེགས་པས་འདིར་མ་སྨྲོས་སོ།། ༈ །།བུམ་གཏེར་སྐོང་གསོལ་མདོས་རིགས་སོགས་གང་ལའང་མཁོ་བའི་སྨན་སྣ་ནི། བཟང་པོ་དྲུག །འབྲས་བུ་གསུམ། གེ་སར་གསུམ། ཞོ་ཤ་གསུམ། འབྲས་བུ་གསུམ། ག་པུར། ཙནྡན་དཀར་དམར། ཨ་གར་རིགས། གི་ཝང་། བྲག་ཞུན། སྔོ་སྨན་རྩ་བ་ལྔ། པྲི་ཡང་ཀུ །རུ་རྟ། རྟག་ངུ་། ཏིག་ཏ། ཟིལ་པའི་རིགས་བཅས། ཅོང་ཞི། ཨུཏྤལ་ད་ལི་སོགས་དུག་རིགས་མ་ཡིན་པའི་མེ་ཏོག་གིས་བུངས་བསྐྱེད། རྒྱས་པར་ན་གླ་རྩི། ཤིང་ཀུན། གུ་གུལ་སོགས་དང་བཤལ་སྐྱུགས་དུག་རིགས་བཟི་ཡོད་པའི་སྨན་མ་གཏོགས་ཚང་བར་བསྡུ་ནས་ཕྱེ་མར་བྱའོ།། ༈ །།རིན་ཆེན་ཕྱེ་མ་ནི། ཤེལ་རིགས་ཀྱི་རིན་པོ་ཆེ་མི་འབྱོར་བས་ཕ་ལམ་ཚབ་རྡོ་ཀོ་རཉྫར་གྲགས་པ་དང་། གསེར་དངུལ་སྦྲང་གཤོག་ཞིབ་མོར་གཏུབས་པ། མུ་ཏིག་སོགས་གཙོ་བོར་འཛོམ་ན་མཆོག་ཡིན་ལ། ཇི་བཞིན་མ་འབྱོར་ཚེ་གསེར་དངུལ་ཕྱེ་མ། ཉ་ཕྱིས། མུ་མེན། གཡུ། བྱེ་རུ། སྤོས་ཤེལ། ཁྱུང་སྐྱུག །རང་བྱུང་རྡོ་ཤེལ། དུང་སྲིན་མེད། ཟངས། ལྕགས་རྣམས་དང་། གཞན་ཡང་འབྱོར་ན་གཟི། མཆོང་། ནལ། གཡང་ཊིའུ་སོགས་ཚོགས་པར་བྱས་ལ་ཁྲོལ་བུར་བརྡུངས་ཆུ་ཚན་དུ་བཏབ་ནས་ཁོལ་བའི་ཆུ་ཕྱིར་ཕོ། ཆུ་འཁྱགས་ཀྱིས་བཤལ། དེ་འདྲ་ལན་གསུམ་བྱས་ལ་ཧ་ཅང་ཞིབ་པའམ་རྩིང་བ་མིན་པར་བརྡུང་ངོ་།། ༈ །།ཉང་གཏེར་དུ་གྲགས་པའི་ཡིག་རྙིང་དང་། ལས་འཕྲོ་གླིང་པའི་གཏེར་མ་བསང་གི་ལོ་རྒྱུས་ཕན་ཡོན་བསྟན་པ་སོགས་ལས་བཤད་པའི་བསང་རྫས་བརྒྱ་རྩའམ་སྤོས་སྦྱོར་རྒྱས་པ་ནི། གསེར་དངུལ། ཟངས་ལྕགས། གཡུ་བྱེར། སྦུར་ལེན། དུང་གཟི། མཆོང་། མུ་མེན། མུ་ཏིག །ཉ་ཕྱིས། ག་པུར། ན་གི །བཟང་དྲུག །ཙནྡན་གཉིས། ཨ་གར་རིགས་གསུམ། འབྲས་བུ་གསུམ། གེ་སར་གསུམ། གུ་གུལ་གཉིས། ཕུར་མོང་གཉིས། འབའ་ལ། རུ་རྟ། མ་ནུ། གླ་རྩི། སྟོད་ཀྱི་ལི་ག་དུར། སི་ལ། རྒྱ་སྤོས། སྤང་སྤོས། བྲག་སྤོས། གྲོ་ཚེ་སྤོས། མཁན་དཀར། མཁན་སྐྱ། པྲི་ཡང་ཀུ །གནྡྷ་པ་ཏྲ། གླང་སྣ། ལྷ་གླང་། ལུག་རུ་སེར་པོ། ཏོང་ཀུ །སྤྲུ་ནག །འུ་སུ། འབྲས་སྣ་གསུམ། ཆུ་ཕོའམ་དམར་རིས། རྒྱ་ཡུངས། ཤུ་གྲུ །བསེ་ཡབ། སྟར་ཁན། ཨ་ཤུ་རྒུན་འབྲུམ། སེ་འབྲུ། སྟར་བུ། ཞོ་ཤ་གསུམ། ཀུ་བ། རྡོ་རྒྱུས། ཨུཏྤལ། ཤུག་ལོ། སྟག་པ། སྨྱུག་ལོ། དེ་བ་དཱ་རུ། སེ་བའི་མེ་ཏོག །ཤིང་མངར། ལི་ཁྲི། མཚལ། སླེ་ཏྲེས། ཀཎྜ་ཀཱ་རི། དབང་པོ་ལག་པ། ཆུ་དག་དཀར་པོ། རྒྱ་མཚོ་ལྦུ་བ། ཆུ་སྲིན་སྡེར་མོ། རྡོ་དྲེག་དམར་པོ། ཟྭ་རྩྭ། འབྲས། སོ་བ། ཏིལ་དཀར་ནག །སྤྲས་གང་བ། ཟར་མ། ནས། གྲོ །སྲན་མ། ལན་ཚྭ། ཀ་ར། བུ་རམ། སྦྲང་རྩི། མར། འོ་མ། ཇ་ཆང་། དར་ཚོན་སྣ་ལྔ་སྟེ། དེ་ལྟར་རྫས་སྣ་བརྒྱ་དང་བརྒྱད་པོ་འདི་མན་ངག་ཀུན་ནས་འབྱུང་བའི་བསང་རྫས་ཀླུ་སྨན་ཐམས་ཅད་ཚང་བ་སྟེ། དེ་ཡང་ཀླུ་མཆོད་ཚེ་དུག་ཕྱུང་རྡོ་དྲེག་དམར་པོ་ཡོད་པས་ཆོག་པར་བཤད་ཀྱང་གླ་རྩི་སྤང་ན་ལེགས་པ་བཅས་ཞིབ་ཏུ་བཏགས་ལ། གསེར་སྐྱེམས་བསང་སོགས་གང་ལ་བསྲེས་ཀྱང་མགྲོན་རིགས་མཉེས་ཤིང་འགྲམ་འཁྲུགས་ཞི། ཕྲིན་ལས་མྱུར་དུ་འགྲུབ་པ་སོགས་ཕན་ཡོན་མང་དུ་བཤད་པས་ཞར་བྱུང་དུ་སྨྲོས་པའོ། །བླ་ཆེན་གསེར་དངུལ་མཆོད་ཆ་ངོམས་པས་ཆོག །སྔགས་པ་རྔ་བརྡུང་ཕྲེང་ཟད་དོན་དུ་གཉེར། །འབྱོར་མཁོས་དམན་པའི་བློ་ལྡན་ཅི་བྱ་བྲལ། །ཐོས་ཆུང་འདི་དགོས་ཙམ་ཡང་ཚོར་མ་མྱོང་། །དེས་ན་འདི་བྲིས་གཞན་ལ་ཕན་དཀའ་ཡང་། །བསམ་པ་བཟང་པོས་གོ་གསལ་བགྱིས་འདི་ཉིད། །སྔགས་སྤྱོད་ལག་ལེན་ཚུལ་བཞིན་འབྱུང་བའི་རྒྱན། །ཡོངས་གྱུར་གསང་ཆེན་ཕྲིན་ལས་རབ་རྒྱས་ཤོག །ཅེས་པ་འདིའང་གསང་སྔགས་ཚུལ་བཞིན་སྤྱོད་པར་འདོད་པའི་དད་བརྩོན་བློ་གྲོས་ལྡན་པ་འབྱུང་སྲིད་ན། ལག་ལེན་རྣམ་པར་གསལ་བའི་ཆ་རྐྱེན་དུ་དམིགས་པའི་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་མི་ཏྲ་སྙིང་ཐིག་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ (Volume 24, Text 34)
༁ྃ༔ ཐུགས་རྗེ་ཆེན་པོ་མི་ཏྲ་སྙིང་ཐིག་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ རྒྱ་གར་སྐད་དུ༔ ཨཱརྱཱབ་ལོ་ཀི་ཏེ་ཤྭ་ར་ཥ་ཌ་ཀྵ་ར་སཱ་དྷ་ནཱ་མ༔ བོད་སྐད་དུ༔ འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ༔ སྔོན་ནས་དོན་དམ་ཐུགས་ཆུད་སྙིང་རྗེའི་དབང་གིས་ཡེ་ཤེས་སྐུ༔ གནས་མཛད་འགྲོ་བ་ཀུན་ལ་བུ་བཞིན་མཉམ་གཟིགས་ནས༔ སྡུག་བསྔལ་རྒྱ་མཚོའི་རྫིང་ལས་འགྲོ་བ་སྒྲོལ་མཛད་པའི༔ སྐྱོབ་པའི་དཔལ་མཆོག་འཇིག་རྟེན་མགོན་པོར་འདུད༔ གདོད་ནས་རྣམ་དག་ཡེ་ཤེས་རྡོ་རྗེའི་སྐུ༔ གློ་བུར་སྤྲིན་འདུས་བསྒྲིབས་པའི་འགྲོ་ལ་ཕན་དོན་དུ༔ ཡེ་ཤེས་ཉི་མ་ཐེག་མཆོག་རྡོ་རྗེའི་གསང་ལམ་ཆེ༔ སྒྲིབ་པ་མྱུར་སེལ་སྒྲོན་མེ་ལྟ་བུ་བྲི་བར་བྱ༔ ྈྈ མི་ཏྲ་སྙིང་ཐིག་ལས༔ འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ནི༔ མི་ཏྲས༔ བླ་མ་དཀོན་མཆོག་ལ་གུས་ཤིང༔ སྙིང་རྗེ་བྱང་ཆུབ་སེམས་སྦྱངས་ཏེ༔ དབང་ཐོབ་དམ་ཚིག་ལྡན་པ་ཡིས༔ སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས༔ བཀྲ་ཤིས་བྱིན་ཆགས་ཡིད་འོང་གནས༔ རབ་དབེན་སྐྱེ་བོས་འཚེ་བ་བྲལ༔ ཕྱིན་ནས་མཆོད་སྦྱིན་སྔོན་སོང་ནས༔ རྟེན་དང་མཆོད་པ་རིམ་བཞིན་བཤམ༔ ཁྲུས་བྱས་བཤགས་སྡོམ་སྨྱུང་བར་གནས༔ ཞེས་གསུངས་པ་ལྟར་བྱ༔ དངོས་གཞི་མི་ཏྲས་མཛད་པའི་གཞུང་ལས༔ རང་གི་སྙིང་གར་ཧྲཱིཿབལྟས་ལ༔ འོད་ཀྱིས་འཕགས་པ་སྤྱན་དྲངས་ཤིང༔ ཕྱག་འཚལ་མཆོད་འབུལ་ལ་སོགས་པ༔ བསོད་ནམས་ཚོགས་ནི་གསག་པར་བྱ༔ འགྲོ་ལ་སྙིང་རྗེ་ཆེན་པོ་དང༔ བྱང་ཆུབ་སེམས་སྒོམ་མཉམ་པར་བཞག༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དངོས་རྣམས་ཐམས་ཅད་རབ་སྦྱངས་ཏེ༔ སྟོང་པ་ཉིད་ཀྱི་ངང་ཉིད་ལས༔ རླུང་དང་རྒྱ་མཚོ་རི་རབ་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ གྲུ་བཞི་པ་ལ་སྒོ་བཞི་པ༔ རྟ་བབ་ལ་སོགས་རྣམ་པར་མཛེས༔ ཕོ་བྲང་ཆུ་སྐྱེས་འདབ་དྲུག་ལ༔ སྣ་ཚོགས་པདྨ་འདབ་བརྒྱད་དང༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ དབུས་སུ་པདྨ་ཟླ་བའི་སྟེང༔ ཧྲཱིཿལས་པད་དཀར་ཧྲཱིཿས་མཚན་པ༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས༔ འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ༔ ཞལ་གཅིག་པ་ལ་ཕྱག་བཞི་པ༔ དང་པོ་ཐུགས་ཀར་ཐལ་མོ་སྦྱར༔ གཡས་འོག་མུ་ཏིག་ཕྲེང་བ་འཛིན༔ གཡོན་འོག་པདྨ་དཀར་པོ་བསྣམས༔ སྐུ་མདོག་དུང་དང་ཀུན་ད་འམ༔ ཁ་བའི་རི་འདྲ་དཀར་བ་ལ༔ ཐུགས་རྗེས་ཡུད་ཙམ་དམར་བའི་སྤྱན༔ ཞལ་ནི་འཛུམ་པའི་མདངས་དང་ལྡན༔ སྐུ་ནི་མེ་གཡོ་དྲང་པོར་ཏེ༔ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས༔ དབུ་སྐྲ་མཐོན་མཐིང་ལྕང་ལོར་འཁྱིལ༔ ཨ་མི་དེ་ཝས་སྤྱི་གཙུག་བརྒྱན༔ མཚན་བཟང་སུམ་ཅུ་རྩ་གཉིས་ལྡན༔ དཔེ་བྱད་བཟང་པོ་བརྒྱད་ཅུ་གཉིས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ལེ་བརྒན་དར་གྱི་ན་བཟའ་ལྷུབས༔ འཇིག་རྟེན་གསུམ་གྱི་མགོན་པོ་ནི༔ ཡུམ་སྲས་འཁོར་བཅས་བསྐྱེད་པར་བྱ༔ དེ་ཡི་གནས་གསུམ་བྱིན་བརླབས་ཏེ༔ སྤྱི་བོ་མགྲིན་པ་སྙིང་ཁ་རུ༔ རྡོ་རྗེ་གསུམ་གྱི་སྙིང་པོ་ནི༔ ཁ་དོག་གསུམ་ལྡན་འོད་ཟེར་འཕྲོས༔ ཕྱོགས་བཅུའི་བདེར་གཤེགས་སྤྱན་དྲངས་ལ༔ མཆོད་དེ་གསོལ་བ་བཏབ་པ་ནི༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐུ་གང་དྲི་དག་རིགས་བདག་མཚན༔ དེ་ནས་ཐུགས་ཀའི་ས་བོན་ལས༔ འོད་ཟེར་འཕྲོས་པས་འོག་མིན་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ༔ མཆོད་ཅིང་གཉིས་མེད་བསྲེ་བར་བྱ༔ རང་སེམས་རྣམ་དག་ལྷར་གསལ་བ༔ སྣང་ལ་རང་བཞིན་མེད་པ་ཡི༔ ཆུ་ཟླ་མེ་ལོང་གཟུགས་བརྙན་ནམ༔ ནམ་མཁའ་ཡི་ནི་འཇའ་ཚོན་ལྟར༔ མཐའ་གཉིས་ལས་འདས་ལྷ་ཡི་སྐུ༔ གདོས་བཅས་སྐུ་ནི་མེད་པ་ཡི༔ ཟུང་འཇུག་སྒྱུ་མ་ཆུ་ཟླ་ལྟར༔ རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ༔ དེ་ལྟར་གསལ་བའི་ཐུགས་ཀ་རུ༔ པད་ཟླ་ཧྲཱིཿདཀར་ཐ་མ་རུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབས་པའི་གསང་སྔགས་འདི༔ འཁོར་བར་བསམ་ལ་བཟླས་པར་བརྩོན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདི་ནི་མཚན་གྱི་རྒྱལ་པོ་སྟེ༔ མི་མཐུན་དྲི་མ་སྤོང་བྱེད་ཅིང༔ འདོད་པའི་འབྲས་བུ་ཀུན་སྟེར་བས༔ ཡིད་བཞིན་ནོར་བུ་ལྟ་བུ་འོ༔ དེ་ལྟར་ཐུགས་ཀྱི་འོད་ཟེར་གྱིས༔ སྣོད་བཅུད་སྦྱངས་ཏེ་སྐུ་ལ་བསྡུ༔ སྐུ་ཡང་གསུང་ཡིག་རིམ་པ་བཞིན༔ ཐིག་ལེ་དམིགས་མེད་ཐུགས་སུ་བསྡུ༔ དམིགས་མེད་ཕྱག་རྒྱ་ཆེན་པོ་ལ༔ མཚན་མའི་རྟོག་པ་རབ་ཞི་བ༔ ཆོས་དབྱིངས་དག་པའི་ངོ་བོ་ཉིད༔ རང་རིག་ཀུན་ཏུ་འོད་གསལ་བའི༔ དེ་བཞིན་ཉིད་ཀྱི་ངང་ལ་བཞག༔ དེ་ལ་ཟུང་འཇུག་ལྷ་ཡི་སྐུ༔ གསལ་ཏེ་སྤྱོད་ལམ་རྣམ་བཞི་རུ༔ མ་ཡེངས་ཆུ་བོའི་རྒྱུན་ལྟར་བསྒོམ༔ སྣང་གྲགས་དྲན་གྱུར་སྐུ་གསུང་ཐུགས༔ ཤེས་བཞིན་ལྷ་ཡི་ལམ་ཁྱེར་བྱ༔ ཞེས་གསུངས་ལྟར་དུ་སྒྲུབ་པ་མཆོག༔ གཞན་ཡང་བསོད་ནམས་ཚོགས་གསག་ཕྱིར༔ མདུན་གྱི་མཎྜལ་མཆོད་བསྟོད་སོགས༔ ལས་བྱང་མཆོད་བསྟོད་ཚུལ་བཞིན་བྱེད༔ རྗེས་སུ་བསྡུ་དང་རྒྱུན་སྤྱོད་བྱེད༔ དེ་ལས་བྱུང་བའི་བསོད་ནམས་ཀྱང༔ འགྲོ་དོན་བྱང་ཆུབ་ཆེན་པོར་བསྔོ༔ དེ་ལྟར་ཟླ་དྲུག་བསྒོམས་པས་འགྲུབ༔ ལོ་དྲུག་བསྒོམས་ནས་དོན་ཆེན་བརྙེས༔ འབུམ་བྱེ་ས་ཡ་དུང་ཕྱུར་གྱིས༔ གཞན་དོན་འགྲུབ་ཅིང་ཟག་མེད་འགྲུབ༔ སྣ་ཚོགས་ལས་ལ་དབང་བསྒྱུར་འགྱུར༔ ལྔ་བརྒྱའི་དུས་མཐར་འཇིག་རྟེན་དུ༔ ཐུབ་པའི་བསྟན་པ་བདུད་ཀྱིས་བཅོམ༔ བསྟན་པ་རིན་ཆེན་ཉམས་གྱུར་ཚེ༔ འཕགས་པ་འཇིག་རྟེན་དབང་ཕྱུག་ལ༔ གསོལ་བ་བཏབ་པས་ཐུགས་རྗེ་ཆེ༔ མྱུར་དུ་བདག་གཞན་དོན་འགྲུབ་ཤོག༔ མ་འོངས་འགྲོ་བ་ཀུན་དོན་དུ༔ མི་ཏྲ་ཛོ་ཀིའི་བཀའ་བཞིན་དུ༔ ཨོ་རྒྱན་ཡུལ་གྱི་དགེ་སློང་པ༔ པདྨ་སམྦྷ་བདག་གིས་བསྒྱུར༔ བོད་ཡིག་བོད་སྐད་གཏན་ལ་ཕབ༔ འགྲོ་ཀུན་བདེ་བའི་ལམ་ལ་བཀོད༔ སྨོན་འཇུག་སེམས་བསྐྱེད་མཐའ་རུ་ཕྱིན༔ བདག་གཞན་དགོས་དགུ་ནམ་མཁའི་མཛོད༔ ཕྲིན་ལས་རྒྱ་མཚོའི་གླིང་དུ་བསྒྱུར༔ བདག་ཡིན་ནི་འོད་དཔག་མེད་ཡིན་ཏེ༔ བསྟན་པ་ཐུགས་རྗེ་ཆེན་པོ་སྤེལ༔ དེ་ཡང་དགོས་པའི་དོན་གཅིག་ཡོད༔ འཇིག་རྟེན་འཁོར་བ་མ་སྟོངས་བར༔ འཕགས་པའི་ཐུགས་རྗེ་ཟད་མི་འགྱུར༔ འཕགས་པའི་ཐུགས་རྗེ་མ་ཟད་བར༔ པད་འབྱུང་ཕྲིན་ལས་ཟད་པ་མེད༔ ཕྲིན་ལས་ནམ་མཁའི་མཛོད་ཆེན་ལ༔ འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང༔ མིང་ནི་པདྨ་རྒྱལ་པོ་ཟེར༔ སྲིད་པ་མ་ལུས་གནས་དག་ནས༔ སྲིད་པའི་མཚོ་དེ་སྐེམ་གྱུར་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྷུ་ཧྱ༔ ཟབ་རྒྱ༔ སྟག་ཤམ་པའི་གཏེར་མ་ཡང་དག་པའོ།། །།
ཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་ཕྲིན་ལས་སྤུ་གྲི་ཁ་འཕངས་རྣམས་དཀྱུས་སུ་བཀོད་པ (Volume 31, Text 34)
༄༅། །ཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་ཕྲིན་ལས་སྤུ་གྲི་ཁ་འཕངས་རྣམས་དཀྱུས་སུ་བཀོད་པ་བཞུགས་སོ། ། ྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་ཤྲཱི་ཀུ་མཱ་ར་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པའི༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ ལས་བྱང་ཆོ་གའི་རིམ་པ་བསྟན་པར་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་སྟེ༔ དང་པོ་ནི་རྣལ་འབྱོར་པ་རྣམས་བདེ་བའི་སྟན་ལ་འདུག་སྟེ༔ གཏོར་ཚོགས་མཆོད་པ་གཞུང་བཞིན་བཤམས་ལ༔ རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་གྱུར། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་གཞིར་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རངས། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ཚད་མེད་རྣམ་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །དེ་ལྟར་སྐྱབས་སེམས་ཡན་ལག་བརྒྱད་སོགས་སྔོན་དུ་སོང་ནས། ང་རྒྱལ་གཟུང་བ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ། སྟོང་པའི་ངང་ལས་སྐད་ཅིག་གིས་བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་ཕུར་པ་འདྲིལ་ཞིང་གཡོན་སྡིགས་མཛུབ་མཛད་པ། དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཤིན་ཏུ་ཁྲོ་ལ་བརྗིད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གསལ་བར་གྱུར། འབྱུང་གཏོར་བྱིན་རླབས་བསྔོ་བ་རྣམས་སྤྱི་ལྟར་བཏང་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ༔ གྷྲྀཧྞ་པ་ཡ་གྷྲྀཧྞ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བིདྱཱ་རཱ་ཙ་ཡ་ཧཱུྃ་ཕཊ༔ དེ་ནས་མཚམས་གཅད་པ་ནི༔ ཧཱུྃ༔ ང་ནི་རང་བྱུང་ཁྲོ་རྒྱལ་ཆེན་པོ་སྟེ༔ སྐུ་གསུང་ཐུགས་ལས་འོད་ཟེར་རབ་འཕྲོས་ཤིང༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་གུར་ཆེན་འབར༔ སུས་ཀྱང་འདའ་བའི་སྐབས་མེད་རབ་ཏུ་གཏམས༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་ཆེན་ཏེ༔ རྡོ་རྗེ་འབར་བས་མ་ལུས་འཇོམས་པར་བྱེད༔ སྟེང་འོག་ཕྱོགས་མཚམས་འཁོར་ལོའི་གུར་ཆེན་ཏེ༔ འཁོར་ལོ་འབར་བས་ཐམས་ཅད་གཅོད་པར་བྱེད༔ སྟེང་འོག་ཕྱོགས་མཚམས་རལ་གྲིའི་གུར་ཆེན་ཏེ༔ རལ་གྲི་འབར་བས་ཐམས་ཅད་གཏུབ་པར་བྱེད༔ སྟེང་འོག་ཕྱོགས་མཚམས་དབྱུག་ཏོས་གཏམས་པ་ཏེ༔ དབྱུག་ཏོ་འབར་བས་མ་ལུས་རྡུང་བར་བྱེད༔ སྟེང་འོག་ཕྱོགས་མཚམས་རྒྱ་གྲམ་གུར་ཆེན་ཏེ༔ རྒྱ་གྲམ་འབར་བས་ཐམས་ཅད་སྲུང་བར་བྱེད༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཀྲ་ཙཀྲ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀརྨ་སཏྭ་ཧ་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ནཱ་ནཱ་ཙཎྜ་རོ་ཁ་ཎ་ཁཌྒ་ཧཱུྃ་ཕཊ༔ དེ་ནས་ཁྲོ་བོ་བཅུའི་མཚམས་གཅད་དེ༔ ཧཱུྃ༔ སྟེང་གི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ ཧཱུྃ་ཆེན་ཀཱ་ར་ཞལ་གསུམ་ཕྱག་དྲུག་པ༔ ལྷ་ཡི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ སྟེང་གི་ཕྱོགས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ སྟེང་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ རྣམ་པར་རྒྱལ་བ་ཞལ་གསུམ་ཕྱག་དྲུག་པ༔ དྲི་ཟའི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ ཤར་གྱི་ཕྱོགས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་མཚམས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ དབྱུག་པ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ༔ མེ་ལྷའི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ ཤར་ལྷོ་མཚམས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་དཎྜ་ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དགྲ་བགེགས་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་པོ་ཞལ་གསུམ་ཕྱག་དྲུག་པ༔ གཤིན་རྗེའི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ ལྷོ་ཡི་ཕྱོགས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་ཞལ་གསུམ་ཕྱག་དྲུག་པ༔ སྲིན་པོའི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ ལྷོ་ནུབ་མཚམས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཐམས་ཅད་བྷན་དྷ་བྷན་དྷ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ རྟ་མགྲིན་དབང་ཆེན་ཞལ་གསུམ་ཕྱག་དྲུག་པ༔ ཀླུ་ཡི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲཱི་ཝ་ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་མཚམས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ གཞན་གྱིས་མི་ཐུབ་ཞལ་གསུམ་ཕྱག་དྲུག་པ༔ རླུང་ལྷའི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ ནུབ་བྱང་མཚམས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་གི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ བདུད་རྩི་འཁྱིལ་པ་ཞལ་གསུམ་ཕྱག་དྲུག་པ༔ གནོད་སྦྱིན་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ བྱང་གི་ཕྱོགས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུན་ཌ་ལཱི་ཧཱུྃ༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཚིན་དྷ་ཚིན་དྷ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་མཚམས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་ཕྱག་དྲུག་པ༔ བགེགས་ཀྱི་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ བྱང་ཤར་མཚམས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་ཐམས་ཅད་བྷིན་དྷ་བྷིན་དྷ་ཧཱུྃ་ཕཊ༔ ཧཱུྃ༔ འོག་གི་ཕྱོགས་ནས་མཚམས་གཅོད་ཁྲོ་བོའི་རྒྱལ༔ སྟོབས་ཆེན་འཇིགས་བྱེད་ཞལ་གསུམ་ཕྱག་དྲུག་པ༔ ས་བདག་གདོན་ཚོགས་ཞབས་བཞིའི་སྟབས་ཀྱིས་མནན༔ འོག་གི་ཕྱོགས་ཀྱི་དགྲ་དང་བགེགས་ཟློག་ཅིག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཁྲོ་ཆེན་འབར་བ་མེ་ཡི་ཐོག་ཆེན་འབེབ༔ སྟེང་འོག་ཕྱོགས་མཚམས་གར་དགུའི་ཚུལ་གྱིས་སྲུང༔ ཀུན་ཀྱང་ཕྱོགས་བཅུར་ཕུར་པ་འདྲིལ་ཞིང་འདེབས༔ སྲུང་དང་མཚམས་ཀྱི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་མ་ཧཱ་ཀྲོ་ཏ་བི་ཤྭ་ཙཀྲ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ དེ་ནས་བརྡའ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་མཛད་པའི་ཕྱིར༔ རྣམ་དག་གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ༔ རང་གསལ་མ་འགགས་ཆོས་དབྱིངས་སྒོ་དབྱེ་འོ༔ བྷྲཱུྃ་མཎྜ་ལ་ཨེ་པྲ་ཝེ་ཤ་ཡ་ཕཊ༔ བརྡའི་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ རང་བྱུང་ཡེ་ཤེས་ངང་དུ་མཇལ་ཕྱག་འཚལ༔ ཧེ་རུ་ཀ་ས་མ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དམ་བཅའ་བ་ནི༔ ཧཱུྃ༔ དམ་བཅའ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ་བྱའི་ཕྱིར༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་ངང༔ བདག་དང་དབྱེར་མེད་གཅིག་ཏུ་མ་གྲུབ་བར༔ སྐྱེ་བ་ཇི་སྲིད་བར་དུ་མི་གཏང་ངོ༔ ཀརྨ་ཧེ་རུ་ཀ་ཙིཏྟ་བཛྲ་ས་མ་ཏི་ཧཱུྃ༔ བྱིན་དབབ་པ་ནི༔ ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སྲིད་པ་རྡོ་རྗེ་ཕུར་པ་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་མ་ལུས་རྣམས༔ ཐུགས་རྗེ་ཆེན་པོས་སྒྲིབ་བཀོལ་མི་མཛད་ཅིང༔ དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་རླབས་པོ་ཆེ༔ བླ་མེད་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝན༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ རྡོ་རྗེ་ཕུར་པ་གསང་བའི་དབྱིངས་ཉིད་ལས༔ དབང་བསྐུར་བྱིན་ཆེན་དབབ་པའི་དུས་ལ་བབ༔ སྔོན་གྱི་ཐུགས་དམ་བཅོམ་ལྡན་རྡོ་རྗེའི་བདག༔ རྡོ་རྗེའི་དབང་བསྐུར་དམ་ཚིག་བླ་ན་མེད༔ སྐྱབས་ལས་མི་གཡེལ་གཡར་དམ་གཅིག་པའི་ལྷ༔ རྒྱལ་བ་མ་ལུས་རྣམས་ཀྱིས་བྱིན་གྱིས་རློབས༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཧཱུྃ༔ ས་མ་ཡ་ཛ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བླ་མེད་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་རྣམས༔ བདེ་གཤེགས་རྒྱལ་བ་མ་ལུས་སྐོང་བའི་རྫས༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་གནས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱི་ཐཱ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་ཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎ་དྷ་ལ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ཏ་ན་སརྦ་པཱུ་ཛ་ཧོ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ ལྷ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དགོངས༔ བདག་ནི་མ་རིག་རྨོངས་ཤིང་གཏི་མུག་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་སོགས༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི༔ དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཤུདྡྷེ་ཨ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་གོ་རུ་བསྒོམ་པར་བྱ༔ ཨོཾ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པའི་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨཿདྷཱ་ཏུ་སྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ཉིད་ལས༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ ཐམས་ཅད་རྒྱུ་ལས་མ་བྱུང་མེད༔ རྒྱུ་ཡི་ཡི་གེ་ཧཱུྃ་དུ་གསལ༔ ཙིཏྟ་བཛྲ་ས་མཱ་ཏི༔ ཛཿཧཱུྃ་བཾ་ཧོ༔ འབྱུང་བ་རིམ་བརྩེག་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ཀློང༔ ནམ་མཁའ་མཐའ་དབུས་མེད་པར་བརྡལ༔ སྟོབས་ཆེན་རླུང་གི་དཀྱིལ་འཁོར་ལས༔ རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔ དེ་སྟེང་གསེར་གྱི་ས་གཞི་བརྡལ༔ རུས་པའི་རི་རབ་གྲུ་གསུམ་བརྗིད༔ བསྐལ་པའི་མེ་ཕུང་ཕྱོགས་བཅུར་འབར༔ ཡུམ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨེ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ར་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ སུཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཀིཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོ་ནི༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང༔ བནྡྷ་སྐམ་རློན་འབར་བས་བརྩིགས༔ གནམ་ལྕགས་རྡོ་རྗེའི་གཟེར་གྱིས་གཏམས༔ འཁོར་ལོ་རྩིབས་བཅུ་མུ་ཁྱུད་བཅས༔ རིན་ཆེན་འཁོར་ལོ་སྤེལ་མར་དཀྲིགས༔ ཕྱོགས་བཞི་ཁྱམས་དང་སྒོ་རུ་གསལ༔ གདུང་དང་དྲལ་ཕྱམ་ཀ་བ་དང༔ ཐོག་དང་སྐར་ཁུང་ཉི་ཟླས་མཚན༔ གྲུ་ཆད་མུ་རན་འཁོར་ཡུག་དང༔ དྲྭ་ཕྱེད་མཛེས་པའི་ཟ་ར་ཚགས༔ རྟ་བབས་གདུགས་ཏོག་ཆོས་འཁོར་མཛེས༔ ཕ་གུ་མཆོད་རྟེན་རིན་ཆེན་དཀྲིགས༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར༔ པདྨ་རྡོ་རྗེ་མེ་ཕུང་དང༔ རྡོ་རྗེའི་བྲག་ཆེན་ར་བས་གཏམས༔ ཀུན་ཀྱང་ཡེ་ཤེས་ལྔ་ཡི་ཀློང༔ ཕྱི་གསལ་ནང་གསལ་སྒྲིབ་པ་མེད༔ རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ༔ ཧཱུྃ་བྷྲཱུྃ་བི་ཤྭ་བི་ཤུད་དྷེ༔ ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྱ་མན་དྷ་ལ༔ ཨ་ཙནྡྲ་མན་དྷ་ལ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་ཨེ་ཡི་གཞལ་ཡས་དབུས༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཡོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་ཕུང་ཁ་ཊྭཱཾ་འཛིན༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏེ༔ གཡས་པས་ཨུཏྤལ་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ སྟེང་འོག་ཕྱོགས་མཚམས་འཁོར་ལོའི་སྟེང༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ རང་བྱུང་ཁྲོ་རྒྱལ་བཅུ་རུ་ཤར༔ ཧཱུྃ༔ སྟེང་ཕྱོགས་ཧཱུྃ་ཀཱར་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ཕྱོགས་རྣམ་རྒྱལ་སྙེམས་མ་ནི༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོར་དབྱུག་སྔོན་སྡེར་མོ་ནི༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེ་དུར་ཁྲོད་བདག༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བནྡྷ་བནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་རྟ་མགྲིན་རྡོ་རྗེ་གཏུམ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་ནི༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དུ་བདུད་རྩི་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུན་ཌ་ལཱི་ཧཱུྃ༔ ཚིན་དྷ་ཚིན་དྷ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་ཁམས་གསུམ་གསོད་བྱེད་ནི༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིན་དྷ་བྷིན་དྷ་ཧཱུྃ་ཕཊ༔ ཧཱུྃ༔ འོག་ཕྱོགས་སྟོབས་ཆེན་སྐུལ་བྱེད་མ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ༔ ཉི་མ་དང་ནི་འོད་ཟེར་བཞིན༔ གཙོ་དང་འཁོར་དུ་ཡོངས་རྫོགས་གསལ༔ དཀྱིལ་འཁོར་མུ་རན་འཁོར་ཡུག་ཏུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ བདག་ཉིད་ཤྭ་ན་ས་བདག་དང༔ བསེ་ལྕགས་དུང་གསུམ་སྐྱེས་བུ་སོགས༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ༔ ཨ་པ་ར་ཙི་ཏེ༔ མ་ར་སེ་ན༔ པྲ་མཱརྡྷ་ན་ཡེ་ཧཱུྃ་ཕཊ༔ འདིར་ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་མཆོག་བྱིན་རླབས་སྦྱར། སྐུ་གསུང་ཐུགས་བྱིན་རླབས་མན་ཆད་དཀྱིལ་འཁོར་གསུམ་ལྷན་ཅིག་བྱ་བ་ནི། ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག༔ ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་བཛྲ་ནཱན༔ ཛྭ་ལ་ཛྭ་ལ༔ པྲ་ཛྭ་ལ་པྲ་ཛྭ་ལ༔ སྥུ་ཊ་སྥུ་ཊ༔ སརྦ་ན་ས་པ་ན་ཡེ་ཧཱུྃ་ཕཊ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིག་ཏུ་བདག་སྐྱེད་ཅིག༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ ཝཱ་ཀ་བཛྲ་ནཱན༔ སརྦ་དུཥྚཱན་ཧྲཱིཿཤོ་དྷ་ན་ཡེ་ཧཱུྃ་ཕཊ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིག་ཏུ་བདག་སྐྱེད་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཙིཏྟ་བཛྲ་ནཱན༔ པེ་ཏ་ལི་མན་དྷ་ལ་མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ༔ ས་པ་ཤྭ་རི་ས་མ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་ས་མ་ཡ་ཛ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ སྤྱན་དྲང་བ་ནི༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པའི༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཁྲོ་རྒྱལ་མ་ལུས་འཁོར་བཅས་གཤེགས་ནས་ཀྱང༔ དམ་ཚིག་དང་ནི་ཡེ་ཤེས་དབྱེར་མེད་པར༔ འོ་མ་དང་ནི་ཆུ་བཞག་ཇི་བཞིན་དུ༔ གཉིས་མེད་བརྟན་པ་ཆེན་པོར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བ་དང༔ ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ འབར་བའི་དཀྱིལ་འཁོར་རྡོ་རྗེ་ཕུར་པའི་ལྷ༔ དངོས་གྲུབ་སྩོལ་ཕྱིར་ཕྱི་ནང་གསང་བ་ཡི༔ གུས་པས་མཆོད་པའི་སྤྲིན་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ སིལ་སྙན་ལ་སོགས་མཆོད་སྤྲིན་རྒྱ་མཚོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཏེ༔ འདོད་ཡོན་ལྔ་ཡི་མཆོད་པ་དཔག་མེད་དང༔ ཐབས་དང་ཤེས་རབ་བདེ་ཆེན་བྱང་ཆུབ་སེམས༔ བླ་མེད་གསང་བ་མཆོག་གི་ཕྱག་རྒྱར་བཅས༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་དང༔ གྲུབ་པའི་རིག་འཛིན་མཁའ་འགྲོ་དམ་ཅན་ལ༔ རྣལ་འབྱོར་བདག་གིས་གུས་པས་འབུལ་ལགས་ན༔ དགྱེས་པས་དགོངས་ཏེ་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་པཱུ་ཙ་ཧོ༔ སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ས་མ་ཡ་ཛཿཧོ༔ བཛྲ་ཧོཿཧཾ༔ རཱ་གཱ་ཡ་མི༔ གུ་ཧྱ་ས་མ་ཡ་སཏྭཾ༔ སྨན་མཆོད་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུ་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཐམས་ཅད་རྣལ་འབྱོར་བདུད་རྩི་ཆེ༔ བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ༔ ཤ་ཆེན་མཆོད་པ་རིན་པོ་ཆེ༔ པདྨ་མེ་ཏོག་ཡང་དག་ལྡན༔ རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག༔ ཟས་མཆོག་ཚེ་ཡི་དྲི་ཆེན་པོ༔ ག་བུར་ཤེལ་གྱི་སྤོས་ཕོར་དྲི༔ རིན་ཆེན་མེ་ལྟར་འབར་བའི་འོད༔ མ་ལུས་འདུས་པའི་ཐིག་ལེ་ཆེ༔ གཅིག་ཏུ་དཔའ་བོ་རོ་རྣམས་དང༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ འཆི་མེད་བདུད་རྩི་རཱ་སཱ་ཡ༔ རྒྱལ་བ་རྒྱ་མཚོ་ཀུན་གྱི་གསོས༔ ཇི་སྙེད་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་ཅག་གུས་པས་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི་ཁཱ་ཧི༔ སྐུ་གསུམ་བཀའ་བརྒྱུད་རྒྱ་བོད་རིག་འཛིན་དང༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཅེས་པའི་མཚན་དོན་ཀུན་ལ་སྦྱར་རོ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ དཔལ་ཆེན་མངོན་རྫོགས་རྡོ་རྗེ་གཞོན་ནུ་དང༔ གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མཐིང་ནག་འབར་བ་འཁོར་ལོའི་རྩིབས་སྟེང་དུ༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་རིགས་བཞི་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་དུ༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ཁྲ་ཐབས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གཞལ་ཡས་ཆེན་པོ་མཉམ་པའི་སྒོ་བཞི་ན༔ ཕོ་བྲང་སྲུང་བའི་སྒོ་མ་བཞི་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ དཀྱིལ་འཁོར་སྐྱོང་བའི་མུ་རན་ཁོར་ཡུག་ཏུ༔ ཤྭ་ན་ས་བདག་བདག་ཉིད་རེ་མ་ཏི༔ བསྭེ་ལྕགས་དུང་སོགས་སྐྱེས་བུ་འཁོར་རྣམས་དང༔ ཕུར་པའི་སྲུང་མར་ཞལ་བཞེས་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཁཾ༔ ལྕེ་ཡི་དམ་ཚིག་རྡོ་རྗེ་པདྨོ་ལ༔ རྡོ་རྗེ་སྤྱན་གྱིས་གསལ་བར་ཧཱུྃ་བསྒོམས་ཏེ༔ ཐབས་དང་ཤེས་རབ་འབྲེལ་བའི་ཕྱག་རྒྱ་ཡིས༔ ཕན་དང་ནུས་པར་ལྡན་པའི་སྨན་ལྔ་ལ༔ དང་དུ་མ་བླངས་རྟོག་པས་སྤོང་ལེན་བགྱིས༔ ལྟ་སྤྱོད་གཞུང་དང་འགལ་བ་མཐོལ་ལོ་བཤགས༔ མུ་ཏིག་དཀར་པོ་དྲི་མེད་ཐིག་ལེ་དང༔ ཙནྡན་སྨུག་པོ་རྨ་མེད་པདྨའི་མཁར༔ གཉིས་མེད་བདེ་ཆེན་བདེ་བའི་མཆོག་ལ་གནས༔ བསྭེ་ཕོར་བཀྲ་ཤིས་མཚན་ལྡན་ནང་དུ་བསྐྱིལ༔ བདུད་རྩི་འབྱུང་བའི་རྒྱུ་ནི་བྱང་ཆུབ་སེམས༔ བདུད་རྩིའི་ངང་ནི་མཉམ་པ་ཉིད་དུ་གནས༔ བདུད་རྩིའི་ལས་ནི་རྣམ་རྟོག་བག་ཆགས་སྦྱོང༔ བདུད་རྩིའི་དོན་ནི་སྐྱེ་ཤི་གཉིས་མེད་ངང༔ རྒྱལ་བ་མཆོད་ནས་དངོས་གྲུབ་བླང་བ་ནི༔ གཡོན་པའི་མཚན་འཛིན་རྡོ་རྗེ་ཐལ་མོ་ལ༔ མཐེ་བོང་དང་ནི་སྲིན་ལག་རྩེ་སྦྱར་ཏེ༔ བྲིས་པ་བཞིན་དུ་ཟླ་དཀྱིལ་འབྲུ་ལྔ་བཀོད༔ ལྕེ་ཡི་དམ་ཚིག་རྡོ་རྗེ་པདྨོ་ལ༔ རྡོ་རྗེ་སྤྱན་གྱིས་གསལ་བར་ཧཱུྃ་བསྒོམས་ཏེ༔ ཟོས་ནས་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཁམས་གསུམ་རྣམ་དག་བྷནྡྷའི་དཀྱིལ་འཁོར་དུ༔ སྣང་སྲིད་ཐམས་ཅད་གཏོར་མའི་ཕུང་པོར་གསལ༔ འདོད་ཡོན་སྣ་ཚོགས་ལྷ་མོས་རབ་བརྒྱན་ཏེ༔ དམ་རྫས་བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ གཙོ་དང་འཁོར་བཅས་རྡོ་རྗེ་ཕུར་པའི་ལྷ༔ ཤཱ་ན་ས་བདག་བདག་ཉིད་སྐྱེས་བུ་སོགས༔ མཐུ་དང་རྫུ་འཕྲུལ་འབྱུང་བའི་དུས་ལ་བབ༔ བ་ལིཾ་རྒྱན་གྱི་གཏོར་མ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁ་ཧི༔ རཀྟ་འབུལ་བ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་རྣམས་ཉན་པར་གྱིས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བརླག་པར་འགྱུར༔ ཐལ་བ་རྡུལ་བཞིན་བརླག་པར་མཛོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཁ་ཐཾ་ཁ་ཐཾ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ འདོད་པའི་དོན་ལ་གསོལ་བ་གདབ་པ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བསྒྲལ་མཆོད་བྱ་བ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཤྭ་ན་ས་བདག་བདག་ཉིད་སོགས༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་འབྱུང་བའི་དུས་ལ་བབ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་ཡི༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ༔ ཏི་ཧཱུྃ་ཨེ་སྥ་ར་ཎ་ཧཱུྃ༔ སྦྱོར་མཆོད་ནི། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཡེ་ཤེས་རོལ་པའི་གསང་བ་རུ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་དུ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ བདེ་ཆེན་མཆོད་པ་ཆེན་པོར་བཞེས༔ པདྨ་ཡོ་གི་ནཱི་མུ་དྲ་པྲ་ཝེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཀུན་དྷ་ལི་ཨཉྫ་ལི་ཧོ༔ ༈ ཤྲཱི་བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ༔ ལས་བྱང་གི་སྐབས་ཛཔ྄་ཀྱི་གོང་དུ་བསྟོད་པ་བྱ་བ་ནི༔ ཛ༔ དམ་ཚིག་ཐུགས་དམ་ཆེན་པོའི་དུས་ལ་བབ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ མི་གནས་ཡེ་ཤེས་རྡོ་རྗེ་གཞོན་ནུ་ནི༔ འབར་བའི་ཁྲོ་རྒྱལ་མ་བཅོས་རྫོགས་པའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་འཇིགས་པའི་ཚུལ༔ འཁོར་ལོ་རྒྱས་འདེབས་ཤེས་རབ་ཡུམ་དང་སྦྱོར༔ འཇིགས་བྱེད་ཆེན་པོ་ཁྱེད་ཀྱི་དཀྱིལ་འཁོར་ནི༔ ཐུགས་རྗེའི་རང་བཞིན་མི་འགྱུར་རྡོ་རྗེའི་སྐུ༔ ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཞབས་བཞི་བསྒྲད༔ བདུད་བཞི་གདན་དུ་བཏིང་བས་དཔའ་དཔའ་འདྲ༔ རྒྱན་དང་ཆ་ལུགས་རྫོགས་པས་སྒེག་སྒེག་འདྲ༔ སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ༔ མཚན་དང་དཔེ་བྱད་ལྡན་པས་བརྗིད་བརྗིད་འདྲ༔ ཞལ་གཡས་དཀར་ལ་འཛུམ་པས་བཞད་བཞད་འདྲ༔ གཡོན་ཞལ་དམར་ལ་གདངས་པས་གཤེ་གཤེ་འདྲ༔ དབུས་ཞལ་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ༔ དུག་གསུམ་ཞལ་དུ་གསོལ་བས་རྔམས་རྔམས་འདྲ༔ རྒྱུད་དྲུག་ཐུགས་རྗེས་སྒྲོལ་བས་བརྩེ་བརྩེ་འདྲ༔ མེ་དཔུང་དབུས་ན་བཞུགས་པས་འབར་འབར་འདྲ༔ དེ་འདྲའི་ཁྲོ་རྒྱལ་ཆེན་པོའི་འཇིགས་སྐུ་ཡང༔ ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ༔ འབར་བའི་གར་དགུ་ལྡན་ལ་ཕྱག་འཚལ་བསྟོད༔ ཕྱག་དྲུག་དག་ན་མཚོན་ཆ་སྣ་ཚོགས་བསྣམས༔ རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས༔ རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་གནས་སུ་འདྲེན༔ ཡེ་ཤེས་མེ་ཕུང་འཁོར་བའི་བག་ཆགས་སྲེག༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད༔ རི་རབ་ཕུར་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཐལ་ཆེན་ཁྲག་དང་ཞག་གི་ཟོ་རིས་བརྒྱན༔ གླང་ཆེན་སྟག་ལྤགས་ཞིང་ཆེན་གཡང་གཞི་གསོལ༔ ཐོད་སྦྲུལ་ལ་སོགས་འཇིགས་པས་སྐུ་ལ་བརྒྱན༔ ཁམས་ནག་རལ་པ་སྲིད་གསུམ་རྩེ་མོར་འཁྱིལ༔ མཐིང་ནག་འབར་བ་རལ་པའི་ཆུན་འཕྱང་ལ༔ མཐིང་ག་ལེབ་རྒན་དར་གྱི་ཅོད་པན་འཕུར༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་ན་བཞུགས༔ དུར་ཁྲོད་ཆས་བརྒྱད་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་ལ་རྫོགས་པའི་སངས་རྒྱས་རིགས་ལྔ་བཞུགས༔ ཐུགས་ལ་ཡེ་ཤེས་འབར་བའི་སྲོག་དང་བཅས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་ནས༔ ཁམས་གསུམ་མ་ལུས་ཐམས་ཅད་དབང་དུ་སྡུད༔ ཁྲོ་ཆུང་ཚོན་གང་མང་པོ་སྐར་ལྟར་འཁྲུགས༔ ལྷག་པའི་ལྷ་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཛ༔ ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང༔ གསང་བའི་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཨུཏྤལ་མདོག༔ དགྱེས་པའི་ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ༔ ཕྱག་གཡས་ཨུཏྤལ་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་གཙོ་བོའི་ཞལ་དུ་སྟོབ༔ རྒྱན་རྣམས་ཀུན་གྱིས་སྐུ་ལ་རྫོགས་པར་བརྒྱན༔ གཙོ་མོ་ཡུམ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཛ༔ སྤྲུལ་པ་ཆེན་པོ་ཁྱོད་ཀྱི་དུས་ལ་བབ༔ ཕྱག་བརྙན་ཆེན་པོ་ཁྱོད་ཀྱི་དུས་ལ་བབ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ འཇིགས་པའི་ཁྲོ་རྒྱལ་མ་ལུས་བཞུགས་པ་ནི༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་གཏུམ་ལ་རྔམ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེ་དབལ་འཕྲོ༔ ཕྱོགས་སྐྱོང་དྲེགས་པ་ཕོ་མོ་ཐམས་ཅད་གཟིར༔ དབུ་སྐྲ་ཐོར་ཚུགས་སྲིད་གསུམ་གྱེན་དུ་འབར༔ མི་སྡུག་ཁྲོ་གཉེར་སྡང་མིག་ཕྱོགས་བཅུར་གཟིགས༔ ལོག་པར་ལྟ་བ་རྩད་ནས་གཅོད་ཅིང་སྒྲོལ༔ མཆེ་བ་ཟང་ཡག་སྐྱེ་ཤི་རྩད་ནས་གཅོད༔ ཐུགས་རྗེ་བྱིན་རླབས་འབར་བའི་ཕྱག་མཚན་བསྣམས༔ བྱམས་པའི་འོད་ཟེར་རྔམས་པའི་འབྲུག་སྒྲ་སྒྲོག༔ དྲག་པོའི་ཐོག་འབེབ་སྔོན་གྱི་ཐུགས་དམ་ནི༔ དྲེགས་པའི་བདུད་འདུལ་བགེགས་རྣམས་བརླག་པར་མཛད༔ སྒྲུབ་པ་པོ་ལ་དབང་སྐུར་བྱིན་ཆེན་ཕོབ༔ ཁྱེད་ཀྱི་དམ་ཚིག་ཐུགས་དམ་དུས་ལ་བབ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་འཁྱིལ༔ བརྗོད་མེད་མི་གནས་ཁྲོ་ཆེན་འབར་བའི་སྐུ༔ སྒྲ་ལས་འདས་པ་དྲག་པོ་ཧཱུྃ་སྒྲའི་གསུང༔ བསམ་དང་བྲལ་བ་སྒྲོལ་བྱེད་སྙིང་རྗེའི་ཐུགས༔ སྐུ་གསུང་ཐུགས་ཡོན་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྟེང་གི་ཕྱོགས་ནས་ཐོག་ཆེན་འབེབ་མཛད་པ༔ ཧཱུྃ་ཀཱར་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ ལྷ་ཡི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་དགྲ་བགེགས་གཟིར་མཛད་པ༔ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ དྲི་ཟའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་ལྷོ་མཚམས་ནས་དགྲ་བགེགས་འཇོམས་མཛད་པ༔ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ མེ་ལྷའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་དགྲ་བགེགས་གསོད་མཛད་པ༔ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ གཤིན་རྗེའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་དགྲ་བགེགས་སྒྲོལ་མཛད་པ༔ མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ སྲིན་པོའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་དགྲ་བགེགས་འཆིང་མཛད་པ༔ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ ཀླུ་ཡི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ནུབ་བྱང་མཚམས་ནས་དགྲ་བགེགས་འགུགས་མཛད་པ༔ འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ རླུང་ལྷའི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་གི་ཕྱོགས་ནས་དགྲ་བགེགས་གནོན་མཛད་པའི༔ བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝང་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ གནོད་སྦྱིན་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བྱང་ཤར་མཚམས་ནས་དགྲ་བགེགས་སྟོབ་མཛད་པའི༔ ཁམས་གསུམ་གསོད་མ་དོམ་དང་སྲེ་མོང་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ བགེགས་ཀྱི་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འོག་གི་ཕྱོགས་ནས་དགྲ་བགེགས་སྤོར་མཛད་པའི༔ སྟོབས་ཆེན་སྐྱོད་མ་དྲེད་དང་བྱི་བའི་མགོ༔ ཞལ་གསུམ་ཕྱག་དྲུག་རང་རྟགས་ཕྱག་མཚན་བསྣམས༔ ས་བདག་གདོན་ཚོགས་འཇོམས་ལ་ཕྱག་འཚལ་བསྟོད༔ ཀུན་ཀྱང་མཐིང་ནག་འབར་བ་ཆེན་པོ་ལ༔ ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་འཁྲིལ༔ ཕྱག་མཚན་སྣ་ཚོགས་མཚོན་ཆའི་འཁོར་ལོ་འཛིན༔ ཀུན་ཀྱང་ཐུགས་ཀར་ཕུར་པ་འདྲིལ་ཞིང་འདེབས༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ དབུ་སྐྲ་འཁྱིལ་ཞིང་ཨག་ཚོམ་མེ་ལྟར་འབར༔ སྦྲུལ་རིགས་ལྔ་དང་ཐོད་རློན་ཕྲེང་བས་བརྒྱན༔ རྡོ་རྗེ་རིན་ཆེན་གཤོག་པ་གཡས་གཡོན་གདེངས༔ དཔའ་བོའི་སྐུ་ལ་སྟག་ཤམ་བརྗིད་པར་གསོལ༔ གཡས་གཡོན་དཔུང་པར་སྤྲུལ་པའི་ཁྲ་ཐབས་ནི༔ མགོ་བརྙན་ཕྱག་མཚན་རྫུ་འཕྲུལ་སྟོབས་དང་ལྡན༔ ལྷག་པའི་ལྷ་རྣམས་རྫོགས་ལ་ཕྱག་འཚལ་བསྟོད༔ ཛ༔ སྒྲུབ་པའི་དམ་ཚིག་ཐུགས་དམ་དུས་ལ་བབ༔ མཐིང་ནག་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ན༔ འཇིགས་པའི་དཔལ་ཆེན་མངོན་སྤྱོད་ཀཱི་ལ་ཡ༔ མཐིང་ནག་ཁྲོས་པ་ཞལ་གསུམ་ཕྱག་དྲུག་པ༔ སཏྭ་རེ་རྡོ་རྗེ་རྒྱ་གྲམ་ཕུར་པ་འདྲིལ༔ གཅེར་བུ་གོས་མེད་སྦྲུལ་དང་ཐོད་པས་བརྒྱན༔ ཁྱེད་ཀྱི་ལྟེ་བ་མན་ཆད་ཆ་རྣམས་ནི༔ ལྕགས་ཕུར་ཟུར་གསུམ་མེ་ཡི་ཚྭ་ཚྭ་འཕྲོ༔ མི་ཕྱེད་རྡོ་རྗེ་ཨུཏྤལ་མདོག་འདྲ་ཞིང༔ ཚེ་སྲོག་ལེན་ཕྱིར་རྩེ་མོ་ཨེ་རུ་གསལ༔ དབུ་ལ་རིགས་ལྔ་ཐུགས་སྲོག་ཧཱུྃ་དུ་འབར༔ ཞལ་བསྒྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར༔ སྙན་ནས་འབྲུག་སྒྲོག་སྤྱན་ནས་འོད་འཕྲོ་ཞིང༔ ཤངས་ནས་རླུང་འཚུབས་ཞལ་ནས་ཐོག་སེར་འབེབ༔ མ་གཡོས་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་ངང༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ སྲིད་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ཀུན༔ ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཡང༔ ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་སླད་དུ༔ དབྱེར་མེད་སྐུ་གསུང་ཐུགས་སུ་སྒྲོལ་མཛད་པའི༔ སྲས་མཆོག་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ གཙོ་འཁོར་སྲས་དང་བཅས་པའི་བསྟོད་པ་ཨོ་རྒྱན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟས་མཛད་པའོ༔ ཛཔ྄་བསྐུལ་ནི༔ ཧཱུྃ༔ ཐུགས་དམ་ཆེན་པོའི་དཀྱིལ་འཁོར་ནས༔ གསང་བ་ཡེ་ཤེས་སྒོ་ཕྱེས་ཤིག༔ དངོས་གྲུབ་ཆེན་པོ་འབྱུང་བའི་ཕྱིར༔ བསྙེན་སྒྲུབ་ཛཔ྄་ཀྱིས་ཐུགས་དམ་བསྐུལ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ རྩ་བའི་བསྙེན་པ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ གཞི་སྙིང་གཅིག་ཏུ་དྲིལ་བ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏང་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཅེས་ལས་སྦྱོར་དུས་སུ་ཕོ་ཉའི་སྔགས་དྲུག་ཀྱང་བཟླ༔ སྟོང་ཚིགས་འབུལ་བ་ནི། ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔ ཛཔ྄་དགོངས་གྲངས་ཐེམས་སྨན་གཏོར་མཆོད་ཚོགས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཁཱ་ཧི༔ བསྙེན་སྒྲུབ་ཐེམས་ནས་ཐོ་རངས་ཤར་སྒོ་ནས་དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ ལྷག་པའི་ལྷ་ཁྱོད་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་མཆོག་དཔལ་གྱི་བེ་འུ་ནས༔ ཡེ་ཤེས་གསང་བའི་ཉི་མ་ཤར༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ ལུས་ངག་ཡིད་ལ་སིདྡྷི་ཧོ༔ བཛྲ་ཀུ་མཱ་ར་ཀཱི་ལ་ཡ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་པས་དངོས་གྲུབ་བླང་ངོ༔ དེ་ནས་ཚོགས་ཀྱི་མཆོད་པ་བྱ་བ་ནི༔ ཚོགས་ཀྱི་རྫས་སུ་གྱུར་པ་བཟང་ཞིང་དག་པ་ཚོགས་ཚད་བསགས་ལ༔ བདུད་རྩིས་བསངས་ཏེ༔ ཨོཾ་བཛྲ་ཨ་མྲྀཏ་ཀུན་ཌ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ༔ ཨོཾ་སྭཱ་བྷཱ་བ་ཤུད་དྷ་སརྦ་དྷརྨཱཿསྭ་བྷཱ་ཝཱ་ཤུད་དྷོ྅་ཧཾཿ སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་ཤར་དུ་གླང་པོ་ཆེའི་ཤ །ལྷོ་རུ་རྟའི་ཤ །ནུབ་ཏུ་རྨ་བྱའི་ཤ །བྱང་དུ་ཤང་ཤང་གི་ཤ །དབུས་སུ་སེང་གེའི་ཤ །གདན་ལྔ་པོའི་སྟེང་དུ་ཤར་དུ་ཤར་ཆེན། ལྷོར་དྲི་ཆེན། ནུབ་ཏུ་རཀྟ། བྱང་དུ་དྲི་ཆུ། དབུས་སུ་བྱང་སེམས། བདུད་རྩི་ལྔ་པོའི་ནང་དུ་རིམ་པ་བཞིན་དུ། ཤར་དུ་ཨོཾ་ལཱཾ། ལྷོར་སྭཱ་མཱཾ། ནུབ་ཏུ་ཨཱཾཿཔཱཾ། བྱང་དུ་ཧཱ་ཏཱཾ། དབུས་སུ་ཧཱུྃ་མཱུཾ། དེའི་སྟེང་དུ་ཉི་ཟླའི་ཁ་བཀག །དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་བྱུང་སྟེ་རླུང་གི་བ་དན་ལ་ཕོག་པས་བ་དན་གཡོས། རླུང་གིས་མེ་སྦར། མེས་ཐོད་པ་དྲོས། ནང་གི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་དང་དཔའ་བོ་ཡབ་ཡུམ་གྱི་ཡིག་འབྲུ་རྣམས་ཞུ་སྟེ་བདུད་རྩི་ཆེན་པོར་མེར་གྱིས་ཞུ་ནས་ཁོལ་ཏེ། རླངས་པ་རྡོ་རྗེའི་ཁོང་སེང་ནས་ཡར་ཐོན་ཕྱོགས་བཅུར་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་རིགས་ལྔ་ཡབ་ཡུམ་དུ་གྱུར། ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་རྡོ་རྗེའི་ཁོང་སེང་ནས་མར་བབ། ཐོད་པའི་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་འདྲེས། ཚོགས་ཀྱི་མཆོད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཚོགས་ལ་སྤྱན་དྲང་བ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཚོགས་དང་པོ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཀཱི་ལ་རིགས་བཞིར་བཅས༔ ཁྲོ་བཅུ་ཟ་གསོད་ཕོ་ཉའི་ཚོགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་འབྱུང་བའི་དུས་ལ་བབ༔ ཤྭ་ན་བདག་ཉིད་ས་བདག་མ༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ གྷ་ན་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི༔ ཧཱུྃ༔ སྒྲུབ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ བདག་ཅག་མ་རིག་ལུས་ངག་ཡིད༔ བག་མེད་ཉེས་པའི་དབང་གྱུར་ཏེ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ སྲས་དང་ཁྲོ་བཅུ་ཁྲ་ཐབས་བཅས༔ ཤྭ་ན་ས་བདག་བདག་ཉིད་མ༔ སྐྱེས་བུ་གིང་དང་དགེ་བསྙེན་བཅས༔ ཁྱེད་རྣམས་ཐུགས་དང་ཅི་འགལ་བ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡིག་བརྒྱ་བརྗོད། ཐ་མ་བསྟབ་པའི་ལས་བྱ་བ་ལ༔ གནས་སྐབས་སུ་བསྡུས་པ་བྱ་བ་དང༔ ཕྲིན་ལས་བསྒྲུབ་པ་ལ་དོན་བཅུ་གཅིག་གིས་སྟོན་པ་ལས༔ རྒྱས་པར་བྱ་བ་ནི་གཞན་དུ་ཤེས། བསྡུས་པ་ཚོགས་ཐ་མ་ལ་དམིགས་རྟེན་བྱས་ཏེ་གདབ་ལས་དྲིལ་ཐུན་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་དང་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ ཅེས་འགུགས། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཅེས་བསྐུལ། གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པར་ལྡན་པས་སྲས་མཆོག་ཕུར་བུ་ཐོགས་ལ། ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝཱན༔ བི་ཀྲི་ཤཱི་ཀྲི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ སརྦ་བིགྷྣཱན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཨཱ་ཨཱ༔ ཞེས་དང་ཕུར་ཐུན་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཕུར་པ་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ང་ནི་བཛྲ་ཀཱི་ལ་ཡ༔ ང་ནི་ཁྲོ་རྒྱལ་འདུས་པའི་དཔལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འཛིན༔ དགྲ་བགེགས་དམ་ཉམས་འདིར་ཁུག་ལ༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཕུར་པའི་རྩེ་ལས་ནད་དུག་མཚོན་ཆའི་ཆར་འཕྲོས་པའི་ཐུན་གྱིས་བརྡེག་པར་མོས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རག་མོ་ཡག་མོ་ཀཱ་ལ་རཱུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར་ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན༔ པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་སོད༔ རལ་གྲིས་གཏུབས་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་དང༔ མུ་རན་འཁོར་ཡུག་བཅས་པ་ལ༔ ཞིང་ཆེན་བཀྲམ་པའི་ཁྲི་སྟེང་ན༔ རྔམས་ཤིང་འཇིགས་པ་སྲིན་པོའི་ཚུལ༔ ཟ་བྱེད་ཕོ་ཉ་ལས་ཀྱི་བདག༔ ཤ་ཁྲག་སྲོག་ལ་མངའ་མཛད་ཅིང༔ དགྲ་དང་བགེགས་ཀྱི་གཉེན་པོ་སྟེ༔ ཤ་ཁྲག་སྲོག་ལ་རྔམས་ཟས་བྱེད༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བསྐུལ་པ་ང་ཡིས་བྱེད༔ ཉམས་པའི་དགྲ་བོ་མྱུར་དུ་སྒྲོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ མ་མ་པ་ཤམ་ཀུ་རུ༔ མ་ཏཾ་ཉ་ན་ཀ་ར་ཨི་དན་ཏེ༔ མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཐོ་གཏུན་དུ་བརྡུང་ལ། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ན༔ ལྷ་ཡང་རུང་སྟེ་བརླག་པར་འགྱུར༔ ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནཱན༔ ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཞལ་བསྟབ་ནི། ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཁྲོ་རྒྱལ་ཞལ་ཕྱེས་ཤིག༔ གནམ་ས་གདངས་པ་ཙམ་གྱི་ཞལ་ཕྱེས་ཤིག༔ ཚེམས་ནི་གངས་རི་ཙམ་གྱི་རྣོ་དབལ་རབ་ཏུ་གཙིགས༔ ལྗགས་ནི་གློག་དམར་བར་སྣང་ཁམས་སུ་རྐྱོངས༔ མཉམ་ཉིད་ཧོམ་ཁུང་འབར་བའི་ཞལ་དུ་སྟོབས༔ འགག་མེད་རོལ་པ་ཆེན་པོའི་མགྲིན་པར་སྟིམས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་དང་བཅས་པ་ལྷག་མ་མེད་པར་རོལ་ཅིག༔ དེ་ནས་བརྡ་དང་བརྡ་ཡི་འབུལ་ལེན་སྤྱི་ལྟར་གཟིགས་མཛེས་སོགས་བྱས་ཀྱང་ཆོག་ལ། ཡང་ན་འབུལ་བ་པོས། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ལེན་པ་པོས། ཨ་ལ་ལ་ཧོཿ ཞེས་བརྗོད་ལ་རོལ། ལྷག་མ་བྱ་བ་ནི། དཔལ་གྱི་ཕ་འབབ་བླངས་ཏེ་ལྷག་མའི་སྟེང་དུ་དབབ༔ རྣལ་འབྱོར་པ་ལྷའི་བསྐྱེད་རིམ་དང་ལྡན་པས༔ ཨ་མྲྀཏ་ཁར་བླུགས་ཏེ༔ ལག་པ་གཉིས་པདྨ་སྦུབས་པའི་ཕྱག་རྒྱ་བྱས་ཏེ༔ བདག་གི་ཡ་རྐན་ཧེ་རུ་ཀ་ཡབ་ལྔ། མ་རྐན་ཡུམ་ལྔར་གསལ་བའི་སྙོམས་འཇུག་གི་བྱང་སེམས་ལྷག་མའི་སྟེང་དུ་ལན་གསུམ་ཕབ་པས་དང་པོས་འབགས་བཙོག་བཅོམ། གཉིས་པས་བདུད་རྩིར་བསྒྱུར། གསུམ་པས་མགྲོན་རྣམས་དགྱེས་པ་སྐོང་བའི་སྤྲིན་ཆེན་པོར་གྱུར་པར་མོས་ལ། ཨོཾ་བཛྲ་ཨ་མྲྀཏ་ཨུཙྪིཥྚ་ཡ་ཧཱུྃ་ཕཊ༔ ཅེས་ཁ་ཆུས་བྲན་ཏེ༔ དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བཞག་ལ༔ དལ་གྱི་བྱང་ཤར་ནས་ཞིང་གི་གཡབ་མོ་ཕྱར༔ བཤུགས་པ་དང་རྐང་གླིང་འབུད༔ རཀྟ་གཟར་བུས་གཏོར༔ རྣལ་འབྱོར་པ་རྣམས་རོལ་མོ་དང་བཅས་ཏེ་དཀྱིལ་འཁོར་ལ་འཆམས་སྟབས་སུ་བསྐོར་ཞིང༔ ཧཱུྃ༔ དཔལ་ཆེན་ཀརྨ་ཧེ་རུ་ཀའི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ཚོགས༔ ཤྭ་ན་ས་བདག་རེ་མ་ཏི༔ བསྭེ་ལྕགས་དུང་གི་སྐྱེས་བུའི་ཚོགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་དང༔ མ་ཡམས་བརྟན་མ་བཅུ་གཉིས་དང༔ དབང་ཕྱུག་ཆེན་མོ་ཉེར་བརྒྱད་སོགས༔ དཀྱིལ་འཁོར་མུན་རན་སྐྱོང་མཛད་ཅིང༔ ཤ་ཁྲག་སྲོག་ལ་དབང་ཡང་མཛད༔ མཁའ་ལ་རྫུ་འཕྲུལ་ཤུགས་ཀྱིས་འགྲོ༔ རྣལ་འབྱོར་དམ་ལྡན་གྲོགས་བྱེད་ཅིང༔ མ་ངེས་རྫུ་འཕྲུལ་ཤུགས་དང་ལྡན༔ དམ་ཉམས་རྣམས་ཀྱི་གཉེན་པོར་ཆེ༔ ལེགས་ཉེས་དམ་ཚིག་རྗེས་ཀྱང་གཅོད༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ སྔོན་གྱི་ཐུགས་དམ་དམ་ཚིག་ཅན༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཁྲོ་ཚོགས་དཀྱིལ་འཁོར་ཕུད་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་དུ༔ དམ་ཅན་ཁྱེད་རྣམས་ལྷག་ལ་དགྱེས༔ ལྷག་མ་ཁ་ཆུས་མི་བྲན་དུ༔ ཁྱེད་དང་བདག་ཅག་གཡར་དམ་གཅིག༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ ཆོས་རྣམས་ཡེ་ནས་སེམས་སུ་གཅིག༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ལྷག་མ་གཏོང་ངོ༔ དེ་ནས་གཏོར་མ་གོམ་པ་བདུན་ལ་སོགས་པའི་སར་སྤགས་ལ་ཕུད་དང་སྨན་རཀ་གིས་བྲན༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཆེན་པོའི་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ ཆོས་ཀྱི་དབྱིངས་ནས་ཀཱི་ལའི་སྒྲ་བསྒྲགས་ཚེ༔ མ་མོ་མཁའ་འགྲོ་བཀའ་ཡི་ལས་མཁན་དང༔ ཆོས་ཀྱི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ རང་རྟགས་སྲོག་གི་སྙིང་པོ་མངོན་དུ་ཕུལ༔ རང་རང་གཟུགས་མཆོག་མངོན་དུ་བསྟན་ནས་ཀྱང༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་བ་དང༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ༔ ཤ་ཁྲག་དམར་གྱི་གཏོར་མ་བླངས་ནས་ཀྱང༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་བར་གྱི་དུས་ཚིགས་གཉིས་པ་ལ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་དང༔ མཁས་པ་ཆེན་པོ་བི་མ་མི་ཏྲ་དང༔ བ་སུ་དྷ་ར་ཤཱཀྱ་དྷེ་མ་སོགས༔ སྒྲུབ་པའི་རྣལ་འབྱོར་རིག་པ་འཛིན་རྣམས་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མ་མོ་མཁའ་འགྲོ་དབང་ཕྱུག་ཉེར་བརྒྱད་སོགས༔ ཕུར་པའི་སྲུང་མར་དམ་བཅས་ཐམས་ཅད་ཀྱིས༔ སྲོག་སྙིང་ཕུལ་ནས་རང་རྟགས་མངོན་དུ་བསྟན༔ རང་རང་གཟུགས་མཆོག་མངོན་དུ་བསྟན་ནས་ཀྱང༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་བ་དང༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ༔ ཤ་ཁྲག་དམར་གྱི་གཏོར་མ་བླངས་ནས་ཀྱང༔ བཅོལ་བའི་ཕྲིན་ལས་གྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་བར་གྱི་དུས་ཚིགས་གསུམ་པ་ལ༔ མོན་ཁ་ནེའུ་རིང་སེང་གེ་རྫོང་གསུམ་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ ཡེ་ཤེས་མཚོ་རྒྱལ་ནམ་མཁའི་སྙིང་པོ་དང༔ རླངས་ཆེན་དཔལ་སེང་རྡོ་རྗེ་བདུད་འཇོམས་ཀྱིས༔ ལྷག་པའི་ལྷ་མཆོག་ཕུར་པའི་ཞལ་ཕྱེས་ཚེ༔ ཤྭ་ན་ས་བདག་བདག་ཉིད་རེ་མ་ཏི༔ བསེ་ལྕགས་གིང་དང་ཕུར་སྲུང་ཐམས་ཅད་ཀྱིས༔ རང་རྟགས་སྲོག་གི་སྙིང་པོ་མངོན་དུ་ཕུལ༔ རང་རང་གཟུགས་མཆོག་མངོན་དུ་བསྟན་ནས་ཀྱང༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་བ་དང༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ ཤ་ཁྲག་དམར་གྱི་གཏོར་མ་བླངས་ནས་ཀྱང༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་དུས་ཚིགས་བཞི་པ་སྙིགས་མའི་དུས༔ རང་སྣང་ཆོས་དབྱིངས་དག་པའི་དཀྱིལ་འཁོར་དུ༔ ཚེ་དབང་རིག་འཛིན་བརྙེས་པའི་པདྨ་དང༔ སྨོན་ལམ་ལས་སད་འགྲོ་འདུལ་གླིང་པ་ཡིས༔ ཡང་གསང་བླ་མེད་ཕུར་པའི་ཞལ་ཕྱེས་ཚེ༔ སྒྲུབ་པའི་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ དམ་ཅན་སྲུང་མ་བཀའ་ཡི་ཕོ་ཉའི་ཚོགས༔ མཐུ་དང་རྩལ་ལྡན་ཕོ་ཉའི་ཚོགས་རྣམས་ཀྱིས༔ རང་རྟགས་སྲོག་གི་སྙིང་པོ་མངོན་དུ་ཕུལ༔ རང་རང་གཟུགས་མཆོག་མངོན་དུ་བསྟན་ནས་ཀྱང༔ དམ་ཚིག་ཅན་ལ་དངོས་གྲུབ་སྩོལ་བ་དང༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ ཤ་ཁྲག་དམར་གྱི་གཏོར་མ་བླངས་ནས་ཀྱང༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་རྐང་གི་གཟར་བུས་རཀྟ་ཕྱོགས་བཅུར་འཐོར་ཞིང༔ ཟོར་འཕང་བ་ནི༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་འདས་ཀུན་ལ་དབང་བསྒྱུར་ཞིང༔ ང་ལས་ཆེ་བཙན་སུ་ཡང་མེད༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔ གཏོར་ཆེན་མཚོན་ཆའི་ཟེར་འཕྲོས་པས༔ ལུས་སེམས་དེ་ནི་བརླག་པར་མཆིས༔ ཟོར་ལམ་ཕྱེས་ལ་སྐུ་ཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ ཐམས་ཅད་ཀུན་ལ་ཟོར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔོན་གྱིས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དམ་སྲི་དགྲ་བགེགས་འདི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཨོཾ་བཛྲ་ཙན་དྷ་སརྦ་དུཥྚཱན་ཨེ་ཛཿབྷྱོ་ཧཱུྃ༔ ཞེས་སྔགས་སྒྲ་དི་རི་རི་བརྗོད་ལ་གཏོར་མ་ཕྱིར་ཁྱེར་ལ༔ བྷྱོ༔ སློབ་དཔོན་ཆེན་པོ་པདྨའི་བཀའ་བཞིན་དུ༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ༔ འཇིག་རྟེན་བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ གནོད་སྦྱིན་དཔལ་གནས་མ་དང་ཡང་དག་ཤེས༔ ཀོང་བཙུན་དེ་མོ་གཡུ་བུན་ཁྱུང་བཙུན་མ༔ དམག་གི་རྒྱལ་མོ་ཟླ་འོད་བྱང་རྒྱལ་མ༔ བསེན་མོ་གསེར་ཐང་མ་དང་ཤཱན་ཏིང་དཔལ༔ ལ་རོ་སྨན་དང་ཀླུ་མོ་གཟི་འབར་སོགས༔ ཁྱེད་རྣམས་སྔོན་གྱི་བཀའ་ཉན་དམ་ཅན་མ༔ བལ་ཡུལ་ཁ་ལ་ཤོད་ཀྱི་ས་མཚམས་དང༔ བོད་ཡུལ་རང་གནས་དབེན་རྩ་སོ་སོ་རུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ སློབ་མ་མཐུ་ཆེན་རླངས་ཆེན་དཔལ་སེང་གིས༔ དཀྱིལ་འཁོར་མཐའ་རུ་ཞིང་ཆེན་གདན་ལ་བཞག༔ དབང་བསྐུར་དམ་བཏགས་བདུད་རྩི་ལྕེ་ལ་བཞག༔ དབང་རྟགས་ཅོད་པན་སྤྱི་བོའི་གཙུག་ཏུ་བཏགས༔ ལག་ཏུ་རྡོ་རྗེ་ཕུར་པ་གཏད་ནས་ཀྱང༔ གསང་སྔགས་རྡོ་རྗེ་ཕུར་པའི་སྲུང་མར་བསྐོས༔ མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན༔ དཔོན་གཡོག་མང་པོ་སྨན་ཕྲན་འབུམ་དང་བཅས༔ དར་གྱི་ཅོད་པན་དར་དཔྱང་པུ་རུ་རུ༔ རྒྱན་དང་སིལ་སྙན་མང་པོ་སི་ལི་ལི༔ བསྟན་པའི་དགྲ་བགེགས་བསྒྲལ་བའི་ལས་ལ་བརྩོན༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་པས༔ ཇི་སྲིད་ཐར་པའི་ལམ་མཆོག་མ་ཐོབ་བར༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ མ་མ་ཧྲིཾ་ཧྲིཾ་བཛྲ་ལི་ལ་མ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྟན་མ་བསྐྱངས་ཏེ༔ རྗེས་སུ་གཏོར་གཞོང་བདུད་རྩིས་བཀང་བ་ཡང་མཆོད༔ གཏོར་གཞོང་སྦུབ་ལ། ན་མོ་དཀོན་མཆོག་རྩ་བ་གསུམ་དང་ཡི་དམ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་ཀྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་ལ། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་རོལ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་བཅས༔ ཕྱགས་བརྙན་ཁྲ་ཐབས་སྒོ་མ་དང༔ སྤྲུལ་པ་ཡང་སྤྲུལ་དཔག་མེད་བསྐོར༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཡེ་ཤེས་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ རྡོ་རྗེའི་གཤོག་པ་ཕྱོགས་བཅུར་གདེངས༔ ཧཱུྃ་གི་འབྲུག་སྒྲ་དི་རི་རི༔ ཕཊ་ཀྱི་རྐན་སྒྲ་ཆེམས་སེ་ཆེམ༔ ཁྲོ་བོའི་གར་སྟབས་ཤིགས་སེ་ཤིགས༔ རྡོ་རྗེའི་འགྲོས་སྟབས་ལམས་སེ་ལམ༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང༔ དགྲ་ནི་དུམ་བུར་གཏུབས་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུངས༔ བདུད་བགེགས་ཕྱེ་མར་འཐག་པའི་བྲོ༔ གཡས་གཡོན་ཐབས་ཤེས་སྲི་ལ་བརྡུང༔ དམ་སྲི་ཐལ་བར་བརླག་པའི་བྲོ༔ བདུད་སྡེ་དཔུང་དང་དྲེགས་པའི་ཚོགས༔ གཞོབ་རྒོད་རྡོག་པས་བརྫིས་པ་བཞིན༔ ཐལ་བ་རྡུལ་དུ་བརླག་པར་བྱ༔ བསྐལ་པའི་མཐའ་རུ་སཏྭཾ་བྷ་ཡ༔ ཨོཾ་སུམ་བྷ་ནི་སོགས་དང་། ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་རཀྴ་མཱ་ར་ཡ་ནན༔ ཞེས་གཏོར་བྲོ་བརྡུང་། རྗེས་ཆོག་མཆོད་བསྟོད་མདོར་བསྡུས་ནི། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་གཅིག་བསྡུས་དྲག་པོའི་སྐུར་བཞེངས་པ། །འགྱུར་མེད་སྲ་བརྟན་བསྒྲེས་རྒུད་བྲལ་བའི་སྐུ །བདུད་འདུལ་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད། །ནོངས་བཤགས་ནི། ཡེ་ནས་བདག་དང་དབྱེར་མེད་དོན་གཅིག་ཀྱང་། །མ་རིག་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ། །མི་དགེ་ཉམས་ཆག་འགལ་འཁྲུལ་ཅི་བསགས་པ། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡིག་བརྒྱ། ཨཱ་ལི་ཀཱ་ལི། རྟེན་འབྲེལ་སྙིང་པོ་ལན་གསུམ་གསུམ་བརྗོད་པས་ལྷག་ཆད་ཁ་སྐོང་ཞིང་བྱིན་རླབས་བརྟན་པར་བྱ། ཚོགས་མགྲོན་སོགས་ཀྱི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས། བདག་བསྐྱེད་ལ་ནི་དམིགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་ཚོགས་རྣམས་ལ་ཐིམ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ་ཐིམ། གཙོ་བོ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་དྭངས་མའི་ཐུགས་སྲོག་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་ནཱ་ད་ཐིག་ལེར་ཡལ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་གྱུར་པར་བསམ། ཕཊ་ཕཊ་ཕཊ༔ སྐད་ཅིག་གིས་རང་རིག་བྱང་ཆུབ་སེམས་ཀྱི་སྤྲིན་ལས་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་བུ་འཛིན་པ། འབར་བའི་གར་དགུ་དང་ལྡན་ཅིང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞེངས་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། རང་གི་མདངས་ལས་ཤར་བའི་ཁམས་གསུམ་ཡང་ལྷའི་དཀྱིལ་འཁོར་དུ་གྱུར་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཞེས་ལན་བདུན་གྱིས་སྐུ་དང་། བདུན་གྱིས་གསུང་། བདུན་གྱིས་ཐུགས་གསོ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱ་ཝཱ་ཙི་ཧཱུྃ༔ ཞེས་པས༔ ལུས་ལ་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པར་བསམ། ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་བརྗོད་པས། མཚོན་ཆ་ལྔ་དང་མེ་དཔུང་གི་ཀློང་ན་བཞུགས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་གྱུར༔ དེ་ནས་ཐུན་མོང་མ་ཡིན་པའི་སྨོན་ལམ་གདབ་ཅིང་བཀྲ་ཤིས་བརྗོད་པ་རྣམས་སྤྱི་ལྟར་བྱ། དབང་དང་སྒྲུབ་པའི་དུས་སུ་དམ་རྫས་རྣམས་བསྡུས་ཏེ་གཞན་གྱིས་མི་མངོན་པར་བྱ༔ ཨེ་མ་བདག་འདྲ་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མ༔ ཤེས་རབ་རང་བཞིན་མཁར་ཆེན་མཚོ་རྒྱལ་གྱིས༔ གུ་རུ་ཉིད་ཀྱི་ཐུགས་བཅུད་གསང་སྒོ་ཕྱེས༔ ཁོ་མོའི་ཡི་དམ་ས་འོག་གཏེར་གཅིག་མ༔ ཤིན་ཏུ་ཟབ་ཕྱིར་ལྡང་ལྷའི་བྲག་ལ་སྦས༔ ཕུར་པ་ཐམས་ཅད་ཀྱི་ཡང་སྙིང༔ ཡང་གསང་བླ་མེད་དོན་གྱི་སྙིང་པོ་ཞེས་བྱ་བ༔ གུ་རུའི་གསུང་བཞིན་བདག་འདྲ་མཁར་ཆེན་བཟས་བཀོད་པའི་ཡི་གེ་པ་ནི་མཁས་པ་བཻ་རོ་ཙ་ནའོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱའོ༔ ྈྈྈྈྈ ྈྈྈ ཞེས་ཆོས་རྒྱལ་རཏྣ་གླིང་པའི་གཏེར་གཞུང་ཉིད་སོར་བཞག་ལ་སྒྲུབ་མཆོད་དཀྱུས་ཙམ་དུ་ཉེ་བར་མཁོ་བའི་འཕྲི་བསྣན་ཕྲན་བུས་ཁ་གསལ་དུ་བཀོད་པ་འདིའང་། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་སུག་ལས་དགེ་ལེགས་འཕེལ།། །།
གྲོལ་ཏིག་དགོངས་པ་རང་གྲོལ་ལས། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྨིན་བྱེད་ཁྱེར་བདེར་བཀོད་པ་བདེ་ཆེན་ལམ་འདྲེན་ (Volume 23, Text 34)
༄༅། །གྲོལ་ཏིག་དགོངས་པ་རང་གྲོལ་ལས། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྨིན་བྱེད་ཁྱེར་བདེར་བཀོད་པ་བདེ་ཆེན་ལམ་འདྲེན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨེ་ཤྭ་ར་ཡ། འགྲོ་དྲུག་ཀུན་སྐྱོབ་པདྨ་རྒྱས་པའི་སྤྱན། །ཐུགས་རྗེའི་དབང་ཕྱུག་རྒྱལ་བ་ཀུན་གྱི་ཡབ། །རིགས་བདག་བླ་མའི་གསང་བར་རྣམ་རོལ་པ། །གང་ལ་མི་ཕྱེད་དད་པས་རྟག་ཏུ་འདུད། །གངས་ཅན་ལྷ་གཅིག་སྒྲུབ་པའི་ཐབས། །རྒྱ་མཚོའི་ནང་ནས་ཡིད་བཞིན་ནོར། །ཤིན་ཏུ་གནད་འདྲིལ་རིམ་པ་གཉིས། །འཇུག་འདོད་དབང་ཆུའི་བཅུད་འདི་རོལ། །ཟབ་ཆོས་འདིའི་སྨིན་བྱེད་དབང་གི་དགའ་སྟོན་སྤེལ་བ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ལས་ཀྱི་སྦྱོར་བ། དཀྱིལ་འཁོར་པདྨ་འདབ་བཞི་མུ་ཁྱུད་རྡོ་རྗེའི་ར་བ་མེ་རིས་བསྐོར་བ་རྡུལ་ཚོན་ནམ་རས་བྲིས་བཀོད་པའི་སྟེང་དུ་ཁྲིའུར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན་གྱི་སྟེང་དུ། ཀ་པཱ་ལ་ཆང་དང་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བྱུགས་པ་ལ་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་བཾ། དེའི་ཕྱོགས་བཞིར་ཧ་རི་ནི་ས། དེ་རྒྱབ་སྙིང་པོས་བསྐོར། ཟུར་གསུམ་ལ་ཌཱ་ཀི་ནཱི། ཞེས་པ་རྣམས་མགོ་ཕྱིར་བསྟན་དུ་བྲིས་པས་བཀབ་ལ་དར་དམར་གྱི་ཞལ་ཁེབས་བྱས་པའི་སྟེང་དུ་ཤེལ་རྡོ་བཀོད། མདུན་དུ་མཆོད་གཏོར་དཀར་ཟླུམ་དང་སྨན་ཐོད། ལས་བུམ། ཕྱི་མཆོད་གཡས་སྐོར་དུ་བཤམ། བགེགས་གཏོར་ཐུན་མཚམས་མཆོད་པ་དཀར་མངར་གྱི་ཚོགས་གཏོར་ཀྱང་འདུ་བྱའོ། །དབང་གི་སྦྱོར་བ་སྒྲུབ་མཆོད་ནི། བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་གཅོད་བྱ། ལས་བྱང་གི་སྔོན་འགྲོ་ཚོགས་གསག་ནས་བཟུང་མཆོད་བསྟོད་རྫོགས་ཀྱི་བར་མཐར་ཆགས་སུ་གཏང་། དེ་ནས་མདུན་རྟེན་གྱི་གོ་སར་སྤྱི་ལྟར་ཛཔ྄་ཁང་ཕྱེས་ཀྱང་ཆོག་ལ་གང་ལྟར་དམིགས་པའི་འཕྲོ་འདུ་བཅས་ཛཔ྄་བསྙེན་བཟླས་པའི་འཕྲོས་སུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། མེ་ལོང་དུ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་འཁོར་མཁའ་འགྲོ་སྡེ་ལྔ་དང་བཅས་པར་གསལ་བའི་ཐུགས་རྗེ་ཆེན་པོའི་སྐུ་ལས་བྱང་སེམས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་གཟུངས་ཐག་བླངས་ལ་སྙིང་པོ་བཟླ། ལས་བུམ་དུ་རྟ་མགྲིན་དམར་པོ་ཕྱག་གཉིས་དབྱུག་ཏོ་དང་སྡིགས་མཛུབ་མཛད་ཅིང་ཁྲོ་ཚུལ་གར་གྱི་ཉམས་དགུ་དང་ལྡན་ཞིང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པར་བསྐྱེད་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བརྒྱ་འམ་ཉེར་གཅིག་ཙམ་བཟླ །དེ་ནས་ཐུན་མཚམས་ཀྱི་སྔགས་མཆོད་དང་ཚོགས་གཏོར་འབུལ་ཞིང་བསྟོད་པ་ཡིག་བརྒྱའི་བར་བཏང་། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས། རྣམ་རྒྱལ་དང་ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་མོས། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་འཇུག་པ་དང་དབང་དངོས་གཉིས་ལས། དང་པོ་ནི། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། དེའང་གངས་ཅན་གྱི་ལྗོངས་འདིར་རྒྱལ་བ་དང་རྒྱལ་བའི་མྱུ་གུ་ཐམས་ཅད་ལས་ཀྱང་ཐུགས་རྗེའི་སྟོབས་དང་། ཕྲིན་ལས་ཀྱི་འཇུག་སྒོ །བཀའ་དྲིན་གྱི་རླབས་ཆེས་ཆེ་ཞིང་ཁྱད་པར་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི །རྒྱུད་དང་མན་ངག་སྒྲུབ་ཐབས་གསང་སྔགས་གསར་རྙིང་བཀའ་གཏེར་དག་སྣང་གི་རིང་ལུགས་མཐའ་ཡས་པ་བྱོན་པ་རྣམས་ལས། རིམ་པ་གཉིས་ཀྱི་བཅུད་དང་སྙིང་པོར་དྲིལ་བ་ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་འདི་ནི། འཕགས་མཆོག་ཉིད་ཀྱི་སྤྲུལ་པའི་སྐུ་བདེ་བ་ཆེན་པོ་པདྨ་སཾ་བྷ་བས་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་གདམས་ཤིང་ཟབ་མོའི་གཏེར་དུ་སྦས་པ། གདུལ་བའི་དུས་སུ་སོན་པའི་ཚེ་ལོ་ཆེན་ཉིད་ཀྱི་ཐུགས་སྤྲུལ་ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱིས། བསམ་ཡས་རང་བྱུང་རྣམ་པར་སྣང་མཛད་ཀྱི་སེང་ཁྲིའི་ལོགས་ནས་རྡོ་རྗེའི་རྒྱ་བཀྲོལ་ཏེ་འབྲེལ་ཚད་བདེ་ཆེན་ཞིང་དུ་བཀོད་པར་མཛད་པའི་སྨིན་བྱེད་ཀྱི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། མིག་དར། ཨཱ་ཁཾ་བཱི་ར་ཧཱུྃ༔ དང་། མེ་ཏོག །ཨོཾ་ཨཱཿཧཱུྃ་གིས་སྦྱིན། བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ལ་ནི་བདག་སྐྱབས་མཆི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཅས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག༔ མགོན་པོས་བདག་ནི་འཇུག་པར་འཚལ༔ ལན་གསུམ། བླ་མས། ཀྱེ་ཧོ༔ ཁྱེད་རྣམས་སུ་ཡིན་ཅི་ལ་དགའ༔ ཞེས་རིགས་དང་སྐལ་པ་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བདག་ནི་སྐལ་བཟང་བདེ་བ་ཆེ་ལའོ༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཡན་ལག་བདུན་པའི་གསག་སྦྱོང་བྱ་བའི་བློས་འདིའི་རྗེས་ཟློས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ དང་བའི་སེམས་ཀྱིས་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་མཆོད༔ སྡིག་སྒྲིབ་དམ་ཚིག་ཉམས་ཆག་བཤགས༔ དགེ་ཚོགས་མཛད་ལ་ཡི་རང་ངོ༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་ཕན་མྱ་ངན་མི་འདའ་བཞུགས༔ བདག་གཞན་དགེ་རྩ་བྱང་ཆུབ་བསྔོ༔ འགྲོ་ཀུན་ཡང་དག་གནས་ཐོབ་ཤོག༔ ལན་གསུམ། ལས་བུམ་གྱི་ཆུ་དུང་ཞལ་དུ་བླུགས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་སློབ་མའི་གནས་གསུམ་དུ་ཐིག་ལེ་བྱས་ལ། སློབ་དཔོན་གྱི་གནས་གསུམ་ནས་ཡི་གེ་གསུམ་དཀར་དམར་མཐིང་གསུམ་འཕྲོས། སློབ་མའི་ལུས་ངག་ཡིད་གསུམ་ལ་ཕོག་པས། སྡིག་སྒྲིབ་ཉེས་སྐྱོན་གྱི་ཚོགས་ཐམས་ཅད་དག །རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པར་མོས་ཤིག །དེ་ནས་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ལན་གསུམ། དེས་ཐུན་མོང་བྱང་ཆུབ་ཀྱི་སེམས་བཟུང་བ་སོང་ནས། ཐུན་མོང་མ་ཡིན་པ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་སྒོམས་ཤིག །རྡོ་རྗེ་སྙིང་གར་བཞག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ སུ་ར་ཏེ་ས་མ་ཡ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ དམ་ཚིག་བསྒྲག་པ་ནི། རྡོ་རྗེ་སྤྱི་བོར་བཞག་ལ། ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ ང་ཡིས་ཡེ་ཤེས་རྡོ་རྗེ་བྱིན༔ བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ གང་གིས་འདི་འདྲ་མ་མཐོང་བའི༔ མདུན་དུ་སྨྲ་བར་མ་བྱེད་ཅིག༔ བག་མེད་སྨྲས་ན་ཉམས་པར་འགྱུར༔ དེ་བས་ང་རྒྱལ་བཅོམ་ནས་ནི༔ བདག་ཉིད་མ་འཁྲུལ་ཤེས་པར་གྱིས༔ དམ་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཧཱུྃ༔ སློབ་དཔོན་གྱིས་དམ་ཚིག་བསྒྲག་པ་ནི། སླར་ཡང་རྡོ་རྗེ་མགོར་བཞག་ལ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ང་ཡིས་ཇི་ལྟར་བཀའ་བསྩལ་པ༔ ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས༔ ནམ་ཡང་ང་ལ་མ་གུས་མིན༔ དེ་བཞིན་གུས་པར་མ་བྱས་ན༔ བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ༔ དེ་བས་དམ་ཚིག་གནས་པར་གྱིས༔ དེ་རྣམས་ཀྱིས་དམ་ལ་བཞག་པ་སོང་ནས། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་བརྗོད་ཅིང་ལས་ཆུས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས། ས་ཕྱོགས་དག་པའི་ཞིང་གི་བཀོད་པ་རྨད་དུ་བྱུང་བ་དང་ལྡན་པའི་དབུས་སུ་གེ་སར་པདྨ་དང་ཟླ་བའི་གདན་ལ་སོ་སོའི་རིག་པའི་ངོ་བོ་ཧྲཱིཿདཀར་པོ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་དཀར་གསལ་ཞི་འཛུམ་ཕྱག་གཡས་མཆོག་སྦྱིན་དང་གཡོན་སྟ་ཟུར་དུ་ངལ་བསོའི་སྟབས་ཀྱིས་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་བརྐྱང་བསྐུམ་འོད་ལྔ་འབར་བའི་ཀློང་ན་བཞུགས་པའི་སྐུའི་གནས་གསུམ་དུ་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་ལ་མཁའ་འགྲོ་སྡེ་བཞིས་བསྐོར་བ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གའི་མདངས་ཅན་དང་། ཐུགས་ཀར་པད་དཀར་འདབ་དྲུག་གི་ལྟེ་བར་ཧྲཱིཿདཀར་པོ། འདབ་མར་ཡིག་དྲུག་དཀར་ལ་དམར་བའི་མདངས་ལྡན་འོད་འཕྲོ་བ། སྨིན་མཚམས་སུ་དགའ་བ་འཁྱིལ་བ་དམར་པོ་གཡོན་དུ་འཁོར་བ་རྣམས་ལ་ཤེས་པ་གཏོད་ཅིག །དེ་དག་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་ནམ་མཁའ་གང་བས་བདེ་བ་ཅན་དང་པོ་ཏ་ལ་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་མོས་ཤིག །རྩ་སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད་ལ་རོལ་མོ་འཁྲོལ་ཞིང་གུ་གུལ་གྱིས་བདུག །རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ཚེ་གང་ལ་སྦྱངས་པའི་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་དོར་བའི་མེ་ཏོག་སླར་མགོར་བཞགས་ལ། རིགས་ཀྱི་ལྷ་ཀུན་འདུས་ཐུགས་རྗེ་ཆེན་པོ་སྤྱི་བོར་ཐིམ་པར་མོས་ཤིག །པྲ་ཏཱི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཧཱུྃ༔ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །སྤྱན་རས་གཟིགས་དབང་དང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་བྱ༔ ཕྱེ་བས་ཐམས་ཅད་མཐོང་བར་འགྱུར༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཨོཾ་བཛྲ་ཛྙཱ་ན་ཙཀྵུཿབི་ཤོ་དྷ་ནཱ་ཡ་སྭཱ་ཧཱ༔ གདོང་གཡོགས་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པས། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་སྤྲོ་ཆེན་པོ་སྐྱེད་ཅིང་། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་རྣམ་པར་མ་རིག་ཀྱང༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ འགྲོ་ལ་ཕུན་ཚོགས་དངོས་གྲུབ་ཀུན༔ ཐམས་ཅད་འདི་ལས་འབྱུང་བས་ན༔ དངོས་གྲུབ་ཐོབ་ཅིང་དམ་ཚིག་བསྐང༔ གསང་སྔགས་ལ་ཡང་བརྩོན་པར་གྱིས༔ དཀྱུས་སུ་དེ་ཙམ་གྱིས་འཐུས་ལ། རྒྱས་པར་སྤྲོ་ན། ལས་བྱང་མངོན་རྟོགས། ཧྲཱི༔ མཁའ་ཁྱབ་གཞལ་ཡས་ཁང་གི་བཀོད་པ་ནི༔ ཞེས་པ་ནས། ཆུ་སྐྱེས་ཟླ་བའི་སྟེང༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཞེས་པ་ནས། ཞི་དང་ཁྲོ་བོར་བཞུགས༔ ཞེས་པའི་བར་གྱིས་ཕྱི་ནང་གི་དག་པ་སྦྱར་ལ་ལྷ་ངོ་བསྟན། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ༔ མགོན་པོ་འོད་དཔག་མེད་ཉིད་ཀྱིས༔ རྒྱལ་སྲས་མཆོག་ལ་དབང་བསྐུར་ལྟར༔ དེ་བཞིན་བླ་མ་ཁྱེད་ཉིད་ཀྱིས༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ལན་གསུམ། དང་པོ་བུམ་པའི་དབང་གི་སླད་དུ། ནམ་མཁའ་གང་བར་སད་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་གཏོར་ཞིང་བླུགས་པའི་ཆོ་ག་མཛད་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ རྣམ་རྒྱལ་བུམ་པའི་དབང་མཆོག་ནི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ལ་ཐོབ་གྱུར་ཅིག༔ བདུད་རྩི་བུམ་པའི་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགོ་བོའི་གནས་ལྔར་གཏུགས་ལ་བུམ་ཆུ་སྦྱིན། དེའང་རྒྱུད་ལས། ཐ་མལ་ལུས་ཀྱི་རྣམ་རྟོག་ནི༔ བུམ་པའི་དབང་གིས་དག་པར་བྱ༔ རང་གཞན་ལྷ་ཡི་རྣལ་འབྱོར་བསྒོམ༔ ཞེས་གསུངས་པས་སྣོད་བཅུད་ཐམས་ཅད་སྣང་སྟོང་ཆུ་ཟླ་ལྟ་བུའི་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལ་དབང་བ་ཡིན་པས། རང་ལུས་ཕུང་ཁམས་སྐྱེ་མཆེད་ཡན་ལག་དང་བཅས་པ་སྤྱན་རས་གཟིགས་ཀྱི་སྐུ་གསལ་སྟོང་གཉིས་མེད་སྤྲུལ་པའི་སྐུར་ཤེས་པར་གྱིས་ཤིག །གཉིས་པ་གསང་བའི་དབང་ལ། དུང་ཆེན་བདེ་བ་ཆེན་པོའི་སྣོད་དུ་བདུད་རྩིའི་བཅུད་ཐུགས་རྗེ་ཆེན་པོ་དང་གསང་བ་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་རང་བཞིན་མགྲིན་པར་མྱང་བས་རྩ་ཁམས་བདེ་བས་ཁྱབ་པར་མོས་ཤིག །ཀ་པཱ་ལ་མགྲིན་པར་བཞག་ལ། ཧྲཱི༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བའི༔ རང་བྱུང་གདོད་ནས་བདེ་གཤེགས་དངོས༔ བྱང་ཆུབ་སྲས་ལ་དབང་བསྐུར་བས༔ དེང་འདིར་ཁྱོད་ཀྱིས་མྱང་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན་ལ། ཨ་ཧོཿམ་ཧཱ་སུ་ཁ་ཧོ༔ འདི་ནི་རྒྱུད་ལས། ཐ་མལ་ངག་གི་རྣམ་རྟོག་ནི༔ གཉིས་པ་གསང་བའི་དབང་གིས་བཅད༔ གསང་སྔགས་རྒྱུན་དུ་བཟླས་པ་འོ༔ ཞེས་གསུངས་པས། རང་གི་རླུང་འབྱུང་འཇུག་གནས་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་བྱ་བ་ལ་དབང་བ་ཡིན་པས། གྲགས་པ་ཐམས་ཅད་སྤྱན་རས་གཟིགས་ཀྱི་གསུང་གྲགས་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུར་ཤེས་པར་གྱིས་ཤིག །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། སིནྡྷུ་རའི་དཀྱིལ་འཁོར་ལས་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མར་མེ་གཅིག་ལས་གཉིས་མཆེད་པ་ལྟ་བུར་སློབ་མའི་སྙིང་གར་ཐིམ་སྟེ་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །མེ་ལོང་སྙིང་གར་གཏུགས་ཤིང་ཐིག་ལེ་བཀོད་ལ། ཧྲཱི༔ ཕྱི་ནང་གསང་བའི་རྩ་གཟུགས་མཛེས༔ ལྷ་མོ་དགའ་སྟེར་གནས་སྟེར་མ༔ བདེ་ཆེན་འདི་བསྟེན་བདེ་བ་ཐོབ༔ ཁྱེར་ལ་མཆོད་པ་རྟག་ཏུ་བྱོས༔ ཤེས་རབ་ཡེ་ཤེས་དབང་འདི་ལོངས༔ ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཨོཾ་མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཧོ༔ འདིའང་རྒྱུད་ལས། གསུམ་པ་ཤེས་རབ་ཡེ་ཤེས་ཀྱིས༔ བདེ་དང་སྟོང་པའི་དོན་དྲན་བྱ༔ ཞེས་འབྱུང་བས། བདེ་སྟོང་སྒྱུ་མ་ལྟ་བུའི་ཐབས་ཀྱི་ལམ་བསྒོམ་པ་ལ་དབང་བ་ཡིན་པས། རྩ་རླུང་ཐིག་གསུམ་བདེ་བ་ཆེན་པོར་བྱིན་གྱིས་བརླབ་པ་དང་། རང་གི་སེམས་ཀྱི་བྱུང་ཚོར་གྱི་རྣམ་རྟོག་མཐའ་དག་སྤྱན་རས་གཟིགས་ཀྱི་ཐུགས་ཟབ་གསལ་གཉིས་མེད་ཆོས་ཀྱི་སྐུར་ཤེས་པར་གྱིས་ཤིག །བཞི་པ་ཡེ་ཤེས་ཆེན་པོའི་དབང་ལ། སྟོང་གསལ་འགག་མེད་འོད་ལྔའི་རང་བཞིན་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་པར་གྱིས་ཤིག །ཤེལ་རྡོ་བསྟན་ལ། ཧྲཱི༔ རླུང་རིག་ཀ་དག་ལྷུན་གྱིས་གྲུབ༔ ཟུང་འཇུག་ཡེ་ཤེས་གཉིས་འཛིན་བྲལ༔ ཕྱོགས་མེད་མཐའ་བྲལ་རྡོ་རྗེ་སེམས༔ ཡང་དག་ངེས་དོན་འདི་ལོངས་ཤིག༔ ཛྙཱ་ན་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ འདིའི་དོན་རྒྱུད་ལས། འབྲས་བུ་ཐམས་ཅད་བསྡུས་པ་ནི༔ བཞི་པ་ཡེ་ཤེས་ཐོད་རྒལ་དབང༔ སྣང་སྲིད་ཡེ་གྲོལ་སྤྱན་རས་གཟིགས༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང༔ ཡེ་ནས་འབྲལ་མེད་སྙིང་ལ་གནས༔ ཞེས་གསུངས་ཏེ། ཀ་དག་གཞིའི་ལྟ་བ་དང་ལྷུན་གྲུབ་ལམ་གྱི་སྒོམ་པ་ཟུང་འཇུག་ཉམས་སུ་ལེན་པ་ལ་དབང་བ་ཡིན་པས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྤྱན་རས་གཟིགས་བདེ་སྟོང་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་ནས་ལས་དང་དངོས་གྲུབ་སྒྲུབ་པའི་རྗེས་སུ་གནང་བ་ཡིན་པས་ཇི་སྐད་བསྒོས་པ་རྣམས་ཚུལ་བཞིན་སྒྲུབ་སྙམ་པ་མཛོད་ཅིག །ཧྲཱི༔ ཞི་རྒྱས་དབང་དྲག་མངོན་སྤྱོད་དང༔ རྐང་མགྱོགས་མིག་སྨན་རིལ་བུ་དང༔ ས་དང་མཁའ་སྤྱོད་ལ་སོགས་པ༔ བཟླས་བསྒོམ་འདི་ཉིད་ཇི་བཞིན་གྱིས༔ ཕྲིན་ལས་ཀུན་གྱི་བདག་པོར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ སརྦ་མཱ་ལེ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ སློབ་དཔོན་མཆོག་གི་སྤྲུལ་པའི་སྐུར་གནས་གྱུར་པས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་ཤིག །ཧྲཱི༔ དེ་རིང་ངས་ཁྱོད་ལུང་བསྟན་ཏེ༔ འོད་དཔག་མེད་པ་དེ་བཞིན་གཤེགས༔ སྲིད་པ་ཤིན་ཏུ་དག་པས་ན༔ སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སཏྭཾ་བྷུར་བྷུ་ཝ་སྭ༔ མ་འོངས་པའི་དུས་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་སངས་རྒྱས་སུ་འགྱུར་རོ༔ དེང་ཕྱིན་ཆད་ནས་ཁྱེད་རྣམས་ཀྱིས་ཐུགས་རྗེ་ཆེན་པོའི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །ཅེས་གནང་བ་བྱིན་ནས་དབང་གི་ཡེ་ཤེས་པ་བྱང་ཆུབ་མ་ཐོབ་ཀྱི་བར་འབྲལ་མེད་བརྟན་པར་བྱས་པར་མོས་ཤིག །ཧྲཱི༔ བདེ་གཤེགས་ཀུན་འདུས་སྤྱན་རས་གཟིགས༔ ཡེ་ཤེས་སྒྱུ་མ་ཆེན་པོའི་དཔལ༔ མ་ལུས་ཁྱོད་ལ་བཞུགས་གྱུར་ཅིག༔ ལོ་ཀེ་ཤྭ་ར་དྷེ་བ་ཌཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་བཛྲ༔ ཞེས་མེ་ཏོག་འཐོར་ལ་ཤིས་བརྗོད་ཅི་རིགས་བྱ། དམ་ཚིག་བསྒྲག་བཟུང་ཕྱིན་སྤྱི་ལྟར་བྱ། གསུམ་པ་རྗེས་ཀྱི་རིམ་པ། མཆོད་བསྟོད་བྱ་ཞིང་ནོངས་པ་བཤགས། མདུན་རྟེན་དང་བསྟུན་པའི་གཤེགས་བཞུགས་དང་། དམ་ཚིག་པ། ཧྲཱི༔ བདེ་གཤེགས་ཀུན་འདུས་སོགས་གོང་དུ་ཡོད་པའི་ཚིག་བརྗོད་ཅིང་བདག་ལ་བསྡུ། བདག་བསྐྱེད་ལས་བྱང་མཇུག་ལྟར་བསྡུ་ལྡང་བྱས་ལ། བསྔོ་སྨོན་དང་ཤིས་པ་བརྗོད་དོ། །རིམ་གཉིས་མཁའ་ལྡིང་གཤོག་རླབས་འདིར་བརྟེན་ནས། །བདེ་ཆེན་ཞིང་བགྲོད་རྒྱལ་ལས་སྨིན་གྲོལ་ནོད། །སླར་ཡང་འཁོར་བ་དོང་སྤྲུགས་ཕྲིན་ལས་ནི། །འཕགས་མཆོག་ཉིད་དང་མཚུངས་པར་སྤྱོད་པར་ཤོག །ཅེས་པའང་རང་གཞན་ལ་སྨན་འདོད་ལྷག་པའི་བསམ་པ་བཟང་པོས་བསྐུལ་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྗོད་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་བྱེ་བྲག་གསུང་མཆོག་པདྨའི་རྫོང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག་ (Volume 15, Text 34)
༄༅། །བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་ལས་སྒོ་འབྱེད་མགྱོགས་དབང་བུམ་རྒྱ་ཅན་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་ལམ་འཇུག་ཅེས་བྱ་བ་བཞུགས་སོ། ། ཤྲཱི་ཧེ་རུ་ཀ་གུ་ར་བེ་ན་མོ་ན་མ༔ །སྲིད་པའི་འཁྲུལ་འཁོར་ཟློག་པའི་ཕྱག་རྒྱ་ནིཿ ཡེ་ཤེས་ཀློང་དགུའི་འཁོར་ལོར་ཤར་དེ་ཡིས། །ཐུགས་བརྩེར་མཛོད་ཅིག་གང་དེར་མོས་པའི་བློས། །སྨིན་བྱེད་སྒོ་འབྱེད་བློ་དམན་དོན་དུ་བརྩམ། །བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་མགྱོགས་དབང་སྙིང་པོ་བསྡུས་པས་སྨིན་བྱེད་ཀྱི་སྒོ་འབྱེད་པར་འདོད་པས། དཀྱིལ་འཁོར་རས་བྲིས་དང་ཚོམ་བུ་གང་ཡང་རུང་བའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པའི་ཁར་ཙ་ཀ་ལི་བཀོད་པར་གསུངས་ཀྱང་། མི་བདེ་ན་མདུན་དུ་བཀོད། བུམ་པའི་ཤར་དུ་དབུ་རྒྱན། གཡས་གཡོན་དུ་རྡོར་དྲིལ། རྒྱབ་ཏུ་ཐོད་པའི་བདུད་རྩིའི་ཁར་མེ་ལོང་དང་ཤེལ་རྡོ། རིག་མའི་གཟུགས་བརྙན། མདུན་དུ་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལྷ་ཙཀ་ཞི་བ་རིགས་བཞི་དང་དཔལ་དགུ་བྱ་ཁྱུང་། རྫས་དབང་དུར་ཁྲོད་ཆས་བརྒྱད་ཕྱོགས་བསྡུས། གདབ་ཕུར། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་ཉེར་བསྡོག་ཏུ་བྱའོ། །དེ་ནས་བརྒྱུད་འདེབས་དང་། ལས་གཞུང་བར་ཆད་ཀུན་སེལ་ལྟར་སྐྱབས་སེམས་ནས་བརྩམ་བཟླས་པའི་བར་དུ་གཏང་ཞིང་། སྔགས་དམིགས་སྤྲོ་བསྡུ་སྤྱི་འགྲེ་ལ་ཁྱད་པར་སློབ་མའི་སྒྲིབ་པ་སྦྱོང་བར་དམིགས་པ་དང་། བསྙེན་གཤམ། ཀཱ་ཡ་ཝཱ་ཀྩིཏྟ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ ཞེས་གདགས། བཟླས་པའི་སྟོང་ཚིགས་གྲུབ་པ་དང་། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་ལ་གཟུངས་ཐག་འཇུས་ཏེ་སྔགས་ཚན་སོ་སོ་དང་སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་རྣམས་ཀྱི་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་ཅི་ནུས་བཟླས་ལ་མཐར། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས། ལས་བུམ་དུ་རྡོར་སེམས་བསྐྱེད་ལ་ཡིག་བརྒྱ་བཟླ། དེ་ནས་ཆོས་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག །སློབ་མ་རྣམས་འདུས་ལ་ཁྲུས་བྱ། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ལས་བྱང་ལྟར་བཀའ་བསྒོ །དྲག་སྔགས་ཀྱིས་མཚམས་བཅད། སྲུང་འཁོར་འདོན་བསྒོམ་དང་། མཎྜལ་བཀྱེ་བསྡུ་གྲུབ་ནས། སེམས་བསྐྱེད་གསལ་གདབ། དེའང་གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཤིང་རྟའི་རིང་སྲོལ་ཆེན་པོ་བརྒྱད་དུ་བྱོན་པ་ཐམས་ཅད་ཀྱི་ཐོག་མར་གྱུར་པ། སྔ་འགྱུར་རྙིང་མའི་རང་སྐད་དུ་རྒྱུད་སྡེ་དང་སྒྲུབ་སྡེའི་ལམ་སྲོལ་ཆེན་པོ་་གཉིས་སུ་བཞུགས་པ་ལས་འདིར་ཕྱི་མའི་དབང་དུ་བྱས་པ་ལའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ་དང་འདས་་མ་འདས་ཐུན་མོང་བ་གསུམ་སྟེ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དུ་གྲགས་ཤིང་། དེ་ལའང་བྱེ་བྲག་སོ་སོའི་སྒྲུབ་ལུགས་ཆེན་པོ་རྣམས་དང་། ཐུན་མོང་སྤྱིར་སྒྲུབ་པའི་ཚུལ་གཉིས་སུ་མཆིས་པ་ལས། འདིར་ནི་རྒྱ་བོད་མཁས་པ་མི་བཞིའི་ཐུགས་བཅུད། ཡེ་ཤེས་ཀློང་དགུ་རང་རིག་ཆོས་ཉིད་ཀྱི་དབྱིངས་གཅིག་ཏུ་རྫོགས་པ་མཚོན་བྱའི་དོན་དམ་དཀྱིལ་འཁོར་འཁོར་ལོའི་རྟགས་སུ་ཤར་བ་སྒྲུབ་པ་སྡེ་བརྒྱད་སྤྱིར་དྲིལ་ནས་སྒྲུབ་པའི་ཐབས་ཡིན་ཅིང་། དེ་ལའང་བཀའ་མ་རྫོང་འཕྲང་དང་། གཏེར་མའི་ཕྱོགས་སུ་བཀའ་བརྒྱད་ལྔ་དང་དགུ་ལ་སོགས་པར་གྲགས་པའི་ནང་ཚན་སྙིང་གི་ཐིག་ལེ་དང་མཚུངས་པ་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་འདི་ནི། ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་བདུན་གྱི་ཐ་མ་སྤྲུལ་པའི་གཏེར་ཆེན་པདྨ་གླིང་པས་ཟབ་མོའི་གཏེར་ཁ་སུམ་ཅུ་རྩ་གཉིས་བཞེས་པར་མཛད་པ་ལས་བཅུ་དྲུག་པ། མོན་བུམ་ཐང་རྩེ་ལུང་ལྷ་ཁང་གི་རྒྱབ། རྣམ་སྣང་སྐུའི་གཡས་ངོས་ནས་གདན་དྲངས་ཤིང་། མཁས་གྲུབ་ཆོས་རྗེ་རྣམ་གཉིས་སོགས་རིམ་པར་བརྒྱུད་དེ་ཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྤེལ་བར་མཛད་པ་སྟེ། སྤྱིར་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལ་བརྟེན་པའི་བསྐྱེད་རྫོགས་སྒྲུབ་ཐབས་སྔ་ཕྱི་བར་གསུམ་དུ་བྱོན་པའི་གསང་རྫོགས་དང་པོ་གུ་རུ་ཆོས་དབང་། བར་པ་རྡོ་རྗེ་གླིང་པ། ཕྱི་མ་པདྨ་གླིང་པས་སྤྱན་དྲངས་པས་གཏེར་ཁ་འདི་གསུམ་ཀའི་ཚིག་དོན་གྱི་ཆ་ཕལ་ཆེར་ཞུ་དག་ཕེར་བ་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་ཕྱིར་གཅིག་ཐོབ་པས་ཀུན་གོ་ཆོད་པའང་བཞེད་ཅིང་། དེ་ལས་སྐབས་འདིར་ཡང་གསང་ཐུགས་ཀྱི་མེ་ལོང་གི་མགྱོགས་དབང་སྨིན་བྱེད་ཀྱི་སྒོ་འབྱེད་ཉིད་བགྱི་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། མིག་དར་མེ་ཏོག །ཨཱ་ཁཾ་བཱི་ར་ཧཱུྃ། གིས་སྦྱིན། བླ་མ་དང་མདུན་བསྐྱེད་ཐུགས་ཀྱི་ཐིག་ལེའི་དཀྱིལ་འཁོར་ཆེན་པོ་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་ལུས་ཅན་རྣམས་དང་ལྷན་ཅིག་པར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། སྐྱབས་ཡུལ་དེ་དག་གི་སྤྱན་སྔར་རྒྱུད་རྣམ་པར་དག་ཅིང་ཚོགས་རྣམ་པ་གཉིས་སྤེལ་བའི་སླད་དུ་ཡན་ལག་བཅུ་པའི་ཚོགས་གསག་པ་འདིའི་རྗེས་ཟློས། བླ་མ་བདེ་གཤེགས་འཁོར་བཅས་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ བདག་གཞན་འགྲོ་ཀུན་སྒོ་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་ཡི་རང་འབུལ༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ ལན་གསུམ། རྡོ་རྗེ་ཐེག་པའི་དམ་ཚིག་བསྒྲག་པ་ནི་འདི་ལ་གསན་འཚལ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབས་ཀྱང་མ་གཏང་ཞིག༔ རྩ་ལག་དམ་ཚིག་རྟག་པར་སྲུངས༔ ས་མ་ཡ་ཧཱུྃ༔ རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་དཀར་ལྟར་དྭངས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་ཞབས་ཀྱི་མཐེ་བོང་ནས་ཐོན་སྤྱི་བོར་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་བྱང་བར་བསམས་ལ་ཡི་གེ་བརྒྱ་པ་ཟློས་ཤིག །ཅེས་ཡིག་བརྒྱ་དང་ཡང་སྙིང་ལན་ཁ་ཤས་བཟླར་གཞུག་ཅིང་ལས་བུམ་གྱི་ཆུ་འཐོར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་སྤྱན་སྔར་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་དཀྱིལ་འཁོར་དུ་འཇུག་པར་གནང་བ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ཡི་དམ་དགོངས་སུ་གསོལ༔ ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་འདིར༔ བདག་ཅག་དད་པས་འཇུག་པར་འཚལ༔ ཐུགས་ཀྱི་དཀྱིལ་འཁོར་བསྟན་པར་ཞུ༔ མེ་ཏོག་དོར་བའི་འགྲིམ་དཀྱིལ་འདུ་བྱས་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ཕོ་བྲང་ཆེན་པོའི་ཤར་སྒོ་ནས་རིགས་ཀྱི་ལྷ་ལ་བབས་པར་ཤོག་ཅིག་པའི་འདུན་པ་དང་ཚིག་འདིའི་རྗེས་ཟློས་ལྷན་ཅིག་པས་ལྷ་ལ་དོར་བའི་མོས་པས་མཎྜལ་དུ་འདོར་བར་ཞུ། ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སྔོན་སྦྱངས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་བར་ཤོག༔ རཏྣ་པུཥྤེ་པྲ་བྷེ་ཤ་ཡ་ཨཱ༔ ཞེས་འབུལ། རིགས་དང་མཐུན་པའི་གསང་མཚན་གདགས་ཤིང་མེ་ཏོག་སླར་སྤྱི་བོར་བཞག་ལ། པྲ་ཏི་གྲྀཧྞ་བ་ལ་ཏིཥྛ༔ མ་རིག་བག་ཉལ་དང་བཅས་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་བ་ལྟར༔ མ་རིག་ལྡོངས་པའི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱའོ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་ཕྱེས་ལ་དཀྱིལ་འཁོར་བསྟན་པ་ནི། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཡེ་ཤེས་རྣམ་པ་དགུའི་རང་བཞིན་ཕོ་བྲང་གླིང་དགུར་སྒྲུབ་པ་སྡེ་བརྒྱད་རིག་འཛིན་སློབ་དཔོན་དཔལ་གྱི་བཀའ་སྡོད་དང་བཅས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད་ཅིག །སྐབས་འདིར་ནུས་པའི་དབང་ལྔ་སྦྱར་བ་སྤྲོ་ན་གསང་རྫོགས་ལྟར་སྦྱོར་ཆོག་ཅིང་། རྣལ་འབྱོར་རྒྱུན་དབང་ལ་ནི་མི་དགོས་སོ། །ཡེ་ཤེས་པ་དབབ་པ་ནི། སློབ་མ་རྣམས་ལུས་གནད་བཅིངས་ཏེ། ཁྱེད་རང་རྣམས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀར་གསལ་བའི་སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བ་ལ་སེམས་བཟུང་ནས། རྩ་བའི་དཀྱིལ་འཁོར་གྱི་ནམ་མཁའི་གནས་སུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་རྒྱལ་བ་རབ་འབྱམས་སྤྲིན་ཕུང་གཏིབས་པ་བཞིན་དུ་འཐིབས་ཀྱིས་བཞུགས་པ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་པས་དེ་རྣམས་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་ཁ་ཆར་དང་བུ་ཡུག་འཚུབས་པ་བཞིན་དུ་བྱུང་། སྤྱི་བོ་ནས་ཞུགས་སྙིང་གའི་ཧཱུྃ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །སྤྲོ་ན་བླ་མ་བརྒྱུད་པའི་གསོལ་འདེབས་བྱས་མཐར། ཨོཾ་བཛྲ་གུ་རུ་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུག །ཌཱ་དྲིལ་གྱིས་དྲངས་པའི་རོལ་མོ་དྲག་པོ་ཡུན་རིང་དུ་བྱས་པས་ལུས་འཕར་གཡོ། ངག་སྨྲ་དགོད་སེམས་རྟོག་མེད་ཀྱི་རྟགས་བྱུང་ན། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་བཞག་པས་བརྟན་པར་བྱའོ། །འདིར་སྒྲུབ་ལུང་འབོགས་པར་གསུངས་པ་དཀྱུས་འགྲེ་ཙམ་ལ་མེད་ཀྱང་རུང་ཞིང་སྤྲོ་ན་གསང་རྫོགས་ལྟར་བྱས་པས་འཐུས་སོ། །དེ་ནས་དབང་བསྐུར་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་སླད་དུ་མཎྜལ་ཕུལ། ཐོག་མར་བུམ་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་བསྙེན་པ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། བུམ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པར་མོས་ཤིག །ཅེས་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ རིན་ཆེན་རྒྱན་ལྡན་བུམ་པ་ན༔ རྒྱལ་བ་ཞི་ཁྲོ་འོད་དུ་ཞུ༔ སྐལ་ལྡན་སྤྱི་བོར་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་བྱང་བར་ཤོག༔ ཨོཾ་བཛྲ་ཀ་ལཱ་ཤ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་དབང་བསྐུར་ནས་བུམ་ཆུ་འཐུང་དུ་གཞུག །དབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཟེ་པྲོག་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཏེ། ཧཱུྃ༔ སྙིང་པོ་ལྔ་ལས་ཕྱག་མཚན་ལྔ༔ དེ་ལས་རིགས་ལྔས་དབུ་བརྒྱན་པས༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭི་ཨ་ཧཾ༔ ཞེས་མགོ་བོར་བཀོན། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་ཐབས་ཤེས་ཟུང་འཇུག་གསང་སྔགས་ཀྱི་བརྡས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །རྡོར་དྲིལ་ལག་གཡས་གཡོན་དུ་གཏད་དེ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔའི་རྡོ་རྗེ༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ ཐབས་དང་ཤེས་རབ་དབང་བསྐུར་བས༔ ཟུང་འཇུག་ལམ་ལ་སྤྱོད་པར་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཧཱུྃ༔ གཎྜེ་ཨ་ཨ༔ ཨོཾ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་མཾ༔ ཏིཥྛ་བཛྲ་ས་མ་ཡ༔ ཞེས་བརྗོད་ཅིང་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀྲོལ་དུ་འཇུག །སྨན་རཀ་གཏོར་མ་དམ་ཚིག་གི་རྫས་ཀྱིས་ལྷ་རྣམས་བསྙེན་ཅིང་སྒྲུབ་པ་སོགས་གསང་སྔགས་ཟབ་མོའི་ཐབས་ལ་བརྟེན་ནས་འཁོར་འདས་ཐམས་ཅད་འདོད་ཡོན་ཟག་མེད་ཡེ་ཤེས་ཀྱི་རྣམ་རོལ་ཆེན་པོར་ལོངས་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ སྨན་རཀ་གཏོར་མ་མཆོད་པའི་ཚོགས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་དང་དམ་ཅན་རྟེན་མཆོད་དང༔ སྒོམ་སྒྲུབ་ཉན་འཆད་དབང་ཐོབ་ཤོག༔ སྨན་རཀ་ལག་གཡས་གཡོན་དང་གཏོར་མ་སྤྱི་བོར་བཞག་སྟེ། ཨ་མྲྀཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱ༔ དེ་བཞིན་དུ་རཀྟ་དང་། བ་ལིཾ་ཏ་ཞེས་པའི་མཐར་ཡང་སྦྱར་བས་དབང་བསྐུར་རོ། །དུར་ཁྲོད་ཆས་བརྒྱད་བཀོན་པས་དཔལ་ཆེན་པོ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་སྒྱུར་བར་མོས་ཤིག །ཧཱུྃ༔ དེ་རིང་དུས་འདིར་བུ་ཁྱོད་ལ༔ ཀོ་རློན་ཞིང་ལྤགས་ཐོད་ཕྲེང་དང༔ སྦྲུལ་ཆུན་སྟག་ཤམ་ལ་སོགས་པས༔ བརྒྱན་པའི་དཔལ་ཆས་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ༔ ཞེས་ཆས་གོས་རྣམས་ཀྱིས་བརྒྱན། དེ་དག་ནི་ཕྱི་རྫས་ལ་བརྟེན་པའི་དབང་ངོ་། །ནང་ལྷའི་དབང་ལ་གཉིས་ལས། ཞི་བའི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ལས་ཞི་བ་རིགས་བཞི་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སློབ་མ་དཔལ་ཆེན་པོར་གསལ་བའི་གནས་བཞིར་དྭངས་གསལ་སྒྲིབ་མེད་དུ་བཞུགས་པར་མོས་ཤིག ཧཱུྃ༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས༔ མགྲིན་པར་སྤྱན་རས་གཟིགས་དབང་སྟེ༔ ཐུགས་ཀར་རྡོ་རྗེ་སེམས་དཔའ་ཉིད༔ ལྟེ་བར་དྲུག་པ་རྡོ་རྗེ་འཆང༔ རྒྱལ་བ་རིགས་བཞིས་དབང་བསྐུར་བས༔ སྐུ་བཞི་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨཱརྻ་ཨ་བ་ལོ་ཀེ་ཤྭ་རཱ་ཡ༔ བཛྲ་སཏྭ༔ མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ ཞེས་གནས་བཞིར་བསྐུར་བས་བདེ་གཤེགས་ཞི་བ་ཡོངས་རྫོགས་ཀྱི་མཐུ་དབང་ཐོབ་པར་བསམ་མོ། ཁྲོ་བོའི་དབང་ནི། དཀྱིལ་འཁོར་དགུའི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་སྔར་བཞིན་བྱོན་སློབ་མའི་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཕྱོགས་མཚམས་བརྒྱད་ལས་ལུས་ཀྱི་གནས་སོ་སོར་གྱེས་པའི་འདབ་མ་སོ་སོ་ལ་ཐིམ་པས་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ཤིག །ཆེ་མཆོག་གི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་པ་རྡོ་རྗེ་རྣམ་གསུམ་བསྣམས༔ གཡོན་པ་བྷཉྫ་རྣམ་གསུམ་འཛིན༔ གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ༔ ཆེ་མཆོག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཡོན་ཏན་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྲོག་རྩ་བཞིའི་ལྷ་དང་དབྱེར་མེད་དུ་བསམ། གཤིན་རྗེའི་སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ འཁོར་ལོ་རལ་གྲི་དགྲ་སཏྭ་གཡས༔ སྡིགས་མཛུབ་མདུང་ཐུང་བྷན་དམར་གཡོན༔ བཻ་ཏ་ཛ་ཊཱི་གཉིས་མེད་འཁྲིལ༔ གཤེད་པོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་ཧྲཱིཿཥྚཱི་ཝཱི་ཀྲྀ་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་བཞིན་དུ་དབང་ཆེན་མགྲིན་པར་བཞག་སྟེ། ཧཱུྃ༔ དཔལ་ཆེན་རྟ་མགྲིན་དབང་གི་ལྷ༔ དམར་ནག་དབུ་གསུམ་ཕྱག་དྲུག་པ༔ ཨེ་ཀ་ཛ་ཊཱི་ཡུམ་དང་འཁྲིལ༔ ཁ་ཊྭཱཾ་རྡོ་རྗེ་སྦྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན༔ རྟ་མགོ་ལྗང་གུ་རྟ་སྐད་འཚེར༔ དབང་ཆེན་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གསུང་དབང་ལྷུན་རྫོགས་ཐོབ་པར་ཤོག༔ ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཡང་དག་ཐུགས་ཀར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ ཏིར་དབྱུག་དུང་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རཱི་ཡུམ་དང་འཁྲིལ༔ ཡང་དག་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཐུགས་མཆོག་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཕུར་པ་ལྟེ་བར་བཞག་སྟེ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་བསྣམས༔ ཐ་མ་གཉིས་ན་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ ཕུར་པའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཕྲིན་ལས་ལྷུན་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བླ་མེད་ཧེ་རུ་ཀ་གསང་བར་བཞག་ལ། ཧཱུྃ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་སྦྲུལ་ཁྱུང་སྦྲུལ་ཞགས་གཡས༔ བྷཉྫ་ཞིང་གཡབ་ག་འུ་གཡོན༔ ཀུན་བཟང་ཡུམ་དང་གཉིས་མེད་འཁྲིལ༔ མ་མོའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མ་མོ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ཀྲོ་དྷཱི་ཤྭ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རིག་འཛིན་སྤྱི་གཙུག་ཏུ་བཞག་ལ། ཧཱུྃ༔ རིག་འཛིན་ཐོད་པ་རྩལ་སོགས་དང༔ བརྒྱུད་པ་རྩ་བའི་བླ་མ་རྣམས༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་བ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མཐུ་དང་བྱིན་རླབས་ཕུན་ཚོགས་ཤོག༔ ཨོཾ་བཛྲ་གུ་རུ་སརྦ་ཡོ་གི་ནཱི་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དྲེགས་འདུལ་པུས་མོ་གཡས་པར་བཞག་ལ། ཧཱུྃ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པས་ལྷ་བརྒྱད་མགོ་བོ་ལ༔ གཡོན་པས་ཀླུ་བརྒྱད་མགོ་བོ་བསྣམས༔ ཁམས་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ ཆོས་སྐྱོང་སྲུང་མ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ དྲེགས་པ་དབང་དུ་སྡུད་པར་ཤོག༔ སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྟོབས་ལྡན་པུས་མོ་གཡོན་པར་བཞག་ལ། ཧཱུྃ༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ནི༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་དང་པོ་གཉིས༔ གཡས་པ་ལྷ་བརྒྱད་ཙིཏྟ་ལ༔ གཡོན་པ་ཀླུ་བརྒྱད་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ༔ སྔགས་བདག་དྲེགས་པ་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ བསྟན་པའི་དགྲ་བགེགས་སྒྲོལ་བར་ཤོག༔ སརྦ་དུཥྚཱན་ཨེ་ཛ་བྷྱོ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བྱ་ཁྱུང་དཀར་ནག་དཔུང་པ་གཡས་གཡོན་དུ་བཞག་སྟེ། ཧཱུྃ༔ ཀླུ་འདུལ་བྱ་ཁྱུང་ག་རུ་ཎ༔ སྐུ་མདོག་དཀར་ནག་རྣམ་པ་གཉིས༔ རྡོ་རྗེའི་མཆུ་ཡིས་གདུག་པ་ཟ༔ རལ་གྲིའི་གཤོག་པ་ལྕགས་ཀྱུའི་སྡེར༔ རིགས་ལྔ་སྤྲུལ་པའི་ཁྱུང་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གདུག་པ་མ་ལུས་འདུལ་བར་ཤོག༔ ཁྲོཾ་ག་རུ་ཎ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པས་སྒྲུབ་སྡེ་དགུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགག་མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །བླ་མ་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་སྒྲ་དང་བཅས་པ་འོད་ཟེར་འཕྲོ་བཞིན་པར་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཞི་ཁྲོའི་སྔགས་རྣམས་ལན་གསུམ་གསུམ་བཟླར་གཞུག །དཔལ་ཆེན་པོའི་གསུང་གསང་སྔགས་ཀྱི་རྣམ་པ་ཐམས་ཅད་པས་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་དབང་ཞིང་། གྲགས་སྟོང་བྲག་ཆ་ལྟ་བུར་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེ་དག་ནི་ནང་གི་དབང་ངོ་། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱོར་ལམ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ལས་ཕྱུངས་ཏེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ལྕེ་ལ་བཞག་སྟེ། ཧཱུྃ༔ བླ་མ་ལྷ་ཚོགས་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ལྟར་བྱིན་པའི་བདུད་རྩི་དེ་ཉིད། ཨ་ཧོ་མ་ཧཱ་སུ་ཁ༔ ཞེས་མྱང་པས། ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་དང་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་སྟོང་གསལ་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། མཐོང་ལམ་ས་དང་པོའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་གཟུང་མ་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་རྣམས་ཀྱི་ལག་གཡས་སུ་གཏད་པར་མོས་ཤིག ཧཱུྃ༔ མཚན་ལྡན་བཀྲ་ཤིས་གཟུང་མ་འདི༔ བསྟེན་ན་གཉིས་མེད་བདེ་བ་སྐྱེ༔ འཁོར་ལོའི་གནས་བཞིར་དབབ་བཟུང་གིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོཿ ཞེས་གཏད་ནས། སློབ་མ་ཆེ་མཆོག་ཧེ་རུ་ཀ་དང་། ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མ་ལ་མཱུཾ་གྱིས་མཚན་པར་བསམས་ནས་འདོད་པའི་ཡོན་ཏན་ལྔའི་བདེ་བ་དང་རོ་མཉམ་པས་རྡོ་རྗེ་པདྨར་རེག་ཅིང་ཞུགས་པ་དང་བསྲུབས་པས་བྱང་ཆུབ་ཀྱི་སེམས་གཡོས། འཁོར་ལོ་བཞིའི་གནས་སུ་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱང་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་ཧཱུྃ་གི་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་གོ །དེ་ལྟར་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཕོ་ཉ་བསྒོམ་པ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། གཟུགས་བརྙན་གསལ་བའི་མེ་ལོང་དང་མན་ཤེལ་རྐྱེན་དང་སྤྲད་པ་མིག་ལ་བསྟན། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་མཁའ་ལ་གསོར་བའི་བརྡ་ལ་བརྟེན་ནས། སློབ་མ་སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྗེས་སུ་དྲན་པའི་ངོ་བོ་ལ་མཉམ་པར་ཞོག་ཅིག །ཧཱུྃ༔ སེམས་ཉིད་ཀ་དག་ལྷུན་རྫོགས་པའི༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ༔ གཉིས་མེད་འཛིན་བྲལ་སྤྲུལ་པའི་སྐུ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་པས་སེམས་ཀྱི་གཤིས་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད་མདངས་འགག་མེད་བདེ་བ་ཆེན་པོའི་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ། སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་བརྗོད་བྲལ་དུ་རྟོགས། ལམ་རང་བྱུང་གི་ཡེ་ཤེས་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་བསྒྲལ་དབང་ནི། སློབ་མའི་ལག་ཏུ་ཕུར་བུ་གཏད་དེ། ཧཱུྃ༔ ཕྲིན་ལས་མ་ལུས་སྒྲུབ་པའི་རྫས༔ དྲག་པོའི་ལྕགས་ཕུར་ལྷར་གསལ་ནས༔ དྲིལ་ཏེ་འདེབས་པར་དབང་བསྐུར་བས༔ ཕྲིན་ལས་མ་ལུས་འགྲུབ་པར་ཤོག༔ ཅེས་གཏད་ནས། སློབ་མའི་མདུན་བྲུབ་ཁུང་དུ་ལིངྒ་བཀོད་པར་དམིགས་བྱ་གསལ། སློབ་མ་དཔལ་ཆེན་པོ་དང་། ལག་གི་ཕུར་བུ་སྲས་མཆོག་ཀཱི་ལ་ཡར་བསྐྱེད་པ་སྟེ་གསལ་བ་གསུམ་དང་ལྡན་པས་བདེན་པའི་སྟོབས་བརྗོད་པའི་ཚེ་དམིགས་བྱ་དགྲ་བགེགས་བཀུག་ཅིང་བསྟིམ་པ་སོགས་དམིགས་པའི་རིམ་པ་རྣམས་སོ་སོར་མཛོད་ཅིག །བདེན་སྟོབས་འགུགས་གཞུག་དང་། ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་བཞིས་བཀུག་བཅིངས་བསྡམས་མྱོས་སུ་བྱས་ནས་སྐྱབས་བྲལ་མགོན་མེད་ཉམ་ཐག་པའི་ཚུལ་དུ་གནས་པར་གྱུར། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ སོགས་དང་དྲག་སྔགས་སོ་ལྔ་ཕུར་སྐོར་དང་བཅས་པ་བྱ། ཁྱེད་རང་རྣམས་གསལ་བ་གསུམ་ལྡན་གྱི་ངང་ཕུར་བུ་ལིངྒ་ལ་བཏབ་པས་དགྲ་བགེགས་ཀྱི་ཚེ་བསོད་བཀྲག་མདངས་ཐམས་ཅད་འོད་ཀྱི་ཐིག་ལེའི་རྣམ་པར་རང་ལ་བསྡུས་པས་བདག་ཉིད་ཀྱི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པར་གྱུར། རྣམ་པར་ཤེས་པ་ཨ་ཡིག་དཀར་པོའི་རྣམ་པར་དཔལ་ཆེན་པོའི་ཐུགས་ཀར་འཕངས་པས་ཆོས་ཉིད་དང་རོ་གཅིག་ཏུ་གྱུར་ནས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་ཀྱི་རྟེན་མཚོན་ཆས་དུམ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་དཀྱིལ་འཁོར་བ་དང་སློབ་མར་བསྟབས་པས་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱས་ཐེབས་པར་མོས་ཤིག །བྱས་ལ་ཕུར་གདབ་དང་མཚོན་གྱིས་བསྒྲལ་དུ་གཞུག་ཅིང་ལིང་རོ་སློབ་མ་རྣམས་ལ་བཀྱེའོ། །དེ་ལྟར་དབང་བསྐུར་བས་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱིས་རྒྱུད་དཀྲུགས་པས་ངན་སོང་གསུམ་དུ་འཁྱམས་པ་ཐམས་ཅད་སྙིང་རྗེ་ཆེན་པོ་ཞེ་སྡང་དུ་ཤར་བས་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བ་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དབང་དེ་དག་ཐོབ་པའི་ཕན་ཡོན་ནི། འདི་ཉིད་ལས། བླ་མ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་བདག་ཉིད་ཆེན་པོར་འགྱུར༔ ཞེས་དང་། དབང་གིས་སྒྲིབ་སྦྱོང་ཉམས་ཆག་སྐོང༔ ཡོན་ཏན་དངོས་གྲུབ་མ་ལུས་འགྲུབ༔ ཅེས་གསུངས་ཤིང། དབང་མ་ཐོབ་ན་བསྙེན་སྒྲུབ་ལས་ཀྱི་རིམ་པར་ལ་ནམ་ཡང་སྤྱོད་དུ་མི་དབང་ཞིང་། དབང་ཆེན་ཡོངས་རྫོགས་ལ་རག་མ་ལུས་པ་འདི་ཉིད་སྨིན་བྱེད་མཐར་ཕྱིན་པར་འགྱུར་བའི་ཚུལ་ཡང་། སྨིན་ལམ་དབང་གི་རིམ་པ་འདི༔ ཕྱི་རབས་རྣལ་འབྱོར་འདིར་འཇུག་པ༔ རྫོགས་དབང་ཆེ་ལ་ཁ་མ་རེག༔ སྒྲུབ་པ་མན་ངག་ཟབ་མོ་རྣམས༔ ལུང་མེད་དངོས་གྲུབ་ཡུགས་པ་རྐྱང༔ དེ་ལ་འདི་ཙམ་བྱིན་པས་འགྲུབ༔ ཅེས་གསུངས་པ་ལྟར་རོ། །དེ་ལྟར་བཀའ་བརྒྱད་ཡང་གསང་ཐུགས་ཀྱི་མེ་ལོང་གི་སྨིན་བྱེད་སྙིང་པོ་བསྡུས་པ་ལེགས་པར་གྲུབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ལ་བསྲུང་སྡོམ་ཅི་ནུས་སུ་བྱའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ་ཞིང་། རྗེས་ཚོགས་ལ་རོལ་པ་ཕྱིན་ཆད་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་ཀྱང་ལས་གཞུང་ལ་སྤྱི་འགྲོའི་ཁ་སྐོང་སྐབས་ཕྱེད་པར་སྦྱར་བས་འགྲུབ་བོ། །ལྷོ་གཏེར་ཕྱོགས་སུ་བཀའ་སྨན་ཕུར་གསུམ་ཞེས། །གྲགས་པའི་ཡ་གྱལ་བཀའ་བརྒྱད་ཐུགས་མེའི་སྐོར། །རྟེན་འབྲེལ་གནད་ཀྱིས་ཆོས་བཀའ་ཆ་ཚང་བ། །འབེབ་མ་གྲུབ་ཀྱང་བསྐྱེད་རིམ་ཕྲིན་ལས་སྐོར། །ཕལ་ཆེར་ཚང་ཞིང་ཉམས་སུ་བླང་བདེ་བས། །སྔགས་འཆང་མང་པོས་ཕྱག་བཞེས་མཛད་མོད་ཀྱང། །ཕྱོགས་འདིར་དབང་ལུང་རྒྱུན་གཙང་ཆེས་དཀོན་པས། །ལྷག་པའི་བསམ་པས་རང་གཞུང་སྐྱེ་ལྔའི་དུང་། །འཁྲུལ་མེད་མཚམས་སྦྱོར་ཛམྦུ་ནཱ་དས་སྤྲས། །རྙིང་བསྟན་འཛིན་ཀུན་དགྱེས་པའི་རོལ་མོ་རུ། །སྙན་པར་གྲགས་པས་བསིལ་ལྡན་ཀུན་ཁྱབ་ཤོག །ཅེས་པའི་ཚུལ་འདི་ལྷོ་གཏེར་དར་སྲོལ་ཆེ་བས་བོད་ཡུལ་ལྷོ་ཕྱོགས་ཀྱི་ལྗོངས་ལྟ་བུར་ཡོངས་སུ་གྲགས་པས་དགོས་པ་མི་ཆེ་ཡང་། ཕྱོགས་འདིར་རང་འདྲའི་བློ་དམན་ཉི་ཚེ་བ་དག་ལ་ཕན་པའི་སེམས་ཀྱིས། སྙོམ་ལས་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དོན་དབང་ཟུར་ཕྱུང་དུ་བཀོད་པ་བདུད་རྩིའི་སྙིང་པོ་ (Volume 22, Text 34)
༄༅། །ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དོན་དབང་ཟུར་ཕྱུང་དུ་བཀོད་པ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་མཆོག །དཀྱིལ་འཁོར་དབང་ཕྱུག་སྙིང་དབུས་སུ། །བཀོད་ནས་སྨིན་བྱེད་བདུད་རྩི་ཡི། །སྙིང་པོའི་ཡང་བཅུད་འདིར་གསལ་བྱ། །སྐལ་ལྡན་གྱི་སློབ་མ་དབང་བསྐུར་རྩ་བ་ཙམ་གྱིས་སྨིན་པར་འདོད་པས་དབང་དོན་སྙིང་པོ་ཙམ་བགྱི་བ་ལ། སྦྱོར་བ་སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་ཁྲིའུ་ལ་བུམ་པ་དྲི་ཆབ་དང་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོས་སྤྲས་པ་བཀོད་པའི་ཁར། ཐོད་པ་མཚན་ལྡན་ཨ་མྲྀཏས་བཀང་བ་བཞག །དེ་སྟེང་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ་པད་འདབ་བཞིའི་ལྟེ་བར་ཧྲཱིཿམ༔ འདབ་བཞིར་ཤར་ནས་རིམ་བཞིན། ཧཱུྃ་མ༔ ཏྲཱཾ་མ༔ ཨོཾ་མ༔ ཨཱཿམ༔ རྣམས་དང་གཡས་གཡོན་གྱི་གྲྭ་ཟུར་བཞི་ལ། ཧ༔ རི༔ ནི༔ ས༔ ཞེས་བྲིས་པས་ཁ་བཅད་ལ་དར་དམར་གྱིས་བཀབ། མདུན་སོགས་སུ་གཙོ་འཁོར་ཚང་མའམ་གཙོ་བོའི་སྐུ་ཙཀ །སྔགས་བྱང་དང་ཕྲེང་བ། མེ་ལོང་དང་རྡོ་རྗེ་རྣམས་བཞག །ལས་བུམ། སྨན་རག་གཏོར་གསུམ་། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། སྔོན་གཏོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཚོགས་པར་བྱའོ། །དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་དང། བགེགས་བསྐྲད་ནས་བརྩམ་ལས་བྱང་མཐར་ཆགས་སུ་གཏང་། བདག་མདུན་གྱི་སྒྲུབ་པའི་དམིགས་བཟླས་ཅི་ནུས་དང་ལས་སྦྱོར་འཁོར་བ་དོང་སྤྲུགས་ཅུང་ཟད་རེ་བཟླ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ཁ་བསྐང། ཁྱད་པར་གྱི་མཆོད་པ་འབུལ། གཏོར་འབུལ་འདོད་གསོལ་བཅས་ཚང་བར་བྱ། སྲུང་མའི་གཏོར་འབུལ་སྤྱི་མཚམས་གཏང་། ཚོགས་བྱིན་རླབས་ནས་བསྒྲལ་སྟབ་ཡན་གྲུབ་ནས། ལས་བུམ་དུ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་བསྣམས་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བཟླས་པས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བསྐྲད། སྲུང་མཚམས་བཅད། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ནས་མཚམས་སྦྱོར་ཁྱད་པར། ད་ལན་སྐབས་སུ་བབས་པའི་འཆད་བྱ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་གཞི་གངས་ཅན་བོད་ཀྱི་ལྷ་གཅིག་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ལ། རྒྱུད་ལུང་མན་ངག་གི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་བཞུགས་པ་ཐམས་ཅད་ཀྱི་མཐར་ཐུག་སྙིང་པོའི་ཡང་བཅུད། རྡོ་རྗེ་ཐེག་པ་བླ་ན་མེད་པ་ཕ་མ་གཉིས་མེད་ཀྱི་དགོངས་དོན་གཅིག་ཏུ་དྲིལ་བ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ་འཕྲད་ཆོག་བློ་བདེ་ཡེ་ཤེས་འོད་ཀྱི་སྙིང་པོ་འདི་ཉིད། འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུར་བཞེངས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་བས་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་མཁའ་འགྲོའི་དབང་ཕྱུག་མཚོ་རྒྱལ་མ་ལ་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཀུན་གྱི་སྙིང་པོར་བསྩལ་པ་སྟེ། གཞུང་ཉིད་ལས། ཁྱད་པར་ཡི་དམ་ཐུགས་རྗེ་ཆེན་པོ་ཡི༔ རྒྱུད་ཀྱི་གཞུང་བསྒྱུར་ལུང་གི་ངེས་པ་དབྱེ༔ མན་ངག་ལག་ལེན་གནད་དུ་དྲིལ་ནས་ཀྱང༔ བྱེ་བ་ཕྲག་བརྒྱ་གདམས་པའི་སྙིང་པོ་ནི༔ ཚིག་ཉུང་དོན་ཚངས་ཉམས་སུ་བླང་བདེ་བ༔ ཐོས་པས་རང་གྲོལ་རྒྱལ་བ་རྒྱ་མཚོ་ཡི༔ དགོངས་ཉམས་དམར་ཁྲིད་གནད་ཀྱི་ཡང་ཞུན་འདིའི༔ དབང་བསྐུར་ཐོབ་ཚད་བདེ་བ་ཅན་དུ་སྐྱེ༔ རྩེ་གཅིག་ཉམས་བླངས་ཚེ་འདིར་བྱང་ཆུབ་ཐོབ༔ ཅེས་སོགས་རྒྱ་ཆེར་བསྔགས་པ་དོན་དང་ལྡན་པའི་ཟབ་ཆོས་འདིའང་མ་འོངས་པའི་གདུལ་བྱ་ལ་ཐུགས་བརྩེ་བས་ཟབ་མོའི་གཏེར་དུ་སྦས་པ། གནུབས་ཆེན་ཡང་སྲིད་ཨོ་རྒྱན་དྲི་མེད་ཀུན་དགའ་ནས་བསམ་ཡས་མཆིམས་ཕུའི་བྲག་སྣ་སེངྒེའི་གདོང་པ་ཅན་ནས་སྤྱན་དྲངས་ཏེ་ཐུགས་ཉམས་སུ་བཞེས། སླར་ཡང་ལུང་བྱང་ལྟར་དཔལ་གྱི་བསམ་ཡས་བྲག་དམར་མགྲིན་བཟང་གི་བྲེ་གུའི་སུལ་དུ་རྒྱས་བཏབ་པ་དེང་སང་གདུལ་བྱ་དུས་ལ་བབས་པའི་ཚེ། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་གསུངས་པའི་སྐྱེས་རབས་བཅུ་གསུམ་པ། བཀའ་བབ་བདུན་གྱི་མངའ་བདག །རྩོད་པ་དང་བྲལ་བའི་མཁས་གྲུབ་ཀུན་གྱི་སྤྱི་རྗེ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་ཤོག་སེར་དང་བྲམ་ཟེ་ཉེར་གཅིག་གི་གདུང་སོགས་དངོས་སུ་ཕུལ་བ་རིང་དུ་གསང་བའི་དམ་ཚིག་མཐར་ཕྱིན་པར་མཛད་ནས། ལུང་བསྟན་གྱི་ངེས་པས་སྐབས་ཕྱེད་པ་ན་གཏན་ལ་ཕབ་སྟེ་སྐལ་ལྡན་རྗེས་སུ་བཟུང་བར་མཛད་པའི་ཟབ་ཆོས་འདིའི་སྨིན་བྱེད་ཀྱི་སྙིང་པོ་མདོར་བསྡུས་པའི་དོན་དབང་ནོར་བུ་ལུགས་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་ལ་མོས་གུས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཕགས་མཆོག་རྒྱལ་བ་རྒྱ་མཚོ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ དཀྱིལ་འཁོར་ཆེན་པོར་འཇུག་མཛད་གསོལ༔ ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་འཕགས་མཆོག་འགྲོ་འདུལ་རྒྱལ་བ་རྒྱ་མཚོ་དབྱེར་མེད་པ་ལ་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས། ན་མོ༔ རྒྱལ་བ་རྒྱ་མཚོ་འདུས་པའི་སྐུ༔ སོགས་ལས་བྱང་ལྟར་ལན་གསུམ། ཐོག་མེད་ནས་དྲིན་ཅན་དུ་གྱུར་པའི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་ལ་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མ་གྱུར་ཁམས་གསུམ་སེམས་ཅན་ཀུན༔ སོགས་ལན་གསུམ། ཞིང་མཆོག་ཁྱད་པར་འཕགས་པ་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པས་གསག་སྦྱོང་སྤེལ་བའི་དམིགས་འདུན་སོ་སོར་དྲན་བཞིན་པས་འདིའི་རྗེས་ཟློས། ཧོ༔ བླ་མ་ཐུགས་རྗེ་ཆེན་པོ་སོགས་ལན་གསུམ། དབང་དོན་རྒྱུད་ལ་འཛིན་ཅིང་བརྟན་པའི་སླད་དུ་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་རྣམས་ལེགས་པར་བླངས་ནས་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ སོགས་ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཁྱོད་རྒྱལ་བ་རྒྱ་མཚོ་ཡི༔ དཀྱིལ་འཁོར་ཆེན་པོར་གཞུག་བྱ་ཡིས༔ དམ་ཉམས་མ་འདྲེས་མེད་པ་ལ༔ ནམ་ཡང་སྨྲ་བར་བྱ་བ་མིན༔ ཞེས་གསང་བར་གདམས། དེ་ནས་དབང་གི་གཞི་འགོད་པའི་ཕྱིར་ཡེ་ཤེས་དབབ་པ་ཡིན་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ་མོས་གུས་དྲག་ཏུ་བྱས་པས་སྦྱོར་མཚམས་ནས་བདེ་བའི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང༔ སློབ་མའི་ལུས་ལ་རེག་པས་རྣམ་སྨིན་གྱི་ཕུང་ཁམས་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པ་ཧྲཱིཿཡིག་དམར་པོར་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས༔ ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ༔ སྦྱོར་མཚམས་ནས་ཧྲཱིཿཡིག་གི་རྣམ་པས་ཕྱིར་སྤྲོས་པ་ལས་རྒྱལ་བ་རྒྱ་མཚོ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་དམར་གསལ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ༔ དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བརྗིད་འབར་བ་ལ་ཚད་བཟུང་མེད་པའི་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས༔ དེའི་ཐུགས་ཀ་ནས་འོད་ཟེར་གྱི་ལྕགས་ཀྱུས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས༔ བླ་མ་ལ་ཐིམ༔ བླ་མ་ཡབ་ཡུམ་ཡང་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་ཀྱི་བདུད་རྩིར་འོད་དུ་ཞུ༔ སྙིང་གའི་ཧྲཱིཿཡིག་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང༔ བདེ་བ་ཆེན་པོའི་ཡེ་ཤེས་ལྷག་པར་འབར་བར་མོས་ཤིག༔ སྤོས་བསྲེག །རོལ་མོ་དྲག་ཏུ་དཀྲོལ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ར་ཙ་ཧྲི་ཡ་ཧ་རི་ནི་ས་ས་པ་རི་ཝཱ་ར་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ཅིང་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་རྒྱུད་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་རེག །དེས་བྱིན་རླབས་ཀྱི་གཞི་དགོད་པ་སོང་ནས། དབང་བསྐུར་དངོས་ལ་བུམ་གསང་ཤེར་ཡེ་ཚིག་དབང་བཅས་རྣམ་གྲངས་བཞིར་འབྱུང་བའི་དང་པོ་བུམ་པའི་དབང་ལ་འདུན་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་ནམ་མཁའ་ཁྱབ་པར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ༔ རྣམ་རྒྱལ་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བས་སྒྲིབ་པའི་དྲི་མ་གཏོར་ཅིང་ཡེ་ཤེས་རྒྱུད་ལ་བླུགས་པའི་ཕྲིན་ལས་མཐར་ཕྱིན་མཛད་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ན༔ འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་བཞུགས༔ འོད་ཞུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཕྲིན་ལས་ཡོངས་རྫོགས་ཤོག༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཨ་བྷི་ཥིཉྩ་མི༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་པས་ལུས་ཐམས་ཅད་གང༔ དབང་ཐམས་ཅད་ཐོབ༔ དྲི་མ་ཐམས་ཅད་དག༔ ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར༔ དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན་པ་ལ། དཀྱིལ་འཁོར་པ་གཙོ་འཁོར་གྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་ཐམས་ཅད་དུ་ཐིམ་པར་མོས་ཤིག །སྐུ་ཙཀ་མགོར་བཞག་ལ། ཧྲཱིཿ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེའི་བདག་ཉིད་ཆེ། །ཕྱག་རྒྱ་རྟགས་ཀྱི་དབང་བསྐུར་བས། །སྣང་སྟོང་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དེས་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ། །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་འཐོན་ཏེ་ཁྱེད་རང་རྣམས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོ་པདྨ་དང་བྷཉྫ་བསྣམས་པའི་ཞལ་དུ་བརྒྱུད། ཐུགས་ཀར་པད་ཉི་ལ་གནས་པའི་ཧྲཱིཿཡིག་གི་མཐར་འཁོད། འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ། དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། བསྙེན་སྔགས་རྗེས་ཟློས་ལན་གསུམ་བྱར་གཞུག །སྔགས་ཕྲེང་མགྲིན་པར་བཞག་ལ༔ ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེའི་བདག་ཉིད་ཆེ༔ ནུས་པ་སྔགས་ཀྱིས་དབང་བསྐུར་བས༔ གྲགས་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་མི༔ དེས་གྲགས་པ་ཐམས་ཅད་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ མེ་ལོང་ལ་རྡོ་རྗེའི་གཟུགས་བརྙན་འཆར་བའི་བརྡས་མཚོན་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་བྱུང་རིག་པའི་རང་རྩལ་དུ་རྟོགས་པར་གྱིས་ཤིག །མེ་ལོང་དང་རྡོ་རྗེ་ལྷན་ཅིག་བསྟན་ལ། ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཆེ༔ རང་བྱུང་རིག་པའི་དབང་བསྐུར་བས༔ རིག་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་མི༔ དེས་དྲན་རྟོག་ཐམས་ཅད་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་ཡིན་ནོ༔ ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་གྱི་གཟི་བྱིན་མཆོག་ཏུ་འབར་བར་མོས་ཤིག །ཡེ་དྷར་བརྗོད་ལ་འབྲུ་འཐོར། ཕྱི་དཀྱིལ་ལ་བརྟེན་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་དག་བསྐྱེད་པའི་རིམ༔ བསྒོམ་པར་དབང་ཞིང་སྤྲུལ་པའི་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ གཉིས་པ་གསང་བའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། བླ་མ་ཡབ་ཡུམ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་རྒྱལ་བ་རྒྱ་མཚོ་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བྱིན་པར་མོས་ཤིག༔ ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ལྷ༔ གསང་བ་ཡེ་ཤེས་ཡུམ་དང་སྦྱོར། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ གསལ་སྟོང་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་། གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ སློབ་མས་ཀྱང་རྟོག་པ་མེད་པའི་ངང་དུ་མྱངས་པས་རྩ་ཁམས་བདེ་བས་གང༔ གསལ་སྟོང་མཁའ་ཁྱབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག༔ དམ་རྫས་ལ་བརྟེན་གསང་དབང་ཐོབ༔ ངག་གི་སྒྲིབ་དག་རྩ་རླུང་ལམ༔ བསྒོམ་པར་དབང་ཞིང་ལོངས་སྤྱོད་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། སིནྡྷུ་རའི་དཀྱིལ་འཁོར་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་གསང་བ་ཡེ་ཤེས་སུ་བྱིན་གྱིས་བརླབས་པ་སྤྲོས་ཏེ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །སིནྡྷུ་རའི་མེ་ལོང་ལག་ཏུ་གཏད་ལ། ཧཱུྃ༔ འདི་ནི་གསང་བའི་ལྷ་མོ་སྟེ༔ ཐབས་མཆོག་དཔའ་བོ་ཁྱོད་ལ་གཏད༔ སྙོམས་འཇུག་བདེ་བའི་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་། པྲ་ཛྙཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ སིནྡྷུ་རས་དཔྲལ་བར་ཐིག་ལེ་དགོད༔ བུས་ཀྱང་འདུ་ཤེས་གསུམ་གྱིས་རྗེས་སུ་ཆགས་པའི་མེས་བསྐུལ་བས༔ ཡས་བབ་དང་མས་བརྟན་གྱི་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱང་བར་མོས་ཤིག༔ ཕོ་ཉ་ལ་བརྟེན་ཤེར་དབང་ཐོབ༔ ཡིད་ཀྱི་སྒྲིབ་དག་ཐིག་ལེའི་ལམ༔ བསྒོམ་པར་དབང་ཞིང་ཆོས་ཀྱི་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ བཞི་པ་ཚིག་དབང་རིན་པོ་ཆེ་དོན་གྱི་ངོ་སྤྲད་པ་ལ། རང་རང་གི་རྒྱུད་ལ་ཤར་བའི་བདེ་ཆེན་གྱི་ངོ་བོར་མཉམ་པར་བཞག་པ་དེ་ཉིད་གདོད་ནས་རང་བྱུང་དོན་དམ་པའི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །ཧོ༔ ལྟོས་ཤིག་རང་གི་སེམས་ལ་ལྟོས༔ བདེ་བའི་རང་བཞིན་སྟོང་པར་ཤར༔ ཟུང་འཇུག་གཉུག་མའི་དབང་བསྐུར་བས༔ འོད་གསལ་ཕྱག་ཆེན་མངོན་གྱུར་ཤོག༔ རྩ་སྔགས་དང་། མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་ཨ་ཨ་ཨ༔ བདེ་བས་ཐབས་བྱས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་ཞོག་མཛོད༔ ཅེས་བྱས་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །རང་བཞིན་ལ་བརྟེན་བཞི་པ་ཐོབ༔ སྒོ་གསུམ་སྒྲིབ་དག་གཉུག་མའི་ལམ༔ བསྒོམ་པར་དབང་ཞིང་བདེ་ཆེན་སྐུའི༔ ཡེ་ཤེས་རྒྱུད་ལ་བཞག་པ་འོ༔ ཞེས་རྟོགས་པ་བརྗོད་པའོ། །ཤིས་བརྗོད་ཇི་ལྟར་རིགས་པ་བྱ། དེས་ཡང་ཟབ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དོན་དབང་མདོར་བསྡུས་ཏེ་བསྐུར་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་ཀྱིས་དབང་གྲུབ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་གཏང་། ཆད་བརྟན་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་ལྟར་བྱས་པས་ཚང་བར་གྲུབ་བོ། །ཐུགས་རྗེའི་ཟེར་གྱིས་སྲིད་མཚོ་ཀུན། །གཏིང་ནས་སྐེམ་པའི་ཐུགས་བསྐྱེད་དང་། །སྨོན་ལམ་སྟོབས་ཀྱིས་འབྲེལ་ཚད་ཀུན། །མི་ལྡོག་བདེ་ཆེན་ཞིང་བགྲོད་ཤོག །འདི་ཡང་ཁྱེར་བདེ་བའི་སླད་དུ་གཏེར་གཞུང་གི་དགོངས་པ་དང་གཏེར་ཆེན་བླ་མའི་བཞེད་པ་གུང་མཐུན་པར་ཟབ་ཆོས་འདི་ཉིད་ཀྱི་ཐོག་མའི་སྣོད་ལྡན་ཀུ་སཱ་ལི་པདྨ་གར་དབང་གིས་བཀླག་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།
ཁྲོ་བོ་སྨེ་བརྩེགས་ཀྱི་སྒོ་ནས་གཞན་གྱི་ཉམས་གྲིབ་སེལ་བར་བྱེད་པའི་ཆོ་ག་ལེགས་པར་ (Volume 47, Text 34)
༄༅། ཁྲོ་བོ་སྨེ་བརྩེགས་ཀྱི་སྒོ་ནས་གཞན་གྱི་ཉམས་གྲིབ་སེལ་བར་བྱེད་པའི་ཆོ་ག་ལེགས་པར་བཞུགས་པའི་དབུའོ། ། ན་མོ་བཛྲ་ཀྲོ་ཏཱ་ཡ། གྲིབ་སེལ་ནི། མཆོད་རྟེན་ནག་པོ་བང་རིམ་དགུ་པ་ཤིང་ནག་གི་སྲོག་ཤིང་ཅན་གྱི་གཡས་སུ་བྱ། གཡོན་དུ་སྦྲུལ། རྒྱབ་ཏུ་སྦལ་པ། མདུན་དུ་ཕག་རྣམས་ནག་པོ་བྱ། དམར་གཏོར་གཅིག་དང་། སྐུད་པ་ནག་པོ་ནད་པའི་ལུས་ཚད་དང་། ནད་པའི་ཆངས་བུ་བཅུ་གསུམ། ཤ་དུམ་བཅུ་གསུམ་རྣམས་བཤམ། བདག་མདུན་བུམ་གསུམ་སྔོན་དུ་སོང་ནས། འོ་ན་སངས་རྒྱས་ཐམས་ཅད་ཡེ་ཤེས་ལ་ཆེ་ཆུང་དང་ཐུགས་རྗེ་ལ་མྱུར་བུལ་མེད་ནའང་། དང་པོའི་ཐུགས་བསྐྱེད་ལུགས་ཀྱི་དབང་གིས་གྲིབ་ཐམས་ཅད་སེལ་བ་ལ་ཁྲོ་བོ་སྨེ་བརྩེགས་འདི་ཐུགས་རྗེ་ཆེ་བ་ཡིན་ཏེ། དེ་ལ་དགོངས་ནས་སློབ་དཔོན་པདྨས། ཉམས་པ་ཅན་གྱི་གྲིབ་བྱུང་ན། །སྨེ་བ་བརྩེགས་པས་ཁ་འཛིན་མཛོད། །ཅེས་གསུངས་པ་ལྟར་ཁྲོ་བོ་སྨེ་བརྩེགས་ཀྱི་སྒོ་ནས་གྲིབ་བསལ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སོགས། ད་མདུན་གྱི་མཆོད་རྟེན་འདི་ཉིད་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཁྲོ་བོ་སྨེ་བརྩེགས་སྐུ་མདོག་དུག་ཧ་ལ་ལྟར་གནག་པ། སྤྱན་གསུམ་གསུམ་བསྒྲད་པའི་དབུ་དགུ་མདུང་ཐབས་སུ་བརྩེགས་པ། ཞལ་གདངས་ཤིང་མཆེ་བ་བཞི་བཞིར་གཙིགས་པ། ཕྱག་བཞི་དང་པོ་གཉིས་ས་དང་ཆུའི་དཀྱིལ་འཁོར་གྱིས་གྲིབ་གནོན་ཅིང་བཀྲུ་བ། འོག་མ་གཉིས་མེ་དང་རླུང་གི་དཀྱིལ་འཁོར་བསྣམས་ནས་གྲིབ་ཐམས་ཅད་སྲེག་ཅིང་གཏོར་བ། ཞབས་བཞིས་འབྱུང་པོ་བཞི་མནན་པ་དེ་ལྟ་བུར་སྒོམས་ཤིག །ནད་པས་སྲུང་སྐུད་ནག་པོ་དེ་སྙིང་གར་བཟུང་ལ། ད་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྐུད་པ་འདི་ལ་ཐིམ་པར་སྒོམས་ཤིག །ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ ཁྲོ་བོ་སྨེ་བ་བརྩེགས་པའི་བདེན་པ་ཆེན་པོའི་མཐུས། ནད་པ་འདི་ལ་གནོད་པའི་ནད་གདོན་གྲིབ་ཐམས་ཅད་སྲད་བུ་ནག་པོ་འདི་ལ་མཆིས་པར་གྱུར་ཅིག །ཅེས་ལན་གསུམ་བརྗོད། དེ་ནས་རང་གི་ལག་པས་སྲད་བུ་དེ་བཟུང་ལ་ནད་པ་ལ་གཡོན་སྐོར་རེ་དང་མདུད་པ་རེ་དང་སྔགས་རེ་སྤྲད་ལ། ཡིག་བརྒྱ་ཚར་གཅིག །ཨོཾ་བྷུར་ཀུཾ་སོགས་སྔགས་རིང་ཚར་བརྒྱད། ད་ཁྱེད་རང་གི་གྲིབ་དང་ནད་གདོན་ཐམས་ཅད་ཁྲོ་བོ་སྨེ་བརྩེགས་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། བདག་གི་ནད་གདོན་སྡིག་སྒྲིབ་མཚེར་རྩུབ་ཐམས་ཅད་ཁྲོ་བོའི་རྒྱལ་པོ་ཁྱོད་ལ་མཆོད་པར་འབུལ་ལོ། །ཞེས་སྐུད་པ་དེ་མཆོད་རྟེན་གྱི་དབུ་ལ་བཏགས། འོ་དེ་ལྟར་གྲིབ་དང་ནད་གདོན་ཐམས་ཅད་ཁྲོ་བོ་སྨེ་བརྩེགས་ལ་ཕུལ་བས་ཁྲོ་བོ་ཆེན་པོ་དེ་ཤིན་ཏུ་མཉེས་པར་གྱུར་ཅེས་བརྗོད། ད་ཁྱེད་རང་གི་དུག་ལྔ་དུག་གསུམ་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་གཟུགས་བརྙན་འདི་རྣམས་ལ་ཐིམ་པར་སྒོམས་ཤིག །ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ ཁྲོ་བོ་སྨེ་བརྩེགས་ཀྱི་བདེན་པ་ཆེན་པོའི་མཐུས། ནད་པ་འདི་ཡི་མ་རིག་པ་དང་ང་རྒྱལ་ལས་གྱུར་པའི་ནད་གདོན་གྲིབ་ཐམས་ཅད་སྦལ་པ་ནག་པོ་འདི་ལ་ཐིམ་པར་གྱུར་ཅིག །ཞེ་སྡང་དང་ཕྲག་དོག་ལས་གྱུར་པའི་ནད་གདོན་གྲིབ་ཐམས་ཅད་སྦྲུལ་ནག་པོ་འདི་ལ་ཐིམ་པར་གྱུར་ཅིག །གཏི་མུག་དང་ང་རྒྱལ་ལས་གྱུར་པའི་ནད་གདོན་གྲིབ་ཐམས་ཅད་ཕག་ནག་པོ་འདི་ལ་ཐིམ་པར་གྱུར་ཅིག །འདོད་ཆགས་ལས་གྱུར་པའི་ནད་གདོན་གྲིབ་ཐམས་ཅད་བྱ་ནག་པོ་འདི་ལ་ཐིམ་པར་གྱུར་ཅིག །དེ་ནས་མེ་ལོང་དང་བུམ་པ་ཐོགས་ལ་སྡེར་ནང་གཅིག་ཏུ་ཁྲུས་བྱ་ཞིང་། ཧཱུྃ། ཁྲོ་བོ་སྨེ་བ་བརྩེགས་པ་ནི། །མཐུ་དང་ནུས་པ་བསམ་མི་ཁྱབ། །ནད་གདོན་གྲིབ་སོགས་དག་པར་མཛོད། །དག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་བྷུར་ཀུཾ་སོགས་སྔགས་རིང་ཐུང་གང་རུང་ལ། གྲིབ་དང་ནད་གདོན་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱཿ ཞེས་བཏགས་པས་མེ་ལོང་གི་གཟུགས་བརྙན་བཀྲུ་བ་འགྲེའོ། །ཕྱག་གཡས་འོག་མས་མེ་ཡི་འཁོར་ལོ་བསྣམས། །མེ་ཡི་ལྷ་མོ་གོས་དཀར་མོ། །ཞེ་སྡང་བག་ཆགས་དག་པར་མཛོད། །དག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་བྷུར་ཀུཾ་སོགས། གཡོན་གྱི་དང་པོས་ཆུ་ཡི་འཁོར་ལོ་བསྣམས། །ཆུ་ཡི་ལྷ་མོ་མཱ་མ་ཀཱི །འདོད་པའི་བག་ཆགས་དག་པར་མཛོད། །དག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་བྷུར་ཀུཾ་སོགས། གཡོན་གྱི་འོག་མས་རླུང་གི་འཁོར་ལོ་བསྣམས། །རླུང་གི་ལྷ་མོ་དམ་ཚིག་སྒྲོལ། །ཕྲག་དོག་བག་ཆགས་དག་པར་མཛོད། །དག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་བྷུར་ཀུཾ་སོགས། གཡས་ཀྱི་དང་པོས་ས་ཡི་འཁོར་ལོ་བསྣམས། །ས་ཡི་ལྷ་མོ་སངས་རྒྱས་སྤྱན། །གཏི་མུག་བག་ཆགས་དག་པར་མཛོད། །དག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །ཨོཾ་བྷུར་ཀུཾ་སོགས། མི་གཙང་དྲི་མ་སྡུག་བསྔལ་ཀུན། །ས་ཡིས་བཀབ་དང་མེ་ཡིས་བསྲེགས། །ཆུ་ཡིས་ཁྱེར་དང་རླུང་གིས་གཏོར། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། །ཨོཾ་བྷུར་ཀུཾ་སོགས། སྤྲོ་ན་བྱབ་ཁྲུས་ལྟར། སརྦ་པཱ་པཾ་སོགས་ལ་ཤུདྡྷེ་སྦྱར་ལ་བཀྲུ། ཡན་ལག་ལྔ་ཁྲུས་དང་ཆབ་ལན་གསུམ། ནང་ཁྲུས་བུམ་ཆུ་བཏུང་། དེ་ནས་མདུན་ཐེབ་ཙེའི་ནང་དུ་ཆངས་བུ་རེ་དང་ཤ་དུམ་སྤེལ་བ་བྲན་ལ། ད་ཁྱེད་རང་གི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། གྲིབ་དང་མི་གཙང་བ་ཐམས་ཅད། རྣམ་པ་སོལ་ཁུ་ལྟ་བུ་ལ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་བརླབས་ནས་ཕུལ་བས། ཁྲོ་བོ་སྨེ་བ་བརྩེགས་པ་ཐུགས་ཤིན་ཏུ་དགྱེས་པར་སྒོམས་ཤིག །ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ ཁྲོ་བོ་སྨེ་བ་བརྩེགས་པའི་བདེན་པ་ཆེན་པོའི་མཐུས། ནད་པ་འདིའི་ནད་དང་གྲིབ་ཐམས་ཅད་ཆངས་བུ་འདི་ལ་མཆིས་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་བསྟིམ། ཨོཾ་ཨ་ཀཱ་རོ་ཚར་གཅིག་དང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ལག་གཡས་རྡོ་རྗེ་དང་བཅས་པས་ཐེབ་ཙེའི་ཆངས་བུ་བཟུང་ལ། ཁྲོ་བོ་སྨེ་བ་བརྩེགས་པ་ཁྱོད་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གྲིབ་བསལ་ནས་སངས་རྒྱས་ཀྱི་སར་བཀོད་པ་ལྟར། ནད་པ་ཆེ་གེ་འདིས་ཀྱང་དཀོན་མཆོག་གི་བྱ་བ་བྱེད་ཅིང་སེམས་ཅན་གྱི་དོན་བྱེད་པ་ཡིན་པས། འདིའི་ལུས་ངག་ཡིད་གསུམ་སྡིག་སྒྲིབ། སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ནས་ཁྱེད་ལ་འབུལ་བ་ཡིན་པས། དགྱེས་པར་མཛོད་ལ། ནད་པ་འདིའི་ནད་གདོན་བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་མཛོད་ཅིག །ཆངས་བུ་ནད་པ་ལ་གཡས་གཡོན་དུ་བསྐོར་ཞིང་། ཨོཾ་བྷུར་ཀུཾ་སོགས་སྔགས་རིང་ཐུང་གང་རུང་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སོགས་བརྗོད་ལ་མཆོད་རྟེན་གྱི་དྲུང་དུ་འབུལ། དེ་ལྟར་བཅུ་གསུམ་རྫོགས་ནས། དམར་གཏོར་བྲན་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བྷུར་ཀུཾ་སོགས་སྔགས་རིང་དང་། ཨ་ཀཱ་རོས་བསྔོས་ལ། ཨརྒྷཾ་སོགས་ཀྱིས་མཆོད། ཁྲོ་བོ་སྨེ་བརྩེགས་ཁྱོད་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་འབུལ་བ་ཡོངས་སུ་བཞེས་ལ། ནད་པ་འདི་ཡི་གྲིབ་དང་ནད་གདོན་ཐམས་ཅད་ད་ལྟ་ཉིད་དུ་བསལ་བའི་ཕྲིན་ལས་མཛོད་ཅིག །དེ་ནས་དེར་ཡོད་ཚད་ལ་རྗེས་ཟློས་བཅོལ་ལ། རབ་ཡིག་བརྒྱ་དང་དེ་མི་ལྕོགས་ན། ཨོཾ་བཛྲ་སཏྭ་ཧཱུྃ་ཞེས་དང་། ཨོཾ་བྷུར་ཀུཾ་སོགས་འུར་འདོན་བྱེད། དེ་ནས་བསྟོད་པ་ནི། ཧཱུྃ། ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། ཁྲོ་བོ་ཆེན་པོ་སྐུ་བཞེངས་འཚལ། །པདྨ་གསུང་གི་དཀྱིལ་འཁོར་ནས། །ཡེ་ཤེས་ལུས་ཅན་རྣམ་དག་སྐུ །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །སྟག་དང་སྦྲུལ་གྱི་རྒྱན་གྱིས་བཀླུབས། །ལོངས་སྐུའི་ཆས་ལྡན་ཁྲོ་བོ་ཁྱོད། །མཚན་དང་དཔེ་བྱད་འོད་དུ་འབར། །གཟུགས་སྣང་གཟུགས་ཀྱི་དྲི་མ་བྲལ། །གཙང་དང་མི་གཙང་དྲི་མ་རྣམས། ཁྱོད་ཀྱི་སྐུ་མཆོག་དྲན་པས་འཇོམས། །སྟོབས་ལྡན་སྐུ་ལ་ཕྱག་འཚལ་བསྟོད། །ངག་སྒྲིབ་མ་ལུས་འཇོམས་མཛད་ཅིང་། །མི་བསླུ་བདེན་པའི་དྲག་སྔགས་ཀྱིས། །ངག་སྒྲིབ་ངག་གི་དྲི་མ་བཅོམ། །བརྗོད་མེད་གསུང་ལ་ཕྱག་འཚལ་བསྟོད། །གཟུང་འཛིན་རྣམ་རྟོག་འཇོམས་མཛད་ཅིང་། །གཉིས་མེད་ཡེ་ཤེས་སྤྲོས་དང་བྲལ། །ཟབ་ཅིང་གཏིང་མཐའ་ཡངས་པ་ཡི། །སྟོབས་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །དམ་ཚིག་ཉམས་དང་འཆམས་པ་ཡི། །གྲོགས་ངན་དྲི་མས་གོས་པའི་ཚེ། ཁྲོ་ཆེན་སྐུ་གསུང་ཐུགས་དྲན་པས། །སྐད་ཅིག་ཉིད་ལ་སྒྲོལ་བར་མཛོད། །བརྩེ་བའི་ཐུགས་རྗེས་བསྐྱང་དུ་གསོལ། །ཞེས་བསྟོད། དེ་ནས་རིམ་པར་ཁྲུས་ཆུ་དམར་གཏོར་མཆོད་རྟེན་རྣམས་ཁྱེར་བའི་ཆས་ཀྱིས་བཏེགས་ལ་སྟབས་བདེ་ན་ནད་པ་ལ་བསྐོར་བ་གསུམ་བྱ། མི་བདེ་ན་རང་གི་ལག་པས་མཆོད་རྟེན་བཟུང་ནས་ནད་པ་ལ་གཡོན་སྐོར་གསུམ་བྱ་སྟེ་བཀྱག་བཅུག་ནས། དེར་ཡོད་ཚད་ཀྱིས་ཤེས་ན་ཡིག་བརྒྱ་དང་མི་ཤེས་ན། ཨོཾ་བཛྲ་སཏྭ་ཧཱུྃ། འུར་འདོན་བྱ། ད་ཁྱེད་ཐམས་ཅད་ཀྱིས་རྗེས་ཟློས་གྱིས། ཆེ་གེའི་ནད་གདོན་ཐམས་ཅད་ཁྲོ་བོ་སྟོབས་པོ་ཆེ་ཁྱོད་ལ་འབུལ་ལོ། །ཞེས་བརྗོད། འོ་དེ་ལྟར་ཕུལ་བས་ཁྲོ་བོ་ཆེན་པོ་ད་ཐུགས་རབ་ཏུ་དགྱེས་པར་གྱུར་པར་བསམ་ལ། གཏོར་མ་བཏེགས་བཞིན་དུ་སླར་ཡང་འདིས་བསྟོད་ཅིང་བསྐུལ། ཧཱུྃ། སྔོན་ཚེ་ཁྲོ་མཆོག་གཞོན་ནུའི་སྐུ །ལྟ་ལོག་བསྒྲལ་ཕྱིར་གནས་སུ་ཕྱིན། །ཐར་པ་ནག་པོའི་ཡུམ་ལ་གཟིགས། །ཐར་པ་ནག་པོར་སྤྲུལ་ཏེ་སྙོམས་པར་ཞུགས། །སྲས་མཆོག་སྨེ་བ་བརྩེགས་པ་འཁྲུངས། །རང་བྱུང་རྡོ་རྗེ་གཞོན་ནུ་ཉིད་དང་མཚུངས། །སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །དབུ་སྐྲ་ཁམ་ནག་དམར་སེར་གྱེན་དུ་འཁྱིལ། །གཡས་ཞལ་དཀར་བས་ཁམས་གསུམ་དབང་དུ་སྡུད། །གཡོན་ཞལ་དམར་བས་སྲིད་གསུམ་ཟིལ་གྱིས་གནོན། །དབུས་ཞལ་མཐིང་བས་དྲག་པོའི་ཕྲིན་ལས་མཛད། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས། །གདུག་པ་ཐམས་ཅད་འདུལ་བའི་རྟགས། །གཡོན་གྱི་ཕྱག་དྲུག་དང་པོ་ན། །དགྲ་སྟ་འབར་བ་ནམ་མཁར་ཕྱར། །དགྲ་བགེགས་རྩད་ནས་གཅོད་པའི་རྟགས། །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཤེས་རབ་རལ་གྲི་བསྣམས་པ་ནི། །སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་དྲུག་གཡོན་གྱི་བར་པ་ན། །ཏྲི་ཤཱུལ་རྩེ་གསུམ་འབར་བ་བསྣམས། །ཉོན་མོངས་རྩད་ནས་གཅོད་པའི་རྟགས། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །སྦྲུལ་ཞགས་ནག་པོ་བསྣམས་པ་ནི། །ཀླུ་གདོན་མ་ལུས་འདུལ་བའི་རྟགས། །ཕྱག་དྲུག་གཡོན་གྱི་ཐ་མ་ན། །བུམ་པ་བདུད་རྩིས་གང་བ་བསྣམས། །དུག་ལྔའི་དྲི་མ་འཁྲུད་པའི་རྟགས། །ཞབས་གཡས་ཉི་མའི་གདན་ལ་བརྐྱང་། །ཕོ་བདུད་ཟིལ་གྱིས་གནོན་པའི་རྟགས། །ཞབས་གཡོན་ཟླ་བའི་གདན་ལ་བཞུགས། །མོ་བདུད་ཟིལ་གྱིས་གནོན་པའི་རྟགས། །ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བསྒྲད། །སྐུ་ལ་ཡེ་ཤེས་ལྔ་ཡི་མེ་དཔུང་འབར། །དུག་ལྔའི་ནད་གདོན་སྡིག་པ་ཐམས་ཅད་སྲེག །རྟགས་བཅུ་ཡོན་ཏན་ལྡན་ལ་ཕྱག་འཚལ་བསྟོད། །དུག་གསུམ་རུ་ཏྲ་ཐར་པ་ནག་པོ་བསྒྲལ། །བུ་ཡིས་ཕ་བསད་སྨེ་བ་བརྩེགས་པར་གྲགས། །དེ་ལྟར་ནལ་དང་དམེ་གྲིབ་སྐྱོན་མ་གོས། །གཞན་གྱི་མི་གཙང་སྒྲིབ་པ་ཐམས་ཅད་འཇོམས། །སྡིག་དང་ཉོན་མོངས་འཇོམས་པའི་སྟོབས་པོ་ཆེ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །ཉམས་གྲིབ་མི་གཙང་དྲི་མ་དག་པར་མཛོད། །བར་ཆད་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ནས། གྲོང་པ་འདི་མི་མཐོང་བའི་ལྷོ་ནུབ་ངོས་གཅིག་ཏུ་མཆོད་རྟེན་འདི་མ་སྒྱེལ་བར་ཞོག་ལ། དེའི་མདུན་དུ་གཏོར་མ་དང་ཁྲུས་ཆུ་བླུགས་ལ་ཞོག །ཅེས་བསྒོ། ནད་པ་ལ་ནས་ལྕག་བྲབ་ཅིང་དྲིལ་བུ་རྒྱུན་གསིལ་དང་། སུམྦྷ་ནི་དྲག་ཏུ་བརྗོད་ནས་མཆོད་རྟེན་ཁྲོ་བོ་དེས་གྲིབ་སོགས་ནད་གདོན་ཁྱེར་ཏེ་གཤེགས་པར་བསམ། དེ་ནས། སྟེང་འོག་ཐམས་ཅད་རྡོ་རྗེའི་གུར་ཁང་མེ་རབ་ཏུ་འབར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། དེ་ནས་བདག་མདུན་བུམ་པའི་རྗེས་ཆོག་སྤྱི་ལྟར་བྱའོ། །གོང་དུ་བདག་དང་བུམ་བསྐྱེད་དུས་སྨེ་བརྩེགས་ལྗང་ནག་གཡས་གསུམ་རྒྱ་གྲམ་རལ་གྲི་སྦྲུལ་ཞགས། གཡོན་གསུམ་དགྲ་སཏྭ་ཏྲི་ཤཱུལ་བུམ་པ་འཛིན་པ་བསྐྱེད་པའམ། དུད་ཁ་བསྐྱེད་ཀྱང་རུང་ངོ་། ༈ །ཞར་ལ་ཉེར་མཁོའི་ལས་ཚོགས། རང་ཉིད་ཧཱུྃ་དམར་པོ་ལས་བྱུང་བའི་སྨེ་བརྩེགས་སྐུ་ལ་མེ་འབར་བས་ནད་དང་གྲིབ་སོགས་བསྲེགས་པར་བསྒོམས་ནས་སྔགས་བརྒྱའམ་ཉེར་གཅིག་བཟླས་པས། ཡུལ་མི་གཙང་བར་སྡོད་པ། གོས་དང་སྟན་མི་གཙང་བ། ཟས་གྲིབ། ཁ་འཕྲོ་མི་གཙང་བ་ཟ་བ། ནད་ཡམས་ཐམས་ཅད་ཐུབ་བོ། །དྲི་ཆུ་བར་པའམ། དྲི་བཟང་གི་ཆུ་ལ་སྔགས་ནས་རྩ་སྟོང་འཐུང་ན་ནད་དང་གྲིབ་གང་གིས་ཀྱང་མི་ཚུགས་སོ། །གདོན་དང་བགེགས་ཐམས་ཅད་ཆམ་གྱིས་བསྲེགས་པར་བསམ་ལ། ནད་པའི་སྙིང་ཁར་སྔགས་བརྒྱ་རྩ་བརྒྱད་བཏབ་ཅིང་གུ་གུལ་ནག་པོ་བདུག་ན་སྨྱོ་འབོག་ཐུལ་ལོ། །བུམ་པ་སྤོས་ཆུས་བཀང་བའི་ནང་དུ་ཡུངས་དཀར་ལ་སྔགས་མང་དུ་བཟླས་ཏེ་བླུག །བུམ་ཆུས་བཀྲུ་བྱབ་བྱས། གུ་གུལ་བདུག་ན་རིམས་ནད་སོས་སོ། །ཤོག་གུ་ལ་ནད་པའི་མིང་བྲིས་ལ་ནད་པའི་མལ་འོག་ཏུ་བཅུག །ནད་པའི་ནམ་མཁར་སྨེ་བརྩེགས་བཞུགས་པ་ལས་བདུད་རྩི་བབས་པས་ནད་གདོན་དག་པར་བསམ་ལ་སྔགས་མང་དུ་བཟླ། དེས་གློ་ནད་སེལ་ལོ། །གུ་གུལ་བསྲེགས་ཤིང་སྔགས་དྲག་ཏུ་བཏབ་ན་འབྲས་དང་ཕོལ་མིག་ལྷོག་པ་སོས་སོ། །ནད་པ་དྲག་པོའི་སྔས་སྲུང་བྱེད་ན། སོ་ཐོག་ལ་བརྒྱ་རྩ་བརྒྱད་སྔགས་ལ་བྲབ་པར་བྱའོ། །གོད་གཅོད་བྱེད་ན། དུག་སྣ་གསུམ་གྱི་ལིངྒ་བྱས་ལ་འགུགས་གཞུག་བྱེད། སྔགས་བརྒྱ་རྩ་བརྒྱད་བཟླས་ནས་སྙིང་ཁར་ཕུར་པ་བཏབ་བོ། །ཕྱུགས་ནད་གཅོད་ན། ར་བའི་དབུས་སུ་བུམ་པའི་མཆོད་གཞི་བྱས། སྦོས་ཆུ་སྔགས་ནས་གཏོར་ན་ཕན་ནོ། །འགོང་པོ་བསྲེག་ན། དྲག་པོའི་སྦྱིན་སྲེག་སྤྱི་ལྟར་ལ་སྨེ་བརྩེགས་བསྐྱེད་ནས་ལིངྒ་གཏུབས་ནས་སུམ་བརྒྱ་བསྲེགས་ན་ཕྱིན་ཆད་གནོད་མི་ནུས། ཚར་བ་དང་སྨེ་བརྩེགས་རང་ལ་བསྟིམ་མོ། །ཞེས་གྲིབ་སེལ་ཕྱག་ལེན་གྱིས་བརྒྱན་པ་དང་། ཞོར་བྱུང་ཉེར་མཁོའི་ལས་ཚོགས་དང་བཅས་པ་འདི། ཁྲོ་བོ་ཉིད་ལ་ཡི་དམ་དུ་འཛིན་པའི་དགེ་སློང་ཨ་རཱ་གས་ཐུན་མཚམས་གཅིག་ལ་གྲུབ་པར་སྦྱར་བའོ། །མངྒ་ལཾ། །བྷ་ཝནྟུ།། །།
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། གཏེར་སྲུང་མཆོད་པའི་ཕྲིན་ལས་མདོར་བསྡུས་སྙིང་པོར་དྲིལ་བ་ (Volume 10, Text 34)
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། གཏེར་སྲུང་མཆོད་པའི་ཕྲིན་ལས་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ། །ན་མཿཤྲཱི་གུ་རུ་མ་ཧཱ་སུ་ཁཱ་ཡ། འདིར་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་གཏེར་སྲུང་ཀླུ་བཙན་འབར་བ་སྤུན་བདུན་མཆོད་པའི་ཕྲིན་ལས་མདོར་བསྡུས་པ་ནི། སྣོད་གཙང་མར་བཤོས་བུ་དམར་པོ་ཟུར་གསུམ་པ་གཙོ་འཁོར་བདུན་གྱི་མཐར་མཐེབ་ཀྱུ་ཟས་སྣ་བཏུང་བ་སོགས་ཅི་འབྱོར་པས་གཏམས་པར་དར་ཟབ་སྣ་ཚོགས་ཀྱིས་བརྒྱན་པ་བཤམ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་བརླབས། རང་ཡི་དམ་དུ་གསལ་བའི་མདུན་དུ་ཀླུ་བཙན་འབར་བ་སྤུན་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་བསམས་ལ། ཀྱཻ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་དམ་ཚིག་སྐྱོང་བ་ཡི༔ ཀླུ་བཙན་འབར་བ་སྤུན་བདུན་རྣམས༔ ཚུར་གཤེགས་ཚུར་གཤེགས་རྟེན་ལ་བཞུགས༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་གིངྐ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཨཱ་ས་ན་ཏིཥྛནྟུ༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་མཐུན་པའི་རྫས༔ གཏོར་མ་འདོད་ཡོན་མཁོ་དགུའི་ཚོགས༔ མ་ལུས་དགྱེས་པར་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཅི་བསམ་དོན་རྣམས་འགྲུབ་པ་དང༔ ཕྱི་ནང་དགྲ་བགེགས་ཆོམ་ལ་ཕོབས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་གིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ས་པ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཀླུ་བཙན་འབར་བ་སྤུན་བདུན་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་གཏེར་གཞུང་ལས་ཟུར་དུ་ཕྱུངས་པ་དགེ །སརྦ་མངྒ་ལཾ།། །།
གཏེར་སྲུང་ (Volume 9, Text 34)
པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ཕྱི་ཡི་གཏེར་སྲུང་གསུམ་གྱི་གཏོར་འབུལ་ནི༔ དཀར་གཏོར་སྨན་ལེབ་ཆང་ཕུད་གསེར་སྐྱེམས་དང༔ བུ་ཁུར་ཟུར་གསུམ་སྦྲུལ་གྱིས་དཀྲིས་པ་བཤམ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་འདི་སྐད་དོ༔ ཀྱེ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དགེ་བསྙེན་ཆེ༔ ས་བརྒྱད་ནོན་པའི་བྱང་ཆུབ་སེམས༔ གནས་ཆེན་དྲུག་གི་གཞི་བདག་གཙོ༔ སྐུ་མདོག་དཀར་པོ་དུང་གི་མདོག༔ ཞི་འཛུམ་ཡིད་འོང་རྒྱན་དང་ལྡན༔ དུང་རྨོག་དུང་ཁྲབ་དར་བེར་གསོལ༔ ཕྱག་གཉིས་རྒྱལ་མཚན་བུམ་པ་འཛིན༔ རྟ་དཀར་གཡུ་རྔོག་ཆིབས་སུ་བཅིབས༔ རང་འདྲའི་སྤྲུལ་པ་བརྒྱད་བརྒྱད་འགྱེད༔ ཡང་འཁོར་བྱེ་བ་འབུམ་གྱིས་བསྐོར༔ འདིར་གཤེགས་དཀར་གཏོར་སྨན་ལེབ་ལོངས༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རིག་འཛིན་པདྨ་འབྱུང་གནས་ཀྱིས༔ ཚ་བ་རོང་གི་ཚ་ཤོད་དུ༔ དམ་བཞག་རྡོ་རྗེ་རྒྱལ་པོར་གསོལ༔ དེ་ནས་བསམ་ཡས་མཆིམས་ཕུ་རུ༔ ཟབ་གཏེར་གཉན་གྱི་སྲུང་མར་བསྐོས༔ དམ་ཚིག་ལྡན་པའི་རྣལ་འབྱོར་ལ༔ དངོས་གྲུབ་སྩོལ་བར་ཞལ་གྱིས་བཞེས༔ ཁས་བླངས་དམ་བཅའ་དྲན་མཛོད་ལ༔ རིག་འཛིན་བདག་ལ་དངོས་གྲུབ་སྩོལ༔ ཐུགས་གཏེར་སྙིང་ཐིག་དཀྱིལ་འཁོར་འདི༔ ཕྱོགས་བཅུར་སྤེལ་བའི་སྟོངས་གྲོགས་མཛོད༔ ཨོཾ་བྷཱུ་མི་པ་ཏི་ཨུ་པ་སི་ཀ་བཛྲ་དྷཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་མ་རཀྵ་ཀུ་རུ་སྭཱ་ཧཱ༔ ཨཱ་ཡུར་པུཎྱཻ་སིདྡྷི་ཧཱུྃ༔ ཀྱཻ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ སྨན་མོ་ཆེན་མོ་གཟི་བརྗིད་ཆེ༔ སྐུ་མདོག་དཀར་དམར་མདངས་དང་ལྡན༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ དབུ་སྐྲའི་ཐོར་ཚུགས་རིན་ཆེན་བརྒྱན༔ ལང་ཚོ་རྒྱས་ཤིང་དར་དཀར་གསོལ༔ ཕྱག་གཡས་མདའ་དར་ནམ་མཁར་ཕྱར༔ གཡོན་པས་མེ་ལོང་རང་ཞལ་བལྟ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་འཆིབ༔ སྨན་ཕྲན་བརྒྱ་དང་བརྒྱད་ཀྱིས་བསྐོར༔ འདིར་གཤེགས་བུ་ཁུར་གཏོར་མ་བཞེས༔ སྔོན་ཚེ་པདྨ་འབྱུང་གནས་ཀྱིས༔ དམ་བཞག་ཟབ་གཏེར་སྲུང་མར་བསྐོས༔ ནོར་བུ་འོད་ལྡན་མཚན་ཡང་གསོལ༔ གསང་སྔགས་འཆང་བའི་རྣལ་འབྱོར་ལ༔ ཁམས་གསུམ་དབང་དུ་སྡུད་པ་དང༔ བར་ཆད་སེལ་བར་ཁས་བླངས་བཞིན༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ ཐུགས་གཏེར་སྙིང་ཐིག་དཀྱིལ་འཁོར་འདི༔ ཕྱོགས་བཅུར་སྤེལ་བའི་སྟོངས་གྲོགས་མཛོད༔ མ་མ་ཕུ་ཏྲི་མ་ཧཱ་ཏེ་ཛོ་ཕེ་ཤ་ཀ་རུ་ཎ་བྷྲཱུྃ་ཕེ་ལཾ་ཕེ་ལཾ་ཧཱུྃ་ཛ༔ ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ བྷྱོ༔ དུག་མཚོ་ཁོལ་མའི་ནང་ཤེད་ནས༔ ཀླུ་བདུད་གདོལ་པ་ལག་རིང་ནི༔ དུད་ཁ་མགོ་དགུ་ཕྱག་གཉིས་པ༔ རྩ་ཞལ་ཆུ་སྲིན་ཁྲོས་པའི་ཞལ༔ ཁ་གདངས་མཆེ་གཙིགས་ལྗགས་དམར་བསྐྱོད༔ ལྷག་མ་གདུག་པའི་སྦྲུལ་མགོ་བརྒྱད༔ ཁ་ནས་དུག་གི་རླངས་པ་འཐུལ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ མགོ་ལུས་ཐམས་ཅད་མིག་གིས་གང༔ ཕྱག་གཡས་སྤུ་གྲི་མེ་འབར་ཕྱར༔ གཡོན་པས་སྙིང་དང་སྦྲུལ་ཞགས་འཛིན༔ ཆུ་སྲིན་ཁམ་ནག་ཆིབས་སུ་བཅིབས༔ ནམ་མཁའི་མཐོང་ནས་གཤེགས་ཙམ་ན༔ སྤྲིན་ནག་ན་བུན་གོས་སུ་གྱོན༔ ཐོག་དང་སེར་བའི་བུ་ཡུག་འཚུབས༔ ས་གཞིའི་སྟེང་ན་གཤེགས་ཙམ་ན༔ རླུང་ནག་འཚུབ་མའི་སྣ་ལ་འགྲོ༔ མཛེ་ནད་རླུང་ལ་བསྐྱོན་ནས་ནི༔ མི་ཡི་ཚེ་དབུགས་སྡུད་པར་བྱེད༔ ཀླུ་བདུད་ནག་པོ་འབུམ་གྱིས་བསྐོར༔ འདིར་གཤེགས་སྦྲུལ་དཀྲིས་གཏོར་མ་ལོངས༔ སྔོན་ཚེ་པདྨ་འབྱུང་གནས་ཀྱིས༔ དམ་བཞག་ཟབ་གཏེར་སྲུང་མར་བསྐོས༔ ཁ་ལ་རཀྴར་མཚན་ཡང་གསོལ༔ དམ་ཚིག་ལྡན་པའི་རྣལ་འབྱོར་གྱི༔ སྐུ་དགྲ་འདུལ་བར་དམ་བཅས་བཞིན༔ བདག་ལ་བརྣག་པའི་དགྲ་བོ་འདི༔ ཀླུ་བདུད་ཁྱོད་ལ་གཉེར་དུ་གཏད༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ ཐུགས་གཏེར་སྙིང་ཐིག་དཀྱིལ་འཁོར་འདི༔ ཕྱོགས་བཅུར་སྤེལ་བའི་སྟོངས་གྲོགས་མཛོད༔ ཕུ་ནཱ་ག་ཙ་ཏོ་པཱ་ལ་བྷ་ཤ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་ཁ་ལ་རཀྴ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ནཱ་ག་རཀྴ་ནྲྀ་མཱ་ར་ཡ་རྦད༔ ནཱ་ག་རཀྴ་མི་སྲོག་ལ་ཞུགས༔ ནཱ་ག་རཀྴ་མི་སྙིང་ལ་ཧོབ༔ ནཱ་ག་རཀྴ་མི་ཤ་ལ་ཧོབ༔ ནཱ་ག་རཀྴ་མི་ཁྲག་ལ་འཇིབས༔ དགྲ་བོ་དམ་ཉམས་ཐུཾ་རི་ལི་ལི་ཛ་ཛ༔ ཧ་ཕིང་ནཱ་ག་རཀྴ་རྦད༔ ཧོ་ཕིང་ནཱ་ག་རཀྴ་རྦད༔ ཧུ་ཕིང་ནཱ་ག་རཀྴ་རྦད༔ ཁ་ལ་རཀྴ་ཧྲིག་ཧྲིག་ཧ་ལ་ཧ་ལ་ཕེ་ལ་ཕེ་ལ་རཾ་ཤ་དུ་ལིང་སྲོག་རྩ་ལ་ཧྲི་ལི་ལི་དགྲ་བོའི་སྲོག་ལ་ཧྲི་ལི་ལི་རྦད་སྭཱ་ཧཱ༔ ཅེས་གཏེར་སྲུང་གསུམ་ལ་རྒྱུན་དུ་གཏོར་མ་ཕུལ་ན་ལོངས་སྤྱོད་རྒྱས་ཤིང་ཁམས་གསུམ་དབང་དུ་འདུ་བ་དང༔ དགྲ་བགེགས་གཏན་ནས་བརླག་པར་ཐེ་ཚོམ་མེད་དོ༔ ས་མ་ཡ་ཐུགས་རྒྱ་བརྡ་ཐིམ༔ གཏེར་སྟོན་རོལ་པའི་རྡོ་རྗེས་འགྱུར་མེད་གཏན་འཁྱིལ་མཚོ་ནས་བཏོན་པའོ། །སྦྱིན་བདག་བཀྲ་ཤིས་འབྱོར་རྒྱས་ཆོས་འཕེལ་ཤོག །སརྦ་མངྒ་ལཾ།། །།
བོད་ཁམས་བདེ་ཐབས་ཆོས་བཅུ་ཡི༔ བསྟན་པ་སྲུང་བའི་སྐོར་བཞི་ལས༔ གཤིན་རྗེ་འཇིགས་བྱེད་རོལ་པ་ (Volume 53, Text 34)
༁ྃ༔ བོད་ཁམས་བདེ་ཐབས་ཆོས་བཅུ་ཡི༔ བསྟན་པ་སྲུང་བའི་སྐོར་བཞི་ལས༔ གཤིན་རྗེ་འཇིགས་བྱེད་རོལ་པ་བཞུགས༔ ྈྈྈ འགྲོ་བ་སྤྱི་དང་བོད་འབངས་ཀྱི༔ སྐྱབས་གཅིག་ཨོ་རྒྱན་རྗེ་ལ་འདུད༔ ཡང་ཅིག་ལྷ་སྲས་བདག་ཉིད་ཀྱིས༔ གུ་རུ་རྗེ་ལ་གསོལ་བཏབ་པ༔ མ་འོངས་སུམ་ཅུ་ཁ་རལ་ལ༔ བོད་ཁམས་སྡུག་བསྔལ་ལ་སྤྱོད་ཅིང༔ བསྟན་པ་ཉམས་ཤིང་འཇིག་པ་ན༔ བར་ཆད་རྐྱེན་གྱི་སྣ་ཁྲིད་བགེགས༔ བསྟན་པའི་དགྲ་བོ་བསྒྲལ་བའི་ཕྱིར༔ ཐབས་དང་མན་ངག་ཅི་བགྱི་ཞུས༔ གུ་རུ་རྗེ་ཡིས་བཀའ་བསྩལ་པ༔ སངས་རྒྱས་བསྟན་པ་ལ་སྡང་བ༔ ཉམས་པ་བདུན་ལྡན་བསྒྲལ་བ་དང༔ བྱད་མ་རྦོད་གཏོང་ཟློག་པ་དང༔ ཕྱི་པའི་ངན་སྔགས་འཕྲུལ་འཁོར་བཤིག༔ བར་ཆད་བགེགས་རྐྱེན་ཚར་གཅད་ཅིང༔ ཆག་ཆེན་ངན་པ་བཟློག་པའི་ཕྱིར༔ དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ འཇིགས་བྱེད་རོལ་པ་ལ་བསྟེན་ནས༔ བྱང་ཆུབ་སྒྲུབ་ཅིང་སྲུང་ཟློག་གསད༔ སྒྲུབ་དང་ལས་སྦྱོར་འདི་ལྟར་བྱ༔ དཔའ་བོ་འཇམ་དཔལ་སྐྱབས་སུ་གཟུང༔ བྱང་ཆུབ་སྒྲུབ་པའི་བགེགས་གཞོམ་ཞིང༔ འགྲོ་ལ་ཕན་དང་བདེ་བ་བསྒྲུབ༔ བསྟན་པ་བསྲུང་བར་སེམས་བསྐྱེད་དོ༔ སྣོད་བཅུད་ཀུན་ཏུ་གཟིགས་ཀྱི་ཞིང༔ བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ དམར་གསལ་རལ་གྲི་པུསྟི་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ སངས་རྒྱས་བྱང་སེམས་ཀུན་གྱིས་བསྐོར༔ ཨོཾ་ཝཱ་གཱི་ཤྭ་ར་མུཾ༔ དེ་ཉིད་གནས་འགྱུར་གཤིན་རྗེའི་གཤེད༔ མཐིང་ནག་དབྱུག་ཏོ་འཁོར་ལོ་འཛིན༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ༔ སྣོད་བཅུད་གཤིན་རྗེ་རོལ་པའི་ཞིང༔ སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་འཕྲོས༔ འབྱུང་པོ་གདོན་གྱི་ཚོགས་རྣམས་ལ༔ མཆོད་སྦྱིན་གཏོར་མ་འདོད་ཡོན་སྦྱིན༔ ཁྲོ་ཆུང་དབྱུག་ཏོ་ཐོགས་པ་ཡིས༔ བར་ཆད་བགེགས་རྣམས་ཐམས་ཅད་གཞོམ༔ ཕྱག་མཚན་འཁོར་ལོ་རྡུལ་ལྟར་འཚུབས༔ ཀུན་ཀྱང་གནམ་ལྕགས་ཞུན་དུ་འདྲིལ༔ སྣང་སྲིད་འཁོར་ལོ་རྩིབས་བཅུར་འབར༔ མཚོན་ཆའི་བུ་ཡུག་མེ་རླུང་འཚུབས༔ སུས་ཀྱང་གཞོམ་གཞིག་མེད་པའི་ནང༔ དུར་ཁྲོད་རོལ་པའི་ས་གཞི་ལ༔ དྲེགས་པ་བརྩེགས་པའི་ཞལ་ཡས་ཁང༔ ཡི་དྭགས་གླང་རྒོད་བསྣོལ་བའི་ཁྲིར༔ པདྨ་ཉི་མའི་གདན་སྟེང་དུ༔ དཔལ་ཆེན་འཇིགས་བྱེད་གཤིན་རྗེའི་གཤེད༔ མུན་པ་འཁྱིལ་བའི་མདོག་ལྟ་བུ༔ རྩ་ཞལ་མ་ཧེ་ཁྲོས་པ་ཡི༔ རྭ་ལ་ཡེ་ཤེས་མེ་ཆེན་འབར༔ མཐིང་སེར་དམར་ལྗང་དབུ་ལྔ་ལ༔ སྤྱན་ནི་བཅོ་ལྔ་ཉི་ལྟར་འབར༔ སྟོབས་བཅུ་རྫོགས་པའི་ཕྱག་བཅུ་ཡིས༔ གྲི་གུག་འཁོར་ལོ་རྡོ་རྗེ་དང༔ བེ་ཅོན་རལ་གྲི་གཡས་ན་འཛིན༔ ཐོད་ཁྲག་ལྕགས་ཀྱུ་གཏུན་ཤིང་དང༔ དགྲ་སཏྭ་མདུང་ཐུང་གཡོན་ན་བསྣམས༔ ཞབས་བཞི་བརྐྱང་བསྐུམ་བདུད་བཞི་བརྫིས༔ སྦྱོར་བའི་ཡུམ་མཆོག་བཻ་ཏཱ་ལི༔ དགྲ་སཏྭ་ཐོད་ཁྲག་འཛིན་པས་འཁྱུད༔ སྤུ་གྲི་འབར་བའི་གཤོག་པ་གདེངས༔ ཐོད་སྐམ་འབར་བས་དབུ་ལ་བརྒྱན༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་དོ་ཤལ་རུས་རྒྱན་དྲུག༔ སྦྲུལ་རིགས་ལྔ་ཡི་ཆས་གསོལ་ནས༔ ཁྲག་ཞགས་ཐལ་བས་བྱུགས་ནས་སུ༔ གར་དགུ་དཔལ་གྱི་རོལ་པས་འགྱིང༔ སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་མ༔ སྨུག་ནག་སྤུ་གྲི་མི་སྙིང་བསྣམས༔ ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་ལ༔ ཡ་མ་རཱ་ཛ་མྱོས་བྱེད་འབར༔ མ་རུ་ཙེ་དང་རལ་པ་དགུ༔ མཐིང་སེར་དམར་ལྗང་ཞལ་གསུམ་ལྡན༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་འཛིན༔ སྦྱོར་དང་སྒྲོལ་བའི་ཡུམ་དང་བཅས༔ འབར་བའི་གཞལ་ཡས་བར་ཁྱམས་སུ༔ ནག་འཇོམས་ཕྱ་སང་བྲག་འཇོམས་དང༔ ཨ་བ་གླང་མགོ་ཡ་བ་ཏི༔ མིག་དམར་ཏེལ་པ་རྨིགས་པ་དང༔ ཆོས་རྒྱལ་འབར་བ་ཐོད་དབྱུག་ཅན༔ འཆི་བདག་བཅུ་གཉིས་ཡུམ་དང་བཅས༔ སྒོ་བཞིར་རྒོད་དང་སྟག་གི་མགོ༔ ཀངྐ་ལྕགས་སྤྱང་གདོང་ཅན་རྣམས༔ མུ་རན་གྲི་ཐོགས་གིང་ཆེན་བཞི༔ མདུང་དར་ཐོགས་པའི་བདུད་ཆེན་བཞི༔ ཤྭ་ཐོགས་རྩིས་བཞི་ཤན་པ་བཞི༔ གཞན་ཡང་མ་གཤིན་སྤྲུལ་པའི་འཁོར༔ འཇམ་དཔལ་ཉིད་ཀྱི་རྩལ་ལས་སྣང༔ ཧཱུྃ༔ མགོན་པོ་ཀུན་གཟིགས་ཞིང་ཁམས་ནས༔ འཇམ་དཔལ་དཔའ་བོ་སྤྱན་འདྲེན་ནོ༔ གཤིན་རྗེ་རོལ་པའི་དུར་ཁྲོད་ནས༔ དཔའ་བོ་བདུད་དགྲ་བདུད་འདུལ་བ༔ འཇིགས་བྱེད་རོལ་པ་གཤིན་རྗེའི་གཤེད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ མཁའ་ལ་སྤྲིན་ལྟར་འཁྲིགས་པའི་ལྷ༔ རང་ལ་གཉིས་སུ་མེད་པར་ཐིམ༔ འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ལྷ༔ ནམ་མཁར་བྱོན་ནས་བྱང་སེམས་ཀྱིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་ཞིང༔ སྐུ་གསུང་ཐུགས་དང་དབྱེར་མེད་མཛད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ དུར་ཁྲོད་རོལ་པའི་མཆོད་པ་སྤྲིན་ལྟར་གཏིབས༔ དབང་པོའི་མེ་ཏོག་གསུར་ཆེན་དུད་པའི་སྤྲིན༔ བསྐལ་པའི་མེ་ཕུང་ཁྲག་ཆེན་རྦ་ཀློང་འཁྲུགས༔ རྐང་གི་དུང་ཆེན་ཐོད་རྔ་འབྲུག་ལྟར་ལྡིར༔ ཤ་ཆེན་གཏོར་མ་རི་ལྟར་སྤུངས་པ་ལ༔ རཀྟའི་རྒྱ་མཚོ་བདུད་རྩིས་བྲན་པ་རྣམས༔ གཤིན་རྗེའི་ལྷ་ཚོགས་དགྱེས་པ་ཆེན་པོས་རོལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་བ་ལིཾ་ཏ་རཀྟ་པཱུ་ཛ་ཧོ༔ ཧཱུྃ༔ སྟོབས་བཅུ་ཡོངས་རྫོགས་འཇམ་དཔལ་བདུད་ཀྱི་དགྲ༔ འཇིགས་བྱེད་ཞལ་ལ་རྔམ་པའི་འབྲུག་སྒྲ་སྒྲོག༔ མི་གཡོ་ཐུགས་མངའ་གཏུམ་རྔམས་སྒྲོལ་བའི་ལས༔ ཐོགས་མེད་ཡོན་ཏན་ཕྲིན་ལས་རྫོགས་ལ་བསྟོད༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ནི་ཀུན་ཏུ་བཟང་པོ་སྟེ༔ ཡུམ་ནི་ཀུན་ཏུ་བཟང་མོ་ཡིན༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ མཁྱེན་རབ་ཀུན་གྱི་བདག་པོ་སྟེ༔ ཐབས་མཁས་ཀུན་གྱི་རྒྱལ་པོ་ཡིན༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་འདུས༔ མཐུ་རྩལ་ང་ལས་ཆེ་བ་མེད༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་གསུམ་སངས་རྒྱས་ཀུན་གྱི་རྗེ༔ ཁམས་གསུམ་ཀུན་ལ་ང་ཉིད་ཆེ༔ ང་ཡི་གཟི་བརྗིད་མཐོང་བས་ན༔ ཁྲོ་རྒྱལ་གཞན་རྣམས་དཔའ་ཞུམ་ནས༔ ལག་ཆ་འཆོར་ནས་གཞན་དུ་འབྲོས༔ དྲེགས་ཅན་ཐམས་ཅད་བརྒྱལ་གྱུར་ནས༔ དགྲ་དང་བགེགས་རྣམས་ཕྱེ་མར་བརླག༔ གསལ་བརྟན་ང་རྒྱལ་བཟུང་བྱས་ནས༔ ཨོཾ་ཧྲཱིཿཥྚིཿབཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ གྱད་དུ་གྱུར་ནས་དྲག་སྔགས་བཟླ༔ སྐད་ཅིག་ཏིང་འཛིན་གསལ་ཡང་རུང༔ ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ་ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ་ཡཀྵེ་ཡཙྪ་ནི་ར་མ་ཡ་ཧཱུྃ་ཕཊ༔ དྲག་སྔགས་འདི་ཉིད་བཟླས་ཙམ་གྱིས༔ ཆག་ཆེན་ངན་པ་ཀུན་ཟློག་ཅིང༔ ཉི་མ་བཞི་ལ་བཟླས་པ་ཡིས༔ བྱང་ཆུབ་སྒྲུབ་པའི་བགེགས་རྣམས་བསྒྲལ༔ ལོག་པར་འདྲེན་པའི་དགྲ་རྣམས་འཆི༔ ཉམས་པ་བདུན་ལྡན་བསྒྲལ་པ་ཡིས༔ བསོད་ནམས་ཚོགས་ཆེན་རྫོགས་ནས་ཀྱང༔ སྐུ་ནི་གསལ་བར་བསྒོམ་པ་ཡིས༔ འཇམ་དཔལ་སྐུ་དང་གཉིས་སུ་མེད༔ གསལ་བརྟན་གྱད་དུ་གྱུར་པ་ཡིས༔ སྣང་བ་ལྷ་རུ་དག་ནས་ཀྱང༔ འཇམ་དཔལ་སྐུ་ཡི་གྲུབ་མཐའ་སྟེ༔ བྱང་ཆུབ་སྒྲུབ་པའི་རིམ་པ་འོ༔ ས་མ་ཡ༔ དང་པོ་སྲུང་བའི་རིམ་པ་ནི༔ རྒྱས་པར་སྟོབས་ཆེན་མཆོད་རྟེན་བཞེངས༔ བསྡུ་ན་པུ་རི་བཅའ་བ་འམ༔ དར་རམ་ཤོག་བུ་གཙང་མ་ལ༔ འཁོར་ལོ་རྩིབས་བཞི་བཅུ་དྲུག་དང༔ མུ་ཁྱུད་གསུམ་ལྡན་བྲིས་པའི་ནང༔ དབུས་སུ་གང་བསྲུང་མིང་སྤེལ་བ༔་་་བསྒྲུབ་བྱ་ཡུལ་འཁོར་གཙུག་ལག་ཁང་ལྟ་བུའི་གཟུགས་དང་མིང་སྤེལ་བ་གང་འབྱོར༔ དེ་ལ་རྩ་བའི་སྔགས་ཀྱིས་བསྐོར༔ འཁོར་ལོ་རྣམས་ལ་གྲོང་ཁྱེར་བཀོད༔་་་འབྲུ་གཉིས་རེ༔ མུ་ཁྱུད་དབྱངས་གསལ་རྟེན་འབྲེལ་སྙིང༔ བཀོད་ལ་རྡོ་རྭ་མེ་རིས་བསྐོར༔ གང་བསྲུང་རཀྵ་ལ་སོགས་སྤེལ༔ ལྷ་དང་དབྱེར་མེད་རབ་གནས་བྱ༔ སྒྲུབ་ཚེ་བདག་དང་དབྱེར་མེད་དུ༔ བདག་ཉིད་འཇམ་དཔལ་ཧེ་རུ་ཀ༔ སྤྱི་བོར་འཁོར་ལོ་དཀར་པོར་ཨོཾ༔ མགྲིན་པར་པདྨ་དམར་པོར་ཨཱ༔ ཐུགས་ཀར་མཆོད་རྟེན་ནང་དུ་ཧཱུྃ༔ བར་ཁྱམས་འཁོར་ཡུག་ཐམས་ཅད་དུ༔ དམིགས་པའི་ཡུལ་དུ་གྱུར་པ་་་བླ་མ་དང་མཆེད་གྲོགས་དམ་ཚིག་གཙང་མ་ཐུགས་ཀའི་ཧཱུྃ་ནང་ལ༔ཚུད༔ ཀུན་ཀྱང་ལྷ་དང་གཞལ་ཡས་ཁང༔ ཕྱི་རོལ་འཁོར་ལོ་རྩིབས་བཅུ་པ༔ མར་རྩེ་ཕུར་པའི་དབལ་ལྟ་བུ༔ དགྲ་བགེགས་བདུད་བཞིའི་སྙིང་ལ་གཟིར༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་རལ་གྲི་དང༔ ས་ཆུ་མེ་རླུང་ནམ་མཁའི་གུར༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས༔ སྲུང་བའི་ལས་རྣམས་མཛད་པར་གྱུར༔་་་ཞལ་ནང་དུ་གཟིགས་པ༔ ལྷ་ཚོགས་རྣམས་ཀྱིས་སྲུང་བའི་སྔགས༔ འབྲུག་སྟོང་ལྡིར་བ་ལྟ་བུར་བསྒྲགས༔ གྲོང་ཁྱེར་རྣམས་ལ་སྲུང་སྔགས་སྤེལ༔ བཙན་པོའི་མཁར་རྫོང་ཚུད་པས་ན༔ དྲང་སྲོང་རྣམས་ཀྱི་ངན་སྔགས་ཀྱིས༔ བཤིག་པར་ནུས་པ་མ་ཡིན་ནོ༔ བྱད་མ་འབུམ་གྱིས་གླགས་མི་རྙེད༔ འདི་ནི་སྲུང་བ་ཀུན་གྱི་མཆོག༔ ས་མ་ཡ༔ གཉིས་པ་ཟློག་པའི་རིམ་པ་ནི༔ འཁོར་ལོ་དབུས་སུ་བྷྱོ་ཟློག་ལ༔ གྲོང་ཁྱེར་བཀོད་པ་སྲུང་བ་ལྟར༔ མུ་ཁྱུད་དམོད་པ་གང་ཤེས་བྲི༔ མཚོན་ཆ་ཕྱིར་བསྟན་མེ་ཕུང་བྲི༔ ཡིག་འབྲུ་ལྷ་ཡི་ངོ་བོར་བསྒོམ༔ འོད་ཟེར་ཚ་ཞིང་རྩུབ་པ་ཡིས༔ ཟློག་པའི་ལས་རྣམས་མཛད་པར་བསམ༔ སྔགས་རྣམས་བཟླ་ཞིང་རབ་གནས་བྱ༔ འབྲུ་ནག་དུག་ཁྲག་སྦྱར་བ་ཡི༔ གཏོར་མ་ཟུར་གསུམ་ཞལ་ལྡན་པའི༔ ནང་དུ་བཅུག་གམ་རྩེ་རུ་བརྒྱང༔ དྲག་རྒྱན་རྔམ་བརྗིད་ལྡན་པར་བྱ༔ ཐ་མར་ཟོར་རྫས་རྣམས་ཀྱིས་བསྐོར༔ སྔགས་པ་དྲག་པོའི་ཆས་སུ་ཞུགས༔ ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ༔ འཇམ་དཔལ་ཁྲོས་པའི་ཏིང་འཛིན་བསྒོམ༔ གཏོར་མ་རཾ་ཡཾ་ཁཾ་གིས་སྦྱང༔ གཏོར་སྣོད་གཤིན་རྗེ་རོལ་པའི་ཞིང༔ གཏོར་རྒྱུ་ཤ་དང་རུས་པའི་རི༔ ཁྲག་གི་རྒྱ་མཚོ་ཆེན་པོར་འཁྱིལ༔ གཏོར་མ་གཤིན་རྗེའི་དམག་གི་དཔུང༔ དབུས་སུ་འཇིགས་བྱེད་གཤིན་རྗེ་གཤེད༔ ཕྱོགས་བཞིར་གཤེད་ཆེན་ཡབ་ཡུམ་རྣམས༔ འཆི་བདག་ཕྱོགས་སྐྱོང་བཅུ་གཉིས་དང༔ དྲེགས་པ་ཆེན་པོ་སྒོ་བ་བཞི༔ གྲི་ཐོགས་གིང་ཆེན་སྡེ་བཞི་དང༔ དར་ནག་གཡབ་རྡེབ་བདུད་པོ་བཞི༔ ཤྭ་ཐོགས་རྩིས་བཞི་ཤན་པ་བཞི༔ གཞན་ཡང་མ་གཤིན་སྤྲུལ་པའི་ཚོགས༔ ཀུན་ཀྱང་མཐིང་ནག་འབར་བ་ལ༔ མ་ཧེ་ཁྲོས་པའི་གདོང་པ་ཅན༔ ངུར་མོའི་འབྲུག་སྒྲ་འཇིགས་སུ་རུང༔ འཁོར་ལོ་བསྐོར་ཞིང་ལྕགས་ཀྱུ་འདེབས༔ རལ་གྲིས་གཏུབས་ཤིང་དགྲ་སཏྭས་གཤག༔ ཐོ་བས་བརྡུང་ཞིང་ཁྲམ་ལ་འདེབས༔ དུག་རླངས་ནག་པོ་འཐོར་བ་ཡིས༔ ཀུན་ཀྱང་ཟློག་པའི་ལས་རྣམས་མཛད༔ མ་བྷྱོ༔ གཤིན་རྗེ་རོལ་པའི་དུར་ཁྲོད་ནས༔ དཔལ་ཆེན་འཇམ་དཔལ་དབྱིངས་ནས་བཞེངས༔ གཤིན་རྗེའི་དམག་ཚོགས་འདིར་གཤེགས་ལ༔ དྲག་པོ་ཨེ་ཡི་གདན་ལ་བཞུགས༔ ཤ་ཁྲག་རུས་པའི་མཆོད་པ་བཞེས༔ གཉིས་མེད་གུས་པས་ཕྱག་འཚལ་བསྟོད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི༔ བྱད་མ་རྦོད་གཏོང་ཟློག་ཏུ་གསོལ༔ ཞེས་བསྐུལ་ཟློག་སྔགས་དྲག་ཏུ་བཟླ༔ ཕྱག་མཚན་འཁོར་ལོ་འབར་བ་ལས༔ བུ་ཡུག་འཚུབས་པ་ལྟར་འཕྲོས་ནས༔ བྱད་མ་རྦོད་གཏོང་དགྲ་བགེགས་ཀྱི༔ ལུས་གཏུབས་ཡེ་ཤེས་མེ་ཡིས་བསྲེགས༔ ཕྱག་མཚན་ནམ་མཁའི་མཐར་ཁྱབ་པས༔ བར་ཆད་མིང་ཡང་མེད་པར་བསམ༔ བར་ཆད་ཆག་ཆེན་བྱད་རྦོད་སོགས༔ ལས་འདི་བརྩམས་པས་ཟློག་པ་དང༔ བསྟན་པ་བཤིག་པའི་འཕྲུལ་འཁོར་ནི༔ གང་གིས་རྩོམ་པ་ས་མཁར་ལ༔ སྒྱོགས་ཀྱིས་ཕོག་པ་ལྟ་བུར་འཇིག༔ ས་མ་ཡ༔ གསུམ་པ་གསད་པའི་ལས་སྦྱོར་ནི༔ འཁོར་ལོའི་དབུས་སུ་དགྲ་བགེགས་ཀྱི༔ མིང་རུས་གཟུགས་བྱང་ཟག་རྫས་བྱུགས༔ གྲོང་ཁྱེར་གསད་པའི་དམོད་པ་སྦྱར༔ ཆེ་གེ་མོ་མཱ་ར་ཡ་རྦད༔ ཤ་ཁྲག་ཟན་ལ་ཉ་བོའི་གཟུགས༔ དེ་ཡི་སྙིང་གར་འཁོར་ལོ་བཅུག༔ དཀར་བྱང་དམར་བྱང་གཉིས་ཀ་ལ༔ ལྷ་དབྱེ་འགུགས་པ་ཡང་ཡང་བྱ༔ ཆེ་གེ་མོའི་ལྷ་སྲུང་པྲ་བེ་ཤ་ཡ་ཕཊ༔ ཆེ་གེ་མོ་ཛཿཧཱུྃ་བཾ་ཧོ༔ ཨངྐུ་ཤ་ཛ༔ ཧཱུྃ༔ དུག་རླངས་ཁོལ་འདྲ་གཤིན་རྗེའི་དམག་ཚོགས་རྣམས༔ བསྟན་ལ་སྡང་ཞིང་འགྲོ་ལ་འཚེ་བྱེད་པའི༔ ལོག་པར་འདྲེན་པ་བསྒྲལ་བར་དམ་བཅས་པའི༔ ཐུགས་དམ་དུས་ལ་མ་གཡེལ་ས་མ་ཡ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ གཤིན་རྗེའི་རྒྱལ་པོ་ཐམས་ཅད་དང༔ ལས་ཀྱི་གཤིན་རྗེ་ཐམས་ཅད་གསོན༔ ལས་ངན་སྡིག་ཅན་དགྲ་བོ་འདིས༔ ཕར་ལ་མ་རྒོལ་ཚུར་ལ་གནོད༔ བསྟན་ལ་སྡང་སེམས་ངན་པ་སྐྱེས༔ ང་ཡི་ཡིད་ལ་བརྣག་པ་འདི༔ མངོན་ཤེས་ལྡན་ཀུན་ལྟོས་དང་ཤེས༔ འཇམ་དཔལ་བདེན་པའི་བཀའ་མ་གཅག༔ འཇམ་དཔལ་གཤིན་རྗེའི་རྣལ་འབྱོར་ལ༔ གནོད་པའི་བདུད་དང་བདུད་ཀྱི་ཕྱོགས༔ ཁྱོད་ཀྱིས་བསྒྲལ་བར་དམ་བཅས་པའི༔ སྔར་སྨྲས་རྗེས་སུ་བཤོལ་མེད་པས༔ གསོད་པའི་འཕྲུལ་འཁོར་ཁྱོད་ཀྱིས་ཆོས༔ ཤན་པའི་དམག་དཔུང་མྱུར་བར་འདུས༔ མཚོན་ཆའི་སོ་བརྡར་དུས་ལ་བབ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ གཤིན་རྗེའི་རྒྱལ་པོ་བཀའ་ལ་ཉོན༔ གཤིན་རྗེའི་རྒྱལ་པོ་ཐམས་ཅད་ཀྱིས༔ འཁོར་ལ་བཀའ་ནན་མ་ཆུང་ཞིག༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ལས་མཁན་ཐམས་ཅད་བཀའ་ལ་ཉོན༔ ནག་པོ་འཇོམས་བྱེད་ལ་སོགས་པ༔ ལས་ཀྱི་གཤིན་རྗེ་ཐམས་ཅད་ཀྱིས༔ དགྲ་ལ་ཇག་པར་ཆས་རེ་རན༔ ཡ་མ་རཱ་ཛའི་བཀའ་ཉན་པ༔ ཀོང་རྩེ་བྲག་འཇོམས་ལ་སོགས་པའི༔ ལས་ཀྱི་གཤིན་རྗེ་ཐམས་ཅད་དང༔ དུང་གི་བྱ་རྒོད་མགོ་ཅན་སོགས༔ ལྕགས་ཀྱུ་ཐོགས་པའི་ཕོ་ཉ་རྣམས༔ ལས་ངན་དགྲ་བགེགས་འདིར་ཁུག་ཅིག༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱོད་ཀྱི་བཀའ་ཉན་མི་བསྲུན་པ༔ གཤིན་རྗེ་ཨ་བ་གླང་མགོ་སོགས༔ ལྷོ་ཕྱོགས་གསེར་གྱི་སྟག་མགོ་ཅན༔ ཞགས་པ་དབྱུག་ཏོ་ཐོགས་པ་རྣམས༔ སྐེ་ནས་ཁྲིད་ཅིང་དབྱུག་པས་རྡུངས༔ དམིགས་པའི་འབེན་ལ་ཨཱ་བེ་ཤ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ བཀའ་ཡི་བློན་ཆེན་མ་རུ་ཙེ༔ ཁྱོད་ཀྱི་མངག་གཞུག་ཆེན་པོ་ནི༔ མིག་དམར་ཏེལ་པ་རྨིགས་པ་སོགས༔ བསེ་ཡི་དུར་བྱ་ཀངྐའི་མགོ༔ ལྕགས་སྒྲོག་ཐོགས་པ་ཁྱེད་རྣམས་ཀྱིས༔ དམིགས་པའི་འབེན་ལ་དབྱེར་མེད་སྡོམས༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲས་མཆོག་རལ་པ་ཚར་དགུ་ཆོས༔ དམག་དཔོན་ཆོས་རྒྱལ་དཎྜི་སོགས༔ ལྕགས་ཀྱི་སྤྱང་ཀིའི་གདོང་པ་ཅན༔ དྲིལ་བུ་འཁོར་ལོ་ཐོགས་པ་རྣམས༔ དགྲ་བགེགས་མྱོས་ཤིང་གློ་སྙིང་གདུངས༔ ཞེས་བསྐུལ་ཞེ་སྡང་ཆེར་འཁྲུགས་ནས༔ ལས་གཤིན་དམག་ཚོགས་ཕྱོགས་བཅུར་བྱེར༔ དགྲ་བགེགས་བཀུག་ནས་རྟེན་ལ་བསྟིམ༔ དམིགས་པ་གང་ཡིན་མངོན་སུམ་གྱུར༔ ལས་ཀྱི་གཤིན་རྗེ་ཐམས་ཅད་ཀྱིས༔ ལྕགས་ཀྱུས་སྙིང་གི་ནྲྀ་ཏྲི་ཕུག༔ འཁོར་ལོས་ཀླད་ཁྲག་ཞོ་ལྟར་དཀྲུགས༔ དེ་ནས་གློ་སྙིང་གཏུབས་པར་བསམ༔ ཉི་མ་བཞི་པའི་དྲག་སྔགས་མཐར༔ འཁོར་ལོར་བཀོད་པའི་གསང་སྔགས་བཟླ༔ རྟགས་རྫོགས་ལིངྒ་མཚོན་ཆས་གཏུབས༔ བར་པ་གཏོར་མའི་ནང་དུ་བསྟབ༔ སྨན་ཆ་ཁྲག་དང་ཞུན་ཆེན་སྦྱར༔ དུག་ཤིང་ཧོམ་གྱི་མེ་སྦར་ལ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ འཇིགས་བྱེད་བསྐལ་པའི་མེ་ཆེན་འབར༔ ཞལ་ནི་གནམ་ས་ཙམ་དུ་གདངས༔ ཟ་སྐལ་བརྣག་པ་འདི་ཟོ་ལ༔ མིང་གི་ལྷག་མ་མེད་པར་གྱིས༔ ཆེ་གེ་མོ་ཛྭ་ལ་རཾ༔ ཐལ་བ་ལིངྒའི་སྟོད་ཆ་བཅས༔ ཀླུ་བདུད་བཙན་ལ་གཏད་པར་བྱ༔ གཤིན་རྗེའི་དམག་ཚོགས་དགྲ་ལ་ཆས༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ལས་ཀྱི་གཤིན་རྗེ་ཁྱེད་རྣམས་ནི༔ ཕར་བཏང་ཚུར་ལ་མ་ལྡོག་ཅིག༔ དགྲ་བགེགས་རྣམས་ལ་ཐོག་ཟོར་རྒྱོབ༔ རྟེན་གྱི་ཡུལ་མཁར་མེད་པར་གྱིས༔ བྷྱོ་བྷྱོ་དགྲ་བགེགས་སྟེང་དུ་བྷྱོ༔ ཟློག་ཟློག་ཆག་ཆེན་ཉམ་ང་ཟློག༔ དགྲ་བགེགས་བྱད་མ་ཆག་ཆེན་ངན་པ་ཤ་རི་བྷྱོ་ཟློག༔ དྲག་ཏུ་བཟླས་ཤིང་རཀྟ་འཐོར༔ དར་ནག་ཕྱར་ཞིང་དྲག་རོལ་བཅས༔ གཏོར་མ་དགྲ་བོའི་ཕྱོགས་སུ་འཕང༔ ནད་མཚོན་ཐོག་གི་ཆར་ཕབ་སྟེ༔ གནོད་བྱེད་རྨེག་མེད་བརླགས་པར་བསམ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ལས་ཀྱི་གཤིན་རྗེ་ཆུ་སྲིན་གདོང༔ ཡ་མཚན་ཆེན་པོ་རྨད་དུ་བྱུང༔ ཟ་སྐལ་དགྲ་འདི་ཁྱོད་ལ་གཏད༔ ལས་སྐལ་བགེགས་འདི་ཁྱོད་ཀྱིས་ཟོ༔ མནར་མེད་དམྱལ་བར་ཁྱོད་གནས་པས༔ ནམ་ཡང་སྟེང་དུ་མ་གཏང་ཞིག༔ ཆེ་གེ་མོ་སཏྭཾ་བྷ་ཡ་ནན༔ སྟོབས་ཆེན་དཔུང་མང་སུ་ཡིན་ཀྱང༔ ཟླ་གཅིག་ལས་ནི་མི་འགོར་འཆི༔ བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར༔ ས་མ་ཡ༔ དེ་ནས་རྫོགས་པའི་རིམ་པ་ཡང༔ ལྷར་སྣང་ཐམས་ཅད་རིམ་པར་འདུས༔ མཁའ་ལ་སྤྲིན་ཆེན་ཐིམ་པ་ལྟར༔ སྤྲོས་པ་མེད་པའི་ངང་ལ་གནས༔ སླར་ཡང་བདག་ཉིད་དཔལ་གྱི་སྐུ༔ རྡོ་རྗེའི་མཁར་དུ་ཚུད་པར་བསམ༔ དེ་ལྟར་སྐུ་ཡི་སྒྲུབ་པ་མཐར་ཕྱིན་ནས༔ འགྲོ་ཕན་གང་བགྱིས་བྱང་ཆུབ་ཆེན་པོར་བསྔོ༔ མྱུར་དུ་འཇམ་དཔལ་དཔའ་བོའི་ས་ཐོབ་ནས༔ མཁའ་ཁྱབ་འགྲོ་བའི་དཔལ་དུ་འབྱུང་བར་ཤོག༔ བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ལྟར་གཏིབས༔ ཡི་དམ་ལྷ་ཡིས་དངོས་གྲུབ་ཆར་ལྟར་འབེབས༔ རླུང་ལྟར་མྱུར་བའི་དམ་ཅན་ཕྲིན་ལས་མཛད༔ བྱིན་ཆེན་དངོས་གྲུབ་མཐུ་མྱུར་བཀྲ་ཤིས་བསམ༔ དེ་ལྟར་རིམ་པར་ངེས་རྫོགས་སྒོམ་པའམ༔ ཡང་ན་གསལ་སྣང་རྫོགས་པས་ཐུན་གཅིག་གིས༔ ཉམས་སུ་བླང་ན་བྱང་ཆུབ་འབྲས་བུ་ཐོབ༔ བར་ཆད་བགེགས་བྲལ་ཆག་ཆེན་ངན་པ་བཟློག༔ ལོག་ལྟ་ཚར་གཅོད་ཕྱི་པའི་དམག་དཔུང་འཇོམས༔ ངན་གཡོའི་འཕྲུལ་འཁོར་ཐམས་ཅད་ངང་གིས་འཇིག༔ བཀྲ་ཤིས་མཐུ་མྱུར་དྲག་སྔགས་རྒྱལ་པོ་འདི༔ ད་ལྟ་ཉམས་ལོངས་མ་འོངས་དོན་དུ་སྦོས༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་ནས་ཀྱང༔ འགྲོ་བའི་རྐྱེན་ཟློག་བསྟན་པའི་ལྕགས་རི་ཡིན༔ དྲག་སྔགས་ཀུན་གྱི་བཅུད་བསྡུས་འདི་ལྟ་བུ༔ དྲག་ཤུལ་མཐུ་ལྡན་བསྐྱེད་རིམ་མཐར་ཕྱིན་པའི༔ བོད་ཡུལ་བསྟན་པའི་ལྕགས་རི་འབྱུང་བ་ཡི༔ སྔགས་པས་ཉམས་ལོངས་བྱང་ཆུབ་སེམས་བསྐྱེད་ནས༔ བསྟན་དང་འགྲོ་བའི་འགལ་རྐྱེན་བཟློག་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ༔ ༁ྃ༔ བོད་ཁམས་བདེ་ཐབས་ཆོས་བཅུ་ཡི༔ བསྟན་པ་སྲུང་བའི་སྐོར་བཞི་ལས༔ རྟ་མགྲིན་བསྐལ་པའི་མེ་དཔུང་བཞུགས༔ ྈྈྈྈ གསང་སྔགས་སྟོན་པ་རྡོ་རྗེ་འཛིན༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ གུ་རུ་རྗེ་ལ་ཡང་གསོལ་བ༔ ཁྱད་པར་བླ་མེད་གསང་བ་སྔགས༔ དེ་ལ་བར་ཆད་འབྱུང་པོའི་ཚོགས༔ འདུལ་ཐབས་བདག་ལ་བསྩལ་དུ་གསོལ༔ ཞུས་པས་གུ་རུས་འདི་སྐད་གསུངས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བསྟན་པ་ཚུལ་བཞིན་སྐྱོང་བ་ལ༔ བར་ཆད་འབྱུང་པོ་བྱུང་གྱུར་ན༔ རྟ་མགྲིན་དབང་ཆེན་རོལ་པ་ཡི༔ གསུང་གི་དངོས་གྲུབ་ཐོབ་པ་ཡི༔ ལས་སྦྱོར་བསྐལ་པའི་མེ་ལྟ་བུས༔ གཞོམ་པར་བྱེད་པའི་མན་ངག་བསྒྲུབ༔ བླ་མའི་སྤྱི་དཔལ་དཀྱིལ་འཁོར་གཙོ༔ མཁའ་འགྲོ་ཀུན་གྱི་དབང་ཕྱུག་ཆེ༔ དཔལ་ཆེན་རྟ་མགྲིན་ལྷ་ཚོགས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་གཟུང༔ མ་རུངས་པ་རྣམས་ཚར་གཅད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དཔལ་ཆེན་རྟ་མགྲིན་སྐུར་བསྒོམས་ནས༔ སྤྲུལ་པས་བགེགས་རྣམས་ཐལ་བར་བྱ༔ སྣང་སྲིད་མ་ལུས་གསེར་གྱི་རི༔ འབར་བའི་རྩེ་བརྒྱད་ཁྲོ་བོ་བརྒྱད༔ ཕྲ་མེན་དགུ་ཁྲི་དགུ་འབུམ་འཕྲོ༔ བསྐལ་པའི་མེ་དཔུང་མཆེད་ཅིང་འབར༔ ལྷ་དང་རིག་འཛིན་སྲུང་མའི་ཚོགས༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ གནས་དང་ལུས་ངག་ཡིད་ལ་བསྟིམ༔ སྣོད་རྣམས་དབང་ཆེན་རོལ་པའི་ཞིང༔ བཅུད་རྣམས་དབང་ཆེན་ཡབ་དང་ཡུམ༔ ཡོ་བྱད་ཕྱི་ནང་གསང་བ་ཡི༔ མཆོད་སྤྲིན་དཔག་མེད་མཁའ་ལ་དཀྲིགས༔ དེ་དབུས་དབང་ཆེན་རོལ་པ་ཡི༔ ཕོ་བྲང་ཆེན་པོ་འོད་དུ་འབར༔ དབུས་སུ་པདྨ་ཉི་ཟླ་ལ༔ ཧྲཱིཿལས་གར་དབང་སྤྱན་རས་གཟིགས༔ དམར་པོ་པད་ཕྲེང་བུམ་པ་འཛིན༔ གཉིས་མེད་གསང་བའི་ཡུམ་དང་འཁྲིལ༔ བྱང་ཆུབ་སེམས་ཀྱིས་རྒྱལ་བ་མཆོད༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ གར་དབང་སྙིང་རྗེའི་ཆོ་འཕྲུལ་ལས༔ དུར་ཁྲོད་རོལ་པའི་གཞལ་ཡས་ཁང༔ བདག་ཉིད་དབང་ཆེན་རྟ་སྐད་འཚེར༔ དམར་ནག་གཡས་དཀར་གཡོན་སྔོ་ཞལ༔ རྟ་མགོ་གསུམ་ལྡན་ཕྱག་དྲུག་པ༔ རྡོ་རྗེ་ཁ་ཊྭཱཾ་རལ་གྲི་གཡས༔ དྲིལ་བུ་དུང་དམར་སྦྲུལ་ཞགས་གཡོན༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་བཞི་ཀླུ་རྒྱལ་ཕོ་མོ་མནན༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་འཁྱུད༔ བྱི་ལ་པུ་ཤུད་ཕྲ་མེན་འགྱེད༔ སྐུ་ལས་ཡེ་ཤེས་མེ་ཆེན་འབར༔ ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་ལ༔ སྲས་མཆོག་དབང་ཆེན་སྡེ་བཞི་ནི༔ དཀར་སེར་དམར་ལྗང་ཞལ་གསུམ་ལྡན༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་འཛིན༔ དབང་གི་གསང་བའི་ཡུམ་བཞི་འཁྲིལ༔ ཁྱམས་ལ་ཟིལ་གནོན་ཁྲོ་བོ་བརྒྱད༔ ཡུམ་བཅས་སྒོ་བཞི་དབང་མོ་དང༔ མུ་རན་སྲུང་བའི་བཀའ་སྲུང་ཚོགས༔ གཅིག་ལས་དུ་མར་སྣང་བའི་སྐུ༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དངོས༔ ཡེ་ཤེས་ལྔ་ལ་དབང་བསྒྱུར་བས༔ རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ དབྱིངས་ལས་སྐུར་བཞེངས་མཐའ་ཡས་པའི༔ ཡེ་ཤེས་ཁྲོ་རྒྱལ་སྐུ་གསུང་ཐུགས༔ སྤྲུལ་པ་སྲས་བཅས་སྤྱན་དྲངས་ནས༔ འགུགས་བསྟིམ་དབྱེར་མེད་དགྱེས་པ་སྐྱེད༔ སྤྲུལ་པའི་ཁྲོ་མོའི་ཚོགས་རྣམས་ཀྱིས༔ ཕྱག་འཚལ་ཕྱི་ནང་གསང་མཆོད་ཕུལ༔ ཨེ་མ་ཧོཿཆེ་བའི་སྐུ༔ ཉིད་ཀྱི་གར་ནི་རྣམ་པར་འགྱུར༔ རྒྱལ་བའི་གསུང་དབྱངས་ཀུན་ལ་ཁྱབ༔ གཡོ་བ་མེད་པའི་ཐུགས་མཆོག་མངའ་ཧོ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ སྲོག་གོར་ཉི་མ་ལ་གནས་པའི༔ རྡོ་རྗེ་ཧྲཱིཿཡིས་མཚན་པ་ལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ སྣོད་བཅུད་དཀྱིལ་འཁོར་རྣམས་ལ་ཕོག༔ འབྲུག་སྟོང་ལྡིར་བའི་ངུར་སྒྲ་ཡིས༔ འཁོར་འདས་འཇིག་རྟེན་ཞིང་ཀུན་གཡོས༔ རྒྱལ་ཀུན་དངོས་གྲུབ་ཆར་ལྟར་ཕབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་འཐིབས༔ དྲེགས་པ་ལས་ལ་རླུང་ལྟར་འཚུབས༔ དཔལ་གྱི་གཟི་བརྗིད་ཆེན་པོས་མནན༔ དངོས་གྲུབ་ཕྲིན་ལས་འགྲུབ་པར་བསམ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡང་གསང་ཁྲོས་པའི་སྔགས་བཟླས་པས༔ གྲགས་པ་ཐམས་ཅད་སྔགས་སུ་ཐོས༔ ཕྱོགས་བཅུར་རྒྱལ་བའི་ཆོས་ཉན་ནས༔ འཕགས་པའི་ས་ལ་མངོན་བྱེད་པ༔ དབང་ཆེན་གསུང་གི་གྲུབ་མཐའ་འོ༔ ས་མ་ཡ༔ དྲག་སྔགས་སྒོ་ནས་བསྲུང་བ་ནི༔ རྩིབས་བཞི་རྩིབས་བརྒྱད་ལ་སོགས་པའི༔ ལྷ་གནས་འཁོར་ལོར་སྔགས་བཀོད་པ༔ རྒྱས་པར་བྲི་འམ་ཡང་ན་ནི༔ ལྷ་གནས་ས་བོན་བཀོད་པའི་མཐར༔ དྲག་སྔགས་ཤམ་བུར་སྲུང་སྔགས་སྤེལ༔ ཆོས་སྨན་བྱུགས་ལ་ལྷར་བསྒོམ་མམ༔ ལྷ་ཡི་ངོ་བོ་ཡིག་འབྲུ་ལས༔ འོད་འཕྲོས་བསྒྲུབ་བྱ་སྲུང་བར་བསམ༔ ཐུགས་ཀའི་སྔགས་ཕྲེང་ལས་འཕྲོས་པའི༔ གྲངས་མེད་ལུ་གུ་རྒྱུད་དུ་སྦྲེལ༔ སྔགས་སྒྲ་འབྲུག་སྟོང་སྒྲོག་པ་ཡིས༔ སྟེང་འོག་ཕྱོགས་མཚམས་གང་བར་ཁྱབ༔ ཡི་གེ་འཁོར་ལོའི་ནང་དུ་ཚུད༔ བར་ཆད་གང་གིས་མི་ཚུགས་བསམ༔ དྲག་སྔགས་ཐ་མར་སྔགས་འདི་སྤེལ༔ ཆེ་གེ་མོ་རཀྵ་རཀྵ་ཧྲཱིཿཧཱུྃ་བྷྲཱུྃ༔ བར་ཆད་བདུད་ཀྱི་ཕྱོགས་ལས་རྒྱལ༔ དུར་ཁྲོད་ས་ལ་ཨེ་གྲུ་གསུམ༔ འཁོར་ལོ་རྩིབས་བརྒྱད་བྲིས་པའི་ཁར༔ འབྲུ་ནག་གཏོར་མ་ཟུར་གསུམ་བཤམ༔ སྲུང་བའི་འཁོར་ལོར་ཟློག་ཅེས་བསྒྱུར༔ རྩེ་ལ་བརྒྱངས་ཤིང་དྲག་རྒྱན་བྱ༔ ཟོར་གྱི་ཐུན་དང་མཆོད་རྫས་བཤམ༔ སྐད་ཅིག་དུར་ཁྲོད་རོལ་པའི་ཞིང༔ ཁྲག་ཞག་རྦ་ཀློང་འཁྲུགས་པའི་དབུས༔ དགྲ་བགེགས་བསྒྲལ་པའི་ཤ་ཡི་རི༔ རུས་པའི་གྲམ་བུ་གཅལ་དུ་བཀྲམ༔ དྲག་པོའི་ཕོ་བྲང་ཆེན་པོའི་དབུས༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ནི༔ སྡེ་བཞི་ཟིལ་གནོན་ཁྲོ་བོ་བརྒྱད༔ ཀུན་ཀྱང་རྟ་གདོང་འབར་བའི་ཞལ༔ ཡུམ་དང་སྒོ་སྲུང་བཀའ་སྡོད་བཅས༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ གསུང་ནི་རྟ་སྐད་འབྲུག་ལྟར་སྒྲོག༔ དམིགས་མེད་ཐུགས་རྗེས་ལས་ལ་རྔམས༔ བསྐལ་པའི་མེ་ཕུང་འཁྲུགས་ལྟར་བསམ༔ ཧཱུྃ༔ དབང་དྲག་འབར་བ་ཡབ་ཡུམ་འཁོར་དང་བཅས༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་སྐུལ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ ཚར་གཅོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྤྲོ་ན་མ་མོའི་གིང་སྐད་ཀྱིས༔ སྐུལ་ཅིང་རཀྟ་ཡང་ཡང་ཕྱར༔ ཁྲག་ཆེན་ཕྱོགས་བཅུ་ཀུན་ཏུ་གཏོར༔ དཔང་གཟུ་བདེན་པ་ཡང་ཡང་བདར༔ ཕུང་ཤུལ་ས་ལ་བྲུབ་ཁུང་བྱ༔ དགྲའམ་བགེགས་ཆེན་གནས་པའི་རྫས༔ དེ་ཡིས་ལིངྒ་བཟོས་པའི་ནང༔ དུག་ཁྲག་གིས་བྲིས་མིང་བྱང་བཅུག༔ བྱ་འུག་དང་རུ་འདྲེ་འཇིགས་སོགས༔ རྫས་ངན་སྦྱར་བའི་དུད་པས་བདུག༔ པྲ་བེ་ཤ་ཡི་སྔགས་ཤམ་གྱིས༔ ཕྲ་མེན་མང་པོས་རྫས་ངན་ཆར༔ ཕབ་པས་རྒྱབ་རྟེན་བྲོས་པར་བསམ༔ དེ་ནས་འགུགས་པའི་ཕྱག་རྒྱ་བཅས༔ ཨངྐུ་ཤ་ཡའི་སྔགས་ཤམ་སྦྱར༔ ཕྲ་མེན་ལྕགས་ཀྱུ་ཐོགས་པ་ཡིས༔ སྙིང་ནས་བཟུང་ཞིང་བཀུག་པ་དང༔ ཛཿཧཱུྃ་བཾ་ཧོཿཞེས་སྦྱར་བས༔ ཕྲ་མེན་རྣམས་ཀྱིས་ཞགས་པས་བཅིངས༔ ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས༔ གཟུགས་བྱང་རྣམས་དང་དབྱེར་མེད་བསྲེས༔ ཟངས་ལྕགས་ཕྱེ་མ་རྦབ་རྡོ་དང༔ ཡུངས་དཀར་དུག་དང་སྐེ་ཚེའི་ཐུན༔ ཁྲག་སོགས་སྦྱར་བས་བྲབས་ནས་སུ༔ ཕྲ་མེན་རྣམས་ཀྱིས་མཚོན་ཆའི་ཆར༔ ཕབ་པས་ལུས་རྣམས་རྡུལ་དུ་བརླག༔ མཱ་ར་ཡ་ཕཊ་རྦད་སྦྱར་བ༔ རིག་པ་ཧུར་ཕྱུང་ཐོག་ལྟར་བཟླ༔ ཕུར་པའི་སྐུ་སྟོད་ཁྲོ་བོ་ལ༔ སྐུ་སྨད་ཟུར་གསུམ་དབལ་དང་ལྡན༔ གནས་གསུམ་ཡི་གེ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྒྱལ་བའི་སྐུ་གསུང་ཐུགས་དང་ལྡན༔ རྩེ་མོར་ཧྲཱིཿལས་ཕཊ་འཕྲོས་པས༔ དགྲ་བགེགས་ནྲྀ་ཏྲིའི་སྲོག་ལ་བབ༔ དྲག་པོའི་ཡི་གེ་མེར་འབར་བས༔ རྩ་ཡི་ཕུང་པོར་ཐོག་བརྒྱབ་བཞིན༔ བསྲེགས་ཤིང་རྡུལ་དུ་བརླགས་པར་བསམ༔ རྗེས་སུ་བསད་རྟགས་བྱུང་བ་ན༔ རྣམ་ཤེས་ཨ་ཡི་རང་བཞིན་དུ༔ རྟ་མགྲིན་རྒྱལ་པོའི་ཐུགས་ཀར་བསྟིམ༔ གཟུགས་བྱང་མཚོན་ཆས་གཏུབས་བྱས་ལ༔ ཆ་གཅིག་མེ་ཡི་ཧོམ་དུ་བསྲེག༔ ཆ་གཅིག་གཏོར་མ་ལ་བསྟབས་ནས༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་གིས༔ ལྷ་ཚོགས་ཐམས་ཅད་དགྱེས་པར་བསམ༔ གཏོར་མ་ཕྱིར་དཔག་རཀྟ་ཕྱར༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ ཞེས་པའི་དམོད་པ་སྦྱར་ནས་སུ༔ ལྷ་ཚོགས་དམག་ལྟར་ཆས་ནས་ཀྱང༔ སྡིག་ཅན་འབྱུང་པོའི་དཔུང་རྣམས་ལ༔ གཡུལ་བཀྱེས་རྡུལ་དུ་བརླགས་པར་བསམ༔ ལྷ་ཚོགས་ཐམས་ཅད་མཁའ་ལ་བཏེག༔ གཏོར་མ་མེ་ཕུང་མཚོན་ཆའི་ཆར༔ འབྱུང་པོའི་ཕྱོགས་དང་གནས་པའི་རྟེན༔ རྒྱུ་བའི་ལམ་ལ་གཏོར་མ་བརྡེག༔ ཐལ་མོ་དང་ནི་དུལ་མོ་བརྡབ༔ རྩྭ་ཕུང་མེ་ཡིས་བསྲེགས་པ་ལྟར༔ རྗེས་ཤུལ་ཙམ་ཡང་མེད་པར་བསམ༔ སྤྲོ་ན་ཟློག་པའི་དམོད་པ་སྦྱར༔ ཧཱུྃ༔ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དཔལ་ཆེན་པདྨ་ཧེ་རུ་ཀ༔ རྟ་སྐད་རྔམས་བཞད་སྣང་སྲིད་འདར༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ དྲག་ཤུལ་བཀའ་སྡོད་འཁོར་བཅས་ཀྱིས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བསྟན་ལ་གནོད་པར་བྱེད་པའི་བགེགས༔ བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད༔ ཁྲོ་རྒྱལ་རྣམས་ཀྱི་སྟོབས་ཀྱིས་ཟློག༔ མིང་ཙམ་རྡུལ་ཙམ་མེད་པར་གྱིས༔ ཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྒྱུར་རོ་བགེགས་ཆེན་བདུད་ལ་བྷྱོ༔ གཏོར་མ་འཕང་རྗེས་སྲུང་འཁོར་བསྒོམ༔ ཐལ་བ་མནན་པའི་ལས་བྱ་འོ༔ ས་མ་ཡ༔ དགྲ་འམ་འབྱུང་པོའི་གཟུགས་བྱང་ལ༔ རྟགས་རྫོགས་བར་དུ་དགུག་གཞུག་བྱ༔ གསད་པའི་ལས་སྦྱོར་ཚད་རྫོགས་ནས༔ ཕུང་ཤུལ་ས་ལ་ཧོམ་གྲུ་གསུམ༔ དུག་ཤིང་ཚེར་མ་ཅན་བརྩིགས་ལ༔ ཞུན་ཆེན་མར་དང་དུག་ཁྲག་སྦྱར༔ ཤན་པའི་རིགས་ཀྱིས་མེ་སྦར་ལ༔ དྲག་པོའི་ལས་ཀྱི་དཀྱིལ་འཁོར་བསྒོམ༔ སྐུལ་ཞིང་ཛྭ་ལ་རཾ་ཞེས་པས༔ ཡིད་ཆེས་བར་དུ་ལན་གྲངས་འབུལ༔ ལྷ་རྣམས་རང་བཞིན་དབྱིངས་སུ་བསྟིམ༔ ས་མ་ཡ༔ འབྱུང་པོ་བསྒྲལ་པའི་གཟུགས་ཕུང་དང༔ ཐལ་བ་མནན་པའི་སྟེང་དུ་འམ༔ ཡང་ན་འབྱུང་པོ་གནས་པའི་སར༔ ཐམས་ཅད་དྲག་པོའི་ཆས་སུ་ཞུགས༔ སྣང་སྲིད་དབང་དྲག་རོལ་པ་ཡི༔ དཀྱིལ་འཁོར་ཆེན་པོར་བལྟས་ནས་སུ༔ དབང་ཆེན་རོལ་པའི་ང་རྒྱལ་གྱིས༔ ཐམས་ཅད་ལུ་གུ་རྒྱུད་དུ་སྦྲེལ༔ དྲག་པོའི་སྔགས་བྱང་འུར་གྱིས་བསྒྲག༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་སོགས༔ དབང་ཆེན་རོལ་པའི་རྟོག་པ་བཞེངས༔ དབྱངས་སུ་གྱེར་ཞིང་ང་རྒྱལ་གཟུང༔ གཡས་སུ་བསྐོར་ཞིང་གཡོན་དུ་བརྡུང༔ ལག་གཉིས་སོར་མོ་བསྣོལ་ནས་སུ༔ མཐེ་བོང་རྣ་བ་ལྟར་བྱས་ནས༔ སྤྱི་བོར་བཞག་པ་རྟ་ཡི་རྒྱ༔ ས་སྟེང་ཀུན་ཏུ་མཆོངས་པའི་གར༔ འབྱུང་པོ་གཟིར་གནན་ཆོ་ག་ཡིས༔ སྟོབས་ཅན་ཀུན་གྱི་རྒྱུ་ལམ་ཆད༔ གཞན་ཡང་གྲོང་རྡལ་གྲོང་གི་དབུས༔ ལུང་གསུམ་འདུས་དང་ལམ་གྱི་སྲང༔ དོགས་པ་ཡོད་པའི་ཕྱོགས་སུ་བརྡུང༔ འབྱུང་པོ་ཀུན་གྱི་རྒྱུ་ལམ་ཆད༔ བཀྲ་ཤིས་བྱིན་ཆགས་གནས་སུ་འགྱུར༔ ས་མ་ཡ༔ འབྱུང་པོ་བསྐྲད་པའི་སྦྱོར་བ་ནི༔ ལིངྒ་རླུང་གིས་བཏེག་པ་ཡི༔ རྐང་པ་ཡཾ་གྱིས་མཚན་པ་བྲི༔ ཨུཙྪ་ཏ་ཡ་ཕཊ་སྦྱར་བའི༔ སྔགས་བཀོད་འགུགས་བསྟིམ་བསྒྲལ་བ་དང༔ ལས་ཀྱི་སྦྱོར་བ་རྫོགས་པར་བྱ༔ རྟགས་མཐོང་ངེས་པ་རྙེད་པ་ན༔ ལིངྒ་རྔ་མོང་ཐོད་པར་བཅུག༔ རང་ཡུལ་མི་ལྡོག་འབབས་ཆུར་འཕང༔ དྲག་པོ་ཟོར་གྱིས་རྗེས་བཅད་ལ༔ སྲུང་འཁོར་བསྒོམ་ཞིང་རྟ་བྲོ་བརྡུང༔ འབྱུང་པོ་གཞན་དུ་བྲོས་པར་འགྱུར༔ ས་མ་ཡ༔ བསྙེན་སྒྲུབ་ལས་སྦྱོར་གང་ལ་ཡང༔ རྗེས་སུ་རྫོགས་རིམ་བསྒོམ་པ་ནི༔ ཐུགས་སྲོག་ལས་ནི་འོད་འཕྲོས་པས༔ རྟེན་དང་བརྟེན་པར་བཅས་པ་རྣམས༔ འོད་ཞུ་ཡི་གེ་འཁོར་ལོར་གྱུར༔ དེ་ཉིད་ཐུགས་སྲོག་ལ་འདུས་པས༔ མི་དམིགས་དབྱིངས་སུ་རྒྱས་གདབ་བོ༔ ཁྱད་པར་ཡང་ཟབ་རྫོགས་རིམ་ནི༔ ཀུན་ཀྱང་ཧཱུྃ་གི་སྒྲ་སྒྲོག་པས༔ ལྷ་རྣམས་ཧྲཱིཿདང་བྷྱོ་རུ་གྱུར༔ དེ་དག་འབྲུག་སྒྲ་ཡལ་བ་ལྟར༔ སྐྱེ་མེད་དབྱིངས་སུ་མཉམ་པར་གཞག༔ སླར་ལྡངས་རྒྱུན་གྱི་སྤྱོད་པ་དང༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ གསང་སྔགས་བསྟན་དང་བྱང་ཆུབ་ལ༔ བར་ཆད་འབྱུང་པོ་བསྒྲལ་བའི་ཐབས༔ མ་འོངས་གསང་སྔགས་རྣལ་འབྱོར་པ༔ དྲག་ཤུལ་འཆང་བའི་དོན་དུ་བསྟན༔ ཟབ་མོའི་གཏེར་དུ་སྦས་ནས་ཀྱང༔ ལས་ཅན་བུ་དང་འཕྲད་པ་ཡི༔ སྨོན་ལམ་བཟང་པོའི་བཀའ་རྒྱས་ཐོབས༔ ས་མ་ཡ༔ ༁ྃ༔ བོད་ཁམས་བདེ་ཐབས་ཆོས་བཅུ་ཡི༔ བསྟན་པ་སྲུང་བའི་སྐོར་བཞི་ལས༔ ཕུར་པ་ཁྲོ་རྒྱལ་སྟོབས་འདུས་བཞུགས༔ ྈྈྈྈ དངོས་གྲུབ་མྱུར་ཐོབ་སྙིང་པོའི་དོན༔ སྟོན་མཛད་གུ་རུ་རྗེ་ལ་འདུད༔ ཡང་ཅིག་གུ་རུ་པདྨ་ལ༔ ལྷ་སྲས་བདག་གིས་འདི་ལྟར་ཞུས༔ རྫོགས་ཆེན་ཨ་ཏི་ཟབ་དོན་གྱི༔ སྙིང་པོ་ཚུལ་བཞིན་སྒྲུབ་པ་ལ༔ བར་ཆད་བྱེད་པའི་དགྲ་བགེགས་རྣམས༔ སྤྱིར་ནི་བྱམས་དང་སྙིང་རྗེ་དང༔ རེ་དོགས་མེད་པའི་ལྟ་བ་ཡིས༔ བདུད་སྡེ་ཐམས་ཅད་གཞོམ་དགོས་ཀྱང༔ དང་པོའི་ལས་ཅན་ནུས་ཆུང་ཞིང༔ ལྟ་བ་གདིང་དང་མི་ལྡན་པས༔ རྡོ་རྗེ་ཕུར་བུའི་རྣལ་འབྱོར་ལ༔ བརྟེན་ཏེ་དགྲ་བགེགས་སྒྲོལ་བའི་ཐབས༔ གུ་རུ་རྗེ་ཡིས་བསྩལ་དུ་གསོལ༔ གུ་རུ་རྗེ་ཡིས་བཀའ་བསྩལ་པ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི༔ རིག་འཛིན་རྒྱལ་བའི་གདུང་འཚོབ་ཀྱི༔ སེམས་བསྐྱེད་ཉམས་པར་མ་གྱུར་ན༔ བདུད་སྡེ་གང་གིས་གླགས་མི་རྙེད༔ འོན་ཀྱང་བདུད་སྡེ་འདུལ་བ་དང༔ འགྲོ་བ་རྣམས་ལ་ཕན་གདགས་སླད༔ རྡོ་རྗེ་ཕུར་བུའི་ཏིང་འཛིན་གྱིས༔ བདུད་དགྲ་ཐམས་ཅད་བཏུལ་བ་ན༔ བྱང་ཆུབ་བར་ཆད་མེད་པར་ཐོབ༔ གཞན་དོན་རྒྱ་ཆེན་ལྷུན་གྱིས་གྲུབ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་མཆོག་ལ་སྐྱབས་གསོལ་ནས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པ༔ རིག་འཛིན་རྣལ་འབྱོར་བདག་ཉིད་ཀྱིས༔ བདུད་དང་བདུད་ཀྱི་ཕྱོགས་བསྒྲལ་ནས༔ དཔལ་ཆེན་གོ་འཕང་འཐོབ་པར་བགྱི༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཡུམ་བཅས་ཕུར་བུ་འདྲིལ༔ སྣང་སྲིད་འཁོར་ལོ་རྩིབས་བཅུ་པ༔ ཁྲོ་རྒྱལ་ཡཀྴ་སྐར་ལྟར་འཁྲུགས༔ ཕྱོགས་བཅུའི་སངས་རྒྱས་ཀཱི་ལ་ཡས༔ ཕྱོགས་བཅུའི་འབྱུང་པོ་ཐམས་ཅད་ནན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ མ་བཅོས་གསལ་རྫོགས་རྫས་ཀྱི་དཀྱིལ་འཁོར་ནི༔ མགོ་བོ་རྒྱ་མདུད་ཁྲོ་བོའི་ཞལ་དང་ལྡན༔ ཉི་མའི་སྤྱན་གྱིས་བགེགས་དཔུང་ཐལ་བར་སྲེག༔ ཞལ་ནས་ཧཱུྃ་གི་སྒྲ་ནི་འབྲུག་ལྟར་སྒྲོག༔ ཤངས་ནས་འཐོར་རླུང་གནམ་ལྕགས་ཐོག་མདའ་འཕེན༔ རྒྱ་མདུད་གོང་མར་རིག་འཛིན་བླ་མའི་ཚོགས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་སྤྲིན་ལྟར་གཏིབས༔ འཆང་གཟུང་པདྨ་ཁ་སྤྲོད་འབར་བའི་དབུས༔ རྡོ་རྗེའི་གུར་ཁང་དུར་ཁྲོད་གཞལ་ཡས་ཁང༔ ཕྱི་ནང་ཀུན་ཏུ་ཁྲོ་བོའི་དམག་དཔུང་འཁྲིགས༔ རྒྱ་མདུད་འོག་མར་དམ་ཅན་སྲུང་མའི་ཚོགས༔ དབལ་ཟུར་གསུམ་པ་སྤུ་གྲི་ལྟར་རྣོ་བ༔ བདུད་བཞི་དགྲ་བགེགས་དམ་སྲིའི་སྙིང་ལ་ཟུག༔ ཆུ་སྲིན་ཁ་ནས་སྦྲུལ་ནག་བསྣོལ་མར་འཁྱུགས༔ ཐོག་སེར་བུ་ཡུག་དུག་གི་ཆར་པ་འབེབ༔ སྟོད་སྨད་ཀུན་ཏུ་མེ་ཆུ་རླུང་འཁྲུགས་པས༔ ཀཱི་ལ་ཡ་ཡི་དྲག་སྔགས་འབྲུག་ལྟར་སྒྲོག༔ ཕུར་པའི་ཚྭ་ཚྭས་དགྲ་བགེགས་ཀླད་པ་འགེམས༔ བདག་ཉིད་ཧཱུྃ་གྱུར་ཕོ་བྲང་དབུས་སུ་ཞུགས༔ རྩ་བའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ལྕགས་ཀྱི་རལ་པ་གྱེན་དུ་འཁྱིལ༔ ཕྱག་གཉིས་ཕུར་འདྲིལ་ཞབས་གཉིས་འདོར་ཐབས་བགྲད༔ འཁོར་ལོ་རྒྱས་འདེབས་གཉིས་མེད་ཡུམ་དང་འཁྲིལ༔ རྡོ་རྗེའི་གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡེ་ཤེས་མེ་འབར་སྤྱི་བོ་དུང་ཁང་དུ༔ བུདྡྷ་སྲས་མཆོག་སྨུག་ནག་ཕུར་བུ་འདྲིལ༔ མགྲིན་པར་པདྨ་ཐུགས་ཀར་བཛྲ་དང༔ ལྟེ་བར་རཏྣ་གསང་བར་ཀརྨ་རྣམས༔ དམར་མཐིང་སེར་ལྗང་ཕུར་བུ་འདྲིལ་བ་ཡི༔ ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་དཔལ་བེ་འུར༔ ཡེ་ཤེས་སེམས་དཔས་རབ་བརྒྱན་སྲོག་གི་གོར༔ རྡོ་རྗེ་ཧཱུྃ་ནང་མིང་ཡིག་ཐིག་ལེ་བཅས༔ སྔགས་ཀྱི་ཕྲེང་བ་འོད་ཟེར་མེ་ཕུང་འབར༔ བདུད་དཔུང་གང་གིས་གཞོམ་པ་མེད་པར་བསམ༔ རྩ་བའི་སྔགས་བཟླས་གསལ་སྣང་རྫོགས་པ་ན༔ སྲས་མཆོག་ཕུར་བུ་ཨེ་ཡི་སྟེང་དུ་བཀོད༔ ཧཱུྃ༔ དྲག་པོར་བསྐྱེད་པའི་ཕུར་པ་ནི༔ མཐིང་ནག་ལྕགས་ཀྱི་རལ་པ་ཅན༔ ཨུཏྤལ་རྒྱས་པའི་མདོག་འདྲ་བ༔ སྐུ་སྨད་ཨེ་ཡི་རང་བཞིན་ཅན༔ ཕྱག་གཉིས་སྒྲོལ་བྱེད་ཕུར་པ་འདྲིལ༔ དཀར་དམར་མཐིང་གའི་ཕྲ་བཏབ་པ༔ དུས་གསུམ་རྒྱལ་བའི་གཟི་ཆེན་འབར༔ བཏབ་ན་ལྷ་ཡང་བརླག་པར་འགྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུྃ་ཕཊ༔ བྲག་ཁའི་ཆུ་འབབ་བཞིན་དུ་བཟླ༔ ལྕགས་སམ་བྷནྡྷའི་སྣོད་ནང་དུ༔ འབྲུ་ནག་ཁྲག་གིས་སྦྲུས་པ་ཡི༔ ཟུར་གསུམ་ཤ་ཁྲག་མཚོན་ཆས་བརྒྱན༔ ཨེ་ཡི་སྟེང་དུ་བཀོད་ནས་སུ༔ ཧཱུྃ༔ ཁྲོ་རྒྱལ་ཡཀྴ་སྐར་ལྟར་འཁྲུགས༔ བདུད་དང་དགྲ་བགེགས་ཀུན་བསྡུས་ནས༔ མཚོན་ཆ་འབར་བས་བསྒྲལ་ནས་སུ༔ གཟུགས་ཕུང་དུར་ཁྲོད་ས་གཞི་ལ༔ ཤ་ཡི་རི་བོ་ཁྲག་གི་མཚོ༔ ཀེང་རུས་བརྩེགས་པའི་རི་སུལ་དུ༔ ལྕགས་ཀྱི་ཤྭ་ན་ཆེན་པོ་རྒྱུ༔ སྐུ་ནི་རི་རབ་ཟོམ་དང་མཉམ༔ ཤྭ་ནའི་གདོང་ཅན་སེང་སྐད་སྒྲོག༔ སྐུ་སྨད་ཕུར་པའི་དབལ་དང་ལྡན༔ ཕྱག་གཉིས་སྒྲོལ་བྱེད་ཕུར་བུ་འདྲིལ༔ རང་འདྲའི་ཡབ་ཡུམ་སྤྲུལ་འཁོར་བཅས༔ ཕྱོགས་བཅུའི་ཁྲོ་རྒྱལ་སྟོབས་འདུས་པ༔ བདུད་དཔུང་བརླག་པའི་དམག་དཔུང་འཁྲིགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ དྲག་སྔགས་ཐོག་འབྲུག་འུར་ལྟར་བཟླ༔ སྒྲུབ་པའི་ཕུར་བུ་བཞད་པ་དང༔ ལས་ཀྱི་ཕུར་བུ་འཕུར་བ་དང༔ གཏོར་མར་མེ་འབར་དུ་བ་ཕྱུར༔ རྟགས་དེ་བྱུང་ན་གང་བརྩམས་འགྲུབ༔ ས་མ་ཡ༔ དེ་ནས་གདབ་པའི་ལས་ལ་འཇུག༔ དགྲ་བགེགས་ཟག་རྫས་མིང་རུས་བཅས༔ ཕུང་ཤུལ་ས་ཡི་བྲུབ་ཁུང་དུ༔ བཅུག་ནས་ཐུན་ཐག་ཟོར་ལ་བཏགས༔ དང་པོར་དགྲ་བགེགས་རྒྱབ་རྟེན་ལ༔ དབྱེ་བའི་ཕུར་པ་གདབ་པ་ནི༔ མཐིང་ནག་ཛཿཧཱུྃ་བཾ་ཧོཿའཕྲོས༔ ཕུར་སྲུང་དམ་ཅན་ལས་ལ་བསྐུལ༔ བཅུ་གཉིས་འཁོར་ལོའི་ལྟེ་བ་རུ༔ གསད་པའི་ཁང་པ་གྲུ་གསུམ་ནང༔ དགྲ་བགེགས་འགུགས་ཤིང་གཞུག་པར་བྱ༔ དམ་ཅན་ལྕམ་དྲལ་བཅུ་གཉིས་བཅས༔ དམག་ཚོགས་འཁོར་ལོའི་གནས་སུ་ལྷགས༔ སྤྲུལ་པའི་ཤྭ་ན་གྲངས་མེད་པ༔ ཕུར་སྲུང་ཇག་པ་ལས་ལ་ཆས༔ ལྕགས་ཀྱུ་ལ་སོགས་འགུགས་བྱེད་ཐོགས༔ དགྲ་བགེགས་རང་དབང་མེད་པར་བཀུག༔ ཕྲ་མེན་རྫས་ངན་ཆར་ཐོགས་པ༔ སྤྲོས་པས་འགོ་བའི་ལྷ་ལྔ་བསྐྲད༔ རྫས་ངན་ཕུར་བུ་མགོ་ལ་བཏབ༔ གཉིས་པ་གཟུགས་ལ་དབབ་པ་ཡི༔ ཕུར་བུ་ཡུངས་དཀར་ཐུན་གྱི་རྫས༔ བྲབས་པས་དབྱེར་མེད་གཟུགས་ལ་བསྟིམ༔ མཐུ་འཕྲོག་ཕུར་བུ་དུག་གི་ཐུན༔ གདབ་པས་བཀྲག་མདངས་རང་ལ་བསྡུ༔ གསུམ་པ་བྱད་དུ་གཞུག་པའི་ཕྱིར༔ ཕྲ་མེན་འཆིང་བྱེད་ཐོགས་པ་ཡིས༔ བྱད་ཕུར་ཡན་ལག་རྣམས་ལ་གདབ༔ དྲུ་གུ་ཐུལ་དུ་བཅིངས་པར་བསམ༔ བཞི་པ་སྨྱོ་ཕུར་དུག་ཁྲག་ནི༔ ཕྲ་མེན་ཀུན་གྱིས་ཐོགས་ནས་སུ༔ དགྲ་བགེགས་བུ་ག་དགུ་ལ་གདབ༔ དྲན་མེད་བརྒྱལ་ཞིང་མྱོས་པར་བསམ༔ གསད་པའི་ཕུར་པ་སྲས་མཆོག་དེ༔ དཀར་ནག་མཚམས་སུ་གདབ་པ་ཡིས༔ ཁྲག་རྩ་ཚེ་ཡི་དྭངས་མ་བཅོམ༔ ནྲྀ་ཏྲི་རྩྭ་མེས་བཅོམ་བཞིན་བསྲེགས༔ ཁོང་ཁྲག་ལྷུད་ཀྱིས་ལུད་པར་བསམ༔ ཁུག་རྟགས་དགྲ་ཡི་བླ་འཁྱམས་འོང༔ སྒྲ་དང་དྲི་ནི་བྱུང་བའི་ཚེ༔ གདབ་པའི་ལས་བྱས་བསད་རྟགས་རྫོགས༔ དེ་ནས་གཅོད་པའི་ཕུར་པ་ནི༔ ཤྭ་ན་བཤན་གྲི་ཐོད་ཕུར་ཅན༔ དུ་མས་གཟུགས་ཕུང་ཁྲོལ་གྱིས་བཤིག༔ ཕོ་གཡས་མོ་གཡོན་བརྩམས་ཏེ་གདབ༔ ཟངས་ལྕགས་དུག་རྡོ་མཚེ་ཁྲག་ཐུན༔ ནད་རླངས་དུག་དང་མཚོན་ཆའི་ཆར༔ བྲབས་པའི་ཕུར་བུ་ཁྱབ་པར་གདབ༔ འབྱུང་པོ་སེར་པོ་ཐོ་ལུམ་ཐོགས༔ དགྲ་བགེགས་ཕྱེ་མ་བཞིན་དུ་འཐགས༔ ཡབ་ཡུམ་རོལ་པའི་གཏུན་ཁུང་དུ༔ གཏུན་གྱིས་དམིགས་མེད་ངང་དུ་བཏང༔ ཕུར་བུ་ཐོ་བས་བརྡུང་བར་བྱ༔ བསྙེན་ཕུར་ཀླད་ལ་བསྐོར་ནས་སུ༔ ཐུགས་ཀའི་ཨ་ལས་འོད་འཕྲོས་པས༔ སྟོང་ཁམས་ཁྱབ་ཅིང་ཚུར་འདུས་པས༔ དགྲ་བགེགས་ཚེ་སྲོག་ཨ་རུ་འདུས༔ ཕུར་པའི་རྩེ་རུ་ཡེ་རེ་བ༔ བདག་གི་ཐུགས་ཀའི་ཨ་ལ་བསྟིམ༔ བཀྲག་མདངས་གཟི་བརྗིད་ལྡན་པར་བསམ༔ ཚེ་ཕུར་སྙིང་གི་དཀྱིལ་དུ་གདབ༔ སྲས་མཆོག་ཕུར་བུ་ཀླད་ལ་བསྐོར༔ སྙིང་གའི་ཨ་ལས་གྲངས་མེད་སྤྲོས༔ ཚུར་འདུས་ཕུར་པའི་དབལ་ལ་ཨ༔ འོད་ཟེར་དཀར་པོ་འཕྲོས་པ་ཡིས༔ དགྲ་བགེགས་སྡིག་སྒྲིབ་སྦྱོང་བར་བསམ༔ ཁྲུས་ལུང་མིང་བྱང་ནྲྀ་ཏྲིར་གདབ༔ སྲས་མཆོག་སླར་ཡང་ལྷར་གསལ་བའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་འབར༔ བདུད་རྩི་ཕུད་ཀྱི་སྐྱེམས་དྲངས་ལ༔ ཡི་གེ་བརྒྱ་པས་ཉེས་བྱས་བཤགས༔ བདག་ཀྱང་རྩ་བའི་ལྷར་གསལ་བའི༔ ཐུགས་ཀའི་ཨ་ལས་འོད་འཕྲོས་པས༔ ལས་ཀྱི་སྒྲིབ་པ་སྦྱོང་བར་བསམ༔ སྲས་མཆོག་ཕུར་བུ་ཀླད་ལ་བསྐོར༔ ཐུགས་ཀའི་འོད་ཀྱིས་སྟོང་ཁམས་ཁྱབ༔ དམིགས་བྱའི་རྣམ་ཤེས་ཨ་རུ་བསྡུས༔ འོག་མིན་གནས་སུ་སྤར་བར་བྱ༔ དགྲ་བགེགས་མིང་བྱང་གང་ཡིན་བསྲེགས༔ སྲོག་ཕུར་བདག་ཕུར་དགྲ་ལ་གདབ༔ འདེབས་པ་པོ་དང་གདབ་པའི་ཡུལ༔ འདེབས་བྱེད་དབྱེར་མེད་རོ་གཅིག་པ༔ ཁྲེགས་ཆོད་ལྟ་བའི་དོན་ལ་བཞག༔ རིག་པའི་ཕུར་པ་དབྱིངས་ལ་གདབ༔ བྱང་ཆུབ་སེམས་ཕུར་སྔོན་འགྲོ་བའི༔ ཡབ་ཡུམ་གཉིས་མེད་རོལ་པ་ཡི༔ བདེ་ཆེན་ཕུར་པ་ཡུམ་མཁར་གདབ༔ དགྲ་ནི་གསོ་བའི་ལས་ལ་བསྔགས༔ དེ་ཡང་རྣམ་ཤེས་ཞལ་དུ་བཅུག༔ སྐུ་ཡི་དབྱིབས་བརྒྱུད་ཡུམ་མཁར་ཕབ༔ སྲས་མཆོག་རྡོ་རྗེ་སེམས་ཆེན་པོ༔ བརྒྱུད་པ་འཛིན་པའི་སྲས་སུ་བྱ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལ༔ ཕུར་པ་བཅུ་གཉིས་གདབ་པའི་ལས༔ བསྡུ་ན་ཕུར་བཞིར་འདུས་པ་འོ༔ ས་མ་ཡ༔ རྫོང་བཅས་གདབ་པའི་ལས་རྫོགས་ནས༔ རྒྱས་པར་ལྷ་གྲངས་ཕུར་པ་ཐོགས༔ ལྷ་རྣམས་སིལ་བུར་བསྐུལ་ནས་སུ༔ དཀྱིལ་འཁོར་གསུམ་གྱི་སྤྲུལ་པ་རྣམས༔ མཁའ་ཁྱབ་ཕུར་བུའི་སྤྲིན་སྤྲོས་པས༔ དགྲ་བགེགས་ཆག་ཆེན་ངན་པ་བཟློག༔ ཚུར་ལ་མི་ཟློག་མཐར་བསྐྲད་ནས༔ རྡུལ་ཕྲན་བཞིན་དུ་བརླགས་པར་བསམ༔ སྲས་མཆོག་ཕུར་བུ་ཀླད་ལ་བསྐོར༔ ཕུར་ཐུན་དྲག་པོ་སེར་ལྟར་འབེབ༔ བར་ཆད་ཆག་ཆེན་རྣམས་ལ་གདབ༔ གནོད་པ་བྱུང་བའི་ཕྱོགས་སུ་བསྒྲལ༔ ཧཱུྃ༔ བསྐལ་པ་མེ་རླུང་འཚུབས་པའི་སྟོང་ཁམས་ནས༔ མཐིང་ནག་འབར་བ་ཨེ་ཁྲོམ་སྒོ་ཕྱེས་ལ༔ ཐོག་ལྟར་རྒྱུག་པའི་ཕུར་བུ་བང་མ་བུལ༔ གློག་ལྟར་འཁྱུགས་པའི་གཡབ་མོ་རྩལ་མ་ཞན༔ འབྲུག་ལྟར་སྒྲོག་པའི་དྲག་སྔགས་མཐུ་མ་ཆུང༔ སེར་ལྟར་འཁྲིགས་པའི་ཕུར་བུ་ལས་ལ་ཆོས༔ རླུང་ལྟར་འཚུབས་པའི་སྤྲུལ་པ་དགྲ་ལ་ཆོས༔ སྤྲིན་ལྟར་འཐིབས་པའི་རིག་འཛིན་རྩལ་འཆང་རྣམས༔ རྡོ་རྗེ་ཕུར་བུ་སྒྲུབ་པའི་གྲོགས་མ་གཡེལ༔ བདག་ཉིད་ལྷ་མཆོག་དཔལ་ཆེན་གཞོན་ནུའི་སྐུ༔ ཨིནྡྲ་ནཱི་ལའི་ལྷུན་པོ་སྲིད་རྩེར་སླེབ༔ ནམ་མཁའི་ཞལ་མདོག་ཟང་ཡག་མཆེ་བ་ཅན༔ སྤྱན་མིག་ཁྱུང་གི་ལྟ་སྟངས་གྱེན་ཐུར་གཟིགས༔ གནམ་ལྕགས་ཞུན་མའི་ཚུལ་ཅན་ཕྱག་གཉིས་ཀྱིས༔ རི་རབ་ཕུར་བུ་བདུད་ཆེན་ཀླད་པ་འགེམས༔ དཔའ་བོའི་གོམ་སྟབས་བསྐལ་པའི་མེ་འདྲར་འཚུབས༔ ཀཱི་ལ་ཡ་ཡི་སྒྲ་སྒྲོག་སྟོང་གསུམ་གཡོ༔ ཕྱོགས་བཅུ་ཁྲོ་རྒྱལ་རྔམས་པའི་དབུས་ན་འགྱིང༔ དཔལ་ཆེན་དཔལ་འབར་ཁྱོད་ཀྱིས་རྒྱབ་རྟེན་མཛོད༔ གསང་སྔགས་བསྟན་ལ་སྡང་བའི་དགྲ་བྱུང་ན༔ དཔལ་གྱི་བཀའ་ཉན་ཁྱོད་ཀྱིས་དགྲ་སྙིང་ལོངས༔ སྙིང་ཁྲག་འཐུང་ཞིང་དོན་སྙིང་དཔའ་ཟས་གྱིས༔ བྱང་ཆུབ་སྒྲུབ་ལ་བདུད་དང་བགེགས་བྱུང་ན༔ དཔལ་ཆེན་ཁྱོད་ཀྱིས་ཡེ་ཤེས་སྤྱན་གྱིས་གཟིགས༔ ཕྲ་མེན་སྤྲུལ་ཚོགས་ཐམས་ཅད་ལས་ལ་ཆོས༔ རྣོ་དབལ་ཕུར་བུས་བདུད་བགེགས་སྙིང་ཕུག་ལ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་དུ་རློགས༔ ལྟས་ངན་ཆོ་འཕྲུལ་ཆག་ཆེན་ཉམ་ང་དང༔ དུས་མིན་འཆི་བ་བྱད་མ་རྦོད་གཏོང་བཅས༔ མཁའ་འགྲོའི་བཀའ་ཆད་ལྷ་སྲུང་ཁྲོས་པ་དང༔ ཁྲོ་རྒྱལ་ཕྲ་མེན་གཤིན་རྗེའི་ཕོ་ཉ་འགྱེད༔ ཕྱི་པའི་འཕྲུལ་འཁོར་ལྷ་མིན་ངན་སྔགས་རྣམས༔ དམ་སྲིའི་གཡོ་འཕྲུལ་དུག་མཚོན་སྦྱོར་ངན་ཀུན༔ ཐམས་ཅད་མ་ལུས་གཅིག་ཏུ་བསྡུས་ནས་ཀྱང༔ བྷྱོ་བྷྱོ་དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ སྒྱུར་རོ་ཕུར་པའི་དབལ་གྱིས་བདུད་ལ་སྒྱུར༔ བདུད་དཔུང་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས༔ དྲག་སྔགས་བཟླ་ཞིང་རིག་པ་ཧུར་ཕྱུང་བས༔ གང་ལ་བརྩམས་པ་ཐམས་ཅད་འཇོམས་པར་འགྱུར༔ ས་མ་ཡ༔ དེ་ནས་ཐུན་གྱི་ཕུར་བུ་འཕེན༔ ཕྱོགས་བཅུ་ཀུན་ཏུ་རཀྟ་གཏོར༔ སྔགས་པ་བདུད་ཀྱི་ཆས་སུ་ཞུགས༔ ལས་བྱེད་ཕུར་བུའི་དམག་ཚོགས་རྣམས༔ གང་དུ་བཏང་བ་དེར་ཆས་ནས༔ གཡུལ་ཆེན་མཚོན་ཆ་ཕུར་བུའི་ཟོར༔ དགྲ་དང་བགེགས་ལ་བརྒྱབས་པ་ཡིས༔ སྒྲོན་མེ་རླུང་གིས་བཅོམ་པ་ལྟར༔ ཚར་བཅད་དྲག་པོའི་ལས་མཛད་བསམ༔ ཧཱུྃ༔ སྲིད་གསུམ་འདི་ན་ཆེ་བའི་འབྱུང་པོ་ཀུན༔ རཀྟ་འོང་ངོ་ཕུར་བུའི་ཟོར་ལམ་ཕྱེས༔ ཐུན་ཟོར་འཕེན་པས་སྐུ་ཟུར་ཟོར་སྒོ་ཕྱེས༔ མ་ཉེས་མ་ལན་དམ་ཉམས་དགྲ་བགེགས་རྣམས༔ མ་ཡོ་མ་བཅོས་གཟུ་དང་དཔང་མཛོད་ཅིག༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་སྟེ༔ ལས་ཀྱི་ཤྭ་ན་དགྲ་ལ་ཆོས༔ ཁྱོད་ཀྱི་བཀའ་ཉན་སྲུང་མ་རྣམས༔ གཡུལ་ངོ་ཆེན་པོ་ད་ཤོམས་ཤིག༔ ཟོར་འདི་བར་ཆད་བདུད་ལ་འཕེན༔ ཟོར་འདི་སྡང་བའི་དགྲ་ལ་འཕེན༔ ཟོར་འདི་གནོད་པའི་བགེགས་ལ་འཕེན༔ བར་ཆད་ཆག་ཆེན་བཟློག་ཕྱིར་འཕེན༔ རིག་འཛིན་བླ་མས་རྒྱབ་རྟེན་མཛོད༔ ཡི་དམ་ལྷ་ཚོགས་མཐུ་མ་ཆུང༔ ཆོས་སྐྱོང་སྲུང་མ་རྩལ་མ་ཞན༔ ལས་ཀྱི་ཕོ་ཉ་ཆེན་པོ་རྣམས༔ མི་མངོན་ནམ་མཁའི་དབྱིངས་ནས་རྒྱུགས༔ སྐུ་ནི་རི་རབ་ཟོམ་དང་མཉམ༔ ཕྱག་ན་རི་རབ་ཕུར་ཟོར་ཐོགས༔ བསྐལ་པའི་མེ་འབར་ཐོག་ལྟར་འཕེན༔ བདུད་དཔུང་ཆག་ཆེན་གཡུལ་ངོ་ཟློག༔ དགྲ་བགེགས་དམ་སྲིའི་སྙིང་ལ་རྒྱོབ༔ མིང་གི་ལྷག་མ་མེད་པར་གྱིས༔ དྲག་སྔགས་བཟླ་ཞིང་ཟོར་རྣམས་འཕང༔ འཇིགས་རུང་ཁྱུང་གིས་རྗེས་སྙོག་གཅད༔ སྲུང་སྔགས་བཟླ་ཞིང་སྲུང་འཁོར་བསྒོམ༔ རྣམ་འཇོམས་གཟུངས་ཀྱིས་འཛུལ་ཆོག་བྱ༔ ཚེ་འགུགས་ཕུར་བུའི་དབང་ཡང་བླང༔ གང་འདོད་ཉམས་པ་ཚར་གཅོད་འགྱུར༔ ས་མ་ཡ༔ བསྒྲུབས་པའི་ཕུར་པ་གནས་གསུམ་དུ༔ གཏུགས་ཤིང་བསྒྲིལ་ལ་ལུས་ལ་འཆང༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ སྐུ་གསུང་ཐུགས་ཀྱི་དབང་སྐུར་ཅིག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་གསུང་ཐུགས་སུ་བདག་གྱུར་ཅིག༔ ཁྱད་པར་བརྒྱད་ཀྱི་དངོས་གྲུབ་ཐོབ༔ རྡོ་རྗེའི་མཁར་དུ་ཞུགས་པ་འདྲ༔ བར་ཆད་ལས་རྒྱལ་དོན་རྣམས་འགྲུབ༔ ལྷ་སྲས་ཁྱོད་ཀྱི་བརྒྱུད་འཛིན་པའི༔ སྐལ་ལྡན་རྣམས་ཀྱི་སྙིང་ནོར་གྱིས༔ ས་མ་ཡ༔ ༁ྃ༔ བོད་ཁམས་བདེ་ཐབས་ཆོས་བཅུ་ཡི༔ བསྟན་པ་སྲུང་བའི་སྐོར་བཞི་ལས༔ མགོན་པོ་གནམ་ལྕགས་ཐོག་མདའ་བཞུགས༔ ྈྈྈྈྈ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ བདུད་འདུལ་དྲག་པོ་རྩལ་ལ་འདུད༔ བདག་འདྲ་ལྷ་སྲས་མུ་ཁྲི་ཡིས༔ པདྨ་ཐོད་ཕྲེང་ལ་གསོལ་བ༔ གསང་སྔགས་རྣལ་འབྱོར་ཐམས་ཅད་ཀྱི༔ སྐུ་ལ་བསྡོ་བའི་དགྲ་འདུལ་ཞིང༔ སངས་རྒྱས་བསྟན་པ་གཉན་པོ་ཡི༔ སོ་ཁ་སྲུང་བའི་སྲུང་མ་ཆེ༔ དྲག་རྩལ་མཐུ་ལྡན་མྱུར་མགྱོགས་ཅན༔ བཀྲ་ཤིས་མྱུར་མགྱོགས་ཆེ་བ་ཡི༔ མགོན་པོའི་སྒྲུབ་པ་བསྩལ་དུ་གསོལ༔ ཞེས་ཞུས་གུ་རུས་བཀའ་བསྩལ་པ༔ དེ་ལྟར་བསྟན་པ་སྲུང་བའི་ཐབས༔ སྙིང་པོར་བསྡུས་ཏེ་འདི་རུ་བསྟན༔ བླ་མ་མགོན་པོ་དབྱེར་མེད་པར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ འགྲོ་བ་རྣམས་ལ་ཕན་པའི་ཕྱིར༔ བསྟན་པ་བསྲུང་བར་སེམས་བསྐྱེད་དོ༔ གྲུ་གསུམ་ཨེ་ཡི་ཀློང་དཀྱིལ་དུ༔ འཁོར་ལོ་རྩིབས་བཅུའི་གུར་ཁང་དབུས༔ པད་ཉི་དགྲ་བགེགས་བསྣོལ་བའི་སྟེང༔ ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་མཐུ་སྟོབས་གཅིག་ཏུ་བསྡུས༔ སེམས་ཅན་ཀུན་གྱི་དོན་བྱས་ནས༔ ཡོངས་གྱུར་བདག་ཉིད་དཔལ་ཆེན་པོ༔ བླ་མ་མགོན་པོ་དབྱེར་མེད་པ༔ མཐིང་ནག་གྲི་གུག་ཐོད་ཁྲག་འཛིན༔ བེང་ཆེན་མཆན་བཅུག་ཞབས་གཉིས་བགྲད༔ ཨེ་ཀ་ཛཱ་ཊི་གཉིས་མེད་འཁྲིལ༔ མཐིང་ནག་གཡུ་སྤྱང་སྙིང་ཁྲག་འཛིན༔ རྡོ་རྗེའི་གཤོག་བརྒྱངས་དུར་ཁྲོད་ཆས༔ ཡེ་ཤེས་མེ་ཕུང་ཀློང་དུ་བཞུགས༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ ཡེ་ཤེས་སེམས་དཔའ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ ཐུགས་ཀར་རྡོ་རྗེ་ཧཱུྃ་སྔགས་ཕྲེང༔ དེ་ལས་སྤྲུལ་པའི་ཁྲོ་ཆུང་གིས༔ འབྱུང་པོ་བཀུག་སྟེ་གདན་དུ་བྱས༔ ཁྲོ་བོའི་སྤྲིན་སྤྲོས་བདུད་དཔུང་བཅོམ༔ ཚུར་འདུས་མ་ཧཱ་ཀཱ་ལ་བཅུ༔ བེང་ཕུར་འཛིན་པས་འབྱུང་པོ་གཟིར༔ ཕྲ་མེན་བྱ་རོག་གདོང་ཅན་གྱིས༔ ཕྱོགས་མཚམས་མ་ལུས་སྲུང་བར་བསམ༔ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ༔ དེ་ནི་བསྙེན་པའི་རིམ་པ་འོ༔ ས་མ་ཡ༔ དེ་ནས་ལས་སྒྲུབ་རིམ་པ་ནི༔ སྐུ་འབག་འབུར་དུ་དོད་པ་འམ༔ དར་ནག་ངོས་སུ་གསེར་གྱིས་བྲི༔ གསུང་རྟེན་འཁོར་ལོ་རྩིབས་བརྒྱད་པའི༔ དབུས་སུ་ཧཱུྃ་བྷྱོ་སྲོག་སྔགས་དང༔ རྩིབས་ལ་སྡེ་བརྒྱད་སྙིང་པོ་བཀོད༔ མུ་ཁྱུད་གཅིག་དྲིལ་ཤཱ་ས་ན༔ ཡེ་ཤེས་བརྟན་པའི་སྔགས་རྣམས་འགོད༔ བདག་སྲུང་དངོས་གྲུབ་སྩོལ་བ་དང༔ དགྲ་བགེགས་སྒྲོལ་ཅེས་སྤེལ་ཚིག་སྦྱར༔ ཕ་ཝང་ལོང་བུར་ཧཱུྃ་བྲིས་པ༔ དཔའ་བོ་གཡུལ་དུ་བསད་པའི་སྙིང༔ མ་ཉམས་པ་འམ་དུམ་བུ་བཅས༔ ཐོད་བྱང་འབྲུ་སྨན་རིན་པོ་ཆེས༔ བཀང་བའི་ནང་དུ་ལྷན་ཅིག་བཞག༔ གྲི་ལྕགས་ལས་བྱས་རྩེ་གསུམ་མདུང༔ དར་ནག་སྔགས་ཀྱིས་མཚན་པ་བཅས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟེན༔ ཕྱི་རྟེན་རུ་མཚོན་སྐུ་འབག་དང༔ བདུད་ཆས་འཆམས་སྟབས་རྟ་ནག་གཡག༔ ར་ལུག་བྱ་ནག་རྟ་དམར་སོགས༔ ཁྱད་པར་ལྕགས་སམ་ཐོད་པའི་སྣོད༔ ཐོད་ཆང་འབྲུ་སྣའི་གཏོར་མས་བཀང༔ རྣོ་དབལ་དབྱིབས་དང་དྲག་རྒྱན་ཅན༔ སྐུ་གཟུགས་ཐུགས་རྟེན་རུ་མཚོན་གཟུག༔ ནང་དུ་གཏོར་སྔགས་ཤོག་དྲིལ་བཅུག༔ ལས་གཏོར་ཤ་དང་ཁྲག་གིས་བརྒྱན༔ དུས་དང་རྒྱུན་དུ་འབུལ་བར་བྱ༔ དུར་ཁྲོད་གནས་སུ་སྟེགས་བུ་ལ༔ རོ་སོལ་གྱིས་བྱུགས་ཁྲག་ཆེན་དང༔ མཚལ་གྱིས་དཀྱིལ་འཁོར་བྲི་བ་ནི༔ འཁོར་ལོ་རྩིབས་བརྒྱད་ཨེ་དང་བཅས༔ དབུས་སུ་རྟེན་རྣམས་བཀོད་པར་བྱ༔ ལས་མགོན་མདུན་དུ་དམིགས་ནས་སུ༔ ཡབ་ཡུམ་ཐུགས་ཀར་ཉི་མ་ལ༔ ཧཱུྃ་བྷྱོའི་མཐའ་མར་སྔགས་ཀྱིས་བསྐོར༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ༔ ཅི་བཅོལ་ལས་རྣམས་སྒྲུབ་པར་བསམ༔ སྤྲུལ་པའི་ཕོ་ཉ་གྲངས་མེད་པ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཐོགས་པ་རྣམས་ཀྱིས་དགྲ་བོ་བཀུག༔ སྨྱོ་ཁྲག་ཆར་ཕབ་ལྷ་སྲུང་བྲོས༔ གཏོར་ཟོར་ཐུན་གྱིས་གཟུགས་ཕུང་བཤིག༔ རྩེ་གསུམ་འབར་བས་དགྲ་སྲོག་བཅད༔ ཤ་ཁྲག་ཀུན་གྱིས་རོལ་པར་བསམ༔ སེང་སྐད་ང་རོ་བསྒྲགས་པ་ཡིས༔ སྡེ་བརྒྱད་བདུད་དམག་འུར་གྱིས་འདུས༔ དགྲ་བགེགས་ཤ་ཁྲག་རོལ་ནས་ཀྱང༔ ཐམས་ཅད་ཞེ་སྡང་ཆེར་འཁྲུགས་ནས༔ གད་རྒྱངས་སྒྲོག་ཅིང་རུ་མཚོན་ཕྱར༔ དར་ནག་གཡབ་མོ་བརྡབས་ནས་སུ༔ དགྲ་བོའི་ཡུལ་དུ་ཆས་པར་བསམ༔ ཕྱག་གཡས་མདུང་དར་བརྡབས་པ་ཡིས༔ དགྲ་ལ་གཡུལ་ངོ་ཆེར་བཀྱེས་ཏེ༔ བདུད་དམག་རྣམས་ཀྱིས་མཚོན་ཆར་ཕབ༔ མི་བསད་ཡུལ་མཁར་བཤིག་པ་དང༔ ལྷ་སྲུང་བྲན་དུ་བཀོལ་བར་བསམ༔ བསྙེན་སྒྲུབ་ལས་སྦྱོར་དོན་རྣམས་འགྲུབ༔ ས་མ་ཡ༔ གཏོར་མཆོད་རཾ་ཡཾ་ཁཾ་གིས་སྦྱང༔ དྲག་པོ་བནྡྷའི་སྣོད་ཡངས་སུ༔ དམ་ཉམས་དགྲ་བགེགས་བསྒྲལ་པ་ཡི༔ ཤ་ཡི་རི་བོ་ཁྲག་གི་མཚོ༔ ཡེ་ཤེས་བདུད་རྩིའི་ངོ་བོ་ལ༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་བསམ༔ ཨོཾ་ཨཱཿཧཱུྃ༔ མདུན་དུ་དུར་ཁྲོད་ས་གཞིའི་དབུས༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ༔ ཧཱུྃ་ལས་བདུད་མགོན་སེང་གེའི་གདོང༔ མཐིང་ནག་ཆར་སྤྲིན་འཁྲུགས་པའི་མདོག༔ ཕྱག་གཡས་ཁ་ཊྭཱཾ་དར་ནག་ཕྱར༔ གཡོན་པས་ཤ་ཁྲག་གཏོར་མ་བསྣམས༔ དར་ནག་གོས་གསོལ་བདུད་ཀྱི་ཆས༔ བདུད་རྟ་ནག་པོ་རླུང་གཤོག་འཆིབས༔ བྷྱོ་ལས་བདུད་མོ་སེང་གེའི་གདོང༔ དམར་མོ་རྩེ་གསུམ་གློ་སྙིང་འཛིན༔ བེར་དམར་གསོལ་ནས་བཙན་རྟ་འཆིབས༔ གཡས་གཡོན་བམ་རོ་ཕོ་མོ་གཉིས༔ འཇིགས་གཟུགས་སྤྱི་འུ་ཚུགས་སུ་འགྲོ༔ སྡེ་བརྒྱད་བདུད་དམག་འབུམ་གྱིས་བསྐོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ འོད་འཕྲོས་འཁོར་བཅས་སྤྱན་དྲངས་གྱུར༔ ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ ཌཱ་ཀི་སི་ན་ར་མ་ཏྲི་ཧྲིཾ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ དྲག་ཏུ་བཟླས་ཤིང་ཐོད་རྔ་དང༔ རྐང་གླིང་དུང་ཆེན་ཤུགས་པའི་སྒྲ༔ དྲག་པོའི་རོལ་མོ་མྱུར་བས་འབོད༔ ཧཱུྃ༔ ཡུལ་གྱི་མིང་ནི་དེ་བཱི་ཀོ་ཊིའི་ཞིང༔ གནས་ཀྱི་མིང་ནི་དཔལ་གྱི་ཙ་རི་ཏྲ༔ དུར་ཁྲོད་མིང་ནི་རྔམས་པ་སྒྲ་ཆེན་སྒྲོག༔ གཞན་ཡང་ཉི་ཤུ་རྩ་བཞིའི་གནས་རྣམས་ནས༔ ཡབ་གཅིག་དཔལ་ལྡན་མགོན་པོ་སེང་གེའི་གདོང༔ ཡུམ་གཅིག་ལྷ་མོ་སི་ན་ར་མ་བཅས༔ ཕོ་ཉ་ལས་མཁན་བདུད་དམག་སྟོང་སྡེའི་ཚོགས༔ དམ་ཚིག་དབང་གིས་མྱུར་དུ་སྤྱན་འདྲེན་ན༔ མ་ཐོགས་རིངས་པའི་ཚུལ་གྱིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ དྲག་པོར་གཤེགས་པས་ཁྲག་གི་མཆོད་ཡོན་འབུལ༔ དུག་ཆུའི་ཞབས་བསིལ་དགྲ་བགེགས་གདན་ལ་བཞུགས༔ མགོ་ཕྲེང་དབང་པོའི་མེ་ཏོག་སྐུ་ལ་བརྒྱན༔ འདྲེ་འཇིགས་ཚིལ་ཆེན་བསྲེགས་པའི་དུད་སྤྲིན་གཏིབས༔ ཞུན་ཆེན་རོ་རས་བསྐལ་པའི་མེ་ཆེན་སྦར༔ ཁྲག་ཞག་མཁྲིས་པའི་དྲི་ཆབ་རྒྱ་མཚོར་བསྐྱིལ༔ ཤ་དང་རུས་པའི་ལྷུན་པོ་ཆེར་སྤུངས་ཏེ༔ བདུད་རྩི་རྩ་བརྒྱད་སྟོང་སྦྱར་དཔའ་བོའི་ཕུད༔ འབྲུ་སྣ་ཤིང་ཏོག་བཟའ་དང་བཏུང་བའི་ཚོགས༔ ཕྱི་ནང་གསང་མཆོད་འབུལ་ལོ་བཞེས་སུ་གསོལ༔ སྔོན་གྱི་ཁས་བླངས་དམ་ལས་མ་གཡེལ་བར༔ བསྟན་པ་སྲུང་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ རྒྱལ་བའི་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ་པའི་སྲས༔ ཞིང་སྐྱོང་ཆེན་པོ་སེང་གེའི་གདོང་པ་ཅན༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་བསྟོད་པ་རྒྱ་ཆེར་བྱ༔ མགོན་པོ་མཆོད་ཅིང་བསྟོད་པས་འགྲུབ༔ ས་མ་ཡ༔ གྲུབ་ནས་བསྟན་དགྲ་བསྒྲལ་བའི་ཕྱིར༔ ཕུང་ཤུལ་ས་ལ་གྲུ་གསུམ་ཧོམ༔ དགྲ་བོའི་ལིངྒ་ཟག་རྫས་བཅས༔ འབོད་རྦད་གསད་གསུམ་སྔགས་བཟླས་ལ༔ གསོད་པའི་ལས་སྦྱོར་བརྩམ་པར་བྱ༔ གཞན་ཡང་གཡུལ་ངོ་བཟློག་པའི་ཕྱིར༔ དུར་ཁྲོད་ས་ལ་བང་རིམ་བཞི༔ གཏོར་མ་ལྷ་གྲངས་བཤམས་ནས་སུ༔ རུ་མཚོན་སྐུ་གཟུགས་སྔགས་བྱང་དང༔ ནམ་མཁའ་མདའ་འཕང་རྒྱང་གསུམ་དང༔ ཕོ་གདོང་མོ་གདོང་བུ་གདོང་དང༔ སྐུ་གླུད་སྤྱན་གཟིགས་རྣམས་དང་བཅས༔ རྟ་ནག་གཡག་ལུག་ར་གསུམ་དང༔ བྱ་ནག་ཁྱི་ནག་རྟ་དམར་དང༔ ཁྱུང་འབྲུག་སྟག་དང་སེང་གེ་དང༔ གཅན་གཟན་སྡེར་ཆགས་རྣམས་ཀྱིས་བསྐོར༔ ཐ་མར་རྩང་དམར་བསྣོལ་བ་དང༔ སྟག་གཟིག་ལྤགས་པས་སྒབ་བསྐོར་བྱ༔ སྟེང་དུ་ནམ་མཁའི་གདུགས་ཕུབ་ལ༔ ཆོས་ཉིད་དག་པའི་སྔགས་ཀྱིས་སྦྱང༔ ནམ་མཁའ་མཛོད་ཀྱིས་མང་པོར་སྤེལ༔ སྔགས་པ་ཞྭ་ནག་གོས་ནག་གྱོན༔ ལྟ་བའི་གདེང་དང་ཏིང་འཛིན་གསལ༔ ལྷ་ཡི་ང་རྒྱལ་ལྡན་པ་ཡིས༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ང་ནི་ཁམས་གསུམ་ཀུན་གྱི་རྒྱལ༔ སྣང་སྲིད་མ་ལུས་དབང་དུ་བསྡུ༔ ཧཱུྃ༔ དུར་ཁྲོད་འཇིགས་པའི་ས་གཞི་ལ༔ གནམ་ལྕགས་ལྷུན་པོ་བརྩེགས་པའི་རྩེར༔ འཇིགས་སུ་རུང་བའི་གཞལ་ཡས་ཁང༔ ཐོད་པའི་རྩིག་པ་ཧ་ཧར་བཞད༔ ཀངྐ་འདབ་ཆགས་ཧཱུྃ་ཧཱུྃ་སྒྲོག༔ ལོགས་ནས་གཅན་གཟན་ངར་སྐད་འདོན༔ སེང་ཆེན་འགྱིང་ཞིང་སྟག་ཆེན་རྔམས༔ ཁྱུང་ཆེན་ལྡིང་ཞིང་བྱ་ནག་འཇུམ༔ འབྲུག་སྒྲ་གནམ་ལྕགས་ཐོག་སེར་འབེབ༔ ཁྲག་ཞག་འཁྲུགས་པའི་ཀློང་དཀྱིལ་དུ༔ དགྲ་བགེགས་མི་རྟ་བསྒྲལ་པའི་ཁྲི༔ ཕྱོགས་མཚམས་ཀུན་ཏུ་མེ་རླུང་འཁྲུགས༔ རོ་ལངས་རྒྱུག་ཅིང་ཀིང་རུས་གར༔ ཁྱི་སྤྱང་ངུ་ཟུག་དི་རི་རི༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ སྤྱན་གཟིགས་སྣ་ཚོགས་སྤྲིན་ལྟར་གཏིབས༔ ཧཱུྃ༔ གསོན་ཅིག་དགོངས་ཤིག་ནག་པོ་ཆེ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ རྡོ་རྗེ་འཆང་དབང་ཧེ་རུ་ཀས༔ དཀྱིལ་འཁོར་གཅིག་ཏུ་བསྡུས་པ་ཡི༔ རྡོ་རྗེའི་སྤུན་གྲོགས་དམ་ཚིག་ཅན༔ མཆོད་ཕྱིར་བསྒྲུབ་ཕྱིར་སྤྱན་འདྲེན་ནོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ༔ མ་ཧཱ་ཀཱ་ལ་གནས་འདིར་བྱོན༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔ རྔམས་པ་སྒྲ་སྒྲོག་ལ་སོགས་པ༔ དུར་ཁྲོད་ཆེན་པོ་བརྒྱད་རྣམས་ནས༔ སྒྲོལ་གིང་ཆེན་པོ་གཤེགས་སུ་གསོལ༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ ཞིང་སྐྱོང་ཆེན་པོ་གཤེགས་སུ་གསོལ༔ མ་ལ་ཡ་ཡི་ནགས་ཁྲོད་ནས༔ བཀའ་སྡོད་ཆེན་པོ་གཤེགས་སུ་གསོལ༔ གངས་རྒྱལ་ཏི་སེ་ཙ་རི་ཏྲ༔ ལ་ཕྱི་གངས་དང་ཁ་བ་དཀར༔ གངས་རྒྱལ་པདྨ་ཤེལ་རི་སོགས༔ གངས་ར་རྫོང་ཆེན་ལ་སོགས་ནས༔ སྒྲུབ་གནས་སྲུང་མ་གཤེགས་སུ་གསོལ༔ རྡོ་རྗེ་གདན་དང་ན་ལེནྡྲ༔ ལྷ་ས་བསམ་ཡས་ལ་སོགས་ནས༔ ཆོས་འཁོར་སྐྱོང་བ་གཤེགས་སུ་གསོལ༔ ཧཱུྃ༔ རི་རབ་བྱང་ལ་གནས་བཅས་ནས༔ ལྷ་མིན་གཡུལ་ངོ་ཟློག་པར་བྱེད༔ དུར་ཁྲོད་འབར་བའི་ཕོ་བྲང་དུ༔ བཞུགས་པའི་གནས་སུ་དགྱེས་པར་མཛོད༔ ཧཱུྃ༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན༔ ཆོས་འཁོར་གཉན་པོའི་གཙུག་ལག་ཁང༔ མདོ་རྒྱུད་བཤད་དང་སྒྲུབ་པའི་སྡེ༔ རྡོ་རྗེ་འཛིན་པ་སྐུལ་ཞིང་མཉེས༔ ཡི་དམ་ལྷ་སྒོམ་སྔགས་ཀྱི་རྒྱུན༔ འོད་གསལ་རྡོ་རྗེ་སྙིང་པོ་སྒོམ༔ གཉེར་དུ་གཏད་པའི་རྟེན་ཆེན་པོ༔ བདུད་མགོན་ཁྱོད་ཀྱི་ཆས་སུ་ཞུགས༔ གཏུམ་ལ་རྔམས་པའི་ཚུལ་གྱིས་འཕྱོངས༔ རུ་མཚོན་ནག་པོ་ཕྱར་ནས་སུ༔ གཡག་རྒོད་རྟ་ནག་རྒྱན་གྱིས་བརྒྱན༔ དཔའ་བོ་ཁྲབ་ཆེན་ང་རོ་སྒྲོག༔ མཚོན་ཆ་ཕྱར་ཞིང་ཀུས་འདེབས་པ༔ ཞྭ་ནག་གོས་ནག་རུ་འདྲེན་ཚོགས༔ སེང་གེ་སྟག་ཆེན་གཅན་གཟན་འཕྱོ༔ བྱ་ཁྱུང་ཀངྐ་བྱ་ནག་འབུམ༔ མི་ནག་ཁྱི་ནག་འཇིགས་རུང་རྣམས༔ སྤྱན་གཟིགས་ཕྱི་ཡི་རྟེན་དུ་འབུལ༔ ཤ་ཁྲག་འབྲུ་སྣའི་གཏོར་ཆེན་བཤམས༔ དུར་ཁྲོད་མཆོག་གི་མཆོད་སྤྲིན་དང༔ སྨན་རཀ་བདུད་རྩི་དཔའ་བོའི་ཕུད༔ མཆོད་ཕྱིར་ནང་གི་རྟེན་དུ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟེན༔ མ་ཧཱ་ཀཱ་ལའི་ཚོགས་རྣམས་བསྐྱེད༔ ཛཔ྄་བཟླས་དོན་གྱི་རྫོགས་རིམ་སྒོམ༔ གསང་བའི་རྟེན་གྱིས་ཐུགས་དམ་བསྐང༔ དམ་ཅན་འབོད་ཅིང་དགྲ་ལ་རྦད༔ དམ་ཉམས་གསོད་པའི་འཕྲུལ་འཁོར་བཅའ༔ བདུད་ཀྱི་གཡུལ་ངོ་བཟློག་པའི་ཕྱིར༔ དྲག་པོའི་ལས་སྦྱོར་འདི་བགྱིས་པས༔ མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༔ བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཧཱུྃ་བྷྱོ༔ སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས༔ འགག་མེད་ལྷུན་གྲུབ་འཇིག་རྟེན་དུ༔ སྲིད་གསུམ་རི་རབ་གླིང་བཞིར་སྣང༔ སྣ་ཚོགས་ནམ་མཁའ་གདུགས་སུ་ཕུབ༔ ཉི་མ་ཟླ་བ་གཟའ་སྐར་བཀྲ༔ སྲིད་པའི་རི་རབ་རྩེ་མོ་ན༔ བྱ་རྒྱལ་ཁྱུང་ཆེན་མཁའ་ལ་ལྡིང༔ ལྟས་ངན་ཟློག་པའི་ཕོ་ཉ་ཡིན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྐུ་གླུད་རྒྱན་དང་ལྡན་པ་འབུལ༔ སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཀྱིས༔ བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཐབས་ཀྱི་མདའ་ལ་ཤེས་རབ་འཕང༔ ཟུང་འཇུག་རྒྱང་བུ་རྒྱན་དང་ལྡན༔ སྤྱི་དང་སྒོས་ཀྱི་གླུད་དུ་འབུལ༔ སྤྱི་ཆག་སྒོས་ཆག་ཐམས་ཅད་ཟློག༔ ཕོ་གདོང་མོ་གདོང་བུ་གདོང་རྣམས༔ ཕོ་མོ་བུ་ཚའི་གླུད་དུ་འབུལ༔ དུས་མིན་འཆི་བ་ཐམས་ཅད་ཟློག༔ དར་ཟབ་རྐང་འགྲོ་འབྲུ་ནོར་རྣམས༔ ནང་བཅུད་མཁོ་དགུའི་གླུད་དུ་འབུལ༔ རྒུད་ཅིང་དབུལ་ཕོངས་ཉམ་ཐག་ཟློག༔ གཅན་གཟན་འདབ་ཆགས་སྣ་ཚོགས་པ༔ ལྟས་ངན་ཆོ་འཕྲུལ་བཟློག་ཕྱིར་འབུལ༔ རྨི་ལམ་མཚན་ལྟས་ངན་པ་ཟློག༔ རི་རབ་སྐུ་མཁར་ནམ་མཁའ་རྣམས༔ ཡུལ་དང་མཁར་གྱི་གླུད་དུ་འབུལ༔ ཡུལ་དང་མཁར་ལ་གནོད་པ་ཟློག༔ མི་རྟའི་དམག་ཚོགས་མང་པོ་འབུལ༔ ཕས་ཀྱི་གཡུལ་ངོ་ཐམས་ཅད་ཟློག༔ ཧཱུྃ༔ བདུད་ཀྱི་མགོན་པོ་ཡབ་དང་ཡུམ༔ དམ་ཉམས་དགྲ་བོའི་སྟེང་དུ་ཆོས༔ འགུགས་པའི་ཕོ་ཉ་ལྕགས་ཀྱུ་ཅན༔ དགྲ་བོའི་བླ་འཁྱམས་འདིར་ཁུག་ཅིག༔ ནད་ཀྱི་རྐྱལ་པ་ཁ་ཕྱེས་ལ༔ སྨྱོ་ཁྲག་ལྷ་སྲུང་རྣམས་ལ་ཐོབས༔ དགྲ་བོ་མགོན་སྐྱབས་བྲལ་བར་གྱིས༔ མཚོན་ཆ་ཐོགས་པའི་ཤན་པ་འབུམ༔ མདུང་དང་དམར་གཏོར་རལ་གྲིའི་ཐུན༔ དགྲ་བོའི་གཟུགས་ཕུང་སྙིང་ལ་ཐོབས༔ སྲོག་རྩ་དམར་པོ་རྦད་ཀྱིས་ཆོད༔ ཧཱུྃ༔ ལས་མགོན་ཡབ་ཡུམ་བཀའ་འཁོར་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་རྣམས་ཀྱི་ལུས་ངག་ཡིད༔ ཁ་རྗེ་དབང་ཐང་ཚེ་བསོད་ལོངས་སྤྱོད་འཁོར༔ ཞལ་དུ་བསྟབ་བོ་ལྷག་མ་མེད་པར་བཞེས༔ ཧཱུྃ་བྷྱོ༔ བདུད་ཀྱི་དམག་དཔོན་སེང་གེའི་གདོང༔ ཡུམ་མཆོག་སི་ན་ར་མ་དང༔ བློན་པོ་བཛྲ་སཱ་དྷུ་རྩལ༔ ལས་བྱེད་སྡེ་བརྒྱད་བདུད་དམག་ཚོགས༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཕོ་ཉ་བམ་རོ་ཕོ་མོ་གཉིས༔ སྤྲེ་འུའི་གདོང་ཅན་འཇིགས་པའི་གཟུགས༔ རྐང་པས་དམར་གཏོར་དགྲ་ལ་འཕེན༔ ཆོ་འཕྲུལ་མང་པོ་དགྲ་ལ་ཐོངས༔ ཧཱུྃ་བྷྱོ༔ དམར་གྱི་གཏོར་མ་ཐོག་གི་ཟོར༔ ཉི་ཟླ་ཟོར་འཕེན་གནམ་ས་གཡོ༔ ཕོ་གདོང་དཔའ་བོ་ཞུབས་ཅན་རྣམས༔ སྟོབས་དང་ལྡན་ཅིང་མཚོན་ཆ་འཕེན༔ མོ་གདོང་བུད་མེད་འདྲེ་མོའི་གཟུགས༔ དམོད་མོ་བྱེད་ཅིང་དུལ་མོ་རྡེབ༔ བུ་གདོང་བྱིས་པ་འུར་རྡོ་ཐོགས༔ ཀུ་སྒྲ་འདོན་ཅིང་འུར་རྡོ་འཕེན༔ མདའ་བཀྲ་མདའ་ཟོར་ཤ་ར་ར༔ འཕང་བཀྲ་འཕང་ཟོར་ཧྲི་ལི་ལི༔ རྒྱང་བུ་གསལ་ཤིང་རྣོ་དབལ་ཅན༔ ཡས་སྟགས་མཐུན་རྫས་སྣ་ཚོགས་དང༔ བྱ་གཅན་རི་དྭགས་ལྟས་ངན་འཕྱོ༔ ཀེང་རུས་རོ་ལངས་གར་བྱེད་ཅིང༔ ངར་མི་འོ་དོད་སྣ་ཚོགས་འབོད༔ ཁྱི་སྤྱང་མང་པོ་ངུ་ཟུག་བྱེད༔ ཆོ་འཕྲུལ་སྲིད་གསུམ་གཡོ་བ་ཡི༔ ཡས་ཟོར་འདི་ནི་དགྲ་ལ་འཕེན༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་དམིགས་པའི་ཡུལ་དུ་བྷྱོ༔ དགྲ་ཡུལ་ཐལ་བ་རྡུལ་དུ་རློགས༔ ཕུང་བྱེད་འཕྲུལ་འཁོར་ད་ཕོབ་ཅིག༔ ཅེས་བསྐུལ་རིག་པ་ཧུར་ཕྱུང་ངོ༔ ལས་རྣམས་འགྲུབ་རྗེས་གཏང་རག་གཏང༔ སྟོབས་ཆེན་གཡུལ་ངོ་ཐམས་ཅད་བཟློག༔ གསད་ལས་ཞག་ལས་མི་འགོར་རོ༔ ས་མ་ཡ༔ བརྒྱུད་འཛིན་དམ་ཚིག་ལྡན་པ་ལ༔ མགོན་པོའི་བཀའ་གཏད་བྱ་བ་ནི༔ དཀྱིལ་འཁོར་རྟེན་མཆོད་འདུ་བྱས་ལ༔ སྤྱན་དྲངས་མཆོད་བསྟོད་བཟླས་པ་བྱ༔ སློབ་མས་མཚོན་ཆ་འབྲུ་ནོར་སོགས༔ ཡོན་དུ་ཕུལ་ནས་ཐལ་མོ་སྦྱར༔ ཧཱུྃ༔ སངས་རྒྱས་ཀུན་གྱི་བསྟན་པ་སྲུང༔ སྙིང་ཉེ་བཀྲ་ཤིས་མཐུ་ཆེ་བ༔ མྱུར་མཛད་མགོན་པོ་སེང་གེའི་གདོང༔ བླ་མས་བདག་ལ་བསྩལ་དུ་གསོལ༔ དེ་ནས་སློབ་མ་ལྷར་བསྐྱེད་ལ༔ སྐུ་རྟེན་གཏོར་མ་ལག་ཏུ་གཏད༔ ཧཱུྃ༔ ལས་ཀྱི་མགོན་པོ་སེང་གེའི་གདོང༔ ཡབ་ཡུམ་ཕོ་ཉ་ལས་བྱེད་བཅས༔ སྔོན་གྱི་རྒྱལ་བའི་བཀའ་བཞིན་དུ༔ སྒྲུབ་པ་པོ་ལ་གྲོགས་གྱིས་ཤིག༔ ཀཱ་ཡ་བཛྲ་ས་མ་ཡ་སཏྭཾ༔ སྔགས་བྱང་སློབ་མའི་ལག་ཏུ་གཏད༔ བདུད་རྩི་སློབ་མར་སྦྱིན་པ་དང༔ གཏོར་མར་བྲན་ལ་གཉིས་ཀ་ཡི༔ ལྕེ་ལ་རྡོ་རྗེ་བདུད་རྩི་སྦྱིན༔ སྤྱི་བོར་རྡོ་རྗེ་བཞག་ནས་སུ༔ དམ་ལས་མི་འདའ་བྲོ་བོར་བསམ༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ སློབ་མས་གསང་སྔགས་བཟླ་རུ་གཞུག༔ ཧཱུྃ༔ དམ་ཚིག་འཛིན་པའི་ནག་པོ་ཆེ༔ གསུང་གི་གསང་སྔགས་བཟླས་པ་ཡིས༔ ཕྲིན་ལས་གང་བརྩམ་འགྲུབ་པ་དང༔ བསྟན་སྲུང་དམོད་པའི་དངོས་གྲུབ་སྩོལ༔ ཝཱ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་ལག་ཏུ་བཞག་ནས་སུ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་པ༔ རྣལ་འབྱོར་ཀུན་གྱི་བཀའ་སྡོད་ཆེ༔ གསང་སྔགས་སྲུང་མ་མཐུ་རྩལ་ཅན༔ ཐུགས་རྗེས་རྟག་ཏུ་འདི་སྐྱོངས་ཤིག༔ སརྦ་ཙིཏྟ་ས་མ་ཡ་ཨཱ་ས་ན་ཏིཥྛནྟུ༔ ཁྱད་པར་རྟེན་རྣམས་ལག་ཏུ་གཏད༔ ཧཱུྃ༔ བདུད་ཀྱི་མགོན་པོ་མཐུ་བོ་ཆེ༔ རྟོགས་ན་རང་དང་གཉིས་སུ་མེད༔ མ་རྟོགས་གཉིས་འཛིན་རུ་དྲའི་རྒྱུ༔ གཉིས་མེད་ཟུང་འཇུག་རྟོགས་པ་ཡིས༔ བསྙེན་སྒྲུབ་བསྟན་སྲུང་ལས་རྣམས་སྒྲུབས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ སློབ་མས་དམ་ཚིག་མ་ཉམས་པར༔ བསྙེན་སྒྲུབ་མཆོད་པའི་ལས་ལ་བརྩོན༔ འདི་ནི་བསྒྲུབ་ན་སྙིང་ཉེ་ཞིང༔ བཀྲ་ཤིས་དངོས་གྲུབ་མྱུར་དུ་སྩོལ༔ རྦད་ན་ཐོགས་པ་མེད་པར་འགྲོ༔ གསད་པ་སྤུ་གྲི་བཞིན་དུ་རྣོ༔ ཨོ་རྒྱན་པདྨ་བདག་འདྲ་དང༔ ལྷ་སྲས་བརྒྱུད་འཛིན་དམ་ལྡན་ལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ བསྟེན་སྒྲུབ་མཆོད་པའི་དོན་ལ་བརྩོན༔ སྤྱན་གཟིགས་སྤྲོས་པ་ཇི་ལྟར་ཆེ༔ དེ་དང་འཚམ་པའི་དོན་རྣམས་སྒྲུབ༔ སྨོན་ལམ་བཏབ་ཅིང་གཏེར་དུ་སྦས༔ ནམ་ཞིག་ལས་འཕྲོ་ཅན་དང་འཕྲད༔ བསྟན་པ་སྲུང་བའི་གྲོགས་སུ་འགྲོགས༔ མི་འབྲལ་ཡལ་བར་མ་དོར་ཅིག༔ ཅེས་གསུངས་མ་འོངས་དོན་ཆེད་དུ༔ ཡི་གེར་བཀོད་ནས་གཏེར་དུ་སྦས༔ སྨོན་ལམ་བཞིན་དུ་འགྲུབ་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཤིན་རྗེའི་རྦ་དོང་ནས་སྤྱན་དྲངས་པའི་ཤོག་སེར་ཤོག་དྲིལ་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་ལྟེ་བ་ཟླ་གམ་དབང་ཆེན་ཕུག་ཏུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་སརྦ་སིདྡྷི་རསྟུ།། །།
བྱང་གཏེར་ཕུར་པའི་སྲི་གནན་ཡི་དམ་དྲག་པོ་གང་ལའང་སྦྱར་དུ་རུང་བའི་ལག་ལེན་འདོན་འགྲིགས་དཀྱུས་གཅིག་ཏུ་བསྡེབས་པ་འབར་བའི་བརྗིད་གནོན་ཐོག་བརྩེགས་ (Volume 54, Text 34)
༄༅། །བྱང་གཏེར་ཕུར་པའི་སྲི་གནན་ཡི་དམ་དྲག་པོ་གང་ལའང་སྦྱར་དུ་རུང་བའི་ལག་ལེན་འདོན་འགྲིགས་དཀྱུས་གཅིག་ཏུ་བསྡེབས་པ་འབར་བའི་བརྗིད་གནོན་ཐོག་བརྩེགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀྲོ་དྷཱ་ཡ། གསང་གསུམ་འབར་བའི་སྟོབས་ཀྱིས་འཁྲུལ་རྟོག་གི །སྒོ་གསུམ་རྣམ་ཐར་དབྱིངས་སུ་གནོན་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་གཙུག་མཆོད་ན། །བདག་ཚིག་རྡོ་རྗེར་འགྲུབ་པའི་ནུས་བྱིན་སྩོལ། །དམ་པ་སྔ་མས་གསལ་མཛད་ཀྱང་། །རང་དོན་མ་ཡིན་གཞན་ཕན་ཕྱིར། །འགྲན་ཕྱིར་མ་ཡིན་ཉེར་མཁོའི་ཕྱིར། །སྤྱི་འགྲོའི་ལག་ལེན་གསལ་དགོད་ཕྱེ། །དེའང་རང་སྣང་འཕྲུལ་པའི་རང་གཟུགས་ལས་དང་སྨོན་ལམ་ངན་པའི་དབང་གིས་སྲི་རྐྱེན་གྱི་ལུས་སུ་གྲུབ་ནས་སྐྱེ་འགྲོ་ཡོངས་ལ་འཚེ་ཞིང་བར་དུ་གཅོད་པར་བྱེད་པ་ལས་ཀྱི་སྲི་ཆུང་བཅུ་གསུམ་གྱི་སྔོན་རབས་བྱང་གཏེར་ཕུར་པ་དང་བཀའ་བརྒྱད་རང་ཤར་ལས་བཤད་ཅིང་། དེ་དག་གནན་པའི་ལས་རིམ་གསལ་བར་གསུངས་པ་ཉིད་རྩ་བར་བྱས། ནག་རྩིས་འབྱུང་བ་རིན་ཆེན་ཀུན་འདུས་ཀྱི་རྒྱུད་ལས་ཝཾ་ཐེ་འཕྲུལ་གྱི་རྒྱལ་པོས་སྲི་རབས་ཁོལ་དུ་ཕྱུང་བ་ལྷན་ཐབས་སྦྱར་ཏེ། སྲི་གནོན་གྱི་ཕྱག་ལེན་རིག་འཛིན་གོང་མ་རྣམས་ཀྱིས་མཛད་པ་ཡོངས་སུ་གྲགས་ཀྱང་། ཕལ་ཆེར་ཕུར་པ་ཁོ་ན་ལ་སྦྱར་བར་སྣང་བས། དེང་དུས་སྒྲུབ་པ་པོ་སོ་སོའི་བསྙེན་པ་དང་བསྟུན། བཀའ་བརྒྱད། རྟ་ཕུར། གུར་དྲག་སོགས་ཅི་རིགས་ལ་སྦྱོར་དགོས་པའི་དབང་དུ་བྱས་ཏེ། འདིར་ལག་ལེན་སྤྱི་འགྲོ་ཙམ་བཤད་པ་ལ་གསུམ། སྦྱོར་བ་དམིགས་པའི་རྟེན་བཅའ་བ། དངོས་གཞི་དྲག་པོའི་རྫོང་དུ་གཞུག་པ། རྗེས་ལས་ཀྱི་གཟེར་ཁ་གདབ་པ་འོ། །དང་པོ་ནི། བཀའ་བརྒྱད་ལས་ཐོད་པ་ལ་བརྟེན་ནས་གནན་པའི་གཟེར་ཁ་ཞེས་དང་། བྱང་གཏེར་ཕུར་པའི་སྲི་གནོན་ལས་ཀྱང་ཐོད་པར་སྔགས་བྲི་ཚུལ་ཙམ་གསུངས་ཤིང་། འབྱུང་བ་རིན་ཆེན་ཀུན་འདུས་ལས་ཀྱང་ཐོད་གནན་ཁོ་ན་བཤད་པ་མ་གཏོགས་ལིང་ག་དམིགས་བསལ་མ་བཤད་ཀྱང་། དེང་སང་ཕྱག་བཞེས་སུ་གཙོ་བོར་ལིངྒ་ལ་རྟེན་བྱེད་པ་ལྟར་ན། དུས་ཚོད་དམར་ཕྱོགས་ཕུང་གསུམ་བདུད་ཉི་སོགས་དྲག་པོའི་ལས་ལ་བསྔགས་པའི་ཕྱི་དྲོའི་ཆར། དུག་ཤོག་ལ་དུག་ཁྲག་གི་སྣག་ཚས་སྐྱེར་པ་སོགས་དྲག་ཤིང་ལ་བཅོས་པའི་སྨྱུ་གུས་རྣལ་འབྱོར་པ་ལྷའི་གསལ་སྣང་ང་རྒྱལ་བརྟན་པོས་ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་བྲི། བྲི་གཞི་བྲི་རྫས་འཆིང་ཐག་སོགས་གནན་ཆས་དང་འབྲེལ་པ་ཐམས་ཅད་ལ་རང་གི་ཁ་རླངས་དྲི་མ་གཏན་ནས་མ་ཤོར་བར་ལག་པ་བཀྲུ་ཞིང་ཕྱི། ཁ་རས་རྒྱག་པ་སོགས་དང་ལུས་ཀྱི་གྲིབ་མའང་མ་ཕོག་པ་དགོས། འབྲི་བྱ་ཡི་དམ་སོ་སོའི་ལས་ཚོགས་ལས་འབྱུང་བ་ལྟར་དགོས་མོད་ཀྱི་འདིར་སྤྱི་ཙམ་དུ། འཁོར་ལོ་རྩིབས་བརྒྱད་ལྟོ་བ་དང་མུ་ཁྱུད་གཅིག་ཅན་བྱས་ལ། ལྟོ་བར་ལིངྒ་མི་གཟུགས་རིད་ཅིང་ཉམས་ཐག་པ་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། སྲི་གནན་དམིགས་བསལ་ལ་སོ་སོའི་མགོ་བརྙན་དུ་བསྒྱུར་བ་དང་། སྲི་ཆུང་བཅུ་གསུམ་ཕྱོགས་གནན་བྱེད་ན་མི་མགོ་ཅན་ཁོ་ནས་འཐུས་པར་བཤད། འགའ་ཞིག་གིས་མགོ་བརྙན་བཅུ་གསུམ་གཡས་གཡོན་དབུས་གསུམ་བརྩེགས་མར་བྲིས་པའང་སྣང་། དེའང་བྱང་གཏེར་སྲི་རབས་ལྟར་ན་ཕོ་སྲི་མི་ལུས་སྤྱང་ཀིའི་མགོ་ཅན་དང་། མོ་སྲི་མི་ལུས་རྔ་མོང་མགོ་ཅན། ཆུང་སྲི་མི་ལུས་སྲེ་མོང་མགོ་ཅན། བདུད་སྲི་ཁྱུང་མགོ་ཅན། བཙན་སྲི་འུག་མགོ་ཅན། རྒྱལ་སྲི་བྱ་ཕོའི་མགོ་ཅན། དམ་སྲི་ཕག་མགོ །ཀླུ་སྲི་སྦྲུལ་མགོ །དགྲ་སྲི་གཡག་མགོ །གྲི་སྲི་ཤ་བའི་མགོ །རྒན་སྲི་ཝ་མགོ །སྐྱེས་པའི་བྱེས་སྲི་རྟ་མགོ །གོད་སྲི་ར་མགོ་ཅན་དེ་བཅུ་གསུམ་དུ་བཤད། གོང་མ་རྣམས་ཀྱིས་མན་ངག་ལས་འབྱུང་བའི་ཕྱག་ལེན་ལྟར་ན། ཕོ་སྲི་གཡག་གི་མགོ །མོ་སྲི་ཁྱི་མོ་ནག་མོ། དགྲ་སྲི་སྤྱང་ཀིའི་མགོ །དུར་སྲི་ཝ།ཆུང་སྲི་ཁྱི་གུ། གོད་སྲི་འཕར་སྤྱང་། ཕུང་སྲི་རྔ་མོང་། ཆུང་སྲི་སྲེ་མོང་། བདུད་སྲི་ཁྱུང་མགོ །བཙན་སྲི་འུག་པ། རྒྱལ་སྲི་བྱ་ཕོ། གྲི་སྲི་ཤ་མགོ །དམ་སྲི་ཕག །ཀླུ་སྲི་སྦྲུལ། དགྲ་སྲི་གཡག །བྱེས་སྲི་རྟ། གོད་སྲི་སྤྱང་ཀིའམ་འཕར་བ་གང་རིགས་ཀྱི་མགོ་བརྙན་དུ་བསྒྱུར་ནས་བྲི། སྙིང་ཁར་ཛ་ཁ་སྤྲོད་བར་དུ་ཏྲི་བྲི། དེའི་སྟེང་དུ་ཨེ། གཡོན་དུ་ཧུར། འོག་ཏུ་ཐུམས། གཡས་སུ་ཛཿ ཞེས་པའི་འབྲུ་བཞིས་ཕྱོགས་བཞིར་བསྐོར། དེ་རྒྱབ་ལིངྒའི་མགྲིན་ཕྱོགས་ནས་ཡིག་མགོ་ཕྱིར་ལ་བསྟན་ཏེ། ཨོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛ༔ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་དནྟྲི་ནི་ཧཱུྃ་ཛ༔ ཀུཾ་ཀུཾ་ཛཿཛཿཛཿཧཱུྃ༔ སྲི་ངན་གདུག་པ་ཅན་གྱི་བླ་སྲོག་རྣམ་ཤེས་ཁུག་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དང་སྤྲོ་ན་བླ་འགུགས་སྔགས་ཀྱང་བྲི། དཔྲལ་བར་ཨེ་ཏྲིག་ནན། མིག་གཉིས་ལ་ལོང་། རྣ་བ་གཉིས་ལ་འོན། སྣ་ལ་ཐིབ། ཁ་ནང་དུ་བདུད་པོ་ང་ལོངས། མགྲིན་པར་བརྗེད། དཔུང་པ་གཡས་གཡོན་ལ་ཛཿཧཱུྃ། པུས་མོ་གཡས་གཡོན་ལ་བཾ་ཧོཿ ཉྭ་ལྡིར་བཞིར་མཱ་ར་ཡ་རྦད་ཅེས་འབྲུ་བཞིའི་འོག་ཏུ་ཞ་རེ། བརླ་གཡས་གཡོན་དུ། དར་སྲི་གདུག་པ་ཅན་གྱི་བླ་སྲོག་ཤཀྟི་ཐུན་ཛཿ ཞེས་པའི་ཡིག་མགོ་པུས་མོ་ནས་བརྩམ་སྟེ་བྲི། གསང་བར་ཕཊ། རྐང་མཐིལ་གཉིས་སུ་ཡཾ་རེ་བྲི། ལིངྒ་དེའི་ཕྱི་རོལ་དུ་དྲག་འཁོར་རྩིབས་བརྒྱད་ལ། སཏྭཾ་ བྷ་ ཡ་ མཱ་ ར་ ཡ་ ནན་ ནན། ཞེས་ཡིག་འབྲུ་བརྒྱད་མགོ་ཕྱིར་བསྟན། རྩིབས་མཆན་བརྒྱད་ལ། ཡ་ བརྒྱད་མགོ་ནང་བསྟན། དེ་རྒྱབ་མུ་ཁྱུད་ལ་ཡིག་མགོ་ཕྱིར་བསྟན་གྱིས་གཞུང་གསལ་སྲི་སྔགས་ལ་དམོད་བྱང་བཏགས་པའམ། ཟབ་གནད་བྱེད་ན་འདི་ལྟར། ལོ་སྲི་ལོ་བཅུ་གཉིས་ལ་འཁོར་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཟླ་སྲི་བཅུ་གཉིས་ཟླ་བར་བབས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཞག་སྲི་སུམ་ཅུའི་ཞག་ཏུ་འགྱུ་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དུས་སྲི་དྲུག་ཅུའི་སྲང་དུ་སྡིགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དམ་སྲི་སྣང་སྲིད་འབྱུང་བ་དཀྲུགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། འགོང་སྲི་བསྟན་སེལ་ཕུགས་སུ་ཞུགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཀེག་སྲི་སྤར་སྨེ་དུར་དུ་ཚུད་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། བྱད་སྲི་སྡེ་བརྒྱད་ཟ་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཡོད་སྲི་སྟོང་སྡེའི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། མེད་སྲི་ལྟོག་འགོང་སྲིས་ལ་རྐུ་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། བགེགས་སྲི་ཅི་བྱེད་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། གནོད་སྲི་འཚེ་བའི་བདུད་རིགས་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དམིགས་བསལ་སྲི་གང་ཡིན་གྱི་མིང་དཔེར་ན་དགྲ་དུར་ཕུང་གསུམ་ལ། དགྲ་སྲི་ཕྱོགས་བཞི་མཚམས་ནས་ལྡངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དུར་སྲི་གཤིན་ཡུལ་འོག་ནས་དོན་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཕུང་སྲི་སྒོ་བཞིའི་ཟུར་ནས་ལྡངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། མདོར་ན་བར་དུ་གཅོད་པའི་སྲི་ངན་ཐམས་ཅད་མཱ་ར་ཡ་རྦད་ཐུཾ། དྷ་ར་ཡ་དྷ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། ཡ་མ་དམ་སྲི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན། ཅེས་དང་ཛ་ཁྲམ་ཉེར་གཅིག་གིས་བསྐོར་རོ།། ༈ །།ཕུར་པ་ལ་དམིགས་བསལ་གསད་པ་སྲོག་གི་སྤུ་གྲིའི་རཱུ་པ་གལ་ཆེ་བས། འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་གཉིས་པར་རྩིབས་དྲུག་ལ་དགྲ་བགེགས་ཀྱི་གཟུགས་ཚང་བར་བྲི་སྟེ། ཤར་རྩིབས་ལ་མགོ །ཤར་ལྷོ་ལག་པ་གཡོན། ལྷོ་ནུབ་རྐང་པ་གཡོན། ནུབ་ཏུ་མཚན་མ། ནུབ་བྱང་དུ་རྐང་པ་གཡས། བྱང་ཤར་དུ་ལག་པ་གཡས་རྣམས་རྩིབས་ནང་དུ་ཚུད་པར་བྱ། མགོ་བརྙན་བསྒྱུར་ཚུལ་གོང་བཤད་ལྟར་བྱས་པའི་མགོ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སྙིང་ཁྲག་ཤད་ཛ༔ ཨ་ཙིཏྟ་ཨ་པ་ར་ཙིཏྟ༔ ལག་གཡས་ལ། མ་རཀྨོ་ཡཀྨོ༔ ཀཱ་ལ་རུ་པ་སྙིང་རྩ་ལ་ཡཾ་ཡཾ་ཐིབས་ཐིབས༔ ལག་གཡོན་ལ། ཙིཏྟ་སྲོག་ལ་དུང་དུང༔ སྲོག་ལ་ཡཾ་ཡཾ༔ ཛ་ཡེ་བི་ཛ་ཡེ༔ མྱགས་མྱགས་སོད་སོད༔ ཙཀྲ་སེ་ན་གཏུབས༔ རྐང་པ་གཡས་ལ། སྙིང་ལ་ཕྲིལ་ཕྲིལ་སྲོག་ལ་ཆུམ་ཆུམ་ཀ་ཏཾ་ཀ་ཏེ་སྙིང་རྩ་ལ་ཡཾ་ཡཾ༔ སྙིང་ཁ་རག་དུན་ཏྲི༔ རྐང་པ་གཡོན་ལ། མ་མ་པཱ་ཤཾ་ཀུ་རུ་དྷ་ཏི་མ་མ་ཀརྨ་ཨི་ནན༔ ཤི་གྷྲཾ་མ་ཏང་གཉའ་ཀ་ར་ཡེ་མ་ར་ས་ནེ་པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ༔ ཡན་ལག་བཞི་ལ། ཛཿཧཱུྃ་བཾ་ཧོཿ སྙིང་གར་ཛཿཁ་སྤྲོད་ཀྱི་བར་དུ་ཏྲི། སྟེང་དུ་ནན། འོག་ཏུ་ཁུག །གསང་གནས་སུ་ཕཊ། རྐང་མཐིལ་གཉིས་ལ་ཡཾ། རྣ་བར་འོན། མིག་ལ་ལོང་། སྣ་ལ་ཞོམ། ཁ་ལ་དུང་དུང་བྱ་བ་བྲི། མུ་ཁྱུད་དང་པོའི་སྙིང་གའི་ཏྲིའི་སྟེང་ཐད་ནས་བརྩམ་སྟེ། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ དམ་སྲི་ཛཿཛཿ སྙིང་རྩ་ལ་ཡཾ་ཡཾ༔ དམ་སྲི་ཛ་ཛཿ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ དམ་སྲི་ཛ་ཛཿ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་ཤད་ཛ༔ དམ་སྲི་ཛ་ཛཿ ཐུཾ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱགས་མྱགས༔ དམ་སྲི་ཛ་ཛཿ སོད་སོད་དྷ་དྷི་མ་མ་ཀརྨ༔ ཤྲཱི་གྷྲཾ་ཀ་ར་ཡེ༔ མ་ར་ས་ནི༔ པྲ་མར་དྷ་ན་ཡེ་ཧཱུྃ༔ དམ་སྲི་ཛ་ཛཿཁུག །ཅེས་པ་འགུགས་སྔགས་དང་། ཚུད་ན་དེའི་མཇུག་ཏུ་སྦྲེལ་ལ། ཨོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛ༔ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་དནྟྲི་ནི་ཧཱུྃ་ཛ༔ ཀུཾ་ཀུཾ་ཛཿཛཿཛཿཧཱུྃ༔ སྲི་ངན་གདུག་པ་ཅན་གྱི་བླ་སྲོག་རྣམ་ཤེས་ཁུག་ཛཿཛཿ ཛཿཧཱུྃ་བཾ་ཧོཿ བླ་འགུགས་སྔགས། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུཾ་ཐུཾ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ལིང་། མྱོགས་ལིང་། ཤག་ལིང་། ཐུམས་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་ཀྱང་བྲི། མ་ཚུད་ན་གོང་འོག་སྔགས་ཚན་གཉིས་གང་རུང་གཅིག་བྲིི། མུ་ཁྱུད་ཕྱི་མ་གསུམ་པར། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ དམ་སྲི་སཏྭམྦྷ་ཡ་ནནཿ སྙིང་རྩ་ལ་ཡཾ་ཡཾ༔ དམ་སྲི་སཏྭམྦྷ་ཡ་ནནཿ སྲོག་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ དམ་སྲི་སཏྭམྦྷ་ཡ་ནནཿ སྲོག་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་ཤད་ཛ༔ དམ་སྲི་སཏྭམྦྷ་ཡ་ནནཿ ཐུཾ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱགས་མྱགས༔ དམ་སྲི་སཏྭམྦྷ་ཡ་ནནཿ སོད་སོད་དྷཱ་ཏི་མ་མ་ཀརྨ༔ ཤྲཱི་གྷྲཾ་ཀ་ར་ཡེ༔ མཱ་ར་ས་ནི༔ པྲ་མརྡྷ་ན་ཡེ་ཧཱུྃ༔ དམ་སྲི་སཏྭམྦྷ་ཡ་ནནཿ ཞེས་བྲི། དེའི་ཕྱི་མར་ཛ་ཁྲམ་གྱིས་བསྐོར། དེ་ལྟར་བྲིས་གྲུབ་ནས་ཆུ་ཟན་གཙང་མས་ཤོག་གུའི་ཕྱི་ནང་ཐམས་ཅད་ཕྱི། སྣོད་གཙང་ཆུས་བཀང་བར་ལིང་ག་ལན་གཅིག་བཤན་ནས་རླུང་ལ་ཕྱར་ཏེ་སྐམ་ནས་ཐོག་མར་རང་གྲིབ་སྦྱོངས། དེ་ནས་འབྱུང་བཞིའི་ལིང་ཁྲུས་རྒྱས་པ་གཤེད་སྐོར་སོགས་ནས་འབྱུང་བ་ལྟར་གྲུབ་ན་ལེགས། མདོར་བསྡུས། བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཆུ་གཏོར། རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། དུག་ཤིང་གི་མེས་བདུག །ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། རླུང་ལ་གཡུག །ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། སས་བྲབ། ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ནམ་མཁར་གཡུགས། དམིགས་པ་ནི་དྲི་མ་རྣམས་རཾ་ལས་མེ་སྤྲོས་བསྲེགས། ཡཾ་ལས་རླུང་གིས་གཏོར། བཾ་ལས་ཆུས་བཀྲུས། ལཾ་ལས་སས་སྦྱངས། ཨེ་ལས་ནམ་མཁའ་སྟོང་པའི་དབྱིངས་སུ་ཡལ་ནས་མེད་པར་བསམ། མནོལ་ཕབ་པའི་རྫས་སོགས་བདུག་ལ་དུད་པ་རང་ལ་མ་ཕོག་པར་བྱའོ། ༈ །གཤོམ་བཀོད་ནི། ཡི་དམ་གང་ཡིན་གྱི་སྐུ་རྟེན་སོགས་བཀྲམ་པའི་མདུན་དུ་བཀའ་བརྒྱད་སྤྱི་སྒོས་སྒྲུབ་གཞུང་གང་ལ་བསྟེན་པ་དེའི་གཏོར་མ་ཕྱི་ནང་གསང་མཆོད་ཚོགས་ཀྱི་ཡོ་བྱད་རྣམས་མཐོང་བརྒྱུད་ལྟར་བཤམ། དེའི་མདུན་ནམ་གཡོན་ཕྱོགས་སུ་ཕུང་ཤུལ་དང་དུར་ཁྲོད་ཀྱི་ས་ལ་སྟེགས་བུ་གྲུ་བཞི་མདའ་གང་བའི་དབུས་སུ་ཧོམ་ཁུང་གྲུ་གསུམ་ཁ་ཁྱེར་གསུམ་ལྡན་ནང་དུག་ཁྲག་གིས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་བྱུགས་པ་ལོགས་མདུན་ལ་བསྟན་པའི་ནང་དུ་ལིངྒའི་མགོ་རང་ལ་བསྟན་ཏེ་བཀོད། སེར་སྐྱེར་འོམ་བུའི་རྩང་དམར་ནག་སྤེལ་བ་སྲིན་མོ་འགྲོས་ཀྱི་ཁ་ཁྱེར་རམ་ཕྱི་ནས་བཙུགས། རོ་གཡམ་གྱི་ཁ་གཅོད་དམ་པོ་ལ་ཐུན་ཁུང་ཡོད་པར་བྱ། གཡས་སུ་མདའ། གཡོན་དུ་མདུང་། རྒྱབ་ཏུ་ཐོ་བ་སོགས་མཚོན་ཆ་སོ་ནང་བསྟན་ཉལ་སྟབས་ཀྱིས་གཡས་བསྐོར་གྱིས་བཤམས། དེ་ཙམ་སྤྲོས་པས་མ་ལྕོགས་ན་དུར་རྡོ་གསུམ་གྱི་ཁར་ལྕགས་སྣོད་དྲི་མ་མེད་པར་ལིང་ག་བཀོད་ལ་ཁེབས་རས་ནག་བཀབ་ཀྱང་རུང་ཞིང་། གྲུ་གསུམ་ལྕགས་སྣོད་གང་ཡིན་ཀྱང་མཐའ་སྐོར་དུ། ར་ཁྱི་ཕག་གསུམ་གྱི་གཟུགས། སྔོན་དུ་སྲི་ཤ་ར་ཤ་ལག་པ་ལྟ་བུ། སྲི་ཟན་རྫ་ཕོར་ལྟ་བུའི་སྣོད་དུ་རམ་ཕྱེ་སྦང་ཕྱེ་གོ་ཐལ་གསུམ་བསྲེས་པའི་འབྲང་རྒྱས་མཐེབ་ཀྱུའི་གཟུགས་སམ་ཆངས་བུ། སྲི་ཆང་ཆང་སྐྱུར་དང་བ་ར་རྟའི་འོ་མ་གོ་ཁའི་ཐལ་སྐྱོ་དང་སྦྱར་བ། སྲི་ཡོས་ཡོས་ཚིག་ནག་པོ། །ར་སོག་ལ་ཏྲི་ཡ་བྲིས་པ། རྒྱབ་ཏུ་མགལ་པ་ཁ་ནག་རྣམས་བཀོད། གནན་ཐོད་ཕོ་སྲི་ལ་གཡག་རོག་པོའི་ཐོད་པ། མོ་སྲི་ཁྱི་མོ་ནག་མོའི་ཐོད་པ། ཆུང་སྲི་སྲེ་མོང་གི་ཐོད་པའམ་ཡང་ན་ཁྱི་གུ་ཕག་གུ་མིག་མ་བྱེ་བའི་ཐོད་པ། དུར་སྲི་ཝའི་ཐོད་པའམ་ཡང་ན་ཕྱི་བ་གྲུམ་ཐོད་ཀྱང་རུང་། བཙན་སྲི་ཉ་མོ་སྲམ་དང་དུང་དཀར་གང་རིགས་ཀྱི་ཐོད་པ། དགྲ་སྲི་སྤྱང་ཀིའི་ཐོད་པ། དམ་སྲི་ཁྱི་ར་ཕག་གསུམ་ཐོད་པ་གང་རྙེད། ཀླུ་སྲིར་ཁྱུང་གི་ཐོད་པ་གསུངས་ཀྱང་མི་འཛོམ་པས་འོལ་བའི་ཐོད་པ། གྲི་སྲིར་དགྲ་སྲི་གྲི་བོ་མཛེ་ཅན་གང་རིགས་ཐོད་པ། གོད་སྲི་འཕར་སྤྱང་གི་ཐོད་པ། ལྷ་སྲི་ཁྱུང་རྒོད་གླག་གསུམ་གྱི་ཐོད་པ། ཕུང་སྲི་རྔ་མོང་གི་ཐོད་པར་གནོན་དགོས། ཡང་ན་རྒྱལ་པོའི་ཕུང་སྲི་མོན་ཧོར་བོད་གསུམ་ཐོད་པར་གནན་ནོ། །བློན་པོའི་ཕུང་སྲི་སྤྲེའུ་ནེ་ཙོ་རི་ཝཾ་གི་ཐོད་པར། ཡུལ་མིའི་ཕུང་སྲི་མཛོ་རྟོལ་སྤྲེའུའི་ཐོད་པ། དགྲ་སྲི་གཡག་དང་རྟ་ཐོད། དམེ་སྲི་འཕར་སྤྱང་བྱི་ཐོད། སྒོ་སྲི་ཕ་ཁུ་སྲི་ཅན་དུ་ངོས་འཛིན་ཡང་ཐོད་པ་གསལ་ཁ་མེད་པས་ཁྱི་ཐོད། མ་བུ་བྱུར་ཡུགས་ཀྱི་སྲི་ཁྱི་ཕག་རྔ་མོང་གི་ཐོད་པ། ཆུང་སྲི་ཁྱི་གུ་ཕག་གུ་བྱི་ལ་སྲེ་མོང་གི་ཐོད་པ། དུར་སྲི་ཝ་དང་གྲུམ་པ་དུར་བྱའི་ཐོད་པ། རྣལ་འབྱོར་པའི་སྲི་ར་ཁྱི་ཕག་གསུམ་དང་རབས་ཆད་ཐོད་པ། གོད་སྲི་སྤྲེའུ་ར་ལུག་བེའུའི་ཐོད་པ། གཡལ་མོའི་གོད་སྲི་འཕར་བ་རྔ་མོང་གསའ་ཐོད། སྟང་ཕོའི་སྲི་འཕར་བའི་ཐོད་པར་གནོན་དགོས་པ་འདི་བཅུ་གསུམ་པོ་འདི་བྱང་གཏེར་ཕུར་པ་ལས་བཤད་པས་དེ་ལྟར་ངེས་ནས་རྩོལ་བས་བསྒྲུབ། མེད་ཐབས་མེད་པའི་ཐོད་པ་གསུམ་ནི་ར་ཁྱི་ཕག་གསུམ་མགོ་ཡིན་པས། གཞུང་ལྟར་མ་འཛོམ་ན་ཀུན་ལ་སྤྱི་འགྲོ་ཁྱི་ཐོད་ཁོ་ནས་བྱ་བའི་རྒྱུན་སྣང་། སྲི་གནན་ཐོད་པའི་རིགས་ལ་གོང་དུ་ལིང་གའི་སྙིང་ཁར་བཀོད་པའི་སྔགས། ཨོཾ་སརྦ་ཛ་ཏྲི་སོགས་ཐོད་པའི་དཔྲལ་བ་ནས་ཕྱིར་ལ་མདུང་ཚུགས་སུ་བྲི། དཔྲལ་བར་རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། འགྲམ་པ་གཡས་ལ་ཕོའི་ཕོ་སྲི་ནན། གཡོན་ན་མོ་ཡི་མོ་སྲི་ནན། ཅེས་དུག་ཁྲག་གིས་བྲིས་ལ་སྐུད་པ་སྔོ་དམར་གྱིས་བཅིངས་ནས་སྒྲུབ་པའི་ཚེ་བྲུབ་ཁུང་དུ་ལིངྒ་དང་མཉམ་དུ་བཞག་དགོས་པར་གསུངས་ཀྱང་མ་ཤོང་ན་ཧོམ་ཁུང་རྩ་བར་བཞག །དེ་སྟེང་ཁྲིའུའི་ཁར་ཡི་དམ་ལྷ་གཞུང་སོ་སོའི་ཟློག་གཏོར་དྲག་རྒྱན་དར་གདུགས་སྐུ་ཙཀ་སོགས་ཀྱིས་སྤྲས་པ་བཞག་པའི་གཤམ་ནས་ཕུང་རེའམ་སྣམ་རས་ནག་པོའི་གུར་ཡོལ་སྦྲེལ་ལ་བྲུབ་ཁུང་སོགས་ཀྱིས་བཅས་རྣམས་ལ་ཉི་ཟེར་དང་མར་མེའི་མདངས་བདུད་རྩིའི་ཟེག་མ་སོགས་མི་ཕོག་པར་བྱ། ཟློག་གཏོར་བཀོད་པ་འདི་པད་ཕྲིན་ནས་དཔྱད་གཞིར་གསུངས་པ་ལྟར་ཡོད་མེད་གང་བྱས་ཆོག་ཀྱང་གཤེད་སྐོར་གྱི་ཕྱག་ལེན་ལྟར་བྱས་པའོ། །གནན་པའི་སྐབས་སུ་དགོས་པའི་རྫས། ལན་ཚྭ། བ་ཚྭ། བུལ་ཏོག །གནན་ཐོད་དྲིལ་ཆས་ཕུང་རེའམ་ཡུགས་སའི་ཤ་གོས། ཚོན་སྐུད་སྣ་ལྔ། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པ། རང་འཐག་གི་ཡ་ཁེབས་ལ་རི་རབ་གླིང་བཞི་བྲིས་པ་རྣམས་བཤམས། ཐུན་རྫས། ཟངས་རག་མཁར་སྒོང་ཕྱེ་མ། དུར་རྡོ། རི་གཟར་གྱི་རྦབ་རྡོ། མི་བསད་པའི་རྡོ། ཡུངས་དཀར་ནག །སྐེ་ཚེ། ཤང་ཚེ། དུག་རིགས། མཚེ། གཅན་གཟན་གྱི་མཆེ་སྡེར་སོགས་སྐམ་ཐུན་ཕོན་ཆེ་བ་བསགས། གཟུགས་གཞུག་སྐབས་བདུག་རྫས། ར་ཤ་ར་ཚིལ། མི་རྐང་རྟ་རྐང་ལྕི་བ་སེར་ཁ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ།། ༈ །།གཉིས་པ་དངོས་གཞི་དྲག་པོའི་རྫོང་དུ་གཞུག་པའི་ཐོག་མར་ཡི་དམ་གང་ཡིན་གྱི་ཕྲིན་ལས་གཏང་། བདག་བསྐྱེད་དང་གཏོར་མ་ཚིག་གཅིག་གིས་མཉམ་དུ་བསྒྲུབ་ནས་བཟླས་པ། སྲུང་མའི་གཏོར་འབུལ། ཚོགས་སྐོང་ལྷག་མའི་རྗེས་བར་དུ་གཏང་། དེ་ནས་ལྷ་གཞུང་སོ་སོའི་ཡི་དམ་དང་ཕོ་ཉ་སྒོས་བསྐུལ་རྣམས་གཏང་། གསེར་སྐྱེམས་བཤམ། འབུལ་ཚིག་སོ་སོ་ལས་འབྱུང་བ་ལྟར་བྱ། དམིགས་བསལ་མེད་ན་སྤྱི་འགྲོ། རིག་འཛིན་རྩ་བརྒྱུད་སོགས་སམ། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབས་ལ། ཧཱུྃ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །མཐུ་སྟོབས་དབང་ཕྱུག་དཔལ་མགོན་ལྕམ་དྲལ་དང་། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས། །ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང་། །དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས། །སྲིད་གསུམ་འབྱུང་པོ་མཐུ་རྩལ་ཅན་རྣམས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །ཅེས་འབུལ། མཁྱེན་གསོལ་ནི། ཧཱུྃ། མཁྱེན་ཅིག་དགོངས་ཤིག་དུས་གསུམ་བདེ་གཤེགས་རྣམས། །གདོད་མའི་མགོན་པོ་ཀུན་ཏུ་བཟང་ནས་བཟུང་། །ཚིགས་གསུམ་བླ་མ་མ་ལུས་སྙན་གསོན་ཅིག །བདག་ནི་རྩེ་གཅིག་དད་པའི་སེམས་ཀྱིས་ཀྱང་། །འཕགས་པ་མཆོད་ཅིང་འགྲོ་དོན་བགྱིད་སྙམ་པ། །དམ་ཉམས་དགྲ་བོ་འདི་ཡིས་མ་སྟེར་རོ། །མ་གནོང་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །ཞི་བ་རྡོར་དབྱིངས་ཁྲག་འཐུང་ལྔ་བཅུ་སོགས། །ཡི་དམ་ལྷ་ཚོགས་མ་ལུས་སྙན་གསོན་ཅིག །བདག་ནི་བསྐྱེད་རྫོགས་ཟབ་མོའི་ངང་ཉིད་ལས། །བསྙེན་སྒྲུབ་མཐར་དབྱུང་ལས་བཞི་སྤྱོད་སྙམ་པ། །ལས་ངན་དགྲ་བོ་འདི་ཡིས་མ་སྟེར་རོ། །མ་གནོང་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །རྡོ་རྗེ་ཕག་མོ་ཡེ་ཤེས་མགོན་པོའི་ཚོགས། །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་སྙན་གསོན་ཅིག །བདག་ནི་ཁྱེད་རྣམས་བསྒྲུབ་བསྟེན་མཆོད་པ་དང་། །ཐུགས་དམ་བསྐང་ཞིང་ལས་ལ་བསྐུལ་སྙམ་པ། །དམ་ཉམས་དགྲ་བོ་འདི་ཡིས་མ་སྟེར་རོ། །མ་གནོང་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །གཟུ་དཔང་ནི། ཧཱུྃ། འགྲོ་བའི་དཔལ་མགོན་བཅོམ་ལྡན་ཤཱཀྱ་ཐུབ། །སྡིག་ཅན་ལྷ་སྦྱིན་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་སྐུ་ལ་ངུར་སྨྲིག་གསོལ་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །ཡོངས་ལ་དབང་བསྒྱུར་མངའ་བདག་རྒྱལ་པོ་ལ། །མཐའ་འཁོབ་རྒྱལ་ཕྲན་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་དབུ་ལ་དར་ཐོད་རྒྱན་བྱས་ཤིང་། །རྒྱལ་ཁྲིམས་ཚུལ་བཞིན་བསྐྱངས་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །ནམ་མཁར་གནས་པའི་བྱ་ཁྱུང་ག་རུ་ཎ། །ལྟས་ངན་སྲིན་བྱ་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་དབུ་ལ་ནོར་བུས་བརྒྱན་བྱས་ཤིང་། །འདབ་གཤོག་སྤུ་གྲིས་བལྟམས་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །བར་སྣང་གནས་པའི་གཡུ་འབྲུག་སྔོན་མོ་ལ། །ལྟས་ངན་བུང་བ་སེར་པོས་བརྙས་བཙུགས་སོ། །ཆེ་རྟགས་ལྕེ་ལ་གློག་གིས་བརྒྱན་བྱས་ཤིང་། །སྟོང་གསུམ་སྒྲ་ཡིས་བཀང་བ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །གངས་ལ་གནས་པའི་སེང་གེ་དཀར་མོ་ལ། །དུར་ཁྲོད་ཝ་སྐྱ་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་དབུ་ལ་གཡུ་རལ་བརྒྱན་བྱས་ཤིང་། །རྩལ་གསུམ་ལུས་ལ་རྫོགས་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །རིག་འཛིན་སློབ་དཔོན་པདྨཱ་ཀ་ར་ལ། །མཐའ་འཁོབ་ལྷ་སྲིན་ངན་པས་བརྙས་བཙུགས་སོ། །ཆེ་རྟགས་གསེར་གྱི་རྡོ་རྗེ་བསྣམས་བྱས་ནས། །སྒྲུབ་པའི་རིག་འཛིན་ཐོབ་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །ཆོས་བཞིན་སྤྱོད་པའི་རྣལ་འབྱོར་བདག་ཅག་ལ། །ལས་ངན་འགྲོ་བ་རྣམས་ཀྱིས་བརྙས་བཙུགས་སོ། །ཆེ་རྟགས་བསྙེན་སྒྲུབ་རྣམ་བཞི་མཐར་ཕྱིན་ཅིང་། །རིམ་གཉིས་ཟབ་མོ་བསྒོམས་པ་དོན་མ་ཆུང་། །སུ་བདེན་ཀུན་མཁྱེན་མགོན་པོས་དཔང་མཛོད་ཅིག །ཅེས་གསོལ་ནས། དང་པོ་སྔོན་གྱི་བྱུང་ཚུལ་སྲི་རབས་གྱེར་བ་ནི། ཀྱཻ༔ སྲི་ཡུལ་གླིང་དགུ་བྱ་བ་ན༔ སྲི་མཁར་ཐོད་པ་དགུ་བརྩེགས་ན༔ དང་པོ་སྲི་ཡི་མྱེས་པོ་ནི༔ གནམ་སྲི་གལ་དང་གེལ་པ་ཡིན༔ ས་སྲི་ཆ་མ་ཆོ་དགུ་ཡིན༔ དེ་གཉིས་བྱུང་བའི་བྱུང་ཚུལ་ནི༔ ཡ་མ་དམ་སྲི་ཞེས་བྱ་བ༔ སྔོན་ཚེ་དམ་ཚིག་ཉམས་ལས་སྐྱེས༔ སྲི་མོ་མ་དེ་དགུ་ཤོར་དེ༔ སྔོན་ཚེ་ལྟ་བ་ལོག་ལས་སྐྱེས༔ དེ་གཉིས་སྲི་རུ་ལངས་པ་ཡིན༔ ཕ་གནམ་གྱི་བྱ་ནག་གཤོག་ཆག་དང༔ མ་ས་ཡི་བྱི་གཤོག་ཁྲ་མོ་གཉིས༔ དེ་གཉིས་སྲིད་ཅིང་སྤྲུལ་པ་ལས༔ སྲིད་པའི་སྒོ་ང་བཅུ་གསུམ་བྱུང༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་སྤྱང་ཀིའི་མགོ་ཅན་བྱུང༔ གནས་ས་རི་བོའི་རྩེ་ལ་གནས༔ ཟ་བ་སྐྱེས་པ་ཕོ་ལ་ཟ༔ མིང་ནི་ཕོ་སྲི་རལ་ཅན་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་རྔ་མོང་མགོ་ཅན་བྱུང༔ གནས་ས་རྒྱ་མཚོའི་གཏིང་ན་གནས༔ ཟ་བ་མོ་ཡི་སྲིད་ལ་ཟ༔ མིང་ནི་མོ་སྲི་ཟ་བྱེད་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་སྲེ་མོང་མགོ་ཅན་བྱུང༔ གནས་ས་མལ་གྱི་འོག་ན་གནས༔ ཟ་བ་བྱིས་པ་ཆུང་ལ་ཟ༔ མིང་ནི་ཆུང་སྲི་འཕུང་བྱེད་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་ཁྱུང་གི་མགོ་ཅན་བྱུང༔ གནས་ས་བདུད་རིའི་རྩེ་ལ་གནས༔ ཟ་བ་མོ་ཡི་སྲིད་ལ་ཟ༔ མིང་ནི་བདུད་སྲི་ནག་པོ་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་འུག་པའི་མགོ་ཅན་བྱུང༔ གནས་ས་བཙན་གྱི་རི་ལ་གནས༔ མིང་ནི་བཙན་སྲི་དམར་པོ་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་བྱ་ཕོའི་མགོ་ཅན་བྱུང༔ གནས་ས་ལྷ་ཁང་ནང་ན་གནས༔ མིང་ནི་རྒྱལ་སྲི་དཀར་པོ་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་ཕག་གི་མགོ་ཅན་བྱུང༔ གནས་ས་ལུང་གསུམ་མདོ་ལ་གནས༔ མིང་ནི་དམ་སྲི་ཕུང་བྱེད་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་སྦྲུལ་གྱི་མགོ་ཅན་བྱུང༔ གནས་ས་རྒྱ་མཚོའི་གཏིང་ན་གནས༔ མིང་ནི་ཀླུ་སྲི་སྔོན་པོ་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་གཡག་གི་མགོ་ཅན་བྱུང༔ གནས་ས་དགྲ་བོའི་མཚམས་ན་གནས༔ མིང་ནི་དགྲ་སྲི་དར་མ་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་ཤ་བའི་མགོ་ཅན་བྱུང༔ གནས་ས་མཚོན་གྱི་རྩེ་ན་གནས༔ མིང་ནི་གྲི་སྲི་ངན་པ་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་ཝ་ཡི་མགོ་ཅན་བྱུང༔ གནས་ས་མཆད་པའི་སྟེང་ན་གནས༔ མིང་ནི་རྒན་སྲི་རལ་ཅན་ཟེར༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་རྟ་ཡི་མགོ་ཅན་བྱུང༔ གནས་ས་རི་དགུའི་རྩེ་ལ་གནས༔ མིང་ནི་སྐྱེས་པའི་བྱེས་སྲི་ཟེར༔ སྐྱེས་པ་བྱེས་སུ་སོང་བའི་ཚེ༔ གཏམ་ངན་ཡུལ་དུ་སླེབ་པ་དང༔ རྟ་ཕོ་བྱེས་སུ་སོང་བའི་ཚེ༔ སྒ་སྟན་ཁྱེར་ནས་འོང་བའི་སྲི༔ གཅིག་ནི་བརྟོལ་པའི་ནང་ཤེད་ནས༔ མི་ལུས་ར་ཡི་མགོ་ཅན་བྱུང༔ གནས་ནི་ར་བའི་ཕུགས་ན་གནས༔ མིང་ནི་གོད་སྲི་བྱན་མོ་ཟེར༔ ཕྱུགས་ལུག་ར་བ་སྟོང་པའི་སྲི༔ དེ་དག་སྲི་ཡི་བྱུང་ཚུལ་ཡིན༔ གཉིས་པ་སྲི་ཡི་གནན་ཚུལ་ནི༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ སྲི་ཅན་གནོན་དུ་བྱོན་པའི་ཚེ༔ སྲི་ཅན་འཁོར་དང་བཅས་པ་ཡིས༔ ཟངས་ཞུ་དགུ་ནི་མགོ་ལ་གྱོན༔ སླ་ང་དགུ་ནི་བྲང་ལ་བཀབ༔ འབྲེང་ཞགས་དགུ་ནི་རྐེད་ལ་བཅིངས༔ སཏྭ་གྲི་དགུ་ནི་རྐེད་ལ་བཙུགས༔ ཕྱོགས་རྣམས་ཀུན་ཏུ་ཕྱིན་པ་ལས༔ སློབ་དཔོན་པདྨ་འབྱུང་གནས་དང༔ འགྱུར་མེད་ཐང་ལ་ཐུག་སྟེ་འཕྲད༔ སྲི་ཅན་ནང་ནས་གདོང་དྲག་པའི༔ སྲི་ལྕམ་བྲ་མ་བྱ་བ་དེ༔ སྲི་ཅན་སྤུན་དགུའི་སྲིང་གཅིག་མ༔ དེ་ཡི་མཆིད་ནས་འདི་སྐད་ཟེར༔ སློབ་དཔོན་ཆེན་པོ་ཚུར་གསོན་དང༔ ང་ནི་སྲི་ལྕམ་བྲ་མ་ཡིན༔ མིང་པོ་སྲི་ཅན་སྤུན་དགུ་ཡིན༔ ང་ཡི་ཕ་མ་འཁོར་དང་བཅས༔ སྐྱེ་འགྲོ་ཀུན་གྱི་སྲི་རུ་ཆེ༔ ཁྱོད་ཧབ་ཀྱིས་ཟའམ་ཧུབ་ཀྱིས་འཐུང༔ དེ་སྐད་ཙམ་ཞིག་ཟེར་བ་དང༔ སློབ་དཔོན་ཆེན་པོས་འདི་སྐད་གསུང༔ ང་ནི་ཁྱོད་ཀྱིས་ཐུབ་པའི་གང་ཟག་མིན༔ ལྟ་སྒོམ་སྤྱོད་པའི་འབྲས་བུར་ལྡན༔ སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས༔ ཆོས་སྐྱོང་སྲུང་མ་བྲན་དུ་ཁོལ༔ ཁྱོད་འཁོར་དང་བཅས་པ་ཐམས་ཅད་ཀུན༔ ང་ཡི་འཁོར་གཡོག་བྲན་དུ་བྱ༔ དེ་སྐད་གསུངས་པས་སྲི་མོ་ནི༔ སྐད་ཅིག་ཉིད་ལ་བྲོས་ལ་ཤོར༔ དེ་ནས་སློབ་དཔོན་ཆེན་པོ་ཡིས༔ སྔགས་དང་ཕྱག་རྒྱས་སྲི་ཅན་བཀུག༔ ངག་ཏུ་ཡང་ནི་འདི་སྐད་བརྗོད༔ ཀྱཻ༔ སྲི་ཅན་འཁོར་བཅས་འདིར་ཤོག་ཅིག༔ དེ་རིང་ཙམ་ལས་དགའ་བ་མེད༔ འདི་ན་རིན་ཆེན་གཞལ་ཡས་ཁང༔ མཐོང་བ་ཙམ་གྱིས་སྤྲོ་བ་བསྐྱེད༔ དགའ་ཞིང་བྲོད་པའི་གནས་འདིར་ཤོག༔ སྲི་ཅན་རྒོད་ཅིང་འདུར་ཞིང་ཤོག༔ གླུ་ལེན་བྲོ་བརྡུང་ཡོད་པས་ཤོག༔ རི་རབ་ཙམ་གྱི་ཟས་ཀྱང་ཡོད༔ རྒྱ་མཚོ་ཙམ་གྱི་སྐོམ་ཡང་ཡོད༔ ཤ་བསུར་དུད་པ་བསྣམ་དུ་ཤོག༔ འཇའ་ཚོན་ལུས་ལ་གྱོན་དུ་ཤོག༔ འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག༔ སྐྱོ་མ་བལ་སྐྱོ་ལྡག་ཏུ་ཤོག༔ ལྷ་ཡི་གཞལ་ཡས་བལྟ་རུ་ཤོག༔ དུང་ཁང་ནང་དུ་ཉལ་དུ་ཤོག༔ སྲི་ཟན་ཁམ་གསུམ་ཟ་རུ་ཤོག༔ དེ་སྐད་ཙམ་ཞིག་གསུངས་པ་དང༔ ལས་ཀྱི་དབང་གིས་སྲི་ཅན་རྣམས༔ རང་དབང་མེད་པར་མདུན་དུ་བྱུང༔ ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན༔ དུས་དང་གནས་སྐབས་དེ་ཙམ་ན༔ སྲི་མོ་བྱ་བའི་ལས་ངན་དེ༔ གཉིད་དུ་སོང་བའི་རྨི་ལམ་དུ༔ ནམ་གྱི་ཕར་མ་ཚུར་ཕྱེད་ན༔ རྨི་ལམ་མི་ངན་རྨི་ལམ་བཟང༔ རྟ་ནག་གཅིག་ལ་ཞོན་པ་རྨིས༔ ཐང་ནག་གཅིག་ལ་ཕྱིན་པ་རྨིས༔ སྲི་ཟན་ཁམ་གསུམ་ཟོས་པ་རྨིས༔ སྐྱོ་མ་བལ་སྐྱོ་ལྡག་པ་རྨིས༔ དངུལ་དཀར་མེ་ལོང་བལྟ་བ་རྨིས༔ དུང་ཁང་ནང་དུ་ཉལ་བ་རྨིས༔ ལུས་ལ་འཇའ་ཚོན་ཤར་བ་རྨིས༔ གཡས་སུ་ཐོག་གཅིག་བབས་པ་རྨིས༔ གཡོན་དུ་འབྲུག་གཅིག་ལྡིར་བ་རྨིས༔ བར་དུ་གློག་གཅིག་འཁྱུགས་པ་རྨིས༔ གཞལ་ཡས་ཁང་དུ་ཕྱིན་པ་རྨིས༔ སྲི་རྨི་ལམ་མཁན་གྱིས་བཤད་དུ་གསོལ༔ དེ་སྐད་ཙམ་ཞིག་བརྗོད་པ་དང༔ སྲི་རྨི་ལམ་མཁན་གྱིས་ལན་བཏབ་པ༔ སྲི་མོ་ལས་ངན་ཚུར་ཉོན་དང༔ དེ་རིང་ཕན་ཆད་སུ་དང་འཕྲད༔ སྲི་འདུལ་གཅིག་དང་མ་འཕྲད་དམ༔ རྨི་ལམ་མི་བཟང་རྨི་ལམ་ངན༔ གཡས་སུ་ཐོག་གཅིག་བབས་པ་དེ༔ རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིན༔ གཡོན་དུ་འབྲུག་གཅིག་ལྡིར་པ་དེ༔ གསང་བའི་རྔ་ཆུང་ལྡིར་བ་ཡིན༔ བར་དུ་གློག་གཅིག་འཁྱུགས་པ་དེ༔ སློབ་དཔོན་ལྕེ་ནི་གློག་ལྟར་འཁྱུག༔ སྲི་ཟན་ཁམ་གསུམ་ཟོས་པ་དེ༔ སྦང་ཟན་ཁམ་གསུམ་ཟོས་པ་ཡིན༔ སྐྱོ་མ་བལ་སྐྱོ་བལྡགས་པ་དེ༔ ཐལ་སྐྱོ་ནུར་མོ་ལྡག་པ་ཡིན༔ འཕྲུལ་གྱི་མེ་ལོང་བལྟ་བ་དེ༔ ར་སོག་སྐྱ་མོར་བལྟ་བ་ཡིན༔ འཇའ་ཚོན་ལུས་ལ་ཤར་པ་དེ༔ ཚོན་སྐུད་སྣ་ལྔས་བཅིངས་པ་ཡིན༔ རྟ་ནག་གཅིག་ལ་ཞོན་པ་དེ༔ མགལ་པ་ཁ་ནག་ཞོན་པ་ཡིན༔ དུང་ཁང་ནང་དུ་ཉལ་པ་དེ༔ ཁྱི་ཐོད་སྐྱ་མོར་བཅུག་པ་ཡིན༔ གླུ་ལེན་བྲོ་རྡུང་བྱེད་པ་དེ༔ སྔགས་དང་ཕྱག་རྒྱས་བྲོ་བརྡུང་ཡིན༔ སྲི་ཅན་ཕོ་མོ་འགུག་པ་ཡིན༔ དེ་སྐད་ཟེར་བ་ཐོས་པ་དང༔ སྲི་མོ་དམ་སྲི་ལས་ངན་དེ༔ ལ་དགུ་ལུང་དགུ་བརྒལ་ནས་བྲོས༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ ཕོ་ཉ་མགྱོགས་བྱེད་བསྐུལ་ནས་ནི༔ དྲག་པོའི་སྟོབས་ཀྱིས་མྱུར་དུ་བཀུག༔ ཐར་ས་མེད་པའི་རྒྱ་གཅིག་བཏབ༔ དེ་ནས་སྲི་མོས་འདི་སྐད་སྨྲས༔ སློབ་དཔོན་ཆེན་པོ་སྙན་གསོན་དང༔ སྲི་ཅན་བྲོས་ཀྱང་འགུགས་པ་དེ༔ དགོས་དོན་ཅི་ཞིག་ཡོད་པ་ཡིན༔ དེ་སྐད་ཙམ་ཞིག་སྨྲས་པ་དང༔ སློབ་དཔོན་ཆེན་པོས་འདི་སྐད་གསུང༔ ཁྱོད་སྲི་ཅན་འཁོར་དང་བཅས་པ་ཡིས༔ འགྲོ་བ་ཀུན་ལ་གནོད་འགལ་བྱས༔ ད་ནི་དམ་སྲི་གནོན་པ་ཡིན༔ སངས་རྒྱས་བསྟན་ལ་གནོད་འགལ་བྱས༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་བྱས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང༔ གསད་ཅིང་གནན་པའི་དུས་ལ་བབས༔ དེ་སྐད་ཙམ་ཞིག་གསུངས་པ་དང༔ སྲི་མོས་འདི་སྐད་ལན་བཏབ་བོ༔ ཀྱཻ༔ སློབ་དཔོན་ཆེན་པོ་བདག་ལ་གསོན༔ སྤྱིར་མི་རིགས་སུམ་བརྒྱ་དྲུག་ཅུ་ལ༔ སྲི་ཅན་འཁོར་བཅས་མ་གཏོགས་པའི༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡོད༔ ཡང་བགེགས་སུམ་བརྒྱ་དྲུག་ཅུ་ཡོད༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཡོད༔ ཚེ་རབས་བགྲངས་པའི་ལྷ་འདྲེ་ཡོད༔ འཕྲལ་ལ་གནོད་པའི་རྐྱེན་བགེགས་ཡོད༔ ལས་ཀྱི་དབང་གིས་གནོད་འགལ་བྱས༔ དེ་དག་སྲི་ཡིས་ལན་པ་མིན༔ བདག་ཅག་སྲི་ཡིས་ལན་པ་མིན༔ དུས་ཀྱི་དབང་གིས་གནོན་འདོད་ན༔ ཐོད་པའི་ཐོད་རབས་བཤད་ཀྱང་འཚལ༔ མི་རིགས་སུམ་བརྒྱ་དྲུག་ཅུ་ལ༔ ཐོད་བསྡུས་སུམ་བརྒྱ་དྲུག་ཅུ་ཡོད༔ དེ་དག་གང་དང་གང་ལ་ཟེར༔ བཙལ་གྱིས་མི་རྙེད་ཐོད་གསུམ་ཡོད༔ མནན་པས་མི་ནོན་ཐོད་གསུམ་ཡོད༔ གནན་དུ་མི་རུང་ཐོད་གསུམ་ཡོད༔ མེད་ཐབས་མེད་པའི་ཐོད་གསུམ་ཡོད༔ གནན་མི་དགོས་པའི་ཐོད་གསུམ་ཡོད༔ མགོ་ལས་མ་བྱུང་ཐོད་གསུམ་ཡོད༔ ཤིང་ལས་མ་བྱུང་མགལ་གསུམ་ཡོད༔ དེ་དག་གང་དང་གང་ལ་ཟེར༔ ལྡིང་གསུམ་ཐོད་པ་གང་ལ་ཟེར༔ འགྲོས་གསུམ་ཐོད་པ་གང་ལ་ཟེར༔ འཛུལ་གསུམ་ཐོད་པ་གང་ལ་ཟེར༔ འཕྱོ་གསུམ་ཐོད་པ་གང་ལ་ཟེར༔ དེ་སྐད་ཙམ་ཞིག་ཟེར་བ་དང༔ སློབ་དཔོན་ཆེན་པོས་འདི་སྐད་གསུངས༔ བཙལ་གྱིས་མི་རྙེད་ཐོད་གསུམ་ནི༔ བྱ་ཁྱུང་ཀ་རུའི་ཐོད་པ་དང༔ སེང་གེ་དཀར་མོའི་ཐོད་པ་དང༔ གཡུ་འབྲུག་སྔོན་མོའི་ཐོད་པ་ཡིན༔ མནན་གྱིས་མི་ནོན་ཐོད་གསུམ་ནི༔ བཙད་པོ་དར་མའི་ཐོད་པ་དང༔ བན་བོན་དར་མའི་ཐོད་པ་དང༔ བྲམ་ཟེ་དར་མའི་ཐོད་པ་ཡིན༔ གནན་དུ་མི་རུང་ཐོད་གསུམ་ནི༔ ཡོངས་ཀྱི་དགེ་བཤེས་ཐོད་པ་དང༔ དགེ་སློང་ཁྲིམས་ལྡན་ཐོད་པ་དང༔ རྣལ་འབྱོར་རྟོགས་ལྡན་ཐོད་པ་ཡིན༔ མེད་ཐབས་མེད་པའི་ཐོད་གསུམ་ནི༔ དུ་རུ་ཕག་གི་ཐོད་པ་དང༔ ཀུ་ཀུ་རཱ་ཙའི་ཐོད་པ་དང༔ ཚེ་ཚེ་ར་ཡི་ཐོད་པ་ཡིན༔ གནན་མི་དགོས་པའི་ཐོད་གསུམ་ནི༔ རྒྱ་མོ་སྣ་རིང་ཐོད་པ་དང༔ ཧོར་མོ་སྤྱི་རིང་ཐོད་པ་དང༔ མོན་མོ་ནག་མོའི་ཐོད་པ་ཡིན༔ མགོ་ལས་མ་བྱུང་ཐོད་གསུམ་ནི༔ ཕྱག་ཚང་ཀུ་བའི་ཐོད་པ་དང༔ བྱ་མོ་ནག་མོའི་སྒོ་ང་དང༔ ཁམ་པ་ས་ལས་གྲུབ་པ་གསུམ༔ ཤིང་ལས་མ་བྱུང་མགལ་གསུམ་ནི༔ ར་རུ་གཉེར་མ་ཅན་དང་གཅིག༔ ལུག་རུ་ཁུག་པ་དེ་དང་གཉིས༔ གཡག་རུ་ལྡིང་བ་དེ་དང་གསུམ༔ ཁྱུང་རྒོད་གླག་གི་ཐོད་པ་གསུམ༔ ལྡིང་གསུམ་ལྡིང་གི་ཐོད་པ་ཡིན༔ ཤ་འགྲོས་རྣ་འགྲོས་རྐྱང་འགྲོས་གསུམ༔ འགྲོས་གསུམ་འགྲོས་ཀྱི་ཐོད་པ་ཡིན༔ ཝ་འཛུལ་ཕྱི་འཛུལ་གྲུམ་འཛུལ་གསུམ༔ འཛུལ་གསུམ་འཛུལ་གྱི་ཐོད་པ་ཡིན༔ ཉ་འཕྱོ་སྲམ་འཕྱོ་དུང་འཕྱོ་གསུམ༔ འཕྱོ་གསུམ་འཕྱོ་ཡི་ཐོད་པ་ཡིན༔ དེ་སྐད་ཙམ་ཞིག་གསུངས་པ་དང༔ ཡང་གཅིག་སྲི་མོས་འདི་སྐད་ཞུས༔ ཀྱཻ༔ སློབ་དཔོན་ཆེན་པོ་ཚུར་གསོན་དང༔ ལྡིང་གསུམ་ལྡིང་གི་ཐོད་པ་ནི༔ དགོས་བྱ་གང་དང་གང་ལ་ཡོད༔ མེད་ཐབས་མེད་པའི་ཐོད་པ་དེ༔ མེད་ཐབས་གང་དང་གང་ལ་མེད༔ ཚྭ་དང་བུལ་ཏོག་བ་ཚྭ་གསུམ༔ དགོས་བྱ་གང་དང་ཅི་ལ་དགོས༔ བལ་ཚོན་སྣ་ལྔ་ཅི་ལ་དགོས༔ བ་ར་རྟ་ཡི་འོ་མ་དེ༔ དགོས་པ་གང་དང་ཅི་ལ་དགོས༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དེ༔ མེད་ཐབས་གང་དང་ཅི་ལ་མེད༔ གུ་གུལ་དུད་པ་ཅི་ལ་དགོས༔ སྐྱེར་པའི་ཚེར་མ་ཅི་ལ་དགོས༔ དེ་སྐད་ཙམ་ཞིག་ཟེར་བ་ལ༔ དེ་ནས་སློབ་དཔོན་འདི་སྐད་གསུངས༔ ལྡིང་གསུམ་ཐོད་པས་ལྷ་སྲི་འདུལ༔ འཕྱོ་གསུམ་ཐོད་པས་བཙན་སྲི་འདུལ༔ འགྲོས་གསུམ་ཐོད་པས་གོད་སྲི་འདུལ༔ འཛུལ་གསུམ་ཐོད་པས་འཐབ་སྲི་འདུལ༔ འཕྱོ་གསུམ་ཐོད་པས་ཆེ་སྲི་འདུལ༔ ར་ཁྱི་ཕག་གསུམ་ཐོད་པ་ནི༔ དམ་སྲི་འདུལ་ན་དགོས་པ་ཡིན༔ སེ་སྐྱེར་འོམ་བུའི་རྩང་རྣོན་དེ༔ དམ་སྲི་གསོད་པའི་མཚོན་ཆ་ཡིན༔ དུག་ཆེན་དུ་བ་བུལ་ཏོག་གསུམ༔ རྫོངས་གསུམ་འདེབས་པའི་རྫས་ཡིན་ནོ༔ བ་ར་རྟ་ཡི་འོ་མ་དེ༔ ཐལ་སྐྱོ་བྱེད་པའི་ཁུ་བ་ཡིན༔ བལ་མཚོན་སྣ་ལྔའི་སྐུད་པ་དེ༔ སྲི་ཅན་འཆིང་བའི་ཐག་པ་ཡིན༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དེ༔ སྲི་ཅན་གནོན་པའི་གཡམ་པ་ཡིན༔ སློབ་དཔོན་ཆེན་པོས་དེ་སྐད་གསུངས༔ སྲི་མོས་ཡང་གཅིག་འདི་སྐད་ཞུས༔ ཕོ་སྲི་ལྡང་ན་གང་ནས་ལྡང༔ ཕོ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང༔ གནོན་པའི་ཐོད་པ་གང་ལ་བྱེད༔ ཕོ་སྲི་གནོན་ན་གང་དུ་གནོན༔ མོ་སྲི་ལྡང་ན་གང་ནས་ལྡང༔ མོ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟ་བུ༔ གནོན་པའི་ཐོད་པ་གང་ལ་བྱེད༔ གནོན་ས་གང་དང་གང་དུ་བྱེད༔ དགྲ་སྲི་ལྡང་ན་གང་ནས་ལྡང༔ དགྲ་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང༔ དགྲ་སྲི་གནོན་པའི་ཐོད་པ་གང༔ གནོན་ས་གང་དང་གང་དུ་བྱེད༔ དུར་སྲི་ལྡང་ན་གང་ནས་ལྡང༔ དུར་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང༔ དུར་སྲི་གནོན་པའི་ཐོད་པ་གང༔ གནོན་ས་གང་དང་གང་དུ་བྱེད༔ ཕུང་སྲི་ལྡང་ན་གང་ནས་ལྡང༔ ཕུང་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང༔ ཕུང་སྲི་གནོན་པའི་ཐོད་པ་གང༔ གནོན་ས་གང་དང་གང་དུ་བྱེད༔ གོད་སྲི་ལྡང་ན་གང་ནས་ལྡང༔ གོད་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང༔ གོད་སྲི་གནོན་པའི་ཐོད་པ་གང༔ གནོན་ས་གང་དང་གང་དུ་བྱེད༔ ཆུང་སྲི་ལྡང་ན་གང་ནས་ལྡང༔ ཆུང་སྲི་བརྫུ་ན་གང་དུ་བརྫུ༔ དབྱིབས་དང་ཁ་དོག་ཇི་ལྟར་འབྱུང༔ ཆུང་སྲི་གནོན་པའི་ཐོད་པ་གང༔ གནོན་ས་གང་དང་གང་དུ་བྱེད༔ དེ་སྐད་ཙམ་ཞིག་ཞུས་པ་དང༔ སློབ་དཔོན་ཆེན་པོས་འདི་ལྟར་གསུངས༔ ཕོ་སྲི་གངས་དཀར་ལྟོངས་ནས་ལྡང༔ བརྫུ་ན་གཡའ་དང་གངས་སུ་བརྫུ༔ དབྱིབས་དང་ཁ་དོག་དཀར་ལ་འཚེར༔ གནོན་པ་གཡག་རོག་ཐོད་པར་གནོན༔ གནོན་ས་གངས་དཀར་ལྟོངས་སུ་གནོན༔ མོ་སྲི་རྒྱ་མཚོའི་གཏིང་ནས་ལྡང༔ བརྫུ་བ་ཁྱི་མོ་ནག་མོར་བརྫུ༔ དབྱིབས་དང་ཁ་དོག་མཐིང་ལ་ནག༔ ཁྱི་མོ་ནག་མོའི་ཐོད་པ་རུ༔ གནོན་ས་རྒྱ་མཚོའི་གཏིང་དུ་གནོན༔ དགྲ་སྲི་ལ་བཙས་འོག་ནས་ལྡང༔ བརྫུ་བ་ལྕགས་ཀྱི་སྤྱང་མོར་བརྫུ༔ དབྱིབས་དང་ཁ་དོག་སྔོ་སྐྱ་ལ༔ སྤྱང་ཀི་སྔོན་མོའི་ཐོད་པར་གནན༔ གནོན་ས་ལ་བཙས་འོག་ཏུ་གནོན༔ དུར་སྲི་དུར་གྱི་སྒབ་ནས་ལྡང༔ བརྫུ་བ་ཝ་མོ་དར་མར་བརྫུ༔ དབྱིབས་དང་ཁ་དོག་དམར་ལ་སྐྱ༔ ཝ་མོ་དར་མའི་ཐོད་པ་རུ༔ གནོན་ས་དུར་གྱི་འོག་ཏུ་གནོན༔ ཕུང་སྲི་གྲོག་པོའི་ནང་ནས་ལྡང༔ བརྫུ་བ་རྔ་མོང་གྭ་པར་བརྫུ༔ རྔ་མོང་གྭ་པའི་ཐོད་པར་གནོན༔ གནོན་ས་གྲོག་པོའི་ནང་དུ་གནོན༔ གོད་སྲི་ར་བའི་ཕུགས་ནས་ལྡང༔ བརྫུ་བ་འཕར་སྤྱང་གཉིས་སུ་བརྫུ༔ འཕར་སྤྱང་གཉིས་ཀྱི་ཐོད་པར་གནོན༔ གནོན་ས་ར་བའི་ཕུགས་སུ་གནོན༔ ཆུང་སྲི་མལ་གྱི་འོག་ནས་ལྡང༔ བརྫུ་བ་ཁྱི་གུ་ཕག་གུར་བརྫུ༔ རེས་འགའ་རེ་འུ་ལུག་གུར་བརྫུ༔ དབྱིབས་དང་ཁ་དོག་གང་ཡང་སྟོན༔ ཆུང་གསུམ་ཐོད་པའི་ནང་དུ་གནོན༔ གནོན་ས་མལ་གྱི་འོག་ཏུ་གནོན༔ དེ་ནས་སྲི་ཡིས་ལན་མ་ཐེབས༔ དེ་ཚེ་སློབ་དཔོན་པདྨ་ཡིས༔ སྲི་རྣམས་གནོན་པའི་དུས་ལ་བབས༔ གནམ་གྱི་བྱ་ནག་གཤོག་ཆག་དེ༔ ཉིན་མོ་ཕོ་བརྒྱའི་ཤ་ལ་ཟ༔ ནུབ་མོ་མོ་བརྒྱའི་ཁྲག་ལ་འཐུང༔ ནངས་ནུབ་བྱིས་པ་ཕྱགས་མས་འདེབས༔ མི་རྣམས་བུ་དགའ་ཟེར་བ་ལ༔ སྲི་ཅན་རྣམས་ཀྱིས་ཟ་རེས་བབས༔ བུ་དགའ་ཟེར་བའི་གནས་སུ་བྱུང༔ ཁྱོད་ཀྱི་ཕ་ཡང་ངས་ཀྱང་ཟོས༔ ད་ཡང་ཁྱོད་ལ་ཟ་རེས་བབས༔ དེ་བས་སྲིང་མོ་ཆུང་མར་གནང༔ ཟེར་བ་ཐོས་པར་གྱུར་མ་ཐག༔ མིང་པོས་སྲིང་མོའི་རྩ་རུ་ཕྱིན༔ སྲིང་མོས་ཅི་ཉེས་དྲིས་པ་ལ༔ མིང་པོས་སྔར་གྱི་ལོ་རྒྱུས་བཤད༔ དེ་ནས་སྲིང་མོས་འདི་སྐད་སྨྲས༔ མིང་པོ་དེ་ལ་མ་འཇིགས་ཤིག༔ ངས་ཤིག་དེ་རུ་ཕྱིན་ནས་ཀྱང༔ ཕ་ཡི་མི་ཤ་བླང་ཞིག་ཟེར༔ ནང་གྲོས་བྱས་ནས་སྲིང་མོ་ཕྱིན༔ བུད་མེད་གཡོ་དང་ཁྲམ་ཆེ་བས༔ ཆུང་མར་བྱས་ནས་ཁ་བསླུ་བྱས༔ ཅི་ལ་འཇིགས་ཞེས་དྲིས་པ་ལས༔ སྡེ་བརྒྱད་ཡོངས་ལ་ང་མི་འཇིགས༔ ཐོག་རྗེས་བཙན་ལ་ང་རེ་འཇིགས༔ བརྔན་པ་བྱིན་ནས་གསོད་དུ་བཅུག༔ ཐོག་རྗེས་བཙན་པོས་འཕྲང་ལ་བསྒུག༔ འགྱུར་བ་མེད་པ་སྲི་དང་འཕྲད༔ མདའ་རྒྱབ་དཔྲལ་བའི་དབྱིངས་སུ་ཐེབས༔ ཆུང་མས་ངུ་བརྫུ་བྱས་ནས་དྲིས༔ ཁྱོད་ལ་སུས་བརྒྱབ་མི་འཆི་འམ༔ ང་ཡི་བློ་གཏད་སུ་ལ་འཆོལ༔ ཟེར་ཞིང་མཚང་ནས་བྲུས་པ་ལ༔ སྲི་ཡིས་བདེན་སྙམ་སྙིང་གཏམ་སྨྲས༔ མ་ངུ་ང་ནི་མི་འཆི་ཡི༔ བླ་རུ་བྱིས་ཆུང་བདུན་ཡོད་པས༔ བྱིས་ཆུང་དེ་རྣམས་མ་ཤི་ན༔ ཁོ་བོ་བསད་ཀྱང་འཆི་རེ་ཀན༔ དེ་སྐད་ཟེར་ཞིང་སྙིང་གཏམ་བཤད༔ ཆུང་མས་ཡང་ཅིག་ཁ་བསླུ་བྱས༔ བླ་ཡི་བྱིས་ཆུང་བདུན་པོ་དེ༔ གང་ཟ་གང་འཐུང་གང་དུ་ཉལ༔ ཅིར་བརྫུ་འབོད་ན་གང་ནས་འབོད༔ འབོད་པའི་རྫས་ནི་ཅི་ཞིག་ཡིན༔ དེ་སྐད་བྱས་པས་འདི་སྐད་ཟེར༔ བླ་ཡི་བྱིས་ཆུང་བདུན་པོ་དེ༔ ཉིན་མོ་གངས་ཀྱི་ལྟོངས་སུ་ཉལ༔ ནུབ་མོ་རྒྱ་མཚོའི་གཏིང་དུ་ཉལ༔ འབོད་ན་རྒྱ་མཚོའི་གཏིང་ནས་འབོད༔ ལྕི་བ་སེར་གའི་དུད་པ་དང༔ མི་རྐང་གླིང་བུའི་སྒྲ་དང་བཅས༔ སྲི་སྐད་ལན་གསུམ་བོས་ན་འོང༔ དེ་ལྟར་བྱས་ན་ནམ་ཕྱེད་ནས༔ ཡོང་ངོ་ཟེར་ཏེ་རྩོལ་བ་བྱས༔ རིན་པོ་ཆེ་ཡི་བྱིའུ་ཆུང་བདུན༔ རྒྱ་མཚོ་དེ་ཡི་འགྲམ་དུ་བྱུང༔ ཡས་གཟུང་དེ་ནི་མགོ་ནས་བཟུང༔ མས་གཟུང་དེ་ནི་རྐང་ནས་བཟུང༔ ར་ཁྱི་ཕག་གསུམ་ཐོད་པར་བཅུག༔ བལ་ཚོན་སྣ་ལྔས་རྒྱ་ཆིངས་བྱས༔ རྡོ་རྗེ་རྒྱ་གྲམ་འོག་ཏུ་གནན༔ དེ་ཡིས་སྲི་ཡི་བླ་གཅིག་བསད༔ དེ་བྱས་དེ་ཐུབ་གནོན་པ་ཡིན༔ ཞེས་རྟ་ལ་བསྐྱོན་ནས་བཏང་། དེ་ནས་བྲུབ་ཁུང་བསྐྱེད་པ་ནི། ཨེ་ལས་བྲུབ་ཁུང་འདི་ཉིད་ལྕགས་སྲེག་གི་ཁང་སྒྲོམ། ལས་ཀྱི་གཤིན་རྗེའི་བཙོན་ཁང་། རྔམས་ནག་ལ་གཏིང་རིང་བ། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སླེབས་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་དཔུང་འབར་བ། གཏི་མུག་གི་མུན་པ་གཏིབས་པ། ང་རྒྱལ་གྱི་བྲག་རིས་གཏམས་པ། ཕྲག་དོག་གི་རླུང་དམར་འཚུབས་པ། དུག་དང་ནད་ཀྱི་ན་བུན་འཐིབས་པ། དེའི་ནང་དུ་ཏྲི་ལས་དམ་སྲི་ནག་ལ་ཧམ་པ། སྔོ་ལ་རིད་པ། ཤིན་ཏུ་ཉམ་ཐག་པ། གན་རྐྱལ་དུ་བསྒྱེལ་པ། མིག་ཤི་མིག་ཏུ་བལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་ཏུ་གྱུར། ལྕི་བ་སེར་གའི་དུད་པ། ར་ཤ་ར་ཚིལ། མི་རྐང་རྟ་རྐང་བསྲེགས་པའི་གསུར་དང་བཅས། བདེན་པས་འགུགས་པ་ནི། ན་མོ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །དཔལ་ཆེན་སྲི་འདུལ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །མ་ལུས་བཀའ་ཡི་བདེན་པ་དང། །ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ། །ཕྱག་རྒྱ་ལྷ་སྔགས་ཏིང་འཛིན་མཐུས། །བསྟན་འགྲོར་གནོད་བྱེད་དགྲ་བོ་དང་། །དམ་སྲི་འབྱུང་པོ་གདོན་གྱི་རིགས། ཁྱད་པར་བདུད་ཕོ་ཐོད་ཕྲེང་དང་། །མ་བདུད་གར་དབང་གཉིས་ཚོགས་བུ། །རྒྱལ་བློན་ཡུལ་ཁམས་ཕུང་བའི་སྲི། །དམ་སྲི་དགྲ་སྲི་གོད་སྲི་དང་། །སྒོས་སྲི་ཆུང་སྲི་དུར་གྱི་སྲི། །གཡལ་མོའི་གོད་སྲི་སྟང་ཕོའི་སྲི། །ཆེ་ཆུང་ཞང་ཚ་རྗེ་ཁོལ་སྲི། །མ་བུ་ཕུ་ནུ་ལྕམ་དྲལ་སྲི། །ཡོད་མེད་སྲི་སོགས་སྲི་ངན་གྱི། །བླ་སྲོག་རྣམ་ཤེས་རྟེན་འདི་ལ། ཁུག་ཅིག་སྡོམ་མྱོས་ལྷ་དང་དབྱེས། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །གནན་གཟེར་ལྟར། ཆེ་སྲི་ཆུང་སྲི། དགྲ་སྲི་གོད་སྲི། ཕུང་སྲི་དུར་སྲི། མེ་སྲི་ཆུ་སྲི། མཚོན་སྲི་དམ་སྲི་ལ་སོགས་པའི་སྲི་རིགས་ཐམས་ཅད་སྐད་ཅིག་ལ་ཛཿཛཿ ཞེས་ལན་གསུམ་བརྗོད། བཀའ་བརྒྱད་ལ་འགུགས་བྱང་འདི་ལྟར། ཧཱུྃ༔ དཔལ་ཆེན་སྲི་འདུལ་ཆེན་པོ་ནི༔ ཆེ་མཆོག་ཡོངས་རྫོགས་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས་མཛོད་ཅིག༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས་མཛོད་ཅིག༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས༴ པདྨ་གསུང་གི་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས༴ ཕུར་པ་ཕྲིན་ལས་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས༴ མ་མོ་རྦོད་གཏོང་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས༴ རིག་འཛིན་སློབ་དཔོན་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས༴ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས༴ དམོད་པ་དྲག་སྔགས་ལྷ་ཚོགས་བཞེངས༔ སྲི་ངན་འགུགས་པའི་ལས་མཛོད་ཅིག༔ ཅེས་བསྐུལ། ཡི་དམ་གཞན་ལ་རང་གཞུང་སྐབས་བབས་ཀྱི་འགུགས་བྱང་གཏང་། ཕུར་པའི་རིགས་ལ། ཧཱུྃ། བསྐུལ་ལོ་དཔལ་ཆེན་སྲི་འདུལ་ཆེ། །བསྐུལ་ལོ་ཁྲོ་རྒྱལ་ཧེ་རུ་ཀ །བསྐུལ་ལོ་བདུད་འདུལ་འཇིགས་བྱེད་ཆེ། །བསྐུལ་ལོ་རྡོ་རྗེ་གཞོན་ནུ་མཆོག །བསྐུལ་ལོ་འཁོར་ལོ་རྒྱས་འདེབས་ཡུམ། །བསྐུལ་ལོ་ཁྲོ་བཅུ་ཡབ་ཡུམ་རྣམས། །བསྐུལ་ལོ་ཁྲ་ཐབས་ཕོ་ཉའི་ཚོགས། །བསྐུལ་ལོ་ཕུར་སྲུང་དྲེགས་པ་རྣམས། །བཀའ་འཁོར་སྲུང་མ་སྡེ་བརྒྱད་བཅས། །རང་རང་སྡེར་བཅས་མཐུ་དཔུང་སྐྱེད། །བསྐུལ་ལོ་དམ་ཅན་མཐུ་མ་ཆུང་། །སྙིགས་དུས་བསྐལ་པའི་ཐ་མ་ལ། །ཐུགས་དམ་ཞལ་བཞེས་མི་དགོངས་སམ། །བདག་ཅག་དཔོན་སློབ་ཡི་ཡང་ཆད། །ཐུགས་དམ་གཉན་པོའི་དུས་ལ་བབས། །གནོད་པར་བྱེད་ན་ལྷ་ཡང་རུང་། །དམ་ལས་ལྡོག་ན་མཆེད་ཀྱང་རུང་། །མི་བྱམས་སྡང་ན་ཉེ་རིང་མེད། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲོལ། །སྔོ་ལྗང་རླུང་གི་རྟ་ལ་སྐྱོན། །མྱུར་མགྱོགས་གློག་དམར་ཤུགས་ཀྱིས་དྲོངས། །ཐར་མེད་བཙོན་དོང་ནང་དུ་ཁུག །གནོན་བྱེད་རི་རབ་ཞབས་ལ་གནོན། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཕོ་ཉ་འགྱེད་པ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ བླ་སྲོག་རྣམ་པར་ཤེས་པ་ཀུན༔ མ་ཤོར་མ་གཏང་ཁུག་ལ་ཤོག༔ བཏབ་པའི་དུས་ལས་མ་འདའ་བར༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ གནོད་བྱེད་དམ་སྲི་གདུག་ཅན་ཚོགས༔ ཐམས་ཅད་མ་ལུས་མྱུར་དུ་ཁུག༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་ཡན་ལག་ཆིངས༔ ལྕགས་སྒྲོག་ཅན་གྱིས་དྲྭ་བར་ཆུགས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས༔ ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ༔ བསྐལ་པའི་མུན་པས་མདུན་ནས་སུས༔ སྐད་ཅིག་ཐང་ཅིག་ཡུད་ཙམ་ལ༔ རང་དབང་མེད་པར་ཁུག་ལ་ཤོག༔ ཅེས་ཕོ་ཉ་བསྐུལ། གང་ལའང་རིན་ཆེན་ཀུན་འདུས་ལྟར། སྲི་མོ་དགའ་ཡིན་དགའ་ཡིན་ཤོག །སྲི་མོ་རྒོད་ཀྱིན་རྒོད་ཀྱིན་ཤོག །སྲི་མོ་འདུར་གྱིན་འདུར་གྱིན་ཤོག །དོ་ནུབ་ཙམ་ལས་དགའ་བ་མེད་དོ་ཤོག །དོ་ནུབ་ཙམ་ལས་གཞའ་བ་མེད་དོ་ཤོག །དགའ་འོ་གཞའ་འོ་ཡོད་དོ་ཤོག །བྲོ་བརྡུང་གླུ་ལེན་བྱེད་དུ་ཤོག །རི་རབ་ཟས་སུ་ཟ་རུ་ཤོག །རྒྱ་མཚོ་སྐོམ་དུ་འཐུང་དུ་ཤོག །འཇའ་ཚོན་ལུས་ལ་གོན་དུ་ཤོག །འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག །དུང་ཁང་ནང་དུ་ཉལ་དུ་ཤོག །གཞལ་ཡས་ཁང་ལ་བལྟ་རུ་ཤོག །སྤོས་བསུར་དུད་པ་སྣོམ་དུ་ཤོག །སྲི་ཤ་ཁམ་གཅིག་ཟ་རུ་ཤོག །སྲི་ཟན་སྦང་ཟན་ཟ་རུ་ཤོག །སྲི་ཆང་ཧུབ་གཅིག་རྔུབ་ཏུ་ཤོག །སྲི་ཡོས་སུན་གཅིག་འགམ་དུ་ཤོག །དེ་ནས་འབོད་པའི་སྔགས་ནི། སྲི་མཱ་ར་ཡ་མཱ་ར་ཡ་ཤོག་ཤོག །སརྦ་ཛ་ཏྲི་ནི་ཛཿཤོག །སྲི་མོ་གུང་གུང་ཤོག །ཀ་ཏྲི་ནི་ཛཿཤོག །ཤན་ཏྲི་ནི་ཛཿཤོག །ན་ཏྲི་ནི་ཛཿཤོག །སུ་ཏྲི་ནི་ཛཿཤོག །དན་ཏྲི་ནི་ཛཿཤོག །སྲི་མོ་གུང་གུང་ཤོག །སྲི་མཱ་ར་ཡ་ཤོག །ཅེས་དང་། ཕུར་པ་ལ་འགུགས་སྔགས་ཐུན་མོང་མ་ཡིན་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ དམ་སྲི་ཛ་ཛཿ སྙིང་རྩ་ལ་ཡཾ་ཡཾ༔ དམ་སྲི་ཛ་ཛཿ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ དམ་སྲི་ཛ་ཛཿ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་ཤད་ཛ༔ དམ་སྲི་ཛ་ཛཿ ཐུཾ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱགས་མྱགས༔ དམ་སྲི་ཛ་ཛཿ སོད་སོད་དྷ་དྷི་མ་མ་ཀརྨ༔ ཤི་གྷྲཾ་ཀ་ར་ཡེ༔ མ་ར་ས་ནི༔ པྲ་མར་དྷ་ན་ཡེ་ཧཱུྃ༔ དམ་སྲི་ཛ་ཛཿཁུག །ཅེས་དང་། བླ་འགུགས་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྲི་ངན་ཛཿཧཱུྃ་བཾ་ཧོཿ སྲི་ངན་གྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུཾ་ཐུཾ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ལིང་། མྱོགས་ལིང་། ཤག་ལིང་། ཐུམས་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་པ་རྣམས་སྐབས་སུ་གང་བབས་བརྒྱ་སྟོང་སོགས་བུངས་བསྐྱེད་ལ་བཟླ། དམིགས་པ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས། སྤྲུལ་པའི་ཁྲོ་བོ་ཁྲོ་མོ། ཕོ་ཉ་དཔག་ཏུ་མེད་པ་འཕྲོས། ཕོ་སྲི་གཡག་དཀར་པོའི་རྣམ་པ། མོ་སྲི་ཁྱི་མོ་ནག་མོའི་ཚུལ་སོགས་གོང་གསལ་ལྟར་ལ། རི་བོའི་རྩེ། རྒྱ་མཚོའི་འགྲམ། འཇིག་རྟེན་ཁམས་གར་གནས་ཀྱང་སྲི་ངན་རྣམས་བྱེའུ་ཁྲས་འདེད་པ་ལྟར་བཀུག་ནས་གཟུགས་ལ་བསྟིམ། ༈ ཡང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ལས་ཁྲོ་བོ་འདོད་རྒྱལ་ལྕགས་ཀྱུ་དང་། སྒོ་མ་བཞི་རང་མིང་གི་མཚོན་ཆ་འཛིན་པ་དཔག་མེད་སྤྲོས་ཏེ། སྲི་ཆུང་བཅུ་གསུམ་གཙོ་བོར་གྱུར་པའི་གདོན་བགེགས་གནོད་བྱེད་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་གང་དུ་གནས་ས་ནས། ལྕགས་ཀྱུས་སྙིང་ཕུག །ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གི་དྲྭ་བར་བཅུག །དྲིལ་བུས་མྱོས་པར་བྱས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ནས། ལས་ཀྱི་རླུང་གི་འཁོར་ལོ་ལ་བསྐྱོན་ཏེ་རང་དབང་མེད་པར་མྱུར་སྟབས་སུ་བཀུག་སྟེ་གཟུགས་ལ་དབང་མེད་དུ་གྱུར་ནས། བྱད་ཐག་གིས་གྲུ་གུ་ལྟར་བཅིངས། ལུས་ངག་ཡིད་གསུམ་ཤིན་ཏུ་ཉམ་ཐག་པ་ལ་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྕི་བས་མནན་ཏེ། བདག་མདུན་གཟི་བརྗིད་ཀྱི་མཐུས་འགུལ་བ་ཙམ་ཡང་མི་ནུས་པར་བསམ། སྔགས་ཚན་རེ་དང་གོང་འོག་དམིགས་པ་གང་རིགས་རེ་སྦྲགས་ནས་བརྒྱ་འགྲོ་བར་བྱ། སྲི་རྣམས་བྲེད་ཅིང་འདར་ཧམ་ཧམ་དཀྱིལ་འཁོར་དང་སློབ་དཔོན་ལ་གསོལ་བ་བཏབ་པར་མོས་ལ། སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ༔ བདེ་ཆེན་འདུ་འབྲལ་མེད་པའི་ཐུགས༔ དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ༔ ལུས་ངག་ཡིད་གསུམ་ཕྱག་བགྱིད་དོ༔ དེའི་ལན་དུ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ དུས་འདི་ཉིད་དུ་སྲི་རྣམས་བྱུང༔ རྣལ་འབྱོར་ང་ཡི་གཤེད་མར་བྱུང༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱིས༔ གསང་བའི་གནས་འདིར་འདུས་ཚོགས་ཤིག༔ ཏྲི་བཛྲ་ཨངྐུ་ཤ་ཛཿཛ༔ གནོད་པར་བྱེད་པའི་ཕུང་སྲི་འདི༔ ཚེ་རབས་སྔ་མའི་ལན་ཆགས་ཀྱིས༔ སངས་རྒྱས་བསྟན་པ་འདི་ཡིས་བཤིག༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་ཕྲོགས༔ ཡོན་མཆོད་རྣམས་ལ་གནོད་པའི་བགེགས༔ སྡང་བའི་དགྲ་དང་གནོད་པའི་སྲི༔ སྐད་ཅིག་ཙམ་གྱིས་འདུལ་བའི་ཕྱིར༔ གྲུ་གསུམ་འབར་བ་འདིར་གསོལ་ཅིག༔ ད་ལྟ་ཉིད་དུ་མཆིས་པར་གྱུར༔ ནོར་གྱིས་དོགས་ནས་མིང་རུས་བྲི༔ བརླག་གིས་དོགས་ནས་ལིངྒ་བྱས༔ ཟག་གིས་དོགས་ནས་ཐོད་པར་བཅུག༔ ཁྱོད་ཀྱི་རྫུ་འཕྲུལ་བརླག་བྱའི་ཕྱིར༔ ད་ལྟ་ཉིད་དུ་འདིར་སོང་ཞིག༔ ན་མོ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །དཔལ་ཆེན་སྲི་འདུལ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །མ་ལུས་བཀའ་ཡི་བདེན་པ་དང། །ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ། །ཕྱག་རྒྱ་ལྷ་སྔགས་ཏིང་འཛིན་མཐུས། །བསྟན་འགྲོར་གནོད་བྱེད་དགྲ་བོ་དང་། །དམ་སྲི་འབྱུང་པོ་གདོན་གྱི་རིགས། ཁྱད་པར་བདུད་ཕོ་ཐོད་ཕྲེང་དང་། །མ་བདུད་གར་དབང་གཉིས་ཚོགས་བུ། །རྒྱལ་བློན་ཡུལ་ཁམས་ཕུང་བའི་སྲི། །དམ་སྲི་དགྲ་སྲི་གོད་སྲི་དང་། །སྒོས་སྲི་ཆུང་སྲི་དུར་གྱི་སྲི། །གཡལ་མོའི་གོད་སྲི་སྟང་ཕོའི་སྲི། །ཆེ་ཆུང་ཞང་ཚ་རྗེ་ཁོལ་སྲི། །མ་བུ་ཕུ་ནུ་ལྕམ་དྲལ་སྲི། །ཡོད་མེད་སྲི་སོགས་སྲི་ངན་དང༔ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ སྙིང་ནས་ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད༔ མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོ༔ གུ་གུལ་གྱིས་བདུག་ཅིང་ཐུན་བྲབ་ལ། ཛ༔ གུ་གུལ་སྦྱར་བས་སྲི་བདུགས་པས༔ གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག༔ ཆང་དང་དུག་ཁྲག་སྣ་ཚོགས་པ༔ དྲག་པོའི་དམར་གཏོར་མཚོན་དབལ་བརྡར༔ ལྕགས་ཟངས་འཁར་སྒོང་སྐེ་ཚེ་དང༔ དཀར་ནག་ཡུངས་དཀར་ཐུན་བྲབ་པས༔ གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག༔ ཨོཾ་སརྦ་ཛ་ཏྲི་ནི་ཧཱུྃ་ཛ༔ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་དནྟྲི་ནི་ཧཱུྃ་ཛ༔ ཀུཾ་ཀུཾ་ཛཿཛཿཛཿཧཱུྃ༔ ཞེས་བཟླས་པ་འདི་ལ་གོང་གི་དམིགས་པ་བཅས་ནན་ཏན་འབད། སྔགས་འདི་འདྲ་མིན་མང་ཡང་བྱང་གཏེར་ཕུར་པ་ལྟར་བཀོད་པ་ཡིན། གནན་པའི་གཟེར་ཁ་ལྟར་ན། ཨོཾ་སརྦ་ཏྲི་ནི་ཧཱུྃ་ཛ༔ སུ་ཏྲི་ནི་ཧཱུྃ་ཛ༔ ཤན་ཏྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་ཧཱུྃ་ཛ༔ ནི་ཏྲི་ནི་ཧཱུྃ་ཛ༔ གྲུམ་གྲུམ་གྲུམ་ཛ་ཛ་ཛ༔ ཞེས་པའང་གང་འགྲུབ་བཟླ། ཐུན་མཐར་གཏོར་འབུལ་སྤྱི་འགྲོའམ་མཆོད་བསྟོད་བྱ། ཁྲོ་བོ་འབར་བའི་ཚོགས་རྣམས་ཀྱིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་བཞིན་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཅེས་ཕྲིན་བཅོལ་བརྗོད། དེ་ནས་ཐུན་གཞན་རྣམས་མངོན་རྟོགས་ཉུང་ངུའི་བདག་བསྐྱེད་བཟླས་པ་བརྒྱ་ཙམ་བྱ། གསེར་སྐྱེམས་འབུལ། མཁྱེན་གཟུ་མི་དགོས། སྲི་རབས་ཕྱིན་སྔར་བཞིན་གཏང་ལ་ཉིན་མཚན་ཐུན་དྲུག་གམ་བཞིའམ་གསུམ་སོགས་ཁུག་རྟགས་མ་བྱུང་བར་བྱ། དགོང་མོ་ཆད་བརྟན་སོགས་ལས་བྱང་གི་རྗེས་རྣམས་དཀྱུས་ལྟར་བྱའོ།། ༈ །ཁུག་རྟགས་བྱུང་ནས་འགུགས་སྔགས་རྣམས་ཉུང་ཙམ་བྱས་པའི་མཐར་གཟིར་ཞིང་གཅུན་པ་ནི། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དམིགས་བྱ་རྣམས་ལ་ཕོག །བ་མོ་ལ་ཉི་ཟེར་ཕོག་པའམ། མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཀྲག་མདངས་ཉམས། བདག་མདུན་དང་བྲུབ་ཁུང་གི་རྩང་རྣམས་བཤན་པ་ཕོ་མོའི་ངོ་བོར་གསལ་བའི་ཞལ་ནས་སྔགས་སྒྲ་དིར་རི་རི་བཟླས་པས། དྲག་སྔགས་ཀྱི་འོད་ཟེར་མེ་ལྕེ་རྣོ་ངར་དང་ལྡན་པའི་མཚོན་ཆའི་རྣམ་པར་འཕྲོས་ཏེ། ལུས་ཀྱི་ཡན་ལག་ནང་ཁྲོལ་རྣམས་གཅད་གཏུབ་བྱས་ཏེ་ལོ་ཏོག་སེར་བས་བཅོམ་པ་ལྟར་གྱུར། ཡང་དུག་གིས་འཚུབ་ཅིང་ནད་ཀྱིས་གཟིར་ནས་དབང་པོ་ཉམས་ཤིང་རྣམ་ཤེས་ཏྲི་མར་མེ་འཆི་ཁའི་འོད་ལྟར་ནག་ཀེམ་ཀེམ་པ་དེ་ཡང་ཐུམས་སེ་བསད་པར་བསམ་ལ། བཀའ་བརྒྱད་ལ་དྲག་སྔགས་སོ་ལྔ་པས་མཚོན། ཡི་དམ་སོ་སོའི་གསད་ཐུན་གྱི་སྔགས་བཟླ། ཐུན་རྫས་ལའང་ངར་གདགས། ཕུར་པ་ལ་སྒོས་ཀྱི་སྔགས་དམིགས་ཟབ་གནད་ནི། རྡོ་རྗེ་གཞོན་ནུ་སྐུ་སྨད་ཁྲོ་ཕུར་ལྕགས་སྲེག་གི་རང་བཞིན་ཏེ། དམིགས་བྱའི་སྤྱི་གཙུག་ཏུ་བཏབ། རྐང་མཐིལ་ནས་ཕྱུངས། ལྕེ་སྟེང་ནས་ཨོག་མར་ཕྱུངས། སྙིང་གར་ཐོག་བརྒྱབ་པ་ལྟར་སོང་བས་སྲོག་རྩ་ཐལ་བར་བཏང་། ཡང་དགྲ་བོའི་སྒོ་གསུམ་བྱ་སྒྲོ་མེ་ལ་བསྲེགས་པའམ། གཞོབ་བརྫིས་པ་ལྟར་ཐལ་བ་བུན་སོང་ནས། ཕུར་པའི་ཆར་རྒྱུན་མ་ཆད་པར་བབས། རྗེས་མེད་རྩ་ལག་ཕུང་ཐལ་དུ་སོང་བར་བསམ་ལ། ལུས་ངག་ཡིད་གསུམ་སྒྲོལ་བའི་དམིགས་པ་བསྒོམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ༔ དམ་སྲི་མཱ་ར་ཡ་སོད། སྙིང་རྩ་ལ་ཡཾ་ཡཾ༔ དམ་སྲི་མཱ་ར་ཡ་སོད། སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ དམ་སྲི་མཱ་ར་ཡ་སོད། སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང༔ སྙིང་ཁྲག་ཤད་ཛ༔ དམ་སྲི་མཱ་ར་ཡ་སོད། ཐུམ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱགས་མྱགས༔ དམ་སྲི་མཱ་ར་ཡ་སོད། སོད་སོད་དྷ་དྷི་མ་མ་ཀརྨ༔ ཤི་གྷྲཾ་ཀ་ར་ཡེ༔ མ་ར་ས་ནི༔ པྲ་མར་དྷ་ན་ཡེ་ཧཱུྃ༔ དམ་སྲི་མཱ་ར་ཡ་སོད་ཕཊཿ ཅེས་བཟླས་ལ་ཐུན་བརྡེག །ཐུགས་དམ་དྲག་ཏུ་བསྐུལ་བ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་ཚོགས༔ སྲས་དང་སྲུང་མ་དམ་ཅན་རྣམས༔ སྐུ་ནི་འཇིགས་གཟུགས་སྟོང་ཁམས་ཁྱབ༔ གསུང་ནི་དྲག་སྔགས་འབྲུག་སྟོང་ལྡིར༔ ཐུགས་ནི་ཆོས་དབྱིངས་སྐྱེ་བ་མེད༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འཚུབས༔ ཡེ་ཤེས་མཚོན་ཆ་སྐར་ལྟར་འཁྲུགས༔ དམ་སྲི་ལས་ངན་སྡིག་ཅན་ལ༔ རྡོ་རྗེ་ཕུར་པ་ཐོག་ལྟར་འབེབ༔ ཡུངས་ཐུན་དྲག་པོ་རྦབ་ལྟར་འགྲིལ༔ ཁྲག་ཐུན་དུག་རླངས་མཚོ་ལྟར་ཁོལ༔ མཚེ་དང་མདའ་ཟོར་རླུང་ལྟར་འཚུབས༔ མཚོན་ཆའི་རྣོ་དབལ་མེ་ལྟར་འབར༔ གཏོར་ཟོར་དྲག་པོ་ཐོག་ལྟར་རྒྱོབ༔ ཁྲོ་རྒྱལ་ལྷ་ཚོགས་མཐུ་མ་ཆུང༔ ལས་མཁན་སྲུང་མ་རྩལ་མ་ཞན༔ ཐུན་དང་མཚོན་ཆ་དབལ་མ་བརྟུལ༔ དུག་ཁྲག་ནད་རླངས་མཚོན་ཆ་དང༔ ཐུན་རྫས་རྡོ་རྗེའི་མེ་ཆར་ཕོབ༔ དམ་སྲིའི་ལུས་ངག་ཡིད་ལ་གཟིར༔ དམིགས་པའི་དགྲ་བགེགས་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་མདུན་གྱི་ནམ་མཁར་བྱོན་ནས་མཚོན་ཆ་ཐུན་རྫས་སྣ་ཚོགས་ཆར་ལྟར་ཕབ་ནས་དམ་སྲི་དེ་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ། བསྐུལ་པ་འདི་ཡི་དམ་གཞན་ལ་ཁ་བསྒྱུར་ན། ཧཱུྃ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་དང་། །འཁོར་ཚོགས་བཀའ་སྡོད་ཕོ་ཉར་བཅས། །སྐུ་ནི་འཇིགས་གཟུགས་སོགས་བསྒྱུར་བས་ཆོག་གོ །དེ་ནས་ཤགས་གདབ་འདི་ལྟར་བྱ། ཧཱུྃ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །ཕོ་ཉ་ལྕགས་ཀྱུས་མི་འགུགས་རྒྱུ། །ངན་སོང་གསུམ་དུ་འཁྱམ་ལ་དགའ། །རྒྱབ་རྟེན་དབང་དུ་མི་བསྡུ་རྒྱུ། །སྡིགས་པའི་གྲོགས་པོར་ལྟུང་བ་ཕོག །ཕྱག་རྒྱའི་དྲྭ་བས་མི་བཅིང་རྒྱུ། ཁྱོད་ཀྱི་ལུས་སེམས་སྡོད་མི་ཉན། །ལིང་གའི་རྟེན་ལ་མི་བསྟིམ་རྒྱུ། །བག་ཆགས་ངན་པའི་རྟེན་མ་བྱུང་། །རྣོན་པོ་རྩང་གིས་མི་བསྐོར་རྒྱུ། །དམ་སྲི་ཕུང་སྲི་འགྲོ་ལ་དགའ། །ཡེ་ཤེས་ཕུར་པ་མི་འདེབས་རྒྱུ། །ངན་སོང་གནས་སུ་གཞོལ་ལ་དགའ། །ཤེས་རབ་རལ་གྲིས་མི་གཏུབ་རྒྱུ། །གཏི་མུག་མུན་པར་འཁྱམ་པར་འགྱུར། །ཐུན་རྫས་རྣམས་ཀྱིས་མི་བྲབ་རྒྱུ། །ལུས་སེམས་རྡུལ་དུ་འགྲོར་མ་ཉན། །དུག་ཆུ་ཁོལ་མས་མི་སྦྱང་རྒྱུ། །ཡེ་ནས་ཉོན་མོངས་དུག་གིས་གཟིར། ཁྲོ་བོའི་ཞལ་དུ་མི་སྟོབ་རྒྱུ། །གཟུགས་ཕུང་ཤ་ཁྲག་རུས་པའི་རྒྱུ། །དེ་ནས་བཀའ་ལས་མ་འདས་རྒྱུས། །ཕྱིན་ཆད་ངན་སོང་འགགས་པར་བྱེད། །ཅེས་བརྗོད། ཐུན་གཏོར་རམ་མཆོད་བསྟོད་སྔར་ལྟར་འགྲེ། དེ་ལྟར་ཞག་གྲངས་ཇི་ཙམ་བྱེད་ཀྱང་དང་པོ་འགུགས་པའི་སྔགས་དམིགས་ལ་འབད། ཁུག་རྟགས་བྱུང་ནས་གཟིར་བ་ལ་འབད་དོ།། ༈ །།གསུམ་པ་རྗེས་ལས་ཀྱི་གཟེར་ཁ་གདབ་པ་ནི། རྟགས་རྫོགས་པའམ་ཞག་གྲངས་ཚང་བའི་དགོང་མོའི་ཆ་ལ་བབས་པ་ན་གནན་པའི་ལས་བྱ་སྟེ། ལས་བྱང་བཟླས་པ། སྲུང་མའི་གཏོར་འབུལ། ཚོགས་བསྟབ་པ་བསྐང་བཤགས་ཡན་གྲུབ་པ་དང་། གནན་ལིང་དང་དམར་བྱང་སྤགས་ནས་བཤམ། བསྐུལ་པ་གསེར་སྐྱེམས་ནས་གཟུང་ཡི་དམ་སོ་སོའི་གདབ་ལས་ཞལ་བསྟབ་ཡན་རྒྱས་པར་བྱ་བའི། ཕུར་གདབ་ཀྱི་གོང་དུ་འོག་ནས་འབྱུང་བའི། ཧཱུྃ༔ སྲི་ལས་སྣ་འདྲེན་ཆེ་བ་མེད༔ ཅེས་པ་ནས། པ་ཙ་པ་ཙ་ཧཱུྃ་ཕཊ༔ཀྱི་བར་བླངས་ལ་ཕུར་པ་གདབ། གོང་དུ་འབྱུང་བའི། ཛ༔ གུ་གུལ་སྦྱར་བས་སྲི་བདུག་པ༔ སོགས་ཀྱི་བདུག་པ་དང་ཐུན་རྡེག །ཞལ་བསྟབ་རང་གཞུང་དེའི་འཕྲོས་སུའམ། ཡང་ན་འདི་ཁོ་ནས་ཀྱང་ཆོག་སྟེ། ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ སྲི་ཅན་གྱི་ནི་རྫུ་འཕྲུལ་དང༔ ལོག་འདྲེན་གདུག་པའི་ལྟས་ངན་རྣམས༔ ཐམས་ཅད་རྡུལ་དུ་བརླག་བྱའི་ཕྱིར༔ དེ་དག་མ་ལུས་བསྒྲལ་ནས་ཀྱང༔ དཔལ་ཆེན་འབར་བའི་ཞལ་དུ་བསྟབ༔ མ་མོ་མཁའ་འགྲོའི་ཞལ་དུ་བསྟབ༔ ཆོས་སྐྱོང་སྲུང་མའི་ཞལ་དུ་བསྟབ༔ བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ ཞེས་དང་བསྟབ་པའི་སྔགས་བརྗོད། དེ་ནས་ལིང་གའི་ཏྲི་བཅག་ལ་མགོ་པུས་མོའི་བར་དུ་ལྟེབས། གཡས་ཀྱིས་གཡོན་མནན་ལ། མཐའ་ནས་དྲིལ་ལ་ཅི་བདེར་ལྟེབས། ཐུན་རྫས། ཡོས་ཚིག །ཐལ་ཆེན། གཏང་མེད་ཀྱི་མུན་པ། ཐར་མེད་ཀྱི་གཏིང་རྡོ་དང་བཅས་བྲུབས་ལ་དུག་ཁྲག་གིས་ཁྲམ་བཏབ། ཟབ་གནད་བྱེད་ན་ཚོན་སྐུད་སེར་པོ་ལ། བཛྲ་ཏི་རི་བི་རི་ཕུད། དམར་པོ་ལ། ཁ་ལ་རཀྴ་རྦད། སྔོན་པོ་ལ། དན་ཏི་རྦད་སུ་རྦད། དཀར་པོ་ལ། ལོ་ཤི་ཁ་དུ་འབྱུང་བ་ཏིག་ན་ནན། ནག་པོ་ལ། ཟླ་སྲི་པྲ་ཤ་སོད་ཧཱུྃ། ཞེས་ཚོན་སྐུད་རེ་ལ་བརྒྱ་རྩ་རེ་བཏབ་སྟེ། སྡེ་བརྒྱད་ཀྱི་བྱད་ཐག་ཏུ་བསམ་ལ་གྲུ་གསུམ་དུ་བཅིངས་ནས་གནན་ཐོད་གང་ཡིན་དེར་བཅུག་ལ་གླད་ཁུང་ནང་བ་ར་རྟའི་འོ་མའི་ཐལ་སྐྱོ། མི་ཁའི་རྫས་དང་བ་ཚྭ་ལན་ཚྭ་བུལ་ཏོག་རྣམས་ཀྱིས་བཀང་། སྔོན་གྱི་ཕྱག་ལེན་དུ། སྨན་སྣ། དར་སྣ། རིན་ཆེན་ཕྱེ་མ། ཐུན་ལྷག །མཆོད་རྟེན་རྙིང་པའི་རྨང་གི་ས་རྣམས་ཀྱིས་བསྐང་བའང་བཤད། སྣ་ཚོགས་རྡོ་རྗེའི་ཐེའུའི་རྒྱས་གདབ། དེ་རྒྱབ་ཕུང་རེའམ་ཡུགས་སའི་ཤ་གོས་ཀྱིས་དྲིལ། རོ་སྐྲ་ར་ཁྱིའི་སྤུའི་སྐུད་པ། ཚོན་སྐུད་སྣ་ལྔས་ཕྱིན་ཀ་ལོག་ཏུ་བཅིངས་པ་ལ་བ་ཚྭ་བུལ་ཏོག་བསྲེས་པའི་ཐལ་དཀར་ལ་ཁྲོ་ཞལ་ལམ་རྡོ་རྗེ་རྒྱ་གྲམ་གང་རིགས་ཀྱི་རྒྱས་གདབ། སེ་སྐྱེར་འོམ་གསུམ་གྱི་རྩང་བསྣོལ་མར་གཟུག །གནན་ཆས་དེ་དག་བྱ་བའི་ཚེ་དམིགས་པ་ནི། ཕུང་སྲི་དེ་ཉིད་དབང་པོ་ཉམས་ཤིང་འགྱུ་བ་བྲལ་ནས་འགུལ་བ་ཙམ་ཡང་མི་ནུས་ཤིང་། བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་བརྒྱད་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་པས་མཚན་པ་གཡོན་སྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བར་བདེ་བའི་ངང་དུ་དྲན་མེད་དུ་བརྒྱལ་བར་བསམ་ལ། ཡི་དམ་སོ་སོའི་དྲག་སྔགས་དང་། ཕུར་པ་ལ་དྷཱ་ཏིའི་གཤམ་དུ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཨོཾ་སརྦ་ཛ་ཏྲི་ནི་རྦད་ནན། ན་ཏྲི་ནི་རྦད་ནན། སུ་ཏྲི་ནི་རྦད་ནན། ཤན་ཏྲི་ནི་རྦད་ནན། ཀ་ཏྲི་ནི་རྦད་ནན། དན་ཏྲི་ནི་རྦད་ནན། གྲུམ་གྲུམ་གྲུམ་ཛ་ཛ་ཛཿ རྦད་ནན་མཱ་ར་ཡ་ཕཊཿ པ་ར་བི་དན་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཅེས་དྲག་ཏུ་བཟླ། དེ་ལྟར་གནན་ཆས་ཟིན་ནས་ཐོད་པ་དེ་བྲུབ་ཁུང་དུ་བཞག །མཐའ་མཚོན་ཆས་བསྐོར་ལ་འདི་སྐད་གྱེར་རོ། །ཀྱཻ༔ སྔོན་གྱི་ལས་ངན་བསགས་པ་ཡིས༔ ད་ལྟ་ལུས་ངན་བླངས་པ་ཡིན༔ སྲི་ཅན་འཁོར་དང་བཅས་པ་ཡི༔ རིགས་ནི་ཡི་དྭགས་རྫུ་འཕྲུལ་ཅན༔ ལས་ནི་ངན་དགུ་དུག་བཅུ་སྤྱོད༔ ཐལ་བའི་མདོག་ལ་སྐྲ་གཟེང་སྐྱེས༔ བོངས་ཆུང་མགོ་ཆེ་བཞིན་མི་སྡུག༔ ལྟས་ངན་རྟགས་སུ་ཡ་སོ་རྟོལ༔ སྔོན་ནས་སེམས་ལ་གདུབ་རྩུབ་འཆང༔ ལས་ངན་བྱས་པས་གྲུབ་པ་ཡིན༔ ཁྱོད་ཕ་ཡི་སྲི་ལ་བུ་ཡི་སྲི༔ ཆེ་ཡི་སྲི་ལ་ཆུང་གི་སྲི༔ ནོར་གྱི་སྲི་ལ་ཕྱུགས་ཀྱི་སྲི༔ རྒྱལ་པོའི་སྲི་ལ་བློན་པོའི་སྲི༔ བསྟན་པ་གཉན་པོ་ཁྱོད་ཀྱིས་བཤིག༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད༔ རྡོ་རྗེ་སློབ་དཔོན་སྐུ་ལ་དགྲ༔ ཐེག་ཆེན་ཆོས་ལ་ཁྱོད་ཀྱིས་སྨད༔ སེམས་ཅན་ཡོངས་ལ་གནོད་པ་བྱས༔ རྣལ་འབྱོར་པ་ཡི་ཚེ་བདུད་བྱས༔ བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང༔ བརྗེད་ཀྱི་དོགས་ནས་ལིང་ག་བྱས༔ ནོར་གྱི་དོགས་ནས་མིང་རུས་བྲིས༔ བྲོས་ཀྱི་དོགས་ནས་ལྕགས་སྒྲོག་བརྒྱབས༔ མཚོན་ཆ་རྣམས་ཀྱིས་བསྐོར་ལ་བཞག༔ ཕོ་ཉ་རྣམས་ཀྱིས་འགུགས་འདྲེན་བྱས༔ རཀྟ་ཁོལ་བའི་རྦ་ལ་གཡེངས༔ ཡུངས་དཀར་སྦྱར་བའི་ཐུན་གྱིས་བྲབ༔ གུ་གུལ་དུད་པ་སྦྱར་བས་བདུག༔ སྐྱེར་པའི་ཚེར་མས་སྙིང་ལ་གཟེར༔ རེ་བ་ནག་པོའི་ཐུམ་གྱིས་བསྟུམས༔ ཚོན་སྐུད་སྣ་ལྔས་རྒྱ་ཆིངས་བྱས༔ སོ་སོའི་སྲི་ཐོད་ནང་དུ་བཅུག༔ ཀླད་ཁུང་ལ་ཆའི་རྒྱལ་ཡིས་བཏབ༔ སྙིང་རྗེ་མེད་པའི་ལག་ཏུ་གཏད༔ སྲི་ཁུང་གྲུ་གསུམ་ནང་དུ་བྲུབ༔ འཇིག་རྟེན་ཁམས་འདི་མ་ཞིག་བར༔ ནམ་ཡང་ཐར་པའི་སྐལ་པ་མེད༔ ཞེ་སྡང་སེམས་ཀྱིས་མི་གནན་ཏེ༔ བྱམས་དང་སྙིང་རྗེས་གནན་པར་བྱ༔ ནམ་ཞིག་བྱང་ཆུབ་སེམས་བསྐྱེད་ནས༔ ཡི་གེ་ཧཱུྃ་ལ་བརྫུས་ལ་ཤོག༔ སྐབས་འདིར་ཐོད་དབང་བསྐུར་བའི་དམིགས་པ་བྱ་སྟེ། བདག་མདུན་གྱི་ལྷ་རྣམས་དང་། རང་བཞིན་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེག་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས་ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ། དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་བསམ་ཞིང་། དྲིལ་ཆས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་དང་ཐོད་གནོན་རྣམས་ཀྱང་གཤིན་རྗེ་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་བསྲུང་བར་བསམ་པའི་གསལ་འདེབས་ནན་ཏན་བྱའོ། །དེ་ནས་གནན་པའི་ས་ནི། སྲིད་པ་གཏེར་ཁྱིིམ། རྡོ་རྗེ་གཙུག་ལག །ཀིང་ཀང་དུག་རི་སོགས་ལས་གསུངས་པའི་དགྲ་འདྲེ་རང་གཤེད་དབབ་པ། གདུག་པའི་ལྕེ་མདུད་རྣམས་ངེས་པར་གལ་ཆེའང་། འདིར་སྤྱི་ཙམ་དུ་ལྷ་ཁང་དང་མཆོད་རྟེན་གྱི་འོག །ལམ་རྒྱ་གྲམ་རྣམས་སུ་གནན་པ་ཡིན་ལ། བྱེ་བྲག་དམ་སྲི་ལྷ་ཁང་ཐེམ་འོག་གམ་མཆོད་རྟེན་རྨང་། ཕུང་སྲི་གྲོང་དབུས་སམ་སྲང་མདོ། དགྲ་སྲི་གོང་གསུམ་ལྟོངས་དང་ལུང་གསུམ་མདོ། དུར་སྲི་དུར་ཁྲོད་དབུས། ཕོ་སྲི་ལ་བཙས་འོག །མོ་སྲི་བྲག་ནག་རྨིང་། ཆུང་སྲི་མའི་མལ་འོག །གོད་སྲི་ར་བའི་དབུས་སུ་གནན་པའི་ས་དམིགས་གཞུང་རྣམས་སུ་སོ་སོར་བཤད་པ་ལྟར། དཔྱིད་གསུམ་ནུབ། དབྱར་གསུམ་ལྷོ། སྟོན་གསུམ་ཤར། རྒུན་གསུམ་བྱང་དུ་བལྟས་ལ་དོང་གྲུ་གསུམ་བརྐོ། དེའང་ཁྲུ་གང་ཡན་ཆད་ས་རོ་ཡིན་པས་དོར། དེ་ནས་སོར་ཉི་ཤུ་བྲུས་པའི་སར་གནན་པར་བྱའོ། །དེ་ནས་ཚོགས་ལྷག །ཆོས་སྲུང་གི་གཏོར་སྐྱོང་། ལས་གཞུང་གི་ཆད་མདོ་རྣམས་བཏང་། མདུན་གྱི་གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྟིམས་ནས། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གི་དཔལ་ཧེ་རུ་ཀ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ། ན་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། གསེར་སྐྱེམས་བཏེགས་ལ། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག །ཅེས་གསེར་སྐྱེམས་མཆོད་ཅིང་། ཐུགས་དམ་བསྐུལ་བའི་མཇུག་ཏུ་དཀར་གཏོར་གྱིས་སྣ་དྲངས་ཏེ། གནན་ཆས། གཏོར་ཆེན་སོགས་ཁྱེར་ལ་གནན་དོང་རྩར་ཕྱིན་པ་དང་ཟོར་ཆེན་རེ་ཞིག་དེར་བཞག །ཡི་དམ་ཀྱི་བསྐུལ་པ་དང་། གསེར་སྐྱེམས། གཟུ་དཔང་བཅས་གཏང་། ཡི་དམ་ཕུར་པ་ཡིན་ན་ཕུར་བུ་དང་། གཞན་ལ་རལ་གྲི་ཐོགས་པས་ས་ལ་བསྣུན་ཚུལ་བྱས་ཏེ། ཧཱུྃ། རང་ཉིད་དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ །སྟོང་གསུམ་གང་བའི་སྐུར་གྱུར་ཕྱག་གཡས་ཀྱིས། །ཕུར་བུའམ་རལ་གྲི་ བསྣུན་པས་ས་གཞི་རབ་ཏུ་གས། །ཆུ་མེ་རླུང་གི་དཀྱིལ་འཁོར་བཀས་པའི་འོག །ལས་ཀྱི་གཤིན་རྗེ་མ་ཧེ་གླང་གི་མགོ །གནམ་ས་ཙམ་གྱི་ཁ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་བཅས་ལ། །གནོད་པར་བྱེད་པའི་སྲི་ངན་འབྱུང་པོ་རྣམས། །དབང་མེད་དེད་ནས་ལས་གཤིན་ཞལ་དུ་བླུགས། །ཡི་དམ་རང་གཞུང་གང་འབྲེལ་གྱི་དགུག་གཞུག་དང་། ཡང་ན། ན་མོ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །སོགས་འགུགས་གཞུག་ལན་གསུམ་བྱ། འགུགས་སྔགས་བཟླ། ཧཱུྃ༔ སྲི་ལས་སྣ་འདྲེན་ཆེ་བ་མེད༔ སྲི་ལས་སྐྱེ་ནི་རིང་བ་མེད༔ ན་བའི་གཟེར་དུ་ཆེ༔ ཚ་བའི་དབལ་དུ་ཆེ༔ གསོན་གྱི་བདུད་དུ་ཆེ༔ གཤིན་གྱི་གཤེད་དུ་ཆེ༔ ཆེ་སྲི་ཆུང་གི་སྲི༔ རྒྱལ་སྲི་བློན་གྱི་སྲི༔ ཞང་སྲི་ཚ་བོའི་སྲི༔ རྗེ་སྲི་ཁོལ་གྱི་སྲི༔ མ་སྲི་བུ་ཡི་སྲི༔ བུ་སྲི་བུ་མོའི་སྲི༔ ལྕམ་དང་དྲལ་གྱི་སྲི༔ ཡོད་སྲི་མེད་ཀྱི་སྲི༔ ཡུལ་སྲི་དུར་གྱི་སྲི༔ གོད་སྲི་སྒོ་ཡི་སྲི༔ སྲི་རྣམས་ཐམས་ཅད་འདུལ་བའི་ཕྱིར༔ དཔལ་ཆེན་ཁྲོ་རྒྱལ་འབར་བའི་སྐུར་བསྒོམ་ཏེ༔ དྲག་པོར་གྱུར་པའི་ཕུར་པ་ཡིས༔ སྲི་རྣམས་ཐམས་ཅད་རྡུལ་དུ་རློག༔ ཕུར་པའི་ལས་རྣམ་འགྲུབ་པར་མཛོད༔ པ་ར་བི་དན་ཧཱུྃ་ཕཊ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ གྲིཧྞ་གྲིཧྞ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཅེས་དང་། སློབ་དཔོན་གྱི་ཞབས་འོག་གཟིར་ལ། ཧཱུྃ༔ ང་ནི་དཔལ་ཆེན་ཁྲོ་བོའི་རྒྱལ། །དགྲ་བགེགས་འདུལ་བའི་གཉེན་པོ་ཡིན༔ ལས་ཀྱིས་མནར་བའི་དམ་སྲི་འདི༔ སྐྱོན་ནམ་དེ་ནི་མ་སྐྱོན་ན༔ འཁོར་ལོ་ཆེན་པོའི་རྩིབས་ལ་བསྐྱོན༔ མཚོན་ཆ་སྟོང་གིས་བསྐོར་ནས་བཞག༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ རོལ་པའི་མཚོ་བདུན་བསྐོར་ནས་བཞག༔ རི་རབ་ཆེན་པོའི་འོག་ཏུ་མནན༔ གསེར་གྱི་རི་བདུན་བསྐོར་ནས་བཞག༔ རེ་བ་ནག་པོའི་གོས་ཀྱིས་དྲིལ༔ སྔོ་དམར་སྐུད་པས་རྒྱ་གྲམ་བཞག༔ ཁྲོ་རྒྱལ་ཆེན་པོའི་ཞབས་འོག་གཟིར༔ ཞེས་བརྗོད། དེ་ནས། ཧཱུྃ། ཕུང་སྲི་བྱ་བའི་ལས་ངན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེ་མཆེད་ལ་བར་ཆད་བྱས། །རྣལ་འབྱོར་བདག་ལ་རྟག་ཏུ་འཚེ། །དམ་སྲི་སྡིག་ཅན་ལས་ངན་འདིས། །རྒྱལ་ཁམས་ཡོངས་ལ་གནོད་པ་བྱས། །སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །ནམ་ཡང་གཏང་བར་མ་བྱེད་ཅིག །འཇིགས་རུང་གཤིན་རྗེའི་ཁ་ནང་ཆུགས། །མི་འགྱུར་ཡངས་པའི་མགྲིན་པར་དྲོངས། །ཐར་མེད་ལས་ཀྱི་ལྟོ་བར་ཆུགས། །གཏད་དོ་འཆི་བདག་ཁྱོད་ལ་གཏད། །འཆི་བདག་ནག་པོ་དམ་ཚིག་ཅན། །གལ་ཏེ་བྱང་ཆུབ་སེམས་ལྡན་བར། །སྲི་ངན་གཏད་ཀྱིས་སླར་མ་གཏང་། །ཞེས་གནན་རྫས་གཤིན་རྗེ་ལ་གཏད་པར་མོས་ལ་དོང་ནང་དུ་སྐྱུར། ལྡོག་མེད་ཀྱི་དམོད་པ་བརྗོད་ཅིང་ཐལ་མོ་བརྡབ། ལིངྒ་དམ་སྲི་ཉིད་དང་དབྱེར་མེད་པ། །ལས་གཤིན་ཞལ་དུ་འཕངས་པས་རབ་ཏུ་མཉེས། །ཞལ་བསྡམས་འོག་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །དེ་སྟེང་རླུང་མེ་ཆུ་ཡི་དཀྱིལ་འཁོར་ཆགས། །རི་རབ་གླིང་བཞི་རྒྱལ་པོ་ཆེན་པོ་བཞི། །ཡི་དམ་ལྷ་ཚོགས་ཀུན་གྱིས་མནན་པར་གྱུར། །གནན་དམིགས་ནི། ལིངྒ་ཕུང་སྲི་དངོས་སུ་གསལ་བ་ས་རིམ་དགུའི་འོག་ནས་ལས་གཤིན་མ་ཧེའི་མགོ་ཅན་ཁ་གདངས་པའི་ནང་དུ་འཕངས་པས་ལྟོ་བར་སོང་། ཁ་བསྡམས་ནས་གཤིན་རྗེའི་ཡུལ་དུ་སོང་སྟེ། དེ་སྟེང་འབྱུང་བ་ནམ་མཁའ་རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་རིམ་གྱིས་ཆགས། དེ་སྟེང་རི་རབ་ཀྱི་སྟེང་དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་མནན་པར་བསམ་ལ། སོ་སོའི་དྲག་སྔགས་ལ། དམ་སྲི་སཏྭཾ་བྷ་ཡ་ནན། ཅེས་བཏགས་པ་དང་། དམ་སྲི་ནམ་མཁའི་ཁམས་ཨེ་ནན། རླུང་གི་ཁམས་ཡཾ་ནན། མེའི་ཁམས་རཾ་ནན། ཆུའི་ཁམས་བཾ་ནན། སའི་ཁམས་ལཾ་ནན། སུཾ་རྣམ་པར་ཤེས་པའི་ཁམས་སཏྭཾ་བྷ་ཡ་ནན། མནན་པའི་སྟེང་ར་ཁྱི་ཕག་གསུམ་ཀའམ་གང་འཛོམ་གྱི་ཐོད་གནོན་བཞག་ལ་ཐོད་པ་དེ་འཇིགས་རུང་སྲ་མཁྲེགས་བསྐལ་པའི་རླུང་ཡང་མི་ཐར་པའི་རྣམ་པ་ལ། ངོ་བོ་ལས་གཤིན་སོགས་ཁྲོ་ཚོགས་རྣམས་ཀྱིས་བསྲུང་བར་བསྒོམ། སྲི་ཆང་། སྲི་ཟན། སྲི་ཤ །སྲི་ཡོས། མི་ཁའི་རྫས་རྣམས་བླུགས་པའི་སྟེང་། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པ་དང་། རང་འཐག་ཡ་ཁེབས་ལ་རི་རབ་གླིང་བཞི་བྲིས་པ་ཁ་ཕྱོགས་མི་ནོར་བས་བཀབ་ལ། ཧཱུྃ༔ གནོད་པར་བྱེད་པའི་དམ་སྲི་ཁྱོད༔ ཉ་མོ་རྟ་རུ་སོང་ཡང་མ་ལྡང་ཞིག༔ བོང་བ་གཡག་ཏུ་སོང་ཡང་མ་ལྡང་ཞིག༔ དཀར་གོང་ལུག་ཏུ་སོང་ཡང་མ་ལྡང་ཞིག༔ གཡའ་མ་ར་རུ་སོང་ཡང་མ་ལྡང་ཞིག༔ ཅེས་བརྗོད། དེ་སྟེང་ས་རིམ་རེའི་སྟེང་རྡོ་རྗེ་རྒྱ་གྲམ་རེ་བྲི་ཞིང་། རྡུལ་ཏུ་རོ་བྷུ་སཾ་ས་ནན༔ ཞེས་དང་། དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཚད་མེད་བཞི་ཡི་རྒྱ༔ ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ༔ དྲུག་པ་ཐུབ་པ་དྲུག་གི་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་པ་ཐེག་པ་རིམ་དགུའི་རྒྱ༔ བཅུ་པ་ཁྲོ་བོ་བཅུ་ཡི་རྒྱ༔ བཅུ་གཅིག་ཀུན་ཏུ་འོད་ཀྱི་རྒྱ༔ བཅུ་གཉིས་མ་ཆགས་པདྨའི་རྒྱ༔ བཅུ་གསུམ་རྡོ་རྗེ་འཛིན་པའི་རྒྱ༔ བཅུ་གསུམ་རྒྱ་ལས་མ་འདའ་ཞིག༔ གལ་ཏེ་བྱང་ཆུབ་སེམས་སྐྱེས་ན༔ ཡི་གེ་ཧཱུྃ་དུ་རྫུས་ནས་ཤོག༔ ཅེས་པས་ས་རིམ་དགུ་དང་བསྟུན་ནས་སློབ་དཔོན་གྱི་རྫས་རེ་འདེབས་ཤིང་བརྗོད་དགོས་སོ། །དེ་ནས་ཟོར་གཏོར་མནན་པའི་སྟེང་དུ་སྤུང་བའི་ཕྱག་སྲོལ་ཡོད་པ་ལྟར་བྱས་ནའང་ཆོག །གལ་ཏེ་འཕེན་པར་འདོད་ན། གཏོར་མའི་དམ་ཚིག་པ་རང་ལ་བསྡུ། གཏོར་ཆེན་སྤྲུལ་པའི་དམག་ཚོགས་ནམ་མཁའ་གང་བ་དཔའ་བའི་ངར་སྒྲ་དང་བཅས་ཏེ་དགྲའམ་བགེགས་ཀྱི་སྟེང་དུ་ཆས་ནས། མཚོན་ཆའི་ཆར་ཕབ་པས་དགྲ་བགེགས་རྒྱབ་རྟེན་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བརླགས་པར་གྱུར་པར་མོས་ལ། ལས་བྱང་རང་རང་གི་ཆད་མདོའི་གཤམ་ནས་འབྱུང་བའི་ཟོར་བསྐུལ་ལམ། སྤྱི་ཁྱབ་ཙམ་དུ། ཧཱུྃ། དྲག་པོ་ཟོར་གྱི་དཔུང་ཚོགས་དགྲ་ལ་བྷྱོ། །སྡང་དགྲ་གནོད་བགེགས་ཐལ་བའི་རྡུལ་དུ་རློགས། །སྡང་བའི་དགྲ་བོ་ཡིད་ལ་བརྣགས་པ་འདིའི། །མི་སོད་ཁྱིམ་ཤིགས་ནོར་ཕྱུགས་ཐལ་བར་རློགས། །དགྲ་བགེགས་རྩད་ནས་གཅོད་པའི་ཕྲིན་ལས་མཛོད། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །བྷྱོ་བྷྱོ་ཟ་བའི་འདྲེ་ལ་བྷྱོ། །བྷྱོ་བྷྱོ་ཕུང་བའི་སྲི་ལ་བྷྱོ། །ཟོར་ཟོར་དམིགས་པའི་ཡུལ་དུ་ཟོར། །ཞེས་དང་ཟློག་སྔགས་དམོད་ཚིག་བཅས་བརྗོད་ལ་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་རྩེ་བསྟན་ལ་འཕང་། བཤལ་ཆུས་བསྟན་མ་བསྐྱང་། གཏོར་སྣོད་མནན་པའི་ཁར་སྦུབས་ལ་འགུགས་གཞུག་དང་ཕྱག་རྒྱ་བཞིས་འཆིང་བསྡམ་བྱས་ཏེ། སོ་སོའི་གཞུང་ལྟར་རྟ་བྲོ་བརྡུང་། དམིགས་བསལ་མེད་ན་སྤྱི་ཙམ་དུ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞིང་བཅུ་བསྒྲལ་པའི་གདན་སྟེང་དུ། །དཔལ་ཆེན་ལྷ་ཚོགས་བྲོ་བརྡུངས་པས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བགེགས་ནི་ཕྱེ་མར་འཐག་པའི་བྲོ། །གཉིས་འཛིན་རུ་དྲ་སྒྲོལ་བའི་བྲོ། །བར་ཆད་མེད་པར་བརྡུང་བར་བྱ། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ལཾ་ནན། ཞེས་དཔལ་ཆེན་ཧེ་རུ་ཀའི་མཐུ་སྟོབས་དང་ནུས་པས་རྒྱས་བཏབ་ཅིང་བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པས་ནམ་ཡང་ལྡང་བ་མེད་པར་གྱུར་པར་མོས། གཏོར་སྣོད་བཟེད་ལ་འབྲུ་འཐོར་ཞིང་ཡེ་དྷར་དང་ཤིས་བརྗོད་བྱ། ཅུང་ཟད་ཕྱིར་སྤགས་ནས་ལས་གཞུང་གི་སྲུང་འཁོར་འདོན་བསྒོམ་བྱ། སྤྲུལ་པའི་བྱ་ཁྱུང་མཐིང་ནག་ཞལ་ཕྱིར་གཟིགས་པ་ཞིག་གིས་རྗེས་བཅད་པར་བསམ། ཐོ་བརྩེགས་པའམ། སྒོ་ལ་ཁྲོཾ་བྲི། ཁྱིམ་དུ་ལོག་ནས་ཚེ་འགུགས་དང་ལས་གཞུང་གཏང་རག་མཆོད་བསྟོད་སོགས་རྗེས་བསྡུ་རྣམས་སོ་སོའི་དཀྱུས་སུ་བསྟན་པ་ལྟར་བྱའོ། །སྤྱིར་མངོན་སྤྱོད་ཀྱི་ལས་རྩོམ་པ་ལ་གྲངས་བསྙེན་སོང་བ་ཙམ་གྱིས་མི་འཐུས། རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་ལས་གསུངས་པའི་གནད་དོན་རྣམས་དང་ལྡན་པར་དགོས་ཤིང་། ཁྱད་པར་སྲི་གནན་ནི་གནན་པ་སྤྱི་ཙམ་དང་མི་འདྲ་བ་ཁེ་ཉེན་ཤིན་ཏུ་ཆེ་བ་མངོན་སུམ་གྱིས་གྲུབ་པས། རྣལ་འབྱོར་པ་ལྟ་བའི་གདིང་དང་སྒོམ་པའི་གསལ་སྣང་མ་བྲལ་བ། སྤྱི་དང་བྱེ་བྲག་གི་གནད་ལ་མ་རྨོངས་ཤིང་ལག་ལེན་ཚུལ་བཞིན་ཐེབས་པ་ཤིན་ཏུ་གལ་ཆེ་བ་ལས། དཔེ་མཐོང་བོན་གྱེར་ཙམ་གྱིས་ཆོག་པར་མི་འཛིན་པ་སྙིང་ནས་གདམས་སོ། །བསྟན་འགྲོར་འཚེ་བྱེད་སྲི་ངན་ལྷ་མིན་དཔུང་། ཁྲོ་རྒྱལ་སྟོབས་ལྡན་མཐུ་ཡིས་རིམ་དགུའི་འོག །ལྡང་མེད་བཅིངས་ནས་བདེ་སྐྱིད་རྫོགས་ལྡན་གྱི། །དགའ་སྟོན་གསར་པའི་དཔལ་ལ་རྟག་སྤྱོད་ཤོག །ཅེས་བྱང་གཏེར་སྲི་ཆུང་བཅུ་གསུམ་དང་ནག་རྩིས་སྲི་གནོན་སྔགས་པ་རྣམས་ལ་གྲགས་ཆེ་རུང་། རིག་འཛིན་པདྨ་ཕྲིན་ལས་ཀྱིས་མཛད་པའི་སྲི་གནོན་བྱང་གཏེར་ཕུར་པ་ཁོ་ན་ལ་སྦྱོར་བར་མཛད་པས་གྲོང་སྔགས་ཐོས་ཆུང་རྣམས་ཀྱིས་འདོར་ལེན་མི་ཕྱེད་པས་ཕན་མི་ཐོགས་པར་མཐོང་ནས་དེ་ཉིད་རྩ་བར་བཟུང་། ཡི་དམ་དྲག་པོ་གང་ལའང་སྦྱར་ཆོག་པའི་གསལ་བྱེད་ཀྱིས་བརྒྱན་ཏེ། སྔགས་གཟུགས་རྒན་པོ་པདྨ་གར་དབང་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊི་རྡོ་རྗེ་ཐུགས་ཀྱི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། རྩ་བའི་དཀྱིལ་འཁོར་དང་འབྲེལ་བའི་ཚེའི་སྒྲུབ་པ་ཕྲིན་ལས་དབང་བསྐུར་བཅས་ཉམས་སུ་ལེན་བདེར་བཀོད་པ་འཆི་མེད་བཅུད་སྦྱིན་ (Volume 14, Text 34)
༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པ་ལས། རྩ་བའི་དཀྱིལ་འཁོར་དང་འབྲེལ་བའི་ཚེའི་སྒྲུབ་པ་ཕྲིན་ལས་དབང་བསྐུར་བཅས་ཉམས་སུ་ལེན་བདེར་བཀོད་པ་འཆི་མེད་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཀྲོ་དྷ་རཱ་ཛ་ཡ། བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ཚོམ་བུ་དགུ །ཚེ་མཆོག་བཅུད་འཛིན་ཕྱག་རྒྱའི་སྐུར་ཤར་བའི། །དངོས་གྲུབ་བདེ་བླག་ཐོབ་ཕྱིར་དེའི་སྒྲུབ་ཐབས། །སྨིན་བྱེད་དང་བཅས་ལག་ཏུ་བླང་བདེར་དགོད། །དེའང་རྩ་བའི་གཞུང་ལས། རྣལ་འབྱོར་པ་ཚེ་རིང་བ་ནི་དངོས་གྲུབ་རྣམ་གཉིས་མཐར་ཕྱིན་པར་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་ཞིང་། ཚེ་ལ་བར་དུ་གཅོད་པའི་རྐྱེན་དྲུག་གིས་ཚེ་ཉམས་པའི་རྟགས་བཞི་འབྱུང་བ་ལ་གསོ་བའི་ཐབས་རྣམ་པ་གསུམ་དུ་གསུངས་པའི་གཙོ་བོ་གསོ་མཁན་རྣལ་འབྱོར་པས་ཤེས་པར་བྱ་བ་ཚེ་གནས་པ་དང་། འཕྲོག་པ་དང་། བཅིང་བ་དང། དགུག་པ་དང་། བརྣན་པ་སྟེ་ཚེ་ལུང་རྣམ་པ་ལྔ་ལ་བྱེ་བྲག་ལུང་རྣམ་པ་བཅུ་གཉིས་ཀྱིས་ཚེ་སྒྲུབ་པའི་ཐབས་རྣམས་བསྟན་ཅིང་། དེ་ཉིད་སྦྱོར་དངོས་རྗེས་ཚང་གིས་ལག་ཏུ་བསྟར་བ་ལ་དོན་བཞི། དཀྱིལ་འཁོར་བཅའ་བ། རྫས་གསག་པ། ཏིང་ངེ་འཛིན་གྱི་ལས་རིམ། ཚེ་འགུགས་པའི་ཕྲིན་ལས་དངོས་སོ། །དང་པོ་ནི། བཀྲ་ཤིས་ཡིད་འོང་མཐུན་རྐྱེན་ཚོགས་པའི་གནས་སུ་བྱང་བགྲོད་ཡར་ངོའི་དུས་ཚེས་བཟང་པོར་རྟེན་དང་རྒྱན་གྱི་བྱེ་བྲག་ཅི་འབྱོར་པས་མཛེས་པར་བྱས་པའི་གུང་དུ་སྟེགས་བུ་ཁེབས་ལྡན་ལ་བདེར་འདུས་དཀྱིལ་འཁོར་དགུ་རྫོགས་ཀྱི་རས་བྲིས་བཀྲམ། མ་འབྱོར་བའམ་བསྡུ་ན་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དམར་པོ། གྲུ་ཆད་ལྗང་གུ། ཁྱམས་ཕྱོགས་མདོག །དེ་རྒྱབ་འགྲུབ་ན་སྒོ་རྫོགས་སྤྱི་ལྟར་བྲི། གཉིས་པ་ནི། དཀྱིལ་འཁོར་དབུས་སུ་མཉྫི་ལ་བུམ་པར་ཉེར་ལྔའི་རྫས། བྱང་སེམས་དཀར་དམར། ག་པུར། ཅུ་གང་། གི་ཝང། ཙན་དན་དམར་པོ། ཆུ་སྣ། བ་དམར་པོའི་འོ་མ། མངར་གསུམ། ཆོས་སྨན་སྦྱར་བས་བཀང་ལ་མགུལ་ཆིངས་བཅས་བཞག་པའི་ཁར་བནྡྷ་མཚན་ལྡན་ཆང་དང་ཚེ་འབྲས་རིལ་བུས་བཀང་བ་དར་རས་དམར་པོས་བཀབ་པའི་སྟེང་དུ་ཚེ་འབྲང་བུམ་གཟུགས་མགྲིན་པར་རས་སྐུད་དམར་པོ་ལ་མེ་ཏོག་དམར་པོའི་ཕྲེང་བ་བརྒྱུས་པས་དཀྲིས་ཤིང་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཀབ་པ་བཞག །ཕྱོགས་བཞིར་བྷནྡྷ་བཞི་ཆང་དང་ཆོས་སྨན་གྱིས་བཀང་བ། དཀྱིལ་འཁོར་གྱི་ཁྱམས་སུ་ཕུར་པ་བཅུ། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ལྡན་པ་བཞི་གཟུག །ཆུ་གཉིས་ཉེར་སྤྱོད། སྨན་གཏོར་རཀྟ་སོགས་སྤྱི་ལྟར་བཤམས། བདེ་འདུས་ཕྲིན་ལས་ཆེ་བ་གཏང་ན། ཚེ། ཟླ་གམ། ཛ་གད་སོགས་ཀྱང་བཀོད། ལས་བུམ། ཕྲིན་ལས་ལ་དགོས་པའི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱའོ། །གསུམ་པ་ནི། བསྐྱེད་རྫོགས་ཆེན་མོའི་གཞུང་བསྲང་བར་གསུངས་པས་འགྲུབ་ན་ལས་བྱང་བདེ་རོལ་བཏང་ལ། ཏིང་འཛིན་རྣམ་གསུམ་སོགས་ཀྱང་དེ་ལྟར་ལས་ལྷ་བསྐྱེད་དངོས་གཞི་འདིར་གསལ་བ་བསྒྱུར། འོན་ཀྱང་ཐུན་བཞིར་ཉམས་སུ་ལེན་པའི་ཐུན་ཕྱི་མ་རྣམས་དང་། དབང་སྒྲུབ་ཙམ་ལ་ཁྱེར་བདེ་བའི་སླད་དུ་བསྡུ་ན། ཐོག་མར་བདེ་བའི་གདན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ལ། སྔོན་འགྲོ་ཚོགས་གསག་པའི་ཕྱིར། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེའི་སྐུར་གྱུར་པར་བསམ་ལ། མཚམས་གཅོད་པ་ནི། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས༔ ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར༔ སྲ་བརྟན་མི་ཤིགས་ར་བས་བསྐོར༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་བརླག༔ ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ མཆོད་པ་བྱིན་བརླབ་ནི། ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨཱོཾ་ཨཱཿཧཱུྃ་ཧོ༔ ཞེས་བྱིན་གྱིས་བརླབས། དངོས་གཞི་ལ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཟུང་འཛིན་གྱི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པའི་ངང་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བྷཉྫ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོ་བསྐལ་པའི་མེ་ཕུང་འབར་བའི་དབུས་སུ༔ བྱོལ་སོང་ལྷ་ཀླུ་པདྨ་དཀར་པོ་གེ་སར་བཅས་པ་དང་ཉི་ཟླའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པའི་ཕྱག་མཚན་ཞི་བའི་ལྷ་བཞི་བཅུ་རྩ་གཉིས་བསྣམས་པ། ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་དར་དཀར་གྱི་ལེབ་ཆེན་གསོལ་བས་འཁྱུད་པ་ཡབ་ཡུམ་གཉིས་དང་ཕྱག་གི་ལྷ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ཤེལ་ལྟར་དག་པ། ཕྱག་གཡས་ཐམས་ཅད་ན་རང་རྟགས་ཀྱི་ཕྱག་མཚན་འཛིན་པ། གཡོན་ཐམས་ཅད་ན་རིན་པོ་ཆེ་ཤེལ་དཀར་གྱི་བུམ་པ་བདུད་རྩི་བྱང་ཆུབ་སེམས་ཀྱིས་གང་བ། མགུལ་ཆིངས་བྱེ་རུའི་ལུ་གུ་རྒྱུད་ཀྱིས་བཅིངས་ཤིང་ཁ་རྒྱན་གསེར་གྱི་རྡོ་རྗེ་བཙུགས་པ་བསྣམས་པའོ། དེ་ལྟར་གསལ་བའི་དབུའི་སྟེང་དུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་ཤེལ་ལྟར་དག་པ། ཕྱག་གཡས་ན་རིན་པོ་ཆེའི་ཕྲེང་བ་དང་ཚེའི་ཟ་མ་ཏོག་གི་བུམ་པ་བསྣམས་པ། གཡོན་བགྲང་ཕྲེང་དང་ནེའུ་ལེའི་རྐྱལ་པ་བསྣམས་པ། དེའི་དབུ་སྟེང་ན་སངས་རྒྱས་འོད་དཔག་མེད་སྐུ་མདོག་ཤེལ་ལྟར་དག་པ། སྐྱིལ་ཀྲུང་མཉམ་གཞག་གི་ཕྱག་རྒྱ་མཛད་པའོ། །གཙོ་བོ་ཡབ་ཡུམ་གཉིས་ལ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ཤར་དུ་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ལྷོར་འཇམ་དཔལ་གཤིན་རྗེ་གཤེད་ལ་འཇམ་དཔལ་སྐུའི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ནུབ་ཏུ་པདྨ་དབང་ཆེན་རྟ་མགྲིན་ལ་པདྨ་གསུང་གི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ བྱང་དུ་རྡོ་རྗེ་གཞོན་ནུ་ལ་ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་གྱིས་བསྐོར་བ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ལྷོ་ནུབ་ཏུ་བླ་མ་རྡོ་རྗེ་ཆོས་ལ་རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ནུབ་བྱང་དུ་དྲེགས་པ་ཀུན་འདུལ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ བྱང་ཤར་དུ་སྟོབས་ལྡན་ནག་པོ་ལ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ཕྱི་ཡི་འཁོར་ཡུག་ཏུ་དཔལ་གྱི་བཀའ་སྡོད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་བ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་ཤེལ་ལྟར་དྭངས་པ༔ གཡས་ཐམས་ཅད་རང་རྟགས་ཀྱི་ཕྱག་མཚན༔ གཡོན་རྣམས་རིན་པོ་ཆེ་ཤེལ་གྱི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ་ཤ་སྟག་ཏུ་གསལ་བར་གྱུར༔ གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་འདིར་བྱོན་པར་བསམ་ལ། སྤྱན་འདྲེན་པ་ནི། ཧཱུྃ༔ འོག་མིན་ཆོས་དབྱིངས་རབ་འབྱམས་ཕོ་བྲང་ནས༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཆོས་ཉིད་ངང་ནས་འགྲོ་དོན་སྐུ་སྤྲུལ་པ༔ ཡབ་ཡུམ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ལིང་རྩེ་དགུ་ཡི་ཕོ་བྲང་ཆེན་པོ་འདིར༔ དུག་ལྔ་མེ་ལྟར་འབར་བའི་གཞལ་ཡས་སུ༔ བྱོལ་སོང་ཉི་ཟླ་པདྨའི་གདན་ཁྲི་ལ༔ བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་འབུལ་བ་ནི། ཧཱུྃ༔ བདེ་གཤེགས་རྒྱལ་བ་འཁོར་དང་བཅས་པ་ལ༔ ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང༔ སྦྱོར་སྒྲོལ་གླུ་དབྱངས་ཕྱག་རྒྱ་གར་གྱིས་མཆོད༔ འདོད་ཡོན་ལྔ་དང་བླ་མེད་ཚོགས་མཆོད་འབུལ༔ ཚེ་དབང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ས་མ་ཡ་ཨ་ལ་ལ་ཧོ༔ བསྟོད་པ་ནི། ཧཱུྃ༔ ཕོ་བྲང་དགུ་རྫོགས་དུར་ཁྲོད་གཞལ་ཡས་ཁང༔ དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་ལྷ༔ འགྲོ་བའི་དོན་དུ་མངོན་སུམ་སྐུ་སྤྲུལ་པ༔ ཆེ་མཆོག་ཡོན་ཏན་ཡང་དག་འདུས་པའི་རྩལ༔ འཇམ་དཔལ་སྐུ་གྱུར་པདྨ་དབང་ཆེན་གསུང༔ ཕྲིན་ལས་ཕུར་པ་མངོན་རྫོགས་མ་མོའི་སྐུ༔ རིག་འཛིན་སློབ་དཔོན་འཇིག་རྟེན་འདུས་པའི་གཙོ༔ དྲག་པོ་ཁྲོ་འདུས་དཀྱིལ་འཁོར་དགུ་ཡི་ལྷ༔ བཀའ་སྡོད་རབ་འཇིགས་ཕོ་ཉ་ལས་མཁན་བཅས༔ བཀའ་བརྒྱད་འདུས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ སྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔ་ལ༔ མཆོད་ཅིང་བསྟོད་དོ་དངོས་གྲུབ་རྣམ་གཉིས་སྩོལ༔ དེ་ལྟར་བསྒོམ་པའི་ལྷ་ལ་སེམས་བཟུང་། བྱང་ཆུབ་སེམས་དབབ་པའི་ཏིང་ངེ་འཛིན་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་བབས་པ་ཚེ་དཔག་མེད་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་ཕྱག་ཞེ་གཉིས་ཀྱི་ལྷ་ལ་ཐིམ། དེ་རྣམས་ཀྱི་སྐུ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་བདག་གི་ལུས་ལ་ཐིམ་པས་ལུས་ཐམས་ཅད་གང་བར་གྱུར། རང་གི་ཐུགས་ཀར་ཙིཏྟ་རིན་པོ་ཆེ་དཀར་པོ་ཤེལ་དག་པ་འདྲ་བ་ཕྱི་ནང་མི་སྒྲིབ་པའི་ཙིཏྟ་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་བཞུགས་པ། དེའི་དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་རིན་པོ་ཆེ་ཤེལ་གྱི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཚེ་རྟེན་འོད་དཀར་པོའི་དཀྱིལ་དུ་ཨ་དཀར་པོ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་བྱུང་། ལྗགས་ཀྱི་དབང་པོ་རྡོ་རྗེ་རྩེ་ལྔ་པ་བརྒྱུད། སྣ་གཡས་སུ་ཞུགས་ནས་ཀླད་པ་དུང་ཁང་དཀར་པོར་འཕྲོས། སླར་སྲོག་རྩ་རྒལ་ཚིགས་ཀྱི་རྟ་ལ་བརྒྱུད་ནས་སྣ་བུག་གཡོན་ནས་ཕྱུངས་ཏེ། སླར་ཐུགས་ཀར་ཐིམ་པར་གྱུར། ཅེས་ཕྲ་མོའི་ཏིང་ངེ་འཛིན་ཡུན་རིང་བསྒོམ། དེ་བརྟན་པ་དང་སྤྲོ་བསྡུ་ནི། སྔགས་ཀྱི་ཕྲེང་བ་ཕྱིར་འཕྲོས་པའི་འོད་ཟེར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། བཟླ་བྱའི་སྔགས་དེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་གསུངས་པའི་རྐྱེན་གྱིས་མེ་སྒྲ་ཆུ་སྒྲ་རླུང་སྒྲ་ཐམས་ཅད་སྔགས་ཀྱི་སྒྲར་གྱུར། སྔགས་འོད་ཟེར་དང་བཅས་པ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་བག་ཆགས་ཐུལ་གྱིས་བསྲེགས་ནས་འོད་དུ་ཞུ་སྟེ་དཀར་ཅི་ལི་ལི་འདུས་ཏེ་འོད་དཔག་མེད་ལ་ཐིམ། དེ་འོད་དུ་ཞུ་ནས་ཚེ་དཔག་མེད་ལ་ཐིམ། དེ་འོད་དུ་ཞུ་བ་ཆེ་མཆོག་ཧེ་རུ་ཀའི་སྤྱི་བོ་ནས་ཞུགས། ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་དུ་དཀར་ལྟེམ་ལྟེམ་འཁྱིལ། མདུན་གྱི་བུམ་པ་དང་ཡུམ་གནམ་ཞལ་མའི་མཁའ་ཀློང་དབྱེར་མེད་པ་ལ་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ཀྱི་བདུད་རྩི་རྡོ་རྗེའི་སྦུབས་ནས་བར་མ་ཆད་པ་བབས། བུམ་པ་ཡུམ་གྱི་རང་བཞིན་དཀར་ལྟེམ་གྱིས་གང་བར་གྱུར། ཅེས་དམིགས་ལ། དཔལ་དགུའི་སྙིང་པོ་རྣམས་དང་། ཞི་ཁྲོ་སྤྱི་བསྡུས། ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་ཞི་བ་སྤྱི་དང་། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་ཁྲོ་བསྡུས་རྣམས་ལ། ཨཱ་ཡུཿཕ་ལ་ཧཱུྃ་ཕཊ་ཨཱ༔ ཞེས་བཏགས་པ་ལ་བཟླས་པའི་དངོས་གཞི་བྱ། སྟོང་ཚིགས་སྤྱི་ལྟར་ཕུལ། འདིས་བདག་མདུན་བུམ་གསུམ་གྱི་ཏིང་ངེ་འཛིན་བཟླས་པ་བཅས་ཆབས་ཅིག་ཏུ་བསྒྲུབས་པ་ཡིན་ཀྱང་བུམ་སྒྲུབ་ཟུར་དུ་བྱེད་ན། སྟོང་པའི་ངང་ལས། ཨ་བྷྲཱུྃ་ཞེས་བརྗོད་པས་ཚེ་བུམ་རིན་པོ་ཆེའི་གཞལ་ཡས་ཁང་དུ་གསལ་བའི་ནང་དུ་མ་ལས་ཉི་མ་དང་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སྦྲེལ་མའི་བར་དུ་ནྲྀ་ལྗང་གུ་གསལ་བ་ཧཱུྃ་གི་འོད་ཀྱིས་ནྲྀའི་ལས་དང་ཉོན་མོངས་པའི་སྐྱོན་སྦྱངས་ནས་ནྲྀ་ལེ་བརྒན་དུ་གྱུར། དེ་ཧཱུྃ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། འོད་ཟེར་སླར་འདུས་ཧཱུྃ་ལ་ཐིམ་ཏིཥྛ་བཛྲ། ཞེས་བརྗོད་པས་ཧཱུྃ་དེ་ཉིད་རྡོ་རྗེར་གྱུར། སླར་ཡང་དེ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨཱཾཿཨ་རོ་ལིཀ྄ །པཱཾ་རཱ་ག་རཱ་ཏི། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་ན་ཚེའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་དུ་ཡུམ་གོས་དཀར་མོ་དམར་མོ་པདྨའི་ཕྲེང་བ་དང་ཚེ་བུམ་འཛིན་པ་དང་རོལ་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་ཐུགས་དབུས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཙིཏྟ་རིན་པོ་ཆེ་ཤེལ་གྱི་གཞལ་ཡས་ཁང་ཟླུམ་པོའི་དབུས་སུ་ཚེ་རྟེན་ཐིག་ལེ་དཀར་པོའི་དཀྱིལ་དུ་ནྲྀ་ལེ་བརྒན་གནས་པའི་ཙིཏྟའི་སྒོ་སྲུང་རྟ་མགྲིན་དམར་པོ་བཞུགས་པར་གྱུར། ཅེས་གསལ་བཏབ་པ་ཙམ་ལས་ཆོ་གའི་ཡན་ལག་གཞན་གཞུང་དུ་མ་གསུངས་པས་མི་དགོས་སོ། །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བུམ་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འོད་ཟེར་དང་ཨ་ནྲྀ་ཧཱུྃ་གི་རྣམ་པར་བསྡུས་ཏེ་ཚེའི་རྟེན་དང་བུམ་ནང་དུ་ཐིམ་པར་གྱུར། ཅེས་དམིགས་ལ། ཨོཾ་བྷྲཱུྃ་ཨཱ་ཡུརྫྙཱ་ན་བྷིནྡུ་ཛ༔ ཞེས་བཟླ །ཚེ་འཕྲོག་པའི་སྙིང་པོ། ཧ་ཡ་གྷྲི་བ་ཀྲོ་ཏཱི་ཤྭ་རི་ས་མ་ཡ་དེ་བཱི་ཨཱ་ཡུ་ནྲྀ་ཛ༔ ཞེས་པའང་ཅི་འགྲུབ་བཟླས་ལ་བུམ་པའི་ཁ་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་རྟ་མགྲིན་གྱིས་སྲུང་བར་བསྒོམ། བཞི་པ་ཚེའི་ཕྲིན་ལས་ཀྱི་རིམ་པ་ལ་ཚེ་ལུང་བཅུ་གཉིས་ཡོད་པའི་དང་པོ་ཚེ་མཚམས་བཅད་པ་ནི། པདྨ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་རང་བཞིན་དཔལ་གྱི་དཔལ༔ སྐུ་ལ་མངའ་མཛད་དབང་མཆོག་པདྨའི་སྤྱན༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆགས་པའི་བདག་ཉིད་རྡོ་རྗེ་ཆེ༔ པདྨ་རྒྱལ་པོ་ཀུཎྜ་ལཱི༔ སྤྲུལ་པའི་ཁྲོ་བཞི་མང་པོ་ཡིས༔ ཚེ་ལ་གནས་པའི་བགེགས་ཆེན་རྣམས༔ དེ་ཡི་དབུགས་ཆོམས་དོར་དྲིལ་ལ༔ གང་ཚེ་འདི་ཡིས་གནོད་པ་བགྱིས༔ དཀར་མོ་མགྱོགས་བྱེད་འོད་འཕྲོ་མ༔ རྡོ་རྗེ་ཚེ་མཆོག་ལས་མཛོད་ཅིག༔ ཨཱ་ཡུ་ཚེ་བྷྲཱུྃ་ཛྙཱ་ན་བིན་འདུ་ཨ་པ་ར་མི་ཏ་ཚེ་བྷྲཱུྃ༔ གཉིས་པ་ཚེ་ལྷ་བསྟོད་ཅིང་བསྒྲུབ་པ་ནི། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་རྣམ་དག་པ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ སྐུ་ཡི་རང་བཞིན་མཚན་དང་དཔེ་བྱད་ལྡན༔ གསུང་གི་རང་བཞིན་སྤྲོ་དང་ཡིག་འབྲུར་ལྡན༔ ཐུགས་ཀྱི་རང་བཞིན་སྐྱེ་མེད་དབྱིངས་སུ་འཁྱིལ༔ སྐུ་གསུང་ཐུགས་ཀྱི་བདག་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ གསུང་མཆོག་རྣམ་པར་དག་པའི་གསུང༔ སྤྲོས་བྲལ་ཆོས་ཀྱི་གསུང་མངའ་བ༔ མཉམ་ཉིད་གསུང་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་མཆོག་རྣམ་པར་དག་པའི་ཐུགས༔ མཁའ་དང་མཉམ་པའི་ཐུགས་མངའ་བ༔ མཉམ་ཉིད་ཐུགས་ལ་ཕྱག་འཚལ་ལོ༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་བ༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག༔ མི་སྒྲིབ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱ་ཡུཿཚེ་བྷྲཱུྃ་ཡུ་ཡུ༔ དེ་ནས་རིགས་ཀྱི་ཁྲོ་བོ་བསྐུལ་བ། ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་གཡས་ཀྱི་འཁོར་ལོ་ཡིས༔ ཕྱོགས་བཅུའི་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ཕྱོགས་མཚམས་ཀུན་ནས་སྡུས་སྡུས་ལ༔ གཡོན་ན་ཚེ་ཡི་བུམ་པའི་ནང་དུ་བསྩལ་དུ་གསོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བཛྲ་ཧེ་རུ་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྡོ་རྗེ་འབར་བ་ཡིས༔ ཤར་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ཤར་ཕྱོགས་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དཔལ༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རིན་ཆེན་འབར་བ་ཡིས༔ ལྷོ་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ལྷོ་ཕྱོགས་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་རྟ་མགྲིན་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་པདྨ་འབར་བ་ཡིས༔ ནུབ་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ནུབ་ཕྱོགས་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྒྱ་གྲམ་འབར་བ་ཡིས༔ བྱང་ཕྱོགས་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ བྱང་ཕྱོགས་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་བླ་མེད་ཧེ་རུ་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྡོ་རྗེ་འབར་བ་ཡིས༔ ཤར་ལྷོ་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ཤར་ལྷོ་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་རིག་འཛིན་རྡོ་རྗེ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྡོ་རྗེ་འབར་བ་ཡིས༔ ལྷོ་ནུབ་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ལྷོ་ནུབ་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྡོ་རྗེ་འབར་བ་ཡིས༔ ནུབ་བྱང་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ ནུབ་བྱང་ཀུན་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲུང་མ་མཛོད༔ ཧཱུྃ༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ཡབ་ཡུམ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་རྡོ་རྗེ་འབར་བ་ཡིས༔ བྱང་ཤར་ཁམས་ཀྱི་བགེགས་བཅོམ་ནས༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང༔ ཟས་ཀྱི་བཅུད་དང་ནོར་གྱི་དབྱིག༔ བྱང་ཤར་ཁམས་ནས་སྡུས་སྡུས་ལ༔ གཡོན་གྱི་ཚེ་བུམ་ནང་དུ་སྩོལ༔ ཡབ་ཡུམ་ཚེ་གསོལ་སྲོག་སྐྱོབ་མཛོད༔ དེ་ནས་ཚེ་ཡི་ཕོ་ཉ་གཏང་བ། དཀར་མོ་མགྱོགས་བྱེད་འོད་འཕྲོའི་ཚོགས༔ རྡོ་རྗེ་ཚེ་མཆོག་འགུག་པའི་ལས་མཛོད་ཅིག༔ རྡོ་རྗེ་ལྷ་མོ་ལྕགས་ཀྱུ་མ༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག༔ ནམ་མཁའི་ཁམས་ནས་ཚེ་དྲོངས་ཤིག༔ རྡོ་རྗེ་ལྷ་མོ་ཞགས་པ་མ༔ ཕྱག་མཚན་བཀྲ་ཤིས་བུམ་པ་བསྣམས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་མ༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག༔ ས་ཡི་ཁམས་ནས་ཚེ་དྲོངས་ཤིག༔ རྡོ་རྗེ་ལྷ་མོ་ལྕགས་སྒྲོག་མ༔ ཕྱག་མཚན་བྱེ་རུའི་བུམ་པ་བསྣམས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་མ༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག༔ ཆུ་ཡི་ཁམས་ནས་ཚེ་དྲོངས་ཤིག༔ རྡོ་རྗེ་ལྷ་མོ་དྲིལ་འཁྲོལ་མ༔ ཕྱག་མཚན་མཐིང་ཤུན་བུམ་པ་བསྣམས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་མ༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛོད་ཅིག༔ རླུང་གི་ཁམས་ནས་ཚེ་དྲོངས་ཤིག༔ འབྱུང་བ་ཆེན་པོ་ཉོན་མོངས་མ༔ གནས་འདིར་ཚེ་གསོལ་སྲོག་སྐྱོབ་མཛོད༔ ཛཿཧཱུྃ་བཾ་ཧོ༔ ཨ་པ་ར་མི་ཏ་ཚེ་བྷྲཱུྃ༔ དེ་ནས་གསང་བའི་ཡུམ་བཞིའི་ཚེའི་ཕོ་ཉ་གཏང་བ་འདི་སྐད་དོ། །ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུག་མ༔ དཀར་མོ་ཞི་བའི་ཐོད་ཕྲེང་ཅན༔ ཁམས་གསུམ་ཀུན་ནས་ཚེ་ཁུག་ཅིག༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་མ༔ སྔོན་མོ་གཡུ་ཡི་ལན་ཕྲན་ཅན༔ སྲིད་གསུམ་གནས་ནས་ཚེ་ཁུག་ཅིག༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་མ༔ དམར་མོ་མཚལ་གྱི་ཐིག་ཕྲན་ཅན༔ རྒྱུད་དྲུག་གནས་ནས་ཚེ་ཁུག་ཅིག༔ བྱང་གི་ཕྱོགས་ནས་ཚེ་འགུག་མ༔ ལྗང་མོ་གཡུ་ཡི་རལ་པ་ཅན༔ སྙན་པའི་སྒྲ་སྐད་ཕྱོགས་བཅུར་སྒྲོག༔ མཆོད་སྟོབས་གནས་ནས་ཚེ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཨ་པ་ར་མི་ཏ་ཚེ་བྷྲཱུྃ༔ གསང་བའི་ཡུམ་བཞིའི་སྤྲུལ་པ་དང་འོད་ཟེར་ཚོགས་ཀྱིས་རྣལ་འབྱོར་པའི་ཚེ་བཅུད་དྭངས་མའི་དབྱིག་རྣམས་ཁམས་གསུམ་གནས་ནས་ལྕགས་ཀྱུས་དྲངས༔ སྲིད་གསུམ་གནས་ནས་ཞགས་པས་བཀུག༔ རྒྱུད་དྲུག་གནས་ནས་ལྕགས་སྒྲོག་གིས་བཅིངས༔ མཆོད་སྟོབས་གནས་ནས་དྲིལ་བུས་དགྱེས་པ་བསྐྱེད་ཅིང་ལྷ་ཚོགས་རྣམས་ཀྱི་ཕྱག་གི་བུམ་པར་བསྡུས་པས་ཚེ་བཅུད་ཀྱིས་གང་བར་མོས༔ གསུམ་པ་དངོས་གྲུབ་བླང་བ་ལ་གཉིས། དང་པོ་ལྷ་ཚོགས་བསྐུལ་བ་ནི། ཧཱུྃ༔ མཁའ་དབྱིངས་རྣམ་དག་ཡུལ་གྱི་གཞལ་ཡས་སུ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐུ་མདོག་གངས་ལ་ཉི་མ་ཤར་བ་འདྲ༔ ཕྱག་ན་རིན་ཆེན་ཕྲེང་བ་ཟ་མ་ཏོག༔ བགྲང་ཕྲེང་དང་ནི་ནེའུ་ལེའི་རྐྱལ་པ་བསྣམས༔ གནས་པར་གྱུར་པའི་འགྲོ་དྲུག་ལ༔ ཚེ་སྲོག་བཞུགས་པའི་གནས་འདི་ལགས༔ གང་གི་ཚེ་ནི་གནང་བར་གྱིས༔ མི་བསྒྲིབ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ནུབ་ཕྱོགས་པདྨ་དབང་གི་ཞིང་ཁམས་ནས༔ བྱམས་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་ཀར་དཔལ་གྱི་བེའུ་ཟུར་བརྒྱད་ལ༔ བྱམས་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཐུགས་མཆོག་བདག་གིས་བསྒྲུབ་པའི་ཚེ་ལགས་ཀྱིས༔ བྱིན་གྱིས་བརླབ་ཅིང་བདག་ལ་དངོས་གྲུབ་སྩོལ༔ ཨཱ་ཡུ་ཚེ་བྷྲཱུྃ༔ ཧཱུྃ༔ ཤར་ཕྱོགས་དཀར་མོ་ཤེལ་གྱི་ཞིང་ཁམས་ནས༔ རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས༔ དཀར་མོ་མགྱོགས་བྱེད་ཞི་བྱེད་འོད་འཕྲོའི་ཚོགས༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་དངོས་གྲུབ་བསྩལ་དུ་གསོལ༔ ལྷོ་ཕྱོགས་བཻཌཱུརྻའི་ཞིང་ཁམས་ནས༔ རིན་ཆེན་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས༔ སྔོན་མོ་དྲག་ཤུལ་འོད་ཟེར་འཕྲོ་བའི་ཚོགས༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་དངོས་གྲུབ་བསྩལ་དུ་གསོལ༔ ནུབ་ཕྱོགས་པདྨ་རཱ་གའི་ཞིང་ཁམས་ནས༔ པདྨ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས༔ དམར་མོ་དབང་སྡུད་འོད་ཟེར་འཕྲོ་བའི་ཚོགས༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་དངོས་གྲུབ་བསྩལ་དུ་གསོལ༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་ཞིང་ཁམས་ནས༔ ལས་ཀྱི་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས༔ དུས་གློག་ལྗང་གུ་འོད་ཟེར་འཕྲོ་བའི་ཚོགས༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་དངོས་གྲུབ་བསྩལ་དུ་གསོལ༔ ཨཱ་ཡུཿབཛྲ་ཛཿཧཱུྃ་བཾ་ཧོ༔ ཀུན་ཏུ་བཟང་པོ་ཡུམ་གྱི་ཐུགས་ཀ་ནས༔ སྣ་ཚོགས་ཅིར་ཡང་བསྒྱུར་བའི་ཡིག་འབྲུ་ཤར༔ སྐལ་ལྡན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་བཞུགས༔ དེ་ཡི་མཐུ་དང་བྱིན་རླབས་ཀྱིས༔ བགེགས་དང་ལོག་འདྲེན་མི་གནས་འདིར༔ ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ལྕེ་སྟེང་པདྨ་འདབ་བརྒྱད་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས༔ དེ་ཡི་མཐུ་དང་བྱིན་རླབས་ཀྱིས༔ བགེགས་དང་ལོག་འདྲེན་མི་གནས་འདིར༔ ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ཐུགས་ཀ་ཉི་མའི་གདན་སྟེང་ལ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས༔ དེ་ཡི་མཐུ་དང་བྱིན་རླབས་ཀྱིས༔ བགེགས་དང་ལོག་འདྲེན་མི་གནས་འདིར༔ ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ལྟེ་བ་རིན་ཆེན་ཟུར་བརྒྱད་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་བཞུགས༔ དེ་ཡི་མཐུ་དང་བྱིན་རླབས་ཀྱིས༔ བགེགས་དང་ལོག་འདྲེན་མི་གནས་འདིར༔ ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ཐིག་ལེ་ལས་ཀྱི་རྒྱ་གྲམ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པ་བཞུགས༔ དེ་ཡི་མཐུ་དང་བྱིན་རླབས་ཀྱིས༔ བགེགས་དང་ལོག་འདྲེན་མི་གནས་འདིར༔ ཚེ་ཡི་དངོས་གྲུབ་བརྟན་པར་མཛོད༔ ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལ༔ རཀྟ་ཟླ་གམ་འོད་ཀྱི་ཟེར་འཕྲོ་བ༔ བྱང་ཆུབ་སེམས་ནི་འོད་དུ་འཁྱིལ༔ འཁྱིལ་ཅིང་རྒྱན་ཡང་འཁྱིལ་བ་སྟེ༔ བྱང་ཆུབ་སེམས་ལ་སྐུ་མི་མངའ༔ སྐུ་མཆོག་དམ་པ་ཉིད་ཀྱི་སྐུ༔ སྟོང་ཉིད་སྐུ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་ལ་གསུང་མི་མངའ༔ གསུང་མཆོག་དམ་པ་ཉིད་ཀྱི་གསུང༔ སྟོང་ཉིད་གསུང་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སེམས་ལ་ཐུགས་མི་མངའ༔ ཐུགས་མཆོག་དམ་པ་ཉིད་ཀྱི་ཐུགས༔ སྟོང་ཉིད་ཐུགས་ལ་ཕྱག་འཚལ་ལོ༔ གནས་འདིར་དངོས་གྲུབ་བསྩལ་དུ་གསོལ༔ བསྐལ་པ་མཐའ་ཡས་མང་པོར་ཚོགས་བསགས་ནས༔ བསྐལ་པར་རྙེད་དཀའ་དེ་ཉིད་ཐུགས་སུ་ཆུད༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐལ་ལྡན་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཤར་ཕྱོགས་ལྷ་མོ་ཚེ་འཛིན་མ༔ དཀར་མོ་ཤེལ་མདོག་སྤྱན་འཕྲ་མ༔ རྡོ་རྗེ་སེམས་དཔས་བྱིན་བརླབས་ཏེ༔ ཕྱག་ན་ཚེ་ཡི་གཡུང་དྲུང་བསྣམས༔ ཡང་སྤྲུལ་ཕྲ་མོ་གྲངས་མེད་ཀྱིས༔ དྲི་ཟའི་ལག་ནས་ཚེ་དྲོངས་ལ༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལྷོ་ཡི་ལྷ་མོ་ཚེ་འཛིན་མ༔ སྔོན་མོ་གཡུ་མདོག་སྤྱན་འཕྲ་མ༔ རིན་ཆེན་སེམས་དཔས་བྱིན་བརླབས་ཏེ༔ ཕྱག་ན་ཚེ་ཡི་གཡུང་དྲུང་བསྣམས༔ ཡང་སྤྲུལ་ཕྲ་མོ་གྲངས་མེད་ཀྱིས༔ གཤིན་རྗེའི་ལག་ནས་ཚེ་དྲོངས་ལ༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ནུབ་ཀྱི་ལྷ་མོ་ཚེ་འཛིན་མ༔ དམར་མོ་མཚལ་མདོག་སྤྱན་འཕྲ་མ༔ ཆོས་ཀྱི་སེམས་དཔས་བྱིན་བརླབས་ཏེ༔ ཕྱག་ན་ཚེ་ཡི་གཡུང་དྲུང་བསྣམས༔ ཡང་སྤྲུལ་ཕྲ་མོ་གྲངས་མེད་ཀྱིས༔ ཀླུ་ཡི་ལག་ནས་ཚེ་དྲོངས་ལ༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བྱང་ཕྱོགས་ལྷ་མོ་ཚེ་འཛིན་མ༔ སེར་མོ་གསེར་མདོག་སྤྱན་འཕྲ་མ༔ ལས་ཀྱི་སེམས་དཔས་བྱིན་བརླབས་ཏེ༔ ཕྱག་ན་ཚེ་ཡི་གཡུང་དྲུང་བསྣམས༔ ཡང་སྤྲུལ་ཕྲ་མོ་གྲངས་མེད་ཀྱིས༔ གནོད་སྦྱིན་ལག་ནས་ཚེ་དྲོངས་ལ༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚུར་བྱོན་ཕྱོགས་བཅུའི་རྒྱལ་བའི་སྲས༔ དད་པ་མཐུན་པའི་དམ་ཚིག་གིས༔ གནས་འདིར་ཚེ་གསོལ་སྲོག་སྐྱོབས་ཤིག༔ པྲ་མོ་མཁས་པའི་པྲ་མོ་ཧ༔ པྲ་མོ་ཧ་ཡིས་པྲ་ཕོབ་ཅིག༔ ཚེ་ལ་དབང་བའི་དཔལ་འབར་མ༔ དཔལ་འབར་མས་ནི་ཚེ་ཁུག་ཅིག༔ ཚེ་བདག་ཆེན་མོས་ཚེ་ཁུག་ཅིག༔ བྱིན་བདག་ཆེན་མོས་བྱིན་ཕོབ་ཅིག༔ ཨོཾ་བྷྲཱུྃ་ནྲྀ་ཡུ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ གཉིས་པ་བསྙེན་པ་འབུལ་བ་ནི། གོང་དུ་སྨོས་པའི་སྤྲོ་བསྡུའི་ཏིང་ངེ་འཛིན་གསལ་བཏབ་ལ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ་ཨཱ༔ ཞེས་ཅི་འགྲུབ་བཟླ། ཚེ་འགུགས་པ་ནི། ཨོཾ་བྷྲཱུྃ་ནྲྀ་ཡུ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱ༔ ཚེ་གསོ་བ་ནི། ཨོཾ་བྷྲཱུྃ་ནྲྀ་ཡུ་བཛྲ་ཛྙཱ་ན་ཨཱ་ཡུ་ཤེ་སྭཱ་ཧཱ༔ ཚེ་བསྟིམ་པ་ནི། ཨོཾ་བྷྲཱུྃ་ནྲྀ་ཡུ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ་བེ་ཤཱ་ཡ་ཧཱུྃ༔ ཚེ་བསྲིང་བ་ནི། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨཱ་ཡུཿཔུཎྱེ་ཛྙཱ་ན་སམ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ༔ མཐར་བྱིན་བརྟན་ཅིང་དབང་ཐང་ཆུས་སྲིད་བསྐྱེད་པ་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ ཞེས་པ་རྣམས་ཀྱང་བཟླའོ། །བཞི་པ་ཚེ་བགེགས་ཀྱིས་བརྐུས་པ་འཕྲོག་པ་ནི། ཐུགས་ཀའི་པདྨ་ཧེ་རུ་ཀ་ལས་སྤྲུལ་པའི་ཁྲོ་བོ་པདྨ་ཀུཎྜ་ལཱི་གཏུམ་ཞིང་འཇིགས་པའི་གཟུགས་ཅན། རྡོ་རྗེ་གསལ་ཤིང་ཐོགས་པ་སྤྲོས་ཏེ་རི་རབ་ཐལ་བར་བཤིགས། རྒྱ་མཚོའི་གཏིང་ནས་དཀྲུགས། གསེར་གྱི་ས་གཞིའི་སྟེང་ན་འཆི་བདག་གཤིན་རྗེའི་སྐྲ་ནས་བཟུང་། ལུས་ཕྱེད་ཚལ་དུ་བཀས། ཀླད་པ་དང་སྙིང་གི་དཀྱིལ་ནས་བསྲུང་བྱའི་བླ་ཚེ་བཀུག་པར་བསམ་ལ། ཧཱུྃ༔ སྔགས་འཆང་རྒྱལ་པོ་གང་ན་གནས་པ་ན༔ ཕྱག་རྒྱའི་དཀྱིལ་འཁོར་ཚོགས་ཀྱང་དེ་ན་གསལ༔ ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ནས༔ སྨེ་ཤ་ནག་མོ་བྱིས་སྙིང་ཟ༔ དེ་ཡི་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཧ་ཡ་གྲཱི་བ་རྟ་མཆོག་དཔལ༔ ཕྱག་མཚན་ཕྱག་ན་འབྲུག་གྲུས་བསྣམས༔ འབྲུག་དཀར་འབྲུག་ལྗང་འབྲུག་སྔོན་འབྲུག་ནག་རྣམས༔ འབྲུག་གི་ཁ་ནས་གློག་གི་ལྕེ་འབྱིན་ཅིང༔ འབྲུག་གི་ཁ་ནས་གནམ་ལྕགས་ཐོག་ཀྱང་འབེབས༔ གནོད་སྦྱིན་དམར་པོ་རྣམས་ཀྱི་ཀླད་པ་འགེམས༔ དེ་ཡི་སེམས་ཀྱི་དཀྱིལ་ནས་ཚེ་དྲོངས་ཤིག༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཆགས་པའི་བདག་ཉིད་རྡོ་རྗེ་ཆེ༔ པདྨ་རྒྱལ་པོ་ཀུཎྜ་ལཱི༔ སྤྲུལ་པ་འཕྲོ་ཞིང་མང་པོ་འཚོགས༔ ཚེ་ལ་གནས་པའི་བགེགས་ཆེན་རྣམས༔ དེ་ཡི་གཟུགས་མཆོག་གཏིང་ཁྲོལ་ལ༔ གང་གི་ཚེ་དེ་སྣང་བར་གྱིས༔ བྷནྡ་ཏྲཊ྄་ཕཊ྄༔ ཚེ་ལ་གནོད་པའི་བགེགས་ཆེན་པོ༔ གཤིན་རྗེ་དམར་པོའི་ཀླད་པ་འགེམས༔ དེ་ཡི་སེམས་ཀྱི་དཀྱིལ་ནས་ཚེ་དྲོངས་ལ༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ནས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐུ་མདོག་གངས་རི་རྩེ་ལ་ཉི་ཤར་འདྲ༔ ཕྱག་ན་རིན་ཆེན་ཕྲེང་བ་ཟ་མ་ཏོག༔ བགྲང་ཕྲེང་དང་ནི་ནེའུ་ལེ་བསྣམས༔ གནས་པར་གྱུར་པའི་འགྲོ་དྲུག་ལ༔ ཚེ་བཞག་གནས་ནི་འདི་ལགས་ན༔ གང་གི་ཚེ་དེ་སྣང་བར་གྱིས༔ ཆགས་པའི་བདག་ཉིད་རྡོ་རྗེ་ཆེ༔ པདྨའི་རྒྱལ་པོ་ཧེ་རུ་ཀ༔ སྤྲུལ་པའི་ཁྲོ་བོ་མང་པོ་ཡིས༔ ཚེ་ལ་གནོད་པའི་བགེགས་རྣམས་ཀུན༔ དེ་ཡི་གཟུགས་ཀྱི་གཏིང་བཅོམ་ནས༔ གང་གི་ཚེ་དེ་སྣང་བར་མཛོད༔ ལག་པའི་སོར་མོ་རྒྱབ་ཏུ་བསྣོལ་ལ་དྲག་ཏུ་དྲལ་ལོ། །བྷནྡྷ་སརྦ་ཏྲཊ་ཕཊ༔ ལྔ་པ་ཚེ་བླང་ཞིང་བླ་འགུགས་ནི། ཁྲོ་བོའི་སྤྲུལ་པས་བགེགས་ཀྱི་གཏིང་དྲལ་ཏེ་བརྐུས་པའི་བླ་ཚེ་སྐར་ཆེན་ལྟར་གནས་པ་ལ༔ པདྨ་ཧེ་རུ་ཀའི་ཐུགས་ཀ་དང༔ བ་སྤུའི་བུ་ག་ནས་གསང་བའི་ཡུམ་སྐུ་མདོག་དཀར་མོ་ལྕགས་ཀྱུ་ཐོགས་པ་མང་པོ་བྱུང་སྟེ༔ ཟླ་བའི་དཀྱིལ་འཁོར་རིན་པོ་ཆེའི་གྭའུ་འདྲ་བའི་ནང་དུ་ཚེ་བཀུག་པར་གྱུར༔ ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཨཱ་ཡུརྫྙཱ་ན་བྷྲཱུྃ་ཛ༔ བགེགས་ཀྱིས་བར་དུ་གཅོད་ཅིང་རློམས་མི་ནུས་པར་ཁྲོ་བོ་མང་པོས་བསྲུང་མཚམས་བཅད་པར་གྱུར། ཨོཾ་སུ་ར་བཛྲ་རཀྵ་ཡཀྵ་བཛྲ་ཀ་པ་ཙ་ཧཱུྃ་ཕཊ༔ སྐུལ་ཚིག་ཀྱང་། ཧཱུྃ༔ ཚེ་དང་བླ་གཡུ་འགུགས་པའི་ལས་མཛད་མ༔ རྡོ་རྗེ་ལྷ་མོ་ལྕགས་ཀྱུ་འཛིན༔ ནམ་མཁའི་ཁམས་ལ་དབང་སྒྱུར་མ༔ ཁམས་གསུམ་གནས་ནས་ཚེ་དྲོངས་ཤིག༔ རིན་ཆེན་ལྷ་མོ་ཞགས་པ་མ༔ འབྱུང་བ་མེ་ལ་དབང་སྒྱུར་མ༔ སྲིད་གསུམ་གནས་ནས་ཚེ་ཁུག་ཅིག༔ པདྨ་ལྷ་མོ་ལྕགས་སྒྲོག་མ༔ འབྱུང་བ་ཆུ་ལ་དབང་སྒྱུར་མ༔ རྒྱུད་དྲུག་གནས་ནས་ཚེ་ཁུག་ཅིག༔ ལས་ཀྱི་ལྷ་མོ་དྲིལ་བུ་མ༔ སྙན་པའི་སྒྲ་སྐད་ཕྱོགས་བཅུར་སྒྲོག༔ སྣང་མཛད་རླུང་ལ་དབང་སྒྱུར་མ༔ མཆོག་གསུམ་གནས་ནས་ཚེ་དྲོངས་ཤིག༔ དྲུག་པ་ཚེ་དབབ་ཅིང་བསྟིམ་པ་ནི། ལག་གཉིས་དབབ་པའི་ཕྱག་རྒྱ་བྱས་ལ། ལྷ་མོ་རྣམས་ཀྱིས་བཀུག་པའི་ཚེ་དེ་ཉིད་བསྲུང་བྱའི་ལུས་ཀུན་ལ་ཁྱབ་པར་བསྟིམས་ཤིང་ཁྱད་པར་སྙིང་གི་དབུས་ཀྱི་ཚེ་རྟེན་ལ་ཐིམ་པས་བཀྲག་དང་གཟི་མདངས་ལྷམ་མེར་འབར་བར་གྱུར། ཨོཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱ་བེ་ཤ་ཡ་ཨཱ༔ གཤིན་རྗེ་དམར་པོ་ལ་སོགས་པའི༔ ཐུགས་ཀའི་གནས་ནས་ཚེ་འཕྲོག་པའི༔ དབབ་པའི་ཆོ་ག་བྱས་པ་ཡིས༔ ཚེ་དང་བཀྲག་དང་གཟི་མདངས་ཀུན༔ ཐིམ་ནས་ལྷམ་མེར་འབར་བར་གྱུར༔ བཅིང་ཞིང་བཟུང་བ་ནི། སྙིང་གའི་གྭའུ་ཁ་བསྒྲིགས། རྡོ་རྗེ་རྒྱ་གྲམ་གྱི་རྭ་བཞིས་བསྣོལ་མར་བསྡོམས་རྩེར་བཾ་དམར་པོ་གསལ། བཛྲ་བཾ༔ བཾ་ལས་རྡོ་རྗེ་ལུ་གུ་རྒྱུད་དམར་པོ་བྱུང་སྟེ་རྒྱ་གྲམ་གྱི་རྩེ་མོ་དམ་དུ་བཅིངས་པར་གྱུར། རྒྱལ་བ་རྡོ་རྗེ་འཆང་ཆེན་གྱིས༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ རིག་འཛིན་ལ་སོགས་ཕོ་ཉ་རྣམས༔ མ་གཡེལ་བདེན་པའི་དམ་ཚིག་གིས༔ གནས་འདིར་ལས་མཛོད་ཚེ་ཁུག་ཅིག༔ དད་པས་མཐུན་པའི་དམ་ཚིག་གིས༔ ཚུར་བྱོན་ཕྱོགས་བཅུའི་རྒྱལ་བ་རྣམས༔ འགྲོ་ལ་ཕན་པའི་ཐུགས་རྗེ་ཡིས༔ གནས་འདིར་ཚེ་སྤེལ་སྲོག་སྐྱོབས་ཤིག༔ བདུན་པ་གཡེང་བ་སྡུད་པ་ནི། དར་གྱི་གཡབ་མོ་ལྕགས་ཀྱུའི་ཕྱག་རྒྱས་དྲངས་ཏེ། ཨཱ་ཡུརྫྙཱ་ན་བྷྲཱུྃ་ནྲྀ་ཛ༔ ཞེས་པ་དང་། ཚེ་དང་བཀྲག་ཐམས་ཅད་འུབ་ཀྱིས་བསྡུས་ཏེ༔ གང་ལ་བྱ་བའི་ལུས་ངག་ཡིད་གསུམ་ལ་ཐིམ་པར་གྱུར༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འཛིན་མ༔ རྡོ་རྗེ་ཡུམ་སྟེ་སངས་རྒྱས་སྤྱན༔ རིན་ཆེན་ཤེལ་གྱི་བུམ་པ་ལ༔ ཚེ་དང་བདུད་རྩིས་བཀང་ནས་སུ༔ རྡོ་རྗེ་འབར་བས་རྒྱས་བཏབ་སྟེ༔ སྤྱི་བོའི་གཙུག་ནས་དབང་བསྐུར་བས༔ ཚེ་དབང་ཐམས་ཅད་བརྟན་པར་མཛོད༔ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ༔ ལྷོ་ཡི་ཕྱོགས་ནས་ཚེ་འཛིན་མ༔ རིན་ཆེན་ཡུམ་སྟེ་གོས་དཀར་མོ༔ བཻ་ཌཱུརྻ་ཡི་བུམ་པ་ལ༔ ཚེ་དང་བདུད་རྩིས་བཀང་ནས་སུ༔ རིན་ཆེན་འབར་བས་རྒྱས་བཏབ་སྟེ༔ སྤྱི་བོའི་གཙུག་ནས་དབང་བསྐུར་བས༔ ཚེ་དབང་ཐམས་ཅད་བརྟན་པར་མཛོད༔ ཨོཾ་ཤང་ཀ་རེ་ཤཱིནྟཾ་ཀ་རེ་ན་གྷ་ཊ་ཡ་གྷ་ཊ་ཡ་གུ་ཊི་ནི་སྭཱ་ཧཱ༔ ནུབ་ཀྱི་ཕྱོགས་ནས་ཚེ་འཛིན་མ༔ པདྨ་ཡུམ་སྟེ་མཱ་མ་ཀཱི༔ བྱེ་རུ་དམར་པོའི་བུམ་པ་ལ༔ ཚེ་དང་བདུད་རྩིས་བཀང་ནས་སུ༔ པདྨ་འབར་བས་རྒྱས་གདབ་སྟེ༔ སྤྱི་བོའི་གཙུག་ནས་དབང་བསྐུར་བས༔ ཚེ་དབང་ཐམས་ཅད་བརྟན་པར་མཛོད༔ ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊ་སྭཱ་ཧཱ༔ བྱང་གི་ཕྱོགས་ནས་ཚེ་འཛིན་མ༔ ལས་ཀྱི་ཡུམ་སྟེ་དམ་ཚིག་སྒྲོལ༔ ཨིནྡྲ་ནཱི་ལའི་བུམ་པ་ལ༔ ཚེ་དང་བདུད་རྩིའི་བཀང་ནས་སུ༔ རལ་གྲི་འབར་བས་རྒྱས་གདབ་སྟེ༔ སྤྱི་བོའི་གཙུག་ནས་དབང་བསྐུར་ནས༔ ཚེ་དབང་ཐམས་ཅད་བརྟན་པར་མཛོད༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ༔ དབུས་ཀྱི་ཕྱོགས་ནས་ཚེ་འཛིན་མ༔ བདེ་གཤེགས་ཡུམ་སྟེ་དབྱིངས་ཕྱུག་མ༔ རིན་ཆེན་མཆོང་གི་བུམ་པ་ལ༔ ཚེ་དང་བདུད་རྩིས་བཀང་ནས་སུ༔ འཁོར་ལོ་འབར་བས་རྒྱས་བཏབ་ནས༔ སྤྱི་བོའི་གཙུག་ནས་དབང་བསྐུར་བས༔ ཚེ་དབང་ཐམས་ཅད་བརྟན་པར་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་དེ་བཱི་ཤྲཱི་ཡེ་སྭཱ་ཧཱ༔ བརྒྱད་པ་ཚེ་ཟད་པ་གསོ་བ་ནི། སྒྲུབ་པ་པོ་ཚེ་དཔག་མེད་ཡབ་ཡུམ་གྱི་ང་རྒྱལ་དུ་ཞུགས་ལ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་གངས་རི་འཚེར་བ་ལ༔ རིན་ཆེན་ཕྲེང་བའི་རྒྱན་གྱིས་སྤྲས༔ ཡིད་བཞིན་རིན་ཆེན་ཕྲེང་བ་དང༔ ཡིད་བཞིན་རིན་ཆེན་ཟ་མ་ཏོག༔ རིན་ཆེན་རྒྱན་དང་བུམ་པ་བཟང༔ ཚེ་ཡི་གནས་ནི་འདི་ལགས་སོ༔ ཚེ་ཡི་དབང་པོ་སྒྱུ་འཕྲུལ་ཅན༔ དཀར་མོའི་མདོག་ལ་འོད་འཕྲོ་མ༔ ཕྱག་ན་རིན་ཆེན་གང་བ་ཡི༔ ཕྱག་མཚན་སྣ་ཚོགས་ཅིར་ཡང་བསྒྱུར༔ འཇིག་རྟེན་དྲུག་གི་ཕྱོགས་བཅུ་ནས༔ གནས་པར་གྱུར་པའི་འགྲོ་དྲུག་ལ༔ ཕན་པའི་ཚེ་དབང་སྦྱིན་མཛད་མ༔ ཚེ་དཔག་མེད་པ་ཡབ་ཡུམ་གྱིས༔ དེ་རིང་ཚེ་འདི་བརྟན་པར་མཛོད༔ ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨ་ཡུརྫྙཱ་ན་སུམྦ་ནི་ཙིཏྟ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏད་ཡ་ཐཱ་ཨོཾ་སརྦ་སམ་སྐཱ་ར་པ་རི་ཤུདྡྷེ་དྷརྨ་ཏེ་ག་ག་ན་ས་མུད་ག་ཏེ༔ སྭཱ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ ཞེས་བཟླས་པས། ཚེ་དཔག་ཏུ་མེད་པ་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཆར་གྱི་རྒྱུན་བཞིན་བབས༔ བསྲུང་བྱའི་ལུས་ཐམས་ཅད་ལ་ཁྱབ་ཅིང་བསྣན་ཏེ་བསྡམས་པས་ཚེ་དང་གཟི་བརྗིད་འཕེལ་ཞིང་རྒྱས་པར་གྱུར༔ དགུ་པ་ཚེ་ལྡེག་པ་བརྟན་པར་བྱེད་པའི་སྐུལ་ནི། བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས་པའི༔ སྐྱེ་ཤི་ལས་འདས་རྣལ་འབྱོར་ཆེན་པོ་ཡི༔ རྒྱལ་བས་རྟོགས་དཀའ་དེ་ཉིད་ཐུགས་སུ་ཆུད༔ བཅོམ་ལྡན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལས༔ ལྷ་ཚོགས་ཅིར་ཡང་འགྱུར་བའི་ཆོ་འཕྲུལ་གྱིས༔ བཅོམ་ལྡན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཁྲོ་བོ་ཁྲོ་མོའི་ཐུགས་ཀ་ནས༔ ལྕགས་ཀྱུ་དཀར་དང་དམར་གྱི་ཞགས་ཀྱིས་བཅིངས༔ དེ་བཞིན་གཤེགས་པའི་ཐུགས་ཀ་མན་ཆད་ནས༔ མཐུ་ཆེན་འབྱུང་པོ་ལྷ་ཀླུ་བགེགས་ལ་སོགས༔ དེ་ཡི་སྙིང་གི་དཀྱིལ་ནས་ཚེ་དྲོངས་ལ༔ བཅོམ་ལྡན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལྕགས་ཀྱུས་ཚེ་བཟུང་བའི་ཕྱག་རྒྱ་བཅིངས་ལ། ཨཱ་ཡུརྫྙཱ་ན་བྷྲཱུྃ་ནྲྀ་ཛ༔ ཞེས་པས། དེ་བཞིན་གཤེགས་པའི་ཐུགས་ཀ་ནས་ཐུགས་རྗེ་བྱང་ཆུབ་སེམས་ཀྱི་ཆར་བབས་པས༔ འདོད་ཁམས་དང་གཟུགས་ཁམས་ཀྱི་ལྷ་བསོད་ནམས་ཆེ་ཞིང༔ གཟི་བརྗིད་ལྡན་པ་མ་བདུད་སྲིན་པོ་ལ་སོགས་པའི་ཚེ་དང་བསོད་ནམས་འཕྲོག་ནས་སྤྱན་མ་ལ་སོགས་པས་དབང་བསྐུར་ཅིང་བྱིན་གྱིས་བརླབས༔ ཚེ་བཅུད་སྒོ་གསུམ་ལ་ཕབ་ཅིང་རྒྱས་པར་བྱས་ཏེ་ཟླ་བ་རྒྱས་པ་ལྟར་གསལ་བར་གྱུར༔ བཛྲ་རཀྵ་ཧཾ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་བཛྲ་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ བཅུ་པ་ཚེ་ལ་བགེགས་ཀྱིས་འཚེ་བ་བསྐྲད་པ་ནི། རང་གི་སོར་མོ་གཡོན་པ་ལྔ་སྤྱན་མ་སོགས་ཡུམ་ལྔར་གསལ་བའི་ཕྱག་མཚན་ལྕགས་ཀྱུས་ནད་དང་བགེགས་ཀྱི་སྦྱོར་བ་ངན་པ་ཕྱུང་སྟེ་བྱབ་ཅིང་མཚམས་བཅད༔ གཡས་པ་ལྔ་ལ་ཁྲོ་བོ་ལྔར་གྱུར་ཏེ༔ ཚེ་ལ་གནོད་པའི་བགེགས་ཚར་གཅོད་པར་གྱུར༔ ཧཱུྃ༔ དཀར་མོ་རྒྱས་འདེབས་ཞི་བྱེད་མགྱོགས་མའི་ཚོགས༔ འགྲོ་བ་རྣམས་ཀྱི་ཚེ་ལ་དབང་བསྒྱུར་ཅིང༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཐུགས་རྗེ་རྒྱ་མཚོ་རྦ་ཀློང་འཁྱིལ་བ་ནི༔ རྨོངས་བྱེད་དམར་མོ་དབང་སྡུད་ཆགས་པའི་སྐུ༔ སྣང་སྲིད་མགྱོགས་མའི་ཚོགས་ལ་དབང་བསྒྱུར་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ རྒྱས་བྱེད་སེར་མོ་ཚེ་འཕེལ་རྒྱས་འདེབས་མ༔ ཐུགས་རྗེའི་ཤུགས་ཀྱིས་འདྲེན་པའི་གཙོ་མོ་སྟེ༔ ཚེ་དང་གཟི་བརྗིད་འདྲེན་པའི་ལས་མཛད་མ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ སྔོན་མོ་བརླག་བྱེད་དྲག་པོའི་ཤུགས་འབར་མ༔ རྨོངས་ཤིང་འདྲེན་པས་དྲག་པོའི་ལས་མཛད་མ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་གཞོམ་པའི་ཕྱིར༔ ཚེ་ལ་གནོད་པའི་བགེགས་རྣམས་རྡུལ་དུ་རློག༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཤར་གྱི་ཕྱོགས་ནས་ཚེ་འགུག་པ༔ ཚེ་ཡི་བདག་པོའི་མཚན་ནི་མི་འཁྲུགས་པ༔ ཚེ་ཡི་ཡུམ་གྱི་མཚན་ནི་སངས་རྒྱས་སྤྱན༔ ཚེ་ཡི་མགོན་པོའི་མཚན་ནི་ཡུལ་འཁོར་སྲུང༔ ཚེ་ཡི་ཁྲོ་བོའི་མཚན་ནི་སྟོབས་པོ་ཆེ༔ མགྱོགས་བྱེད་ཕོ་ཉའི་མཚན་ནི་རྡོ་རྗེ་ལྕགས་ཀྱུ་སྟེ༔ རྡོ་རྗེ་ལྕགས་ཀྱུས་ནམ་མཁའི་ཁམས་ཁོངས་ལ༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ཤིག༔ བཛྲ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་པ༔ ཚེ་ཡི་བདག་པོའི་མཚན་ནི་རིན་ཆེན་འབྱུང༔ ཚེ་ཡི་ཡུམ་ཆེན་མཚན་ནི་གོས་དཀར་མོ༔ ཚེ་ཡི་མགོན་པོའི་མཚན་ནི་འཕགས་སྐྱེས་པོ༔ ཚེ་ཡི་ཁྲོ་བོའི་མཚན་ནི་གཤིན་རྗེ་གཤེད༔ ཚེ་ཡི་ཕོ་ཉའི་མཚན་ནི་རྡོ་རྗེ་ཞགས་པ་སྟེ༔ རྡོ་རྗེ་ཞགས་པས་ནམ་མཁའི་ཁམས་ཁོངས་ལ༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་དྲོངས་ཤིག༔ རཏྣ་ཨཱ་ཡུ་ཛྙཱ་ན་ཏྲཱཾ་བྷྲཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་པ༔ ཚེ་ཡི་བདག་པོའི་མཚན་ནི་འོད་དཔག་མེད༔ ཚེ་ཡི་ཡུམ་གྱི་མཚན་ནི་མཱ་མ་ཀི༔ ཚེ་ཡི་མགོན་པོའི་མཚན་ནི་སྤྱན་མི་བཟང༔ ཚེ་ཡི་ཁྲོ་བོའི་མཚན་ནི་རྟ་མཆོག་དཔལ༔ ཚེ་ཡི་ཕོ་ཉའི་མཚན་ནི་ལྕགས་སྒྲོག་མ༔ རྡོ་རྗེ་ལྕགས་སྒྲོག་ནམ་མཁའི་ཁམས་ཁོངས་ལ༔ ནུབ་ཕྱོགས་ཀླུ་ཡི་ལག་ནས་ཚེ་དྲོངས་ཤིག༔ པདྨ་ཛྙཱ་ན་ཨཱ་ཡུཿཧྲཱིཿབྷྲཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་པ༔ ཚེ་ཡི་བདག་པོའི་མཚན་ནི་དོན་ཡོད་གྲུབ༔ ཚེ་ཡི་ཡུམ་གྱི་མཚན་ནི་དམ་ཚིག་སྒྲོལ༔ ཚེ་ཡི་མགོན་པོའི་མཚན་ནི་རྣམ་ཐོས་སྲས༔ ཚེ་ཡི་ཁྲོ་བོའི་མཚན་ནི་བདུད་རྩི་འཁྱིལ༔ ཚེ་ཡི་ཕོ་ཉའི་མཚན་ནི་དྲིལ་བུ་མ༔ རྡོ་རྗེ་དྲིལ་བུས་ནམ་མཁའི་ཁམས་ཁོངས་ལ༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་དྲོངས་ཤིག༔ ཀརྨ་ཨཱ་ཡུཿཛྙཱ་ན་ཧ་བྷྲཱུྃ༔ ཤར་ཕྱོགས་རྡོ་རྗེ་འབར་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕྲ་མེན་མེ་ཡི་རལ་པ་ཅན༔ སྤྱན་མིག་དྲི་མེད་ཆུ་ཟླ་འབུམ་གྱིས་གཟིགས༔ ཕྱག་ཆ་རྡོ་རྗེ་མང་པོ་སྐར་ལྟར་འཁྲུགས༔ འདུལ་བྱེད་ཞབས་ཀྱི་འོད་ཟེར་འཕྲོ་བ་ཡིས༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག༔ ལྷོ་ཕྱོགས་མེ་རི་དམར་པོའི་གཞལ་ཡས་ནས༔ རྡོ་རྗེ་སྒྲོན་མེ་མེ་ཡི་རལ་པ་ཅན༔ མེ་ཡི་ཚྭ་ཚྭ་མང་པོ་སྐར་ལྟར་འཁྲུགས༔ རལ་པ་མེ་སྟག་མང་པོས་སྟོང་ཁམས་གཏིབས༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ནུབ་ཕྱོགས་ཟངས་མ་དམར་པོའི་ཟངས་ཀྱི་གཞལ་ཡས་སུ༔ རྡོ་རྗེ་ཁྲག་འཐུང་ཁྲག་གི་རལ་པ་ཅན༔ ཁྲག་དང་ཞག་གི་ཐིག་ལེས་རྒྱན་དུ་བྱས༔ ལག་པ་ཁྲག་སྡེར་དམར་པོ་གཏམས་པ་ཡིས༔ ནུབ་ཕྱོགས་ཀླུ་ཡི་ལག་ནས་ཚེ་ཁུག་ཅིག༔ བྱང་ཕྱོགས་ལྕགས་རི་སྔོན་པོ་ལྕགས་ཀྱི་གཞལ་ཡས་སུ༔ ལྕགས་མདོག་སྔོན་མོ་ལྕགས་ཀྱི་མཆེ་གཤོག་ཅན༔ ལག་པ་ལྕགས་སྡེར་སྔོན་པོ་ལྕགས་ཀྱི་ཁ་བལྟམས་པས༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ བཅུ་གཅིག་པ་སྦེད་ཅིང་བརྟན་པར་བྱ་བ་ལ་གཉིས་ལས། དང་པོ་ཁ་བཅིངས་ནས་སྦེད་པ་ནི། རྒྱས་འདེབས་མ་ཡིས་རྒྱས་ཐོབ་ཅིག༔ ཅི་ལྟར་རྒྱལ་པོས་རྒྱས་བཏབ་ནས༔ བྲན་རྣམས་འགལ་བར་མེ་བྱེད་བཞིན༔ བདག་ཉིད་ཆེན་པོས་རྒྱས་བཏབ་བོ༔ སུ་ཡང་འགལ་བར་མི་བྱ་འོ༔ ཚེ་འཛིན་མས་ནི་ཚེ་ཟུངས་ཤིག༔ བདུད་དང་མུ་སྟེགས་གང་ལ་ཡང༔ མ་ཤོར་བར་ནི་དམ་དུ་བཟུང༔ སྦེད་བྱེད་རྣམས་ནི་ཚེ་སྦོས་ཤིག༔ སྦེད་བྱེད་ཁྱེད་ཀྱིས་ཚེ་སྦས་ན༔ མཐུ་ཆེན་ལྷ་སྲིན་གང་གིས་ཀྱང༔ དེ་ལ་མཐོང་བར་ནུས་པ་མིན༔ སྤེལ་བྱེད་མས་ནི་ཚེ་སྤེལ་ཅིག༔ སྤེལ་བྱེད་ཁྱེད་ཀྱིས་ཚེ་སྤེལ་ན༔ ནམ་ཡང་ཟད་པར་འགྱུར་བ་མིན༔ ཞེས་དང་། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང༔ ཚེ་འཛིན་མ་ཡིས་ཚེ་ཟུངས་ཤིག༔ སྐྲོད་བྱེད་མ་ཡིས་བགེགས་སྐྲོད་ཅིག༔ སྤེལ་བྱེད་མ་ཡིས་ཚེ་སྤེལ་ཅིག༔ རྟོགས་བྱེད་མ་ཡིས་ཚེ་རྟོགས་ཤིག༔ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ ཅེས་བསྐུལ་ལོ། །གཉིས་པ་ཚེ་བརྟན་པར་བྱ་བ་ནི། ཅིས་ཀྱང་མི་ཤིགས་མི་ཚུགས་པའི༔ འཁོར་ལོའི་གོ་ཆ་བླ་ན་མེད༔ དམ་པ་ཉིད་དུ་མཛད་དུ་གསོལ༔ ཅིས་ཀྱང་མི་ཤིགས་མི་ཚུགས་པ༔ རྡོ་རྗེའི་གོ་ཆ་བླ་ན་མེད༔ སྲ་ཞིང་མཁྲེགས་པར་མཛད་དུ་གསོལ༔ ཅིས་ཀྱང་མི་ཤིགས་མི་ཚུགས་པ༔ རིན་ཆེན་གོ་ཆ་བླ་ན་མེད༔ ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ ཅིས་ཀྱང་མི་ཤིགས་མི་ཚུགས་པ༔ པདྨའི་གོ་ཆ་བླ་ན་མེད༔ གསུང་མཆོག་དངོས་གྲུབ་བསྩལ་དུ་གསོལ༔ ཅིས་ཀྱང་མི་ཤིགས་མི་ཚུགས་པ༔ རྒྱ་གྲམ་གོ་ཆ་བླ་ན་མེད༔ ཕྲིན་ལས་ཕུན་སུམ་ཚོགས་པར་མཛོད༔ ཚེ་འདི་རི་རབ་རྩེ་ན་གནས་ཀྱང་རུང༔ རྒྱ་མཚོའི་གཏིང་ན་གནས་ཀྱང་རུང༔ བདུད་དང་སྲིན་པོའི་ལག་ན་གནས་ཀྱང་རུང༔ རྒྱལ་པོ་བརྒྱ་བྱིན་ལག་ན་གནས་ཀྱང་རུང༔ ས་བདག་ས་སྲིན་ལག་ན་གནས་ཀྱང་རུང༔ ཚེ་འདི་ཡོ་བ་བདོག་ན་བསྲང་དུ་གསོལ༔ ཉམས་པ་འདུག་ན་བསབ་ཏུ་གསོལ༔ ཡར་བ་བདོག་ན་དགུག་ཏུ་གསོལ༔ ཨོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱ་བྷྲཱུྃ༔ ཞེས་པས། ཚེ་སྲོག་རྡོ་རྗེའི་བྲག་ལྟར་སྲ་ཞིང་ལྷུན་པོ་ལྟར་འགྱུར་མེད་དུ་བརྟན་པར་བསམ། བཅུ་གཉིས་པ་ཚེའི་དབང་བླང་ཞིང་སྨོན་ལམ་གདབ་པ་ནི་གཤམ་དུ་འབྱུང་བ་ལྟར་ལ། དབང་བླང་བ་ནི་བསྙེན་སྒྲུབ་གྲུབ་པའི་རྗེས་སོགས་ལས་རྒྱུན་དུ་སྦྱོར་མི་དགོས། སྲུང་མའི་གཏོར་ཆོག་འགྲུབ་ན་འདིར་སྦྱར། དེ་ནས་ཕྲིན་ལས་རྗེས་ཀྱི་བྱ་བ་ཚོགས་མཆོད་མདོར་བསྡུས་བྱེད་པར་སྤྲོ་ན། ཚོགས་རྫས་ཀྱི་དངོས་པོ་ཅི་འབྱོར་བ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། ཧཱུྃ། རཾ་ཡཾ་ཁཾ་ལས་མེ་རླུང་ཆུས། །ཚོགས་ཀྱི་དངོས་པོ་བསྲེགས་གཏོར་བཀྲུས། །སླར་ཡང་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཧྲཱིཿས། །ངོ་མཚར་མཆོད་སྤྲིན་ཆེན་པོར་གྱུར། །རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཚོགས་རྟེན་སྤྱན་འདྲེན་པ་ནི། ཧཱུྃ། ཆོས་དབྱིངས་འགྱུར་མེད་འོག་མིན་ཞིང་ཁམས་ནས། །བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་ཡོན་མཆོད་བཞེས་ཚེ་དབང་དངོས་གྲུབ་སྩོལ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དེ་ནས་ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་འབུལ། བར་པ་བཤགས་པ་ནི། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་སྤྱོད་པས་དམ་ལས་འགལ་གྱུར་ཏེ། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བཟླ། ཚོགས་ཐ་མ་ནི། ཨེ་ནྲྀ་ཏྲི་ཞེས་དམིགས་བྱ་རྟེན་དང་བཅས་པ་བསྐྱེད། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊཿ སརྦ་ནྲྀ་ཏྲི་ཤ་ཏྲཱུམ་མཱ་ར་ཡ་རྦད། ཅེས་བསྒྲལ་ལ། དགྲ་བགེགས་གདུག་པ་བསྒྲལ་པའི་ཤ་ཁྲག་རུས། །དུག་གསུམ་དབྱིངས་སུ་སྦྱངས་པ་མཆོད་པའི་སྤྲིན། །ཟག་མེད་བདུད་རྩིར་སྦར་ནས་འབུལ་ལགས་ན། །རྔམས་པའི་སྟབས་ཀྱིས་དགྱེས་པར་བཞེས་སུ་གསོལ། །མཱཾ་ས་རཀྟ་ཀེང་ནི་རི་ཏི་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། ཞེས་སྟོབ། དེ་ནས་ཚོགས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབས། ཨོཾ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿས་སྤྱན་དྲངས། ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིང་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་འབུལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །མཐར་གཏང་རག་གི་དོན་དུ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤ་ན་པུཥྤཾ་དྷཱུ་པཾ་གནྡྷཾ་ནཻ་ཝིདྱཾ་ཤབྡཾ་པཱུ་ཛ་ཧོཿ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་དང་། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ །ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས། ཡེ་ཤེས་ཀྱི་འཁོར་ལོ་དབྱིངས་སུ་གཤེགས། བདག་ཉིད་དམ་ཡེ་དབྱེར་མེད་པའི་དཀྱིལ་འཁོར་གསལ་བར་བལྟས་ལ། ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པ་ལས༔ འགག་མེད་དཀྱིལ་འཁོར་འཁོར་ལོར་ཤར༔ འགག་པ་ཉིད་ན་འགག་མེད་པ༔ སྤྲོས་བྲལ་ཀ་དག་ཀློང་དུ་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་འོད་གསལ་གྱི་དབྱིངས་སུ་བསྡུ། ཕཊ་ཕཊ་ཕཊ། སླར་ཡང་བདག་ཉིད་ཧེ་རུ་ཀའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ། ཞེས་ཐུན་མཚམས་ཀྱི་ལྷར་ལྡང་ཞིང་གནས་གསུམ་བསྲུང་། གཤམ་ནས་འབྱུང་བ་ལྟར་ཚེའི་སྨོན་ལམ་གདབ། མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བ་རྣམས་ཀྱི་གནས་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །ཅེས་དགེ་བ་བསྔོ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབ་ཞི་ཁྲོ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་གཏེར་སྲུང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། ༈ །འདིའི་སྒོ་ནས་ཚེའི་དབང་བསྐུར་བ་ནི། བཅའ་གཞི་དང་འདོན་སྒྲུབ་བཤད་མ་ཐག་པ་ལྟར་ཚོགས་གསག་ནས་བཟུང་། བཅུ་པ་བགེགས་ཀྱི་འཚེ་བ་བསྐྲད་པའི་བར་དུ་གཏང་། ལས་བུམ་དུ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་བྱ། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ལ་བསྐྲད། ལས་བྱང་ལྟར་མཚམས་བཅད། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེ་ལ་འདིར་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་བཀའ་བབས་ཤིང་ཐུགས་དམ་གྱི་ལྷ་མཆོག་རྩོད་མེད་དུ་གྲགས་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྒྲུབ་པའི་བཀའ་སྲོལ་སྔ་ཕྱི་དུ་མར་བྱོན་པ་རྣམས་ཀྱི་ནང་ནས་རྩ་བར་གྱུར་པ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྐུའི་རྣམ་འཕྲུལ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ། མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་ནས་ཆོས་རྒྱལ་ཆེན་པོའི་བླ་དཔེ་སྤྱན་དྲངས་པར་མཛད་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལས། ཐུགས་རྗེ་དང་བཀའ་དྲིན་ཚད་མ་མཆིས་པའི་བདག་ཉིད་གུ་རུ་རིན་པོ་ཆེ་པདྨཱ་ཀ་རས་ཕྱི་རབས་ཀྱི་འགྲོ་བ་ཚེ་ཐུང་ཞིང་ཚེ་ལ་བར་དུ་གཅོད་པ་མང་པོ་དང་ལྡན་པ་ལ་ཕན་གདགས་པའི་སླད་དུ་རྒྱུད་ལས་ཟབ་མོའི་ཉིང་ཁུ་ཕྱུངས་པར་མཛད་པ། བསྐྱེད་རྫོགས་ཆེན་པོའི་ལས་གཞུང་དང་འབྲེལ་བའི་མན་ངག་ཁྱད་པར་དུ་འཕགས་པ་ཚེ་ལུང་རྣམ་པ་བཅུ་གཉིས་དང་ལྡན་པ་བཀྲ་ཤིས་ཚེའི་སྒྲུབ་པའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འཆི་མེད་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་གསོལ་ནས། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་འཆི་མེད་ཚེའི་དཀྱིལ་འཁོར་གྱི་ལྷར་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ། མཐའ་སྐོར་དུ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་ཡིད་ཀྱིས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། དབང་དོན་རྒྱུད་ལ་བརྟན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པ་ཡིན་པས་དམ་བཅའ་རྣམ་པ་གསུམ་བརྟན་པོར་བཟུང་བའི་བློས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་སྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱངས། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དཀར་པོ་གེ་སར་བཅས་པ་དང་ཉི་ཟླའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་སོགས་ལས་བྱང་གི་མངོན་རྟོགས་ལྟར་བརྗོད། མཉམ་གཞག་གི་ཕྱག་རྒྱ་མཛད་པ་གསལ་ཐོབ། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་ནམ་མཁའི་དབྱིངས་གང་བ་འཕྲོས། ཆོས་ཀྱི་དབྱིངས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྒྲུབ་ཆེན་བཀའ་བརྒྱད་འཆི་མེད་ཚེའི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་ནས། ཆར་བབས་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་དབྱངས་དང་བཅས་སྤྱན་འདྲེན་ཤློ་ཀ་གཅིག་དང་། ཞི་ཁྲོ་སྤྱི་བསྡུས་སྔགས་ཤམ་བུ་ཅན་གྱི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་གྱི་བརླབ་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ་ཞེས་རྡོ་རྗེ་མགོར་བཞག་ལ་བརྟན་པར་བྱ། དེ་དག་གིས་སྔོན་འགྲོའི་རིམ་པ་གྲུབ། དངོས་གཞིའི་ཚེ་དབང་བསྐུར་བ་ལ་རྩ་བའི་གཞུང་ལས། ཚེ་མཚམས་བཅད་ཅིང་ཚེ་ཡི་ལྷ་ཚོགས་བསྒྲུབ། ཚེ་ལ་དངོས་གྲུབ་བླང་ཞིང་ལྷ་ཚོགས་བསྐུལ༔ བགེགས་ཀྱིས་བརྐུས་པ་འཕྲོག་ལ་ཚེ་བླང་བླ་འགུག་བྱ༔ ཚེ་དབབ་བསྟིམ་ཞིང་ཚེ་ནི་བཅིང་བར་བྱ༔ ཚེ་འཕྱན་གཡེང་བ་སྡུད་ཅིང་ཚེ་ནི་ཟད་པ་གསོ༔ ཚེ་ནི་ལྡེག་པ་བརྟན་ཅིང་བགེགས་ཀྱིས་འཚེ་བ་བསྐྲད༔ ཚེ་ནི་ཁ་བཅིང་ཚེ་ནི་བརྟན་པར་བྱ༔ ཞེས་གསུངས་པའི་ཚེ་ལུང་བཅུ་གཉིས་ཀྱི་ཕྲིན་ལས་རིམ་པ་བཞིན་བསྒྲུབ་པ་ལ། ཐོག་མར་ཚེ་རྟེན་གསལ་གདབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་ཁར་ཙིཏྟ་རིན་པོ་ཆེ་དཀར་པོ་ཤེལ་དག་པ་འདྲ་བ་ཕྱི་ནང་མི་སྒྲིབ་པའི་ཙིཏྟའི་སྒོ་སྲུང་དཔལ་རྟ་མགྲིན་ཡབ་ཡུམ་བཞུགས་པ། དེའི་དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་རིན་པོ་ཆེ་ཤེལ་གྱི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཚེ་རྟེན་འོད་དཀར་པོའི་ཐིག་ལེ་ཨ་ཡིག་དཀར་པོས་མཚན་པར་སྒོམས་ཤིག །ཧཱུྃ༔ སྐུ་གསུང་ཐུགས་ཀྱི་རང་བཞིན་དཔལ་གྱི་དཔལ༔ སོགས་མཚམས་བཅད་པ་ནས་བཟུང་། བཅུ་པ་བགེགས་ཀྱིས་འཚེ་བ་བསྐྲད་པའི་མཇུག །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ བར་དུ་གཏང་། བསྙེན་བཟླས་རྣམས་ཉེར་གཅིག་ནས་བདུན་རེའི་བར་བྱ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། རྒྱལ་བ་རིགས་ལྔས་དགོངས་པ་མཛད། ཡུམ་ལྔས་བུམ་པའི་བདུད་རྩིས་དབང་བསྐུར། འཁོར་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་གི་ཕྲིན་ལས་མཛད་པར་གྱུར། རྣམ་བུམ་གྱི་མགོ་བོའི་གནས་ལྔར་རིམ་བཞིན་དབང་བསྐུར་ལ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ བདེ་གཤེགས་གསང་བ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ བདེ་གཤེགས་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསང་བ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རིན་ཆེན་གསང་བ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ པདྨ་གསང་བ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ པདྨའི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསང་བ་གསུམ་ལས་བྱུང༔ ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༔ ལས་ཀྱི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ༔ ཞེས་བསྐུར་ལ་བུམ་ཆུ་སྦྱིན། ཚེའི་བུམ་དབང་བསྐུར་པས་རྒྱལ་པོ་ཡབ་ཡུམ་བཅུའི་སྐུའི་ཚེ་དང་ལོངས་སྤྱོད་དང་ལྡན་ཏེ༔ སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཚེ་སྲ་ཞིང་མཁྲེགས་པར་གྱུར་ཅིག༔ ཅིས་ཀྱང་མི་ཤིགས་མི་ཚུགས་པར་གྱུར་ཅིག༔ ཚེ་འབྲང་རིལ་བུ་ལག་གཡས་སུ་གཏད་ལ། ཟླ་གམ་རྡོ་རྗེ་དབང་གི་ལུང༔ བདུད་རྩི་གསང་བ་ཚེ་ཡི་ལུང༔ པྲ་མ་སི་ཏིས་དབང་བསྐུར་བས༔ གཏེར་ཆེན་བརྒྱད་ཀྱི་དབང་ཐོབ་ཤོག༔ གོང་གསལ་ཚེ་གཟུངས་བཟླ། ཚེ་ཆང་སྦྱིན་ཅིང་སྨོན་ལམ་གདབ་པ། བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ རྣམ་པར་དག་པ་ཡུམ་གྱི་མཁའ་དབྱིངས་ནས༔ རྡོ་རྗེ་གཡུང་དྲུང་མི་ཤིགས་དཔལ་གྱི་སྐུ༔ བྱང་ཆུབ་སེམས་མཆོག་རོལ་པའི་ཐབས་ཀྱིས་བཅོས། གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས༔ སྐལ་ལྡན་རྣམས་ལ་ཚེ་ཡི་དངོས་གྲུབ་ཐོབ་གྱུར་ཅིག༔ ཅེས་བརྗོད། དེ་ནས་གོང་གསལ་བཅུ་གཅིག་པ་སྦེད་ཅིང་བརྟན་པར་བྱ་བ། རྒྱས་འདེབས་མ་ཡིས་རྒྱས་ཐོབ་ཅིག༔ ཅེས་པ་ནས། ཧྲཱིཿབྷྲཱུྃ་ཧཱ་བྷྲཱུྃ༔ བར་བརྗོད། དེ་ནས་སྨོན་ལམ་གདབ་པ། བག་ཆགས་སྡིག་པ་ཐམས་ཅད་བྱང་གྱུར་ཅིག༔ ཚེ་ཡི་གཟི་བརྗིད་ཐམས་ཅད་མེ་ལྟར་འབར་གྱུར་ཅིག༔ དེང་འདིར་ཚེ་ཡི་དངོས་གྲུབ་བསྩལ་ནས་ཀྱང༔ བསྐྱེད་པས་མི་ནུབ་ཚེ་ཡི་དངོས་གྲུབ་ལེགས༔ བསྡུས་པས་སྲིད་པ་གསུམ་གྱི་གཟི་མདངས་ལྡན༔ འཕྲོས་པས་ཁམས་གསུམ་ཀུན་གྱི་བཀྲག་དང་ལྡན༔ བཅིངས་པས་འབྲལ་མེད་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་ལྷུན་པོ་འདྲ༔ བདག་ནི་སྐལ་ལྡན་རྡོ་རྗེ་དམ་ཚིག་སྟེ༔ སྐུ་གསུང་ཐུགས་མཆོག་ཚེ་ཡི་དངོས་གྲུབ་ཐོབ་གྱུར་ཅིག༔ ཚེ་དབང་བསྐུར་ཅིང་བསྒྲུབས་པས་དཔལ་རྡོ་རྗེ་སེམས་དཔའི་སྐུ་ཚེ་དང་ལོངས་སྤྱོད་ལ་མངའ་བརྙེས་ནས་སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཚེ་མི་འགྱུར་བའི་དབང་ཐོབ་པར་གྱུར་ཅིག༔ ཚེ་བརྟན་པའི་དབང་ཐོབ་པར་གྱུར་ཅིག༔ སྐྱེ་ཤི་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད། དེ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་སྤེལ་ཞིང་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་བསྒྲག །དབང་གི་རྗེས་དམ་ཚིག་བཟུང་བ། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། ཆོས་གཏེར་སྲུང་མའི་གཏོར་འབུལ་གང་འགྲུབ་དང་། ཕྲིན་ལས་རྗེས་ཀྱི་རིམ་པ་ཚོགས་མཆོད་ནས་ཤིས་བརྗོད་བར་གོང་དུ་སྨོས་པ་ལྟར་བྱའོ། ཁྱད་ཆོས་དུ་མས་རབ་ཟབ་ལུང་བཅུ་གཉིས། །གཞུང་བཞིན་བསྒྲུབ་པའི་ལག་ལེན་གསལ་བྱས་དགེས། །འབྲེལ་བཅས་འཆི་མེད་རྡོ་རྗེའི་སྐུ་མཆོག་བརྙེས། །ཀློང་དགུའི་ཡེ་ཤེས་འགྱུར་མེད་སྲོག་འགྲུབ་ཤོག །ཅེས་པ་འདི་ཉིད་ཀུན་གཟིགས་རྡོ་རྗེ་འཆང་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཛ་ཀ་དང་དགེ་མང་མཆོག་སྤྲུལ་བཅས་རྣམ་པ་གསུམ་གྱིས་གསུང་བསྐུལ་གནང་བ་ལྟར། རྗེ་བླ་མ་ཉིད་ཀྱི་དགོངས་དོན་དང་ཕྱག་བཞེས་ཀྱི་རྗེས་སུ་འབྲང་། གཞུང་རྩ་འགྲེལ་གྱི་དགོངས་པ་སོར་བཞག་ཏུ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་ (Volume 17, Text 34)
༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ །སེམས་བསྐྱེད། ཚོགས་གསག་གོ །དང་པོ་སྐྱབས་འགྲོ་ནི། ཚོགས་ཞིང་བླ་མ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །དང་པོ་ནི། ཨ༔ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨེ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཆོ་འཕྲུལ་ཆེན་པོའི་རོལ་པ་ཡིས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང༔ རིན་ཆེན་དུར་ཁྲོད་རྒྱན་རྫོགས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དེ་སྟེང་སྟོང་ཉིད་ཕྱག་རྒྱ་ཆེ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ རྣམ་པར་ཐར་པ་གསུམ་གྱི་དབུ༔ གཡས་དཀར་ཀླུ་འབུམ་སྦྲུལ་དུ་འདྲེན༔ གཡོན་དམར་གཉན་ཁྲིའི་སྙིང་ནས་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྒྱུ་དྲུག་འཁོར་བ་སྒྲོལ་བའི་ཕྱག༔ ཡེ་ཤེས་དྲུག་གི་ཕྱག་མཚན་ཅན༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་ཀྱིས༔ དུག་གསུམ་དྲེགས་པའི་དཔྱི་ནས་བརྫིས༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ ཞེས་བརྗོད་ཅིང་བསམ་ལ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའི་སྒོ་ནས་ལྷ་སྐུའི་གསལ་སྣང་མཐར་ཕྱིན་པའི་བར་དུ་བསླབ། གཉིས་པ་གསུང་ཟླས་པ་སྔགས་ལ་གཉིས། ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ནི། ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་ཧཱུྃ་གི་ནཱ་ད་ལས༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྔགས་ཀྱི་གཟུགས་སུ་སྣང་བ་ལས༔ འོད་ཟེར་འཕྲོས་པས་འཕགས་པ་མཆོད༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་བསྡུས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་མུན་པ་སེལ་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཞེས་བཟླ། བསྙེན་ཚད་ནི་འབུམ་ཕྲག་དྲུག་གོ །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འབར་བའི་འོད་ཟེར་དང་བཅས་འཕྲོས༔ སྣང་སྲིད་སྦྱངས་ཏེ་རང་ལ་བསྟིམ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་བཟླ། བསྙེན་ཚད་འབུམ་ཕྲག་བཅུ་དྲུག་གོ །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། གཞུང་ལས། དོན་གྱི་གཤེད་པོ་སྒྲུབ་པ་ནི༔ སེམས་ཀྱི་རང་བཞིན་འོད་གསལ་བ༔ ཐོག་མ་བར་དང་མཐར་མི་གནས༔ རྒྱུ་དང་རྐྱེན་དང་འབྲས་བུ་མེད༔ ཕྱག་རྒྱ་ཆེན་པོའི་ངང་དུ་བཞག༔ ལུས་གནད་བྱེད་བཅིངས་དབང་པོའི་མཆོག༔ དབྱིངས་སུ་གཟིར་བས་རྟགས་རྣམས་རྫོགས༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ དོན་གྱི་འཇམ་དཔལ་ཚེ་འདིར་འགྲུབ༔ ཅེས་གསུངས་པའི་དོན་བརྒྱུད་ལྡན་བླ་མའི་ཞལ་ལུང་ལྟར་ཉམས་སུ་བླང་ངོ་། །གསུམ་པ་རྗེས་ལ་གསུམ། འོད་གསལ་དུ་བསྡུ་བ། ཟུང་འཇུག་གི་སྐུར་ལྡང་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་རྗེས། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ ཞེས་པའི་དགོངས་པ་ལ་མཉམ་པར་བཞག །གཉིས་པ་ཟུང་འཇུག་གི་སྐུར་ལྡང་བ་ནི། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ཅིང་ཟུང་འཇུག་གི་ལྷ་སྐུར་ལྡང་། གསུམ་པ་བསྔོ་སྨོན་ཤིས་བརྗོད་ནི། འདུན་པ་རྩེ་གཅིག་པས། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མཉྫུ་ཤྲཱི༔ ཟིལ་གནོན་ཁྲག་འཐུང་མྱུར་འགྲུབ་ཤོག༔ ཅེས་བསྔོ་སྨོན་དང་། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་འཇམ་པའི་དཔལ༔ རིག་པ་རང་སྣང་ཟིལ་གནོན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་ཆོས་འདིའི་བདག་པོར་བསྔགས་པ་རྣམས་ཀྱི་ཐུགས་དམ་ཉམས་བཞེས་སུ་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ། མཚོ་སྐྱེས་རྡོ་རྗེ་འཆང་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྦྱར་བའི་དགེ་བས་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ། འཇམ་དཔལ་ཁྲག་འཐུང་ཆེན་པོའི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།
རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དབང་བསྐུར་ཟུར་འདེབས་ཟླ་ཤེལ་མེ་ལོང་ (Volume 48, Text 34)
༄༅། །རྡོར་སེམས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དབང་བསྐུར་ཟུར་འདེབས་ཟླ་ཤེལ་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་བཛྲ་སཏྭ་ཡ། མཚན་ཙམ་འཛིན་པས་སྲིད་ལས་སྒྲོལ། །སྐད་ཅིག་ཁྱེད་དྲན་ངན་འགྲོ་སྟོང་། །བསྒོམ་བཟླས་རྟོག་སྒྲིབ་ཉམས་ཆག་སྦྱོང་། །བླ་མ་རྡོ་རྗེ་སེམས་དཔར་འདུད། །སྒྲུབ་ཐབས་རྒྱ་ཆེ་གྲངས་མང་ཡང་། །བློ་དམན་ཉམས་སུ་ལོངས་ངེས་པ། །སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི། །དབང་གི་མཚམས་སྦྱོར་ཉུང་གསལ་དགོད། །དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ཡོ་བྱད་གཤོམ་གྱི་སྦྱོར་བ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་ཅན་གྱི་ནང་དུ་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཕྱག་མཚན་བྲིས་པ་བཀྲམ། མ་འཛོམ་ན་མཎྜལ་དྲིས་བྱུགས་པ་ལ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫི་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ། མདུན་རྒྱབ་ཏུ་ཐོད་པ་མཚན་ལྡན་དུ་ཛ་གད་མངར་གསུམ་དང་ཆོས་སྨན་སྦྱར་བས་བཀང་བ། ཤེར་དབང་བརྡ་ཙཀ་པད་རྡོར། ཤེལ་རྡོ། གཡས་སུ་མྱང་གྲོལ་དབང་རྫས་བུམ་པ་རྡོར་སེམས་བསྒྲུབས་རིལ་གྱིས་བཀང་ཞིང་དབུ་རྒྱན་དར་དཔྱང་གིས་སྤྲས་པ། གཡོན་དུ་ཁྲུས་བུམ། རྒྱབ་མདུན་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། གཏོར་ཚོགས་མཁོ་བའི་ཡོ་བྱད་གཞན་ཡང་འདུ་བྱའོ། །དབང་དོན་སྒྲུབ་མཆོད་ཀྱི་སྦྱོར་བ་ལ། ཐོག་མར་སྒྲིབ་སྦྱོང་བསྙེན་པའི་རྣལ་འབྱོར་ནི། གསོལ་འདེབས་དང་། སྤྲོ་ན་གཞི་བགེགས་གཏོར་མ་སྔོན་དུ་འགྲོ་བས། སྐྱབས་སེམས་ནས་བཟླས་པའི་བར་གཏེར་གཞུང་ལྟར་བྱ། བསྙེན་རྐྱང་སྐབས་ཐུན་མཐར་བསྡུ་རིམ་ལ་འཇུག་པ་ཡིན་ཡང་། དབང་གི་སྐབས། གཉིས་པ་ཚོགས་གསག་སྒྲུབ་པའི་རྣལ་འབྱོར་ནི། གོང་གི་བཟླས་པ་གྲུབ་པ་དང་། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་ཞིང་ཁམས་མཆོག༔ སོགས་ཀྱིས་མཆོད་པ་བྱིན་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། ཆོས་ཀུན་ཡེ་དག་སོགས་གོང་གསལ་མངོན་རྟོགས་ནས་བསྟོད་པའི་བར་བསྐྱར་ལ་བཏང་། མདུན་བསྐྱེད་སྔགས་འཁོར་འོད་ཟེར་སྤྲོ་བསྡུ་ལ་དམིགས་ཏེ་ཡིག་བརྒྱ་དང་ཡིག་དྲུག་ཅི་ནུས་བཟླ། བུམ་པ་རང་བྱུང་གཞལ་ཡས་ཁང༔ སོགས་གཞུང་ལྟར་གསལ་གདབ་ལ་བཟླས་པ་ཤམ་འདོགས་བཅས་པ་དང་། ལྷ་འོད་ཞུ། ལས་བུམ་བྱིན་རླབས་བཅས་དེ་ལྟར་བྱ། ཡར་གཏེར་གཞུང་གི །བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ སོགས་མྱང་གྲོལ་རིལ་བུ་བུམ་སྒྲུབ་བསྐྱེད་བཟླས་གཞུང་གསལ་ལྟར་བྱས་ལ། སྤྲོ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་སྐོང་ཆེན་ལྔ་དག་གྱུར་དང་བཅས་པ་བྱ་དགོས་ཀྱང་། དབང་སྒྲུབ་ཙམ་ལ་མ་འགྲུབ་ནའང་ཆོག །བདག་འཇུག་བླང་བར་གསུངས་པ་ལྟར་གྲུབ་ན་ལེགས། མི་འགྲུབ་ན་རིག་པའི་མེ་ཏོག་དོར། གང་ལྟར་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བདེན་སྟོབས་བརྗོད་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཁྱད་པར། དེའང་གདོད་མའི་མགོན་པོ་ཀུན་ཁྱབ་ཀུན་ཏུ་བཟང་པོའི་རིག་རྩལ་ཡེ་ཤེས་ཀྱི་རང་མདངས་ལོངས་སྤྱོད་རྫོགས་པ་ལས་སྤྲུལ་པའི་སྐུའི་རྣམ་རོལ་དུ་སྣང་བ། ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་ཁྱབ་བདག །དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྐྱེད་པའི་ཡབ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞེས་མཚན་ཙམ་ཐོས་པས་ཀྱང་སྡིག་ལྟུང་གི་མུན་པ་ལྷག་མེད་དུ་བཅོམ་ཞིང་འཁོར་བ་དོང་ནས་སྤྲུགས་པའི་ཐུགས་རྗེ་དང་ཕྲིན་ལས་མངའ་བ་འདི་ཉིད། གསང་སྔགས་གསར་རྙིང་གི་རྒྱུད་སྡེ་མཐའ་ཡས་པ་ནས་སྤྱི་དང་བྱེ་བྲག་གི་ཚུལ་དུ་གསུངས་ཤིང་། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ལེགས་པར་བཀྲལ་པའི་ཞི་བ་དང་ཁྲོ་བོའི་ཚུལ་དུ་སྒྲུབ་པའི་ལུགས། དེ་ཉིད་རིགས་ལྔ་དང་། ལྷ་དགུ་ནས་རིགས་བརྒྱ་སོགས་སུ་སྤྲོས་པའི་ཚུལ་ཟབ་ཅིང་རྒྱ་ཆེ་བ་གདུལ་བྱའི་དབང་པོ་དང་བསམ་པའི་ཁྱད་པར་གྱི་རྗེས་འགྲོ་བརྗོད་ཀྱིས་མི་ལངས་པ་མཆིས་པ་ལས། འདིར་སྐབས་སུ་བབས་པ། སྤྱིར་སྒྲུབ་ཐབས་ཐམས་ཅད་ཀྱི་རྩ་བར་གྱུར་ཅིང་། ཁྱད་པར་དབང་པོ་དམན་ལ་ལས་དང་པོ་པར་གྱུར་པ་ལ་ཆེད་དུ་བསྔགས་པ་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པའི་ཐབས། སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློན་དཔོན་ཆེན་པོས་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོའི་བཙུན་མོ་ཟུར་བཟའ་མེ་ཏོག་སྒྲོན་ལ་ཆེད་དུ་བསྩལ་ཅིང་། མ་འོངས་གདུལ་བྱའི་དོན་དུ་མདོ་ཁམས་མཁའ་འགྲོ་འབུམ་རྫོང་གི་གསང་བ་བདུད་རྩི་ཕུག་ཏུ་གཏེར་དུ་སྦས་པ། དམ་འཛིན་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་གླིང་པ་གྲོགས་མཛད་མཁའ་འགྲོའི་སྐྱེ་བ་དང་ལྷན་ཅིག་པས་སྤྱན་དྲངས་པ། ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་ནང་ཚན་སྡིག་སྒྲིབ་སྦྱོང་བ་ལ་ཟབ་པའི་མཐར་ཐུག་ཏུ་བསྔགས་པ། རྡོར་སེམས་སྒྲུབ་ཐབས་སྒྲིབ་སྦྱོང་ཡེ་ཤེས་ཆུ་རྒྱུན་དང་འབྲེལ་བའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད༔ སོགས་གཏེར་གཞུང་ལྟར་ལན་གསུམ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་བཞུགས་པ་ལ་བདག་དང་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་དེང་ནས་གཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སེམས་དཔའ་ནི༔ སོགས་གསུམ། བདག་གིས་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོར་ཐོག་མ་མེད་པ་ནས་བྱིང་བ་ཐམས་ཅད་བསྒྲལ་ཏེ་བླ་མེད་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་གྲོལ་བྱེད་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་དང་། ཚད་མེད་པ་བཞིས་བློ་སྦྱང་བ་གསལ་ཐོབས་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་སོགས་གསུམ། ཞིང་མཆོག་དམ་པ་དེ་རྣམས་ཀྱི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྒྲིབ་གཉིས་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་དོན་གསལ་འདེབས་བཞིན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། སོ་ཐར་བྱང་སེམས་སྔགས་ཀྱི་འདུལ་བའི་སྡོམ་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་རྣམས་ལེགས་པར་བླངས་ཏེ་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སེམས་དཔའ་དགོངས༔ སོགས་གསུམ། དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ སོགས་བརྗོད། ཇི་ལྟར་བསྒོས་པའི་ཐ་ཚིག་ལས་འདའ་བར་མི་བྱ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་སོགས། དེ་ནས་དབང་གི་སྔོན་དུ་འགྲོ་བའི་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བསྐུར་བ་ལ་དམིགས་པའི་རིམ་པ་འདི་རྣམས་གསལ་འདེབས་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཆུང་མཚོན་ཆ་མེ་ཕུང་འབར་བས་བར་དུ་གཅོད་པའི་བགེགས་ཐམས་ཅད་ཐལ་བར་བརླགས་པར་མོས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་སོགས་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མ་ཐ་མལ་གནས་པ་ཡི༔ སོགས་ནས། ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ བར། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་ཅིང་བཤགས་པ་དང་ཕྱིན་ཆད་མི་བགྱི་བའི་སྡོམ་སེམས་དང་ལྡན་པས་འདིའི་རྗེས་ཟློས། ཀྱེ་མ་ཀྱི་ཧུད་སོགས། བླ་མས། བུ་འདིར་ཤོག་ཅིག་སོགས་ཀྱིས་དབུགས་དབྱུང་། ཁྱེད་རང་རྣམས་ཀྱི་རྟོག་སྒྲིབ་བག་ཆགས་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས། ཆོས་ཉིད་ཀྱི་རླུང་གིས་གཏོར། ཞི་གནས་ཀྱི་ཆུས་བཀྲུས་པར་མོས་ཤིག །བྱེ་ཡུངས་ཀྱིས་བྲབས་ལ། ཨོཾ་ད་ཧ་ད་ཧ་སོགས་ནས། བུམ་ཁྲུས་ཡན་ཆད་བྱ། རིགས་ཀྱི་བུ་འདི་རྣམས་ཀྱི་སྡིག་སྒྲིབ་བག་ཆགས་སྐལ་པ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་མེ་ཏོག་འཐོར། དེ་ནས་དངོས་གཞི་ཡོན་ཏན་ཡར་འཕེལ་གྱི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་སྐད་ཅིག་རྡོ་རྗེ་སེམས༔ སོགས་ཀྱིས་བྱིན་ཕབ་ལ་བརྟན་པར་བྱ། བུམ་དབང་གི་དག་པ་བརྗོད་ཟིན་ནས། བྱེ་བྲག་ཏུ་མྱང་གྲོལ་དམ་ཚིག་རྫས་ཀྱི་རྒྱལ་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྐྱོབ་པ་སངས་རྒྱས་རྡོ་རྗེ་སེམས༔ སོགས་གསུམ། རང་བྱུང་ལྷ་མཆོག་སོགས་ཀྱིས་བུམ་དབང་བསྐུར། དམ་ཚིག་རྡོ་རྗེ་སོགས་ཀྱིས་རིལ་བུ་སྦྱིན། གསང་དབང་། བླ་མ་རྡོར་སེམས་སོགས་ནས་དབང་བཞི་པ་རྫོགས་ཀྱི་བར་གཞུང་གསལ་ལྟར་བསྐུར། མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། རྗེས་ཀྱི་རིམ་པ་དབང་གི་རྗེས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། ཆོ་གའི་རྗེས་རིམ་ཚོགས་བྱིན་རླབས་ནས་ལྷག་མ་གཏང་བའི་བར་གྱིས་ཚོགས་མཆོད་ཕུལ། བདུན་བསྐྱེད་ལ་གཏང་རག་མཆོད་བསྟོད་བྱ། ནོངས་པ་བཤགས་ལ་ཡིག་བརྒྱ་བརྗོད། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་དང་མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་ནས་བསྔོ་སྨོན་བར་བདག་བསྐྱེད་གཤམ་དུ་གསལ་བ་ལྟར་བྱས་ལ། ཤིས་པ་ཅི་རིགས་པ་བརྗོད་པས་འགྲུབ་བོ། །ལུས་ཅན་ཀུན་གྱི་རྟོག་སྒྲིབ་བྱང་། །གསང་གསུམ་ཡོན་ཏན་མཛད་པར་བཅས། །རྡོ་རྗེ་སེམས་དང་དབྱེར་མེད་པར། །སྲིད་པའི་རྒྱ་མཚོ་དོང་སྤྲུགས་ཤོག །ཅེས་པའང་ཛོ་ཀི་འདུ་གསུམ་སྤྱོད་པ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་མདོར་བསྡུས་ཏེ་བྲིས་པ་དགེ་ལེགས་འཕེལ།། །།
རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྲོག་སྒྲུབ་ནག་མོའི་རྒྱུད་ (Volume 38, Text 34)
༄༅༔ རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་སྲོག་སྒྲུབ་ནག་མོའི་རྒྱུད་བཞུགས་སོ༔ རྒྱ་གར་སྐད་དུ༔ བུདྡྷ་རུ་ཌཱ་ཀི་ནཱི༔ མཱ་ར་ཡ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ མུ་སྟེགས་སྲོག་སྒྲུབ་ནག་མོའི་རྒྱུད་ཅེས་བྱ་བ༔ སྲོག་ལེན་སྤུ་གྲི་ནག་མོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ དུར་ཁྲོད་རྨ་རྡ་ར་ལི་ཞེས་བྱ་བ༔ ཉིན་མོ་དུད་པས་གནམ་ས་འཁྲིགས་པ༔ མཚན་མོ་མེ་དང་རླུང་འབར་བའི་གནས་ན༔ མུ་སྟེགས་ཀྱི་ལྷ་མོ་ཀུན་ཏུ་གསོད་ཅེས་བྱ་བ་ཡོད་དེ༔ ཟས་སུ་ཤ་ཟ་བ༔ སྐོམ་དུ་ཁྲག་འཐུང་བ༔ ཉིན་རེ་བཞིན་མི་བདུན་བདུན་གསོད་པ་ཞིག་ཡོད་དེ༔ མི་གསོད་བྱ་རྣམས་སེ་གོལ་གྱིས་མདུན་དུ་འབྱུང་བ་ཡོད་དེ༔ དེ་འཁོར་ཤ་ཟའི་ཌཱ་ཀི་མ་རྣམས་ཀྱིས༔ འདི་ལྟ་བུའི་རྫུ་འཕྲུལ་ཅིའི་རྒྱུད་ལས་བྱུང༔ འདི་ལྟ་བུའི་ནུས་པ་བདག་ཅག་དང་ཕྱི་རབས་ཀྱི་དོན་དུ་གནང་དུ་གསོལ༔ ཞེས་ཞུས་སོ༔ ཤན་པ་སྲོག་སྒྲུབ་ནག་མོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ དེ་ནས་གསོད་བྱེད་ནག་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ ང་ཡི་རྫུ་འཕྲུལ་ནུས་མཐུ་ནི༔ འགྲོ་བ་མི་ཡི་སྲོག་གི་སྙིང༔ སྔོན་དུ་ངེས་པར་བཟླས་པས་འབྱུང༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཨེ་མ་ལྷ་མོ་གསོད་བྱེད་མ༔ ངེས་པར་གསོད་པར་བྱེད་པའི་ལས༔ བདག་ལ་ལྷ་མོས་བཀའ་སྩོལ་ཅིག༔ ཅེས་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ དགྲ་བོ་ངེས་པར་གསོད་འདོད་ན༔ མཚན་མ་ལྟ་བུའི་བྲག་ཕུག་གམ༔ བྱང་ལྟ་སྲིན་མོའི་གདོང་འདྲ་འམ༔ མོན་ནག་ཁྲོས་འདྲ་དུར་ཁྲོད་དམ༔ ཤིན་ཏུ་དབེན་པའི་གནས་ཉིད་དུ༔ ཁྲོས་པའི་སེམས་ཀྱིས་བསྒྲུབ་པར་བྱ༔ ཞེས་གསུངས་སོ༔ གནས་བསྟན་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་འཁོར་གྱིས་ཡང་ཞུས་པ༔ དེ་འདྲའི་གནས་སུ་ཇི་ལྟར་བསྒྲུབ༔ སྒྲུབ་པའི་ཐབས་དག་བསྟན་དུ་གསོལ༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ དེ་ལྟ་བུ་ཡི་གནས་དེ་རུ༔ དཀྱིལ་འཁོར་མདའ་ཁྲུ་གང་བ་ལ༔ སྒོ་བཞི་དབུས་སུ་གྲུ་གསུམ་བྲི༔ དེ་ཡི་ཕྱི་རིམ་ཐོད་ཕྲེང་བྲི༔ སྒོ་ཕྱི་རྟ་བབས་མེ་རི་བྲི༔ དེ་ལྟ་བུ་ལ་བརྟེན་ནས་བསྒྲུབ༔ ཅེས་གསུངས་སོ༔ གསོད་བྱེད་སྲོག་སྒྲུབ་ནག་མོའི་རྒྱུད་ལས༔ དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ༔ འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ དེ་ལ་བརྟེན་ནས་ཇི་ལྟར་བསྒྲུབ༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ དེ་ལྟར་བྲིས་པའི་དལ་སྟེང་དུ༔ ཐོད་པ་ལས་གྲུབ་སྣོད་དག་ཏུ༔ ཤ་ཁྲག་གཏོར་ཆེན་མཐེབ་ཀྱུས་བསྐོར༔ རྐང་གསུམ་དག་གི་སྟེང་དུ་བཞག༔ དེ་ལྟར་རྫས་ལ་བརྟེན་ནས་བསྒྲུབ༔ ཅེས་བཀའ་བསྩལ་ཏོ༔ གསོད་བྱེད་ནག་མོའི་རྒྱུད་ལས་རྫས་བསྟན་པའི་ལེའུ་སྟེ་བཞི་པའོ༔ འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ རྫས་ལ་བརྟེན་ནས་ཇི་ལྟར་བསྒྲུབ༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན༔ དེ་ལྟར་རྫས་རྣམས་བཤམས་པ་དང༔ གྲོ་ག་ཤིང་ཤུན་རས་དག་ལ༔ རང་གི་དྲི་རླངས་མ་སོང་བར༔ དགྲ་བླའི་་་དྲི་མ་དྲུག།ཁྲག་གིས་ལིང་ག་བྲི༔ དཔྲལ་བ་སྙིང་ག་འདོམས་དག་ཏུ༔ རུས་དང་མིང་དང་བླ་དྭགས་བྲི༔ དུར་ཁྲོད་ཤིང་བུའི་རྩེ་ལ་བསྐྱོན༔ བ་ལིན་དེ་ཡི་སྟེང་དུ་གཟུག༔ དེ་ལྟར་བྱས་ཏེ་བསྒྲུབ་པར་བྱ༔ ཞེས་བཀའ་བསྩལ་ཏོ༔ སྲོག་སྒྲུབ་ནག་མོའི་རྒྱུད་ལས་ལིང་ག་བསྟན་པའི་ལེའུ་སྟེ་ལྔ་པའོ༔ དེ་ནས་འཁོར་གྱིས་ཡང་ཞུས་པ༔ དེ་ལ་ཏིང་འཛིན་སྔགས་གང་ལགས༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན༔ ཏིང་འཛིན་གསང་སྔགས་བསྟན་པར་བྱ༔ རང་ཉིད་ཡི་དམ་གང་ཡིན་བསྐྱེད༔ གསོད་བྱེད་མ་མོ་ནག་མོ་ཡིས༔ ཐོགས་པ་མེད་པར་དགྲ་བསད་བསམ༔ ཡུངས་དཀར་ཡུངས་ནག་ཀེ་ཤང་དུག༔ ཐུན་གྱིས་བྲབ་ཅིང་སྔགས་འདི་བཟླ༔ ཨོཾ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་ཏྲི་སོད༔ སྙིང་ཁ་ཁ་བཾ༔ ཡ་ཡ་སོད༔ རྩ་བ་ནི་རི་མུ་སོད༔ གྷ་ཡ་སོད༔ ནྲྀ་ཡ་སོད༔ རག་མོ་ཙིཏྟ་རྦད༔ རག་མོ་ཙིཏྟ་རྦུད༔ སྔགས་འབྲུ་བཞི་བཅུ་ཐམ་པ་ཡོད༔ ན་རོ་བཅུ་གཅིག་ཀླད་ཀོར་གཉིས༔ གི་གུ་བརྒྱད་ཡོད་ཡ་བཏགས་གཅིག༔ ར་བཏགས་གཉིས་ཡོད་ཞབས་ཀྱུ་གཉིས༔ དེ་ནི་ཡང་དག་ཡི་གེ་ཡིན༔ གཅེས་པའི་དྲག་སྔགས་བཞི་བཅུ་པོ༔ བཟླས་པས་སྤུ་གྲིའི་སོ་དང་སྤུ་འཕྲད་འདྲ༔ རྩྭ་སྐམ་མེ་ལྕེ་འཕྲད་པ་འདྲ༔ ཞག་བདུན་བཟླས་པས་དགྲ་བོ་ནི༔ སྐད་ཅིག་ཁྲག་སྐྱུགས་འཆི་བར་ངེས༔ ཞེས་གསུངས་སོ༔ ཏིང་འཛིན་སྔགས་དང་ཐུན་བསྟན་པའི་ལེའུ་སྟེ་དྲུག་པའོ༔ འདུས་པའི་འཁོར་གྱིས་ཡང་ཞུས་པ༔ དེ་ལ་གྲུབ་རྟགས་ཇི་ལྟར་འོང༔ གསོད་བྱེད་ནག་མོས་བཀའ་བསྩལ་པ༔ དེ་ལྟར་བསྒྲུབས་པས་རྟགས་འབྱུང་བ༔ སྲིང་མོ་ཆུང་མ་མ་སྲུ་དང༔ མཛའ་མོ་བྲན་མོ་ཐོག་ཚག་དང༔ འོད་དང་རླུང་གི་འཚུབ་མ་འོང༔ རྦད་པའི་རྟགས་ནི་འདི་ལྟར་འབྱུང༔ སྔགས་པས་བཏང་བ་ཡིན་ཟེར་ཅིང༔ མིང་འབོད་ཉལ་དུ་མི་སྟེར་དང༔ སྐྲ་ནས་འཐེན་དང་དུ་བ་དང༔ འོད་དང་འཚུབ་མས་ཁྱིམ་གང་ནས༔ དེ་ནས་བུད་མེད་གཅེར་བུ་ལ༔ ཁྲག་དང་ཐལ་བས་ལུས་བྱུགས་ནས༔ མཚན་མ་བསྒྲད་ཅིང་མཆེ་བ་གཉེར༔ གྲི་ཐོགས་གསོད་ལ་ཁད་པ་འབྱུང༔ དེ་ལྟར་དགྲ་ལ་འབྱུང་བར་འགྱུར༔ ཞེས་བཀའ་བསྩལ་ཏོ༔ ཤན་པ་སྲོག་སྒྲུབ་ནག་མོའི་རྒྱུད་ལས་རྟགས་ཀྱི་ལེའུ་སྟེ་བདུན་པའོ༔ དེ་ནས་འཁོར་གྱིས་ཡང་ཞུས་པ༔ ཆོ་འཕྲུལ་ཆེ་དང་རྡུགས་པ་ན༔ དེ་ལ་གནད་འབེབ་ཇི་ལྟར་བགྱི༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ འཁུ་ན་བྱ་སེར་ཚིལ་བུ་བསྲེག༔ ཡི་དམ་ལྷ་ཡི་གདིང་ཡང་བསྐྱེད༔ རྡུགས་ཏེ་གོང་མའི་རྟགས་མེད་ན༔ ཞག་བདུན་རྦད་སྔགས་འདི་བཟླ་འོ༔ མ་མ་རག་མོ་རག་མོ་མ་གཟིར་ནན༔ ཁཾ་ཁུག་དྲོངས་ཆེ་གེ་མོའི་ཙིཏྟ་ལ་རྦད་སོད་ཡ༔ དེ་ལ་རྟགས་མེད་མི་སྲིད་དོ༔ དཀའ་ན་ཡིག་འབྲུའི་སྒྲོམ་དུ་གཞུག༔ དེ་བཟླས་གྲུབ་རྟགས་རང་ལ་རང་རྨུག་དང༔ རྡོ་རྡེག་མཚན་མ་སྟོན་པ་འབྱུང༔ དེ་ནས་འོག་མ་སྔགས་པར་བྱ༔ ཞེས་བཀའ་བསྩལ་ཏོ༔ གནད་འབེབ་རྦད་པའི་ལེའུ་སྟེ་བརྒྱད་པའོ༔ འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ རྟགས་རྫོགས་ལས་མཐའ་ཇི་ལྟར་བྱ༔ ཞེས་ཞུས་པས༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ རྟགས་རྫོགས་གཏོར་མ་དགྲ་ལ་འཕང༔ ལིང་ག་རྩུབ་ཤིང་མེ་ལ་བསྲེག༔ ཐལ་བའི་ལིང་ག་མནན་པར་བྱ༔ དེ་ལྟར་ལས་མཇུག་རྫོགས་བྱས་ན༔ ཚངས་པའི་ཚེ་དང་ལྡན་པ་ཡང༔ ཉི་ཤུ་གཅིག་གི་ཁོང་དུ་ནི༔ འགུམ་གྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་བཀའ་བསྩལ་ཏོ༔ ལས་མཇུག་འཕང་སྲེག་མནན་པའི་ལེའུ་སྟེ་དགུ་པའོ༔ འཁོར་གྱི་ཚོགས་ཀྱིས་ཡང་ཞུས་པ༔ འདི་ལྟར་ཟབ་མོའི་སྲོག་སྒྲུབ་འདི༔ སྦ་འམ་ཀུན་ལ་སྤེལ་བར་བྱ༔ ཞེས་ཞུས་པས༔ གསོད་བྱེད་ལྷ་མོས་བཀའ་བསྩལ་པ༔ ཀུན་ལ་སྤེལ་ན་འཇིག་རྟེན་ཕུང༔ དེ་བས་འདི་ཉིད་སྦ་བར་བྱ༔ རྡོ་རྗེ་གདན་གྱི་བྱང་ཤར་དུ༔ དབང་ཕྱུག་རྟེན་གྱི་ནང་དུ་སྦོས༔ ཞེས་བཀའ་བསྩལ་ཏོ༔ གཉེར་གཏད་པའི་ལེའུ་སྟེ་བཅུ་པའོ༔ དེ་སྐད་ཅེས་བཀའ་བསྩལ་པས༔ མི་བསྲུན་ཤ་ཟའི་འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཐལ་མོ་སྦྱར་ནས་རྗེས་སུ་ཡི་རང་སྟེ༔ ལྷ་མོས་གསུངས་པ་ལ་མངོན་པར་བསྟོད་དོ༔ རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གཅིག་པའོ༔ གསོད་བྱེད་ལྷ་མོ་སྲོག་སྒྲུབ་ནག་མོའི་རྒྱུད་ཅེས་བྱ་བ་རྫོགས་སོ༔ ཟབ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔
པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྐང་བ་བདེ་ཆེན་སྤྲིན་གྱི་རོལ་མོ་ (Volume 52, Text 34)
པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྐང་བ་བདེ་ཆེན་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས། །ན་མོ་ཛྙཱ་ན་ཌཱ་ཀི་ཀུ་རུ་ཀུལླེ་མཎྜ་ལ་བྷྱཿ བསྟན་འགྲོའི་དགེ་མཚན་གྱི་དཔལ་མཐའ་དག་དབང་དུ་བྱེད་པའི་དངོས་གྲུབ་ཀྱི་དགའ་སྟོན་ལ་རོལ་པར་འདོད་པའི་རྣལ་འབྱོར་པས། དབང་གི་ལས་ལ་ཆེད་དུ་བསྔགས་པའི་གནས་དུས་དགེ་བའི་ཆར། ཞིམ་མངར་མྱོས་བྱེད་ཀྱི་བཟའ་བཅའ་བཏུང་བ་དམར་པོའི་རིགས་ཕུན་སུམ་ཚོགས་པའི་ཐབས་ཤེས་ཚོགས་ཀྱི་དམ་རྫས་འདུ་བྱས་ལ། ལས་ཀྱི་གཞུང་བསྲངས་ཤིང་ཚོགས་ཀྱི་མཆོད་པ་ཕུལ་བའི་རྗེས། སྐོང་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ སྟོང་པའི་གནས་མཆོག་འོག་མིན་དུར་ཁྲོད་ཞིང༔ རྟེན་གྱི་རྫས་རྣམས་རྡོ་རྗེ་བཙུན་མོའི་ཚོགས༔ དམ་ཚིག་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་སྤྲིན༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོར་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཧྲཱིཿ རྡོ་རྗེ་བཙུན་མོ་དགྱེས་མའི་ཞིང་། །མཁའ་སྤྱོད་དབང་གི་གཞལ་མེད་ཁང་། །བདེ་ཆེན་ལོངས་སྤྱོད་ཟད་མི་ཤེས། །འདོད་འབྱུང་ཟག་མེད་ཀུན་དགའི་ཚལ། །དག་པ་རབ་འབྱམས་མཉམ་པ་ཉིད། །སྣང་བ་གཟུགས་ཀུན་གཟུགས་རྡོ་རྗེ། །སྣང་སྟོང་གཟུགས་མཛེས་གར་གྱིས་སྒེག །སྒྲ་ཀུན་སྒྲ་ཡི་རྡོ་རྗེ་མ། །གྲགས་སྟོང་པི་ཝཾ་གླིང་བུ་རྔ། །བསུང་ཞིམ་དྲི་ཀུན་དྲི་རྡོ་རྗེ། །ཚོར་སྟོང་དྲི་ཡི་བྱུག་པ་འགྱེད། །བདའ་རྒུའི་བཟའ་བཅའ་རོ་རྡོ་རྗེ། །མྱོང་སྟོང་ཐབས་ཤེས་དམ་ཚིག་རྫས། །རེག་འཇམ་མཉེན་འཁྲིལ་རེག་རྡོ་རྗེ། །བདེ་སྟོང་རེག་བྱ་སྣ་ཚོགས་འབར། །རིག་སྟོང་བྱུང་ཚོར་ཆོས་རྡོ་རྗེ། །ཡིད་ཆོས་འཛིན་དག་ཏིང་འཛིན་སྤྲོ། །མདོར་ན་སྣོད་བཅུད་རྒྱུད་གསུམ་ཀུན། །བདེ་ཆེན་པདྨ་མཁའ་འགྲོའི་དལ། །ལྷ་སྔགས་ཡེ་ཤེས་གཉིས་མེད་པས། །ཡུལ་ལ་དབང་པོའི་མཚན་རྟོག་གིས། །མི་སྤྱོད་ལྷ་ལ་ལྷ་ཐིམ་པའི། །སྣང་སྟོང་སྒྱུ་མའི་བཀོད་པ་ཆེ། །ཅིར་ཡང་འབྱུང་ཞིང་འཆར་བ་འདིས། །སྣང་སེམས་རོ་གཅིག་ཆོས་སྐུར་རྟོགས། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ལྷན་སྐྱེས་བདེ་ཆེན་འཕེལ་འགྲིབ་མེད། །པདྨ་མཁའ་འགྲོའི་ཐུགས་དམ་བསྐང་། །ཚོགས་དྲུག་བདེ་སྟོང་ཆེན་པོར་ཤར། །རིགས་བཞིའི་ཌཱ་ཀིའི་ཐུགས་དམ་བསྐང་། །དབང་དྲག་ཡེ་ཤེས་འབར་བའི་སྐུ། །རིགས་ཀྱི་བདག་པོའི་ཐུགས་དམ་བསྐང་། །གདན་གསུམ་རྡོ་རྗེའི་སྒྱུ་འཕྲུལ་གར། །ཡི་དམ་ཞི་ཁྲོའི་ཐུགས་དམ་བསྐང་། །བདེ་སྟོང་རྡོ་རྗེའི་གར་གྱིས་རྩེན། །གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་། །ཚར་གཅོད་རྗེས་འཛིན་ཕྲིན་ལས་མྱུར། །དམ་ཅན་ཆོས་སྲུང་ཐུགས་དམ་བསྐང་། །སྣང་སྲིད་ཡེ་ཤེས་མཁའ་འགྲོའི་དལ། །འབུམ་ཕྲག་ཡངས་པའི་ཐུགས་དམ་བསྐང་། །ཐུགས་དམ་དགྱེས་དགུར་བསྐངས་པའི་མཐུས། །ཐ་མལ་གཉིས་སྣང་འཁྲུལ་རྟོག་བཤགས། །ལྷ་ཚོགས་དགྱེས་པའི་འོད་སྣང་གིས། །སྒོ་གསུམ་རྡོ་རྗེར་གྲུབ་པར་མཛོད། །ཧྲཱིཿ མི་ཤིགས་དྷཱུ་ཏིའི་དཔྱིད་སྨིན་པའི། །རྡོ་རྗེའི་དབང་པོར་རྒྱུ་བ་ཡི། །རླུང་ལྔ་གཞོམ་མེད་འཁོར་ལོ་ལྔར། །འཆིང་བའི་བདེ་ཆེན་རེག་པ་ཡིས། །གཟུང་འཛིན་འཁྲུལ་རྟོག་འཆིང་བའི་རྒྱ། །རབ་བཀྲོལ་སྟོང་པ་ཆེན་པོའི་དབྱིངས། །དྭངས་མ་མི་ཤིགས་ཐིག་ལེ་ཆེ། །བརྟན་གཡོ་འཁོར་འདས་བཅུད་ཀྱི་སྙིང་། །བདུད་རྩི་སྨན་གྱི་རྒྱ་མཚོའི་ཕུད། །དམར་ཆེན་རཀྟ་འཁྲུགས་པའི་རླབས། །འདོད་ཡོན་གཏོར་ཆེན་བ་ལིཾ་ཏ། །གསང་སྔགས་རྡོ་རྗེའི་དམ་ཚིག་རྫས། །དངོས་གྲུབ་འདོད་དགུ་མྱུར་སྩོལ་ཕྱིར། །འབུལ་ལོ་དགྱེས་དགུའི་དགའ་སྟོན་འདིས། །པདྨའི་རིགས་མཆོག་བཅོམ་ལྡན་འདས། །ཀུ་རུ་ཀུལླེ་རིགས་བཞིའི་འཁོར། །དབང་ཆེན་རྒྱལ་པོའི་ཐུགས་དམ་བསྐང་། །གཟུང་འཛིན་འཆིང་བའི་ཉེར་ལེན་གྱིས། །འཁྲུལ་པའི་ཉམས་ཆག་རྟོག་སྒྲིབ་སྦྱོངས། །ཡེ་ཤེས་རླུང་གི་བྱེད་ལས་ཀྱིས། །ཟག་མེད་ཡོན་ཏན་དགྱེས་དགུར་སྤྱོད། །རྡོ་རྗེ་ནཱ་དའི་ཟབ་རྒྱས་གསུང་། །བདུད་རྩིའི་གཏེར་ལ་དབང་ཐོབ་ནས། །གྲོལ་བ་དྲུག་གི་ཕྲིན་ལས་ཀྱིས། །འབྲེལ་ཚད་དོན་དང་ལྡན་པར་མཛོད། །ཧྲཱིཿ ཕྱི་ནང་གཞན་གསུམ་ཙཎྜ་ལཱིས། ཁམས་གསུམ་ཟོས་པའི་སྒྱུ་རྩལ་གྱི། །མཆོག་བདེའི་ཟླ་བ་བདུད་རྩིའི་ཟིལ། །འཛག་མེད་དགའ་བཞིའི་རེག་པ་ལས། །འཇིག་རྟེན་ཀུན་དགའི་རོལ་སྟོན་མཆོག །བདེ་ནས་བདེ་བའི་མཐར་སོན་དཔལ། །སྟེར་མཛད་པདྨ་ཅན་གྱི་ཚོགས། །ལང་ཚོའི་མེ་ཏོག་ཆེས་དར་བའི། །སྒྱུ་རྩལ་དྲུག་ཅུའི་གར་གྱིས་གཡོ། །མཛེས་སྡུག་གཟུགས་ཀྱི་ཟུར་མིག་དང་། །མཆུ་སྒྲོས་བིམ་པའི་སྦྲང་རྩིའི་རོ། །འཛུམ་པའི་སོ་ཕྲེང་ཨུཏྤལ་དྲི། །རེག་འཇམ་དཀར་འཛིན་མྱོས་བུམ་མཁྲེགས། །ཧ་སིད་མྱོས་པའི་གླུ་གར་བཅས། །ཡིད་ཀྱི་བརྟན་པ་འཕྲོག་པ་ཡི། །རྡོ་རྗེ་ཆགས་པས་སྲིད་རྩ་གཅོད། །བདེ་མཆོག་བདེ་བའི་མཆོད་པ་འདིའི། །ཆགས་ཆེན་སྒྱུ་མའི་རོལ་པ་ཡིས། །གྲོང་ཁྱེར་གསུམ་གྱི་འགྲོ་སྒྲོལ་མཛད། །འཕགས་བཞིའི་འབྱུང་གནས་ཡུམ་ཆེན་མོ། །རིག་བྱེད་གཙོ་འཁོར་ཐུགས་དམ་བསྐང་། །ལས་རླུང་དབུ་མའི་སྦུབས་སུ་སྒྲོལ། །ཉི་ཟླ་སྒྲ་གཅན་དབྱིངས་བསད་པའི། །རྟོག་བྲལ་དོན་གྱི་བདེ་བ་ཆེའི། །རླུང་སེམས་རང་དབང་ཐོབ་པར་མཛོད། །ཧྲཱིཿ ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ཆོས་ཀུན་སྒྱུ་མ་ལྟར་སྣང་ཡང་། །དོན་ལ་སྐྱེ་འགག་གནས་བྲལ་བའི། །ཐིག་ལེ་གཅིག་ཏུ་གདོད་ནས་བདལ། །སྐྱེ་མེད་དབྱིངས་ལ་འཕེལ་འགྲིབ་བྲལ། །འགགས་མེད་བདེ་ཆེན་ཅིར་ཡང་འཆར། །བཀོད་པ་ཆེན་པོའི་ཆོ་འཕྲུལ་ནི། །སྲིད་ཞི་མཉམ་པའི་ཆོས་སུ་སྣང་། །དག་དང་མ་དག་མཚན་འཛིན་གྱིས། །སྤང་བླང་གདོད་ནས་མ་དམིགས་པས། །བསྐང་དང་བཤགས་བྱའི་ཡུལ་ལས་འདས། །རྟག་ཏུ་དགྱེས་པའི་དམ་ཚིག་མཆོག །འཁོར་གསུམ་སྤྲོས་པ་ལས་འདས་པའི། །བླ་ན་མེད་པའི་མཆོད་པ་འདིས། །སྲིད་ཞི་བརྟན་གཡོ་ཀུན་གྱི་སྲོག །དངོས་མཚན་སྤྲོས་པ་ཀུན་བྲལ་བའི། །ཤེས་རབ་ཕ་རོལ་ཕྱིན་མ་ཆེ། །རྡོ་རྗེ་བཙུན་མོའི་ཐུགས་དམ་བསྐང་། །བསལ་བཞག་ཀུན་བྲལ་ནམ་མཁའི་དབྱིངས། །དགྱེས་པས་རྟོག་འཁྲུལ་མུན་པ་སངས། །ལྷན་སྐྱེས་ཡེ་ཤེས་གསང་མཆོག་གི །བདེ་ཆེན་དགྱེས་མའི་དཔལ་ཐོབ་ཤོག །ཅེས་འདི་ཀུན་རྨོངས་ཀུན་ཏུ་རྒྱུ། །ངེས་མེད་རྒྱལ་ཁམས་ཉུལ་བའི་ཚེ། །སྔོན་གྱི་ལས་སྨོན་པདྨ་དཀར། །འཛུམ་པའི་ཚལ་དུ་ཀུན་བྱེད་ཀྱི། །རྐང་དྲུག་བསྐྱོད་ལ་རྟེན་འབྱུང་གི །དྲི་བསུང་དངར་བས་ལེགས་བསྐུལ་ནས། །ཟབ་གསང་སྦྲང་རྩིའི་དོག་པ་ཡིས། །བསྟན་འགྲོའི་དགེ་མཚན་སྤེལ་བའི་ཚེ། །དཔལ་མོའི་ཐུགས་དམ་དགྱེས་སྐོང་བའི། །ཚིག་གི་མགྲིན་རྔ་ཕྲ་མོ་ཡང་། །པདྨ་དབང་ཆེན་དགྱེས་པའི་སྡེས།་་་དིལ་མཁྱེན་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར། གང་ཤར་སོར་མོའི་རྟར་བསྐྱོན་པའི། །དཔལ་སྟུག་བསོད་ནམས་ཆར་ལྡན་སྤྲིན། །ནོར་བུའི་ལྷུན་པོ་ལྟར་གཡོ་བས། །ཕུན་ཚོགས་སྡེ་བཞིའི་ལོ་འབྲས་དཔལ། །གཡུར་དུ་ཟ་བའི་རྒྱུར་གྱུར་ཅིག །སརྦ་སུ་ཤྲཱི་ཡེ་བྷ་ཝ་ཏུ། དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཞི་ཁྲོ་སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་དང་འབྲེལ་བའི་གནས་ལུང་མདོར་བསྡུས་ (Volume 67, Text 34)
༄༅། །ཞི་ཁྲོ་སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་དང་འབྲེལ་བའི་གནས་ལུང་མདོར་བསྡུས་བཞུགས་སོ། ། ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་དང་འབྲེལ་བར་གཤིན་པོ་རྗེས་སུ་འཛིན་པར་འདོད་པས། སྦྱོར་བའི་སྐབས་སུ། དཀྱིལ་འཁོར་གྱི་ཤར་སྒོར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཁར་ཚེ་འདས་ཀྱི་རོའམ། གཟུགས་མིང་ནྲྀ་ཡིག་བྲིས་པའི་བྱང་བུ་དྲི་རྟེན་དང་བཅས་པ་དགོད། གཞན་ཡང་རིགས་དྲུག་གི་དཀྱིལ་འཁོར་དང་། སྦྱོང་ཆས། བྲབ་རྫས། ཟས་གཏད་སོགས་ཉེར་མཁོ་རྣམས་འདུ་བྱ། ཆོ་ག་དངོས་ལ་བཅུ་གཅིག་སྟེ། རྟེན་བསྐྱེད་པ། རྣམ་ཤེས་དགུག་བསྟིམ། བགེགས་སྦྱོང་བ། ཁྲུས་བྱ་བ། རིགས་དྲུག་གནས་འདྲེན། དབང་བསྐུར་བ། ཟས་གཏད་པ། སྨོན་ལམ་གདབ་པ། ཞིང་ཁམས་སྦྱོང་བ། ལམ་བསྟན་ཅིང་གནས་སྤར་བ། བྱང་བུ་བསྲེག་པའོ། །དང་པོ་ནི། དམིགས་རྟེན་རིགས་དྲུག་གི་དལ་དུ་བཀོད་ལ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ་ལ། གཉིས་པ་རྣམ་ཤེས་དགུག་པ་ནི། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུགས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿབཛྲ་ཨངྐུ་ཤ་ཛཿ ཞེས་པས་རྣམ་ཤེས་དང་། ཨ་ནྲྀ་སུ་ཏྲི་པྲེ་དུ་མ་མ་ཨངྐུ་ཤ་ཛཿ ཞེས་པས་རིགས་དྲུག་གི་བག་ཆགས་བཀུག །ཛཿཧཱུྃ་བཾ་ཧོཿས་རྣམ་ཤེས་ཨ་ཐུང་གི་རྣམ་པས་རྟེན་ལ་ཐིམ་པར་བསམ། ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པས་རྟེན་དང་དབྱེར་མེད་དུ་བག་ཕབ་སྟེ་འཁོད་པར་བསམ་མོ། །གསུམ་པ་བགེགས་སྦྱོང་བ་ནི། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོས་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་ཞི་བ་དང་། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། ལན་གསུམ་གྱིས་ཕྱེད་མ་དང་། ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང༔ སྲོག་གཅོད་མདངས་འཕྲོག་གཤེད་ལྕག་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང༔ རྒྱུད་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུ་ཙཊྚ་ཡ་ཕཊ༔ ཅེས་དང་། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། གཏོར་མ་ཕྱིར་བསྐྱལ་བ་ནི་དྲག་པོའི་སྦྱོང་བའོ། །བཞི་པ་ཁྲུས་ནི། མེ་ལོང་དུ་དཀྱིལ་འཁོར་པའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང་། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཞེས་སྐུ་ཕྱིའོ། ཁྲུས་ཆུ་དེ་ཉིད་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། རྩ་སྔགས་དང་ཡི་གེ་བརྒྱ་པ་བཟླ་ཞིང་བཀྲུ། གཞན་ཡང་། ཧཱུྃ༔ འདི་ནི་ཕ་རོལ་ཕྱིན་བཅུའི་ཆུ༔ ཉོན་མོངས་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་བཅུ་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཞེས་དང་། ཡི་གེ་བརྒྱ་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བརྗོད་ཅིང་བཀྲུ། ཞར་བྱུང་དུག་སྦྱོང་བ་ནི། ཀུ་ཤས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བདེ་གཤེགས་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་མཆོག་ནི་འདི་དག་གིས༔ ཁྱོད་ཀྱི་ཉོན་མོངས་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག༔ འབྱུང་བ་བཞིས་བྱབ་ཅིང་། འབྱུང་བཞི་དུག་གི་ཕ་ཡིན་ཏེ༔ འབྱུང་བཞི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང༔ གང་བའི་སྣོད་དུ་དུག་སོང་ལ༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་ལུས་བརྗེས་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ རྩ་སྔགས་དང་ཡི་གེ་བརྒྱ་པ། མི་འཁྲུགས་པའི་གཟུངས་སོགས་བརྗོད་ལ་ཁྲུས་བྱའོ། །ལྔ་པ་རིགས་དྲུག་གནས་འདྲེན་ནི། གསོལ་གདབ་ཆོས་བཤད་སྐྱབས་སུ་གསོལ། །དབང་བསྐུར་བྱ་ཞིང་ལན་ཆགས་སྦྱང་། །བསྲེག་དང་བཀྲུ་ཞིང་གནས་ནས་དྲང་། །ཞེས་བརྒྱད་ལས། དང་པོ་གསོལ་བ་འདེབས་པ་ནི། ཚེ་འདས་ཀྱིས་གསོལ་བ་གདབ་པར་བསམ་ལ། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ༔ གཉིས་པ་ཆོས་བཤད་པ་ནི། སློབ་དཔོན་གྱིས། ཀྱེ་མ༔ ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམ་སྟེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་སྟེ་རིགས་དྲུག་གནས་ནས་དྲང༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་སྐྱེད་ལ༔ འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་ཐོབས༔ ཞེས་གདམས་པ་ལ། གསུམ་པ་སྐྱབས་སུ་གསོལ་བ་ནི། ཚེ་འདས་ཀྱིས་གུས་པ་ཆེན་པོས། ཉོན་དྲུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཕྱིན་དྲུག་ཆོས་ཐོབ་ཉོན་མོངས་རྣམ་པར་དག༔ རིགས་དྲུག་ཐུབ་པ་རང་རྟགས་ཕྱག་རྒྱ་ཅན༔ འགྲོ་བ་རིགས་དྲུག་སྡུག་བསྔལ་སྦྱོང་དུ་གསོལ༔ བཅོམ་ལྡན་ཐུབ་པ་དྲུག་ལ་སྐྱབས་སུ་མཆི༔ ཞེས་སྐྱབས་སུ་གསོལ་བར་བསམ། བཞི་པ་དབང་བསྐུར་བ་ལ་གཉིས་ལས། ཐོག་མར་ཕྱག་མཚན་གྱི་དབང་བསྐུར་བ་ནི། ཐུབ་དྲུག་སོ་སོའི་ཕྱག་མཚན་ཐོགས་ལ། ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་རཀ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཱ༔ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ༔ ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཏིརྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཧཱ༔ ཤེས་རབ་དོན་མཚོན་རལ་གྲི་དང༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་སརྦ་དུ་ཁ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གི་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་བརྡ༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཨ་བ་དྷཱུ་ཏིའི་དབང་ཐོབ་ཤོག༔ ནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ གཉིས་པ་བུམ་དབང་བསྐུར་བ་ནི། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ལྔ་པ་ལན་ཆག་སྦྱང་བ་ནི། གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་བུ་ལོན་ལན་ཆགས་སྙེག་པ་ཡི༔ གསོན་བདུད་གཤིན་ལྕག་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཅེས་བསྔོ། དྲུག་པ་བག་ཆགས་བསྲེག་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་རྣམས༔ འདི་དག་འཇིག་རྟེན་དུག་ཡིན་ཏེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཅེས་དང་། རྩ་སྔགས་དང་ཡིག་བརྒྱ་སྒྲིབ་སྦྱོང་གི་སྔགས་སོགས་སྦྲེལ་བ་བརྗོད་ཅིང་བྱེ་མས་བྲབ་པས་ཡེ་ཤེས་ཀྱི་མེས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས་པར་བསམ། བདུན་པ་ལས་ཉོན་དྲི་མ་བཀྲུ་བ་ནི། ཁྲུས་བུམ་ཐོགས་ལ། འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་ཆུ་ཡིས་ལེགས་བཀྲུས་པས༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཅེས་དང་། ཡི་གེ་བརྒྱ་པ་བརྗོད་ཅིང་བཀྲུས་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ཐལ་བའང་སྦྱངས་པར་བསམ། བརྒྱད་པ་གནས་ནས་དྲང་བ་ནི། ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་ས་ཡིན་པས༔ བོར་རོ་སྤོང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་ཐར་པའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཅེས་བརྗོད་ཅིང་རིགས་དྲུག་གི་གནས་ནས་དྲང་། རྡོ་རྗེས་ཕྱི་ལམ་བཅད་དེ་དབང་སྟེགས་སུ་བཀོད་ལ། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ་ཚིག་འདི་རྣམས་བརྗོད་པར་མོས་ལ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་པ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་པ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་གདབ། དྲུག་པ་དབང་བསྐུར་བ་ནི། ཡེ་ཤེས་གསོ་བ་དབང་གི་ཆོ་གའི་མཎྜལ་ནས་བརྩམ་སྟེ་གསོལ་བ་ལན་གསུམ་བཏབ་རྗེས། ཨེ་མ་ ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བཟུང་སྟེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་སྟེ་དཀྱིལ་འཁོར་གྲལ་དུ་འགོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱ༔ ཞེས་གནང་བ་བྱིན། དེ་ནས་གསོ་སྦྱོང་གི་སྐབས་བཞིན། ཨེ་མ༔ ཕྱོགས་བཅུའི་སངས་རྒྱས་སོགས་སྡོམ་པ་གཟུང་བ་ཡོངས་རྫོགས། མ་ལུས་བདག་གིས་ཡོངས་སུ་གཟུང༔ བར་བྱས་ཏེ། དེ་ནས་བྱིན་དབབ་པ་ནས་གཏང་རག་གི་བར་བདག་འཇུག་དབང་ཆོག་བཞིན་ལ། ཚིག་གི་མཚམས་སྦྱོར་རྒྱས་བསྡུས་ཅི་རིགས་པས་བརྡ་སྤྲད། སྤྲོ་ན་མཇུག་ཏུ་ལུས་ལོངས་སྤྱོད་འབུལ་བ་དང་དགེ་བ་བསྔོ་བའང་བྱ། གལ་ཏེ་གྲངས་གསོག་ལྟ་བུའི་སྐབས་སྤྲོས་པ་ཤིན་ཏུ་བསྡུས་པའི་དབང་དུ་བྱས་ན། ཚེ་འདས་ཀྱིས་བརྗོད་པར་བསམ་ལ། ས་གཞི་སྤོས་ཆུས་སོགས་མཎྜལ་དབུལ། ཐལ་མོ་སྦྱར་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་སྟོན་འཚལ༔ དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ༔ ཞེས་གསོལ་བ་གདབ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཚེ་འདས་བདག་ལ་དགོངས་སུ་གསོལ༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་ལྷར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོ་ཐར་པའི་སྡོམ་པ་དང༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་གཟུང༔ ཞེས་སྡོམ་པ་གཟུང་། ཚེ་ལས་འདས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཛཿཧཱུྃ་བཾ་ཧོཿ ཞེས་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་གི་དངོས་གཞིའི་སླད་དུ། ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་མེད་ཁང་གི་རྣམ་པར་གནས་པའི་དབུས་སུ་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བའི་རྟེན་དང་བརྟེན་པར་བཅས་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱོད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ དེ་ལྟར་ཞི་ཁྲོ་རབ་འབྱམས་འདུས་པའི་རང་བཞིན་ཡེ་ཤེས་དྲུག་གི་ཆུ་རྒྱུན་གྱིས་དབང་བསྐུར། ལུས་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། དབང་གནས་སུ་བདུད་རྩིའི་དྭངས་མ་འཁྱིལ་པ་ལས། རིགས་འདུས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམ། སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་དབང་དོན་གྱི་ཡེ་ཤེས་བརྟན་པར་བསམ་ལ་ཤིས་པ་བརྗོད་པས་མངའ་གསོལ་བར་བྱའོ། །བདུན་པ་ཟས་གཏད་པ་ནི། བཟའ་བཏུང་གི་དངོས་པོ་གཙང་མ་ལ་ཆབ་བྲན། རཾ་ཡཾ་ཁཾ་སྟོང་པའི་ངང་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར་པར་བསམ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་སེམས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་དགུའི་འབྱོར་པ་རྒྱ་མཚོ་ཡིས། ཁྱེད་ཀྱི་རེ་བ་བསྐང་བར་བྱ། ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །ཅེས་བསྔོས་པས། དེས་ཀྱང་བདག་གིར་བཟུང་ནས་དཀྱིལ་འཁོར་པ་ལ་མཆོད་པར་གྱུར་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ། ཅེས་བརྗོད་ཅིང་རོལ་མོ་བྱ། སླར་ཡང་ཚེ་འདས་ཀྱི་དོན་དུ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། བརྒྱད་པ་སྨོན་ལམ་གདབ་པ་ནི། འདི་ནས་ཤར་ལྷོ་ནུབ་བྱང་དང༔ དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན༔ བདེ་གཤེགས་རིགས་ལྔའི་ཞིང་ཁམས་ཡོད༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔར་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ཆེན་ཏེ༔ འབྱུང་བའི་སྙིང་པོ་མི་འགྱུར་བའི༔ ཡི་གེ་ལྔ་རུ་རྣམ་པར་དག༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་ལྔར་ནི་སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་གཉིས་མེད་ཤོག༔ ཅེས་བརྗོད་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་མཐུ་དང་ལྡན་པར་བསམ། དགུ་པ་ཞིང་ཁམས་སྦྱོང་བ་ནི། སེམས་དཔའ་ལྔའི་སྐུ་གཟུགས་མེ་ལོང་ལ་ཤར་བ་བསྟན་ཅིང་། ཀྱེ་མ༔ མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ ཡེ་ཤེས་ལྔ་ཡི་ངང་ལས་སྐུར་སྤྲུལ་པ༔ རྒྱལ་སྲས་ས་སྙིང་ནམ་སྙིང་སྤྱན་རས་གཟིགས༔ ཕྱག་རྡོར་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་སྒོ་ལྔའི་དབང་པོའི་ནད་བསལ་ནས༔ ཟག་མེད་ཡུལ་ལྔའི་བདེ་ལ་སྤྱོད་པར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལྔ༔ ལྷ་མཆོག་རྣམས་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཞེས་བརྗོད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་མཐུ་དང་ལྡན་པར་བསམ། བཅུ་པ་ལ་ལམ་བསྟན་པ་དང་གནས་སྤར་བ་གཉིས་ལས། དང་པོ་ནི། སྣང་གསལ་གྱི་འོད་ཀྱིས་མཚོན་པར་བྱས་ལ། ཧཱུྃ༔ རང་བཞིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག༔ ཅེས་དང་། འདི་ནས་ཤར་ལྷོ་ནུབ་བྱང་དང༔ དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན༔ མངོན་དགའ་ལ་སོགས་ཞིང་ཁམས་སུ༔ རྫོགས་པའི་སངས་རྒྱས་རིགས་མཆོག་ལྔ༔ གང་ཞིག་དེ་ཡི་མཚན་འཛིན་པ༔ ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲོངས༔ གཉིས་པ་གནས་སྤར་བ་ནི། ཐབས་ཤེས་ཟུང་འབྲེལ་མདའ་གཞུའི་འཕྲུལ་འཁོར་གྱིས་མཚོན་ཏེ། ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཅེས་དང་། ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་ཀུན་གྱི་སྤྱི་མེས་ནི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་བཞུགས༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་བྱ་ཡོད༔ རྒྱལ་བའི་སྲས་མཆོག་རྡོ་རྗེ་སེམས་དཔའ་བཞུགས༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཅེས་བྱ་བཞུགས༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཡོད༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཡ་མཚན་བཀོད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་སྟུག་པོ་བཀོད་པའི་ཞིང༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཧཱུྃ་མཐིང་ག་གཅིག་ཏུ་གྱུར་ཏེ༔ རྩལ་པོ་ཆེས་མདའ་འཕངས་པ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས༔ རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ ཅེས་དངོས་སུ་ཁྱབ་བྱེད་ཀྱི་ཞིང་འོག་མིན་སྟུག་པོ་བཀོད་པར་གནས་སྤར་བས། ཞར་ལ་ཁྱབ་བྱ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་བཞིའི་ཞིང་ཁམས་སུ། རིགས་ཀྱི་གཙོ་བོ་རྣམས་ཀྱི་སྤྱན་སྔར་སོན་ནས། ཞལ་མཐོང་། དབང་བསྐུར། ལུང་བསྟན། དབུགས་ཕྱུང་སྟེ་དབུས་རྡོ་རྗེ་སེམས་དཔའི་སྲས་སུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པར་བསམ་ལ་སྨོན་ལམ་ཇི་ལྟར་རིགས་པ་གདབ། བཅུ་གཅིག་པ་བྱང་བུ་བསྲེགས་པ་ནི། ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྗོད་པས་མར་མེའི་དབུས་སུ་སྐད་ཅིག་གི་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་མེ་ལྷ་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འབྱུང་བས། ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམ་ལ། ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ རྣམ་ཤེས་ཚོགས་བརྒྱད་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་བས༔ ཉོན་མོངས་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་འགྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་དང་། ཡི་གེ་བརྒྱ་པ་དང་མི་འཁྲུག་པའི་གཟུངས་སོགས་བཟླ་བཞིན་པས་བསྲེག །ཐལ་བ་སྔགས་བཟླ་ཞིང་བུམ་ཆུས་བྲན་ལ་དྲི་ཞིམ་པོའི་འཇིམ་པ་དང་སྦྱར་ནས་སཱཙྪ་གདབ། རྟེན་འབྲེལ་སྙིང་པོའི་མེ་ཏོག་འཐོར་བས་རབ་ཏུ་གནས་པར་བྱའོ། །དེའང་འདི་ལྟ་བུའི་གནས་ལུང་ཆོ་གས་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པར་མཚོན་པ་ཡིན་ཏེ། རིགས་དྲུག་གི་གནས་ནས་དྲང་བ་ཡན་གྱི་ཚོགས་ལམ་དང་སྦྱོར་ལམ། དབང་བསྐུར་བས་མཐོང་ལམ། སྨོན་ལམ་གདབ་པ་དང་དབང་པོའི་སྒྲིབ་པ་བསལ་ནས་སྦྱོང་སྨིན་གྱི་མཐུ་ཐོབ་པ་སྟེ་སྒོམ་ལམ། ལམ་བསྟན་པས་མི་སློབ་པའི་ལམ། གནས་སྤར་ཞིང་བྱང་བུ་བསྲེགས་པས་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ། སཱཙྪ་གདབ་པས་སླར་མཛད་པ་རྒྱུན་མི་འཆད་པར་མཚོན་པར་བྱེད་པའོ། །འདི་ལ་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཀླག་པས་གྲུབ་པ་བཞུགས་ནའང་། ཆོ་ག་བསྡུས་པའི་དབང་དུ་བྱས་ཏེ་རྡོ་རྗེའི་གསུང་ཁོ་ན་སྙིང་པོར་དྲིལ་ནས་སྐབས་སུ་བབས་པའི་རྣམ་གཞག་དང་མཚམས་སྦྱོར་ཅུང་ཟད་ཀྱིས་བརྒྱན་ཏེ་བཀོད་པ་ཡིན་ནོ། །ཞེས་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་ཞི་ཁྲོའི་ཆོ་ག་སྡིག་སྒྲིབ་རྣམ་སྦྱོང་དུ་ཇི་ལྟར་བསྡེབས་པར་མཛད་པ་ཉིད་ལས་ཁོལ་ཕྱུང་བཀླག་ཆོག་ཏུ་བཀོལ་བ་སྟེ། ཞི་ཁྲོའི་གནས་ལུང་གི་ཆོག་ཁྲིགས་རྒྱས་པ་མི་ལྕོགས་པའི་ཚེ་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །སརྦ་དཱ་མངྒ་ལཾ།། །། འདིའི་ནང་ལོ་ཆེན་ཡིག་ཆ་འདི་སྔགས་གསོ་ལ་སྦྱོར་བའི་ཚེ་སྐབས་ཐོབ་ཀྱི་སྒྱུར་སོ་དང་གསལ་ཁ་ཅུང་ཟད་དགོས་པ་བཅོས་བསྒྱུར་བྱས་ཡོད་པ་དྭགས་པོ་སྤྲུལ་སྐུས་ཞུ་ཞུ།།
གཞི་བདག་རྟེན་བཀོལ་ལག་ལེན་ (Volume 43, Text 34)
གཞི་བདག་རྟེན་བཀོལ་སྐབས། ཐོག་མར་ཐུགས་སྒྲུབ་ལས་བྱང་ཚོགས་སྐོང་བཅས་དང་། དངོས་གྲུབ་རྒྱ་མཚོའི་བསང་། གསེར་སྐྱེམས་རྣམས་གྲུབ་ནས་གསས་མཁར་བརྩིག་པའི་འོག་གི་རི་ཞབས་ཐག་ཉེ་རིང་གང་བདེར་ཡུལ་འདྲེ་མནན་པ་གཞུང་ལྟར། དེ་ནས་གསས་མཁར་བརྩིག་ས་དངོས་དེར་གསེར་སྐྱེམས་དང་། དཀར་གཏོར། བགེགས་གཏོར་བཤམས་ལ་ས་སློང་དང་། ས་སྲིན་བསྐྲད། ས་རྒོད་ཡིན་ན་ལྟོ་འཕྱེ་བརྟག་པ་གྲུབ་ན་ལེགས། དེ་མིན་གསས་མཁར་རྩིག་པའི་འོག་གཞིར་གཞལ་ཡས་ཁང་པ་མཚོན་བྱེད་པདྨ་འདབ་བརྒྱད་བཏིང་། དེ་སྟེང་བུམ་པ་བཞག །ཚས་དང་ཁ་ཆོད་ལེགས་པར་བརྒྱབས་པའི་རྩེར་རྒྱབ་ཏུ་དར་ཅོག །མགུལ་དུ་འཁོར་ལོ་ཡོད་པའི་གྭའུ། མདུན་དུ་ཤིང་བྱང་། གཞན་ཡང་ཤིང་རྩི་བལ་ཚོན་སོགས་བཙུགས། དམུ་ཐག་འཐེན་ཞེས་པ་ཤིང་བྱང་རྩེ་ནས་ཚོན་སྐུད་གསས་མཁར་ཕྱོགས་བཞིར་འཐེན། དཀར་གཏོར་དང་ཉེར་སྤྱོད། བསང་དང་། གསེར་སྐྱེམས་སོགས་བཤམ། སྦྱོང་བ་དང་། རི་ཁྲུས་གཏེར་གསར་ལུགས་ལྟར་བྱ། དེ་ནས་སྔགས་དྲུག་ཕྱག་དྲུག་ནས་གཟུང་གཞུང་ལྟར་ཚང་བར་བཏང་ལ་མཐར། ཕྱོགས་བཅུ་དུས་བཞི་སོགས་གཏེར་གསར་བསྔོ་སྨོན་དང་། ཕུན་སུམ་ཚོགས་འཛིན་ལྟ་བུའི་བཀྲ་ཤིས་རྒྱས་པར་བརྗོད། དེ་ནས་བརྔན་སོགས་བསང་གི་མཇུག་དང་། ཚོགས་ལ་རོལ་པ། ལྷག་མ་སོགས་ལས་བྱང་མཐའ་བསྡུས་གྲུབ་བོ། །ཞེས་པའང་གཏེར་ཆེན་ཉིད་ཀྱི་ཕྱག་བཞེས་ཏེ་གུ་ཎས་སོ། །དགེ་ལེགས་འཕེལ།། །།
སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བསྐྱེད་རྫོགས་འབྲིང་པོའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་ཐིག་ལེ་ (Volume 16, Text 34)
༄༅། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བསྐྱེད་རྫོགས་འབྲིང་པོའི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཛ་ཡ་ས་པུ་ཏྲཱ་ཡ། གཞི་དབྱིངས་ཐིག་ལེ་གཅིག་ཉིད་ལས། །རིག་པ་ཕྱག་རྒྱའི་སྐུར་ཤར་བ། །བདེ་གཤེགས་ཀུན་འདུས་ཚོམ་བུའི་ལྷ། །སྙིང་གུར་དབུས་སུ་རྟག་རོལ་མཛོད། །སྨིན་བྱེད་རབ་འབྱམས་སྙིང་པོའི་བཅུད། །གང་ཟག་བརྒྱུད་པས་མ་ཆོད་ཅིང་། །མཁའ་འགྲོའི་ཁ་རླངས་མ་ཡལ་བ། །གང་དེའི་ཕྱག་ལེན་གསལ་བར་བྱ། །སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་དོན་དབང་འབྲིང་པོའི་སྒོ་ནས་སྣོད་ལྡན་རྗེས་སུ་འཛིན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། གནས་དབེན་པར་རྟེན་ཇི་ལྟར་ཚོགས་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་ཁར་མཉྫི་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དར་མཐིང་ག་ཁ་རྒྱན་གཟུངས་རྡོར་བཅས་པ་བཀོད། གཡས་སུ་དབུ་རྒྱན། རྡོ་རྗེ། དྲིལ་བུ། དུང་ཞལ་དྲི་བཟང་གི་ཆུ་སྦྱར་བ། གཡོན་དུ་བནྡྷ་མཚན་ལྡན་དུ་ཆོས་སྨན་མངར་གསུམ་དང་སྦྱར་བའི་ཆང་། ཐོད་ཆུང་གཞན་གཉིས་སུ་ཤ་ལྔ་བདུད་རྩི་ལྔ་སོ་སོར་སྦྱར་བ། མ་འཛོམ་ན་དེའི་ཙཀླི། རིག་ཙཀ །དཔལ་ཆས། དུར་ཁྲོད་ཆས་ཀྱི་ཙཀླི་སོ་སོ། རྒྱབ་ཏུ་ཤེལ་རྡོ། མེ་ལོང་། རྨ་བྱའི་མདོངས། འཇའ་འོད་རྩིབས་ཤར་སོགས། དཔལ་ཆེན་ཐིག་ལེ་དགུ་ཚོམ། ཀུན་བཟང་རྒྱན་མེད་གཅེར་བུ་བཅས་ཀྱི་ཙཀླི་གསུམ། མདུན་དུ་ཚེ་འབྲང་དང་། ཚེ་རིལ་ཆང་ཡང་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་སྤྱི་ལྟར་དང་ལས་བུམ། མིག་དར་མེ་ཏོག །ཕྲིན་ལས་ལ་ཉེ་བར་མཁོ་བའི་མཆོད་གཏོར་ཚོགས་རྫས་སོགས་ཚོགས་པར་བྱའོ། །གཉིས་པ་ལ་གཉིས། དབང་དོན་སྒྲུབ་མཆོད། དབང་དངོས་སོ། །དང་པོ་ནི། ལས་བྱང་དུ་ཇི་སྐད་བཤད་པའི་ཕྲིན་ལས་ཀྱི་རིམ་པ་རྣམས་མཐར་ཆགས་སུ་གཏང་། ལས་བྱང་ཆུང་བ་ཨ་ཏི་ཡོ་གའི་ལུགས་ཡིན་པས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་བསྒོམ་པར་བྱ་བ་ཡིན་ཡང་། དབང་དོན་ལ་ལས་དང་པོ་པས་རྟོག་པས་མ་ཆུན་ན་བཟླས་པའི་སྐབས་སུ་སྤྱི་ལྟར་ཛཔ྄་ཁང་དབྱེ། བཟླས་པ་རྣམས་ཅི་འགྲུབ་མཐར་གཟུངས་ཐག་བླངས་ལ་དམིགས་པ་སྤྱི་འགྲོ་དང་ཞི་ཁྲོ་སྤྱི་བསྡུས་ཀྱི་བུམ་བཟླས་འོད་ཞུ་བཅས་བྱ། ཚེ་བུམ་ཚེ་དཔག་མེད་དུ་གསལ་བ་དང་ཚེ་རྫས་ལ་དམིགས་པའི་སྤྲོ་བསྡུས་བཅས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ༔ ཞེས་བརྒྱ་རྩ་ཙམ་བཟླས་ལ་སྟོང་ཚིགས་ཕུལ། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་བྱ། གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བཤགས་པའི་བར་བཏང་ལ་རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དབང་བསྐུར་བ་ལའང་འཇུག་པ་དང་དབང་དངོས་གཞི་གཉིས་ལས། དང་པོ་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བདེན་སྟོབས་བརྗོད་པ་དང་། ལས་བྱང་ལྟར་བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་འདེབས་སྔོན་དུ་འགྲོ་བའི་ཆོས་བཤད་ཅི་རིགས་དང་། ཁྱད་པར། དེ་ལ་འདིར་འཆད་བྱ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པས་སངས་རྒྱས་འཐོབ་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་རིང་བའི་ལམ་ལས་ཁྱད་པར་དུ་མས་འཕགས་ཤིང་། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པའི་ཉེ་ལམ་རྨད་དུ་བྱུང་བ་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཛིན་པའི་གོ་འཕང་ངེས་པར་སྟེར་བ་ནང་པ་ཐབས་ཀྱི་ཐེག་པ་ཡོ་ག་རྣམ་པ་གསུམ་ལའང་། ཐབས་སྣང་བའི་ཆ་བསྐྱེད་རིམ། ཤེས་རབ་སྟོང་པའི་ཆ་རྫོགས་རིམ། གཉིས་མེད་ཟུང་འཇུག་གི་ཆ་གཉིས་མཉམ་གཙོ་བོར་སྟོན་པའི་དབང་གིས་ནང་གསེས་རྣམ་པ་དགུའི་ཚུལ་དུ་བཞུགས་པ་ལས། ཟུང་འཇུག་གཙོར་སྟོན་མ་ཧཱའི་ཨ་ཏིའམ་ཨ་ཏི་མ་ཧཱ་ལྟར་སྒྲུབ་པའི་ལུང་རྫོགས་པ་ཆེན་པོ་བཀའ་འདུས་ཀྱི་ཟབ་ཆོས་ཏེ། དེའང་གདོད་མའི་མགོན་པོ་དཔལ་ཆེན་པོ་ཉིད་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་རྣམ་པར་རོལ་པ་ཨོ་རྒྱན་གྱི་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱིས་བོད་ཡུལ་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་ཞལ་ཕྱེས་ཏེ་སྐལ་ལྡན་རྗེ་འབངས་ཉེར་ལྔ་ཐོག་མར་སྨིན་གྲོལ་ལ་བཀོད་པ་ནས་བརྩམས། ཡུལ་དུས་སྐལ་པ་དང་འཚམ་པར་སྒྲུབ་ཆེན་སྤྱི་དང་བྱེ་བྲག་གི་རྒྱུད་ལུང་མན་ངག་མཐའ་ཡས་པས་ལས་ཅན་རྣམས་རྗེས་སུ་བཟུང་བར་མཛད་པ་ལས། རྫོགས་ཆེན་བཀའ་འདུས་ཀྱི་སྐོར་རྣམས་ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་ལ་ཆེད་དུ་གདམས་ཤིང་། དེས་ཀྱང་ཐུགས་ཉམས་སུ་བཞེས་པས་སྐུ་ཚེ་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྲུབ། གདམས་སྐོར་རྣམས་མ་འོངས་གདུལ་བྱའི་དོན་ལ་དགོངས་ཏེ་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འོད་འབར་བའི་བྲག་ཏུ་ཟབ་མོའི་རྒྱ་བདུན་གྱིས་བཏབ་ནས་སྦས་པ། དེང་སང་འདུལ་བའི་དུས་སུ་སོན་པ་ན་ལྷ་སྲས་རྣམ་རོལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས། གཏེར་སྒྲུབ་ཀྱི་སྐབས་སུ་དག་པའི་སྣང་བར་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་རིག་འཛིན་འདུས་པ་དང་བཅས་པས་སྒྲུབ་པའི་དབང་མོ་ཆེ་བསྩལ། རྒྱུད་ཀྱི་བཤད་བཀའ། མན་ངག་དམར་ཁྲིད་རྫོགས་པར་གསན་ཏེ་ཐུན་མོང་མ་ཡིན་པའི་སྐལ་ལྡན་རྣམས་རྗེས་སུ་བཟུང་བར་མཛད་པའི་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་བསྐྱེད་རྫོགས་འབྲིང་པོའི་དབང་བསྐུར་བསྒྲུབ་པ་ལ། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སའི་ཕྱོགས་འདི་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་གནས་ཁང་ཐར་པ་ཆེན་པོ་ཨེ་དབྱིངས་སུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་པོ། ཁྱེད་རང་རྣམས་ཀྱང་གདོད་ནས་རང་བྱུང་གཉུག་མའི་ཧེ་རུ་ཀའི་རྣམ་པས་འཁོད་པར་མོས་ཤིག །མཚམས་སྦྱོར་སྤྱི་མཐུན་བྱས་ལ། ཨོཾ་ཨཱཿཧཱུྃ༔གིས་མིག་དར་དང་། ཨཱཿཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་སྦྱིན། དེ་ལ་ཐོག་མར་ཐུན་མོང་ཐེག་པ་དང་སྒོ་བསྟུན་ཏེ་རིམ་པར་འཇུག་པ་ལ་སྐྱབས་སེམས་ཚོགས་གསག་རྣམས་ལས་དང་པོ་པས་དྲང་དོན་སྒོམ་རིམ་སྤྱི་དང་མཐུན་པར་སོ་སོའི་ཐད་དུ་གསལ་འདེབས་པ་དང་། གཙོ་བོར་ངེས་དོན་གྱི་གནས་ལུགས་རང་རིག་ངོ་བོ་སྟོང་པ་ཆོས་སྐུ་སངས་རྒྱས། རང་བཞིན་གསལ་བ་ལོངས་སྐུ་དམ་ཆོས། ཐུགས་རྗེ་ཟུང་འཇུག་སྤྲུལ་སྐུ་དགེ་འདུན། དབྱེར་མེད་ངོ་བོ་ཉིད་གདོད་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་དེང་ནས་འདུ་འབྲལ་མེད་པར་རྟོགས་པའི་བློས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། དབྱིངས་ཉིད་རྣམ་དག་སོགས་ལས་བྱང་ལྟར་ལན་གསུམ། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་འཁྲུལ་གྲོལ་མེད་པ་རང་བྱུང་གི་སངས་རྒྱས་ཉིད་ཡིན་པ་ལ། གློ་བུར་འཁྲུལ་པས་བསྒྲིབས་པ་རྣམས་བསལ་བཞག་མེད་པ་རང་གྲོལ་མཉམ་ཉིད་ཀྱི་ལྟ་བར་ལ་ཟློ་བར་སེམས་བསྐྱེད་པ་འདི་རྗེས་ཟློས། ཨེ་མ་ཧོ་རང་རིག་སོགས་གསུམ། ཡེ་ནས་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རང་ལ་གནས་པ་ལ་མཚན་བཅས་གསག་སྦྱོང་གི་སྤྲོས་པ་བྱར་མེད་པ་གནས་ལུགས་རང་གསལ་གདབ་པའི་དགོངས་པ་ལས་མ་གཡོས་བཞིན་དུ་ཡན་ལག་བདུན་པ་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་སོགས། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་བཅུག་པར་མཛད་ནས་ཀྱང༔ ཐུགས་རྗེས་ལྷ་ཞལ་བསྟན་པ་དང༔ ཐར་པའི་གནས་ལ་འགོད་དུ་གསོལ༔ ལན་གསུམ་ཞུ། ལན་ནི། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ སྐལ་པ་ལྡན་པ་ཁྱོད་གཞུག་པས༔ བདེ་བ་བླ་ན་མེད་པ་ཐོབ༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ ཞེས་གནང་བ་བྱིན་ཅིང་དམ་ཚིག་བསྒྲགས་པས། རྩ་བ་དང་ཡན་ལག་གི་ས་མ་ཡ་འབུམ་སྡེ་བླངས་ནས་བསྲུང་བའི་བློས་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞུགས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ གསུམ། དམ་ཚིག་རྡོ་རྗེའི་ཆུ་ཧཱུྃ་ཡིག་འབར་བའི་རྣམ་པར་གྱུར་པ་ཁྱེད་རང་གི་སྙིང་དབུས་སུ་ཞུགས་སྟེ་དཔང་པོར་བཞུགས་པར་མོས། ནང་མཆོད་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་བ་ཆེན་པོར་ལྟུང༔ རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ ཇི་སྐད་བཀའ་བསྒོས་པའི་རྡོ་རྗེའི་ཡལ་གམ་ལས་མི་འདའ་བའི་བློས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་ལུས་དྲང་པོར་བསྲང་། ངག་རླུང་གཡོ་མེད་དུ་བཅིང་། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་མཛོད། ཆོས་རྣམས་ཀ་དག་དེ་བཞིན་ཉིད་ཀྱི་ངང་ལས་འོད་གསལ་ལྷུན་གྲུབ་གྱི་སྣང་ཆ་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས། ཁྱེད་རང་རྣམས་མ་བཅོས་རྫོགས་པའི་ཧེ་རུ་ཀ་དཔལ་ཆེན་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པ། གར་དགུའི་ཉམས་ཅན་དཔལ་གྱི་ཆས་བཅུ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ་སྔོ་སྐྱ་ཁྲོ་མོའི་ཆས་ཅན་ཁ་ཊྭཱཾ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཞབས་འདོར་སྟབས་པད་ཉི་ལྷ་ཆེན་བསྣོལ་བའི་གདན་ལ་བརྗིད་པའི་སྐུར་གསལ་བའི་གནས་གསུམ་དུ་ཡིག་འབྲུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སློབ་དཔོན་དང་དཀྱིལ་འཁོར་པ་དབྱེར་མེད་པའི་ཐུགས་རྒྱུད་བསྐུལ། གནས་གསུམ་ནས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་ཁེངས་ཤིང་གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པར་མོས་ཤིག་བྱས་ལ་གུ་གུལ་དང་ཚིལ་ཆེན་བདུག །རོལ་མོ་དྲག་ཏུ་བྱ། ཞི་ཁྲོ་སྤྱི་བསྡུས་སྔགས་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དྲག་ཏུ་བཟླ་ཞིང་དབབ་ལ། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག །དེ་ལྟར་དབབ་པའི་ཡེ་ཤེས་པ་ཁྱེད་རང་གི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ༔ སྔར་བྱིན་པའི་མེ་ཏོག་སྔོན་ནས་ལས་ཀྱིས་འབྲེལ་པའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ བསྐལ་པ་གོང་ནས་འབྲེལ་པ་ཡི༔ བདག་གི་ལྷ་མཆོག་གང་ཡིན་ལ༔ མེ་ཏོག་བཟང་པོ་འདི་འབུལ་གྱིས༔ ཐུགས་རྗེའི་བརྩེ་བས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་དུ་གཞུག །གང་ལ་བབས་པའི་རིགས་ཀྱི་གསང་མཚན་གདགས། མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབུ་གཙུག་ཏུ་བཅིངས་པར་མོས་ཤིག །པུཥྤེེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ༔ མེ་ཏོག་སླར་སྤྱི་བོར་བཀོད། ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་མིག་རས་དང་ལྷན་ཅིག་བསལ་བར་མོས་ཤིག ཧོ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་མཐོང༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ དངོས་གྲུབ་བཟང་པོ་ཐོབ་ནས་ཀྱང༔ མྱུར་དུ་རྒྱལ་བའི་སྲས་སུ་འགྱུར༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་ཐུར་མས་གདོང་བསལ། སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ཤིག །དེས་འཇུག་པའི་ཆོས་རྣམས་གྲུབ་པ་ཡིན་ནོ། །གཉིས་པ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དབང་དངོས་ལ་དཀྱིལ་འཁོར་བཞི་རུ་དབང་བཞི་རིམ་པར་བསྐུར་བ་དང་མཐའ་རྒྱས་བཀྲ་ཤིས་ཚེའི་དབང་བཅས་རྣམ་པ་ལྔར་ཡོད་པའི། དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དད་པ་ཅན་གྱི་སློབ་མ་ལ་ཕན་ནུས་ཀྱི་དབང་རྣམས་བསྐུར་བ་ལ་དམིགས་འདུན་འདི་བཞིན་དུ་མཛོད། བུམ་པ་དབྱིངས་ཀ་དག་གི་གཞལ་ཡས་ཁང་དུ་ལྷུན་གྲུབ་རང་བྱུང་ཐིག་ལེའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྙོམས་པར་ཞུགས་པའི་རིག་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མི་བསྐྱོད་པའི་རང་བཞིན་ཅན་གྱིས་ལུས་གང་། སྒོ་གསུམ་གློ་བུར་གྱི་དྲི་མ་སྐུ་དང་ཡེ་ཤེས་ཆེན་པོར་དག་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ དབྱིངས་ཀྱི་བུམ་པ་གཞལ་ཡས་ཁང༔ ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་ལྷ༔ སྙོམས་ཞུགས་རིག་པའི་སྙིང་པོའི་བཅུད༔ གློ་བུར་དྲི་མ་ཀུན་བྲལ་ཤོག༔ ཨཀྵོ་བྷྱ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ཤེས་ལྔའི་རང་རྟགས་རྡོ་རྗེ་རིན་པོ་ཆེའི་དབུ་རྒྱན་རིན་འབྱུང་གི་རང་བཞིན་ཅན་གྱིས་དབུར་བརྒྱན་པས་རིགས་ཐམས་ཅད་ལ་རྒྱས་འདེབས་པའི་རིགས་ཀྱི་བདག་པོར་གྱུར་པར་མོས། དབུ་རྒྱན་བཀོན་ལ། ཏྲཱཾ༔ ཡེ་ཤེས་ལྔ་ཡི་སྣང་བ་གསལ༔ སངས་རྒྱས་རིགས་ལྔའི་རང་བཞིན་ཉིད༔ འོད་སྟོང་འབར་བས་དབུ་བརྒྱན་པས༔ ཀུན་ལ་དབང་བསྒྱུར་ཆེན་པོར་གྱུར༔ རཏྣ་སཾ་བྷ་ཝ་མུ་ཀུ་ཏྲཱཾ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ༔ སྐུ་ལྔ་ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་འོད་དཔག་མེད་ཀྱི་རང་བཞིན་ཅན་ཕྱག་གཡས་སུ་གཏད་པས་མཚན་རྟོག་གི་བདུད་ལས་རྒྱལ་ཞིང་ཐབས་བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་རྒྱལ་ཐབས་བརྙེས་པར་མོས། རྡོ་རྗེ་གསོར་དུ་གཞུག་ལ། ཧྲཱི༔ མཚན་མའི་རྣམ་རྟོག་ཀུན་འཇོམས་ཤིང༔ བདུད་ལས་རྣམ་པར་རྒྱལ་བའི་རྟགས༔ རྡོ་རྗེ་འཆང་དུ་ངེས་པ་ཡི༔ དབང་བསྐུར་ཀུན་གྱི་མཆོག་ཏུ་བཤད༔ པདྨཱ་དྷཱ་ར་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི༔ རྒྱལ་བ་མཉེས་ཤིང་འགྲོ་ཁམས་སད་པའི་སྒྲ་དབྱངས་ཅན་དྲིལ་བུ་དོན་གྲུབ་ཀྱི་རང་བཞིན་ཕྱག་གཡོན་དུ་གཏད་པས། གསུང་གཞོམ་མེད་ཀྱི་སྒྲ་སྐད་འགྲུབ་ཅིང་ཤེས་རབ་སྟོང་ཉིད་དབྱིངས་ཕྱུག་མ་དང་དགྱེས་རྒུར་རོལ་པའི་མཐུ་ཐོབ་པར་མོས། དྲིལ་བུ་དཀྲོལ་དུ་གཞུག་ལ། ཨཱ༔ སངས་རྒྱས་ཀུན་ཀྱང་མཉེས་བྱས་ཤིང༔ སེམས་ཅན་ཁམས་རྣམས་སད་མཛད་པའི༔ གསུང་དབྱངས་མི་ཟད་ཆོས་ཀྱི་སྒྲ༔ སྔགས་ཀྱི་བདག་པོར་དབང་བསྐུར་རོ༔ ཀརྨ་ཨ་མོ་གྷ་སིདྡྷི་གནྡྷེ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ གདོད་ནས་དཔལ་ཧེ་རུ་ཀ་ཡིན་པ་ལ་ཡིན་པར་རྟོགས་པའི་རྡོ་རྗེའི་མིང་རྣམ་སྣང་གི་རང་བཞིན་ཅན་མངོན་པར་བསྒྲགས་པས་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་སངས་རྒྱས་ཀྱི་མཚན་སྲིད་ཞི་ཀུན་གྱི་དབྱིངས་སུ་གྲགས་པར་མོས། རྡོར་དྲིལ་ལྷན་ཅིག་སྤྱི་བོར་དཀྲོལ་ལ། ཧཱུྃ༔ སེམས་ཅན་ཐམས་ཅད་སངས་རྒྱས་ཡིན༔ རྡོ་རྗེའི་མིང་འདི་མ་ཐོབ་ན༔ སངས་རྒྱས་འགྲུབ་པར་མི་འགྱུར་བས༔ རང་རིག་ཡེ་ཤེས་རྟོགས་པའི་ཕྱིར༔ རྡོ་རྗེ་སེམས་དཔའ་དཔལ་ཆེན་པོ༔ ཧེ་རུ་ཀ་ཞེས་བྱ་བ་ནི༔ ཞིང་ཁམས་ཀུན་ཏུ་གྲགས་པར་འགྱུར༔ ཨོཾ་བཻ་རོ་ཙ་ན་བཛྲ་སཏྭ་ཧེ་རུ་ཀ་ཤྲཱི་ནཱམ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ དེ་དག་གིས་ཕྱི་ཕན་པའི་དབང་ལྔ་ཐོབ། དུག་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་གནས་བསྒྱུར། སྐུ་ལྔའི་ས་བོན་སད། ཡེ་ཤེས་ལྔ་སྒྲིབ་བྲལ་དུ་བྱས་པ་ཡིན་ནོ། ཁྱེད་རང་གི་རྣ་བ་གཉིས་སུ་ཉན་ཤེས་ཀྱི་ཐིག་ལེ་སེར་པོ་རིན་འབྱུང་གི་ངོ་བོར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་ཡོན་ཏན་རིན་པོ་ཆེའི་གཏེར་འོད་ཟེར་སེར་པོའི་རྣམ་པར་བསྡུས་ནས་ཐིམ་པས་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་ཆོས་ཉན་པ་ལ་སྒྲིབ་པའི་དྲི་མ་དག །གསང་བ་ཟབ་མོ་ཉན་པའི་སྣོད་དུ་གྱུར་པར་མོས་ཤིག །དུང་ཆུ་བདུད་རྩི་བསྲེས་ལ་རྣ་བ་གཉིས་སུ་ཐིག་ལེ་བྱས་ལ། ཏྲཱཾ༔ ཉན་དང་ཉན་བྱ་མི་དམིགས་ཀྱང༔ གཉིས་མེད་དོན་རྣམས་ཉན་པའི་ཕྱིར༔ རིན་ཆེན་འབྱུང་ལྡན་ཉན་པའི་དབང༔ རྣ་བའི་ཐིག་ལེ་སེར་པོར་བསྟིམ༔ རཏྣ་དྷརྨཱ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ༔ ལྕེའི་སྟེང་དུ་སྨྲ་བྱེད་ཀྱི་ཐིག་ལེ་དམར་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེ་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་ཐིམ་པས་པདྨ་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་ཆོས་འཆད་པ་ལ་སྒྲིབ་པའི་དྲི་མ་དག །རྒྱུད་ལུང་མན་ངག་སྣོད་ལྡན་ལ་འཆད་པའི་དབང་ཐོབ་པར་མོས། ལྕེ་ལ་ཐིག་ལེ་བྱས་ལ། ཧྲཱི༔ འཆད་དང་འཆད་བྱ་མི་དམིགས་ཀྱང༔ རིག་པའི་སྙིང་པོ་སྟོན་པའི་ཕྱིར༔ སྣང་བ་མཐའ་ཡས་རང་བཞིན་ནི༔ ལྕེ་ཡི་ཐིག་ལེ་དམར་པོར་བསྟིམ༔ པདྨ་དྷརྨཱ་ཙཀྲ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི༔ སྙིང་གར་དྲན་བྱེད་ཀྱི་ཐིག་ལེ་སྔོན་པོ་མི་བསྐྱོད་པའི་ངོ་བོར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་ཆེན་པོ་འོད་ཟེར་སྔོན་པོའི་རྣམ་པར་བསྡུས་ནས་ཐིམ་པས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་རིམ་གཉིས་སྒོམ་པ་ལ་སྒྲིབ་པའི་དྲི་མ་དག །བསྐྱེད་རྫོགས་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་ཐོབ་པར་མོས། སྙིང་གར་ཐིག་ལེ་བྱས་ལ། ཧཱུྃ༔ སྒོམ་དང་བསྒོམ་བྱ་མི་དམིགས་ཀྱང༔ སྟོང་གསལ་དབྱེར་མེད་བསྒོམ་བྱའི་ཕྱིར༔ མི་བསྐྱོད་རྡོ་རྗེའི་རང་བཞིན་ཉིད༔ སྙིང་གའི་ཐིག་ལེ་སྔོན་པོར་བསྟིམ༔ བཛྲ་ས་མཱ་དྷི་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ལག་མཐིལ་གཉིས་སུ་སྐྱོད་བྱེད་ཀྱི་ཐིག་ལེ་ལྗང་གུ་དོན་གྲུབ་ཀྱི་ངོ་བོར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་ཕྲིན་ལས་རབ་འབྱམས་འོད་ཟེར་ལྗང་གུའི་རྣམ་པར་བསྡུས་ནས་ཐིམ་པས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་འགྲོ་འདུལ་བྱ་བ་ལ་སྒྲིབ་པའི་དྲི་མ་དག །སྔགས་ཀྱི་ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པའི་དབང་ཐོབ་པར་མོས། ལག་གཉིས་སུ་ཐིག་ལེ་བྱས་ལ། ཨཱ༔ བྱ་བྱེད་དམིགས་སུ་མ་མཆིས་ཀྱང༔ སྒྱུ་མ་ལྟ་བུར་སྤྱོད་པའི་ཕྱིར༔ དོན་ཡོད་གྲུབ་པའི་རང་བཞིན་ཉིད༔ ལག་པའི་ཐིག་ལེ་ལྗང་གུར་བསྟིམ༔ ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ མགོ་བོ་དང་ཡན་ལག་བཞིར་ཐིག་ལེ་དཀར་དམར་མཐིང་སེར་ལྗང་གུ་རྣམ་སྣང་གི་ངོ་བོར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་འོད་ཟེར་ལྔའི་རྣམ་པར་བསྡུས་ནས་ཐིམ་པས་བདེ་གཤེགས་རིགས་ཀྱི་དཀྱིལ་འཁོར་རྫོགས་ཏེ་དོན་གཉིས་སྒྲུབ་པ་ལ་སྒྲིབ་པའི་དྲི་མ་དག །རྡོ་རྗེ་རྒྱལ་པོའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་དབང་ཐོབ་པར་མོས། ཡན་ལག་ལྔ་ཀར་ཐིག་ལེ་བྱས་ལ། ཨོཾ༔ གཙོ་དང་འཁོར་དུ་མ་མཆིས་ཀྱང༔ དཀྱིལ་འཁོར་བདག་པོར་དབང་བསྐུར་ཕྱིར༔ རྣམ་པར་སྣང་མཛད་ཡབ་ཡུམ་ཉིད༔ ཡན་ལག་ཐིག་ལེ་རིགས་ལྔར་བསྟིམ༔ བུདྡྷ་བཛྲ་ཨ་ཙརྻ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ དེ་དག་གིས་ནང་ནུས་པའི་དབང་ལྔ་ཐོབ། ཉན་བཤད་སྒོམ་སྤྱོད་ཀྱིས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དེས་ནི་བསྙེན་པའི་བུམ་དབང་ཐོབ༔ མ་དག་སྣང་བ་ཀུན་དག་ནས༔ མ་བཅོས་རང་གསལ་སྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་བྱེད༔ ཅེས་རྟོགས་པ་བསྐྱེད། གཉིས་པ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དུ་དམ་རྫས་སྤྱོད་པར་ནུས་པ་ལ་ཟབ་མོ་གསང་བའི་དབང་བསྐུར་བ་ནི་མོས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཡབ་ཡུམ་རང་བྱུང་གདོད་མའི་ཧེ་རུ་ཀ་ཤེས་རབ་དབྱིངས་ཀྱི་བྷ་གར་ཐབས་རིག་པའི་རྡོ་རྗེ་སྙོམས་པར་ཞུགས་པས་གཞི་ལུས་ལ་རང་བཞིན་གྱིས་གྲུབ་པའི་སངས་རྒྱས་ཏིལ་གྱི་གོང་བུ་ལྟ་བུ་རྣམས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བའི་རྒྱུན་ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་གང་བས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས་ཤིང་སྦྱང་། རྩ་ཐམས་ཅད་འོད་ཀྱི་རང་བཞིན། རླུང་ཐམས་ཅད་ནཱ་དའི་རང་སྒྲ །ཐིག་ལེ་ཐམས་ཅད་ལྷ་སྐུ་ཕྱག་རྒྱ། ཀུན་ཀྱང་འོད་གསལ་ཡེ་ཤེས་ཀྱི་རང་བཞིན་དུ་དྭངས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་ཡུམ་ལ་རིག་པའི་ཡབ༔ གཉིས་མེད་མཉམ་སྦྱོར་དཀྱིལ་འཁོར་དུ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བ་སྲས་བཅས་ཞུ་བའི་ཆུ༔ གནས་ངན་སྲེག་པའི་ཡེ་ཤེས་མེ༔ རིགས་དྲུག་ས་བོན་མ་ལུས་སྲེག༔ རིག་པའི་སྙིང་པོའི་ཁམས་འཕེལ་བས༔ ཐིག་ལེ་སྔགས་དང་ཕྱག་རྒྱར་ཤར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་ཡབ་ལྔའི་རང་བཞིན་བདུད་རྩི་ལྔ་གཏད་ཅིང་རོལ་པས་ཁམས་ལྔའི་དྭངས་མ་དངོས་གྲུབ་ཀྱི་དབྱིག་ཏུ་འགུགས་པའི་དབང་ཐོབ་པར་མོས། བདུད་རྩི་ལྔ་སྦྱིན་ལ། ཧཱུྃ༔ མི་བསྐྱོད་བྱང་སེམས་རྣམ་སྣང་ཟས༔ རིན་ཆེན་མཱཾ་ས་པདྨའི་ཁྲག༔ དོན་གྲུབ་དྲི་མཆོག་བདུད་རྩི་ལྔ༔ གཉིས་མེད་མཉམ་རོལ་དངོས་གྲུབ་འགུགས༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་ཡུམ་ལྔའི་རང་བཞིན་ཤ་ལྔ་གཏད་ཅིང་ལོངས་སྤྱད་པས་གཞིར་གནས་རང་བྱུང་གི་ཡེ་ཤེས་ལྔ་སྒྲིབ་བྲལ་དུ་གསལ་བར་མོས། ཤ་ལྔ་གཏད་ལ། ཧཱུྃ༔ འབྱུང་བ་ལྔ་ཡི་དྭངས་མ་སྟེ༔ མི་རྟ་ཁྱི་དང་བ་གླང་ཤ༔ ཕྱི་ནང་གསང་བའི་མདངས་གསལ་ཕྱིར༔ ཡུམ་ལྔ་དགའ་བ་ཆེན་པོས་རོལ༔ མ་ཧཱ་མཱཾ་ས་པཉྩ་ཁ་རཾ་ཁཱ་ཧི་ཨ་བྷི་ཥིཉྩ་ཧཱུྃ༔ ཉེ་བསྙེན་གསང་བའི་དབང་ཐོབ་ནས༔ དམ་རྫས་ཕུང་པོའི་འཛིན་རྟོག་སྦྱོང༔ སྐྱེ་མཆེད་ངང་གིས་སྔགས་སུ་སྣང༔ འབྲས་བུ་ལོངས་སྐུ་ཐོབ་པར་བྱེད༔ ཅེས་རྟོགས་པ་བསྐྱེད། གསུམ་པ་མཚན་ལྡན་བྷ་གའི་དཀྱིལ་འཁོར་དུ་བརྟུལ་ཞུགས་སྤྱོད་པར་ནུས་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་མོས་པ་འདི་བཞིན་དུ་མཛོད། མཚན་ལྡན་ཀྱི་བྷ་ག་ཆོས་ཐམས་ཅད་འབྱུང་བའི་དབྱིངས་སྐྱེ་བ་མེད་པར། རང་རྩལ་འགག་མེད་དུ་ཤར་བའི་སློབ་མ་རང་བྱུང་རིག་པའི་རྡོ་རྗེ་བདེ་ཆེན་འཕོ་འགྱུར་མེད་པའི་ཀློང་དུ་སྙོམས་པར་ཞུགས་པས། སྣང་གསུམ་གྱི་རྟོག་ཚོགས་སྟོང་ཆེན་འོད་གསལ་དུ་ཐིམ་སྟེ་རང་གདངས་ཐིག་ལེ་སྟོང་པའི་སྒྲོན་མ་རིགས་ལྔའི་ལྷའི་སྐུར་ཤར་བའི་མོས་པ་མཛོད། རིག་ཙཀ་གཏད་ལ། ཧཱུྃ༔ ཆོས་འབྱུང་བྷ་ག་པདྨའི་དབྱིངས༔ རིག་པ་རྡོ་རྗེ་སྙོམས་ཞུགས་པས༔ དབྱིངས་རིག་དབྱེར་མེད་ཐིག་ལེ་ཉིད༔ ལྷ་ཡི་སྐུར་ཤར་ཚད་ལ་ཕེབས༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དུར་ཁྲོད་རོལ་པའི་ཆས་བརྒྱད་བྱིན་པས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་སུ་གནས་གྱུར་ཆེ་མཆོག་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པར་མོས། དུར་ཁྲོད་ཆས་གཏད་ལ། ཧཱུྃ༔ ཡེ་ཤེས་རྣམ་པར་བརྟན་པའི་ཕྱིར༔ རྣམ་ཤེས་ཚོགས་བརྒྱད་བསྒྲལ་བ་ཡི༔ ཡེ་ཤེས་དུར་ཁྲོད་རོལ་པའི་རྒྱན༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ ཤ་མ་ཤཱ་ན་ཀཱ་མ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་ཆས་བཅུས་མངའ་གསོལ་བས་ཕར་ཕྱིན་བཅུ་དང་དབང་བཅུའི་ཡོན་ཏན་བརྙེས། སྟོབས་བཅུའི་རྩལ་ཆེན་རྫོགས་པར་མོས་ཤིག །དཔལ་ཆས་བྱིན་ལ། ཧཱུྃ༔ ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས༔ བྱང་ཆུབ་སེམས་དཔའ་དབང་བཅུ་ལྡན༔ སངས་རྒྱས་སྟོབས་བཅུ་རྫོགས་པའི་ཕྱིར༔ ཕར་ཕྱིན་དཔལ་གྱི་ཆས་བཅུས་བརྒྱན༔ ཤྲཱི་ཀཱ་མ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་སྒྲུབ་པའི་ཤེར་དབང་ཐོབ༔ སྣང་གསུམ་འཕོ་བའི་བག་ཆགས་སྦྱངས༔ ཐབས་ཤེས་དབྱིངས་རིག་ཟུང་འཇུག་རྟོགས༔ ཆོས་སྐུ་རྣམ་པར་བྱེད་པ་འོ༔ ཞེས་རྟོགས་པ་བསྐྱེད། བཞི་པ་རང་རིག་དབྱིངས་ཀྱི་དཀྱིལ་འཁོར་དུ་ཐམས་ཅད་མཉམ་ཉིད་དུ་ཤེས་པ་ལ་རིག་པ་རྩལ་གྱི་དབང་བསྐུར་བ་ལ། ཐོག་མར་འཁྲུལ་གྲོལ་གྱི་སྣང་ཚུལ་ངོ་སྤྲད་པ་ནི། ཤེལ་རྡོ་ཐོགས་ལ། ཤེལ་རང་ངོ་ལ་དྲི་མ་མེད་ཅིང་གཏིང་གསལ་དུ་ཡོད་པ་བཞིན་དུ་གཞི་ཀ་དག་གི་ངོ་བོ་སྟོང་ཉིད་གཏིང་གསལ་དུ་བཞུགས་པ་ལ། མདངས་འཇའ་ཚོན་རང་བྱུང་དུ་སྟོན་པ་བཞིན་དུ་གཞི་སྣང་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་རང་རྒྱུད་དུ་ཡོད་པ་དང་། ཉི་ཟེར་གྱི་རྐྱེན་དང་འཕྲད་ན་འོད་སྣང་སྣ་ཚོགས་སུ་ཤར་ཡང་ཤེལ་གྱི་ངོ་བོ་ལ་གཡོ་བ་མེད་པ་བཞིན་དུ་རིག་པའི་རང་རྩལ་འཁོར་འདས་སྣ་ཚོགས་སུ་སྣང་ཡང་སྣང་དུས་ཉིད་ནས་རིག་པའི་ངོ་བོ་མ་གཡོས་པར་ཤེས་པར་གྱིས་ཤིག །ཧཱུྃ༔ ཀུན་ཁྱབ་རང་སྣང་ཡེ་ཤེས་ནི༔ རང་བྱུང་ཤེལ་ལྟར་ཀ་ནས་དག༔ ལྷུན་གྲུབ་ཡེ་ཤེས་འཇའ་ལྟར་གསལ༔ རིག་པ་སྣ་ཚོགས་འོད་ལྟར་སྣང༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ མེ་ལོང་བསྟན་ལ། དེ་ནས་གཞི་ཀ་དག་གི་ལྟ་བའི་གནས་ལུགས་ངོ་སྤྲད་པ་ནི། མེ་ལོང་དྲི་མ་མེད་པའི་རྒྱུ་དང་སྣང་བའི་རྐྱེན་ལ་བརྟེན་ནས་གཟུགས་བརྙན་སྣ་ཚོགས་སུ་ཤར་བའི་མེ་ལོང་གི་རང་ངོ་ལ་འཆར་ནུབ་མེད་པ་ལྟར་རིག་པ་སྟོང་གསལ་སྐྱེ་མེད་ཀྱི་ངང་དུ་རྩལ་མདངས་འགག་མེད་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་ཡང་འགྱུ་སྟོང་རྩ་བྲལ་ཡེ་གྲོལ་ཆོས་སྐུའི་རང་བཞིན་ལ་གཉེན་པོས་བསྐྱར་མི་དགོས་པའི་གདིང་འཆོས་པར་མཛོད་ཅིག །སེམས་ཉིད་མེ་ལོང་དྲི་མ་མེད༔ སྟོང་གསལ་ཆོས་སྐུ་རང་ངོ་འཕྲོད༔ ཤར་བ་རྩལ་དུ་ཐག་ཆོད་ནས༔ ཡེ་གྲོལ་བསྐྱར་མི་དགོས་པའི་གདིང༔ ཁྲེགས་ཆོད་ལྟ་བ་ཡང་དག་གོ༔ དྷརྨཱ་དྷཱ་ཏུ་ཨ་ཨ་ཨ༔ ལམ་ཐོད་རྒལ་སྒོམ་པའི་ཉམས་སྣང་ངོ་སྤྲད་པ་ནི། བརྡ་བཞིས་རིམ་པར་མཚོན་ཏེ་བཞུགས་སྟངས་གསུམ་ལ་གཞི་བཅའ། གཟིགས་སྟངས་གསུམ་གྱིས་གནད་བཅུན་པས་ནང་དབྱིངས་ཀྱི་གདངས་ཐོག་མར་དབྱིངས་རྣམ་དག་གི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མོག་ལ་རྡེའུ་བོར་བའི་རི་མོ་ལྟ་བུ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུ་འགུལ་འཕྲིག་ཅན་དུ་འཆར་བ་ཆོས་ཉིད་མངོན་སུམ། འོད་སྣང་དེ་དག་རྩིབས་ཤར་གྱེན་སྒྲེང་གྲུ་ཆད་སོགས་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་ཐིག་ལེ་ལྔ་ཚོམ་ཇེ་ཆེར་འཕེལ་ཞིང་ལུ་གུ་རྒྱུད་བརྟན་པ་ཉམས་སྣང་གོང་འཕེལ། དབྱིངས་རིག་འབྲེལ་ཞིང་ཐིག་ལེ་སྐུར་སྨིན་པ་རིག་པ་ཚད་ཕེབས། ཡེ་ཤེས་ཀྱི་འཕེལ་བ་རྫོགས་ནས་ཆོས་ཉིད་དབྱིངས་ཀྱི་ཀློང་དུ་ཆོས་ཅན་སྣང་བ་ཟད་པ་ཆོས་ཉིད་ཟད་པ་སྟེ་སྣང་བ་བཞི་ཉམས་སུ་བླང་བའི་ཚུལ་ཤེས་པར་མཛོད་ལ། འོད་གསལ་སྣང་བཞིའི་ཉམས་མཐར་ཕྱིན་ནས་གཞོན་ནུ་བུམ་པ་སྐུར་མངོན་པར་བྱང་ཆུབ་པའི་སྐལ་པ་དང་ལྡན་པར་མོས་ཤིག །རྨ་བྱའི་མདོངས་བསྟན་ལ། ཧཱུྃ༔ ཆོས་ཉིད་དག་པའི་སྣང་བ་ནི༔ ནང་དབྱིངས་ཕྱི་རུ་ཤར་བ་ཉིད༔ དབྱིངས་ལ་ཐིག་ལེ་རིག་པས་བརྒྱན༔ རང་བྱུང་རྨ་བྱའི་མདངས་ལྟར་གསལ༔ མ་ཧཱ་དྷརྨཱ་དྷཱ་ཏུ་ཨ་ཨ་ཨ༔ འཇའ་འོད་རི་མོ་བསྟན་ལ། ཧཱུྃ༔ ཉམས་སྣང་གོང་དུ་འཕེལ་བ་ནི༔ མེ་ཏོག་ཕྲེང་བ་རྩིབས་ཤར་དང༔ འོད་ཁྱིམ་ཕྱག་མཚན་ཡིག་འབྲུ་དང༔ ས་གཞི་གྲུ་ཆད་ཕོ་བྲང་གསལ༔ མ་ཧཱ་དྷརྨཱ་དྷཱ་ཏུ་ཨ་ཨ་ཨ༔ ཐིག་ལེ་དགུ་འབྲེལ་བསྟན་ལ། ཧཱུྃ༔ རིག་པ་ཚད་ལ་ཕེབས་པ་ནི༔ རང་བྱུང་ཡེ་ཤེས་ཐིག་ལེ་དགུ༔ རང་ཤར་དཔལ་ཆེན་དགུ་ཡི་སྐུ༔ མྱུར་དུ་ཤར་བའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བཟང་བསྟན་ལ། ཧཱུྃ༔ ཡེ་ཤེས་འཕེལ་རྫོགས་གཟུང་འཛིན་ཟད༔ ཐིམ་ལ་མ་རྨུགས་ཆོས་ཀྱི་སྐུ༔ ལོངས་སྤྱོད་སྤྲུལ་སྐུས་འགྲོ་དོན་མཛད༔ གཞོན་ནུ་བུམ་སྐུ་མྱུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སྒྲུབ་པ་ཆེན་པོ་རྩལ་དབང་ཐོབ། སྐུ་གསུམ་སོ་སོར་འཛིན་པ་དག༔ དབྱེར་མེད་ལྷུན་གྲུབ་ཉག་གཅིག་རྟོགས༔ ཀུན་བཟང་ངོ་བོ་ཉིད་སྐུ་འགྲུབ༔ ཅེས་རྟོགས་པ་བསྐྱེད་དོ། །ལྔ་པ་མཐའ་རྒྱས་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། ཚེ་འབྲང་འཆི་མེད་མགོན་པོ་འོད་མི་འགྱུར་བའི་གསང་བ་གསུམ་གྱི་བྱིན་གྱིས་བརླབས་པས་ནང་གསལ་གཞོན་ནུ་བུམ་པ་སྐུ་ལས་གཞན་དོན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་ཏེ་ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པའི་དབང་ཐོབ་པར་མོས་མཛོད། ཚེ་འབྲང་མགོར་བཞག་ལ། བྷྲཱུྃ༔ རིག་པ་ཚད་ལ་ཕེབས་པའི་ཚེ༔ ཚེ་ལ་དབང་བའི་རིག་འཛིན་གྱིས༔ རྒྱལ་བའི་བསྟན་པ་འཛིན་པའི་ཕྱིར༔ བཀྲ་ཤིས་ཚེ་ཡི་དབང་བསྐུར་བས༔ འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ནས༔ འགྲོ་དོན་མཐའ་ཡས་བྱེད་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ༔ སྔགས་དེ་བརྗོད་ལ་ཚེ་ཆང་དང་ཚེ་རིལ་སྦྱིན། ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། གསུམ་པ་རྗེས་ནི། དེ་དག་གིས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་དཀྱིལ་འཁོར་དུ་དོན་དབང་འབྲིང་པོ་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས་ནས་བསྔོ་བའི་བར་དབང་རྗེས་དང་། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ཤིས་བརྗོད་ཀྱི་བར་ལས་བྱང་གི་རྗེས་ཆོག་ཀྱང་ཕྲིན་ལས་རང་གཞུང་དང་བསྟུན་ལ་གསང་བ་སྤྱི་འགྲོས་སུ་བྱའོ། །སྤྲོས་བཅས་སྨིན་བྱེད་རོལ་མཚོ་ལས། །སྙིང་པོ་བདུད་རྩིའི་ཟ་མ་ཏོག །འདི་མཚུངས་འཇིག་རྟེན་གསུམ་པོ་ན། །བཙལ་ཡང་རྙེད་དཀའ་ཤེས་པར་མཛོད། །དེ་ཕྱིར་ཉི་ཟླའི་བགྲོད་པ་དང་། །མཚུངས་གསལ་གླིང་བཞི་སྣང་བའི་རྒྱན། །འཆར་ནུབ་མི་མངའ་རྟག་པས་ན། །འགྲན་བྲལ་དེས་ཀྱང་མི་བསྒྲུན་ཤོག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་བཀའི་རྗེས་གནང་དམིགས་སུ་བསྩལ་ཅིང་། མཚུངས་བྲལ་གཏེར་སྲས་ཡུམ་བཅས་ནས་བསྐྱར་ནན་མཛད་པ་དང་། དམ་ཆོས་ཁྱད་པར་ཅན་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བཛྲ་ཙིཏྟ་ཀོ་ཊིའི་དབེན་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མ་ཎིའི་ལས་ཚོགས་ (Volume 21, Text 34)
༄༅། །སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མ་ཎིའི་ལས་ཚོགས་བཞུགས་སོ། ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཐུན་མོང་གི་ལས་ཚོགས་བསྒྲུབ་པར་འདོད་པས། སྔོན་དུ་ཐུགས་རྗེ་ཆེན་པོ་ལ་སྒོམ་སྒྲུབ་བྱས་ལ། བསྙེན་པ་བྱེ་བ་བསྐྱལ་ནས། དེ་ནས་གང་འདོད་ལས་ལ་སྦྱར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པ་བྱའོ། །ཞི་བའི་ལས་ལ། དུང་ངམ་ཙནྡན་དཀར་པོ་ལ་དངུལ་གྱིས་ཡི་གེ་འབྲུ་དྲུག་བྲིས་ལ། བྱང་ཆུབ་ལྗོན་ཤིང་ངམ། སྨྱག་ཤད་ལ་རྟེན་བཅའ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་པས་ནད་དང་གདོན་དང་མི་འདོད་པའི་སྦྱོར་བ་ཐམས་ཅད་ཞི་བར་འགྱུར་རོ། །རྒྱས་པའི་ལས་ལ། ར་གན་ནམ། སྐྱེར་པའི་ཤིང་ལ་གསེར་གྱིས་ཡི་གེ་འབྲུ་དྲུག་བྲིས་ལ། ཤིང་ཀ་ར་ཝཱི་ར་ལ་རྟེན་བཅས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ན། ཚེ་དང་བསོད་ནམས་དང་དཔལ་དང་རིགས་རྒྱུད་དང་གཟི་བརྗིད་དང་ཟས་ནོར་ལོངས་སྤྱོད་རྒྱས་པར་འགྱུར་རོ། དབང་གི་ལས་ལ། ཟངས་སམ། སེང་ལྡེང་ངམ། མཛོ་མོང་དམར་པོ་ལ། སིནྡྷུ་རའམ། མཚལ་ལམ། རྒྱ་སྐྱེགས་ཀྱིས་ཡི་གེ་འབྲུ་དྲུག་བྲིས་ལ། སྨྱག་ཤད་དམ། མཇོ་མོང་ལ་རྟེན་བཅས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ན། ལོག་པར་ལྟ་བའམ། མི་མོས་པ་དང་། མི་དང་མི་མ་ཡིན་པ་རྣམས་དབང་དུ་འདུས་པར་འགྱུར་རོ། །དྲག་པོའི་ལས་ལ། ལྕགས་སམ། ཆུ་ཤིང་ནག་པོ་ལ་ཡི་གེ་དྲུག་པ་གྲི་ཁྲག་གིས་བྲིས་ཏེ། ཤིང་སེ་བ་ལ་རྟེན་བཅས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། མཱ་ར་ཡ་ཕཊ། ཅེས་བཟླས་ན། བར་ཆད་ཐམས་ཅད་ལས་སྒྲོལ་བར་འགྱུར་རོ། །ལས་ཐམས་ཅད་བསྒྲུབ་པ་ལ། གསེར་རམ་ཟངས་ཀྱི་ཤོག་བུ་ལ་དངུལ་གྱིས་ཡི་གེ་འབྲུ་དྲུག་བྲིས་ལ། སྦ་ལྕག་ཚིགས་གསུམ་པ་ལ་རྟེན་བཅས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་སིདྡྷི་སྭཱ་ཧཱ། ཞེས་བཟླས་ན་སྡིག་སྒྲིབ་བྱང་ཞིང་བསམ་པ་འགྲུབ་པར་འགྱུར། འབྱོར་པ་ཕུན་སུམ་ཚོགས་པར་འགྱུར། སྦ་ལྕག་ལག་ཏུ་ཁྱེར་བས་ཕྱོགས་ངན་པ་དང་། དགྲ་འོང་བ་དང་། ཆགས་ཆེ་བ་དང་། འདྲེ་དང་། ནད་གདོན་དང་། གཟའ་སྐར་ངན་པ་ལ་སོགས་པ་ཐུབ་པར་འགྱུར་རོ། །ཤྭ་དང་། འོད་པ་དང་། ཆུ་ཆེན་པོ་དང་། ཆར་པ་དང་། སེར་བ་དང་། རླུང་དང་། འབྱུང་བའི་གནོད་པ་ཐམས་ཅད་ཀྱང་། ཀླད་ལ་བསྐོར་བའམ། བརྡབས་པའམ། བཙུགས་པ་ཙམ་གྱིས་བཟློག་པར་འགྱུར་རོ། །འགྲོ་བ་ཐམས་ཅད་བསྲུང་བར་འདོད་ན། སྲུང་སྐུད་ལ་མདུད་པ་བྱས་ལ། རྡོ་རྗེའི་ཕྲེང་བ་དང་པད་མའི་ཕྲེང་བ་སྦྲེལ་བར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། མ་ནུ་སརྦ་རཀྵ་རཀྵ། ཞེས་བཟླས་ནས་ལུས་ལ་བཅངས་ན་ནད་དང་གདོན་དང་བར་ཆད་ཐམས་ཅད་བསྲུང་བར་འགྱུར་རོ། །ཟློག་པ་བྱེད་ན། བྱེ་མ་དང་། ཡུངས་དཀར་དང་། ཡུངས་ནག་དང་། རྡོ་ཕྱེ་དང་། ལྕགས་ཕྱེ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་ཨ་པ་ན་ཡ་ཟློག །ཅེས་བཟླས་ནས། རྦོད་གཏོང་དང་། རྦད་འདྲེ་གང་ནས་གནོད་པའི་ཕྱོགས་སུ་གཏོར་ན་བཟློག་པར་འགྱུར་རོ། །སེར་བ་བཟློག་ན། ཐལ་བ་ལ་སྔགས་ལ་གནམ་དུ་གཏོར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཆར་ནི་ཆུར་ནི་སྭཱ་ཧཱ། སེར་བ་འཆད་པར་འགྱུར་རོ། །སྲིའུ་གསོ་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། མར་ལ་སྔགས་ལ་སྦྱིན་ནོ། །ལྟོ་འཇུ་ཞིང་སྐྱེད་ཆེ། འདྲེས་མི་ཚུགས་པར་འགྱུར་རོ། །ནད་པ་གསོ་ན་ཆུ་ལ་སྔགས་བཏབ་ལ་སྦྱིན། ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་མྲྀ་ཏ་ཤཱནྟིཾ་ཀུ་རུ་ནད་ཞི་བར་གྱུར་ཅིག །བྱས་ལ་ཆུ་བདུད་རྩིར་བྱིན་གྱིས་བརླབས་ལ་ཁར་བཏུང་ངོ་། །བྱིན་རླབས་བྱེད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། གུ་རུ་སརྦ་ན་མོ། ཞེས་བཟླས་ཤིང་དབྱུག་པས་བརྡེག་གོ །ནད་དང་གདོན་གང་ཡིན་ཡང་སོང་བར་བསམ་མོ། །ནད་གདོན་གང་ཡིན་ཞི་བར་འགྱུར་རོ། །རང་སྔགས་ཀྱིས་བསྲུང་ན། ཙནྡན་དཀར་པོའི་ཕུར་པ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། སརྦ་པཱ་པཾ་བདག་ལ་སྲུངས་ཤིག །ཅེས་བྲིས་ལ། རང་གཞན་སྔས་སུ་བཏབ་ལ་བཞག །གདོན་དང་། བར་ཆོད་སེལ་བར་འགྱུར་རོ། །ཟས་དང་སྐོམ་གྱི་འདུ་བ་ཆད་ན། གཏོར་མའི་ནང་དུ་ཟས་སྐོམ་སྣ་ཚོགས་བླུགས་ལ། བདུད་རྩིར་བྱིན་གྱིས་བརླབས་ཏེ། འདོད་ཡོན་ལྷ་མོ་དྲུག་གིས་ཐུགས་རྗེ་ཆེན་པོ་མཆོད་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ནཱ་ནཱ་ཁ་དྷེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་ལ་ཅི་འདོད་པའི་གསོལ་བ་བཏབ་བོ། །ཟས་འདུ་བར་འགྱུར་རོ། །ནོར་འདུ་བར་འདོད་ན། གཏོར་མའི་ནང་དུ་རིན་པོ་ཆེ་དང་། འབྲུ་སྣ་དང་། དར་སྣ་དང་། དཀོར་རྫས་སྣ་ཚོགས་ལ་སོགས་པ་བླུགས་པ། ཨོཾ་མ་ཎི་པདྨེ་ཧཱུྃ། བ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ལ་ཅི་འདོད་པའི་གསོལ་བ་བཏབ། གཏོར་མ་འདོད་ཡོན་དུ་བྱིན་གྱིས་བརླབས་ལ་བཏང་ངོ་། །ནོར་དང་ཟས་འདུ་བར་འགྱུར་རོ། འགྲོ་བ་མི་ཕོ་མོ་དབང་དུ་འདུ་བར་འདོད་ན། ཤེལ་དང་། བྱི་རུ་དར་ཟབ་ཏུ་དྲིལ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཎི་ཨ་ཀརྵ་ཡ་ཛཿཧྲཱིཿ ཞེས་པ་སྐྱེས་པའི་ས་བོན་དང་། བུད་མེད་ཀྱི་སིཧླ་བསྲེས་ལ། དར་དམར་པོ་ལ་སྔགས་བྲིས་ཏེ་དེའི་ནང་དུ་ཤེལ་དང་བྱེ་རུ་དྲིལ་ལ་རང་གི་ལུས་ལ་བཅང་ངོ་། །སྙིང་པོ་གོང་མ་བཟླ། མི་འདུ་བར་འགྱུར་རོ། །ཆོས་འདུ་བར་འདོད་ན། རང་ཆོས་གང་སྲོལ་བའི་ཐུགས་རྗེ་ཆེན་པོའི་ཆོས་ཀྱི་ཟླ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ་ཧྲཱིཿ དྷརྨ་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ། སྔགས་རིན་པོ་ཆེ་གསེར་གྱིས་བྲིས་ལ་གཞུག །སྙིང་པོ་དེ་བཟླས་ལ། སྣང་གྲགས་ཐམས་ཅད་ཆོས་ཀྱི་སྒྲར་བསམ་མོ། །ཆོས་དང་མངོན་ཤེས་དང་། རྟེན་འབྲེལ་འཆར་བར་འགྱུར་རོ། །རྟེན་འབྲེལ་འཆར་བར་འདོད་ན་སྔོན་ལ་རྟེན་འབྲེལ་གྱི་བདག་པོ་བཏང་སྟེ། རྣལ་འབྱོར་པ་བླ་མས་ཐུགས་ལ་འདོགས་པར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། གུ་རུ་བྷི་ར་ཧིཿཧཱུྃ། བླ་མའི་སྐུ་འབག་གི་དྲུང་དུ་གསེར་གྱི་སྒྲོམ་བུ་ལ། སྔགས་བརྒྱ་རྩ་བརྒྱད་བཟླས་ལ་མཎྜལ་སྟེང་དུ་དབུལ་ལོ། །བླ་མའི་བྱིན་རླབས་འཇུག་ཅིང་རྟེན་འབྲེལ་སྣ་ཚོགས་འཆར་བར་འགྱུར་རོ། །ཤེས་རབ་ཆེ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཏདྱ་ཐཱ། ཀ་པ་ཙ་ན་ལ་ལ་ཏེ་སྭཱ་ཧཱ། ཆུ་ལ་ལན་བདུན་བཟླས་ནས་ཁོང་དུ་འཐུངས་ན། སྐྱེ་བོ་ཐམས་ཅད་དགའ་སྟེ། ཤེས་རབ་མེ་ལྟར་འབར་བར་འགྱུར་རོ། །བློ་རྣོ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ན་མོ་བི་ན་པྲ་ཛྙཱེ་སྭཱ་ཧཱ། ཟླ་བ་གཟས་ཟིན་པའི་དུས་སུ། སྣོད་རིན་པོ་ཆེར་སྲོག་ཆགས་མེད་པའི་ཆུ་བླུགས་ནས། བརྒྱ་རྩ་བརྒྱད་བཟླས་ཏེ་འཐུངས་ན། བློ་རྣོ་བ་ལ་ཐོགས་ཆགས་མེད་པར་འགྱུར་རོ། །མངོན་པར་ཤེས་པ་འཆར་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཏདྱ་ཐཱ། བེ་ལ་ཙག་ཤུ་སྭཱ་ཧཱ། བཅོ་ལྔའི་ཟླ་བ་ཤར་ནས་ནམ་མ་ལང་བར་བཟླས་ན། ཕ་རོལ་གྱི་སེམས་ཤེས་པར་འགྱུར་རོ། །རྨི་ལམ་གསལ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཙད་ཏྲ་དེ་བ་སུདྡྷི་ཕུར་མི་ཡ། ཟླ་བ་ཉ་གསུམ་ལ་སྣོད་ཆུས་བཀང་ནས་དེ་ལ་བཟླས་ཏེ། ཅི་ཡང་མི་སྨྲ་བར་ཉལ་ན། ཇི་ལྟར་སེམས་ལ་སྨོས་པ་ལྟར་མཐོང་ངོ་། །བུད་མེད་ཐམས་ཅད་ཀྱི་ཡིད་འཕྲོག་པར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཛོང་ཛོང་མི་ར་ཏ་སྭཱ་ཧཱ། ཤེས་རབ་མའི་མཚལ་དང་། སིནྡྷུ་ར་ལ་སྟོང་བཟླས་ནས་སྨིན་མཚམས་སུ་ཐིག་ལེ་བྱས་ན། བུད་མེད་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་སྙིང་བརྩེ་བར་འགྱུར་རོ། །མི་ཐམས་ཅད་བྱམས་པར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ན་མོ་ཤ་ས་ར་ན་སྭཱ་ཧཱ། སོ་རྩི་ལ་བཟླས་ཏེ་ཁ་རུ་བཅུག་ན། གང་ལ་བལྟས་པ་དེ་དགའ་བར་འགྱུར་རོ། །ཐང་ཤིང་དང་ཀ་ར་དང་། སྦྲང་རྩི་བསྲེས་ནས་བྱུག་ན་མི་ཐམས་ཅད་དགའ་བར་འགྱུར་རོ། །ཟས་འདུ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ན་མོ་བྷ་ག་ཝ་ཏི་ཨུཥྞཱི་ཥ་ནཱ་མོ་དྷ་རེ་དྷ་ར་དྷ་ར་ན་ཏེ་སྭཱ་ཧཱ། ཆུ་ཁྱོར་བ་གང་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་འཐུངས་ན་མི་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །མ་བསླང་པར་ཟས་སྟེར་བར་འགྱུར་རོ། །མི་ཐམས་ཅད་ཉན་པར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ན་མ་ཏྲ་ནི་ར་ལ་སྭཱ་ཧཱ། ཆུ་དང་རྒུན་འབྲུམ་ལ་བཟླས་ལ། སྐར་མ་རྒྱལ་ལ་ཟོས་ན། རྒྱལ་པོ་དང་། རྗེ་དཔོན་དང་། དབང་པོ་ཆེ་ཐམས་ཅད་ཉན་པར་འགྱུར་རོ། །དགྲ་དབང་དུ་འདུ་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། མ་ར་ཧྲི་ལཾ་ལཾ་སྭཱ་ཧཱ། ཆུ་ཕར་ཀ་ཚུར་ཀའི་རྡེའུ་དཀར་པོ་གཉིས་ལ། ཉི་མ་གཟས་ཟིན་པའི་དུས་སུ་ལན་བརྒྱ་རྩ་བརྒྱད་བཟླས་ནས་མགུལ་དུ་བཏགས་ན། དགྲ་བྲན་དུ་འཁོལ་ལོ། །ཕ་རོལ་དང་རྒྱན་ལས་རྒྱལ་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། རང་ན་ཧ་བི་ན་སྭཱ་ཧཱ། ཀར་ཤ་པ་ཎ་ལ་བརྒྱ་རྩ་བརྒྱད་བཟླས་ལ། མཆན་འོག་གཡོན་དུ་བཏགས་ན་རྒྱན་ལས་རྒྱལ་ལོ། །ཞལ་ལྕེ་རྒྱལ་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། པུཥྚིཾ་ཀུ་རུ་སྭཱ་ཧཱ། ས་ལ་བརྒྱ་རྩ་བརྒྱད་བཟླས་ནས། ཞལ་ལྕེའི་གྲར་གཏོར་ན་རང་རྒྱལ་བར་འགྱུར་རོ། །ཚངས་པའི་དབྱངས་དང་ལྡན་པར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ན་མ་ཧི་རི་མི་རི་སྭཱ་ཧཱ། སྦྲང་རྩི་དང་། ཙནྡན་དཀར་པོ་དང་། ཨ་རུ་རའི་རིལ་བུ་ལ་བརྒྱ་རྩ་བརྒྱད་བཟླས་ནས་ཟོས་ན་དབྱངས་སྙན་པར་འགྱུར་རོ། །དོན་ཐམས་ཅད་འགྲུབ་པར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཏདྱ་ཐཱ། ནཀྵ་ཏེ་ས་ཏ་ཏི་ཐི་མ་ཧུ་དུར་ཏེ། ནཀྵ་ཏོ་ནེ། མི་ས་སྨི་ཏ་ནི་བྷ་ག་ཝཱན་དུ་སྭཱ་ཧཱ། གར་འགྲོ་ཡང་ལན་བདུན་བརྗོད་ནས་སོང་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཆུའི་གཏིང་དུ་མི་བྱིང་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཨོཾ་མ་ཡ་ཧི་ན་སྭཱ་ཧཱ། ཉའི་པགས་པ་ལ་བཟླས་ཏེ། མཆིལ་ལྷམ་གྱི་མཐིལ་ལ་བླན་ན། ཆུའི་སྟེང་ན་ཕ་རོལ་ས་ལ་འགྲོ་བ་ལྟར་འགྲོ་བར་འགྱུར་རོ། །ལུས་མི་སྣང་བར་ནམ་མཁའ་ལ་འགྲོ་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། བྲུཾ་མ་མ་ཧ་སྭཱ་ཧཱ། བྱ་ཐང་དཀར་གྱི་ཚིལ་བུ་ལ་སྟོང་ཕྲག་བཅུ་བཟླས་ཏེ། རྐང་པའི་མཐིལ་དང་། སྟེང་དུ་བྱུགས་ན་ནམ་མཁའ་ལ་བྱ་བཞིན་དུ་འགྲོའོ། །གྲུ་མི་བརྡིབ་པར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཏདྱ་ཐཱ། ཐེ་རེ་ཐེ་རེ་ན་རོ་ན་རོ། ཨེ་ཧོ་སྭཱ་ཧཱ། བྱེ་མ་ལ་ལན་བདུན་བཟླས་ནས་གཏོར་ན་གྲུ་མི་བརྡིབ་བོ། །ཆུས་མི་ཁྱེར་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ན་མོ་རཏྣ་ཏྲ་ཡཱ་ཡ། བི་ཏྲི་ཡེ་སྭཱ་ཧཱ། བྱང་བུ་ལ་བྲིས་ནས་སྐེ་ལ་བཏགས་ན་ཆུ་དྲག་པོས་མི་འཁྱེར་རོ། །མི་ཐམས་ཅད་ཀྱིས་གསང་ཚིག་སྨྲ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། དེ་བ་ལཾ་རཾ་སྭཱ་ཧཱ། བུད་མེད་ཁ་བརྒྱ་མའི་ལྕེ་ལ་བཟླས་ནས་བཅངས་ན། དགྲ་དང་གཉེན་ལ་སོགས་པའི་གསང་ཚིག་བདག་ལ་སྨྲ་བར་འགྱུར་རོ། །ལྷ་འདྲེ་ཐམས་ཅད་མཐོང་ནས་སྨྲར་འོང་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཙཀྵུ་ཙཀྵུ་མ་ཧཱ་ཧ་ར་ས་བཛྲ་ཙཀྵུ་པྲ་བེ་ཤ་ཕཊ། འུག་པ་དང་། སྦུ་བུ་དང་། བྱི་ལ་དང་། དེ་གསུམ་གྱི་མིག་ལ་བཟླས་ནས་ཆུ་གཙང་མ་ལ་བཏབ་ནས་མིག་ལ་བྱུགས་ན། ལྷ་འདྲེ་ཐམས་ཅད་མཐོང་ཞིང་སྨྲ་བར་འགྱུར་རོ། །ས་འོག་གི་ཆོས་དང་ནོར་གྱི་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ས་འོག་གི་གཏེར་མཐོང་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཡ་མ་དྲན་སྭཱ་ཧཱ། མོ་མ་མིག་མཐོང་ཅན་གྱི་མིག་དང་། ཝའི་མིག་ལ་བཟླས་ནས་རང་གི་མིག་ལ་བྱུགས་ན། ས་འོག་གི་གཏེར་དང་། ནོར་གྱི་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ནུབ་མོ་མཐོང་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཆན་ཀོང་ཆེན་བྷ་ཧ་ན་ཞུ་མིན་ཁུ་ཧ་ན་གྷ་མེ། ཞེས་བཟླས་ཤིང་། མཆིལ་མ་ནུབ་མོ་མིག་ལ་བྱུགས་ན་ཉིན་མོ་ལྟར་འགྱུར་རོ། །རྣལ་འབྱོར་པ་རྟག་ཏུ་བཀྲ་ཤིས་པར་བྱ་བ་དང་། མི་ལྟོག་པར་བྱ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཏདྱ་ཐཱ། ཚྭ་མེའུ་མི་ནི་དུ་ཁ་ཐཾ་སྭཱ་ཧཱ། ནུབ་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས། ཕྱོགས་གང་འགྲོ་ཡང་ལག་པ་ལ་བརྒྱ་རྩ་བརྒྱད་བཟླས་ན། གང་ཕྱིན་པར་ཟས་སྐོམ་རྙེད་པར་འགྱུར་རོ། །སྐྱེ་བོ་བདག་ལ་འདུ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཏདྱ་ཐཱ་ཀ་ལ་ཙ་ཀ་ཎ་ལ་ལ་ཏེ་སྭཱ་ཧཱ། ཞེས་བཟླས་པའི་ཙནྡན་གྱི་ཆུས་ཁྲུས་བྱས་ན། སུས་མཐོང་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །མགྲིན་པ་སྙན་པ་དང་ངག་གིས་འགྲོ་བ་འདུ་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ན་མོ་བྷ་ག་ཝ་ཏི། ཤྲུ་ཏི་སྨྲྀ་ཏི། བ་ལ་བ་ཏི། ས་མ་མ་སིདྡྷི་སྭཱ་ཧཱ། ཙནྡན་དཀར་པོའི་ཆུ་ལ་ཞག་བདུན་བཟླས་ནས་འཐུངས་ན། ངག་སྙན་པོས་འགྲོ་བ་དབང་དུ་འདུས་པར་འགྱུར་རོ། །ཟས་བཅུད་ལེན་དུ་འགྱུར་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཨ་མྲྀཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཅི་ཟ་ཅི་འཐུང་ལ་ལན་བདུན་བཏབ་ན། ཟས་གང་ཡང་བདུད་རྩིར་འགྱུར་རོ། །ལུས་ཀྱི་བཅུད་དུ་འགྱུར་རོ། །རྣལ་འབྱོར་པ་ལ་བར་ཆད་བསྲུང་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ང་ཛྱ་ཀྵེ་བྷ་ག་ཝ་ཏི་ན་དྷི་སྭཱ་ཧཱ། ཆུ་ཁྱོར་བ་གང་ལ་ལན་བདུན་བཏབ་ནས་སྲིན་ལག་གིས་དཀྲུགས་ནས་འཐུངས་ན། བར་གཅོད་ཀྱིས་མི་ཚུགས་སོ། །རྣལ་འབྱོར་པའི་དགོན་པར་དགྲ་འདྲེ་དང་ནད་ཀྱི་བར་ཆད་ཀྱིས་མི་ཚུགས་པར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཏདྱ་ཐཱ། ཨ་ལོ་ཀ་ལོ་ཨཱ་ལི་ཀཱ་ལི་མུན་ཙི་ཏི་སྭཱ་ཧཱ། ཁ་ཉི་མ་ལ་བལྟས་ཏེ། ཆུ་ལ་སྔགས་ལན་བདུན་ནམ། ཉི་ཤུ་རྩ་གཅིག་བཟླས་ནས་གཏོར་ན། བདག་གཞན་གནས་དང་བཅས་པ་བསྲུང་བར་འགྱུར་རོ། །རྣལ་འབྱོར་པའི་དགོན་པའི་ལམ་དུ་མི་རྒོད་བཅིང་བར་འདོད་ན། བྲ་བའི་བླུད་བུ་གཅིག་ཏུ་ངར་གླུད་ཅིག་བཅུག་ལ། ཁ་སྲད་བུ་སྔོན་དམར་གྱིས་བཅིངས་ལ། སྔགས་བཟླས་ཤིང་ལམ་དུ་མི་རྒོད་བྱུང་ཙམ་ན་བྲ་བའི་བླུད་བུ་བརྡབ་བོ། །ཨོཾ་མ་ཎི་པདྨེ་ཧཱུྃ། གྲཱི་མཱ་ར་ཡ་ནོན། དུ་ཙ་དུ་ཙ། བླུད་མ། བྲ་རྒྱུད་ཡ། ཁ་ཁ་དུཾ་ཡ། ཤོང་དུ་རེངས་ཡ། ཞེས་བཟླས་སོ། །སྒྱིད་པ་རེངས་པར་འགྱུར་རོ། །རྣལ་འབྱོར་པ་གཅན་གཟན་གྱིས་འཇིགས་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཏི་རི་ཧི་ཏི་སྭཱ་ཧཱ། ས་ལ་བཟླས་ནས་གཏོར་ན། གཅན་གཟན་སྟག་དོམ་དྲེད་ལ་སོགས་པ་བསྲུང་བར་འགྱུར་རོ། །དུག་སྦྲུལ་གྱིས་འཇིགས་ན། ཨོཾ་མ་ཎི་པད་མེ་ཧཱུྃ། བྷི་ས་ར་བྷི་ས་ར་ཕཊ་ཕཊ། གླ་རྩི་དང་མུ་ཟི་ལ་བཏབ་ལ། གོང་རྩར་བཏགས་ན་སྦྲུལ་འབྲོས་སོ། །ལམ་དུ་དགྲས་འཇིགས་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཨ་བེ། ཨ་བེ། བྷན་དྷ་ཛ་ལེ། ཙག་ནརྦེ། ག་ག་ན་དྷ། སརྦ་མུ། བན་དྷ་ལི་སྭཱ་ཧཱ། ཐང་ཤིང་གྲུ་བཞི་སོར་བཞི་ལ། སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ལ། རྣ་ལྟག་གཡས་པར་བཙུགས་ལ་འགྲོ །འཇིགས་པ་ལས་ཐར་བར་འགྱུར་རོ། །རི་དྭགས་ཁྱིས་འདེད་པ་བསྲུང་ན། ཨོཾ་མ་ཎི་པད་མེ་ཧཱུྃ། རྨི་གེ་རྨི་གེ་ཧཱུྃ། དུ་རུང་མ། ས་ལ་བཟླས་ལ་ཁྱི་ལ་གཏོར་རོ། །སྡེར་ཆགས་ཁ་འཆིང་ངོ་། །སྤྱང་ཀི་ཁ་འཆིང་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཡ་མེ་ཡ་མེ་སྭཱ་ཧཱ། ལུག་གདང་ལ་སྤྱང་ཀིས་འཇིགས་ན། ས་ལ་བཟླས་ལ་གཏོར་རོ། །ར་ལུག་བསྲུང་ན། ཞོ་ལ་བཟླས་ལ་རྒྱབ་ཏུ་གཏོར་རོ། །རྒྱབ་ཕོག་པ་དང་བྱེར་རོ། །བྱི་བས་ཁྱིམ་མམ་ཞིང་ལ་གནོད་པ་བྱེད་ན་ཁ་བཅིང་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། རུ་རུ་ཙུ་རུ་ཙུ་རུ་ཙུ་ཙུ་ཙུ་ཙུ་རུ་སྭཱ་ཧཱ། བྱི་ཁུང་ཁ་ཤར་དུ་བལྟས་པའི་བྲུན་དང་། ཡུངས་དཀར་ལ་ཧོམ་བུ་བྱ། ཞག་བདུན་བསྒྲུབ། ཡུངས་དཀར་ཧོམ་དུ་བསྲེགས་པའི་ཐལ་བ་དང་། བྱི་བྲུན་གནོད་སར་གཏོར་རོ། །བྱི་བ་ཁ་འཆིངས་པར་འགྱུར་རོ། །ཞིང་ལ་སྦྲང་མ་དང་འབུ་སྲིན་ཟ་བ་ཐམས་ཅད་ཁ་བཅིང་བ་ནི། ཨོཾ་མ་ཎི་པད་མེ་ཧཱུྃ། ཐེང་ཐེང་ནད་ལ་ཐེང་། ག་ཏེ་ཏ་ཏེ། ཏེ་ཙོ་ལ་ནི་སྭཱ་ཧཱ། ཁོང་ཁོང་ནད་ལ་ཁོང་། ཆུམ་ཆུམ་ནད་ལ་ཆུམ། གུཾ་གུཾ་ཤག་ཤག་སྭཱ་ཧཱ། བྱེ་མ་ལ་ལན་སྟོང་བཟླས་ནས་ཞིང་ལ་གཏོར་ན། སེམས་ཅན་ཐམས་ཅད་ཁ་འཆིང་བར་འགྱུར་རོ། །ཞིང་ལ་བཙའ་བྱུང་ན། ཨོཾ་མ་ཎི་པདྨེ་ཧཱུྃ། མེ་ཁུ་ཆུ་སོར། ཆུ་ཤེལ་ཀ་ལི་ནན། བུམ་བམ་རི་ནི་སོར། གཡའི་རྡོ་དང་བྱེ་མ་ལ་བཟླས་ལ། ནངས་རེ་བཞིན་ཞིང་ལ་གཏོར་རོ། །ཡང་ན་གླ་བའི་སྤུ་ལ་བཟླས་ལ་གཏོར་རོ། །བཙའ་སེལ་ལོ། །ཞིང་ལ་རི་བོང་གིས་ཟ་བ་བསྲུང་ན། ཨོཾ་མ་ཎི་པད་མེ་ཧཱུྃ། བོང་རི་ཤད། ཙཾ་ཙཾ་ཤད། རྒཾ་རྒཾ་ཤད། མ་ལ་སྡེའུ་ཤད། ཡུངས་དཀར་དང་། འགྲིག་པ་དང་། ཐལ་ཆེན་ལ་བཟླས་ལ་གཏོར་རོ། །སེར་བ་བསྲུང་བར་འདོད་ན། ཨོཾ་མ་ནི་པད་མེ་ཧཱུྃ། ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཡི་གེ་སད། བཾ་བཾ་སད། རཾ་རཾ་སད། ཕུར་ཕུར་སད། པྲ་མུན་ཏི་སད། ནམ་མཁའ་ལ་ཕུས་བཏབ། རྔའམ། དུང་ལ་ཐོད་ལེ་ཀོར་གྱིས་བྲིས་ལ་བརྡུངས་སམ་བུས་ན་སྒྲ་དེས་གཅོད་པར་བྱེད་དོ། ཁ་བ་དང་ཆར་པ་གཅོད་པར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཀ་ལུ་ཀ་མེ་ལུ་ལ་ཀུ་མ་ལུ་སྟེ་བམ། ཤོལ་བར་རམ། གྲུ་ཁར། བར་ཥ་ན། ཙ་ལུ་བི་སྭཱ་ཧཱ། ཕུས་གདབ། མཛུབ་རིས་བྱ། བཟློག་པར་འགྱུར་རོ། །སད་བསྲུང་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་སྭཱ་ཧཱ། ཞེས་དཀར་གསུམ་དང་མངར་གསུམ་ལ་བཟླས་ལ་ཀླུ་ཡོད་པའི་ཆུ་མིག་ཏུ་བླུགས་པས། སྤྲིན་འདུས་ནས་སད་བསྲུང་བར་འགྱུར་རོ། །ཆར་པ་འབེབ་པར་འདོད་ན། བག་ཕྱེ་ལ་དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་བཏབ་པའི་རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ནཱ་ག་ཀཱ་ལ། བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ། ཞེས་རིལ་བུ་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ། ཀླུ་ཡོད་པའི་ཆུ་མིག་ཏུ་བླུགས་ན་ཆར་འབབ་བོ། །སྐྱེས་པའི་ས་བོན་གདོན་འཆོར་བ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཧ་རི་བན་དྷ་ནི། ཤུ་ཏྲ་དྷ་ར་ནི། སོ་དུར་ཏེ་སྭཱ་ཧཱ། བུ་མོ་གཙང་མས་བཀལ་བའི་སྐུད་པ་དམར་པོ་ལ་མདུད་པ་བདུན་བོར་ཏེ། སྔགས་ཉི་ཤུ་རྩ་གཅིག་བཟླས་ལ་སྲོད་ཀྱི་དུས་སུ་སྐེད་པ་ལ་བཅིང་ངོ་། །བུད་མེད་ཟླ་མཚན་རྒྱུན་དུ་འཛག་པ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། བི་ན་བུ་རུ་བི་རི་སྭཱ་ཧཱ། ལུག་གི་ཀླད་པ་ལ་བཏབ་ལ་ལྟོ་སྟོང་ལ་བཏང་ན། རྐེད་ཁྲག་ཆད་དོ། །སྐྱེས་པའི་རླིག་པ་སྐྲངས་པ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། སུ་རུ་སུ་མེ། ཀུ་རུ་ལི་ཡ་ཕཊ་སྭཱ་ཧཱ། བུད་མེད་ཀྱི་ཆུ་ངན་ལ་བཏབ་ལ་བྱུག་གོ །བུད་མེད་ནུ་མ་སྐྲངས་པ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། སུཾ་རལ་མཛིད་ས་ར་ན་སྭཱ་ཧཱ། ཕག་ཚིལ་ལམ། ལོ་མར་ལ་བཏབ་ལ་བྱུག་གོ །བུད་མེད་ཁྱོ་གས་མི་ཚུགས་པ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། བྷེ་ར་བྷེ་ར་བྲུཾ་བྲུཾ་ན་མ་སྭཱ་ཧཱ། ལན་ཚྭ་ལ་བཏབ་ལ་ལྟོ་རུ་བཏང་བ་དང་། སྔགས་བྲིས་ནས་སྐེ་རུ་བཏགས་ན། ཁྱོ་ག་གཞན་དང་མི་ཉལ་བར་འགྱུར་རོ། །སྐྱེས་པ་ཐམས་ཅད་དབང་དུ་འདུ་བར་འདོད་ན། ཨོཾ་མ་ཎི་པདྨེ་ཧཱུྃ། མ་ནུ་སརྦ་ཙིཏྟ་ཨཱ་ཀར་ཤ་ཡ་ཧྲཱིཿཛ་ཡཿ ཞེས་ཤོག་བུ་ལ་མི་ཁྲག་གིས་བྲིས་ལ། ཤེལ་དང་། བྱེ་རུ་དང་། མུ་ཏིག་རྣམས་དར་དམར་པོས་དྲིལ་ལ། བ་མཁལ་གྱི་ནང་དུ་བཅུག་ལ་རང་གི་མཆན་ཁུང་དུ་བཅུག་ལ་བཟླས་པ་བྱའོ། །རང་དབང་མེད་པར་འདུའོ། །བུད་མེད་དབང་མེད་དུ་འདུ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཧ་བེ་ཟུང་ལ་ཁྲི། ལྕགས་ཀྱི་སྒོ་མོ་སྙིང་དུ་ཆུག །ར་བར་ནང་དུ་ཤ་ར་ར། ཨ་ཆུ་བྱེ་ཆུ་ཙིར་ཙིར། ཡེར་ཡེར་འདུ་འདུ། བདག་ལ་འདུས་འདུས་སྭཱ་ཧཱ། ཕོ་ཤུག་འབྲུ་དགུའི་ཚི་བ། ར་རྒྱ་མོའི་རིལ་མ་ས་ལ་མ་བྲུལ་པ་ཐང་ཤིང་གི་ཚིལ་བུ་སོགས་རྫས་དེ་རྣམས་ལ་སྔགས་མང་དུ་བཟླ། བུ་ཆུང་གི་ཆུས་སྦྲུས་ལ་སྐམ། དགོས་ཙ་ན་རིལ་བུ་འགྲུས་ལ་སྔགས་ཀྱིས་མཆིལ་མ་བཏབ་ལ། བུད་མེད་དེའི་མགོ་ལ་བསྐུའོ། །རང་གར་འགྲོར་འོང་ངོ་། །བུ་མ་ཐོན་པ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཀ་ཀ་མའི་ལམ་ཕྱེ། ཏྲི་ཏྲི་མའི་ལམ་ཕྱེ། ཤོ་ཏྲི་མའི་ལམ་ཕྱེ། རྒྱུ་འབྱུང་བ་ཆེན་པོ་ཆེ་བཞི་མའི་ལམ་ཕྱེ། ཆང་ངམ། མར་ཁུ་ལ་བཏབ་ལ་བཏང་ངོ་། །སྒོ་ལྕགས་དང་། ཡག་ཤིང་དང་། ཁྱིམ་ན་ཡོད་པ་དང་འདུག་པ་ཐམས་ཅད་ཁ་ཕྱེ་ལ་བཞག་གོ །ཐེ་ཚོམ་མེད་དོ། །རྔེའུ་ནད་འདོན་པར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། ཧྲཱིཿམ་ཧཱུྃ། གྷ་རུ་དྷརྨཱ། ན་མ་ཡེ་སྭཱ་ཧཱ། གླ་རྩི་དང་། མར་དཀར་ལ་སྦྱར་ལ་སྔགས་བཏབ་ལ་ཆང་ལ་རྟ་བྱས་ལ་བཏང་ངོ། །རྡོ་ཕྱི་ཆུ་དང་འགྲོགས་ནས་འོང་ངོ་། །ཆུ་བསྡམས་པ་འདོན་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། སིལ་སིལ། ཨ་ལི་སི་ལི་མི་སི་སིས་ཧཱུྃ་ཕཊ་སྭཱ་ཧཱ། རང་དང་ནད་པ་ཁྲུས་བྱས་ལ། དང་པོ་མཁལ་ཁུང་གཡས་སུ་གདབ། དེ་ནས་སྤུ་ན་གུར་གདབ། དེ་ནས་པུས་མོ་ན་མར་གདབ། མང་ན་ས་བོན་འཆོར་རོ། །ནད་ཚ་གྲང་ཐམས་ཅད་བྱང་བར་འགྱུར་རོ། །ཨོཾ་མ་ཎི་པད་མེ་ཧཱུྃ། བཛྲ་བི་ཤ་ཧཱུྃ་ཕཊ། ཆུ་སྣ་མང་པོ་སྣོད་གཅིག་ཏུ་བཞག་ནས། དེ་ལ་སྔགས་མང་དུ་བཏབ་ནས་བཏང་ན། ནད་ཐམས་ཅད་སོས་པར་འགྱུར་རོ། །ཚད་པའི་ནད་ཐམས་ཅད་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཨ་ཧ་ར་ཧ་ར་ནན། ས་ར་ས་ར་ནན། བ་ར་ཤི །གློ་ནད། རིམས་དང་། འཁྲུགས་དང་། དུག་དང་། ཚད་པའི་ནད་ཐམས་ཅད་ལ། ཆུ་གྲང་ལ་བཏབ་ལ་བཏང་ངོ་། །ཕོ་ལོག་གམ། སྲིན་ནམ། དམུ་རྫིང་ལ་སོགས་གྲང་བའི་ནད་ཐམས་ཅད་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཨ་སུ་ན་ཡེ། ཏྲི་སུ་ན་ཀར་བི་སར་བི་སར། ཙི་བྱི་ར་མ། ཁྱེ་མ་རམ་སྭཱ་ཧཱ། གང་ན་སར་ལག་མཐིལ་མེའི་འཁོར་ལོར་བསམ་ལ་མཉེའོ། །གསུས་པ་སྦོས་པ་དང་། མ་ཞུ་བ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཏདྱ་ཐཱ། ཧཱུྃ་དེ་ཤུདྡྷེ། ཧཱུྃ་ཤ་ནི་མཾ་སྭཱ་ཧཱ། ལག་མཐིལ་དུ་ཨ་དཀར་པོ་འོད་ཟེར་དང་བཅས་པ་ལ་ནད་འདུ་བར་བསམ་ལ། གང་ན་སར་མཉེའོ། །གློ་སྙིང་ན་བ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། སིས་སིས་ཧ་ཧ་བཾ་སྭཱ་ཧཱ། ཤིང་ལོ་ལ་བཟླས་ནས་བྲང་ལ་བླན་ན། ཙནྡན་ལྟར་བསིལ་བར་འགྱུར་རོ། །བྲང་ཚ་བ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཤྲཱི་ཏྲ་སར་སས་ཏྲཻ་སྭཱ་ཧཱ། ལན་ཚྭ་ལ་བསྔགས་ནས་བཏང་ན་སོས་སོ། །རླུང་ལུས་ལ་མི་སྐྱེ་བ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཏྲ་སར་ན་ཧཱུྃ་ཧཱུྃ་སྭཱ་ཧཱ། འབྲུ་མར་ལ་བཟླས་ལ་མགོ་ལ་བྱུག་གོ །མིག་གསལ་བར་འདོད་ན། ཨོཾ་མ་ཎི་པད་མེ་ཧཱུྃ། པད་མེ་པད་མེ་མ་ཁྲི་བ་ཀེ་ཕུ་སྭཱ་ཧཱ། སྲིན་ལག་ལ་ལན་བདུན་ནམ་གསུམ་བཟླས་ལ། ནངས་རེ་བཞིན་ཕྱིའོ། །སོ་ལ་སྲིན་ཟ་བ་ལ། ཨོཾ་མ་ཎི་པད་མེ་ཧཱུྃ། ཨོཾ་ཐར་ཐར་སོད། ཐུར་ཐུར་སོད། ཆར་ཆར། ཆིར་ཆིར། སྲིན་འབུ་མགོ་མང་མར་སོད་སྭཱ་ཧཱ། ལན་ཚྭ་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། སོ་བར་དུ་མནན་ནོ། །རྣ་བ་འོན་པ་གསོང་བར་བྱ་བ་ནི། ཨོཾ་མ་ཎི་པད་མེ་ཧཱུྃ། སཾ་སཾ་ཡེར་ཡེར་སྭཱ་ཧཱ། རླུང་བཟུང་ལ་རླུང་རྣ་བ་ན་བར་སོང་བར་བསམ་མོ། །རྗེས་ལ་སྔགས་ལན་བདུན་བཟླ། ལྟོ་སྟོང་ལ་བྱའོ། །ཨོཾ་མ་ཎི་པད་མེ་ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཇོ་མོ་མཁར་ཆེན་མའི་མཚོ་རྒྱལ་དང་། མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པ། དུས་ལྔ་བརྒྱ་ཕྱི་མ་ལ། བོད་ཐམས་ཅད་ཐུགས་རྗེ་ཆེན་པོས་འདུལ་བར་འོང་བས། དེའི་དུས་སུ་སྐལ་ལྡན་ལས་འཕྲོ་ཅན་གཅིག་དང་འཕྲོད་ལ། རང་རྒྱུད་སྨིན་ནས་གཞན་རྒྱུད་གྲོལ་བར་ཤོག །འགྲོ་བ་ཐམས་ཅད་བྱང་ཆུབ་ལམ་ལ་འདྲེན་པར་ཤོག །ཐུགས་རྗེ་ཆེན་པོའི་བསྟན་པ་རྒྱས་ཤིང་འཕེལ་བར་ཤོག །བཀྲ་ཤིས་དངོས་གྲུབ་མྱུར་དུ་འབྱུང་བར་ཤོག །གཏེར་རྒྱ། སྦས་རྒྱ། གཏད་རྒྱ། འདིས་འགྲོ་བ་མང་པོའི་དུག་ལྔའི་ནད་སེལ་བར་གྱུར་ཅིག །ྀཨཚ། ཤུ་བྷཾ།། །།
ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས༔ བླ་མ་དྲག་པོ་པདྨ་གཏུམ་པོའི་སྒྲུབ་ཐབས་དྲེགས་པ་ཚར་གཅོད་ (Volume 12, Text 34)
ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས༔ བླ་མ་དྲག་པོ་པདྨ་གཏུམ་པོའི་སྒྲུབ་ཐབས་དྲེགས་པ་ཚར་གཅོད་བཞུགས་སོ༔ ྈ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དྲེགས་པ་ཐམས་ཅད་ཚར་གཅོད་ཕྱིར༔ གུ་རུ་དྲག་པོ་ཆེ་བའི་མཆོག༔ པདྨ་གཏུམ་པོ་བསྒྲུབ་འདོད་ན༔ དུར་ཁྲོད་གནས་སུ་མཆོད་གཏོར་བཤམ༔ སྐྱབས་སེམས་ཚོགས་གསག་སྔོན་འགྲོ་བས༔ བསྐྱེད་ཅིང་བཟླས་པ་འདི་ལྟར་བྱ༔ ཧཱུྃ༔ སྟོང་གསལ་ངང་ལས་སྣོད་བཅུད་ཀུན༔ རབ་འཇིགས་དྲག་པོའི་ཞིང་ཁམས་དབུས༔ པདྨ་ཉི་མ་བདུད་བཞིའི་སྟེང༔ རང་རིག་ཆུ་ལས་ཉ་འཕར་ལྟར༔ སྐད་ཅིག་དྲན་རྫོགས་ཐོད་ཕྲེང་རྩལ༔ གསང་བདག་པདྨ་གཏུམ་པོའི་སྐུ༔ མཐིང་དམར་ལྕགས་བསྲེགས་ལྟ་བུའི་མདོག༔ རབ་ཁྲོས་གར་དགུའི་ཉམས་དང་ལྡན༔ ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་ཡིས༔ སྡེ་བརྒྱད་འབྱུང་པོའི་སྲོག་ནས་འདྲེན༔ གཡོན་པས་སྡིགས་མཛུབ་ཕུར་བུ་འདྲིལ༔ མ་རུངས་ལོགས་འདྲེན་སྲོག་རྩ་གཅོད༔ རྩེ་ལས་སྤྲུལ་པའི་ལྕགས་སྡིག་འཕྲོ༔ དམ་སྲི་འགོང་པོ་ཧབ་ཧབ་ཟ༔ སྤྱི་གཙུག་རྟ་གདོང་རྔམ་བཞད་འཚེར༔ སྲིད་གསུམ་གཡོ་ཞིང་དབང་དུ་སྡུད༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ བར་ཆད་བདུད་བཞིའི་སྙིང་ལ་གཟིར༔ དུར་ཁྲོད་ཆས་བརྒྱད་རབ་ཏུ་བརྗིད༔ མཁའ་འགྲོ་ཆོས་སྐྱོང་ལས་ལ་གཟུད༔ གཤོག་རྩེར་ཁྱུང་ཆེན་ཁྲ་ཐབས་ལྡིང༔ ས་བདག་ཀླུ་སྲིན་ཐལ་བར་རློག༔ བ་སྤུའི་ཁུང་བུ་ཐམས་ཅད་ཀུན༔ རབ་འབྱམས་ཁྲོ་བོའི་ཕྱག་རྒྱས་གཏམས༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ ཐུགས་ཀའི་ཧཱུྃ་འོད་ལྕགས་ཀྱུ་ཡིས༔ ཡེ་ཤེས་འཁོར་བཅས་སྤྱན་དྲངས་བསམ༔ ཧཱུྃ༔ ལྷོ་ནུབ་རཀྴའི་ཕོ་བྲང་ནས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ པདྨ་གཏུམ་པོའི་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ དམ་ཡེ་དབྱེར་མེད་བརྟན་པར་བཞུགས༔ སྒོ་གསུམ་གུས་པའི་དད་ཕྱག་འཚལ༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ༔ དྲེགས་པ་འདུལ་ཕྱིར་ཁྲོ་བོའི་ཚུལ༔ པདྨ་གཏུམ་པོ་ཧེ་རུ་ཀར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ སྔགས་མཚན་འབར་བའི་འོད་ཟེར་གྱིས༔ རྩ་གསུམ་མཆོད་ཅིང་བྱིན་ནུས་བསྡུས༔ འགྲོ་དྲུག་སྒྲིབ་སྦྱངས་ལྷ་རུ་བསྒྱུར༔ དྲེགས་པ་སྡེ་བརྒྱད་ཟིལ་གྱིས་མནན༔ དམ་ལ་མི་གནས་གདུག་པ་ཀུན༔ ཡེ་ཤེས་མེ་ཡིས་གཞོབ་བཞིན་བསྲེགས༔ རྗེས་ཤུལ་ལྷག་མ་མེད་པར་བསམ༔ བསྙེན་སྒྲུབ་སྔགས་འདི་འབུམ་ཚོ་བཞི༔ བཟླས་པས་ལས་ཀུན་འགྲུབ་པར་འགྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་པདྨ་ཙཎྜ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཁྲོཾ་ག་རུ་ཌ་རུ་རུ་བྷ་ཤ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླང༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ རྫོགས་རིམ་ཀ་དག་ངང་དུ་བཞག༔ ས་མ་ཡ་རྒྱ༔ ཐུན་མཚམས་ཤ་ཁྲག་གཏོར་མ་བཤམ༔ དགྲ་བགེགས་དགུག་བསྒྲལ་ཞལ་དུ་བསྟབ༔ ཨེ་སརྦ་ཤཱ་ཏྲཱུན་བིགྷྣན་ནྲྀ་ཏྲི་ཛ་མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་པདྨ་གཏུམ་པོ་ཆེ༔ དབྱིངས་ནས་བརྩེར་དགོངས་འདིར་གཤེགས་བྱིན་གྱིས་རློབས༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་གཏོར་མ་དང༔ སྨན་རཀ་ཕུད་ཀྱི་འདོད་ཡོན་མཆོད་པར་བཞེས༔ རྡོ་རྗེའི་གོ་ཆས་འགལ་རྐྱེན་བར་ཆད་སྲུངས༔ མི་མཐུན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་སྤེལ༔ ཁམས་གསུམ་དབང་སྡུས་ལོག་ལྟ་ཆམ་ལ་ཕོབ༔ རྣལ་འབྱོར་བྱང་ཆུབ་སྒྲུབ་ལ་འཚེ་བ་ཡི༔ གདུག་པའི་དགྲ་བགེགས་སྲོག་རྩ་དམར་པོ་ཆོད༔ སྡེ་བརྒྱད་ཆོ་འཕྲུལ་འབྱུང་བཞིའི་གཡོ་འཁྲུགས་དང༔ ནད་མཚོན་མུ་གེ་བྱད་ཕུར་རྦོད་གཏོང་ཟློག༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཐལ་བརྡབ་གཏོར་མ་དགྲ་ཕྱོགས་འཕང༔ བར་ཆད་ཐམས་ཅད་བཟློག་པར་འགྱུར༔ ས་མ་ཡ་རྒྱ༔ དེ་ནས་རྫས་ཀྱི་སྦྱོར་བ་ནི༔ ཨ་རུ་བོང་ང་གླ་བའི་རྩི༔ རུ་རྟ་ཤུ་དག་གི་འུ་ཝཾ༔ གུ་གུལ་དཀར་ནག་རྡོ་རྗེ་གཉིས༔་་་གཟའ་བདུད་དང་ཀླུ་བདུད་རྡོ་རྗེ། གྲི་ཤ་སྙིང་གསུམ་་་གྲི་སྙིང་སྤྲེའུ་དང་རི་བོང་སྙིང་། ཁྲག་སྣ་གསུམ༔་་་པདྨ་རཀྟ་གྲི་ཁྲག་དང་གླང་དམར་ཁྲག སྟག་ཤ་མིང་ཅན་སྤྲུ་བ་ནག༔ ཡུང་བ་ཆུ་རྩ་བྱ་རྒོད་སྤོས༔ སྤང་སྤོས་ཡུངས་ཀར་ཀྱི་ཀྱེ་བ༔ མཁན་དམར་སྤྱང་ཚེར་དྲི་ཅན་དགུ༔་་དྲི་ཆེན་རྟ་བོན་སྤྱང་བྲུན་མུ་ཟི་གཉིས་བ་བླ་ལྡོང་རོས་ཤིང་ཀུན་སྒོག་སྐྱ། གླང་དམར་རྭ་གཞོབ་དང་བཅས་པ༔ སྐམ་རྣམས་ཞིབ་བཏགས་ཁྲག་སྣ་དང༔ ཆུ་སྣ་གསུམ་གྱིས་་་སྔགས་པ་ནུས་ལྡན་དང་བྱིས་པ་ལོ་བརྒྱད་དྲི་ཆུ། ར་ཐུག་གི་ཆུ། རིལ་བུ་འམ༔ ཡང་ན་གཤེར་དུ་སྦྱར་ཡང་རུང༔ མི་བསད་གཡག་རྒོད་རྭ་ནང་བླུགས༔ རང་ཉིད་གཏུམ་པོའི་ང་རྒྱལ་བརྟན༔ ཨོཾ་པདྨ་ཙཎྜ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་དུ་ཙྪནྡེ་ཙྪནྡེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ན་ནི་སྭཱ་ཧཱ༔ རྩ་བའི་རིག་པ་ཁྲི་དང་ནི༔ ནེར་སེང་ཛྭ་རཾ་རྦད༔ ཁ་ཊ་རུ་ཊ་རྦད༔ ནཱ་ག་དུ་ན་རྦད༔ ཙ་ར་ཙ་ཏྲི་རྦད༔ རཱ་ཙ་ཐིག་ནན་རྦད༔ མ་ཏྲི་མ་ཞུང་རྦད༔ མ་ཏྲ་ཐུམ་རིལ་རྦད༔ ཁ་བསྒྱུར་སྟོང་ཕྲག་གཅིག་གིས་འགྲུབ༔ བྱུགས་བདུག་ལུས་ལ་འཆང་བས་ཀྱང༔ ནད་གདོན་གནོད་པ་ཐམས་ཅད་ཐུབ༔ རྡོ་རྗེའི་རྫོང་དུ་ཚུད་དང་འདྲ༔ མང་དུ་མ་སྤེལ་དམ་ཚིག་རྒྱ༔ ས་མ་ཡ་རྒྱ༔ ཁྱད་པར་མཆོག་གི་སྲུང་བ་ནི༔ ཐོ་རངས་ལུས་གནད་ལེགས་པར་བཅའ༔ རླུང་དུག་དབྱུང་ལ་བསྐྱེད་རིམ་གསལ༔ རང་ཉིད་པདྨ་གཏུམ་པོ་ཡི༔ ཐུགས་ལས་འོད་ཟེར་གྲངས་མེད་འཕྲོས༔ རྩ་གསུམ་རྒྱལ་བའི་བྱིན་རླབས་དང༔ གསང་རིག་གཟུངས་སྔགས་ནུས་པ་དང༔ འབྱུང་བའི་བཅུད་ཀྱི་དྭངས་མ་ཀུན༔ འུབ་ཀྱིས་བསྡུས་ཏེ་ཧཱུྃ་ལ་ཐིམ༔ དེ་ལས་ཁྲོ་བོའི་ནུས་ལྡན་པའི༔ གནམ་ལྕགས་ཞུན་ཆུ་ཆིལ་ཆིལ་བབས༔ ལུས་གང་ནད་གདོན་སྡིག་སྒྲིབ་སྦྱང༔ ཁྲག་འཐུང་ཉིད་དང་དབྱེར་མེད་བསམ༔ རྩ་སྔགས་དང་ནི་རྫས་ཀྱི་སྔགས༔ ཁ་བསྒྱུར་དང་བཅས་ཅི་རིགས་དང༔ རྣམ་པར་འཇོམས་པའི་གཟུངས་ཀྱང་བཟླ༔ ཐུན་མཐར་རྡོ་རྗེའི་སྦུ་གུ་ནས༔ མེ་འོད་དང་བཅས་བབས་པར་བསམ༔ དྲི་ཆུ་བར་པ་ཁྱོར་བར་བཟུང༔ ཕུད་ཀྱིས་བདུད་རྩི་བཞིན་དུ་མཆོད༔ བར་པ་རང་གིས་འཐོར་འཐུང་བྱ༔ དབང་པོའི་སྒོ་རྣམས་ཐིག་ལེས་གདབ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ ཁྱད་པར་ཉིན་ཞག་གཅིག་གི་བར༔ སྟོང་གསུམ་འཁྲུགས་ཀྱང་ཡ་མི་ང༔ ལྷག་མ་དམ་ཚིག་ལྡན་ངེས་པར༔ བྱིན་ཀྱང་རུང་སྟེ་ཤིན་ཏུ་གསང༔ ས་མ་ཡ་རྒྱ༔ སྣོད་རུང་དབང་བསྐུར་ཆོ་ག་ནི༔ དཀྱིལ་འཁོར་རྫས་བཤམ་ནུས་ལྡན་བསྒྲུབ༔ སློབ་མའི་དྲི་དང་བགེགས་སྦྱངས་ལ༔ སྲུང་འཁོར་གསལ་བཏབ་མཎྜལ་ཕུལ༔ དེ་ནས་གསོལ་བ་གདབ་པ་ནི༔ དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ པདྨ་གཏུམ་པོ་བདག་ལ་དགོངས༔ ཁྲོ་རྒྱལ་ཆེན་པོའི་དཀྱིལ་འཁོར་དུ༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ཚོགས་གསག་ཡེ་ཤེས་དབབ་ཅིང་བརྟན༔ སྐུ་དང་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ སྐུ་ནི་སྣང་ལ་རང་བཞིན་བྲལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་པ་ལྷ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཀྱི་ཡི་གེ་མགྲིན་པར་བཞག༔ ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ གསུང་ནི་མ་འགག་རང་བྱུང་དབྱངས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་རྡོ་རྗེ་སྙིང་གར་བཞག༔ ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཐུགས་ནི་སྟོང་ཉིད་རྡོ་རྗེའི་དབྱིངས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིང་འཛིན་དགོངས་པའི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་གཏོར་མ་ལྟེ་བར་བཞག༔ ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཡོན་ཏན་རེ་སྐོང་ཡིད་བཞིན་གཏེར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གང་འདུལ་འགྲོ་བ་སྒྲོལ་བར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྕགས་ཀྱུ་ཕུར་པ་གཡས་གཡོན་གཏད༔ ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཕྲིན་ལས་དགྲ་བགེགས་དགུག་ཅིང་སྒྲོལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མངོན་སྤྱོད་སྟོབས་ཀྱི་དབང་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་དགྲ་བགེགས་དགུག་བསྒྲལ་བསྟབ༔ བསྐུལ་ཞིང་གཏོར་མ་དགྲ་ཕྱོགས་འཕང༔ བཀྲ་ཤིས་རོལ་མོ་རྒྱ་ཆེར་བྱ༔ རྗེས་སུ་དམ་ཚིག་བསྒོ་བ་ནི༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ བླ་མ་གཙུག་གི་རྒྱན་དུ་ཟུངས༔ ལྷ་བསྒོམ་སྔགས་བཟླས་རྒྱུན་མ་བཅད༔ རང་གཞན་དོན་ཀུན་རྟག་ཏུ་སྒྲུབས༔ བུས་ཀྱང་ཁས་བླང་གཏང་རག་འབུལ༔ དབང་འདི་ལན་གཅིག་ཐོབ་པས་ཀྱང༔ པདྨ་གཏུམ་པོས་བྱིན་བརླབས་ནས༔ བར་ཆད་ཀུན་གྱིས་ཉེ་མི་ནུས༔ མཐར་ཐུག་དངོས་གྲུབ་རྣམ་གཉིས་འགྲུབ༔ ས་མ་ཡ་རྒྱ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ སྲོག་བདག་གཟའ་ཀླུ་རྒྱལ་འགོང་བཙན༔ བདུད་བཞིའི་འཇིགས་པ་ཐམས་ཅད་ཀྱི༔ གཉེན་པོ་གཅིག་ཏུ་དྲིལ་བའི་ལྷ༔ པདྨ་གཏུམ་པོའི་སྒྲུབ་ཐབས་འདི༔ ཨོ་རྒྱན་བླ་མའི་ཐུགས་ཁྲག་སྟེ༔ མ་འོངས་བོད་ཁམས་སྡུག་བསྔལ་དུས༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ཁ་ཐཾ༔ གུ་ཧྱ༔ མི་འགྱུར་ལས་འཕྲོ་གླིང་པའི་གཏེར་མའོ། །དཔེ་གཏེར་གཞུང་དངོས་དང་། སྨིན་གྲོལ་དག་སྣང་ཉེ་བརྒྱུད་དེ། ལས་འཕྲོ་གླིང་པའི་ཡེ་ཤེས་ཀྱི་སྐུ་ལས་པདྨ་འོད་གསལ་མདོ་སྔགས་གླིང་པས་གསན། དེས་བདག་རྗེས་སུ་བཟུང་བའོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ (Volume 62, Text 34)
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས༔ ྈྈྈ ན་མོ་གུ་རུ༔ བོད་ཀྱི་རིག་འཛིན་ཐམས་ཅད་ཀྱིས༔ སྙིང་པོའི་ཉམས་ལེན་མངོན་གྱུར་ཚེ༔ རྟོགས་པ་མགུར་དུ་བཞེངས་པ་ནི༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སྟེ༔ མ་བཅོས་རང་གསལ་ངང་དུ་གནས༔ མ་ནོར་དམིགས་སུ་མ་མཆིས་ཤིང༔ བརྗོད་མེད་རིག་པ་ཟང་ཐལ་ལེ༔ བསམ་འདས་སེམས་ཀྱི་དྲི་མ་དག༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད༔ རང་གསལ་རང་བཞིན་ལྷུན་གྱིས་གྲུབ༔ ཅིར་སྣང་ཆོས་སྐུའི་རྒྱན་དུ་ཤར༔ ཐུགས་རྗེ་སྤྲུལ་སྐུ་སྣ་ཚོགས་སྣང༔ ཐམས་ཅད་ཀུན་གཞིའི་དབྱིངས་སུ་རྫོགས༔ ལྟ་བའི་གནམ་འཕང་གཅོད་པའི་ཚེ༔ སྒོམ་པ་ཐབས་ཤེས་སྒྲོ་གཤོག་བརྒྱང༔ སྤྱོད་པའི་ལམ་ལ་ཞུགས་པའི་ཚེ༔ རེ་དོགས་མེད་པའི་ངང་ལ་འགྲོ༔ འབྲས་བུའི་ཕ་མཐར་བསྙེགས་པའི་ཚེ༔ གཞན་དུ་མེད་པའི་སངས་རྒྱས་རྟོགས༔ སྒོམ་པའི་གཟེབ་ལས་གྲོལ་ཙ་ན༔ ལྟ་བའི་རྒྱལ་པོ་ཕུགས་ཐག་ཆོད༔ ལམ་ལ་བགྲོད་དུ་མེད་པ་དེ༔ ལུང་དང་རིགས་པས་བསྒྲུབ་མེད་ཕྱིར༔ གཞི་ཡི་སྟེང་དུ་འབྲས་བུར་སྨིན༔ ཆོས་ཉིད་ཀློང་དུ་ལ་བཟླས་ཏེ༔ རང་རིག་རྩལ་དུ་ཤན་ཡང་འབྱེད༔ དབྱིངས་རིག་གཉིས་སུ་མེད་པ་དེ༔ ཐིག་ལེ་ཉག་གཅིག་ངང་དུ་རྫོགས༔ སེམས་སྡེའི་ངང་དུ་ཉམས་བླངས་པས༔ སྣང་སྲིད་སེམས་ཀྱི་ཀློང་དུ་རྫོགས༔ ཀློང་སྡེའི་ལྟ་བ་ཉམས་བླངས་ཚེ༔ རྣམ་རྟོག་ཕྲ་རགས་ཀློང་དུ་ཐིམ༔ མན་ངག་ཉམས་སུ་བླངས་པའི་ཚེ༔ དབྱིངས་ཡེ་ཟུང་འཇུག་མངོན་སངས་རྒྱས༔ ལྟ་བའི་ཕུགས་ཐག་ཆོད་པ་ཡིན༔ སྒོམ་པའི་བློ་ལས་འདས་པ་ཡིན༔ སྤྱོད་པ་སྤྱད་དུ་མེད་པ་ཡིན༔ འབྲས་བུ་གཞན་ལ་རེ་མི་འཚལ༔ འོན་ཀྱང་རྣལ་འབྱོར་བཻ་རོ་ཡིས༔ རྒྱུ་འབྲས་ཁྱད་དུ་མི་གསོད་པས༔ སྡོམ་པ་གསུམ་གྱིས་རྒྱུད་སྦྱངས་ཏེ༔ མཚན་ལྡན་བླ་མ་དཔལ་སེང་གེ༔ སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས༔ རིག་འཛིན་པདྨ་འབྱུང་གནས་དེ༔ མཉེས་པ་གསུམ་གྱིས་ཡང་ཡང་བསྟེན༔ པཎ་ཆེན་བི་མ་ལ་མི་ཏྲ༔ དགོངས་པར་བཞེད་པའི་ཕ་མཐའ་བསྐང༔ བསླབ་པ་གསུམ་གྱི་ཆས་འཛིན་ཏེ༔ ལྟ་བའི་གནམ་འཕང་གཅོད་པ་ཡིན༔ སྔར་སྤྱོད་ངང་དུ་མཉམ་པར་བཞག༔ བསྟན་གཉིས་ཟུང་འཇུག་བཀྲ་ཤིས་ཤོག༔ ༈ བསམ་ཡས་དབུ་རྩེའི་བར་ཁང་ནས༔ ཁྲི་སྲོང་རྗེ་ཡིས་འདི་སྐད་བཞེངས༔ ང་ནི་ཁྲི་སྲོང་ལྡེའུ་བཙན་ཏེ༔ སེམས་ཉིད་རང་བྱུང་ཡེ་ཤེས་འདི༔ ཅིར་ཡང་མི་དམིགས་ཅིར་ཡང་གསལ༔ ལྟ་བའི་རྒྱལ་པོ་མཐའ་གཉིས་བྲལ༔ ༈ ཡར་ཀླུང་ཕུ་ནས་གཉགས་ཆེན་གྱིས༔ ལྷུན་གྲུབ་ཡེ་ཤེས་བསམ་མི་ཁྱབ༔ ནམ་མཁའ་ལྟ་བུ་མཐའ་བྲལ་བ༔ ཟུང་དུ་འཇུག་པའི་ཡེ་ཤེས་དེ༔ བློ་བྱས་ཡིད་དཔྱོད་ཀུན་ལས་འདས༔ ༈ ཀོང་པོ་བྲག་དཀར་ཡང་དབེན་ནས༔ གཉན་ཆེན་དཔལ་གྱི་ཡེ་ཤེས་ཀྱིས༔ རང་རིག་ལྷུན་གྲུབ་བློ་ལས་འདས༔ སེམས་ཉིད་ནམ་མཁའ་མཐའ་དབུས་མེད༔ ཚོགས་བརྒྱད་སྣང་ལ་ངོས་གཟུང་མེད༔ རང་བྱུང་དགོངས་པ་འདི་ཀ་འོ༔ ༈ ལྗོན་པ་ལུང་ནས་ཉང་བན་གྱིས༔ ལྟ་བ་ཕྱོགས་ལྷུང་མེད་པ་དེ༔ དམིགས་བྱ་མེད་པའི་ངོ་བོ་ཉིད༔ ལྟ་བྱེད་བློ་ཡི་གཟེབ་ལས་གྲོལ༔ བལྟ་བྱའི་སྙིང་པོ་ཡེ་ཤེས་ཆེ༔ ༈ ༡ མཁར་ཆུའི་གནས་སུ་ནམ་སྙིང་གིས༔ རང་བྱུང་རང་ཤར་ཡེ་ཤེས་འདི༔ བསྒོམ་བྱའི་བློ་ལས་རིང་དུ་འདས༔ སྒོམ་བྱེད་ཤེས་པ་རང་སར་དེངས༔ ཅིར་ཡང་དམིགས་སུ་མེད་པར་ཤར༔ ༈ ༥ བདུད་རི་གནམ་ལྕགས་འབར་བའི་རྩེར༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས༔ དགོངས་པ་རང་བྱུང་རང་ཤར་འདི༔ མ་བཅོས་ལྷུག་པར་བཞག་ཙམ་ན༔ བརྗོད་དུ་མེད་པའི་ཉམས་ཤིག་ཤར༔ བསམ་དུ་མེད་པའི་འབྲས་བུ་རྙེད༔ ༈ ༢ ཡང་རྫོང་གནས་ནས་གནུབས་ཆེན་གྱིས༔ ང་ནི་སངས་རྒྱས་ཡེ་ཤེས་ཏེ༔ སངས་རྒྱས་རང་ལས་རྙེད་པ་ཡིན༔ ལྟ་བའི་རྒྱལ་པོ་གནམ་འཕང་གཅོད༔ སྒོམ་པ་ཐབས་ཤེས་གཤོག་རྩལ་ཆེ༔ སྤྱོད་པ་འཇིགས་མེད་ཧེ་རུ་ཀ༔ འབྲས་བུ་སྲིད་ཞིའི་ཐིག་ལེར་རྫོགས༔ ༈ ༦ ཟངས་ཡག་བྲག་གི་ཀེའུ་ཚང་ནས༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས༔ སེམས་ལ་བསམ་དུ་མེད་པའི་ཉམས༔ རང་གསལ་རྗེན་པར་གནས་པ་འདི༔ འཁོར་འདས་ཀུན་ལ་ཁྱབ་པ་ཉིད༔ དུས་གསུམ་སངས་རྒྱས་དགོངས་པ་ལགས༔ ༈ ༣ བསམ་ཡས་མཆིམས་ཕུའི་དབེན་རྩ་ནས༔ རྒྱལ་བ་མཆོག་དབྱངས་འདི་སྐད་དོ༔ བློ་འདས་བསམ་བརྗོད་བྲལ་བའི་སེམས༔ རིག་པའི་ངང་དུ་གཉིས་མེད་འདྲེས༔ ཕྱི་ནང་ཀུན་ལ་ཟང་ཐལ་ལེ༔ མ་བཅོས་ཡེ་རྫོགས་ཆེན་པོ་འོ༔ ༈ ༧ ཁམས་ཀྱི་ཁྱུང་བྲག་དབེན་རྩ་ནས༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ གསལ་བ་ཐབས་སུ་བྱས་ནས་ཀྱང༔ སྟོང་པ་ཤེས་རབ་ངང་དུ་རྫོགས༔ གསལ་སྟོང་དབྱེར་མེད་ཀློང་དུ་འཕྱོ༔ ཀུན་བཟང་དགོངས་པ་རང་ལས་རྙེད༔ ༈ ༤ ཏི་སྒྲོ་བྲག་གི་ཚོགས་ཁང་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱིས༔ འཁོར་འདས་ཀུན་ལ་ཁྱབ་པའི་སེམས༔ བདེ་བ་ཆེན་པོའི་ངང་དུ་ཐིམ༔ ཆོས་ཉིད་ཀློང་དུ་བལྟ་བྱ་བྲལ༔ ཁོ་མོའི་རྟོགས་པ་དེ་ཙམ་མོ༔ ༈ ༨ ཡེར་པ་གཙུག་རུམ་འབར་བ་རུ༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས༔ སེམས་ལས་གཞན་པའི་སངས་རྒྱས་མེད༔ རྣམ་རྟོག་ཆོས་དབྱིངས་ཀློང་དུ་ནུབ༔ དབྱིངས་རིག་དབྱེར་མེད་རྫོགས་པ་འདི༔ བཻ་རོ་ཙ་ནའི་བཀའ་དྲིན་ལགས༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པ་དགེ། སརྦ་མངྒ་ལཾ། །ཞུས་སོ།། །།
འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་དང་རྗེས་གནང་ (Volume 61, Text 34)
ཨོཾ་སྭསྟི། འཇིག་རྟེན་མགོན་པོའི་ཐུགས་མཚོ་ལས། །རབ་འཁྲུངས་དབྱངས་ཅན་ཟླ་བ་ནི། །འགྲོ་བློའི་རྨོངས་མུན་བསལ་མཛད་དེར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་འཕགས་མ་དབྱངས་ཅན་མའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་དུས་ཚེས་བཟང་པོ་ལ་སྟེགས་བུ་གྲུ་བཞི་ཁྲུ་དོ་བ་བ་བྱུང་ལྔས་བྱུག །གུར་གུམ། གླ་རྩི། གིའུ་ཝང་། ཙནྡན་བཞི་མཉམ་པར་སྦྱར་བས་གཏོར། དེའི་སྟེང་དུ་མཎྜལ་ལྟ་བུའི་གཞི་ལ་བ་དཀར་དམར་གང་རུང་གི་དཀར་གསུམ་དང་སྦྲང་རྩི་བཞི་མཉམ་རྣམས་སྦྱར་བས་པདྨ་འདབ་མ་བརྒྱད་པ་དབུས་སུ་ཧྲཱིཾ་དང་འདབ་མ་བརྒྱད་ལ་དབྱངས་ཡིག་བཅུ་དྲུག་བཀོད་པ་བྲིས་ལ། འབྲས་དཀར་གྱི་ཕྱེ་མས་རི་མོའི་སྟེང་ནས་མནན་ཏེ་འཁོར་ལོའི་རྣམ་པ་གསལ་པོར་འོང་བ་བྱ། དཀར་གསུམ་མངར་གསུམ་བཞི་མཉམ་སྦྱར་བའི་ཟན་གྱི་ཏིང་ལོ་བ་མར་སྦྲང་རྩི་དང་སྦྱར་བས་བཀང་བ་སྡོང་བུ་དང་བཅས་པ་དགུའམ་སློབ་མའི་གྲངས་མཉམ་དབུས་དང་འདབ་མ་བརྒྱད་ལ་བཀོད། མདུན་དུ་དཀར་གཏོར་ཆེ་ཆུང་གཉིས་དང་ཆངས་བུའི་གཏོར་མ་ཡང་བཤམ། མཆོད་པ་གཙང་ཞིང་བཟང་བ་རྒྱ་ཆེར་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ལ། གཙང་སྦྲ་ལ་གནས་ཤིང་ཁྲུས་བྱས་ནས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་དང་ཚད་མེད་བཞི་རྣམས་སྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བརྟེན་པའི་གཞི། རི་བོ་ནགས་ཚལ་སྨན་ལྗོངས་ཉམས་དགའ་བའི་དབུས། འོ་མའི་རྒྱ་མཚོ་དཀར་ལ་དྭངས་པའི་ནང་དུ། པཾ་ལས་པདྨ་དཀར་པོའི་སྡོང་པོ་འདབ་མ་རྒྱས་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཾཿདཀར་པོ་ལས་སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཞི་འཛུམ་མཛེས་པའི་ཉམས་ཅན་བཅུ་དྲུག་ལོན་པའི་ལང་ཚོས་སྒེག་པ། ནུ་འབུར་མཐོ་ཞིང་རྐེད་སྐབས་ཕྲ་བ། ཙོག་པུའི་འདུག་སྟངས་ཅན། ཕྱག་གཡོན་པས་བཻ་ཌཱུརྻའི་རྒྱུད་མངས་འཛིན་ཅིང་། གཡས་པའི་ཕྱག་སོར་གྱིས་བསྐུལ་བས་སྒྲ་དབྱངས་རྒྱ་མཚོ་སྒྲུབ་པ། གནག་སྣུམ་ལི་བའི་དབུ་སྐྲ་ཕྱེད་ལྟག་པར་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ། ཟླ་ཚེས་ཀྱིས་གཙུག་ན་མཛེས་ཤིང་པད་དཀར་ཕྲེང་བའི་ཐོད་བཅིངས་དང་རིན་པོ་ཆེ་སྣ་ཚོགས་པས་སྐྲའི་ཟར་བུ་མཛེས་པ། དར་དཀར་པོའི་སྟོད་གཡོགས་དང་དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་ཕྲེང་དང་གཡེར་ཁའི་དྲྭ་བ་ལ་སོགས་པས་བརྒྱན་པ། འོད་ཟེར་མུ་མེད་པ་འཕྲོ་ཞིང་ཟླ་བའི་རྒྱབ་ཡོལ་ཅན་སྣང་ལ་རང་བཞིན་མེད་པའི་སྐུར་གྱུར། རང་གི་སྙིང་ཆུ་ཤིང་གི་མེ་ཏོག་ལྟར་མགོ་ཐུར་དུ་འཕྱང་བ་དེ་ཉིད་གྱེན་དུ་ལངས་པ་ཨུཏྤལ་དམར་པོ་ཁ་འབུས་པའི་རྣམ་པ་ཅན་དུ་གྱུར་པའི་ནང་དུ་ཟླ་བ་ལ་ཨོཾ་དཀར་པོ། རླུང་ཅུང་ཟད་ཕྱིར་བསལ། ཨོཾ་གྱི་ནཱ་ད་ལས་འོད་ཟེར་དཀར་པོ་འཕྲོས་སྣ་བུག་གཡས་ནས་ཐོན། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ནས་བསྒོམས་པ་དང་འདྲ་བའི་ལྷ་མོ་དབྱངས་ཅན་མ་བཞུགས་པའི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་་་དཀར་པོ།འབར་བ་སྤྱན་དྲངས་ཏེ་ཤངས་བུག་གཡས་ནས་ཐོན། སྟོན་ཀའི་ཟླ་བ་ཤར་བ་ལྟར་སྐད་ཅིག་གིས་བྱོན་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས་མཆོད་པར་བསམ་ལ། ཨོཾ་པྲཱི་ཏཱི་དེ་བཱི་དི་བྱ་པུཥྤེ་ཧཱུྃ། དེ་བཞིན་དུ་སྦྱར་བས། དྷཱུ་པེ། གནྡྷེ། ནཻ་བིདྱཱ། ཨཱ་ལོ་ཀེ །བི་ལེ་པཱ་ནི་ཧཱུྃ་ཞེས་པས་མཆོད། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿ ཞེས་ཤུབ་བུར་བརྗོད་ནས་དབུགས་ནང་དུ་རྔུབ། འཁོར་ལོ་འོད་དུ་གྱུར་པ་སྣ་བུག་གཡོན་ནས་ཞུགས་སྙིང་གའི་ཨོཾ་ལ་ཐིམ། ཨོཾ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་པདྨ་འདབ་བརྒྱད་དཀར་ཞིང་འཚེར་བའི་ལྟེ་བར་ཟླ་བ་ལ་ཧྲཱིཾཿ འདབ་མ་བརྒྱད་ལ་མདུན་ནས་གཡས་སྐོར་དུ་དབྱངས་ཀྱི་ཡི་གེ་གཉིས་གཉིས་འཁོད་པ་མར་མེའི་ཕྲེང་བ་ལྟར་འབར་བའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ། མི་ཤེས་པའི་མུན་པ་བསལ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས་པར་གྱུར། ཅེས་བརྗོད་ཅིང་ཡུན་རིང་དུ་བསྒོམ། བཟླས་པ་ནི། འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཾཿམཆེད་ཞལ་ནས་ཐོན། དེའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཧྲཱིཾཿལ་འདྲེས། ལྟེ་བ་ནས་ཞུགས་ཏེ་འཁོར་ལོའི་དབུས་ཀྱི་ཧྲཱིཾཿལ་ཐིམ་པས། བདག་ཉིད་གང་འདོད་པའི་ཡུལ་དེས་ལུས་གང་བར་བསམ་ཞིང་སྔགས་ཕྲེང་མགལ་མེ་ལྟར་འཁོར་བ་ལ་དམིགས་ཏེ་ཧྲཱིཾཿགི་བཟླས་པ་རྩེ་གཅིག་ཏུ་བྱ་ཞིང་། ཐུན་འཇོག་ཁར་སྔགས་ཕྲེང་སྙིང་གའི་ཧྲཱིཾཿལ་ཐིམ་ཧྲཱིཾཿགི་འོད་ཀྱིས་གང་འདོད་པའི་ཤེས་རབ་དེ་ཉིད་ལན་གསུམ་དུ་བསྡུས་པས་ལུས་ཁེངས་པར་དམིགས། ཐུན་མཚམས་སུ་འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་བསྩལ་དུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་སོགས་རྗེས་ཀྱི་བྱ་བ་རྣམས་བྱས་ལ་ཐུན་མཚམས་ལ་འཇུག །ཐུན་མཚམས་སུ་ཡི་དམ་ཁྲོ་བོ་འཇམ་དཔལ་དང་མི་གཡོ་བ་ལྟ་བུའི་བསྙེན་པ་དང་། ཛམྦྷ་ལའི་ཆུ་སྦྱིན་ཡང་མ་ཆག་པར་བྱ། དེ་ལྟར་ཐུན་བཞིར་བརྩོན་པ་ཆེན་པོས་མི་ཚིག་གིས་བར་མ་ཆོད་པར་བཟླས་པ་འབུམ་ཕྲག་གཅིག་དང་ཉི་ཁྲི་ལྔ་སྟོང་བཟླ་བར་བཤད་པ། ད་ལྟ་བཞི་འགྱུར་དུ་བྱེད་དགོས་པས་འབུམ་ཕྲག་ལྔའོ། །དེ་ཉིད་ལན་གསུམ་དུ་བསྐྱར་བས་གྲངས་བསྙེན་རྫོགས་པ་ཡིན་ནོ། །དེ་ལས་གྲུབ་པའི་མཚན་མ་རྣམས་ཀྱང་རིམ་བཞིན་མཐོང་བར་འགྱུར་རོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། ཐོག་མར་བགེགས་བསྐྲད། བདག་བསྐྱེད་བཟླས་པའི་མཐར་ཐུག་པ་སྔར་བཞིན་བྱས་ནས། མདུན་གྱི་དཀྱིལ་འཁོར་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཨོཾ་ཡོངས་སུ་གྱུར་པ་ལས་དབྱངས་ཅན་གྱི་འཁོར་ལོ་ཞེས་པ་ནས། མར་མེའི་ཕྲེང་བ་ལྟར་འབར་བའོ། །ཞེས་པའི་བར་ཚིག་ཟུར་བསྒྱུར་བས་བསྒོམས་ལ་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ཞེས་པ་ནས། བི་ལེ་པཱ་ནི་ཧཱུྃ་གི་བར་གོང་བཞིན། ཛཿཧཱུྃ་བཾ་ཧོཿ འཁོར་ལོ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་པྲཱི་ཏཱི་དེ་བཱི་ཧྲཱིཾཿ ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཞེས་བརྒྱ་རྩ་བརྒྱད་བཟླས། འཁོར་ལོ་དེ་ཉིད་གཞལ་ཡས་ཁང་དང་བཅས་པའི་ལྷ་མོའི་སྐུར་གྱུར། མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་ཏཱི་དེ་བཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་སྦྱར་བས་མཆོད་ཅིང་། སྤྲོ་ན་རིན་ཆེན་བདུན་འདོད་ཡོན་ལྔ་བཀྲ་ཤིས་རྟགས་རྫས་ལ་སོགས་པས་ཀྱང་མཆོད། བསྟོད་པ་ནི། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་སོགས་བྲམ་ཟེ་ཕུར་བུས་བསྟོད་པ་དང་། མཆོག་དགའི་རང་བཞིན་ལྷ་མོ་ནི། །ཡོན་ཏན་རྒྱ་མཚོའི་གླིང་ན་བཞུགས། །རྒྱལ་བ་སྲས་བཅས་ཀུན་གྱི་ཡུམ། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་དང་། མཁྱེན་བཟང་རབ་ཏུ་རྒྱས་པའི་པདྨ་དང་། །ཐུགས་རྗེ་དྲི་མེད་ཟླ་བའི་གདན་ལ་འགྱིང་། །སྒྲ་དབྱངས་རྒྱ་མཚོའི་པི་ཝང་གསུང་སྙན་གྱིས། ཁམས་གསུམ་དབུགས་འབྱིན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་སོགས་ཚིག་དོན་ཕུན་སུམ་ཚོགས་པའི་བསྟོད་པ་ཅི་ཤེས་ཀྱིས་བསྟོད་དོ། །གཏོར་མ་བསང་སྦྱང་འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས་ལ། ཨོཾ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་དང་། ཁ་འབར་མའི་སྔགས་ལན་བདུན་གྱིས་ལྷ་མོ་དབྱངས་ཅན་མ་ལ་ཕུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། སྔར་བཞིན་བསྟོད་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་དང་། འཕགས་མ་དབྱངས་ཅན་མ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཤེས་རབ་དང་བློ་གྲོས་སྤོབས་པ་ཕུན་སུམ་ཚོགས་པ་བསྩལ་དུ་གསོལ། གཏོར་མ་གཉིས་པ་ཡང་སྔར་བཞིན་བྱིན་གྱིས་བརླབས་ཏེ། ནོར་རྒྱུན་མ་འཁོར་བཅས་སྤྱན་དྲངས། ཨོཾ་བཱ་སུ་དྷཱ་རི་ཧཱུྃ་སྭཱ་ཧཱ། ཨོཾ་པྲ་ཀ་ར་ཛ་མེ་སྭཱ་ཧཱ། ཞེས་བདུན་གྱིས་ཕུལ། བདག་དབྱངས་ཅན་མ་སྒྲུབ་པ་ལ་ཕྲག་དོག་དང་བར་ཆད་མ་མཛད་པར་ནོར་འཕེལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཆངས་བུའི་གཏོར་མ་གོང་བཞིན་བྱིན་གྱིས་བརླབས། ཁ་འབར་མའི་སྔགས་བདུན་གྱིས་འབྱུང་པོ་ཐམས་ཅད་ལ་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སྲིད་གསུམ་འབྱུང་པོའི་ཚོགས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སྒྲུབ་པ་ལ་བར་གཅོད་མ་མཛད་ཅིག །དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་བར་ཆད་བསྲུང་ཞིང་དངོས་གྲུབ་སྩོལ་བའི་མཐུན་རྐྱེན་མཛོད་ཅིག་ཅེས་འདོད་དོན་གསོལ། དེ་ནས་སློབ་མ་རྣམས་ཁྲུས་བྱས། སྟན་གཙང་མ་ལ་ཙོག་པུར་འདུག་ཏུ་བཅུག་ལ། བགེགས་བསྐྲད་པ་རྣམས་བྱས། མཚམས་སྦྱོར་གྱི་ཁྱད་པར། འདིར་འཕགས་མ་ངག་གི་དབང་ཕྱུག་དབྱངས་ཅན་མ་ཞེས་བྱ་བ་འདི་ཉིད། ནང་གསང་བ་སྔགས་ཀྱི་ཚུལ་དང་སྦྱར་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསང་བའི་ཡུམ་སྟེ། གཤིན་རྗེ་གཤེད་སྐོར་གྱི་གཞུང་དུ་མར། རྡོ་རྗེ་དབྱངས་ཅན་མ་ཡིས་འཁྱུད། །ཅེས་སོགས་གསུངས་ཤིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། འཇམ་དཔལ་དབྱངས་དང་འཕགས་མ་ཞལ་སྦྱོར་གྱི་སྒྲུབ་ཐབས་བློ་གྲོས་འཕེལ་བ་ཞེས་བྱ་བ་མཛད་པ་སོགས་རྒྱུ་མཚན་མང་དུ་སྣང་ཞིང་། ཕྱི་ལྟར་ན་ཕྱི་རོལ་མུ་སྟེགས་ཀྱི་ལྷར་གྲགས་པ་ཡང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིགས་མ་ལྔ་བདོ་བའི་སེམས་ཅན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མི་འདུལ་བར། ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་གཟིགས་ནས། ལྷ་སརྦ་ཛྙཱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཕགས་པའི་སྐུའི་ཆ་ཤས་ལས་འཇིག་རྟེན་གྱི་ལྷ་ཆེན་པོ་གསུམ་དང་ཉི་ཟླ་ལ་སོགས་པ་རྣམས་སྤྲུལ་ཞིང་། ཁྱད་པར་མཆེ་བའི་རྩེ་ནས་ལྷ་མོ་འདི་བྱུང་ངོ་། །ཞེས་ཟ་མ་ཏོག་བཀོད་པའི་མདོ་ལས་འབྱུང་ཞིང་། ལྷ་མོ་འདིས་རྗེས་སུ་བཟུང་བའི་གྲུབ་ཆེན་བྲམ་ཟེ་ཕུར་བུས་མཛད་པའི་བསྟོད་པ་ལས་ཀྱང་། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་སོགས་གསལ་བར་འབྱུང་བས། རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཆ་ཤས་ཡིན་ཅིང་། ཕྱི་རོལ་པ་རྣམས་ཚངས་པའི་བུ་མོར་འདོད་པ་སོགས་ནི་གང་ལ་གང་འདུལ་གྱི་སྤྲུལ་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་འཕགས་པ་ཀླུ་སྒྲུབ་བྱོན། དེས་དབུ་སྦྱིན་པར་བཏང་བའི་འོག་ཏུ། རྒྱ་གར་གྱི་ཡུལ་དབུས་སུ་རྒྱལ་པོ་ཉི་མ་རྣམ་པར་གནོན་པ་ཞེས་བྱ་བ་ས་ཐམས་ཅད་ལ་དབང་བྱེད་པ་ཞིག་བྱུང་། དེ་ཉིད་རྒྱལ་པོར་དབང་བསྐུར་བ་པོ་བྲམ་ཟེ་མདུན་ན་འདོན་ནི་བྲམ་ཟེ་ཤཾ་ཀུ་ཡིན་ལ། སློབ་དཔོན་འདི་ཕྱི་རོལ་གྱི་རིག་བྱེད་ཀྱི་མཐའ་གསང་བ་སྨྲ་བའི་གྲུབ་མཐའ་འཛིན་པ་ཡིན་སྐད། དེ་རྒྱལ་པོའི་མཆོད་གནས་མཛད་ཅིང་ལྷན་ཅིག་ཏུ་གནས་སོ། །སྐབས་དེར་ལོ་བཅུ་གཉིས་ཆར་མ་བབས་པས་མུ་གེས་ཉེན་པ་ན། དེ་དང་མི་རིང་བའི་ས་ཞིག་ན་སོ་ན་རི་ཞེས་པའི་མཚོ་མེ་ཏོག་སྣ་ཚོགས་བཀྲ་བ་ཀླུ་ནོར་རྒྱས་ཀྱི་བུ་གནས་པ་ཞིག་ཡོད་པ་ལས། མི་རྣམས་ཀྱིས་མཚོ་དེའི་པདྨའི་རྩ་བ་བླངས་ནས་ཟོས་པས་མུ་གེ་ཐུབ་བོ། །དེའི་ཚེ་རྒྱལ་པོ་འཁོར་བཅས་ཀྱི་མཚོ་དེ་བལྟ་བར་བྱོན་ནས་རྒྱལ་པོས་སློབ་དཔོན་ལ་མཚོ་ལ་གནས་པའི་ཀླུ་དེ་སྟོན་པར་བསྐུལ་བ་ལས། སློབ་དཔོན་གྱིས་དེ་མཐོང་བའི་དུག་ཅན་ཡིན་པས་བསྟན་པ་མི་ལེགས་ཞེས་གསུངས་ཀྱང་ནན་གྱིས་བསྐུལ་ལོ། །དེར་སློབ་དཔོན་གྱིས་ཀུ་རུ་ཀུལླེའི་རིག་སྔགས་ཀྱིས་བཀུག་པས་མཚོ་ནང་ནས་རིན་པོ་ཆེའི་གདུགས་ཀྱིས་མཚོན་པར་ནོར་རྒྱས་ཀྱི་བུ་མངོན་དུ་སྣང་བར་གྱུར་པ་ལས། ཀླུའི་གཟི་བརྗིད་དང་མཐོང་བའི་དུག་གིས་མི་དང་དུད་འགྲོ་རྣམས་བརྒྱལ་ཞིང་མྱོས། རྒྱལ་པོ་ཡང་སྐྲགས་ཏེ་ཀླུ་གཏོང་བར་ཞུས་པས། སློབ་དཔོན་གྱིས་སྐྲོད་པའི་སྔགས་དང་ཕྱག་རྒྱ་བསྟན་པས་སླར་རང་གི་གནས་སུ་སོང་ངོ་།། དེ་ནས་དུག་གཞིལ་བའི་ཆོ་ག་མཛད་པས་སེམས་ཅན་བརྒྱལ་བ་ཐམས་ཅད་སྔར་བཞིན་སོས་སོ། །དེ་ལྟ་བུའི་ནུས་པ་ཕུན་སུམ་ཚོགས་པའི་སློབ་དཔོན་དེས་བྱང་ཕྱོགས་ཀྱི་རྒྱུད་དང་། ལྷོ་ཕྱོགས་ཀྱི་རྒྱུད་དུ་བརྩམས་པའི་བསྟན་བཅོས་གཉིས་ཡོད་པ་ལས། འདིའི་སྒྲུབ་སྐོར་ནི་སྔ་མ་ལ་དོན་དང་ཕྱི་མ་ན་ཚིག་དོན་གཉིས་ཀ་གནས་པར་གྲགས་སོ། །དེ་ལྟ་བུའི་བྲམ་ཟེ་ཕུར་བུ་ནི་འཕགས་མ་ཉིད་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང་ངག་གི་དབང་ཕྱུག་གྲུབ་པ་ཡིན་ལ། དེ་ནས་སློབ་དཔོན་གཏུམ་པོའི་སྡེ། མཆོད་སྡོང་སེང་གེ་སོགས་རིམ་བཞིན་བརྒྱུད་པ་ལས་༧ཀུན་མཁྱེན་ཆེན་པོ་ངག་གི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་ལ་བཀའ་བབས་པ་སོགས་རིང་བརྒྱུད་རྣམ་པར་དག་པ་མང་དུ་འདུས་ཤིང་། ཉེ་བརྒྱུད་ནི་འཕགས་མ་ཉིད་ནས་ཀུན་མཁྱེན་ཆེན་པོ་ཉིད་ལ་བརྒྱུད་པ་སྟེ། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པའི་འཕགས་མ་དབྱངས་ཅན་མའི་རྗེས་གནང་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་སོགས་སྦྲེལ་ལ་མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །རྗེས་སུ་གནང་བ་བདག་ལ་སྩོལ། །ཅེས་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ། སློབ་དཔོན་དང་སྒྲ་དབྱངས་ལྷ་མོ་གཉིས་སུ་མེད་པའི་ཐུགས་ཀའི་ཧྲཱིཾཿལས་འོད་ཟེར་འཕྲོས། སློབ་མའི་ལུས་ཡོངས་སུ་གང་། སྡིག་སྒྲིབ་ཐམས་ཅད་དག །སྭ་བྷཱ་བ་སོགས་ནས་ཟླ་བ་ལ་ཨོཾ་དཀར་པོ་ཞེས་པའི་བར་བདག་བསྐྱེད་བཞིན་སྤོད་སྒོམ་དུ་བྱས་ཏེ། སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རིག་པ་འཛིན་པ་དགའ་བའི་ཚལ་ན་བཞུགས་པའི་འཕགས་མའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་དབྱངས་ཅན་གྱི་འཁོར་ལོ་འོད་ཟེར་་་དཀར་པོ།འབར་བ་སྟོན་ཀའི་ཟླ་བ་ཤར་པ་ལྟར་སྐད་ཅིག་གིས་བྱོན་ཏེ་སློབ་མའི་ལུས་ལ་ཐིམ་པར་བསམ་ཞིང་། ཨོཾ་པྲཱི་ཏཱི་དེ་བཱི་མེ་ཧྲཱིཿཥྚི་ཏིཥྛ་ཧྲཱིཾཿ ཞེས་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོ་བྱ། སྐུའི་རྗེས་གནང་ངོ་། །མགྲིན་པར་འཁོར་ལོ་དཀར་པོ་རྩིབས་བཅུ་དྲུག་པའི་ལྟེ་བར་ཧྲཱིཾཿདཀར་པོ། རྩིབས་རྣམས་ལ་ཨཱ་ལི་བཅུ་དྲུག །དེ་ལས་དེ་འདྲ་བ་རང་སྒྲ་སྒྲོག་པ་ཞིག་མཆེད། འོད་ཟེར་གྱིས་སློབ་མའི་ལུས་ཐམས་ཅད་གང་། འཁོར་ལོ་མགྲིན་པར་ཐིམ་པར་བསམ་ཞིང་། ཧྲཱིཾཿཉེར་གཅིག་དང་དབྱངས་ཡིག་གི་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་སྟེ། གསུང་གི་རྗེས་གནང་ངོ་། །མདུན་གྱི་འཁོར་ལོའི་མར་མེ་དབྱངས་ཅན་མར་གསལ་བ་ལ་ཡིད་གཏོད་དུ་བཅུག །མར་མེ་ལྷ་མོའི་རྣམ་པར་བྱོན་ནས་སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ཏེ། དབྱངས་ཡིག་བརྗོད་ཅིང་ཏིང་ལོ་སྦར་བ་མིད་དུ་གཞུག །ཐུགས་ཀྱི་རྗེས་གནང་ངོ་། །མདུན་གྱི་མཎྜལ་བླངས་ལ། གཡོན་པའི་སྲིན་ལག་གིས་གང་ལ་རེག་པའི་དབྱངས་ཀྱི་ཡི་གེ་བརྗོད་བཞིན་དུ་བླངས་ནས། སློབ་མའི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་བྱུགས་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །དབྱངས་ཅན་མར་དངོས་སུ་གྱུར་ཅིང་ཤེས་རབ་ཀྱི་སྣང་བ་རྒྱས་པར་བསམ་མོ། །ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ངོ་། །གལ་ཏེ་ཡེ་ཤེས་མ་ཕེབ་ན་རླུང་བཟུང་སྟེ་སྙིང་གའི་འཁོར་ལོའི་ཡི་གེ་རྣམས་མགོ་ཞབས་ལྡོག་པའམ་འདར་ཞིང་གཡོ་བ་ལ་སེམས་འཛིན་དུ་བཅུག་པས་ཕེབས་པར་འགྱུར་རོ། །རྟགས་ནི་ལུས་བདེ་ཞིང་འཕར་གཡོ། ངག་སྨྲ་རྒོད། སེམས་གསལ་ཞིང་དྭངས་པ་སོགས་འབྱུང་། རྗེས་དམ་ཚིག་ཁས་བླངས། མཎྜལ་ཡོན་འབུལ་རྣམས་དང་། རྗེས་མདུན་བསྐྱེད་ཀྱི་མཆོད་པ་ཁ་གསོས་ལ་ཕུལ། བསྟོད་པ་བཟོད་གསོལ་རྣམས་བྱས་ལ། ལྷ་མོ་འོད་དུ་ཞུ་འཁོར་ལོར་གྱུར། སླར་ཡང་མཆོད་ནས་བྲིས་སྐུ་སོགས་ལ་བརྟན་བཞུགས་དང་། རྟེན་མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་། བཛྲ་མུཿམགྲོན་རྣམས་གཤེགས་སུ་གསོལ། སྨོན་ལམ་དང་བཀྲ་ཤིས་ཇི་ལྟར་རིགས་པ་བྱའོ།། ༧ །།ཆོ་ག་བསྡུས་པ་ལ་དགའ་ན། གསོལ་བཏབ་རྒྱུན་བཤགས་ཙམ་སྔོན་དུ་བཏང་ནས། མདུན་གྱི་འཁོར་ལོའི་མར་མེ་དབྱངས་ཅན་མར་གསལ་བ་ལ་ཡིད་གཏོད་དུ་འཇུག་པ་མན་ཆད་དེ། ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ཞེས་སྨྲོས་པ་གཉིས་པོ་ལོགས་སུ་ཕྱུངས་ཏེ་བྱས་པས་ཀྱང་འཐུས་སོ། །ཚུལ་འདིའི་མན་ངག་ནི། རྗེས་གནང་སྒྲུབ་ཐབས་གེགས་སེལ་དང་། །ལས་ལ་སྦྱར་དང་རྣམ་པ་བཞིས། །ལྷ་མོ་སྐལ་བཟང་དབྱངས་ཅན་གྱི། །ཡོངས་སུ་སྒྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པ་ལས། སྒྲུབ་ཐབས་དང་རྗེས་གནང་ནི་ཆོ་ག་རྩ་བ་ཡིག་རྙིང་གཞིར་བཞག་ལ་ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བར་བརྒྱན་ཏེ་བཀོད་ཅིང་། གེགས་སེལ་དང་ལས་སྦྱོར་སོགས་ནི་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ། །རྣམ་འ༵གྱུར་ཡིད་འོང་ལྷ་མོའི་ཚུལ། །ཐོགས་མེ༵ད་བློ་སྟེར་མཁྱེན་བརྩེའི་བདག །རྡོ༵་རྗེ༵འི་ལྷ་མོ་དབྱངས་ཅན་མའི། །སྒྲུབ་ཐབས་འཇུག་བདེ་རབ་དགའི་ཕུལ། །འཕགས་མ་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་རྡོ་རྗེ་སེམས་དཔའི་གསང་སྔགས་ཐོས་པས་གྲོལ་བ་ (Volume 42, Text 34)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་རྡོ་རྗེ་སེམས་དཔའི་གསང་སྔགས་ཐོས་པས་གྲོལ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་སཏྭཱ་ཡ། འདིར་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཐུགས་རྗེ་ཆེན་པོ་ངན་སོང་དོང་སྤྲུགས་ཀྱི་ཆ་ལག་རིགས་བདག་རྡོ་རྗེ་སེམས་དཔའི་གསང་སྔགས་ཐོས་པས་གྲོལ་བའི་སྒོམ་བཟླས་ལ་འཇུག་པར་འདོད་པས། ན་མོ༔ བླ་མ་རྡོ་རྗེ་སེམས་དཔའ་དང་། མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨ༔ སྟོང་གསལ་རང་རིག་རྡོ་རྗེ་སེམས༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ གདོད་ནས་གྲོལ་བའི་དེ་བཞིན་གཤེགས༔ ཞལ་ཕྱག་མཚན་མའི་སྐུར་བཞེངས་པ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་དང༔ གཡོན་པས་སྣང་སྟོང་དྲིལ་བུ་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན༔ སངས་རྒྱས་རིགས་ལྔའི་དབུ་རྒྱན་ཅན༔ འོད་ཟེར་བསམ་མི་ཁྱབ་པའི་ཀློང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕུང་པོ་སངས་རྒྱས་ལྔ་བདག་ལ༔ འབྱུང་བ་རིགས་ཀྱི་ཡུམ་ཆེན་ལྔ༔ དབང་ཡུལ་སྐྱེ་མཆེད་འཁོར་དང་བཅས༔ བྱང་ཆུབ་སེམས་དཔའ་སེམས་མ་དང༔ སྤྲུལ་སྐུ་ཁྲོ་བོ་ཁྲོ་མོའི་ཚོགས༔ དབྱེར་མེད་ཉིད་དུ་མངོན་སངས་རྒྱས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་དང༔ ཙིཏྟ་རིན་ཆེན་ཟུར་དྲུག་པའི༔ དབུས་སུ་སྐྱེ་མེད་ཨ་དཀར་པོ༔ ཟུར་དྲུག་ཡི་གེ་དྲུག་པ་དང༔ རང་བྱུང་གསང་བའི་འབྲུ་དྲུག་མཚན༔ དེ་དག་རྣམས་ལ་ཡིད་གཏད་པས༔ སོ་སོའི་སྔགས་ཀྱི་རང་སྒྲ་དང༔ ཐིག་ལེ་སྟོང་པ་ཡི་གེ་བརྒྱ༔ འགག་མེད་རྡོ་རྗེའི་སྒྲ་ཡི་དབྱངས༔ ངར་དང་ལྡན་པ་རྡོ་རྗེའི་སྒྲ༔ གསལ་ཞིང་དལ་བ་མཉམ་ཉིད་སྒྲ༔ སྙན་ཅིང་འགྱུར་བ་སོར་རྟོག་སྒྲ༔ ཀུན་ཏུ་ཐོགས་མེད་བྱ་གྲུབ་སྒྲ༔ བརྗིད་ཅིང་ལྷུན་སྟུག་ཆོས་དབྱིངས་སྒྲ༔ བརྗོད་པ་སྤངས་པ་འོད་གསལ་སྒྲ༔ ཡི་གེ་དྲུག་གི་སྒྲར་བཟླས་པས༔ འཇིག་རྟེན་དྲུག་གི་ཕྱོགས་ཀུན་ཁྱབ༔ སོ་སོའི་ཉོན་མོངས་དྲུག་སྦྱངས་ནས༔ རིགས་དྲུག་སེམས་དཔའི་སྐུ་རུ་བསམ༔ བརྟན་པ་དང་ནི་གཡོ་བ་ཡི༔ ས་ཆུ་མེ་རླུང་མཉམ་པའི་སྒྲ༔ ཐམས་ཅད་སྔགས་ཀྱི་རང་སྒྲར་འུར༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱ་དང༔ ཐོས་ཚད་རང་གྲོལ་རང་བྱུང་སྔགས༔ འཁོར་བ་དོང་སྤྲུགས་དགོངས་པའི་གཟེར༔ མཉམ་ཉིད་མི་གཡོའི་དབྱིངས་སུ་གདབ༔ ཨ༔ སྐྱེ་མེད་དོན་གྱི་ཡི་གེ་ནི༔ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོར་ཤར༔ ཨོཾ་བཛྲ་སཏྭ་ཨཱ༔ ཐུགས་རྗེའི་ཆོ་འཕྲུལ་ཡི་གེ་དྲུག༔ འཿཨཿཤཿསཿམཿཧ༔ རང་བྱུང་གསང་བའི་དབྱངས་སུ་ལེན༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཐིག་ལེ་སྟོང་པ་ཡི་གེ་བརྒྱ༔ མ་མ་ཀོ་ལིང་ས་མནྟ༔ ཐོས་པས་འཁོར་བ་དོང་སྤྲུགས་པའི༔ སྙིང་པོ་བློ་འདས་ངང་ནས་བཟླས༔ ཅེས་བརྗོད་ཅིང་བསམ་ལ། ཨ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་སཏྭ་ཨཱ༔ འཿཨཿཤཿསཿམཿཧ༔ ཨོཾ་བཛྲ་སཏྭ་སོགས་ཡི་གེ་བརྒྱ་པ་དང་། མ་མ་ཀོ་ལིང་ས་མནྟ༔ ཞེས་པ་རྣམས་སྦྲེལ་ཏེ་ཅི་ནུས་སྐད་གསང་མཐོན་པོས་བཟླས་མཐར། དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་རྗེས་ཐལ་མོ་སྦྱར་ཏེ། ཨོཾ༔ རང་བྱུང་འོད་གསལ་ཆོས་སྐུའི་དབྱིངས༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༔ དཔག་མེད་དོན་ཡོད་གྲུབ་པ་ཡི༔ བསམ་ཡས་སྒྱུ་འཕྲུལ་དྲ་བའི་རིགས༔ ཐམས་ཅད་སྤྲོ་དང་སྡུད་མཛད་པ༔ ཀྱེ་ཀྱེ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ རྡོ་རྗེའི་སྔགས་ཀྱི་སྒྲ་བསྒྲགས་པས༔ མགོན་པོ་ཁྱོད་ཀྱི་ཡེ་ཤེས་དང༔ ཐུགས་བསྐྱེད་སྨོན་ལམ་དཔག་ཡས་མཐུས༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི༔ འབྱུང་བའི་སྒྲ་དང་དབྱེར་མེད་པར༔ གྲགས་སྟོང་སྔགས་ཀྱི་སྒྲ་རུ་གྱུར༔ ཐོས་པས་ལས་དང་ཉོན་མོངས་དང༔ སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཐོབ༔ འཁོར་བ་དོང་ནས་སྤྲུགས་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་གསོལ་བ་གདབ་ཅིང་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་སྣང་སྟོང་ཟུང་འཇུག་ཏུ་གསལ་བཞིན་པའི་ངང་། སེམས་ཉིད་བློ་འདས་སྟོང་གསལ་དབྱེར་མེད་དོན་དམ་པའི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་བས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟར་བརྩོན་པའི་དུས་དང་ཕན་ཡོན་ཀྱང་གཞུང་རྩ་བ་ལས། འདི་ནི་རྒྱུན་དང་ཁྱད་པར་དུ༔ སྒྲ་དང་ས་གཡོས་འབྱུང་བ་དང༔ མི་མང་འདུ་ཞིང་ཚོགས་པ་སོགས༔ ཀུན་གྱིས་ཐོས་པར་བརྗོད་བྱས་ན༔ དངོས་སུ་ཐོས་རྣམས་སྨྲོས་ཅི་དགོས༔ སྔགས་བཟླས་རྫི་ཕྱོགས་རླུང་གི་སྒྲ༔ ཐོས་པས་ཀྱང་ནི་ངན་སོང་དང༔ འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི༔ དད་དང་ངེས་ཤེས་སྐད་ཅིག་ཙམ༔ སྐྱེས་ཀྱང་ཐར་པའི་ས་བོན་ཐེབས༔ དེ་ཕྱིར་ཕྱི་རབས་འགྲོ་བ་རྣམས༔ རྒྱུན་གྱི་ཐུགས་དམ་སྙིང་པོར་མཛོད༔ ཅེས་གསུངས་ཏེ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གསུང་གིས་ནམ་ཡང་མི་བསླུ་བའི་ཕྱིར་དད་པ་བརྟན་པོས་རྒྱུན་གྱི་ཆོས་སྤྱོད་རྣམས་ཀྱི་སྙིང་པོར་མཛད་འཚལ་ལོ། །ཞེས་པའང་རང་གཞན་ཀུན་ལ་སྨན་པའི་བསམ་པས་གཏེར་གཞུང་རྩ་བ་ལས་ཟུར་དུ་ཁྱེར་བདེ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཕྱུང་བས། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རང་བྱུང་བཀླག་པས་གྲོལ་བ་པདྨའི་སྙིང་པོའི་རྒྱུད་བཀླག་ཐབས་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། དེ་ལ་འདིར་དཔལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད། རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་ཅིང་ངོ་མཚར་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེའི་གཞིའམ་རྩ་བ་ལྟ་བུར་གྱུར་པ། རང་བྱུང་བཀླགས་པས་གྲོལ་བ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་ས་བོན་གྱི་རྒྱུད་པདྨའི་སྙིང་པོ་བཀླག་པའི་ཐབས་དང་བཅས་པའི་ངག་འདོན་སྙིང་པོར་དྲིལ་བ་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ངེས་འབྱུང་དང་། སྙིང་རྗེ་དང་། མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་བཞིན་པའི་ངང་། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་དམིགས་ཏེ། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་ལ། བདག་གི་རྣལ་འབྱོར་ནི། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པ་རང་སྣང་བ༔ བདག་ལུས་འཆི་མེད་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས༔ རྡོ་རྗེ་དྲིལ་འཛིན་ལྷ་ལྕམ་དཀར༔ རྡོ་རྗེ་ཐོད་པ་འཛིན་པར་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཐབས་ཤེས་སྙོམས་འཇུག་སྐྱིལ་ཀྲུང་གིས༔ འཇའ་ཚོན་འོད་ལྔའི་ཀློང་དཀྱིལ་ན༔ པདྨ་ཉི་ཟླའི་སྟེང་དུ་བཞུགས༔ སྣང་སྲིད་རྩ་གསུམ་ཞི་ཁྲོའི་ལྷ༔ ཏིལ་གོང་ཁ་ཕྱེ་ལྟ་བུར་གསལ༔ རྔ་ཡབ་གླིང་ནས་རང་འདྲ་བའི༔ ཡེ་ཤེས་སེམས་དཔའ་ཆར་ལྟར་བབས༔ བདག་དང་ལྷ་ཚོགས་ཐམས་ཅད་ལ༔ དབྱེར་མེད་ཐིམ་ནས་བྱིན་བརླབས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཡང་ཡང་བཟླས་པས་བྱིན་དབབ། ལྕེ་བྱིན་གྱིས་བརླབ་པ་ནི། པདྨའི་ལྗགས་སྟེང་ཨཱཾཿདམར་པོ༔ བདེ་བའི་ངོ་བོས་མཚན་པ་ཡིས༔ རྡོ་རྗེའི་རྒྱུད་ཀྱི་སྒྲ་བསྒྲགས་པས༔ ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཀྱི༔ བརྟན་དང་གཡོ་བའི་སྒྲ་སྐད་ཀུན༔ རང་བྱུང་རྒྱུད་སྡེའི་རང་སྒྲར་ཤར༔ རང་སྣང་སྐྱེ་མེད་ཟང་ཐལ་དབྱིངས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་རྫོགས༔ མ་བཅོས་གཉུག་མའི་ངང་ནས་བཀླག༔ ཅེས་བརྗོད་ཅིང་བསམ་ལ། ཅིར་སྣང་ལྷ་དང་། སྒྲ་གྲགས་རྡོ་རྗེའི་རྒྱུད་ཀྱི་རང་སྒྲ །དྲན་རྟོག་འོད་གསལ་དབྱིངས་ཀྱི་ངང་དུ་མཉམ་པར་བཞག་བཞིན་དུ་གསལ་དག་སྙན་གསུམ་དང་ལྡན་པས་ཟབ་མོའི་རྒྱུད་འདི་བཀླག་པར་བྱའོ། །དྷཱ་ཀི་གསང་བའི་སྐད་དུ༔ རུ་ཨ་ཤཀྵ༔ རྒྱ་གར་སྐད་དུ༔ པདྨ་གརྦྷ་ཏནྟྲ༔ བོད་སྐད་དུ༔ པདྨའི་སྙིང་པོའི་རྒྱུད༔ འོད་གསལ་དོན་གྱི་ལྷ་ལ་ཕྱག་འཚལ་ལོ༔ ཐོག་མ་ཐ་མ་མེད་པའི་དུས༔ རང་བྱུང་རིག་པས་འདི་བཤད་དེ༔ གཞི་གཅིག་ལམ་གཉིས་འབྲས་བུ་ལྔ༔ ཏི་ལ་སྟོང་གསལ་དབྱིངས་སུ་རྫོགས༔ ཆོས་སྐུ་རིས་མེད་ཀུན་ཏུ་ཞལ༔ ལོངས་སྐུ་མཚན་དཔེའི་རྣམ་པར་བཞེངས༔ སྤྲུལ་སྐུ་སྣང་བ་མཐའ་ཡས་པས༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་གནས༔ ཡེ་ཤེས་རང་སྣང་ཀུན་ཏུ་འབར༔ ཅིར་ཡང་འཆར་ཞིང་ཅིར་ཡང་སྤྲུལ༔ འོག་མིན་རང་བཞིན་ཀུན་ལ་ཁྱབ༔ སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་འཁོར་དགོངས་པ་དབྱེར་མེད་བཞིན༔ བྱང་ཆུབ་སེམས་དཔའ་སེམས་མ་དང༔ དག་དང་མ་དག་སྣ་ཚོགས་པར༔ བསམ་མི་ཁྱབ་པ་དབྱིངས་ཀྱི་དུས༔ རྟག་པ་རྒྱུན་དུ་ངེས་པ་སྟེ༔ མ་ངེས་བྱེ་བྲག་འགྱུར་བའི་ཚེ༔ མ་རྟོགས་ལོག་རྟོག་ཕྱོགས་རྟོགས་དང༔ ཡང་དག་ཇི་བཞིན་མ་རྟོགས་སོགས༔ རང་རང་དབང་པོའི་ཁྱད་པར་བཞིན༔ སོ་སོར་ལམ་གྱི་ཚུལ་དུ་བསྟན༔ ཡང་དག་གསང་མཆོག་ལམ་འདི་ནི༔ རིམ་པ་དབང་གི་སྒོ་ནས་འཇུག༔ གྲོགས་སུ་དམ་ཚིག་དག་པར་བྱ༔ རྣལ་འབྱོར་དང་ནི་མན་ངག་གིས༔ འབྲས་བུ་ཉེར་ལྔ་ཐོབ་པར་བཤད༔ བླ་མ་གསང་བ་ཀུན་གྱི་བདག༔ ཀུན་བཟང་སྲས་མཆོག་པདྨ་འབྱུང༔ བསམ་ཡས་རིགས་དང་དཀྱིལ་འཁོར་ཀུན༔ སྒྱུ་འཕྲུལ་དྲྭ་བར་སྤྲོ་ཞིང་བསྡུ༔ མི་བསྐྱོད་རྡོ་རྗེ་སེམས་དཔའ་སོགས༔ རིགས་ཀྱི་འཁོར་ལོས་སྒྱུར་བ་ལྔ༔ ཕུང་པོ་ལྔ་ཉིད་རྣམ་པར་དག༔ འབྱུང་བ་དབྱིངས་ཀྱི་ཡུམ་ཆེན་ཏེ༔ ཚོགས་དྲུག་སེམས་དཔའ་ལྕམ་དྲལ་དང༔ ཉོན་མོངས་འགྲོ་འདུལ་ཐུབ་པ་དྲུག༔ གདུག་པ་ཚར་གཅོད་མཐར་བྱེད་ཡུམ༔ གཞན་ཡང་སྤྲུལ་པའི་བྱེ་བྲག་ནི༔ བསམ་གྱིས་མི་ཁྱབ་ཕྱག་རྒྱར་ཤར༔ དེ་དག་བྱ་བྱེད་རྒྱལ་པོ་ནི༔ བཙུན་མོའི་བདེ་བས་དགྱེས་པར་རོལ༔ མི་བསྐྱོད་སེམས་དཔའ་ཐུགས་ཀར་སྦས༔ ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འབར༔ གསང་བ་ཀུན་འདུས་ཐུགས་ཀར་ཧཱུྃ༔ རྡོ་རྗེ་དྲིལ་བུ་བསྣོལ་བས་འཁྱུད༔ དབྱིངས་ཕྱུག་ཐུགས་སྦས་ཡབ་ལ་བལྟ༔ ཕྱག་རྒྱ་རྡོ་རྗེ་ཐོད་པ་འབར༔ གསང་བ་ཀུན་འདུས་ཐུགས་ཀར་མཱུྃ༔ རྡོ་རྗེ་ཡབ་འཁྱུད་ཐོད་ཞལ་སྟོབ༔ རང་བྱུང་ཐུགས་རྗེའི་ཀློང་ཡངས་ལས༔ མ་འགགས་རང་གསལ་སྔགས་འདི་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བདག་ཉིད་བྱིན་གྱིས་རློབས་པའི་ཕྱིར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ མཁའ་ཁྱབ་འགྲོ་བ་འདུལ་བའི་ཕྱིར༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ རང་བྱུང་ཡེ་ཤེས་སྙིང་པོ་ཅན༔ ཐོག་མ་ཐ་མའི་རྒྱུ་འབྲས་མེད༔ རྐྱེན་མེད་འཆིང་མེད་གྲོལ་བ་མེད༔ གཏིང་གསལ་རང་རིག་ཡེ་ཤེས་དབྱིངས༔ ཀ་ནས་དག་ཅིང་ཟང་ཐལ་ངང༔ ལྷུན་གྲུབ་འདུས་མ་བྱས་པ་འོ༔ རང་བྱུང་རྒྱུད་ཀྱི་སྙིང་པོ་འདི༔ རྡོ་རྗེའི་རིག་འཛིན་རྣམས་ཀྱིས་ཟུངས༔ མཐོང་ཐོས་དྲན་རེག་ཐམས་ཅད་གྲོལ༔ བཀླག་པས་སངས་རྒྱས་འགྲུབ་པར་བྱེད༔ དུས་ཀྱི་ཐ་མར་རང་སྣང་ནས༔ ཡེ་ཤེས་སྙིང་པོ་རྒྱས་པར་འགྱུར༔ རང་བྱུང་བཀླགས་པས་གྲོལ་བ་སྒྱུ་འཕྲུལ་དྲྭ་བ་ས་བོན་གྱི་རྒྱུད་པདྨའི་སྙིང་པོ་ཞེས་བྱ་བ་རྫོགས་སོ༔ དེ་ལྟར་གསུམ་བདུན་ཉེར་གཅིག་སོགས་ཇི་ལྟར་ནུས་པ་བཀླགས་པའི་མཐར། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་རྒྱུད་བཀླག་པའི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་རྗེས་ཐལ་མོ་སྦྱར་ཏེ། ཨོཾ༔ རང་བྱུང་འོད་གསལ་ཆོས་སྐུའི་དབྱིངས༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༔ དཔག་མེད་དོན་ཡོད་གྲུབ་པ་ཡི༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས༔ ཐམས་ཅད་སྤྲོ་དང་སྡུད་མཛད་པ༔ ཀྱེ་ཀྱེ་ཀུན་བཟང་པདྨ་འབྱུང༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ རྡོ་རྗེའི་རྒྱུད་ཀྱི་སྒྲ་བསྒྲགས་པས༔ མགོན་པོ་ཁྱོད་ཀྱི་ཡེ་ཤེས་དང༔ ཐུགས་བསྐྱེད་སྨོན་ལམ་དཔག་ཡས་མཐུས༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི༔ འབྱུང་བའི་སྒྲ་དང་དབྱེར་མེད་པར༔ གྲགས་སྟོང་རྒྱུད་ཀྱི་སྒྲ་རུ་གྱུར༔ ཐོས་པས་ལས་དང་ཉོན་མོངས་དང༔ སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཐོབ༔ འཁོར་བ་དོང་ནས་སྤྲུགས་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་གསོལ་བ་གདབ་ཅིང་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། རང་ཉིད་པདྨ་འབྱུང་གནས་ཀྱི་སྐུ་སྣང་སྟོང་ཟུང་འཇུག་ཏུ་གསལ་བཞིན་པའི་ངང་། སེམས་ཉིད་བློ་འདས་སྟོང་གསལ་རང་བྱུང་གི་ཡེ་ཤེས་དོན་དམ་པའི་ཀུན་བཟང་པདྨ་འབྱུང་གནས་ཀྱི་རང་ཞལ་བལྟ་བས་མཚམས་སྦྱར་སྟེ་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟར་དུས་རྒྱུན་དང་། ཁྱད་པར་དུ། སྒྲ་དང་ས་གཡོ་འབྱུང་བ་དང༔ མི་མང་འདུ་ཞིང་ཚོགས་པ་སོགས༔ ཀུན་གྱིས་ཐོས་པར་བརྗོད་བྱས་ན༔ ཞེས་གསུངས་པའི་སྐབས་རྣམས་སུ་ཇི་སྐད་བཤད་པ་ལྟར་བཀླག་པས་མཚོན། གླེགས་བམ་དུ་བྱས་ཏེ་བཏགས་པ་སོགས་ཀྱི་ཕན་ཡོན་ཡང་ཨོ་རྒྱན་རིན་པོ་ཆེའི་གསུངས་ལས། འདི་ལྟ་བུ་ཡི་རྒྱུད་སྡེའི་བཅུད༔ སྙིང་པོ་ལས་ཀྱང་སྙིང་པོའི་བཅུད༔ གདོད་མའི་མགོན་པོ་ཀུན་བཟང་གི༔ ཡེ་ཤེས་མངོན་སུམ་རང་སྣང་བ༔ གླེགས་བམ་མཐོང་བས་གྲོལ་འགྱུར་ན༔ བཀླགས་པས་གྲོལ་བ་སྨྲོས་ཅི་དགོས༔ ཐོས་གྲོལ་ཀུན་གྱི་རྒྱལ་པོ་སྟེ༔ མགུལ་དུ་འཆང་བས་བཏགས་གྲོལ་ཡིན༔ དྲི་ཡི་རྫས་དང་ཨ་མྲྀཏར༔ རྒྱུད་འདི་བཟླས་ནས་བཏབ་པ་གང༔ ཚོར་དང་མྱོང་བས་གྲོལ་བའི་མཆོག༔ འདི་ཉིད་འཆང་བས་རེག་པ་འམ༔ འཆང་བ་དེ་ལ་རེག་པས་ཀྱང༔ བདེ་ཆེན་སྐྱེ་ཞིང་རྩོལ་མེད་གྲོལ༔ ཨེ་མ་ངོ་མཚར་རྨད་ཀྱི་ལམ༔ རང་བྱུང་པདྨའི་ཐུགས་ཏིག་གོ༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གིས་རྒྱ་ཆེར་བསྔགས་པའི་ཚུལ་ལ་དྲན་པ་ཉེ་བར་བཞག་སྟེ་ཟབ་མོའི་རྒྱུད་འདི་མཉན་པ་དང་། བསམ་པ་དང་། བསྒོམ་པ་དང་། འཛིན་པ་དང་། འདྲི་བ་དང་། འཆང་བ་དང་། ཁ་ཏོན་དུ་བྱ་བ་དང་། གཞན་དག་ལ་ཡང་དག་པར་རྒྱ་ཆེར་རབ་ཏུ་སྟོན་པ་ལ་སོགས་པའི་སྒོ་ནས་ཀུན་བཟང་པདྨ་འབྱུང་གནས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་བ་དང་། བདག་གཞན་གྱི་རྒྱུད་ལ་ཕན་པ་དང་བདེ་བའི་ལེགས་ཚོགས་ཀྱི་སྣང་བ་དུས་རྟག་ཏུ་རྒྱས་པའི་ཚུལ་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ། །ཞེས་པའང་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་དྲིན་ལས་ཟབ་ཆོས་འདི་ཉིད་ཀྱི་གསང་བ་རྫོགས་པར་དང་པོར་ཐོབ་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པས་མཚམས་སྦྱར་ཏེ། གྲུབ་མཐའ་རིས་མེད་པའི་སྐྱེས་ཆེན་དམ་པ་རྣམས་ལ་ཚུལ་འདིའི་སྨིན་གྲོལ་བཤད་བཀའ་ལུང་བཅས་རྫོགས་པར་ཕུལ་བའི་སྐབས་སུ། གཏེར་གཞུང་རྡོ་རྗེའི་ཚིག་རྐང་བཀླགས་པས་གྲུབ་པར་བསྡེབས་པའི་དགེ་བས་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་ཀུན་བཟང་པདྨ་འབྱུང་གནས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་བཅུད་ཐིག་ (Volume 25, Text 34)
༄༅། །རྟ་མགྲིན་བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། བདེ་ཆེན་འབར་བའི་གསང་བ་གསུམ། །རྒྱལ་ཀུན་དབྱིངས་དང་སྙོམས་པར་ཞུགས། །བྱིན་རླབས་གློག་ལྟར་མྱུར་བའི་ལྷས། །སྟན་འདིར་དངོས་གྲུབ་རྣམ་གཉིས་སྩོལ། །འདིར་དབང་བསྐུར་བ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། སྟེང་བུ་ཁེབས་ལྡན་སྟེང་གཞུང་མཐུན་དཀྱིལ་འཁོར་རས་བྲིས་སམ་མེད་ན་མཎྜལ་དྲི་བཟང་གིས་ཆག་ཆག་བཏབ་པར་འབྲུའི་ཚོམ་བུ་གཅིག་བཀོད་པའི་སྟེང་སེང་ལྡེང་ཕུར་པ་དར་དམར་པོའི་ཅོད་པན་ཅན་ཕུར་སྟེགས་ལ་གཟུག །གཡས་སུ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་ནང་དུ་ཡུངས་དཀར་ལ་རྩ་སྔགས་བཟླས་པ་བླུགས་ཤིང་ཁ་རྒྱན་གཟུངས་རྡོར་བཅས་པ་དང་། གཡོན་དུ་དཔལ་གཏོར་རྟ་ཞལ་གྱིས་མཚན་པ་དར་གདུགས་དམར་པོ་ཕུབ་པ་དགོད། རྟ་ཞལ། དུར་ཁྲོད་ཆས་བརྒྱད་ཀྱི་ཙཀླི། སྔགས་བྱང་། གཞུང་པོད། ཕྲེང་དམར་རྣམས་ཅི་བདེར་བཞག །མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ། ཕྲིན་ལས་ལ་དགོས་པའི་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱའོ། །དེ་ནས་ལས་བྱང་བརྒྱུད་འདེབས་ནས་བརྩམ་མཐར་ཆགས་སུ་གཏང་། ལྷ་བསྐྱེད། དབང་ཆེན་འབར་བའི་སྐུ་ལ་ཡོངས་སུ་རྫོགས། །ཞེས་པའི་མཚམས་སུ། བུམ་པ་བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་། །བདུད་རྩིའི་རྒྱ་མཚོས་ཡོངས་སུ་གང་བའི་དབུས། །རང་ཉིད་ཐུགས་ལས་ཧྲཱིཿཡིག་དམར་པོ་འཕྲོས། །ཡོངས་གྱུར་བདེ་གཤེགས་ཀུན་འདུས་རྟ་མགྲིན་རྒྱལ། །དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །དབུ་གཙུག་རྟ་ཞལ་དུར་ཁྲོད་དཔལ་ཆས་བརྒྱན། ཁྲོ་བོའི་གོ་ཆ་བྱ་ཁྱུང་སྤྲུལ་པ་འགྱེད། །ཕུར་པ་ཧྲཱིཿལས་གཞལ་ཡས་ཁང་གི་དབུས། །དབང་ཆེན་རྟ་མགྲིན་ཁྲོ་ཚོགས་ཁྱུང་བཅས་གསལ། །སྤྱི་མགྲིན་སྙིང་གར་སོགས་བཟླས་པའི་བར་གཏང་། བཟླས་པའི་སྐབས་བདག་མདུན་ཐམས་ཅད་ལ་སྤྲོ་བསྡུའི་དམིགས་པ་སོ་སོར་གཏོང་བ་དང་། བུམ་ལྷ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་སྤྱི་ལྟར་དམིགས་ནས་རྩ་སྔགས་བུངས་བསྐྱེད། དྲག་སྔགས་ཅི་འགྲུབ་བཟླ། དབང་སྒྲུབ་ཙམ་ལ་ཤམ་འདོགས་མི་དགོས། མཐར་གཏོར་མ་འབུལ། ལས་བུམ་དུ་ཕྲིན་ལས་ཀྱི་རྟ་མགྲིན་དཔའ་བོ་གཅིག་པ་བསྐྱེད་ལ་སྔགས་ཀྱིས་བྱིན་བརླབ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་ཚང་བར་བཏང་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །དངོས་གཞི་དབང་གི་ཆོ་ག་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་བཅད་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གདུལ་བྱ་གདུག་ཅན་རྣམས་ཀྱི་ངོར་འབར་བ་ཆེན་པོའི་སྐུར་བསྟན་པ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ལ་རྒྱུད་དང་གདམས་ངག་གི་རིགས་གསར་རྙིང་གཉིས་ཀ་ལས་འབྱུང་ཞིང་། དེའང་རྡོ་རྗེའི་རིགས་སུ་སྒྲུབ་པ་རྡོ་རྗེ་ཁྲོ་བོ་རྟ་མགྲིན་ནག་པོ། རིན་ཆེན་རིགས་སུ་སྒྲུབ་པ་རྟ་མཆོག་ཧེ་རུ་ཀ་སེར་པོ། པདྨའི་རིགས་སུ་སྒྲུབ་པ་པདྨ་དབང་ཆེན་དང་པདྨ་མཐར་བྱེད། ལས་ཀྱི་རིགས་སུ་སྒྲུབ་པ་དོན་ཡོད་རྟའི་རྒྱལ་པོ། དེ་དག་ལའང་ཡེ་ཤེས་ཧེ་རུ་ཀ་ལྟར་སྒྲུབ་པ། ལས་ཀྱི་ཁྲོ་བོ་ལྟར་སྒྲུབ་པ། འཇིག་རྟེན་དྲེགས་པའི་སྡེ་དཔོན་ལྟར་སྒྲུབ་པའི་ཚུལ་མང་དུ་བཞུགས་པ་ལས། སྔ་འགྱུར་གཏེར་མའི་ཕྱོགས་སུ་སྒྲུབ་སྡེ་ཆེན་པོ་བརྒྱད་ལས། པདྨ་གསུང་གི་རིགས་དཔལ་ཆེན་ཧེ་རུ་ཀ་ལྟར་སྒྲུབ་པའི་ཚུལ་རྒྱས་འབྲིང་བསྡུས་པ་མཐའ་ཡས་པ་ཞིག་འབྱུང་བ་ལས། འདིར་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱིས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པ་རྟ་མགྲིན་བདེ་གཤེགས་འདུས་པའམ། བདེ་གཤེགས་གཅིག་དྲིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སློབ་དཔོན་དགོངས་སུ་གསོལ། །མི་གནས་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་རྒྱལ་པོ་དགོངས་སུ་གསོལ། །བདག་ཅག་དད་ལྡན་སྐལ་པ་བཟང་། །དབང་ཆེན་དཀྱིལ་འཁོར་འདིར་འཇུག་ན། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་ཞུ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །དབང་ཆེན་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ནས་བྱིན་གྱིས་བརླབ་འདོད་ན། །བླ་མ་རིག་འཛིན་བདག་དང་ནི། །དབང་ཆེན་རྟ་མཆོག་རྒྱལ་པོ་ལ། །ལུས་ངག་ཡིད་གསུམ་དང་བ་ཡིས། །གུས་པའི་སེམས་ཀྱིས་མཉན་པར་བྱ། །བསྟན་པ་སྤྱིའི་འཇུག་སྒོ་དང་མཐུན་པར་ཐེག་པ་ལ་རིམ་པར་འཇུག་ཅིང་རྒྱུད་རྣམ་པར་དག་པའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་སྤྲིན་བཞིན་གཏིབས་ནས་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། བདག་ནི་དེང་ནས་སོགས་ལས་བྱང་ལྟར་ལན་གསུམ། མར་གྱུར་འཁོར་བའི་རྒྱ་མཚོར་སྡུག་བསྔལ་གྱིས་གཡེང་བ་མཐའ་དག་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་སླད་དུ་པདྨ་དབང་གི་དཀྱིལ་འཁོར་དུ་འཇུག་ཅིང་ལམ་ཟབ་མོ་བསྒོམ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་ཅན་མ་ལུས་སོགས་ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་ཏིང་ངེ་འཛིན་དང་ལྡན་པས་འདིའི་རྗེས་ཟློས། ཕྱོགས་བཅུ་དུས་གསུམ་སོགས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པའི་མེ་ཏོག་གཏད་ལ། མཆོག་གི་མེ་ཏོག་ལྷ་དང་མིའི་རྒྱན་དམ་པའི་ཕྲེང་བ་ཕྱག་ཐལ་མོ་སྦྱར་བའི་བར་དུ་ཐོགས་ནས་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས། མེ་ཏོག་ལ་སོགས་ཡེ་ཤེས་ཕྲེང་། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །ཐུགས་ཀྱི་གནང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་དབབ་ཏུ་གསོལ། །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །དེ་ལྟར་ཕུལ་བ་དཀྱིལ་འཁོར་གྱི་གཙོ་བོས་བཞེས་ཏེ་སླར་ཡེ་ཤེས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་ཁྱེད་རང་གི་སྤྱི་གཙུག་ཏུ་བཅིངས་པར་མོས་ཤིག །ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཧྲཱིཿབཛྲ་ཀྲོ་དྷ། ཞེས་མེ་ཏོག་སླར་སྤྱི་བོར་བཞག་ལ། ལེགས་སོ་ལེགས་སོ་རིགས་ཀྱི་བུ། །དབང་གི་དངོས་གྲུབ་ཐོབ་འདོད་ན། །བླ་མ་མཉེས་པར་བཀུར་ནུས་སམ། །དབང་ཆེན་སྐུ་རུ་བསྒོམ་ནུས་སམ། །དེ་ལྟར་ནུས་ན་བྱིན་གྱིས་བརླབ། །ཅེས་པའི་ལན་དུ་འདིའི་རྗེས་ཟློས། ཧོཿ བླ་མ་ཡི་དམ་དགོངས་སུ་གསོལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ནམ་དུ་ཡང་ནི་སྤང་མི་བྱ། །དབང་ཆེན་སྐུ་རུ་རྟག་ཏུ་བསྒོམ། །སྔགས་ཀྱི་སྙིང་པོའང་མི་བརྗེད་བཟླ། །བྱིན་རླབས་ཆེན་པོ་དུས་འདིར་སྩོལ། །གཞུང་དུ་མི་གསལ་ཡང་སྤྱི་འགྲོ་ལྟར་ན། དེ་ནས་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་དུ་མཛོད། ལས་ཆུ་འཐོར་ལ་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་ཀླུ་དང་དྲེགས་པ་པད་ཉི་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་དབང་ཆེན་རྟ་མཆོག་རྒྱལ་པོ་སྐུ་མདོག་དམར་པོ་དབུ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་བའི་སྟེང་དུ་རྟ་མགོ་ལྗང་ཞུར་གསུམ་གྱིས་མཚན་ཅིང་རིགས་ལྔའི་དབུ་རྒྱན་གྱིས་སྤྲས་པ། ཕྱག་དྲུག་གི་གཡས་དང་པོས་གསེར་གྱི་ཞགས་པ་དང་མི་གཡོ་མགོན་པོ་ཁྲ་ཐབས་སུ་འགྱེད་པ། བར་པས་རལ་གྲི །ཐ་མས་དགྲ་སཏྭ་བསྣམས་པ། གཡོན་དང་པོས་ལྕགས་སྒྲོག་དང་ཕྱག་ན་རྡོ་རྗེ་ཁྲ་ཐབས་སུ་འགྱེད་པ། བར་པ་ན་ཐོང་གཤོལ། ཐ་མས་ཐོ་བ་བསྣམས་པ། གླང་ཀོ་ཞིང་ལྤགས་སྟག་ཤམ་ཁྲག་ཞག་ཐལ་ཆེན་སྦྲུལ་རིགས་ལྔ་རྡོ་རྗེའི་གཤོག་པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་སྤྲས་ཤིང་ཀླུ་རིགས་བཞི་ཞབས་ཀྱིས་མནན་པ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་འགྱིང་བའི་གནས་གསུམ་འབྲུ་གསུམ་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་དཔལ་པདྨ་དབང་ཆེན་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པས་བྱིན་གྱིས་བརླབ་པར་མོས་ཤིག །སྤྲོ་ན་ལས་བྱང་ལྟར་བྱིན་འབེབ་ཀྱང་བརྗོད། སྤོས་དུད་རོལ་མོའི་སྒྲ་སྦྱར་ཏེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཞེས་པ་དྲག་ཏུ་བརྗོད། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། རྒྱ་གྲམ་སྤྱི་བོར་བཞག་ལ། ཨོཾ་ཏིཥྛ་བཛྲ། ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་མང་པོ་དང་ལྡན་པས། རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་རྣམས་རིམ་པར་བསྩལ་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱིཿ བཀྲ་ཤིས་ཡིད་འོང་ལྷ་ཡི་བུམ་པ་འདིས། །བལྟམས་པ་ཙམ་གྱིས་ལྷ་རྣམས་ཀུན་གྱིས་དགོངས། །དབང་ཆེན་དབང་ལ་མངའ་མཛད་དཔལ་ཆེན་པོ། །ཀུན་ལ་དབང་སྒྱུར་ཆེན་པོའི་དབང་བསྐུར་རོ། །ཡོངས་ལ་མངའ་མཛད་ཁྲོ་རྒྱལ་དབང་ཐོབ་ཤོག །ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཨཱཿ དེ་ལྟར་དབང་བསྐུར་པས་ཁྱེད་རང་གི་ལུས་དབང་ཆེན་རྟ་མགྲིན་ཁྲོ་བོའི་རྒྱལ་པོ་དངོས་སུ་གྱུར་པར་མོས་མཛོད། བུམ་པ་དཔྲལ་བར་བཞག་ལ། ཧཱུྃ། ཁྲོ་རྒྱལ་ཀུན་གྱི་སྐུ་ཡི་ངོ་བོ་ནི། །ཡ་མཱནྟ་ཀ་གཤིན་རྗེའི་གཤེད་པོ་ཡིས། །རིགས་ཀྱི་བུ་ཁྱོད་ལ་ནི་དབང་བསྐུར་བས། །བདེ་གཤེགས་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཨཱཿ དཔྲལ་བར་གཤིན་རྗེ་གཤེད་པོ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས་ཤིག །བུམ་པ་མགྲིན་པར་བཞག་ལ། ཧཱུྃ། ལྗགས་སྟེང་སྤྲོས་བྲལ་སྐྱོན་མེད་པདྨའི་གསུང་། །སངས་རྒྱས་གཙོ་བོ་སྣང་བ་མཐའ་ཡས་ཡིན། །རྒྱལ་བ་རིགས་ཀྱི་བདག་པོས་དབང་བསྐུར་བས། །སྤྲོས་བྲལ་འགག་མེད་གསུང་གི་དབང་ཐོབ་ཤོག །ཨོཾ་པདྨ་དྷ་ར་ཧྲཱིཿཨཱཿ ལྕེ་ལ་སངས་རྒྱས་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་གྱིས་མཚན་པར་མོས། བུམ་པ་སྙིང་གར་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་ཆོས་སྐུ་པདྨའི་ཐུགས། །རྟ་མགྲིན་རྟ་སྐད་བཞད་པ་ཡེ་ཤེས་སེམས། ཁྲོ་མཆོག་ཡེ་ཤེས་རྔམ་པས་དབང་བསྐུར་བས། །བདེ་གཤེགས་གསུང་གི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཨཱཿ སྙིང་གར་རྟ་མགྲིན་ཡེ་ཤེས་སེམས་དཔའ་དམར་པོ་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་ལྟེ་བར་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་རྗེའི་ཡེ་ཤེས་སྲས། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ། །ཐུགས་ཉིད་མི་རྟོག་ཡེ་ཤེས་གསལ་བའི་ལྷས། །བདེ་གཤེགས་ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཧཱུྃ་ཨཱཿ ལྟེ་བར་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་ལག་པ་གཡས་སུ་བཞག་ལ། ཧཱུྃ། བདེ་གཤེགས་ཀུན་གྱི་ཡོན་ཏན་རིན་པོ་ཆེ། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་དོན་མཛད་པ། །མི་གཡོ་མགོན་པོ་ཡེ་ཤེས་ཁྲོ་བོའི་རྒྱལ། །ཡོན་ཏན་ལྷུན་གྲུབ་ཆེན་པོས་དབང་ཐོབ་ཤོག །ཨོཾ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨཱཿ ལག་པ་གཡས་པར་མི་གཡོ་མགོན་པོ་ལྗང་སྔོན་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་ལག་གཡོན་དུ་བཞག་ལ། ཧཱུྃ། བདེ་གཤེགས་ཕྲིན་ལས་མྱུར་མགྱོགས་ཐུགས་རྗེ་ལས། རིག་སྔགས་བདག་པོ་ལོག་འདྲེན་ཀུན་འདུལ་བ། །ཕྱག་ན་རྡོ་རྗེ་གཏུམ་དྲག་རྔམ་པའི་ལྷ། །ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨཱཿ ལག་པ་གཡོན་པར་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་དཔུང་པ་གཡས་སུ་བཞག་སྟེ། ཧཱུྃ། བདེ་གཤེགས་ཀུན་གྱི་ཕྲིན་ལས་རྒྱ་མཚོ་ལས། །རྟོག་པ་འཕང་གཅོད་ཐབས་ཀྱི་རང་བཞིན་ཏེ། །གཤོག་པ་གཡས་པར་རྣམ་རྒྱལ་ཐབས་སུ་ཤར། །ཕྲིན་ལས་རྒྱ་མཚོའི་འགྲོ་དོན་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཨཱཿ གཤོག་པ་གཡས་པར་རྣམ་པར་རྒྱལ་བ་དཀར་པོ་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། བུམ་པ་དཔུང་པ་གཡོན་དུ་བཞག་ལ། ཧཱུྃ། བཀའ་གསང་རྨད་བྱུང་བདེ་གཤེགས་ལས་མཛད་པ། ཁམས་གསུམ་རྣམ་རྒྱལ་ཉོན་མོངས་བདུད་ལས་རྒྱལ། །གཤོག་པ་གཡོན་པ་ཤེས་རབ་ངང་དུ་ཤར། །ལྟ་བ་དབྱིངས་ལ་སྤྱོད་པའི་དབང་ཐོབ་ཤོག །ཨོཾ་བཛྲ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཨཱཿ གཤོག་པ་གཡོན་པར་རྣམ་པར་རྒྱལ་བ་དམར་སྐྱ་ཞལ་གསུམ་ཕྱག་དྲུག་པས་མཚན་པར་མོས། ལག་པ་གཡོན་གྱི་སོར་མོའི་སྟེང་དུ་བུམ་པ་བཞག་ལ། ཧཱུྃ། གདུག་པའི་ཀླུ་རྣམས་དབང་དུ་སྡུད་པ་དང་། །ཡེ་ཤེས་སྤྲུལ་པས་གདུག་པ་འཇོམས་པའི་ཕྱིར། །རིགས་ལྔའི་ཁྱུང་ཆེན་ལྔ་ཡི་སྐུ་རུ་ཤར། །ཕྲིན་ལས་ཀླུ་དང་གདུག་པ་འདུལ་བའི་དབང་ཐོབ་ཤོག །ཨོཾ་ས་ཧྲཱི་ཏ་ག་རུ་ཎ་ཧཱུྃ་ཕཊ་ཨཱཿ སོར་མོ་ལྔ་རིགས་ལྔའི་བྱ་ཁྱུང་མཐིང་དཀར་སེར་དམར་ལྗང་གུ་རྣམས་སུ་གྱུར་པར་མོས་ཤིག །བུམ་པ་མགོར་བཞག་ལ། ཧཱུྃ། བདེ་གཤེགས་རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ། །སངས་རྒྱས་ཀུན་གྱི་གཙོ་མཆོག་རྒྱལ་བ་ལྔ། །རིགས་ལྔའི་སངས་རྒྱས་སྐུ་ལ་རྫོགས་པ་ཡིས། །ཡེ་ཤེས་ལྔ་ལྡན་སྐུ་ལྔའི་དབང་ཐོབ་ཤོག །ཧཱུྃཿཨོཾ་སྭཱ་ཨཱཾཿཧཱ་ཨཱཿ བུམ་ཆུ་འཐོར་ཞིང་བླུད་ལ། དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པར་གྱུར་པའི་མོས་པ་མཛོད། རྟ་མགོ་སྤྱི་བོར་བཞག་ལ། ཧཱུྃ། དབང་གི་རྟ་མགོ་ལྗང་གུ་རྟ་སྐད་འཚེར། །སྐུ་གསུང་ཐུགས་ལ་མྱུར་དུ་རྫོགས་པའི་སྐུ །དྲེགས་པ་དབང་སྡུད་ཁྲོ་ཚོགས་ཟིལ་གྱིས་གནོན། །རྟ་སྐད་རྔམ་པའི་དབང་མཆོག་ཐོབ་པར་ཤོག །གྷོ་ར་ཧྲི་ཧཱུྃ་ཨཱཿ རྟ་མགོས་མངའ་གསོལ་བས་དབང་གི་རྟ་སྐད་ས་གསུམ་དུ་ཁྱབ་པས་འཁོར་འདས་ཟིལ་གྱིས་གནོན་ཅིང་དབང་དུ་འདུས་པར་མོས་ཤིག །དུར་ཁྲོད་ཆས་རྣམས་གཏད་ལ། ཧཱུྃ། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་དང་། །ཞིང་ལྤགས་གཡང་གཞི་ཐབས་ལ་མཁས་པ་དང་། །སྟག་གི་པགས་པའི་ཤམ་ཐབས་ལྡན་པ་དང་། །ཐོད་པའི་ཕྲེང་བས་འཁོར་བ་འདྲེན་པ་དང་། །སྦྲུལ་གྱི་ཆུན་པོས་གདུག་པ་སྒྲོལ་བ་དང་། ཁྲག་ཞག་ཐལ་ཆེན་མཁའ་འགྲོ་སྡུད་པ་དང་། །དུར་ཁྲོད་ཆས་བརྒྱད་སྐུ་ལ་དབང་བསྐུར་བས། །མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང་། ཁྲོ་ཚོགས་ཐམས་ཅད་དགྱེས་པ་སྐྱེད་པ་དང་། །བདུད་དང་དགྲ་བགེགས་མ་ལུས་འདུལ་བར་ཤོག །མ་ཧཱ་ཀྲོ་དྷ་ཧཱུྃ་ཨཱཿ སྐུ་ལ་བགོ་བའི་གོས་གསུམ་དང་བྱུག་པའི་རྩི་གསུམ། ཐོད་སྦྲུལ་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་མངའ་གསོལ་བས་འཇིག་རྟེན་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གཟི་བརྗིད་བསྐྱེད་པར་མོས་ཤིག །སྒྲུབ་ཕུར་ལག་ཏུ་གཏད་ལ། ཧཱུྃ། ཡེ་ཤེས་རྟ་མགྲིན་ཁྲོ་བོའི་འགྱིང་ཕུར་འདི། །པདྨ་དབང་ཆེན་སྐུ་ཡི་རྟེན་ཡིན་པས། ཁྲོ་འགྱིང་བརྗིད་པས་གདུག་པ་འདུལ་བར་བྱེད། །བཅངས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །བཏབ་པ་ཙམ་གྱིས་སྲིད་གསུམ་རྡུལ་དུ་རློག །སྐལ་ལྡན་རིགས་ཀྱི་བུ་ཡིས་བཟུང་བར་བྱ། །པདྨ་དབང་ཆེན་རྒྱལ་པོས་བྱིན་གྱིས་རློབས། ན་མོ་བུདྡྷཱ་ཡ། ཀཱི་ལི་ཀཱི་ལ་ཡ། ཙན་དྷ་མི་རི་ལི། ཙན་དྷེ་ཙན་དྷེ། ཙན་དྷེ་ནཱ་ག་བྷནྡྷཱ་ཡ་ཧཱུྃ་ཕཊ་ཕཊ། ཕུར་པ་དབང་ཆེན་སྐུར་གསལ་བ་གཏད་པས་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་དང་གཉིས་སུ་མེད་པའི་གོ་འཕང་ཐོབ་པར་མོས་ཤིག །བཟླས་ལུང་ནི། སློབ་དཔོན་གྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧྲཱིཿསྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་དམར་པོ་པདྨ་རཱ་གའི་ཕྲེང་བ་ལྟ་བུ་འཕྲོས་ཏེ་བྱུང་། ཁྱེད་རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར་པོའི་ཐུགས་ཀར་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ་རྩ་སྔགས་དང་དྲག་སྔགས་ལན་གསུམ་གསུམ་བཟླར་གཞུག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་འདུས་པ་ཡི། །དྲག་སྔགས་ཟབ་མོ་གདུག་པ་འདུལ་བ་ཡི། །བཟླས་པ་ཙམ་གྱིས་བདེ་གཤེགས་ཀུན་དང་ཉེ། །བསྒྲུབས་པར་གྱུར་ན་སྔགས་ཀྱི་དངོས་གྲུབ་ཐོབ། །བཏབ་པར་གྱུར་ན་དགྲ་བགེགས་རྡུལ་དུ་རློག །རིགས་ཀྱི་བུ་ཁྱོད་ཀྱིས་ནི་སྒྲུབ་པར་གྱིས། །དྲག་སྔགས་གསུང་གི་སྙིང་པོའི་དབང་ཐོབ་ཤོག །སྒྲུབ་པོད་ལག་ཏུ་གཏད་ལ། དཔལ་བདེ་གཤེགས་གཅིག་དྲིལ་གྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ལ་རང་དབང་ཐོབ་ནས་བྱིན་རླབས་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད། དཔལ་གཏོར་སྤྱི་བོར་བཞག་ལ། ཧཱུྃ། རྨད་དུ་བྱུང་བ་དཔལ་གྱི་གཏོར་ཆེན་འདི། །དབང་ཆེན་ཁྲོ་ཚོགས་ཐུགས་དམ་བསྐང་བ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་མཆོད་པའི་ཕྱིར། །རྨད་བྱུང་མཆོད་པའི་གཏོར་མས་དབང་བསྐུར་བས། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བར་ཤོག །མ་ཧཱ་བ་ལིན་ཏ་ཧཱུྃ་ཁཱ་ཧི། དཔལ་ཆེན་རྟ་མཆོག་དབང་གི་རྒྱལ་པོ། ཡེ་ཤེས་ཁྲོ་ཆེན་རྣམ་དྲུག །རིགས་བདག་སྣང་བ་མཐའ་ཡས། བཀའ་སྡོད་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་བྱིན་རླབས་དབང་བསྐུར་སྩོལ་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་སྡོངས་གྲོགས་མཛད་དུ་གསོལ། ཅེས་བརྗོད་ལ་ལག་ཏུ་གཏད། ཤིས་བརྗོད་ཇི་ལྟར་འོས་པར་བྱ། དེས་གཏེར་ཁ་གོང་མའི་གསང་མཛོད་ཆེན་པོ་ལས་བྱོན་པའི་རྟ་མགྲིན་བདེ་གཤེགས་འདུས་པའི་སྨིན་བྱེད་ལེགས་པར་གྲུབ་པ་ལགས་པས་སོགས་མཚམས་སྦྱར་ལ་དམ་ཚིག་གཟུང་བ། གཏང་རག་མཎྜལ་སྤྱི་དང་མཐུན་པས་དབང་གི་རྗེས་རིམ་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་དཀྱིལ་འཁོར་རྗེས་ཆོག་ལས་བྱང་ལྟར་མཐར་ཆགས་སུ་བྱའོ། །ལྷ་གཅིག་སྒོམ་དང་སྔགས་གཅིག་པུ། །བཟླས་ཆོག་བདེ་གཤེགས་སྤྱི་སྒྲུབ་འདིར། །འཇུག་པའི་སྐལ་བ་བཟང་ལྡན་ཏེ། །སྐྱེ་དགུ་འབད་མེད་གྲོལ་བར་ཤོག །དེང་སང་རྟ་པོད་གཞུང་དུ་འདིའི་དབང་ལུང་གི་རྒྱུན་ཆད་པས་འབད་པས་བཙལ་ནས་གཏེར་མཛོད་དུ་བཞུགས་སུ་གསོལ་ཡང་གཏེར་གཞུང་ལག་ལེན་འདེབས་དཀའ་བས་གསལ་བར་བྱེད་པ་པོ་ནི། པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ་གསུང་གི་དབང་ཕྱུག་གི་ཕོ་བྲང་དང་ཉེ་བ་ཙ་འདྲ་རིན་ཆེན་བྲག་ཏུ་བགྱིས་པ་དགེ་ལེགས་འཕེལ།། །།
གཞི་བདག་རྟེན་བཀོལ་སྟབས་བདེའི་འདོན་ཟིན་ (Volume 43, Text 35)
གཞི་བདག་རྟེན་བཀོལ་སྟབས་བདེའི་འདོན་ཟིན་ནི། ཐོག་མར་ཡུལ་འདྲེ་མནན་པ་ལ། ཚིག་བདུན་གསོལ་འདེབས། བླ་མ་ཞི་དྲག་གམ། ཐུགས་སྒྲུབ་རྡོ་རྗེ་བེ་ཅོན་གྱི་རྒྱུན་ཁྱེར་འཇམ་མགོན་རྡོ་རྗེ་འཆང་གི་གསུང་ལྟར། སྐྱབས་སེམས་ནས། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ། བསྡུ་ལྡང་གྲུབ་པའི་བར་གྱིས་བདག་བསྐྱེད་བྱ། དེ་ནས་སྤྱི་འགྲོའམ། ཐུགས་སྒྲུབ་གྲོ་ལོད་གཏོར་ཟློག་ལྟར་གྱི་གསེར་སྐྱེམས། གཟུ་དཔང་། ལྕགས་ཁང་བསྐྱེད་པའི་མཐའ་བར་དང་། གཞི་བདག་རྟེན་བཀོལ་གཞུང་ནས་འབྱུང་བའི་འགུགས་པའི་མཇུག་ཏུ། ཡུལ་འདྲེ་ཐམས་ཅད་ཨཾ་ཀུ་ཤ་ཁུག་ཛ༔ ཛཿཧཱུྃ་བཾ་ཧོཿ ཞེས་བཏགས་པའི་འགུགས་པ་ཚར་གྲངས་གསོག །མཐར་དྲག་སྔགས་སོ་ལྔ་པའི་ཤམ་དུ། ཡུལ་འདྲེ་ཐམས་ཅད་རྦད་སོད༔ ཅེས་སྦྱར་བ་བཟླ་ཞིང་ཕུར་པ་གདབ། ཐུན་གྱིས་བྲབ། མཐར་མནན་དོང་དུ་བསྐྱུར། ཧཱུྃ༔ ཡུལ་འདྲེ་སྲིད་པའི་འོག་གཞིར་སོང༔སོགས་ཀྱིས་མནན། འབྱུང་བཞི་ས་ཆུ་མེ་རླུང་སྟེ་གོ་ལྡོག་གི་སྟེང་དུ་སཱཙྪ་ནག་པོ་བཞག་པས་ཁ་བཅད། སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ལ། རྟ་བྲོ་གྱེར་པས་གྲུབ། དེ་ནས་གསས་མཁར་བརྩེག་པའི་སར། ཚིག་བདུན་དང་། སྐུ་གསུམ་གསོལ་འདེབས། ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང༴ དུས་གསུམ་སངས་རྒྱས་རྣམས་དང་། ཕྲིན་ལས་སྙིང་པོ་ལྟར་སྐྱབས་སེམས་ལན་གསུམ། ཧྲཱི༔ སྐྱེ་བ་མེད་པའི་སོགས་ཀྱིས་རིག་འཛིན་ཁྱད་པར་འཕགས་པ་བསྐྱེད། བསྡུ་སྐབས་དབང་བསྐུར་སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་རྣམས་དོར་བས་འཐུས། དམིགས་བཟླས་གོང་མ་དེ་བྱ། ས་སློང་བའི་དོན་དུ། ས་ལྷའི་དཀར་གཏོར་དང་གསེར་སྐྱེམས་བཤམས་ལ། ཐུགས་སྒྲུབ་ཕྲིན་ལས་འབྲིང་པོ་ལྟར་བྱིན་གྱིས་བརླབས་ཏེ། དྲངས་ཤིང་བསྔོས་ལ། རྟེན་བཀོལ་ལྟར། ཀྱཻ༔ ས་ཡི་ལྷ་མོ་ལ་སོགས་པའི༔སོགས་ལན་གསུམ་གྱི་མཐར། སྔགས་བསྔོས་བཅས་སྦྱར་བས་གསས་མཁར་གསར་པ་ལ་ས་སློང་བ་དང་། རྙིང་པར་གནང་ཞུ་གཤེགས་གསོལ་གྱི་གོ་གཅད། ས་སྲིན་གཏོར་མ་ཕྲིན་ལས་འབྲིང་པོའི་བགེགས་གཏོར་ལྟར་བརླབ་འགུགས་བསྔོས་ལ། རྟེན་བཀོལ་ལྟར། ཀྱཻ༔ ས་སྲིན་ནག་པོ་འཁོར་དང་བཅས༔སོགས་ཀྱི་མཐར། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་སོགས་དང་། སུམྦྷ་ནི་སོགས་དྲག་སྔགས་ཀྱིས་བསྐྲད། ཕྲིན་ལས་འབྲིང་པོ་ལྟར། སྲུང་འཁོར་བསྒོམ་པས་ས་དབང་དུ་བྱ་བ་དང་། ཆོས་ཉིད་རྣམ་དག་སྔགས་ལན་གསུམ་བརྗོད་པས་སྦྱང་པའི་དོད་ཐུབ་བྱ། དེས་ས་ཆོག་མདོར་བསྡུས་སོང་། འདིར་གསས་མཁར་བརྩིག་པ་སོགས་རིམ་བཞིན་བྱ། དངོས་གཞི་ལ། ཐུགས་སྒྲུབ་ཕྲིན་ལས་འབྲིང་པོའི་བརྒྱུད་འདེབས་ནས་གཟུང་། ཚོགས་བསྒྲལ་བསྟབ་ཀྱི་མཐའ་བར་མཐར་ཆགས་སུ་གཏང་། ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་ཁྲུས་བུམ་སྒྲུབ་པ་དངོས་གཞི་བསྐྱེད་བཟླས་འོད་ཞུ་བཅས་བྱ། འདི་སྐབས་གསས་མཁར་གཟུངས་འབུལ་དཀར་རྩི་གསོལ་བ་བཅས་གྲུབ་ནས་གཏོར་སྐུ་སོགས་བཙུགས། ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་ཞི་དྲག་གི་སྦྱོང་བ། བགེགས་བསྐྲད། སྲུང་འཁོར་སྔོན་དུ་འགྲོ་བས། སྣོད་བཅུད་སྤྱི་ཁྲུས་དང་། ནམ་མཁའ་མེད་པར་སོགས་ཀྱི་བདེན་སྟོབས་བརྗོད། ༼བསང་བདུད་རྩི་སྤྲིན་ཕུང་གི་བསང་བྱིན་བརླབ་ནས་གཟུང་། གཞི་བདག་སྒེར་བསང་སྦྱར་ཞིང་། ཀྱཻ༔ གཞན་ཡང་བསང་དང་སོགས་ཀྱི་མཐར།༽་་་འདིར་བསང་མཆོད་ནི། དྭགས་བརྒྱུད་ཀམ་ཚང་པ་མིན་ན་ཐུགས་སྒྲུབ་རང་གཞུང་བསང་བརྔན་རྒྱས་བསྡུས་སམ། དགོན་ཡུལ་སོ་སོའི་ཆོས་བརྒྱུད་དང་གནས་ཡུལ་སྐབས་བསྟུན་བྱ་ན་འཐུས་པར་ངེས།མཆན། གསས་མཁར་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། རྟེན་བཀོལ་གཞུང་ལྟར། བྷྲཱུྃ༔ འཁོར་ཡུག་ཞིང་ཁམས་མཛེས་པའི་དབུས༔སོགས་ནས། བཟླས་པ། གསས་མཁར་བསྟོད་པ་དང་། རི་བསྟོད་ཕྱོགས་ལས་རྣམ་རྒྱལ་གཉིས་གྱེར། ཡེ་དྷཱར་དང་། སུ་པྲ་ཏིཥྛ་ལན་གསུམ་རེས་རབ་གནས་བྱ། སླར་ཡང་དེ་བཞིན་དུ་གསས་མཁར་བྱིན་རླབས་ནས་འདི་བར་ཚར་གང་དགོས་བསྐྱར་ཞིང་། རྗེས་མའི་མཐར། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤིས་བརྗོད་རྒྱས་པ་དང་། སྐྱབས་གནས་བསླུ་མེད་དང་། ཕྱོགས་བཅུ་དུས་བཞི་སོགས་སྤྱི་དང་། བྱེ་བྲག་གི་སྨོན་ལམ་གདབ། བསང་གི་འཕྲོས་ལམ་ལྷ་དོར་བའི་བརྔན་དང་། ཁུ་ཡེ། རྗེས་ཆོག་བཅས་མཐར་དབྱུང་། དེ་ནས་ཐུགས་སྒྲུབ་ཀྱི་ཚོགས་རོལ་ཕྱིན་རྒྱུན་བཞིན་བགྱིས་པས་གྲུབ་བོ། །ཅེས་པའང་མཁའ་ཁྱབ་རྡོ་རྗེས་ཉེར་མཁོར་སྤེལ་བ་དགེ། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ ཡི་དམ་བཀའ་འདུས་སྙིང་པོ་ (Volume 16, Text 35)
༁ྃ༔ དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ ཡི་དམ་བཀའ་འདུས་སྙིང་པོ་བཞུགས༔ ྈྈྈྈ བླ་མ་ཧེ་རུ་ཀ་ལ་འདུད༔ དེ་ཉིད་སྒྲུབ་པའི་སྙིང་པོ་ནི༔ དུར་ཁྲོད་དབེན་གནས་ཚོགས་ཁང་དུ༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ འབར་བའི་མཚམས་དང་བཤགས་པ་བྱ༔ དམ་བཅའ་བྱིན་བསྡུ་མཆོད་བྱིན་བརླབ༔ སྦྱོར་བའི་རིམ་པ་སྔོན་སོང་ནས༔ དངོས་གཞི་ཏིང་འཛིན་བསྒོམ་པ་ནི༔ ཆོས་རྣམས་སྟོང་ཉིད་ཡེ་ཇི་བཞིན༔ ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ༔ གཉིས་མེད་བདེ་ཆེན་བྱང་ཆུབ་སེམས༔ རང་བྱུང་སྔགས་ཀྱི་རང་སྒྲ་ཡིས༔ སྣོད་བཅུད་དཀྱིལ་འཁོར་ཆེན་པོར་ཤར༔ བྷྲཱུྃ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཧཱུྃ༔ ནམ་མཁའ་ཐམས་ཅད་གཞལ་ཡས་ཁང༔ སྒོ་དགུ་འཇའ་ཚོན་བྲེས་པ་ལྟར༔ བདེ་གཤེགས་ཞི་བའི་ཕོ་བྲང་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཀུན་ཏུ་བཟང་པོ་ནམ་མཁའི་མདོག༔ གཡས་དཀར་གཡོན་དམར་མཉམ་གཞག་ཕྱག༔ བྱང་ཆུབ་མཆོག་རྒྱ་རྡོར་དྲིལ་འཛིན༔ ཀུན་ཏུ་བཟང་མོ་གཉིས་མེད་འཁྲིལ༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ འོད་ཟེར་དྲུག་ཕྲག་དྲུག་འཕྲོ་འབར༔ མདུན་དུ་བཅོམ་ལྡན་མི་བསྐྱོད་པ༔ ཕྱོགས་བཞིར་རྣམ་སྣང་རིན་ཆེན་འབྱུང༔ སྣང་བ་མཐའ་ཡས་དོན་ཡོད་གྲུབ༔ མཚམས་བཞིར་བྱང་ཆུབ་སེམས་དཔའ་བརྒྱད༔ རིགས་ཀྱི་ཆ་ལུགས་ཡུམ་བཅས་གསལ༔ ཁྱམས་ལ་བྱ་བྱེད་ཐུབ་པ་དྲུག༔ སྒོ་བཞིར་མཐར་བྱེད་ཡབ་ཡུམ་བརྒྱད༔ ཕུང་ཁམས་སྐྱེ་མཆེད་དག་པའི་ལྷ༔ དཔལ་ཆེན་འབར་བའི་ཕོ་བྲང་དབུས༔ འཁོར་འདས་རོལ་པའི་ཁྲི་སྟེང་དུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་སྟོན་གནམ་དྭངས་པའི་མདོག༔ དབུ་ནི་ཉི་ཤུ་རྩ་གཅིག་ལྡན༔ གཡས་དཀར་གཡོན་དམར་རྟ་གདོང་བཞད༔ ཁྲག་འཐུང་དྲུག་ཅུ་རྩ་བཞིའི་སྤྱན༔ བདེ་གཤེགས་སྲས་བཅས་ཁྲོ་བོའི་ཚོགས༔ བཞི་བཅུ་རྩ་གཉིས་ཕྱག་རྒྱ་འབར༔ རྣམ་ཐར་བརྒྱད་ཀྱི་ཞབས་བརྒྱད་བགྲད༔ དཔལ་ཆས་དུར་ཁྲོད་རྒྱན་རྣམས་རྫོགས༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ སྔོ་སྐྱ་དབུ་དགུ་སྟོང་ཉིད་ཕྱག༔ རྡོ་རྗེ་དུང་ཁྲག་གནས་ཡུལ་གྱི༔ ཞིང་སྐྱོང་མ་མོ་བཅུ་དྲུག་བསྣམས༔ ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་འབར༔ དབྱིངས་དང་ཡེ་ཤེས་བདེ་ཆེན་རོལ༔ མདུན་དུ་སྲས་མཆོག་ཧེ་རུ་ཀ༔ དབུས་དང་ཕྱོགས་མཚམས་དཔལ་ཆེན་དགུ༔ ཆ་ལུགས་ཀུན་རྫོགས་ཡུམ་དང་འཁྲིལ༔ ཁྱམས་སྒོར་སྲས་མོ་ཉི་ཤུའི་ཚོགས༔ གཉིས་པར་འབར་མ་གསང་བའི་ཡུམ༔ གསུམ་པར་དབང་མོ་ཉི་ཤུ་བརྒྱད༔ བཞི་པར་མཁའ་འགྲོ་སུམ་ཅུ་གཉིས༔ ལྔ་པར་མ་བདུན་སྲིང་བཞི་དང༔ དྲུག་པར་རྡོ་རྗེ་ཀིང་གི་ཚོགས༔ བདུན་པར་ཁྲོ་བོ་ཁྲོ་མོ་དང༔ བརྒྱད་པར་མཁའ་འགྲོ་དྲུག་ཅུ་བཞི༔ དགུ་པར་ཕོ་ཉ་དྲུག་ཅུ་འཁོད༔ ཤར་དུ་ཡང་དག་ཐུགས་ཀྱི་ལྷ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ ནུབ་ཏུ་རྟ་མགྲིན་སྤྲུལ་འཁོར་བཅས༔ བྱང་དུ་ཕུར་པ་ཕྲིན་ལས་ལྷ༔ ཤར་ལྷོར་མ་མོ་རྦོད་གཏོང་དང༔ ལྷོ་ནུབ་རྒྱུད་གསུམ་རིག་འཛིན་ཚོགས༔ ནུབ་བྱང་དྲེགས་འདུལ་བཀའ་སྲུང་སྡེ༔ བྱང་ཤར་སྟོབས་ལྡན་དྲེགས་པར་བཅས༔ ཕྱི་ཁྱམས་ཐེག་པ་དྲུག་གི་ལྷ༔ འཁོར་བའི་རྟོག་ཚོགས་གནས་འགྱུར་ནས༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འབར༔ སྣང་གྲགས་རྟོག་ཚོགས་སྐུ་གསུང་ཐུགས༔ དབྱིངས་ལ་ཡེ་ཤེས་ལྔ་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ལྟར་སེམས་ཀྱི་རོལ་པར་བསྒོམ༔ འཛིན་མེད་ལྷུན་གྲུབ་ངང་གིས་བསྐྱེད༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ མཆོད་བསྟོད་བཤགས་ཤིང་གསོལ་བ་གདབ༔ སྣང་སྲིད་དམ་ཚིག་ཕྱག་རྒྱའི་ངང༔ ལུས་ཀྱི་འགུལ་སྐྱོད་རྡོ་རྗེའི་གར༔ སྒྲ་བརྗོད་ཐམས་ཅད་སྔགས་ཀྱི་ཚིག༔ སེམས་ཉིད་སྟོང་གསལ་ཟུང་འཇུག་པ༔ རང་རིག་བྱང་ཆུབ་སེམས་ཀྱི་ངང༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ལུས་ངག་སེམས་གསུམ་མ་བཅོས་པ༔ ལྷུག་པར་གནས་པའི་ངང་ནས་བཟླ༔ ཛཔ྄་བསྟོད་བྱ་ཞིང་ཚོགས་ཀྱིས་མཆོད༔ བདེ་ཆེན་གར་དང་གླུ་བྲོ་ཡིས༔ ཉམས་སྤར་ལྷག་ཆོག་གཏོར་མ་གཏང༔ སེམས་ཀྱི་ནམ་མཁའ་དྭངས་པ་ལ༔ མཚན་མའི་གཟའ་སྐར་ཤར་བ་རྣམས༔ འོད་གསལ་ཉི་མ་ཆེན་པོའི་འོག༔ མི་མངོན་ནམ་མཁའི་དབྱིངས་སུ་སྦ༔ བྱང་ཆུབ་སེམས་ཀྱི་སྣང་བ་འདིས༔ འགྲོ་བའི་དོན་རྣམས་ངང་གིས་འགྲུབ༔ ན་མོ་ཧཱུྃ་གིས་ཆེ་བ་བསྐྱེད༔ དམིགས་མེད་བསྔོ་བས་རྒྱས་གདབ་ནས༔ སྨོན་ལམ་བཀྲ་ཤིས་བཟང་པོ་བྱ༔ ས་མ་ཡ༔ བླ་མ་ཧེ་རུ་ཀ་ལ་འདུད༔ ཡི་དམ་བསྙེན་པའི་རིམ་པ་ནི༔ བླ་མ་རྡོ་རྗེ་འཁོར་ལོ་རྒྱལ༔ ཡོན་ཏན་ཀུན་གྱི་མཛོད་གྱུར་ལ༔ རྒྱལ་ཐེབས་གཟུང་མ་ལས་བྱེད་བཅས༔ ནད་ཟློག་སྨན་དང་རྐྱེན་ཟློག་མཚོན༔ སྒྲུབ་པའི་རྟེན་དང་མཆོད་པའི་རྫས༔ གོལ་ས་གཅོད་པའི་རྒྱུད་ལུང་རྣམས༔ འཛོམ་ནས་སྦྱོར་བྱེད་ལེགས་པ་ལ༔ བཀྲ་ཤིས་དགེ་བའི་གནས་མཆོག་ཏུ༔ རང་བཞིན་གྲུབ་བམ་བགྱིས་པ་ཡི༔ ཚོགས་ཀྱི་ཁང་པ་འདུ་བྱས་ལ༔ དེ་ཡང་དང་པོར་གནང་བ་ཞུ༔ ལེགས་པར་བརྟགས་ཏེ་ཉེས་ཀུན་བསལ༔ བཟུང་ཞིང་ཕྱི་ནང་གསང་མཚམས་བཅད༔ རྩ་བ་ཡན་ལག་བསླབ་པར་གནས༔ དམིགས་པའི་རྟེན་དུ་དཀྱིལ་འཁོར་བྲི༔ སྤྱིར་ནི་སྐུ་གསུང་ཐུགས་རྟེན་དང༔ བྱེ་བྲག་དབུས་སུ་བདུད་རྩི་སྨན༔ ཤར་དུ་མར་མེ་ལྷོར་བྱང་བུ༔ ནུབ་ཏུ་རྟ་བྱང་བྱང་ཕུར་བུ༔ ཤར་ལྷོར་མདོས་རཀ་ལྷོ་ནུབ་ཏུ༔ འབྲང་རྒྱས་ཚེ་གལ་ཚེ་རྟེན་དང༔ ནུབ་བྱང་གཏོར་མ་རུ་མཚོན་ཅན༔ བྱང་ཤར་མཚོན་ཆ་ཐུན་དང་ཟོར༔ ཕྱོགས་བཞིར་ལས་བཞིའིི་ཧོམ་བརྩིགས་ཤིང༔ མདའ་དར་མེ་ལོང་ཕུར་བུ་གྲི༔ ཚོན་སྐུད་ཞིང་གིས་མཐའ་ནས་བསྐོར༔ གདུགས་དང་རྒྱལ་མཚན་འཕན་ཕྱར་ཞིང༔ མཆོད་ཚོགས་རྒྱ་ཆེན་བཤམ་པར་བྱ༔ མཆེད་ལྕམ་གསར་རྙིང་བསྲེས་ནས་སུ༔ རང་རང་འཚམ་པའི་གདན་ལ་བཞུགས༔ ལས་བསྐོས་མངའ་གསོལ་རྟགས་གདབ་ནས༔ དཀྱིལ་འཁོར་བསྐོར་ཞིང་བྱིན་ཆེན་འབེབ༔ ལྷ་བཀོད་སྒོ་དབྱེ་ཕྱག་འཚལ་ཞིང༔ རབ་ཏུ་གནས་པ་བསྙེན་པའི་རིམ༔ བསོད་ནམས་ཚོགས་རྫོགས་སྣོད་དུ་རུང༔ དངོས་གྲུབ་སྒྲུབ་པའི་སྔོན་འགྲོ་འོ༔ ས་མ་ཡ༔ བླ་མ་ཧེ་རུ་ཀ་ལ་འདུད༔ ཡི་དམ་སྒྲུབ་པའི་རིམ་པ་ནི༔ དཀྱིལ་འཁོར་ཐམས་ཅད་ངང་གིས་བསྒོམ༔ ལུང་གི་དགོངས་གཟེར་ཛཔ྄་བཟླས་ནས༔ ཞི་བའི་ལྷ་ཚོགས་སྐུ་ཡི་འོད༔ མཁའ་ཁྱབ་སྒྲིབ་སྦྱངས་ལས་རྣམས་མཛད༔ ཚུར་འདུས་བུམ་པའི་བདུད་རྩིར་འཁྱིལ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ དཔལ་ཆེན་ཡབ་ཡུམ་སྙོམས་པར་ཞུགས༔ འཁོར་འདས་གཉིས་ཀྱི་བདུད་རྩི་བསྡུས༔ བྱང་ཆུབ་སེམས་ཀྱི་ཆར་བབས་ནས༔ གདན་དང་གཞལ་ཡས་ཁང་རྣམས་གང༔ དོན་ཆེན་སྒྲུབ་པའི་བཅུད་དུ་བསམ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ རང་ཉིད་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ ཐུགས་ཀར་དབྱིངས་ཀྱི་ཀོང་བུ་དཔལ་བེ་འུ༔ བདེ་བ་ཆེན་པོའི་འོད་ལྔའི་མར་ཁུ་འཁྱིལ༔ ཤིན་ཏུ་ཕྲ་བའི་སྙིང་གི་ཐིག་ལེ་དགུ༔ སྡོང་བུ་རབ་བརྟན་ཡེ་ཤེས་མར་མེ་དགུ༔ ཤིན་ཏུ་གསལ་བས་བདེ་ཆེན་འོད་གསལ་སྤར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྷོ་ཕྱོགས་བྱང་བུ་གཤིན་རྗེའི་སྐུར་གསལ་བའི༔ ཕྱག་མཚན་འཁོར་ལོའི་ཚོགས་སྤྲོས་བར་ཆད་བསལ༔ བེ་ཅོན་འབར་བས་འདུ་བར་མི་འོས་བརླག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ནུབ་ཕྱོགས་དབང་ཆེན་རྟ་སྐད་རབ་བཞད་པས༔ རྒྱལ་བའི་ཚོགས་བསྐུལ་མཁའ་འགྲོ་དབང་དུ་བསྡུས༔ དགྲ་བགེགས་ཚར་བཅད་ཉམས་པ་རྡུལ་དུ་བརླག༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ རྡོ་རྗེ་གཞོན་ནུའི་སྐུ་ལས་འགུགས་བྱེད་ཚོགས༔ སྤྲོས་པས་དམིགས་པའི་ཡུལ་རྣམས་གཟུགས་ལ་བསྟིམས༔ མངོན་སུམ་གྱུར་པའི་རུ་དྲ་དམ་སྲི་འདུས༔ སྲས་མཆོག་ཕུར་བུ་དཀར་ནག་མཚམས་ལ་གདབ༔ དྭངས་མ་དྲུག་བཅོམ་ནྲྀ་ཏྲི་ཐུལ་གྱིས་བསྲེགས༔ ཨ་ཡི་འོད་ཟེར་ཚེ་བཅུད་རང་ལ་འདུས༔ ཐུགས་ཀར་བསྟིམས་ནས་སྐྱེ་མེད་ངང་ལ་བཞག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བླ་མེད་ཧེ་རུ་ཀ་ཡི་རྩ་གནས་རྣམས༔ འཇིག་རྟེན་ལས་དང་ཡེ་ཤེས་མ་མོའི་ཚོགས༔ འབར་འཛག་བདེ་བས་ཐུགས་དམ་དབྱིངས་སུ་བསྐུལ༔ ཞིང་ཆེན་གཡབ་མོས་མ་མོ་དབང་དུ་བསྡུས༔ མདོས་དང་རཀྟ་ཡེ་ཤེས་མཆོད་པའི་སྤྲིན༔ ཡེ་ཤེས་ལས་ཀྱི་མ་མོའི་ཕྱག་ཏུ་ཕུལ༔ ཐུགས་དམ་བསྐངས་ནས་དགྲ་བགེགས་དབྱིངས་སུ་བསྒྲལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བརྒྱུད་གསུམ་བླ་མའི་སྐུ་ལས་འོད་འཕྲོས་པས༔ འཁོར་འདས་ཚེ་བཅུད་ཚུར་བསྡུས་ཐིམ་པ་ཡིས༔ རྡོ་རྗེའི་སྲོག་ཐོབ་འཆི་མེད་བདུད་རྩིར་འཁྱིལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ དྲེགས་འདུལ་ཁྲོ་བོས་དམ་ཅན་དབང་དུ་བསྡུས༔ དགྲ་བགེགས་ཤ་ཁྲག་གཏོར་མས་ཚིམས་པར་བྱས༔ དྲེགས་པ་ཐམས་ཅད་ལས་ལ་རྔམས་པར་བསམ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ མཚོན་ཆ་ཐུན་ཟོར་དྲེགས་པའི་དམག་དཔུང་འཁྲིགས༔ དགྲ་བགེགས་གསོད་པའི་ལས་ལ་བརྩོན་པར་བསམ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ དེ་ནས་བདུད་བཞི་རུ་དྲ་བསྒྲལ༔ ཕུང་པོ་ལས་མཐུན་རྫས་གཏོར་མ༔ ཡེ་ཤེས་བདུད་རྩིར་བསམ་བྱས་ནས༔ ཞི་ཧོམ་བུདྡྷ་རིགས་ཀྱི་ལྷ༔ རྒྱས་ཧོམ་རིན་ཆེན་རིགས་ཀྱི་ལྷ༔ དབང་ཧོམ་པདྨ་རིགས་ཀྱི་ལྷ༔ དྲག་ཧོམ་རྡོ་རྗེ་རིགས་ཀྱི་ལྷ༔ གསལ་བར་འཁྱིལ་པའི་འོད་ཟེར་གྱིས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་བསམ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཧྲཱིཿཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ་མཱ་ར་ཡ་ཕཊ༔ རུ་དྲའི་ཕུང་པོའི་སྨད་ཆ་ལ༔ བྲོ་གདན་བྱས་ལ་བྲོ་བརྡུང་ངོ་༔ དེ་ལྟར་སྦྱོར་སྒྲོལ་ལས་བྱས་པས༔ ཚོགས་རྫོགས་ཡེ་ཤེས་དོན་ལ་སྦྱོར༔ འཛབ་ཁང་དབྱེ་ལ་དངོས་གྲུབ་བསྐུལ༔ དངོས་གྲུབ་རང་བཞིན་ཡེ་ཤེས་ལྷ༔ རང་ལ་བསྟིམ་ཞིང་ང་རྒྱལ་བཟུང༔ སྒྲུབ་རྟེན་རྣམས་ཀྱིས་དབང་བླངས་ལ༔ ཚེ་གལ་བདུད་རྩི་བཟའ་ཞིང་བཏུང༔ རུ་ལུའི་བྲོ་དང་སྨོན་ལམ་བྱ༔ ལྷག་ཆོག་གཏང་ཞིང་གཏོར་མ་བསྐྱང༔ མཚམས་གྲོལ་རྒྱུན་གྱི་སྤྱོད་ལམ་དང༔ སྨོན་ལམ་བཀྲ་ཤིས་དགའ་སྟོན་བྱ༔ བསྒྲུབ་གཞི་བྱང་ཆུབ་སེམས་ཉིད་ལ༔ སྒྲུབ་ཐབས་བསྙེན་སྒྲུབ་སྦྱོར་སྒྲོལ་གྱིས༔ འོད་གསལ་བདེ་བ་ཆེན་པོའི་ལམ༔ བསྒྲུབས་འབྲས་དབྱིངས་ཡེ་གཉིས་མེད་པའི༔ ཧེ་རུ་ཀ་ཡི་གོ་འཕང་ཐོབ༔ ས་མ་ཡ༔ བླ་མ་ཧེ་རུ་ཀ་ལ་འདུད༔ ཡི་དམ་འདུས་པའི་དབང་བསྐུར་ནི༔ དང་པོ་བསྙེན་སྒྲུབ་རྫོགས་པར་བྱ༔ དེ་ནས་སློབ་མ་མདུན་དུ་འཁོད༔ རིག་མ་ལ་སོགས་མཎྜལ་འབུལ༔ ཧོ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ བདག་ལ་ཐུགས་རྗེས་ཉེར་དགོངས་ནས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བཅུག་ཅིང་དབང་རྣམས་བསྐུར་དུ་གསོལ༔ རྡོ་རྗེ་སེམས་དཔའི་སྐུར་བསྒོམས་ནས༔ ཤར་སྒོའི་ཁྲུས་ཀྱི་སྟེགས་བུར་བཞག༔ ཕྱི་དབང་རྒྱུད་ཀྱི་དབང་བསྐུར་བ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་སྲས་བཅས་ཞུ་བའི་ཆུས༔ སྐལ་ལྡན་རྣམས་ལ་ཁྲུས་བགྱིས་ཤིང༔ བཀྲ་ཤིས་རྫས་ཀྱིས་མངའ་གསོལ་བས༔ སྒྲིབ་གཉིས་མ་ལུས་བྱང་གྱུར་ཅིག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྙིང་པོ་ལྔ་དང་ཕྱག་མཚན་ལྔ༔ དེ་ལས་རིགས་ལྔས་དབུར་བརྒྱན་པ༔ རྡོ་རྗེ་དྲིལ་བུ་རིག་པ་འཛིན༔ རྡོ་རྗེའི་མིང་ནི་ཕྱོགས་བཅུར་གྲགས༔ ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ནང་དབང་འབྱུང་བའི་དབང་བསྐུར་བ༔ ཧཱུྃ༔ བླ་མ་ལྷ་ཚོགས་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ བུ་ཡི་རྩ་སྒོ་ཐམས་ཅད་ཕྱེ༔ གནས་བཅུའི་ཐིག་ལེ་ལ་ཐིམ་པས༔ འཆད་ཉན་སྒོམ་དང་ལས་བྱེད་པ༔ རྡོ་རྗེ་སློབ་དཔོན་དབང་ཐོབ་ཤོག༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲུབ་དབང་གྲགས་པའི་དབང་བསྐུར་བ༔ ཧཱུྃ༔ སྒྲུབ་པའི་རྫས་མཆོག་རིག་མ་ལ༔ ཐབས་ཀྱིས་རོལ་པས་བདེ་ཆེན་འཕེལ༔ རྡོ་རྗེའི་ཚེ་དང་བདུད་རྩི་སྨན༔ སྒྲུབ་རྫས་རྣམས་ཀྱི་དབང་ཐོབ་ཤོག༔ མ་ཧཱ་སུ་ཁ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གསང་དབང་རྫོགས་པའི་དབང་བསྐུར་བ༔ ཧཱུྃ༔ སེམས་ཉིད་ཡེ་ནས་སྟོང་པ་ཉིད༔ གདོད་ནས་ཡེ་ཤེས་འོད་གསལ་བ༔ དབྱེར་མེད་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ལ་སེམས་ཀྱི་དབང་ཐོབ་ནས༔ རྫས་དང་ཚིག་ལ་མ་བརྟེན་ཀྱང༔ རྒྱལ་བས་དེ་ལ་དབང་མཆོག་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཚིག་ཁས་བླངས་བྲན་དུ་འབུལ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་སྤྱད༔ དབང་མཆོག་ཀུན་གྱི་རྒྱལ་པོ་འོ༔ ས་མ་ཡ༔ ཨེ་མ་ཧོ༔ དེ་ལྟར་ཡི་དམ་ཀུན་འདུས་པ༔ སུ་འཕྲད་དངོས་གྲུབ་ངེས་པར་ཐོབ༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་རོང་རྨེ་དཀར་མོ་སྟག་ཚང་གི་གུ་རུའི་གསང་ཕུག་གོང་མའི་གཡས་གདོང་ནས་སྤྱན་དྲངས་པའི་མཆོང་ཤོག་དཔའ་བོ་བརྩེགས་པའི་ཡི་གེ་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་ཏུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས་ (Volume 21, Text 35)
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་བརྒྱུད་འདེབས་བཞུགས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་ཅིག་སྲོང་བཙན་དང་། །རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ཟབ་གཏེར་སྒོ་འབྱེད་གྲུབ་ཐོབ་དངོས་གྲུབ་དང་། །གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀ་བཟང་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ལྷ་རྗེ་དགེ་འབུམ་ལྕམ་མོ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །འཇམ་དབྱངས་ཚུལ་ཆེན་བཀྲ་ཤིས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །དྲིན་ཅན་སྐུ་འབུམ་པ་དང་ནོར་བཟང་མཚན། །བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས་དང་། །ངག་དབང་གྲགས་པ་ཤེས་རབ་དཔལ་འབྱོར་ལ། །གསོལ་བ་འདེབས་སོ༴ ཀུན་དགའ་གྲོལ་མཆོག་སྣ་ཚོགས་རང་གྲོལ་ཞབས། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང་། །དམ་ཆོས་བཟང་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ༴ གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་། །མཚུངས་མེད་ལོ་ཆེན་དྷརྨ་ཤྲཱིའི་ཞབས། །གྲུབ་པའི་དབང་ཕྱུག་ཀུན་བཟང་ཀློང་གྲོལ་རྗེ། །གསོལ་བ་འདེབས་སོ༴ སྙན་བརྒྱུད་མངའ་བདག་ལེགས་པའི་འབྱུང་གནས་ཞབས། །གདམས་པའི་ཆུ་བོ་ཀུན་འདུས་ཤེར་མཆོག་དཔལ། །ཉང་སྟོན་གྲུབ་དབང་པདྨའི་མཚན་ཅན་ལ། །གསོལ་བ་འདེབས་སོ༴ བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ༴ སྔོན་འགྲོས་རྒྱུད་འབྱོངས་དབང་བཞིས་ལེགས་སྨིན་ནས། །སྣང་གྲགས་འགྱུ་བ་ལྷ་སྔགས་འོད་གསལ་གྱི། །རྒྱས་བཏབ་ཟབ་ལམ་གནད་ཀྱིས་སྒོ་གསུམ་དྲི། །ཡོངས་བྱང་སྐུ་གསུམ་སྙིང་པོའི་དོན་རྟོགས་ཤོག །ཅེས་ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་འགྲོ་འདུལ་གྱི་དབང་དང་སྐུ་གསུམ་སྙིང་པོའི་དོན་ཁྲིད་བཅས་པའི་བརྒྱུད་འདེབས་འདི་ནི། སྒྲུབ་ཆེན་ཆོས་མཛད་ཀྱིས་གསུང་ངོར་དྷརྨ་ཤྲཱིས་སོ། །བཀྲ་ཤིས། བརྒྱུད་པའི་ཁ་སྐོང་ནི། རྣལ་འབྱོར་དབང་ཕྱུག་འཇིགས་མེད་བསྟན་འཛིན་དང་། །མཁས་གྲུབ་ཆེན་པོ་བསྟན་འཛིན་ཆོས་རྒྱལ་ཞབས། །ཤེས་བྱ་ཀུན་གཟིགས་འཇམ་དབྱངས་དགྱེས་པ་ལ། །གསོལ་བ་འདེབས་སོ༴ བཀའ་དྲིན་མཉམ་མེད་སོགས་སམ། ཡང་ན། དྷརྨ་ཤྲཱིའི་རྗེས་སུ། བསྟན་པའི་ཉི་མ་རིན་ཆེན་རྣམ་རྒྱལ་ལ། །གསོལ་བ་འདེབས་སོ༴ བཤེས་གཉེན་ཆེན་པོ་འགྱུར་མེད་དོན་ལྡན་དང་། །རིག་པ་འཛིན་དབང་ཕྲིན་ལས་རྣམ་པར་རྒྱལ། །སྙིང་པོའི་དོན་གཟིགས་རྗེ་བཙུན་ཕྲིན་ལས་ཞབས། །གསོལ་བ་འདེབས་སོ༴ བཀའ་དྲིན་མཉམ་མེད་སོགས་སྦྲེལ་ལོ།། །།
ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས། བླ་མ་དྲག་པོ་པདྨ་གཏུམ་པོའི་དབང་ཆོག་དྲེགས་པ་ཀུན་འཇོམས་ (Volume 12, Text 35)
༄༅། །ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས། བླ་མ་དྲག་པོ་པདྨ་གཏུམ་པོའི་དབང་ཆོག་དྲེགས་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཙཎྜཱ་ཡ། ཡེ་ཤེས་རབ་ཁྲོས་གར་དགུའི་གཟིས། །ས་གསུམ་དྲེགས་ཚོགས་ཐལ་བར་བརླག །པདྨ་གཏུམ་པོས་བདག་བྱིན་རློབས། །སྨིན་བྱེད་ཟབ་མོའི་ལག་ལེན་དགོད། ཁྲག་འཐུང་པདྨ་གཏུམ་པོའི་སྨིན་བྱེད་བསྒྲུབ་པ་ལ་སྦྱོར་བ་སྟེགས་བུའི་སྟེང་དུ་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་དགོད། དེ་སྟེང་ཁྲིའུའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་ནག་ཁ་རྒྱན་གསེབ་ཏུ་སྐུ་ཙག་གིས་བརྒྱན་པ་དང་། མདུན་དུ་དཔལ་གཏོར། གཡས་སུ་མེ་ལོང་ལ་བསྙེན་སྔགས་མཚལ་གྱིས་བྲིས་པ། གཡོན་དུ་རྡོ་རྗེ། རྒྱབ་ཏུ་ལྕགས་ཀྱུ་ཕུར་པ་རྣམས་བཀོད། སྨན་རཀ་མཆོད་པས་བསྐོར། བསྒྲལ་དབང་བྱེད་ན་ལིངྒ་གདབ་ཕུར་ཟོར་གཏོར་སོགས་ཀྱང་བསྡོགས། གཞན་ཡང་ཉེར་མཁོ་རྣམས་ཚོགས་པར་བྱས་ལ། སྐྱབས་སེམས་ཚོགས་གསག་མཆོད་པ་བྱིན་རླབས་སྤྱི་མཐུན་གཏང་། སྒྲུབ་ཐབས་ལྟར་བདག་མདུན་ཆིག་རྫོགས་སུ་བསྒྲུབ། བསྙེན་སྒྲུབ་བཟླས་པ་ཅི་ནུས་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱས་ལ་མཆོད་བསྟོད་དབང་ལེན་ནམ་རིག་མེ་དོར་ཞིང་ལས་བུམ་བསྐྱེད་བཟླས་ཀྱང་གང་རུང་བྱའོ། །དངོས་གཞི་དབང་ལ་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་གསལ་བཏབ། མཚམས་སྦྱོར་གྱི་ཁྱད་པར། དེའང་ཇི་སྐད་དུ། བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ སྲོག་བདག་གཟའ་ཀླུ་རྒྱལ་འགོང་བཙན༔ བདུད་བཞིའི་འཇིགས་པ་ཐམས་ཅད་ཀྱི༔ གཉེན་པོ་གཅིག་ཏུ་དྲིལ་བའི་ལྷ༔ པདྨ་གཏུམ་པོའི་སྒྲུབ་ཐབས་འདི༔ ཨོ་རྒྱན་བླ་མའི་ཐུགས་ཁྲག་སྟེ༔ མ་འོངས་བོད་ཁམས་སྡུག་བསྔལ་དུས༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ཅེས་གསུངས་པ་ལྟར། སྙིགས་མའི་དུས་ཀྱི་ཡང་མཐའ་སྐྱེ་དགུའི་རྒྱུད་མ་རུངས་པའི་ཉོན་མོངས་ཀྱི་རང་གཟུགས་ཕྱི་རོལ་དུ་ཤར་བ་འབྱུང་པོ་གདུག་པ་ཅན་གྱི་རྣམ་པར་འཚེ་བས་ལུས་ཅན་མཐའ་དག་ནད་གདོན་གློ་བུར་གྱི་ཟུག་རྔུས་འཕྲལ་དང་ཡུན་དུ་སྡུག་བསྔལ་ཁོ་ནས་མནར་བ་ལ་ཆེད་དུ་དགོངས་ཏེ། སངས་རྒྱས་སྤྲུལ་པའི་སྐུ་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་གང་འདུལ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ཕྱག་རྒྱ་དང་སྔགས་ཀྱི་གསང་བ་མཐའ་ཡས་པ་བསྟན་པ་རྣམས་ལས་སྙིང་པོའི་ཡང་བཅུད་ཆེ་མཆོག་དྲག་པོ་པདྨ་གཏུམ་པོའི་གདམས་ཟབ་འདི་ཉིད། འཇའ་ལུས་མཁའ་འགྲོ་ཉེར་ལྔ་ལས་ཤེལ་དཀར་མགོན་སྐྱིད་ཀྱི་སྤྲུལ་བསྒྱུར་མི་འགྱུར་ལས་འཕྲོ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ལྡེབས་སུ་བྱོན་ཅིང་། ཐམས་ཅད་མཁྱེན་གཟིགས་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གུ་རུ་རིན་པོ་ཆེ་དང་གཏེར་སྟོན་རྣམས་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུས་སྨིན་གྲོལ་ཉེ་བརྒྱུད་དུ་བསྩལ། བདག་ཅག་ལ་སྨིན་བྱེད་ཀྱིས་རྗེས་སུ་བཟུང་བའི་ཚེ། མེ་ལོང་ལ་བྲིས་པའི་སྔགས་བྱང་གི་གཟུགས་བརྙན་བསུབ་ཏུ་མེད་པའི་རང་བྱོན་ངོ་མཚར་ཅན་དུ་ཤར་བས་མཚོན། བྱིན་རླབས་གཟི་བརྗིད་ལྷག་པར་འབར་བ་སྟེ། གཞུང་ལས། དབང་འདི་ལན་གཅིག་ཐོབ་པས་ཀྱང༔ པདྨ་གཏུམ་པོས་བྱིན་བརླབས་ནས༔ བར་ཆད་ཀུན་གྱིས་ཉེ་མི་ནུས༔ མཐར་ཐུག་དངོས་གྲུབ་རྣམ་གཉིས་འགྲུབ༔ ཅེས་བསྔགས་པ་དོན་དང་ལྡན་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ པདྨ་གཏུམ་པོ་བདག་ལ་དགོངས༔ ཁྲོ་རྒྱལ་ཆེན་པོའི་དཀྱིལ་འཁོར་དུ༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་ཁྲག་འཐུང་པདྨ་གཏུམ་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲིན་གཏིབས་པ་ལྟར་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུད་དག་པའི་ཕྱིར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་ཚིག་དོན་ཟུང་དུ་འབྲེལ་བའི་བསྒོམ་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་སྒོམས། ཧཱུྃ༔ སྟོང་གསལ་ངང་ལས་སྣོད་བཅུད་ཀུན༔ ཅེས་སོགས་དམ་ཚིག་པ་བསྐྱེད་ཅིང་། སྤྱན་འདྲེན་དང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བརྗོད་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ། རྡོ་རྗེ་མེ་ཏོག་མགོར་བཞག །ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡོད་པ་ལས། དང་པོ་སྐུའི་དབང་གི་སླད་དུ། རྣམ་རྒྱལ་བུམ་པ་ཁྲག་འཐུང་པདྨ་གཏུམ་པོའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ཁྱེད་རང་གི་སྤྱི་བོར་བཞག་པས་རྡོ་རྗེ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། དཔྲལ་བར་ཐིམ་པས་གཟི་བརྗིད་རབ་འབར་དྲག་པོའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ སྐུ་ནི་སྣང་ལ་རང་བཞིན་བྲལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་པ་ལྷ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་གི་དབང་གི་སླད་དུ། གཏུམ་པོའི་མགྲིན་པ་ནས་འབར་བའི་སྔགས་ཀྱི་ཕྲེང་བ་འཕྲོས། མགྲིན་པར་ཐིམ་པས་མཐུ་ནུས་སྟོབས་ལྡན་དྲག་པོའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ གསུང་ནི་མ་འགག་རང་བྱུང་དབྱངས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ཐུགས་ཀྱི་དབང་གི་སླད་དུ༔ གཏུམ་པོའི་ཐུགས་ཀ་ནས་ཡེ་ཤེས་རྡོ་རྗེ་འབར་བའི་རྣམ་པ་བྱོན། སྙིང་གར་ཐིམ་པས་འཁྲུལ་རྟོག་རྩད་གཅོད་དྲག་པོའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཐུགས་ནི་སྟོང་ཉིད་རྡོ་རྗེའི་དབྱིངས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིང་འཛིན་དགོངས་པའི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་གྱི་དབང་གི་སླད་དུ། དཔལ་གྱི་གཏོར་མ་ཁྲག་འཐུང་པདྨ་གཏུམ་པོ་དངོས་སུ་གསལ་བས་བྱིན་གྱིས་བརླབས་པས་གང་འདུལ་རེ་སྐོང་དྲག་པོའི་ཡོན་ཏན་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །དཔལ་གཏོར་ལྟེ་བར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཡོན་ཏན་རེ་སྐོང་ཡིད་བཞིན་གཏེར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གང་འདུལ་འགྲོ་བ་སྒྲོལ་བར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཀྱི་དབང་གི་སླད་དུ། འགུགས་སྒྲོལ་གྱི་ཕྱག་མཚན་ལག་གཡས་གཡོན་དུ་གཏད་པས་ཐོགས་མེད་རྩལ་ལྡན་དྲག་པོའི་ཕྲིན་ལས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ལྕགས་ཀྱུ་གཡས་དང་ཕུར་པ་གཡོན་དུ་གཏད་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཕྲིན་ལས་དགྲ་བགེགས་དགུག་ཅིང་སྒྲོལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མངོན་སྤྱོད་སྟོབས་ཀྱི་དབང་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་ལིངྒ་ལ་འགུགས་བསྒྲལ་བསྟབ་པ་དྲག་པོའི་གཞུང་གཞན་ལྟར་བྱ། ལིང་རོ་ཐུན་གཏོར་དུ་བསྟབས་ལ་ལས་གཞུང་གིས་བསྐུལ་ལ་གཏོར་མ་དགྲ་ཕྱོགས་སུ་འཕེན་དུ་གཞུག །མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་ལྟར་དབང་ཐོབ་ནས་དམ་ཚིག་བསྲུང་སྡོམ་གྱི་ཐ་ཚིག་བསྒྲག་པ་ཡིན་ཏེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ བླ་མ་གཙུག་གི་རྒྱན་དུ་ཟུངས༔ ལྷ་བསྒོམ་སྔགས་བཟླས་རྒྱུན་མ་བཅད༔ རང་གཞན་དོན་ཀུན་རྟག་ཏུ་སྒྲུབས༔ ཇི་ལྟར་བསྒོས་པ་རྣམས་ཚུལ་བཞིན་རྗེས་སུ་བསྒྲུབ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་དང་། གཏང་རག་མཆོད་བསྟོད་ནོངས་བཤགས་སོགས་ལས་གཞུང་གི་མཇུག་ཆོག་ཀྱང་སྤྱི་ལྟར་བྱའོ། །འདིས་ཀྱང་ཟབ་ཅིང་དཀོན་པའི་ཆོས། །གདུལ་བྱ་མུ་མཐའ་ཡས་པར་འཕེལ། །ཀུན་ཀྱང་པདྨ་གཏུམ་པོ་དང་། །དབྱེར་མེད་ཆེ་བཙན་ཟླ་བྲལ་ཤོག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ནང་སྐོར་རིག་འཛིན་བཅོ་ལྔ་ཡི༔ བསྐྱེད་རིམ་བསྒོམ་པའི་བྱང་བུ་ (Volume 62, Text 35)
ན་མོ་གུ་རུ༔ ནང་སྐོར་རིག་འཛིན་བཅོ་ལྔ་ཡི༔ བསྐྱེད་རིམ་བསྒོམ་པའི་བྱང་བུ་ནི༔ སྐྱབས་སེམས་ཚོགས་གསག་ལ་སོགས་ནང་སྐོར་སྤྱི་ལྟར་བྱ།་་་་ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ རྒྱུ་ཡི་ཏིང་འཛིན་ཨ་དཀར་ལས༔ ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ སྤྱི་བོར་རིགས་བདག་ཀུན་ཏུ་བཟང་། །དཔྲལ་བར་རྡོ་རྗེ་སེམས་དཔའ་དཀར། །མགྲིན་པར་དགའ་རབ་སྤྲུལ་སྐུའི་ཚུལ། །ཐུགས་ཀར་ཤྲཱི་སིཾ་རྣལ་འབྱོར་ཆས། །ཕྱི་རོལ་པདྨ་འདབ་བཞི་ལ། །ཤར་དུ་ཁྲི་སྲོང་ལྡེའུ་བཙན་རྗེ། །ལྷོ་རུ་ཛྙཱ་ན་ཀུ་མཱ་ར། །ནུབ་ཏུ་གཉན་ཆེན་དཔལ་གྱི་དབྱངས། །བྱང་དུ་ཉང་བན་ཏིང་འཛིན་བཟང། །དེ་ཕྱིར་པདྨ་འདབ་བརྒྱད་ལ། །ཤར་དུ་དགེ་སློང་ནམ་མཁའི་སྙིང་། །ལྷོ་རུ་གནུབས་ཆེན་བུདྡྷའི་མཚན། །ནུབ་ཏུ་རྒྱལ་བ་མཆོག་དབྱངས་རྩལ། །བྱང་དུ་ཡེ་ཤེས་མཚོ་རྒྱལ་མ། །ཤར་ལྷོར་འབྲོག་མི་དཔལ་ཡེ་ཤེས། །ལྷོ་ནུབ་ལང་གྲོ་དཀོན་མཆོག་འབྱུང་། །ནུབ་བྱང་རླངས་ཆེན་དཔལ་སེངྒེ། །བྱང་ཤར་རྒྱལ་མོ་གཡུ་སྒྲ་སྙིང། །འོད་དང་འོད་ཟེར་འབར་བར་བསྒོམ༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྤྱན་འདྲེན་ལ་སོགས་ནང་སྐོར་སྤྱི་ལྟར་བྱ། དེ་ནས་བཟླས་པའི་རིམ་པ་ནི། ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ འཁོར་རྣམས་ལ་དམིགས་ཏེ། ཨཱོྃ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ ཚེ་རྫས་རྣམས་ལ་དམིགས་ཏེ། ཨཱོྃ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་ཨཱ་ཡུ་སིདྡྷི་ཧཱུྃ༔ སྤྲོ་ན་གཏེར་ཆེན་བླ་མས་མཛད་པའི་གསོལ་འདེབས་བྱ། གདམས་པའི་མཐར་ཐུག་སྙིང་ལ་ཕུལ༔ ལྷ་སྲས་རཏྣ་མཆོག་གི་མིང༔ མེ་སྒྲོན་རྟ་ལོ་བདེ་ཆེན་མིང༔ ཁམས་ཕྱོགས་ལྷོ་རྒྱུད་ཕྱོགས་སུ་སྐྱེ༔ ཐབས་ཤེས་རྟེན་འབྲེལ་ལེགས་པའི་ཚེ༔ འདི་ཉིད་འཕྲད་གྱུར་ངོ་མཚར་ཆེ༔ ཁོ་མོས་བྱིན་རླབས་ཞལ་ཕྱེ་ངེས༔ དེ་ལྟར་སྙིང་གི་ཐིག་ལེ་འདི༔ བཀའ་སྲུང་རྣམས་ཀྱིས་ཐུབ་པར་སྲུང༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔༁ྃ༔ ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས། ནང་སྐོར་བླ་མ་རིག་འཛིན་དབང་ཆོག་བཞུགས། །ན་མོ་གུ་རུ་བཻ་རོ་ཙ་ན་ཡ༔ ནང་སྐོར་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབས་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླང༔ ཞེས་པ་མདོ་བྱང་ལས་གསལ་དགོངས་པ་བཀྲལ། ནང་སྐོར་བླ་མའི་བྱིན་རླབས་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་ཡང༔ རྒྱས་བསྡུས་རིགས་པས་དཔག་ལ་བཤམ༔ སློབ་མ་རྣམས་ཀྱིས་འདི་སྐད་ཞུ༔ ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ རིག་འཛིན་འགྲོ་འདུལ་བཅོ་ལྔ་ཡི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ བླ་མས༔ སྤྱིར་ནི་འགྲོ་འདུལ་བླ་མ་བཅོ་ལྔ་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་སྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱིས་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ཉིད༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ལ་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ ཨེ་མ་ཧོ༔ བདེ་གཤེགས་རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ནང་སྐོར་བླ་མ་བཅོ་ལྔ་གནས་འདིར་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་དང༔ བླ་མའི་མངོན་རྟོགས་རིག་འཛིན་བཅོ་ལྔ་དཔོན་སློབ་གཉིས་ཀས་བསྒོམ། དེ་ནས་ནང་སྐོར་བོད་ཀྱི་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་བླངས་ཤིང་སྐུ་རྣམས་སྤྱི་བོར་བཞག་སྟེ། དང་པོ་བཻ་རོའི་སྐུ་ཐོགས་ལ། ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཡར་ལུང་ཤེལ་གྱི་བྲག་ཕུག་ནས༔ ང་ནི་བཻ་རོ་ཙ་ན་སོགས། བཀྲ་ཤིས་ཤོག༔ ཁྲི་སྲོང་སྐུ་ཐོགས་ལ། བསམ་ཡས་དབུ་རྩེའི་སོགས། མཐའ་གཉིས་བྲལ༔ གཉགས་ཆེན་སྐུ་ཐོགས་ལ། ཡར་ཀླུང་ཕུ་ནས་སོགས། ཀུན་ལས་འདས༔ གཉན་ཆེན་དཔལ་དབྱངས་སྐུ་ཐོགས་ལ། ཀོང་པོ་བྲག་དཀར་སོགས། འདི་ཀ་འོ༔ ཉང་བན་ཏིང་འཛིན་སྐུ་ཐོགས་ལ། ལྗོན་པ་ལུང་ནས་སོགས། ཡེ་ཤེས་ཆེ༔ ནམ་སྙིང་སྐུ་ཐོགས་ལ། མཁར་ཆུའི་གནས་སུ་སོགས། མེད་པར་ཤར༔ གནུབས་ཆེན་སྐུ་ཐོགས་ལ། ཡངས་རྫོང་གནས་ནས་སོགས། ཐིག་ལེར་རྫོགས༔ རྒྱལ་བ་མཆོག་དབྱངས་སྐུ་ཐོགས་ལ། བསམ་ཡས་མཆིམས་ཕུའི་སོགས། ཆེན་པོ་འོ༔ ཡེ་ཤེས་མཚོ་རྒྱལ་སྐུ་ཐོགས་ལ། ཏི་སྒྲོ་བྲག་གི་སོགས། དེ་ཙམ་མོ༔ འབྲོག་མི་དཔལ་ཡེའི་སྐུ་ཐོགས་ལ༔ བདུད་རི་གནམ་ལྕགས་སོགས། འབྲས་བུ་རྙེད༔ ལང་གྲོའི་སྐུ་ཐོགས་ལ། ཟངས་ཡག་བྲག་གི་སོགས། དགོངས་པ་ལགས༔ རླངས་ཆེན་དཔལ་སེང་སྐུ་ཐོགས་ལ། ཁམས་ཀྱི་ཁྱུང་བྲག་སོགས། རང་ལས་རྙེད༔ རྒྱལ་མོ་གཡུ་སྒྲའི་སྐུ་ཐོགས་ལ། ཡེར་པ་གཙུག་རུམ་སོགས། བཀའ་དྲིན་ལགས༔ སོ་སོའི་མཐའ་རུ་སྔགས་འདིས་སྐུར༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བཟླས་པ་བྱ་ཞིང་སྔགས་ཕྲེང་གཏད༔ རིག་འཛིན་ལྷ་ཚོགས་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་བའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སེམས་དཔའི་མེ་ལོང་བརྟན་ཏེ༔ ངོ་གཞི་རང་ཤེས་རྩལ་དབང་ཡུལ༔ འགྱུ་བྱེད་ཤེས་པས་དུག་ལྔ་རྣམས༔ ཅིར་ཡང་མི་དམིགས་ཆོས་དབྱིངས་ཀློང༔ ཅིར་ཡང་སྣང་བ་མེ་ལོང་ཀློང༔ རང་བཞིན་འོད་གསལ་མཉམ་ཉིད་ཀློང༔ མ་འདྲེས་ཡོངས་གསལ་སོར་རྟོག་ཀློང༔ རྩོལ་མེད་བྱ་བྲལ་ནན་ཏན་ཀློང༔ ཀློང་ཆེན་ལྔ་ཡི་བྱིན་གྱིས་བརླབས༔ ཀློང་ཆེན་ལྔ་རུ་ཉམས་སུ་བླངས༔ ཀློང་ཆེན་མངོན་པར་རྫོགས་པ་འོ༔ ཨ་ཨ་ཨ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ ནང་སྐོར་བླ་མའི་བྱིན་རླབས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཞེས་པའང་གོང་གསལ་མདོ་བྱང་གི་ལུང་དང་། ཕྱི་སྐོར་བླ་མའི་བྱིན་རླབས་མཐར་དེ་བཞིན་དུ་སྐོར་གསུམ་བླ་མ་རྣམས་ཀྱི་བྱིན་རླབས་རིག་པས་འཕྲུལ་ལོ༔ ཞེས་པའང་ལུགས་བཞིན་གབ་སྦས་འདུག་པར་ཤེས་ནས། རང་བཟོའི་དྲི་མ་སྤངས་ཏེ་གཏེར་སློབ་མཁན་པོ་རཏྣས་བཀོད་པའི་ཡི་གེ་པ་ནི་སློབ་ཆུང་པདྨ་བཛྲས་བགྱིས་པ་རྒྱལ་བསྟན་སྙིང་པོའི་རིང་ལུགས་ཕྱོགས་མཐར་ཁྱབ་ཅིང་བརྟན་པ་དང་། རང་གཞན་མཐའ་དག་ཆོས་དབྱིངས་འོད་གསལ་ཆེན་པོའི་ཀློང་དུ་སངས་རྒྱས་པར་གྱུར་ཅིག །དགེའོ།། །།
རྣམ་འཇོམས་སངས་རྒྱས་གསང་བའི་ལུགས་ཀྱི་སྒྲུབ་ཐབས་དང་ཁྲུས་ཀྱི་ཆོ་ག་ (Volume 61, Text 35)
ན་མོ་བཛྲ་དྷཱ་ར་ཡ། མཐུ་སྟོབས་རྡོ་རྗེས་བདུད་སྡེའི་དཔུང་ཚོགས་ཀུན། །རྣམ་པར་འཇོམས་མཛད་གང་དེར་ཕྱག་བཙལ་ནས། །དེ་ཡི་སྒྲུབ་ཐབས་སྔགས་ཀྱི་ཕྲིན་ལས་ཚུལ། །ཉུང་ངུར་བསྡུས་ཏེ་གཞན་ཕན་བློ་ཡིས་བརྗོད། །ཇི་སྐད་དུ། སྔོན་དུ་རྡོ་རྗེའི་ནུས་ལྡན་བསྙེན། །དེ་ནས་རྡོ་རྗེའི་ལས་ལ་སྦྱར། །འདི་ནི་བསྡུས་པར་གྱུར་པ་སྟེ། །ལྷ་གཅིག་བུམ་པ་གཅིག་པ་ནི། །འབྱོར་པ་ཆུང་བས་ཤེས་བྱ་ཞེས། །བླ་མས་གསུངས་པས་དེ་བསྟན་བྱ། །ཞེས་བཤད་པའི་དོན་བཞིན་སྒྲུབ་པ་ལ། སྦྱོར་བ་ཡོ་བྱད་བཅའ་བ། དངོས་གཞི་སྒྲུབ་པའི་རིམ་པ། རྗེས་ལས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ནི། དབེན་ཞིང་མཐུན་པའི་གནས་སུ་དུས་དགེ་བ་ལ། སྟེགས་བུའམ་གཞི་གཙང་མ་བ་བྱུང་དང་དྲི་བཟང་གི་ཆུས་བྱུགས། རས་བྲིས་སམ་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པ་བྲིས་པའི་མཐར་མེ་ཏོག་གི་སིལ་མ་དགྲམ། དེའི་དབུས་སུ་གསེར་རམ་དངུལ་ལམ་ཟངས་ལ་སོགས་པའི་བུམ་པ་མཚན་ཉིད་དང་ལྡན་པ་གཙང་མར། ཐུན་མོང་གི་རྫས་ལྔ་ཚན་ལྔ་དང་། ཁྱད་པར་གྱི་རྫས། ཤེལ། རྡོ་རྗེ་ཕ་ལམ། མུ་ཏིག་མིག་མེད། མེ་ཏོག་སྔོན་པོ་རྣམས་བཅུག །དྲི་བཟང་པོའི་ཆུས་བཀང་། ཁ་ཚར་མ་ཉམས་པའི་རས་དཀར་པོ་དཔྲོག་གསུམ་པས་མགུལ་དཀྲིས། ལོ་མ་མེ་ཏོག་དང་བཅས་པའི་འོ་མ་ཅན་གྱི་ཤིང་དང་། རྨ་བྱའི་སྒྲོ་བདུན་ཀུ་ཤ་དཱུརྦ་ལོ་མ་དང་བཅས་པས་ཁ་བརྒྱན། ཡུངས་དཀར་གྱིས་གང་བའི་ཕོར་བུ་གཟུངས་ཐག་རྡོ་རྗེ་དང་བཅས་པ་སྟེང་དུ་བཀོད། མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་། མཆོད་གཏོར་ཆ་གསུམ་དང་བཅས་པའང་བཤམ། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་རིམ་པ་ལ་ཐུན་མོང་གི་སྔོན་འགྲོ། བདག་བསྐྱེད་པ། བུམ་པ་སྒྲུབ་མཆོད་གསུམ་ལས་དང་པོ་ནི། ཁྲུས་སྔོན་དུ་འགྲོ་བས་གཙང་སྦྲའི་སྤྱོད་ལམ་ལ་གནས་བཞིན་དུ་སྟན་བདེ་བར་འཁོད་ནས། སྐྱབས་སེམས་དང་མཆོད་གཏོར་བྱིན་རླབས་སྤྱི་ལྟར་བྱས་ལ། ཧཱུྃ་བཛྲ་དྷྲིཀ྄ །རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྐུར་གྱུར་པའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་ཐམས་ཅད་རིང་དུ་བསྐྲད་པར་མོས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་སོགས་ཉེ་སྙིང་ཚར་གཅིག་བརྗོད། སླར་ཡང་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་རྡོ་རྗེའི་སྤྲིན་དུ་འཁྲིགས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་གུར་གྱིས་ཁྱབ་པར་མོས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཕྱི་མ་ནས་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊཿཀྱི་བར་གྱི་སྙིང་པོ་ཉིད་བརྗོད་པས་མཚམས་གཅད། དེ་ནས་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་སྒོམ་ཞིང་། དེས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྟོང་ཉིད་ལ་བློ་བཞག་གོ །གཉིས་པ་བདག་སྐྱེད་ནི། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ་བཻ་ཌཱུརྻའི་བྲག་དང་རྡོ་རྗེའི་གདན་གྱི་སྟེང་དུ་རང་ཉིད་ཕྱག་ན་རྡོ་རྗེའི་སྐུར་གྱུར་པའི། མདུན་གྱི་ནམ་མཁར་སེང་ཁྲི་རྡོ་རྗེའི་གདན་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གསེར་མདོག་མཚན་དཔེས་བརྒྱན་པ་ས་གནོན་མཉམ་གཞག་གི་ཕྱག་རྒྱ་ཅན་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། བདག་གིས་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་སངས་རྒྱས་ཀྱི་མཐུས་བདག་གི་ལུས་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ལྷའོ། །དེ་ལས་ཧཱུྃ་སྔོན་པོ་གཟུངས་ཀྱི་ཡི་གེ་དང་བཅས་པ་ཟླ་བ་ལ་གནས་པར་གྱུར། ཡི་གེའི་ལྷའོ། །གཟུངས་ཀྱི་སྒྲ་དང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་སྒྲའི་ལྷའོ། །དེའི་མོད་ལ་ཕྱོགས་བཅུའི་རྒྱལ་བ་རྣམས་འདུས་ཏེ་གཟུངས་ཀྱི་ཡི་གེ་ལ་ཐིམ་པས་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། རལ་པ་དམར་སེར་འབར་བ། གཡས་རྡོ་རྗེ་གསོར་ཞིང་གཡོན་སྡིགས་མཛུབ་མཛད་པ། སྟག་ཤམ་དང་སྦྲུལ་གྱི་རྒྱན་ཅན། གཡོན་བརྐྱང་བའི་སྟབས་ཀྱིས་རྡོ་རྗེའི་གདན་ལ་གནས་པར་གྱུར་པ་གཟུགས་ཀྱི་ལྷའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས། སྙིང་ག །མགྲིན་པ། སྤྱི་བོ། དཔུང་པ་གཉིས་རྣམས་སུ་རེག་བཞིན་པས། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་པས་བྱིན་གྱིས་བརླབས་པ་ཕྱག་རྒྱའི་ལྷའོ། །དེ་ནས་རང་ཉིད་ལྷའི་སྐུ་མདོག་ཕྱག་མཚན་ཐམས་ཅད་ཡང་ཡང་གསལ་གདབ་པ་ནི་མཚན་མའི་ལྷའོ། །དེ་དག་ནི་སྟོང་པ་ཉིད་ལ་སོགས་པའི་ལྷ་དྲུག་གིས་བདག་ཕྱག་ན་རྡོ་རྗེར་བྱ་བའི་དོན་ནོ། །གསུམ་པ་བུམ་པ་སྒྲུབ་མཆོད་ནི། མདུན་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ཡིད་བཞིན་གྱི་རྒྱ་མཚོ་བདུད་རྩིའི་ཆུས་གང་བའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སྡོང་བུ་གེ་སར་དང་བཅས་པའི་ལྟེ་བར་ཟླ་བའི་གདན་ལ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྒེག་ཅིང་ཁྲོ་བའི་ཉམས་ཅན་རལ་པའི་ཅོད་པན་གྱིས་མཛེས་པ། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཕྱོགས་གསུམ་པ་ཐུགས་ཀར་གསོར་ཞིང་། གཡོན་དཀུར་བརྟེན་ནས་འགྱིང་བ། དར་སྔོན་པོའི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་རོལ་པའོ། །དེའི་མདུན་གྱི་འདབ་མར་ཟླ་བའི་གདན་ལ་མཱ་མ་ཀཱི་སྔོན་མོ་ཨུཏྤལ་འཛིན་ཅིང་འཛུམ་པའི་ཞལ་གྱིས་གཙོ་བོ་ལ་གཟིགས་པ། དབང་ལྡན་དུ་རྡོ་རྗེ་གཏུམ་པོ་ནག་པོ་གཡས་རྡོ་རྗེ་རྩེ་ལྔ་པ་འཛིན་པ། མེར་རྡོ་རྗེ་ཕུར་བུ་སྔོ་དམར་གཡས་ཕུར་བུ། སྲིན་པོར་རྡོ་རྗེ་བེ་ཅོན་སྔོ་ནག་གཡས་བེ་ཅོན། རླུང་དུ་རྡོ་རྗེ་ཐོ་བ་སྔོ་སྐྱ་གཡས་རྡོ་རྗེའི་ཐོ་བ་འཛིན་པ། ཐམས་ཅད་ཀྱང་གཡོན་སྡིགས་མཛུབ་སྒྲེང་ཞིང་རལ་པ་དམར་སེར་འབར་བ། རབ་ཏུ་འཇིགས་པའི་འགྱིང་བག་དང་ལྡན་པ། གཡོན་བརྐྱང་བའི་དོར་སྟབས་ཅན། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་འཆང་བ། གཙོ་འཁོར་ཐམས་ཅད་ཀྱང་མི་བསྐྱོད་པའི་ཅོད་པན་དང་ལྡན་པའོ། །ཞེས་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲང་བ་ནི། རང་དང་བུམ་པའི་ལྷའི་གཙོ་བོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་རིག་སྔགས་རྒྱལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། སྙིང་ག་ནས་བདུད་རྩི་འཁྱིལ་པ་སྤྲོས་པས་ཕྱི་འབྲང་གི་བགེགས་བསྐྲད་ནས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ། རྣམ་འཇོམས་རྩ་བའི་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཚུལ་དུ་བཅས་ལ། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་པའི་ལྷ་རྣམས་བུམ་པའི་ལྷ་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་དམ་ཚིག་བརྟན་པར་བྱས་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཞབས་བསིལ་སོགས་ཤབྡའི་བར་དུ་སྦྱར་བས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད། དེ་ནས་ཕྲེང་བ་བླངས་ཏེ། ཨོཾ་བཛྲ་ཨ་ཙིནྡྷཱ་ཡ་སྭཱ་ཧཱ། ཞེས་བདུན་བཟླས་པས་ཕྲེང་བ་བསྒྲུབས་ནས། བུམ་ལྷའི་གཙོ་བོའི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས། རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཡིག་འབྲུ་ལ་ཐིམ་པར་མོས་ལ། འདི་སྐད་བདག་གིས་ཐོས་པ་སོགས་ནས། རབ་ཏུ་སྨྲས་སོའི་བར་ཚར་གཅིག་གི་རྗེས་སུ་སྔགས་ཚན་གསུམ་པོ་ཅི་ནུས་སུ་བཟླ་བ་ལས། ཐོག་མར་གསུམ་ཀ་སྦྲགས་ཏེ་ཚར་གཅིག་ངེས་པར་འདོན། དེ་ནས་རང་གི་མོས་པ་དང་སྦྱར་ནས་བཟླ་བ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་དང་པོ་ནས་ཛྭ་ལཱ་ཡ་སྭཱ་ཧཱའི་བར་རྩ་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ་ཕྱི་མ་ནས་བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊཿཀྱི་བར་སྙིང་པོ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ་མན་ཆད་ཉེ་སྙིང་ངོ་། །ཞེས་པ་རྣམས་རིམ་པ་བཞིན་ཅི་ནུས་སུ་བཟླས་ནས། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བསྩལ་བས་བུམ་པ་གང་བར་བསམ་ཞིང་། གཡས་པས་ཕྲེང་བ་བགྲང་ཞིང་གཡོན་པས་གཟུངས་ཐག་ལ་འཇུས་ཏེ་གཟུངས་རིང་དང་སྙིང་པོ་ཉེ་སྙིང་བཅས་པ་རྣམས་སྐྱོན་དང་བྲལ་བར་ཅི་ནུས་སུ་བཟླ་ཞིང་། ཐུན་མཐར་ཉམས་པ་སྐོང་བའི་ཡིག་བརྒྱ་ཡང་བཟླས་ལ་ཐུན་མཚམས་ལ་འཇུག་གོ །དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིར་བྱས་པའི་ཐུན་བཞི་པའི་མཐར་བུམ་པའི་ལྷ་ལ་སྔར་བཞིན་མཆོད་བསྟོད་བྱས་ནས། གཏོར་མ་འབུལ་བ་ནི། གཏོར་མ་དང་པོ་བྱིན་གྱིས་བརླབས། ཉེ་སྙིང་གི་མཐར་ཨ་ཀཱ་རོ་བཏགས་པ་བདུན་གྱིས་ཕུལ་ནས་འདོད་དོན་གསོལ།་་་མཆོད་སྦྱིན་གཏོར་མ་སོགས་སྤྱི་ལྟར།མཆན། འཇིག་རྟེན་པའི་གཏོར་མ་ཆ་གསུམ་གྱི་ཆོ་གས་གཏང་ལ། མཐར་བུམ་པའི་ཡེ་ཤེས་པ་ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་པས་གཤེགས་ཤིང་། དམ་ཚིག་པ་བདག་ལ་བསྟིམ། བདག་ཉིད་ལས་ཀྱི་ཁྲོ་བོའི་སྐུར་ལངས་ལ་སྤྱོད་ལམ་བསྐྱང་ངོ་། །རིམ་པ་དེ་ལྟ་བུས་སྔགས་གསུམ་པོ་གང་ཡང་རུང་བ་གཅིག་འབུམ་དུ་བཟླ་བ་ནི་གྲངས་བསྙེན་དང་། ལྷ་ལ་མཐོང་རེག་གི་མཚན་མ་དང་ཡི་དམ་གྱི་རྟེན་བཞད་པར་མཐོང་བ་སོགས་ནི་མཚན་མའི་བསྙེན་པའོ།། ༈ །།གསུམ་པ་རྗེས་ལས་ཀྱི་རིམ་པ་ལ་དང་པོར་བྱ་བ་དང་། ཁྲུས་ཀྱི་ཆོ་ག །རྗེས་སུ་བྱ་བ་དང་གསུམ་ལས། དང་པོ་ནི། གང་ལ་བྱ་བ་དེའི་ཆེད་དུ་བུམ་པ་བཤམ་པ་དང་། བདག་བུམ་གྱི་སྒྲུབ་མཆོད་གཞན་རྣམས་སྔར་དང་འདྲ་བ་ལས། ཁྱད་པར་སྔགས་ཕྲེང་གི་འོད་ཟེར་བསྒྲུབ་བྱ་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་བསམ་ཞིང་སྔགས་ཚན་གསུམ་པོ་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ཏེ། ནད་ཞི་བར་འདོད་ན་སརྦ་ཛྭ་རེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་པ་དང་། གདོན་ཞི་བར་འདོད་ན་སརྦ་དུཥྚཱཾ། ཚེ་རྒྱས་པར་འདོད་ན་ཨཱ་ཡུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་སྦྱར་བ་བཟླས་ནས། བུམ་པའི་ལྷ་ལ་མཆོད་བསྟོད་དང་། འདས་པ་དང་འཇིག་རྟེན་པའི་གཏོར་མ་འབུལ་བ་རྣམས་སྔར་བཞིན་བྱའོ། །གཉིས་པ་ཁྲུས་ཆོག་ནི། བསྒྲུབ་བྱ་དེ་དང་པོར་ཤུ་ཏི་དང་ཉེ་ཤིང་སོགས་འདག་རྫས་སྦྱར་བའི་ཆུས་ཁྲུས་བྱས། ཕྱི་ནང་གི་གཙང་སྦྲ་དང་ལྡན་པས། གོས་གསར་པ་བགོས། ལྷ་དང་སྔགས་འཆང་ལ་ཕྱག་འཚལ་ཏེ་མདུན་དུ་འཁོད་པ་ལ། ཐོག་མར་སྦྱོང་བ་གསུམ་གྱི་ཆོ་གས་བགེགས་སྦྱོང་བ་སྤྱི་ལྟར་ལས། བདེན་སྟོབས་བརྗོད་པའི་སྐབས་སུ། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་བྱིན་རླབས་ཀྱིས་བསྒྲུབ་བྱ་ཆེ་གེ་མོ་ལ་གནོད་ཅིང་བར་དུ་གཅོད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག་སོགས་བརྗོད་ཅིང་། གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་བྲབ། སྙིང་པོ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀཏེ་ཧཱུྃ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ལན་བདུན་བརྗོད་པས་བགེགས་བསྐྲད་ཅིང་གཞོམ་པར་བྱའོ། །སྡིག་པ་སྦྱང་བ་ནི། བསྒྲུབ་བྱ་གུ་གུལ་གྱིས་བདུག་ཅིང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྣ་སྒོར་སྡིག་པའི་གཟུགས་ཀྱིས་ཐོན་པ་ཏིལ་ལ་ཐིམ་པ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ་ཞིང་། ཨོཾ་བཛྲ་དྷ་མ་དྷ་མ་ཧཱུྃ་སྥོ་ཊ་ཡ་བྷསྨིཾ་ཀུ་རུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་ཏེ་མཐེབ་སྲིན་གྱིས་ཏིལ་བླངས་ནས་བསྒྲུབ་བྱ་ལ་བསྐོར་ཏེ་མེ་ལ་བསྲེག་ཅིང་ཐལ་བ་ཆུ་ལ་བླུག་ནས་ཕྱིར་དོར། ཁྲུས་བྱ་བ་ནི། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་མཆོད་ཅིང་བསྟོད་ནས། སྤྱན་དྲངས་པའི་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་སྤུའི་ཁུང་བུ་ནས་དུད་ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས། ལུས་དུང་དཀར་པོ་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་སྐྱ་མེར་གྱིས་ཁེངས་པར་མོས་ལ། གཟུངས་རྣམས་ཚར་གཅིག་བརྗོད་པའི་མཐར། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་སོགས་ཀྱི་མཇུག་ཏུ་ཉེ་སྙིང་གི་མཐར། སརྦ་པཱ་པཾ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་པཱ་པཾ་གྱི་གནས་སུ། བིགྷྣཱན། བྱཱ་དྷི། ཨུ་པ་དྲ་བེ། ཨ་ཀཱ་ལ་མྲྀ་ཏྱུ། གྲ་ཧེ། ཛྭ་རེ། དུར་སྭཔྣེ། དུརྣི་མིཏྟེ། ཙིཏྟ་བྱ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ལ་བཀྲུ་ཞིང་། བོད་སྐད་དུ་བྱེད་ན་རིམ་པ་བཞིན། སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག །དེ་བཞིན་དུ། བགེགས་ཐམས་ཅད། ནད་ཐམས་ཅད། ཉེ་བར་འཚེ་བ་ཐམས་ཅད། དུས་མ་ཡིན་པར་འཆི་བ་ཐམས་ཅད། གདོན་ཐམས་ཅད། རིམས་ཐམས་ཅད། རྨི་ལམ་ངན་པ་ཐམས་ཅད། མཚན་མ་ངན་པ་ཐམས་ཅད། སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་སོགས་དང་། གཞན་ཡང་གྲིབ་དང་མི་གཙང་བ་དང་། བྱུར་དང་སྐལ་པ་ངན་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཅེས་བརྗོད་ཅིང་ཁྲུས་བྱའོ། །གལ་ཏེ་དངོས་སུ་བཀྲུར་མི་རུང་ན་གཟུགས་བརྙན་བྲིས་པ་དང་མེ་ལོང་དུ་ཤར་བ་ལ་ཡང་བཀྲུར་རུང་ངོ་། །དེ་ནས་བྱབས་པ་ནི། ཁྲུས་ཆུ་ཅུང་ཟད་ཁར་འཛིན་དུ་བཅུག་ལ། སྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བླངས་ནས་མདུན་དུ་བྱབས་པར་བསམ་ལ། རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་སྤྱི་བོ་ནས་རྐང་པའི་བར་དུ་བྱབ་ཅིང་ཉེ་སྙིང་གི་མཐར་སརྦ་པཱ་པཾ་སོགས་ལ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་སོགས་བཏགས་པས་བྱབས་པའི་མཐར་ཁའི་ཆུ་སྐྱུགས་པ་དང་ལྷན་ཅིག །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སོང་བར་བསམ་ལ་ཕྱིར་དོར། དེ་ནས་བསྲུང་བ་བྱ་བ་ནི། བསྒྲུབ་བྱའི་མགོ་བོར་རྡོ་རྗེ་བཞག་ལ། ཉེ་སྙིང་གི་མཐར་སརྦ་པཱ་པཾ་བྷྱཿསོགས་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཏགས་པས་བསྲུངས་ནས། ཨོཾ་བཛྲ་རཀྵ་རཀྵ་སརྦ་བུདྡྷ་ཨ་དྷིཥྛཱ་ན་མ་ཙི་བརྟ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་གོ་ཆའི་རྒྱས་མགོ་བོ་དང་། དཔུང་པ་གཉིས། སྙིང་ག །མགྲིན་པ་རྣམས་སུ་རེག་པས་ལུས་རྡོ་རྗེའི་གོ་ཆས་གཏམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གཞན་ཡང་སྲུང་བའི་འཁོར་ལོ་དང་སྲད་བུ་ལ་སོགས་པས་ཀྱང་བསྲུང་ཞིང་། སླར་ཡང་སྤྱི་བོར་རྡོ་རྗེ་བཞག་ལ། ཁྲོ་རྒྱལ་འཁོར་དང་བཅས་པའི་བྱིན་རླབས་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ཀུན་ང་ཡིས་བསྲུངས་ཟིན་གྱིས། །འདི་ལ་སུ་ཡང་གནོད་པར་མ་བྱེད་ཅིག །ཅེས་བསྲུང་ངོ་། །དེ་ནས་བསྒྲུབ་བྱ་ལག་གི་རྡོ་རྗེ་ལ་འཛིན་དུ་བཅུག་ནས། ཞི་བ་དང་དགའ་བའི་སེམས་ཀྱིས་ལོངས་ཤིག །ཅེས་བརྗོད་ལ་དེས་ཀྱང་ནད་གདོན་ཐམས་ཅད་ལས་ཐར་པའི་བསམ་པས་ལངས་ནས། སླར་ཡང་བཀྲ་ཤིས་པའི་སྟན་ལ་འཁོད་པ་ལ། བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་པའམ། བསྡུ་ན་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིག་ཅི་རིགས་བརྗོད་པའི་མཐར་སྐྱེས་བུ་འདི་དག་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །དེ་ནས་ཕན་ཡོན་བསྒྲག་པ་ནི། དེ་ལྟར་བགྱིས་པས་ཉི་ཟླ་གཟའ་ལས་གྲོལ་བ་བཞིན་དུ་བསྒྲུབ་བྱ་ནད་གདོན་སོགས་ལས་རྣམ་པར་ཐར་པ་ཉིད་དེ་ཞེས་བྱ་བའི་དབང་དུ་བྱས་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་བཤད་པས་སྤྲོ་བ་བསྐྱེད་ཅིང་། དེས་ཀྱང་ཡིད་ཆེས་པའི་དད་པས་བཀའ་དྲིན་དྲན་པར་བྱའོ། །གསུམ་པ་རྗེས་བྱ་ནི། སླར་བུམ་པའི་ལྷ་ལ་མཆོད་བསྟོད་བྱས་ནས། ཡིག་བརྒྱ་མང་དུ་བཟླས་པའི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་ནོངས་པ་བཤགས་ནས། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས་ལས་ཀྱི་ཁྲོ་བོའི་སྐུར་ལྡང་། སྨོན་ལམ་ཤིས་བརྗོད་བྱ་ཞིང་ཡོ་བྱད་རྣམས་བསྡུའོ། །དེ་ལྟར་རྡོ་རྗེའི་རིགས་ཀྱི་གཙོ། །བདུད་སྡེའི་དཔུང་རྣམས་འཇོམས་མཛད་ལྷའི། །སྒྲུབ་ཐབས་ཁྲུས་ཀྱི་ཆོ་གར་བཅས། །བརྗོད་འདིས་འགྲོ་ལ་ཕན་གྱུར་ཅིག །རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཁྲུས་ཀྱི་ཆོ་ག་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི་དགེ་སློང་འཚོ་བྱེད་གཞན་ཕན་མཆོག་སྦྱིན་དང་། མདོ་ཁམས་པ་ངེས་དོན་བསྟན་འཛིན་གྱིས་བསྐུལ་བ་ལས་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སློབ་དཔོན་སངས་རྒྱས་གསང་བའི་མན་ངག་གི་སྙིང་པོ་ཉུང་ངུར་བསྡུས་ཏེ་བཀོད་པའོ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ལོངས་སྐུ་འགྲོ་འདུལ་གྱི་ལས་རིམ་གྲོལ་བ་བཅུ་གཅིག་གི་ལག་ལེན་གསལ་བྱེད་ངོ་མཚར་རྒྱ་མཚོ་ (Volume 42, Text 35)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ལོངས་སྐུ་འགྲོ་འདུལ་གྱི་ལས་རིམ་གྲོལ་བ་བཅུ་གཅིག་གི་ལག་ལེན་གསལ་བྱེད་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་བྷྱཿ ཐབས་ལ་མཁས་ཤིང་ཐུགས་རྗེ་ཚད་མེད་པས། །མཆོག་དམན་བར་མས་བསྡུས་པའི་ཡིད་ཅན་ཀུན། །འབད་མེད་ཉོན་མོངས་འཆིངས་ལས་འགྲོལ་མཛད་པ། །བླ་མ་འཇིག་རྟེན་མགོན་པོའི་ཞབས་ལ་འདུད། །འབྲེལ་ཚད་ངན་སོང་གཏིང་སྤྲུགས་ནས། །ཐར་པའི་སྒོ་མོར་བདེ་བླག་ཏུ། །འཇུག་བྱེད་ངོ་མཚར་ཐབས་ཆེན་པོ། །སངས་རྒྱས་མཐུ་ལས་སྣང་འདི་རྨད། །སྐྱེ་དགུ་ཡིད་ཅན་མཐའ་དག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་རང་བཞིན་གྲོལ་བར་བྱེད་པའི་ཐབས་ཀྱི་ཁྱད་པར་མང་པོ་གསང་སྔགས་གསར་རྙིང་གཉིས་ཀའི་རྒྱུད་དང་གདམས་ངག་རྣམས་ལས་ཅི་རིགས་པ་བཤད་ཅིང་། ལྷག་པར་སྔ་འགྱུར་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་ལས་ཟབ་ཅིང་རྒྱ་ཆེར་འབྱུང་བའི་བྱེ་བྲག་གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུགས་ལས་ངོ་མཚར་ཐབས་ཀྱི་རིམ་པ་བཅུ་གཅིག་ཏུ་གསུངས་ཏེ། ཕྱག་རྒྱ་མཐོང་གྲོལ་སྔགས་ཐོས་གྲོལ། །མྱང་གྲོལ་བྱེ་མ་རེག་གྲོལ་དང་། །མཆོད་རྟེན་དྲན་གྲོལ་ཞིང་སྒོམ་གྲོལ། །འབབ་ཆུ་འཐུང་གྲོལ་གཟུངས་བཏགས་གྲོལ། །གསོ་སྦྱོང་བསླབ་གྲོལ་སྤོས་ཚོར་གྲོལ། །མཆོད་སྦྱིན་སྤྱད་པས་གྲོལ་རྣམས་སོ། །དེ་ལས་དམ་རྫས་མྱང་གྲོལ་དང་མཐོང་གྲོལ། དྲན་གྲོལ་མཆོད་རྟེན། བཏགས་གྲོལ་སོགས་བཞི་པོ་རྣམས་ལ་ཟུར་དུ་བཤད་པའི་ལོངས་སྐུ་འགྲོ་འདུལ་གྱི་ཆོ་གས་ཁོག་དབུབ་དགོས་པའང་ཤེས་པར་བྱའོ། །དེ་ཡང་དང་པོ་མི་འཁྲུགས་པའི་ཕྱག་རྒྱ་མཐོང་གྲོལ་ནི། རྒྱུ་ཇི་ལྟར་འབྱོར་པ་ལས་བྱང་ཆུབ་མཆོད་རྟེན་ཆག་ཚད་ལྡན་པ་ཆེ་ཆུང་ཡང་ཇི་ཙམ་འོས་པ་བཞེངས་པའི། བུམ་སྒོར་མི་འཁྲུགས་པའི་སྐུ་མངོན་རྟོགས་ལས་འབྱུང་བ་ལྟར་མཚན་ཉིད་རྫོགས་པ་དང་། བང་རིམ་རྣམས་ལ་ལས་སྒྲིབ་རྣམ་སྦྱོང་གི་གཟུངས་ཚར་གཅིག་གམ་དུ་ཤོང་གི་གཤམ་དུ། རྟེན་མཆོག་འདི་གང་གིས་མཐོང་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཞི་ཞིང་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད་ནས་ཐར་པ་བྱང་ཆུབ་བླ་ན་མེད་པའི་གོ་འཕང་བདེ་བླག་ཏུ་ཐོབ་པར་མཛད་དུ་གསོལ། ཅེས་པའི་འདོད་གསོལ་སྦྱར་བ་བྲི། མཆོད་རྟེན་སྲོག་ཤིང་སོགས་སྤྱི་འགྲེ་ལ་སྐུ་བརྙན་དང་གཉིས་ཀར་གཟུངས་འདོད་གསོལ་བཅས་ཚར་གང་ཐོན་གཞུག་གྲུབ་ན་ལེགས། འབུར་དུ་བཞེངས་མ་གྲུབ་ན་རས་སམ་ཤོག་གུར་མཆོད་རྟེན་བུམ་སྒོར་སྐུ་གཟུགས་དང་བང་རིམ་ལ་གཟུངས་འདོད་གསོལ་བཅས་བྲིས་པའང་རུང་སྟེ། ཇོ་བོ་རྗེའི་དབུ་ཞྭ་ལས་བྱུང་བར་གྲགས་པ་དང་ཚུལ་མཚུངས་སོ། །བཞེངས་གྲུབ་ནས་སྦྱོང་ཁྲུས་རབ་གནས་བྱ། དངོས་གཞིའི་སྒྲུབ་པ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་བྱ་དགོས་ལ། དེའང་ཆོ་ག་ལྟར་སྔོན་འགྲོ་རྣམས་དང་བདག་བསྐྱེད་ཐུགས་རྗེ་ཆེན་པོར་བསྒོམས་ལ་ཡིག་དྲུག་བཟླ། མདུན་གྱི་རྟེན་མཆོག་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ ཞེས་གཙོ་བོ་ཁོ་ན་བསྐྱེད། གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའི་སོགས་ནས་སྤྱན་འདྲེན་རྒྱས་གདབ་བར་དང་། མཆོད་བསྟོད་རྒྱས་པ་བྱ། བདག་གི་ཐུགས་ནས་འོད་འཕྲོས་པས༔ མདུན་གྱི་ལྷ་ཡི་ཐུགས་རྒྱུད་བསྐུལ༔ དེ་ཡི་སྨིན་མཚམས་མཛོད་སྤུ་ལས༔ འོད་ཟེར་དཀར་བསིལ་ཕྱོགས་བཅུར་འཕྲོས༔ ཁམས་གསུམ་ཀུན་གྱི་ལས་སྒྲིབ་སྦྱངས༔ འཕགས་རྣམས་ཐུགས་བསྐྱེད་སྨོན་ལམ་བསྐུལ༔ ཡེ་ཤེས་ཡོན་ཏན་བྱིན་རླབས་ཀུན༔ ཚུར་འདུས་ཐུགས་ཀར་ཐིམ་པ་ཡིས༔ གཟི་བྱིན་ལྷག་པར་འབར་བར་གྱུར༔ ཅེས་པའི་ཏིང་ངེ་འཛིན་རྩེ་གཅིག་པས་གཟུངས་སྔགས་བར་མ་ཆད་པར་བཟླ། ཐུན་མཐར་མཆོད་བསྟོད་མདོར་བསྡུས་དང་། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་སོགས་ཀྱིས་འདོད་དོན་གསོལ། ནོངས་བཤགས། བརྟན་བཞུགས། སྨོན་ལམ་ཤིས་བརྗོད་བཅས་བྱ། དེ་ལྟར་ཐུན་བཞི་སོགས་བཅད་ལ། འོད་དང་དྲི་དང་སྒྲ་ལ་སོགས༔ བྱུང་ན་ངེས་པར་འགྲུབ་པའི་རྟགས༔ ཞེས་པའི་རྟགས་མཐོང་བའམ། དེ་ལྟར་མ་འགྲུབ་ན་སྔ་ཐུན་རེ་རེ་ཙམ་ལ་བསྒྲུབས་ནའང་རྗེས་མཐུན་པའི་ཕན་ཡོན་ངེས་པར་ཐོབ་པས། དེ་ལྟར་གྲུབ་པའི་བཅོ་ལྔའི་ཐུན་རྗེས་མའི་མཇུག །མཆོད་བསྟོད་དང་བརྟན་བཞུགས་རྒྱས་པར་བྱ་ཞིང་ཡེ་དྷར་བརྒྱ་ཕྲག་སོགས་བཟླས་པའི་འབྲུ་འཐོར། སྨོན་ལམ་སོགས་ཀྱང་གང་རྒྱས་བྱས་པའི་རྟེན་འབུར་མ་ཡིན་ན་བཞུགས་ཁང་དང་། བྲིས་པའམ་སྤར་མ་ཡིན་ན་ཤིང་ལེབ་ལྟ་བུའི་ངོས་སུ་སྦྱར་ཏེ། ཀུན་གྱིས་མཐོང་བའི་འགྲིམ་ལམ་དུ་ཆར་ཆུ་ལ་སོགས་པའི་གནོད་པ་མི་འབྱུང་བར་བྱས་ནས་བཞུགས་སུ་གསོལ་བའི་ཕན་ཡོན་ཀྱང་། འདི་ནི་མཐོང་བ་ཙམ་གྱིས་ཀྱང༔ ངན་སོང་གནས་ལས་ཐར་འགྱུར་ན༔ དད་དང་བྱང་སེམས་ལྡན་པ་རྣམས༔ འཕགས་ལམ་འགྲོ་བ་སྨྲོས་ཅི་དགོས༔ ཞེས་གསུངས་པ་ལྟར་རོ།། །། ༈ གཉིས་པ་རྡོ་རྗེ་སེམས་དཔའི་གསང་སྔགས་བཀླགས་པས་གྲོལ་བ་འདོན་སྒོམ་གྱི་ཚུལ་ནི་ཀུན་གཟིགས་མཁྱེན་བརྩེ་རིན་པོ་ཆེའི་གསུང་རབས་ལས་འབྱུང་བ་དེ་ཁོ་ན་ཉིད་དོ།། །། ༈ གསུམ་པ་ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ཀྱི་མྱང་གྲོལ་ནི། རྒྱས་པ་སྒྲུབ་ཆེན་གྱི་ཁོག་དབུབ་སྦྱར་ནས་སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་བྱ་བའི་ཚུལ་ནི་སྤྱི་དང་མཚུངས། འདིར་འབྱོར་སྤྲོས་ཆུང་བ་དག་གིས་སྒྲུབ་པ་པོ་ཉུང་ངུ་ཙམ་གྱིས་ལག་ཏུ་བླང་བར་འདོད་ན། སངས་རྒྱས་བྱང་སེམས་གྲུབ་པ་ཐོབ་པ་རྣམས་ཀྱི་གདུང་རིང་བསྲེལ། གཙོ་བོར་སྐྱེ་བདུན་གྱི་སྐུ་ཤ་གཏེར་བྱོན་ནམ་བོད་དུ་ཡོངས་སུ་གྲགས་པ་ལ་གཞིར་བྱས། སྐྱོབས་སུ་སྨན་འབྲས་བུ་གསུམ། རྟག་ངུ་རིགས་གསུམ། ཙནྡ་དཀར་དམར། གུར་གུམ། དབང་ལག་རྣམས་ཀྱི་ཕྱེ་མ་འབྲས་སམ། ནས་ཕྱེ་ཞིབ་མོ་ལ་སྦྱར་ཏེ་རིལ་བུ་ཡུངས་དཀར་འབྲུ་བདུན་གྱི་ཚད་དུ་དྲིལ་ཏེ་སྐམ་ཐག་ཆོད་ནས་མཚལ་གྱིས་དམར་པོར་བསྒྱུར་ལ་བུམ་པར་བླུགས། རིགས་ལྔའི་ཁ་རྒྱན་དང་མགུལ་ཆིངས་ཀྱིས་སྤྲས། སྒྲུབ་གནས་གསར་པ་ཡིན་ན་ས་ཆོག་བྱ། རྙིང་པ་ལ་སྔོན་འགྲོ་དཀར་གཏོར་ཙམ་གྱིས་འཐུས། གང་ལྟར་སྦྱོར་བ་འགྲོ་འདུལ་གྱི་དཀྱིལ་འཁོར་རས་བྲིས་བཀྲམ་པའམ། མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་ཁྲིའུ་ལ་རིལ་བུའི་བུམ་པ་བཀོད་ཅིང་གཟུངས་ཐག་བཏགས། གཏོར་མཆོད་ཕྲིན་ལས་དང་མཐུན་པ་ཅི་འབྱོར་བཤམ། སྔོན་གཏོར་གཏང་། སྒྲུབ་ཁང་སྒོར་རྒྱལ་ཐོ་བཙུགས་ལ་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བྱ། དངོས་གཞི་འགྲོ་འདུལ་ལས་བྱང་གཞུང་བསྲངས་ལ་བདག་བསྐྱེད་བཟླས་པ་ཅི་འགྲུབ་དང་། མདུན་དཀྱིལ་བསྐྱེད་ཆོག་གི །དཔག་མེད་ཏིལ་གོང་ཁ་ཕྱེས་ལྟ་བུར་གསལ༔ ཞེས་པའི་མཚམས་སུ། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ ཕྱི་ནི་བུམ་པ་ནང་གཞལ་ཡས༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང༔ འཇའ་ཟེར་འོད་ལྔར་འཁྲུགས་པའི་ཀློང༔ རིལ་བུ་འཁོར་འདས་དྭངས་མའི་བཅུད༔ ཡོངས་སུ་འདུས་པའི་ངོ་བོ་ཉིད༔ རྣམ་པ་ངན་སོང་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ སྣང་སྟོང་ཆུ་ཟླ་གཟུགས་བརྙན་བཞིན༔ གསལ་ལ་མ་འདྲེས་ཡོངས་སུ་རྫོགས༔ ཁྱད་པར་ལས་ཀྱི་སེམས་དཔའི་སྐུ༔ གྲངས་མེད་ཉི་ཟེར་རྡུལ་བཞིན་འཕྲོ༔ ཁམས་གསུམ་ཐམས་ཅད་ཡོངས་ཁྱབ་པས༔ འཁོར་བ་དོང་ནས་སྤྲུགས་པར་བསམ༔ ཞེས་པས་བུམ་པ་བསྐྱེད་ལ། གནས་གསུམ་འབྲུ་གསུམ་སོགས་ནས། སྤྱན་འདྲེན་ཕྱག་མཆོད་བསྟོད་པའི་བར་དུ་གཏང་། གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ གཟུངས་ཐག་རྡོ་རྗེའི་ལམ་ནས་སོང༔ མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་དང༔ ཁྱད་པར་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ དེ་དག་ཀུན་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་བླ་མ་ཡི་དམ་དང༔ སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས༔ མཆོད་ཅིང་ཐུགས་དམ་རྒྱུད་བསྐུལ་ནས༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ ཐིམ་པས་གཟི་བྱིན་མཆོག་ཏུ་འབར༔ སླར་འཕྲོས་ཁམས་གསུམ་ལས་ཉོན་སྦྱངས༔ ཕྱི་སྣོད་འཕགས་པའི་ཞིང་ཁམས་ལ༔ ནང་བཅུད་འགྲོ་འདུལ་ཐུགས་རྗེའི་ལྷ༔ སྒྲ་གྲགས་སྔགས་ཀྱི་རང་སྒྲ་དང༔ དྲན་རྟོག་འོད་གསལ་དབྱིངས་ཀྱི་ངང༔ འཁོར་བ་དོང་སྤྲུགས་ཏིང་འཛིན་གྱིས༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱར་སད༔ ཕྱི་ནང་འབྱུང་ལྔའི་དྭངས་མའི་བཅུད༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱིལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་པའི་ཡིག་བདུན་གཙོ་བོར་བཟླས་པས་ཐུན་གྱི་དངོས་གཞི་བྱ། ཐུན་མཇུག་སྡིག་སྒྲིབ་ཀུན་འཇོམས་གཟུངས་བརྒྱ་རྩ་ཙམ་དང་། གཙོ་འཁོར་གཞན་རྣམས་ཀྱི་སྔགས་ཉེར་གཅིག་རེ་སོགས་ཅི་འགྲུབ་བཟླས་ལ་མཆོད་བསྟོད་གསོལ་གདབ་བྱ། སླར་མཆོད་པ་ཁ་གསོས་ལ་བྱིན་རླབས་བདག་བསྐྱེད་ཕྱིན་ཆད་སྔ་མ་ལྟ་བུས་ཐུན་བཞིའམ་གསུམ་དུ་གཅད། འགྲུབ་ན་བསྙེན་རྒྱུན་མ་ཆད་པ་དགོས་པས་ཐུན་པ་བཞག །དགོང་ཐུན་གཤམ་དུ་བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། མདུན་བསྐྱེད་ལ་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་རྫོགས་པར་གཏང་། སྒྲུབ་པ་བདུན་གསུམ་བྱེད་ན་ཞག་བདུན་དང་། བདུན་གཅིག་བྱེད་ན་ཞག་གསུམ་སོང་ནས། ཞག་བརྒྱད་པའམ་ཉིན་བཞི་པ་ལ་སྒྲུབ་ཚུལ་སྤྱི་ཁོག་དེ་ཀ་ལྟར་ལ། བུམ་སྒྲུབ་ཡིག་བདུན་གཤམ་དུ། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ། གྲོལ་བའི་སྔ་ཉིན་ཙམ་དུ་དེ་གཉིས་ཀྱི་གཤམ་དུ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨོཾ༔ ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱ་ཏིཥྛ་ཨོཾ༔ ཞེས་སྦྲེལ་བ་བཟླ། ཞག་གྲངས་ཐེམས་ནས་གྲོལ་བའི་ནངས་མོར་མཆོད་པ་གསར་དུ་བཤམ། བཟླས་པ་མཆོད་བསྟོད་གསོལ་གདབ་ཡན་སོང་བ་དང་། བདག་ཉིད་འཇུག་པའི་དབང་དང་དངོས་གྲུབ་བླང་བའི་སླད་དུ་མཎྜལ་ཕུལ། དཔལ་ལྡན་ངན་སོང་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ མྱོང་གྲོལ་རྫས་ཀྱི་དངོས་གྲུབ་དབང༔ ཐུགས་རྗེས་དགོངས་ཏེ་བསྩལ་དུ་གསོལ༔ ལན་གསུམ་གྱིས་གསོལ་བ་གདབ། བུམ་པ་གཞལ་ཡས་ཁང་གི་ནང་དུ་རིལ་བུ་འགྲོ་འདུལ་ངན་སོང་དོང་ནས་སྤྲུགས་པའི་དཀྱིལ་འཁོར་གྱི་ལྷར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་མོས། རིལ་བུམ་སྤྱི་བོར་བཞག་ལ། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ མྱོང་གྲོལ་བདུད་རྩིའི་དབང་བསྐུར་བས༔ ཉོན་མོངས་དྲི་མ་དག་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུ་ལས་ཀྱི་སེམས་དཔའ་འཁོར་བ་དོང་སྤྲུགས་ཀྱི་རྣམ་པར་བྱོན་ནས་ལྕེ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བཞུགས་པས་སྔགས་ཀྱི་ནུས་བྱིན་ཡོངས་སུ་རྫོགས་པར་མོས། རིལ་བུ་ལྕེར་བཞག་ལ། ཨཱ༔ བུམ་བཅུད་ངན་སོང་དོང་སྤྲུགས་ལྷ༔ ལས་ཀྱི་སེམས་དཔའི་རྣམ་པར་བྱོན༔ རྡོ་རྗེ་ལྕེ་ཡི་དལ་དུ་བཞུགས༔ ནུས་པ་སྔགས་ཀྱི་དབང་བསྐུར་རོ༔ ཝཱཀ྄་ཨ་བྷི་ཥིཉྩ་ཨཱ༔ དེ་ཉིད་སྙིང་འདབ་བརྒྱད་ཀྱི་དབུས་སུ་བྱོན། རླུང་སེམས་དབྱེར་མི་ཕྱེད་པ་ཡེ་ཤེས་སེམས་དཔའི་ངོ་བོར་བྱང་ཆུབ་མ་ཐོབ་བར་བརྟན་པར་བཞུགས་པར་མོས། རིལ་བུ་མིད་ལ། ཧཱུྃ༔ སྙིང་དབུས་པདྨའི་ཟེའུ་འབྲུ་རུ༔ ཐུགས་རྗེའི་གཟི་འབར་ཡེ་ཤེས་སེམས༔ བྱང་ཆུབ་བར་དུ་རོ་གཅིག་པས༔ མཆོག་གི་དངོས་གྲུབ་མྱུར་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་པྲ་ཏིཥྛ་བརྗོད་ལ་རྡོ་རྗེ་སྙིང་གར་བཞག །འགྲོ་འདུལ་འཕགས་པའི་ཕྲིན་ལས་ཀྱིས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ ལས་ཉོན་སྒྲིབ་པ་ཀུན་བྱང་ནས༔ སྤྱན་རས་གཟིགས་དབང་མྱུར་ཐོབ་ཤོག༔ ཅེས་སོགས་སྨོན་ལམ་གདབ། མེ་ཏོག་འཐོར་ལ་ཤིས་པ་བརྗོད། གཞན་ལ་དབང་བསྐུར་ན་འདི་ཁོ་ནས་ཀྱང་ཆོག །རྒྱས་པར་སྤྲོ་ན། འགྲོ་འདུལ་གྱི་དབང་བསྐུར་བའི་བུམ་དབང་འཕྲོས་སམ། སྐུ་གསུང་ཐུགས་དབང་རྫོགས་ནས་འདི་ཉིད་ཁྱད་པར་དུ་སྦྱིན་ཅིང་མཐའ་རྟེན་རྣམས་སྦྱར་རོ། །རྗེས་ཀྱི་བྱ་བ་མཆོད་པ་ཁ་གསོས་ལ་མཆོད་བསྟོད་རྒྱས་པར་བྱ། ནོངས་བཤགས་དང་། རས་བྲིས་ལ་བརྟན་བཞུགས། ཚོམ་བུའི་སྐབས་ཡེ་ཤེས་པ་རྟེན་ནམ་རིལ་བུ་ལ་བསྟིམ། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་རྒྱས་སུ་བྱ་ཞིང་། རྒྱལ་ཆེན་ལ་གཏང་རག་གཏོར་མ་མཆོད་བསྟོད་ཕུལ་ལ་གཤེགས། ཐོ་བསྡུ་ཞིང་མཚམས་བཀྲོལ་ལོ། །དེའི་ཕན་ཡོན་ཀྱང་རྒྱུད་ལས། འདི་ཉིད་སེམས་ཅན་གང་དང་གང་གིས་མཐོང་ངམ༔ ཐོས་སམ༔ རེག་གམ༔ མགུལ་དུ་འཆང་བའམ༔ དྲི་ཚོར་བའམ༔ ཁར་མྱང་བ་སོགས་འབྲེལ་ཚད་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུང་དཀར་གྱི་རྡུལ་ཕྱིས་པ་བཞིན་དག་པར་འགྱུར་རོ༔ འཁོར་བ་དང་ངན་སོང་དུ་སྐྱེ་བའི་ལས་ཀྱི་སྒོ་ཆོད་པར་འགྱུར་རོ༔ མཐོ་རིས་དང་ཐར་པའི་ས་བོན་ཐེབས་པར་འགྱུར་རོ༔ གཞན་ཡང་ནད་དང༔ གདོན་དང༔ ཡིད་མི་བདེ་བ་ཐམས་ཅད་ཞི་ཞིང༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་འགྱུར་རོ༔ བགེགས་དང་བར་དུ་གཅོད་པས་མི་ཚུགས་པའི་སྲུང་བ་ཆེན་པོར་འགྱུར་རོ༔ མདོར་ན་གཞན་མང་དུ་སྨྲོས་ཅི་དགོས་ཏེ༔ རིལ་བུ་གང་གི་ལྟོར་སོང་བའི་སེམས་ཅན་དེ་འཕགས་པའི་གདུང་འཛིན་པས་སྤྱན་རས་གཟིགས་དབང་ཕྱུག་དང་སྐལ་པ་མཉམ་པར་ཤེས་པར་བྱའོ༔ ཞེས་གསུངས་པ་ལྟར་རོ།། །། ༈ བཞི་པ་རྣམ་སྣང་ངན་སོང་སྦྱོང་བའི་བྱེ་མ་རེག་གྲོལ་ནི།ཆུ་ཀླུང་ཆེན་པོའི་འགྲམ་གྱི་བྱེ་མ་མི་ཁྱིས་མ་འགོམ་པའི་གཙང་མ་བླངས་ལ་ཅུང་ཟད་བརྔོ། གུར་གུམ་ཆུ་སོགས་དྲི་ལྡན་རྫས་ཀྱིས་བྲན་ལ་ཡུངས་དཀར་བསྲེས་པ་རིན་པོ་ཆེའི་སྣོད་དུ་བླུགས། སྟེགས་གཙང་མར་བཀོད་པའི་སྟེང་དུ་ཁྲིའུ་ལ་བུམ་པ་ཉེར་ལྔའི་རྫས་ལྡན་བཞག །ཤ་ཆང་སྤོང་བ་སོགས་གཙང་སྦྲ་ལ་གནས་པས་སྐྱབས་སེམས་དང་འགྲོ་འདུལ་བདག་བསྐྱེད་བཅས་སོང་ནས། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ མཚན་རྫོགས་བཅུད་ཀྱིས་གང་བའི་དབུས༔ གླང་པོས་བཏེགས་པའི་རིན་ཆེན་ཁྲིར༔ བཅོམ་ལྡན་རྣམ་སྣང་ཀུན་ཏུ་ཞལ༔ ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ ངན་སོང་དོང་སྤྲུགས་ལྷ་ཚོགས་ཀྱིས༔ ཡོངས་སུ་བསྐོར་བའི་མཛོད་སྤུ་ནས༔ འོད་འཕྲོས་རིགས་དྲུག་སྡིག་སྒྲིབ་སྦྱངས༔ སངས་རྒྱས་བྱང་སེམས་ཐུགས་རྗེ་བསྡུས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་གང་ཞིང་ཁ་ནས་ལུད༔ རྫས་ལ་ཐིམ་པས་རེག་ཙམ་གྱིས༔ ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་ཀུན༔ ཞི་བྱེད་རྒྱལ་བ་སྲས་བཅས་ཀྱི༔ སྐུ་ལས་བྱུང་བའི་འོད་ཟེར་དང༔ དབྱེར་མེད་ནུས་པ་ལྡན་པར་བསམ༔ ཞེས་དམིགས་ལ། ངན་སོང་སྦྱོང་བའི་སྔགས་ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་དང་། དེ་ལ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་ལས་སྔགས་རིགས་དྲུག་གི་སྒྲིབ་སྦྱོང་དབང་གི་སྐབས་སུ་འབྱུང་བ་དེ་བཞིན་བཏགས་པ་རབ་འབུམ་ཐེར། ཐ་མ་ཁྲིའམ་སྟོང་ཡན་ཇི་འགྲུབ་བཟླ། ཀཾ་ཀ་ནི་སོགས་ལས་བྱང་དུ་གསལ་བའི་གཙོ་འཁོར་གཞན་གྱི་སྔགས་རྣམས་ཀྱང་ཅི་ནུས་བཟླས་པས་ནུས་པ་བསྐྱེད། ཐུན་མཇུག་རྣམས་སུ། ལྷ་རྣམས་འོད་དུ་ཞུ་བ་ལས་བུམ་པ་བདུད་རྩིའི་ཆུ་རྒྱུན་ལས་སྒྲིབ་ཐོགས་མེད་དུ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། ཅེས་མོས། སྒྲུབ་པོ་མང་དུ་འཛོམ་ན་ཉིན་གཅིག་གམ། གཅིག་ལས་མེད་ན་སྔགས་གྲངས་མ་ཐེམས་ཀྱི་བར་བསྒྲུབས་པའི་མཐར་བུམ་ཆུ་བྱེ་མར་བླུགས་ལ་བསྲེས་ཏེ་སྐམ་པ་སྤྱད་ཚུལ་དང་ཕན་ཡོན་ནི། འདི་ནི་ཚེ་དང་ལྡན་པ་འམ༔ ཤི་བའི་རོ་དང་རུས་པ་དང༔ གོས་དུམ་སྐྲ་སེན་སོགས་ཀྱང་རུང༔ དེ་ལ་དམིགས་པའི་རྟེན་བྱས་ནས༔ བྲབས་པས་སྡིག་སྒྲིབ་ཐམས་ཅད་ཞི༔ རྫི་ཕྱོགས་རླུང་ལ་བསྐུར་བས་ཀྱང༔ དེ་ཡིས་རེག་པའི་སྐྱེ་འགྲོ་ཀུན༔ སྒྲིབ་དག་བྱང་ཆུབ་སྐལ་ལྡན་འགྱུར༔ དུར་ཁྲོད་ཆེན་པོར་གཏོར་བས་ཀྱང༔ དེ་ལ་བཞག་པའི་ཚེ་འདས་ཀྱི༔ སྡིག་སྒྲིབ་ངན་སོང་སྦྱོང་བར་བྱེད༔ བྱ་སླ་ཚེགས་ཆུང་ངོ་མཚར་ཆེ༔ ཞེས་གསུངས་པ་མ་ཟད། སྦྱོང་རྒྱུད་གཙོ་བོར་གྱུར་པ་ལས་མང་དུ་བསྟན་པས་ངེས་པར་ལག་ལེན་དུ་བྱ་བར་འོས་ལ། སྒྲུབ་ཚུལ་འདི་བཞིན་ལྟ་ཅི་སྨྲོས། གཞན་དུ་ནི་ཏིང་འཛིན་དང་མི་ལྡན་ཅིང་ཤ་ཆང་སོགས་བག་མེད་པར་སྤྱོད་བཞིན་པའི་ངང་བཟླས་པ་ཁ་ཤས་གཡར་ཁྲལ་དུ་ཟློས་ནས་ཕུ་བྱས་པའི་བྱེ་མས་ནི་ཕན་གནོད་ཅི་བྱེད་ཆ་མི་འཚལ་ལོ།། །། ༈ ལྔ་པ་རིན་འབྱུང་ཤཱཀ་ཐུབ་ཀྱི་མཆོད་རྟེན་དྲན་གྲོལ་ནི། མི་མང་རྒྱུ་ཞིང་འདུ་བའི་ལམ་སྲང་དང་དུར་ཁྲོད་ཆེན་པོ་ལ་སོགས་པར་ས་ཆོག་རྒྱས་བསྡུས་གང་འོས་སྔོན་དུ་འགྲོ་བས། གཟུངས་སྔགས་ཀྱི་བྱིན་གྱིས་བརླབས་པའི་ས་རྡོ་ལས་བྱང་ཆུབ་མཆོད་རྟེན་ཆག་ཚད་ལྡན་པ་ཆེ་ཆུང་གང་འགྲུབ་བཞེངས་པའི་བུམ་རྟེན་སྟེང་དུ་འགྲོ་འདུལ་གྱི་དཀྱིལ་འཁོར་རྡོ་ལ་བརྐོས་པ་ལ་ཚོན་བཏང་ཞིང་པྲ་རྩིས་མནན་པ་བཞག །བཟང་ཤིང་ལས་བཅོས་པའི་སྲོག་ཤིང་གི་ནང་དུ་དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་རྟེན་སྙིང་ཅི་མང་བཅུག་པ་དཀྱིལ་འཁོར་དབུས་སུ་བཙུགས་ལ་ཡོ་འགུལ་མི་འབྱུང་བའི་བརྟན་པོ་བྱ། བུམ་པའི་ནང་ཀུན་ཏུ་གོང་སྨྲོས་གཟུངས་སྔགས་གཉིས་དང་གཟུངས་ཆེན་སྡེ་བཞི་གང་མང་བཞག་གྲུབ་ན་ཕན་ཡོན་སྐྱེད་པའི་ཡན་ལག་ཏུ་འགྱུར། བྲེའི་ནང་སངས་རྒྱས་ཀྱི་རིང་བསྲེལ་དང་འོག་ནས་འབྱུང་བའི་སེམས་ཉིད་ངལ་གསོའི་འཁོར་ལོ་བཅས་དྲི་བཟང་པོ་དང་ལྷན་ཅིག་པར་དར་གྱི་ན་བཟས་དྲིལ། རིན་པོ་ཆེའི་གྭའུ་འམ་རྫའི་ཟ་མ་ཏོག་ལྟ་བུར་རླན་གྱིས་མི་འཇིག་པར་བཅུག་ལ་བཀོད། སྔགས་རྣམས་ཀྱི་གཤམ་དུ་འདོད་གསོལ་གོང་གི་མཐོང་གྲོལ་གྱིས་རིགས་འགྲེ །བཞེངས་གྲུབ་ནས་སྦྱོང་ཁྲུས་རབ་གནས་སྤྱི་མཐུན་བྱ། དངོས་གཞི་སྒྲུབ་པ་ཞག་གྲངས་གྲུབ་ན་ཤིན་ཏུ་ལེགས་པས་ཡར་ངོ་ཞིག་ལ་དབུ་བཙུགས་ཏེ་ཉ་བའི་ཉིན་མོ་འགྲུབ་པར་བྱ། ཉིན་གཅིག་ལས་མི་འགྲུབ་ན་ཟླ་བ་ཉ་བའི་ཉིན་དགེ་འདུན་མང་དུ་འདུས་ལ། ནངས་སྔ་བར་སྔགས་བཟླས་པའི་ཆུས་ཁྲུས་བྱ། གོས་གཙང་མ་གྱོན་ལ་གསོ་སྦྱོང་བྱས་ཏེ། མཆོད་རྟེན་གྱི་མདུན་དུ་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་ཅི་འབྱོར་རྒྱས་པར་བཤམ། དེ་ལ་ཁ་ཕྱོགས་པས་འཁོད་དེ་འགྲོ་འདུལ་ལས་བྱང་གཞུང་བསྲང་། བདག་བསྐྱེད་བཅས་གྲུབ་ནས་མདུན་རྟེན་བསྐྱེད་སྐབས། མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ རྟ་མཆོག་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཏྲཱཾ་ལས་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་དམར་གསལ་བཞེངས་པའི་སྟབས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ ཞེས་གཙོ་བོ་གོ་འཕོ། ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འདོད་རྒུའི་མཆོག་སྩོལ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འགྲོ་འདུལ་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་རྒྱན༔ སྒོ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ ཞེས་བསྐྱེད་རིམ་དང་། གཞན་ཡང་སངས་རྒྱས་སོགས་སྤྱན་འདྲེན་ཕྱག་མཆོད་བསྟོད་པའི་བར་གཏང་། བཟླས་དམིགས་ནི། རང་གི་ཐུགས་ནས་འོད་འཕྲོས་པས༔ མདུན་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་རྒྱུད་བསྐུལ་སྨིན་མཚམས་ནས༔ འོད་ཟེར་བསམ་མི་ཁྱབ་པ་འཕྲོས༔ ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཤཱཀྱ་སེང་གེའི་གོ་འཕང་བཀོད༔ ཚུར་འདུས་རྡོ་རྗེའི་སྲོག་ཤིང་དང༔ གཙོ་བོ་དབྱེར་མེད་ཐུགས་ཀར་ཐིམ༔ གང་གིས་དྲན་པས་གྲོལ་བ་ཡི༔ ཡེ་ཤེས་གཟི་བྱིན་འབར་བར་གྱུར༔ ཅེས་པའི་ཡིད་རྩེ་གཅིག་པས། རྟེན་འབྲེལ་སྙིང་པོ་རབ་འབུམ་ཕྲག །ཐ་མ་ཁྲི་འགྲོ་ངེས་དང་། དེ་བཞིན་གཤེགས་པའི་ཡིག་བརྒྱ་གང་མང་བཟླ། ཐུན་མཇུག་ཏུ་མཆོད་ཅིང་བསྟོད། ཐལ་སྦྱར་མེ་ཏོག་བཅས། ཨོཾ༔ ཇི་སྲིད་མེ་དང་ཆུ་དང་ནི༔ རླུང་གི་བསྐལ་པས་འཇིག་བར་དུ༔ འདིར་ནི་མགོན་པོ་རྟག་བཞུགས་ཏེ༔ གང་གིས་རྟེན་འདི་དྲན་ཙམ་གྱིས༔ སྡིག་སྒྲིབ་མ་ལུས་ཞི་བ་དང༔ ཐར་པའི་ལམ་ལ་འགོད་མཛད་གསོལ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ འཇིག་རྟེན་སྐྱོང་བའི་བདེན་སྟོབས་ཀྱིས༔ ཁམས་གསུམ་ཀུན་གྱི་དོན་མཛད་ཕྱིར༔ རྡོ་རྗེའི་སྲོག་ཤིང་བརྟན་པ་དང༔ དབྱེར་མེད་ཤཱཀྱ་སེང་གེ་ཡི༔ ཡེ་ཤེས་གཟི་བརྗིད་དཔལ་འབར་བས༔ ངན་སོང་གནས་ཀུན་སྟོངས་པ་དང༔ མཐོ་རིས་རྟེན་རྣམས་ཐར་པ་ཐོབ༔ ཀུན་ཀྱང་བྱང་ཆུབ་སྐལ་ལྡན་ནས༔ སངས་རྒྱས་ཕྲིན་ལས་རྫོགས་གྱུར་ཅིག༔ ཅེས་བརྟན་བཞུགས་སྨོན་ལམ་གདབ་ལ་སྤོས་བཏུལ་ཅིང་མེ་ཏོག་འཐོར། རྟེན་སྙིང་བརྗོད་པ་ལན་གསུམ་བྱ། སངས་རྒྱས་རྗེས་སུ་དྲན་པས་ཐུབ་པའི་མཚན་བརྒྱ་དང་དཀོན་མཆོག་རྗེས་དྲན་བརྗོད། སྟོང་པ་ཉིད་རྣལ་འབྱོར་དུ་བྱས་ཏེ་ཤེར་སྙིང་མདོ་བཀླག །ཞལ་ནས་གསུངས་པའི་ཤིས་པ་བརྗོད། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞིའམ་གསུམ་དུ་བཅད་ལ་བསྒྲུབ། བཟླས་གྲངས་སམ་ཞག་གྲངས་རྫོགས་ནས་ཉ་བའི་ཉིན་མོའི་ཐུན་ཐ་མའི་མཇུག་ཏུ་མཆོད་པ་ཅི་འབྱོར་ཕུལ་ལ་མཆོད་བསྟོད་རྒྱས་པས་མངའ་དབུལ། བརྟན་བཞུགས་སྨོན་ལམ་རྟེན་སྙིང་བཅས་བརྒྱ་རྩ་བརྒྱད་བརྗོད། བཟང་སྤྱོད་སོགས་སྨོན་ལམ་གཞན་ཡང་གདབ། གཞན་སྔར་ལྟར་ལ་ཤིས་བརྗོད་ཀྱང་རྒྱས་པར་བྱའོ། །དེའི་ཕན་ཡོན་ནི། རྟེན་འདི་ཡིད་ལ་བྱས་ཙམ་གྱིས༔ སྡིག་སྒྲིབ་སྡུག་བསྔལ་ཞི་བ་དང༔ ཚེ་བསོད་ལེགས་ཚོགས་འཕེལ་འགྱུར་ན༔ ཕྱག་མཆོད་བསྐོར་བ་བགྱིས་པ་ཡི༔ ཕན་ཡོན་བརྗོད་ཀྱིས་ག་ལ་ལངས༔ དེ་ཕྱིར་མོས་པ་ལྡན་རྣམས་ཀྱིས༔ ལམ་སྲང་བཞི་མདོ་ལ་སོགས་སུ༔ མཆོད་རྟེན་བཞེངས་ནས་ཚུལ་འདི་བྱ༔ འགྲོ་དོན་རྒྱུན་མི་འཆད་པ་འབྱུང༔ ཞེས་གསུངས་སོ།། །། ༈ དྲུག་པ་སྣང་བ་མཐའ་ཡས་ཀྱི་ཞིང་སྦྱོང་སྒོམ་གྲོལ་ནི། ཚེས་བཅོ་ལྔ་འོད་དཔག་མེད་ཀྱི་དུས་ཆེན་ཡིན་པས་དེ་ལྟ་བུ་ལ་དབུ་བཙུགས་ཏེ་འབྱོར་ན་བདེ་ཆེན་ཞིང་བཀོད་ཀྱི་ཞལ་ཐང་ངམ་སྐུ་བརྙན་སོགས་རྟེན་བཀྲམ་པའི་མདུན་མཆོད་པ་ཅི་འབྱོར་བཤམ། མ་འཛོམ་ན་ཏིང་ངེ་འཛིན་ཁོ་ནས་ཆོག་པས་དམིགས་འདུན་རྩེ་གཅིག་བྱས་ཏེ། ན་མོ༔ བླ་མ་ཡི་དམ་འོད་དཔག་མེད༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་སུ་འགྲོ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་ཚད་མེད་བསྒོམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ས་ཕྱོགས་ཀུན༔ དག་པའི་ཞིང་ཁམས་བདེ་བ་ཅན༔ ངོ་མཚར་བཀོད་པ་བསམ་ཡས་དབུས༔ པདྨ་ཟླ་བའི་སྙིང་པོ་ལ༔ རང་ཉིད་འཕགས་པ་སྤྱན་རས་གཟིགས༔ དཀར་དམར་མདངས་ལྡན་ཐལ་མོ་སྦྱར༔ བྱང་ཆུབ་སེམས་དཔའ་གཞོན་ནུའི་ཚུལ༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ མདུན་དུ་རྨ་བྱས་བཏེགས་པ་ཡི༔ རིན་ཆེན་མཛེས་ཁྲི་པད་ཟླའི་སྟེང༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས༔ མཚན་དཔེའི་དཔལ་འབར་ཆོས་གོས་གསོལ༔ བྱང་ཆུབ་ཤིང་ཆེན་རབ་རྒྱས་པ༔ ཡིད་འཕྲོག་གྲིབ་བསིལ་ལ་བརྟེན་ནས༔ མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ གཡས་སུ་འཕགས་པ་སྤྱན་རས་གཟིགས༔ གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ མདུན་དུ་འཕགས་ཚོགས་འདུས་པ་དང༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ སངས་རྒྱས་དང་ནི་བྱང་ཆུབ་སེམས༔ འཇིག་རྟེན་སྐྱོང་བ་བསམ་མི་ཁྱབ༔ ཀུན་ཀྱང་ཆོས་ཀྱི་སྒྲ་སྒྲོག་ཅིང༔ ཐེག་མཆོག་བདུད་རྩིས་དགྱེས་པ་ཅན༔ མངོན་སུམ་བཞིན་དུ་གསལ་བར་བསྒོམ༔ ཞེས་དམིགས་ལ་བཟང་སྤྱོད་ནས་འབྱུང་བ་ལྟ་བུའི་ཡན་ལག་བདུན་པ་དང་། མཎྜལ་རྒྱས་པར་འབུལ། དེའང་ཆེད་དུ་ཐུན་གཅོད་སྐབས་འདི་རྣམས་མདོ་ལས་འབྱུང་བ་སོགས་གང་རྒྱས་གྲུབ་ན་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་ཡིན་པས་དོ་གལ་ཆེ། རྒྱུན་ཁྱེར་ལྟ་བུ་ལ། ཇི་སྙེད་སུ་དག་ཙམ་དང་། མཎྜལ་ཡང་། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ བླ་མ་བཅོམ་ལྡན་འོད་དཔག་མེད༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ཏེ༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་ཨ་མི་ཏ་བྷ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་འབུལ། རང་གི་ཐུགས་ནས་འོད་འཕྲོས་པས༔ སངས་རྒྱས་འཁོར་བཅས་ཐུགས་རྒྱུད་བསྐུལ༔ དེ་དག་ཐུགས་རྗེའི་འོད་ཟེར་གྱིས༔ བདག་དང་འགྲོ་བའི་སྒྲིབ་ཀུན་སྦྱངས༔ བདེ་ཆེན་ཞིང་དུ་སྐྱེ་བ་ཡི༔ རྒྱུ་འབྲས་སྣོད་དང་ལྡན་པར་བསམ༔ ཞེས་བསྒོམ་ལ། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་སྙིང་པོ་བརྒྱ་སྟོང་ཅི་འགྲུབ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟ་ག་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་སྣང་མཐའ་རྗེས་སུ་དྲན་པའི་གཟུངས་ཀྱང་ཅི་འགྲུབ་བཟླས་ལ་རྒྱུད་སྦྱང་། དངོས་གཞི་ཞིང་གི་བཀོད་པ་མདོ་ལས་ཇི་སྐད་གསུངས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་མོས་གུས་དྲག་པོ་ཡང་ཡང་བསྐྱེད། རང་གཞན་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཞིང་ཁམས་དེར་སྐྱེ་བའི་རྒྱུ་རུ་བསྔོས་ཏེ། བཟང་པོ་སྤྱོད་པ་དང་། གང་ཟག་མཆོག་རྣམས་ཀྱིས་མཛད་པའི་བདེ་སྨོན་ནན་ཏན་གདབ། ཐུན་མཐར། མདུན་གྱི་སྣང་བ་མཐའ་ཡས་ཀྱི༔ ཐུགས་ཀའི་ཧྲཱིཿལས་གཉིས་པ་བྱུང༔ ཤངས་བུག་གཡས་ནས་རང་ཉིད་ཀྱི༔ སྣ་བུག་གཡོན་ཞུགས་སྙིང་གའི་དབུས༔ འོད་ཟེར་སྣང་བ་རབ་འཕྲོས་ནས༔ སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ རླུང་ཕྱིར་སོང་དང་ལྷན་ཅིག་ཏུ༔ སྣ་བུག་གཡས་ནས་བཅོམ་ལྡན་གྱི༔ ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ༔ རྒྱལ་བའི་ཐུགས་དང་རང་གི་སེམས༔ དབྱེར་མེད་བློ་འདས་ངང་དུ་བཞག༔ ཅེས་དབུགས་ཀྱི་འགྲོ་འོང་དང་སྤེལ་བ་ལན་བདུན་ཙམ་སོང་ནས། བླ་མ་འོད་དཔག་མེད་པ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཉིད་སངས་རྒྱས་སྐུ་རུ་གྱུར༔ ཅེས་མོས་ལ། འཇམ་དཔལ་དཔའ་བོས་སོགས་ཆ་ཚང་བརྗོད་ལ་དགེ་བ་བསྔོ། དགོང་མོ་ཉལ་ཁར་ཞིང་སྦྱོང་ཚར་གཅིག་གི་མཇུག་ཏུ་དབུགས་དང་སྤེལ་བའི་དམིགས་པ་དེ་ཉིད་ནན་ཏན་ཚར་གྲངས་བྱས་ལ་རང་ལ་བསྟིམས་པས་སངས་རྒྱས་སུ་གསལ། ཞིང་བཀོད་ལ་བློ་ཡང་ཡང་བཞག་སྟེ་མི་རྟོག་པའི་ངང་དུ་ཉལ་བས་ཁམས་དང་རིག་པ་དྭངས་ཤིང་ཞིང་ཁམས་སུ་བགྲོད་པའི་རྨི་ལམ་སོགས་དགེ་བའི་མཚན་མ་འབྱུང་ངོ་། །དེའང་ཐོག་མར་བདུན་ཕྲག་གཅིག་གམ་གསུམ་སོགས་ཐུན་བཅད་ནས་རྟགས་ཐོན་སྦྱང་གྲུབ་ན་ལེགས་ཤིང་། རྒྱུན་དུ་ཉལ་ཁར་ཐུན་རེ་མ་ཆག་པར་བསྒོམས་པའི་ཕན་ཡོན་ནི། དེ་ལྟར་ཐུན་རེ་མ་ཆག་པར༔ བསྒོམས་ན་འཆི་བའི་དུས་ཀྱི་ཚེ༔ སངས་རྒྱས་མཐུ་ཡིས་སྒྲིབ་དག་ནས༔ བདེ་ཅན་ཞིང་དུ་ངེས་པར་སྐྱེ༔ ཞེས་གསུངས་པ་ལྟར་རོ། །འདི་ནི་བཟང་སྤྱོད་སྨོན་ལམ་གྱི་གདམས་ངག་འོད་དཔག་མེད་ཉལ་འཕོའི་སྒོམ་རིམ་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་དེ་གསར་མའི་ཕྱོགས་སུ་བྱོན་པ་དང་མཚུངས་པ་ལས་ཀྱང་འདི་ཉིད་ཞིང་སྦྱོང་གི་སྦྱོར་དངོས་རྗེས་ཚང་རྣམ་པ་གསལ་བས་ཤིན་ཏུ་ཟབ་བོ།། །། ༈ བདུན་པ་དོན་གྲུབ་སྨན་གྱི་བླ་མའི་འབབ་ཆུ་འཐུང་གྲོལ་ནི། རྡོ་ལེབ་འཇམ་མཁྲེགས་ཀྱི་ངོས་སུ་སྨན་བླའི་སྐུ་ཆག་ཚད་ལྡན་པ་དང་རྒྱབ་ངོས་སུ་གཟུངས་སྔགས་ལེགས་པར་བརྐོས་ལ་ཚོན་བཏང་ལ་པྲ་རྩིས་མནན། སྦྱོང་ཁྲུས་རབ་གནས་སྤྱན་དབྱེ་མངའ་དབུལ་བྱ། ས་གཙང་ཞིང་ཡིད་དུ་འོང་བ་ནས་འབབས་པའི་ཆུ་མིག་འཐུང་ཆུ་ནང་དུ་འགྲོ་ངེས་པ་ཞིག་འཛོམ་ན་ལེགས། གང་ལྟར་མི་ཕྱུགས་ཀུན་གྱིས་སྤྱད་པའི་འབབ་ཆུའི་མགོར་རྡོའི་ཁང་བུ་བཅོས་པའི་ནང་དུ་རྡོ་ལེབ་གཤམ་ཆུ་དང་ཐུག་པར་བྱས་ལ་བརྟན་པོར་བཞུགས་སུ་གསོལ་བའི་མདུན་དུ་མཆོད་པ་བཤམ། ཨ་རུ་ར་ཁྲོལ་བུར་བརྡུངས་པའང་འདུ་བྱས་ལ། འགྲོ་འདུལ་ལས་བྱང་ལྟར། སྔོན་འགྲོ་བདག་བསྐྱེད་བཟླས་པ་བཅས་བྱ། དངོས་གཞི་མདུན་བསྐྱེད་སྐབས། མདུན་གྱི་སྐུ་རྟེན་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ ཤང་ཤང་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཨཱཿལས་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ མཚན་དཔེའི་དཔལ་འབར་སྤྲུལ་པ་སྐུ་ཡི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའི་སོགས་ནས། སྤྱན་འདྲེན་བཞུགས་བསྟིམ་དབང་བསྐུར་མཆོད་བསྟོད་བཅས་རྒྱས་པར་བྱ། བཟླས་དམིགས་ཀྱང་དེ་ལྟར་བྱས་ལ་སྨན་བླའི་གཟུངས་སྟོང་ཕྲག་འགྲོ་ངེས་བཟླས་ལ་ཨ་རུ་ར་བསྔགས། མཐར་སྨན་ཕྱེ་ཞལ་དུ་འཐོར་ལ། ཨོཾ༔ སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུས༔ མཚན་ཐོས་འགྲོ་བའི་རྒྱུ་འབྲས་ཀྱི༔ དུག་གསུམ་ནད་རྣམས་ཞི་མཛད་པ༔ བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ༔ མཆོད་ཅིང་བསྟོད་དེ་སྐྱབས་སུ་མཆི༔ གུས་པས་ཐུགས་དམ་རྒྱུད་བསྐུལ་ན༔ རྟེན་འདིར་མགོན་པོ་རྟག་བཞུགས་ནས༔ ཡེ་ཤེས་ལས་བྱུང་བདུད་རྩིའི་ཆུས༔ མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ གནས་སྐབས་འདུ་བ་འཁྲུགས་པ་དང༔ མཐར་ཐུག་དུག་གསུམ་གདུང་བའི་ནད༔ ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་ཀུན༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཞེས་གསོལ་བ་ལན་བདུན་ལས་མི་ཉུང་བ་གདབ། སླར་ཡང་མདུན་བསྐྱེད་ནས་བསྐྱར་བའི་ཆོ་ག་ལན་གསུམ་ཙམ་གྲུབ་ན་ལེགས། གང་ལྟར་མཇུག་ཏུ་གསོལ་གདབ་ལན་བརྒྱ་རྩ་བརྒྱད་བྱས་པས། ཕྱག་གི་བདུད་རྩིའི་ལྷུང་བཟེད་ལས༔ ཡེ་ཤེས་ཐུགས་རྗེའི་ཆུ་རྒྱུན་ནི༔ རྒྱུན་ཆད་མེད་པར་བྱུང་བ་ཉིད༔ ཆུ་བོའི་རྒྱུན་དང་དབྱེར་མེད་འདྲེས༔ གང་གིས་འཐོར་འཐུང་ཁྲུས་བྱེད་ཀུན༔ ནད་གདོན་སྡིག་སྒྲིབ་ཞི་བར་བསམ༔ སླར་མཆོད་ཅིང་བསྟོད། ནོངས་པ་བཤགས། བརྟན་བཞུགས་དང་ཡེ་དྷར་བརྗོད་ལ་མེ་ཏོག་འཐོར། ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་བྱེ་བྲག་ཀུན་བཟང་སྨོན་ལམ་སོགས་འབྲེལ་ཆགས་པ་ནན་དུ་གདབ། ཤིས་བརྗོད་རྒྱས་པར་བྱའོ། །ཕན་ཡོན་ནི། སངས་རྒྱས་སྐུ་དང་ཆུ་བོའི་རྒྱུན༔ ཇི་སྲིད་གནས་ཀྱི་བར་ཉིད་དུ༔ ཆུ་བོའི་རྒྱུན་དེར་སུས་སྤྱོད་པ༔ ནད་གདོན་སྡིག་སྒྲིབ་ཞི་བར་འགྱུར༔ ཞེས་སོ།། །། ༈ བརྒྱད་པ་འཕགས་པ་སེམས་ཉིད་ངལ་གསོའི་བཏགས་གྲོལ་ནི། ཙཀྲ་རྒྱས་འབྲིང་བསྡུས་གསུམ་ལ། ཡར་ངོའི་ཚེས་བཟང་པོར་འབྲི་མཁན་དམ་ཚིག་དང་ལྡན་པས་འབྲི་གཞི་དར་རས་ཤོག་གུ་གང་འཛོམ་མྱང་གྲོལ་དམ་རྫས་ཀྱིས་བྱུགས་པ་ལ། འབྲི་རྫས་གསེར་དངུལ་ལམ་མཚལ་སྣག་དྲི་བཟང་དང་རིན་པོ་ཆེའི་ཁུ་བ་བསྲེས་པས་རྒྱས་པ་བྱེད་ན། དཀྱིལ་འཁོར་སྒོ་བཞི་རྟ་བབས་ཁྱམས་ཁོར་ཡུག་སོགས་མཚན་ཉིད་དང་ལྡན་པ་བྲིས་པའི་ལྷ་གནས་རྣམས་སུ་ཐིག་ལེ་ལ་སོ་སོའི་གཟུངས་སྔགས་སྤེལ་ཚིག་བཅས། ཕྱིའི་ཁོར་ཡུག་ལ་འདོད་གསོལ་ཤིས་བརྗོད། དེ་རྒྱབ་རྡོར་རྭ་མེ་རི་བཅས་བཀོད་ཚུལ་རྣམས་འབྲིང་པོ་དང་མཐུན། ལག་ལེན་བདེ་བའི་འབྲིང་པོ་ལྟར་ན། ལྟེ་བ་དང་བཅས་པའི་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་ལྟེ་བར་རྡོར་སེམས་ཡིག་བརྒྱ་དང་ཡིག་དྲུག །མི་འཁྲུགས་པའི་གཟུངས་རིང་རྣམས་དང་། ལས་ཀྱི་སེམས་དཔའི་སྔགས། ཨོཾ་ཨཱཿཧྲཱིཿཧཱུྃ༔ ཨོཾ་ཨཱཿབཛྲ་སཏྭ༔ གུ་རུ་ཤྲཱི༔ ཁ་སྱཔཱ་ཎི༔ ལོ་ཀ་ནཱ་ཐ༔ སརྦ་བུདྡྷ༔ བོ་དྷི་སཏྭ༔ སཾ་བྷ་བ༔ ཨ་དྷིཥྛཱ་ནཱཾ༔ མ་མ་ཙིཏྟཾ༔ བཛྲ་ཏྲཊ྄༔ ཛྙཱ་ན་ཛྭ་ལ་ཛྭ་ལ༔ སྥཱ་ར་སྥཱ་ར་ཎ༔ ཧཱུྃ་ཧཱུྃ༔ ཕཊ྄་སྭཱ་ཧཱ༔ རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་མཐོང་ཐོས་དྲན་རེག་ཐམས་ཅད་དང༔ ཁྱད་པར་འཆང་བ་པོའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་བ་དང༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག༔ ཅེས་སྤེལ་ཚིག་སྦྱར་བ་རྣམས་ཕྲེང་དུ་དགོད། དེ་རྒྱབ་མུ་ཁྱུད་ལ་པདྨ་འདབ་མ་བརྒྱད་དུ་བཅད་པའི་ཤར་དུ་ཀུན་རིག །ལྷོར་ཤཱཀ་ཐུབ། ནུབ་ཏུ་འོད་དཔག་མེད། བྱང་དུ་སྨན་བླ། ཤར་ལྷོར་འཁོར་བ་དོང་སྤྲུགས། ལྷོ་ནུབ་ཏུ་དོན་ཡོད་ཞགས་པ། ནུབ་བྱང་དུ་པདྨ་གཙུག་ཏོར། བྱང་ཤར་རྡོ་རྗེ་སྙིང་པོ་རྣམས་ཀྱི་གཟུངས་དང་སྙིང་པོ། དེ་རྒྱབ་མུ་ཁྱུད་པད་འདབ་བཞིར་བཅད་པའི་ཤར་དུ་ཕྱག་རྡོར་སྔགས་རིང་ཐུང་། ལྷོར་སྨེ་བརྩེགས། ནུབ་ཏུ་རྣམ་འཇོམས། བྱང་དུ་བདུད་རྩི་འཁྱིལ་པ་རྣམས་ཀྱི་སྙིང་པོ་བཅས་པ་ལས་བྱང་ནས་འབྱུང་བ་ལྟར་དང་། ཐམས་ཅད་ཀྱི་མཐར་འདོད་གསོལ་ལྟེ་བ་ཇི་ལྟ་བར་སྦྱར། དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་རྟེན་སྙིང་། ཨོཾ༔ ཐུགས་རྗེའི་བདག་ཉིད་སོགས་དང་ཚིག་ལྷུག་སྔ་མ་ལྟར་གྱི་འདོད་གསོལ་བྲི། དེ་རྒྱབ་རྡོར་རྭ་དང་མེ་རི་གཡས་སུ་བསྐོར། ལྟེ་བ་མ་གཏོགས་པའི་སྔགས་རྣམས་མགོ་ཕྱིར་བསྟན་དུ་བཀོད། བསྡུས་པ་མུ་ཁྱུད་གྲངས་སྔར་བཞིན་ལ། ལྟེ་བར་ཧཱུྃ་ཧཱུྃ་ཧྲཱིཿགསུམ་བརྩེགས་མ། འདབ་བརྒྱད་ཀྱི་ཕྱོགས་བཞིར་ཧཱུྃ། མཚམས་བཞིར་ཧྲཱིཿ འདབ་བཞིར་ཧཱུྃ་རེ་རེ། དེ་རྒྱབ་མུ་ཁྱུད་ལ་འགྲོ་འདུལ་ཡིག་བདུན་དང་། ལས་ཀྱི་སེམས་དཔའི་སྙིང་པོ་འབྲུ་བཞི། དབྱངས་གསལ་རྟེན་སྙིང་སྤེལ་ཚིག་ལྷུག་པ་ཙམ་བཀོད་ལ་རྡོར་རྭ་མེ་རིས་བསྐོར། བྲིས་ཟིན་ནས་སྦྱོང་ཁྲུས་རབ་གནས་སྤྱི་མཐུན་བྱ། སྟེགས་བུའི་དབུས་སུ་མདུན་རྒྱབ་མ་ནོར་བར་བཀོད་པའི་མདུན་དུ་མཆོད་གཏོར་རྒྱས་པར་བཤམ། ཕྲིན་ལས་གཞུང་བསྲང་བའི་མདུན་བསྐྱེད་སྐབས། མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་བཞེངས་པའི་སྟབས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཞེས་དང་། ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་འཁོར་བ་དོང་སྤྲུགས་དམར་གསལ་མདངས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ལྷོ་ནུབ་འདོད་རྒུའི་མཆོག་སྩོལ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འགྲོ་འདུལ་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་རྒྱན༔ སྒོ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ ཞེས་བསྒྱུར། གཞན་ཡང་སངས་རྒྱས་སོགས་གཞན་རྣམས་ལས་གཞུང་ནར་འདེད་དུ་གཏང་། མཆོད་བསྟོད་གྲུབ་ནས་བཟླས་པའི་སྐབས། རང་གི་ཐུགས་ནས་འོད་འཕྲོས་པས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དེ་དག་ཀུན་གྱི་ཐུགས་ཀ་ནས༔ འོད་ཟེར་བྱེ་བ་བསམ་ཡས་འཕྲོས༔ འཕགས་པ་མཆོད་ཅིང་འགྲོ་དོན་བྱས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམས༔ ལྷ་སྔགས་ཕྱག་མཚན་འཇའ་ཚོན་གྱི༔ རྣམ་པར་སྤྱན་དྲངས་ཆར་ལྟར་བབས༔ དབྱེར་མེད་ཐིམ་པས་བྱིན་རླབས་ཀྱི༔ གཟི་བྱིན་མཆོག་ཏུ་འབར་བར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་པས་འཁོར་ལོ་ལ་བཀོད་པའི་གཙོ་བོ། རིགས་བདག །ལས་ཀྱི་སེམས་དཔའ་ཨོཾ་ཨཱཿཧྲཱིཿཧཱུྃ༔ ཨོཾ་ཨཱཿབཛྲ་སཏྭ༔ གུ་རུ་ཤྲཱི༔ ཁ་སྱཔཱ་ཎི༔ ལོ་ཀ་ནཱ་ཐ༔ སརྦ་བུདྡྷ༔ བོ་དྷི་སཏྭ༔ སཾ་བྷ་བ༔ ཨ་དྷིཥྛཱ་ནཱཾ༔ མ་མ་ཙིཏྟཾ༔ བཛྲ་ཏྲཊ྄༔ ཛྙཱ་ན་ཛྭ་ལ་ཛྭ་ལ༔ སྥཱ་ར་སྥཱ་ར་ཎ༔ ཧཱུྃ་ཧཱུྃ༔ ཕཊ྄་སྭཱ་ཧཱ༔ ཞེས་པ་རྣམས་བུངས་བསྐྱེད། འཁོར་བརྒྱད་པོ་དེའི་སུམ་ཆ་གཉིས་རེ། སྒོ་བཞི་སུམ་ཆ་རེ་ཙམ་བཟླ། སོ་སོའི་བཟླས་པ་གྲུབ་མཚམས་རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་མཐོང་ཐོས་དྲན་རེག་ཐམས་ཅད་དང༔ ཁྱད་པར་འཆང་བ་པོའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་བ་དང༔ ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག༔ ཅེས་སྤེལ་ཚིག་ལྷུག་པ་ཚར་རེ་སྦྱར། འགྲུབ་ན་སྔགས་རྒྱུན་ཀྱང་བྱ་བར་གསུངས། ཐུན་མཐར་མཆོད་ཅིང་བསྟོད། ཐལ་མོ་སྦྱར་ལ། ཨོཾ༔ ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས༔ ངན་སོང་དོང་སྤྲུགས་དཀྱིལ་འཁོར་ལྷ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་དང་མཐའ་ཡས་སེམས་ཅན་ལ༔ མཁའ་ཁྱབ་འགྲོ་དོན་མཛད་པའི་སླད༔ རྟེན་འདིར་མགོན་པོ་རྟག་བཞུགས་ནས༔ རིག་པ་ཆེན་པོའི་དཀྱིལ་འཁོར་མཆོག༔ གང་གིས་དད་པས་འཆང་བ་དང༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང༔ སྡིག་སྒྲིབ་སྡུག་བསྔལ་ཞི་བ་དང༔ ཚེ་བསོད་འབྱོར་པ་འཕེལ་བ་དང༔ ཡེ་ཤེས་རྒྱས་པར་མཛད་ནས་ཀྱང༔ མྱུར་དུ་སངས་རྒྱས་སར་འགོད་གསོལ༔ ཅེས་ལན་བདུན་ནམ་གསུམ་གྱིས་འདོད་དོན་གསོལ། རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། བདུག་སྤོས་འཐུལ་ཅིང་རོལ་མོ་འཁྲོལ། འཁོར་ལོར་ཇི་ལྟར་བསྐྱེད་པ་ཡི༔ ངོ་བོ་ཡེ་ཤེས་ལྷ་ཚོགས་ལ༔ རྣམ་པ་སྔགས་ཀྱི་དཀྱིལ་འཁོར་ཆེ༔ འཆང་དང་མཐོང་ཐོས་དྲན་རེག་ཀུན༔ བྱང་ཆུབ་འགོད་པའི་ནུས་ལྡན་གྱུར༔ ཅེས་མོས་ལ་བསྔོ་སྨོན་གདབ། སླར་མཆོད་ཁ་གསོས་ཏེ་བྱིན་རླབས་ནས་འདི་ཡན་ཐུན་གཉིས་གསུམ་སོགས་བཅད་ལ་སྒྲུབ་པ་ཅི་འགྲུབ་བྱས་པའི། ཐུན་རྗེས་མའི་གཤམ་དུ་མཆོད་བསྟོད་རྒྱས་པར་བྱས་ལ་མངའ་དབུལ། འདོད་གསོལ་ཚར་གྲངས་ཅི་འགྲུབ་དང་བརྟན་བཞུགས་རྒྱས་པར་བརྗོད་ལ་རྟེན་སྙིང་དང་རབ་གནས་སྔགས་ཀྱིས་མེ་ཏོག་འཐོར་བ་སོགས་སྔར་བཞིན་ལ། དཀྱིལ་འཁོར་ཞལ་བསྒྱུར་རྗེས་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་སྤེལ་ཅིང་བདེན་བརྗོད་ཀྱིས་བྱིན་བརླབ། འཁོར་ལོ་ལྟེ་བ་མ་ཉམས་པར་བལྟབས་ལ་དར་ཚོན་སྣ་ལྔས་དྲིལ། མི་ཉམས་པའི་གཡོགས་སམ་གྭའུར་བཅུག་ལ་དྲོད་དང་མ་བྲལ་བར་མགུལ་ལམ་མཆན་ཁུང་དུ་བཏགས་གྲོལ་སྤྱི་ལྟར་བཅངས་པའི་ཕན་ཡོན་ནི། མཚམས་མེད་ལས་ལ་སྤྱད་པ་ཡང༔ སྡིག་སྒྲིབ་ཞི་ཞིང་ཚེ་བསོད་འཕེལ༔ ཟག་མེད་ཡེ་ཤེས་རྒྱས་པར་འགྱུར༔ ཆོས་དང་ལྡན་པ་སྨྲོས་ཅི་དགོས༔ དབུགས་ལ་བསླེབས་པའི་འགྲོ་བ་ཡང༔ ངན་སོང་ཐར་ཞིང་མཐོ་རིས་ཐོབ༔ འཆི་དུས་རོ་དང་ལྷན་ཅིག་བསྲེག༔ བར་དོར་འཕགས་པས་རྗེས་བཟུང་རྟགས༔ འཇའ་འོད་གདུང་དང་རིང་བསྲེལ་འབྱུང༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་བྲི་སྒྲུབ་ཚད་ལྡན་བྱས་པའི་བཏགས་གྲོལ་ཙཀྲའི་འགྲོ་དོན་ལས་ཚོགས་ལྔར་བཤད་པའི། ༼༡༽ ཉི་མ་མཁའ་ཁྱབ་ནི། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་ནམ་ལངས་སྐབས་ནས་བླ་གབ་མེད་པའི་གནས་སུ་དཀྱིལ་འཁོར་མཆོད་གཏོར་བཤམ། འཁོར་ལོ་རྒྱལ་མཚན་རྩེ་མོར་བཀོད་ལ་ཕྲིན་ལས་གཞུང་བསྲང་། སྔགས་རྣམས་སྒྲ་དང་བཅས་པ་བཟླ། ཉི་མ་འཆར་བའི་ཚེར། ཨོཾ༔ ངན་སོང་དོང་སྤྲུགས་ལྷ་ཚོགས་རྣམས༔ ཉི་མའི་དཀྱིལ་དང་དབྱེར་མེད་བཞུགས༔ འགྲོ་འདུལ་འཁོར་བ་དོང་སྤྲུགས་པའི༔ ཕྲིན་ལས་མཛད་པ་མཐར་ཕྱིན་གསོལ༔ ཅེས་ལན་བདུན་ཙམ་བརྗོད་ཅིང་གསོལ་བ་བཏབ་པས། དཀྱིལ་འཁོར་ལྷ་ལས་འོད་འཕྲོས་པས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བྱས༔ བྱིན་རླབས་འོད་ཟེར་ནམ་མཁའ་གང༔ མཐར་ནི་ཐིག་ལེ་གཅིག་ཏུ་འཁྱིལ༔ ཉི་མའི་དཀྱིལ་དང་དབྱེར་མེད་པའི༔ འོད་ཀྱིས་ཕོག་པའི་སྐྱེ་འགྲོ་ཀུན༔ འཕགས་པའི་གོ་འཕང་བཀོད་པར་གྱུར༔ ཅེས་མོས་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། ཉི་མའི་འོད་ཀྱིས་ཁྱབ་ཚད་ཀུན༔ སྒྲིབ་དག་བྱང་ཆུབ་སྐལ་ལྡན་འགྱུར༔ ཞེས་འབྱུང་ངོ་།། ༼༢༽ ཆུ་བོ་དབྱིངས་ཁྱབ་ནི། ཙཀྲ་འབྲིང་པོའམ་བསྡུས་པ་ཙམ་རྡོ་ལེབ་ངོས་སུ་ལེགས་པར་བརྐོས་ལ་རབ་གནས་དང་སྒྲུབ་པ་ཅི་འགྲུབ་བྱས་པ་དེ་ཉིད། སྤྲེལ་ཟླའི་ཚེས་གཅིག་གི་ཉིན་མོར། རྒྱ་མཚོར་འབབ་པའི་ཆུ་ཀླུང་ངམ། དེར་འགྲོ་ངེས་པའི་ཆུ་བོ་ཆེན་པོ་ལས་གཙང་ཞིང་དབེན་པའི་ཕྱོགས་ཀྱི་ཆུའི་འཁོར་ལྟ་བུར། ཕ་ཝཾ་གཏན་ཟུག་གི་གསེང་ངམ་གཞན་དུ་མི་ཁྱེར་བའི་གཏིང་རྡོ་ལྟ་བུ་དང་ལྷན་ཅིག་སྟེང་ཞབས་མ་ལོག་པར་བཞག །འགྲམ་དུ་མཆོད་གཏོར་བཤམ། ལས་གཞུང་མཆོད་བསྟོད་བཟླས་པ་རྣམས་གོང་སྨྲོས་ལྟར་ལ། འདོད་གསོལ་སྐབས། ཆུ་ཀླུང་འདི་དང་དབྱེར་མེད་བཞུགས༔ ཞེས་བསྒྱུར། དཀྱིལ་འཁོར་ལྷ་ཚོགས་འོད་ཞུ་ནས༔ རྟག་ཏུ་ཆུ་དང་དབྱེར་མེད་གྱུར༔ ཅེས་བསམ་ལ་བསྔོ་སྨོན་ཤིས་བརྗོད་བྱས་པས། འཐུང་ཚད་སྒྲིབ་དག་ཡོན་ཏན་ཐོབ༔ ཅེས་སོ། ༼༣༽ །དམིགས་གཏད་མཆོད་རྟེན་ནི། ལམ་སྲང་དང་ཚོང་འདུས་ཆེན་པོ་ལ་སོགས་པར་མཆོད་རྟེན་མཚན་ཉིད་དང་ལྡན་པའི་བྲེའི་ནང་དུ་ལེགས་པར་བསྒྲུབས་པའི་འཁོར་ལོ་དབུ་ཞབས་མ་ལོག་པར་མདུན་བསྟན་དུ་བཞུགས། བསྐྱེད་བསྟིམ་སྒོམ་བཟླས་སོགས་གོང་སྨྲོས་ལྟར་ལ། འདོད་གསོལ་སྐབས། མཆོད་རྟེན་འདི་དང་དབྱེར་མེད་བཞུགས༔ ཞེས་བསྒྱུར། བསྐྱེད་པའི་ལྷ་ཇི་སྲིད་བར་བརྟན་པར་བཞུགས་ནས་འགྲོ་དོན་མཛད་པར་བསམ་ལ་བརྟན་བཞུགས་དང་། སླར་ཡང་མཆོད་བསྟོད་བསྔོ་སྨོན་ཤིས་བརྗོད་བྱ། འདིའང་། ཕྱག་བསྐོར་ཡིད་ལ་བྱེད་པ་ཀུན༔ སྒྲིབ་དག་བྱང་ཆུབ་སྣོད་དུ་འགྱུར༔ ཞེས་སོ། ༼༤༽ །ལམ་སོའི་འགྲོ་དོན་ནི། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་དང་། རྒྱ་ལམ་ཆེན་པོའི་བཞི་མདོ་ལ་སོགས་པར་རས་སམ་གཞི་སྲ་མཁྲེགས་ལ་བྲི་སྒྲུབ་ཚུལ་བཞིན་བྱས་པའི་འཁོར་ལོ་ཆར་ཆུ་སོགས་ཀྱིས་མི་འཇིག་པའི་འགེབས་འོག་ལྟ་བུར་ཀུན་གྱིས་མཐོང་བར་བཀྲམ། བསྐྱེད་བཟླས་སོགས་སྔ་མ་རྣམས་ལྟར་ལ། འདོད་གསོལ་ལ། འཁོར་ལོ་འདི་དང་དབྱེར་མེད་ཞུགས༔ ཞེས་བསྒྱུར་ནས་བརྟན་བཞུགས་སོགས་བྱས་པས། གནས་དེར་རྒྱུ་བའི་སེམས་ཅན་ཀུན༔ སྒྲིབ་པ་ཞི་ཞིང་ཐར་ལམ་ཟིན༔ ཞེས་སོ། ༼༥༽ །གཡོས་ཁང་ཟས་ཀྱི་འགྲོ་དོན་ནི། འཁོར་ལོ་འབྲིང་བསྡུས་གང་འགྲུབ་རྡོ་ལ་བརྐོས་པའམ། རྫ་ས་མེ་ཐུབ་ཀྱི་འཇིམ་ལེབ་ཟླུམ་པོའམ་གྲུ་བཞི་གང་བདེ་ལ་འཁོར་ལོ་བྲིས་པ་བསྐམས་ནས་སོ་བཏང་། མྱང་གྲོལ་བྱུགས། སྒྲུབ་པ་ཚུལ་བཞིན་བྱས་ཏེ། དགེ་འདུན་དང་སྐྱེ་བོ་མང་པོ་འདུ་བའི་ཐབ་ཀྱི་དཀྱིལ་དུ་བཞག །བསྐྱེད་བཟླས་འདོད་གསོལ་སོགས་གོང་ལྟར་བྱས་པའི་ཡོན་ཏན་ནི། འཕགས་པའི་ཕྲིན་ལས་ལ་བརྟེན་ནས༔ ཐབ་དེར་གཡོས་པའི་ཁ་ཟས་ཀུན༔ བདུད་རྩིའི་བཅུད་དུ་འགྱུར་བ་ཡིས༔ སྒྲིབ་དག་ཚོགས་རྫོགས་བཅུད་ལེན་འགྲུབ༔ ཟས་ཀྱི་བུ་ལོན་ཀུན་བྱང་ནས༔ སྦྱིན་བདག་རྣམས་ཀྱང་ཐར་ལམ་ཟིན༔ ཞེས་སོ། །འགྲོ་དོན་ལྔ་པོ་སྒྲུབ་པ་པོའི་ལུས་ལའང་བཏགས་གྲོལ་ཙཀྲ་འཆང་བ་ཞིག་དགོས་པ་ནི་མན་ངག་གི་གནད་དོ། །འདི་རྣམས་སྒྲུབ་པར་བྱེད་པ་པོ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་སྟེ། དེ་ལྟར་གཞན་ལ་ཕན་བརྩོན་པའི༔ མི་དེ་འཕགས་པ་ཉིད་དང་མཚུངས༔ རྒྱལ་བའི་གདུང་འཛིན་དམ་པ་སྟེ༔ མྱུར་དུ་བྱང་ཆུབ་ངེས་པར་འགྲུབ༔ ཅེས་གསུངས་སོ།། །། ༈ དགུ་པ་དོན་ཡོད་ཞགས་པའི་གསོ་སྦྱོང་བསླབ་གྲོལ་ནི། རྒྱལ་བའི་དུས་ཆེན་བཞི་གཙོ་བོར་གྱུར་པའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ། མར་ངོའི་གནམ་སྟོང་ལ་བབས་པའི་ཚེ་འགྲོ་འདུལ་གྱི་དཀྱིལ་འཁོར་བཞེངས། སྐུ་རྟེན་སོགས་ཡོད་ན་བཀྲམ། མར་མེ་གཙོ་བོར་གྱུར་པའི་མཆོད་པ་འབྱོར་ན་རྒྱས་པར་བཤམ། ནངས་སྔ་བར་བྱིན་གྱིས་བརླབས་པའི་ཆུས་ཡན་ལག་ལྔ་ཁྲུས་བྱ། སྤོས་ཀྱིས་བདུག །གོས་གཙང་མ་གྱོན་ལ་གསོ་སྦྱོང་རང་གིས་བླང་བའི་ཆོ་ག་གཞན་ལས་འབྱུང་བ་ལྟར་ལེགས་པར་བླང་། འགྲོ་འདུལ་གྱི་ཕྲིན་ལས་གཞུང་བསྲང་། མདུན་བསྐྱེད་སྐབས། མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་ཀྱི་སེམས་དཔའ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་བཞེངས་པའི་སྟབས༔ ཞེས་དང་། ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འཁོར་བ་དོང་སྤྲུགས་དམར་གསལ་མདངས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཞེས་གོ་སྤོ། ནུབ་བྱང་འགྲོ་འདུལ་པདྨ་གཙུག་གཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་རྒྱན༔ སྒོ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ གཞན་ཡང་སངས་རྒྱས་སོགས་ལས་རིམ་ལས་ཕྱག་དངོས་སུ་འཚལ་ཅིང་དེ་དང་མཆོད་བསྟོད་རྒྱས་པར་བྱ། བཟླས་དམིགས་དང་བཟླས་པ་གཞུང་གསལ་རྣམས་ཅི་འགྲུབ་དང་། ཁྱད་པར། མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྨིན་མཚམས་མཛོད་སྤུའི་ཐིག་ལེ་ལས༔ ཟླ་བའི་འོད་ཅན་བདུད་རྩི་བྱུང༔ རང་གི་ལུས་ལ་རེག་པའི་མོད༔ སྒྲིབ་པའི་དྲི་མ་ཀུན་དག་ནས༔ བྱང་ཆུབ་ས་བོན་བཞག་པར་གྱུར༔ ཅེས་བསྒོམས་ལ་དོན་ཞགས་གཟུངས་རིང་རྒྱུད་འབུམ་ལས་འབྱུང་བ་བཟླ་ཤེས་ན་མཆོག་ཏུ་འགྱུར་ཞིང་། མི་ཤེས་ན་སྙིང་པོ་ཉིད་བཟླས་པའི་དངོས་གཞིར་བྱ། ཐུན་མཚམས་སུ་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་བྱས་ཏེ་སྤྱོད་ལམ་ལ་འཇུག །སླར་ཡང་མཆོད་པ་གསོས་ལ་ཆོ་ག་བསྐྱར་ནས་གཏང་བ་ཉིད་ཐུན་གསུམ་སོགས་བྱ། ཁམས་ཀྱིས་ལྕོགས་ན་སྨྱུང་གནས་དང་མི་ལྕོགས་ན་གདན་གཅིག་གམ། ཕྱི་དྲོའི་ཁ་ཟས་དང་ཤ་དང་སྒོག་བཙོང་སྤང་བའི་གཙང་སྦྲ་གྲོགས་སུ་བསྟེན་ན་ལེགས་པའི་ཡན་ལག་ཏུ་འགྱུར། འདི་ནི་གསར་འགྱུར་གྱི་རྒྱུད་དང་རྟོག་པ་ལས་ཆེ་ཐང་དུ་བསྔགས་ཤིང་ཞ་ལུ་སོགས་ནས་གལ་པོ་ཆེའི་ཉམས་ལེན་དུ་མཛད་པས་ཉམས་སུ་ལོན་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། འདི་ལྟར་ཡང་ཡང་བསླབ་པ་ཡིས༔ ནད་གདོན་ཞི་ཞིང་ཚེ་བསོད་འཕེལ༔ ཁ་དོག་རྒྱས་ཤིང་ལང་ཚོ་དར༔ ངེས་འབྱུང་སྙིང་རྗེ་རྩོལ་མེད་སྐྱེ༔ མཚམས་མེད་བྱས་པའི་འགྲོ་བ་ཡང༔ ཕྱི་མ་མཐོ་རིས་ངེས་པར་ཐོབ༔ མ་འོངས་སྐལ་པར་འཚམ་པ་ཡི༔ ཆོས་འདིའི་ཕྲིན་ལས་སྤེལ་བར་བྱ༔ དེ་ལྟར་སྤེལ་བའི་སྐྱེས་བུ་དེ༔ སྤྱན་རས་གཟིགས་དབང་སྲས་སུ་འགྱུར༔ ཅེས་སོ།། །། ༈ བཅུ་པ་པདྨ་གཙུག་ཏོར་གྱི་བདུག་སྤོས་ཚོར་གྲོལ་ནི། གནས་ཆེན་རྣམས་སུ་སྐྱེས་པའི་ཤུག་པའི་ལོ་མ་ལ་གཞི་བྱས། ཙནྡན་དཀར་དམར། ཨ་ག་རུ་རྣམས་ཇི་ཙམ་འབྱོར་པ་བསྲེས་པའི་ཕྱེ་མ་རིན་པོ་ཆེའི་སྣོད་དུ་བླུགས་ལ་སྟེགས་བུའི་དབུས་སུ་བཞག །དེ་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པ་གཟུངས་ཐག་བཅས་ཁྲིའུར་བཀོད། མདུན་དུ་ཕྱི་མཆོད་ཕྲེང་ཚར་བཤམ། འགྲོ་འདུལ་གྱི་ལས་གཞུང་བསྲང་། བདག་བསྐྱེད་བཟླས་པའི་བར་སོང་ནས། བུམ་པ་ཤཱུནྱ་ཏཱའི་སྔགས་ཀྱིས་སྦྱང་། མདུན་རྟེན་སྟོང་པའི་ངང་ལས་སྐད་ཅིག་གིས༔ ཕྱི་ནི་རིན་ཆེན་བུམ་པ་རྒྱན་དང་ལྡན༔ ནང་བཅུད་བདུད་རྩིའི་རྒྱུན་གྱིས་གང་བ་ཡི༔ གཞལ་ཡས་ཁང་པ་མཚན་ཉིད་རྫོགས་པའི་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་སེམས་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ དར་དང་རིན་ཆེན་རྒྱན་ལྡན་བཞེངས་པའི་སྟབས༔ ཞེས་དང་། ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འདོད་རྒུའི་མཆོག་སྩོལ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འཁོར་བ་དོང་སྤྲུགས་དམར་གསལ་མདངས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཞེས་གོ་སྤོ། བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་རྒྱན༔ སྒོ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ གཞན་ཡང་སངས་རྒྱས་སོགས་ལས་རིམ་སྤྱན་འདྲེན་ནས་མཆོད་བསྟོད་ཡན་རྫོགས་པར་བཏང་། གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལ་བརྟེན་ནས༔ བུམ་པའི་ནང་ཞུགས་ལྷ་ཚོགས་བསྐུལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སྡིག་སྒྲིབ་སྦྱོང་བའི་བདུད་རྩིར་གྱུར༔ དེ་ཉིད་འཕྱུར་ཞིང་ཁ་ནས་ལུད༔ རྡོ་རྗེའི་བདུག་པ་ལ་ཐིམ་པས༔ གང་གིས་ཚོར་བས་ངན་སོང་དང༔ འཁོར་བའི་སྡུག་བསྔལ་ཞི་བར་གྱུར༔ ཅེས་པའི་དམིགས་པ་གསལ་བཏབ་ལ། ཨོཾ་པདྨ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་བཟླ། བསྙེན་པའི་ཚད་འབུམ་ཕྲག་གཅིག་ཏུ་བཤད་ལ། ཇི་ཙམ་མང་ཡང་ཕན་ཡོན་ཆེ་བས་མཆོག་ཡིན་ལ། ཇི་ལྟར་ཉུང་ཡང་ཁྲི་ཚོ་འགྲོ་ངེས་བྱ། ཐུན་མཐར་གཙོ་འཁོར་གཞན་གྱི་སྔགས་རྣམས་ཀྱང་ཅི་འགྲུབ་རེ་བཟླས་ལ་མཆོད་བསྟོད་བྱ་ཞིང་གསོལ་བ་གདབ། ལྷ་རྣམས་འོད་དུ་ཞུ་བས་བུམ་པའི་ཆུ་རྒྱུན་དང་རོ་གཅིག་ཏུ་གྱུར། ཅེས་མོས་ལ་བསྔོ་སྨོན་གྱི་རྒྱས་གདབ། དེ་ལྟ་བུའི་རིམ་པ་ལ་གྲངས་མ་ཐེམས་བར་ཐུན་གསུམ་སོགས་བྱས་ལ་བཟླ། གྲུབ་ནས་བུམ་ཆུ་ཉིད་བདུག་སྤོས་ལ་ཁྱབ་པར་བྲན་ཅིང་འཕུར་ནས་གྲིབ་སྐམ་བྱ། མི་དང་དུད་འགྲོ་སོགས་འགྲོ་བ་ཀུན་གྱི་སྣ་ལམ་དུ་བྲོ་བར་བདུག་པ་དང་། བསང་གསུར་གྱི་རྫས་ལ་བསྲེ། ཁྱད་པར་ནད་གདོན་གྱིས་ཉེན་པ་ལ་སྔགས་བདུག་གཞན་གང་ལས་ཀྱང་འདི་ཉིད་ཀྱིས་ཕན་ཆེ་བ་ཉམས་མྱོང་དུ་གྲུབ་ཅིང་། འཆི་ཀ་མའི་སེམས་ཅན་སོགས་ལ་བདུག་པའི་ཕན་ཡོན་ནི། འདི་ཡི་དྲི་ཚོར་ཙམ་གྱིས་ཀྱང༔ གྲིབ་སེལ་ཁམས་དྭངས་དབང་པོ་གསལ༔ སྡིག་སྒྲིབ་ཞི་ཞིང་གདོན་བགེགས་འབྲོས༔ མཐར་ཐུག་བྱང་ཆུབ་རིགས་ཅན་འགྱུར༔ ཅེས་དང་། དོན་ཞགས་རྟོག་པ་ཞིབ་མོ་ལས་རྒྱ་ཆེར་བསྔགས་པའི་ཕྱིར་ཡིད་ཆེས་པས་ལག་ལེན་དུ་བྱའོ།། །། ༈ བཅུ་གཅིག་པ་རྡོ་རྗེ་སྙིང་པོའི་མཆོད་སྦྱིན་སྤྱད་གྲོལ་ལ་གཉིས། མེ་མཆོད་དང་། ཆུ་སྦྱིན་ནོ། །དང་པོ་ལའང་རྒྱས་བསྡུས་གཉིས་ལས། རྒྱས་པ་ལྟར་ན། སྦྱོར་བ་སྟེགས་བུ་ལ་ཞི་བའི་ཐབ་ཁུང་ཟླུམ་པོ་ལྟེ་བར་པདྨ་འདབ་བརྒྱད་རྡོ་རྗེས་མཚན་པ། ཁ་ཁྱེར་མུ་རན་རྡོར་ཕྲེང་སོགས་སྤྱི་ལྟར་བྲིས་ལ་བུད་ཤིང་ཟླུམ་པོར་བརྩིག །སྒྲུབ་པོའི་གཡས་སུ་ཆུ་གཉིས་ཉེར་སྤྱོད། གཡོན་དུ་མར་ཁུ། འོ་མ་ཅན་གྱི་ཡམ་ཤིང་བདུན་ནམ་ཉེར་གཅིག་སོགས་གང་འོས། ཏིལ་བཅས་བཞག །དགང་བླུག །ལས་བུམ། སྔོན་གཏོར་རྣམས་ཀྱང་འདུ་བྱ། དངོས་གཞིའི་ཐོག་མར་ལས་བུམ་མམ་བསང་ཆུ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། སྔོན་གཏོར་གཏང་། སྐྱབས་སེམས་ནས་བདག་བསྐྱེད་བཟླས་པའི་བར་བཏང་། མཆོད་རྫས་བྱིན་བརླབ་གཞུང་ལྟར། བསྲེག་རྫས་ལ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། ཨོཾ་སྭཱ་ཧཱས་བཀྲུ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། མར་ཁུ་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཏིལ་ལ། ཨོཾ་ཛྲིཾ་སྭཱ་ཧཱ། སྟོང་པའི་ངང་ལས་བསྲེག་རྫས་རང་རང་གི །མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས། །བྱུང་བའི་ཡེ་ཤེས་བདུད་རྩིའི་རང་བཞིན་ལ། །རྣམ་པ་བསྲེག་རྫས་སོ་སོར་གསལ་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཛྭ་ལ་རཾ། ཞེས་མེ་སྦར། ཀུ་ཤས་ལས་ཆུ་བླངས་ལ་བྲན་ཏེ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ནི། །མཚན་ཉིད་ཡོངས་རྫོགས་མེ་ལྕེ་དཀར་གསལ་དུ། །འབར་བའི་ཀློང་ན་གཞལ་མེད་ཁང་ཆེན་དབུས། སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་ཀྱི་སེམས་དཔའ་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་བཞེངས་པའི་སྟབས༔ ཞེས་དང་། ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འདོད་རྒུའི་མཆོག་སྩོལ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འགྲོ་འདུལ་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ བྱང་ཤར་འཁོར་བ་དོང་སྤྲུགས་དམར་གསལ་མདངས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཞེས་སྤོས་ལ། ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་རྒྱན༔ སྒོ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ གཞན་ཡང་སངས་རྒྱས་སོགས་ལས་རིམ་སྤྱན་འདྲེན་ནས་མཆོད་ཅིང་བསྟོད་པའི་བར་གཏང་། རྡོ་རྗེའི་དགང་བླུག་ལས་བྱུང་བའི༔ བསྲེག་རྫས་བདུད་རྩིའི་རྒྱུན་བབས་པས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཐིམ༔ ཟག་མེད་བདེ་བས་མཉེས་པ་ཡིས༔ འགྲོ་ཀུན་སྡིག་སྒྲིབ་བྱང་བར་གྱུར༔ དགང་བླུག་གིས་མར་ཁུ་ལན་བདུན་ནམ་ཉེར་གཅིག་སོགས་ཕུལ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཡམ་ཤིང་གྲངས་དེ་མཚུངས་ཕུལ་ལ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ༔ ཁྱད་པར་ཏིལ་ལ་གྲངས་གཟུང་སྟེ། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་འུབ་ཀྱིས་འདུས། སྣ་སྒོའི་རླུང་དང་འགྲོགས་ཏེ་མདུན་གྱི་ཏིལ་ལ་ཐིམ། སྣ་གཡས་ནས་རླུང་འབུད། ཨོཾ་ཨཱཿཧཱུྃ༔ གསུམ། དེ་ཉིད་ཡེ་ཤེས་བདུད་རྩི་དཀར་པོ་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པ་ལྷ་རྣམས་ཀྱི་ཞལ་དུ་ཕུལ་བས་མཉེས་ཤིང་ཚིམས། སྐུ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུ་འཕྲོས་ཏེ་བདག་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་བག་ཆགས་ཐམས་ཅད་ལྷག་མེད་དུ་སྦྱངས་ཤིང་དག་པར་གྱུར། ཨོཾ་ཨཱཿཧྲཱིཿཧཱུྃ་བཛྲ་སཱ་ར་པྲ་མརྡྷ་ན་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཅི་འགྲུབ་ཕུལ་པའི་མཐར་ལས་གཞུང་ལྟར་འདོད་དོན་གསོལ་བ་གདབ། གཏང་རག་མཆོད་བསྟོད་མདོར་བསྡུས་འབུལ། ནོངས་བཤགས་དང་། ཨོཾ་བཛྲ་མུཿས་ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར། ཅེས་བརྗོད་ཅིང་བསྔོ་སྨོན་དང་ཤིས་བརྗོད་བྱ། ཐལ་བ་ཆུ་བོ་ཆེན་པོར་བསྐྱལ་བས་དེར་གནས་ཀྱི་སེམས་ཅན་རྣམས་སྒྲིབ་པ་བྱང་བར་འགྱུར་རོ། ࿊ །གཉིས་པ་བསྡུས་པ་རྒྱུན་གྱི་མེ་མཆོད་བྱེད་ན། མེ་ཁྲོལ་དང་ཏིལ་འདུ་བྱས་ལ། སྐད་ཅིག་སྟོང་པའི་ངང་ཉིད་ལས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ འཕགས་པ་རྡོ་རྗེ་སྙིང་པོ་ནི༔ སྐུ་མདོག་སྔོན་པོ་ཁྲོས་པའི་ཉམས༔ ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ དར་དང་རིན་ཆེན་ཕྲེང་བས་བརྒྱན༔ བཞེངས་སྟབས་པད་ཉིའི་གདན་ལ་བཞུགས༔ རང་གི་སྡིག་སྒྲིབ་བག་ཆགས་ཀུན༔ རླུང་དང་འགྲོགས་ཏེ་ཏིལ་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་གྱུར༔ དེ་ཉིད་ཞལ་དུ་ཕུལ་བ་ཡིས༔ ཐུགས་ཀར་ངན་སོང་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་བཞུགས་པ་རྣམས༔ ཟག་མེད་བདེ་བ་ཆེན་པོས་མཉེས༔ རང་གཞན་སྡིག་སྒྲིབ་ཡོངས་སྦྱངས་ཏེ༔ དངོས་གྲུབ་ཐམས་ཅད་སྩོལ་བར་གྱུར༔ ཅེས་དམིགས་ལ། གོང་གསལ་ཏིལ་སྔགས་དེ་ཉིད་ཀྱིས་ཉེར་གཅིག་སོགས་ཅི་འགྲུབ་ཕུལ་བའི་མཐར། ལྷ་རྣམས་འོད་ཞུ་རང་ལ་ཐིམ༔ ཞེས་དང་བསྔོ་སྨོན་བྱས་པས་སྒྲིབ་པ་དག་ཅིང་གེགས་དང་བར་གཅོད་ཞི་བར་གསུངས་སོ། ། ࿊ གཉིས་པ་ཆུ་སྦྱིན་ནི། སྔ་དྲོའི་ཆ་ལ་རིན་པོ་ཆེའི་སྣོད་གཙང་མར་ཟན་རིལ་དང་བཅས་པའི་ཆུ་གཙང་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་སྤྱན་རས་གཟིགས༔ འཕགས་པ་རྡོ་རྗེ་སྙིང་པོ་ལ༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱིས་བསྐོར༔ འོག་ཏུ་གདོན་བགེགས་རིགས་དྲུག་དང༔ ཁྱད་པར་ལན་ཆགས་མགྲོན་ཀུན་གསལ༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ བྱུང་བའི་རིན་ཆེན་སྣོད་ཡངས་སུ༔ རང་ལུས་འོད་དུ་ཞུ་བ་ལས༔ གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། རང་སེམས་ཁ་སྱྣ་ཎིར་གྱུར༔ མཆོད་སྦྱིན་མགྲོན་ཀུན་མཆོད་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་པའི་སྔགས་གྲངས་ཅི་འགྲུབ་ཀྱིས་ཕུལ་ལ། ཨོཾ༔ སྡིག་སྒྲིབ་ཐམས་ཅད་འཇོམས་མཛད་པའི༔ འཕགས་པ་རྡོ་རྗེ་སྙིང་པོ་དང༔ སྐྱབས་གནས་མཆོད་འོས་རྒྱ་མཚོའི་ཚོགས༔ བདག་ལུས་བདུད་རྩིའི་གཏོར་མ་བཞེས༔ བྱིན་གྱིས་རློབས་ཤིག་སྡིག་སྒྲིབ་སྦྱོངས༔ དངོས་གྲུབ་སྩོལ་ཅིག་བར་ཆད་སོལ༔ གདོན་བགེགས་འབྱུང་པོ་རིགས་དྲུག་དང༔ ཁྱད་པར་ལན་ཆགས་མགྲོན་རྣམས་ཀུན༔ ཟག་མེད་བདུད་རྩི་འདི་གསོལ་ལ༔ ལན་ཆགས་བུ་ལོན་བྱང་བར་མཛོད༔ གནོད་འཚེ་གདུག་རྩུབ་ཀུན་ཞི་ཞིང༔ བྱང་ཆུབ་སེམས་དང་ལྡན་པར་ཤོག༔ ཅེས་འདོད་དོན་གསོལ། མཆོད་སྦྱིན་མགྲོན་དང་མཆོད་བྱེད་རྫས༔ མི་དམིགས་སྟོང་པའི་ངང་ལ་བཞག༔ ཅེས་དང་བསྔོ་སྨོན་བྱ། དགོས་པ་ནི། འདིས་ནི་ཚོགས་རྫོགས་འཆི་བ་བསླུ༔ སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ༔ དཀོར་སྒྲིབ་ལན་ཆགས་ངན་པ་སྦྱོང༔ དེ་ཕྱིར་རྒྱུན་དུ་བརྩོན་པར་བྱ༔ ཞེས་གསུངས་པ་ལྟར་དང་། མི་ཏྲའི་རྒྱ་གཞུང་སོགས་ལས་ཀྱང་འདི་ཉིད་དཀོར་སྦྱོང་ལ་ལྷག་པར་བསྔགས་སོ། །དེང་སང་བསྟན་པའི་མཐར་ཐུག་པས། །ཆེན་པོ་རྣམས་ནི་གཡེང་བས་འདའ། ཁ་ཅིག་ཚོང་དང་གསོག་བྲུན་བརྩོན། །འབྱོར་ལྡན་འགྲན་ཕྱིར་རྟེན་བཞེངས་དང་། །བློ་ལྡན་གྲགས་ཕྱིར་ཁ་བཤད་སློབ། །འཇིག་རྟེན་ཕ་རོལ་མཐོང་འགའ་ཡང་། །རང་དོན་ཉི་ཚེ་ཆེད་དུ་གཉེར། །གཞན་ཕན་ལྷག་བསམ་ཅན་ཕལ་ཆེར། །སེམས་བསྐྱེད་ཙམ་ལས་ལག་ལེན་དཀོན། ཁྱད་པར་ཟབ་གསང་སྙིང་པོ་ཡི། །ལྟ་སྤྱོད་རྒྱལ་བས་བསྔགས་རྣམས་ལ། །ཡིད་ཆེས་ཉམས་ལེན་བྱེད་པ་ཉུང་། །རྟོག་གེ་སྐལ་པ་དམན་པ་འགའ། །དེ་ཉིད་ཐན་དུ་ལྟ་བའང་མང་། །གསར་རྙིང་དགོངས་པ་གུང་མཐུན་ཅིང་། །འབྲེལ་ཚད་གཏན་བདེར་འཁྲིད་པའི་ཐབས། །མཆོག་དམན་ཀུན་ལ་ཕན་ཐོགས་པ། །འདི་འདྲ་ལག་ལེན་མཁན་ཡོད་ན། །ཡིད་འོང་བྱང་ཆུབ་སྤྱོད་མཆོག་ཡིན། །སྙན་དང་གྲགས་པ་མེད་ཀྱང་བླ། །རང་གཞན་རྣམ་གྲོལ་ས་ལ་སྦྱོར། །དེ་ཕྱིར་ཆེད་དུ་བརྗོད་འདིས་ཀྱང་། །སྐལ་མཉམ་འགའ་འགའི་རིགས་སད་ནས། །གྲོལ་བ་བཅུ་གཅིག་ཕྲིན་ལས་ཀྱིས། །སྲིད་པའི་རྒྱ་མཚོ་གཏིང་སྤྲུགས་ཤོག །རིན་ཆེན་གཏེར་གྱི་མཛོད་ཁང་ཆེན་པོར་མཆོག་གི་དབྱིག་སྡུད་པའི་ནོར་བུའི་རྣམ་གྲངས་སུ་གཅེས་པར་མཐོང་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ལྷག་པའི་བསམ་པ་བཟང་པོས་ལག་ལེན་བདེ་ཞིང་གསལ་ལ་འདུས་པར། ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཀོད་པ་དགེ་ལེགས་འཕེལ།། །།
དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར་ (Volume 25, Text 35)
དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་སྟེར་བཞུགས་སོ། །གསུང་གི་རྡོ་རྗེ་རྟ་མཆོག་ཧེ་རུ་ཀ །གསང་བ་ཀུན་འཛིན་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་ཞབས། །མ་ཧཱ་རཱ་ཛ་ཆེ་དང་པྲ་ཧསྟིར། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །གོ་མ་དེ་ཝཱི་པདྨ་ཐོད་ཕྲེང་རྩལ། །ཆོས་རྒྱལ་ཁྲི་སྲོང་ལོ་ཆེན་བཻ་རོ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །ཟབ་གཏེར་མངའ་བདག་གྲུ་གུ་ཡང་དབང་གཏེར། །ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །པདྨ་ཁྲག་འཐུང་ཡེ་ཤེས་རྣམ་རོལ་ཆེ། །བྱིན་རླབས་མཆོག་སྩོལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །དཀྱིལ་འཁོར་ཁྱབ་བདག་དབང་ཆེན་རྟ་མཆོག་དཔལ། །རིགས་བཞིའི་ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །རྡོ་རྗེ་མཁའ་ལྡིང་སྤྲུལ་པའི་ཁྲོ་བོ་བཅུ། །སྒོ་སྐྱོང་བཞི་སོགས་ལྷ་ཚོགས་ཡོངས་རྫོགས་ལ། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་ཟབ་མོས་གཉིས་སྣང་བདུད་ཚོགས་བཅོམ། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ལྷུན་གྱིས་གྲུབ། །པདྨ་དབང་ཆེན་གོ་འཕང་མྱུར་ཐོབ་ཤོག །ཅེས་རྩ་སྡེ་སྤྱན་སྔ་ནམ་མཁའ་རྡོ་རྗེས་མཛད་པའི་ཡིག་རྙིང་ལ་ཞུ་བཅོས་ཕྲན་བུ་བཅས་བྲིས་པ་དགེ། །།
རས་འབུད་མགུར་ཚིག་དང་ལག་ལེན་ (Volume 34, Text 35)
སེར་སྦྲེང་པ་རྣམས་ཀྱི་མགུར་ཚིག །གཤིས་མི་འགྱུར་རང་རིག་གཉུག་མའི་སེམས། །གདངས་ཅིར་ཡང་མ་འགགས་སྲིད་ཞིའི་དཔལ། །དོན་གཉིས་མེད་བདེ་ཆེན་རྡོ་རྗེའི་སྐུ །ཕ་གཏེར་བདག་གླིང་པའི་ཞབས་ལ་འདུད། །དུས་དེ་རིང་རྡོ་རྗེའི་མཆེད་གྲོགས་ཚོ། །གསང་ཆེན་གྱི་ཀུན་སྤྱོད་ལྷུར་བཞེས་པས། །ཙཎྜ་ལཱི་འབར་བའི་བདེ་དྲོད་གདངས། །སེམས་བདེ་གསལ་བརྗོད་མེད་དབྱིངས་སུ་འདྲེས། །ཚུལ་དེ་འདྲ་མཐོང་བས་སྣང་བ་འགྱུར། །ཡིད་ཕན་ཚུན་མོས་གུས་གཅིག་ཏུ་ཐིམ། །དེ་བླ་མ་ཡི་དམ་མཁའ་འགྲོ་དང་། །ཡོངས་ཆོས་མཛད་རྣམས་ལ་མཆོད་པ་འབུལ། །ཞེས་དྷརྨས་སོ། །རས་པ་རྣམས་ཀྱིས། དཔལ་རབ་འབྱམས་རྒྱལ་བའི་ཐུགས་རྗེ་དེ། །ཡོངས་སྐལ་ལྡན་སྙིང་ལ་ཞུགས་པ་འདི། །རྐྱེན་གཞན་གྱིས་མ་ཡིན་བླ་མའི་དྲིན། །རྗེ་འགྱུར་མེད་རྡོ་རྗེའི་ཞབས་ལ་འདུད། །སེམས་གདོད་ནས་རྣམ་དག་ཡེ་སངས་རྒྱས། །གཤིས་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་རོ་སྙོམ་གྱི་དོན་རྟོགས་ནས། །དེ་མ་བཙལ་བཞག་ན་སྒོམ་པ་ཡིན། །སེམས་རྩ་བྲལ་རིག་པའི་ནམ་མཁའ་ལ། །བདེ་དྲོད་འོད་གསལ་གྱི་ཉི་ཟླ་ཤར། །རྩོལ་མེད་ཐུགས་རྗེའི་སྣང་བ་རྒྱས། །ཕ་དྲིན་ཅན་བླ་མར་མཆོད་པ་འབུལ། །ཞེས་དྷརྨས་སོ། །རས་པ་རྣམས་ཀྱི་རྡོ་རྗེའི་གླུ་བྲོ་ནི། གནས་དག་པ་ཆོས་འབྱུང་ཟངས་ཀྱི་མཚོ། །དཔལ་མཁའ་སྤྱོད་ཞིང་མཉམ་འདི་ཉམས་རེ་དགའ། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །སྐྱབས་འགྲན་བྲལ་འགྱུར་མེད་རྡོ་རྗེའི་སྡེ། །ཕ་གཅིག་ཆོག་རིགས་ཀྱི་བདག་པོར་ཐོབ། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །དཔལ་ཡི་དམ་རྡོ་རྗེ་ཕག་མོ་ཡུམ། །ལྷན་སྐྱེས་རང་རིག་གི་ངོ་བོར་རྟོགས། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །མཐུ་ལྡན་གྱི་དཔལ་མགོན་ལྕམ་དྲལ་རྣམས། །ལས་གང་བཅོལ་ཐོགས་མེད་བསྒྲུབས་པས་དགའ། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །དབྱིངས་ཆོས་སྐུའི་ངོ་བོར་རོ་གཅིག་དག །འཕྲལ་སྲིད་ཞིའི་ཕུན་ཚོགས་རྙེད་པས་འཚེངས། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །ཡར་བླ་མའི་ཐུགས་དགོངས་སྒྲུབ་པས་རྫོགས། །མར་འགྲོ་ཀུན་བྱང་ཆུབ་སེམས་ཀྱིས་འདྲོངས། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །ལར་གང་ལྟར་བསམས་ཀྱང་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་དགའ་སྐྱོང་། །དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །ཅེས་པའང་དྷརྨ་ཤྲཱིས་སོ། །སརྦ་དཱ་མངྒ་ལཾ།། །། ༈ ཟངས་མཚོ་སྒྲུབ་གྲྭའི་རས་འབུད་ཀྱི་ལག་ལེན་གའུ་ལེ་བཞུགས་སོ། །ཨོཾ་སྭསྟི། ཆོས་འབྱུང་ཟངས་མཚོ་སྒྲུབ་གྲྭའི་རས་འབུད་ཀྱི་ལག་ལེན་གའུ་ལེ་ཟིན་ཐོར་བཀོད་པ་ལ། སྨིན་དྲུག་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་གྲབ་ཞག་ཚར་བ་བྱས། ཚེས་གཉིས་ནས་བརྩམ་སྟེ་ཞག་གསུམ་གྱི་བར་ཉིན་རེ་བཞིན་ཚོགས་དང་པོར། སྐོང་གསོ་བ་རྣམས་ཀྱིས་གུར་དྲག་གི་ལས་བྱང་རྩ་སྔགས་སུམ་བརྒྱ། ལས་སྔགས་དང་སྤུ་གྲིའི་སྔགས་ཉེར་གཅིག་རེ། འཁོར་སྔགས་རྣམས་ལྔ་བཅུ་ཙམ་རེ། དྲིལ་སྒྲུབ་ཀྱི་ཧཱུྃ་བཟླས་གསུམ་དཀྱུས་ལྟར་དང་། སོ་སོའི་བཟླས་དམིགས་བཅས་པས་སྲུང་སྔགས་ཉིས་བརྒྱ་དང་། ཟློག་སྔགས་ལྔ་བཅུ་རྣམས་བཟླ་ཞིང་། རས་པ་རྣམས་ཀྱིས་ཁྲོས་ནག་གི་བདག་སྐྱེད་བཟླས་པ་ལ་ཆིག་ཏུ་སྒྲིལ། ཚོགས་གཉིས་པར། སྐོང་གསོ་བ་རྣམས་ཀྱིས་མཆོད་རྫས་བྱིན་རླབས་ནས་གཟུང་དམ་ཅན་གཏོར་ཆོག་གི་བཟླས་པའི་བར་དང་། རས་པ་རྣམས་ཀྱིས་ཁྲོས་ནག་གི་མདུན་བསྐྱེད་ཀྱི་མཁའ་འགྲོའི་གཏོར་འབུལ་བར། ཉིན་གསུམ་པ་མ་གཏོགས་པའི་ཚོགས་གསུམ་པར། སྐོང་གསོ་བ་རྣམས་ཀྱིས་ཆོས་སྐྱོང་གི་སྐོང་བཤགས་མངའ་གསོལ་བར་དང་། གུར་དྲག་གི་ཚོགས་མཆོད་གདབ་ལས་དྲག་དམར་གྱི་སྐོང་གསོའི་བར་གཏོང་ཞིང་། དེའི་སྐོང་གསོ་དང་བསྟུན་མི་གཅིག་གིས་སྒོས་ཀྱི་འཕྱང་བོར་བའི་ཕུད་སྐོང་རྣམས་དང་། རས་པ་རྣམས་ཀྱིས་ཁྲོས་ནག་གི་བདག་འཇུག་དང་མཇུག་ཆོག་ཆ་ཚང་དང་། ཚོགས་བཞི་པར། སྐོང་གསོ་བ་རྣམས་ཀྱིས། གུར་དྲག་གི་ཟློག་གཞུང་ནས་བརྩམ་སྟེ་རྗེས་ཆོག་ཚང་མ་བྱ། ཉིན་གཉིས་པར་ཡང་དེ་བཞིན་དང་། ཉིན་གསུམ་པའི་ཚོགས་དང་པོ་དང་གཉིས་པ་སྔར་འདྲ་བ་ལས་ཁྱད་པར། རས་པ་རྣམས་ཀྱི་ཚོགས་གཉིས་པའི་མཇུག་ཏུ་ཁྲོས་ནག་གི་བདག་འཇུག་དང་རྗེས་ཆོག་སྦྲེལ་ཏེ་བསྡུ། ཚོགས་གསུམ་པར་སྐོང་གསོ་བ་རྣམས་ཀྱིས་ཟློག་གཞུང་སྦྲེལ་བའི་རྗེས་སུ་ཟློག་སྔགས་དུས་སྔ་ཕྱི་དང་བསྟུན་པའི་བརྒྱའམ་ལྔ་བཅུ་ཙམ་དང་། ཟོར་སྒྲུབ་དམག་ལྟོའི་བར་གྱེར། དེ་ནས་ནམ་ཚོད་དང་བསྟུན་ཏེ་ཆོས་དུང་བུས་ཏེ་སྡེབས་ཚོགས་ཀྱིས་ཁྲོས་ནག་གི་བདག་སྐྱེད་ཆོ་ག་རྒྱས་པར་བཏང་བ་བཟླས་པ་བཅས་གྲུབ་མཚམས་གཞན་རྣམས་གུང་སེང་གི་བར། སློབ་དཔོན་གྱིས་མེ་དབང་རྫས་ཀྱི་གཏོར་མ་ཐོད་ཆང་མེ་ལོང་གི་དཀྱིལ་འཁོར་རྣམས་བྱིན་རླབས་ཀྱི་བཟླས་པ་མཁའ་འགྲོའི་གཏོར་འབུལ་གྱི་བར་དང་། སྐོང་གསོ་བ་རྣམས་ཀྱིས་གུར་དྲག་གི་སྒོ་དབྱེ་བྱས་རྗེས། སོ་སོའི་སྒོས་ཀྱི་གཏོར་མ་རྣམས་སྒོས་ཀྱི་འཕྱོང་སྦྲེལ་བ་དང་བཅས་པས་གཏོར་འབུལ་མགྲོན་ཚན་རེ་རེའི་མཐར་རོལ་མོ་དང་བཅས་ཏེ་རྒྱས་པར་ཕུལ་ནས། གུར་དྲག་གི་སྐུལ་ཆད་ཐོ་ཟོར་སྐུལ་འཕང་བ། བརྟན་སྐྱོང་གཏོར་མནན་ཚེ་འགུགས་དངོས་གྲུབ་ལེན་པའི་བར་དཀྱུས་ལྟར་སོང་རྗེས། སློབ་དཔོན་གྱིས་མེ་དབང་བསྐུར་ནས་རས་པ་རྣམས་ཀྱིས་ཉམས་བསྐྱང་ཞིང་རྡོ་རྗེའི་གླུ་གར་དང་བཅས་པས་རས་པ་སྒང་དུ་ཐོན་ཏེ། ཐོག་མར་ཁྲོམ་ཚོགས་ཀྱིས་ཁྲོས་མ་ནག་མོའི་ཐུན་མཚམས་ཀྱི་རྣལ་འབྱོར་གྱིས་ཚོགས་མཆོད་ལྷག་གཏོར་དང་བཅས་བཏང་ནས། གསོལ་འདེབས་སྔོན་འགྲོས་རས་དཔོན་གྱིས་དམིགས་སྐྱོར་གསལ་བཏབ་ལ་སོ་སོའི་སྟན་ལ་བདེ་དྲོད་ཀྱི་རང་ཞལ་བསྐྱང་ཞིང་། གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེས་ཏེ་མཉམ་པར་འཇོག །རས་པ་རྣམས་ཐོན་རྗེས་སྐོང་གསོ་བ་རྣམས་ཀྱིས་སེར་སྦྲེང་གིས་བསུ་ཞིང་། རས་པ་རྣམས་ཞྭ་གོས་བཅས་འོངས་ནས་མགུར་མའི་གཏོང་ལེན་རྣམས་བྱ་ཞིང་། ཆོས་གྲྭར་རས་པ་རྣམས་ཀྱིས་རྡོ་རྗེའི་གླུ་བྲོ་སྔར་ལུགས་ལྟར་བྱའོ། །དེར་མ་ཟད་ཞག་གསུམ་པོའི་རིང་རས་པ་རྣམས་ཀྱི་འདོན་ཆ་ཅུང་ཟད་ཐུང་གཤིས། བར་མཚམས་རྣམས་སུ་སློབ་དཔོན་གྱིས་གཏུམ་མོའི་དམིགས་སྐྱོར་དང་། རླུང་འཛིན་པ། ལུས་སྦྱོང་སོགས་གནད་དུ་འགྲོ་བའི་ཉམས་ལེན་ལ་འབད་ཅིང་། ཁྱད་པར་རས་དཔོན་གྱིས་ཐུན་བརྡས་བསྐུལ་བའི་ཐུན་དྲུག་ཏུ་གཏུམ་མོའི་མེ་དམིགས་རླུང་སྦྱོར་ལ་བསླབ་པར་བྱའོ། །ཞེས་དྷརྨ་ཤྲཱིས་སོ།། །།
པ་ལ་པ་ཊའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད། སློབ་དཔོན་དེ་ཝ་ཙནྡྲ་དང་སློབ་དཔོན་པདྨའི་རྒྱ་གཞུང་གི་མན་ངག །བཅོམ་ལྡན་འདས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྒྱུན་ཁྱེར་འདོན་ཆ་ཉུང་ངུར་བསྡུས་པ་དམིགས་པ་གྱེར་སྒོམ་དུ་བྱ་བའི་རིམ་པ་རབ་ཏུ་གསལ་བ་ཀིང་ཀང་དུག་གི་རི་བོ་ (Volume 18, Text 35)
༄༅། །པ་ལ་པ་ཊའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད། སློབ་དཔོན་དེ་ཝ་ཙནྡྲ་དང་སློབ་དཔོན་པདྨའི་རྒྱ་གཞུང་གི་མན་ངག །བཅོམ་ལྡན་འདས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྒྱུན་ཁྱེར་འདོན་ཆ་ཉུང་ངུར་བསྡུས་པ་དམིགས་པ་གྱེར་སྒོམ་དུ་བྱ་བའི་རིམ་པ་རབ་ཏུ་གསལ་བ་ཀིང་ཀང་དུག་གི་རི་བོ་ཞེས་བྱ་བ་བཞུགས་སོ།། འཇམ་དཔལ་གཤིན་རྗེ་གཤེད་ལ་འདུད། །བར་ཆད་དགྲ་བགེགས་ཞི་བ་དང་། །བདུད་བཞིའི་དགྲ་ལས་རྒྱལ་བའི་ཕྱིར། །རྒྱུན་ཁྱེར་ཕ་རོལ་རྒོལ་འཇོམས་བྲི། །ཆོས་བདག་སྲུང་མས་གནང་བ་མཛོད། །ཅི་འབྱོར་མཆོད་གཏོར་བཤམས་ནས་ཀྱང་། །གྱེར་བསྒོམ་སྦྲགས་པ་འདི་སྐད་དོ། །བླ་མེད་མགོན་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་ཉམས་མེད་བཏང་སྙོམས་ཤོག །ཧཱུྃ། ལྷ་ཀླུ་ལ་སོགས་བགེགས་ཀྱི་རིགས་གྱུར་རྣམས། །བདེན་པའི་ཚིག་ཉོན་གཞན་དུ་འགྲོ་བར་གྱིས། །གལ་ཏེ་འཇིགས་བྱེད་འབར་བའི་བཀའ་བཅག་ན། །མཚོན་ཆའི་ཆར་གྱིས་གནོད་བྱེད་ཐལ་བར་རློག །ཨཱོཾ་བཛྲ་ཏཱིཀ་སྣ་ཛྭ་ལ་རཾ་རཀྵ། ཧཱུྃ། རང་རིག་རང་གསལ་ཡེ་ཤེས་སྒོ་དབྱེ་ཞིང་། །རང་རིག་མཇལ་བའི་བརྡ་ཕྱག་གུས་པར་འབུལ། །མ་འགྲུབ་བར་དུ་མི་གཏོང་བསྒྲུབ་པར་བགྱི། །དཀྱིལ་འཁོར་ཆེན་པོ་འདི་ལ་བྱིན་ཕོབ་ཅིག །མ་རིག་ཉེས་བྱས་མཐོལ་བཤགས་དག་པར་མཛོད། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། སྤྲོ་བསྡུའི་ཞུ་བས་བདུད་རྩི་ཆེ། །འདོད་ཡོན་ཕུང་པོ་མི་ཟད་པ། །ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད། །ཨཱོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་ཛྭ་ལ་མཎྜལ་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལི་ནི་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤབྡ་སྭཱ་ཧཱ། ཧཱུྃ། སེམས་ཉིད་དྲི་མེད་ཀ་ནས་དག །ཨ་འཐས་སེམས་ཅན་སྙིང་རེ་རྗེ། །དགོས་འདོད་ཀུན་འབྱུང་ཡི་གེ་ཧཱུྃ། །དེ་ལས་རཾཿཡཾཿཁཾཿཆད་པས། །མེ་ཆུ་རླུང་གིས་འཇིག་རྟེན་སྟོང་། །གནམ་ས་གནམ་ལྕགས་འཁོར་ལོ་གཉིས། །དྲག་ཏུ་འཁོར་བས་གནོད་བྱེད་གཏུབས། །རྩིབས་ནང་གཤིན་རྗེ་མ་མོ་རྣམས། །བྷྱོ་ཟློག་སྒྲ་སྒྲོག་རྦོད་གཏོང་ཟློག །དེ་ནང་གནམ་ལྕགས་འཁོར་ལོ་ནི། །རྩིབས་བཅུའི་ནང་དུ་འཁྱིལ་བ་བཅུ། །སྐྱབས་སྦྱིན་ཕྱག་རྒྱས་ནང་གཟིགས་སྲུང་། །རྩིབས་མཆན་ཁྲོ་བོ་སྟོབས་ཆེན་བཅུས། །ཕྱིར་གཟིགས་རླུང་གཡབ་བ་དན་ལས། །འབྱུང་བ་བསྐལ་པའི་རླུང་ནག་གིས། །དགྲ་རྐུན་མི་ཁ་གྱོད་བྱུར་རྣམས། །གནམ་མཐའ་ས་མཐའི་རྒྱབ་ཏུ་གཏོར། །དེ་ནང་བསྐལ་པའི་མེ་ཕུང་དང་། །རྒྱ་མཚོ་རྦ་རླབས་འཁྲུགས་པའི་གུར། །དེ་ནང་གསེར་གྱི་འཁོར་ལོ་ནི། །རྩིབས་བརྒྱད་ནང་དུ་གསང་བའི་བདག །བརྒྱད་ཀྱིས་ནང་དུ་ཞལ་གཟིགས་སྲུང་། །དེ་ནང་དབྱངས་ཡིག་དཀར་པོའི་ཁྲབ། །གསལ་བྱེད་དམར་པོས་བརྒྱན་པའི་གུར། །དེ་ནང་རྒྱལ་བ་སྲས་བཅས་རྣམས། །ནང་གཟིགས་སྲུང་བའི་ལས་མཛད་གྱུར། །དེ་ནང་གནམ་ལྕགས་རྡོ་རྗེ་ནི། །རྩེ་དགུ་ཡར་རྩེ་ཚངས་པའི་རྩེ། །མར་རྩེ་དམྱལ་བའི་གནས་སུ་སླེབ། །ཡར་རྩེ་དབུས་མའི་ནང་དུ་ནི། །བཀའ་བརྒྱུད་བླ་མ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས། །རྭ་གུར་ནང་དུ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཐམས་ཅད་བཞུགས། །འོག་གི་རྭ་དགུའི་ནང་དུ་ནི། །ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས། །རྭ་དབུས་རྩེ་མོ་ལྕགས་སྲེག་གི །ཕུར་པས་བྱད་མའི་སྙིང་ལ་འཛེར། །དབལ་ཕྱིར་ལྕེ་ཡི་དབང་པོའི་ནང་། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་འཁོར། །ངག་གི་ནུས་པ་བཅོམ་པར་གྱུར། །རྡོ་རྗེའི་ལྟེ་བ་རྒྱ་ཆེ་བ། །སྟོང་གསུམ་འཇིག་རྟེན་ཙམ་གྱི་ནང་། །འབྱུང་རིམ་སྣོད་བཅུད་སྦྱང་ཕྱིར་བརྩེགས། །ཀེང་རུས་བསྐལ་པའི་མེ་ཕུང་འབར། །སྣ་ཚོགས་རྡོ་རྗེ་པད་སྟོང་བརྡལ། །དུར་ཁྲོད་རྡོར་རྭ་མེ་རིས་བསྐོར། །དེ་དབུས་ཡེ་ཤེས་གཞལ་ཡས་ཁང་། གྲུ་ཆད་སྒོ་ཁྱམས་རྟ་བབས་སོགས། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །ཆུ་གླང་པད་ཉི་དགྲ་བགེགས་སྟེང་། །ཧཱུྃ་ལས་འོད་འཕྲོས་ཡོངས་གྱུར་ལས། །བདག་ཉིད་དཔལ་ཆེན་གཤིན་རྗེའི་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཞལ་གདངས་མཆེ་གཙིགས་སྤྱན་དགུ་བསྒྲད། །ཕྱག་དྲུག་གཡས་གཡོན་རིམ་པ་བཞིན། །རལ་གྲི་ཐོ་བ་གཏུན་ཤིང་དང་། །ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །སྦོམ་ཐུང་གསུས་འཕྱང་ཡན་ལག་རགས། །བ་སྤུ་མཚོན་ཆ་རྡོ་རྗེའི་གཤོག །འགྱིང་བརྗིད་དུར་ཁྲོད་དཔལ་ཆས་རྫོགས། །རབ་འཇིགས་ཁྲོ་གཏུམ་རྔམ་པའི་སྐུ །ཞབས་བཞི་གྱད་ཀྱི་འདོར་ཐབས་བཞེངས། །མེ་འབར་གར་གྱི་ཉམས་ལྡན་པའི། །སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་ཉི་མའི་སྟེང་། །འཇམ་དཔལ་རྟ་མགྲིན་གསང་བའི་བདག །ཆོས་རྒྱལ་བདུད་རྩི་འཁྱིལ་བ་སྟེ། །དཀར་དམར་མཐིང་སེར་ལྗང་འོད་འབར། །ཞལ་རེ་ཕྱག་གཉིས་སྤྱན་གསུམ་པ། །རལ་གྲི་ཐོད་དབྱུག་རྡོ་རྗེ་འབར། །བེ་ཅོན་རྒྱ་གྲམ་གཡས་ན་བསྣམས། །གཡོན་རྣམས་སྡིགས་མཛུབ་འདོར་ཐབས་ཞབས། །པང་དུ་སྦྱོར་ཡུམ་བེ་ཏཱ་མཐིང་། ཁྲོ་མོའི་ཆས་རྫོགས་ཁྲོ་འཛུམ་ཞལ། །གཡས་པས་གཙོ་འཁྱུད་ཕུར་བུ་འདེབས། །གཡོན་པས་ལྕགས་དྲྭར་དགྲ་བྲུབས་བསྣམས། །ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་སྟེང་། །རྡོ་རྗེ་རིན་ཆེན་པད་མ་དང་། །ལས་ཀྱི་གཤིན་རྗེ་གཤེད་བཞི་ནི། །མཐིང་སེར་དམར་ལྗང་མེ་འོད་འབར། །ཞལ་རེ་ཕྱག་ཞབས་གཉིས་གཉིས་ལྡན། །རབ་ཁྲོས་ཁྲོ་བོའི་རྒྱན་ཆ་རྫོགས། །རང་རང་རིགས་མཚོན་བེ་ཅོན་གཡས། །གཅོད་བྱེད་འཁོར་ལོ་གཡོན་ན་བསྣམས། །སྦྱོར་སྒྲོལ་ཡུམ་སྦྱོར་ཡབ་འདྲའི་མདོག །ཁྲོ་མོའི་ཆས་རྫོགས་གྲི་ཐོད་འཛིན། །གར་གྱི་ཉམས་ལྡན་གསལ་བར་བསྐྱེད། །ཕྱི་རོལ་འཁོར་ལོ་སུམ་རིམ་གྱི། །ནང་མར་བདུད་རྩི་འཁྱིལ་བ་བཅུ། །ནང་གཟིགས་སྐྱབས་སྦྱིན་ཕྱག་རྒྱ་མཛད། རྩིབས་མཆན་སྟོབས་ཆེན་མཐིང་ནག་བཅུ། །ཕྱིར་གཟིགས་བ་དན་རླུང་གཡབ་འཛིན། །དེ་ཡི་ཕྱི་རིམ་རྩིབས་བཅུ་ལ། །བདུད་འཇོམས་བྲག་འཇོམས་ཨ་ཝ་གླང་། །ཡ་བ་ཕྱྭ་སངས་རྨིག་པ་དང་། །ཏེལ་པ་ལྷ་མཆོག་འཆི་བདག་རྒྱལ། །མིག་དམར་ཕྱོགས་སྐྱོང་གཤིན་རྗེ་སྟེ། །དེ་ཡི་ཕྱི་རིམ་རྩིབས་བཅུ་ལ། །གཤིན་རྗེ་མ་མོ་བདུད་དང་བཙན། །མགོན་པོ་ལྷ་མོ་ཁྱབ་འཇུག་ཀླུ །དམ་ཅན་སྲོག་བདག་འཁོར་བཅས་གསལ། །སྒོ་བཞིར་སྒོ་བ་བྱ་རྒོད་སྟག །ཀང་ཀ་སྤྱང་ཀིའི་གདོང་ཅན་བཞི། །ཕྱི་རོལ་འཁོར་ཡུག་ལ་གནས་པའི། །རྒྱལ་ཆེན་གིང་བདུད་རྩིས་ཤན་རྣམས། །བཞི་བཞིའི་གྲངས་ལྡན་ཕོ་མོའི་བྲན། །དུར་ཁྲོད་བདག་པོ་མ་ལུས་པ། །ཕྱོགས་སྐྱོང་བཅུ་སོགས་དྲེགས་པ་ནི། །བསམ་གྱིས་མི་ཁྱབ་སྤྲིན་ལྟར་གཏིབས། །གཙོ་འཁོར་མ་འདྲེས་ཡོངས་རྫོགས་གསལ། །རང་རྩལ་སྐུ་གསུང་ཐུགས་བྱིན་བརླབས། །ཡེ་ཤེས་ལྔ་དབང་ལྷུན་གྲུབ་བསྐུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། སྣང་སྲིད་འཁོར་འདས་ཉག་གཅིག་ཐིག་ལེའི་ཀློང་། །ཆོས་སྐུའི་རང་རྩལ་སྣ་ཚོགས་གཟུགས་སྐུར་བཞེངས། །ཆེ་བཙན་འགྲན་མེད་རབ་འཇིགས་ཁྲོ་གཏུམ་སྐུ །བདུད་འཇོམས་གཤིན་རྗེ་གཤེད་པོ་དབྱིངས་ནས་སྐྱོད། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མངའ་བདག་འཇམ་དཔལ་དང་། །རྟ་མགྲིན་ཕྱག་རྡོར་ཆོས་རྒྱལ་བདུད་རྩི་འཁྱིལ། །སྦྱོར་སྒྲོལ་ཡུམ་དང་སྲས་བཅས་སྤྱན་འདྲེན་གཤེགས། །ཚེ་བདག་སྲོག་བདག་འཆི་བདག་འཆར་ཁ་ནག །དགྲ་ནག་གཤེད་དམར་ལས་ཀྱི་གཤིན་རྗེ་སོགས། །སྣ་ཚོགས་མིང་དང་སྐུར་སྟོན་འཇིགས་བྱེད་ཆེ། །བདུད་འཇོམས་ལ་སོགས་ཕྱོགས་སྐྱོང་གཤིན་རྗེའི་ཚོགས། །མ་རུངས་དྲེགས་པ་ཀུན་འདུལ་གཤེགས་སུ་གསོལ། །ཡ་མ་རཱ་ཙ་སྔགས་སྲུང་སྐོས་ཀྱི་རྗེ། །བཙན་རྒྱལ་རང་རང་འཁོར་དཔུང་ཕོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བྱེ་བ་དང་། །ས་ཡ་དུང་ཕྱུར་གྲངས་འདས་འདིར་གཤེགས་ཤིག །མགོན་པོ་ལྷ་མོ་ཁྱབ་འཇུག་སྲོག་བདག་ཆེ། །དམ་ཅན་ཀླུ་བདུད་རྒྱལ་ཆེན་ཕྱོགས་སྐྱོང་དང་། །གནས་དང་ཞིང་དང་མ་སྲིང་བརྟན་མར་བཅས། །གིང་ལང་ཕོ་ཉའི་དམག་ཚོགས་གཤེགས་སུ་གསོལ། །ཀུན་ཀྱང་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྔོན་གྱི་ཁས་བླངས་དམ་བཅའ་དྲན་མཛོད་ལ། །མ་ཐོགས་དུར་ཁྲོད་གནས་འདིར་སྐུ་སྐྱོད་དེ། །དུང་དུང་བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ། འཇིགས་རུང་དུར་ཁྲོད་གསང་མཆོག་འབར་བའི་ཀློང་། །གྲུ་གསུམ་མཐིང་ནག་ཨེ་ཡི་གཞལ་ཡས་ཁང་། ཁྲག་ཞག་ཆུ་སེར་ཤ་རུས་མཚོ་དང་ནི། །དགྲ་བགེགས་དྲེགས་པའི་གདན་ལ་དགྱེས་རོལ་བཞུགས། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། གདུག་པ་ཀུན་འདུལ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཐུགས་རྗེའི་དབང་གིས་འགྲོ་རྣམས་མི་གཏོང་ཕྱིར། །དྲག་པོའི་སྐུར་སྟོན་དགྲ་དཔུང་ཐལ་བར་རློག །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ལས་ལས་གྲུབ་པའི་མཐུ་རྩལ་ཅན། །བཀའ་ལས་མི་འདའ་བསྟན་པའི་བྱ་ར་བྱེད། །རྣལ་འབྱོར་གྲོགས་མཛད་དགྲ་བགེགས་སྲོག་རྩ་འབྱིན། །འཁོར་ཚོགས་དམ་ཅན་རྣམས་ལ་ཕྱག་འཚལ་བསྟོད། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ་པྲ་ཏི་ཛ་ཧོཿ ཧཱུྃ། ལྷ་རྫས་རྨད་བྱུང་ཀུན་ནས་དགྱེས་གྱུར་པའི། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོའི་བྱེ་བྲག་ཅི་མཆིས་རྣམས། །དད་པས་འབུལ་ལོ་མངོན་སྤྱོད་དངོས་གྲུབ་སྩོལ། ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཧཱུྃ། བདུད་བཞིའི་སྙིང་ཁྲག་དམར་པོའི་རྒྱ་མཚོ་འཁྱིལ། །དགྲ་བོའི་དབང་པོ་རྣམ་ལྔའི་མེ་ཏོག་བཀྲམ། །བསུར་ཆེན་བདུག་སྤོས་སྤྲིན་ཕུང་མཁའ་ཁྱབ་འཁྲིགས། །ཞུན་ཆེན་ཞག་ཆེན་སྣང་གསལ་མུན་པ་འཇོམས། །རུ་ཏྲའི་དོན་སྙིང་ཀླད་རུས་རི་ལྟར་སྤུངས། །དྲི་མཆོག་བྱུག་པ་ཐོད་རྔ་རྐང་གླིང་སྒྲོག །མ་ལུས་དུར་ཁྲོད་ཆེན་པོའི་རྫས་མཆོད་རྣམས། །དད་པས་འབུལ་བཞེས་མངོན་སྤྱོད་དངོས་གྲུབ་སྩོལ། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། ཧཱུྃ། ཡབ་ཡུམ་ཐབས་ཤེས་གཉིས་མེད་མཁའ་གསང་ནས། །དཀར་དམར་འདུ་འཕྲོ་བདེ་ཆེན་ཡེ་ཤེས་རྫས། །དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས། །རོ་མཉམ་ཆེན་པོར་འབུལ་ལོ་དགྱེས་པར་མཛོད། །ཨཱོཾ་མཉྫུ་ཤྲཱི་ཡ་མནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཙ་ཧོཿ ཧཱུྃ། མ་རིག་འཁྲུལ་སྣང་ཉོན་མོངས་དུག་ལྔ་པོ། །རིག་པའི་ཡེ་ཤེས་ལྔ་དང་རིགས་ལྔ་དང་། །སྐུ་ལྔར་སྦྱོར་བྱེད་རྩ་བརྒྱད་ཡན་ལག་སྟོང་། །སྦྱར་བའི་སྨན་མཆོད་བདུད་རྩི་དགྱེས་པར་བཞེས། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ཧཱུྃ། སྟོང་གསུམ་བྷནྡྷ་ལྕང་ལོ་ཡངས་པ་རུ། སྲིད་གསུམ་ང་བདག་བསྒྲལ་པའི་ཁྲག་ཆེན་གྱིས། །དུག་གསུམ་བག་ཆགས་འཇོམས་པའི་རཀྟ་མཆོག །དུས་གསུམ་དགྱེས་པ་བསྐྱེད་ཕྱིར་འབུལ་ལོ་བཞེས། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ཧཱུྃ། གཏོར་སྣོད་མཚན་ལྡན་རིན་ཆེན་ཀ་པཱ་ལར། །གཏོར་མ་དམར་ཆེན་རྒྱ་མཚོ་རི་ལྟར་སྤུངས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །འདོད་ཡོན་མི་ཟད་མཆོད་སྤྲིན་དགྱེས་པར་རོལ། །ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཡ་མ་རཱ་ཙ་ཧཱུྃ་ཕཊ། མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཧ་ཡ་གྷྲཱི་བ། བཛྲ་པཱ་ཎི། ཡ་མ་རཱ་ཙ། ཨ་མྲྀཏ་ཀུན་དྷ་ལཱི་ཧཱུྃ་ཕཊ། མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བེ་ཏཱ་ཙ་ལི་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ། མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཡ་མཱནྟ་ཀ །རཏྣ་ཡ་མཱནྟ་ཀ །པདྨ་ཡ་མཱནྟ་ཀ །ཀརྨ་ཡ་མཱནྟ་ཀ །ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ། མ་ཧཱ་བྷ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་ཕཊ། མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཡ་མ་རཱ་ཙ། ཨེ་ཀ་ཙ་ཏཱི། དུ་པྲག་དུ། ཨ་བྷིཀྵུ་ཛཿ མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་ཀཱ་ལ་རེ་མ་ཏི། རཱ་ཧུ་ལ། བཛྲ་སཱ་དྷུ། གིང་ཀ་ར། ནཱ་ག་རཱ་ཙ། མ་ཧཱ་བྷ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ཛཿཧཱུྃ་བཾ་ཧོཿ མ་ཧཱ་བྷ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་དྷྲྀཥྚ་རཱཥྚ་ཡ། བཻ་རུ་དྷ་ཀཱ་ཡ། བི་རུ་པཱཀྵཱ་ཡ། བཻ་ཤྲ་མ་ཎཱ་ཡ། མ་ཧཱ་བྷ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འཇམ་དཔལ་ཀིང་ཀང་དམར་ནག་གི་ལྷ་ཚོགས་འཁོར་དང་བཅས་པས་དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་རྐུན་ཇག་གསུམ་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་ཞི་བ་དང་། ཟློག་པ་དང་། བསྐྲད་པ་དང་། མནན་པ་དང་བཅིང་བའི་ཕྲིན་ལས་མཛོད་ཅིག །ཧཱུྃ། ཕྱོགས་དུས་རྒྱལ་བའི་སྐུ་དངོས་འཇམ་པའི་དབྱངས། །ཤིན་ཏུ་འཇིགས་བྱེད་དྲག་པོའི་སྐུར་བསྟན་ནས། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པ། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་འཁོར་བཅས་བསྟོད། །སྔོན་ཚེ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱིས། །གང་དག་ཞི་བའི་ཐབས་ཀྱིས་མ་ཐུལ་བ། །མ་རུངས་ཞིང་བཅུ་ལྡན་པའི་དགྲ་དང་བགེགས། ཁྱོད་ཀྱིས་དྲག་པོའི་ལས་ཀྱིས་ཚར་གཅོད་མཛོད། །བསྙེན་པ་ནི་གོང་གི་རྩ་སྔགས་དང་། ཨཱོཾ་ཡ་མ་རཱ་ཙ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ། ནི་ར་མ་ཡ་ཧཱུྃ་ཕཊ། ཅེས་ཀིང་ཀང་གི་སྔགས་རིང་བཟླ། སྲུང་དུས། མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དང་ཞི་བ་ལ། ནད་གདོན་བར་ཆད་ཐམས་ཅད་ཤཱིཾནྟ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྲིན་ལས་གང་སྒྲུབ་ཁ་བསྒྱུར་སྐབས་དང་སྦྱར་ལ་ཅི་རིགས་པ་བཟླ་བར་བྱའོ། །བདག་ཉིད་ལྷར་གསལ་སྐུ་ལས་འོད་འཕྲོས་པས། །ཕྱི་རོལ་སྲུང་འཁོར་རྡོ་རྗེའི་རྭ་གུར་གསལ། །རྡོ་རྗེའི་གོ་ཁྲབ་ཞུ་ལུབས་གསོལ་བ་ལས། །རྡོ་རྗེའི་ཚྭ་ཚྭ་འོད་ཟེར་དཔག་མེད་འཕྲོས། །ཕ་རོལ་སྲུང་བའི་རྭ་གུར་ཐམས་ཅད་ཀུན། །བསྡུས་ནས་རང་གི་སྲུང་འཁོར་ལ་ཐིམ་པས། །སྲ་མཁྲེགས་མི་འགྱུར་རབ་ཏུ་བརྟན་གྱུར་ནས། །སྲེད་མེད་བུའི་སྟོབས་ཀྱིས་ཀྱང་མི་བཟློག་ཅིང་། །ཕྱི་རོལ་མ་ཧཱ་བ་ལ་བཅུ་པོ་དང། །ནང་གི་རྩིབས་སྟེང་བདུད་རྩི་འཁྱིལ་བ་བཅུ། །ནང་དུ་ཞལ་གཟིགས་སྐྱབས་སྦྱིན་ཕྱག་རྒྱ་ཡིས། །བདག་དང་བདག་གི་གཡས་གཡོན་བསྲུང་བྱ་རྣམས། །དགྲ་རྐུན་གྱོད་བྱུར་གནོད་པ་སྲུང་བར་མཛད། །རང་གི་ཐུགས་ཀར་པད་ཉིར་ཡ་ཧཱུྃ་གི །མཐའ་མར་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །དགྲ་བོའི་བླ་ཚེ་སྲོག་གི་དྭངས་མ་དང་། །སྟོབས་དང་བསོད་ནམས་དབང་ཐང་ཐམས་ཅད་བསྡུས། །རང་གི་ཐུགས་ཀར་ཐིམ་པས་བཀྲག་མདངས་དང་། །མཐུ་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཨོཾ་ཀིཾ་ཀང་ཁ་ཏྲུཾ་རྣྲི་མྱོག་དགྲ་བོ་ཝཱཀ་སཏྭཾ་བྷ་ཡ་ནན། བིགྣཾ་ཏྲ་ཐུཾ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུཾ་སྤུར་བྲུབ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡ། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། དྲུཾ་དྲུཾ་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། བདག་ཅག་འཁོར་དང་བཅས་པ་ལ་བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་གྱི་གནོད་པ་སྲུངས་ཤིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཅེས་སྲུང་སྔགས་ཅི་ནུས་བཟླ། གཏོར་བསྔོས་དང་བསྟོད་པ་འདིར་བྱས་ཀྱང་རུང་། ཕྱི་དང་ནང་གི་འཁོར་ལོའི་རྩིབས་མཆན་ལ། ཁྲོ་ཆེན་མ་ཧཱ་བ་ལ་བཅུ་པོ་དང་། ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་བཅུ་རྣམས་ཀྱང་། །མཐིང་ནག་རབ་ཁྲོས་ཕྱིར་གཟིགས་སྔགས་སྒྲ་སྒྲོག །ཕྱག་ན་བ་དན་རླུང་གཡབ་གཡབ་པ་ལས། །བསྐལ་པའི་རླུང་ནག་འཚུབས་མ་དཔག་མེད་འཕྲོས། །བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་རྣམས། །དབང་མེད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར། །སྟོང་གསུམ་ནམ་མཁའི་ཕ་མཐར་བསྐྲད་པར་གྱུར། །ཨོཾ་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཨོཾ་མི་ཁ་ཧུར་ཐུཾ། རྦད་རྦད། དྲིལ་དྲིལ། ཐུཾ་ཐུཾ། ཤིག་ཤིག །བྷྱོ་བྷྱོ། ཟློག་ཟློག །སྒྱུར་སྒྱུར། ཅེས་བཟླས་པའམ་ཀིང་ཀང་གི་སྔགས་རིང་བཟླས་ཀྱང་ཆོག །མི་ཁ་ནི་རང་མ་ཉེས་ཀྱང་ཁ་ཡོག་ཕོག་པའི་མི་ཁ་དང་། བཏགས་བཀུའི་མི་ཁ་དང་། སྐྱོན་སྒྲོག་པའི་མི་ཁ་དང་། ཁོ་ཕྱུག་གོ་སྐྱིད་དོ་ཞེས་ཡེབ་རྗེའི་མི་ཁ་དང་། ཁོ་བཟང་ངོ་ཆེའོ་བཙུན་ནོ་ཞེས་ཁ་གང་བའི་མི་ཁ་དང་། ལྟས་ངན་ཆོ་འཕྲུལ་བྱུང་བ་ཡང་མི་ཁ་ཡིན་པར་བཤད་པས། དེ་ཐམས་ཅད་ལ་སྔགས་དང་ཏིང་ངེ་འཛིན་གྱིས་བཟློག་པར་བྱའོ། །རང་ཉིད་ལྷར་གསལ་སྐུ་ཡི་འོད་ཟེར་ལས། །མེ་ཡི་ཁྲོ་བོ་མེ་ཡི་མཚོན་ཆའི་ཚོགས། །དམག་དཔུང་རྣམ་པ་དཔག་ཏུ་མེད་པ་འཕྲོས། །དགྲ་གྱོད་མི་ཁ་ཇག་རྐུན་ཐམས་ཅད་རྣམས། ཁོ་རང་རང་གཤེད་རང་ལ་ཕབ་ནས་ཀྱང་། །གཞོབ་ཏུ་བསྲེགས་ནས་གཏན་ནས་བརླག་པར་འགྱུར། །ཨོཾ་ཀིང་ཀང་ཁ་ཏྲུཾ་རྣྲི་མྱོག་དགྲ་བོ་ཝཱཀ་སཏྭཾ་བྷ་ཡ་ནན། བིགྣཾ་ཏྲ་ཐུཾ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུཾ་སྤུར་བྲུབ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡ་དགྲ་སྲི་སཏྭཾ་བྷ་ཡ་རཀྴ་ནན། དྲུཾ་དྲུཾ་ལཾ་ལཾ་སཏྭཾ་བྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་ཟློག །བྱུར་མི་ཁ་དགྲ་གྱོད་ཇག་རྐུན་ཐམས་ཅད་མཱ་ར་ཡ་ཟློག །ཅེས་བཟླ་བྱད་ཟློག་དམིགས་པ་དེ་ཉིད་བསྒྱུར་ལ། ཨཱོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཧཱུྃ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག །ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག །གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག །སརྦ་ཙིཏྟ་གཟེར་ཐུཾ། བིགྣན། ཏྲིག་ནན། རྦད་ཡ། ཟློག་ཡ། གནོད་བྱེད་རྦོད་གཏོང་མཁན་ལྷ་དང་བཅས་པའི་སྲོག་ལ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ནངས་ངམ་ནུབ་བརྒྱ་རེ་ཙམ་བཟླ། ཐུན་གཏོར་བྲན་ལ། ཨེ༑ གཏོར་སྣོད་ལས་ལས་གྲུབ་པའི་བཙོན་ཁང་ནང། །རྣྲི་ཏྲི་ལས་བྱུང་གནོད་བྱེད་དགྲ་བགེགས་རྣམས། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །བདག་དང་མདུན་བསྐྱེད་ཐུགས་ལས་སྤྲུལ་པ་ཡི། །འཇམ་དཔལ་ལས་ཀྱི་གཤིན་རྗེ་སྐུ་མདོག་དམར། །གཅེར་བུ་རྒྱན་མེད་ཉྭ་སུལ་ཧྲིང་ངེ་བ། །རབ་ཁྲོས་འཇིགས་སུ་རུང་བའི་ཕྱག་མཚན་ནི། །དགྲ་བགེགས་འགུགས་པར་བྱེད་པའི་ལྕགས་ཀྱུ་དང་། །གནོད་བྱེད་ཀུན་འཇོམས་ལྕགས་ཀྱི་ཐོ་བ་ཐོགས། ཁམ་ནག་རལ་པ་ཕྱེད་ཡར་གྱེན་དུ་བརྫེས། །ཕྱེད་མར་ཐུར་འཕྱང་རྟིང་པར་ཤམ་མེ་བ། །སྟོབས་ལྡན་མེ་རླུང་འཁྲུགས་པའི་དབུས་ན་གསལ། །དེ་ལས་ཡང་སྤྲུལ་དཔག་ཏུ་མེད་འཕྲོས་པས། །དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་ནི། །སྐྱོབ་བྱེད་ལྷ་དང་བན་བོན་སྲུང་མའི་སྐྱབས། །མདོར་ན་གར་ཡོད་གར་གནས་དེ་དག་ནི། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རག་དམྱལ་ཁམས་ཡན་ཆད་དུ། །འབྲོས་ཤིང་བསྡད་པའི་རང་དབང་མེད་པས་ན། །འགུགས་བྱེད་ལྕགས་ཀྱུས་སྙིང་གའི་གནས་ནས་ཟུངས། །ལས་ཀྱི་རླུང་དམར་ཞགས་པས་མདུན་ནས་ཁྲིད། །འཇོམས་བྱེད་ཐོ་བས་སྤྱི་བོའི་གཙུག་ནས་རྡུངས། །འཇིགས་བྱེད་མུན་པ་ནག་པོས་རྒྱབ་ནས་དེད། །ལས་བྱེད་ཕོ་ཉས་ཧབ་སྒྲ་དི་རི་རི། །རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་། །ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་སྐོར། །བདག་མདུན་བྲུབ་ཁུང་མཐར་བསླེབས་འཁོར་རྣམས་ཀྱིས། །ཀླད་ལ་གཡུག་ཅིང་ལྕགས་སྲེག་ས་གཞིར་བརྡབ། ཁོ་ཡི་ཁོག་པའི་ནང་གི་ཚེ་དང་བཅུད། །ཐམས་ཅད་ཡར་སྐྱུགས་བདག་ལ་ཚུར་ཐིམ་པས། །དངོས་གྲུབ་གསོས་གྱུར་བཀྲག་དང་གཟི་མདངས་རྒྱས། །བཅུད་བྲལ་སྒྱེ་སྟོང་བཞིན་གྱུར་དགྲ་བོ་ནི། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་དང་བྲལ་ནས། །ལུས་རིད་ནག་པོར་སྐེམ་སྐེམ་སོང་ནས་ནི། །རྣམ་ཤེས་མར་མེ་འཆི་ཁའི་འོད་ཙམ་དང་། །བཅས་ཏེ་ཐུན་གཏོར་ནང་གི་ལིང་གར་ཐིམ། །ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས། །འཕྲིན་ལས་འཇམ་དཔལ་གཤོར་སང་ཉི་མ་ཁྲོས། །གཤིན་རྗེ་གཤེད་པོ་ཀིང་ཀང་དམར་ནག་དང་། །ལས་ཀྱི་མཐའ་སྡུད་ནག་པོ་ཏི་པ་ཙ། །མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་དམོད། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་དམོད་པ་དང་། །དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙགས། །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །གནོད་པར་བྱེད་པའི་དགྲ་བགེགས་གང་ཡིན་གྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་གནས་ཀྱང་ལིང་ག་འདི་ཉིད་ལ། ཁུག་ཅིག་བཛྲ་ཨང་ཀུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ དགྲ་བོ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་དང་། །ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊ། །དབྱེར་མེད་སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཨ། །ཨོཾ་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ། དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག །ཡེད་ཡེད། ཤ་མ་རུ་ཏི་ཁུག་ལིང། མྱོག་ལིང་། ཤ་ལིང་ཐུམ། ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོཿ ཛཿ ལིང་གར་བླ་སྲོག་ཁུག་པས་དགྲ་བོ་དངོས། །ཕྱིན་ཆད་འཆོར་བ་མེད་པ་དེ་ཡི་ལུས། །སྐད་ཅིག་ཉིད་ལ་གཡས་སུ་སྦྲུལ་དཀར་པོ། །ལྷན་ཅིག་སྐྱེས་པ་ཁོ་ཡི་ལྷ་ཡིན་ཏེ། །དམ་ཚིག་ཉམས་པས་ཁོ་ཡི་བདུད་དུ་བབ། །སྤྱི་བོ་ཚངས་པའི་བུ་ག་ནས་མར་འཇིབས། །སྙིང་ཁ་ཡན་ཆད་ཁོང་ཁྲག་ཐམས་ཅད་དྲངས། །དེ་བཞིན་གཡོན་དུ་དུག་སྦྲུལ་ནག་པོ་གཅིག །བྱུང་བའང་མཉམ་པོར་འོང་བའི་འཆི་བདག་བདུད། །ཡིན་ཏེ་ཁོ་ཡི་དམ་ཉམས་རང་གཤེད་གྱུར། །གསང་བའི་གནས་ནས་མར་ལ་སྙིང་ཁྲག་རྣམས། །དྲངས་ཏེ་མཆིན་ཁྲི་མན་ཆད་འཇིབས་ཤིང་ཟོས། །སྦྲུལ་དཀར་གཡས་དང་གཡོན་གྱི་ནག་པོ་གཉིས། །འཛིང་ཞིང་འཐབ་བཞིན་དགྲ་བོའི་སྙིང་ཁྲག་ལ། །ཟ་ཁ་མ་མཐུན་ལུས་ཀྱི་གཡས་གཡོན་དུ། །འཁྲིལ་ཞིང་མཇུག་གཉིས་གསང་བའི་གནས་སུ་མདུད། །མགོ་གཉིས་སྤྱི་བོར་མགུལ་པ་མདུད་བྱས་ནས། །ལུས་ལ་འཁྱུད་ཅིང་ཀླད་ཁུང་གཡས་གཡོན་གྱི། །རྣ་བར་ཁ་གདངས་ལྕེས་ལྡག་སོ་ཡིས་འབྲད། །དེ་ཚེ་སྤྱི་བོར་སྣ་ཚོགས་རྡོ་རྗེ་ནི། །ལུས་ཀྱི་རླུང་གིས་བསྐོར་བ་ཤུགས་དྲག་འཁོར། །གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་རྣམས། །ཞོ་ལྟར་དཀྲུགས་པ་སྦྲུལ་ཆེན་གཉིས་ཀྱིས་འཇིབས། །དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་ལྡན་གྱུར། །ཨོཾ་ཀིང་ཀང་ཐུཾ་རིལ་རྣྲི་མྱོག་སྒྲིབས། དགྲ་བོ་ཝཱཀ་སཏྭཾ་བྷ་ཡ་ནན། བིགྷྣཱཾ་ཏྲ་ཐུཾ། དེ་ཤོ་དེ་ཤཾ་བྱུར་བྲུབ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ཧ་ལ་ཏ་ཧ་ལ་ཏ། ཧཱུྃ་ས་མ་ཡ་སྒྲིབ་ཧྲིང་། དགྲ་བོ་སཏྭམ་བྷ་ཡ་རཀྴ་ནན། ཧཱུྃ་ཧཱུྃ་ལཾ་ལཾ་ཧཱུྃ་ལཾ་ཐུཾ་ལཾ། དགྲ་བོ་མཱ་ར་ཡ་རྦད་ནན། ཆིངས་ཤིག །ཅེས་ཅི་ལྕོགས་བཟླ། ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི། །ལུས་ཀྱི་སྟེང་དུ་སྤྲུལ་པའི་ཐུན་གྱི་རྫས། །བརྒྱབས་པས་ཐམས་ཅད་མཚོན་ཆའི་ཆར་དུ་གྱུར། །ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། ཨོཾ་མཉྫུ་ཤྲཱི་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། སྔགས་རིང་དང༑ ཏདྱ་ཐཱ། དུ་ཤན་དུ་ཤན། རཀྴ་རཀྴ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད། མཱ་ར་ཡ་རྦད་སོད། ཅེས་ཟན་ལིང་ཡོད་ན་གཏུབས་ལ་གཏོར་མར་འབུལ། ཡ། ཤ་ཁམ་ཁྲག་ཐིགས་ཙམ་ཡང་མ་ལུས་པར། །ལས་བྱེད་ཕོ་ཉ་རྣམས་ཀྱིས་དགྱེས་པར་གསོལ། །གནོད་བྱེད་ནྲྀཿཏྲིཿཤ་ཏྲཱུཾ་མཱ་ར་ཡ། དུག་གསུམ་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧིཿ ཨཱོཾ་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར། གནོད་བྱེད་དགྲ་བོའི་མཱཾ་ས་ལ་ཁཱ་ཧིཿ རཀྟ་ལ་ཁཱ་ཧིཿ ཀིཾ་ནི་རི་ཏི་ལ་ཁཱ་ཧིཿ ཙིཏྟ་ལ་ཁཱ་ཧིཿ བྷ་ལིཾ་ཏ་ལ་ཁཱ་ཧིཿ ཧཱུྃ། འཇམ་དཔལ་གཤིན་རྗེ་ཡུམ་ཆེན་བེ་ཏཱ་ལི། །རྟ་མགྲིན་ཕྱག་རྡོར་ཆོས་རྒྱལ་བདུད་རྩི་འཁྱིལ། །རིགས་བཞི་ཡབ་ཡུམ་ཁྲོ་རྒྱལ་སྟོབས་པོ་ཆེ། །བདུད་འཇོམས་ལ་སོགས་ཕྱོགས་སྐྱོང་གཤིན་རྗེའི་ཚོགས། །གཤིན་རྗེ་མ་མོ་བདུད་བཙན་མ་མགོན་གཉིས། །གཟའ་ཀླུ་པེ་གཙང་རྒྱལ་ཆེན་ཕྱོགས་སྐྱོང་དང་། །སྒོ་འཛིན་གིང་བདུད་རྩིས་ཤན་ལ་སོགས་པ། །འཇིག་རྟེན་འདས་དང་མ་འདས་དྲེགས་པའི་ཚོགས། །སྐུ་མདོག་ཆ་ལུགས་རྫུ་འཕྲུལ་ཅིར་ཡང་སྟོན། །རང་རང་ཡུམ་དང་སྲས་དང་འཁོར་དཔུང་བཅས། །གྲངས་མེད་ནམ་མཁའ་ཁྱབ་པར་རྒྱུག་པ་རྣམས། །མགྱོགས་པའི་འཆིབ་ལྡན་སྲ་བའི་གོ་ཆ་གྱོན། །རྣོ་བའི་མཚོན་ཐོགས་གདུག་པའི་ང་རོ་སྒྲོག །བརྣག་པའི་སེམས་འཆང་དགྲ་འཇོམས་དམག་ཚོགས་བསྟོད། །སྨན་རཀ་གཏོར་སོགས་ཕྱི་ནང་གསང་མཆོད་འབུལ། །ཐུགས་དམ་སྐོང་བའི་དམ་རྫས་དགྱེས་པར་རོལ། །བསྟན་པ་གཉན་སྲུངས་དཀོན་མཆོག་དབུ་འཕང་སྟོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཀུན་ཞི་ཅི་འདོད་སྒྲུབས། །སྡང་བའི་སེམས་འཆང་གནོད་བྱེད་དགྲ་དང་བགེགས། །གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློགས། །གནོད་པར་བྱེད་པའི་དགྲ་བོ་གང་ཡིན་གྱིས། །དམག་ཇག་དགྲ་རྐུན་ངན་བྱེད་ཤོམ་པའི་ཚེ། །སྲུང་མ་རྣམས་ཀྱིས་བསྒྱུར་ཞིང་ཤོལ་ཐོབ་ཅིག །དགྲ་གྱོད་ཇག་རྐུན་མི་ཁ་བྲ་མཆུ་རྣམས། །བསྲུང་དང་བསྐྲད་དང་བཅིངས་དང་མནན་པ་དང་། །གཟིར་དང་ཚར་གཅོད་རྡུལ་དུ་བརླག་པ་སོགས། །བཅོལ་པའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །གཤིན་རྗེ་གཤེད་པོའི་མདུན་རྒྱབ་གཡས་གཡོན་ནས། །བདུད་བཙན་མ་གཤིན་སྡེ་བརྒྱད་དམག་ཚོགས་འགྱིང་། །དཔལ་ཆེན་སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། ཁྲོ་བོ་ཁྲོ་མོའི་དམག་དཔུང་དཔག་མེད་ཀྱིས། །སྡེ་བརྒྱད་དམག་དཔུང་དེད་ནས་དགྲ་ཡུལ་སོང་། །དགྲ་མཁར་བཤིག་ཅིང་ཤ་ཁྲག་ཧབ་ཐོབ་ཟོས། །དགྲ་བོའི་སྟོབས་དང་ཞེ་སྡང་གནོད་སེམས་རྣམས། །བསྐལ་པའི་མེས་བསྲེགས་ཆུས་བཤལ་རླུང་གིས་གཏོར། །མིང་ཡང་མེད་པར་དམིགས་མེད་སྟོང་ཉིད་གྱུར། །དམིགས་པ་དེ་ལྟ་བུ་ཐུན་གཏོར་འབུལ་དུས་ཀྱང་བྱའོ། །བྷྱོཿ གཏོར་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །བན་དྷེའི་སྔགས་ཟོར་འདུས་པ་ཟློག །མུ་སྟེགས་བོན་པོའི་ཙོ་དམར་ཟློག །ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག །རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་གདུག་རྩུབ༴ འབྱུང་བའི་དགྲ་གཤེད་འཐབས་པ༴ གཟའ་སྐར་དུས་ཚེོད་ངན་པ༴ ལོ་ཟླ་ཞག་དུས་བཏབ་པ༴ ཁྲམ་དང་བྱད་དུ་བཅུག་པ༴ ཧོམ་དང་པར་བུ་བསྐོར་བ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོག༴ དུས་མིན་འཆི་བ་རྣམ་བརྒྱད༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེན་ཉམ་ང་ཐམས་ཅད༴ སྔོན་བསྒུག་ཕྱི་ནས་དེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་རིམས་སྣ་ཡམས་སྣ༴ དགྲ་སྲི་རྨི་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒན་སྲི༴ གཞོན་སྲི་དར་སྲི་གོད་སྲི་༴ དགྲ་སྲི་མཚོན་སྲི་ནད་སྲི་ཟློག །མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་གནོད་པའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་ཡི་སྟེང་དུ་ཟློག །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ། །བར་ཆད་བདུད་ཀྱི་སྟེང་དུ་བྷྱོ། །ཟ་འདྲེ་ཕུང་སྲིའི་སྟེང་དུ་ཟོར། །དམ་ཉམས་བྱད་མའི་སྟེང་དུ་བྷྱོ། །ཨེ། རང་ཉིད་དཔལ་ཆེན་གཤིན་རྗེ་གཤེད་པོ་ཡི། །ཕྱག་གཡས་རལ་གྲི་བསྣུན་པས་ས་གཞི་གས། །ཆུ་མེ་རླུང་གི་དཀྱིལ་འཁོར་བཀས་པའི་འོག །ལས་ཀྱི་གཤིན་རྗེ་མ་ཧེ་གླང་གི་མགོ །གནམ་ས་ཙམ་གྱི་ཁ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །དགྲ་གྱོད་ཇག་རྐུན་མི་ཁྲ་བྲ་མཆུ་རྣམས། །དབང་མེད་དེད་ནས་ལས་གཤིན་ཞལ་དུ་བླུགས། །བྷྱོ། ཉི་མ་ལྷོ་ཕྱོགས་ཕ་ཀི་ནས། །རིམ་པ་བདུན་གྱི་ས་འོག་ན། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་ཀོང་ཟོར་དང་། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་ཟློག་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་ཟློག་པའི་དཔུང་ལ་ཆོས། །དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད། །ཡ་མ་རཱ་ཙ་དགྲ་བོའི་སྙིང་ལ་བྷྱོ། །གཏོར་མ་དགྲ་བོ་ཉིད་དང་དབྱེར་མེད་པ། །ལས་གཤིན་ཞལ་དུ་འཕངས་པས་རབ་ཏུ་མཉེས། །ཞལ་བསྡམས་འོག་ཕྱོགས་གཤིན་རྗེའི་ཡུལ་དུ་སོང། །དེ་སྟེང་རླུང་མེ་ཆུ་སའི་དཀྱིལ་འཁོར་ཆགས། །རི་རབ་གླིང་བཞི་རྒྱལ་པོ་ཆེན་པོ་བཞི། །འཇམ་དཔལ་སྲས་བཅས་ཀུན་གྱིས་མནན་པར་གྱུར། །ཅེས་ཐུན་གཏོར་སྣོད་སྦུབས་ལ། ལོ་ཟླ་ཞག་དུས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། །མི་ཁ་དང་དགྲ་སྣ་མེ་ལྟར་འབར་ཞིང་རླུང་ལྟར་འཚུབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་ཅིང་བལ་ལྟར་གཡེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་ཐམས་ཅད་མ་རཱ་ཡ་རྦད་ནན། ངོ་ལ་གདོང་ཐུག་བྱེད་ཅིང་ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། །གསོད་ཤོམ་འཕྲོག་ཤོམ་རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བརྒྱའི་མི་ཁ་སྟོང་གི་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན། ཨཱོཾ་ལཾ། ཨཱ་ལཾ། ཧཱུྃ་ལཾ། སཏྭམ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན། ཆིངས་ཤིག །ཅེས་ཐལ་མོ་བརྡབ་བོ། །རང་ཉིད་ལྷར་གསལ་ཞབས་སུ་དགྲ་བོ་ཚུད། །རི་བོ་མཆོག་རབ་བང་རིམ་བཅས་པའི་ཞབས། ཁང་སྟོང་སྒོ་མེད་ནང་དུ་དགྲ་བོ་ནི།་་་གོད་འདྲེ་ནི། གནམ་ལྕགས་འཛེར་བཏབ་རྡོ་རྗེ་རྒྱ་གྲམ་མཚན། །དེ་སྟེང་རི་རབ་ཀྱིས་མནན་ཐར་མེད་གྱུར། །ཨོཾ་ཀིང་ཀང་ཁ་ཏྲུཾ་རྣྀྲ་མྱོག །གོད་འདྲེ།་་་དགྲ་བོ་ཝཱཀ་སཏྭཾ་བྷ་ཡ་ནན། བིགྣཾ་ཏྲ་ཐུན་ཏི་ཤན་ཏི་ཤན། སྤུར་ཐུམ་སྤུར་བྲུབ། །བྷི་ཤ་ཙཀྲ་ཧ་ལ་ཧ་ལ། །ས་མ་ཡ་དགྲ་སྲི་་་གོད་འདྲེ་གོད་སྲི།་་་་སཏྭམ་བྷ་ཡ་རཀྴ་ནན། བྲུམ་བྲུམ་ལམ་ལམ་སཏྭམ་བྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན་ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་ནན། །བྱུར་མི་ཁ་དགྲ་གྱོད་ཇག་རྐུན་་་གོད་འདྲེ་གོད་སྲི།་་་ཐམས་ཅད་མཱ་ར་ཡ་ནན། ཁ་ཐཾ། དགྲ་བོ་སའི་ཁམས་སུཾ་ནན། མེ་ཡི་ཁམས་རཾ་ནན། ཆུ་ཡི་ཁམས་བཾ་ནན། །རླུང་གི་ཁམས་ཡཾ་ནན། །ནམ་མཁའི་ཁམས་ལཾ་ནན། རྣམ་པར་ཤེས་པའི་ཁམས་སཏྭམ་བྷ་ཡ་ནན། ཞེས་ཅི་ནུས་བཟླ། ཡང་གནོད་བྱེད་དགྲ་བགེགས་སོགས་གཟིར་བ་དང་བསད་པ་ནི། ཕྱི་རོལ་གནམ་ས་གཉིས་པོ་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་སྟོང་སྤུ་གྲི་ལྟར་རྣོ་བས། །གཡས་གཡོན་དྲག་ཏུ་འཁོར་བའི་རྩིབས་བར་དུ། །གནོད་བྱེད་ཐམས་ཅད་དམྱལ་དམྱལ་གཏུབ་ནས་ཀྱང་། །རྩིབས་ནང་གཤིན་རྗེ་རྣམས་ཀྱིས་གསོལ་བར་གྱུར། ཨཱོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། བཛྲ་སརྦ་དུཥྚཱན། ཨེ་ཏྲིག་ནན། རྣྲི་ཏྲི་ཧུར་ཐུཾ་ཛཿ གོད་འདྲེ་མཱ་ར་ཡ་རྦད། ཅེས་དང་སྔགས་རིང་མཇུག་ཏུ། པྲ་ལེ་ཛྭ་ལ་སོད། གོད་འདྲེ་ཧུར་ཐུཾ་ཛ། མཱ་ར་ཡ་སོད། ཅེས་བཟླའོ། །ཧཱུྃ། འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་རྣམས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྒོ་ཕྱེས་ནས། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་ཀུན། །དངོས་གྲུབ་དམ་པ་མ་ལུས་བསྩལ་དུ་གསོལ། །མདུན་བསྐྱེད་སྐུ་ལས་འོད་ཟེར་ཁ་དོག་ལྔ། །བདག་གི་གནས་ལྔར་ཐིམ་པས་དབང་བཞི་ཐོབ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་སརྦ་ཧཱུྃ། སྲུང་འཁོར་དང་བཅས་བདག་མདུན་ལྷ་ཚོགས་རྣམས། །སྣང་སྟོང་སྐུ་ཡིས་གྲགས་སྟོང་སྔགས་སྒྲ་སྒྲོག །དྲན་སྟོང་ཐུགས་ནི་ཆོས་སྐུ་རྒྱལ་བའི་ཡུམ། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །སྲུང་འཁོར་ལྷར་བཅས་རིམ་བཞིན་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་གནས་ལུགས་རྫོགས་པ་ཆེ། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །བཅོམ་ལྡན་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །འདི་ལྟར་ཉུང་བསྡུས་ཆོ་ག་འདི། །རྒྱུན་དུ་ནར་མར་འདོན་པ་འམ། །ཡང་ན་དགྲ་ཉན་ཆེ་དུས་སམ། །ཡང་ན་གཤིན་རྗེ་རྒྱུ་དུས་འདོན། །ཚེས་ལྔ་ཚེས་གསུམ་ཉི་ཤུ་བརྒྱད། །གཤིན་རྗེ་འཁོར་བཅས་བྱང་དུ་རྒྱུ། །ཉེར་གཅིག་ཉི་མ་ཕྱེད་ཡོལ་ལ། །ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ། །དགུ་གསུམ་ཉི་མ་ཐལ་ཁ་ནས། །མུན་རུབ་བར་དུ་ཐམས་ཅད་རྒྱུ། །ཐམས་ཅད་འདོན་པ་རྒྱས་པ་སྟེ། །སེར་མ་བསྐྱུར་བ་འབྲིང་པོ་ཡིན། །མངོན་རྟོགས་སྐད་ཅིག་དྲན་རྫོགས་བྱ། །སེར་མ་མངོན་རྟོགས་གཉིས་ཀ་བསྐྱུར། །གཞུང་རྣམས་འདོན་པ་བསྡུས་པ་ཡིན། །མངོན་རྟོགས་སྤྱན་འདྲེན་མཆོད་བསྟོད་དང་། །དམིགས་རིམ་ཐམས་ཅད་ཡིད་ཀྱིས་བསྒོམ། །སྔགས་རིང་ཅི་ནུས་བཟླས་ནས་ཀྱང་། །གཏོར་བསྔོ་ཐུན་གཏོར་གཉིས་པོ་བྱ། །དེ་ནི་ཤིན་ཏུ་བསྡུས་པ་ཡིན། །དམིགས་རིམ་བསྒོམ་ཞིང་སྔགས་རིང་བཟླ། །གཏོར་བསྔོས་གྲལ་དུ་སྔགས་བསྔོས་བྱ། །དེ་ནི་རབ་ཏུ་བསྡུས་པ་ཡིན། །བདག་མདུན་རྒྱས་པར་འདོན་པ་ན། །ཟུར་མཁར་ལུགས་ལྟར་ཉམས་སུ་ལོངས། །གཞུང་ལུགས་རྒྱ་མཚོ་ལྟ་བུ་ལས། །སྙིང་པོ་ནོར་བུ་ལྟ་བུ་འདི། །འབད་པ་དུ་མས་བདག་གིས་བླངས། །འདི་བྲིས་འགལ་འཁྲུལ་ཅི་མཆིས་དང་། །སྦ་འོས་གསལ་བའི་ཉེས་པ་དང་། །བརྩེ་བྲལ་བསྟན་འོས་ཉེས་པ་རྣམས། །འཇམ་དཔལ་སྲས་དང་བཅས་ལ་བཤགས། །དགེ་བས་བདག་དང་བདག་གི་འཁོར། །འདི་ཉིད་ཉམས་སུ་སུས་བླངས་རྣམས། །མི་ཤེས་རྨོངས་པའི་དགྲ་བཅོམ་ནས། །མགོན་པོ་འཇམ་དབྱངས་མྱུར་འགྲུབ་ཤོག །མ་གཤིན་བདུད་བཙན་སྲུང་མའི་ཚོགས། །བཀའ་སྲུང་རྣམས་ཀྱིས་བཀའ་འདི་སྲུངས། །འདི་སྒྲུབ་སྔགས་འཆང་ཕྲིན་ལས་སྒྲུབས། །དམ་མེད་ལོག་ལྟ་ཆམ་ལ་ཕོབ། །ཅེས་སྔགས་འཆང་ཀརྨ་ཨ་རཱ་གས་ལེགས་པར་བསྒྲིགས་པའོ། །མངྒ་ལཾ། བྷ་ཝནྟུ།། །།
ཐུགས་སྒྲུབ་ཡང་འདུས་ཐེམ་མེད་གྲས། ཐོད་སྒྲུབ་རིན་ཆེན་འབར་བ་ཡིད་བཞིན་ནོར་བུ་ (Volume 51, Text 35)
ཐུགས་སྒྲུབ་ཡང་འདུས་ཐེམ་མེད་གྲས། <!TCC Tibetan character 3,182 undefined in unicode!>༔ ཐོད་སྒྲུབ་རིན་ཆེན་འབར་བ་ཡིད་བཞིན་ནོར་བུ་བཞུགས་སོ༔ ཁོ་བོ་རཏྣ་གླིང་པའི་ཁྱད་ཆོས་སོ། ། ྈྈྈྈྈྈྈ རྒྱ་གར་སྐད་དུ༔ རཏྣ་ཀ་པཱ་ལ་སིདྡྷི་ཨུ་པ་དྷེ་ཤ་ནཱ་མ༔ བོད་སྐད་དུ༔ རིན་པོ་ཆེ་ཐོད་སྒྲུབ་ཀྱི་མན་ངག་ཅེས་བྱ་བ༔ དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་ཀ་པཱ་ལ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རིན་ཆེན་གཏེར་མཛོད་རྒྱུད་ལས་ཕྱུང༔ ཡིད་བཞིན་ནོར་བུའི་སྒྲུབ་པ་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་སྦྱོར་བ་སྔོན་འགྲོ་ལ༔ སྒྲུབ་པའི་དམ་རྫས་གསག་པ་ནི༔ ལྷ་ཀླུ་མི་ཡི་གནས་གསུམ་ན༔ ཡིད་བཞིན་ནོར་བུ་གསུམ་ཡོད་དེ༔ ལྷ་ལ་ནོར་བུ་ཀེ་ཀེ་རུ༔ ཀླུ་ལ་ཡིད་བཞིན་ནོར་བུ་སྟེ༔ མི་ལ་མཚན་ལྡན་ཀ་པཱ་ལ༔ འདི་གསུམ་ནོར་བུ་རིན་པོ་ཆེ༔ དེ་ཡང་ཐོད་པ་མཚན་ལྡན་པ༔ ཁ་དོག་དཀར་སེར་སྨུག་པོ་ལ༔ སྣུམ་ལ་འོད་ལྡན་བརྗིད་ཆེ་བ༔ མི་ས་ནོར་ས་ཀུན་འཇམ་པ༔ རང་ས་ཚུགས་ཤིང་དགྲ་ས་འཇམ༔ མཐིལ་ན་གཤོང་བུ་བཞི་ལྡན་ཞིང༔ མདུན་ན་ནོར་བུ་ལྟ་བུའི་གཤོང༔ དཔག་བསམ་ཤིང་ལ་འབྲུ་ཆགས་པ༔ ཤིང་ལོ་བག་ཙམ་མདུན་ཕྱོགས་འགུགས༔ འཇམ་ལ་ཤས་མཉམ་ཚངས་བུག་ཅན༔ དུམ་བུ་གཅིག་ནས་ལྔ་ཡི་བར༔ དགོས་འདོད་འབྱུང་བའི་ཐོད་པ་སྟེ༔ ཁྱད་པར་བཀྲ་ཤིས་དུམ་གསུམ་མོ༔ རྒྱས་པ་ཐོད་བཤད་སྤྱི་དང་མཐུན༔ དེ་ལྟ་བུ་ཡི་ཐོད་པ་ལས༔ དངོས་གྲུབ་མ་ལུས་ཐམས་ཅད་འབྱུང༔ དེ་ལ་ཟླ་བ་ཡར་གྱི་དུས༔ གཟའ་སྐར་ཚེས་གྲངས་བཟང་བ་ལ༔ བཀྲ་ཤིས་ཕྱུག་པོའི་ཞིང་ས་ལ༔ མཎྜལ་བྱས་ཏེ་ཚོམ་བུ་བཀོད༔ ཐོད་པ་ཕྱི་བརྡར་ལེགས་བྱས་ཏེ༔ མི་སར་བདག་གི་མི་ཕོ་མོའི༔ རིགས་རྒྱུད་དར་ཞིང་འཕེལ་རྒྱས་སུ༔ གྱུར་ཅིག་ཅེས་པའི་འདོད་གསོལ་བྲི༔ ནོར་སར་འབྲུ་ནོར་རིན་པོ་ཆེ༔ དཔག་མེད་རྒྱས་པའི་འདོད་གསོལ་བྲི༔ གུ་གུལ་བགེགས་བསྐྲད་དྲི་བཟང་བྱུག༔ འཁོར་ལོ་ཡར་བསྟན་ཐོད་པར་གཞུག༔ དེ་ཡང་ནང་དུ་སྒྲུབ་རྫས་ནི༔ རཏྣ་ལྔ་དང་སྨན་སྣ་ལྔ༔ དར་སྣ་དྲི་ལྔ་འབྲུ་སྣ་ལྔ༔ དཀར་གསུམ་མངར་གསུམ་དར་ཟབ་དང༔ ཕྱུག་པོ་བསོད་ནམས་ལྡན་པ་ཡི༔ ལག་ནས་འབྲུ་སྣ་ཟས་སྣ་དང༔ ཕྱུགས་ཀྱི་སྤུ་ལ་སོགས་པ་བླུགས༔ སྤོོས་དང་སྨན་གྱི་ཐུམ་པོ་དང༔ ཤིང་ཐོག་གསེར་གཡུ་ཁྲབ་བྱང་དང༔ ཤ་མར་ཐུད་ལ་སོགས་པ་གཞུག༔ དེ་དག་སྔོན་འགྲོའི་རིམ་པ་འོ༔ ༈ དེ་ནས་དངོས་གཞིའི་རིམ་པ་ནི༔ ཕྱི་ནང་མཆོད་པ་གཏོར་ཚོགས་བཤམ༔ ལས་བྱང་གཞུང་བསྲང་མཚམས་ཀྱང་གཅད༔ ཐོད་པ་དར་དམར་དག་གིས་དྲིལ༔ གཞན་ཡང་དར་སྣ་ལྔ་ཡིས་དྲིལ༔ ཡིད་བཞིན་ནོར་བུར་བསམ་བྱས་ལ༔ མཎྜལ་དབུས་སུ་མཉྫིའི་སྟེགས༔ བཞག་སྟེ་དར་གྱི་གུར་ཡང་ཕུབ༔ ལས་བྱང་གཞུང་བསྲང་མཆོད་པའི་དུས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་ལ༔ རཏྣ་ཀ་པཱ་ལ་འབུལ་ན༔ བདག་ལ་མཆོག་དང་ཐུན་མོང་དང༔ ཁྱད་པར་མི་ནོར་ཟས་གསུམ་གྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་པའི་འདོད་གསོལ་རིམ་ཡང་གཏང༔ དེ་ནས་ཕྱུག་པོའི་ལུག་ཕོ་ཡི༔ ནམ་ཚོང་སྤུ་ལ་་་སྙིང་བལ།གཟུངས་ཐག་བྱ༔ དེ་ཉིད་བཟུང་ལ་སྒྲུབ་སྔགས་བཟླ༔ ཤིན་ཏུ་གཅེས་པའི་དམིགས་པ་ནི༔ བདག་ཉིད་ཡི་དམ་ལྷར་གསལ་བའི༔ ཐུགས་ཀའི་འོད་ཟེར་ཁ་དོག་ལྔ༔ ཐོད་པའི་ནང་དུ་འཕྲོས་པ་ཡིས༔ ཐོད་པ་དགོས་འདོད་ཀུན་འབྱུང་བའི༔ ཡིད་བཞིན་ནོར་བུར་གྱུར་པར་བསམ༔ ཐོད་པ་ལས་ནི་འོད་ཟེར་ལྔ༔ ཁྱད་པར་དམར་པོ་ཤས་ཆེ་བའི༔ རྩེ་ལ་ལྕགས་ཀྱུས་མཚན་པ་ནི༔ འཇིག་རྟེན་ཕྱོགས་བཅུར་འཕྲོས་པ་ལས༔ བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་བདུན༔ དཔག་བསམ་ཤིང་དང་འདོད་འཇོའི་བ༔ མ་རྨོས་ལོ་ཐོག་གཏེར་གྱི་བུམ༔ ནོར་ལྷ་མི་ནོར་ཟས་གསུམ་དང༔ མདོར་ན་ཡིད་ལ་གང་འདོད་པ༔ འོད་ཟེར་ལྕགས་ཀྱུ་ལྟ་བུས་དྲངས༔ ཐོད་པར་ཐིམ་པ་ཡང་ཡང་བསམ༔ ཐོད་པ་ཡིད་བཞིན་རིན་པོ་ཆེ༔ ནོར་བུ་ཀུན་འབྱུང་དངོས་བསམ་ལ༔ དུས་བཞིར་འདོད་གསོལ་མཆོད་ཚོགས་འབུལ༔ ཡིད་བཞིན་ནོར་བུའི་སྔགས་འདི་བཟླ༔ ཨོཾ་རཏྣ་མ་ཧཱ་ཀ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ རཏྣ་པུཎྱེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ནཾཿམེ་དྷི་སིདྡྷི་སིདྡྷི་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ལ་སཾ་བྷོ་སིདྡྷི་སིདྡྷི་ཧཱུྃ་ཛཿཛ༔ མ་ཡེངས་ངང་ནས་གསལ་དག་བཟླ༔ ཞག་ནི་རབ་བདུན་འབྲིང་ལྔ་དང༔ ཐ་མ་གསུམ་དུ་ཐུན་བཅད་བསྒྲུབ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ དངོས་སམ་ཉམས་དང་རྨི་ལམ་དུ༔ ཐོད་པ་དག་ལ་མེ་འབར་དང༔ མར་ཁུས་ཁེངས་དང་གསེར་གཡུས་ཁེངས༔ རིན་པོ་ཆེ་དང་གཏེར་རྙེད་པ༔ ནོར་སྣ་འབུལ་དང་འབྲུ་སྣ་འབུལ༔ དོས་ཀྱིས་ཁྱིམ་གང་ཕྱུགས་ཁྱུ་འདུས༔ མི་རོ་བཤས་དང་ལོ་ཏོག་རྒྱས༔ དེ་སོགས་རྟགས་རྣམས་མང་བྱུང་ཚེ༔ ལས་སྦྱོར་སྔགས་འདི་ཞག་གཅིག་བཟླ༔ ན་མ་ཀ་པཱ་ལ་ཤ་ར་ཡ་ཛཿཧཱུྃ་ཧཱུྃ༔ མུཾ་ཧ་རི་སྭཱ་ཧཱ༔ དེ་ལྟར་སྒྲུབ་པ་ཐོན་པ་དང༔ ཆོས་སྐྱོང་བསྐང་ཞིང་གཏོར་མ་གཏང༔ ཐོད་ནང་རྫས་ལས་དངོས་གྲུབ་བླང༔ མི་ལ་མི་སྦྱིན་རང་གིས་བཟའ༔ འདོད་པའི་དོན་ལ་གསོལ་བ་གདབ༔ འབྲུ་སྣ་སོགས་ཀྱིས་ཁ་གསོས་ལ༔ དར་གྱིས་དྲིལ་ཏེ་གྭ་འུ་འམ༔ ཡང་ན་ཁུག་མའི་ནང་དུ་གཞུག༔ མི་ལ་མི་བསྟན་ཤིན་ཏུ་གསང༔ ཁྱད་པར་མཛེ་ཕོ་ཡུགས་ས་དང༔ དམ་ཉམས་སོགས་ཀྱིས་མཐོང་མི་རུང༔ འདི་ཞུས་བླ་མ་གཙུག་ཏུ་ཁུར༔ ཟས་དང་ནོར་གྱི་ཕུད་རྣམས་འབུལ༔ འདི་ནི་གཅེས་པའི་དམ་ཚིག་ཡིན༔ ཉམས་ན་སིདྡྷི་བརླག་པར་འགྱུར༔ རྗེས་ཀྱང་ལོ་རེ་མ་ཆག་པར༔ དུས་ཚོད་གཟའ་སྐར་བཟང་པོ་ལ༔ སྒྲུབ་པ་ཞག་བདུན་ཡང་ཡང་བྱ༔ དུས་བཟང་དག་ལ་མཆོད་པ་འབུལ༔ འདོད་པའི་དོན་ལ་གསོལ་བ་གདབ༔ མཛོད་ཕུགས་བང་བ་ལ་སོགས་པར༔ མི་དང་གནམ་གྱིས་མི་མཐོང་སྦ༔ སྒྲུབ་ཚེ་མི་མངོན་གསང་བ་གཅེས༔ རྗེས་ཀྱང་གསང་བ་དམ་ཚིག་གོ༔ དེ་ལ་ཐོད་པའི་འཁོར་ཡོད་ཀྱང༔ ཁ་ནི་སྦུབ་པར་མི་བྱ་སྟེ༔ འབྲུ་ཡིས་བཀང་ལ་གཞག་པར་བྱ༔ གུས་དང་གཅེས་སྤྲས་ཆེ་བར་བྱ༔ ཐེ་ཚོམ་མེད་པར་ཡིད་ཆེས་བྱ༔ དེ་དག་སྒྲུབ་པའི་རིམ་པ་འོ༔ ༈ གསུམ་པ་ཞལ་གདམས་ཟབ་རྒྱ་ནི༔ ཐོད་པའི་མཚན་ཉིད་ལྡན་གྱུར་ཀྱང༔ ཐོད་སྒྲུབ་འདི་ཉིད་མ་བྱས་ན༔ ཕྲན་ཚེགས་དངོས་གྲུབ་འབྱུང་སྲིད་ཀྱང༔ ནོར་བུ་བྱི་དོར་མ་བྱས་བཞིན༔ དགོས་འདོད་རྒྱ་ཆེར་སྟེར་མི་ནུས༔ ཐོད་ངན་བཅངས་ན་ཕུང་བར་འགྱུར༔ ཐོད་པ་མཚན་ལྡན་ཁྱད་པར་ཅན༔ སྐལ་ལྡན་སྐྱེས་བུའི་ལག་ཏུ་འབྱུང༔ བཟང་པོ་བརྟེན་རུང་ཐོད་པ་ལ༔ ཐོད་སྒྲུབ་དེ་ལྟར་བྱས་ན་ནི༔ ཡིད་བཞིན་ནོར་བུ་དངོས་སུ་འགྱུར༔ རྗེས་སུ་འབྲས་བུའི་ཡོན་ཏན་ནི༔ ཚེ་རིང་ནད་མེད་ཡོན་ཏན་རྒྱས༔ ཟས་ནོར་ལོངས་སྤྱོད་བདག་པོར་འགྱུར༔ སྙན་དང་གྲགས་པ་ནོར་ཕྱུགས་འཕེལ༔ སྲིས་སྨེ་མི་ཟད་གཏེར་ལ་སྤྱོད༔ མདོར་ན་འདོད་དགུ་མ་ལུས་འགྲུབ༔ རིན་ཆེན་ལྷུན་གྲུབ་ཅེས་བྱ་བའི༔ ཐོད་པ་མཆོག་དེ་མ་བསྒྲུབ་ཀྱང༔ དགོས་འདོད་ཀུན་འབྱུང་ཡོད་པ་ཡིན༔ སྐལ་ལྡན་མིན་པའི་ལག་མི་འབྱུང༔ གཞན་ལ་སྒྲུབ་པ་འདི་བྱས་པའི༔ ཡིད་བཞིན་ནོར་བུ་མཆོག་དེ་ཡིས༔ ཡིད་ལ་ཅི་བསམ་འགྲུབ་པར་འགྱུར༔ ༈ གོང་གི་ཙཀྲ་བྲི་བ་ནི༔ གསེར་དངུལ་མཚལ་ལམ་དྲི་བཟང་གི༔ སྣག་ཚས་འཁོར་ལོ་མུ་ཁྱུད་གསུམ༔ རྩིབས་བཞི་ལྡན་པ་བྲི་བར་བྱ༔ ལྟེ་བར་འདོད་གསོལ་མི་ནོར་ཟས༔ ཡིད་ལ་གང་འདོད་སྩོལ་ཅིག་བྲི༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ ཨོཾ་རཏྣ་མ་ཧཱ་ཀ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཅེས་བྲི་དེ་ཡི་རྩིབས་མཆན་ལ༔ རཏྣ་པུཎྱེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ནཾཿམེ་དྷི་སིདྡྷི་སིདྡྷི་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ལ་སཾ་བྷོ་སིདྡྷི་སིདྡྷི་ཧཱུྃ་ཛཿཛ༔ ཅེས་བྲི་དེ་ཡི་ཕྱི་རིམ་ལ༔ ཡེ་དྷརྨཱ་དང་ཡིད་བཞིན་གྱི༔ ཐོད་པ་ནོར་བུ་རིན་པོ་ཆེས༔ བདག་ལ་མི་ནོར་ཟས་གསུམ་གྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ འདོད་གསོལ་དང་བཅས་རྒྱས་པར་བྲི༔ རབ་གནས་ལེགས་བྱས་བྷནྡྷར་གཞུག༔ གཞན་ཡང་ནོར་ལྷའི་སྙིང་པོ་དང༔ ནོར་རྒྱུན་མ་ཡི་གཟུངས་ལ་སོགས༔ གསེར་གྱིས་བྲིས་ཏེ་གཞུག་པར་བྱ༔ བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་བདུན༔ བྲིས་ཏེ་གཞུག་ཀྱང་ཡོན་ཏན་ཆེ༔ མདོར་ན་ཡིད་ལ་གང་བསམ་འགྲུབ༔ ནོར་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ སྙིང་གི་བུ་མཆོག་མ་གཏོགས་པ༔ མི་བསྟན་རང་གི་སྙིང་ལ་བཞག༔ མང་དུ་སྤེལ་ན་རང་ལ་གནོད༔ འདི་ཡོད་མི་དེ་ཡིད་བཞིན་གཏེར༔ མི་ནོར་ཟས་ཀྱི་བདག་པོར་འགྱུར༔ ཤིན་ཏུ་གསང་བའི་ཡང་ཟབ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡ༔ ཐཱཐཾ༔ རྒྱ་རྒྱ་རྒྱ༔ ཁོ་བོ་རཏྣ་གླིང་པ་ངས། །དམྱལ་སྨད་དགེ་བའི་རི་བོ་ནས། །དཔག་བསམ་ཤིང་རྒྱས་བྲག་ནས་བཏོན། །ཐུགས་སྒྲུབ་ཡང་སྙིང་འདུས་པ་ཡི། །ཐེམ་ཡིག་མེད་པའི་ཟབ་གཅེས་ཡིན། །ཤོག་སེར་ངོས་ནས་ཞལ་བཤུས་སོ།། །། འདི་འཇའ་ཚོན་གཏེར་བྱོན་ཐོད་སྒྲུབ་དགོས་འདོད་རེ་སྐོང་དང་སྔགས་ཀྱི་ཁྱད་ཅུང་ཟད་དང་ཚིགས་བཅད་ལྷུག་གི་ཁྱད་ཙམ་མ་གཏོགས་ཤིན་ཏུ་གཅིག་པར་སྣང་ངོ་།། །།
ཕྱག་ན་རྡོ་རྗེ་ལས༔ རྭ་སྲུང་དུག་ཁྲག་རྡོ་རྗེའི་གོ་ཁྲབ་ལས་ཚོགས་དང་བཅས་པ་ (Volume 44, Text 35)
༄༅༔ ཕྱག་ན་རྡོ་རྗེ་ལས༔ རྭ་སྲུང་དུག་ཁྲག་རྡོ་རྗེའི་གོ་ཁྲབ་ལས་ཚོགས་དང་བཅས་པ་བཞུགས་སོ༔ བུམ་ཐང་མ་འོ། ། གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་འདི་སྐད་ཞུས༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ ད་ལྟ་དུས་བཟང་སྤྱོད་པ་བཟང༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ རྣལ་འབྱོར་རང་ལུས་མ་སྨིན་པར༔ གློ་བུར་དྲག་པོའི་ལས་ལ་འཇུག༔ རང་གི་སྦྱོར་བས་རང་ཉིད་ཕུང༔ འདི་ལ་གུ་རུས་བཀའ་བསྩལ་ཞུ༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ གང་ཞིག་རྣལ་འབྱོར་དབང་ཆུང་ལ༔ སྙིང་དང་འདྲ་བ་དགྲར་ལངས་ཏེ༔ བསྙེན་སྒྲུབ་བྱེད་པའི་ལོང་མེད་ན༔ གློ་བུར་ཐོག་ཏུ་དགྲ་ལངས་ཏེ༔ བསྟན་པ་གཉན་པོ་འཇིག་འགྱུར་བས༔ བཟླས་པ་བྱ་ལོང་མེད་པར།་་་མྱུར་པོར་དྲག་ལས་བྱ་དགོས་ན༔ དགྲ་བོ་ཀླུ་ལ་གཏད་པ་དང༔ མནའ་བསྐྱེལ་སེར་བ་ཆེན་པོ་གློ་བུར་དུ།་་་གཏོང༔ རྡོ་གཉན་པོ།་་་བཤིག་ཕ་བོང་ས་སློག་དང༔ གློ་བུར་གཉན་ཁ་དབྲལ་དགོས་ན༔ གསང་བ་རྫས་ཀྱི་སྲུང་བ་བསྟན༔ འདི་ནི་བསྟན་པ་སྲུང་བ་དང༔ བཤིག་དང་འཕེལ་འགྲིབ་འདིས་བྱེད་པས༔ བུམ་ཐང་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ཕོངས་པ་ཁ་ཞན་གྲངས་ཉུང་གཅིག་དང་འཕྲད༔ བདག་གི་སྨོན་ལམ་མཐུ་བཙན་དེས༔ སངས་རྒྱས་བསྟན་པ་རྒྱས་གྱུར་ཅིག༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ སྤྱིར་ན་འགྲོ་བ་མཐའ་དག་ལ༔ མཐུན་པའི་རྫས་དང་མི་མཐུན་རྫས༔ ཐི་གུ་དཀར་ནག་སྒྲིལ་བ་འདྲ༔ མཐུན་པའི་རྫས་ཀྱིས་མཆོད་ཅིང་བརྟེན༔ མི་མཐུན་རྫས་ཀྱིས་བཀྲོལ་ཅིང་བསྲུང༔ དེ་ལ་གཉེན་པོར་གྱུར་པའི་རྫས༔ ཤིན་ཏུ་གྲངས་མང་བསམ་འདས་ཀྱང༔ རྒྱ་གར་རྒྱ་ནག་བལ་པོ་ན༔ འདི་བས་ལྷག་པ་གང་ཡང་མེད༔ སྲུང་བ་འདི་ལས་ལྷག་པའི་ཆོས༔ བཙལ་ཀྱང་རྒྱལ་པོས་མ་རྙེད་དོ༔ གཉེན་པོ་རྫས་འདི་སུས་འཆང་བ༔ ཀླུ་ཡི་ཕོ་བྲང་མེས་བསྲེགས་ཀྱང༔ རྣལ་འབྱོར་རང་ལུས་རྡོ་རྗེར་འགྱུར༔ གཉེན་པོར་གྱུར་པའི་གསང་སྔགས་དག༔ བྱེ་བ་ས་ཡ་བརྗོད་མི་ལང༔ བཀླགས་པས་འགྲུབ་པའི་རིག་སྔགས་འདི༔ གནམ་ལྕགས་ཀླུ་འདུལ་རྒྱུད་དང་ནི༔ གཏུམ་པོ་ཐུགས་ཀྱི་རྒྱུད་ནས་བཏུས༔ ཁྲི་འམ་སྟོང་ངམ་བརྒྱ་རྩ་བརྒྱད༔ དུག་ཁྲག་སྦྱར་བའི་རྫས་རྣམས་ནི༔ ཤེའུ་ཨོཾ་བྷི་རུ་དོང་བླུག༔ སྔགས་ཏེ་དགོས་པ་བྱུང་བའི་ཚེ༔ རང་གི་གདོང་དང་ལུས་ལ་བྱུག༔ ཕུར་པ་དག་ནི་ལུས་ལ་བཏགས༔ མི་བཟད་དྲག་ལས་བཙན་ཐབས་འདི༔ གློ་བུར་མནའ་དང་བཙན་སེར་དང༔ སུར་ཕུག་གཏད་དང་གསུམ་དུ་བསྟན༔ སྲུང་བ་འདིས་ནི་རང་ལུས་རྡོ་རྗེར་འགྱུར༔ རང་ལུས་འཁོར་གཡོག་བཅས་རྣམས་བསྲུང༔ དེས་ནི་མནའ་དང་སེར་གཏད་དང༔ ཕྲུ་སློག་པ་དང་ཐབ་དང་གཞོབ༔ ཤ་དམར་ལ་སོགས་གློ་བུར་དུ༔ བསྲུང་བ་འདི་ལས་ལྷག་པ་མེད༔ ས་བདག་རྒྱལ་པོ་མངའ་ཐང་དར་བ་དང༔ བན་བོན་སྙིང་རུས་སྡུག་བསྲན་ཆེ་བ་ཡིས༔ རྒྱ་གར་རྒྱ་ནག་བལ་པོ་དང༔ སིཾ་ཧའི་ཡུལ་དང་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་ཡུལ་དང་ཁ་ཆེ་ཡི༔ ཡུལ་ནས་ཇི་ཙམ་བཙལ་མོད་ཀྱང༔ སྲུང་བ་འདི་ལས་ལྷག་པ་ཡོང་མི་རྙེད༔ དུག་ཁྲག་སྦྱར་བའི་སྲུང་བ་བསྟན་པ་ནི༔ བཙན་དུག་བོང་དུག་བོང་ང་རེ་ལྕག་པ༔ ཐར་ནུ་ཐང་ཕྲོམ་ཀ་ཤོ་གནྡྷ་་་ཁྱི་དུག་པ།དང༔ ཁྱི་ལྕེ་བ།་་་ཤང་ལང་སྤྱང་ཚེར་ར་དུག་པ༔་་་འབྲས་བུ། དེ་ལ་སོགས་ཏེ་དུག་སྣ་རྙེད་ཚད་བསགས༔ བཙན་དུག་ཤང་ལང་མེད་མི་རུང༔ མི་ཁྱི་ར་ཕག་གཅན་ཟན་་་སྤྱང་ཀི་སྲེ་མོང་།ཁྲག༔ མོ་ཡི་པད་ཁྲག་་་་ཕོ་ཡི་སྐྱོན་མེད་པ།མི་རྒོད་གྲིར་ཤིའི་ཁྲག༔ གཅན་གཟན་བྱ་་་ཁྲ་ཡིན།ཡི་ཁྲག་སྣ་གཅེས་པ་ཡིན༔ དེ་ལ་སོགས་ཏེ་ཁྲག་སྣ་མང་དུ་བསགས༔ དུག་དང་ཁྲག་སྣ་རྭ་དོང་ནང་དུ་བླུགས༔ ལེགས་པར་བསྲེས་ལ་རུལ་བ་དང༔ གནམ་ལྕགས་དྲག་པོའི་སྔགས་འདི་བཟླ༔ ཨོཾ་ན་མོ་བུདྡྷཱ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཡིག་འབྲུ་སོ་གཉིས་གནམ་ལྕགས་དྲག་པོའི་སྔགས༔ ཨ་དང་ཡ་ཡི་བར་ན་ཡིག་འབྲུ་བཞི༔ དེ་འོག་བཛྲ་ཡའི་བར་ཡིག་འབྲུ་བཞི༔ ནཱ་དྷེ་ཐོག་མཐའི་བར་ན་ཡིག་འབྲུ་ལྔ༔ མི་དང་ལི་ཡི་བར་ན་ཡིག་འབྲུ་གཉིས༔ བྷནྡྷའི་ཡི་གེ་བཞི་པོ་དང༔ ནཱ་ཧཱའི་བར་ན་ཡིག་འབྲུ་གསུམ༔ ལར་ནི་གྲོང་ཁྱེར་དྲུག་ཏུ་འདོད་པ་ཡིན༔ དུག་ཁྲག་དོང་བུ་རྟག་ཏུ་ལུས་ལ་འགྲོགས༔ བར་བར་སྔགས་ཤིང་དྲི་དང་འགྲོགས༔ ཡང་ན་རང་ཉལ་སྔས་དང་མི་འབྲལ་ལོ༔ སྐབས་སུ་གསང་སྔགས་བརྒྱ་རྩ་ཡིས༔ སྲུང་རྫས་གསོས་ལ་བདག་བསྲུང་གཞན་ཡང་བསྲུང༔ འཁོར་གཡོག་བསྲུང་དང་གཞན་བསྲུང་བ༔ ཕུར་བུ་རྡོ་རྗེའི་མདུད་པས་བསྲུང༔ དུག་ཁྲག་སྦྱར་བའི་ཐུམ་བུ་ལུས་ལ་གདགས༔ སེར་བ་བསྲུང་ན་སེང་ལྡེང་ཕུར་བུའོ༔་་་སེར་བའི་རྐང་པ་ལ་དུག་ཁྲག་རྒྱབ་པས་ཐུབ་བོ། །སྟེང་འོག་ཕྱོགས་མཚམས་བརྒྱད་དུ་འཛུག་པར་བྱ༔ གཅིག་ནི་བྱུང་ཚེ་གདོང་དུ་བརྡེག༔ ཕུར་བུའི་རྩེ་རུ་དུག་ཁྲག་ཕུར་མ་གདགས༔ དུག་ཁྲག་ཡུངས་དཀར་སེར་བ་ཡོང་བའི།་་་གདོང་དུ་བརྡེག༔ རང་ལུས་རྟག་ཏུ་དྲི་དང་འགྲོགས་པས་ཐུབ༔ སྔས་སུ་བཅུགས་ལ་རྟག་ཏུ་དྲི་དང་འགྲོགས༔ དྲག་ལས་བྱ་ན་གནས་སུ་་་དུག་ཁྲག།ཐིག་ལེ་བྱ༔ ལམ་སྲང་གཅོད་ན་དུག་ཁྲག་གསུམ་སྒྲེང་བྱ༔་་་དཔྲལ་བ་སྙིང་ག་མཁུར་ཚོས་ལ་ལན་གསུམ་གཏོར་བར་བྱ། ཕུར་བུ་ཕྱོགས་སྒྲིལ་གཡས་སུ་སྤྱི་རྡེག་བྱ༔ རྩེ་ལས་འོད་ཟེར་གནམ་ལྕགས་ཐོག་བཞིན་འཕྲོ༔་་་བས་བཅོམ་པར་བསམ། གཅིག་ནི་ལམ་གྱི་སྣ་རུ་བཏབ་ལ་བཞག༔ དུག་ཁྲག་གཏོར་ཞིང་རང་གི་གནས་སུ་བྲོས༔ དྲི་ཚོར་ཙམ་གྱིས་ཀླུ་གཉན་ལུས་སེམས་བརླག༔ རྒྱལ་པོ་ཆེན་པོ་ཀུན་ལ་མ་སྤེལ་ཅིག༔ སྤེལ་ན་རཱ་ཙ་ཁྱོད་ཀྱི་བསྟན་པ་བཤིག༔ མི་ནག་ལག་ཏུ་སོང་བ་ཙམ་གྱིས་ནི༔ ཁོའི་ལུས་ལྕགས་ཀྱི་སྡོང་པོ་དྲིལ་བ་ལྟར་སོང་ནས༔ རིག་སྔགས་མཐུ་དང་སྦྱོར་བས་ཚུགས་མི་འགྱུར༔ དེས་ན་བསྟན་པ་སྣུབ་པའི་མཆོག་ཏུ་འདི་འགྱུར་བས༔ ཀུན་ལ་སྤེལ་ན་རྒྱལ་པོ་ཁྲག་ཏུ་སྐྱུག༔ ཚེ་ཐུང་ནད་མང་སྡུག་བསྔལ་སྣ་ཚོགས་འབྱུང༔ དེ་བས་མ་སྤེལ་ས་ཡི་གཏེར་དུ་སྦོས༔ རང་ལུས་རྡོ་རྗེར་མ་གྱུར་པར༔ མནན་གཏད་ཐུབ་སྤྱོད་ལས་བྱེད་པ༔ གཅེར་བུ་རལ་ཁ་བྱེད་པ་འདྲ༔ དེ་བས་འདི་ལ་ནན་ཏན་བྱ༔ སློབ་དཔོན་སྐྱེ་འཆིའི་འཇིགས་པ་དང༔ སློབ་མ་དམ་ལྡན་རེ་ཙམ་ལས༔ མི་སྦྱིན་པ་ཡི་མནའ་རྒྱས་གདབ༔ སྤེལ་ན་དམ་ཉམས་མཁའ་འགྲོས་སྡིགས༔ ས་མ་ཡ༔ ཟབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་བཞིས་བཏབ་བོ༔ ྀཨཚ༔ རྭ་སྲུང་གི་ཞལ་གདམས་ནི༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་འདི་སྐད་ཞུས༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ གོང་གི་དུག་ཁྲག་རྫས་རྣམས་ལ༔ ཏིང་འཛིན་རིམ་པ་མི་འཚལ་ལམ༔ རྫས་ལ་སེལ་བ་མི་འཚལ་ལམ༔ སྣོད་ལ་ཁྱད་པར་མ་མཆིས་སམ༔ སྔགས་ལ་ངར་གསོས་མི་འཚལ་ལམ༔ འཁོར་ལོ་བསྐོར་ཐབས་མ་མཆིས་སམ༔ ལས་ཀྱི་མཐའ་བསྒྱུར་ཇི་ལྟར་བགྱི༔ འདི་རྣམས་གུ་རུས་བཀའ་བསྩལ་འཚལ༔ ཞེས་ཞུས་ནས༔ གསེར་དང་གཡུ་ཡི་མཆོད་པ་འབུལ༔ འབྲས་ཆང་ནས་ཆང་མགུལ་དུ་དྲངས༔ དེ་ལ་གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ སྲུང་བའི་མཆོག་ཏུ་གྱུར་པ་ནི༔ དུག་ཁྲག་རྫས་ཀྱི་སྲུང་བ་ལ༔ བརྟེན་པ་ཙམ་གྱིས་མི་ཆོག་པར༔ འདི་ལ་ནན་ཏན་བྱེད་པ་ལེགས༔ ང་ནི་མངོན་ཤེས་ཆེ་དང་ལྡན༔ ཕྱི་མའི་དུས་ཀྱི་རྣལ་འབྱོར་རྣམས༔ ཐེ་ཚོམ་ཡིད་གཉིས་བསལ་བའི་ཕྱིར༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ བྱ་ཐབས་རིམ་པ་མ་ལུས་པ༔ སྣོད་ལྡན་རྒྱལ་པོ་ཁྱོད་ལ་བསྟན༔ གཞན་ལ་མ་བསྟན་ཐུགས་ལ་ཕུར༔ ཀུན་ལ་བསྟན་ན་རྒྱལ་པོའི་དམ་ཚིག་ཉམས༔ རང་དོན་གྱིས་ལ་གཏེར་དུ་སྦོས༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ ཏིང་འཛིན་རིམ་པ་བསྟན་པ་ནི༔ དང་པོ་སྟོང་པ་ཉིད་དུ་བསྒོམ༔ དེ་ནི་ལྟ་བ།་་་གྱད་ཀྱི་ལྷ་ཞེས་བྱ༔ ཅིས་ཀྱང་མི་འཇིག་ནམ་མཁའ་ལྟ་བུའོ༔ དེ་ནས་རྫས་དང་སྣོད་བཅས་པ༔ བསྐལ་པའི་མེ་དཔུང་འབར་བར་བསྒོམ༔ མགར་བའི་ཚྭ་ཚྭ་ལྟ་བུ་ཡིས༔ གནོད་བྱེད་མ་ལུས་བསྲེགས་པར་བསམ༔ དེ་ལ་སྔགས་རྣམས་བཏབ་པ་ཡིས༔ མེ་ལ་སྦུད་པ་བུས་པ་བཞིན༔ མེ་ཆེན་འབར་བས་བསྲེགས་པར་བསམ༔ རང་ཉིད་ཡི་དམ་ལྷར་བསྐྱེད་ལ༔ དེ་ནི་རྗེ་དང་དཔོན་དུ་བསམ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བསམ༔ རྗེ་བོས་བྲན་ལ་བཀའ་བསྩལ་བཞིན༔ ཐམས་ཅད་མ་ལུས་ཉན་པར་བསམ༔་་་ལས་མཐའ་བསྡུ་དུས་སུ། དེ་ནི་ཏིང་འཛིན་རིམ་པ་འོ༔ རྫས་ཀྱི་སེལ་བ་བསྟན་པ་ནི༔ དུག་སྣ་ཐམས་ཅད་བཏང་བ་ལ༔ སྤྱང་དུག་དབྱིག་དུག་མི་གཏང་ངོ༔ སྤྱང་དུག་དུག་གི་སྤྱང་ཀི་ཡིན༔ རིན་ཆེན་དབྱིག་དུག་གཡའ་དང་ལྡན༔ གཡའ་ཡིས་ཁྲག་དྲི་གསོད་པའི་ཕྱིར༔ དེ་ཕྱིར་དེ་གཉིས་མི་གཏང་ངོ༔ ཕྱི་མ་དུག་སྣ་རྙེད་ཚད་གསག༔ ཁྲག་སྣ་ཐམས་ཅད་བཏང་བ་ལ༔ ཕུག་རོན་ཕྱི་བ་མཛེ་ཅན་ཁྲག༔ རུས་སྦལ་ཁྲག་་་ནུས་པ་མེད་པར་འགྱུར་བས་སོ།རྣམས་མི་གཏང་ངོ༔ ཕུག་རོན་ལྐུགས་པས་ཁྲག་ངར་འཆི༔ ཕྱི་བ་ཉལ་བས་ཁྲག་རླངས་ཆུང༔ མཛེ་ཅན་ཡེ་རུལ་ནུས་པ་གསོད༔ དེ་ཕྱིར་དེ་གསུམ་མི་གཏང་ངོ༔ ཕྱི་མ་ཁྲག་སྣ་ཚོགས་ཚད་གསག༔ ཚྭ་དང་བུལ་ཏོག་མུ་ཟི་མི་བརྟེན་ནོ༔་་་ཚྭ་ཡིས་གཞན་གྱི་ནུས་པ་གསོད། མུ་ཟིས་དྲི་གསོད་ཕྱིས་མི་རུང་། དུག་དང་ཁྲག་གི་ནུས་པ་གསོད༔ དེ་ཕྱིར་སེབ་ཏུ་མི་གཏང་ངོ༔ རྫས་དེ་མི་ལག་མི་འགྲིམ་ཞིང༔ དམ་མེད་ལག་ཏུ་སོང་ན་དུག་ནུས་ཉམས༔ དེ་ཕྱིར་སྦས་ཏེ་བཅང་བ་གཅེས༔ དེ་རྣམས་རྫས་ཀྱི་སེལ་བ་འོ༔ སྣོད་ཀྱི་ཁྱད་པར་བསྟན་པ་ནི༔ གནས་སུ་འཆང་ན་ཨོཾ་བྷིར་གསག༔ མི་མཁོའི་ཚེ་ན་ཁ་ཚིལ་བུས་བསྡམ།་་་རླངས་པ་འཁྱིལ་ཕྱིར་ནུས་པ་ཆེ༔ དེ་ཕྱིར་པར་བུར་གསག་པར་བྱ༔ རྒྱལ་ཁམས་བསྐོར་ན་ཤེ་འུར་བླུག༔་་་གྲི་རྐང་བཅད་པ། སྦ་བ་བདེ་ལ་ནུས་པ་ཆེ༔ དེ་ཕྱིར་་་དྲིལ་བུ་ལྟ་བུ།རྐང་དོང་བླུག་པ་ཡིན༔ དྲག་ལས་བྱེད་ན་གཡག་རུར་བླུག༔ རླངས་པ་འབྱུང་ཞིང་ངར་དང་ལྡན༔ དེ་ཕྱིར་ཁྱུ་བའི་གཡག་རུར་གཅེས༔་་་རྭ་རྩེར་ཆུ་སྲིན་གྱི་ཁ་བྱས་ལ་རླངས་པ་མི་ཐོན་པར་བྱ། རྭ་ལ་སྒོ་ང་སྤྲ་ཚིལ་བྱུག༔ སྲ་ལ་ནུས་པ་ཆེ་བ་འོ༔ སྣོད་ཀྱི་ཁྱད་པར་བསྟན་པའོ༔ སྔགས་ཀྱི་ངར་གསོས་བསྟན་པ་ནི༔ བུདྡྷ་ཡ་ཡི་སྔགས་གཞུག་ཏུ༔ རཱ་ཙ་མཱ་ར་ཡ་རྦད༔ རཱ་ཙ་སིདྡྷི་མཱ་ར་ཡ་གཏུབ༔ རཱ་ཙ་སིདྡྷི་མཱ་ར་ཡ་ཛ༔་་་རཱ་ཙ་སིདྡྷི་མཱ་ར་ཡ་ཐིབས་ཛ༔་་་དཔེ་གཅིག་ན་འདི་སྐད་འདུག །ཞེས་ཕོ་གདོན་གནོད་ན་གདགས༔ མ་མ་ཞུ་ཏྲི་མཱ་ར་ཡ་ཛ༔ མ་མ་ཏྲི་མཱ་ར་ཡ་ཛ༔ མ་དུ་ཏྲི་ཛ་མཱ་ར་ཡ་རྦད༔ ཅེས་པ་མོས་གདོན་གནོད་ན་གདགས༔ ཏྲིའུ་ཏྲིའུ་མཱ་ར་ཡ་ཛ༔ ཏྲི་ཤོ་མཱ་ར་ཡ་ཛ༔ ཏྲི་དུ་མཱ་ར་ཡ་ཛ་རྦད༔ ཅེས་པ་འགོང་པོ་འགོང་མོས་གནོད་ན་གདགས༔ གལ་ཏེ་ཞོ་ཆང་བསྲུང་བ་ན༔ རྒྱུན་སྔགས་གཤམ་དུ་སྔགས་འདི་གདགས༔ ཨོཾ་སར་སར་བྱི་སར་སར་ཧཱུྃ་ཕཊ༔་་་ནས་ལ་བཏབ་ནས་པར་བུའི་ནང་དུ་བླུག །ཅེས་པ་གདགས༔ གལ་ཏེ་རྦོད་གཏོང་ཟློག་པ་ན༔ རྒྱུན་སྔགས་ཤམ་དུ་སྔགས་འདི་བཟླ༔ ཨོཾ་བྷ་ཏ་ཡ་བྷ་ཏ་ཡ༔ ལོ་ཀ་བྷ་ཏ་ཡ་ཧཱུྃ་ཟློག་ཟློག༔་་་གཏོར་མ་ལ་བཟླས་ལ་དུག་ཁྲག་བྱུགས་ཤིང་ཟོར་དུ་འཕང་། བྱ་བ་གདགས༔ གལ་ཏེ་སེར་བ་བསྲུང་བ་ན༔ རྒྱུན་སྔགས་ཤམ་དུ་སྔགས་འདི་བཟླ༔ ཨོཾ་ཏདྱ་ཐཱ༔ ཏིག་གུ་ལི་ཏིག་གུ་ལི༔ ཨུ་ལི་ཤ༔ ཤུ་གི་གུ༔ ཏི་ཏི་བི་རི༔ ཧུ་ཡ་ཧུ་ཡ༔ ཧི་རི་ཧི་རི་ཧི་རི་སྭཱ་ཧཱ༔་་་ཐལ་ཆེན་ཡུངས་དཀར་ལ་སྔགས། དུག་ཁྲག་ལ་ཡང་སྔགས་སོ། །ཞེས་བྱ་བ་གདགས་སོ༔ ནད་རིམས་སྣ་ཚོགས་བསྲུང་བ་ན༔ རྒྱུན་སྔགས་ཤམ་དུ༔ ཨོཾ་ཀ་ཤལ་པྲ་ཚལ་རྦད་ཤག༔ ནད་ཀྱི་སྙིང་གང་དཀར་པོ་ཆོད་སྭཱ་ཧཱ༔ ཞེས་གདགས་ལྷ་སྲིན་ས་བདག་གང་གནོད་ཀྱང༔ རྒྱུན་སྔགས་ཁོ་ན་རྒྱུན་དུ་བཟླ༔ དེ་རྣམས་སྔགས་ཀྱི་རིམ་པའོ༔ འཁོར་ལོ་བསྐོར་ཐབས་བསྟན་པ་ནི༔ འཁོར་ལོའི་མུ་ཁྱུད་རིམ་ལྔས་བསྐོར༔ དབུས་སུ་ཡི་དམ་སྙིང་པོ་བྲི༔ ཕྱི་རིམ་འཁོར་ལོ་རྩིབས་དྲུག་བྲི༔ འཁོར་ལོ་རེ་ལ་སྔགས་རེ་བཀོད༔་་་གྲོང་ཁྱེར་དྲུག །དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གང་བྱེད་ལས་ཀྱི་སྔགས་ཀྱིས་བསྐོར༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྡོ་རྗེའི་རྭ་བས་བཏགས་པ་བྲི༔ མེ་རིས་མཚན་པ་བྲི་བར་བྱ༔ ཡབ་ཀྱི་འཁོར་ལོ་སེར་པོ་བྱ༔་་་གྷི་ཧང་ལྡོང་རོས། ཕོ་འཁོར་གཡས་སུ་བསྐོར་བར་བྱ༔་་་ཡིག་མགོ་ཕྱིར་བསྟན་བྲིས། མོ་འཁོར་གཡོན་དུ་བསྐོར་བར་བྱ༔་་་ཡིག་མགོ་ནང་བསྟན། ཡུམ་གྱི་འཁོར་ལོ་དམར་པོ་བྱ༔་་་མཚལ་ལམ་རྒྱ་སྐྱེགས་བྱུག །ལག་པ་གཡས་གཡོན་དག་ལ་གདགས༔ རང་འཐག་ལྟ་བུར།་་་བསྐོར་ཞིང་ཏིང་འཛིན་རིམ་པ་བསྒྱུར༔ བར་དུ་གནོད་བྱེད་ལིངྒ་གཞུག༔ གཏུབ་ཅིང་གང་ཡིན་བརླགས་པར་བསམ༔ འཁོར་ལོ་བསྐོར་བ་ཟིན་པ་དང༔ སྲུངས་ཤིག་མིང་སྤེལ་བཅུག་བྱས་ལ༔ ཕོ་འཁོར་དཔུང་པ་གཡས་ལ་གདགས༔ མོ་འཁོར་དཔུང་པ་གཡོན་ལ་གདགས༔ དེས་ནི་སྲུང་བ་ཆེན་པོར་འགྱུར༔ འཁོར་ལོ་བསྐོར་ཐབས་བསྟན་པའོ༔ ལས་ཀྱི་མཐའ་བསྒྱུར་བསྟན་པ་ནི༔ སྲུང་བ་བྱེད་ན་གཞུང་བཞིན་བྱ༔ གལ་ཏེ་ཕོ་གདོན་གནོད་པ་ན༔ ཁྱི་དཀར་ཐོད་པར་གང་གནོད་ལིངྒ་གཞུག༔ བཙུན་པ་ཁྲིམས་མེད་དུག་པོས་བཏུམས༔ ཡུངས་དཀར་ཡུངས་ནག་གུ་གུལ་གྱི༔ ཐུན་གྱིས་བྲབས་ལ་རྒྱ་གྲམ་མནན༔ གལ་ཏེ་མོ་གདོན་གནོད་པ་ན༔ ནག་མོའི་ཁྱི་མོ་ནག་མོའི་ཐོད་པར་རི་བམ་ཤམ་བུ་བྲིས།་་་ལིངྒ་བཅུག་བྱས་ལ༔ ཉུངས་དཀར་ཉུངས་ནག་ཏིལ་ནག་དང༔ ཟི་ར་ནག་པོའི་ཐུན་གྱིས་བྲབ༔ ཐ་མ་ཐེམ་པ་དག་ལ་མནན༔ གལ་ཏེ་འགོང་པོ་གནོད་པ་ན༔ ཕུང་བྱེད་རི་བོང་ཐོད་པ་རུ༔ འགོང་པོའི་ལིངྒ་་་མི་ལྤགས་སམ་རེ་བ་ལ་དྲིལ་བ།བཅུག་བྱས་ལ༔ ཡུངས་དཀར་ཡུངས་ནག་ཀེ་ཚེ་ཡི༔ ཐུན་བྲབ་རང་གི་མལ་འོག་མནན༔ གང་ལ་བྱེད་ཀྱང་ཞག་གསུམ་མནན༔ ཐ་མ་ལྟས་ངན་མནན་པ་བྱའོ༔ ཞོ་ཆང་བསྲུང་ན་རྒྱུན་སྔགས་ཤམ་བུ་དང༔ བཅས་པ་ཡུངས་དཀར་དག་ལ་སྔགས༔་་་ནང་དུ་སྟེ། རྫའམ་ཞོ་ཏོག་གང་ཡིན་ལ༔་་་ཁ་ནི་ཡར་བྱུགས་པ་ཡིན། དུག་ཁྲག་སྲུང་བས་ཕྱི་ནས་བྱུག༔ རྦོད་གཏོང་ཟློག་པར་འདོད་པ་ན༔ དམར་གྱི་གཏོར་མ་ཆེན་པོ་ལ༔ སྔགས་ཤིང་གང་ཡིན་ཕྱོགས་སུ་འཕང༔་་་སྒྲུབ་པའི་གཏོར་མ་དང་དུག་ཁྲག་ཀྱང་ཕྱོགས་སུ་འཕང་། དེས་ནི་རྦོད་གཏོང་ཟློག་པར་འགྱུར༔ སེར་བ་བསྲུང་བར་གྱུར་པ་ན༔ ཕུར་པ་དག་ལ་བསྙེན་པ་བསྐྱལ༔ ཕྱོགས་མཚམས་ཀུན་ཏུ་གཟུག་པར་བྱ༔ ཡུངས་དཀར་ཡུངས་ནག་ཐལ་ཆེན་ལ༔་་་གླ་རྩི། བོང་ང་། ཡུང་བ། ཤུ་དག་ཐུམ་བུ་གདགས། སྔགས་བཟླས་འོང་བའི་གདོང་དུ་བརྡེག༔ ཕུར་པ་ཕྱིར་སྡིགས་བྱ་ཞིང་གསོར༔ འཁོར་ལོ་བསྟན་ཅིང་སྤྲིན་གཞན་སྒྱུར༔ དེས་ནི་སེར་བ་ཐུབ་པར་འགྱུར༔ ནད་རིམས་བསྲུང་བར་གྱུར་པ་ན༔ ཚོན་གྱི་སྐུད་པ་སྣ་ལྔ་ལ༔ སྲུང་སྔགས་རྫོགས་པར་བཏབ་བྱས་ལ༔ དུག་ཁྲག་ཐུམ་བུ་དག་དང་སྦྲགས༔ གང་ལ་བསྲུང་བ་དེ་ལ་གདགས༔ ནད་དང་རིམས་ཀྱིས་ཚུགས་མི་འགྱུར༔ ལས་ཀྱི་མཐའ་བསྒྱུར་བསྟན་པའོ༔ ལྷ་ལྔ་མི་དགྱེས་དགྱེས་པའི་ཐབས༔ བྱ་རྒོད་གཡག་གི་ཚིལ་བུ་དང༔ གླ་རྩི་རིན་ཆེན་སྣ་ལྔ་རྣམས༔ སྤྲ་ཚིལ་གྱིས་དྲིལ་རྭ་དོང་བཅུག༔ རྭ་ཡི་ཕྱི་ལ་ཡེ་དྷར་བྲི༔ འགོ་བའི་ལྷ་ལྔ་དགྱེས་པར་འགྱུར༔ སྤྱིར་ན་རྒྱལ་པོ་ཆེན་པོ་ལགས༔ སྲུང་བ་འདི་ལས་ལྷག་པའི་ཆོས༔ བཙལ་ཀྱང་རྒྱལ་པོས་མི་རྙེད་དོ༔ རང་ལ་ཅི་རི་འདི་ལ་རི༔ སྲ་བའི་གོ་ལ་རྣོ་བའི་མཚོན༔ ངན་སྦྱོར་གདུག་པའི་སྲུང་བ་འདི༔ སྟེར་ཐེབས་གཅིག་ལས་མང་ཏ་རེ༔ གཞན་ལ་བསྟན་ན་རྒྱལ་པོའི་དམ་ཚིག་ཉམས༔ ཞེས་གུ་རུ་པདྨས་བཀའ་བསྩལ་ནས་བུམ་ཐང་གི་གཏེར་དུ་སྦས་སོ༔ དུག་ཁྲག་སྦྱར་བ་མ་བཅོས་པའི་ཡིག་ཆུང་གུད་དུ་བཀོལ་བའི་མན་ངག་ཡང་དག་རྫོགས་སོ༔ རྒྱལ་པོ་དང་སློབ་དཔོན་ཕྱག་སྦྲེལ་ནས་བུམ་ཐང་གི་གཏེར་མ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྭའི་ངར་འདོན་ལ༔ ཕག་ཚིལ༔ མར་ནག༔ མི་ཚིལ༔ ཟེར་མོའི་བྲུན༔ སྲམ་གྱི་བྲུན༔ དེ་ལ་བྱ་ཕོ་མཚའ་ལུའི་ཁྲག་ཐིགས་གཅིག་བླུག༔ དེ་རྣམས་སླ་ངའི་ནང་དུ་མར་ཁུ་དང་བསྲེས་ལ་བཙོ༔ དེ་རྭའི་ཕྱི་ལ་བཀུའོ༔ རྭའི་ངར་འདོན་ཤིན་ཏུ་གཅེས་སོ༔ གདམས་པ་མ་བུ་ཚང་མ་ཡིན་ནོ༔ དུག་ཁྲག་སྦྱར་བ་འདི་ལ་མཚོ་རྣམ་པ་གསུམ་སྟེ༔ ཁྲག་མཚོ༔ དུག་མཚོ༔ དུག་ཁྲག་གཉིས་སྦྱར་བའི་མཚོ་དང་གསུམ་མོ༔ དེ་ལ་ཁྲག་མཚོ་ནི༔ གཡག་རུ་གཅིག་ཏུ་ཁྲག་སྣ་རྙེད་ཚད་བསགས་ལ་ལེགས་པར་རུལ་དུ་བཅུག༔ དུག་སྣ་རྙེད་ཚད་བསགས་ལ༔ གཡག་རུར་བླུགས་ལ་ཁ་ཕུར༔ དྲི་མི་འཆོར་བར་བྱས་ལ་བཞག༔ སྦྱར་ལུགས་ནི༔ གཟའ་སྐར་བཟང་བ་ཞིག་ལ༔ ཐོད་པ་བཟང་པོ་གཅིག་ཏུ་གོང་དུ་བཤད་པའི་ཁྲག་རུལ་བ་ཚོ་བླུག༔ དེ་ནས་དུག་ཐམས་ཅད་ཁྲག་ལ་བཏབ༔ དེ་ནས་ཕུར་པ་གཅིག་གིས་དཀྲུག་ཅིང༔ ཏིང་ངེ་འཛིན་གཞུང་བཞིན་བྱའོ༔ སྔགས་བཟླས་ཤིང་སྒྲུབ་པ་ཞག་བདུན་ནམ་ལྔའི་བར་དུ་བྱའོ༔ དེ་ནས་རང་འདོད་པའི་རྭ་རུར་བླུག༔ རླངས་པ་མ་འཆོར་བ་གལ་ཆེའོ༔ དེ་ཡང་ཁྲག་གི་ནུས་པ་རུལ་ན་ཆེ༔ དུག་གི་ནུས་པ་སོ་མ་ཆེ༔ རྫས་ཀྱི་ངར་བཏགས་པ་ལ༔ རྨ་བྱའི་མདོངས༔ བཙན་དུག༔ ཤིང་ཀུན༔ ཕག་བྲུན༔ རྒྱ་ཚིལ༔ སྤྲུ་ནག་དེ་རྣམས་ཆང་གར་མ་ལ་ཐུན་གཅིག་སྦྱར་ལ་རྭའི་ནང་དུ་བླུག༔ རྫས་ཀྱི་ངར་འདི་ཤིན་ཏུ་ཟབ་པ་ཡིན༔ འདི་ནི་སྲུང་བ་ཀུན་གྱི་རྒྱལ་པོ་ཡིན༔ འདི་མ་བུ་ལ༔ གཞུང༔ ཞུས་ལན༔ ངར་གདགས་པ༔ སྦྱར་ཐབས་དང༔ སྔགས་ཐམས་ཅད་ལ་མ་ཚང་བ་མེད་དོ༔ ྀཨཚ༔ ༈ རྭ་སྲུང་གི་རྗེས་གནང་བཞུགས་སོ༔ ལས་ཅན་སྙིང་དང་འདྲ་བའི་བུ་སློབ་ལ༔ རྗེས་གནང་མན་ངག་ཞལ་གདམས་རྣམས༔ དབང་མེད་ནན་གྱིས་བསྟན་དགོས་ན༔ མཎྜལ་མེ་ཏོག་ཕུལ་བྱས་ནས༔ འདི་ལྟར་གསོལ་བ་བཏབ་པ་ནི༔ ན་མོ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་བསྟན་པའི་ཞབས་ཏོག་དང༔ བདག་གཞན་དོན་ཀུན་བྱ་བའི་ཕྱིར༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ རྗེས་གནང་ཞལ་གདམས་བསྟན་དུ་གསོལ༔ སློབ་དཔོན་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྫས་མཆོག་སྙིང་གར་གཏད་ནས་ནི༔ གཞུང་བཞིན་ལག་ལེན་མཁས་པར་སྤྱོད༔ སྙིང་ལ་སྦོས་ལ་ཀུན་ལ་གསང༔ དམ་མེད་རྣམས་ལ་བསྟན་པ་ན༔ བྱིན་རླབས་དམ་ཚིག་ཉམས་པར་འགྱུར༔ དེ་ཕྱིར་གསང་བ་དམ་ཚིག་གོ༔ ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང༔ རྩ་སྔགས་སྙིང་པོ་བརྗོད་ནས་སུ༔ རྫས་དབང་བསྐུར་ནས་བཀའ་རྒྱ་གདམས་པའོ༔ ྀཨཚ༔ རྭ་སྲུང་ཟབ་མོ་བླ་མ་རྒྱ་ཕུར་བུའི་གཏེར་མའོ།། །།
གཟུགས་མེད་དྲེགས་པའི་ཚོགས་ལ་བཀའ་བསྒོ་བྱ་ཚུལ་རྡོ་རྗེ་འབར་བའི་གཟི་བྱིན་ (Volume 45, Text 35)
༄༅། །གཟུགས་མེད་དྲེགས་པའི་ཚོགས་ལ་བཀའ་བསྒོ་བྱ་ཚུལ་རྡོ་རྗེ་འབར་བའི་གཟི་བྱིན་ཞེས་བྱ་བ་བཞུགས་སོ། ། གཟུགས་མེད་དྲེགས་པའི་ཚོགས་ལ་བཀའ་བསྒོ་བྱ་ཚུལ་རྡོ་རྗེ་འབར་བའི་གཟི་བྱིན་ཞེས་བྱ་བ། གང་ཟག་གདོན་བགེགས་ཀྱི་གནོད་པས་ཉེན་པ་སོགས་ཀྱིས་བཀའ་བསྒོ་ཞུ་ན། རང་ཉིད་ཡི་དམ་གང་བྱེད་ཀྱི་ང་རྒྱལ་བརྟན་པོས་དེའི་སྤྱི་བོར་རྡོ་རྗེའམ། ཕུར་བུ། སྐུ་རྟེན་སོགས་སམ། ཕྲེང་བ་ཙམ་བཞག་པས་ཀྱང་རུང་སྟེ། ན་མོ། རྗེ་བཙུན་རྩ་བ་དང་སོགས། ཁྱད་པར་ཁྲག་འཐུང་དབང་དྲག་འབར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་བསམ་སྦྱོར་དང་ལྡན་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་རྒྱལ་བཙན་མ་མོ་ལ་སོགས་པ་སྡེ་བརྒྱད་སྡོང་ཟླ་སྣ་འདྲེན་དང་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་བདག་ཉིད་དབང་དྲག་འབར་བའི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བའི་སྤྲུལ་པའི་ཁྲོ་ཚོགས་རྡོ་རྗེའི་མེ་ཆར་ཆེན་པོ་མི་བཟད་པར་འབེབ་པ་རྣམས་ཀྱིས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཨོཾ་བཛྲ་རཀྴ་ཧཱུྃ་ཕཊ༔ རཱ་ཛ་ཆེ་གེ་མོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་དཔུང་དྲིལ་དང་། ཧཱུྃ་བཞི་པའི་སྔགས་ཀྱིས་བགེགས་རྣམས་བསྐྲད་ལ། དམིགས་བྱའི་སྤྱི་བོར་པཾ་ལས་པདྨ་དང་རཾ་ལས་ཉི་མ་རཀྴ་སྲིན་པོ་ཕོ་མོ་བསྣོལ་བའི་སྟེང་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཁྲག་འཐུང་དབང་དྲག་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དམར་ནག་མེའི་ཕུང་པོ་ལྟ་བུར་འབར་བ། ཞལ་གཅིག་ཕྱག་གཉིས་ཞལ་གདངས་ཤིང་མཆེ་བ་གཙིགས་པ་གློག་ལྟར་འཁྱུག་པའི་ལྗགས་གཡོ་ཞིང་ཧཱུྃ་ཕཊ་ཕེཾ་གྱི་སྒྲ་སྒྲོག་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པས་བདུད་དང་ལོག་འདྲེན་ཐམས་ཅད་ཟིལ་གྱིས་གནོན་པ། སྨིན་མ་དང་ཨག་ཚོམ་རྣོ་ངར་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་ནམ་མཁའི་དབྱིངས་སུ་ཕྱར་ཞིང་། གཡོན་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་རྭ་བཅོ་བརྒྱད་པ་འཛིན་པས་སྲོག་བདག་འགོང་པོ་བརླག་པར་མཛད་པ། དུར་ཁྲོད་འབར་བའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་གར་དགུའི་རོས་སྒེག་ཅིང་ཉི་མ་འབུམ་གྱི་གཟི་བརྗིད་རབ་ཏུ་འབར་བའི་དཔྲལ་བར་འཇམ་དཔལ་གཤིན་རྗེ། མགྲིན་པར་དབང་ཆེན་རྟ་མགྲིན། ཐུགས་ཀར་ཕྱག་ན་རྡོ་རྗེ། ལྟེ་བར་མཁའ་འགྲོ་སྡེ་ལྔ། གསང་གནས་སུ་ཡཀྴ་མེ་དབལ། སྤྱི་བོར་མཁའ་ལྡིང་ནག་པོ་རྣམས་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་ཀྱིས་མཚན་པར་གྱུར། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བྱོན་པར་གྱུར། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ དེ་ཉིད་ཞི་བའི་ངང་ཉིད་ལས༔ ཐུགས་རྗེས་གདུག་པ་བསྒྲལ་བའི་ཕྱིར༔ ཁྲག་འཐུང་ཁྲོ་བོར་རོལ་པ་ལས༔ ཆེ་མཆོག་དྲག་པོ་རྩལ་དུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱོད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་པའི་བར་བརྗོད། རྩ་སྔགས་ཀྱི་མཐར། བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་སྤྲིན། །ནམ་མཁའ་གང་བར་སྤྲུལ་ཏེ་མཆོད། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་ཤར༔ བདུད་འདུལ་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་དཀྱིལ་འཁོར་ཀུན་གྱི་གཙོ༔ མཁའ་ལྟར་ཀུན་ཁྱབ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཨརྩིག་གི་བཟླས་པར་མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ༔ ཞེས་སྲུང་སྔགས་ཀྱི་ཤམ་བུ་ཅན་བརྒྱ་རྩ་བཟླས་ནས། ན་མོ། ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། ཟག་པ་མེད་པའི་ཐུགས་རྗེའི་མཐུ་དང་ནུས་པས། ཆེ་གེ་མོ་འདི་ལ་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་རུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་མ་མོ། སྡེ་བརྒྱད་སྡོང་ཟླ་སྣ་འདྲེན་དང་བཅས་པའི་གནོད་པ་ལས་བསྲུང་བར་མཛོད་ཅིག །སྐྱོབ་པར་མཛོད་ཅིག །སྦ་བར་མཛོད་ཅིག །མདོར་ན་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་ཅིང་སྐལ་བ་མཉམ་པར་མཛད་དུ་གསོལ། རྩ་སྔགས་ཀྱི་མཐར། ཛཿཧཱུྃ་བཾ་ཧོཿ ལྷ་ཚོགས་འོད་དུ་ཞུ་ནས་ཧཱུྃ་གི་རྣམ་པས་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ཁར་ཐིམ་པར་གྱུར། སྙིང་གའི་ཧཱུྃ་ལས་འོད་ཟེར་རྡོ་རྗེའི་ཚྭ་ཚྭ་མེའི་ཕུང་པོ་འཕྲོ་ཞིང་། བ་སྤུའི་ཁུང་བུ་ནས་སོངས། ལུས་ཀྱི་སྟོད་སྨད་བར་གསུམ་ཁྱབ་པས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་ཏེ་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བཅིངས་པར་གྱུར། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་དང་། །རིག་འཛིན་རྣལ་འབྱོར་བདག་གི་བདེན་པའི་མཐུས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །མི་འགྱུར་ལྷུན་པོ་སོགས་བརྗོད། གོང་གི་དེ་ཉིད་བཅུ་ཡི་དང་པོ། བཀའ་འཁོར་ལོ་སྲུང་བའི་ལེ་ལག་ཏུ་གྱུར་པ་འདི་ལ། སྐུའི་འཁོར་ལོ་ལུས་ལ་བཅུགས་ཏེ་ལུས་བསྲུང་བ། གསུང་ཡི་གེའི་འཁོར་ལོ་ལ་མིང་བཅུག །ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཡིད་སྦས་ཏེ་སེམས་བསྲུང་བ་སོགས་འདུག་མོད། བཀའ་བསྒོ་སྤྱི་ཙམ་ལ་འདིས་ཆོག་ཅིང་། བླ་མ་རྣམས་ཀྱིས་ཕྱག་ལེན་དུ་འདི་ལྟར་མཛད་པ་ཡིན་ནོ། །གུར་དྲག་གི་ལྷ་སྔགས་རྣམས་ནི་དཔེར་བརྗོད་པ་ཙམ་སྟེ། ཡི་དམ། ཆོས་སྐྱོང་གང་ལའང་བསྒྱུར་ཆོག །ཅེས་པའང་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོའི་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གསུང་གིས་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་བྲིས་པའོ། །མངྒ་ལཾ།། །།
སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་ཕྲིན་ལས་བྱང་བུ་གྲུབ་གཉིས་ཡོངས་འདུ་ (Volume 27, Text 35)
༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་ཕྲིན་ལས་བྱང་བུ་གྲུབ་གཉིས་ཡོངས་འདུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བཱ་བྷེ་རཱ་ཡ། ཟུང་འཇུག་བདེ་ཆེན་མཆོག་སྩོལ་ཞིང་། །བར་གཅོད་བགེགས་འདུལ་བླ་མ་ལྷར། །གུས་བཏུད་སྔགས་ལམ་ཀུན་གྱི་བཅུད། །གྲུབ་གཉིས་ལག་རྩེར་སྦྱིན་བྱེད་བཀོད། །དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་སྐལ་པར་ལྡན་པའི་སྒྲུབ་པ་པོ་མཆོག་གི་དངོས་གྲུབ་མྱུར་དུ་སྒྲུབ་པར་འདོད་པས་ཉམས་སུ་བླང་བྱའི་ཕྲིན་ལས་ཁྱད་པར་ཅན་འདི་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ། ཡོ་བྱད་ཉེ་བར་བསྡོག་པ་ནི། བསྙེན་སྒྲུབ་སྦྲེལ་མ་དང་དབང་གི་སྐབས་སུ། གནས་དབེན་པར་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ། སྟེགས་བུའི་དབུས་སྒྲུབ་ཕུར་ཚད་ལྡན་དར་མཐིང་ནག་གི་ཅོད་པན་ཅན་ཨེ་ཁྲོམ་ལ་གཟུག་པའི་སྟེང་དུ་དཔལ་གཏོར་སྐུ་རྟེན་དར་གདུགས་དང་བཅས་པ་བཀོད། མདུན་དུ་མཆོད་གཏོར། གཡས་གཡོན་སྨན་རཀ །ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། ཚེ་སྒྲུབ་སྦྲེལ་ན་ཚེའི་འབྲང་རྒྱས་ཚེ་རིལ་ཆང་། མདའ་དར་རྣམས་ཀྱང་བཀོད། རང་དོན་སྤྲོས་མེད་རྒྱུན་གྱི་ཉམས་ལེན་དང་ཕྲིན་ལས་དཀྱུས་མ་ཙམ་ལ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཙམ་བཤམས་པས་ཆོག །སྔོན་གཏོར། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་འོག་ཏུ་དགོས་པའི་གཏོར་མཆོད་ཡོ་བྱད་རྣམས་ཚོགས་པར་བྱ། ཕྲིན་ལས་སྔོན་འགྲོ་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི། བླ་མ་རིག་འཛིན་དཔལ་ཆེན་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར། ན་མོ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ གཞན་དོན་བྱང་ཆུབ་མྱུར་ཐོབ་ཕྱིར༔ ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ། གསག་སྦྱོང་གསོལ་གདབ་ནི། ཨ༔ རང་གི་མདུན་གྱི་ནམ་མཁའ་རུ༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རིགས་ཀུན་ཁྱབ་བདག་བླ་མ་ནི༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དཀར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ རང་འོད་རིག་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་སངས་རྒྱས་ཡི་དམ་ལྷ༔ ཡོན་ཏན་དཔའ་བོ་རྣལ་འབྱོར་མ༔ ཕྲིན་ལས་ཆོས་སྐྱོང་སྲུང་མ་སྟེ༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ བླ་མ་རྡོ་རྗེ་སེམས་དཔའ་ལ། །སྙིང་ནས་སྐྱབས་མཆི་ཐུགས་རྗེས་དགོངས། །བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཀུན། །རྩད་ནས་དག་པར་མཛད་དུ་གསོལ། རྡོ་རྗེ་སེམས་དཔའི་གསང་གསུམ་ལས༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན༔ ཆར་བཞིན་བབས་ནས་སྒོ་གསུམ་ཞུགས༔ ཉེས་ལྟུང་ཉམས་ཆག་ཀུན་སྦྱང་གྱུར༔ ཅེས་དམིགས་ལ་ཡིག་བརྒྱ་ཉེར་གཅིག་སོགས་བཟླ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་རྒྱུན་བཤགས་ཡན་ལག་བརྒྱད་པ་དང་། མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་རབ་འབྱམས་དང༔ བདག་ལུས་ལོངས་སྤྱོད་དཔལ་འབྱོར་བཅས༔ གཟུང་འཛིན་རྣམ་དག་འོད་གསལ་ངང༔ བླ་མ་རྩ་གསུམ་ཀུན་འདུས་ལ༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ གསོལ་བ་གདབ་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་དངོས༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ དབང་བསྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཅེས་དང་། སྤྲོ་ན་བརྒྱུད་པའི་གསོལ་འདེབས་ནི། རིགས་ཀུན་ཁྱབ་བདག་མཐའ་ཡས་གདོད་མའི་མགོན། །རིགས་ལྔ་ཞི་ཁྲོ་གསང་བདག་ལས་ཀྱི་དབང་། །ཧཱུྃ་ཆེན་ཀཱ་ར་པྲ་བྷ་ཧསྟི་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །རྩ་གསུམ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ། །དབྱིངས་ཕྱུག་མཚོ་རྒྱལ་ཡེ་ཤེས་མཆོག་གྲུབ་རྒྱལ། །བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང་། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྐལ་ལྡན་ཆོས་བདག་རྩ་བརྒྱུད་བླ་མ་དང་། དཔལ་ཆེན་ཡང་དག་རྡོ་རྗེ་ཕུར་པའི་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་གསུམ་དུ་དག །རྩ་རླུང་ཐིག་ལེ་དྷཱུ་ཏིའི་སྲོག་ཏུ་རྫོགས། །སྐུ་དང་ཡེ་ཤེས་ཁྱབ་གདལ་ཆེན་པོར་སྨིན། །བདུད་བཞི་རྩད་གཅོད་ཕྱག་རྒྱའི་མཆོག་འགྲུབ་ཤོག །དབང་བླང་བ་ནི། བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རང་གི་གནས་གསུམ་ཐིམ༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སྙོམས་ཞུགས་བདེ་སྟོང་ངོ་བོར་ཞུ༔ རང་ཐིམ་ཡེ་ཤེས་རྒྱུད་ལ་སྨིན༔ འོད་གསལ་གཉུག་མའི་དབྱིངས་སུ་བཞག༔ ཨ་ཨ་ཨ༔ བགེགས་གཏོར་བཤམ། རཾ་ཡཾ་ཁཾ། ཡིད་མཐུན་སྣོད་དུ་འབྲུ་གསུམ་ལས། །གཏོར་མ་འདོད་རྒུའི་རྒྱ་མཚོར་གྱུར། །ཨོཾ་ཨཱ་ཧཱུྃ། ལན་གསུམ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ མིང་ཡང་གྲགས་པར་མི་འགྱུར་བས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུ་ཙཊྚ་ཡ་ཕཊ༔ ཅེས་ཡུངས་ཐུན་རོལ་མོ་སོགས་ཀྱིས་བསྐྲད། མཚམས་གཅད་པ་ནི། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ མཚོན་ཆའི་གུར་ཁང་འབར་བའི་མེ༔ རྡོ་རྗེ་ཁྲོ་བོའི་སྤྲིན་འཕྲོ་བས༔ བགེགས་ཀྱི་སྦྱོར་བ་མཚམས་བཅད་དོ༔ སརྦ་ཏཱིཀྵ་བཛྲ་ཛྭ་ལ་མ་ཧཱ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་དབབ་པ་ནི། ཧཱུྃ༔ ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་རོལ་ཅིར་ཡང་ཤར༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཀྱིས༔ དབང་སྐུར་བྱིན་ཕོབ་རྟགས་མཚན་སྟོན༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང༔ ཕྱི་ནང་གསང་བ་བླ་མེད་པའི༔ མཆོད་པའི་སྤྲིན་ཕུང་མཁའ་ཁྱབ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་སརྦ་པཱུ་ཛ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ་གྱིས་བརླབ་བོ། །དམ་བཅའ་བ་ནི། ཨོཾ༔ ཀུན་བཟང་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ དོན་དམ་ཀུན་རྫོབ་བྱང་ཆུབ་སེམས༔ དེང་ནས་ཚུལ་བཞིན་བཟུང་བར་བགྱི༔ ཨོཾ་བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ ཞེས་པ་རྣམས་ཀྱིས་སྔོན་འགྲོ་གྲུབ། གཉིས་པ་དངོས་གཞིའི་ཐོག་མར་དམ་ཚིག་པ་བསྐྱེད་པ་ནི། ཨ༔ གདོད་ནས་ཀ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པ་རང་སྣང་བ༔ མཚོན་ཆེན་ཧཱུྃ་ཡིག་སྔོན་པོ་ནི༔ ནམ་མཁའི་དཀྱིལ་ནས་འཇའ་ལྟར་ཤར༔ དེ་ལས་རོལ་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྟོང༔ སྟོང་པའི་ངང་ལས་གསལ་བའི་རྩལ༔ སངས་རྒྱས་ཞིང་ཁམས་ཡོངས་སྦྱངས་པའི༔ བཀོད་པ་ཆེན་པོའི་རོལ་པ་ནི༔ ཀློང་ལྔ་རྣམ་པར་དག་པའི་མདངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུར་ཁྲོད་དྲག་པོའི་བཀོད་པ་རྫོགས༔ དེ་དབུས་པད་ཟླ་ཉི་མ་དང༔ ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང༔ ཧཱུྃ་གིས་མཚོན་བྱེད་ཡོངས་གྱུར་ལས༔ མཚོན་བྱ་བདག་ཉིད་རྩ་བའི་ལྷ༔ རྡོ་རྗེའི་རང་བཞིན་སྟོང་པ་ཉིད༔ གཞོན་ནུ་ཡེ་ཤེས་སྙིང་རྗེའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པ༔ ཆོས་སྐུའི་ཡོན་ཏན་ཐམས་ཅད་ཉིད༔ གཟུགས་ཀྱི་རྣམ་པར་ཤར་བ་ནི༔ སྐུ་དང་རྩ་ཞལ་རབ་ཏུ་སྔོ༔ སྟོན་ཀའི་ནམ་མཁའ་དག་པ་བཞིན༔ གཡས་དཀར་གཡོན་དམར་བཞད་གཤེ་རྔམ༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ ཐེག་པ་དགུ་དང་ཡེ་ཤེས་ལྔ༔ རྫོགས་པའི་རྡོ་རྗེ་མཚོན་ཆར་འབེབ༔ གཡོན་གཉིས་ཉོན་མོངས་སྲེག་པའི་མེ༔ སྡིགས་པའི་མཛུབ་མོའི་རྩེ་ནས་སྤྲོ༔ གཉིས་པ་དུག་གསུམ་རྩད་གཅོད་པའི༔ ཁ་ཊྭཱཾ་ཅང་ཏེའུ་དྲིལ་བུ་འཁྲོལ༔ ཐ་མ་གཉིས་ཀྱིས་ཁམས་གསུམ་པོའི༔ ཉོན་མོངས་དུག་ཆེན་སྦྱོང་བའི་ཕྱིར༔ རི་རབ་ཕུར་བུ་འདྲིལ་བ་ནི༔ ཆེ་བཙན་འགྲན་བྲལ་རྟགས་སུ་བརྗིད༔ སྔོན་བྱུང་རུ་དྲ་བསྒྲལ་པ་ཡི༔ དཔལ་ཆེན་པོ་ཡི་ལོངས་སྤྱོད་དང༔ དུར་ཁྲོད་མཁའ་འགྲོ་འབུམ་གྱི་ཚོགས༔ དགྱེས་རྒུར་རོལ་པའི་ཡ་མཚན་ཆེ༔ རྡོ་རྗེའི་སྐུ་ཡི་དབྱིངས་སུ་རྫོགས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཅན༔ མ་ཧཱ་རུ་དྲའི་སྤྱི་ནས་བརྫིས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་མཐིང༔ ཨུཏྤལ་དུང་ཁྲག་བསྣམས་པས་འཁྱུད༔ གཟིག་ཤམ་སྣ་ཚོགས་ཁྲོ་མོའི་ཆས༔ ཆགས་དང་གཏུམ་པའི་ཉམས་འགྱུར་རྫོགས༔ དེ་ལྟར་གསལ་བའི་ཡེ་ཤེས་སྐུ༔ རང་བཞིན་ཅིར་ཡང་མ་དམིགས་བཞིན༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་ཕྱིར༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ ཕུང་པོ་སྲས་མཆོག་རིགས་ལྔ་སྟེ༔ འབྱུང་བ་དེ་ཡི་ཡུམ་དང་རོལ༔ དགེ་དང་མི་དགེའི་ཆོས་རྣམས་ཀུན༔ ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ༔ དེ་ལས་ཉོན་མོངས་རྟོག་པའི་རྩལ༔ ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་ཚོགས༔ མ་འདྲེས་ཉི་དང་འོད་བཞིན་པར༔ ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར༔ དེ་ལས་ཡེ་ཤེས་ཏི་ལ་ཀ༔ དྭངས་མ་ལྔ་འདུས་སྙིང་པོའི་སྲོག༔ བླ་མ་རྡོ་རྗེ་འཆང་ཆེན་པོ༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ སྤྱི་བོའི་སྟེང་ན་འགྱིང་ཞིང་རོལ༔ པདྨ་ཟླ་ཉི་དྲེགས་པའི་སྟེང༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ གཡས་དཀར་གཡོན་དམར་ཞལ་གྱིས་བརྗིད༔ ཡེ་ཤེས་ཆེན་པོའི་ཕྱག་དྲུག་གཡས༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་སྟེ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ ཡུམ་ནི་དབྱིངས་ཕྱུག་སྙེམས་མ་ཁྲོས༔ སྔོ་སྐྱ་རྡོ་རྗེ་དུང་ཁྲག་སྟོབ༔ གཉིས་ཀ་གར་དགུའི་རོལ་པ་དང༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ རྡོ་རྗེ་པདྨ་མཉམ་སྦྱོར་བས༔ བསྲུབས་ཤིང་སྲུབ་པའི་སྦྱོར་བ་ཡིས༔ བདེ་བ་ཆེན་པོའི་གཟི་བྱིན་ནི༔ བཟོད་དུ་མེད་པར་འབར་བའི་རྩལ༔ འཇའ་ཟེར་ཐིག་ལེ་འོད་ཕུང་གི༔ རྣམ་འཕྲུལ་འབར་ཞིང་འཁྲུགས་པའི་ཀློང༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོར་བཅས༔ ཤིན་ཏུ་བཟོད་པར་དཀའ་བ་ཡི༔ བདེ་སྟོང་ཡེ་ཤེས་ཉམས་འབར་བས༔ ཨ་ཧཾ་ཧཱུྃ་དང་ཕཊ་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་ཡོངས་སུ་སྒྲོག༔ སྣང་སྟོང་གྲགས་སྟོང་རིག་བཞིན་སྟོང༔ གསལ་སྟོང་དང་ནི་ཚོར་བས་སྟོང༔ གདོད་མའི་རང་བཞིན་ཅིར་ཡང་འཆར༔ འཆར་བའི་ཐུགས་རྗེ་འགག་མེད་རྩལ༔ གདུག་པ་ཅན་རྣམས་རྗེས་འཛིན་ཕྱིར༔ སྣང་སྲིད་སྣོད་བཅུད་གཞིར་བཞེངས་པ༔ རྡོ་རྗེ་ཁྲོ་བོའི་ཕྱག་རྒྱར་རྫོགས༔ རྡོ་རྗེའི་སྐུ་དང་ནཱ་དའི་གསུང༔ གཞོམ་མེད་ཐིག་ལེ་ཆེན་པོ་ནི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ༔ སྣོད་ཀྱི་འབྱུང་བ་རྣམ་ལྔ་དང༔ བཅུད་ཀྱི་ཕུང་པོ་རྣམ་པ་ལྔ༔ རྒྱུད་ཀྱི་ཉོན་མོངས་རྣམ་ལྔར་བཅས༔ ཡེ་ཤེས་ལྔ་རུ་རང་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ སྲིད་པའི་ཁྲག་འཐུང་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཁྲག་འཐུང་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་མེད་བརྟན་པར་བཞུགས་པ་ནི། ཧཱུྃ༔ ཆགས་སྡང་འདུལ་བའི་ལྷ་ནི་རྔམས་ཤིང་བརྗིད༔ གར་དགུས་རོལ་པའི་ཕྲིན་ལས་ཧེ་རུ་ཀ༔ སྐུ་གསུང་ཐུགས་མཆོག་བདག་ལ་བརྟན་བཞུགས་ནས༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡ་ཧོ༔ ཨ་ནུ་རཱ་ག་ཡཱ་མི༔ ཕྱག་འཚལ་བ་ནི། ཧཱུྃ༔ སྟོང་པ་ཉིད་ཀྱི་ངོ་བོ་རྡོ་རྗེ་ཆེ༔ རང་བཞིན་འགྱུར་མེད་གཞོན་ནུའི་ཡེ་ཤེས་ཤར༔ མཁའ་མཉམ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ལ༔ གཉིས་སུ་མེད་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ བླ་ན་མེད་པའི་མཆོད་པར་སྦྱར་བ་ནི༔ བྱང་ཆུབ་སེམས་ཀྱི་འོད་ཟེར་སྤྲིན་ཆེན་འཕྲོ༔ འདོད་པའི་ཡོན་ཏན་རོལ་མོ་བསམ་ཡས་པ༔ ཡུལ་དང་བདེ་ཆེན་ཟུང་འཇུག་རྒྱན་དུ་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ༔ སྒེག་དཔའ་འཇིགས་རུང་རྡོ་རྗེའི་གཟི་བྱིན་འབར༔ རྒོད་གཤེ་དྲག་ཤུལ་མཐའ་ཡས་སྔགས་ཀྱི་ཚིག༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་སྲོག་ལྡན་པའི༔ ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ འདིར་བསྙེན་སྒྲུབ་སྐབས་སོགས་གཞུང་གི་དགོངས་པ་ལྟར་ལམ་དབང་བླང་བར་སྤྲོ་ན། སྤྱི་བོའི་བླ་མ་ཧེ་རུ་ཀ་ལ་དམིགས་ཏེ། གསོལ་གདབ། རྒྱུད་སྦྱོང་། སེམས་གསུམ་བསྐྱེད། བུམ་དབང་ནས་བཞི་པའི་བར་ཏིང་ངེ་འཛིན་ཁོ་ནས་བླང་། བར་བར་རུ་ལུ་བཟླ་ཞིང་དགོངས་པ་བསྐྱང་། ཕྲིན་ལས་དཀྱུས་ཙམ་ལ་ནི་མི་དགོས་སོ། །དེ་ནས་བཟླས་པ་ལ་དང་པོ་བླ་མ་ཧེ་རུ་ཀའི་བྱིན་རླབས་ཀྱི་བཟླས་པ་བྱ་སྟེ། ཛཔ྄་བསྐུལ་ནི། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ བདུད་དང་རུ་དྲ་བསྒྲལ་བ་དང༔ གདུལ་བྱ་ཡོངས་སུ་སྨིན་པའི་ཕྱིར༔ ཐབས་ཀྱི་ཕྲིན་ལས་དེང་བསྐུལ་ན༔ འབར་བ་སྐུ་ཡི་གཟི་བྱིན་སྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་སྒྲོགས༔ ཡེ་ཤེས་ཆེན་པོའི་སྲོག་ལྡན་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔ དེ་སྐད་བསྐུལ་བའི་དེ་མ་ཐག༔ སྐུ་ནི་གར་དགུར་ཤིག་ཤིག་གཡོས༔ ཁྱད་པར་རྡོ་རྗེ་པདྨར་གསོར༔ གསུང་ནི་སྔགས་ཀྱི་སྒྲ་ཆེན་བསྒྲག༔ ཁྱད་པར་ཨ་ཧཾ་བདེ་སྐད་བླང༔ ཐུགས་ནི་མཁའ་ལས་མི་གཡོ་བཞིན༔ བཟོད་མེད་བདེ་བ་སྟོང་པར་ཞུགས༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ གང་གང་འདུལ་བ་དེ་དེར་སྟོན༔ དཀར་དམར་མཐིང་བའི་འོད་ཟེར་གྱིས༔ བདག་དང་བདག་གིར་འཛིན་པ་ཡི༔ རྒྱུད་དང་རྟོག་པ་ཀུན་སྦྱངས་ནས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས༔ ཡེ་ཤེས་ཆེན་པོར་རོ་གཅིག་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། གྲངས་ཀྱི་ཚད་བདུན་འབུམ། དུས་ཀྱི་ཚད་ཞག་བདུན་ཕྲག་བདུན་དུ་བཟླ་བར་གསུངས་སོ། །གཉིས་པ་ཡི་དམ་ཁྲོ་བོའི་བཟླས་པ་ནི། དབང་དུས་སོགས་ལ་ཛཔ྄་ཁང་ཕྱེས་ཏེ། བདག་མདུན་རྡོ་རྗེ་གཞོན་ནུ་ཆེའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ བཛྲ་སཏྭ་དཀར་གསལ་འཚེར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ པད་ཉིའི་ལྟེ་བར་ཧཱུྃ་མཐིང་མཐར༔ འབར་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བར་མཉེས་མཆོད་ཕུལ༔ ཁམས་གསུམ་འགྲོ་བའི་སྒྲིབ་ཀུན་སྦྱངས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ སླར་ཡང་སྐུ་སྔགས་ཕྱག་མཚན་དང༔ འབར་བའི་མེ་ཡིས་སྣང་སྲིད་ཁྱབ༔ དམ་ཅན་སྲུང་མ་ལས་ལ་བསྐུལ༔ སྡེ་བརྒྱད་གདུག་པ་ཚར་ཐག་བཅད༔ བར་ཆད་བྱད་ཕུར་རྡུལ་དུ་བརླག༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་འོད་གསལ་དབྱིངས་སུ་ཐིམ༔ སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་གྱུར༔ ཅེས་པའི་དམིགས་གནད་རྩེ་གཅིག་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བཟླ། ཚད་སྤྱི་དང་མཐུན། བསྙེན་གྲངས་རྫོགས་ནས་བཞི་སྙིང་གཅིག་དྲིལ་འདིའང་བཟླ་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ སྐབས་འདིར་ཚེ་སྒྲུབ་སྦྱོར་བར་འདོད་ན། བདག་མདུན་དཔལ་ཆེན་ཁྲག་འཐུང་དང༔ རྡོ་རྗེ་གཞོན་ནུའི་ཐུགས་ཀ་རུ༔ ཉི་ཟླའི་ག་འུ་ཁ་སྦྱོར་སྦུབས༔ ཧཱུྃ་མཐར་ཚེ་ཡི་རིག་པས་བསྐོར༔ བཟླས་ཤིང་ཐུགས་དམ་རྒྱུད་བསྐུལ་བས༔ ཡེ་ཤེས་རོལ་པའི་འོད་ཟེར་གྱིས༔ གཽ་རཱི་ལ་སོགས་ལྷ་མོ་དང༔ ཕུར་སྲུང་དམ་ཅན་བཅུ་གཉིས་སོགས༔ ཕོ་ཉ་རྣམས་ཀྱི་ཐུགས་ཀར་ཕོག༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ༔ རང་གཞན་བླ་ཚེ་ཆད་ཡར་དང༔ སྲིད་ཞིའི་དྭངས་བཅུད་ཐམས་ཅད་ཀུན༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་རིག་འཛིན་འགྲུབ་པར་གྱུར༔ ཅེས་དམིགས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་པ་ཡང་དག་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཕུར་པའི་ཚེ་ཛཔ྄་ཅི་འགྲུབ་བཟླ། ཐུན་མཐར་མདའ་དར་གཡབ་ལ་ཚེ་འགུགས་པ་ནི། ཨོཾ༔ འཆི་མེད་རྟག་པ་དམ་པའི་སྐུ༔ དཔལ་ཆེན་ཡོངས་རྫོགས་ཧེ་རུ་ཀ༔ སྔོན་ཚེ་གོང་ནས་འབྲེལ་བའི་ལྷ༔ དེང་འདིར་བསྙེན་ཅིང་སྒྲུབ་ལགས་ན༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ ཐུགས་དམ་ཆེན་པོས་རྗེས་དགོངས་ནས༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ ཕོ་ཉ་སྤྲུལ་པའི་འདུ་འཕྲོ་ཡིས༔ བླ་ཚེ་ཆད་ཉམས་ཡར་པ་དང༔ སྲིད་ཞིའི་དྭངས་བཅུད་དགེ་མཚན་ཀུན༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ ནད་མེད་བདེ་བའི་གཟི་བྱིན་འབར༔ འཆི་བ་མེད་པ་རྟག་པའི་ཚེ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་གོང་གི་སྔགས་བརྗོད། ཚེ་སྦ་ཞིང་རྒྱས་གདབ་པ་ནི། ཨ༔ འཁོར་འདས་དྭངས་བཅུད་སྲོག་ཏུ་འདྲིལ༔ མི་ཤིགས་ཐིག་ལེ་ཧཱུྃ་ལ་ཐིམ༔ དེ་ཡང་བརྗོད་བྲལ་ཀ་དག་ཀློང༔ འཆི་མེད་གཉུག་མར་རྒྱས་གདབ་བོ༔ བཛྲ་ཛྙཱ་ན་བྷྲཱུྃ་རཀྵ་ཨ་ཨ༔ སྟོང་ཚིགས་མཆོད་བསྟོད་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། དང་པོ་ཚོགས་མཆོད་ནི། ཐབས་ཤེས་ཟུང་འཇུག་གི་རྫས་རྣམས་རྣལ་འབྱོར་པའི་ནུས་པ་དང་མཐུན་པར་ཚོགས་པར་བྱས་ལ། རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཡེ་ཤེས་རླུང་དང་རང་རྩལ་མེ༔ བྱང་སེམས་ཆུ་ཡི་ཆོ་འཕྲུལ་ལས༔ སྣོད་བཅུད་ཐ་མལ་འཛིན་ཞེན་སྦྱངས༔ སྟོང་པའི་ངང་ལས་གསལ་བའི་གདངས༔ སྣོད་ནི་པདྨ་བྷཉྫའི་ནང༔ བཅུད་ནི་བྱང་ཆུབ་སེམས་ཆེན་པོ༔ རྣམ་པར་དབྱེ་བ་ཀུན་སྤངས་པའི༔ འཕེལ་འགྲིབ་བྲལ་བའི་ཕྱག་རྒྱ་ཆེ༔ རྡོ་རྗེའི་དམ་ཚིག་ཆེན་པོར་ཤར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡ་ཧོ༔ ཨ་ནུ་རཱ་ག་ཡཱ་མི༔ ཚོགས་མགྲོན་སྤྱན་དྲངས་པ་ནི། ཧཱུྃ་ཧཱུྃ༔ པདྨར་རྡོ་རྗེ་སྦྱོར་ལྡན་པའི༔ ཨ་ཧཾ་སྔགས་ཀྱི་སྒྲ་ཆེན་པོས༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་དང༔ རྡོ་རྗེ་གཞོན་ནུ་སྤྱན་དྲང་ངོ༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི༔ མ་ཧཱ་སུ་ཁ་ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དབང་པོའི་རོལ་པ་ཕྱི་ཡི་ཚོགས༔ ཡུལ་དང་ཤེས་པ་མི་ཕྱེད་པ༔ བདེ་སྟོང་ལོངས་སྤྱོད་ནང་གི་ཚོགས༔ རྡོ་རྗེའི་དམ་ཚིག་བླ་ན་མེད༔ བསམ་གྱིས་མི་ཁྱབ་གསང་བའི་ཚོགས༔ གཉིས་མེད་མཉམ་པའི་ངང་དུ་རོལ༔ མ་ཧཱ་པཱུ་ཛ་ཏ་ན་ག་ཎ་ས་མ་ཡ་ཨ་ཧཾ༔ བཤགས་པ་ནི། ཧོ༔ རྩ་བ་ཡན་ལག་དང་བཅས་པ༔ ཕྱི་ཡི་དམ་ཚིག་ཉམས་ཆག་བཤགས༔ བདེ་ཆེན་ལམ་དུ་མ་བསླངས་པའི༔ ནང་གི་ཉམས་ཆག་བཟོད་པར་གསོལ༔ མེད་དང་ཕྱལ་པ་གཅིག་པུ་དང༔ ལྷུན་གྱིས་གྲུབ་པར་མཉམ་གཞག་པས༔ ཀུན་ནས་ཀུན་ཏུ་མི་ཕྱེད་པའི༔ རྡོ་རྗེའི་དམ་ཚིག་དག་གྱུར་ཅིག༔ ས་མ་ཡ་ཧོ༔ བསྒྲལ་བ་ནི། ཚོགས་ཐ་མ་ལ་རྟེན་བྱས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་ཅིང་། ནྲྀ་ཡཾ་ཛཿནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་དམིགས་བྱ་དམིགས་རྟེན་ལ་བཀུག་ཛཿཧཱུྃ་བཾ་ཧོཿ དགུག་གཞུག་བཅིངས་ཏེ་མྱོས་པར་བྱས་ལ། ཕུར་པ་འདྲིལ་ཞིང་། ཧཱུྃ་བྷྱོ༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དགྲ་བགེགས་ཀླ་ཀློ་དགུག་ཅིང་བསྟིམ༔ ཐེ་ཚོམ་རྟོག་པའི་བྱུར་འདྲེ་ཀུན༔ ཛ་ཧཱུྃ་བཾ་ཧོཿའི་ཕྱག་རྒྱས་གདབ༔ གཟུང་དང་འཛིན་པའི་གཉིས་འཛིན་བདུད༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཀུན་ནས་ཀུན་ཏུ་འོད་གསལ་བ༔ གདོད་མའི་སྟོང་ཆེན་དབྱིངས་སུ་ཐིམ༔ ཧཱུྃ་ཧཱུྃ་ཧོཿཧཾ་མཱ་ར་ཡ་ཕཊ༔ ཞལ་བསྟབ་ནི། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་མར་འགྱུ་འདྲའི་ལྗགས་རྐྱང་སྟེ༔ ཉམས་པ་བདུན་ལྡན་དགྲ་བོ་རོལ༔ ཡེ་ཤེས་ཆེན་པོའི་གཟི་བྱིན་སྐྱེད༔ བདེ་བ་ཆེན་པོའི་རྩལ་དང་བཅས༔ དབྱིངས་རིག་གཉིས་སུ་མེད་པའི་ངང༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ས་མ་ཡ་ཧོ་ཧོ་ཧོ༔ ཨ་ཧཾ་མ་ཧཱ་སུ་ཁ་ཧོ༔ བརྡའི་འབུལ་ལེན་བྱས་ལ་ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ། ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བྱིན་གྱིས་བརླབས་ལ། ཨེ་ཨ་རལླི་ཧྲིཾ་ཛཿ ས་མ་ཡ་ཕེཾ་ཕེཾཿ ཞེས་པས་ལྷག་སྡུད་ཀྱི་ཕོ་ཉའི་ཚོགས་རྣམས་དམ་ཚིག་གི་གནས་སུ་བྱོན་པ་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱཱུུྃྃ་བྷྱོ༔ གནས་དང་ཡུལ་དང་ཞིང་རྣམས་ཀུན༔ སྐྱོང་བའི་མ་སྲིང་མཁའ་འགྲོ་དང༔ ལྷག་མའི་དམ་ཚིག་གཏོགས་པ་ཀུན༔ འདིར་གཤེགས་དཔལ་གྱི་ཕ་འབབ་བཞེས༔ རྣལ་འབྱོར་ཕྱི་ཡི་བར་ཆད་སོལ༔ འབྱུང་བཞི་ནང་གི་གཡོ་འཁྲུགས་ཟློག༔ རྩ་རླུང་གསང་བའི་སུན་མ་ཆོད༔ ཐིག་ལེ་རྟེན་དང་བརྟེན་པར་བཅས༔ ཡེ་ཤེས་ཆེན་པོར་དབྱེར་མེད་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ སྨོན་ལམ་གདབ་པ་ནི། ཧོ༔ ཆོས་དབྱིངས་རྣམ་པར་དག་པའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉེན་དང་གཟུངས་མ་དང༔ རྡོ་རྗེའི་སྲོག་གིས་སྦྲེལ་བའི་མཆེད་ལྕམ་རྣམས༔ ནམ་ཡང་མི་འབྲལ་ཏིང་འཛིན་རྩེ་གཅིག་པས༔ རྡོ་རྗེ་ཐེག་པའི་རིགས་སུ་སྐྱེ་བ་དང༔ བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་པའི༔ སྐལ་པ་མཆོག་དང་ལྡན་པར་རབ་གྱུར་ཏེ༔ དེ་དང་དེ་ཡི་དམ་ཚིག་རྣམ་དག་ཤོག༔ བསྐྱེད་པའི་རིམ་པས་སྣང་བ་ལྷ་སྐུར་དག༔ རྫོགས་རིམ་ཟབ་མོས་རྩ་རླུང་ཐིག་ལེར་རྫོགས༔ རྫོགས་པ་ཆེན་པོས་ཡེ་ཤེས་མངོན་སྨིན་ཏེ༔ སྤང་ཐོབ་མེད་པའི་འབྲས་བུ་ལྷུན་གྲུབ་ཤོག༔ ཛྙཱ་ན་ས་མ་ཡ་ཨ་ཨ་ཨ༔ དེ་ནས་ཆད་མདོ་གཏོར་མ་བསྐྱང་བ་ནི། ཧཱུྃ་ཨེ༔ སྐྱེ་བ་མེད་པ་ཨེ་ཀ་ཛཱ་ཏིའི་དབྱིངས༔ འགག་པ་མེད་པ་བདེ་ཆེན་ཝྃ་ཡིག་གཟུགས༔ གཉིས་མེད་དྲེགས་པའི་ཆོ་འཕྲུལ་སྣ་ཚོགས་པ༔ རྡོ་རྗེ་སྲིན་པོ་མ་ནིང་རོལ་པ་ལས༔ ཅིར་ཡང་འཆར་ཞིང་ཅིར་ཡང་འབྱུང་བ་ཡི༔ འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྣམ་འཕྲུལ་པ༔ ཐམས་ཅད་ཐུགས་དམ་དབང་གིས་འདིར་གཤེགས་ལ༔ ཤ་ཁྲག་བ་ལིཾ་ལོངས་སྤྱོད་རྒྱ་མཚོ་བཞེས༔ བསྟན་དང་འཁོར་སྲུངས་བསྟན་འཛིན་སྐུ་ཚེ་སྲིངས༔ གཞན་དོན་ཕྲིན་ལས་གཡེལ་བ་མེད་པར་མཛོད༔ དྷརྨ་པཱ་ལ་ས་མ་ཡ་ཧོ༔ བརྟན་མ་བསྐྱང་བ་ནི། ཧཱུྃ་བྷྱོ༔ འཇིག་རྟེན་སྤྱི་དང་བོད་ཁམས་བརྟན་མའི་ཚོགས༔ ནག་མོ་སྨུག་མོ་དཀར་མོ་འབུམ་སྡེའི་ཚོགས༔ འདིར་སྤྱོན་དཔལ་གྱི་ལྷག་གཏོར་བཤལ་ཆུ་བཞེས༔ བོད་ཁམས་སྲུང་ཞིང་མཐའ་དམག་གཡོ་འཁྲུགས་ཟློག༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྟ་བྲོ་ནི། གཏོར་གཞོང་འོག་ཏུ་དམ་སྲི་བཀུག་ལ། ཨེ་ཧཱུྃ༔ རྣམ་པར་ཐར་པ་གསུམ་གྱི་མཁའ་དབྱིངས་སུ༔ གེགས་བྱེད་རུ་དྲ་ཀླ་ཀློ་སྡེར་བཅས་མནན༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྲིད་དུ༔ མནན་པ་ཡིན་གྱིས་ནམ་ཡང་མ་ལྡངས་ཤིག༔ ས་མ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་གཏང་རག་གི་མཆོད་བསྟོད་ཕུལ། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ་ཧོ༔ བླ་མ་ཡང་དག་ཡི་དམ་ཀཱི་ལ་ཡ༔ རྩེ་གཅིག་བསྙེན་ཅིང་བསྒྲུབས་པས་ཐུགས་དམ་བསྐུལ༔ དེང་འདིར་དངོས་གྲུབ་སྩོལ་བའི་དུས་ལགས་ན༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ དབང་བཅུ་ཕྱི་དང་ནང་ལ་སོགས་པ་ཡི༔ ཐུན་མོང་དངོས་གྲུབ་དཀའ་བ་མེད་པ་དང༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེའི༔ གོ་འཕང་ཚེ་འདི་ཉིད་ལ་བསྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་སྒྲུབ་རྫས་སྤྱི་བོར་གཏུགས། དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཚོགས་མགྲོན་དང་མདུན་བསྐྱེད་ཡོད་ན་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པའི་དཀྱིལ་འཁོར་བསྡུ་ཞིང་ལྡང་བ་ནི། ཨ་ཨ་ཨ༔ འཁོར་འདས་ཆོས་ཀུན་བདེན་གཉིས་དབྱེར་མེད་པ༔ ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་ཐིམ༔ དེ་ལས་སླར་ཡང་ཟུང་འཇུག་སྒྱུ་མ་དང༔ ཆུ་ཟླ་ལྟ་བུའི་ལྷན་སྐྱེས་སྐུ་རུ་ལྡང༔ ཕཊ་ཕཊ་ཕཊ༔ བསྔོ་སྨོན་ནི། ཧོ༔ དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན༔ ཤིན་ཏུ་རྣམ་དག་འདུས་མ་བྱས་པར་བསྔོ༔ དེ་ཡི་དགེ་བས་མཐའ་ཡས་ཡིད་ཅན་ཀུན༔ ཁྲག་འཐུང་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཤིས་པ་བརྗོད་པ་ནི། ཧཱུྃ༔ ཆོས་སྐུ་ཡང་དག་གདོད་ནས་འདུས་མ་བྱས༔ ལོངས་སྐུ་དཔལ་ཆེན་བཛྲ་ཀུ་མཱ་ར། སྤྲུལ་སྐུ་གང་འདུལ་དེར་སྣང་སྣ་ཚོགས་གཟུགས༔ དབྱེར་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་དང་། གཞན་ཡང་ཐེག་པ་ཆེན་པོའི་བསྔོ་སྨོན་རྒྱ་ཆེར་བྱའོ། །འདིས་ཀྱང་པདྨའི་བཀའ་བརྒྱུད་དང་། །སྒྲུབ་བརྒྱུད་ཉམས་མེད་འཕེལ་ཞིང་རྒྱས། །བདུད་བགེགས་ཕུར་བུའི་སྟོབས་ཀྱིས་བཅོམ། །ཡང་དག་གྲུབ་པ་མངོན་བྱེད་ཤོག །ཅེས་པ་འདིའང་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་ཟེ་ཆེན་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་གནང་དོན་ལྟར། གཏེར་ཆེན་བླ་མ་ཉིད་ལ་ཐོག་མར་གཏན་ལ་འབེབ་པར་གསོལ་བ་འདེབས་པ་པོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དཔལ་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་གཏེར་གཞུང་དུམ་བུ་རྣམས་ཁྲིགས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་ཛཔ྄་ཁང་དབྱེ་བ་ (Volume 32, Text 35)
བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཧྲཱིཿཧཱུྃ་ཕཊ་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་བྱེ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ གཉིས་ཀའི་ཐུགས་སྲོག་ཡི་གེའི་མཐར༔ སྔགས་ཕྲེང་སྒྲར་བཅས་འཁོར་བ་ལས༔ འོད་ཟེར་དཔག་ཡས་འཕྲོ་བར་བསམ༔ དེ་ནས་ཛཔ྄་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ྄་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་ཛཔ྄་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་གཏང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབ༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་གྲུབ་པར་མཛོད༔
རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་གཏོར་འབུལ་གྱི་རིམ་པ་ཁྱེར་བདེ་རིག་འཛིན་དགའ་སྟོན (Volume 41, Text 35)
༄༅། །རྩ་གསུམ་ཆོས་སྐྱོང་དང་བཅས་པ་ལ་གཏོར་འབུལ་གྱི་རིམ་པ་ཁྱེར་བདེ་རིག་འཛིན་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡེ། གཏོར་མ་ལ་རྣམ་གཞག་མང་བ་ལས། སྐབས་འདིར་རྟག་གཏོར་ཡོད་ན་ཁ་གསོ། མེད་དམ་ཡོད་ཀྱང་རུང་དུས་གཏོར་དང་རྒྱུན་གཏོར་གང་ཡིན་སྨན་རཀ་ཕུད་མཆོད་དང་བཅས་པ་བཤམ། དེ་དག་གང་ཡང་མི་འབྱོར་བའི་སྐབས་སུའང་ཕྱེ་མར་དང་ཕུད་མཆོད་ཙམ་ལ་བརྟེན་ཏེ། བྱིན་གྱིས་བརླབ་པ་ནི། ཧཱུྃ། བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་མེ་རླུང་ཆུས། །གཏོར་མའི་འབགས་བཙོག་དྲི་མ་བསྲེགས་གཏོར་བཀྲུས། །རླུང་མེ་ཐོད་སྒྱེད་སྟེང་དུ་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེར་ཤ་ལྔ་བདུད་རྩི་ལྔ། །རིགས་ལྔ་ཡབ་ཡུམ་ས་བོན་འབྲུ་བཅུས་མཚན། །མེ་རླུང་སྦྱོར་བས་བནྡྷའི་དམ་རྫས་ཁོལ། །ཡེ་ཤེས་བདུད་རྩི་འབྲུ་གསུམ་རྣམ་པར་བཀུག །འོད་ཞུ་རྣམ་པར་རྟོག་པའི་ཉེས་སྐྱོན་སྦྱངས། །རོ་བཅུད་ནུས་ལྡན་བདུད་རྩི་ཆེན་པོར་རྟོགས། །འདོད་ཡོན་མཆོད་སྤྲིན་མཁའ་ཁྱབ་སྦར་བར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཐུགས་སྲོག་འོད་ཀྱི་ཕོ་ཉས་རྩ་གསུམ་དང་། །ཆོས་སྐྱོང་གཏེར་སྲུང་དཀར་ཕྱོགས་སྐྱོང་བ་རྣམས། །མདུན་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ རང་མཐུན་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །རྗེ་བཙུན་བླ་མ་རྣམས་ཀྱི་ཡེ་ཤེས་ལྗགས། །རྡོ་རྗེའི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ན་མོ་སརྦ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཅིག་གམ་གསུམ་སྐབས་སྦྱར། ན་མོ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་གྱི་བརྒྱུད། །མངོན་སུམ་གོང་འཕེལ་ཚད་ཕེབས་ཟད་སར་ཕྱིན། །འདུན་པ་སེམས་དང་རིགས་ཆེན་འབྱེད་པ་དང་། །དབུགས་ཕྱིན་ལུང་ཆེན་ཐོབ་དང་རྩལ་ཆེན་རྫོགས། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཀྱི། །ས་ལ་གནས་པའི་རིག་འཛིན་རྒྱ་མཚོ་དང། ཁྱད་པར་དཀོན་མཆོག་སྤྱི་འདུས་གུ་རུ་རྗེ། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་རྗེ་འབངས་ཚོགས། །གཏེར་ཆེན་གཏེར་ཕྲན་ལས་ཅན་ཆོས་བདག་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །རྡོ་རྗེ་འཆང་ཆེན་གདོད་གནས་གྲུབ་ཆེན་བརྒྱད། །རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི་སོགས། །རྒྱུད་སྡེ་བཞི་ཡིས་མཆོག་ཐུན་གྲུབ་རྣམས་དང་། ཁྱད་པར་ཏེ་ལོ་ནཱ་རོ་མར་མི་དྭགས། །ཆེ་བཞི་ཆུང་བརྒྱད་ཤངས་པ་བཀའ་བརྒྱུད་དང་། །བཀའ་གདམས་ལམ་འབྲས་སྦྱོར་དྲུག་ཞི་བྱེད་གཅོད། །བསྙེན་སྒྲུབ་ལ་སོགས་བཤད་སྒྲུབ་སྲོལ་འཛིན་པའི། །རྩ་བརྒྱུད་དཔལ་ལྡན་བླ་མ་ཐམས་ཅད་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །བྱང་ཆུབ་བར་དུ་ཐུགས་རྗེས་མི་འདོར་བར། །ཡེ་ཤེས་མཆོག་གིས་བདག་རྒྱུད་བྱིན་གྱིས་རློབས། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ལྗགས། །ཕྱག་མཚན་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་དེ་བ་ག་ཎ་ཤཱནྟ་ཀྲོ་དྷ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ཁྲག་འཐུང་ཁྲོ་བོ་ལྔ་བཅུ་བརྒྱད། །ཚོགས་ཆེན་འདུས་པ་ཐེག་དགུའི་དཀྱིལ་འཁོར་ལྷ། །སྒྱུ་འཕྲུལ་མཉམ་སྦྱོར་ལ་སོགས་ཏནྟྲ་སྡེ། །བཅོ་བརྒྱད་ནས་གསུངས་ཡི་དམ་ལྷ་ཚོགས་དང་། །བླ་མ་དགོངས་འདུས་དཀྱིལ་འཁོར་ཚོམ་བུ་དགུ། །རྟ་མཆོག་རོལ་པ་ཡི་དམ་དགོངས་འདུས་ལྷ། །དམར་ནག་མེ་ཕྲེང་གུ་རུ་དྲག་ཏུ་ཁྲོས། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་པ། །སྐུ་མཆོག་འཇམ་དཔལ་གསུང་མཆོག་པདྨ་དབང་། །ཐུགས་མཆོག་ཡང་དག་ཡོན་ཏན་བདུད་རྩིའི་རིགས། །ཕྲིན་ལས་ཕུར་པ་རྦོད་གཏོང་མ་མོ་དང་། །དམོད་པ་དྲག་སྔགས་འཇིག་རྟེན་མཆོད་བསྟོད་ལྷ། །སྒྲུབ་ཆེན་བཀའ་བརྒྱད་ཞི་དང་ཁྲོ་བོ་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །དུས་ཀྱི་འཁོར་ལོ་མཁའ་འགྲོ་དྲྭ་བ་སྡོམ། །དགྱེས་རྡོར་མཱ་ཡ་སངས་རྒྱས་ཐོད་པ་དང་། །གདན་བཞི་རྒྱལ་བ་རྒྱ་མཚོ་དམ་ཚིག་སྒྲོལ། །གསང་འདུས་འཇིགས་བྱེད་དགྲ་ནག་གཤེད་དམར་པོ། །སྒྱུ་འཕྲུལ་དྲྭ་བ་མི་གཡོ་ཕྱག་རྡོར་སོགས། །ཕ་རྒྱུད་མ་རྒྱུད་གཉིས་མེད་ལྷ་རྣམས་དང་། །དཔལ་རྩེ་རྡོར་དབྱིངས་ལ་སོགས་རྣལ་འབྱོར་རྒྱུད། །རྣམ་སྣང་མངོན་བྱང་ལ་སོགས་སྤྱོད་པའི་རྒྱུད། །བདེ་གཤེགས་པདྨ་རྡོ་རྗེ་རྒྱས་པའི་རིགས། །ལྔས་རྩེན་ནོར་བུ་ཅན་ཏེ་བྱ་རྒྱུད་ཀྱི། །ལྷ་ཚོགས་ཡབ་ཡུམ་སྤྲུལ་པར་བཅས་པ་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཡེ་ཤེས་ལྗགས། །འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །ཡུལ་ཆེན་ཉེར་བཞི་གནས་ཆེན་སུམ་ཅུ་གཉིས། །དུར་ཁྲོད་བརྒྱད་ཀྱི་དཔའ་བོ་ཌཱ་ཀི་དང་། ཁྱད་པར་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གསང་བ་ཡེ་ཤེས་མཁའ་སྤྱོད་དཀར་དམར་རིགས། །དབྱིངས་ཕྱུག་རྣམ་དགུ་མཁའ་འགྲོ་དགོངས་པ་འདུས། ཁྲོས་མ་ནག་མོ་སེང་གེའི་གདོང་པ་ཅན། །ཀུ་རུ་ཀུལླེ་རྗེ་བཙུན་སྒྲོལ་མ་ཡུམ། །གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་སོགས། །སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས། །སྣ་ཚོགས་འཇིག་རྟེན་དམ་ཚིག་ཤ་ཟའི་རིགས། །དྲུག་ཅུ་རྩ་བཞི་རིགས་བརྒྱའི་རྣལ་འབྱོར་མ། །ཞིང་སྔགས་ལྷན་ཅིག་སྐྱེས་པའི་ཚོགས་རྣམས་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །ཐིག་རླུང་དབང་འདུས་རྟེན་འབྲེལ་ཕྱོགས་མེད་འཆར། །འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གྲོགས་མཛོད་ཅིག །སྨན་གཏོར་རཀྟ་ཟག་མེད་བདུད་རྩིའི་བཅུད། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་རྡོ་རྗེའི་ལྗགས། །མཚོན་ཆའི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་དྷརྨ་པ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྲག་འཐུང་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་ལྗང་སྔོན་དྲག་པོ་དང་། །བྱ་རོག་མཚན་ཅན་མྱུར་མཛད་ཡེ་ཤེས་མགོན། །དཔལ་མགོན་མ་ནིང་རྡོ་རྗེ་གུར་མགོན་དང་། །སྟོབས་འཕྲོག་དབང་པོ་ཞང་བློན་ཨ་གྷོ་ར། །སྟག་ཞོན་བིང་མ་གྲི་གུག་སེང་ཞོན་དང་། །ལས་མཛད་བདུད་མགོན་ཆེན་པོ་ཏྲཀྴད་སོགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོའི་རིགས། །དུར་བདག་ཡབ་ཡུམ་རྟ་ནག་དྲེགས་པ་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །སྨུག་ནག་ཁྲོས་མ་སྔགས་ཀྱི་བདག་མོ་ཆེ། །ཤན་པ་ནག་མོ་འབར་མ་མེ་ཡི་གདོང་། །ཡུམ་ཆེན་དཔལ་འབར་རེ་ཏི་མཆེད་དེ་བཞི། ཁྲག་འཐུང་དུད་སོལ་མ་དང་དམག་ཟོར་རྒྱལ། །འདོད་ཁམས་དབང་ཕྱུག་མ་གཅིག་དཔལ་ལྷ་མོ། །རབ་བརྟན་མ་དང་རྡོ་རྗེ་གཤོག་རྒོད་མ། །བདེ་ཆེན་རྒྱལ་མོ་ཞི་ཆགས་ཁྲོས་པའི་གར། །སྤྱང་ཞོན་མ་དང་ཤ་ཟ་ཁ་མོ་ཆེ། །ཞིང་སྐྱོང་དུར་ཁྲོད་མ་མོ་འཁོར་བཅས་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །རྡོ་རྗེ་བེར་ཅན་ལྷ་མོ་རང་བྱུང་མ། །དབུགས་ལེན་བཅུ་དྲུག་ཕྱོགས་བཅུ་སྐྱོང་བའི་མགོན། །དྲེགས་པ་དོན་གཉིས་མ་སྲིང་འབར་མ་དགུ །དུས་བཞིའི་ལྷ་མོ་དམག་རྒྱལ་མཆེད་བཞི་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །སྲིན་མགོན་ཐོད་ཕྲེང་དབང་ཕྱུག་ཡབ་དང་ཡུམ། །དམར་པོ་གྱད་ཆེན་འཆི་བདག་གཤིན་རྗེའི་རྒྱལ། །ཤན་པ་དམར་ནག་གཟའ་མཆོག་རཱ་ཧུ་ལ། །མགར་བ་དམར་ནག་ཞིང་སྐྱོང་སེང་གེའི་གདོང་། །རྒྱལ་ཆེན་སྐུ་ལྔ་གནོད་སྦྱིན་ཙིཏྟ་དམར། །རོལ་པ་རྐྱ་བདུན་རྡོ་རྗེ་བྲག་བཙན་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །ཅེ་སྤྱང་མ་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད། །གིང་བདུད་རྩིས་པ་འཆི་བདག་བྱེ་བ་འབུམ། ཁམས་བརྒྱ་དམུས་ལོང་ཁྱི་སྤྱང་འབྲུག་མོ་བརྒྱད། །ཤྭ་ན་བདག་ཉིད་ས་བདག་སྐྱེས་བུ་གིང་། །རྗེ་མོ་བཅུ་བཞི་སྨན་མོ་ལྔ་བཅུ་བརྒྱད། །སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་། །ཕྱི་ནང་གསང་བ་ཡང་གསང་བཏགས་ཤིང་ཆགས། །གབ་སྦས་ལས་མྱུར་མཆོག་གི་སྡེ་བརྒྱད་རིགས། །དྲེགས་པ་རྐྱ་གསུམ་དྲེགས་པ་སྡེ་ལྔ་སོགས། །གནས་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །ཕྱི་ནང་གསང་བའི་བར་ཆད་སྲུང་ཞིང་ཟློག །དགྲ་བགེགས་བྱད་མ་ཐལ་བའི་རྡུལ་བཞིན་རློགས། །བྷྲཱུྃ་ལས་རིན་ཆེན་སྣོད་དུ་དཀར་མངར་བཅུད། །འདོད་རྒུ་ཀུན་འབྱུང་ཟག་མེད་བདུད་རྩིའི་མཚོ། །ནོར་ལྷ་གཏེར་བདག་རྣམས་ཀྱི་རྫུ་འཕྲུལ་ལྗགས། །རིན་ཆེན་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཡཀྵ་ཛམ་བྷ་ལ་བ་སུ་པ་ཏི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་ཆེན་རྣམ་མང་ཐོས་སྲས་རིགས་ཆེན་བརྒྱད། །དཔལ་གྱི་ལྷ་མོ་ནོར་བདག་གྲོགས་མོ་བརྒྱད། །ཛམ་ལྷ་དཀར་སེར་དམར་ལྗང་ནག་པོ་དང་། །ཀུ་བེ་ར་སོགས་རྟ་བདག་ཆེན་པོ་བརྒྱད། །འབྲོག་གནས་མཆེད་ལྔ་ཨཱརྻ་རེ་མནྟ། །ཨ་པར་ཛི་ཏ་ཚོགས་བདག་དཀར་སེར་དམར། །གང་མཛེས་ནོར་དབང་ཀུན་འཁྱིལ་མཆེད་དེ་གསུམ། །ཇོ་བོ་སྔགས་ཀྱི་བདག་པོ་མི་མགོན་དཀར། །དོན་གྲུབ་སེར་མོ་དགེ་བསྙེན་ཡེ་ཤེས་གྲགས། །ཕག་གདོང་མཆེད་ལྔ་འཕྲོག་མ་བུར་བཅས་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །སྣོད་བཅུད་རྒུད་པ་ཞི་ཞིང་དཔལ་འབྱོར་རྒྱས། །ཚེ་བསོད་དབང་ཐང་ཡར་ངོའི་ཟླ་ལྟར་སྤེལ། །གཏོར་མ་དཀར་མངར་འདོད་རྒུ་འབྱུང་བའི་བཅུད། །དཔལ་མགོན་གཞི་བདག་དཀར་ཕྱོགས་སྐྱོང་བའི་ལྗགས། །འོད་ཀྱི་སྦུ་གུས་དྲངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་ཀླུ་གཟའ་ཆེན་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱོགས་སྐྱོང་འཇིགས་བྱེད་རྒྱལ་པོ་ཆེན་པོ་བཞི། །དབང་ཆེན་བརྟན་མ་འབྱུང་ལྔ་སྤར་སྨེ་དང་། །ལོ་ཟླ་ཞག་དུས་ཕྱོགས་མཚམས་ས་ཡི་བདག །དཀར་པོ་བརྒྱད་ཅུ་ཨ་ཕྱི་མཆེད་ལྔ་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །སྨན་བཙུན་ཚེ་རིང་མཆེད་ལྔ་སྤྲུལ་འཁོར་བཅས། །བརྟན་སྐྱོང་ཡ་མ་བཅུ་གཉིས་མཐུ་ཆེན་བཞི། །མགུར་ལྷ་བཅུ་གསུམ་སྲིད་པའི་ལྷ་ཆེན་དགུ །གཉན་ཆེན་ཐང་ལྷ་སྨྱོ་ཁ་མཁའ་རི་དང་། །མཁར་ནག་རྡོ་རྗེ་རྒྱལ་སོགས་སྤྲུལ་བསྒྱུར་བརྒྱད། །རྨ་རྒྱལ་སྤོམ་ར་སྐུ་རྗེ་སེང་ཆེན་རྒྱལ། །དགེ་བསྙེན་ཉེར་གཅིག་ཡུལ་འདིའི་གཞི་བདག་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །སྐྱོབ་པའི་ལྷ་ལྔ་བསྟེན་པའི་ལྷ་དགུ་དང་། །མི་འུ་གདུང་དྲུག་ཕ་མཚུན་དགྲ་བླའི་ཚོགས། །ལུང་ལྔ་ལྗོངས་གསུམ་གླིང་གཅིག་སྒྲུབ་གནས་བརྒྱད། །གངས་ར་ཉེར་གཅིག་གནས་ཆེན་ཉེར་ལྔ་སོགས། །གནས་ཆེན་གནས་ཕྲན་སྲུང་ཞིང་སྐྱོང་རྣམས་དང་། །མདོར་ན་སྟོང་གསུམ་ཛམ་གླིང་བོད་ཡུལ་གྱི། །གནས་ཡུལ་གཞི་བདག་རིགས་ཆོས་རྒྱུད་སྲུང་ལ། །དམ་རྫས་ཡེ་ཤེས་བདུད་རྩིའི་མཆོད་པ་འབུལ། །འཇིན་རྟེན་བདེ་ཞིང་བསྟན་འགྲོའི་དགེ་ལེགས་འཕེལ། །རྣལ་འབྱོར་བསམ་པ་འགྲུབ་པའི་སྡོངས་གྲོགས་མཛོད། །མགྲོན་རིགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་བཅས་ལ་གུས་པས་བསྟོད་པར་བགྱི། །ནོངས་པ་ཅི་མཆིས་ཆོས་དབྱིངས་ཀློང་དུ་བཤགས། །ཡེ་ཤེས་བརྩེ་བ་ཆེན་པོས་བཟོད་མཛོད་ལ། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །རྟག་ཏུ་དགྱེས་པས་དགོངས་ཏེ་ཕྲིན་ལས་མཛོད། །རྩ་གསུམ་ནོར་ལྷ་རྟེན་ལ་རྟག་ཏུ་བཞུགས། །འཇིག་རྟེན་པ་རྣམས་སོ་སོའི་གནས་སུ་གཤེགས། །འདི་ཕྱི་ཀུན་ཏུ་དགེ་བའི་སྣང་བ་ཡིས། །བརྟན་གཡོ་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་འདིའང་སྒྲུབ་བརྩོན་སྡེ་སྣོད་འཛིན་པ་ཕུར་བླ་ཀརྨ་མཐུ་སྟོབས་ནས་བསྐུལ་ངོར། དུས་མཐའི་གཏོར་མའི་སློབ་དཔོན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙ་འདྲ་རིན་ཆེན་བྲག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།
འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་གྱི་མཚམས་སྦྱོར་ (Volume 11, Text 35)
༄༅། །འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་བྱིན་རླབས་དབང་གི་ཆོ་ག་བདུད་རྩིའི་སྤྲིན་ཆེན་གྱི་མཚམས་སྦྱོར་བཞུགས། ། ན་མོ་གུ་རུ་ཤྲཱི་མཉྫཱུ་གྷོ་ཥ་བྲཧྨཱ་པུཥྤེ་དེ་ཝ་ཡེ། ཀུན་གཟིགས་རྗེ་བཙུན་བླ་མའི་དགོངས་གཏེར་ཆོས་རྒྱལ་ཁྲི་སྲོང་གི་བླ་སྒྲུབ་ཟབ་མོའི་དབང་འབོགསཔ་ལ། གཞུང་མཐུན་རྟེན་གྱི་དྲུང་དུ་སྟེགས་མཐོ་བར། ཞི་དཀྱིལ་དབུས་པད་འདབ་བརྒྱད་ལྡན་བཀྲམ་པའི་སྟེང་བུམ་པ་སོ་ལྔའི་རྫས་ལྡན། བདུད་རྩིས་བཀང་བའི་བྷནྡྷ། མེ་ལོང་སིནྡྷུ་རས་བྱུག་པར་ཆོས་འབྱུང་དང་མཚན་སྔགས་བྲིས་ནས་སྐུ་གསུང་ཐུགས་ཀྱི་རྟེན་དུ་བཤམས། ཉེར་སྤྱོད་སྨན་རཀ་བླ་གཏོར་ཚོགས་མཆོད། བཀའ་སྲུང་མ་གཟའ་དམ་གསུམ་གྱི་མཆོད་གཏོར་བཅས་གཙང་ལ་དག་པར་འདུ་བྱས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས། བླ་སྒྲུབ་ཀྱི་སྐྱབས་སེམས་ནས་བརྩམ། བསྙེན་སྒྲུབ་ཀྱི་བཟླས་པའི་བར་བཏང་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་བླ་མའི་ལྷ་ཚོགས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཞུགས་པའི་སྐུ་ལས་བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བུམ་ཆུ་དང་རོ་ཅིག་ཏུ་གྱུར། ཅེས་དམིགས་ལ་བསྙེན་སྒྲུབ་ཀྱི་སྔགས་ཅུང་ཟད་བཟླས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས་འོད་ཞུ་བྱ། ལས་བུམ་ཨོཾ་བཛྲ་ཨ་མྲིཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་པའི་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་རྗེས། འོད་ཟེར་ཆུ་རྒྱུན་གཅིག་པའི་དབང་ལེན་གྱི་དམིགས་པ་དང་བཅས་རིག་པའི་མེ་ཏོག་དོར་ཞིང་གནང་བ་ཞུ། དོན་དུ་གཉེར་བའི་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་ནས་དབྱུང་། ནང་དུ་འཇུག་སྟེ་གྲལ་ལ་འཁོད་པ་དང་བགེགས་གཏོར་བཏང། སྲུང་འཁོར་བསྒོམས་ལ། དེ་ལ་འདིར་དོན་དུ་གཉེར་བྱ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཐབས་ཚུལ་ཐམས་ཅད་ཀྱི་ཟབ་ལམ་མྱུར་ཞིང་བྱིན་རླབས་ཀྱི་ཚན་ཆེ་བར་རྒྱུད་ལུང་མན་ངག་ཐམས་ཅད་ནས་ཡང་ཡང་བསྔགས་པ་བཞིན་དོན་ལའང་གནས་ཤིང་མྱོང་བས་ཀྱང་གྲུབ་པ་ནི་བླ་མའི་རྣལ་འབྱོར་ཏེ། དེ་ལའང་གསར་རྙིང་མཁས་གྲུབ་རྒྱ་མཚོར་བཀའ་བབས་ཀྱི་ཆོས་སྒོ་མཐའ་ཡས་པ་བཞུགས་པ་ལས། སྐབས་སུ་བབས་པ་སྔ་འགྱུར་རྡོ་རྗེ་སྙིང་པོའི་ཤིང་རྟའི་ལམ་སྲོལ་ཁོ་ན་སྟེ། དེ་ལའང་བཀའ་གཏེར་དག་སྣང་གི་བཀའ་བབས་ཆེན་པོ་གསུམ་དུ་བཞུགས་པ་ལས། འདི་ནི་ཟབ་མོ་དག་སྣང་དང་འབྲེལ་བའི་ཚུལ་ལས་བྱོན་པའི་བླ་མ་སྒྲུབ་ཚུལ་ཏེ་བསྒྲུབ་བྱ་རིག་གསུམ་སྤྲུལ་པའི་ཟློས་གར་ཕན་བདེའི་ཤིང་རྟ་མཁན་སློབ་ཆོས་གསུམ་དུ་གྲགས་པ་ལས། བསྟན་པའི་སྦྱིན་བདག་ཆེན་པོ་འཛམ་གླིང་སུམ་གཉིས་ལ་དབང་བསྒྱུར་བའི་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྒྲུབ་སྟེ། དེ་ཉིད་རིག་གསུམ་སྙིང་ཐིག་གི་རྡོ་རྗེའི་ལུང་ལས། བཅོམ་ལྡན་མགོན་པོ་ཀུན་ཏུ་གཟིགས༔ རྒྱལ་སྲས་གཙོ་བོ་འཇམ་དཔལ་དབྱངས༔ བོད་ཡུལ་བསྟན་པ་སྤེལ་བའི་ཕྱིར༔ ཆོས་རྒྱལ་ཆེན་པོའི་རྣམ་པར་སྣང༔ ཞེས་གསུངས་པ་ལྟར་རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་བོད་ཡུལ་ཆོས་ཀྱི་ཉིན་བྱེད་འདྲེན་ཕྱིར་བསམ་བཞིན་འཁོར་ལོའི་བསྒྱུར་བ་སའི་ཚངས་པ་ཆེན་པོའི་ཚུལ་དུ་བྱོན་ཏེ། ཐུབ་དབང་རྒྱལ་ཚབ་མཁན་ཆེན་ཤཱནྟ་རཀྵི་ཏ་དང་། སྐུ་ལྔ་ལྷུན་གྲུབ་རྒྱལ་ཀུན་སྤྱི་གཟུགས་སློབ་དཔོན་ཆེན་པོ་སྟེ། མཁན་སློབ་ཉི་ཟླ་ཟུང་གཅིག་སྤྱན་དྲངས། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ་ལོ་པཎ་བརྒྱ་རྩ་ཞལ་འཛོམ། བཀའ་བསྟན་ཆོས་ཀྱི་རྒྱ་མཚོ་ཆེན་པོ་སྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབ། མདོ་སྔགས་བཤད་སྒྲུབ་ཀྱི་སྡེ་བཙུགས་པས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕྱག་མཚན་དུ་བཞེས་པའི་ཞིང་ཁམས་མཚན་དང་དོན་མཐུན་པ་བྱུང་ཞིང་བདེ་ཆེན་ཡེ་ཤེས་འབྱུང་བའི་གནས་ཉེར་བཞིའི་ཡ་གྱལ་དུ་གྲགས་པ་བཞིན། དཔལ་གྱི་བསམ་ཡས་མཆིམ་ཕུར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོ་ཕྱེས་ཏེ་བདེ་གཤེགས་སྒྲུབ་པ་ཆེན་པོའི་དབང་ཆེན་ལས་ཅན་སྙིང་གི་བུ་དགུ་ལ་བསྐུར་ནས་མངའ་བདག་ཆེན་པོའི་མེ་ཏོག་དབུས་ཆེ་མཆོག་སྤྱི་དཔལ་ཆེན་པོ་ལ་བབས་ཏེ། བསམ་ཡས་དབུ་རྩེ་རིམ་གསུམ་དུ་བསྒྲུབས་པས་དགོངས་པ་ཆོས་ཉིད་ལས་མི་གཡོ་ཞིང་བོད་ཡུལ་ཆོས་ལ་བཀོད་པའི་གྲུབ་རྟགས་བསྟན་པས་ཐུགས་སྲས་ཐུན་མོང་མ་ཡིན་པར་གྱུར་ནས་རྡོ་རྗེ་རྒྱལ་ཚབ་ཏུ་མངའ་གསོལ། བླ་མེད་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱིས་ནོར་འཛིན་ཐ་གྲུར་བརྡལ་བས་ཨོ་རྒྱན་འཕུར་འགྲོའི་ཞིང་དང་མཉམ་པར་གྱུར། རྡོ་རྗེའི་ས་ལམ་ཡོངས་སུ་རྫོགས་ཏེ་མཐར་ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་པདྨ་ཅན་དུ་སངས་རྒྱས་མ་ཆགས་པདྨ་ཅན་གྱི་མཚན་དུ་སངས་རྒྱས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་འཕྲུལ་བདུན་བདུན་གྱིས་བོད་ཁམས་འདུལ་ཞིང་སྐྱོང་བར་ལུང་བསྟན་པ་ནི། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ལས། ཁྱད་པར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ནི༔ ཡབ་གཅིག་ཁྲི་སྲོང་སྐྱེ་བ་བཅུ་གསུམ་དུ༔ བདག་གིས་བྱིན་བརླབས་གདམས་པ་ཉམས་བླངས་པས༔ གསང་སྔགས་ནང་གི་ས་ལམ་མ་ལུས་བགྲོད༔ མངོན་པར་བྱང་ཆུབ་ཡེ་ཤེས་ཆེ་བརྙེས་ནས༔ སླར་ཡང་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྤྲུལ་པ་གྲངས་ཅན་གྲངས་མེད་བསམ་མི་ཁྱབ༔ བོད་ཁམས་མཐའ་དབུས་ཀུན་ཏུ་ཡང་ཡང་འབྱུང༔ ཞེས་པ་ལྟར། མཆོག་གྲུབ་རྒྱལ་པོའི་སྐུའི་སྐྱེ་བ་བཅུ་གསུམ་པ་ཐུབ་བསྟན་ཡོངས་ཀྱི་ཤིང་རྟ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་ལས་བྱུང་བའི་དགོངས་གཏེར། ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱི་རྣལ་འབྱོར་ཡེ་ཤེས་སྣང་བ་རྒྱས་པའི་དབང་བསྐུར་གྱི་ཆོ་གས་སྨིན་པར་བྱེད་པ་སྟེ། བདག་ཅག་ཁ་བ་རི་པའི་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་གྱི་མཚན་གྱི་རྔ་སྒྲ་ཙམ་ཐོས་སུ་ཡོད་པ་དང་། དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བདུད་རྩིའི་སྣང་བ་ལ་དགའ་མགུར་སྤྱོད་པའང་མངའ་བདག་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་པ་རྗེས་སུ་དྲན་པའི་དད་མོས་དང་བཅས་ཏེ་མཎྜལ་ཕུལ། རིག་འཛིན་བླ་མ་འཇམ་པའི་དབྱངས་དང་ཐ་མི་དད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ། །བླ་མ་འཇམ་དཔལ་དཔའ་བོ་ཡིས། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ལན་གསུམ། དེ་ནས་དཀྱིལ་འཁོར་ཕྱི་འཇུག་གི་སླད་དུ། སྔོན་ཆད་བླ་མ་ཡེ་ཤེས་སྐུ་ཅན་མ་མཇལ་བའི་མཚོན་བྱེད་དུ་མིག་དར་འཆིང་མཛོད། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཡེ་ཤེས་རིགས་ལྔའི་བླ་མ་དང་གཟོད་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཐོགས་པར་མོས་ཤིག །ཨ་ཁཾ་ཝི་ར་ཧཱུྃ། རྗེ་བཙུན་དཔལ་མགོན་བླ་མ་སྐྱབས་གནས་ཀུན་འདུས་སུ་ཤེས་པས་འདི་ནས་བྱང་ཆུབ་བར་རང་གཞན་ཡིད་ཅན་རྒྱ་མཚོའི་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་ཡིད་ཆེས་དད་པ་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ཨ། གཟོད་ནས་སྟོང་པ་སོགས་གསུམ། མཁའ་ཁྱབ་ཀྱི་ཡིད་ཅན་ཀུན་བརྟགས་འཁྲུལ་པའི་མུན་པ་བསལ་ནས་ལས་ཉོན་གྱི་ཁོལ་པོར་མི་འཕྱན་པར་རང་བྱུང་གདོད་མའི་གྲོལ་གཞིར་དབུགས་དབྱུང་བའི་ཆེད་བྱིན་རླབས་ནང་གི་སྨིན་བྱེད་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལམ་དུ་བྱེད་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ ལས་ཉོན་གཞན་དབང་སོགས་གསུམ། རྒྱུད་རྣམ་པར་དག་པའི་ཕྱིར་གསག་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་ཐུན་མོང་དང་ཐུན་མིན་གྱི་དམིགས་རྣམ་དང་མ་བྲལ་བས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལུས་ཅན་སོགས་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་ཕྱིར་བདེ་གཤེགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ་སྡོམ་པ་གསུམ་གྱི་གནང་བཀག་རྣམས་ཚུལ་བཞིན་བཟུང་ཞིང་བསྲུང་ནས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་སློབ་སྙམས་པས་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏང་ངོ་། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་ནས་ནང་འཇུག་གི་ཐོག་མར་ཡེ་ཤེས་པ་དབབ་པའི་ཕྱིར་དམིགས་པ་འདི་བཞིན་མཛོད། ལས་སྔགས་ཀྱིས་བསང་། ཤཱུནྱ་ཏས་སྟོང་པར་སྦྱངས་རྗེས། གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དེ་ལས་ཡེ་ཤེས་ཀྱི་རྣམ་རོལ་སྣོད་བཅུད་དག་པ་རབ་འབྱམས་རང་སྣང་ཡེ་ཤེས་ཀྱི་འཁོར་ལོའི་བཀོད་པ་ཚད་མེད་པ་མགོན་པོ་ཀུན་ཏུ་གཟིགས་ཀྱི་ཞིང་བཞིན་འབྱམས་ཀླས་པའི་དབུས་སུ། ཁྱེད་རང་གི་སེམས་ཉིད་ཨ་དཀར་པོ་ཟླ་བ་ལྟར་དཀར་བ་ཡོངས་སུ་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་གཉིས་ཡེ་ཤེས་གཅིག་ཏུ་འདུས་པའི་ཕྱག་རྒྱ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་འཇམ་དཔལ་གཞོན་ནུ་ཁྲི་སྲོང་ལྡེའུ་བཙན་ཞི་འཛུམ་མཚན་དཔེའི་གཟི་བྱིན་རབ་ཏུ་འབར་ཞིང་ལང་ཚོ་བལྟ་ན་སྡུག་པའི་གཞོན་ནུའི་ངང་ཚུལ་ཅན། དར་དཀར་གྱི་ལ་ཐོད་དང་རིན་པོ་ཆེའི་པྲོག་ཞུ་ནོར་བུའི་ཏོག་ཅན། ཟ་འོག་གི་ན་བཟའ་རིན་པོ་ཆེའི་རྒྱན་ཆས་སོགས་སའི་ཚངས་པ་ཆེན་པོའི་རྒྱན་ཆས་དུ་མས་སྤྲས་པའི་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་འཛིན་པའི་འདབ་མ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་ཕྱེ་བའི་ཟེའུ་འབྲུར་རལ་གྲི་དང་གླེགས་བམ་གྱིས་མཚན་པ། ཞབས་ཟུང་པད་ཟླའི་སྟེང་ན་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པའི་གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ནས། ཡེ་ཤེས་ཀྱི་འཁོར་ལོའི་རྡོ་རྗེ་གསུམ་གྱི་གཟི་བྱིན་དབབ་པའི་སླད་དུ། ཐུགས་དབུས་ཡེ་ཤེས་སེམས་དཔའ་རྗེ་བཙུན་འཇམ་དཔལ་གཞོན་ནུ་སྟོན་ཟླ་ལྟར་རབ་ཏུ་དཀར་བའི་ཐུགས་སྲོག་དྷཱིཿཡིག་ལས་བྱུང་བའི་འོད་ཟེར་གྱི་སྣང་བས་མཁའ་དབྱིངས་ཁྱབ་པར་བརྡལ་བས། སྐུ་གསུམ་བླ་མའི་ལྷ་ཚོགས་རྩ་གསུམ་སྐྱབས་ཡུལ་རྒྱ་མཚོའི་འཁོར་དང་བཅས་པ་ལྷ་སྔགས་ཕྱག་མཚན་གྱི་རྣམ་རོལ་འབྱམས་ཀླས་པ་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྡོ་རྗེའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། སྤྲོ་ན་ལས་བྱང་གི་བྱིན་འབེབ་དང་། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་ཡང་ཡང་བརྗོད་པས་དབབ་ཅིང་ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་བླ་མ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པའི་སྐུ་ལ་ཕུལ་བར་མོས་ལ་སྔགས་འདིའི་རྗེས་ཟློས་བཅས་མེ་ཏོག་བླ་མའི་སྐུ་ལ་དོར་མཛོད། པུཥྤེ་པྲ་ཏཱིཙྪ་ཧོཿ དེ་ལྟར་ཕུལ་བས་མེ་ཏོག་དགྱེས་པས་བཞེས་ལ་སླར་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིང་པར་མོས་མཛོད། པྲ་ཏི་གྷྲིཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ། མིག་ཐུར་ཐོགས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུས་མ་རིག་འཁྲུལ་པའི་སྒྲིབ་གཡོགས་བསལ་ནས་ཡེ་ཤེས་ཀྱི་ལྷ་ཞལ་མངོན་སུམ་དུ་མཐོང་བར་མོས་མཛོད། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། མིག་དར་བསལ། སྒྲིབ་མེད་ཡེ་ཤེས་ཀྱི་སྣང་བ་རྣམ་པར་རྒྱས་པའི་སྤྱན་ཐོབ་པས་རྗེ་བཙུན་རིག་འཛིན་བླ་མའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཇལ་བར་མོས་པས་དད་སྤྲོ་བསྐྱེད་མཛོད། དེ་དག་གི་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པས་སྣོད་རུང་དུ་བྱས་ནས། དངོས་གཞིའི་དབང་བསྐུར་བ་ལ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་འཕོ་བའི་དབང་བཞི་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་རྣམས། །མགོན་པོ་དཔའ་བོར་སྐྱབས་སོང་ན། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ་གྱིས་གསོལ་བ་བཏབ་པས། མདུན་གྱི་སློབ་དཔོན་སྨིན་མཚམས་ནས། །ཨོཾ་ཡིག་དཀར་པོ་གྲངས་མེད་སྤྲོས། །སློབ་མའི་སྨིན་མཚམས་ཨོཾ་ལ་ཐིམ། །བུམ་དབང་བསྐུར་བའི་སྣོད་རུང་གྱུར། །ཅེས་བྱིན་བརླབས་ཏེ། མདུན་གྱི་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད་དེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་སྤྱི་བོ་ནས་ཕྱི་ཕན་པ་བུམ་པའི་དབང་བསྐུར་བར་གྱུར། བུམ་པ་སྤྱི་བོར་བཞག་ལ། ཨོཾ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །འཇམ་དཔལ་གཞོན་ནུ་ཁྲི་སྲོང་རྗེ། །མདུན་གྱི་ནམ་མཁར་མངོན་གཤེགས་ཏེ། །མེ་ཏོག་ཆར་འབེབ་རོལ་མོ་འཁྲོལ། །ཤིས་བརྗོད་རྡོ་རྗེའི་གླུ་ལེན་བཞིན། །རྣམ་པར་རྒྱལ་བའི་བདུད་རྩིའི་ཆུས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས། །གདན་གསུམ་ལྷ་སྐུར་དག་པར་ཤོག །ཀ་ལ་ཤ་ཨ་བྷི་ཥཉྩ་ཨོཾ། ཞེས་པས་དབང་བསྐུར་བདུད་རྩིའི་ཆུས། །ལུས་གང་དྲི་མ་ཀུན་དག་སྟེ། །ཟབ་གསལ་དབྱེར་མེད་ལྷ་ཡི་སྐུ །ཆུ་ཟླ་འཇའ་ཚོན་ལྟ་བུར་གྱུར། །ཞེས་ལྷ་སྐུའི་གསལ་སྣང་ལ་སེམས་ཅུང་ཟད་གཟུང་བས་བྱིན་རླབས་བརྟན་པར་བྱ། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཛཿཧཱུྃ་བཾ་ཧོས་སློབ་མ་ལ་བསྟིམ་ནས། དེས་རྣམ་སྨིན་གྱི་ལུས་སྐུ་རྡོ་རྗེ་དེ་བཞིན་གཤེགས་པའི་རིགས་སུ་སྨིན་པར་བྱས་པའོ། །གསུང་རྡོ་རྗེའི་བྱིན་གྱིས་བརླབ་པའི་ཕྱིར། སློབ་མའི་སྙིང་ཀག་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཤེས་རབ་ཀྱི། །འཁོར་ལོ་རྩིབས་དྲུག་ལྟེ་བ་རུ། །རལ་གྲི་ཆང་བཟུང་དྷཱིཿས་མཚན་པ། །དེ་ཉིད་ཐིག་ལེ་དཀར་སེར་གྱུར། །རྩེ་གཅིག་ཡིད་ཀྱིས་མཉམ་གཞག་ནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་པ། །ནམ་མཁའ་གང་བར་སྤྲོ་ཞིང་བསྡུ། །ཞེས་གསུངས་པའི་དམིགས་པ་ཡང་ཡང་བསྐྱར། བྱིན་རླབས་བརྟན་བྱེད་བཟླས་ལུང་སྦྱིན་པའི་སླད་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་རལ་གྲིའི་ཆང་བཟུང་ལ་གནས་པའི་དྷཱིཿཡིག་ལས་བསྙེན་སྒྲུབ་ཀྱི་སྔགས་རྣམས་རྒྱུ་སྐར་གྱི་ཕྲེང་བ་བཞིན་བྱུང་བ་རིག་འཛིན་བླ་མའི་ཞལ་ལས་བྱུང་། སློབ་མ་ལྷར་གསལ་བའི་ཁར་ཞུགས་པ་སྙིང་གའི་དྷཱིཿཡིག་ལ་ཐིམ་པར་མོས་ལ་བསྙེན་སྒྲུབ་ཀྱི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ལན་གསུམ། ཨོཾ་ཨཱཿམཉྫུ་ཤྲཱི་བྲཧྨཱ་དེ་ཝ་པུཥྤ་སརྦ་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་མཚན་སྔགས་ལན་གསུམ་བཟླ། དེས་ངག་སྨྲ་བརྗོད་གསུང་རྡོ་རྗེ་རླུང་སྔགས་དབྱེར་མེད་དུ་སྨིན་པར་བྱས་པའོ། །ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། དུག་གསུམ་རྟོག་པས་མ་བསླད་པའི་མ་བཅོས་གཉུག་མ་དེ་ཉིད་ཡེ་ཤེས་དོན་གྱི་བླ་མ་རང་སེམས་གཉུག་མའི་གཤིས་ལས་གཤེགས་བཞུགས་བྲལ་བའི་ངང་དུ་མཉམ་པར་ཞོག་མཛོད། དེས་ཡིད་ཐུགས་རྡོ་རྗེའི་ཡེ་ཤེས་སུ་སྨིན་པར་བྱེད་པ་སྟེ། དེ་དག་ནི་ནང་ནུས་པ་འཇུག་པའི་དབང་ཞེས་བུམ་དབང་གི་རྗེས་འབྲེལ་དུ་བསྐུར་བའོ། །དེ་ལྟར་བུམ་པའི་དབང་བསྐུར་པས་ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། བླ་མ་སྐུ་རྡོ་རྗེ་སྣང་བ་ལྷའི་དཀྱིལ་འཁོར་ལམ་དུ་བྱེད་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་བསྐུར་བའི་སླད་དུ། སློབ་དཔོན་མགྲིན་པའི་ཨཱཿདམར་སྤྲོས། །སློབ་མའི་མགྲིན་པར་ཐིམ་པའི་མོད། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ། །ཞེས་བླ་སློབ་གཉིས་ཀ་ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཞི་བ་ལོངས་སྐུའི་བླ་མ་ཡབ་ཡུམ་དུ་གནས་གྱུར་པ་ལ། མདུན་གྱི་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ལ་བཞག་པར་མོས། བྷནྫའི་བདུད་རྩི་ཁར་བྱིན་ལ། ཨཱཿ སྣང་བ་རང་གསལ་མཉྫུ་ཤྲཱི། །ཟབ་མོ་སྟོང་པ་དབྱངས་ཅན་ལྷར། །སྙོམས་འཇུག་བདེ་བའི་འོད་དང་སྒྲས། །སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ། །ནོར་བུའི་ལམ་ནས་པདྨར་འཁྱིལ། །སྨྲ་མེད་བདེ་བའི་བྱང་ཆུབ་སེམས། །རྡོ་རྗེའི་དམ་ཚིག་རྨད་པོ་ཆེས། །དེང་འདིར་ཁྱོད་ལ་དབང་བསྐུར་བས། །ལས་རླུང་ཉི་ཁྲི་ཆིག་སྟོང་ཀུན། །སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ། །གཞོམ་དུ་མེད་པའི་ནཱ་དའི་སྒྲ །གསུང་གི་རྡོ་རྗེར་རྫོགས་པར་ཤོག །བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་དེ་བྱིན་པའི་བདུད་རྩི་ཨོཾ་ཨཱཿཧཱུྃ་གིས་མྱང་བ་ལས། །ལུས་སེམས་ཟག་མེད་བདེ་བས་ཚིམས། ཁྱད་པར་གཏུམ་མོ་འབར་བའི་མེས། །ཧཾ་ཡིག་ཞུ་བདེ་བདེ་ཆེན་གྱིས། །གཉིས་སྣང་རྟོག་པ་བསལ་བར་བསམ། །བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱ་བའི་ཕྱིར་རླུང་རོ་ལན་གསུམ་བསལ་ཞིང་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའི་རྡོ་རྗེའི་བཟླས་པས་བུམ་པ་ཅན་ཟུངས་ཤིག །བུམ་ཅན་བདུན་ནམ་གསུམ་ཙམ་བྱ། དེ་ལྟར་གསང་བའི་དབང་བསྐུར་པས་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། བླ་མ་གསུང་རྡོ་རྗེ་གྲགས་སྟོང་སྔགས་ཀྱི་དཀྱིལ་འཁོར་ལམ་དུ་བྱེད་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སློབ་དཔོན་ཐུགས་ཀའི་ཧཱུྃ་མཐིང་སྤྲོས། །སློབ་མའི་སྙིང་གར་ཐིམ་པའི་མོད། །ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀ །བེ་ཅོན་ཐོད་ཁྲག་བསྣམས་པར་གྱུར། །སློབ་མ་འཇམ་དཔལ་ཁྲོ་བོའི་སྐུར་གནས་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ངོ་བོ་རྡོ་རྗེའི་ཡུམ་ཆེན་བཻ་ཏཱ་ལི་ལ་རྣམ་པ་རིག་མ་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་པའི་སྲིན་ལག་ནས་བཟུང་སྟེ་གཏད་པར་མོས་ལ། སིནྡྷུ་རའི་མེ་ལོང་གཏད་དེ། ཧཱུྃ། ཟབ་མོ་སྟོང་ཉིད་རྣམ་ཐར་གསུམ། །གསལ་བ་སྣ་ཚོགས་གཟུགས་སུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐར་པ་བསྟེན་པའི་ལྷ་མོ་འདི། ཁྱེར་ཅིག་འཇམ་དཔལ་ཧེ་རུ་ཀཿ ཁྱེར་ལ་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །སྲིད་པ་དག་བྱེད་དགའ་བ་བཞིའི། །ཡེ་ཤེས་བཞི་པོ་མཚོན་པ་ལས། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །བྱང་ཆུབ་སེམས་སུ་རོ་གཅིག་པའི། །དཔེ་ཡི་ལྷན་སྐྱེས་མངོན་གྱུར་ནས། །ཐིག་ལེ་དབུ་མར་སྨིན་པར་ཤོག །པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། སིནྡྷུ་རའི་ཐིག་ལེ་སྙིང་གར་དགོད། འདུ་ཤེས་གསུམ་གྱི་རབ་སྦྱར་བས། །དགའ་བཞིའི་རྒྱུ་འབྲས་མཐར་སོན་ཏེ། །བཅུ་དྲུག་ཕྱེད་ཕྱེད་ལྷན་སྐྱེས་ཆེ། །བསམ་མི་ཁྱབ་པའི་ངང་དུ་འཇོག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བླ་མ་ཐུགས་རྡོ་རྗེ་བདེ་སྟོང་ཕོ་ཉའི་རྣལ་འབྱོར་ལམ་དུ་བྱེད་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་ཚིག་དབང་རིན་པོ་ཆེའི་དོན་དུ། སློབ་དཔོན་ཐུགས་དབུས་ཨ་དཀར་ལས། །ཨ་ཡིག་གཉིས་པ་དཔག་མེད་འཕྲོས། །སློབ་མའི་སྙིང་ནང་ཆར་ལྟར་བབས། །ཡེ་ཤེས་ཆེན་པོའི་བྱིན་ཐོབ་བསམ། །རྡོ་རྗེའི་ཚིག་གི་དོན་ངོ་སྤྲོད་པ་ནི། ཨ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །ཆོས་ཀུན་སེམས་ཀྱི་རྟེན་འབྲེལ་ཏེ། །སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ། །ཟབ་མོ་སྟོང་པ་ཉིད་ཀྱི་ངང་། །གསལ་ཆ་འགག་མེད་ཅིར་ཡང་ཤར། །ཤར་ཙམ་ཉིད་ནས་དབྱིངས་སུ་གྲོལ། །ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེ། །བློ་འདས་གཉུག་མའི་གནས་ལུགས་ལྟོས། །སྤྲོ་བསྡུ་བསལ་བཞག་བྲལ་བར་ཞོག །མ་ཡེངས་འཛིན་མེད་ལམ་དུ་ཁྱེར། །མཉམ་རྗེས་ཁོར་ཡུག་ཆོས་སྐུའི་ཀློང་། །དོན་གྱི་ལྷན་སྐྱེས་མངོན་གྱུར་ཤོག །དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ། ཞེས་བརྗོད་ལ། མི་གཡོ་མི་སྨྲ་བརྗོད་བྲལ་ངང་། །མཉམ་པར་བཞག་མཐར་སློབ་མ་རྣམས། །ཨ་ཡིག་དཀར་པོར་འོད་དུ་ཞུ། །བླ་མའི་ཐུགས་ཀར་དབྱེར་མེད་ཐིམ། །ཐུགས་ཡིད་རོ་གཅིག་འདྲེས་པར་བསམ། །ཨ་ཨ་ཨ། ཞེས་ཉམས་བསྐྱངས་ཏེ་ཀློད་པའི་ངང་། སློབ་དཔོན་གྱིས་ཕཊ་ཅེས་དྲག་ལ་ཐུང་བ་བརྗོད་པས་རིག་པ་ཧུར་ཕྱུང་སྟེ་རིག་རྩལ་སྤར་ལ་ཐུགས་ཡིད་བསྲེས། དེ་ལྟར་དབང་བཞི་པ་བསྐུར་པས་སྣང་གསུམ་འཕོ་བའི་སྒྲིབ་པ་དག དབང་བཞི་པ་ཐོབ། བླ་མ་ཡེ་ཤེས་རྡོ་རྗེ་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་དག་གིས་བྱིན་རླབས་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པས་སྣང་གྲགས་རིག་པ་རྡོ་རྗེ་བཞིའི་ལམ་བྱེད་དང་མ་བྲལ་བས་དམ་ཚིག་ཚུལ་བཞིན་སྲུང་སྙམ་པས་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། མཎྜལ་དང་ལུས་འབུལ། དགེ་བསྔོ་རྣམས་བྱས་ལ་སློབ་མ་གྲོལ། སློབ་དཔོན་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་ལས་རིམ་རྣམས་མཐར་དབྱུང་བར་བྱའོ། །ཅེས་པའང་རང་ལོ་དྲུག་ཅུ་རྩ་དགུར་སོན་པ་ས་རྟ་ལོར་རིས་མེད་བསྟན་འགྲོའི་ཞབས་ཏོག་ཏུ་རིན་ཆེན་གཏེར་མཛོད་ཆེན་པོའི་ཆོས་ཀྱི་རིང་བསྲེལ་འཕྲུལ་པར་དུ་བསྐྲུན་པའི་སྐབས་པདྨའི་ཨེ་ཝཾ་ཆོས་སྒར་གྱི་བྱང་འདྲེན་བླ་མ་པདྨ་བཀྲ་ཤིས་ནས་བསྐུལ་བ་བཞིན་ཟབ་གསང་བདུད་རྩིའི་ཉིང་ཁུ་འདི་ཉིད་ལ་མཚམས་སྦྱོར་གསར་སྤྲོས་ཀུན་གཟིགས་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལས་བཀའ་དྲིན་ཐོབ་པའི་ཕྱག་བཞེས་ལྟར། གངས་ཅན་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུ་ལྷ་ཁང་ནས་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་འགྲོ་ཀུན་རབ་འབྱམས་རྒྱལ་བ་རྒྱ་མཚོའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་ཐིག་ལེར་མངོན་པར་བྱང་ཆུབ་པའི་རྒྱུ་ཁོ་ནར་གྱུར་ཅིག། །།
རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས་ (Volume 46, Text 35)
༄༅། །རིགས་ལྔའི་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་ཆོག་དུག་ལྔའི་སྟོབས་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ག་རུ་ཌཿཡ། ཡེ་ཤེས་རྣམ་ལྔའི་ཕྱག་རྒྱ་ནི། །གདོན་འདུལ་མཁའ་ལྡིང་སྐུར་སྟོན་པས། །ལུས་ཅན་དུག་ལྔའི་གདོན་སོལ་ལ། །ཕུང་ལྔ་ལྷ་སྐུར་གྲུབ་མཛད་གསོལ། །གང་དེའི་སྒྲུབ་ཐབས་འདུས་ཟབ་ཁྱད་པར་འཕགས་པ་འདི་ཉིད་ཀྱི་སྨིན་བྱེད་སྒྲུབ་པའི་རྣལ་འབྱོར་པས། སྟེགས་བུའི་སྟེང་དཀྱིལ་འཁོར་པདྨ་འདབ་བཞི་ཕྱོགས་མདོག་ལྷ་མཚན་སྒོ་རྫོགས་ཅན་ནམ། ཚོམ་བུ་གཙོ་འཁོར་ལྔ་པས་ཀྱང་རུང་ལ། དེ་དབུས་ཁྲིའུར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ། གཡས་སུ་ཐོད་པ་བདུད་རྩིས་བཀང་བ། གཡོན་དུ་མེ་ལོང་དྲི་མེད། རྒྱབ་ཏུ་ཁྱུང་ལྔའི་རྫས་ཀྱི་རིལ་བུ་སློབ་མའི་གྲངས་མཉམ་སྦྱིན་རྒྱུ་དང་སྐེ་ལ་འདོགས་རྒྱུའི་རས་ཐུམ་བཅས། མདུན་དུ་སྨན་རཀ་གཏོར་གསུམ། དྲག་མཆོད་བསྐོར་བཤམ་བྱས་ལ། སྐྱབས་སེམས་ཚད་མེད། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། ལས་གཞུང་ལྟར་བདག་མདུན་བསྒྲུབ་ཅིང་བཟླས་པ་ཅི་ནུས་བྱ། བུམ་སྒྲུབ་དེ་ཀས་གོ་ཆོད་ཀྱང་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱ་ཆོག །ཐུན་མཐར་མཆོད་བསྟོད་དང་རིག་མེ་དོར་ལ་གནང་བ་ནོད། སློབ་མ་ལ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་བསྒོམས་ནས། མཚམས་སྦྱོར་གྱི་བྱེ་བྲག །དེའང་གངས་ཅན་འགྲོ་བའི་སྐྱབས་གཅིག་ཧེ་རུ་ཀ་དཔལ་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་ལ། འཇམ་མགོན་ཁྲི་ལྡེས་གསོལ་བ་བཏབ་པའི་ཆེད་དང་མ་འོངས་རྩུབ་འགྱུར་གྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་དཔལ་གྱི་བསམ་ཡས་གཙོ་བོར་གྱུར་པའི་གནས་རྣམས་སུ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཚུལ་སྟོན་པའི་ཁྱུང་ཆེན་སྒྲུབ་ཐབས་ལས་ཚོགས་རྒྱས་བསྡུས་ཀྱི་སྐོར་མཐའ་ཡས་པ་ཞིག་རྒྱུད་དོན་མན་ངག་གི་ཚུལ་དུ་གཏན་ལ་ཕབ་ནས་མཐའ་དབུས་གཏེར་ཁ་དུ་མར་སྦས་པ་ལས། འདིར་བླ་མ་ནོར་བུ་པད་ཕྲེང་ཞི་དྲག་གི་ཆ་ལག་ཏུ་བསྡེབས་ཏེ་བདུད་རི་གནམ་ལྕགས་འབར་བའི་བྲག་ལ་རྒྱས་བཏབ་པ་ཉིད་འདུལ་བའི་དུས་སུ་སོན་པའི་ཚེ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་ལུང་བསྟན་པའི་བཅུ་གཅིག་པ་སྤུ་བོ་ར་ཞི་གཏེར་སྟོན་པདྨ་རིག་འཛིན་རྩལ་གྱིས་སྤྱན་དྲངས། འཆི་མེད་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི་ཡེ་ཤེས་སྐུ་དང་ཐ་དད་མེད་པ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀའི་བཀའ་བབས་ཤིང་། འདི་ཉིད་ཉམས་སུ་བླངས་པ་རྣམས་ཐབས་གཞན་གྱིས་མ་སེལ་བའི་གདོན་གྱི་ནད་ཡུན་ཐུང་ངུས་གཏིང་ནས་སེལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་སྟེ། གཞུང་ལས། ཁྱུང་ཆེན་སྒྲུབ་པའི་རྣལ་འབྱོར་པ༔ གང་དུ་གནས་པའི་ཡུལ་ཕྱོགས་ཀྱང༔ འབྱུང་བའི་དུག་ཀུན་ཞི་བ་ལས༔ སྨན་ཤིང་འབྲས་བུ་གཟི་བརྗིད་འཕེལ༔ ཀླུ་གཉན་ས་བདག་གདུག་པ་ཐུལ༔ ནད་རིགས་ཀུན་གྱི་རྒྱུན་ཆད་ཅིང༔ རང་གི་ཉོན་མོངས་དུག་བཅོམ་ནས༔ ཡེ་ཤེས་རབ་ཏུ་འཕེལ་བར་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་བ་ལ་སོགས་སྤྱི་འགྲེ་བརྗོད་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་དབང་དྲག་ཧེ་རུ་ཀ༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ གདུག་པའི་ཀླུ་གཉན་འདུལ་བའི་ཕྱིར༔ ཁྲོ་རྒྱལ་ཁྱུང་གི་བྱིན་རླབས་སྩོལ༔ ལན་གསུམ། བླ་མ་ཁྲོ་རྒྱལ་མཁའ་ལྡིང་སྐུ་ལྔ་ལ་རྩ་གསུམ་ཆོས་སྲུང་བཅས་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་བརྒྱད་པའི་སྒོ་ནས་ཚོགས་བསགས་ཤིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། ཅེས་བརྡ་སྦྱར་ལ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་ཉིད་ཡེ་ཤེས་རྡོ་རྗེའི་ངང༔ སྙིང་རྗེ་ཁྲོས་པས་ཞེ་སྡང་གཅོད༔ རིག་རྩལ་ཡི་གེ་འབྲུ་ལྔར་ཤར༔ འོད་ཀྱིས་སྣང་གྲགས་ཐམས་ཅད་སྦྱངས༔ སྣ་ཚོགས་པདྨ་འདབ་བཞི་སོགས་ལས་གཞུང་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ། སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ཅིང་གཉིས་མེད་དུ་བསྟིམ། ཏིཥྛ་བཛྲ་ས་བརྟན་པར་བྱ། བུམ་པ་དྲག་པོའི་ཕོ་བྲང་རྔམ་བརྗིད་འབར་བའི་ནང་བཅུད་ཁྱུང་ཆེན་རིགས་ལྔ་དངོས་སུ་བཞུགས་པའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་བབས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་གང་། ནད་གདོན་སྡིག་སྒྲིབ་དག །ལུས་ལ་ཁྱུང་ཆེན་རིགས་ལྔའི་སྐུའི་བྱིན་རླབས་རྫོགས་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ནང་ན་ཁྱུང་ཆེན་རིགས་ལྔ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་ལྡིང་སྐུ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷའི་བདུད་རྩི་མགྲིན་པར་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ་ཅིང་བྱིན་གྱིས་རླབས། ངག་ལ་ཁྱུང་ཆེན་རིགས་ལྔའི་གསུང་རིག་སྔགས་ཀྱི་ནུས་མཐུ་འབར་བར་མོས་ཤིག །བྷནྡྷ་མགྲིན་པར་བཞག་ཅིང་བདུད་རྩི་སྦྱིན་ལ། ཧཱུྃ༔ མཚན་ལྡན་བནྡྷ་བདུད་རྩིས་གཏམས༔ ཁྱུང་ཆེན་གསུང་གི་ནུས་པ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་གསུང་གི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དྲི་མེད་མེ་ལོང་སྙིང་གར་བཞག་པས་རང་སེམས་གསལ་སྟོང་ཟུང་འཇུག་ཡེ་ཤེས་ཁྱུང་ཆེན་གྱི་ངོ་བོ་དང་དབྱེར་མེད་དུ་རྫོགས། ཡིད་ལ་ཁྱུང་ཆེན་རིགས་ལྔའི་ཐུགས་ཀྱི་དགོངས་རྩལ་འཕོས་པར་མོས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ དག་གསལ་རྙོག་མེད་མེ་ལོང་འདི༔ ཁྱུང་ཆེན་ཡེ་ཤེས་སྟོང་གསལ་མཚོན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིང་འཛིན་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྫས་ལྔའི་རིལ་བུ་ཁྱུང་ཆེན་རིགས་ལྔ་དངོས་སུ་གསལ་བས་བྱིན་གྱིས་བརླབས་པས་དུག་ལྔའི་རྒྱུ་འབྲས་ཀྱི་ནད་གདོན་ཐམས་ཅད་སྦྱངས། གདུག་པ་ཅན་མཐའ་དག་འདུལ་བའི་གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་གྱད་དུ་གྱུར་པར་མོས་ཤིག །རིལ་བུ་སྤྱི་བོར་བཞག་ལ། ཁྲོཾ༔ རྫས་ཀྱི་རིལ་བུ་ཡེ་ཤེས་ཁྱུང་ཆེན་ལྔ༔ སྤྱི་བོར་བཞག་པས་དུག་ལྔའི་ནད་གདོན་སྦྱངས༔ ས་བདག་ཀླུ་གཉན་གདུག་པ་ཀུན་འདུལ་བའི༔ གཉེན་པོ་སྟོབས་ཀྱི་དབང་བསྐུར་ཐོབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུའི་ཡེ་ཤེས་པ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་ཡང་མཁའ་ལྡིང་ཁྲོ་བོའི་རྒྱལ་པོ་དངོས་སུ་གྱུར་པར་བསམས་ལ་དམིགས་པའི་འཕྲོ་འདུ་འདི་བཞིན་གསལ་ཐོབས་ལ་སྙིང་པོ་བརྒྱ་རྩ་བཟླ་བར་ཞུ། ཁྱུང་ཆེན་རིགས་ལྔའི་ཐུགས་ཀ་རུ༔ སོགས་ལས་གཞུང་ལྟར་བརྗོད་ལ་འབྲུ་ལྔ་བརྒྱ་རྩ་བཟླ། དམ་ཚིག་པའི་མཁའ་ལྡིང་རིགས་ལྔ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པ་ཉིད་ཀྱི་མགུལ་དུ་བཏགས་པས་ནད་གདོན་བགེགས་རིགས་ཅིས་ཀྱང་མི་ཕྱེད་མི་ཤིགས་པའི་རྡོ་རྗེའི་གོ་ཆ་བགོས་པར་མོས་ཤིག །རྫས་ཐུམ་མགུལ་དུ་གདགས། ཤིས་བརྗོད་བྱ། དེ་དག་རྣམས་ཀྱིས་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་གཏེར་སྟོན་པདྨ་རིག་འཛིན་རྩལ་གྱི་ཟབ་གཏེར་ཁྱུང་སྒྲུབ་གདུག་པ་ཀུན་འདུལ་གྱི་དབང་བསྐུར་ཚུལ་བཞིན་གྲུབ་པ་ལགས་པས་སོགས་བརྗོད་ལ་དམ་ཚིག་ཁས་ལེན་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཀྱི་རིམ་པའང་སྤྱི་མཐུན་བྱས་པས་འགྲུབ་བོ། །དུག་ལྔའི་དབལ་ཟེར་ལྟོ་འགྲོའི་དཔུང་། །རྡོ་རྗེ་མཆུ་ཡིས་རྗེས་མེད་ཟོས། །སྐྱེ་དགུ་སྡིག་བྲལ་ཆོས་ལྡན་གྱི། །འཚོ་བས་ཡུན་རིང་དགེ་གྱུར་ཅིག །ཟབ་གཉན་དཀོན་པའི་གསང་སྔགས་སྐལ་པ་བཟང་པོའི་དཔྱིད་དུ་འོངས་པའི་ཞབས་ཏོག་དང་མི་ནུབ་འཕེལ་རྒྱས་ཀྱི་བཙས་སུ་དམིགས་ནས་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་གིས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་སྦྱར་པ་དགེ་ལེགས་འཕེལ།། །།
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ ཞི་བྱེད་རིན་ཆེན་ཕྲ་བཀོད་ (Volume 56, Text 35)
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ ཞི་བྱེད་རིན་ཆེན་ཕྲ་བཀོད་བཞུགས༔ གེགས་སེལ་ཡིད་བཞིན་ནོར་བུ༔ ྈྈྈྈྈྈྈྈྈྈྈ རིག་པ་སྐྱེ་མེད་སྤྲིན་བྲལ་ནམ་མཁའ་ལ༔ རྟོག་པའི་རང་རླུང་རང་སར་ཤར་ཡལ་ཞིང༔ ཆུ་རླབས་རང་སངས་རྟོག་མེད་རང་གྲོལ་བ༔ གེགས་སེལ་ཡིད་བཞིན་ནོར་བུ་དེ་ལ་བསྟོད༔ འདིར་རྣལ་འབྱོར་པ་ཉམས་སུ་ལེན་པ་འབད་རྩོལ་དང་བཅས་པ་དྲགས་པོས་ཉམས་སུ་བླང་བ་རྣམས་ལ༔ ལམ་གྱི་སྣང་བ་འཕེལ་འགྲིབ་སེལ་བའི་ཐབས་ལ༔ རྣམ་རྟོག་བྱིང་བ་དང༔ རྒོད་པ་གཉིས་ཡིན་ཏེ༔ བྱིང་བ་ལ་གནས་ཀྱིས་བྱིང་བ་དང༔ གྲོགས་ཀྱིས་སོ༔ གནས་ཀྱིས་བྱིང་པ་ནི༔ མཛེ་སྤྲང་ངམ༔ དམ་ཉམས་ཀྱིས་བསླད་པའམ༔ རང་བཞིན་གྱིས་གནས་འཐིབ་པ་དང༔ ནམ་ཟླས་འཐིབ་པའོ༔ དེ་ལ་གནས་མཐོ་བའམ༔ གངས་མཐོ་བའམ༔ ནེའུ་སིང་ངམ༔ བྲག་གི་རྩེ་ལ་བསྒོམས་པས་སེལ་ལོ༔ གྲོགས་ནི༔ དམ་ཉམས་སམ༔ སྡོམ་ཉམས་སམ༔ བསམ་ངན་ནམ༔ སྡིག་ཅན་ནམ༔ གདོན་ཅན་དང་འགྲོགས་པས་ཏིང་ངེ་འཛིན་འགྲིབ་པ་དང༔ ལུས་ལྡང་མི་ནུས་པ་དང༔ བཏང་སྙོམས་དང་ལེ་ལོར་ལུས་པ་འབྱུང་ངོ༔ དེ་ལ་སྐོང་གསོ་བྱ༔ བཤགས་པ་བྱ༔ འཆི་བ་བསམ༔ གསོལ་བ་གདབ༔ སྨྲ་བ་གཅད༔ འཕྲུལ་འཁོར་བྱ༔ དེས་སེལ་ལོ༔ རྒོད་པ་ལའང་གནས་དང༔ གྲོགས་སོ༔ གནས་ཀྱིས་རྒོད་པ་ནི༔ གནས་དྭངས་ཆེས་པས་རིག་པ་མ་ནོན་པའོ༔ དེ་ལ་སྤྱི་བོར་བླ་མ་བསྒོམ༔ གྲོགས་ཀྱིས་གཡེང་སྟེ་རྒོད་པ་ལ་སྨྲ་བ་གཅད༔ ཞེན་པ་བསྐྱུང༔ བློ་ཁ་ནང་དུ་ལོག་ལ་སྙིང་རུས་བསྐྱེད་དེ༔ ལར་གྱིས་ཁམས་འདུས་པ་དང༔ རྐྱེན་དྲག་པོ་དང༔ སྡུག་བསྔལ་འབྱུང་བའི་དུས་སུ༔ འོ་ད་རེས་ང་ལ་དགེ་སྦྱོར་གྱི་གསལ་འདེབས་བླ་མ་གཅིག་བྱུང༔ རེ་དགའ་སྙོམས་ལས་སུ་གྱུར་པ་སྔར་ལན༔ ཁམས་གསུམ་སེམས་ཅན་ཕ་མ་དང་བཅས་པའི་མི་འདོད་པའི་སྡུག་བསྔལ་ཐམས་ཅད་ང་ལ་ཤོག་ཅིག༔ ངའི་སྡིག་སྒྲིབ་ཐམས་ཅད་དུས་འདིར་སྨིན་པར་གྱུར་ཅིག༔ མི་ཁ་དང༔ གླེང་བརྗོད་མི་མཐུན་པ་ཐམས་ཅད་ང་ལ་ཤོག་ཅིག༔ དུས་འདིར་ཤོག་ཅིག༔ སྐད་ཅིག་མ་ལ་ཤོག་ཅིག་བྱའོ༔ ཞེས་ཁར་ཡང་བརྗོད༔ རྒྱུད་ལའང་བཀལ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་པས༔ དེའི་སྟེང་དུ་གཏད་མེད་དུ་ཕྱལ་ཕྱལ༔ ཉམས་དགའ་ཡ་ལེ་བ༔ རྒྱང་གླུ་རྩེ་རེ་བ་གཅིག་འོང་སྟེ༔ དེ་ལས་ཀྱིས་ལས་དག་པ་བྱ་བ་ཡིན་ནོ༔ དཔེར་ན་ཡུལ་གཅིག་ཏུ་འཕྲང་ངམ༔ ལམ་དོག་པོ་གཅིག་བྱུང་ན་དེ་བརྒལ་མ་ཐག་ཏུ་ཡུལ་གཞན་གཅིག་འོང་ངོ་ཤེས་པས༔ དེ་དང་འདྲ་བ་བཞིན་བསྒོམས་པའི་རྗེས་ལ༔ ཉམས་ཀྱི་འཕེལ་འགྲིབ་རེ་བྱུང་དུས༔ རྗེས་ལ་རྟོགས་པ་རྐྱང་པ་གཅིག་མི་སྐྱེ་མི་སྲིད་པ་ཡིན་ནོ༔ དེ་ལྟར་མ་རིག་པའི་འཕེལ་འགྲིབ་ཐམས་ཅད་ཀྱང་རྒྱུ་མ་རིག་པ༔ ངོ་བོ་བདག་ཏུ་འཛིན་པ༔ མཚན་ཉིད་མ་ངེས་པའོ༔ དབྱེ་ན༔ བདག་ལ་བརྟེན་ཏེ་བྱུང་བ་དང༔ གཞན་ལ་བརྟེན་ཏེ་བྱུང་བ་དང༔ གཉིས་ཀ་ལ་བརྟེན་ཏེ་བྱུང་བ་དང༔ ཤེས་རབ་བྱ་ལྟར་ལྡིང་བའོ༔ བདག་ལ་བརྟེན་པ་ནི༔ ང་དང་བདག་ཏུ་འཛིན་པའི་ཉོན་མོངས་པ་རྣམས་སོ༔ གཞན་གྱི་ཕྱི་རོལ་གྱི་གདོན་རྣམས་རང་གི་སྣང་བ་ལ་ཞེན་པས་དུག་ལྔ་རྒྱས་པའོ༔ གཉིས་ཀ་ལ་བརྟེན་པ་ནི༔ གཟུང་འཛིན་གྱི་རྣམ་པར་རྟོག་པའོ༔ ཤེས་རབ་བྱ་ལྟར་ལྡིང་བ་ནི༔ ཆོས་མང་པོ་ཤེས་ཤིང་རློམས་སེམས་སུ་གྱུར་ཏེ༔ བློ་དྲེད་ཁྱེར་བའོ༔ བྱིང་རྒོད་ལ་ལུས་ཀྱི་འབྱུང་བ་འཁྲུགས་པའི་གཉིད་དང༔ ཆེད་དུ་གོས་དང༔ མལ་དུ་བཙས་པ་དང༔ ངལ་དུབ་དང༔ ཆང་ལས་བྱུང་བའོ༔ རྒོད་པ་ལ་རང་བཞིན་གྱིས་རྒོད་པ་དང༔ གླུ་གར་རོལ་རྩེད་དང༔ ཉོན་མོངས་པས་དཀྲུགས་པ་རྣམས་ཡིན་ནོ༔ དེ་རྣམས་གང་ལས་བྱུང་བརྟགས་པས་གཞི་མེད༔ གང་ལ་གནས་འདུག་བལྟས་པས་རྩ་བ་དང་བྲལ༔ ངོ་གང་དུ་སྤྲད༔ རིག་པ་རྟེན་མེད་དུ་ངོ་སྤྲད་དོ༔ དཔེ་འདུས་མ་བྱས་ཀྱི་ནམ་མཁའ་དང་འདྲ༔ ཅི་རུ་བསྲེ༔ འོད་གསལ་བདེ་བ་རང་སྟོང་དུ་བསྲེ༔ དུས་ཅི་ཙམ་ན་ད་ལྟ་ཉིད་ཀྱི་ཤེས་པ་འདི་ལས་མ་ཡེངས་པར་རོ༔ ངར་ཅིས་འདོགས༔ རླུང་གིས་འདོགས༔ རླུང་ལ་ཤེས་པས་འདོགས༔ རང་བྱུང་གི་ཡེ་ཤེས་ཧྲིག་གེ་རྗེན་ནེ་བའོ༔ རྟགས་ཅི་ཙམ་འབྱུང༔ ཞེན་ཆགས་དང་བྲལ་བ་འབྱུང༔ འབྲས་བུ་ལྟ་བ་བདེན་མེད་ཆོས་སྐུ་འཐོབ་བོ༔ འགྱུ་བ་སྟོང་པར་ངོ་ཤེས༔ གང་ན་གནས༔ སྣང་བ་ལ་གནས༔ ངོ་རང་གྲོལ་དུ་སྤྲད༔ དཔེ་ཅི༔ བར་སྣང་གི་འཇའ་དང་འདྲ༔ དེ་ཅི་རུ་བསྲེ༔ ཕན་གནོད་མེད་པ་རང་སྣང་ཤར་གྲོལ་དུ་བསྲེ༔ དུས་ཅི་ཙམ་ན་སྐད་ཅིག་གཉིས་པ་རང་གསལ་ཡུལ་བྲལ་འདི་རང༔ ངར་ཅིས་འདོགས༔ ཚོགས་དྲུག་སྒོ་ཡན༔ རྐྱེན་བླ་མ༔ རྟགས་ཅི་འབྱུང་ན༔ འཆི་བ་ལ་ཉམ་ང་མེད་པ་འབྱུང༔ འབྲས་བུ་སྣང་བ་རང་གསལ་དུ་ཤེས་པས་ལོངས་སྐུ་ཐོབ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ངོ་ཤེས༔ གང་ན་གནས༔ རྣམ་རྟོག་སྔ་མ་སང༔ ཕྱི་མ་མ་སྐྱེས་པའི་བར་ན་གནས༔ ངོ་བདེ་སྟོང་དུ་སྤྲད༔ དཔེ་སྤྲ་བ་ལ་མེ་མཆེད་པ་བཞིན་དུ་སྤྲད་ཅིང་བསྟན༔ བླང་དོར་དགག་སྒྲུབ་མེད་པར་བསྲེ༔ དུས་སྐད་ཅིག་མ་གསུམ་པ་གང་སྣང་ལ་བཟོ་མེད་བཞིན་དུ་གསལ༔ གསལ་བཞིན་དུ་ཞེན་པ་མེད༔ མེད་བཞིན་མ་འགགས་པར་རྒྱ་བསྐྱེད་དེ༔ གྲ་ཡམ་མེ༔ ཁྲ་ཤིག་གེ༔ བདེ་ཕྱམ་མེ༔ རྗེན་ལྷང་ངེ་བའི་དུས་འདི་ནའོ༔ ངར་ཅིས་འདོགས་ན༔ སྣང་བའི་དངོས་པོ་རྟེན་ཅན་དང༔ རྟེན་མེད་གང་གིས་ཀྱང་འདོགས་སོ༔ དབྱིངས་སྣང་འབྲེལ་རྒྱུན་ཆོད༔ འཁོར་བ་ཆུས་བཤལ༔ འཁྲུལ་པ་རྩད་ནས་ཆོད་དོ༔ རྟགས་འཆི་བ་ལ་བྲོད་པ་ཐོབ༔ འབྲས་བུ་ཅིར་སྣང་སྤྲུལ་པའི་སྐུ་ཐོབ་པ་ཡིན་ནོ༔ ཅི་ཡང་མི་དམིགས་ཧད་པོར་བསྒོམས་ན་ནམ་མཁའ་མཐའ་ཡས་སུ་གོལ་འགྲོ༔ ནམ་མཁའ་སེམས་དང་སེམས་ལས་བྱུང་བའི་ཚུལ་དུ་སྒོམ་པ་ནི་རྣམ་ཤེས་མཐའ་ཡས་སུ་གོལ༔ གཅིག་དང་དུ་མས་གཞིག་ནས་ཅི་ཡང་མེད་པ་བསྒོམས་པས་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་གོལ༔ དེ་ཡང་དཔེ་ནམ་མཁའ་དོན་རིག་པ༔ ཚད་སྣ་རྩེའི་བར་སྣང་སང་ངེ་བ༔ ངོ་བོ་སལ་ལེ༔ ཧྲིག་གེ༔ བུན་ནེ༔ ཕྱད་དེ༔ འབོལ་ལེ་བ་འདི་འོ༔ འདི་ཉིད་མིག་གི་ཡུལ་དུ་གཟུགས་སྣང་སྟོང་དབྱེར་མེད༔ རྣ་བའི་ཡུལ་དུ་སྒྲ་གྲགས་སྟོང་དབྱེར་མེད༔ སྣ་ལ་དྲི༔ ལྕེ་ལ་རོ༔ ལུས་ལ་རེག་བྱ༔ ཡིད་ལ་བདེ་སྡུག་གང་སྣང་ཡང་གསལ་སྟོང་རྗེན་པར་ཁྲེས་སེ༔ ཡིན་ལུགས་ཀྱི་ངང་དུ་སྐྱོངས་ཤིག༔ དུས་བཞི་སྟེ༔ སྔ་དྲོ་དང་ཕྱི་དྲོ༔ སྲོད་དང༔ ཐོ་རངས་སོ༔ འགྲོ་བ་དང་འདུག་པ༔ ཟ་བ༔ སྨྲ་བའི་དུས་སུ་མི་འབྲལ་བར་བྱའོ༔ དེ་ལྟ་བུ་སྣང་བ་གྲོགས་སུ་ཁྱེར་བས༔ མཉམ་རྗེས་མཉམ་པོར་འདྲེས༔ སྣང་བ་གྲོགས་སུ་ཤར༔ རྐྱེན་ངན་བླ་མར་ཤར༔ སྟོང་ཉིད་རང་རྩལ་འབྱོངས༔ ཆོས་སྐུ་རྒྱ་ལྟར་འབྱམས་པ་ལ་སྤྱོད་ཅིག༔ དང་པོ་ཞི་གནས་ཀྱི་དུས་སུ་ཉམས་གཞོན་ནུ་མས་བདེ་བ་མྱོང་བ་ལྟ་བུར་འཆར༔ འབྲས་བུ་མིག་གི་མངོན་ཤེས་འབྱུང༔ རྗེས་ཐོབ་ཀྱི་དུས་སུ་སྒོམ་མི་སྒོམ་གྱི་ཐ་སྙད་དང་བྲལ་བ་འབྱུང༔ འབྲས་བུ་སྣ་ཚོགས་པའི་མངོན་ཤེས་འབྱུང༔ ཐམས་ཅད་ལ་མ་ཞེན་པར་མཉམ་རྗེས་འདྲེས་དུས་དངོས་པོར་འཛིན་པ་ཅི་ཡང་མེད༔ འབྲས་བུ་ཕ་རོལ་གྱི་སེམས་ཤེས༔ རྩལ་འབྱོངས་པའི་རྟགས་ནི༔ མ་རིག་པ་ཉིད་རིག་པར་ཤར་ནས༔ རང་སེམས་རང་མཚང་རིག་སྟེ༔ ལུས་གཞན་དུ་སྤྲུལ་ཤེས༔ འབྲས་བུ་སྔོན་གྱི་གནས་རྗེས་སུ་དྲན་པ་འབྱུང༔ དེ་ནས་ཉིན་སྣང་དང་མཚན་སྣང་ཕྱེད་འདྲེས་ཙམ་གྱི་དུས་ན་སེམས་ཀྱི་ངོ་བོ་རིག་པར་གྲོལ་ཏེ༔ སྐྱེ་བ་མི་ལེན༔ འབྲས་བུ་འཆི་འཕོ་དང༔ སྐྱེ་བའི་མངོན་ཤེས་འཆར་རོ༔ ཉིན་མཚན་འཁོར་ཡུག་ཏུ་འདྲེས་པའི་ཏིང་ངེ་འཛིན་ཉི་མ་དང་འདྲ༔ རང་དོན་ཆོས་སྐུ་ཐོབ༔ ཀ་དག་རང་ས་ཟིན༔ འཁྲུལ་པར་ལྡོག་མི་སྲིད༔ གཟུགས་སྐུ་གཉིས་ཉི་ཟེར་ལྟ་བུས་འཁོར་བ་མ་སྟོངས་ཀྱི་བར་སེམས་ཅན་གྱི་དོན་བྱེད་ཅིང༔ འབྲས་བུ་ཟག་མེད་ཀྱི་མངོན་ཤེས་འཆར་རོ༔ ཨེ་མ༔ ལྟ་བ་བལྟར་མེད་རིག་པའི་ཕོ་རྒོད་ལྟོས༔ སྒོམ་པ་སྒོམ་བྲལ་ཡེ་སྒོམ་ངོ་བོ་གསལ༔ སྤྱོད་པ་སྤྱོད་བྲལ་སྣང་བ་ཐུག་ཕྲད་གྱེས༔ འབྲས་བུ་ཐོབ་མེད་མིང་འདས་བརྗོད་བྲལ་ལོངས༔ གནད་འདི་སུས་ཤེས་སངས་རྒྱས་ཟང་ཐལ་ངང༔ ཨོ་རྒྱན་ང་ཡི་བརྒྱུད་འཛིན་དམ་པ་འོ༔ སྡུག་བསྔལ་དང་སྒོམ་གེགས་ཐམས་ཅད་རིག་པའི་ཀློང་དུ་ཞི་བའི་ཞི་བྱེད་རིན་ཆེན་ཕྲ་བཀོད་ཅེས་བྱ་བ་འདི་རྫོགས་སོ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ ༔
དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ མཁའ་འགྲོ་དགོངས་འདུས་སྙིང་པོ་ (Volume 36, Text 35)
༁ྃ༔ དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ མཁའ་འགྲོ་དགོངས་འདུས་སྙིང་པོ་བཞུགས༔ ྈྈྈྈ བླ་མ་ཡེ་ཤེས་མཁའ་འགྲོར་འདུད༔ དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར༔ གངས་བྲག་དབེན་པའི་གནས་སུ་ཕྱིན༔ རྫས་དང་དམིགས་པར་མ་ལྟོས་ཀྱང༔ རང་བྱུང་ཤེལ་རྡོ་རྨ་བྱའི་མདོངས༔ ཁ་ཊྭཱཾ་ཅང་ཏེའུ་རུས་པའི་རྒྱན༔ བནྡྷ་མཚན་ལྡན་རིག་མ་དང༔ སྨན་རག་གཏོར་ཚོགས་རྒྱས་པར་བཤམ༔ སེམས་བསྐྱེད་བླ་མར་གསོལ་བ་གདབ༔ ཧཱུྃ༔ སྣང་སྲིད་འཁོར་འདས་ཡུམ་གྱི་མཁའ༔ གཉིས་འཛིན་དགྲ་བགེགས་མིང་ཡང་མེད༔ མ་བཅོས་མ་བསླད་རྫོགས་པ་ཆེ༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཨོཾ་ཨཱཿཧཱུྃ༔ སྣོད་རྣམས་འདོད་ཡོན་རྣམ་ལྔའི་ཡུམ༔ བཅུད་རྣམས་ཤ་ལྔ་བདུད་རྩི་ལྔ༔ གནས་འཁོར་ཡོ་བྱད་མཁའ་འགྲོའི་རྟེན༔ ཡེ་ཤེས་རོལ་པར་ལྷུན་གྱིས་གྲུབ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཚོགས་གསག་བགྱི་བའི་རིམ་པ་འོ༔ དངོས་གཞི་མ་བཅོས་ཏིང་འཛིན་ནི༔ ཧཱུྃ༔ ངོ་བོ་ཀ་དག་སྤྲོས་དང་བྲལ༔ རང་བཞིན་ལྷུན་གྲུབ་འོད་གསལ་ལས༔ སྣོད་བཅུད་འཇའ་འོད་ཐིག་ལེར་དག༔ ཡེ་ཤེས་དགུ་ཡི་ཕོ་བྲང་དང༔ དབྱིངས་ཀྱི་མུ་ཁྱུད་སུམ་རིམ་སོགས༔ ཡེ་ཤེས་དཀྱིལ་འཁོར་ལྟེ་བ་ལ༔ འཁོར་འདས་བསྣོལ་བའི་ཁྲི་སྟེང་དུ༔ རིག་པ་ཐུགས་ཀྱི་ཀུན་བཟང་ཡུམ༔ གནམ་ཞལ་དབྱིངས་ཕྱུག་ནམ་མཁའི་མདོག༔ ཞལ་དགུ་ཕྱག་ནི་བཅོ་བརྒྱད་ལྡན༔ ཞབས་བཞི་བརྐྱང་བསྐུམ་རོལ་པའི་གར༔ བདེ་གཤེགས་ཞི་བའི་དབུ་རྒྱན་ཅན༔ གནས་ཡུལ་མཁའ་འགྲོའི་ཕྱག་མཚན་འབར༔ རྡོ་རྗེ་ཐོད་ཁྲག་བསྣོལ་བ་ཡིས༔ ཆེ་མཆོག་ཁ་ཊྭཱཾ་ག་དང་འཁྲིལ༔ རུས་པའི་རྒྱན་གསོལ་མེ་དཔུང་འབར༔ རིགས་བཞི་འབར་མ་གསང་བའི་ཡུམ༔ ཕྱོགས་མཚམས་བརྒྱད་ཀྱི་ཕོ་བྲང་ལ༔ ཀྲོ་དྷཱི་ཤྭ་རཱི་བཻ་ཏཱ་ལི༔ པདྨ་གཟི་ལྡན་རྒྱས་འདེབས་མ༔ མུ་ཁ་ལེ་དང་དབྱིངས་ཕྱུག་རྒྱལ༔ ཁམས་གསུམ་སྤྱི་འདུལ་འབྱུང་ལྔའི་བདག༔ སྲས་འཁོར་སྒོ་སྐྱོང་བཀའ་སྡོད་བཅས༔ དང་པོར་དབང་མོ་ཉི་ཤུ་བརྒྱད༔ གཉིས་པར་མཁའ་འགྲོ་སུམ་ཅུ་གཉིས༔ གསུམ་པར་ཕྱོགས་བཞིའི་ཕོ་ཉ་དང༔ མཚམས་བཞིར་འོག་གི་ཕོ་ཉའི་ཚོགས༔ ཕྱི་ཁྱམས་འབུམ་ཕྲག་བྱེ་བ་མོ༔ མཁའ་འགྲོ་མི་ཟད་འབར་བའི་སྤྲིན༔ དབྱིངས་རིག་གཉིས་སུ་མེད་པར་རྫོགས༔ སྟོང་གསལ་རིག་པའི་སྐུ་གསུང་ཐུགས༔ ཡེ་ཤེས་རྣམ་ལྔ་ཡེ་ནས་རྫོགས༔ ཧཱུྃ༔ ཕྱོགས་བཅུ་རབ་འབྱམས་འོག་མིན་ཞིང༔ ཡུལ་ཆེན་སུམ་ཅུ་རྩ་གཉིས་ནས༔ ཡེ་ཤེས་ཚོམ་བུ་དགུ་ཡི་ལྷ༔ མཁའ་འགྲོ་སུམ་བརྒྱ་དྲུག་ཅུ་དང༔ འབུམ་ཕྲག་བྱེ་བ་ས་ཡའི་ཚོགས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛྙཱ་ན་ཌཱ་ཀི་ལོ་ཀ་ཌཱ་ཀི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ས་མ་ཡ་ཏིཥྛནྟུ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དབྱིངས་ཀྱི་རྒྱན་དུ་ཤར་བ་ཡི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལྔ༔ ནང་གི་སྨན་རཀ་གཏོར་མ་དང༔ གསང་བའི་སྦྱོར་སྒྲོལ་བདེ་ཆེན་སྤྲིན༔ འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག༔ མ་ཧཱ་སུ་ཁ་སརྦ་པཱུ་ཛཿཧོ༔ ཧཱུྃ༔ ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཡུམ༔ ལྷུན་གྲུབ་འདུས་མ་བྱས་པའི་གསང༔ རིག་པ་སྙིང་པོའི་ཐུགས་རྗེའི་རྩལ༔ མཁའ་འགྲོ་ཡོངས་རྫོགས་ལྷ་ལ་བསྟོད༔ ཧཱུྃ༔ གཞི་དབྱིངས་འགྱུར་བ་མེད་པ་ལས༔ གཞི་སྣང་མཁའ་འགྲོའི་སྐུ་གསུང་ཐུགས༔ རིག་པ་ཚད་ལ་ཕེབས་པ་ཡིས༔ འཁོར་འདས་ཁྱོན་གང་འགྲོ་དོན་མཛོད༔ ཨ་ཧ་རི་ནི་ས་ཧཱུྃ༔ ཡེ་ཤེས་ལྔ་ལྡན་གསང་སྔགས་འདི༔ བཟླས་པ་ཙམ་གྱིས་དངོས་གྲུབ་ཐོབ༔ རྗེས་སུ་ཚོགས་ཀྱི་མཆོད་པ་ནི༔ ཧཱུྃ༔ དབྱིངས་ཀྱི་བནྡྷ་ཡངས་པ་རུ༔ རིག་པ་དམ་རྫས་བདུད་རྩིར་ཞུ༔ ལྷུན་གྲུབ་མདངས་རྩལ་མཆོད་སྤྲིན་སྤྲོ༔ རྣལ་འབྱོར་བདེ་ཆེན་གར་གྱིས་རོལ༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ ཚོགས་ཀྱི་འདུ་བར་མྱུར་དུ་འདུས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ ཤ་ལྔ་བདུད་རྩི་བཅུད་རེ་ཆེ༔ གསང་བའི་གར་ཐབས་བདེ་ཆེན་འཕེལ༔ རིག་པ་དབྱིངས་ཀྱི་གནས་སུ་སྤོར༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་འཁོར་བཅས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ བདེ་ཆེན་གསང་བའི་ཚོགས་མཆོད་ཀྱིས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༔ དུག་གསུམ་དབང་གྱུར་འགལ་འཁྲུལ་བཤགས༔ དམ་ཚིག་ཉམས་ཆག་དག་པར་མཛོད༔ གཟུང་དང་འཛིན་པའི་རུ་དྲ་རྣམས༔ གཉིས་སུ་མེད་པའི་ཞལ་དུ་བསྟབ༔ མ་བཅོས་ཐིག་ལེའི་ཀློང་ཡངས་སུ༔ བསྐང་བྱ་སྐོང་བྱེད་མེད་པར་བཞག༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ས་མ་ཡ་ཤུདྡྷེ་ཨ༔ རུ་དྲ་མཱ་ར་ཡ་ཕཊ༔ དྷརྨ་དྷཱ་ཏུ་ཨ༔ ལོངས་སྤྱོད་རོལ་ཞིང་ལུས་དཀྱིལ་མཆོད༔ གསང་བའི་གར་དང་གླུ་བྲོ་བྱ༔ གསོག་འཇོག་མེད་པར་ལྷག་མ་བསྡུས༔ ཁ་ཕྲུ་བཏབ་ཅིང་བདུད་རྩིར་བསམ༔ ཨོཾ་ཨཱཿཧཱུྃ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ བྷྱོ༔ འབར་མ་གནས་ཉུལ་ཐམས་ཅད་དང༔ མཁའ་འགྲོ་གིང་ལྕམ་ཕོ་ཉའི་ཚོགས༔ མ་བདུན་སྲིང་བཞི་བརྟན་མ་སོགས༔ གཏོར་ལེན་མཁའ་འགྲོ་བསམ་ཡས་རྣམས༔ སྔོན་གྱི་ཞལ་བཞེས་དམ་བཅའ་ལྟར༔ ལྷག་གཏོར་བདུད་རྩི་འདི་བཞེས་ལ༔ རྣལ་འབྱོར་གསང་བའི་གྲོགས་མཛོད་ཅིག༔ ཌཱ་ཀ་ཌཱ་ཀི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ མཁའ་ལ་འཇའ་ཡལ་ཇི་བཞིན་དུ༔ ལྷུན་གྲུབ་སྣང་བ་དབྱིངས་སུ་ཐིམ༔ ཀ་དག་དེ་བཞིན་ཉིད་ཀྱི་ངང༔ བཅོས་བསླད་རེ་དོགས་མེད་པར་བཞག༔ ཨ་ཨ་ཨ༔ ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ གསང་བའི་དོན་ལ་སྤྱད་པ་རྣམས༔ འདུས་མ་བྱས་པའི་དབྱིངས་སུ་བསྔོ༔ སྒྲིབ་གཉིས་ཀུན་བྱང་ཡེ་ཤེས་འཕེལ༔ བདུད་བཞིའི་གཡུལ་ལས་རྒྱལ་བ་དང༔ སངས་རྒྱས་མྱུར་དུ་ཐོབ་པར་ཤོག༔ འགྲོ་དོན་རྒྱུན་གྱི་སྤྱོད་ལམ་བྱ༔ ས་མ་ཡ༔ བླ་མ་ཡེ་ཤེས་མཁའ་འགྲོར་འདུད༔ མཁའ་འགྲོའི་བསྙེན་སྒྲུབ་རྣམ་བཞི་ནི༔ སྙིང་གར་དྭངས་མ་ལྔ་འདུས་པའི༔ ཐིག་ལེ་ཧ་རི་ནི་ས་ཨ༔ དེ་ལས་འོད་ཟེར་སྣ་ལྔ་འཕྲོས༔ གཟུང་འཛིན་འཁྲུལ་པའི་སྒྲིབ་གཡོགས་བསལ༔ ཀུན་ཀྱང་དབྱིངས་རིག་ཐིག་ལེའི་ངང༔ དག་པའི་སྣང་བར་འབྱམས་ཀླས་བསམ༔ ཡིག་འབྲུ་རྣམས་ལས་གྲངས་མེད་འཕྲོས༔ ལུས་ཀྱི་ཕྱི་ནང་ཐམས་ཅད་གང༔ ཉམས་སྣང་གོང་དུ་འཕེལ་བར་བསམ༔ དེ་ལས་མཁའ་འགྲོའི་སྐུར་གྱུར་ནས༔ ནམ་མཁའི་མཐའ་དང་མཉམ་པར་སྤྲོས༔ རྒྱལ་བ་སྲས་དང་བཅས་པ་མཆོད༔ འགྲོ་བ་རྣམས་ལ་ཐིམ་པ་ཡིས༔ ཡེ་ཤེས་མཁའ་འགྲོའི་སྐུ་རུ་གྱུར༔ རིག་པ་ཚད་ལ་ཕེབས་པར་བསམ༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ༔ མཐིང་ག་ཁྱབ་པ་ཆེན་པོའི་དབྱིངས༔ རང་གི་ལུས་ལ་ཐམས་ཅད་འདུས༔ འོད་ཀྱི་རང་བཞིན་ཨ་ལ་ཐིམ༔ རིག་པའི་དབྱིངས་སུ་ཐིམ་པའི་ངང༔ བློ་ཟད་ཆོས་ཟད་ཉིད་དུ་བཞག༔ དེ་ལྟར་བསྙེན་སྒྲུབ་རྣམ་བཞི་ཡི༔ མི་འགྱུར་དགོངས་པའི་གཟེར་བཏབ་སྟེ༔ ཐུགས་ཀྱི་འབྲུ་གཅིག་ཧཱུྃ་དང་བཅས༔ ཕྲ་ལ་འགྱུར་བའི་དབྱངས་ཀྱིས་བཟླ༔ སྐབས་སུ་རླུང་གི་རྟ་ལ་བསྐྱོན༔ དངོས་གཞིར་མི་བཟླ་ལྷུག་པར་བཞག༔ རེས་འགའ་ལྷ་ཡི་གསལ་སྣང་འདོན༔ རེས་འགའ་ཁྲེགས་ཆོད་ངང་ལ་བཞག༔ རེས་འགའ་ཐོད་རྒལ་རྩལ་ལ་སྦྱང༔ ཡེ་ཤེས་མཁའ་འགྲོ་མྱུར་དུ་འགྲུབ༔ འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་བོ༔ ས་མ་ཡ༔ བླ་མ་ཡེ་ཤེས་མཁའ་འགྲོར་འདུད༔ ཡེ་ཤེས་མཁའ་འགྲོའི་དབང་བསྐུར་ནི༔ དཀྱིལ་འཁོར་དབང་རྫས་ཚད་དང་ལྡན༔ ཕྱི་ནང་གསང་མཆོད་རྒྱས་པར་བཤམ༔ བླ་མས་མཁའ་འགྲོའི་ཏིང་འཛིན་བསྒོམ༔ སློབ་མས་གསེར་གྱི་མཎྜལ་ཕུལ༔ ཧོ༔ མཁའ་འགྲོ་ཀུན་གྱི་དཀྱིལ་འཁོར་གཙོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་ཅིང་དབང་མཆོག་བསྐུར་དུ་གསོལ༔ མཁའ་འགྲོའི་དམ་ཚིག་གཟུང་བ་ནི༔ ཧོ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མེད་པ་དང་ནི་ཕྱལ་བ་དང༔ གཅིག་པུའི་དམ་ཚིག་ལྷུན་གྱིས་རྫོགས༔ གསང་བ་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ བླ་མས་དམ་ལ་བཞག་པ་ནི༔ ཧོ༔ ཤིན་ཏུ་སྐལ་པ་བཟང་པོའི་བུ༔ མཁའ་འགྲོའི་དམ་ཚིག་གཉན་པོ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང༔ གསང་བ་གཞན་ལ་མ་སྨྲ་ཞིག༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ སློབ་མ་ཡེ་ཤེས་མཁའ་འགྲོ་མ༔ མཐིང་གསལ་གྲི་ཐོད་འཛིན་པར་སྒོམས༔ ཧ་རི་ནི་ས་ཨས་མཚན་པའི༔ གཡུང་དྲུང་སྙིང་གར་གཡོན་དུ་འཁོར༔ བླ་མ་མཁའ་འགྲོའི་གནས་གསུམ་ནས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྤྲོས༔ སློབ་མའི་ལུས་ཀྱི་ནང་ཁེངས་ཤིང༔ སྙིང་གའི་ཡིག་འབྲུ་རྣམས་ལ་བསྟིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ རོལ་མོ་བསྒྲགས་ཤིང་སྦྱར་སྤོས་བསྲེག༔ བྱིན་ཆེན་དབབ་པས་རྟགས་བྱུང་ན༔ ཡེ་ཤེས་བརྟན་པའི་སྔགས་ཀྱིས་བཏབ༔ ཧཱུྃ༔ བུམ་པ་བཟང་པོ་ཆོས་ཀྱི་དབྱིངས༔ བུམ་བཅུད་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ རིག་པ་རྩལ་གྱི་དབང་བསྐུར་བས༔ ཆོས་ཉིད་དག་པར་སྣང་བར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་ཡབ་དང་ཡུམ༔ དབྱིངས་རིག་དབྱེར་མེད་སྙོམས་ཞུགས་པའི༔ ཐིག་ལེ་སྙིང་པོས་དབང་བསྐུར་བས༔ ཉམས་སྣང་གོང་དུ་འཕེལ་བར་ཤོག༔ ཏི་ལ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཚན་ལྡན་དབྱིངས་ཀྱི་ཕྱག་རྒྱའི་མཁར༔ ཐབས་མཆོག་རིག་པ་སྙོམས་ཞུགས་པའི༔ ལྷུན་གྲུབ་ཡེ་ཤེས་དབང་བསྐུར་བས༔ རིག་པ་ཚད་ལ་ཕེབས་པར་ཤོག༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྲེགས་ཆོད་ཀ་དག་ཆོས་སྐུའི་ཤེལ༔ ཐོད་རྒལ་ལྷུན་གྲུབ་ལོངས་སྐུའི་འོད༔ དབྱེར་མེད་ཟུང་འཇུག་དབྱིངས་སུ་ཐིམ༔ ཀུན་བཟང་ཟད་སར་སངས་རྒྱས་ཤོག༔ མ་ཧཱ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཚིག་བརྟན་པོར་ཁས་བླངས་ནས༔ བླ་མའི་ཞབས་ནི་སྤྱི་བོར་བླང༔ ལུས་ངག་ཡིད་གསུམ་བྲན་དུ་འབུལ༔ སྨོན་ལམ་དགའ་སྟོན་རྒྱ་ཆེར་བྱ༔ ཐུན་མོང་རྗེས་སུ་འཛིན་པའི་ཕྱིར༔ གཏོར་མ་མཁའ་འགྲོའི་ཚོགས་སུ་བསྒོམ༔ སློབ་མ་མཁའ་འགྲོའི་སྐུར་བསྐྱེད་ལ༔ གནས་གསུམ་བྱིན་བརླབ་ཡེ་ཤེས་བསྟིམ༔ ཧཱུྃ༔ བནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་ལྔའི་ཟེར་འཕྲོས་པས༔ ཉོན་མོངས་དུག་ལྔའི་སྒྲིབ་པ་སྦྱོང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བསྙེན་སྒྲུབ་ལས་ཀྱི་དབང་ཐོབ་ཤོག༔ བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་ཀྱི་ལས་རིམ་སྤྱི་ལྟར་བྱ༔ ས་མ་ཡ༔ ཨེ་མ་ཧོ༔ ཡེ་ཤེས་མཁའ་འགྲོའི་སྒྲུབ་པ་འདི༔ སུ་འཕྲད་འཇའ་ལུས་རྡོ་རྗེ་འགྲུབ༔ རྒྱས་པ་ཙ་རིའི་གནས་སུ་སྦས༔ སྙིང་པོ་ནམ་མཁའ་མཛོད་དུ་སྦས༔ ལོ་རྒྱུས་མདོ་བྱང་གསལ་བ་ལྟར༔ ཁ་བྱང་ཟུར་ཙམ་གཡུ་མཚོར་སྦས༔ ཡང་བྱང་ཀེ་རྩི་འདུས་པར་སྦས༔ སྙིང་བྱང་ནམ་མཁའ་མཛོད་དུ་སྦས༔ ཞེ་བྱང་བསམ་ཡས་མཆིམས་ཕུར་སྦས༔ ཁྱད་པར་ཡིད་ལ་མངོན་སུམ་པ༔ མཁའ་འགྲོ་ཐུགས་ཀྱི་གནས་གསུམ་ནས༔ མ་ནོར་ཡིད་ལ་ས་ལེར་འཆར༔ རྒྱུད་ལུང་མན་ངག་ཀུན་གྱི་བཅུད༔ ཚེ་གཅིག་སངས་རྒྱས་དེ་ཡིས་འགྲུབ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་རོང་རྨེ་དཀར་མོ་སྟག་ཚང་གི་གུ་རུའི་གསང་ཕུག་གོང་མའི་གཡས་གདོང་ནས་སྤྱན་དྲངས་པའི་མཆོང་ཤོག་མཁའ་འགྲོ་བརྡའི་ཡི་གེ་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་མཆོག་རི་བོ་དབང་ཞུའི་སྙིང་པོ་ཟླ་གམ་དབང་ཆེན་ཕུག་ཏུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་དྲེགས་པའི་མཆོད་གསོལ་མེ་རླུང་རབ་འཁྲུགས་ (Volume 13, Text 35)
ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་དྲེགས་པའི་མཆོད་གསོལ་མེ་རླུང་རབ་འཁྲུགས་བཞུགས་སོ༔ ྈ ཧཱུྃ་ཧཱུྃ༔ དེང་གི་གནས་མཆོག་དམ་པ་འདིར༔ དགྲ་བགེགས་བམ་ཆེན་སྙིང་ཁ་ནས༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལ༔ ཨ་ཡ་མ་དུ་རུ་ཙ་ཤ༔ ན་ལས་སྙིང་པོའི་འོད་འཕྲོས་པས༔ དྲེགས་པ་སྡེ་བརྒྱད་འདིར་གཤེགས་ཤིག༔ སྐད་ཅིག་མྱུར་དུ་ས་མ་ཡ༔ ཛ་ཛ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ ཡང་ཡང་གཉེར་དུ་གཏད་པའི་ལས༔ དཔལ་ཆེན་ཧེ་རུ་ཀ་རྣམས་ཀྱིས༔ ཡང་ཡང་བཀའ་ལ་བསྒོ་བའི་ལས༔ རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས༔ ཡང་ཡང་ཕྲིན་ལས་བཅོལ་པའི་ལས༔ དགྲ་བགེགས་བསྒྲལ་བ་ཁོ་ན་སྟེ༔ ལས་འདི་སྐད་ཅིག་མྱུར་དུ་མཛོད༔ ཟས་སུ་དགྲ་བོའི་དོན་སྙིང་ཟོ༔ སྐོམ་དུ་དགྲ་བོའི་ཁྲག་ལ་ཐུངས༔ ལས་སུ་དགྲ་བོའི་ཚེ་སྲོག་ལོངས༔ གཉེར་དུ་ཆོས་མཛད་སྲུང་མ་མཛོད༔ སངས་རྒྱས་རྣམས་དང་ཧེ་རུ་ཀའི༔ བཀའ་དང་དམ་ཚིག་དྲན་པར་གྱིས༔ དགྲ་བགེགས་ལོ་ཟླར་འགྱངས་གྱུར་ན༔ སྲུང་མའི་མཐུ་རྩལ་ཅི་ལ་བལྟ༔ དེ་བས་ད་ལྟ་མྱུར་དུ་སྒྲོལ༔ སྡེ་བརྒྱད་དྲེགས་པའི་མཆོད་གསོལ་བསྡུས་པ་སྟེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲོག་དབང་གི་སྐབས་སུ་བདུད་རྩི་གཏོར་མར་བྲན་ལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ༔ བདུད་རྩི་རང་བཞིན་ར་སཱ་ཡན༔ ཕྱི་ལྟར་ཤ་ལྔ་བདུད་རྩི་ལྔ༔ ནང་ལྟར་རིགས་ལྔའི་བྱང་ཆུབ་སེམས༔ གསང་བ་ཡེ་ཤེས་ཙནྡྷའི་བཅུད༔ ལྷ་ལ་ཕོག་ན་དགྱེས་བྱེད་ཅིང༔ བགེགས་ལ་ཕོག་ན་ཕྱེ་མར་འཐོར༔ སྲུང་མ་རྣམས་དང་སྒྲུབ་པ་པོ༔ གཅིག་ཏུ་བསྲེ་བའི་བདུད་རྩི་སྟེ༔ བདེ་བ་ཆེན་པོའི་ཀློང་དུ་འདྲེས༔ སྲུང་སྐྱོབ་ཕྲིན་ལས་སྐད་ཅིག་གིས༔ འདའ་བར་མི་རུང་ན་ར་ཀན༔ ཨོཾ་སརྦ་པཉྩ་ལ་ཁཱ་ཧི༔ དམ་ཚིག་བསྲེ་བའི་མན་ངག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ ང་ནི་དབང་ཆེན་ཐོད་ཕྲེང་རྩལ༔ ང་ནི་ཡེ་ཤེས་རབ་འབར་ཏེ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ ང་ལས་ཆེ་བཙན་སུ་ཡང་མེད༔ དུང་ཁང་གཤིན་རྗེའི་སྐུ་ཡིས་གང༔ མགྲིན་པར་རྟ་མགྲིན་ཚྭ་ཚ་འཕྲོས༔ ཐུགས་ཀར་གསང་བདག་སྐར་ལྟར་འཁྲུགས༔ བ་སྤུ་ཉག་མ་རེ་རེ་ལ༔ ཡཀྴ་མེ་དབལ་འབུམ་འབུམ་འགྱེད༔ དྲེགས་པའི་ཚོགས་ཀྱིས་ལས་མཛོད་ཅིག༔ རྣལ་འབྱོར་སྒྲུབ་མཆོག་བདག་ཉིད་ཀྱིས༔ སྲུང་དང་ཟློག་བསད་མནན་པའི་ལས༔ མ་གཡེལ་མ་འདའ་ཕྲིན་ལས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་དྷརྨ་པ་རཀྵ་རཀྵ༔ བཛྲ་ས་མ་ཡ༔ བཀའ་གཏད་ལ་སོགས་འདི་ཉིད་སྦྱར། རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ གཅེས་པའི་ཟབ་གནད་ཁྱད་པར་ཅན་ཏེ། གནམ་ཆེན་ཟླ་གམ་དབང་གི་ཕོ་བྲང་ནས་སྤྱན་འདྲེན་པ་སྟེ། རྒྱ་ཆེན་བཀའི་བསྡུ་བ་པོས་གསོལ་བ་བཏབ་ཅིང་། ཡིད་ལ་གཅེས་པའི་རང་བཞིན་ལྷའི་གཞལ་མེད་ཁང་དུ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།
ཡང་གཏེར་ཡཀྵ་ཛམ་བྷ་ལའི་གཏེར་སྲུང་མཆོད་ཐབས་ (Volume 50, Text 35)
ཡང་གཏེར་ཡཀྵ་ཛམ་བྷ་ལའི་གཏེར་སྲུང་མཆོད་ཐབས་ནི། མཆོད་གཏོར་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཧཱུྃ། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གི །བཀའ་ཉན་སྣང་སྲིད་དྲེགས་པའི་ཚོགས་རྣམས་དང་། ཁྱད་པར་གཏེར་སྲུང་བྲག་བཙན་འཁོར་དང་བཅས། །འདིར་གཤེགས་རང་མཐུན་གདན་ལ་དགྱེས་པར་བཞུགས། །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིངྟ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །ཟག་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ། །མི་མཐུན་ཉམས་ཆག་ཐུགས་འགལ་ནོངས་པ་བཤགས། །སྣང་སྲིད་རོ་མཉམ་ཆེན་པོར་དམ་བསྲེ་ན། །འབྲལ་མེད་རྡོ་རྗེའི་ཐ་ཚིག་རྗེས་དགོངས་ཏེ། །བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། །གང་བཅོལ་རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་འབུལ་ལོ། །འདི་ཡང་བསླབ་གསུམ་ལྡན་པ་བླ་མ་ཕན་བདེ་ལགས་ཀྱི་བཞེད་ངོར་བི་ཛ་ཡས་༼ཞེ་ཆེན་རྒྱལ་ཚབ་༽གང་དྲན་སྨྲས་པ་དགེ། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཀུན་བཟང་ཐུགས་གཏེར་གྱི་གཏེར་སྲུང་སྤུ་གྲི་རྣམ་གསུམ་གིང་ཆེན་བཅས་པའི་གཏོར་ཆོག་མདོར་བསྡུས་ (Volume 6, Text 35)
ཀུན་བཟང་ཐུགས་གཏེར་གྱི་གཏེར་སྲུང་སྤུ་གྲི་རྣམ་གསུམ་གིང་ཆེན་བཅས་པའི་གཏོར་ཆོག་མདོར་བསྡུས་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། །བླ་སྒྲུབ་བྱིན་རླབས་ཀྱི་སྒྲོན་མེ་དང་ཁྱད་པར་དུ་འབྲེལ་པ་གཏེར་སྲུང་རྣམ་པ་བཞིའི་རྒྱུན་གཏོར་འབུལ་བའི་ཕྲིན་ལས་མདོར་བསྡུ་ན། སྣོད་གཙང་མར་བཙན་བཤོས་དམར་པོ་དང་བདུད་བཤོས་ནག་པོ་གཉིས་ཟུར་གསུམ། རྒྱལ་བཤོས་དཀར་ཟླུམ་རྣམས་ཤ་ཁྲག་གིས་བརྒྱན། གིང་ཆེན་ལ་བཤོས་བུ་རྩ་བ་གྲུ་བཞི་རྩེ་མོ་ཟུར་གསུམ་པ་ལ་ར་མར་དང་ར་ཤས་བརྒྱན་པ་བཤམ། བཀའ་གཏད་བྱེད་ན་དར་གྱི་ཅོད་པན་ཡང་གཟུག །རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་མདུན་དུ་ཛ་ལས་བསེའི་སྐྱེས་བུ། དུ་ལས་མགོན་པོ་ལྕགས་ལྷ། ཙ་ལས་སྲོག་བདག་རྒྱལ་པོ་རྣམས་གསལ་བར་གྱུར། བདག་གི་ཐུགས་སྲོག་ཧཱུྃ་གི་འོད་ཟེར་གྱིས་རང་རང་གི་གནས་ནས་སྲོག་བདུད་སྤུ་གྲི་མཆེད་གསུམ་སྤྱན་དྲངས་ཏེ་ཐིམ་པས་གུས་པ་དང་བཅས་ཅི་བཅོལ་སྒྲུབ་པར་ཞལ་གྱིས་བཞེས་པར་གྱུར་པར་བསམས་ལ། ཨ་ཏྲི་ས་ཏྲི༔ མ་ཧཱ་ཀཱ་ལ༔ རཱ་ཙ་ཏྲི་ཡཾ༔ ས་མ་ཡ་ཛཿཛ༔ ཞེས་གསུམ་མམ་བདུན་བཟླ། སྔགས་དེའི་མཐར། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བསེ་ཡི་སྐྱེས་བུ་གདུག་པ་ཅན༔ མོན་པ་སྲོག་ཟན་སྲིན་པོའི་སྐུ༔ རི་རབ་རྩེ་ལ་གནས་བཅས་ནས༔ གྲུ་གསུམ་འབར་བའི་མཚམས་ཤེད་ན༔ བསེ་ཡི་སྐྱེས་བུ་ཆེན་པོ་ནི༔ སྐུ་མདོག་མཆོང་དམར་བཅག་པ་འདྲ༔ ཚངས་པའི་རྒྱལ་པོ་མཐུ་བོ་ཆེ༔ བསེ་མཁར་སྨུག་པོའི་མངའ་བདག་པོ༔ བསེ་ཡི་གྱི་ལིང་ཆིབས་སུ་འཆིབ༔ རལ་པ་སྤྲིན་དམར་མཆེད་པ་འདྲ༔ མཆེ་བ་ཟླ་ཚེས་ལྟ་བུ་གཙིགས༔ བསེ་ཡི་ཚེམ་ཁྲབ་སྐུ་ལ་གསོལ༔ བསེ་ལྷྭམ་མཐིལ་ནག་ཞབས་ལ་གསོལ༔ ཕྱག་ན་ལྕགས་ཀྱི་གཞུ་མོ་བདུང༔ བསེ་ཡི་མདའ་བཀང་དགྲ་ལ་འཕེན༔ ཞལ་ནས་ཁྲག་དང་དུག་ཆར་འབེབ༔ དེ་ཡི་ཤན་པ་ལག་རིང་ནི༔ བསེ་ཡི་སྐྱེས་བུ་སྡེར་རིང་ཅན༔ ལག་ན་མདུང་དམར་དགྲ་ལ་འདེབས༔ འཁོར་དུ་བཙན་གྱི་ཚོགས་ཀྱིས་བསྐོར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བསྟན་པ་གཉན་པོ་སྲུང་བ་དང༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ ཧཱུྃ༔ ལྷ་ཆེན་མགོན་པོ་ནག་པོ་གསོན༔ མཐིང་ནག་མི་བཟད་དྲག་ཤུལ་ཆེ༔ ཐུགས་ཀྱི་སྤྲུལ་པ་བརྒྱ་ཕྲག་འགྱེད༔ སྐུ་ལ་མཐིང་ནག་བེར་ཆེན་གསོལ༔ གཡག་ལྤགས་རློན་པའི་གཡང་གཞི་གྱོན༔ རྨ་བྱའི་ཐོད་གདེངས་ཅོད་པན་བཅིངས༔ ཕྱག་ན་ལྕགས་ཀྱུ་རྩེ་དགུ་བསྣམས༔ དམ་ཉམས་དགྲ་བོའི་སྙིང་ནས་དྲོངས༔ རེས་འགའ་ཁྲམ་བམ་ཞགས་པ་ཐོགས༔ རེས་འགའ་རིན་ཆེན་དབྱུག་པ་བསྣམས༔ འཁོར་ནི་ནག་པོ་འབུམ་གྱིས་བསྐོར༔ ལྷ་ཆེན་གནས་ནས་སྐྱོད་པའི་ཚེ༔ བདུད་བགེགས་ཐམས་ཅད་ལས་ལ་འཛུད༔ བསེ་སྡེར་དམར་པོ་ཤ་ར་ར༔ བསེ་ཡི་སྡིག་པ་ཐུགས་ལས་ཕྱུང༔ དགྲ་བགེགས་ཐམས་ཅད་ཞེ་ལ་ནོན༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ དར་ནག་རུ་མཚོན་ཕྱག་ན་འཕྱར༔ དར་ནག་གཡབ་ཅིང་དམག་དཔུང་སྡུད༔ ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད༔ ལྷ་ཆེན་དཔལ་འབར་དུས་ལ་བབས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བསྟན་པ་གཉན་པོ་སྲུང་བ་དང༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ ཧཱུྃ༔ ཤར་ཕྱོགས་དུང་མཁར་ནང་ཤེད་ན༔ དམ་ཉམས་དགྲ་བོ་གསོད་པའི་ལས་མཛད་པ༔ ཤར་བདུད་ཆེན་པོ་མ་རུངས་པ༔ ཤར་གྱི་སྐྱེས་བུ་ཉི་པང་སད༔ ཡས་ཀྱི་མཆེ་བས་བྲང་གི་སླེ་སྣར་སླེབ༔ མས་ཀྱི་མཆེ་བས་དཔྲལ་བའི་སྨིན་མཚམས་སླེབ༔ དཀར་པོ་དུང་གི་ཐོར་ཚུགས་ཅན༔ རྒྱལ་བའི་བཀའ་སྡོད་སྐྱེས་གཅིག་པོ༔ སྐུ་ལ་དུང་ཁྲབ་དཀར་པོ་གསོལ༔ གཡས་ན་གྲི་ཐོགས་ཟངས་སེ་ཟང༔ གཡོན་ན་བ་དན་དཀར་པོ་ཕྱར༔ རེས་འགའ་ར་སྐྱེས་ཁམ་པ་ཆིབས༔ རེས་འགའ་སེང་གེ་འབྲུག་ལ་ཞོན༔ སྐྱེས་པ་དར་མའི་སྲོག་རྩ་གཅོད༔ ན་ཆུང་གཞོན་ནུའི་སྲིས་ལ་འཕྲོག༔ བྱིས་པ་གཞོན་ནུའི་ཚེ་ལ་རྐུ༔ ཁྱོད་ནི་ཤར་ཕྱོགས་སྲོག་གི་བདག༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བསྟན་པ་གཉན་པོ་སྲུང་བ་དང༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ བྷྱོ༔ ཁྱོད་ཀྱི་ཕྱག་བརྙན་མང་པོ་ནི༔ བདུད་པོ་མི་ཟན་དྲེགས་ཅན་བརྒྱད༔ བསེ་ཡི་སྐྱེས་བུ་གདུག་པ་ཅན༔ ལྕགས་ཀྱི་མོན་པ་ནག་པོ་བརྒྱད༔ ལྕགས་ཀྱི་སྤྱང་ཀི་སྔོན་པོ་བརྒྱད༔ ཕོ་ཉ་སྤྲུལ་པ་བྲན་གཡོག་བཅས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བསྟན་པ་གཉན་པོ་སྲུང་བ་དང༔ བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད༔ ཅེས་བསྐུལ་ཞིང་ཕྲིན་ལས་བཅོལ་ལོ། ༈ །གིང་ཆེན་སྤུ་གྲི་རེག་ཆོད་ཀྱི་གཏོར་འབུལ་ནི། གཏོར་མ་གོང་ལྟར་བྱིན་བརླབ། རང་ཉིད་དཔལ་ཧེ་རུ་ཀར་གསལ་བའི་མདུན་དུ་གིང་ཆེན་རྡོ་རྗེ་ལེགས་པ་སྐུ་མདོག་ལྗང་ཁུ་འཇིགས་པའི་ཞལ་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཐོགས་པ༔ གཡོན་པས་ཙིཏྟ་དམར་པོ་ཐོགས་པ༔ སེང་གེ་དཀར་མོ་གོང་སྔོན་ལ་འཆིབ་པ༔ ན་བཟའ་ཟ་འོག་གི་བེར་གསོལ་བ༔ ལེ་བརྒན་དམར་པོའི་འགྱིང་ཐོད་བཅིངས་པ༔ སྐྱེས་བུ་སྟག་ཆས་ཀྱིས་བརྒྱན་པ༔ ཀླད་ལ་ལྕགས་ཀྱི་བྱ་ཁྲ་ལྡིང་བ༔ ཅེ་སྤྱང་སྔོན་པོ་བདུན་རོལ་དུ་འབྲང་བ༔ ནང་བློན་བཞི་དང་ལས་བྱེད་མོན་པ་གསུམ་སྲིང་མོ་དང་བཅས་པ༔ གིང་སུམ་བརྒྱ་དྲུག་ཅུས་བསྐོར་བར་གྱུར༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས་གིང་ཆེན་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་ཏེ་ཐིམ་པར་གྱུར། ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ ཧཱུྃ་ར་བཾ་གིང་ཛ་ཛཿདུན་བྷྱོ༔ ཞེས་པས་བཀུག་སྟེ་བསྟིམ། ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། རང་གི་ཐུགས་ཀའི་འོད་ཀྱིས་ཕོག་པས་ཐུགས་དམ་བསྐུལ་བར་བསམས་ལ་སྔགས་སྔ་མ་དེ་ཅི་འགྲུབ་དང་། ཨོཾ་ཛཿཧཱུྃ་བཾ་ཧོཿབཛྲ་སཱ་དྷུ་ས་མ་ཡ༔ ཏྲི་ཏྲེ་ན་ཏྲེ་མེ་ནེ་ས་མ་ཡ་སཱ་དྷུ༔ ཏྲི་ཛ་ཛ༔ ཞེས་པའང་ཅུང་ཟད་བཟླ །སྔགས་སྔ་མའི་མཐར། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། དམ་ཅན་སྐྱེས་བུ་ཆེན་པོ་གིང་ཆེན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱི་ཕྲིན་ལས་བཅོལ། བཛྲ་སཱ་དྷུ་ས་མ་ཡ་རཀྟ་ཙིཏྟ་བཾ་ནན༔ ཞེས་མནའ་བོར་ཏེ་དམ་ལས་མི་འདའ་བར་བསམ། མཆོད་བསྐུལ་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ ཤར་ལྷོ་རིན་ཆེན་གླིང་ཐང་ན༔ སྲོག་གཅོད་ཤན་པའི་ཞིང་ཁམས་དཀྱིལ༔ ལོང་ཏང་སྐུ་མཁར་སྒོ་མེད་ནས༔ ནམ་མཁའ་དར་གྱིས་ཁོངས་ལ་སྤྱོན༔ ས་གཞི་དམག་གིས་ཁོངས་ལ་སྤྱོན༔ རྡོ་རྗེ་ལེགས་པ་ད་ཚུར་སྤྱོན༔ དམུ་དང་བདུད་མོ་འཚོགས་པའི་བུ༔ ལྗང་ནག་འཇིགས་པ་རྔམ་པའི་ཞལ༔ ཞལ་གདངས་མཆེ་གཙིགས་སྡང་མིག་ལྟ༔ སྐུ་ལ་ཟ་འོག་སླག་པ་གསོལ༔ མན་ཏྲིའི་རལ་ཁ་གྱེན་ལ་བརྫེས༔ རལ་པ་ཁམས་ནག་མེ་སྟག་འཁྲུགས༔ ལེ་བརྒན་དར་གྱི་འགྱིང་ཐོད་བཅིངས༔ ཞལ་ནས་དྲག་སྔགས་ཐོག་ཟེར་འབེབ༔ དྲེགས་པ་ཆེན་པོ་མ་རུངས་པ༔ སེང་གེ་རྔམ་པ་གློག་འགྱུ་འཆིབ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱར༔ ཕྱག་གཡོན་ཙིཏྟ་དགྲ་སྙིང་གསོལ༔ གདུག་པའི་རྔམ་སྟབས་དགྲ་བགེགས་སྒྲོལ༔ འཇིགས་པའི་ང་རོས་ལྷ་སྲིན་སྡུད༔ གཏུམ་པའི་གད་མོས་སྟོང་གསུམ་འགེངས༔ གཅན་གཟན་བདུད་ཀྱི་ཕོ་ཉ་འགྱེད༔ དགྲ་བགེགས་སྲོག་གཅོད་ཕྲིན་ལས་མཛད༔ སྲིད་པའི་སྐྱེས་བུ་ཐུགས་དམ་ཅན༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ བཀའ་ཡི་བསྟན་པ་བསྲུང་དུ་གསོལ༔ མ་གཡེལ་མ་འདའ་ཕྲིན་ལས་མཛོད༔ ནང་བློན་ཆེན་པོ་རེ་བཞི་དང༔ ལས་བྱེད་མོན་པ་ནག་པོ་གསུམ༔ སྲིང་གཅིག་ཤ་མེད་གངས་དཀར་མ༔ གིང་ཆེན་སུམ་བརྒྱ་དྲུག་ཅུ་སོགས༔ ཕོ་ཉ་གདུག་པའི་འཁོར་ཚོགས་རྣམས༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ བཀའ་ཡི་བསྟན་པ་གཉན་པོ་སྲུངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ། རྗེས་གཤེགས་གསོལ་སྤྱི་མཐུན་བྱའོ། །ཞེས་པའང་ཟབ་ཆོས་འདི་ཉིད་ཀྱི་ཆ་ལག་ཏུ་ཉེ་བར་མཁོ་བས་བློ་གྲོས་མཐའ་ཡས་ཀྱིས་གཏེར་གཞུང་ལས་བཀོལ་ཏེ་བཏུས་པ་འགལ་བ་མཆིས་ན་བཤགས་ཤིང་དགེ་བས་བསྟན་པ་རྒྱས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།
དཔལ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་ཕྲིན་ལས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཞུན་ཐིགས་ (Volume 28, Text 35)
༄༅། །དཔལ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་ཕྲིན་ལས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། སངས་རྒྱས་མ་གཏོགས་གང་གི་མཐུ་ཡིས་ཀྱང་། །འདེགས་པར་མི་བཟོད་ཡེ་ཤེས་རྡོ་རྗེ་ཆེ། །རྟག་ཏུ་གསོར་བས་བདུད་དཔུང་ཀུན་འཇོམས་པ། །བླ་མ་གསང་བའི་བདག་པོར་ཕྱག་བགྱི་འོ། །སྟོབས་པོ་ཆེར་གྲགས་སྟོབས་ཆེན་གྱི། །ལྷ་མིན་ས་འོག་བཅིངས་པ་ལས། །སྲེད་མེད་བུས་ཀྱང་འགྲན་མེད་པ། །གང་དེའི་བཀའ་སྲོལ་གསལ་བར་བྱ། །འདི་ལ་གཉིས། སྒྲུབ་པའི་ཕྲིན་ལས་དབང་བསྐུར་བའི་ཆོ་གའོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་སྒྲུབ་རྟེན་རྣམས་གཏེར་གཞུང་ལས་གསུངས་པ་ལྟར་དང་། དབང་དུས་དེའི་ཆས། རྒྱུན་གྱི་རྣལ་འབྱོར་ལྟ་བུར་སྨན་རཀ་གཏོར་གསུམ་མཆོད་པའི་ཡོ་བྱད་ཙམ་ཚོགས་པར་བྱས། ཕྲིན་ལས་དངོས་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ་སྦྱོར་བ་ལ། སྐྱབས་སུ་འགྲོ་བ་ནི། དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། བདག་གཞན་འགྲོ་བ་ཀུན་དོན་དུ༔ རྡོ་རྗེ་འཛིན་པའི་དགོངས་པ་ཡིས༔ ངེས་པའི་དོན་དུ་སེམས་བསྐྱེད་དོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ བགེགས་བསྐྲད་པ་ནི། བགེགས་གཏོར་བྱིན་བརླབ་འགུགས་པ་དང་བསྔོ་བ་སྤྱི་ལྟར་བྱས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ བདག་ཉིད་གསང་བདག་བཀའ་འདས་ན༔ གནོད་བྱེད་ལུས་ངག་ཡིད་གསུམ་པོ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་བགེགས་གཏོར་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བསྐྲད། བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་སྲུང་འཁོར་བསྒོམ། མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཞེས་སྔགས་ལན་གསུམ་གསུམ་བརྗོད་ལ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས༔ བྷྲཱུྃ་ཡོངས་སུ་གྱུར་པ་ལས༔ གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ཆོས་འཁོར་གདུགས་ཏོག་ཐམས་ཅད་ཡོངས་སུ་རྫོགས་པ༔ ནང་གནམ་ལྕགས་འབར་བའི་གུར་ཁང་ལ༔ ཕྱི་དུར་ཁྲོད་མེ་དཔུང་འབར་བའི་ཀློང་དུ་གྱུར་པ་དེའི་དབུས་སུ་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་ཁར༔ རང་རིག་གི་ངོ་བོ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ཧཱུྃཿགིས་མཚན་པ་ལས་འོད་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་དྲན་རྫོགས་སུ་རང་རིག་གི་ངོ་བོ་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གནམ་ལྕགས་རྡོ་རྗེ་མེའི་ཚྭ་ཚྭ་འཕྲོ་བ་ནམ་མཁར་འཕྱར་ཞིང༔ གཡོན་ལྕགས་ཀྱུ་དང་སྦྲུལ་ཞགས་འཛིན་པ༔ ཞལ་བགྲད་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་དུ་གཟིགས་པ༔ རལ་པ་ཁམ་སེར་གྱེན་དུ་འབར་ཞིང་རལ་པའི་གསེབ་ནས་མེའི་ཚྭ་ཚྭ་འཕྲོ་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཀླུ་རིགས་ལྔ་དང་སྦྲུལ་ཆུན་གྱིས་སྤྲས་པ༔ སྐུའི་བ་སྤུའི་བུ་ག་ནས་སྤྲུལ་པའི་ཁྲོ་ཚོགས་དང་ཡེ་ཤེས་ཀྱི་མེས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འགྱེད་པ༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃཿམཐིང་ནག་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་པས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་རྒྱལ་གྱི་སྐུར་བཞེངས་ནས་འཁོར་དུ་བསྐོར་ཏེ་མདུན་གྱི་ནམ་མཁར་བྱོན་པར་གྱུར༔ གུ་གུལ་དང་ཤ་ཆེན་བསྲེག །དར་ནག་གཡབ། དབྱངས་རོལ་བཅས་སྤྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཁྲོ་རྒྱལ་དམ་ཚིག་ཅན༔ འོག་མིན་ལྷུན་གྲུབ་གནས་མཆོག་གི༔ གསང་ཆེན་རོལ་པའི་གཞལ་ཡས་ཁང༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཡེ་གཉིས་མེད་དུ་གྱུར་པར་བསམས་ལ་བཞུགས་གསོལ་ནི། ཧཱུྃ༔ མི་འཇིགས་གནམ་ལྕགས་འབར་བའི་གཞལ་ཡས་འདིར༔ གདུག་པ་སྡེ་བརྒྱད་འདུལ་ཕྱིར་བརྟན་པར་བཞུགས༔ བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཕྱག་འཚལ་བ་ནི། ཧཱུྃ༔ ཕྲིན་ལས་མཐུ་སྟོབས་མངའ་དབང་བདག༔ གསང་བདག་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ལ་སོགས་དང༔ སྨན་གཏོར་རཀྟ་འདོད་ཡོན་ཚོགས༔ མཆོད་པའི་བྱེ་བྲག་དཔག་མེད་རྣམས༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨརྒྷཾ་པཱ་དྱཾ་སོགས་ནས། ཤབྡ་པཱུ་ཛ་ཧོ༔ པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏཿ མ་ཧཱ་རཀྟ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ རྡོ་རྗེ་འཛིན་དབང་ཁྲོས་པའི་རྒྱལ༔ བདུད་དང་ལོག་འདྲེན་འཇོམས་མཛད་པ༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་ལྷ༔ བཻ་ཌཱུར་མདོག་ཅན་འཇིགས་པའི་སྐུ༔ ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ ཞལ་བསྒྲད་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག༔ སྤྱན་གསུམ་སྡང་མིག་ཁྲོ་ཚུལ་གཟིགས༔ རལ་པའི་གསེབ་ནས་མེ་འོད་འབར༔ སྡེ་བརྒྱད་འབྱུང་པོ་རླག་པར་བྱེད༔ གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡི༔ གནམ་ལྕགས་རྡོ་རྗེས་ཐལ་བར་རློག༔ ལྕགས་ཀྱུ་ཞགས་པ་བསྣམས་པ་ཡིས༔ སྡེ་བརྒྱད་འབྱུང་པོ་འགུགས་ཤིང་འཆིང༔ བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ ཀླུ་རྣམས་ཐམས་ཅད་འདུལ་མཛད་པ༔ ཁྲོ་ཚོགས་འབུམ་གྱི་འཁོར་གྱིས་བསྐོར༔ སྡེ་བརྒྱད་ཐམས་ཅད་འདུལ་མཛད་པ༔ ཕྲིན་ལས་ཡོངས་རྫོགས་དཔལ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བཟླ་བ་ནི། བདག་མདུན་ཐུགས་ཀར་པདྨ་སྔོན་པོ་འདབ་མ་བརྒྱད་པ༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་སུ༔ ཧཱུྃཿཡིག་ཚེག་དྲག་ཅན་བཻ་ཌཱུརྻའི་མདོག་ཅན་གྱི་མཐའ་ལ་རྩ་བའི་སྔགས་རྣམས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་མེའི་ཕྲེང་བ་ལྟར་འཁོར་བ་ལས་འོད་འཕྲོས༔ དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་སྲོག་ས་བོན་ལ་ཕོག༔ བདག་དང་དཀྱིལ་འཁོར་པའི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས༔ གདུག་པ་ཅན་ཐམས་ཅད་ཚར་བཅད་པར་གྱུར༔ ཅེས་དམིགས་ལ་རྩ་བའི་སྙིང་པོ་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དྲག་སྔགས་ནི། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་མིང་ཚིག་གིས་བར་མ་ཆོད་པར་བཟླ། འགྲུབ་པའི་རྟགས་གཞུང་དུ་གསལ། གྲངས་རྩ་སྔགས་འབུམ་ཕྲག་གསུམ་དུ་གསུངས་སོ། །ཐུན་མཐར་སྟོང་ཚིགས་སྤྱི་ལྟར་འབུལ། གཏེར་སྲུང་གཏོར་འབུལ་ནི། དམར་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བརླབ། རང་གི་ཐུགས་ཀའི་འོད་ཟེར་གྱིས་དཔལ་མ་ཧཱ་ཀཱ་ལ་ལྷ་མགོན་ལྕམ་དྲལ་སྡེ་བརྒྱད་དྲེགས་པའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་མ་ཧཱ་ཀཱ་ལ་དེ་ཝཱི་ཀཱ་ལི་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོའི་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙཀྵུཿབ་སུ་ཏ་ཙིཏྟ་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་གཏོར་མ་འབུལ། ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ལྷ་མགོན་ཡབ་ཡུམ་འཁོར་བཅས་རྣམས༔ དེ་རིང་གནས་འདིར་གཤེགས་སུ་གསོལ༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ སྦྲུལ་ཆེན་སྐམ་རློན་ཐོད་ཕྲེང་གིས༔ དབུ་དང་ཕྱག་ཞབས་རྒྱན་དང་བཅས༔ རབ་ཏུ་འཇིགས་པའི་གད་རྒྱངས་སྒྲོག༔ ཆུ་གྲི་བྷནྡྷ་ཁྲག་བཀང་བསྣམས༔ དགྲ་བགེགས་ལུས་གཏུབ་སྙིང་ཁྲག་གསོལ༔ ལས་མཁན་སྡེ་བརྒྱད་དམག་ཚོགས་བཅས༔ འདིར་བྱོན་བདུད་རྩི་སྨན་རཀ་དང༔ བ་ལིཾ་དགྲ་བོའི་ཤ་ཁྲག་རྣམས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྔོན་ཚེ་གསང་བའི་བདག་པོ་དང༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ རང་གིས་ཁས་བླངས་དམ་བཅས་བཞིན༔ ཟབ་གཏེར་བསྟན་པ་རྒྱས་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད༔ ཅེས་འབུལ་ལ་གཤེགས་སོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། ཚོགས་མཆོད་བྱིན་རླབས་ནི། རཾ་ཡཾ་ཁཾ། རང་ཉིད་ཐུགས་ལས་འོད་འཕྲོས་པས༔ ཐོད་ནང་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔར་གསལ་བ་འོད་དུ་ཞུ༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ གསུམ། ཧཱུྃ༔ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་གཏུམ་པོ་དང༔ ཁྲོ་ཚོགས་སྤྲུལ་འཁོར་བཅས་པ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ དྲག་པོའི་གཞལ་ཡས་འདིར་བཞུགས་ལ༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ བཅོམ་ལྡན་གསང་བདག་ལྷ་ཚོགས་རྣམས༔ འདོད་ཡོན་མཆོད་པས་ཐུགས་དམ་བསྐང༔ དང་པོ་ཕུད་འབུལ་བ་ནི། ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བར་པས་བཤགས་པ་ནི། སྔོན་བྱུང་ཐོག་མཐའ་མེད་པ་ནས༔ ད་ལྟའི་དུས་འདི་ཡན་ཆོད་དུ༔ མ་རིག་འཁྲུལ་པ་ཅི་བགྱིས་པ༔ ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། དམིགས་རྟེན་ལ་འགུགས་གཞུག་སྤྱི་ལྟར་བྱས་ལ། བཅོམ་ལྡན་གསང་བདག་སྐུ་བཞེངས་ཤིག༔ དགྲ་བགེགས་འདུལ་བའི་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ ལས་ཀྱི་ཕོ་ཉས་སྟོང་གསུམ་ཁེངས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་གཏུབས་ཤིག་མཱ་ར་ཡ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ༔ ཞེས་མཚོན་ཆས་བསྒྲལ། ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཞལ་དུ་བསྟིམ་མོ་ཁ་རཾ་ཁཱ་ཧི༔ ཞེས་བསྟབ། ཚོགས་ལ་རོལ། ལྷག་མ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་ཕྱུག་མ་སྲིང་མཁའ་འགྲོ་དང༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ ཨོ་རྒྱན་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་གྲྀཧྞ་ཁཱ་ཧི༔ ཞེས་འབུལ། འདིར་སྤྲོ་ན་ཆད་བརྟན་སོགས་རིགས་མཐུན་ནས་བླང་། བསྡུ་ན་མི་དགོས། དེ་ནས་མཆོད་བསྟོད་མདོར་བསྡུས་བྱ། དངོས་གྲུབ་བླང་བ་ནི། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ བཅོམ་ལྡན་གསང་བདག་རྡོ་རྗེ་གཏུམ་པོ་ཡི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨ་ལ་ལ་ཧོ༔ ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས་ཡིག་བརྒྱ་བརྗོད། མདུན་བསྐྱེད་བརྟན་བཞུགས་སམ་གཤེགས་གསོལ་གང་འོས་བྱ། བདག་བསྐྱེད་ལ་དམིགས་ཏེ། སྣང་སྲིད་སྣོད་བཅུད་གཞལ་ཡས་ཁང༔ འོད་ཞུ་གསང་བདག་ཉིད་ལ་ཐིམ༔ དེ་ཡང་སྙིང་གའི་སྔགས་ཕྲེང་བསྡུ༔ སྔགས་ཀྱང་ཧཱུྃཿཐིམ་ཧཱུྃཿའོད་གསལ༔ བསམ་མེད་སྤྲོས་མེད་བདེ་ཆེན་ངང༔ སླར་ཡང་སྟོང་གསལ་ལྷ་སྐུར་ཤར༔ ཞེས་བསྡུ་ལྡང་བྱ། སྨོན་ལམ་ནི། ཧོ༔ གསང་བདག་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ སྒོ་གསུམ་དྲི་མའི་རྒྱུ་དག་ནས༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ཏེ༔ རང་གཞན་སངས་རྒྱས་མྱུར་ཐོབ་ཤོག༔ ཤིས་བརྗོད་ནི། ཆོས་སྐུའི་བཀྲ་ཤིས་མཁའ་དབྱིངས་དག་པའི་ཀློང༔ ལོངས་སྐུའི་བཀྲ་ཤིས་མཚན་དཔེའི་འོད་འབར་བ༔ སྤྲུལ་སྐུའི་བཀྲ་ཤིས་གཞན་ཕན་མཐའ་ཡས་ཤིང༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་དེང་འདིར་སྩོལ༔ ཅེས་བརྗོད་པས་ཕྲིན་ལས་ཀྱི་རིམ་པ་གྲུབ་བོ། །གཉིས་པ་འདིའི་སྒོ་ནས་དབང་བསྐུར་ན། དཀྱིལ་འཁོར་དབུས་མཐིང་ནག་རྩིབས་བཞི་མུ་ཁྱུད་དང་བཅས་པ་ལ་སྒོ་རྫོགས་པད་རྡོར་མེ་རིས་བསྐོར་བ་བྱས། མ་འཛོམ་ན་མཎྜལ་ལ་འབྲུ་ཚོམ་གཅིག་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་ཅན་བཀོད། མདུན་དུ་སྐུ་དང་བྱ་ཁྱུང་རིགས་ལྔ་ཧཱུྃ་བཅུའི་ཙཀླི། གཡས་སུ་བནྡྷ་བདུད་རྩིས་བཀང་བ། གཡོན་དུ་སེང་ཕུར་ཁྲོ་ཞལ་ཅན། བར་མཚམས་སུ་རྡོར་དྲིལ། རལ་གྲི་མེ་ཕུང་། འཁོར་ལོ་སྦྲུལ་ཞགས། ཐུན་ཕུར་ཐུན་རྫས། བཀྲ་ཤིས་རྫས་བརྒྱད་རྣམས་དང་། རྒྱབ་ངོས་དཔལ་གཏོར་སྨན་རཀ །མཐའ་སྐོར་དུ་ཕྱི་མཆོད་བཤམ། ལས་བུམ། མིག་དར། ཅོད་པན། ཕྲིན་ལས་ལ་དགོས་པའི་ཚོགས་གཏོར་རྣམས་འདུ་བྱའོ། །དེ་ནས་གོང་གསལ་ལས་བྱང་ཉིད་ཚར་གཅིག་གིས་བདག་མདུན་བུམ་གསུམ་དཀྱིལ་འཁོར་སོ་སོར་གསལ་བཏབ་ལ་བཟླས་པའི་འཕྲོ་འདུ་བཅས་རྩ་སྔགས་ཅི་ནུས་དང་། དྲག་སྔགས་བརྒྱ་རྩ་ཙམ་བཟླ། གཟུངས་ཐག་བླངས་ལ་བུམ་ལྷའི་དམིགས་པ་སྤྱི་མཐུན་བཅས་རྩ་སྔགས་བརྒྱ་ཙམ་བཟླ། སྟོང་ཚིགས་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་རྡོ་རྗེ་རྣམ་པར་འཇོམས་པ་གསལ་ལ་དེའི་ཡང་སྙིང་ཅི་འགྲུབ་བཟླས་པས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་ལ། ཇི་ལྟར་བལྟམས་པ་དང་རྣམ་འཇོམས་སྔགས་ཀྱིས་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་མཛོད་འཛིན་པ་རིགས་གསུམ་སེམས་དཔའ་ཆེན་པོའི་ནང་ཚན། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱུད་དང་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་ཤིང་འཕགས་བོད་གཉིས་སུའང་ཅི་རིགས་པ་བྱོན་པ་ལས། འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཨོ་རྒྱན་གྱི་ཡུལ་ཕྱག་ན་རྡོ་རྗེས་རྣམ་པར་སྤྲུལ་པའི་ཕོ་བྲང་ན་འཁོར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་བྱང་སེམས་དགྲ་བཅོམ་འཇིག་རྟེན་སྐྱོང་བའི་ཚུལ་ཅན་དག་པའི་ས་ལ་གནས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་པའི་ཚེ། ཁ་བ་ཅན་གྱི་རྒྱལ་ཁམས་འདུལ་བའི་སླད་དུ་ལག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ཤིང་རྗེས་སུ་གནང་བས་དེ་ཉིད་ཀྱིས་གཏུམ་པོའི་རྒྱུད་ཟབ་མོ་བཤད། ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱིས་བཀའ་བསྡུས་ཤིང་གཉེར་དུ་མཛད་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་གསན་ཏེ་ར་སའི་ལྷ་ཁང་ཆེན་པོར་སྒྲ་རང་འགྱུར་དུ་བསྒྱུར། རྒྱུད་ལས་ཕྱུང་པའི་གདམས་ཟབ་སྙིང་པོར་དྲིལ་བའང་མཛད་ནས་མཚོ་རྒྱལ་དང་མངའ་བདག་ཡབ་སྲས་ལ་གདམས་པའི་བཅུད་དུ་བསྩལ། མཚོ་རྒྱལ་གྱིས་གཏེར་ཁ་གསུམ་དུ་སྦས་པ་ལས་ཀུན་གྱི་ཡང་ཟབ་འདི་ནི་ལྷ་སྲས་དམ་འཛིན་གྱི་སྐྱེ་བ་གར་དབང་ཞིག་པོ་གླིང་པས་ཡེར་པ་རྡོ་རྗེའི་བྲག་ཕུག་ནས་སྤྱན་དྲངས་པ་སྟེ། དེ་ཉིད་ཀྱི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །འབྲུ་གསུམ་གྱིས་མིག་དར་བཅིངས་ཤིང་ཅོད་པན་གཏད། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དང་གསང་བའི་བདག་པོ་རྒྱལ་བ་སྲས་དང་བཅས་པ་ལ་བདག་གཞན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། དཔལ་ལྡན་བླ་མ་སོགས་ལས་བྱང་ལྟར་ལན་གསུམ། གཞན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གཞན་འགྲོ་བ་སོགས་གསུམ། ཚོགས་བསགས་ཤིང་སྡིག་པ་སྦྱངས་ཏེ་བསོད་ནམས་གོང་དུ་སྤེལ་བས་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔སོགས་གསུམ། ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ རིག་སྔགས་ཀུན་གྱི་མངའ་བདག་ཆེ༔ བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔ གསང་བདག་ཐུགས་ཀྱི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཧཱུྃ༔ འདིར་འོངས་རིགས་ཀྱི་བུ་རྣམས་ཀུན༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་རབ་ཏུ་མནོས་གྱུར་ཏེ༔ འདི་དག་ཉམས་ན་ཉེས་ཆེ་འོ༔ དམ་ཚིག་ཉམས་ན་ལྟུང་བར་འགྱུར༔ འདི་དག་ངེས་པར་དམ་བཅའ་འམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་པས་འདིའི་རྗེས་ཟློས། བདག་ཅག་རྡོ་རྗེ་འཛིན་པ་དང༔ སློབ་དཔོན་ལ་ནི་གཉིས་མི་བལྟ༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ བདག་ཅག་རྡོ་རྗེའི་བྲོ་བོར་ལགས༔ དེ་ནས་དམ་ཆུ་བླུད་ཅིང༔ རྡོ་རྗེ་གནས་གསུམ་དུ་གཏུགས་ནས༔ ཧཱུྃ༔ བུ་ཁྱོད་དམ་ལ་གནས་གྱུར་ན༔ གསང་བའི་བདག་པོ་སྙིང་ལ་འཇུག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ཏེ༔ ང་ནི་ཁྱོད་ཀྱི་རྡོ་རྗེ་འཛིན༔ བུ་ཁྱོད་གསང་བའི་བདག་པོར་འགྱུར༔ དངོས་གྲུབ་ཆེན་པོ་དེང་ཐོབ་བོ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཨུ་ད་ཀ་ཐཱ༔ སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ བླ་མ་རྡོ་རྗེ་འཛིན་པ་དང༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ བདག་ཅག་མ་རིག་ལྡོང་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བ་དང༔ དཀྱིལ་འཁོར་ཉིད་དུ་བདག་འཇུག་འཚལ༔ ལན་གསུམ། དཀྱིལ་འཁོར་འདིར་ནི་འཇུག་འདོད་ན༔ རྡོ་རྗེ་སློབ་དཔོན་ཅི་གསུང་བཀའ༔ ཁྱོད་ཀྱིས་བཅག་པར་མི་བྱ་ཞིང༔ དཀྱིལ་འཁོར་ལྷ་ལ་རབ་མོས་ཤིང༔ སྙིང་པོ་སྔགས་དང་ཕྱག་རྒྱ་དང༔ བསྐྱེད་རྫོགས་ཟུང་དུ་འཇུག་བྱེད་ཅིང༔ དཀྱིལ་འཁོར་གསུམ་དང་མི་འབྲལ་བྱ༔ ཅོད་པན་ལྷ་ལ་འབུལ་བའི་མོས་པས་དཀྱིལ་འཁོར་དུ་འདོར་བར་ཞུ། པྲ་ཏཱིཙྪ་བཛྲ་ཧོཿ ཞེས་འདོར་དུ་གཞུག །ཨོཾ་ཨཱཿཧཱུྃ་གིས་གདོང་གཡོགས་བཀྲོལ། མ་རིག་པའི་སྒྲིབ་གཡོགས་བསལ་བས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་སྟོབས་པོ་ཆེའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བ་ལ་ཕྱག་དང་མཆོད་པ་ཕུལ་བར་མོས་ལ་སྔགས་རྒྱ་ལྷན་ཅིག་ཏུ་མཛོད། ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། ཨོཾ་བཛྲ་ཨརྒྷཾ་སོགས་བརྗོད། དེ་དག་གིས་སྦྱོར་བ་སྔོན་འགྲོའི་ཆོས་རྣམས་གྲུབ། དངོས་གཞིའི་དབང་བསྐུར་བའི་ཐོག་མར་ཁྱེད་རང་རྣམས་དམ་ཚིག་གི་ལྷ་སྐུ་འདི་བཞིན་དུ་གསལ་ཐོབ་ཅིག །བདག་དང་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས། པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་རང་རིག་གི་ངོ་བོ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་སོགས་ལས་བྱང་ལྟར་ལ། ཡོངས་སུ་གྱུར་པ་ལས༔ ཁྱེད་རང་རྡོ་རྗེ་གཏུམ་པོ་སོགས་ནས། སྐུར་གསལ་བའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཡེ་ཤེས་སེམས་དཔའ་ལ་རིགས་ལྔའི་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་ཏེ་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིས་གང་བ་ཕྱག་ཏུ་བསྣམས་ཏེ་དབང་བསྐུར་ཞིང་བྱིན་གྱིས་བརླབས། རྒྱལ་ཆེན་སྡེ་བཞིས་ཕྱོགས་སྲུང་། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། སེམས་དཔའ་ལྷ་མོ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མཆོད་པའི་མོས་པ་མཛོད་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་བཟང་པོ་གཞལ་ཡས་ཁང༔ གསང་བདག་གཏུམ་པོའི་ལྷ་ཚོགས་བཞུགས༔ བུམ་པ་སྐུ་ཡི་དབང་བསྐུར་བས༔ བུ་ཁྱོད་ལག་ན་རྡོ་རྗེར་གྱུར༔ རྡོ་རྗེ་གཏུམ་པོའི་སྐུ་བརྙེས་ནས༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྤྱི་བོར་བླུགས། ནམ་མཁར་བཞུགས་པའི་ཡེ་ཤེས་པ་རྣམས་ཀྱང་འོད་ཀྱི་རང་བཞིན་དུ་ཁྱེད་རང་ལ་ཐིམ་པས་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར་པ་ལ་དབང་རྟགས་ཅོད་པན་བྱིན་པར་མོས་ཤིག །སྔར་ཕུལ་བའི་ཅོད་པན་མགོར་བཞག་ལ། ཁྱོད་ནི་གསང་བདག་རྡོ་རྗེ་འཛིན༔ ལྷ་དང་སྐལ་པ་མཉམ་པར་གྱུར༔ བཛྲ་པུཥྤེ་སིདྡྷི་ཧོ༔ ཁྱེད་ཀྱི་གསང་བའི་མིང་། བདུད་འཇོམས་དྲག་པོ་ཐོགས་མེད་རྩལ༔ ཞེས་བྱ་བ་ཡིན་ནོ། །དེས་སྐུའི་དབང་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བནྡྷ་མགྲིན་པར་བཞག་ལ༔ ཧཱུྃ༔ བནྡྷ་ཆོས་དབྱིངས་དཀྱིལ་འཁོར་ན༔ དམ་རྫས་གསང་བའི་བདུད་རྩི་སྦྱར༔ གསང་བ་ངག་ལ་ནུས་དབང་བསྐུར༔ རྩ་ཁམས་བདེ་བའི་རང་བཞིན་ཅན༔ ངག་ལ་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ངག་ཏུ་བླུད༔ དེས་གསུང་གི་དབང་ཐོབ། ངག་སྔགས་བཟླ་བ་ལ་དབང་། གསུང་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། ཁྱེད་རང་གི་སྙིང་གར་ལྷའི་ས་བོན་ཧཱུྃཿཡིག་སྔོན་པོ་གསལ་ཞིང་འཚེར་བ་ལ་སེམས་གཏོད་ཅིག །སྒྲུབ་ཕུར་ལག་ཏུ་གཏད་དེ༔ ཧཱུྃ༔ ཐུགས་མཆོག་འགྱུར་མེད་ཧཱུྃཿདུ་གསལ༔ མ་སྐྱེས་འཇིགས་མེད་རྡོ་རྗེ་ཆེ༔ ཕུར་པས་གཟུང་འཛིན་དབྱིངས་སུ་སྒྲོལ༔ གསང་བདག་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ལ༔ ཧཱུྃ༔ མ་སྐྱེས་འཇིགས་མེད་རྡོ་རྗེ་ཆེ༔ དྲིལ་བུ་ཤེས་རབ་སྒྲ་ཆེན་སྒྲོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཨཱཿ དེས་ཡོན་ཏན་གྱི་དབང་ཐོབ། བདེ་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རལ་གྲི་དང་མེ་དཔུང་གཉིས་ལག་ཏུ་གཏད་ལ༔ ཧཱུྃ༔ རལ་གྲི་འབར་བས་དགྲ་སྲོག་གཅོད༔ སྡིག་མཛུབ་མེ་དཔུང་བགེགས་རྣམས་སྲེག༔ རྩལ་ཆེན་སྒྲོལ་བར་ནུས་པའི་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཁཌྒ་ཛྭ་ལཱ་ན་ལ་ཀརྨ་ཀྲོ་ཏ་ཨ་བྷི་ཥིཉྩ་མཱཾ༔ འཁོར་ལོ་གཡས་དང་སྦྲུལ་གཡོན་དུ་གཏད་དེ༔ ཧཱུྃ༔ འཁོར་ལོ་འབར་བས་བདུད་དཔུང་འཇོམས༔ སྦྲུལ་ཞགས་བགེགས་དཔུང་ཀླུ་གདོན་འདུལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ ཙཀྲ་སརྦ་པཱ་ཤ་སརྦ་དུཥྚཱན་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ དེས་ཕྲིན་ལས་ཀྱི་དབང་ཐོབ། ལས་རབ་འབྱམས་བསྒྲུབ་པ་ལ་དབང་། རྟག་ཅིང་ཁྱབ་པའི་ཕྲིན་ལས་དང་ལྡན་པར་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་ཐོབ། སྔར་ལས་གཟི་བརྗིད་ནུས་མཐུ་ལྷག་པར་འབར་བའི་མོས་པ་མཛོད། གསང་བདག་གི་སྐུ་དང་བྱ་ཁྱུང་རིགས་ལྔ་སྤྱི་བོར་བཞག་ལ༔ ཧཱུྃ༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་སྐུར༔ ཁྱུང་ཆེན་རིགས་ལྔ་ཡེ་ཤེས་ལྔ༔ ཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག༔ བཛྲ་པཱ་ཎི་ཀྲོ་ཏ་ག་རུ་ཊ་ཨ་བྷི་ཥིཉྩ་མཱཾ༔ ཁྲོ་བོ་བཅུའི་སྐུའམ་ཧཱུྃ་བཅུ་སྤྱི་བོར་བཞག་ལ༔ ཧཱུྃ༔ མ་རྟོགས་ཕྱོགས་སྐྱོང་བསྣོལ་བའི་སྟེང༔ དགེ་བཅུ་རང་བྱུང་ཁྲོ་རྒྱལ་བཅུ༔ མཐུ་སྟོབས་རྩལ་ལྡན་ཡོངས་རྫོགས་དབང༔ སྐལ་ལྡན་འདི་ལ་རྫོགས་གྱུར་ཅིག༔ ཨོཾ་ད་ཤ་བཛྲ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་དུ། ཐོག་མར་ཐུན་རྫས་ལག་ཏུ་གཏད་ཅིང་ཕུར་པ་ཀླད་ལ་བསྐོར་བས་དྲག་པོ་མངོན་སྤྱོད་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་ཏེ་གསང་བའི་བདག་པོ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཐུན་རྫས་གཏད། ཐུན་ཕུར་ཀླད་ལ་བསྐོར་དུ་གཞུག་ལ༔ ཧཱུྃ༔ དེ་རིང་ནས་ནི་གསང་བའི་བདག་༔ བུ་ཁྱོད་ངོ་བོ་གཅིག་ཏུ་གྱུར༔ བསྙེན་སྒྲུབ་ལས་སྦྱོར་བཀའ་གཏད་དབང༔ རབ་འབྱམས་བཀའ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་སྡེ་བརྒྱད་འདུལ་སྔགས་ཤམ་བུར༔ ན་མཤྩཎྜ་བཛྲ་ཀྲོ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ གནོད་བྱེད་འབྱུང་པོ་སརྦ་མཱ་ར་ཡ་ཕཊ༔ བཛྲ་མ་ཧཱ་ཀྲོ་ཏ་སརྦ་དུཥྚཱན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ དགྲ་བགེགས་སྡེ་བརྒྱད་མཱ་ར་ཡ་ཕཊ༔ དེ་ལྟར་ཁྱེད་རང་གསང་བདག་སྟོབས་པོ་ཆེ་དང་དབྱེར་མེད་པའི་དབང་ཆེན་ཐོབ་པ་ལ་བཀྲ་ཤིས་པའི་རྫས་བརྒྱད་ཕུལ་ནས་མངའ་གསོལ་བར་མོས་ཤིག །སྤྲོ་ན་རྫས་བརྒྱད་རེ་རེ་བ་ནས་རིམ་བཞིན་གཏོད་པའི་ཚིག་གཞན་ནས་འབྱུང་བ་ལྟར་བྱ། བསྡུ་ན། རྟོག་མེད་ཡུངས་དཀར་རྟོག་འཁྲུལ་གདོན་བགེགས་འཇོམས། །ཡེ་ཤེས་མེ་ལོང་བཀྲ་ཤིས་གཟུགས་བརྙན་འཆར། །དུང་དཀར་གཡས་འཁྱིལ་འགག་མེད་ཆོས་སྒྲ་སྒྲོག །ཞོ་ནི་དོན་དམ་སྙིང་པོའི་བཅུད་ཀྱིས་འཚོ། །བདེ་ཆེན་ལི་ཁྲིས་སྣང་སེམས་དབང་དུ་བྱེད། །བིལ་བ་འབྲས་བུར་སྨིན་པས་དོན་ཀུན་འགྲུབ། །སྨན་མཆོག་གི་ཝཾ་ཉོན་མོངས་ནད་རྣམས་སེལ། །རྩྭ་མཆོག་དཱུརྦས་འཆི་མེད་ཚེ་དབང་སྟེར། །རྒྱལ་བས་བྱིན་བརླབས་བཀྲ་ཤིས་རྫས་བརྒྱད་པོས། །མངའ་གསོལ་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཨོཾ་ཨཥྚཱ་མངྒ་ལ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་ཤིས་བརྗོད་ཀྱང་བྱའོ། །དེ་རྣམས་ཀྱིས་དཔལ་ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་དབང་བསྐུར་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བཟུང་བ་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱ། ཕྲིན་ལས་ཀྱི་རྗེས་བཀའ་སྲུང་ལ་གཏོར་མ་འབུལ་ཞིང་། ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་ཚང་བར་བཏང་བས་རྒྱས་པར་གྲུབ་བོ། །བདུད་ཀྱི་གཡུལ་ལས་རྡོ་རྗེའི་སྟོབས་ཀྱིས་སྲུང་། །རྒྱལ་ཀུན་གསང་བའི་མཛོད་ལ་རང་དབང་ཐོབ། །འགྲོ་རྣམས་དེ་ཡི་གོ་འཕང་ལ་འགོད་པ། །རྡོ་རྗེ་གཏུམ་པོའི་རྣམ་ཐར་ཡོངས་གྲུབ་ཤོག །འདིའང་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་དང་། རིན་ཆེན་གཏེར་གྱི་མཛོད་དུ་ཟབ་མོའི་བཅུད་རྣམས་བཀའ་བསྡུར་བགྱིས་པའི་ཞར་བྱུང་དུ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཟབ་པ་སྐོར་བདུན་ལས༔ དབང་ཆེན་འདུས་པའི་དབང་གི་ཕྲེང་བ་ (Volume 26, Text 35)
༁ྃ༔ ཟབ་པ་སྐོར་བདུན་ལས༔ དབང་ཆེན་འདུས་པའི་དབང་གི་ཕྲེང་བ་བཞུགས་སོ༔ ྈྈྈ དབང་ཆེན་འདུས་པའི་ལྷ་ལ་འདུད༔ མན་ངག་དབང་གི་ཟབ་པ་ནི༔ ཨོ་རྒྱན་བདག་གིས་འདིར་བཀོད་ཀྱིས༔ མ་འོངས་པ་རྣམས་ཚུལ་ལྡན་མཛོད༔ ཕུན་སུམ་ཚོགས་ལྔས་གཞི་བཟུང་སྟེ༔ དབང་མདོག་སྟེགས་བུ་གྲུ་བཞི་བརྩེགས༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ དབང་ཆེན་དཀྱིལ་འཁོར་སྒོ་རྫོགས་བྲི༔ འཁོར་ལོ་བརྒྱད་བཞི་རིམ་གཉིས་ཏེ༔ ཕྱག་རྒྱ་ས་བོན་ཕྱག་མཚན་བཀོད༔ བུམ་པ་ཅོད་པན་རྡོར་དྲིལ་དང༔ མིང་གི་ཅོད་པན་སློབ་དཔོན་ཆས༔ གསང་ཐོད་རིག་མ་མན་ཤེལ་སོགས༔ དགོས་པའི་ཡོ་བྱད་ཚོགས་པར་བྱ༔ དཀྱིལ་འཁོར་རྒྱན་གྱིས་རྣམ་པར་བརྒྱན༔ སྒྲུབ་པའི་གཞི་བཟུང་བདག་འཇུག་བླང༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་ནས༔ སྒོ་མ་རྣམས་ལ་འདི་སྐད་གསོལ༔ ཧོ༔ རང་རིག་ཡེ་ཤེས་ཕོ་བྲང་དུ༔ གདོད་མ་ཉིད་ཀྱི་ལྷ་ཚོགས་བཞུགས༔ རང་གསང་ཐབས་ཀྱི་སྒོ་མ་རྣམས༔ རང་རིག་ཀློང་དུ་སྒོ་དབྱེ་འཚལ༔ སྒོ་མ་རྣམས་ཀྱིས་ལན་གསུངས་པ༔ ཧཱུྃ༔ རང་རིག་ཡེ་ཤེས་མཐོང་བའི་ཕྱིར༔ རང་གསང་ཐབས་ཀྱི་སྒོ་དབྱེ་བས༔ འདིར་ཤོག་ཡེ་ཤེས་ཀློང་ཡངས་འདིར༔ གཉིས་སུ་མེད་པར་འཚང་རྒྱ་འགྱུར༔ དེ་ནི་ཕྱི་འཇུག་རིམ་པའོ༔ ནང་འཇུག་མཎྜལ་དང་བཅས་པས༔ ཧོ༔ དབང་གི་རྒྱལ་པོ་བླ་མ་རྗེ༔ དངོས་གྲུབ་མ་ལུས་འཐོབ་བྱའི་ཕྱིར༔ ཡེ་ཤེས་དཀྱིལ་འཁོར་ཆེན་པོ་རུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ དབྱིངས་རིག་གཉིས་སུ་མེད་པའི་དཀྱིལ་འཁོར་འདིར༔ ཞུགས་པར་འདོད་པའི་སློབ་མ་སྐལ་ལྡན་རྣམས༔ ངེས་པར་སྐལ་པ་མཆོག་དང་ཁྱེད་རྣམས་ལྡན༔ གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་འདི༔ མཐོང་ཞིང་འཇུག་པ་བརྒྱ་ལ་རེས་འགའ་ཙམ༔ སྤྲོ་བ་སྐྱེད་ལ་དམ་ཚིག་ཐུབ་པར་སྲུངས༔ རྒྱུད་སྦྱོང་ཚོགས་གསག་སློབ་མས་བྱ༔ དེ་ནས་དམ་ཚིག་ཁས་ལེན་ནི༔ ཧོ༔ བདེ་བར་གཤེགས་པ་དགོངས་སུ་གསོལ༔ བདག་གིས་དངོས་གྲུབ་འཐོབ་བྱའི་ཕྱིར༔ བླ་མེད་རྒྱུད་དུ་གསུངས་པ་ཡི༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཡོངས་སུ་མི་སྤང་བདག་གིས་བཟུང༔ རིག་པ་མཆོག་དེ་བསྩལ་དུ་གསོལ༔ བླ་མས་དམ་ལ་བཞག་པ་ནི༔ ང་ནི་ཧེ་རུ་ཀ་དཔལ་ཏེ༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ རྡོ་རྗེའི་དམ་ཚིག་བདེ་བའི་ཆུ༔ རྡོ་རྗེ་སེམས་དཔའ་དངོས་ཡིན་ནོ༔ འདིས་ནི་ཡེ་ཤེས་སྐྱེད་པར་བྱེད༔ ཨོཾ་བཛྲ་ས་མ་ཡ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཧྲཱི༔ ཞེས་པས་ཆུ་དེ་སྙིང་གི་དཀྱིལ་དུ་སོང་བ་ལས༔ གཞི་གདོད་མའི་དམ་ཚིག་སེམས་དཔའ་ལ་ཐིམ་པས༔ རིག་པ་རང་བྱུང་ཡེ་ཤེས་སུ་ངོ་འཕྲོད་པའི་པདྨ་སེམས་དཔའ་དམར་གསལ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་འཁྲིལ་བའི་སྐུའི་འོད་ཟེར་གྱིས་མ་དག་པའི་ཕུང་པོ་སྦྱངས༔ དག་པ་ཡེ་ཤེས་ཀྱི་ལུས་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གྲི་ཐོད་འཛིན་པ༔ ཕག་མོ་ཡུམ་དང་འཁྲིལ་བ་འོད་དམར་པོའི་ཆོས་འབྱུང་གི་ནང་དུ་གནས་པ་ལ༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རྒྱལ་བ་ཐམས་ཅད་རྟ་མགྲིན་ཡབ་ཡུམ་གྱི་རྣམ་པར་བདེ་བ་ཆེན་པོས་སྦྱོར་བའི་གར་ཐབས་དང༔ ཨ་ཧཾ་གི་སྒྲ་སྒྲོག་བཞིན་པས་ཐམས་ཅད་སྤྱི་བོའི་གཙུག་ཏུ་བྱོན༔ རྗེས་ཆགས་ཀྱིས་ཞུ་ཞིང་རྒྱལ་བ་ཐམས་ཅད་ཀྱི་བྱང་སེམས་ཀྱི་རང་བཞིན་ཆུ་བོ་ཆེན་པོ་འབབ་པ་ལྟར་སྤྱི་བོའི་གཙུག་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང་ཞིང་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་དྲངས་ཤིང་ཐུགས་ཀར་ཐིམ་པས་བདེ་བ་ཆེན་པོ་བཟོད་མེད་དུ་འབར་བར་གྱུར་པར་བསམ་ཞིང་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ མ་ལུས་འཁོར་བཅས་བདེ་བ་ཆེན་པོར་བྱོན༔ སྐལ་ལྡན་སློབ་མ་སྨིན་པར་མཛད་དུ་གསོལ༔ ཧཱུྃ༔ པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་བརྟན་པའི་ཕྱིར་རིག་མེ་དོར་བ་ནི༔ ཧཱུྃ༔ དགའ་བ་བཞི་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ སྔོན་ནས་འབྲེལ་བའི་མེ་ཏོག་འདི་འབུལ་བས༔ གང་གི་དངོས་གྲུབ་བརྙེས་པ་དེར་འབབ་སྟེ༔ རང་བྱུང་ཡེ་ཤེས་ངོ་བོ་འཕྲོད་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ གང་དུ་ཕོག་པའི་མིང་བཏགས་ལ༔ ཅོད་པན་སྤྱི་བོར་བཅིངས་བྱས་ཏེ༔ ཧཱུྃ༔ སྔོན་ནས་འབྲེལ་བའི་ཡེ་ཤེས་ལྷ་མཆོག་ལ༔ བདེ་ཆེན་ཡེ་ཤེས་རིག་པའི་མེ་ཏོག་འབུལ༔ དེ་ཡིས་དངོས་གྲུབ་མཆོག་ཏུ་ཉེ་བ་ཡི༔ བདེ་བར་གཤེགས་པའི་གོ་འཕང་མཆོག་ཏུ་འགྲུབ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ བྱང་ཆུབ་སེམས་ཀྱི་ཆུ་བོ་གྱེན་དུ་འཁྱིལ་པ་རིགས་ལྔ་ཡབ་ཡུམ་ཀྱི་རང་བཞིན་དུ་གྱུར༔ རིགས་ལྔའི་པྲོག་ཞུ་བསྐོན་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་བདེ་ཆེན་ཡེ་ཤེས་ལས༔ ཡེ་ཤེས་ཅོད་པན་པྲོག་ཞུ་འོད་དུ་འབར༔ དབང་གི་རྒྱལ་པོ་འབར་བའི་སྐུར་སྟོན་ཕྱིར༔ རིན་ཆེན་ཅོད་པན་དག་གིས་དབང་བསྐུར་རོ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ བདེ་ཆེན་ཡེ་ཤེས་སྒྲིབ་པའི་མིག༔ དབྱེ་བར་གསོལ་བ་བཏབ་པ་ནི༔ ཧཱུྃ༔ མ་རིག་སྒྲོ་བཏགས་ལིང་ཏོག་མིག༔ བདེ་བར་གཤེགས་པའི་ཡེ་ཤེས་ཀྱིས༔ མྱུར་བ་ཉིད་དུ་མིག་དབྱེ་གསོལ༔ ཐབས་མཁས་རྒྱལ་པོས་ཡེ་ཤེས་སྟོན༔ མིག་དབྱེ་བ་ནི༔ ཧཱུྃ༔ མ་རིག་སྣང་བའི་ཆ་ཉིད་ལས༔ གློ་བུར་འཁྲུལ་པའི་དྲི་མ་བྱུང༔ རང་རིག་རང་གྲོལ་མིག་དབྱེ་བས༔ བདེ་ཆེན་ཡེ་ཤེས་མཐོང་བར་ཤོག༔ མ་ཧཱ་སུ་ཁ་བཛྲ་ཙཀྵུཿཧོ༔ བདེ་སྟོང་ཡེ་ཤེས་བརྟན་པའི་ཕྱིར༔ རྡོ་རྗེ་དྲིལ་བུ་ལག་ཏུ་གཏད༔ ཧཱུྃ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ནི༔ སངས་རྒྱས་ཀུན་གྱི་བདེ་བ་ཆེ༔ ཤེས་རབ་རང་བཞིན་དྲིལ་བུ་ནི༔ རྒྱལ་ཡུམ་ཀུན་གྱི་སྟོང་པ་ཉིད༔ བདེ་སྟོང་ཆེན་པོས་དབང་བསྐུར་རོ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཀརྨ་གྷཎྜེ་ཨཱ༔ བདེ་བ་ཆེན་པོའི་ཡེ་ཤེས་ལྷུན་གྱིས་གྲུབ་པར་མིང་གི་དབང་བསྐུར་བ་ནི༔ ཅོད་པན་དཀར་དམར་རྣ་ལྟག་གཡས་གཡོན་དུ་བཅིངས་ཏེ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་བདེ་ཆེན་ཡེ་ཤེས་ལས༔ མི་འགྱུར་མི་ཤིགས་རྡོ་རྗེའི་མིང་གི་དབང༔ བདེ་ཆེན་རྒྱལ་པོར་གོ་འཕང་མཉམ་པའི་ཕྱིར༔ ཀུན་ཏུ་བསྒྲག་ཅིང་གཙོ་བོར་མངའ་གསོལ་ལོ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་བཻ་རོ་ཙ་ན་པདྨ་རཱ་ཙ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སློབ་མ་ལ་ཕོག༔ ཧཱུྃ་ཡིག་ཏུ་གྱུར༔ གཙོ་བོའི་ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད༔ མཁའ་གསང་དུ་བབ༔ དབང་ཆེན་ཞལ་གསུམ་ཕྱག་དྲུག་པའི་སྐུར་གྱུར་པ་དབང་སྟེགས་སེང་གེའི་ཁྲིར་འཁོད༔ བདེ་བར་གཤེགས་པ་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་གཙོ་བོར་མངའ་གསོལ་བར་བསམ་ཞིང༔ ཧཱུྃ༔ བདེ་ཆེན་རྒྱལ་པོ་དབང་ཆེན་འབར་བའི་སྐུ༔ དཀྱིལ་འཁོར་གཙོ་བོ་ཆེན་པོར་མངའ་གསོལ་བར༔ རྒྱལ་བ་ཀུན་གྱིས་རྡོ་རྗེའི་མེ་ཏོག་འཐོར༔ རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་ལོ༔ རྟེན་འབྲེལ་སྙིང་པོ་བརྗོད་བཞིན་མེ་ཏོག་འཐོར༔ རོལ་མོའི་སྒྲ་བསྒྲག༔ གསང་བའི་དབང་བསྐུར་བ་ནི༔ སློབ་མའི་སྙིང་གའི་པདྨ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ༔ ཡབ་དཀར་ཆ་ཧཾ་ཡིག་ཏུ་གྱུར་ཅིང་ཡུམ་དམར་ཆ་ཨ་ཡིག་ཏུ་གྱུར༔ བདེ་བར་གཤེགས་པ་ཡབ་རྣམས་ཧཾ་ཡིག་ལ་ཐིམ་ཞིང་ཡུམ་རྣམས་ཨ་ཡིག་ལ་ཐིམ་པས༔ ཨ་ཡིག་ལས་མེ་འབར་བས་ཧཾ་ཡིག་ཞུ་བའི་དྭངས་མ་དཀར་དམར་གྱིས་རྩ་ཁམས་ཐམས་ཅད་གང༔ དེའི་ཚེ་ལྷ་རྣམས་སྦྱོར་བའི་བྱང་སེམས་ཀྱིས་གང་བའི་ཐོད་པའི་བདུད་རྩི་སྤྱི་བོའི་གཙུག་ཏུ་བཞག་ཅིང་ངག་ཏུ་བླུད་ལ༔ ཧཱུྃ༔ སྟོང་པ་ཆེན་པོའི་བནྡྷ་རུ༔ བདེ་བ་ཆེན་པོའི་བདུད་རྩི་བསྐྱིལ༔ བདེ་ཆེན་ཡེ་ཤེས་དབང་བསྐུར་བས༔ རྩ་རླུང་བདེ་དྲོད་འབར་བར་ཤོག༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཕྱིར༔ སློབ་མ་བདེ་བ་ཆེན་པོས་འོད་དུ་ཞུ་ནས་ཐིག་ལེ་དཀར་དམར་དུ་གྱུར༔ སྣང་སྲིད་ཐམས་ཅད་བྱང་སེམས་དཀར་དམར་གྱི་རང་བཞིན་དུ་འུབ་འུབ་འདུས༔ བདེ་བ་ཆེན་པོ་བཟོད་མེད་དུ་འབར་བར་བསྒོམ་ལ༔ རིག་མ་ལག་ཏུ་གཏད་ཅིང་སྦྱོར་དུ་གཞུག་ལ༔ ཧཱུྃ༔ བདེ་ཆེན་ཡེ་ཤེས་སྐྱེད་མཛད་པའི༔ དགའ་ཆེན་ལྷ་མོ་འདི་སྤྱོད་ཅིག༔ རྒྱལ་བ་ཀུན་གྱི་ཐབས་ཀྱི་ལམ༔ རྟག་ཏུ་ངལ་མེད་སྤྱོད་པར་གྱིས༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧོ༔ དབང་བཞི་པ་དོན་དབང་རིན་པོ་ཆེ་བསྐུར་བའི་ཕྱིར༔ སློབ་མའི་ལུས་འོད་ལྔའི་ཐིག་ལེ་སྟོང་གསལ་ཏི་ལ་ཀ་ཉག་གཅིག༔ དེ་ལས་འོད་ཟེར་འཕྲོས༔ སྣང་སྲིད་ཐམས་ཅད་འོད་ལྔ་དང་ཐིག་ལེའི་རང་བཞིན་དུ་མེར་ཁྲིག་གེར་སོང༔ ཨ་ཧཾ་ཞེས་བརྗོད་པའི་རྐྱེན་གྱིས་ཐམས་ཅད་ཐིག་ལེ་ལ་འུབ་ཀྱིས་འདུས༔ དེ་ཉིད་ཀྱང་མི་དམིགས་པ་གཟའ་གཏད་དང་བྲལ་བ་མ་བཅོས་པར་ས་ལེར་བཞག༔ ཧོ༔ རང་བྱུང་ཡེ་ཤེས་བདེ་བའི་དབྱིངས༔ མ་བཅོས་ལྷུན་གྱིས་གྲུབ་པ་ཉིད༔ མ་བལྟས་བཞག་ན་མྱོང་བ་ཅན༔ འོད་གསལ་རང་རིག་ཟང་ཐལ་ལེ༔ བལྟས་ནས་རིག་པས་བསྣུན་ཙ་ན༔ ཅི་ཡང་ངོས་བཟུང་མེད་ལ་གནས༔ ལྟ་བར་ཤེས་པ་དེ་ལྟ་ན༔ དེ་ལྟའི་རྩོལ་བ་ཅན་དུ་བསྒོམ༔ ཇི་ཞིག་རྩོལ་མེད་ངང་དུ་རྟོགས༔ དེ་ནས་རྗེས་ཀྱི་བྱ་བ་རྣམས༔ ཚུལ་བཞིན་གཞུང་ལས་བྱ་བ་འོ༔ ཨེ་མ་དེ་ལྟར་ཟབ་པའི་དབང༔ དམ་ཆོས་ཀུན་ལས་གཅེས་པ་ཡི༔ མན་ངག་ཀུན་གྱི་སྲོག་ཡིན་པས༔ མ་འོངས་ལས་ཅན་ཆོས་བདག་བཅུ༔ ལྷ་སྲས་ཡབ་ཡུམ་གཉིས་དང་ནི༔ དཔལ་སེང་སྤྲུལ་པ་སྤྲེལ་ལོ་པ༔ བདེ་བའི་མིང་ཅན་རྣམས་ལ་འཕྲད༔ དགོངས་པའི་ཀློང་དུ་གྲོལ་བར་ཤོག༔ ས་མ་ཡ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ༔ གུ་ཧྱ༔ གསང་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ྀཨཚ༔ རྒྱ་དགུས་བཏབ་སྟེ་གཏེར་དུ་སྦས༔ ཐབས་ཤེས་རྒྱ་ཡིས་བཀྲོལ་བར་ཤོག༔ རྟེན་འབྲེལ་རྐྱེན་གྱིས་ཕེབ་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གསང་ཕུག་གོང་མའི་སྒོ་གོང་ནས་སྤྱན་དྲངས་པའི་ཟངས་ཤོག་དམར་པོ་གུ་རུ་རིན་པོ་ཆེའི་ཕྱག་བྲིས་ལས་འབེབ་པར་མཛད་རིམ་བཞིན་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མདུན། གདན་ས་ཆེན་པོ་དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་དག་པར་བྲིས་པ་དབང་ཆེན་ཡབ་ཡུམ་གྱི་གོ་འཕང་བརྙེས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་བཞུགས་སོ༔ ལེགས་ལྡན་རྗེའི་བླ་མ་སྐུ་གསུམ་མའི་གཏེར་གཞུང་རྩ་བའོ་ (Volume 5, Text 35)
༄༅། །སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་བཞུགས་སོ༔ ལེགས་ལྡན་རྗེའི་བླ་མ་སྐུ་གསུམ་མའི་གཏེར་གཞུང་རྩ་བའོ། ། ཨོ་རྒྱན་བླ་མའི་སྐུ་གསུང་ཐུགས་ལ་འདུད༔ ལས་ཅན་འཁོར་འདུས་དག་པའི་འཁོར་ལྔ་ཡིས༔ ཨོ་རྒྱན་རྗེ་ལ་སྒོ་གསུམ་གུས་བཏུད་ནས༔ རིན་ཆེན་གསེར་དངུལ་གཡུ་ཡི་མཎྜལ་ཕུལ༔ གདུང་བའི་ཤུགས་ཕྱུང་ཞུ་ཚིག་འདི་ལྟར་ཕུལ༔ ཨེ་མ་བླ་མ་རིན་པོ་ཆེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ ཁྱེད་ལས་ལྷག་པའི་སངས་རྒྱས་ནི༔ བོད་འདིར་མ་བྱུང་འབྱུང་མི་འགྱུར༔ བདག་ཅག་དད་པའི་འཁོར་ལྔ་ལ༔ ཚིག་ཉུང་དོན་འདུས་དོན་ཟབ་ཅིང༔ རྒྱལ་བའི་མདོ་རྒྱུད་མ་ལུས་པའི༔ སྙིང་པོའི་མཐར་ཐུག་ཡང་ཟབ་མཆོག༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཉིད་ལ༔ ནངས་ནུབ་རྒྱུན་དུ་གསོལ་བཏབ་པས༔ བྱིན་རླབས་དག་གིས་སྒོ་གསུམ་ལ༔ ཚེ་འདིར་སྨིན་གྲོལ་འབྱུང་བ་ཡི༔ སྐུ་གསུམ་གནད་ཀྱི་གདམས་པ་ཞུ༔ ཞེས་གསོལ་ཕྱག་འཚལ་བསྐོར་བ་བྱས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ཉོན་ཅིག་བོད་ཀྱི་དད་ལྡན་རྣམས༔ བླ་མ་སངས་རྒྱས་མཐོང་བ་དེ༔ སྔོན་བསགས་ལས་འཕྲོ་ལྡན་པ་ཡིན༔ ང་ཡི་སྐུ་གསུམ་གནད་ཀྱི་མཆོག༔ སྡེ་སྣོད་རྒྱུད་སྡེ་སྙིང་པོའི་བཅུད༔ པདྨའི་སྙིང་བཅུད་དྭངས་མའི་ལམ༔ ཚིག་ཉུང་དོན་འདུས་ངས་བཤད་ཀྱིས༔ ཁྱེད་རྣམས་སྒོ་གསུམ་མཉམ་ཞོག་ཉོན༔ མ་ཡེངས་རྩེ་གཅིག་རང་རྒྱུད་ལྷོན༔ ཞེས་བཀའ་བསྩལ་ཏོ༔ ཨེ་མ་ཧོ༔ ཐུབ་བསྟན་བབ་ཚུལ་འདི་ལྟ་སྟེ༔ སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ༔ ལོངས་སྐུའི་བསྟན་པ་ཀྲྀ་ཡོག་གསུམ༔ ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ༔ དེ་རྣམས་ཀུན་གྱི་ཡང་བཅུད་བསྡུས༔ ཚིག་གིས་གསལ་འདེབས་དོན་ལ་སྦྱར༔ ཉམས་ལེན་རིམ་པ་ཐམས་ཅད་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དེ་ཡང་ཐུན་མོང་ཐུན་མིན་དང༔ ཁྱད་པར་བླ་ན་མེད་པ་འོ༔ ཐུན་མོང་སྔོན་འགྲོ་འདི་ལྟ་སྟེ༔ མདོ་ལས༔ སྡུག་བསྔལ་ཤེས་དང་ཀུན་འབྱུང་སྤང༔ འགོག་པ་མངོན་བྱ་ལམ་ཉིད་བསྒྲུབ༔ ཅེས་གསུངས་ལག་ལེན་འདི་ལྟ་སྟེ༔ དལ་འབྱོར་རྙེད་དཀའ་དཔེ་དོན་བསམ༔ ལས་ཀྱི་རྒྱུ་འབྲས་ལེགས་ཉེས་བརྟག༔ ནམ་འཆི་ཆ་མེད་རྒྱུད་ལ་བླན༔ འཁོར་བའི་ཉེས་དམིགས་ཡང་ཡང་བསམ༔ དེ་ཡིས་རང་རྒྱུད་སྨིན་བྱས་ཏེ༔ འཇིག་རྟེན་བྱ་བ་ལིངས་ཀྱིས་འདོར༔ དེ་ནས་ཐུན་མིན་སྔོན་འགྲོར་འཇུག༔ རང་ཉིད་གང་དུ་གནས་པའི་མདུན༔ ཡན་ལག་བརྒྱད་ལྡན་འོ་མཚོའི་དབུས༔ འོད་ལྔ་ལས་གྲུབ་པད་སྡོང་ནི༔ དཀར་དམར་མཐིང་བའི་འདབ་སྟོང་སྟེང༔ འོད་ཟེར་ལྔ་ལྡན་འཇའ་གུར་དབུས༔ ཉི་ཟླ་འོད་ཀྱི་ཐིག་ལེའི་སྟེང༔ ཆོས་སྐུ་ཀུན་བཟང་སྐུ་མདོག་མཐིང༔ ཕྱག་གཉིས་མཉམ་གཞག་རྡོ་རྗེ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རང་འདྲའི་ཡུམ་འཁྱུད་རིགས་ལྔའི་འཁོར༔ དཔག་མེད་རྒྱལ་བ་སྲས་དང་བཅས༔ འོག་མིན་ཆེན་པོའི་བདག་ཉིད་དོ༔ དེ་འོག་པདྨ་འདབ་སྟོང་དབུས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་དམར༔ དང་པོའི་ཕྱག་གཉིས་ཐལ་སྦྱར་བར༔ བདུད་རྩིའི་བུམ་པ་བཅུད་ཀྱིས་གང༔ དེ་འོག་པད་ཕྲེང་པདྨ་བསྣམས༔ དབུ་གཙུག་རིགས་བདག་ཚེ་དཔག་མེད༔ དམར་གསལ་རྒྱན་སྤྲས་ཚེ་བུམ་འཛིན༔ སངས་རྒྱས་བྱང་སེམས་དཔག་ཡས་བསྐོར༔ འོག་མིན་ཆུང་ངུའི་བདག་ཉིད་ཅན༔ དེ་འོག་པད་དཀར་འདབ་སྟོང་དབུས༔ སྤྲུལ་སྐུ་ཨོ་རྒྱན་པདྨ་ནི༔ དམར་གསལ་རྒྱལ་པོའི་ཆ་ལུགས་ལ༔ ཕྱག་གཉིས་མཉམ་གཞག་ཐོད་པ་བསྣམས༔ འཁོར་དུ་མཚན་བརྒྱད་རིག་འཛིན་བརྒྱད༔ རྒྱ་བོད་རིག་འཛིན་དཔག་མེད་བསྐོར༔ ཕྱི་རིམ་ཡལ་འདབ་དཔག་མེད་ལ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་དང༔ དཀར་ཕྱོགས་སྐྱོང་བ་དཔག་མེད་འཁྲིགས༔ ཕྱི་ལྟར་དཀོན་མཆོག་གསུམ་ཉིད་ལ༔ ནང་ལྟར་བླ་མ་ཡི་དམ་མཁའ༔ གསང་བ་ཆོས་ལོངས་སྤྲུལ་པའི་སྐུ༔ ཀུན་ཀྱང་འོད་ཀློང་དགྱེས་ཉམས་བཞུགས༔ དེ་འོག་མདུན་དུ་པད་སྡོང་སྟེང༔ རང་གི་འཁོར་དུ་རིགས་དྲུག་གི༔ སེམས་ཅན་ཡོངས་འདུས་འདི་སྐད་དོ༔ ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ་བླ་མ་བདེ་གཤེགས་འདུས་པའི་གསུང༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ་བླ་མ་བདེ་གཤེགས་འདུས་པའི་ཐུགས༔ སྐུ་གསུམ་བླ་མའི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་པ་ཕྱི་ནང་གསང་གསུམ་གྱི༔ སྐྱབས་འགྲོ་ཁྱད་པར་བཞི་ལྡན་དང༔ བསླབ་བྱ་ཕན་ཡོན་བཅས་པ་ལ༔ ལྟ་སྒོམ་སྤྱོད་པ་དབང་དམ་ཚིག༔ བླ་མའི་གསུང་བཞིན་ངོ་སྤྲོད་གདབ༔ དེ་བཞིན་ལམ་རིམ་ཀུན་ལ་སྦྱར༔ སོ་ཐར་སྡོམ་ཐོབ་འདུལ་ལམ་རྫོགས༔ སྒྲ་མཐུན་དོན་འཕགས་ཁྱད་པར་ནི༔ ཕྱི་རོལ་པ་ལས་ཆེས་འཕགས་སོ༔ དེ་ནས་སེམས་བསྐྱེད་རིམ་པ་ནི༔ ལྷག་བསམ་དག་པས་འདི་སྐད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ དཀོན་མཆོག་གསུམ་པོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ རྩ་བ་གསུམ་པོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སྐུ་གསུམ་བླ་མ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་པས་ཁྱད་པར་བཞི་ལྡན་གྱི༔ དོན་དྲན་འབད་པས་ཉམས་སུ་བླང༔ བྱང་ཆུབ་སེམས་དཔའི་ལམ་ཉིད་རྫོགས༔ ཐེག་དམན་དག་ལས་ཁྱད་པར་འཕགས༔ དེ་ནས་ཡན་ལག་བཅུ་པ་ནི༔ དཀོན་མཆོག་གསུམ་པོ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རངས༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ རྩ་བ་གསུམ་པོ་གཤེགས་སུ་གསོལ༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཞེས་པས་དོན་བསམ་འབད་དེ་འདོན༔ ཆོས་ཀུན་བརྗོད་བྱ་དེ་རུ་འདུས༔ དེ་ནས་མཎྜལ་འབུལ་རིམ་ནི༔ ཚིག་གིས་གསལ་འདེབས་དོན་བསམ་ལ༔ ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་སྤྲས༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་མཆོད༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཚོགས་རྫོགས་སྒྲིབ་བྱང་སྐུ་གསུམ་མྱུར་ཐོབ་ཤོག༔ ཚིག་བརྗོད་དོན་བསམ་ཚོགས་གཉིས་སྤེལ་ལ་འབད༔ ཕྱི་ནང་མངོན་པའི་ལམ་རྩ་དེ་ཡིས་ཆོད༔ དེ་ནས་སྒྲིབ་གཉིས་སྦྱོང་བའི་དམིགས་རིམ་ནི༔ སྐྱབས་ཡུལ་སྐུ་གསུང་ཐུགས་ཉིད་ཀྱི༔ གནས་གསུམ་འབྲུ་གསུམ་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ འོད་ཟེར་ཚུར་འདུས་བདག་ལུས་ཕོག༔ སྒོ་གསུམ་ལས་ཉོན་མ་ལུས་སྦྱངས༔ ཕར་འཕྲོས་རིགས་དྲུག་སེམས་ཅན་གྱི༔ སྡིག་སྒྲིབ་སྦྱངས་ནས་ས་ལ་བཀོད༔ སླར་ཡང་ཚུར་འདུས་བདག་ལུས་ཐིམ༔ རྒྱལ་བའི་སྐུ་གསུང་ཐུགས་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ འབྲུ་གསུམ་སྔགས་ཀྱི་རྒྱལ་པོ་འདི༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ རྒྱལ་བ་ཀུན་གྱི་སྙིང་པོ་ཡིན༔ བྱེ་བ་གཅིག་ཏུ་བསྙེན་པར་བྱ༔ སྤྲོ་ན་འབྲུ་གསུམ་ཐ་མ་རུ༔ དཀར་དམར་མཐིང་བའི་ཡིག་བརྒྱས་བསྐོར༔ དམིགས་པ་གསལ་དག་བརྒྱ་རྩ་བཟླས༔ འདི་དག་དག་པར་དུས་གཅིག་ལ༔ བརྒྱ་རྩ་བརྒྱད་བརྗོད་མ་ཡེངས་ན༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ དེ་རྣམས་ཐུན་མིན་སྔོན་འགྲོར་བསྟན༔ དེ་ནས་ཁྱད་པར་བླ་མ་ལ༔ རྩེ་གཅིག་གུས་དུང་འདི་སྐད་དོ༔ བླ་མ་སངས་རྒྱས་ཆོས་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྣང་སྲིད་རྒྱལ་བའི་སྐུ་ཉིད་དུ༔ ད་ལྟ་ཉིད་དུ་འཆར་བར་ཤོག༔ བླ་མ་ཡི་དམ་ལོངས་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྒྲ་གྲགས་རྒྱལ་བའི་གསུང་ཉིད་དུ༔ ད་ལྟ་ཉིད་དུ་རྟོགས་པར་ཤོག༔ བླ་མ་མཁའ་འགྲོ་སྤྲུལ་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དྲན་རྟོག་རྒྱལ་བའི་ཐུགས་ཉིད་དུ༔ ད་ལྟ་ཉིད་དུ་རྟོགས་པར་ཤོག༔ ཞེས་པས་དུང་བསྐྱེད་མང་དུ་བརྗོད༔ སྐུ་གསུམ་བླ་མ་འོད་དང་བཅས༔ བདག་གི་སྤྱི་གཙུག་ནས་ཞུགས་ཏེ༔ ལུས་ལ་སྐུ་ཐིམ་ལུས་སྒྲིབ་དག༔ བུམ་པའི་དབང་ཐོབ་ལུས་ལ་སོགས༔ སྣང་སྲིད་རྒྱལ་བའི་སྐུ་རུ་བལྟ༔ ངག་ལ་གསུང་ཐིམ་ངག་སྒྲིབ་དག༔ གསང་བའི་དབང་ཐོབ་སྒྲ་ཚིག་རྣམས༔ རྒྱལ་བའི་གསུང་དང་གཉིས་མེད་བལྟ༔ ཡིད་ལ་ཡིད་ཐིམ་ཡིད་སྒྲིབ་དག༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཅིང༔ ཡེ་ཤེས་སྒོ་ལྔའི་འཆར་སྣང་ཀུན༔ འཛིན་མེད་རང་གྲོལ་ངང་དུ་བཞག༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ མ་བཅོས་བློ་བྲལ་གནས་པ་དེ༔ ཚིག་གིས་གསལ་འདེབས་འདི་ཉིད་བརྗོད༔ གཟུགས་སྟོང་པའོ༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ ཞེས་པས་བཞི་སྦྱོར་དོན་ལ་བསམ༔ དེ་ནས་འདི་ཉིད་གསལ་འདེབས་བྱ༔ འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན༔ སྣང་ཡང་བདེན་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་བླ་མར་གསོལ་བ་འདེབས༔ ཞེས་པའི་དོན་བསམ་བཟང་ངན་རྟོག་ཚོགས་ཀུན༔ འཛིན་མེད་མཉམ་ཡངས་ངང་དུ་ཆམ་མེ་བཞག༔ སྣང་བ་སྐུ་ཡི་ཁྱེར་སོའི་ལམ་རིམ་རྫོགས༔ དེ་ལ་གོམས་པ་ཐོབ་པའི་རྣལ་འབྱོར་པས༔ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་གྲགས་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང༔ གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས༔ ཞེས་པའི་དོན་བསམ་འཛིན་མེད་ངང་དུ་བཞག༔ སྒྲ་གྲགས་གསུང་གི་ཁྱེར་སོའི་ལམ་རིམ་སྦྱང་། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་བླ་མར་གསོལ་བ་འདེབས༔ ཞེས་པས་སྒོ་ལྔའི་ཕྱི་ནང་ཡུལ་རྐྱེན་ཀུན༔ མ་བཅོས་ཆམ་བཞག་རྣམ་རྟོག་རང་སར་ཞི༔ ལུས་ངག་ཡིད་གསུམ་ཕྱི་ནང་འཛིན་ཞེན་དག༔ གནས་ལུགས་སོ་མ་རང་མདངས་ལྷུག་པ་ལ༔ རྟོག་མེད་རང་གསལ་རྗེན་པའི་ཉམས་མྱོང་འཆར༔ དེ་དུས་མ་སྤངས་མི་གནས་དེ་བཞིན་ཉིད༔ དེ་ཡི་ངང་ནས་སེམས་དང་སེམས་བྱུང་དག༔ རྣམ་པར་རྟོག་པ་ཆོས་སྐུའི་སྒྲོ་བཏགས་ཡལ༔ སྨྲ་བསམ་བརྗོད་དུ་མེད་དེ་རྟོག་ལས་འདས༔ གཞན་ནས་གསར་དུ་སྐྱེ་མེད་དེ་དོན་ལ༔ རང་གསལ་འགག་པ་མེད་དེ་ཆོས་ཀྱི་དབྱིངས༔ བདེ་གསལ་མི་རྟོག་ཡེ་ཤེས་གསུམ་ལྡན་ངང༔ སལ་ལེ་སིང་ངེ་ཡེ་རེ་རྗེན་ནེ་བ༔ དེ་ཉིད་ལ་ནི་གོམས་འདྲིས་ཆེར་གྱུར་དུས༔ ཤེས་ཉམས་དག་པའི་ཉམས་རྟགས་དུ་མ་དང༔ དོན་ལ་གཡོ་མེད་རང་སྣང་ཅིར་ཡང་འཆར༔ ལྷུན་གྲུབ་དག་པའི་སྣང་ཉམས་མ་བསྒྲིབས་གསལ༔ གནས་སྐབས་ལུས་ངག་ཡིད་ཀྱི་རྩོལ་བ་ནི༔ ལུས་སྦྱངས་ངག་ཕན་ངག་སྦྱངས་སེམས་དེ་གྲོལ༔ མཉམ་པར་གཞག་དང་སྤེལ་མའི་ལམ་སྤྱད་པས༔ སེམས་ཉིད་ཡེ་ཤེས་ལྔ་ལྡན་རང་ཞལ་མཐོང༔ ཕྱི་ནང་སྣོད་བཅུད་ཞེན་སྣང་རང་སར་དག༔ དག་པ་འོད་དང་ཐིག་ལེ་ཞིང་ཁམས་སྐུ༔ རྩོལ་བས་མ་ཡིན་རང་བྱུང་ལྷུན་གྲུབ་གསལ༔ བརྡ་ཐབས་ངོ་སྤྲོད་གནད་བྱང་སྐུ་གསུམ་ཉིད༔ རང་ཞལ་རང་གིས་གསལ་འགྱུར་སྦས་གསང་ལམ༔ སྐད་ཅིག་མངོན་པར་གྱུར་ལ་ཐེ་ཚོམ་མེད༔ བཅུད་ལྡན་བླ་མ་བསྟེན་པས་རྟོགས་སོ་ཀྱེ༔ འདི་ཉིད་དམ་ཆོས་མ་ལུས་ཀུན་གྱི་བཅུད༔ སྙིང་པོའི་ཡང་སྙིང་བཅུད་དྲིལ་ཟབ་མོའི་དོན༔ སྐལ་ལྡན་རེ་རེ་ཙམ་གྱི་སྤྱོད་ཡུལ་འདི༔ དྲིན་ཆེན་བླ་མའི་གསུང་ལས་བྱུང་བ་འདི༔ སྙན་བརྒྱུད་ཡི་གེར་བྲིས་ལ་ཆོས་བདག་རྣམས༔ ཁྲེལ་བ་མེད་ཅིང་འདི་དོན་འགྲོ་ཀུན་གྱིས༔ མྱུར་དུ་རྟོགས་ནས་སྨིན་གྲོལ་མྱུར་བྱེད་ཤོག༔ ཅེས་པའི་སྐུ་གསུམ་ལམ་ཁྱེར་ཁྲིད་ཡིག་འདི། །དད་ལྡན་འགའ་དང་རྣལ་འབྱོར་ཀུ་ས་ལི། །མཚན་ལྡན་ཡུམ་སྲས་དག་གིས་རབ་བསྐུལ་ནས། །དུས་མཐའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་ཡིས། །སྙེ་མོའི་ལྷུན་པོ་དཔལ་འབར་ཉིད་དུ་བཀོད། །དགེ་བས་སྐུ་གསུམ་འབྲས་བུ་མྱུར་བྱེད་ཤོག །འདི་བླ་མ་སྐུ་གསུམ་མའི་རྩ་བ་ཆུ་བོ་རི་མཚོ་རྒྱལ་ཕུག་གི་གཏེར་མ་དངོས་དེ་ཡིན་ཡང་། མཇུག་ཏུ་ལེགས་ལྡན་རྗེས་མཛད་པ་འདྲ་ཞིག་འདུག་པ། ཤོག་སེར་བུ་ཡིག་སྙེ་མོ་བོང་ར་རྫོང་ལྷུན་པོ་དཔལ་འབར་དུ་བྲིས་པའི་རྒྱུ་མཚན་ཡིན་འདུག །རིག་འཛིན་མངའ་རིས་པ་ཆེན་པོའི་ཕྱག་བྲིས་དངོས་ཤོག་སེར་བུ་ཡིག་ལས་ཞུས་དག་པའི་མ་ཕྱི་ལས་ཞལ་བཤུས་ཤིང་ཞུས་ལན་གྱིས་དག་པར་བགྱིས་པ་ལགས་སོ། ༈ །འདིའི་ཁྲིད་ལུང་གཉིས་ཀའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ལས་ཅན་དག་པའི་འཁོར་ལྔ། རིག་འཛིན་ལེགས་ལྡན་བདུད་འཇོམས་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསོད་ནམས་མཆོག་ལྡན། ཟུར་ཆེན་ཆོས་དབྱིངས་རང་གྲོལ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིག་འཛིན་ཆེན་པོ་ཀུན་བཟང་པདྨ་ཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེ། བྱ་བཏང་སུ་དྷཱི་ཨརྠ། དེས་ལྷ་རིགས་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ལའོ།། །།
རྩ་གསུམ་གཏེར་སྲུང་སྒྲོལ་བྱེད་ནག་པོའི་གསོལ་མཆོད་ (Volume 4, Text 35)
རྩ་གསུམ་གཏེར་སྲུང་སྒྲོལ་བྱེད་ནག་པོའི་གསོལ་མཆོད་བཞུགས། ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཡཻ། གཏེར་སྲུང་སྒྲོལ་བྱེད་ནག་པོ་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་ན། བཤོས་བུ་དམར་ནག་གཉིས་རྒྱལ་མཚན་དང་བ་དན་གྱིས་བརྒྱན། ཆང་བུ་དམར་ནག་གཉིས། གཞན་ཡང་འབྲུ་སྣ་ཤ་ཆང་སོགས་ཀྱིས་བརྒྱན་པ་ལ། ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་རྗེས། ཧཱུྃ༔ ཆེ་མཆོག་བདེ་ཆེན་འཁོར་ལོ་ཡི༔ བཀའ་ཉན་བདུད་ཀྱི་རྗེ་དཔོན་ནི༔ ལི་ཡུལ་དུར་ཁྲོད་མུན་པ་ཅན༔ ལྕགས་རི་ནག་པོའི་མཁར་ནང་ན༔ བྲག་རྫོང་མཚོན་ཆ་འབར་འདྲ་བའི༔ གནས་ནས་སྐུ་སྐྱོད་འདིར་གཤེགས་ཤིག༔ ཧཱུྃ༔ རྗེ་དཔོན་གཤིན་རྗེ་ཁྲོས་པའི་གཟུགས༔ རལ་པ་ནག་པོའི་ཐོར་ཅོག་ལ༔ ཐོད་སྐམ་གསུམ་གྱི་ཅོད་པན་ཅན༔ ཆིབས་སུ་བདུད་རྟ་རྟིང་དཀར་ཆིབས༔ ན་བཟའ་བེར་ཆེན་ནག་པོ་གསོལ༔ ཕྱག་གཡས་མདུང་དམར་དར་ནག་ཕྱར༔ གཡོན་གྱི་ཞགས་པས་དགྲ་བོ་ཡི༔ མགུལ་པ་བཅིངས་ནས་རྗེས་སུ་འདྲེན༔ ལྷ་བདུད་འབུམ་གྱི་རྗེ་དཔོན་མཛད༔ གཡས་ཀྱི་རུ་འདྲེན་གཟའ་བདུད་འབུམ༔ གཡོན་གྱི་རུ་འདྲེན་ཀླུ་བདུད་འབུམ༔ སླད་ཀྱི་རྗེས་འབྲང་དམུ་བདུད་འབུམ༔ འཁོར་དང་བཅས་ལ་མཐུན་པའི་རྫས༔ རིན་ཆེན་ཏིང་ལོ་ཟུར་བརྒྱད་དང༔ ལྕགས་མཁར་ནག་པོ་ཟུར་དགུ་པ༔ དགྲ་བོའི་ལུས་སྲོག་དམར་བཤུས་པའི༔ དྲག་པོའི་རྒྱལ་མཚན་བ་དན་ཕྱར༔ མཁའ་ལྡིང་ནག་པོ་སྟེང་ན་འཕྱོ༔ བཤོས་བུ་དམར་ནག་ཆང་བུ་དང༔ སྡོམ་སྡིག་སྦལ་སྦྲུལ་སྲོག་ཆགས་གཟུགས༔ བར་སྣང་ཁམས་ཀུན་ཁྱབ་པ་ཡི༔ མཐུན་པའི་ལོངས་སྤྱོད་འདི་བཞེས་ལ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ བཀའ་བསྒོས་དམ་ལས་མ་འདའ་བར༔ ཆེ་མཆོག་བདེ་ཆེན་འཁོར་ལོ་ཡི༔ བསྟན་པ་ཕྱོགས་བཅུར་རྒྱས་པ་དང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བསམ་དོན་ཕྲིན་ལས་ཁྱོད་ཀྱིས་སྒྲུབས༔ ཧཱུྃ༔ བདག་ལ་གནོད་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ གཟའ་བདུད་གཟེར་གྱིས་རྣམ་པར་གཟིར༔ ཀླུ་བདུད་ཁ་རླངས་མུན་པས་གཏིབས༔ དམུ་བདུད་འབུམ་གྱིས་ཁྲམ་ལ་ཐོབ༔ ལྷ་བདུད་འབུམ་གྱིས་ལུས་སྲོག་ཕྱེས༔ གང་ལ་འཕེན་པ་དྲག་པོའི་སྟོབས༔ ཐོག་ལྟར་འཕེན་ཅིང་འབྲུག་ལྟར་སྒྲོགས༔ ཁྱོད་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ༔ རྣལ་འབྱོར་བདག་གིས་བཅོལ་པ་ཡི༔ ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཧཱུྃ༔ འཆི་བདག་བདུད་ཀྱི་རྗེ་དཔོན༔ གཏེར་སྲུང་སྒྲོལ་བྱེད་ནག་པོ༔ ལྕམ་མོ་ཀླུ་སྨན་དཀར་མོ༔ ལས་བྱེད་གདུག་པ་སྡེ་བཞི༔ རྩ་བ་གསུམ་གྱི་གཏེར་སྲུང་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་རྫོགས་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་པར་མཛོད། རྣལ་འབྱོར་པ་བདག་གིས་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད། དམ་ཉམས་རྩད་ནས་ཆོད་ཅིག་མཱ་ར་ཡ་སིདྡྷི་ཕཊ༔ དགྲ་བོའི་སྲོག་ལ་ནྲྀ་ཧུར་ཐུཾ་ཛ༔ ཁཾ་ཤག་རོ་མྱག་རྦད༔ ཅེས་ཕྲིན་ལས་བཅོལ་ཞིང་གཏོར་མ་གཙང་སར་སྐྱེལ། གཙྪ་གཙྪ་སྭ་བྷཱ་བ་ནཱཾ། ཞེས་པས་རང་གནས་སུ་གཤེགས་པར་བྱའོ།། །།
འཆི་མེད་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་བཀོད་པ་རིམ་གཉིས་གྲུབ་པའི་ཤིང་རྟ་ (Volume 63, Text 35)
༄༅། །འཆི་མེད་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་བཀོད་པ་རིམ་གཉིས་གྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱཀ་ར་ཡེ། སྤྲོས་བྲལ་གཞོན་ནུ་བུམ་པའི་སྐུ། ཁྱད་ཆོས་དྲུག་ལྡན་གདོད་མའི་མགོན། །ཀུན་བཟང་ཚེ་དཔག་མེད་པ་ལ། །བཏུད་ནས་སྙིང་པོའི་རིམ་པ་བྲི། །འདིར་རྩ་གསུམ་ཀུན་འདུས་པདྨ་གསང་བའི་ཐིག་ལེ་ཚེ་དཔག་མེད་ཀྱི་བསྙེན་པའི་རིམ་པ་ལ་འཇུག་པར་འདོད་པའི་གང་ཟག་རྣམས། ཁམས་གསུམ་འཁོར་བའི་གནས་རིགས་མཐའ་དག་མེ་ཡི་འོབས་དང་སྲིན་མོའི་གླིང་དུ་ཤེས་པས་ཡིད་འབྱུང་སྟེ། གནས་སྐབས་ཀྱི་བདེ་འབྱོར་ལྟར་སྣང་བ་རྣམས་ཀྱང་དུག་དང་འདྲེས་པའི་ཁ་ཟས་ལྟར་ཉེས་པ་དུ་མའི་རྩ་བར་ཤེས་ཤིང་། ཚེ་ཐུང་ནམ་མཇུག་གི་སྦྲང་བུ་ལྟ་བུའི་རྟེན་འདི་ལ་དལ་འབྱོར་དོན་ལྡན་གྱི་སྙིང་པོ་བླང་བར་འདོད་པས། གནས་གྲོགས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་གནས་སུ། ཟླ་བ་གང་ཡང་རུང་བའི་ཡར་ངོའི་གྲལ་ཚེས་བཟང་པོར། དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་འདིའི་སྐུ་རྟེན་བྲིས་འབུར་གང་རིགས་བཀྲམ་པའི་མདུན་དུ། རས་བྲིས་ཀྱི་དཀྱིལ་འཁོར་ལྷ་གནས་སུ་སྐུ་འམ་ཕྱག་མཚན་ཐིག་ལེས་མཚན་པ་བཀྲམ་པའི་སྟེང་འཕྲུལ་སྟེགས་སུ་བུམ་པ་ཉེར་ལྔའི་རྫས་ལྡན་རྒྱུན་འབབ་ཀྱི་ཆུ་སྣས་བཀང་བའི་ཁར། ཐོད་པར་མྱོས་བྱེད་སྨན་ཕབས་སྦྱར་བ། མེ་ལོང་དང་ཤེལ་རྡོ་སོགས་བརྩེགས་མར་བཤམས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཕྱོགས་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན། གཙོ་འཁོར་གྱི་སྐུ་ཙཀ །མདུན་ཕྱོགས་སུ་སྨན་རཀ་གཏོར་གསུམ། ཆད་བརྟན་དང་གཏེར་སྲུང་གི་གཏོར་མ་རྒྱུན་བཞག་གི་མཐར་ཉེར་སྤྱོད་བསྐོར་བཤམས་སམ་ཕྲེང་ཚར་གང་རུང་གི་བཀོད་མཛེས་སུ་བཤམས་ཤིང་། བདེ་བའི་སྟན་ནང་ཚངས་ཅན་བཏིང་བའི་སྟན་གྱི་འོག་ཏུ་ས་དཀར་གྱིས་གཡུང་དྲུང་གཡས་སྐོར་དུ་བྲིས་པའི་ཁར་འཁོད་ལ། སྒྲུབ་ཁང་གི་གཞིར་སྔར་དཀྱིལ་འཁོར་མ་བཞེངས་པ་ཡིན་ན་ས་ཡི་ཆོ་ག་གསང་བ་སྤྱི་ལྟར་བྱ། སྒྲུབ་ཁང་རྙིང་པ་ཡིན་ན་མི་དགོས་ཤིང་། གང་ལྟར་སྒོ་དྲུང་དུ་ཐོ་དཀར་པོ་འཛུག་ལ་བདུད་རྩི་འཁྱིལ་པ་དང་རྒྱལ་ཆེན་བཞིའི་སྔགས་མཐར་སྒྲུབ་པ་འདི་མཐར་མ་ཕྱིན་གྱི་བར་ཕྱི་ཡི་བར་ཆད་ནང་དུ་མ་གཏང་། ནང་གི་དངོས་གྲུབ་ཕྱིར་མ་གཏང་བར་བསྲུང་མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། ཞེས་བྲིས་པ་འཛུག །དཀར་དམར་གཏོར་མ་མཐེབ་རིལ་གྱིས་བརྒྱན་པ་དང་། གསེར་སྐྱེམས་བཤམས་ལ། ཨོཾ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊཿ རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཧེ་རུ་ཀ་གཡས་དབྱུག་ཐོ་དང་གཡོན་ཐོད་ཁྲག་འཛིན་པ། འབར་བའི་གར་དགུ་དང་ལྡན་ཞིང་དུར་ཁྲོད་དྲག་པོའི་ཆས་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གནས་པར་བསམ་ལ། གོང་གི་སྔགས་བརྒྱ་རྩ་བཟླ། མཆོད་གཏོར། ཧྱ་གྲཱྀ་ཝས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་རྒྱལ་པོ་ཆེན་པོ་བཞིས་བསྐོར་བ་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ས་མ་ཡ་ཏིཥྛ་ལྷན། ལྷ་ཚོགས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་བསམ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཙ་ཏུར་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོས། ཧཱུྃ། དཔལ་ཆེན་ཁྲོ་བོ་བདུད་རྩི་འཁྱིལ། །རྒྱལ་པོ་ཆེན་པོ་སྡེ་བཞི་བཅས། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །དངོས་གྲུབ་ཆེན་པོ་འཐོབ་ཀྱི་བར། །ཕྱི་ནང་གསང་བའི་བར་ཆད་སྲུངས། །མཚམས་ཀྱི་ཕྲིན་ལས་མཛད་དུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། ཞེས་མེ་ཏོག་འཐོར་ནང་དུ་སོང་ལ་བགེགས་གཏོར་ཆབ་ཀྱིས་བྲན་ཏེ། སྔགས་བསྔོས་ལན་གསུམ་བྱས་ལ། ལས་བྱང་ལྟར་བསྔོ་ཞིང་བགེགས་བསྐྲད། བསྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེ་ནས་གདན་དུ་འཁོད་ལ། ཐོག་མར་ཞག་གསུམ་སོགས་སུ། ཟུར་གསལ་སྔོན་འགྲོའི་ཆོས་རྣམས་བཤར་སྒོམ་གྱི་ཚུལ་དུ་ཉམས་སུ་བླངས། དེ་ནས་དགོང་ཐུན་གྱི་མགོ་བརྩམ་ནས་བསྐྱེད་བཟླས་ལ་འཇུག་སྟེ་ཐོག་མར་མཆོད་པ་བྱིན་རླབས། གནས་ཡུལ་བྱིན་འབེབ་བཅས་སོང་ནས། ལྟ་སྒོམ་ཁྱད་པར་ཅན་དག་གིས་རང་རིག་གསལ་གདབ་ཙམ་གྱིས་སྣང་སྲིད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་བཟླས་པ་ལ་འཇུག་པ་ཡིན་ཡང་། དེ་ལྟར་ཉམས་འོག་ཏུ་མ་ཆུད་པས། ཐོག་མར་ཆོས་ཐམས་ཅད་མཚན་འཛིན་གྱི་སྤྲོས་པ་ལས་འདས་པའི་སྟོང་པ་ཉིད་ཀྱི་ངང་ལས། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་སྒྱུ་མ་ལྟ་བུ་ཀུན་ལ་ཁྱབ་པས། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་ལས་རྒྱུ་ཡི་ས་བོན་བསྐྱེད་དེ། དེ་ལས་གཞལ་ཡས་ཁང་དང་ལྷ་ཚོགས་གཙོ་འཁོར་གྱི་སྣང་ཆར་ཤར་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་བཞིན། སྣང་ལ་འཛིན་པ་མེད་པ་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་བསླབས་ཏེ། མཚན་རྟོག་གི་བག་ཆགས་འཇོམས་པའི་ཕྱིར་སྤྱན་དྲངས་ཤིང་བསྟིམས་ལ། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་འཕྲུལ་དགའི་འདོད་ཡོན་ལྟར་མཆོད་ཅིང་། བརྟན་གཡོའི་སྒྲ་སྐད་ཐམས་ཅད་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ལ་བསྟོད་པའི་རོལ་མོ་འཁྲོལ་བར་བསམ་ལ་བསྟོད། ཛཔ྄་ཀྱི་ཐོག་མར་ལྷ་དང་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐུལ་བའི་མོས་གུས་རྩེ་གཅིག་པས་ཛཔ྄་བསྐུལ་བརྗོད་མཐར། བསྐྱེད་རིམ་གྱི་སྣང་ཆ་རེ་རེ་བཞིན་གསལ་འདེབས་ཀྱིས་བསྒོམ། གོམས་པ་ན་ལྷ་སྐུ་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་ལམ་གྱིས་གསལ་གདབ། དེས་སྐྱོ་ན། ཞལ་གཅིག་ཐིག་ལེ་ཉག་གཅིག །ཕྱག་གཉིས་ཐབས་ཤེས་ཟུང་འཇུག །རྒྱན་ཆ་སངས་རྒྱས་ཀྱི་ཡོན་ཏན། ཡབ་ཡུམ་སྣང་སྟོང་དབྱེར་མེད། དགའ་བ་བཞི་དང་སྟོང་པ་བཞི་ཚད་མེད་བཞི་ཡི་རང་མདངས་འཁོར་གྱི་ལྷ་ཚོགས། བྱང་ཆུབ་ཀྱི་ཆོས་ཡོངས་སུ་དག་པས་གཞལ་ཡས་ཁང་སོགས་ཤེས་པ་དང་། ཡང་རེས་འགའ། རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཡེ་ནས་འབྱུང་བཞི་ཡུམ་བཞི། ཕུང་པོ་རིགས་ལྔ། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མ་སོགས་སུ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་བརྟན་པ་སོགས་རེས་མོས་སུ་བསྒོམ་ཞིང་འདྲེས་པར་བྱ། དེ་དག་གིས་སྐྱོ་བ་ན། བཟླས་པའི་དམིགས་པ། དང་པོ་བསྙེན་པ་ནི། རང་གི་སྙིང་འོད་ཀྱི་ཐིག་ལེའི་ཀློང་དུ། ཚེ་དཔག་མེད་པ་ཡབ་རྐྱང་རྒྱན་ཆས་ཡོངས་རྫོགས་ཀྱི་ཐུགས་ཀར་སྟེང་ཟླ་བ་འོག་ཉི་མའི་གྭའུ་ཁ་སྦྱར་བའི་ནང་དབུས་སུ། ཧྲཱིཿཡིག་དམར་པོ་སྤུས་བྲིས་པ་ལྟ་བུ་མར་མེ་ལྟར་འབར་བ། དེའི་མཐའ་སྐོར་དུ་མདུན་ནས་བརྩམ་གཡས་སུ་བཀོད་དེ་རྩ་སྔགས་མུ་ཏིག་གི་རྡོག་མ་ལྟར་དཀར་ཧྲམ་མེ་འོད་འཕྲོ་བ་གཡོ་མེད་དུ་གནས་པ་ལ་སེམས་གཟུང་། དེ་ཡང་དམིགས་པ་རྣམས་མི་གསལ་ན། རོ་རས་ལ་མཚལ་གྱིས་ཧྲཱིཿཡིག་ཚད་དང་ལྡན་པ་བྲིས་པར་ཡིད་དམིགས་འཇུག་པ་དྲིལ་ཏེ་བལྟས་པས་དབང་ཡུལ་དུ་མིག་བཙུམ་ཡང་གསལ་བ་ན་སྙིང་གར་བཀོད། དེ་བཞིན་སྔགས་ཕྲེང་ཡང་བྲིས་པ་ལ་བལྟས་ཏེ་འབྲུ་རེ་རེ་བཞིན་སྙིང་གར་བཀོད། ལམ་གྱིས་གསལ་བ་ན་ཐོག་མར་ཧྲཱིཿཡིག་དང་། དེ་ནས་སྔགས་ཀྱི་ཕྲེང་བ་ལ་སེམས་གཏད་དེ་རྩ་སྔགས་མགྱོགས་བུལ་ནོར་འཁྲུལ་གྱི་སྐྱོན་དང་བྲལ་བར་བཟླ་བ་ནི། བསྙེན་པ་ཟླ་བ་སྐར་ཕྲེང་གི་དགོངས་པ་ཡིན། གཉིས་པ་ཉེ་བར་བསྙེན་པ་ནི། ཡང་སྔ་མའི་དམིགས་པ་དང་འབྲེལ་བའི་བཟླས་གྲངས་ཐེམས་ནས། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་སྤོས་རེང་གི་དུད་པ་ལྟ་བུ་བུན་ལོང་ལོང་འཕྲོ་བས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་བྲེལ་ཕོངས། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སྡུག་བསྔལ་སྦྱངས། དེ་དག་གུ་རུའི་གོ་འཕང་ལ་བཀོད། ཡང་འོད་ཟེར་དེས་ཉན་ཐོས་སོགས་འགོག་པའི་བསམ་གཏན་ལ་སྙོམས་པར་ཞུགས་པ་རྣམས་ལ་འོད་དེས་རེག་པས་དེ་ལས་ལྡངས་ཏེ་ཐེག་པ་ཆེན་པོའི་གོ་འཕང་ལ་བཀོད། བྱང་སེམས་འཕགས་པ་རྣམས་ལ་འོད་དེས་རེག་པས་ས་ནས་སར་འཕར་ཞིང་རྫོགས་པའི་བྱང་ཆུབ་ཐོབ། སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་འཕྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་གསོལ་བ་འདེབས་པ་སོགས། རྒྱལ་པོའི་ཕོ་ཉ་བྲན་མངག་གི་དམིགས་པའི་འཕྲོ་འདུ་ལ་འབད་དེ་སྔགས་བཟླ། གསུམ་པ་སྒྲུབ་པའི་དམིགས་པ་ནི། ཡང་སྔ་མའི་དམིགས་པ་དང་འབྲེལ་བའི་བཟླས་གྲངས་ཐེམས་ནས། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་འོད་ཟེར་རང་སྒྲ་དང་བཅས་གཡོན་དུ་དྲག་པོར་འཁོར་བ་ལས། ཡི་གེ་སོ་སོ་ལས་འོད་སྣང་མར་མེ་ལྟར་འཕྲོས་ཏེ་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས་ཏེ་དག་པའི་ཞིང་དུ་གྱུར་པར་བསམ་ལ་མགལ་མེ་ཀླད་བསྐོར་གྱི་དམིགས་པ་དང་བཅས་སྔགས་བཟླ། བཞི་པ་སྒྲུབ་པ་ཆེན་པོ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྐུ་དང་སྔགས་ཕྲེང་དཔག་ཏུ་མེད་པ་བུང་བ་ཚང་ཞིག་པ་ལྟར་འཕྲོས། སྟོང་གསུམ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་སོགས་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཕོག་པས། སྣོད་ཐམས་ཅད་དག་པའི་བདེ་ཆེན་གྱི་ཞིང་ཁམས། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་ཡི་སྣང་ཆ། སྒྲ་རུ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་མ་ལུས་པ་ཐུགས་ཡེ་ཤེས་ཀྱི་རོལ་པར་ཤར་ཏེ། སྣང་སྲིད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོ་འབའ་ཞིག་ཏུ་གྱུར་ཏེ་བུང་བ་ཚང་ཞིག་པ་ལྟར་དམིགས་ལ་སྔགས་གྲངས་ཐེམས་པར་བྱ་བ་སྟེ། གྲངས་ཀྱི་བསྙེན་པ་འབྲུ་འབུམ་ཁ་སྐོང་འབུམ་གསུམ་བཅས། རྩོད་དུས་འདིར་བཞི་འགྱུར་དུ་བཟླ་བར་གསུངས་པ་ལྟར་བྱ། གྲངས་ཐེམས་ནས་ལས་སྦྱོར་གྱི་བཟླས་པའི་སྐབས། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་གྱིས་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྐུལ་བས། དེ་དག་གི་སྐུ་ལས་རང་འདྲ་བའི་སྐུ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་མཐའ་ཀླས་པ་འཕྲོས། ས་ཆུ་མེ་རླུང་ཉི་ཟླ་རྩི་ཤིང་ནགས་ཚལ་སོགས་བརྟེན་པ་སྣོད་ཀྱི་དྭངས་མ་དང་། ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི། ལྷ་དང་རིག་འཛིན་གྲུབ་པ་དྲང་སྲོང་སོགས་འཇིག་རྟེན་ན་ཆེ་བར་གྲགས་པ་ཟག་བཅས་འཁོར་བ་པ་དང་། ཟག་མེད་མྱང་འདས་སངས་རྒྱས་བྱང་སེམས་ཉན་ཐོས་དགྲ་བཅོམ་ལ་སོགས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས། ཚེ་དང་བསོད་ནམས་སྲིད་ཞིའི་དཔལ་ཡོན་དྭངས་བཅུད་མ་ལུས་པ་ལྔ་ལྡན་འོད་ཀྱི་ཐིག་ལེ། ཨ་ནྲྀ་ཧཱུྃ་གསུམ་བཀྲ་ཤིས་རྟགས་བརྒྱད། དགེ་ལེགས་གྲུབ་པའི་རྫས། བཅུད་ལེན་གྲུབ་པའི་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པར་སྤྱན་དྲངས་ཏེ། རང་གི་སྙིང་དབུས་མི་ཤིགས་པའི་ཐིག་ལེར་བསྟིམ་ཞིང་། མདུན་རྟེན་ཚེ་རྫས་རྣམས་ལའང་ཡང་ཡང་བསྟིམ་ཞིང་ཛཔ྄་བཟླ་ལ་ཚེ་འགུགས་ཀྱང་གྱེར། །ཐུན་མཐར་ཚེ་རྟེན་སྙིང་ཁའི་ས་བོན་ལ་བརྟན་གཡོའི་དྭངས་བཅུད་བསྡུས་ཤིང་ཉི་ཟླའི་གྭའུ་ཁ་བསྒྲིགས། །ཕྱི་རོལ་ནས་རིགས་ལྔ་དང་ཡུམ་ལྔའི་ཕྱག་རྒྱས་གོ་མཚམས་མེད་པར་གཏམས་པར་བསམ་ཞིང་སྐྱེ་འཆི་བགྲེས་རྒུད་བྲལ་བ་གཉུག་མ་མི་ཤིགས་པའི་རང་ངོ་ལ་མཉམ་པར་བཞག་གོ །ཚུལ་དེས་ཕྲིན་ལས་ཀྱི་བཟླས་པ་སུམ་ཆ་ཙམ་སོང་ནས། བསྙེན་སྒྲུབ་ཁ་སྐོང་དུ་རྒྱས་པའི་བསྲེག་བླུག་ཀྱང་བྱའོ། །དེ་ལྟར་ཐུན་བཞིའམ་གསུམ་སོགས་གང་རུང་གིས་ཉམས་སུ་བླང་ཞིང་། དགོང་ཐུན་གྱི་མཇུག་ཏུ་སྲུང་མའི་གཏོར་འབུལ་ཡང་བྱ། རྒྱུན་དུ་འགྲུབ་ན་ལེགས་ཤིང་མ་འགྲུབ་ཀྱང་དུས་བཟང་གི་སྐབས་སུ་ཚོགས་ཀྱི་མཆོད་པ་ཡང་རྒྱས་པར་བྱའོ། །དེ་ལྟར་གྲངས་དུས་རྟགས་ཀྱི་བསྙེན་པ་ཐེམས་ནས་ཡར་ངོ་གཟའ་སྐར་བཟང་བར་སྒྲུབ་པ་གྲོལ་བའི་སྐབས། མཆོད་པ་རྣམས་གསར་དུ་བཤམས་ཤིང་ཚོགས་ཀྱི་མཆོད་པ་ཡང་གཙང་ལ་རྒྱས་པར་འདུ་བྱ། ཐོར་ཐུན་གྱི་མཇུག་ཏུ་ཐུགས་དམ་བསྐུལ་ཚིག་ལན་གསུམ་དབྱངས་དང་བཅས་པ་བརྗོད་མཐར་བདག་འཇུག་ལྟར་དབང་ལེན་བྱ་ཞིང་། དངོས་གྲུབ་གྱི་རྫས་ལ་རོལ། ཚོགས་ཀྱི་མཆོད་པས་ཞལ་བསྲོ་ཞིང་། ཆད་བརྟན་རྒྱུན་བཞག་དང་། སྲུང་མའི་གཏོར་མ་ཕུལ། རྟ་བྲོ་ནས་བརྩམ་རྗེས་ཀྱི་མཆོད་བསྟོད་སོང་ནས། རྒྱལ་ཐོ་ལ་གཏང་རག་མཆོད་པ་ཕུལ་ཏེ་གཤེགས་གསོལ་བྱ། དཀྱིལ་འཁོར་རྗེས་བསྡུ་བསྔོ་སྨོན་བཀྲ་ཤིས་སོགས་བྱས་ཏེ་མཚམས་ཁད་ཀྱིས་གྲོལ་བར་བྱའོ། །དེ་ལྟར་ཚུལ་བཞིན་ཉམས་སུ་བླང་ན་རིང་པོར་མི་ཐོགས་པར་འཆི་མེད་རྟག་པ་དམ་པའི་གོ་འཕང་ཐོབ་པ་ནི་ངེས་པ་ཁོ་ནའོ། །རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ཆེར། །ཉེ་བར་བསྙེན་པའི་ཚུལ་བརྗོད་དགེས། །འགྲོ་བ་འདི་དག་རྒྱལ་བ་བཞིན། །མངོན་པར་སངས་རྒྱས་རྒྱུ་རུ་བསྔོའོ། །ཞེས་པའང་དད་དམ་གྱི་བློ་གྲོས་ཡངས་པ་བཙུན་མ་སྙན་གྲགས་བཟང་མོའི་བསྐུལ་ངོར་བདུད་འཇོམས་ནམ་མཁའི་རྡོ་རྗེས་ཟིན་བྲིས་སུ་སྤེལ་བ་སརྦ་མངྒ་ལཾ།། །།
ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་བཅས་ཀྱི་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ (Volume 20, Text 35)
༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་བཅས་ཀྱི་ཆོ་ག་འགྲིགས་ཆགས་སུ་བཀོད་པ་བཞུགས་སོ། ། མི་ཤིགས་མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ཆ་ལག་ལས༔ ཚེ་སྒྲུབ་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི༔ བདག་བསྐྱེད་བསྙེན་ཞིང་མདུན་བསྐྱེད་བུམ་པ་སྒྲུབ༔ བདག་འཇུག་བླང་བའི་ཆོག་འགྲིགས་ཆུ་འབབ་ཏུ༔ གསལ་བར་བཀོད་དེ་དང་པོ་བདག་བསྙེན་ནི༔ དེ་ཡང་ཐོག་མར་རང་ཉིད་དབེན་པའི་གནས༔ ཡར་ཚེས་གཟའ་སྐར་བཟང་ལ་མཚམས་བསྡམས་ཏེ༔ སྨྲ་བཅད་བདེ་བའི་སྟན་ལ་འདུག་ནས་ཀྱང༔ དང་པོ་སྐྱབས་སེམས་ཡན་ལག་བདུན་པ་ནི༔ ན་མོ༔ འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་བསྒྲུབ་བྱ༔ འཆི་མེད་ལྷ་ཚོགས་འདིར་གཤེགས་སྤྱི་གཙུག་བཞུགས༔ གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ༔ མི་དགེའི་ཚོགས་བཤགས་དགེ་ལ་ཡི་རང་ངོ༔ བླ་མེད་ཆོས་སྐོར་མྱ་ངན་མི་འདའ་བཞུགས༔ དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་ནས་དངོས་གཞི་སྒོམ་བཟླས་རིམ་པ་ནི༔ ཆོས་རྣམས་དམིགས་མེད་སྟོང་ཉིད་ནམ་མཁའི་ངང༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ༔ དེ་ཡི་ངང་ལས་པདྨ་ཉི་ཟླའི་སྟེང༔ བདག་ཉིད་རྟ་མགྲིན་གསལ་བའི་སྤྱི་གཙུག་ཏུ༔ པདྨ་དམར་པོ་ཉི་ཟླའི་དཀྱིལ་འཁོར་སྟེང༔ ཚེ་དཔག་མེད་མགོན་བྱི་རུའི་མདོག་འཆང་ཞིང༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ འོད་ཟེར་བྱེ་བ་དགུ་ཁྲི་མཉམ་གཞག་སྟེང༔ རིན་ཆེན་སྣ་བདུན་བུམ་པ་བདུད་རྩིས་བཀང༔ དགོས་འབྱུང་དཔག་བསམ་ཤིང་གི་ཁ་རྒྱན་ཅན༔ པང་དུ་ཡུམ་མཆོག་གོས་དཀར་དམར་མདངས་ཅན༔ ཕྱག་གཡས་པད་ཕྲེང་ཡབ་ཀྱི་མགུལ་ན་འཁྱུད༔ གཡོན་པས་ཚེ་བུམ་ཡབ་ཀྱི་སྙན་ཐད་འཛིན༔ ཐབས་དང་ཤེས་རབ་གཉིས་མེད་འོད་ཕུང་འབར༔ མ་ཡེངས་ཀ་དག་རང་མདངས་ལྷམ་མེར་གསལ༔ དེ་ཡི་ཕྱོགས་བཞིར་ཚེ་ཡི་ལྷ་མོ་བཞི༔ གཡས་སུ་དཀར་མོ་གཡོན་དུ་སེར་མོ་དང༔ མདུན་དུ་སྔོན་མོ་རྒྱབ་ཏུ་ལྗང་མོ་རྣམས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས་པར་བསྒོམ༔ གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཧྲཱིཿདམར་མཐའ་མར་སྔགས་ཕྲེང་བསྐོར་བར་བསྐྱེད༔ ཧྲཱིཿལས་འོད་འཕྲོས་བདེ་ཆེན་ཕོ་བྲང་ནས༔ ཡེ་ཤེས་སྤྱན་དྲངས་དམ་ཚིག་གཉིས་མེད་བསྟིམ༔ ཧྲཱི༔ མི་འགྱུར་འཆི་མེད་བདེ་ཆེན་ཀློང་ཡངས་ནས༔ མི་ཤིགས་རྡོ་རྗེ་ལྟ་བུའི་ཚེ་དཔག་མེད༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་བདག་མདུན་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་མཆོད་ཡོན་གསང་བ་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་འདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་བའི་རཀྟ་དང༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་སྐུ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཁྱེད་ལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང༔ ཚངས་དབྱངས་དྲི་མེད་དོན་དམ་གསུང་ལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་ཆེན་པོ་ཀ་དག་ངང༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛ་སིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ༔ བཛྲ་ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ༔ དེ་ནས་ཚེ་ཛཔ྄་བཟླ་བའི་དམིགས་པ་ནི༔ སྤྱི་གཙུག་ཚེ་དཔག་ཐུགས་ཀའི་ཧྲཱིཿཡིག་དང༔ བུམ་པ་དང་ནི་ཡབ་ཡུམ་སྦྱོར་མཚམས་ནས༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ཡིས༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ ལྷ་དང་དྲང་སྲོང་རིག་འཛིན་འབྱུང་ལྔ་ཡི༔ དྭངས་མའི་བཅུད་དང་ལྷ་ཀླུ་མི་ཡི་སྲོག་ནྲྀཿཨ༔ མདོར་ན་འཁོར་འདས་ཚེ་བསོད་དཔལ་དང་གྲགས༔ ཐམས་ཅད་ཡང་ཡང་ཚེ་དཔག་བུམ་པར་བསྡུ༔ ཡང་ནི་ལྷ་མོ་རྣམས་ཀྱི་བུམ་པ་ནས༔ འོད་འཕྲོས་ཕྱི་ནང་སྣོད་བཅུད་འབྱུང་བའི་བཅུད༔ ཐམས་ཅད་བསྡུས་ཏེ་རང་རང་བུམ་པ་བཀང༔ བུམ་པ་རྣམས་ནས་གཙོ་བོའི་བུམ་པར་བྱོས༔ ཚེ་ཡི་བདུད་རྩི་ཆིལ་ཆིལ་ཁོལ་བ་དང༔ ཐལ་མོ་སྙིང་ཁར་སྦྱར་ལ་རྩེ་གཅིག་གསོལ་བ་བཏབ༔ ཧྲཱི༔ ལྷག་པའི་ལྷ་མཆོག་ཚེ་དབང་རྡོ་རྗེའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཐམས་ཅད་ཀྱི༔ འཆི་མེད་སྙིང་པོ་བདུད་རྩིའི་བཅུད་བསྡུས་ནས༔ བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཅེས་པས་གསོལ་བ་བཏབ་པས་སྐད་ཅིག་གིས༔ འདོད་པ་ལྟར་དུ་གནང་བར་གྱུར་པ་སྟེ༔ ཚེ་ཡི་བུམ་ནས་འཆི་མེད་ཡེ་ཤེས་ཀྱི༔ བདུད་རྩི་འོ་མ་ལྟར་དུ་ངང་ནར་བབས༔ ཡབ་ཡུམ་སྦྱོར་མཚམས་དྭངས་མ་དཀར་དམར་དུ༔ བབས་པར་ཤེས་པ་གཏད་དེ་རང་ཉིད་ཀྱི༔ ཁ་ཡི་ནང་དང་ཚངས་བུག་མར་བྱུང་བསམ༔ དམིགས་པ་གསལ་བས་མཆིལ་མ་མིད་པར་བྱ༔ སྤྱི་བོ་གསང་གནས་བར་དུ་ཁེངས་པར་བསམ༔ དེ་ལྟར་ཐེངས་གསུམ་བར་དུ་བདུད་རྩིའི་ཟེར༔ བ་སྤུའི་བུ་ག་དག་ནས་ཕྱོགས་བཅུར་འཕྲོས༔ སྐྱེ་འགྲོ་སྣོད་བཅུད་དང་བཅས་འོད་ཞུ་ནས༔ ཨ་དཀར་ནྲྀཿལྗང་བཀྲག་མེར་མེར་གང་ནས༔ འོད་ཟེར་འུབ་འུབ་བ་སྤུའི་བུ་གར་འདུས༔ སྙིང་གའི་ཧྲཱིཿལ་ཐིམ་པས་རང་ཉིད་ནི༔ བཀྲག་མདངས་འཆི་མེད་རྡོ་རྗེའི་སྐུར་གྱུར་བསམ༔ གསང་བ་ཚེ་ཡི་ཡང་སྙིང་ཟབ་པའི་གནད༔ བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་སྔགས་འདི་བཟླ༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛ་སིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ འབུམ་ཚོ་གསུམ་གྱིས་ཚེ་དཔག་མེད་མགོན་འགྲུབ༔ རྗེས་ལ་ཞག་རེར་བརྒྱ་རྩ་ཆག་མེད་བཟླ༔ ཚེ་ཡི་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ དམིགས་པ་འཕྲོ་འདུ་གསལ་བ་གལ་ཆེ་ཞིང༔ སྐབས་སུ་གསོལ་བཏབ་རིག་པ་གསལ་ངར་བསྐྱེད༔ དེ་ལྟར་འབད་པའི་རྟགས་ཀྱི་རིམ་པ་ནི༔ ཉི་ཟླ་ཤར་དང་ཕྱག་མཚན་རྡོ་རྗེ་རྙེད༔ མཁར་བརྩེགས་མཆོད་རྟེན་སཱཙྪ་བཞེངས་པ་མཐོང༔ རོལ་མོ་བསྒྲགས་དང་བདུད་རྩི་འཐུང་བ་དང༔ ལོ་ཐོག་སྟོན་སྡུད་འབྲུ་ལ་ལོངས་སྤྱོད་བྱེད༔ གོ་ཆ་གྱོན་སོགས་རྟགས་མཚན་དཔག་མེད་འབྱུང༔ དངོས་སམ་རྨི་ལམ་དག་ཏུ་ཞལ་ཡང་མཇལ༔ གདམས་པ་གསུངས་པ་ལ་སོགས་འབྱུང་བར་འགྱུར༔ དེ་ནས་སྔགས་བཟླས་ཐུན་མཚམས་ཐམས་ཅད་དུ༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་བཅས་རྗེས༔ མཆོད་བསྟོད་རྒྱས་བསྡུས་ཅི་རིགས་བྱས་ནས་ཀྱང༔ རྗེས་ཀྱི་དོན་ནི་ཚེ་ཡི་ལྷ་མོ་བཞི༔ ཚེ་དཔག་ལ་ཐིམ་དེ་ཡང་རང་ཉིད་ཀྱི༔ སྤྱི་བོའི་གཙུག་ནས་མར་ཐིམ་སྙིང་གར་བྱོན༔ ངོ་བོ་ཚེ་དཔག་མེད་ལ་རྣམ་པ་ནི༔ འཆི་མེད་བདུད་རྩིས་བདག་ལུས་ལྟེམ་གྱིས་གང༔ ཡང་ན་རང་ལུས་གསེར་གྱི་རྡོ་རྗེར་བསམ༔ སྤྲོས་མེད་བདེ་ཆེན་ཀློང་དུ་ཆམ་གྱིས་ཀློད༔ ཡིག་བརྒྱ་ཨཀྵས་ལྷག་ཆད་ཁ་བསྐང་ངོ༔ བསྔོ་སྨོན་ཤིས་བརྗོད་གཞུང་བཞིན་དཀྱིལ་འཁོར་བསྡུས༔ དངོས་གྲུབ་ལེན་ཆོག་ལ་སོགས་ཚུལ་བཞིན་བྱ༔ གཉིས་པ་མདུན་བསྐྱེད་དང་བུམ་པ་དབྱེར་མེད་གཅིག་དྲིལ་དུ་སྒྲུབ་པ་ནི། གནས་དུས་གོང་དང་མཐུན་པ་ལ། མཎྜལ་དམར་པོ་མདའ་གང་ལེགས་པར་བཞེངས་པའི་སྟེང་དུ་ཚོམ་བུ་ལྔ་བཀོད་ལ། དེའི་དབུས་སུ་རྐང་གསུམ་ཁར་རིན་པོ་ཆེའི་བུམ་པ་གཡའ་མེད་མཚན་ལྡན་གཅིག་གུ་གུལ་དུད་པས་བདུག །ཡུངས་དཀར་ཀྱི་ཐུན་བྲབ་ཅིང་བགེགས་བསྐྲད་ལ་དེ་ནས་ནང་དུ་ཆུ་གཙང་བུམ་རྫས་ཉེར་ལྔ་བཅས་ཀྱིས་སུམ་གཉིས་བཀང་། ཁ་རྒྱན་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམ། དེའི་ཤར་དུ་རྡོ་རྗེ་དང་མེ་ལོང་། ལྷོ་རུ་ཚེ་རིལ། ནུབ་ཏུ་ཚེ་གཏོར་ཚེ་ཤ་ཚེ་ཆང་། བྱང་དུ་ཚེ་མདའ་དམར་པོ། གཞན་ཡང་ཙཀ་ལི་མིག་དར་སོགས་གང་མཁོ་བཤམ། བདག་འཇུག་རྒྱས་པའམ། གཞན་ལ་དབང་བསྐུར་དང་མི་འབྲེལ་ཞིང་དཀྱུས་ཀྱི་བདག་འཇུག་ཁོ་ན་ཙམ་དང་། སྤྲོས་པ་ཆུང་ན་སྒྲུབ་བུམ་མདུན་དུ་གཏོར་མའི་ངོ་བོ་ཚེ་རིལ་དང་། དེའི་གཡས་སུ་བདུད་རྩི་ཚེ་ཆང་། གཡོན་རཀྟའི་ངོ་བོ་ཆུ་གཙང་མ་རྣམས་དང་། མདའ་དར་ཙམ་གྱིས་ཆོག་ལ། དེ་ལྟར་རྒྱས་བསྡུས་གང་ལྟར་ཡང་། མཐའ་སྐོར་དུ་མཆོད་པའི་བྱེ་བྲག་གང་འབྱོར་བཤམ་པར་བྱའོ། །དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་བདག་བསྐྱེད་ཛཔ྄་བསྙེན་སྔོན་དུ་སོང་ནས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་སྲོག་གི་ས་བོན་ཧྲཱིཿཡིག་དམར་པོ་ལས་ཡི་གེ་བྷྲཱུྃ་གཅིག་སྤྲོས་པས་མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་བབ། དེ་ཉིད་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་པཉྩ་ལི་ཀས་མགུལ་པ་བཅིངས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ནང་དུ་ལྷ་རྫས་ཀྱི་ཆུ་དང་། བཅུད་ཉི་ཤུ་རྩ་ལྔས་ཡོངས་སུ་གང་བ། ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་པ་གྲུ་བཞི་རྒྱན་རྟ་བབས་ལ་སོགས་པ་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། པདྨ་དམར་པོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་བྱེ་རུའི་མདོག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བ་འཛིན་པ། སྐུ་སྟོད་ལ་དར་དཀར་པོའི་སྟོད་གཡོགས་དང་། སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ན་བཟའ་བཀླུབས་ཤིང་། འཛམ་བུ་ཆུ་བོའི་གསེར་གྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ། དོ་ཤལ། སྐུ་རེག་ཚངས་སྐུད་སོགས་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་འཕྲོ་བ་སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ཚོན་ལྟར་གསལ་བའི་པང་དུ། ཡུམ་གོས་དཀར་མོ་སྐུ་མདོག་དམར་གསལ་ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཚེ་བུམ་ཡབ་ཀྱི་སྙན་ཐད་དུ་འཛིན་པ། ཡབ་ཡུམ་གཉིས་མེད་འོད་ཕུང་འབར་བའི། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོ་རུ་རཏྣ་ཚེ་དཔག་མེད། ནུབ་ཏུ་བུདྡྷ་ཚེ་དཔག་མེད། བྱང་དུ་ཀརྨ་ཚེ་དཔག་མེད། ཀུན་ཀྱང་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེ་ཡི་བདུད་རྩིས་བཀང་བའི་བུམ་པ་འཛིན་ཅིང་རང་རང་གི་ཡུམ་དང་འཁྲིལ་བ། ཚེ་བདག་རྒྱལ་བ་རིགས་ལྔ་དེ་དག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཕྲེང་གིས་གཡས་སུ་བསྐོར་བར་བསམ། དེ་དག་གི་ཕྱི་རིམ་དུ་ཚེ་ཡི་ལྷ་མོ་མགྱོགས་མ་བཞི་སྒོ་མ་བཞི་སོགས་མདོར་ན་རིག་འཛིན་དྲང་སྲོང་ཚེ་ལ་དབང་བ་རྣམས་དང་། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་རྒྱལ་ཆེན་སྡེ་བཞི་ལོ་ཟླ་ཞག་དུས་ཀྱི་ལྷ་ཀླུ་གཟའ་སྐར་དང་བཅས་པས་སྒྲུབ་པ་པོ་ལ་ཚེ་ཡི་དངོས་གྲུབ་སྩོལ་བའི་ཚུལ་དུ་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་བདེ་བ་ཅན་གྱི་ཞིང་ཁམས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཧཱུྃ་ཧྲཱི༔ མི་འགྱུར་འཆི་མེད་བདེ་ཆེན་ཀློང་ཡངས་ནས༔ མི་ཤིགས་རྡོ་རྗེ་ལྟ་བུའི་ཚེ་དཔག་མེད༔ རིགས་བཞི་མགྱོགས་མ་ཚེ་ཡི་དངོས་གྲུབ་བདག༔ གནས་འདིར་གཤེགས་ལ་བདག་མདུན་དཀྱིལ་འཁོར་བཞུགས༔ ལུས་ངག་ཡིད་གསུམ་རྣམ་དག་གུས་ཕྱག་འཚལ༔ ཕྱི་ནང་མཆོད་ཡོན་གསང་བ་བླ་ན་མེད༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་བདུད་རྩི་མཆོག༔ ཉོན་མོངས་དུག་ལྔ་བསྒྲལ་བའི་རཀྟ་དང༔ རོ་དྲུག་བཅུད་ལྡན་གཏོར་མ་ཚེ་ཡི་འབྲང༔ འཆི་མེད་གསང་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ རང་བྱུང་འོད་གསལ་ལྷུན་གྲུབ་རྒྱལ་བའི་སྐུ༔ འགྱུར་མེད་རྡོ་རྗེ་ལྟ་བུ་ཁྱོད་ལ་བསྟོད༔ འགག་མེད་རོལ་པ་ཆེན་པོ་རྒྱལ་བའི་གསུང༔ ཚངས་དབྱངས་དྲི་མེད་དོན་དམ་གསུང་ལ་བསྟོད༔ སྒྲིབ་མེད་ཁྱབ་བརྡལ་ཆེན་པོ་ཀ་དག་ངང༔ བདེ་སྟོང་འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ༔ བཟླས་པ་ནི། བདག་ཉིད་རྟ་མགྲིན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་སོང་བས་མདུན་བསྐྱེད་བུམ་པའི་ལྷའི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་ཐུགས་རྗེ་དང་ནུས་མཐུ་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་སྤྱན་དྲངས། བུམ་ནང་གི་ལྷ་ཚོགས་རྣམས་ལ་ཐིམ་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བུམ་པའི་ཆུ་དང་དབྱེར་མེད་དུ་འདྲེས་པར་གྱུར་པར་བསམ་ཞིང་བཟླ་བ་ནི། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླས་རྗེས་ཡིག་བརྒྱ་ཨཀྵ་ལྔ་བཅུ་རྟེན་འབྲེལ་སྙིང་པོ་རྣམས་བརྗོད་ནས། མཆོད་བསྟོད་ཅི་རིགས་པ་བྱའོ། །དེ་ནས་ཚེ་བསྐུལ་ནི། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་གྭ་འུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿསྩོལ། བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཕྱོགས་བཞི་མཚམས་བཞིའི་གཞལ་ཡས་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་བཞི༔ དཀར་སེར་དམར་མཐིང་ལྗང་བའི་མདོག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ཁུག་ཅིག་རྡོ་རྗེའི་ཚེ་ཁུག་ཅིག༔ སྒོ་སྲུང་ལྷ་མོ་ཕྱག་རྒྱ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མགྱོགས་མ་ཚེ་བདག་ཚེ་ཁུག་ཅིག༔ མི་འགྱུར་སྙིང་པོ་རྡོ་རྗེའི་ཚེ༔ རིགས་ཀྱི་བདག་པོའི་ཚེ་གཡང་ཁུག༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀཿལ་ཐིམ༔ མི་འགྱུར་གཡུང་དྲུང་རྡོ་རྗེ་འབར༔ བདག་ཅག་རྣམས་ལ་ཚེ་དབང་སྐུར༔ ཅེས་པས་སྐབས་སུ་བསྐུལ་ཞིང་བསྐུལ་ཚར་ནས་ཚེ་བསྟིམ་ཞིང་སྦ་བ་ནི། ཧཱུྃ་ཧྲཱི༔ རིགས་ལྔ་བདེ་གཤེགས་ཚེ་དཔག་མེད༔ ཉོན་མོངས་གསལ་དག་ཡེ་ཤེས་ངང༔ ཚེ་འདིར་བསྟིམ་མོ་བསོད་ནམས་དཔལ་སྐྱེད་ཅིག༔ མི་འུ་རྣམས་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་བཞིའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་ལྔ་ཡིས་དཔལ་སྐྱེད་ཅིག༔ སྐལ་ལྡན་རྣམས་ཀྱི་སྒོ་གསུམ་ལ༔ ཚེ་དཔག་མེད་མགོན་རིགས་ལྔ་ཡི༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབ་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ལས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ འབྱུང་བ་ཚེ་སྲོག་དཔལ་སྐྱེད་ལ༔ མི་འགྱུར་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝཱནྟི་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བསྟིམ་ཞིང་ཛཔ྄་སྔགས་འདི་ཡང་ཅི་ནུས་སུ་བཟླས་པས་འཇིག་རྟེན་ཁམས་ཀྱི་ཚེ་བཅུད་ཚེ་ལྷ་ཞི་ཁྲོ་ཐམས་ཅད་དང་ལྷ་དང་དྲང་སྲོང་ཀླུ་དབང་འགྲོ་བ་མི་ཡི་སྲོག་ནྲྀཿནམ་མཁའ་ཉི་ཟླ་འབྱུང་བའི་བཅུད་ཐམས་ཅད་བདག་དང་བུམ་པ་ལ་སིབ་སིབ་ཐིམ། ཡང་འོད་དུ་མེར་རེ་འདུས། བ་སྤུའི་བུ་ག་ལ་སིབ་སིབ་ཐིམ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པའི་གདིང་བསྐྱེད། དེ་ལྟར་འབད་པས་ངེས་པར་ཐོབ་ཀྱང་ཐོབ་པར་འགྱུར་རོ། །མཐར་ཐུན་བཞག་པའི་སྐབས་སུ། བདུད་རྩིའི་ཆུ་རྒྱུན་གྱིས་བུམ་པ་གང་བའི་དབུས་སུ་ལྷ་ཚོགས་རྣམས་འོད་ཀྱི་སྐུར་བཞུག་པར་བསམ་མོ། །གསུམ་པ་བདག་འཇུག་བླང་བའི་ཆོ་ག་རྒྱས་པ་ནི་དབང་ཆོག་དཀྱུས་སུ་འབྱུང་བཞིན་དང་། རྒྱུན་ཁྱེར་ཉམས་ལེན་སྙིང་པོའི་གནད་བཅུད་དྲིལ་བ་བསྟན་པ་ནི་འདི་ལྟ་སྟེ། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་གྱི་སྐུར་གསལ་བའི་མདུན་དུ་པདྨ་ཉི་ཟླའི་གདན་ལ་ཚེ་བདག་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག །ཁྲོ་བོ་སྒོ་བ་ཡབ་ཡུམ་བརྒྱད། སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་ལ། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་མཎྜལ་དུ་འབུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཨཱཿཧཱུྃ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བདག་ལ་གསན་ཅིང་དགོངས་སུ་གསོལ། ཁྱེད་ཀྱི་མཁྱེན་བརྩེ་ཡེ་ཤེས་ཀྱིས། །བདག་སོགས་མོས་པའི་བུ་རྣམས་ལ། །དགོངས་པ་མྱུར་དུ་གཏད་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་དང་པདྨའི་གསུང་། །ཐམས་ཅད་མཁྱེན་པའི་ཡང་དག་ཐུགས། །རྡོ་རྗེ་གསུམ་གྱི་རང་བཞིན་ཏེ། །སྒོ་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། །ལྷ་ཡབ་ཡུམ་གྱི་ཕྱག་གི་བུམ་པས་དབང་བསྐུར། དབང་སྐུར་མཆོག་གི་རང་བཞིན་རྡོ་རྗེ་ཆེ། ཁམས་གསུམ་མ་ལུས་ཀུན་ཏུ་ཕྱག་བྱས་པ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་བདག་ལ་བསྩལ་དུ་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་དབང་བསྐུར་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་དབང་བསྐུར་རོ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཞེས་བརྗོད་ལ་སྒྲུབ་པའི་བུམ་པ་རང་གི་སྤྱི་བོར་བླང་། རིགས་ལྔ་ཡབ་ཡུམ་གྱིས་དབང་བསྐུར། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཨོཾ་བཛྲ་ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། སྒོ་མ་བཞིས་རྡོ་རྗེའི་གླུ་བླང་། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད༔ ཨོཾ་བཛྲ་རཏྣ་མ་ནུཏྟ་ར༔ ཨོཾ་བཛྲ་དྷརྨ་གཱ་ཡ་ནཱི༔ ཨོཾ་བཛྲ་ཀརྨ་ཀ་རོྞྦ་བེ༔ དྷེ་ཝ་ཤཱནྟི་ཀྲོ་ཏ་རཱ་ཛེ༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། སརྦ་བིགྷྣཱནྟཀྲྀཏ་ཧཱུྃ་ཕཊ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། བཀྲ་ཤིས་གང་ཞིག་སེམས་ཅན་སྙིང་ལ་གནས། །སེམས་ཅན་མ་ལུས་རང་བཞིན་མཆོག་གྱུར་པ། །སྐྱེད་བྱེད་ཀྱིས་བསྐྱེད་བདེ་འབྱུང་ཇི་ལྟ་བུ། །དེང་འདིར་དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། བུམ་པའི་བདུད་རྩི་སྤྱི་བོ་ནས་ཞུགས་པར་བསམ་ལ་ལྕེ་ཐོག་ཏུ་མྱང་། དེ་ལྟ་བུའི་ཚུལ་གྱིས་དབང་བསྐུར་པའི་བུམ་པ་བདུད་རྩིའི་ཆུ་ཡི་རྒྱུན་དེས། སྨིན་མཚམས་ཡན་ཆད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ། རྒྱན་དང་ཆ་ལུགས་ཀྱི་དག་པ་དྲན་པར་བྱ། མགྲིན་པ་ཡན་ཆད་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། འཁོར་ལོ་ལྔ་ཡི་དག་པ་དྲན་པར་བྱ། སྙིང་ཁ་ཡན་ཆད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྐྱེ་མཆེད་དྲུག་གི་དག་པ་དྲན་པར་བྱ། རྐང་མཐིལ་ཡན་ཆད་གང་། སྒོ་གསུམ་གྱི་དྲི་མ་དག །དབང་བཞི་ཐོབ། ཆུའི་ལྷག་མ་ཡར་ལུད་པས་འོད་དཔག་མེད་པས་དབུ་བརྒྱན་པར་བསམ། དེ་ནས་མདུན་གྱི་ནམ་མཁར་བཞུགས་པའི་ཚེ་བདག་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ་རྣམས་རང་ལ་གཉིས་སུ་མེད་པར་ཐིམ་པས་གཞོམ་པ་མེད་པ་དོན་དམ་པའི་ཚེ་རང་རིག་ཟབ་གསལ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག །བདག་འཇུག་བསྐྱར་ལྡབ་ལེན་ན་འདི་ཡན་ཅི་ནུས་གསག །གང་ལྟར་གྲུབ་མཐར་དམ་ཚིག་བཟུང་ཞིང་། མཎྜལ་དང་ལུས་འབུལ་བ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་ལེགས་པར་བརྒྱན་ནོ། །ཚུལ་དེ་ལ་ནར་མར་འབད་ན་སྡིག་སྒྲིབ་ཞི། སྔགས་སྡོམ་དག །བསོད་ནམས་རྒྱས་ཚེ་རིང་རྒ་བས་མི་གཟིར་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ཞིང་། མདོར་ན་འགལ་རྐྱེན་མཐའ་དག་ཞི། མཐུན་རྐྱེན་མཐའ་དག་འཕེལ། ཚེ་དབང་རྒྱ་ཆེན་མཆོག་གི་རིག་འཛིན་མྱུར་དུ་ཐོབ་པ་སོགས་གནས་སྐབས་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ནན་ཏན་དུ་བྱའོ། །གཞན་ལ་ཚེ་དབང་རིམ་པ་བགྱིད་དགོས་ཀྱང་སྐབས་འདིར་གཞུག་སྟེ་ཆོ་ག་དཀྱུས་བཞིན་ཉིད་དོ། །གང་ལྟར་མཐར་བུམ་པར་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་དང་གཞན་ཡང་མགྲོན་ཐབས་སུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུ་མདུན་གྱི་ནམ་མཁར་མོས་པས་གསལ་བཏབ་སྟེ་མཆོད་པ་རྣམས་ཁ་གསོ། ཨོཾ་ཨཱཿཧཱུྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ་གཏང་རག་ཚུལ་དུ་མཆོད་ཅིང་བསྟོད་པར་བྱ་སྟེ། དེ་ཡང་། ཧཱུྃ། མཆོད་ཡོན་བརྒྱད་དང་རྒྱལ་སྲིད་རིན་ཆེན་བདུན། །འདོད་ཡོན་ལྔ་ལྡན་ཕྱི་ཡི་མཆོད་པ་འབུལ། །ལྷ་མོ་ལྔ་དང་གླུ་གར་སྨན་རག་གཏོར། །སྦྱོར་སྒྲོལ་དུག་ལྔ་ནང་གི་མཆོད་པ་འབུལ། །རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ། །ཡེ་ཤེས་ལྔ་ལྡན་གསང་བའི་མཆོད་པ་འབུལ། །ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀཿཛཿསིདྡྷི་ཕ་ལ་ཧཱུྃ། ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་རཏྣ་གུ་ཎ་ཀརྨ་ས་མ་ཡེ་ཧཱུྃ། སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ་ཡཱ། རྡོ་རྗེ་གསུམ་དངོས་མི་ཕྱེད་སྐུ །ཡེ་ཤེས་ལྔ་ལྡན་བདེ་བ་ཆེ། །འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ། །རྩ་བ་གསུམ་ལ་ཕྱག་འཚལ་བསྟོད། །ཞེས་སོ། །དེ་ནས་ཉེས་པའི་ཚོགས་བཟོད་པར་གསོལ་བ་ནི། མ་འབྱོར་པ་དང་ཉམས་པ་དང། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་ཚར་གསུམ་བརྗོད། དེ་ནས་གཤེགས་སུ་གསོལ་བ་ནི། བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པ། །དངོས་གྲུབ་བླ་ན་མེད་པའང་སྩོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཾཿ ཞེས་སོ། །དེ་ཡང་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བསྡུ་བར་དམ་པ་འགའ་ཡིས་བཞེད་ཀྱང་སྔགས་བླ་མེད་སྤྱི་དང་བྱེ་བྲག་གི་སྐབས་འདིར་མགྲོན་ཐབས་སུ་འཁོད་པ་རྣམས་ལས། རྩ་བའི་དཀྱིལ་འཁོར་དམ་ཡེ་དབྱེར་མེད་རང་གི་སྙིང་ཁར་བསྡུ་བ་དྲན་ཆོག་འཁོར་ལོའི་མགོན་པོའི་ཞལ་ལུང་བདུད་རྩིའི་ཐིགས་པ་ལྟ་བུ་ཤིན་ཏུ་གཅེས་པའི་གདམས་པའོ། །དེ་མཐར་རྡོ་རྗེ་དང་བཅས་མདའ་དར་གཡབ་ཅིང་། ཨོཾ། སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ། །ཕུང་པོ་ལྔ་ལ་རབ་ཏུ་ཐིམ། །ཨཱཿ གསུང་གི་གསུང་སྟེ་གསུང་ལ་ཐིམ། །ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ། །ཧཱུྃ། ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ། །རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ། །ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས། །ཉིན་མཚན་རྟག་ཏུ་བཀྲ་ཤིས་པ། །སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག །སྙིང་པོ་ཉི་ཟླ་གསལ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོ། ཞེས་བདུད་རྩི་མྱང་། དངོས་གྲུབ་ཚེ་ཡི་རྫས་གཞན་རྣམས་ཀྱང་རིམ་པས་ལོངས་སྤྱོད། དེ་ནས་ཐལ་སྦྱར་མེ་ཏོག་བཟུང་ཞིང་། ཨོཾ་འགྲུབ་པར་གྱུར་ཅིག་རྡོ་རྗེའི་སྐུ་ནི་སྐྱེ་འཆི་བྲལ། །ཚངས་པའི་གསུང་ནི་འགག་མེད་རྟག་པ་རྡོ་རྗེའི་གསུང་། །སྤྲོས་བྲལ་ཐུགས་ནི་དུས་གསུམ་འགྱུར་བ་མེད་པའི་ཐུགས། །འཆི་མེད་སྐུ་གསུང་ཐུགས་དང་ཡང་དག་ལྡན་པ་ཡི། །རྔ་སྒྲའི་རྒྱལ་པོ་རྒྱལ་བ་འདྲེན་པ་འོད་དཔག་མེད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འགྲུབ་གྱུར་ཏེ། །བདག་ཅག་ཚེ་དང་བསྒྲུབ་པ་མཐར་ཕྱིན་ནས། །རླབས་ཆེན་འགྲོ་བའི་དོན་ལ་སྤྱོད་པར་ཤོག །ཅེས་སྨོན་ལམ་རྡོ་རྗེའི་ཚིག་སྟེ་ལན་གསུམ་བརྗོད། གཞན་རྟག་ཏུ་ཁ་ཏོན་བྱས་ཀྱང་བྱིན་རླབས་ཤིན་ཏུ་ཆེ་བའོ། །གཞན་ཡང་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ་ཞིང་། དཀྱིལ་འཁོར་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱི་ཡི་ཆོ་ག་དང་མཐུན་པར་བྱའོ། །དེ་ལྟར་འཆི་མེད་རྒྱལ་བའི་དཀྱིལ་འཁོར་མཆོག །མངོན་དུ་བགྲོད་པ་རྡོ་རྗེའི་གསུང་རང་བཞིན། །བསྙེན་པ་བདག་བསྐྱེད་སྒྲུབ་པ་མདུན་བསྐྱེད་དང་། །ལས་སྦྱོར་བྱིན་རླབས་བདག་འཇུག་རིམ་པ་མཆོག །འཁྲུལ་མེད་ཨོ་རྒྱན་རྒྱལ་བའི་དགོངས་གསང་བཅུད། །སངས་རྒྱས་ཀུན་འདུས་རྗེ་བཙུན་བླ་མ་ཡི། །ཐུགས་ཀྱི་བུམ་བཟང་ལས་འོང་བདུད་རྩིའི་རྒྱུན། །སྐལ་ལྡན་སྐྱེས་བུའི་འདོད་འཇོ་འདི་ན་རྨད། །ཚུལ་འདིར་བདག་མོས་ཞུགས་སྤྱོད་དགེ་ཚོགས་ཀྱང་། །འོད་དཔག་མེད་ཞལ་དཔལ་མགོན་བླ་མ་ཡི། །ཐུགས་ཀྱི་དགོངས་པ་བསྐང་བའི་ཆེད་ཁོ་ནར། །ཡོངས་སུ་བསྔོ་བའི་ནུས་པ་ཇི་སྙེད་དེས། །མཁའ་མཉམ་འགྲོ་བའི་སྡུག་བསྔལ་ཀུན་བཅོམ་ནས། །དགའ་ཆེན་མི་འགྱུར་བདེ་བའི་ཞིམ་མངར་གང་། །ལེགས་མྱོང་ཕུན་ཚོགས་འོད་དཔག་མེད་ཇི་བཞིན། །རིང་མིན་ཉིད་ཐོབ་དེས་ཀྱང་མགོན་དགྱེས་ཤོག །ཅེས་ཚེ་དཔག་མེད་འཆི་མེད་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་བདག་འཇུག་དང་བཅས་པའི་ཆོ་ག་ཁྲིགས་ཆགས་སུ། དྲན་ཆོག་མགོན་པོ་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་དཔལ་པདྨ་བདེ་ཆེན་གླིང་པ་གང་གི་ཞལ་སྔ་ནས་བདག་འཇུག་གི་བཀྲ་ཤིས་བརྗོད་པ་ཡན་མཛད་པའི་འཕྲོ་ཅུང་ཟད་ལྷག་མར་གྱུར་པའི་ཁ་སྐོང་ནི་མགོན་དེའི་ཆོས་ལས་སྐྱེས་པའི་སྲས་ཀྱི་ཐུ་བོར་དབང་བསྐུར་ཞིང་། ཕྱི་ནང་གི་རིག་པའི་གནས་ལ་བློ་གྲོས་ཀྱི་སྣང་བ་ཡངས་པོར་སྤྱོད་པ་རི་ཁ་བ་ཅན་གྱི་ཕྱོགས་ཀུན་ཏུ་ཀཿཐོག་སྤྲུལ་སྐུར་བརྗོད་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཆུ་ཕག་གི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་དགའ་བ་དང་པོ་ལ། ཚངས་པ་རྒྱས་པའི་བུ་རོ་ཧི་ཏ་ཡི་ཀླུང་གཡས་སུ་འཁྱིལ་བའི་འགྲམ་ཀོང་ཡུལ་ས་ཡི་ཐིག་ལེ་བོད་ཀྱི་དུར་ཁྲོད་པདྨ་བརྩེགས་པར་བཀོད་པའོ། །དགེའོ། །དགེའོ། །དགེའོ། །བཛྲ་ཨཱ་ཡུ་ཥེ་སརྦ་མངྒ་ལཾ་བྷ་ཝནྟུ་སྭཱ་ཧཱ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པའོ༔ (Volume 3, Text 35)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྒྲུབ་པའོ༔ ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ དམ་པ་རིགས་བརྒྱ་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ དེ་ནས་སྔགས་ནི་འདི་ཉིད་བརྗོད༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ དེ་གསུམ་ཡིད་ལ་གང་འདོད་བཟླས༔ དེ་ཡིས་དམ་པ་རིགས་བརྒྱ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་དཀོར་སྒྲིབ་སྦྱོང་བ་སྟེ༔ རྫས་ནི་མི་དགོས་སྔགས་དམིགས་འདི༔ རང་གི་སྤྱི་བོར་རྡོར་སེམས་ནི༔ ཆ་ལུགས་གོང་དང་མཐུན་པ་ཡི༔ སྐུ་ལས་བདུད་རྩིའི་རྒྱུན་བབསཔས༔ དཀོར་སྒྲིབ་ཐམས་ཅད་དག་པར་བསམ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཀུ་མེ་ཀུ་མེ༔ ས་ཏ་ནི༔ ཨ་ནི་ལ༔ ཧ་ན་ལི་བྷ་དྷ་བཛྲ་སཏྭ་མ་མ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚེ་འདས་འདྲེན་པ་ནི༔ སྔགས་དམིགས་འདི་ཡིས་ཆོག་པ་ཡིན༔ རང་ཉིད་རྡོ་རྗེ་སེམས་དཔའ་བསྐྱེད༔ མདུན་དུ་ཚེ་ལས་འདས་པ་ནི༔ གང་ཡིན་དེ་ཉིད་གསལ་བར་བསྐྱེད༔ རང་གི་ཐུགས་ཀའི་གནས་མཆོག་ནས༔ ཞི་བ་བཞི་བཅུ་རྩ་གཉིས་ལས༔ སོ་སོའི་མདོག་གི་འོད་འཕྲོས་པས༔ ཚེ་འདས་ལ་ཕོག་སྡིག་སྒྲིབ་ཀུན༔ མ་ལུས་དག་སྟེ་ཞིང་ཁམས་ནི༔ གང་འདོད་གནས་སུ་འཕང་བར་བསམ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ཧ་ནེ་ཧ་ནེ༔ ཨཱ་ནོ་ལི༔ མི་ཏ་ཡེ་གུ་རུ་ཡེ་བཛྲ་སཏྭ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཏགས་གྲོལ་འདི་ལྟ་སྟེ༔ སྔགས་དང་རྒྱ་ཡིག་འདི་བྲིས་ནས༔ བཏགས་པ་ཁོ་ནས་ཆོག་པ་ཡིན༔ འ་ཨ་ཤ་ས་མ་ཧ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐོས་གྲོལ་འདི་ལྟ་སྟེ༔ སྔགས་འདི་ཐོས་པ་ཁོ་ནས་ཆོག༔ འ་ཨ་ཤ་ས་མ་ཧ༔ མ་བྷན་དྷ་མ་ར་ར༔ ཧ་ཀ་ང་ཀ་འ་ཤ་ལ༔ ས་བྷན་དྷ་མ་ཏ་ལི༔ ཀ་ཧ་ན་ཨཱ་ལི་ཏ༔ ཧ་མ་ས་ཤ་ཀི་ཡུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཟླས་གྲོལ་འདི་ལྟ་སྟེ༔ སྔགས་འདི་བཟླས་པ་ཁོ་ནས་ཆོག༔ འ་ཨ་ཤ་ས་མ་ཧ༔ མཾ་བྷན་དྷ་མི་ཏ་རུ༔ འ་ཧ་ཤེ་ཨ་ན་ལི༔ ཨ་ཨེ་ཐ་བྷན་དྷ་མ༔ ཤ་ལ་ཤ་འ་ཀ་ཀང༔ ས་མུ་ཏི་ཀ་ན་ལི༔ མ་ཝ་ནི་སུ་ནེ་ཨཱ༔ ཧ་གི་ཤར་ཧ་ཧ་ཧ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་མཐོང་གྲོལ་འདི་ལྟ་སྟེ༔ རྒྱ་ཡིག་འདི་ནི་སུས་མཐོང་བ༔ གྲོལ་བས་མཐོང་གྲོལ་ཞེས་པ་འོ༔ མཐོང་ཚད་ཐམས་ཅད་གྲོལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཉམས་ཆག་སྐོང་བ་ནི༔ སྔགས་དམིགས་འདི་ཡིས་ཆོག་པ་ཡིན༔ རང་གི་སྤྱི་བོར་རྡོར་སེམས་དང༔ དམ་པ་རིགས་བརྒྱ་གོང་ལྟར་བསྐྱེད༔ རང་གིས་འགྱོད་སེམས་དྲག་པོ་ཡིས༔ དམ་ཚིག་ཉམས་ཆག་མ་ལུས་ཀུན༔ མཐོལ་ལོ་བཤགས་སོ་བསམ་བྱས་པས༔ རྡོར་སེམས་སྐུ་ལས་བདུད་རྩིའི་རྒྱུན༔ བབ་པས་དམ་ཚིག་ཆག་ཉམས་བསྐང༔ མཐར་ནི་རྡོར་སེམས་རང་ཐིམ་བསམ༔ དེ་ནས་སྔགས་ནི་འདི་ཡིན་ནོ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཏདྱ་ཐཱ༔ ས་མ་ཡ་ཨ་ཏི་ན་བཛྲ་སཏྭ་ཀུ་ལུ་ནི༔ མ་ནི་དྷ་ར་ཡ༔ ཀང་ཀ་ནི་སཏྭ་ཡེ་ཨ་ཀེ་ནི་བྷན་དྷ་ར་མ་མ་བཛྲ་སཏྭ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཞལ་གདམས་ནི་རྡོར་སེམས་གར་བསྒོམ་དུ་སྐུ་ལ་དམ་པ་རིགས་བརྒྱ་རྫོགས་པར་བསྒོམ་དམ་ཡེ་དབྱེར་མེད་དོ༔ སྔགས་གྲངས་སོགས་ནི་མེད༔ བཏགས་གྲོལ་མཐོང་གྲོལ་འ་ཨ་ཤས་རབ་གནས་བྱ༔ སྣག་ཤོག་ཁྱད་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱེ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་ཚེས་བཞི་ལ་རྡོ་རྗེ་སེམས་དཔས་དངོས་སུ་བཀའ་བསྩལ་པའོ། །འདིའི་དབང་གཟུངས་དབང་གིས་བཅིངས་ནས་བསྐུར་རོ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་ཚེ་རིང་མཆེད་ལྔའི་ཐུན་མོང་གཏོར་མའི་དབང་བསྐུར་བཀྲ་ཤིས་བཅུད་འབེབ་ (Volume 39, Text 35)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བཀའ་སྲུང་ཚེ་རིང་མཆེད་ལྔའི་ཐུན་མོང་གཏོར་མའི་དབང་བསྐུར་བཀྲ་ཤིས་བཅུད་འབེབ་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་ར་བེ། ལྷན་སྐྱེས་བདེ་སྟེར་ཌཱ་ཀིའི་གཙོ། །ཞིང་སྐྱོང་ཚུལ་འཛིན་མཆེད་ལྔ་ལ། །དང་བས་བཏུད་ནས་ཐུན་མོང་གི །སྨིན་བྱེད་མཚམས་སྦྱོར་རྣམ་གསལ་དགོད། །འདི་ལ་ཐུན་མོང་རིག་གཏད་དང་། ཐུན་མིན་སྲོག་དབང་གཉིས་སུ་བཞུགས་པའི་ཕྱི་མ་ནི་བཀའ་རྒྱ་དམ་པས་བརྒྱུད་འཛིན་རེ་རེ་ཙམ་ལས་སྤེལ་བར་བྱ་བ་མིན་ལ། སྔ་མའི་སྐབས་སུ། སྦྱོར་བ་གོང་དུ་ཐུགས་སྒྲུབ་ཀྱི་གཏོར་མཆོད་སྐབས་དང་འབྲེལ་པར་བཤམས་པའི་མདུན་དུ་སྟེགས་བུ་དཀར་པོ་གཙང་མ་ལ་འབྲུ་དཀར་གྱི་ཚོམ་བུ་ལྔ་བཀོད། དེ་སྟེང་རིན་པོ་ཆེའི་སྣོད་དུ་གཏོར་མ་གདན་བུམ་གཟུགས་ཁར་ཟླུམ་གཏོར་བརྗིད་ལྡན་བཞག །ཕྱོགས་བཞིར་ཟླུམ་གཏོར་བཞི་དང་མཐེབ་ཀྱུས་བསྐོར། ཐམས་ཅད་མདོག་དཀར་པོ་རྒྱན་སྤྲོས་དང་དར་གདུགས་དཀར་པོ་ཕུབ། མདུན་དུ་མཆོད་གཏོར་དཀར་པོ་ལྔ་ཚོམ། སྨན་རཀ །དཀར་སྐྱེམས། ཉེར་སྤྱོད་བཤམ། དེ་ནས་རྩ་དབང་རྒྱས་བསྡུས་རྣམས་ཀྱི་ཞར་བྱུང་ལྟ་བུ་ཡིན་ན་སྒྲུབ་ཚུལ་དེ་འབྲེལ་བྱ། འདི་ཉིད་སྒེར་དུ་བྱེད་སྐབས་ལས་བྱང་འབྲིང་བསྡུས་གང་རུང་བཟླས་པ་གྲུབ་པའི་བར་བཏང་། དེ་ནས་མཆོད་གཏོར་བྱིན་རླབས་སྤྱི་ལྟར་བྱས་ལ་འདི་ཉིད་ཀྱི་བསྐྱེད་ཆོག་ནས་གཟུང་མཐར་ཆགས་སུ་གཏང་ལ། བཟླས་པ་ཅི་འགྲུབ་མཐར་གཏོར་འབུལ་བསྟོད་པ་རྣམས་དང་། ཐུགས་སྒྲུབ་ཀྱི་ཚོགས་ཐ་མའི་བར་སོང་ནས་ལོང་ཡོད་ན་འདིའི་སྐོང་བའང་བཏང་ལ་སློབ་མ་རྗེས་འཛིན་གྱི་གནང་བ་ནོད་དོ། །དངོས་གཞི་སློབ་མ་ལ་ཁྲུས་བྱ་ཞིང་བགེགས་བསྐྲད་སྲུང་འཁོར་ལས་བྱང་ལྟར་སོང་ནས་མཚམས་སྦྱོར་བྱེ་བྲག་ཏུ། དེ་ལ་འདིར་སྐབས་སུ་བབས་པའི་འཆད་བྱ། བོད་ཁམས་དཀར་ཕྱོགས་སྐྱོང་བའི་ལྷ་གཉན་ཡོངས་ཀྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ་པོ་འདི་ནི། ངེས་པའི་དོན་དུ་དབྱིངས་ཕྱུག་རིགས་ཀྱི་ཡུམ་ལྔ་ལས་གཞན་དོན་དུ་སྤྲུལ་པའི་ཆོ་འཕྲུལ་རིགས་ལྔ་ཌཱ་ཀིའི་རྣམ་རོལ་སྣ་ཚོགས་སུ་ཤར་ཏེ་གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོར་མཛད་ཅིང་གསང་ཆེན་བཀའི་འབྱུང་གནས་སུ་གྱུར་པ་ལས། གངས་ཅན་གྱི་ལྗོངས་སུ་སྨན་བཙུན་མཆེད་ལྔའི་ཚུལ་དུ་སྤྲུལ་ཏེ་དཔལ་ཆེན་ཧེ་རུ་ཀ །བཅོམ་ལྡན་ཤཱཀྱའི་རྒྱལ་པོ། གསང་བའི་བདག་པོ། མཁའ་འགྲོ་སེང་གེའི་གདོང་ཅན། སློབ་དཔོན་པདྨ་ཐོད་ཕྲེང་སོགས་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོང་བའི་ཐ་ཚིག་ཕུལ། སྣང་སྲིད་མ་མོ་ཡོངས་ལ་མངའ་དབང་སྒྱུར་ཅིང་ཕྲིན་ལས་རྣམ་བཞིའི་འདུལ་ཐབས་བསམ་གྱིས་མི་ཁྱབ་པ་སྟོན། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བ་ལ་ཐོགས་པ་མེད་པ་འདི་ཉིད་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གདམས་སྐོར་རྒྱས་བསྡུས་མང་པོ་ཞིག །ཨོ་རྒྱན་སློབ་དཔོན་ཆེན་པོ་ཡབ་ཡུམ་གྱིས་མཛད་ནས་ཕྱི་རབས་སྙིང་པོའི་བསྟན་པ་སྤེལ་བའི་བཙས་སུ་གཏེར་ཁ་རྣམས་སུ་ཅི་རིགས་པར་སྦས་པ། སྤྲུལ་སྐུ་ར་ཤག་ཆེན་པོའི་ཟབ་གཏེར་རྗེ་བཙུན་མི་ལ་རས་པ་ལ་ཕུལ་བར་གྲགས་པས་མཚོན་སྔ་ཕྱིའི་གཏེར་ཁ་འགའ་ཞིག་བྱོན་པ་ལས། འདིར་ཨོ་རྒྱན་མཆོག་གྱུར་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོ་ནས་སྤྱན་དྲངས་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་གདམས་སྐོར་ཟབ་ལ་འདྲིལ་བར་བྱོན་པ་འདི་ཉིད་ཀྱི་རིག་པ་གཏད་པ་གཏོར་མ་ལ་བརྟེན་ཏེ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དངོས་སུ་གསལ་བ་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དམ་པ་དགོངས་སུ་གསོལ༔ བདག་ནི་ཁྱོད་ཀྱི་བརྒྱུད་འཛིན་ཏེ༔ ཟབ་མོའི་བསྟན་པ་སྐྱོང་བའི་ཕྱིར༔ བཀའ་ཡི་སྲུང་མ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། བུ་ཁྱོད་བདག་གི་བརྒྱུད་འཛིན་ན༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་ཚུལ་བཞིན་སྲུངས༔ བསྟན་སྲུང་མཆོད་གསོལ་རྒྱུན་དུ་མཛོད༔ ཅེས་གདམས་ཏེ་རྗེས་སུ་གནང་བ་ལ་སྤྲོ་ཞིང་གུས་པ་ཆེན་པོས་ལན་གསོལ་བ་འདིའི་རྗེས་ཟློས། བླ་མའི་བཀའ་བསྒྲུབ་སྲུང་མ་ཡི༔ དམ་ཚིག་མི་འདའ་སྲོག་བཞིན་གཟུང༔ ལན་གཅིག་ཞུ། རྒྱུད་དག་པར་བྱ་བའི་སླད་དུ། སློབ་དཔོན་རིགས་ཀུན་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ་རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སྨོན་འཇུག་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ན་མོ་བདག་དང་མཁའ་མཉམ་སོགས་ལས་བྱང་འབྲིང་བསྡུས་གང་ཡིན་གྱི་སྐྱབས་སེམས་ལན་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པའི་སྒོ་ནས་གསག་སྦྱོང་ཚུལ་བཞིན་བྱ་བའི་འདུན་པས་དམིགས་པའི་རྣམ་པ་རེ་རེ་བཞིན་གསལ་ཐོབས་ལ་རྗེས་ཟློས། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་སོགས། དེ་ནས་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་ལྷ་དམ་ཚིག་པར་གསལ་གདབ་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཡིད་རྩེ་གཅིག་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་དཀར་ལ་དམར་བའི་མདངས་ཅན་ཁྲོ་ཞིང་འཛུམ་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ནམ་མཁར་གདེངས་ཤིང་གཡོན་མཉམ་གཞག་བདུད་རྩིའི་ཐོད་ཞལ་ཚེ་བུམ་དང་བཅས་པ་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བསྟེན་ཅིང་དབུ་ལ་པདྨའི་མཉེན་ཞུ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་སྨུག་རྣམས་བརྩེགས་མར་གསོལ་བ། ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་ཟེར་འོད་ཕུང་འཁྱིལ་བའི་ཀློང་ན་བཞུགས་པ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་སློབ་དཔོན་གྱིས་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བ་འཕྲོས་པས། ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་སོགས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་གི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་སོགས་དང་། ཐོད་ཕྲེང་རྩལ་གྱི་ཛཔ྄་སྔགས་བརྗོད་ལ་བྱིན་ཕབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དེ་ནས་མདུན་གྱི་གཏོར་མ་སླར་ཡང་བསྒྲུབ་པ་ཡིན་པས་ཚིག་རིས་དང་མཐུན་པར་སོ་སོའི་དམིགས་པ་རྩེ་གཅིག་ཏུ་མཛད་འཚལ། ཧྲཱི༔ འོད་གསལ་སྟོང་ཉིད་ངང་ལས་སོགས་ཀྱིས་ལྷ་མོ་འཁོར་བཅས་བསྐྱེད། སྤྱན་འདྲེན་དམ་བཞག །མཆོད་པ་སྔགས་བཅས། འོག་གི །ཀྱེ༔ ཡེ་ཤེས་སྐྱེད་མཛད་སོགས་ཀྱིས་བསྟོད་པ་བཅས་བཏང་ལ། བླ་མས་ནང་མཆོད་ཀྱི་བདུད་རྩི་གཏོར་མ་ལ་བྲན་ཅིང་སློབ་མར་ཡང་སྦྱིན། རྡོ་རྗེ་གདེངས་ལ། ཧོ༔ འདི་ནི་གསང་བའི་བདུད་རྩི་སྟེ༔ དམ་ཚིག་བསྲུངས་ན་མཆོག་དངོས་འགྲུབ༔ ཉམས་ན་བསྲེག་པར་འགྱུར་བ་ཡིན༔ དེ་ཕྱིར་བུ་དང་སྲུང་མ་གཉིས༔ ཕན་ཚུན་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་རཀྵནྟུ། ཞེས་དམ་ཚིག་བསྒྲག །གཏོར་མ་ཐོགས་ལ། རྟེན་གཏོར་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་སྲིད་པ་གསུམ་གྱི་སྨན་མོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་དངོས་སུ་གསལ་བ། ཁྱེད་རང་ལ་གཏད་ཅིང་བཀའ་བསྒོས་པ་ཙམ་གྱིས་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་རྟག་ཏུ་གཡེལ་བ་མེད་པར་སྒྲུབ་པར་དགྱེས་བཞིན་ཞལ་གྱིས་བཞེས་པར་མོས་ཤིག །ཧཱུྃ༔ འཇིག་རྟེན་སྨན་མོ་ཀུན་གྱི་གཙོ༔ བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ འཁོར་དང་བཅས་པས་བུ་འདི་སྲུངས༔ རྟག་ཏུ་ཕྲིན་ལས་མ་གཡེལ་ཅིག༔ ཅེས་ལག་ཏུ་གཏད། སྤྲོ་ན། དཔལ་ཞིང་ལས་སྐྱེས་པའི་དྷཱ་ཀིའི་དབང་ཕྱུག་མ༔ དབྱིངས་ཆོས་སྐུ་སྤྲོས་པ་དང་བྲལ་བ་ལས་མ་གཡོས་བཞིན་དུ༔ རིག་པ་རང་སྣང་ལོངས་སྐུ་ཡེ་ཤེས་མཁའ་འགྲོ་རྣམ་པ་ལྔ་ཡི་ཚུལ་དུ་བཞེངས་ཏེ༔ སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་མཛད་པ་ཇོ་མོ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ མཐིང་གི་ཞལ་བཟང་མ༔ མི་གཡོ་གླང་བཟང་མ༔ ཅོད་པན་མགྲིན་བཟང་མ༔ ཏལ་དཀར་འགྲོ་བཟང་མ༔ འཁོར་སྲིད་པ་གསུམ་གྱི་སྨན་མོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་དཔལ་ཆེན་ཧེ་རུ་ཀ །བཅོམ་ལྡན་ཤཱཀྱའི་རྒྱལ་པོ། གསང་བདག་ཕྱག་ན་རྡོ་རྗེ། ཡེ་ཤེས་ཌཱ་ཀི་སེང་གེའི་གདོང་པ་ཅན། སློབ་དཔོན་པདྨ་ཐོད་ཕྲེང་རྩལ་རྣམས་ཀྱི་སྤྱན་སྔར་སྙིང་པོའི་བསྟན་པ་དང་སྒྲུབ་པའི་རྣལ་འབྱོར་སྐྱོང་བར་ཞལ་གྱིས་བཞེས་པའི་གཡར་དམ་མ་གཡེལ་བར། དམ་ལྡན་རྡོ་རྗེའི་སློབ་མ་འདི་ལ་དགྱེས་པའི་ཞལ་སྟོན༔ འཛུམ་པའི་མདངས་ཕྱུངས༔ ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ཏེ་ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་བསྩལ་བ་དང༔ རྒྱལ་པོའི་ཆད་པའི་འཇིགས་པ་སོགས་འཕྲལ་རྐྱེན་ངན་པ་ཐམས་ཅད་ཞི་བ་དང༔ ཅི་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རཱི་ས་མ་ཡ་ཛ༔ ཨཱ་ཡུར་པུཎྱེ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མཾ་ལཾ་ཨཾ་ཏཾ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་ལ་ལྟ་བའི་གདིང་དང་བསྐྱེད་པའི་གསལ་སྣང་གིས་གཟིར། རྗེས་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ་ལ་རོལ་མོ་བསྒྲག །དེ་ལྟར་ཡང་རྩ་གཞུང་ལས། ཐུན་མོང་རིག་པ་གཏད་ཙམ་གྱིས༔ ལྷ་མོ་བསྙེན་པའི་མོད་ལ་འཁོར༔ ཅེས་གསུངས་པ་ཉིད་ལེགས་པར་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་དང་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཅིང་ལྷག་མ་གཏང་། མཆོད་གཏོར་ཁ་གསོས། སྔགས་ཙམ་གྱིས་བྱིན་བརླབས་ལ་སླར་ཡང་གཏོར་འབུལ་ཕྲིན་བཅོལ་དང་བཅས་པ་བྱ། རྗེས་མཆོད་བསྟོད་ནོངས་བཤགས། གཤེགས་བསྟིམ་རྟེན་དང་བསྟུན་ལ་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་དང་བཀྲ་ཤིས་བཅས་ཀྱིས་མཐའ་རྒྱས་སུ་བྱས་པས་འགྲུབ་བོ། །གདམས་ཟབ་མཆོག་འདིས་ཀུན་ལ་ཁྱབ། །སྙིང་པོའི་བསྟན་དང་བསྟན་འཛིན་གྱི། །དགེ་ལེགས་དཔལ་འབྱོར་ཡར་ཟླ་ལྟར། །འཕེལ་ཞིང་རྒྱས་པའི་བཙས་གྱུར་ཅིག །ཅེས་བློ་དམན་ལ་ཕན་པའི་སེམས་ཀྱིས་གཏེར་གཞུང་ལས་ཁོལ་ཕྱུང་མཚམས་སྦྱོར་གྱིས་བརྒྱན་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
སྔགས་སྲུང་ཨེ་ཀ་ཛཱ་ཊའི་སྐོང་གསོ་ (Volume 55, Text 35)
སྔགས་སྲུང་ཨེ་ཀ་ཛཱ་ཊའི་སྐོང་གསོ་བཞུགས་སོ། །ཧཱུྃ། ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་བདག་མོ། །མཁའ་གསང་ཉི་མ་འབུམ་གྱི་དཀྱིལ་འཁོར་དུ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །འགྲོ་བའི་ལོག་རྟོག་འདུལ་ཕྱིར་གཤེགས་སུ་གསོལ། །ཏྲག་རཀྴ་ས་མ་ཡ་ཛཿཛཿ བདེ་ཆེན་གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཉམ་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་སྐུ་བཞེངས་པ། །གྲུ་གསུམ་ཡུམ་གྱི་མཁའ་ལ་བཞུགས་སུ་གསོལ། །ཏྲག་རཀྴ་ས་མ་ཡ་ཏིཥྛ་ལྷན། བདེ་ཆེན་ནམ་མཁའི་རྒྱལ་མོ་གཟུངས་མའི་མཆོག །ཀུན་ནས་མ་བཅོས་རང་བྱུང་བདེ་བའི་ཡུམ། །ཐབས་ཤེས་དབྱེར་མེད་འདུ་འབྲལ་མེད་པའི་ངང་། །བདག་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཏྲག་རཀྴ་ན་མོ་པུ་རུ་ཤ་ཧོ། ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་། །འགྲོ་དྲུག་རིམ་གྱི་ཐུགས་རྗེས་སྒྲོལ་མཛད་མ། །སྟོབས་ལྡན་ཁྲོ་མོའི་གཟུགས་ཅན་བརྗིད་པའི་སྐུ། །བ་ལིང་རཀྟ་ཤ་ཆེན་བདུད་རྩི་དང་། །གསུར་ཆེན་ཛ་གད་རོལ་མོ་པི་ཝཾ་སྒྲ། །སྣང་གྲགས་ཡེ་ནས་བདུད་རྩིའི་ངོ་བོ་ལ། །ཡི་གེ་གསུམ་གྱིས་སྦྱངས་ཤིང་སྤེལ་པ་ཡི། །འདོད་པའི་ཡོན་ཏན་ནམ་མཁའ་བཀང་སྟེ་འབུལ། །དམ་ཅན་སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །འདས་དང་མ་འདས་མཁའ་འགྲོའི་དམ་ཚིག་ཅན། །དྲེགས་པ་ཕོ་མོའི་ཚོགས་ལ་མཆོད་པ་འབུལ། །མཐུ་རྩལ་ཐོགས་མེད་དངོས་གྲུབ་མྱུར་དུ་སྩོལ། །ཏྲག་རཀྴ་བ་ལིཾ་ཏ་ལ་ཁཱ་ཧི་ཁཱ་ཧི། ཧཱུྃ། སྔགས་ཀྱི་སྲུང་མ་རྒྱལ་མོ་མཐུ་མོ་ཆེ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སྙིང་རྗེ་ཆེན་པོའི་ཚུལ་གྱིས་སྐུར་བསྟན་ཏེ། །འདུལ་བའི་ཕྲིན་ལས་སོ་སོ་ཐ་དད་སྣང་། །ཞི་བའི་ཚུལ་གྱིས་རྣལ་འབྱོར་ཀུན་གྱི་མ། །བརྩེ་བའི་ཚུལ་གྱིས་དམ་ཚིག་སྲུང་མཛད་མ། །རྔམས་པའི་ཚུལ་གྱིས་ཟ་བྱེད་ལྕེ་སྤྱང་རྒྱུག །དབང་དྲག་ཚུལ་གྱིས་བཅོལ་བའི་ཕྲིན་ལས་སྒྲུབ། །རྣལ་འབྱོར་གང་ཞིག་བསྟན་པ་འཛིན་པ་ལ། །བར་ཆད་བདུད་དང་སྲིན་པོ་མ་རུངས་ཚོགས། །ཐུགས་རྗེའི་དབང་གིས་དགྲ་བགེགས་མྱུར་དུ་སྒྲོལ། །སྒྲོལ་བྱེད་རལ་གཅིག་མ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་དོ། །མངྒ་ལཾ།། །།
གསང་བའི་བདག་པོ་དྲེགས་པ་འདུལ་བྱེད་ལ༔ ཕྱག་འཚལ་དྲེགས་པའི་དབང་གི་ཆོ་ག་སྟོན༔ (Volume 33, Text 35)
ྈྈྈྈ གསང་བའི་བདག་པོ་དྲེགས་པ་འདུལ་བྱེད་ལ༔ ཕྱག་འཚལ་དྲེགས་པའི་དབང་གི་ཆོ་ག་སྟོན༔ དུར་ཁྲོད་གནས་སུ་དཀྱིལ་འཁོར་རྟེན་རྣམས་བཀྲམ༔ མཆོད་པ་རྒྱས་པར་བཤམས་ལ་ལས་གཞུང་བསྲང༔ བུམ་པ་བསྒྲུབས་ནས་སློབ་དཔོན་རང་ཉིད་ཞུགས༔ སློབ་མས་ཡོན་འབུལ་དཀྱིལ་འཁོར་ལ་བཅུག་ནས༔ བུམ་པ་སྒྲུབ་རྫས་ཕྱི་ནང་སྒྲུབ་དབང་བསྐུར༔ དེ་ནས་ལྷ་རྣམས་སློབ་མ་དེ་ལ་བསྟིམ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ དབུ་གསུམ་ཕྱག་དྲུག་ཁམ་དང་སྨུག་ནག་མཐིང༔ གཡས་གཡོན་དང་པོས་རྡོ་རྗེས་དུང་ཁྲག་དཀྲུག༔ གཡས་གཡོན་ལྷ་བརྒྱད་ཀླུ་བརྒྱད་མགོ་བོ་བསྣམས༔ ཁམས་གསུམ་སྤྱི་འདུལ་ཁ་ཊྭཱཾ་ཐོད་འཛིན་འཁྱུད༔ ཡབ་ཡུམ་འཁོར་དང་བཅས་པའི་དབང་བསྐུར་བས༔ དྲེགས་པ་དབང་དུ་འདུ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ དབང་ཕྱུག་མ་ཧཱ་དེ་བའི་དབང་བསྐུར་བས༔ ཕོ་རྒྱུད་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ མ་ཧཱ་དེ་ཝ་ཨེ་ཛཿཨཱཿབེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ བཙུན་མོ་ཨུ་མ་དེ་ཝཱིའི་དབང་བསྐུར་བས༔ མ་རྒྱུད་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ ཨུ་མ་དེ་བཱི་ཨེ་ཛཿཨཱ་བེ་སོགས་འགྲེས། ཧཱུྃ་ འཆི་བདག་གཤིན་རྗེའི་རྒྱལ་པོའི་དབང་བསྐུར་བས༔ གཤིན་རྗེ་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ ཡ་མ་རཱ་ཛ་ཡ་ཛཿཨཱ་སོགས། ཧཱུྃ་ གཤིན་རྗེ་གསོད་བྱེད་ནག་མོའི་དབང་བསྐུར་བས༔ གཤིན་རྗེ་མོ་རྣམས་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ ཡ་མ་དན་ཏི་ཡ་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ སྐོས་རྗེ་བྲང་དཀར་བདུད་ཀྱི་དབང་བསྐུར་བས༔ བདུད་རྣམས་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ དུ་ཁྲག་དུ་ཛཿཨཱ་སོགས། ཧཱུྃ་ བདུད་མོ་རེ་མ་ཏཱི་ཡི་དབང་བསྐུར་བས༔ མ་བདུད་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ དུན་ཏིང་དུ་ཛཿཨཱ་སོགས། ཧཱུྃ་ སྲིན་པོ་གློག་ཕྲེང་ཅན་གྱི་དབང་བསྐུར་བས༔ སྲིན་པོ་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ རཀྴ་ར་ཛཿཨཱ་སོགས། ཧཱུྃ་ སྲིན་མོ་སྦལ་མགོ་མ་ཡི་དབང་བསྐུར་བས༔ སྲིན་མོ་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ རཀྨོ་ར་ཛཿཨཱ་སོགས། ཧཱུྃ་ གནོད་སྦྱིན་ཡཀྴ་མེ་དབལ་དབང་བསྐུར་བས༔ གནོད་སྦྱིན་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ ཡཀྴ་ཀྵ་ཛཿཨཱ་སོགས། ཧཱུྃ་ གནོད་སྦྱིན་མོན་མོ་ནག་མོའི་དབང་བསྐུར་བས༔ གནོད་སྦྱིན་མོ་རྣམས་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ ཡག་མོ་ཀྵ་ཛཿཨཱ་སོགས། ཧཱུྃ་ གཟའ་བདུད་རཱ་ཧུ་ལ་ཡི་དབང་བསྐུར་བས༔ གཟའ་བདུད་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ རཱ་ཧུ་ལ་རཱ་ཛཿཨཱ་སོགས། ཧཱུྃ་ གནམ་སྨན་ཐོག་གི་བུ་ཡུག་དབང་བསྐུར་བས༔ གནམ་སྨན་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ ཨ་སེ་ལ་ཨ་ཛཿཨཱ་སོགས། ཧཱུྃ་ སྲིད་པའི་ལྷ་རབས་ཤམ་པོའི་དབང་བསྐུར་བས༔ ལྷ་རྣམས་ལས་ལ་འགྱེད་པའི་དབང༴ དེ་ཝ་ཨ་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ སྐྱེས་བུ་གནམ་ཐེའུ་དཀར་པོའི་དབང་བསྐུར་བས༔ ཐེའུ་རང་ལ་ལས་འགྱེད་པའི་དབང་ཐོབ་ཤོག༔ ཏི་པ་ཤ་ལ་ཏྲི་ཛཿཨ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ སྤྱི་བདུད་གུ་རུམ་རྩེ་ཡི་དབང་བསྐུར་བས༔ མ་སང་ལས་ལ་འགྱེད་པའི་དབང༴ ཏིག་ན་འདྲེ་རུམ་ཙམ་ཛཿཨཱ་སོགས། ཧཱུྃ་ མ་མོ་སྲིད་པའི་རྒྱལ་མོའི་དབང་བསྐུར་བས༔ མ་མོ་ལས་ལ་འགྱེད་པའི་དབང༴ མ་མ་རུ་ལུ་མ་ཛཿཨཱ་སོགས། ཧཱུྃ་ སྔགས་སྲུང་ཨེ་ཀ་ཛཱ་ཊིའི་དབང་བསྐུར་བས༔ སྔགས་སྲུང་ལས་ལ་འགྱེད་པའི་དབང༴ ཨེ་ཀ་ཛཱ་ཊི་ཏྲཀ་ཛཿཨཱ་སོགས། ཧཱུྃ་ ནག་མོ་མགྱོགས་བྱེད་མ་ཡི་དབང་བསྐུར་བས༔ མཁའ་འགྲོ་ལས་ལ་འགྱེད་པའི་དབང༴ ཌཱ་ཀི་ནཱི་མཾ་ཛཿཨཱ་སོགས། ཧཱུྃ་ རྡོ་རྗེ་བདུད་འདུལ་ཆེན་པོའི་དབང་བསྐུར་བས༔ རུ་དྲ་ལས་ལ་འགྱེད་པའི་དབང༴ རུ་དྲ་ནྲྀ་ཛཿཨཱ་སོགས། ཧཱུྃ་ བྲག་བཙན་སྲོག་ཟན་དམར་པོའི་དབང་བསྐུར་བས༔ བཙན་རྣམས་ལས་ལ་འགྱེད་པའི་དབང༴ ཨ་བྷི་ཤུ་ཀྵ་ཛཿཨཱ་སོགས། ཧཱུྃ་ བཙན་རྒོད་ཡམ་ཤུད་དམར་པོའི་དབང་བསྐུར་བས༔ འགོང་པོ་ལས་ལ་འགྱེད་པའི་དབང༴ ཧཾ་ཤཾ་ཏྲི་ཛཿཨཱ་སོགས། ཧཱུྃ་ མུ་སྟེགས་གུ་ལང་ནག་པོའི་དབང་བསྐུར་བས༔ མུ་སྟེགས་ལས་ལ་འགྱེད་པའི་དབང༴ ཏིར་ཏི་ཀ་ཐ་ཛཿཨཱ་སོགས། ཧཱུྃ་ བགེགས་རྒྱལ་བི་ནཱ་ཡ་ཀའི་དབང་བསྐུར་བས༔ བགེགས་རྣམས་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ བི་ནཱ་ཡ་ཀ་ཨུ་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ དམུ་བདུད་ནག་པོ་བཀྲག་མེད་དབང་བསྐུར་བས༔ དམུ་བདུད་ལས་ལ་འགྱེད་པའི་དབང༴ མུན་མུན་པ་ཛཿཨཱ་སོགས། ཧཱུྃ་ ཀླུ་བདུད་ནག་པོ་མགོ་དགུའི་དབང་བསྐུར་བས༔ ཀླུ་རྣམས་ལས་ལ་འགྱེད་པའི་དབང༴ ནཱ་ག་རཱ་ཛ་ཕུ་ཛཿཨཱ་སོགས། ཧཱུྃ་ ཀླུ་མོ་ཡཀྴ་ནག་མོའི་དབང་བསྐུར་བས༔ ཀླུ་མོ་ལས་ལ་འགྱེད་པའི་དབང༴ ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཕུ་ཛཿཨཱ་སོགས། ཧཱུྃ་ སྲོག་བདག་ཚངས་པ་དཀར་པོའི་དབང་བསྐུར་བས༔ གིང་རྣམས་ལས་ལ་འགྱེད་པའི་དབང༴ གིངྐ་ར་ཏྲི་ཛཿཨཱ་སོགས། ཧཱུྃ་ རྒྱལ་པོ་པེ་ཧར་རྒྱལ་པོའི་དབང་བསྐུར་བས༔ རྒྱལ་པོ་ལས་ལ་འགྱེད་པའི་དབང༴ རཱ་ཙ་ཙ་ཛཿཨཱ་སོགས། ཧཱུྃ་ སྐྱེས་བུ་སྐུ་ལྷ་གསང་བས་དབང་བསྐུར་བས༔ དགྲ་ལྷ་ལས་ལ་འགྱེད་པའི་དབང༴ བཛྲ་སཱ་དྷུ་ཏྲི་ཛཿཨཱ་སོགས། ཧཱུྃ་ མགོན་པོ་མ་ཧཱ་ཀཱ་ལའི་དབང་བསྐུར་བས༔ མགོན་པོ་ལས་ལ་འགྱེད་པའི་དབང་ཐོབ་ཤོག༔ མ་ཧཱ་ཀཱ་ལ་ཀྵིཾ་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྙེན་སྒྲུབ་ལས་སྦྱོར་ཟབ་དབང་བསྐུར༔ དྲེགས་པ་བྲན་འཁོལ་ལས་རྣམས་ཐོགས་མེད་འགྲུབ༔ གཏང་རག་ལེགས་པར་བཏང་ལ་དཀྱིལ་འཁོར་བསྡུ༔ རྗེས་ཀྱི་བྱ་བ་རྣམས་ནི་སྤྱི་ལྟར་བྱ༔ ས་མ་ཡ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་ཡང་དག་པའོ།།
གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་དབང་བསྐུར་ལྷན་ཐབས་བྱིན་རླབས་གཏེར་མཛོད་ (Volume 7, Text 35)
༄༅། །གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་དབང་བསྐུར་ལྷན་ཐབས་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། རྒྱལ་བ་ཀུན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི། །དབང་བསྐུར་སྩོལ་མཛད་བླ་མ་གདོད་མའི་མགོན། །སྙིང་གི་ཟེའུ་འབྲུར་བཀོད་ནས་རྡོ་རྗེའི་ཚིག །མཛེས་བྱེད་འཐད་ལྡན་ཚིག་གི་མཚམས་སྦྱོར་སྤེལ། །མངའ་རིས་པཎ་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱི་ཟབ་གཏེར་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་དབང་བསྐུར་བར་སྤྲོ་ན། བཤམ་བཀོད་ཀྱི་རིམ་པ་ལས་བྱང་ལྷན་ཐབས་སུ་ཇི་སྐད་བཤད་པ་ལྟར་བྱ། གཞུང་ལས་བུམ་པ་འགོད་པར་གསུངས་ཀྱང་ཕྱག་ལེན་དུ་བུམ་པའི་དབང་མི་མཛད་པས། པད་གཏོར་ལ་བླ་མའི་སྐུ་འབག་གི་ཙཀླི་བཙུགས་པ་ལས་བུམ་པ་མི་འགོད། ཁམས་ལུགས་སུ་གྲགས་པའི་ལྷ་དབང་བཅུ་གསུམ་གྱི་ཙཀ་ལི་དང་། སྤྲོ་ན་ལས་བུམ་ཡང་འདུ་བྱ། སྒྲུབ་ཚུལ་བདག་མདུན་དབྱེར་མེད་དུ་བྱ། བློར་མ་ཆུད་ན་རང་དང་གཏོར་མ་གཉིས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་མོས་ལ། བརྒྱུད་འདེབས་ནས་བརྩམ། ཚོགས་མཆོད་སྐོང་བཤགས་ཡན་ལས་བྱང་དང་ལྷན་ཐབས་ལྟར་ཚང་བར་བཏང་། ལས་བུམ་དུ་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཞེས་མོས་ལ་ཡིག་བརྒྱ་དང་སྙིང་པོ་བཟླ། རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག །སློབ་མ་རྣམས་འདུས་ལ་ཁྲུས་དང་། ལྷན་ཐབས་ལྟར་བགེགས་གཏོར་གཏང་ཞིང་མཚམས་གཅོད་སྲུང་འཁོར་བཅས། མེ་ཏོག་བཀྱེ་བསྡུ་གྲུབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་གུ་རུ་པདྨའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་གསན་ནས་གྲོལ་བྱེད་ཀྱི་གདམས་ངག་རིམ་པར་བསྒོམ་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པའི་ལུང་བྱང་ལས། ཕྱི་ལྟར་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ ནང་ལྟར་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ གསང་བ་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ གདུལ་བྱའི་མོས་ངོར་རྣམ་པ་ཐ་དད་ཀྱང༔ དོན་ལ་དབྱེར་མེད་ངོ་བོ་གཅིག་ཉིད་དོ༔ ཞེས་དང་། རྩ་བའི་གཞུང་ལས། ང་ནི་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ སྟེང་འོག་ཕྱོགས་བཅུར་འགྲོ་བའི་དོན་ལ་དགོངས༔ ཁྱད་པར་བོད་ཡུལ་གདོང་དམར་ཡུལ་དུ་འོང༔ ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་དོན་ཆེད་དུ༔ བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་ས་བཏུལ་རྒྱལ་པོའི་དགོངས་པ་བསྒྲུབས༔ གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས༔ གང་ཟག་སྤྲུལ་པའི་ལུང་བསྟན་སོ་སོར་བཞག༔ ཅེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་མེད་པ་ཉིད་ཐུགས་འོད་གསལ་ཆོས་སྐུའི་ངོ་བོ་ལས་མ་གཡོས་བཞིན་དུ་སྙིང་རྗེའི་རང་རྩལ་འགག་པ་མེད་པའི་ཆོ་འཕྲུལ་ཕྱི་ནང་གསང་གསུམ་གྱི་སྤྲུལ་པའི་རོལ་གར་གང་ལ་གང་འདུལ་གྱི་རྣམ་པར་བསྟན་ནས་མཐའ་ཡས་པའི་འགྲོ་བའི་དོན་མཛད་པ་ལས། བྱེ་བྲག་ཏུ་འཛམ་བུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་སྡོང་པོ་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། ངོ་མཚར་བའི་མཛད་པ་མཐའ་ཡས་པ་སྟོན་པའི་ཆོ་འཕྲུལ་ཆེན་པོས་རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་མཱ་ར་ཏི་ཀར་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ལས་སློབ་པའི་ཟུང་འཇུག་ཚེ་དབང་རིག་འཛིན་མངོན་དུ་མཛད་དེ། རྒྱུའི་ཐེག་པའི་ས་བརྒྱད་ལ་གནས་པའི་བྱང་སེམས་དང་དགོངས་པ་མཉམ། ཡང་ལེ་ཤོད་དུ་ཡང་དག་ལྷ་དགུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་ལམ་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ། རྒྱུའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་དགོངས་པ་མཉམ་པའི་ཚུལ་བསྟན་མོད། དོན་ལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་རོ་གཅིག་ཏུ་བཞུགས་པ་ལགས། དེ་ལྟའི་འགྲན་ཟླ་དང་བྲལ་བའི་སློབ་དཔོན་ཆེན་པོ་དེ་ཉིད་བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པའི་ངོར་གངས་ཅན་བོད་ཀྱི་ལྗོངས་འདིར་ཕེབས་ནས། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ས་འདུལ་རབ་གནས་མཛད། ལས་ཅན་རྗེ་འབངས་སོགས་དག་པའི་འཁོར་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་དཔག་ཏུ་མེད་པ་བསྟན། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་སྒྲུབ་གནས་རྣམས་སུ་ཟབ་གཏེར་དུ་མ་སྦ་བ་སོགས་ཀྱིས་བོད་ཡུལ་མུན་པའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་དུ་མཛད་ནས། སླར་ཡང་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་གཤེགས་སྐབས་ལྷ་སྲས་མུ་ཁྲི་བཙན་པོས་གུང་ཐང་ལ་ཐོག་བར་དུ་སྐྱེལ་མ་མཛད་དེ། བོད་འབངས་སྐྱབས་དང་རེ་ལྟོས་གང་ལ་བྱེད་ཅེས་གདུང་ཤུགས་དྲག་པོས་ཞུ་བ་ཕུལ་བའི་ལན་དུ་ཐུགས་ངལ་གསོ་བྱེད་ཞལ་ཆེམས་དང་བཅས་པ། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་དང་ལྡན་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་། རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་གྱི་ཆོས་སྐོར་རྫོགས་པར་བསྩལ་པ་རྣམས། རྗེ་འབངས་རྣམས་ཀྱིས་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་གནས་སོ་སོར་མི་འཇིག་པའི་རྒྱས་བཏབ། སྨོན་ལམ་གྱིས་མཚམས་སྦྱར་ནས་གཏེར་དུ་སྦས་པ། ཕྱིས་གསོལ་འདེབས་རྩ་བ་ལྷ་སྲས་རྣམ་འཕྲུལ་མང་ལམ་བཟང་པོ་གྲགས་པས་རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་ནས་སྤྱན་དྲངས་ཏེ། ཆོས་བདག་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གཏད་ནས་རྒྱ་ཆེར་སྤེལ་བ་དང་། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་སྐོར་རྣམས་ནི། ཇི་སྐད་དུ། འདི་ནས་ཚེ་ལོ་ལྔ་བཅུ་ཁ་རལ་དུས༔ ང་ཡི་ཐུགས་རྗེས་སྤྲུལ་པའི་རིག་འཛིན་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔ ནང་ལྟར་སེམས་བསྐྱེད་བསྟན་པའི་བྱ་ར་བརྩོན༔ གསང་བ་གཉིས་མེད་རྫོགས་ཆེན་དོན་དང་ལྡན༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སྨོན་ལམ་གྱིས༔ སྤྲུལ་པའི་གཟུགས་ཀྱིས་མ་འགག་སྤྱོད་པ་སྐྱོང༔ དེ་འདྲའི་གང་ཟག་ནུབ་ཀྱི་ཕྱོགས་ནས་འབྱུང༔ ལས་སུ་སངས་རྒྱས་བསྟན་པའི་བྱ་བ་བྱེད༔ ཅེས་གསུངས་པ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་ཀྱི་རྣམ་འཕྲུལ་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས་བསམ་ཡས་དབུ་རྩེ་རིམ་གསུམ་གྱི་སྟེང་ཁང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གི་རྟེན་གཙོ་རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་སྙིང་མཛོད་བ་གམ་སྨུག་པོ་མུན་པའི་དཀྱིལ་འཁོར་ནས་སྤྱན་དྲངས་ཏེ་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་སྟེ། དེའང་གཞུང་ལས། དེ་ཕྱིར་ང་ཡི་སྒྲུབ་ཐབས་ཕྱི་ནང་གསང༔ གང་གིས་ལག་ཏུ་འཆང་ངམ་ཉམས་སུ་ལེན༔ པདྨ་བདག་གིས་བྱིན་གྱིས་མི་རློབ་རེ༔ ཕྱི་སྒྲུབ་ཡོན་ཏན་གཏེར་མཛོད་ལམ་གྱི་གཞུང༔ འདི་དང་སུ་འཕྲད་ང་དང་འདུ་འབྲལ་མེད༔ ཅེས་དང་། ང་ཡི་ཕྱི་སྒྲུབ་ཡོན་ཏན་ཀུན་འབྱུང་འདི་ནི༔ འགྲོ་བ་རྣམས་ཀྱི་འཇིགས་བརྒྱད་སྐྱོབ་པའི་ཐབས༔ ནད་མཚོན་མུ་གེའི་གནོད་པ་ལས་ཐར་བར་བྱེད་པ༔ དངོས་གྲུབ་ཐམས་ཅད་ཀྱི་གཏེར་མཛོད༔ ཡོན་ཏན་མ་ལུས་པའི་འབྱུང་གནས༔ ཞེས་གསུངས་པའི་གདམས་པ་ཁྱད་པར་ཅན་གྱི་སྒོ་ནས་དབང་བསྐུར་བའི་རིམ་པ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་དང་སློབ་མའི་བགྱི་འོས་གཉིས་ལས། སློབ་དཔོན་གྱི་བྱ་བ་སྔོན་དུ་སོང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དུས་གསུམ་སངས་རྒྱས་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དངོས་སུ་གསལ་བ་ལ་མི་ཕྱེད་པའི་གདུང་ཤུགས་དང་བཅས་ཏེ་ཕྱག་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དབང་གཞུང་ལྟར། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔སོགས་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བཀའི་གནང་བ་སྦྱིན་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔སོགས་ལན་གཅིག །མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་བཞུགས་པའི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔སོགས་ནས། ཨོ་རྒྱན་པདྨ་འབྱུང་གནས་སྐུ་ཐོབ་ཤོག༔ བར་བྱ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔སོགས། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ལ་ཕོག །རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་རིགས་འདུས་བླ་མ་ཨོ་རྒྱན་རིན་པོ་ཆེའི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞལ་འཛུམ་མདངས་ཞི་ཁྲོའི་ཉམས་དང་ལྡན་པ། དབུ་ལ་པདྨའི་སྙན་ཞུ་དང་། སྐུ་ལ་དར་དམར་ཆོས་གོས་ཟ་འོག་བེར་ཆེན་གསོལ་བ། ཕྱག་གཡས་ཐོད་པའི་འཁར་བ་ཐུགས་ཀར་འཛིན་ཅིང་། གཡོན་པས་རིན་ཆེན་ཤེལ་གྱི་བུམ་པ་བཟང་པོ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་དྲང་པོར་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མའི་ལྷ་ཚོགས་བླ་མ་རིག་འཛིན་ཀུན་འདུས་ཀྱི་དཀྱིལ་འཁོར་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་དང་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ་ཧྲཱི༔ བཞེངས་ཤིག་བླ་མ་རིག་འཛིན་སྤྲུལ་པའི་སྐུ༔ སོགས་ལས་བྱང་ལྟར་ལ། འགྲོ་བའི་དོན་དུ་འདིར་བཞུགས་བྱིན་གྱིས་རློབས༔ རྩ་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ་ལ། དེ་ལྟར་ཡེ་ཤེས་པ་ཕབ་པས་ཁྱེད་རང་གི་རྒྱུད་ལ་ཤར་བའི་ཉམས། མི་རྟོག་པ་ཆོས་སྐུ །བདེ་བ་ལོངས་སྐུ །གསལ་བ་སྤྲུལ་པའི་སྐུ །དབྱེར་མེད་ངོ་བོ་ཉིད་སྐུའི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག །དངོས་གཞི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ གཞན་ཡང་ལས་དང་རྐྱེན་གྱི་དབང་བསྒྱུར་ཏེ༔སོགས། གཏོར་མ་ཙཀླིས་བརྒྱན་པ་སྤྱི་བོར་བཞག་ལ། གཏོར་མ་ཤེས་པ་གསུམ་ལྡན་དུ་གསུངས་པ་ལས་དབང་གི་སྐབས་སུ་གཏོར་མ་བྱིན་རླབས་སུ་ཤེས་དགོས་པས། གཏོར་མ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་བྱིན་ཐིབས་ཐིབ། འོད་ལྷག་ལྷག་ཏུ་བཞུགས་པའི་སྟེང་འོག་ཕྱོགས་མཚམས་འཇའ་འོད་ཟེར་ཐིག་གི་ཀློང་དུ་རིག་འཛིན་བརྒྱུད་པའི་བླ་མ། སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས། རིགས་བཞིའི་དཔའ་བོ་དང་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་བསྩལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གནང་བྱུང་སྙམ་དུ་མོས་པ་རྩེ་གཅིག་མཛོད་ཅིག །ཨེ་མ་ཧོ༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔སོགས། བྱིན་གྱིས་རློབས༔ གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་སྤྱི་བོ་ནས་འོད་ཟེར་དཀར་པོ་ཤར་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལྷ་དབང་ལུས་ལ་ཐོས་པའི་མོས་པ་མཛོད། ཨོཾ༔ སྐྱེ་མེད་སྐུ་སྟེ་རྡོ་རྗེའི་སྐུ༔སོགས་བརྗོད། གཏོར་མ་སྤྱི་བོར་བཞག །ཡང་གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་མགྲིན་པ་ནས་འོད་ཟེར་དམར་པོ་ཁྱུག་གིས་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་སྔགས་དབང་ངག་ལ་ཐོབ་པའི་མོས་པ་མཛོད། ཨཱ༔ འགག་མེད་གསུང་སྟེ་རྡོ་རྗེའི་གསུང༔སོགས་བརྗོད། གཏོར་མ་མགྲིན་པར་བཞག །ཡང་གཏོར་མ་སློབ་དཔོན་ཆེན་པོ་གཙོ་འཁོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལམ་གྱིས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཆོས་དབང་སེམས་ལ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ འཁྲུལ་མེད་ཐུགས་ཏེ་རྡོ་རྗེའི་ཐུགས༔སོགས་བརྗོད། གཏོར་མ་སྙིང་གར་བཞག་གོ །མཐའ་རྟེན་དུ་ལྷ་དབང་བསྐུར་བར་སྤྲོ་ན། དེ་ནས་མཐའ་རྟེན་དུ་གཞུང་རྩ་བའི་དགོངས་པ་གྲུབ་པའི་རིག་འཛིན་རྣམས་ཀྱིས་ཕྱག་བཞེས་སུ་བསྟར་བ་ཡེ་ཤེས་ལྷའི་དབང་བསྐུར་བའི་སླད་དུ་ཐུགས་དམིགས་འདི་བཞིན་དུ་མཛོད། བདག་མདུན་དཀྱིལ་འཁོར་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་གང་འདུལ་མཚན་དང་སྐུའི་རྣམ་འཕྲུལ་སྣ་ཚོགས་སུ་སྟོན་པའི་རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་འོད་ཟེར་དང་སྤྲུལ་པའི་སྤྲོ་བསྡུས་གང་འདོད་ཀྱི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་བསྒྲུབས་ནས་མཐར་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སོ་སོའི་ཙཀླི་ཐོགས་ལ། ༼༡༽ ཧོར་སོག་འཇིགས་པའི་དམག་གིས་མཐའ་སྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ཀྱིས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རུ་དྲ་མཱ་ར་ཡ་བྷྱོ་ཟློག་མཱ་ར་ཡ་ཕཊ༔ ༼༢༽སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་དེས༔ ཚེ་ཟད་མ་གཏོགས་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱེ༔རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཚི་རྟུལ་རྟུལ་རྨུགས་ཤིག་ཤིག༔ ཏྲི་ཀྲཾ་ཙཀྲ་ཏྲི་རྦད༔ སད་རྦད༔ ཧ་ལ་ཡེ་རྦད༔ མཱ་ར་ཡ་རྦད༔ ཧཱུྃ་ཧཱུྃ་ཧཱུྃ༔ རཀྵ་རཀྵ༔ ༼༣༽ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཟིན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བ་སུ་དྷ་རི་ཎཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡཱ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ༼༤༽ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་ཀྱིས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ༼༥༽ སྦས་ཡུལ་ནགས་རོང་དབེན་གནས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགག་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ ༼༦༽ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ དུ་ཏྲི་ཨུ་ཙ་ཏ་ཡ་ཕཊ༔ ༼༧༽ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་འདེབས་ན༔ ཨོ་རྒྱན་དཔའ་བོ་གྱད་དང་ལྡན་པ་ཡིས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ༼༨༽ ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་རླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མ་ཧཱ་ཐ་ནི་ཆོམ་རྐུན་ཆིངས་ཆིངས༔ ༼༩༽ གང་ཞིག་གཤེད་མའི་དམག་གིས་མཐའ་སྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་རཀྵ་རཀྵ་ཧཾ༔ ༼༡༠༽ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དེར་ངེས་པར་ཁྲིད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་པདྨ་དྷེ་བ་ཧྲཱི༔ ཨཱ་རོ་ལྀཀ྄་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ༼༡༡༽ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་དགོངས་པ་ཡིས༔ འཁྲུལ་སྣང་རང་སར་ཞིག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ༼༡༢༽ གཞན་ཡང་ལས་དང་རྐྱེན་གྱིས་དབང་བསྒྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་པས་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཅོད་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ༼༡༣༽ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ནས༔ དད་ཅིང་མོས་གུས་གདུང་བས་གསོལ་བཏབ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འདིར་ལོངས་སྐབས་ཡོད་ཅིང་སྤྲོ་ན། སླར་ཡང་མདུན་གྱི་ནམ་མཁར་ཨོ་རྒྱན་རིན་པོ་ཆེ་རྩ་བ་གསུམ་གྱི་ལྷ་ཚོགས་དང་བཅས་ཏེ་བཞུགས་པར་མོས་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདི་ཉིད་ད་ལྟ་ཚར་གཅིག་དཔོན་སློབ་ལྷན་ཅིག་པར་་་་་ གསུངས་ཤིང་། སླད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བློ་གཏད་ལིང་བསྐྱུར་ཅི་མཛད་ཁྱེད་ཤེས་ཀྱི་སྒོ་ནས་ཆུ་བོའི་རྒྱུན་ནམ། ཉིན་མཚན་དུས་དྲུག་གམ། ཐ་ན་ཉིན་རེར་ཚར་རེ་མ་ཆག་པར་མཛད་སྙམས་པས་གསོལ་བ་འདེབས་པ་འདི་བཞིན་གསུང་བར་ཞུ། ཞེས་མཚམས་སྦྱར་ནས་བསམ་ལྷུན་ཚར་གཅིག་གསུང་། ཕྱག་བཞེས་ཕལ་ཆེར་དུ་མི་འབྱུང་བས་མ་ནུས་ཀྱང་ཆོག །གང་ལྟར་མཐར། རྒྱལ་བ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་ལྟར་འདྲེས། བཞི་ཆ་གསུམ་བྲལ་ཆོས་ཀྱི་སྐུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རང་བྱུང་རིག་པའི་རང་ངོ་ལ་མཉམ་པར་ཞོག་མཛོད། ཅེས་ངོ་བོ་བསྐྱང་དུ་གཞུག །དེ་དག་གིས་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་བྱིན་རླབས་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདི་ཉིད་ཡི་དམ་དུ་འཆང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་ཏུ་མཎྜལ་འབུལ་འཚལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། དེ་ལས་ཐོབ་པའི་དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོ་བས་རྒྱས་འདེབས་པ་དང་། འདིའི་སྒོ་ནས་ཀྱང་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས། བསྔོ་སྨོན་བཀྲ་ཤིས་ལ་སོགས་པའི་བར་ལས་བྱང་མ་བུ་ལྟར་བྱའོ། །གནས་སྐབས་འཇིགས་པ་ཀུན་ལས་སྐྱོབ། མཐར་ཐུག་བྱང་ཆུབ་ལམ་སྣ་འདྲེན། །དངོས་གྲུབ་ཀུན་འབྱུང་ཡོན༵་ཏན༵་གྱི། །གཏེ༵ར་མཛོ༵ད་མཚན་དང་དོན་དུ་མཐུན། །རྒྱལ་དབང་པདྨ་བརྙེས་པའི་དབང་། །ལུས་ཅན་ཀུན་གྱིས་དེ་ཐོབ་ནས། །འཕྲལ་ཡུན་ལྷག་པའི་བས༵མ་པ༵་ཀུན། །ལྷུ༵ན་གྱིས་གྲུ༵བ་པ་ཉིད་གྱུར་ཅིག །ཅེས་པའང་བླ་མ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་རང་གཞན་ལ་ཕན་འདོད་ཀྱི་བློས་བསྐུལ་མ་བྱས་ཏེ། པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་གླིང་དུ་སྤེལ་བ་དགེ་ལེགས་འཕེལ།། །།
བླ་བསླུ་འཆི་བདག་གི་གཡུལ་ལས་རྒྱལ་བ་སློབ་དཔོན་ཆེན་པོས་གནང་བ་ (Volume 49, Text 35)
༄༅། །བླ་བསླུ་འཆི་བདག་གི་གཡུལ་ལས་རྒྱལ་བ་སློབ་དཔོན་ཆེན་པོས་གནང་བ་བཞུགས་སོ། ། ཨོཾ་སྭསྟི། བླ་བསླུའི་གླུད་འདི་སྔོན་གྱི་དུས་ན་སློབ་དཔོན་པདྨས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས་རྒྱལ་ཁམས་བདེ་ལ་བཀོད་པའི་དུས་སུ་གདུག་པ་ཅན་གྱི་ལྷ་སྲིན་གཅིག་ལུས་པ་དེས་འགྲོ་བ་ཡོངས་ཀྱི་ཚེ་སྲོག་ལ་རྒོལ་བ་ཞིག་བྱུང་སྟེ། རྒྱལ་བུ་མུ་ཁྱུད་འཛིན་ཞེས་བྱ་བ་ནད་ཀྱིས་ཐེབས་ནས་ཅི་བྱས་ཀྱང་མ་ཕན་ཏེ། དེའི་དུས་ལྷ་འདྲེ་དེས་བླ་ཁྱེར་འདུག་པ་ལ། རྒྱལ་བློན་ཐམས་ཅད་བཀའ་བགྲོས་མཛད་ནས་སློབ་དཔོན་པདྨ་ལ་ཞུས་པ། སློབ་དཔོན་གྱི་ཞལ་ནས་ཁོ་ལྷ་སྲིན་ཐམས་ཅད་ཀྱི་ནང་ནས་གདུག་པ་ཆེ་བ་ལུས་འདུག་པ། ད་དེ་ལ་བླ་བསླུ་བྱེད་དགོས་པས་ཁོ་རང་བསོད་ནམས་ཀྱི་ཤན་འབྱེད་དགོས་པ་འདུག །ཤྭ་གྱིས་ལ་ལྷ་ལ་ཤྭ་དཀར་པོ་འབུལ། འདྲེ་ལ་ཤྭ་ནག་པོ་གཏོད། ལྷ་ཤྭ་ཆེ་ན་བསླུ་བར་རིགས། འདྲེ་ཤྭ་ཆེ་ན་བསླུ་བར་མི་རིགས་གསུངས་པས། རྒྱལ་པོས་ཤྭ་བརྒྱབས་པས་ཆེ་བར་བྱུང་བས་ད་བླ་བསླུ་བ་ཡིན་གསུངས་ནས། བླ་བསླུ་འདི་མཛད་དོ། །དེ་ལ་བླ་གང་ཡིན་གྱི་གཟུགས་དང་། བླ་རྐང་གཡས་པ། བླ་ཤིང་། བླ་མཚོ། བླ་རྡོ། རིན་ཆེན་སྣ་ལྔ། དར་ཚོན་སྣ་ལྔ། དུང་ཤྭ་དཀར་པོ། དུང་རྡོག །མཆོང་། བྱེ་རུ། བླ་གཡུ་གྲུ་དཀར། མཁན་པ་སྟེ། ལི་སྡེར་རམ། བལ་སྡེར་གང་རིགས་ཀྱི་ནང་དུ་བླ་རྫས་དེ་རྣམས་བཅུག་ལ་ཕོར་པས་ཁ་བཅད་ལ་ནས་བྲེ་གང་གི་སྟེང་དུ་བཞག །ལྷ་གླུད་དཀར་པོ་ལ་ལྷ་ཤྭ་དཀར་པོ་ཕུལ་ལ་བཞག །འདྲེ་གླུད་ནག་པོ་ལ་འདྲེ་ཤྭ་ནག་པོ་མདུན་དུ་གཏད་ལ་བཞག་གོ །མདའ་རྒོད་སྒྲོ་མ་གཅིག་ལ་དར་དཀར་པོ་ཁ་གང་བཏགས་པ་དང་། ནད་པ་ལ་དྲིལ་བའི་གླུད་གཅིག་གི་མཐར་ཞྭ་གོས་ལྷྭམ་གསུམ་བཞག །ཚེ་ཐར་སྲོག་ཚང་བ་ཞིག་ཀྱང་བཞག་ནས་སྨྲེང་གི་བསྔོ་བ་ནི་འདི་སྐད་དོ། །ཧཱུྃ་ན་མོ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །རི་རབ་ཟོམ་ལ་མི་གནས་གང་ཡང་མེད། །རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད། །འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད། །ཉི་ཟླའི་འོད་ཀྱིས་མི་ཁྱབ་གང་ཡང་མེད། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་བ་ན་རཀ་དམྱལ་ཁམས་ཡན་ཆད་དུ། །འཕགས་པའི་སྤྱན་གྱིས་གཟིགས་པའི་ས། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདག་གི་ངག་ལ་ཉོན། །དང་པོ་བླ་བསླུ་གང་དུ་སྲིད། །སློབ་དཔོན་པདྨའི་ཐུགས་རྗེ་ཡིས། །མུ་ཁྱུད་འཛིན་པ་བདུད་ལས་བསླུས། །བར་དུ་བླ་བསླུ་གང་དུ་དར། །ཡི་དམ་ལྷ་ཡི་ཐུགས་རྗེ་ཡིས། །སྲོག་ཆགས་ཐམས་ཅད་ཚེ་བསྲིང་མཛད། །ཐ་མ་བླ་བསླུ་གང་དུ་བྱེད། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །ཡོན་བདག་འདི་ཡི་བླ་འདི་བསླུ། །བླ་འདི་བསླུས་ནས་གླུད་འདི་འབུལ། །དུས་དང་བསྐལ་པ་དེ་ཙམ་ལ། །སྐྱོབ་པར་བྱེད་པའི་ལྷ་གཅིག་སྲིད། །གནོད་པར་བྱེད་པའི་འདྲེ་གཅིག་སྲིད། །ལྷ་འདྲེ་གཉིས་ཀྱི་ཤན་འབྱེད་ལ། །ལྷ་ལ་ལྷ་ཤྭ་དཀར་པོ་འབུལ། །ལྷ་ཤྭ་དཀར་པོ་ལྷ་ཡིས་བཏབ། །ལྷ་ཤྭ་དེ་ནི་ཆེ་བར་བྱུང་། །འདྲེ་ལ་འདྲེ་ཤྭ་ནག་པོ་གཏད། །འདྲེ་ཤྭ་ནག་པོ་འདྲེ་ཡིས་བཏབ། །འདྲེ་ཤྭ་དེ་ནི་ཆུང་བར་བྱུང་། །ཤྭ་དེ་ཆེ་བ་ལྷ་ཡིས་ཐོབ། །ཆུང་བ་དེ་ནི་འདྲེ་ཡིས་ཐོབ། །ལྷ་ཡང་རྒྱལ་ལ་འདྲེ་ཡང་ཕམ། །འདིར་བདེན་བདར་འགུགས་གཞུག་བྱའོ། །ཀྱེ། བླ་ཡི་ལུ་གུ་དཀར་པོ་ལ། །ཡ་མཚན་ཅན་གྱི་དར་སྣས་བརྒྱན། །བླ་ཡི་རྟེན་དུ་ཁྱོད་བསྩལ་ལོ། །བླ་རྐང་གཡས་པ་བླ་ཡི་རྟེན། །བླ་རྐང་འདི་ལ་བླ་ཁུག་ཅིག །དུང་ཤྭ་དཀར་པོ་བླ་ཡི་ཤྭ། །དུང་ཤྭ་འདི་ལ་བླ་ཁུག་ཅིག །བླ་གཡུ་གྲུ་དཀར་བླ་ཡི་བཀྲག །བླ་གཡུ་འདི་ལ་བླ་ཁུག་ཅིག །མཆོང་ལོང་སྨུག་པོ་བླ་ཡི་རྟེན། །མཆོང་ལོང་འདི་ལ་བླ་ཁུག་ཅིག །བྱེ་རུ་དམར་པོ་བླ་ཡི་ཁྲག །བྱེ་རུ་འདི་ལ་བླ་ཁུག་ཅིག །ལྷ་རྡོ་དཀར་པོ་བླ་ཡི་རྡོ། །བླ་རྡོ་འདི་ལ་བླ་ཁུག་ཅིག །ལྷ་ཤིང་ཤུག་པ་བླ་ཡི་ཤིང་། །བླ་ཤིང་འདི་ལ་བླ་ཁུག་ཅིག །མཁན་བུ་རྩྭ་བཟང་བླ་ཡི་ཟས། །མཁན་བུ་འདི་ལ་བླ་ཁུག་ཅིག །བླ་མཚོ་སྔོན་མོ་བླ་ཡི་མཚོ། །བླ་མཚོ་འདི་ལ་བླ་ཁུག་ཅིག ༈ །ནས་དཀར་བྲེ་གང་ལྷ་ལ་འབུལ། །ནས་དཀར་འདི་ལ་བླ་ཁུག་ཅིག །དར་ཚོན་སྣ་ལྔ་བླ་ཡི་བཀྲག །དར་ཚོན་འདི་ལ་བླ་ཁུག་ཅིག །ཚོན་སྐུད་སྣ་ལྔ་བླ་ཡི་ལྡིང་། །བླ་ལྡིང་འདི་ལ་བླ་ཁུག་ཅིག །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ལྷོད་ལ་མནན་པ་ཐེགས། །བླ་འདི་ཐོངས་ལ་གླུད་འདི་ལོངས། །བསླུ་ཡང་གཅིག་ལ་བསླུ་ཡང་གཉིས། །གསུམ་གྱི་བར་དུ་བསླུ་བར་བྱ། །བླ་མ་ཡོ་ཞིག །བླ་མ་འགྱེལ་ཅིག །བླ་མ་ནུབ་ཅིག །བླ་མ་བཀག་ཅིག །བླ་མ་ཆག་ཅིག །བླ་མ་འཁྱམས་ཤིག །དད་ཡམ་མེ། འབའ་ཚག་གེ་འདིར་ཁུག་ཅིག །བླ་ཡི་ལུ་གུ་ལ་གསོལ་ལོ། །ལན་གསུམ། ཀྱེ། ཁྱོད་འགོ་བའི་ལྷ་ལ་ཞལ་ཡར་ལྟོས། །སྲུང་མའི་ལྷ་ལ་ཞལ་ཡར་ལྟོས། །སྐྱོབ་པའི་ལྷ་ལ་ཞལ་ཡར་ལྟོས། །ལེ་འུའི་ལྷ་ལ་ཞལ་ཡར་ལྟོས། ༈ །ཀྱེ། དང་པོ་སུ་དང་སུ་ཡི་བླ། །འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །རྒྱལ་བུ་མུ་ཁྱུད་འཛིན་པ་དང་། །ལག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །དགེ་སློང་ཀུན་དགའ་བོ་ཡི་བླ། །སྣང་སྲིད་སྡེ་བརྒྱད་ལག་ནས་བསླུས། །ད་ལྟ་སུ་དང་སུ་ཡི་བླ། །ད་ལྟར་རྡོ་རྗེ་འཛིན་པ་ངས། །སྣང་སྲིད་སྡེ་བརྒྱད་ལག་པ་ནས། །སྦྱིན་བདག་འདི་ཡི་བླ་ཡང་བསླུ། །ཡ་བདུད་རྒྱལ་པོ་ལ་སོགས་ཏེ། །བདུད་ཀྱི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །ལྷ་རབས་ཤམ་པོ་ལ་སོགས་ཏེ། །ལྷ་ཡི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །གང་བ་བཟང་པོ་ལ་སོགས་པའི། །གནོད་སྦྱིན་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །གཙུག་ན་རིན་ཆེན་ལ་སོགས་ཏེ། །ཀླུ་ཡི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །རེ་སྡེ་མགོ་ཡག་ལ་སོགས་ཏེ། །བདུད་ཀྱི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །པེ་ཧར་རྒྱལ་པོ་ལ་སོགས་ཏེ། །རྒྱལ་པོའི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །དམུ་རྗེ་བཙན་པོ་ལ་སོགས་ཏེ། །དམུ་ཡི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །སྐྱེས་བུ་ལུང་བཙན་ལ་སོགས་ཏེ། །བཙན་གྱི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །གཉན་ཆེན་ཐང་ལྷ་ལ་སོགས་ཏེ། །གཉན་གྱི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །གཡའ་སྨན་གངས་སྨན་ལ་སོགས་ཏེ། །སྨན་གྱི་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །རྡོ་རྗེ་ལེགས་པ་ལ་སོགས་སྟེ། །ཐེའུ་རང་སྡེ་ཚོགས་བསམ་མི་ཁྱབ། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །བདུད་དང་བཙན་དང་རྒྱལ་པོ་དང་། །ཡི་དྭགས་སྨྱོ་བྱེད་གྲུལ་བུམ་སོགས། ཁྱེད་རྣམས་ལག་ན་བླ་ཡོད་སྲིད། ཁྱེད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིགས་དཔལ་མགོན་བདུན་ཅུ་སོགས། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །ཡུལ་འདིའི་གཞི་བདག་འཁོར་དང་བཅས། ཁྱོད་རྣམས་ལག་ན་བླ་ཡོད་སྲིད། ཁྱོད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །ལན་ཆགས་བུ་ལོན་བྱང་བར་གྱིས། །གཞན་ཡང་གསོན་བདུད་གཤིན་གཅགས་བྱེད་པ་རྣམས། ཁྱེད་རྣམས་ལག་ན་བླ་ཡོད་སྲིད། ཁྱེད་རྣམས་ལག་ན་བླ་ཡོད་ན། །གཤིན་གྱི་བླ་གླུད་མ་ཡིན་གྱི། །གསོན་གྱི་བླ་གླུད་འདི་ལོངས་ལ། །བླ་བཟུང་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཐེགས། །བདེ་བར་གྱིས་ལ་གནས་སུ་ཆུག །ལན་ཆགས་བུ་ལོན་བྱང་བར་གྱིས། །ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མངའ་བདག་རྒྱལ་པོའི་དོན་གྱི་ཕྱིར་ཕྱག་ལེན་དུ་མཛད་ནས། བཀའ་ནས་བཀར་བརྒྱུད་པའི་བླ་བསླུ་འཆི་བདག་གཡུལ་ལས་རྣམ་པར་རྒྱལ་བའི་མན་ངག་བྱིན་རླབས་ཅན་རྫོགས་སོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །།
བླ་མ་རིག་འཛིན་སྲོག་སྒྲུབ་ལས། དམ་སྲི་མནན་པའི་གདམས་པ་ (Volume 40, Text 35)
༄༅། །བླ་མ་རིག་འཛིན་སྲོག་སྒྲུབ་ལས། དམ་སྲི་མནན་པའི་གདམས་པ་བཞུགས་སོ། ། ན་མོ་བཛྲ་པཱ་ཎི་ཡེ། སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་མ་མནན་ན་མི་ནོར་ཟས་གསུམ་ལ་གནོད་པ་ཡིན་པས་བར་ཆད་མང་ཞིང་རྟགས་རྣམས་ལོག་པར་སྟོན་པ་དེ་ཡང་མཚམས་ལ་མ་འཇུག་གོང་དུ་གནོན་པ་གཅེས་སོ། །བགེགས་མ་མནན་ན་སྒྲུབ་པའི་རིགས་ཅི་སྒྲུབ་ཀྱང་བར་ཆོད་བྱེད། དེ་ཡང་བསྙབ་པ་ལག་རིང་བནྡེར་སྤྲུལ་ནས་སྒྲུབ་པ་ལ་བར་དུ་གཅོད། ཡམ་ཤུད་དམར་པོ་ཁྱིར་སྤྲུལ་ནས་ནོར་ལ་བར་དུ་གཅོད། ཐེའུ་རང་སྟོང་སྡེས་བྱིས་པ་དང་དམག་སོགས་ཟང་ཟིང་སྤྲུལ་ནས་གཡོག་འཁོར་དང་ནོར་བདག་ལ་བར་དུ་གཅོད་དོ། །བསེན་མོ་སྤུན་དགུས་བུད་མེད་ངན་པར་སྤྲུལ་ནས་ཆུང་མ་དང་བུ་མོ་སོགས་ལ་བར་དུ་གཅོད་དོ། །འགོང་པོ་སྤུན་དགུས་དགེ་བཤེས་དང་སྔགས་བོན་བན་དྷེར་སྤྲུལ་ནས་རང་གི་འཁོར་འབངས་རྣམས་དཀྲུགས་པར་བྱེད། བསམ་དོན་རྣམས་ལོག་པར་སྟོན་ཞིང་བར་ཆད་བྱེད་པས་སྔོན་ལ་མནན་པ་མ་བྱས་པར་སྒྲུབ་པ་བྱས་ན་མཐར་མི་འཁྱོལ། བསམ་པའི་དོན་མི་འགྲུབ། ཚེ་ཐུང་ནད་མང་། ནོར་ཉུང་། ནང་འཐབ་མང་། སྲིས་མི་སྨེ། བུད་མེད་དང་འཁོར་གཡོག་ལ་ནད་མང་། མི་བསྲུན་པ་ལ་སོགས་པ་ཕུང་གཏོར་ཕུང་བརླག་གི་བཀྲ་མི་ཤིས་པ་རྣམས་འོང་བས། སྔོན་ལ་བར་ཆད་བྱེད་པའི་བགེགས་རྣམས་གནོན་པ་འདི་རྣམས་ཤིན་ཏུ་གལ་ཆེ། དེ་བས་མནན་པ་བྱས་ནས་སྒྲུབ་པ་ཅི་བསྒྲུབ་ཀྱང་སྒྲུབ་པ་པོ་བུ་ནོར་མཐར་རྒྱས་ཤིང་བསམ་པའི་དོན་ཐམས་ཅད་འགྲུབ་ཅིང་བཀྲ་ཤིས་པར་འགྱུར་རོ། །འདིའི་བྱ་ཐབས་བགེགས་ཀྱི་ལིང་ག་བྲི་བ་ནི། ཉི་ཤུ་དགུའི་དགོང་མོ་ཉི་མ་དམར་ཐག་རྩེ་རེ་བ་ལ་འདྲེ་ཚུགས་ཀྱི་ས་དང་། དུག་ཆུ་ཁྲག་སྣ་རྣམས་བསྲེས་པའི་སྣག་ཚས་ཤོག་བུ་ཆེ་བ་གཅིག་ལ། ལིང་ག་ཆེ་བ་གཅིག་བྱས་ལ། དེའི་དབུས་མི་མགོ་དེའི་སྟེང་དུ་བྱ་མགོ་མི་མགོའི་གཡས་སུ་རྟ་མགོ །གཡོན་དུ་སྤྲེལ་མགོ་ཅན། རྐང་ལག་ལྕགས་སྒྲོག་གིས་བསྡམ་པ། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ སྙིང་གར་ཏྲི། ལྟེ་བར་བསྙབ་པ་ལག་རིང་ཏྲི་ཛཿནནཿ ཡམ་ཤུད་དམར་པོ་ཏྲི་ཛཿནནཿ ཐེའུ་རང་སྟོང་སྡེ་ཏྲི་ཛཿནནཿ བསེན་མོ་སྤུན་དགུ་ཏྲི་ཛཿནནཿ འགོང་པོ་སྤུན་དགུ་ཏྲི་ཛཿནནཿ བདག་ལ་གནོད་བྱེད་ཏྲི་ཛཿནནཿ མཱ་ར་ཡ་རྦད་ནནཿ དེའི་སྤྱི་བོ་ནས་སྔགས་མགོ་ཕྱིར་བསྟན་ལ་བསྐོར་ཏེ། དེའི་ཕྱི་རྡོ་རྗེའི་ཞགས་པས་བསྐོར། མགོ་བཞི་ལ། ཧཱུྃ་སཏྭཾ་བྷ་ཡ་ནནཿ ཞེས་པ་རེ་བྲི། སྔགས་འདིས་མཐའ་མ་བསྐོར། ཨོཾ་ལོག་ཏྲི་པ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙི་ཙ་ར་ཙི་ཙ་ར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ། རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར་ནན། གནོད་བྱེད་ཙི་དུ་སོད། ལུས་ཤིགས། ལྷུར་གཏུབས། ཧ་ལ་པ་ཏི་ནན། འཁོལ་བ་དུལ། ཀཱ་བཱ་ཙི། གནོད་བྱེད་འབྱུང་པོ་ཕོ་མོ་མཱ་ར་ཡ་ནན། ཞེས་པ་དང། ལངྐ་ལངྐ། དུ་ར་དུ་ར། ཧབ་ཤ་ཧབ་ཤ །གནོད་བྱེད་ཕོ་མོ་སྐྱུགས་ཤིག་སྐྱུགས་ཤིག ཁ་ཐཾ་ཁ་ཐཾ། མཆུ་ཆིངས་མཆུ་ཆིངས། བྷནྡྷ་བྷནྡྷ་ཡེ་རྦད་ནན། ཧཾ་ཤཾ་ཏྲི་རུ་ཏི་བི་ཏི་ཤ་ཤ་རྦད་ནན། ཏྲེའུ་ཏྲེའུ་རུ་ཏྲི་ཁ་ཤ་ཏྲིའུ་ཛཿ ར་ཏྲི་ཡེ་རྦད་ནན། དུ་ཏྲི་ཏྲི་རྦད་ཡ་ཏྲི་ན་མཱ་ར་ཡ་རྦད་ནན། རཾ་བཾ་རིལ་རུ་ཏྲི་བེ་ཏེ་ཤ་རྦད་ནན། སརྦ་ན་རི་ཏྲི་ཎི་རྦད་ནན། ནི་སུ་ཏྲི་ནི་རྦད་ནན། ཤན་ཏྲི་ཎི་རྦད་ནན། ཀ་ཏྲི་ཎི་རྦད་ནན། གྲུཾ་གྲུཾ་དམ་སྲི་ཕོ་མོའི་སྲོག་ལ་ཏྲི་མཱ་ར་ཡ་རྦད་ནན། གནོད་བྱེད་འབྱུང་པོ་ཕོ་མོ་ཨ་མུ་ཀ་སྙིང་དུ་ནན༔ ཏྲི་དུ་ནན། ཛ་ཏྲི་ནན། སྙིང་གཟེར་རྦུར་ནན། ཀཱ་ཡ་ཝཱ་ཀ་ཙིཏྟ་ནན། གནོད་བྱེད་འབྱུང་པོ་ཕོ་མོའི་ལུས་ངག་ཡིད་གསུམ། ཧཱུྃ་ལཾ་བཾ་སཏྭཾ་བྷ་ཡ་ནན། བི་ཏཱང་སཏྭཾ་བྷ་ཡ་ནན། ཏྲི་ཛ་ཏྲི་ཧྲིཿ མཱ་ར་ཡ། སུ་ཏྲི་ཡ་ཎ། ད་ར་ཎི་ཛཿ ཧེ་ད་ར་ཎི་ཛཿ གནོད་བྱེད་འབྱུང་པོ་ཕོ་མོ་ཆིངས་ཆིངས་ནན། པཀྵ་པཀྵ། རཀྵ་རཀྵ་ཧཱུྃ། གནོད་བྱེད་རེངས་རེངས། གྷྲྀཧྞ་གྷྲྀཧྞ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གནོད་བྱེད་མཱ་ར་ཡ་རྦད་ནན། ཁྲུམས་ཤིག ཁྲག་སྐྱུགས་ཤིག་ནན། ཆིངས་ཆིངས། དམ་སྲི་ཕོ་མོ་ནན། ཆེ་སྲི་ཆུང་སྲི་ནན། ཕུགས་ཀྱི་སྲིས་ལ་ཟ་བ་ནན། གནོད་བྱེད་འབྱུང་པོ་ཐམས་ཅད་ནན། ཀྱཻ། དམ་སྲི་བྱ་བའི་སྡིག་ཅན་ཁྱོད། །ཆུ་སྲིན་གྲེ་བའི་ཁ་རུ་བརྫང་། །གྲི་ཐོགས་ཡོངས་ཀྱིས་བསྐོར་ལ་བཞག །ནམ་ཡང་ཐར་བར་མ་བྱེད་ཅིག །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། །རོལ་མཚོ་བདུན་གྱིས་བསྐོར་ལ་བཞག །ནམ་ཡང་ཐར་བར་མ་བྱེད་ཅིག །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །མཚོན་ཆ་འབར་བས་བསྐོར་ཏེ་བཞག །ནམ་ཡང་ཐར་བར་མ་བྱེད་ཅིག །ཁྲོ་བོ་ཆེན་པོའི་ཞལ་དུ་བསྟབས། །ནག་པོ་སྟོང་གིས་བསྐོར་ལ་བཞག །ནམ་ཡང་ཐར་བར་མ་བྱེད་ཅིག །མེ་དཔུང་ཆེན་པོའི་ནང་དུ་བསྐྱུར། །ཡེ་ཤེས་མེ་ཡིས་བསྐོར་ལ་བཞག །ནམ་ཡང་ཐར་བར་མ་བྱེད་ཅིག །རྣལ་འབྱོར་བསམ་པ་མ་རྫོགས་བར། ཁྱོད་ལ་ཐར་བའི་དུས་མ་མཆིས། །དམ་སྲི་ཕོ་མོ་རྣམས་ཁ་ཆིངས་མཱ་ར་ཡ་རྦད་ནན། ཧཱུྃ་ལཾ་བཾ་ལཾ་སཏྭཾ་བྷ་ཡ་ནན། ཞེས་བསྐོར་རོ། །དེ་ནས་ལིང་ག་དེ་རྫས་དུད་ཀྱིས་བདུག་ལ་རང་གི་མདུན་དུ་རོ་རས་ནག་པོའི་སྟེང་དུ་བཞག་ལ། རང་ཡི་དམ་དུ་བསྒོམས་པའི་ཐུགས་ཀའི་ཛཿལྕགས་ཀྱུ་ཅན་གྱིས་འབྱུང་པོ་ཕོ་མོའི་སྙིང་གའི་ཏྲི་ལ་འཁྱུད་པ་ལས་མདུན་གྱི་ལིངྒ་ལ་ཡང་ཡང་བསྟིམ། དེ་ནས་རང་སྨྲ་བ་བཅད་ལ། ཐུན་ལ་ཁྲག་དང་དུག་ཆུ་བསྲེས་ལ། ལོག་ཏྲིའི་སྔགས་རྣམས་དྲིལ་བ་བརྒྱ་རྩ་བརྒྱད་བཟླས་ལ་བཏབ། དེ་ནས་ལིང་ག་ལ་ཐུན་གྱིས་བྲབ་ཅིང་། ལིང་ག་ཤི་ལྤགས་ཀྱིས་བསྟུམས་པ་དྲིལ་ལ་ཚོན་སྐུད་སྣ་ལྔས་བཅིངས། རབ་སྤྱང་ཐོད། འབྲིང་ཝ་ཐོད། ཐ་མ་ཁྱི་ཐོད་ཀྱི་ཁར་བཅུག །མ་འགལ་སྐྱེར་ཚེར་ཤིང་གིས་བསྡམ། རོ་རས་ནག་པོས་ཕྱི་བསྟུམ། ར་བལ་ཁྱི་བལ་ནག་པོས་རྒྱ་གྲམ་བཅིང་། ཀླད་ཁུང་མི་ཁའི་རྫས་དང་ཐལ་འདག་གིས་བཀག་པ་བཞག །དེ་ནས་ནངས་པར་ཆབ་གཏོར་ཅིག་གཏང་། གཏོར་མ་བཤམ་ལ་ཕྲིན་ལས་གཞུང་བསྲང་སྟེ། སྲོད་ལ་རང་ཁྱིམ་ཐེམ་འོག་ཏུ་མནན་ནོ། །ཐོད་པའི་མཚུལ་པ་མར་བསྟན་ལ་བཞག །དེའི་སྟེང་དུ་མདའ་ཆུ་བྱའི་སྒྲོ་ཡོད་པ་སྒྲོ་རྩ་ནས་སོར་བཞི་བཅད་པར་མདེའུ་བཙུགས་ལ་མནན། འཕང་སོར་བཞི་ཡང་བཙུག །དཀར་གོང། ལ་ཕུག །ཁོག་མའི་དྲེག་པ་སྤར་གང་དང་། མི་ཁའི་རྫས་རྣམས་བླུག །རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་། རི་རབ་གླིང་བཞི་བྲིས་པས་མནན། དེ་ནས་མེ་དང་ཆུ་བླུགས། དེའི་ཁར་སྟོང་གི་རྩེ་བྲོ་བརྡུང་། འདིས་བགེགས་རྣམས་ཀྱིས་རང་ལ་གནོད་པ་མི་ནུས་སོ། །རྣལ་འབྱོར་པའི་བསམ་པ་འདི་ཡིས་འགྲུབ། དེ་ནས་སྒྲུབ་པའི་རིགས་ཅི་བྱེད་ཀྱང་བར་ཆད་མེད་ཅིང་བསམ་པ་འགྲུབ། རང་ལ་ཟ་འདྲེའི་རིགས་ཅི་གནོད་ཀྱང་། ཐེམ་བུ་བཀག་པ་ལྟར་འགྱུར་རོ། །སྲིའུ་ནག་པོའང་འདིས་གསོ། མན་ངག་འདི་སློབ་དཔོན་དེ་ཝ་ཙནྡྲས་རྫས་ཟློག་ནག་པོ་པ་ལ་པ་ཏྲའི་རྒྱུད་ནས་བསྡུས་པའོ། །འདི་ལན་གཅིག་མནན་པས་བགེགས་རྣམས་ནུས་པ་མེད་པར་འགྱུར། གཉིས་མནན་ན་བགེགས་ཀྱི་རིགས་རྣམས་ཡོང་མི་ནུས་སོ། །གསུམ་མནན་ན་རང་ལ་གནོད་བྱེད་ཀྱི་བགེགས་རིགས་ཐམས་ཅད་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་འཕྲོག་པར་བྱེད་དོ། །བསྐལ་པ་འདི་ལ་གནོད་མི་ནུས་སོ། །སྲི་མནན་མི་ཁུར་གཅིག་བས་ཀྱང་འདི་གཅིག་པུ་ཟབ་བོ། །གནོད་བྱེད་བགེགས་ཀྱི་གཉེན་པོ་ཡིན། འདི་ནི་ཡང་དག་པའོ། །མ་ནོར་པའོ། །བདེན་པའོ། །བསྙེན་པའི་དུས་སྒོག་ཙོང་མི་ཟ་བ་གནད་དོ། །ཕྱིས་སྒྲུབ་པའི་རིགས་མནན་པ་གང་བྱེད་ཀྱང་ཤམ་བུར་འདི་ལྟར་གདགས་སོ། །ཞི་བའི་རིགས་ཐམས་ཅད་ལ་གནོད་བྱེད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པའི་རིགས་ཐམས་ཅད་ལ་ཚེ་དང་བསོད་ནམས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། དབང་སྡུད་ལ་ཆེ་གེ་ཨཱ་ཀརྵ་ཡ་ཛཿཧཱུྃ་བཾ་ཧོཿཔཱ་ཤམ་ཀུ་རུ་ཡེ་སྭཱ་ཧཱ། བསད་པའི་རིགས་ལ་གནོད་བྱེད་ཨ་མུ་ཀ་སརྦ་ཤ་ཏྲཱུཾ་རྣྲྀ་སྲོག་ལ་མཱ་ར་ཡ་རྦད་སོད། ཞེས་གང་བྱེད་འདོད་གསོལ་གྱིས་ཤེས་སོ། །ཟབ་བོ། །རྒྱ་རྒྱ་རྒྱ།། །།
མི་ཏྲ་སྙིང་ཐིག་ལས༔ འཇིག་རྟེན་དབང་ཕྱུག་མཆོད་པའི་ཐབས༔ བྲམ་ཟེའི་ལུགས་ཚོགས་གཉིས་རྒྱ་མཚོ་ (Volume 24, Text 35)
༁ྃ༔ མི་ཏྲ་སྙིང་ཐིག་ལས༔ འཇིག་རྟེན་དབང་ཕྱུག་མཆོད་པའི་ཐབས༔ བྲམ་ཟེའི་ལུགས་ཚོགས་གཉིས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ༔ ཨོ་རྒྱན་ཡུལ་གྱི་མཁའ་འགྲོ་མའི་མཆོད་ཚུལ་ལོ༔ ྈྈྈྈྈྈྈྈྈ ༔ རྒྱ་གར་སྐད་དུ༔ ཨཱརྱ་ལོ་ཀི་ཤྭ་ར་པཱུ་ཙ་ན་མ༔ བོད་སྐད་དུ༔ འཕགས་པ་འཇིག་རྟེན་དབང་ཕྱུག་མཆོད་པའི་ཐབས༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ མི་ཏྲ་སྙིང་ཐིག་ལས༔ འཇིག་རྟེན་དབང་ཕྱུག་རྩ་བ་ལྷ་བཅུ་དྲུག་གི་མཆོད་ཕྲེང་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་དང་པོ་བགེགས་བསྐྲད་པ༔ གཉིས་པ་སྲུང་འཁོར་བསྒོམ་པ༔ གསུམ་པ་རང་གི་སྒོ་གསུམ་བྱིན་གྱིས་བརླབ་པ༔ བཞི་པ་རྡོར་དྲིལ་བྱིན་གྱིས་བརླབ་པ༔ ལྔ་པ་མཆོད་པ་བྱིན་གྱིས་བརླབ་པའོ༔ དངོས་གཞི་ལ་དང་པོ་གཞལ་ཡས་ཁང་བསྒོམ་པ༔ གཉིས་པ་གདན་བསྐྱེད་པ༔ གསུམ་པ་ལྷ་བསྐྱེད་པ༔ བཞི་པ་སྤྱན་འདྲེན་པ༔ ལྔ་པ་མཆོད་ཡོན་འབུལ་ཞིང་བཞུགས་སུ་གསོལ་བ༔ དྲུག་པ་ཕྱག་འཚལ་བ༔ བདུན་པ་མཆོད་པ་འབུལ་བ༔ བརྒྱད་པ་བསྟོད་པ་འབུལ་བ༔ དགུ་པ་རྒྱལ་སྲིད་འབུལ་བ༔ བཅུ་པ་རྫོགས་མཐའི་བསྟོད་པ༔ བཅུ་གཅིག་པ་འཛབ་བསྟོད་བྱ་བའོ༔ ས་མ་ཡ༔ ྈྈྈ དང་པོ་གནས་ཁང་ཕྱག་བདར་དང་གུ་གུལ་བདུག༔ རྡུལ་ཚོན་རས་རིས་ཚོམ་བུ་གང་རིགས་ཀྱི་དཀྱིལ་འཁོར་བཤམ༔ དེའི་དབུས་སུ་བུམ་པ་རྫས་ལྡན་བུམ་རྒྱན་ལེགས་པར་བསྟར་ལ་བཤམ༔ གཡོན་ནས་རིམ་བཞིན་མཆོད་ཡོན༔ ཞབས་བསིལ༔ མེ་ཏོག༔ བདུག་སྤོས༔ མར་མེ༔ བྱུག་པ༔ བཤོས་གཙང་རྣམས་རིམ་པ་ལྟར་དུ་བཤམ༔ གདུགས་དང༔ བླ་རེ༔ ཡོལ་བ༔ དྷ་དྷི་སོགས་བཀོད་པ་གང་འཛོམ་དང༔ སྐུ་གསུང་ཐུགས་རྟེན་ལ་སོགས་ཐམས་ཅད་བཤམས་ལ༔ རྣལ་འབྱོར་པ་རང་ཁྲུས་ཀྱིས་དག་པར་བྱེད༔ རབ་སྨྱུང་གནས་ལ་གནས་པར་བྱེད་ནས་གོས་གསར་པ་བགོ༔ དཀར་གཏོར་བགེགས་གཏོར་བཤམས་ཤིང་བྱིན་བརླབས་བྱས་ནས་རང་ཉིད་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་བསྐྱེད་ལ༔ དབུ་ཡིས་རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ རྔོག་མ་ལེ་བརྒན་མེ་དཔུང་དུ་འབར་བས་མེ་དང་མཚོན་ཆའི་གུར་ཁང་དུ་འཁྲིགས་པའི་དབལ་ལས་གནོད་བྱེད་ཐལ་བ་བུན་བུན་བསྲེག་པར་བསམ་ལ༔ ཧཱུྃ༔ ཆོས་སྐུ་རྣམ་དག་མཚན་མ་ཀུན་སྤངས་ཀྱང༔ ཐུགས་རྗེའི་དབང་གིས་གདུག་པ་འདུལ་བའི་ཕྱིར༔ ཤིན་ཏུ་མི་བཟད་ཁྲོ་ཆེན་འབར་བའི་སྐུ༔ ཡིད་བཞིན་སྐུ་མཆོག་སྟོན་མཛད་དབྱིངས་ནས་བཞེངས༔ ཆོས་དབྱིངས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་ཉི་མ་གསལ་བའི་སྐུར་བཞེངས་པ༔ རང་རིག་འདོད་པའི་དབང་བསྒྱུར་རྟ་མཆོག་དཔལ༔ དབང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཆེན་པོའི་ས་ལ་གནས་པ་ཡི༔ ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག༔ རྒྱལ་བའི་ཕོ་བྲང་གཉན་པོ་འདིར་འདེབས་པས༔ དཀར་ཕྱོགས་སྐྱོང་བའི་སྲུང་མ་དམ་ཚིག་ཅན༔ ཡུལ་ལྷ་ཡུལ་བདག་དགེ་བསྙེན་གཏོར་མ་བཞེས༔ ས་འདི་སྩོལ་ལ་དགེ་བའི་སྟོངས་གྲོགས་གྱིས༔ བགེགས་རིགས་གདོན་གྱི་ཚོགས་རྣམས་མ་ལུས་པ༔ ལན་ཆགས་གླུད་གཏོར་ཁྱེར་ལ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འདུག་པར་གྱུར་ན་ནི༔ ཁྲོ་རྒྱལ་དཔའ་བོ་ཆེན་པོ་ཐུགས་ཁྲོས་ནས༔ ཡེ་ཤེས་མཚོན་ཆ་རབ་ཏུ་འབར་བ་ཡིས༔ མགོ་ལུས་སྙིང་ཡང་ཚལ་པར་འགས་པར་འགྱུར༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་སརྦ་བྷིག་ནཱན་ཨུཙྪ་ཏྱ་ཧཱུྃ་ཕཊ༔ གཉིས་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་དབང་དྲག་ཁྲོ་བོའི་ཐུགས་ཀ་ནས༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས༔ ཡེ་ཤེས་མེ་དང་མཚོན་ཆའི་ཚྭ་ཚྭ་འབར༔ སྟེང་འོག་ཕྱོགས་མཚམས་ཁོར་ཡུག་གུར་ཁང་འཁྲིགས༔ རླུང་ཡང་རྒྱུ་བའི་སྐབས་མེད་རབ་ཏུ་གཏམས༔ ཨོཾ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསུམ་པ་སྒོ་གསུམ་བྱིན་གྱིས་བརླབ་པ་ནི༔ བྱིན་གྱིས་བརླབས་པའི་ཆུས་གནས་ལྔར་རེག་ཅིང་གནས་ཁང་ལ་འཐོར་ཞིང་ལྷག་མ་བཏུང་ལ༔ རྡོ་རྗེ་སེམས་ནི་ཡེ་ཤེས་སེམས༔ བྱང་ཆུབ་སེམས་ནི་བླ་ན་མེད༔ རྡོ་རྗེའི་ཆུ་ནི་དྲི་མ་བྲལ༔ སྣོད་བཅུད་རྣམ་པར་དག་པར་གྱུར༔ ཨོཾ་ཤུདྡྷེ་བྷི་ཤུདྡྷེ་སྭཱ་ཧཱ༔ ཞེས་ལུས་བྱིན་བརླབ༔ བདག་ཉིད་གསུང་གི་དབང་ཕྱུག་ཆེ༔ པདྨའི་ལྗགས་ནི་ཡི་གེ་ཧྲཱི༔ འདབ་བརྒྱད་རྡོ་རྗེ་དབུས་ལ་གནས༔ སྒྲ་གྲགས་འགྲོ་ཀུན་ཆོས་སྒྲར་གྱུར༔ ཧྲཱིཿབཛྲ་ཛཱི་ཧཱ༔ ཞེས་ལྗགས་རྡོ་རྗེ་ཉལ་ཐབས་སུ་བསམ་པ་ནི་ངག་བྱིན་བརླབ་བོ༔ ལག་དང་བསྒྲང་ཕྲེང་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ལག་གཡས་ཉི་མ་གཡོན་ཟླ་བ༔ ཟླ་བར་ཨ་ལ་ཉི་མར་ཧཱུྃ༔ ཐབས་དང་ཤེས་རབ་རང་བཞིན་ལས༔ བདེ་སྟོང་ཕྲེང་བ་ལུ་གུ་རྒྱུད༔ གཟུང་གི་རང་བཞིན་འོད་དཔག་མེད༔ ཧཱུྃ་ཨཱ༔ མ་ཎི་དྷ་ར་ཧཱུྃ༔ བཞི་པ་རྡོར་དྲིལ་བྱིན་བརླབ་པ་ནི༔ ཧཱུྃ༔ རྡོ་རྗེ་གསོར་བ་མཛེས་པ་སྟེ༔ སེམས་ཅན་ཐམས་ཅད་རབ་བསྒྲལ་ཕྱིར༔ རྣམ་ཐར་ཆོས་སུ་བྱེད་པ་ཡི༔ སྙིང་པོ་མཆོག་གི་རྡོ་རྗེ་གསོར༔ ཨོཾ་ཨཱ་མ་ཧཱ་བཛྲ་ཧཱུྃ༔ རྡོ་རྗེ་ལའོ༔ དྲིལ་བུ་ལ༔ ཨཱ༔ ཤེས་རབ་ཐབས་ཀྱི་ཆོ་ག་ཡིས༔ འགྲོ་བ་རྣམས་ནི་སད་པའི་བདག༔ མི་ཤེས་འདམ་དུ་བྱིང་བ་ཡི༔ སེམས་ཅན་དོན་ཕྱིར་དཀྲོལ་བར་བྱ༔ ཨོཾ་ཨཱཿདྷརྨ་གཎྜེ་ཧོ༔ དེ་ནས་རོལ་མོ་ཀུན་ལ༔ ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས༔ མཉམ་པར་བཞག་པ་ཧཱུྃ་གི་ལུས༔ ཕྱོགས་བཅུ་ཀུན་ཏུ་དཀྲོལ་བྱས་ཏེ༔ ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ༔ ཨོཾ་ཨཱཿམ་ཧཱ་དྷརྨཱ་གྷཎྜེ་ཧཱུྃ༔ ལྔ་པ་མཆོད་པ་བྱིན་བརླབ་པ་ནི༔ བསང་ཆུ་འཐོར་ལ༔ ཨོཾ་ཨ་མྲྀཏ་ཀུནྜ་ལཱི་ཧ་ན་ཧ་ན་བི་ཤུདྡྷེ་སྭཱ་ཧཱ༔ སྔགས་ཀྱི་སྒྲ་ལས་འོད་བྱུང་བས༔ འོད་ཟེར་འབར་བའི་བདུད་རྩི་ཡིས༔ དངོས་འཛིན་དྲི་མ་འབག་བཙོག་ཀུན༔ དག་པར་གྱུར་ཅིང་སྟོང་པའི་ངང༔ སྒྱུ་མ་ལྟ་བུའི་རྣམ་འཕྲུལ་ལས༔ ཟད་མེད་བཅུད་རྫས་མཁའ་མཉམ་གྱུར་༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་བརྗོད་དོ༔ སྤྱི་དོན་གཉིས་པ་དངོས་གཞི་ལ༔ དང་པོ་སྣོད་དག་པར་བྱ་ཕྱིར་གཞལ་ཡས་ཁང་བསྒོམ་པ་ནི༔ ཨཱོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས༔ ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའི་དཀྱིལ་ལྟ་བུར་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཨེ་ལས་ནམ་མཁའ་མཐིང་ནག༔ ཆོས་འབྱུང་བའི་དབྱིབས་ཅན༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་སྐྱ་ཟླ་གམ༔ བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ༔ ལཾ་ལས་གསེར་གྱི་ས་གཞིའི་སྟེང་དུ་བྷྲཱུྃ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་གྲུ་བཞི་བང་རིམ་བཞི་སྣ་ཚོགས་རྡོ་རྗེས་བཏེག་པར་བསྐྱེད༔ དེའི་ལྟེ་བར་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི༔ སྒོ་བཞི༔ རྟ་བབས་བཞིས་མཚན་པ༔ དབུས་སུ་ལྟེ་བ་དཀར་ཞིང་ཟླུམ་པ་ལ་པདྨ་དམར་པོ་འདབ་མ་དྲུག་དང་ལྡན་པ༔ དེའི་ཕྱི་རོལ་བར་ཁྱམས་སྒོ་བཞི་པར་གསལ་བ༔ དེའི་ཕྱི་རིམ་རིན་པོ་ཆེ་སྣ་ལྔའི་རྩིག་པ་ལ་གསེར་གྱི་ཕ་གུའི་ཁ་བད་ཀྱིས་མཛེས་པ༔ མུ་ཏིག་གི་དྲྭ་བ་དང་དྲྭ་ཕྱེད་དང༔ ཆུན་པོ་འཕྱང་བ་ལ་ཤར་བུའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ རྨང་གཞིའི་ཕྱི་སྟེགས་ལ་ལྷ་སྣམ་དམར་པོ་ལ་འདོད་ཡོན་གྱི་ལྷ་མོ་མང་པོས་བསྐོར་བ༔ སྟེང་གི་ཁ་ཁྱེར་ལ་བ་སོའི་མདའ་ཡབ་དང༔ སྣ་ཚོགས་དར་ཁྲའི་སྐས་ཀྱིས་མཛེས་པ༔ ཕྱོགས་བཞིའི་སྒོ་བཞིའི་སྟེང་ན༔ གསེར་གྱི་ཀ་བས་གཡུའི་གདུང་མ་བཏེག་པའི་རྟ་བབས་ཆ་བཞི་པདྨ་འཁོར་ལོ་དང་གདུགས་ཀྱིས་ཕུབ་པ༔ ཕྱི་རོལ་གྱི་ཁོར་ཡུག་ལ་པདྨའི་ཕྲེང་བ་དང༔ རྡོ་རྗེའི་ར་བ་དང༔ ཡེ་ཤེས་ཀྱི་མེ་རིས་བསྐོར་བ༔ གཞལ་ཡས་ཁང་གི་སྟེང་ཐམས་ཅད་རིན་པོ་ཆེའི་འོད་ཀྱི་ཚང་ཁང་བྱེ་རུ་དམར་པོས་བྱས་པ་ལ་ཤེལ་ལྟར་དྭངས་པ༔ དེའི་མཐའ་གཞོལ་དབུས་མཐོ་བའི་རྩེ་མོ་རིན་པོ་ཆེ་དབང་གི་རྒྱལ་པོས་མཚན་པ༔ གཞལ་ཡས་ཁང་དེ་ཕྱི་ནང་མེད་པར་གསལ་བའི་རྒྱ་ཁྱོན་དཔག་ཏུ་མེད་ཅིང་གཞལ་བའི་ཚད་ལས་འདས་པ༔ ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྒོམ་པར་བྱ༔ གཉིས་པ་གདན་གསལ་བ་ནི༔ དེའི་དབུས་པཾ་ལས་སྣ་ཚོགས་པདྨའི་སྡོང་པོ་འདབ་མ་སྟོང་དུ་ལྡན་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ་བསྐྱེད་པར་བྱའོ༔ གསུམ་པ་བཅུད་ཉམས་པ་དག་པར་བྱ་བ་ལ༔ ཆོ་ག་གསུམ་ལས་ལྷ་གསལ་བ་ནི༔ གདན་གྱི་སྟེང་དུ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་གཅིག་གསལ༔ དེ་ལས་འོད་ཟེར་ཕྱོགས་བཅུར་དཀར་ལམ་གྱིས་འཕྲོས་པས་སེམས་ཅན་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་རྣམས་དག་ནས་ལྷའི་སྐུར་གྱུར༔ དེ་ཐམས་ཅད་ཚུར་འདུས་ཧྲཱིཿལ་ཐིམ་པས༔ ཧྲཱིཿའོད་དུ་ཞུ་བ་ལས་པདྨ་དཀར་པོའི་ལྟེ་བར་ཡི་གེ་ཧྲཱིཿཡིས་མཚན་པ་གཅིག་ཏུ་གྱུར༔ པདྨ་ཧྲཱིཿལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་པདྨ་ཧྲཱིཿདང་བཅས་པ་ལ་ཐིམ་པས༔ དེ་འོད་དུ་ཞུ་བ་ལས༔ བདག་ཉིད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འཛིན་པ༔ གཡོན་གྱི་འོག་མ་ན་མེ་ཏོག་པདྨ་དཀར་པོ་བསྣམས་པ༔ སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་ལ་འཚེར་བ༔ སྤྱན་ཡིད་ཙམ་དམར་བ༔ ཞལ་ཅུང་ཟད་འཛུམ་པ༔ ཤངས་ཀྱི་དབྱིབས་མཐོ་བ༔ སྙན་ཤལ་རིང་བ༔ སྐུ་དྲང་པོར་གནས་ཤིང་ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ དབུ་སྐྲ་ལྕང་ལོའི་ཐོར་ཚུགས་འཁྱིལ་བ༔ སྤྱི་བོའི་གཙུག་ཏུ་ཨ་མི་དྷེ་ཝ་བཞུགས་པ༔ སྐུ་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་སྤྲས་པ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ དར་དམར་པོའི་སྨད་གཡོགས་གསོལ་བ༔ འཇིག་རྟེན་གསུམ་ལ་ཐུགས་རྗེས་གཟིགས་པའི་སྐུར་གསལ་ལ༔ དེའི་ཐུགས་ཀ་ནས་ཐིག་ལེ་དཀར་པོ་གཅིག་གཡོན་དུ་འཕྲོས་པས༔ ཡུམ་ཡི་གེ་དྲུག་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འདྲེན་པ༔ གཡོན་གྱི་འོག་མ་ན་པདྨ་དཀར་པོ་བསྣམས་པ༔ རིན་པོ་ཆེ་སྣ་ཚོགས་དང་དར་གྱི་ན་བཟས་མཛེས་པར་བརྒྱན་པ༔ ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་ལ་གཟིགས་པ༔ ཞབས་གཉིས་བཙུན་མོའི་རོལ་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པར་བསམ་མོ༔ ཡང་གཙོ་བོའི་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་སེར་པོ་གཅིག་གཡས་སུ་འཕྲོས་པ་ལས༔ སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཀྱི་ནོར་བུ་རིན་པོ་ཆེ་ཐུགས་ཀར་འཛིན་པ༔ གཡོན་པས་པདྨ་བེའུ་དཔུང་པའི་ཟུར་དུ་བསྣམས་པ༔ རིན་པོ་ཆེ་སྣ་ཚོགས་དང་དར་གྱི་ན་བཟའ་དང༔ ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཐུགས་ཁར་གཟིགས་པ༔ ཞབས་གཉིས་སེམས་དཔའི་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ༔ ཡང་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་སྔོན་པོ་གཅིག་མདུན་དུ་འཕྲོས་པས༔ སྲས་མོ་རིག་སྔགས་འཛིན་མ་སྐུ་མདོག་སྔོན་མོ་དར་དང་རིན་པོ་ཆེ་དུ་མས་བརྒྱན་པ་ཕྱག་གཡས་ཕྲེང་བ་དང་གཡོན་ཨུཏྤལ་སྔོན་པོ་བསྣམས་ནས་ཕྱེད་སྐྱིལ་གྱིས་པདྨ་དང་ཟླ་བའི་སྟེང་དུ་བཞུགས་པའོ༔ ཡང་གཙོ་བོའི་ཐུགས་ཀ་ནས་ཧྲཱིཿབཞི་འཕྲོས་པ་ལས༔ ཤར་དུ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཕྱག་ནི་མཉམ་གཞག་ཚེ་བུམ་འཛིན་པའི་པང་དུ་ཡུམ་གོས་དཀར་མོ་ཚེ་བུམ་བསྣམས་ནས་འཁྲིལ་བ༔ ལྷོར་མི་གཡོ་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རལ་གྲི་དང་སྡིགས་མཛུབ་བསྒྲེངས་ནས་གླང་ཆེན་གྱི་སྟེང་དུ་པུས་བཙུག་གིས་བཞུགས་པ༔ ནུབ་ཏུ་འཁོར་བ་དོང་སྤྲུགས་སྐུ་མདོག་དམར་པོ་རྒྱན་མེད་གཅེར་བུར་བཞེངས་པ་ཕྱག་གཉིས་ཚེ་བུམ་ཐུགས་ཀར་བསྣམས་པ༔ བྱང་དུ་རིགས་དྲུག་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཕྱག་ཉི་ཤུ་རྩ་གཉིས༔ རྩ་ཕྱག་གཉིས་བུམ་པ་དང་ཕྲེང་བ་འཛིན་ཅིང༔ གཡས་བཅུས་བྱང་ཆུབ་སེམས་དཔའ་བཅུ༔ གཡོན་བཅུས་སེམས་མ་བཅུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་དང་ལྡན་པར་པདྨ་དང་ཟླ་བའི་གདན་ལ་བཞེངས་ཐབས་སུ་བཞུགས་པའོ༔ མཚམས་བཞིར་རྟ་མགྲིན་དམར་པོ་དབྱུག་ཏོ་བསྣམས་པ༔ རིག་བྱེད་མ་དམར་མོ་ལྕགས་ཀྱུ་བསྣམས་པ༔ ཛམྦྷ་ལ་སེར་པོ་ནེའུ་ལེ་བསྣམས་པ༔ མགོན་པོ་ནག་པོ་བིང་བསྣམས་པར་བསྐྱེད་དོ༔ པདྨ་འདབ་མ་དྲུག་ལ་གསུང་ཆོས་ཉིད་ཀྱི་རང་སྒྲ་ཡི་གེ་འབྲུ་དྲུག༔ མུ་ཁྱུད་ལ་ཐུགས་ཡེ་ཤེས་ལྔའི་འོད་ལྔ་འཇའ་རིས་སུ་འཁྱིལ་པར་བསྐྱེད༔ སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང༔ གྲྭ་བཞིར་རིན་པོ་ཆེའི་བུམ་པ་བཞི་རྣམས་གསལ༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཏིལ་གྱི་གོང་བུ་བཞིན་དུ་ཐེམ་མེར་བཞུགས་པར་བསམ་ལ༔ གཙོ་འཁོར་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ཐུགས་ཀྱི་པདྨ་ལ་ཡི་གེ་ཧྲཱིཿཡིག་གི་ཐ་མ་ལ་ཡི་གེ་དྲུག་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་ཐམས་ཅད་བྱོན་པར་བསམ་མོ༔ བཞི་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཡངས་པའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་དབང་གིས་ཡེ་ཤེས་སྐུ་བཞེངས་ཤིག༔ ཀུན་གྱི་མགོན་མཛད་ལྷ་ཡི་ལྷར་གྱུར་པའི༔ མགོན་པོ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ ཞིང་མཆོག་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཉོན་མོངས་རྣམ་དག་པདྨ་ལྟ་བུའི་སྐུ༔ འཇིག་རྟེན་ཀུན་ལ་ཐུགས་རྗེས་དབང་བསྒྱུར་བའི༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་ནས༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་མཛད་ཅིང༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་མཛད་པའི༔ འཕགས་པ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ མ་རིག་དབང་གིས་འགྲོ་བའི་སེམས་ཅན་རྣམས༔ ཉམ་ཐག་འཇིག་རྟེན་གསུམ་དུ་འཁྱམས་པ་ལ༔ ཡེ་ཤེས་ཐུགས་རྗེ་མཆོག་གིས་མགོན་མཛད་པའི༔ འཇིག་རྟེན་མགོན་པོ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ས་པ་རི་ཝཱ་ར་ས་མ་ཡེ་ཧཱུྃ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ལྔ་པ་བཞུགས་སུ་གསོལ་ཞིང་ཁྲུས་ཆབ་འབུལ་བ་ནི༔ ཧཱུྃ༔ བདུད་རྩི་འཇམ་ཡང་འོ་མའི་རྒྱ་མཚོ་སྟེ༔ དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ༔ བཅོམ་ལྡན་ཁྱེད་ལ་མཆོད་ཡོན་འདི་འབུལ་གྱིས༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨརྒྷཾ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཁྲུས་གསོལ༔ ཧཱུྃ༔ འཕགས་པའི་སྐུ་ལ་དྲི་མ་མི་མངའ་ཡང༔ འཇིག་རྟེན་པ་དང་འཇུག་པར་མཛད་པའི་ཕྱིར༔ ཆུ་གཙང་སྤོས་དང་སྦྱར་བའི་ཁྲུས་ཆབ་འདིས༔ ཞལ་དང་ཕྱག་ཞབས་སྐུ་ཁྲུས་གསོལ་བར་བགྱི༔ འགྲོ་ཀུན་ལས་སྒྲིབ་མ་ལུས་དག་གྱུར་ཅིག༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་པྲ་ཝ་ར་སད་ཀ་ར་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ གདན་འབུལ་བ་ནི༔ ཧཱུྃ༔ བདག་དང་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར༔ འཇའ་ཚོན་བཀོད་ལེགས་སྤེལ་འདྲའི་གཞལ་ཡས་འདིར༔ པདྨ་ཟླ་བ་མཛེས་པའི་གདན་སྟེངས་སུ༔ བཅོམ་ལྡན་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨཱ་བེ་ཤ་ཡ་ཏིཥྛ་བཛྲ་ས་མ་ཡེ་ཧཱུྃ༔ དྲུག་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་དང་ནི་ཤེས་རབ་གཉིས༔ ཐབས་ཀྱི་སྤྲུལ་པས་འགྲོ་བ་འདྲེན༔ ཡབ་ཡུམ་སྲས་བཅས་ཡང་འཁོར་བཅས༔ དོན་མཛད་དེ་ལ་ཕྱག་འཚལ་ལོ༔ འོད་དཔག་མེད་དང་མི་གཡོ་མགོན༔ འཁོར་བ་དོང་སྤྲུགས་སྤྱན་རས་གཟིགས༔ རྟ་མགྲིན་རིག་བྱེད་ཛམ་བྷ་ལ༔ མགོན་པོ་རྒྱལ་པོ་ཆེན་པོ་བཞི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་པུ་རུ་ཤ་ཡ་ན་མོ་ཧཱུྃ༔ བདུན་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ཉོན་མོངས་ཚ་གདུང་མ་ལུས་སྤང་ཕྱིར་དང༔ བསིལ་ལྡན་ཞི་གནས་རྒྱ་མཚོ་འཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་མཆོད་ཡོན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨརྒྷཾ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གློ་བུར་དྲི་མ་མ་ལུས་སྤང་ཕྱིར་དང༔ དྲི་མེད་རྣམ་དག་ཡེ་ཤེས་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་ཞབས་བསིལ་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་པྲ་ཝ་ར་སད་ཀ་ར་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གཟུགས་ངན་ཟུག་རྔུའི་སྐྱོན་རྣམས་སྤང་ཕྱིར་དང༔ མཚན་དང་དཔེ་བྱད་བཟང་པོ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་མེ་ཏོག་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་པུཥྤེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ འཆལ་བའི་དྲི་མ་མ་ལུས་སྤང་ཕྱིར་དང༔ ཟག་མེད་ཚུལ་ཁྲིམས་རྣམ་དག་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་བདུག་སྤོས་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྷཱུ་པེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གཏི་མུག་མ་རིག་མུན་པ་སྤང་ཕྱིར་དང༔ འོད་གསལ་ཡེ་ཤེས་སྣང་བ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་སྣང་གསལ་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨཱ་ལོ་ཀེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གཟུང་འཛིན་རྟོག་པའི་དྲི་མ་སྤང་ཕྱིར་དང༔ མི་རྟོག་ཏིང་འཛིན་དམ་པ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་དྲི་ཆབ་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་གྷནྡྷེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ བཀྲེས་སྐོམ་ལོག་འཚོའི་ཟས་ངན་སྤང་ཕྱིར་དང༔ ཡིད་བཞིན་ཟས་མཆོག་དམ་པ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱོད་ལ་ཞལ་ཟས་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ནཻ་ཝིདྱ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ངན་སོང་འཁོར་བའི་གནས་ངན་སྤང་ཕྱིར་དང༔ ཞིང་ཁམས་རྣམ་པར་དག་པ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་མཎྜལ་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་མཎྜ་ལ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ངན་འགྲོ་ལོག་པའི་སྒྲ་ངན་སྤང་ཕྱིར་དང༔ ཚངས་པའི་གསུངས་དབྱངས་སྙན་ཐོབ་བྱ་བའི་ཕྱིར༔ བདག་གིས་ཁྱེད་ལ་སིལ་སྙན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཤབྡ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་འབུལ༔ བརྒྱད་པ་བསྟོད་པ་འབུལ་བ་ནི༔ ཧཱུྃ༔ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པས༔ ནམ་མཁའ་ལྟ་བུར་ཁྱབ་པའི་སྐུ་མངའ་བ༔ ཐུགས་རྗེ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ༔ སྐུ་ཡི་གཟི་བརྗིད་ཉི་མ་སྟོང་ལས་ལྷག༔ རིན་ཆེན་གསེར་གྱི་མཆོད་སྡོང་ལྟ་བུ་ཡི༔ འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཞེས༔ འདས་པའི་དུས་ནས་མངོན་པར་སངས་རྒྱས་ཀྱང༔ ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་འཛིན་པའི༔ འགྲོ་འདུལ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ སྟོང་ཉིད་ཆོས་སྒྲས་འཇིག་རྟེན་ལྟ་ངན་འཇོམས༔ མ་རྟོགས་ལོག་རྟོག་ཐེ་ཚོམ་བསལ་མཛད་དེ༔ བདག་མེད་བྱང་ཆུབ་རྡོ་རྗེའི་ལམ་སྟོན་པ༔ ཆོས་སྒྲག་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་བསྟོད༔ བློ་གྲོས་རབ་མཆོག་དཔག་མེད་བསམ་ཡས་ཀྱིས༔ རྣམ་དག་ཆོས་ཀྱི་དབྱིངས་ལས་རོལ་མཛད་ཅིང༔ ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ༔ ཀུན་མཁྱེན་ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད༔ མཚན་གྱི་མེ་ཏོག་རབ་ཏུ་རྒྱས་པ་ལ༔ དཔེ་བྱད་བཟང་པོའི་འབྲས་བུ་ཆགས་མཛེས་སྐུ༔ གང་གིས་མཐོང་ཐོས་འདོད་པའི་དོན་རྫོགས་པའི༔ མཚན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་བསྟོད༔ འགྲོ་བ་རྒྱུ་དྲུག་འཁོར་བའི་དཀྱིལ་འཁོར་ན༔ སྡུག་བསྔལ་རྒྱ་མཚོར་བྱིང་བའི་སེམས་ཅན་རྣམས༔ ཐུགས་རྗེའི་ཐབས་ཀྱིས་མྱུར་དུ་འདྲེན་པ་ཡི༔ ཐོགས་མེད་མཐུ་སྟོབས་ལྡན་ལ་ཕྱག་འཚལ་བསྟོད༔ སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར༔ འཇིག་རྟེན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༔ ཆགས་པས་མ་གོས་པདྨ་ལྟར་གནས་པའི༔ ཡེ་ནས་རྣམ་དག་ཁྱོད་ལ་ཕྱག་འཚལ་བསྟོད༔ དགུ་པ་ནང་དུ་རྒྱལ་སྲིད་སྣ་བདུན་འབུལ་བ་ནི༔ ཧཱུྃ༔ ཡིད་འོང་དབྱིབས་ལེགས་ལྟེ་བ་རབ་ཏུ་མཛེས༔ མུ་ཁྱུད་རྩིབས་སྟོང་འཁོར་ལོ་རིན་ཆེན་འདི༔ འགྲོ་ཀུན་སྲིད་པའི་སྡུག་བསྔལ་བཅད་བྱའི་ཕྱིར༔ བདག་གིས་འཁོར་ལོ་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཙཀྲ་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ དགོས་འདོད་རྒྱ་ཆེན་བདེ་ལེགས་འབྱུང་བའི་དཔལ༔ ཡོན་ཏན་དཔག་མེད་ནོར་བུ་རིན་ཆེན་འདི༔ འགྲོ་ཀུན་འབྱོར་པ་ཕུན་སུམ་ཚོགས་བྱའི་ཕྱིར༔ བདག་གིས་ནོར་བུ་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་མ་ཎི་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ གཟུགས་མཛེས་སྒེག་ཅིང་འགྱིངས་ལྡན་བལྟ་ན་སྡུག༔ ཤེས་རབ་རིག་མ་བཙུན་མོ་རིན་ཆེན་འདི༔ འགྲོ་ཀུན་ཆོས་དབྱིངས་ཡེ་ཤེས་རྟོགས་བྱའི་ཕྱིར༔ བདག་གིས་བཙུན་མོ་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཝརྟི་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ བློ་གྲོས་རབ་རྒྱས་དྲན་པའི་འོད་ཟེར་འགྱེད༔ སྣ་ཚོགས་སྒྱུར་མཛད་བློན་པོ་རིན་ཆེན་འདི༔ འགྲོ་ཀུན་ཕྲིན་ལས་དཔག་མེད་བསྒྲུབ་བྱའི་ཕྱིར༔ བདག་གིས་བློན་པོ་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨིཊྚ་ར་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ སྟོབས་ཆེན་ལུས་རྒྱས་གོ་མཚོན་རྒྱན་གྱིས་བརྒྱན༔ གདུལ་དཀའི་དཔུང་འཇོམས་དམག་དཔོན་རིན་ཆེན་འདི༔ འགྲོ་ཀུན་ཉོན་མོངས་དགྲ་རྣམས་གཞོམ་བྱའི་ཕྱིར༔ བདག་གིས་དམག་དཔོན་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྷུ་ཤ་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ ལུས་ཆེ་སྟོབས་རྩལ་མཆེ་བ་རབ་ཏུ་རྣོ༔ ཐེག་ཆེན་ཡངས་པའི་གླང་པོ་རིན་ཆེན་འདི༔ འགྲོ་ཀུན་ཐེག་པ་མཆོག་གི་དོན་རྟོགས་ཕྱིར༔ བདག་གིས་གླང་པོ་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎྀ་ཀ་ཧསྟི་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ གཟུགས་མཛེས་ཤུགས་དྲག་མགྱོགས་པར་འགྲོ་བ་ཡི༔ ཡིད་འོང་ཅང་ཤེས་རྟ་མཆོག་རིན་ཆེན་འདི༔ འགྲོ་ཀུན་སངས་རྒྱས་ཞིང་དུ་བགྲོད་བྱའི་ཕྱིར༔ བདག་གིས་རྟ་མཆོག་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་གྷོ་ར་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ བཅུ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གང་གི་བྱིན་རླབས་འོད་ཟེར་རབ་འཕྲོས་པས༔ བདག་སོགས་རྨོངས་པ་མ་ལུས་ཐམས་ཅད་ཀྱི༔ སྙིང་གི་མུན་པ་མ་ལུས་སེལ་མཛད་པ༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་གསུམ་བདག་ཉིད་མཁྱེན་ལྡན་བདེ་བར་གཤེགས༔ ཞི་བ་ཆགས་བྲལ་དུས་གསུམ་དམ་པའི་ཆོས༔ ལྷ་མིའི་མཆོད་འོས་ཚོགས་མཆོག་དགེ་འདུན་ཏེ༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱ་ཆེ་རབ་ཟབ་ཆོས་དབྱིངས་རྒྱ་མཚོ་ལས༔ རིན་ཆེན་མཆོག་བརྙེས་བདེར་གཤེགས་པདྨའི་ཞལ༔ གསུང་མཆོག་རྡོ་རྗེ་ཐམས་ཅད་མཁྱེན་པའི་གཙོ༔ རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ འཁོར་བའི་སྐྱོན་བྲལ་པདྨ་དག་པའི་སྐུ༔ མཚན་དཔེ་རབ་རྒྱས་ཉི་མ་འབུམ་བས་བརྗིད༔ རིན་ཆེན་སྣ་ཚོགས་དར་གྱི་ན་བཟའ་མཛེས༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྤྲིན་བསྡུས་ཤིང༔ གསུང་དབྱངས་འབྲུག་སྒྲ་ཡངས་པས་འགྲོ་རྣམས་ལ༔ བདུད་རྩི་ཆོས་ཀྱི་ཆར་ཆེན་འབེབ་མཛད་པའི༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རོ་གཅིག་པ༔ ཞི་བ་སྤྲོས་མེད་འོད་གསལ་འདུས་མ་བྱས༔ མཁའ་ལྟར་དག་པའི་ཡེ་ཤེས་ཐུགས་མངའ་བ༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་གྱི༔ རིན་ཆེན་ལྟ་བུར་དགོས་འདོད་ཐམས་ཅད་འབྱུང༔ ཀུན་གྱི་དཔལ་མགོན་ཡོན་ཏན་རེ་བ་སྐོང༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཇིག་རྟེན་གསུམ་མགོན་འགྲོ་བའི་གཉེན་གཅིག་པུ༔ སྔོན་གྱི་ཐུགས་དམ་ཡལ་བར་མི་འདོར་ཞིང༔ གང་ལ་ཅི་འདུལ་ཕྲིན་ལས་ཐོགས་མེད་པའི༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚེ་དང་ཡེ་ཤེས་དབྱིངས་ཀྱི་རང་བཞིན་ལས༔ འགྲོ་ཀུན་འཆི་མེད་བདེ་བའི་ལམ་ལ་བཀོད༔ ས་བཅུའི་མགོན་པོ་ཀུན་གྱི་མགོན་གྱུར་པ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཕྱོགས་བཅུའི་ཁྲོ་བོ་ཀུན་གྱི་ཆེ་བཙན་འབར༔ བདུད་དང་གཤིན་རྗེ་ཀུན་གྱི་གཤེད་གྱུར་པ༔ རྡོ་རྗེ་ཁྲོ་བོས་གདོན་རྣམས་བརླག་པར་བྱེད༔ ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁམས་གསུམ་འཁོར་བའི་སེམས་ཅན་སྡུག་བསྔལ་མཚོར༔ བྱིང་ཞིང་རིགས་དྲུག་ལས་ལ་སྤྱོད་པ་རྣམས༔ འཁོར་བའི་མཚོ་ལས་བསྒྲལ་ནས་བདེ་བར་འདྲེན༔ འཁོར་བ་དོང་སྤྲུགས་ཐུགས་རྗེ་ཅན་ལ་བསྟོད༔ ཧཱུྃ༔ ལྷ་དང་ལྷ་མིན་མི་ཡི་གནས་ཀུན་དང༔ དུད་འགྲོ་ཡི་དྭགས་དམྱལ་བའི་ཞིང་རྣམས་སུ༔ སྙིང་རྗེའི་སྐུ་མངའ་འགྲོ་བའི་སྡུག་བསྔལ་སྐྱོབ༔ རིགས་དྲུག་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་ཅན་ལ་སྙིང་རྗེས་རབ་ཁྲོས་པས༔ བདུད་བཞི་དཔུང་བཅོམ་དཔའ་བོ་རྟ་མཆོག་སྐུ༔ གར་གྱི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དུས་གསུམ་རྒྱལ་བའི་ཡུམ༔ ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་བསྒྱུར་བའི༔ བདེ་ཆེན་དག་པའི་གནས་སུ་འདྲེན་མཛད་པའི༔ ལྷ་མོ་རིག་བྱེད་མ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚོགས་གཉིས་ཕུལ་ཕྱིན་ཡོན་ཏན་རྒྱ་མཚོ་བརྙེས༔ འགྲོ་ཀུན་དབུལ་བའི་ཕོངས་པ་བསལ་བྱེད་པའི༔ རྒྱལ་བ་རིན་ཆེན་མང་པོ་སྐུ་མཆོག་ཆེ༔ རྣམ་མང་ཐོས་སྲས་བུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྲིན་པོའི་གཟུགས་ཀྱིས་གདུག་པ་གདུལ༔ ཚར་གཅོད་བྱང་ཆུབ་སེམས་དཔའ་ཆེ༔ གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པའི༔ གཏུམ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འདས་དང་མ་འོངས་ད་ལྟར་བཞུགས་པ་ཡི༔ དུས་གསུམ་བདེར་གཤེགས་འགྲོ་མགོན་ཕྱོགས་བཅུ་ཡི༔ རྒྱལ་བ་སྲས་བཅས་དེ་དག་ཐམས་ཅད་ལ༔ སྒོ་གསུམ་དང་བས་བཏུད་དེ་བསྟོད་པར་བགྱི༔ ཧཱུྃ༔ དམ་ཚིག་ཅན་གྱི་རྒྱལ་པོ་ཆེན་པོ་བཞི༔ སྒོ་བཞི་སྐྱོང་ཞིང་དགྲ་བགེགས་ཚར་གཅོད་བྱེད༔ དཔལ་མགོན་བདུན་ཅུ་གཙང་མ་རིས་ཀྱི་ལྷ༔ འཁོར་དང་བཅས་ལ་མཆོད་ཅིང་བསྟོད་པར་བྱ༔ ཞེས་བསྟོད་པར་བྱའོ༔ བཅུ་གཅིག་པ་འཛབ་བཟླ་བ་ནི༔ འཛབ་དགོངས༔ འཛབ་དབྱངས༔ མཆོད་བསྟོད་ལས་སྦྱོར་རིམ་པའོ༔ འདི་ཡི་དགོངས་པ་ནི༔ སྔོན་གུ་རུ་པདྨ་རྒྱལ་པོ་མེ་ཏོག་ལས་སྐུ་འཁྲུངས་པའི་ཚེ༔ ཌཱ་ཀི་གསང་བ་ཡེ་ཤེས་ལ་ཌཱ་ཀི་འབུམ་ཕྲག་དུ་མ་བཅས་པ་པད་སྡོང་ལ་བསྐོར་ནས༔ པདྨའི་ཡན་ལག་རླུང་གིས་བསྐྱོད་པའི་རྟ་ལ་བསྐྱོན་ནས་དགོངས་པ་གསལ་གདབ་པ་དང༔ བུང་བས་མེ་ཏོག་གི་བཅུད་ལེན་པའི་ཚུལ་གྱིས་འཛབ་བཟླས་པ་དང༔ མཚོ་ཆེན་རླབས་གཡོས་པའི་ཚུལ་གྱིས་ལས་ལ་སྦྱར་བའོ༔ དང་པོ་ནི༔ ཧྲཱི༔ བླ་མ་དཀོན་མཆོག་ཐུགས་རྗེ་ཅན་རྣམས་ལ༔ བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་བསྐྱེད་བདག་གིས་བཟུང་ནས་ཀྱང༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྐྱབས་སེམས༔ དགོངས་པ་ལྷར་གསལ་བ༔ ཧྲཱི༔ སྟོང་ཉིད་སྙིང་རྗེའི་ངང་ལས་རང་བྱུང་བ༔ ཡེ་ཤེས་འོད་ལྔ་འབར་བའི་གཞལ་ཡས་དབུས༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་སྐུ༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གསལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞལ་གཅིག་ཕྱག་བཞི་སྐུ་བཞི་ལྷུན་གྱིས་གྲུབ༔ སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་འདྲ༔ ཐལ་སྦྱར་ཕྲེང་བ་པདྨ་སྐྱིལ་ཀྲུང་བཞུགས༔ རྒྱན་དང་སྤྲུལ་པ་འགྲོ་བའི་འདོད་དགུར་སྒྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྤྱི་གཙུག་བླ་མ་སྣང་བ་མཐའ་ཡས་བཞུགས༔ རྟ་མགྲིན་དབང་ཆེན་ཐུགས་ཀར་ཉོན་མོངས་འཇོམས༔ ཡི་གེ་དྲུག་མ་ཡེ་ཤེས་དབྱིངས་ཀྱི་ཡུམ༔ ཐབས་དང་ཤེས་རབ་སྲས་དང་སྲས་མོ་གསལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཕྱོགས་དང་ཕྱོགས་མཚམས་མགོན་པོ་ཚེ་དཔག་མེད༔ མི་གཡོ་དོང་སྤྲུགས་རིགས་དྲུག་སྤྱན་རས་གཟིགས༔ རྟ་མགྲིན་རིག་བྱེད་ཛམ་ལ་མགོན་པོར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཚོགས་མ་ལུས་རྣམས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ པད་འདབ་དྲུག་ལ་རིག་སྔགས་འབྲུ་དྲུག་པོ༔ མུ་ཁྱུད་ཡེ་ཤེས་རང་མདངས་ཁ་དོག་ལྔ༔ གསོལ་འདེབས་བདག་གི་ལུས་ངག་ཡིད་གསུམ་ལ༔ ཡེ་ཤེས་རྣམ་པ་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐམས་ཅད་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྷ་ཚོགས་འདིར་གཤེགས་བརྟན་པར་བཞུགས༔ ཕྱི་ནང་གསང་བའི་ཕྱག་མཆོད་གཏོར་ཚོགས་བཞེས༔ དམིགས་མེད་ཡོངས་སྒྲོལ་འགྲོ་དོན་ལྷུན་རྫོགས་ཤོག༔ ྈྈ དེ་ནས་མེ་ཏོག་བཅུད་ལེན་གྱི་བཟླས་པ་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བདག་གི་སྤྱི་བོ་མགྲིན་པ་སྙིང་ག་ནས༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་འབྲུ་གསུམ་གནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ལས༔ ཁམས་གསུམ་ཡོངས་སྒྲོལ་སྐུ་གསུམ་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་ཀྱི་པདྨ་འདབ་དྲུག་ལྟེ་བ་ལ༔ ཡང་སྙིང་སྲོག་གི་ས་བོན་ཡི་གེ་ཧྲཱི༔ འོད་ཟེར་ཡར་འཕྲོས་རྒྱལ་བ་རྒྱ་མཚོ་མཉེས༔ འོད་ཟེར་མར་འཕྲོས་འཁོར་བ་དོང་སྤྲུགས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡང་སྙིང་ཧྲཱིཿལས་ཡི་གེ་དྲུག་གིས་བསྐོར༔ འོད་ཟེར་འཕྲོས་པས་རིགས་དྲུག་གནས་སུ་ཕོག༔ འགྲོ་བ་རིགས་དྲུག་སྡུག་བསྔལ་ཞི་བར་མཛད༔ ཉོན་མོངས་དྲུག་སངས་ཡེ་ཤེས་རྒྱས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལས་སྦྱོར་ལམ་ཁྱེར་ཆུ་རླབས་ལྟ་བུའི་དབྱངས་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྣང་བ་ཐམས་ཅད་ཡེ་ནས་རང་གི་སེམས༔ སེམས་ཉིད་གང་ཡང་མ་གྲུབ་སྟོང་པ་ཉིད༔ གཉིས་མེད་སྤང་བླང་མེད་པ་བདེ་བ་ཆེ༔ ཡིད་དཔྱོད་བློ་འདས་དགོངས་པ་ཤར་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྣང་བ་ཐམས་ཅད་སྣང་སྟོང་སངས་རྒྱས་སྐུ༔ སྒྲ་གྲགས་ཐམས་ཅད་གྲགས་སྟོང་ཆོས་ཉིད་གསུང༔ དྲན་རྟོག་ཐམས་ཅད་བདེ་སྟོང་ཡེ་ཤེས་ཐུགས༔ གཉིས་མེད་ཞི་བ་སངས་རྒྱས་ཐོབ་པར་ཤོག༔ ྈྈ ཅེས་མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་གི་མཆོད་ཕྲེང་བྲམ་ཟེའི་ལུགས་སུ་བཀོད་པ་ཚོགས་གཉིས་རྒྱ་མཚོ་ཞེས་བྱ་བ༔ པདྨ་རྒྱལ་པོས་སྦྱར་བ་རྫོགས་སོ༔ གྷུ་ཧྱེ༔ ྈྈ རྗེས་ཀྱི་རིམ་པ་ནི་ཚོགས་མཆོད་ལས་ཤེས་སོ༔ ཚོགས་མཆོད་མི་བྱེད་ན་རྗེས་འདི་ཡིས་བསྡུ་བའོ༔ དང་པོ་བཤགས་པ༔ གཉིས་པ་བཀྲ་ཤིས༔ གསུམ་པ་དལ་བསྡུ་བའོ༔ དང་པོ་ནི༔ ཨོཾ༔ གང་ཡང་བདག་བློ་གཏི་མུག་པས༔ ལེགས་སྤྱད་འདི་ལ་ཉེས་པ་གང༔ ཐུགས་དང་འགལ་བ་གང་བགྱིས་པ༔ འགྲོ་མགོན་ཁྱེད་ལ་བཟོད་པར་གསོལ༔ ཅེས་ཡིག་བརྒྱ༔ དབྱངས་གསལ༔ རྟེན་འབྲེལ་སྙིང་པོ་རྣམས་བརྗོད༔ གཉིས་པ་བཀྲ་ཤིས་ནི༔ ཨོཾ༔ བཀྲ་ཤིས་དང་པོ་བྱང་ཆུབ་ཐུགས་བསྐྱེད་པས༔ བྱང་ཆུབ་སེམས་མཆོག་ཆོས་དབྱིངས་མཁའ་ལྟར་དག༔ ཀུན་ཁྱབ་སྟོང་ཉིད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སེམས་ཅན་སངས་རྒྱས་ཤོག༔ བཀྲ་ཤིས་གཉིས་པ་ས་བཅུའི་ལམ་ལ་གནས༔ ཐུགས་རྗེ་ཆེན་པོའི་སྙིང་རྗེ་ཉི་མ་ཤར༔ ཐེག་པ་མཆོག་གི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སྨོན་འཇུག་མཐར་ཕྱིན་ཤོག༔ བཀྲ་ཤིས་གསུམ་པ་གསང་སྔགས་ཆོས་སྒྲ་སྒྲོག༔ ཐེག་ཆེན་སྤྲིན་ཕུང་ནམ་མཁའི་ཁམས་ཀུན་ཁྱབ༔ བསྐྱེད་རྫོགས་ཆོས་ཆར་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སྨིན་གྲོལ་མཐར་ཕྱིན་ཤོག༔ བཀྲ་ཤིས་བཞི་པ་ཚད་མེད་བཞི་ཡི་ལམ༔ ཕྲིན་ལས་རྣམ་བཞིའི་རྩི་བཅུད་རྒྱས་པ་ཡིས༔ བསྡུ་བ་བཞི་ཡི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སྐྱེས་བཞི་གྲོལ་བར་ཤོག༔ བཀྲ་ཤིས་ལྔ་པ་ཡེ་ཤེས་ལྔ་ཡི་འོད༔ རིགས་ལྔའི་སངས་རྒྱས་འབྲས་བུ་མངོན་གྱུར་པའི༔ སྐུ་ལྔ་ལྷུན་གྲུབ་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་ཉོན་མོངས་ལྔ་གྲོལ་ཤོག༔ བཀྲ་ཤིས་དྲུག་པ་ཡི་གེ་འབྲུ་དྲུག་ཤར༔ ཐུགས་རྗེ་དྲུག་གིས་འགྲོ་དོན་མཐར་ཕྱིན་པས༔ རིགས་དྲུག་བདེ་བའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་འཁོར་བ་དོང་སྤྲུགས་ཤོག༔ ཅེས་བྱའོ༔ གསུམ་པ་དལ་བསྡུ་ཞིང་རྒྱུན་སྤྱོད་བྱ་བ་ནི༔ ཧོ༔ ཆོས་དབྱིངས་མཁའ་ལ་སྙིང་རྗེའི་དཀྱིལ་འཁོར་ཤར༔ འཇིག་རྟེན་དབང་ཕྱུག་འཁོར་བ་དོང་ནས་སྤྲུགས༔ འགྲོ་དོན་མཐར་ཕྱིན་ཐིག་ལེ་གཅིག་ཏུ་གྱུར༔ ཐིག་ལེ་མི་དམིགས་མཚན་མ་བྲལ་བར་བཞག༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ ལམ་ཁྱེར་ནི༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ལས་ཕྱི་སྣོད་གཞལ་ཡས་ཁང༔ མ་ལས་ནང་བཅུད་ལྷ་ཡི་ཚོགས༔ ཎི་ལས་སྒྲ་གྲགས་ཡི་གེ་དྲུག༔ པད་ལས་དྲན་རྟོག་ཕྱག་རྒྱ་ཆེ༔ མེ་ལས་ཕྲིན་ལས་འགྲོ་དོན་རྫོགས༔ ཧཱུྃ་ལས་ཆོས་ཀུན་རྫོགས་པ་ཆེ༔ འགྲོ་བ་འདྲེན་པའི་དཔལ་དུ་ཤར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ༔ྈ ལྷ་མིན་ྈ ནྲིའི་རྒྱ༔ྈ ཡི་རྒྱ༔ནརར་རྒྱ༔ བདག་སྟག་ཤམ་པས་ཆུ་ལུག་ལ་འདོང་ཆུ་ནས་གདན་དྲངས་པའོ། །མངྒ་ལཾ།། །།
ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་མཆོག་བྱིན་གྱིས་བརླབ་ཅིང་བསྐྱེད་པ་ (Volume 31, Text 35)
ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་མཆོག་བྱིན་གྱིས་བརླབ་ཅིང་བསྐྱེད་པ་ནི། སྲས་ཕུར་གུ་གུལ་གྱིས་བདུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་ཨ་དྷིཥྛ་མུག་མུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུྃ་ཕཊ། ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། རཀྟ་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜ་ལ་མཎྜ་ལ་རཀྴ་རཀྴ་དགྲ་བགེགས་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ། གདུག་པ་ཅན་རྣམས་ལ་ཐུགས་འཁྲུགས་ཤིང་ཁམས་གསུམ་གྱི་འགྲོ་བ་ལ་རྗེས་སུ་ཆགས་པར་གྱུར་པར་བསམ་ལ་ཕུར་སྟེགས་སུ་བཞག །བདག་ཉིད་དཔལ་ཆེན་པོར་གསལ་བའི་ལག་པ་གཡས་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོ་གཡོན་པར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་མཱུཾ་དམར་པོ། གཡས་ཀྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་སྲན་མ་བཀས་པ་ཙམ་ལྔའི་སྟེང་དུ་ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། གཡོན་གྱི་སོར་མོ་ལྔ་ལ་ཉི་མའི་དཀྱིལ་འཁོར་སྲན་མ་བཀས་པ་ཙམ་ལྔའི་སྟེང་དུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཡིག་འབྲུ་རྣམས་འོད་དུ་ཞུ་བ་ལས་ཕྱག་མཚན་ལྔར་གྱུར། དེ་ལས་རིགས་ལྔ་ཡབ་ཡུམ་བཅུར་ལམ་གྱིས་གསལ་བར་གྱུར། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་ཕུར་བུ་སྟོང་པར་སྦྱང་། ས་མ་ཡ་ཧོཿཞེས་ཡབ་རྣམས་ཀྱིས་བསྐུལ། ས་མ་ཡ་སཏྭཾ་ཞེས་ཡུམ་རྣམས་ཀྱིས་བསྐུལ། ཐལ་མོ་ཀ་པུ་ཏས་ཕུར་བུ་བཟུང་། བཛྲ་ཨཉྫ་ལི། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཕུར་པ་དཀར་ལྟེམ་གྱིས་ཞུ་ནས་ཡི་གེ་ཧཱུྃ་མཐིང་གར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛཿ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ཁྲོ་བོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་ཕུར་བུ་དང་གཡོན་ལྕགས་ཀྱུ་བསྣམས་པ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་རྣོ་དབལ་ངར་དང་ལྡན་པ། མགར་གྱི་སོལ་མེ་ནས་བཏོན་པ་ལྟ་བུ་མེ་ཡི་ཚྭ་ཚྭ་འཕྲོ་བ། དེའི་རྒྱ་མདུད་གོང་མ་ལ་ཧཱུྃ་ཀཱ་ར། བཅུམ་གཞོག་བརྒྱད་ལ་ཁྲོ་བོ་བརྒྱད། རྒྱ་མདུད་འོག་མ་ལ་སྟོབས་པོ་ཆེ་སྟེ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང་བཅས་པ། རྒྱ་མདུད་འོག་མའི་ལོགས་བཞི་ལ་སྒོ་མ་བཞི། ཆུ་སྲིན་གྱི་འོག་ཏུ་སྐྱེས་བུ་གིང་བཞི། དབལ་གསུམ་ལ་ཕུར་སྲུང་བཅུ་གཉིས་རྣམས་གསལ་བར་གྱུར། བདག་དང་སྲས་མཆོག་གི་བ་སྤུའི་བུ་ག་ཐམས་ཅད་ཀྱང་ཁྲོ་ཆུང་མཐིང་ནག་ནས་ཙམ་པ་ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་ཐོགས་ཤིང་ཞལ་གདངས་མཆེ་བ་གཙིགས་པ། ཀཱི་ལ་ཡ་ཡི་སྒྲ་དི་རི་རི་སྒྲོག་པས་བར་མཚམས་མེད་པར་གཏམས་པར་གྱུར། ཚུལ་འདི་ཕུར་པའི་ཟབ་གནད་ཐུན་མིན་དུ་སོང་གཤིས་ཕུར་པའི་ལས་བྱང་ཕལ་མོ་ཆེར་དཀྱུས་སུ་མ་བསྟན་པར་གུད་དུ་སྦས་པའི་དབང་གིས། དུས་ཞབས་ཀྱི་མཐོང་གྱེར་མཁན་པོ་འགའ་ཡིས་འདི་སྦྱོར་དགོས་པ་ཙམ་ཡང་རྣ་བས་མ་ཐོས་པར་སྣང་བས་པྲ་ཁྲིད་ལས་ཁོལ་དུ་ཕྱུང་པ་ཡིན་པས། ཕུར་པའི་རྣལ་འབྱོར་དུ་རློམས་པ་དག་གིས་རྩ་བའི་དོན་འདི་དོར་བར་མ་བྱེད་ཅིག །ཅེས་པའང་མན་ངག་ཟུར་འདེབས་འཇམ་མགོན་རྡོ་རྗེ་འཆང་གི་གསུངས་ལས་སོ།།
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་ཐུགས་རྗེའི་ཆུ་རྒྱུན་ (Volume 23, Text 35)
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་བརྒྱུད་པའི་གསོལ་འདེབས་ཐུགས་རྗེའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། རང་བྱུང་འགྱུར་མེད་བདེ་ཆེན་ཞིང་ཁམས་ན། །རིག་སྟོང་ཆོས་སྐུ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཀ་དག་གཞི་ཐོག་ཕེབས་པར་བྱིན་གྱིས་རློབས། །གྲུ་འཛིན་སྙིང་རྗེའི་འོད་ཀྱི་ལྡིང་ཁང་ན། །གསལ་སྟོང་ལོངས་སྐུ་སྤྱན་རས་གཟིགས་དབང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལྷུན་གྲུབ་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ལྷ་ལྡན་འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ན། །སྣང་སྟོང་སྤྲུལ་སྐུ་སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །རྒྱལ་ཀུན་རྡོ་རྗེའི་གསང་བ་གཅིག་བསྡུས་པ། །བདེ་སྟོང་འགྱུར་མེད་པད་འབྱུང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཆི་མེད་ཚེ་དབང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་སྲས་ནམ་སྙིང་རིག་པ་འཛིན་པའི་ཚུལ། །ཟབ་གཏེར་མངའ་བདག་ལས་འཕྲོ་གླིང་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདུད་བཞིའི་བར་ཆད་ཞི་བར་བྱིན་གྱིས་རློབས། །ལུང་ཟིན་ཆོས་བདག་རིག་འཛིན་མཚན་ཅན་དང་། །སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགྲོ་དོན་དཔག་མེད་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་བའི་གདུང་འཚོབ་པདྨ་ཀུན་དགའ་དང་། །བསམ་བཞིན་སྐུ་སྤྲུལ་ཕྲིན་ལས་དབང་འབྱུང་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྒྲིབ་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །སྦས་པའི་སངས་རྒྱས་ཤེས་རབ་གྲགས་པ་དང་། །རིམ་གཉིས་མཐར་སོན་བསྟན་འཛིན་དོན་གྲུབ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །འཁོར་ལོའི་མགོན་པོ་ཐེག་མཆོག་བསྟན་འཕེལ་དང་། །ཟབ་ཆོས་འཛིན་པའི་སྐྱེས་མཆོག་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བྱམས་དང་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །སངས་རྒྱས་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །ནམ་མཁའི་རྒྱལ་པོ་ཡི་གེ་དྲུག་མ་ཡུམ། །ནོར་འཛིན་གསང་འཛིན་རིགས་བདག་འོད་དཔག་མེད། །རིགས་ལྔ་ཡབ་ཡུམ་བཅོམ་ལྡན་ཐུབ་པ་དྲུག །བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་སོགས། །ཕྱི་ནང་གསང་བ་ཡང་གསང་དེ་བཞིན་ཉིད། །ངན་སོང་རང་གྲོལ་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོ་དང་། །བསྟན་སྐྱོང་དགེ་བསྙེན་རྣལ་འབྱོར་གྲོགས་མཛད་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་སྐྱེད་ལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས། །ཕྱི་རུ་རིགས་ལྔ་གངས་ཆེན་མཚོ་ཡི་ཞིང་། །འཕགས་པའི་སྐུ་དང་ཡིག་དྲུག་སྒྲ་ཡིས་ཁྱབ། །འོད་ཟེར་སྤྲོ་བསྡུས་ངན་སོང་དོང་སྤྲུགས་ཏེ། །དག་སྣང་ཆེན་པོའི་བསྐྱེད་རིམ་འབྱོང་བར་ཤོག །ནང་དུ་དུག་ལྔའི་རྟོག་པའི་འཕྲོ་འདུ་ཀུན། །ཡེ་ཤེས་ལྔ་ཡི་སྤྱན་རས་གཟིགས་སུ་ཤར། །རླུང་སེམས་ལྷ་སྐུས་འཁོར་བ་མ་སྟོངས་བར། །དོན་མཛད་རྫོགས་པའི་རིམ་པར་མངའ་བརྙེས་ཤོག །གསང་བར་འོད་ལྔའི་སྦུབས་སུ་འཁོར་འདས་ཐིམ། །གཉུག་མའི་སྒྲིབ་སངས་ཆོས་ཉིད་རང་ལུགས་སུ། །རང་གནས་རིག་པའི་གཤིས་ལ་རང་དབང་ཐོབ། །འཁྲུལ་གྲོལ་རྫོགས་པ་ཆེན་པོར་ལ་བཟླ་ཤོག །བདག་ཉིད་ཁོ་ནས་མཁའ་མཉམ་འགྲོ་བ་ཀུན། །མྱུར་དུ་བྱང་ཆུབ་ཆེན་པོར་འགོད་ནུས་པའི། །ཡེ་ཤེས་ཐུགས་རྗེའི་རྩལ་ཁ་ཕྱོགས་མེད་རྒྱས། །འཕགས་པའི་སྐུ་གསུང་ཐུགས་དང་མཉམ་གྱུར་ཤོག །འགལ་རྐྱེན་ཀུན་ཞི་ཚེ་བསོད་ཉམས་རྟོགས་འཕེལ། །ཡང་སྲིད་མེད་པར་བདེ་ལྡན་ཞིང་སྐྱེས་ནས། །རྒྱལ་བའི་ཡེ་ཤེས་མངོན་གྱུར་དེ་སྲིད་དུ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་པའང་ཡི་གེ་དྲུག་པའི་རྣལ་འབྱོར་ཙམ་པོ་བ་ཡོན་ཏན་རྒྱ་མཚོས་འདི་ཉིད་བསྙེན་པའི་ཐུན་མཚམས་སུ་མོས་པའི་བློས་འབྲེལ་འཇོག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།
སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་བརྒྱུད་འདེབས་བདེ་ཆེན་གྲུབ་སྟེར་ (Volume 15, Text 35)
སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་བརྒྱུད་འདེབས་བདེ་ཆེན་གྲུབ་སྟེར་ཞེས་བྱ་བ་བཞུགས་སོ། ཁྱབ་བདག་ཀུན་བཟང་རིགས་ལྔ་ཞི་དང་ཁྲོ། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །དཔལ་ཆེན་མངོན་གྲུབ་རིག་འཛིན་རྣམ་བརྒྱད་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །བཀའ་བབས་མི་དགུ་བསམ་གཏན་བདེ་ཆེན་གླིང་། །གསང་འཛིན་སྨུག་ནག་དབང་གི་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །རྩ་བརྒྱུད་བླ་མ་སྒྲུབ་པ་བཀའ་བརྒྱད་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །སྨིན་བྱེད་དབང་ཐོབ་དམ་ཚིག་རྣམ་པར་དག །ཕྱི་ནང་བསྐྱེད་པའི་ལྷར་སྣང་གསལ་ཞིང་བརྟན། །རིམ་པ་རྣམ་ལྔའི་རྫོགས་རིམ་ལ་བརྟེན་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་ཁྱབ་བདག་རིག་འཛིན་ཆེན་པོ་ཉིད་ཀྱིས་རྗེས་སུ་གནང་བ་ལྟར་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ། །།
ཡང་ཟབ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་བསྙེན་ཡིག་མདོར་དྲིལ་དུ་བཀོད་པ་ཟབ་གསལ་བདུད་རྩིའི་སྙིང་པོ་ (Volume 22, Text 35)
༄༅། །ཡང་ཟབ་རྒྱལ་བ་རྒྱ་མཚོའི་གདམས་པ་ཡེ་ཤེས་འོད་ཀྱི་སྙིང་པོའི་བསྙེན་ཡིག་མདོར་དྲིལ་དུ་བཀོད་པ་ཟབ་གསལ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཡི། །གསང་གསུམ་ཕྲིན་ལས་གཅིག་བསྡུས་པ། །གང་ལ་བཏུད་ནས་དེ་སྒྲུབ་ཐབས། །གསལ་བྱེད་སྙིང་པོར་དྲིལ་ཏེ་དགོད། །གངས་ཅན་ལྷ་གཅིག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་སྙིང་པོའི་ཡང་ཟབ་འཕྲད་པས་ཆོག་པའི་གདམས་ངག །ཐོས་པས་ཆོག་པའི་ཟབ་ལམ་འདི་ལ་དབང་བཞིའི་རིམ་པ་དང་འབྲེལ་བའི་བསྐྱེད་རྫོགས་ཀྱི་ལམ་རིམ་ཉུང་ལ་དོན་འདྲིལ་བ། ཟབ་ལ་གནད་དུ་འགྲོ་བའི་ཁྲིད་ཀྱི་རིམ་པ་བཞིར་བཞུགས་པའི་དང་པོ་བུམ་དབང་གི་ཡེ་ཤེས་བསྐྱང་བ་བསྐྱེད་རིམ་ལྷ་ཁྲིད་དང་རྗེས་སུ་འབྲེལ་བ་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་བཞི། ཕྱི་ནང་གསང་བ་ཡང་གསང་ངོ་། །དང་པོ་ཕྱི་སྒྲུབ་ལའང་གསུམ། བསྙེན་པ། སྒྲུབ་པ། ལས་ལ་སྦྱོར་བའོ། །དང་པོ་ནི། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། དབེན་པའི་གནས་སུ་གཡེང་བ་སྤངས་ཏེ་ཐོག་མ་ནས་རྣལ་འབྱོར་ལ་འཇུག་པས་ཆོག་ཅིང་འདི་སྐབས་བཤམ་བཀོད་ཀྱི་སྤྲོས་པ་ཆེར་མི་དགོས་ཀྱང་། ཐུན་མཚམས་གཏོར་འབུལ་གྱི་སླད་དུ་སྟེགས་བུའི་སྟེང་དུ་ཟླུམ་གཏོར་དམར་པོ་རྒྱན་ལྡན་དམ་རྫས་བཟའ་བཅས་བསྐོར་བའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། རྣམ་འཇོམས་དང་སྨེ་བརྩེགས་བཟླས་པའི་ཁྲུས་ཆུས་རང་ལུས་དང་གནས་ཁང་དག་པར་བྱ། སྟན་བདེ་བར་འཁོད་དེ་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་གཏང་། གཏེར་གཞུང་ལེའུ་དང་པོ་ལྟར་མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་ལ་ལས་བྱང་ལྟར་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ། ཡན་ལག་བདུན་གྱིས་ཚོགས་གསག །སྡོམ་པ་བཟུང་། ཚད་མེད་བཞིས་བློ་སྦྱང་། མངོན་རྟོགས་ཚིག་ལྷུག་གིས་རྟེན་བརྟེན་པའི་དཀྱིལ་འཁོར་དམ་ཚིག་པ་བསྐྱེད་ལ་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དབང་བསྐུར་ཅིང་རིགས་བདག་གིས་རྒྱས་གདབ། དེ་ནས་ཐོག་མར་བསྐྱེད་རིམ་གྱིས་ཏིང་ངེ་འཛིན་བསྒྲུབ་དགོས་པས་ལུས་གནད་བསྲང་། རླུང་རོ་ལན་གསུམ་བསལ། འོག་རླུང་ཅུང་ཟད་འཐེན། བར་རླུང་ལྟེ་བ་ཐད་ཀར་བརྒྱངས་ལ། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་སྐུའི་ཆ་ཤས་རེ་རེ་ནས་གསལ་གདབ། མཐར་སྐུ་ཡོངས་རྫོགས་ལ་སེམས་འཛིན། གསལ་སྣང་སྐྱེས་པའི་ཚེ་ཆུ་ཟླ་དང་འཇའ་ཚོན་གྱི་དཔེ་དང་སྣང་སྟོང་ཞེན་བྲལ་དུ་སྦྱང་། མི་གསལ་ན་བྲིས་སྐུ་མཚན་ལྡན་ལ་ཡིད་མིག་རྩེ་གཅིག་ཏུ་གཏད། དེ་ཉིད་ཡིད་ཡུལ་དུ་ཤར་བ་ན་རང་ཉིད་དེ་འདྲ་བའི་ལྷར་བསྒོམ། དེའང་རླུང་སེམས་ལྷ་སྐུ་གསུམ་རོ་གཅིག་པའི་ངོ་བོ་སྟོང་པ་ཉིད། རང་བཞིན་བདེ་བ་ཆེན་པོ། རྣམ་པ་ལྷ་སྐུ་གསལ་ལམ་མེར་ཤར་བ་ལ་སེམས་བཟུང་། བརྟན་པའི་ཉམས་སྐྱེས་པ་ན་རིམ་གྱིས་འཁོར་རྣམས་དང་། གཞལ་ཡས་ཁང་། སྲུང་འཁོར་མེ་རི་དང་བཅས་པ་ལ་གསལ་སྣང་བརྟན་པོར་བསྒྲུབ། རང་ཉིད་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ཡིན་པའི་ངེས་ཤེས་དང་ང་རྒྱལ་རྟག་ཏུ་བཟུང་། སྐབས་རེར་དག་པ་དྲན་པ་ནི། ཡེ་ཤེས་ཀྱི་དབྱིངས་ལ་མཚན་རྟོག་གི་སྤྲོས་པའི་ཞལ་ཕྱག་སོགས་མི་མངའ་ཡང་གདུལ་བྱ་དྲང་བའི་སླད་དུ་བརྡ་དང་རྟགས་སུ་ཤར་བ་སྟེ། མ་རྟོགས་པའི་འགྲོ་བ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར་པོ། ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ཞལ་གཅིག །བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་པ་བཞིའི་ཕྱག་བཞི། རྩ་ཕྱག་དང་པོས་ཆོས་སྐུ་མཚོན་པའི་རྡོ་རྗེ། གཡས་འོག་མས་ལོངས་སྐུ་ཕྲེང་བ། གཡོན་འོག་མས་སྤྲུལ་སྐུ་པདྨ་དམར་པོ། ཞབས་གཉིས་བདེན་གཉིས་ཟུང་འཇུག །ཡེ་ཤེས་དང་ཡོན་ཏན་ཚད་མེད་པ་རྣམས་རྒྱན་གྱི་རྣམ་པར་ཤར་བ་དང་། བདེ་སྟོང་འདུ་འབྲལ་མེད་པས་ཡུམ་དང་སྦྱོར་བ། འཁོར་གྱི་རིགས་བཞི་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞི། སྒོ་སྐྱོང་མཁའ་འགྲོ་ཚད་མེད་བཞི། གཞལ་མེད་ཁང་བྱང་ཆུབ་ཕྱོགས་ཆོས་སོ་བདུན། འོད་གསལ་མི་ཤིགས་པ་རྡོ་རྗེའི་སྲུང་འཁོར། ཡེ་ཤེས་ཀྱི་རང་རྩལ་ཀུན་ཏུ་འཕྲོ་བའི་མེ་འོད་ཀྱི་རྣམ་པར་ཤར་བའི་དོན་དྲན་པས་ཀུན་བརྟགས་རང་རྒྱུད་པར་ཞེན་པའི་འཛིན་པ་ལྡོག །སྐབས་སུ་སྣང་སྲིད་དག་པ་རབ་འབྱམས་གང་སྣང་ལྷ་སྐུར་འཆར་བ་ལ་རྩལ་སྦྱང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས་ཏེ་བོགས་འདོན། དེ་ཐམས་ཅད་རང་གི་རིག་པ་སྐད་ཅིག་མའི་ངོ་བོར་བཟུང་སྟེ་ལ་བཟླ། དེ་ལྟར་ཡང་ཡང་གོམས་པས་བསྐྱེད་རིམ་གསལ་བ་གསུམ་ལྡན་གྱི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་དྲོད་ཐོབ་པ་ཡིན་ནོ། །བསྐྱེད་པའི་ཡན་ལག་ཏུ་བཟླས་བརྗོད་བྱ་བ་ལ། བཟླས་པའི་གཞི་གསལ་གདབ་པ་དང་འཕྲོ་འདུའི་དམིགས་པ་གཞུང་གསལ་ལྟར་ལ། ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་ཏེ་ཡབ་ཡུམ་འཁོར་སྔགས་རྣམས་སྦྲེལ་བའི་བཟླས་པ་འབུམ་ཕྲག་བཞིའམ། རྒྱས་པར་འགྲུབ་ན་འབུམ་ཕྲག་བཅུ་དྲུག་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ཁ་བསྐངས་ལ་གཏོར་མ་འབུལ། མཆོད་བསྟོད་ལས་བྱང་ལྟར་རྒྱས་བསྡུས་གང་འགྲུབ་དང་། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང༔ སོགས་ཀྱིས་འདོད་དོན་གསོལ་ནས་གཏོར་མགྲོན་རང་ལ་བསྟིམ། ཕྲིན་ལས་ཀྱི་གཤམ་ནས་འབྱུང་བ་ལྟར་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་། བསྔོ་སྨོན་དང་ཤིས་བརྗོད་བྱས་ལ་ཐུན་མཚམས་ཀྱི་རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུའང་ལྷ་སྔགས་ཡེ་ཤེས་ཀྱི་སྣང་བ་དང་མི་འབྲལ་བའི་དྲན་པ་ཡེངས་མེད་དུ་བསྟེན་ནོ། །གཉིས་པ་སྒྲུབ་པ་ནི། བསྙེན་པ་རྒྱས་བསྡུས་གང་རུང་གྲུབ་ནས་ཐོག་མར་རྟེན་བཤམ་པ་ནི། སྟེགས་གཙང་མའི་སྟེང་དཀྱིལ་འཁོར་རས་བྲིས་མཚན་ཉིད་དང་ལྡན་པ་བཀྲམ། མ་འབྱོར་ན་མཎྜལ་མེ་ཏོག་དམར་པོའི་ཚོམ་བུ་གཙོ་འཁོར་ལྔ། ཕྱོགས་བཞིར་བཞི་བཅས་བཀོད་པའི་དབུས་སུ་ཁྲིའུའི་ཁར་ཐོད་པ་མཚན་ལྡན་ནང་དུ་མྱོང་གྲོལ་རིལ་བུ་གཞུང་གསལ་ཚད་ལྡན་འདུ་བྱས་པ་བླུགས་པའི་ཁ་དར་དམར་གྱིས་བཀབ། དེ་སྟེང་མེ་ལོང་སིནྡྷུ་ར་བདལ་བ་ལ་སྙིང་པོའི་སྔགས་ཕྲེང་གཡས་སྐོར་དུ་བྲིས་པ་བཀོད། སྦ་ལྕག་ཚིགས་གསུམ་པའི་ནང་དུ་དར་དམར་ལ་གསེར་གྱིས་བྲིས་པའི་བསྙེན་སྒྲུབ་སྔགས་ཤམ་དུ། བདག་སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོགས་པ་མེད་པར་མྱུར་བ་ཉིད་དུ་བསྩལ་དུ་གསོལ། ལྟ་བུ་རྒྱས་བསྡུས་གང་འདོད་སྦྱར་བ་དང་། པདྨ་རཱ་ག་དངོས་སམ་མ་རྙེད་ན་རིན་པོ་ཆེ་དམར་པོའི་རིགས་ལ་གསེར་གྱིས་ཧྲཱིཿབྲིས་པ། དར་ཟབ་འབྲུ་སྨན་རིན་ཆེན་ཕྱེ་མ་དང་བཅས་པ་བཅུག །དར་དམར་པོའི་ཅོད་པན་བཏགས་ལ་ཐོད་པའི་མདུན་རྒྱབ་གང་རུང་དུ་གདན་ལ་བརྟན་པོར་གཟུག །མཐའ་སྐོར་དུ་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་རྣམས་ཀྱང་བཤམ། སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཚོགས་པར་བྱའོ། །ཐོག་མར་བརྒྱུད་འདེབས་འཕྲོས་དཀར་གཏོར་སྤྱི་འགྲོ་གཏང་ལ་གྲོགས་བཅོལ། ཕྲིན་ལས་ལམ་ཁྱེར་ལྟར་བགེགས་གཏོར་བསྔོས་ལ་བསྐྲད། སྲུང་འཁོར་མཆོད་རླབས་ནས་བརྩམ་སྔོན་འགྲོའི་རིམ་པ་རྣམས་བྱ། དངོས་གཞི་སྒྲུབ་ཐབས་ལྟར་དམ་ཚིག་པ་བསྐྱེད། ཡེ་ཤེས་སྤྱན་འདྲེན་ནས་བསྟོད་པ་དང་ཛཔ྄་ཀྱིས་ཐུགས་དམ་བསྐུལ་བའི་བར་ཕྲིན་ལས་ལྟར་བཏང་ལ་བཟླས་པའི་དམིགས་པ་བཅས་བཟླས་པ་ལ་འབད། གྲངས་ཚད་འབུམ་ཕྲག་བཞི་དགོས་སོ། །ཐུན་མཐར་ཁ་སྐོང་དང་། ཁྱད་པར་མཆོད་པ། ཧྲཱི༔ སྣང་སྟོང་བསྐྱེད་པའི་མཆོད་པ་འདི༔ སོགས་དང་། ཐུན་མོང་གཏོར་འབུལ། འདོད་དོན་གསོལ་བ་རྣམས་སྔར་ལྟར་བྱ། ཆོས་སྲུང་གཏོར་ཆོག་སྤྱི་འགྲོ་གཏང་། ཚོགས་མཆོད་ནས་བསྔོ་སྨོན་ཤིས་བརྗོད་བར་ཕྲིན་ལས་མཐར་དབྱུང་། དངོས་གྲུབ་ལེན་ཆོག་གྲོལ་ཉིན་བར་མི་དགོས། དཀར་བགེགས་ཐུན་དང་པོ་ལས་བསྐྱར་མི་དགོས་ཤིང་ཚོགས་མཆོད་རྒྱུན་དུ་འགྲུབ་དཀའ་བས་དུས་བཟང་རྣམས་སུ་ཅི་འགྲུབ་བྱའོ། །འདི་སྐབས་བདག་མདུན་དབྱེར་མེད་དུ་སྒྲུབ་པ་ཡིན་པས་ཛཔ྄་ཁང་དབྱེ་མི་དགོས་ཤིང་བཟླས་པའི་གྲངས་ཐེམས་ནས། ཐུན་མོང་གི་ལས་སྦྱོར་རིགས་དྲུག་གནས་སྦྱོང་སོ་སོའི་དམིགས་པ་བཅས་ཡིག་དྲུག་བརྒྱ་རྩ་རེའི་མཇུག་ཏུ་ཤམ་བུ་ཚར་རེ་བཏགས་ལ་རེ་རེ་བཞིན་ཡིག་དྲུག་འབུམ་ཕྲག་དང་སྔགས་ཤམ་སྟོང་ཕྲག་རེ་ཐེམས་པར་བྱ། དེ་ནས་འཁོར་བ་དོང་སྤྲུགས་ཀྱི་གཟུངས་རིང་སྟོང་ཕྲག་བདུན་བཟླ། འདི་སྐབས་སྣང་སྲིད་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པས་འཁོར་བ་དོང་ནས་སྤྲུགས་པར་མོས་པས་ཆོག །ཐུན་མཚམས་ཀྱི་བྱ་བ་སྔར་བཞིན་ནོ། །སྒྲུབ་པའི་བཟླས་གྲངས་ཐེམས་ནས་གྲོལ་རན་པ་དང་མཆོད་གཏོར་ཁ་གསོ། ཆོས་སྲུང་གཏོར་འབུལ་དང་ཚོགས་མཆོད་རྒྱས་པར་བྱ། རྗེས་ཆོག་མཆོད་བསྟོད་གྲུབ་ནས་དངོས་གྲུབ་བླང་ལ་བདུད་རྩི་མྱོང་། ནོངས་བཤགས་ནས་ཤིས་བརྗོད་བར་དཀྱུས་ལྟར་བྱའོ། །གསུམ་པ་ཁྱད་པར་གྱི་ལས་སྦྱོར་མྱང་གྲོལ་རིལ་བུ་སྒྲུབ་པ་ནི། རྟེན་སྔར་ནས་བཀོད་ཟིན་པས་གཏོར་མཆོད་རྣམས་གསར་དུ་བཤམ། སྒྲུབ་པའི་ཡུན་ཚད་ཞག་བདུན་དུ་གསུངས་པས་འབྱོར་པ་ཡོད་ན་སྒྲུབ་གྲོགས་ཁ་ཤས་དང་བཅས་པས་བསྙེན་རྒྱུན་ཁོར་ཡུག་ཏུ་བྱས་པས་དེ་ཙམ་གྱིས་ཆོག་པ་ཡིན་ཡང་། རང་ཉིད་ཁོ་ནས་གཅིག་སྒྲུབ་སྐབས་བདུན་ཕྲག་གཉིས་སམ་གསུམ་ཙམ་དུ་འཁྱོངས་ན་ཤིན་ཏུ་ལེགས། གང་ལྟར་ཕྲིན་ལས་གཏང་ལུགས་སྔར་ལྟར་ལ་ཉིན་དང་པོར་སྔོན་གཏོར་དཀར་བགེགས་བཏང་། བསྙེན་རྒྱུན་འགྲུབ་ན་ལས་བྱང་ཉིན་གསུམ་མཚན་གསུམ་དང་། གཅིག་སྒྲུབ་སྐབས་ཐུན་བཞི་བྱ། ལས་བྱང་གི་བསྟོད་པ་གྲུབ་ནས་མདུན་རྟེན་གྱི་གོ་སར་ཛཔ྄་ཁང་དབྱེ། བཟླས་པའི་ཐུགས་དམ་བསྐུལ་ལ་སྒྲུབ་པའི་དམིགས་བཟླས་ཁྱུག་ཙམ་བྱ། དངོས་གཞི། ཧྲཱི༔ རང་བྱུང་ལྷུན་གྲུབ་ཕོ་བྲང་དབུས༔ སོགས་ཐོད་པའི་དཀྱིལ་འཁོར་ལ་དམིགས་པའི་ཛཔ྄་དགོངས་བྱས་ལ་སྒྲུབ་སྔགས་མཐར་མྱང་གྲོལ་སྔགས་ཤམ་བཏགས་པ་ཐུན་རེ་ལ་སྟོང་ཕྲག་རེ་ལས་མི་ཉུང་བ་བཟླ། ཐུན་མཐར་གནད་ནས་བསྐུལ་བའི་སྔགས་ཤམ་བཏགས་པའང་བརྒྱ་རྩ་རེ་བཟླས་ལ། ཁ་སྐོང་དང་ཁྱད་པར་མཆོད་པ་གཏོར་འབུལ་འདོད་གསོལ་བཅས་བྱ། འདིར་དམིགས་གསལ་མ་གསུངས་ཀྱང་སྤྱི་ལྟར་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་བས་ཚོགས་སྒྲུབ་སྐབས་སུ་འབྱུང་བ་ལྟར་ལྕགས་ཧོམ་དུ་ལིངྒ་བཞག་ལ་འགུགས་གཞུག་ཕུར་གདབ་ཐུན་བྲབ་པ་བཅས་ཀྱིས་ཉུ་ལེ་བསྐྲད། དར་སྣའི་གཡབ་མོ་དང་སྤོས་བཏུལ་ལ་བྱིན་འབེབ་བྱས་པས་ཐུན་དང་པོ་གྲུབ། སླར་ཐུན་ལ་འཇུག་པ་སྲུང་འཁོར་གསལ་འདེབས་ཙམ་དང་མཆོད་རླབས་མན་ཆད་བསྐྱར། དགོང་མོ་སྲུང་མའི་གཏོར་ཆོག་གཏང་། རང་ཁོ་ནས་ཐུན་བཞི་བྱེད་སྐབས་སྲོད་ཐུན་གཤམ་དང་། ཉིན་མཚན་ཐུན་གསུམ་བྱེད་སྐབས་དགོང་ཐུན་དང་ཐོར་ཐུན་གཤམ་དུ་ཚོགས་མཆོད་རེའང་མ་ཆག་པ་དགོས་ཤིང་དེ་སྐབས་རྩ་གསུམ་སྤྱི་སྐོང་སོགས་སྐོང་བ་རྒྱས་བསྡུས་གང་རུང་རེའང་སྦྱར་དགོས། ལྷག་མ་བཙོན་འཛིན་བྱ་བ་ལས་ཕྱིར་མི་གཏང་། ཆད་བརྟན་རྟ་བྲོ་གྲོལ་ཉིན་བར་མི་དགོས་ཤིང་ཚོགས་མཆོད་རྗེས་སུ་མཆོད་བསྟོད་ནོངས་བཤགས་མདུན་རྟེན་ལ་བརྟན་བཞུགས་བསྡུ་བསྔོ་སྨོན་ཤིས་བརྗོད་པར་བྱ། གྲོལ་བའི་སྔ་ཉིན་ཞག་གཅིག་ཙམ་ལ་དངོས་གྲུབ་དབང་དུ་བྱ་བའི་སྔགས་ཤམ་ཡང་བསྣན་ལ་བཟླ། སྒྲུབ་པ་ཞག་གྲངས་ཚང་བའི་ཐོ་རངས་སམ་སྔ་དྲོའི་ཆར་ཕྲིན་ལས་གཏང་ཞིང་བཟླས་པ་ཤམ་ཅན་རྣམས་ཅི་འགྲུབ་རེ་བྱས་ལ། ཁ་སྐོང་མཆོད་པ་གཏོར་འབུལ་སོགས་སོང་ནས་བསྙེན་རྒྱུན་ཡོད་ན་གྲོལ། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་སྐོང་བཤགས་རྒྱས་པར་བྱ། ལྷག་མ་སྔར་བསགས་པ་བཅས་ཕྱི་རོལ་དུ་གཏང་། ཆད་མདོ་བརྟན་མ་རྟ་བྲོ་རྣམས་གྲུབ་ནས་གཏང་རག་མཆོད་བསྟོད་རྒྱས་པར་འབུལ། དངོས་གྲུབ་སྐུལ་ཚིག་བརྗོད་ལ། རིལ་བུའི་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་ཐིམ༔ དམ་ཚིག་པ་མྱོང་གྲོལ་འོད་འབར་བའི་བདུད་རྩིར་གྱུར་པར་བསམ་ལ་སྒྲུབ་སྔགས་མཐར༔ ཀཱ་ཡ་སོགས་བཏགས་པ་བརྗོད་ལ་དབང་བླང་ཞིང་རིལ་བུ་ཁོང་དུ་མིད་པ་ཙམ་གྱིས་ཆོག་ལ། བསྙེན་རྒྱུན་ཡོད་སྐབས་སོགས་རྒྱས་པར་སྤྲོ་ན་དངོས་གྲུབ་ཀྱི་རྫས་བཤམ། ཚོམ་བུ་ཚོགས་སྒྲུབ་སྐབས་སུ་འབྱུང་བ་ལྟར་དངོས་གྲུབ་བླང་བའི་ཆོ་གའི་རིམ་པ་རྣམས་ཚང་བར་བྱེད་པའང་ལེགས་སོ། །ནོངས་བཤགས་ཕྱིན་ཆད་སྔར་ལྟར་ལ་བསྔོ་སྨོན་ཐུན་མོང་མིན་པ་རྣམས་རྒྱས་པར་གྲུབ་ན་ལེགས་ལ། ཤིས་བརྗོད་ཞལ་ནས་གསུངས་པས་ཐོག་དྲངས་ཚིག་ཕྲེང་རྒྱས་པར་སྤེལ། ཁ་སྐོང་སྦྱིན་སྲེག་གྲུབ་ན་གསང་བ་སྤྱིའི་ཆོ་ག་ལྟར་བསྙེན་སྒྲུབ་ཀྱི་བཅུ་ཆ་དགོས་ཤིང་ཞག་ཤས་གནས་སྲུང་བ་སོགས་ཀྱང་བྱའོ། །གཉིས་པ་ནང་སྒྲུབ་ནི། གཞུང་གསལ་འཁོར་ལོ་ཚད་ལྡན་བྲིས་པ་རྫས་རྣམས་དང་ལྷན་ཅིག་བཞག །སྦྱོང་ཁྲུས་རབ་གནས་མདོར་བསྡུས་བྱ། ལྟེ་བ་མ་ཆག་པར་བལྟབས་ལ་འཆིང་སྤྱི་འགྲེ་བྱས་པ་ཟངས་ཀྱི་གྭའུར་བཅུག་པ་ཉིད་སྒྲུབ་པའི་དུས་སུ་ལུས་ལ་དྲོད་དང་མ་བྲལ་བར་བཅང་། མདུན་སྟེགས་ཁར་སྨན་རག་གཏོར་གསུམ་དང་ཕྱི་མཆོད་བཤམ། ཁྲིད་གཞུང་ལྟར་ངེས་འབྱུང་གི་མཚམས་སྦྱར་ཏེ་སྐྱབས་འགྲོ །སེམས་བསྐྱེད། སྡིག་སྦྱོང་། ཕུང་པོ་ཚོགས་གསོག །བླ་མའི་རྣལ་འབྱོར་བཅས་སྔོན་འགྲོ་ཚང་བ་བྱ། ལས་བྱང་ལྟར་མཆོད་པ་བྱིན་རླབས། དངོས་གཞི། ཧྲཱི༔ སྟོང་ཉིད་དབྱིངས་ལས་སྙིང་རྗེའི་གདངས༔ སོགས་ཀྱིས་ནང་ལུས་ཀྱི་དཀྱིལ་འཁོར་གསལ་གདབ་ཅིང་མཆོད་བསྟོད་ཕུལ། སེམས་འཛིན་ཅི་རིགས་པ་བྱ། བཟླས་དམིགས་གསལ་གདབ། བར་རླུང་ཐད་ཀར་བཟུང་ལ་ཡིད་བཟླས་ཁོ་ན་བྱ། འདི་ལ་ཚད་བཟུང་དུ་མེད་པས་རླུང་སེམས་ཟིན་པའི་རྟགས་མ་བྱུང་བར་བྱ་བར་གསུངས། དེས་སུན་པའམ་མི་ནུས་ན་ངག་བཟླས་ཀྱང་བྱ་སྟེ་གྲངས་ཚད་འབུམ་ཕྲག་གསུམ་མོ། ཐུན་མཐར་མཆོད་བསྟོད་བྱ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་འཁོར་དང་བཅས་པས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཅེས་དང་། ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་སྔར་ལྟར་བྱ། ཐུན་བཞིའམ་གསུམ་སོགས་རང་གི་ཁམས་དང་སྦྱར། དབུ་འཛུག་དང་གྲོལ་སྐབས་དུས་བཟང་རྣམས་སུ་ཚོགས་མཆོད་རེའང་བྱ། སྲུང་མའི་གཏོར་འབུལ་ལྕོགས་ན་ལེགས། འདིར་འབྲེལ་འཇོག་ཙམ་ལ་ནི་ཡིད་བཟླས་ཅི་ནུས་སྔོན་དུ་བཏང་ནས་ངག་བཟླས་ཀྱི་གྲངས་ཚད་གཙོར་བཏོན་པས་འཐུས་སོ། །གསུམ་པ་གསང་སྒྲུབ་ནི། གསང་རྟེན་མེ་ལོང་གི་བཅས་རྣམས་གཞུང་གསལ་ལྟར་ཚོགས་པར་བྱས་ལ་དེ་ཉིད་དཀྱིལ་འཁོར་དབུས་སུ་འབྲུ་སྣོད་དུ་བཀོད། མཆོད་གཏོར་བཤམས་ལ་ཕྱི་སྒྲུབ་ལྟར་ཕྲིན་ལས་གཞུང་བསྲང་། སྒྲུབ་པའི་སྙིང་པོ་བཟླ་བའི་སྐབས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་ནས་ཡང་དུ་བསྟིམ་པའི་དམིགས་པ་ཁོ་ན་བྱ། ཐོག་མར་དེ་ཉིད་ཉིན་གསུམ་ཙམ་བསྒྲུབ་རྒྱུ་བྱུང་ན་ཤིན་ཏུ་ལེགས་ཤིང་ཐུན་གྲངས་མང་ཉུང་ཁམས་ཀྱིས་གང་ལྕོགས་དང་ཚོགས་མཆོད་འབུལ་བ་སོགས་ཀྱང་བྱ། མཐར་དཀྱིལ་འཁོར་གྱི་ལྷ་རྣམས་མེ་ལོང་ལ་བརྟན་བཞུགས་བྱས་ཏེ་ཟངས་ཀྱི་གྭའུར་དབུ་ཞབས་མ་ནོར་བར་བཅུག་སྟེ་དྲོད་དང་མ་བྲལ་བར་ལུས་ལ་བཅང་། སྒྲུབ་པ་དངོས་ལ་བཤམ་བཀོད་དང་སྔོན་འགྲོའི་ཆོས་རྣམས་ནང་སྒྲུབ་དང་འདྲ། ལྷ་བསྐྱེད་ཀྱང་དེ་ལྟར་ལས་འདིར་ལུས་དཀྱིལ་གྱི་མལ་དུ་རྩ་འཁོར་ལོ་རྣམས་སུ་ལྷ་བཀོད་དགོས་པས་མངོན་རྟོགས་ནང་། དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ ཞེས་པའི་འཕྲོས། རང་ལུས་དྭངས་གསལ་འོད་དམར་དབུས༔ ཞེས་སོགས་ཀྱི་རྩ་གསུམ་འཁོར་ལོ་ལྔ་ལྷ་ཚོགས་གཙོ་འཁོར་དང་བཅས་པ་གསལ་གདབ། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན༔ ཞེས་སོགས་ནས་མཆོད་བསྟོད་བར་ནང་སྒྲུབ་ལྟར་སྦྱར། དེ་ནས་བར་རླུང་བཟུང་སྟེ་ཕྱི་དབྱིབས་ཀྱི་སྐུ་ལ་སེམས་གཏད། དེ་ལ་གསལ་སྣང་ཐོན་པ་ན་ཐོག་མར་སྙིང་གའི་རྩ་འཁོར་གྱི་དབུས་སུ་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་མཐིང་ག །རྒྱན་དང་ཕྱག་མཚན་གཙོ་བོ་དང་མཚུངས་པ། རྩ་འདབ་བརྒྱད་ལ་རྡོ་རྗེ་མཁའ་འགྲོ་མ་བརྒྱད་མཐིང་ག་གྲི་ཐོད་འཛིན་པ་ལ་སེམས་བཟུང་། དེ་ནས་རིམ་བཞིན་མགྲིན་པར་པདྨ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་དམར་པོ། འཁོར་པདྨ་མཁའ་འགྲོ་བཅུ་དྲུག །སྤྱི་བོར་བདེ་གཤེགས་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་དཀར་པོ། འཁོར་སངས་རྒྱས་མཁའ་འགྲོ་སུམ་ཅུ་རྩ་གཉིས། ལྟེ་བར་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་སེར་པོ། འཁོར་རིན་ཆེན་མཁའ་འགྲོ་དྲུག་ཅུ་རྩ་བཞི། གསང་བར་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་ལྗང་གུ །འཁོར་ལས་ཀྱི་མཁའ་འགྲོ་ཉེར་བརྒྱད་རྣམས་སྙིང་གས་འགྲེས་ཏེ་གསལ་གདབ་ཅིང་སེམས་གཏད། སོ་སོའི་བུམ་ཅན་བཟུང་བར་གསུངས་ཀྱང་ལས་དང་པོ་པས་མི་ཆུན་པས་ལྷ་རེ་རེ་བཞིན་རླུང་ཡིད་རིག་པ་གཅིག་ཏུ་དྲིལ་ལ་ཡུན་ཅི་རིགས་རེ་བཟུང་པས་འཐུས། འདིའི་སྒྲུབ་པའི་དངོས་གཞི་འདི་ཡིན་ཡང་ད་ལྟ་གསལ་སྣང་སོགས་ཇི་བཞིན་སྒྲུབ་མི་ནུས་པ་རྣམས་ཀྱིས་བཟླས་བརྗོད་ཙམ་ལ་གྲངས་ཚད་བྱེད་ན་སྔར་གྱི་དམིགས་པ་རྣམས་སྔོན་དུ་བཏང་ནས། ལུས་གནད་བསྲང་། རླུང་རོ་བསལ། རླུང་རང་འགྲོས་ཀྱི་འཇུག་གནས་ལྡང་གསུམ་འབྲུ་གསུམ་ལ་དམིགས་པའི་འཕྲོ་འདུ་དང་སྦྱར་བའི་རྡོར་བཟླས་ཅི་ནུས་དང་། དམིགས་པ་དེ་ལྟར་ལྕེ་མཆུ་མི་བསྐྱོད་པའི་འབྲུ་གསུམ་ངག་བཟླས་འབུམ་ཕྲག་གསུམ་བྱ་བར་གསུངས། ཐུན་མཇུག་གི་བྱ་བ་སོགས་ནང་སྒྲུབ་སྐབས་སུ་བཤད་པ་དང་འདྲའོ། །དེ་ལྟར་བཤད་པའི་ཕྱི་ནང་གསང་བའི་རྟེན་རྣམས་ཚོགས་ན་ཡེ་ཤེས་ལྷས་སྒོ་གསུམ་ལ་རང་བཞིན་གྱིས་བྱིན་གྱིས་རློབ་པར་འགྱུར་བ་སོགས་དགོས་གནད་ཆེ་རུང་། དེང་སང་ལམ་བགྲོད་པའི་རྣལ་འབྱོར་ལ་ཚུལ་བཞིན་དོན་དུ་གཉེར་བ་ཉུང་ཞིང་འབྲེལ་འཇོག་དང་གྲངས་བསྙེན་ཙམ་ལ་བློ་རྩེ་གཏོད་པ་མང་བས། དེ་ལྟ་བུ་སྒྲུབ་པ་པོ་དད་མོས་ཡོད་ཅིང་འབྱོར་འཁོས་དམན་པ་དག་གིས་རྟེན་རྣམས་མ་ཚོགས་ཀྱང་སྒྲུབ་པ་བཤོལ་མི་དགོས་ཏེ་སྒྲུབ་པའི་གཙོ་བོ་ཏིང་ངེ་འཛིན་དང་བཟླས་པ་ཡིན་པས་སོ། །བཞི་པ་གསང་བའི་སྒྲུབ་པ་ནི། སྒྲུབ་པ་སྔ་མ་རྣམས་ཀྱིས་སྒྲིབ་པའི་དྲི་མ་དག །རླུང་སེམས་གནད་དུ་ཚུད་ནས་གནས་ལུགས་ཀྱི་རང་ཞལ་མཇལ་ཏེ་ད་ལྟའི་ཐ་མལ་གྱི་ཤེས་པ་སྐྱོན་ཡོན་གང་གིས་མ་བསླད་པ། རང་བྱུང་རིག་པ་ཟང་ཐལ་སྐད་ཅིག་མ་འདི་ཉིད་རང་རིག་དོན་དམ་པའི་རྒྱལ་བ་རྒྱ་མཚོ་ཡིན་པར་ངོ་ཤེས་ཤིང་ཐག་ཆོད་པ་ནི། ཡང་གསང་གི་རྟེན་གཅིག་པུ་མཚན་མའི་རྟེན་གྱིས་མཚོན་དུ་མེད་པ་ཆོས་ཉིད་གཉུག་མར་ལ་བཟླ་བ་ཡིན་པས་མཚན་མའི་རྟེན་མི་དགོས་ཀྱང་། ཚོགས་གསོག་པའི་ཆ་རྐྱེན་དུ་དཀྱིལ་འཁོར་དང་གཏོར་མཆོད་སྔར་བཞིན་བཤམ། སྔོན་འགྲོ་རྣམས་རྒྱས་པར་བཏང་། ཕྱི་ནང་གསང་བའི་བསྐྱེད་བཟླས་རྣམས་ཅུང་ཟད་རེ་སྔོན་དུ་འགྲོ་བས་དངོས་གཞི་ལུས་གནད་བསྲང་། རླུང་རང་བབས་སུ་ཀློད། མིག་གི་ལྟ་སྟངས་ནམ་མཁར་གཏད། སེམས་དུས་གསུམ་གྱི་སྤྲོས་པ་བཅད་ལ་རང་བབས་སུ་གློད་ལ་བཞག །དོན་གྱི་དགོངས་པ་གསལ་འདེབས་རྒྱུད་ནས་གསུངས་པའི་རྡོ་རྗེའི་ཚིག་རྐང་ངག་ཏུ་བརྗོད་ལ་དོན་རེ་རེ་བཞིན་དྲན་པས་ངེས་ཤེས་བསྐྱེད་ལ། འཁྲུལ་རྟོག་གི་རྗེས་སུ་མི་འབྲེང་བར་དྲན་པ་དང་ཤེས་བཞིན་གྱིས་རང་རིག་གཉུག་མ་ཁྱབ་གདལ་ནམ་མཁའ་ལྟ་བུའི་དགོངས་ཉམས་བསྐྱངས་ལ་ཅི་གནས་སུ་མཉམ་པར་བཞག །སླར་ཡང་རྣམ་རྟོག་འཕྲོ་ན་གསལ་འདེབས་ཀྱི་ཚིག་བསྐྱར་ནས་བརྗོད་ཅིང་མཉམ་གཞག་གི་ངོ་བོ་བསྐྱང་བ་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཐར་འོད་གསལ་དུ་འཇུག་ལྡང་དང་བསྔོ་སྨོན་སོགས་སྔར་ལྟར་བྱས་ལ། ཐུན་མཚམས་སུའང་བཅོས་མིན་གཉུག་མའི་ལྷ་སྔགས་རིག་པར་རང་ཤར་བའི་ཏིང་ངེ་འཛིན་གྱི་རྒྱུན་བསྐྱང་། འདི་ལ་དུས་གྲངས་ཀྱི་ཚད་མེད་པས་ཇི་ལྟར་ནུས་པར་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་གྲུབ་ནས་གསང་དབང་གི་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང། དེའི་ཡན་ལག་སྒྱུ་ལུས་རྨི་ལམ་འོད་གསལ་འཕོ་བ་བར་དོ་ལྔ། ཤེར་དབང་གི་ལམ་གཞན་ལུས་ཕོ་ཉའི་ཟབ་གནད་རྣམས་དད་བརྩོན་དབང་པོའི་རིམ་པ་དང་མཐུན་པར་ཡོངས་རྫོགས་སམ། ཁོལ་ཕྱུང་དུ་ཉམས་སུ་ལེན་པ་དང་། ཁྱད་པར་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་ཉིད་ཚིག་ཉུང་གོ་བདེ། དོན་ཟབ། ཡེ་ཤེས་གཅེར་མཐོང་དུ་ངོ་སྤྲོད་པའི་གདམས་ངག་ཟབ་མོ་ཁྲིད་ཚུལ་གཞན་ལས་ཁྱད་པར་དུ་འཕགས་པ་སྙིང་པོའི་ཡང་ཞུན། མཆོག་དམན་ཀུན་ལ་ཕན་ཐོགས་པའི་གདམས་པ་ངོ་མཚར་བྱིན་རླབས་དང་ལྡན་པ་ཡིན་པས་མདོ་དོན་དྲིལ་བའི་བློ་གཏད་རྩེ་གཅིག་ཏུ་བྱ་བ་གཅེས་སོ། །རྗེས་ཡེ་ཤེས་གོང་འཕེལ་དུ་བྱེད་པའི་སྤྱོད་པ་ལྔ་ལ་སློབ་པའི་ཚུལ་རྣམས་ཀྱང་གཏེར་གཞུང་ཉིད་ལས་རྟོགས་པར་བྱ་དགོས་པ་ཁོ་ན་ཉིད་དོ། །འདིས་ཀྱང་འགྲོ་ཀུན་ལམ་བཟང་འདིར་ཞུགས་ནས། །རྣལ་འབྱོར་མཐར་ཕྱིན་ས་ལམ་གེགས་མེད་བགྲོད། །བདེ་ཅན་ཞིང་དུ་པདྨའི་རིགས་མཆོག་དང་། །གསང་གསུམ་ཕྲིན་ལས་མཉམ་པ་ཉིད་འགྱུར་ཤོག །ཅེས་པའང་ཆོས་མཛད་སྒྲུབ་བརྩོན་རིགས་ཀྱི་སྐལ་བཟང་དང་ལྡན་པ་ཀརྨ་ཚུལ་ཁྲིམས་དཔལ་སྒྲོན་ལ་རྗེ་བླ་མ་རིན་པོ་ཆེའི་བཀའ་ཡིས་རྗེས་སུ་གནང་བ་བསྩལ་པའི་དོན་བཞིན་དོན་གཉེར་ཆེན་པོས་བསྐུལ་བའི་སླད་དུ། ཟབ་ཆོས་འདི་ཉིད་ཀྱི་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཐོབ་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
རྣལ་འབྱོར་རང་གི་གྲིབ་སྲུང་བ་དང་སེལ་བའི་གདམས་ངག་གྲིབ་སེལ་གསེར་གྱི་ཕ་ཝང་ (Volume 47, Text 35)
རྣལ་འབྱོར་རང་གི་གྲིབ་སྲུང་བ་དང་སེལ་བའི་གདམས་ངག་གྲིབ་སེལ་གསེར་གྱི་ཕ་ཝང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨུ་ཙུཥྨ་ཀྲོ་དྷཱ་ཡ། འཆོལ་བའི་ཁྲོ་རྒྱལ་དེ་ལ་ཕྱག་འཚལ་ལོ། །སྡོམ་གསུམ་ལྡན་པའི་རྣལ་འབྱོར་སྒྲུབ་པ་པོས། །ཟས་གྲིབ་གོས་གྲིབ་རོ་དང་བཙོག་གི་གྲིབ། །དམ་ཚིག་ཉམས་དང་གྲིབ་ཅན་འགྲོགས་པའི་གྲིབ། ཁམས་མི་བདེ་ཞིང་བྱིང་རྨུགས་ཤེས་པ་འཐིབས། །ནད་ཀྱིས་བཏབ་དང་ཚེ་ཡི་བར་ཆད་སྡིག །དེ་དག་མ་བྱུང་གོང་ནས་སྲུང་བ་འམ། །བྱུང་ན་སྔགས་དང་དམིགས་པས་སེལ་བའི་ཐབས། །བཀའ་གཏེར་གསར་རྙིང་མན་ངག་རྒྱ་མཚོའི་བཅུད། །དམིགས་པ་སྔགས་གཉིས་ཁོ་ནས་ཆོག་པ་ཡིན། །རང་གི་སྙིང་གར་ཧཱུྃ་ཡིག་ལྗང་གུ་ལས། །མེ་འབར་རང་གི་ལུས་དང་གྲིབ་ཀུན་བསྲེགས། །སྟོངས་པར་གྱུར་རྗེས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཁྲོ་བོ་སྨེ་བརྩེགས་ལྗང་གུ་ནི། །ལྗང་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་བསྣོལ། །བར་པས་གསེར་གྱི་རྡོ་རྗེ་དྲིལ་བུ་གདེངས། །ཐ་མས་ལྕགས་ཀྱུ་དང་ནི་ཞགས་པ་བསྣམས། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ། །སྦྲུལ་སྔོན་ལྟོ་བ་སེར་ཁྲ་ཅན་གྱིས་དཀྲིས། །སྟག་ལྤགས་ལ་སོགས་དུར་ཁྲོད་ཆས་བརྒྱད་གསོལ། །བགེགས་དང་གཟའ་གདོན་ཉི་ཟླ་པད་སྟེང་བཞུགས། །སྐུ་ལས་ཡེ་ཤེས་མེ་རི་སྨུག་ནག་འབར། །དེ་རྒྱབ་ཕྱི་རོལ་ཁྲོ་བོའི་གུར་ཁང་ནི། །རྡོ་རྗེ་གནོད་སྦྱིན་ནག་པོ་སྐུ་ཆེ་བ། །རྡོ་རྗེས་གཏམས་པའི་ཕག་རྒོད་མཆེ་བ་འཛིན། །ལྟོ་བ་ཆེ་ཞིང་ཡན་ལག་རགས་པའི་གུར། །དེ་རྒྱབ་བདུད་རྩི་འཁྱིལ་པ་ལྗང་གུ་ནི། །རྒྱ་གྲམ་དབྱུག་པ་སྡིགས་མཛུབ་མཛད་པའི་གུར། །དེ་རྒྱབ་ཕྱོགས་མཚམས་སྟེང་འོག་བཅུ་པོ་རུ། །དམེ་བརྩེགས་དབུ་དགུ་མདུང་ཐབས་སྐུ་མདོག་ནག །ཕྱག་བཞི་འབྱུང་བ་བཞི་ཡི་འཁོར་ལོ་འཛིན། །ཞབས་བཞི་འབྱུང་བ་བཞི་བརྫིས་མེ་དཔུང་འབར། །དེ་རྒྱབ་རླུང་ནག་འཚུབས་མའི་གུར་ཁང་དང་། །དེ་རྒྱབ་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་གུར། །དེ་རྒྱབ་གསེར་གྱི་ཕ་ཝང་སེར་པོའི་གུར། །ཕ་ཝང་རེ་ལ་ལྕགས་སྡིག་རེ་རེས་མཚན། །ལྕགས་སྡིག་རྭ་རྩེར་སྲིད་པའི་བྱ་ཁྱུང་ལྡིང་། །རང་གི་སྤྱི་བོར་རིགས་ཀྱི་ཡུམ་ཆེན་ལྔ། །ཕྱག་ན་རིན་ཆེན་བུམ་པ་བདུད་རྩིས་བཀང་། །ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་ལས། །འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམ། །རང་གི་ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཕྲེང་གཡས་སུ་འཁོར་ལས་འོད་ཟེར་འཕྲོས། ཁྲོ་བོའི་གུར་ལ་ཐིམ་པས་ཁྲོ་བོ་རྣམས། །ཐུགས་ལས་འོད་འཕྲོས་བདག་ལ་ཕོག་པ་ཡིས། །ལུས་ངག་ཡིད་གསུམ་གྲིབ་རྣམས་དག་པར་གྱུར། །སྤྱི་བོའི་ལྷ་མོ་ལྔ་ཡི་བུམ་པ་ནས། །བདུད་རྩིའི་རྒྱུན་བབས་རང་གི་སྤྱི་བོར་ཞུགས། །དམ་ཚིག་ཆག་ཉམས་གྲིབ་དང་མི་གཙང་བ། །ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པ་རུ། །རྐང་མཐིལ་འོག་སྒོ་བ་སྤུའི་བུ་གར་ཐོན། །ཕྱི་རོལ་ཁྲོ་བོ་རྣམས་ཀྱིས་ལྷག་མེད་གསོལ། །ཨོཾ་བྷུར་ཁུང་མ་ཧཱ་པྲ་མ་ཎ་ཡེ་བྷུར་ཙི་བྷུར་ཀི་བྷི་མ་ལེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པ་བརྒྱའམ་ཉི་ཤུ་རྩ་གཅིག་གི་མཐར། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཙིཏྟ་རཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། དེ་ནས་མི་དམིགས་སྟོང་པའི་ངང་ལ་བཞག །རྒྱུན་དུ་བྱས་ན་གྲིབ་ཀྱིས་མི་ཚུགས་ཤིང་། །གྲིབ་ཁ་བྱུང་དུས་བསྒོམ་བཟླས་བྱས་པས་སེལ། །འདི་ནི་གསར་རྙིང་རྒྱུད་སྡེ་དུ་མའི་བཅུད། ཁྱད་པར་གར་གྱི་དབང་ཕྱུག་རོལ་པ་རྩལ། །རིག་འཛིན་ཆེན་པོའི་ཞལ་གྱི་བདུད་རྩི་ལགས། །དེ་སྐད་རྟ་ལོ་ཐ་སྐར་ཟླ་བ་ཡི། །གུང་ཐུན་རཱ་ག་ཨ་སྱས་སྨྲས་པ་སྟེ། །འབྲོང་རིགས་དགེ་བཤེས་པདྨ་ཐབས་མཁས་ཀྱིས། །ཕྱི་རབས་འགྲོ་ལ་ཕན་ཕྱིར་འཕྲལ་དུ་བྲིས། །ཉེས་འགལ་མཆིས་ན་ཡེ་ཤེས་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་སྐྱོན་དང་བྲལ་གྱུར་ཅིག །དགེའོ།། །།
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབྱུང་ (Volume 10, Text 35)
༄༅། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབྱུང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཙྪིནྡྷ་མ་ཎི་ཀཱ་ཡ། རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེའི་གཏེར། །ཡིད་བཞིན་ནོར་ལྟར་འགྲོ་བའི་རེ་འདོད་སྐོང་། །དྲན་པས་གདུང་སེལ་གུ་རུ་རིན་པོ་ཆེ། །བདེ་བ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཨོ་རྒྱ་ཞལ་སྐྱིན་རིག་འཛིན་ཆེ་བའི་མཆོག །ཡབ་སྲས་སྨོན་ལམ་རྩལ་གྱིས་ཁ་ཕྱེས་པའི། །ཐུགས་སྒྲུབ་ནོར་བུའི་སྒྲོམ་ཆེན་རྣམ་གཉིས་ལས། །ཕྱི་མའི་སྨིན་བྱེད་རྒྱས་པ་ཁྲིགས་སུ་སྤེལ། །དུས་གསུམ་སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ནང་ནས་ངོ་མཚར་རྨད་དུ་བྱུང་བ་མཐར་ཐུག་སྙིང་པོ་རྣམ་གཉིས་ཀྱི་ཡ་གྱལ། རང་གཞུང་ལས། ཟབ་རྒྱའི་མཐར་ཐུག་ཐུགས་སྒྲུབ་བྱེ་བའི་བཅུད༔ ཅེས་ཁྱད་པར་དུ་བསྔགས་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་དུ་སྐལ་ལྡན་སྨིན་པར་བགྱིད་པའི་ཚུལ་ལ་སྤྱིར་གཞུང་འདིར་དབང་རབ་འཇུག་པ་དོན་དམ་རྡོ་རྗེའི་ཡེ་ཤེས་འཕོ་བའི་དབང་དང་། དབང་པོ་འབྲིང་མན་ཆད་ཐུན་མོང་དུ་འཇུག་པ་མཚན་མ་རྫས་ཀྱི་དབང་གཉིས་སུ་གསུངས་པའི་དང་པོ་ནི་རྩ་བ་ལས། དེ་ལ་ཐོག་མར་སྨིན་བྱེད་ཀྱི༔ དབང་བསྐུར་ཚུལ་བཞིན་ལེན་པ་ལ༔ བྱིན་རླབས་རྒྱུན་ལྡན་མཐུ་བཙན་ཞིང༔ ཐུགས་རྗེ་ཆེ་མངའ་སློབ་དཔོན་ལ༔ ལུས་ངག་ཡིད་གསུམ་བྲན་དུ་ཕུལ༔ བླ་མ་མཉེས་པ་མཐར་ཕྱིན་བྱ༔ དེ་ཚེ་དམ་པའི་དགོངས་ཉམས་དྲོད༔ སློབ་མའི་རྒྱུད་ལ་གཏད་པའི་མཐུས༔ ཐུགས་ཡིད་གཅིག་ཏུ་འདྲེས་པ་ནི༔ དབང་བསྐུར་ཀུན་གྱི་རྒྱལ་པོ་ཡིན༔ དོན་གྱི་དབང་འདི་སུས་འཛིན་པ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་སྟེ༔ རིག་པ་འཛིན་པའི་སར་བགྲོད་ནས༔ བདེ་ཆེན་ཡེ་ཤེས་མྱུར་དུ་འགྲུབ༔ ཅེས་ཡུལ་དང་ཡུལ་ཅན་གྱི་རྟེན་འབྲེལ། བར་གྱི་མཚམས་སྦྱོར། མཐར་ཐུག་འབྲས་བུ་བཅས་རྡོ་རྗེའི་ཚིག་ཉུང་ངུས་དོན་ཟབ་ཅིང་རྒྱ་ཆེ་བར་བསྟན་པའི་དོན་ཇི་བཞིན་ཉམས་འོག་ཏུ་ཆུད་པ་ནི་དབང་བསྐུར་ཐམས་ཅད་ཀྱི་མཆོག་དང་རབ་ཏུ་གྱུར་པ་སྟེ་བརྡ་དང་ཐ་སྙད་ཀྱི་སྤྲོས་བཅས་ཙམ་ལ་རག་མ་ལུས་ཤིང་། མཚན་མ་རྫས་ཀྱི་དབང་སྐུར་ཚུལ་བཞིན་བགྱིད་པ་ལའང་། བླ་སློབ་མཚན་ཉིད་དང་ལྡན་པའི་རྟེན་འབྲེལ་འགྲིགས་ཤིང་མཉེས་པ་གསུམ་གྱིས་བསྟེན་པ་སྔོན་དུ་འགྲོ་བས་དམ་ཚིག་མཐར་སོན་པ་ནི་ངེས་པར་དགོས་སོ། །གཉིས་པ་མཚན་མ་རྫས་ལ་བརྟེན་པ་རྟེན་འབྲེལ་བརྡའི་དབང་བསྐུར་བ་ལ་གཉིས། སྟ་གོན་ཁ་བསྐངས་ནས་ཤིན་ཏུ་རྒྱས་པར་བསྐུར་བའི་ཚུལ་སྤྱིར་བསྟན། དངོས་གཞིའི་དབང་རྒྱས་འབྲིང་བསྡུས་པ་ཙམ་རང་གཞུང་ལྟར་བསྐུར་བའི་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རང་གཞུང་ལས། ཕུན་སུམ་ཚོགས་པའི་ས་གཞི་ལ༔ ཆོ་ག་ཚུལ་བཞིན་བྱས་ནས་སུ༔ མི་མཐུན་ཕྱོགས་རྣམས་མཚམས་བཅད་ལ༔ མཐུན་རྐྱེན་ཉེར་བསྡོགས་ཚོགས་པར་བསྒྲུབ༔ ཅེས་སོགས་ཀྱིས་བསྟན་པའི་དོན་གཞུང་འདིར་འདོན་ཆ་སོགས་དམིགས་སུ་བསལ་བ་མ་བྱུང་ཡང་། སྤྲོ་ན་གོ་སྟོད་གཏེར་བྱོན་དམ་རྫས་མྱང་གྲོལ་སྒྲུབ་ཁོག་ལྟར་བསྙེན་སྒྲུབ་རྣམ་བཞིའི་ཁོངས་ནས་བྱུང་བའམ། ཡང་ན། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆོག་ཆེན་མོ་མུ་ཏིག་ཕྲེང་བ་ལ། ལྷ་དང་སྔགས་སོགས་འདོར་ལེན་ཕྱེད་པར་བྱས་ཏེ། ལྷ། བུམ་པ། སློབ་མ་སྟ་གོན་རྣམས་བྱ། དངོས་གཞིར་ནི་འོག་ནས་འབྱུང་བ་ལྟར་ལས་རྒྱས་བསྡུས་ཀྱི་འདོར་ལེན་བྱར་མེད་དོ། །འོན་ཀྱང་ཟབ་གཏེར་གྱི་མངའ་བདག་རིག་འཛིན་ཆེ་མཆོག་རྣམ་པ་གཉིས་ཀྱི་ཕྱག་ལེན་དཀྱུས་ལ་སྟ་གོན་དང་འབྲེལ་བ་ཆེར་མི་གནང་བས། སློབ་མ་སྔོན་དུ་དཀྱིལ་འཁོར་ཆེན་པོ་གང་རུང་དུ་སྨིན་པ་ལ་ནི། འཇུག་པ་དང་བཅས་པའི་དངོས་གཞིའི་དབང་བསྐུར་བ་ཁོ་ནས་དོན་འགྲུབ་པའང་ཡིན་ནོ། །གཉིས་པ་རང་གཞུང་ལྟར་དངོས་གཞིའི་དབང་གསུམ་བྱེ་བྲག་ཏུ་བསྐུར་ཚུལ་བཤད་པ་ལ། འབྲིང་བསྡུས་གཉིས་ཀྱི་ལག་ལེན་གཞན་དུ་ཤེས་པར་བྱ་ཞིང་། འདིར་དབང་བསྐུར་རྒྱས་པའི་ལག་ལེན་བསྟན་པ་ལ་གསུམ། བསྒྲུབ་གཞི་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། སྒྲུབ་ཆོས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་གདབ་པ། བསྒྲུབས་པའི་འབྲས་བུ་སློབ་མ་རྗེས་སུ་བཟུང་བའི་ཚུལ་དངོས་སོ། །དང་པོ་ནི། གུ་རུའི་སྒྲུབ་གནས་སོགས་བྱིན་རླབས་དང་ལྡན་པའི་གནས་སུ་ཡར་ངོ་ཚེས་བཅུ་ལྟ་བུ་དུས་ཚེས་ཁྱད་པར་དུ་འཕགས་པ་ལ། རྩ་བ་གསུམ་གྱི་རྟེན་དང་དར་འཕན་བླ་བྲེ་སོགས་ཀྱི་རྒྱན་བཀྲམ་པའི་གུང་དུ་དབང་སྟེགས་གྲུ་བཞི་ལྷམ་པའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བ་བཀྲམ། མ་འབྱོར་ན་མཎྜལ་ལ་དྲི་བཟང་གིས་གཤེར་བའི་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཀོད་པ་བཤམ། དཀྱིལ་འཁོར་ཀྱི་ལྟེ་བར་མཉྫིའི་སྟེང་དུ་རྣམ་རྒྱལ་བུམ་པ་སྨན་དང་དྲི་བཟང་གི་ཆུས་སུམ་གཉིས་བཀང་བ། ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་ལྡན་པའི་ཁར། ཀ་པཱ་ལ་མཚན་ལྡན་མངར་གསུམ་མྱོས་བྱེད་ར་སཱ་ཡ་ན་སྦྱར་བས་བཀང་བ་ལ། མེ་ལོང་དྲི་མེད་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་བཾ་ཧ་རི་ནི་སས་མཚན་པས་བཀབ་པའི་སྟེང་དུ། གུ་རུ་བདེ་བ་ཆེན་པོའི་སྐུ་འབག་རྣམས་བརྩེགས་མར་བཞུགས་སུ་གསོལ། དཀྱིལ་འཁོར་གྱི་དབུས་སམ་ལྷ་གནས་སོ་སོར་སྐུ་ཙཀ །སྔགས་བྱང་། མེ་ལོང་། ལྷ་གནས་ཐད་ཀར་དངོས་གྲུབ་ཀྱི་རྫས་བཅུ་གསུམ་དངོས་སམ་རི་མོར་བྲིས་པ་བཀོད། དེའང་འགྲུབ་ན་སློབ་མ་སོ་སོའི་གྲངས་མཉམ་གའུ་སོགས་སུ་འཆང་བདེ་བ་སྔོན་ནས་ཉེར་བསྡོགས་བྱ། རྒྱབ་ངོས་པད་སྣོད་དུ་བླ་མའི་གཏོར་ཆེན་རི་རབ་མ་བང་རིམ་གྲུ་བཞི་བཞི་བརྩེགས་ཀྱི་ཁར་རིན་ཆེན་ཟུར་བརྒྱད། དེ་སྟེང་དཔལ་གཏོར་རྒྱན་སྤྲོས་ཅན་གྱི་གཡས་གཡོན་དུ་སྨན་རཀ་དང་བཀའ་གཏེར་སྲུང་མའི་འབུལ་གཏོར། མདུན་ངོས་སུ་ཚེ་འབྲང་ཚེ་རིལ་ཚེ་ཆང་། ཕྱོགས་གར་བདེར་ཚེ་མདའ་གཟུག །རིག་མའི་ཙཀ་ལིའང་འདུ་བྱ། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་ཆད་བརྟན་རྣམས་དང་། སློབ་དཔོན་གྱི་མདུན་དུ་ལས་བུམ། གུ་གུལ་ཡུངས་ཐུན་མིག་དར་མེ་ཏོག་དམ་ཆུ་གསེར་ཐུར་མེ་ཏོག་རོལ་མོའི་ཆས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱ། དབང་རྫས་བཤམ་པ་དང་། དངོས་གཞིའི་སྒྲུབ་མཆོད་ཀྱི་བར་ཞག་གིས་ཆོད་ན་བདག་ཉིད་ལྷའི་ང་རྒྱལ་དང་བཅས་ཆོ་ག་རྒྱས་བསྡུས་གང་རུང་གིས་བྱིན་དབབ་པ་བཅས་བྱའོ། །གཉིས་པ་ནི། ལས་བྱང་དགོས་འདོད་ཀུན་འབྱུང་གི་གཞུང་བསྲངས་ལ་ཛཔ྄་ཁང་ཕྱེས་ཏེ་བཟླས་པ་ཅི་འགྲུབ་བྱ།་་་་བར་འདིར་འོག་ནས་འབྱུང་བ་ལྟར་དམིགས་པ་གསལ་བཏབ་ལ་ཚེ་ཛཔ྄་བཟླ་བ་དང་། ཛཔ྄་ཁང་བསྡུས་རྗེས་ཚེ་འགུགས་བསྐུལ་པ་བཅས་བགྱིས་ནའང་ཆོག །མཆན། སྐབས་འདིར་བུམ་པ་སྒྲུབ་པ་ནི་བདག་མདུན་ཆོས་ཉིད་འོད་གསལ་གྱི་ཐིག་ལེར་གཅིག་པ་ལས་དབང་བསྐུར་བའི་དོན་དུ་བུམ་དཀྱིལ་ལོགས་སུ་གསལ་འདེབས་པ་སྟེ། དེའང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ གཟུངས་ཐག་འཛིན་ལ། རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་མོས་ལ་བཟླས་པ་ཅི་འགྲུབ་བྱ། མཐར་བདག་མདུན་བུམ་གསུམ་ཆབས་ཅིག་ཏུ་དམིགས་ཏེ་མཆོད་བསྟོད་དང་གསོལ་འདེབས་བྱ། བུམ་པར་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། བུམ་པའི་ལྷ་ཚོགས་བདེ་བ་ཆེན་པོར་རྗེས་སུ་ཆགས་པས་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་ལྟེམ་གྱིས་ཞུ་བར་གྱུར། ཅེས་མོས་ལ་ཛཔ྄་ཁང་བསྡུ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས། །བདུད་རྩིའི་རྒྱུན་བྱུང་བུམ་པ་གང་། །དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར། །ཅེས་མོས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། དེ་ནས་ཆོས་སྲུང་སྤྱི་དང་བྱེ་བྲག་གཏེར་སྲུང་ཀླུ་བཙན་གྱི་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གྲུབ་པ་དང་བདག་འཇུག་རྒྱས་པར་བླང་བའམ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་བྱའོ། །གསུམ་པ་ལའང་གསུམ། འཇུག་པ་དང་དབང་བསྐུར་བ་དངོས། མཐའ་རྒྱས་རྗེས་ཀྱི་བྱ་བའོ། །དང་པོ་ལ་དབང་གཞུང་གི་དངོས་བསྟན་ལས་ཕྱི་ནང་གི་འཇུག་པ་སོ་སོར་གསལ་བར་མ་གསུངས་ཀྱང་། འོག་ཏུ། དེ་ལྟར་མཆོག་དང་ཐུན་མོང་དངོས་གྲུབ་ཕྱིར༔ དབང་གི་ཁྱད་ཆོས་སྙིང་པོར་བསྟན་པ་སྟེ༔ ཐུན་མོང་དཀྱིལ་འཁོར་ཕྱི་ནང་འཇུག་པ་སོགས༔ རིགས་མཐུན་བླ་མའི་དབང་གཞུང་སྤྱི་ལྟར་སྦྱར༔ ཞེས་གསུངས་པ་ལྟར་ཅུང་ཟད་ཁ་སྐོང་བའི་དབང་དུ་བྱས་ན་གཉིས། ཕྱི་འཇུག་དང་། ནང་འཇུག་གོ །དང་པོ་ལ་སྡོམ་ནི། ཁྲུས་བྱས་བགེགས་ཕྲལ་སྲུང་འཁོར་བསྒོམ། །ལོ་རྒྱུས་མཚམས་སྦྱོར་མཎྜལ་ཕུལ། །ཆས་འཇུག་གསོལ་གདབ་གནང་བ་སྦྱིན། །རྒྱུད་སྦྱོང་སྡོམ་བཟུང་ནང་སེམས་བསྐྱེད་། །ཅེས་ཆོས་བཅུ་ལས། དང་པོ་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱ། གཉིས་པ་ནི། ནང་དུ་འོངས་པ་ན། བགེགས་གཏོར་བཤམས་ལ། ལས་བྱང་ལྟར། རང་ཉིད་དབང་ཆེན་སྐུ་རུ་གསལ༔ སོགས་ནས་བྱིན་རླབས་དགུག་བསྔོ་བསྐྲད་པ་དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར་བ་རྣམས་བྱ། གསུམ་པ་ནི། གྲལ་དུ་འཁོད་ནས། ཧཱུྃ༔ བདག་ཉིད་དཔལ་གྱི་སོགས་བརྗོད་ལ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། བཞི་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའི་ཁམས་དང་མཉམ་པའི་མ་གྱུར་འགྲོ་བ་མཐའ་དང་མུ་མེད་པ་ཐམས་ཅད་རིགས་ཀུན་ཁྱབ་བདག་ཀུན་བཟང་པདྨ་བདེ་བ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་ཡང་སྙིང་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཟབ་མོ་གསན་ལ། ལམ་རིམ་པ་གཉིས་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ཚུལ་བཞིན་དུ་མཛད་ནས་གསན་འཚལ། དེ་ལ་གསན་པར་བྱ་བའི་ཆོས་མདོ་རྒྱུད་གསར་རྙིང་གི་རིགས་སྲོལ་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས། སྐབས་འདིར་སྔ་འགྱུར་རྙིང་མའི་རིང་ལུགས་བབས་སོ་གསུམ་དུ་གྲགས་པའི་ནང་ཚན་ཟབ་མོ་གཏེར་གྱི་ཆོས་སྡེ་ཆེན་པོར་གཏོགས། དེ་ལའང་རྩ་བ་སྒྲུབ་པ་སྡེ་བརྒྱད། ཡན་ལག་ཕྲིན་ལས་རབ་འབྱམས། སྙིང་པོ་བླ་རྫོགས་ཐུགས་གསུམ་གྱིས་མཚོན་རྣམ་གྲངས་དང་བྱེ་བྲག་མཐའ་ཡས་པར་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི། རིགས་ཐམས་ཅད་ཀྱི་ཁྱབ་བདག །དཀྱིལ་འཁོར་མ་ལུས་པའི་བྱེད་པོ། རྒྱུད་ལུང་ཀུན་གྱི་འབྱུང་གནས། མཆོག་གི་དངོས་གྲུབ་ལག་བཅངས་སུ་གཏོད་པའི་ཉེ་ལམ་ཟབ་མོ་བླ་མ་སྒྲུབ་པའི་སྐོར་ཡིན། དེ་ལའང་སྔགས་གསར་རྙིང་གི་རིང་ལུགས་རྣམས་སུ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ལས་ཆེས་ཟབ་ཅིང་ཁྱད་པར་དུ་མས་འཕགས་པ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་དེ་དོན་མ་འཁྲུལ། སྒྲ་མ་ནོར། ཚིག་མ་བཅོས་པའི་རྡོ་རྗེའི་གསུང་རྨད་དུ་བྱུང་བ་སྟེ། དེའང་ཀ་དག་གི་རིག་པ་གཞི་དབྱིངས་སུ་གྲོལ་ནས་འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་ཏུ་མངོན་པར་བྱང་ཆུབ་པ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་སངས་རྒྱས་ཀུན་ལས་སྔར་སངས་རྒྱས་པ་དེ་ཉིད་ཀྱིས། རྟོག་འཁྲུལ་གྱི་ས་བོན་སད་པའི་འགྲོ་བ་རྣམས་ལ་བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་སྤྱན་རས་གཟིགས་རིགས་ལྔ་གང་ཆེན་མཚོའི་སྐུ་དང་ཞིང་ཁམས་རྒྱ་མཚོ་མངོན་པར་བཀོད་དེ། དག་པ་དང་མ་དག་པའི་འཇིག་རྟེན་མཐའ་ཡས་པར་འགྲོ་འདུལ་སྤྲུལ་པའི་སྐུའི་བཀོད་པ་དེ་སྙེད་དུ་བསྟན་ནས་རྟག་ཅིང་ཁྱབ་པའི་ཕྲིན་ལས་འཁོར་བ་ཇི་སྲིད་དེ་སྲིད་དུ་མཛད་པ་དེ་ཐམས་ཅད་ཀྱང་པདྨ་ཀུན་ཏུ་འཆང་བ་ཆེན་པོའི་ཡེ་ཤེས་ཀྱི་གསང་བ་ཟབ་མོ་གཅིག་ཏུ་རྫོགས་པ་ཡིན་ལ། སྲིད་ཞིའི་སྤྱི་དཔལ་་ཆེན་པོ་དེ་ཉིད་ཀྱིས་ཕྱོགས་བཅུའི་འདུལ་བར་དཀའ་བའི་ཞིང་དང་འགྲོ་བ་རྒྱ་མཚོ་ལ་ཡེ་ཤེས་གཟིགས་པ་ལྷག་པར་འཇུག་པ་ཕྲིན་ལས་དང་ཐུགས་རྗེའི་ཁྱད་པར་དུ་གྲུབ་པས་ན། བསྟན་པ་འདིའི་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་སྐུ་དངོས་ཀྱི་གདུལ་ཞིང་དུ་མ་གྱུར་པ་གདོང་དམར་པྲེ་ཏ་མུན་པའི་གླིང་འདི་ཉིད་དུ། ཆོས་སྐྱོང་བའི་རྒྱལ་པོ་འཇམ་མགོན་ཁྲི་ལྡེའི་ཐུགས་བསྐྱེད་ཀྱི་ཤིང་རྟས་དྲངས་ཏེ། གསུང་རྡོ་རྗེའི་སྤྲུལ་པའི་སྒྱུ་འཕྲུལ་གྱི་ཉིན་བྱེད་རྩོལ་མེད་དུ་འཆར་ཞིང་། ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པར་ཤར་བའི་འབངས་རིགས་མཁས་ཤིང་གྲུབ་པའི་འཁོར་ཚོགས་དང་ལྷན་ཅིག་ཐུན་མོང་མ་ཡིན་པ་གསང་ཆེན་ངེས་པའི་ཐེག་པ་ལས་བརྩམས་ཏེ་རྡོ་རྗེའི་ཆོས་རྔ་ཟབ་མོས་་སྲིད་པ་གཏིང་ནས་སྤྲུགས། ངན་འགྲོའི་སྒོ་ཆེན་བཅད། གདོད་མའི་གསང་ལམ་ཆེན་པོ་དབྱེས། སྐུ་གཅིག་ཞིང་ཁམས་རབ་འབྱམས་ལ་ཁྱབ་པ་དང་། སྐད་ཅིག་བསྐལ་པར་བསྒྱུར་བ་སོགས་གང་འདུལ་དེར་སྣང་གི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོས་གངས་ཅན་མཐའ་དབུས་ཐམས་ཅད་པདྨོ་རྣམ་པར་སྣང་བའི་ཞིང་གི་རྒྱན་སྟུག་པོ་བཀོད་པར་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས། ཕྱིས་འབྱུང་གི་སྐྱེ་དགུ་ཉམ་ཐག་པ་རྣམས་ལ་ཐུགས་བརྩེ་བས་གྲོལ་བ་བཞི་ལྡན་གྱི་གཏེར་ཁ་བསམ་ལས་འདས་པ་བྲག་རི་ལྷུན་ཆགས། གཡུ་མཚོ་གཏན་འཁྱིལ་ལ་སོགས་པར་སྦས་ཏེ་གསང་བ་ཟབ་མོའི་རྒྱ་བདུན་གྱིས་བཏབ། གནས་དུས་ཀྱི་རྟེན་འབྲེལ་ལ་བབས་པའི་ཚེ་དེ་དག་གིས་གཞན་དོན་མཛད་པ་ལ་དབང་བའི་ལས་ཅན་གྱི་སྐྱེས་བུ་འབྱུང་བར་ལུང་བསྟན། གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་བ་རྣམས་ཀྱང་རིམ་པར་བྱོན་ནས་འཇིག་རྟེན་གྱི་རྒུད་པ་སེལ་ཞིང་གདུལ་བྱའི་ཁ་ལོ་ཐར་པ་མཆོག་ཏུ་སྒྱུར་བའི་ཕྲིན་ལས་ཇི་སྲིད་བསྐལ་བཟང་རྣམ་འདྲེན་ལྔ་པའི་བསྟན་པ་མ་ཤར་གྱི་བར་དུ་རྒྱུན་མི་འཆད་པ་མཐུན་སྣང་དུ་གྲུབ་ཅིང་། མདོར་ན་ཁ་བ་ཅན་གྱི་ལྗོངས་འདིར་བསྟན་དང་འགྲོ་བའི་ཕན་བདེའི་རྒྱུ་འབྲས་ཅུང་ཟད་ཅིག་གང་ཡོད་པ་དེ་དག་ཐམས་ཅད་སློབ་དཔོན་སངས་རྒྱས་གཉིས་པ་འདི་ཉིད་ཁོ་ནའི་ཐུགས་རྗེའི་ཆ་ཤས་ལས་བྱུང་བ་ཡིན་པས་ཕྱོགས་དང་རིས་སུ་མ་ཆད་ཅིང་། ཚད་དང་མུ་མེད་པ་ལས། འཆད་བྱའི་གསང་བ་ངོ་མཚར་རྨད་དུ་བྱུང་བ་འདིའི་དབང་དུ་བྱས་ན། སློབ་དཔོན་ཆེན་པོ་ཉིད་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པའི་ཚེ་མང་ཡུལ་གུང་ཐང་གི་ལ་ཐོག་ཏུ་ཞབས་སྐྱེལ་བ་ལྷ་སྲས་མུ་ཁྲི་བཙད་པོས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པའི་ངོར། དངོས་སུ་ལྷ་སྲས་རྗེ་འབངས་དང་། བརྒྱུད་ནས་མ་འོངས་པའི་གདུལ་བྱ་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་གསོལ་འདེབས་བསམ་པ་ལྷུན་གྲུབ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་ཞལ་ཆེམས་དང་བཅས་པ། སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་པདྨའི་སྙིང་ཐིག་གི་གདམས་པ་ཆ་ལག་དང་བཅས་རྫོགས་པར་བསྩལ་པ། གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་སོགས་རིག་འཛིན་རྩལ་འཆང་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་། ཕྱི་རབས་ཀྱི་དོན་དུ་གདམས་ངག་སྐོར་ཚོ་མང་དུ་ཕྱེས་ཏེ་ཟབ་མོའི་གཏེར་དུ་སྦས་པ་ལས། གསོལ་འདེབས་རྩ་བ་ལྷ་སྲས་རྣམ་འཕྲུལ་མང་ལམ་རི་ཁྲོད་པ་བཟང་པོ་གྲགས་པས་རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་ནས་སྤྱན་དྲངས་ཏེ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་བཀའ་བབས། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་སྐོར་རྣམས་མངའ་རིས་པཎ་ཆེན་རིན་པོ་ཆེ་མཆེད་གཉིས་ཀྱིས་བསམ་ཡས་དབུ་རྩེའི་སྟེང་ཁང་ནས་ཕྱུངས་ཏེ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བཀའ་བབས། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་འདི་ཉིད་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་རྩི་སྐེ་ནོར་བུ་སྤུན་གསུམ་ནས་སྤྱན་དྲངས་ཏེ་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བཀའ་བབས། གཞན་ཡང་མན་ངག་བཅུ་གསུམ་གྱི་བསྐྱེད་རྫོགས་ཁྱད་པར་འཕགས་པའི་གདམས་སྐོར་རིག་འཛིན་ཡོངས་ཀྱི་དབང་ཕྱུག་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་པའི་གཏེར་ཁ་ལས་བརྡོལ་བ་རྣམས་ཀྱི་སྨིན་གྲོལ་གདམས་སྲོལ་མ་ཉམས་པར་བཞུགས་པ་ལས། ས་གཏེར་རིམ་པ་གསུམ་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་གཏེར་འབྱུང་མདོ་ཙམ་བརྗོད་ན། ལོ་རྒྱུས་ཤེལ་གྱི་ཕྲེང་བ་ལས། མ་འོངས་སུམ་ཅུ་ཁ་རལ་སྙིགས་དུས་ཀྱི༔ བོད་ཁམས་མགོན་མེད་འགྲོ་རྣམས་བསྐྱབ་པའི་ཕྱིར༔ ཡིད་བཞིན་ནོར་བུ་བླ་མའི་ཐུགས་སྒྲུབ་ནི༔ ཟབ་མོའི་གདམས་པ་མན་ངག་སྙིང་པོའི་ཕུལ༔ ཉོན་མོངས་རང་གྲོལ་པདྨའི་སྙིང་ཏིག་བཅས༔ མཐོང་ཐོས་དོན་ལྡན་དགོངས་ཉམས་མཐར་ཐུག་ཆོས༔ ང་དང་མ་མཇལ་ཕྱི་རབས་གདུལ་བྱ་ལ༔ དངོས་དང་ཁྱད་མེད་བྱིན་རླབས་སྐུ་ཚབ་མཆོག༔ རིན་ཆེན་སྣ་ལྔའི་ཕྱེ་མ་ལས་བྱས་ཏེ༔ གཞན་དོན་ཐུགས་རྗེའི་རྫུ་འཕྲུལ་མཐུ་ཡིས་བཞེངས༔ བདེ་ཆེན་ཡེ་ཤེས་མངོན་སུམ་བསྟིམས་པས་ན༔ བདག་དང་མཇལ་བར་ཁྱད་མེད་ཐེ་ཚོམ་བྲལ༔ དེ་ཕྱིར་ཆོས་དང་རྟེན་མཆོག་ཁྱད་པར་ཅན༔ སྦས་པའི་ཚུལ་ཡང་གཞན་ལས་འཕགས་པ་སྟེ༔ རྒྱ་ཆེའི་གཞུང་རྣམས་ཟབ་པའི་སྙིང་པོར་དྲིལ༔ སྙིང་པོའི་ཡང་ཞུན་བརྗོད་པ་ཀུན་གྱི་རྒྱུ༔ གདམས་པའི་མཐར་ཐུག་བརྡ་ཡིག་བདུན་དུ་བསྡུས༔ རྩ་སྒོ་འབྱེད་པའི་རྫས་ནི་བདུད་རྩི་ལྔ༔ ཡི་གེའི་རྐྱེན་བྱེད་མཁའ་འགྲོའི་བརྡ་རིས་བདུན༔ དགོངས་པས་བྱིན་བརླབས་ཤོག་དྲིལ་རིན་པོ་ཆེ༔ འབྱུང་བ་བཞི་དང་དུག་མཚོན་གྱིས་མི་ཚུགས༔ དྲི་ཚོར་ཙམ་གྱིས་ནད་ཞི་གདོན་འཕྲོག་ཅིང༔ སྣང་བ་དབང་སྡུད་ཐུགས་རྗེ་ཆགས་པའི་རྫས༔ དོན་ཀུན་གྲུབ་སྟེར་བྱིན་རླབས་གི་ཝཾ་བཟང༔ བམ་པོར་བྱས་ཏེ་དེ་ཡི་བཙས་སུ་གཏམས༔ བསྐལ་པ་ཞིག་ཀྱང་མི་འགྱུར་རྐྱེན་གྱི་གཏེར༔ སྦས་པའི་གནས་ནི་མདོ་ཁམས་ཟལ་མོ་སྒང༔ རྩི་སྐེའི་ཆུ་བོ་འདུས་པའི་རོང་གི་བྲག༔ རིན་ཆེན་འབར་བའི་ལོགས་སུ་རྒྱས་ཐོབ་ལ༔ ཀླུ་བཙན་འབར་བ་སྤུན་བདུན་སྲུང་མར་བསྐོས༔ ནམ་ཞིག་བོད་ཁམས་མཐའ་དབུས་ཀུན་ཏུ་འཁྲུགས༔ ཞེས་སོགས་ཀྱིས་ཆོས་དང་རྟེན་གྱི་དཀར་ཆག །གཏེར་དུ་སྦེད་པའི་དགོས་པ། གང་དུ་སྦ་བའི་གནས། ནམ་ཞིག་འདོན་པའི་དུས་སོགས་གསལ་བར་བསྟན་ཅིང་། དེ་ཉིད་འབྱིན་པ་པོའི་གང་ཟག་ཀྱང་། དེ་ཉིད་ལས། དེ་ཚེ་གཏེར་འདི་འབྱིན་པའི་ལས་ཅན་ནི༔ ཡབ་ཅིག་ཁྲི་སྲོང་སྤྲུལ་པ་དབང་གི་མིང༔ བསྟན་གཉིས་ཟུང་འཇུག་ཤེས་རབ་རྩལ་འཆང་བར༔ པདྨ་བདག་གིས་ཡང་ཡང་བྱིན་བརླབས་པས༔ གནས་དང་ཟབ་མོའི་གདམས་པའི་མཚོན་ཚུལ་ཀུན༔ མེ་ལོང་བྱད་བཞིན་དྲན་པའི་ཟུངས་སུ་སྨིན༔ དངོས་སུ་སྤྱོད་དམ་བསྐུལ་བས་རྐྱེན་བྱས་ཏེ༔ ད་ལྟའི་སྨོན་ལམ་མཐུ་ལས་དམ་འཛིན་ནི༔ འབྲེལ་ཚད་དོན་ལྡན་སྔགས་ཀྱི་རྣལ་འབྱོར་པ༔ བྱིས་པའི་ངང་ཚུལ་ལས་ཅན་ཞིག་འབྱུང་སྟེ༔ དེ་ཡིས་གནས་ཡུལ་ཀུན་ཏུ་ཉུལ་བ་དང༔ མཁའ་འགྲོའི་ཚོགས་དང་དགྱེས་རྒུར་སྤྱོད་པ་དང༔ ལས་ཅན་རྣམས་ལ་ཡེ་ཤེས་སྐྱེད་པ་དང༔ བཤད་སྒྲུབ་བསྟན་པའི་ས་བོན་གདབ་པའི་ཕྱིར༔ འགྲོ་དོན་སྤྱོད་པའི་ལམ་ནས་རྙེད་པར་འགྱུར༔ ཅེས་གསུངས་པ་ལྟར་མངའ་བདག་ཡབ་སྲས་ཟུང་གི་དངོས་གྲུབ་ཀྱི་བགོ་སྐལ་དུ་བབས་ཤིང་། དེའང་གཙོ་བོར་པཎ་ཆེན་དྲི་མེད་བཤེས་གཉེན་དང་ཚངས་པ་ལྷའི་མེ་ཏོག་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུར་བཞེངས་པ། མཁས་ཤིང་གྲུབ་པ་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ལས་འཕྲོ་གཏེར་གྱི་མཛོད་ཆེན་པོའི་ཆ་ཤས་ལས་འཕྲོས་པ་སྟེ། རྗེ་བཙུན་བླ་མ་འདི་ཉིད་ཀྱི་ཐུན་མོང་གི་རྣམ་པར་ཐར་པ་ནི་གངས་ཅན་གྱི་ལྗོངས་སུ་ཉི་ཟླ་ལྟར་གྲགས་པས་སྨོས་མ་དགོས་ལ། ཐུན་མོང་མིན་པའི་ཚུལ་རྣམས་ནི་འཕགས་པ་ལས་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་ནའང་རྗེས་དཔག་རིགས་པས་ཕྱོགས་ཙམ་མཚོན་ན། མངའ་རིས་པཎ་ཆེན་རིན་པོ་ཆེའི་ལུང་བྱང་ལས། བདག་དང་ནམ་མཁའི་སྙིང་པོའི་སྨོན་ལམ་ལས༔ ཁམས་ཀྱི་ཕྱོགས་སུ་འབྲུག་གམ་བྱི་ཕག་ལོ༔ སྡེ་སྣོད་རྒྱུད་སྡེའི་གསང་བ་ཀུན་བསྡུས་ནས༔ རིག་འཛིན་རྣམ་བཞིའི་བརྒྱུད་པ་རྒྱས་པར་བྱེད༔ མཐར་ནི་དཔལ་ཆེན་ཐུགས་དང་གཉིས་སུ་མེད༔ ཅེས་ས་ཕྱོགས་དགུང་སྙིང་མཛད་པ་བཅས་གསལ་བར་བསྟན་ལ་སྤྲུལ་གཞིའི་ཁྱད་པར་ཡང་སྤྱིར་རྗེ་འབངས་རྣམས་ཡེ་ཤེས་ཀྱི་དབྱིངས་གཅིག་པར་མ་ཟད། པཎ་ཆེན་རིན་པོ་ཆེའི་སྤྲུལ་གཞིར་དམིགས་སུ་གསུངས་པས་ཤིན་ཏུ་ངེས་པ་ཡིན་པ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་ལུང་བསྟན་སོགས་ལས་ཀྱང་ཤིན་ཏུ་གསལ་ཞིང་། ཁྱད་པར་གཏེར་གསར་ལུང་བྱང་སྙིང་གི་མེ་ལོང་ལས། དེ་ནས་ཡང་དག་བཤད་བྱ་བ༔ བྱང་རྒྱུད་ཕྱོགས་ཀྱི་དམག་དཔུང་ཞིག༔ བོད་ཡུལ་དབུས་འདིར་སླེབ་པ་ན༔ བོད་ཁམས་བསྟན་པ་ཉམས་ལ་ཐུག༔ དེ་ཚེ་པདྨའི་ཐུགས་བསྐྱེད་མཐུས༔ ཟ་ཧོར་རྒྱལ་པོའི་གདུང་མཐའ་རུ༔ ཡབ་ཅིག་ཁྲི་སྲོང་སྤྲུལ་པ་འབྱུང༔ པཎ་གྲུབ་ཁ་ཡར་འགའ་ཚོགས་ཏེ༔ ད་ལྟའི་བསྒྱུར་བཤད་ཆོས་རྣམས་ཀུན༔ དེ་དུས་ཅུང་ཟད་འཆད་ཉན་བྱེད༔ དེ་ནས་ཕལ་ཆེར་ནུབ་ཉེའི་དུས༔ བི་མ་མི་ཏྲས་བྱིན་བརླབས་པ༔ ཁྲི་སྲོང་སྤྲུལ་པ་དགེ་སྦྱོང་ཚུལ༔ ལྕགས་ཁམས་འབྲུག་གི་ལོ་པ་ནི༔ སྐྱེས་བུ་བློ་རྩལ་ལྡན་པ་འབྱུང༔ སྙིང་པོའི་བསྟན་པ་གསལ་བར་བྱེད༔ བོད་ཁམས་བདེ་ཐབས་སྣ་ཚོགས་སྤེལ༔ ཁྱད་པར་བདག་གིས་དངོས་ཉམས་དང༔ རྨི་ལམ་ཚུལ་དུ་བྱིན་བརླབས་པས༔ འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཉིད༔ གྲུབ་པ་མཆོག་གི་ཚུལ་བཟུང་ནས༔ མཐར་ཐུག་ནོར་བུ་ལྔ་ལ་སོགས༔ ཟབ་མོའི་གཏེར་སྒོ་འགའ་ཞིག་འབྱེད༔ ཡང་ན་བཀའ་རྙིང་བསྟན་པ་སྐྱོང༔ འབྲེལ་ཚད་སྨིན་གྲོལ་ལམ་ལ་བཀོད༔ མདོ་སྔགས་སྤྱི་དང་སྙིང་པོའི་སྲོལ༔ གྲུབ་པ་བརྙེས་པའི་རིང་ལུགས་རྣམས༔ བཀའ་བསྡུ་འཆད་ཉན་སྒོམ་སྒྲུབ་ཀྱིས༔ དབུས་གཙང་མདོ་སྨད་ཀུན་ཏུ་དར༔ ཞེས་སོགས་གཏེར་གསར་ལུང་བྱང་ཐམས་ཅད་ལས་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ཀྱི་རྡོ་རྗེའི་གསུང་གིས་ཡང་ནས་ཡང་དུ་བསྔགས་པས་མཚོན་སོ་སྐྱེའི་བློ་ཡིས་ཚད་བཟུང་དུ་མི་ནུས་ཀྱང་། ཟབ་ཆོས་འདི་ཉིད་ཀྱི་བཀའ་བབ་དང་འབྲེལ་བའི་ལོ་རྒྱུས་ཟུར་ཙམ་སྨོས་ན། རྗེ་ཉིད་དགུང་གྲངས་བཅོ་ལྔར་ཕེབ་པའི་ཚེ། དབྱིངས་ཕྱུག་བདེ་ཆེན་རྒྱལ་མོས་ཟབ་གསང་གི་དངོས་གྲུབ་བསྩལ་ཅིང་ཡེ་ཤེས་ཀྱི་རྩ་སྒོ་འབྱེད་པའི་མཐུ་ལས་གུ་རུའི་ཐུགས་སྒྲུབ་བདེ་གཤེགས་འདུས་པ་ཕྱི་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་ཡིད་བཞིན་ནོར་བུ་སོགས་སྐོར་ཚོ་ཤིན་ཏུ་མང་བ་ཀློང་གསལ་བརྡའི་རི་མོར་རྩོལ་མེད་དུ་ཤར་ཀྱང་ཅུང་ཟད་ཐུགས་ཉམས་སུ་བཞེས་པ་ཙམ་ལས་སྤེལ་བར་སྐབས་སུ་མ་བབས་པས་འབྱུང་འགྱུར་གྱི་དོན་་་དུ་སླར་གཏེར་དུ་བསྡམས། དགུང་ལོ་སོ་གཅིག་པར་གཡོ་རུ་ཁྲ་འབྲུག་ནས་ལུང་བསྟན་གྱི་ངེས་པ་གཟིགས་པ་བཞིན། དཔལ་ཆེན་ཆུ་བོ་རིའི་གུ་རུའི་སྒྲུབ་ཕུག་ནམ་མཁའ་ལྡིང་དུ་བོད་ཁམས་བདེ་ཐབས་ཀྱི་ཕྲིན་ལས་མཛད་པས་གུ་རུ་བདེ་བ་ཆེན་པོ་གཙོ་འཁོར་གྲངས་མེད་པས་ནམ་མཁའི་ཁམས་ཁེངས་ཏེ་སྤྲུལ་པ་མཐའ་ཡས་པས་བོད་ཁམས་དབུགས་འབྱིན་བསྩལ་པ་དང་། ལོ་སྐོར་གཅིག་གི་བར་དུ་བོད་ཡུལ་དབུས་སུ་མཐའ་དམག་གི་འཇིགས་པ་མི་འབྱུང་བའི་མཚན་མ་ཁྱད་པར་ཅན་བརྙེས། དེའི་ཕྱི་ལོར་རྒྱང་ཡོན་པོ་ལུང་གི་གུ་རུའི་སྒྲུབ་ཕུག་ཏུ་ཚོགས་མཆོད་མཛད་པའི་ཚེ་དེའི་སྒོ་གོང་དུ་གུ་རུའི་སྐུ་ཚབ་དང་བསམ་པ་ལྷུན་གྲུབ་མའི་ཆོས་སྐོར་བཞུགས་པ་གསལ་བར་གཟིགས་ཤིང་ཆོས་ཀྱི་རྣམ་གྲངས་སོགས་ཇི་ལྟ་བར་ཐུགས་ལ་ཤར། སླར་དགུང་ལོ་སོ་དགུ་པ་ས་ཕོ་རྟ་ལོ་དབོ་ཟླའི་ཚེས་བཅུའི་ཐོ་རངས་སུ་ནམ་མཁའ་ནས་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་ཞིག་གྲགས་པའི་རྗེས་ཐོག་ཏུ། སྤྱན་ནས་འོད་ཟེར་གྱི་སྦུ་གུ་ཕྲ་ལ་གཡེལ་བ་ཞིག་ལྷོ་རྒྱུད་ཀྱི་ཕྱོགས་གཡས་གཡོན་ནས་ཆུ་བོ་འབབ་པའི་བྲག་རི་ཞིག་གི་འདབས་སུ་ཟུག །དེར་གུ་རུའི་སྐུ་ཚབ་བདེ་བ་ཆེན་པོའི་རྣམ་པ་ཁྲུ་གང་བ་དང་། ཆོས་སྐོར་རྣམས་ཤོག་སེར་གླེགས་བམ་ཆེན་པོའི་རྣམ་པ་མངོན་སུམ་ལྟ་བུར་གཟིགས་པ་ལ། ཐུགས་རྟོག་ཞིབ་ཏུ་བཅུག་པས་སྐུ་དང་ཤོག་སེར་ད་ལྟའི་ཚད་ཇི་ལྟ་བ་ལ། དེ་ན་གང་བཞུགས་ཀྱི་ཆོས་ཀྱི་ཚིག་དོན་ལམ་ལམ་ཐུགས་ལ་གསལ་བ་ཞིག་བྱུང་ཡང། གནས་དུས་སོགས་ཀྱི་རྟེན་འབྲེལ་དང་དགོས་པའི་དབང་གཞན་གཟིགས་ནས་རྗེ་ཉིད་ཀྱིས་འདོན་པར་སྐབས་སུ་མ་བབས་པས། གཏེར་ཆེན་མཆོག་གྱུར་གླིང་པ་ལ་རྒྱུ་མཚན་དང་བཅས་ཏེ་འདོན་པར་བསྐུལ་བས། གཏེར་ཆེན་ཉིད་ལའང་ལུང་བསྟན་དང་གསལ་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། ས་རྟ་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་རྩི་སྐེའི་ཆུ་བོ་འདུས་པའི་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་། ཆོས་སྐོར་ཤོག་སེར། དོན་ཀུན་འགྲུབ་པའི་གི་ཝཾ་གི་བམ་པོ་བཅས་ཚེགས་མེད་པར་དངོས་གྲུབ་ཏུ་བཞེས། ཤོག་སེར་ལ་བརྡ་ཡིག་དངོས་སུ་མི་གསལ་ཡང་ཡབ་སྲས་ཞལ་རྒྱས་པའི་ཐོག་གཏེར་སྒྲུབ་ཞག་བདུན་མཛད་ཅིང་བདུད་རྩི་ལྔའི་ཆུ་ལ་སྦངས་པས་ཞག་པོ་ལྔ་ནས་བརྡ་ཡིག་གི་གྲོང་ཁྱེར་བདུན་བཀྲ་ལམ་གྱིས་ཤར་བའི་ངོ་མཚར་ཆེན་པོ་དང་བཅས། མགོ་ཟླའི་ཚེས་བཅུར་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པས། གཏེར་ཆེན་རིན་པོ་ཆེས་ཇི་ལྟར་གསུངས་པ་དང་མཐུན་པར་རྗེ་བླ་མ་ལའང་གསལ་སྣང་ངེས་པ་ཅན་ཤར་བས་གཅིག་ལ་གཅིག་ཐུགས་ཡིད་ཆེས་ནས་འཁྲུལ་པ་དང་བྲལ་བར་གཏན་ལ་ཕེབས། དེའི་ཕྱི་ལོར་ཀུན་མཁྱེན་བླ་མ་གཙོ་འཁོར་གྱིས་ཐུགས་སྒྲུབ་རྣམ་གཉིས་ཟུང་འབྲེལ་གྱི་ཚོམ་བུ་ཚོགས་སྒྲུབ་མཛད་པའི་ཚེ་ནའང་། གཞལ་མེད་ཁང་རྒྱ་ཁྱོན་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། ཐུགས་སྒྲུབ་གཉིས་ཀྱི་ལྷ་ཚོགས་སྟེང་འོག་ལྟ་བུར་མངོན་སུམ་བཞིན་བཞུགས་པའི་གཙོ་བོའི་ཞལ་ནས་གདམས་ངག་དང་རྗེས་སུ་བསྟན་པ་གསུངས་ཤིང་། ཁྱད་པར་གསོལ་འདེབས་ཚུལ་བཞིའི་སྒོ་ནས་འཆད་པའི་མན་ངག་བསྩལ་པ་དང་། གཏེར་སྲུང་སོ་སོས་ཀྱང་ཕྲིན་ལས་སྒྲུབ་པའི་གསལ་སྣང་ཁྱད་པར་ཅན་གཟིགས། དེ་ལྟར་ན་ཚད་མ་གསུམ་གྱིས་གྲུབ་ཅིང་རྩོད་པ་ཐམས་ཅད་དང་བྲལ་བ་རིག་འཛིན་གྲུབ་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཟུང་དུ་འབྲེལ་བས་སྐལ་ལྡན་གདུལ་བྱའི་སྤྱོད་ཡུལ་དུ་སྣང་བར་མཛད་པས་ཡིད་ཆེས་ལ་ཁུངས་བཙུན་པ། འགྲན་ཟླ་དང་བྲལ་ལ་ངོ་མཚར་རྨད་དུ་བྱུང་བའི་ཟབ་ཆོས་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨིན་བྱེད་ཀྱི་དབང་བསྐུར་བ་སྟེ། དེའང་རྩ་བ་རྡོ་རྗེའི་གསུང་ལས། ཨེ་མ༔ དུས་གསུམ་སངས་རྒྱས་ཀུན་གྱི་ནི༔ ཐུགས་རྗེའི་རང་བཞིན་མཁྱེན་བརྩེའི་སྒོ༔ བྱིན་རླབས་འགྲོ་ལ་འཇུག་པའི་ཕྱིར༔ ཕྲིན་ལས་གནང་ངོ་ཅོག་གི་གཞི༔ སྨིན་བྱེད་དབང་འདི་ཆེད་དུ་བསྔགས༔ སྤྱིར་ཡང་འགྲོ་དྲུག་ཡིད་ཅན་ལ༔ པདྨ་བདག་ཉིད་གང་འདུལ་གྱི༔ རྣམ་པ་ཅིར་ཡང་བསྟན་ནས་སུ༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱིས༔ འགྲོ་རྣམས་བླ་མེད་ས་རུ་བསྒྲལ༔ བྱེ་བྲག་ཤིན་ཏུ་གདུལ་དཀའ་བ༔ བོད་ཡུལ་རྗེས་འབྲངས་འཁོར་བཅས་ཀུན༔ བདག་གིས་བསྐྱངས་པའི་བུ་གཅིག་སྟེ༔ ང་ལ་མོས་པའི་སྐལ་ལྡན་རྣམས༔ བླ་མའི་གོ་འཕང་མཆོག་ཐོབ་ཕྱིར༔ སྒྲུབ་ཐབས་རྣམ་གྲངས་ཅིར་བསྟན་ཀྱང༔ སྙིང་པོ་ཐུགས་སྒྲུབ་འདི་ཁོ་ན༔ དེ་ཕྱིར་ཕྱི་རབས་རྗེས་འཇུག་རྣམས༔ ཉམས་ལེན་སྙིང་པོ་འདི་ལ་མཛོད༔ ཕྱི་ནང་སྡུག་བསྔལ་ཀུན་སེལ་ཞིང༔ བསམ་པ་ལྷུན་གྱིས་འགྲུབ་པར་འགྱུར༔ ཅེས་གསུངས་པ་ལྟར་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་སྒྲུབ་ཐབས་ཀྱི་སྙིང་པོ་འདི་ཉིད་དུ་འཇུག་པའི་གཞིའམ་རྩ་བ། རྒྱུད་སྨིན་པར་བྱེད་པའི་ཐབས་མཆོག་འདི་ལའང་། རྩ་བ་དང་ཡན་ལག་གི་སྐོར་གཉིས་ལས། སྐབས་འདིར་རྩ་བའི་དབང་བསྐུར་སྒྲུབ་པར་བགྱི་བ་ཡིན། དེ་ལའང་རྒྱས་པ་དབང་ཆེན་ཡོངས་རྫོགས་སུ་བསྐུར་བ། འབྲིང་པོ་མཆོག་གི་དབང་བཞི་སྐུ་གསུང་ཐུགས་གཏོར་དབང་བཅས་སྦྱིན་པ། བསྡུས་པ་མཆོག་དབང་ལྔ་མཐའ་རྟེན་དང་བཅས་པ། ཤིན་ཏུ་བསྡུས་པ་བླ་མའི་གཏོར་ཆེན་གྱིས་བྱིན་རླབས་བྱ་བ་རྣམས་སུ་ཡོད་པ་ལས། ད་ལམ་རྒྱས་པ་དབང་ཆེན་ཡོངས་རྫོགས་མཐའ་རྟེན་བཅས་བགྱིད་པ་ལའང་། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་གཞུང་ལས་ཇི་སྐད་བཤད་པའི་རིམ་པ་རྣམས་ཚང་ལ་མ་འཁྲུལ་པ་སྔོན་དུ་སོང་གྲུབ་པ་ཡིན་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་བདེ་བ་ཆེན་པོ་དབྱེར་མི་ཕྱེད་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། །ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། མ་རིག་པའི་སྒྲིབ་གཡོགས་ཀྱིས་རིག་པ་ཡེ་ཤེས་ཀྱི་མཐོང་བ་བསྒྲིབས་པར་མཚོན་པའི་ཕྱིར་མིག་དར་འཆིང་བར་ཞུ། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་དཔའ་བོ་འབྲུ་ལྔ་ལས་སྐྱེས་པའི་མེ་ཏོག་ཕྱག་དུ་ཐོགས་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་དཔའ་བོ་འབྲུ་ལྔའི་དངོས༔ བདེ་ཆེན་ཐིག་ལེ་མེ་ཏོག་ཕྲེང༔ རིགས་ཀྱི་ལྷ་དང་མཇལ་བའི་ཕྱིར༔ སྐལ་ལྡན་ཁྱོད་ཀྱི་སྙིམ་པར་ཟུངས༔ ཨཱ་ཁཾ་བཱི་ར་ཧཱུྃ་པུཥྤེ་བཛྲ་ས་མ་ཡ་སཏྭཾ༔ ཞེས་སྦྱིན། དྲུག་པ་ནི། སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འདྲེན་པ་སངས་རྒྱས་ཀུན་གྱི་གཙོ༔ སྐྱོབ་པ་བླ་མེད་ཐུགས་རྗེ་ཅན༔ རིག་འཛིན་འདུས་པའི་ཚོགས་ཀྱི་མཆོག༔ བདེ་གཤེགས་བླ་མ་དགོངས་སུ་གསོལ༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོའི་བདག་ཉིད་དང༔ དབྱེར་མེད་བདག་གིས་ཁྱོད་འཚལ་བས༔ དབང་བསྐུར་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། བདུན་པ་ནི། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་དེ་གནང་བ་བསྩལ་ཞིང་སྤྲོ་བ་སྐྱེད་པ་ནི་འདི་ལ་གསན་འཚལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་གདེངས་ཤིང་། བུ་ཁྱོད་སྐལ་པ་ཤིན་ཏུ་བཟང༔ བདེ་གཤེགས་ཀུན་གཙོ་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་པ་དང༔ དབང་དང་ལྡན་པར་བྱེད་པ་ནི༔ བསོད་ནམས་ཚོགས་ཆེན་བསགས་ལས་བྱུང༔ ཁྱད་པར་ལྷ་དང་དཀྱིལ་འཁོར་རྣམས༔ གཞན་དུ་བལྟ་བར་མི་བགྱིད་ཅིང༔ བླ་མའི་སྐུ་གསུང་ཐུགས་རྡོ་རྗེའི༔ ཡེ་ཤེས་ཚུལ་བཞིན་མཆོད་པ་ནི༔ བདེ་གཤེགས་ཀུན་གྱིས་ཡོངས་སུ་བསྔགས༔ དེ་ཕྱིར་བདག་ཉིད་དཀྱིལ་འཁོར་གཙོ༔ མཐོང་ནས་བཀའ་བཞིན་བསྒྲུབ་པ་ན༔ བུ་ཁྱོད་བསམ་པ་དེ་ཡིས་འགྲུབ༔ དགའ་དང་སྤྲོ་བ་སྐྱེད་པར་གྱིས༔ ཞེས་བསྒོ། བརྒྱད་པ་ནི། དེ་ནས་སངས་རྒྱས་པའི་ཐེག་པ་མཐའ་དག་གི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སྡོམ་པ་བཟུང་བ་ལ་འདུན་པ་འདི་བཞིན་དུ་མཛོད། མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་ཆེན་པོར་རྫོགས་ཤིང་། དེའང་རྡོ་རྗེ་སློབ་དཔོན་གྱི་གསང་བ་གསུམ་དང་ཐ་མི་དད་པར་ཤེས་པ་ལ་སྐྱབས་ཀྱི་མཆོག་ཏུ་བཟུང་ནས། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྨང་རྡོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་འདུན་པ་འདི་བཞིན་དུ་མཛོད་ཅིག །མཁའ་ཁྱབ་ཀྱི་ཕམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིགས་ཀུན་འདུས་པ་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་རིམ་པ་གཉིས་ལ་སློབ་ནས་གང་འདུལ་ཕྲིན་ལས་རྣམ་བཞིས་འཁོར་བ་དོང་ནས་སྤྲུགས་པའི་འགྲོ་དོན་ལ་བརྩོན་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སྐྱབས་ཡུལ་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། རྒྱུད་ཡོངས་སུ་དག་ཅིང་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་བྱེད་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་རྗེས་ཟློས་བྱར་གཞུག །དགུ་པ་ནི། སྤྲོ་ན་སྡོམ་པ་གསུམ་སོ་སོར་བཟུང་བ་གཞན་ནས་འབྱུང་བ་ལྟར་བྱ། བསྡུ་ན། སངས་རྒྱས་པའི་ཐེག་པར་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་པར་བྱ་དགོས་པས། དེའི་སླད་དུ་རིགས་ཀུན་ཁྱབ་བདག་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། སོ་སོ་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ། རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་རིམ་པར་བླང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་གཅིག་ཆར་བསྲུང་། དུས་སྐབས་དགོས་པ་ཐ་དད་དང་བསྟུན་ཏེ་སྤྱད་ཅིང་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། བཅུ་པ་ནི། ཁྱེད་རང་སོ་སོའི་སྙིང་གར་སྙིང་རྗེ་ཆེན་པོའི་ཟླ་བ་སྟོང་པ་ཉིད་རྡོ་རྗེས་མཚན་པར་གསལ་བཏབ་ནས་ཟུང་འཇུག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ཞེས་བརྗོད་དུ་གཞུག་ཅིང་། རྡོ་རྗེ་སྙིང་གར་བཞག་པས་བདེན་གཉིས་དབྱེར་མེད་ཀྱི་སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ༔ དེ་རིང་སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ དབྱེར་མེད་ཟུང་འཇུག་སྙིང་གི་དབུས་སུ་བསྐྱེད༔ ཇི་ལྟར་དགའ་བའི་སྤྱོད་ལས་མི་འདའ་བས༔ རྡོ་རྗེའི་དམ་ཚིག་བླ་མེད་གྲུབ་གྱུར་ཅིག༔ བོ་དྷི་ཙིཏྟ་ས་མ་ཡ་སིདྡྷི་ཧོ༔ ཞེས་བརྗོད་ཅིང་རྡོ་རྗེ་སྙིང་གར་བཞག་གོ །གཉིས་པ་ནང་འཇུག་ལ། ཡོལ་བའི་ནང་གཞུག་ཕྱག་བཞི་བྱ། །དམ་ལ་བཞག་ཅིང་ཡེ་ཤེས་དབབ། །མེ་ཏོག་དོར་ཞིང་སྤྱི་བོར་འཆིང། །གདོང་གཡོགས་དཀྲོལ་ཞིང་དཀྱིལ་འཁོར་བསྟན། ཅེས་བདུན་ལས། དང་པོ་ནི། དེ་ནས་ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ། རྣམ་པར་ཐར་པ་མཚོན་པའི་སྒོ་བཞི་ནས་ཚད་མེད་པ་བཞིའི་བློའི་འཇུག་པས་ནང་དུ་ཞུགས་པར་མོས་ཤིག །ཧོ༔ མི་གནས་ཡེ་ཤེས་རང་བྱུང་བ༔ རྣམ་པར་ཐར་པའི་སྒོ་བཞི་ནས༔ ཚད་མེད་བཞི་ཡི་འཇུག་པ་ཡིས༔ རྡོ་རྗེའི་སློབ་མ་གཞུག་པར་བགྱི༔ ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་ལ་དཀྱིལ་འཁོར་གྱི་ཁང་པའི་སྒོ་ཕྱེ་ནས་ནང་དུ་ཁྲིད། གཉིས་པ་ནི། དེ་ནས་ཁྱེད་རང་རྣམས་གུས་པ་ཆེན་པོས་དཀྱིལ་འཁོར་ལ་བསྐོར་ཞིང་སྒོ་བཞི་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱེད་པའི་མོས་པ་དང་བཅས་ཏེ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཧོ༔ རང་རིག་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ན་མཱ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ཞེས་བརྗོད་དུ་གཞུག །གསུམ་པ་ནི། སླར་ཡང་ཁྱེད་རང་རྣམས་ཤར་སྒོར་འཁོད་པ་ལ། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་དང་། ཚུལ་ལས་འདས་པའི་ཉེས་དམིགས་བསྒྲག་པ། རྡོ་རྗེའི་ཆུ་ནན་གྱིས་ཁེ་ཉེན་གནད་ལ་བཀར་བ། རྡོ་རྗེ་སློབ་དཔོན་གྱི་བཀའ་གཉན་པར་བསྟན་པ་སྟེ་དམ་བཞག་བཞི་པོ་རིམ་པར་འབྱུང་བ་ཡིན་པས་སྙན་གཏོད་འཚལ། སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་ལ། ཨོཾ༔ དེང་ཁྱོད་རྡོ་རྗེའི་དཀྱིལ་འཁོར་ཆེར༔ གཞུག་ཅིང་ཡེ་ཤེས་བསྐྱེད་པ་ལས༔ དངོས་གྲུབ་རྣམ་གཉིས་ཐོབ་འགྱུར་ཏེ༔ གཞན་དུ་སྨྲས་ན་ཉམས་པར་འགྱུར༔ སྙིང་གར་བཞག་ལ། ཨཱ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ ཁྱོད་ཀྱི་སྙིང་ལ་དེ་རིང་ཞུགས༔ ཚུལ་མིན་གསང་བ་བསྒྲགས་པ་ན༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བདུད་རྩིའི་ཆུ་ནན་བྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ཚེ་འདིར་དམྱལ་བར་འགྲོ༔ དམ་སྲུངས་རྡོ་རྗེའི་ཆུ་ཐུངས་ཤིག༔ ཅེས་གདམས་པ་ལ། དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བརྗོད་དུ་གཞུག །སླར་ཡང་སློབ་དཔོན་གྱིས་རྡོ་རྗེ་གདེངས་ཤིང་། ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ རིགས་ཀྱི་བདག་པོ་ང་ཡིན་པས༔ བླ་མས་གསུངས་པ་རྡོ་རྗེའི་ཚིག༔ ནམ་ཡང་མི་འདའ་སྒྲུབ་པར་གྱིས༔ ཞེས་གདམས་སོ། །བསྡུ་ན་དམ་ཆུ་སྦྱིན་པ་ཁོ་ནས་ཀྱང་རུང་ངོ་། །བཞི་པ་ནི། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་བཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་པདྨོ་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མ་ཧཱ་གུ་རུ་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་མཚན་དཔེའི་གཟི་བྱིན་འབར་ཞིང་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ། ཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བའི་རྦ་རླབས་བཾ་ཡིག་དཀར་པོར་འཁྱིལ་པ་འཛིན་པ། དབུ་ལ་བརྗིད་ལྡན་ཤེའུའི་སྙན་ཞུ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པ། སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ་ཅིང་དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས་པ། རིགས་ཀུན་གྱི་ཁྱབ་བདག་ཆེན་པོར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཡང་དཀྱིལ་འཁོར་མངའ་བདག་གུ་རུ་བདེ་བ་ཆེན་པོར་གསལ་བ་ལ་མོས་གུས་དྲག་ཏུ་བསྐྱེད་པས། བླ་མའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་གང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་སྒྱུ་འཕྲུལ་བཀོད་པའི་རོལ་མོ་བསམ་གྱིས་མི་ཁྱབ་པར་སྣང་བའི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་ཆེན་པོའི་དགོངས་པ་བསྐུལ། ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་དེ་སྐད་ཅིག་གིས་ནམ་མཁའི་ཁྱོན་གང་བར་སྤྱན་དྲངས་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཡེ་ཤེས་འབེབ་པའི་རྫས་སྦྱོར་གྱི་དུད་པ་བདུག །ཐོད་རྔ་སོགས་རོལ་མོའི་སྒྲ་དང་དབྱངས་བཅས་ལས་བྱང་ལྟར། ཧཱུྃ་ཧྲཱི༔ སྔོན་ཚེ་ཛམ་གླིང་འདི་དག་གི༔ སོགས་སྤྱན་འདྲེན་དང་སྔགས་དྲག་ཏུ་བཟླས་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་གཉུག་མའི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ ཞེས་བརྟན་པར་བྱའོ། །ལྔ་པ་ནི། འདི་ན་གུ་རུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་རྣམས་མངོན་སུམ་དུ་བཞུགས་པ་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་ལ་བཟང་ངན་གྱི་བྱེ་བྲག་མ་མཆིས་ཀྱང་། རྣམ་པ་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་བཅས་ཚིག་འདིའི་རྗེས་ཟློས་མཛོད་ལ་ལྟོས་པ་མེད་པར་འདོར་བར་ཞུ། ཧོ༔ ཚེ་རབས་འབྲེལ་བའི་རིགས་ཀྱི་ལྷར༔ ཡེ་ཤེས་རིག་པའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་དེར་འབབ་པར་ཤོག༔ བཛྲ་པུཥྤེ་ས་མ་ཡ་ཧོ༔ ཞེས་དཀྱིལ་འཁོར་དངོས་སམ། ཚོམ་བུའི་མཎྜལ་དུ་འདོར་དུ་གཞུག །གཙོ་འཁོར་གང་ལ་ཕོག་པ་ལྷག་པའི་ལྷར་ངེས་པར་བྱ་བའམ། ཡང་ན་ཐམས་ཅད་ཀྱང་རིགས་ལྔར་འདུས་ཏེ། དབུས་སུ་མི་འགྱུར་རྡོ་རྗེའི་རིགས༔ ཤར་དུ་དྲི་མེད་བདེ་གཤེགས་རིགས༔ ལྷོ་རུ་འདོད་འབྱུང་རིན་ཆེན་རིགས༔ ནུབ་ཏུ་ཆགས་མེད་པདྨའི་རིགས༔ བྱང་དུ་ཐོགས་མེད་ལས་ཀྱི་རིགས༔ ཞེས་རིགས་ལྔར་ངེས་པར་བྱས་ཏེ་སོ་སོའི་རིགས་དང་མཐུན་པའི་མིང་གདགས། མེ་ཏོག་གི་ཕྲེང་བ་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་སྤྱི་བོར་བཅིངས་པས་ལྷ་སོ་སོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ཤིག །མེ་ཏོག་མགོར་བཞག་ལ། ཧོ༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི༔ དེ་རིང་ཁྱོད་ལ་དབབ་པ་ཡིས༔ རིགས་ཀྱི་སྲས་སུ་འགྱུར་བར་ཤོག༔ པུཥྤེ་སིདྡྷི་ས་མ་ཡ་སཏྭཾ༔ དྲུག་པ་ནི། གློ་བུར་མ་རིག་འཁྲུལ་པའི་སྒྲིབ་གཡོགས་མཐའ་དག་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་གྱི་ཐུར་མ་ཐོགས་ལ། ཧོ༔ རང་བྱུང་འོད་གསལ་སྙིང་པོ་ལ༔ གློ་བུར་འཁྲུལ་པའི་སྒྲིབ་གཡོགས་ཀུན༔ རིག་པ་ཡེ་ཤེས་ཐུར་མས་དབྱེ༔ རྡོ་རྗེའི་དཀྱིལ་འཁོར་མངོན་གྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་པས་མིག་དར་བསལ། བདུན་པ་ནི། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་མཐོང་བ་བསྟན་པ་ནི། རྡོ་རྗེའི་ཐུར་མས་མཚོན་ཏེ། དེའང་རྡོ་རྗེ་སློབ་དཔོན་གྱི་གསང་གསུམ་གདོད་ནས་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་རྡུལ་ཚོན་ནམ་རས་བྲིས་རང་སྣང་དབྱེར་མེད་གུ་རུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་མཚན་མའི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེའང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་མི་ཕྱེད་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོའི་དབུས་སུ། ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་ཅིང་ཡེ་ཤེས་རིགས་བཞིའི་ཁ་དོག་རྣམ་པར་བཀྲ་བ། རྩིག་པ་རིམ་ལྔ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་དང་བཅས་པ། དབུས་ཕྱུར་བུར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་ཤིང་རྒྱན་གྱི་བཀོད་པ་མཐའ་ཡས་པ་དང་ལྡན་པ། འདོད་སྣམ་དམར་པོ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་པའི་སྤྲིན་སྤྲོ་བ། མཚན་ཉིད་ཡོངས་རྫོགས་པདྨ་དྲྭ་བའི་ཕོ་བྲང་ཆེན་པོའི་དབུས་སུ་རིན་ཆེན་ཟུར་བརྒྱད། དེའི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ་དཔལ་ཆེན་ཆེ་མཆོག་དྲེགས་པ་ཀུན་འདུལ་ལས་བྱེད་དྲེགས་པ་སྡེ་བཞིས་བསྐོར་ཞིང་འཁོར་འདས་ཟིལ་གྱིས་གནོན་པའི་དབུ་གཙུག་པདྨ་ཉི་ཟླའི་གདན་ལ། རིགས་ཀུན་ཁྱབ་བདག་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་སྐུ་དང་ཞིང་ཁམས་སྐུ་ལ་རྫོགས་ཤིང་བྱིན་རླབས་ཆར་བཞིན་འབེབ་པ། གཙོ་བོའི་ཕྱི་རིམ་པདྨ་འདབ་བཞི་ལ་ཤར་དུ་གུ་རུ་སྨན་གྱི་བླ་མ་རིགས་བཞིའི་དྲང་སྲོང་གིས་བསྐོར་ཞིང་ཉོན་མོངས་གདུང་བ་སེལ་བ། ལྷོར་གུ་རུ་དབང་གི་རྒྱལ་པོ་ནོར་བདག་ཛམ་ལྷ་རིགས་བཞིས་བསྐོར་ཞིང་དབུལ་བའི་སྡུག་བསྔལ་སེལ་བ། ནུབ་ཏུ་གུ་རུ་ལྷག་པའི་ལྷ་མཆོག་གཏེར་སྲུང་སྡེ་བཞིས་བསྐོར་ཞིང་འདོད་དོན་དངོས་གྲུབ་སྩོལ་བ། བྱང་དུ་གུ་རུ་སྒྲུབ་པོའི་རེ་སྐོང་ཡུལ་ལྷ་སྡེ་བཞིས་བསྐོར་ཞིང་སྒྲུབ་པོའི་ལམ་སྣ་འདྲེན་པ། དེའི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ། ཤར་དུ་གུ་རུ་གིང་གི་གཙོ་བོ་དཔའ་བོ་གིང་བཞིས་བསྐོར་ཞིང་མི་སྲུན་གདུག་པ་འདུལ་བ། ལྷོ་རུ་གུ་རུ་ནམ་མཁའི་རྒྱལ་པོ་འབྱུང་བཞིའི་ལྷ་མོས་བསྐོར་ཞིང་འབྱུང་བའི་བར་ཆད་སེལ་བ། ནུབ་ཏུ་གུ་རུ་ཕྱག་རྒྱའི་བདག་པོ་རྣམ་བཞིའི་ཁྲོ་ཆུང་འགྱེད་ཅིང་མ་རུངས་འཆིང་ཞིང་སྐྲོད་པ། བྱང་དུ་གུ་རུ་རྡོ་རྗེའི་གོ་ཆ་བདུད་འདུལ་རིགས་བཞིས་བསྐོར་ཞིང་བདུད་སྡེའི་དཔུང་ཚོགས་འཇོམས་པ། ཤར་ལྷོར་གུ་རུ་སྣང་བ་མཐའ་ཡས་སེམས་དཔའ་རིགས་བཞིས་བསྐོར་ཞིང་འཆི་བའི་སྡུག་བསྔལ་སེལ་བ། ལྷོ་ནུབ་ཏུ་གུ་རུ་དུས་གསུམ་མཁྱེན་པ་མི་གཡོ་རིགས་བཞིས་བསྐོར་ཞིང་བར་དོའི་འཁྲུལ་སྣང་འཇོམས་པ། ནུབ་བྱང་དུ་གུ་རུ་བདེ་ཆེན་རྒྱལ་པོ་གསང་བདག་རིགས་བཞིས་བསྐོར་ཞིང་ངན་སོང་སྐྱེ་གནས་སྦྱོང་བ། བྱང་ཤར་དུ་གུ་རུ་ཐོད་ཕྲེང་རྩལ་འཆང་མཁའ་འགྲོ་སྡེ་བཞིས་བསྐོར་ཞིང་འགྲོ་དྲུག་གི་མགོན་སྐྱབས་མཛད་པ། སྒོ་བཞིར་པད་ཉི་བདུད་བཞི་བསྣོལ་བའི་སྟེང་དུ་ཧཱུྃ་མཛད་མི་གཡོ་རྟ་མགྲིན་བདུད་རྩི་འཁྱིལ་པ་སྟེ་ཁྲོ་རྒྱལ་རྣམ་པ་བཞིས་སྤྲུལ་པའི་ཕོ་ཉ་འགྱེད་ཅིང་བར་ཆད་སྲུང་བ། གཞན་ཡང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ། ཕྱག་བརྙན་ཕོ་ཉའི་ཚོགས་སྤྲིན་ལྟར་དུ་འཐིབས་ཤིང་། ཐམས་ཅད་ཀྱང་འཇའ་འོད་ཐིག་ལེ་ཟེར་ཐག་གི་དབུས་ན་ཡེ་ཤེས་ཀྱི་གཟི་བྱིན་ཕྱོགས་མེད་དུ་འབར་བ། འཇིགས་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་ཅིང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྐུར་སྣང་བ་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་དེ་རྣམས་ཀྱང་རང་གི་སེམས་ཉིད་ཀྱི་རང་རྩལ་སོ་སོར་སྣང་བ་ཡིན་པས། གདོད་ནས་རང་ལ་རང་ཆས་སུ་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ་མངོན་སུམ་དུ་མཇལ་བར་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ཅིང་བསྟན། དེ་དག་གིས་ནི་ལྷ་དང་སྐལ་པ་མཉམ་པའི་ཆེད་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ནོ། །གཉིས་པ་དབང་བསྐུར་བ་དངོས་ལ་ལྔ། ཕྱི་ཕན་པའི་དབང་། ནང་ནུས་པའི་དབང་། གསང་བ་ཟབ་མོའི་དབང་། མཐའ་རྟེན་དངོས་གྲུབ་སྣ་ཚོགས་པའི་རྗེས་གནང་། བྱིན་རླབས་གཏོར་མའི་དབང་ངོ་། །དང་པོ་ལ་གསུམ། སྤྱིའི་སྔོན་འགྲོ་མཎྜལ་གསོལ་གདབ་གནད་དོན་བཤད་པ། བྱེ་བྲག་གི་སྦྱོར་བ་དབང་ལྷ་སྤྱན་དྲངས་ཤིས་པ་བརྗོད་པ། དངོས་གཞི་བུམ་པའི་དབང་བསྐུར་ཞིང་བརྡ་དོན་ངོ་སྤྲད་པའོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་རྒྱལ་བ་ལྔར༔ དགོངས་ཤིང་ཇི་ལྟར་བསྩལ་པ་བཞིན༔ ཡེ་ཤེས་དབང་བསྐུར་བདུད་རྩིའི་ཆུས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ། འདི་ལྟར་དབང་བསྐུར་བ་ལ་རྒྱུ་མཚན་དང་དགོས་པ་ཅི་ཞིག་ཡོད་སྙམ་ན། སྦྱང་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་རྣམ་དག་འཁོར་འདས་ཀུན་ཁྱབ་ཏུ་བཞུགས་ཀྱང་། སྦྱང་བྱ་གློ་བུར་འཁྲུལ་པའི་དབང་གིས་གཟུང་འཛིན་འཁོར་བའི་རྣམ་ཆར་ཤར་བས་བསྒྲིབས་པ་ལ། དྲི་མ་དེ་སྦྱོང་བྱེད་ཐབས་ཀྱི་མཆོག་གྱུར་སྨིན་གྲོལ་གྱི་ལམ་ཟབ་མོར་རྟོག་གོམས་ཀྱི་སྦྱོར་བས་བསླབ་དགོས་ལ། དེའི་ཡང་ཐོག་མར་བརྡ་དང་མཚན་མས་མཚོན་ཏེ་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེད་པ་ལ་བརྟེན་ནས། སྦྱངས་འབྲས་སྐུ་བཞི་མངོན་དུ་འགྱུར་དུ་རུང་བ་སྟེ། མདོར་ན་རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་འབྲེལ་ཐམས་ཅད་སྨིན་བྱེད་ཀྱི་དབང་ལ་བརྟེན་ནས་བསྒྲིག་དགོས་པས་དག་བྱ་དག་བྱེད་སོགས་དབང་དོན་ངོ་འཕྲོད་པ་གལ་ཤིན་ཏུ་ཆེ། དེ་ལ་དབང་གི་ངོ་བོ་ནི། ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་བདག་ཉིད་ཡིན་ལ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ་དངོས་སུ་སྒོ་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་བ་འཇོག་པ་ལ་འཇུག་སྟེ། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས་སོ། །དབྱེ་བ་སྤྱིར་སྔགས་བླ་མེད་རྣམས་སུ་བུམ་གསང་ཤེར་ཡེ་ཚིག་གི་དབང་བཞིར་གྲགས་ཆེ་ཞིང་། བྱེ་བྲག་སྔ་འགྱུར་ཡོ་ག་གསུམ་སོ་སོའི་རང་སྐད་དང་མཐུན་པར། ཕན་ནུས་ཟབ་མོའི་དབང་གསུམ། ཆུ་བོ་བཞི་རྫོགས་ཀྱི་དབང་བཞི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང་རབ་ཏུ་སྤྲོས་མེད་བཞི། དེ་རེ་རེ་ལའང་ནང་གསེས་ཀྱི་དབྱེ་བ་དུ་མ་དང་བཅས་པ་འབྱུང་བ་ལས། འདིར་ནི་སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། ཕན་པའི་དབང་བྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། ཕན་ནུས་ཟབ་མོ་མཐའ་རྟེན་དང་བཅས་པའི་དབྱེ་བར་དོན་ཐོབ་ཏུ་བཞུགས་པ་ཡིན། གཉིས་པ་ནི། དེ་ལ་ཐོག་མར་ཕྱི་ཕན་པར་བྱེད་པ་བུམ་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེའི་ཁྲི་དང་ཆུ་སྐྱེས་ཉི་ཟླ་རྒྱས་པའི་གདན་ལ། ཁྱེད་རང་རྣམས་རིགས་འདུས་གུ་རུ་བདེ་བ་ཆེན་པོའི་རྣམ་པས་འཁོད་པའི་མོས་པ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཀུན་ན་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་བཀྲ་ལམ་གྱིས་སད་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ མ་བཅོས་ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལྷུན་གྲུབ་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་གར༔ སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་ལྷ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མེ་ཏོག་གི་ཆར་འབེབ་པ་དང་བཅས་རྒྱལ་བར་བྱ་བའི་སླད་དུ་བཀྲ་ཤིས་པའི་ཚིགས་སུ་བཅད་པས་དབུགས་དབྱུང་བར་མོས་ཤིག །ཨོཾ༔ དགེ་ལེགས་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔ ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔ བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཅེས་རོལ་མོ་སྒྲོག་ཅིང་མེ་ཏོག་འཐོར། གསུམ་པ་ནི། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པའི་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམས་ལ། ཧཱུྃ་ཧྲཱི༔ བཀྲ་ཤིས་འོད་གསལ་སྙིང་པོ་བྱང་ཆུབ་སེམས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་གནས༔ བུམ་པ་བཟང་པོ་རྟག་ཏུ་དཔལ་གནས་ཤིང༔ ཡོན་ཏན་བརྒྱ་ཕྲག་བརྒྱད་ཀྱིས་ལེགས་པར་བརྒྱན༔ ཡེ་ཤེས་དཔག་ཏུ་མེད་པའི་བཅུད་ཀྱིས་གཏམས༔ རྒྱལ་བ་རྣམས་ཀྱི་བུམ་པའི་དབང་བསྐུར་བས༔ སྣོད་བཅུད་ཐ་མལ་འཁྲུལ་སྣང་ཀུན་སྦྱངས་ཏེ༔ སྣང་བ་ལྷ་རུ་འཆར་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་གཏིགས། བུམ་པའི་ཆུས་ལུས་ཐམས་ཅད་གང་། ལས་དང་ཉོན་མོངས་པའི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། དེ་ལྟར་ན་བརྡ་བུམ་པས་དབང་བསྐུར་པ་ལ་བརྟེན་ནས། དོན་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་དཀྱིལ་འཁོར་གྱི་འཁོར་ལོ། རྒྱུད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ་ཚོགས་སུ་གདོད་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པས་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྐྱང་བར་ཞུ། ཞེས་བརྡ་དོན་ངོ་སྤྲད། གཉིས་པ་ནང་ནུས་པའི་དབང་ལ་ལྔ། གསོལ་བ་གདབ་ཅིང་གནང་བ་སྦྱིན་པ། སྐུ་ཕྱག་རྒྱའི་འཁོར་ལོ་བསྟིམ་ཞིང་དབང་བསྐུར་བ། གསུང་བཟླས་པའི་ལུང་སྦྱིན་ཅིང་དབང་བསྐུར་བ། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་ཅིང་དབང་བསྐུར་བ། བུམ་དབང་གི་དག་པ་དང་ཤིས་བརྗོད་བྱ་བའོ། །དང་པོ་ནི། དེ་ནས་བུམ་དབང་གི་མཐའ་རྟེན་གྱི་ཚུལ་དུ་ནང་ནུས་པ་འཇུག་པའི་དབང་རྣམས་རིམ་བཞིན་བསྐུར་བ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབ༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ གཉིས་པ་ནི། དེ་ལ་ཐོག་མར་ལུས་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྒོམ་པར་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་པ་གཙོ་འཁོར་སོ་སོའི་སྐུ་ལས་རང་འདྲའི་སྐུ་གཉིས་པ་རེ་འཕྲོས་ནས། ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཁྱབ་བདག་བདེ་བ་ཆེན་པོའི་སྐུ་ཐོགས་ལ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབ༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་འཆིབ་སྟེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་བདག་འདྲའི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ གུ་རུ་བདེ་བ་ཆེན་པོའི་དབང་བསྐུར་བས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག །དེ་ནས་རིག་འཛིན་རྩལ་འཆང་བཅུ་གསུམ་གྱི་སྐུས་རིམ་བཞིན་དབང་བསྐུར་ལ། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུ་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ གུ་རུ་དྲེགས་འདུལ་ཆེ་མཆོག་དབང་བསྐུར་བས༔ བསམ་པ་ལྷུན་གྱིས༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར༴ གུ་རུ་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ གུ་རུ་སྨན་པའི་རྒྱལ་པོས་དབང་བསྐུར་བས༔ བསམ་པ་ལྷུན༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར༴ གུ་རུ་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ གུ་རུ་དབང་གི་རྒྱལ་པོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ་ཨ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ གུ་རུ་ཡི་དམ་ལྷ་ཡིས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ་ཨ༴ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས༴ གུ་རུ་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ གུ་རུ་སྒྲུབ་པོའི་རེ་སྐོང་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས༴ གུ་རུ་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ གུ་རུ་དཔའ་བོ་གིང་གཙོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས༴ གུ་རུ་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ གུ་རུ་ནམ་མཁའི་རྒྱལ་པོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས༴ གུ་རུ་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད༔ གུ་རུ་མ་རུངས་སྐྲོད་མཛད་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ གང་ཞིག་གཤེད་མའི་དམག་གིས་མཐའ་སྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས༴ གུ་རུ་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ གུ་རུ་རྡོ་རྗེའི་གོ་ཆས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས༴ གུ་རུ་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ གུ་རུ་འཆི་བའི་གདུང་སེལ་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས༴ གུ་རུ་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ གུ་རུ་བར་དོའི་འཁྲུལ་འཇོམས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས༴ གུ་རུ་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ གུ་རུ་ངན་སོང་ཀུན་འདྲེན་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུའི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ གུ་རུ་འགྲོ་དྲུག་ཀུན་སྐྱོབ་དབང་བསྐུར་བས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འདི་ལྟར་སྣང་བ་ཐམས་ཅད་ཁྱབ་བདག་བླ་མ་རིག་འཛིན་གྱི་དཀྱིལ་འཁོར་འཁོར་ལོ་སྣང་སྟོང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རོལ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིས་ཤིག །གསུམ་པ་ནི། དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ས་བོན་གྱི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་སོ་སོར་ལན་གསུམ་རེ་མཛད་པར་ཞུ། ཕྲེང་བ་སྦྲེལ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་གཙོ་བོའོ། །རིག་འཛིན་བཅུ་གསུམ་ལ་རིམ་བཞིན། རྩ་སྔགས་བཛྲ་གུ་རུའི་མཐར། ཡ་དུ་ཙ་ཤ་བྷྱོ་ཟློག༔ ༡༽ རྩ་སྔགས་མཐར། ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ༢༽ རྩ་སྔགས་དང་། ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ༣༽ རྩ་སྔགས་དང་། ཨེ་ཀ་ཛཱ་ཊཱི་ཙིཏྟ་ཧྲཱིང་ཧྲཱིང་ཛ༔ རཀྴ་རཱ་ཧུ་ལ་ཙིཏྟ༴ ནཱ་ག་རཀྴ་ཙིཏྟ༴ གིངྐ་ར་རཱ་ཛ་ཙིཏྟ༴ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ༴ ༤༽ རྩ་སྔགས་དང་། ཨོཾ་ལོ་ཀ་པཱ་ལ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ ༥༽ ཐོད་ཕྲེང་རྩལ་དང་། བཛྲ་རཏྣ་པདྨ་ཀརྨ་གིངྐ་ར་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་ཕཊ༔ ༦༽ རྩ་སྔགས་དང་། བཾ་ལཾ་རཾ་ཡཾ་སརྦ་སིདྡྷི་ཧཱུྃ༔ ༧༽ ཐོད་ཕྲེང་རྩལ་དང་། བཛྲ་ཀྲོ་དྷ་ཛཿཧཱུྃ་བཾ་ཧོཿཧཱུྃ་ཧཱུྃ༔ ༨༽ རྩ་སྔགས་དང་། ཨོཾ་ཧཱུྃ་མཾ་བཛྲ་རཀྵ་རཀྵ༔ ༩༽ ཨོཾ་པདྨ་དྷཱ་ར་ཧྲཱི༔ ཨོཾ་མཻ་ཏྲི་མེཾ་སྭཱ་ཧཱ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ༡༠༽ རྩ་སྔགས་དང་། ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ༡༡༽ ཨོཾ་མ་ཧཱ་གུ་རུ་སུ་ཁ་སིདྡྷི་ཧཱུྃ༔ ༡༢༽ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ༡༣༽ ཕྲེང་བ་མགྲིན་པར་བཞག་པས་ནུས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ འདི་ལྟར་གྲགས་པ་ཐམས་ཅད་ཁྱབ་བདག་བླ་མ་རིག་འཛིན་གྱི་གསུང་དབྱངས་གཞོམ་མེད་ཡི་གེ་འཁོར་ལོའི་སྤྲིན་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲའི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །བཞི་པ་ནི། དེ་ནས་ཡིད་ཐ་མལ་དུ་ཞེན་པ་སྦྱོང་བའི་སླད་དུ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་ཡང་། སྣང་དུས་ཉིད་ནས་དངོས་པོས་སྟོང་། སྟོང་བཞིན་དུ་སྣ་ཚོགས་སུ་སྣང་བ་མ་འགག་པ་བཞིན། ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སྟོང་པའི་རང་རྩལ་དུ་ཤར་ཡང་། ཤར་དུས་ཉིད་ནས་བདེན་པར་མ་གྲུབ། མ་གྲུབ་བཞིན་དུ་ཅིར་ཡང་འཆར་བས། ཐམས་ཅད་ཀྱང་སྐུ་གསུམ་འདུ་འབྲལ་མེད་པ་ཟུང་འཇུག་འོད་གསལ་ཁོར་ཡུག་གི་དགོངས་པར་ངོ་ཤེས་པར་གྱིས་ཤིག །ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ལྟར་རྟོག་ཚོགས་ཐམས་ཅད་ཁྱབ་བདག་བླ་མ་རིག་འཛིན་ཀྱི་ཐུགས་ཀ་དག་འོད་གསལ་ཟང་ཐལ་ཀུན་ཁྱབ་འདུས་མ་བྱས་མཉམ་ཉིད་ཆེན་པོའི་དགོངས་པར་ལ་ཟློ་བས་འབད་མེད་ལྷུན་གྱིས་གྲུབ་པའི་གཞན་དོན་རྒྱ་ཆེན་པོ་གྱིས་ཤིག །ལྔ་པ་ནི། དེ་ལྟར་ན་ཕྱི་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ། གསང་དབང་། ཤེར་དབང་། དབང་བཞི་པའོ། །དང་པོ་ལ་གསུམ། སྦྱོར་བ་གསང་བའི་རྫས་བསྒྲུབ་ཅིང་ཤིས་པ་བརྗོད་པ། དངོས་གཞི་གསང་བའི་དབང་བསྐུར་ཞིང་ཉམས་མྱོང་ངོ་སྤྲད་པ། རྗེས་དག་པ་བརྗོད་ཅིང་མངའ་དབུལ་བའོ། །དང་པོ་ནི། དེ་ནས་གསང་བ་ཟབ་མོའི་དབང་གསུམ་རིམ་བཞིན་བསྐུར་བ་ལ་ཐོག་མར་གསང་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་རང་སྣང་གི་ཤེས་རབ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ། དྷཱུ་ཏི་ནས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པས་དབང་བསྐུར་བ་ལ་ཤིས་པ་བརྗོད་པར་མོས་ཤིག །བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ གཉིས་པ་ནི། དབང་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩི་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ལ་བཞག་པར་མོས་ཤིག །ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ བདེ་ཆེན་ཡེ་ཤེས་རྒྱལ་ཀུན་སྦྱོར་བའི་བཅུད༔ དཀར་ལ་དྲི་མེད་ཐུགས་རྗེའི་དམར་མདངས་ཅན༔ རྒྱལ་བའི་དབང་གི་མཐར་ཐུག་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་ངག་ལ་སྦྱིན་པ་ཡིས༔ ཕུང་པོ་སྔགས་རླུང་ཐིག་ལེའི་དངོས་འཛིན་ཀུན༔ དག་པ་བདེ་ཆེན་ལྷ་དང་ལྷ་མོར་གྱུར༔ སྒྲ་སྐད་གསུང་དུ་འཆར་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་ཐོད་པ་མགྲིན་པར་བཞག །བདུད་རྩི་མྱང་དུ་བཅུག་པས། མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཐམས་ཅད་གང་། དུག་གསུམ་གྱི་རྟོག་པ་འགགས། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་ཏེ། དེའི་ངོ་བོ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་འཇོག་འཚལ། གསུམ་པ་ནི། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་སྲོག་རྩོལ་གྱི་གནད་ལ་བརྟེན་ཏེ་གཏུམ་མོ་སྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག༔ གཉིས་པ་ལ་གསུམ། སྦྱོར་བ་ཕྱག་རྒྱ་བྱིན་གྱིས་བརླབ་ཅིང་ཤིས་པ་བརྗོད་པ། དངོས་གཞི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞིང་ཉམས་མྱོང་ངོ་སྤྲད་པ། རྗེས་དག་པ་བརྗོད་ཅིང་མངའ་གསོལ་བའོ། །དང་པོ་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་མོས་པ་འདི་བཞིན་དུ་མཛོད། རིག་ཙཀ་གི་གཟུགས་བརྙན་མེ་ལོང་དུ་འཆར་བ་བསྟན་ལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་རྒྱན་གྱིས་བརྒྱན་པའི་གཟུགས་བརྙན་མེ་ལོང་དུ་འཆར་བ་འདིས་མཚོན་ནས། ཕྱག་རྒྱའི་འདོད་ཡོན་ལས་བྱུང་བའི་བདེ་བ་མཐའ་དག་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་སྔོན་དུ་འགྲོ་བས། སིནྡྷུ་ར་ཡི་དཀྱིལ་འཁོར་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱའི་ལུས་ལ་ཐིམ་པས། དེ་ཉིད་རྡོ་རྗེ་རྣལ་འབྱོར་མ་དཔྲལ་བར་རང་བྱུང་གི་ལི་ཁྲིས་དགའ་བ་འཁྱིལ་པ་བཀོད་པར་གྱུར་པ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པ་ལ། དབང་གི་ལྷ་རྣམས་ཀྱིས་ཤིས་པ་བརྗོད་པར་མོས་ཤིག །མ་བཅོས་སྤྲོས་མེད་འོད་གསལ་ཆོས་ཀྱི་དབྱིངས༔ བདེ་ཆེན་ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ གང་འདུལ་འགྲོ་བའི་དོན་མཛད་ཐུགས་རྗེའི་གཏེར༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ གཉིས་པ་ནི། འདི་ལྟར་ལས་ཀྱི་ཕྱག་རྒྱ་དངོས་ཀྱི་རེག་བྱ་ལ་བརྟེན། རང་ལུས་ལྷ་སྐུར་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ལས་བདེ་དྲོད་མི་རྟོག་པའི་གཏུམ་མོ་འབར་བ་དམ་ཚིག་གི་ཕྱག་རྒྱ་ནི་སིནྡྷུ་རའི་དཀྱིལ་འཁོར་གྱིས་མཚོན་ལ། དེ་དག་གི་མྱང་བ་འོད་གསལ་སྟོང་ཉིད་དུ་གྲོལ་བ་ཕྱག་རྒྱ་ཆེན་པོ་ནི་མེ་ལོང་དྲི་མ་མེད་པས་མཚོན་པ་སྟེ། ཕྱག་རྒྱ་བཞི་ལྷན་ཅིག་སྦྱོར་བའི་རྐྱེན་གྱིས་བདེ་ཆེན་རང་བྱུང་གི་ཡེ་ཤེས་སད་པར་འགྱུར་བའི་བརྡ་དོན་ཤེས་པར་གྱིས་ཤིག །རིག་མའི་གཟུགས་བརྙན་ལག་ཏུ་བཞག །སིནྡྷུ་རའི་མེ་ལོང་སྙིང་གར་གཏད་ལ། ཧཱུྃ༔ བདེ་བར་གཤེགས་པ་འདས་གྱུར་ད་ལྟ་བཞུགས༔ མ་འོངས་འབྱུང་འགྱུར་ཀུན་གྱི་ལམ་གཅིག་པུ༔ བདེ་ཆེན་ཡེ་ཤེས་འདི་ནི་རྨད་དུ་བྱུང༔ བསམ་གྱིས་མི་ཁྱབ་མཚོན་པའི་དཔེ་ལས་འདས༔ དེ་ཉིད་རྐྱེན་གྱིས་སད་པར་བྱ་བའི་ཕྱིར༔ ཕྱག་རྒྱ་བཞི་དང་དབྱེར་མེད་རབ་སྦྱར་ན༔ ལྷན་སྐྱེས་ཡེ་ཤེས་ནམ་མཁའ་ཁྱབ་པའི་གཟུགས༔ བླ་ན་མེད་པ་རྟག་ཏུ་འཕེལ་བར་འགྱུར༔ མེ་ལོང་དྲི་མེད་སྟོང་ཉིད་ཕྱག་རྒྱ་ཆེ༔ སིནྡྷུ་ར་ནི་དམ་ཚིག་ཕྱག་རྒྱར་མཚོན༔ ལྷ་ལ་སྒོམ་པ་ཆོས་ཀྱི་ཕྱག་རྒྱ་སྟེ༔ ལས་ཀྱི་ཕྱག་རྒྱའི་གསང་བའི་རེག་བྱ་ནི༔ རྡོ་རྗེ་ནོར་བུའི་རེག་པས་མྱོང་བ་ལས༔ ཤེས་རབ་ཡེ་ཤེས་སྣང་བ་མངོན་དུ་གྱུར༔ འཁྲུལ་པའི་རྟོག་ཚོགས་ཉོན་མོངས་རང་སར་གྲོལ༔ བདེ་སྟོང་འདུ་འབྲལ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སིནྡྷུ་རའི་ཐིག་ལེ་སྲིན་ལག་གཡོན་པས་སློབ་མའི་སྙིང་གར་བཀོད། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་ཁྱབ་བདག་གུ་རུ་བདེ་བ་ཆེན་པོ་དང་། གཏད་པའི་ཡུམ་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ནི་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་ཚོགས་དྲུག་གི་རྟེན་གྱི་ཁམས་དྭངས་མ་ཐམས་ཅད་ཞུ་ནས་སྤྱི་བོའི་ཧཾ་ལ་འདུས་ཏེ། སྤྱི་བོ་ལས་མགྲིན་པར་བབས་པ་དགའ་བ། མགྲིན་པ་ནས་སྙིང་གར་བབས་པས་མཆོག་དགའ། སྙིང་ག་ནས་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་། མཁའ་གསང་གི་རྩེ་མོར་བཟུང་བ་དེ་ཉིད་སླར་ཡང་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད་ཅིག །གསུམ་པ་ནི། དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ གསུམ་པ་ལའང་གསུམ། སྦྱོར་བ་ཚིག་གིས་མཚོན་པས་དོན་དམ་གྱི་ལྟ་བ་ངོ་སྤྲད་པ། དངོས་གཞི་བྱིན་རླབས་འཕོ་བས་ཉམས་མྱོང་བསྒོམ་པའི་དྲོད་གཏད་པ། རྗེས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་ཞིང་དག་པ་བརྗོད་པ་མངའ་དབུལ་དང་བཅས་པའོ། །དང་པོ་ནི། དེ་ནས་བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ། ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་དུ་བཞག །ཡིད་ཀྱིས་སྔར་ཉམས་སུ་མྱངས་པའི་བདེ་ཆེན་གྱི་ཡེ་ཤེས་དེ་དྲན་པར་བྱས་ནས་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་སེམས་སྐད་ཅིག་མ་དེའི་སྟེང་དུ་རྩོལ་བྲལ་བསལ་བཞག་མེད་པར་ཤིགས་སེ་ཞོག་མཛོད་བྱས་ལ། སློབ་དཔོན་ཡང་མཉམ་གཞག་གི་ངང་ནས། ཨ༔ ཡེ་ནས་ཕྱི་ནང་ཆོས་རྣམས་མ་ལུས་ཀུན༔ དམིགས་སུ་མེད་ཅིང་ཅིར་ཡང་ཐ་ལེར་གསལ༔ མཐའ་དབུས་ཀུན་བྲལ་སྤྲོས་པ་ཉེར་ཞིའི་ངང༔ མ་བཅོས་མ་བསླད་དེར་འཛིན་བྲལ་བར་ཞོག༔ དེ་ཚེ་འོད་གསལ་མཚོན་དུ་མེད་པ་ཡི༔ ཡེ་ཤེས་རང་གི་སྙིང་དབུས་སད་པར་འགྱུར༔ བསམ་གྱིས་མི་ཁྱབ་གཉུག་མ་བདེ་བ་ཆེ༔ སངས་རྒྱས་ཀུན་གྱི་གསང་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཞེས་བརྗོད། དེ་ལྟར་བཞག་པའི་ཚེ་རིག་པ་གསལ་སྟོང་རྗེན་པ་ནམ་མཁའ་ལྟ་བུ་དེའི་ངང་ལ་ཞེན་འཛིན་མེད་པར་ཁྲིགས་སེ་གནས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་མ་བཅོས་རང་བྱུང་གི་ལྟ་བ་ཡིན་ནོ། །ཞེས་ངོ་སྤྲད། གཉིས་པ་ནི། དེ་ཉིད་བརྟན་པར་བྱ་བའི་ཕྱིར༔ དཀྱིལ་འཁོར་འཁོར་ལོའི་གཙོ་བོ་མཆོག༔ གུ་རུ་བདེ་བ་ཆེན་པོའི་རྒྱལ༔ དེ་དང་བླ་མ་དབྱེར་མེད་པའི༔ འོད་གསལ་དྲི་མ་མེད་པའི་ཐུགས༔ རང་གི་སེམས་སུ་རོ་གཅིག་བསྲེ༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ ཟུང་འཇུག་བློ་འདས་དགོངས་པ་བསྐྱང༔ བླ་མའི་བདེ་ཆེན་ཡེ་ཤེས་སྐུ༔ རང་ཐིམ་གཉིས་མེད་འདྲེས་པར་བསམ༔ ཞེས་རྩ་བ་རྡོ་རྗེའི་གསུང་ལས་འབྱུང་བ་ལྟར། བླ་མ་བདེ་བ་ཆེན་པོའི་ཐུགས་དང་རང་སེམས་འོད་གསལ་གྱི་ངོ་བོ་རོ་གཅིག་ཏུ་བསྲེ་ཞིང་བློ་འདས་ཀྱི་དགོངས་པ་བསྐྱང་། དཀྱིལ་འཁོར་ཁྱབ་བདག་གི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་དབང་གི་ཡེ་ཤེས་སྐྱེ་བརྟན་གོང་འཕེལ་དུ་བྱིན་གྱིས་བརླབས་པར་མོས་ཤིག །གུ་རུའི་སྐུ་འབག་སྤྱི་བོར་བཞག །ཐོད་རྔ་འཁྲོལ་ལ་དབྱངས་དང་བཅས་པས། ཧཱུྃ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ བདེ་བར་གཤེགས་པ་མ་ལུས་འདུས་པའི་སྐུ༔ དཀྱིལ་འཁོར་རབ་འབྱམས་སྤྲོ་དང་བསྡུ་བའི་གཞི༔ མཚན་ཐོས་ཙམ་གྱིས་སྡུག་བསྔལ་ཐམས་ཅད་ཞི༔ ཡོན་ཏན་དྲན་པས་བསམ་པ་ལྷུན་གྱིས་འགྲུབ༔ དད་པས་གསོལ་བཏབ་མཆོག་གི་དངོས་གྲུབ་སྩོལ༔ ཡིད་བཞིན་ནོར་བུ་བླ་མ་བདེ་བ་ཆེ༔ ཁྱེད་ནི་སྔོན་ཚེ་བོད་ཡུལ་བཞུགས་པའི་དུས༔ རྗེས་འབྲངས་རྣམས་ལ་ཐུགས་དམ་ཞལ་བཞེས་བཞིན༔ མ་འོངས་ཕྱི་མའི་དུས་ནི་འདིར་ལགས་པས༔ བདག་ཅག་རེ་ལྟོས་ཅན་གྱི་སྐྱབས་གཅིག་ཁྱེད༔ སྐུ་གསུང་ཐུགས་ཀྱིས་འཁོར་འདས་ཀུན་ཁྱབ་ཀྱང༔ མཚོན་པའི་སྐུ་ནི་སྲིན་པོའི་ཡུལ་དུ་བཞུགས༔ ཐུགས་རྗེའི་འཇུག་པས་བོད་ལ་ལྷག་པར་དགོངས༔ དད་ཅིང་གུས་པའི་སྐལ་ལྡན་བདག་ཅག་གིས༔ ལུས་ནི་གུས་པས་ཁྱེད་ལ་ཕྱག་འཚལ་ཞིང༔ ངག་གིས་གདུང་དབྱངས་འོ་དོད་ཁྱེད་ལ་འབོད༔ ཡིད་ཀྱིས་རེ་ལྟོས་གཅིག་གྱུར་ཁྱེད་དྲན་པས༔ སྡུག་བསྔལ་སེལ་ཕྱིར་གནས་འདིར་ད་ལྟ་གཤེགས༔ ཕྱི་རབས་དོན་དུ་དད་པའི་རྟེན་བཞག་ནས༔ མཐོང་ཐོས་དྲན་རེག་བར་ཆད་ཀུན་སེལ་ཞིང༔ དངོས་གྲུབ་དཔལ་འབར་འབྲེལ་ཚད་དོན་ལྡན་པར༔ བསྔགས་པ་བརྗོད་པའི་སྐུ་ཚབ་འདི་ལགས་པས༔ ཁྱེད་ཀྱི་སྐུ་གསུང་ཐུགས་མཆོག་འདིར་ཞུགས་ནས༔ བྱིན་རླབས་དབང་ཆེན་ད་ལྟར་མ་བསྐུར་ན༔ ཐུགས་དམ་ཞལ་བཞེས་ཐུགས་བསྐྱེད་རྫུན་དུ་ཐལ༔ རེ་ལྟོས་ཅན་གྱི་སྐལ་ལྡན་བདག་ཅག་རྣམས༔ སྡུག་བསྔལ་གྱིས་གཟིར་འདི་རུ་གུམ་ལགས་པས༔ དེ་ཕྱིར་ཁྱེད་ཀྱི་ཐུགས་རྗེའི་རྩལ་སྤྲུགས་ལ༔ བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ལུས་ལ་རྡོ་རྗེའི་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་བདེན་ཚིག་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་འོད་གསལ་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡོན་ཏན་བསམ་ལས་འདས་པས་བྱིན་གྱིས་རློབས༔ ཕྲིན་ལས་འགྲོ་འདུལ་ཐུགས་རྗེས་བྱིན་གྱིས་རློབས༔ ནད་དང་སྡུག་བསྔལ་འཇིགས་པ་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་ནས་ཚེ་འདི་ལ༔ བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ གསུམ་པ་ནི། ཞེས་བརྗོད་བླ་སློབ་གཉིས་ཀས་མོས་གུས་བསྐྱེད༔ ཐེ་ཚོམ་མེད་པར་སྙིང་ནས་གསོལ་བཏབ་པས༔ གཅེས་པའི་བུ་ངུས་མ་ཡིས་བཟོད་མིན་ལྟར༔ ཨོ་རྒྱན་ང་ཉིད་རྔ་ཡབ་གླིང་མཆོག་ནས༔ འདབ་ཆགས་རྒྱལ་པོ་གཟན་ལ་ཞུགས་པ་ལྟར༔ དད་ལྡན་དྲུང་དུ་སྐད་ཅིག་ཉིད་ལ་འོང༔ དེ་ཚེ་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས༔ བློ་སྣ་འགྱུར་བའི་གདུང་ཤུགས་ངང་གིས་སྐྱེ༔ སྣང་བ་བན་བུན་གཟའ་གཏད་བྲལ་བའི་ངང༔ ཨོ་རྒྱན་བདག་གི་བྱིན་རླབས་ངེས་པར་འཇུག༔ དང་པོར་ལོ་རྒྱུས་དྲན་པས་དད་པ་སྐྱེ༔ བར་དུ་ཡོན་ཏན་དྲན་པས་མོས་གུས་འཆར༔ ཐ་མ་ཞལ་བཞེས་དྲན་པས་བཟོད་མེད་གདུང༔ དེ་དུས་གདུང་ཤུགས་བསྐྱེད་ལ་གར་སྟབས་བཅས༔ ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་གླུ་རུ་བླང༔ རིག་པ་ཟང་ཐལ་འོད་གསལ་གཉུག་མའི་ངང༔ རིག་གདངས་འགག་མེད་དད་གུས་རྩལ་སྤྲུགས་ནས༔ གསོལ་བ་བཏབ་ན་བར་ཆད་ཐམས་ཅད་སེལ༔ ཐུགས་ཡིད་བསྲེས་པས་བྱིན་རླབས་དབང་ཆེན་ཐོབ༔ རེ་དོགས་བྲལ་ན་གང་དགོས་བསམ་པ་འགྲུབ༔ དེ་ཕྱིར་དབང་གི་རྒྱལ་པོ་འདི་ཉིད་དེ༔ པདྨ་བདག་གི་ཐུགས་ཁྲག་དྭངས་མའི་བཅུད༔ རྗེས་འབྲངས་རྣམས་དང་འབྲལ་ཁའི་ཞལ་ཆེམས་ཏེ༔ དངོས་དང་ཁྱད་མེད་གཟུགས་སྐུའི་ཞལ་ཚབ་བཅས༔ སྙིང་དང་འདྲ་བའི་མངའ་བདག་ཡབ་སྲས་དང༔ སྣོད་ལྡན་མཚན་ལྡན་རྗེས་འབྲངས་ཚོགས་ལ་གཏད༔ འདས་དང་ད་ལྟར་བཞུགས་པའི་སྐྱེ་བའི་སྲིད༔ མ་འོངས་འབྱུང་འགྱུར་དོན་དུ་གཏེར་དུ་སྦོས༔ ནམ་ཞིག་བོད་འབངས་སྡུག་བསྔལ་མཚོ་རྡོལ་ཚེ༔ ལས་ཅན་དག་གིས་བསྐུལ་ཞིང་སྤྱོད་པ་ན༔ འབྲེལ་ཚད་ཐམས་ཅད་བྱང་ཆུབ་སྙིང་པོའི་བར༔ རང་བྱུང་པདྨ་བདག་གིས་རྗེས་བཟུང་བའི༔ དམ་བཅའ་ཡིན་ནོ་ཐ་ཚིག་བསླུ་མི་སྲིད༔ གནས་སྐབས་ཕྱི་ནང་གསང་བའི་སྡུག་བསྔལ་ཞི༔ འདོད་དགུའི་བསམ་པ་མ་ལུས་ལྷུན་གྱིས་གྲུབ༔ དམ་ཚིག་མ་ཉམས་སྐྱེ་བ་བདུན་གྱི་མཐར༔ མཆོག་གི་དངོས་གྲུབ་འགྲུབ་པར་གདོན་མི་ཟ༔ དེ་ཕྱིར་ཐེ་ཚོམ་སྤོངས་ལ་རྩེ་གཅིག་ཏུ༔ དད་དང་ངེས་ཤེས་སྐྱེད་ཅིག་ཕྱི་རབས་རྣམས༔ གང་ལ་ངེས་ཤེས་སྐྱེས་པ་དེ་ཉིད་ནི༔ པདྨ་བདག་དང་འདུ་འབྲལ་ཡོད་རེ་ཀན༔ ཞེས་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་ཀྱིས་ཞལ་གྱིས་བཞེས་པའི་དོན་ཐུགས་ལ་ངེས་པས། གཉུག་མ་ཀ་དག་ནམ་མཁའ་ལྟ་བུའི་དགོངས་པ་ལས་མ་གཡོས་པར། ཟང་ཐལ་གྱི་རིག་པ་གཟེངས་བསྟོད་དེ་ཉམས་བྱུང་རྒྱལ་དུ་བསྐྱང། བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ཁུང་རུས་པའི་གཏིང་ནས་མོས་གུས་ཀྱི་ཤུགས་བསྐྱེད་ལ། ལུས་ཀྱི་རྣམ་འགྱུར་སྟངས་སྟབས་སྒྱུར། ངག་གིས་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་དཔོན་སློབ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་བརྗོད་ལ་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་གསུམ་བདུན་ཉེར་གཅིག་གང་འགྲུབ་བྱའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག་ལམ་རྫོགས་ཆེན་རྩོལ་བྲལ་རང་བྱུང་གི་ཡེ་ཤེས་སྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་ཡེ་ཤེས་རྡོ་རྗེའི་བཀྲ་ཤིས་ཤོག༔ དེ་དག་རྣམས་ཀྱིས་སྟོད་ལས་བྱང་ཆུབ་མཆོག་གི་དངོས་གྲུབ་སྒྲུབ་པའི་དབང་གི་དངོས་གཞི་གྲུབ་པ་ལགས། བཞི་པ་མཐའ་རྟེན་དངོས་གྲུབ་སྣ་ཚོགས་པའི་རྗེས་གནང་སྦྱིན་པ་ལའང་གསུམ། སྦྱོར་བ་དངོས་གྲུབ་ཀྱི་རྫས་འདུ་བྱ་བ། དངོས་གཞི་སོ་སོའི་དབང་བསྐུར་བ། རྗེས་བསླབ་བྱ་བསྟན་པའོ། །དང་པོ་ནི། དེ་ནས་སྨད་ལས་དངོས་གྲུབ་སྣ་ཚོགས་པའི་རྗེས་གནང་སྦྱིན་པ་ནི། གཞུང་ལས། དེ་ནས་ཐུན་མོང་དངོས་གྲུབ་ཐོབ་བྱའི་ཕྱིར༔ རིག་འཛིན་བླ་མ་རྣམ་འཕྲུལ་བཅུ་གསུམ་པོ༔ ཡེ་ཤེས་འོད་ཟེར་འཕྲོ་བཞིན་བཞུགས་པ་ལ༔ གདུང་བའི་ཤུགས་བསྐྱེད་གསོལ་བ་བཏབ་པ་ཡིས༔ གཟུགས་སྐུ་གཉིས་པ་སོ་སོའི་རྫས་ལ་ཐིམ༔ རྫས་ཀྱི་རྣམ་པ་འོད་དུ་འབར་བ་ལ༔ རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་དང༔ ངོ་བོ་རིག་འཛིན་སོ་སོའི་རོལ་པར་བསམ༔ ཞེས་གསུངས་པའི་དོན་གསལ་འདེབས་བཞིན་པས་གསོལ་འདེབས་ལྷན་གཅིག་ཏུ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ་བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་དཔོན་སློབ་གཉིས་ཀས་བྱ། གྲུབ་ནས་སློབ་དཔོན་གྱིས། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས་རབ་ཏུ་གནས། གཉིས་པ་ནི། སློབ་དཔོན་ཉིད་རིག་འཛིན་བཅུ་གསུམ་སོ་སོའི་ང་རྒྱལ་དང་བཅས། རྫས་རྣམས་རིམ་པར་ལག་ཏུ་གཏད་དེ། རྣམ་པ་དངོས་གྲུབ་ཀྱི་རྫས། རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས། ངོ་བོ་རིག་འཛིན་རྩལ་འཆང་བཅུ་གསུམ་སོ་སོའི་རོལ་པར་གྱུར་པ་འདི་ཉིད་ཕྱག་ཏུ་གཏད་པས། འཇིགས་དང་སྡུག་བསྔལ་གྱི་བར་ཆད་མཐའ་དག་སེལ་ཞིང་། འདོད་རྒུའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་དབང་ཐོབ་པར་མོས་ཤིག །དེ་ལ་ཐོག་མར་ཧོར་སོག་དམག་བཟློག་ཕྱིར༔ དཔལ་གྱི་གཏོར་མ་སློབ་མའི་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་བདུད་ཀྱི་གཡུལ་ཟློག་པའི༔ ལྷ་སྲིན་བྲན་ཁོལ་གུ་རུ་ཆེ་མཆོག་སྟེ༔ གཏོར་མ་དཔལ་ཆེན་ལྷ་ཚོགས་སྐུར་སྣང་བས༔ ཁྱོད་ལ་དབང་བསྐུར་དམག་དཔུང་ཟློག་པར་ཤོག༔ རྩ་སྔགས་དང་། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ནད་རྣམས་སེལ་ཕྱིར་སྨན་མཆོག་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་ནད་སེལ་རིག་པ་འཛིན༔ གུ་རུ་སྨན་པའི་རྒྱལ་པོ་མཆོག་ཡིན་ཏེ༔ ལྷ་ཚོགས་འོད་ཞུ་བདུད་རྩིས་དབང་བསྐུར་བས༔ དུས་མིན་འཆི་བའི་བར་ཆད་ཞི་བར་ཤོག༔ སརྦ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ དབུལ་ཕོངས་སེལ་ཕྱིར་རིན་ཆེན་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་གསང་བའི་ཡོན་ཏན་ཀུན༔ རྒྱས་མཛད་རིག་འཛིན་ནོར་ལྷ་ཡོངས་ཀྱི་གཙོ༔ ལྷ་ཚོགས་ངོ་བོ་རིན་ཆེན་དབང་བསྐུར་བས༔ དབུལ་ཕོངས་སྡུག་བསྔལ་སེལ་བའི་དབང་ཐོབ་ཤོག༔ སརྦ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བསམ་ཀུན་འགྲུབ་ཕྱིར་སྒྲོམ་བུ་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་གསང་བའི་ཟབ་གཏེར་ཀུན༔ བུ་ལ་སྟེར་མཛད་རིག་འཛིན་ཡི་དམ་ལྷ༔ ལྷ་ཚོགས་འོད་ཞུ་སྒྲོམ་བུས་དབང་བསྐུར་བས༔ དངོས་གྲུབ་གཏེར་ལ་སྤྱོད་པའི་དབང་ཐོབ་ཤོག༔ སརྦ་ནི་དྷི་ཨ་བྷི་ཥིཉྩ་ཧཱུྃ༔ ལམ་སྣ་འདྲེན་ཕྱིར་བ་དན་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་མཁའ་སྤྱོད་ཞིང་དང་གྲུབ་པའི་གནས༔ ལམ་སྣ་འདྲེན་མཛད་གུ་རུ་ལས་རབ་རྩལ༔ ལྷ་ཚོགས་ཀུན་སྐུལ་བ་དན་དབང་བསྐུར་བས༔ ཕྱི་ནང་ལམ་སྣ་ཟིན་པའི་དབང་ཐོབ་ཤོག༔ སརྦ་ཀརྨ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ གདུག་པ་སྐྲོད་ཕྱིར་ཐོད་རྔ་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་གདུག་པ་ཀུན་འདུལ་བའི༔ གུ་རུ་དཔའ་བོ་གིང་དང་སྲུང་མའི་གཙོ༔ ལྷ་ཚོགས་རྒྱུད་སྐུལ་ཐོད་རྔས་དབང་བསྐུར་བས༔ ཐོག་བཅས་བདུད་རྣམས་སྐྲོད་པའི་དབང་ཐོབ་ཤོག༔ མ་ཧཱ་ཌཱ་མ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ འབྱུང་བཞི་སྙོམས་ཕྱིར་དེ་ཡི་རྫས་རྣམས་གཏད༔་་་ཆུ་བུམ་རི་རབ་རླུང་གཡབ་མེ་སྒྲོན། ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་གསང་བའི་འབྱུང་བ་བཞིའི༔ གཡོ་འཁྲུགས་ཀུན་སེལ་གུ་རུ་ནམ་མཁའི་རྒྱལ༔ སོ་སོའི་གཉེན་པོར་ཡེ་ཤེས་རང་སྣང་བའི༔ འབྱུང་བཞིས་དབང་བསྐུར་བར་ཆད་ཀུན་སེལ་ཤོག༔ ཛྙཱ་ན་ལཾ་བཾ་རཾ་ཡཾ་ཨ་བྷི་ཥིཉྩ་ཧཱུྃ༔ འཇིགས་པ་ཀུན་འཆིང་ཕྱག་རྒྱ་རྣམ་བཞི་གཏད༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་གསང་བའི་ཆོམ་རྐུན་རྣམས༔ མ་ལུས་ཚར་གཅོད་གུ་རུ་འཆིང་མཛད་དེ༔ འགུགས་འཆིང་སྡོམ་མྱོས་ཕྱག་རྒྱའི་དབང་བསྐུར་བས༔ མི་མཐུན་ཚོགས་ཀུན་འཆིང་བའི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ གདུག་པས་མི་ཚུགས་རྡོ་རྗེའི་གོ་ཆ་བསྐོན༔ ཧཱུྃ་ཧྲཱི༔ ང་ནི་ཕྱི་ནང་གསང་བའི་བདུད་དགྲའི་ཚོགས༔ ཡོངས་སུ་འཆིང་མཛད་གུ་རུ་རྡོ་རྗེའི་རྒྱལ༔ ཡེ་ཤེས་རྡོ་རྗེའི་གོ་ཆས་དབང་བསྐུར་བས༔ བར་ཆད་གཡུལ་ལས་རྒྱལ་བའི་དབང་ཐོབ་ཤོག༔ བཛྲ་རཀྵཱ་ཧཾ་ཨ་བྷི་ཥིཉྩ་ཧཱུྃ༔ འཆི་བའི་སྡུག་བསྔལ་སྦྱོང་ཕྱིར་ཨ་ཡིག་གཏད༔ ཧཱུྃ་ཧྲཱི༔ ང་ནི་འཆི་འཕོའི་བར་ཆད་སྡུག་བསྔལ་ཀུན༔ ཡོངས་སུ་སྦྱོང་མཛད་གུ་རུ་སྣང་མཐའ་ཡས༔ སྐྱེ་མེད་ཡེ་ཤེས་ཨ་ཡིག་དབང་བསྐུར་བས༔ དབྱིངས་རིག་དབྱེར་མེད་འཕོ་བའི་དབང་ཐོབ་ཤོག༔ ཨ་ཨ་བྷི་ཥིཉྩ་ཧཱུྃ༔ འཁྲུལ་སྣང་ངོ་སྤྲོད་མདོངས་སྒྲོ་མེ་ལོང་བསྟན། ཧཱུྃ་ཧྲཱི༔ ང་ནི་བར་དོའི་འཁྲུལ་སྣང་རང་གྲོལ་བའི༔ ཞི་ཁྲོ་ཀུན་བདག་གུ་རུ་དུས་གསུམ་མཁྱེན༔ སྟོང་ཉིད་མེ་ལོང་རྩལ་མདངས་དབང་བསྐུར་བས༔ འཁྲུལ་སྣང་རང་སར་གྲོལ་བའི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ སྐྱེ་སྲིད་གཅོད་ཕྱིར་གྲི་གུག་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ང་ནི་སྐྱེ་བ་ལ་སོགས་སྡུག་བསྔལ་ཀུན༔ ཡོངས་སུ་སྦྱོང་མཛད་གུ་རུ་བདེ་ཆེན་རྒྱལ༔ སྟོང་ཉིད་རང་བཞིན་གྲི་གུག་དབང་བསྐུར་བས༔ སྐྱེ་ཤི་རྩད་ནས་གཅོད་པའི་དབང་ཐོབ་ཤོག༔ ཛྙཱ་ན་ཀརྟ་རི་ཨ་བྷི་ཥིཉྩ་ཧཱུྃ༔ འགྲོ་དྲུག་འདྲེན་ཕྱིར་ཁ་ཊྭཱཾ་རྩེ་གསུམ་གཏད༔ ཧཱུྃ་ཧྲཱི༔ ང་ནི་འགྲོ་དྲུག་སྤྱི་དང་ཁྱད་པར་དུ༔ བོད་ཁམས་གདུང་སེལ་གུ་རུ་པདྨ་སྟེ༔ ཐུགས་རྗེས་སྐྱོབ་ཕྱིར་ཁ་ཊྭཱཾ་དབང་བསྐུར་བས༔ སྡུག་བསྔལ་ཀུན་སེལ་བསམ་དོན་ལྷུན་གྲུབ་ཤོག༔ མ་ཧཱ་ཀཱ་རུ་ཎི་ཀ་ཁ་ཊྭཱཾ་ག་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱིན་ནོ། །གསུམ་པ་ནི། རྗེས་བསླབ་བྱ་བསྟན་པ་ནི། གཞུང་ལས། དེས་ཀྱང་རིན་ཆེན་སྒྲོམ་བུར་བཅུག་བྱས་ཏེ༔ བླ་མ་རིག་འཛིན་དངོས་སུ་བསམ་བྱས་ལ༔ མི་འབྲལ་རྟེན་དུ་ལུས་ལ་འཆང་བ་ཡིས༔ སྡུག་བསྔལ་ཀུན་སེལ་བསམ་དོན་ལྷུན་གྲུབ་འགྱུར༔ ཞེས་གསུངས་པའི་དོན་ཐུགས་ལ་ངེས་པས་ཕྱག་ལེན་དུ་གདབ་པར་ཞུ། ཞེས་གདམས་སོ། །ལྔ་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ནི། ལས་རྡོར་གྱིས་གཏོར་ཆེན་བཏེགས། སློབ་དཔོན་གྱིས། དེ་ནས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱེད་པ་བྱིན་རླབས་གཏོར་མའི་དབང་སྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་གཞལ་ཡས་ཁང་གི་ནང༔ ལྷ་ཚོགས་ཀུན་བཞུགས་སྐུ་གསུང་ཐུགས་དག་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་སུ༔ སློབ་མའི་གནས་གསུམ་ལ་ཐིམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་ཐོབ་བསམ༔ ཐོད་རྔ་འཁྲོལ་ཞིང་གདུང་ཤུགས་ལྟ་སྟངས་དང་བཅས་པས། ཧཱུྃ་ཧྲཱི༔ དངོས་གྲུབ་ཀུན་བདག་གུ་རུ་བདེ་བ་ཆེ༔ བོད་འབངས་ཡོངས་ལ་ཐུགས་རྗེས་བརྩེར་དགོངས་ནས༔ ཐུགས་དམ་ཞལ་བཞེས་སྡུག་བསྔལ་ཀུན་སེལ་བའི༔ སྐུ་ཚབ་བླ་མའི་རྣལ་འབྱོར་མཆོག་གཅིག་དང༔ ཐུན་མོང་བཅུ་གསུམ་ལས་ཅན་དོན་དུ་གསུངས༔ དགོངས་པའི་བྱིན་རླབས་སྣོད་ལྡན་བུ་ལ་བསྩལ༔ བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔ བསླུ་མེད་རྡོ་རྗེའི་གསུང་གིས་ཞལ་བཞེས་པས༔ དེ་ཕྱིར་བདག་གིས་རྩེ་གཅིག་བསྒྲུབ་ལགས་ན༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ སྡུག་བསྔལ་བཅུ་གསུམ་ཡོངས་སུ་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བརྗོད་ལ་གཏོར་མ་སློབ་མའི་སྤྱི་བོར་བཞག་པ་དང་བསྟུན། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ སོགས་རྡོ་རྗེའི་ཚིག་རྐང་དྲུག་གི་གསོལ་འདེབས་དང་། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་བྱ། གཏོར་རྫས་ཀྱི་ཆ་ཤས་དང་བདུད་རྩི་སྦྱིན་ལ། གཏོར་རྫས་དམ་ཚིག་གི་བདུད་རྩི་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །སྤྱི་ཙམ་ལ་དེས་འཐུས་ཤིང་། བསྙེན་སྒྲུབ་ནུས་པའི་སྨིན་སློབ་ལ། གཏོར་མ་རྩ་བ་གསུམ་གྱི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དངོས་སུ་གྱུར་པར་མོས་ཤིག །བྱས་ལ་དགོངས་པའི་དྲོད་གཏད་དེ་ཐུགས་ཡིད་མཉམ་ཉིད་དུ་བཞག་གོ །རྩ་བའི་གསུམ་པ་ལའང་གསུམ། མཐའ་རྒྱས་ཚེ་དབང་། བརྟན་བྱེད་ཤིས་བརྗོད། རྗེས་དམ་ཚིག་ཁས་བླང་སོགས་སོ། །དང་པོ་ནི། གཞུང་ལས། གང་ཡང་ཀུན་གྱི་ཐ་མར་འཆི་མེད་ཀྱི༔ དགའ་སྟོན་སྤེལ་ཕྱིར་ཚེ་ཡི་རྫས་བྱིན་ལ༔ ཤིས་པ་བརྗོད་ནས་མེ་ཏོག་ཆར་དུ་བསྙིལ༔ ཅེས་སོགས་གསུངས་པའི་དོན་གཞན་ལས་ཁ་སྐོང་བ་སྟེ། དེ་ལྟར་དབང་ཆེན་དངོས་གཞི་ལེགས་པར་གྲུབ་ནས། མཐའ་རྒྱས་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བགྱི་བ་ལ། ཐོག་མར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ མ་ཧཱ་གུ་རུ་པདྨ་འབྱུང༔ བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ འཆི་མེད་ཚེ་ཡི་དབང་མཆོག་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་བར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡབ་ལ། ཧྲཱི༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ འཆི་མེད་པདྨ་སཾ་བྷཱ་བ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ དེ་ནས་ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས། ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་སཾ་བྷ་བ་གུ་རུ་བདེ་བ་ཆེན་པོའི་རྣམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བྷནྡྷ་དང་ཚེ་བུམ་བསྣམས་པར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བདག་དང་བསྲུང་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཕྱག་གི་བྷནྡྷ་དང་བུམ་པའི་ནང་དུ་ཞུགས་ཤིང་འཁྱིལ་བ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་བྱང་། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་རྡོ་རྗེའི་སྲོག་གྲུབ་པའི་མོས་ལ་མཛོད་ཅེས་དང། ཨོཾ༔ བཀྲ་ཤིས་འོད་གསལ་གཞོན་ནུ་བུམ་པའི་དབྱིངས༔ ཡེ་ཤེས་རང་སྣང་པདྨ་སཾ་བྷ་བ༔ ཟུང་འཇུག་བདེ་བ་ཆེན་པོའི་དབང་བསྐུར་བས༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཆང་སྦྱིན་ལ། ཨཱ༔ རང་བྱུང་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བརྟན་དང་གཡོ་བའི་བཅུད་ཀུན་གཅིག་ཏུ་འཁྱིལ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས༔ ནད་མེད་བདེ་བའི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྦྱིན་ལ། ཧཱུྃ༔ ངོ་བོ་སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྣམ་པ་ལྷན་སྐྱེས་ཡེ་ཤེས་སེམས་དཔའི་གཟུགས༔ སྙིང་དབུས་ཉི་ཟླའི་གའུར་རྒྱས་གདབ་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཁྱེད་རང་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆས་གཡོགས་ཤིང་རིག་པའི་རང་ངོར་སྐྱེ་ཤིའི་མཚན་མ་གདོད་ནས་མ་གྲུབ་པ་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་པར་ཞུ། ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་ཚེ༔ བསྡུས་པས་འོད་གསལ་ཐིག་ལེའི་ཀློང༔ རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་པར༔ མི་འགྱུར་བརྟན་པའི་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྗོད་དོ། །གཉིས་པ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་དང་། ནམ་མཁར་བཞུགས་པའི་དབང་གི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་གི་རྔ་སྒྲ་སྒྲོག་ཅིང་། དགེ་ལེགས་ཀ་མ་ལའི་ཆར་ཕང་ཕུང་དུ་བསྙིལ་བས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་དབང་དོན་གྱི་ཡེ་ཤེས་སྔར་མ་སྐྱེས་པ་བསྐྱེད་ཅིང་། སྐྱེས་པ་གོང་དུ་འཕེལ་ཞིང་བརྟན་པ་སོགས་བསམ་དོན་ལྷུན་གྱིས་གྲུབ་པའི་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཕྱོགས་དུས་གནས་སྐབས་ཀུན་ཏུ་ཁྱབ་པར་བྱས་པར་མོས་ཤིག །སྤྲོ་ན་ཞལ་ནས་གསུངས་པའི་ཚིགས་བཅད་སྔོན་དུ་འགྲོ་བས། ལས་བྱང་གི་བཀྲ་ཤིས་དང་། གཞན་ཡང་ཤིས་བརྗོད་ཇི་ལྟར་འོས་པ་བྱ། བསྡུ་ན་ལས་བྱང་གི་ཤིས་བརྗོད་ཙམ་བྱས་ལ་རོལ་མོ་བསྒྲག་ཅིང་མེ་ཏོག་འཐོར་རོ། །གསུམ་པ་ནི། དེ་ལྟར་གུ་རུའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་། བྱིན་རླབས་ཀྱི་གཟི་བརྗིད་མ་ཉམས་ཤིང་མཁའ་འགྲོའི་ཁ་རླངས་ཐུལ་ལེ་བ། ཡིད་ཆེས་ཐེ་ཚོམ་དང་བྲལ་བའི་ཟབ་མོའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་རྫོགས་པར་ཐོབ་པ་སྟེ། དེའི་ཁྱད་པར་གྱི་ཕན་ཡོན་ཡང་། གཞུང་ལས། ཨེ་མ༔ བྱིན་རླབས་མཐུ་མྱུར་དངོས་གྲུབ་ཆེ་བའི་དཔལ༔ ཡིད་བཞིན་འདོད་འཇོ་བུམ་པ་བཟང་པོའི་ཚུལ༔ ལམ་མཆོག་རྒྱས་བསྡུས་གང་གིས་ཐོབ་པ་ཀུན༔ ཨོ་རྒྱན་ང་ཡི་ཐུགས་རྗེས་ངེས་པར་འཛིན༔ གདམས་པ་སྣ་རེས་ལས་ཅན་སྡུག་བསྔལ་སེལ༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་བྱེད་པའི༔ དགོས་འདོད་གཏེར་མཛོད་ཐུགས་སྒྲུབ་མཆོག་འདི་ནི༔ མ་འོངས་སུ་དང་སུ་ཡིས་བསྒྲུབ་གྱུར་ཀྱང༔ འཕྲལ་གྱི་རྐྱེན་ངན་སྡུག་བསྔལ་ཐམས་ཅད་ཞི༔ ཡུན་གྱི་ལམ་མཆོག་རིག་འཛིན་ཚེ་འདིར་ཐོབ༔ བསམ་པའི་དགོས་རྒུ་མཐའ་དག་ལྷུན་གྱིས་གྲུབ༔ བཀའ་ཡི་གླེགས་བམ་སུ་དང་སུས་འཆང་བ༔ དེ་ཉིད་ང་ཡི་ཐུགས་རྗེས་མི་བསྐྱང་རེ༔ ཐ་ཚིག་ཡིན་ནོ་ཕྱི་རབས་རྗེས་འཇུག་རྣམས༔ དེ་ཕྱིར་སྙིང་ནས་གུས་བསྐྱེད་བརྩོན་པས་སྒྲུབས༔ བྱ་བ་ཀུན་ཐོངས་ང་ལ་གསོལ་བ་ཐོབ༔ འཕྲལ་དང་ཡུན་གྱི་བསམ་པ་དེ་ཡིས་འགྲུབ༔ ཅེས་སོགས་གདམས་པར་མཛད་པ་ཉིད་སྙིང་གི་བདུད་རྩིར་ཟུངས་ལ། ཕྱིན་ཆད་རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་སྤྱི་དང་། བླ་མ་སྒྲུབ་ཅིང་མཆོད་པ་སོགས་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བློས་བླངས་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམ་སྟེ་སོགས། དེ་ལས་བྱུང་བའི་དགེ་བ་དང་། རང་གཞན་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་མི་གནས་པའི་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་གདབ་པ་དང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱ། དཔོན་སློབ་ཀུན་ཀྱིས་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་སྨོན་ལམ་གདབ། རྗེས་ལྷག་མ་སྦྱིན་ཅིང་ཐུགས་དམ་བསྐུལ་བ་ནས་ཤིས་པ་བརྗོད་པའི་བར་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །འཇོག་པོའི་གཙུག་རྒྱན་བྱེ་བ་ཕྲག་བརྒྱས་ཀྱང་། །ཆ་ཙམ་མི་སྒྲུན་འདི་གཏན་བསམ་རྒུ་ཀུན། །ལྷུན་གྱིས་འགྲུབ་བྱེད་སྔོན་མེད་ཡིད་བཞིན་ནོར། །སངས་རྒྱས་གཉིས་པའི་དགོངས་མཚོའི་བཅུད་དུ་བརྡོལ། །དུས་མཐར་སྐྱེས་རྣམས་བསོད་ནམས་མཐུ་དམན་ཀྱང་། །གཅེས་མཛོད་འདོད་རྒུར་སྤྱོད་པའི་སྐལ་པ་འདིར། །བསམ་ན་སྔོན་བྱོན་རྗེ་དང་འབངས་རིགས་ཀྱི། །སྐལ་བཟང་གང་ཡིན་ལག་རྩེར་འོངས་པ་བཞིན། །སྙིགས་མས་རྒུད་པའི་དབུལ་བ་འཕྲོག་པ་དང་། །བསམ་དོན་འབད་མེད་འཇོ་བས་ལུས་ཅན་ཀུན། །ནམ་ཡང་ཐར་པའི་བདེ་ལས་མི་ཉམས་པའི། །ཡིད་བཞིན་དཔལ་གྱི་འབྱུང་གནས་འདི་གྱུར་ཅིག །ཅེས་པ་འདིའང་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མའི་གསུང་གིས་རྗེས་སུ་གནང་བ་བསྩལ་པ་ལས། རྗེ་ཉིད་ཀྱིས་བཀའ་དྲིན་དུ་བསྩལ་པའི་ཟིན་བྲིས་སོར་བཞག །མཚམས་སྦྱོར་སོགས་ཅུང་ཟད་རྒྱས་པར་སྤྲོས་པ་ལས་རང་རྟོག་གིས་མ་བསླད་པར། པདྨའི་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་དབང་ཆེན་དང་སྤྲུལ་པའི་རིག་འཛིན་ཆེན་པོ་རྣམ་པ་གཉིས་སོགས་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པ། པདྨ་གར་གྱི་དབང་ཕྱུག་རྩལ་ལམ། ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་ཆོ་འཕྲུལ་ཆེན་པོས་བདུད་དཔུང་འདུལ་བའི་དཀར་ཚེས་བཟང་པོར་བྲིས་པ་རིས་མེད་པའི་བསྟན་འགྲོ་ལ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།
གཏོར་མའི་སྲུང་འཁོར་ (Volume 9, Text 35)
གཏོར་མའི་སྲུང་འཁོར་ནི༔ ཨོཾ་ཨཱཿཧཱུྃ༔ རྟེན་རྫས་གཏོར་མ་ལྷ་ཡི་གཞལ་མེད་ཁང༔ ཞི་རྒྱས་དབང་དྲག་སོ་སོར་ལྷུན་གྱིས་གྲུབ༔ དེ་ནང་རྩ་གསུམ་ཞི་ཁྲོ་རབ་འབྱམས་གསལ༔ ཇི་སྲིད་གཤེགས་སུ་གསོལ་བར་བརྟན་པར་བཞུགས༔ བཞུགས་པའི་ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས༔ བགེགས་ཚོགས་མཐའ་མེད་གནས་སུ་ཕར་བསྐྲད་ནས༔ ཚུར་འདུས་རྡོ་རྗེ་མཚོན་ཆ་མེ་རླུང་ཆུའི༔ གུར་ཁང་གཞོམ་གཞིག་བྲལ་བ་ཉིད་དུ་གྱུར༔ རཀྵ་རཀྵ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་མའི་གཞལ་ཡས་ཁང་དབུས་བཞུགས་པའི་ལྷ༔ འབྲུ་གསུམ་ཐོ་བརྩེགས་སྣ་ལྔའི་འོད་འབར་གྱུར༔ རང་ལུས་ལྷར་བསྐྱེད་འོད་ཞུ་ཧཱུྃ་དུ་གྱུར༔ ཧཱུྃ་ཉིད་འོད་ཞུ་ཆོས་དབྱིངས་ཀློང་དུ་ཐིམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྒྱུན་སྤྱོད་སོགས་བྱའོ༔ ནངས་པར་གཏོར་སྒྲོམ་ཕྱེ་དུས་སོགས་ལ༔ ཧཱུྃ༔ རང་ཉིད་ཆུ་ལས་ཉ་ལྡང་ཚུལ་དུ་ནི༔ ཡི་དམ་ལྷར་གསལ་རྟེན་གཏོར་ལྷ་རྣམས་བཞེངས༔ ཞི་རྒྱས་དབང་དྲག་ཆ་ལུགས་སྣ་ཚོགས་སུ༔ སྟོན་ཅིང་ནམ་མཁར་འཇའ་དཀར་ལྟ་བུར་གྱུར༔ ཛ་ཛ༔ ཕེཾ་ཕེཾ༔ ཨོཾ་ཨཱཿཧཱུྃ༔ གཏེར་གཞུང་ནས་སྔགས་འཆང་རོལ་པ་རྡོ་རྗེས་ཟུར་དུ་ཕྱུངས་པའོ།།
ཡང་ཟློག་ཟབ་མོ་གནུབས་ཀྱི་གོང་ཁུག་མ་ (Volume 53, Text 35)
༄༅༔ ཡང་ཟློག་ཟབ་མོ་གནུབས་ཀྱི་གོང་ཁུག་མ་བཞུགས་སོ༔ མཐུ་སྟོབས་དྲེགས་པའི་ལྷ་ལ་ཕྱག་འཚལ་ལོ༔ ཀ་ནི་རྩེ་ནས་རྙིང་པའི་འཕྲུལ་འདོག༔ བཙན་པོ་རྨང་ནས་འཇིགས་པའི་གཟུགས༔ སློབ་དཔོན་སློབ་མ་ནང་རྒྱས་སམ༔ ཆེན་པོ་ནང་རྒྱས་བྱུང་བའི་ཚེ༔ དེ་ཚེ་ངའི་བསྟན་པ་འབྱུང༔ གསུངས་པས༔ ཡང་ཟློག་ཆེན་པོའི་མཚོན་ཆ་འདི་གསུངས་སོ༔ དང་པོ་ཆོས་ཐམས་ཅད་སྟོང་པར་བསྒོམས་ལ༔ དེའི་ངང་ལས་སྐད་ཅིག་གིས༔ རང་ཉིད་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བ་རྒྱ་ཁྱོན་ཡངས་པ༔ དེའི་ནང་ཐོད་པ་ཇ་རིལ་སྲུབས་མེད་པ༔ སེར་ཁ་མེད་པའི་ནང་དུ༔ ནང་འཇའ་འོད་སྣ་ལྔའི་འོད་འབར་བ༔ རང་ཉིད་ཡི་དམ་ཁྲོ་བོ་བསྒོམས་ལ༔ དབུས་སུ་རང་ཉིད༔ གཡས་སུ་ཕོ་རྒྱུད༔ གཡོན་དུ་མོ་རྒྱུད༔ རྒྱབ་ཏུ་རྟ་ཕྱུགས༔ མདུན་དུ་ཟས་གོས༔ ལག་མཐིལ་གཉིས་ལ་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསྒོམས་ལ༔ བྷྲཱུྃ་ཉེར་གཅིག་བརྗོད༔ སྔགས་ནི༔ གནོད་བྱེད་བན་དགྲ་བྱད་མའི་ཤ་ལ་མྱོགས༔ ན་ལོ་ཀེ་ཤ་རྦད༔ ཏ་ལོ་ཀེ་ཤ་རྦད༔ གནོད་བྱེད་བྲག་ཚལ་པ༔ སྙིང་མགོ་ཆོད༔ ཚལ་པར་རྦད༔ རྩད་ནས་ཆོད༔ དྲུངས་ནས་ཕྱུངས༔ ཕུར་ཁ་ཟོར་ཁ་བྱད་ཁ་གཏོང་བའི་བན་བོན་ཕྱེ་མར་ཕུར་ཡ༔ ཕ་རོལ་བྱད་མའི་རང་གཤེད་རང་ལ་ཕོབ་ཅིག༔ ཅེས་བརྒྱ་འམ་ཉེར་གཅིག་བཟླ༔ ཆོ་འཕྲུལ་ཆེ་ཆུང་དང་སྦྱར༔ མང་ན་རང་ལ་ལྡོག་པས་ཚོད་དང་སྦྱར༔ དེ་ནས་རང་གི་ལག་མཐིལ་གཉིས་ལ་གསེར་གྱི་རྡོ་རྗེ་རྒྱ་གྲམ་རེ་བསམ་ལ༔ དེ་གཉིས་ཀྱི་བར་དུ་གནོད་བྱེད་བྱད་མ་དངོས་སུ་བསམ་ལ་ཐལ་མོ་བརྡབས་པས་བྱད་མ་ལྷ་སྲུང་དང་བཅས་པ་རྡུལ་དུ་བརླགས་པར་བསམ་མོ༔ ལིངྒ་བཞི་རེ་ནང་ན་ཡོད་པའི་ཙཀྲ་ཟུར་ལྟེབ་བྱ༔ ལྕགས་སླང་ནང་དུ་བཞག་དགུག་གཞུག་དྲག་ཏུ་བྱ༔ རང་ཡི་དམ་གྱི་ལྷར་བསྒོམ༔ རྒྱབ་ལ་རྡོ་རྗེ་རྒྱ་གྲམ་བྲི༔ ཞིང་ལྤགས་ཁུག་མ་གྲུ་གསུམ་དུ་བཅུག་ལ༔ ཕྲེང་བའི་མདོ་འཛིན་ལ་གདགས་སོ༔ ཐལ་མོ་བརྡབ་པའི་དུས་སུ་ལིངྒ་མགོ་རང་ལ་བསྟན༔ དམིགས་པ་ནི་བྱད་མ་གང་ཡིན་བཀུག་ལ་བརྡབ༔ རྒྱ་གྲམ་གྱི་བར་དུ་རྡུལ་དུ་བརླགས་པར་བསམ་མོ༔ ཕྲེང་བ་ཕྱིར་བསྒྱུར༔ མཆིལ་སྣབས་ཁོང་དུ་མི་གཏང༔ སྔགས་ཚར་ཉི་ཤུ་རེ་ལ་ཐལ་མོ་བརྡབ༔ དེ་ནི་ལག་ལེན་བྱ་ཐབས་སོ༔ ནང་རྒྱས་དྲག་པོ་ཡོད་པ་དང༔ ཆོ་འཕྲུལ་ཆེ་ན་བརྒྱ་སྟོང་བཟླ༔ གཞན་ཉི་ཤུ་རྩ་གཅིག་གིས་ཆོག༔ དེ་བས་མང་ན་རང་ལ་ལྡོག༔ ཀུན་ལ་མི་བསྟན་བསྟན་ན་རང་གི་གཤེད་དུ་ཡོང་བས་རིག་པའི་མདའ་རྒྱབ་ཟབ་ཟབ༔ ྀཨཚ༔ ༈ གྲོ་ཤོག་སྲབ་མོ་མཐོ་གང་གྲུ་བཞི་ལ༔ ལིངྒ་ལྟོ་བ་ཆེ་བར་བྱས་པའི་སྙིང་ཁའི་ནྲྀ་ཡིག་མཐར༔ གནོད་བྱེད་བྱད་མ་མཐུ་བྱེད་མི་མིང་རུས་གང་ཤེས་བྲི༔ མ་ཤེས་ན་ཕ་རོལ་བྱད་མ་མཐུ་བྱད་མཁན་རང་གཤེད་རང་ལ་ཕོབ་ཅིག༔ ལྷ་སྲུང་དང་བཅས་པ་རྡུལ་དུ་རློགས་ཤིག༔ གནོད་བྱེད་དགྲ་བོ་བྱད་མ་ཆེ་གེ་མོ་མཱ་ར་ཡ་སོད༔ ཕྱེ་མར་གྱིས༔ རྡུལ་དུ་རློགས༔ རང་མཐུ་རང་ལ་ཟློགས༔ རང་མཚོན་རང་ལ་ཟུག་ཅིག༔ ཕ་རོལ་བྱད་མ་ལྷ་སྲུང་དང་བཅས་པ་རང་གཤེད་རང་ལ་ཕོབ་ཅིག༔ ཅེས་བྲི༔ རྒྱབ་མདུན་གཉིས་སུ་རྡོ་རྗེ་རྒྱ་གྲམ་བྲི༔
ཡི་དམ་སྤྱི་ལ་སྦྱར་དུ་རུང་བ་དགྲ་བགེགས་གནན་པའི་ལས་རིམ་སྟོབས་ཆེན་ཁྲོ་བོའི་དཔུང་གནོན་ (Volume 54, Text 35)
༄༅། །ཡི་དམ་སྤྱི་ལ་སྦྱར་དུ་རུང་བ་དགྲ་བགེགས་གནན་པའི་ལས་རིམ་སྟོབས་ཆེན་ཁྲོ་བོའི་དཔུང་གནོན་ཞེས་བྱ་བ་བཞུགས་སོ། ། རབ་བརྗིད་ཁྲོས་པའི་སྟོབས་ཀྱིས་ས་གསུམ་གནོན། །དྲག་སྔགས་གསུང་སྒྲས་ལོག་འདྲེན་ཀླད་པ་འགེམ། །ཡེ་ཤེས་འབར་བས་གཉིས་སྣང་འཁྲུལ་རྟོག་སྲེག །བླ་མ་ཧེ་རུ་ཀ་དཔལ་ཞབས་ལ་འདུད། །བསྟན་འགྲོར་འཚེ་བའི་དགྲ་བགེགས་དམ་སྲི་རྣམས། །ལྡང་མེད་གནན་པའི་ལས་རིམ་བཀའ་གཏེར་གྱི། །བཅུད་བསྡུས་འབྱོར་པ་ཆེ་ཆུང་མཁས་དང་རྨོང་། །སུས་ཀྱང་བྱ་སླ་བལྟས་ཆོག་འདིར་གསལ་བྱ། །དེ་ལ་སྤྱིར་གནན་པའི་ལས་རིམ་ནི་མངོན་སྤྱོད་ཀྱི་མཐའ་སྡུད་ཡིན་པས་སྲུང་ཟློག་གསད་པའི་ལས་མཐར་སྦྱོར་བར་བཤད་ཀྱང་། བྱེ་བྲག་ཏུ་དམ་སྲི་གནན་པའི་ཐབས། སྒྲུབ་པ་སྡེ་བརྒྱད་ཆོས་སྐོར་སྤྱི་དང་། བྱེ་བྲག་ཆོས་དབང་གི་གསང་རྫོགས། བདུད་འདུལ་སྤྲུལ་སྐུ་སྙིང་ཐིག །རོལ་རྡོར་དྲེགས་འདུལ་སོགས་ལས་དམིགས་བསལ་འབྱུང་བ་རྣམས་དང་། འགོང་པོ་ཨར་གཏད་ཀྱི་གནན་པ་བྱང་གཏེར་གཙོར་གྱུར་གུར་དྲག་ལས་ཚོགས་མང་པོར་གསུངས་པ་དང་། དགྲ་གནན་གཤེད་སྐོར་ཀིང་ཀང་དམར་ནག་ཁ་ཐུན་སོགས་དང་གཏོ་ནག་གི་སྐོར་ལས་མང་དུ་བཤད་པ་དང་། སྲི་ཆུང་བཅུ་གསུམ་གནན་ཐབས་བྱང་གཏེར་ཕུར་པ། ནག་རྩིས་འབྱུང་བ་རིན་ཆེན་ཀུན་འདུས། ཕྱིས་ཀྱི་གཏེར་གསར་ཁ་ཤས་ལས་འབྱུང་བས་མཚོན། གནན་པ་ཁོ་ན་སྒེར་སྒྲུབ་བྱ་བའི་ཚུལ་ཡང་རྒྱ་ཆེར་འབྱུང་བ་ལྟར། དེང་སང་དགྲ་དུར་ཕུར་གསུམ་ཕྱོགས་གནན་གྱི་སྲོལ་ཉིད་གྲགས་ཆེ་ཞིང་ཉེར་མཁོར་གྱུར་ལ། དེའང་དཔེར་ན་ཆོས་གླིང་གུར་དྲག་ལས། དེ་ནས་ལས་ཀྱི་མཐའ་སྡུད་པ༔ དགྲ་བགེགས་གང་ལ་བྱ་ཡང་རུང༔ གནན་གཏད་སྦྱོར་བ་འདི་ལ་འཇུག༔ ཅེས་པས་མཚོན་གཞུང་ཕལ་མོ་ཆེར་དགྲ་འདྲེའི་གནན་པ་ཁ་སྒྱུར་རམ་ཕྱོགས་འཐུས་བྱ་ཆོག་པར་གསུངས་པ་ལྟར། རིག་འཛིན་གོང་མ་རྣམས་ཀྱིས་སྲི་གནན་གྱི་མན་ངག་ཟུར་བཀོལ་མཛད་པའི་རྗེས་སུ་འབྲངས་ནས། དགྲའམ་བགེགས་དང་སྲི་གནན་སོགས་གང་ལའང་ཁ་བསྒྱུར་ཕྲན་བུས་འགྲུབ་པ་བྱ་སླའི་ལག་ལེན། བཀའ་བརྒྱད་གསང་རྫོགས་ཀྱི་ཐོད་པ་ལ་བརྟེན་ནས་གནན་པའི་གཟེར་ཁ་གཙོ་བོར་གྱུར་པའི་གཏེར་བྱོན་རྣམས་ཁུངས་སུ་བྱས་ནས་འགོད་པ་ལ། མངོན་སྤྱོད་གང་གིས་རྩོམ་པའི་རྣལ་འབྱོར་པ་དབང་དང་དམ་ཚིག་ལྡན་ཅིང་བསྙེན་སྒྲུབ་ཚད་དུ་འཁྱོལ་བ། དཔའ་གསུམ་གདིང་གསུམ་ངར་གསུམ་དང་ལྡན་ཅིང་། ཁྱད་པར་དམ་སྲི་ནི་སྔོན་དམ་ཚིག་ཉམས་པ་འདྲེར་སྐྱེས་ནས་ཆོས་རྒྱུས་ཆེ་བས་ཡི་དམ་བསྐྱེད་རིམ་གྱི་གཟི་བརྗིད་ཀྱིས་མི་འདུལ་བས་ཏིང་འཛིན་ལྟ་བའི་གཟི་བརྗིད་ཀྱིས་འདུལ་བར་གསུངས་པས་ལྟ་བའི་གདིང་ངེས་པར་གལ་ཆེ་ཞིང་། དེ་ལྟར་མེད་ཀྱང་དམ་ཚིག་གཙང་ཞིང་གདམས་ངག་ཟབ་མོ་དང་ལྡན་པའི་རྣལ་འབྱོར་པས་ཕྲིན་ལས་འགྲུབ་པ་ཡིན་ལ། དུས་ཚོད་སྤྱིར་ལྕགས་ཁམས་ཀྱི་ལོ་ཟླ་ཉི་དུས་ཕུང་གསུམ་བདུད་ཉི་སོགས་དྲག་པོའི་ལས་ལ་བསྔགས་པ་རྣམས་དང་། བྱེ་བྲག་དམིགས་བྱའི་ལོ་ཟླ་ཞག་དུས་ཀྱི་ཀེག་དང་དགྲ་གཤེད་བདུན་ཟུར་སོགས་གྱིམ་ཤང་ནས་འབྱུང་བ་ལྟར་ལེགས་པར་བརྩིས་པའམ། རྣལ་འབྱོར་པ་རང་ཉིད་ཁྲོ་ཞིང་འཚིག་པའི་དུས་སུ་མངོན་སྤྱོད་ཀྱི་ལས་གནམ་ལྕགས་ཐོག་རྒོད་ལྟར་རྣོ་བར་གསུངས་པས་ཁྱད་པར་གྱི་དུས་སུ་གདུག་ཅིང་རྩུབ་ལ་དྲག་པོའི་གནས་སུ་བསྔགས་པར་ལས་ཀྱི་སྦྱོར་བ་བརྩམ་པར་བྱའོ། །གང་ལ་བྱ་བའི་ཡུལ་ཡང་ཞིང་བཅུ་ཚང་བ་སོགས་བསྟན་འགྲོ་སྤྱི་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལ་མངོན་སྤྱོད་ཀྱི་ཕྲིན་ལས་འགྲུབ་པར་འགྱུར་གྱི། རང་དོན་དང་གཞན་ལ་གནོད་འཚེའི་བསམ་པས་གནན་སྲེག་འཕང་གསུམ་བྱེད་པ་ནི་ལས་རྡུགས་ཤིང་ངན་འགྲོའི་རྒྱུ་རུ་འགྲོ་བས་སྤང་བར་བྱ་དགོས་སོ། །དེ་ལ་གསུམ། དམིགས་པའི་འབེམ་བཅའ་བ། དྲག་པོའི་གཡུལ་གཤམ་པ། ལས་ཀྱི་གཟེར་ཁ་གདབ་པའོ། །དང་པོ་ནི། དགྲ་ལ་ལིངྒ་བྲིས་འབུར་དང་བགེགས་ལ་ཐོད་པ་སོ་སོ་གནན་པ་གཙོ་བོར་བཤད་ཀྱང་ད་ལྟ་གཉིས་ཀ་ལ་ཤོག་ལིང་ཐོད་པར་བཅུག་སྟེ་གནན་པ་ཁོ་ན་བྱེད་པ་ལྟར་ན། ཐོག་མར་ལིངྒ་བྲི་བའི་གཞི་རོ་རས་སམ་དུག་ཤོག །བྲི་རྫས་དུག་ཁྲག་བསྲེས་པའི་སྣག་ཚ། བྲིས་སྨྱུག་བྱ་ཤ་ཟན་གྱི་སྒྲོ་རྐང་ངམ་སྐྱེར་པ་སོགས་དྲག་ཤིང་ལས་བཅོས་པ་དང་། འཆིང་བྱེད་བྱད་ཐག་ལ་ཆ་སོགས་གནན་ལིང་དང་འབྲེལ་བའི་ཆས་ཐམས་ཅད་ལ་རང་གི་དྲི་མ་མ་སོང་ཞིང་ཤིན་ཏུ་གཙང་བར་བྱ། ལག་པ་སེན་མོའི་སྦུབས་དང་བཅས་པ་ལེགས་པར་བཀྲུས་ཤིང་སྐམ་ནས་ཕྱེའམ་བསང་ཐལ་གྱིས་འཕུར་བ་དང་ཁ་རས་བརྒྱབ། པང་ཁེབས་ཀྱིས་བཀབ་ནས་ཁ་རླངས་མཆིལ་མ་མ་ཤོར་ཞིང་ལུས་ཀྱི་གྲིབ་མའང་མ་ཕོག་པར་བྱས་ནས་བྲིའོ། །དེའང་གཟུགས་ཅན་དགྲ་གནན་གཙོར་བྱེད་ན། ལིངྒ་མི་གཟུགས་ཕོ་མོ་གང་འོས་ཀྱི་རྟགས་ཅན་རིད་ཅིང་མྱ་ངན་གྱིས་གདུང་བའི་ཚུལ། མིག་ཤི་མིག་ཁ་གདངས་ཤིང་ཡན་ལག་བཞི་ལྕགས་སྒྲོག་གིས་བསྡམས་པའི་སྙིང་ཁར་ཛ་ཁ་སྤྲོད་བར་དུ་ནྲྀ་བྲི། དེའི་སྟེང་དུ་ཨེ། གཡོན་དུ་ཧུར། འོག་ཏུ་ཐུམས། གཡས་སུ་ཛཿཞེས་པའི་འབྲུ་བཞིས་ཕྱོགས་བཞིར་བསྐོར། དེ་རྒྱབ་ལིངྒའི་མགྲིན་ཕྱོགས་ནས་ཡིག་མགོ་ཕྱིར་ལ་བསྟན་ཏེ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་གནོད་ཅིང་འཚེ་བའི་དགྲ་བོ་བསམ་ངན་སྦྱོར་རྩུབ་འཆང་བ་རྣམས་དང་། ཁྱད་པར་དགྲ་བོ་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཁུག་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པ་ཙམ་མམ། སྤྲོ་ན་བླ་འགུགས་ཀྱི་སྔགས་ཚན་གང་རུང་བྲི། དཔྲལ་བར་རུས་ཤེས་ན་དེ་ཀའི་མཐར་ཁུག་ཛཿབྲི། མ་ཤེས་ན་ཐམས་ཅད་རུས་ཆེན་སྡེ་ལྔར་འདུ་བས། ཇི་འུ་ཀུང་ཀེག་ཤང་ཁུག་ཛཿ མགོ་བོར་དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅད་སྟམྦྷ་ཡ་ནན། མིག་གཉིས་ལ་ལོང་། རྣ་བ་གཉིས་ལ་འོན། སྣ་ལ་ཐིབ། ཁ་ནང་དུ་བདུད་པོ་ང་ལོངས། མགྲིན་པར་བརྗེད། དཔུང་པ་གཡས་གཡོན་ལ་ཛཿཧཱུྃ། པུས་མོ་གཡས་གཡོན་ལ་བཾ་ཧོཿ ཉྭ་ལྡིར་བཞིར་མཱ་ར་ཡ་རྦད་ཅེས་འབྲུ་བཞིའི་འོག་ཏུ་ཞ་རེ། བརླ་གཡས་སུ་དགྲ་བོའི་བླ་མི་ཤ་བ་དགོ་བ་ལུག་ར་བྱ་དང་གླ་བ་བོང་བུརབརྫུ་བ་ཁུག་ཛཿ ཞེས་ཕྲེང་དུ་བྲི། གཡོན་དུ། ཚ་ ཞེས་པའི་མཐར་པུས་མོའི་ཕྱོགས་ནས་བརྩམ་སྟེ། ཏྲོཾ་ཏྲི་ཤཾ་ཏྲི་ཛཿཁཾ་ཤ་གྷ་ཛཿཏྲི་ཐུཾ་ཛཿ ཞེས་སྔགས་མགོ་ཕྱི་བསྟན་དུ་བསྐོར། གསང་བར་ཕཊ། ཅེས་སམ། གརྦྷ་ནྲྀ་ཛཿ རྐང་མཐིལ་གཉིས་སུ་ཡཾ་རེ་རེ་བྲི། ལིངྒའི་ཕྱི་རོལ་དུ་མགོ་བོ་ནས་གཟུང་སྔགས་མགོ་ཕྱིར་བསྟན་དུ་ལྷ་གཞུང་སོ་སོའི་གནན་སྔགས་དམིགས་བསལ་ཡོད་ན་དེ་ཉིད་མིང་སྤེལ་བཅས་བྲི། དམིགས་བསལ་མེད་པའམ་སྤྱི་ཙམ་དུ། དགྲ་བོ་ནྲྀ་མཱ་ར་ཡ་རྦད་ཐུཾ། དྷ་ར་ཡ་དྷ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། མ་རིག་པ་ནན། འདུ་བྱེད་ནན། རྣམ་ཤེས་ནན། མིང་གཟུགས་ནན། སྐྱེ་མཆེད་དྲུག་ནན། རེག་པ་ནན། ཚོར་བ་ནན། སྲེད་པ་ནན། ལེན་པ་ནན། སྲིད་པ་ནན། སྐྱེ་བ་ནན། རྒ་ཤི་ནན། ཨོཾ་སརྦ་ཛི་ན་ཧཱུྃ་ཛཿ ཏྲི་ཛ་ཏྲིག་ནན། ནྲྀ་ཏྲི་མུ་ཏྲི་ལཾ་ནན། ཤན་ཏྲི་གན་ཏྲི་ནན། དགྲ་བོ་གུཾ་གུཾ་སཏྭམྦྷ་ཡ་ནན། སརྦ་ལོཀ་ཏྲི་པཱ་ལ་ནན། སྔ་དགྲ་ལག་ཏུ་བདར་པ་ཐམས་ཅད་ཆིངས་བྲུབས་ནན། ད་དགྲ་ཐད་དུ་ལངས་པ་ཐམས་ཅད་ཆིངས་བྲུབས་ནན། ཕྱི་དགྲ་ཞེ་ལ་འཆང་བ་ཐམས་ཅད་ཆིངས་བྲུབས་ནན། སྤྱི་དགྲ་རླུང་ལྟར་འཚུབས་པ་ཐམས་ཅད་ཆིངས་བྲུབས་ནན། སྒོས་དགྲ་རྦབ་ལྟར་རྒྱུག་པ་ཐམས་ཅད་ཆིངས་བྲུབས་ནན། ཟུར་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་ཆིངས་བྲུབས་ནན། རྐྱེན་དགྲ་ཐོག་ལྟར་འབབས་པ་ཐམས་ཅད་ཆིངས་བྲུབས་ནན། ཤར་ཤིང་ཁམས་པའི་དགྲ་བོ་ཐམས་ཅད་ཆིངས་བྲུབས་ནན། ལྷོ་མེ་ཁམས་པའི་དགྲ་བོ་ཐམས་ཅད་ཆིངས་བྲུབས་ནན། ནུབ་ལྕགས་ཁམས་པའི་དགྲ་བོ་ཐམས་ཅད་ཆིངས་བྲུབས་ནན། བྱང་ཆུ་ཁམས་པའི་དགྲ་བོ་ཐམས་ཅད་ཆིངས་བྲུབས་ནན། མཚམས་བཞི་ས་ཁམས་པའི་དགྲ་བོ་ཐམས་ཅད་ཆིངས་བྲུབས་ནན། སརྦ་ཏྲིག་ནན་རྦད་ནན། བྷིནྡྷ་ཙིཏྟ་རྦད་ནན། ལཾ་ནན་ནན། ཞེས་བྲི། དེ་རྒྱབ་ཛ་ཁྲམ་ཉེར་གཅིག་གིས་བསྐོར་རོ། འདྲེ་བགེགས་ལ་དམིགས་པའི་སྲི་གནན་གཙོ་བོར་བྱེད་ན་ལིངྒ་བཤད་མ་ཐག་པ་ལྟར་ལ་མི་འདྲ་བའི་ཁྱད་པར་སྲི་ཆུང་བཅུ་གསུམ་ལ་མགོ་བོ་སོ་སོར་བསྒྱུར་ཚུལ་བཤད་ཀྱང་སྲི་གནན་སྤྱི་ཙམ་ལ་མི་གཟུགས་ཀྱིས་ཆོག་པ་དམ་པ་རྣམས་ཀྱིས་བཞེད། ཉེར་མཁོ་ཆེ་བ་དམ་སྲི་བྱ་མགོ །དུར་སྲི་ཝ་མགོ །ཕུང་སྲི་རྔ་མོའི་མགོ །དགྲ་སྲི་གཡག་མགོ །ཕོ་སྲི་སྤྱང་མགོ །མོ་སྲི་ཁྱི་མགོ །ཆུང་སྲི་སྲེ་མོང་། གོད་སྲི་ཕག་མགོ་རྣམས་དམིགས་བསལ་གནན་སྐབས་བསྒྱུར་ན་ལེགས། གང་ལྟར་གནས་ཡིག་སྤྱི་སྔར་ལྟར་ལ་སྙིང་གར་ནྲྀའི་ཚབ་ཏུ་ཏྲི་བྲི། འགུགས་བྱང་ཉི་མ་ཕྱོགས་བཞི་སོགས་ཀྱི་མལ་དུ། ཨོཾ་སརྦ་ཛ་ཏྲི་ནི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཤནྟྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་དནྟྲི་ནི་ཧཱུྃ་ཛཿ ཀུཾ་ཀུཾ་ཛཿཛཿཛཿཧཱུྃ། སྲི་ངན་གདུག་པ་ཅན་གྱི་བླ་སྲོག་རྣམ་ཤེས་ཁུག་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དང་སྤྲོ་ན་བླ་འགུགས་སྔགས་ཀྱང་བྲི། དཔྲལ་བར་ཨེ་ཏྲིག་ནན། བརླ་གཡས་གཡོན་དུ། དར་སྲི་གདུག་པ་ཅན་གྱི་བླ་སྲོག་ཤཀྟི་ཐུན་ཛཿ ཞེས་པའི་ཡིག་མགོ་པུས་མོ་ནས་བརྩམ་སྟེ་བྲི་བ་རྣམས་ཁྱད་པར་རོ། །ལིངྒའི་ཕྱི་རོལ་གྱི་དམོད་སྔགས་རྒྱས་པ་རྭ་ཕུར་གྱི་སྙན་བརྒྱུད་དམོད་བྱང་ལྟར་བྲིས་ན་ལེགས་ཀྱང་། མི་ནུས་ན། ལོ་སྲི་ལོ་བཅུ་གཉིས་ལ་འཁོར་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཟླ་སྲི་བཅུ་གཉིས་ཟླ་བར་བབས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཞག་སྲི་སུམ་ཅུའི་ཞག་ཏུ་འགྱུ་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དུས་སྲི་དྲུག་ཅུའི་སྲང་དུ་སྡིགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དམ་སྲི་སྣང་སྲིད་འབྱུང་བ་དཀྲུགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། འགོང་སྲི་བསྟན་སེལ་ཕུགས་སུ་ཞུགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཀེག་སྲི་སྤར་སྨེ་དུར་དུ་ཚུད་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། བྱད་སྲི་སྡེ་བརྒྱད་ཟ་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཡོད་སྲི་སྟོང་སྡེའི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། མེད་སྲི་ལྟོག་འགོང་སྲིས་ལ་རྐུ་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། བགེགས་སྲི་ཅི་བྱེད་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། གནོད་སྲི་འཚེ་བའི་བདུད་རིགས་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དམིགས་བསལ་སྲི་གང་ཡིན་གྱི་མིང་དཔེར་ན་དགྲ་དུར་ཕུང་གསུམ་ལ། དགྲ་སྲི་ཕྱོགས་བཞི་མཚམས་ནས་ལྡངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། དུར་སྲི་གཤིན་ཡུལ་འོག་ནས་དོན་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། ཕུང་སྲི་སྒོ་བཞིའི་ཟུར་ནས་ལྡངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབས་ནན། མདོར་ན་བར་དུ་གཅོད་པའི་སྲི་ངན་ཐམས་ཅད་མཱ་ར་ཡ་རྦད་ཐུཾ། དྷ་ར་ཡ་དྷ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། ཡ་མ་དམ་སྲི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭམྦྷ་ཡ་ནན། ཞེས་དང་ཛ་ཁྲམ་སྔར་བཞིན་བཀོད། དེ་ནས་ལག་ལེན་ཚད་ལྡན་དང་སྒྲུབ་པ་རྟགས་ཐོན་བྱེད་ན་ལིངྒ་གཙང་དག་སོགས་གནད་རྣམས་གལ་ཆེ་བས་ཆུ་ཟན་གཙང་མས་ཤོག་གུའི་ཕྱི་ནང་ཐམས་ཅད་ཕྱི། སྣོད་གཙང་ཆུས་བཀང་བར་ལིངྒ་ལན་གཅིག་བཤན་ནས་རླུང་ལ་ཕྱར་ཏེ་སྐམ་ནས་ཐོག་མར་རང་གྲིབ་སྦྱོངས། དེ་ནས་འབྱུང་བཞིའི་ལིང་ཁྲུས་རྣམས་ཟུར་གསལ་མན་ངག་ཁྱད་པར་བའི་གནད་དང་ལྡན་པར་བྱས་ལ། གྲི་མཛེའི་ཁྲག་དང་དུག་སྣ་ཚོགས་ཚད། དགྲ་ལ་དམིགས་བྱའི་དྲི་མ་དྲུག་སོགས་ཟག་རྫས། བགེགས་དང་སྲི་ལ་འདྲེ་ཚུགས་ཀྱི་ས་དང་རྟེན་གནས་ས་རྡོ་ཆུ་ཤིང་གང་ཡིན་རྣམས་ལྕགས་སྣོད་དུ་རླངས་པ་ཐོན་ཙམ་མེ་ལ་བསྲོས་ནས་བྱུག །དགྲ་ལིང་མཚོན་ལྟེབ་བམ་རོ་ལྟེབ་ཏུ་གྲགས་པ་ཐོག་མར་ཟུར་བཞི་ནང་དུ་བཅག །དེ་ནས་མཐའ་ནས་རིམ་པར་བསྡུས་པ་སྙིང་གའི་ས་བོན་མཐོང་བ་དང་། འདྲེ་བགེགས་ལ་སྙིང་གའི་ས་བོན་བཅག་པའི་འདྲེ་ལྟེབ་བྱས་ལ་བཞག །དབྱེ་རྫས་བྱ་འུག་གི་དང་རུ་མན་ངག་གི་གནད་ལྡན་སོགས་དང་། ཤི་སྐྲ་བདུད་དང་སྐུད་པ་སྔོ་དམར་གནོད་སྦྱིན་གྱི་ཞགས་པའམ། ཡང་ན་སྐུད་པ་སྣ་ལྔ་སྡེ་བརྒྱད་ཀྱི་བྱད་ཐག་ལ་སོ་སོའི་སྔགས་མན་ངག་ལྟར་བཏབ་པ་དང་། རྡོ་རྗེ་གཙུག་ལག་ནས་བཤད་པའི་ཕར་ལ་མི་ཐེབས་མི་སྲིད་པ། ཚུར་ལ་ལྡོག་མི་སྲིད་པ། ལས་འགྱང་མི་སྲིད་པ། མནན་ནས་ལྡང་མི་སྲིད་པ་སྟེ། གཟེར་བཞི་པོ་སོགས་གལ་ཆེ་རུང་། དེང་སང་རྟགས་ཐོན་དང་ཚད་ལྡན་བྱེད་པ་དཀོན་པས་དགོན་ཡུལ་གྱི་རིམ་གྲོའི་གནན་པ་སྤྱི་འཚམ་ལྟ་བུ་ལ་ནི་ལིངྒ་བྲིས་ཟིན་ནས་ལིང་ཁྲུས་སོགས་ལག་ལེན་སྤྱི་འགྲེ་ཙམ་གྱིས་ཆོག་གོ །དེ་ནས་རི་རུད་ས། ཕུང་ཤུལ་ས། རྒྱ་གྲོག་དམར་ནག་འཐབས་པའི་ས་སྟེ་གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་ཁྲུ་གང་ངམ་མདའ་གང་བ་གྲུ་བཞི་པའི་དབུས་སུ། གྲུ་གསུམ་ཁ་ཁྱེར་གསུམ་ལྡན་ནང་དུག་ཁྲག་དང་ཕྱི་རོ་སོལ་གྱིས་བྱུགས་པའི་ནང་དུ་ལིངྒ་བཅུག་ལ་ཁེབས་རས་ནག་གིས་བཀབ། སྲི་གནན་ལ་གལ་ཆེ་བ་ཐོད་པ་ཡིན་པས་སྲི་ཆུང་བཅུ་གསུམ་སོགས་ལ་ཐོད་པ་སོ་སོར་བཤད་ཀྱང་། ཉེར་མཁོ་དམ་སྲིར་མི་ཁྱི་ར་ཕག་རབས་ཆད་ཐོད་པ། དུར་སྲིར་ཝ་ཐོད། ཕུང་སྲིར་རྔ་མོང་མཛོ་རྟོལ་དྲེའུའི་ཐོད་པ། དགྲ་སྲིར་རྟ་གཡག་ཐོད་པ། ཕོ་སྲིར་གཡག་རོག་ཐོད་པ། མོ་སྲིར་ཁྱི་མོ་ནག་མོའི་ཐོད་པ། ཆུང་སྲིར་རེའུ་ལུ་གུ་ཁྱི་གུ་སྐད་མ་ཐོན་པར་ཤི་བ་དང་སྲེ་མོང་ཐོད་པ། གོད་སྲིར་འཕར་སྤྱང་ངམ་གོད་མགོ་རྣམས་སུ་བཤད་ཅིང་། དགྲ་གནན་སྤྱི་ལ་གླང་རུ་སྤྱང་ཀི་ཤ་ཁྱི་ཁོ་རང་གི་ཕ་མྱེས་ཐོད་པ་རྣམས་བསྔགས་ཤིང་། ཡང་ན་གཡག་རྭ་མེ་ཆུས་མ་ཕོག་པ་སྐྱེས་པ་ལ་གཡས་དང་བུད་མེད་ལ་གཡོན་པ། འདྲེ་བགེགས་སྤྱི་ལ་ཝ་ཐོད་དང་ཕག་ཐོད་ཉིད་བསྔགས་སོ། །སྲི་གནན་ཐོད་པའི་རིགས་ལ་གོང་དུ་ལིངྒའི་སྙིང་གར་བཀོད་པའི་སྔགས། ཨོཾ་སརྦ་ཛ་ཏྲི་སོགས་ཐོད་པའི་དཔྲལ་བ་ནས་ཕྱིར་ལ་མདུང་ཚུགས་སུ་བྲི། དཔྲལ་བར་རྒན་པའི་རྒན་སྲི་ནན། གཞོན་པའི་གཞོན་སྲི་ནན། འགྲམ་པ་གཡས་ལ་ཕོའི་ཕོ་སྲི་ནན། གཡོན་ལ་མོའི་མོ་སྲི་ནན། ཞེས་དུག་ཁྲག་གིས་བྲིས་ལ་སྐུད་པ་སྔོ་དམར་གྱིས་བཅིངས་ནས་སྒྲུབ་པའི་ཚེ་བྲུབ་ཁྲུང་དུ་ལིངྒ་དང་མཉམ་དུ་བཞག་དགོས་པར་གསུངས་ཀྱང་མ་ཤོང་ན་ཧོམ་ཁུང་རྩ་བར་བཞག །སྲི་གནན་ལ་མེད་ཐབས་མེད་པའི་ཐོད་པ་ར་ཁྱི་ཕག་གསུམ་དུ་བཤད་དེ། དེའང་གཞུང་གི་དགོངས་པ་དང་རིག་འཛིན་གོང་མའི་ཕྱག་ལེན་དངོས་ལྟར་ན། སྲི་ཐོད་གང་ཡིན་ལིངྒ་བཅས་མནན་ཟིན་པའི་སྟེང་དུ་ཐོད་གནོན་ཞེས་ར་ཁྱི་ཕག་གསུམ་ཐོད་པས་གནོན་པ་ཡིན་ལ། སྲི་གནན་གང་ཡིན་ཡང་ཐོད་གནོན་དེ་གསུམ་མེད་ཐབས་མེད་པ་ཡིན་པས་དུས་གཅིག་གནན་པ་མང་དུ་བྱེད་ཚེ་ཐོད་གནོན་གསུམ་པོའང་རེ་རེ་བཞིན་འཛོམ་དགོས་པར་གསུངས་ཀྱང་། དེང་སང་གོ་བ་དང་ཕྱག་རྒྱུན་ཚད་ལྡན་མེད་སྟབས་དེ་གསུམ་གང་རུང་གི་ཐོད་པ་ཞིག་ཀུན་གྱི་ཚབ་ཏུ་རུང་བར་བྱེད་པར་སྣང་བ་དེའང་སྤྱི་འགྲེ་ཙམ་ལ་བཀག་པ་མེད་ཀྱང་། གོང་སྨྲོས་ལྟར་ཐོད་གནོན་གསུམ་ཟུར་དུ་བྱུང་ན་ཚད་ལྡན་དུ་འགྱུར་བས་དེའང་ཉེ་ལོགས་སུ་བཀོད། གང་ལྟར་ཧོམ་ཁུང་མཐར་སྐྱེར་རྩང་ཉེར་གཅིག་གིས་སྲིན་མོ་འགྲོས་སུ་བསྐོར། དེ་སྟེང་ཁྲིའུའི་ཁར་ཡི་དམ་ལྷ་གཞུང་སོ་སོའི་ཟློག་གཏོར་དྲག་རྒྱན་དར་གདུགས་སྐུ་ཙཀ་སོགས་ཀྱིས་སྤྲས་པ་བཞག་པའི་གཤམ་ནས། ཕུང་རེའམ་སྣམ་རས་ནག་པོའི་གུར་ཡོལ་སྦྲེལ་ལ་བྲུབ་ཁུང་སོགས་ཀྱི་བཅས་རྣམས་ལ་ཉི་ཟེར་དང་མར་མེའི་མདངས་བདུད་རྩིའི་ཟེགས་མ་སོགས་མི་ཕོག་པ་བྱ། མདུན་སྟེགས་སུ་སྨན་རཀ་གཏོར་གསུམ། དྲག་པོའི་ཉེར་སྤྱོད། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ལས་བྱང་དཀྱུས་ལ་དགོས་པ་རྣམས་དང་། ཐུན་རེ་བཞིན་འབུལ་རྒྱུའི་དམར་གཏོར་རྒྱན་མེད་ཤ་དུམ་དང་བཅས་པ་བཤམ། བྱ་འུག་སྒྲོ་བྲུབ་ཁུང་གཡས་གཡོན་དུ་བཙུགས། ལྕགས་སྣོད་དུ་གུ་གུལ་ནག་པོ་དང་མུ་ཟི་ནག་པོ་སོགས་བསྲེས་པའི་དབྱེ་བདུག་རྫས། ཐོད་ཚལ་དུ་ཡུངས་དཀར་ནག་ཀེ་ཚེ་ཤང་ཚེ་ལྕགས་ཟངས་རྦབ་རྡོའི་ཕྱེ་མ་སོགས་ལ་དུག་ཁྲག་གིས་ངར་བཏགས་པའི་ཐུན་རྫས། རྔ་མ་ནག་པོ། གདབ་ཕུར། སྒྲོལ་གྲི། ཐོ་བ། ཕུང་རེ། བྱད་ཐག །རོ་གཡམ་འོག་རྒྱ་གྲམ་དང་། སྟེང་རི་རབ་ལཾ་མཚན་བྲིས་པ། མི་ཁའི་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་སྐབས་འདིར་ཚོགས་པར་བྱའོ། །གཉིས་པ་དྲག་པོའི་གཡུལ་གཤམ་པ་ལ་གསུམ། དང་པོ་འགུགས་པ། བར་དུ་གཟིར་བ། མཐར་གནན་པའོ། །དང་པོ་ནི། ལས་བྱང་གི་བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་བཟླས་པའི་བར་གྱེར་ཚིག་གཅིག་གིས་བདག་མདུན་མཉམ་དུ་བསྒྲུབ། དེ་ནས་སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ། དྲག་པོའི་ཐུགས་དམ་བསྐུལ་བ། གསེར་སྐྱེམས། གཟུ་དཔང་། བྲུབ་ཁུང་དང་དམིགས་བྱ་བསྐྱེད་པ། འགུགས་གཞུག་བཅས་ཕུར་གཤིན་སོགས་སོ་སོའི་གཞུང་ལྟར་གཏང་ཆོག་ཀྱང་། མདོར་བསྡུས་སྤྱི་འཚམ་གཏེར་ཁ་གོང་འོག་སོགས་ལས་འབྱུང་བ་ལྟར་ན། ཐོག་མར་བསྐུལ་པ་ནི། རོལ་མོ་གཡབ་དར་བཅས། ཧཱུྃ༔ རང་བཞིན་རྣམ་དག་ཆོས་དབྱིངས་དྲག་པོའི་ཞིང༔ སྐྱེ་མེད་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་པ༔ ཁྲག་འཐུང་ཁྲོ་རྒྱལ་གཙོ་འཁོར་སྤྲུལ་པར་བཅས༔ མངོན་སྤྱོད་ཕྲིན་ལས་མཛད་ཕྱིར་ཐུགས་དམ་བསྐུལ༔ ཁྱོད་ཐུགས་ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང༔ སྙིགས་མ་ལྔ་བདོའི་ལས་ངན་འགྲོ་བ་རྣམས༔ ཞི་བས་མི་ཐུལ་དེ་ཕྱིར་ཐུགས་རྗེ་ཆེས༔ མི་བཟད་རབ་འཇིགས་དྲག་པོའི་སྐུར་བཞེངས་ཤིག༔ བྱང་ཆུབ་སྒྲུབ་ལ་འཚེ་བའི་གདོན་ཚོགས་དང༔ ཞིང་བཅུ་ཚང་བ་བསྟན་པ་སྤྱི་ཡི་དགྲ༔ ཁྱད་པར་བདག་ལ་སྡང་བའི་དགྲ་བོའི་ཚོགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མ་གཡེལ་བར༔ རིངས་པར་ཁུག་ལ་སྲོག་ཆོད་དུས་མཐའ་སྟུངས༔ མིང་ཙམ་མེད་པར་རྡུལ་དུ་བརླག་པ་ཡི༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྣལ་འབྱོར་བདག་གིས་དད་པས་བསྐུལ་སྒྲུབ་ཚེ༔ འདོད་པའི་འབྲས་བུ་མཆིས་པར་མི་མཛད་ན༔ ཞལ་བཞེས་ཐུགས་དམ་ཉམས་པར་མི་འགྱུར་རམ༔ དེ་བས་ཁྲག་འཐུང་འཁོར་བཅས་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། གསེར་སྐྱེམས་བྱ་བ་ནི། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ་ལ། ཧཱུྃ། བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །མཐུ་སྟོབས་དབང་ཕྱུག་དཔལ་མགོན་ལྕམ་དྲལ་དང་། །དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་སོགས། །ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང་། །དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས། །སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད། །ཅེས་འབུལ། གཟུ་དཔང་གསོལ་བ་ནི། ཧཱུྃ་བྷྱོ། གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་འདིར། །མི་ཕྱེད་དད་པས་ཞུགས་པའི་རྣལ་འབྱོར་བདག །སྒྲུབ་པ་སྙིང་པོར་དམ་དུ་བཅས་པ་ལ། །བར་གཅོད་འཚེ་བ་དམ་ཉམས་དགྲ་ཡིས་བྱས། །ད་ནི་མངོན་སྤྱོད་དྲག་པོའི་ལས་རྩོམ་ན། །ལྷ་དང་དམ་ཅན་རྒྱ་མཚོ་གྲོགས་ལ་བྱོན། །བདག་གིས་མ་ཉེས་དམ་ཉམས་དགྲ་ཡིས་ཉེས། །ཉེས་བྱས་འདི་ལ་ཆད་པའི་ལས་མཛོད་ཅིག །ཉེས་མེད་རྣལ་འབྱོར་བདག་གི་གྲོགས་གཡེལ་ན། །སྔོན་གྱི་ཐ་ཚིག་འགལ་བར་འགྱུར་ཏ་རེ། ཁས་བླངས་གཉན་གྱི་མཐའ་ལ་མ་གཏང་བར། །དོ་ནུབ་གཟུ་དཔང་གཉེན་པོའི་གྲོགས་ལ་བྱོན། ཁྱེད་ཀྱི་དྲང་པོའི་སེམས་ཀྱིས་ད་ལྟ་རང་། །སྡིག་ཅན་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད། །དུས་གསུམ་སངས་རྒྱས་རྣམས་ཀྱང་བྱིན་མ་ཆུང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱང་མཐུ་མ་ཆུང་། །བཀའ་སྲུང་ལས་མཁན་རྣམས་ཀྱང་རྩལ་མ་ཞན། །སྔགས་འཆང་རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཅེས་གསོལ་བས། སྣོད་བཅུད་ལྷར་གསལ་བ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རང་ལ་གནང་བ་བསྩལ་ཅིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་དུ་བཞུགས་པར་བསམ། དམིགས་བྱ་བསྐྱེད་འགུགས་ནི། མདུན་དུ་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ན་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ། དགྲ་ལ།་་་ནྲྀ་ བགེགས་ལ།་་་ཏྲི་ དུད་ཁ་ཡོངས་སུ་གྱུར་པ་ལས། གནོད་བྱེད་དགྲ་བོ། ཞེས་སམ། གནོད་བྱེད་དམ་སྲི། དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ། གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ༴ བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི་བཀའ༴ གཞན་ཡང་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ། དགྲ་གནན་ཡིན་ན།་་་དགྲ་སྣ་ཇག་སྣ་རྐུན་སྣ་སྟོན་པའི་དགྲ་བོ་ཡིད་ལ་བརྣག་པ། ཞེས་དང་། སྲི་གནན་ལ།་་་གནོད་བྱེད་དགྲ་སྲི་དུར་སྲི་ཕུང་སྲི། ཞེས་པ་ལྟ་བུ་ཁ་སྒྱུར། སྤྱི་ལ།་་་ཡིད་ལ་བརྣགས་པའི་དགྲ་བགེགས་དམ་སྲི། ཞེས་པས་ཆོག །རྒྱབ་རྟེན་ལྷ་སྲུང་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷ། ཚེ་དང་དབང་ཐང་། བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར་ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག །ཅེས་དང་གཞུང་སོ་སོའི་འགུགས་སྔགས་སམ། སྤྱི་ལ་རང་རང་ལྷ་སྔགས་མཐར། དགྲ་བགེགས་དམ་སྲི་ཛཿཧཱུྃ་བཾ་ཧོཿ ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་ལན་བདུན་ནམ་གསུམ་བྱ། ཁྱད་པར་དུ་བསྐུལ་པ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །འབར་བ་གཏུམ་ཆེན་རྔམས་པ་རྣམས། ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱས། །བཀུག་སྟེ་རྡོ་རྗེ་ཕུར་པས་བཏབ། །རྡུལ་དུ་བརླགས་ཏེ་ཚོགས་སུ་འབུལ། །ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཐལ་བ་བཞིན་དུ་བརླག་ནུས་ཕྱིར། །དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་འགྱེད་པའི་དུས་ལ་བབ། །དགྲ་བགེགས་འགུགས་པའི་དུས་ལ་བབ། །སྡང་བའི་དགྲ་དང་གནོད་པའི་བགེགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །བླ་སྲོག་རྣམ་པར་ཤེས་པ་ཀུན། །མ་ཤོར་མ་གཏང་ཁུག་ལ་ཤོག །བཏབ་པའི་དུས་ལས་མ་འདའ་བར། །ཞིང་བཅུ་ཚང་བའི་དགྲ་དང་བགེགས། །ཐམས་ཅད་མ་ལུས་མྱུར་དུ་ཁུག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས། །ཞགས་པ་ཅན་གྱིས་ཡན་ལག་ཆིངས། །ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས། །ལས་ཀྱི་རླུང་གིས་རྒྱབ་ནས་ཕུལ། །འཇིགས་པའི་མུན་པས་མདུན་ནས་སུས། །སྐད་ཅིག་དེ་ནི་ཡུད་ཙམ་ལ། །རང་དབང་མེད་པར་ཁུག་ལ་ཤོག །ཨོཾ་བཛྲ་ཨངྐུ་ཤ་ཛཿ རཏྣ་པཱ་ཤ་ཧཱུྃ། པདྨ་སྥོ་ཊ་བཾ། ཀརྨ་གྷཎྜེ་ཧོཿ བླ་འགུགས་ཕོ་ཉ་འགྱེད་པ་ནི། དགྲ་གནན་གཙོར་བྱེད་ན་ཀིང་ནག་གི་བསྐུལ་པ་གཏང་ན་ལེགས་ཀྱང་མདོར་བསྡུས་སུ། ཧཱུྃ་ཛཿ བླ་འགུགས་སྤྲུལ་པ་གནོད་སྦྱིན་གསེར་གྱི་སྟག །ལྕགས་ཀྱི་དོམ་སྤྱང་བྱེ་རུའི་ཁྱི་མོ་དང་། ཁྱུང་ཆེན་གསེར་གྱི་འཕར་བ་ཟངས་ཀྱི་དྲེད། །གང་འཚམ་གཟུགས་སུ་སྤྲུལ་པ་ཁྱེད་རྣམས་ཀྱིས། །བླ་ཚེ་འཁྱམ་པོ་འཕྱོ་བའི་དུས་དྲུག་ལ། །བླ་རྟགས་མི་དང་ཤ་བ་དགོ་བ་ལུག །ར་ཁྱི་བྱ་དང་གླ་བ་བོང་བུ་སོགས། །གང་དུ་བརྫུས་ཀྱང་ད་ལྟ་ཉིད་དུ་ཁུག །མངོན་སྤྱོད་དམོད་པའི་ལས་ལ་མཱ་ར་ཡ། །ཞེས་བསྐུལ་ལ། འགུགས་སྔགས་ནི་གཞུང་གསལ་ཡོད་ན་དང་ཁྱད་པར་དུ། དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུཾ་ཐུཾ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ལིང་། མྱོགས་ལིང་། ཤག་ལིང་། ཐུམས་ཛཿ ཙ་མུན་ཏྲི་ཛཿཧཱུྃ་བཾ་ཧོཿ ཞེས་བཟླ། སྲི་གནན་གཙོར་བྱེད་ན་བླ་འགུགས་བསྐུལ་སྔ་མའི་ཚབ་ཏུ། ཧཱུྃ། ནམ་མཁའི་དབྱིངས་སུ་སྲི་བྲོས་ན། ཁྱུང་གི་མགོ་ཅན་ཁྱོད་སོང་ལ། །ནམ་མཁའི་དཀྱིལ་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །གངས་དཀར་རྩེ་ལ་སྲི་བྲོས་ན། །སེང་གེའི་མགོ་ཅན་ཁྱོད་སོང་ལ། །གངས་དཀར་རྩེ་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །གཡའ་སྤང་མཚམས་སུ་སྲི་བྲོས་ན། །གཡག་གི་མགོ་ཅན་ཁྱོད་སོང་ལ། །གཡའ་སྤང་མཚམས་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །གོང་སུམ་དག་ཏུ་སྲི་བྲོས་ན། །སྤྱང་ཀིའི་མགོ་ཅན་ཁྱོད་སོང་ལ། །གོང་སུམ་དག་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །བྲག་ཐང་མཚམས་སུ་སྲི་བྲོས་ན། །འུག་པའི་མགོ་ཅན་ཁྱོད་སོང་ལ། །བྲག་ཐང་མཚམས་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །ནགས་ཚལ་དག་ཏུ་སྲི་བྲོས་ན། །དོམ་གྱི་མགོ་ཅན་ཁྱོད་སོང་ལ། །ནགས་ཚལ་གསེབ་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །རྒྱ་མཚོའི་གཏིང་དུ་སྲི་བྲོས་ན། །སྲམ་གྱི་མགོ་ཅན་ཁྱོད་སོང་ལ། །རྒྱ་མཚོའི་གཏིང་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །ཆུ་བོའི་གཞུང་དུ་སྲི་བྲོས་ན། །ཆུ་བྱའི་མགོ་ཅན་ཁྱོད་སོང་ལ། །ཆུ་བོའི་གཞུང་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །ས་ཡི་སྟེང་དུ་སྲི་བྲོས་ན། །དྲེད་ཀྱི་མགོ་ཅན་ཁྱོད་སོང་ལ། །ས་ཡི་སྟེང་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །རྒྱ་གྲམ་ལམ་དུ་སྲི་བྲོས་ན། །ཕག་གི་མགོ་ཅན་ཁྱོད་སོང་ལ། །རྒྱ་གྲམ་ལམ་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །རི་སུལ་དག་ཏུ་སྲི་བྲོས་ན། །གོ་བོའི་མགོ་ཅན་ཁྱོད་སོང་ལ། །རི་སུལ་དག་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །ཐེམ་པའི་འོག་ཏུ་སྲི་བྲོས་ན། ཁྱི་ཡི་མགོ་ཅན་ཁྱོད་སོང་ལ། །ཐེམ་པའི་འོག་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །རྩིག་པའི་གསེབ་ཏུ་སྲི་བྲོས་ན། །བྱི་བའི་མགོ་ཅན་ཁྱོད་སོང་ལ། །རྩིག་པའི་གསེབ་ནས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །ཕྱོགས་མཚམས་ཀུན་ཏུ་སྲི་བྲོས་ན། །སྤྲུལ་པའི་ཕོ་ཉ་མང་པོ་དང་། །ཡང་སྤྲུལ་ཕོ་ཉས་སྲི་ཁུག་ཅིག །རྣམ་ཤེས་གཟུགས་དང་རྟེན་ལ་ཕོབ། །འགུགས་སྔགས། དམ་སྲིའི་བླ་ཤ་རེ་མ་ཏི་སོགས་བསྒྱུར་བ་དང་། གཙོ་བོར། ཨོཾ་སརྦ་ཛཿཏྲི་ནི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཤན་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་དནྟྲི་ནི་ཧཱུྃ་ཛཿ ཀུཾ་ཀུཾ་ཛཿཛཿཛཿཧཱུྃ། ཞེས་བཟླ། དགྲ་དང་སྲི་གནན་ཐུན་མོང་དུ། ནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ། ཁོ་སོ་བ་ཏི། ཡཾ་རུ་ཏི། ཡཾ་སེ་ན་ཡཾ་སེ་ན། མ་ན་ཡཾ་སྙིང་ཚལ་པ་བཾ་རིལ་རྦད། དགྲ་བགེགས་དམ་སྲིའི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཐམས་ཅད་ཁུག་ཅིག་ཛཿཛཿ ཞེས་པའི་འགུགས་སྔགས་ཉེར་གཅིག་རེ་བཟླ། དེ་ཡང་འགུགས་པའི་དུས་གནད་ཐོ་རངས། ཉི་ཤར། ཉི་ཐལ། སྲོད་འཁོར་བཞི་ཡིན་པས་དེ་རྣམས་དང་། སོ་སོའི་བླ་འགྱུ་བའི་སྐབས་སུ་ཁྱད་པར་དུ་བསྐུལ་ཞིང་ཁུག་རྟགས་མ་བྱུང་བར་དུ་སྔགས་དམིགས་ལ་ནན་ཏན་བྱ། དེའི་སྐབས་སུ་བདག་མདུན་གྱི་སྐུ་ལས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་ཕོ་ཉ་ལས་མཁན་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས་པས། དགྲ་བོ་དངོས་དང་རང་རང་གི་བླ་རྟགས་བཅས་པ་དང་། ཕོ་སྲི་གཡག་དཀར། མོ་སྲི་ཁྱི་མོ་ནག་མོའི་རྣམ་པ་སོགས་གོང་སྨྲོས་ལྟར་ལ། རི་བོའི་རྩེ། རྒྱ་མཚོའི་འགྲམ། འཇིག་རྟེན་ཁམས་གར་གནས་ཀྱང་དགྲ་བགེགས་རྣམས་བྱིའུ་ཁྲས་འདེད་པ་ལྟར་བཀུག་ནས་གཟུགས་ལ་བསྟིམ། ༈ ཡང་། ཐུགས་ཀ་ནས་ཁྲོ་བོ་འདོད་རྒྱལ་ལྕགས་ཀྱུ་དང་། སྒོ་མ་བཞི་རང་མིང་གི་མཚོན་ཆ་འཛིན་པ་དཔག་མེད་སྤྲོས་ཏེ། དགྲ་གྱོད་རྐུན་མའམ། སྲི་ཆུང་བཅུ་གསུམ། གཙོ་བོར་གྱུར་པའི་གདོན་བགེགས་གནོད་བྱེད་སྲིད་རྩེ་ནས་མནར་མེད་ཀྱི་བར་གང་དུ་གནས་པའི་ས་ནས་ལྕགས་ཀྱུས་སྙིང་ཕུག །ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གི་དྲ་བར་བཅུག །དྲིལ་བུས་མྱོས་པར་བྱས། མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ནས། ལས་ཀྱི་རླུང་གི་འཁོར་ལོ་ལ་བསྐྱོན་ཏེ་རང་དབང་མེད་པར་མྱུར་སྟབས་སུ་བཀུགས་ཏེ་གཟུགས་ལ་དབང་མེད་དུ་ཐིམ། བྱད་ཐག་གིས་གྲུ་གུ་ལྟར་བཅིང་། ལུས་ངག་ཡིད་གསུམ་ཤིན་ཏུ་ཉམ་ཐག་པ་ལ་རྡོ་རྗེ་རྒྱ་གྲམ་ཤིན་ཏུ་ལྗི་བས་མནན་ཏེ། བདག་མདུན་གཟི་བརྗིད་ཀྱི་མཐུས་འགུལ་བ་ཙམ་ཡང་མི་ནུས་པར་བསམ། སྔགས་ཚན་རེ་དང་གོང་འོག་དམིགས་པ་གང་རིགས་རེ་སྦྲགས་ནས་བརྒྱ་རྩ་རེ་འགྲོ་བར་བྱ། ཐུན་མཐར་དམར་གཏོར་བྲན་ལ་འགུགས་གཞུག །ན་མོ། རིག་འཛིན་རྩ་བརྒྱུད་ལྟ་བུའམ། བསྡུ་ན། ན་མོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀའ་བདེན་པ་དང་། ཁྱད་པར་དཔལ་ཆེན་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྡང་དགྲ་གནོད་བྱེད་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་གྱིས་བཀུག །རཾ་ཡཾ་ཁཾ། ཨ་ལས་ཐོད་པའི་སྣོད་དུ་གཏོར་མ་ནི། །ངོ་བོ་ཡེ་ཤེས་བདུད་རྩི་ཆེན་པོ་ལ། །རྣམ་པ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ལྷ་ཚོགས་དགྱེས་སྐོང་འདོད་ཡོན་སྤྲིན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ། ཐུན་གཏོར་མདུན་གྱི་གཏོར་ཆེན་དུ་འབུལ་ལོ། །དེ་ནས་ཐུན་ཕྱི་མ་རྣམས་ལ་མཆོད་པ་གསོ་ཞིང་ལས་བྱང་མདོར་བསྡུས་ཏེ་མཆོད་པ་བྱིན་རླབས་ནས་བཟླས་པའི་བར་དང་། བསྐུལ་པ་ནས་ཐུན་གཏོར་བར་སྔ་མ་ལྟར་གཏང་། དགོང་ཐུན་ལ་ལས་བྱང་བཟླས་པའི་མཇུག་ཏུ། ཆོས་སྐྱོང་གཏོར་འབུལ། ཚོགས་བྱིན་རླབས་ནས་ལྷག་མའི་བར་གཏང་། དེ་ནས་བསྐུལ་པ་ནས་གཟུང་ཐུན་གཏོར་བར་གྲུབ་ནས། ལས་བྱང་ཆད་བརྟན་སོགས་མཐར་དབྱུང་། མཚན་ཐུན་བྱེད་ན་ཉིན་མོའི་ཚར་བར་པའི་སྐབས་ལྟར་ལན་གསུམ་དང་། རྒྱས་པར་འགྲུབ་ན་སྔགས་རྒྱུན་ཡང་བྱ། གང་ལྟར་རྟགས་ཐོན་བྱེད་ན་དངོས་ཉམས་རྨི་ལམ་དུ་ཁུག་རྟགས་མ་བྱུང་བར་འགུགས་པ་ཁོ་ན་དགོས་ཤིང་མ་ཁུག་པར་གསད་ལས་བྱས་ན་བླ་ཡར་བས་ནམ་ཡང་མི་ཐེབས་པར་བཤད། དེང་སང་ཞག་གི་གྲངས་གཅད་ལྟར་བདུན་གཅིག་བྱེད་ན་ཞག་གསུམ་ལ་འགུགས་པ་དེ་ཀ་ཐུན་གཅད་དོ།། ༈ །།གཉིས་པ་བར་དུ་གཟིར་བ་ནི། ཐུན་དང་པོར་འགུགས་པ་ཡན་གྲུབ་པ་དང་། ལྷ་དབྱེའི་རྫས་ངན་རྣམས་ཡོད་ན་ལྷ་རྟེན་དང་རང་ལ་དུད་པ་མི་ཕོག་པར་རྫ་མའི་འཕྲུལ་འཁོར་སོགས་སུ་བདུག་པ་ཡིན་ཡང་། རྒྱུན་དུ་གུ་གུལ་ཤ་ཆེན་ཡུངས་དཀར་གྱི་དུད་པས་བདུག་ལ། བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བ་འཕྲོས། ཁོ་ཡི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བསྐྲད་པར་བསམ་ལ། ཧཱུྃ༔ དབྱེ་བྱེད་ལས་ཀྱི་ཕོ་ཉའི་ཚོགས༔ ལས་ངན་སྡིག་ཅན་དགྲ་བོ་འདི༔ སྲུང་ཞིང་སྐྱོབ་པར་བྱེད་པ་ཡི༔ ཡེ་ཤེས་འཇིག་རྟེན་ལྷ་ཡི་ཚོགས༔ ཕྲོལ་ཅིག་ཕྱེས་ཤིག་རྣམ་པར་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ༔ ནྲྀ་ཏྲི་དེ་བ་སརྦ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་ལྷ་དང་ཕྲལ། གསད་པའི་སྔགས་དང་དམིགས་པ་རང་རང་གི་གཞུང་ལྟར་བྱའམ། སྤྱི་ཙམ་དུ། ཐུན་སྣོད་ནད་མཚོན་དུག་རླངས་ཁོལ་བའི་ཀློང༔ ཐུན་རྫས་ལས་བྱེད་ཕོ་ཉ་ཟ་གསོད་རྔམས༔ གཏུམ་དྲག་རྒྱོབ་སོད་འཇིགས་པའི་འབྲུག་སྟོང་ལྡིར༔ སྟོང་ཁམས་གང་བའི་ཐོག་རྒོད་ཆེམས་ཆེམ་འཁྲུགས༔ ལོག་འདྲེན་གནད་ལ་དབབ་པའི་མཐུ་ལྡན་གྱུར༔ ཅེས་མོས་ལ། རྩ་སྔགས་ཤམ་དུ། གནོད་བྱེད་དགྲ་བོའམ། སྲི་ཆེ་གེ་མོའི། སྲོག་རྩ་ལ་ཡཾ་ཡཾ། སྙིང་རྩ་ལ་རྦད་རྦད། སྲོག་ལ་ཧུར་ཐུམས། ནྲྀ་ཏྲི་ཨེ་ཧུར་ཐུམས་ཛཿ མཱ་ར་ཡ་རྦད་རྦད། ཅེས་གསད་པའི་སྔགས་བཟླས་ལ་ཁ་རླངས་མ་ཤོར་བར་ལག་ངར་བརྒྱུད་ནས་ཕུས་འདེབས། ཡང་སྐབས་སུ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དམིགས་བྱ་རྣམས་ལ་ཕོག །བ་མོ་ལ་ཉི་ཟེར་ཕོག་པའམ། མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཀྲག་མདངས་ཉམས། བདག་མདུན་དང་བྲུབ་ཁུང་གི་རྩང་རྣམས་བཤན་པ་ཕོ་མོའི་ངོ་བོར་གསལ་བའི་ཞལ་ནས་སྔགས་སྒྲ་དི་རི་རི་བཟླས་པས། དྲག་སྔགས་ཀྱི་འོད་ཟེར་མེ་ལྕེ་རྣོ་ངར་དང་ལྡན་པའི་མཚོན་ཆའི་རྣམ་པར་འཕྲོས་ཏེ། ལུས་ཀྱི་ཡན་ལག་ནང་ཁྲོལ་རྣམས་བཅད་གཏུབས་བྱས་ཏེ་ལོ་ཏོག་སེར་བས་བཅོམ་པ་ལྟར་གྱུར་པར་མོས་ལ་སྔགས་བཟླ། མཐར། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་སྙིང་ཁར་གཟིར་ཞིང་བསྡིགས་པས། གཟུགས་བྱེ་མའི་མཁར་ཆུས་བཤིགས་པ་ལྟར་རྡུལ་དུ་བཅོམ་ནས། མཐར་རྣམ་ཤེས་ཀྱི་ངོ་བོ། ནྲྀའམ་ཏྲི། དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་ཀེམ་གྱིས་བསད་པར་བསམ་ལ། ཧཱུྃ༔ ཁྲག་འཐུང་ཁྲོ་རྒྱལ་ཆེན་པོ་ཡི༔ ཕོ་ཉར་མངགས་པ་ཐུན་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ༔ སྣ་ཚོགས་དྲག་པོ་ཐུན་གྱི་རྫས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ དགྲ་བགེགས་ལུས་སེམས་འབེན་ལ་ཡཱ༔ གོང་གསལ་གསད་སྔགས་བརྗོད་ལ་ལིངྒ་ལ་ཐུན་བྲབ། དེ་ནས་ཐུན་གཏོར་འབུལ་བ་གོང་ལྟར་བྱ། དེ་ལྟར་བསད་རྟགས་མ་བྱུང་བར་རམ། བདུན་གཅིག་སྒྲུབ་པའི་སྐབས་འདི་ལ་ཞག་གཉིས་བྱ་འོ།། ༈ །།གསུམ་པ་མཐར་གནན་པའི་ལས་སྒྲུབ་པ་ནི། འགུགས་པ་ལྷ་དབྱེ་ཡན་ཁྱུག་ཙམ་སོང་ནས། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་གཏུམ་དྲག་ཉམས་བརྒྱར་འབར་བས་དགྲ་བོའི་ལུས་ངག་ཡིད་གསུམ་གནན་པའི་ལས་མཛད་པར་གྱུར། མདུན་གྱི་ལིངྒ་དམིགས་བྱ་དངོས་སུ་གསལ་བའི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྕི་ཞིང་འཐས་པ་རེ་རེས་མནན་ཅིང་། ཡན་ལག་དང་ཚིགས་བཞི་ཐམས་ཅད་རྡོ་རྗེས་གཟིར་པས་ཉམས་ཐག་ཅིང་གཡོ་འགུལ་མི་ཤེས་པར་བསམ་ལ་རྩ་སྔགས་ཀྱི་མཐར། དགྲ་བོ་ནྲྀ་མཱ་ར་ཡ་རྦད་ཐུམ། དྷ་ར་ཡ་དྷ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། ཞེས་དང་། བགེགས་ལ། དམ་སྲི་ཏྲི་མཱ་ར་ཡ་སོགས་བསྒྱུར་ལ་བཟླ། ཡང་དམིགས་པ་སྔར་ལྟར་ལ། ཨོཾ་སརྦ་ཛི་ན་ཧཱུྃ་ཛཿ ཏྲི་ཛ་ཏྲིག་ནན། ནྲྀ་ཏྲི་མུ་ཏྲི་ལཾ་ནན། ཤན་ཏྲི་གན་ཏྲི་ནན། དགྲ་བོའམ། སྲི་ཆེ་གེ་མོ་སྐབས་བབས་ཁ་བསྒྱུར་ལ། གུཾ་གུཾ་སཏྭམྦྷ་ཡ་ནན། ཞེས་བཟླ། མཆིལ་མ་ཁོང་དུ་སོང་ན་ངག་གནན་དུ་འགྱུར་བས་སྣོད་གཅིག་ཏུ་བསགས་ལ་ཕོ། བཟླས་པ་ཟིན་ནས་སྔོན་དུ་བསྒྲུབས་པའི་རྣམ་འཇོམས་བུམ་ཆུའམ་ཆུ་གཙང་གིས་ཁ་བཤལ། མཐར་ཐུན་སྒྲུབ་དང་བཅས་ཏེ་ཐུན་རྡེག །དམོད་བྱང་དགྲ་གནན་ལ་ཀིང་དམར་ལྟར་དང་། སྲི་གནན་ལ་སྙན་བརྒྱུད་དམོད་བྱང་ལེགས་ཀྱང་། དཀྱུས་འགྲེ་ཙམ་ལ་གོང་དུ་ལིངྒར་བཀོད་པའི་དམོད་བྱང་དགྲ་སྲི་སོ་སོ་བརྗོད་ཅིང་བྲུབ་ཁུང་སྟེང་རྔ་མ་ནག་པོས་གཡབ། ཐུན་གཏོར་འབུལ་བའི་ཚིག་གཤམ། ཐམས་ཅད་རང་གཤེད་ཕོབ་ལ་ནུས་མཐུ་ཤིགས། །ཞེས་པའི་མཐར། ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་གནོན་པའི་ཕྲིན་ལས་མཛོད། །ཅེས་བསྒྱུར་ལ་ཐུན་གསུམ་ལ་སོགས་འདོན་བྱ་སྔ་མ་རྣམས་ཀྱི་འགྲོས་ལྟར་རྟགས་མ་བྱུང་བར་རམ། བདུན་གཅིག་གི་ཚེ་ཉིན་གཉིས་བསྒྲུབ་བོ།། ༈ །།གསུམ་པ་ལས་ཀྱི་གཟེར་ཁ་གདབ་པ་ནི། རྟགས་སམ་ཞག་གྲངས་རྫོགས་པའི་ཐུན་ཐ་མ་དགོང་མོ་ལ་བབས་པ་དང་། ལས་བྱང་བཟླས་པ། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ལྷག་མ་ཡན་རྒྱས་པར་གཏང་། བསྐུལ་པ་ནས་བརྩམ་ཐུན་གཏོར་ཡན་དཀྱུས་ལྟར་སོང་ནས། ལིངྒ་ཧོམ་ཁུང་ནས་སྐམ་པས་བླངས་ཏེ་དགྲ་འདྲེ་ཕོ་ལ་དཔུང་པ་གཡས་དང་མོ་ལ་གཡོན་སྔོན་ལ་བཅག་སྟེ་མགོ་ནས་མར། མཇུག་ནས་ཡར་དྲིལ། བྱད་ཐག་གིས་བཅིངས་ལ་གནན་ཐོད་གང་ཡིན་དེར་བཅུག །དེ་སྟེང་ཐུན་རྫས། མི་ཁའི་རྫས། ཚྭ་བུལ་ཏོག་བ་ཚྭ་སོགས་བླུགས་ལ་བཀང་། ཕུང་རེ་ཡུགས་སའི་ཤ་གོས་རབས་ཆད་རེ་བ་སོགས་ཀྱིས་བསྒྲིལ། རོ་སྐྲའམ་ཁྱི་སྤུའི་སྐུད་པ། ཚོན་སྐུད་སྣ་ལྔས་རྒྱ་ཆིངས་བྱས་པའི་ཁ་ལ་ཁྲོ་ཞལ་ལམ་སྣ་ཚོགས་རྡོ་རྗེའི་ཐེའུའི་རྒྱས་བཏབ། སེ་སྐྱེར་འོམ་བུ་གསུམ་གྱི་རྩང་དམར་རྒྱ་གྲམ་དུ་གཟེར། དེ་དག་གི་སྐབས་སུའང་ཁ་རླངས་དྲི་མ་མཐེབ་རྗེས་སོགས་མ་ཤོར་བ་གལ་ཆེ། གནན་ཆས་བྱེད་པའི་ཚེ་གོང་སྨྲོས་གནན་སྔགས་ཅི་འགྲུབ་བཟླ་ཞིང་། དགྲའམ་བགེགས་སྲི་ དེ་ཉིད་དབང་པོ་ཉམས་ཤིང་འགྱུ་བ་བྲལ་ནས་འགུལ་བ་ཙམ་ཡང་མི་ནུས་ཤིང་། བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་བརྒྱད་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་ཞིང་དྲག་སྔགས་ཀྱིས་མཚན་པ་གཡོན་སྐོར་དུ་དྲག་ཏུ་འཁོར་བས་སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་གཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བར་བདེ་བའི་ངང་དུ་དྲན་མེད་དུ་བརྒྱལ་བར་བསམ། ཐོད་དབང་བསྐུར་བའི་དམིགས་པ་ནི། བདག་མདུན་གྱི་ལྷ་རྣམས་དང་། རང་བཞིན་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས། འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས་ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ། དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་བསམ་ཞིང་། དྲིལ་ཆས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་དང་ཐོད་གནོན་རྣམས་ཀྱང་གཤིན་རྗེ་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་སྲུང་བར་མོས་པ་ནི་སྲི་གནན་ལ་ལྷག་པར་གལ་ཆེ་ཞིང་། དགྲ་འདྲེ་གཉིས་ཀར། ཧཱུྃ་ཨེ་ཛཿབྷྲཱུྃ། ཐུགས་རྗེའི་འོད་རྩལ་སྲིད་གསུམ་གང་བའི་ཚོགས། །གཅིག་ཏུ་དྲིལ་བའི་སྟོབས་ཤུགས་ནུས་པའི་དབལ། །བགེགས་སྲིན་མཐར་བྱེད་གཤིན་ཡུལ་ཨེ་གསང་ཀློང་། །ཏིང་འཛིན་རྡོ་རྗེ་ཐོད་པའི་བརྡ་རུ་སྣང་། །དབྱིངས་རྩལ་འགགས་མེད་བདུད་འདུལ་ཁྲོ་བོའི་སྤྲིན། །དྲག་སྔགས་ལུ་གུ་རྒྱུད་ཀྱི་ཐིག་ལེ་ཡིས། །ནམ་ཡང་གཞོམ་མེད་རྡོ་རྗེའི་ངོ་བོ་རུ། །སྲིད་པ་སྤུ་གྲིའི་འཁོར་ལོས་རྒྱས་ཐོབས་ཤིག །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན། །ཧཱ་སྭཱ་ཡེཿཎ་མ་ཤྲ་ཧཱ་མ་དཱི་བཱ་ཝཾ་ཨེ །དྷ་རོ་ནི་ཡོ་ཥཱཉྩ་ཏེ །དཏ྄་བ་ཧྱ་ཏེ་ག་ཐཱ་ཏ་ཥཱན་ཏེ་ཏུན་ཧེ ཿབཱ་བྷ་པྲ་ཏུ་ཧེ་མཱ་དྷར་ཡེ་ཨོཾ། ཞེས་ཉེར་གཅིག་གིས་རབ་ཏུ་གནས་པར་བྱའོ། །དེ་ནས་གནན་པའི་ས་ནི། སྲིད་པ་གཏེར་ཁྱིམ་ལས་གནན་པའི་དམིགས་བརྒྱད་དུ་བཤད་པ་དང་། རྡོ་རྗེ་གཙུག་ལག་གི་རྒྱུད་ལས་བཤད་པ་སོགས་ལྕེ་མདུད་དང་གྱིམ་ཤང་གི་ས་དམིགས། ཀིང་ཀང་དུག་རིའི་དགྲ་འདྲེ་རང་གཤེད་དབབ་པའི་ས་དམིགས་རྣམས་ངེས་པར་གལ་ཆེ་ཡང་། དཀྱུས་འགྲེ་ཙམ་དུ་དགྲ་འདྲེ་སྤྱི་ལ་ལྷ་ཁང་དང་མཆོད་རྟེན་གྱི་འོག །ལམ་རྒྱ་གྲམ་དུ་གནན། བྱེ་བྲག་དམ་སྲི་ལྷ་ཁང་ཐེམ་འོག་གམ་མཆོད་རྟེན་རྨང་། ཕུང་སྲི་གྲོང་དབུས་སམ་སྲང་མདོ། དགྲ་སྲི་གོང་གསུམ་ལྟོངས་དང་ལུང་གསུམ་མདོ། དུར་སྲི་དུར་ཁྲོད་དབུས། ཕོ་སྲི་ལ་བཙས་འོག །མོ་སྲི་བྲག་ནག་རྨིང་། ཆུང་སྲི་མའི་མལ་འོག །གོད་སྲི་ར་བའི་དབུས་སུ་གནན་པའི་ས་དམིགས་གཞུང་རྣམས་སུ་སོ་སོར་བཤད་པ་ལྟར། དཔྱིད་གསུམ་ནུབ། དབྱར་གསུམ་ལྷོ། སྟོན་གསུམ་ཤར། དགུན་གསུམ་བྱང་དུ་བལྟས་ལ་དོང་གྲུ་གསུམ་བརྐོ། དེའང་ཁྲུ་གང་ཡན་ཆད་ས་རོ་ཡིན་པས་དོར། དེ་ནས་སོར་ཉི་ཤུ་བྲུས་པའི་སར་གནན་པ་བྱ། ལྟོ་འཕྱེའི་ཁ་བལྟ་ཕྱོགས་བཞེད་སྲོལ་མང་བ་ལས་འདིར་འབྱུང་བ་རིན་ཆེན་ཀུན་འདུས་དང་དགོངས་འདུས་སྐར་མཛོད་ལྟར་བྱས་པའོ། །དེ་ནས་ཆོས་སྲུང་གི་གཏོར་སྐྱོང་དང་ལས་གཞུང་ཆད་མདོ་གཏང་། ཟློག་གཞུང་སྒོ་དབྱེ་ཡོད་ན་བྱ། མེད་ན་མི་དགོས། མདུན་གྱི་གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྟིམས་ནས། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཧེ་རུ་ཀ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག །ཅེས་གསེར་སྐྱེམས་མཆོད་ཅིང་། ཐུགས་དམ་བསྐུལ་བའི་མཇུག་ཏུ་དཀར་གཏོར་གྱིས་སྣ་དྲངས་ཏེ། གནན་ཆས། གཏོར་ཆེན་སོགས་ཁྱེར་ལ་གནན་དོང་རྩར་ཕྱིན་པ་དང་ཟོར་ཆེན་རེ་ཞིག་དེར་བཞག །གོང་དུ་སྨྲོས་པའི་བསྐུལ་པ་དང་། གསེར་སྐྱེམས། གཟུང་དཔང་བཅས་གཏང་། ཡི་དམ་ཕུར་པ་ཡིན་ན་ཕུར་བུ་དང་། གཞན་ལ་རལ་གྲི་ཐོགས་པས་ས་ལ་བསྣུན་ཚུལ་བྱས་ཏེ། ཧཱུྃ། རང་ཉིད་དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ །སྟོང་གསུམ་གང་བའི་སྐུར་གྱུར་ཕྱག་གཡས་ཀྱིས། །ཕུར་བུ་འམ་རལ་གྲི་ བསྣུན་པས་ས་གཞི་རབ་ཏུ་གས། །མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི༔ འཇིགས་སུ་རུང་བ་མུན་པའི་ཀློང༔ དྲེགས་པ་ཀུན་གྱི་བཤན་ཁང་ནས༔ ལས་བྱེད་གཤིན་རྗེ་འཁོར་དང་བཅས༔ བདག་གི་དད་པས་སྤྱན་འདྲེན་ན༔ དགྲ་བགེགས་འདུལ་ཕྱིར་གནས་འདིར་བྱོན༔ ཨེ་ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་ནས་འཆི་བདག་ལས་ཀྱི་གཤིན་རྗེ་བྱེ་བ་དགུ་རིང་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན་མ་ཧེ་ལ་ཞོན་པ། གནམ་ས་ལྟ་བུའི་ཁ་གདངས་ནས་ང་རོ་འབྲུག་ལྟར་ཁོལ་བ་ལག་གཉིས་ལེན་པའི་ཕྱག་རྒྱ་ཅན་ལྷ་མ་སྲིན་དྲེགས་པ་ཐམས་ཅད་ཀྱིས་བསྐོར་བ་སྐད་ཅིག་གིས་ལྷགས་པར་བསམ་ལ། ས་མ་ཡ་རཀྵ་ཏིཥྛ་ཧཱུྃ༔ ཞེས་དམ་ལ་བཞག །དམར་གཏོར་ཤ་དུམ་ཟན་དུམ་རཀྟས་བྲན་པ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཀྲྀཥྞ་ཛ་མཱ་རི་ཧཱུྃ་ཕཊ། དགྲ་བགེགས་ཀྱི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་ཀིང་ནི་རི་ཏི་གྲྀཧྞ་ཁཱ་ཧིས་བསྔོས་ལ། ཧཱུྃ། འཆི་བདག་ནག་པོ་འཁོར་བཅས་ལ། །དགྲ་བོའི་ཤ་ཁྲག་གཏོར་མ་འདི། །འབུལ་གྱིས་དགྱེས་པར་རོལ་ནས་ཀྱང་། །དམ་ཉམས་དགྲ་བོ་འཁོར་དང་བཅས། །སྡོམ་འཛིན་གནན་པའི་ཕྲིན་ལས་མཛོད། །ཅེས་པས་དམར་གཏོར་དོང་དུ་འབུལ། སླར་ཡང་འགུགས་འདྲེན་བླ་འགུགས་ནན་ཏན་ལྷ་དབྱེའི་བར་དུ་བྱས་ནས། གནན་ཆས་ཐོགས་ཏེ། དགྲ་གནན་ལ།་་་ཧཱུྃ། དམ་ཉམས་དགྲ་བོ་ལས་ངན་འདི། །གནན་ནོ་རི་རབ་འོག་ཏུ་གནན། །ལས་ཀྱིས་མནར་པའི་སྡིག་ཅན་འདི། །གཏད་དོ་གཤིན་རྗེའི་ལག་ཏུ་གཏད། །འཁོར་བར་འཁྱམས་པའི་ལས་ངན་འདི། །སྦ་འོ་རྒྱ་མཚོའི་གཏིང་དུ་སྦ། །དང་པོ་བདེ་བར་གཤེགས་པའི་བཀའ། །དེ་ནས་འབྱུང་བ་ལྔ་ཡི་གཏེར། །དེ་ནས་དབང་པོ་ལྔ་ཡི་བཅུད། །དང་པོར་ཞེ་སྡང་ཕ་ཡི་རྒྱུད། །བར་དུ་འདོད་ཆགས་མ་ཡི་མངལ། །ཐ་མར་ཉོན་མོངས་ལུས་བླངས་ཏེ། །གཏན་དུ་སྡུག་བསྔལ་མྱོང་བ་ལས། །དེ་བས་བསད་ཅིང་གནན་པར་བྱ། །གནན་གཟིར་དྲག་པོ་མི་བྱ་རྒྱུ། ཁྱོད་ཀྱིས་ལས་ངན་སྣ་ཚོགས་སྤྱོད། །འདི་འོག་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ན། །གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཟེར། ཁྱོད་ཀྱིས་ཆོས་སྐལ་དེར་ཉོན་ཅིག །འཁོར་དང་བུད་མེད་ཉེ་དྲུང་ཟས་ནོར་བཅས། །གཏད་དོ་འཆི་བདག་གཤིན་རྗེའི་ལག་ཏུ་གཏད། །དེ་ཡི་ལག་ནས་འཆོར་མི་སྲིད། །གནན་ནོ་རི་རབ་འོག་ཏུ་གནན། །དེ་ཡི་འོག་ནས་ལྡང་མི་སྲིད། །ནམ་ཞིག་བྱང་ཆུབ་སེམས་སྐྱེས་ན། །ལོངས་ལ་རྒྱལ་བའི་བཀའ་ལ་ཉོན། །དེ་ཡི་བར་དུ་གནན་པར་བྱའོ། །ནམ་ཡང་གཏང་བར་མི་བྱ་འོ། །ཞེས་དང་། སྲི་མནན་ལ།་་་ཧཱུྃ། ཕུང་སྲི་བྱ་བའི་ལས་ངན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེ་མཆེད་ལ་བར་ཆད་བྱས། །རྣལ་འབྱོར་བདག་ལ་རྟག་ཏུ་འཚེ། །དམ་སྲི་སྡིག་ཅན་ལས་ངན་འདིས། །རྒྱལ་ཁམས་ཡོངས་ལ་གནོད་པ་བྱས། །སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །ནམ་ཡང་གཏང་བར་མ་བྱེད་ཅིག །འཇིགས་རུང་གཤིན་རྗེའི་ཁ་ནང་ཆུགས། །མི་འགྱུར་ཡངས་པའི་མགྲིན་པར་དྲོངས། །ཐར་མེད་ལས་ཀྱི་ལྟོ་བར་ཆུགས། །གཏད་དོ་འཆི་བདག་ཁྱོད་ལ་གཏད། །འཆི་བདག་ནག་པོ་དམ་ཚིག་ཅན། །གལ་ཏེ་བྱང་ཆུབ་སེམས་ལྡན་བར། །སྲི་ངན་གཏད་ཀྱིས་སླར་མ་གཏང་། །ཞེས་གནན་རྫས་གཤིན་རྗེ་ལ་གཏད་པར་མོས་ལ་དོང་ནང་དུ་བསྐྱུར། གཉིས་ཀ་ལའང་སོ་སོའི་གནན་སྔགས་དང་ལྡོག་མེད་ཀྱི་དམོད་པ་བརྗོད་ཅིང་ཐལ་མོ་བརྡབ། དམིགས་བྱ་ཁོང་ཆུད་གཤིན་རྗེ་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་དགྲ་བོ་རྣམས༔ བསྐལ་པ་མ་སྟོངས་བར་དུ་མི་ཐར་བས༔ མུན་ནག་རུམ་གྱི་ནང་ནས་རྒྱ་མཚོའི་གཏིང༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང༔ ཞེས་བསམ་ལ་རོ་གཡམ་ལ་རྒྱ་གྲམ་དང་རི་རབ་བྲིས་པས་ཁ་བཀབ། མི་ཁའི་རྫས་སོགས་ཀྱང་བླུགས། འབྱུང་བ་གོ་ལྡོག་གི་དམིགས་པ་དང་བཅས། མཁའ་དབྱིངས་རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་། །སུཾ་ལས་རིན་ཆེན་རི་རབ་སྲ་ཞིང་བརྟན། །རབ་འབར་སྣ་ཚོགས་རྡོ་རྗེ་དང་བཅས་པས། །རྟག་ཏུ་ཐར་མེད་གཟིར་མནན་རྒྱས་གདབ་བོ། །ཞེས་བརྗོད་ལ་འབྱུང་བ་རེ་རེས་རྒྱས་འདེབས་པ་དང་དེ་ཡི་ས་བོན་བཅུག་པའི་སྔགས་བཟླ་བ་ཡིན་ཏེ། ཨེ་ནྲྀ་ཏྲི་མཱ་ར་ཡ་སཏྭཾ་བྷ་ཡ་ནན། ཡཾ་ནྲྀ་ཏྲི་སོགས་ཀྱིས་འགྲེས་ཏེ། རཾ་ བཾ་ ལཾ་ སུཾ་རྣམས་ལ་སྔགས་སྔ་མ་བཞིན་བཏགས་ལ་འདོན་ཚིག་དང་སྤྲད་ལ་ནམ་མཁའ་རླུང་མེ་ཆུ་ས་རིམ་པ་དགུའམ། ཡང་ན་གོ་ལྡོག་གི་སྔགས་དམིགས་དང་རྒྱས་འདེབས་ཀྱང་དེ་བཞིན་ལ། དེ་སྟེང་རྒྱ་གྲམ་དང་རི་རབ་ཀྱི་རྒྱས་འདེབས་ཀྱང་བྱ་བར་བཞེད་དོ། །དེ་ནས་རྒྱས་གདབ་པ་ནི། ཧཱུྃ། གཅིག་ནི་ཏིང་འཛིན་རྩེ་གཅིག་རྒྱ། །གཉིས་ནི་ཐབས་དང་ཤེས་རབ་རྒྱ། །གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་ནི་ཚད་མེད་བཞི་ཡི་རྒྱ། །ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་ནི་ཡན་ལག་བདུན་གྱི་རྒྱ། །བརྒྱད་ནི་རྣམ་ཐར་བརྒྱད་ཀྱི་རྒྱ། །དགུ་ནི་ཐེག་པ་རིམ་དགུའི་རྒྱ། །དོན་དང་བརྡ་སྦྱར་རྟགས་ཀྱི་རྒྱ། །གཉིས་སུ་མེད་པར་རྒྱས་གདབ་བོ། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། དྷརྨ་དྷཱ་ཏུ་ཨ་ཨཿ དེ་ནས། གཏོར་མའི་དམ་ཚིག་པ་རང་ལ་བསྡུས། གཏོར་ཆེན་སྤྲུལ་པའི་དམག་ཚོགས་ནམ་མཁའ་གང་བ་དཔའ་བའི་ངར་སྒྲ་དང་བཅས་ཏེ་དགྲའམ་བགེགས་ཀྱི་སྟེང་དུ་ཆས་ནས། མཚོན་ཆའི་ཆར་ཕབ་པས་དགྲ་བགེགས་རྒྱབ་རྟེན་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བརླགས་པར་གྱུར་པར་མོས་ལ། ལས་བྱང་རང་རང་གི་ཆད་མདོའི་གཤམ་ནས་འབྱུང་བའི་ཟོར་བསྐུལ་ལམ། སྤྱི་ཁྱབ་ཙམ་དུ། ཧཱུྃ། དྲག་པོ་ཟོར་གྱི་དཔུང་ཚོགས་དགྲ་ལ་བྷྱོ། །སྡང་དགྲ་གནོད་བགེགས་ཐལ་བའི་རྡུལ་དུ་རློགས། །སྡང་བའི་དགྲ་བོ་ཡིད་ལ་བརྣགས་པ་འདིའི། །མི་སོད་ཁྱིམ་ཤིགས་ནོར་ཕྱུགས་ཐལ་བར་རློགས། །དགྲ་བགེགས་རྩད་ནས་གཅོད་པའི་ཕྲིན་ལས་མཛོད། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །བྷྱོ་བྷྱོ་ཟ་བའི་འདྲེ་ལ་བྷྱོ། །བྷྱོ་བྷྱོ་ཕུང་བའི་སྲི་ལ་བྷྱོ། །ཟོར་ཟོར་དམིགས་པའི་ཡུལ་དུ་ཟོར། །ཞེས་དང་ཟློག་སྔགས་དམོད་ཚིག་བཅས་བརྗོད་ལ་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་རྩེ་བསྟན་ལ་འཕང་། བཤལ་ཆུས་བརྟན་མ་བསྐྱང་། གཏོར་སྣོད་མནན་པའི་ཁར་སྦུབས་ལ་འགུགས་གཞུག་དང་ཕྱག་རྒྱ་བཞིས་འཆིང་བསྡམ་བྱས་ཏེ། ལས་བྱང་སོ་སོའི་གཞུང་ལྟར་རྟ་བྲོ་བརྡུང་། དམིགས་བསལ་མེད་ན་སྤྱི་ཙམ་དུ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞིང་བཅུ་བསྒྲལ་པའི་གདན་སྟེང་དུ། །དཔལ་ཆེན་ལྷ་ཚོགས་བྲོ་བརྡུངས་པས། །དགྲ་ནི་ཐལ་བར་རློག་པའི་བྲོ། །བགེགས་ནི་ཕྱེ་མར་འཐག་པའི་བྲོ། །གཉིས་འཛིན་རུ་དྲ་སྒྲོལ་བའི་བྲོ། །བར་ཆད་མེད་པར་བརྡུང་བར་བྱ། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ལཾ་ནན། ཞེས་དཔལ་ཆེན་ཧེ་རུ་ཀའི་མཐུ་སྟོབས་དང་ནུས་པས་རྒྱས་བཏབ་ཅིང་བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པས་ནམ་ཡང་ལྡོག་པ་མེད་པར་གྱུར་པར་མོས། གཏོར་སྣོད་གཟེད་ལ་འབྲུ་འཐོར་ཞིང་ཡེ་དྷར་དང་ཤིས་བརྗོད་བྱ། ཅུང་ཟད་ཕྱིར་སྤགས་ནས་ལས་གཞུང་གི་སྲུང་འཁོར་འདོན་བསྒོམ་བྱ། སྤྲུལ་པའི་བྱ་ཁྱུང་མཐིང་ནག་ཞལ་ཕྱིར་གཟིགས་པ་ཞིག་གིས་རྗེས་བཅད་པར་བསམ། ཐོ་བརྩེགས་པའམ། སྒོ་ལ་ཁྲོཾ་བྲི། ཁྱིམ་དུ་ལོག་ནས་ཚེ་འགུགས་དང་ལས་གཞུང་གཏང་རག་མཆོད་བསྟོད་སོགས་རྗེས་བསྡུ་རྣམས་དཀྱུས་ལྟར་དུ་བྱའོ།། །།གནན་པའི་སྐབས་སུ་ས་བརྐོ་གང་དུའང་མ་ཕིག་ན་མ་ཐེབས་པ་ཡིན་པས་ངེས་པར་སླར་བསྐྱར་དགོས་པར་གསུངས་ཤིང་། གནན་དོང་ཅུང་ཟད་བརྐོས་པས་ས་བུག་པ་ལྟར་སོང་བ་ནི་ཐེབས་པའི་ཚད་ཡིན་ལ་བརྐོ་སླ་བའང་ཐེབས་པའི་རྟགས་སུ་བཤད་དོ། །ལས་སྦྱོར་ཉིན་ཐུན་རྗེས་མའི་ཕྱག་ལེན་དཀྱུས་སུ་བསྟན་པ་ནི་གཞུང་ཕལ་མོ་ཆེའི་དངོས་བསྟན་སྨིན་གླིང་གཏེར་ཆེན་སོགས་ཀྱི་ཕྱག་བཞེས་ལྟར་ཡིན་ལ། ཡང་རིག་འཛིན་གོང་མ་ཁ་ཅིག་གིས་གདབ་ལས་བྱ་བར་བཞེད་པ་ལྟར་ན། ཐུན་ཐ་མ་ལ་ཚོགས་བར་པ་ཡན་གྲུབ་པར་བྱས། དེ་ནས་བྲུབ་ཁུང་ནས་ལིངྒ་སྐམ་པས་བླངས་པ་དང་ཟན་ལིང་བཅས་སློབ་དཔོན་མདུན་ལྕགས་སྣོད་དུ་བཞག །བསྐུལ་དང་གསེར་སྐྱེམས་ནས་བརྩམ་ལས་གཞུང་སོ་སོའི་གདབ་ལས་རྒྱས་པར་བྱ་བ་ལས། འགུགས་པའི་སྐབས་གཞུང་འདིའི་བླ་འགུགས་དང་། བསྒྲལ་བའི་མཐར་གསད་པའི་སྔགས་དམིགས་ཀྱང་སྦྱར། གནན་ལིང་ལ་གནས་སྤར་གྱི་དམིགས་པ་བྱ་རུང་མིན་བཞེད་སྲོལ་གཉིས་སུ་སྣང་བ་ལས་རྣམ་ཤེས་མི་སྤར་བ་ཐེབས་སླ་བར་གོ །ཟན་ལིང་གཏུབས་ནས་ཞལ་བསྟབས་བྱས་ལ་གཏོར་ཆེན་དུ་ཕུལ། གནན་ལིང་མ་བསྣད་པར་བསྟབ་པའི་མཐར་ལྟེབ་ཆག་བྱས་ནས་དུག་ཁྲག་གིས་ཁྲམ་བཏབ་ལ་གནན་ཆས་སོགས་གོང་སྨྲོས་ལྟར་བྱ་བ་ནི་ལུགས་གཅིག་ཡིན་པས་རང་གི་ལོང་ཁྱབ་བམ་འདོད་མོས་དང་བསྟུན་ཆོག་གོ། །སྤྱིར་ཕན་གནོད་ཀྱི་ལས་རབ་འབྱམས་སྒྲུབ་པ་ལ་རང་འདོད་ཙམ་གྱིས་མི་ཆོག །གཞུང་རྣམས་ནས་བཤད་པའི་མཚན་ཉིད་དང་ལྡན་པ་ཞིག་དགོས་པ་གཞིར་བྱས། ཁྱད་པར་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་རྣམས་ལ་མན་ངག་གི་གནད་དང་མི་ལྡན་པར་གྱ་ཚོམ་དུ་སྤྱོད་ན་ཕན་གནོད་ཅིར་འགྱུར་ཆ་མི་འཚལ་ཞིང་། ལྷག་པར་གནན་གཏད་ཀྱི་རིགས་འདི་ཁེ་ཉེན་ཤིན་ཏུ་ཆེ་བས། གྲོགས་བསྟེན་པ། དུག་དབྱུང་བ། རྒྱན་གདབ་པ་སོགས་ལས་སྤྱི་དང་བྱེ་བྲག་གི་ཟབ་གནད་རྡོ་རྗེ་གཙུག་ལག་གི་རྒྱུད་དང་། སྲིད་པ་གཏེར་ཁྱིམ་མ་བུ། རིག་འཛིན་བརྒྱུད་པའི་ཞལ་ལུང་རྣམས་ལ་འདྲིས་པ་ཞིག་ཤིན་ཏུ་གལ་ཆེ་འོ། །འདི་ནི་ཡི་དམ་བཀའ་བརྒྱད་སྤྱི་དང་། བྱེ་བྲག་གཤིན་རྗེ་རྟ་མགྲིན་ཕུར་པ་མ་མོ། གུར་དྲག་སོགས་གང་ལའང་སྦྱར་དུ་རུང་ཞིང་། དགྲ་གནན་དང་སྲི་གནན་སོ་སོར་བྱེད་ཚུལ་དཀྱུས་སུ་བསྟན་པ་དང་། ཕྱོགས་སུ་བྱེད་ནའང་ཚིག་སྤེལ་དགྲ་བགེགས་དམ་སྲི་ཞེས་ཕྱོགས་བསྡུས་སུ་སྦྱོར་བ་དང་། ལིངྒ་བྲི་བ། བླ་འགུགས། གནན་ཚིག་སོགས་གཉིས་ཀ་བྱེད་ཀྱང་རུང་ཞིང་། མི་འགྲུབ་ན་སྤྱི་འགྲེའི་ནང་འཐུས་པ་སོགས་རྒྱས་བསྡུས་འདོར་ལེན་རིགས་པས་འཕྲུལ་ཤེས་པར་བྱའོ། །གང་དྲན་བྲིས་མིན་གཞུང་དང་མན་ངག་བསྡེབས། །གྱ་ཚོམ་མ་ཡིན་བྱིན་རླབས་རྒྱུན་མང་ཐོབ། །རང་འདོད་མ་ཡིན་གཞན་ལ་ཕན་ཕྱིར་བྲིས། །འོན་ཀྱང་ཉེས་གྱུར་རྩ་བ་གསུམ་ལ་བཤགས། །བསྟན་འགྲོར་འཚེ་བྱེད་སྟོབས་ལྡན་ལྷ་མིན་དཔུང་། །རིག་སྔགས་གོམ་གསུམ་སྦྱོར་བས་ནམ་དུ་ཡང་། །ལྡང་མེད་རིམ་དགུའི་འོག་ཏུ་བཅིངས་ནས་སུ། །ཕྱོགས་ལས་རྣམ་རྒྱལ་དགེ་ལེགས་དཔལ་འབར་ཤོག །ཅེས་གནན་པའི་གཟེར་ཁ་སྤྱི་ལ་སྦྱོར་ཆོག་པ་ཞིག་བློ་དམན་པ་འབྱོར་སྤྲོས་ཀྱིས་མི་ལྕོགས་པ་རྣམས་ལ་ཕན་པར་སྣང་བས་ཅི་ནས་དགོས་གལ་ཆེ་ཞེས་ཕུར་བླ་ཀརྨ་མཐུ་སྟོབས་དབང་ཕྱུག་སོགས་ཀྱིས་རིང་ནས་བསྐུལ་བས། བཀའ་གཏེར་གྱི་གཞུང་རྣམས་དང་རིག་འཛིན་གོང་མའི་མན་ངག་སྙིང་པོར་དྲིལ་ཏེ་དུས་ཞབས་ཀྱི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཤྲཱི་དེ་བི་ཀོ་ཊིའི་སྙིང་པོ་དྲག་རྩལ་མཐུ་སྟོབས་ཀྱི་གཟི་བརྗིད་དང་ལྡན་པའི་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། ཕྲིན་ལས་ཀྱི་རིམ་པ་གསལ་བར་བཀོད་པ་ཡེ་ཤེས་གསང་བའི་འཁོར་ལོ་ (Volume 17, Text 35)
༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། ཕྲིན་ལས་ཀྱི་རིམ་པ་གསལ་བར་བཀོད་པ་ཡེ་ཤེས་གསང་བའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ།ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནི། །རབ་འབར་འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན། །གྲུབ་པའི་རིག་འཛིན་སྐུར་བཞེངས་བདག་ཅག་ངོར།།གསང་འཛིན་བླ་མའི་རྣམ་པར་ཤར་ལ་འདུད། །དུས་ཀྱི་འཇིགས་བཅོམ་འཁོར་ལོ་རྣམ་པ་བཞིའི། །ལྟ་སྒོམ་སྤྱོད་པའི་འགྲོས་ལས་དངོས་གྲུབ་གཉིས། །ཡིད་བཞིན་སྩོལ་མཛད་འཇམ་དཔལ་ཁྲོ་བོ་ཡི། །སྨིན་བྱེད་སྒོར་ཞུགས་ཕྲིན་ལས་འདི་རྩོམས་ཤིག །སྙན་བརྒྱུད་འཇམ་དཔལ་ཐུགས་ཏིག་གི་དབང་ཐོབ་ཅིང་དམ་ཚིག་འཆང་བའི་སྔགས་པས་བསྐྱེད་པའི་ཕྲིན་ལས་ལ་འཇུག་པ་ན། མཚན་ཉིད་དང་ལྡན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་དང་། སྨན་རཀ་གཏོར་གསུམ། ཕྱི་ནང་ཉེར་སྤྱོད། ཚོགས་མཆོད་སྔོན་གཏོར་གྱིས་མཚོན་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་ཐོག་མར་བརྒྱུད་པའི་གསོལ་འདེབས་སྤྲོ་ན། ཁྱབ་བདག་ཀུན་བཟང་དཔལ་ལྡན་རྡོ་རྗེ་འཆང་། །འཇམ་དཔལ་གཞོན་ནུ་རབ་ཁྲོས་གཤིན་རྗེའི་གཤེད། །གསང་བདག་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །སྨིན་གྲོལ་མཐར་ཕྱིན་བདུད་ལས་རྣམ་རྒྱལ་ཤོག །འཇམ་དཔལ་བཤེས་གཉེན་གཙུག་ལག་དཔལ་དགེ་བ། ཁྲག་འཐུང་ནག་པོ་ཤཱནྟིཾ་གརྦྷ་དང་། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །སྨིན་གྲོལ་མཐར་ཕྱིན་བདུད་ལས་རྣམ་རྒྱལ་ཤོག །བདུད་འདུལ་རྒྱལ་མོ་མངའ་བདག་གནུབས་ཆེན་པོ། །སྙན་བརྒྱུད་མཛོད་འཛིན་པདྨ་མདོ་སྔགས་གླིང་། །དངོས་བརྒྱུད་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྨིན་གྲོལ་མཐར་ཕྱིན་བདུད་ལས་རྣམ་རྒྱལ་ཤོག །རྡོ་རྗེའི་གཏོར་བླུགས་ཆོ་གས་རྒྱུད་སྨིན་ཅིང་། །རྩ་བ་ཡན་ལག་དམ་ཚིག་སྲོག་རྩ་བརྟན། །བསྐྱེད་བཟླས་མཐར་ཕྱིན་ནུས་པའི་གདིང་ཆེན་ཐོབ། །རྫོགས་པས་ཕྱག་རྒྱའི་ཡེ་ཤེས་མཆོག་འགྲུབ་ཤོག །སྲུང་བའི་རྫོང་བརྟན་ཟློག་པའི་དམག་དཔུང་འཁྲིགས། །བསད་པའི་མཚོན་ཆས་གདོན་བགེགས་ཚར་བཅད་དེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་ཤོག །གནས་པ་གཞི་ཡི་འཁོར་ལོ་ལྟ་བས་རྟོགས། །མ་རྟོགས་སྲིད་པའི་འཁོར་ལོ་སྙིང་རྗེས་བཟུང། །འདུལ་ཐབས་སྤྲུལ་པའི་འཁོར་ལོའི་ལམ་འབྱོངས་ཏེ། །འབྲས་བུ་ཡེ་ཤེས་འཁོར་ལོར་དབང་སྒྱུར་ཤོག །དེ་ནས་ས་གཞི་འདུལ་བ་དང་སྒྲུབ་པའི་ཉིན་དང་པོ་རྣམས་ལ་དཀར་གཏོར་སྤྱི་ལྟར་འབུལ། ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ།དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་བདུན། སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་མཚམས། །བྱིན་དབབ་མཆོད་པ་བྱིན་བརླབ་བོ། །ཞེས་པའི་དང་པོ་ནི། བླ་མ་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་ལ་ཐོག་མར་ང་རྒྱལ་བཟུང་བ་ནི། ཨྱཻ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྔོན་གཏོར། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿགསུམ་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ གདོད་ནས་འཁོར་འདས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ ཞེས་དང་དྲག་སྔགས་རོལ་མོ་ཡུངས་ཐུན་སོགས་ཚམ་རྔམ་གྱིས་བགེགས་བསྐྲད། ལྔ་པ་མཚམས་གཅོད་ནི། ཧཱུྃ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་གུར་ཁང་དང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔ ཞེས་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དྲུག་པ་བྱིན་འབེབ་ནི། སྤོས་དང་རོལ་མོའི་སྒྲས་བསྐུལ་ཏེ། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་རབ་ཁྲོས་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱ་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་སྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་སྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ཨོཾ་ཡ་མཱནྟ་ཀ་ས་པ་རི་པཱ་ར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བདུན་པ་མཆོད་རླབས་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་བིདྱ༔ ཤབྡ༔ རཱུ་པ༔ ཤབྡ༔ གྷནྡྷེ༔ ར་སཱ༔ སྤརྴེ༔ དྷརྨཱ་དྷཱ་ཏུ༔ ག་ཎ༔ ཨ་མྲྀཏ༔ རཀྟ༔ བ་ལིནྟ༔ མ་ཧཱ་པཱུ་ཛ་ཨཱཿཧཱུྃ་ཧྲཱིཿཋ༔ ཞེས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལའང་བདུན། བསྐྱེད་ཅིང་སྤྱན་དྲང་བཞུགས་གསོལ་ཕྱག །མཆོད་བསྟོད་བཟླས་པ་བྱ་བ་འོ། །དེ་ལ་དང་པོ་རྟེན་དང་བརྟེན་པའི་འཁོར་ལོ་བསྐྱེད་པ་ནི། ཨ༔ རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨེ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཆོ་འཕྲུལ་ཆེན་པོའི་རོལ་པ་ཡིས༔ མ་དག་སྣང་བ་དབྱིངས་སུ་ནུབ༔ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང༔ རིན་ཆེན་དུར་ཁྲོད་རྒྱན་རྫོགས་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དེ་སྟེང་སྟོང་ཉིད་ཕྱག་རྒྱ་ཆེ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང༔ རྣམ་པར་ཐར་པ་གསུམ་གྱི་དབུ༔ གཡས་དཀར་ཀླུ་འབུམ་སྦྲུལ་དུ་འདྲེན༔ གཡོན་དམར་གཉན་ཁྲིའི་སྙིང་ནས་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྒྱུ་དྲུག་འཁོར་བ་སྒྲོལ་བའི་ཕྱག༔ ཡེ་ཤེས་དྲུག་གི་ཕྱག་མཚན་ཅན༔ འཁོར་ལོ་རལ་གྲི་རྡོ་རྗེ་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་ཀྱིས༔ དུག་གསུམ་དྲེགས་པའི་དཔྱི་ནས་བརྫིས༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ གཉིས་པ་སྤྱན་འདྲེན་ནི། རང་གི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་འཇམ་དཔལ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་དམ་གཉན་པོ་བདག་ལ་དགོངས༔ མི་མངོན་དབྱིངས་ནས་གཤེགས་སུ་གསོལ༔ ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས༔ འཁོར་གྱི་གཤེད་ཆེན་གཤེགས་སུ་གསོལ༔ སྲིད་པ་གསུམ་པོར་གནས་བཅས་པའི༔ མ་མོའི་ཚོགས་རྣམས་གཤེགས་སུ་གསོལ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ གསུམ་པ་དམ་ཡེ་གཉིས་མེད་དུ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ དགྲ་བགེགས་བསྣོལ་བའི་གདན་སྟེང་ན༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་བྱ་བ་ནི། ཧཱུྃ༔ ཨེ་ཡི་ཀློང་ནས་བཞེངས་པ་ཡི༔ འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན༔ ཡེ་ཤེས་རྣམ་རོལ་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་ཐམས་ཅད་བསྒྲལ་པ་ཡི༔ དབང་པོ་ནང་རོལ་དྲི་ང་བ༔ རྣམ་ཤེས་ཁྲག་དང་ཤ་རུས་ཟས༔ རྐང་གླིང་ཐོད་རྔའི་སྒྲ་རྣམས་ནི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཱཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ དུག་ལྔ་རྣམ་དག་སྨན་ཆེན་པོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ རྨད་བྱུང་བདུད་རྩིའི་མཆོད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཀུན་བཟང་རྡོ་རྗེ་འཆང་ཆེན་ཧེ་རུ་ཀ །གསང་བའི་བདག་པོ་འཇམ་དཔལ་བཤེས་གཉེན་དང་། །གཙུག་ལག་དཔལ་དགེ་ཁྲག་འཐུང་ནག་པོ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཤཱནྟིཾ་གརྦྷ་བློ་ལྡན་མཆོག་ཏུ་སྲེད། །ཡེ་ཤེས་མཚོ་རྒྱལ་མངའ་བདག་གནུབས་ཆེན་པོ། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །རྩ་བརྒྱུད་བླ་མ་འཇམ་དཔལ་ཞི་ཁྲོའི་ལྷ། །དཔའ་བོ་ཌཱ་ཀི་དམ་ཅན་གཏེར་གྱི་བདག །སྣང་སྲིད་དཀྱིལ་འཁོར་འཁོར་ལོར་དག་པ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཅེས་ཐིགས་གཏོར་འབུལ་ཞིང་དངོས་གྲུབ་བླངས་ལ། བཛྲ་ཨ་མྲྀཏ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དགྲ་བགེགས་བསྒྲལ་པའི་དོན་སྙིང་ཁྲག༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་གཏོར་མར་སྦྱར༔ འདོད་ཡོན་རྣམ་ལྔས་རབ་སྤྲས་པ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཧཱུྃ༔ བདེ་སྟོང་གཉིས་མེད་རབ་སྦྱོར་ཞིང༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ བམ་ཆེན་གསང་བའི་ཚོགས་མཆོད་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ གཉིས་སུ་མེད་པར་ཐིམ་གྱུར་ནས༔ ཀ་དག་ཀློང་དུ་གྲོལ་བར་ཤོག༔ ཏ་ན་ག་ཎ་ཏི་ར་སིདྡྷི་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་བྱ་བ་ནི། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས༔ མ་འགག་ལོངས་སྤྱོད་རྫོགས་པའི་སྐུ༔ མཚན་དང་དཔེ་བྱད་གཟི་བརྗིད་འབར༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ གྲགས་སྟོང་བརྗོད་བྲལ་ཡེ་ཤེས་ལས༔ སྟོང་གསུམ་འཇིག་རྟེན་རབ་གཡོ་ཞིང༔ དྲེགས་པ་ཅན་རྣམས་ལས་ལ་འདུ༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་ཀུན་ལ་ཁྱབ་པ་ཡི༔ དམིགས་མེད་ཡེ་ཤེས་ཐུགས་རྗེར་ལྡན༔ སྙིང་རྗེས་འགྲོ་དོན་མཛད་པ་ཡི༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་གྱི་མ་གཤིན་དྲེགས་པའི་ཚོགས༔ ལས་ལ་མྱུར་ཞིང་བསྟན་པ་སྲུང༔ མཐུ་རྩལ་ནུས་པ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདུན་པ་བཟླས་པའི་རྣལ་འབྱོར་ལ་གཉིས། ཞི་བར་བསྙེན་པ་དང་། ཁྲོ་བོར་སྒྲུབ་པའོ། །དང་པོ་ནི། ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ ཉི་སྟེང་ཧཱུྃ་གི་ནཱ་ད་ལས༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྔགས་ཀྱི་གཟུགས་སུ་སྣང་བ་ལས༔ འོད་ཟེར་འཕྲོས་པས་འཕགས་པ་མཆོད༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་བསྡུས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་མུན་པ་སེལ་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ ཞེས་བཟླས། བསྙེན་ཚད་ནི་འབུམ་ཕྲག་དྲུག་གོ །གཉིས་པ་ཁྲོ་བོར་སྒྲུབ་པ་ནི། ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འབར་བའི་འོད་ཟེར་དང་བཅས་འཕྲོས༔ སྣང་སྲིད་སྦྱངས་ཏེ་རང་ལ་བསྟིམ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་བཟླ། བསྙེན་ཚད་འབུམ་ཕྲག་བཅུ་དྲུག་གིས་ལས་ཐམས་ཅད་འགྲུབ་པར་གསུངས། ཐུན་མཐར་ཁ་སྐོང་དང་སྟོང་ཚིགས་སྤྱི་ལྟར་འབུལ་ལོ། གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན། ཚོགས་མཆོད་འབུལ་དང་དངོས་གྲུབ་བླང་། །མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་དང་། །བསྔོ་སྨོན་ཤིས་པ་བརྗོད་པ་འོ། །ཞེས་པའི་དང་པོ་ལ། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ལ་བྱིན་རླབས་པ་ནི། ཧཱུྃ༔ བདག་ཉིད་འཇམ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་ནི། བཟའ་དང་བཅའ་དང་བཏུང་བའི་ཚོགས༔ མ་ཚང་མེད་པའི་འདོད་ཡོན་རྫས༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བཞེས་ནས་ཀུན་ཏུ་དགྱེས་པར་མཛོད༔ ཨོཾ་ཀྲོ་དྷ་རཱ་ཛ་ཡ་མཱནྟ་ཀ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་མཆོད་རྫས་སྣ་ཚོགས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་མི་དགེ་འཁྲུལ་པའི་བློས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ཞིང་བཤགས་སོ་ཚངས་པར་གསོལ༔ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། ལིངྒ་བཅས་ལ། ཨེ། མཐིང་ནག་འབར་བའི་ལྕགས་ཁང་དུ། །ནྲྀ་ཏྲི་དགྲ་བགེགས་གཟུགས་རྟེན་ལ། །བླ་སྲོག་ཨཱ་ཀརྵ་ཡ་ཛཿ ཁུག་ཆིངས་སྡོམས་ལ་མྱོས་སུ་ཆུག །ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྒྲལ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ སྟོབ་པ་ནི། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་བསྟབ༔ ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་བརྡ་དང་བརྡའི་འབུལ་ལེན་བྱ། འདུས་པ་གཞན་རྣམས་ལའང་དྲང་ཞིང་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་བསྡུས་ལ་ཁ་ཕྲུ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་འདོད་ཡོན་ལྔ་ལྡན་དུ་བྱས་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི༔ བཀའ་ཉན་ལྷག་མར་དབང་བའི་འཁོར༔ འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིནྟ་ཁ་རཾ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་དོར་རོ། །གཉིས་པ་དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོཿ གསུམ་པ་མཆོད་བསྟོད་ནི། སྔགས་ཙམ་གྱིས་མཆོད། ཧཱུྃ༔ ལྷ་ཡི་ལྷ་མཆོག་བཅོམ་ལྡན་འདས༔ གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ༔ གཙོ་འཁོར་སྤྲུལ་པར་བཅས་རྣམས་ལ༔ རབ་གུས་གདུང་བས་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། བཞི་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་སོགས་དང་ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྡུ་ལྡང་ནི། མདུན་བསྐྱེད་ཚོགས་མགྲོན་རྣམས་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་གཤེགས་གསོལ་བྱ། བདག་བསྐྱེད་ལ་དམིགས་ཏེ། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ ཞེས་པའི་དགོངས་པ་ལ་མཉམ་པར་བཞག་སྟེ་འོད་གསལ་དུ་བསྡུ། བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ ཅེས་བརྗོད་ཅིང་ཟུང་འཇུག་གི་ལྷ་སྐུར་ལྡང་ངོ་། །དྲུག་པ་བསྔོ་སྨོན་ནི། འདུན་པ་རྩེ་གཅིག་པས། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མཉྫུ་ཤྲཱི༔ ཟིལ་གནོན་ཁྲག་འཐུང་མྱུར་འགྲུབ་ཤོག༔ བདུན་པ་ཤིས་བརྗོད་ནི། མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བསྒྲགས་ལ། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་འཇམ་པའི་དཔལ༔ རིག་པ་རང་སྣང་ཟིལ་གནོན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །བསྐྱེད་པའི་གསལ་སྣང་ཆེར་ཐོབ་ཅིང་། །བཟླས་བརྗོད་ནུས་པ་མཐར་ཕྱིན་ཏེ། །ལས་བཞིའི་འཁོར་ལོ་ཕྱོགས་མེད་དུ། །བསྐོར་བས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་བཞེས་སུ་རྗེ་བླ་མར་བཀའ་བསྩལ་པ་དང་། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ཕྲིན་ལས་དབང་བསྐུར་གནས་ལུང་དང་བཅས་པ་གཞན་ཕན་ཤིང་རྟ་ (Volume 48, Text 35)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ཕྲིན་ལས་དབང་བསྐུར་གནས་ལུང་དང་བཅས་པ་གཞན་ཕན་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །ཀུན་བྱེད་བླ་མ་ལོངས་སྤྱོད་རྫོགས། །སྤྱི་བོར་མཆོད་ནས་ལས་ཀྱི་རིམ། །གཏེར་གཞུང་འཁྲུལ་མེད་ཁྲིགས་སུ་བསྡེབ། །དེ་ལ་རང་དང་གཞན་གྱི་དོན་ཆེན་པོ་སྒྲུབ་པ་ལ་བྱ་སླ་ཞིང་ཆོད་ཆེ་བ། ཀླུ་སྒྲུབ་མི་ཏྲ་པདྨ་དང་རྒྱལ་པོ་ལུགས་བཞིའི་མན་ངག་བཅུད་བསྡུས་པས་སྔོན་མ་བྱུང་བའི་འགྲོ་འདུལ་གྱི་ལས་རབ་འབྱམས། རིན་པོ་ཆེ་རྨད་དུ་བྱུང་བའི་མཛོད་ལ་ལོངས་སྤྱོད་པར་འདོད་པས། ཐོག་མར་འཇུག་པའི་གནས་འདི་ལ་གཉིས། རང་གི་དོན་དང་། གཞན་གྱི་དོན་ནོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གི་བྱ་བའོ། །དང་པོ་ནི། གཙང་ཞིང་བཀྲ་ཤིས་པའི་གནས་བྱི་དོར་བྱས་ལ། སྟེགས་བུ་གྲུ་བཞི་བ་བྱུང་དང་དྲི་བཟང་པོས་ཆག་ཆག་གདབ་པར། དཀྱིལ་འཁོར་པདྨའི་ལྟེ་བ་མཐིང་། འདབ་བརྒྱད་ཕྱོགས་ཚོན། སྒོ་རྫོགས་རྡོར་ར་མེ་འོད་ལྔའི་པ་ཏྲས་བསྐོར་བ་སྤྱི་མཐུན་གྱི་ལྷ་གནས་རྣམས་སུ་སྐུའམ། ཕྱག་མཚན་བྱེད་ན་ལྟེ་བར་རྡོ་རྗེའི་མདུན་པད་ཕྲེང་། འདབ་བརྒྱད་ཕྱོགས་བཞིར་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ། མཚམས་བཞིར་ཤར་ལྷོ་ནས་གཡས་སྐོར་གྱིས། པད་དཀར་ལྕགས་ཀྱུ་ཐལ་སྦྱར་རྡོ་རྗེའི་ཞགས་པ། ཤར་སོགས་སྒོ་བཞིར་རྡོ་རྗེ་སྡིགས་མཛུབ་རྡོ་རྗེ་དང་རྒྱ་གྲམ་རྣམས་བྲི། ཐིག་ལེ་བྱེད་ན་ལྷ་རང་རང་གི་མདོག་མཚུངས་དང་ས་བོན་བཀོད་ཀྱང་རུང་། དེ་དག་མི་འགྲུབ་ན་མཎྜལ་དུ་དྲི་བཟང་གིས་བརླན་པའི་འབྲས་དཀར་གྱི་ཚོམ་བུ་དབུས་སུ་ཆེ་ཆུང་གཉིས། དེ་རྒྱབ་བརྒྱད། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད། དེ་དག་གང་བྱེད་ཀྱང་དབུས་སུ་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པ་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་གྱིས་སྤྲས་ཤིང་། ཆུ་གཙང་དྲི་བཟང་ཉེར་ལྔའི་རྫས་ཀྱིས་སུམ་གཉིས་གཏམས་པ། སྒོ་བཞིར་འཛོམ་ན་ལས་ཀྱི་བུམ་པ་བཞི་དཀར་ནག་མཐིང་ལྗང་གི་མགུལ་ཆིངས་ཅན། མ་འཛོམ་ན་ཤར་སྒོར་གཅིག་སྟེ་དེ་དག་ཀྱང་བུམ་བཅུད་གོང་སྨྲོས་ལྟར་བླུགས། དབང་བསྐུར་བྱེད་ན་ལྷ་ཙཀ །སྔགས་ཕྲེང་། མེ་ལོང་སོགས་བཀོད། མཐའ་སྐོར་བྱང་ཤར་དུ་མཚམས་འཛིན་མེ་ཏོག་ནས་བརྩམས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་གཡས་སྐོར། མདུན་དུ་ཟླུམ་གཏོར་འདབ་བཞི་དཀར་པོ་ཁ་ཟས་དཀར་མངར་དང་ལྡན་པ། ལོགས་གང་བདེར་གཏེར་སྲུང་གཏོར་འབུལ་དང་སྔོན་གཏོར། བསང་ཆུ་སོགས་འདུ་བྱའོ། །གཉིས་པ་དངོས་གཞི་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། བསང་ཆུའི་སྣོད་དུང་ཕོར་ཁར་ཀུ་ཤ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བདུད་རྩི་འཁྱིལ་པའི་སྔགས་བརྒྱའམ་ཉེར་གཅིག་བརྗོད་དེ་བྱིན་བརླབ། སླར་འཁྱིལ་པའི་སྔགས་ལན་གསུམ་གྱིས་འཐོར་བས་བདག་དང་གནས་དང་ཡོ་བྱད་ཐམས་ཅད་ཀྱི་མ་དག་པ་བསལ་བར་བསམ། དཀར་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིའི་རྒྱ་མཚོར་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་འགུགས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། གསུམ་གྱིས་འབུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཞེས་གཏོར་མ་ཕྱི་རོལ་དུ་དོར། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་བགེགས་རིགས་གདུག་པ་ཅན་རྣམས་གཏོར་མའི་ལྷག་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། སུམྦྷ་སོགས་བརྗོད་ལ་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བར་བསམ། དེ་ནས་སྐྱབས་སེམས་ནི། རང་གི་ཐུགས་ཀའི་འོད་ཟེར་གྱི་སྣང་བས་སྙིང་རྗེ་ཆེན་པོའི་གཟུགས་སྐུའི་རོལ་མོ་མཁའ་ཁྱབ་ཏུ་སད་པར་གྱུར། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ ཐུགས་རྗེ་ཆེན་པོའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། སྤྲོ་ན། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་འབུལ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། བསྡུ་ན་མི་དགོས། ཚོགས་ཞིང་མི་དམིགས་པར་བཞག །མཆོད་རྫས་བྱིན་བརླབ་པ་ནི། ཧཱུྃ་ཧྲཱི༔ བདག་ཉིད་དབང་ཆེན་རོལ་པའི་གནས་གསུམ་ནས༔ ཡིག་འབྲུ་གསུམ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ ཡེ་ཤེས་མེ་ཡིས་དངོས་འཛིན་དྲི་མ་བསྲེགས༔ ཆོས་ཉིད་རླུང་གིས་བག་ཆགས་མཚན་མ་གཏོར༔ བྱང་སེམས་ཆུ་ཡིས་འཁྲུལ་པའི་རྟོག་ཚོགས་བཀྲུས༔ སྣོད་བཅུད་སྟོང་གསལ་གཉུག་མའི་དབྱིངས་སུ་ཐིམ༔ རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཨ༔ སླར་ཡང་རིག་རྩལ་ཕྱག་རྒྱའི་ཆོ་འཕྲུལ་ཆེ༔ བྷྲཱུྃ་ལས་གནས་ཁང་པདྨོ་བཀོད་པའི་ཞིང༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཕོ་བྲང་དབུས༔ ཏྲཱཾ་ཡིག་ཡོངས་གྱུར་རྒྱན་གྱི་བྱེ་བྲག་དང༔ ཧྲཱིཿལས་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ༔ རྒྱུན་མི་ཆད་པ་ནམ་མཁའ་མཛོད་ཀྱི་གཏེར༔ འགྲོ་འདུལ་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་པར་གྱུར༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱི༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་སྤྱིར་བྱིན་གྱིས་བརླབ། དེ་ནས་བདག་བསྐྱེད་བསྙེན་པའི་རིམ་པ་ནི། ཧྲཱི༔ སྟོང་ཉིད་དབྱིངས་ལས་སྙིང་རྗེའི་རིག་གདངས་རྩལ༔ ཧྲཱིཿཡིག་ཡོངས་གྱུར་པད་ཟླའི་གདན་གྱི་སྟེང༔ བདག་ཉིད་འགྲོ་འདུལ་འཕགས་མཆོག་སྤྱན་རས་གཟིགས༔ དཀར་གསལ་ཕྱག་བཞིའི་དང་པོ་ཐལ་མོ་སྦྱར༔ གཡས་གཡོན་འོག་མས་ཤེལ་ཕྲེང་པདྨ་བསྣམས༔ ཞི་འཛུམ་དགྱེས་ཉམས་མཚན་དཔེའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཅས༔ སྣང་སྟོང་ཟུང་འཇུག་འོད་སྐུར་ལམ་མེར་བཞུགས༔ ཐུགས་དབུས་པད་ཟླའི་སྟེང་དུ་ཧྲཱིཿཡིག་མཐར༔ ཡིག་དྲུག་སྔགས་ཀྱིས་བསྐོར་བའི་འོད་ཟེར་དང༔ རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཀུན་ཏུ་ཁྱབ༔ རྒྱལ་བ་མཆོད་ཅིང་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ཐིམ་བྱིན་གྱིས་བརླབ་པར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཅི་ནུས་བཟླ། མདུན་བསྐྱེད་སྒྲུབ་པའི་རིམ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུག་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་དམར་གསལ་བཞེངས་པའི་སྟབས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འདོད་རྒུའི་མཆོག་སྩོལ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འགྲོ་འདུལ་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་རྒྱན༔ སྒོ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ དཔག་མེད་ཏིལ་གང་ཁ་ཕྱེ་ལྟར་གསལ་བའི༔ གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་གྱུར༔ སྤྱན་འདྲེན་པ་ནི། སྤོས་དང་རོལ་མོའི་སྒྲས་མཚོན་ཏེ། ཨོཾ༔ ངོ་བོ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང༔ རང་བཞིན་ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་པ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཱཾ༔ སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས༔ བཀྲ་ཤིས་གླུ་ལེན་མེ་ཏོག་ཆར་འབེབ་བཞིན༔ འཆི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས༔ སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་གྱུར༔ ཅེས་ཡན་ལག་བཞི་རྫོགས་སུ་བསྐྱེད་ཅིང་བསྒྲུབས་པ་ལ། ཐོག་མར་ཕྱག་གིས་བསྙེན་བཀུར་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། བསྡུ་ན་དེ་ཙམ་གྱིས་ཆོག །གཤིན་དོན་སོགས་ལ་ཅུང་ཟད་རྒྱས་པར་སྤྲོ་ན། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱཿ རྐང་གཉིས་མཆོག་ལ་མཚན་གྱི་གཟི་བརྗིད་ཀྱིས། །བདུད་ཀྱི་དཀྱིལ་འཁོར་བྱེ་བ་སྤ་སྐོང་ཞིང་། །ལས་ཀྱི་སྒྲིབ་པ་མཐའ་དག་རྒྱུན་གཅོད་པ། །རྒྱལ་བ་མི་འཁྲུག་པ་ལ་ཕྱག་འཚལ་ལོ། །གང་གི་སྐུ་དང་གསང་སྔགས་དྲན་པས་ཀྱང་། །ཉམས་ཆག་ཉེས་ལྟུང་རྩད་ནས་ཟད་མཛད་པ། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་སྟེ། །དཔལ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །སྲིད་པ་ཇི་སྲིད་ཐུགས་རྗེའི་སྤྱན་རས་གཟིགས། །བསྐལ་བཟང་རྒྱལ་བ་རྣམས་ཀྱི་ཡབ་གཅིག་པུ། །འཁོར་བ་དོང་ནས་སྤྲུག་པའི་སེམས་དཔའ་ཆེ། །འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་པར་མི་རྟོག་ནམ་མཁའི་ངང་། །སངས་རྒྱས་མཛད་པའི་སྤྲིན་ཆེན་ལྷུན་གྲུབ་པ། །སྐུ་དང་ཞིང་ཁམས་ཡོངས་རྫོགས་འབྱུང་བའི་གནས། །ཀུན་རིག་རྣམ་སྣང་མཛད་ལ་ཕྱག་འཚལ་ལོ། །བསྐལ་བཟང་ཉི་མ་བརྒྱ་ཕྲག་བཅུ་པོ་ལས། །པད་དཀར་ལྟར་འཕགས་སྙིང་རྗེའི་སྟོབས་ཤུགས་འཆང་། །སྙིགས་མའི་མགོན་པོ་རྨད་བྱུང་བཀའ་དྲིན་ཅན། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སྐུ་ཚེ་འོད་སྣང་འདུས་པ་དཔག་ཏུ་མེད། །མཚན་ཙམ་བཟུང་བས་བདེ་བ་ཅན་ཞིང་དུ། །དག་པའི་ས་ལ་མི་ལྡོག་དབུགས་ཆེན་འབྱིན། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དུག་གསུམ་རྒྱུ་དང་འབྲས་བུའི་ནད་རྣམས་སེལ། །མཚན་ཐོས་ངན་སོང་གསུམ་གྱི་འཇིགས་ལས་སྐྱོབ། །སྨོན་ལམ་ཆེན་པོ་བཅུ་གཉིས་གྲུབ་པ་ཡི། །བཅོམ་ལྡན་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །སེམས་ཉིད་ངལ་གསོ་དོན་ཡོད་ཞགས་པ་དང་། །པདྨ་གཙུག་ཏོར་རྡོ་རྗེ་སྙིང་པོ་སྟེ། །འགྲོ་བ་འདུལ་མཛད་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །གསང་བའི་བདག་པོ་ཁྲོ་ཆེན་སྨེ་བ་བརྩེགས། །རྡོ་རྗེ་རྣམ་འཇོམས་རིག་རྒྱལ་བདུད་རྩི་འཁྱིལ། །མཐུ་སྟོབས་མེ་ལྟར་འབར་བའི་གཟི་བརྗིད་ཀྱིས། །བགེགས་འདུལ་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །བདེར་གཤེགས་སྲས་དང་སློབ་མ་བཀའ་ཉན་བཅས། །ཕྱོགས་བཅུའི་ཞིང་གི་རྡུལ་སྙེད་ཐམས་ཅད་ལ། །བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་བ་རྣམས། །སྒོ་གསུམ་གུས་པས་བཏུད་དེ་ཕྱག་འཚལ་ལོ། །ཞེས་སྦྱར་རོ། །དེ་ནས་མཆོད་པ་འབུལ་བ་ལ་ཐོག་མར་ཆུ་གཉིས་ཉེར་སྤྱོད་ནི། ཧཱུྃ་ཧྲཱི༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ སྤྲོ་ན་ཚིགས་བཅད་དང་སྔགས་སོ་སོར་ཕྲལ་བས་འབུལ། འདོད་ཡོན་འབུལ་བ་ནི། ཧཱུྃ་ཧྲཱི༔ འགྲོ་འདུལ་བདེ་གཤེགས་འཕགས་པའི་ཚོགས་བཅས་ལ༔ སྣོད་བཅུད་རྣམ་དག་རྡོ་རྗེའི་ཞིང་ཁམས་ཆེར༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདེ་ཆེན་རོལ་མོར་འཆར་བའི་མཆོད་སྤྲིན་འབུལ༔ དགྱེས་པར་བཞེས་ལ་ལམ་གྱི་བར་ཆད་སོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿརཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ༔ རྟགས་བརྒྱད་འབུལ་བ་ནི། བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་མཆོག་ལས། །རང་བྱུང་བཀྲ་ཤིས་རྟགས་ཀྱིས་ཕྱག་བརྒྱན་པའི། །ཡིད་འོང་ལྷ་མོ་བརྒྱད་ཀྱིས་ནམ་མཁའི་ཁམས། །བཀང་སྟེ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿཨཥྚ་མངྒ་ལ་ཙིཧྞ་པྲ་ཏཱིཙྪ་སྭཱ་ཧཱ། རྫས་བརྒྱད་ནི། སངས་རྒྱས་བསོད་ནམས་ཆེན་པོའི་གཟི་བརྗིད་ལས། །ལྷུན་གྲུབ་དགེ་ལེགས་བྱེད་པའི་རྫས་མཆོག་བརྒྱད། །བདེ་གཤེགས་སྲས་དང་བཅས་ལ་འབུལ་བར་བགྱི། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿཨཥྚ་མངྒ་ལ་དྲ་བྱ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱལ་སྲིད་ནི། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་ཀྱི་བཅུད། །རྣམ་དཀར་བྱེ་བས་བསྐྲུན་པའི་རིན་ཆེན་བདུན། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་བཀང་སྟེ་འབུལ། །འགྲོ་ཀུན་ཐར་པའི་རྒྱལ་སྲིད་ལ་སྤྱོད་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿསཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཙཱ་རུའི་བཟའ་བའམ་ཞལ་ཟས་འབུལ་བ་ནི། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཞལ་ཟས་རོ་བརྒྱ་ལྡན་ཅིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ་ལོ། །སྤྲོ་ན་དེ་དག་མཐར་ཆགས་སུ་བཏང་ཞིང་། བསྡུ་བར་འདོད་ན་ཆུ་གཉིས་ཉེར་སྤྱོད་ཙམ་འབུལ་ནས་འདོད་ཡོན་སོགས་དོར་བས་ཆོག་གོ །བསྟོད་པ་ནི་རྡོར་དྲིལ་འཛིན་ལ། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡིས། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཅེས་ཧེ་རུ་ཀ་གལ་པོ་དང་མཉམ་སྦྱོར་སོགས་ལས་འབྱུང་བའི་རྡོ་རྗེ་འཛིན་པའི་དབྱངས་ཀྱི་བསྔགས་པས་བསྟོད། དེ་ནས་ཛཔ྄་བཟླ་བ་ནི། བདག་ཉིད་ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས༔ མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ འགྲོ་ཀུན་སྒྲིབ་སྦྱངས་བྱང་ཆུབ་གོ་འཕང་བཀོད༔ ཚུར་འདུས་རང་གི་སྙིང་གར་ཐིམ་པ་ཡིས༔ སྒྲིབ་གཉིས་སྦྱངས་ཤིང་བྱིན་གྱིས་བརླབས་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་དྲན་པ་མངོན་དུ་བཞག་སྟེ། ལས་སྒྲིབ་སྦྱོང་བའི་གཟུངས་གཙོ་བོའི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། རིགས་བདག་རྡོ་རྗེ་སེམས་དཔའི་གསང་སྔགས་ཡི་གེ་བརྒྱ་པ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ལས་ཀྱི་སེམས་དཔའི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས། ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་པ་རྣམས་ཆ་སྙོམས་ཏེ་གཙོ་བོར་བཟླའོ། །འཁོར་གྱི་བཟླས་པ་བསྡུ་ན། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་པ་ཙམ་གྱིས་ཆོག་ལ། སོ་སོར་རྒྱས་པར་སྤྲོ་ན། རྣམ་སྣང་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཤཱཀ་ཐུབ་ལ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། འོད་དཔག་མེད་ལ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོྞབྷབེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་དང་། བསྡུ་ན། ཨོཾ་པདྨ་དྷཱ་རི་ཧཱུྃ༔ སྨན་གྱི་བླ་མར། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛཱ་ས་མུངྒ་ཏེ་སྭཱ་ཧཱ། སེམས་ཉིད་ངལ་གསོ་ལ། ཨོཾ་ཨཱཿཧྲཱིཿཧཱུྃ༔ དོན་ཞགས་ལ། ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ༔ པདྨ་གཙུག་ཏོར་ལ། ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ རྡོ་རྗེ་སྙིང་པོ་ལ། ཨོཾ་ཨཱཿཧྲཱིཿཧཱུྃ་བཛྲ་སཱ་ར་པྲ་མརྡྷ་ན་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་གཙོ་བོའི་བཅུ་ཆ་དང་། ཕྱག་རྡོར་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ སྨེ་བརྩེགས་ལ། ཨོཾ་བྷུརྐུཾ་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀཱི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ རྣམ་འཇོམས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ བདུད་རྩི་འཁྱིལ་པར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་པ་རྣམས་ཀྱང་ཅུང་ཟད་རེ་བཟླ། ཐུན་འཇོག་པ་ན། ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་སྤྲིན་རྒྱ་ཆེར་སྤེལ་ཏེ། དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ བདེ་གཤེགས་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐལ་མོ་སྦྱར་ལ། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ ངན་སོང་དོང་སྤྲུག་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །བུམ་བསྐྱེད་བསྡུ་བར་འདོད་ན། གོང་གསལ་བཟླས་པ་གྲུབ། མཆོད་བསྟོད་མ་བྱས་པའི་གོང་དུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཅེས་དྲན་རྫོགས་སུ་གསལ་བཏབ་ནས་བུམ་པའི་དམིགས་བཟླས་ལ་འཇུག །མཐར་མཆོད་བསྟོད་གསོལ་གདབ་ཆབས་ཅིག་པས་འཐུས་ལ། སྒྲུབ་ཚུལ་འདིའི་བྱ་བའི་གཙོ་བོ་བུམ་བསྐྱེད་ཉིད་ཡིན་པས་ལོགས་སུ་རྒྱས་པར་བྱ་བ་སྤྲོ་ན། བུམ་པ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །བྷྲཱུྃ་ཡིག་ཡོངས་གྱུར་ཕྱི་ལྟར་རིན་པོ་ཆེའི། །བུམ་པ་སྐྱོན་བྲལ་མཚན་ཉིད་ཡོངས་སུ་རྫོགས། །ནང་ལྟར་རང་སྣང་ཡེ་ཤེས་ལས་གྲུབ་པའི། །གཞལ་མེད་ཁང་ཆེན་ཁྱད་པར་འཕགས་པའི་དབུས། །སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ༔ གླང་པོས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུག་པ༔ མཐིང་གསལ་ས་གནོན་མཉམ་གཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་དུ་ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་དམར་གསལ་བཞེངས་པའི་སྟབས༔ གཅེར་བུ་རྒྱན་སྤངས་པད་ཕྲེང་བུམ་པ་བསྣམས༔ ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་རུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་གཞག་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ཤཱཀྱའི་ཏོག༔ སེར་པོ་ས་གནོན་མཉམ་གཞག་ལྷུང་བཟེད་བསྣམས༔ ནུབ་ཏུ་སྣང་བ་མཐའ་ཡས་འོད་དཔག་མེད༔ དམར་པོ་མཉམ་གཞག་འཆི་མེད་ཚེ་བུམ་བསྣམས༔ བྱང་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟེད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་གསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འདོད་དགུའི་མཆོག་སྩོལ་དོན་ཡོད་ཞགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འགྲོ་འདུལ་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་གཉིས་ཐལ་མོ་སྦྱར༔ བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་བརྒྱན༔ སྒོ་བཞིའི་བུམ་པར་པད་ཉིའི་གདན་སྟེང་དུ༔ ཤར་དུ་ངན་སོང་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞི་ཚུལ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་རུ་དམ་གྲིབ་ཀུན་སེལ་སྨེ་བ་བརྩེགས༔ དུད་ཀ་ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ནུབ་ཏུ་རིག་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་དྲིལ་བུ་བསྣམས༔ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗང་སྔོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན༔ ཀུན་ཀྱང་རང་རང་རྒྱན་རྫོགས་དོར་སྟབས་བཞེངས༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ དཔག་མེད་ཏིལ་གང་ཁ་ཕྱེ་ལྟར་གསལ་བའི༔ གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་གྱུར༔ ཨོཾ༔ ངོ་བོ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང༔ རང་བཞིན་ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་པ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས༔ བཀྲ་ཤིས་གླུ་ལེན་མེ་ཏོག་ཆར་འབེབ་བཞིན༔ འཆི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས༔ སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱ། མཆོད་པ་ནི། ཧཱུྃ་ཧྲཱི༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ བསྟོད་པ་གོང་གསལ་ལམ། མདོར་བསྡུ་ན། ཨོཾ། རང་བྱུང་འོད་གསལ་ཆོས་ཀྱི་དབྱིངས། །དམིགས་མེད་སྙིང་རྗེའི་རྣམ་པར་རོལ། །གང་འདུལ་སྒྱུ་འཕྲུལ་དྲ་བའི་སྐུ །མི་བསྐྱོད་དཀྱིལ་འཁོར་མཆོག་གི་གཙོ། །སེམས་དཔའ་རྡོ་རྗེ་རིགས་ཀུན་བདག །འཁོར་བ་དོང་སྤྲུག་ལས་ཀྱི་སེམས། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་སྤྱན་རས་གཟིགས་དབང་བཞི། ཁྲོ་རྒྱལ་གསང་རིག་གཟུངས་སྔགས་བདག །སངས་རྒྱས་མཛད་པའི་རོལ་མོ་ནི། །རྒྱུན་མི་ཆད་པ་ཐུགས་རྗེའི་གཏེར། །འགྲོ་འདུལ་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་པས་བསྟོད་ཀྱང་རུང་། གཟུངས་ཐག་ཐོགས་ལ། བདག་བསྐྱེད་ཐུགས་སྲོག་འོད་ཟེར་གཟུངས་ཐག་བརྒྱུད། །བུམ་བསྐྱེད་གསང་གསུམ་ལ་ཕོག་ཐུགས་རྒྱུད་བསྐུལ། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུུམ་བཅུད་སྡིག་སྒྲིབ་འཇོམས་པའི་ནུས་ལྡན་གྱུར། །ཅེས་མོས་ལ་སྔགས་རྣམས་བརྒྱ་སྟོང་ཅི་འགྲུབ་བཟླ། གཟུངས་ཐག་སྒོ་བུམ་དུ་སྤོས་ལ་སྒོ་བཞིའི་སྔགས་ཨོཾ་བཛྲ་པཱ་ཎི་སོགས་བཟླས་པའི་མཐར། མཆོད་བསྟོད་གོང་ལྟར་རམ། བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་མཆོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལས། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་བསྟོད། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ ངན་སོང་དོང་སྤྲུག་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་གསོལ་བ་གདབ། བུམ་པའི་ལྷ་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་བ་བདུད་རྩིའི་ཆུར་གྱུར། ཅེས་མོས་བཀྲུ་བྱབ་སོགས་ལས་བུམ་གྱི་བྱ་བ་ཡོད་པའི་སྐབས། སྒོ་བུམ་བཞི་ཡོད་ན་བུམ་ཆུ་རྣམས་ཤར་གྱི་བུམ་པར་བསྡུ། ཤར་བུམ་གཅིག་པུའི་ཚེ་མོས་པས་ཁྱབ་པར་བྱ། དབང་བསྐུར་གནས་ལུང་སོགས་བྱེད་ན་སྐབས་འདིར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། སྤྲོ་ན་དམ་ཅན་སྤྱི་གཏོར། གཏེར་སྲུང་སྒོས་ཀྱི་གཏོར་འབུལ་རྣམས་ལེགས་པར་གྲུབ་པ་དང་། མཆོད་པ་ཁ་གསོས་ལ། རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཨ༔ གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཕོ་བྲང་དབུས༔ ཏྲཱཾ་ཡིག་ཡོངས་གྱུར་རྒྱན་གྱི་བྱེ་བྲག་དང༔ ཧྲཱིཿལས་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ༔ རྒྱུན་མི་ཆད་པ་ནམ་མཁའ་མཛོད་ཀྱི་གཏེར༔ འགྲོ་འདུལ་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་པར་གྱུར༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱི༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ་ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། ཧཱུྃ་ཧྲཱི༔ བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཉེར་སྤྱོད་དང་། ཧཱུྃ་ཧྲཱི༔ འགྲོ་འདུལ་བདེ་གཤེགས་འཕགས་པའི་ཚོགས་བཅས་ལ༔ སྣོད་བཅུད་རྣམ་དག་རྡོ་རྗེའི་ཞིང་ཁམས་ཆེར༔ རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདེ་ཆེན་རོལ་མོར་འཆར་བའི་མཆོད་སྤྲིན་འབུལ༔ དགྱེས་པར་བཞེས་ལ་ལམ་གྱི་བར་ཆད་སོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿརཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་འདོད་ཡོན་ལྔས་མཆོད། ཨོཾ། རང་བྱུང་འོད་གསལ་ཆོས་ཀྱི་དབྱིངས། །དམིགས་མེད་སྙིང་རྗེའི་རྣམ་པར་རོལ། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྐུ །མི་བསྐྱོད་དཀྱིལ་འཁོར་མཆོག་གི་གཙོ། །སེམས་དཔའ་རྡོ་རྗེ་རིགས་ཀུན་བདག །འཁོར་བ་དོང་སྤྲུག་ལས་ཀྱི་སེམས། །རྣམ་སྣང་རིན་འབྱུང་དཔག་མེད་འོད། །དོན་གྲུབ་སྤྱན་རས་གཟིགས་དབང་བཞི། ཁྲོ་རྒྱལ་གསང་རིག་གཟུངས་སྔགས་བདག །སངས་རྒྱས་མཛད་པའི་རོལ་མོ་ནི། །རྒྱུན་མི་ཆད་པ་ཐུགས་རྗེའི་གཏེར། །འགྲོ་འདུལ་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་བསྟོད། ཐལ་མོ་སྦྱར་ལ། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ ངན་སོང་དོང་སྤྲུག་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་འདོད་པའི་དོན་ལ་གསོལ་བ་གདབ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་སོགས་རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་དང་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མཱུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་འོད་དུ་ཞུ་ནས་རང་གི་ཐུགས་ཀར་ཐིམ་པར་མོས། ཧཱུྃ་ཧཱུྃ་ཧཱུྃ། སྣང་ཆ་ལྷའི་འཁོར་ལོ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ། ཕཊ་ཕཊ་ཕཊ། སླར་ཡང་རང་དང་སྣང་བ་ཐམས་ཅད་འགྲོ་འདུལ་འཕགས་པའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར་པར་མོས་ལ། ཨོཾ་ཨཱཿཧཱུྃ། བཛྲ་ཀཱ་བཱ་ཙི་རཀྵ་ཧཾ་གིས་གནས་སྲུང་ཞིང་གོ་བགོ །བཟང་པོ་སྤྱོད་པའི་བསྔོ་སྨོན་སྤྱི་དང་། ཁྱད་པར། འགྲོ་འདུལ་འཕགས་པའི་ཕྲིན་ལས་ཀྱིས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ ལས་ཉོན་སྒྲིབ་པ་ཀུན་བྱང་ནས༔ སྤྱན་རས་གཟིགས་དབང་མྱུར་ཐོབ་ཤོག༔ ཅེས་དགེ་རྩ་གཞན་དོན་དུ་བསྔོ། ཤིས་པ་བརྗོད་པ་ནི། ཨོཾ། ཟུང་འཇུག་དབྱིངས་ནས་བྱིན་རླབས་འབེབ། །རིག་འཛིན་བླ་མའི་བཀྲ་ཤིས་ཤོག །རྣམ་ཤེས་རྣམ་དག་དཀྱིལ་འཁོར་གཙོ། །མི་བསྐྱོད་རྡོ་རྗེའི་བཀྲ་ཤིས་ཤོག །ཀུན་གཞི་རྣམ་དག་རིགས་ཀུན་བདག །རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག །ཉོན་ཡིད་རྣམ་དག་འགྲོ་བ་འདུལ། །ལས་ཀྱི་སེམས་དཔའི་བཀྲ་ཤིས་ཤོག །གཟུགས་སོགས་ཡེ་ཤེས་བཞི་རུ་དག །རྒྱལ་བ་རིགས་བཞིའི་བཀྲ་ཤིས་ཤོག །ཚད་མེད་བཞི་ཡི་ཕྲིན་ལས་མཛད། །འཕགས་མཆོག་རྣམ་བཞིའི་བཀྲ་ཤིས་ཤོག །རྡོ་རྗེ་བཞི་དངོས་འབར་བའི་སྐུ། ཁྲོ་རྒྱལ་རྣམ་བཞིའི་བཀྲ་ཤིས་ཤོག །ངན་སོང་དོང་སྤྲུག་ཐུགས་རྗེའི་གཏེར། །དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག །གང་བསམ་ཕན་པའི་དངོས་ཀུན་འཇོ། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ལ་མེ་ཏོག་ཆར་དུ་འབེབ་པར་བྱའོ། །སྐབས་འདིར་འཕྲོས་དོན་དུ་སྨྲོས་པ་ནི། སྒྲུབས་ཐབས་འདི་ལོངས་སྐུའི་སྒོས་སྒྲུབ་ཡིན་པས། རྐང་ཚུགས་པའི་བསྙེན་སྒྲུབ་སྐབས། ཐོག་མར་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་ཡིག་དྲུག་བྱེ་བ་ཡན་ཆད་ཐེམས་པར་བྱ། དེ་ནས་སྒྲུབ་པ་ལ་འཇུག་སྟེ་ཐོག་མར་བདག་བསྐྱེད་བསྐྱེད་བཟླས་ཁྱུག་ཙམ་དང་། མདུན་བསྐྱེད་གཙོར་བཏོན་ཏེ་གཙོ་བོ་གསུམ་གྱི་གཟུངས་འབུམ་ཐེར་རེ། གཞན་རྣམས་དེའི་བཅུ་ཆ་རེ་མ་འགྲུབ་ཀྱི་བར་ཐུན་དུ་གཅད། དེའང་བདག་བསྐྱེད་ཁོ་ནའི་སྐབས་བཤམ་བཀོད་གང་ཡང་མི་དགོས་ཤིང་། སྐྱབས་སེམས་ཙམ་སྔོན་དུ་བཏང་ནས་དངོས་གཞིར་བསྐྱེད་བཟླས་ཁོ་ན་བྱ། གཞུང་གསལ་རྩ་བའི་དམིགས་པ་ལ་བྱང་ནས། ཛཔ྄་ཀྱི་བཀོལ་བྱང་ལྟར་རིགས་དྲུག་དོང་སྤྲུག་གི་དམིགས་པ་སོ་སོའང་སྦྱར། ཐུན་མཐར་བསྡུ་ལྡང་དང་དགེ་བ་བསྔོ། མདུན་བསྐྱེད་སྒྲུབ་པའི་སྐབས་བཤམ་བཀོད་གོང་སྨྲོས་དང་། གཞན་ཡང་མཆོད་པའི་བཀོད་པ་ཇི་ཙམ་རྒྱས་བཞིན་བསོད་ནམས་གྱི་ཚོགས་ཆེ་ཞིང་མཆོད་བསྟོད་རྒྱས་པ་དང་ཕྲིན་ལས་ཀྱི་ཁྲིགས་འདིར་བསྟན་ཆད་ལྷག་མེད་པ་གཏང་། མདུན་བསྐྱེད་བསྙེན་པ་གྲངས་ཐེམས་ནས་བུམ་བཟླས་བུངས་བསྐྱེད། དེ་ལ་ཚད་གྲངས་མེད་པས་ཅི་ནུས་བཟླ། འོན་ཀྱང་ལུགས་འདིར་བུམ་ཆུ་སྒྲུབ་པ་ནི་སྒྲུབ་པའི་རྣམ་གྲངས་གཙོ་བོ་ཞིག་ཡིན་ཅིང་དགོས་པ་ཆེན་པོ་དང་ལྡན་པ་སྟེ། ཁྲུས་བྱ་བཏུང་ཞིང་གཞན་ལ་སྦྱིན༔ ལུས་ཅན་སྡིག་པ་ཀུན་དག་ནས༔ མཐོ་རིས་ཐར་པའི་གོ་འཕང་ཐོབ༔ ཅེས་འབྱུང་ངོ་། །སྔོན་གཏོར་ནི་སྒྲུབ་པ་ལ་ཞུགས་པའི་ཐོག་མ་ཁོ་ན་དང་། སྲུང་མའི་གཏོར་འབུལ། རྗེས་ཆོག་བཅས་དགོང་ཐུན་ལ་ཚར་རེས་ཆོག་པ་སོགས་སྤྱི་ལྟར་རོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་། གཞུང་ལས། དངོས་ཉམས་རྨི་ལམ་སྒྲིབ་དག་རྟགས༔ མཐོང་བའི་བར་དུ་བརྩོན་པ་ཡིས༔ རང་གཞན་དོན་གཉིས་ངེས་པར་འགྲུབ༔ འབྲེལ་ཚད་སྒྲིབ་བྱང་ཡོན་ཏན་ཐོབ༔ ཅེས་གསུངས། འདིར་སྒྲིབ་པ་དག་ཅིང་གཞན་ལ་ཕན་པའི་དགེ་བའི་ལྟས་ནི་ཛཔ྄་ཀྱི་བཀོལ་བྱང་ལས་འབྱུང་བ་ལྟར་རོ།། །། ༈ དེ་ལྟར་རང་དོན་བསྙེན་སྒྲུབ་མཐར་སོན་པའི་གང་ཟག་གིས་གཞན་གྱི་དོན་སྒྲུབ་པའི་རིམ་པ་ལ་གཉིས། སློབ་མ་རྗེས་སུ་གཟུང་བ་དང་། གནས་ལུང་གཤིན་པོ་རྗེས་གཟུང་ངོ་། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ། ཁྲུས་བྱས་ཆོས་བཤད་གསོལ་བ་གདབ། །སྐྱབས་སེམས་སྡོམ་གཟུང་བགེགས་སྒྲིབ་སྦྱོང་། །ཞེས་རྣམ་གྲངས་བདུན་གྱི། དང་པོ་ནི། སློབ་མ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་བཀྲུ། གཉིས་པ་ནི། ཆོས་ཉན་པའི་ཀུན་སྤྱོད་ཀྱིས་འཁོད་པ་ལ། སློབ་དཔོན་གྱིས། འོ། མཐའ་དང་མུ་མེད་པའི་མར་གྱུར་འགྲོ་བ་བདུད་ཀྱི་ཆུ་བཞི་ལས་མ་བརྒལ་བ་ཐམས་ཅད། ཚད་མེད་པའི་སྙིང་རྗེ་ཆེན་པོས་བསྒྲལ་ཏེ་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ཞུ་ནས་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་སློབ་དཔོན་ཞི་བ་ལྷའི་ཞལ་ནས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་རང་རེ་སེམས་ཅན་ཐམས་ཅད་མཐའ་དང་ཟད་དུ་མེད་པར་འཁོར་བའི་རྒྱ་མཚོ་ཆེན་པོ་ལ་ཐོག་མ་མེད་པ་ནས་བྱིང་ཞིང་། སྡུག་བསྔལ་བཟོད་དཀའ་བ་ཉམས་སུ་མྱོང་། ད་དུང་ཡང་ནས་ཡང་དུ་འཁོར་ཞིང་སྡུག་བསྔལ་བར་འགྱུར་བ་ལ། སྔོན་གྱི་ཚེ་རབས་གཞན་དུ་རྣམ་དཀར་གྱི་ལས་ལ་སྤྱད་པའི་མཐུས། ད་ལན་རྒྱུ་ཕུན་སུམ་ཚོགས་པ་འཁོར་ལོ་བཞི་དང་ལྡན་པའི་དལ་འབྱོར་གྱི་རྟེན་བཟང་པོ་ཐོབ། རྐྱེན་ཕུན་སུམ་ཚོགས་པ་བསྟན་དང་དེ་འཛིན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་མཇལ་བའི་དུས་དེར་མྱུར་དུ་དམ་པའི་ཆོས་ལ་འབད་དགོས། ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་རྒྱལ་བ་ཐམས་ཅད་མཁྱེན་པས་གསུངས་ཤིང་གདུལ་བྱ་འདུལ་ཚུལ་ཐ་དད་པ་ལས། རྩོད་ལྡན་སྙིགས་མའི་དུས་འདིར་གསང་སྔགས་རྡོ་རྗེ་ཐེག་པ་ཁོ་ནས་འདུལ་བ་རྣམ་འདྲེན་བཞི་པའི་ཐུགས་རྗེའི་ཐབས་དང་སྨོན་ལམ་གྱི་ཁྱད་པར་ཡིན་ཞིང་། དེ་སྟོན་པ་པོའང་རྒྱལ་བ་ཉིད་འཆི་མེད་རིག་པ་འཛིན་པའི་སྐུར་བཞེངས་པ་རྡོ་རྗེའི་སློབ་དཔོན་པདྨ་སཾ་བྷ་བ་སྟེ། རྒྱལ་བས་ཞབས་ཀྱིས་མ་བཅགས་པའི་གདོང་དམར་བོད་ཀྱི་ཡུལ་འདིར་སློབ་དཔོན་ཆེན་པོ་འདི་ཁོ་ནས་ཚད་མེད་པའི་ཐུགས་རྗེའི་རོལ་པ་སྣ་ཚོགས་པས་བཏུལ་ཅིང་། ཟབ་གསང་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་དུས་གསུམ་དུ་བསྐོར་བ་རྣམས་ཀྱང་བཀའ་གཏེར་དག་སྣང་གི་ཆོས་སྡེ་གསུམ་དུ་འདུ་བ་ལས། འདིར་གང་ཟག་གིས་བར་དུ་མ་ཆོད། རྟོག་གེའི་བསྲེ་བསླད་མ་ཞུགས། མཁའ་འགྲོའི་ཁ་རླངས་མ་ཡལ་བ་ཟབ་མོ་གཏེར་གྱི་ཆོས་འོ་མའི་རྒྱ་མཚོ་ལྟ་བུ་ལས། དུས་བབས་ཀྱི་ཟབ་ཆོས་རྩི་མར་གྱི་གོང་བུ་འདི་ནི་ལྷ་སྲས་དམ་འཛིན་གྱི་སྐྱེ་བ་༧གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ལ། བླ་རྫོགས་ཐུགས་གསུམ། རྩ་བ་གསུམ་གྱིས་མཚོན་ཏེ་སྔོན་ཆད་ས་སྟེང་གྲགས་པ་ཀུན་ལས་ཕུལ་དུ་གྱུར་པའི་ཁྱད་ཆོས་ངོ་མཚར་བས་བརྒྱན་པ་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་ལ། བླ་མའི་སྐོར་ལ་བར་ཆད་བསལ་བ་དང་། དངོས་གྲུབ་སྒྲུབ་པའི་ཆོས་སྡེ་ཆེན་པོ་གཉིས་བྱོན་པའི་སྔ་མ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དཀྱིལ་འཁོར་པ་སོ་སོའི་སྒོས་ཀྱི་ཆོས་བཀའ་ལས། བླ་མ་སྐུ་གསུམ་གྱི་སྒྲུབ་པའི་བྱེ་བྲག་ལོངས་སྐུ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་དཀྱིལ་འཁོར་དུ་རྒྱུད་སྨིན་པར་བགྱིད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་དང་། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་། ཁྲུས་བྱས་ཆོས་བཤད་གསོལ་བ་གདབ། །སྐྱབས་སེམས་སྡོམ་གཟུང་བགེགས་སྒྲིབ་སྦྱོང་། །ཞེས་རྣམ་གྲངས་བདུན་གྱི། དང་པོ་ཕྱི་རོལ་དུ་ཁྲུས་བྱ་བ་དང་། གཉིས་པ་ཆོས་བཤད་པས་མཚམས་སྦྱར་བ་བཅས་སྔོན་དུ་སོང་ནས་སྨིན་བྱེད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསུམ་པ་གསོལ་བ་གདབ་པ་ནི། སློབ་དཔོན་ཐུགས་རྗེ་ཆེན་པོ་ཐུགས་རྗེའི་རྐྱེན་གདུལ་བྱའི་བསམ་པ་དང་མཐུན་པར་འཆར་བ་ལ་ཐལ་མོ་མེ་ཏོག་གིས་བརྒྱན་ཏེ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ ངན་སོང་དོང་སྤྲུག་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ལན་གསུམ། བཞི་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ཐེག་པ་ཆེན་པོའི་ལམ་གྱི་གཞི་འགོད་པའི་སླད་དུ་མདུན་བསྐྱེད་དཀྱིལ་འཁོར་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཀའ་ཉན་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་བློ་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ ཐུགས་རྗེ་ཆེན་པོའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། ལྔ་པ་སྡོམ་པ་གཟུང་བ་ནི། ཡུལ་མཆོག་དེ་དག་གི་སྤྱན་སྔར་དམ་ཚིག་དང་སྡོམ་པ་མཐའ་དག་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་གཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དྲུག་པ་བགེགས་སྦྱོང་བ་ནི། བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས། སྒོ་སྲུང་ཁྲོ་རྒྱལ་རྣམ་བཞིའི་སྐུ་ལས་ཁྲོ་ཆུང་མཚོན་ཆ་མེ་རིའི་ཆར་དྲག་ཏུ་བབས་པས་གསང་བའི་ལས་དང་ཐར་པ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བསྐྲད་ཅིང་རྡུལ་དུ་བརླག་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བྷུར་ཀུཾ་མ་ཧཱ་པྲཱ་མ་ཎཱ་ཡ༔ བྷུར་ཙི་བྷུར་ཀི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་སྒོ་བཞིའི་སྔགས་བརྗོད་ཅིང་གུ་གུལ་དང་ཡུངས་ཐུན་རོལ་མོའི་ཚམ་རྔམ་གྱིས་བགེགས་བསྐྲད་པར་བྱའོ། །བདུན་པ་སྒྲིབ་པ་སྦྱོང་བ་ལ་གཉིས། དམིགས་པའི་གཞི་དགོད་པ་དང་། དེ་ལ་བརྟེན་ནས་སྒྲིབ་པ་སྦྱོང་བ་དངོས་སོ། །དང་པོ་ནི། ཁྱེད་རང་རྣམས་ངན་སོང་དང་འཁོར་བར་སྐྱེ་བའི་རྒྱུ། ཐོག་མེད་ནས་བག་ཆགས་པའི་རིགས་དྲུག་གི་ས་བོན་སྲེག་སྦྱོང་བཀྲུ་བའི་ཆོ་ག་བགྱིད་པ་ལ་དམིགས་པ་འདི་དག་རྩེ་གཅིག་ཏུ་སྒོམ་པར་ཞུ། ཁྱེད་རང་རྣམས་ཐ་མལ་དུ་གནས་པའི་རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་ནག་པོ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ །སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་དམར་ལྗང་། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་དྲུག་ལ་ཐོག་མེད་ནས་བསགས་པའི་རིགས་དྲུག་ཏུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བསྡུས་ཏེ་ཐིམ་པས་ཡི་གེ་དེ་རྣམས་ལྗི་ཞིང་མོག་པའི་རྣམ་པ་ཅན་དུ་གྱུར། སློབ་དཔོན་ཐུགས་རྗེ་ཆེན་པོར་གསལ་བའི་གཡས་གཡོན་གྱི་ཕྱག་སོར་རྣམས་རིགས་ལྔ་ཡབ་ཡུམ་བཅུར་གྱུར། རིགས་དྲུག་གནས་སྦྱོང་ཚར་དྲུག་དགོས་པ་ལས་འདི་ཡན་ཆད་ལན་གཅིག་གིས་ཆོག །གཉིས་པ་སྒྲིབ་པ་སྦྱོང་བ་དངོས་ལ་དྲུག་ལས། དང་པོ་ནི། ཐོག་མར་དམྱལ་བར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཐལ་མོ་ཕན་ཚུན་གདེངས་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཐལ་མོ་མཉམ་པར་སྦྱར་ལ་ཡབ་ཡུམ་ཕན་ཚུན་ཞལ་མངོན་དུ་ཕྱོགས་པར་མོས། ཨོཾ་སུ་ར་ཏ་སཏྭཾ༔ སོར་མོ་བསྣོལ་ལ་སྙོམས་པར་ཞུགས་པར་མོས། བཛྲ་ཨཉྫ་ལི༔ རྡོར་བསྡམས་བྱས་ལ་བདེ་བས་ཐུགས་འདྲེས་པར་མོས། བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མེ་ལྕེ་ལྟ་བུས་དམྱལ་བའི་ས་བོན་དུ་ནག་པོ་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་ཆོས་ཉིད་ཀྱི་རླུང་དུ་གྱུར་པས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། རེག་གྲོལ་གྱི་གདམས་པས་བསྒྲུབས་པའམ། མེད་ན་གཞུང་བསྙེན་སྐབས་སུ་བྱིན་གྱིས་བརླབས་པའི་བྱེ་མ་དང་ཡུངས་དཀར་རྡེག་ལ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་བྱང་སེམས་ཀྱི་རང་བཞིན་གྱིས་ཁྲུས་བྱས་པས་བག་ཆགས་ཀྱི་དྲི་མ་བཀྲུས་པར་གྱུར། རྣམ་བུམ་གྱིས་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་བཟོད་པའི་རང་བཞིན་ཏེ༔ ཁོང་ཁྲོའི་དྲི་མ་རྣམ་པར་སྦྱོང༔ གཙོ་འཁོར་གཟུངས་སྔགས་ཚང་མའམ། མི་འགྲུབ་ན། ཀཾ་ཀ་ནི། ཡིག་བརྒྱ། ཡིག་བདུན། བི་པུ་ལ། རྣམས་ཀྱི་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས་སོགས་སྐབས་ཐོབ་ཁ་བསྒྱུར་ལ། དམྱལ་བར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། དེས་དམྱལ་བར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱངས་ནས། གཉིས་པ་ནི། ཡི་དྭགས་སུ་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཅེས་མཚམས་སྦྱར་ལ། ཕྱག་རྒྱ་སྔགས་དང་ཏིང་ངེ་འཛིན་སྔར་ལྟར་གསལ་བཏབ་ནས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སུ་ར་ཏ་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མེ་ལྕེ་ལྟ་བུས་ཡི་དྭགས་ཀྱི་ས་བོན་པྲེ་དམར་སྐྱ་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་ཆོས་ཉིད་ཀྱི་རླུང་དུ་གྱུར་པས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་དང་ཡུངས་དཀར་རྡེག་ལ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་བྱང་སེམས་ཀྱི་རང་བཞིན་གྱིས་ཁྲུས་བྱས་པས་བག་ཆགས་ཀྱི་དྲི་མ་བཀྲུས་པར་གྱུར། རྣམ་བུམ་གྱི་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་སྦྱིན་པའི་རང་བཞིན་ཏེ༔ སེར་སྣའི་དྲི་མ་རྣམ་པར་སྦྱོང༔ གཟུངས་སྔགས་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས། ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། དེས་ཡི་དྭགས་སུ་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱངས་ནས། གསུམ་པ་ནི། དུད་འགྲོར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སུ་ར་ཏ་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མེ་ལྕེ་ལྟ་བུས་དུད་འགྲོའི་ས་བོན་ཏྲི་ལྗང་གུ་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་ཆོས་ཉིད་ཀྱི་རླུང་དུ་གྱུར་པས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་དང་ཡུངས་དཀར་རྡེག་ལ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་བྱང་སེམས་ཀྱི་རང་བཞིན་གྱིས་ཁྲུས་བྱས་པས་བག་ཆགས་ཀྱི་དྲི་མ་བཀྲུས་པར་གྱུར། རྣམ་བུམ་གྱི་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་ཤེས་རབ་རང་བཞིན་ཏེ༔ གཏི་མུག་དྲི་མ་རྣམ་པར་སྦྱོང༔ གཟུངས་སྔགས་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས། དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། དེས་དུད་འགྲོར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱངས་ནས། བཞི་པ་ནི། མིར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སུ་ར་ཏ་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མེ་ལྕེ་ལྟ་བུས་མིའི་ས་བོན་ནྲྀ་སྔོ་སྐྱ་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་ཆོས་ཉིད་ཀྱི་རླུང་དུ་གྱུར་པས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་དང་ཡུངས་དཀར་རྡེག་ལ། ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་བྱང་སེམས་ཀྱི་རང་བཞིན་གྱིས་ཁྲུས་བྱས་པས་བག་ཆགས་ཀྱི་དྲི་མ་བཀྲུས་པར་གྱུར། རྣམ་བུམ་གྱི་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་བརྩོན་འགྲུས་རང་བཞིན་ཏེ༔ ལེ་ལོའི་དྲི་མ་རྣམ་པར་སྦྱོང༔ གཟུངས་སྔགས་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས། མིར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། དེས་མིར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱངས་ནས། ལྔ་པ་ནི། ལྷ་མ་ཡིན་དུ་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སུ་ར་ཏ་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མེ་ལྕེ་ལྟ་བུས་ལྷ་མ་ཡིན་གྱི་ས་བོན་སུ་དམར་ལྗང་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་ཆོས་ཉིད་ཀྱི་རླུང་དུ་གྱུར་པས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་དང་ཡུངས་དཀར་རྡེག་ལ། ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་བྱང་སེམས་ཀྱི་རང་བཞིན་གྱིས་ཁྲུས་བྱས་པས་བག་ཆགས་ཀྱི་དྲི་མ་བཀྲུས་པར་གྱུར། རྣམ་བུམ་གྱི་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་ཚུལ་ཁྲིམས་རང་བཞིན་ཏེ༔ ཕྲག་དོག་དྲི་མ་རྣམ་པར་སྦྱོང༔ གཟུངས་སྔགས་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས། ལྷ་མ་ཡིན་དུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། དེས་ལྷ་མ་ཡིན་དུ་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱངས་ནས། དྲུག་པ་ནི། ལྷར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱོང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སུ་ར་ཏ་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ལས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མེ་ལྕེ་ལྟ་བུས་ལྷར་སྐྱེ་བའི་ས་བོན་ཨ་དཀར་པོ་བསྲེགས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་ཆོས་ཉིད་ཀྱི་རླུང་དུ་གྱུར་པས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་དང་ཡུངས་དཀར་རྡེག་ལ། ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་བྱང་སེམས་ཀྱི་རང་བཞིན་གྱིས་ཁྲུས་བྱས་པས་བག་ཆགས་ཀྱི་དྲི་མ་བཀྲུས་པར་གྱུར། རྣམ་བུམ་གྱི་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་བསམ་གཏན་རང་བཞིན་ཏེ༔ རྣམ་གཡེང་དྲི་མ་རྣམ་པར་སྦྱོང༔ གཟུངས་སྔགས་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས། ལྷར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཀྲུ། དེས་ལྷར་སྐྱེ་བའི་བག་ཆགས་ཀྱི་དྲི་མ་སྦྱངས་ནས། མདོར་ན་ཁྱེད་རང་རྣམས་རིགས་དྲུག་ཏུ་སྐྱེ་བའི་བག་ཆགས་ཀྱི་དྲི་མ་ཐམས་ཅད་དག་པས་ལུས་འོད་ཀྱི་རང་བཞིན་དུ་སོང་བར་མོས་མཛོད། གཉིས་པ་དངོས་གཞི་ལའང་། ཆས་འཇུག་དབབ་བསྟིམ་མེ་ཏོག་འདོར། །དཀྱིལ་འཁོར་བསྟན་ཅིང་རིག་དབང་བསྐུར།་་་དབང་བསྡུས་པའི་སྐབས།་་་བུམ་དབང་བསྐུར། ཞེས་སྒྱུར། སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན། །ཞེས་པའི་རྣམ་གྲངས་བརྒྱད་ཀྱི། ཐོག་མ་ནི། སྔོན་ཆད་དཀྱིལ་འཁོར་འདི་ལྟ་བུ་མ་མཇལ་བའི་མཚོན་བྱེད་དུ་དར་ཡུག་དམར་པོས་གདོང་བཅིངས་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་གདོང་གཡོགས། ཕྱག་རྟེན་མ་ཐོགས་པར་དཀྱིལ་འཁོར་གྱི་ལྷ་མཇལ་དུ་མི་རུང་བས་རིན་པོ་ཆེའི་མེ་ཏོག་གི་ཆུན་པོ་ཕྱག་རྟེན་དུ་ཐོགས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་སྦྱིན། གཉིས་པ་དབང་གི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨ་མྲྀཏ་དང་བུམ་ཆུས་བསང་། སྭཱ་བྷཱ་ཝས་སྦྱང་། ཆོས་ཐམས་ཅད་སྟོང་ཉིད་འོད་གསལ་གྱི་ངང་དུ་ཐིམ། སྟོང་པའི་ངང་ལས་གླང་པོ་ཆེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་རིག་པ་ཧཱུྃ་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ལས། ཁྱེད་རང་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་མི་འཁྲུག་པ་སྐུ་མདོག་མཐིང་ག་བཻ་ཌཱུརྻའི་མདངས་ལྟ་བུ། ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་རྡོ་རྗེ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སོགས་ལོངས་སྤྱོད་རྫོགས་པའི་ཆས་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་འོད་ཀྱི་དཀྱིལ་འཁོར་ཚད་མེད་པས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཁྱབ་པར་འབར་བས། བཅོམ་ལྡན་འདས་ངན་སོང་དོང་ནས་སྤྲུག་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྐུ་ཆེ་ཆུང་མ་ངེས་པ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སྒོ་གསུམ་ལ་སིབ་སིབ་ཐིམ་པས་རྡོ་རྗེ་གསུམ་གྱི་ཡེ་ཤེས་རྒྱུད་ལ་ཕེབས་པར་མོས་ཤིག །ཀཾ་ཀ་ནི། ཡིག་བརྒྱ། ཡིག་བདུན། བི་པུ་ལ་རྣམས་ཀྱི་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་མང་དུ་བརྗོད། མཐར་ཏིཥྛ་བཛྲས་བརྟན་པར་བྱ། གསུམ་པ་མེ་ཏོག་འདོར་བ་ནི། རྡོ་རྗེའི་ཡེ་ཤེས་ཆེན་པོ་ལྷ་ཚོགས་གཙོ་འཁོར་གྱི་རྣམ་པར་སྣང་བ་ལ་བཟང་ངན་གྱི་མཚན་འཛིན་གདོད་ནས་བྲལ་ཀྱང་། འཇུག་སྒོའི་རྟེན་འབྲེལ་ཙམ་དུ་རང་གི་རིགས་གང་དང་འབྲེལ་བའི་ལྷ་ལ་ཕོག་པར་གྱུར་ཅིག་སྙམ་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་དོར་བར་ཞུ། པུཥྤེ་གྲྀཧྞ་ཧོཿ ཞེས་འགྲིམ་དཀྱིལ་དུ་འདོར་གཞུག །མེ་ཏོག་རང་རིགས་ཀྱི་ལྷ་ལ་ཕོག་པ་དེ་ཉིད་བྱིན་གྱིས་བརླབས་ཏེ་སླར་ཁྱེད་རང་གི་སྤྱི་བོར་བཅིངས་པར་མོས་མཛོད། པུཥྤེ་པྲ་ཏི་གྲྀཧྞ་སིདྡྷི་ཧཱུྃ། ཞེས་སྤྱི་བོར་བཞག །བཞི་པ་དཀྱིལ་འཁོར་བསྟན་པ་ནི། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་མཛོད། ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊཿ ཞེས་གདོང་བསལ། རང་སྣང་ཡེ་ཤེས་ལས་གྲུབ་པའི་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་བཀོད་པ་ཕུལ་དུ་བྱུང་བའི་ཁྲི་ལ་བཅོམ་ལྡན་འདས་མགོན་པོ་མི་འཁྲུག་པ་རིགས་བདག་རྡོ་རྗེ་སེམས་དཔའ། མདུན་དུ་འཕགས་པ་འཁོར་བ་དོང་སྤྲུག །ཕྱི་རོལ་པད་འདབ་བརྒྱད་ལ་ཕྱོགས་བཞིར་རྒྱལ་བ་རིགས་བཞི། མཚམས་བཞིར་སྤྱན་རས་གཟིགས་དབང་བཞི། སྒོ་བཞིར་སྒོ་སྲུང་ཁྲོ་བོའི་དབང་པོ་སྟེ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་སྤྲོ་བ་སྐྱེད་ཅིག །ལྔ་པ་རིག་པའི་དབང་ལྔ་བསྐུར་བ་ནི།་་་དབང་བསྡུས་པའི་སྐབས།་་་ལྔ་པ་བུམ་པའི་དབང་བསྐུར་བ་ནི། ཞེས་སྒྱུར། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཀྱིས་སད་པར་བྱས་པའི་མཁའ་དབྱིངས་ཀྱི་ཁྱོན་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། གཤེགས་མ་རྣམས་ཀྱིས་བུམ་པའི་བདུད་རྩི། རིན་པོ་ཆེའི་ཅོད་པན། རྡོ་རྗེ་དང་དྲིལ་བུ། རྡོ་རྗེའི་མིང་རྣམས་ཀྱིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་རྒྱལ་བའི་ཕོ་བྲང་ཆེ༔ ནང་ན་ལྷ་ཚོགས་བདུད་རྩིའི་ངོ་བོར་བཞུགས༔ མི་བསྐྱོད་རྡོ་རྗེ་ཆུ་ཡི་དབང་བསྐུར་བས༔ ཞེ་སྡང་རྣམ་དག་མེ་ལོང་རྟོགས་པར་ཤོག༔ ཨོཾ་བཛྲ་ཨཀྵོ་བྷྱ་ཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ དབུ་རྒྱན་ཐོགས་ལ། ཏྲཱཾ༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྨད་པོ་ཆེ༔ རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དབང་བསྐུར་བས༔ ང་རྒྱལ་རྣམ་དག་མཉམ་ཉིད་རྟོགས་པར་ཤོག༔ ཏྲཱཾ་རཏྣ་སཾ་བྷ་བ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི༔ རྡོ་རྗེ་ཐོགས་ལ། ཧྲཱི༔ སངས་རྒྱས་ཀུན་གྱི་འགྱུར་མེད་རྡོ་རྗེའི་གསུང༔ མི་ཕྱེད་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར་བས༔ འདོད་ཆགས་རྣམ་དག་སོར་རྟོག་རྟོགས་པར་ཤོག༔ ཧྲཱིཿཔདྨ་དྷཱ་ར་བཛྲ་ཨ་བྷི་ཥིཉྩ་མི༔ དྲིལ་བུ་ཐོགས་ལ། ཨཱ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས་པའི་དཔལ༔ ཐོགས་མེད་རྡོ་རྗེ་ལས་ཀྱི་ངོ་བོ་ཉིད༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས༔ ཕྲག་དོག་རྣམ་དག་བྱ་གྲུབ་རྟོགས་པར་ཤོག༔ ཨཱཿཀརྨ་ཨ་མོ་གྷ་སིདྡྷི་གཎྜེ་ཨ་བྷི་ཥིཉྩ་མི༔ མིང་གི་དབང་ནི། ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་ཆེ་བ༔ ཅིས་ཀྱང་མི་འགྱུར་མི་ཤིགས་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས༔ གཏི་མུག་རྣམ་དག་ཆོས་དབྱིངས་རྟོགས་པར་ཤོག༔ ཨོཾ་བཻ་རོ་ཙ་ན་ཀྱེ་དཔལ་མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི་རིག་པ་འཛིན་པའོ༔ ཞེས་སོགས་རྡོ་རྗེའི་མིང་གདགས། དེ་ལྟར་རིག་པའི་དབང་ལྔ་བསྐུར་པས་མ་རིག་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔའི་རྟོགས་པ་རྒྱུད་ལ་སྐྱེས་པ་ལ། རིགས་ཐམས་ཅད་འདུས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་བུམ་པའི་བདུད་རྩིས་མངོན་པར་དབང་བསྐུར་བས་རྡོ་རྗེ་འཛིན་པའི་གོ་འཕང་དུ་གཏོར་བླུགས་ཀྱི་བྱ་བ་མཐར་ཕྱིན་པར་མོས་མཛོད། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཐམས་ཅད་འདུས་པའི་ངོ་བོ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་གྱུར། སྐབས་འདིར་ཤེས་དགོས་པ་ནི་རྩ་བའི་སྨིན་བྱེད་ལ་འདིར་བསྟན་མཐར་ཆགས་སུ་བསྐུར་དགོས་ཤིང་། གཞན་དུ་བསྡུ་བར་འདོད་ན། གོང་སྨྲོས། གཤེགས་མ་རྣམས་ཀྱིས་བུམ་པའི་བདུད་རྩིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ། ཨོཾ༔ ཏིལ་གྱི་གོང་བུ་སོགས་ཀྱིས་བུམ་དབང་ཁོ་ན་བསྐུར་བས་འཐུས་པ་ཡིན་ནོ། །དྲུག་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། གཙོ་འཁོར་རྣམས་ཀྱི་སྐུ་ལས་ལྷ་སྐུ་ཕྱག་རྒྱའི་ཚོགས་གཉིས་པ་སྤྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་གདོས་བཅས་ཀྱི་ལུས་རང་བྱུང་ཡེ་ཤེས་ཀྱི་སྐུར་བྱིན་གྱིས་བརླབ་པར་མོས་མཛོད། གཙོ་འཁོར་གྱི་ཙཀ་ལི་རིམ་པར་ཐོགས་ལ། ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་མི་འཁྲུག་མགོན༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་རྡོ་རྗེ་སེམས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་འཁོར་བ་དོང་སྤྲུག་ཀྱེ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་ཀུན་ཏུ་ཞལ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་ཤཱཀྱ་ཐུབ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་འོད་དཔག་མེད༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་སྨན་གྱི་བླ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛཱ་ས་མུངྒ་ཏེ་སྭཱ་ཧཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་སེམས་ཉིད་ངལ་གསོ་ཀྱེ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་ཨཱཿཧྲཱིཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་དོན་ཡོད་ཞགས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་པདྨ་གཙུག་ཏོར་ཀྱེ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨོ་ཨུཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་རྡོ་རྗེ་སྙིང༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་ཨཱཿཧྲཱིཿཧཱུྃ་བཛྲ་སཱ་ར་པྲ་མརྡྷ་ན་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཞེས་བསྐུར། འདིར་ཡང་བསྡུས་པའི་སྐབས། གཙོ་བོའི་སྐུ་ལས་སྐུ་གཉིས་པ་སྤྲོས་པ་དང་ལྷན་ཅིག་འཁོར་རྣམས་ལས་ཀྱང་ལྷ་སྐུ་ཕྱག་རྒྱའི་ཚོགས་སོགས་གོང་ལྟར་མཚམས་སྦྱར་ནས་གཙོ་བོའི་ལྷ་དབང་ཁོ་ན་ཙམ་བསྐུར་རོ། །བདུན་པ་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་ཞིང་དབང་བསྐུར་བ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། ཞལ་ནས་བརྒྱུད། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པས་འཕོ་བཅས་ཀྱི་ངག་རླུང་གཞོམ་མེད་ནཱ་དའི་རང་སྒྲར་བྱིན་གྱིས་བརླབས་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ཏེ། མི་འཁྲུག་པ་ནས་བརྩམ་རྡོ་རྗེ་སྙིང་པོའི་བར་གྱི་སྔགས་ཚང་མའམ་བསྡུ་ན་ཀཾ་ཀ་ནི། ཡིག་བརྒྱ། ཡིག་བདུན། བི་པུ་ལ་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཐར། ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བརྒྱད་པ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་ཅིང་དབང་བསྐུར་བ་ནི། མེ་ལོང་ཐོགས་ལ་མཚོན་བྱེད་དཔེའི་མེ་ལོང་ལ་གཟུགས་བརྙན་སྣང་ཡང་རང་བཞིན་མེད་པ་ལྟར། མཚོན་བྱ་དོན་དམ་རང་སེམས་མེ་ལོང་དྲི་མེད་ཀྱི་ངོགས་སུ་འཁོར་འདས་གཟུགས་བརྙན་སྣ་ཚོགས་སུ་ཤར་བ་ཐམས་ཅད་བདེན་པར་མ་གྲུབ་པ་སྣང་སྟོང་འོད་གསལ་བའི་རང་བཞིན་དུ་ངོ་སྤྲད་པས་རྟོག་བཅས་ཀྱི་ཡིད་སྤྲོས་བྲལ་ཆོས་ཀྱི་སྐུ་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པར་མོས་མཛོད། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་རྗེས་ཀྱི་རིམ་པ་ནི། བཀྲུ་བྱབ་སྲུང་དང་རྫས་གསུམ་སྦྱིན། །སྤྱིའི་ཆོས་ཀྱིས་མཐའ་རྟེན་པ་འོ། །ཞེས་རྣམ་གྲངས་བདུན་ཡོད་པའི་དང་པོ་ཁྲུས་བྱ་བ་ནི། དེ་ལྟར་སྨིན་བྱེད་དངོས་གཞིའི་རིམ་པ་ལེགས་པར་གྲུབ་ནས་མཐའ་རྟེན་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་སྒྲུབ་པ་ལ་དམིགས་པ་འདི་རྣམས་རིམ་བཞིན་དུ་མཛད་པར་ཞུ། ལས་བུམ་ཐོགས་ལ། བུམ་པའི་ནང་དུ་མཐུ་སྟོབས་ཀྱི་དབང་ཕྱུག་ཁྲོ་བོའི་རྒྱལ་པོ་རྣམ་པ་བཞི་བཞུགས་པའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན་དྲག་ཏུ་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ནག་ཉིལ་ལི་ལི་ཕྱིར་ཐོན། ལུས་ཕྱི་ནང་ཐམས་ཅད་བཀྲུས་ཏེ་དྲི་མེད་ཤེལ་གོང་ལྟ་བུར་གྱུར་པར་མོས་མཛོད། ཧཱུྃ༔ བགེགས་ལས་རྣམ་པར་རྒྱལ་བ་དང༔ ཉོན་མོངས་དྲི་མ་སྦྱང་བའི་ཕྱིར༔ བདུད་རྩི་ཆུ་ཡིས་ཁྲུས་བགྱིས་པས༔ མི་མཐུན་ཕྱོགས་ཀུན་དག་གྱུར་ཅིག༔ བུམ་ཆུས་བཀྲུས་ཏེ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བྷུརྐུཾ་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀཱི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས་ཀྱི། སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཉམས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱད་བྱུར་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཉིས་པ་བྱབ་པའི་སླད་དུ༔ བུམ་ཆུ་ཁར་བཟུང་དུ་གཞུག །རྡོ་རྗེ་དང་བཅས་པས་ཁ་རྒྱན་ཐོགས་ལ། རྨ་བྱའི་སྒྲོ་མདོངས་དུག་ལྔ་འཇོམས་བྱེད་ཡེ་ཤེས་ལྔའི་རང་མདངས་འཕྲོ་བའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་ཡིག་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་བྱུང་། བུམ་ཆུས་བཀྲུས་པའི་ལྷག་མ་འགལ་རྐྱེན་མི་མཐུན་པའི་ཕྱོགས་རྒྱུད་ལ་གང་མཆིས་པ་ཐམས་ཅད་ཙེན་གྱིས་བླངས་ཏེ་ལྷག་མ་མ་ལུས་པ་ཁྲུས་ཆུའི་ནང་དུ་དོར་བར་མོས་མཛོད། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བྷུརྐུཾ་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀཱི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས་ཀྱི། སྡིག་སྒྲིབ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ ཉམས་གྲིབ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ གདོན་བགེགས་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ བྱད་བྱུར་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ གྲིབ་དང་མི་གཙང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ ཞེས་བརྗོད་ལ་བྱབས། བུམ་ཆུ་ཁར་བཟུང་བ་ཁྲུས་ཁུར་ཕོ་ཞིང་དེའང་འགྲུབ་ན་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་བར་བྱའོ། །གསུམ་པ་སྲུང་བ་བྱ་བ་ནི། ཁྱེར་རང་རྣམས་ཀྱི་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་བཀྲུས་ཤིང་བྱབས་པས་ལུས་སྟོང་གསལ་འོད་ཀྱི་རང་བཞིན་དུ་གྱུར་པ་ལ། དཀྱིལ་འཁོར་སྒོ་སྲུང་ཁྲོ་རྒྱལ་རྣམ་བཞིའི་སྐུ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་ཆར་དཔག་ཏུ་མེད་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུབ་ཏུ་གཡོགས་པས་ཕྱིན་ཆད་བར་ཆད་འཚེ་བས་གླགས་མི་རྙེད་པར་གྱུར་པར་མོས་མཛོད། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བྷུརྐུཾ་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀཱི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་རྣམས་ཀྱི། སྡིག་སྒྲིབ་ཐམས་ཅད་རཀྵ་རཀྵ༔ ཉམས་གྲིབ་ཐམས་ཅད་རཀྵ་རཀྵ༔ གདོན་བགེགས་ཐམས་ཅད་རཀྵ་རཀྵ༔ བྱད་བྱུར་ཐམས་ཅད་རཀྵ་རཀྵ༔ གྲིབ་དང་མི་གཙང་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ༔ ཞེས་བརྗོད་ཅིང་གནས་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་བཞག་པར་བྱའོ། །བཞི་པ་བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་པ་ལ། དེ་ལྟར་ཉེས་པའི་དྲི་མ་མཐའ་དག་བཀྲུས་ཤིང་བྱབས་ཏེ་ཕྱིན་ཆད་འཇུག་པའི་གོ་སྐབས་དང་བྲལ་བ་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པར་གྱུར་པ་ལ། བཀྲ་ཤིས་པའི་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་པ་དང་བཅས་པས་མངའ་གསོལ་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་དབང་བརྙེས་པར་མོས་མཛོད། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི༔ ལྔ་པ་རྟགས་བརྒྱད་སྦྱིན་ལ། བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ དྲུག་པ་རིན་ཆེན་སྣ་བདུན་སྦྱིན་ལ། འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ བདུན་པ་སྤྱི་མཐུན་རྗེས་རིམ་དམ་ཚིག་ཁས་བླང་བ་ནི། དེ་ལྟར་དེང་སང་སུམ་ཅུ་ཁ་རལ་གྱི་འགྲོ་བ་སྐྱོབ་པའི་གོ་ཆར་ཆེ་ཐང་དུ་བསྔགས་པའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་ལས། འགྲོ་འདུལ་ངན་སོང་དོང་སྤྲུག་གི་དབང་བསྐུར་ཟབ་མོ་རྒྱས་པར་གྲུབ་པ་ཡིན་ཏེ། དེའི་ཁྱད་པར་གྱི་དགོས་པ་དང་ཕན་ཡོན་ཡང་། གཞུང་ལས། འདིས་ནི་བར་ཆད་སྡུག་བསྔལ་ཞི༔ ངན་སོང་འཁོར་བའི་བག་ཆགས་སྦྱོང༔ བགེགས་ལས་རྣམ་པར་རྒྱལ་བ་དང༔ བྱང་ཆུབ་རིགས་སུ་ངེས་པར་འགྱུར༔ ཞེས་བསྔགས་པར་མཛད་པས་རྟེན་གྱི་གང་ཟག་མཆོག་དམན་ཀུན་ལ་འཕྲལ་ཡུན་གྱི་བདེ་བ་སྟེར་བའི་ཡིད་བཞིན་ནོར་བུ་ལྟ་བུ་འདིའི་རྣལ་འབྱོར་ལ་གཡར་དམ་དུ་འཆང་བ་སོགས་ཁྱད་པར་དང་། སྤྱིའི་དམ་ཚིག་སྡོམ་པའི་གནས་རྣམས་ཚུལ་བཞིན་དུ་སློབ་ཅིང་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟ་བུའི་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང་ངོ་།། ༈ །།གཞན་དོན་གྱི་སྒོ་གཉིས་པ་ཚེ་འདས་རྗེས་འཛིན་གནས་ལུང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་བཞི་རྟེན་བཅའ་བ། རྟེན་སྐྱེད་པ། རྣམ་ཤེས་དགུག་པ། བགེགས་སྦྱོང་བའོ། །དང་པོ་ནི། དཀྱིལ་འཁོར་གྱི་ལྷོའམ་མདུན་ངོས་སུའང་རུང་སྟེ་པདྨ་འདབ་བརྒྱད་ཀྱི་གདན་ལ་སྨྱུགས་རྒོད་ཚིགས་གསུམ་ལ་བརྟེན་པའི་ལུས་ཀྱི་རྟེན་སྐྱེ་མཆེད་ཚང་བའི་གཟུགས་བྲིས་པའི་སྙིང་གར་ཡིད་ཀྱི་རྟེན་ནྲྀ་ཡིག་གིས་མཚན་པ་རྒྱབ་ངོས་སུ་ངག་གི་རྟེན་གཟུངས་སྔགས་མཐར། མིང་བྲིས་ལ། སརྦ་པཱ་པཾ་ཀརྨ་ཨཱ་བ་ར་ཎ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཤམ་བུ་བཏགས་པའི་མཚན་བྱང་རྒྱབ་ཏུ་བག་ཆགས་རྟེན་དྲི་གོས་ཀྱི་དུམ་བུས་གཡོགས། རུས་བུ་ཡོད་ན་རྩར་གཞུག །རོ་དངོས་ཡོད་ན་དེ་ལ་གནས་ལུང་བརྩམ་པར་བྱ། གཞན་ཡང་ཞི་དྲག་སྦྱོང་གཏོར་བྲབ་རྫས་ཟས་གཏད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚང་བར་བཤམ་མོ། །གཉིས་པ་རྟེན་སྐྱེད་པ་ནི། དམིགས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་ལས་འདས་པའི་གཟུགས་ཕུང་གསོན་པོའི་རྣམ་པ་ཇི་ལྟ་བ་གུས་པ་དང་ལྡན་པས་འཁོད་པར་གྱུར། གསུམ་པ་རྣམ་ཤེས་དགུག་པ་ནི། བདག་མདུན་ཐུགས་སྲོག་བྱམས་པའི་འོད་ཟེར་ལྕགས་ཀྱུས་བཀུག་པར་བསམ་ལ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ཏེ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨ་ཀརྵཱ་ཡ་ཛཿ ལན་གསུམ། ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར། བཞི་པ་བགེགས་སྦྱོང་བ་ནི། སྦྱོང་གཏོར་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་པ་རྟེན་ལ་གཡས་སུ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུས་གཡོན་དུ་བསྐོར་ཞིང་ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ། ཅེས་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོའི་སྦྱང་བའོ། །གཉིས་པ་དངོས་གཞི་ལ། སློབ་དཔོན་གྱིས། འོ། མཐའ་དང་མུ་མེད་པའི་མར་གྱུར་འགྲོ་བ་བདུད་ཀྱི་ཆུ་བཞི་ལས་མ་བརྒལ་པ་ཐམས་ཅད། ཚད་མེད་པའི་སྙིང་རྗེ་ཆེན་པོས་བསྒྲལ་ཏེ་ཐུགས་རྗེའི་དབང་ཕྱུག་གི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་རིམ་པ་ཟབ་མོ་ཞུ་ནས་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། འགྲོ་འདུལ་ངན་སོང་དོང་སྤྲུག་གི་དཀྱིལ་འཁོར་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱོང་ཞིང་། གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱ་བའི་སླད་དུ་མངོན་པར་དབང་བསྐུར་བ་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་དང་། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་རྣམ་གྲངས་བདུན་གྱི་དང་པོ་རྟེན་བསྐྱེད་ཅིང་རྣམ་ཤེས་དགུག་བསྟིམ་སྦྱོང་བ་བྱ་བ་སྟེ་གནས་ལུང་ལ་ལྟོས་པའི་སྦྱོར་བ་དང་། གཉིས་པ་སེམས་བསྐྱེད་གསལ་བཏབ་པས་བློ་བཅོས་པའི་རིམ་པ་དང་བཅས་པ་སྔོན་དུ་སོང་ནས་སྨིན་བྱེད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསུམ་པ་གསོལ་བ་གདབ་པ་ནི། ཞེས་སོགས་ནས་གོང་དུ་དབང་གི་སྐབས་སུ་ཇི་སྐད་སྨྲོས་པ་ཐམས་ཅད་སྐབས་འདིར་ཚང་བར་གཏོང་བ་ལས། ཁྲུས་ཀྱི་སྐབས་མཚམས་སྦྱོར་གྱི་ཚིག་སྦྱིན་པའི་བདག་པོ་ཞེས་པའི་གནས་སུ་ཚེ་ལས་འདས་པ་ཞེས་སྦྱར་བ་དང་། དབང་བསྐུར་དངོས་གཞིའི་སྐབས་བསྡུ་ན་བུམ་དབང་ཁོ་ན་དང་། ལྷ་དབང་། བཟླས་ལུང་བཅས་གཙོ་བོ་ཁོ་ནས་འཐུས་ཤིང་། རྗེས་མཐའ་རྟེན་རིགས་ཀྱང་དོར་བས་ཆོག་པས། གསོལ་གདབ་ནས་གཟུང་། ཐུགས་མེ་ལོང་ལས་ངོ་སྤྲད་དབང་བསྐུར་བ་ཡན་རྫོགས་པར་བྱས་རྗེས། དེ་རྣམས་ཀྱི་སྒོ་ནས་དབང་གི་དངོས་གཞི་ལེགས་པར་གྲུབ་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །སླར་ཡང་ལུས་ལོངས་སྤྱོད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟ་བུའི་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད། དེ་ལྟར་སྡིག་པ་སྦྱོང་ཞིང་དབང་བསྐུར་པ་ལ་བརྟེན་ནས་དམིགས་ཡུལ་དེ་ཉིད་ལྷ་དང་སྐལ་པ་མཉམ་པར་གྱུར། ཅེས་མོས། གསུམ་པ་རྗེས་རིམ་ལའང་ལྔ། ཟས་གཏད། ཆོས་བཤད་ལམ་བསྟན། གནས་སྤར། བྱང་བུ་སྲེག་པ། སྨོན་ལམ་གདབ་པའོ། །དང་པོ་ནི། འདོད་ཡོན་བཟའ་བཏུང་སྣ་ཚོགས་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ལ། ཨོཾ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ གཟུགས་མཛེས་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཨཱཿཧཱུྃ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ སྒྲ་སྙན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ དྲི་ཞིམ་རྒྱ་མཚོའི་སྤྲིན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ རོ་མཆོག་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་ར་ས་ཨཱཿཧཱུྃ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ རེག་འཇམ་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་སྤརྴེ་ཧཱུྃ༔ ཞེས་སམ། བསྡུ་ན། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུྃ༔ ཞེས་བསྔོ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། གཉིས་པ་ཆོས་བཤད་ལམ་བསྟན་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང༔ སྣང་བ་མཐའ་ཡས་ཡེ་ཤེས་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ ཅེས་སོ། །གསུམ་པ་གནས་སྤར་བ་ནི། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་འཁྲུངས་པ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། བདེ་བ་ཅན་གྱི་ཞིང་དུ་སོང་ནས་འོད་དཔག་མེད་པའི་ཐུགས་ཀར་ཐིམ་པས་རྒྱལ་བའི་དགོངས་པ་དང་རོ་གཅིག་པར་གྱུར་པར་མོས་ལ་མཉམ་པར་གཞག་གོ །བཞི་པ་བྱང་བུ་སྲེག་པ་ནི། ནུབ་ཐ་མར། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་མོས་ལ་མེ་སྦར་ཞིང་། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རིག་པ་ཡེ་ཤེས་སྣང་བ་ཡིས༔ ཚེ་འདས་ཉོན་མོངས་བག་ཆགས་ཀུན༔ རང་བྱུང་ཆོས་སྐུའི་ཀློང་དུ་བསྲེག༔ ཨ་ཨ་ཨ༔ གཟུངས་སྔགས་ཚང་མའམ་ཀཾ་ཀ་ནིའི་མཐར། ཨགྣ་ཡེ་ཛྭ་ལ་རཾ། ཞེས་དང་། རང་སྣང་རིས་མེད་གཏིང་གསལ་ཀ་དག་གི་དགོངས་པ་ལས་མ་གཡོས་པར་ཟག་བཅས་ཕུང་པོ་ཟག་མེད་དབྱིངས་སུ་སྦྱང་། བྱང་ཐལ་འཇིམ་པ་གཙང་མ་དང་སྦྱར་བར་གཟུངས་ཀྱི་དྲི་ཆབ་བླུགས་ལ་སཱཙྪ་གདབ་ཅིང་རབ་ཏུ་གནས་ལ་གཙང་མའི་གནས་སུ་བཞག་གོ །ལྔ་པ་སྨོན་ལམ་གདབ་པ་ནི། བཟང་པོ་སྤྱོད་པ་སོགས་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་བྱེ་བྲག་པས་མཚམས་སྦྱར་ཞིང་། འཁོར་གསུམ་རྣམ་པར་མི་རྟོག་པའི་བསྔོ་བས་རྒྱས་གདབ་བོ། །དེ་ལྟར་ཚུལ་བཞིན་ནན་ཏན་དུ་བསྒྲུབས་པའི་དགོས་པའི་ཁྱད་པར་ནི། གཞུང་ལས། དེ་ལྟར་བདུན་ཕྲག་ལ་སོགས་པར༔ བསྙེན་རྫོགས་ནུས་དང་སྙིང་བརྩེ་བའི༔ སློབ་དཔོན་རྣལ་འབྱོར་ལྡན་པས་བྱ༔ མཚམས་མེད་སྤྱད་པའི་འགྲོ་བ་ཡང༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་གནས་སུ་ངེས་འདྲོངས་ན༔ དགེ་བའི་ས་བོན་ལྡན་པ་དག༔ བདེ་འགྲོར་སྐྱེ་བ་སྨྲོས་ཅི་དགོས༔ དད་དང་དམ་ཚིག་སྲུང་བ་ནི༔ དག་པའི་ཞིང་དུ་དབུགས་འབྱིན་བྱེད༔ ཅེས་རྡོ་རྗེའི་གསུང་ལུང་རིགས་ཀྱིས་གྲུབ་པ་སྟེ་ཡིད་ཆེས་ངེས་པའི་ཚད་མའོ། །དེ་ལྟར་ཁྲིགས་སུ་བསྡེབས་པའི་ལས་བྱང་འདི་ནི། རང་དོན་བསྙེན་སྒྲུབ། གཞན་དོན་དབང་དང་གནས་ལུང་། གཉིས་ཀའི་དོན་རིལ་བུའི་སྒྲུབ་པ་ཆེན་པོ་དང་། འཕགས་པ་རིགས་བཞི་ལ་བསྟེན་པའི་གྲོལ་བ་བཞིའི་སྒྲུབ་པ་ལའང་ལས་ཀྱི་སེམས་དཔའ་གོ་འཕོ་བ་ཙམ་ལས་ཁྱད་པར་མེད་པར་འཇུག་པས། སྤྱིའི་ཁོག་དབུབ་ཆེན་པོ་ཉིད་དུ་རིགས་པར་བྱ་ཞིང་། ཕྱི་མ་རྣམས་གསལ་བར་བྱེད་པའི་ལག་ལེན་གྱི་ཡི་གེ་གཉིས་པ་ལས་རྟོགས་པར་འཚལ་ལོ། །འགྲོ་བ་སྒྲོལ་ལ་དེ་བཞིན་གཤེགས་པ་རྣམས། །མཐུ་སྟོབས་མཚུངས་ཀྱང་སྨོན་ལམ་ཁྱད་པར་ཅན། །མཆོག་གྱུར་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཐབས། །དབུལ་པོས་ནོར་བུ་བཞིན་དུ་བསྟེན་པར་བྱོས། །ཟབ་གསང་ཉི་མའི་དཔལ་འདིས་ས་གཞིའི་ཁྱོན། །རབ་སྣང་སྲིད་པའི་ཆུ་བོ་བཞི་སྐེམ་པ། །དེ་སྲིད་བྱིན་རླབས་དྲོད་འབར་གྲོལ་བཞིའི་ལམ། །ལུས་ཅན་ཀུན་ལ་མི་འགྲིབ་རྟག་སྦྱིན་ཤོག །ཅེས་པ་འདིའང་༧སྤྲུལ་པའི་གཏེར་ཆེན་ཉིད་དང་༧ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་ཀྱིས་ཡང་ཡང་རྗེས་སུ་གནང་བ་དང་། ཆོས་རྒྱལ་མུ་ཏིག་བཙན་པོ་གནམ་སའི་དབང་ཕྱུག་ལྷ་རིགས་ཀྱི་ཐིག་ལེར་སྨིན་པ་སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སྲས་ཡུམ་གྱི་གསུང་བསྐུལ་རྗེས་སུ་བསྒྲུབ་བསླད། པདྨའི་རྒྱལ་ཚབ་ཉིན་བྱེད་དབང་པོས་རྗེས་སུ་བཟུང་བ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་འཇིག་རྟེན་དབང་ཕྱུག་རིམ་བྱོན་གྱི་ཕོ་བྲང་འོག་མིན་མཚུར་ཕུའི་གདན་ས་ཆེན་པོར་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ། སླར་ཡང་ཟབ་མོའི་ཆོས་ཚུལ་འདི་ཉིད་ལ་སྔོན་སྨོན་གྱིས་མཐུ་གྲུབ་པ་རྣམ་འདྲེན་བསྟན་པའི་ཉི་མ་བྲང་ཏི་མཁས་པའི་རིགས་འཁྲུངས་ཤྲཱི་ཨེ་ཝཾ་པ་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་སླད་བཀླགས་པས་གྲུབ་པར་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
དཔལ་ལྡན་སྲོག་གི་བདུད་མོ་མཆེད་ལྔའི་མངོན་རྟོགས་མཆོད་འགྲིགས་སྤུ་གྲི་རེག་གཅོད་ (Volume 38, Text 35)
༄༅། །དཔལ་ལྡན་སྲོག་གི་བདུད་མོ་མཆེད་ལྔའི་མངོན་རྟོགས་མཆོད་འགྲིགས་སྤུ་གྲི་རེག་གཅོད་བཞུགས་སོ། ། སྲོག་བདག་མ་ལ་ཕྱག་འཚལ་ལོ། །བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་ཁཾ་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ལས་གྲུབ་པའི་ཁང་སྒྲོམ་ནག་པོ་གྲུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་དུ་གཏི་མུག་གི་མུན་པ་འཐིབས་པ། འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ། ང་རྒྱལ་གྱི་བྲག་རི་གཤིབས་པ། ཕྲག་དོག་གི་རླུང་ནག་འཚུབས་པ། ནད་ཀྱི་ན་བུན་འཐིབས་པ། དུག་གི་རླངས་པ་འཐུལ་བ། མཚོན་གྱི་བུ་ཡུག་འཚུབས་པ། ཕྱི་ནས་སྐྱབས་པ་ནང་དུ་མི་ཐར་བ། ནང་ནས་བྲོས་པ་ཕྱིར་མི་ཐར་བ། དེའི་ནང་དུ་དགྲ་བགེགས་བྱད་མ་གན་རྐྱལ་དུ་མནན་པའི་སྟེང་དུ། དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་མ་འཁྱིལ་བའི་དབུས་སུ་མ་བྷྱོ་ཛཿཡོངས་སུ་གྱུར་པ་ལས། གསོད་བྱེད་ལྷ་མོ་སྐུ་མདོག་ནག་མོ། སྲིན་མོའི་གདོང་པ་ཅན། ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་སྨ་ར་བ་སྤུ་ཐམས་ཅད་མཚོན་ཆར་འདུག་པ། ཕྱག་གཡས་རལ་གྲི །གཡོན་རྩེ་གསུམ། མི་ལྤགས་རློན་པའི་སྟོད་གཡོགས་གསོལ་བ་མི་མགོ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། དགྲ་བོའི་གློ་སྙིང་ཞལ་དུ་གསོལ་ཞིང་། འཇིགས་སུ་རུང་བ། དེའི་གཡས་སུ་གསོད་བྱེད་ལྷ་མོ་དམར་མོ་ཅེ་སྤྱང་གི་གདོང་པ་ཅན། རོ་ལ་བཅིབས་པ། གཡོན་དུ་ལྷ་མོ་སྨུག་ནག་ཝའི་གདོང་པ་ཅན། དེ་གཉིས་ཀས་གཡས་གྲི་གུག་གཡོན་ཞགས་པ་བསྣམས་པ། མདུན་དུ་ལས་མཁན་མ་ལྗང་ནག་འུག་པའི་གདོང་པ་ཅན། མིག་གཉིས་ཉི་ཟླའི་ཟེར་བས་རྣོ་བ། རྒྱབ་ཏུ་ཁམ་ནག་དྲེད་མོང་གི་གདོང་པ་ཅན། རྐང་ལག་གནམ་ལྕགས་ཀྱི་སྡེར་མོ་ཅན། དེ་གཉིས་ཀ་ཡང་གཡས་རལ་གྲི་གཡོན་རྩེ་གསུམ་བསྣམས་པ། དེ་ཐམས་ཅད་ཀྱང་གཙོ་མོའི་ཆ་བྱད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། མི་ལྤགས་རློན་པས་སྟོད་གཡོགས། ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ། དགྲ་བོའི་གློ་སྙིང་ཞལ་དུ་གསོལ་བ། ཤིན་ཏུ་ཁྲོས་ཤིང་གཏུམ་པ། འཁོར་ཤ་ཟ་འབུམ་སྡེ། མ་མོ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ། བཞེངས་པའི་གར་སྟབས་ཀྱིས་བཞུགས་པའོ། །ཐུགས་ཀར་མ་བྷྱོ་ཛཿའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སྲོག་བདུད་ལས་ཀྱི་མ་མོ་འཁོར་དང་བཅས་པ་ཐམས་ཅད། མ་བྷྱོ་ཛཿས་པ་རི་བཱ་ར་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། མ་ཧཱ་མཱཾ་ས། རཀྟ། ཙིཏྟ། བ་སུ་ཏ། གོ་རོ་ཙ་ན། ཀིཾ་ནི་རི་ཏི། པཉྩ་ཨ་མྲྀཏ། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བསྟོད་བསྐུལ་ནི། བྷྱོ། ཐོད་མཁར་ནང་ན་སྐུ་བཞུགས། ཞེས་སོགས་དང་། སྤྱན་འདྲེན་ནི་འདི་སྐད་དོ། །བྷྱོ། དུར་ཁྲོད་རྡ་ར་ལི་ཞེས་བྱ་བ་ན། །ཉིན་མོ་དུད་པས་བར་སྣང་འཁྲིགས། །མཚན་མོ་རླུང་འཚུབས་མེ་ལྟར་འབར། །འཇིགས་སུ་རུང་བའི་དུར་ཁྲོད་ནས། །དཔལ་ལྡན་ལྷ་མོ་སྲིན་མོ་ཡང་།་་་ནག་མོ་ཆེན་མོ་མི་སྲུན་མ། གསོད་བྱེད་ལྷ་མོ་གཤེགས་སུ་གསོལ། །ཤ་ལ་ཟ་ཞིང་ཁྲག་ལ་འཐུང་། །ཉིན་རེ་མི་བརྒྱ་གསོད་པ་མོ། །མཚན་མོ་ཡང་ནི་བརྒྱ་བརྒྱ་གསོད། །ཤ་ཟ་ཌཱ་ཀི་གཤེགས་སུ་གསོལ། །རྫུ་འཕྲུལ་ནུས་པ་དཔག་མེད་ཀྱང་། །ཕྱི་རབས་དོན་དུ་གནང་ཕྱིར་ཀྱང་། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །སྲོག་བདུད་ནག་མོ་གཤེགས་སུ་གསོལ། །དམར་མོ་ཅེ་སྤྱང་གདོང་ཅན་གཤེགས་སུ་གསོལ། །སྨུག་ནག་ཝ་ཡི་གདོང་ཅན་གཤེགས་སུ་གསོལ། །ལྗང་ནག་འུག་པའི་གདོང་ཅན་གཤེགས་སུ་གསོལ། ཁམ་ནག་དྲེད་མོང་གདོང་ཅན་གཤེགས་སུ་གསོལ།་་་དམར་མོ་གཅན་གདོང་གཤེགས་སུ་གསོལ། །།སྨུག་ནག་ཝ་གདོང༴ ལྗང་ནག་འུག་གདོང༴ ཁམ་ནག་དྲེད་གདོང༴ བསྟན་སྲུང་ནག་མོ་འཁོར་བཅས་རྣམས། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །མ་བྷྱོ་ཛཿབཛྲ་ས་མ་ཡ་ཛ་ཛཿ དེ་ལྟར་འབོད་པའི་སྔགས་ཀྱིས་སྤྱན་དྲངས་ནས། ཨརྒྷཾ་སོགས་ཀྱིས་མཆོད་པ་འབུལ། བྷྱོ། ཐོད་མཁར་ནང་ན་སྐུ་བཞུགས་པའི། །མཐིང་ནག་མི་སྲུན་སྲིན་མོའི་གདོང་། །གསོད་བྱེད་དམར་མོ་ཅེ་སྤྱང་གདོང་། །ལྷ་མོ་སྨུག་ནག་ཝ་ཡི་གདོང། །ཤ་ཟ་ལྗང་ནག་འུག་པའི་གདོང་། །སྒྲོལ་བྱེད་ཁམ་ནག་དྲེད་མོང་གདོང་། །ཤ་ཟ་ཁྲག་འཐུང་འབུམ་དང་ནི། །ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། མ་ཧཱ་མཱཾ་ས་ལ་ཁཱ་ཧི། བྷྱོ། དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། ཁྲག་གི་ཡོན་ཆབ་དམ་པ་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །དབང་པོ་ལྔ་ཡི་མེ་ཏོག་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །ཤ་ཆེན་གསུར་གྱི་བདུག་སྤོས་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །ཞུན་ཆེན་གསལ་བའི་མར་མེ་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །མཁྲིས་ལས་སྐྱེས་པའི་དྲི་ཆབ་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །རྐང་ལས་སྐྱེས་པའི་ཞལ་ཟས་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །རྐང་དུང་ཐོད་རྔ་རྔེའུ་ཆུང་འདི། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །དགྲ་བགེགས་རྣམས་ནི་བསྒྲལ་པ་ཡི། །གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱའི་ཚོགས། །འདོད་པའི་ཡོན་ཏན་ལྔ་པོ་ཡང་། །ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །མ་བྷྱོ་ཛཿ ཨརྒྷཾ་སྭཱ་ཧཱ། པཱ་དྱཾ༴ པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བིདྱ༴ ཤབྡ་སྭཱ་ཧཱ། ལ་སོགས་པས་མཆོད་ནས། བསྟོད་པ་ནི། མ་བྷྱོ་ཛཿ གནམ་ལྕགས་ཁང་སྒྲོམ་འབར་བ་ལ། །ཕྱི་ནས་ཞེ་སྡང་མེ་འབར་ལྷབས་སེ་ལྷབ། །ནང་ན་གཏི་མུག་མུན་པ་ཐིབས་སེ་ཐིབ། །འདོད་ཆགས་ཁྲག་གི་མཚོ་མོ་ཀྱི་ལི་ལི། །ང་རྒྱལ་བྲག་རི་དམར་པོ་ཁྲ་ལ་ལ། །ཕྲག་དོག་རླུང་ནག་འཚུབ་མ་འུ་རུ་རུ། །ནད་ཀྱི་ན་བུན་ནག་པོ་ཐིབས་སེ་ཐིབ། །དུག་གི་རླངས་པ་ནག་པོ་ཕྱུ་རུ་རུ། །མཚོན་ཆ་སྣ་ཚོགས་བུ་ཡུག་ཚུབས་སེ་ཚུབ། །ཕྱི་ནས་སྐྱབས་པ་ནང་ན་མི་ཐར་ཞིང་། །ནང་ནས་བྲོས་པ་ཕྱི་རུ་ཐར་མི་སྲིད། །དེ་ནང་དགྲ་བགེགས་གན་རྐྱལ་མནན་པའི་སྟེང་། །དུར་ཁྲོད་ཐོད་མཁར་མེ་རླུང་འཁྱིལ་བའི་དབུས། །དཔལ་ལྡན་ལྷ་མོ་གསོད་བྱེད་འཇིགས་པའི་གཟུགས། །ཞལ་གཅིག་ཕྱག་གཉིས་སྲིན་མོའི་གདོང་པ་ཅན། །ཕྱག་གཡས་རལ་གྲིས་དམ་ཉམས་སྲོག་རྩ་གཅོད། །གཡོན་པས་རྩེ་གསུམ་དམ་ཉམས་སྙིང་རྗེན་གཏུར། །སྤྱན་གསུམ་སྡང་མིག་གདུག་པའི་བྱ་ར་བྱེད། །དབུ་སྐྲ་སྨ་ར་བ་སྤུ་མཚོན་ཆར་འབར། །མཆེ་བ་བཞི་གཙིགས་ཁྲག་གི་ཁ་ཆུ་འཛག །སྡང་བྱེད་དམ་ཉམས་གློ་སྙིང་ཞལ་དུ་གསོལ། །ཤངས་ནས་ཐོག་མདའ་མཚོན་གྱི་བུ་ཡུག་འཚུབས། །མི་ལྤགས་རློན་པའི་སྟོད་གཡོགས་སྐུ་ལ་གསོལ། །མི་མགོ་ཁྲག་འཛག་ལྔ་བཅུའི་དོ་ཤལ་མཛད། །ཨག་ཚོམ་མེ་འབར་སྐན་སྒྲ་ཆེམས་སེ་ཆེམ། །ཆིབས་སུ་རླུང་འཆིབ་སྟོང་གསུམ་སྐད་ཅིག་བསྐོར། །དམ་ཉམས་ཤ་ཟ་ཀླད་ཁྲག་གསོལ་བྱེད་མ། །སྲོག་གཅོད་བདུད་མོའི་སྐུ་ལ་ཕྱག་འཚལ་བསྟོད། །བྷྱོ། གཡས་ཀྱི་ལས་མཁན་དམར་ནག་ཅེ་སྤྱང་གདོང་། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཞགས་པ་འདེབས། །རོ་ལ་འཆིབ་ཅིང་དམ་ཉམས་ཤ་ལ་ཟ། །ཤན་པ་སྲོག་གཅོད་ཁྱེད་ལ་ཕྱག་འཚལ་བསྟོད། །གཡོན་གྱི་ཕོ་ཉ་སྨུག་ནག་ཝ་ཡི་གདོང་། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཞགས་པ་འཕེན། །དུར་ཁྲོད་འགྲིམ་ཞིང་མི་ཡི་བླ་ཚེ་ལེན། །དགྲ་བགེགས་གསོད་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །མདུན་གྱི་ལས་མཁན་ལྗང་ནག་འུག་པའི་གདོང་། །ཞལ་གཅིག་ཕྱག་གཉིས་རལ་གྲི་རྩེ་གསུམ་བསྣམས། །སྤྱན་ནི་རྣོ་ཞིང་དགྲ་བོའི་མིག་འབྲུ་མ། །ལྟས་ངན་གཏོང་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱབ་ཀྱི་ཕོ་ཉ་ཁམ་ནག་དྲེད་མོང་གདོང་། །ཞལ་གཅིག་ཕྱག་གཉིས་རལ་གྲི་རྩེ་གསུམ་བསྣམས། །ལྕགས་ཀྱི་སྡེར་མོས་དགྲ་བགེགས་གློ་སྙིང་འདྲེན། །བདུད་མོ་སྒྲོལ་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །བྷྱོ། སྲོག་གི་བདག་མོ་དཔོན་གཡོག་འཁོར་བཅས་རྣམས། །མ་གཡེལ་མ་གཡེལ་ལྷ་མོ་སྲུང་མའི་ཚོགས། །སྔོན་གྱི་བདེ་བར་གཤེགས་པའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ཚིག་དགོངས་མཛོད་ལ། །མ་ལྟར་བསྟེན་ནོ་ལྷ་མོ་བྱམས་མ་གཡེལ། །སྲིང་ལྟར་བསྟེན་ནོ་ལྷ་མོ་སྙིང་མ་རིང་། །མཛའ་ལྟར་བསྟེན་ནོ་ལྷ་མོ་གཞུང་མ་ངན། །བྲན་ལྟར་བསྟེན་ནོ་ལྷ་མོ་ལས་མ་གཡེལ། །འབོད་པའི་དུས་ན་ལྷ་མོ་སྙན་མ་སྲ། །གཡབ་པའི་དུས་ན་ལྷ་མོ་སྤྱན་མ་རྟུལ། །སྒྲུབ་པའི་དུས་ན་ལྷ་མོ་མཐུ་མ་ཆུང་། །རྦད་པའི་དུས་ན་ལྷ་མོ་རྩལ་མ་ཞན། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་ཡི་ཡུལ་དུ་དམག་སྣ་དྲོངས། །དམ་ཉམས་དགྲ་བོ་ལས་ངན་འཁོར་བཅས་འདིས། །སངས་རྒྱས་བསྟན་པ་གཉན་པོ་འདི་ཡིས་བཤིགས། །དཀོན་མཆོག་དབུ་འཕང་གཉན་པོ་འདི་ཡིས་སྨད། །བདག་གི་དགེ་བའི་བར་དུ་འདི་ཡིས་བཅད། །དེ་བས་དགྲ་བོ་བསྒྲལ་བའི་ཞིང་ཡིན་པས། །མ་གཡེལ་མ་གཡེལ་ལྷ་མོ་འཁོར་བཅས་རྣམས། །རྒྱུག་རྒྱུག་བྲེང་བྲེང་དགྲ་བོའི་སྟེང་དུ་རྒྱུགས། །དམ་ཉམས་དགྲ་བོ་ལས་ངན་འཁོར་བཅས་ཀྱི། །ཤ་རུས་ཕྱེས་ལ་དོན་སྙིང་ནང་ཁྲོལ་དྲོངས། །སྲོག་རྩ་ཆོད་ལ་སྙིང་ཁྲག་ཁོང་ནས་འཇིབས། །གདོང་གི་འོད་འཕྲོག་ཁོང་དབུགས་ལོང་ལ་ཤོག །མཆན་གྱི་བུ་སོད་ལུས་སེམས་ཕྲོལ་ལ་ཐོངས། །འོག་གི་རྟ་སྒྱེལ་ཆུང་མ་གསོད་པར་གྱིས། །རིགས་རྒྱུད་རྩད་ཆོད་གདུང་རྒྱུད་རྨང་ནས་སྐོམས། །ཡུལ་ཞིང་བང་ཁང་ཐམས་ཅད་ས་དང་སྲེས། །མི་ནོར་འཁོར་བཅས་ལྷག་མ་མེད་པར་བཞེས། །ས་གཞི་རྡུལ་བཅས་རྗེས་མེད་ཉིད་ལ་ཐོངས། །དེ་ལྟར་མ་བྱས་ལྷ་མོ་དམ་ཚིག་ཉམས། །དེ་བས་དམ་ཚིག་སྲུང་བའི་དུས་ལ་བབ། །སངས་རྒྱས་བསྟན་པ་སྲུང་བའི་དུས་ལ་བབ། །དཀོན་མཆོག་དབུ་འཕང་བསྟོད་པའི་དུས་ལ་བབ། །བླ་མའི་སྐུ་ཚེ་བསྲིང་བའི་དུས་ལ་བབ། །རྣལ་འབྱོར་བར་ཆད་བསལ་བའི་དུས་ལ་བབ། །བདག་གི་ཕྲིན་ལས་སྒྲུབ་པའི་དུས་ལ་བབ། །དམ་ཉམས་དགྲ་བོ་བསྒྲལ་བའི་དུས་ལ་བབ། །དེ་བས་ནག་མོ་ཆེན་མོ་འཁོར་བཅས་རྣམས། །རྣལ་འབྱོར་བཅོལ་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །མ་མོ་ནག་མོ་འཁོར་དང་བཅས་པ་ལ། །གུས་པའི་ཚུལ་གྱིས་བདག་གིས་ཕྱག་འཚལ་བསྟོད། །རང་གི་མདུན་དུ་མ་མོ་ནག་མོ་ཤིན་ཏུ་ཁྲོ་ཞིང་གཏུམ་པ། གཙོ་མོ་འདྲ་བ་འབུམ་ཕྲག་དུ་མ་བསམ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མ་མོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་བར་བསམ་ལ། དགྲ་བགེགས་ཐམས་ཅད་དབང་མེད་དུ་བཀུག་ཅིང་། བཀའ་ཉན་གྱི་ཚུལ་དུ་བསྐྱེད་ལ། སྔགས་འདི་བགྲང་ངོ་། །ཨོཾ་ཁྱི་ཁ་ལེ་ནག་མོ་དགྲ་བོ་ཛཿ སྲོག་ལ་མ་ཏྲི་ཛཿ སྙིང་ཁ་ལ་བཾ་ཛཿ ཙ་པ་ལ་རུ་ལུ་ཛཿ ཡ་ཡ་ཛཿ གྷ་ཡ་ཛཿ ནྲྀ་ཡ་ཛཿ རག་མོ་ཙེ་ཙེ་ཏི་སྟ་དགྲ་བོའི་ཙིཏྟ་ལ་རྦད་རྦད་ཛཿ རག་མོ་ཙི་ཙི་ཏི་སྟ་དགྲ་བོའི་ཙིཏྟ་ལ་རྦུད་རྦུད་ཛཿ རག་མོ་རག་མོ་གཟིར་ནན༔ ཁོང་དབུགས་གཟིར་དྲོངས། དགྲ་བོའི་ཙིཏྟ་ལ་མྱག་ཐུཾ་རིལ་རྦད་སོད་མ་ཛ་ཛཿ དུས་བཞིར་གཏོར་མ་འབུལ། རྩ་སྔགས་ཀྱི་མཐར་དགྲ་བགེགས་ཀྱི་མཱཾ་ས་ལ་ཁཱ་ཧི་སོགས་ཀྱིས་བསྔོའོ། །དེ་ནས་བསྐུལ་བ་ནི། མ་བྷྱོ་མ་བྷྱོ་མ་བྷྱོ། མ་མོ་སྡང་བའི་དགྲ་ལ་བྷྱོ། །མ་མོ་གནོད་པའི་བགེགས་ལ་བྷྱོ། །མ་མོ་བར་ཆད་རྐྱེན་ལ་བྷྱོ། །བྷྱོ། མཁའ་འགྲོ་ནག་མོ་མི་བསྲུན་མ། །ཤ་ཟ་ཁྲག་མིག་སྲིན་མོའི་གདོང་། །འཇིགས་པའི་གཟུགས་ལ་རྔམ་པའི་སྐུ །སྐུ་མདོག་ནག་མོ་ཆར་སྤྲིན་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་ན་གཅོད་བྱེད་མཚོན་ཆ་བསྣམས། །ཆིབས་སུ་སྲིད་པའི་རླུང་ལ་བཅིབས། །མྱུར་མགྱོགས་སྟོབས་ཀྱིས་དགྲ་བགེགས་སྒྲོལ། །རལ་པ་མཚོན་ཆ་ཤ་ར་ར། །གཅེར་བུ་མི་ལྤགས་གོས་སུ་གྱོན། །དགྲ་བོའི་གློ་སྙིང་དམར་པོ་ནི། ཁྲག་འཛག་རྒྱུན་དུ་ཞལ་དུ་གསོལ། ཁྲག་གི་ཁ་ཆུ་ཙ་ར་ར། །ལྗབ་ལྗབ་ལྗིབ་ལྗིབ་ཁྲག་ལ་འཐུང་། ཁྲམ་ཁྲམ་ཁྲུམ་ཁྲུམ་རུས་ལ་མུར། །རྐན་རྡེབ་དགྲ་བོའི་ལྷུ་ཚིགས་ཕྱེས། །སྤྱན་མིག་དམར་པོ་གློག་ལྟར་འཁྱུགས། །ཨག་ཚོམ་དམར་སེར་མེ་ལྟར་འབར། །མི་ཡི་མགོ་སྙིང་ཞལ་དུ་གསོལ། །སོ་དང་མཆེ་བ་སྤུ་གྲིའི་སོ། །བ་སྤུ་མཚོན་ཆའི་བུ་ཡུག་འཚུབས། །ཤངས་ནས་མཚོན་ཆ་འཚུབ་མ་འགྱེད། །སྨ་ར་མཚོན་ཆ་མེ་ལྟར་འབར། །རེག་པས་དགྲ་བོ་རྡུལ་དུ་བརླག །མི་མགོ་རློན་པའི་དོ་ཤལ་བྱས། །མཁའ་འགྲོ་ནག་མོ་མི་བསྲུན་མ། །མ་འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །དགྲ་བགེགས་ཀྱི་ཤ་ཁྲག་གཏོར་མ་བཞེས། །ཐུགས་དམ་བསྐངས་ལ་ཕྲིན་ལས་མཛོད། །རྒྱལ་བའི་བཀའ་ལས་མ་འདའ་བར། །དགྲ་བོའི་ཤ་ཟོ་ཁྲག་ལ་ཐུངས། །དགྲ་བོ་ཁྲག་སྐྱུག་ནད་ཀྱིས་སོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། གཡས་ན་རྒྱུག་པའི་ལས་མཁན་མ། །གསོད་བྱེད་ནག་མོ་ཅེ་སྤྱང་གདོང་། །རོ་ལ་ཆིབས་ཤིང་ཤ་ལ་ཟ། །དམ་ཉམས་དགྲ་བོའི་ཤ་ལ་ཟོ། །བྷྱོ། གཡོན་ན་རྒྱུག་པའི་ལས་མཁན་མ། །སྨུག་ནག་ཝ་ཡི་གདོང་པ་ཅན། །དུར་ཁྲོད་འགྲིམ་ཞིང་མི་ཤ་ལེན། །དམ་ཉམས་དགྲ་བོའི་བླ་ཚེ་ལོངས། །བྷྱོ། མདུན་ན་རྒྱུག་པའི་ལས་མཁན་མ། །ཤ་ཟ་ལྗང་ནག་འུག་པའི་གདོང་། །མིག་གཉིས་ཉི་མའི་ཟེར་བས་རྣོ། །དགྲ་བོའི་མིག་འབྲས་རྩད་ནས་ཆོད། །བྷྱོ། རྒྱབ་ན་རྒྱུག་པའི་ལས་མཁན་མ། ཁམ་ནག་དྲེད་མོང་གདོང་པ་ཅན། །རྐང་ལག་གནམ་ལྕགས་སྡེར་མོ་ཅན། །ལྕགས་སྡེར་མཚོན་ཆས་གློ་སྙིང་འདྲེན། །ལས་མཁན་ཆེན་མོ་མཆེད་བཞི་ནི། །ཀུན་ཀྱང་གཙོ་མོའི་ཆ་བྱད་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་ན་གཅོད་བྱེད་མཚོན་ཆ་བསྣམས། །ཆིབས་སུ་སྲིད་པའི་རླུང་ལ་འཆིབ། །མྱུར་མགྱོགས་སོགས་བྱས་ཀྱང་རུང། མ་བྱས་ཀྱང་རུང་། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། སྲོག་བདུད་ནག་མོ་མཆེད་ལྔ་ཡང་། །སྐད་ཅིག་སྟོང་གསུམ་ཉུལ་བར་བྱེད། །ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར། ཁམས་གསུམ་མ་ལུས་ཟས་སུ་ཟ། །སྲིད་གསུམ་མ་ལུས་སྐོམ་དུ་འཐུང་། །ཤ་ཟ་དཔོན་གཡོག་འཁོར་བཅས་རྣམས། །མ་གནས་འདིར་བྱོན་ལ་མཆོད་པ་བཞེས། །དམ་རྫས་བརྒྱན་པའི་གཏོར་མ་བཞེས། །དགྲ་བོའི་ཤ་ཁྲག་གཏོར་མར་བཞེས། །མ་ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །ཕོ་ཉ་གཏོང་བའི་དུས་ལ་བབ། །མ་གཡེལ་མྱུར་དུ་དགྲ་བོ་སོད། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །སྔོན་ཚེ་བདེ་གཤེགས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བཀའ་དང་དམ་ལ་མ་འདའ་བར། །བདག་ལ་སྡང་བའི་དགྲ་བོ་འདིའི། །སྲོག་རྩ་དམར་པོ་རྩད་ནས་ཆོད། །སྙིང་རྗེན་དམར་པོ་དུམ་བུར་གཏུབས། །སྙིང་ཁྲག་དམར་པོ་ས་དང་སྲེས། །ཕྱི་ཡི་གཟུགས་ཀྱི་ཕུང་པོ་གཏུབས། །ནང་གི་རྩ་རྒྱུས་དྲྭ་བ་ཁྲོལ། །ཕ་ཚན་ནང་ན་སྐྱ་ལིངས་གྱིས། །མ་ཚན་ནང་ན་གྲི་ལིངས་གྱིས། །འཁོར་བ་ལས་ཀྱི་ཀློང་ནས་གཏོར། །འཇིག་རྟེན་ལྷ་འདྲེས་རྔམས་ཟས་གྱིས། །ལ་ལས་ཕྱི་ཡི་ཚོགས་ལ་རོལ། །ལ་ལས་ནང་གི་ཚོགས་ལ་རོལ། །བེམ་རིག་ཕྲོལ་ལ་ལུས་སེམས་ཕྱེས། །རྣམ་པར་ཤེས་པའི་མར་མེ་དེ། །སྐྱེ་བ་མེད་པའི་དབྱིངས་སུ་སྒྲོལ། །འགག་པ་མེད་པའི་ལམ་དུ་ཁྱེར། །རྒྱལ་ཁ་ཆོས་སྐྱོང་ཁྱོད་ཀྱིས་གྱིས། །སྙན་གྲགས་སྔགས་འཆང་བདག་ལ་བྱིན། །མ་གཡེལ་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །རྫོགས་སོ།། །། ༈ ཤན་པ་སྲོག་སྒྲུབ་ནག་མོའི་སྲོག་དབང་བཞུགས་པའི་དབུ་ཕྱོགས་ལགས་སོ། །རིགས་ཀྱི་ཌཱ་ཀི་ལྔ་ལ་ཕྱག་འཚལ་ལོ། །དཔོན་སློབ་བར་ཆད་མི་འབྱུང་ཕྱིར། །དཀྱིལ་འཁོར་ཆོ་ག་སྒྲུབ་པ་ལ། །ཤན་པ་ནག་མོའི་སྲོག་དབང་བསྐུར། །དེ་ལ་སློབ་དཔོན་ཐམས་ཅད་ཀྱིས། །མདུན་གྱི་ནམ་མཁའི་དཀྱིལ་དག་ཏུ། །འོད་ཕུང་འབར་བ་མཐའ་ཡས་དཀྱིལ། །བླ་མ་ཡི་དམ་ཌཱ་ཀི་དམ་ཅན་ཚོགས། །སྤྲིན་ཕུང་བཞིན་དུ་གཏིབ་པར་བསྒོམ། །མདུན་དུ་ཤན་པ་ནག་མོ་འཁོར་བཅས་བསྐྱེད། །རྒྱལ་བ་རིག་འཛིན་མང་བཞིན་དུ། །ལྡི་རི་བཟླས་རྣམས་འགྲུབ་པར་བསམ། །གཏོར་ཚོགས་མཆོད་པ་རྒྱ་ཆེན་བཤམ། །གཙོ་འཁོར་བཞི་ཡི་གཏོར་དབང་བསྐུར། །གཙོ་མོའི་གཏོར་མ་བླངས་ལ་མགོར་བཞག་ལ། བྷྱོ། མཁའ་འགྲོ་ནག་མོ་མི་སྲུན་མ། །ཤ་ཟ་ཁྲག་མིག་སྲིན་མོའི་གདོང་། །འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ། །ནག་མོ་སྲིད་པའི་མཚོན་ཆ་ཐོགས། །བ་སྤུ་མཚོན་ཆ་བསྐལ་པའི་མེ། །རླུང་ནག་ཞོན་ནས་རལ་པ་སྤྲུགས། །སྲིད་པའི་ཤུགས་རྟགས་མི་ལྤགས་གྱོན། །སྟོང་གསུམ་སྒྲོལ་བྱེད་སྙིང་དམར་ཞལ་དུ་གསོལ། །ཞལ་ནས་ཁྲག་འཛག་ཀྱུ་རུ་རུ། །སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས། །ཨག་ཚོམ་མེ་འབར་འཚུབ་མའི་མཚན་མ་འགྱེད། །མི་མགོའི་དོ་ཤལ་གསོད་བྱེད་རྒྱ་མཚོས་བསྐོར། །ཨོ་རྒྱན་བཀའ་དང་རིག་འཛིན་བླ་མའི་བཀའ། ཁྱད་པར་མཁའ་འགྲོས་དམ་བཏགས་རྗེས་འབྲང་མ། །དབང་བཞི་བཀའ་ལུང་བཀའ་ཡི་བསྟན་པ་སྲུངས། །ཨོཾ་ཁྱི་ཁ་ལེ་ནག་མོས་སོད། སྲོག་མ་ཏྲི་སོད། སྙིང་ཁ་ཁ་བམ། ཡ་ཡ་སོད། རྩ་བ་ནི་རི་མུ་སོད། གྷ་ཡ་སོད། ནྲྀ་ཡ་སོད། རག་མོ་ཙིཏྟ་རྦད། རག་མོ་ཙིཏྟ་རྦུད། དམ་ཚིག་མ་བསྲུང་ན་ཆད་པ་ཆོད་ཅིག །བསྲུངས་ན་སྡོངས་གྲོགས་མཛོད་ཅིག །གཡས་ཀྱི་གཏོར་མ་བླངས་ལ། བྷྱོ། ཤ་ཟ་དམར་མོ་ཅེ་སྤྱང་གདོང་། །རོ་ཞོན་སྙིང་ཁྲག་ཞལ་དུ་གསོལ། །གཡས་ཀྱི་ཤ་ཟ་ལས་མཛོད་ཅིག །གཡོན་གྱི་གཏོར་མ་བླངས་ལ། བྷྱོ། ནག་མོ་ཝ་གདོང་རྔམས་པའི་གཟུགས། །བ་སྤུ་མཚོན་ཆ་སྤུ་གྲིས་གཏམས། །རེ་བས་སྟོང་གསུམ་སྒྲོལ་བྱེད་མ། །ཞགས་པ་སྤུ་གྲིས་གློ་སྙིང་འདྲེན། །ཤ་ཟ་ཁྲག་འཐུང་རྐང་རུས་མུར། །བཀའ་ལུང་རྗེས་འབྲང་ལས་མཛོད་ཅིག །མདུན་གྱི་གཏོར་མ་བླངས་ལ། བྷྱོ། མདུན་ནས་སྲོག་གཅོད་ཤ་ཟ་མོ། །ནག་མོ་འུག་གདོང་གནམ་ལྕགས་སྡེར། ཁྲག་རལ་མཚོན་སྟོང་དགྲ་སྙིང་འབེབ། །མདུན་གྱི་ཤ་ཟས་ཕྲིན་ལས་མཛོད། །རྒྱབ་ནས་གཏོར་མ་བླངས་ལ། བྷྱོ། རྒྱབ་ནས་ཁམ་ནག་དྲེད་གདོང་མ། །གནམ་ལྕགས་མཆུ་སྡེར་སྲོག་རྩ་གཅོད། །སྐད་ཅིག་སྟོང་གསུམ་ཉུལ་བར་བྱེད། །རྐན་སྒྲས་སྲིད་གསུམ་སྙིང་ཁྲག་འཐུང་། །སྟོང་གསུམ་ཟས་ཟ་སྲིད་གསུམ་སྐོམ་དུ་འཐུང་། །གསོད་བྱེད་ནག་མོ་འཁོར་བཅས་ལ། །ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར། །དཔོན་གཡོག་འཁོར་བཅས་ལས་མཛོད་ཅིག །དབང་དང་གདམས་པའི་བཀའ་ལུང་སྒོ་ཕྱེས་ལ། །དམ་ལ་གནས་པས་བཀའ་ཆད་སྲུངས། །ཞེས་དབང་དང་རྗེས་གནང་བྱའོ། །རོལ་མོ་བསྒྲག །དུས་ནི་ཉི་ཤར་རམ། ཕྱེད་ཡོལ། ས་སྲོས། ནམ་ཕྱེད་ཤིས། འདིའི་དུས་སུ་ཚོགས་གཏོར་བཟང་བ་གལ་ཆེ། ཨོ་རྒྱན་བཀའ་ལུང་། ཡེ་ཤེས་མཚོ་རྒྱལ་གྱི་གདམས་པ་ཕྱག་ལེན་མེད་ཐབས་མེད་པ་རྫོགས་སོ། །ཤན་པ་འཁོར་བཅས་བཀའ་ཡི་བྱ་ར་མཛོད། །ལུང་འདི་ཁྲོལ་ལ་འདིའི་ཆོས་ཁོ་ལ་གཏོད། །རང་བཟོ་མ་བྱེད་རྗེས་གནང་བཞིན་དུ་མཛོད། །དགེ་བར་གྱུར་ཅིག །མངྒ་ལཾ།། །།
པདྨ་གར་དབང་མཁའ་འགྲོ་མའི་རྟོག་པ་ལས་ཕྱུང་བའི་ཁམས་གསུམ་དབང་དུ་བྱེད་པའི་མན་ངག་གི་རྒྱུན་གྱི་བསྐྱེད་བཟླས་ཟབ་མོ་བདེ་ཆེན་བདུད་རྩིའི་ཉིང་ཁུ་ (Volume 52, Text 35)
༄༅། །པདྨ་གར་དབང་མཁའ་འགྲོ་མའི་རྟོག་པ་ལས་ཕྱུང་བའི་ཁམས་གསུམ་དབང་དུ་བྱེད་པའི་མན་ངག་གི་རྒྱུན་གྱི་བསྐྱེད་བཟླས་ཟབ་མོ་བདེ་ཆེན་བདུད་རྩིའི་ཉིང་ཁུ་བཞུགས། ། ན་མོ་གུ་རུ་པདྨ་དྷཱ་ཀི་ནཱི་ཡེ། འདིར་ཤིན་ཏུ་ཟབ་པའི་བཅུད་དྲིལ་པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་གསང་སྒྲུབ་ལྷ་སྔགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་མོས་སྒོ་གསུམ་གྱི་གཡོ་འཁྲུལ་བདེ་ཆེན་རྡོ་རྗེའི་གསང་བ་གསུམ་དུ་དབང་བྱེད་པའི་མན་ངག་རྒྱུན་གྱི་རྣལ་འབྱོར་སྙིང་པོའི་ཚུལ་དུ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྦྱོར་བ་བརྒྱུད་འདེབས་ནི། ཀུན་བཟང་ཆོས་སྐུ་མཐའ་ཡས་འོད་དཔག་མེད། །དབང་ཆེན་ཧེ་རུ་ཀ་དཔལ་ལོངས་སྤྱོད་རྫོགས། །སྤྲུལ་སྐུ་རིག་འཛིན་རྡོ་རྗེ་ཆོས་རབ་རྩལ། །ལས་ཀྱི་དབང་མོ་པདྨ་སཾ་བྷ་བ། །ཆོས་རྒྱལ་ཁྲི་སྲོང་ལོ་ཆེན་བཻ་རོའི་ཞབས། །མཁར་ཆེན་མཚོ་རྒྱལ་རོང་ཟོམ་ཆོས་ཀྱི་བཟང་། །པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། །པདྨ་གར་དབང་པདྨ་ཐེག་མཆོག་རྩལ། །འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྲུང་དམ་ཅན་བཅས་ལ་གསོལ་བ་འདེབས། །ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས་ནས་ཀྱང་། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་སྩོལ། །བསྙེན་པས་ཡེ་ཤེས་ལྷ་ཡི་ཐུགས་རྗེས་ཟིན། །སྒྲུབ་པས་གནས་སྐབས་མཐར་ཐུག་དངོས་གྲུབ་ཐོབ། །ཕྲ་མོ་སྣ་ཚོགས་གྲུབ་པ་ཆེན་པོ་བརྒྱད། །མཆོག་གི་ལས་སྦྱོར་མཐའ་རུ་ཕྱིན་པར་ཤོག །སྲིད་ཞིའི་ཁྱབ་བདག་བདེ་ཆེན་ལྷན་ཅིག་སྐྱེས། །བདེན་གཉིས་དབྱེར་མེད་ཡེ་ཤེས་དྷཱ་ཀི་ནཱིའི། །གོ་འཕང་མངོན་གྱུར་རླུང་སེམས་དབྱིངས་སུ་དག །འཁོར་འདས་བརྟན་གཡོ་དབང་དུ་སྒྱུར་བྱེད་ཤོག །ཅེས་མངྒ་ལས་སོ། །ཞེས་དང་། སྐྱབས་སེམས་ནི། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དབང་གི་ལྷ་མོ་ནཱ་གརྫུ་ན་དང༔ པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ གསུང་གི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ན་མོ། བླ་མ་མཆོག་གསུམ་རིག་བྱེད་མར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །པདྨ་མཁའ་འགྲོ་བསྒྲུབ་པར་བགྱི། །ལན་གསུམ་མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་སྦྱང་། གནས་ཡུལ་བདེ་ཆེན་པདྨོ་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ༔ ཞེས་པས་བྱིན་གྱིས་བརླབ། གཉིས་པ་དངོས་གཞི་ལ་གསུམ་ལས། དང་པོ་སྣང་བཅས་ལུས་སྐུའི་རྡོ་རྗེར་དབང་དུ་བྱ་ཕྱིར་ལྷ་བསྒོམ་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་དབྱིངས་ལས་ཡེ་ཤེས་ཀྱི་རང་རྩལ་རྡོ་རྗེ་སྲུང་བའི་འཁོར་ལོ་སྲ་ཞིང་བརྟན་པ་དང་ དུར་ཁྲོད་ཀྱི་བཀོད་པས་ཡོངས་སུ་བསྐོར་བའི་ལྟེ་བར་དབང་གི་ཕོ་བྲང་ཟླ་གམ་སྒོ་གཅིག་པ་གསལ་ཞིང་ཡངས་ལ་རབ་ཏུ་འབར་བའི་དབུས་སུ་ཆོས་འབྱུང་དམར་པོ་ཟུར་དྲུག་པ་ལ་གནས་པའི་སྣ་ཚོགས་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་ཉི་མའི་དཀྱིལ་འཁོར་རེ་རེ༔ དབུས་ཀྱི་གདན་གྱི་སྟེང་དུ་ཧྲཱིཿཡིག་དམར་གསལ་མར་མེ་ལྟར་འབར་བ་ལ་སེམས་ཡུན་རིང་དུ་གཟུང༔ དེ་ལས་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ བརྟན་གཡོ་ཐམས་ཅད་འདར་ཞིང་གཡོས༔ འཁོར་འདས་ཀྱི་དྭངས་བཅུད་རང་དབང་མེད་པར་བསྡུས་ཏེ་ཧྲཱིཿལ་ཐིམ་པས་པདྨ་དམར་པོ་ཧྲཱིཿས་མཚན་པ༔ དེ་ཡོངས་སུ་གྱུར་པ་ལས་པདྨ་མཁའ་འགྲོ་རིག་བྱེད་རྩལ་སྐུ་མདོག་དམར་སྨུག་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་གསལ་ཞིང་ཉི་མ་བྱེ་བའི་མདངས་འོད་འཚེར་བ༔ ཞལ་གཅིག་ཕྱག་བཞི་མ༔ སྤྱན་གསུམ་དམར་ཟླུམ་གཡོན་དུ་གཟིགས་ཤིང་དབུ་སྐྲ་སྣུམ་འབོལ་ལི་ཁྲིའི་མདོག་ཅན་གྱེན་དུ་བརྫེས་པའི་ལྷག་མ་སྐུ་རྒྱབ་ཏུ་སིལ་བུར་གྲོལ་བ༔ སིནྡྷུ་ཝཱ་རའི་མེ་ཏོག་གིས་ཐོད་བཅིངས་ཤིང་ནོར་བུ་དམར་པོའི་ཐོར་ཚུགས་ཀྱིས་བརྗིད་པ༔ ཞལ་བཞད་ཅིང་མཆེ་བ་གཙིགས་པ་ཤིན་ཏུ་ཆགས་ཤིང་ཅུང་ཟད་ཁྲོ་མོའི་ཉམས་དང་ལྡན་པ༔ ནུ་མ་མཁྲེགས་ཤིང་གསང་བའི་པདྨོ་རྒྱས་པ་ལོ་བཅུ་དྲུག་ལོན་པའི་འཇོ་སྒེག་འཆང་བ༔ ཕྱག་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདའ་གཞུ་སྙན་གྱི་དྲུང་དུ་འགེངས་པས་འཁོར་འདས་ཀྱི་སྲོག་རྩ་དབང་མེད་དུ་འདྲེན་པ༔ གཡས་འོག་མས་ཐོད་པའི་ཌཱ་མ་རུ་འཁྲོལ་བའི་སྒྲས་ཁམས་གསུམ་ཐམས་ཅད་འདར་ཞིང་གཡོ་བ༔ གཡོན་འོག་མས་ཀ་པཱ་ལ་ཁྲག་གིས་གང་བ་སྟ་ཟུར་གཡོན་དུ་འཆང་བས་སྲིད་པ་གསུམ་གྱི་ཡིད་རང་དབང་མེད་པར་འཕྲོག་པ༔ མི་མགོ་སྐམ་པོ་ལྔས་དབུར་བརྒྱན་ཅིང་རློན་པ་ལྔ་བཅུས་དོ་ཤལ་འཕྱང་བ༔ རུས་པའི་རྒྱན་ལྔ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་མཛེས་པ༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བརླ་ལ་གཏད་ཅིང༔ གཡོན་བརྐྱངས་པས་ཉི་མ་ལ་གནས་པའི་བམ་རོ་དམར་སེར་མགོ་བོ་གཡོན་དུ་བསྟན་པའི་སྙིང་ག་ནས་བརྫིས་ཤིང་འོད་ཟེར་དམར་པོ་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་རོལ་པ༔ པད་འདབ་བཞིའི་ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་དཀར་མོ༔ ལྷོར་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ༔ ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ༔ བྱང་དུ་ས་ལས་སྣ་ཚོགས་མཁའ་འགྲོ་མ་ལྗང་ཁུ༔ ཐམས་ཅད་ཀྱང་རྗེས་སུ་ཆགས་པའི་དམར་མདངས་རབ་ཏུ་འཚེར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ གཡས་སོ་སོའི་རིགས་ཀྱི་མཚན་མས་སྤྲས་པའི་ལྕགས་ཀྱུ་འཕྱར་ཞིང༔ གཡོན་ཞགས་པ་འཆང་བ༔ རྒྱན་ཆ་ལུགས་གཙོ་མོ་དང་མཚུངས་ཤིང་ཞབས་གར་སྟབས་ཀྱིས་ཉི་མ་ལ་གནས་པའི་མི་རོའི་སྙིང་གར་བརྫིས་པ༔ ཡེ་ཤེས་ཀྱི་འོད་ཟེར་འབར་བའི་ཀློང་ན་བཞེངས་པའི་སྐུར་གྱུར༔ ཅེས་གསལ་གདབ། གནས་གསུམ་བྱིན་རླབས་ནི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་སྐུ་རྡོ་རྗེ་མའི་ངོ་བོ་ཨོཾ་དཀར་པོ༔ མགྲིན་པར་གསུང་རྡོ་རྗེ་མའི་ངོ་བོ་ཨཱཿདམར་པོ༔ ཐུགས་ཀར་ཐུགས་རྡོ་རྗེ་མའི་ངོ་བོ་ཧཱུྃ་མཐིང་གའི་འོད་ཟེར་སྤྲོ་བསྡུས་ཀྱི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་རྡོ་རྗེ་རྩེ་ལྔའི་རྒྱ་གནས་གསུམ་དུ་གཏུགས། དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། ལག་གཉིས་གཤིབས་པའི་མཐེའུ་ཆུང་ནང་དུ་བཀུག་པ་མཐེ་བོས་མནན། གུང་མོ་གཉིས་སྒྲེང་བའི་རྒྱབ་ཏུ་མཛུབ་མོ་སྦྱར། སྲིན་ལག་རང་སར་བརྐྱངས་པ་པདྨའི་ཕྱག་རྒྱ་བཅས་ལ། ཧཱུྃ༔ ཀུན་རྟོག་ཡེ་ཤེས་དགྱེས་པའི་ཡུམ༔ པདྨ་མཁའ་འགྲོ་རིག་བྱེད་རྩལ༔ རབ་འབྱམས་དབང་གི་ཌཱ་ཀིའི་ཚོགས༔ ཕྲིན་ལས་མཛད་ཕྱིར་གནས་འདིར་གཤེགས༔ ཧྲཱིཿཔདྨ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་འདི་དྲག་ཏུ་བཟླ་ཞིང་རྡོ་རྗེ་སེ་གོལ་དང་ཐལ་མོ་བརྡབ་ལ་སྤྱན་དྲངས། རྒྱ་དང་བཅས། ཛཿཧཱུྃ་བཾ་ཧོ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ཞེས་བརྗོད་པས་སྤྱན་དྲངས་པའི་མཁའ་ཁྱབ་ཀྱི་ཡེ་ཤེས་པ་ཐམས་ཅད་དམ་ཚིག་གི་འཁོར་ལོ་དང་དབྱེར་མེད་དུ་གྱུར་པར་བསམ་མོ༔ སླར་ཡང་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་པདྨའི་རིགས་ཀྱི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས༔ དེ་རྣམས་ཀྱིས་བྱང་ཆུབ་སེམས་དཀར་དམར་ལྷག་པའི་བདུད་རྩིས་དབང་བསྐུར་བའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང༔ རྟོག་པའི་དྲི་མ་སྦྱངས༔ ཆུ་ཞབས་སྤྱི་བོར་བརྟན་པ་ལས་གཙོ་མོ་ལ་སྣང་བ་མཐའ་ཡས་ཀྱི་ངོ་བོ་དཔལ་རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་དང་ཞགས་པ་འཛིན་པ༔ ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་དབུ་གཙུག་ནས་དབང་གི་རྟ་སྐད་འཚེར་བ་དང༔ འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུར་བརྒྱན་པར་གྱུར༔ ལག་གཉིས་ཐལ་མོ་ཕྲད་དུ་སྦྱར། མཐེ་བོང་གཉིས་གྱེན་དུ་བསྒྲེངས་པ་རྟ་གདོང་གི་ཕྱག་རྒྱ་སྤྱི་བོར་བཅིངས་ལ། ཧྲཱིཿཔདྨ་ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿཔདྨ་ཨ་བྷི་ཥིཉྩ་མི༔ ཞེས་རྒྱས་གདབ་ལ། བཞུགས་སུ་གསོལ་བ་ནི། ཧྲཱི༔ དབང་གི་ཕོ་བྲང་འོད་འབར་དབུས༔ ཏིང་འཛིན་སྤྲུལ་པའི་དམ་ཚིག་པར༔ ཡེ་ཤེས་འཁོར་ལོ་དགྱེས་བཞུགས་ནས༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ སརྦ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ གུས་ཤིང་གདུང་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་ནི། ཧྲཱི༔ དབང་མཛད་མཁའ་འགྲོའི་ལྷ་ཚོགས་ལ༔ ལྷ་མིའི་ཉེར་སྤྱོད་འདོད་ཡོན་ལྔ༔ ནམ་མཁའ་གང་བར་སྤྲུལ་ཏེ་འབུལ༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཤྲཱི་བཛྲ་རཱ་ག་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྥརྴེ་མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ བྱང་ཆུབ་སེམས་ཀྱི་ཨ་མྲྀ་ཏ༔ རྩ་ཁམས་བདེ་བའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ འཁོར་འདས་མཉམ་སྦྱོར་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀཏ་ཁཱ་ཧི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ འདོད་ཆགས་ཆེན་པོའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ སྣོད་བཅུད་གཏོར་མའི་ཚོགས་སུ་སྦྱར༔ ལོངས་སྤྱོད་ཆེན་པོའི་དམ་ཚིག་གིས༔ དབང་མཛད་ཌཱ་ཀི་འཁོར་བཅས་མཆོད༔ མི་ཟད་འདོད་རྒུའི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ བསྟོད་པ་ནི། ཧྲཱི༔ ཤིན་ཏུ་རྣམ་དག་ཆོས་དབྱིངས་ལས༔ རྗེས་ཆགས་བདེ་བ་ཆེན་པོའི་སྐུ༔ པདྨའི་རིགས་མཆོག་རྒྱ་མཚོའི་ཡུམ༔ འཁོར་ལོའི་དབང་ཕྱུག་མ་ལ་བསྟོད༔ རབ་དམར་ཉི་མ་འཆར་ཁའི་འོད༔ ཐིག་ལེའི་ཞལ་གཅིག་ཚད་མེད་ཕྱག༔ ཐབས་ཤེས་མདའ་གཞུས་འཁོར་འདས་སྲོག༔ དྭངས་མའི་ཐིག་ལེར་འདྲེན་ལ་བསྟོད༔ ཅང་ཏེའི་སྒྲ་ཡིས་ཁམས་གསུམ་གཡོ༔ ཐོད་ཁྲག་སྲིད་གསུམ་སྙིང་རྩ་སྒུལ༔ ཁྲོ་ཆགས་སྒེག་པའི་ཉམས་འགྱུར་གྱིས༔ བདེ་ཆེན་ཡེ་ཤེས་སྩོལ་ལ་བསྟོད༔ དར་དང་རིན་ཆེན་རུས་པ་སོགས༔ འདོད་ཡོན་མ་སྤངས་རྒྱན་དུ་རྫོགས༔ རབ་འབྱམས་དབང་གི་ཕྲིན་ལས་བདག༔ དངོས་གྲུབ་གཏེར་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དགའ་བཞི་བདེ་ཆེན་སྙིང་རྗེའི་གཟུགས༔ དྲན་པས་འདོད་དོན་མཆོག་སྩོལ་བའི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད༔ ལྷ་སྐུའི་གསལ་སྣང་ལ་སེམས་གཟུང་ཞིང་ང་རྒྱལ་བསྐྱེད། གཉིས་པ་ཕྱེད་སྣང་ངག་གསུང་རྡོ་རྗེར་དབང་དུ་བྱ་ཕྱིར་སྔགས་བཟླ་བ་ནི། རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་མ་ཚོན་གང་བ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར༔ ཞེས་པ་ལ་སེམས་བཟུང་ནས། ཙནྡན་དམར་པོའམ་བྱེ་རུའི་ཕྲེང་བ་མིང་མེད་ཀྱི་སྟེང་ནས་བགྲང་ལ། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླ། གསལ་ཐེབས་ནས། དེ་ལས་སྔགས་ཕྲེང་གཉིས་པ་བྱུང༔ ཞལ་ནས་ཐོན༔ ལྟེ་བའི་པདྨོ་ནས་ཞུགས༔ བར་མ་ཆད་པར་འཁོར་བའི་བདེ་བ་ཆེན་པོའི་འོད་ཟེར་གྱིས་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་ལྷན་སྐྱེས་ཡེ་ཤེས་པདྨ་ཌཱ་ཀི་ནཱི་དབང་མཛད་མཁའ་འགྲོ་བྱེ་བ་འབུམ་གྱི་ཐུགས་བརྒྱུད་བསྐུལ༔ བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པས་བདག་ལ་བསྩལ་ཞིང་བརྟན་པར་གྱུར༔ ཞེས་དམིགས་ལ་མི་ཚིག་གིས་བར་མ་ཆོད་པར་ཅི་ནུས་སུ་བཟླ། རྗེས་འབྲེལ་ཐུན་མཚམས་ཀྱི་བྱ་བ་ལས། བཤགས་ཤིང་དངོས་གྲུབ་བསྐུལ་བ་ནི། ཧོ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་གཞན་དབང་གིས༔ ཐུགས་དང་འགལ་བའི་ནོངས་པ་ཀུན༔ མཐོལ་ལོ་བཤགས་སོ་བཟོད་པར་བཞེས༔ འཆི་མེད་ཚེ་དང་འཛད་མེད་དབྱིག༔ ནུས་པ་སྔགས་དང་ཏིང་འཛིན་རྩལ༔ མོས་པ་རྣམ་བཞི་འཇིག་རྟེན་གསུམ༔ དབང་བསྒྱུར་ལས་ཀྱི་དངོས་གྲུབ་སྩོལ༔ སྒོ་གསུམ་མི་ཤིགས་དྭངས་མའི་སྲོག༔ རྡོ་རྗེ་གསུམ་དང་མཉམ་སྦྱར་བས༔ རིགས་ཀྱི་གཙོ་དང་དབྱེར་མེད་པའི༔ ཡེ་ཤེས་མཆོག་ཏུ་བདག་སྒྲུབས་ཤིག༔ ཤྲཱི་བཛྲ་རཱ་ག་པཱ་ཤཾ་ཀུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་ཞིང་མོས་པ་དྲགས་པོས་ལྷར་སྣང་ལ་སེམས་གཟུང་བ་ལྷ་བསྒོམས་པས་སྒྲུབ་པའོ། །ཐུན་ཐམས་ཅད་ཀྱི་མཐར་གཏོར་མ་འབུལ་ཏེ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གཏོར་མགྲོན་གྱི་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་གི་རྟེན་དང་དབྱེར་མེད་དུ་བཞུགས་པའི་ལྗགས་པདྨའི་སྦུ་གུས་གཏོར་མའི་དྭངས་བཅུད་དྲངས་པས་མཉེས་པར་གྱུར༔ བསྙེན་སྔགས་མཐར། ཨི་དཾ་བ་ལིཾ་ཏ་པཱི་པཱ་ཐཱ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི་མ་མ་སརྦ་ཀརྨ་ཀུ་རུ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་ཚར་བདུན་སོགས་མང་དུ་ཕུལ། ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཤྲཱི་བཛྲ་རཱ་ག་ཨརྒྷཾསོགས་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྥརྴེ་མ་ཧཱ་པཱུ་ཛ་ཧོ༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ སོ་སོར་ཀུན་རྟོག་ཡེ་ཤེས་སྐུ༔ པདྨ་མཁའ་འགྲོའི་དཀྱིལ་འཁོར་ལྷར༔ གུས་ཤིང་གདུང་བས་བསྟོད་པར་བགྱི༔ ཞེས་མཆོད་ཅིང་བསྟོད། ཧྲཱི༔ བདེ་ཆེན་པདྨའི་རིགས་ཀྱི་ཡུམ༔ དབང་མཛད་མཁའ་འགྲོ་རིག་བྱེད་རྩལ༔ གཙོ་འཁོར་སྤྲུལ་དང་ཡང་སྤྲུལ་བཅས༔ མཆོད་གཏོར་འདོད་རྒུའི་སྤྲིན་ཆེན་པོ༔ བདུད་རྩིའི་རྒྱ་མཚོ་འདི་བཞེས་ལ༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ ཁམས་གསུམ་སྣོད་བཅུད་དབང་དུ་སྡུས༔ སྲིད་གསུམ་དྲེགས་པ་ཟིལ་གྱིས་གནོན༔ ཞི་དང་རྒྱས་དང་དབང་དང་དགུག༔ མངོན་སྤྱོད་ལས་ཀུན་འགྲུབ་པ་དང༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ སརྦ་ཀརྨ་སིདྡྷི་ས་མ་ཡ་ཧཱུྃ༔ ཞེས་ཕྲིན་ལས་གསོལ། གསུམ་པ་སྣང་མེད་ཡིད་ཐུགས་རྡོ་རྗེར་དབང་དུ་བྱ་ཕྱིར་ཉེར་བསྡུ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་འོད་དམར་པོའི་རྣམ་པར་ཞུ་སྟེ་ཏིང་ངེ་འཛིན་སེམས་དཔའ་དང་དབྱེར་མེད་དུ་གྱུར༔ དེའང་མི་དམིགས་པ་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཐིམ་པར་གྱུར༔ ཅེས་མོས་ལ་མཉམ་པར་བཞག །སླར་རང་ཉིད་པདྨ་མཁའ་འགྲོ་མའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ ཅེས་ཐུན་མཚམས་ཀྱི་ལྷར་ལངས་ལ་པདྨའི་ཕྱག་རྒྱ་གནས་གསུམ་དུ་རེག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ རང་དང་སྣང་བ་ཐམས་ཅད་པདྨ་ཌཱ་ཀི་ནཱིའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བརྟན་པར་མོས༔ རྗེས་རིམ་ནི། བསྔོ་སྨོན། བདག་གིས་བསྙེན་ཅིང་བསྒྲུབས་ལ་སོགས༔ དུས་གསུམ་བསགས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་རྡོ་རྗེ་བཙུན་མོ་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ ཅེས་དང་། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར༔ བསམ་པའི་དོན་ཀུན་ཐོགས་མེད་སྩོལ་མཛད་པ༔ རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་བཅས་ཀྱིས༔ མི་འབྲལ་ཐུགས་རྗེས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་བྱ་ཞིང་། དུས་ཀུན་དཀོན་མཆོག་དང་ལྷག་པའི་ལྷ་ལ་མཆོད་པ་དང་། དམན་པ་ལ་སྦྱིན་པ་གཏོང་། སྟངས་ཀྱི་སེམས། སེམས་ཅན་ཀུན་ལ་དམིགས་པའི་སྙིང་རྗེ་དང་། གཙོ་བོའི་སེམས་བདེ་སྟོང་དབྱེར་མེད་ཀྱི་ལྟ་བས་རྩིས་ཟིན་པ་དང་། རིག་སྔགས་ཀྱི་ནུས་པ་ལ་ཡིད་ཆེས་པའི་དད་བརྩོན་དང་ལྡན་པས་མྱུར་དུ་འགྲུབ་པ་ནི་ངེས་པའོ། །ཞེས་པའང་ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ལྷ་སྲས་འཇིགས་མེད་སེང་གེ་དབང་ཕྱུག་དང་། ལྷ་བཙུན་སྐལ་བཟང་ཆོས་སྒྲོན་ཡུམ་སྲས་ནས་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་ཆེད་དུ་བཀའ་བསྩལ་བཞིན་སྣང་སྲིད་དབང་སྡུད་པདྨ་རྒྱལ་པོའི་བཀའ་འབངས་དབང་ཆེན་དགྱེས་པ་རྩལ་གྱིས་གཏེར་གཞུང་རྩ་བའི་མན་ངག་ཁོལ་ཕྱུང་དུ་བགྱིས་པ་འདིས་ཀྱང་དཔལ་ལྡན་འབྲུག་པའི་ཆོས་རྒྱལ་མཆོག་གི་ཆབས་སྲིད་མངའ་ཐང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གི་དོན་རྣམ་པར་བཤད་པ་བསྟན་པ་མི་ནུབ་པའི་རྒྱལ་མཚན་ (Volume 67, Text 35)
༄༅། །པཱིུ རྦ ཀྵ ར ཤཱ སྟྲ བི པུ ལ པྲ ཎི དྷི དྷ རྨ རཱ ཛ པྲ མོ ད སྱ ཤི ཥྚྱ རྠ བི ཁྱཱ ཏ ཤཱ ས ན ཨ ཀཱ མི ཀཱ དྷྭ ཛ ནཱ མ བི ཧ ར ཏི སྨ། ། ༄༅། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གི་དོན་རྣམ་པར་བཤད་པ་བསྟན་པ་མི་ནུབ་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་ཡེ། དཔལ་ལྡན་ཡོན་ཏན་བྱེ་བས་ཡོངས་གང་ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། །ས་གསུམ་ཉེས་པའི་མུན་པ་ཀུན་སེལ་ཕན་བདེའི་འདབ་སྟོང་བཞད་པའི་གཉེན། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡོམས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་གསང་བའི་མཛོད་འཛིན་རྒྱལ་བ་རིག་འཛིན་བརྒྱུད་བཅས་རྒྱལ། །རྒྱལ་བསྟན་ལྗོངས་འདིར་འདྲེན་མཁས་མེས་དབོན་གསུམ། །མདོ་སྔགས་བསྟན་པ་གསལ་མཛད་མཁན་སློབ་ཆོས། །སྐད་གཉིས་སྨྲ་བ་ཐོན་མི་བཻ་རོ་སོགས། །གངས་ཅན་འགྲོ་ལ་བཀའ་དྲིན་ཟླ་བྲལ་ཉིད། །སྡེ་གསུམ་སྙིང་པོའི་བཀའ་བབ་གཉགས་གནུབས་ཟུར། །ལུང་རིགས་སྨྲ་བའི་ཁྱུ་མཆོག་རོང་ཀློང་གཉིས། །བཀའ་གཏེར་བསྟན་པའི་སྲོག་མཐུད་སྨིན་གླིང་པ། །འདི་དག་སྔ་འགྱུར་བསྟན་པའི་ཉི་མ་ཡིན། །ངོ་མཚར་བཀའ་བབ་བདུན་ལྡན་མདོ་སྔགས་གླིང་། །རྒྱལ་བསྔགས་མཛོད་ལྔའི་ཤིང་རྟ་གུ་ཎའི་ཞབས། །ཐེག་མཆོག་སེང་གེའི་དབྱངས་སྒྲོག་ཨ་ཛི་ཏ། །རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །གང་གི་རིང་ལུགས་ངོ་མཚར་བྱེ་བའི་གཏེར། །རྩོད་འཆད་རྩོམ་པའི་དཔུང་པས་ལེགས་བཟུང་ནས། །དུས་ཀྱི་མཐར་ཡང་མི་ཉམས་གསལ་བྱེད་པ། །དེ་ཀུན་ལྷར་བཅས་སྐྱེ་བོས་བསྔགས་འོས་ཉིད། །དེ་ཕྱིར་བདག་བློ་ཤེར་བརྩོན་དམན་ན་ཡང་། །བསྟན་ལ་གུས་དང་དམ་པའི་གསུང་བསྐུལ་ངོར། །ཚུལ་འདིར་བརྩོན་ན་དབྱིངས་ནས་རྩ་གསུམ་ལྷས། །རྗེས་དགོངས་བྱིན་རློབས་བཀའ་ཡི་གནང་བ་སྩོལ། །དེ་ལ་འདིར། རྗེ་བཙུན་སྨྲ་བའི་སེང་གེ་གུ་རུ་བློ་ལྡན་མཆོག་སྲེད་ཉིད་བསམ་བཞིན་སྲིད་པར་རྗེས་སུ་ཆགས་པའི་རང་གཟུགས། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཆེན་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའམ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་བསྩལ་པའི། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ། དགོས་པ་དང་ཆེ་ཡོན་རྨད་དུ་བྱུང་བའི་གཞུང་བཟང་ལྷའི་རྔ་བོ་ཆེའི་དབྱངས་ལྟ་བུ་འདི་ཉིད་འཆད་པ་ལ་གཉིས། སྤྱི་དོན་རྣམ་པར་གཞག་པ་རྒྱས་པར་བསྟན་པ་དང་། ཚིག་གི་འབྲུ་འགྲེལ་སྙིང་པོར་དྲིལ་ནས་བཤད་པའོ། །དང་པོ་ལ་གསུམ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་དུ་མཆོག་གསུམ་གྱི་རྣམ་དབྱེ་བསྟན་པ་སྔོན་དུ་འགྲོ་བས་བརྒྱུད་པ་རིན་པོ་ཆེ་གང་ལས་བྱུང་བའི་ལོ་རྒྱུས་བཤད་པ། དེ་ལ་གཞན་གྱིས་ལོག་པར་རྟོག་པའི་སྐྱོན་བསལ་བ། རང་ལུགས་རྣམ་པར་དག་པ་གསེར་ཞུན་ལྟ་བུ་ཉིད་རིགས་པས་སྒྲུབ་ཅིང་ཆེ་བ་དྲུག་ལྡན་གྱི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས། སྤྱིར་དཀོན་མཆོག་གི་རྣམ་དབྱེ་བཤད་པ། བྱེ་བྲག་བརྒྱུད་པ་གསུམ་གྱི་ལོ་རྒྱུས་དང་བྱུང་ཚུལ་མདོ་ཙམ་སྨྲོས་པའོ། །དང་པོ་ལ། དཔེ་དོན་ཉེ་བར་འགོད་པ། རྣམ་གྲངས་སོ་སོར་བཤད་པ། དོན་ངོས་གཟུང་བ་གསུམ་ལས། དང་པོ་ནི། གང་གི་ཚེ་དཔལ་ཀུན་ཏུ་བཟང་པོ་ཉིད་གདོད་མའི་གྲོལ་གཞིར་མངོན་པར་བྱང་ཆུབ་ནས། གདུལ་བྱའི་ཞིང་དང་། འགྲོ་བའི་ཁམས་དང་། མོས་པ་དང་། བག་ལ་ཉལ་དང་། ཀུན་བརྟགས་པའི་ཆོས་ལ་མངོན་པར་ཞེན་པའི་རང་བཞིན་གཟིགས་ནས། སྲིད་པའི་སྡུག་བསྔལ་ཡོངས་སུ་སྐྱོབ་པ་དང་། ཐར་པ་དམ་པ་ཡོངས་སུ་འཐོབ་པར་བྱ་བའི་ཕྱིར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོའི་ངང་ལས་གཡོ་བའི་རྩོལ་བ་དང་རྣམ་པར་རྟོག་པ་མི་མངའ་བཞིན་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་དང་། ཤེས་རབ་ཆེན་པོའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་ལས་ཀྱི་རྒྱུ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ། སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་པ། གདུལ་བྱ་སོ་སོའི་ངོར་སོ་སོར་གང་ལ་གང་འདུལ་དུ་སྣང་བ་ནི། དཔེར་ན་ལྷའི་དབང་པོས་དབང་བསྒྱུར་གྱི་གནས་མན་ཆད་ནས། འཛམ་བུའི་གླིང་ཡན་ཆད། འདོད་པའི་ཡོན་ཏན་གྱི་རྐྱེན་སོ་སོར་ཆར་འབབ་པ་ཡང་། རྒྱ་མཚོའི་ལྷའི་དབང་དང་། གནས་སོ་སོའི་ནམ་མཁའི་དབང་དང་། འགྲོ་བ་སོ་སོའི་ལས་ཀྱི་རྒྱུ་ལས་ཆར་སོ་སོར་འབབ་པར་གྲུབ་པ་ཡིན་ཡང་། རྒྱ་མཚོའི་ལྷ་ཡང་འདི་སྙམ་དུ། བདག་གིས་ནི། གནས་འདི་རྣམས་སུ་སོ་སོའི་ལས་སྐལ་དང་འཚམ་པར་སྤྲིན་འདི་ལྟ་བུ་བསྡུ་བར་བྱའོ། །གློག་འདི་ལྟ་བུ་དབྱུང་བར་བྱའོ། །འབྲུག་འདི་ལྟ་བུ་གྲགས་པར་བྱའོ། །ཆར་འདི་ལྟ་བུ་དབབ་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། ནམ་མཁའ་ཡང་འདི་སྙམ་དུ། འགྲོ་བ་འདི་དག་གི་འདོད་པའི་ཡོན་ཏན་འབྱུང་བའི་ཆར་དབབ་པའི་གོ་སྐབས་དབྱེའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། འགྲོ་བ་སོ་སོའི་ལས་ཀྱི་བག་ཆགས་ཀྱང་འདི་སྙམ་དུ་བདག་ཅག་གི་ལས་ཀྱི་སྐལ་པ་དང་འཚམ་པའི་ཆར་དབྱུང་བར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ་བཞིན་དུ། རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་གནས་དེ་རྣམས་སུ། སོ་སོའི་ལས་ཀྱི་སྐལ་པ་དང་འཚམ་པའི་སྤྲིན་འདུ་བ་ནས་ཆར་འབབ་པའི་བར་དུ་སོ་སོར་འབྱུང་བ་ནི། ལྷ་ཡི་རྒྱལ་པོས་དབང་སྒྱུར་གྱི་གནས་སུ་གསེར་གྱི་སྙིང་པོ་ལྟ་བུའི་སྤྲིན་འདུ་བ་དང་། དེ་བཞིན་དུ་གློག་དང་། འབྲུག་རྣམས་ཀྱང་ཐ་དད་དུ་འབྱུང་ཞིང་། ཆར་ཡང་རང་བཞིན་ཐ་དད་དུ་འབབ་པ་ནི། འཛམ་བུའི་གླིང་གི་བར་དུ་ཡང་དེ་བཞིན་ཏེ། སྤྲིན་རྣམས་ཀྱང་མུ་ཏིག་དམར་པོ་ལྟ་བུ་ནས། རི་ནག་པོ་བརྩེགས་པ་ལྟ་བུའི་བར་དང་། གློག་ཀྱང་གསེར་ཁ་སྦྱང་པ་ལྟ་བུ་ནས། རིན་པོ་ཆེ་ཨིནྡྲ་སྙིལ་འོད་འཕྲོ་བ་ལྟ་བུའི་བར་དང་། འབྲུག་ཀྱང་བྱ་ཀ་ལ་པིང་ཀའི་དབྱངས་ལྟ་བུ་དང་། རོལ་མོའི་སྒྲ་དབྱངས་ལྟ་བུ་ནས། རྒྱ་མཚོ་འཁྲུགས་པ་ལྟ་བུའི་སྒྲ་ཡི་བར་དང་། ཆར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ནས། མཚོན་ཆའི་ཆར་དང་། ཆུ་དྭངས་པའི་ཆར་གྱི་བར་དུ། སོ་སོའི་ལས་ཀྱི་སྐལ་པ་དང་འཚམ་པར་སོ་སོར་ཐ་དད་དུ་འབྱུང་བ་བཞིན་དུ། གདུལ་བྱ་སོ་སོའི་ངོ་ག་ལ་དཀོན་མཆོག་གསུམ་གྱི་རང་བཞིན་ཐ་དད་དུ་མཐོང་བ་ནི་འདི་ལྟ་བུ་སྟེ། འགྲོ་བ་མཆོག་ཏུ་གྱུར་པ་རྣམས་ལ་ནི། ལོངས་སྤྱོད་རྫོགས་པའི་སྐུ། ལོངས་སྤྱོད་ཆེན་པོ་མཚན་དང་དཔེ་བྱད་འབར་བའི་སངས་རྒྱས་དང་། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཆོས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་དགེ་འདུན་ནམ། དེ་བཞིན་དུ་སོ་སོའི་སྐྱེ་བོ་དང་། རང་སངས་རྒྱས་ལ་སོགས་སོ་སོའི་བསོད་ནམས་མཐུན་པ་རྣམས་ལ་ནི། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ། དགའ་ལྡན་ནས་འཕོ་བ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱི་རྣམ་པ་དང་། ཐེག་པ་སྣ་ཚོགས་པའི་ཆོས་དང་། འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་འདུན། དགེ་སྦྱོང་གི་ཆ་བྱད་ཅན་འཁོར་རྣམ་བཞི་དང་བཅས་པར་ཀུན་ཏུ་སྣང་ངོ་། །འགྲོ་བ་ཕལ་པ་དང་། ངན་སོང་དུ་གྱུར་པ་ལ་སོགས་བསོད་ནམས་ཅུང་ཟད་དམན་པ་རྣམས་ལ་ནི་སོ་སོའི་སྣང་བ་དང་མཐུན་པར། ལྷ་དང་མི་དང་ཀླུ་དང་དུད་འགྲོ་ལ་སོགས་པའི་སྟོན་པ་ཐ་དད་པ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པ་དང་། སྡུག་བསྔལ་དང་། འཇིག་རྟེན་གྱི་གཙུག་ལག་དང་། གླུ་དང་བཞད་གད་ལ་སོགས་པ་སོ་སོར་མངོན་པར་དད་པར་གྱུར་པ་དེ་དང་། དེའི་ཆོས་དང་། རང་རང་གི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དགེ་འདུན་ཡང་ཐ་དད་དུ་སྣང་ངོ་། །དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། བཀའ་བསྩལ་པ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་ནམ་ཕྱེད་ཀྱི་དུས་ན། འཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་མདུན་ན་ཟླ་བའི་དཀྱིལ་འཁོར་འདུག་པར་ཤེས་ཀྱང་། ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་དེ་དག་གིས་བདག་ཅི་ནས་ཀྱང་ཟླ་བའི་དཀྱིལ་འཁོར་དུ་ཤེས་པར་འགྱུར་བར་བདག་གིས་སེམས་ཅན་དེ་དག་གི་མདུན་དུ་འདུག་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་འཇམ་དཔལ། ཟླ་བའི་དཀྱིལ་འཁོར་ནི་མ་འདྲེས་པའི་ཆོས་དང་ལྡན་པས། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེ་ལྟ་བུའི་བྱ་བ་འདི་འབྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཁོར་དཔག་ཏུ་མེད། ཚད་མེད་མཚུངས་པ་མེད་པ། གཞལ་དུ་མེད་པ་དེ་དག་གི་དབུས་ན། དེ་བཞིན་གཤེགས་པ་བཞུགས་པར་མཐོང་མོད་ཀྱི་དེ་བཞིན་གཤེགས་པ་ནི་དེ་དག་གི་མདུན་དུ་བཞུགས་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་གྱིས་མཐོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །འཇམ་དཔལ་དེ་བཞིན་དུ་གསེར་གྱི་ཁ་དོག་གིས་གདུལ་བར་བྱ་བ་ཡིན་ན། ཞེས་པ་ནས། བཻ་ཌཱུརྱ་དང་ཨིནྡྲ་ནཱི་ལ་དང་། སྤུག་དང་མུ་ཏིག་དམར་པོའི་ཁ་དོག་གིས་འདུལ་བ་ཡིན་ན། དེ་བཞིན་གཤེགས་པ་དེའི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་ཚངས་པ་དང་། དམྱལ་བ་དང་ཡི་དྭགས་དང་། བྱོལ་སོང་གི་གཟུགས་སུ་སྣང་བས་གདུལ་བར་བྱ་བ་ཡིན་ནའང་། དེ་བཞིན་དུ་སྣང་ངོ་། །ཞེས་སོ། །གཉིས་པ་རྣམ་གྲངས་སོ་སོར་བཤད་པ་ལ་གསུམ་ལས། ཐེག་པ་ཐུན་མོང་དུ་གྲགས་པའི་སངས་རྒྱས་དཀོན་མཆོག་ནི། མཆོག་གི་སྤྲུལ་པའི་སྐུ་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐྱེས་བུའི་གཟུགས་སུ་བཞུགས་པ་མཚན་དང་དཔེ་བྱད་དུ་འབར་བ་ཤཱཀྱ་ཐུབ་པ་ལྟ་བུའོ། །ཆོས་དཀོན་མཆོག་ཀྱང་འགྲོ་བའི་དབང་པོ་དང་། གཉེན་པོའི་དབྱེ་བས་ཐེག་པ་སྣ་ཚོགས་སུ་སྣང་བ་སྟེ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལྟ་བུའོ། །དགེ་འདུན་དཀོན་མཆོག་ཀྱང་། སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་དེ་བཙུན་པ་ཤཱ་རིའི་བུ་ལ་སོགས་པའོ། །དེ་ལྟར་ན། སོ་སོའི་སྐྱེ་བོ། དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བ་དག་ལ་དགེ་འདུན་དུ་བརྗོད་ཀྱི་དགེ་འདུན་དཀོན་མཆོག་ཅེས་མི་བརྗོད་དེ། འཕགས་པ་སློབ་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ལྟར་ན། སངས་རྒྱས་དཀོན་མཆོག་ནི་ཆོས་ཀྱི་སྐུ་དང་། འོག་མིན་ན་བཞུགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ལས་ཕྱོགས་བཅུའི་འཇིག་རྟེན་ན་སྤྲུལ་པའི་སྐུ་ཇི་སྙེད་པ་རྣམས་སོ། །ཆོས་དཀོན་མཆོག་ནི། ཐུན་མོང་དུ་གྲགས་པ་དེ་དག་དང་ཐེག་པ་ཆེན་པོ་འབའ་ཞིག་པ་སྟེ། ཐར་པ་ཆེན་པོའི་གྲོང་དུ་གཞོལ་བའི་ལམ་དུ་གྱུར་པའོ། །དགེ་འདུན་དཀོན་མཆོག་ཀྱང་། བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་དང་འཕགས་པའི་དགེ་འདུན་ཏེ་སྔ་མ་བཞིན་ནོ། །གསུམ་པ་གསང་བ་བླ་ན་མེད་པའི་ལུགས་ལའང་གསུམ་ལས། །དང་པོ་ཐུན་མོང་དུ་གྲགས་པ་བྱ་བ་དང་སྤྱོད་པའི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི། ཡེ་ཤེས་ལྔ་དང་། སྐུ་གསུམ་མམ་བཞིའི་བདག་ཉིད་དག་པ་དང་། རྣམ་པར་སྤྲུལ་པ་དང་བྱིན་གྱིས་བརླབས་པའི་ལྷ་དང་བཅས་པ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་གྱིས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཞི་བ་དང་ཁྲོ་བོའི་ཆ་བྱད་ཅན། རིགས་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པ། གཙོ་བོ་དང་འཁོར་དང་། གཅིག་དང་དུ་མ་དང་། རྩ་བའི་དཀྱིལ་འཁོར་དང་སྙིང་པོའི་དཀྱིལ་འཁོར་ལ་སོགས་པའི་བྱེ་བྲག་གིས། དཀྱིལ་འཁོར་ཆེ་ཆུང་གི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དཀོན་མཆོག་ཀྱང་། སྔར་སྨྲོས་པ་རྣམས་དང་ཁྱད་པར་དུ་རང་རང་གི་གཞུང་དུ་གྲགས་པའོ། །དགེ་འདུན་ཡང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་དགེ་འདུན་ཏེ་གསུམ་དུ་འདོད་དོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི། ཡེ་ཤེས་ལྔ་དང་། སྐུ་གསུམ་མམ་བཞིའི་ཆོས་ཉིད་དག་པ་དང་། དཀྱིལ་འཁོར་དང་རྒྱུད་དུ་གཏོགས་པ། རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་བདག་པོ་དང་། རིན་ཆེན་དང་པདྨ་དང་། ལས་དང་དེ་བཞིན་གཤེགས་པའི་རིགས་ལྔས་བསྡུས་པའི་སྐུ་གསུམ་ཞི་བ་དང་ཁྲོ་བོར་སྣང་བ། གཙོ་བོ་དང་འཁོར་དང་། གཅིག་དང་དུ་མ་པ། རྩ་བའི་དཀྱིལ་འཁོར་དང་། ཆོས་དང་ལས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་བཞི་པ་དང་གཅིག་པ་ལ་སོགས་པའི་རིམ་པས་དཀྱིལ་འཁོར་ཆེ་ཆུང་དུ་གཏོགས་པའི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དང་དགེ་འདུན་ནི་བཤད་མ་ཐག་པ་བཞིན་ནོ། །གསུམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད། སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན། གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ། སྐུ་ལྔ་ཡེ་ཤེས་དྲུག་གི་བདག་ཉིད་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དཀྱིལ་འཁོར་དུ། ཡེ་ནས་ལྷུན་གྱིས་གྲུབ་པའི་ལྷ་དང་བཅས་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཏེ་དྲུག་གིས་བསྡུས་པ་ཞི་བ་དང་ཁྲོ་བོའི་ཆ་བྱད་ཅན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱན་ཆེན་པོ་ལ་རོལ་པ་ཆེན་པོའི་གཟུགས་སུ་བཞུགས་པ། གཙོ་བོ་དང་འཁོར་དང་། གཅིག་དང་དུ་མ། སྐུ་དང་གནས་དང་སྤྱོད་ཡུལ་ལྟ་བུ་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་དུ་དབྱེར་མེད་ཅིང་། གཅིག་དང་དུ་མ་མེད་པའི་བདག་ཉིད། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་དུ་བཞུགས་པ་ནི། སངས་རྒྱས་དཀོན་མཆོག་ཅེས་པར་འདོད། ཆོས་དང་དགེ་འདུན་ཡང་། ཐུན་མོང་བ་གསང་བ་སྤྱི་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི། དཀོན་མཆོག་གསུམ་དབྱེར་མེད་པའི་རང་བཞིན་དེ་ཉིད་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཉག་གཅིག་གདོད་མ་ནས་སངས་རྒྱས་པའོ། །ཚུལ་དེ་དང་མཐུན་པར། རྒྱུད་བླ་མ་ལས་ཀྱང་། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས། གསུམ་པ་དོན་ངོས་གཟུང་བ་ལ་གསུམ་ལས། དང་པོ་ཐེག་པ་ཆུང་ངུ་ཉན་ཐོས་བྱེ་བྲག་པ་ལྟར་ན། སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་སྲིད་པ་ཐ་མ་པ་ཞིག་བརྩོན་པ་ཆེན་པོས་སངས་རྒྱས་ནས། བདག་གི་སྨོན་ལམ་དང་གདུལ་བྱའི་སྐལ་བས་མི་མཇེད་འདིར་དོན་མཛད་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་འདས་ཏེ་ཞི་བའི་དབྱིངས་སུ་གཏན་དུ་བཞུགས་ནས་ཕྱིས་དོན་མཛད་པར་མི་འདོད་དོ། །གཉིས་པ་མདོ་སྡེ་པ་ལྟར་ན་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནི་སྨོན་ལམ་གྱིས་བསྒྲུབས་ཏེ། རྒྱུའང་བདག་ཏུ་ལྟ་བའི་བག་ཆགས་དང་གནས་ཀྱི་སའི་མ་རིག་པས་བསྐྱེད་པ་ཡིན་པར་འདོད་པས་སངས་རྒྱས་ཏེ་མྱ་ངན་ལས་འདས་ནས། གདུལ་བྱའི་དོན་དུ་འགྱུར་ན། ཞི་བའི་དབྱིངས་ལས་སྤྲུལ་པ་འབད་རྩོལ་མེད་པར་སྟོན་པར་འདོད་དོ། །འདི་ཉིད་གཞུང་ལུགས་ཕལ་ཆེར་ཉན་ཐོས་ལས། ཚུལ་ཐེག་པ་ཆེན་པོའི་མདོ་སྡེའི་རྗེས་སུ་འབྲང་བས། མདོ་སྡེ་པ་ཞེས་གྲགས་སོ། །གསུམ་པ་ཐེག་པ་ཆེན་པོ་ལའང་གཉིས་ཏེ། ཕ་རོལ་དུ་ཕྱིན་པ་དང་། སྔགས་སོ། །དང་པོ་ལའང་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། གྲགས་སྡེ་སྤྱོད་པའི་དབུ་མའོ། །དང་པོ་ལ་གཉིས་ཏེ། རང་རྒྱུད་འོག་མ་དང་། གོང་མའོ། །དང་པོ་ལའང་གཉིས་ལས། རྣམ་བཅས་པ་ལྟར་ན། ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ལས་གུད་ན་མེད་ལ། སེམས་ཉིད་ལུས་དང་གནས་དང་ལོངས་སྤྱོད་ལྟ་བུར་སྣང་བ་སྟེ། སངས་རྒྱས་ནས་ཀྱང་ཉོན་མོངས་པ་མཐའ་དག་དང་བྲལ་བའི་ཡེ་ཤེས་གཟུགས་ཀྱི་སྐུ། སངས་རྒྱས་ཀྱི་ཞིང་དང་། དེའི་རྒྱན་ལ་སོགས་པའི་ལོངས་སྤྱོད་དུ་སྣང་བས་འགྲོ་བའི་དོན་བྱེད་པར་འདོད་ལ། དེའང་མ་དག་པར་སྤྲུལ་པ་དང་། དག་པའི་འགྲོ་བ་ལ་ལོངས་སྐུར་སྣང་བས་དུས་རྒྱུན་མི་ཆད་པར་འདོད་དོ། །གཉིས་པ་རྣམ་མེད་པ་ལྟར་ན། ཁམས་གསུམ་པའི་སེམས་ཀྱང་དོན་ལྟར་སྣང་བའི་རྣམ་པ་དང་བྲལ་བ་ཡིན་ལ། སྣང་བ་ནི་སེམས་དང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཏེ། སངས་རྒྱས་པའི་དུས་ན། བག་ཆགས་ཡོངས་སུ་དག་ནས་ཡེ་ཤེས་རྣམ་པ་དང་བྲལ་བ་སྐད་ཅིག་མའི་མཚན་ཉིད་རྒྱུན་འབྲེལ་བར་སྐྱེ་ཞིང་། སྨོན་ལམ་དང་ཐུགས་རྗེ་དང་ཡེ་ཤེས་ཆེན་པོའི་དབང་གིས། གཟུགས་ཀྱི་སྐུ་མངོན་པར་སྣང་བ་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་དོན་འབྱུང་བར་འདོད་དེ། དེ་ལས་ནི་སྐད་ཅིག་མའི་རྒྱུན་དང་འབྲེལ་བའི་ཡེ་ཤེས་ཉིད་དོན་དམ་པར་ཡོད་པ་ཉིད་དུ་ཁས་ལེན་ཏོ། །གཉིས་པ་རང་རྒྱུད་གོང་མ་ལྟར་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གྲུབ་པའི་ངང་དུ་སངས་རྒྱས་པ་ན། དོན་དམ་པར་གང་གིའང་རང་བཞིན་དུ་མ་གྲུབ་པས་དོན་བྱ་བ་དང་བྱེད་པ་མེད་ཀྱང་། ཀུན་རྫོབ་ཏུ་སྨོན་ལམ་དང་ཐུགས་རྗེ་ཆེན་པོས། སར་གནས་ཀྱི་སེམས་དཔའ་ལ་ལོངས་སྐུ། སོ་སོའི་སྐྱེ་བོ་དང་ཉན་རང་ལ་སྤྲུལ་པའི་སྐུས་དོན་མཛད་པར་འདོད་དོ། །གཉིས་པ་གྲགས་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། སངས་རྒྱས་པའི་ཚེ་རང་བཞིན་མཁའ་ལ་སྤྲིན་དེངས་པ་ལྟར། སེམས་དང་སེམས་བྱུང་གི་འཇུག་པ་དབྱིངས་སུ་ཞི་བས་ཡེ་ཤེས་སུ་གྲུབ་པ་མེད་ཀྱང་། སྔོན་གྱི་སྨོན་ལམ་གྱིས་གདུལ་བྱ་གཞན་སྣང་དུ་གཟུགས་སྐུ་གཉིས་སྣང་བས་དོན་མཛད་པར་འདོད་དོ། །གཉིས་པ་གསང་སྔགས་ལའང་གཉིས་ལས། དང་པོ་ཕྱི་པ་ལྟར་ན། སངས་རྒྱས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ལས་གྲུབ་པ་ཡེ་ཤེས་ཆེན་པོའི་བདག་ཉིད། ཡོངས་སུ་དག་པའི་ཞིང་ན་ལོངས་སྤྱོད་ཆེན་པོའི་སྐུ་དག་པའི་སེམས་དཔས་བསྐོར་བ། ཇི་ལྟར་འདུལ་བའི་དབང་དང་བཅས་པས་དོན་མཛད་ཅིང་བཙུན་མོའི་ཚོགས་ལ་མི་སྤྱོད་དེ་སྨད་པའི་གནས་ཡིན་པའི་ཕྱིར་རོ། །འོན་ཀྱང་འགའ་ཞིག་གི་ངོར། སྤྲུལ་པའི་ཡུམ་དུ་སྣང་ཡང་ལྷན་ཅིག་སྦྱོར་བ་ནི་མ་ཡིན་ནོ། །དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བས་དོན་མཛད་པའོ། །ཞེས་ཟེར་རོ། །གཉིས་པ་ནང་པ་ལའང་གསུམ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ན། ཡེ་ནས་སངས་རྒྱས་སུ་གནས་པ། ཐབས་དང་ཤེས་རབ་ཀྱིས་མངོན་དུ་བྱས་པ་ན། ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གསལ་ལ་རང་བཞིན་གྱིས་དག་པའི་ངང་ལས་སྤྲུལ་པའི་སྐུ་རྟག་ཏུ་ལྷུན་གྱིས་གྲུབ་པའོ། །ཞེས་བཤད། ལུང་ཨ་ནུ་ཡོ་ག་ལྟར་ན། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུ་མངའ་བ། ལོངས་སྤྱོད་ཆེན་པོ། སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས། རྟག་ཏུ་ཡོངས་སུ་དག་པའི་ཞིང་ཁམས་ན་བཙུན་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན། བདེ་བ་ཐམས་ཅད་དང་མི་འབྲལ་བར་བཞུགས་ཏེ། བདེ་བ་དེ་ཡང་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཏིང་ངེ་འཛིན་གྱི་མངའ་བརྙེས་པའི་བདེ་བ་དང་ལྡན་པ། ཡིད་བདེ་བ་དང་ལྡན་པ། གཟུགས་ལ་སོགས་པ་ཕྱི་རོལ་གྱི་འདོད་པའི་བདེ་བ་དང་། ཡུམ་དང་མཉམ་པར་སྦྱོར་བའི་བདེ་བ་ལ་སོགས་ཏེ། བདེ་བ་མཆོག་དང་ལྡན་པ། བདེ་བ་ཟག་པ་མེད་པ་དང་། བདེ་བ་ཚད་མེད་པ་དང་། བདེ་བ་མི་འགྱུར་བ་དང་། བདེ་བ་ཆེན་པོ་དང་། གདུལ་བྱ་ཐམས་ཅད་ལ་བདེ་བ་བསྐྱེད་པ་དང་ལྡན་པའོ། །ཞེས་བྱ། རྫོགས་པ་ཆེན་པོ་ལྟར་ན། ཡེ་ནས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཉིད། ལྷུན་སྟུག་པོ་བཀོད་པའི་ཞིང་ན་འོད་གསལ་བའི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཁྱབ་པ་ལས། བདེ་བ་དང་གསལ་བ། ཞེས་ཐ་དད་པའམ་གཅིག་པ་ལ་སོགས་པའི་མཚན་ཉིད་མེད་ཅིང་སྤྲོས་པ་དང་བྲལ་བ། རང་བྱུང་གི་ཐུགས་རྗེ་དང་མཛད་པས། སྤྲུལ་པའི་སྐུ་གསུམ་གདུལ་བྱའི་འཇིག་རྟེན་དུ་ཕྱོགས་མཐས་གཏུག་པར་སྣང་ཞིང་། སོ་སོའི་མོས་པ་དང་མཐུན་པར་དོན་མཛད་པའོ། །ཞེས་འདོད་དོ། །ཞེས་སྨྲ་བའི་སེང་གེ་རོང་ཀློང་རྣམ་གཉིས་ཀྱིས་གསུངས་སོ། །གཉིས་པ་བྱེ་བྲག་བརྒྱུད་པ་གསུམ་གྱི་ལོ་རྒྱུས་དང་བྱུང་ཚུལ་མདོ་ཙམ་སྨྲོས་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་བཞིན། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་གིས་བརྒྱུད་པ་དང་གསུམ། དང་པོ་ལ། སྟོན་པ་སྐུ་གསུམ་གྱིས་ཇི་ལྟར་གསུངས་པའི་ཚུལ། དེ་རེ་རེ་ལ་ཕུན་སུམ་ཚོགས་པ་ལྔ་ལྔས་འཆད་པ་ལས། དང་པོ་ཆོས་སྐུའི་ཕུན་སུམ་ཚོགས་པ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སྤྲོས་པ་དང་བྲལ་བའི་ངང་། སྐྱེ་འགག་མེད་པའི་ཀློང་། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་ཉིད། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འགྱུར་བ་མེད་པ་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་ན། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་མ་གསུངས་མི་གསུང་གསུང་བ་མེད་པའི་ཚུལ་གྱིས་སོ། །གཉིས་པ་ལོངས་སྐུའི་ཕུན་སུམ་ཚོགས་པ་ནི། ཆོས་སྐུ་སྤྲོས་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལོངས་སྐུའི་རྣམ་པར་བཞེངས་ཏེ། གནས་ཕུན་སུམ་ཚོགས་པ་རང་སྣང་ལྷུན་སྟུག་པོ་བཀོད་པ་གསལ་དག་བདེ་བའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད་དང་རྡོ་རྗེ་མི་བསྐྱོད་པ་སོགས་ལ། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཁྱབ་པ་ཞི་བ་དང་ཁྲོ་བོའི་རང་བཞིན་མངོན་པར་སྣང་བས་བསྐོར་ཏེ། དུས་ཕུན་སུམ་ཚོགས་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཉིད་འདུ་འབྲལ་མེད་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ན། ཆོས་ཕུན་སུམ་ཚོགས་པ་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་རྩ་བར་གྱུར་པ་རང་བཞིན་གསང་བའི་སྙིང་པོ་ལ་སོགས་པའི་ཟབ་མོ་ནང་རྒྱུད་སྡེ་གསུམ་རང་བྱུང་རང་ཤར་ཆེན་པོར་རང་སྣང་བའོ། །གསུམ་པ་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ནི། དེ་ལྟ་བུའི་ལྷུན་སྟུག་པོ་བཀོད་པའི་ཞིང་ནས་རིགས་ལྔ་གངས་ཆེན་མཚོའི་སྐུ་ལས་སྤྲུལ་པའི་དང་པོ། ཡི་གེ་སྤྲིན་གྱི་འོད་ཟེར་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འཕྲོ་བའི་རྩེ་མོ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག་གྲངས་མེད་བརྗོད་དུ་མེད་པ་འཐོན་ཏེ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་འགྲོ་བ་སོ་སོའི་དོན་མཛད་པ་ལས། ཁྱད་པར་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་འཇིག་རྟེན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་འདི་ཉིད་དུ་ཐུབ་པ་དྲུག་གིས་དོན་མཛད་པ་ལས། མི་ཡི་ཐུབ་པ་སངས་རྒྱས་སྟོང་མངོན་པར་སྣང་བས་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ཞིང་། དེ་དག་ལས་ཀྱང་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར། ཤཱཀྱ་ཐུབ་པ་ཞེས་བྱ་བའི་མཚན་དང་རྣམ་པས་གདུལ་བར་དགོངས་ནས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྐུ་མཉམ་དུ་སྣང་ནས་སེམས་ཅན་གྱི་དོན་མཛད་པ་ནི། ནམ་མཁའི་ཟླ་བ་མ་འཕོས་བཞིན་དུ་ཆུ་སྣོད་བྱེ་བ་ཕྲག་བརྒྱར་སྣང་བ་བཞིན་ལོངས་སྐུའི་ངང་ལས་སྤྲུལ་པའི་སྐུ་མངོན་པར་སྣང་བས་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ་ན། སྐུ་དངོས་ཀྱི་གདུལ་བྱར་གྱུར་པའི་རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བར་མཛད་དོ། །དེ་ཡང་བཀའ་འཁོར་ལོ་དང་པོ། གནས་ཕུན་སུམ་ཚོགས་པ་ཝ་རཱ་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་མི་འཇིགས་པ་སྦྱིན་པའི་ནགས་ན། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞི། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། དུས་ཕུན་སུམ་ཚོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལོན་པའི་དུས་ན་གསུངས། བར་པ་ནི། གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་མཚན་མ་མེད་པ། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་བ་ཤཱ་རིའི་བུ་སོགས་འཁོར་རྣམ་བཞི་དང་། ཐུན་མོང་མ་ཡིན་པ་བཟང་སྐྱོང་དང་། རིན་ཆེན་འབྱུང་གནས་སོགས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རབ་ཏུ་མང་པོ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ལོ་བཅུ་གཉིས་སུ་ཟླ་བ་གཉིས་ཀྱིས་མ་ཆོག་པའི་བར་དུ་གསུངས། ཐ་མ་ནི། གནས་ཕུན་སུམ་ཚོགས་པ་ལྷ་ཀླུ་མི་ཡི་གནས་རྒྱལ་པོའི་ཁབ་དང་གྲོང་ཁྱེར་པདྨོ་ཅན་ལ་སོགས་པར། སྟོན་པ་ཕུན་ཚོགས་པ་མཉམ་མེད་ཤཱཀྱའི་རྒྱལ་པོས། ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་རྣམ་གྲངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་རབ་ཏུ་མང་པོ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེ་ལྟར་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་བཀོད་ནས། གདུལ་བྱ་རྟག་འཛིན་ཤས་ཆེ་བ་རྣམས་གདུལ་བའི་ཕྱིར་དང་། སྐུ་དངོས་སུ་སྣང་བས་འདུལ་བའི་འགྲོ་བའི་བསོད་ནམས་ཀྱི་ཆུ་སྣོད་ཀྱང་དེ་ཙམ་དུ་ཟད་པས་ཐ་མའི་མཛད་པ་སྟོན་པར་བཞེད་ནས། གྱད་ཡུལ་རྩ་ཅན་དུ་ཤིང་ས་ལ་ཟུང་གི་དྲུང་དུ་སེང་གེའི་ཁྲི་ལ་གཟིམས་ཏེ། འཁོར་གྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ལ། ཁྱོད་སོང་ལ་ངའི་སློབ་མ་བསྟན་པ་འདིར་ཞུགས་པ་གང་ཇི་སྙེད་པ་སྡུས་ཤིག་ཅེས་བསྐུལ་བ་དང་། རྫུ་འཕྲུལ་ཅན་དེས་རི་རབ་ཀྱི་རྩེར་སོང་ནས་རྫུ་འཕྲུལ་གྱི་སྐད་ཆེན་པོས། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་པར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་སོགས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གོ་བར་མཛད་པས། བློ་གྲོས་དད་གྲོལ་ལ་སོགས་པ་གང་ཟག་དམ་པའི་རིགས་ཅན་ལྔ་ནི། སྟོན་པ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་ཀྱིས། སྤྲུལ་པ་དབྱིངས་སུ་ཞི་བ་ཙམ་ལས། མྱ་ངན་ལས་མི་འདའ་བར་ཁོང་དུ་ཆུད་ནས་ནང་དུ་ཡང་དག་འཇོག་ལ་གནས་སོ། །དེ་ལས་གཞན་ཐམས་ཅད་སྟོན་པའི་སྤྱན་སྔར་འདུས་ཏེ་སྨྲེ་སྔགས་འདོན་པ་ན། བཀའ་བསྩལ་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པ། འབྱོར་པ་ཐམས་ཅད་ནི་མཐར་རྒུད་པ། དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པ། གང་ཟག་གི་སྲོག་གི་དབང་པོ་ལ་ངེས་པར་སྐྱེ་ཤི་ཡོད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བས། གང་སུ་དག་ཐེ་ཚོམ་དང་སྤྲོས་པ་ཡོད་ན་དྲིས་ཤིག་གསུངས་པ་དང་། འཁོར་གྱི་ནང་ནས་རིག་འཛིན་ཆེན་པོ་ཀུན་ཛ་ར་སྟན་ནས་ལངས་ཏེ་གསོལ་པ། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་སོགས་སྔོན་དུ་འགྲོ་བས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མི་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་ཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བ། །མཉམ་པའི་ཐེག་མཆོག་ཡོངས་མ་གསུང་། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དང་། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་དྲྭ་མ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་དང་། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་ལུང་བསྟན་ཏེ། སྤྲུལ་སྐུས་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས་སོ། །གཉིས་པ་རིག་འཛིན་རིག་པས་བརྒྱུད་པ་ལ། རིག་འཛིན་མི་མ་ཡིན་ལས་བརྒྱུད་པ་དང་། མི་ལ་བརྒྱུད་པ་གཉིས་ཀྱི། དང་པོ་ནི། ལྷུན་སྟུག་པོ་བཀོད་པའི་ཞིང་དུ། སྟོན་པ་ལོངས་སྐུ་བླ་ན་མེད་པའི་གསང་བ་རང་གི་ངོ་བོས་བསྟན་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སེམས་དཔའ་གསུམ་གྱིས་མི་མཇེད་ཀྱི་ཞིང་འདིར་གནས་རིས་གསུམ་སོ་སོར་སྐུ་མཉམ་དུ་བསྟན་ནས་དོན་མཛད་པ་ལས། སྐུ་ཡི་སྤྲུལ་པ་འཇམ་དཔལ་ནི་མཁྱེན་རབ་མཆོག་ཏུ་གྱུར་པས་གཙོ་བོར་ལྟ་བའི་ཆོས་སྟོན་ཅིང་། མཚན་དང་དཔེ་བྱད་འབར་བས་ལྷ་ཡི་གནས་སུ་ལྷ་རྣམས་ཀྱི་དོན་མཛད་ཅིང་། གསང་བ་དམ་པ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་གསུངས། དེ་ནས་རིམ་པ་བཞིན་དུ་ལྷ་རིན་ཆེན་འོད་འབར་དང་། ཚངས་པ་སྐྱེ་དགུའི་བདག་པོ་དང་། ཚངས་པ་གཙུག་ཕུད་འཛིན་དང་དབང་པོ་བརྒྱ་བྱིན་གྱི་བར་དུ་གསུངས་ཤིང་། དེས་ལྷའི་འཁོར་ཚོམ་བུ་འབུམ་སྡེ་ལ་བསྟན་པས། ལྷ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་གསང་སྔགས་ཀྱི་རིག་པ་འཛིན་པར་གྱུར་ཏོ། །གསུང་གི་སྤྲུལ་པ་སྤྱན་རས་གཟིགས་ནི་ཐུགས་རྗེའི་མངའ་བདག་ཏུ་གྱུར་པས་གཙོ་བོར་སྤྱོད་པའི་ཆོས་སྟོན་ཅིང་། བདུད་རྩི་སྨན་གྱི་སྐུ་མངའ་བས་ཀླུའི་ནད་གསོ་ཞིང་ཀླུའི་གནས་སུ་གསང་བ་འདི་ཉིད་ཀླུ་དུང་མགྲིན་ནག་པོ་ལ་གསུངས་ཤིང་། རིམ་པ་བཞིན། ཀླུ་མོ་ཁ་འདུལ་མ། ཀླུ་མོ་འདུལ་ཚང་མ། ཀླུའི་རྒྱལ་པོ་དགའ་བོ། འཇོག་པོའི་བར་དུ་གསུངས་ཤིང་། དེས་ཀླུའི་འཁོར་ཚོམ་བུ་འབུམ་སྡེ་ལ་གསུངས་ཏེ། ཀླུ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །ཐུགས་ཀྱི་སྤྲུལ་པ་གསང་བདག་ནི་མཐུ་སྟོབས་ཀྱི་བདག་པོར་གྱུར་པས་གཙོ་བོར་འབྲས་བུའི་ཆོས་སྟོན་ཅིང་། འཇིགས་གཟུགས་རྔམ་པའི་སྐུ་མངའ་བས་གནོད་སྦྱིན་གྱི་ཡུལ་ལྕང་ལོ་ཅན་གྱི་གནས་སུ་གནོད་སྦྱིན་རྣམས་ལ་གསུངས་ཤིང་། གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་གདམས་པར་མཛད། དེ་ནས་རིམ་བཞིན་གནོད་སྦྱིན་ལག་ན་རྡོ་རྗེ། གྲགས་ལྡན་མཆོག་སྐྱོང་། སྐར་མདའ་གདོང་གི་བར་བརྒྱུད་ཅིང་། དེས་གནོད་སྦྱིན་གྱི་འཁོར་ཚོམ་བུ་འབུམ་སྡེ་ལ་བསྟན་པས་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །གཉིས་པ་མི་ཡི་རིག་འཛིན་ལ་བརྒྱུད་པ་ནི། སྔར་ལུང་བསྟན་པ་དང་མཐུན་པར་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་བརྒྱད་དང་བཅུ་གཉིས་ཏེ་ཉེར་བརྒྱད་སོང་བ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་ནས་རི་མ་ལ་ཡའི་རྩེ་མོར་ལྷགས་སོ། །རི་དེ་ནི་རྡོ་རྗེ་གདན་གྱི་ཤར་ལྷོའི་མཚམས་ཟ་ཧོར་གྱི་ཡུལ་ན་ཡོད་དེ། ཙནྡན་ལ་སོགས་པའི་ནགས་འཁྲིགས་ཤིང་སྨན་དང་མེ་ཏོག་གི་ཚོགས་རྒྱས་པ། སེང་གེ་དང་སྟག་དང་ལྕེ་སྤྱང་ལ་སོགས་པ་རྒྱུ་ཞིང་། མཁའ་འགྲོ་དང་གྲུབ་པ་དུ་མས་བསྙེན་པ། དུས་དུས་སུ་ལྷ་ཡི་མེ་ཏོག་དང་ཙནྡན་སྣ་ཚོགས་ཀྱི་ཕྱེ་མའི་ཆར་འབབ་པ། ཤར་ཕྱོགས་ན་ཨ་སུ་ར་གསང་བའི་བྲག་ཕུག་ཡོད་པ། དེའང་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། རིན་པོ་ཆེ་དང་ཉི་ཟླའི་གཟུགས་བརྙན་འཕྱང་བ། ལྷའི་བྱ་ཀ་ལན་ཏ་ཀས་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་སྒྲོག་པ། རིག་འཛིན་མཆོག་དང་འཕགས་པ་ལས་གང་ཟག་གཞན་ཕལ་པས་བགྲོད་མི་ནུས་སོ། །དེའི་ཚེ་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་ལྔ་པོས་མགྲིན་གཅིག་ཏུ། ཀྱེ་མ་ཀྱེ་ཧུད་ཀྱེ་མའོ་བློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་པས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་གསན་ནས་ཀུན་ཀྱང་ལྕང་ལོ་ཅན་གྱི་གནས་སུ་འདུས་ཏེ་གསང་བའི་བདག་པོ་ལ་བསྐུལ་བ། གསང་བ་དམ་པའི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །སྙིང་རྗེས་ས་ལ་བབ་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །ཞེས་སོགས་བཀའ་བསྩལ་པས། གསང་བདག་གིས་ཀྱང་། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པ། །བསོད་ནམས་ཆེན་པོའི་སྐལ་ལྡན་རྣམས། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟའི་དུས་ལ་འདིར་བབས་ཀྱིས། །འཁོར་བ་སྙིང་པོར་ལུང་བསྟན་བཞིན། །ཆོ་འཕྲུལ་རྣམས་ཀྱི་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །ཇི་ལྟར་བཤད་ཅིང་ལུང་བསྟན་བཞིན། །སྐལ་ལྡན་རྣམས་ལ་བགྲོ་བར་བྱའོ། །ཞེས་ཞལ་གྱིས་བཞེས་ནས། རིགས་ཅན་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེར། སྔར་འོག་མིན་སོགས་སུ་བསྟན་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སླར་བཟླས་ཏེ་གསུངས་པ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་ཤོག་བུ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ཏེ་གླེགས་བམ་རྣམས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་ཟ་ཧོར་གྱི་ཡུལ་ན་སྐལ་ལྡན་རྒྱལ་པོ་ཛ་ཞེས་ཐེག་པ་ཆེན་པོའི་རིགས་དང་ལྡན་པ། དོན་ལ་གསང་བདག་རང་གི་རྣམ་པར་འཕྲུལ་བ་ཞིག་ཡོད་པ་ལ། རྨིས་ལྟས་ངོ་མཚར་བ་བདུན་བྱུང་སྟེ། རྨི་ལམ་དང་པོ་ནི། མ་ལ་ཡའི་རྩེ་མོར་ཕྱག་ན་རྡོ་རྗེའི་ཕོ་བྲང་བཅས་ནས་སྐུ་ལས་འོད་ཟེར་སྔོན་པོ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་སྦྱངས་མི་སྣང་བར་བྱས། གསུང་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་ནི་གྲགས། ཐུགས་ཀ་ནས་རྡོ་རྗེ་མཐིང་ག་འོད་འབར་བ་གཅིག་བྱུང་ནས་རྒྱལ་པོ་ཉིད་ཀྱི་ཐུགས་ཀར་ཐིམ། ཉི་མ་འོད་འབར་བ་གཅིག་ཤར་ནས་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་ཞིག་ཤར་ནས་ཞབས་མཐིལ་དུ་ཐིམ། སྣང་སྲིད་ཐམས་ཅད་རྒྱལ་པོ་ཉིད་ཀྱི་ལྟོ་ན་འཕྱོ་བ་རྨིས་སོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་ཉི་མ་ལ་ཞོན་ནས་གསེར་གྱི་འཁོར་ལོ་བསྐོར་ཞིང་ཆོས་ཀྱི་བགྲོ་བ་མཛད་པས་སྲིད་པ་གསུམ་གྱི་ཁ་ལོ་སྒྱུར་བར་རྨིས་སོ། །གསུམ་པ་ནི། ནམ་མཁའི་ངོས་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ནི་འཐིབས། ཆོ་འཕྲུལ་གྱི་འབྲུག་སྒྲ་གོ་བར་སླ་ཞིང་སྙན་པ་ཚིམ་པར་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་ན་བུན་ནི་འཐུལ། བཻ་ཌཱུརྱ་སྔོན་པོའི་འོད་ཟེར་ནི་འཕྲོས། སྣང་སྲིད་གསལ་བའི་གློག་འགྱུ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཆེན་པོ་འབབ་པ་ཞིག་རྨིས་སོ། །བཞི་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་དག་པའི་ཞིང་དུ་གྱུར། རིན་པོ་ཆེའི་སྒྲོན་མ་འབར་བས་སྣང་སྲིད་ཀྱི་མུན་པ་མུན་ནག་ཐམས་ཅད་ནི་བསལ། བདུད་རྩིའི་ཆུ་རྒྱུན་འབབ་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་ཐམས་ཅད་ནི་སྦྱངས། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཆེ་གེ་མོ་ཞེས་བྱ་བའི་སྒྲ་དི་རི་རི་སྒྲོག་པ་རྨིས་སོ། །ལྔ་པ་ནི། སྤྲིན་གྱི་ནང་ནས་ཉི་མ་རིམ་པ་སྣ་ཚོགས་ཀྱི་འོད་ཟེར་ཤར་བའི་དཀྱིལ་ནས། རིན་པོ་ཆེ་སྨུག་པོའི་དཔལ་བེའུའི་སྒྲོམ་བུ་འོད་འབར་ཞིང་ཕྱི་ནང་གསལ་བའི་ངང་ནས། གསེར་གྱི་གླེགས་བམ་བཻ་ཌཱུརྱ་ཞུན་མས་བྲིས་པ་མང་པོ་སྐར་མདའ་ཐང་ལ་ལྷུང་བ་བཞིན་དུ་བབ་པ་རྨིས་སོ། །དྲུག་པ་ནི། གླེགས་བམ་དེ་དག་ལ་སངས་རྒྱས་དང་བྱང་སེམས་དང་རིག་འཛིན་ལྷ་དང་ལྷ་མོ་དཔག་ཏུ་མེད་པས་ཡོན་ཏན་གྱི་སྒྲ་སྒྲོག་ཅིང་མཆོད་པ་དང་བསྐོར་བ་བྱེད་པ་རྨིས་སོ། །བདུན་པ་ནི། ནམ་མཁའ་ལས་ལུང་སྟོན་པའི་སྒྲ་གྲགས་པ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པ། །བསོད་ནམས་ཆེན་པོའི་དྲྭ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟའི་དུས་ལ་འདིར་བབས་ཀྱིས། །འཁོར་བ་སྙིང་པོར་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བགྲོ་བར་བྱའོ། །ཞེས་པ་རྨིས་སོ། །དེ་ནས་མནལ་སད་དེ་རབ་ཏུ་དགྱེས་ཏེ། ནངས་པར་འཁོར་རྣམས་ལ་མདང་གི་དོན་དེ་ཚིགས་སུ་བཅད་ནས་བཀའ་བསྩལ་པས་ཀུན་ཀྱང་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཕོ་བྲང་གི་རྩེར་བྱོན་ནས་ཉིན་རེ་བཞིན་མཆོད་པ་ཆེན་པོ་བྱས་ཏེ་ཕྱག་ན་རྡོ་རྗེ་ཟླ་བ་དྲུག་བསྒྲུབས་པས། རཏྣ་སྨུག་པོའང་།མཆན།་་་་ཙནྡན་ལས་གྲུབ་པའི་ཕྱག་ན་རྡོ་རྗེའི་སྐུ་གཟུགས་གཅིག་ནམ་མཁའ་ལས་རང་བྱོན་ཏེ་རྒྱལ་པོའི་ཕྱག་ཏུ་བབས་པས་དགྱེས་ཏེ། སྔོན་ཚེ་གོང་ནས་བསྒྲུབས་པ་ཡིས། །ལས་ཀྱིས་མཇལ་བའི་ལྷ་མཆོག་འདི། བསྐལ་པ་བརྒྱར་ཡང་མི་གཏང་ངོ་། །མོས་པའི་སྟོབས་ཀྱིས་ལྷ་མཆོག་འཛིན། །ཞེས་གསུངས་ཏེ་མཆོད་པས། རྨི་ལམ་དང་མཐུན་པར་ཕོ་བྲང་གི་རྩེར་གླེགས་བམ་མང་པོ་བབས་ཏེ་དེ་དག་ལ་མཆོད་ཅིང་བརྟགས་པས། སྒྱུ་འཕྲུལ་རྒྱས་པ་ལེའུ་བརྒྱད་ཅུ་རྩ་གཉིས་པ་ནས་རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་རྟོགས་པར་གྱུར་ཏེ། དེ་ལ་བརྟེན་ནས་སྒྲུབ་ཚུལ་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ་དངོས་གྲུབ་ཅི་འདོད་བཀའ་བསྩལ་པས། གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ལོ། །ཞེས་གསོལ་བས། རིགས་ཀྱི་བུ་ཁྱོད་ཀྱི་སྟོན་པ་ཕྱག་ན་རྡོ་རྗེ་བྱོན་ནས་འདི་དག་གི་དོན་མངོན་དུ་འབྱིན་པར་འགྱུར་རོ། །ཞེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་མ་ལ་ཡའི་རྩེར་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་རོལ་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དོ། །དེའི་འཁོར་དམ་པའི་རིགས་ཅན་རྣམས་ཀྱིས་གསོལ་བ། ཨེ་མ་ངོ་མཚར་རྨད་རེ་ཆེ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག །གང་ནས་བྱོན་ཏེ་གང་ལྟར་བྱུང་། །གང་ལ་བརྟེན་ནས་གང་དུ་བྱོན། །དོན་དང་ཆེད་ཀ་ཇི་ཞིག་མཆིས། །ཞེས་པའི་ལན་དུ། ང་ནི་ཅིས་ཀྱང་མི་བསྐྱོད་དེ། །མི་འཁྲུག་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེ་གཡོ་ཞིང་བསྐྱོད་པས་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པུ། །ཞེས་སོགས་གསུངས་ནས་འཁོར་རྣམས་ཡི་རང་བར་མཛད་དོ། །དེ་ནས་འཁོར་རྣམས་ཀྱིས། མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུས་བར་སྣང་སྟོན་པ་ལྟར། །ཐོག་མ་ཐ་མ་མེད་པ་ཡི། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། །རྣམ་དག་ལམ་ཆེན་འདི་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་དམ་པའི་བདག་པོར་གྲགས། །ཞེས་སོགས་ཀྱིས་བསྟོད་ནས། དམ་པའི་སྒྲོན་མེ་ཇི་ལྟར་ནུབ། །དམ་པའི་གསང་ལུང་ཇི་ལྟར་བྱུང་། །ཞེས་སོགས་དྲིས་པའི་ལན་དུ། རྨོངས་པས་གདུང་བ་སེལ་བ་དང་། འཇིག་རྟེན་དུ་སྒྲོན་མ་བཀོད་པ་དང་། །ངེས་པ་རྙེད་པ་དང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་དང་། དགོངས་པ་ངེས་པར་འགྲེལ་པ་དང་། གདུལ་བྱ་དུས་ལ་བབས་པ་དང་། བྱིན་གྱིས་བརླབས་པ་དང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་དང་། ཆེད་དུ་མཛད་པ་དང་། ལུང་ཆེན་ངེས་པར་བསྟན་པ་དང་། ལས་རྒྱུན་ཡོངས་སུ་གཅོད་པ་དང་། དགོངས་པ་རྣམ་པར་བགྲོ་བ་སྟེ། གསང་སྔགས་བྱུང་ཚུལ་བཅུ་གཉིས་ཀྱིས་གཏན་ལ་ཕབ་ནས། རྒྱུད་སྡེ་ནམ་མཁའ་དང་མཉམ་པ་རྣམས་གསུངས་ཤིང་དབང་བསྐུར་བར་མཛད་དོ། །དེ་དག་གི་བཀའ་བསྡུ་བའི་གྲོགས་ཀྱང་ལངྐའི་བདག་པོས་བྱས་སོ། །འདི་ལ་འཆད་ཚུལ་འགའ་ཞིག་མཆིས་པ་ལས་འདིར་བཤད་པ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་སྙིང་པོའི་སྤྱི་དོན་དུ་གསུངས་པ་བཞིན་ནོ། །དེ་ནས་རིམ་པར། རིགས་འཛིན་རྒྱལ་པོ་ཛས། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཟ་ཧོར་གྱི་རྒྱལ་པོ་ཨུ་པ་རཱ་ཛ། ཡུལ་དབུས་ཀྱི་དགེ་སློང་ཀུ་ཀུ་རཱ་ཛ་གསུམ་ལ་བཤད་དེ། དེ་ཐམས་ཅད་སྐུ་ཚེ་དེ་ཉིད་ལ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་ལ་གཤེགས་སོ། །ཨིནྡྲ་བྷཱུ་ཏིས་སྲས་ཤཱཀྱ་བྷཱུ་ཏི་དང་སྲས་མོ་གོ་མ་དེ་ཝཱི་ལ་བཤད་དེ། དེ་གཉིས་ཀྱང་རྣམ་པར་སྨིན་པའི་རིག་འཛིན་གྱི་གྲལ་ལ་འཁོད་དོ། །ཀུ་ཀུ་རཱ་ཛས་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེ་ནས། ནཱ་གརྫུ་ན་དང་དྲང་སྲོང་བྷ་ཥི་ཏ་ལ་བཤད་དེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །རྒྱུད་སྡེ་བཅོ་བརྒྱད་ནི། འདི་ལ་ངོས་འཛིན་གྱི་བཞེད་པ་མི་འདྲ་བ་འདུག་ཀྱང་། ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན། སྐུའི་སྐུ་ཡི་རྒྱུད་གླང་པོ་རབ་འབོག །སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར་ཏེ་སྐུ་རྒྱུད་གསུམ། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ་སྟེ་གསུང་རྒྱུད་གསུམ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ་སྟེ་ཐུགས་རྒྱུད་གསུམ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ་སྟེ་ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་པོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་ཏ་མ་ལ་འབུམ་སྡེ་སྟེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་ཏེ་སྤྱི་རྒྱུད་གསུམ་བཅས་བཅོ་བརྒྱད་ལ་བཞེད་ཅིང་། འདི་རྣམས་ཐོག་མ་ནས་གསང་བདག་གིས་ཕྱེ་སྟེ་རྒྱལ་པོ་ཛ་ལ་བཤད་པར་ཡང་སྔགས་ཀྱི་སྤྱི་དོན་ཚངས་སྒྲ་ལས་གསུངས་ཏེ་འཆད་ཚུལ་གཉིས་སྣང་ངོ་། །གང་ལྟར་ཡང་། ནཱ་གརྫུ་ནས་པདྨ་སམ་བྷ་ཝ། དེས་བི་མ་མི་ཏྲ་ལ་བཤད་དེ། འདི་གཉིས་ཀྱང་གདུལ་བྱའི་དོན་དུ་པཎྜི་ཏར་སྣང་ཡང་། ངོ་བོ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་ཡིན་ནོ། །ཡང་སྲས་མོ་གོ་མས་བི་ཏྲི་ཀ་མ་ལ། དེས་སངས་རྒྱས་གསང་བ་ལ་གསུངས་ཏེ། འདི་གཉིས་ཀྱང་ཚེ་ལ་དབང་བའི་རིག་འཛིན་དུ་གནས་སོ། །ཡང་དྲང་སྲོང་བྷ་ཥི་ཏས་པྲ་ཧསྟི་ལ་བཤད། འདིས་ཀྱང་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་སོ། །དེས་ཀྱང་ཨོ་རྒྱན་ཆེན་པོ་ལ་གསུངས་ཏེ། འདི་དག་ལ་ཁ་ཅིག་གང་ཟག་སྙན་བརྒྱུད་དུ་འདོད་པ་མི་འཐད་དེ། ལ་ལ་ནི་རྒྱུའི་རིག་འཛིན་ཡིན་ལ། ཕལ་ཆེར་ཕྱག་རྒྱའི་རིག་འཛིན་མང་ཞིང་། །པདྨ་དང་བི་མ་ལ་ནི་ལྷུན་གྲུབ་ཀྱི་ས་ལ་བཞུགས་ནས་སེམས་ཅན་གྱི་དོན་དུ་པཎྜི་ཏར་སྣང་བ་སྟེ། འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཡིན་ནོ་ཞེས་ཀུན་མཁྱེན་ཆེན་པོས་གསང་སྙིང་སྤྱི་དོན་དུ་གསུངས། ཟབ་པ་སྒྲུབ་སྡེའི་ཕྱོགས་ལ་བཀའ་གཏེར་གཉིས་ཀྱི་སྔ་མའི་ཕྱོགས་ནི་ཕལ་ཆེར་གོང་བཤད་དང་མཐུན་ལ། གཏེར་མའི་ཕྱོགས་རྣམས་ནི། གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆོས་འབྱུང་དབྱིངས་ཀྱི་ཞིང་མེ་རི་འབར་བར། སྟོན་པ་དཔལ་ཆེན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་བ་དང་རང་བྱུང་ཆེ་མཆོག་ཧེ་རུ་ཀཿཁྲོ་བོའི་དཀྱིལ་འཁོར་དུ་བཞེངས་ནས། འཁོར་རང་རིག་གི་ཚོམ་བུར་སྣང་བ་རྣམས་ལ། དུས་ཐོག་ཐ་མེད་པ་མཉམ་པ་ཉིད་ཀྱི་ངང་དུ། ཆོས་ཉིད་རྡོ་རྗེའི་རང་སྒྲས་ཐེག་པ་སྤྱི་དང་བྱེ་བྲག་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་དཔག་ཏུ་མེད་པ་གསུངས་པ་རྣམས། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འགྲེལ་ལུང་ལྔ་ཡང་མཛད་ནས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་བྱེ་བྲག་གི་རྒྱུད་རྣམས་ཕྱེ་སྟེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་སོ། །དེ་ནས་དུས་ཕྱིས་སློབ་དཔོན་བརྒྱད་ཀྱིས་འདོན་པར་འདོད་དེ། དེར་ཚོགས་ནས་མཁའ་འགྲོ་མ་ལ་གཏོར་མ་ཕུལ་ནས་གསོལ་བ་བཏབ་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཞུས་སོ། །ཨེ་མ་ཧོ། སྐུ་ནི་ལྷར་གསལ་གསུང་ནི་སྔགས་སྒྲ་སྒྲོག །ཐུགས་ནི་མཉམ་ཉིད་རྡོ་རྗེ་ལྟ་བུ་འོ། །སྤྲུལ་པ་སྣ་ཚོགས་འཕྲོ་བའི་སློབ་དཔོན་བརྒྱད། །བཀའ་ནི་ཅི་བསྩལ་གསུང་ནི་གང་གསུང་ཉན། །ཞེས་ཞུས་པས། ཨེ་མ་ཧོ། འདུས་པའི་འཁོར་ཚོགས་མ་མོ་ཌཱ་ཀི་དང་། །བདུད་དང་གཤིན་རྗེ་ལ་སོགས་བདག་ལ་ཉོན། །བཀའ་བཞིན་བྱེད་པ་ཁྱེད་རྣམས་མཆོད་བྱེད་པ། །སྒྲོམ་བུ་དགུ་པོ་དེ་རྣམས་ཁུར་ལ་ཤོག །ཅེས་གསུངས་པས། སློབ་དཔོན་ཧཱུྃ་ཀཱ་ར་ལ་ཧེ་རུ་ཀཿགལ་པོ་ལ་སོགས་པ་ཡང་དག་ཐུགས་ཀྱི་རྒྱུད་རྣམས་གཏད། འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གསང་རྒྱུད་ལ་སོགས་གཤིན་རྗེའི་རྒྱུད་རྣམས་གཏད། ཀླུ་སྒྲུབ་ལ་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་རྒྱུད་རྣམས་གཏད། སློབ་དཔོན་པདྨ་འབྱུང་གནས་་་་པྲ་བྷཱ་ཧསྟི་ལའང་།མཆན།ལ་བི་ཏོ་ཏ་མ་ལ་སོགས་ཕུར་པ་ཕྲིན་ལས་ཀྱི་རྒྱུད་རྣམས་གཏད། བི་མ་མི་ཏྲ་ལ་བདུད་རྩི་རོལ་པའི་རྒྱུད་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་རྣམས་གཏད། དྷ་ན་སཾསྐྲྀཏ་ལ་རྒྱུད་ལུང་འབུམ་ཏིག་ལ་སོགས་མ་མོའི་རྒྱུད་རྣམས་གཏད། རམ་བི་གུ་ཧྱ་དཱེ་ཝ་ཙནྡྲ་ལ་སྐུའི་རྒྱུད་དྲེགས་པ་འདུལ་བ་སོགས་འཇིག་རྟེན་དྲེགས་པ་ཅན་གྱི་རྒྱུད་རྣམས་གཏད། ཕུང་བྱེད་ཤཱནྟིཾ་གརྦྷ་ལ་དྲག་སྔགས་ཤེལ་ཕྲེང་དཀར་པོའི་རྒྱུད་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་རྣམ་གཏད། བདེ་གཤེགས་འདུས་པའི་རྒྱུད་རྣམས་སློབ་དཔོན་ཐུན་མོང་དུ་གཏད་ནས་སླར་མཆོད་རྟེན་དུ་བཅུག །སོ་སོར་གཏད་པའི་རྒྱུད་རྣམས་སློབ་དཔོན་སོ་སོས་ཞལ་ཕྱེ་ནས་ཡོངས་སུ་རྒྱས་པར་མཛད་དོ། །དེ་ནས་སློབ་དཔོན་པདྨས་སླར་མཆོད་རྟེན་དེ་ཉིད་ནས་བདེ་གཤེགས་འདུས་པའི་སྐོར་རྣམས་བཏོན་ཏེ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བདེར་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་བསྒྲུབས་པས་ཕྱག་རྒྱ་ཆེན་པོ་མཆོག་གྲུབ། རིག་འཛིན་བརྒྱད་ལའང་བདེ་འདུས་ཀྱི་དབང་བསྐུར་ཏེ་ཆོས་ཀྱི་སྐྱེས་འབུལ་བར་མཛད་དོ། །ལུང་ཨ་ནུ་ཡོ་གའི་མདོ་རྣམས་ནི་རི་མ་ལ་ཡའི་རྩེར་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་ཏནྟྲ་སྡེ་བཅོ་བརྒྱད་གསུངས་པ་དང་དུས་མཚུངས་པར། ཀྲི་ཡ་རྣམས་ཝ་རཱ་ཎ་སིར་བབས། ཡོ་ག་རྣམས་མེ་རི་འབར་བར་བབས། མ་ཧཱ་ཡོ་ག་རྣམས་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབས། ཨ་ནུ་ཡོ་ག་རྣམས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་བབས། ཨ་ཏི་ཡོ་ག་རྣམས་དྷ་ན་ཀོ་ཥའི་གླིང་དུ་བབས་པ་ལས། རྒྱུད་སྡེ་གཞན་རྣམས་ནི་པུསྟི་དངོས་སུ་བབས་པ་ཡིན་ཞིང་དེ་ལས་རིམ་པར་བརྒྱུད་ལ། ཨ་ཏི་ཡོ་ག་ནི་དེ་ལྟར་མ་ཡིན་ཏེ། རྡོ་རྗེ་སེམས་དཔའི་སློབ་མ་ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ། རྒྱལ་པོ་ཨུ་པ་རཱ་ཛ་དང་སྣང་གསལ་འོད་ལྡན་གཉིས་ཀྱི་སྲས་མོ་སུ་དྷརྨའི་སྲས་སུ་འཁྲུངས་ཤིང་། འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་རྫོགས་པ་ཆེན་པོའི་དབང་དང་། ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་ཏེ་གནས་པ་ལས། སྔར་གྱི་སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་དང་། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས། རི་མ་ལ་ཡ་རིན་པོ་ཆེ་རྣམ་པར་སྤྲུལ་པའི་རྩེ་མོར། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ། ལོ་གསུམ་དུ་ཡི་གེར་བཀོད་ནས་མཁའ་འགྲོ་མ་རྣམས་འདུ་བའི་ཕུག་ཏུ་བཞུགས་སོ། །དེ་ལྟ་བུའི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སེང་ཧ་སོགས་བརྒྱུད་ནས། པད་འབྱུང་། བི་མ། བཻ་རོ་གསུམ་ལ་བཀའ་བབས་ཏེ་དར་བར་མཛད་དོ། །གསུམ་པ་གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། བོད་ཀྱི་རིམ་པས་བརྒྱུད་པ་རྣམས་ཏེ། དེ་ཡང་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་བོད་ཀྱི་ཡུལ་དུ་བསྟན་པ་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། ཤཱཀྱ་ལིཙྪ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་པ། བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ། ཕོ་བྲང་ཡུམ་བུ་བླ་མཁར་གྱི་རྩེར་མདོ་སྡེ་ཟ་མ་ཏོག །སྤང་སྐོང་ཕྱག་བརྒྱ་པ། ཙིནྟ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར་རྣམས་དངོས་སུ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་གདུང་རབས་ལྔ་པ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོས། རྒྱ་བལ་ནས་སྟོན་པའི་ཞལ་ཚབ་སྣང་བརྙན་རྣམ་གཉིས་སྤྱན་དྲངས། ར་ས་འཕྲུལ་སྣང་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བཞེངས། ཆོས་བློན་ཐོན་མི་སམ་བྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར། རྒྱལ་ཁམས་ལ་དགེ་བཅུའི་ཁྲིམས་བཅས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་པ་འཇམ་དཔལ་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། ཟ་ཧོར་མེ་ཏོག་གླིང་ནས་མཁན་ཆེན་བོ་དྷི་སཏྭ་དང་ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་སྤྱན་དྲངས་ནས། ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་ཐམས་ཅད་ཚར་བཅད། དཀར་ཕྱོགས་ཀྱི་ལྷ་འདྲེ་རྣམས་བྲན་དུ་བཀོལ་ཏེ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མཁན་པོས་རྦ་རཏྣ་དང་བཻ་རོ་ཙ་ན་སོགས་སད་མི་མི་བདུན་དང་དགེ་སློང་མི་ལྔ་སོགས་རབ་ཏུ་བྱུང་སྟེ་བསྟན་རྩ་འདུལ་བའི་བསྟན་པ་སྤེལ་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བཙུགས། ཨོ་རྒྱན་ཆེན་པོས་བཀའ་བབས་ལས་ཅན་སྙིང་གི་བུ་དགུ་སོགས་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་དེ། དེའི་ཚེ་རིགས་ཀྱི་མེ་ཏོག་དོར་བ་ན། མངའ་བདག་རྒྱལ་པོའི་མེ་ཏོག་དབུས་ཆེ་མཆོག་ལ་བབས། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡང་དག་ལ་བབས། དེ་བཞིན་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ལྷོ་གཤིན་རྗེ་ལ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་ནུབ་དབང་ཆེན་ལ། ཇོ་མོ་མཁར་ཆེན་བཟའི་བྱང་རྡོ་རྗེ་གཞོན་ནུ་ལ། འབྲོག་བན་དཔལ་གྱི་ཡེ་ཤེས་ཀྱི་ཤར་ལྷོ་མ་མོ་ལ། རླངས་དཔལ་གྱི་སེང་གེ་ནུབ་བྱང་དྲེགས་པ་ཀུན་འདུལ་ལ། པ་གོར་བཻ་རོ་ཙ་ན་བྱང་ཤར་དམོད་པ་དྲག་སྔགས་ལ་བབས་པས། སོ་སོའི་རྒྱུད་དང་སྒྲུབ་ཐབས་རྣམས་བསྩལ་པ་ཉམས་སུ་བླངས་པས་གྲུབ་པ་ཐོབ་ནས་སོ་སོའི་རིགས་ཀྱི་གཙོ་བོ་དང་དབྱེར་མེད་དུ་གྱུར། གཞན་ཡང་རྒྱ་གར་ནས། སློབ་དཔོན་བི་མ་མི་ཏྲ། ཤཱནྟིཾ་གརྦྷ། དྷརྨ་ཀཱིརྟི་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་སྤྱན་དྲངས། བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་དང་ནམ་སྙིང་སོགས་རྒྱ་གར་དུ་བྱོན་པ་དང་། གཞན་སྐ་ཅོག་སོགས་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་དང་པཎྜི་ཏ་རྣམས་བསྡེབས་ནས་མདོ་རྒྱུད་བསྟན་བཅོས་མན་ངག་གི་ཚོགས་དཔག་ཏུ་མེད་པ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། དེ་ལས་གསང་བ་སྒྱུ་འཕྲུལ་བའི་ལུགས་ལ། ཀུན་མཁྱེན་ཆེན་པོས་སྔ་འགྱུར་བར་འགྱུར་ཕྱི་འགྱུར་གསུམ་དུ་བཞེད་དེ། དེ་ཡང་སངས་རྒྱས་གསང་བ་གངས་ཏི་སེར་བཞུགས་དུས། བྲན་ཀ་མུར་ཏི། སྦས་མཉྫུ་ཤྲཱི། བཻ་རོ་གསུམ་ལ་བཤད་དེ། དེ་ལས་བརྒྱུད་པ་ནི་སྔ་འགྱུར། པདྨས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་མཆིམས་ཕུར་དབང་བསྐུར་ཏེ་སྒྲ་བསྒྱུར་རྒྱ་གར་གླིང་དུ་བསྒྱུར་ནས་བཤད་པ་བར་འགྱུར། བི་མས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་ལ་བསམ་ཡས་ལྷུན་གྱིས་གྲུབ་པའི་བར་ཁང་དུ་གསུངས་པ་ནི་ཕྱི་འགྱུར་དུ་བཞེད། དེ་གསུམ་ཀའི་བརྒྱུད་པ་ཀུན་འདུས། གནུབས་སངས་རྒྱས་ཡེ་ཤེས་ནས་རིམ་པར་ཟུར་མེས་དབོན་སོགས་སུ་བརྒྱུད་པ་ཟུར་ལུགས་དང་། གནུབས་ཆེན་ནས་པ་གོར་བློན་ཆེན་འཕགས་སོགས་བརྒྱུད་རིམ་པར་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ལས་བརྒྱུད་པ་སོགས་བརྒྱུད་པའི་བཀའ་སྲོལ་མང་དུ་བྱུང་ངོ་། །ལུང་ཨ་ནུ་ཡོ་ག་འདུས་པ་མདོ་ཡི་སྐོར་རྣམས་ནི། རྒྱ་བལ་བྲུ་ཤའི་མཁས་པ་བཞི་ལས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གསན་ནས་དར་བར་མཛད། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལས། ཕྱི་སེམས་ཀློང་གི་སྐོར་རྣམས་ནི། གཙོ་བོར་ལོ་ཆེན་བཻ་རོ་ཙ་ནས་སློབ་དཔོན་ཤྲཱི་སེང་ཧ་སོགས་ལ་ཞུས་ནས་དར་བར་མཛད། མན་ངག་གི་སྡེ་ལ། པད་འབྱུང་། བཻ་རོ། བི་མིའི་བཀའ་སྲོལ་དང་གསུམ་བྱོན་པའི་སྔ་མ་གཉིས་གཏེར་ནས་བྱོན་པ་དང་། ཕྱི་མ་ལ་བཀའ་གཏེར་གྱི་བརྒྱུད་པ་གཉིས་སུ་ཡོད་དོ། །དེ་ལ་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས་གསང་སྔགས་ཀྱི་བབ་བདུན་དུ་བཞེད་དེ། བབས་དང་པོ་ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་སྲས་རྗེ་འབངས་ལས་ཅན་སྙིང་གི་བུ་དགུ་སོགས་ལ་བསྩལ་པ་དང་། གཉིས་པ་གྲུབ་ཆེན་ནམ་མཁའི་སྙིང་པོ་རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀཱ་ར་སོགས་ལས་གསན་པ་དང་། གསུམ་པ་སློབ་དཔོན་ཤཱནྟིཾ་གརྦྷ་བསམ་ཡས་རབ་གནས་སུ་ཕེབས་སྐབས་གསུངས་པ་དང་། བཞི་པ་སློབ་དཔོན་སངས་རྒྱས་གསང་བས་གངས་ཏི་སེ་ནས་དབས་མཉྫུ་ཤྲཱི་སོགས་ལ་བསྟན་ནས་རྒྱལ་པོ་ལ་སྐྱེས་སུ་བསྐུར་པ་དང་། ལྔ་པ་ལོ་ཆེན་བཻ་རོས་འཕགས་ཡུལ་གྱི་སློབ་དཔོན་ཤྲཱི་སེང་ཧ་སོགས་མཁས་པ་ཉེར་གཅིག་གི་དགོངས་མཛོད་ཕྱུང་བ་རྫོགས་ཆེན་གཙོར་གྱུར། དྲུག་པ་པཎ་ཆེན་བི་མ་ལས་སྐ་ཅོག་རྨ་གསུམ་སོགས་ལ་སྔར་གསུངས་པ་དང་། བདུན་པ་ལྷ་སྲས་མུ་ནེ་བཙན་པོའི་འདད་ཀྱི་དབུར་སླར་རྒྱ་ནག་ནས་གཤེགས་པའི་སྐབས་སུ་གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་སོགས་ལ་གསུངས་པ་རྣམས་སོ་གསུངས། གཞན་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པས་མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དགོངས་ནས་ཟབ་གཏེར་རྒྱ་མཚོ་ལྟ་བུ་སྦས་པ་རྣམས། ཕྱིས་དུས་ལ་བབས་པའི་ཚེ་སྔོན་གྱི་རྗེ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་པ་རྣམས་ཀྱི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་ཆེན་མཆོག་གཉིས་གླིང་པ་བརྒྱད་སོགས་རིམ་པར་བྱོན་པ་རྣམས་ཀྱིས་སྤྱན་དྲངས་ནས། བོད་ཁམས་མཐའ་དབུས་ཀྱི་སྐྱེ་དགུ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་བླ་ན་མེད་པ་སྟེར་བཞིན་པ་སྟེ། མདོར་ན་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབ། བར་དུ་གནུབས་ལ་བབ། ཐ་མ་ཟུར་ལ་བབ་ཞེས་གྲགས་པ་ལྟར་དེ་དག་གི་ཆོས་བརྒྱུད་མཐའ་ཡས་པ་དང་། ཁྱད་པར་བསྟན་པ་ཕྱི་དར་གྱི་དུས་སུ། ལྷ་རྗེ་འུག་བྱ་ལུང་པའམ་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པས་ཡལ་ག་བརྐྱངས། གསང་བདག་སྒྲོ་ཕུག་པའམ་ཤཱཀྱ་སེང་གེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས་ཤིང་། འདིའི་སྐབས་སུ་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ཨཽ་ཌི་ཡ་ན་དང་མཚུངས་པར་གྲགས། གཞན་ཡང་གསང་བདག་སྒྲོ་ཕུག་པའི་སློབ་མ་འཛམ་སྟོན་འགྲོ་བའི་མགོན་པོ་ནས། ཀཿདམ་པ་བདེ་གཤེགས་སོགས་ལ་བརྒྱུད་པ་ཁམས་ལུགས་དང་། གསར་རྙིང་གཉིས་ཀའི་ནང་ནས་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་དཔལ་རོང་ཟོམ་པཎྜི་ཏ་དང་། འོད་གསལ་ཐེག་མཆོག་བསྟན་པའི་ཤིང་རྟ་བ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་མཁས་པ་དང་གྲུབ་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ། དེ་རེ་རེ་ལའང་བརྒྱུད་པའི་བཀའ་སྲོལ་དང་བརྒྱུད་འཛིན་སྐྱེས་ཆེན་བགྲང་གིས་མི་ལང་བ་བྱོན་ཅིང་། བར་སྐབས་དུས་དབང་གིས་ཅུང་ཟད་རྒུད་པར་ཕྱོགས་པ་ན། ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ་གཉིས་བསམ་བཞིན་སྲིད་པར་སྐྱེ་བ་བཞེས་པ། རྗེ་རིག་འཛིན་གཏེར་བདག་གླིང་པ་དང་། མཁན་ཆེན་དྷརྨ་ཤྲཱི་གཉིས་ཀྱི་ཐུགས་བསྐྱེད་བརྩོན་པ་ཆེན་པོས་བསྟན་པ་རྨང་ནས་གསོས་ཏེ་གཞིར་བཞེངས་སུ་མཛད། གཡོ་རུ་རྫོགས་ཆེན་པ་རིག་འཛིན་འཇིགས་མེད་གླིང་པ་ལ་ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་པས་མཁྱེན་རྟོགས་དགོངས་པའི་རྩལ་རྫོགས་ནས་ཐུགས་གཏེར་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། ཁྱད་པར་དུ་སྔ་འགྱུར་ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ། །པདྨའི་སྙིང་པོ་ཀུན་དགའ་དང་། །བློ་གྲོས་མཐའ་ཡས་ལ་སོགས་པས། །འཛིན་པས་བསྟན་པ་རྒྱས་པར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང་རིགས་པས་གྲུབ་པ། ཚད་མར་གྱུར་པའི་སྐྱེས་ཆེན་ས་གསུམ་ན་འགྲན་ཟླ་དང་བྲལ་བ། པཎ་ཆེན་བི་མའི་རྣམ་འཕྲུལ་ངོ་མཚར་བཀའ་བབ་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། བཻ་རོའི་རྣམ་འཕྲུལ་རྒྱལ་བསྔགས་མཛོད་ལྔའི་ཤིང་རྟ་བ་ཆེན་པོ་ཀུན་མཁྱེན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ་རྗེ་བླ་མ་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་བསྐྱེད་བརྩོན་པ་ཆེན་པོས། བོད་གངས་ཅན་ན་ཡོངས་སུ་གྲགས་པའི་སྔ་འགྱུར་རྙིང་མ། བཀའ་གདམས་གསར་རྙིང་། ལམ་འབྲས། མར་མིའི་བཀའ་བརྒྱུད། ཤངས་པའི་བཀའ་བརྒྱུད། ཞི་གཅོད། སྦྱོར་དྲུག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲང་དང་བཅས་པའི་རིང་ལུགས་སྤྱི་དང་། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་མེ་རོ་རྨང་ནས་གསོས་ཏེ་ཕྱི་མའི་མཐར་ཡང་མི་ཉམས་པའི་བཙས་སུ་བཀའ་གཙིགས་ཕྱག་རྒྱས་བཏབ་སྟེ་སྔོན་མེད་མཛོད་ཆེན་ལྔ་ཡི་ཤིང་རྟའི་རིང་ལུགས་གསལ་བར་མཛད་པ་ཡིན་ལ། དམ་པ་དེ་གཉིས་ཀྱི་ཐུགས་སྲས་སློབ་ཚོགས་རྒྱུ་སྐར་ཕྲེང་བའི་དབུས་ན་མཚན་མོའི་མགོན་པོ་བཞིན་མངོན་པར་འཕགས་པ། རྗེ་བཙུན་འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་བརྫུ་ལ་ཞུགས་པ། སོ་སོ་ཡང་དག་རིགས་པ་བཞི་དང་སྤོབས་པའི་གཏེར་ཆེན་པོ་བརྒྱད་ལ་མངའ་དབང་འབྱོར་པའི་ཀུན་མཁྱེན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། རང་ལུགས་གྲུབ་མཐའི་རྐང་བླངས་ཏེ། གཞན་གྱི་ཟེར་སྒྲོས་ཉ་དང་ཉུང་མ་བསྲེས་པ་ལྟ་བུ་མ་ཡིན་པར། དཔྱད་གསུམ་རྣམ་པར་དག་པ་གསེར་ཞུན་མ་ལྟ་བུའི་ལེགས་བཤད་བསམ་མི་ཁྱབ་པ་མཛད་དེ་མཐའ་དབུས་ཀུན་ཏུ་འཇིགས་མེད་སེང་གེའི་སྒྲ་དབྱངས་བསྒྲགས་པར་མཛད་པས། ཐུབ་བསྟན་སྤྱི་དང་། ཁྱད་པར་ཐུན་མིན་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་རྒྱལ་མཚན་དུས་ཀྱི་མཐར་ཡང་ནུབ་པ་མེད་པར་བསྒྲེངས་པའི་བཀའ་དྲིན་ནི། རང་ལུགས་རྙིང་བསྟན་འཛིན་པ་རྣམས་ཀྱིས་བསྐལ་པ་རྒྱ་མཚོར་གཞལ་དཀའི་གནས་སུ་གྱུར་པས། ཟོལ་མེད་ཀྱིས་བསྟན་ལ་དགོངས་པའི་སྐྱེས་ཆེན་རྣམས་ཀྱིས། འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་རིང་ལུགས་དྲི་མ་མེད་པ་ཉིད་སྒོ་དུ་མ་ནས་འཕེལ་ཞིང་རྒྱས་པར་འགྱུར་བའི་ཐབས་ལ་བརྩོན་པར་ཅིས་ཀྱང་གསོལ་བ་འདེབས་པ་ལགས་ཤིང་། གོང་སྨྲོས་རྣམས་ཀྱི་བརྒྱུད་པའི་རྣམ་ཐར་དང་ལོ་རྒྱུས་རྒྱས་པ་ནི། ཆོས་འབྱུང་པད་དཀར་རྫིང་བུ་དང་། གཏེར་མཛོད་ལས་འཕྲོས་པའི་གཏམ་ལྷའི་རྔ་སྒྲ་གཉིས་སུ་གསལ་བར་བཤད་ཟིན་པས་འདིར་མ་སྤྲོས་སོ།། །།གཉིས་པ་དེ་ལ་གཞན་གྱིས་ལོག་པར་རྟོག་པ་བསལ་བ་ལ་གསུམ། པུསྟིའི་ཆར་རྫུན་དུ་འདོད་པ་བསལ་བ། རྒྱུད་རྣམས་བོད་ཀྱིས་བརྩམས་པར་འདོད་པ་བསལ་བ། གཞི་རྒྱུད་རང་གི་ངོ་བོ་ལ་འགལ་བ་བརྗོད་པ་བསལ་བའོ། །དང་པོ་ནི་ཀུན་མཁྱེན་ཆེན་པོས་སྙིང་པོའི་སྤྱི་དོན་དུ་འདི་སྐད་ཅེས་གསུངས་ཏེ། འདིར་གསར་མ་པ་ཁ་ཅིག་ན་རེ། སློབ་དཔོན་ལ་མ་ལྟོས་པར་གླེགས་བམ་ལ་བརྟེན་ནས་ལྷ་བསྒྲུབས་པས་ལྷའི་ཞལ་མཐོང་ཟེར་བ་མི་འཐད་དེ། བཀའ་ལ་རས་ཆོད་འགྱུར་བ་དང་། བླ་མ་ལས་མ་ཐོས་པས་ཆོས་ལ་ཁུངས་མེད་པ་དང་། དབང་མ་བསྐུར་པས་ལམ་ལ་གཞི་མེད་པར་འགྱུར་བ་དང་། ལུང་བསྟན་པ་འདི་ཡང་ཁྱོད་ཀྱི་མདོ་སྒྱུ་འཕྲུལ་ལ་སོགས་འབྱུང་བའི་ལུང་བསྟན་མ་ཡིན་གྱི། རྒྱ་གར་ཤར་ཕྱོགས་ཀྲི་ཏི་ཀ་རའི་གྲོང་ཁྱེར་དུ་རྒྱལ་པོ་རབ་གསལ་ཟླ་བ་ལ་ཕྱག་ན་རྡོ་རྗེ་རྣལ་འབྱོར་གྱི་རྒྱུད་བསྟན་པའི་ལུང་བསྟན་ཡིན་ཏེ་ཁུངས་ནི་སྡོམ་པ་ཕྱི་མའི་རྒྱུད་ན་ཡོད་ཅེས་ཟེར་རོ། །དེ་ཡང་ཁྱེད་ཅག་ནི་ཕྱིན་ཅི་ལོག་གི་ལིང་ཐོག་གིས་བློ་གྲོས་ཀྱི་མིག་མདོངས་པར་ཟད་ཀྱི། ཚུལ་འདི་ལ་བརྒལ་དུ་རུང་བ་མ་ཡིན་ཏེ། རྒྱལ་སྲས་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པའི་གྲུབ་ཆེན་རྣམས་བྱོན་ཅིང་། སྔོན་གྱི་ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡིད་ཆེས་པའི་གནས་སུ་བཟུང་ན། ཁྱོད་ཀྱི་ལོག་རྟོག་འདིས་ཇི་ཞིག་དཀྲུག་ཏུ་ཡོད། འོན་ཀྱང་ལན་མདོ་ཙམ་ཞིག་བརྗོད་ན། སློབ་དཔོན་ལ་མ་ལྟོས་པར་གླེགས་བམ་ལ་བརྟེན་ནས་ལྷ་བསྒྲུབས་པས་ཞལ་མི་མཐོང་བའང་མི་འཐད་དེ། སངས་རྒྱས་ཀྱི་སྤྲུལ་པ་ནི་གང་ལ་གང་འདུལ་དུ་སྣང་བས་གླེགས་བམ་གྱིས་འདུལ་ན་དེར་སྣང་བ་མི་འགལ་བས། གླེགས་བམ་ཉིད་སློབ་དཔོན་དུ་གྱུར་པའང་མི་འགལ་མོད། རྒྱལ་པོ་ཉིད་དེ་ལ་དབང་བའི་རིགས་ལྡན་དུ་བཤད་ཅིང་། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་ཏེ། དེས་མི་དབང་ན་ནམ་ཡང་ཆོས་ལ་དབང་བའི་གང་ཟག་རྒྱུན་ཆད་པའི་སྐྱོན་ཡོད་ཅིང་། བླ་མ་ལས་མ་ཐོས་པས་ཆོས་ཁུངས་མེད་ཅེས་ཟེར་བ་ནི། མིའི་བླ་མ་ལས་མ་ཐོས་ཀྱང་། ཕྱག་ན་རྡོ་རྗེ་དངོས་སུ་རོལ་པ་བརྟུལ་ཞུགས་ཀྱིས་བྱོན་ནས་ཆོས་བསྟན་དབང་བསྐུར་པས་ལམ་ལ་གཞི་མེད་པ་ག་ལ་སྲིད། གལ་ཏེ་མིའི་བླ་མ་མེད་པས་ཡིད་མི་ཆེས་ན། ཁྱོད་ཀྱིའང་། ཏེ་ལོ་པས་རྡོ་རྗེ་འཆང་ལ་ཐོས་པ་དེ་ལ་སུ་ཞིག་ཡིད་བརྟན་དུ་རུང་། དེ་བཞིན་རྡོ་རྗེ་དྲིལ་བུ་པས་བདེ་མཆོག་ལ་དངོས་སུ་བརྒྱུད་པ་བསྙེགས་པ་ལའང་མཚུངས་སོ། །དེ་དག་གྲུབ་པ་ཆེན་པོ་ལ་ཡིན་ནོ་ཞེ་ན། འདིར་ཡང་མཚུངས་པ་ཁོ་ན་སྟེ། རྒྱལ་པོ་ཉིད་གྲུབ་པ་ཆེན་པོ་དངོས་ཡིན་པ་ཁོ་ནའོ། །ལུང་བསྟན་པ་ལའང་ངེད་ཀྱི་མདོ་སྒྱུ་འཕྲུལ་ལ་མ་ཡིན་ཞེས་རྣམ་པར་བཅད་པའི་ལུང་ཅི་ཞིག་ཡོད། གལ་ཏེ་རྣལ་འབྱོར་གྱི་རྒྱུད་བྱུང་བ་ཡིན་དུ་ཆུག་མོད། །དེ་ཚེ་གསང་བདག་གིས་མདོ་སྒྱུ་འཕྲུལ་ལ་སོགས་མ་གསུངས་པའི་ཚད་མ་ཅི་ཞིག་ཡོད། ཆོས་ལ་ཁུངས་ཀྱང་ཤིན་ཏུ་ཡོད་དེ། རྒྱལ་བས་ལུང་བསྟན་ཅིང་གསང་བདག་གིས་དངོས་སུ་བྱིན་གྱིས་བརླབས་ཏེ་གྲུབ་ཆེན་དུ་མ་རིམ་གྱིས་བྱོན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་པ་ལའང་ཡིད་མི་ཆེས་ན། མཁའ་འགྲོ་མའི་གླིང་ནས་གླེགས་བམ་བརྐུས་ནས་འཛམ་བུའི་གླིང་དུ་དར་བར་བྱས་པ་དང་། བྱང་ཤམ་བྷ་ལར་ཆོས་འཚོལ་བ་ལ། ལྷོ་ཕྱོགས་ཀྱི་རྒྱ་མཚོར་ཞུགས་པ་དང་། སྔོན་དུ་བདག་མེད་མ་ལ་བརྟག་གཉིས་གསན་ནས། ཕྱིས་ཌོཾ་བྷི་ཧེ་རུ་ཀས་ཨོ་རྒྱན་ནས་བཙལ་བ་སོགས་རང་རང་གི་ལོ་རྒྱུས་འགལ་བ་ཅན་དེ་དག་ཁྱོད་ལ་ཡོད་པས་སུ་ཞིག་ཡིད་ཆེས་སུ་རུང་། གལ་ཏེ་ཁྱོད་ཀྱི་རྩོད་པས་ངེད་ཀྱི་ཆོས་ལ་སྐྱོན་ཡོད་ན། མུ་སྟེགས་པས་ནང་པའི་ཆོས་ལ་རྩོད་ན་སངས་རྒྱས་ཀྱི་ཆོས་རྣམས་སྐྱོན་ཅན་དུ་འགྱུར་བ་དང་། ཁྱེད་རང་གི་ཆོས་སུ་རློམས་པའི་གུར་བརྟག་སམ་བྷུ་ཊ་ལ་སོགས་པ་ལའང་ངེད་ཀྱིས་རྩོད་པ་བྱས་ན་ཆོས་མ་ཡིན་པར་འགྱུར་ཞིང་། ཕན་ཚུན་རྩོད་ཅིང་མཐུན་སྣང་དུ་མ་གྲུབ་པས་ཆོས་མ་ཡིན་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱང་། ངེད་ཀྱི་འདི་ཡིན་གྱི་གཞན་གྱི་ལྟར་མ་ཡིན་ཞེས་རྩོད་པས་ཆོས་མ་ཡིན་པར་འགྱུར་ཏེ། དེ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་ཆོས་སུ་གཅིག་པ་བཞིན་ནོ། །དེ་བས་ན་ཆོས་དང་གང་ཟག་ལ་བསྐུར་བ་གདབ་པར་མི་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག་ངའམ་ང་འདྲ་བས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་བྱ་ཡི། གཞན་གྱིས་ནི་མ་ཡིན་ཏེ། སྒྲིབ་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ལྕི་བའི་ཕྱིར་དང་། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་དུ་འོང་བའི་ཕྱིར་རོ། །ཞེས་སོགས་ལུང་དྲངས་ཏེ་རྒྱས་པར་གསུངས་སོ། །གཉིས་པ་རྒྱུད་རྣམས་བོད་ཀྱིས་བརྩམས་པར་འདོད་པ་བསལ་བ་ནི། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་འདི་ལྟར་གསུངས་ཏེ། གསང་སྔགས་སྔ་འགྱུར་བ་ཞེས་པའི་མཚན་གཞི་འཛིན་ས། ཆོས་རྒྱལ་སྲོང་བཙན་གྱི་དུས་ནས་བཟུང་། ཁྲི་སྲོང་ལྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་པ་ནས། ཇོ་བོ་རྗེ་མ་བྱོན་ཡན་ཆད་དུ་བསྒྱུར་པའི་ཆོས་དང་། དེ་ཕྱིན་ཆད་བསྒྱུར་པའི་ཆོས་ལ་གསར་མར་གྲགས་པ་ལས། སྔ་འགྱུར་གྱི་ཆོས་ཞེས་བྱ་བ། མདོ་སྡེ་སྣོད་གསུམ་དང་། སྔགས་རྒྱུད་སྡེ་དྲུག་གིས་བསྡུས་པ་རྣམས་ཡིན། དེ་ལ་སྡེ་སྣོད་ཀྱི་ཆོས་རྣམས་བཀའ་ཡིན་མིན་དུ་སུས་ཀྱང་རྩོད་པ་མེད། སྔགས་ཐུན་མོང་བ་གསང་འདུས་སོགས་ནི་གསར་རྒྱུད་དུ་འདོད་ཀྱང་ཐུན་མོང་ཡིན། ཐུན་མིན་ནང་རྒྱུད་སྡེ་གསུམ་ནི་རྙིང་ཆོས་ཞེས་ཐེ་ཚོམ་བྱ་བའི་གཞི་ཡིན་ནོ། །དེ་ལ་ལོག་རྟོག་སྐྱེ་བའི་ས་བོན་གང་ལས་བྱུང་ན། བསྟན་པ་ཕྱི་དར་གྱི་ཐོག་མར། གླང་དར་གྱིས་བསྟན་པ་བསྣུབས་རྗེས། ཀླུ་མེས་སོགས་ཀྱིས་དགེ་འདུན་གྱི་སྡེ་ཚུགས། སོ་ཐར་སྡོམ་པའི་བཀའ་མ་ཆད་ཀྱང་། དགེ་འདུན་རྣམས་རང་རང་གི་རྟོག་ཆོས་འཆད། ལྟ་བ་ཐ་དད་མི་མཐུན་པར་གྱུར། ཤམ་ཐབས་སྔོན་པོ་ཅན་དང་། ཨཱ་ཙཱརྻ་དམར་པོའི་ཞབས་ཀྱིས་ཆགས་ལམ་བསྒྱུར་པས་མངའ་རིས་སྟོད་ཀྱི་དགེ་འདུན་རྣམས་ལ་ཆགས་ལམ་དར། སྔགས་པ་རྣམས་ཀྱང་སློབ་དཔོན་མེད་པར་རང་བློས་གཞལ་བའི་རྟོག་ཆོས་འཆད། སྦྱོར་སྒྲོལ་སོགས་སྒྲ་ཇི་བཞིན་པར་སྤྱོད་པའི་སྔགས་འཆལ་མང་པོ་བྱུང་བས་བོད་ཕལ་ཆེར་ཡིད་སུན། སྐབས་དེར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔགས་པ་རྣམས་ལ་བཀའ་ཤོག་བརྫང་བར་མཛད་དེ། དེའི་ནང་ན་ཐུན་མོང་མདོ་ཡི་ལམ་རིམ་བཤད་ནས། དེ་དང་མི་ལྡན་པའི་སྔགས་སུ་ཁས་བླངས་ནས་སྦྱོར་སྒྲོལ་སོགས་བག་མེད་བྱེད་པ་བཀག་འདུག །འདི་ལན་བཏབ་པའི་གནས་མིན་གདམས་པ་ཡིན། ལོ་ཆེན་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་ཡང་འདི་དང་འདྲ་སྟེ་རྙིང་མ་བཀག་པ་མེད་མོད། སྐབས་འདི་ཙམ་ནས་གསར་ལོ་རྣམས་རིམ་པར་བྱུང་སྟེ། དེ་རྣམས་རྒྱ་གར་དུ་སོང་ཆོས་ཅི་རིགས་བསྒྱུར། དེར་རྒྱ་གར་ན་ཡོངས་སུ་གྲགས་པ་རྣམས་བཟུང་། མ་གྲགས་པ་གསང་རྒྱ་ཅན་རྣམས་མ་ཐོབ་པས་ས་བོན་བྱས། གསར་རྙིང་ཕན་ཚུན་ཆགས་སྡང་གིས་ང་བཟང་ང་ཆེའི་སྐབས་ཤིག །ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་དཀྲུགས་པའི་བློ་གྲོས་ཀྱིས། ནང་རྒྱུད་ཕལ་ཆེར་བོད་རྩོམ་ཡིན་ཞེས་བསྒྲགས། དེ་སྒྲོག་མི་འགོས་ལྷས་བཙས་ཀྱིས་མཛད་དོ་ཟེར་བའི་འབྱམས་ཡིག་བཏང་། དེའི་ཚིག་ལ་བརྟག་ན། ལོ་ཙཱ་ཚོས་བརྩམས་ཆོས་ཡིན། རྒྱ་གར་ན་མི་འདུག །པཎྜི་ཏ་ལ་དྲིས་ཀྱང་། བུ་མི་བདེན་ཟེར། ཞེས་པ་ཙམ་ཕྲག་དོག་གི་བླུན་ཚིག་འདི་ལས་གཞན་རྒྱུ་མཚན་ཏིལ་འབྲུ་ཙམ་མི་སྣང་། དེ་ནས་ཞི་བ་འོད་ཀྱི་བཀའ་ཤོག་སོགས་དང་། དཔལ་འཛིན་སོགས་ཀྱིས་དགག་པ་རྩོམ་པ་ས་བོན་ཡིན། དེ་ལས་འཕྲོས་ཏེ་ཆགས་སྡང་ཅན་རྣམས་ཀྱིས་སྔ་ཆོས་ལ་ཁ་ཟེར་ཞིང་། མི་ཤེས་པ་དག་གཡོམ་རྒྱུག་གིས་ཆོས་ཡང་དག་པ་མ་ཡིན་སྙམ་དུ་འཛིན་པ་འདི་བྱུང་བ་ཡིན། སྨྲ་བ་འདི་དོན་གནས་ཡིན་མིན་ཁོ་བོས་ཅུང་ཟད་དཔྱད་ཀྱི། བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་སུ་བདེན་ལེགས་པར་དཔྱོད་ཅིག །གལ་ཏེ་ཆོས་མིན་ཞིག་ན་དེ་ཤེས་ན་ལོས་དགག །མིན་ན་ཆོས་སྤང་གི་ལས་གསག་པར་མི་རུང་བས། དེ་ལ་རྒྱ་གར་དུ་མེད་ཅེས་པ། བོད་ལོ་ཐག་རིང་རྐང་ཐང་ཞིག་གིས་རྒྱ་གར་ས་རྒྱ་ཐམས་ཅད་ཇི་ལྟར་ཆུམ་སྟེ། བོད་ས་རྒྱ་ཆུང་ངུའི་ཡུལ་ཐམས་ཅད་ཀྱང་རྐང་ཐང་རེ་ཟུང་གིས་ཨེ་ཆོད་སོམས། ནཱ་ལེནྡྲ་སོགས་ཆོས་སྡེ་ཆེ་བ་རྣམས་སུ་རྒྱལ་བཀའ་མཐའ་དག་ཕྱོགས་གཅིག་ཡོད་པའི་ངེས་པ་མེད་དེ། སྤྱིར་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་ལ་ཚད་མེད། བྱེ་བྲག་ཕལ་ཆེན་དཀོན་བརྩེགས་སོགས་ཀྱི་མ་དཔེ་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་ན་ནུབ་ཚུལ་དང་། འབུམ་རྒྱས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་ཡིན་ན། བོད་ལོ་སླེབ་པའི་གཙུག་ལག་ཁང་གཅིག་ན་མེད་ན་སངས་རྒྱས་ཀྱི་བཀའ་མིན་ངེས་འདི་བློ་རྒྱ་ཤིན་ཏུ་ཆུང་བ་བྱིས་པའི་ཅ་ཅོ་སྟེ། རྒྱ་གར་ན་ཡོད་པ་འདི་ཙམ་ཞེས། བོད་ཀྱི་བཀའ་བསྟན་ལྟར་དཀར་ཆག་ནི་ཡོད་པར་མ་བཤད། པར་འཁོད་དེ་ཕྱོགས་གཅིག་ཏུ་བསྡུས་པའང་ཡོད་པར་མ་གྲགས། གལ་ཏེ་ཅི་རིགས་བསྡུས་ཀྱང་མཐའ་དག་བསྡུ་ག་ལ་ནུས་ཏེ། བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ཀྱིས་བསྟན་པ་ཉམས་དམས་པར་བྱས་པའི་རྗེས། དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་པ་ནས། སྡེ་སྣོད་གསུམ་གྱི་གླེགས་བམ་བསྡུས་ནས། ཡུལ་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་པའི་ཚེ། གཞུང་བླ་མའི་གཞུང་མ་རྙེད་ནས་བསྡུ་བའི་གཞི་ཉམས་པར་བཤད་པ་དང་། གསང་སྔགས་ལའང་བདེ་མཆོག་འབུམ་པ་སོགས་མི་ཡུལ་དུ་མ་དར་བ་སོགས། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཀྱི་ཚད། བདེ་མཆོག་སྡོམ་འབྱུང་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སོགས་ལས་བཤད་པ་དེ་རྣམས་རྒྱ་གར་ནའང་དཔེར་འཁོད་པ་ཡང་དཀའ་ཞིང་མེད་ན། དེ་ཐམས་ཅད་རྒྱ་གར་ནས་མཐོང་བའི་ལོ་ཙཱ་བ་སུ་ཡང་མི་སྣང་ཞིང་། སྔ་འགྱུར་དུ་བསྒྱུར་བའི་སྡེ་སྣོད་ཀྱི་ཆོས་ལའང་རྒྱ་དཔེར་བལྟས་ནས་འདྲ་བསྡུར་ནུས་མཁན་སུ་ཡང་མ་བྱུང་། རྒྱ་དཔེ་ཀློག་ནུས་མཁན་ཡང་དཀོན་ན་གསང་སྔགས་ཀྱི་བཀའ་ཐམས་ཅད་ཡོད་མེད་ག་ལ་ཤེས། སྔགས་ཐམས་ཅད་སངས་རྒྱས་ཀྱི་སྐུ་དུས་ནས་པུསྟི་བྱས་ནས་གཙུག་ལག་ཁང་རེ་ན་བརྩེགས་ཡོད་པ་མ་རེད། གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་ལྟར། སྡུད་པ་པོ་ཕྱག་ན་རྡོ་རྗེ་དང་དབྱིངས་ཀྱི་མཁའ་འགྲོའི་བཀའ་རྒྱ་དུས་སུ་ཁྲོལ་བའི་ཚེ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་རིམ་པར་སྤྱན་དྲངས་པ་ཡིན་ཏེ། གསང་འདུས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལས་བརྒྱུད་དེ་ཨོ་རྒྱན་གྱི་ཡུལ་ནས་འཕགས་ཡུལ་དུ་དར་ཚར་རྗེས། རྡོ་རྗེ་འཇིགས་བྱེད་ལཱ་ལི་ཏས་བཙལ་བའི་ལོ་རྒྱུས་དང་། དེའི་ཕྱིས་ཞིག་ན་དུས་ཞབས་པས་དུས་འཁོར་དྲངས་པ་སོགས་ཀྱིས་ཤེས་ནུས་ལ། དེས་ན་གཙིགས་ཀ་ཆེ་བ་ཐམས་ཅད་དེ་དུས་ཡོད་ཀྱང་མི་སྟོན་པའི་བཀའ་རྒྱ་ཡོད་པས་མི་བསྒྲག་པའང་སྲིད་དོ། །དེའི་ཕྱིར་སངས་རྒྱས་ཀྱི་གསུང་ལ་ལོ་ཙཱ་རྐང་འཁྱམས་ཚོས་གཙུག་ལག་ཁང་གཅིག་ན་གང་མཐོང་བ་དེ་ལས་གཞན་རྣམས་སངས་རྒྱས་ཀྱི་བཀའ་མིན་པར་ཐག་བཅད་པ་ནི་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་ཏེ། ས་པཎ་གྱིས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔག་ནས། །འགྲོ་བའི་བླ་མའི་གསུང་ལས་བརྒལ་བ་སྟེ། །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །ཞེས་དང་། ལེགས་པར་བརྟགས་ན་ཕྱོགས་རེའི་མིག་ཅན་ཡིན། །ཞེས་གསུངས། གཞན་ཡང་ལོ་ཙཱ་བ་རེ་ཟུང་གིས་མ་མཐོང་ཞེས་པའི་ཚིག་གིས་ཆོས་མིན་པར་བྱ་ནུས་ན། སྔོན་གྱི་པཎ་གྲུབ་ཆེན་པོ་འཕགས་ཡུལ་ནའང་འགྲན་ཟླ་དང་བྲལ་བའི་པད་འབྱུང་བི་མ་སོགས་ཀྱིས་གཟིགས་ནས་བསྟན་པའི་ཆོས་དེས་ཅིའི་ཕྱིར་གོ་མི་ཆོད། འོ་ན་རྙིང་རྒྱུད་རྣམས་ཅི་ལྟར་ཡིན་སྨྲས་ཚེ། འགོས་ཀྱི་འབྱམས་ཡིག་ན་འདི་སྐད་དུ། གཤེད་སྐོར་རྣམས་གནུབས་ཀྱི་རྩོམ་ཆོས་ཡིན། རྫོགས་ཆེན་ནམ་མཁའ་ཆེ་སོགས་བེ་རོས་བརྩམས་སོགས་བྱས་པ་མི་གཟོ་བའི་སྟེང་དུ་འཕགས་ཆེན་རྣམས་ལ་བསྐུར་འདེབས་མི་བཟད་པའི་རང་ལོག་ལམ་དུ་སོང་ནས། གཞན་བྱིས་པ་འབྲིད་པའི་ས་མཁན་བྱེད་པ་འདི་ཀྱེ་མ་ཧུད། བོད་ཕལ་ཆེར་སྐལ་པ་ཆུང་བས་ན། ལོ་ཙཱས་བསྒྱུར་ཚད་དེས་བརྩམས་སོ་ཟེར་ན། མདོ་ཕྱོགས་སྐ་ཅོག་སོགས་ཀྱིས་མ་བསྒྱུར་པ་མེད། ཐར་ལོའི་འགྱུར་ཕྲན་བཅུ་གསུམ་ཙམ་མིན་པ་གསར་འགྱུར་མེད་ལ། མདོ་ཕྱོགས་དཀར་ཆག་ཏུ་བཏབ་ཅིང་མ་སྦས་པས་སོ་སོའི་གཤམས་སུ་ཡོངས་གྲགས་ལ་འགྱུར་བྱང་ཡང་སྔར་ལྟར་འདུག་པ་འདི་ཚོ་ལོ་ཙཱ་བ་དེ་རྣམས་ཀྱིས་བརྩམས་པ་ཨེ་རེད། འདི་འདྲའི་བླུན་གཏམ་མཁས་པའི་ཚོགས་པར་དབྱུང་རུང་ཡིན་མིན་དཔྱོད་ཅིག །ད་ནི་དེ་དག་གི་མཚང་བརྟོལ་ནས་བཤད་ཀྱིས་ཉོན་ཅིག །སྔ་འགྱུར་བའི་སྔགས་རྒྱུད་རྣམས་ལོ་ཙཱ་བ་དེ་དག་གིས་བརྩམས་སོ་ཞེས་པའི་ཚིག་འདི་ལ་ཁྱོད་དན་དཔང་ཅི་ཡོད་འདྲི་སྟེ། རྒྱུ་མཚན་མེད་པའི་ཚིག་ནི་སྐུར་འདེབས་མི་བཟད་པར་འགྲོའོ། །ཡོད་ན་རྒྱུད་དེ་རྩོམ་གྱིན་ཡོད་པར་ཁྱོད་ཀྱིས་མངོན་སུམ་དུ་མཐོང་ནས་དེ་ལྟར་བརྗོད་པ་ཡིན་ནམ། གཞན་ལས་ཐོས་ནས་སམ། རང་གིས་དཔྱད་ནས་བྱེ་བྲག་ཕྱེད་པའམ། ཡང་ན་མངོན་ཤེས་ཀྱིས་ཤེས་ནས་དེ་ལྟར་བརྗོད་པའི་ཐ་སྙད་བྱས་པ་ལས་མི་འདའ་ན། ཁྱོད་ཀྱིས་མཐོང་བ་ནི་མི་སྲིད་དེ། ཁྱོད་ཡོད་དུས་ལོ་ཙཱ་དེ་དག་མི་བཞུགས་པས་སོ། །གལ་ཏེ་རྣ་བརྒྱུད་ལས་ཐོས་སོ་ཞེ་ན། ཁྱོད་ཀྱི་སྔོན་དུ་བྱུང་བའི་རིན་བཟང་སོགས་ལོ་ཙཱ་བ་རྣམས་ལ་ནི་དེ་ལྟར་མ་གྲགས་ན་ཁྱོད་ཀྱིས་གང་ལས་ཐོས། ཕྱིས་ཀྱི་པཎྜི་ཏའི་ནང་ན་གྲགས་ཆེ་ཞིང་ཚད་མར་གྱུར་པ། བོད་ཡོངས་ཀྱི་མགོན་པོ་བཀའ་དྲིན་མཚུངས་མེད་ཇོ་བོ་རྗེ་ལྟ་བུའི་ཞལ་ནས་སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ལ་བསྔགས་པ་བརྗོད་ཀྱི་བོད་ཀྱི་རྫུན་རྒྱུད་དུ་མ་གསུངས་ན། ཁྱོད་ཀྱིས་ཡིད་ཆེས་པའི་ངག་གང་ལས་ཐོས་བརྗོད་དང་རིགས་མི་རིགས་བརྟག་བྱའི་འོས་ཀྱང་། དེ་འདྲའི་ཁུངས་སུས་ཀྱང་བཤད་རྒྱུ་མ་རྙེད་ན། རྒྱུ་མཚན་མེད་པར་ཁྱོད་ཀྱིས་ལོ་ཙཱ་བའི་རྩོམ་ཆོས་ཞེས་ཕྲག་དོག་གི་ཚིག་ཙམ་ནི། དེ་བདེན་པར་འཛིན་མཁན་སུ་ཞིག་ཡོད། ཁྱོད་ཀྱིས་རིགས་པས་དཔྱད་ནས་རྒྱ་ཆོས་དང་བོད་ཆོས་འབྱེད་ག་ལ་ནུས་ཏེ། གཞལ་བྱ་ལྐོག་གྱུར་ལ་སུས་རྩོམ་མ་རྩོམ་གྱི་གང་ཟག་གི་རྟགས་བསྟན་བཅོས་ལ་བཀོད་པ་མི་སྲིད་དོ། །དེས་ན་རྩོམ་ཆོས་ཡིན་པར་བདག་གི་མངོན་ཤེས་ཀྱིས་ཤེས་སོ་སྨྲས་ན། ཁྱོད་དེ་འདྲའི་མངོན་ཤེས་བསླུ་མེད་ཅན་ཡིན་ན། གསང་སྙིང་རྨས་བརྩམས། པྲ་ཁོག་སྣང་གནུབས་ཀྱིས་བརྩམས་སོ་ཞེས་པའི་ངན་སྨྲས་འདི། ཕྱིས་ལོ་ཙཱ་བ་དང་པཎྜི་ཏའི་ཕྱག་ཏུ་རྒྱ་དཔེ་དངོས་སུ་བྱུང་ནས་བསྒྱུར་པས་ས་སྟེང་འདིར་ཉི་ཟླ་ལྟར་གྲགས་ཏེ། སྔར་སྐུར་འདེབས་བྱས་པ་ཐམས་ཅད་ཅིག་ཅར་གསལ་བ་འདིས། ཁྱོད་ཀྱི་དམ་བཅའ་དེའི་མཚང་བུད་པ་འདི་འདྲ་གང་ལས་བྱུང་། དེས་ན་མུ་སྟེགས་པ་རྣམས་ཀྱིས། སྟོན་པ་ཤཱཀྱའི་རྒྱལ་པོ་ལ་སྒྱུ་མ་ཤེས་པ། འཁོར་སྒྱུ་མས་ཁ་འདྲིད་པ་སོགས་སྐུར་བ་འདེབས་པ་དང་འདྲ་སྟེ། སྐྱེ་བོ་སྐལ་དམན་བློ་ཞན་རྣམས་ལོག་ལམ་དུ་བསྒྱུར་བའི་བདུད་ཀྱི་གསང་ཚིག་བརྟགས་ན་བདེན་དོན་གྱིས་དབེན་པའི་བླུན་གཏམ་ངོ་ཚ་བ་འདི་འདྲ་སོར་བཞག་གིས་རྗེས་བརྗོད་བྱེད་པ་རྣམས་ངོ་མི་ཚའམ། མཁས་པའི་ཚིག་ལ་རིགས་པའི་རྒྱུ་མཚན་ཡོད་ན། རྒྱུ་མཚན་མེད་པའི་ཅ་ཅོ་ནི་བརྟགས་ན་བཞད་གད་ཀྱི་གནས་སོ། །དེས་ན་དེ་འདྲའི་བརྗོད་པ་ལ་སྒྲུབ་བྱེད་གཏན་ཚིགས་མེད་པས་ཅི་ཡང་འགྲུབ་པར་མི་ནུས་སོ། །དེ་ལ་གནོད་བྱེད་ཀྱི་རིགས་པ་ཡོད་དེ། སྔར་གྱི་ལོ་ཙཱ་འཕགས་ཆེན་སར་བཞུགས་དེ་དག་གིས་རྫུན་རྒྱུད་ཅིའི་ཕྱིར་རྩོམ་པའི་རྒྱུ་མཚན་བརྗོད་དགོས་ན་རྒྱུ་མཚན་སྨྲོས་ཤིག །དེ་ཡང་། རྒྱལ་བསྟན་ལ་ཐོ་བརྩམ་པའི་བདུད་ཀྱི་ལས་སྤེལ་བ་ནི་མ་ཡིན་ཏེ། དེ་དུས་རྫུན་ལུང་རྩོམ་པའི་དུས་མ་ཡིན། ཡིན་ན་མདོ་ཕྱོགས་ཐམས་ཅད་ཀྱང་ཅིས་མ་རྩོམ་སྟེ། སྔགས་རྒྱུད་ཁོ་ན་རྩོམ་པའི་དགོས་པ་དང་རྒྱུ་མཚན་ཁྱེད་ལ་བརྗོད་རྒྱུ་མེད་དོ། །རྙེད་པའི་ཕྱིར་ནི་མ་ཡིན་ཏེ། དེ་དུས་རྫུན་ལུང་རྩོམ་པས་རྙེད་པ་ཕར་ཞོག །ཆོས་རྒྱལ་བཀའ་བཙན་པས། རྒྱ་ཆོས་རྣམས་བམ་པོའི་གྲངས་སོགས་བཅད་དེ་ཚིག་ལྷད་ཕྲ་མོ་མི་འཇུག་པའི་ཞིབ་ཆ་ཡོད་པ་དང་། འཕགས་ཡུལ་པཎ་ཆེན་གྲུབ་པའི་དབང་ཕྱུག་དུ་མ་དཔང་པོ་ན་བཞུགས་བཞིན་པ་ཡིན་པ་དང་། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་དབྱངས་ཉིད་བཞུགས་ནས་ཆོས་ཀྱི་འཆད་ཉན་བྱེད་པའི་སྐབས་ཡིན་པས་རྫུན་ལུང་གིས་རྙེད་པ་འབྱུང་བའི་དུས་མ་ཡིན་ཏེ། རྨས་གསང་སྙིང་བརྩམས་པས་རྒྱལ་པོའི་ཆད་པས་མི་ལོ་བཅུ་གཉིས་གབ་དགོས་བྱུང་ཞེས་དཔལ་འཛིན་གྱིས་སུན་འབྱིན་བརྗོད་པ་ནི། དེ་དུས་རྫུན་ཆོས་སྤེལ་བའི་དབང་མེད་པའི་དན་རྟགས་སུ་སོང་གི་སུན་འབྱིན་དུ་མ་སོང་སྟེ་རང་ཚིག་དངོས་ཤུགས་འགལ་བས་ཤེས་པར་ཟད། སྤྱིར་ཡང་རྒྱལ་པོ་བཀའ་བཙན་པས་རྨ་རིན་ལོ་བཅུ་གཉིས་སུ་གབ་དགོས་བྱུང་ན། གནུབས་དང་བཻ་རོ་སོགས་ཀྱིས་དེ་བས་མང་བའི་རྒྱུད་རྩོམ་པ་ཆོས་རྒྱལ་གྱིས་མ་དགོངས། པད་འབྱུང་གིས་མ་གསན་ནམ། གསན་ནས་ཤེས་ཀྱང་རྫུན་རྒྱུད་མི་འགོག་ན་རྨ་རིན་ལ་ཆད་པ་ཅི་སྟེ་འོང་། རང་ཚིག་དངོས་འགལ་འདི་འདྲ་མ་སྨྲས་ཐབས་མེད་ཅི་འདུག །པཎ་གྲུབ་ཆོས་རྒྱལ་དེ་རྣམས་ཀྱི་དུས་སུ་མ་དགོངས་པ་རྗེས་སུ་ཁྱེད་ཀྱིས་ཤེས་སོ་སྨྲས་པའི་ཚིག་དེར་བརྟག་དཔྱད་མི་ཤེས་པའི་བྱིས་པ་དག་ལས། བརྟག་དཔྱད་ཅུང་ཟད་ཡོད་པ་སུ་ཞིག་ཡིད་ཆེས་པར་འགྱུར། ཁྱོད་ཀྱི་རྒྱུད་རྣམས་ཀྱང་ལོ་ཙཱ་སོ་སོས་བྱས་སོ་ཞེས་བརྗོད་ནའང་མཚུངས་པས། འདི་འདྲའི་ཚིག་ཙམ་གྱིས་ཕན་ཚུན་སུན་འབྱིན་ཅི་ཡང་མི་ནུས་པས་དོན་ཅི་ཡང་མེད་དོ། །སེམས་ཅན་ལ་ཕན་པའི་ཕྱིར་ནི་བཀའ་མིན་ལ་བཀར་བཏགས་ཏེ་སངས་རྒྱས་ལ་རྫུན་གྱིས་སྐུར་ཞིང་ཆོས་ལ་དབང་ཟ་བའི་དམྱལ་བའི་རྒྱུ་དེ་འདྲ། མཁས་ཤིང་གྲུབ་པ་བདག་ཉིད་ཆེན་པོ་དག་གིས་ག་ལ་མཛད་དེ་སྐུར་འདེབས་འབའ་ཞིག་ཏུ་ངེས་ནུས་སོ། །དེ་དུས་ཀྱི་གང་ཟག་དམ་པ་དེ་དག་གིས་དེ་ལྟར་རྫུན་ཆོས་སྤེལ་ན། ཕྱིས་སུ་ཁྱོད་རྒྱ་གར་དུ་ཕྱིན་ནས་ངས་བསྒྱུར་ཟེར་བ་ཚོ་ལ་དན་དཔང་མཁས་པ་སུ་ཡོད། ཆོས་ཀྱི་རྒྱལ་པོས་ཆོས་གྲལ་བཞག་པའི་བཀའ་ཐེམ་མི་སྣང་། ལོ་ཙཱ་བ་དེ་ཚོས་རྫུན་ཆོས་མི་རྩོམ་པའི་རྒྱུ་མཚན་ཅི་ཡང་མེད་པས། སྔ་འགྱུར་བས་ཀྱང་གསར་འགྱུར་ལ་ཐེ་ཚོམ་ཅིས་མི་ཟ། དེས་ན་དེ་འདྲའི་ཚིག་ཕྲག་དོག་གིས་བསླངས་ཀྱང་མཐར་རང་སྨ་འབེབ་བྱེད་དུ་འགྱུར་རོ། །དེས་ན་ཁྱེད་ཅག་གི་སྨྲ་ངན་དེ་ལ་སྒྲུབ་བྱེད་མི་སྲིད་པས་སྨྲ་བཅད་བྱིན་པ་ཡིན་ནོ་གསུངས། གསུམ་པ་གཞི་རྒྱུད་རང་གི་ངོ་བོ་ལ་འགལ་བ་བརྗོད་པ་བསལ་བ་ནི། སྔོན་གྱི་མཁས་པ་རྣམས་ཀྱི་ལེགས་བཤད་ཀྱི་བཅུད་བསྡུས་ཏེ། ཟེ་ཆེན་མ་ཧཱ་པཎྜི་ཏ་འཇམ་མགོན་བསྟན་འཛིན་འཕེལ་རྒྱས་སམ་མཐུ་སྟོབས་ཞབས་ཀྱིས་འདི་ལྟར་གསུངས་ཏེ། མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི། ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ། བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། སྤྲོས་མ་སྤྲོས་ཀྱི་མཐར་མ་ལྷུང་། བློས་མ་བཅོས། ཕྱིར་མི་འཕྲོ། ནང་དུ་མི་གཟུང་། བར་དུ་མི་གཞག །བརྗོད་པ་ཐམས་ཅད་ཚིག་དང་ཐ་སྙད་ཀྱི་སྤུན་པ། བསམ་ཚད་དཔྱད་ཚད་ཐམས་ཅད་རྟོག་པས་བཏགས་པ་ཁོ་ནར་སོང་བས་རང་ངོ་ཁས་ལེན་གྱི་མཐར་མི་གནས་པའི་ངང་དུ་ལ་བཟླ་བ་ཞིག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །འོན་ཀྱང་སྔ་ཕྱི་ཅི་རིགས་པ་རྣམས་སུ་ཆོས་ཉིད་ཟབ་མོ་བློས་བྱས་ཀྱིས་སྒྲུབ་པར་རློམ་པ་རྣམས་ནི་ཆོས་ཉིད་བློ་བྲལ་གྱི་གཏམ་ཟབ་མོས་སྐྲག་པར་གྱུར་ཅིང་། འདིས་ལམ་གྱི་རིམ་པ་འོག་མ་རྣམས་སུན་ཕྱུང་བ་ལྟར་སྣང་བ་ལ་ཟབ་མོའི་ཕྱོགས་དང་རྒྱ་ཆེ་བའི་གནས་ལ་ཤིན་ཏུ་མཛའ་བ་མ་ཡིན་པའི་རྟོག་གེའི་བློ་གྲོས་ལྟར་སྣང་དང་ལྷན་ཅིག་ཏུ་དུས་སྔ་ཕྱི་ཙམ་ལའང་ཕྲག་པ་དོག་པའི་དཀའ་ཐུབ་རེས་འགའ་མ་ཡིན་པར་ལྷུར་ལེན་པ་དག་བྱུང་མོད་ཀྱི། འཕགས་པ་འཇམ་དཔལ་གྱིས། བྱ་བ་རྣམས་ལ་རྣལ་འབྱོར་པ། ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུ་སྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་པའི་བློ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མ་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་ཞིང་། རྩོད་པའི་ཀུན་སློང་ཆོས་ཉིད་བསམ་མི་ཁྱབ་པའི་ངང་དུ་ཞི་བ་ལ་མཁས་པར་བྱའོ། །དེ་ཡང་རྫོགས་པ་ཆེན་པོའི་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་པའི་ཡེ་ཤེས་ངེས་དོན་མཐར་ཐུག་པ་དྲང་ཐད་དུ་སྟོན་པའི་སྐབས། དཀར་ནག་རྒྱུ་འབྲས་ལ་འབད་རྩོལ་གྱིས་བྱས་ཆོས་ལ་ལྟོས་འཆའ་མི་དགོས་པར་བཤད་པ་ལ། བོད་འགའ་ཞིག་གིས་སྤྱོད་ཕྱོགས་སྤངས་པའི་ཧཱ་ཤང་དང་མཐུན་པར་ཐལ་ལོ་ཞེས་སྨྲེ་སྔགས་འདོན་པ་བྱུང་མོད། ལར་བདེ་བར་གཤེགས་པས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་དང་པོ། དགེ་མི་དགེའི་རྒྱུ་འབྲས་མི་བསླུ་བར་སྟོན་པ་དེ་ཡང་། འཇིག་རྟེན་གྱི་ངོ་ལ་ལྟོས་ནས་བསྟན་པའི་ཕྱིར་དྲང་དོན་དུ་བཞག་པ་ཡིན། བར་ཐ་གཉིས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་དུ་དོན་གྱིས་མི་མཐུན་པ་མེད་ལ། ངེས་དོན་ཟབ་མོའི་གནས་ལུགས་སྟོན་པ་ཟབ་པ་དང་། ཆེས་ཟབ་པའི་ཁྱད་པར་ཙམ་ཡོད། དྲང་ངེས་ཀྱི་དོན་དེ་ཡང་འདུས་བྱས་དང་། འདུས་མ་བྱས་ཀྱི་སྒོ་ནས་འབྱེད་ཅིང་། བརྗོད་བྱ་དེ་དག་ཤས་ཆེ་ཆུང་གི་སྒོ་ནས་དབྱེ་བ་ཡིན་པར་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་མོད། དེ་ལྟ་ཉིད་ཀྱིས་རེ་ཞིག་བཀའ་བར་པར་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཁས་བླངས་ནས། དེ་ངེས་དོན་དུ་འཆད་པའི་སྐབས། གང་ལ་དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ། གང་ལ་བླང་བ་དང་དོར་བར་བྱ་བའི་ཆོས་དམིགས་སུ་མེད་པ་སྟེ། མདོར་ན་གཟུང་འཛིན་གྱི་ཆོས་རྣམས་ལས་ཡང་དག་པར་འདས་པའི་འདུས་མ་བྱས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཀྱང་གནས་པའི་ཕྱིར། རྫོགས་ཆེན་པས་གཞིའི་དུས་སུ། འཁོར་འདས་མཉམ་པ་ཉིད་དུ་བལྟ་བས་རྒྱུ་འབྲས་ཐ་དད་དུ་མི་འབྱེད། ལམ་གྱི་དུས་སུ་ཅི་ལའང་རྣམ་པར་མི་རྟོག་པས་བླང་བ་དང་དོར་བའི་མཐའ་མི་དཔྱོད། འབྲས་བུའི་དུས་སུ་འཐོབ་བྱ་རེ་དོགས་དང་བྲལ་བའི་གདེང་ཆོས་ཀུན་ཟད་སར་འཁྱོལ་བ་ལ་གྲུབ་མཐའི་སྙིང་པོར་བྱེད་དེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཅེས་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་གདབ་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ནི། གཉིས་སུ་མི་གསུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པའང་དེ་ཁོ་ན་ཉིད་དུ་གནས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ། ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ལྟ་བ་ཁས་ལེན་དང་བྲལ་བ། སྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ་བཞི་པོ་དེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཉམས་ལེན་རྗེན་པར་དེ་ལས་གཏན་དུ་ཅི་ཞིག་ཕབ། ཁྱེད་ཉིད་ཀྱིས་ཚད་མར་ཁས་ལེན་སོར་བཞག་གི་རྒྱུད་སྡེ་དུ་མའི་རྫོགས་རིམ་མན་ངག་གིས་འཆད་པ་ན། གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པ་འདི་ལ་ངོས་མ་བཟུང་ན། རྟོག་གེའི་བློས་བཞག་པའི་གྲུབ་མཐའ་དང་ནི་འདི་གཉིས་གཅིག་ཏུ་མཛའ་བའི་སྐབས་མི་འབྱུང་ངོ་། །འོན་ཏེ་ལྟ་བའི་ལྡོག་པ་ནས་དེ་ལྟར་ཡིན་ཡང་སྤྱོད་པའི་ཕྱོགས་དོར་བས་སོ་ཟེར་ན། ལྟ་བ་དོན་དམ་པའི་བདེན་པ་མ་འཁྲུལ་བའི་གནས་ལུགས་མཐོང་བ་ལ་ལྟོས་ཏེ་བཞག་ན། སེམས་དང་སེམས་བྱུང་གི་གོ་ན་གནས་པའི་བསླབ་པ་སོགས་འདུས་བྱས་ཀྱི་དགེ་རྩ་སོགས་བྱས་ཆོས་དཀར་ནག་གི་འཆིང་གྲོལ་ལས་འདས་པའི་ཕྱིར་བླང་དོར་མེད་པར་གྲུབ་ཅིང་། དེ་སྨོན་པ་མེད་པའི་མཚན་ཉིད་དུ་གནས་པ་དཀོན་བརྩེགས་འོད་སྲུང་གིས་ཞུས་མདོར། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པའི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་དོ། །གང་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བའང་མེད། གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད། གང་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་དོ། །གང་ལ་བདེ་བའང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི། ལས་ཀྱང་མེད། ལས་མངོན་པར་འདུ་བྱ་བ་ཡང་མེད་དོ། །ཞེས་དང་། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེ་ལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་མེད་དོ། །ཞེས་དང་། དགྱེས་རྡོར་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་ལ་སོགས་པའི་བསྟན་པ་རྨད་དུ་བྱུང་བའི་སྒྲ་བསྒྲགས་པ་འདི་ཡང་ཧཱ་ཤང་གི་ལུགས་སུ་འགྱུར་རམ་སོམས་ཤིག །སྤྱིར་ཡང་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་པས། ཐབས་དེའི་ཡན་ལག་ཙམ་དུ་འགྱུར་བ་ནི་སངས་རྒྱས་ཀྱི་དགོངས་པ་མ་ནོར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ། །ཞེས་བཤད་པ་ལྟར་ལྟ་བ་ཇི་བཞིན་པར་རྟོགས་ན། སྤྱོད་པ་ཅི་ལ་སྤྱད་ཀྱང་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་ཐོབ་པ་རྒྱལ་བའི་སྲས་ཀྱི་གཞུང་ལམ་ཉིད་དུ་གནས་མོད་ཀྱི། རྫོགས་པ་ཆེན་པོའི་ལམ་འདིར་ནི། ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བླང་དོར་མེད་པར་བཞག་པས་དོན་འགྲུབ་པ་ལས། སྤྱོད་པ་ལ་ཆེད་འཛིན་གྱིས་བཅོས་མས་མ་བསྒྲིབས་པ་ནི་ཁྱད་པར་གྱི་ཆོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ལས། རིན་ཆེན་བྱིན་གྱིས་སྨྲས་པ། འདོད་ཆགས་མ་སྤོངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་སྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །ལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུངས་ཤིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ས་ལས་མ་འདའ་ཞིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་ལ་སྤོངས་ཤིག །སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པ་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་བརྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་དང་། གསང་བ་འདུས་པ་ལས། སེམས་ཅན་སངས་རྒྱས་མི་མཉམ་མཉམ། །བསྒྲུབ་བྱ་སུ་ཞིག་སྒྲུབ་པོ་གང་། །ཞེས་དང་། དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སྐྱེ་དང་སྡུད་པར་མཛད་པ་པོ། །དེས་ན་དེ་ཡིས་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་སྡིག་དང་བསོད་ནམས་མེད། །དེ་ནི་བྱང་ཆུབ་ཡིན་པར་གསུངས། ཞེས་སོགས་བཤད་ཅིང་། དེ་དག་དང་གཅིག་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་སྣང་བས། །ལྷ་ལ་མཆོད་པ་མི་འབུལ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་བསྒྱུར་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །འཁོར་བ་མི་སྤང་སྤངས་ན་འཚང་མི་རྒྱ། །སངས་རྒྱས་གུད་ན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུ་ཐམས་ཅད་འདུས། །འདུས་བྱས་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུ་བྱས་དགེ་རྩ་སྤང་། །བྱས་པའི་ཆོས་ནི་མི་ཟིན་བཞག་ན་ཟིན་པར་འགྱུར། །བྱ་བ་བཏང་བའི་རྣལ་འབྱོར་མི་སྤོང་སྤངས་ན་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་གཤིས་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གདེང་དུ་གྱུར་པའི་ལྟ་བས་ཟིན་པའི་ཚེ། འདུ་བྱས་པའི་དཀར་ནག་གི་ལས་ཀྱང་མཉམ་པ་ཉིད་དུ་སྒྲ་ཇི་བཞིན་པར་བསྟན་པ། བཤད་རྒྱུད་ལས། དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཞེས་སོ། །ཚུལ་དེ་ལྟ་བུ་ཐོས་ནས་སྙིང་གས་ནས་སྲོག་འདོར་བ་ཙམ་དུ་བྱེད་པ་མང་མོད་ཀྱི། དེ་དག་གིས་རང་བཞིན་ཁོང་དུ་མ་ཆུད་པས་བློར་མ་ཤོང་བ་ལ་ཁག་མེད་དེ། འདི་ལྟར་འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །ཞེས་སོ། །དེ་ལྟར་བསྟན་པ་ཉིད་ཀྱིས་སྤྱོད་པའི་ཕྱོགས་རྣམས་ཡལ་བར་འདོར་བ་མི་འགྲུབ་སྟེ། རང་ལུགས་སེམས་སྡེའི་རྒྱུད་ཀྱི་ལུང་རྡོ་ལ་གསེར་ཞུན་དུ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་ཤེས་རབ་ཀྱི་ཡན་ལག་ཏུ་གྱུར་པའི་ཐབས་སྤྱོད་པའི་ཕྱོགས་མི་འདོར་བའི་གྲུབ་མཐའ་ཆེན་པོ་འདི་ཡོད་བཞིན། ཐབས་ལ་མཁས་པའི་ཕྱིར་གནས་སྐབས་སུ་ཀུན་རྫོབ་བདེན་པ་འདོར་བ་མ་ཡིན་མོད་ཀྱི། འོན་ཀྱང་གནས་ལུགས་བདེན་པའི་ཆོས་ཉིད་མ་འཁྲུལ་བ་རང་གི་མངོན་སུམ་རྟོགས་པའི་ཚེ། བདེན་གཉིས་རེས་འཇོག་གི་ཕྱོགས་སུ་མ་ལྷུང་བར། ཕ་རོལ་ཏུ་ཕྱིན་པ་བཅུ་སོགས་བྱང་ཆུབ་ཕྱོགས་སུ་གྱུར་པའི་ལམ་བདེན་གྱི་ཆོས་རྣམས་ཀྱང་འདི་ཉིད་དུ་འདུ་བའི་ཚུལ་ནི། རང་ཤར་ལས། ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་ཀྱིས་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་ཆོས་ལས་འདས། །སྐྱེ་དང་འཇིག་པའི་ཚིག་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། བསམ་པ་ཉིད་ལ་བསལ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཅོག་གཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་མཐའ་ནི། །རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུར་འདུག་ལ་འདུས། །སྦྱིན་པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོངས་ལ་འདུས། །སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེ་དོགས་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་གཞག་ངང་དུ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྐྱེན་དང་བྲལ་བར་སྣང་ལ་འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་གསུངས། དེ་དང་མཚུངས་པར་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་བསྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་དང་། ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་སོ། །འོ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དགེ་སྡིག་བཅིང་གྲོལ་ལས་འདས་པའི་འདུས་མ་བྱས་ཀྱི་ཁམས་སུ་གནས་ན་ལས་དཀར་ནག་དང་རྒྱུ་འབྲས་ཀྱི་ཚུལ་གསུངས་པ་རྣམས་དགོས་པ་མེད་པར་འགྱུར་རོ་ཞེ་ན། རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་དཔེར་ན་རྨི་ལམ་གྱི་ཡུལ་དུ་ལེགས་ཉེས་གང་སྣང་རྨི་ལམ་དུ་བདེན་ཀྱང་། སད་པའི་གནས་སྐབས་སུ་མི་བདེན་པ་ལྟ་བུ་ལ་དགོངས་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་ཞེས་མི་བདེན་པའི་དཔེས་གསུངས་པའི་ཕྱིར། རྣམ་ཤེས་ཀྱིས་བསྡུས་པའི་འཁྲུལ་སྣང་མ་ཟད་ཀྱི་བར་དུ་ནི་བླང་དོར་ཀྱང་ཡོད་ལ། ལས་དཀར་ནག་གི་རྒྱུ་དང་འབྲས་བུའི་རྣམ་པའང་མི་བསླུ་བའི་ཚུལ་གྱིས་འབྱུང་མོད་ཀྱི། འཁྲུལ་བ་ཟད་ནས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་ལྡོག་པ་ལ་དེ་དག་མི་སྣང་སྟེ། ཡུལ་ཅན་གཟུང་འཛིན་གྱི་ཤེས་པ་མེད་པས་ཡུལ་ཀུན་རྫོབ་གཉིས་བཅས་སྣང་བར་མི་འགྱུར་བ་ནི་སངས་རྒྱས་སྲས་དང་བཅས་པའི་དགོངས་པ་སྒྲ་ཇི་བཞིན་པར་ངེས་ཤིང་། མཆོག་གཟིགས་རྣམས་ཀྱི་ཐུགས་རྒྱུད་ལ་རང་བཞིན་གྱིས་གནས་པའི་ཕྱིར། ངེས་པའི་དོན་ཟབ་མོ་འགྲེལ་བར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ཡང་འདིར་མཐུན་པ་ཡིན་ཏེ། འཕགས་པ་ཀླུའི་ཞབས་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་དང་། འཇུག་པ་ལས་ཀྱང་། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤང་བའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་དང་། ཞི་བ་ལྷས། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་ན། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །གང་ཚེ་འཁྲུལ་བ་ཡོད་མིན་ན། །ཀུན་རྫོབ་གང་གིས་དམིགས་པར་འགྱུར། །ཞེས་སོགས་ཀྱིས་བཤད་པ་བཞིན་ནོ། །དེ་ལྟར་གྲུབ་པས་རྫོགས་པ་ཆེན་པོ་འདིར། ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བའི་དབང་གིས་ན། །གཞིའི་དུས་སུ། ཡེ་ཤེས་ཀྱིས་ཀུན་རྫོབ་རྫུན་པར་རྟོགས་པས་འདུས་བྱས་ཀྱི་དགེ་རྩ་ལ་མི་རེ་བས་ཤེས་རབ་ལ་སྒྲོ་མ་བཏགས། རྣམ་ཤེས་ཀྱི་ལྡོག་པ་ལ་བླང་དོར་ཡོད་པས་ཐབས་ལ་སྐུར་བ་མ་བཏབ། ལམ་གྱི་དུས་སུ། ཡིད་ལ་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པས་བསྒོམ་པར་བྱ་བ་རྡུལ་ཙམ་མེད། །འབྲས་བུའི་དུས་སུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་འགག་ན་ཀུན་རྫོབ་གང་ལ་སྣང་བར་འགྱུར། གནས་འདི་བཀའ་འཁོར་ཕྱི་མ་གཉིས་ཀྱི་དགོངས་པའི་ཞེ་ཕུགས་མཐར་ཐུག་པ། འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་འདིར་བདེ་བར་གཤེགས་པའི་བསྟན་པ་མ་འཁྲུལ་བ་བཟུང་བ་རྣམས་ཀྱིས་ལེགས་པར་བཤད་པའི་ཚུལ་རྨ་མེད་པ་ཡིན་ནོ། །དེ་ལྟར་ཡིན་པའང་རྔོག་ལོ་ཆེན་པོ་ནས་ཇོ་ཞལ་ཡན་ཆད་ཀྱི་ཀློག་པ་མཁས་པ་རྣམས་དང་། བསམ་གཏན་པ་འཁྲུལ་མེད་ཐམས་ཅད་ཀྱི་ཡིག་ཆར་འདི་བཞིན་བཤད་པས་སོ། །སྤྱིར་བདག་ཅག་གི་སྟོན་པས་རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་བླང་དོར་དང་རྒྱུ་འབྲས་ཀྱི་རྣམ་གཞག་རྨི་ལམ་གྱི་ཡུལ་དུ་དེའི་རྒྱུ་འབྲས་ཚད་མར་གྱུར་པ་ཙམ་ཞིག་བསྟན་པས། སངས་རྒྱས་ཀྱི་ཡེ་ཤེས་ཀུན་རྫོབ་ཚད་མར་གྲུབ་པའི་གོ་བ་ཞིག་ལ་གློ་བ་ཞེན། རྒྱུ་དེས་སྤྱོད་པའི་ཕྱོགས་སུ་ཞེན་པ་ཨ་འཐས་ཀོ་འཐས་སུ་སོང་བས། འཕགས་པའི་ཤེས་རབ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་དྲས་བྱེད་པ་ཞིག་བྱུང་། དེས་ཟབ་མོའི་གནས་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལའང་ཡིད་མི་ཆེས་པ་འདི་བྱུང་། དེ་དག་གིས་བདེ་བར་གཤེགས་པའི་ཕྲིན་ལས་རྨད་པོ་ཆེ་ཆུད་གསན་པ་ལ་རྣམ་རིག་གཟོ་བ་ཉིད་དུ་གྱུར་ཏོ། །མཉམ་གཞག་གི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པས་ཧཱ་ཤང་གི་སྒོམ་དུ་འགྱུར་ན། ཁྱེད་ཅག་གིས་དབུ་མའི་གཞུང་ཆེན་པོར་འདོད་པའི་སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མེ་ལས། ཤེས་པ་གང་ལའང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་པ་ལ་སོགས་པ་རྒྱས་པར་བཤད་ཅིང་། དེ་དང་མཐུན་པར་ཀཱ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་ཀར་ཡང་བཤད་པས་དབུ་མ་རང་རྒྱུད་པ་ལ་གྲགས་པའི་གཏམ་ཞིག་ཡིན་ནི་ཡིན། ཇོ་བོའི་དབུ་མའི་སྒོམ་རིམ་དུའང་འདི་བཞིན་བཤད། དེ་ཧྭ་ཤང་དང་མཐུན་རུང་མི་མཐུན་པར་ཁས་བླངས་ཟིན་པ་དེ་ཡིན། རྫོགས་ཆེན་གྱིས་རང་བྱུང་རིག་པ་ཡེ་གྲོལ་སྤང་གཉེན་དང་བྲལ་བའི་ལྷག་མཐོང་གི་ངོ་བོ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སུ་ངེས་པས་དེ་ཉིད་སྒོམ་གྱི་རྟེན་དུ་བྱས་ནས། རྟོག་དཔྱོད་ཞེན་འཛིན་གྱི་མཐའ་དང་བྲལ་བའི་ཆོས་ཉིད་ལ་མཉམ་པར་བཞག་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དེར་གཤིས་མཐའ་གྲོལ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་ཡིན་ཏེ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་ངོ་བོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པ་འོ། །ཞེས་སོ། །ཚུལ་འདི་ལྟར་མ་རྟོགས་པས་རྟོག་དཔྱོད་ཀྱི་འདུ་འཕྲོ་འབའ་ཞིག་ལ་ལྷག་མཐོང་དུ་རེ་བས་ཆོས་ཉིད་རྣལ་མའི་དོན་ལ་མ་རེག་ཅིང་། སེམས་སེམས་བྱུང་གི་རྒྱུ་བ་མ་ལོག་པར་རྟོག་པས་བཞག་པའི་སྟོང་པ་འབའ་ཞིག་ལ་མཚན་མར་དམིགས་པའི་འཛིན་སྟངས་ཀྱི་བློ་དང་མ་བྲལ་བ་ནི་སྒྲིབ་པ་མི་ཟད་པ་སྐྱེ་བའི་བདག་ཉིད་ཅན་གྱི་ལྟ་བ་ཆེན་པོར་འགྱུར་ཏེ། མདོ་ལས། འོད་སྲུང་། གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་། །ཞེས་དམིགས་པ་ཅན་གྱི་སྟོང་ཉིད་ལ་འཛིན་ཅིང་ཞེན་པ་ནི་ཐུབ་པའི་གསུང་རབ་ལས་ཉམས་པར་སྟོན་པ་རང་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་རེ་ཞིག་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས་དགག་སྒྲུབ་ཀྱི་རྣམ་དཔྱད་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པའི་ཕྱིར་ཞེ་ན། མ་ཡིན་ཏེ། ལུང་དེའི་གོ་བ་ནི། དོན་དམ་པའི་བདེན་པ་ཐོག་མར་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་བརྟེན་ནས་བྱིས་པ་ལ་མཛུབ་མོས་ཟླ་བ་མཚོན་ནས་སྟོན་པ་བཞིན་རྟོགས་དགོས་པར་བསྟན་པ་ཙམ་ལས། མཐའ་གཅིག་ཏུ་རྟོག་གེའི་རིགས་པས་དཔྱད་ནས་རྟོགས་པར་གསུངས་པ་མ་ཡིན་ཏེ། དེ་ཕྱིར་དེ་ནི་རྟོག་གེ་བ། །རོ་དང་འདྲ་བས་རྣམ་པར་བརྟག །ཅེས་རྣམ་གྲངས་དུ་མས་སྨད་པར་མཛད་པ་བཞིན། རྟོག་དཔྱོད་ཀྱི་འཕྲང་ལ་གཏུག །དགག་སྒྲུབ་ཀྱི་བྲག་རི་ལ་བསྐོར་བ་བྱས་ནས་རང་གནས་ཀྱི་ཡེ་ཤེས་སྒྲོ་སྐུར་གྱི་ལམ་དུ་སྤུར། བློས་དཔྱད་པས་མཐའ་གཉིས་བསལ་བར་རློམ་པ་སྲིན་བུའི་ཁ་ཆུས་རང་ཉིད་བཅིངས་པ་ལྟར་ཆོས་ཉིད་ཡིན་ལུགས་ཀྱི་སྟེང་དུ་ཕེབས་པ་ཤིན་ཏུ་དཀའ་སྟེ། ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཐ་སྙད་ཀྱིས་མཚོན་དུ་མེད་ལ། ཐ་སྙད་ནི་རྟོག་བཏགས་ཀྱི་ངོ་བོར་གནས་པ་སྟེ། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་ཕྱིར། འདི་ནི་རང་བཞིན་རྫོགས་པ་ཆེན་པོས་བཞུགས་སྟངས་གསུམ་གྱིས་གཟེར་བསྡམས། གཟིགས་སྟངས་གསུམ་གྱིས་གནད་བཅུན། སྒྲོན་མ་དྲུག་གི་ལམ་ནས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་མངོན་སུམ་དུ་མཐོང་བའི་ཕྱིར་ལམ་ཁྱད་གནམ་ས་ཙམ་ཡོད་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་བས། །དབང་པོ་ཅིག་ཆར་རང་གྲོལ་ནས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་པས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས། རྒྱུ་མཚན་དེ་རྣམས་ལ་དགོངས་ནས། རྗེ་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས། འོན་ཀྱང་ལྟ་བ་ཟབ་མོའི་གནས་ལུགས་མ་འཁྲུལ་པར་གྲུབ་པའི་ལྡོག་པ་ནས་ཡེ་ཤེས་སུ་ལེགས་པར་བཤད་ཀྱང་། དེ་ཉིད་ཐེག་པ་མ་ཡིན་པ་ནི་ནོངས་ཏེ། ཉན་རང་། བྱང་སེམས། སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་ལ། མ་རྫོགས་པ་དང་། ཅུང་ཟད་རྫོགས་པ་དང་། ཡོངས་སུ་རྫོགས་པ་ལ་བརྟེན་ནས་འཕགས་བཞིའི་རྣམ་པར་གཞག་པ་དང་། ཡང་རྒྱུད་བླ་མ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སྣོད་བཟང་ངན་གྱི་ནང་གི་ནམ་མཁའ་ལ་བཟང་ངན་མེད་པའི་དཔེས་རང་བཞིན་དག་པའི་ཆོས་ཉིད་ལ་འགྱུར་བ་མེད་ཀྱང་། ཆོས་ཅན་གློ་བུར་གྱི་དྲི་མ་དེ་སྒྲིབ་བྱེད་རྣམས་བྲལ་སྟོབས་ཆེ་ཆུང་གིས། ཡེ་ཤེས་དེ་ཉིད་སྐབས་དང་མཐུན་པར་མངོན་དུ་འགྱུར་བར་བྱ་རྒྱུ་ཡོད་པའི་ཕྱིར་ཐེག་པར་བཞག་པ་ལ་འགལ་བའི་གནས་ཆ་ཙམ་མེད་དེ་འདིས་འདེགས་པ་དང་འདིར་འདེགས་པ་སྟེ་གཉིས་ཀར་ཐེག་པའི་སྒྲ་བཤད་འཇུག་པའི་ཕྱིར། སངས་རྒྱས་མ་ཡིན་པའི་འཕགས་པ་གསུམ་གྱི་རྒྱུད་ལ་ཡེ་ཤེས་མེད་པར་བཞེད་ན་དེར་ཟད། ཅུང་ཟད་མཐོང་བ་ནས་རྫོགས་པར་མཐོང་བའི་བར་ཡེ་ཤེས་གཅིག་པུའི་སྟེང་དུ་ས་ལམ་གྱི་རྣམ་གཞག་ཀུན་འབྱུང་བས་ཐེག་པར་བཞག་པ་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་རོ།། ཡང་ཁ་ཅིག་འདི་སྐད་དུ། ཁྱེད་རང་གི་གཞི་ཡི་སྐབས་སུ་འཁྲུལ་བ་འབྱུང་སྟེ། དེ་ལ་གསར་མའི་ལུགས་ནི། ཀླུ་སྒྲུབ་དཔའ་བོ་ལ་སོགས་པ་འཕགས་ཡུལ་གྱི་མཁས་གྲུབ་ཕལ་མོ་ཆེ་དང་། ཁྱད་པར་ཆོས་ཀྱི་གྲགས་པའི་བཞེད་པ། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །ངོ་བོ་མ་བསྒྲིབས་ལུང་མ་བསྟན། །ཞེས་པ་ལྟར་མེ་ལོང་རང་གི་ངོ་བོའི་དུས་ན་གཟུགས་བརྙན་གྱིས་སྟོང་པ་བཞིན་དུ། ཀུན་གཞི་རང་གི་ངོ་བོའི་དུས་ན་ཚོགས་བདུན་སེམས་བྱུང་དང་བཅས་པས་སྟོང་པ། གཟུགས་བརྙན་ཅིར་ཡང་སྣང་རུང་གི་གསལ་བ་མི་འདོར་བ་བཞིན་དུ། འཁོར་འདས་ལམ་གསུམ་གྱི་བག་ཆགས་འཇོག་རུང་གི་ནུས་པ་མི་འདོར་བ། ཡུལ་རྐྱེན་དང་མ་འཕྲད་པའི་མེ་ལོང་རང་གི་དུས་ན་ལུང་མ་བསྟན་གྱིས་གསལ་བ་ཡིན་པ་བཞིན། ཀུན་གཞི་འཁྲུལ་གྲོལ་འདུ་བྱེད་མ་གཡོས་པའི་དུས་ན་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་ལུང་མ་བསྟན་དུ་བཞེད་པ་ལས། ཁྱེད་རང་གི་ལུགས་ལ་གཞི་ཀ་དག་དང་ཡེ་གྲོལ་དུ་འདོད་ཟེར་བ། ཀུན་གཞི་དང་ཀ་དག་གཅིག་གམ་ཐ་དད། གཅིག་ན་ཀུན་གཞི་འཁོར་འདས་གཉིས་ཀའི་སྤྱི་གཞི་ཡིན་པའི་དོན་གྱིས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་ལ། དེ་མ་རིག་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀ་ནས་དག་པ་དང་ཡེ་གྲོལ་གྱི་དོན་མ་ཚང་། ཀུན་གཞི་དང་ཀ་དག་མི་གཅིག་ན། དེ་གཉིས་ཐོག་མར་གང་སྔ། ཀ་དག་སྔ་ན། དང་པོ་ཀ་དག་ལ་རྗེས་ཞིག་ནས་ཀུན་གཞིའི་གནས་ལུགས་བྱུང་བ་ནི་ལུང་རིགས་ཀྱི་ངོས་ནས་ཀྱང་མི་འཐད་དེ། ཀུན་གཞི་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་གདོད་མའི་གནས་ལུགས་ཡིན་ལ། དེའི་གོང་ན་གཞན་མེད་པས་སོ། །ཀུན་གཞི་སྔ་ན་ཀ་དག་དང་ཡེ་གྲོལ་དུ་མི་འགྱུར་བས། དེ་བས་ན་ཀ་དག་ཅེས་པ་བོན་གྱི་བརྡ་མིང་བརྗེས་པ་སྟེ། དང་པོ་ཡེ་མེད་དུ་འདོད་པ་ལ་ཀ་དག །དེ་ནས་ཡེ་ཡོད་ཅུང་ཙམ་སྲིད་པ་ལ་མ་རྟོགས་པ་འཁོར་བའི་འཁྲུལ་གཞི་ཞེས་མིང་འདོགས་བསྒྱུར་བ་ཡིན་མོད། ཅེས་པར་ལན་འདི་སྐད་སྨྲ་སྟེ། འདི་དོན་ཁྱེད་རང་ཐོས་རྒྱ་ཆུང་ཞིང་ཀུན་གཞིའི་སྤུ་རིས་མ་འབྱེད་པར་ཟད་དེ། སྤྱིར་ཀུན་གཞི་ལ། ཀུན་གཞི་དབྱིངས་ཀྱི་ཆ་དང་། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་སྟེ་གསུམ་ལས། དང་པོ་ནི། དབྱིངས་དེ་བཞིན་ཉིད་དེ་འཁོར་འདས་གང་དུའང་མ་ཕྱེ་བའི་ཆ་ནས་བཞག་པ་སྟེ། འདི་ལ་ཡེ་དོན་གྱི་ཀུན་གཞིར་བཤད་དེ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །འཁོར་དང་མྱ་ངན་འདས་པའི་གཞི། །ཞེས་སོ། །གཉིས་པ་སྦྱོར་བ་དོན་གྱི་ཀུན་གཞི་ནི། དེའི་སྟེང་ངམ་ངང་ན་རིག་པ་ཡེ་ནས་འདུས་མ་བྱས་པའི་རང་བཞིན་ལྷུན་གྲུབ་ཏུ་བརྟེན་པའི་ཆ་ནས་སྦྱོར་བ་དོན་གྱི་ཀུན་གཞིར་འདོད་དེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར་བ། ཡོན་ཏན་ནོར་བུ་རིན་ཆེན་ལྟར་ལྷུན་གྱིས་གྲུབ་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། ཡེ་ནས་འོད་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་གནས་ལུགས་ཀྱི་དོན་ཞེས་བྱའོ། །དེ་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཆ་ནས་ནམ་མཁའ་ལྟ་བུ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་དང་། མངོན་པར་འདུས་མ་བྱས་སོགས་མིང་གིས་བཏགས་ཀྱང་། ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མིན་ཏེ། སྐུ་དང་ཡེ་ཤེས་སོགས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཅན་ཏེ། དེའི་ངོར་འཁོར་བའི་སྐྱོན་གྱིས་མ་གོས་པས་ཀ་ནས་དག་ཅིང་སྟོང་པ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། ཟླ་བའི་དཀྱིལ་འཁོར་ཡོངས་གང་ཡང་། །ཚེས་ཀྱི་དབང་གིས་འཇིག་རྟེན་ན། །ཟླ་བ་སྐྱེ་འབྲིར་རྣམ་པར་རྟོག །དེ་བཞིན་དོན་གྱི་ཀུན་གཞི་ཡང་། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །དེ་ཉིད་མི་ཤེས་བྱིས་པ་རྣམས། བག་ཆགས་དབང་གིས་ཀུན་གཞི་ཡང་། །བདེ་དང་སྡུག་བསྔལ་སྣ་ཚོགས་དང་། །ལས་ཞེས་ཀུན་ནས་ཉོན་མོངས་མེད། །རང་བཞིན་དག་ཅིང་དྲི་མ་མེད། །ཡོན་ཏན་ཡིད་བཞིན་ནོར་བུ་འདྲ། །འཕོ་བ་མེད་ཅིང་འགྱུར་བ་མེད། །དེ་ལྟར་ཡོངས་ཤེས་རྣམ་པར་གྲོལ། །ཞེས་གསུངས། འདི་ལ་མིང་གི་རྣམ་གྲངས་ཀྱང་། སྦྱོར་བ་དོན་གྱི་ཀུན་གཞི། ཐོག་མེད་ཆོས་ཁམས་དགེ་བ། དེ་བཞིན་གཤེགས་སྙིང་། སེམས་ཀྱི་རང་བཞིན་འོད་གསལ་བ། ཆོས་ཀྱི་དབྱིངས། གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན། རང་བཞིན་གྱིས་དག་པའི་དེ་བཞིན་ཉིད། ཤེས་རབ་ཕར་ཕྱིན་སོགས་རྟེན་གཞི་དང་། འབྱུང་ཁུངས་དང་། བྲལ་རྒྱུ་བྱེད་པ་སོགས་ཀྱི་ཆ་ནས་བཏགས་པ་བསམ་གྱིས་མི་ཁྱབ་བོ། །འདི་བྲལ་གཞིའམ་ཀུན་ཏུ་བཟང་པོའི་གྲོལ་ས་དངོས་ཡིན། དེའི་ཕྱིར་ཀ་དག་ཅེས་པ་གདོད་ནས་འཁྲུལ་མ་མྱོང་བའི་རང་བཞིན་རྣམ་དག་དེ་ལ་ཟེར་ཞིང་ཡེ་གྲོལ་ཞེས་པའང་དེ་དང་དོན་གཅིག །གསུམ་པ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི། དེ་ཉིད་མ་རིག་པས་གཞི་བྱས་ཏེ། འཁོར་བའི་ཆོས་རྣམ་ཤེས་ཚོགས་བརྒྱད་བག་ཆགས་དང་བཅས་པ་བརྟེན་པའི་ཆ་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དགེ་བ་དང་། མི་དགེ་བ་དང་། ཐར་པ་དང་། རྣམ་པར་བྱང་བའི་ལས། རང་བཞིན་གདོད་མ་ནས་མེད་ལ་གློ་བུར་དུ་སྐྱེས་པ་རྣམས་གསོག་པའི་རྟེན་བྱེད་པའི་ཕྱིར་རོ། །དེ་ཡང་དགེ་མི་དགེ་གཉིས་ཆར་བརྟེན་ལ་ངོ་བོ་གཏི་མུག་ཡིན་པའི་ཕྱིར་ལུང་མ་བསྟན་ཡིན་ནོ། ཁ་ཅིག་གིས་འདི་གཏི་མུག་མ་ཡིན་ཏེ། དུག་ལྔ་ཀའི་རྟེན་བྱེད་པ་དང་། རྣམ་བྱང་གི་རྟེན་བྱེད་པར་བཤད་པའང་མ་གོ་བའི་རྣམ་འགྱུར་ཏེ། འདིར་དུག་ལྔར་ཕྱེ་བའི་གཏི་མུག་མིན་ཏེ། ལྷན་སྐྱེས་ཀྱི་མ་རིག་པ་དེ་ལ་དེ་ལྟར་བཏགས་སོ། །རྣམ་བྱང་གི་རྟེན་བྱེད་པའང་དཔྱད་དགོས་ཏེ། ཡེ་ནས་དག་པ་དང་། གློ་བུར་གྱི་དྲི་མ་མཐའ་དག་དག་པ་དང་། དག་པ་གཉིས་ལྡན་སངས་རྒྱས་ཀྱི་ཡེ་ཤེས་དང་སྙིང་པོ་གཉིས་ཀྱི་རྟེན་མི་བྱེད་དེ། ཀུན་གཞི་དེ་གནས་གྱུར་དགོས་པའི་ཕྱིར། འབྱུང་བཞི་ཟད་པའི་རྒྱུད་ལས། ཀུན་གཞི་དག་པ་ཆོས་ཀྱི་དབྱིངས། །ཞེས་དང་། གསེར་འོད་དམ་པ་ལས། ཀུན་གཞི་གནས་གྱུར་པ་ནི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ། ཞེས་གསུངས་པའི་ཕྱིར། ཁམས་ཀྱི་རྟེན་མ་ཡིན་ཏེ། སྡོང་བུ་ལ་བརྟེན་པའི་མར་མེས་རང་བསྲེག་པ་དང་། བུད་ཤིང་ལ་བརྟེན་པའི་མེས་རང་བསྲེག་པ་སོགས་བཞིན། ཀུན་གཞི་ལ་བརྟེན་ནས་ཚོགས་གཉིས་ཀྱི་ལམ་གྱིས་འཁོར་བའི་བག་ཆགས་རང་སྦྱོང་ཞིང་། རིགས་དང་ཁམས་ཀྱི་དྲི་མ་བསལ་ཏེ། དང་པོ་ཇི་ལྟར་གནས་པ་བཞིན་མངོན་སུམ་དུ་གསལ་བའི་བྱང་ཆུབ་མངོན་དུ་བྱེད་པས་རྐྱེན་དག་པ་ཞེས་བྱ་སྟེ། ཕྱིས་སྦྱོང་བྱེད་ཀྱི་གཉེན་པོ་དེ་ཡང་ཚིག་པར་བྱེད་དེ། བློས་བརྟགས་ཀྱི་དགེ་བ་ཡིན་པའི་ཕྱིར། འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་དག །ཞེས་སོགས་གསུངས། དེ་ལྟར་ན་དོར་བ་མེད་པའི་སྟོང་ཉིད་དང་། ཆོས་སུམ་ཅུ་རྩ་བདུན་ཡོད་པ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་དེ་དག་བྲལ་འབྲས་ཀྱི་ཚུལ་དུ་ཡོད་མོད་ཀྱི། སློབ་ལམ་གྱིས་བསྡུས་པ་ནི་ཡོད་པ་མ་ཡིན་ཏེ། ལམ་མཐར་ཕྱིན་པའི་ཕྱིར་རོ། །འདི་ལ་མིང་གི་རྣམ་གྲངས། ལྷན་སྐྱེས་མ་རིག་པ་དང་། བག་ཆགས་སྣ་ཚོགས་ཀུན་གཞི་དང་། ཐོག་མཐའ་མེད་པའི་སྒྲིབ་པ་དང་། མུན་པ་ཆེན་པོ་དང་། ཡེ་ནས་གནས་པའི་མི་ཤེས་པ་སོགས་སུ་བཤད་དོ། །དེ་ལ་བརྟེན་པའི་ཚོགས་བརྒྱད་ནི། དཔེར་ན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལུང་མ་བསྟན་ནི་མེ་ལོང་དང་འདྲ་ཞིང་། ཀུན་གཞིའི་རྣམ་པར་ཤེས་པ་ནི་མེ་ལོང་གི་དྭངས་གསལ་དང་འདྲ། སྒོ་ལྔའི་རྣམ་ཤེས་ནི་གཟུགས་བརྙན་ཤར་བ་དང་འདྲ། སྒོ་ལྔའི་སྣང་ཡུལ་ལ་འདི་ཞེས་དང་པོར་ཤར་བ་ནི་ཡིད་ཤེས། དེའི་རྗེས་ལ་ཡུལ་ཆགས་སྡང་བར་མ་གསུམ་དང་མཚུངས་ལྡན་དུ་ཤར་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། ཀུན་མཁྱེན་ཆོས་རྗེས། ཤེས་པ་གང་ལའང་མི་རྟོག་ཡེངས་ཐབས་ཚེ། །སྣང་ཡུལ་མི་འཛིན་རྩེ་གཅིག་ཀུན་གཞིའི་དུས། །གསལ་སྣང་གང་ལའང་དེར་འཛིན་མི་འཇུག་པ། །ཀུན་གཞིའི་རྣམ་ཤེས་དྭངས་གསལ་གཡོ་བ་མེད། །སྒོ་ལྔའི་ཡུལ་དང་དགག་སྒྲུབ་གཟུང་འཛིན་གྱིས། །ཚོགས་བདུན་ཡུལ་ལ་རགས་པར་རྟོག་པ་ན། །རྣམ་ཤེས་བདུན་ཞེས་ཉེ་བར་བཏགས་པ་ཡིན། །ཞེས་སོ། །དེས་ན་ཀུན་གཞི་ལུང་མ་བསྟན་དང་ཀ་དག་གྲོལ་ས་ཡིན་པས་གཅིག་མ་ཡིན་ལ། དེ་ཉིད་རང་ཐོག་ཏུ་རིག་ན་སངས་རྒྱས་དང་། མ་རིག་པར་འཁྲུལ་བའི་དབང་དུ་སོང་ན་སེམས་ཅན་ཞེས་བརྗོད་པས་ཐ་དད་པའང་མ་ཡིན་ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་དང་། རྒྱུད་ལས། སེམས་དང་རིག་པ་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ལ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །ཞེས་གསུངས། ཀ་དག་དང་ཀུན་གཞི་ལ་སྔ་ཕྱི་མེད་དེ་ལྷན་ཅིག་སྐྱེས་པ་ཡིན་པས་ན་བྱ་དང་སྒོ་ང་ལྟ་བུ་སྟེ། བྱ་མེད་ན་སྒོ་ང་མི་འབྱུང་ལ། སྒོ་ང་མེད་ན་བྱ་མི་འབྱུང་བ་བཞིན་རང་བཞིན་ལྷན་ཅིག་སྐྱེས་པར་འདོད་དོ། །དེས་ན་བོན་གྱི་གཞུང་ལྟར་ཡེ་མེད་སྟོང་པ་དེ་ལ་ཀ་དག་ཏུ་བཏགས་ནས། དེས་སླར་འཁྲུལ་སྣང་གི་འཁོར་བའི་གཞི་བྱེད་པ་ལྟར་འདོད་པ་མིན་ཏེ། གཞི་ཀ་དག་རང་གི་ངོ་བོ་ལ་དུས་གསུམ་དུ་འཁྲུལ་བས་སླད་གཞུག་ཏུ་མེད་པའི་ཕྱིར་རོ། །ཡང་འདི་སྐད་དུ། ཐོད་རྒལ་དང་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཞེས་ཟབ་ཟབ་མོར་རློམས་ཏེ། ཉི་མའི་ཟེར་དང་། མིག་བཙིར་བ་དང་། མིག་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། རྣ་བ་བཀག་པའི་སྒྲ་དང་། རྩ་འཆིང་བ་དང་། འབག་ཆས་ལ་སོགས་པའི་ངོ་སྤྲོད་ཞིག་འདུག་པ། དེའི་སྐབས་ཤིག་ན་གསལ་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གྲགས་པ་དེ་ཆོས་ཉིད་མངོན་སུམ་ཡིན་ནམ། ཉམས་སྣང་གིའམ། དབང་པོའི་མངོན་སུམ་ཡིན། ཆོས་ཉིད་མངོན་སུམ་ཡིན་ན། ཆོས་ཉིད་ཀྱི་སྤྱོད་ཡུལ་ཡིན་ཕྱིར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ངང་གིས་གསལ་བ་ལས་འདུ་བྱེད་ཀྱི་རྐྱེན་སྣ་ཚོགས་མི་དགོས་ལ། དབང་པོ་དང་དབང་ཤེས་ཀྱི་མཐོང་བྱའི་ཡུལ་མ་ཡིན། ཉམས་ཀྱི་མངོན་སུམ་ཡིན་ན། དུས་ཉམས་ནི་སྒོམ་པ་ལ་ལྟོས་ཏེ་ལམ་རྟགས་ཀྱི་ངོ་བོར་གསལ་བ་ཞིག་ན། འདི་ནི་དེ་ཡང་མ་ཡིན་ཏེ་ལམ་མ་བསྒོམས་ཀྱང་རྐྱེན་སྣང་སྣ་ཚོགས་དུས་ན་གསལ། དབང་པོའི་མངོན་སུམ་ཡིན་ན། ཆོས་ཉིད་མངོན་སུམ་ཞེས་བཏགས་སུ་མི་རུང་ལ། རུང་ནའང་དབང་པོའི་ཡུལ་དུ་དངོས་སུ་སྣང་བའི་ཆོས་ཉིད་གད་མོའི་གནས་སོ། །ཡང་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཁ་དོག་དེ་དག །རང་གི་སྙིང་ག་ན་སེམས་ཉིད་འོད་ལྔའི་རྣམ་པར་བཞུགས་པའི་རྩལ་མདངས་ཕྱིར་ཤར་བའི་རྣམ་པར་མཐོང་བ་ཡིན་ཞེས་ཟེར་ནས་ཉི་ཟེར་སོགས་ལ་བལྟ་བར་བྱེད། སྙིང་ནང་ན་རང་ལ་ཡོད་པའི་རྩལ་ཡིན་ན་ཉི་ཟེར་སོགས་ལ་མ་ལྟོས་པར་རྩོལ་མེད་དུ་གསལ་དགོས་ཏེ་མི་གསལ། རྐྱེན་གྱིས་བསྐུལ་དགོས་ཟེར་ན། དཔེར་ན་འཆར་གཞི་སྙིང་ནང་ན་འོད་ལྔའི་རྣམ་པ་ཅན་གྱི་སེམས་གཅིག །ཤར་བ་ཉི་ཟེར་གྱི་ངོགས་ན་ལུ་གུ་རྒྱུད་ཀྱི་སེམས་གཅིག །འཛིན་པའི་ལུ་གུ་རྒྱུད་མིག་ཤེས་ཀྱི་བལྟ་བའི་སེམས་གཅིག་སྟེ་གསུམ་ཡོད་པར་འགྱུར་ལ། དེ་ལྟར་འདོད་ན་སངས་རྒྱས་པ་ལས་ལྐོག་ཏུ་གྱུར་པའི་གྲུབ་མཐའ་ཞིག་ཡིན་པ་འདྲ་ལ། སྙིང་ནང་ན་སེམས་ཉིད་འོད་ལྔའི་རྣམ་པར་འཛིན་པ་འདི་དང་། རྟག་པར་ལྟ་བ་བདག་ཏུ་ལྟ་བ་བཟའ་བ་པོ་བྱེད་པ་པོ་རང་དབང་ཅན་གྱི་སེམས་ཞིག་རྣམ་པར་འོད་ཆེ་སྟེ་སྒོ་ང་ཙམ། ཆུང་སྟེ་ཡུངས་འབྲུ་ཙམ་ཞིག་ཡོད་པར་འཛིན་པ་ནི་ཁྱད་པར་ཅུང་ཟད་ཀྱང་མ་མཆིས། ཁྱད་ཡོད་ན་དེའི་སྒྲུབ་བྱེད་ཀྱང་སྨྲ་བར་རིགས་ལ། འོན་ཀྱང་འོད་དེ་སྙིང་ནང་དུ་ཡོད་ངེས་ཡིན་ནའང་རྩལ་ཕྱི་རོལ་དུ་མཐོང་བའི་ངེས་པ་མེད་ཅིང་། འོད་དེའི་རྟེན་སྙིང་དང་ནང་ཁྲོལ་དངོས་སུ་ཡོད་ངེས་ཡིན་ཡང་དེ་དག་ལས་འདི་ཡིན་དངོས་སུ་མཐོང་བ་མེད་དོ། །མཐོང་བའི་ཟེར་ཐག་སོགས་དེ་དག་མངོན་སུམ་བལྟ་བ་ན། སེམས་འཛིན་གྱི་རྟེན་དུ་བྱས་ཏེ་མཉམ་གཞག་གི་ལྟ་བ་སྐྱོང་རྒྱུ་ཡིན་ན་ནི་སྐྱོན་ཆེར་མེད་དེ། དེ་བས་ཀྱང་ཡུལ་རྐྱེན་ཅིར་སྣང་གི་སྟེང་དུ་སྐྱོང་བ་ཆེས་གནད་ཟབ་ལ། ཟེར་དེ་མཐོང་བ་དང་ངན་སྐྱུག་གི་ཕུང་པོ་མཐོང་བ་གཉིས་མཉམ་གཞག་གི་ལྟ་བ་སྐྱོང་ཚུལ་ཤེས་ན་གྲོལ་བ་དང་། མ་ཤེས་ན་འཆིང་བའི་རྒྱུར་མཚུངས་སོ། །དེས་ན་ལྷུན་གྲུབ་མངོན་སུམ་གྱི་སྣང་བ་ལ་ཟབ་གནད་ཅི་མཆིས་ཞེས་དྲི་ན་རྣམ་དག་གི་གཏན་ཚིག་ཅི་སྨྲ། ཡང་ཐིག་ལེ་ཐིག་ཕྲན་གྱི་སྣང་བ་འདི་དག་ལོངས་སྐུའི་ཞིང་ཁམས་ཡིན་པས་ཞིང་ཁམས་མཐོང་བའོ་ཞེས་ཁྱོད་རང་གི་གཞུང་ན་བཤད་འདུག་པར། འདི་ཞིང་ཁམས་མཚན་ཉིད་པ་ཡིན་ནམ་མ་ཡིན། མ་ཡིན་ན་ཞིང་ཁམས་བཤད་པ་དོན་མེད་དུ་འགྱུར། ཡིན་པར་ནི་རྒྱུ་མཚན་གཉིས་ཀྱིས་མི་འཐད་དེ། ལོངས་སྐུའི་ཞིང་ཁམས་བལྟ་བ་ལ་དབང་བའི་གང་ཟག་དེ་ས་དྲུག་པའི་རྟོགས་པ་ཡོད་པ་ཞིག་དགོས་པར་གསུངས་ན། ཁྱེད་ཀྱི་ཞིང་ཁམས་དེ་མཐོང་བ་ལ་ནི་ས་དང་པོའི་བདེན་པ་ཙམ་ཡང་མི་དགོས་ཏེ། གང་ཟག་སོ་སྐྱེ་ཞིག་ལ་བསྟན་པས་དེ་མ་ཐག་ཏུ་དེས་མཐོང་བའི་ཕྱིར་ཞིང་ཁམས་མཐོང་བའི་གང་ཟག་མ་དག །ལོངས་སྐུའི་ཞིང་ཁམས་མཚན་ཉིད་པ་ཡིན་ན་རྒྱུད་ཚོད་མཐོར་སོང་བ་བཞིན་ཞིང་ཁམས་རྒྱ་ཆེར་མཐོང་བའི་མཐར། རབ་བཀྲམ་ཆེན་པོ་གཅིག་དང་གྲངས་མེད་སོགས་མཐོང་རྒྱུར། ཁྱོད་རང་ཚད་རྒྱུད་མཐོ་ཤོས་སུ་བྱེད་པའི་ཆོས་ཉིད་ཟད་སར་ཞིང་ཁམས་ཀྱི་སྣང་བ་བ་ཐག་བསྡུས་པ་ལྟར་བསྡུས་མཐར་མི་མཐོང་བར་བཤད་པས། དེས་ན་ལམ་གྱི་མཐོང་སྣང་ཡིན་གྱི་ཞིང་ཁམས་མ་ཡིན་པས་ཞིང་ཁམས་རང་གི་ངོ་བོ་མ་དག་ཅེས་ལུང་རིགས་ཀྱིས་དངོས་སུ་དགག་པ་འདི་ལ་ཅི་སྨྲ། ཡང་ངེད་ཀྱི་ཆོས་ཉིད་མངོན་སུམ་དང་། གཞན་ནས་བཤད་པའི་དུ་སོགས་ཀྱི་རྟགས་མཚུངས་ཏེ་སྐྱོན་མེད་དོ་སྙམ་ན། དུ་སོགས་མཉམ་གཞག་གི་བརྟན་པའི་ཉམས་སྣང་ལ་མིག་གདང་བཙུམ་མེད། ཉིན་མཚན་མེད། རྐྱེན་འཛོམ་མིན་ལ་མ་ལྟོས་ལ། རིག་པ་ལུ་གུ་རྒྱུད་མིག་བཙུམ་ན་མི་གསལ། ཉི་མ་མེད་པ་དང་ཡུལ་རྐྱེན་སྣ་ཚོགས་མེད་ན་མི་གསལ་ཞེས་བཤད་པས་གང་ནས་ཀྱང་མི་མཚུངས་ཤིང་། མཚུངས་ཀྱང་དུ་སོགས་ཀྱི་རྟགས་མེ་ནས་དུ་བ་འདྲེན་པ་ལྟ་བུའི་ལམ་རྟགས་ཀྱི་རྣམ་པ་ཙམ་ལས། དེ་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་བ་ཐོབ་པར་བཞེད་པ་དང་། ཆོས་ཉིད་མངོན་སུམ་དག་པའི་ཞིང་ཡིན་པས་མཐོང་བར་གྲོལ་བར་བཤད་པས་ཏིང་ངེ་འཛིན་མཆོག་ཏུ་འཛིན་པ་གཉིས་སྐྱེལ་སོ་མི་མཚུངས། དེས་ན་འདི་དག་ནི་བོན་ཆོས་རྣམས་འོད་ལ་བལྟ་བའི་གདམས་པ་མང་པོ་ཞིག་དང་། རང་ལུས་འོད་ལ་ཕར་ཞུགས་ན་ལྷག་མེད་གཡུང་དྲུང་གི་སྐུ་ཐོབ། འོད་རང་ལ་ཚུར་ཞུགས་ན་ལྷག་བཅས་གཡུང་དྲུང་གི་སྐུ་ཐོབ་པར་བཞེད་པའི་ལུགས་སྣང་བས་དེ་དང་ཁྱད་པར་མ་མཆིས་པས་དེའི་ཁྱད་སེལ་གྱི་སྒྲུབ་བྱེད་གང་ཡོད། ཅེས་པ་འདི་དག་ལ་ལན་ཐ་རམ་ཞིག་གདབ་ན། དེ་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་ཏེ། དྲི་མེད་འོད་ལས། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བ་པོ་སྟེ། འདིར་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ། །ཞེས་པ་ནི་སངས་རྒྱས་པའི་གྲུབ་མཐའ་ངེས་པའོ། །ཞེས་གསུངས་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དེ་ཡང་། ཁང་སྟོང་མིས་སྟོང་པ་ལྟ་བུའི་ཉི་ཚེ་བའི་སྟོང་པ་ཉིད་དང་། རྒྱས་འདེབས་ཀྱི་སྟོང་ཉིད་སོགས་རྣམ་པར་དཔྱད་པ་ཐམས་ཅད་ལས་འདས་པ། བདེ་བར་གཤེགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཆེན་པོ་དེ་ནི་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་ཡིན་ཏེ། འཇམ་དཔལ་གྱིས་ལྟ་འདོད་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པ། །ཤེས་བྱ་གང་ཞིག་འདིར་མཐོང་བས། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པ་མིན། །ཞེས་གསུངས། དེ་ལྟ་བུའི་འོད་གསལ་དེ་ཅི་ལྟ་བུ་ཞེ་ན། ཡེ་ཤེས་སྙིང་པོ་ལས། བཅོམ་ལྡན་འདས་འོད་གསལ་ཞེས་བགྱི་བ་ཇི་ལྟར་ལགས། གང་དུ་གནས་པ་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འོད་གསལ་ནི་ནམ་མཁའི་དབྱིངས་སུ་གནས་པའི་ཐིག་ལེ་སྟེ། དེས་ནི་ཕྱག་རྒྱ་ཆེན་པོ་བརྙེས་པར་འགྱུར་བ་ཡིན་ནོ། །ཞེས་དང་། གསང་འདུས་རིམ་ལྔ་ལས། རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོ་རྟག་པར་ནི། །འོད་ཟེར་ལྔར་ནི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བཤད་དོ། །ཞེས་གསུངས་པའི་འོད་གསལ་དེ་ནི་མཚན་མ་ཅན་ལྟར་མཐོང་བ་སྟེ། རིགས་པ་དྲུག་ཅུ་པར། གང་རྣམས་ཀྱི་བློ་རྟེན་དང་བྲལ། ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱི། །མཚན་མའི་དོན་ནི་རྣམ་པར་བསྒོམ། །ཞེས་དང་། ནཱ་རོ་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ། །ཞེས་བཤད། འོ་ན་དེ་རྣམས་དངོས་པོ་ཅི་ཞིག་ཡིན་སྙམ་ན། སེམས་ཀྱི་སྣང་བ་ཙམ་སྟེ། རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །ཅེས་གསུངས་པའི་ཕྱིར། སེམས་ཀྱི་སྣང་བ་ཙམ་ཡིན་གྱི། དེ་ལས་གཞན་པའི་དངོས་པོའི་ཆོས་ནི་ཅི་ཡང་མ་ཡིན་ནོ། །སེམས་ཀྱང་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་མངོན་སུམ་ཉིད་ཡིན་ལ། དེའི་སྣང་བ་ཙམ་ཡིན་པས་བག་ཆགས་ཀྱིས་བསྐྱེད་པའི་རྣམ་པར་རྟོག་པའི་སྣང་བ་ཡང་མ་ཡིན་ལ། མིག་སྐྱོན་ཅན་གྱིས་ཟླ་བ་གཉིས་སུ་སྣང་བ་སོགས་དབང་པོ་བསླད་པའི་ཤེས་སྣང་མ་ཡིན། ཡིད་ཤེས་བསླད་པའི་སྣང་བ་ཡང་མིན། དབང་པོ་ལྔའི་རྣམ་པར་ཤེས་པའི་སྣང་བ་ཡང་མ་ཡིན་ཏེ། དོན་གྱི་བཞག་པ་མ་ཡིན་པའི་ཕྱིར་རོ། །མ་བསླད་པའི་ཡིད་ཀྱི་ཤེས་པའི་རྣམ་པ་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་བས་ཡིད་ཀྱི་དབང་པོ་སྣང་བ་གསུམ་ལ་བཞེད་པས་སོ། །སློབ་དཔོན་འགྲོ་བཟང་སྙིང་པོས་ཀྱང་དེ་ཁོ་ན་ཉིད་ཀྱི་འགྲེལ་པར། འདི་ཅི། དངོས་པོ་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། ཡི་གེ་མེད་ཅེས་བྱ་བ་སྨྲོས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ནམ་མཁའ་ཁྱབ་པར་སྣང་ངོ་། །དེ་ལྟ་བུའི་མགོན་པོ་བསྒོམས་པ་ལས་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས། འདི་ནི་དོན་གྱི་ཀུན་གཞིའི་སྣང་བ་ཞེས་པ་དེ་ཡིན་གྱི། རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་པ་དེ་མ་ཡིན་ནོ། །འདི་དག་འཁྲུལ་པའི་སྣང་བར་གསུངས་པ་མེད། མངོན་སུམ་གྱི་སྣང་བ་ཁོ་ན་ཡིན་གྱི། རྟགས་ཙམ་ཞིག་ཀྱང་མ་ཡིན། ཟུང་དུ་འཇུག་པ་ཞེས་རབ་ཏུ་བསྔགས་པ་དེའི་ངོ་བོ་ཉིད་དུ་གྱུར་ནས་རྒྱལ་བའི་སྐུ་ཆེན་པོར་འགྱུར་བས་ན། ཀྱཻ་རྡོ་རྗེ་ལས། མཐོ་རིས་ས་འོག་ས་སྟེང་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །ཞེས་གསུངས། སྔགས་ཀྱི་ཐེག་པ་ལས་གསང་བར་གསུངས་པའི་དོན་གྱི་གཙོ་བོ་ཡང་འདི་ཡིན་པས། དད་པ་དང་ཤེས་རབ་མེད་པའི་གང་ཟག་ལ་གཏམ་བྱ་བར་དཀའོ། །ད་ནི་མངོན་སུམ་ཞེས་པའི་དོན་བརྗོད་པར་བྱ་སྟེ། ཚད་མ་དང་བྲལ་བའི་ལམ་གྱིས་ནི་གོལ་ཞིང་བསླུ་བར་འགྱུར་བས། འདིར་ཚད་མས་གཏན་ལ་དབབ་པ་ལ། ཚད་མ་དེ་ཡང་མངོན་རྗེས་གཉིས་སུ་ངེས་པར་སློབ་དཔོན་ཆོས་ཀྱི་གྲགས་པས་བཤད་པ་བཞིན། གསང་བའི་ཐེག་པ་འདིར་ཡང་ཚད་མ་གཉིས་ཁོ་ན་སྟེ། དུས་འཁོར་སྒྲུབ་ལེར། ལྷ་ཡི་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་གྱུར་པ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མེད་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། །དེ་ནི་རི་མོ་ལ་སོགས་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། །ཞེས་གསུངས། མངོན་སུམ་དེ་ལ་ཡང་ཐ་མལ་པའི་དབང་པོའི་མངོན་སུམ་ནས་ཉན་རང་གི་བར་གྱི་རྣལ་འབྱོར་མངོན་སུམ་གྱིས་ནི་ཤེས་པ་མིན་པས། མངོན་སུམ་ཁྱད་པར་ཅན་ནང་གི་དེ་ཁོ་ན་ཉིད་བསྒོམས་པའི་རྣལ་འབྱོར་མངོན་སུམ་གྱིས་གཏན་ལ་འབེབ་པ་ཡིན་ནོ། །དེ་ཡང་ཆོས་རྣམས་ལ་འཁྲུལ་པའི་ཤེས་པ་སྣ་ཚོགས་ཀྱིས་བསླད་པའི་སྣང་བ་མ་ཡིན་པ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རིགས་མི་འགྱུར་བར་གནས་པ་དེ་ལ་དེ་ཁོ་ན་ཉིད་ཅེས་བྱ་སྟེ། འཇམ་དཔལ་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་ནས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པ། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་དངོས་མེད་བསྒོམ་དངོས་མེད། །དངོས་པོ་ཐམས་ཅད་དང་བྲལ་ལ། ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་པའི་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པ་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་རྣམས་ཀུན་གྱི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་བ་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ཉིད་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །བརྟགས་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུ་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོ་རབ་སྣང་བའི། །ཟེར་གྱིས་རང་གཞན་སྨིན་བྱེད་པ། །གཉིས་སུ་མེད་པའི་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །ཞེས་པ་ལ་སོགས་པས་བསྟན་པ་ནི་ནང་གི་དེ་ཁོ་ན་ཉིད་ཀྱི་མཐོང་བའི་མངོན་སུམ་ཞེས་བྱ་ཞིང་། རྡོ་རྗེ་སྙིང་འགྲེལ་ལས། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ། རང་རིག་མངོན་སུམ་སྟེ། སྟོན་པར་བྱེད་པ་དང་། འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པས་ན། དེ་ལ་མངོན་སུམ་གྱི་ངོ་བོ་གང་ཞེ་ན། དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་བསྒོམས་པས་ཤ་ལ་སོགས་པའི་མིག་ལྔས་རྣམ་པ་ཐམས་ཅད་པའི་གཟུགས་ནམ་མཁའ་ལ་སྐར་མ་བཞིན་དུ་གསལ་བར་མཐོང་བའི་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ལ་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུས་ཏེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བའོ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །ཞེས་གསུངས། དེ་ལྟ་བུ་ཐབས་གང་གིས་མཐོང་ན། བདེ་མཆོག་རི་གིའི་ཨ་ར་ལའི་རྒྱུད་ལས། དགོན་པ་དབེན་པའི་གནས་སུ་ནི། །གཉིས་གཉིས་ཐམས་ཅད་རྣམ་པར་སྤངས། མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པའི་གཟུགས་སུ་ནི། །སྒྲུབ་པོས་དང་པོར་མཐོང་བར་འགྱུར། །ཞེས་གསུངས་ནས། ཚུལ་ཇི་ལྟར་མཐོང་བ་ཡང་། དེ་ཉིད་ལས། དང་པོ་མུན་པ་མཐོང་བར་འགྱུར། །གཉིས་པ་དཀར་དང་དུ་བ་མཚུངས། །གསུམ་པ་མེ་ཁྱེར་རྣམ་པར་བལྟ། །བཞི་པ་ཡ་བའི་མེ་ཏོག་བཞིན། །ལྔ་པ་སྤྲིན་མེད་ཡེ་ཤེས་ནི། །རང་གཞན་ཡང་དག་རིག་པ་སྤངས། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །རྩེ་གཅིག་སེམས་ཀྱི་རི་གིར་འགྱུར། །ཞེས་གསུངས་ཤིང་། རྡོ་རྗེ་གུར་ལས། དང་པོ་སྤྲིན་དང་འདྲ་བ་སྣང་། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་འདྲ་བ་སྟེ། བཞི་པ་མར་མེ་ཆེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་འོ། །ཞེས་དང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོར་ཡང་གསུངས་ཤིང་། གསང་འདུས་ལས། དང་པོ་སྨིག་རྒྱུ་འདྲ་བ་སྟེ། གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་འབར་བ་ཉིད། །ལྔ་པ་སྤྲིན་མེད་སྣང་བ་འདྲ། །ཞེས་དང་། ཨཱརྱ་དེ་བའི་སྤྱོད་བསྡུས་སུ། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །ཞེས་གསུངས་པའི། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་བར་གསུངས་པ་དང་། རྫོགས་ཆེན་ནས་ཐོག་མར་དབྱིངས་རྣམ་དག་གི་སྒྲོན་མ་དར་མཐིང་ཁའི་མདོག་ལྟ་བུའམ་རྨ་བྱའི་མདངས་ལྟ་བུ་འཆར་བར་གསུངས་པ་དང་ཁྱད་པར་མེད། དེ་ལས་གཞན་གསུངས་པ་རྣམས་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ཉ་མིག་ལྟ་བུ་དང་། སྐྱ་ཁྱིལ་ཁྱིལ་བ་དང་། དེ་ལ་སོགས་པ་འཆར་སྒོ་སྣ་ཚོགས་པ་དུ་མ་དང་། ཐིག་ལེ་སུམ་སྦྲེལ་ནས་ཉི་ཤུ་རྩ་ལྔ་ལ་སོགས་པའི་བར་དུ་སྣང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ཡིན་ནོ། །དེ་ཡང་སྔར་གསུངས་པ་རྣམས་ཀྱི་སྟེང་དུ་ཉིན་མོའི་རྟགས་ལྔ་བསྣན་པས་བཅུ་པོ་རྫོགས་ཕན་ཆད་ལ་བྱ་སྟེ། རྟགས་བཅུ་ནི་དབང་མདོར་བསྟན་ལས། དུ་བ་སྨིག་རྒྱུ་མཁའ་སྣང་དང་། །སྒྲོན་མེ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་གསལ་བ། །ཞེས་གསུངས་པའི། སྣ་ཚོགས་གཟུགས་ཅན་འོད་གསལ་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་ཡིན་ཏེ། འོད་ལྔ་མ་འདྲེས་པ་སྣམ་བུ་ལྟ་བུ་དང་། གྱེན་འགྲེང་དང་། མིག་མང་རིས་དང་། ཟ་འོག་དང་། རེ་ལྡེ་ལྟ་བུར་སྣང་བ་ཚུན་ཆད་ཡིན་ནོ། །དེ་ནས་འོད་ཀྱིས་སྣང་སྲིད་ཐམས་ཅད་ལ་ཁྱབ་པ་མ་བལྟས་ཀྱང་གསལ་ལ། ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་སྐུ་ཞི་བ་དང་ཁྲོ་བོ་གང་ཡང་ངེས་པ་མེད་པ་སྣ་ཚོགས་འཆར་བ་ཕྱིན་ཆད་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་ཡིན་ལ། དཔལ་དུས་ཀྱི་འཁོར་ལོར་ནི། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་དང་ནི་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་དང་། ནམ་མཁའ་ཆུ་འཛིན་བྲལ་བའི་དབུས་སུ་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་བལྟ་བྱ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུ་འོ། །ཞེས་གསུངས་པ་དང་། དཔལ་ཤ་བ་རིས། རྟགས་བཅུ་རྫོགས་པར་གྱུར་པ་དང་། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང་། །དེ་ནང་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་འགྱུར་བ། །སྣ་ཚོགས་གཟུགས་ཅན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །ཞེས་བཤད་པའི་དོན་ནི་རྫོགས་ཆེན་ནས་ཆོས་ཉིད་ཟད་པའི་སྣང་བ་གསུངས་པ་དང་ཁྱད་པར་མེད་དོ། །དེ་དག་ནི་ཆོས་ཉིད་ཀྱི་མངོན་སུམ་ཡང་ཡིན་ཏེ། ཡེ་གདོད་མའི་ཆོས་ཉིད་ཡེ་ཤེས་ཀྱི་རང་འོད་དུ་ཡེ་ནས་ངང་གིས་གསལ་བ་ཡིན་པར་སྔར་བཤད་པའི་ལུང་རྣམས་ཀྱིས་བསྒྲུབས་ཟིན་ཏོ། དབང་པོའི་ཡུལ་དུ་སྣང་བའི་ཆོས་ཉིད་དེ་གད་མོའི་གནས་སུའང་མི་རིགས་ཏེ། ནཱ་རོ་པས། རང་ཡིད་མཚན་མ་མཐའ་དག་བྲལ་བ་ཡི། །མིག་ཕྱེད་གྱེན་དུ་བལྟ་བ་དང་བཅས་པས། །གང་ཚེ་རླུང་ནི་དབུ་མར་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང་། །ཞེས་གསུངས། ཉམས་ཀྱི་མངོན་སུམ་ཡང་ཡིན་ཏེ། རྣལ་འབྱོར་པས་ལམ་བསྒོམས་པའི་ཉམས་ཀྱི་སྣང་བ་ཡིན་པའི་ཕྱིར། །བིརྺ་པས་ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་ཞེས་བཤད་པས་སོ། །དབང་པོའི་མངོན་སུམ་ཡིན་པར་བཤད་པ་ནི། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་འཆར་བའི་སྒོ་མིག་ཡིན་པ་ལ་དགོངས་པ་ཡིན་གྱི། དོན་དུ་དབང་པོའི་མངོན་སུམ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་གདོད་མ་ནས་ཡེ་ཤེས་ལྔའི་རང་འོད་དུ་རང་གསལ་བ་དེ་ཉིད། མིག་གིས་མཐོང་བྱ་མཐོང་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར་དང་། མུན་ཁུང་དུ་རང་གི་ལག་པ་བརྐྱང་པ་མི་མཐོང་བའི་ཚེ་ནའང་མཐོང་བའི་ཕྱིར་དང་། བར་དོར་མིག་དང་བྲལ་བའི་དུས་ནའང་མཐོང་བའི་ཕྱིར་ཏེ། དབང་མདོར་བསྟན་ལས། རང་གི་མིག་གིས་མི་མཐོང་ཞིང་། །གཞན་གྱི་མིག་གིས་ཀྱང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་གསུངས་ཤིང་། བདེ་མཆོག་བསྟོད་འགྲེལ་ལས། གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པ་དེའི་ཕྱིར་གཟུགས་མ་ཡིན་ཞིང་། གཟུགས་ལས་གཞན་པ་ཡང་མ་ཡིན་ལ། མིག་གིས་རྟོགས་པ་ནི་མ་ཡིན་ལ། མིག་མེད་པར་རྟོགས་པ་ཡང་མ་ཡིན་ནོ། །ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །ཡང་རྡོ་རྗེ་སྙིང་འགྲེལ་ལས་གསུངས་པ་ལྟར་གྱི་མངོན་སུམ་བཞི་པོའང་ཡིན་ཏེ། དེའི་ཚུལ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་པས་འཇུག་པའི་ཡུལ་ནི་མི་ཤིགས་པའི་ཐེག་ལེ་ཡིན་པས། དེ་དབང་པོའི་མངོན་སུམ་གྱིས་མཐོང་བ་ཙམ་ཞིག་བྱས། དེ་ནས། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བརྙན་བཞིན། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཅེས་གསུངས་པས། ཡིད་ཀྱི་མངོན་སུམ་གྱིས་མི་ཤིགས་པའི་ཐིག་ལེ་དེའི་ནང་དུ་ཡིད་ཀྱི་གཟུགས་བརྙན་མཐོང་བས་ངེས་པ་རྙེད། དེ་ནས་རིག་པ་ཚད་ལ་ཕེབས་པས་རྣལ་འབྱོར་གྱི་མངོན་སུམ་གྱིས་རང་རིག་པའི་ཡེ་ཤེས་མངོན་དུ་གྱུར། ཆོས་ཉིད་ཟད་པའི་སྐབས་སུ་གཟུང་འཛིན་དང་བྲལ་བས་རང་རིག་པའི་མངོན་སུམ་གྱི་འཇུག་པའི་ཡུལ་མི་ཤིགས་པའི་ཐིག་ལེ་གཉིས་སུ་སྣང་བ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། ཤེལ་དང་། ཉི་ཟེར་ལ་བརྟེན་པ་དང་། འབག་ཆས་ལ་སོགས་པ་ལ་བརྟེན་ནས་སྟོན་པ་ནི། རིག་པའི་ཡེ་ཤེས་དངོས་མ་ཡིན་ཏེ། འདི་པའི་ལུགས་ལ་དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཅེས་འབྱུང་བས་ན། དཔེ་ལ་བརྟེན་ནས་དོན་ངོ་སྤྲོད་པས་ན་མཚོན་བྱེད་ཀྱི་དཔེ་ཞེས་བྱ་བ་ཡིན་གྱི། འདི་དག་མངོན་སུམ་ཡེ་ཤེས་སུ་ཁས་མི་ལེན་ནོ། །དེ་ལྟ་བུའི་ཡེ་ཤེས་རང་གི་སྙིང་ནང་ན་སྟོང་གསལ་འོད་ཀྱི་རང་བཞིན་དུ་ཡོད་ལ། དེ་ཡང་མུ་སྟེགས་རྟག་ལྟ་བ་རྣམས་འདོད་པ་ལྟར་བདག་ཏུ་ལྟ་བ་མ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་དང་། སམྦྷུ་ཊི་ལས། སྙིང་གི་ནང་སོན་པདྨ་ནི། འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱངས་ཤིང་ཁ་ཡི་འོག་ཏུ་འོ། །དེ་ཡི་ནང་ན་དཔའ་བོ་ནི། །ཡུངས་དཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་དང་། རྩ་ཡི་མཛེས་སྤྱི་ལས་བྱུང་བའི། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་དཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་གསུངས་ཤིང་། བྲམ་ཟེ་ཆེན་པོས་ཀྱང་། མཁས་པ་རྣམས་ནི་བསྟན་བཅོས་འཆད་པ་ཡི། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། གཞན་ཡང་རྒྱུད་དང་བསྟན་བཅོས་རྣམས་ནས་རྒྱ་ཆེར་བཤད་པ་ཡིན་ཏེ། དེའི་ངོ་བོ་ནི་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཏེ། སྤྲོས་པ་དང་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཟུང་འཇུག་མཉམ་པ་ཉིད་ཡིན་པས་རྟག་མི་རྟག་སོགས་སྤྲོས་པའི་མཐའ་ཀུན་དང་བྲལ་ཡང་། དུས་གསུམ་འཕོ་འགྱུར་དང་བྲལ་བའི་ཆ་ནས་རང་བྱུང་ཡེ་ཤེས་དང་རྟག་པ་ཆེན་པོའི་ཐ་སྙད་མཛད་པ་ཡིན་ནོ། །དེའི་ཕྱིར་ཟབ་མོའི་མདོ་རྒྱུད་ཀྱི་དོན་ལེགས་པར་མཁྱེན་པའི་མཁས་པ་དག་གིས་ཀྱང་། གནས་ལུགས་དབུ་མ་འཁོར་འདས་ཀུན་ཁྱབ་ཡིན། །སེམས་ཅན་རྣམས་ལ་གཞི་ཡི་ཆོས་སུ་སྣང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་དུ་སྣང་། །གདུལ་བྱ་དག་པ་རྣམས་ལ་འབྲས་བུར་སྣང་། །དེ་གསུམ་སྣང་ཚུལ་ཡིན་གྱི་གནས་ཚུལ་མིན། །གནས་ལུགས་རྗེན་པ་སངས་རྒྱས་ཁོ་ནས་གཟིགས། །ལམ་ཞུགས་རྣམས་ཀྱིས་ཕྱོགས་རེར་མཐོང་བ་དང་། །གནས་ཚུལ་སྣང་ཚུལ་འདྲེས་མར་སྣང་བ་ཡོད། །གནས་ལུགས་དེ་ནི་ཟུང་འཇུག་ཁོ་ན་སྟེ། །གཞི་ཡི་གནས་ཚུལ་འབྲས་བུའི་སྡོད་ལུགས་ཡིན། །གནས་ལུགས་དེ་ནི་དབུ་མ་ཡིན་པའི་ཕྱིར། །དེ་ལ་མཐུན་པར་འཇུག་ན་དབུ་མའི་ལམ། །ཀུན་རྫོབ་དོན་དམ་ཟུང་འཇུག་ཅེས་པ་དང་། །སྣང་སྟོང་ཟུང་འཇུག་གསལ་སྟོང་ཟུང་འཇུག་དང་། །ཐབས་ཤེས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང་། །བདེ་སྟོང་སྒྱུ་ལུས་འོད་གསལ་ཟུང་འཇུག་དང་། །སྐུ་དང་ཡེ་ཤེས་ཟུང་འཇུག་ལ་སོགས་པ། །དེ་དག་ཀུན་ལའང་ལམ་གྱི་ཟུང་འཇུག་དང་། །གནས་ལུགས་ཆོས་ཉིད་ཟུང་འཇུག་སོ་སོར་དབྱེ། །ལམ་རྣམས་བདེན་མེད་སྒྱུ་མ་ལྟ་བུ་ཡིན། །དོན་དམ་དབྱིངས་ཀྱི་ཟུང་འཇུག་ཅེས་བྱ་བ། །ཆོས་སྐུ་ངེས་པ་དོན་གྱི་སངས་རྒྱས་ཏེ། །བདེ་གཤེགས་སྙིང་པོ་དེ་ཡིན་ཆོས་དབྱིངས་དེ། །སྟོང་ཉིད་སྤྲོས་བྲལ་རང་བཞིན་ཤེར་ཕྱིན་ཏེ། །ཀུན་འགྲོ་ཡིན་ཕྱིར་ཀུན་ཁྱབ་ཆ་མེད་དེ། །དུས་གསུམ་ཀུན་ལ་ཁྱབ་ཕྱིར་དུས་མེད་དོ། །མཚན་དཔེ་ལ་སོགས་སངས་རྒྱས་ཡོན་ཏན་ཀུན། །རང་བྱུང་གདོད་ནས་གྲུབ་པའི་རྟག་པ་སྟེ། །མདོ་ལས་ཆོས་དབྱིངས་སངས་རྒྱས་རྟག་པར་གསུངས། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་ནོ། །བདེ་གཤེགས་སྙིང་པོ་རྟག་པར་འཇོག་པའི་གནད། །གནས་ལུགས་འགྱུར་མེད་བདེ་བ་ཡིན་པར་ཐུག །རྒྱལ་བའི་ཡོན་ཏན་རང་བྱུང་ལྷུན་གྲུབ་པའང་། །ཆོས་ཉིད་རྣམ་པ་ཀུན་ལྡན་ཉིད་ལས་སོ། །འགྱུར་མེད་དེ་ཉིད་རྣམ་པ་ཐམས་ཅད་པར། །གདོད་ནས་རྟག་ཏུ་ཤར་བ་ངོ་མཚར་ཆེ། །རྣམ་ཀུན་ཚུལ་དུ་ཤར་ཡང་ལྷན་སྐྱེས་ཀྱི། །བདེ་ཆེན་གཅིག་ཏུ་རོ་མཉམ་རྨད་དུ་བྱུང་། །རྣམ་པ་ཀུན་ལྡན་ཡིན་ཡང་ཆ་བཅས་མིན། །རང་བཞིན་འགྱུར་མེད་གནས་ཀྱང་དུས་ཀུན་ཤར། །སྲིད་གསུམ་རྣམ་པར་ཤར་ཡང་སྤྲོས་དང་བྲལ། །བདེ་ཆེན་རང་གིས་རིག་ཀྱང་མྱོང་ཚོར་བྲལ། །རྒྱལ་བའི་ཡོན་ཏན་ཤེས་བྱ་ཀུན་ཁྱབ་ཅིང་། །ཡེ་ཤེས་གཅིག་དང་ཤེས་བྱ་ཐམས་ཅད་མཉམ། །ཤེས་བྱ་མ་ལུས་མ་འདྲེས་གསལ་བར་མཁྱེན། །མཁྱེན་པ་དེ་ལ་སྤྲོས་པ་ཅི་ཡང་མེད། །ཆོས་ཉིད་རང་བཞིན་ཆོས་སྐུ་ཡིན་པའི་ཕྱིར། །ཆོས་སྐུའི་རང་བཞིན་ཡོན་ཏན་ལྡན་པར་གྲུབ། །ཆོས་སྐུ་ཤེས་བྱ་ཀུན་མཁྱེན་ཡེ་ཤེས་ཕྱིར། །རྣམ་པ་ཐམས་ཅད་པར་ཡང་གྲུབ་པ་ཡིན། །ཆོས་དབྱིངས་ངོ་བོ་དབྱེ་བ་མེད་པར་གསུངས། །ཤེས་བྱ་རེ་རེ་ལའང་ཆོས་དབྱིངས་རེ། །ཡོད་པ་ལྟ་བུར་གསུངས་པའི་སྐབས་ཀྱང་ཡོད། །དེ་གཉིས་བསྡོམས་པས་རྣམ་ཀུན་མཆོག་ལྡན་འགྲུབ། །གཟུགས་སོགས་མི་དམིགས་གཟུགས་སོགས་ལ་མི་གནས། །ཡོད་མེད་མི་དམིགས་ཡོད་མེད་ལ་མི་གནས། །དེ་ལྟར་གསུངས་པས་ཀུན་རྫོབ་ལས་གྲོལ་ཞིང་། མི་རྟག་སྤྲོས་ལས་གྲོལ་བས་རྟག་པར་གྲུབ། །ཆོས་དབྱིངས་རང་བཞིན་ནམ་ཡང་འགྱུར་མེད་དང་། །སངས་རྒྱས་རྟག་པ་འགྲོ་ལ་ཡོད་གྱུར་ལ། །རྟག་ན་རྟག་དངོས་སྤྲོས་པར་འགྱུར་སྙམ་པའི། །དོགས་པ་བསལ་ཕྱིར་སྤྲོས་བྲལ་སྟོང་པར་གསུངས། །སྟོང་པ་ཞེས་པས་ནམ་ཡང་བདེན་མེད་དང་། །ཅི་ཡང་མ་ཡིན་ཙམ་ཞིག་བསྟན་པ་མིན། །ཀུན་རྫོབ་ཕྱོགས་ནས་མེད་དང་མ་ཡིན་སྟོངས། །དོན་དམ་ཕྱོགས་ནས་རྟོག་པའི་ཡུལ་གྱིས་སྟོངས། །དོན་དམ་རང་གི་ངོ་བོས་སྟོང་པ་ལྟར། །གསུངས་པའི་དགོངས་པ་དོན་དམ་ལ་དམིགས་ནས། །བློ་ཡིས་བཟུང་ལྟར་མ་གྲུབ་པ་ལ་དགོངས། །ཡེ་མེད་ཡེ་མིན་ཙམ་གྱིས་སྟོང་པ་མིན། །སྙིང་པོ་དེ་ཉིད་རྣམ་པ་ཀུན་ལྡན་ཞིང་། །དེ་ཉིད་མི་འགྱུར་རྟག་ཡིན་བདེ་བའང་ཡིན། །སྔགས་ཀྱི་ཚུལ་ལས་དེ་ལྟར་གསལ་བར་བཤད། །མདོ་ལས་དེ་ལ་དགོངས་ནས་ཕྱོགས་མཚོན་གསུངས། །ཆ་མེད་ཀུན་ཁྱབ་ནམ་མཁའ་ལྟ་བུ་ལ། །བསྒྲིབས་དང་མ་བསྒྲིབ་ཆ་གཉིས་མི་འཐད་ཟེར། །དེ་ནི་འདོད་ཐོག་ཡིན་ཏེ་ཆོས་དབྱིངས་ཀྱི། །རང་ངོས་ནས་ནི་བསྒྲིབས་དང་མ་བསྒྲིབ་མེད། །དེ་ལ་དམིགས་པའི་ཡུལ་ཅན་ཤེས་པ་ལ། །གནས་སྐབས་དུ་མ་ཡོད་ཕྱིར་དབྱེ་བ་བསྟན། །རྟོགས་པ་པོ་ལ་དབྱེ་བ་ཡོད་པས་ན། །རྟོགས་བྱའི་ཡུལ་ལ་དབྱེར་ཡོད་ལྟ་བུར་བཤད། །དངོས་སུ་རང་བློ་སྒྲིབ་པས་བསྒྲིབས་གྱུར་པའི། །བློ་ངོར་ཆོས་ཉིད་སྒྲིབ་པས་བསྒྲིབས་ལྟར་སྣང་། །གྲོང་ཁྱེར་སྤྲིན་དང་རྨུགས་པས་བསྒྲིབས་པ་ན། །འགྲོ་རྣམས་ཉི་མ་སྤྲིན་གྱིས་བསྒྲིབས་པར་འཛིན། །ས་ལ་སྤྲིན་དེ་རླུང་གིས་གཏོར་བ་ན། །ཉི་མའི་སྒྲིབ་བྱེད་སངས་ཞེས་རྟོག་པ་ལྟར། །གདུལ་བྱའི་བློ་དང་བསྟུན་ནས་དེ་བཞིན་ཉིད། །དྲི་བྲལ་གནས་སྐབས་འཐོབ་པར་འགྱུར་ཞེས་གསུངས། །སངས་རྒྱས་དམ་པའི་དོན་དུ་ཡོད་པ་སྟེ། །སངས་རྒྱས་ཉིད་ནི་དོན་དམ་ཡིན་པའི་ཕྱིར། །གཞན་དུ་སངས་རྒྱས་དོན་དམ་མིན་གྱུར་ཏེ། ཁྱད་གཞི་མེད་ན་ཁྱད་ཆོས་མི་སྲིད་དེ། །འཐོབ་བྱ་སངས་རྒྱས་གནས་ལུགས་ཡིན་ནམ་མིན། །མིན་ན་འཁྲུལ་སྣང་ཐོབ་པས་དགོས་པ་ཅི། །གནས་ལུགས་ཡིན་པས་སངས་རྒྱས་ཐོབ་གྱུར་ན། །སེམས་ཅན་དུས་ཀྱི་ཆོས་ཉིད་དེ་ཡིན་པས། །དེ་དེའི་བར་དུ་ཡོད་ཅིང་མི་འགྱུར་རྟག །སྔོན་དང་ཕྱི་མཐའ་དུས་གསུམ་དོན་ལ་མེད། །གནས་སྐབས་གསུམ་སོགས་བློ་ཡིས་མཐོང་ཚུལ་ཡིན། །དུས་ཀྱི་གོས་མ་མྱོང་བའི་ཆོས་ཉིད་གནས། །འཁྲུལ་དང་འཁོར་བ་རྣམ་རྟོག་དབང་གིས་བྱུང་། །གཉེན་པོ་རྣམ་པར་མི་རྟོག་ལམ་བསྒོམས་བྱས། །རྟོག་པའི་བཞོན་པ་ལས་ཀྱི་རླུང་ཡིན་པས། །རླུང་རྣམས་དབྱིངས་སུ་དག་བྱེད་ལམ་བསྒོམས་ན། །འབྲས་བུ་དོན་གཉིས་ཕུན་ཚོགས་མངོན་གསལ་འགྱུར། །ཞེས་གནས་སྣང་ལེགས་པར་ཕྱེས་ཏེ་གསལ་བར་གསུངས་པ་བཞིན་དོན་གྱི་ཨེ་ཝཾ་ཟུང་འཇུག་ལྷན་སྐྱེས་ཀྱི་འགྱུར་མེད་བདེ་བ་ཆེན་པོ་ཉིད་ལ་རྩ་བ་ཐུག་པ་ཡིན་ནོ། །དེ་ལ་སྙིང་ནང་ན་འཆར་གཞི་འོད་ཀྱི་རྣམ་པའི་སེམས་དང་། ཤར་བ་ལུ་གུ་རྒྱུད་ཀྱི་སེམས་དང་། འཛིན་པ་མིག་གི་དབང་ཤེས་ཀྱི་ལུ་གུ་རྒྱུད་གསུམ་གྱི་སེམས་གསུམ་ཡོད་པའི་སྐྱོན་བརྗོད་པ་ནི། རྣམ་ཤེས་ཚོགས་བརྒྱད་ཀྱི་དོན་སྤྱི་ཙམ་ཡང་བློ་ཡུལ་དུ་མ་ཤར་བའི་བླུན་ཚིག་ཟང་མ་སྟེ། དེ་ལྟ་ན་ཉི་མ་དང་ཉི་མའི་འོད་ཟེར་གྱི་སྒོ་ནས་ཉི་མ་གཉིས་ཡོད་པར་འགྱུར་བ་དང་། ཆོས་དྲུག་པ་ལ། སྣང་བ་སྒྱུ་མར་སྒོམ་པའི་སྒྱུ་ལུས་ཀྱི་སེམས་གཅིག །ཐམས་ཅད་རྨི་ལམ་དུ་སྒོམ་པའི་རྨི་ལམ་གྱི་སེམས་གཅིག་སོགས་སེམས་དྲུག་ཡོད་པར་ཐལ་བ་སོགས་སྐྱོན་མང་ངོ་། །དེ་ལྟ་མ་ཡིན་ཏེ། བྲམ་ཟེ་ཆེན་པོས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་གཉིས་མེད་ལྷན་ཅིག་སྐྱེས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་མ་ཡིན་ནམ། འོད་སྣང་དེ་དག་གི་སྟེང་དུ་མཉམ་གཞག་གི་ལྟ་བ་མི་སྐྱོང་བར་བྱིས་པས་ལྷ་ཁང་བལྟ་བ་ལྟ་བུ་ནི་མ་ཡིན་ཏེ་སྦྱོར་རྫོགས་ཀྱི་ཁྲིད་ཡིག་ཁུངས་མ་རྣམས་སུ་ཞིབ་ཏུ་གཟིགས་མ་གྲུབ་པས་ནོངས། ཟེར་དེ་མཐོང་བ་དང་ངན་སྐྱུག་གི་ཕུང་པོ་མཐོང་བ་མཉམ་པར་འཛིན་པའང་ལོག་རྟོག་ཆེན་པོ་སྟེ། འདི་ནི་ངེས་པའི་དོན་གྱི་རྒྱལ་བའི་དཀྱིལ་འཁོར་ཡིན་པས་མཐོང་བ་ཙམ་གྱིས་གྲོལ་བ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་ལས། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། ཞེས་དང་། སོར་སྡུད་ཀྱི་རྟགས་བཅུ་མཐོང་བས་བདེན་ཚིག་འགྲུབ་པ་སོགས་གསུངས་ཤིང་། ངན་སྐྱུག་གི་ཕུང་པོ་ནི་ལྟ་བ་ཅན་ལ་དོན་དུ་མ་གྲུབ་པ་ཡིན་ཀྱང་། མཐོང་བ་ལ་དེ་ལྟའི་ཡོན་ཏན་མེད་པས་ངན་སྐྱུག་ཉིད་དུ་ཟད་དོ། །ཆོས་ཉིད་མངོན་སུམ་གྱི་ཟབ་གནད་ཅི་ཡིན་ཞེས་འདྲི་ན། འདི་ནི་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་ན་ཕྱིས་འཁོར་བར་མི་འཁྱམས་ཏེ། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱང་ལམ་འདིའི་སྒོ་ནས་བགྲོད་པ་ཤ་སྟག་ཡིན་ཏེ་རང་རང་གི་མགུར་རྣམས་ན་གསལ་མོད་ཀྱི། འདིར་ཡི་གེས་འཇིགས་པས་བྲི་བར་མ་ནུས་ལ། འོན་ཀྱང་མདོ་ཙམ་སྨྲོས་ན། ས་ར་ཧས། རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོངས། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །ཞེས་དང་། ལྭ་བ་པས། སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །གྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་ནག་གི་ནི་དུ་བ་བཞིན། །མིག་དག་རེངས་པར་བྱེད་པ་དང་། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་མི་གཡོ་དང་། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་དང་། ཨཱརྱ་དེ་ཝས། གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་ཀུན་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་སྒྲ། །འཕགས་པ་ལྷ་ཡི་དམིགས་པ་མེད་པར་གསལ། །ཞེས་དང་། ཞི་བ་ལྷས། ཟབ་མོའི་ཆོས་མཐོང་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གང་ཚེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱནྟིས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད། །ཅེས་དང་། ལྟ་ཞིང་ལྟ་བས་ནམ་ལངས་ཀྱང་། །ཤཱནྟི་སྒྲོན་མེས་ལམ་འཚོལ་ལོ། །ཞེས་དང་། ནག་པོ་པས། མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁར་འབྱིན། །ཞེས་དང་། སློབ་དཔོན་དཔེ་མེད་འཚོས། དྲི་མ་མེད་པའི་ནམ་མཁའ་གང་ལ་སྤྲུལ་པའི་མིག་ཕྱེ་ལ། །ཐུགས་རྗེ་ཆེན་པོ་རྒྱས་པ་བརླན་པ་བསམ་པའི་རྟེན་པ་ལས། །ཡོད་དང་མེད་དང་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མ་ལུས་གློ་བུར་ཤར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་སྣང་བ་ཡིན་ན་གནས་སྐབས་འདིར་ཇི་ལྟར་མཐོང་ཞེ་ན། རྒྱུད་ལས། ལོངས་སྤྱོད་རྫོགས་པའི་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་ཆོས་སྐུ་ཡི། །ཞེས་གསུངས་པའི་ཕྱིར། གནས་གཙང་མའི་གནས་ན་བཞུགས་པའི་སངས་རྒྱས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་ཞིང་། དེ་འདིར་མཐོང་བ་ཡིན་ལ། ལོངས་སྤྱོད་པ་ཆེན་པོ་ནི་འདིར་ཆོས་སྐུའི་མིང་དུ་བཤད་པར་མངོན་ནོ། །རྣམ་པ་གཅིག་ཏུ་ན་ཐིག་ལེའི་དབུས་སུ་མཐོང་བའི་སྐུ་གང་ཡིན་པ་དེ་དག་ལ་སྤྲུལ་སྐུ་ཞེས་བྱ་ཞིང་། སྣ་ཚོགས་པའི་སྒྲ་སྐད་མང་པོ་སྣང་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ཞེས་སྦྱོར་དྲུག་པའི་བླ་མ་གོང་མ་རྣམས་ཀྱིས་བཤད་ཅིང་། འདིར་རང་ལུགས་ནི། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་པས་རིག་པ་ཚད་ཕེབས་ཀྱི་རྣལ་འབྱོར་པ་དེ་གར་གནས་པའི་ཡུལ་དེ་ལོངས་སྐུའི་ཞིང་ཁམས་དང་། འཁོར་རྣམས་ལོངས་སྐུའི་འཁོར་དུ་བཞག་པ་སོགས་ཡོད་ཀྱང་། རིག་པ་ཚད་ལ་མ་ཕེབས་གོང་གི་སྣང་བ་རྣམས་ལ་ལོངས་སྐུའི་ཞིང་དུ་མ་བཤད་ཅིང་། རིག་པ་ཚད་ལ་ཕེབས་པའི་རྣལ་འབྱོར་པ་དེ་རང་གི་བློ་ངོ་ན་རང་གནས་པའི་ཡུལ་ལོངས་སྐུའི་ཞིང་ཁམས་དང་འཁོར་རྣམས་ཀྱང་དེ་ལྟར་ཡིན་མོད། གཞན་གྱི་བློ་ངོ་ན་དེ་ལྟར་མེད་དོ། །དེས་ན་རང་སྣང་ཆོས་ཉིད་ཀྱི་རོལ་པ་ཡིན་པའི་ཕྱིར་བཞག་པ་སྟེ། དེ་ལྟར་འཆར་བའི་གནད་ཀྱང་། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། དེ་ལྟར་ཡིན་པའི་སྒྲུབ་བྱེད། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རྒྱུ་མཚན་གསུམ་གྱི་སྒོ་ནས་གསལ་བར་བསྟན་ཞིང་། དེ་ཉིད་ཆུ་ཁམས་གསེར་དང་ནམ་མཁའ་སོགས་ཀྱི་དཔེས་རང་བཞིན་གདོད་ནས་དག་པར་གསུངས་པ་བཞིན། སྔགས་སུའང་། དུས་འཁོར་ལས། ལུས་ལས་མ་རྟོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་འགའ་ཡང་ཡོད་མ་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཅེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། བརྟག་གཉིས་ལས། འདི་ནི་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་གནས་པ། །སྒྱུ་མའི་གཟུགས་ཅན་ཉིད་དུ་གནས། །ཞེས་དང་། སམྦྷུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ལའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །རྟོག་པ་ཐམས་ཅད་རྣམས་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །ཞེས་དང་། རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་སོགས་གསར་རྙིང་གི་རྒྱུད་སྡེ་ཀུན་ནས་ལུས་ལ་ཡེ་ཤེས་ཆེན་པོ་གནས་པར་གསུངས་པ་ལ་དགོངས་པ་མཐུན་པས། དེ་ལྟར་ཡོད་པའི་གནད་ཀྱིས་སྒོ་གསུམ་གྱི་གནད་གཏེམ་པ་སོགས་ཐབས་ཟབ་མོས་ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ཀྱི་རང་གདངས་ཕྱིར་གསལ་དུ་སྣང་བ་ཡིན་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ནང་ནས་འཆར་རོ། །ཞེས་དང་། དེ་ལྟར་འཆར་གཞི་ཆོས་ཉིད་དང་དེ་ལས་འཆར་བའི་འོད་གདངས་གང་ལ་འཆར་བ་ལམ་པའི་སྐྱེ་མཆེད་ལ་སོགས་པའང་གདོད་ནས་རང་བཞིན་གྱིས་དག་པ་ཡིན་གྱི། གཟོད་གསར་དུ་དག་པར་བྱེད་དགོས་པ་ནི་མ་ཡིན་ཏེ། རྒྱུད་དེ་ཉིད་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་དང་། དེའི་འགྲེལ་པར། ཆོས་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་རྣམས་དངོས་པོ་ལ་གྲུབ་པར་གནས་པ་ཞིག་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་གྱིས་དག་པར་བྱས་པ་མ་ཡིན། འོ་ན་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་ལ་བརྟེན་ནས་ལམ་ཉམས་སུ་བླངས་པས་ཆོས་ཉིད་ཀྱི་དོན་མཐོང་བ་དེ་འབད་རྩོལ་གྱིས་དག་པར་བྱས་པ་མ་ཡིན་ནམ་ཞེ་ན། འབད་རྩོལ་གྱིས་ཆོས་ཉིད་ཀྱི་དོན་མཐོང་བའི་ཚེ་ན་ཡང་གཞི་ལ་སྔར་མི་གནས་པ་ཞིག་མཐོང་བ་མ་ཡིན། གཞི་ལ་གནས་པའི་དོན་གསལ་བར་བྱས་པ་ཙམ་ཡིན་གྱི། དེས་ན་གཞི་ལ་སྔར་མ་དག་པ་ཞིག་དག་པར་བྱས་པ་མ་ཡིན་ཏེ། དཔེར་ན་བུམ་པའི་ནང་ན་གནས་པའི་མར་མེ་དེ་བུམ་པ་བཅག་པ་ལ་བརྟེན་ནས་གསལ་བར་བྱས་པ་ཡིན་གྱི། སྔར་མི་གནས་པ་ཞིག་གསལ་བར་བྱས་པ་མ་ཡིན་པ་བཞིན་ནོ། །ཞེས་གསུངས། དེས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ལ་ནི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས། འདིར་ཐབས་ལ་མཁས་པས་ད་ལྟ་སོ་སྐྱེའི་ས་ནས་མངོན་དུ་བྱེད་ནུས་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་ཐུན་མིན་ཏེ། འདི་ལ་ཞིབ་ཏུ་དབྱེ་ན་སྔར་སྦྱོར་དྲུག་གི་རྟགས་ཚད་སོགས་ལས་འཕགས་ཆོས་ཐུན་མིན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་སོགས་སྔ་འགྱུར་མཁས་གྲུབ་རིམ་བྱོན་གྱི་གསུང་དང་། ཁྱད་པར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་བསྩལ་པའི་གཉུག་སེམས་ཀྱི་སྐོར་སོགས་སུ་གསལ་བ་བཞིན་ཤེས་པར་བྱ་དགོས་སོ། །དེས་ན་སེམས་ཅན་ཐམས་ཅད་རིགས་གཅིག་དང་ཐེག་པ་གཅིག་པར་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་སེང་གེའི་སྒྲ་བསྒྲགས་པ་བཞིན་ཡིན་པས་མཐོང་བའི་གང་ཟག་ལ་མ་དག་པའི་སྐྱོན་མ་མཆིས་ཤིང་། མཐོང་བའི་ཞིང་ཁམས་ཀྱང་ཆོས་ཉིད་ཀྱི་རང་གདངས་རྩོལ་མེད་དུ་རང་ལ་རང་སྣང་བ་ལས་གཞན་སྣང་གིས་མ་བསྡུས་ཤིང་། འཁྲུལ་པའི་སླད་མ་ཞུགས་པར་ཟག་མེད་འདུས་མ་བྱས་ཆོས་ཉིད་ཀྱི་རང་གདངས་དངོས་ཡིན་པས་ཞིང་ཁམས་རང་གི་ངོ་བོ་མ་དག་པའི་སྐྱོན་མེད། མཐར་ཆོས་ཉིད་ཟད་པའི་དུས་སུ་སྣང་བ་ཐམས་ཅད་དབྱིངས་སུ་སྡུད་དགོས་པའི་གནད་ཀྱང་། མདོ་སོགས་ལས་ཤིང་ལས་བྱུང་བའི་མེས་ཤིང་རང་ཉིད་བསྲེགས་ཏེ་ཞི་བའི་དཔེས་བསྟན་པ་དང་། རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་དང་། དེའི་འགྲེལ་པར། ལམ་བདེན་ཐམས་ཅད་འདུས་བྱས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས་ཅན་དུ་གསུངས་པ་བཞིན། སློབ་ལམ་གྱི་རྟོགས་པ་ཟག་མེད་གསར་ཐོབ་ཀྱི་ཆ་རྣམས་མཐར་འགགས་ནས་དོན་དམ་པའི་ཆོས་སྐུ་མངོན་དུ་མཛད་དགོས་པའང་། འཇུག་པར། སེམས་འགགས་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཅེས་གསུངས་པ་བཞིན། སྣང་བཞིའི་འཆར་ཆ་འདི་ཐམས་ཅད་ལམ་པའི་ལམ་སྣང་ཡིན་པའི་ཕྱིར་མ་དག་རླུང་སེམས་ཀྱི་ཆའང་ཅི་རིགས་འདྲེས་པས་འཕེལ་འགྲིབ་ལྟར་སྣང་བའི་མཐར། ཀུན་རྫོབ་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་དོན་དམ་འདུས་མ་བྱས་ཀྱི་དབྱིངས་སུ་འགགས་པའམ་ཐིམ་ནས་དེ་ཕྱིན་རྟེན་ནས་ལྟོས་པ་ཙམ་གྱི་ཐ་སྙད་ལས་ཀྱང་འདས་པའི་སངས་རྒྱས་བདེ་ཆེན་རྡོ་རྗེའི་སྐུ་མངོན་དུ་མཛད་པ་ཡིན་ཏེ། དུས་འཁོར་ལས་ཀྱང་། གང་ལས་སྲིད་པ་གསུམ་པོ་དུ་གྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། །ཞེས་གསུངས། དེའི་ཚེ་ན་ཆོས་དབྱིངས་རང་སྣང་གི་སྐུ་དང་ཞིང་ཁམས་སོགས་ནི་འགགས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པའི་ཞིང་སྐུའི་བཀོད་པ་མི་ཟད་རྒྱན་འཁོར་ལྔའི་བཀོད་པས་འཁོར་བ་མ་སྟོངས་ཀྱི་བར་དུ་གདུལ་བྱའི་དོན་མཛད་པ་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་གྱི་ཆོས་རྣམས་ཀྱང་རིགས་ཁམས་སྙིང་པོའི་དྲི་མ་བྲལ་སྟོབས་ཀྱིས་མངོན་དུ་གྱུར་པ་ལས་རྒྱུ་རྐྱེན་གྱི་རྩོལ་བས་གསར་དུ་བསྒྲུབས་པ་ནི་མིན་ནོ། །དེས་ན་ལམ་པའི་དུ་སོགས་ཀྱི་རྟགས་སྣང་འདི་ལ་སློབ་དཔོན་དུས་ཞབས་པས་ཀྱང་ལོངས་སྐུའི་ཞིང་ཁམས་མཐོང་བ་ཡིན་པར་བཤད་དེ། དཀར་དང་སེར་དང་དམར་དང་ལྗང་། །མཐིང་ཁ་སངས་རྒྱས་འོད་རྣམས་འཆར། །འོད་སྐོར་འོག་མིན་ཞིང་ཁམས་མཐོང་། །དེ་ནང་གཟུགས་བརྙན་ཡུལ་མེད་པས། །ལོངས་སྤྱོད་རྫོགས་སྐུ་དུ་མ་མཐོང་། །ཞེས་སོ། །རིག་པ་ལུ་གུ་རྒྱུད་མིག་བཙུམ་ན་མི་གསལ། ཉི་མ་མེད་ན་མི་གསལ། ཡུལ་རྐྱེན་མེད་ན་མི་གསལ་སྙམ་པ་ནི་མ་ངེས་པ་ཆེན་པོ་སྟེ། རང་ཉིད་རྡོ་རྗེ་རྩེ་མོའི་ལམ་ལ་ཞལ་འདྲིས་ཆེ་བའི་རྣམ་དཔྱོད་བསྟན་པ་ཙམ་དུ་ཟད་དོ། །དུ་སོགས་ཀྱི་རྟགས་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་བ་ཐོབ་པར་བཞེད་ཅེས་པའང་མ་ཡིན་ཏེ། རྒྱ་བོད་གཉིས་སུ་བྱོན་པའི་དུས་འཁོར་གྱི་མཁས་གྲུབ་ཐམས་ཅད་ཀྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གཅེས་སྤྲས་སུ་མཛད་ཅིང་། ཡེ་ཤེས་དེ་ལ་གཞོམ་གཞིག་མེད་པས་ན། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དབང་མདོར་བསྟན་དུ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ནི་ཡང་དག་གནས། །ཞེས་གསེར་འགྱུར་གྱི་རྩི་ལ་དཔེ་མཛད་དེ་ཡང་དག་པའི་ཡེ་ཤེས་ཉམས་པ་མེད་པར་གསུངས་པ་ཡིན་ནོ། །གཞན་ཡང་ཐོས་གྲོལ་དང་བཏགས་གྲོལ་སོགས་རྒྱལ་བའི་ཐབས་མཁས་ཀྱི་སྒོ་ཟབ་མོ་རྣམས་ནི་ཕྱོགས་མཚུངས་པར་གསར་རྙིང་གཉིས་ཀའི་ཕྱོགས་སུ་ཡོད་དེ། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཁྱད་པར་ཅན་སོགས་ཐོས་གྲོལ། སོ་སོར་འབྲང་མའི་འཁོར་ལོ་དང་ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་སོགས་བཏགས་གྲོལ་དང་། བདེ་མཆོག་སྡོམ་འབྱུང་ལས། དེ་ཟོས་པ་ཙམ་གྱིས་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །ཞེས་དང་། བརྟག་གཉིས་ལས། དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་མཁའ་སྤྱོད་ཉིད་ལ་སྤྱོད། །ཅེས་གསུངས་པས་མཚོན་རྒྱུད་སྡེ་དུ་མ་ནས་སྐྱེ་བདུན་གྱི་ཕན་ཡོན་དང་ཤ་རིལ་སྒྲུབ་ཚུལ་གསུངས་པ་སོགས་མྱོང་གྲོལ། ཨུཥྞི་ཥས་བསྔགས་པའི་སྤོས་བདུག་དང་བསྔགས་བྱེ་སོགས་ཚོར་གྲོལ་དང་རེག་གྲོལ་སོགས་ཀྱི་མཚོན་དེ་དག་གསར་མ་ལ་གྲགས་པ་དང་། མདོ་ལས། འཇམ་དཔལ་འབྱུང་བ་བཞི་ནི་ནམ་མཁའི་གཏེར་ལས་འབྱུང་གི་དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་སྤྱོད་ཤེས་པར་བྱོས་ཤིག །ཅེས་དང་། ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་ཙམ་བསྟན་ནས། ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུ་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་ས་ཡི་ཁུང་དུ་སོང་བར་འགྱུར་རོ། །ཡང་དེ་ལོ་ལྔ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་གྱུར་པ། དགེ་སྦྱོང་འཇིག་པར་གྱུར་པ། དམ་པའི་ཆོས་སྤང་བར་གྱུར་པ། སེམས་ཅན་འཇིག་པར་གྱུར་པ། རྒྱལ་སྲིད་འཁྲུག་པར་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་དམས་པའི་དུས་ལ་བབ་པ། ཚུལ་ཁྲིམས་འཆལ་བའི་ཕྱོགས་འཕེལ་བའི་དུས་ལ་བབ་པ། དམ་པའི་ཆོས་ཀྱི་ཕྱོགས་དམས་པའི་དུས་ལ་བབ་པ། དམ་པ་མ་ཡིན་པའི་ཕྱོགས་ཀྱི་ཆོས་འཕེལ་བའི་དུས་ལ་བབ་པ། ཟད་པའི་དུས་ལ་བབ་པ་ན། སེམས་ཅན་གང་མདོ་སྡེ་འདི་ལྟ་བུ་ཐོས་པར་འགྱུར་བའི་ཕྱིར་དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་རྩ་བ་སྨིན་པ། ས་བོན་བཏབ་པའི་སེམས་ཅན་རྣམས་ནི་ཉུང་ཟད་ཅིག་འབྱུང་སྟེ། སེམས་ཅན་འདི་ལྟ་བུ་དག་གི་དོན་དུ་འདི་ལྟ་སྟེ་སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་ས་ཡི་ཁུང་ནས་ཐོན་ཏེ་འཛམ་བུ་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །ཅེས་དང་། ང་ནི་ཕྱི་དུས་མྱ་ངན་འདས་པའི་ཚེ། །སྐུ་གདུང་ཐམས་ཅད་རྒྱས་པར་བྱེད་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །ཡི་གེར་བྲིས་ཏེ་སྒྲོམ་དུ་བཅུག་ནས་ཀྱང་། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པར་བྱས་ནས་དེ་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས། །ཐམས་ཅད་བོར་ནས་སླད་དུ་བབ་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །དེ་དག་ཆོས་འདི་འདོད་པས་ཡུལ་ཡུལ་དུ། །དོང་ཞིང་མདོ་སྡེ་བཟང་པོ་འདི་རྙེད་འགྱུར། །རྙེད་ནས་ཡིད་ནི་མཆོག་ཏུ་དགའ་གྱུར་པས། །རྟེན་པ་མེད་པར་སྐྱེ་བོ་མང་ལ་གཏོང་། །ཞེས་དང་། དགེ་སློང་བརྒྱད་དང་དེ་བཞིན་བྱང་ཕྱོགས་སུ། །ཡོངས་སུ་ལེན་ཅིང་ཆོས་འཛིན་དགའ་བ་དག །ཆོས་འདོད་འཇིག་རྟེན་ཕན་ཞིང་བརྩེ་ལྡན་དག །ལེན་པའི་ཕྱིར་ནི་མང་པོ་འབྱུང་བར་འགྱུར། །ཞེས་དང་། བསོད་ནམས་ཐམས་ཅད་སྡུད་པའི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། རྣམ་གྲངས་དེས་ཀྱང་། ཁྱོད་ཀྱིས་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི། ནམ་ཡང་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བ་དེ་ལྟར་རིགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར། རི་དང་། རི་སུལ་དང་། ཤིང་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་འོང་བར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་སྒྲུབ་པར་བྱེད་དོ། །ཞེས་དང་། དེ་བཞིན་དུ། སངས་རྒྱས་དང་ལྷ་རྣམས་ཀྱིས་ཚེ་དང་སྟོབས་སྒྲུབ་པ་དང་། དེ་དག་གི་བྱིན་གྱི་རླབས་ཀྱིས་བདག་ཇི་འདོད་པའི་བར་དུ་འཚོ་ཞིང་རྒ་བ་དང་ནད་ཀྱང་སེལ་ལ། དྲན་པ་དང་རྟོགས་པ་དང་སྤོབས་པ་སྒྲུབ་པར་མཛད་ཅིང་། ལྟ་བ་ངན་པ་སེལ་ལ་ཡང་དག་པའི་ལྟ་བ་སྒྲུབ་པར་མཛད་པ་དང་། གཞན་གྱི་གནོད་པ་ཐམས་ཅད་མི་འབྱུང་བར་འགྱུར་རོ། །ཞེས་དང་། གཞན་ཡང་། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ནི་རང་གི་ཡིད་ཀྱིས་འདོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། དོན་ལ་ངེས་པའི་གདེང་ཐོབ་ན། །སེམས་ལ་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་དང་། ཞི་བྱེད་ཀྱི་རྒྱུད་ལས། ང་ཡིས་བསྟན་པའི་ཆོས་ཀྱི་གཞུང་། ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་དང་། དཔལ་མཆོག་དང་པོའི་རྒྱུད་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་སྟེ་བསྩལ། །ཅེས་གསུངས་པ་བཞིན། འཇམ་དཔལ་རྩ་རྒྱུད་ལས། དགེ་སློང་གྲགས་པས་བུམ་པ་བཟང་པོ་ཞིག་ལས་མདོ་སོགས་ཆོས་གང་འདོད་བཏོན་པ་དང་། མཛངས་བླུན་ནས་ཁྱིམ་བདག་ཞིག་གི་ཀ་བ་ནས་བསྙེན་གནས་ཡན་ལག་བརྒྱད་པའི་དཔེ་ཕྱུང་བར་གསུངས་པ་དང་། གཞན་ཡང་ཐེག་ཆེན་གྱི་མདོ་མང་པོ་ཐོ་གར་གྱི་ཡུལ་ནས་དགེ་སློང་ནིར་བ་ན་རཀྵི་ཏས་ཕྱུང་བ་དང་། ཀླུ་སྒྲུབ་ཀྱིས་འབུམ་རྒྱས་པ་ཀླུ་ཡུལ་ནས་སྤྱན་དྲངས་པ་དང་། མངའ་བདག་མཻ་ཏྲི་པས་མཆོད་རྟེན་གྱི་སེར་ཁ་ཞིག་ནས་རྒྱུད་བླ་དང་ཆོས་ཉིད་རྣམ་འབྱེད་ཕྱུང་བ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས། ས་ར་ཧས་སངས་རྒྱས་ཐོད་པ། ཀླུ་སྒྲུབ་ཀྱིས་གདན་བཞི། ལཱ་ལི་ཏས་འཇིགས་བྱེད་རྟོག་པ་བདུན་པ། ཀུ་ཀུ་རི་པས་མ་ཧཱ་མཱ་ཡའི་སྐོར་སོགས་དང་། དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ནས་ཕ་དམ་པས་ཞི་བྱེད་དྲངས་པ་སོགས་སོ་སོའི་ལོ་རྒྱུས་ཀྱིས་གསལ་བ་དང་། བོད་དུ་མངའ་བདག་མར་པས་རྫོགས་རིམ་རླུང་སེམས་དབྱེར་མེད། རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བས་སེང་གདོང་མའི་སྒྲུབ་སྐོར། གཉན་ལོ་ཙཱ་བས་ཀུ་རུ་ཀུལླེའི་སྐོར། ཇོ་བོ་རྗེས་ལྷ་སའི་དཀར་ཆག །བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་ཀྱིས་ཕན་གནོད་ལས་ཚོགས་སྐོར་འགའ་ཞིག་དང་། གཙང་པ་རྒྱ་རས་ཀྱིས་རོ་སྙོམས་སྐོར་དྲུག །དུང་མཚོ་རས་པས་སེམས་ཁྲིད་ཡིད་བཞིན་ནོར་བུ། གཉལ་བ་ཉི་མ་ཤེས་རབ་ཀྱིས་རྣམ་སྲས་དང་། ལྷ་བཙུན་བྱང་ཆུབ་འོད་ཀྱིས་པུ་ཏྲའི་སྒྲུབ་སྐོར། མ་ཅིག་གི་གཅོད་སྐོར་ཀུན་སྤངས་བརྩོན་འགྲུས་སེང་གེས་བཏོན་པ་དང་། སྲད་རྒྱུད་ཀྱི་མགོན་ཁང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པར་གྲགས་པ་དང་། ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོས་ཀྱང་ཆོས་དུང་སོགས་རྫས་གཏེར་ཅི་རིགས་དང་། ལྷག་པར་ལྷོ་བྲག་མཁན་ཆེན་བརྒྱུད་གསང་བདག་ལས་རྫོགས་པ་ཆེན་པོ་ཞུས་ལན་བདུད་རྩིའི་སྨན་མཆོག་གསན་པ་དང་། ས་ཆེན་གྱིས་བིརྺ་པ་ལས་ལམ་འབྲས་དང་། འཇམ་དཔལ་ལས་ཞེན་པ་བཞི་བྲལ། ས་པཎ་གྱིས་དབྱིག་གཉེན་ལས་མཛོད་ཀྱི་བཤད་བཀའ་གསན་པ་སོགས་དང་། རྒྱལ་མཆོག་ལྔ་པ་ཆེན་པོའི་རྒྱ་ཅན་ཉེར་ལྔ་སོགས་དག་སྣང་ཉེ་བརྒྱུད་དང་། གཏེར་བརྒྱུད་ཀྱང་འཕགས་བོད་གསར་རྙིང་ཀུན་ལ་ཁྱད་མེད་ལྟ་བུར་བཞུགས་ཏེ། དེ་དག་གི་རྣམ་གཞག་ཕྱོགས་མཚོན་ནི་གཞན་དང་གཞན་དུ་བརྗོད་ཟིན་པས་འདིར་ཡི་གེས་འཇིགས་ལ། སྔོན་གྱི་མཁས་གྲུབ་ཆེན་པོ་སོག་ཟློག་པ་སོགས་ཀྱིས་ལན་ཞིབ་རྒྱས་སུ་བཞུགས། ཕྱིས་ཀྱི་རྟོག་གེ་བ་འགའ་ཞིག་གིས་སྔ་མའི་གཏམ་རྙིང་པ་རྗེས་བརྗོད་ཀྱི་ལད་མོ་བྱེད་པ་དང་། མཁན་སློབ་ཆོས་གསུམ་གྱིས་བསྟན་ལ་བྱ་བ་མ་བྱས་པར། གླང་དར་མ་སྤྱན་རས་གཟིགས་ཡིན་པས་བསྟན་པའི་ག་དར་བྱས་ཚུལ་སོགས་བརྗོད་པར་ནི་སྙིང་པོས་དབེན་ཞིང་མཚང་བརྟོལ་སླ་བས་ལན་གྱི་ངལ་བས་ཅི་ཞིག་བྱ། སྔར་གསང་སྙིང་ལ་ལོག་པའི་སྐྱོན་བཞི་སོགས་སྨྲས་མོད། དེ་དག་ནི་བཅོམ་ལྡན་འདས་རལ་གྲིས་རྒྱ་དཔེ་རྙེད་པ་དང་ལོག་རྟོག་གི་སྐྱོན་བསལ་ཟིན་པས་དེང་སང་ཡོངས་གྲགས་སུ་གྱུར་པས་སྨྲོས་མ་དགོས། ཞིབ་པར་ནི་རྒྱུད་གཞུང་རང་རང་འཆད་པའི་སྐབས་ཐོབ་ཏུ་ཤེས་པར་བྱའོ།། །།གསུམ་པ་རང་ལུགས་རྣམ་པར་དག་པ་གསེར་ཞུན་མ་ལྟ་བུ་ཉིད་ཚད་མར་སྒྲུབ་ཅིང་ཆེ་བ་དྲུག་ལྡན་གྱི་སྒོ་ནས་བཤད་པ་ནི། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་འདི་ལྟར་གསུངས་ཏེ། ད་ནི་རང་ལུགས་སྔ་འགྱུར་གྱི་ཆོས་དེ་རྣམ་དག་ཡིན་པའི་སྒྲུབ་བྱེད་འགོད་པ་ལ། གང་ཟག་དང་། ལུང་དང་། རིགས་པའི་དན་དཔང་གསུམ་ཡོད་དེ། དང་པོ་ནི། སྔ་དུས་ཀྱི་པཎ་ཆེན་ལོ་ཙཱ་ཆོས་རྒྱལ་རྣམས་གདན་འཛོམས་དུས་སུ་བསྒྱུར་པ་འདི་དག་ནི། གང་ཟག་ཁྱད་པར་ཅན་དེ་དག་དན་དཔང་ཡོད་པས་ཡིད་ཆེས་སུ་རུང་བ་ཉིད་དེ། དེ་དུས་ཆོས་མིན་མི་སྤེལ་བར་ངེས་ཤིང་། རྫུན་ཆོས་དར་བར་བྱར་མེད་པའི་བཀའ་བཙན་ཁུངས་བཙུན་གྱི་རྒྱུ་མཚན་ཡོད་པའི་ཕྱིར། དཔེར་ན་ཁྱོད་ཀྱིས་རྒྱ་གར་ནས་བྱུང་བ་ཙམ་གྱིས་ཆོས་རྣམ་དག་གི་ཁུངས་སུ་རུང་ན། རྒྱ་གར་ནས་བྱུང་ཚད་ཆོས་རྣམ་དག་ཡིན་པའི་རྒྱུ་མཚན་གཞན་མེད་དེ། འཕགས་ཡུལ་གྱི་པཎ་གྲུབ་ཚད་མ་ལས་བརྒྱུད་པ་ཉིད་རྒྱུ་མཚན་ཡིན་ཏེ། འཇིགས་བྱེད་དང་། དུས་འཁོར་ལྟ་བུ་རྒྱ་གར་དུ་གསར་དུ་བྱུང་མོད། ལཱ་ལི་ཏ་དང་། དུས་ཞབས་པ་སོགས་གང་ཟག་ཚད་མ་ལས་བརྒྱུད་པའི་ཕྱིར་རྒྱ་བོད་སུས་ཀྱང་ཐེ་ཚོམ་མི་ཟ་བ་བཞིན་ནོ། །གལ་ཏེ་གང་ཟག་ཚད་མས་མ་གྲུབ་ན། འཇིགས་བྱེད་ལཱ་ལི་ཏས་རྩོམ་པ་དང་། དུས་འཁོར་དུས་ཞབས་པས་རྩོམ་པ་དང་། འབུམ་རྒྱས་པ་ཀླུ་སྒྲུབ་ཀྱིས་རྩོམ་པ་སོགས་སུ་ཅིས་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པས་འདི་འདྲའི་སྨྲ་ངན་དེ་ཁྱོད་ལ་སུས་བསྒོས་པ་ཡིན། རྒྱ་གར་བས་རྒྱུད་མི་རྩོམ་ལ་བོད་ཀྱིས་རྩོམ་པའི་ངེས་པ་ཡོད་ན་སྨྲོས་ཤིག །ཁྱོད་ཕྱིར་རྒོལ་མཁན་པོ་ལ་སྨྲ་རྒྱུ་ཡོད་ན་སྨྲ་བའི་དུས་ཡིན་ཏེ། སྨྲ་ལྕེ་ནང་དུ་བསྡུ་བའི་དུས་མིན་མོད། སྨྲ་རྒྱུས་དབུལ་ན་སྨྲ་བཅད་ལས་འོས་མེད་དོ། །གཞན་ཡང་སངས་རྒྱས་འདས་ནས་ལོ་བདུན་བརྒྱ་ན་བདུད་སྡིག་ཅན་གྱིས་བཀའ་ལ་སླད་གཞུག་ཚུལ་ལུང་བསྟན་པ་དང་། དགེ་སློང་ལྷ་ཆེན་པོས། ཧུ་ལུ་ཧུ་ལུ་སོགས་རུང་བ་མ་ཡིན་པའི་གཞི་བཅུ་བསྒྲགས་པ་དང་། བྲམ་ཟེ་རྒྱལ་བཤེས་ཀྱིས་གསུང་རབ་ཀྱི་གླེགས་བམ་བསྡུས་ནས་མེར་བསྲེགས་རྗེས། འདུལ་བ་གཞུང་བླ་མའི་དཔེ་བཙལ་ཀྱང་མ་རྙེད་ནས། ཁ་ཆེའི་ཡུལ་དུ་དགེ་སློང་ཞིག་གིས་གཞུང་བླ་མ་འདོན་ཏོ་ཞེས་ཐོས་ནས་དགེ་སློང་རྣམས་དེའི་དྲུང་དུ་ཕྱིན་པ་ན། དེས་སྨྲས་པ། ཅུང་ཟད་ཅིག་ནི་དྲན། ཅུང་ཟད་ཅིག་ནི་མི་དྲན་ནོ། །དེ་དག་གིས། ཇི་ལྟར་དྲན་པ་དེ་ཁོ་ན་བཞིན་ཐོན་ཅིག །དེས་ཀྱང་དེ་ལྟར་ཁ་ཏོན་བྱས་ཏེ། ཕྱིས་ཚིག་དང་དོན་གྱི་སྒོ་ནས་རྣམ་པར་དཔྱད་དེ་སྦྱར་བར་བྱའོ་སྙམ་དུ་བསམས་ནས་བྲིས་པ་ལས། ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས། དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་མ་འགྲུབ་ཅིང་དགེ་སློང་གཞན་དག་ཀྱང་ཡུལ་གཞན་དུ་འདོན་པར་གྱུར་ཏེ། དེའི་ཕྱིར་བསྡུ་བའི་གཞི་ཉམས་པས། གཞུང་བླ་མ་འདི་ལ་འདོན་པ་ཡང་རྣམ་པ་དུ་མ་ལ་དོན་ཡང་རྣམ་པ་དུ་མ་སྟེ། དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱིས་འདུལ་བའི་བཤད་པ་ལས་ཡང་དང་ཡང་དུ་ཞུས་པ་ལས་འདི་སྐད་འབྱུང་ངོ་། །ཞེས་གསུངས་པ་དང་། ཨ་བྷ་ཡཱས། ཐིག་ལེ་མང་ཉུང་ཡོད་པ་ཡིག་སྐྱོན་སོགས་རྒྱ་གར་ན་ཡང་ཡོད་པར་བཤད། རྒྱ་ལས་བྱུང་ཚད་ཆོས་རྣམ་དག་ཡིན་པར་སྒྲུབ་པར་ག་ལ་ནུས་ཏེ། མུ་སྟེགས་པའི་གཞུང་ཐམས་ཅད་རྒྱ་གར་ནས་བྱུང་ཡང་སངས་རྒྱས་ཀྱི་བཀའ་དང་། དེའི་དགོངས་འགྲེལ་དུ་མི་འདོད་པ་བཞིན་ནོ། །དེས་ན་རྒྱ་གར་གྱི་ཡུལ་ཕལ་ནས་བྱུང་བ་ཙམ་ཁུངས་སུ་བྱེད་པ་ལས། རྒྱ་གར་གྱི་པཎ་གྲུབ་ཀུན་གྱི་ནང་ན་ཉི་ཟླ་ལྟར་འཕགས་པའི་མཁན་སློབ་གཉིས་དང་། བི་མ་མི་ཏྲ། སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་གང་ཟག་དམ་པ་འདི་རྣམས་དང་། ས་བཅུའི་དབང་ཕྱུག་སྤྲུལ་པའི་སྐུ་བཻ་རོ་ཙ་ན་དང་། སྐ་ཅོག་སོགས་ཀྱིས་བསྒྱུར་པ་ཉིད་ཁུངས་སུ་ཆེ་དགོས་ཏེ། རྒྱ་གར་རང་ནའང་དེ་ལས་ལྷག་པའི་སྒྲུབ་བྱེད་མེད་དོ། །གཞན་ཡང་རྒྱ་གར་ནས་མ་བྱུང་ཞེས་པའི་མཚང་རྐུབ་བརྟོལ་ཞིང་ཕྱུང་བའི་རྒྱུ་མཚན་ཡོད་དེ། གསང་སྙིང་རྨ་རིན་གྱིས་བརྩམས་པར་བསྒྲགས་ཀྱང་། ཕྱིས་བསམ་ཡས་ནས་རྒྱ་དཔེ་ཁ་ཆེ་པཎ་ཆེན་གྱི་ཕྱག་ཏུ་བྱུང་བ། རྟ་སྟོན་གཟི་བརྗིད་ལ་བབས། དེ་ནས་ཤ་གད་ལོ་ཙཱ་ལ་བྱུང་བ། བཅོམ་ལྡན་འདས་རིག་པའི་རལ་གྲིས་བླངས་ཏེ་འགྱུར་བཅོས་དང་སྔར་མ་འགྱུར་བའི་ལེའུ་གཉིས་འགྱུར། གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་ཅེས་པའི་བསྟན་བཅོས་ཀྱང་མཛད་དེ་དྲིལ་བསྒྲགས། རྒྱུད་ཕྱི་མ་ཐར་པ་ལོ་ཙཱ་བས་བསྒྱུར་པ་དང་། བལ་པོའི་བྷི་ཧཱ་ར་ནས་གློ་བོ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱིས་རྙེད་པའི་རྒྱ་དཔེ་ལས། འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་ཟུར་མཁར་དགའ་ལྡན་གླིང་དུ་བསྒྱུར་པ་དང་། དེར་མ་ཟད་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་ཀྱི་འགྲེལ་པ་དང་། འདུས་པ་ཕྱི་མའི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་དང་། བརྒྱ་བྱིན་སྡོང་པོས་མཛད་པའི་མཉམ་སྦྱོར་འགྲེལ་པ་སོགས་སུའང་གསང་སྙིང་གི་ལུང་མང་དུ་དྲངས། དེ་བཞིན་དུ་པདྨའི་ཐུགས་དམ་གཤིན་རྗེ་པྲ་ཁོག་སྣང་བའི་རྒྱུད་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བརྩམས་པར་བསྒྲགས་ཀྱང་། རྒྱུད་དེ་སློབ་དཔོན་ཤཱནྟི་པས་སྤྱོད་རྒྱུད་དུ་བཀྲལ་ཞིང་དཔལ་འཛིན་གྱིས་བྱ་རྒྱུད་དུ་བཞེད་དེ་རྒྱ་དཔེའི་དངོས་པོས་ཁུངས་བརྟོལ། གཞན་ཡང་འགོས་ཀྱིས་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་ལས་གཤིན་རྗེ་འཆར་ཁའི་རྒྱུད་སྒྲུབ་ཐབས་མདོས་གཞུང་སོགས་ཞུས་པ་འཆར་ཁ་འགོས་ལུགས་སུ་གྲགས་པ་དང་། ཁ་ཐུན་སྐོར་རང་སློབ་རྔོག་ཁ་བ་ཅན་ལ་བརྒྱུད་པ་དེང་སང་གི་བར་དུ་ཡོད་པ་དང་། ཡང་དག་མེ་གཅིག་ཐོད་གཅིག་སྐོར་པཎ་ཆེན་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱས་བསྒྱུར། ས་སྐྱ་པཎྜི་ཏས་ཕུར་པ་རྩ་དུམ་གྱི་རྒྱུད་ལ་འགྱུར་བཅོས་མཛད་པ་སོགས་རྙིང་ཆོས་ཕྱིས་གསར་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་པའང་མང་དུ་མཆིས་ཤིང་། དེས་མཚོན་ནས་རྒྱ་གར་དང་ཨོ་རྒྱན་སོགས་ཐམས་ཅད་དུ་རྒྱུ་ནུས་ཤིང་བཀའ་ཡི་གཉེར་ཁ་བ་མཁའ་འགྲོའི་ཚོགས་དབང་དུ་ཁོལ་ནུས་པ་ཞིག་ཡིན་ན། རྙིང་རྒྱུད་ཐམས་ཅད་ལའང་རྒྱ་དཔེ་དང་མཁའ་འགྲོའི་གསང་མཛོད་ཀྱི་དཔེ་ཡོད་པར་གོར་མ་ཆག་སྟེ། ཅི་རིགས་པ་བོད་དུ་བསྒྱུར་པ་འདིས་དན་དཔང་བྱས་པ་ཡིན་ནོ། །དེས་མ་ཆོག་པར་རེ་རེ་བཞིན་དུ་རྒྱ་དཔེ་རེ་གསར་དུ་མ་མཐོང་བར་ཡིད་མི་ཆེས་ན། ཕྱིས་ཀྱི་འགྱུར་བའི་ཆོས་ཐམས་ཅད་ལ་རྒྱ་དཔེ་རེ་རེ་བཞིན་སྟོན་རྒྱུ་ཁྱོད་ཚོ་ལ་ཡོད་དམ་སོམས་ཤིག །མཁས་གྲུབ་ཨོ་རྒྱན་པས། བལ་པོ་ན་རྒྱ་དཔེ་མང་དུ་འདུག་པ་ལ། ངས་བོད་ཀྱི་སྔགས་པ་རྣམས་ལ། ཁྱེད་རང་ཚོ་མང་ཡུལ་དུ་འདོང་། ངས་རྙིང་མའི་པཎྜི་དང་རྒྱ་དཔེ་ཚུར་དགུག །ལོ་ཙཱ་བ་ངས་བྱས་ཏེ་བསྒྱུར་བྱས་པ་ལ། བོད་ཀྱི་སྔགས་པ་རྣམས་བུ་སྨད་གསོ་བས་གཡེངས་ཏེ་མ་འགྲུབ། ད་དུང་འགྱུར་མང་དུ་བྱ་རྒྱུ་འདུག་པ་ལ་གསུངས་ཤིང་། ལོ་ཙཱ་བ་གཟུས་དགའ་རྡོར་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་ལྷ་ཁང་ལ་རྒྱུད་ཀྱི་པོ་ཏི་ཆར་བབས་པའི་རི་མོ་མཐོང་བ་དང་། ལོ་ཙཱ་བ་འགའ་ཞིག་གིས་རྒྱ་གར་གྱི་པཎྜི་ཏའི་ཕྱག་དཔེའི་ནང་ན་རྙིང་མ་བཀའ་བརྒྱད་ཀྱི་སྒྲུབ་ཐབས་ཉུང་ངུ་རེ་མཐོང་ཡང་། པཎྜི་ཏ་ལ་དྲིས་དུས། མི་ཤེས་མི་ཤེས་སྔར་གྱི་བླ་རྒན་ཚོའི་རེད་ཟེར་ནས་གསང་བ་ཟབ་ཆོས་ཡིན་པའི་ལོ་རྒྱུས་དང་། དེར་མ་ཟད་རྙིང་མའི་ཚེ་བདག་གནུབས་ཀྱིས་བརྩམས་པར་འགོས་ལྷས་བཙས་ཀྱིས་འདོད་བཞིན། ཁོ་རང་ལ་རྙིང་མའི་མཐུ་རྟགས་བྱུང་ནས་རྒྱ་གར་དུ་དེ་ལ་ཕན་པའི་ཟབ་ཆོས་ཚོལ་དུ་ཕྱིན་པའི་ཚེ། པཎྜི་ཏ་ནག་པོ་པས་རྙིང་མའི་ཚེ་བདག་གནང་སྟེ་ལོ་ཙཱ་བ་ཁོ་རང་གིས་བསྒྱུར་པ་ད་ལྟ་བསྟན་འགྱུར་ཁྲོད་ན་ཡོད་པ་དེས་དན་དཔང་བྱས་པ་ཡིན། འགོས་འདི་ལོ་ཙཱ་བ་མཁས་པ་ཞིག་ཡིན་ཚོད་ཀྱང་། རྙིང་མ་ལ་ཞེ་སྡང་བ་སྔོན་ཟུར་པའི་ཆོས་གྲལ་ནས་ཕུད་པའི་ཞེ་ནད་ཀྱིས་ཁ་ནས་སྐུར་འདེབས་མང་པོ་སྨྲ་བ་ཞིག་ཡིན་ཚོད་གདའ་སྟེ། མི་གཤིས་ཤིག་གི་དེ་འདྲ་ཡིན་པར། ག་ཡ་དྷ་ར་ལའང་སྐུར་པ་བཏབ་ཚུལ་དང་། འབྲོག་མིའི་ལོ་ཙཱ་བའི་གམ་དུ་བྱོན་དུས་སུའང་ཆོས་འགའ་མ་གནང་བས་ཐུགས་མུག་སྟེ་རྒྱ་གར་དུ་གསུངས་པ་ནའང་། སློབ་གཉེར་ཕུལ་ཕྱིན་ཞིག་མ་བྱུང་ན་འབྲོག་ལྡོམ་དེ་ལ་ངོ་ཚ་བ་ཡོད་ཅེས་རང་གི་བླ་མ་ལའང་སྐུར་འདེབས་མཛད་པ་ཞིག་ཡིན་པར་གྲགས་ལ། འོན་ཀྱང་འབྱམས་ཡིག་འདི་འགོས་ལོ་དངོས་ཀྱི་མིན་པར་ཁ་གཡར་བ་གཞན་ཞིག་གིས་བྱས་ཟེར་བ་བདེན་ཤས་ཆེ་སྟེ། འབྱམས་ཡིག་འདི་ལ་བླུན་པོ་ཅི་ཡང་མི་ཤེས་པ་ཞིག་གི་ཚིག་དངོས་སུ་གསལ་འདུག་པས་སོ། །གལ་ཏེ་འགོས་ལོ་ཡིན་ནའང་མ་བརྟགས་གྱ་ཚོམ་གྱི་ཚིག་ཕྲག་དོག་ཁོ་ནས་སྨྲས་པ་རང་མཚང་སྟོན་བྱེད་དུ་སོང་བ་དངོས་གསལ་འདི་འདྲའོ། །དེ་བཞིན་དཔལ་འཛིན་གྱི་རྩོད་ཡིག་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་པ་འདི་ནི། རྙིང་བསྟན་ལ་སྙིང་ནས་ཞེ་སྡང་དྲག་པོས་སྨྲས་པར་དངོས་སུ་གསལ། དེ་ཡང་རང་གི་སློབ་དཔོན་ལ་ཞེ་སྡང་བས་ཡིན་ཚུལ་བཤད། གང་ལྟར་ཡང་ཆོས་ལ་ཞེ་སྡང་བས་མཐར་ལུས་དེས་ས་གས་ནས་སོང་བའི་ཤུལ་དེང་སང་ཡང་ཡོད་ཚུལ་ལྔ་པ་རིན་པོ་ཆེ་སོགས་ཀྱིས་གསུངས་ཤིང་། ཁ་ཅིག་གིས་ས་སྤྱོད་དུ་གཤེགས་ཟེར་ཡང་། ལྷས་སྦྱིན་ལྟར་ཡིན་ནམ། རྙིང་མའི་མཐུ་ཅི་ཡིན་ཡང་རུང་། རྡོ་རྗེའི་དམྱལ་བ་ཨ་ལ་ལ་ཞེས་ཁྲག་གིས་བྲིས་པའི་རྡོ་ཆར་བབ་སྟེ་ས་འོག་ཏུ་སོང་བ་ནི་རྫུན་གཏམ་མ་ཡིན་ཏེ། ལོ་རྒྱུས་འདི་ལྟར་གྲགས་པ་ལ། ཕྱིས་སྟག་ལུང་ངག་དབང་གྲགས་པས་རྩད་གཅོད་མཛད་པས། ཁུངས་ཐུབ་མང་པོས་བདེན་པར་གླེང་གི་འདུག་གསུངས། རྙིང་མར་ཁ་ཟེར་བའི་ཐོག་མ་ཡིན་འདུག །ལོ་ཆེན་རིན་བཟང་དང་། ཡེ་གྲགས། ཡེ་ཤེས་འོད་སོགས་ཀྱིས་སྔགས་འཆལ་ཆེས་པ་བཀག་པ་ནི་བདེན་གསུང་རང་གཞན་སུས་ཀྱང་དེ་ལྟར་ཤེས་དགོས་པ་ཞིག་འདུག་གི། དཔྱད་ན་གང་ཟག་གི་རྒྱུད་དང་ཆོས་འཛོལ་བའི་སྔགས་ལོག་སུན་འབྱིན་ཡིན་གྱི་རྙིང་ཆོས་ལ་སྐུར་འདེབས་གཏན་ནས་མེད་དོ། །མི་ཤེས་པ་དག་གིས་དེ་དག་རྙིང་མ་བཀག་པ་ཡིན་པར་སེམས་ཀྱང་། དེའི་ཚིག་དོན་ལ་དཔྱོད་དང་ཆོས་ལ་སྐུར་འདེབས་གཏན་མེད། ཞི་བ་འོད་ཀྱིས་རྙིང་རྒྱུད་རྣམས་རྩོམ་ཆོས་ཡིན་ཞེས་འགོག་པའི་དམ་བཅའ་ཙམ་ལས་རིགས་པ་ཅི་ཡང་མེད། དཔལ་འཛིན་གྱིས་སུན་འབྱིན་མི་རིགས་པ་སྣ་ཚོགས་སྨྲས་པ་ནི་རིགས་པས་སུན་དབྱུང་སླ་བ་འབའ་ཞིག་སྟེ། མཁས་གྲུབ་ཆེན་པོ་སོག་ཟློག་པས་ཀྱང་ལན་ལེགས་པར་བཏབ་པས་ཆོག་པར་གདའ། གཞན་རྒྱ་ར་ཀློང་ཆེན་པ་སོགས་སྔ་ཕྱིའི་མཁས་པས་མཛད་པའི་རྩོད་ལན་དུ་མ་ཡོད་དོ། །གཉིས་པ་ལུང་གི་དན་དཔང་ནི། གསར་རྒྱུད་ཐམས་ཅད་ཀྱི་རིམ་གཉིས་རྣལ་འབྱོར་བཤད་པ་དང་རྙིང་རྒྱུད་ཕྱོགས་མཐུན་ལ། དེ་དག་གི་གནད་ཟབ་མོ་རྒྱུད་འདི་དག་ཏུ་གསལ་བས། རྒྱུད་འདི་དག་ཡིན་ན་ཡིན་མཉམ་མིན་ན་མིན་མཉམ་སྟེ་ལུང་གི་དཔང་པོའོ། ཁྱད་པར་རྫོགས་ཆེན་ཆོས་སྐད་ཐུན་མིན་རྣམས། མཐར་ཐུག་གི་གསང་ཆེན་འབྲས་བུའི་ལུང་རྣམས་ཀྱིས་བསྒྲུབ་པར་ནུས་ཤིང་། ཆོས་སྐད་ཟུར་པ་རེ་ཟུང་གསར་རྒྱུད་ཡོངས་གྲགས་རེ་ཟུང་དང་མི་འདྲ་བས་སངས་རྒྱས་ཀྱི་བཀའ་མིན་སྙམ་པ་བློ་རྒྱ་ཤིན་ཏུ་ཆུང་བ་བྱིས་པའི་གཏམ་སྟེ། སངས་རྒྱས་ཀྱི་གསུང་གིས་ཆོས་བསྟན་པའི་སྒོ་སྣ་ཚོགས་ཚད་མེད་ཀྱི། གཅིག་ཡང་ཡང་བསྐྱར་ཟློས་ཁོ་ན་མ་ཡིན་ཏེ། དུས་འཁོར་ལའང་གཟའ་སྐར་ཤར་དུ་འགྲོ་བ་དང་། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་གསུངས་པ་སོགས་ལ་ཡང་དག་མིན་པར་རིག་རལ་སོགས་ཀྱིས་བཤད་པ་དང་། རེ་མདའ་བས་ཀྱང་། རྩ་བའི་རྒྱུད་ལ་ཨེ་ཝཾ་མེད་པ་དང་། །བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་། །གང་ལས་བྱུང་བའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །སོགས་རྣམ་གྲངས་དུ་མས་དགག་པ་བརྗོད་མོད། དེང་སང་དུས་འཁོར་རྒྱུད་ཀུན་གྱི་རྩེ་མོར་ཡོངས་ལ་གྲགས་ཤིང་གྲུབ་ལ། དུས་འཁོར་གྱི་རྒྱུད་འདི་ལ་བརྟེན་ནས། རྫོགས་ཆེན་གྱི་ཐོད་རྒལ་སོགས་ཁྱད་ཆོས་རྣམས་ལམ་གྱི་མཐར་ཐུག་ཏུ་བསྒྲུབ་ནུས་པ་བཞིན་ཡིན་ཏེ། སངས་རྒྱས་ཀྱི་བཀའི་རྒྱུད་རྣམས། རྒྱུད་རྣམས་རྒྱུད་གཞན་གྱིས་ཤེས་བྱ། །ཞེས་སོགས་གསུངས་པ་ལྟར། གསང་འདུས་སོགས་སུ་རྒྱུད་ལྟར་མཐའ་དྲུག་གིས་དཔྱད་དགོས་པ་རྡོ་རྗེའི་ཚིག་ཏུ་སྦས་པ། ཟབ་མོའི་རྒྱུད་འགའ་ཞིག་ཏུ་མ་སྦས་པར་བཤད་པས། དུས་འཁོར་ལ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ། དེ་ལས་ཀྱང་དབང་བཞི་པའི་ཡེ་ཤེས་གསལ་བར་རྫོགས་ཆེན་གྱི་རྒྱུད་ནས་སྟོན་པའི་ཕྱིར། རྒྱུད་ཀུན་གྱི་འབྲས་བུའི་མཐར་ཐུག་དགོངས་པའི་སྐྱེལ་སོར་ངེས་ནུས་སོ། །གསུམ་པ་རིགས་པའི་དཔང་པོ་ནི། རྒྱུད་ཀྱི་གཞུང་ཉིད་ལ་དཔྱད་པ་གསུམ་གྱིས་དག་པར་བྱས་ཏེ་སྔགས་རྒྱུད་སྤྱི་དང་མི་འགལ་ལ། ཐུན་མིན་མན་ངག་གི་གནད་ཡོད་པར་ངེས་པ་བསྐྱེད་དགོས་ཀྱང་། དེ་དག་གི་རྒྱུད་དང་མན་ངག་གི་ཡིག་ཆ་སོ་སོར་རྒྱས་པར་བསྟན་གྱི་འདིར་ཡི་གེ་མང་དོགས་ནས་མ་བྲིས་ཏེ། སྤྱིར་རྒྱུད་སྡེའི་དཀའ་གནད་རྣམས་ཚུར་མཐོང་གི་རིགས་པ་ཁོ་ནས་དཔག་བྱ་གཏན་མིན་ཡང་། ཅི་རིགས་མཐར་ཐུག་དཔྱོད་པའི་རིགས་པས་མི་འགྲུབ་པའང་མ་ཡིན་ལ། རིགས་པས་གནོད་པ་མི་འབྱུང་བ་ནི་ལུང་རིགས་ཀྱིས་བསྒྲུབ་ནུས་སོ། །དེ་ལྟར་དན་དཔང་གསུམ་པོ་འདི་བདག་ཅག་གི་རྒྱུད་རྣམས་ལ་ཡོད་པས་ཡིད་ཆེས་སུ་རུང་བ་ཉིད་དོ། །ཕྱིས་ཀྱི་འགྱུར་ཕལ་ཆེར་ལ་སྔ་འགྱུར་དང་མཐུན་པ་རྣམས་དེར་ཟད། སྒྲུབ་ཐབས་སོགས་ཡིག་ཆ་སྣེ་ཕྲན་མང་པོ་ལ་ནི་སྔ་འགྱུར་དང་མཚུངས་པའི་ཁུངས་བཙུན་སྒྲུབ་མི་ནུས་ཏེ། རོག་ཤེས་རབ་འོད་ཀྱི་གསུངས་ལས་ཀྱང་འདི་ལྟར། དུས་ཕྱིས་རྒྱ་གར་དུ་བསྟན་པའི་གྲྭ་ཉམས། རྒྱུད་སྡེ་རྣམས་རིམ་གྱིས་ནུབ། རྒྱ་དཔེ་རྣམས་ཀྱང་ཕལ་ཆེར་ཆུད་ཟོས། གྲུབ་ཐོབ་ཁ་ཡར་གྱིས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་རྣམས་ཁོང་དུ་མ་ཆུད་དེ་གཉེར་ཚགས་མ་བྱས། དེའི་ཚེ་བསྟན་པ་ཕྱི་དར་དུ་གྲགས་པའི་སྐབས་ན། རྒྱ་པཎ་གསེར་འདོད་རྣམས་ཀྱིས་བོད་ན་ཆོས་གང་རྩིས་ཆེ་དྲིས་ནས་བཅོས་མ་མང་པོ་བྱས། ལོ་ཙཱ་མཁས་གྲགས་འདོད་པ་རྣམས་ཀྱིས། དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་འཁྱམས། སྔོན་གྱི་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྱུར་པ་རྣམས་ལ་རང་བཟོའི་འགྱུར་བཅོས་སྣ་ཚོགས་བྱས། རྩ་རླུང་ཐིག་ལེ་སོགས་ཕྱི་རོལ་པ་དང་ཐུན་མོང་བའི་ཆོས་ལ་ངོ་མཚར་བའི་གནས་སུ་བྱས་ནས་རྒྱ་གར་པའི་ཁུངས་བཟང་དྲངས་ཏེ་གསར་ཆོས་རྩིས་ཆེ་བྱས་པས་བསྟན་པ་ཉམས་དམས་པ་ཡིན་ཞེས་གསུངས། གསེར་འདོད་ཀྱི་པཎྜི་ཏ་ཇི་ལྟར་བྱུང་ཚུལ་ཡང་ས་ཆེན་བསོད་ནམས་རྩེ་མོའི་བཀའ་འབུམ་གཏོར་ཆེན་གྱི་ལོ་རྒྱུས་སུ། སྔོན་བ་རི་ལོ་ཙཱ་བས་བལ་ཡུལ་ནས་པཎྜི་ཏ་ཞིག་སྤྱན་དྲངས་ནས་གསེར་མེད་པས་སྤུ་རང་དུ་བྱོན་པ་དང་བཙན་པོ་རྩེ་སྡེ་མཇལ་ནས་དབང་བསྐུར་ཆོས་བཤད་པས་རྒྱལ་པོས་གསེར་སྲང་བརྒྱ་ཕུལ། དེ་རྣམས་པཎྜི་ཏས་ཚགས་བྱས་པས། བླ་མ་བདག་ལ་ཅུང་ཟད་གནང་བྱས་པར་མ་གནང་བར་མ་ཟད་སླར་རྒོལ་བ་ལོག་པ་བྱེད་དུ་བྱུང་། ཤིན་ཏུ་སུན་པས་པཎྜི་ཏ་བལ་ཡུལ་དུ་སྐྱེལ་དུ་བྱོན་སྐད། དེར་བལ་ཡུལ་དུ་སླེབས། ཀ་མའི་ཡུལ་དུ་མུ་སྟེགས་ཀྱི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་ཞེས་བྱ་བས་ཁྱོད་ངའི་ལོ་ཙཱ་གྱིས་ལ་བོད་དུ་འགྲོ་དགོས་ཟེར། དེ་མི་བྱེད་བྱས་པས་ཁོང་ན་རེ། ངས་མུ་སྟེགས་པའི་ཆོས་མི་བཤད། སངས་རྒྱས་པའི་ཆོས་བཤད་ཟེར་ཡང་མ་ཉན་པས། ངས་ཁྱོད་ལ་མཐུ་བྱེད་ཟེར། ངས་ཉེས་པ་བྱས་པ་མེད་པས་མཐུ་བྱ་ཐབས་མེད་ཟེར་ནས་རྒྱ་གར་དུ་སོང་། དེ་ནས་བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་ཆོས་གསན་ཞིང་ཡོད་པ་དང་། བླ་མས་ཁྱོད་ལ་མུ་སྟེགས་པས་གནོད་པ་ཡོང་བར་འདུག་གསུངས། མི་འོང་ལགས་ཞུས་པས་འོང་གསུངས། དེ་ནས་བལ་ཡུལ་དུ་ཇི་ལྟར་བྱུང་བ་ཞུས་པས། བྷ་ཡ་ན་སའི་སྔགས་དང་གཏོར་མ་འདི་གནང་། གཏོར་ཆེན་ལན་གསུམ་བཏང་བས་མུ་སྟེགས་ཀྱི་པཎྜི་ཏ་ཁོ་ཤི་སྐད། ཅེས་གསུངས། དེས་མཚོན་དེ་དུས་ཀྱི་པཎྜི་ཏ་ཕལ་པ་རྣམས་ལྟ་ཅི། གང་ཟག་དམ་པ་ཡིན་ངེས་ག་ཡ་དྷ་ར་ལྟ་བུ་ལམ་སྐོར་གྱི་གདམས་པ་ལ་མཁས་ཤིང་བརྒྱུད་པ་འཛིན་ངེས་ཡིན་པ་དེས་ཀྱང་། གསེར་བཙལ་ཚུལ་ལམ་འབྲས་ལོ་རྒྱུས་ལས། བླ་ཆེན་འབྲོག་མིས་རིན་འབྱུང་ཞི་བ་ལས་འདུལ་བ་ཕར་ཕྱིན་གསང་སྔགས་མང་དུ་གསན། བིརྺ་པ་དང་ཌོམྦི་མི་ཐུབ་ཟླ་བའི་སློབ་མ་དགེ་སློང་དཔའ་བོ་རྡོ་རྗེ་ལས་ཀྱེ་རྡོར་རྒྱུད་གསུམ་ཡན་ལག་དང་བཅས་པ་བསམ་གྱིས་མི་ཁྱབ་པའི་རིམ་པ་ལམ་འབྲས་རྩ་བ་མེད་པ་གསན། ལོ་བཅུ་གཉིས་བཞུགས་ནས་བོད་དུ་བྱོན། ཆོས་མང་དུ་གསུངས་དུས། ག་ཡ་དྷ་རས་བསུར་ཤོག་གསུངས། ཆོས་ཅི་ཤེས་དྲིས་པས་རྡོ་རྗེ་ཐེག་པར་མཁས་པར་དགོངས་ཏེ་བསུས། བྲམ་པ་ལྷ་རྩེའི་བྲག་ལ་ལོ་ལྔར་བཞུགས། གསེར་སྲང་ལྔ་བརྒྱ་འབུལ་བྱས། མུ་གུ་ལུང་དུ་བཞུགས། ལོ་གསུམ་ན་ཡང་འགྲོ་གསུངས། འབྲོག་མིས་གསེར་ཅུང་མ་མདོང་། ཟུར་པོ་ཆེ་ཤོག །ཆོས་བཤད་གསུངས། བྱོན་ནས་གསེར་སྲང་བརྒྱ་ཕུལ། དེ་ནས་ག་ཡ་དྷ་རར་གསེར་སྲང་ལྔ་བརྒྱ་དུས་གཅིག་ཕུལ། ཐུགས་མ་ཆེས་སྒྱུ་མ་ཡིན་ནམ་དགོངས་ཏེ། ལམ་ཁར་མང་གར་དྲིལ་ཆེན་གྱི་མི་མང་འགྲོ་བ་ལ་འདི་རྣམས་གསེར་དུ་འདུག་མི་འདུག་དྲིས་པས་གསེར་དུ་འདུག་སྨྲས་པས་ཤིན་ཏུ་དགྱེས། ད་ཁྱོད་ཅི་དགའ་བྱ་གསུངས། ཅི་ཡང་མི་ཞུ་གསུངས། ཡང་གསུངས་པས། འོ་ན་གསུང་ངག་འདི་གཞན་ལ་མི་གསུང་བར་ཞུ་བ་ཕུལ། བླ་མས་ཞལ་གྱིས་བཞེས་ནས་རྒྱ་གར་དུ་གཤེགས། བླ་ཆེན་འབྲོག་མི་ལ་འབྲོམ་གྱིས་ཆོས་ཐུན་རེ་ལ་གསེར་ཞོ་རེ། དར་ཆེན་ཟབ་ཡུག་རེ་དང་འདྲ་བ་ཕུལ། ནངས་གཅིག་མཎྜལ་གྱི་གསེར་ཟད། ཞབས་དཀྲིས་ཀྱང་མེད་པས། ཁོ་རང་གི་ཇོ་མོའི་དར་ཤམ་ཕོག་ནས་ཕུལ་བས་ཅུང་མ་མཉེས། དེ་ལྟར་སྔ་ཕྱིར་འབུལ་ཆེན་བློས་མི་ལྕོགས་པ་བྱས་ཀྱང་། རེས་ཤིག་རྟ་གཅིག་གཡོར་བྱས་པས། སློབ་དཔོན་གྱིས་སློབ་མ་ལ་འབུལ་བ་བྱེད་པའི་ལུགས་མེད་གསུངས་ནས་མ་གཡར། དེས་ད་ཕན་འབྲོག་མི་ཤཱཀྱ་ཐུབ་པ་དངོས་སུ་གྱུར་ཀྱང་འདིར་མི་འོང་སྨྲས། དེ་ནས་ཁྲག་སྐྱུགས་ནས་འདའ་ཁར། ངའི་བླ་མ་སངས་རྒྱས་ཡིན་པར་འདུག །སློབ་མའི་སྣོད་བརྟག་པ་མ་ཤེས་གསུངས། ནོར་ཐམས་ཅད་འབྲོག་མིར་བསྐུར། འབྲོག་མིས་འབྲོམ་གྱི་རུས་པ་པང་དུ་བླངས་ནས་བཤུམ། དེ་རྗེས་གདམས་ངག་གང་ཡོད་དཀའ་བ་མེད་པར་གསུངས་སྐད། སྤྱིར་བླ་ཆེན་འབྲོག་མིས་གཞུང་གསུངས་པ་ལ་མན་ངག་མི་གསུང་། མན་ངག་གསུངས་པ་ལ་གཞུང་མི་གསུང་པ་ཡིན་ཀྱང་། ཞབས་ཏོག་ཆེ་བ་དང་། ཇོ་མོའི་མིང་པོ་སོགས་ལ་ངོ་ཆེན་དུ་གསུངས་པར་ས་སྐྱའི་གོང་མ་རྣམས་ཀྱི་བཀའ་འབུམ་ལས་འབྱུང་། དེ་དག་གདུལ་བྱ་འདུལ་བའི་དགོས་པ་ཡིན་མཆི་སྟེ། ཚུལ་དེས་གདམས་ངག་བཏབ་པའི་གང་ཟག་ཐམས་ཅད་ཉམས་རྟོགས་རྒྱ་ཆེར་སྨིན་ཅིང་། རྡོ་རྗེ་ཐེག་པའི་བསྟན་པ་ལ་ལོ་པཎ་འདི་ཚོ་བཀའ་དྲིན་ཆེ་བ་ཡིན་མོད། རྣམ་པའི་ཚུལ་ལ་གསེར་ལ་དེ་ཙམ་གདུང་ཚུལ་མཛད། དེས་ན་དེ་འདྲའི་གསེར་འདོད་ཀྱི་པཎྜི་ཏ་རྣམས་ལས། གསེར་གྱིས་ས་སྟེང་བཀང་ཡང་དགོས་པ་མེད་པའི་པད་འབྱུང་བི་མ་སོགས། གཞན་དོན་འབའ་ཞིག་གིས་དབྱིངས་ཀྱི་མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་ཆོས་སྡེ་བོད་དུ་སྤེལ་བ་རྣམས་བཀའ་བཙན་ལ་ཁུངས་བཟང་བར་ཅིས་མི་འགྱུར། པཎ་གྲུབ་དེ་དག་གིས་གསེར་བསྒྲུབས་ནས་རང་ཡུལ་དུ་ལོག་པའི་ལོ་རྒྱུས་མི་སྣང་བ་འདིས་ཀྱང་སྔ་འགྱུར་གྱི་དུས་ཀྱི་གང་ཟག་རྣམས་ལ་ཡིད་བརྟན་ལྷག་པར་ཆེ། པཎ་ཆེན་ཇོ་བོ་རྗེས་ཀྱང་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་དུས་སྔར་མ་གཟིགས་པའི་རྒྱ་དཔེ་མང་པོ་འདུག་པས། གསང་སྔགས་འདི་ལ་མིས་ཤེས་པ་མེད་པའི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་། ནམ་མཁར་གཞལ་མེད་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་ལའང་འདི་རྣམས་མི་གདའ། ཐེག་ཆེན་གསང་སྔགས་འདི་ལ་མཐའ་ཆོད་རྒྱུ་རང་ཡོད་པ་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད། བོད་དུ་བསྟན་པ་དར་བའི་དུས་དེ་འདྲ་རྒྱ་གར་དུའང་མ་བྱུང་། རྒྱ་གར་དུ་མེ་དགྲ་ལན་གསུམ་བྱུང་བས་འཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་བཙལ། ཞལ་བཤུས་ནས་རྒྱ་གར་དུ་བསྐུར། སློབ་དཔོན་པདྨ་ནམ་མཁར་བྱོན་ནས་ལྷ་ཀླུ་དང་ནཱ་ལེནྡྲ་སོགས་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་གདན་དྲངས་པས། རྒྱུ་མཚན་དེས་རྒྱ་གར་བས་བོད་མང་བ་ཡིན་གསུངས་པ་ཇོ་བོའི་རྣམ་ཐར་ཆེན་མོར་སྣང་། སྔ་རྒྱུད་རྫུན་ཡིན་ན་བདག་ཉིད་ཆེན་པོ་དེས། འདི་རྒྱ་གར་ན་མེད། བོད་རྫུན་རེད་གསུངས་རིགས་ཀྱི། ཕྱིས་སུ་རྒྱལ་བསྟན་གྱི་བྱི་དོར་མཛད་པའི་གཙོ་བོ་འདི་མཚུངས་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་སྔར་གྱི་ལོ་པཎ་ཆེན་པོ་དེ་རྣམས་ནི་ཆོས་ཀྱི་སྡུད་པ་པོ་རིགས་གསུམ་མགོན་པོ་སོགས་ཀྱི་སྤྲུལ་པར་གདོན་མི་ཟ་སྟེ། ཅིས་ཤེས་ན་ལུང་དང་རིགས་པ་གཉིས་ཀྱིས་ཏེ། ལུང་ནི། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། རྒྱལ་བཀའ་རྣམས་བོད་དུ་ནི་བོད་ཀྱི་སྐད་དུ་བྲིས་སོ། །གསུངས་པ་འདིས་བོད་ཀྱི་ལོ་ཙཱ་ཆེན་པོ་དེ་དག་བཀའ་ཡི་སྡུད་པ་པོ་རྣམས་སུ་འགྲུབ་སྟེ། འདི་རྣམས་ཀྱི་སྔོན་དུ་རྒྱལ་བའི་བཀའ་བོད་ཀྱི་ཡི་གེར་བྱས་པ་མེད་པའི་ཕྱིར་ཞེས་མཁས་མཆོག་བུ་སྟོན་སོགས་བཞེད་ལ། རིགས་པའི་དབང་དུ་བྱས་ན། བོད་དུ་ཆོས་དར་བར་མཁན་སློབ་ཆོས་གསུམ་གྱི་སྨོན་ལམ་བཏབ་པ་བཞིན། མཁན་པོས་ལོ་དགུ་བརྒྱར་ཆོས་རྒྱལ་བསྒུགས་ཚུལ་དང་། པད་འབྱུང་ནི་རྒྱ་བོད་དུ་ཡོངས་སུ་གྲགས། གཞན་བི་མ་ལ་སོགས་པཎྜི་ཏ་དང་། ཐོན་མི་སམ་བྷོ་ཊ་དང་བཻ་རོ་སོགས་སྤྲུལ་པའི་ལོ་ཙཱ་བ་དེ་རྣམས། མདོ་དང་རྒྱུད་སྡེའི་གནད་ཟབ་མོ་འདི་རྣམས་བོད་སྐད་དུ་ཐོག་མར་སྒྱུར་བ་ལ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པ་མིན་ན་ཇི་བཞིན་མ་ནོར་བར་སྒྱུར་མི་ནུས་ཏེ། བོད་སྐད་ལ་དེའི་སྔོན་དུ་གསུང་རབ་འགྱུར་བའི་བརྡ་ཆད་མེད་པས་ལམ་སྲོལ་གསར་འཛུགས་དགོས་ལ། ལེགས་སྦྱར་གྱི་སྐད་གཅིག་ལ་མིང་དོན་སྣ་ཚོགས་སུ་འཇུག་པ་ཡོད་པས། དོན་ཇི་བཞིན་པ་ངེས་ཚིག་ཐད་ཀར་བསྒྱུར་པས་དོན་ཐོག་ཁེལ་དཀའ། ཁྱད་པར་རྒྱུད་ཀྱི་ཚིག་རྣམས་ནི་ཕལ་ཆེར་མཐའ་དྲུག་གིས་རྒྱས་བཏབ་པས་མངོན་ཤེས་ཅན་མིན་པར་ཐད་ཀར་སྤེལ་མི་ནུས་ཞེས་དྲི་མེད་འོད་ལས་གསུངས་པ་ལྟར་ངེས་ཏེ། རྒྱ་གར་དུ་ས་ར་ཧ་དང་ལུ་ནག་དྲིལ་གསུམ་སོགས། རྡོ་རྗེ་འཆང་དང་བཀའ་ཡི་སྡུད་པོ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་པའི་གྲུབ་པ་ཆེན་པོ་རྣམས་ཀྱིས་དགོངས་པ་བཀྲལ་ནས་གཏན་ལ་ཕབ་པ་བཞིན། རྟོག་གེའི་ཡུལ་མ་ཡིན་པའི་མདོ་རྒྱུད་ཀྱི་ཆོས་ཐམས་ཅད་དོན་འགྱུར་མཛད་པས་དོན་ལ་ནོར་འཁྲུལ་རྡུལ་ཙམ་མེད་ཅིང་། ཚིག་བྱིངས་ཆེ་གོ་བདེ་སྙན་ལེགས་རྒྱ་གཞུང་དང་བསྡུར་ནའང་ཚིག་ཟུར་མ་ཉམས་པ། ཕྱིས་ཀྱི་ལོ་ཙཱ་མཁས་པས་རྒྱ་དཔེ་བོད་དཔེ་ཀུན་ནས་བརྟགས་དུས་ལྷག་པར་ཡིད་ཆེས་སྐྱེ་ཡིས་བཅོས་དགོས་མི་སྣང་བ་ཤ་སྟག་ཡིན་ཏེ། ཕྱིས་ཀྱི་ལོ་ཙཱའི་ནང་ནས་མཆོག་གྱུར་རྔོག་ལོ་ཆེན་པོས་ཀྱང་། མདོ་རྒྱན་ནང་ཨ་རཱ་ག་རཱ་གའི་སྒྲ་ཁོ་ན་སྣང་བས་འགྱུར་མ་ཤེས། སྔ་འགྱུར་གཟིགས་པས། མ་ཆགས་མི་ཆགས་སོགས་སུ་བསྒྱུར་བ་ལ་ཡ་མཚན་སྐྱེས་ཏེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །ཞེས་སྔ་འགྱུར་གྱི་ལོ་ཙཱ་བ་རྣམས་ལ་བསྔགས་པ་ཆེར་མཛད་ཅིང་། སྒྲ་དང་དོན་གྱི་གནས་ལ་མཁས་པ་ས་སྐྱ་པཎྜི་ཏས་ཀྱང་། ལེགས་པར་སྦྱར་ལས་བོད་སྐད་དུ། །མཁས་པས་བསྒྱུར་པ་ཐམས་ཅད་དག །སྒྲ་མི་ཤེས་པས་བསྒྱུར་པ་ལ། །ཚིག་དོན་ནོར་བ་ཅི་རིགས་མཐོང་། །དེ་འདྲ་བདག་གིས་བཅོས་ནས་བཤད། །སྐ་ཅོག་སོགས་ཀྱིས་བསྒྱུར་པ་ལ། །འགའ་ཞིག་སྒྲ་དང་ཅུང་མ་མཐུན། །འགའ་ཞིག་དོན་འགྱུར་དག་ཏུ་བྱས། །འགའ་ཞིག་བརྡ་རྙིང་གོ་བ་དཀའ། །འགའ་ཞིག་སྔ་མ་བཙན་པར་བྱས། །ལ་ལ་གསར་བཅད་དག་གིས་བཅོས། །ལ་ལ་རྒྱ་སྐད་སོར་བཞག་སྣང་། །ལ་ལ་ཁམས་ཀྱི་བྱེ་བྲག་གིས། །རྒྱ་སྐད་གཅིག་ལ་བཤད་ཚུལ་གྱིས། །བོད་ཀྱི་སྒྲ་འགྱུར་ཐ་དད་སྣང་། །འདི་འདྲའི་ཚིག་དོན་འདྲ་མི་འདྲ། །དེ་དག་ལེགས་པར་དཔྱིས་ཕྱིན་པ། །བླུན་པོ་རྣམས་ཀྱིས་ལྟ་ཅི་སྨྲོས། །མཁས་པ་ཡིན་ཀྱང་ཤེས་པར་དཀའ། །དེ་དག་བདག་གིས་ཐ་སྙད་ལ། །སྦྱངས་པའི་སྟོབས་ཀྱིས་ལེགས་པར་ཤེས། །འོན་ཀྱང་སྐྱེ་བོ་ཆགས་སྡང་དང་། །བླུན་ཕྱིར་བདག་ནི་ཁྱད་དུ་བསད། །འདི་འདྲ་བདག་གིས་ཤེས་མ་ཤེས། །མགོན་པོ་སྲས་དང་བཅས་པས་མཁྱེན། །ཞེས་གསུངས། འདིས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པར་སྒྲུབ་ནུས་ཏེ། དེ་ལྟར་བསྒྱུར་ནས་ད་ཕྱིན་ཆད་ཀྱང་དེ་ལྟར་མ་བསྒྱུར་ན་ཚིག་དང་དོན་ལེགས་པར་སྟོན་མི་ནུས་པའི་ཕྱིར། སྒྲ་སྦྱོར་བམ་པོ་གཉིས་པ་སོགས་སུ་རྒྱ་སྐད་བོད་སྐད་སྦྱར་ཏེ་བསྒྱུར་ཚུལ་འདི་འདྲ་དགོས་པའི་གནད་བཀས་བཅད་པ་བཞིན། ཕྱིས་ཀྱི་ལོ་ཙཱ་ཐམས་ཅད་དེའི་རྗེས་སུ་ཞུགས་ནས་འགྱུར་བ་ཤ་སྟག་ཡིན། ཤིན་ཏུ་རྒྱ་ཆེ་དོན་ཟབ་མདོ་དང་རྒྱུད་ཀྱི་གཞུང་དེ་དག་གི་དོན་འགྲེལ་ཆེན་མོ་རྒྱ་གར་གྱི་པཎ་གྲུབ་ཀྱིས་བརྩམས་པ་རྣམས་དང་བསྟུན་དུས། ཚིག་དོན་གང་ནས་ཀྱང་སྔར་ལྟར་སོར་བཞག་ལས་བཅོས་མི་དགོས་པ་འདི་མཁས་པས་བལྟས་ན་ངོ་མཚར་རྨད་དུ་བྱུང་བའི་གནས་ཡིན་ནོ། ཁ་ཅིག་གིས་དོན་འགྱུར་ཞེས་པ་བསྟན་བྱའི་དོན་ཡོད་ཙམ་ལས། ཚིག་གི་ཚུལ་རྒྱ་སྐད་དང་ཐད་སོར་མི་མཐུན་པ་ཞིག་ཡིན་ནམ་སྙམ་ན་དེ་མིན་ཏེ། བསྟན་བྱའི་དོན་ཇི་བཞིན་ཁོང་དུ་ཆུད་ནས་ཚིག་དེ་ཉིད་རྒྱ་བོད་སྐད་རིགས་མི་འདྲ་ཡང་དོན་འདྲ་བས་ཚིག་དོན་གཉིས་ཀ་མ་ཉམས་པར་བསྒྱུར་པ་ལ་ཟེར་བ་ཡིན། དཔེར་ན་གོ་སྒྲ་གཅིག་ལའང་། ས་དང་བ་ལང་དང་རྡོ་རྗེ་སོགས་དོན་དགུ་ལ་འཇུག་པ་ཡོད་ཀྱི། སྐབས་དེའི་གོ་སྒྲ་གང་ལ་འཇུག་པའི་དོན་ཉིད་མ་ཤེས་ན་འགྱུར་ཉེས་འོང་བས། ཕྱིས་ཀྱི་ཚིག་འགྱུར་ཕལ་ཆེར་དོན་ནོར་ཞིང་སྡེབ་མི་ལེགས་པ་བྱུང་བ་ཡིན། སྔར་ལོ་པཎ་འཛོམ་ནས་བོད་སྐད་དུ་བསྒྱུར། སླར་ཡང་མ་ནོར་བར་ཞུས་དག་བྱས། དེ་འཆད་ཉན་གྱིས་གཏན་ལ་ཕབ་པ་ཡིན་པས་སྔ་འགྱུར་ཟོལ་མེད་ཡིན་ན་ཤིན་ཏུ་ཡིད་ཆེས་སུ་རུང་བ་ཉིད་དེ། འདུལ་བ་མདོ་སྡེའི་གཞུང་ཐམས་ཅད་བཞིན་ནོ། ཁ་ཅིག་ཆགས་སྡང་གི་བསམ་པས་སྔ་འགྱུར་ལས་ཕྱི་འགྱུར་རྩིས་ཆེ་བར་བྱེད་པ་ནི་ཞེན་ལྟ་རྒྱུ་མཚན་མེད་པ་སྟེ། དབུ་མ་རྩ་ཤེས་ལྟ་བུ་སོགས་ལ། པ་ཚབ་ཀྱིས། འགྱུར་མི་བཅོས་སུ་མི་རུང་བ་རྣམས་བཅོས། ཞེས་འཇུག་པའི་གཞུང་སོགས་ལ་བརྟེན། འཕགས་པ་ཡབ་སྲས་ཀྱི་ལུགས་དང་མི་མཐུན་པའི་འགྱུར་ཉེས་ཡོད་པ་ལྟར་བསྟན་འདུག་ཀྱང་། འགྱུར་ཉེས་མིན་ཡང་ཡིག་སྐྱོན་འདྲ་སོང་བ་བསལ་ཡོད་ན་ཐང་བ་ལས། དངོས་དོན་མི་བཅོས་སུ་མི་རུང་བ་ནི་ཅི་ཞིག་བཅོས་འདུག་དཔྱད་ན། ངོ་བོ་ཉིད་ཟེར་བ་ཐམས་ཅད་རང་བཞིན་དུ་བསྒྱུར་བ་འགྱུར་ཁྱད་ཙམ་ལས་དོན་སྔར་དང་མི་འདྲ་བ་སྣེ་གཅིག་མི་འདུག་སྟེ། པ་ཚབ་ཀྱིས་འགྱུར་བཅོས་ཅན་གྱི་རྩ་ཤེས་རྩ་བ་དང་། དབུ་མ་ཤེར་སྒྲོན་ལེགས་ལྡན་འབྱེད་ཀྱི་འགྲེལ་པའི་ནང་གི་རྩ་བ་སྔ་འགྱུར་དང་བསྟུན་ཏེ་ལྟོས་དང་གསལ་བར་འགྱུར་རོ། །དེས་མཚོན་འགྱུར་རྙིང་དང་འགྱུར་གསར་ལ་དཔྱད་ན། དོན་ཟབ་བརླིང་ཚིག་གོ་བདེ་རླབས་ཆེ་བ་སྔ་འགྱུར་དང་མཚུངས་པ་མེད་ལ། དེ་ཉིད་བསྡུས་པ་སོགས་ཕྱི་ནང་གི་རྒྱུད་སྡེ་ཕལ་ཆེར་སྔར་ཡོད་ལ་རྒྱ་དཔེ་དང་བསྟུན་ཞུས་དག་རེ་ཙམ་བགྱིས་ནས། སྔ་འགྱུར་གྱི་འགྱུར་བྱང་སྔ་མ་མེད་པའམ་ཡོད་ཀྱང་མ་བཞག་པར། རིན་བཟང་སོགས་ཕྱིས་ཀྱི་ལོ་ཙཱ་བའི་འགྱུར་བྱང་གསར་མ་དག་གིས་ཕྱོགས་ཞེན་གྱིས་བྱས་པར་མངོན་པས་ནོར་འཁྲུལ་མེད་དོན་དེ་ལས་བྱུང་། ཕྱིས་ཀྱི་མཁས་པས་བསྒྱུར་པ་ལ་ནོར་འཁྲུལ་མེད་པ་ཡོད་མོད་ཀྱི། སྔ་འགྱུར་ལོ་པཎ་འཛོམས་ནས་བསྒྱུར་པ་ལ་འགྲན་ཟླ་མེད་པས། རིན་བཟང་རྔོག་ལོ་ས་པཎ་བུ་སྟོན་སོགས་ཕྱིས་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱིས་ཀྱང་ཚད་མར་འཛིན་ཅིང་དེ་ལ་ཁུངས་གཏུགས་ཏེ་སྔར་མ་འགྱུར་བ་རྣམས་ཀྱང་དེའི་འགྱུར་ཚུལ་དང་མཚུངས་པར་བསྒྱུར་པ་ཡིན། ཕྱིས་འགྱུར་ལ་དེ་འདྲ་དཀའ་སྟེ། མཁས་མཆོག་བུ་སྟོན་སོགས་ཀྱི་འགྱུར་ལའང་། ཕྱིས་སི་ཏུ་ཀུན་མཁྱེན་དྷརྨ་ཀཱ་ར་སོགས་ཀྱིས་བཅོས་དགོས་པ་དུ་མ་བྱུང་འདུག་པ་བཞིན། དེང་སང་རྒྱ་སྐད་ཀྱི་མཚམས་སྦྱོར་དང་མིང་ལེ་ཙམ་ཡང་ཡིད་ཆེས་ཤིང་དཔྱིས་ཕྱིན་པར་མི་ཤེས་པས་འགྱུར་བཟང་ངན་དཔྱད་པ་ནི། ཆུ་ཕྲན་བརྒལ་བར་མི་ནུས་པར་རྒྱ་མཚོ་ཆེན་པོ་རྐྱལ་གྱིས་ཆོད་པར་རློམས་པ་དང་འདྲའོ། །དེས་ན་བདག་ཉིད་ཆེན་པོ་རིན་བཟང་དང་པ་ཚབ་སོགས་ལ་སྔ་འགྱུར་ཁྱད་དུ་གསོད་པའི་བསམ་པ་མི་མངའ་ཞིང་བྱས་པ་གཟོ་བའི་ཐུགས་མངའ་མོད་ཀྱི། ཕྱིས་ཀྱི་ཕྱོགས་ཞེན་ཅན་དག་གིས་རང་ཆེ་འབྱིན་པའི་ཚིག་ཟུར་ཅི་རིགས་བསྣན་པར་བྱས་པ་ཡིན་ནོ། །དེ་བཞིན་དཀར་ཆག་འཕང་ཐང་མ་སོགས་སུ་ཚད་མ་རྣམ་འགྲེལ་སོགས་གཞུང་བསྒྱུར་ཀྱང་ཞུས་དག་མ་བྱས་པས་འགྱུར་བྱང་མ་ཕོག་པ་ཕལ་མོ་ཆེ་ལ་ཕྱིས་ཀྱི་འགྱུར་བྱང་བཏབ་ཅིང་། མཁས་པ་རྣམས་ཀྱིས་འགྲེལ་པ་སོགས་བསྡུར་ཏེ་འཆད་ཉན་གྱིས་གཏན་ལ་ཕབ་པ་དུ་མ་ཡོད་པ་ཡིན་མོད། དེ་ཐམས་ཅད་སྔ་འགྱུར་གྱི་དྲིན་ལས་བྱུང་བར་མི་ཤེས་པར་སྔ་འགྱུར་བ་དམན་པར་སེམས་པ་ནི་བྱས་པ་ཁྱད་དུ་གསོད་པའི་ཁྲེལ་མེད་ཡིན་ནོ། །དེས་ན་སྔ་འགྱུར་གྱི་དུས་སུ་བསྒྱུར་པའི་མདོ་རྒྱུད་འདི་དག །རྒྱལ་བའི་བཀའ་ལ་ཚད་མེད་ཀྱང་དེའི་ནང་གི་ཟབ་རྒྱས་ཀྱི་དོན་ཚང་ཞིང་ལམ་གྱི་ལུས་རྫོགས་པའི་སྙིང་པོ་གསེར་ཞུན་ལྟ་བུ་རྣམས་སྤྲུལ་པའི་ལོ་པཎ་མཆོག་རྣམས་ཀྱི་བཀའ་དྲིན་ལས་བོད་ཀྱི་སྐལ་པར་ཐོབ་པ་ཡིན་པ་ཀུན་གྱིས་ཤེས་དགོས་སོ། །དེ་ལྟར་ལེགས་པར་དཔྱད་ན། སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཐག་ཆོད་པ་སོ་སྐྱེ་སུས་ཀྱང་མི་ནུས་ཏེ། མངོན་སུམ་ཚད་མས་སངས་རྒྱས་ཀྱི་བཀའ་མིན་པར་ཇི་ལྟར་ངེས་ནུས་ཏེ། གཞུང་དེ་དངོས་སུ་རྫུན་རྩོམ་བྱེད་པར་མཐོང་ན་དེར་ཟད། དེ་མིན་ན་མངོན་ཤེས་མེད་པས་སངས་རྒྱས་ཀྱི་བཀའ་ཡིན་མིན་མི་ཤེས་ཏེ། བཀའ་ཡིན་པར་འདོད་པ་འདི་རྣམས་ཀྱང་། བླ་མ་བརྒྱུད་པ་ཚད་ལྡན་ལས་ཡིད་ཆེས་པར་བྱས་པ་ཡིན་གྱི། སངས་རྒྱས་ལས་དངོས་སུ་ནི་ཕྱིས་ཀྱི་ལོ་ཙཱ་བ་སུས་ཀྱང་བླངས་པའི་ལོ་རྒྱུས་མེད་ལ། རིགས་པས་དཔྱད་ནའང་སངས་རྒྱས་ཀྱི་བཀའ་ནི་ཡུལ་གྱི་སྐད་སྣ་ཚོགས་ཀྱིས་གསུངས་པ་ཡིན་ཏེ། རྣམ་པ་ཐམས་ཅད་པའི་གསུང་ཡིན་པས་གདུལ་བྱའི་མོས་པ་བཞིན་དུ་འཆར་བའི་གསུང་གཅིག་ལས། རང་རང་གི་མོས་པ་དང་འཚམ་པར་ཚིག་རྒྱས་བསྡུས་སྣ་ཚོགས། དོན་སྦས་མ་སྦས་སྣ་ཚོགས་ཡོད་པས་གཞུང་ཉི་ཚེ་བ་གཅིག་ལ་ཆགས་བཞག་ནས་ཐམས་ཅད་དེ་དང་མཐུན་མི་མཐུན་དཔྱད་པས་བཀའ་ཡིན་མིན་འབྱེད་ག་ལ་ནུས། གསུང་ཚུལ་རྒྱུད་ཀྱི་གླེང་གཞི་སྟོན་འཁོར་སོགས་སངས་རྒྱས་ཀྱི་གསུང་ཚུལ་ཡོད་པ་ཙམ་གྱིས་གསུང་དུ་མི་ངེས་ཏེ། རྒྱུད་རྫུས་པ་རྩོམ་ཤེས་མཁན་ཞིག་ཡིན་ན་གླེང་གཞི་སོགས་སྦྱར་ཏེ་སངས་རྒྱས་ཀྱིས་གསུངས་པ་ལྟ་བུར་མ་བརྫུས་ན། ཁོ་བོས་བྱས་སོ་ཞེས་གསལ་བར་བརྗོད་ན་སངས་རྒྱས་ཀྱི་བཀར་བརྫུས་པར་མི་འགྱུར་རོ། །ཚིག་རིས་ལ་དཔྱད་ན་རྒྱ་སྐད་ལས་བསྒྱུར་བའི་ཉམས་དང་། བཀའ་དང་དགོངས་འགྲེལ་རྣམ་ལ་ཚིག་གི་བབ་རྒྱ་གཞུང་སྔ་མ་ཚོ་དང་འདྲ་མི་འདྲའི་ཉམས་ཡོད་མོད། སྒྱུར་བྱེད་ཀྱི་ལོ་ཙཱའི་འགྱུར་མཛད་ཚུལ་དང་རྒྱུད་དང་འགྲེལ་པ་རྣམས་སུའང་བཀའི་ཚིག་དངོས་ཅི་རིགས་འདྲེས་ཡོད་པས། དེ་བཀའ་ནས་ཀྱང་བྱུང་བའི་དཔེ་མཐོང་ཟིན་ན་མ་གཏོགས། ཚིག་རིས་ལ་བལྟས་པས་བཀའ་དང་བསྟན་བཅོས་སོ་སོར་རྟགས་འགོད་པ་ཇི་ལྟར་ཡོད། དོན་ལ་དཔྱད་ནའང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་དང་འགལ་བ་ཞིག་རྒྱུད་བརྫུས་པར་ཅི་ལ་རྩོམ། གལ་ཏེ་འགལ་བ་ལྟར་སྣང་ནའང་། ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་སོགས་དང་མཚུངས་པར་སྔགས་རྒྱུད་རྣམས་སུ་མཐའ་དྲུག་གིས་རྒྱས་བཏབ་ཡོད་པས། དེའི་ཚིག་སྒྲ་ཇི་བཞིན་ཡིན་མིན་ཡང་ཐེ་ཚོམ་ཆོད་དཀའ་བས་བཀའ་མིན་དུ་ཐག་ག་ལ་ཆོད། རྒྱུད་ལའང་ཚིག་དམ་ཞིང་སྦས་ཚུལ་ཅན་གྱི་རྒྱུད་ཀྱི་རིགས་རྣམས་བཤད་རྒྱུད་རྣམས་ཀྱིས་གསལ་དགོས་ལ། མ་སྦས་པ་རྣམས་ངེས་དོན་དང་སྒྲ་ཇི་བཞིན་པའང་ཡོད། སྡེབ་སྦྱོར་ཕུན་སུམ་ཚོགས་པའི་ཚུལ་ཅན་ཡང་ཡོད། སྒྲ་ཉམས་པ་ལྟ་བུར་སྣང་བའང་ཡོད། བསྡུས་རྒྱུད་ལྟ་བུའི་ཚིག་དོན་ཕུན་སུམ་ཚོགས་པ་ལས་སྒྲའི་ང་རྒྱལ་བཅག་པའི་ཕྱིར་བདུན་པའི་དོན་ལ་གཉིས་པ་སོགས་ཆེད་དུ་མཛད་པ་བཞིན་དང་། གོ་བདེ་ཞིང་ལྷུག་པར་སྟོན་པའི་བོད་རྩོམ་དང་བོན་པོ་གཏེར་མ་ཕལ་དང་ཚུལ་འདྲ་བའང་གདུལ་བྱའི་སྣོད་ཀྱི་དབང་གིས་ཏེ། བསྟན་བྱ་ཉི་ཚེ་བ་དང་། རྒྱ་ཆེན་པོ་དང་། སྟོན་ཚུལ་གསལ་མི་གསལ། ཡུལ་སྣ་ཚོགས་ཀྱི་ངེས་ཚིག་ཡོད་པས་ཚིག་རིས་ཙམ་གྱི་ངོས་ནས་མི་ཟིན་ནོ། །དེས་ན་འདི་འདྲའི་རིགས་རྣམས་དཔྱད་པར་དཀའ་བས་ཁ་ཚོན་མི་ཆོད་དེ། བཀའ་ཡིན་པ་ལ་མིན་པར་སྐུར་པ་བཏབ་ན་ཆོས་སྤང་གི་ལས་གསོག་པས། རྙིང་མ་པ་རྣམས་ཀྱི་བཀའ་དང་བསྟན་བཅོས་ལ་གཡོ་ཅན་གྱི་སྐུར་པ་བཏབ་པ་མི་འདུག །བདག་གིས་ཀྱང་བཏང་སྙོམས་སུ་བཞག་པ་ལས་ཤེས་མདོག་གི་ཁ་ཚོན་ནམ་ཡང་གཅོད་པར་མི་བྱ་སྟེ། ངེས་པའི་གཏན་ཚིགས་རྙེད་དཀའ་བས་ཐག་གཅོད་རྒྱུ་ག་ལ་ཡོད། ཚིག་རིས་ལ་བརྟགས་ན་མཁས་པས་རྩོམ་པའི་ཉམས་དང་། དེ་ལྟ་བུ་མིན་པ་གྲོང་ཚིག་གི་གཤིས་ཅན་གང་ཡིན་སུས་ཀྱང་ཤེས་སླ་སྟེ། དེ་ཙམ་གྱིས་བཀའ་ཡིན་མིན་སོགས་ངེས་དཀའ་སྟེ། སངས་རྒྱས་ཀྱི་གསུང་ནི་གདུལ་བྱའི་དབང་གིས་རྗོད་བྱེད་སྣ་ཚོགས་དང་དོན་སྣ་ཚོགས་སུ་ཡོད་པ་མི་ཁེགས་པའི་ཕྱིར་ཏེ། མགོན་པོ་བྱམས་པས། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་ནི་སྤྲིན་ཆེན་ལས་ཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོ་ནི་འབྱུང་བ་ཡིན། །དེ་བཞིན་འཕགས་ལམ་ཡན་ལག་བརྒྱད་ཆུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ཡིས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་གསུངས། དེ་བཞིན་སྔགས་ཀྱི་ཡི་གེ་ལའང་། སངས་རྒྱས་ཀྱི་གསུང་ཡིན་ན་ལེགས་སྦྱར་ཁོ་ན་ཡིན་པའི་ངེས་པ་མེད་དེ། ལྷ་ཀླུ་མི་སོགས་སྐད་སྣ་ཚོགས་པར་བྱིན་གྱིས་བརླབས་པའི་སྔགས་ཡོད་པས། ལེགས་སྦྱར་ཁོ་ནར་མ་ངེས་ཏེ། དྲི་མེད་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་ལ་སོགས་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡའ་སྤྲོད་པ་དང་ཀླུས་བཀོད་སྒྲ་བརྩེགས་རྩོད་པ་དོན་གཉེར་རྣམས་ཀྱིས་དེ་ལས་གཞན། །ཞེས་དང་། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུངས་ཤིང་། །རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་ཉམས་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན། །ཞེས་གསུངས། དཔེར་ན་ལེགས་སྦྱར་ལ་ཡི་གེ་མང་པོ་བརྩེགས་པ་མེད་ཀྱང་། དུས་འཁོར་ལ་རྣམ་བཅུ་དབང་ལྡན་གྱི་སྔགས་སོགས་དང་། རྙིང་མའི་ཚེ་བདག་ཨྱེ་ལྟ་བུ་སོགས་ཤིན་ཏུ་མང་ཞིང་། བརྡ་དོན་ཚེའི་སྒོ་ནས་ཨཱོཾ་ལ་རིང་ཆ་བཏགས་པ། སྒྲ་བསྒྱུར་ཏེ་ཀྲོ་དྷ་ལ་ཀྲོ་ཏ་སོགས་སུ་འབོད་པ་སོགས་སྒྲ་ཉམས་སྣ་ཚོགས་ནི་མན་ངག་ཅན་གྱི་སྔགས་ཀྱི་སྒྱུར་སོ་གང་ཞིག་རྣོ་བའི་གནད་དང་ལྡན་པ་ཡིན་ཏེ། འདི་འདྲ་མཐའ་དག་ཕྱོགས་རེའི་དཔྱད་པས་ཤེས་མི་ནུས་ཏེ། དཔེར་ན་མཚན་བརྗོད་ཐིག་ལེ་སྟོང་པ་ཡི་གེ་བརྒྱའི་སྐད་དོད་དང་། ཥ་ཊ་དྲུག་གི་སྐད་དོད་ལ། ཐིག་སྟོང་ཡིག་དྲུག་མཚོན་བྱེད་དབྱུག་པའི་རྣམ་པ་དྲུག་འདུས་པའི་ཨེ་ཡིག་ཏུ་གྲུབ་པ་དེ་ཡིན་ལ། ཥ་ཊ་ཤྭ་ཏར་བསྒྱུར་ན་བརྒྱ་ཡི་སྐད་དོད་དེ། ཡི་གེ་བརྒྱའམ་ལྷ་བརྒྱ་ཡི་ས་བོན་དུའང་རུང་བ་ལྟ་བུ། བརྒྱ་དང་དྲུག་ཁྱད་ཆེ་ཡང་དོན་ལ་མི་འགལ་བ་ལྟ་བུ་འདི་འདྲ་ཕལ་གྱི་བློ་ངོར་མི་འཐད་ཀྱང་མཁས་པ་ལ་ཆེས་མཛེས་གསུངས། རྙིང་མའི་སྔགས་ཕལ་ཆེར་བོད་སྐད་ཡིན་པས་འདི་ལ་ཐེ་ཚོམ་ཟ་འདུག་ཀྱང་། གསར་རྒྱུད་ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་སོགས་ནའང་དེ་འདྲའི་བོད་སྐད་ཀྱི་སྔགས་མང་དུ་ཡོད་ལ། ཀྱེ་རྡོ་རྗེའི་གླུ་སོགས་རྒྱུད་ཕལ་མོའི་སྔགས་སམ་གླུ་རྣམས་ཀྱང་ལེགས་སྦྱར་ཁོ་ན་མིན་པར་ཟུར་ཆག་སོགས་དུ་མ་ཡོད། དེའི་ཕྱིར་མཁའ་འགྲོ་གསང་བའི་བརྡ་དང་ལྷ་ཀླུ་གནོད་སྦྱིན་རྣམས་དང་། མི་ཡི་སྐད་ཀྱི་བྱེ་བྲག་ལེགས་སྦྱར་ཟུར་ཆག་སོགས་བཞི་དང་། བོད་སོགས་ཡུལ་སོ་སོའི་སྐད་དུ་བྱིན་གྱིས་བརླབས་པ་ཡོད་དེ། ཆོས་ཐམས་ཅད་ཀྱང་ངེས་ཚིག་སྣ་ཚོགས་ཀྱིས་མ་བསྟན་ན། སྐད་རིགས་གཅིག་གིས་ཡུལ་གཅིག་གི་སྟོན་པར་འགྱུར་གྱི། ཡུལ་ཐམས་ཅད་དུ་སྟོན་མི་ནུས་ཀྱི། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྐད་སྣ་ཚོགས་ཀྱིས་སྟོན་པ་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་བཟླ་བྱའི་སྔགས་ཀྱང་ལེགས་སྦྱར་ཁོ་ནར་བྱིན་གྱིས་རློབས་ཀྱི་གཞན་པའི་སྐད་ལ་བྱིན་བརླབས་མི་ནུས་པ་མ་ཡིན་ཏེ་གང་ལའང་བརླབ་ནུས་སོ། །དེའི་ཕྱིར་རྙིང་རྒྱུད་རྣམས་སུ་རྒྱ་སྐད་དུ་སྔགས་བྱིན་གྱིས་བརླབས་པའི་སྔགས་སོར་བཞག་པའང་ཡོད། ཤམ་བུ་སོགས་དང་སྔགས་དངོས་ལའང་བོད་སྐད་དུ་བྱས་པ་ཡོད་དེ། དེ་དག་རྣོ་མྱུར་ཁྱད་དུ་འཕགས་པར་སངས་རྒྱས་ལས་མི་གཞན་པའི་པདྨ་འབྱུང་གནས་སོགས་ཀྱིས་དགོངས་ནས་བསྟན་པ་ཡིན་ལ། དེ་ལྟར་བཟླས་ན་བསླུ་བ་མེད་པ་ནི། པུ་ཏྲ་བྷ་དྲའི་སྔགས་ཞང་ཞུང་གི་སྐད་དུ་ཡོད་པ་བསམ་ཡས་སུ་གཏེར་དུ་སྦས། ཕྱིས་ཁ་ཅིག་གིས་བཏོན་པའི་ཚེ་ལོ་ཆེན་རིན་ཆེན་བཟང་གིས་ལས་སྦྱོར་མཛད་པ་རྒྱ་སྐད་ཀྱི་སྔགས་ཀྱིས་མ་གྲུབ་ལ། ཞང་ཞུང་གི་སྐད་ཀྱི་སྔགས་ཀྱིས་དགྲ་ཐུལ་བས། པད་འབྱུང་དུས་གསུམ་མཁྱེན་པ་ཡིན་ནོ་ཞེས་བསྔགས་པར་ས་སྐྱའི་མགོན་པོད་སོགས་སུ་གསུངས་པས་མཚོན་ནས་ཤེས་སོ། །དེས་ན་དབྱིག་གཉེན་གྱིས། དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་གསུངས་པ་ལྟར་རོ། །ཆོས་དང་གང་ཟག་གི་ཚད་འཛིན་ཤིན་ཏུ་དཀའ། རང་ཐེ་ཚོམ་མེད་པའི་ཆོས་ཤིག་ལ་བློ་གཏད། གཞན་ལ་སྒྲོ་སྐུར་མི་བྱ་བར་བཏང་སྙོམས་སུ་བཞག་ན་ལེགས་ཏེ། མགོན་པོ་བྱམས་པས། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་གསུངས། ངེས་པར་ཟོག་པོས་ཆོས་ལ་བསླད་བཏང་ནས་བསྟན་པའི་ཚིག་དང་དོན་དཀྲུགས་པ་མཐོང་ན་བསྟན་པ་ལ་གཅེས་སྤྲས་ཀྱིས་མ་དག་པ་སུན་འབྱིན་པ་གནང་བ་ཡིན་ཀྱང་། སྔར་ཡོད་ཀྱི་ཆོས་འདི་དག་ལ་ཧ་ཅང་དག་མ་དག་གི་དཔྱད་ར་དང་བརྗོད་པ་མང་བ་ལ་དགོས་པ་ཆེར་མ་མཐོང་ངོ་། །དེ་ལྟར་གསར་རྙིང་གྲུབ་མཐའི་ཆགས་སྡང་གིས། རྙིང་ཆོས་མི་དག་པར་སྨྲ་བའི་ཚུལ་རྣམས་ལེགས་པར་བརྟགས་ཏེ་ཐེ་ཚོམ་བཅད་ནས། ད་ནི་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པའི་ཚུལ་སྔོན་གྱི་མཁས་གྲུབ་དག་གིས་གསུངས་པའི་དོན་བརྗོད་པར་བྱ་སྟེ། དེ་ཡང་སྨྲ་བའི་སེང་ཆེན་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། སྔ་འགྱུར་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་གྱི་ཡོན་བདག་དང་མི་འདྲ། གང་དུ་བསྒྱུར་བའི་གནས་ཀྱང་། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་ཡིན་པས་ད་ལྟའི་གྲོང་དགོན་ཕག་ཕུག་དང་མི་འདྲ། སྒྱུར་བྱེད་ལོ་ཙཱའང་། སྔོན་སྒྲ་བསྒྱུར་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་རྨ་གཉགས་གནུབས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་པའི་ཆོས་ཡིན། ད་ལྟ་བརྡ་སྤྲོད་གཞུང་དུམ་རེ་ཤེས་པ་ལ་ལོ་ཙཱར་བཏགས། དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། པཎྜི་ཏའི་ཁྱད་པར་ཡང་། སྔོན་ཞི་བ་འཚོ། སངས་རྒྱས་གསང་བ། པད་འབྱུང་། བི་མ་ལ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟ་གསེར་འདོད་དུ་འཁྱམས་པ་རྣམས་དང་མི་འདྲ། ཞུ་རྟེན་གྱི་མེ་ཏོག །སྔོན་གསེར་ཤ་བའི་རླིད་བུ་དང་བྲེ་ལ་གཞལ་ནས་ཕུལ་བའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། ཆོས་ཀྱི་ཁྱད་པར། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་དུས་བསྒྱུར་བར་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད། བྱང་ཆུབ་སེམས་དཔའ་དང་གྲུབ་པ་དང་རིག་འཛིན་དང་མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང་། འཛམ་གླིང་གི་བྱེ་བྲག་ཨོ་རྒྱན་དང་། སེངྒ་ལའི་གླིང་སོགས་ནས། སློབ་དཔོན་པདྨ་དང་བི་མ་ལ་སོགས་གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་པ་ཡིན། འགྱུར་ཡང་། སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་འཇལ་བ་ལ་རླབས་ཆེ་ཞིང་། ཕྱིས་ཀྱི་ལོ་ཙཱ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམ་ལ་གོ་དཀའ། བྱིངས་འཇལ་བ་ལ་རླབས་ཆུང་བས་མི་འདྲ་བ་ཡིན་གསུངས། འདི་དག་རྙིིང་མ་པས་རང་བསྟོད་ཡིན་སྙམ་ན་མ་ཡིན་ཏེ། དོན་ལ་གནས་པའི་ཆེ་བ་ཡང་དག་ཡིན་ནོ། །ཇི་ལྟར་ན། ལོ་པཎ་གདན་འཛོམ་བྱས་ནས་ཡིད་ཆེས་ཁུངས་བཙུན་གྱི་ཆོས་དག་ཐེར་དུ་བཏབ་སྟེ་བསྒྱུར་བ་དེ་འདྲ་གསར་འགྱུར་ལ་མེད་དེ། དང་པོ་སྤྱན་འདྲེན་པ་ཡོན་བདག་གི་ཆེ་བ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འདྲ་བའི་མངའ་དབང་ཆེན་པོ། རྒྱ་དཀར་ནག་ཞང་ཞུང་སོགས་ཀྱི་པཎ་གྲུབ་སྡུད་ནུས་པ་ཕྱིས་སུ་ཇི་ལྟར་བྱུང་སྟེ་མ་བྱུང་ངོ་། །འདི་རྒྱལ་པོ་མངའ་ཐང་ཆེ་བ་ཡིན་དུ་ཆུག་ན་ཆོས་ཀྱི་ཆེ་བར་མི་འགྱུར་སྙམ་ན། རྒྱལ་པོ་མངའ་ཐང་ཆེན་པོས་མཐའ་བཞིའི་མཁས་གྲུབ་སྡུད་པའི་སྒོ་ནས་སྤེལ་བའི་ཆོས་ཡིན་པས་གསར་འགྱུར་ལས་ཡིད་ཆེས་ཁུངས་བཙུན་གྱི་ཆེ་བ་ངེས་པར་ཡིན་ཏེ། ཕྱིས་འགྱུར་ལའང་གདན་འདྲེན་པ་ལྷ་བླ་མ་ལྟ་བུ་དང་། པཎྜི་ཏ་ཇོ་བོ་ཆེན་པོ་ལྟ་བུ་སོགས་ཡོད་མོད་ཀྱི། དེ་དུས་གསར་འགྱུར་ཕྲན་ཚེག་རེ་ལས་སྔ་དུས་ལྟར་མ་བྱུང་ན། དེ་ལས་གཞན་པའི་ལོ་ཙཱ་བ་རྒྱ་གར་དུ་རྐང་པས་ཕྱིན་པ་རེ་ཟུང་གིས་ལྟ་ཅི་སྨྲོས། དེ་དག་གསར་མའི་ལོ་པཎ་ཁྱད་གསོད་མིན་ཏེ། བདག་ཉིད་ཆེན་པོ་དེ་དག་ཀྱང་བསྟན་འགྲོར་ཕན་བདེའི་བྱེད་པོ་ཡིན་མོད། ཆོས་ཀྱི་ཁུངས་སྔ་འགྱུར་བ་འཕགས་ཚུལ་བསྟན་པ་ཡིན་ནོ། །གཉིས་པ་གང་དུ་བསྒྱུར་བའི་གནས་ཕྱག་བཞེས་གཙུག་ལག་ཁང་གི་ཆེ་བ། སྔོན་གྱི་དུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་གངས་ཅན་གྱི་མི་དང་མི་མིན་ནག་ཕྱོགས་འབྱུང་པོའི་ཚོགས་རྣམས་ནུས་པའི་མཐུས་ཚར་བཅད། དཀར་ཕྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་དབང་དུ་བསྡུས་ཤིང་བྲན་དུ་བཀོལ་ཏེ་རྒྱལ་ཆེན་བཞི་སོགས་ཀྱིས་ལས་དཔོན་བྱས་ཏེ་བཞེངས་ཤིང་། ཁྱད་པར་ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པའི་གནས་ཐ་དད་པ་ནས་རིག་པ་འཛིན་པ་དང་མཁའ་འགྲོའི་ཚོགས་ཀྱིས་བཟུང་བའི་རྒྱུད་སྡེ་མཐའ་ཡས་པའི་གླེགས་བམ་རྣམས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། རབ་ཏུ་གནས་པའི་མེ་ཏོག་འཐོར་བ་སོགས་ཀྱི་ཚེ་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལྷ་མི་ཀུན་གྱི་མིག་གི་བདུད་རྩིར་གྲུབ་པ་དང་། སྔགས་བདག་སྲུང་མའི་ཚོགས་ཀྱིས་བཀའ་ཡི་གཉེར་ཁ་མཛད་པ་སོགས་ཨོ་རྒྱན་ཧེ་རུ་ཀའི་ལྷ་ཁང་དང་རྣམ་དབྱེར་མེད་པར་ཡོངས་ལ་གྲགས་ཤིང་གྲུབ་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་ཆོས་འཁོར་རྣམ་གསུམ་སྟེ། ཕྱིས་འགྱུར་གྱི་སྐབས་སུ་ཐོ་ལིང་གསེར་ཁང་སོགས་ཅི་རིགས་ཡོད་མོད་ཀྱི་སྔ་མ་དང་འགྲན་བཟོད་པ་ནི་འགའ་ཡང་མ་དམིགས་པའི་ཕྱིར་རོ། །དེས་ན་དེ་འདྲའི་གཙུག་ལག་ཁང་བཀའ་གཉན་ཞིང་ཟིལ་ཆེ་བ་དང་། གཙོ་བོར་རྒྱ་དཔེའི་དན་དཔང་དང་ལོ་པཎ་མཁས་གྲུབ་དུ་མ་བཞུགས་པའི་དྲུང་ཡིན་པས་རང་བཟོའི་ཚིག་སླད་ཕྲ་མོ་ཙམ་ཡང་གཞུག་མི་ནུས་པའི་ཕྱིར། དེར་བསྒྱུར་པའི་ཆོས་རྣམས་བསྲེགས་བཅད་བརྡར་པའི་གསེར་བཞིན་ཚད་མར་འོས་པ་ནི་སྔ་འགྱུར་གྱི་ཆེ་བ་ཡང་དག་པ་ཡིན་ནོ། །གསུམ་པ་སྒྲ་སྒྱུར་ལོ་ཙཱ་བའི་ཆེ་བ། ས་བཅུའི་དབང་ཕྱུག་འཕགས་པ་ཀུན་ཏུ་བཟང་པོ་ཉིད་མི་ཡི་ཚུལ་བཟུང་བ་རྣམ་སྣང་ལོ་ཙཱ་བ་ཆེན་པོ་སོགས་ཆོས་ཀྱི་གཏིང་དཔོག་པ། དགོངས་པའི་རྩལ་རྫོགས་པ། གྲུབ་པའི་མཚན་རྟགས་མངོན་དུ་འཆང་བ། རྗེ་འབངས་ཉེར་ལྔ་སོགས་དམ་པ་མང་པོ་འདུས་པ་ཡིན་ཏེ། སྒྲ་སྒྱུར་བརྒྱ་རྩ་བརྒྱད་སོགས་འཛོམས་ནས། དང་པོ་གཞུང་བོད་སྐད་དུ་བསྒྱུར། དེའི་ཚིག་དོན་ལ་པཎ་ཆེན་རྣམས་དཔང་པོར་བྱས་ནས་ཞུས་དག་བྱས། དེ་ནས་འཆད་ཉན་གྱིས་གཏན་ལ་ཕབ་པ་དེ་འདྲའི་ལོ་ཙཱ་ཕྱིས་སུ་ཡང་དཀོན་ཏེ། རྔོག་ལོ་ཙཱས་བསྔགས་པ་གོང་བརྗོད་ལྟར་རོ། །དེ་ལྟར་ལོ་པཎ་མཁས་གྲུབ་འཛོམས་ནས་དག་ཐེར་ཕུད་པའི་ཆོས་ཡིན་པས་ཆོས་ཀྱི་ཆེ་བར་དངོས་སུ་འགྲོའོ། །བཞི་པ་པཎྜི་ཏའི་ཆེ་བ། གསར་འགྱུར་ཕལ་ལ་རྒྱ་དཔེ་ལས་ལོ་ཙཱ་བས་སྐད་དོད་བསྒྱུར་བ་མང་ལ། ཕལ་ཆེར་པཎྜི་ཏ་ལས་ཐོས་ནས་འགྱུར་བ་དང་པཎྜི་ཏ་དེ་དག་ཀྱང་ཚད་ལྡན་ཡིན་མོད་ཀྱི་སྔ་འགྱུར་དུས་ཀྱི་པཎ་གྲུབ་ལྟ་བུ་ཆེས་དཀོན་ཏེ། བདག་ཉིད་ཆེན་པོ་ས་པཎ་གྱིས། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་ཅན། །རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་གསུངས་པ་ལྟར། མཁན་ཆེན་ཞི་བ་འཚོ་ལྟ་བུའི་སྡོམ་བརྩོན་ཆེན་པོ་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་ཡོངས་སུ་གྲགས་པ་རྒྱ་གར་ན་ཡང་དཀོན་པར་རྗེ་ཙོང་ཁ་པས་ཀྱང་། འཇམ་དཔལ་དབྱངས་ཀྱི་རྗེས་བཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །ཅེས་དང་། འདི་ཡི་རིགས་པའི་དགའ་སྟོན་མྱོངས་པ་ན། །སྐྱེ་བ་མང་པོར་རིགས་པའི་ལམ་དུ་ནི། །ངལ་བ་མང་བྱས་སྒྲུབ་དང་སུན་འབྱིན་ལ། །ལེགས་པར་བྱང་བའི་རྒོལ་བ་མཁས་མང་གི། །གཙུག་ན་གཙུག་རྒྱན་ནོར་བུ་ལྟར་མཐོ་བ། །སྨྲ་བ་ངན་པའི་ཚོགས་རྣམས་མཐར་མཛད་པ། །འཕགས་པའི་ཡུལ་ནའང་ཆེས་དཀོན་འདི་འདྲ་ནི། །བོད་ཀྱི་རྗེ་རྒྱལ་བཙན་པོས་སྤྱན་འདྲོངས་པ། །ཨེ་མ་བདག་ཅག་བོད་འབངས་སྐལ་བཟང་ཞེས། །ཡིད་ནི་རྨད་བྱུང་བདེ་ལ་རོལ་པ་ཡིས། །ཡོངས་སུ་བསྐྱོད་པས་གཞན་གྱི་དབང་གྱུར་པས། །ཞེས་སོགས་ཆེད་དུ་བསྔགས། གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་ནི་འཕགས་ཡུལ་གྱི་གྲུབ་ཐོབ་སྐར་ཚོགས་ལྟ་བུའི་དབུས་ན་ཟླ་བ་ལྟར་འཕགས་པར་ཡོངས་སུ་གྲགས་ཤིང་། འཕགས་བོད་འགྲོ་ལྡིང་སོགས་སུ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པར་མངོན་དུ་བསྟན་པའི་ལོ་རྒྱུས་དེང་སང་ཡང་ཉམས་པ་མེད་པར་ཡོངས་ལ་གྲགས་པ་ཉིད་ཡིན་ལ། པཎ་ཆེན་བི་མ་མི་ཏྲ་ནི། མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཡིན་པར་རྒྱ་བོད་ཀུན་ཏུ་གྲགས་ཤིང་འཕོ་ཆེན་འཇའ་ལུས་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ་ད་ལྟའང་རྒྱ་ནག་རི་བོ་རྩེ་ལྔར་བཞུགས། དེས་མཚོན་ནས་སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་རྒྱ་གར་ན་ཡོངས་སུ་གྲགས་པ། ཕྱིས་ཀྱི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་ཚད་མར་འཛིན་པ་ཤ་སྟག་ཡིན་ལ། དེ་འདྲ་འང་རེ་ཟུང་ཙམ་མིན་པར་པཎ་གྲུབ་མང་པོ་དུས་གཅིག་ཏུ་ཞལ་འཛོམས་ནས། མདོ་སྔགས་ཀྱི་ཆོས་སྒྱུར་ཞུས་གཏན་ལ་ཕབ་པ་དེ་འདྲ་ཕྱིས་སུ་གསར་འགྱུར་ལ་ཇི་ལྟར་བྱུང་། དེས་ན་སྒྱུར་བྱེད་པཎ་གྲུབ་ཁྱད་འཕགས་མང་པོ་དཔང་པོར་བཞུགས་བཞིན་ཆོས་རྣམས་སླད་མེད་གསེར་ཞུན་མ་ལྟ་བུ་མ་ནོར་བར་བསྒྱུར་བ་ནི་སྔ་འགྱུར་བའི་ཆོས་ཀྱི་ཆེ་བ་ཡིན་ནོ། །དེ་ལྟར་པཎ་གྲུབ་ཁྱད་འཕགས་དེ་རྣམས་དབང་བཅུའི་གོ་འཕང་བརྙེས་པས་བྱེ་མ་གསེར་དང་རྡེའུ་གཡུ་རུ་བསྒྱུར་ནུས་པ། གསེར་དང་བོང་བ་མཉམ་ཞིང་ནོར་གཙོ་བོར་མི་བྱེད་པ། བསྟན་འགྲོའི་དོན་གྱི་ཐུགས་ཅན། སྨོན་ལམ་དང་ཐུགས་བསྐྱེད་ཀྱིས་གངས་ཅན་མུན་པའི་སྨག་རུམ་འདུལ་བའི་ཕྲིན་ལས་ཅན། རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་མཁས་གྲུབ་ཀྱི་ཚུལ་དུ་བྱོན་པ་ཡིན་པ་ནི་སྔར་དུས་འཁོར་གྱི་ལུང་དང་། འཇམ་དཔལ་རྩ་རྒྱུད་ལས་རྒྱལ་པོ་མི་ཡི་ལྷ་ཞེས་ཆོས་རྒྱལ་ལུང་བསྟན་པ་སོགས་ཀྱིས་གྲུབ་བོ། །ལྔ་པ་ཕྱག་རྟེན་མེ་ཏོག་གི་ཆེ་བ། ཆོས་ཀྱི་རྒྱལ་པོས་གསེར་ཕྱེ་བྲེ་ལ་གཞལ། གསེར་གྱིས་ཤ་བའི་རླིད་བུ་བཀང་བ་ལྟ་བུ་འབྱོར་པའི་མངའ་ཐང་ཆེན་པོས། ལོ་པཎ་འདི་སྙེད་ཅིག་བོད་དུ་གདན་འཛོམས་པར་བྱས་པ་འདི་ཉིད་དེ། འདི་ནོར་གྱི་ཆེ་བ་ཙམ་ཡིན་ལ་ཆོས་ཀྱི་ཆེ་བར་མི་འགྱུར་བས། གསར་མ་པ་ཁ་ཅིག་གིས་རང་ལུགས་ལ་དམ་པའི་ཆོས་དཔྱད་གསུམ་གྱིས་དག་པ་གསེར་ཞུན་མ་ལྟ་བུའི་ཆེ་བ་བརྗོད་མོད། དཔྱད་གསུམ་གྱིས་དག་པའི་གསེར་ཞུན་མ་ལྟ་བུ་དེ་ཁྱེད་ཅག་མགོ་རྒོད་པས་རྙེད་པ་ཡིན་ན་དེ་ལྟར་ཡིན་དུ་ཆུག་རུང་། ཆོས་དེ་ཆོས་རྒྱལ་ཆེན་པོའི་སྨོན་ལམ་ཐུགས་བསྐྱེད་མངའ་དབང་གིས་བྱུང་བ་ཁྱེད་ཅག་གིས་མ་གོ་བར་ཟད་དོ། །འོན་ཀྱང་ནོར་གྱི་འབྱོར་པ་དེ་ལྟ་བུ་མེད་ན། ཇོ་བོ་རྗེ་བོད་དུ་སྤྱན་འདྲེན་འདོད་ཀྱིས་གསེར་བཙལ་བས་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གི་བཙོན་ཞབས་སུ་འདའ་དགོས་བྱུང་བའི་དཔེ་ལྟར། བསམ་པ་ཆེ་ཡང་ལག་ཏུ་མི་ལོན་མོད། ཆོས་ཀྱི་རྒྱལ་པོ་མངའ་དབང་ཆེན་པོས། ཆོས་ཀྱི་སྡེ་འཛུགས་པའི་ཕྱི་གཙུག་ལག་ཁང་། ནང་སྐུ་གསུང་ཐུགས་ཀྱི་རྟེན། བསྟན་པའི་བདག་པོ་ལོ་པཎ་གྱི་ལམ་རྒྱགས་དང་། འཚོ་བའི་ཡོ་བྱད། ཞབས་འབྲིང་བའི་སྐྱེ་བོ་དང་བཅས་པའི་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པའི་མཐུ་ལས། ལོ་པཎ་མཁས་གྲུབ་ཞལ་འཛོམས་ནས་ཆོས་རྣམ་དག་འགྱུར་བ་ཡིན་པས་འདི་ཡང་ཆེ་བར་ཅིས་མི་འགྱུར་ཏེ། ཆོས་འབྱུང་བའི་ཡན་ལག་ཡིན་པས་སོ། །འདི་ལ་ལྟོས་ནས་གསེར་ཆོས་ཟེར་བ་དང་། རྒྱ་གར་དུ་བགྲོད་ནས་དཀའ་བས་བཙལ་བའི་ཆོས་ཞེས་སམ། པཎ་གྲུབ་ཀྱི་གདམས་པ་གཅིག་བརྒྱུད་མ་ཞེས་སོགས་སུ་བོད་ན་འབོད་པ་གཞན། ཆོས་ཡིན་པ་དང་ཟབ་པ་དང་རྙེད་དཀའ་བ་ཡིན་པ་བདེན་ཡང་། ཆོས་རྒྱལ་གྱི་སྐུ་དུས་ལྟ་བུའི་ཡོན་ཕུལ་བ་དང་། བཻ་རོ་ལྟ་བུའི་དཀའ་བ་སྤྱད་པ་དང་། རྒྱ་གར་གྱི་པཎ་ཆེན་སྤྲུལ་པའི་སྐུ་མཆོག་རྣམས་ལས་དངོས་སུ་བླངས་པ་ལྟ་བུ་ཤིན་ཏུ་དཀོན་ནོ། །དེས་ན་འདི་ཡང་ཆོས་ཀྱི་ཆེ་བ་ཡང་དག་པ་ཡིན་ཏེ། གཞན་ལ་ཆེ་བ་ཡོད་མོད་ཀྱི་དེ་དང་མཚུངས་པའི་ཆེ་བ་མེད་དོ། །དྲུག་པ་བསྒྱུར་བྱ་ཆོས་ཀྱི་ཆེ་བ། མདོ་རྒྱུད་ཟབ་མོ་ཇི་སྙེད་འདི་སྔ་འགྱུར་བའི་དུས་སུ་བྱུང་བ་ཡིན་ལ། ཕྱིས་སུ་གཞུང་རེ་ཟུང་གི་བསྒྱུར་འཕྲོ་བསྒྱུར་པ་ཡོད་ཀྱང་། སྔར་ལྟར་རྒྱ་ཆེ་བ་སྒྱུར་མ་ནུས་ཏེ། བྱེ་བྲག་བཤད་མཛོད་ཆེན་པོ་སྔར་མ་བསྒྱུར་བར་ལོ་ཙཱ་བ་བཟང་ངན་བསྟན་པའི་ཕྱིར་རྒྱ་དཔེ་བསམ་ཡས་སུ་བཞག་པ་ཡིན་མོད། ཕྱིས་སུས་ཀྱང་བསྒྱུར་པ་འདུག་གམ། དེ་བཞིན་དུ་རྒྱུད་འབུམ་ལྔ་དང་། གཞན་ཡང་མདོ་རྒྱུད་བོད་དུ་མ་འགྱུར་བ་ཆེས་མང་པོ་རྒྱ་གར་དུ་ཡོད་ན། ཞིང་གཞན་དང་མཁའ་འགྲོའི་གསང་མཛོད་ན་ལྟ་ཅི་སྨྲོས་ཏེ། དེ་དག་སྒྱུར་ནུས་པའི་སྟོབས་འབྱོར་དང་ནུས་མཐུ་བློ་གྲོས་བྱུང་ན་འགྱུར་རིགས་ཀྱི། སུས་ཀྱང་བསྒྱུར་མ་ནུས་པ་དེར་ཟད། ཁྱད་པར་ནང་རྒྱུད་སྡེ་གསུམ་འདི་ནི་གསར་རྙིང་གཉིས་ཀར་ཐུན་མོང་དུ་གྲགས་པའི་རྒྱུད་རྣམས་ཀྱིས་མཚོན་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་དགོངས་པའི་མཐིལ། མན་ངག་གི་གནད། ངེས་པའི་དོན། རྒྱལ་བ་ཡོངས་ཀྱི་དགོངས་པའི་ཞེ་ཕུགས་ཡིན་པས། རྒྱ་གར་དུའང་མཁས་གྲུབ་ཉུང་ཤས་ཀྱི་ཐུགས་ལ་ཅི་རིགས་མངའ་ཡང་ཤིན་ཏུ་གསང་བའི་ཟབ་ཆོས་ཡིན་པས་ཕལ་པ་སུས་ཀྱང་རྙེད་པར་དཀའ་བ་ཡིན་མོད། པད་འབྱུང་དང་བི་མ་ལ་སོགས་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་རྣམས་ཀྱིས་རང་དབང་དུ་བླངས་ཏེ། ཡོན་ལ་བལྟ་བ་མེད་པའི་སྙིང་རྗེའི་ཐུགས་ཀྱིས་བོད་ཀྱི་སྐལ་པར་གནང་བ་ཡིན་ནའང་། ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ་བྱུང་ནས་རྩོད་པ་ཅན་དུ་བྱས་ཏེ། གསར་མ་པ་རྣམས་ལ་ཐེ་ཚོམ་དུ་སོང་། རྙིང་མ་པའི་ཁུད་པའི་ཆོས་སྐལ་དུ་ཐོབ་པས། སྔར་རིག་འཛིན་གྱི་ས་ལ་བྱ་ཁྱུ་འཕུར་བ་ལྟར་གཤེགས་པ། རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ། སོ་ཟུར་གནུབས་སོགས་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེས་མང་པོ་བྱོན། དེང་སང་ཡང་སྐལ་ལྡན་རེ་ཟུང་གི་སྤྱོད་ཡུལ་དུ་རང་ནུས་དང་བསྟུན་པའི་ཉམས་ལེན་གྱི་རྒྱུན་མ་ནུབ་ཙམ་དུ་བཞུགས་ཀྱང་། དེང་སང་ནི་ཟབ་མོའི་ཆོས་མཛོད་དེ་བཞག་ནས། རྟོག་གེའི་ཟེར་སྒྲོས་ལྷུར་ལེན་པ་དང་། གཏེར་ཆོས་གསར་པ་འདོན་རྒྱུ་ཉབ་ཉོབ་ཙམ་དོན་དུ་གཉེར་བ་མང་ཞིང་། ནང་རྒྱུད་སྡེ་གསུམ་གྱི་གྲུབ་མཐའི་གནད་གསང་ཤེས་འདོད་ཀྱིས་འཆད་ཉན་དང་། སྒོམ་སྒྲུབ་ཀྱིས་མཚོན་བྱ་བ་བྱེད་མཁན་ཉུང་སྟེ། ཐུ་ཀྭན་རིན་པོ་ཆེས། མདོ་སྒྱུ་སེམས་གསུམ་གར་ཡོད་མི་ཤེས་སོགས་གསུངས་པ་ཐོག་ཏུ་བབས་ཏེ། འདི་བདེན་པའི་གསུང་གཞན་བསྐུལ་འདེབས་པ་ཡིན་པར་གོ །ནང་རྒྱུད་འདི་ཡི་བསྟན་དོན་ཕྲ་མོ་རེ་ལ་ངེས་ཤེས་སྐྱེས་ནའང་། སྔགས་རྒྱུད་རྣམས་ཀྱི་རིམ་གཉིས་ཀྱི་གནད་ལ་ངེས་ཤེས་ཁྱད་འཕགས་རེས་ཐེ་ཚོམ་གཅོད་ནུས་པ་ཡིན་པས། བདེ་གསང་སོགས་ཆོས་རྣམ་དག་ཡིན་ན་དེའི་མན་ངག་འདི་ན་གསལ་བས་འདི་ཆོས་རྣམ་དག་ཡིན་པར་མ་ཟད། ཆོས་ཀྱི་སྙིང་པོ་ཡིན་པར་རིགས་པས་ངེས་ནུས་པའི་ཕྱིར། ཆོས་ཀྱི་ཆེ་བ་འདི་འདྲ་གསར་མ་ལ་མེད་དེ། ཅིའི་ཕྱིར་ན། བདེ་གསང་སོགས་ཀྱི་རྒྱུད་དང་། དེའི་འཆད་ཉན། བསྐྱེད་རྫོགས་ཀྱི་ཉམས་ལེན་ཡོད་མོད་ཀྱང་། རྙིང་མའི་རྒྱུད་རྣམས་ཀྱི་དགོངས་གཞི་བསླངས་མ་ནུས་ན་དེ་དག་ཚོགས་བཤད་ཙམ་ལས། སློབ་བཤད་ཐུན་མིན་གྱི་འཆད་པ་དང་ཉམས་ལེན་དུ་མི་འགྱུར་བས། ཟབ་མོའི་གནད་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་ལ་ལྟོས་ནས་ཤེས་དགོས་ཏེ། སངས་རྒྱས་ལ་ཉེ་རིང་གི་འདུ་ཤེས་མི་མངའ་མོད། གདུལ་བྱ་རྣམས་ཀྱི་སྣོད་དང་སྦྱར་ནས་མདོ་དང་རྒྱུད་དང་། རྒྱུད་ཀྱི་དགོངས་པ་སྦས་པ་དང་མ་སྦས་པའི་རིམ་པས་སྟོན་པར་མཛད་པའི་ཕྱིར། རྡོ་རྗེ་སྙིང་འགྲེལ་ལས། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། །ཞེས་སོགས་གསུངས་པས། དུས་ཀྱི་འཁོར་ལོའི་རྒྱུད་གཞན་གྱི་སྦས་པ་མངོན་དུ་སྟོན་པའི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ་ལྟར་ཡིན་པའི་ངེས་ཤེས་རྙེད་རྒྱུ་ཡོད་པ་བཞིན། ནང་རྒྱུད་སྡེ་གསུམ་འདི་ཡང་རྒྱུད་ཀུན་གྱི་དགོངས་པའི་མཐིལ་ཡིན་ཏེ། མདོ་ཙམ་བརྗོད་ན། སྔགས་རྒྱུད་ཀྱི་ཉམས་ལེན་མཐར་ཐུག་དབང་བཞི་པའི་ཡེ་ཤེས་ནི། རིག་སྟོང་གཉུག་མ་བདེ་བ་ཆེན་པོ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ཡང་། དེ་རྒྱུད་གཞན་ན་སྦས་པའི་ཕྱིར། གསར་མ་པ་རྣམས་ཀྱིས། འགྱུར་བདེ་དང་སྟོང་རྐྱང་སྦྱར་བའི་འདུས་བྱས་ཀྱི་སྤྱོད་ཡུལ་ཞིག་ལས། འདུས་མ་བྱས་པའི་རང་བྱུང་གི་ཡེ་ཤེས་སམ་སྐད་ཅིག་མའི་ཆ་ལས་འདས་པའི་འགྱུར་མེད་ཀྱི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་འཇུག་དོན་གྱི་ལྷན་སྐྱེས་ཇི་བཞིན་གཏན་ལ་དབབ་མ་ནུས་པའི་ཕྱིར། དེ་དག་དུས་ཀྱི་འཁོར་ལོར་མ་སྦས་ཀྱང་། ད་རུང་སྔར་གྱི་ཞེན་པས་ཇི་བཞིན་ངེས་པ་དཀོན་ལ། དབང་པོ་གཉིས་སྦྱོར་གྱི་བདེ་བ་མི་རྟག་པ་འགྱུར་བ་དེ་ཡིན། བདེ་བ་ཆེན་པོ་མི་འགྱུར་རྟག་པ་ཡིན་ཞེས་གསུངས་པ་སོགས་སེམས་འགྲེལ་སྐོར་གསུམ་དང་། གྲུབ་པ་སྡེ་བདུན་རྡོ་རྗེའི་དོ་ཧ་སོགས་ནའང་དེ་བཞིན་གསལ་མོད། རྫོགས་ཆེན་ལུགས་ལྟར་མན་ངག་གི་ངོ་སྤྲོད་ཐེབས་པས། སྔགས་ཀྱི་བདེན་པ་དབྱེར་མེད་ཟུང་འཇུག་གི་དོན་སློང་མ་ནུས་ན། གསལ་བདེ་རིག་པའི་ཡེ་ཤེས་ཞེས་སྨྲོས་པ་ན། དེ་འདྲ་ལ་རྟག་པ་ཞིག་ག་ལ་ཡོད་སྙམ་དུ་འདུས་བྱས་བདེ་བ་དང་འདུས་མ་བྱས་སྟོང་རྐྱང་གཉིས་ལྷན་ཅིག་གསར་དུ་སྦྱར་བ་ལ་ལྷན་སྐྱེས་སུ་འདོད་པ་དང་། རྒྱུད་དང་མན་ངག་གི་དགོངས་པ་སྒྲ་ཇི་བཞིན་ངེས་མ་ནུས་པ་ནི། སོ་སོའི་ཡིད་འཇོག་གིས་དན་དཔང་བྱེད་ཆོག་པ་འདི་བྱུང་བས། རྙིང་མའི་ལུགས་ཀྱི་རིག་སྟོང་དབྱེར་མེད་འོད་གསལ་བའི་སེམས་དང་། འཁོར་ལོ་ཐ་མའི་མདོའི་བདེ་གཤེགས་སྙིང་པོ་གདོད་ནས་རྣམ་དག་སྐུ་དང་ཡེ་ཤེས་ཉིད་དང་འདུ་འབྲལ་མེད་པ་རྟག་པ་ཆེན་པོ་ཇི་བཞིན་འཛིན་མི་ནུས་པར་དགོངས་པ་ཅན་དང་སྒྲ་ཇི་བཞིན་མིན་པར་འདོད་པས་བྱུང་བ་ཡིན་ནོ། །དེ་བཞིན་དུ་བསྐྱེད་རིམ་གྱི་ལྟ་བ་སྣང་སྲིད་ཡེ་སངས་རྒྱས་པའི་ཚུལ་དང་། ཐབས་ལམ་གྱི་རྩ་བ་ལུས་ཐབས་ཀྱི་རྒྱུད་ཡིན་པས་དེ་ལ་གནད་དུ་བསྣུན་ན་རང་བཞིན་འོད་གསལ་འཆར་ཚུལ་ལའང་། མི་ཤིགས་དྭངས་མ་གསུམ་ལྡན་གྱི་ཐིག་ལེ་ཉིད་འོད་གསལ་འདུས་མ་བྱས་པའི་ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས་སུ་ཁས་ལེན་མི་ནུས་བཞིན། དབུ་མར་སྲོག་གཞུག་པའི་བདག་བྱིན་རླབས་ཀྱི་རིམ་པ་བསྒོམས་པས་གཟོད་ཅིག་ཡིད་ལྷ་སྐུར་སྨིན་པ་ལ་བློ་རྩེ་གཏད་ནས། འཁོར་ལོ་ཐ་མའི་མདོ་ལས་ལམ་ལྔ་འབྲལ་བྱེད་ཀྱི་རྒྱུ་དང་འབྲས་བུ་ཆོས་སྐུ་བྲལ་འབྲས་སུ་གསུངས་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་བཏུས་སོགས་སྔགས་རྒྱུད་ལས་ཀྱང་། འོད་གསལ་བའི་སེམས་གདོད་ནས་རྣམ་དག་ལ། སྒྲིབ་བྱེད་གློ་བུར་གྱི་རླུང་རྟོག་ཐབས་ཀྱིས་བཀག་པས། ཟུང་འཇུག་དོན་གྱི་སངས་རྒྱས་བྲལ་འབྲས་དངོས་སུ་གསུངས་པ་ཡོད་བཞིན། དེ་དག་གི་དགོངས་དོན་ཇི་བཞིན་སློང་མ་ནུས་པར། སངས་རྒྱས་ཀྱི་གཉུག་སེམས་སམ། མི་ཤིགས་པའི་ཐིག་ལེའམ། གཟུགས་སྐུའི་ཉེར་ལེན་གྱི་རྒྱུ་རླུང་འོད་ཟེར་ལྔ་པ་སོགས་ཐབས་ཀྱིས་སྦྱངས་ནས། གཟོད་སངས་རྒྱས་སུ་འགྲུབ་པར་སྨྲ་བའི་གཞུང་འཛུགས་པའི་གནད་དེ་ཡིན་ནོ། །འདི་དག་སྣང་ཚུལ་ལ་དེ་ལྟར་བརྗོད་པ་ཙམ་ལ་འགལ་བ་མེད་མོད། གནས་ཚུལ་ལའང་གདོད་ནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ངོ་བོར་ཡེ་ནས་རང་ཆས་སུ་མེད་ན། གཉུག་སེམས་འོད་གསལ་དང་མི་ཤིགས་པའི་ཐིག་ལེ་སོགས་ཀྱང་མ་དག་པའི་ཆར་གཏོགས་པར་འགྱུར་ན། ཐབས་ཀྱི་ལམ་གྱིས་དེ་ལ་གནད་དུ་བསྣུན་པའང་དོན་མེད་པར་འགྱུར་བ་སོགས་སྐྱོན་མཐའ་ཡས་པ་ཡོད་མོད། ཉུང་ངུས་བརྗོད་པས་ཐེ་ཚོམ་ཆོད་དཀའ་བས་དཔྱད་པའི་སྙིང་པོ་ཙམ་ལས་མ་སྨྲས་སོ། །གསར་མའི་ནང་དུའང་དུས་འཁོར་གྱི་མན་ངག་ལ་བརྟེན་པ་འགའ་ཞིག་ནི་རྙིང་མའི་ཁས་ལེན་ལྟར། རང་བཞིན་འོད་གསལ་གྱི་སེམས་སམ་བདེ་གཤེགས་སྙིང་པོ་རྡོ་རྗེ་ཅན་གྱི་སེམས་ནི་སངས་རྒྱས་སུ་ཞལ་གྱིས་བཞེས་པ་ཡོད་དེ། ལམ་དེ་ཚུལ་བཞིན་སྒོམ་པ་རྣམས་ལ་གྲུབ་ཐོབ་དུ་མ་བྱུང་ངོ་། །འོན་ཀྱང་རྙིང་མས་ངོ་བོ་སྟོང་པར་གཏན་ལ་འབེབ་པ་སོགས་གོ་བདེ་ཞིང་ཡིད་ཆེས་སྐྱེ་སླ་བ་ཡོད། དེས་ན་ཆོས་ཀྱི་ཆེ་བ་འདི་ནི་གཞན་ལ་མེད་ཅིང་སྔ་འགྱུར་གྱི་ཆོས་ལ་ཡོད་པའི་ཁྱད་པར་འབྱེད་རུང་། བདེ་གསང་སོགས་སྔགས་ཀྱི་དགོངས་པ་ཇི་བཞིན་བསླངས་ན་ནི། འདི་དག་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་ཡིན་པས་རྒྱུད་ལ་བཟང་ངན་མེད་མོད། མན་ངག་གི་གནད་སྤངས་པའི་རྒྱུད་འཛིན་པ་པོ་རྣམས་ལ་ལྟོས་ནས་མན་ངག་མ་སྦས་པའི་རྒྱུད་རྣམས་སྦས་པ་རྣམས་ལས་ཆེས་ཆེ་བར་འགྲུབ་པ་ཡིན་ནོ། །དེའི་ཕྱིར་གསང་སྔགས་སྔ་འགྱུར་གྱི་ཆོས་སྡེ་རིན་པོ་ཆེ་རྣམས་ནི་ས་གསུམ་ན་རྙེད་པར་དཀའ་བས། ཡིད་བཞིན་གྱི་ནོར་བུའི་གཏེར་ལས་ཀྱང་གཅེས་སྤྲས་ཀྱི་སྒོ་ནས། ཆོས་སྤྱོད་བཅུའི་ཚུལ་གྱིས་ཇི་ནུས་སུ་འཛིན་དགོས་པ་ཡིན་པས་གང་ཟག་སྐལ་པ་རབ་ཏུ་གྱུར་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འཚལ་ལོ། །རྒྱལ་བསྟན་ལྗོངས་འདིར་འདྲེན་པ་མེས་དབོན་གསུམ། །བསྟན་པའི་རྒྱལ་མཚན་སྒྲེང་མཛད་མཁན་སློབ་ཆོས། །བསྟན་པ་ཡུན་རིང་སྐྱོང་བ་བསྟན་འཛིན་ཚོགས། །འདི་དག་བོད་ན་བཀའ་དྲིན་འགྲན་ཟླ་བྲལ། །གངས་ལྗོངས་སྨྲ་བའི་སྒོ་འབྱེད་སམྦྷོ་ཊ། །མདོ་སྔགས་བསྟན་པའི་སྣང་བྱེད་སྐ་ཅོག་ཞང་། །བཅུ་ཕྲག་རིགས་ལམ་གསལ་བྱེད་མཁས་དབང་ཚོགས། །འདི་དག་བོད་ཡུལ་ཆོས་ཀྱི་ཉི་མ་ཡིན། །དེ་ཕྱིར་མདོ་སྔགས་རིག་གནས་བཅས་པ་ཡི། །ཤིང་རྟའི་ལམ་སྲོལ་སྔ་འགྱུར་བ་ཡིས་ཕྱེས། །དེ་ཡི་རྩ་ལག་རིས་བྲལ་དམ་པས་སྤེལ། །དེང་སང་བར་དུ་བསྟན་པའི་མངའ་ཐང་རྒྱས། །དེ་ལྟ་ནའང་ནུ་ཞོས་འགྲངས་པ་ཡི། །ཕྲུ་གུའི་ཚོགས་ཀྱིས་མ་ལ་འཁུ་བ་ལྟར། །བློ་ཞན་བྱས་པ་མི་གཟོ་འགའ་ཞིག་གིས། །རང་ཆེ་འབྱིན་ཞིང་བསྟན་རྙིང་དམན་པར་འཛིན། །ཀྱེ་མ་ཧོ། རྒྱལ་བསྟན་ཆུ་གཏེར་ཟབ་མོའི་ཀློང་བརྒལ་ནས། །མདོ་སྔགས་རྒྱུད་སྡེའི་ཆོས་ཀྱི་སྙིང་པོ་ནི། །འགྲན་ཟླ་མེད་པའི་མཁས་གྲུབ་མཆོག་རྣམས་ཀྱི། །དྲིན་ལས་སྔ་འགྱུར་བ་ལ་མཆིས་མོད་ཀྱི། །སོ་སོའི་གྲུབ་མཐའི་ཟབ་གནད་མ་ཕིག་པའི། །བློ་ཆུང་རྣམས་ཀྱིས་བལྟས་ན་རྙིང་མའི་ཆོས། །ཕལ་དང་མི་འདྲ་སྒེར་ཆོས་མང་བའི་ཕྱིར། །ཡང་དག་ཡིན་མིན་སོམ་ཉིའི་གཟེབ་ཏུ་ཆུད། །རྒྱ་ཆེའི་ཆོས་མཛོད་རྟོགས་ཤིང་ཟབ་མོའི་གནད། ཁོང་དུ་ཆུད་པའི་བློ་ལྡན་འགས་བལྟས་ན། །ཆོས་སྒོ་གྲངས་མེད་ཀུན་གྱི་མཐར་ཐུག་གི །ཟབ་གནད་མཐོང་ཕྱིར་ཀུན་གྱི་རྩེ་མོར་མཐོང་། །ལེགས་པར་བསམས་ན་སྔ་འགྱུར་དུས་ཀྱི་ནི། །བསྟན་འཛིན་རྣམས་ཀྱི་བཀའ་དྲིན་འགྲན་བྲལ་ཞིང་། །བསྟན་པ་རྒྱ་མཚོ་བསིལ་ལྡན་ལྗོངས་སུ་ཁྱབ། །བསྟན་ཞུགས་ཀུན་ཀྱང་དེ་ཡི་དྲིན་ལ་བརྟེན། །དེ་ལྟ་མོད་ཀྱི་སྡེ་སྣོད་གསུམ་གྱི་ཆོས། །སྔ་འགྱུར་ཡིན་ཡང་འདི་ལ་རྩོད་པ་མེད། །ཆོས་ཟབ་རྡོ་རྗེ་ཐེག་པ་ནང་རྒྱུད་གསུམ། །འཕགས་ཡུལ་ཕལ་ལའང་ཡོངས་སུ་མ་གྲགས་མོད། །རྒྱལ་བ་ཉིད་དང་མཚུངས་པའི་པཎ་གྲུབ་ཀྱི། །དྲིན་ལས་གངས་ལྗོངས་སྐལ་བར་བཞག་ན་ཡང་། །ཟབ་གནད་མི་ཤེས་ཕྱོགས་རེའི་མིག་ཅན་གྱིས། །འདི་དག་རྙིང་མའི་ཆོས་ཞེས་ཐེ་ཚོམ་གྱི། །གཞི་བྱས་ཕྲག་དོག་ཚིག་ངན་བདུད་ཀྱིས་བསྒྲགས། །ནོར་བུའི་གཏེར་ཆེན་རྙིང་མའི་སྒེར་སྐལ་གྱུར། །རྡོ་རྗེ་ཐེག་པའི་དགོངས་དོན་ཆེས་ཟབ་པའི། །དགོངས་པ་དམར་འབྱིན་མན་ངག་སྙིང་པོའི་གཞུང་། །འདི་རྣམས་ཡིན་ཡང་སྐལ་པས་མ་འཆུན་པའི། །སྔགས་འཛིན་རྣམས་ལ་ས་འོག་གཏེར་བཞིན་གྱུར། །ཡང་དག་ལམ་བཟང་མཐོང་བའི་ཤེས་རབ་ཅན། །ཡོད་ན་གསར་རྒྱུད་རྣམས་ཀྱི་དགོངས་པའི་མཐའ། །ཇི་བཞིན་ངེས་པ་འདི་ལ་རག་ལས་ཏེ། །རྒྱུད་ལས་རྒྱུད་ཀྱི་མན་ངག་ལྟ་བུ་ཡིན། །འདི་དག་སོ་སྐྱེ་མཁས་པའི་བློ་གྲོས་ཀྱིས། །དཔྱད་པས་གསར་དུ་རྙེད་པའི་བསྟན་བཅོས་དང་། །རྟོག་གེས་རང་བཟོས་བཅོས་པ་མ་ཡིན་ཏེ། །རྒྱལ་བ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་རྒྱུད། །གཞན་དུ་སྦས་པ་འདིར་ནི་མངོན་བསྟན་ཕྱིར། །རྙེད་དཀའི་ཆོས་མཆོག་འདི་རྣམས་ལེགས་བཟུང་ན། །ཟབ་ཅིང་རྟོགས་པར་དཀའ་བ་ཡིན་མོད་ཀྱི། །རྟོགས་ན་དོན་ཆེན་འདི་དང་མཚུངས་གཞན་མེད། །ལེགས་ལེགས་འགྲིགས་འགྲིགས་འདྲ་བའི་ཁས་ལེན་འགའ། །རྟོགས་སླ་ཡིན་ཡིན་འདྲ་ཡང་ཕུགས་བརྟགས་ན། །བྱིས་པ་མགུ་བར་བྱེད་པའི་ངང་ཚུལ་ལས། །རིང་ཁུར་མི་བཟོད་བྱེ་མའི་ཆངས་བུ་འདྲ། །མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ཡི། །ཟབ་དོན་རྡོ་རྗེའི་གསང་གནད་འདི་དག་ལ། །ངེས་པ་སྐྱེས་ན་ནམ་མཁའ་ཇི་སྲིད་དུ། །ཕ་རོལ་རྒོལ་བས་ནམ་ཡང་བསྐྱོད་མི་ནུས། །སྔ་འགྱུར་ཆོས་མཛོད་ནོར་བུའི་གླིང་སྐྱེས་ཀྱང་། །ནོར་སྐལ་ཆད་འགའ་གཞན་ཟེར་མཆིང་བུ་ལེན། །རང་གི་ཆོས་ལ་ཐེ་ཚོམ་ཟ་བྱེད་པ། །ལྷ་སྐལ་ཆད་པས་འབྱུང་པོ་སྒྲུབ་དང་མཚུངས། །ཀུན་རྟོག་འཕེལ་བའི་སྣ་མང་མི་འཚོལ་ཞིང་། །བརྒྱུད་པའི་མན་ངག་བདུད་རྩིའི་བཅུད་མཆོག་ལ། །རང་ནུས་ཇི་བཞིན་སྤྱོད་པས་ངོམས་པར་འགྱུར། །དེ་ལྟར་བརྗོད་པ་འདི་ལ་གཞན་དག་གིས། །རང་ཞེན་རང་བསྟོད་ཆེ་བ་ཡིན་སྙམ་ན། །རྟོན་པ་བཞི་དང་ལྡན་པའི་བློ་གྲོས་ཀྱིས། །ལྟ་བའི་གནད་དང་ཉམས་ལེན་མན་ངག་གཞུང་། །ཆོས་ཀྱི་ཆིངས་དང་བསླུ་མེད་རིགས་པའི་ལམ། །ཐམས་ཅད་རིང་མོ་ཞིག་ཏུ་རྟོག་གྱིས་དང་། །དེ་ནས་ཐེ་ཚོམ་མུན་པ་དྭངས་པ་ཡི། །ངེས་ཤེས་ཉིན་མོར་བྱེད་པ་བཞིན་དུ་འཆར། །དེ་ལྟར་མཐོང་ནས་སྙིགས་མ་ལྔ་བདོའི་དུས། །བསྟན་ཞབས་སྐྱེས་པའི་ཆོས་སྨྲའི་ཁུར་འཛིན་བདག །རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཆ་ཕྲ་ཞིང་། །ལས་ཉོན་སྡུག་བསྔལ་བརྒྱ་ཡིས་མནར་མོད་ཀྱི། །བསྟན་པ་འདི་ལ་གུས་པ་རྩེ་གཅིག་པས། །ནམ་ནམ་ཞོར་ཞོར་ཇི་ལྟར་འབད་པ་ཡིས། །སྔ་འགྱུར་བསྟན་ལ་ཇི་ཕན་བརྗོད་པར་བྱས། །དེ་དག་ཕ་ཡི་ཁ་ཕོར་གཙང་ཞེན་ལྟར། །ཞེན་པས་མ་ཡིན་ངེས་པ་སྐྱེས་ལས་ཡིན། །གྲུབ་མཐའ་མི་མཐུན་གཞན་ལ་སྡང་བ་ཡིས། །སུན་འབྱིན་མ་ཡིན་ཐེག་དོན་གསལ་བྱེད་ཡིན། །དེ་ལྟར་རྒྱལ་བ་ཉིད་དང་རྒྱལ་བའི་སྲས། །དངོས་བྱོན་སྔ་འགྱུར་དམ་པ་མཆོག་རྣམས་ལ། །བཀའ་དྲིན་བྱས་པ་ལེགས་པར་གཟོ་བ་དང་། །ཐེག་མཆོག་ཆོས་ལ་གུས་པ་བསྐྱེད་པའི་ཕྱིར། །ཆལ་ཆོལ་སྨྲ་བའི་ཉེས་པས་ཚེ་རབས་བརྒྱར། །རོ་འཛིན་རལ་གྲིས་འཐག་པའི་ལས་ངན་ཁུར། །མི་ལེན་ཆོས་མཆོག་སྨྲ་བ་པདྨའི་ལྗགས། །སྐྱེ་བ་ཀུན་ཏུ་ཐོབ་སྙམ་སྤྲོ་བ་སྐྱེས། །འོན་ཀྱང་བདག་འདྲ་སོ་སྐྱེ་དམན་པ་ཡི། །བློ་ཡི་ནུས་པས་ཟབ་དོན་མ་རྟོགས་ནས། །ཅུང་ཟད་ཉེས་པར་བཤད་པ་མཆིས་སྲིད་ན། །རྩ་གསུམ་ལྷ་དང་སྲུང་མའི་ཚོགས་ལ་བཤགས། །དད་པའི་སེམས་དང་བརྒྱུད་པའི་མན་ངག་མཐུས། །མ་ནོར་ལེགས་པར་བཤད་པའི་ཆ་གང་མཆིས། །དེ་ཡི་དགེ་བས་སྐྱེ་བ་ཐམས་ཅད་ཀུན། །ཟབ་དོན་རྡོ་རྗེའི་གསུང་ལ་དད་གྱུར་ཅིག །མ་འོངས་སྔ་འགྱུར་བསྟན་ཞབས་སྐྱེས་རྣམས་ཀྱང་། །བརྒྱུད་པའི་མན་ངག་ལྡན་བྱས་རང་ལུགས་ཀྱི། ཁས་ལེན་རྣམས་ལས་ཅུང་ཟད་མི་འདའ་བར། །དད་ཅིང་སྤྲོ་བའི་སེམས་ཀྱིས་གཟུང་བྱས་ན། །དམ་པ་རྣམས་ཀྱི་ཐུགས་རྗེས་ཡོངས་འཛིན་ཞིང་། །ཚེ་རབས་ཀུན་ཏུ་ཐེག་མཆོག་ཆོས་ཀྱིས་འབྱོར། །སྨྲ་བ་རབ་ཡངས་པདྨའི་ལྗགས་ཐོབ་ནས། །རྒྱལ་བའི་ཆོས་མཛོད་སྨྲ་བའི་དབང་པོར་འགྱུར། །ཞེས་ཚིགས་སུ་བཅད་པའི་དབྱངས་དང་བཅས་ཏེ་གསུངས་སོ། །དེ་རྣམས་ཀྱིས་རྩ་བའི་དང་པོ་སྤྱི་དོན་གྱི་ལུས་རྣམ་པར་གཞག་པ་སོང་ནས།། ༈ །།གཉིས་པ་ཚིག་གི་འབྲུ་དོན་དངོས་སྙིང་པོར་དྲིལ་ནས་བཤད་པ་ལ་ཀླད་གཞུང་མཇུག་གི་དོན་གསུམ་ལས། དང་པོ་ལ་གཉིས། མཚན་སྨྲོས་པ་དང་། དགོས་པ་བརྗོད་ནས་སྨོན་ལམ་ཇི་ལྟར་གདབ་པའི་ཚུལ་ལོ། །དང་པོ་ནི། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ཞེས་པ་སྟེ། དེ་ཡང་བསྟན་བཅོས་ཀྱི་དབུར་མཚན་བཏགས་པའི་དགོས་པ་སོགས་སྤྱི་ལྟར་ངེས་པར་བྱས་ནས། བྱེ་བྲག་ཚིག་དོན་དངོས། གསང་ཆེན་བླ་ན་མེད་པ་སྔ་འགྱུར་རྡོ་རྗེ་ཐེག་པ་ཟབ་མོ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཐབས་སུ་གཡོ་ཟོལ་མེད་པའི་ལྷག་པའི་བསམ་པས་སྨོན་ལམ་དུ་བགྱིས་པ། བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་རྒྱལ་པོ་མཁན་སློབ་ཆོས་གསུམ་སྤྲུལ་པའི་ལོ་པཎ་སོགས་སྲས་བཅས་རྒྱལ་བ་དགྱེས་པའི་ཞལ་ལུང་དྲི་མ་མེད་པ་ཉིད་འདིར་སྒྲོ་སྐུར་དང་བྲལ་བར་བསྡེབས་པས་ན་དེ་སྐད་ཅེས་བྱ་བའོ། །གཉིས་པ་དགོས་པ་བརྗོད་ནས་སྨོན་ལམ་ཇི་ལྟར་གདབ་པའི་ཚུལ་ནི། དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་། བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས། སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། ཞེས་པ་སྟེ། དེ་ཡང་སྐལ་བཟང་རྣམས་ཀྱི་སྙིང་ལ་བརྣག་པར་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འབའ་ཞིག་ཡིན་པས་ན། སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཐ་མར་དམ་པའི་ཆོས་རབ་ཏུ་འཇིག་པ་ལ་ཕྱོགས་པའི་སྐབས་འདིར་རང་སྟོབས་ཀྱིས་བརྩོན་པས་འཛིན་པའམ། མིན་ཡང་རྩ་གསུམ་རབ་འབྱམས་ལྷག་པའི་ལྷ་ཡི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དུས་གསུམ་དུ་འབྱུང་བར་དཀའ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་འདི་ཉིད། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པར་གྱུར་ཅིག་སྙམ་དུ་དུས་ལན་གཅིག་ཙམ་དུ་མོས་པ་སྐྱེ་ན་ཡང་། བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་གྱི་གཙོ་བོ་ནི། ཞིང་ཀུན་ཏུ་སངས་རྒྱས་ཀྱི་ཆོས་འཛིན་པ་དང་དེ་གཞན་ལ་སྟོན་པའི་སྒོ་ནས་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཡིན་ན། དེ་ཡོངས་སུ་རྫོགས་ནས། སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་སུ་སྐྱེ་བ་འཛིན་ཞིང་ཚེ་རབས་ཀུན་ཏུ་བདུད་བཞིའི་དགྲ་ལས་རྒྱལ་བའི་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དང་། ཁྱད་པར་ཆོས་ཀྱི་སྙིང་པོ་ངེས་དོན་ཟབ་མོའི་ཐེག་པ་རྣམས་དང་འཕྲད་ནས། དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ་སྟེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བས་སངས་རྒྱས་ཀྱི་ཆོས་འཛིན་པ་དང་། དེས་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པར་བྱས་ནས། དུས་རིང་པོར་མི་ཐོག་པར་མྱུར་དུ་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་དེ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། དེ་ལ་ཤཱ་རིའི་བུ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟད་པ་དང་མི་བསྔགས་པ་དང་། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། གཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕ་ཡི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ནས་བཟུང་སྟེ་དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་གཟུང་བར་བྱ། ཀུན་ཆུབ་པར་བྱ། གཟུང་བར་བྱ་སྟེ་ཆུད་མི་ཟ་བར་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་སྐྱེས་བུ་ཞིག་ལ་བུ་གཅིག་ཡོད་དེ། བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡང་ས་ཆེན་པོར་ཞུགས་པ་ན། དེས་དེ་ལག་གིས་བཟུང་སྟེ་སེམས་ཅན་དམྱལ་བའི་གཡང་ས་འདིར་ལྟུང་བར་མ་གྱུར་ཅིག་ཅེས་འཛིན་རབ་ཏུ་འཛིན་པ་དེ་བཞིན་དུ། ཤཱ་རིའི་བུ་གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས། ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ནི་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་དང་། བཟང་སྤྱོད་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྤྱོད་པ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །ཞེས་དང་། ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པས། བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམས་ཀྱིས་རྒྱུ་མཚན་ཤེས་པའི་སྒོ་ནས་དུས་དང་དུས་མིན་རྟག་པ་རྒྱུན་དུ་དང་། ཁྱད་པར་ཚོགས་མང་གི་སྐབས་སོགས་སུ་སྟོབས་ཆེ་བས་ཚིག་འདི་ལྟར་སྨོན་ལམ་དུ་གདབ་པར་བྱ་སྟེ། །ཞེས་སོ།། །།གཉིས་པ་གཞུང་དོན་དངོས་འཆད་པ་ལ། དཀོན་མཆོག་རྩ་གསུམ་གྱི་ཐུགས་རྒྱུད་བསྐུལ་བའི་སྨོན་ལམ་དང་། བསྟན་པའི་ཆེ་བ་བརྗོད་པའི་སྨོན་ལམ་གཉིས་ལས། །དང་པོ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཅིང་བརྣགས་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། དེ་ལ། ན་མོ་ནི་ཕྱག་འཚལ་བ་སྟེ། གང་ལ་ན་འཆད་འགྱུར་ལྟར་བླ་མ་རྒྱལ་བ་སྲས་བཅས་རྩ་གསུམ་གྱི་ལྷ་ལ། གང་གིས་ན་ཐོག་མར་གཞུང་རྩོམ་པ་པོ་དང་། སྐབས་ཐོབ་སྨོན་ལམ་འདེབས་པོ་རང་གིས། ཚུལ་ཇི་ལྟར་ན་རང་རང་གི་བློ་ཚོད་དང་མཐུན་པས་ཏེ། ཐུན་མོང་དུ་སྒོ་གསུམ་གུས་པས་སོ། །དེ་ལྟར་འཚལ་བས་བསོད་ནམས་ཀྱི་ཚོགས་འཕེལ་བས་ཇི་ལྟར་སྨོན་པ་སོགས་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་སོ། །དགོས་པ་དེ་ལྡན་གྱི་ཕྱག་འཚལ་བ་སྔོན་དུ་འགྲོ་བས། སྟེང་འོག་ལ་སོགས་པའི་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་དོན་གཉིས་མཐར་ཕྱིན་པའི་སར་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་དང་། སྲས་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བདེན་ཚིག་གྲུབ་པའི་དྲང་སྲོང་རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་དང་། ཁྱད་པར་དུ་སྙིགས་མའི་འགྲོ་ལ་ཐུགས་བསྐྱེད་པད་དཀར་ལྟར་བསྔགས་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། དེའི་བསྟན་པ་གང་ལ་གཏད་པ་འཇམ་དཔལ་དང་སྤྱན་རས་གཟིགས་སོགས་རྒྱལ་སྲས་ཆེན་པོ་བརྒྱད་དང་། སྤྲུལ་པའི་ཉན་ཐོས་ཆེན་པོ་ཡན་ལག་འབྱུང་ལ་སོགས་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དགྲ་བཅོམ་པ་དང་འཕགས་པའི་ཚོགས། ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་ལ་སོགས་དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་ཆེན་པོ་རྣམས་དང་། གཞན་ཡང་མཁྱེན་བརྩེའི་བདག་ཉིད་འགྲོ་བ་སྐྱོབ་པའི་མགོན་དང་དཔུང་གཉེན་མཆོག་ཏུ་གྱུར་པ་རྣམས་དེང་འདིར་ཐུགས་བརྩེ་བས་དགོངས་སུ་གསོལ། །དེ་ལྟར་དགོངས་གསོལ་བརྗོད་པས་དངོས་སུ་བྱོན་ནས་བཞུགས་ཤིང་ཇི་ལྟར་སྨོན་པའི་དོན་རྣམས་འགྲུབ་པར་འགྱུར་བའང་། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་འགྲུབ་པར་འགྱུར། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་དང་། ཚུལ་ཁྲིམས་ལྡན་པས་སྨོན་པ་འགྲུབ། །ཅེས་གསུངས། དེ་ལྟར་མཁྱེན་པར་གསོལ་ནས། གང་སྨོན་ལམ་དུ་བྱ་བ། རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྱུང་གནས་གཅིག་པུར་གྱུར་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྟེ། མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་སྔོན་སློབ་ལམ་དུ་སྟོན་པ་མཆོག་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འཕགས་པ་མཆོག་གཞན་རྣམས་ཀྱིས་ཀྱང་སྐུ་སྲོག་ཕངས་མེད་དུ་བཏང་ནས་ཡང་དང་ཡང་དུ་དཀའ་བས་བཙལ་ཅིང་ཐུགས་ལ་བརྣགས་པའི་དོན། འཆད་འགྱུར་ལྟར་མདོ་སྔགས་ཀྱི་ལུས་རྫོགས་ཤིང་ཆེ་ཡོན་དཔག་མེད་དང་ལྡན་པ། རང་བྱུང་སྤྲུལ་སྐུ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་མཚོ་སྐྱེས་རྒྱལ་བ་གཉིས་པའི་བསྟན་པ་སྔ་འགྱུར་གྱི་རིང་ལུགས་འཁྲུལ་པའི་དྲི་མ་དང་བྲལ་བ་ཉིད། ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སྙིང་ཐག་པ་ནས་སྨོན་པ་སྟེ། ཚིག་འོག་མའི་དོན་ཕྱི་མ་ཀུན་ལ་སྦྱོར་བར་བྱའོ། །གཉིས་པ་ཐུགས་རྒྱུད་སྐུལ་སྨོན་བྱེ་བྲག་པ་ནི། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་ཚིགས་བཅད་གཉིས་ཏེ། དེ་ཡང་། སྔོན་གྱི་ཐུགས་བསྐྱེད་ཀྱི་རྒྱུ་ལས་གངས་ཅན་པ་རྣམས་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་མཁན་སློབ་ཆོས་རྒྱལ་བི་མ་བཻ་རོ་སོགས་སྤྲུལ་པའི་ལོ་པཎ་གྱི་ཚོགས་རྣམས་དང་། བརྒྱུད་པ་གསུམ་མམ་དྲུག་དང་ལྡན་པའི་བཀའ་གཏེར་གྱི་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ། མ་མགོན་གཟའ་རྡོར་སོགས་ཡེ་ཤེས་དབྱིངས་ཀྱི་དལ་མཐོང་ཞིང་། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་རྒྱུད་གསུམ་དམ་ཅན་དྲེགས་པའི་སྡེ་ཚོགས་དང་བཅས་པ་སྟེ། སྔ་འགྱུར་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དགོངས་སུ་གསོལ། ཐུབ་པའི་བསྟན་པ་མདོ་སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞི་སོགས་ཀྱི་ཐེག་པ་རིམ་དགུའི་ཆོས་ཚུལ་མཐའ་དག །ཐུགས་བསྐྱེད་བརྩོན་པ་ཆེན་པོས་གངས་ཅན་གྱི་ལྗོངས་སུ་ཐུགས་བརྩེ་བས་དྲངས་ཟིན་པར་གྱུར་པ་དེ་ཉིད། ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་ཚིག་གཉན་པོ་རྗེས་སུ་དགོངས་ནས། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པར་མཛོད་ཅིག་པའམ་གྱུར་ཅིག །གཉིས་པ་བསྟན་པའི་ཆེ་བ་བརྗོད་པའི་སྨོན་ལམ་ལ། ཉམས་སུ་ལེན་བྱ་བསྟན་པ་དམ་ཆོས་ཀྱི་ཆེ་བ་དང་། ཇི་ལྟར་ཉམས་སུ་ལེན་ཅིང་འཛིན་ཚུལ་གྱི་ཆེ་བ་གཉིས་ལས། དང་པོ་ལ། སྒྱུར་བྱེད་ལོ་པཎ་གྱི་ཆེ་བ་དང་། བསྒྱུར་བྱ་ཆོས་ཀྱི་ཆེ་བ་གཉིས། དང་པོ་ནི། ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་སྒྲེང་། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་ཚིགས་བཅད་གསུམ་སྟེ། དེ་ཡང་། ཕྱོགས་བཅུ་དུས་བཞིའི་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་ཡི་རང་གཟུགས། རྒྱལ་སྲས་འཕགས་པ་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོའམ་རོལ་གར་སྟེ། སྤྱན་རས་གཟིགས་པད་འབྱུང་། གསང་བདག་མཁན་ཆེན། འཇམ་དཔལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། སྔོན་གྱི་ཐུགས་བསྐྱེད་བཙན་པོ་གསེར་གྱི་ཤིང་རྟས། བོད་གངས་ཅན་པའི་གདུལ་བྱའི་བསོད་ནམས་ཀྱི་མཁའ་ལ། ཕན་བདེའི་འོད་ཟེར་སྟོང་ཕྲག་འཕྲོ་བའི་རྒྱལ་བསྟན་གྱི་ཉི་མ་གསལ་བར་འདྲེན་པར་མཛད་པ་ཡི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དེ་བཞིན་དུ་སངས་རྒྱས་རྣམ་པར་སྣང་མཛད་སོགས་རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས་རྣམས་ཀྱང་། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཕྱིར་བསམ་བཞིན་དུ། བཻ་རོ་སྐ་ཅོག་ནམ་སྙིང་སོགས་སྤྲུལ་པའི་ལོ་ཙཱ་བ་དང་། འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱི་ཟློས་གར་སྟེ་སྐྱེ་སྲིད་ཉེ་བར་བཟུང་ནས། ཉེས་སྐྱོན་གྱི་དྲི་མས་བསླད་པ་མེད་པའི་རྒྱལ་བསྟན་ལུང་རྟོགས་བཤད་སྒྲུབ་ཀྱི་ནོར་བུའི་རྒྱལ་མཚན་མངོན་པར་སྒྲེང་བས། སྲིད་ཞིའི་དབུལ་བ་སེལ་ཞིང་དོན་གཉིས་ཀྱི་འདོད་དགུའི་ཆར་གདུལ་བྱའི་སྐལ་བ་དང་འཚམ་པར་འབབ་པ་ཡི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དེ་ཡང་ཐུན་མོང་བ་སྒྲ་ཚད་བཟོ་གསོ་སོགས་རིག་པའི་གནས་དང་། ཐུན་མིན་གསུང་རབ་མདོ་སྡེ་སྣོད་གསུམ། སྔགས་རྒྱུད་སྡེ་དྲུག་སོགས་མཐའ་དྲུག་དང་ཚུལ་བཞིས་བཅིངས་པ། གྲུབ་པ་ཐོབ་པ་དང་འཕགས་པའི་སྤྱོད་ཡུལ་ལས། སོ་སྐྱེའི་བློས་ཕིགས་པར་དཀའ་བའི་གཞུང་དང་མན་ངག་ཟབ་མོ་ཀུན་ཀྱང་། སངས་རྒྱས་དངོས་དང་འདྲ་བའི་སྤྲུལ་པའི་ལོ་པཎ་རྣམས་ཞལ་འཛོམས་པས། དེ་དག་ངེས་པའི་ཚིག་དང་། བརྗོད་བྱའི་དོན་སོགས་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་པའི་སྟོབས་ཀྱིས། གཞན་ལ་ལྟོས་པ་མེད་པར་རང་དབང་གིས། ཚིག་དོན་གཉིས་ཀ་མ་ནོར་བ་སྟེ་ཚིག་ལ་ལྷག་ཆད་དང་དོན་ལ་ནོར་འཁྲུལ་མེད་པར་ཐོག་མར་བསྒྱུར། བར་དུ་སྐད་གསར་བཅད་སོགས་ཀྱིས་བཅོས་ཤིང་ཞུས་ཏེ་ལེའུ་དང་བམ་པོ་ཚུན་གྱིས་ཚད་བཟུང་། མཐར་ཉན་བཤད་དང་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ་པ་ཡིས། བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ཆོས་ཀྱི་སྣང་བའི་སྒོ་ཆེན་པོ་ཐོག་མར་ཕྱེས་པ་ཡི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་རྒྱས་པར་གྱུར་ཅིག །གཉིས་པ་བསྒྱུར་བྱ་ཆོས་ཀྱི་ཆེ་བ་ལ། རྒྱ་ཆེ་བ་བསྟན་པ་ཡོངས་སུ་རྫོགས་པའི་ཆེ་བ་དང་། ཟབ་པ་བསྟན་པའི་སྙིང་པོ་དང་ལྡན་པའི་ཆེ་བ་གཉིས་ལས། དང་པོ་ལ་གསུམ། གཞུང་བཀའ་དང་དགོངས་འགྲེལ་ཚང་བའི་ཆེ་བ། བཀའ་གཏེར་མདོ་སྔགས་ཟུང་འབྲེལ་གྱི་ཆེ་བ། ལྟ་སྤྱོད་རྨད་བྱུང་ཟུང་འབྲེལ་གྱི་ཆེ་བའོ། །དང་པོ་ནི། སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། དེ་ཡང་སྔོན་བསགས་ཀྱི་སྐལ་པ་བཟང་པོ་དང་ལྡན་པའི་རྗེས་འཇུག་གི་གདུལ་བྱས་རང་རང་གི་སྐལ་བ་དང་འཚམ་པར་ཐེག་པ་ཆེ་ཆུང་གི་མདོ་དང་འབྲས་བུ་སྔགས་ཀྱི་ཚུལ་ཕྱི་ནང་རྣམས། རང་རང་གང་འདོད་པ་དེ་ཉིད་ཉམས་སུ་ལེན་པ་ལ་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ་གཞན་ལ་ལྟོས་མི་དགོས་པར། ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་པའམ་འགྲེལ་བའི་གཞུང་གདམས་ངག་ཟབ་མོ་དང་བཅས་པ་ཀུན་ཏེ་ལམ་གྱི་ལུས་ཡོངས་སུ་རྫོགས་པ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པར་གྱུར་ཅིག །གཉིས་པ་བཀའ་གཏེར་མདོ་སྔགས་ཟུང་འབྲེལ་གྱི་ཆེ་བ་ནི། བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། གཉིས་སུ་མེད་པར་བདེན་པར་གསུང་པ་ནི་སངས་རྒྱས་ཉིད་ཡིན་པས་དེས་གསུངས་པའི་བཀའ་ཡི་རྒྱ་མཚོ་ཆེན་པོ་ཟབ་ཅིང་གཏིང་དཔག་དཀའ་བའི་རིང་བརྒྱུད་ཀྱི་ཆུ་བོ་མ་ཆད་པ་ལ། དམ་ཉམས་དང་རྟོག་གེས་བསླད་གཞུག་ཏུ་མེད་པར་རྡོ་རྗེ་འཆང་དང་གྲུབ་པའི་རིག་འཛིན་དང་། དབྱིངས་ཀྱི་མཁའ་འགྲོས་རྒྱས་བཏབ་པ། དུས་སུ་བབ་པ་ན་གདུལ་བྱའི་སྣོད་དང་འཚམ་པར་འབྱུང་བས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་མྱུར་བའི་ཉེ་རྒྱུད་ཟབ་མོའི་ཆོས་གཏེར་ཡིད་བཞིན་གྱི་ནོར་བུས་མངོན་པར་མཛེས་ཤིང་། རྒྱུ་ཕར་ཕྱིན་སོགས་མཚན་ཉིད་ཐེག་པའི་མདོ་དང་། འབྲས་བུ་གསང་ཆེན་ངེས་པ་སྔགས་ཀྱི་ལམ་སྲོལ་བཟང་པོ་གཉིས། གང་ཟག་གཅིག་སངས་རྒྱ་བའི་ལམ་གྱི་ཆ་རྐྱེན་དུ་ཁྱེར་ཤེས་པས་དེ་གཉིས་འགལ་མེད་ཟུང་དུ་འཇུག་པའམ་འབྲེལ་བའི་ལམ་བཟང་། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པར་གྱུར་ཅིག །གསུམ་པ་ལྟ་སྤྱོད་རྨད་བྱུང་ཟུང་འབྲེལ་གྱི་ཆེ་བ་ནི། རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། དེ་ཡང་། རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་ནི། ཉན་ཐོས་རྩ་བའི་སྡེ་པ་བཞིའི་ནང་ནས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལྟར་ཕྱི་འདུལ་བ་སོ་ཐར་གྱི་ལག་ལེན་དང་ཀུན་སྤྱོད་རྣམ་པར་དག་པའི་ངང་། ནང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་བ་སྟེ། དེ་དང་སངས་རྒྱས་ཀྱིས་ལུང་བསྟན་པའི་སྐྱེས་ཆེན་མཚུངས་པ་མེད་པ་དཔལ་ལྡན་ཀླུ་ཡི་ལྟ་བ་སྟེ་གཉིས་པོ། ལྟ་སྤྱོད་ཟུང་དུ་འབྲེལ་དགོས་པར་བརྒྱུད་པའི་བཀའ་སྲོལ་འདི་ཉིད་དུ་བཀའ་གཙིགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ཏེ། དེའང་ཧྭ་ཤང་སུན་ཕྱུང་བའི་རྗེས་སུ་རྒྱལ་པོའི་བཀས་བཅད་དེ། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས། སྤྱོད་པ་འདུལ་བ། ཉམས་ལེན་རྒྱུད་སྡེ་འོག་མ་གསུམ་ལ་བརྟེན་པར་གནང་། བླ་མེད་ཀྱི་རྒྱུད་རྣམས་ཆེས་གཉན་ཞིང་གསང་བ་སྲུང་བ་ལ་ཐུགས་སྒམ་པས་དེ་དུས་ཁྱབ་བརྡལ་དུ་སྤྱོད་དུ་མེད་པས་དངོས་སུ་མ་གསུངས་པར་སྦས་པ་ཡིན་ལ། དེ་ཡང་དཔལ་ལྡན་ཀླུའི་ལྟ་བ་ནི། བདག་ཉིད་ཆེན་པོ་འདི་ཉིད་ཀྱིས། བཀའ་འཁོར་གསུམ་གྱི་དགོངས་འགྲེལ་དུ། གཏམ་ཚོགས། རིགས་ཚོགས། བསྟོད་ཚོགས་ཏེ་ཚོགས་གསུམ་མཛད་པ་ལས། ཕྱི་མ་གཉིས་ཀྱི་ངེས་དོན་ཟབ་གནད་གཅིག་པར། སྣང་སྟོང་གང་གིའང་ཕྱོགས་སུ་མ་ལྷུང་བའི་ཟུང་འཇུག་འདུས་མ་བྱས་ཆེན་པོ། ཡེ་ནས་དག་པའི་ཆོས་ཉིད་སྤྲོས་མཐའ་ཀུན་བྲལ། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཆོས་ཀྱི་དབྱིངས། སྲིད་ཞིའི་མཐའ་ལ་མི་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ངོ་བོ་རྣམ་ཐར་གསུམ་ལྡན། སྟོང་ཆ་ནས་ཆོས་སྐུ་དང་སྣང་ཆ་ནས་གཟུགས་སྐུ་སོགས་ཟག་མེད་དབྱིངས་ཀྱི་ཡོན་ཏན་རྣམས་དང་འདུ་འབྲལ་སྤངས་པའི་མཚན་ཉིད་ཅན། སྨྲ་བསམ་བརྗོད་མེད་བློ་འདས་ཀྱི་ཡེ་ཤེས། འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་གྱུར་པའི། ཐེག་མཆོག་འབྲས་བུའི་དབུ་མ་ཆེན་པོའི་དོན་ཉིད་རྟོགས་ན་རྟག་ཆད་སོགས་མཐར་འཛིན་གྱི་འཆིང་བ་ཐམས་ཅད་གཅོད་ནུས་པས་ན་དབུ་མའི་ལམ་ཡིན་གྱི། དེ་ལས་གཞན་དུ་དེ་གཉིས་འགལ་བར་བཟུང་ནས། སྣང་སྟོང་གང་རུང་རེའི་མཐའ་ལ་ཞེན་ནས། རང་རང་གི་ཞེ་འདོད་དང་མཐུན་པར་དགག་སྒྲུབ་ཀྱི་ཅ་ཅོ་སྒྲོག་པ་ནི་དབུ་མའི་ལམ་མ་ཡིན་ཏེ། དེ་ཙམ་གྱིས་སྤྲོས་པའི་མཐའ་ཀུན་ཁེགས་མི་ནུས་ཤིང་བྱིས་པ་རྟོག་གེའི་ས་ལས་ཀྱང་འདའ་བར་མི་ནུས་པས་སོ། །དེས་ན་བདེན་པ་གཉིས་ཀྱང་། ཤེས་བྱ་ཡུལ་གྱི་སྒོ་ནས་སྣང་སྟོང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། ཤེས་བྱེད་ཡུལ་ཅན་གྱིས་མཐོང་ཚུལ་ལམ་རྟོགས་ཚུལ་ནས་གཅིག་པ་བཀག་པའི་ཐ་དད་ལྟ་བུར་དོན་གྱིས་འགྱུར་ནའང་། མཐར་ཐུག་དོན་དམ་པའི་ངོས་ན་དེ་གཉིས་ཀའང་དབྱེ་གཞི་ཟད་པའི་དབྱེར་མེད་རྣམ་དག་ཆེན་པོར་ཤེས་དགོས་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་བརྗོད་དོ། །ཞེས་གསུངས་པ་ལྟར། ཐ་སྙད་དུ་དག་མ་དག་གཉིས་ཆོས་འགལ་བས་འདྲེར་མེད་པའི་ཕྱིར། མ་འདྲེས་པ་ལ་དབྱེར་མེད་པས་ཀྱང་རང་བཞིན་རྣམ་དག་ཏུ་གྲུབ་པ་ཡིན་ནོ། །དེ་ལྟར་ཤེས་ན་རྒྱུད་བླ་སོགས་བྱམས་གཞུང་དང་། ཤིང་རྟ་ཆེན་པོ་ཐོག་མེད་ཀྱི་བཞེད་པའང་འདི་དང་ཕན་ཚུན་སྦྲང་རྩིའི་རོ་གཟུགས་བཞིན་འགལ་མེད་དུ་འགྱུར་བས་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོས་མཛད་པའི་ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ལས། དཔལ་ལྡན་ནཱ་གཱརྫུ་ན་ཡིས། །ཐལ་འགྱུར་གྲུབ་མཐའི་རྒྱལ་རྔ་ཆེ། །སྲིད་རྩེའི་བར་དུ་བརྡུངས་པ་ལས། །བདེན་པ་གཉིས་ཀྱི་རྣམ་གཞག་ཀྱང་། །འཕགས་དང་སོ་སྐྱེའི་ངོ་སྐལ་ཏེ། །དཔེར་ན་གཉིད་ཀྱི་མཐུས་བསྐྱེད་པའི། །རྨི་ལམ་སད་ཚེ་མེད་བཞིན་ནོ། །སྔར་སྨྲོས་གཏན་ཚིགས་དེ་རྣམས་ཀྱིས། །གཞན་སེལ་སྐྱེ་བ་མེད་བསྒྲུབས་ཀྱང་། །དོན་དུ་དེ་ཡང་སྒྱུ་མ་བཞིན། །བདེན་ཞེན་ཉིད་དུ་ཁས་མ་བླངས། །དེ་ཕྱིར་ཁས་ལེན་བྲལ་བ་ནི། །ལྟ་བའི་མཐར་ཐུག་ཉིད་དུ་འཇོག །གཞན་ཡང་རིག་གཞུང་ཆེར་སྨྲ་དང་། །གཞན་གྱི་རྩོད་ངོར་བསྔགས་པ་ནི། །ཐལ་འགྱུར་ཉིད་དོ་རྩེ་གཅིག་ཏུ། །མཉམ་པར་བཞག་པའི་རྣལ་འབྱོར་དོན། །ཕྲ་བ་ནང་གི་དབུ་མའང་བསྟན། །དེ་ཡིས་ཆོས་རྣམས་ཀུན་བརྟགས་དང་། །གཞན་དབང་ཡོངས་གྲུབ་གསུམ་དུ་བསྟན། །སོ་སོར་གཉིས་རེ་དབྱེ་བས་དྲུག །སྦྱང་གཞི་བདེ་གཤེགས་སྙིང་པོ་ནི། །སྣང་ཆས་གཟུགས་སྐུ་སྟོང་ཆ་ཡིས། །ཆོས་སྐུའི་ཡོན་ཏན་ལྷུན་གྱིས་གྲུབ། །དེ་ལ་ཀུན་ཏུ་བརྟགས་པ་དང་། །གཞན་དབང་རིམ་གྱིས་སྦྱངས་པ་ལས། །མཐར་ཐུག་གཞི་ཉིད་མངོན་གྱུར་པར། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་སུ་འདོད། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །གནས་ལུགས་ཉིད་དང་རྒྱས་འགྱུར་གྱི། །རིགས་དེ་རྣམ་གཉིས་རྫོགས་པའི་མོད། །བླ་མེད་སྙིང་པོར་གཤེགས་པར་ངེས། །འདི་ནི་ས་བཅུའི་དབང་ཕྱུག་མཆོག །རྒྱལ་ཚབ་མ་ཕམ་པ་ཡིས་བཞེད། །ཚུལ་དེར་ཕྱོགས་སྔ་སྨྲ་བ་རྣམས། །ཡིད་སྲུབས་མཐུ་ཡིས་བསྒྲིབས་པར་ངེས། །ཅི་ཕྱིར་ཤིང་རྟ་ཆེན་པོ་གཉིས། །དགོངས་དོན་མཐར་ཐུག་གཅིག་བསྡུས་གང་། །འཕགས་བོད་མཁས་པའི་རྣམ་དཔྱོད་ཀྱིས། །འཆད་རྩོད་རྩོམ་པས་གསལ་མཛད་ཅིང་། །ནང་གི་རྣལ་འབྱོར་ཆེ་བརྙེས་པའི། །གྲུབ་མཆོག་ཀུན་ཀྱང་འདི་བཞེད་དོ། །གཞན་ཡང་འཁོར་ལོ་དང་པོ་ཡིས། །བསོད་ནམས་མ་ཡིན་ལས་ལྡོག་པའི། །གཏམ་གྱིས་ཉན་རང་ཐེག་པ་བསྟན། །བར་པས་བདག་ལས་ལྡོག་བྱས་ཏེ། །བདག་མེད་དབུ་མའི་ལམ་བཟང་འཆད། །ཐ་མས་ལྟ་གཞི་ཀུན་སྤངས་ནས། །ངེས་དོན་སྙིང་པོའི་སྒྲ་ཆེན་བསྒྲགས། །ཞེས་གསུངས། དེར་མ་ཟད་འདི་ཉིད་གཞིར་བཞག་གིས་སྔགས་ཀྱི་གཞིའམ་རྒྱུའི་རྒྱུད་དུ་བཞག་པའི་སྐབས་སུའང་། ངོ་བོའི་གཞི་དང་བཏགས་པའི་གཞི་གཉིས་སུ་དབྱེ་བ་དང་། གཞན་ཡང་བྱ་སྤྱོད་ཀྱི་དེ་ཁོ་ན་ཉིད་སོགས་དང་། མ་ཧཱའི་བདེན་གཉིས། ཨ་ནུའི་དབྱིངས་ཡེ། ཨ་ཏིའི་རང་བྱུང་ཡེ་ཤེས། མཐར་ཕྱིན་རྫོགས་ཆེན་གྱི་གཞི་ཀ་དག་ལྷུན་གྲུབ་ཟུང་འཇུག་སོགས་ཀྱང་འདི་ལས་གཞན་དུ་མ་གྱུར་པའི་ཕྱིར། མདོ་སྔགས་ཀྱི་ཟབ་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་ཤེས་པ་སོགས་དགོས་པ་མཆོག་དང་ལྡན་ཏེ། མདོར་ན་སྔགས་ཀྱི་ལྟ་བ་མཐར་ཐུག་སྣང་སྲིད་ཡེ་སངས་རྒྱས་པའི་དོན་གྱི་གནད་ཀྱང་འདི་ལ་ཐུག་པ་ནི། རྒྱུད་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། མན་ངག་ལམ་རིམ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པ། །ཞེས་དང་། པདྨའི་ལམ་རིམ་ཆེན་མོ་ལས། ཡེ་ནས་སངས་རྒྱས་པའི་གནས་ལུགས་ནི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། གཉིས་ཆོས་འཁྲུལ་པ་སངས་ལ་གཉིས་མེད་ཡེ་ཤེས་རྒྱས་པས་སངས་རྒྱས་སོ། །དེ་ཡང་འཁྲུལ་པ་ཡོད་པ་གཅིག་མེད་པར་སངས་ནས། གཉིས་མེད་ཡེ་ཤེས་མེད་པ་གཅིག་ཡོད་པར་རྒྱས་པ་མ་ཡིན་ཏེ། གཤིས་ལ་འཁྲུལ་པ་མ་གྲུབ་ཅིང་ངོ་བོ་གཉིས་མེད་ཡེ་ཤེས་སུ་རྒྱས་པས་ཡེ་ནས་སངས་རྒྱས་པ་ཡིན་ཏེ། རང་བཞིན་སྟོང་པ་ཆོས་སྐུ། རང་མདངས་གསལ་བ་ལོངས་སྐུ། གསལ་སྟོང་གཉིས་མེད་སྤྲུལ་སྐུ། རང་བཞིན་སྟོང་པ་ཇི་ལྟ་བ། རང་མདངས་གསལ་བ་ཇི་སྙེད་པ། གསལ་སྟོང་གཉིས་མེད་དམ་དབྱེར་མེད་དེ་མཁྱེན་པའི་ཡེ་ཤེས་སོ། །གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་ཚོགས། ངོ་བོ་གཉིས་མེད་དུ་ཡོད་པ་རྟོགས་པ་ཕུན་ཚོགས། དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན་བསྒོམས་ཀྱང་སངས་རྒྱས་སུ་མི་འགྱུར་ཏེ། ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན་བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ། །ཞེས་གསུངས་པ་སོགས་བསྟོད་ཚོགས་ཀྱི་དགོངས་པ་དང་སྒྲ་ཇི་བཞིན་པར་འབྱོར་པའི་ཕྱིར། སྔ་འགྱུར་གྱི་ལོ་པཎ་སྐྱེས་མཆོག་རྣམས་དང་། ཕྱིས་དུས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རྗེ་སྨིན་གླིང་པ་སྐུ་མཆེད། ཆོས་རྗེ་ཀཿཐོག་པ་ཡབ་སྲས་བརྒྱུད་པར་བཅས་པས་མཚོན་སྔ་འགྱུར་ཟོལ་མེད་ཀྱི་རིང་ལུགས་འཛིན་པ་ཀུན་གྱིས་གྲུབ་མཐའི་ཞལ་བཞེས་འདི་བཞིན་མཛད་པ་འབའ་ཞིག་སྟེ་སོ་སོའི་གསུང་རབ་ཀྱིས་དཔང་པོར་བྱས་པ་ལྟར་ལ། ཞིབ་པར་རང་ལུགས་ཀྱི་གྲུབ་མཐའི་ཁས་ལེན་དང་ལུང་རིགས་ཀྱི་རྩོད་སྤོང་སོགས་ནི་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་གསུང་རབ་ལས་ཤེས་པར་བྱ་བ་ཁོ་ན་སྟེ། འདི་དང་མཉམ་པ་ནི་རང་གཞན་གྱི་ཕྱོགས་གང་ནའང་མ་དམིགས་པའི་ཕྱིར་རོ། །དེ་ལྟ་བུའི་ལྟ་སྤྱོད་ངོ་མཚར་རྨད་དུ་བྱུང་བའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ཟབ་པ་བསྟན་པའི་སྙིང་པོ་དང་ལྡན་པའི་ཆེ་བ་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ལ། ཉམས་སུ་བླང་བྱ་ཆོས་ཀྱི་ཆེ་བ། དེ་ལ་སླད་མ་ཞུགས་པའི་ཆེ་བ། ཟབ་མོ་དེ་ལྟ་བུ་གཞན་ལ་མེད་པའི་ཆེ་བ་བསྟན་པ་གསུམ། དང་པོ་ལ། རྒྱ་ཆེ་བ་རྒྱུད་སྡེའི་དབང་དུ་བྱས་པ་དང་། ཟབ་མོ་སྒྲུབ་སྡེའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། ཟབ་མོ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། དེ་ཡང་ཐོག་མའི་འཇུག་སྒོ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གལ་ཆེ་བས། ལྟ་དགོངས་དང་ལྡན་པའི་བླ་མས་སྣོད་ལྡན་གྱི་སློབ་བུའི་རྒྱུད་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་སྟེ། གཉུག་མའི་སྒོ་གསུམ་ཡེ་ནས་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་གཞིར་གནས་པ་ཉིད། ཐབས་ཟབ་མོ་དབང་བཞིས་སད་པར་བྱས་ཏེ། འབྲས་བུ་སྐུ་བཞིར་སྨིན་རུང་གི་ནུས་པ་ཁྱད་པར་ཅན་དུ་བྱས་ནས། དབང་སྲོག་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། གང་ཉམས་སུ་བླང་བྱའི་ཆོས་ཟབ་མོ་མཐར་ཐུག་པ་ནི་ཐུན་མིན་ནང་རྒྱུད་སྡེ་གསུམ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས། དེ་གསུམ་གྱི་ཁྱད་པར། མ་ཧཱས་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས་ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་འདོད། ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རྩལ་ལས་རང་ཤར་བར་རྟོགས་ནས་ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་རྟོན། ཨ་ཏིས་ཡེ་ནས་སྐྱེ་འགག་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་མ་འགགས་པར་རང་ཤར་བར་ཤེས་ནས་གང་ལའང་ཆེད་འཛིན་དང་སྤང་བླང་མེད་པར་ཟུང་འཇུག་འོད་གསལ་གྱི་ལམ་ལ་གཙོ་བོར་བྱེད་པ་སྟེ། འདི་གསུམ་ཡང་གདུལ་བྱ་ཞེ་སྡང་ཅན། འདོད་ཆགས་ཅན། གཏི་མུག་ཅན། སྤྲོས་པ་དང་། རྩོལ་བ་དང་། བྱ་རྩོལ་ལྷོད་པ་གསུམ་དང་། དབང་པོ་དམན་འབྲིང་མཆོག་གི་གདུལ་བྱ་ལ་དགོངས་ནས་གསུངས་སོ། །དེ་གསུམ་གྱི་དགོངས་པའི་བཅུད་ཐུན་མོང་བ་བསྐྱེད་རྫོགས་རྣམ་པ་གསུམ་དང་། ཐུན་མིན་མན་ངག་སྡེ་གསང་བ་སྙིང་ཐིག་འདི་དགོངས་པ་གཞི་ཀ་དག་གི་གནས་ལུགས་གཏན་ལ་ཕབ་ནས་ཁྲེགས་ཆོད་ཅོག་གཞག་བཞིའི་སྒོ་ནས་ཉམས་སུ་ལེན་པ་དང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གནད་ཆེན་པོ་གསུམ་གྱི་སྒྲོམ་དུ་བཅུག་ནས་འོད་གསལ་གྱི་རྟགས་ཚད་སྣང་བ་བཞིས་གཏན་ལ་ཕབ་སྟེ། མངོན་སུམ་ལམ་དུ་བྱེད་པའི་ཡེ་ཤེས་གསང་བའི་ལམ་མཆོག་ལ་བརྟེན་ནས། གནས་སྐབས་ཀྱི་འབྲས་བུ་ལམ་གྱུར་གྱི་རིག་འཛིན་བཞིའམ་ལྔ་སོགས་དང་། མཐར་ཐུག་གི་འབྲས་བུ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ། འགྱུར་བཅས་རླུང་སེམས་ཀྱི་འཕོ་བའི་ཆ་རྣམས་འགྱུར་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་དབྱིངས་སུ་ཐིམ་ནས། ནང་དབྱིངས་ཀ་དག་གི་གྲོལ་སར། ལུས་འཇའ་ལུས། སེམས་ཆོས་སྐུར་གྲོལ་ཏེ་གདོད་མའི་རྒྱལ་སར་གཤེགས་པའི་མངོན་རྟགས་དེང་སང་གི་བར་འབྱིན་ནུས་པའི་ངོ་མཚར་གྱི་སྣང་བ་འབར་བ་ཅན། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ཟབ་མོ་སྒྲུབ་སྡེའི་དབང་དུ་བྱས་པ་ནི། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབས་རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། གང་ཞིག་བསྒྲུབ་བྱའི་ལྷ་རབ་འབྱམས་རྩ་གསུམ་ཞི་ཁྲོའི་ཁྱབ་བདག་སྟེ་འཕྲོ་གཞིའམ་རྩ་བར་གྱུར་པ། འཇམ་དཔལ་སྐུ། པདྨ་གསུང་སོགས་སྒྲུབ་སྡེ་ཆེན་པོ་བརྒྱད་པོ། རང་རང་གི་བཀའ་བབས་ཀྱི་རིག་འཛིན། འཇམ་དཔལ་བཤེས་གཉེན། ནཱ་གཱརྫུ་ན། ཧཱུྃ་ཀཱ་ར། བི་མ་ལ། པྲ་བྷཱ་ཧསྟི་སོགས་རིག་འཛིན་བརྒྱད་སོ་སོའི་དགོངས་པའི་བཅུད། འཇམ་དཔལ་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་སྒྲུབ་པ། དེ་བཞིན་དུ། པདྨ་གསུང་རྟ་སྐད་ཐེངས་གསུམ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད། བདུད་རྩི་ཡོན་ཏན་སྣང་སྲིད་བདུད་རྩི་རྣམ་དག །ཕུར་པ་ཕྲིན་ལས་ཐལ་འབྱིན་རྣམ་པ་བཞི། རྦོད་གཏོང་མ་མོ་རྩ་རླུང་བྱང་སེམས། འཇིག་རྟེན་མཆོད་བསྟོད་མཆོད་བསྟོད་བསྟེན་གསུམ། དམོད་པ་དྲག་སྔགས་འབོད་རྦད་གསད་གསུམ་མམ་རྫོང་འཕྲང་སྲོག་གསུམ་གྱི་དགོངས་པ་དང་། ཞར་བྱུང་བླ་མ་རིག་འཛིན་བསྙེན་སྒྲུབ་བཞིའི་སྒོ་ནས་སྒྲུབ་པ་སོགས་སྤྱི་བྱེ་བྲག་གི་སྒྲུབ་བཀའ་དེ་ཐམས་ཅད་ཀུན་འདུས་པ་པདྨའི་བཀའ་སྲོལ་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་སྒྲུབ་པ་དང་། གཞན་ཡང་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཚོམ་བུ་ཉེར་གཅིག་ཏུ་སྒྲུབ་པ་སོགས་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་སྤྱི་དང་བྱེ་བྲག་གི་སྒྲུབ་བཀའ་མཐའ་དག་གཅིག་ཏུ་འཁྱིལ་བའམ་འདུས་པའི་མཚོ་ཆེན་པོ། ལས་དང་གྲུབ་པ་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་གང་དང་ཅི་འདོད་པ་སྒྲུབ་པ་ལ་དཀའ་བ་མེད་པའི་ངོ་མཚར་དང་ཆེ་ཡོན་ཟབ་ཁྱད་རྨད་དུ་བྱུང་བའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་དེ་ལ་སླད་མ་ཞུགས་པའི་ཆེ་བ་ལ། ཚིག་ལ་སླད་མེད་པ་དང་། དོན་ལ་སླད་མེད་ཚུལ་གཉིས་ལས། དང་པོ་ནི། རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། དེ་ཡང་ཧེ་རུ་ཀཿགལྤོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་འདོད། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་སྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་ནས། སེམས་བསྐྱེད་དང་ཕྱིན་དྲུག་སོགས་ལམ་ཚོགས་གཉིས་ལ་བསྐལ་པ་གྲངས་མེད་གསུམ་སོགས་སུ་བརྩོན་པའི་མཐར། འབྲས་བུ་སངས་རྒྱས་ཉིད་གཟོད་ཐོབ་པར་འདོད་པ་མཚན་ཉིད་རྒྱུ་ཡི་ཐེག་པ་དང་། སེམས་ཉིད་ད་ལྟ་ནས་སངས་རྒྱས་པའི་རང་བཞིན་དབྱིངས་དང་ཡེ་ཤེས་དང་འབྲས་བུའི་དོན་དམ་སྟེ་དཀོར་བདུན་ངོ་བོ་ཉིད་རྒྱུར་གྲུབ་པ་ལྷག་པའི་དོན་དམ་དང་། དེ་ལས་ཤར་བའི་ཕུང་ཁམས་སོགས་རྟོག་ཚོགས་ཀྱི་ཆོས་ཀུན་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པ་ལྷག་པའི་ཀུན་རྫོབ་སྟེ། དེ་ལྟ་བུ་བདེན་པ་གཉིས་ཀྱང་ཡེ་ནས་དབྱེར་མེད་པར་ལྷག་པའི་ཆོས་སྐུ་ཆེན་པོར་འཁོར་འདས་ཀྱི་ཆོས་ཀུན་དབྱེ་བསལ་མེད་པར་སངས་རྒྱས་པའི་རང་བཞིན་སྣང་སྲིད་དག་མཉམ་ཆེན་པོ་ཉིད། གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བས་གཏན་ལ་ཕབ་ཅིང་། སྒོམ་སྤྱོད་འབྲས་བུའི་ཆོས་ཀུན་ཀྱང་དེའི་ངང་དུ་ལ་བཟླས་པས། འབྲས་བུ་ཕྱི་དུས་ལ་མི་རེ་བར་ད་ལྟ་ནས་སངས་རྒྱས་པར་འདོད་པ་ཐུན་མིན་རྡོ་རྗེ་ཐེག་པ་སྔགས་བླ་མེད་ཀྱི་གྲུབ་མཐའ་སྟེ། དེ་གཏན་ལ་འབེབ་ཚུལ་ཡང་། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་དཔལ་གསང་བ་སྙིང་པོ་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས་པས། གཞལ་བྱ་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་ལུགས་ལ། དོན་དམ་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་རང་ཆས་སུ་ཡོད་ཀྱང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པས་ངེས་པའི་ཤེས་པ་མ་སྐྱེས་པས་ཡེ་ནས་གསང་། ཀུན་རྫོབ་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་ཀྱང་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་རང་ངོ་མ་ཤེས་ཏེ་རང་སྣང་ལ་མཚན་མར་བཟུང་བས་རང་བཞིན་གྱིས་གསང་། བདེན་གཉིས་དབྱེར་མེད་པའི་གནས་ལུགས་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་གནས་ཀྱང་དེ་ལྟར་མ་ཤེས་པས་སྣང་སྟོང་ཐ་དད་དུ་བཟུང་བས་ངོ་བོ་ཉིད་ཀྱིས་གསང་། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་དེ་ཡེ་ནས་རང་ཆས་སུ་ཡོད་ཀྱང་ཡུལ་ཡུལ་ཅན་ཐ་དད་དུ་བཟུང་བས་ཤིན་ཏུ་གསང་བ་སྟེ། དམུས་ལོང་ལ་གཟུགས་གབ་པ་བཞིན་དུ་གནས་པ། ཡང་དག་པའི་ལུང་རིགས་མན་ངག་གིས་མངོན་དུ་འབྱིན་ནས་སྟོན་པར་བྱེད་པ་ལ། ཐ་སྙད་ཀྱི་རྟོག་གེའི་རིགས་པ་ལྟར་སྣང་ཙམ་གྱིས་གཏན་ལ་མི་ཕེབ་པས། དེ་གཏན་ལ་འབེབ་བྱེད་ཀྱང་། རྒྱུད་དེ་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པས། རྒྱུ་གཅིག་པའི་གཏན་ཚིགས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཆོས་ཅན། དོན་དམ་དབྱིངས་ཡེ་ཟུང་འཇུག་རང་བྱུང་གི་ཡེ་ཤེས་སུ་རྒྱུའམ་ཚུལ་གཅིག་པ་ཡིན་ཏེ། ཆོས་ཐམས་ཅད་དེའི་ངང་ཚུལ་ལས་མ་འདས་པའི་ཕྱིར། ཡིག་འབྲུའི་ཚུལ། དབྱིངས་ལས་ཤར་བའི་སྣང་བ་རྣམས་ཆོས་ཅན། དཔེ་ཡིག་འབྲུའི་ཚུལ་གྱིས་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བ་ཡིན་ཏེ། དབྱིངས་ཀྱི་རང་བཞིན་ལས་མ་འདས་པའི་སྣང་བ་ཡིན་པའི་ཕྱིར། བྱིན་གྱིས་བརླབས་པ། ཀུན་རྫོབ་དང་དོན་དམ་གཉིས་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཤིང་དབྱེར་མེད་པ་ཡིན་ཏེ། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། མངོན་སུམ་པའི་གཏན་ཚིགས། དབྱེར་མེད་པའི་གནས་ལུགས་ཆོས་ཅན། བློའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཐ་སྙད་ཀྱི་བློས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་དེ་བཞིས་ལེགས་པར་གཏན་ལ་ཕབ་པས་དབང་རྣོན་ཅིག་ཅར་བའི་རིགས་ཅན་གྱིས། སྣང་ལུགས་ནས་དུ་མར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས། གནས་ལུགས་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་རྟོགས་པ་ནི། རྒྱུད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་ཏེ། འདི་ལ་བདག་ཉིད་ཆེན་པོའི་གཏན་ཚིགས་ཅེས་བྱ། དེ་ལྟ་བུའི་དོན་ལ་ཐག་ཆོད་ཀྱི་མྱོང་བ་ཁྱད་པར་ཅན་སྐྱེས་པའི་སྐད་ཅིག་མ་གཅིག་ལ་གོང་གི་བཞི་པོ་ལྡོག་པས་ཐ་དད་དུ་དབྱེ་བ་ཙམ་མོ། །དེ་ལྟར་རྟོགས་ན་གོང་འོག་གི་ཐེག་པ་དང་གྲུབ་མཐའ་ཀུན་གྱི་དགོངས་པ་གཏིང་ཕྱིན་པ་ཡིན་ཏེ། བཤད་རྒྱུད་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུ། །ཞེས་གསུངས། གང་ཟག་རིམ་གྱིས་པ་རྣམས་ཀྱིས་དེ་ལྟར་རྟོགས་མི་ནུས་པས། གཏན་ཚིགས་སྔ་མ་སྔ་མ་རྣམས་ཀྱི་དོན། རང་བཞིན་སྐྱེ་མེད། རོལ་པ་འགག་མེད་སོགས་གཏན་ལ་ཕབ་ནས། སྟོང་ཆེན་འོད་གསལ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་ཕྲ་རགས་སོགས་ལ་རིམ་གྱིས་བསླབས་ཏེ་གོམས་པར་བྱས་པས། མཐར་མངོན་དུ་བྱེད་པ་ཡིན་ལ། གཞན་ཡང་ཐབས་ལམ་ལ་བརྟེན་ནས་ནང་གི་རྩ་མདུད་གྲོལ་སྟོབས་ཀྱིས་རིམ་གྱིས་དཔེ་དོན་གྱིི་ཡེ་ཤེས་འདྲེན་པ་དང་། ཤིན་ཏུ་དབང་རྟུལ་ཁ་ཅིག་གསག་སྦྱང་ལ་རྒྱུན་རིང་འབད་སྟོབས་ཀྱིས་བརྒྱུད་ནས་རྟོགས་པའང་ཡོད་དེ། ལམ་པའི་གང་ཟག་གི་སྐལ་པའི་ཁྱད་པར་གྱིས་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །མདོར་ན་གྲོལ་ལམ་བླ་མའི་མན་ངག་གིས་རང་སེམས་ཆོས་སྐུར་ངོ་སྤྲད་པའི་གདམས་པ་ཟབ་མོ་ལ་མ་བརྟེན་པར། ཐབས་ལམ་རང་མཚན་པར་ཞེན་པ་དང་། འཁྲིག་སྲེད་ལ་མེད་དགག་གིས་རྒྱས་བཏབ་པ་སོགས་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཟུགས་བརྙན་དུ་འགྱུར་ཏེ། ཞིབ་པར་གཞན་དུ་བཤད་ཟིན་པས་འདིར་མ་སྤྲོས་སོ། །དེ་ལྟ་བུའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཆེ་ཡོན་རྨད་དུ་བྱུང་བ་ཅན་དེ་གཉིས་ཀའི་གཞུང་དང་གདམས་པ་ཀུན་ཚང་ལ་མ་ནོར་བར། མདོ་ཕྱོགས་རྣམས་ཤིང་རྟ་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང་ཛི་དཱན་གཉིས་སོགས་ཀྱིས། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་མི་བརྗེད་པའི་གཟུངས་དང་ལྡན་པ་སྐ་ཅོག་སོགས་ལ་བརྒྱུད་པ་དང་། སྔགས་རྒྱུད་རྣམས། ཀུན་བཟང་རྡོར་སེམས། རྒྱལ་ཚབ་སེམས་དཔའ། དམ་པའི་རིགས་ཅན། སྐལ་ལྡན་རྒྱལ་པོ་ཛ་དང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སོགས་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ཞིང་སྐལ་མེད་ཀྱིས་བསླད་དུ་མེད་པས། ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ་རྣམས། སངས་རྒྱས་དངོས་ལྟ་བུའི་གྲུབ་པའི་རིག་འཛིན་པད་འབྱུང་བི་མ་སངས་རྒྱས་གསང་བ་སོགས་ཀྱིས་སྤྱན་དྲངས་ཏེ། བཀའ་བབས་ལས་ཅན་སྙིང་གི་བུ་དགུའམ་ཉེར་གཅིག་སོགས་རྗེ་འབངས་རིག་འཛིན་འདུས་པའི་ཚོགས་ལ་བསྩལ་ཅིང་། ཕལ་ཆེར་མ་འོང་སྙིགས་དུས་ཀྱི་གདུལ་བྱ་ལ་དགོངས་ནས་ཟབ་མོའི་གཏེར་དུ་རྒྱས་བཏབ་པ། དུས་དང་འཚམ་པར། གཏེར་སྟོན་སྤྲུལ་པའི་སྐུ། མཆོག་གཉིས་གླིང་པ་བརྒྱད་སོགས་རིམ་པར་བྱོན་པས་སྤྱན་དྲངས་ནས་སྣོད་ལྡན་གྱི་གང་ཟག་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བ་ཡིན་པས། ཐ་ན་ཆོ་གའི་ཡན་ལག་ངག་འདོན་ཕྲ་མོ་ཙམ་ལའང་སོ་སྐྱེ་ཕལ་གྱི་ཚིག་གིས་སླད་མ་ཞུགས་པར། རྒྱུད་དང་རྒྱུད་ཀྱི་དགོངས་པ་གུ་རུ་རིན་པོ་ཆེ་སོགས་ཀྱིས་ལུང་དུ་བསྡེབས་པའི་རྡོ་རྗེའི་ཚིག་འབའ་ཞིག་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟ་བུའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་དོན་ལ་སླད་མེད་པའི་ཚུལ་ནི། རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བའི་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། སྟོན་པ་ཀུན་ཏུ་བཟང་པོ་དང་རིགས་དྲུག་པ་རྡོ་རྗེ་འཆང་གི་དགོངས་དོན་ཟབ་མོ་བདུད་རྩིའི་ཡང་བཅུད་དེ་སེང་གེའི་འོ་མ་ལྟ་བུ། དབང་བཞིའི་ལམ་ཁྱེར་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་མཚན་བཅས་མཚན་མེད་ཀུན་གྱི་ཟབ་པའི་གནད་སྤྱི་དང་། ཁྱད་པར་དབང་བཞི་པའི་ལམ་རྫོགས་པ་ཆེན་པོའི་མངོན་སུམ་ངོ་སྤྲོད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་རྣམས། སྣོད་བཟང་པོ་གསེར་སྣོད་དང་འདྲ་བའི་མཁས་གྲུབ་རིག་འཛིན་བྱེ་བའི་ཐུགས་ནས་ཐུགས་སུ་བྱོན། ཞལ་ནས་སྙན་དུ་བརྒྱུད་པ་ཟམ་མ་ཆད་པས། སྔོན་གྱི་དུས་སུ་རྗེ་འབངས་ཉེར་ལྔ། གྲུབ་ཆེན་བརྒྱད་ཅུ། སྤང་མི་ཕམ་མགོན་པོ་བདུན་བརྒྱུད། ཉང་དང་ལྕེ་བཙུན་སོགས་ཟག་ཟད་འོད་སྐུར་གཤེགས་པ་དང་། འབྱུང་བཞི་ལ་རང་དབང་སྒྱུར་ཞིང་བསད་པ་གསོ་ནུས་པ་དང་། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ཅིང་། དེང་སང་གི་དུས་སུའང་གང་ཟག་སྐལ་པ་ཅན་རྣམས་ལ་ཉམས་མྱོང་བྱིན་རླབས་ཀྱི་བཀའ་མ་ཆད་པར་བཞུགས་པས། བརྒྱུད་པ་རིན་པོ་ཆེ་ལ་དམ་ཉམས་དང་འདྲེས་ཁྱེར་གྱི་སླད་མ་ཞུགས་ཤིང་། བརྒྱུད་པའི་མན་ངག་དང་བྲལ་བའི་རྟོག་གེ་ངན་པས་རང་བཟོས་མ་བསླད་པའི་ཟབ་དོན་གཞན་ལས་ཁྱད་པར་དུ་འཕགས་པ་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསུམ་པ་ཟབ་མོ་དེ་ལྟ་བུ་གཞན་ལ་མེད་པའི་ཚུལ་ནི། གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་སྐལ་པ་ཁོ་ནར་བཀྲམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། རིན་པོ་ཆེ་གསེར་ལས་གྲུབ་པའི་སྟོང་གསུམ་སོགས་ཞིང་མང་པོ། དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་སྤྲས་པའམ་ཕྱུར་པོར་བཀང་བའི་ཡོན་གྱིས་ཀྱང་། ཆ་ཙམ་ཡང་མི་འགུགས་པའི་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ན་གནས་པའི་ཆོས་ཟབ་མོ་རྣམས། འོག་མིན་གྱི་ཞིང་དང་གྲུབ་པའི་གནས། ལྷ་ཀླུ་སོགས་གནས་ཐ་དད་པ་ན་བཞུགས་པ་རྣམས། གྲུབ་པའི་སློབ་དཔོན་ཆེན་པོ་པད་འབྱུང་དང་། བི་མ་ལ་སོགས་པས་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ནས། ཟང་ཟིང་གི་ཡོན་ལ་བལྟ་བ་མེད་པར་ཐུགས་བརྩེ་བས་དགོངས་ཏེ་མ་འོངས་རྗེས་འཇུག་གི་གདུལ་བྱའི་སྐལ་པ་ཁོ་ནར་བཀྲམ་པ་འདི་ལྟ་བུ་གསར་ཕྱོགས་ཀྱི་གྲུབ་མཐའ་གཞན་ལ་མེད་དེ་ཞིབ་པར་གོང་དུ་བསྟན་པ་བཞིན་ཏེ། དེ་ལྟ་བུའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ཟབ་པ་བསྟན་པའི་སྙིང་པོ་དང་ལྡན་པའི་ཆེ་བའི་བྱེ་བྲག་པ་རྫོགས་པ་ཆེན་པོའི་ཆེ་བ་བཤད་པ་ལ་གསུམ། གཞི་གཏན་ལ་ཕབ་ཚུལ་གྱི་ཆེ་བ། ལམ་ཉམས་སུ་ལེན་ཚུལ་གྱི་ཆེ་བ། འབྲས་བུ་ཟད་སར་སྐྱེལ་ཚུལ་གྱི་ཆེ་བ་བསྟན་པའོ། །དང་པོ་ནི། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། རང་བྱུང་གདོད་མའི་གཤིས་ལུགས་ཡེ་ནས་འཆིང་གྲོལ་ལས་འདས་པའི་ཆོས་ཉིད་མཉམ་པ་ཆེན་པོ་ནི། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས་ནམ་མཁའ་དྭངས་པའི་དབྱིངས་ལྟ་བུ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞི་མ་འགགས་པ། ངོ་བོ་ཡོད་མེད་སྣང་སྟོང་སོགས་སྤྲོས་པའི་མཐའ་ཀུན་དང་བྲལ་བས་ཀ་ནས་དག་པའི་རང་བྱུང་ཡེ་ཤེས་ཆེན་པོ་ལ། སྐུ་དང་ཡེ་ཤེས་སོགས་ཟག་མེད་འབྲས་བུའི་ཡོན་ཏན་གྱི་ཆོས་ཀུན་ཉི་མ་དང་འོད་ཟེར་བཞིན་དུ་ཡེ་ནས་འདུ་འབྲལ་སྤངས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་གདངས། ཐུགས་རྗེ་རིག་པའི་རྩལ་འགགས་པ་མེད་པར་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བས། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ཉིད་ཡེ་ནས་རང་ལ་རང་ཆས་སུ་གནས་པས། དེ་ངོས་ཟིན་ཕྱིན་ཆད་བླུན་སྒོམ་ཡིད་དཔྱོད་ཀྱི་སེམས་འཛིན་སོགས་ཀྱི་རྩོལ་བ་ལ་རག་མ་ལུས་པར། སེམས་སེམས་བྱུང་སོགས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་སུ་ཐིམ་པའམ་འགགས་ནས། རྣམ་ཤེས་ལས་འདས་པའི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ཀློང་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བརྩལ་བ་ཡེ་ནས་རྫོགས་པས་རྫོགས་པ། དེའི་གོང་ན་རྟོགས་བྱ་ལྟ་བའི་གཞི་དང་ལམ་དང་འབྲས་བུའི་ཆོས་གཞན་མེད་པས་ན་ཆེ་བའམ་ཆེན་པོ་སྟེ། ཐེག་པ་འོག་མའི་ལམ་དང་འབྲས་བུའི་ཆོས་ཀུན་གྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ། འདི་ཉིད་རྟོགས་ན་བློས་བྱས་ཀྱི་གྲུབ་མཐའི་འཆིང་བ་བརྒྱ་ཕྲག་རང་གྲོལ་དུ་འགྲོ་ནུས་པས། དེ་ལྟ་བུའི་རྩོལ་བྲལ་ཐེག་པའི་རྒྱལ་པོ་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ལམ་ཉམས་སུ་ལེན་ཚུལ་གྱི་ཆེ་བ་ནི། ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུངས་ནས་ཕྱུང་། །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། སྨྲོས་མ་ཐག་པ་ལྟར་སྐྱོན་ཡོན་གྲུབ་བསལ་ལས་འདས་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད། ལམ་གྱི་སྐབས་སུ་བླ་མའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པའི་ཚེ། འཁྲུལ་པ་ཤེས་བྱ་ལ་མི་སྲིད་པའི་གདེང་བཅས་ཏེ། ཡིན་མིན་ཡོད་མེད་སོགས་ཕྱོགས་རེར་ཞེན་པའི་ཡིད་དཔྱོད་གྲུབ་མཐའི་དམིགས་གཏད་ཀྱི་ཞེན་འཛིན་མཐའ་དག་རང་སར་ཞིག་ནས། རྟག་ཆད་སོགས་མཐར་འཛིན་གྱི་ལྟ་བ་ངན་པའི་འཛིན་སྟངས་མཐའ་དག་དྲུངས་ནས་ཕྱུང་སྟེ། གཞིའི་སྐབས་སུ་ཀ་དག་ལྷུན་གྲུབ་ཟུང་འཇུག་ཏུ་གཏན་ལ་ཕབ། ལམ་གྱི་དུས་སུ་ཁྲེགས་ཆོད་དང་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་བླངས་པས། འབྲས་བུའི་སྐབས་སུ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའི་དོན་ཉིད་མངོན་དུ་བྱེད་པས་ན། གཞི་ལམ་འབྲས་བུའི་ཆོས་ཀུན་སྣང་སྟོང་ཟུང་དུ་འཇུག་པའི་ལམ་ཟབ་མོ་གཞན་ལ་མེད་པའི་ཁྱད་ཆོས་ཅན་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསུམ་པ་འབྲས་བུ་ཟད་སར་སྐྱེལ་ཚུལ་གྱི་ཆེ་བ་བསྟན་པ་ནི། དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། མཐར་ཐུག་གི་འབྲས་བུའི་སྐྱེལ་སོ། དུས་གསུམ་གྱི་རྒྱལ་བའི་དགོངས་པ་མཐར་ཐུག་པའི་དོན། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་ན་གནས་པ་སྙམ། །ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་ཀུན་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་གསུངས་པ་བཞིན། མཚན་འཛིན་གྱི་སྤྲོས་པའི་སྤྱོད་ཡུལ་ལས་འདས་པས་ཟབ་པ། སེམས་སེམས་བྱུང་གི་རྒྱུ་བ་འགགས་པས་ཞི་བ། འདི་ཞེས་མཚན་མར་མི་དམིགས་པས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་འོད་གསལ་བ། རྒྱུ་རྐྱེན་གྱི་རྩོལ་སྒྲུབ་ཀྱིས་མ་བསྐྱེད་པས་ཟག་མེད་འདུས་མ་བྱས་ཆེན་པོ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རིག་སྟོང་ཟུང་དུ་འཇུག་པའི་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ་ཆེན་པོ་དེེའི་ངང་དུ་ལམ་དང་འབྲས་བུའི་ཆོས་ཀུན་ཟད་སར་སྐྱོལ་བས་ན། སངས་རྒྱས་ཀྱི་དགོངས་པ་ཟབ་མོ་ལ་སྒྲ་ཇི་བཞིན་པར་ད་ལྟ་ནས་འཇུག་ནུས་པའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ཇི་ལྟར་ཉམས་སུ་ལེན་ཅིང་འཛིན་པའི་ཚུལ་གྱི་ཆེ་བར་སྨོན་པ་ལ་གསུམ། རང་གིས་ལུང་རྟོགས་ཀྱི་བསྟན་པ་འཛིན་པ། གཞན་ལ་དེ་ལྟར་སྤེལ་བའི་ཚུལ། དེ་འདྲའི་བསྟན་འཛིན་མང་དུ་འབྱུང་བར་སྨོན་པའོ། །དང་པོ་ལ། ལུང་གི་བསྟན་པའི་འཛིན་ཚུལ་དང་། རྟོགས་པའི་བསྟན་པའི་འཛིན་ཚུལ་ལ་སྨོན་པ་གཉིས་ལས། དང་པོ། མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིག་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། ཡོངས་འཛིན་མཁས་པ་ལ་བསྟེན་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་རྒྱུད་དགོངས་འགྲེལ་ཡན་ལག་དང་བཅས་པ་མང་དུ་ཐོས་པ་དང་། དེའི་དོན་ལ་རྟོན་པ་བཞི་དང་མི་འགལ་བར་རིགས་པ་ཡང་དག་པས་བརྟགས་ཤིང་དཔྱད་པ་ལས་བྱུང་བའི་བསམ་བྱུང་གི་ཤེས་རབ་དྲི་མ་མེད་པས་ཡིད་ཆེས་ཀྱི་གདེང་རྙེད་ནས། དཔྱད་གསུམ་རྣམ་པར་དག་པའི་ལུང་གི་སྤྲིན་ཆེན་པོ་འཁྲིགས་ཤིང་། ཕ་རོལ་གྱི་རྒོལ་བ་ངན་པའི་ཚོགས་རྣམས་དུས་ཅིག་ཅར་དུ་འཇོམས་ནུས་པའི་རིགས་པའི་འབྲུག་སྒྲ་བཟང་པོ་ཕྱོགས་ཀུན་ཏུ་སྒྲོག་པའི་རྣམ་དཔྱོད་ཀྱི་གློག་ཕྲེང་འབར་བ་དང་། སྙན་བརྒྱུད་ཟབ་མོའི་མན་ངག་གི་གནད་ཀྱི་བདུད་རྩི་འཆི་གསོས་ཀྱི་སྨན་དང་འདྲ་བ་རྣམས་སྙིང་ལ་སིམ་པས་ཡོན་ཏན་གྱི་ལུས་ཟུངས་རྒྱས་ཤིང་། དེའི་མཐུས་འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་མཐུ་ཆེན་པོ་གྲུབ་སྟེ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་ཞིང་བསྲུང་བ་དང་སྤེལ་བས་ཕྱོགས་ཀུན་ཏུ་རྒྱས་པར་གྱུར་ཅིག །གཉིས་པ་རྟོགས་པའི་བསྟན་པའི་འཛིན་ཚུལ་ལ་སྨོན་པ་ནི། རྨད་བྱུང་ཨ་ཏི་ཡོ་གའི་གསེང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། ཟབ་ཁྱད་དང་ཆེ་ཡོན་རྨད་དུ་བྱུང་བ་ཅན་གྱི་རྩོལ་བྲལ་ཨ་ཏི་ཡོ་གའི་གསང་བ་ཟབ་མོའི་གསེང་ལམ་ནས། མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཁྱབ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལ་མ་བརྟེན་པའི་མན་ངག་ཟབ་མོ་གཞན་ལ་མེད་པའི་ཁྱད་ཆོས་ཉིད་ཁོང་ནས་རང་ཤར་བའི་ཚུལ་གྱིས། རིགས་ཀུན་བདག་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་རབ་ཏུ་བསྒྲུབས་པའམ་རྟོགས་པ་མངོན་དུ་གྱུར་ནས། མཚོ་སྐྱེས་རྒྱལ་བའི་དོན་བརྒྱུད་སྙིང་པོའི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྤེལ་བས་དུས་ཀྱི་མཐར་ཡང་མི་ཉམས་པར་རྒྱས་པར་གྱུར་ཅིག །གཉིས་པ་གཞན་ལ་དེ་ལྟར་སྤེལ་བའི་ཚུལ་ལ་སྨོན་པ་ལ། ལུང་གི་ཆོས་སྤེལ་བ་དང་། རྟོགས་པའི་ཆོས་སྤེལ་བ་གཉིས་ལས། དང་པོ་ནི། ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། དེ་ཡང་ཐུན་མོང་བ་མངོན་རྗེས་ལུང་གི་ཚད་མ་གསུམ་སོགས་སྤྱིར་གྲགས་པ་དང་། ཐུན་མིན་གཞལ་བྱ་བདེན་གསུམ་དབྱེར་མེད་པའི་དོན་ལ། འཇལ་བྱེད་ཡང་དག་པའི་ཚད་མ། རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། བི་མའི་འགྲེལ་ཆུང་ལས། ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིགས་པས་གཏན་ལ་དབབ། །ཅེས་གསུངས་པ་ལྟར། ལུང་རིགས་མན་ངག་གསུམ་གྱི་ང་རོ་སྟེ་འཇིགས་པ་མེད་པར་སྐད་གསང་མཐོན་པོར་བསྒྲགས་པ་ཡིས། རྟག་ཆད་ཀྱི་གནས་ལ་ཞེན་པའི་ལྟ་དམན་གྱི་རི་དྭགས་ཝ་སྐྱེས་ལྟ་བུའི་ཚོགས་རྣམས་སྤོབས་པ་བཅོམ་ནས་སྐྲག་པར་མཛད་པ་ཡི། རིམ་དགུའི་ཐེག་པའི་རྩེ་རྒྱལ་མཆོག་ཨ་ཏི་ཡོ་གའི་རང་སྐད་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་སེང་གེའི་སྒྲ་དབྱངས་ཆེན་པོ་ས་གསུམ་ན་ཁྱབ་པར་བསྒྲགས་པ། དམན་ལམ་ཡིད་དཔྱོད་ཀྱི་ལྟ་སྒོམ་གྲུབ་མཐའི་བསླད་པ་དང་བྲལ་བའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་རྟོགས་པའི་ཆོས་སྤེལ་ཚུལ་ལ་སྨོན་པ་ནི། རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་རྒྱལ་བསྟན་བཤད་སྒྲུབ་སྙིང་པོའི་ལུས་ཡོངས་སུ་རྫོགས་པའི་ལྷའི་གོས་བཟང་པོའི་དར་ཤམས་ཀྱི་རྩེར། གྲོལ་བ་དྲུག་དང་ལྡན་པའི་འོད་གསལ་རྡོ་རྗེ་སྙིང་པོའི་དགོས་འབྱུང་ནོར་བུའི་ཏོག་གིས་མངོན་པར་མཛེས་པ་ཡིས། ཕས་ཀྱི་རྒོལ་བ་ངན་པ་སོགས་མི་མཐུན་པའི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་ཞིང་དོན་གཉིས་ཀྱི་འདོད་པ་ཡིད་བཞིན་དུ་འཇོ་བའི་དགའ་སྟོན་གྱི་རྒྱལ་མཚན་སྲིད་ཞིའི་བླ་ན་མངོན་པར་མཐོ་བར་སྒྲེང་བ་སྟེ། སྙན་ངག་ཁྱད་པར་གྱི་གཟུགས་ཅན་གྱི་རྒྱན་དུ་བཀོད་པ་སྟེ། དོན་ལ་ལྷ་དབང་གཡུལ་ལས་རྒྱལ་བའི་རུ་མཚོན་བཞིན་དུ་དུས་ནམ་ཡང་གཡོ་བ་མེད་པར། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་ཤིང་ཡུན་དུ་བརྟན་པར་གྱུར་ཅིག །གསུམ་པ་དེ་འདྲའི་བསྟན་འཛིན་མང་དུ་འབྱུང་བར་སྨོན་པ་ལ། རང་གིས་འཛིན་པར་སྨོན་པ་དང་། གཞན་གྱིས་འཛིན་པར་སྨོན་པ་གཉིས། དང་པོ་ནི། བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པ་སྟེ། ཇི་ལྟར་སྨོན་ལམ་འདེབས་པ་པོ་བདག་རང་ཉིད་དང་སོགས་ཁོངས་ནས་བརྒྱུད་འཛིན་སློབ་མར་བཅས་པས་མཚོན་ཀུན་ཀྱང་། དུས་དེང་ནས་བཟུང་སྟེ་འགྲོ་བ་སེམས་ཅན་གྱི་ཁམས་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ། ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་མི་སྐྱེ་ཞིང་། མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལམ་གྱི་གཞི་རྟེན་འཁོར་ལོ་ཆེན་པོ་བཞིས་འབྱོར་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་སྤྱི་དང་། ཁྱད་པར་བསྟན་པའི་སྙིང་པོ་ཟབ་མོ་ནང་རྒྱུད་སྡེ་གསུམ་གྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འདི་ལྟ་བུ་དང་འཕྲད་ནས། ཆོས་ཀྱི་དབྱིངས་དང་མཉམ་པའི་མཁའ་ཁྱབ་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཀུན་ཏུ། རྒྱལ་བའི་སྲས་ཀྱི་མཆོག །འཇམ་པའི་དབྱངས་དང་། ཀུན་ཏུ་བཟང་པོ་དང་། གསང་བའི་བདག་པོ་སོགས་ཀྱི་རྣམ་ཐར་ཇི་ལྟ་བ་བཞིན་དུ་འཛིན་སྐྱོང་སྤེལ་བའི་དམ་བཅའི་གོ་ཆ་མཐར་ཕྱིན་པ་ཡིས། མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པར་གྱུར་ཅིག །ཅེས་པ་ནི། དམ་པ་རྣམས་ཀྱིས་རང་གི་ངང་ཚུལ་བསྟན་པ་སྟེ། སྔ་འགྱུར་པུཎྜ་རི་ཀའི་རྒྱུད་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་གཟུང་། །ཞེས་དང་། བཟང་སྤྱོད་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་གཞན་གྱིས་འཛིན་པར་སྨོན་པ་ནི། མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེང་། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་ཚིགས་བཅད་ཕྱི་མ་གཉིས་ཏེ། གོང་སྨྲོས་སྨོན་ལམ་ཀུན་གྱི་དོན་མདོར་བསྡུ་ན། མཁྱེན་བརྩེ་ནུས་གསུམ་དང་མཁས་བཙུན་བཟང་གསུམ་སོགས་མཁས་པ་དང་གྲུབ་པའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྣམ་ཐར་གྱིས་ཏེ། རང་དོན་དུ་གསན་བསམ་སྒོམ་གསུམ་མཐར་ཕྱིན་ཞིང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་སྟེ་མཁས་ཚུལ་དགུའམ་དམ་པའི་ཚུལ་དགུའི་སྒོ་ནས། རྒྱལ་བསྟན་ངེས་གསང་སྙིང་པོའི་རིང་ལུགས་ཉིད་ཕྱོགས་མཐར་སྤེལ་བའི་ཕྲིན་ལས་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པས། ས་ཡི་སྟེང་ཐམས་ཅད་ཡོངས་སུ་ཁྱབ་པའམ་གང་ནས། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཁྱད་པར་དུའང་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་མཚུངས་མེད་བླ་མའི་སྐུ་ཚེ་རྡོ་རྗེ་ལྟར་གཞོམ་གཞིག་དང་བྲལ་བར་རབ་ཏུ་བརྟན་ཞིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་དུ་འགྲུབ་པ་དང་། བསྟན་ལ་མཆོད་པའི་སྦྱིན་བདག་རྒྱལ་བློན་ཁྱིམ་བདག་སོགས་ཀྱང་ཆོས་བཞིན་དུ་འཚོ་བའི་མངའ་ཐང་དར་ཞིང་སྡེ་བཞིའི་འབྱོར་པ་རྒྱས་པ་ཡིས། ཆོས་དང་སྲིད་ཀྱི་དཔལ་འབྱོར་ནམ་ཡང་མི་ནུབ་པར། གཙུག་ལག་ཁང་དང་སྤོང་ཀློག་གི་སྡེ་འཕེལ་ཞིིང་རྙེད་སོགས་ཀྱིས་ནམ་ཡང་མི་བྲེལ་བ་དང་། རྟག་པར་དགེ་འདུན་རྣམས་ལྟ་སྤྱོད་མཐུན་ཞིང་། ཆོས་སྤྱོད་བཅུ་སོགས་བསམ་དགུ་ཡིད་བཞིན་དུ་འགྲུབ་པའི་ནོར་བུའི་རྒྱལ་མཚན་རྟག་པར་བསྒྲེངས་པ་ཡིས། མཚོ་སྐྱེས་རྒྱལ་བའི་བསྟན་པ་སྔ་འགྱུར་ཡོ་ག་སྡེ་གསུམ་གཙོ་བོར་གྱུར་པའི་རིང་ལུགས་དྲི་མ་མེད་པ་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ལྟར་འགྲུབ་པའང་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རང་འདོད་དང་བྲལ་བར་རྩ་གསུམ་ལྷའི་ཐུགས་རྒྱུད་བསྐུལ་ཏེ་ལྷག་པའི་བསམ་པ་ཡང་དག་པས་སྨོན་ལམ་དུ་གདབ་པའོ།། །།རྩ་བའི་གསུམ་པ་མཇུག་གི་དོན་ལ། རྒྱུ་མཚན་དང་བཅས་ཏེ་གཞན་ལ་བསྐུལ་བ་དང་། དགོས་པ་བརྗོད་དེ་མཛད་བྱང་སྨྲོས་པ་གཉིས་ལས། དང་པོ་ནི། ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་། ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མ་ནོར་བ་ཡིན་པ་འདི་ངོ་ཤེས་ནས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ། གང་ཟག་སྐལ་པ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། ཞེས་པ་སྟེ། ཅེས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་སོགས་ནས་ལུང་བསྟན་པའི་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་རྡོ་རྗེའི་སྐུར་བརྙེས་ཤིང་། ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འཁྲུངས་པའི་རྒྱལ་བ་གཉིས་པའི་བསྟན་པ་གསང་ཆེན་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི། རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོའམ་འབྱུང་ཁུངས་ཡིན་ཅིང་། གོང་དུ་སྨྲོས་པ་ལྟར་གྱི་ཟབ་གནད་ཀྱི་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་ཚང་ལ་མ་ནོར་བའི་མཆོག་ཡིན་པ་འདི་ལྟར་ངོ་ཤེས་ནས། འཇིག་རྟེན་ན་དེད་དཔོན་མཁས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོངས་སུ་བརྟགས་ནས་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པས་རང་གཞན་གྱི་འདོད་པ་འབྱུང་བ་བཞིན་དུ། གང་ཟག་སྐལ་པ་དང་ལྡན་པ་ཤེས་རབ་དང་བརྩོན་འགྲུས་མི་དམན་པ་རྣམས་ཀྱིས། རང་ལུགས་ཀྱི་གྲུབ་མཐའི་རྐང་བཟུང་སྟེ། གཞན་གྱི་ཟེར་སྒྲོས་ཀྱིས་བསླད་མ་ཞུགས་པར་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། ཞེས་ཐུགས་བརྩེ་བས་གཞེན་བསྐུལ་འདེབས་པ་སྟེ་བློ་ལྡན་རྣམས་ཀྱིས་ཕན་པའི་གདམས་ངག་སྤྱི་བོས་ལེན་ཞིང་སྙིང་ལ་བཅང་དགོས་པ་ཁོ་ན་སྟེ། རྒྱལ་སྲས་ཞི་བ་ལྷས། །གཞན་ལ་གཞེན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྤྱི་བོར་བླང་བགྱིས་ཏེ། །རྟག་ཏུ་ཀུན་གྱི་སློབ་མར་གྱུར། །ཅེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་དགོས་པ་བརྗོད་དེ་མཛད་བྱང་སྨྲོས་པ་ནི། དེ་ལྟ་བུའི་བཞེད་པ་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་རྙིང་བསྟན་ལ་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བར་གུང་ཐུན་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ། ཞེས་པ་སྟེ། སྨྲོས་མ་ཐག་པ་དེ་ལྟ་བུའི་ཚུལ་གྱིས་བསྟན་ལ་དགོངས་པའི་དམ་པ་རྣམས་ཀྱི་ཐུགས་ཀྱི་བཞེད་པ་ཡིད་བཞིན་དུ་འགྲུབ་པའི་རྟེན་ཅིང་འབྲེལ་འབྱུང་བཟང་པོའི་སྨོན་ཚིག་ཏུ་གསང་ཆེན་རྙིང་མའི་བསྟན་པ་ལ་གཡོ་ཟོལ་མེད་པའི་ལྷག་པའི་བསམ་པ་ཡར་ངོའི་ཟླ་བ་ལྟར་རྣམ་པར་དཀར་བ་ཅན། རྒྱ་ཆེན་སྤྱོད་པ། ཟབ་མོ་ལྟ་བ། རྣམ་དག་རིགས་པའི་ལམ་གསུམ་གྱི་ཤིང་རྟ་ཆེན་པོར་གྲུབ་ཅིང་། ལེགས་བཤད་ཀྱི་སྣང་བས་རྒྱ་མཚོའི་གོས་ཅན་ཡོངས་ལ་ཁྱབ་པ་སྟེ། དོན་གྱི་རྒྱུ་མཚན་ཆེན་པོ་བཞི་དང་འབྲེལ་བའི་སྒོ་ནས། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས་གསོལ་བའི་མཚན། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཤིན་ཏུ་དགེ་བར་ཉིན་གུང་གི་ཐུན་གཅིག་ལ་ཐུགས་ཐོག་ཏུ་གང་ཤར་ཤར་མར་བྲིས་པ། དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་འཇིག་རྟེན་ཀུན་ན་ཁྱབ་ཅིང་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཡོན་གོང་ནས་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག །ཅེས་པའོ། །དེས་གཞུང་གི་ཚིག་དོན་མདོ་ཙམ་བཀྲལ་ཟིན་ནས། སླར་སྨྲས་པ། སྲིད་དང་ཞི་བའི་ཕུན་ཚོགས་འདོད་དགུའི་ཆར། །ཅི་དགར་སྦྱིན་མཛད་རྒྱལ་བསྟན་ཡིད་བཞིན་དབང་། །ཤེར་བརྩོན་རྒྱལ་མཚན་རྩེ་མོར་མཆོད་མཁས་པའི། །དེད་དཔོན་མཆོག་རྣམས་ཐུབ་ལ་བྱས་གཟོ་ཉིད། །སྐྱོབ་པ་མཆོག་དེས་གྲངས་མེད་བསྐལ་པ་རུ། །སྐུ་སྲོག་བྱེ་བ་བཏང་ནས་བཙལ་པའི་ནོར། །དམ་ཆོས་རིན་ཆེན་མཛོད་ཁང་རྗེས་འཇུག་ལ། །གཏད་པའི་དོན་གོ་དེ་ལགས་གཞན་དུ་ཅི། །ཐུབ་མཆོག་ཞབས་ཀྱིས་བཅགས་མིན་ལྗོངས་འདི་རུ། །སྣང་བའི་སྒོ་ཆེན་སྔ་འགྱུར་བ་ཡིས་ཕྱེས། །དེ་ལ་བརྟེན་ནས་གསར་འགྱུར་དག་ཀྱང་བྱུང་། །ཀུན་ཀྱང་རྣམ་གྲོལ་ལམ་ལས་ཉམས་པ་མེད། །འོན་ཀྱང་དུས་དང་གདུལ་བྱའི་ཁྱད་པར་གྱིས། །ཟབ་གནད་ཁྱད་འཕགས་སྔ་འགྱུར་པ་ལ་ཡོད། །དེ་ཚུལ་རིགས་པའི་ལམ་ནས་ཚད་མ་རུ། །སྒྲུབ་ལ་བསྙེངས་བྲལ་འཇམ་མགོན་བླ་མ་ཙམ། །ཚིག་རེ་ཙམ་གྱིས་ཐེ་ཚོམ་དྲྭ་བ་འབུམ། །ཆོད་ཅེས་འཇམ་དཔལ་ཕྱག་གི་རལ་གྲི་གང་། །ཡང་ཡང་ཁྱེད་ལ་གཏད་པའི་རྣམ་དཔྱོད་དཔལ། །འདི་འདྲ་སྔོན་དུས་འཕགས་པའི་ཡུལ་ནའང་དཀོན། །མགོན་པོ་གང་གི་ལེགས་བཤད་ནོར་བུའི་གཏེར། །ཅི་དགར་འབྱེད་པའི་དུས་སྟོན་དེང་ལགས་ན། །གཞན་ཟེར་རྗེས་བརྗོད་འཆིང་བུས་ཚིམ་མིན་པར། །སྐལ་མཆོག་ལྡན་རྣམས་འདིར་སྤྱོན་ཅི་དགར་རོལ། །དེ་སླད་བདག་བློ་སྦྱོར་བརྩོན་ཞན་ན་ཡང་། །དམ་པས་བསྐུལ་དང་བསྟན་ལ་གུས་པའི་བློས། །ཕྱོགས་ཙམ་བཀྲོལ་འདིར་རྨོངས་བློས་ཉེས་པའི་ཆ། །གང་མཆིས་འཕགས་དང་མཁས་པའི་སྤྱན་སྔར་བཤགས། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །སྐྱེ་དང་སྐྱེ་བར་རྒྱལ་བའི་ཆོས་མཛོད་འཛིན། །མཁའ་ཁྱབ་དམ་ཆོས་སྒྲོན་མ་རྣམ་བཀོད་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡུན་དུ་གནས།། དེར་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །རྟག་པར་དགེ་འདུན་ལྟ་སྤྱོད་དོན་མཐུན་པས། །སྡེ་གསུམ་སྙིང་པོའི་རིང་ལུགས་རྒྱས་གྱུར་ཅིག །ལྷ་ཀླུ་དགའ་བས་དུས་བཞིར་ཤིས་པ་སྒྲུབ། །མི་རྣམས་བདེ་སྐྱིད་དགེ་བཅུའི་ཁྲིམས་ཀྱིས་འཚོ། །ནད་མུག་མཚོན་སོགས་མི་ཤིས་མིང་མི་གྲགས། །རྫོགས་ལྡན་དང་པོའི་དུས་སྟོན་འཕེལ་འགྱུར་ཅིག །བཀྲ་ཤིས་གང་ཞིག་ལྷན་སྐྱེས་བདེ་བ་ཆེ། །རང་བྱུང་དོན་གྱི་མཚོ་སྐྱེས་པདྨ་རྒྱལ། །འགྲོ་བ་ཀུན་གྱི་སྙིང་ལ་རྟག་བཞུགས་པའི། །བདེན་པ་དེ་ཡིས་དུས་ཀུན་ཤིས་གྱུར་ཅིག །ཅེས་པའང་ལུང་རྟོགས་ཡོན་ཏན་གྱི་གཏེར་མངའ། རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ཆོས་ནས་གསུང་བསྐུལ་གནང་ཞིང་། རང་ལུགས་ཀྱི་ལྟ་གྲུབ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཅན་མཁན་ཀུན་དཔལ་དང་བླ་མ་དམ་པ་ཆོས་དབྱིངས་འོད་གསལ་ནས་ཀྱང་མཐུན་འགྱུར་གནང་བ་དང་། རིགས་བརྒྱའི་ཁྱབ་བདག་ཟུར་མང་དྲུང་རིན་པོ་ཆེས་ཀྱང་བཀའི་རྗེས་སུ་གནང་བ་ཐོབ་པ་ལ་བརྟེན་འབྲི་འདུན་ཡོད་ཀྱང་། འབྱུང་འཁྲུགས་ནད་ཀྱིས་མནར་བའི་གཞན་དབང་དུ་གྱུར་ནས་རིམ་ལུས་སུ་གྱུར་པ་ལ། སླར་རབ་ཚེས་ཤིང་གླང་ཟླ་བ་ལྔ་པའི་ཚེས་བཞི་རེས་གཟའ་ལྷ་ཡི་བླ་མ་རྒྱལ་སར་ཕེབས་པའི་འཕྲོད་སྦྱོར་དང་། རྟེན་འབྱུང་ཤིན་ཏུ་དགེ་བའི་ཉིན་གློ་བུར་དུ་འབྲི་འདོད་བྱུང་བ་དང་། མཆོག་གི་སྤྲུལ་པའི་སྐུ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང་། དགེ་སློང་འཕགས་མཆོག་གཉིས་ནས་ཀྱང་ལེགས་སོའི་ཚིག་གིས་བསྐུལ་བ་ལ་བརྟེན། ནད་ལས་རྣམ་པར་རྒྱལ་བའི་བརྩོན་པའི་གོ་ཆ་བསྐྱེད་དེ། རྗེ་ཉིད་ཀྱིས་མཛད་པའི་ས་བཅད་དང་གསུང་སྒྲོས་འབེལ་གཏམ་རྣམས་གཙོ་བོར་བཟུང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། མཁས་མཆོག་བློ་གྲོས་རྒྱལ་མཚན། ཞེ་ཆེན་མ་ཧཱ་པཎྜི་ཏ་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་གི་སྒྲོན་མ་ལ་བརྟེན་ནས། འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་ཅིང་། ཁྱབ་བདག་ཞེ་ཆེན་རབ་འབྱམས་ལྔ་པའི་བཀའ་འབངས་སུ་གཏོགས་པའི་བན་རྒན། འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སམ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་དུ་འབོད་པས། ཚེས་དེ་ཉིན་ལ་དབུ་བཙུགས་ནས་ཟླ་བ་དེའི་ཚེས་བཅུ་གསུམ་ལ་གྲུབ་པར་རང་གནས་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་འདི་ལ། རང་བློ་དམན་ཞིང་རྒྱུན་རིང་ནད་ཀྱིས་མནར་པས་ཤེས་པ་མི་གསལ་བ་དང་། སམ་ཏྲ་སོགས་ལ་བརྟེན་པའི་ཉིས་བྲིས་སོགས་ཀྱང་མ་གྲུབ་སྟབས། ཚིག་དོན་གྱི་ཆ་ལ་འགལ་འཁྲུལ་གང་མཆིས་སྙིང་ནས་བཤགས་ཤིང་། དགེ་བས་ངེས་གསང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།
རྡོ་རྗེ་ཕག་མོ་སྨེ་བ་བརྩེགས་མའི་སྒོམ་བཟླས་མི་གཙང་ཀུན་འཇོམས་རྡོ་རྗེ་ཕ་ལམ་ (Volume 47, Text 36)
༄༅། །རྡོ་རྗེ་ཕག་མོ་སྨེ་བ་བརྩེགས་མའི་སྒོམ་བཟླས་མི་གཙང་ཀུན་འཇོམས་རྡོ་རྗེ་ཕ་ལམ་བཞུགས་སོ། ། བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་ཆེན་པོའི་གསང་མཛོད་མན་ངག་བཞིན། །རྒྱལ་བ་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་ཁྲོས་ནག་སྨེ་བ་བརྩེགས་མ་ཡི། །སྒྲུབ་ཐབས་སྙིང་པོ་རབ་ཟབ་འདིར་བསྟན་བྱ། །སྐྱབས་སེམས་ཡན་ལག་བདུན་པ་སྔོན་འགྲོ་བས། །བདེ་བའི་གདན་ལ་འཁོད་དེ་འདི་ལྟར་བསྒོམ། ཧཱུྃ་ཧཱུྃ་ཧཱུྃ། ཆོས་རྣམས་སྟོང་ཉིད་སྒྱུ་མ་ལྟ་བུའི་ངང་། །གཞལ་ཡས་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །དེ་སྟེང་ཨ་ལས་རྡོ་རྗེ་ཁྲོས་མ་ནག །དུད་སྤྲིན་མདོག་འདྲ་མི་བཟད་ཆེར་ཁྲོས་སྐུ །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་དུག་རླངས་འཁྲིགས། །ཤངས་གཉེར་བསྐལ་པ་འཐོར་བའི་དུས་རླུང་གཡོ། སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས། །སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འབར། །དམར་ནག་འབར་འཕྱང་རལ་གསེབ་ཕག་ཞལ་ངུར། །ཐོད་སྐམ་མགོ་ཕྲེང་རུས་རྒྱན་མི་གཡང་གསོལ། གསེར་གྱི་རྣ་ཆ་སྟག་ཤམ་སྦྲུལ་ཆུན་སྤྲས། །ཞབས་གཉིས་བརྐྱང་བསྐུམ་གྲུ་མོར་ཁ་ཊྭཱཾ་བརྟེན། །ཕྱག་གཡས་འབར་བའི་ཨེ་སྒྲོམ་་་ཆོས་འབྱུང་མེ་འབར་བ།མཁའ་ལ་ཕྱར། །གཡོན་པས་དག་བྱེད་ཁྲུས་བུམ་ཐུགས་ཀར་འཛིན། །ཕག་ཞལ་སྟེང་དུ་པད་ཟླ་ཉི་མ་ཡི། །གདན་ལ་འདྲེན་མཆོག་རྩ་བའི་བླ་མ་དང་། །དབྱེར་མེད་པད་འབྱུང་རྡོར་སེམས་ཆ་ལུགས་ཅན། །སྙེམས་མ་མཚོ་རྒྱལ་ཡུམ་དང་གཉིས་མེད་འཁྱུད། །གཙོ་མོའི་ཕྱོགས་བཞིའི་འདབ་མར་འབྱུང་བཞི་ཡི། །མཁའ་འགྲོ་རང་མདོག་འབྱུང་འཛིན་སྔགས་སྒྲ་སྒྲོག །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དམ་ཡེ་འདྲེས། །ཏིང་འཛིན་གྱིས་སྤྲུལ་ལྷ་མོས་མཆོད་ཅིང་བསྟོད། །ཐུགས་ཀར་རང་འདྲའི་དྷཱ་ཀི་ཚོན་གང་བའི། །སྙིང་དབུས་རྡོ་རྗེ་ནག་པོ་ནས་འབྲས་ཙམ། །ལྟེ་བར་ཨ་ཡིག་སྤུ་བྲིས་ལྟ་བུའི་མཐར། །སྔགས་ཕྲེང་མགལ་མེ་ལྟ་བུར་འཁོར་བ་ཡིས། །འོད་ཟེར་དྲག་རྩུབ་རྣོ་མྱུར་མེ་འབར་བས། །ལུས་ཀྱི་ཕྱི་ནང་སྣོད་བཅུད་ཁོར་ཡུག་ཁེངས། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉམས་ཆག་དག །སེལ་ཡུགས་མཛེ་གདོན་རྨེ་ནལ་འཁོན་ཐབ་གྲིབ། །ཟས་གོས་རོ་བག་བྱི་བང་གྲིབ་ལ་སོགས། །གྲིབ་རིགས་ཐམས་ཅད་གཞོབ་ཐུལ་བསྲེགས་བྱས་ཤིང་། །རྡོར་སེམས་ཡབ་ཡུམ་སྐུ་ལས་ཡེ་ཤེས་རླུང་། །རབ་ཏུ་ཁྲོས་པས་སྔགས་ཀྱི་མེ་དཔུང་ཆེ། །འཁྲུགས་པས་གྲིབ་གདོན་ལྷག་མེད་བཅོམ་པར་གྱུར། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ཨཱ༔ ཨོཾ་གྷརྑཾ་ཛིརྑཾ་བྷི་མཱ་ན་སེ་ཨུ་ཙུཥྨ་མ་ཧཱ་ཀྲོ་དྷཱི་ཧཱུྃ་ཕཊ། ཅེས་དམིགས་པ་མ་ཡེངས་པས་རྩེ་གཅིག་ཏུ་བསྙེན་པ་འབུམ་ཕྲག་གསུམ་བསྐྱལ་བས་ནད་གདོན་སྡིག་སྒྲིབ་ཉམས་ཆག་དག་པའི་ལྟས་སྤྱི་དང་མཐུན་པར་འབྱུང་ལ། བསྙེན་པ་ཐེམས་ནས་གནས་སྐབས་སུ་ཡང་རྩ་སྔགས་བརྒྱ་སྟོང་ཁྲི་སོགས་གང་འགྲུབ་བཟླས་པས་གྲིབ་རིགས་ཐམས་ཅད་སེལ་བ་དང་། རྟག་ཏུ་ཕག་མོ་འདིའི་སྒོམ་བཟླས་ལ་བརྩོན་ན་འགོ་བའི་ནད་གཟའ་ཀླུ་ས་བདག་རྒྱལ་བསེན་སོགས་གདོན་བགེགས་འབྱུང་པོའི་གནོད་པས་མི་ཚུགས་ཤིང་བསྐྱེད་རྫོགས་ཀྱི་ཉམས་ལེན་བརྟན་པ་དང་། ཡེ་ཤེས་མཁའ་འགྲོ་མས་རྗེས་སུ་བཟུང་བས་བར་དོར་མཆོག་སྟེར་བར་འགྱུར་རོ། །ཐུན་སྐབས་སུ་འབྱུང་ལྔའི་སྔགས་བྱང་འདི་ཡང་བཟླ་བར་བྱའོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཞེས་ཚར་བདུན་སོགས་ཅི་ནུས་བཟླ། མཐར་ཐུན་བསྡུ་ཚེ། སྣོད་བཅུད་འོད་ཞུ་འཁོར་གྱི་ལྷ་བཞིར་འདུས། །དེ་ཡང་གཙོ་མོ་མེ་འོད་སྔགས་ལ་ཐིམ། །རྡོར་སེམས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །ལུས་ཁེངས་སྒྲིབ་ཚོགས་བག་ཆགས་བཅས་བཅོམ་ཞིང་། །རྡོར་སེམས་རང་ཐིམ་དབྱེར་མེད་གཅིག་ཏུ་གྱུར། །རང་ཡང་ཡེ་ཤེས་སེམས་དཔའི་སྐུ་ལ་ཐིམ། །དེ་ཡང་ཏིང་འཛིན་ཧཱུྃ་སྟེ་དེ་མས་རིམ། །ཐིག་ལེ་མཁའ་ལ་ཡལ་ལྟར་དམིགས་མེད་བཞག །སླར་ཡང་སྐད་ཅིག་ལྷར་གསལ་ནས་སྔགས་ཀྱིས་བསྲུང་བར་བྱའོ། །བསྙེན་པ་ཐེམས་ནས་ཁྲུས་ཀྱི་ལས་བྱ་བར་འདོད་ན། ཁྲུས་བུམ་གཙང་མར་ལྷ་ཚོགས་མངོན་རྟོགས་བཞིན་བསྐྱེད་ལ་ཡེ་ཤེས་པ་དགུག་བསྟིམ་བྱ་ཞིང་སྔགས་ཅི་རིགས་པ་བཟླ། མཐར་ལྷ་འོད་དུ་ཞུ་བའི་ཆུས་རང་གཞན་གྱི་དོན་དུ་བྱབ་ཁྲུས་སོགས་སྤྱི་དང་མཐུན་པར་བྱ། སྐུ་གསུང་ཐུགས་ཀྱི་རྗེས་གནང་སྤྱི་ལྟར་བྱས་ཀྱང་རུང་ངོ་། །གྲིབ་འཇོམས་སྨེ་བརྩེགས་སྒྲུབ་པའི་ཐབས། །མང་ཡང་རྡོ་རྗེ་ཁྲོས་ནག་མའི། །སྒྲུབ་ཐབས་འདི་འདྲ་ཆེས་རྙེད་དཀའ། །ཟོག་ཆོས་མ་ཡིན་གུ་རུའི་གསུང་། །བྱིན་རླབས་དྲོད་མ་ཡལ་བ་འདི། །ཉམས་སུ་ལེན་ན་གནས་སྐབས་དང་། །མཐར་ཐུག་དགེ་ལེགས་ཡོན་ཏན་ཐོབ། །དེས་ན་འདི་ཉིད་སྒྲུབ་ལ་འབུངས། །ཞེས་གང་ཟག་འགའ་ལ་ཕན་པའི་ལྷག་བསམ་རྣམ་པར་དག་པས་བསྐུལ་ནས་ཀཿཐོག་ལྷོ་ཕྱོགས་པ་ཚེ་དབང་ནོར་བུ་ཞི་བའི་བློ་གྲོས་ཀྱིས་མེ་ལུག་སྨིན་དྲུག་ཟླ་བའི་ཚེས་གཅིག་རྡོ་རྗེ་དྷཱ་ཀི་རྒྱུ་བའི་དུས་སུ་མང་ཡུལ་གུང་ཐང་ཟ་འོག་ཕུག་ཏུ་སུག་བྲིས་སུ་བྱས་ཤིང་སླར་ནུབ་རི་སྒང་པོ་ཆེར་གཏན་ལ་ཕབ་པ་མངྒ་ལཾ།། །།
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། རྩ་བའི་དབང་བསྐུར་འབྲིང་པོའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབར་ (Volume 10, Text 36)
༄༅། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། རྩ་བའི་དབང་བསྐུར་འབྲིང་པོའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ཡིད་བཞིན་དཔལ་འབར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་མ་ཧཱ་སུ་ཁ་རཱ་ཛ་ཡ། གསང་གསུམ་ཟླ་གཞོན་ཡིད་མཁར་གསལ་ཙམ་གྱིས། །ཉེས་པའི་གདུང་སེལ་གང་བསམ་བདུད་རྩིའི་བཅུད། །བདེ་བླག་འཇོ་བ་བླ་མ་བདེ་བ་ཆེ། །གཙུག་གི་རྒྱན་དུ་བཞུགས་ལ་བྱིན་གྱིས་རློབས། །ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ཡི། །དབང་བསྐུར་འབྲིང་པོ་ནང་གསེས་བཅས། །གཞུང་དང་བླ་མའི་ཞལ་ལུང་བཞིན། །ལག་ལེན་ཁྱེར་བདེའི་ཁྲིགས་སུ་བཀོད། །དེ་ལ་བོད་ཡུལ་གཏེར་གྱི་ཡང་སྙིང་། དུས་དང་མངོན་པར་འཚམ་པས་མཚན་དང་དོན་དུ་མཐུན་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་དབང་བསྐུར་འབྲིང་པོའི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ལ་གསུམ། གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། སློབ་མ་རྗེས་བཟུང་གི་བྱ་བ་དངོས་སོ། །དང་པོ་ནི། རྣམ་པར་དུལ་བའི་གནས་སུ་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར། སྟེགས་བུའི་དབུས་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་ཚང་བ་དགྲམ། མ་འབྱོར་ན་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད། དེའི་ལྟེ་བར་མཉྫིའི་ཁར་རྣམ་བུམ། གསང་རྫས། མེ་ལོང་དྲི་མེད་ལ་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་བཾ་ཧ་རི་ནི་སས་མཚན་པ། གུ་རུ་བདེ་བ་ཆེན་པོའི་སྐུ་འབག་རྣམས་བརྩེགས་པ་དང་། མདུན་དུ་གཏོར་ཆེན་རི་རབ་མ། སྐུ་ཙཀ །སྔགས་ཕྲེང་། མེ་ལོང་། གཞན་ཡང་ཚེའི་འབྲང་རྒྱས། ཚེ་ཆང་། ཚེ་རིལ། ཚེ་མདའ། མཐར་སྨན་རཀ་གཏོར་ཚོགས་ཉེར་སྤྱོད་དང་། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། དར་འཕན་བླ་བྲེ་སོགས་ཀྱི་རྒྱན་དགྲམ། དབང་རྫས་བཤམ་པ་དང་། དངོས་གཞིའི་སྒྲུབ་མཆོད་ཀྱི་བར་ཞག་གིས་ཆོད་ན་བདག་ཉིད་ལྷའི་ང་རྒྱལ་དང་བཅས་ཆོ་ག་རྒྱས་བསྡུས་གང་རུང་གིས་བྱིན་དབབ་པ་བཅས་བྱའོ། །གཉིས་པ་ནི། ལས་བྱང་དགོས་འདོད་ཀུན་འབྱུང་གིས་གཞུང་བསྲངས་ལ ཛཔ྄་ཁང་ཕྱེས་ཏེ་བཟླས་པ་ཅི་འགྲུབ་བྱ།་་་བར་འདིར་འོག་ནས་འབྱུང་བ་ལྟར་དམིགས་པ་གསལ་བཏབ་ལ་ཚེ་ཛཔ྄་བཟླ་བ་དང། ཛཔ྄་ཁང་བསྡུས་རྗེས་ཚེ་འགུགས་བསྐུལ་བ་བཅས་བགྱིས་ནའང་ལེགས། མཆན། སྐབས་འདིར་བུམ་པ་སྒྲུབ་པ་ནི། བདག་མདུན་ཆོས་ཉིད་འོད་གསལ་གྱི་ཐིག་ལེར་གཅིག་པ་ལས་དབང་བསྐུར་བའི་དོན་དུ་བུམ་དཀྱིལ་ལོགས་སུ་གསལ་འདེབས་པ་སྟེ། དེ་འང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ གཟུངས་ཐག་འཛིན་ལ། རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་མོས་ལ་བཟླས་པ་ཅི་འགྲུབ་བྱ། མཐར་དག་མདུན་བུམ་གསུམ་ཆབས་ཅིག་ཏུ་དམིགས་ཏེ་མཆོད་བསྟོད་དང་གསོལ་འདེབས་བྱ། བུམ་པར་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། བུམ་པའི་ལྷ་ཚོགས་བདེ་བ་ཆེན་པོར་རྗེས་སུ་ཆགས་པས་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་ལྟེམ་གྱིས་ཞུ་བར་གྱུར། ཅེས་མོས་ལ་ཛཔ྄་ཁང་བསྡུ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། དེ་ནས་ཆོས་སྲུང་སྤྱི་དང་བྱེ་བྲག་གཏེར་སྲུང་ཀླུ་བཙན་གྱི་གཏོར་འབུལ་ཚོགས་བྱིན་རླབས་ནས་བསྒྲལ་བསྟབས་ཡན་གྲུབ་པ་དང་། བདག་འཇུག་རྒྱས་པར་བླང་བའམ་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པ་དང་སློབ་མ་འཇུག་པར་གནང་བ་ནོད་པ་རྣམས་བྱའོ། །གསུམ་པ་ནི། གཞུང་ལས། མཆོག་གི་དབང་བཞི་ཁྱད་པར་སྐུ་འབག་དང༔ སྐུ་གསུང་ཐུགས་དང་ཡོངས་རྫོགས་གཏོར་དབང་སྦྱིན༔ བསྡུ་ན་མཆོག་དབང་ལྔ་དང་གཏོར་དབང་བསྐུར༔ ཞེས་དང་། བླ་མའི་ཕྱག་བཞེས་ཀྱིས་ཁ་བསྐང་བ་བཅས་ནང་གསེས་གསུམ་དུ་འགྱུར་ཏེ། སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་ཡོངས་རྫོགས་ཀྱི་རྗེས་སུ་སྐུ་གསུང་ཐུགས་ཡོངས་རྫོགས་གཏོར་དབང་དང་བཅས་པའི་དབང་སྦྲེལ་བ་རྒྱས་པ་དང་། ལྟ་བ་དང་སྒོམ་པའི་དབང་སོ་སོར་བགྲངས་པའི་མཆོག་དབང་ལྔ་སྟེ་དབང་བཞི་ཡོངས་རྫོགས་མཐའ་རྟེན་གྱི་ཚུལ་དུ་གཏོར་དབང་སྦྲེལ་བ་འབྲིང་པོ་དང་། སྐུ་གསུང་ཐུགས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་བསྡུས་པ། ཀུན་གྱི་མཐའ་རྒྱས་བཀྲ་ཤིས་ཚེའི་དབང་བསྐུར་བ་སྟེ་བཞིའོ། །དེ་ལ་དང་པོ་དབང་བསྐུར་རྒྱས་པའི་ཚུལ་ཤེས་ན་གཞན་དག་ཞར་ལས་རྟོགས་པར་འགྱུར་བས་དེའི་ཚུལ་འཆད་པ་ལ་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ལ། སྡོམ་ནི། ཁྲུས་བྱ་བགེགས་སྲུང་མཎྜལ་འབུལ། །ཆས་འཇུག་གསོལ་གདབ་གནང་བ་སྦྱིན། །རྒྱུད་སྦྱོང་སྡོམ་བཟུང་དམ་ལ་བཞག །དབབ་ཅིང་རིགས་བརྟག་གདོང་གཡོགས་དགྲོལ། །མཐོང་བ་བསྟན་དང་བཅུ་གསུམ་མོ། །ཞེས་པ་ལྟར་ལས། དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པ་སོགས་བརྗོད་ལ་ཁྲུས་བྱ། གཉིས་པ་ནི། ནང་དུ་འོངས་པ་ན་བགེགས་གཏོར་བཤམས་ལ། ལས་བྱང་ལྟར། རང་ཉིད་དབང་ཆེན་སྐུ་རུ་གསལ༔ ཞེས་པ་ནས་བྱིན་རླབས་འགུགས་བསྔོ་བསྐྲད་པ་རྣམས་བརྗོད་ཅིང་གུ་གུལ་ཡུངས་ཐུན་གྱིས་གཟིར་ལ། ཧཱུྃ༔ བདག་ཉིད་དཔལ་གྱི་སོགས་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ། གསུམ་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། སེམས་བསྐྱེད་གསལ་གདབ། གང་གསན་པར་བྱ་བའི་ཆོས་མདོ་རྒྱུད་གསར་རྙིང་གི་རིང་ལུགས་མཐའ་ཡས་པ་ལས། འདིར་གསང་སྔགས་རྙིང་མ་ཟབ་མོ་གཏེར་གྱི་བཀའ་སྲོལ་རྣམས་ཀྱི་སྙིང་པོའི་མཐར་ཐུག་ལམ་ཟབ་བླ་མ་སྒྲུབ་པའི་སྐོར་ཡིན་ཞིང་། དེའང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྗེ་མཐུ་སྟོབས་ཕྲིན་ལས་གཅིག་ཏུ་བསྡུས་པ། ཨོ་རྒྱན་གྱི་སློབ་དཔོན་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་ལ་བོད་ཡུལ་ལས་ཅན་རྗེ་འབངས་སོ་སོས་གསོལ་བ་བཏབ་པའི་ངོར། གུ་རུ་ཉིད་བདེ་གཤེགས་རྩ་གསུམ་ཀུན་འདུས་སུ་སྒྲུབ་པའི་ཐབས་ཚུལ་མཐའ་ཡས་པ་གསུངས་ཤིང་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་དུ་སྦས། ལས་ཅན་གྱི་སྐྱེས་བུ་རྣམས་ཀྱིས་རིམ་པར་སྤྱོད་ཅིང་འགྲོ་བའི་དོན་མཛད་པ་ལས། འདིར་ནི་ལྷ་སྲས་མུ་ཁྲི་བཙད་པོ་སོགས་རྗེ་འབངས་ཡོངས་ལ་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་གདམས་པ་གསོལ་འདེབས་བསམ་པ་ལྷུན་གྲུབ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་བསྐྱེད་རྫོགས་ཀྱི་རིམ་པས་ཉམས་སུ་ལེན་པའི་ཐབས་སྔོན་མེད་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྐོར་ཏེ། དེའང་རྩ་བ་རྡོ་རྗེའི་གསུང་ལས། ཟབ་བརྒྱའི་མཐར་ཐུག་ཐུགས་སྒྲུབ་བྱེ་བའི་བཅུད༔ བྲག་རི་རིན་ཆེན་འབར་བའི་མགུལ་དུ་སྦོས༔ ལེགས་པར་རྒྱས་ཐོབ་བཀའ་ཡི་ཐ་རམ་སྡོམས༔ ནམ་ཞིག་པདྨ་བདག་གི་ཐུགས་ཀྱི་སྲས༔ མངའ་བདག་སྐྱེ་མཐའ་ཞིག་གིས་རྐྱེན་བྱས་ནས༔ ལྷ་སྲས་རྣམ་འཕྲུལ་མཆོག་གི་མིང་ཅན་གྱིས༔ ཡིད་བཞིན་རིན་ཆེན་མཆོག་འདི་རྙེད་འགྱུར་ཏེ༔ ཡབ་སྲས་མཆེད་བཅས་ལྷན་ཅིག་འཛོམས་ནས་ཀྱང༔ རྟེན་འབྲེལ་ཟབ་མོའི་རྐྱེན་གྱིས་གཏན་ལ་འབེབ༔ བོད་འབངས་སྡུག་བསྔལ་ཐམས་ཅད་སེལ་བ་དང༔ ལས་ཅན་མང་པོས་དངོས་གྲུབ་མཆོག་རྙེད་འགྱུར༔ ཞེས་གསུངས་པ་ལྟར་པཎ་ཆེན་བི་མ་ལ་མི་ཏྲ་དང་འཇམ་དཔལ་ཁྲི་སྲོང་ལྡེའུ་བཙན་ཟུང་དུ་འཇུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་ལ་སྔ་རྗེས་དུ་མར་དབྱིངས་ཕྱུག་ཡེ་ཤེས་དྷཱ་ཀིས་ལུང་བསྟན་ཅིང་གཟིགས་སྣང་གིས་ངེས་པ་འཁྲུངས་པ་ལྟར། ལྷ་སྲས་འབྲིང་པོ་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་ལ་གསུང་གིས་རྗེས་སུ་བསྐུལ་པ་ཉིད་ཁ་བྱང་གི་ཚུལ་དུ་གྱུར་ཏེ། གཏེར་ཆེན་ཉིད་ལའང་ལུང་བསྟན་དང་གསལ་སྣང་ཁྱད་པར་ཅན་གྱིས་མཚམས་སྦྱར་ནས། མདོ་ཁམས་རྩི་སྐེའི་ཆུ་བོ་འདུས་པའི་ནོར་བུ་སྤུན་གསུམ་གྱི་བྲག་རི་ནས་སྐུ་ཚབ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་སྤྱན་དྲངས་ཏེ་སྤྲུལ་པའི་རིག་འཛིན་རྣམ་པ་གཉིས་ཞལ་རྒྱས་ཀྱིས་གཏན་ལ་ཕབ། ཕན་ཚུན་ཐུགས་ཡིད་ལྷག་པར་ཆེས་པས་ཚད་མ་གསུམ་དང་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ། ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལ་སྨིན་གྲོལ་གྱི་གདམས་སྐོར་གཉིས་སུ་བཞུགས་པ་ལས། སྨིན་བྱེད་དབང་བསྐུར་བགྱི་བ་སྐབས་སུ་བབས་པ་ཡིན། དེ་ལའང་རྒྱས་པ་སྟོད་ལས་སྨད་ལས་ཀྱི་ཚུལ་དུ་བསྐུར་བ། འབྲིང་པོ་སྟོད་ལས་དངོས་གཞིའི་ཚུལ་དུ་བསྐུར་བ། བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས་སྐབས་འདིར་དབང་བསྐུར་འབྲིང་པོ་ཉིད་བསྒྲུབ་པ་ཡིན། དེ་ལའང་ནང་གསེས་སུ་ཅུང་ཟད་རྒྱས་པ་དང་། འབྲིང་པོ་དང་། ཅུང་ཟད་བསྡུས་པའི་ཚུལ་གསུམ་མཆིས་པ་ལས། ད་ལམ་རྒྱས་པའི་ཆོ་ག་དེ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གཞུང་དང་བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་བགྱིས་གྲུབ་པ་ལགས། ད་ཁྱེད་རང་སློབ་མ་རྣམས་ཀྱི་བགྱིད་འོས་སུ་གྱུར་པ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བཞི་པ་ནི། མ་རིག་པའི་སྒྲིབ་གཡོགས་ཀྱིས་རིག་པ་ཡེ་ཤེས་ཀྱི་མཐོང་བ་བསྒྲིབས་པར་མཚོན་པའི་ཕྱིར་མིག་དར་འཆིང་བར་ཞུ། ཨོཾ་ཨཱཿཧཱུྃ༔ ཞེས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་དཔའ་བོ་འབྲུ་ལྔ་ལས་སྐྱེས་པའི་མེ་ཏོག་ཕྱག་ཏུ་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ་པུཥྤེ་བཛྲ་ས་མ་ཡ་སཏྭཾ༔ ཞེས་སྦྱིན། ལྔ་པ་ནི། སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འདྲེན་པ་སངས་རྒྱས་ཀུན་གྱི་གཙོ༔ སྐྱོབ་པ་བླ་མེད་ཐུགས་རྗེ་ཅན༔ རིག་འཛིན་འདུས་པའི་ཚོགས་ཀྱི་མཆོག༔ བདེ་གཤེགས་བླ་མ་དགོངས་སུ་གསོལ༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོའི་བདག་ཉིད་དང༔ དབྱེར་མེད་བདག་གིས་ཁྱོད་འཚལ་བས༔ དབང་བསྐུར་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། དྲུག་པ་ནི། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་དེ་གནང་བ་བསྩལ་ཞིང་སྤྲོ་བ་སྐྱེད་པ་ནི་འདི་ལ་གསན་འཚལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་གདེངས་ཤིང་། བུ་ཁྱོད་སྐལ་པ་ཤིན་ཏུ་བཟང༔ བདེ་གཤེགས་ཀུན་གཙོ་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་པ་དང༔ དབང་དང་ལྡན་པར་བྱེད་པ་ནི༔ བསོད་ནམས་ཚོགས་ཆེན་བསགས་ལས་བྱུང༔ ཁྱད་པར་ལྷ་དང་དཀྱིལ་འཁོར་རྣམས༔ གཞན་དུ་བལྟ་བར་མི་བགྱིད་ཅིང༔ བླ་མའི་སྐུ་གསུང་ཐུགས་རྡོ་རྗེའི༔ ཡེ་ཤེས་ཚུལ་བཞིན་མཆོད་པ་ནི༔ བདེ་གཤེགས་ཀུན་གྱིས་ཡོངས་སུ་བསྔགས༔ དེ་ཕྱིར་བདག་ཉིད་དཀྱིལ་འཁོར་གཙོ༔ མཐོང་ནས་བཀའ་བཞིན་བསྒྲུབ་པ་ན༔ བུ་ཁྱོད་བསམ་པ་དེ་ཡིས་འགྲུབ༔ དགའ་དང་སྤྲོ་བ་སྐྱེད་པར་གྱིས༔ ཞེས་བསྒོ །བདུན་པ་ནི། དེ་ནས་སངས་རྒྱས་པའི་ཐེག་པ་མཐའ་དག་གི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སྡོམ་པ་བཟུང་བ་ལ་འདུན་པ་འདི་བཞིན་དུ་མཛོད། མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་ཆེན་པོར་རྫོགས་ཤིང་། དེའང་རྡོ་རྗེ་སློབ་དཔོན་གྱི་གསང་བ་གསུམ་དང་ཐ་མི་དད་པར་ཤེས་པ་ལ་སྐྱབས་ཀྱི་མཆོག་ཏུ་བཟུང་ནས། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྨང་རྡོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་འདུན་པ་འདི་བཞིན་དུ་མཛོད་ཅིག །མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རིགས་ཀུན་འདུས་པ་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་རིམ་པ་གཉིས་ལ་སློབ་ནས་གང་འདུལ་ཕྲིན་ལས་རྣམ་བཞིས་འཁོར་བ་དོང་ནས་སྤྲུགས་པའི་འགྲོ་དོན་ལ་བརྩོན་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སྐྱབས་ཡུལ་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། རྒྱུད་ཡོངས་སུ་དག་ཅིང་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་བྱེད་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་རྗེས་ཟློས་བྱར་གཞུག །བརྒྱད་པ་ནི། སངས་རྒྱས་པའི་ཐེག་པར་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་པར་དགོས་པས། དེའི་སླད་དུ་རིགས་ཀུན་ཁྱབ་བདག་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། སོ་སོ་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ། རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་རིམ་པར་བླང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་གཅིག་ཆར་བསྲུང་། དུས་སྐབས་དགོས་པ་ཐ་དད་དང་བསྟུན་ཏེ་སྤྱད་ཅིང་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དགུ་པ་ནི། མགོན་པོ་བདེ་བ་ཆེན་པོ་ནས་བར་མ་ཆད་པའི་དམ་ཚིག་བདུད་རྩིའི་ཆུ་ནན་འདི་རྡོ་རྗེའི་ལྕེ་ལ་བརྒྱུད་ནས་སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཏེ། དམ་ཚིག་བསྲུངས་ན་བྱིན་གྱིས་རློབ་ཅིང་མ་བསྲུང་ན་རྡོ་རྗེ་གནོད་སྦྱིན་དུ་ཁྲོས་ནས་བཀའི་ཆད་པ་འབེབ་པར་འགྱུར་བས་དེའི་དོན་ངེས་པར་གྱིས་ཤིག །དམ་ཆུ་སྦྱིན་ལ། ཧཱུྃ༔ སྔགས་ཀྱི་རྩ་བ་དམ་ཚིག་སྟེ༔ བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ མ་བསྲུང་ཚེ་འདིར་དམྱལ་བར་འགྲོ༔ དམ་སྲུངས་རྡོ་རྗེའི་ཆུ་འཐུངས་ཤིག༔ ཅེས་གདམས་པ་ལ། དེང་ཕྱིན་ཆད་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་བརྗོད་དུ་གཞུག །བཅུ་པ་ནི། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་པདྨོ་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མ་ཧཱ་གུ་རུ་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་མཚན་དཔེའི་གཟི་བྱིན་འབར་ཞིང་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བའི་རྦ་རླབས་བཾ་ཡིག་དཀར་པོར་འཁྱིལ་བ་འཛིན་པ། དབུ་ལ་བརྗིད་ལྡན་ཤེའུའི་སྙན་ཞུ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པ། སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ་ཅིང་དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས་པ་རིགས་ཀུན་གྱི་ཁྱབ་བདག་ཆེན་པོར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཡང་དཀྱིལ་འཁོར་མངའ་བདག་གུ་རུ་བདེ་བ་ཆེན་པོར་གསལ་བ་ལ་མོས་གུས་དྲག་ཏུ་བསྐྱེད་པས། བླ་མའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ཤར་གྱིས་འཕྲོས་ཆོས་དབྱིངས་རྒྱས་པར་གང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་སྒྱུ་འཕྲུལ་བཀོད་པའི་རོལ་མོ་བསམ་གྱིས་མི་ཁྱབ་པར་སྣང་བའི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕོག་ཐུགས་དམ་ཆེན་པོའི་དགོངས་པ་བསྐུལ། ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་དེ་སྐད་ཅིག་གིས་ནམ་མཁའི་ཁྱོན་གང་བར་སྤྱན་དྲངས་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཡེ་ཤེས་འབེབ་པའི་རྫས་སྦྱོར་གྱི་དུད་པ་བདུག །ཐོད་རྔ་སོགས་རོལ་མོའི་སྒྲ་དང་དབྱངས་བཅས་ལས་བྱང་ལྟར། ཧཱུྃ་ཧྲཱི༔ སྔོན་ཚེ་ཛམ་གླིང་འདི་དག་གི༔ སོགས་སྤྱན་འདྲེན་དང་སྔགས་དྲག་ཏུ་བཟླས་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་གཉུག་མའི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ ཞེས་བརྟན་པར་བྱའོ། །བཅུ་གཅིག་པ་ནི། འདི་ན་གུ་རུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་རྣམས་མངོན་སུམ་དུ་བཞུགས་པ་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད། ངོ་བོ་ཡེ་ཤེས་གཅིག་ལས་གཙོ་འཁོར་གྱི་རྣམ་པར་ཤར་བ་ལ་བཟང་ངན་གྱི་བྱེ་བྲག་མ་མཆིས་ཀྱང་། རྣམ་པ་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་བཅས་ཚིག་འདིའི་རྗེས་ཟློས་མཛོད་ལ་ལྟོས་པ་མེད་པར་འདོར་བར་ཞུ། ཧོ༔ ཚེ་རབས་འབྲེལ་བའི་རིགས་ཀྱི་ལྷར༔ ཡེ་ཤེས་རིག་པའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་དེར་འབབ་པར་ཤོག༔ བཛྲ་པུཥྤེ་ས་མ་ཡ་ཧོ༔ ཞེས་དཀྱིལ་འཁོར་དངོས་སམ། ཚོམ་བུའི་མཎྜལ་དུ་འདོར་དུ་གཞུག །མེ་ཏོག་གི་ཕྲེང་བ་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་སྤྱི་བོར་བཅིངས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་མོས་ཤིག །མེ་ཏོག་མགོར་བཞག་ལ། ཧོ༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི༔ དེ་རིང་ཁྱོད་ལ་དབབ་པ་ཡིས༔ རིགས་ཀྱི་སྲས་སུ་འགྱུར་བར་ཤོག༔ པུཥྤེ་སིདྡྷི་ས་མ་ཡ་སཏྭཾ༔ བཅུ་གཉིས་པ་ནི། གློ་བུར་མ་རིག་འཁྲུལ་པའི་སྒྲིབ་གཡོགས་མཐའ་དག་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་གྱི་ཐུར་མ་ཐོགས་ལ། ཧོ༔ རང་བྱུང་འོད་གསལ་སྙིང་པོ་ལ༔ གློ་བུར་འཁྲུལ་པའི་སྒྲིབ་གཡོགས་ཀུན༔ རིག་པ་ཡེ་ཤེས་ཐུར་མས་དབྱེ༔ རྡོ་རྗེའི་དཀྱིལ་འཁོར་མངོན་གྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་པས་མིག་དར་བསལ། བཅུ་གསུམ་པ་ནི། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་མཐོང་བ་བསྟན་པ་ནི། རྡོ་རྗེའི་ཐུར་མས་མཚོན་ཏེ། དེའང་རྡོ་རྗེ་སློབ་དཔོན་གྱི་གསང་གསུམ་གདོད་ནས་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་དང་། མདུན་གྱི་རྡུལ་ཚོན་ནམ་རས་བྲིས་རང་སྣང་དབྱེར་མེད་གུ་རུ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་བཞུགས་པ་ནི་གཟུགས་བརྙན་མཚན་མའི་དཀྱིལ་འཁོར་འདིས་མཚོན་པ་ཡིན་ཏེ། དེའང་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་མི་ཕྱེད་རྡོ་རྗེ་སྲུང་བའི་གུར་ཁང་ཆེན་པོའི་དབུས་སུ། འོག་མིན་པདྨ་དྲྭ་བའི་གཞལ་མེད་ཁང་རྒྱན་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་། བླ་མ་སྐུ་ལྔ་མཚན་བརྒྱད་གང་འདུལ་དེར་སྣང་དུ་རྣམ་པར་འཕྲུལ་པའི་རིག་འཛིན་རྩལ་འཆང་བཅུ་གསུམ་སོ་སོའི་འཁོར་དང་བཅས་པ། ཀུན་གྱི་སྤྱི་བོར་ཁྱབ་བདག་མ་ཧཱ་གུ་རུ་བདེ་བ་ཆེན་པོ། སྒོ་བཞིར་བདུད་འདུལ་ཁྲོ་རྒྱལ་རྣམ་བཞི། གཞན་ཡང་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ། ཕྱག་བརྙན་ཕོ་ཉའི་ཚོགས་སྤྲིན་ལྟར་འཐིབས་ཤིང་། ཐམས་ཅད་ཀྱང་འཇའ་འོད་ཐིག་ལེ་ཟེར་ཐག་གི་དབུས་ན་ཡེ་ཤེས་ཀྱི་གཟི་བྱིན་ཕྱོགས་མེད་དུ་འབར་བ། འཇིགས་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་ཅིང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྐུར་སྣང་བ་སྟེ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་དེ་རྣམས་ཀྱང་རང་གི་སེམས་ཉིད་ཀྱི་རང་རྩལ་སོ་སོར་སྣང་བ་ཡིན་པས། གདོད་ནས་རང་ལ་རང་ཆས་སུ་བཞུགས་པའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ་མངོན་སུམ་དུ་མཇལ་བར་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ཅིང་བསྟན་ནོ། །གཉིས་པ་དབང་དངོས་ལ་བརྒྱད། བུམ་དབང་། གསང་དབང་། ཤེར་ཡེ། དབང་བཞི་པ། སྐུ །གསུང་། ཐུགས། ཡོངས་རྫོགས་གཏོར་མའི་དབང་བསྐུར་བའོ། །དང་པོ་ནི། དེ་ནས་དབང་གི་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་སླད་དུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་རྒྱལ་བ་ལྔར༔ དགོངས་ཤིང་ཇི་ལྟར་བསྩལ་པ་བཞིན༔ ཡེ་ཤེས་དབང་བསྐུར་བདུད་རྩིའི་ཆུས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཅེས་གསོལ་བ་གདབ། དེ་ལྟར་གསོལ་བ་གདབ་པ་སྔོན་དུ་སོང་ནས་སྤྱན་དམིགས་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐས་གཏུགས་པའི་ཞིང་ཁམས་ཀུན་ན་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་་་མཱ་ཛཿས་བཀྲ་ལམ་གྱིས་སད་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ མ་བཅོས་ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལྷུན་གྲུབ་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་གར༔ སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་ཅིང་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་ལྷ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མེ་ཏོག་གི་ཆར་འབེབ་པ་དང་བཅས་རྒྱལ་བར་བྱ་བའི་སླད་དུ་བཀྲ་ཤིས་པའི་ཚིགས་སུ་བཅད་པས་དབུགས་དབྱུང་བར་མོས་ཤིག །ཨོཾ༔ དགེ་ལེགས་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔ ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔ བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཅེས་རོལ་མོ་སྒྲོག་ཅིང་མེ་ཏོག་འཐོར། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་གཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བར་བསམས་ལ། ཧཱུྃ་ཧྲཱི༔ བཀྲ་ཤིས་འོད་གསལ་སྙིང་པོ་བྱང་ཆུབ་སེམས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་གནས༔ བུམ་པ་བཟང་པོ་རྟག་ཏུ་དཔལ་གནས་ཤིང༔ ཡོན་ཏན་བརྒྱ་ཕྲག་བརྒྱད་ཀྱིས་ལེགས་པར་བརྒྱན༔ ཡེ་ཤེས་དཔག་ཏུ་མེད་པའི་བཅུད་ཀྱིས་གཏམས༔ རྒྱལ་བ་རྣམས་ཀྱི་བུམ་པའི་དབང་བསྐུར་བས༔ སྣོད་བཅུད་ཐ་མལ་འཁྲུལ་སྣང་ཀུན་སྦྱངས་ཏེ༔ སྣང་བ་ལྷ་རུ་འཆར་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་གཏིགས། བུམ་པའི་ཆུས་ལུས་ཐམས་ཅད་གང་། ལས་དང་ཉོན་མོངས་པའི་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། དེ་ལྟར་ན་བརྡ་བུམ་པས་དབང་བསྐུར་པ་ལ་བརྟེན་ནས། དོན་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་དཀྱིལ་འཁོར་གྱི་འཁོར་ལོ། རྒྱུད་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷ་ཚོགས་སུ་གདོད་ནས་ཡིན་པ་ལ་ཡིན་པར་ངོ་ཤེས་པས་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྐྱང་བར་ཞུ། ཞེས་བརྡ་དོན་ངོ་སྤྲད། དེ་ལྟར་ན་ཕྱི་བསྐྱེད་པ་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ གཉིས་པ་ནི། ནམ་མཁར་བཞུགས་པའི་ལྷ་རྣམས་རང་སྣང་གི་ཤེས་རབ་མ་དང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ། དྷཱུ་ཏིའི་ནང་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་འཁྱིལ་བ་དེ་ཉིད་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པས་དབང་བསྐུར་བ་ལ་ཤིས་པ་བརྗོད་པར་མོས་ཤིག །བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཐོད་པའི་བདུད་རྩི་ཐོགས་ལ། དབང་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩི་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྕེ་ལ་བཞག་པར་མོས་ཤིག །ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ བདེ་ཆེན་ཡེ་ཤེས་རྒྱལ་ཀུན་སྦྱོར་བའི་བཅུད༔ དཀར་ལ་དྲི་མེད་ཐུགས་རྗེའི་དམར་མདངས་ཅན༔ རྒྱལ་བའི་དབང་གི་མཐར་ཐུག་བྱང་ཆུབ་སེམས༔ དེང་འདིར་སྐལ་ལྡན་ངག་ལ་སྦྱིན་པ་ཡིས༔ ཕུང་པོ་སྔགས་རླུང་ཐིག་ལེའི་དངོས་འཛིན་ཀུན༔ དག་པ་བདེ་ཆེན་ལྷ་དང་ལྷ་མོར་གྱུར༔ སྒྲ་སྐད་གསུང་དུ་འཆར་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་ཐོད་པ་མགྲིན་པར་བཞག །བདུད་རྩི་མྱང་དུ་བཅུག་པས། མགྲིན་པ་ནས་ཐིག་ལེ་འཕེལ་བས་རྩ་ཐམས་ཅད་གང་། དུག་གསུམ་གྱི་རྟོག་པ་འགག །ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་གསང་དབང་གི་ཡེ་ཤེས་ཏེ། དེའི་ངོ་བོ་གསལ་སྟོང་རྣམ་པར་མི་རྟོག་པའི་ངང་དུ་དར་གཅིག་མཉམ་པར་འཇོག་འཚལ། ཞེས་ཉམས་བསྐྱང་དུ་གཞུག །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་སྲོག་རྩོལ་གྱི་གནད་ལ་བརྟེན་ཏེ་གཏུམ་མོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབ་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག༔ གསུམ་པ་ནི། རིག་ཙག་གི་གཟུགས་བརྙན་མེ་ལོང་དུ་འཆར་བ་བསྟན་ལ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མ་རྒྱན་གྱིས་བརྒྱན་པའི་གཟུགས་བརྙན་མེ་ལོང་དུ་འཆར་བ་འདིས་མཚོན་ནས། ཕྱག་རྒྱའི་འདོད་ཡོན་ལས་བྱུང་བའི་བདེ་བ་མཐའ་དག་སྒྱུ་མ་ལྟ་བུར་ཤེས་པར་བྱ་བ་སྔོན་དུ་འགྲོ་བས། སིནྡྷུར་ཡི་དཀྱིལ་འཁོར་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱའི་ལུས་ལ་ཐིམ་པས། དེ་ཉིད་རྡོ་རྗེ་རྣལ་འབྱོར་མ་དཔྲལ་བར་རང་བྱུང་གི་ལི་ཁྲིས་དགའ་བ་འཁྱིལ་བ་བཀོད་པར་གྱུར་པ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པ་ལ། དབང་གི་ལྷ་རྣམས་ཤིས་པ་བརྗོད་པར་མོས་ཤིག །མ་བཅོས་སྤྲོས་མེད་འོད་གསལ་ཆོས་ཀྱི་དབྱིངས༔ བདེ་ཆེན་ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ གང་འདུལ་འགྲོ་བའི་དོན་མཛད་ཐུགས་རྗེའི་གཏེར༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ འདི་ལྟར་ལས་ཀྱི་ཕྱག་རྒྱ་དངོས་ཀྱི་རེག་བྱ་ལ་བརྟེན། རང་ལུས་ལྷ་སྐུར་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ལས་བདེ་དྲོད་མི་རྟོག་པའི་གཏུམ་མོ་འབར་བ་དམ་ཚིག་གི་ཕྱག་རྒྱ་ནི་སིནྡྷུ་རའི་དཀྱིལ་འཁོར་གྱིས་མཚོན་ལ། དེ་དག་གི་མྱང་བ་འོད་གསལ་སྟོང་ཉིད་དུ་གྲོལ་བ་ཕྱག་རྒྱ་ཆེན་པོ་ནི་མེ་ལོང་དྲི་མ་མེད་པས་མཚོན་པ་སྟེ། ཕྱག་རྒྱ་བཞི་ལྷན་ཅིག་སྦྱོར་བའི་རྐྱེན་གྱིས་བདེ་ཆེན་རང་བྱུང་གི་ཡེ་ཤེས་སད་པར་འགྱུར་བའི་བརྡ་དོན་ཤེས་པར་གྱིས་ཤིག །རིག་མའི་གཟུགས་བརྙན་ལག་ཏུ་བཞག །སིནྡྷུ་རའི་མེ་ལོང་སྙིང་གར་གཏད་ལ། ཧཱུྃ༔ བདེ་བར་གཤེགས་པ་འདས་གྱུར་ད་ལྟ་བཞུགས༔ མ་འོངས་འབྱུང་འགྱུར་ཀུན་གྱི་ལམ་གཅིག་པུ༔ བདེ་ཆེན་ཡེ་ཤེས་འདི་ནི་རྨད་དུ་བྱུང༔ བསམ་གྱིས་མི་ཁྱབ་མཚོན་པའི་དཔེ་ལས་འདས༔ དེ་ཉིད་རྐྱེན་གྱིས་སད་པར་བྱ་བའི་ཕྱིར༔ ཕྱག་རྒྱ་བཞི་དང་དབྱེར་མེད་རབ་སྦྱར་ན༔ ལྷན་སྐྱེས་ཡེ་ཤེས་ནམ་མཁའ་ཁྱབ་པའི་གཟུགས༔ བླ་ན་མེད་པ་རྟག་ཏུ་འཕེལ་བར་འགྱུར༔ མེ་ལོང་དྲི་མེད་སྟོང་ཉིད་ཕྱག་རྒྱ་ཆེ༔ སིནྡྷུ་ར་ནི་དམ་ཚིག་ཕྱག་རྒྱར་མཚོན༔ ལྷ་ལ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ་སྟེ༔ ལས་ཀྱི་ཕྱག་རྒྱའི་གསང་བའི་རེག་བྱ་ནི༔ རྡོ་རྗེ་ནོར་བུའི་རེག་པས་མྱང་བ་ལས༔ ཤེས་རབ་ཡེ་ཤེས་སྣང་བ་མངོན་དུ་གྱུར༔ འཁྲུལ་པའི་རྟོག་ཚོགས་ཉོན་མོངས་རང་སར་གྲོལ༔ བདེ་སྟོང་འདུ་འབྲལ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སིནྡྷུ་རའི་ཐིག་ལེ་སྲིན་ལག་གཡོན་པས་སློབ་མའི་སྙིང་གར་བཀོད། དེ་ནས་ཁྱེད་རང་རྣམས་དང་གཏད་པའི་རིག་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་རློབ་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཞི་རིམ་པར་ཉམས་སུ་མྱངས། བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པའི་མོས་པ་མཛོད་ཅིག །དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ བཞི་པ་ནི། ཁྱེད་རང་རྣམས་ལུས་གནད་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རྩོལ་མེད་དུ་བཞག །ཡིད་ཀྱིས་སྔར་ཉམས་སུ་མྱངས་པའི་བདེ་ཆེན་གྱི་ཡེ་ཤེས་དེ་དྲན་པར་བྱས་ནས་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟར་གྱི་སེམས་སྐད་ཅིག་མ་དེའི་སྟེང་དུ་རྩོལ་བྲལ་བསལ་བཞག་མེད་པར་ཤིགས་སེ་ཞོག་མཛོད་བྱས་ལ། སློབ་དཔོན་ཡང་མཉམ་གཞག་གི་ངང་ནས། ཨ༔ ཡེ་ནས་ཕྱི་ནང་ཆོས་རྣམས་མ་ལུས་ཀུན༔ དམིགས་སུ་མེད་ཅིང་ཅིར་ཡང་ཐ་ལེར་གསལ༔ མཐའ་དབུས་ཀུན་བྲལ་སྤྲོས་པ་ཉེར་ཞིའི་ངང༔ མ་བཅོས་མ་བསླད་ངར་འཛིན་བྲལ་བར་ཞོག༔ དེ་ཚེ་འོད་གསལ་མཚོན་དུ་མེད་པ་ཡི༔ ཡེ་ཤེས་རང་གི་སྙིང་དབུས་སད་པར་འགྱུར༔ བསམ་གྱིས་མི་ཁྱབ་གཉུག་མ་བདེ་བ་ཆེ༔ སངས་རྒྱས་ཀུན་གྱི་གསང་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ ཞེས་བརྗོད། དེ་ལྟར་བཞག་པའི་ཚེ་རིག་པ་གསལ་སྟོང་རྗེན་པ་ནམ་མཁའ་ལྟ་བུ་དེའི་ངང་ལ་ཞེན་འཛིན་མེད་པར་ཁྲིགས་སེ་གནས་པ་ནི་རང་བཞིན་རྫོགས་པ་ཆེན་པོ་མ་བཅོས་རང་བྱུང་གི་ལྟ་བ་ཡིན་ནོ། ཞེས་ངོ་སྤྲད། དེ་བརྟན་པར་བྱ་བའི་ཕྱིར། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་བདེ་ཆེན་རྒྱལ་པོ་དབྱེར་མེད་པའི་ཐུགས་དང་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་རོ་གཅིག་ཏུ་བསྲེ་ཞིང་ཟུང་འཇུག་བློ་འདས་ཆེན་པོའི་དགོངས་པ་བསྐྱང་བ་དང་། དཀྱིལ་འཁོར་གྱི་གཙོ་བོ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་བྱིན་གྱིས་བརླབས་པར་མོས་ཤིག །གུ་རུའི་སྐུ་འབག་སྤྱི་བོར་བཞག །ཐོད་རྔ་འཁྲོལ་ལ་དབྱངས་དང་བཅས་པས། ཧཱུྃ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ བདེ་བར་གཤེགས་པ་མ་ལུས་འདུས་པའི་སྐུ༔ དཀྱིལ་འཁོར་རབ་འབྱམས་སྤྲོ་དང་བསྡུ་བའི་གཞི༔ མཚན་ཐོས་ཙམ་གྱིས་སྡུག་བསྔལ་ཐམས་ཅད་ཞི༔ ཡོན་ཏན་དྲན་པས་བསམ་པ་ལྷུན་གྱིས་འགྲུབ༔ དད་པས་གསོལ་བཏབ་མཆོག་གི་དངོས་གྲུབ་སྩོལ༔ ཡིད་བཞིན་ནོར་བུ་བླ་མ་བདེ་བ་ཆེ༔ ཁྱེད་ནི་སྔོན་ཚེ་བོད་ཡུལ་བཞུགས་པའི་དུས༔ རྗེས་འབྲངས་རྣམས་ལ་ཐུགས་དམ་ཞལ་བཞེས་བཞིན༔ མ་འོངས་ཕྱི་མའི་དུས་ནི་འདིར་ལགས་པས༔ བདག་ཅག་རེ་ལྟོས་ཅན་གྱི་སྐྱབས་གཅིག་ཁྱེད༔ སྐུ་གསུང་ཐུགས་ཀྱིས་འཁོར་འདས་ཀུན་ཁྱབ་ཀྱང༔ མཚོན་པའི་སྐུ་ནི་སྲིན་པོའི་ཡུལ་དུ་བཞུགས༔ ཐུགས་རྗེའི་འཇུག་པས་བོད་ལ་ལྷག་པར་དགོངས༔ དད་ཅིང་གུས་པའི་སྐལ་ལྡན་བདག་ཅག་གིས༔ ལུས་ནི་གུས་པས་ཁྱེད་ལ་ཕྱག་འཚལ་ཞིང༔ ངག་གིས་གདུང་དབྱངས་འོ་དོད་ཁྱེད་ལ་འབོད༔ ཡིད་ཀྱིས་རེ་ལྟོས་གཅིག་གྱུར་ཁྱེད་དྲན་པས༔ སྡུག་བསྔལ་སེལ་ཕྱིར་གནས་འདིར་ད་ལྟ་གཤེགས༔ ཕྱི་རབས་དོན་དུ་དད་པའི་རྟེན་བཞག་ནས༔ མཐོང་ཐོས་དྲན་རེག་བར་ཆད་ཀུན་སེལ་ཞིང༔ དངོས་གྲུབ་དཔལ་འབར་འབྲེལ་ཚད་དོན་ལྡན་པར༔ བསྔགས་པ་བརྗོད་པའི་སྐུ་ཚབ་འདི་ལགས་པས༔ ཁྱེད་ཀྱི་སྐུ་གསུང་ཐུགས་མཆོག་འདིར་ཞུགས་ནས༔ བྱིན་རླབས་དབང་ཆེན་ད་ལྟར་མ་བསྐུར་ན༔ ཐུགས་དམ་ཞལ་བཞེས་ཐུགས་བསྐྱེད་རྫུན་དུ་ཐལ༔ རེ་ལྟོས་ཅན་གྱི་སྐལ་ལྡན་བདག་ཅག་རྣམས༔ སྡུག་བསྔལ་གྱིས་གཟིར་འདི་རུ་གུམ་ལགས་པས༔ དེ་ཕྱིར་ཁྱེད་ཀྱི་ཐུགས་རྗེའི་རྩལ་སྤྲུགས་ལ༔ བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ལུས་ལ་རྡོ་རྗེའི་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་བདེན་ཚིག་གསུང་གིས་བྱིན་གྱིས་རློབས༔ ཡིད་ལ་འོད་གསལ་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡོན་ཏན་བསམ་ལས་འདས་པས་བྱིན་གྱིས་རློབས༔ ཕྲིན་ལས་འགྲོ་འདུལ་ཐུགས་རྗེས་བྱིན་གྱིས་རློབས༔ ནད་དང་སྡུག་བསྔལ་འཇིགས་པ་མ་ལུས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཡིད་བཞིན་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་ནས་ཚེ་འདི་ལ༔ བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ དེ་ལྟར་རྡོ་རྗེའི་བདེན་ཚིག་གིས་གསོལ་བ་གདབ་ཅིང་ཐུགས་དམ་བསྐུལ་བའི་ཚེ། ཁྱེད་རང་རྣམས་ཀྱིས་ཀྱང་སངས་རྒྱས་ཀུན་དངོས་གུ་རུ་བདེ་ཆེན་རྒྱལ་པོ་ལ་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་སྐྱུར་གྱི་མོས་གུས་བཟོད་མེད་བསྐྱེད་པས། སྣང་བ་བན་བུན་གཟའ་གཏད་དང་བྲལ་བའི་ཉམས་སྐྱེས་པ་ན་གང་ཤར་བྱུང་རྒྱལ་དུ་བསྐྱང་ཞིང་། རིག་པ་ཟང་ཐལ་འོད་གསལ་གཉུག་མའི་ངང་ལས། རིག་གདངས་འགག་མེད་མོས་གུས་ཀྱི་རྩལ་སྤྲུགས་ཏེ། ལུས་ཀྱི་རྣམ་འགྱུར་སྟངས་སྟབས་སྒྱུར། ངག་གིས་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་དཔོན་སློབ་ལྷན་ཅིག་ཏུ་མཛད་པར་ཞུ། ཞེས་ཛཔ྄་དབྱངས་ལན་གསུམ་སོགས་བྱའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་རྫོགས་ཆེན་རྩོལ་བྲལ་རང་བྱུང་གི་ཡེ་ཤེས་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ལ་ཤིས་པ་བརྗོད་པའི་ཚིག་གིས་ཀྱང་མངའ་གསོལ་བས་བརྟན་པར་བྱས་པའི་མོས་པ་མཛོད། མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ རང་བཞིན་རྩ་གསུམ་རྒྱལ་བའི་དབྱིངས་སུ་གཅིག༔ ཐུགས་རྗེ་ཐབས་ཀྱི་ཕྱག་རྒྱ་ཅིར་ཡང་སྣང༔ འཆི་མེད་ཡེ་ཤེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བྱའོ། ལྔ་པ་ནི། དེ་ལྟར་རྩ་བ་མཆོག་གི་དབང་བཞིའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་བསྐུར་སྦྱིན་པ་ལ། ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ ཛམྦུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་སྐུར་སྦྱིན་པར་བྱ༔ དེ་ལ་ཐོག་མར་ལུས་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་ལྷ་སྐུ་ཕྱག་རྒྱ་ཆེན་པོར་སྒོམ་པར་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་པ་གཙོ་འཁོར་སོ་སོའི་སྐུ་ལས་རང་འདྲའི་སྐུ་གཉིས་པ་རེ་འཕྲོས་ནས། ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཁྱབ་བདག་བདེ་བ་ཆེན་པོའི་སྐུ་ཐོགས་ལ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་འཆིབ་སྟེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་བདག་འདྲའི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ གུ་རུ་བདེ་བ་ཆེན་པོའི་དབང་བསྐུར་བས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག །དེ་ནས་རིག་འཛིན་རྩལ་འཆང་བཅུ་གསུམ་གྱི་སྐུས་རིམ་བཞིན་དབང་བསྐུར་ལ། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུ་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ གུ་རུ་དྲེགས་འདུལ་ཆེ་མཆོག་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༴ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ གུ་རུ་སྨན་པའི་རྒྱལ་པོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ་ཨ་བྷི༴ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ གུ་རུ་དབང་གི་རྒྱལ་པོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ གུ་རུ་ཡི་དམ་ལྷ་ཡིས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོག་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ གུ་རུ་སྒྲུབ་པོའི་རེ་སྐོང་དབང་སྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཡིད་གཉིས་ཐེ་ཚོམ༴ གུ་རུ་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ གུ་རུ་དཔའ་བོ་གིང་གཙོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ གུ་རུ་ནམ་མཁའི་རྒྱལ་པོས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙཽ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད༔ གུ་རུ་མ་རུངས་སྐྲོད་མཛད་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ གང་ཞིག་གཤེད་མའི་དམག་གིས་མཐའ་སྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ གུ་རུ་རྡོ་རྗེའི་གོ་ཆས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ གུ་རུ་འཆི་བའི་གདུང་སེལ་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ གུ་རུ་བར་དོའི་འཁྲུལ་འཇོམས་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད༴ གུ་རུ་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ གུ་རུ་ངན་སོང་ཀུན་འདྲེན་དབང་བསྐུར་བས༔ བསམ་པ༴ ཨོཾ་ཨཱཿཧཱུྃ་བཛྲ༴ ཀཱ་ཡ༴ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུའི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ གུ་རུ་འགྲོ་དྲུག་ཀུན་སྐྱོབ་དབང་བསྐུར་བས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འདི་ལྟར་སྣང་བ་ཐམས་ཅད་ཁྱབ་བདག་བླ་མ་རིག་འཛིན་གྱི་དཀྱིལ་འཁོར་འཁོར་ལོ་སྣང་སྟོང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རོལ་པས་གདུལ་བྱའི་བསམ་པ་དང་མཐུན་པར་དོན་གྱིསཤིག །དྲུག་པ་ནི། དེ་ནས་ངག་ཐ་མལ་དུ་ཞེན་པ་སྦྱོང་བའི་ཕྱིར་གསུང་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གཉིས་སུ་མེད་པའི་སོ་སོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་དྭངས་མའི་ས་བོན་གྱི་མཐར་ཕྲེང་བ་ལྟར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་སོ་སོར་ལན་གསུམ་རེ་མཛད་པར་ཞུ། ཕྲེང་བ་སྦྲེལ་ལ་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་གཙོ་བོའོ། །རིག་འཛིན་བཅུ་གསུམ་ལ་རིམ་བཞིན། རྩ་སྔགས་བཛྲ་གུ་རུའི་མཐར། ཡ་དུ་ཙ་ཤ་བྷྱོ་ཟློག༔ ༡༽ རྩ་སྔགས་མཐར། ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ༢༽ རྩ་སྔགས་དང་། ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ༣༽ རྩ་སྔགས་དང་། ཨེ་ཀ་ཛ་ཊཱི་ཙིཏྟ་ཧྲཱིང་ཧྲཱིང་ཛ༔ རཀྴ་རཱ་ཧུ་ལ་ཙིཏྟ༴ ནཱ་ག་རཀྴ་ཙིཏྟ༴ གིངྐ་ར་རཱ་ཛ་ཙིཏྟ༴ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ༴ ༤༽ རྩ་སྔགས་དང་། ཨོཾ་ལོ་ཀ་པཱ་ལ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛ༔ ༥༽ ཐོད་ཕྲེང་རྩལ་དང་། བཛྲ་རཏྣ་པདྨ་ཀརྨ་གིངྐ་ར་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་ཕཊ༔ ༦༽ རྩ་སྔགས་དང་། བཾ་ལཾ་རཾ་ཡཾ་སརྦ་སིདྡྷི་ཧཱུྃ༔ ༧༽ ཐོད་ཕྲེང་རྩལ་དང། བཛྲ་ཀྲོ་དྷ་ཛཿཧཱུྃ་བཾ་ཧོཿཧཱུྃ་ཧཱུྃ༔ ༨༽ རྩ་སྔགས་དང་། ཨོཾ་ཧཱུྃ་མཾ་བཛྲ་རཀྵ་རཀྵ༔ ༩༽ ཨོཾ་པདྨ་དྷཱ་ར་ཧྲཱི༔ ཨོཾ་མཻ་ཏྲི་མེཾ་སྭཱ་ཧཱ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ༡༠༽ རྩ་སྔགས་དང་། ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ༡༡༽ ཨོཾ་མ་ཧཱ་གུ་རུ་སུ་ཁ་སིདྡྷི་ཧཱུྃ༔ ༡༢༽ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ༡༣༽ ཕྲེང་བ་མགྲིན་པར་བཞག་པས་ནུས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ འདི་ལྟར་གྲགས་པ་ཐམས་ཅད་ཁྱབ་བདག་བླ་མ་རིག་འཛིན་གྱི་གསུང་དབྱངས་གཞོམ་མེད་ཡི་གེ་འཁོར་ལོའི་སྤྲིན་གྲགས་སྟོང་བརྗོད་པ་དང་བྲལ་བ་ལས་སྒྲའི་ཚུལ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་གྱིས་ཤིག །བདུན་པ་ནི། དེ་ནས་ཡིད་ཐ་མལ་དུ་ཞེན་པ་སྦྱོང་བའི་སླད་དུ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པ་ནི། མེ་ལོང་བསྟན་ལ། མེ་ལོང་དྭངས་པ་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་ཡང་། སྣང་དུས་ཉིད་ནས་དངོས་པོས་སྟོང་། སྟོང་བཞིན་དུ་སྣ་ཚོགས་སུ་སྣང་བ་མ་འགག་པ་བཞིན། ལྷ་སྔགས་ཀྱིས་མཚོན་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སྟོང་པའི་རང་རྩལ་དུ་ཤར་ཡང། ཤར་དུས་ཉིད་ནས་བདེན་པར་མ་གྲུབ། མ་གྲུབ་བཞིན་དུ་ཅིར་ཡང་འཆར་བས་ཐམས་ཅད་ཀྱང་སྐུ་གསུམ་འདུ་འབྲལ་མེད་པ་ཟུང་འཇུག་འོད་གསལ་ཁོར་ཡུག་གི་དགོངས་པར་ངོ་ཤེས་པར་གྱིས་ཤིག །ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ལྟར་རྟོག་ཚོགས་ཐམས་ཅད་ཁྱབ་བདག་བླ་མ་རིག་འཛིན་གྱི་ཐུགས་ཀ་དག་འོད་གསལ་ཟང་ཐལ་ཀུན་ཁྱབ་འདུས་མ་བྱས་མཉམ་ཉིད་ཆེན་པོའི་དགོངས་པར་ལ་ཟློ་བས་འབད་མེད་ལྷུན་གྱིས་གྲུབ་པའི་གཞན་དོན་རྒྱ་ཆེན་པོ་གྱིས་ཤིག །བརྒྱན་པ་ནི། ལས་རྡོར་གྱིས་གཏོར་ཆེན་བཏེག །སློབ་དཔོན་གྱིས། དེ་ནས་དབང་དོན་གྱི་ཡེ་ཤེས་བརྟན་པར་བྱེད་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་གཞལ་ཡས་ཁང་གི་ནང༔ ལྷ་ཚོགས་ཀུན་བཞུགས་སྐུ་གསུང་ཐུགས་དག་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་སུ༔ སློབ་མའི་གནས་གསུམ་ལ་ཐིམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་ཐོབ་བསམ༔ ཐོད་རྔ་འཁྲོལ་ཞིང་གདུང་ཤུགས་ལྟ་སྟངས་དང་བཅས་པས། ཧཱུྃ་ཧྲཱི༔ དངོས་གྲུབ་ཀུན་བདག་གུ་རུ་བདེ་བ་ཆེ༔ བོད་འབངས་ཡོངས་ལ་ཐུགས་རྗེས་བརྩེར་དགོངས་ནས༔ ཐུགས་དམ་ཞལ་བཞེས་སྡུག་བསྔལ་ཀུན་སེལ་བའི༔ སྐུ་ཚབ་བླ་མའི་རྣལ་འབྱོར་མཆོག་གཅིག་དང༔ ཐུན་མོང་བཅུ་གསུམ་ལས་ཅན་དོན་དུ་གསུངས༔ དགོངས་པའི་བྱིན་རླབས་སྣོད་ལྡན་བུ་ལ་བསྩལ༔ བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔ བསླུ་མེད་རྡོ་རྗེའི་གསུང་གིས་ཞལ་བཞེས་པས༔ དེ་ཕྱིར་བདག་གིས་རྩེ་གཅིག་བསྒྲུབ་ལགས་ན༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ སྡུག་བསྔལ་བཅུ་གསུམ་ཡོངས་སུ་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་བརྗོད་ལ་གཏོར་མ་སློབ་མའི་སྤྱི་བོར་བཞག་པ་དང་བསྟུན། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ སོགས་རྡོ་རྗེའི་ཚིག་རྐང་དྲུག་གི་གསོལ་འདེབས་དང་། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་བྱ། གཏོར་རྫས་ཀྱི་ཆ་ཤས་དང་བདུད་རྩི་སྦྱིན་ལ། གཏོར་རྫས་དམ་ཚིག་གི་བདུད་རྩི་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་ཐོབ་པར་མོས་ཤིག །སྤྱི་ཙམ་ལ་དེས་འཐུས་ཤིང་། བསྙེན་སྒྲུབ་ནུས་པའི་སྨིན་སློབ་ལ། གཏོར་མ་རྩ་བ་གསུམ་གྱི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་དཀྱིལ་འཁོར་ཆེན་པོའི་བདག་ཉིད་དངོས་སུ་གྱུར་པར་མོས་ཤིག །བྱས་ལ་དགོངས་པའི་དྲོད་གཏད་དེ་ཐུགས་ཡིད་མཉམ་ཉིད་དུ་བཞག་གོ །དེ་དག་གིས་དབང་སྐུར་འབྲིང་པོ་ལས་ཅུང་ཟད་རྒྱས་པར་སྤྲོས་པ་བསྟན་ཟིན་ཏོ། །གཉིས་པ་འབྲིང་པོ་ཁ་རྐྱང་བྱེད་ན། སྦྱོར་བའི་བཤམ་བཀོད་སྐབས་སྐུ་ཙག་སྔགས་ཕྲེང་མེ་ལོང་གསུམ་པོ་མི་དགོས། དངོས་གཞིའི་དབང་བསྐུར་གོང་སྨོས་དཀྱུས་ལྟར། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་བསྐུར་བོར་ནས་མཆོག་དབང་ལྔ་ཞེས་དབང་བཞི་པ་ལ། ལྟ་བ་དང་སྒོམ་པའི་དབང་སོ་སོར་བགྲངས་པའི་མཐའ་རྟེན་གཏོར་དབང་སྦྱར་བའོ། །གསུམ་པ་བསྡུས་པ་སྐུ་གསུང་ཐུགས་ཡོངས་རྫོགས་གཏོར་དབང་བཅས་པ་ཙམ་བྱེད་ན། སྦྱོར་བ་བཤམ་བཀོད་ལ་རྣམ་བུམ་ཐོད་པ་མེ་ལོང་སྐུ་འབག་རྣམས་མི་དགོས་པས། དཀྱིལ་འཁོར་དབུས་སུ་བླ་མའི་གཏོར་ཆེན། མདུན་དུ་ཙཀ་ལི་སྔགས་བྱང་མེ་ལོང་། མཆོད་གཏོར་ཉེར་མཁོ་གཞན་ཚོགས་པར་བྱ། སྒྲུབ་མཆོད་སྐབས་བུམ་པ་སྒྲུབ་པ་མི་དགོས། དབང་དངོས་ལ། ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། ལོ་རྒྱུས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ། གསོལ་བ་གདབ། གནང་བ་སྦྱིན། སྐྱབས་སེམས་ཚོགས་གསག །སྡོམ་བཟུང་། ཡེ་ཤེས་དབབ་བརྟན་བཅས་གྱི་རྗེས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་སོགས་ཀྱིས་གསོལ་གདབ་དང་གནང་བ་སྦྱིན་པ་ནས་བརྩམ། སྐུ་ཕྱག་རྒྱ། གསུང་བཟླས་ལུང་། ཐུགས་དགོངས་པ་ངོ་སྤྲད་པ་བཅས་ཀྱི་མཐར་གཏོར་མའི་དབང་བསྐུར་སྦྱར་བས་འགྲུབ་བོ། །བཞི་པ་མཐའ་རྒྱས་ཚེའི་དབང་བསྐུར་བ་ནི། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་མཐར་འདི་ཉིད་སྦྱོར་བ་གཞུང་དང་བླ་མའི་ཞལ་ལུང་ལས་འབྱུང་བས། གཏོར་དབང་གྲུབ་པ་དང་། དེ་ལྟར་དབང་གི་དངོས་གཞི་ལེགས་པར་གྲུབ་ནས། མཐའ་རྒྱས་བཀྲ་ཤིས་ཚེའི་དབང་བསྐུར་བགྱི་བ་ལ། ཐོག་མར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ མ་ཧཱ་གུ་རུ་པདྨ་འབྱུང༔ བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ འཆི་མེད་ཚེ་ཡི་དབང་མཆོག་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་བར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡབ་ལ། ཧྲཱི༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ འཆི་མེད་པདྨ་སཾ་བྷ་བ། རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ དེ་ནས་ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས་ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་སཾ་བྷ་བ་གུ་རུ་བདེ་བ་ཆེན་པོའི་རྣམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བྷནྡྷ་དང་ཚེ་བུམ་བསྣམས་པར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བདག་དང་བསྲུང་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཕྱག་གི་བྷནྡྷ་དང་བུམ་པའི་ནང་དུ་ཞུགས་ཤིང་འཁྱིལ་བ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་བྱང་། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་གི་ཁོག་པར་ནྲི་ཡིག་ཨ་མཚན་པ་ལ་ཐིམ་པས་རྡོ་རྗེའི་སྲོག་གྲུབ་པའི་མོས་པ་མཛོད་། ཅེས་དང་། ཨོཾ༔ བཀྲ་ཤིས་འོད་གསལ་གཞོན་ནུའི་བུམ་པའི་དབྱིངས༔ ཡེ་ཤེས་རང་སྣང་པདྨ་སཾ་བྷ་བ༔ ཟུང་འཇུག་བདེ་བ་ཆེན་པོའི་དབང་བསྐུར་བས༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཆང་སྦྱིན་ལ། ཨཱ༔ རང་བྱུང་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བརྟན་དང་གཡོ་བའི་བཅུད་ཀུན་གཅིག་ཏུ་འཁྱིལ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས༔ ནད་མེད་བདེ་བའི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྦྱིན་ལ། ཧཱུྃ༔ ངོ་བོ་སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྣམ་པ་ལྷན་སྐྱེས་ཡེ་ཤེས་སེམས་དཔའི་གཟུགས༔ སྙིང་དབུས་ཉི་ཟླའི་གའུར་རྒྱས་གདབ་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཁྱེད་རང་རྣམས་ཀྱི་ལུས་མི་ཤིགས་རྡོ་རྗེའི་གོ་ཆས་གཡོགས་ཤིང་རིག་པའི་རང་ངོར་སྐྱེ་ཤིའི་མཚན་མ་གདོད་ནས་མ་གྲུབ་པ་འཆི་མེད་གཉུག་མའི་དོན་ལ་མཉམ་པར་འཇོག་པར་ཞུ། ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་ཚེ༔ བསྡུས་པས་འོད་གསལ་ཐིག་ལེའི་ཀློང༔ རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་པར༔ མི་འགྱུར་བརྟན་པའི་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྗོད་དོ། །དེ་དག་རྣམས་ཀྱིས་རིག་འཛིན་ཆེ་མཆོག་རྣམ་པ་གཉིས་ལ་བཀའ་བབས་པའི་ཟབ་ཆོས། ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་བླ་མ་ཡིད་བཞིན་ནོར་བུ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་འབྲིང་པོ་བགྱིས་གྲུབ་པ་ལགས་པས། སྔགས་ཀྱི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་སྤྱི་དང་ཁྱད་པར་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད་ལས་སྙིགས་འགྲོའི་དཔལ་མགོན་གཞན་ན་མེད་པར་ཤེས་པས་གསོལ་འདེབས་བསྙེན་སྒྲུབ་ཚེས་བཅུའི་མཆོད་པ་སོགས་དུས་དང་རྒྱུན་གྱི་ཉམས་ལེན་ལ་བརྩོན་པ་ཆེ་ཐང་དུ་བྱ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་མན་ཆད་དཀྱིལ་འཁོར་རྗེས་ཆོག་རྣམས་ཀྱང་ལས་བྱང་ལྟར་མཐར་ཆགས་སུ་བྱའོ། །ཡིད་བཞིན་ནོར་འདྲའི་རྗེ་བཙུན་གུ་རུ་རྗེར། །གསོལ་འདེབས་ཐབས་ཚུལ་མང་ཡང་གྲུབ་གཉིས་ཀྱི། །འདོད་རྒུ་ཆར་དུ་བསྙིལ་འདི་རྙེད་དཀའ་བས། །དུས་མཐའི་སྐྱེ་བོར་ཡིད་བཞིན་ནོར་ལས་འཚེངས། །དེ་ཉིད་ཉམས་སུ་ལེན་ལ་སྨིན་བྱེད་འདི། །མེད་ཐབས་མེད་ཕྱིར་འདི་འཆང་འདི་འཛིན་པས། །ས་ཆེན་ཀུན་ཁྱབ་སྙིང་པོའི་བསྟན་པ་དང་། །འགྲོ་བའི་བདེ་སྐྱིད་ཉི་བཞིན་གསལ་གྱུར་ཅིག །ཅེས་པ་འདིའང་རིགས་ཀུན་ཁྱབ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མའི་གསུང་གིས་རྗེས་སུ་གནང་བ་བསྩལ་པ་ལས། རྗེ་ཉིད་ཀྱིས་བཀའ་དྲིན་དུ་བསྩལ་པའི་ཟིན་བྲིས་སོར་བཞག །མཚམས་སྦྱོར་སོགས་ཅུང་ཟད་རྒྱས་པར་སྤྲོས་པ་ལས་རང་རྟོག་གིས་མ་བསླད་པར། པདྨའི་རྒྱལ་ཚབ་རྡོ་རྗེ་འཆང་པདྨ་དབང་ཆེན་དང་སྤྲུལ་པའི་རིག་འཛིན་ཆེན་པོ་རྣམ་པ་གཉིས་སོགས་ཡོངས་འཛིན་དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པ་པདྨ་གར་གྱི་དབང་ཕྱུག་རྩལ་ལམ། ཀུ་སཱ་ལི་བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་ཡང་ཁྲོད་ཤྲཱི་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
བླ་མ་རྒྱལ་བ་ཀུན་འདུས་ཀྱི་དབང་བཞི་ཟབ་པའི་མཐར་ཐུག་ (Volume 9, Text 36)
༔ ༔བླ་མ་རྒྱལ་བ་ཀུན་འདུས་ཀྱི་དབང་བཞི་ཟབ་པའི་མཐར་ཐུག་བཞུགས་སོ༔ རྒྱལ་བ་ཀུན་འདུས་རྡོ་རྗེ་འཆང༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ ཐོད་ཕྲེང་རྩལ་གྱི་སྐུ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་སྨིན་པ་དང༔ འཇའ་ལུས་ཆོས་སྐུ་མྱུར་ཐོབ་ཕྱིར༔ ཡང་ཟབ་དབང་བསྐུར་རིམ་པ་བཤད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྔོན་འགྲོ་རྒྱལ་བ་ཀུན་འདུས་ཀྱི༔ བདག་མདུན་བྱ་ཞིང་བུམ་པ་ནི༔ དཀྱིལ་འཁོར་ཚོམ་བུའི་དབུས་སུ་བཞག༔ བུམ་རྫས་ཉེར་ལྔ་འོ་མས་བཀང༔ ཁ་རྒྱན་ཀུ་ཤ་མེ་ལོང་དང༔ ཟངས་ཀྱི་པདྨ་ཡང་ན་ནི༔ རྡོ་རྗེ་དམར་པོ་བྱས་ཀྱང་རུང༔ བུམ་བསྐྱེད་སྒྲུབ་པ་འདི་ལྟ་སྟེ༔ ཧཱུྃ༔ ཆགས་མེད་པདྨ་ཟླ་བའི་སྟེང༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་བུམ༔ ཁ་གཡེལ་ཞབས་ཞུམ་མགྲིན་པ་ཕྲ༔ མཆུ་འཕྱང་ལྟོ་བ་ཡངས་ཤིང་ཟླུམ༔ ནང་ནི་སྣ་ཚོགས་བཅུད་ཀྱིས་བཀང༔ དཔག་བསམ་ཤིང་གི་ཁ་རྒྱན་དང༔ མགུལ་ཆིངས་སྣ་ཚོགས་དར་ལས་བྱས༔ དེ་དབུས་ཆུ་ལས་སྐྱེས་པ་ཡི༔ པདྨ་འདབ་བཞིའི་གདན་སྟེང་དུ༔ ཟླ་དཀྱིལ་ཧཱུྃ་གི་འཕྲོ་འདུ་ལས༔ བླ་མ་ཆེན་པོ་རྡོ་རྗེ་འཆང༔ བཻ་ཌཱུརྱ་ཡི་མདོག་ལྟར་སྔོ༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་ཧཱུྃ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ པང་དུ་རྡོ་རྗེ་ཕག་མོ་སྔོ༔ ཕྱག་རྒྱ་ལྔ་ལྡན་གྲི་ཐོད་འཛིན༔ ཆགས་པའི་ཉམས་ཅན་ཡབ་ལ་འཁྲིལ༔ ཟུང་འཇུག་བདེ་སྟོང་ངང་དུ་བཞུགས༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དང༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཚོགས༔ དཔག་མེད་སྤྲིན་ལྟར་གཏིབས་པས་བསྐོར༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རིགས་ཀྱི་བདག་པོ་འཁོར་བཅས་རྣམས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ༔ དམ་ཚིག་པ་དང་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་བརྗོད་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཚིག་བསྐྱེད་དང་དབྱེར་མེད་པར༔ འདྲེས་ཤིང་གཅིག་ཏུ་གྱུར་པར་བསམ༔ ལྷ་དབང་མི་དགོས་པད་འབྱུང་བཀའ༔ ཧཱུྃ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ མཆོད་ཡོན་མེ་ཏོག་བདུག་སྤོས་མེ༔ དྲི་ཆབ་ཞལ་ཟས་རོལ་མོ་དབྱངས༔ བཅོམ་ལྡན་བུམ་པའི་ལྷ་ལ་འབུལ༔ བརྩེ་བ་ཆེན་པོས་བཞེས་ནས་ཀྱང༔ འགྲོ་བའི་དོན་ཆེན་མཛད་པ་དང༔ སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ མཁའ་ཁྱབ་མི་གཡོ་རྡོ་རྗེ་ཅན༔ ཀུན་འདུས་ཕྲིན་ལས་རྡོ་རྗེའི་བདག༔ ཐོག་མཐའ་མེད་པའི་རྡོ་རྗེ་འཆང༔ གསང་གསུམ་རྡོ་རྗེ་ཁྱོད་ལ་བསྟོད༔ ཅེས་བརྗོད་རང་གི་ཐུགས་ཀ་ནས༔ འོད་ཟེར་གཟུངས་ཐག་ཞོན་ནས་འཕྲོས༔ བུམ་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་ཞལ་ནས་བདུད་རྩི་བབས༔ བུམ་པ་ཁེངས་ཏེ་བདུད་རྩིའི་ནང༔ རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་གཟུགས་བརྙན་འཆར་ནས་ནི༔ འོད་ཟེར་སྣ་ལྔ་འཕྲོས་པར་བསམ༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ ཌཱ་ཀི་ནཱི་བཛྲ་ཝཱ་རཱ་ཧཱི་ཙིཏྟ་སིདྡྷི་མ་བྷྱོ་ཛ༔ བརྒྱ་སྟོང་ལ་སོགས་སྐབས་དང་བསྟུན༔ མཐར་ནི་ལྷ་རྣམས་འོད་དུ་ཞུ༔ བུམ་པའི་ཆུ་དང་དབྱེར་མེད་འདྲེས༔ དེ་ཉིད་ནུས་མཐུ་ལྡན་པར་བསམ༔ ལས་ཀྱི་བུམ་པ་མེད་ཀྱང་རུང༔ ཡང་ན་ཧ་ཡ་གྲཱི་བ་བཟླ༔ དེ་ནས་དབང་བསྐུར་རིམ་པ་ནི༔ སྟ་གོན་འཇུག་པ་དངོས་གཞི་གསུམ༔ སྔོན་འགྲོ་སྟ་གོན་འདི་ལྟ་སྟེ༔ དམ་ལྡན་སློབ་མ་མང་ཉུང་རུང༔ ཁྲུས་བྱས་གྲལ་ལ་བཀོད་ནས་ནི༔ མེ་ཏོག་བཀྲམ་བསྡུ་གཞན་དང་འདྲ༔ སློབ་མས་གསོལ་བ་ལན་གསུམ་གདབ༔ ཧོ༔ ཁྱབ་བརྡལ་སྟོན་པ་རིན་པོ་ཆེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སྨིན་གྲོལ་མཛོད༔ རྡོ་རྗེའི་དམ་ཚིག་དུས་འདིར་སྩོལ༔ དེ་ནས་རྒྱུན་བཤགས་འདི་ལྟ་སྟེ༔ ཧོ༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་མ་རིག་དབང་གྱུར་པས༔ སོ་སོ་ཐར་པའི་སྡོམ་པ་ཉམས༔ བྱང་ཆུབ་སེམས་དཔའི་སེམས་བསྐྱེད་འཁྲུལ༔ རྡོ་རྗེ་ཐེག་པའི་དབང་བསྐུར་གྱི༔ རྩ་བ་ཡན་ལག་དམ་ཚིག་ཆག༔ ཕྱག་རྒྱ་ཆེན་པོར་གོ་བ་ལོག༔ རིམ་པ་གཉིས་ཀྱི་གསང་ཚིག་བསྒྲགས༔ མདོར་ན་ཚོར་དང་མ་ཚོར་བའི༔ ཐུགས་དང་འགལ་བ་ཅི་མཆིས་པ༔ གནོད་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཚངས་དབང་མཆོག་གི་དངོས་གྲུབ་སྩོལ༔ དེ་ནས་སེམས་བསྐྱེད་འདི་ལྟ་སྟེ༔ ཧོ༔ དུས་གསུམ་སངས་རྒྱས་བྱང་སེམས་ཀྱིས༔ སེམས་ཅན་རྣམས་ཀྱི་དོན་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་བསྐྱེད་ལྟར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་འཇུག་པ་འདི་ལྟ་སྟེ༔ དར་དམར་གདོང་གཡོགས་བཅིངས་ནས་ནི༔ རྡོ་རྗེ་རྒྱལ་པོས་འདི་སྐད་བརྗོད༔ ཨོཾ་ཙཀྵུ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ དེ་ནས་དམ་ལ་བཞག་པ་ནི༔ མགོ་བོར་རྡོ་རྗེ་བཞག་བྱས་ནས༔ དབྱངས་དང་བཅས་པས་འདི་སྐད་དོ༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ བླ་མ་ཆེན་པོ་རྡོ་རྗེ་འཆང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ དེ་ཕྱིར་རྡོ་རྗེའི་དམ་ཚིག་ནི༔ ཇི་ལྟར་བསྩལ་བཞིན་སྲུང་དགོས་སོ༔ མི་མདའ་གཉན་གྱི་དམ་ཚིག་མཆོག༔ བསྲུང་ན་དངོས་གྲུབ་གཞི་ཡིན་ཏེ༔ ཉམས་ན་ཉེས་པ་ཀུན་གྱི་གཞི༔ དེ་ཕྱིར་སྙིང་ནས་བྲོ་བོར་ལ༔ སྲོག་ལ་བབ་ཀྱང་མ་འདའ་ཞིག༔ ཡེ་ཤེས་རྡོ་རྗེའི་དམ་ཚིག་ནི༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ མ་ཧཱ་ས་མ་ཡ་བཛྲ་གྲྀཧྞ་རཀྵ་རཀྵ་ཨི་དམ༔ དེ་ནས་མནའ་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ སློབ་མ་ཁྱོད་ལ་སྦྱིན་པར་བྱ༔ བསྲུང་ན་བདུད་རྩི་ཉམས་ན་དུག༔ བླ་མེད་གསང་བའི་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་འགའ་ལ་སྨྲས་གྱུར་ན༔ ཆུ་འདིས་ཁྱོད་རང་བསྒྲལ་ནས་ནི༔ ཕྱི་མར་དམྱལ་བར་ལྟུང་བ་ཡིན༔ ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་སྭཱ་ཧཱ༔ ས་མ་ཡ་ན་ར་ཀ་ཨི་དཾ་སི་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པའི་ཕྱིར༔ སློབ་མའི་ངོ་བོ་འདི་ལྟར་བསྒོམ༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་སྟོང་པའི་ངང༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ སློབ་མའི་ངོ་བོ་པདྨ་འབྱུང༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ དར་དང་རིན་ཆེན་སྣ་ཚོགས་བཀླུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཕྱེད་སྐྱིལ་དགྱེས་པའི་གར་སྟབས་རོལ༔ བདག་གི་ཐུགས་ཀའི་ཧཱུྃ་ཡིག་དང༔ སློབ་མའི་སྙིང་གའི་ས་བོན་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ དཔག་མེད་མཐའ་ཀླས་ཞིང་ཁམས་ནས༔ རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས༔ མཚོ་ལ་ཁ་ཆར་འབེབ་པ་ལྟར༔ སློབ་མའི་སྤྱི་བོར་སིབ་སིབ་ཐིམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་གྱུར༔ ཧཱུྃ༔ ཁྱབ་བརྡལ་བདེ་ཆེན་ཀློང་ཡངས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ རྡོ་རྗེ་འཆང་ཆེན་བྱིན་ཕོབ་ཅིག༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ རི་བོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོས་བྱིན་ཕོབ་ཅིག༔ རྔ་ཡབ་གླིང་གི་ཞིང་ཁམས་ནས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ བདེ་སྟོང་སྒྱུ་མའི་ཕོ་བྲང་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ རྒྱལ་བ་རྒྱ་མཚོ་དཔག་མེད་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཧཱུྃ༔ རང་བཞིན་དབྱིངས་ལས་མ་གཡོས་ཀྱང༔ ཐབས་མཁས་ཐུགས་རྗེས་སྤྲུལ་སྒྱུར་འགྱེད༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྣང་སྲིད་སྐུ་ཡི་བཀོད་པས་ཁྱབ༔ སློབ་མའི་ལུས་ལ་བྱིན་གྱིས་རློབས༔ ཆོས་ཉིད་རང་སྒྲ་འབྲུག་ལྟར་ལྡིར༔ སློབ་མའི་ངག་ལ་བྱིན་གྱིས་རློབས༔ དབྱིངས་རིག་ཐིག་ལེ་སྣ་ཚོགས་འཆར༔ སློབ་མའི་ཡིད་ལ་བྱིན་གྱིས་རློབས༔ སྒྲ་འོད་ཟེར་གསུམ་བསམ་ལས་འདས༔ སློབ་མའི་ཕུང་ཁམས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧཱུྃ༔ ཕེཾ་ཕེཾ༔ རཱ་རཱ་རཱ་རཱ༔ ཙ་ལཱ་ཡ་ཙ་ལཱ་ཡ༔ ཏོ་ཥ་ཡ་ཏོ་ཥ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་སྙིང་པོ་བཟླས་ནས་ནི༔ བྱིན་འབེབ་བྱེད་ཅིང་དམིགས་གསལ་གདབ༔ རྡུལ་དང་བདེ་དྲོད་འབར་བ་དང༔ བ་སྤུ་གཡོ་བ་འབེབས་རྟགས་ཡིན༔ བརྟན་ཕྱིར་རྡོ་རྗེ་སྤྱི་བོར་བཞག༔ དེ་ཝ་ཏིཥྛ་བཛྲ་ཧཱུྃ༔ ཀཱ་ཡ་ཏིཥྛ་བཛྲ་ཧཱུྃ༔ ཝཱ་ཀ་ཏིཥྛ་བཛྲ་ཧཱུྃ༔ ཙིཏྟ་ཏིཥྛ་བཛྲ་ཧཱུྃ༔ གུ་རུ་མཎྜ་ལ་ཏིཥྛ་བཛྲ་ཧཱུྃ༔ དེ་ནས་རང་རིག་ལྷ་ཞལ་བསྟན༔ མིག་དར་བསལ་ཞིང་འདི་སྐད་དོ༔ ཧཱུྃ༔ མ་རིག་གཏི་མུག་ཆུ་བུར་མིག༔ ཤེས་རབ་གསལ་བའི་ཐུར་མ་ཡིས༔ ཐབས་ཤེས་དབྱེར་མེད་ངང་དུ་དབྱེ༔ རང་རིག་དཀྱིལ་འཁོར་ལྷ་ལ་ལྟོས༔ ཨོཾ་བཛྲ་པ་ཤྱ་ཧོ༔ ཙཀྴུ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ རང་སེམས་ཅིར་ཡང་མ་གྲུབ་པ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན༔ སྟོང་པ་ཕྱལ་ཆད་མ་སོང་བ༔ བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ འགག་མེད་རིག་རྩལ་སྣ་ཚོགས་ཤར༔ སྐུ་གསུམ་བླ་མའི་དཀྱིལ་འཁོར་ཡིན༔ རྒྱལ་བའི་དཀྱིལ་འཁོར་གཞན་ན་མེད༔ དེ་ནས་རྡུལ་ཚོན་དཀྱིལ་འཁོར་བསྟན༔ ཧཱུྃ༔ འདི་ནི་བསྐྱེད་པའི་དབྱིབས་རྡུལ་ཏེ༔ ཕྲིན་ལས་བླ་མའི་དཀྱིལ་འཁོར་ཡིན༔ ལྟོས་ཤིག་འདི་ལ་འཇུག་པར་བྱོས༔ སྨིན་གྲོལ་ཟབ་མོ་ཐོབ་པར་འགྱུར༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ༔ སློབ་མས་ཕྱག་འཚལ་མེ་ཏོག་འབུལ༔ དེ་ནི་འཇུག་པའི་ཆོ་ག་འོ༔ དངོས་གཞི་དབང་བསྐུར་འདི་ལྟ་སྟེ༔ ཆུ་དང་ཅོད་པན་རྡོར་དྲིལ་དང༔ འཁོར་ལོ་རྒྱ་གྲམ་སྐུ་གཟུགས་དང༔ ཤེལ་ཕྲེང་མེ་ལོང་བདུད་རྩི་བུམ༔ དེ་དག་རྣམས་ཀྱིས་བསྐུར་བར་བྱ༔ ཚིག་དབང་དོན་གྱིས་བསྐུར་བར་བྱ༔ ཐམས་ཅད་གཏོར་མས་བསྐུར་ཀྱང་རུང༔ ཧཱུྃ༔ ཕྲིན་ལས་རྡུལ་ཚོན་དཀྱིལ་འཁོར་འདིར༔ བླ་མ་སྤྲུལ་སྐུ་འཇའ་ལྟར་ཤར༔ སྣང་སྲིད་འཁོར་འདས་སྐུ་ཡིས་གང༔ འོད་ཟེར་དཀར་པོས་ཕྱོགས་མཐར་ཁྱབ༔ ཧཱུྃ༔ ང་ནི་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་སྔོན་པོ་རྡོར་དྲིལ་བསྣམས༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བདུད་རྩི་ཉོན་མོངས་དག་བྱེད་ཆུ༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཞེ་སྡང་འཇོམས་ཤིང་རྣམ་ཤེས་འཇིག༔ མེ་ལོང་ཡེ་ཤེས་མངོན་གྱུར་ནས༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་ཐུགས་ཀ་ནས༔ མཁའ་འགྲོ་སྔོན་མོས་དབང་བུམ་ཐོགས༔ སློབ་མ་ཁྱོད་ལ་གཉིས་མེད་ཐིམ༔ ཁྱོད་རང་རྡོ་རྗེ་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་བསྐུར་བཀྲ་ཤིས་བརྗོད༔ ཅོད་པན་རིན་ཆེན་ཕྲེང་བ་ཐོགས༔ ཧཱུྃ༔ ང་ནི་རཏྣ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་པོ་རྡོར་དྲིལ་བསྣམས༔ ཅོད་པན་བསམ་འཕེལ་ཡིད་བཞིན་ནོར༔ རིན་ཆེན་ཕྲེང་བ་ཟད་མེད་རྒྱུན༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ སེར་སྣ་འཇོམས་ཤིང་ཚོར་ཕུང་གཅོད༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ནས༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་ལྟེ་བ་ནས༔ མཁའ་འགྲོ་སེར་མོས་ཅོད་པན་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་རིན་ཆེན་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ༔ དེ་ནས་རྡོ་རྗེའི་དབང་བསྐུར་བ་ནི༔ ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་རྡོར་དྲིལ་བསྣམས༔ རྡོ་རྗེ་ཉོན་མོངས་འཇོམས་པའི་རྫས༔ མེ་ཏོག་ཕྲེང་བ་ཆགས་པ་མེད༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ འདོད་ཆགས་འཇོམས་ཤིང་འདུ་ཤེས་དག༔ སོར་རྟོག་ཡེ་ཤེས་མངོན་གྱུར་ནས༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་མགྲིན་པ་ནས༔ མཁའ་འགྲོ་དམར་མོས་རྡོ་རྗེ་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་པདྨ་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་པདྨ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི༔ དེ་ནས་དྲིལ་བུ་རལ་གྲི་ཐོགས་ལ༔ ཧཱུྃ༔ ང་ནི་ཀརྨ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་རྡོར་དྲིལ་བསྣོལ༔ དྲིལ་བུ་བཏང་སྙོམས་གཉིས་མེད་རྫས༔ རལ་གྲིས་གཟུང་འཛིན་འཁྲི་བ་གཅོད༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཕྲག་དོག་འཇོམས་ཤིང་འདུ་བྱེད་འཐོར༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ནས༔ ལས་ཀྱི་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་གསང་བ་ནས༔ མཁའ་འགྲོ་ལྗང་མོས་དྲིལ་བུ་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་ཀརྨ་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀརྨ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ དེ་ནས་འཁོར་ལོ་གཏོར་མ་ཐོགས༔ ཧཱུྃ༔ ང་ནི་བླ་མ་རྡོ་རྗེ་འཆང༔ སྐུ་མདོག་སྔོན་པོ་རྡོར་དྲིལ་བསྣམས༔ འཁོར་ལོས་འཁོར་བའི་བཙོན་ར་འཇོམས༔ གཏོར་མ་ཐམས་ཅད་ལྷུན་གྲུབ་རྫས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ གཏི་མུག་དག་ཅིང་ངར་འཛིན་ཞི༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ནས༔ དེ་བཞིན་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་སྤྱི་བོ་ནས༔ མཁའ་འགྲོ་དཀར་མོས་འཁོར་ལོ་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་རྡོ་རྗེ་འཆང་དུ་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ སློབ་མ་ལྷ་རུ་གསལ་བ་ཡིས༔ རྣམ་བཞིས་གཞན་དོན་བསྒྲུབ་པའི་ཕྱིར༔ རྒྱ་གྲམ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་རྡོ་རྗེ་རྒྱ་གྲམ་སྟེ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་གྱིས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ བསྐྱེད་རིམ་ལྡན་པས་འགྲོ་དོན་གྱིས༔ ཤེལ་འཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སྟེ༔ དུས་གསུམ་སངས་རྒྱས་འདུས་པའི་གསུང༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ སྔགས་རིམ་ལྡན་པས་འགྲོ་དོན་གྱིས༔ སྙིང་པོའི་བཟླས་ལུང་སྦྱིན་པར་བྱ༔ མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་ཐུགས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ རྫོགས་རིམ་ལྡན་པས་འགྲོ་དོན་གྱིས༔ དེ་ནས་གསང་བའི་དབང་བསྐུར་བ་ནི༔ བདུད་རྩི་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཀུན་རྫོབ་བྱང་སེམས་དཀྱིལ་འཁོར་འདིར༔ ལོངས་སྐུའི་བླ་མ་སྤྲིན་ལྟར་གཏིབས༔ ཡིག་འབྲུ་སྣ་ཚོགས་ཆར་ལྟར་འབེབ༔ འོད་ཟེར་དམར་པོས་ཕྱོགས་མཐར་ཁྱབ༔ ཧཱུྃ༔ ང་ནི་བླ་མ་ཀུན་ཏུ་བཟང༔ བདེ་སྟོང་ཀུན་ཏུ་བཟང་མོར་འཁྲིལ༔ ཐབས་ཤེས་ཟུང་འཇུག་ཉམས་རྩལ་འབར༔ བདེ་ཆེན་སྒྲ་ཡིས་ཕྱོགས་བཅུར་གཡོ༔ རྒྱལ་བ་རབ་འབྱམས་ཀུན་འདུས་ནས༔ ཡབ་ཡུམ་སྦྱོར་བའི་སྤྱི་བོར་ཞུགས༔ ཨ་ཝ་དྷཱུ་ཏིའི་ལམ་བརྒྱུད་དེ༔ ཡབ་ཡུམ་མཁའ་ནས་བདུད་རྩི་བབས༔ སློབ་མ་ཁྱོད་ཀྱི་སྤྱི་བོར་ཐིམ༔ འཁོར་ལོ་བཞི་རིམ་མེར་གྱིས་ཁེངས༔ དགའ་བཞི་ཡེ་ཤེས་དབང་ཐོབ་ཤོག༔ དེ་ནས་ཤེས་རབ་དབང་བསྐུར་ནི༔ གཟུང་མ་ཐོགས་ནས་འདི་སྐད་དོ༔ ཧཱུྃ༔ ཡེ་ཤེས་བྷ་གའི་དཀྱིལ་འཁོར་འདིར༔ ཆོས་སྐུའི་བླ་མ་མཁའ་ལྟར་དག༔ གཉིས་མེད་འོད་གསལ་ཁོར་ཡུག་བསྐོར༔ འོད་ཟེར་མཐིང་གས་ཕྱོགས་མཐར་ཁྱབ༔ ཧཱུྃ༔ འདི་ནི་ཤེས་རབ་གཟུང་མ་སྟེ༔ རྟེན་འབྲེལ་བཅུ་གཉིས་ཡེ་ནས་དག༔ ཁྱོད་ཀྱིས་བསྟེན་བྱར་སངས་རྒྱས་གསུངས༔ ཐབས་ལམ་སྣ་ཚོགས་ཆགས་ཞེན་བྲལ༔ འཁོར་ལོའི་རིམ་པའི་སྦྱོར་བ་ཡིས༔ བདེ་བ་ཆེན་པོར་སྤྱོད་པར་གྱིས༔ འབྲས་བུ་བླ་ན་མེད་པ་ཡི༔ སངས་རྒྱས་མྱུར་དུ་ཐོབ་པར་ཤོག༔ དེ་ནས་ཚིག་གི་དབང་བསྐུར་ནི༔ རྒྱས་པ་ཡེ་ཤེས་སྙིང་པོར་ཤེས༔ བསྡུ་ན་འདི་བཞིན་བྱ་བ་ཡིན༔ མཉམ་གཞག་བྱས་ལ་འདི་སྐད་དོ༔ ཧཱུྃ༔ དོན་དམ་འོད་གསལ་དཀྱིལ་འཁོར་འདིར༔ ཅི་ཡང་མེད་པའི་ངོ་བོ་ཉིད༔ གསལ་ཞིང་དག་ལ་རྙོགས་པ་མེད༔ གཟུང་འཛིན་མེད་ཅིང་བརྗོད་དུ་མེད༔ ཨ་ཨ་ཨ༔ ཨ་ནི་སྐྱེ་བ་མེད་པའི་ཨ༔ ཡེ་ཤེས་ལྔ་དང་ལྡན་པའི་ལུས༔ དོན་དམ་འོད་གསལ་གཞོམ་གཞིག་བྲལ༔ སྨྲ་བསམ་བརྗོད་འདས་ཨེ་མ་ཧོ༔ བུ་ཁྱོད་རང་སེམས་རང་ཞལ་ལྟོས༔ གཟུགས་མེད་མཐོང་བའི་ཡུལ་དང་བྲལ༔ སྒྲ་མེད་ཐོས་པའི་ཡུལ་དང་བྲལ༔ དྲི་མེད་ཚོར་བའི་ཡུལ་དང་བྲལ༔ རོ་མེད་མྱོང་བའི་ཡུལ་དང་བྲལ༔ ལུས་མེད་རེག་པའི་ཡུལ་དང་བྲལ༔ སེམས་མེད་བསམ་པའི་ཡུལ་དང་བྲལ༔ འདི་ཉིད་ལྟོས་ཤིག་གཞི་རྩ་ཆོད༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ བལྟས་ཀྱང་མི་མཐོང་སྟོང་པ་ཡིན༔ རིག་པ་ཕྱོགས་མཐའ་ཁྱབ་པར་མཐོང༔ འགྲོ་བ་མ་ཡིན་ཁྱབ་བརྡལ་ཡིན༔ སེམས་ཀྱི་ཁ་དོག་ངོ་བོ་བརྟག༔ ཅིར་ཡང་མ་གྲུབ་རང་བཞིན་གསལ༔ གསལ་སྟོང་ཟུང་འཇུག་ངང་དུ་བཞག༔ བདག་འཛིན་མེད་པའི་བྱ་ར་གྱིས༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ རིག་པ་རྗེན་པ་དྲི་མེད་ལ༔ འཁོར་བའི་སྐྱོན་གྱིས་ག་ལ་གོས༔ ཤེས་པ་འཇོག་ལེན་མ་བྱེད་པར༔ ཡེངས་མེད་མ་བཅོས་ངང་ལ་བཞག༔ རང་སེམས་དངོས་མེད་སྟོང་པ་འདི༔ སྐྱེ་བ་མེད་པའི་ཆོས་སྐུ་ཡིན༔ རང་བཞིན་གསལ་ལ་དག་པ་འདི༔ འགག་པ་མེད་པའི་ལོངས་སྐུ་ཡིན༔ མ་འགག་ཅིར་ཡང་ཤར་བ་འདི༔ གཡོ་བ་མེད་པའི་སྤྲུལ་སྐུ་ཡིན༔ སྐུ་གསུམ་རང་ཆས་རིག་པའི་གདངས༔ འདི་དོན་བལྟ་ཞིང་འདི་ཉིད་བསྒོམ༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ བལྟས་པས་མི་མཐོང་ངང་ལ་བཞག༔ ཞེ་སྡང་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་ཞེ་སྡང་བྲལ༔ དེ་ནི་མེ་ལོང་ཡེ་ཤེས་ཡིན༔ གཏི་མུག་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་གཏི་མུག་བྲལ༔ དེ་ནི་མཉམ་ཉིད་ཡེ་ཤེས་ཡིན༔ འདོད་ཆགས་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་འདོད་ཆགས་བྲལ༔ དེ་ནི་སོར་རྟོག་ཡེ་ཤེས་ཡིན༔ ཕྲག་དོག་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་ཕྲག་དོག་བྲལ༔ དེ་ནི་བྱ་གྲུབ་ཡེ་ཤེས་ཡིན༔ ང་རྒྱལ་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་ང་རྒྱལ་བྲལ༔ དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ རང་རིག་སྟོང་པའི་རང་རྩལ་ཡིན༔ འདི་དོན་བརྟགས་ཤིང་འདི་ཉིད་བསྒོམ༔ ཚེ་གཅིག་སངས་རྒྱས་འགྲུབ་ནས་ནི༔ རང་རིག་རྩལ་དབང་ཐོབ་པར་འགྱུར༔ འཇིགས་སྐྲག་ཡ་ང་དེ་ལ་མེད༔ སྡུག་བསྔལ་ཞི་བ་སྨོས་ཅི་དགོས༔ ཞེས་པ་ཚིག་དབང་བསྐུར་བ་འོ༔ དེ་ནས་དམ་ཚིག་འཛིན་དུ་གཞུག༔ དེ་ནས་ཡེ་ཤེས་སྙིང་པོར་གསལ༔ སློབ་མས་གཏང་རག་མཎྜལ་ཕུལ༔ དེ་ནི་བླ་ན་མེད་པ་འོ༔ དབང་བཞི་ཟབ་པའི་མཐར་ཐུག་གོ༔ གཏེར་ཁ་གཞན་དུ་འདི་ཉིད་མེད༔ ཆས་གསོལ་ལ་སོགས་མི་དགོས་ཏེ༔ སློབ་དཔོན་དང་ནི་སློབ་མའི་དབང༔ གཉིས་ཀ་འདི་ལ་ཚང་བ་འོ༔ ཕུང་ཁམས་སྐྱེ་མཆེད་ས་གཞི་ལ༔ དབང་བཞིས་སྐུ་བཞིའི་ས་བོན་བཏབ༔ རྡོ་རྗེ་འཆང་དུ་མངའ་གསོལ་བས༔ གསང་སྔགས་དམ་ཚིག་གསུམ་པ་ཚང༔ བསྐྱེད་སྔགས་རྫོགས་རིམ་དུ་བྱས་ཀྱང༔ འབྲས་བུ་མྱུར་དུ་འགྲུབ་པར་འགྱུར༔ འདི་ནི་མ་ཐོབ་རྣལ་འབྱོར་པ༔ གསང་སྔགས་ལས་ལ་འཇུག་འདོད་རྣམས༔ ཕན་མེད་ངན་འགྲོ་སྒྲུབ་པའི་རྒྱུ༔ དེ་བས་འདི་ལ་བརྩོན་པར་གྱིས༔ མ་འོངས་འགྲོ་འདུལ་དཔལ་དུ་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སློབ་དཔོན་པདྨས་གསུངས་ལྟར་བདག་འདྲ་ནམ་མཁའི་སྙིང་པོས་བསམ་ཡས་སུ་བྲིས་པའོ༔ སྤྲུལ་པའི་གཏེར་སྟོན་རོལ་པའི་རྡོ་རྗེས་ཆུ་རྟ་ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་རྡོར་སེམས་དང་ཞི་བའི་དབང་གཉིས་ཀ་གཏན་ལ་ཕབ་པའི་ཕྱི་མོ་ཤོག་སེར་བྱིན་ཅན་དཀྱུས་མཐོ་གང་ཞེང་སོར་གསུམ་བཞུགས་སོ།། །།
གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གནད་ཀྱི་གདམས་པ་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བསྟེན་པའི་སྲུང་ཟློག་གསད་གནན་རྒྱུན་གྱི་རྣལ་འབྱོར་ (Volume 53, Text 36)
༄༅། །གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་གནད་ཀྱི་གདམས་པ་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ལ་བསྟེན་པའི་སྲུང་ཟློག་གསད་གནན་རྒྱུན་གྱི་རྣལ་འབྱོར་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ། ལྷ་མཆོག་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རྩ་བའི་གཞུང་དོན་ངག་འདོན་བཀླག་ཆོག་འདི་ཁོ་ན་འོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་འདུས་དཔལ་ལྡན་བླ་མ་ལྷར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གསུམ་དང་། འགྲོ་ཀུན་དོན་དུ་སེམས་བསྐྱེད་ནས། །བདག་གཞན་སྲུང་དང་སྦྱོར་ངན་ཟློག །བསྟན་དགྲ་གསད་གནན་ལས་བསྒྲུབ་ཕྱིར། །གཤིན་རྗེའི་གཤེད་པོ་བསྒྲུབ་པར་བགྱི། །ཞེས་ལན་གསུམ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྣོད་བཅུད་མི་དམིགས་ཏེ་སྟོང་པར་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་ལང་སྟབས་སུ་གནས་པའི་རྭ་དབུས་མའི་སྟེང་དུ། ཕྱི་ལྟར་ཐོད་སྐམ་ཇ་རིལ་གྱི་རྣམ་པ་དཀར་ལ་དམར་བའི་མདངས་ཅན་སྲུབས་དང་སེར་ཀ་མེད་པ་སྲ་ཞིང་མཁྲེགས་པ། ཡངས་ཤིང་རྒྱ་ཆེ་བའི་ནང་གཞལ་ཡས་ཁང་གི་ངོ་བོ་འོད་ཟེར་ལྔ་འཕྲོ་བའི་གཞིར། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རིག་པ་ཧཱུྃ་ལས་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། གཡས་པས་གསེར་ལྕགས་དང་གཡོན་པས་གནམ་ལྕགས་ཀྱི་འཁོར་ལོ་སྡིགས་མཛུབ་ཀྱི་རྩེ་ལ་བསྐོར་བ། ཁྲོ་བོའི་རྒྱན་ཆ་ལུགས་ཐམས་ཅད་དང་ལྡན་པ་ཞབས་འདོར་སྟབས་སུ་བསྒྲད་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་དབུ་ལ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཚན་དཔེས་སྤྲས་པ་བཞིས་བརྒྱན་པས་ལུས་ངག་ཡིད་གསུམ་ལ་འཇིགས་པ་དང་སྐྲག་པ་མེད་པར་སྲུང་ཞིང་སྐྱོབ་སྟེ་བྱིན་གྱིས་རློབ་པར་གྱུར། ཐུབ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མཆོག་གསུམ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྐྱབས་གནས་ཀྱི་ཡུལ་ཐམས་ཅད་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་པར་བུདྡྷ་ཤཱཀྱ་མུ་ནི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ བསྲུང་བྱའི་ཚོགས་རྣམས་རང་ཉིད་གཤིན་རྗེར་གསལ་བའི་སྙིང་ཁར་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་སྟེང་གི་ཆར་བླ་མ། གཡས་སུ་ཕོ་རྒྱུད། གཡོན་དུ་མོ་རྒྱུད། རྒྱབ་ཏུ་རྟ་ཕྱུགས། མདུན་དུ་ནོར་རྫས་ཡུལ་འཁོར་དང་བཅས་པ་སྲུང་ཁོངས་སུ་ཚུད་པར་གསལ་བའི་དབུས་དང་སྟེང་འོག་ཕྱོགས་མཚམས་ཀུན་དུ་སྲུང་བའི་འཁོར་ལོ་བྷྲཱུྃ་ཡིག་ཉི་ཤུ་རྩ་གཅིག་གིས་སྟེང་ནས་ཡོངས་སུ་ཁྱབ་པར། སངས་རྒྱས་ཤཱཀྱ་ཐུབ་པ་བཞི་སྒྲོམ་དུ་བཞུགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཁྱེན་བརྩེ་ནུས་སྟོབས་ཐུགས་རྗེའི་འོད་ཟེར་གྱིས་བདག་དང་བསྲུང་བྱ་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བྱང་ཆུབ་སྙིང་པོའི་མཐར་ཐུག་ཏུ་སྲུང་ཞིང་སྐྱོབ་པར་གྱུར། བྷྲཱུྃ༔ ཉེར་གཅིག་དང་། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆི༔ ཞེས་པ་ཉེར་གཅིག་བརྗོད། ཨོཾ་བནྡེ་བོན་པོའི་ཤ་ལ་མྱོགས༔ ན་ལོ་ཀེ་ཤ་རྦད༔ ཏ་ལོ་ཀེ་ཤ་རྦད༔ བྲག་ཚལ་པ་སྙིང་མགོ་ཆོད༔ ཚལ་པར་རྦད༔ སྙིང་མགོ་ཆོད༔ རྩད་ནས་ཆོད༔ དྲུངས་ནས་ཐོན༔ བན་བོན་བྱད་མཐུའི་ཕོ་ཉ་སརྦ་རཀྵ༔ ཞེས་སྲུང་སྔགས་བྱིན་རླབས་ཅན་དེ་ཉིད་བརྒྱའམ་ཉེར་གཅིག་རྟགས་དང་སྦྱར་ལ་བཟླ་བ་ནི་སྟེང་བཅས་དང་རྗེས་སུ་འབྲེལ་བའི་རྒྱུན་ཁྱེར་སྲུང་སྐྱོབ་དབང་གི་ཆུ་རྒྱུན་འདི་ཁོ་ནའོ།། ༈ །།ཡང་། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོར་གསལ་བའི་ལྟོ་བའི་དབུས་ལྟེ་འོག་ནང་གཞིར་གནས་ཀྱི་ཆོས་འབྱུང་དང་། མདུན་དུ་ཧཱུྃ་ལས་བྱུང་བའི་ལས་ཀྱི་གཤིན་རྗེའི་ཁ་དོང་གྲུ་གསུམ་འབར་བ། མར་སྣ་དམྱལ་བའི་གནས་སུ་ཟུག་པ། ཟློག་འཁོར་དབུས་ཀྱི་ལིངྒ་དང་ཕྲེང་བ་མཐུ་བྱེད་བྱད་མ་བན་བོན་གྱི་ངོ་བོ། མཛུབ་མོ་དངུལ་གྱི་ཤ་སྟན་གྱི་སྟེང་དུ་མཐེ་བོང་གསེར་གྱི་སཏྭ་གྲི་རྣོ་ངར་དང་ལྡན་པ་རྣམས་སུ་གསལ་བར་གྱུར། ན་མོ། སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ། སྐྱོབ་པ་དམ་ཆོས། འདྲེན་པ་དགེ་འདུན། བླ་མ་ཡི་དམ། བསྟན་སྲུང་ཡེ་ཤེས་ལས་གྲུབ། བདག་ཉིད་སྒྲུབ་པ་པོས་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོའི་རྣམ་པར་བསྒོམས་པའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་རྫས་དང་འཕྲུལ་འཁོར་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱིན་རླབས་བདེན་པའི་འབྲས་བུ་བསླུ་བ་མེད་པས། བདག་དང་བསྲུང་བྱའི་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་བན་བོན་བྱད་མཐུའི་ཕོ་ཉ་རྦད་འདྲེ་རྦོད་གཏོང་གི་སྦྱོར་བ་ངན་པའི་ནུས་པ་དང་བྱེད་པ་པོའི་རྣམ་པར་ཤེས་པ་ཚེ་སྲོག་ཐམས་ཅད་རྟེན་འདི་ཉིད་ལ་ཁུག་ཅིག །ཨེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཱཎྚེ་ཧོཿ པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨཱཿ ཞེས་རླུང་ཕྱིར་རྒྱུ་བ་དང་། སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱིས་ཕ་རོལ་རྦོད་གཏོང་མཁན་གྱི་རྣམ་ཤེས་རང་དབང་མེད་པར་བཀུག །གཟུགས་ལ་བསྟིམས་པས་བྱད་མ་དངོས་སུ་གསལ་བའི་མགོ་བོ་ཕྲེང་རྡོག་སྐྱུར་བ་བཞིན་མཐེབ་མཛུབ་ཀྱི་མཚོན་ཆས་སྐེ་ནས་རྦད་རྦད་བཅད་དེ་ཕྱིར་འཕངས་པ་ཆོས་འབྱུང་གི་ནང་དུ་རིལ་རིལ་སོང་བར་གྱུར། གནོད་བྱེད་བནྡེ་བོན་པོའི་ཤ་ལ་མྱོགས༔ ན་ལོ་ཀེ་ཤ་རྦད༔ ཏ་ལོ་ཀེ་ཤ་རྦད༔ བྲག་ཚལ་པ་སྙིང་མགོ་ཆོད༔ ཚལ་པར་རྦད༔ སྙིང་མགོ་ཆོད༔ རྩད་ནས་ཆོད༔ དྲུངས་ནས་ཕྱུངས༔ བྱད་མཐུའི་ཕོ་ཉ་བན་བོན་སརྦ་ཕྱེ་མར་ཕུར་ཡ་ཟློག་ཡ༔ ཞེས་བཟླས་པ་གྲུབ་པ་དང་། ཕྱག་མཐིལ་གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ཚ་གྲང་གི་རེག་བྱ་དང་ལྡན་པའི་བར་དུ་ལུས་ཀྱི་ཕུང་པོ་རྣམས་ཁྲག་གི་ལྒང་པ་བཅར་བ་བཞིན་དམར་ཆལ་སོང་བ། དེ་དག་ཀྱང་འོད་ཟེར་དང་ལྷན་ཅིག་ཏུ་སྣ་ནས་འབྱུང་བའི་འཐོར་རླུང་དྲག་པོས་དེད་ནས་ལྷག་མེད་དུ་གཏོར་བར་གྱུར། ཅེས་རླུང་ཕྱིར་རྒྱུ་དང་མཚུངས་པར་ཐལ་མོ་བརྡབ། རྔུབ་པའི་རླུང་སྦྱོར་གྱིས་ཕྱིའི་དོང་ནས་མགོ་བོ་རྣམས་ཕྲེང་བ་ན་ར་ར་ཞལ་དུ་མིད། སྙིང་ཁར་དྭངས་མའི་བཅུད་བསྡུས། སྙིགས་མའི་མགོ་བོ་རིད་ཅིང་ཉམ་ཐག་པ་དེ་ལྟོ་བའི་དབུས་ལྟེ་འོག་གི་དོང་ནང་དུ་རིལ་རིལ་བསྐྱུར་བའི་མཐར་དམིགས་མེད་དུ་རྒྱས་བཏབ། བསྔོ་བ་སྨོན་ལམ་གྱི་མཐའ་རྟེན་འོག་ནས་འབྱུང་བ་ལྟར་བྱ་བ་ནི་བར་བཅས་དང་རྗེས་སུ་འབྲེལ་བའི་རྒྱུན་ཁྱེར་ཟློག་པའི་ཡང་ཟློག་མཚོན་ཆའི་འཁོར་ལོ་འདི་ཁོ་ནའོ།། ༈ །།ཡང་། རང་ཉིད་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོར་གསལ་བའི་མཛུབ་མོ་གསེར་གྱི་ཤ་སྟན་གྱི་སྟེང་དུ་མཐེ་བོང་གནམ་ལྕགས་ཀྱི་སཏྭ་གྲི་རྣོ་ངར་དང་ལྡན་པ་རྣམས་སུ་གསལ་བར་གྱུར། ཅེས་ངག་འདོན་གོ་བསྒྱུར་ནས་བདེན་པ་ཟློག་པའི་སྐབས་བཞིན་བརྗོད་མཚམས་སུ། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་རླུང་དམར་ནག་ལས་ལས་བྱེད་ཕོ་ཉའི་རང་བཞིན་སྟོབས་ཤུགས་དང་ལྡན་པ་རྣམས་ཀྱིས། ཕ་རོལ་རྦོད་གཏོང་མཁན་གྱི་རྣམ་ཤེས་རང་དབང་མེད་པར་བཀུག་ནས་བསྒྲལ་བྱ་ལ་བསྟིམས་པས་བྱད་མ་དངོས་སུ་གསལ་བར་གྱུར། ཅེས་བླ་འགུགས་ཀྱི་དམིགས་པ་གསལ་བཏབ། ཡང་། རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་ལས་རླུང་དམར་པོ་དབང་སྡུད་ཀྱི་བྱེད་སྟོབས་དང་ལྡན་པས་སྐད་ཅིག་ཁབ་ལེན་དང་ལྕགས་རྡུལ་འཕྲད་པ་ལྟར། ལིངྒའི་སྙིང་ཁར་ཁོའི་ཚེ་དང་བསོད་ནམས་ཡེ་ཤེས་རྣམ་དཀར་གྱི་དགེ་རྩ་བསྒྲུབས་པའི་འབྲས་བུ་མཐུ་སྟོབས་ནུས་པ། ལྷ་དང་སྲུང་འཁོར་སོགས་ཐམས་ཅད་འདུས་པའི་ངོ་བོ་ཨ་དཀར་ལ་དམར་བའི་མདངས་དང་ལྡན་པའི་ཡིག་གཟུགས་སུ་འདུག་པ་དེ་ཙེན་གྱིས་བླངས། སྲོག་གི་ལམ་ནས་ལྕགས་ཀྱུས་བཏབ་པ་ལྟར་བཀུག །ནང་དུ་སྙིང་གར་ཐིམ་པར་བསམ་ལ་བསྟིམས་པས། བདག་གི་ཚེ་དང་བསོད་ནམས་རྣམ་པར་ཤེས་པ་སྲུང་བྱེད་དང་བཅས་བཀྲག་དང་གཟི་མདངས་རྒྱས། བསྒྲལ་བྱ་ཁོའི་མཐུ་སྟོབས་བསོད་ནམས་ཐམས་ཅད་རང་ལ་འདུས། སྲུང་མ་རྣམས་ཀྱང་བདག་གི་བཀའ་ཉན་ལས་བྱེད་དུ་གྱུར། བསྒྲལ་བྱའི་གཟུགས་ཀྱི་སྙིགས་མ་ཁོ་རང་གི་མི་དགེ་བའི་ལས་བསགས་པའི་འབྲས་བུ་རྐྱེན་ངན་མི་མཐུན་པའི་ཚོགས་ཐམས་ཅད་དུས་དེ་ཉིད་དུ་འདུས་པའི་ལུས། ལས་མྱོང་བྱེད་རིད་ཅིང་ཉམ་ཆུང་བ་བླ་སྲོག་དང་བྲལ་བཞིན་པ་དེ་མཐེབ་མཛུབ་ཀྱི་མཚོན་ཆས་ཉ་བོའི་རྐང་ཞབས་ནས་བཟུང་རིམ་གྱིས་ལུས་བྱིངས་དུམ་བུར་གཏུབས་ལ་ཕྱིར་ཁ་དོང་དུ་འཕངས་ལ་མགོ་བོ་རིལ་རིལ་ནང་གི་བྲུབ་ཁུང་དུ་བཅུག་པར་བསམ་ལ་དམིགས་པ་སྒྱུར། གནོད་བྱེད་བནྡེ་བོན་པོའི་ཤ་ལ་མྱོགས༔ ན་ལོ་ཀེ་ཤ་རྦད༔ ཏ་ལོ་ཀེ་ཤ་རྦད༔ བྲག་ཚལ་པ་སྙིང་མགོ་ཆོད༔ ཚལ་པར་རྦད༔ སྙིང་མགོ་ཆོད༔ རྩད་ནས་ཆོད༔ དྲུངས་ནས་ཐོན༔ བྱད་མཐུའི་ཕོ་ཉ་བན་བོན་སརྦ་ཕྱེ་མར་ཕུར་ཡ་མཱ་ར་ཡ་རྦད༔ ཅེས་ཕྲེང་བ་བསྒྲང་མཐར་མཐེབ་མཛུབ་ཀྱི་ཕྱག་མཚན་ལག་པ་ལ་འཐིམ་པས་ཕྱག་མཐིལ་གཉིས་སུ་གསེར་ལྕགས་དང་གནམ་ལྕགས་ཀྱི་འཁོར་ལོ་རྣམ་པ་གཉིས་རང་འཐག་ལྟར་གཡོན་དང་གཡས་སུ་འཁོར་བའི་བར་དུ་གནོད་བྱེད་ཀྱི་གཟུགས་ཕུང་ཕྱེ་མར་བཏགས། ཐལ་བ་ལས་རླུང་གིས་ཕྱིར་དེད་ལྷག་མེད་དུ་གཏོར་བར་གྱུར། ཅེས་ཕྲེང་བ་འཕུར་ཞིང་ཐལ་མོ་དྲག་ཏུ་བརྡབ་པར་བྱ་བ་ནི་བར་བཅས་དང་འབྲེལ་བའི་རྒྱུན་ཁྱེར་གསད་པ་གཤིན་རྗེའི་ཁོང་གཏད་དམར་པོ་འདི་ཁོ་ནའོ།། ༈ །།ཡང་། རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་མཐུ་སྟོབས་དྲེགས་པའི་རྒྱལ་པོར་གསལ་བའི་ཞབས་གཉིས་ཀྱི་འོག་འཁོར་ལོའི་ནང་གི་དམིགས་བྱའི་ངོ་བོར་གྱུར་པའི་ལིངྒ་སྟོབས་ནུས་ཐམས་ཅད་དང་ཟློག་བསད་ཀྱི་ལས་གཞུག་རོ་མགོ་རྣམས། ཁ་དོང་གྲུ་གསུམ་མེ་འབར་བའི་ནང་དུ་བསྐྱུར་པའི་སྟེང་ནས་རླུང་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད། གསེར་གྱི་རི་རབ་གཡོ་འགུལ་མི་ནུས་པས་སྟོབས་དང་ནུས་པ་ཐམས་ཅད་མནན། ཕྱག་མཚན་ལག་པ་ལ་འཐིམ་པས་ཕྱག་གཉིས་ལ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད། གསེར་གྱི་རི་རབ་ཀྱིས་གཡོ་འགུལ་མི་ནུས་པས་མཚན་པར་གྱུར་པའི་གཟི་བརྗིད་ཀྱིས་ནོན་པར་གྱུར། ཅེས་དམིགས་ལ། གནོད་བྱེད་བནྡེ་བོན་པོའི་ཤ་ལ་མྱོགས༔ ན་ལོ་ཀེ་ཤ་རྦད༔ ཏ་ལོ་ཀེ་ཤ་རྦད༔ བྲག་ཚལ་པ་སྙིང་མགོ་ཆོད༔ ཚལ་པར་རྦད༔ སྙིང་མགོ་ཆོད༔ རྩད་ནས་ཆོད༔ དྲུངས་ནས་ཐོན༔ བྱད་མཐུའི་ཕོ་ཉ་བན་བོན་སརྦ་སཏྭཾ་བྷ་ཡ་ནན༔ ཞེས་བུམ་པའི་རླུང་སྦྱོར་གྱིས་ཅི་ནུས་སུ་བཟླས་མཐར། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་བསྒྱུར་པ་བསྐལ་པའི་མེ་ལྟར་འབར། །མཐུ་སྟོབས་དྲེགས་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་དང་། གནོད་བྱེད་བསྒྲལ་བྱ་ལ་སོགས་པ་འཁོར་གསུམ་མི་དམིགས་པའི་ངང་ནས། འཇམ་དཔལ་གཤིན་རྗེ་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ཡི། །ལྷ་བསྒོམས་སྔགས་བཟླས་དགེ་བའི་རྩ་བ་འདི་ཡི་མཐུས། །སེམས་ཅན་རྣམས་ཀྱི་དོན་དུ་བདུད་དཔུང་ཐམས་ཅད་ལས། །རྣམ་པར་རྒྱལ་བའི་སངས་རྒྱས་གོ་འཕང་ཐོབ་གྱུར་ཅིག །གཞན་ཡང་བསྔོ་བ་སྨོན་ལམ་གྱིས་མཐའ་རྟེན་དུ་བྱས་ལ། དེ་ལྟར་འོག་བཅས་དང་རྗེས་སུ་འབྲེལ་བའི་རྒྱུན་ཁྱེར་གནན་པ་གླིང་བཞི་རི་རབ་རྒྱས་འདེབས་འདི་ཁོ་ནའོ། །དཔལ་ལྡན་བླ་མའི་དྲིན་ལས་རྙེད་པའི་ཆོས། །ངན་སྔགས་མ་ཡིན་སུས་སྒྲུབ་བཀྲ་ཤིས་ལ། །ཚེགས་ཆུང་མཐུ་སྟོབས་ཆེ་བའི་མནྟྲ་རུ། །རྒྱས་པར་སྤྲོ་བའི་གནང་བ་ལེགས་ཐོབ་ནས། །གཤིན་རྗེ་གཤེད་པོའི་རྣལ་འབྱོར་དབ༵ང་པོ༵འི་སྡེ༵ས། །ཟབ་གནད་རྗེན་ཕྱུང་ཡེ་ཤེས་ལྷ་ལ་བཤགས། །བཀའ་བརྒྱུད་གཞུང་གི་སྦས་དོན་རྟོགས་དཀའ་བ། །མི་ནུབ་བསྟན་སྲུང་བཙས་སུ་དམིགས་སུ་གདམས། །དཔེ་མཐོང་བཀླགས་པས་མི་ཆོག་མཚམས་སྦྱོར་བསྡེབས། །སྒོམ་ལུང་ཐོབ་དགོས་རྣམ་གསལ་ཁོ་ནས་མིན། །མཐོང་བརྒྱུད་ལག་ལེན་གཅེས་སོ་བཅའ་འཕྲང་དོག །ཉི་མ་ལྟར་གྲགས་མདུང་གང་མ་ནི་རྒྱ། །རྒྱ་ཡིས་བཏབ་ཅིང་དེ་ཉིད་མ་གཏོགས་པ། །རྒྱ་ཆེན་སྤྲོ་བཞིའི་དོན་གནད་ཟབ་ཡིག་བཞིན། །རྒྱ་བཞིའི་དགོངས་འགྲེལ་འདི་ནི་རབ་སྒང་ཞེས། །རྒྱ་བོད་མཚམས་ཀྱི་ལྕོག་སྒར་གནས་སུ་སྦྱར། །
དཔལ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ལས༔ དགྲ་བོ་ཀླུ་ལ་གཏད་པའི་ལས་ (Volume 54, Text 36)
༄༅༔ དཔལ་ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ལས༔ དགྲ་བོ་ཀླུ་ལ་གཏད་པའི་ལས་བཞུགས་སོ༔ ནང་སྒྲུབ་ཀྱི་ལས་མཐའ་ཐེམ་མེད་ཕྱག་ལེན་མའོ། ། ྈྈྈྈ དྲེགས་པ་ཀུན་འདུལ་ལ་ཕྱག་འཚལ་ལོ༔ རྒྱུད་ལས་བསྡུས་པ་རྟག་ཟབ་ཕྱིར༔ དུམ་བུ་ལོགས་སུ་གབ་པ༔ ཆིག་ཆོད་གནད་ཀྱི་སྤུ་གྲི༔ ལས་སྦྱོར་གང་བྱེད་ཀྱི་ཁ་སྐོང༔ གཏད་ཁྲམ་ཀུན་གྱི་ཡང་སྙིང༔ ཟློག་མེད་སེལ་ཕུང་གི་ལས་འདི་ལ༔ གནས་གང་ཡང་རུང་བར༔ སྟེགས་བུ་ཅི་རིགས་པའི་དབུས་སུ༔ བྲུབ་ཁུང་ནག་པོའི་ནང་དུ༔ མཛེ་ཐོད་དམ་རབས་ཆད་ཐོད་པའམ༔ གླང་རུའམ་རྫའི་སྦལ་པ༔ ལ་ཆའི་སྦལ་པ་གང་རྙེད་ལ་བྱའོ༔ སྣོད་དེར་ཙཀྲ་བཅུག་སྟེ༔ འབྲུབ་ཁུང་དུ་བཅུག་ལ༔ འབོད་པའི་སྔགས་འདི་འབུམ་དུ་བཟླ༔ ཨོཾ་ནཱ་ག་དུན་དུན༔ ཧི་ལི་ཧི་ལི༔ ནཱ་ག་ཆེ་གེ་མོ་ལ་འདུས་འདུས༔ ཞེས་བཟླའོ༔ དེ་ནས་རྦད་པའི་སྔགས་འདི་ཁྲི་ཚོ་གཅིག་བཟླས་སོ༔ ཨོཾ་ནཱ་ག་ཤཱན་ཏིཾ་དུན་སེབ༔ ནཱ་ག་དུན་དུན༔ རྐྱེན་རྐྱེན་ནཱ་ག་ཤ་དུ་ཡ༔ ཚུབས་ཚུབས༔ རྦུད་རྦུད༔ ནཱ་ག་རཱ་ཛ་ས་མ་ཡ་ཕུད་ཛ༔ ཞེས་བཟླའོ༔ དེ་ནས་གསད་པའི་སྔགས་འདི་བཟླ༔ ནག་པོ་བབ་ཙི་ཙི་རྒྱས༔ ཏྲག་ཐུལ་སྙིང་ལ་གུལ༔ ཤན་ཤན་སྲོག་ལ་ཤན༔ ནཱ་གས་སོད༔ པོོར་ཐུན་སོད༔ ཐུན་སོད་སྭཱ་ཧཱ༔ ཞེས་ཁྲི་ཚོ་གཅིག་བཟླས་ཤིང༔ ཉུངས་དཀར་ཟངས་ལྕགས་རྡོ་ཕྱེ་དང༔ བཙན་དུག་ཐུན་གྱིས་བྲབས་ལ་གསོད༔ དེ་ནས་གར་སྡོད་པའི་ས་དེར་ཀླུ་གཏོར་གཏང༔ ཀླུ་ལ་བདེན་པ་བདར༔ མ་ཉེས་པའི་དཔང་གཟུག༔ ཤགས་གདབ་ལས་བཅོལ་ལོ༔ དེར་་་ཤ་རུའམ་དགོ་རུས།དོང་བྲུས་ལ་ཁྲུ་གང་གི་འོག་ཏུ་བཅུག་ལ༔ སྔགས་འདི་བརྒྱ་རྩ་བརྒྱད་བཟླའོ༔ ཡམ་མེ་སྙིང་ལ་ཡམ༔ ནཱ་ག་ཀན་ཚེ༔ ནཱ་ག་འདུས་འདུས༔ ནཱ་ག་རཱ་ཛ་ནན༔ ཡམ་མེ་ཤ་ལ་ཡམ༔ ཡམ་མེ་ཁྲག་ལ་ཡམ༔ ཡམ་མེ་རུས་ལ་ཡམ༔ ཁྱེར་ཕྱིར་སོད༔ ཧོར་ཕྱུང་སོད༔ ཆེ་གེ་སོད་སོད༔ ཅེས་བཟླས་ལ༔ སཱཙྪ་སྤྱི་བོ་བཟློགས་ལ་གནན༔ དེ་ནས་སས་བྱིབས་བརྟག་མལ་དང་ཚེས་གྲངས་གཏད་ལུགས་སོགས་གསལ་སྒྲོན་དང་བསྟུན༔ སྒྲུབ་པ་གང་བྱས་ཀྱང་རུང༔ གནན་པའི་ལས་སྦྱོར་འདིས་གཞུག་བཅིངས་ན་ལས་གང་འགྲུབ་པ་ལ་ཐེ་ཚོམ་མེད་དོ༔ ཟབ་རྒྱ༔ དེ་ནས་རང་ལ་ཟློག་གིས་དོགས་ན་སྲུང་བའི་མན་ངག་ནི༔ རང་གི་ལུས་འདི་བུད་ཤིང་དུ་བསམ༔ རཾ་ལས་མེ་འབར་བས་ལུས་མེ་འབར་ནས་ཀླུ་ཐམས་ཅད་ཚིག་པར་བསམ༔ སྔགས་འདི་བཟླའོ༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ནཱ་ག་དུན༔ ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ རང་གི་ལུས་འདར་བ་དང༔ གཡོ་བ་ལ་སོགས་པ་བྱུང་ན་བཟླ༔ དེ་མིན་མ་བཟླས་ཀྱང་ཆོག༔ རྫས་ཀྱི་སྲུང་བ་མི་དགོས༔ བྱས་ཀྱང་མི་འགལ་ལོ༔ གཞན་གཏད་རྒྱུད་བཞིན་ཤེས་པར་བྱའོ༔ ལས་མྱུར་བ་དྲེགས་པ་ཀུན་འདུལ་གྱི་ལས་ཕྲན༔ ལས་སྦྱོར་གནན་པ་ཐམས་ཅད་ཀྱི་ཁ་སྐོང་དུ་རྒྱུད་ནས་བསྡུས་ཏེ་ལོགས་སུ་གབ་པ༔ སྤེལ་བའི་གནས་མེད་སེམས་ལ་སྦོས༔ ཁ་ཐམ༔ འདིའི་འཁོར་ལོ་བྲི་ཐབས་ནི༔ གྲོ་ག་ལ་སྦལ་པའི་ལྟེ་བར་མུ་ཁྱུད་བཞི་བསྐོར༔ སྦལ་པའི་མཐར་ཡམ་མེ་སྙིང་ལ་ཡམ་གྱིས་བསྐོར༔ མུ་ཁྱུད་གསད་སྔགས་ཕྱི་མ་ལ་ནག་པོ་བབ་ཀྱི་སྔགས་ཚོས་བསྐོར་བ་བྲི༔ གཉིས་པར་ནཱ་ག་ཤཱནྟིཾ་ལ་སོགས་པ་བྲི༔ གསུམ་པར་ནཱ་ག་དུན་གྱི་སྔགས་ཚོས་བསྐོར་བ་བྲི༔ ལྟེ་བར་ལིངྒའི་ཐ་མར༔ ཀླུ་བདུད་ནག་པོ་ཁྱོད་ལ་དམ་ཉམས་པའི་དགྲ་བོ་འདི་གཏད་དོ༔ མྱུར་དུ་སོད་ཅིག༔ ལིངྒར་མིང་རུས་ཚད་དང་བཅས་པ་བྲི༔ སྙིང་གར་ནྲི་བྲི༔ ཆེ་གེ་མཱ་ར་ཡ་ཛ༔ ཞེས་པས་བསྐོར༔ ཟག་རྫས་དང་དུག་སྣ་མཛེ་ཁྲག་གམ་དུག་ཁྲག་བྱུག༔ རང་གི་དྲི་མ་ལ་གཟབ༔ འབྲུབ་ཁུང་མཛེ་ཐོད་ལ་སོགས་པར་བཅུག་ལ་ཐུན་གྱིས་བྲབ༔ སྔགས་རྫོགས་པ་དང་འཁོར་ལོ་དྲིལ༔ ཚོན་སྐུད་ཀྱིས་བཅིངས་ལ༔ སྣོད་་་མཛེ་ཐོད་གླང་རུ་སོགས།གང་རུང་དུ་བཅུག་ལ་གཏད་དོ༔་་་ཞལ་གདམས་ལོགས་སུ་གབ་པ་ཡོད་དོམ་ལག་མ་དང་མ་བུ་བསྒྲིག་གོ །ཤིན་ཏུ་ཟབ་པས་སྦ་བར་བྱའོ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ཀུན་འདུལ་ཕྲ་མེན་དོམ་ལག་མ༔ ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན༔ ཨུ་རྒྱན་ཨུ་པ་དེ་ཤ་ཡིན༔ དུས་ཚོད་འཇུག་ཐབས་སྟོན་པ་ནི༔ གཟའ་ཕུར་བུའམ༔ སྐར་མ་བྲ་ཉེའམ༔ སྐག་ལ་སོགས་པའི་གཟའ་སྐར་ངན་པའི་དུས་སམ༔ ཁོའི་དགྲ་གཟའ་འམ༔ དགྲ་སྐར་ལ་བྱ༔ དུས་མར་ངོའི་དགུ་སྟོང་ལ་བྱའོ༔ ལིང་ག་མིང་རུས་ཟག་རྫས་གོང་མའི་ནང་དུ་གཞུག་གོ༔ འཆི་བར་འདོད་ན་སྤྲ་ཚིལ་ལ་བྱས་པའི་ནང་དུ་ལིང་ག་མིང་རུས་ཅན་བཅུག་ལ་ཚེར་མ་རེ་ལ་སྔགས་རེ་བཟླས་ལ༔ ལིངྒ་དེའི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་དུ་བརྒྱད་གཟུག་གོ༔ རང་ཉིད་ཁ་ལྷོར་བསྟན་ལ་བྱ༔ དེ་ལྟར་བྱས་པས་དགྲ་བོ་ཡུལ་ཐོན་པ་དང༔ འཆི་བར་འགྱུར་རོ༔ བསྐྲད་པ་ཕྲ་མེན་རྐྱང་འཕེན་འདི༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ཀུན་ལ་སྤེལ་ན་རང་ལ་གནོད༔ དེ་ཕྱིར་ངན་སྔགས་འདི་མི་སྤེལ༔ ས་མ་ཡ་ཁ་ཐམ༔ ༄༅། །ཕྱག་རྡོར་དྲེགས་འདུལ་གྱི་ལས་མཐའ་གཏད་ཁྲམ་གྱི་ལག་ལེན་དམར་བྱང་དུ་བཀོད་པ་བསྟན་དགྲ་མཐར་བྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཙཎྜཱ་ཡ། སྣང་སྲིད་དྲེགས་པའི་ཚོགས་རྣམས་ཀྱི། །གཙུག་ན་གར་དགུའི་གཟི་འབར་བ། །བླ་མ་གསང་བའི་བདག་པོ་ཡིས། །གྲུབ་གཉིས་གནས་སུ་དབུགས་འབྱིན་མཛོད། །དེ་ལ་དཔལ་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་ནང་སྒྲུབ་ཀྱི་ལས་མཐའ་གཏད་ཁྲམ་གྱི་མན་ངག་ལག་ཏུ་ལེན་པའི་ཚུལ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། ཡི་དམ་གྱི་བསྙེན་སྒྲུབ་ལས་སུ་རུང་ཞིང་ཏིང་ངེ་འཛིན་གྱི་དྲོད་ཐོབ་པའི་རྣལ་འབྱོར་པས། སྙིང་རྗེ་ཆེན་པོས་བསྟན་པ་དང་སེམས་ཅན་ཡོངས་ལ་འཚེ་བའི་གདུག་པ་ཅན་ཚར་གཅོད་པའི་སླད་དུ་སྤྱི་དོན་རྣམ་པ་ལྔའི་སྒོ་ནས་ལས་ལ་སྦྱར་བར་བྱ་སྟེ། འཁོར་ལོ་སོགས་ཀྱི་བཅའ་གཞི་དང་གཅིག །འབོད་པ་དང་གཉིས། རྦད་པ་དང་གསུམ། གསད་པ་དང་བཞི། ལས་སྦྱོར་དང་ལྔའོ། །དང་པོ་བཅའ་བཞི་ནི། ཀླུ་ཐེབས་ཡོད་ཅིང་གཟའ་སྐར་ སྦྱོར་བྱེད་ས་བདག་རྩུབ་པའི་ཉིན་རྒྱ་ཤོག་ལ་མཚལ་གྱིས་ཙཀྲ་གཞུང་དང་དཔེའུ་རིས་ལྟར་བྲི། འབྱུང་ཁྲུས་སྤྱི་ལྟར་བྱས་ལ་ལིངྒ་ལ་དགྲའི་ཟག་རྫས། དུག་སྣ། མཛེ་གྲིའི་ཁྲག་གིས་བྱུག །དེ་ཤོང་ཚོད་ཀྱི་རྫའམ་ལ་ཆའི་སྦལ་པ་ཁོང་སྟོང་ལྟོ་བར་བུ་ག་ཡོད་པ་བཅོས། འགོལ་ས་ཞིག་ཏུ་རང་སྡོད་པའི་མདུན་སྟེགས་གང་རུང་གི་དབུས་སུ་བྲུས་བརྩིག་ཅི་རིགས་ཀྱི་འབྲུབ་ཁུང་གྲུ་གསུམ་གྱི་ནང་རྫ་སྦལ་བཞག་པའི་སྟེང་འཁོར་ལོའི་ལིངྒའི་མགོ་རང་ལ་གཏད་ནས་གན་རྐྱལ་དུ་བཀྲམ། ཁ་བཅད་སྟེང་སཱཙྪ་ནག་པོས་གནན། ཡུངས་དཀར་ལྕགས་ཟངས་རྡོ་ཕྱེ། བཙན་དུག་གི་ཐུན། ཚོན་སྐུད་སྔོ་དམར། བཙོད་རུ་རྣམས་འདུ་བྱས། སྟེགས་ཀྱི་ཁར་ཀླུ་བདུད་སེང་གདོང་གི་གཏོར་མ་ཀླུ་སྨན་འོ་སྐྱེམས་དང་བཅས་པ་བཤམ། ཤང་ཚེ། ཟི་ར་ནག་པོ། ཐལ་ཆེན། ཤུ་དག །རྡོ་དྲེག་ནག་པོ། བབ་བླ། རྭ་གཞོབ། ར་ཐུག་གི་སྦྲེ། ཆོས་སྨན། བཙན་དུག །སྤྱང་བྲུན། གླ་རྩི། གུ་གུལ། ཚིལ་ཆེན་རྣམས་ཀྱི་ཐུམ་བུ་ལུས་ལ་བཅང་། མེ་ལོང་གི་དཀྱིལ་དུ་མི་ཁྲག་གིས། ན་བཾ་ཁཾ། བྲིས་པ་དང་རྨ་བྱའི་མདོངས་དང་གཟུག་མོ་བྱི་ཐུར་གཉིས་སམ་གཅིག་གང་འབྱོར་རྣམས་གསག་གོ། །།གཉིས་པ་འབོད་པ་ནི། ཕྱག་རྡོར་དྲེགས་འདུལ་ལམ་གཏུམ་པོ་སོགས་དཔལ་གསང་བའི་བདག་པོའི་བདག་བསྐྱེད་བསྒོམས་ལ་རྩ་སྔགས་སྟོང་རྩ་ནས་བརྒྱ་རྩའི་བར་གང་འགྲུབ་བཟླ། དེ་ནས་གང་ལ་གཏད་པའི་ཀླུ་བདུད་དེ་ཉིད་ཀྱི་སྒེར་མཆོད་དམིགས་བསལ་ཡོད་ན་དང་། མེད་ན་བླ་མ་དྲག་པོའི་བཀའ་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད་ལྟ་བུ་རྒྱས་པར་བཏང་ནས། རང་གསང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས། ཀླུ་བདུད་དེ་ཉིད་གང་ན་གནས་པའི་སྲོག་ནས་དྲངས་པས་རང་དབང་མེད་པར་བདག་གི་མདུན་དུ་བྱུང་ནས་བཀའ་ཉན་པ་ལ་སྔགས་ཀྱིས་བཀའ་བསྒོས་པས་དགྲ་བོའི་མི་ནོར་བརླག་པར་བྱེད་པར་བསམས་ལ། ཨོཾ་ནཱ་ག་དུན་དུན༔ ཧི་ལི་ཧི་ལི༔ ནཱ་ག་མིང་འདི་་་དགྲའི་མིང་བརྗོད།ཞེས་བྱ་བ་ལ་འདུས་འདུས༔ ཞེས་བཟླ། སྔགས་འདི་འབུམ་ཕྲག་གཅིག་མ་སོང་བར་ཐུན་རེར་གཏོར་མ་ཁ་གསོ་ཞིང་འདི་ཁོ་ན་ལ་འབད་པར་བྱའོ།། །།གསུམ་པ་རྦད་པ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ། ཀླུའི་གསོལ་ཁ་རྣམས་གོང་དང་འདྲ། དེ་ནས། འབྲུབ་ཁུང་ལྕགས་ཁང་གྲུ་གསུམ་སྲིད་པ་ལས་ཀྱི་བཙོན་ཁང་ཆེན་པོའི་ནང་དུ་འཁོར་ལོའི་དབུས་ཀྱི་ལིངྒ་ནྲི་ལས་དགྲ་བོ་འཁོར་བཅས་ཉམ་ཐག་པའི་རྣམ་པར་གྱུར། རང་གི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་དང་། མདུན་དུ་ཀླུ་བདུད་འཁོར་བཅས་གནས་པ་སྐར་མདའ་འཕངས་པ་ལྟར་དགྲ་ཡུལ་དུ་སོང་། ལྕགས་ཀྱུས་སྙིང་ནས་བཀུག །ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་སུ་བཅུག །སྐྱོབ་པའི་ལྷ་དང་ཕྲལ་ཏེ་སྐད་ངན་ཙེ་རེ་རེ་བྲིས་པའི་ལིང་ག་ལ་ཐིམ་པར་གྱུར། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། བདེན་པའི་སྟོབས་ཀྱིས་དགྲ་བོ་མིང་འདི་ཞེས་བྱ་བ་གཟུགས་ལིང་ག་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ཛྙཱ་ན་ཨཱ་ཡུ་ཥེ་པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ། ཚར་བདུན་ལས་མི་ཉུང་བ་བརྗོད་པའི་རྗེས་སུ་ཀླུ་བདུད་འཁོར་བཅས་མདུན་དུ་བཀའ་ཉན་ཞིང་གནས་པ་ལ་རང་གི་སྔགས་བཟླས་པས་དེ་རྣམས་ཁྲོས་འཁྲུགས། དགྲ་ཡུལ་དུ་སོང་སྟེ་དགྲ་བོ་འཁོར་བཅས་ཤན་པས་ལུག་འཛིན་པ་ལྟར་བཟུང་སྟེ་ཁྱེར་ནས་ལིང་ག་ལ་ཐིམ་པར་བསམ་ཞིང་། ཨོཾ་ནཱ་ག་ཤཱན་ཏིཾ་དུན་སེབ༔ ནཱ་ག་དུན་དུན༔ རྐྱེན་རྐྱེན་ནཱ་ག་ཤ་དུ་ཡ༔ ཚུབས་ཚུབས༔ རྦུད་རྦུད༔ ནཱ་ག་རཱ་ཛ་ས་མ་ཡ་ཕུད་ཛ༔ ཞེས་ཁྲི་ཚོ་གཅིག་མ་སོང་བར་དུ་བཟླའོ།། །།བཞི་པ་གསད་པ་ནི། སྔར་གྱི་ཐུན་དེ་མདུན་དུ་བཤམས་ལ། སྔགས་བཟླས་པས་ཀླུ་བདུད་འཁོར་བཅས་དགྲ་བོ་དེ་རྣམས་ཟས་སུ་མཐོང་ནས་དགྲ་བོའི་རྩ་ལ་ཞུགས། སྙིང་ཁྲག་འཇིབ་ཅིང་དུག་གིས་རེངས་མྱོས་རུལ་དུ་བཅུག །མཚོན་ཆའི་ཆར་ཕབ་སྟེ་མི་ནོར་ཐམས་ཅད་རྗེས་མེད་དུ་ཟོས་པར་བསམ་ཞིང་། ནག་པོ་བབ་ཙི་ཙི་རྒྱས༔ ཏྲག་ཐུལ་སྙིང་ལ་གུལ༔ ཤན་ཤན་སྲོག་ལ་ཤན༔ ནཱ་གས་སོད༔ པོར་ཐུན་སོད༔ ཐུན་སོད་སྭཱ་ཧཱ༔ ཞེས་དྲག་ཏུ་བཟླས་ཤིང་སྔགས་བརྒྱ་ཙམ་གྱི་མཚམས་སུ་ཐུན་ལ་མཆིལ་མ་མ་ཤོར་བར་ཕུས་བཏབ་པས་ཐུན་རྫས་དུག་དང་མཚོན་ཆ་ཀླུ་བདུད་ཀྱི་དམག་ཚོགས་སུ་གྱུར་པར་བསམ། སྟོང་ཚོ་རེ་ཙམ་གྱི་སོར་འབྲུབ་ཁུང་ལ་ཐུན་བུག་ཡོད་ན་དང་། དེ་མིན་ཁ་གཅོད་ཕྱེ་ལ་སྔགས་དེ་ག་བཟླ་ཞིང་ལིངྒ་ལ་ཐུན་གྱིས་བྲབ་དམིགས་པ་ཐུན་རྫས་དུག་མཚོན་ཀླུ་བདུད་ཀྱི་དམག་གིས་དགྲ་བོ་ཐལ་བར་སོང་བར་བསམ། སྔགས་ཁྲི་ཚོ་གཅིག་མ་སོང་བར་དེ་ལྟར་བྱའོ།། །།ལྔ་པ་ལས་ལ་སྦྱར་བ་ནི། ཙཀྲ་ལྟེ་བ་མ་ཆག་པར་དང་པོར་ཕྱིའི་སྦལ་པའི་གཡོན་ནས་ལྟེབ། དེ་ནས་གཡས། གཤམ། མགོ་ནས་བལྟབས་ལ་ལིངྒའི་མགོ་ཡོད་ཕྱོགས་སུ་སྐུད་སྣེ་བཏོན་པས་ངོ་ཤེས་པར་བྱས་ཏེ་གཡོན་ནས་ཧྲིལ་མོར་དྲིལ། ཚོན་སྐུད་དམར་སྔོས་ཕྱིར་གཏད་དུ་དང་པོར་གཞུང་དང་དེ་ནས་འཕྲེད་དུ་མི་མངོན་པར་དཀྲིས།་་་སྐབས་འདིར་འཁོར་ལོ་རང་འཐག་གི་ལྟེ་མིག །ཕྱི་སྒོའམ་མ་ཐེམ། གཡག་ཤིང་གི་བུ་ག །རང་གི་རྐང་པ་རྣམས་ལ་བསྐོར་ཚུལ་གཞན་དུ་བཤད་པ་ལྟར་འགྲུབ་ན་ལེགས། མཆན། སྐུད་སྣེ་ཡོད་པ་སྦལ་པའི་མགོ་ངོས་སུ་གཏད་དེ་རྫའི་སྦལ་པའི་ནང་དུ་བཅུག །འབྲུབ་ཁུང་དུ་འཐོར་པའི་ཐུན་རྫས་རྣམས་ཀྱིས་སྲུབས་བཀང་སྟེ་བུ་ག་ལ་ཆས་བཀག །ཀླུ་ཐེབས་དང་བསྟུན་ལ་རང་ཉིད་ཀླུ་བདུད་གནས་སར་འགྲོ། འགྲོ་གདོང་མེ་ལོང་ལ་ཁྲག་གིས་ཡི་གེ་བྲིས་པ་དེ་སྙིང་གར་གདགས། རྨ་བྱའི་མདོངས་བྱི་ཐུར་དང་བཅས་པ་གཉིས་ཡོད་ན་དཔྲལ་བ་དང་ལྟག་པར་འདོགས་ཤིང་གཅིག་ལས་མེད་ན་དཔྲལ་བར་གདགས། སྦལ་གཟུགས། སཱཙྪ་ནག་པོ། གཏོར་ཆས་ཀླུ་སྨན་འོ་ཆོལ་གཙོད་རུ་བཅས་ཁྱེར་ལ་ཀླུའི་རྩར་སླེབས་འཕྲལ་གཏོར་མ་དང་ཀླུ་སྨན་བཤམ། བདག་བསྐྱེད་དང་ཡི་དམ་གྱི་བཟླས་པ་ལྔ་བརྒྱ་ཙམ་བྱ། མགྲོན་སྤྱི་ལ་ཆུ་གཏོར་དང་། ཀླུའི་གསོལ་ཁ་གཏང་། ཀྱཻ། ཀླུ་བདུད་ནག་པོ་མཐུ་བོ་ཆེ། དྲེགས་པའི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དཔལ་ཕྱག་ན་རྡོ་རྗེ་སློབ་དཔོན་པདྨ་འབྱུང་གནས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མ་འདའ་བར། དམ་ཉམས་པའི་དགྲ་བོ་གཟུགས་ལིངྒ་ལ་བྲིས། མིང་རུས་ཡི་གེར་བཀོད་པ་འདི་ཞེས་བྱ་བ་དང་གཉེན་དང་ནོར་རྫས། བུ་དང་ཆུང་མ། རྒྱབ་རྟེན་སྡེ་དཔུང་དང་བཅས་པ་སྲོག་བདུད་ཆེན་པོ་ཁྱོད་ལ་ཟས་སྐལ་དུ་གཏད་པ་ཡིན་པས་འདི་རྣམས་ཁྱོད་ཀྱིས་ཚར་ཆོད་ཅིག །བདག་ཅག་ཡོན་མཆོད་ཚོས་ཁ་ལག་སྤྱོད་གསུམ་གྱིས་མ་ཉེས་སོ། །དམ་པའི་ཆོས་སྒྲུབ་ཅིང་དམན་ས་བཟུང་ནས་གནས་པ་ཡིན་ཀྱང་། དམ་ཉམས་འདི་རྣམས་ཀྱིས་རྣམ་པ་དུ་མར་སྙད་བཙུགས་སོ། །ངེད་རྣལ་འབྱོར་པ་རྣམས་ལ་ལྷ་མེད། ཁྱེད་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་ཚོར་མཐུ་མེད་ཟེར་ནས་ངེད་ཅན་དུ་མ་ཟད་ཁྱེད་ལྷ་སྲིན་ཐམས་ཅད་ལའང་དོ་བསྡོས། སངས་རྒྱས་ཀྱི་བསྟན་པ་བཤིག །བླ་མའི་སྐུ་ལ་བསྡོས། དགེ་འདུན་གྱི་སྡེ་བཅོམ། རྣལ་འབྱོར་པའི་ཆོས་དང་ལོངས་སྤྱོད་ལ་བར་དུ་བཅད། སེམས་ཅན་མང་པོ་ལ་གནོད་པ་བྱས་པས་འདི་རྣམས་མི་ཚེ་རིང་ན་སངས་རྒྱས་ཀྱི་བསྟན་པ་མིང་མེད་དུ་བྱེད། ལྷ་འདྲེའི་གནས་རྟེན་ཐམས་ཅད་རྩ་བ་ནས་བཤིག་པར་འདུག་གིས། ཁྱེད་ལ་མཐུ་དང་ནུས་པ་ཡོད་ན་འདི་རྣམས་ཀྱི་ཤ་ཟོ་ཁྲག་ཐུངས། དབུགས་ལོངས། རུས་པ་མུར། མཛེ་ནད་སྣ་དགུ་ཐོངས་ཤིག །སྨྱོ་འབོག་དང་ལྟས་ངན་ཐོངས་ཤིག །ནད་རིམས་དང་ནང་འཁྲུག་ཐོངས་ཤིག །གྲི་འཐབ་དང་ཆོ་འཕྲུལ་ཐོངས་ཤིག །བན་བོན་རྣམས་ཀྱི་བཀའ་མ་ཉན། ཡས་དང་གླུད་མ་ལེན། ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། འཇིག་རྟེན་ཕྱི་མ་ལ་དུས་མ་འདེབས། རང་བཞིན་ལས་ལས་གྲུབ་པའི་སྐྱེ་འཆི་ལ་མཐུ་དང་རྩལ་དུ་མ་རློམས་པར་དམ་ཉམས་འདི་རྣམས་ཕོ་མོ་བུ་ཚ་དང་བཅས་པ། སྒོ་ནོར་ཡུལ་མཁར་དང་བཅས་པ། རྒྱབ་རྟེན་སྡེ་དཔུང་དང་བཅས་པ་སྐད་ཅིག་ད་ལྟ་ཉིད་དུ་ཟོ་ཞིག །ཐུངས་ཤིག །མིང་ཙམ་ཡང་མི་གྲགས་པར་རྗེས་མེད་ཐལ་བའི་རྡུལ་དུ་རློགས་ཤིག །དེ་ནས་ཁྱེད་ལ་གཏང་རག་རྒྱ་ཆེན་པོ་གཏོང་ངོ་། །ཞེས་དམོད་པ་དྲག་པོ་བརྗོད། སྐམ་གཏད་བྱེད་ན་གང་དུ་སྦ་ས་དེར་ལྟོ་འཕྱེ་བརྟགས་ཏེ་དོང་རྒྱ་ཇི་ཙམ་བྱེད་པ་ལས་བརྒྱད་འགྱུར་གྱིས་ཆེ་བ་ཞིག་ལ་རི་མོ་ཟླུམ་པོར་བྲི། དེ་ཚན་པ་བརྒྱད་དུ་བགོས་པའི་རི་མོ་བྲིས་ལ། ཟླ་བ་བཅུ་གཉིས་པ་ནས་གཉིས་པའི་བར་ཡིན་ན་ནུབ་ཏུ་བརྐོ།་་་ནུབ་ཏུ་ཁ་གཏད་ལ། གསུམ་པ་ནས་ལྔ་པའི་བར་ཡིན་ན་ལྷོ་རུ་བརྐོ།་་་ལྷོར་ཁ་བལྟས་ལ། དྲུག་པ་ནས་བརྒྱད་པའི་བར་ཡིན་ན་ཤར་དུ་བརྐོ།་་་ཤར་དུ་ཁ་གཏད་ལ། དགུ་པ་ནས་བཅུ་གཅིག་པའི་བར་ཡིན་ན་བྱང་དུ་བརྐོ།་་་བྱང་དུ་གཏད་ལ། ཁའི་ཕྱོགས་ངེས་པར་བྱས་ལ་ཚན་པ་བརྒྱད་པོ་དེ་ནས་ཕྱོགས་གང་ཡིན་དེའི་ཚན་པ་དེར་གཙོད་རུས་དོང་ཁྲུ་གང་་་ཁྲུ་གང་དང་སོར་བཅུ་དགུ་མན་ཆད་ཀྱི་སོར་ཉི་ཤུ་ཡན་ཆད་དུ་གནན་པར་ཡང་བཤད། མཆན།བརྐོས་པའི་ནང་དུ། གཟའི་ཐེབས་དང་བསྟུན་ལ་སྦལ་པའི་ཁ་ཐེབས་ཕྱོགས་སུ་གཏད་ལ་བཅུག །རློན་གཏད་བྱེད་ན་སྦལ་པ་ཐེབས་བསྟུན་ནས་མཚོ་ལ་བསྐྱུར། དམིགས་པ་ཀླུ་བདུད་རབ་ཏུ་ཁྲོས་པ་ཁ་གདངས་ནས་བཀའ་ཉན་པ་ལ་འཁོར་ལོ་དངོས་སུ་གསལ་བ་ཁ་ནང་དུ་གཏད་པས་ཁྱུར་མིད་བྱས་ཏེ་ཁ་བཙུམ་པར་བསམ། དེ་ནས་ལྷའི་ང་རྒྱལ་དང་ལྟ་བའི་གདིང་དང་ལྡན་པས་སྔགས་འདི་བཟླའོ། །ཡམ་མེ་སྙིང་ལ་ཡམ༔ ནཱ་ག་ཀན་ཚེ༔ ནཱ་ག་འདུས་འདུས༔ ནཱ་ག་རཱ་ཛ་ནན༔ ཡམ་མེ་ཤ་ལ་ཡམ༔ ཡམ་མེ་ཁྲག་ལ་ཡམ༔ ཡཾ་མེ་རུས་ལ་ཡམ༔ ཁྱེར་ཕྱིར་སོད༔ ཧོར་ཕྱུང་སོད༔ མིང་འདི་ཞེས་བྱ་བ་སོད་སོད༔ ཅེས་བརྒྱ་རྩ་གཅིག་བཟླ། དགྲ་བོ་ཀླུ་བདུད་ཀྱི་ཁོང་པར་ཚུད། བསྐལ་པའི་བར་དུ་མི་ཐར་བར་བསམ། སྐམ་གཏད་ཡིན་ན་སྦལ་པའི་ཁར་སས་ཅུང་ཟད་གཡོགས་པའི་སྟེང་དུ་སཱཙྪ་ནག་པོ་མགོ་ཞབས་ལྡོག་པས་གནན། དེའི་ཁར་ས་རྡོས་གཡོགས་མི་མངོན་པར་བྱ། རང་གིས་ཕྱིས་རྙེད་པའི་རྟགས་གདབ། བཅའ་ལག་བསྡུ་དགོས་ཡོད་ན་བསྡུས་ལ། དེ་མ་ཐག་རང་གི་སྙིང་གར་རཾ་ཡཾ་དམར་པོ། དེ་ལས་མེ་འབར་བས་ལུས་ལ་གནས་པའི་ཀླུ་གདོན་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་ཚིག་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ནཱ་ག་དུན༔ ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ཞེས་ཉེར་གཅིག་བཟླ། དགྲ་ཁྱིམ་ཐག་ཉེ་ན་དེ་ཕྱོགས་སུ་ཀླུ་སྨན་བཏབ་པའི་འོ་ཆོལ་འབོ། རྨ་བྱའི་མདོངས་དང་བྱི་ཐུར་གཅིག་ལས་མེད་ན་ལྟག་པར་འདོགས། གསང་བའི་བདག་པོའི་གསལ་སྣང་དང་། རྩ་སྔགས། ལས་སྔགས། ཁྱད་པར་དུ། ཨོཾ་ཕེ་ཤ་གྷ་རུ་བྷྲཱུྃ། ཞེས་པའི་སྔགས་གང་མང་བཟླ་བཞིན་དུ་ལྟ་བའི་གདིང་དང་ལྡན་པས་ཕྱི་མིག་མི་བལྟ་བར་རང་གནས་སུ་ལོག །ཡི་དམ་ཆོས་སྐྱོང་ལ་གསོལ་མཆོད་བྱ་ཞིང་ཕྲིན་ལས་བཅོལ། སྲུང་ཟློག་གི་རིམ་པ་ལ་འབད་པར་བྱའོ། །གོང་འོག་ཐམས་ཅད་དུ་གཅེས་པའི་གནད་ནི། འཁོར་ལོའི་ཤོག་བུ་སྣག་ཚྭ་སྣོད་ཚོན་སྐུད་སོགས་ཐམས་ཅད་ལ་རང་གི་དྲི་མ་མ་ཤོར་བ་དང་། ལྷ་སྔགས་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བརྟན་པོ་ལས་མི་གཡོ་བར་བྱའོ། །འདི་ནི་ཡི་དམ་ཕྱག་རྡོར་དང་། གཏད་ཡུལ་ཀླུ་བདུད་ལ་གཏད་པའི་དབང་དུ་བྱས་ཀྱི། ཡི་དམ་ནཱ་ག་རཀྴ་སོགས་ཀླུ་གཤེད་ཀྱི་གཉེན་པོ་སྟོབས་ཀྱི་ལྷ་གཞན་དང་། གཏད་ཡུལ་ཀླུ་བཙན་སོགས་གཞན་ལ་བྱེད་ནའང་རུང་བས་དེ་དང་དེའི་ཁ་བསྒྱུར་ཤེས་པར་བྱ། འདིས་དྲག་སྔགས་ཐམས་ཅད་ཀྱི་ལས་སྦྱོར་གྱི་མཐའ་བསྡུ་བར་བྱའོ། །ལས་གྲུབ་ནས་ཀླུ་ལ་གཏང་རག་གཏོང་ཞིང་སྐམ་གཏད་ཡིན་ན་འཁོར་ལོ་བཏོན་ལ། རྡོ་རྗེ་སེམས་དཔའ་འམ་སངས་སྤྱན་གྱི་གཟུངས་ཆུས་བཀྲུ། ཡི་གེ་བྲུབ་པ་དང་རི་རྩེའམ་ཆུ་ཀླུང་ལ་དོར། གལ་ཏེ་འཁོར་ལོ་མ་རྙེད་པའམ་རློན་གཏད་ཡིན་ན་གནས་དེར་གཏད་རུལ་གྱི་མན་ངག་ཚུལ་བཞིན་དུ་བྱས་པས་རང་ཕྱོགས་སུ་མི་ལྡོག་པར་འགྱུར་རོ། །སྙིང་རྗེ་ཁྲོས་པས་ཉམས་པའི་ཚོགས། །དུས་ཀྱི་ལྟོ་བར་སྐད་ཅིག་གིས། །གཏད་པའི་མན་ངག་འདི་བྲིས་པས། །གཟུང་འཛིན་དགྲ་བགེགས་ཚར་གཅད་ཤོག །ཅེས་པའང་མཐོང་བ་བརྒྱུད་པའི་ལག་ལེན་གྱི་དམར་བྱང་ཤིན་ཏུ་གསལ་བར་བྲིས་པ་ཛ་ཡནྟུ། མངྒ་ལཾ།། །།
འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་གཏོར་ཟློག་གི་ལས་རིམ་ཡེ་ཤེས་འབར་བའི་མཚོན་ཆ་ (Volume 17, Text 36)
༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས་གཏོར་ཟློག་གི་ལས་རིམ་ཡེ་ཤེས་འབར་བའི་མཚོན་ཆ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བེ་ཡ་མཱ་རི། དུས་ཀྱི་འཇིགས་བཅོམ་དུས་དགྲའི་དབང་། །དུས་མཐའི་མེ་ལྕེའི་སྟོབས་དེ་ལ། །བཏུད་ནས་བདུད་འཇོམས་འབར་བའི་མཚོན། །ཟློག་པའི་འཁྲུལ་འཁོར་འདི་ལྟར་བསྐོར། །རང་གཞན་གྱི་འགལ་རྐྱེན་བར་ཆད་ཟློག་པ་ལ་ཆེས་ཟབ་ཅིང་བྱ་སླ་བའི་གཤིན་རྗེའི་གཏོར་ཟློག་བརྩམ་པ་ལ་གསུམ། སྦྱོར་བ་ཡོ་བྱད་བཤམ་ཚུལ། དངོས་གཞི་ཆོ་གའི་རིམ་པ། རྗེས་འཕང་བའི་ལས་རིམ་མོ། །དང་པོ་ནི། མར་ངོ་དང་དགུ་གསུམ་སོགས་དྲག་པོའི་ལས་ལ་ཤིས་པའི་ཉིན། གོང་དུ་ཕྲིན་ལས་དང་འབྲེལ་བའི་གཏོར་མཆོད་དང་སྐོང་གཏོར་སྤྱི་མཐུན་བཤམ། མདུན་ཕྱོགས་སུ་ཨེ་མཐིང་ནག་བྲིས་པའི་ཁར་བྲུབ་ཁུང་དུ་དགྲ་བགེགས་ལིངྒ་སྤྱི་ལྟར་བྲིས་པའམ། ཚ་བ་གསུམ་བསྲེས་པའི་ཟན་ལ་བཅོས་པ་བཅུག །དེ་སྟེང་ལྕགས་སྣོད་དུ་འབྲུ་ནག་གི་ཕྱེ་མ་ཁྲག་ཆང་གིས་སྦྲུས་པ་ལས་གཏོར་མ་གནམ་ལྕགས་ཐོག་མདེལ་གྱི་དབྱིབས་ཅན་འགྲུབ་ན་སྲིན་ཞལ་ཕྱུང་པ་ལ་མཐེབ་སྐྱུས་བསྐོར་ཞིང་དྲག་རྒྱན་རྔམ་བརྗིད་དང་ལྡན་པ། དར་ནག་གི་འཕུར་ལྡིང་དང་མཚེ་ཡུངས་རྩང་ཐུར་ནང་ཁྲོལ་སོགས་ཀྱིས་བརྒྱན་པ་བཞག་པའི་མདུན་དུ་དྲག་མཆོད་བཤམ། ཉེ་ལོགས་ལྕོག་སྟེགས་སུ་ཕུར་པ། སྒྲོལ་གྲི །ཐུན་རྫས། བྱ་འུག་གི་སྒྲོ །གུ་གུལ་སོགས་འདུ་བྱའོ། །གཉིས་པ་དངོས་གཞི་ལ་རྣལ་འབྱོར་སྒྲུབ་པ་དང་ལས་ཀྱི་སྦྱོར་བ་གཉིས་ལས། དང་པོ་ནི། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། གཉིས་པ་ལས་སྦྱོར་ལ་སྲུང་ཟློག་གཉིས་ལས། དང་པོ་ནི། པུ་རི་དཀར་པོའི་ཀློང་སྒྲོམ་དུ༔ རང་ཉིད་ཕྱག་རྒྱ་ཟིལ་གནོན་གསལ། །ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཏུ། །བསྲུང་བྱ་དྭངས་མའི་ཐིག་ལེར་ཚུད། །མཐའ་སྐོར་སྔགས་ཕྲེང་སྤྲོ་བསྡུ་ཡིས། །འཁོར་འདས་བརྟན་གཡོའི་བྱིན་ནུས་བསྡུས། །ཕྱི་རོལ་ཕྱག་མཚན་འཁོར་ལོ་དྲུག །མེ་ཕུང་འབར་བས་བར་མེད་གཏམས། །མི་ཕྱེད་རྡོ་རྗེའི་རང་བཞིན་གྱུར༔ སྙིང་པོའི་མཐར། བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་བཏགས་པ་ཅི་ནུས་བཟླ། གཉིས་པ་ཟློག་པ་ནི། མཆོད་པ་བྱིན་བརླབ་ནས་བརྩམ། ཕྲིན་ལས་བསྐྱར་ཏེ་མདུན་བསྐྱེད་ཟློག་དཀྱིལ་ལ་དམིགས་ནས་སྒྲུབ་མཆོད་བསྟོད་པའི་བར་དུ་བཏང་། སྤྲོ་བསྡུ་སྤྱི་མཐུན་བྱས་ལ་དྲག་པོའི་བཟླས་པ་དང་། འོག་ནས་འབྱུང་བའི་ཐུན་སྔགས་ཅུང་ཟད་བཟླས་པས་ཐུན་རྫས་ལ་ངར་གདགས། ཕྲིན་ལས་ཀྱི་རྒྱབ་དཔུང་འཆོལ་བའི་ཆེད་དུ་བཀའ་གཏེར་སྲུང་མ་སྤྱི་དང་བྱེ་བྲག་ལ་གཏོར་མ་འབུལ་ཞིང་། ཚོགས་བྱིན་རླབས་ནས་བར་པ་བཤགས་པའི་བར་དུ་བཏང་། དངོས་གཞིའི་ཐོག་མར་གདབ་པའི་ལས་སྦྱོར་ལ་ཐུགས་དམ་བསྐུལ་བ་ནི། རོལ་ཆེན་རྐང་གླིང་བཤུགས་གླུ་གཡབ་དར་བཅས། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་ཚོགས༔ ཁྱད་པར་ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་འཇམ་དཔལ་ཞི་ཁྲོའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ དེ་ནས་དཔང་གཟུག་པ་ནི། ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་བླ་མ་རྗེ༔ དངོས་གྲུབ་ཀུན་འབྱུང་ཡི་དམ་དཀྱིལ་འཁོར་ལྷ༔ ཁྱད་པར་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན༔ ཡབ་ཡུམ་བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ མཁའ་འགྲོ་དམ་ཅན་ལྷ་སྲིན་དྲེགས་པའི་ཚོགས༔ ལོ་ཟླ་ཞག་དུས་འདིར་གནས་བདག་པོའི་ཚོགས༔ མཐུ་ཆེན་དྲག་རྩལ་ལྡན་རྣམས་བདག་ལ་དགོངས༔ ཡེ་ཤེས་སྤྱན་གྱིས་སྒྲིབ་མེད་ད་གཟིགས་ལ༔ བདག་ནི་མ་ཉེས་མ་ལེན་དགྲ་བོས་ཉེས༔ སངས་རྒྱས་བསྟན་བཤིགས་སྐྱེ་བོ་ཡོངས་ལ་འཚེ༔ དགེ་འདུན་སྡེ་དཀྲུགས་ཆོས་མཛད་ཡོངས་ལ་བརྙསཿ བླ་མའི་སྐུ་དང་རིགས་དང་རྒྱུད་ལ་བསྡོས༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་ཐད་དུ་འཛུག་པའི་དགྲ་བོ་འདིས༔ ཡི་དམ་ལྷ་སྒོམ་བདག་ལ་ལྷ་མེད་ཟེར༔ ལྷ་དང་སྲུང་མ་ཁྱོད་ལ་མཐུ་མེད་ཟེར༔ ནག་པོའི་ཕྱོགས་སུ་གཞོལ་བའི་དགྲ་བོ་འདི༔ ད་ནི་མངོན་སྤྱོད་ཚུལ་གྱིས་སྒྲོལ་བར་མཛོད༔ མ་གཡེལ་མ་གཡེལ་མ་གཤིན་དྲེགས་པའི་ཚོགས༔ ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ༔ བྲུབ་ཁུང་བསྐྱེད་པ་ནི། ཨེ་ཡཾ་རཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་བཙོན་ཁང་གཏིང་རིང་བ༔ དུག་ལྔའི་རང་གཟུགས་འབྱུང་བ་ལྔ་འཁྲུག་ཅིང་ཕྱི་ནང་དུ་གཤིན་རྗེའི་དམག་ཚོགས་མཚོན་ཆ་སྣ་ཚོགས་འཛིན་པ་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ་འཇིགས་སུ་རུང་བ༔ དེའི་ནང་དུ་དགྲ་བགེགས་བྱད་མ་ཉམ་ཐག་པའི་ལུས་ཅན་ངུ་འབོད་ལྷང་ལྷང་པ་ཞིག་ཏུ་གྱུར༔ བདེན་སྟོབས་བརྗོད་ཅིང་འགུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྙིང་པོའི་མཐར། དགྲ་བགེགས་བྱད་མ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཏགས་པ་ལན་གསུམ་གྱིས་བཀུག །ཁ་སྦྱོར་དབྱེ་བ་ནི། གུ་གུལ་བདུག །བྱ་འུག་གི་དོང་རུ་གཡབ་ལ། ཧཱུྃ༔ ཀཱ་ཀ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ ཕྲ་མེན་རྣམ་གཉིས་དུས་ལ་བབ༔ ལྷ་དང་དགྲ་གཉིས་སོ་སོར་ཕྲོལ༔ སྔགས་མཐར། ཀཱ་ཀ་མུ་ཁ་ཧུ་ལུ་མུ་ཁ་དེ་ཝ་པྲ་བེ་ཤ་ཡ་ཕཊ༔ ཕུར་པ་ཐོགས་ལ། ཧཱུྃ༔ བདག་ཉིད་འཇམ་དཔལ་ཧེ་རུ་ཀ༔ རྩ་ཕྱག་ཉི་ཟླ་འབར་བའི་བར༔ མཐིང་ནག་ཧཱུྃ་ལས་སྐྱེས་པ་ཡི༔ ཡ་མཱནྟ་ཀ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་ཆུ་སྲིན་ཕུར་བུའི་དབལ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས༔ མཐུ་རྩལ་སྟོབས་ལྡན་བསྒྲིལ་ཙམ་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྒྲིལ་ཞིང་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་སྙིང་དཀར་ནག་མཚམས་སུ་བཏབ། སླར་ཕུར་རྩེ་ལས་ཐུན་རྫས་སྣ་ཚོགས་ཀྱི་ཆར་འབེབ་པར་བསམ་ལ། ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་དཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབ༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབ་པ་ཟིལ་གནོན་སྤྲུལ་པས་འབེབ༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ ཅེས་དང་། རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ བཏབ་པས་འཁོར་འདས་མཐའ་གཉིས་བསྒྲལ༔ དགྲ་བགེགས་སྟེང་དུ་ཕུར་ཐུན་ཡ༔ རྩ་སྔགས་ཀྱི་མཐརཿ ཨེ་མྱག་ཡ་རྔུབས་མུག་ཤག་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམས་ཛ་རྩ་ཁྲག་སྙིང་ཐུམ་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་དྲག་ཏུ་བརྗོད་ལ་ཕུར་བུ་བསྒྲིལ་ཞིང་ཐུན་བརྡེག །མཐར་ཕུར་པ་འོད་དུ་ཞུ་ཧཱུྃ་ཡིག་ཏུ་གྱུར་པ་བདག་ལ་ཐིམ་པས་མཐུ་རྩལ་དང་ལྡན་པར་གྱུར༔ རལ་གྲིས་གཏུབ་ཅིང་ཧོམ་གཟར་གྱིས་བསྟབ་ལ། ཨེ༔ འཇམ་དཔལ་ཁྲོས་པ་ཟིལ་གནོན་མཚོན༔ ཤེས་རབ་རལ་གྲི་རྣོན་པོ་ཡིས༔ དགྲ་བགེགས་གཟུགས་བརྙན་དུམ་བུར་གཏུབས༔ ཚེ་དང་བསོད་ནམས་རང་ལ་འདུས༔ རྣམ་ཤེས་དམིགས་མེད་ཆོས་དབྱིངས་ཐིམ༔ ཤ་ཁྲག་ཁྲོ་བོ་རྔམས་པའི་ཚོགས༔ དགྱེས་པ་ཆེན་པོའི་ཞལ་དུ་བསྟབ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ཨེ་ཧུར་ཐུམ་ཁཌྒ་ཏཱིཀྵྞ་ཧྲི་དིར་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འདིར་ཚོགས་ལ་རོལ་ཞིང་ལྷག་ཆོག་ཀྱང་བྱ། དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་བ་འབུལ་ཏེ་ཐོད་རྔ་སོགས་རོལ་མོ་བཅས། ཧཱུྃ་བྷྱོ༔ བདེ་གཤེགས་མཐུ་སྟོབས་འདུས་པའི་དཔལ༔ འཁོར་འདས་ཟིལ་གནོན་ཧེ་རུ་ཀ༔ ཡབ་ཡུམ་སྤྲུལ་པ་ཡང་འཁོར་བཅས༔ དབྱིངས་ལས་ཡེ་ཤེས་སྐུ་རུ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ མངོན་སྤྱོད་དམོད་པའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དུག་གསུམ་རྒྱུ་འབྲས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ མ་རིག་རྣམ་རྟོག་ལས་བྱུང་བའི༔ གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཀུན་བཏགས་འཁྲུལ་པ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ གཞན་དབང་འཕོ་འགྱུར་ལས་བྱུང་བའི༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ཕྱི་དོན་བདེན་ཞེན་ལས་བྱུང་བའི༔ འབྱུང་བཞི་ཕྱི་ཡི་གཡོ་འཁྲུག་ཟློག༔ རྩ་རླུང་ཐིག་ལེ་ལས་བྱུང་བའི༔ རྣལ་འབྱོར་ནང་གི་བར་ཆད་ཟློག༔ ང་བདག་འགོང་པོ་ལས་བྱུང་བའི༔ གཟུང་འཛིན་གསང་བའི་སུན་མ་ཟློག༔ འདོད་ཆགས་སྲེད་ཞེན་ལས་བྱུང་བའི༔ སྣོད་བཅུད་དབུལ་ཞིང་ཕོངས་པ་ཟློག༔ ཞེ་སྡང་གདུག་སེམས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་མཚོན་འཁྲུགས་ཟློག༔ གཏི་མུག་རྨོངས་པ་ལས་བྱུང་བའི༔ དམ་སྲི་ཀླ་ཀློའི་འཚེ་བ་ཟློག༔ ང་རྒྱལ་ཁེངས་སེམས་ལས་བྱུང་བའི༔ དྲེགས་པ་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྲག་དོག་གདུག་རྩུབ་ལས་བྱུང་བའི༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ཟློག་གོ་མི་མཐུན་རྣམ་རྟོག་ཚོགས༔ གཞི་དབྱིངས་ཀ་དག་ཀློང་དུ་ཟློག༔ བསྒྱུར་རོ་ལྟས་ངན་སེམས་བྱུང་ཀུན༔ གཞི་སྣང་ལྷུན་གྲུབ་ཆེན་པོར་སྒྱུར༔ ཐམས་ཅད་འོད་གསལ་གཉུག་མའི་དབྱིངས༔ འཁྲུལ་པ་དག་པའི་ཕྲིན་ལས་མཛོད༔ སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་ཚར་གྲངས་བདུན་དགུ་སོགས་གང་འདོད་བསྐྱར་ལ། ལྷ་སྔགས་ཤམ་དུ། སརྦ་ས་མ་ཡ་སོགས་སྦྱར་བ་དང་། ཅུང་ཟད་སྤྲོ་ན། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ སརྦ་དུ་ན་ཟློག༔ ཙ་དུར་སྙིང་ལ་ཟློག༔ རཱ་ཙ་དུ་ན་ཟློག༔ ནཱ་ག་དུ་ན་ཟློག༔ ཤིག་ཤིག་དུམ་དུམ༔ ཚལ་པ་ཚལ་པ༔ ཨེ་ས་བྷྱོ་ཟློག་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་པའང་བཟླས་པའི་མཐར། བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་དང་འཇིགས་བརྒྱད༴ གློ་བུར་བདུན་བརྒྱ་ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ སྐེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་རྒྱུ་སྟོབས༴ མགོན་པོའི་སྤར་བུ་བསྐོར་བ༴ གཤིན་རྗེའི་འཁྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀིང་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྡྷེའི་འབུམ་བསྐོར་བྱེད་པ༴ སྔགས་པའི་སྔགས་ཟོར་འཕེན་པ༴ བོན་གྱི་བཙོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ མནན་གཏད་བསྲེག་འཕང་བྱས་པ༴ མོ་རྩིས་རྨི་ལམ་མཚན་ངན༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་གྲུ་གུར་འཐུལ་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན༴ བཟློག་གོ་དམར་ཆེན་གཏོར་མས༴ བསྒྱུར་རོ་འཇམ་དཔལ་མཐུ་ཡིས་སྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བསྒྱུར་བ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཡ་མཱནྟ་ཀ་ནྲྀ་ཏྲི་དགྲ་བགེགས་ཨ་མུ་ཀ་མཱ་ར་ཡ་རྦད་ཟློག༔ ཏྲིག་ནན་གཟིར་ནན་རྦུད་ཐུམས་ཟློག༔ མྱོགས་རྔུབས་མཱ་ར་ཡ་དུ་ན་ཟློག༔ གནོད་བྱེད་རཱུ་པ་ཙིཏྟ་ཧ་ན་ད་ཧ་པ་ཙ་ཚིནྡྷ་ཧཱུྃ་ཕཊ༔ མཱ་ར་ཡ་རྦད་ཟློག༔ ཅེས་ཟློག་པའི་ཕྲིན་ལས་བསྐུལ། སྡིགས་མཛུབ་ཀྱི་རྩེ་ནས་འཁོར་ལོ་སྤྲོས་པས་ཕ་རོལ་པོའི་བྱད་སྟེམས་བཟློག་པར་བསམ། ཨོཾ་ཧཱུྃ་ཏྲིག་ཁྲོམ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴ་ན་བྷྱོ༔ ཏིང་ཡག་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཡ་མ་རཱ་ཛ་ཀི་ལ་ཡ་བྷྱོ༔ ཞེས་བདུན་ནམ་ཉེར་གཅིག་བཟླས་ལ་བདེན་སྟོབས་དང་ཐལ་རྡེབ་ཐུན་གཏོར་འབུལ་བ་སོགས་སྤྱི་ལྟར་བྱ། ཞག་གྲངས་བྱེད་ན་སྲུང་མའི་གཏོར་འབུལ་སོགས་ཕྲིན་ལས་རྗེས་ཀྱི་རིམ་པ་རྣམས་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། གཏོར་མ་འཕེན་པའི་སྐབས་སུ་བབས་པ་ན་གོང་གི་སྔགས་ཟློག་ཡན་ཚར་བའི་རྗེས་མདུན་བསྐྱེད་ལ་མཆོད་བསྟོད་དང་ཡིག་བརྒྱ་བཟླས་ལ་བཟོད་གསོལ་བྱ། སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ལ། ཧཱུྃ་ཕཊ་ཛཿ མདུན་བསྐྱེད་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའི་དབྱིངས་སུ་བཞུགས། དམ་ཚིག་པ་བདག་ལ་ཐིམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ། ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར། ཅེས་དམིགས་ལ་རྩ་སྔགས་ལ་ཐུན་སྔགས་བཏགས་པ་ཅུང་ཟད་བཟླ། དམར་གཏོར་ཤ་ཁྲག་དང་བཅས་པ་ལ་དགྲ་བགེགས་འགུགས་བསྟིམ་བྱ། རྩ་སྔགས་གཤམ་དུ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་འབུལ། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ ཟོར་ལམ་བསལ་ཞིང་སྒོ་དབྱེ་བ་ནི། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཁྲུལ་འཁོར་དེར་ཤོམས་ཤིག༔ ཅེས་བསྐུལ་ཞིང་གསེར་སྐྱེམས་འཕེན་ཕྱོགས་སུ་མཆོད། ཆད་མདོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ རྗེས་འཇུག་རྣལ་འབྱོར་སྐྱོང་བ་དང༔ བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ཅེས་གཏོར་མ་ཕུལ་ལ་ཟློག་གཏོར་གཟའ་རྒོད་རྒྱུ་ཕྱོགས་དང་བསྟུན་ལ་ཁྱེར་ཏེ་འཕང་བའི་སར་སླེབ་པ་དང་། གསེར་སྐྱེམས་སྔོན་དུ་འགྲོ་བས། ཧཱུྃ༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ༔ དྲེགས་པ་སྡེ་བཞི་འཁོར་དང་བཅས༔ དེ་རིང་རྣལ་འབྱོར་ལས་བརྩམ་ན༔ སྒོ་རྣམས་ཕྱེས་ལ་འཕྲང་སོལ་ཅིག༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ གཙང་རིས་དཔལ་མགོན་བདུན་ཅུ་རྣམས༔ བཀའ་དང་དམ་ལས་མ་འདའ་བར༔ རུ་ང་ཕྲག་དོག་མ་མཛད་ཅིག༔ ཞབས་སྐུམ་སྐུ་ཟུར་དབུ་ཁུག་ལ༔ བདག་གིས་དམར་ཆེན་གཏོར་ཟོར་འཕེན༔ གདོང་དུ་སུ་ཡང་མ་འདུག་ཅིག༔ ཅེས་བརྗོད། དམིགས་བྱ་འབེན་དུ་བཟུང་ལ་འགུགས་གཞུག་བྱ། དཔང་གཟུག་པ་ནི། ཨེ་ཡ༔ མ་ཡོ་མ་བཅོས་གཟུ་དང་དཔང༔ དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས༔ བདག་གི་གཟུ་དང་དཔང་པོ་མཛོད༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས༔ བདག་གི་མགོན་དང་རྒྱབ་རྟེན་མཛོད༔ དེ་རིང་དྲག་པོའི་གཏོར་ཟོར་འཕེན༔ ཐུན་ཟོར་ཡུངས་དཀར་རྦབ་ཏུ་བསྒྲིལ༔ ལྷ་སྲིན་རྣམས་ལ་ཟོར་མི་འཕེན༔ ལྷ་སྲིན་རྣམས་ཀྱང་སྐུ་ཟུར་ཅིག༔ ཟོར་འཕེན་སྡང་བའི་དགྲ་ལ་འཕེན༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཅེས་བསྐུལ། གཏོར་ཆེན་ལག་ཏུ་ཐོགས་ལ། ཧཱུྃ༔ དྲག་པོ་ཟོར་གྱི་དཔུང་ཚོགས་རྣམས༔ སྡང་དགྲ་ཐལ་བར་བརླག་པར་མཛོད༔ ལྕགས་སམ་དྲག་པོའི་སྣོད་ནང་དུ༔ འབྲུ་ནག་ལྔ་ལ་ངར་ཕྱེ་བྱས༔ དྲག་པོའི་བཤོས་བུ་ཟུར་གསུམ་བཤམས༔ དབུས་སུ་ཚེ་བདག་ཞལ་བཀོད་དེ༔ མར་མེ་ཡུངས་དཀར་རྩང་གིས་བརྒྱན༔ དུག་དང་ནད་དང་ཁྲག་གིས་བྲན༔ གནམ་ལྕགས་ཐོག་ཏུ་བྱིན་གྱིས་བརླབས༔ རི་རབ་ཙམ་གྱི་དཔལ་གྱི་ཟོར༔ སྟོང་གསུམ་གང་བའི་དམག་གི་ཚོགས༔ འཕང་བ་གཤིན་རྗེ་ཉིད་ཀྱིས་འཕང༔ བསྡིག་པ་དམ་ཉམས་དགྲ་ལ་སྡིགས༔ དགྲ་དཔུང་ཐལ་བའི་རྡུལ་དུ་རློགས༔ བདུད་ཀྱི་རུ་དར་ད་སྙོལ་ལ༔ བསྟན་པའི་རྒྱལ་མཚན་བསྒྲེང་བར་མཛོད༔ ཅེས་དང་ཟློག་སྔགས་དམོད་ཚིག་བཅས་བརྗོད་ལ་དགྲ་ཕྱོགས་སུ་འཕངས་པས། སྤྲུལ་པའི་དམག་དཔུང་ནམ་མཁའ་གང་བ་དཔའ་བའི་ངར་སྒྲ་དང་བཅས་དགྲ་བགེགས་ཀྱི་སྟེང་དུ་ཆས་ནས་དེ་དག་རྗེས་ཤུལ་ལྷག་མེད་དུ་བརླག་པར་བསམ་ལ། སྤྲོ་ན་གོང་གསལ། བྷྱོ༔ གཞན་ཡང་ཟློག་ཅིང་བསྒྱུར་བ་སོགས་ཀྱང་བརྗོད། ཡང་ཟློག་དམོད་པ་ཐལ་རྡེབ་བཅས་བྱ། སྡིགས་མཛུབ་ཀྱི་རྩེ་ལས་འཁོར་ལོ་དགུ་རིམ་འཕྲོས་པས་རྗེས་བཅད་པར་བསམ་ལ་དྲག་སྔགས་བརྗོད། རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་ལས་བྱང་བཞིན་སྲུང་འཁོར་གསལ་བཏབ། གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ་བྱིན་གྱིས་བརླབས་ཏེ། བྷྱོ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྟན་མ་བསྐྱངས་ལ། གཏོར་མནན་ནི། སྒྲུབ་ཁང་སྒོ་དྲུང་དུ་ས་ལ་ཆོས་འབྱུང་གི་དབུས་སུ་ནྲྀ་ཏྲི་བྲིས་པར་དམིགས་བྱ་འགུགས་གཞུག་བྱས་ལ་གཤིན་རྗེའི་བཙོན་ཁང་དུ་གཏད་པའི་སྟེང་གཏོར་སྣོད་རི་རབ་ཏུ་གྱུར་པས་མནན་པར་བསམ་ལ་རྡོ་རྗེའི་རྒྱས་གདབ་དང་བཅས་པས། ཧཱུྃ༔ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན༔ དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་ཁུང་བུར་མནན༔ མནན་ནོ་བཅིངས་སོ་སཏྭམྦྷ་ཡ༔ རྡོ་རྗེའི་བྲོ་ཡི་རྒྱས་བཏབ་པས༔ སུས་ཀྱང་འཇིག་པར་ནུས་མ་ཡིན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭམྦྷ་ཡ་ནན༔ ཞེས་ཁྲོ་བོའི་སྟངས་སྟབས་ཀྱིས་བྲོ་བརྡུང་། ཤིས་བརྗོད་ཤོ་ལོ་ཀ་གཅིག་ཙམ་བྱའོ། །དེ་ནས་ནང་དུ་ལོག་ལ་ཚེ་འགུགས་ཇི་ལྟར་རིགས་པའམ། རྩ་བའི་གཞུང་ལས་འབྱུང་བ་ལྟར་བྱ། ཆོས་སྲུང་གཏོར་འབུལ་སོགས་གཏོར་བསྔོའི་རྗེས་ཆོག་མཐར་དབྱུང། སྔར་བཏེགས་པའི་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་ནས་རང་ལ་བསྟིམ། ཆད་ལྷག་ཁ་བསྐང་། དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས། །དུས་ཀྱི་འཇིགས་པའང་འཇོམས་གྱུར་ན། །གེགས་བྱེད་གཞན་པ་ལྟ་ཅི་སྨོས། །དེ་ཕྱིར་བར་ཆད་ཀུན་སེལ་བའི། །ལས་ཀྱི་སྦྱོར་བ་སྟོབས་ལྡན་འདིས། །བདུད་སྡེའི་དཔུང་ཚོགས་ཕྱིར་བསྙིལ་ཞིང་། །བསྟན་པའི་རྒྱལ་མཚན་ནུབ་མེད་བསྒྲེང་། །དེར་འཛིན་སྐུ་ཚེ་རབ་བརྟན་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་བཞེས་སུ་རྗེ་བླ་མར་བཀའ་བསྩལ་པ་དང་། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བི་ཀོ་ཊཱིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
མཆོག་གླིང་ཐུགས་སྒྲུབ་ལོངས་སྐུ་ངན་སོང་དོང་སྤྲུག་གཙོ་འཁོར་ཡོངས་རྫོགས་སྔགས་བྱང་ (Volume 48, Text 36)
མཆོག་གླིང་ཐུགས་སྒྲུབ་ལོངས་སྐུ་ངན་སོང་དོང་སྤྲུག་གཙོ་འཁོར་ཡོངས་རྫོགས་སྔགས་བྱང་ནི། ལས་སྒྲིབ་སྦྱོང་བའི་གཟུངས་གཙོ་བོའི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། རིགས་བདག་རྡོར་སེམས་ཡིག་བརྒྱ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་བ༔ སུ་ཏོཥྱོ་མེ་བྷ་བ༔ སུ་པོཥྱོ་མེ་བྷ་བ༔ ཨ་ནུ་རཀྟོ་མེ་བྷ་བ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ལས་ཀྱི་སེམས་དཔའི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས། ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ་བི་མ་ལེ་སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ༈ འཁོར་སྔགས་བསྡུ་ན། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་པ་ཙམ་གྱིས་ཆོག་ལ། སོ་སོར་རྒྱས་པར་སྤྲོ་ན། རྣམ་སྣང་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཤཱཀ་ཐུབ་ལ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། འོད་དཔག་མེད་ལ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོྞབྷབེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་དང་། བསྡུ་ན། ཨོཾ་པདྨ་དྷཱ་རི་ཧཱུྃ༔ སྨན་གྱི་བླ་མར། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛཱ་ས་མུངྒ་ཏེ་སྭཱ་ཧཱ། སེམས་ཉིད་ངལ་གསོ་ལ། ཨོཾ་ཨཱཿཧྲཱིཿཧཱུྃ༔ དོན་ཞགས་ལ། ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ༔ པདྨ་གཙུག་ཏོར་ལ། ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ རྡོ་རྗེ་སྙིང་པོ་ལ། ཨོཾ་ཨཱཿཧྲཱིཿཧཱུྃ་བཛྲ་སཱ་ར་པྲ་མརྡྷ་ན་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་དང་། ༈ སྒོ་བཞིའི་ཕྱག་རྡོར་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ སྨེ་བརྩེགས་ལ། ཨོཾ་བྷུརྐུཾ་མ་ཧཱ་པྲ་ཎཱ་ཡ༔ བྷུར་ཙི་བྷུར་ཀཱི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་རཱ་ཛ་ཧཱུྃ་ཕཊ༔ རྣམ་འཇོམས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ བདུད་རྩི་འཁྱིལ་པར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་པ་རྣམས་སོ།། །།
ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ཀྱི་མདོ་སྒྲུབ་སྙིང་པོ་བཀའ་གཏད་དང་བཅས་པ་དྲི་མེད་པདྨའི་སྡོང་པོ་ (Volume 22, Text 36)
༄༅། །ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ཀྱི་མདོ་སྒྲུབ་སྙིང་པོ་བཀའ་གཏད་དང་བཅས་པ་དྲི་མེད་པདྨའི་སྡོང་པོ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མཐའ་གཉིས་སྐྱོན་བྲལ་པདྨ་ལྟ་བུའི་སྐུ །བདུད་རྩིའི་རྒྱུན་འབེབ་ཡིག་དྲུག་རྡོ་རྗེའི་གསུང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཡེ་ཤེས་ཐུགས། །མགོན་པོ་སྤྱན་རས་གཟིགས་དབང་ཞབས་ལ་འདུད། །བུམ་བཟང་དཔག་བསམ་ཤིང་བཞིན་དུ། །ཇི་ལྟར་བསམ་པའི་འདོད་འཇོ་ཞིང་། །བྱིན་རླབས་མངོན་སུམ་མྱུར་བ་ཡི། །སྒྲུབ་ཐབས་བཀའ་གཏད་བཅས་པ་བྲི། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་གདམས་ཕྱི་མདོ་དང་གཟུངས་སྔགས་གཞིར་བཞག་པའི་ལག་ལེན་སྙིང་པོར་དྲིལ་བ་ལ་གཉིས། མདོ་སྒྲུབ་རིན་ཆེན་སྤུངས་པ་ཉམས་སུ་ལེན་པ་དང་། གདམས་ངག་གི་བཀའ་བཀྲོལ་བའོ། །དང་པོ་ལ་གསུམ། སྦྱོར་བ་བཤམ་བཀོད་ཀྱི་རིམ་པ། དངོས་གཞི་བསྙེན་སྒྲུབ་ཀྱི་ཉམས་ལེན། རྗེས་ལས་ཕྲན་ལ་འཇུག་པའི་ཚུལ་བསྟན་པའོ། །དང་པོ་ནི། དུས་ཚེས་བཟང་པོར་དགེ་ཞིང་ཉམས་དགའ་བའི་གནས་ཁང་ཤིན་ཏུ་གཙང་མར་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་བཀྲམ་པའི་མདུན་དུ་སྟེགས་བཟང་པོར་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་སྟེང་དུ་ཞི་དཀྱིལ་སྤྱི་མཐུན་གྱི་ནང་དུ་པདྨ་འདབ་དྲུག་ལ་ཡིག་དྲུག །དེ་རྒྱབ་འདབ་བརྒྱད་བྲིས་པའི་སྟེང་མཉྫིའི་ཁར་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དཀར་པོ་ཤིང་འབྲས་བུ་ཅན་ནམ་ཀུ་ཤའི་ཁ་རྒྱན་གཟུངས་ཐག་དང་བཅས་པའི་ཁར་འཕགས་པའི་སྐུ་བྲིས་འབུར་གང་རིགས་རབ་གནས་དང་ལྡན་པ་བཞུགས་སུ་གསོལ། འདབ་མ་དྲུག་ལ་དངུལ་གྱིས་བྲིས་པའི་ཡིག་དྲུག །འདབ་མ་བརྒྱད་ལ་འཇིགས་པ་བརྒྱད་སྐྱོབ། སྒོ་བཞིར་རྒྱལ་པོ་བཞིའི་སྐུ་བཀྲམ། མ་འཛོམ་ན་ཡིག་དྲུག་དཀྱིལ་འཁོར་དུ་བྲིས་པས་འཐུས་ཤིང་། ཕྱི་མ་རྣམས་དམིགས་པས་འཐུས་སོ། །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར། གཏོར་འབུལ་བྱེད་ན་ཟླུམ་གཏོར་གཙང་མ་དཀར་གསུམ་གྱིས་བརྒྱན་པ། འཛོམ་ན་ཕྱོགས་བཞིར་རལ་གྲི །མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་སོགས་བཀོད་པའི་བྱེ་བྲག་བག་དྲོ་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པའི་ཚུལ་དུ་ཉམས་སུ་ལེན་པའོ། །དང་པོ་ནི། བསླབ་པ་གཙང་མ་དང་ལྡན་པ་ཡིན་ན་དེས་འཐུས། གཞན་དུ་ཤ་ཆང་སྒོག་པའི་རིགས་མཐའ་དག་སྤངས་ཤིང་། ཐོག་མ་ཁོ་ནར་གཞན་ནས་འབྱུང་བ་ལྟར་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ཏེ་རྒྱུད་སྡོམ་པ་དང་ལྡན་པར་བྱ། གོས་གསར་པ་གྱོན། ཁ་ཤར་དུ་ཕྱོགས་པས་འཁོད་ལ། ལག་པ་གཡོན་དུ་ཆུ་གཙང་མ་བླུགས་ལ། ཨོཾ་ཤུདྡྷེ་བི་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་པས་ལག་གཡས་པའི་སྲིན་ལག་གིས་ཆུ་བླངས་ཏེ། ལུས་ཀྱི་གནས་རྣམས་སུ་ཉེ་བར་རེག་པས་ལུས་དག་པར་བསམ། ས་གཞི་རྣམས་སུ་འཐོར་བས་གནས་དག་པར་བསམ། ཆུའི་ལྷག་མ་ཁོང་དུ་འཐུང་བས་སྒོ་གསུམ་གྱི་ཉེས་པ་ཐམས་ཅད་དག་པར་བསམ་མོ། །ཐུན་མོང་གི་མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་རྣམས་ཡང་དག་པའི་དངོས་པོ་ངོ་བོ་སྟོང་པ་ལ། རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་ནས་ཤབྡའི་བར་སྦྱར་བ་དང་། ཨོཾ་བཛྲ་དྷརྨ་ར་ཎི་སོགས་རོལ་མོ་བྱིན་རླབས་ཀྱང་བྱའོ། །སྐྱབས་སུ་འགྲོ་བ་ནི། ན་མོ། རྐང་གཉིས་གཙོ་བོ་སངས་རྒྱས་གཙོ་ལ་ཕྱག་འཚལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་བ་དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཚོགས་མཆོག་འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་བདེ་གཤེགས་རྒྱལ་སྲས་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ཕྱོགས་བཅུའི་རྒྱལ་སྲས་བདག་ལ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་འཕགས་པས་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་ཀྱང་བྱང་ཆུབ་སེམས་བསྐྱེད་ཅིང་། །འགྲོ་བ་རྣམས་ཀྱི་དོན་རབ་བརྩོན་པར་བགྱིད། །ཅེས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྔོན་གཏོར་གཏང་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྒྲ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སར་པ་ཎི་ཤེལ་དྭངས་པའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་མཆོག་སྦྱིན་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་ཏུ་གྱུར་པའི་ཐུགས་ཀར་ཧྲཱིཿདཀར་པོ་ཚེག་དྲག་དང་ལྡན་པ་དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་པ་རང་འདྲ་བ་སྤྱན་དྲངས། ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ དམ་ཡེ་གཉིས་སུ་མེད་པར་གྱུར། ལོ་ཀེ་ཤྭ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨེ་མ། དྲི་མེད་ཤེལ་ལྟར་དྭངས་ཤིང་མཛེས་པའི་སྐུ །ཡིག་དྲུག་སྒྲ་ཡིས་འགྲོ་དྲུག་གནས་ནས་འདྲེན། །ཐུགས་རྗེ་ཀུན་ལ་སྙོམས་པའི་སྤྱན་རས་གཟིགས། །སྐྱབས་མཆོག་འཕགས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་པདྨ་འདབ་དྲུག་གྱེས་པའི་ལྟེ་བར་ཧྲཱིཿ འདབ་མ་དྲུག་ལ་ཨོཾ་མ་ཎི་པད་མེ་ཧཱུྃ། ཞེས་ངང་ཧྲང་ངེ་བར་གསལ་བ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་ཡི་གེ་དྲུག་པའི་སྒྲ་དི་རི་རི་གྲགས་པར་གྱུར། ཅེས་ཡིག་དྲུག་བཟླ། དཀར་གཏོར་ཆབ་བྲན་ལ། གོང་ལྟར་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མཆོད་དྭངས་ཤིང་ཐོགས་པ་མེད་པ། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣཱ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་བདུན་གྱིས་བསྔོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་དང་ལྡན་པ་འདི། ས་རིས་ཡུལ་ཕྱོགས་ཀྱི་ཕུ་མདའ་བར་གསུམ་ལ་གནས་པའི་དཀར་ཕྱོགས་ཀྱི་གཞི་བདག་ལྷ་ཀླུ་ལ་སོགས་པ་རྣམས་ལ་བསྔོའོ། །འབུལ་ལོ། །བཞེས་ལ་རུ་ང་དང་ཕྲག་དོག་མ་བྱེད་པར་བདག་ཅག་འཁོར་དང་བཅས་པའི་བསམ་པ་ཐམས་ཅད་ཆོས་ལྡན་དུ་བསྒྲུབ་པའི་སྡོངས་གྲོགས་རྒྱ་ཆེན་པོ་མཛོད་ཅིག །ཅེས་གཏོར་མ་གཙང་སར་བསྐྱེལ། རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་རབ་ཏུ་ཁྲོས་ཤིང་གཏུམ་པའི་གཟུགས་ཅན་སྐུ་ལ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་ཅན་དུ་གྱུར། བགེགས་གཏོར་གོང་ལྟར་བྱིན་རླབས་དང་། ཨ་ཀཱ་རོའི་སྔགས་ཀྱིས་བསྔོས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོ་དེ་དག་གི་མཐུས། གང་འདིར་དགེ་བའི་ལས་བསྒྲུབ་པ་ལ་འཚེ་ཞིང་བར་དུ་གཅོད་པར་བྱེད་པའི། གནོད་བྱེད་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ། ནམ་མཁའ་ལ་འཕྱོ་བ། ས་གཞི་ལ་གནས་པ། ས་འོག་ཏུ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱབས་གྲིབ་ལ་གབ་པ་ཐམས་ཅད་གཏོར་མ་འདིས་དགའ་མགུ་ཡི་རང་ནས་ཚིམས་པར་གྱུར་ཅིག །ཁྱེད་རྣམས་ཚིམས་པར་གྱུར་ནས། འདིར་སྐད་ཅིག་ཙམ་ཡང་མ་གནས་པར་ཕྱིར་དེངས་ཤིག །སརྦ་བིགྷྣཱན་གཙྪ། ཞེས་དང་དྲག་སྔགས་རོལ་མོ་སོགས་བྱ། ཧཱུྃ་ཧྲཱིཿ ང་ནི་ཁྲོ་རྒྱལ་རྟ་མགྲིན་དཔལ། །རྒྱལ་བས་བསྔགས་པའི་ཕོ་ཉ་བ། །གནོད་བྱེད་བགེགས་ཀྱི་གཤེད་མ་ཡིན། །ཆོ་གའི་བྱ་བ་བྱེད་པ་ལ། །མདངས་འཕྲོག་གནོད་བྱེད་དགྲ་དང་བགེགས།། འདི་རུ་མ་འདུག་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་འཚེ་བྱེད་ན། །རྟ་མགྲིན་རྒྱལ་པོ་རབ་ཁྲོས་ནས། །མཚོན་ཆ་རབ་ཏུ་འབར་བ་ཡིས། །ལུས་སེམས་རྡུལ་དུ་བརླག་ནས་ནི། །མིང་ཙམ་ཞིག་ཀྱང་མེད་པར་འགྱུར། །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བགེགས་བསྐྲད། རང་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཚུབས་མའི་ཚྭ་ཚྭ་ཕྱོགས་ཐམས་ཅད་དུ་འཕྲོས། ཨོཾ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ། ཅེས་བརྗོད་པས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་གུར་དུ་གྱུར། དེའི་ཕྱི་རོལ་དུ་ཡང་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་གཏམས་ཏེ་རླུང་ཡང་རྒྱུ་བའི་སྐབས་མེད་པར་གྱུར། ཅེས་སྲུང་འཁོར་བསྒོམ། རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་གཏིབས་པ་ལྟར་གསལ་བར་གྱུར། རྒྱས་པར་སྤྲོ་ན། ཇི་སྙེད་སུ་དག་སོགས་དང་། བསྡུ་ན། དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པ། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་བྱ། བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདཀར་པོ་གཅིག་ཏུ་གྱུར་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་མཉེས་པའི་མཆོད་པར་གྱུར། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ལ་ཕོག་པས་ཚར་བཅད། སླར་འོད་ཟེར་དེ་དག་ཐམས་ཅད་ཚུར་འདུས་ཧྲཱིཿལ་ཐིམ་པས། ཧྲཱིཿདེ་ཉིད་འོད་དུ་ཞུ་བ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མའི་ཟེར་ཕོག་པ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་དབང་གི་རྒྱལ་པོ་བསྣམས་པ། གཡས་པའི་འོག་མ་ན་མུ་ཏིག་དཀར་པོའི་ཕྲེང་བ་འདྲེན་པ། གཡོན་པའི་འོག་མ་ན་མེ་ཏོག་པུཎྜ་རཱི་ཀ་ཁ་གྱེས་པ་བསྣམས་པ། དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་བཅིངས་པའི་གཙུག་ཏུ་སངས་རྒྱས་ཨ་མི་དྷེ་ཝས་མཚན་ཞིང་། དར་དམར་པོའི་ཅོད་པན་འཕུར་བ། སིལ་བུ་ཐུར་དུ་ཉིལ་བས་དཔུང་མགོར་སླེབ་པ། རིན་པོ་ཆེ་སྣ་ལྔའི་རྩེ་བྲན་དབུ་ལ་སྤྲས་ཤིང་། སྙན་ཆ། མགུར་ཆུ། ཕྱག་གདུབ། དཔུང་ལྕིབས། དོ་ཤལ། སེ་མོ་དོ། སྲམ་ཚར། ཞབས་གདུབ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དར་པཉྩ་ལི་ཀའི་ཤམ་ཐབས་གསོལ་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་མཉམ་པར་བཞུགས་པ། ཞལ་འཛུམ་ཞིང་སྤྱན་ཁྲ་བ། ཤངས་ཀྱི་དབྱིབས་ཅུང་ཞིག་མཐོ་བ། སྐུ་མཚན་དང་དཔེ་བྱད་དུ་མ་དང་ལྡན་པ་ཞིག་ཏུ་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿགསལ་བ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ། འོད་ཟེར་གྱི་ཕུང་པོར་གྱུར་ནས་ཚུར་འདུས་པས་བདག་ལ་ཐིམ། ཤར་ཕྱོགས་རི་བོ་ཏ་ལའི་གནས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་བས་ཚུར་བྱོན་ནས་བདག་ལ་ཐིམ་པས། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར། ཨོཾ་ཨཱཿཧཱུྃ་ཨཱརྻ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་ཧཱུྃ། དེ་བཞིན། པཱ་དྱཾ་ནས་ཤབྡའི་བར་གྱིས་མཆོད། ཧྲཱིཿ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་སྐུ །དྲི་མེད་པདྨ་ལྟར་དཀར་མདངས་དང་ལྡན། །ཞལ་གཅིག་ཕྱག་བཞི་སྣ་ཚོགས་དར་གྱིས་སྤྲས། །ཐལ་སྦྱར་པད་ཕྲེང་བསྣམས་མཛད་ཕྱག་འཚལ་བསྟོད། །དབུ་སྐྲ་ལྕང་ལོ་མཐོན་ཀ་གྱེན་དུ་འཁྱིལ། །ལེ་བརྒན་ཅོད་པན་ཨ་མི་དྷེ་ཝས་མཚན། །ཐུར་སིལ་དཔུང་མཛེས་ཞལ་འཛུམ་སྐྱིལ་ཀྲུང་བཞུགས། །འགྲོ་བ་ཉེར་འཚོ་ཁྱོད་ལ་ཕྱག་འཚལ་བསྟོད། །འོད་ཀྱི་དཀྱིལ་བཞུགས་སྣ་ཚོགས་དྲྭ་བས་གཡོགས། །སྣང་སྟོང་དབྱེར་མེད་ཕྲིན་ལས་ཐོགས་མེད་ཀྱིས། །རིགས་དྲུག་གཡང་ས་གཅོད་པའི་ཐུགས་རྗེ་ཅན། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཚངས་པའི་གསུང་དབྱངས་ང་རོ་འབྲུག་སྒྲ་ཡིས། །ཉོན་མོངས་གཉིད་སློང་གདུལ་བྱའི་རེ་འདོད་སྐོང་། །བདེ་ཆེན་བསམ་འགྲུབ་འགྲོ་མགོན་ཆོས་ཀྱི་རྗེ། །སྐྱབས་གནས་ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་བསྟོད། སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་གཟུགས་སྣང་ཐམས་ཅད་ལ་ཕོག་པས་ནམ་མཁའི་མཐའ་ཁྱབ་ཀྱི་གཟུགས་སུ་གྱུར་པ་སྣང་ལ་རང་བཞིན་མ་གྲུབ་པ་སྤྱན་རས་གཟིགས་ཀྱི་སྐུའི་རང་བཞིན་དུ་གྱུར། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡི་གེ་དྲུག་མས་བསྐོར་བ་ལས་འོད་ཟེར་འཕྲོས་ཏེ་སྒྲ་གྲགས་ཐམས་ཅད་ལ་ཕོག་པས་གྲགས་པ་ཐམས་ཅད་གྲགས་སྟོང་ཚངས་པའི་སྒྲ་དབྱངས་ཡི་གེ་དྲུག་པའི་སྒྲ་ཏི་རི་རི་གྲགས་པར་གྱུར། དྲན་རྟོག་སེམས་དང་སེམས་བྱུང་གི་རྩལ་དང་བཅས་པ་ཡང་རང་བཞིན་གྱིས་སྐྱེ་འགག་གནས་གསུམ་གྱི་མཐའ་ཐམས་ཅད་དང་བྲལ་བ་རོལ་པ་ཆེན་པོ་ཁྱབ་གདལ་ཆོས་ཀྱི་དབྱིངས་ཀྱི་མཉམ་པ་ཉིད་ཆེན་པོར་གྱུར། ཅེས་རྩེ་གཅིག་ཏུ་མཉམ་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། ཐུན་མཚམས་རྣམས་སུ་མཆོད་བསྟོད་ཅི་འགྲུབ། འོད་གསལ་འཇུག་ལྡང་། བསྔོ་སྨོན་སྤྱི་མཐུན་བྱ་ཞིང་བསྙེན་པའི་ཚད་ནི་འབུམ་ཕྲག་གཅིག་གོ །གཉིས་པ་མདུན་སྐྱེད་སྒྲུབ་ཚུལ་ལ་གཉིས། སྒྲུབ་པ་དངོས་དང་། དེའི་རྗེས་ཀྱི་བྱ་བའོ། །དང་པོ་ལ་བརྒྱད། དམ་ཚིག་བསྐྱེད་དང་ཡེ་ཤེས་གཞུག །བསྟོད་ཕྱག་མཆོད་འབུལ་སྨོན་ལམ་གདབ། །གཟུངས་བཀླག་འདོད་གསོལ་གཏོར་འབུལ་ལོ། །དང་པོ་ནི། བདག་བསྐྱེད་བཟླས་པའི་བར་སྔོན་དུ་སོང་ནས། བདག་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས། མདུན་གྱི་མཎྜལ་རྟེན་མཆོད་དང་བཅས་པ་ཐམས་ཅད་ལ་ཕོག་པས་ཉེས་པའི་སྐྱོན་ཐམས་ཅད་སངས་ཀྱིས་དག་ཅིང་མི་དམིགས་པའི་ངང་ལས། ས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། ཐ་གྲུ་ཆེ་བ། ཁོ་ལག་ཡངས་པ། མཐའ་རིན་པོ་ཆེའི་ཕ་གུས་རྩིག་པ་རིམ་པ་ལྔ་དང་ལྡན་ཅིང་མཆོད་རྫས་དུ་མས་གང་བ། ལག་མཐིལ་ལྟར་སྙོམས་ཤིང་མེ་ལོང་གི་ངོས་ལྟར་གསལ་བ། ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་བུ་ལྟེང་ཀས་བརྒྱན་པ། དཔག་བསམ་གྱི་ཤིང་དང་། རིན་པོ་ཆེའི་ཤིང་འབྲས་བུ་གཡུར་ཞིང་། ལྷའི་གོས་དྲི་མ་མེད་པ་གསེར་གྱི་དྲིལ་བུ་གཡེར་ཁའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱངས་པའི་རང་བཞིན་ལས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་འཕན་ཚར་འཕྱང་བ། དེ་ལྟ་བུའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྷྲཱུཾ་འོད་དུ་ཞུ་བ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་དང་བཅས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར། པདྨ་དཀར་པོ་འདབ་མ་དྲུག་པ། དེའི་ལྟེ་བར་པཾ་ལས་པདྨ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ་ཕོག་པས་འོད་དང་འོད་ཟེར་གྱི་གོང་བུར་གྱུར་ནས་མདུན་གྱི་ཧྲཱིཿལ་ཐིམ། ཧྲཱིཿདེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ། ཕྱག་སྟོང་རྩ་གཉིས་པའི། རྩ་བའི་ཕྱག་བཞི་བཅུ་རྩ་གཉིས་རྣམས་ཀྱི། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོ་བསྣམས་པ། དེ་ནས་རིམ་པ་ལྟར། གཡས་འོག་མ་རྣམས་ཀྱིས་ནོར་བུ། ལྷུང་བཟེད། རྡོ་རྗེ། སྐྱབས་སྦྱིན། ཆུ་ཤེལ། མདའ། རྔ་ཡབ། ཕུབ། རི་རབ། པདྨ་སྔོན་པོ། པདྨ་དམར་པོ། འཇའ་སྤྲིན། མེ་ཏོག །དུང་། བགྲང་ཕྲེང་། རིན་པོ་ཆེ། འཁར་གསིལ། སངས་རྒྱས་ཀྱི་སྤྲུལ་པ། གླེགས་བམ། སྤྲུལ་སྐུ་བསྣམས་པ། གཡོན་གྱི་འོག་མ་རྣམས་ཀྱིས་ཞགས་པ། རལ་གྲི །གཏུན་ཤིང་། མེ་ཤེལ། གཞུ། སྙེ་མ། བྷྲྀངྒ་ར། དགྲ་སཏྭ། པད་དཀར། མེ་ལོང་། ཟ་མ་ཏོག །སྤྱི་བླུགས། རྩེ་གསུམ། ཁྲིའུ་ཤིང་། དྲིལ་བུ། ལྕགས་ཀྱུ། གཞལ་མེད་ཁང་། འཁོར་ལོ། རྒུན་འབྲུ། གདིང་བ་རྣམས་བསྣམས་པ། ཡན་ལག་གི་ཕྱག་སྟོང་རྩ་རྣམས་ཀྱང་ཤིན་ཏུ་སྙོམས་ཤིང་ཕྱག་མཐིལ་དུ་ཡེ་ཤེས་ཀྱི་སྤྱན་རེ་རེ་མངའ་བ་རིན་པོ་ཆེའི་གདུ་བུ་དང་ལྡན་པ། ཞལ་བཅུ་གཅིག་གི་རྩ་བ་ཞི་བའི་ཞལ་གསུམ་དཀར་ལ་འཛུམ་པ། དེ་སྟེང་ཁྲོ་སྒེག་རྔམ་པའི་ཞལ་གསུམ་སེར་ལ་གདངས་པ། དེ་སྟེང་ཁྲོ་ཆགས་འཛུམ་པའི་ཞལ་གསུམ་དམར་ལ་འཛུམ་པ། དེ་སྟེང་ཨཾ་གཙིགས་གཏུམ་པའི་ཁྲོ་ཞལ་མཐིང་ནག་ཁྲོས་པ། དེ་སྟེང་འོད་དཔག་མེད་ཀྱི་ཞལ་དམར་པོ་གཙུག་ཏོར་དང་བཅས་པའོ། །ཞབས་གཉིས་དར་པཉྩ་ལི་ཀའི་ཤམ་ཐབས་དང་བཅས་ཏེ་མཉམ་པར་གཤིབ་ཅིང་བཞེངས་པ། སྐུ་ལ་རིན་པོ་ཆེའི་རྒྱན་ཆ་རྣམ་པ་དུ་མས་སྤྲས་ཤིང་། མེ་ཏོག་ཀུནྡའི་མདོག་ལྟར་དཀར་ལ་འཚེར་བའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་སྤྲས་པའོ། །དེའི་ཕྱི་རོལ་དུ་པདྨ་འདབ་མ་དྲུག་པའི་སྟེང་དུ། མདུན་ནས་རིམ་པ་བཞིན་དུ་ཨོཾ་མ་ཎི་པད་མེ་ཧཱུྃ། ཞེས་པ་སྒྲ་དང་བཅས་ཏེ་ངང་ཧྲང་ངེ་སྣང་ལ་རང་བཞིན་མ་གྲུབ་པར་བསྒོམ། དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་ལ་ཟླ་བའི་གདན་གྱི་སྟེང་དུ། ཤར་ཕྱོགས་སུ་མེའི་འཇིགས་སྐྱོབ་དཀར་པོ་ཕྱག་བཞིའི་འོག་མ་གཉིས་ཀྱིས་རྔ་ཡབ་དང་ཆུ་ཤེལ་འཛིན་པ། ཤར་ལྷོར་ཆུའི་འཇིགས་སྐྱོབ་དཀར་པོ་རིན་པོ་ཆེ་དང་འཁོར་ལོ། ལྷོར་སེང་གེའི་འཇིགས་སྐྱོབ་སེར་པོ་ནོར་བུ་དང་པོ་ཏི། ལྷོ་ནུབ་ཏུ་གླང་ཆེན་འཇིགས་སྐྱོབ་དམར་སེར་ཨུཏྤ་ལ་དང་མེ་ཤེལ། ནུབ་ཏུ་རྒྱལ་པོའི་འཇིགས་སྐྱོབ་དམར་པོ་ལྕགས་ཀྱུ་དང་ཞགས་པ། ནུབ་བྱང་དུ་ཀླུའི་འཇིགས་སྐྱོབ་དཀར་དམར་རྒྱལ་མཚན་དང་གུནྡྷེ། བྱང་དུ་མཁའ་འགྲོའི་འཇིགས་སྐྱོབ་སྔོན་པོ་རྩེ་གསུམ་དང་བྷནྡྷ། བྱང་ཤར་དུ་མི་རྒོད་ཀྱི་འཇིགས་སྐྱོབ་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པ། བརྒྱད་ཀའང་ཞལ་གཅིག་ཁྲོ་འཛུམ་གྱི་ཉམས་ལྡན། ཕྱག་བཞིའི་དང་པོ་གཉིས་ཀྱི་གཡས་སྐྱབས་སྦྱིན་དང་གཡོན་པདྨ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་དང་སྟག་ཤམ་ཅན། ཅུང་ཟད་འགྱིང་བའི་ཚུལ་གྱིས་སེམས་སྐྱིལ་དུ་བཞུགས་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་སྒེག་པའི་ཉམས་ལྡན་དཔའ་བའི་ཆས་སྣ་ཚོགས་ཀྱིས་བརྒྱན་པ། ཕྱི་ནང་ཐམས་ཅད་དུ་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པས་གང་བའོ། །གཙོ་བོའི་མཛོད་སྤུ་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས་ཡེ་ཤེས་པའི་ལྷ་ཚོགས་རྣམས་སྤྱན་དྲངས་པར་གྱུར། གཉིས་པ་ཡེ་ཤེས་གཞུག་པ་ལ་ཐོག་མར་སྤྱན་དྲང་བ་ནི། སྤོས་བཏུལ་དྲིལ་གསིལ་བཅས། ཧྲཱིཿ རྒྱལ་བའི་དབང་པོ་ཆོས་རྗེ་འོད་དཔག་མེད། །པདྨའི་རིགས་འཁྲུངས་མགོན་པོ་སྤྱན་རས་གཟིགས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་རྣམས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ་དེ་ནས། བདུད་རྩི་མཉེན་འཇམ་འོ་མའི་རྒྱ་མཚོ་སྟེ། །དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ། །བཅོམ་ལྡན་ཁྱོད་ལ་མཆོད་ཡོན་འདི་འབུལ་བས། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། འཕགས་པའི་སྐུ་ལ་དྲི་མ་མི་མངའ་ཡང་། །འཇིག་རྟེན་པ་དང་མཐུན་འཇུག་མཛད་པའི་ཕྱིར། །ཆུ་གཙང་སྤོས་དང་སྦྱར་བའི་ཁྲུས་ཆབ་འདིས། །ཞལ་དང་ཕྱག་ཞབས་སྐུ་ཁྲུས་གསོལ་བར་བགྱི། །སྔགས་སྔ་མ་ལྟར་ལས། པཱ་དྱཾ་ཞེས་སྦྱར་བས་ཞབས་བསིལ་ཕུལ་ལ། བདག་དང་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །འཇའ་ཚོན་སྤེལ་ལེགས་བཀོད་འདྲའི་གཞལ་ཡས་འདིར། །པདྨ་ཉི་ཟླ་མཛེས་པའི་གདན་སྟེང་དུ། །བཅོམ་ལྡན་དགྱེས་པའི་ཚུལ་གྱི་བཞུགས་སུ་གསོལ། །སྔགས་མཇུག་ཏུ་ཨ་བེ་ཤ་ཡ་ཏིཥྛ་ས་མ་ཡ་ཧཱུྃ། ཞེས་བཞུགས་སུ་གསོལ་ལོ། །གསུམ་པ་བསྟོད་ཕྱག་ནི། གནས་ལྔ་ས་ལ་འདུད་པའི་ཕྱག་དང་བཅས། གཙོ་བོ་ལ་ཕྱག་སྟོང་སྤྱན་སྟོང་། མཚན་བརྒྱ་རྩ་བརྒྱད། ཡི་གེ་དྲུག་པ། འཁོར་འཇིགས་པ་བརྒྱད་སྐྱོབ། རྒྱལ་ཆེན་སྡེ་བཞི་ལ་ཕྱག་འཚལ་བ་རྣམས་གཞུང་ལྟར་བྱའོ། །རྒྱུན་གྱི་ཉམས་ལེན་ལྟ་བུར་མི་ལྕོགས་ན་གཞུང་གསལ་གྱི་བསྟོད་ཕྱག་བསྡུས་པ་ལ་ནང་ནོར་བུ་ལུགས་ལས་ཅུང་ཟད་ཁ་བསྐངས་པ་ནི། ཨེ་མ་ཧོཿ གང་གི་བྱིན་རླབས་འོད་ཟེར་རབ་འཕྲོས་པས། །བདག་སོགས་རྨོངས་པ་མ་ལུས་ཐམས་ཅད་ཀྱི། །སྙིང་གི་མུན་པ་མ་ལུས་སེལ་མཛད་པའི། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་བསྟོད། །སྐུ་གསུམ་བདག་ཉིད་མཁྱེན་ལྡན་བདེ་བར་གཤེགས། །ཞི་བ་ཆགས་བྲལ་ཐེག་གསུམ་དམ་པའི་ཆོས། །ལྷ་མིས་མཆོད་འོས་ཚོགས་མཆོག་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་བསྟོད། །རྒྱ་ཆེ་རབ་ཟབ་ཆོས་དབྱིངས་རྒྱ་མཚོ་ལས། །རིན་ཆེན་མཆོག་བརྙེས་བདེ་གཤེགས་པདྨོའི་ཞལ། །གསུང་མཆོག་རྡོ་རྗེ་ཐམས་ཅད་མཁྱེན་པའི་གཙོ། །རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །འཁོར་བའི་སྐྱོན་བྲལ་པད་ལྟར་དག་པའི་སྐུ །མཚན་དཔེས་རབ་བརྒྱན་ཉི་མ་འབུམ་གྱི་གཟི། །རིན་ཆེན་སྣ་ཚོགས་དར་གྱི་ན་བཟའ་མཛེས། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་དབྱིངས་ལས་ཐུགས་རྗེའི་སྤྲིན་བསྡུས་ཤིང་། །གསུང་དབྱངས་འབྲུག་སྒྲ་ཡངས་པས་འགྲོ་རྣམས་ལ། །བདུད་རྩི་ཆོས་ཀྱི་ཆར་རྒྱུན་འབེབ་མཛད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་རོ་གཅིག་པ། །ཞི་བ་སྤྲོས་མེད་འོད་གསལ་འདུས་མ་བྱས། །མཁའ་ལྟར་ཁྱབ་པའི་ཡེ་ཤེས་ཐུགས་མངའ་བའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་ཆེན་ལྟ་བུར་དགོས་འདོད་ཐམས་ཅད་འབྱུང་། །ཀུན་གྱི་དཔལ་མགོན་ཡོན་ཏན་བསམ་ཡས་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་མགོན་པོ་འགྲོ་བའི་གཉེན་གཅིག་པུ། །སྔོན་གྱི་ཐུགས་དམ་ཡལ་བར་མི་འདོར་ཞིང་། །གང་ལ་ཅི་འདུལ་ཕྲིན་ལས་ཐོགས་མེད་པའི། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །གངས་རི་ལྟར་དཀར་མཛེས་པའི་རྒྱན་མངའ་བ། །བཅུ་གཅིག་ཞལ་གྱིས་འགྲོ་བ་ཡོངས་ལ་སྐྱོབ། །སྤྱན་སྟོང་ཕྱག་སྟོང་སངས་རྒྱས་རྒྱལ་པོ་སྟོང་། །ཐུགས་རྗེ་མངའ་བ་ཁྱེད་ལ་ཕྱག་འཚལ་བསྟོད། །ཡིག་དྲུག་འབྲུ་མཆོག་རྒྱུ་དྲུག་གནས་སྟོང་མཛད། །རིགས་དྲུག་འདྲེན་ཅིང་ཕ་རོལ་ཕྱིན་དྲུག་ལྡན། །གྲགས་སྟོང་གསུང་དབྱངས་དམ་ཆོས་རིན་ཆེན་ཚོགས། །མདོ་སྡེ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །མེ་ཆུ་སེང་གེ་གླང་ཆེན་ལྕགས་སྒྲོག་སྦྲུལ། །མཁའ་འགྲོ་མི་རྒོད་འཇིགས་པ་བརྒྱད་ལས་ནི། །ངེས་པར་སྐྱོབ་ཅིང་ཐར་པའི་ལམ་བསྟན་པ། །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་བསྟོད། །ཡུལ་འཁོར་སྲུང་དང་རྒྱལ་པོ་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྒྱལ་ཆེན་རྣམ་ཐོས་བུ། །བདེ་གཤེགས་བསྟན་པ་སྲུང་བའི་དགེ་བསྙེན་མཆོག །སྒོ་སྲུང་ཆེན་པོ་བཞི་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །བཞི་པ་མཆོད་འབུལ་ནི། ཆུ་གཉིས་ཉེར་སྤྱོད་མཎྜལ་བཅས། འདོད་ཡོན་ལྔ། སྣ་ཚོགས་པའི་མཆོད་པ་རྣམས་ཀྱི་ཚིགས་བཅད་རྒྱས་པ་གཏེར་གཞུང་དཀྱུས་ལྟར་བྱ་བའམ། མི་ནུས་ན་དེ་དང་ནོར་བུ་ལུགས་ཀྱི་ཚིག་ཚོགས་ཉུང་བར་སྤེལ་བ་ལ། ཕྱི་མཆོད་ནི། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆུ། །མེ་ཏོག་བདུག་སྤོས་མར་མེ་དྲི་དང་བཤོས། །ལོངས་སྤྱོད་རྒྱ་ཆེན་རབ་ལྡན་དཀྱིལ་འཁོར་དང་། །སྙན་པའི་སྒྲ་དབྱངས་རོལ་མོ་སྣ་ཚོགས་བཅས། །འདོད་པའི་ཡོན་ཏན་བླ་མེད་མཆོག་གྱུར་པ། །དངོས་སམ་ཡིད་ལས་བྱུང་བའི་མཆོད་པའི་སྤྲིན། །རྒྱལ་བ་འཁོར་དང་བཅས་ལ་དད་པས་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ་ནས་ཤབྡའི་བར། མཎྜལ་ནི། ཚིག་ལྷུག་རྒྱས་བསྡུས་གང་རུང་གིས་བཀོད་ལ། ཞིང་ཁམས་དཔག་ཡས་རྒྱ་ཆེ་བཀོད་མཛེས་པ། །རིན་ཆེན་ཡིད་འོང་ཁྱབ་གདལ་མཎྜལ་འདི། །འགྲོ་བས་ཞིང་ཁམས་བགྲོད་ཕྱིར་འབུལ་ལགས་ན། །རྩོལ་མེད་འཕགས་པའི་ཞིང་དུ་སྤྱོད་པར་ཤོག །སྔགས་སྔར་བཞིན་ལ། མཎྜ་ལ་ཞེས་སྦྱར། འདོད་ཡོན་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །སྔགས་མཐར། པཉྩ་ཀཱ་མ་གུ་ཎ། མཆོད་པ་སྣ་ཚོགས་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཚོགས། །རྒྱལ་དང་རྒྱལ་བ་སྲས་བཅས་མ་ལུས་ཚོགས། །གསུང་རབ་སར་གནས་འཕགས་པའི་ཚོགས་རྣམས་དང་། །དེ་དག་རྣམས་ལ་དངོས་སུ་འབྱོར་པ་འམ། །ཡོངས་སུ་མ་བཟུང་བློ་ཡིས་རྣམ་སྤྲུལ་པའི། །མཆོད་པ་རྣམ་མང་བླ་མེད་རྒྱ་ཆེན་རྣམས། །རབ་དགའི་སེམས་ཀྱིས་གུས་པས་འབུལ་བར་བགྱི། །མཆོད་རྫས་དམ་པ་འདི་དག་དང་། །འཇིག་རྟེན་ཁམས་ཀྱི་མཆོད་རྫས་རྣམས། །ཐམས་ཅད་བློ་ཡིས་བླངས་ནས་ནི། །སྤྱན་རས་གཟིགས་དབང་འཁོར་བཅས་མཆོད། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ལྷ་རྫས་དམ་པའི་མཆོད་རྫས་ཀུན། །རྒྱལ་སྲས་འཁོར་དང་བཅས་པར་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ལྔ་པ་སྨོན་ལམ་ནི། ཐལ་མོ་སྦྱོར་ཞིང་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཆེར་བསྐྱེད་ལ། ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཤེས་རབ་སྤྱན་ནི་མྱུར་ཐོབ་ཤོག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་སེམས་ཅན་མྱུར་དུ་བསྒྲལ་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཐབས་མཁས་མྱུར་དུ་ཐོབ་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཤེས་རབ་གྲུ་ལ་མྱུར་དུ་ཞུགས་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མཚོ་ལས་མྱུར་དུ་བརྒལ་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་ལམ་ལ་མྱུར་དུ་རྫོགས་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མྱ་ངན་འདས་པའི་རི་ལ་འཛེགས་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འདུས་མ་བྱས་ཀྱི་ཁང་པར་མྱུར་འདུག་ཤོག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མྱུར་དུ་ཆོས་ཉིད་དང་ནི་མཐུན་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གལ་ཏེ་མཚོན་གྱི་རི་ལ་ཕྱོགས་གྱུར་ན། །མཚོན་གྱི་རི་བོ་རང་བཞིན་ཉིལ་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གལ་ཏེ་ཆུ་ཚན་ཟངས་ལ་ཕྱོགས་གྱུར་ན། །མེ་དང་ཆུ་ཚན་ཞི་ཞིང་མེད་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སེམས་ཅན་དམྱལ་བ་ཆེན་པོར་ཕྱོགས་གྱུར་ན། །དམྱལ་བའི་སྡུག་བསྔལ་ཞི་ཞིང་ཟད་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཡི་དྭགས་བཀྲེས་སྐོམ་དག་ཏུ་ཕྱོགས་གྱུར་ན། །བཀྲེས་སྐོམ་གྲང་བའི་སྡུག་བསྔལ་ཞི་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གལ་ཏེ་ལྷ་མིན་གནས་སུ་ཕྱོགས་གྱུར་ན། །ལྷ་མིན་ངན་སེམས་ཡོངས་སུ་ཞི་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གལ་ཏེ་བྱོལ་སོང་གནས་སུ་ལྷུང་གྱུར་ན། །ཤེས་རབ་ཆེན་པོའི་རང་བཞིན་ཐོབ་གྱུར་ཅིག །ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གི་རེ་འདོད་ཡོངས་སུ་བསྐང་གྱུར་ཅིག །དྲུག་པ་གཟུངས་བཀླག་པ་ནི། །གཟུངས་ཐག་བླངས་ལ། གཟུངས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་ཞུགས་པས་དངོས་གྲུབ་ཇི་འདོད་སྩོལ་བའི་བདུད་རྩིའི་རྒྱུན་གྱིས་བུམ་པ་མེར་མེར་གང་། ཞམ་ཆུ་ཁ་དང་མཆུ་ནས་ལུད་པས་ས་དང་བར་སྣང་སོགས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པས་མི་མཐུན་ཉེས་པའི་ཕྱོགས་ཐམས་ཅད་སང་སང་དག་པར་གྱུར། ཅེས་མོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན་བྱཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཏདྱ་ཐཱ༔ ཨོཾ་ཛ་ཏ་ཛ་ཏ་ཞེས་པ་ནས། མངྒ་ལ༔ མངྒ་ལ༔ཞེས་པའི་བར་གྱི་གཟུངས་སྔགས་གྲ་ཟུར་མ་ཉམས་པར་བཀླག་གོ། བདུན་པ་འདོད་དོན་གསོལ་བ་ནི། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ལྷ་ཚོགས་འཁོར་དང་བཅས་པས། བདག་ཅག་ལ་སོགས་པའི་འགྲོ་བ་ཐམས་ཅད་ལ་དགོངས་སུ་གསོལ། དེང་འདིར་སེམས་ཅན་རྣམས་ཀྱི་དོན་དུ་བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པས། ཆོ་ག་འདི་དག་བགྱིས་པའི་མཐུ་དཔུང་ལ་བརྟེན་ནས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་གསོལ་ཞིང་མཆིས་ན། འཕགས་པའི་ཚོགས་ཁྱེད་རྣམས་ཀྱིས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་གཟིགས་པ་ཕུན་སུམ་ཚོགས་པས་ཉེ་བར་གཟིགས་སུ་གསོལ། བདག་དང་ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་ནས་ཟད་ཅིང་སྟོང་པར་མཛད་དུ་གསོལ། དཀར་པོ་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་སྒོ་གསུམ་གྱི་རྒྱུད་ལ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། གཞན་ཡང་གནས་སྐབས་དང་མཐར་ཐུག་གི་དོན་འབྲས་སོ་སོར་ཇི་ལྟར་འདོད་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པས་ཁྱབ་པར་མཛད་དུ་གསོལ། དགེ་བའི་རྩ་བ་ཇི་ལྟར་བསགས་པ་དང་། གསག་པར་འགྱུར་བ་དང་། བདག་གཞན་གྱིས་གསོག་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པའི་དགེ་བའི་རྩ་བ་གང་ལགས་པ་ཐམས་ཅད། འགྲོ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པའི་མཐུ་དཔུང་དམ་པ་མཛད་དུ་གསོལ། །ཞེས་བརྗོད་ལ་མེ་ཏོག་འཐོར་རོ།།བརྒྱད་པ་གཏོར་འབུལ་ནི། དཀྱུས་སུ་མ་བསྟན་པས་མ་བྱས་ཀྱང་ཆོག་རུང་བྱ་ཁྱུང་པ་ཡབ་སྲས་ཀྱི་ཕྱག་རྒྱུན་དུ་འབྱུང་བ་ལྟར་སྤྲོ་ན། གཏོར་མ་སྔོན་གཏོར་ལྟར་བྱིན་བརླབ། ཨོཾ་ཨཱཿཧཱུྃ་གུ་རུ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་སྟོང་འཁོར་ལོས་སྒྱུར་བའི་སོགས་དང་། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་སོགས་ཕྲིན་ལས་སྤྱི་ལྟར་གསོལ་ལོ། །འདིའི་གཟུངས་སྒྲུབ་གཞུང་མཐུན་བྱེད་པའི་ཚེ་བསྐྱེད་བསྟིམ་བཞུགས་གསོལ་ཡན་ཚར་གཅིག་གིས་ཆོག་ལ། བསྟོད་ཕྱག་ཚར་རེའི་སྐབས་ཕྱག་བརྒྱ་ཕྲག་སོགས་ཅི་ནུས། མཆོད་པ་ཚར་རེ། སྨོན་ལམ་དང་གཟུངས་སྔགས་ཚར་རེ། འདོད་གསོལ་ཚར་རེ་བྱས་ཏེ་ཐུན་རེ་ལ་ཅི་འགྲུབ་མཐར་རྗེས་ཆོག་བྱ། དེ་ལྟ་བུའི་ཚུལ་གྱིས་རབ་སྟོང་རྩ། འབྲིང་བརྒྱ་རྩ་བརྒྱད། ཐ་མ་ཉེར་གཅིག་གྲུབ་པར་བྱ་ཞིང་། ཉིན་གཅིག་ཁོ་ནར་བྱེད་ན་ཚར་གྲངས་ཅི་འགྲུབ་བྱ་ཆོག་པས་ཆོ་གའི་སྔོན་རྗེས་ཚར་གཅིག་གིས་ཆོག་གོ །གཉིས་པ་རྗེས་ཀྱི་བྱ་བ་ལ་ལྔ། བཟོད་གསོལ། གཤེགས་བསྡུ། བསྔོ་སྨོན། དཀྱིལ་འཁོར་བསྡུ་བ། ཤིས་བརྗོད་དོ། །དང་པོ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ཀུན་མགོན་གྱིས་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་པས། །མ་ཚང་བ་དང་མ་འབྱོར་པ། །གང་ཡང་བགྱི་འོས་མ་བགྱིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །དུས་ངན་སེམས་ཅན་སྤྱོད་པ་དམན། །མ་དག་ཉོན་མོངས་དང་འདྲེས་པས། །འཕགས་པའི་ཐུགས་དགོངས་མ་རྫོགས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །བག་མེད་སྤྱོད་པ་མ་དག་པས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་སམ། ཤློ་ཀ་དང་པོ་གཉིས་ཙམ་གྱིས་ཀྱང་འཐུས་སོ། །གཉིས་པ་གཤེགས་བསྡུ་ནི། རྡུལ་ཚོན་ཡིན་ན་སྤྱི་ལྟར་གཤེགས་གསོལ་བྱ་བའམ། ཡང་ན་སྐུ་གསུང་ཐུགས་ཀྱི་རྟེན་བཤམས་པ་ལ་དམིགས་ཏེ་བརྟན་བཞུགས་བྱས་ཀྱང་རུང་། རས་བྲིས་ལ་ཡེ་ཤེས་པ་བརྟན་བཞུགས་བྱ་སྟེ། དེའང་མདོ་ཆོག་སྤྱི་ལྟར། ཕྱོགས་བཅུ་ན་བཞུགས་པའི་སོགས་སམ། འདིར་ནི་རྟེན་དང་སོགས་བརྗོད་དོ། །དམ་ཚིག་པ་ལ་དམིགས་ཏེ། ཐུགས་ཀའི་འོད་ཟེར་གྱིས་སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་དུ་གྱུར་པ་འོད་དུ་གྱུར་ནས་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་ལ་ཐིམ། ནང་བཅུད་སེམས་ཅན་ལྷར་གྱུར་པ་འོད་དུ་ཞུ་ནས་འཁོར་གྱི་ལྷ་ལ་ཐིམ། དེ་གཙོ་བོ་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་མས་རིམ་གྱིས་གཅིག་ལ་གཅིག་ཐིམ་ནས་དམིགས་མེད་སྤྲོས་བྲལ་མཉམ་ཉིད་ཆེན་པོར་གྱུར་ཅེས་མཉམ་པར་བཞག །དེའི་ངང་ལས་ལྷར་ལྡངས་ཏེ་ཁྱེར་སོ་གསུམ་དང་ལྡན་པར་བྱའོ། །གསུམ་པ་བསྔོ་སྨོན་ནི། མི་ཏྲ་ལུགས་ཀྱི་བདེ་སྨོན་ནམ། འགྲུབ་ན་བཟང་སྤྱོད་སྨོན་ལམ་སོགས་བརྗོད། བསྡུ་ན། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་གང་ཤེས་བྱ། བཞི་པ་དཀྱིལ་འཁོར་བསྡུ་བ་ནི། ཨ་ཀཱ་རོ་བརྗོད་ལ་རྡུལ་ཚོན་ཆུ་ཀླུང་ཆེན་པོར་བླུག །མཆོད་པའི་རས་མ་རྣམས་ལོངས་མི་སྤྱོད་པར་གཙང་སར་དོར། ལྔ་པ་ཤིས་བརྗོད་ནི། ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་བྱའོ། །རྩ་བའི་གསུམ་པ་ལས་ཕྲན་ལ་འཇུག་ཚུལ་ནི། ཡུལ་རིས་རྒྱལ་ཁམས་སུ་ཡམས་ནད་མུ་གེ་འཁྲུགས་པ་སད་སེར་ཐན་པ་ལྟས་ངན་སོགས་ཉེར་འཚེ་བྱུང་བའི་ཚེ་གོང་དུ་ཇི་སྐད་བཤད་པའི་ཆོ་ག་རྣམས་ཞག་གྲངས་དུས་སྐབས་དང་སྦྱར་ཏེ་ཐ་ན་ཉིན་གཅིག་ཡན་གྲུབ་པར་བྱས་པའི་རྗེས་ལ། སྐུ་གསུང་ཐུགས་རྟེན་བྱིན་ཅན། མཆོད་པ་རྣམ་ལྔ། འཕན་གདུགས་རྒྱལ་མཚན་རོལ་མོའི་བྱེ་བྲག་ཅི་འབྱོར་པ་ཁྱེར་ལ་དགེ་སློང་བཞི་སྡེ་དང་། གཟུངས་ཆོག་པ། གྲོང་ཁྱེར་པ་རྣམས་དང་བཅས་པས་གཟུངས་སྔགས་འདོན་ལ་སྨོན་ལམ་གདབ་བཞིན་དུ་གྲོང་ཁྱེར་བསྐོར། ཁྱད་པར་སློབ་དཔོན་གྱིས་གཟུངས་བུམ་སྤྱན་དྲངས་ཏེ་ཡིག་དྲུག་དང་གཟུངས་བཟླ་བཞིན་དུ་བུམ་ཆུ་འཐོར་ལ། སྣང་ཡུལ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་ཤ་སྟག་ཏུ་གྱུར་པར་བསམ། བྱེ་བྲག་ཏུ་ཡམས་ནད་ལ་སྨན་སྣ་ཚོགས་ཀྱི་མཎྜལ་ཕུལ་ལ། ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཞི་བར་མཛད་དུ་གསོལ། ཅེས་པ་ལ་སོགས་པས་གསོལ་བ་གདབ། མུ་གེ་ལ་ཟས་སྣ་ཚོགས་པ་དང་འབྲུ་སྣ་ཚོགས་པས་མཆོད་ཅིང་གསོལ་འདེབས་བསྒྱུར། འཁྲུགས་པ་ལ་གོ་མཚོན་ཕུལ་ལ་སྨོན་ལམ་བསྒྱུར། མཚོན་ཆ་སྣ་གསུམ་དར་རམ་སྐུད་པ་དཀར་པོ་ལ་གཟུངས་སྔགས་བཟླས་པས་བཅིངས་ནས་གྲོང་ཁྱེར་གྱི་དབུས་སུ་བཞག །བྱད་ཁ་བཟློག་ན་བསྐོར་བ་ཕྱིན་ཀ་ལོག་ཏུ་ལན་གསུམ་བསྐོར། གཟུངས་སྔགས་ཀྱི་ཤམ་དུ། འདི་ཞེས་བྱ་བའི་བྱད་ཟོར་རིག་སྔགས་ཐམས་ཅད་ཟློག་ཅིག །སྒྱུར་ཅིག །རང་གཤེད་རང་ལ་ཕོབ་ཅིག །རང་མཚོན་རང་ལ་རྒྱོབ་ཅིག །ལ་སོགས་པའི་དམོད་པ་དང་ཟློག་སྔགས་ཀྱི་རིགས་བཟླ་ཞིང་ཐལ་མོ་བརྡབ། དུལ་མོ་བཏུལ་བ་སོགས་བྱས་པའི་རྗེས་ལ་གཡས་བསྐོར་ལན་གསུམ་བྱས་ལ་སྲུང་བའི་འཁོར་ལོ་བསྒོམ། གཞན་ཡང་འདོད་པའི་དོན་ཇི་ལྟར་རིགས་པའི་གསོལ་བ་གདབ་པ་ཐམས་ཅད་ལ། གྲོང་ཁྱེར་བསྐོར་བའི་ལས་ཀྱི་སྦྱོར་བ་གསོལ་ཚིག་དང་བཅས་པ་བྱས་ནས། གྲོང་ཁྱེར་འགྲོ་བ་དང་བཅས་པ་སྤྱན་རས་གཟིགས་སུ་བསམ། གཟུངས་སྔགས་བཟླ། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། མེ་ཏོག་གམ་ནས་ལ་གཟུངས་སྔགས་བཟླས་པ་གཏོར། བུམ་ཆུས་ཆག་ཆག་གདབ་ཅིང་གཏོར། གྲོང་ཁྱེར་ཐམས་ཅད་ལ་ས་དཀར་གཏོར། ཡི་གེ་དྲུག་པ་བྲི། སྲུང་བའི་འཁོར་ལོ་བསྒོམ། ཕྱོགས་བཞིར་ཐོ་མི་ལངས་པ་ཙམ་བཞི་བརྩེགས་ལ། རྒྱལ་པོ་ཆེན་པོར་མངའ་གསོལ་ཞིང་སྲུང་བ་དང་མཚམས་ཆོད་ཅིག་ཅེས་པས་བཀའ་བསྒོ །ཐོ་ལ་ཡུངས་དཀར་གཏོར། ཅོད་པན་གདགས། ཡམས་ནད་ལ་སོགས་པའི་གནོད་པ་ཚབས་ཆེ་ན། འགྲོ་བ་ཐམས་ཅད་ལ་གཟུངས་སྔགས་བཟླས་པའི་སྲུང་སྐུད་གདགས། གཟུངས་ཀྱི་རྒྱུན་བཙུག །ཁྲོ་བོ་བཅུ་དང་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྐྱེད་རིམ་གསལ་བཏབ་ལ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱིས་གྲོང་ཁྱེར་བསྲུང་བྱ་གང་ཡིན་པ་དེ་ཉིད་བསྐོར་ནས་བཞུགས་པར་བསམ། མདོ་སྡེ་བཀླག །གླུད་གཏོར་གཏང་། སྤྲང་སྟོན་བྱ། སཱཙྪ་གདབ། ཆུ་གཏོར་གཏང་། ཕྱོགས་མཚམས་ཐམས་ཅད་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་སརྦ་རཀྵ་ཀུ་རུ་ཧཱུྃ། ཞེས་པ་བྲི། ལམ་འཕྲང་བསལ། བཀྲ་ཤིས་དང་སྨོན་ལམ་བརྗོད། ཅོད་པན་དཀར་པོའམ། ཙནྡན་གྱི་བྱང་བུ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ལ་སོགས་པའི་གཟུངས་སྔགས་ཅི་འགྲུབ་བྲིས་ལ་གྲོང་ཁྱེར་གྱི་དབུས་དང་། སྒོ་ཁང་གི་སྟེང་དུ་བཙུག་སྟེ་རླུང་ཕོག་པར་བྱ། ཐམས་ཅད་ཀྱིས་དུས་རྒྱུན་དུ་ཡི་གེ་དྲུག་པ་བགྲང་། ཐམས་ཅད་ལ་སྤྱི་མཐུན་དུ་གཙང་འགྲམ་གྱི་བྱེ་མ་གཙང་མ་ཡུངས་དཀར་དང་བསྲེས་པ་ལ། གཟུངས་སྔགས་མང་དུ་བཟླས་ཏེ་བསྲུང་བའི་ས་ཕྱོགས་ཐམས་ཅད་དུ་གཏོར། སྲད་བུ་དཀར་པོ་ལ་ཡང་གཟུངས་སྔགས་བཟླས་ལ་བསྲུང་བྱའི་གྲོང་ཁྱེར་བསྐོར་ལ་བཞག་གོ །ཐམས་ཅད་ཀྱི་རྗེས་ལ་བཀྲ་ཤིས་པའི་རྟེན་འབྲེལ་སྣ་ཚོགས་བསྒྲིགས་པ་ནི་གནད་དམ་པའོ། །དེ་ལྟ་བུའི་གཟུངས་ཀྱི་ཆོ་ག་འདི་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་དགོས་པ་དཔག་ཏུ་མེད་པ་ནི་གཟུངས་ཀྱི་མདོ་རིན་ཆེན་འབྲུག་སྒྲར་གསལ་བ་ལྟར་རོ། །གཉིས་པ་གདམས་ངག་གི་བཀའ་བཀྲོལ་བ་ནི། བཤད་མ་ཐག་པའི་གཟུངས་སྒྲུབ་ཀྱི་ཆོ་ག་འགྲུབ་ན་མཆོག་ཡིན་ལ། སྐབས་དེར་ནི་གཞུང་གི་གླེགས་བམ་དང་། རྟ་ཐོད། ཁྲུས་བུམ་ཙམ་ཉེ་བར་བསྡོགས་པས་ཆོག་ལ། བཀའ་གཏད་ཁོ་ན་སྟབས་བདེར་བྱེད་ན། སྟེགས་སོགས་གོང་དུ་བཤད་པ་ལྟར་ལ་མཎྜལ་པདྨ་འདབ་དྲུག་ལྟེ་བར་ཧྲཱིཿདང་འདབ་དྲུག་ལ་ཡིག་དྲུག་བྲིས་པའི་ཁར་འཕགས་པའི་སྐུ་བརྙན་དང་རྒྱལ་པོ་ལུགས་ཀྱི་གླེགས་བམ་བཀོད། བྱང་ཤར་དུ་རྟ་ནག་པོའི་ཐོད་པ་གསུངས་ཀྱང་འཛོམ་དཀའ་བས་དེའི་ཐོད་རུས་བསྲེས་པའི་ཟན་ལ་རྟ་མགོ་ནག་པོ་བཅོས་པའི་ནང་དུ་དར་ཟབ་འབྲུ་སྨན་རིན་པོ་ཆེ་རྣམས་དང་། མཐིང་ཤོག་ལ་གསེར་རམ་མཚལ་གྱིས་འོག་གི་རྟ་སྔགས་བྲིས་པ་གཞུག་ལ་དར་སྣས་བརྒྱན་ཅིང་དར་ནག་གིས་བཀབ་ལ་འབྲུའི་སྣོད་དུ་བཞག །མཐའ་གཏོར་མ་གཉིས་དང་མཆོད་པས་བསྐོར། སློབ་དཔོན་གྱིས་ཁྲུས་ནས་བརྩམ་སྟེ་གོང་དུ་ཇི་སྐད་བཤད་པའི་སྔོན་འགྲོ་བདག་བསྐྱེད་བཟླས་པ་དང་བཅས་པ། མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་བསྡུས་འཚམ་པ་དང་། གཟུངས་མདོ་མ་ལྕོགས་ན་པར་བཀབ་མི་དགོས་པས་ཡིག་དྲུག་ཅི་ནུས་དང་ཞལ་བཅུ་གཅིག་པའི་གཟུངས་རིང་བཟླས་ལ་འདོད་དོན་གསོལ། རྟ་ཐོད་གནམ་ལྕགས་ཀྱི་གཞལ་ཡས་ཁང་གི་ནང་དུ་གནོད་སྦྱིན་རྟ་མགྲིན་ནག་པོ་རིན་པོ་ཆེའི་སྒྲོམ་བུ་བསྣམས་པ་དར་ནག་གི་འཇོལ་བེར་སྐུ་ལ་གསོལ་བ། དབུ་ལ་རྟ་མགོ་ལྗང་ཞུར་འཚེར་བ། ཤིན་ཏུ་ཁྲོས་ཤིང་རྔམ་པ་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པར་གྱུར་པར་མོས་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཀཱ་ཡ་ཝཱ་ཀ་ཙིཏྟ་དྷརྨ་སིདྡྷི་ཕ་ལ་རཏྣ་སིདྡྷི་ཕ་ལ་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཧཱུྃ། ཞེས་ཅི་འགྲུབ་བཟླ། འདི་ལ་ཤ་ཁྲག་གིས་བརྒྱན་པའི་གཏོར་མ་ཟུར་དུ་བཤམ་པར། གཏོར་འབུལ་གཞུང་ལྟར་ལ། སྔགས་ཀྱི་རྗེས་སུ་འདིའི་རྩ་སྔགས་ལ་གཏོར་སྔགས་བཏགས་པས་ལན་བདུན་གྱིས་འབུལ་ལ་མཆོད་བསྟོད་ཕྲིན་བཅོལ་བྱ། གླེགས་བམ་ལ་དམིགས་ཏེ་ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་ཕུལ། རྒྱས་པར་སྤྲོ་ན། རྩ་བ་གསུམ་ལ་ཚོགས་མཆོད་རྒྱལ་པོ་ལུགས་ཀྱི་ཕྲིན་ལས་གཞན་དུ་འབྱུང་བ་ལྟར་བྱ། དགེ་སློང་བཞི་སྡེ་ལ་དྲོ་དྲངས་ཤིང་བཀྲ་ཤིས་པའི་སྨོན་ལམ་འདེབས་སུ་གཞུག་པར་གསུངས་སོ། །ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབས་ལ་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། གོས་གསར་པ་དང་བཅས་ཏེ་ནང་དུ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་རང་གཟུགས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཉིད། གངས་ཅན་མུན་པའི་གླིང་དུ་དམ་པ་ཆོས་ཀྱི་སྒྲོན་མེ་སྣང་བར་མཛད་པའི་ཕྱིར། རྗེ་བོ་དམ་པའི་སྐུར་བཞེངས་པ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་སྔ་ནས། རང་ཉིད་ཀྱི་ཐུགས་དམ་ལྷ་སྤྱན་རས་གཟིགས་ལས་བརྩམ་སྟེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་ཐམས་ཅད། མདོ་སྐོར་སྒྲུབ་སྐོར་ཞལ་གདམས་གྱི་སྐོར་གསུམ་དུ་དྲིལ་ནས་མ་འོངས་པའི་དོན་དུ་དགོངས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཕྱི་ནང་རྣམས་སུ་གཏེར་དུ་གཏམས། ཨོ་རྒྱན་སངས་རྒྱས་གཉིས་པས་བོད་ཀྱི་འགྲོ་བ་རྣམས་འདུལ་བའི་ཕྱིར་ཆོས་རྒྱལ་དངོས་ལས་ཀྱང་གདམས་པ་རྣམས་གསན་པའི་ཚུལ་བསྟན་ཅིང་ཕྱིས་བོད་དུ་ཕེབ་པའི་ཚེ་ལྷ་སའི་གཏེར་རྣམས་ཞལ་ཕྱེས་ཏེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གདམས། སླར་འགའ་ཞིག་རང་མལ་དུ་བཞུགས་ཤིང་འགའ་ཞིག་ཕྱིས་འབྱུང་དགོས་པ་ལ་གཟིགས་ནས་གཏེར་གནས་གཞན་མང་པོར་གུ་རུ་ཉིད་ཀྱི་གདམས་པའི་ཁ་ཚར་བཅས་གཏེར་དུ་གཏམས་པ་ལས། བཀའ་སྲོལ་འདི་ནི་ཞལ་གདམས་ཀྱི་སྐོར་ཁ་ཚར་དང་བཅས་པ་སྟེ། དེའང་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊའི་ཕྱག་ཡིག་ཆུ་དར་སྔོན་པོ་ལས་ཡེ་ཤེས་མཚོ་རྒྱལ་གྱིས་ཤོག་སེར་ངོས་སུ་བཤུས་ཤིང་བརྡ་ཡིག་ཏུ་བཏབ་ནས། བསམ་ཡས་མཆིམས་ཕུའི་བྲག་སྣ་སེང་གེའི་གདོང་པ་འདྲ་བར་གཏེར་དུ་སྦས་པ་དུས་ལ་བབས་པ་ན། མགར་སྟོང་བཙན་ཡུལ་བཟུང་གི་སྐྱེ་མཐའ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་རོལ་པ་ཡེ་ཤེས་རྩལ་གྱིས་སྤྱན་དྲངས་པ་སྟེ། དེ་ལྟ་བུའི་གདམས་པའི་བཀའ་བཀྲོལ་ཞིང་སྣོད་རུང་དུ་བསྒྲུབ་པ་ལ་ཐོག་མར་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་རིགས་ཀྱི་བུ་ཁྱོད་ཐུགས་རྗེ་ཆེན་པོ་ཡི་དམ་དུ་འཛིན་པར་འདོད་པ་དེ་ལེགས་སོ། དུས་དེ་རིང་ནས་བཟུང་སྟེ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག །ན་མོ། རྐང་གཉིས་གཙོ་བོ་སོགས་ལན་གསུམ། ཕྱོགས་བཅུའི་རྒྱལ་སྲས་སོགས་ལན་གསུམ། མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་སྲས་དང་བཅས་པ་སྙིང་རྗེའི་རོལ་པའི་གཟུངས་ཀྱི་སྐུ་གང་འདུལ་མོས་པའི་དཔལ་དུ་འཆར་བའི་སྤྱན་སྔར་རྣམ་པར་དག་པའི་གསག་སྦྱོང་ལ་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དུས་གསུམ་བཞུགས་པའི་སོགས་ནས། བྱང་ཆུབ་ཐོབ་པར་ཤོག་བར་གཟུངས་ཆོག་ལྟར་བྱ། སློབ་མ་རྣམས་འཛོམ་ན་ཁྲིའི་སྟེང་རྒྱན་དང་བཅས་བཞག་ལ། དེ་ནས་ཆོས་ཀྱི་དབང་ཕྱུག་གདམས་ངག་གི་བདག་པོར་མངའ་གསོལ་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་གྱུར་པའི་ངང་ལས་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་སོགས་གཟུངས་ཆོག་མདུན་བསྐྱེད་ལྟར་ལ། མཚན་དང་དཔེ་བྱད་རྣམས་ཀྱིས་རྣམ་པར་སྤྲས་པ་ཅན་དུ་གསལ་བའི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་མཆོད་པའི་བཀོད་པ་དུ་མ་དང་བཅས་ཏེ་འཁོད་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་ཡང་དེར་གསལ་བ་ལ་མོས་གུས་མཛད་པའི་རྐྱེན་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རང་བཞིན་དུ་ནམ་མཁའ་ནས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །གླེགས་བམ་དང་སྐུ་རྟེན་དར་ཟབ་ཀྱིས་དྲིལ་བ་བུའི་གནས་གསུམ་དུ་རེག་ཅིང་ལག་གཡས་སུ་གཏད་ལ། ཨེ་མ་ཧོཿ དུས་གསུམ་སངས་རྒྱས་སྲས་དང་བཅས་རྣམས་ཀྱི། །མཛད་པའི་ཕྲིན་ལས་བརྩེ་བའི་ཐུགས་རྗེ་གང་། །རྒྱལ་སྲས་འདི་ལ་རྗེས་སུ་གནང་ལགས་ན། །དུས་ལ་བབས་ཀྱིས་ཉེ་བར་དབང་བསྐུར་གསོལ། །བྱང་ཆུབ་སེམས་དཔའ་སྐྱེས་མཆོག་ཁྱེད་ཀྱིས་ཀྱང། །གདུལ་བྱ་མོས་བློ་འགྲོ་བ་ཐམས་ཅད་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ཐེག་ཆེན་ཆོས་འདི་སྟོན་ཅིང་སྨིན་པར་གྱིས། །དེང་ནས་འགྲོ་བའི་མགོན་པོར་མངའ་དབུལ་ན། །རྒྱལ་ཚབ་ཆེན་པོའི་ཁུར་ཆེན་ཁུར་མཛོད་ལ། །འགྲོ་བའི་སྟོན་མཆོག་ཆོས་ཀྱི་མཛོད་འདི་ཟུངས། །ཡིག་དྲུག་བསྟན་པའི་སྒྲོན་མེ་སྦར་དུ་གསོལ། །ཞེས་དང་རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་ནས་རྟ་ཐོད་ལག་ཏུ་གཏད་ལ། དཔལ་གནོད་སྦྱིན་ནག་པོ་ཁྱོད་ཀྱིས་སྔོན་ནས་ཆོས་འདིའི་བཀའ་དང་བསྟན་པ་ཇི་ལྟར་བསྲུངས་པ་ལྟར་དེང་ནས་ཀྱང་། བྱང་ཆུབ་སེམས་དཔའ་འདིའི་དགོངས་པ་ཉེ་བར་སྒྲུབས་ལ་བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །ཚེ་དང་བསོད་ནམས་སྤེལ་ཅིག །གྲགས་པ་དང་སྙན་པ་སྒྲོགས་ཤིག །དགྲ་དང་བགེགས་དང་བར་ཆོད་ཐུལ་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །བྱས་ལ་ཐོད་པ་བང་མཛོད་ཀྱི་ཕུགས་སུ་སྦས་ཏེ་དུས་རྟག་ཏུ་མཆོད་པ་བྱ་བར་གསུངས་སོ། ཁྱེད་རྣམས་ཀྱིས་དེང་ནས་བརྩམ་སྟེ་འགྲོ་བ་ཐམས་ཅད་ཡི་གེ་དྲུག་པའི་བསྟན་པ་ལ་བཀོད་པར་བྱའོ། །རྣལ་འབྱོར་པ་ཐམས་ཅད་རྟོག་མེད་རང་བྱུང་རྒྱ་ཡན་ལྷུག་པའི་ངང་ལ་ལུས་ངག་ཡིད་གསུམ་བཅོས་མའི་སྒྲོག་གིས་མ་བཅིངས་པར་ཐུགས་རྗེ་གདལ་ཁྱབ་ཆེན་པོའི་ངང་ལ་བཞག་པར་བྱའོ། །དེ་ལྟར་གདམས་པའི་དོན་ལས་འདའ་བར་མི་བྱའོ་སྙམ་པས་འདིའི་རྗེས་ཟློས། །གཙོ་བོས་ཇི་ལྟར་སོགས་རྗེས་རིམ་སྤྱི་ལྟར་བྱ། གཟུངས་ཆོག་དང་འབྲེལ་མ་འབྲེལ་གང་ལྟར་ཡང་ནོངས་བཤགས་སོགས་དེའི་མཇུག་ལྟར་བྱའོ། །སྤྲུལ་པའི་རྒྱལ་པོའི་ཞལ་གདམས་ཀྱིས། །དོན་གཉིས་ཡིད་བཞིན་སྒྲུབ་པའི་ཚུལ། །སྙིང་པོར་དྲིལ་ཏེ་གསལ་བྱས་དགེས། །ཐུགས་རྗེ་ཆེ་དང་མཉམ་གྱུར་ཅིག །ཟབ་ཅིང་ཁུངས་བཙུན་ཉེར་མཁོ་བྱ་སླ་ཡང་། །སྦས་པའི་གཏེར་བཞིན་བཞུགས་འདིའི་ཕྲིན་ལས་རྒྱ། །གྲོལ་ནས་ཕྱི་ནང་ཉེས་པ་མཐའ་དག་བཅོམ། །བདེ་ལྡན་ཞིང་གི་དཔལ་ཡོན་མངོན་རྫོགས་ཤོག །ཅེས་པའང་རང་གཞན་ལ་ཉེ་བར་ཕན་པའི་ཕྱིར་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བྲིས་པ་དགེ་ལེགས་འཕེལ། །འདིའི་གཟུངས་ཆོག་ཚུལ་བཞིན་དུ་བྱེད་ན་དཔེ་འདིའི་སྟེང་གཏེར་གཞུང་གི་ཕྱག་མཆོད་རྒྱས་པ། གཟུངས་རིང་བཅས་ཁོལ་དུ་ཕྱུང་ནས་བསྡེབས་པས་དོན་འགྲུབ་པར་ཡོད་དོ།། །།
གཟའ་མཆོག་ཆེན་པོ་རཱ་ཧུ་ལ་ཡི་སྐོང་གསོ་ཁྲག་མཚོ་འཁྱིལ་བ་ (Volume 38, Text 36)
༄༅། །གཟའ་མཆོག་ཆེན་པོ་རཱ་ཧུ་ལ་ཡི་སྐོང་གསོ་ཁྲག་མཚོ་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། ཧཱུྃ། འགྲུབ་པར་གྱུར་ཅིག་མཐུ་སྟོབས་དབང་ཕྱུག་གཙོ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། །ཐུགས་དམ་སྐོང་བའི་ཆོ་ག་བརྗོད་པར་བྱ། །དེ་ལ་གཟའི་བཤོས་བུ་དགུས་བསྐོར་རྩེ་ལ་ལིང་དམར་གྱིས་བརྒྱན་པ་ཀྱུ་གུ་བརྒྱད་དང་རི་ལུ་བརྒྱད་ཀྱིས་བསྐོར་བ་དར་ནག་གི་འཕན་ལྡིང་དང་བཅས་པ་བཤམ། ཚོགས་དང་སྤྱན་གཟིགས་མང་པོ་དང་སྤོས་དང་ཚིལ་ཆེན་གྱི་དུད་པ་འཐུལ། རྔ་དང་རོལ་མོ་སྒྲོག་ཅིང་། རང་ཉིད་པདྨ་ཐོད་ཕྲེང་རྩལ་གྱི་ང་རྒྱལ་གྱིས་མཚམས་གཅད་པ་ནི། ཧཱུྃ། བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ། །མཐིང་ནག་མེ་ཡི་ཀློང་ན་བཞུགས། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །ཞལ་གདངས་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག །ཕྱག་གཡས་རྡོ་རྗེ་ཐོད་དབྱུག་གདེངས། །གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་ཏེ། །སྦྲུལ་དང་ཐོད་ཕྲེང་འབར་བས་བརྗིད། །ཧཱུྃ་དང་ཕཊ་ཀྱི་འཕྲོ་འདུ་ལས། །སྤྲུལ་པའི་ཁྲོ་ཆུང་གློགས་ལྟར་འཁྱུགས། །མཚོན་ཆ་མེ་རི་སྟོང་ཁམས་འབར། །རླུང་ཡང་རྒྱུ་བའི་སྐབས་མེད་ན། །བར་ཆད་བགེགས་རྣམས་སྨྲོས་ཅི་དགོས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨུ་ཙ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་མཚམས་བཅད་ནས། མདུན་དུ་གཟའ་མཆོག་འཁོར་དང་བཅས་པ་སྐད་ཅིག་གིས་བསམ་སྟེ། སྤྱན་དྲང་བ་ནི། ཧཱུྃ། རྡོ་རྗེ་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། །ཡང་སྤྲུལ་མི་བཟད་འབར་བའི་སྐུར་སྟོན་པ། །གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། །ངང་ཉིད་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ཤིག །སྙིགས་དུས་མི་བཟད་ལྔ་བརྒྱའི་ཐ་མ་འདིར། །སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་དོན་དུ། །ཐུགས་ཉིད་ཞི་བ་ཆོས་དབྱིངས་རྣམ་དག་ཀྱང་། །དྲག་གཏུམ་མི་བཟད་ཐུགས་རྗེས་སྐུ་བཞེངས་ཤིག །ཧཱུྃ། ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །ཡག་ཤ་ཛྭ་ལ་དམ་ལ་ཤོག །འདོད་ཆགས་འབར་བའི་དཀྱིལ་འཁོར་ནས། །རྡོ་རྗེ་གློག་འགྱུ་དམ་ལ་ཤོག །འདོད་ཆགས་ཞེ་སྡང་འབར་བ་ལས། །སྤྲུལ་པའི་གཟའ་བདུད་དམ་ལ་ཤོག །མ་མོ་རོལ་པའི་དུར་ཁྲོད་ནས། །ལྗང་སྔོན་ཆེན་པོ་དམ་ལ་ཤོག །དགྲ་བླ་ཚོགས་པའི་དཀྱིལ་འཁོར་ནས། །དྲང་སྲོང་དཀར་སེར་དམ་ལ་ཤོག །ཀླུ་བདུད་རོལ་པའི་ད་ལ་ནས། །བདུད་ཕོ་རཱ་ཙ་དམ་ལ་ཤོག །སྲིན་པོ་ཚོགས་པའི་དཀྱིལ་འཁོར་ནས། །བྱི་ཏྲི་པ་ཏྲ་དམ་ལ་ཤོག །དམུ་བདུད་རོལ་པའི་དཀྱིལ་འཁོར་ནས། །དམུ་བདུད་ཆེན་པོ་དམ་ལ་ཤོག །གཤིན་རྗེ་རོལ་པའི་དཀྱིལ་འཁོར་ནས། །དུ་བ་མཇུག་རིང་དམ་ལ་ཤོག །ཀླུ་བཙན་རོལ་པའི་དཀྱིལ་འཁོར་ནས། ཁྱབ་འཇུག་ཆེན་པོ་དམ་ལ་ཤོག །སྡེ་བརྒྱད་ཚོགས་པའི་དཀྱིལ་འཁོར་ནས། །སྒྲ་གཅན་ཆེན་པོ་དམ་ལ་ཤོག །ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །སྟག་སྲིན་ཟོར་གདོང་དམ་ལ་ཤོག །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །བམ་སྲིན་དྲེད་གདོང་དམ་ལ་ཤོག །ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ཀོང་སྲིན་བ་གླང་གདོང་ཅན་དམ་ལ་ཤོག །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །འབྲོག་སྲིན་ཆུ་སྲིན་གདོང་ཅན་དམ་ལ་ཤོག །སོ་སོའི་གནས་དང་ཕོ་བྲང་ནས། །སྤྲུལ་པའི་གཟའ་བརྒྱད་དམ་ལ་ཤོག །རྒྱུ་སྐར་ཉེར་བརྒྱད་དམ་ལ་ཤོག །ལྷ་སྲིན་སྡེ་བརྒྱད་དམ་ལ་ཤོག །ཀླུ་འབུམ་ཚོགས་པའི་ཕོ་བྲང་ནས། །རྡོ་རྗེ་ལེགས་པ་དམ་ལ་ཤོག །སྲིན་པོ་འབུམ་གྱི་ཕོ་བྲང་ནས། །ལྷ་མོ་ནག་མོ་དམ་ལ་ཤོག །གཤིན་རྗེ་འབུམ་གྱི་ཕོ་བྲང་ནས། །བཤན་པ་དམར་ནག་དམ་ལ་ཤོག །གནམ་སྨན་འབུམ་གྱི་ཕོ་བྲང་ནས། །ཚེ་འཛིན་མ་བཞི་དམ་ལ་ཤོག །རོ་ལངས་འབུམ་གྱི་ཕོ་བྲང་ནས། །ཕོ་ཉ་ནག་མོ་དམ་ལ་ཤོག །ལས་མཁན་འབུམ་གྱི་ཕོ་བྲང་ནས། །ནག་པོ་འཛུམ་མེད་དམ་ལ་ཤོག །གཞན་ཡང་སྤྲུལ་པའི་ཕོ་ཉ་དང་། །ཡང་སྤྲུལ་ལྷ་སྲིན་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ནམ་མཁའ་དབྱིངས་ཀྱི་ཕོ་བྲང་ནས། །གཟའ་བདུད་འཁོར་དང་བཅས་པ་རྣམས། །སྐུ་མདོག་དུད་ཁ་ཙེ་རེ་རེ། །དགྱེས་པའི་གད་རྒྱངས་ཡ་ལ་ལ། །དར་ནག་རུ་མཚོན་ཕྱ་ར་ར། །མི་རྐང་གླིང་བུ་དི་རི་རི། །སྤྱན་སྟོང་མེ་དཔུང་འུ་རུ་རུ། །བཤུགས་པའི་གླུ་ལེན་ཀྱུ་རུ་རུ། །རྔམ་པའི་ང་རོ་དི་རི་རི། །དཔལ་གྱི་བྲོ་ཆེན་ཆེམས་སེ་ཆེམ། །འཇིགས་པའི་གླུ་ལེན་ཙེ་རེ་རེ། །གློག་དམར་ཞགས་པ་ཁྱུགས་སེ་ཁྱུག །ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན། །ཕོ་བྲང་རབ་མཛེས་གཞལ་ཡས་འདིར། །གཟའ་བདུད་འཁོར་བཅས་གཤེགས་སུ་གསོལ། །ཧྲི་ཤག་རུ་རག་རམ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་གྷྲཾ་ཧ་ཧེ་ཡོ་གི་ཤ་ལ་ཛ་ཛཿ བཞུགས་སུ་གསོལ་བ་ནི། ཧཱུྃ། འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཉི་ཟླ་པདྨ་ཞིང་ཆེན་གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་ཏིཥྛ་ལྷན། ཞེས་པས་བཞུགས་པར་བསམ་ལ། དེ་ནས་ཕྱག་དང་མཆོད་པས་དགྱེས་པ་བསྐྱེད་པ་ནི། ཧཱུྃ། ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །དྲེགས་པ་ཕོ་མོ་མིང་སྲིང་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་པྲ་ཏཱི་ཛ་ཧོཿ སྤོས་དང་མེ་ཏོག་སྣང་གསལ་ལ་སོགས་དང་། །ཛ་གད་ཕུད་དང་པཉྩ་ཨ་མྲྀཏ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོ་རྣམས། །དངོས་འབྱོར་ཏིང་འཛིན་དགོངས་ཀློང་དག་པས་མཆོད། །ཨོཾ་མ་ཧཱ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དམ་བསྲེ་བ་ནི་བདུད་རྩི་འཐོར་ཞིང་། ཧཱུྃ། གཟའ་བདུད་འཁོར་དང་བཅས་པ་དང་། །རིག་འཛིན་རྣལ་འབྱོར་བདག་ཅག་གཉིས། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །དམ་ཚིག་གཉན་པོ་གཅིག་ཏུ་བསྲེ། །འགོ་ཞིང་སྟོངས་གྲོགས་གཉན་པོ་མཛོད། །ཨོཾ་རཱ་ཧུ་ལ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། བདག་ཀྱང་དམ་ལས་མི་འདའ་ན། ཁྱོད་ཀྱང་དམ་ལས་མ་འདའ་ཞིག །གཉིས་ཀ་དམ་ལས་མི་འདའ་འཚལ། །གལ་ཏེ་དམ་ལས་འདས་པ་ན། །རྡོ་རྗེའི་དམྱལ་བར་སྐྱེ་ཏ་རེ། །དེ་བས་དམ་ཚིག་གཉན་པོ་སྲུངས། །ཨོཾ་རཱ་ཧུ་ལ་ས་མ་ཡ་ན་ར་ཀན། དེ་ནས་གཏོར་ཚོགས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་འབུལ་བ་ནི། ཧཱུྃ། ཕོ་བྲང་རབ་མཛེས་གཞལ་ཡས་འདིར། །འབྲུ་བཟང་སྣ་ཚོགས་བཤོས་སུ་བརྩེགས། །དར་ཟབ་མང་པོ་རྒྱན་དུ་བཏགས། །འབྲུ་བཅུད་མངར་མོ་སྐྱེམས་སུ་འབུལ། །རྟ་དང་རྔ་མོང་བྱ་ཡི་ཚོགས། །གསེར་དངུལ་དར་ཟབ་གཡུ་ཡི་ཚོགས། །ཤ་ཆང་དཀར་དམར་མཆོད་པ་རྣམས། །གཟའ་བདུད་འཁོར་དང་བཅས་ལ་འབུལ། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །བ་ལིཾ་རྒྱན་གྱི་གཏོར་མ་འབུལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཆུ་སྣ་སྟོང་གི་མཆོད་པ་འབུལ། །མེ་ཏོག་སྟོང་གི་མཆོད་པ་འབུལ། །གསུར་ཆེན་དུད་པའི་མཆོད་པ་འབུལ། །ཞུན་ཆེན་མར་མེའི་མཆོད་པ་འབུལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །རྐང་གླིང་རོལ་མོའི་མཆོད་པ་འབུལ། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །ཤ་རུལ་ཁྲག་རུལ་ཉ་རུལ་དང། །བཙོས་དང་རྗེན་ཤ་སྣ་ཚོགས་དང་། །ར་མཆིན་ལ་སོགས་ཤ་ཁྲག་ཚོགས། །དཀར་གསུམ་མངར་གསུམ་ཀླུ་སྨན་ག་པུར་དང་། །སྟག་དོམ་བ་གླང་ཉ་ཡི་སྙིང་། །ཤ་སྣ་སྙིང་སྣ་ཁྲག་སྣ་ཡིས། །གཟའ་བདུད་ཡབ་ཡུམ་འཁོར་བཅས་མཆོད། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །ཨོཾ་མ་ཧཱ་པཱུ་ཛ་ལ་ཁཱ་ཧི། དེ་ནས་སྐོང་བཤགས་བྱ་བ་ནི། ཧཱུྃ། ཕྱི་ནང་གསང་བའི་མཆོད་པ་དང་། །དམར་ཆེན་རྒྱན་གྱི་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །ཤ་སྣ་སྙིང་སྣའི་མཆོད་པ་ཡིས། །གཟའ་མཆོག་ཆེན་པོའི་ཐུགས་དམ་བསྐང་། །བསྐངས་པའི་དངོས་གྲུབ་བདག་ལ་སྩོལ། །འབྲུ་བཟང་ལྷ་བཤོས་ཤ་ཆེན་སྤོས། །ཚིལ་ཆེན་སྣང་གསལ་རོལ་མོའི་ཚོགས། །སྐུ་གླུད་སྤྱན་གཟིགས་མང་པོ་དང་། །དམ་རྫས་རྒྱན་གྱི་གཏོར་མ་ཡིས། །གཟའ་བདུད་ཡབ་ཡུམ་ཐུགས་དམ་བསྐང་། །བསྐངས་པའི་དངོས་གྲུབ་བདག་ལ་སྩོལ། །རཀྟ་དམར་གྱི་ཨརྒྷཾ་གྱིས། །ལྗང་སྔོན་དྲག་པོའི་ཐུགས་དམ་བསྐང་། །ཤ་ཆེན་རི་རབ་བརྩེགས་པ་ཡིས། །བདུད་པོ་རོག་ཏིའི་ཐུགས༴ བསད་ཁྲག་རྦ་ཀློང་འཁྲུགས་པ་ཡིས། ཁྱབ་འཇུག་ཆེན་པོའི་ཐུགས༴ སྤོས་དང་སྣང་གསལ་རོལ་མོ་ཡིས། །དྲང་སྲོང་དཀར་སེར་ཐུགས༴ བམ་ཆེན་བཅད་འཕྲོར་ལྡན་པ་ཡིས། །བྱི་ཏྲི་པ་ཏྲའི་ཐུགས༴ ཏི་ར་ཞིང་ཆེན་སྤུངས་པ་ཡིས། །ཧ་ལི་ཀ་ལིའི་ཐུགས༴ དམར་དང་གསུར་ཆེན་དུད་པ་ཡིས། །དུ་བ་མཇུག་རིང་ཐུགས༴ སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་ཡིས། །སྒྲ་གཅན་འཛིན་གྱི་ཐུགས༴ ཤ་ཁྲག་དམར་ཆེན་གཏོར་མ་ཡིས། །སྲིང་མོ་བཞི་ཡི་ཐུགས༴ གདུགས་དང་རྒྱལ་མཚན་རོལ་མོ་ཡིས། །གཟའ་ཆེན་བརྒྱད་ཀྱི་ཐུགས༴ གཡོས་དང་ཁ་ཟས་སྣ་ཚོགས་ཀྱིས། །རྒྱུ་སྐར་ཉེར་བརྒྱད་ཐུགས༴ ཤ་སྣ་སྙིང་སྣ་འབུམ་ཕྲག་གིས། །ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །བསྐང་ངོ་བསྐང་ངོ་གཟའ་ཆེན་རྣམས། །ཐུགས་དམ་གཉན་པོ་བསྐང་བར་མཛོད། །ཆོས་སྐྱོང་གཟའ་བདུད་འཁོར་བཅས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དགའ་དད་གུས་པས་ཕྱག་གཅིག་འཚལ། །མོས་དང་དད་པས་མཆོད་པ་འབུལ། །རྣལ་འབྱོར་ཉམས་ཆག་བསྐང་བར་མཛོད། །ཅེས་བསྐངས་ལ་བཤགས་པ་ནི། ཧཱུྃ། ཆོས་རྣམས་རྣམ་དག་ནམ་མཁའ་ལྟ་བུ་ལ། །མ་རིག་དབང་གིས་ང་དང་བདག་ཏུ་བཟུང་། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པས། །འགལ་འཁྲུལ་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས། །སྲུང་མ་ཁྱོད་བསྟེན་བསྒྲུབ་པར་དམ་མནོས་ནས། །བསྙེན་སྒྲུབ་མ་ཚང་ཚོགས་མཆོད་ཆུང་བ་དང་། །བཟླས་གྲངས་ཉུང་ཞིང་སྦྱོར་སྒྲོལ་ལོག་པ་དང་། །ཐུན་ཟོར་མ་བཅོས་ལེ་ལོའི་རྐྱེན་དབང་གིས། །སྐུ་གསུང་ཐུགས་དང་འགལ་བར་གྱུར་ཏོ་འཚལ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཚངས་པ་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པས་བཤགས་ལ་ཡི་གེ་བརྒྱ་པ་བརྗོད་དོ། །དེ་ནས་བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཧཱུྃ། རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་བསྟན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བླ་ཐུགས་དམ་ཅན། །དམ་ཉམས་སྲོག་གཅོད་གཙོ་ལ་བསྟོད། །ཧྲཱིཿ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་གདོང་། །ཞལ་དགུ་ཕྱག་བཞི་རྔམ་པ་སྟེ། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེབ་པའི་གཙོ། །སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཅན། །མཐུ་སྟོབས་ཆེན་པོ་ཡོངས་ཀྱི་བདག །རི་རབ་སྟེང་ན་ལྷ་ཡི་གཙོ། །རྒྱ་མཚོའི་གཏིང་ན་ཀླུ་ཡི་བདག །བར་སྣང་ཁམས་སུ་སྡེ་བརྒྱད་གཙོ། །དབུ་དགུ་སྲིད་པ་གསུམ་གྱི་བདག །མགོ་གཅིག་ལྷ་མིན་ཁྲོ་བོའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་མཛེས་པའི་ཞལ། །དགྱེས་པས་བཀའ་ཡི་བྱ་ར་མཛད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུག་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམས་ཤིང་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་ཆེན་འབེབ། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲང་འཐབ་པའི་རྐན་སྒྲ་སྒྲོག །གཅིག་ནི་འཁྲུགས་བྱེད་དྲག་པོའི་ཞལ། །གཡོ་འགུལ་ཆེན་པོས་སེར་ཆེན་འབེབ། །གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གཅིག་ནི་སྟོབས་ཆེན་རྫུ་འཕྲུལ་ཞལ། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་རྒྱུད་གཅོད། །ཆུ་སྲིན་ཞགས་པ་གཡུགས་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རྭ་ཡི་མདའ་གཞུ་བསྣམས་པ་ཡིས། །དམིགས་པའི་དགྲ་བགེགས་རྩད་ནས་གཅོད། །སྤྱན་སྟོང་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་ལ་འབྲུ་ཚུགས་ལྟ། །སྐུ་སྨད་ས་ལ་བརྡབས་པ་ཡིས། །འཇིག་རྟེན་གཡོ་འགུལ་ལྡེག་པར་བྱེད། །ཞལ་ནས་ཧཱུྃ་དང་ཕཊ་སྒྲོག་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྐུ་མདོག་དུད་ཁ་འཇིགས་པ་ཡིས། ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན། །སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད། །འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ། །བདུད་དང་དྲེགས་པ་བྲན་དུ་ཁོལ། །ལས་སུ་སངས་རྒྱས་བསྟན་པ་སྲུང། །དམ་ཅན་རྣལ་འབྱོར་སྐྱོང་མཛད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཧཱུྃ། མི་བཟད་དྲག་གཏུམ་རྔམ་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་བརྒྱད་ལ་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །དེ་ནས་མངའ་གསོལ་བ་ནི། སྤོས་དང་ཚིལ་ཆེན་གྱི་དུད་པ་གཏོང་། ཕུད་དང་སྨན་རཀྟ་འཐོར། རོལ་མོ་བསྒྲག་མེ་ཏོག་འཐོར་ཞིང་འདི་སྐད་དོ། །ཧོ་དགོངས་སུ་གསོལ་ལོ། །དམ་ཅན་གཟའི་དགེ་བསྙེན་ཆེན་པོ། སྐུ་མདོག་དུད་ཁ་ལ་འཇིགས་པའི་མིག་གིས་ཁེངས་པ། དབུ་དགུ་རྔམ་པའི་ང་རོས་འགེངས་པ། ཐོད་སྦྲུལ་ཉི་ཟླའི་ཕྲེང་བས་བརྗིད་པ། ཞལ་གདངས་དུག་གི་མཆེ་བ་གཙིགས་པ། སྨ་ར་དང་དབུ་སྐྲ་དམར་སེར་འབར་བ། ཞལ་ནས་གདུག་པའི་ངན་སྔགས་སྒྲོག་པ། ཕྱག་བཞི་གཡས་གཡོན་གྱི་དང་པོ་ཆུ་སྲིན་རྒྱལ་མཚན་དང་རལ་གྲི་འབར་བ། འོག་མ་གཉིས་སྦྲུལ་ཞགས་དང་མདའ་གཞུ་འགེངས་པ། སྐུ་སྨད་དུག་སྦྲུལ་རབ་ཏུ་འཁྱིལ་བ། ཐོག་དང་སེར་ཆེན་རབ་ཏུ་འབེབ་པ་ལ་གསོལ་ལོ། །འབུལ་ལོ། །མཆོད་དོ། །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །རྐྱེན་ངན་དང་བར་དུ་གཅོད་པ་ཐམས་ཅད་ཕྱིར་ཟློག་ཅིག །ཚེ་དང་དཔལ་འབྱོར་སྤེལ་ཅིག །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བཅོལ་པའི་ཕྲིན་ལས་མཛོད་ཅིག །བསྒྲུབས་པའི་རྟགས་ཕྱུངས་ཤིག །ཕྲིན་ལས་གཉན་པོ་མཛོད་ཅིག །གཞན་ཡང་གཟའ་མཆོག་ཐུགས་ཀྱི་དགྱེས་སྡེ་ཆེན་མོ་གདོང་མོ་མཆེད་བཞི་ནི། ཤར་ན་སྟག་སྲིན་ཟོར་བའི་གདོང་ཅན། སྐུ་མདོག་དཀར་སེར་ལ་སྟག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཕྱག་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་ལ་གསོལ་ལོ་འབུལ་ལོ་མཆོད་དོ། །ལྷོ་ན་བམ་སྲིན་དྲེད་མོའི་གདོང་ཅན། སྐུ་མདོག་སེར་ནག་ལ་མི་ལྤགས་ཀྱི་གཡང་གཞི་གསོལ་བ། ཕྱག་ན་དབྱུག་ཐོ་དང་སྦྲུལ་ཞགས་བསྣམས་པ་ལ་གསོལ་ལོ་འབུལ་ལོ་མཆོད་དོ། །ནུབ་ན་ཀོང་སྲིན་བ་གླང་གི་གདོང་ཅན། སྐུ་མདོག་དམར་ནག་ལ་སྟག་གཟིག་གི་གཟེར་ཁ་གསོལ་བ། ཕྱག་ན་དགྲ་སཏྭ་དང་ཞགས་པ་བསྣམས་པ་ལ་གསོལ་ལོ་འབུལ་ལོ་མཆོད་དོ། །བྱང་ན་འབྲོག་སྲིན་ཆུ་སྲིན་གྱི་གདོང་ཅན། སྐུ་མདོག་ལྗང་ནག་ལ་མི་ལྤགས་ཀྱི་གཡང་གཞི་གསོལ་བ། ཕྱག་ན་གཏུན་ཤིང་དང་ཞགས་པ་བསྣམས་པ་ལ་གསོལ་ལོ་འབུལ་ལོ་མཆོད་དོ། །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །རྐྱེན་ངན་དང་བར་དུ་གཅོད་པ་ཐམས་ཅད་ཕྱིར་ཟློག་ཅིག །ཚེ་དང་དཔལ་འབྱོར་སྤེལ་ཅིག །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བཅོལ་པའི་ཕྲིན་ལས་མཛོད་ཅིག །བསྒྲུབས་པའི་རྟགས་ཕྱུངས་ཤིག །ཕྲིན་ལས་གཉན་པོ་མཛོད་ཅིག །གཞན་ཡང་གཟའ་མཆོག་བཀའི་ཕོ་ཉ་ཆེན་པོ། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད། བདུད་དང་གཤིན་རྗེ་ལ་སོགས་ཏེ་ལྷ་མ་སྲིན་སྡེ་བརྒྱད། ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད། དགའ་བོ་དང་འཇོག་པོ་ལ་སོགས་ཏེ་ཀླུ་ཆེན་པོ་བརྒྱད། བརྒྱ་བྱིན་དང་མེ་ལྷ་ལ་སོགས་ཏེ་ཕྱོགས་སྐྱོང་བ་བཅུ། སྨིན་དྲུག་དང་སྣར་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། མཁའ་ལ་འགྲོ་བ་དང། ཤུགས་ཀྱིས་འགྲོ་བ་དང་། སྨྱོ་བྱེད་དང་སྲུལ་པོ་ལ་སོགས་པ་འཇིག་རྟེན་པའི་ཚོགས་དང་བཅས་པ་ཐམས་ཅད་ལ། རཀྟ་དམར་གྱི་མཆོད་པ། ཛ་གད་ཕུད་ཀྱི་མཆོད་པ། བདུད་རྩི་སྨན་གྱི་མཆོད་པ་དམ་པ། ཤ་ཆེན་གསུར་གྱི་དུད་པ། ཞལ་ཟས་ཚོགས་ཀྱི་མཆོད་པ། རྐང་གླིང་རོལ་མོའི་བྱེ་བྲག །སྤྱན་གཟིགས་དང་སྐུ་གླུད་བསམ་གྱིས་མི་ཁྱབ་པ་འབུལ་ལོ། །གསོལ་ལོ། །མཆོད་དོ། །སྡང་བའི་དགྲ་སོད་ཅིག །གནོད་པའི་བགེགས་ཐུལ་ཅིག །རྐྱེན་ངན་དང་བར་དུ་གཅོད་པ་ཐམས་ཅད་ཕྱིར་ཟློག་ཅིག །ཚེ་དང་དཔལ་འབྱོར་སྤེལ་ཅིག །བཀའ་དང་བསྟན་པ་སྲུངས་ཤིག །འཁོར་དང་གང་ཟག་སྐྱོངས་ཤིག །བཅོལ་པའི་འཕྲིན་ལས་མཛོད་ཅིག །བསྒྲུབས་པའི་རྟགས་ཕྱུངས་ཤིག །ཕྲིན་ལས་གཉན་པོ་མཛོད་ཅིག །ཅེས་བརྗོད་དོ། །དེ་ནས་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧྲཱིཿ བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་རྣལ་འབྱོར་དམ་ཚིག་ཅན། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་དམ་ཚིག་ཅན། ཁྱོད་ནི་མཐུ་སྟོབས་རྫུ་འཕྲུལ་ཅན། །དགོངས་དང་གཟའ་མཆོག་རཱ་ཧུ་ལ། །སངས་རྒྱས་རིན་ཆེན་སྙིང་པོ་དང་། །བཅོམ་ལྡན་ཤཱཀྱ་ཐུབ་པ་དང་། །རྡོ་རྗེ་འཆང་ཆེན་སྤྱན་སྔ་རུ། ཁྱོད་ཀྱིས་ཁས་བླངས་དམ་བཅས་པ། །ཐ་ཚིག་གཉན་པོ་འདི་མིན་ནམ། །རིན་ཆེན་སྙིང་པོས་བཀའ་བསྒོས་པ། །བྲམ་ཟེའི་ཁྱེའུ་ཁྱབ་འཇུག་སྤྲིན། །བསྟན་པ་བསྲུང་བར་དམ་ཆོས་ཤིག །དམ་ཉམས་སྒྲོལ་བར་དམ་ཆོས་ཤིག །དེ་ཚེ་ཐ་ཚིག་དེ་མིན་ནམ། །ཤཱཀྱ་ཐུབ་པས་བཀའ་བསྒོས་པ། །མ་འོངས་བསྐལ་པ་ཐ་མ་ལ། །བླ་མ་ལ་གནོད་སྔགས་ལ་སྡང་། ཁྱད་པར་དབེན་གནས་གཉན་པོ་འཇིག །ཉམས་པ་དེ་ཡི་སྲོག་རྩ་ཆོད། །དེ་ཚེ་ཐ་ཚིག་དེ་མིན་ནམ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་ངོ་ཞེས། །དམ་ཅན་རྣལ་འབྱོར་སྐྱོང་ངོ་ཞེས། །དགྲ་བོའི་སྲོག་རྩ་གཅོད་དོ་ཞེས། ཁྱོད་ཀྱིས་ཁས་བླངས་དེ་མིན་ནམ། ཁྱོད་ཀྱིས་དམ་བཅས་དེ་མིན་ནམ། ཁྱོད་ཀྱི་དམ་བཅས་གཉན་པོ་དེ། །ད་ལྟར་རྣལ་འབྱོར་བདག་བསྐུལ་ལོ། ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །གཟའ་བདུད་འཁོར་བཅས་ཚུར་ཉོན་ཅིག །རྒྱལ་བའི་བཀའ་ལ་མི་བདེན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་གནས་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང། །ཉམས་ཆག་བསྐང་ཞིང་ཞིག་རལ་གསོ། །ལྷ་ལ་བཤགས་བགྱིད་སེམས་མཁོན་སྦྱང་། །ཕུད་འདྲེན་ཟླ་བོའི་གཞུང་གཅིག་བྱེད། །དོ་ནུབ་བྱམས་པའི་ལན་གཅིག་བླན། །དོ་ནུབ་སྔ་མའི་གཏང་རག་གཏོང། །དོ་ནུབ་ཕྱི་མའི་ཞུ་གཅིག་འབུལ། །དང་པོར་ཕུད་ཀྱིས་མི་མཆོད་དུ། །གཟའ་བདུད་འཁོར་བཅས་ཕུད་ལ་དགྱེས། །བར་དུ་ཚོགས་ཀྱིས་མི་བསྐང་དུ། །འཇིགས་བྱེད་ཆེན་པོ་ཚོགས་ལ་དགྱེས། །ཐ་མ་ལྷག་མས་མི་མཆོད་དུ། །སྲིང་བཞི་སྡེ་བརྒྱད་ལྷག་ལ་དགྱེས། །ལྷག་མ་ཁ་ཆུས་མི་བྲན་དུ། །འཁུ་ལྡོག་དམ་ལས་འདས་ཀྱིས་དོགས། །རྣམ་གསུམ་གཅིག་ཏུ་མི་བསྲེ་རུ། །སྐུ་གསུང་ཐུགས་དང་མི་འབྲེལ་མེད། །ཕུད་ལ་དགྱེས་པ་ཕུད་ལ་རོལ། །ཚོགས་ལ་དགྱེས་པ་ཚོགས་ལ་རོལ། །ལྷག་ལ་དགྱེས་པ་ལྷག་ལ་རོལ། །བ་ལིཾ་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་གི་འཕྲིན་ལས་མཛོད། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཧྲཱིཿ གཟའ་མཆོག་ཆེན་པོ་ཚུར་གསོན་ཅིག །གྲོགས་ལ་གཞུང་མེད་མི་སྲིད་ཀྱིས། །རྗེ་ལ་བློན་མེད་མི་སྲིད་ཀྱིས། །བྱམས་ལ་དྲིན་མེད་མི་སྲིད་ཀྱིས། །མཛའ་ལ་གདུང་མེད་མི་སྲིད་ཀྱིས། །ཆོས་སྐྱོང་མཐུ་མེད་མི་སྲིད་ཀྱིས། །ཆད་དོན་མི་བསྒྲུབ་མི་སྲིད་ཀྱིས། །ཚོགས་དང་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་མཛོད། །ཟས་ཀྱི་ངོ་ཞིག་ཁྱེད་ཀྱིས་མཛོད། །ཆད་པའི་གཞུང་ཞིག་བདག་གིས་བསྲང་། །བདག་གི་ཚིག་འདི་ཁྱོད་ཀྱིས་ཉོན། །བསྒྲུབ་པའི་གཞུང་འདི་ང་ཡིས་བསྲང་། །བཅོལ་པའི་འཕྲིན་ལས་ཁྱོད་ཀྱིས་མཛོད། །གཉིས་ཀ་ལས་ཀྱི་གཞུང་བསྲང་འཚལ། །གཉིས་ཀ་ལས་ཀྱི་གཉེར་བླང་འཚལ། །སྨྲས་སོ་ཆད་དོ་ཐུགས་དམ་ཅན། །བདག་ཅག་འཁོར་དང་བཅས་པ་ཡི། །ཕུར་ཁ་ཟློག་པའི་དུས་ལ་བབ། །ཟོར་ཁ་ཟློག་པའི་དུས་ལ་བབ། །བྱད་ཁ་ཟློག་པའི་དུས་ལ་བབ། །མི་ཁ་ཟློག་པའི་དུས༴ དལ་ཁ་ཟློག་པའི་དུས༴ ནད་ཁ་ཟློག་པའི་དུས༴ རིམས་ཁ་ཟློག་པའི་དུས༴ ཡམས་ཁ་ཟློག་པའི་དུས༴ གདོན་ཁ་ཟློག་པའི་དུས༴ ཁྲམ་ཁ་ཟློག་པའི་དུས༴ ཤོ་ཁ་ཟློག་པའི་དུས༴ ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས། །གཏད་དོ་གཉེར་རོ་ཐུགས་དམ་ཅན། །བསྐལ་པ་ཞིག་ཀྱང་མི་འབྲལ་ལོ། །ཐུགས་དམ་གཡེལ་བ་མ་མཛད་ཅིག །ཐུགས་དང་གློ་བ་ཅི་ཉེར་མཛོད། །བརྩེ་གདུང་གདུང་སེམས་ཅི་ཆེར་མཛོད། །མཐུ་སྟོབས་རྫུ་འཕྲུལ་ཇི་ལྟ་བ། །རྣལ་འབྱོར་བདག་གི་འཕྲིན་ལས་མཛོད། །འཁོར་སྲུངས་རྐྱེན་ཟློགས་བར་ཆད་སོལ། །ལེ་ལོ་སྙོམ་ལས་མ་མཛད་ཅིག །བཀའ་དང་དམ་ལས་མ་འདའ་ཞིག །རྫུན་དང་གཡོ་སྒྱུ་མ་མཛད་ཅིག །རྣལ་འབྱོར་བདག་གི་རེ་བ་སྐོངས། །ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ། །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས། །འཇིག་རྟེན་གསུམ་པོ་དབང་དུ་སྡུས། །དགེ་དང་ཞི་བའི་ལས་བསྒྲུབ་དང་། །རྒྱས་དང་དབང་གིས་ཐམས་ཅད་གནོན། །མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག །འཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ལེགས་པ་ཐམས་ཅད་སྒྲུབ་པ་དང་། །ཉེས་པ་ཐམས་ཅད་འགོག་པ་དང་། །བསམ་པ་ཐམས་ཅད་འགྲུབ་པ་དང་། །རེ་བ་ཐམས་ཅད་སྐོང་བ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ཅེས་བརྗོད་དོ། །རྒྱུན་གྱི་སྐོང་གསོལ་དེ་ནས་གཏོར་མ་བཏང་ལ་བཀྲ་ཤིས་བརྗོད་དོ། །གལ་ཏེ་མངོན་སྤྱོད་འབའ་ཞིག་བསྒྲུབ་ན། ཉ་བོ་བསྒྲལ་ནས་གཏོར་མར་བསྟབ་པ་ནི། གྲིའམ་ཕུར་པ་སྒྲིལ་ཞིང་རང་ཉིད་དྲག་པོའི་ང་རྒྱལ་གྱིས་འདི་སྐད་དོ། །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །དམ་ཉམས་སྒྲོལ་བའི་གིང་ཆེན་ཏེ། །སྡང་བྱེད་གདུག་པའི་དགྲ་བོ་འདི། །ལུས་སྲོག་དབུགས་དང་དབྲལ་བར་བྱ། །ཨོཾ་ཨཱཿཧཱུྃ། ཆེ་གེ་མོའི་སྙིང་དང་སྲོག་ལ་ཡམ་ཡམ་རྦད་རྦད། ཧཱུྃ། ཡང་སྤྲུལ་ཆེན་པོའི་དུས་ལ་བབ། །གཟའ་མཆོག་ཆེན་པོའི་དུས་ལ་བབ། །རཱ་ཧུ་ལ་ཡི་དུས་ལ་བབ། །གསོད་བྱེད་ཆེན་པོའི་དུས་ལ་བབ། །སྒྲོལ་གིང་ཆེན་པོའི་དུས་ལ་བབ། །ལས་མཁན་ཆེན་པོའི་དུས་ལ་བབ། །མགོ་ལུས་ཕྲོལ་ལ་དབང་པོ་སྣུབས། །དུས་མཐའ་སྟུངས་ལ་བླ་ཚེ་ཕྲོགས། །སྙིང་རྩ་ཆོད་ལ་སྲོག་རྩ་གཏུབས། །སྲིང་མོ་བཞི་ཡི་དུས་ལ་བབ། །གཟའ་ཆེན་བརྒྱད་ཀྱི་དུས་ལ་བབ། །རྒྱུ་སྐར་ཉེར་བརྒྱད་དུས་ལ་བབ། །ལྷ་སྲིད་སྡེ་བརྒྱད་དུས་ལ་བབ། །དམ་ཉམས་བསྒྲལ་བའི་དུས་ལ་བབ། །ཨ་ནྲྀ་མཱ་ར་ཡ་སྲོག་ལ་ཡམ་ཡམ། །དམ་ཉམས་དགྲ་བོ་ཆེ་གེ་མོའི། །དབང་པོ་རྣམ་ལྔ་ཞལ་དུ་བསྟབ། །དོན་སྙིང་རྣམ་ལྔ་ཞལ་དུ་བསྟབ། །ཡན་ལག་རྣམ་ལྔ་ཞལ་དུ་བསྟབ། །བླ་ཚེ་སྲོག་གསུམ་ཞལ་དུ་བསྟབ། །ཀླད་རུས་རྐང་མར་ཞལ་དུ་བསྟབ། །ཤ་ཁྲག་ཚིལ་ཆེན་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་ཤ་ཁྲག་འདི། །ཡག་ཤ་ཛྭ་ལའི་ཞལ་དུ་བསྟབ། །རྡོ་རྗེ་གློག་འགྱུའི་ཞལ་དུ་བསྟབ། །སྲས་མཆོག་གཟའ་བདུད་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་བླ་སྲོག་འདི། །ཕུང་བྱེད་གཟའ་བདུད་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་དོན་སྙིང་འདི། །དྲང་སྲོང་མཐུ་ཆེན་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་ཀླད་རུས་འདི། །བདུད་པོ་རོག་ཏིའི་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་ནང་ཁྲོལ་འདི། །བྱི་ཏྲི་པ་ཏྲའི་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་གློ་སྙིང་དི། །བྱི་ནུ་རཱ་ཙའི་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་སྲོག་དབུགས་འདི། །དུ་བ་མཇུག་རིང་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་དབང་པོ་ལྔ། །སྟག་སྲིན་ཟོར་གདོང་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་སྐྱེ་མཆེད་དྲུག །བམ་སྲིན་དྲེད་གདོང་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་ཕུང་པོ་ལྔ། །ཀོང་སྲིན་བ་གླང་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་མདངས་དང་བཀྲག །འབྲོག་སྲིན་ཆུ་སྲིན་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་རྣམ་ཤེས་བརྒྱད། །སྤྲུལ་པའི་གཟའ་བརྒྱད་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་དྲོད་དང་དབུགས། །ལྷ་ཆེན་བརྒྱད་ཀྱི་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོའི་མི་ནོར་ཟས། །རྒྱུ་སྐར་ཉེར་བརྒྱད་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །དམ་ཉམས་དགྲ་བོ་འཁོར་བཅས་རྣམས། །གཟའ་མཆོག་འཁོར་བཅས་ཞལ་དུ་བསྟབ། །གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ཕུང་ཞིང་བརླག་པའི་ཕྲིན་ལས་མཛོད། །མིང་གི་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་རཱ་ཧུ་ལ། །ཧྲི་ཤག་རུ་རག་རམ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་གྷྲཾ་ཧ་ཧེ་ཡོ་གི་ཤ་ལ་ཛཿཛཿ ཧུར་ཐུམས་རྦད་སོད་མཱ་ར་ཡ་ཤ་ཏྲཱུན་ཕཊ། ཅེས་གཏོར་མར་བསྟབ་བོ། །དེ་ནས་རིགས་ཀྱི་སྡེ་དཔོན་རྣམས་དགྲ་ལ་རྦད་པ་ནི། གཏོར་མ་དགྲ་ཕྱོགས་སུ་བཏེགས་ལ་ཤིན་ཏུ་ཁྲོས་པས་འདི་སྐད་དོ། །ཧཱུྃ། གཟའ་བདུད་ཆེན་པོ་མཐུ་རྩལ་ཅན། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ལ་བསྡོ་བའི་དགྲ་བོ་འདིས། །བླ་མ་དམ་པའི་སྐུ་ལ་བསྡོས། །སངས་རྒྱས་བསྟན་པ་འདི་ཡིས་བཤིགས། །དབེན་གནས་གཉན་པོའི་དཀོར་ལ་ཟོས། །སྲུང་མ་གཉན་པོ་ཁྱད་དུ་བསད། ཁྱོད་ལ་མཐུ་སྟོབས་མེད་ཅེས་སྒྲོག །རྣལ་འབྱོར་བདག་ལ་ཕོད་དུ་བཙུགས། །བྱང་ཆུབ་བསྒྲུབ་ཏུ་མ་སྟེར་རོ། །དེ་བས་གཟའ་བདུད་རཱ་ཧུ་ལ། ཁྱོད་ལ་མཐུ་སྟོབས་ཡོད་དམ་མེད། །ཡོད་ན་ད་ལྟ་དུས་ལ་བབ། །སྐད་ཅིག་འདི་ལ་སྙིང་ཁྲག་སྐྱུགས། །འགྱུ་བའི་དབུགས་ཆོད་ཚེ་སྲོག་ཕྲོལ། །གློ་བུར་ཡེ་འདྲོག་ཆེན་པོ་ཐོངས། །མེད་ན་བསྒྲུབས་པ་དོན་རེ་ཆུང་། །བསྟེན་ཅིང་མཆོད་པ་འབྲས་རེ་མེད། །དམ་ཚིག་གཉན་པོའི་ཆད་པ་འོང་། །དེ་བས་གཟའ་བདུད་རཱ་ཧུ་ལ། ཁྱོད་ཀྱི་མངོན་སྤྱོད་དུས་ལ་བབ། །སྡང་བའི་དགྲ་བོ་དམ་ཉམས་འདི། །ཕ་ཁུ་ཡིན་ཡང་ཁྱོད་ཀྱིས་སྒྲོལ། །དོ་ནུབ་ནམ་གྱི་གུང་སྨད་ལ། །དམ་ཉམས་དགྲ་བོ་མ་བསྒྲལ་ན། ཁྱོད་ཀྱི་མཐུ་སྟོབས་རྫུན་དུ་ཆེ། །བསྟེན་ཅིང་བསྒྲུབས་པ་དོན་རེ་ཆུང་། །བསྟེན་ཀྱང་རྒྱབ་རྟེན་མི་ཡོང་ན། ཁྱོད་ལས་ངན་པ་སུ་ཞིག་ཡོད། །ད་ལྟ་དགྲ་བོ་མ་བསྒྲལ་ན། ཁྱོད་ཀྱི་གནས་འདི་འཕྲོག་གོ་ཟེར། །རྟེན་དང་ཕོ་བྲང་འཇིག་གོ་ཟེར། །བདག་ཅག་དམངས་སུ་འབེབ་བོ་ཟེར། །དེ་བས་བསྒྲལ་བའི་དུས་ལ་བབ། །ཧཱུྃ། གཟའ་བདུད་ཆེན་པོ་རཱ་ཧུ་ལ། །རི་རབ་རྩེ་ནས་བསྭོ་ཡིས་ཐོབས། །ལྷ་དམག་མང་པོའི་དམག་ཡར་སྡུས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། ཁྱབ་འཇུག་ཆེན་པོས་དམག་དཔོན་མཛོད། །གློ་བུར་གྲི་རྒོད་ཁྲག་ཏུ་སྐྱུགས། །ཕུང་བྱེད་རྡུལ་ཕྲན་བཞིན་དུ་རློགས། །འཇིགས་བྱེད་སྒྲ་གཅན་རཱ་ཧུ་ལ། །རྒྱ་མཚོའི་གཏིང་ནས་ཀུ་ཡིས་ཐོབས། །མ་མོ་བྱེ་བའི་དམག་ཡར་སྡུས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དྲང་སྲོང་ཆེན་པོས་དམག་དཔོན་མཛོད། །མཛེ་འབྲས་ཕོལ་མིག་ལྷོག་པ་ཐོངས། །རིམས་ནད་ཁྲག་ནད་དལ་ཡམས་ཐོངས། །གཟའ་བདུད་ནག་པོ་རཱ་ཧུ་ལ། །བསིལ་བའི་ཚལ་ནས་ཁུ་ཡིས་ཐོབས། །ནག་པོ་སྟོང་གི་དམག་ཡར་སྡུས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བྱི་ནུ་རཱ་ཛས་དམག་དཔོན་མཛོད། །གཟེར་ནད་སྨྱོ་འབོག་གྲི་རྒོད་ཐོངས། །རྡུངས་ཤིག་གཏུབས་ཤིག་རླུང་གིས་གཏོར། །རྡུལ་ཕྲན་ཙམ་ཡང་མེད་པར་གྱིས། །ལས་མཁན་ཆེན་པོ་རཱ་ཧུ་ལ། །དུར་ཁྲོད་བརྒྱད་ནས་བསྭོ་ཡིས་ཐོབས། །ལྷ་སྲིན་སྡེ་བརྒྱད་དམག་ཡར་སྡུས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །བྱི་ཏྲི་པ་ཏྲས་དམག་དཔོན་མཛོད། །སེར་ཆེན་ཐོག་དང་སྐར་མདའ་རྒྱོབ། །རིམས་ནད་ཁྲག་གཟེར་གྲི་འཐབ་ཐོངས། །སྲོག་བདག་ཆེན་པོ་རཱ་ཧུ་ལ། །ནམ་མཁའི་མཐོངས་ནས་ཁུ་ཡིས་ཐོབས། །གཟའ་སྐར་མང་པོའི་དམག་ཡར་སྡུས། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །དུ་བ་མཇུག་རིང་དམག་དཔོན་མཛོད། །སད་དང་སེར་ཆེན་རྒྱུ་གཟེར་ཕོབ། །གནམ་ལྕགས་ཐོག་དང་སྐར་མདའ་རྒྱོབ། །ནད་དང་མཚོན་གྱི་བསྐལ་པ་ཐོངས། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །སྐར་མ་ཕོད་ཅན་འོད་པོ་ཆེ། །དགྲ་བོའི་སྟེང་དུ་དམག་སྣ་དྲོངས། །འུར་འུར་ཆེམས་ཆེམ་དམག་སྣ་དྲོངས། །སྲོག་གཅོད་སྲིང་མོ་གདོང་བཞིས་མཛོད། །བདག་ལ་སྡང་བའི་དགྲ་བོ་འདིའི། །ཕོ་རྒྱུད་ཐམས་ཅད་རྩད་ནས་ཆོད། །མོ་རྒྱུད་ཐམས་ཅད་མངལ་ནས་སྐོམས། །ཕུང་དུ་ཆུགས་ལ་བརླག་པར་མཛོད། །རྡུལ་ཕྲན་ཙམ་ཡང་མེད་པར་གྱིས། །མིང་ཙམ་མེད་པར་ཕུང་དུ་ཆུགས། །དུས་ལ་བབ་བོ་རཱ་ཧུ་ལ། །ཧཱུྃ། གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །འཇིགས་བྱེད་ཆེན་པོ་དྲག་རྩལ་ཅན། །ཕ་ནི་སྲིན་ལ་མ་ནི་ཀླུ །ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པ་མིག་གིས་གང་། །སྐུ་མདོག་འཇིགས་པའི་དུད་ཁ་ལ། །ཕྱག་བཞི་ཆུ་སྲིན་རྒྱལ་མཚན་དང་། །རལ་གྲི་ཞགས་པ་མདའ་གཞུ་བསྣམས། །ལྷོ་ནུབ་མཚམས་ནས་སྐུ་སྐྱོད་ལ། །དགྲ་བོའི་སྟེང་དུ་ད་རྒྱུགས་ཤིག །སྲིང་མོ་མཆེད་བཞི་ད་རྒྱུགས་ཤིག །སྤྲུལ་པའི་གཟའ་ཆེན་ད་རྒྱུགས་ཤིག །ལྷ་སྲིན་སྡེ་བརྒྱད་ད་རྒྱུགས་ཤིག །ཚེས་གྲངས་བཞི་ཡི་སྲོད་དག་ལ། །ནུབ་ནས་ཤར་དུ་རྒྱུ་ཙམ་ན། །མ་མོ་ཡོངས་ཀྱི་དམག་དཔོན་བྱེད། །རིམས་ནད་འབེབ་པའི་མཐུ་བོ་ཆེ། །མ་མོའི་ཀིང་ཀང་དགྲ་ལ་བྷྱོ། །ཚེས་གྲངས་བརྒྱད་ཀྱི་དྲོས་ཆེན་ལ། །ཤར་ལྷོ་ནུབ་བྱང་རྒྱུ་ཙམ་ན། །དགྲ་བླའི་རྒྱལ་པོའི་དམག་དཔོན་བྱེད། །ཡམས་ནད་འབེབ་པའི་མཐུ་བོ་ཆེ། །དགྲ་བླའི་ཀིང་ཀང་དགྲ་ལ་བྷྱོ། །ཚེས་གྲངས་བཅུ་གཅིག་དུས་ཚོད་དུ། །ནམ་ནི་འཇིངས་ནས་ཕྱེད་ཡོལ་ལ། །བྱང་ནས་ལྷོ་རུ་རྒྱུ་ཙམ་ན། །གཤིན་རྗེ་ཡོངས་ཀྱི་དམག་དཔོན་བྱེད། །ཡམས་ནད་འབེབ་པའི་མཐུ་བོ་ཆེ། །གཤིན་རྗེའི་ཀིང་ཀང་དགྲ་ལ་བྷྱོ། །ཚེས་གྲངས་བཅོ་ལྔའི་ཉིན་ཕྱེད་ལ། །ལྷོ་ནུབ་བྱང་ཤར་རྒྱུ་ཙམ་ན། །སྲིན་པོ་ཡོངས་ཀྱི་དམག་དཔོན་བྱེད། །གྲི་རྒོད་གཏོང་བའི་མཐུ་བོ་ཆེ། །སྲིན་པོའི་ཀིང་ཀང་དགྲ་ལ་ཡཱ། །ཚེས་གྲངས་བཅོ་བརྒྱད་ནམ་ཕྱེད་ཡོལ། །ཤར་ནས་ནུབ་ཏུ་རྒྱུ་ཙམ་ན། །དམུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །བྱིང་ནད་གཏོང་བའི་མཐུ་བོ་ཆེ། །དམུ་ཡི་ཀིང་ཀང་དགྲ་ལ་བྷྱོ། །ཉི་ཤུ་གཉིས་ཀྱི་ཕྱེད་ཡོལ་ལ། །ནུབ་བྱང་ཤར་ལྷོར་རྒྱུ་ཙམ་ན། །བཙན་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །གཟེར་ནད་གཏོང་བའི་མཐུ་བོ་ཆེ། །བཙན་གྱི་ཀིང་ཀང་དགྲ་ལ་ཡཱ། །ཉི་ཤུ་ལྔ་ཡི་སྐྱ་རེངས་ལ། །ལྷོ་ནས་བྱང་དུ་རྒྱུ་ཙམ་ན། །ཀླུ་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །མཛེ་ནད་གཏོང་བའི་མཐུ་བོ་ཆེ། །ཀླུ་ཡི་ཀིང་ཀང་དགྲ་ལ་ཡཱ། །ཉི་ཤུ་དགུ་ཡི་མྱུར་སྨད་ལ། །བྱང་ཤར་ལྷོ་ནུབ་རྒྱུ་ཙམ་ན། །ལྷ་རྣམས་ཡོངས་ཀྱི་དམག་དཔོན་བྱེད། །ལྷ་ནད་འབེབ་པའི་མཐུ་བོ་ཆེ། །ལྷ་ཡི་ཀིང་ཀང་དགྲ་ལ་ཡཱ། །ཕྱོ་ཕྱོ་དམ་ཉམས་དགྲ་ལ་ཕྱོ། །གཟའ་མཆོག་ཉི་མ་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་ཤ་ལ་རོལ། །གཟའ་མཆོག་ཟླ་བ་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་ཁྲག་ལ་རོལ། །གཟའ་མཆོག་མིག་དམར་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་རུས་ལ་རོལ། །གཟའ་མཆོག་ལྷག་པ་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་སྙིང་ལ་རོལ། །གཟའ་མཆོག་ཕུར་བུ་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་ནང་ཁྲོལ་རོལ། །གཟའ་མཆོག་པ་སངས་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་དབུགས་ལ་རོལ། །གཟའ་མཆོག་སྤེན་པ་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་སྲོག་ལ་རོལ། །གདོང་མོ་མཆེད་བཞི་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་དོན་སྙིང་རོལ། །ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ། །དམ་ཉམས་དགྲ་བོའི་སྲོག་ལ་རོལ། །ཕྱོ་ཕྱོ་གཟའ་བདུད་འཁོར་བཅས་རྣམས། །དམ་ཉམས་དགྲ་བོའི་སྟེང་དུ་ཕྱོ། །ནད་ཀྱི་རླུང་དམར་དགྲ་ལ་ཐོབས། །མཚོན་གྱི་གྲུ་གུ་དགྲ་ལ་སྐྱོངས། །གློ་བུར་ཡེ་འདྲོག་དགྲ་ལ་ཐོངས། །ལྟས་ངན་ཕུང་བརླག་དགྲ་ལ་ཐོངས། །སྨྱོ་འབོག་རེངས་ཤིང་བརྒྱལ་དུ་ཆུགས། །བདུད་ཆོད་མདངས་ཕྲོགས་དུམ་བུར་གཏུབས། །རླུང་གིས་གཏོར་ལ་སྟོངས་པར་མཛོད། །རྡུལ་ཕྲན་ཙམ་ཡང་མེད་པ་དང་། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཛཿཧཱུྃ་བཾ་ཧོཿ ཁ་སྒྱུར་དཀར་པོ་ཁུག་ཛཿ ཙ་ཙ་ཁུག་ཤག་ཐུམས། ཏྲི་ཤག་འུ་རུ་ལུ་འུབས་ཛཿ མ་ཏི་ནག་པོ་ཛཿ མ་ཏི་པྲ་མ་ཤ་ཛཿ གི་རཾ་བུ་ཤག་ལྕགས་ཀྱི་རཾ་ཛཿ ཡཀྴ་ཤ་ལ་རྦད། ཐོགས་མེད་ཛཿ བྷྲི་ན་ཆུ་ཁྱེར། ཁ་ཐུན་ཛཿ རི་བྱི་ནག་པོ་སྟོང་རྒྱ་ཛཿ བུད་ཡ་བུད་ཡ། ཤཀྴ་ཐུན། སྙིང་ཆེན་ཟུངས། ལྕགས་སྒྲོག་ནག་པོས་སྡོམས། ནམ་མཐོངས་ནག་པོ་ཐིབས། མི་རེངས་སྐྱ་བོའི་སྲིན་ལམ་དམར་པོ་ཕྱེ། ཆེ་གེ་མོའི་ཙིཏྟ་མཱ་ར་ཡ་རྦུད། ཧྲི་དུ་རུ་ན་ཐུམས་འུབས། རཱ་ཙ་ཏྲིག་ནན། རྦད་ཐུམས་རི་ལི་ལི། ཧེ་བ་ཧིས་སར། ཧིས་སར་ཁ་ར་ཧོ་ར་ཏཾ་ཤེད། ཟོན་ཟོན་མཱཾ་ས་ཐུན་རྦད། ཅེས་བརྗོད་དོ། །དུལ་མོ་རྡུལ་ལོ། །དེ་ནས་རང་གི་གནས་སུ་བཀྲ་ཤིས་བརྗོད། དགེ་བ་འདི་ཡིས་དགྲ་བགེགས་དུས་མཐའ་བསྟུང་། མཐུ་ཆེན་དྲག་པོའི་གྲགས་པ་རྒྱས་པར་ཤོག །གཟའ་བདུད་ཀྱི་སྐོང་གསོ་ཁྲག་མཚོ་འཁྱིལ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། །ཤུ་བྷཾ།། །།
རོང་ཟོམ་པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་སྦྱིན་སྲེག་གི་ཆོ་ག་སྲིད་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་ (Volume 52, Text 36)
༄༅། །རོང་ཟོམ་པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་སྦྱིན་སྲེག་གི་ཆོ་ག་སྲིད་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རིགས་སྔགས་ཁབ་ལེན་ཞགས་པའི་འཕྲུལ་འཁོར་གྱིས། །རྣམ་མང་བརྟན་གཡོའི་ཕུན་ཚོགས་ལྕགས་ཕྱེའི་རྡུལ། །རང་དབང་མེད་འགུགས་པདྨའི་རིགས་གྱུར་ཡུམ། །རྗེ་བཙུན་མ་དཔལ་ཁྱོད་ཞབས་སྙིང་དབུས་བསྟི། །གང་གི་ཕྲིན་ལས་ནུས་པའི་རྩལ། །མྱུར་བདེར་འབྱིན་པའི་ཐབས་མཁས་ཕུལ། །བྱིན་ཟའི་ལས་ཀྱི་སྦྱོར་བ་ཡི། །ཆོ་གའི་རིམ་པ་རབ་གསལ་བྱ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྒྱལ་དང་ལྡན་པའི་ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་དམ་བཅོ་ལྔའམ་ཉེར་དགུ་ལྟ་བུ་དབང་གི་ལས་ལ་ཤིས་པའི་དུས་ཚེས་དགེ་བའི་དགོང་མོའི་ཆར། ཚོང་འདུས་ཀྱི་སའམ་སྨད་འཚོང་མའི་མལ་འོག་གི་ས་ལས་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པ་ལ་བྲིས་ཐབ་ཀྱི་ཚེ་མྱོས་བྱེད་ཀྱིས་ཆག་ཆག་གདབ་ཅིང་། བརྩིག་ཐབ་ཀྱི་ཚེ་དེ་ལ་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་གྱི་དབྱིབས་ཅན་མཁྱིད་གང་བ་དང་། དཔངས་སུ་དེའི་ཕྱེད་ཆ། དེ་རྒྱབ་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པ་བྱ། གང་ལྟར་ལྟེ་བ་པདྨ་དམར་པོ་འདབ་མ་བཞི་པ་ལྕགས་ཀྱུས་མཚན་པ་དང་། ཁ་ཁྱེར་གྱི་ནང་དུ་མེ་རི་དམར་པོ་གཡོན་འཁོར་དུ་འབར་བ། མུ་རན་ལ་ལྕགས་ཀྱུ་དང་མེ་ཏོག་དམར་པོ་སྤེལ་མའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲི། ཁ་ཁྱེར་གྱི་ནང་དུ་ཙནྡན་དམར་པོའམ་མཛོ་མོ་ཤིང་ངམ་འོལ་མོ་སེ་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་གིས་བུད་ཤིང་ཟླ་གམ་དུ་བརྩིགས་ལ་མེ་ཚང་བཅའ། གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་འབྱོར་ན་འབྲུ་མར། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་གསུམ་པ་མངར་གསུམ་དང་མར་ཁུས་ཉུགས་པ་གྲངས་ཇི་ལྟར་འོས་པ། བསྲེག་རྫས་གླང་སྣ་སོགས་ལྕགས་ཀྱུའི་དབྱིབས་ཅན་དང་མེ་ཏོག་དམར་པོའི་རིགས། མངར་གསུམ། ཙནྡན་དམར་པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་རྒུ། དར་གོས་དམར་པོའི་རིགས་སོགས་དང་། ཁྱད་པར་དབང་རྫས་གཞུང་བཞིན་ཚད་ལྡན་དུ་སྦྱར་བའི་རིལ་བུ་གྲངས་མང་། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོད་མངར་གསུམ་དང་སྦྱར་བ་ཆང་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་མཐེབ་ཀྱུ་རིལ་བུས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། ཏིལ་མར་གྱི་སྒྲོན་མེ། ཙནྡན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། རང་གི་མདུན་དུ་རྡོར་དྲིལ་དགང་བླུག་ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ནི། རང་ཉིད་གཙོ་མོའི་ང་རྒྱལ་གྱིས་ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ། མཆོད་གཏོར་རྣམས་ལ་ནང་མཆོད་འཐོར་ཞིང་བསང་སྦྱང་བྱིན་རླབས་གཞུང་བཞིན་བྱ། བསྲེག་རྫས་རྣམས་ལ་ནང་མཆོད་འཐོར་ཞིང་། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད་པས། བསྲེག་རྫས་རྣམས་ཟག་པ་མེད་པ་བདུད་རྩིའི་རང་བཞིན་ཅན་དབང་གི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ། སྨད་འཚོང་མའི་ལག་ནས་བྱུང་བའི་མེ་གཡོན་དུ་བསྐོར་ཏེ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་ཐབ་ཏུ་བཅུག །ཧཱུྃ་ཧཱུྃ་ཧཱུྃ་ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་བླུག་གཟར་གྱི་མར་ཁུའི་ཐིགས་པས་ཀྱང་གསོ། ཐབ་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་རཾ་ལས་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་ཟུར་རྣམས་སུ་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་ཆོས་འབྱུང་དམར་པོ་ཟུར་དྲུག་པ་ལ་གནས་པའི་སོགས་བདག་བསྐྱེད་བཞིན་མེ་ལྷ་དམ་ཚིག་པ་གསལ་གདབ་ཅིང་། བྱིན་རླབས་པ་དང་ཡེ་ཤེས་པ་དྲང་བསྟིམ་དབང་བསྐུར་རྒྱས་གདབ་བཅས་ཀྱི་མཐར། མདུན་བསྐྱེད་ཀྱི་སྐབས་བཞིན་བཞུགས་གསོལ་ཕྱག་མཆོད་བསྟོད་པ་བཤགས་ཤིང་དངོས་གྲུབ་བསྐུལ་བའི་བར་དུ་སོང་ནས། བསྲེག་རྫས་ཀྱི་ཐོག་མར་དགང་བླུག་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་དགང་བླུག་བཟུང་ནས། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་བསྙེན་པའི་རྩ་སྔགས་བཅས་གཡས་པའི་བླུག་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་སྒྲུབ་སྔགས་ཀྱི་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཆེ་གེ་མོ་ཝཱ་ཤཾ་མ་ན་ཡ་ཧོ༔ བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་དམིགས་བྱ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགས་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ། དེ་ནས་རྫས་རྣམས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་འོད་ཀྱིས་དཀྱིལ་འཁོར། འབྲུ་སྨན་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་གཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བ་པདྨའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུག་གཟར་གྱིས་འབུལ་ཞིང་། སྔགས་ནི་སྒྲུབ་སྔགས་ཀྱི་ཤམ་བུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཆེ་གེ་མོ་ཝཱ་ཤཾ་མ་ན་ཡ་ཧོ༔ ཞེས་པ་ཁོ་ནས་རྫས་སོ་སོར་གྲངས་བརྒྱ་རྩ་ལ་སོགས་པ་ཇི་ལྟར་འོས་པ་ཕུལ་བའི་བར་མཚམས་རྣམས་སུ། ཆེ་གེ་མོ་སོགས་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿ ཞེས་སྤེལ་ཚིག་སྦྱར། དེ་ནས་ལས་འགྱངས་པའམ་དགོས་པ་དམིགས་སུ་བསལ་བའི་ཚེ་མདུན་གྱི་རཱུ་པ་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་ཕོ་ཉ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱའི་སྙིང་ནང་ན་སེམས་ཀྱི་ངོ་བོ་ནྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། དབང་མཛད་པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་ནྲྀ་ཏྲི་ཨཱ་ཀརྵཱ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་བདུན་ནམ་ཉེར་གཅིག་སོགས་ཀྱིས་ཡིད་ཆེས་པར་བཀུག་ཅིང་བསྟིམས་པས་བསྒྲུབ་བྱ་དངོས་སུ་གྱུར་པར་བསམ་ལ། སྒྲུབ་སྔགས་དང་ལས་སྔགས་སྦྲེལ་མར་བཟླ་བཞིན་རཱུ་པ་མེ་འོད་དུ་ཞུ་ལ་ཁད་དུ་བསྲོ་ཞིང་། ཆགས་སྐྱེད་ཡིད་སྒྱུར་སོགས་ཁྱད་པར་གྱི་རྫས་རྣམས་ཕུལ་བས། དམིགས་བྱ་དེ་ཉིད་རང་གི་མདུན་དུ་ལྷགས་ཏེ་བདག་ལ་ཤིན་ཏུ་ཆགས་ཤིང་གདུང་ནས་རང་དབང་བརྟན་པ་དང་བྲལ་བས་དབང་དུ་འདུས། མཐར་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་བ་རང་གི་སྙིང་གར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་བདེ་སྟོང་གི་ངོ་བོར་མཉམ་པར་བཞག་གོ །གསུམ་པ་རྗེས་ནི། སླར་ཡང་གཤེགས་སྐྱེམས་དགང་བླུག་སྔར་བཞིན་ཕུལ་མཐར། ཨོཾ་བཛྲ་ཝསཏྲ་ཡ་སྭཱ་ཧཱཿ ཞེས་གོས་ཟུང་དམར་པོ་འབུལ། བསྙེན་སྔགས་མཐར། ཨི་དཾ་བ་ལིཾ་ཏ་པཱི་པཱ་ཐཱ་གྲྀཧྞ་པ་ཡ་སོགས་གཏོར་འབུལ་མཆོད་བསྟོད་འདོད་དོན་གསོལ་བ་བཅས་བདག་བསྐྱེད་སྐབས་བཞིན་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས། ཛཿཧཱུྃ་བཾ་ཧོཿས་མེ་ལྷ་ཡེ་ཤེས་པ་རང་ལ་ཐིམ་པས་ནུས་པ་མཆོག་ཏུ་བསྐྱེད། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ། མེ་རང་ཞིར་བཏང་བའམ་ཆང་གིས་གཞིལ་ནས་ཐལ་བ་དམིགས་བྱ་ལ་གཏོར་བའམ་ཕྱོགས་དེར་འབབ་པའི་ཆུའམ་རླུང་ལ་བསྐུར། དགེ་བ་བསྔོ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་བདེ་ལེགས་སུ་བྱའོ། །དབང་གི་ཕྲིན་ལས་འོད་སྟོང་འབར་བའི་གཟིས། །གསང་བསྟན་པདྨོའི་ནགས་ཀླུང་བཞད་གྱུར་ཏེ། །ཆོས་སྲིད་དཔལ་གྱི་ཟིལ་དངར་རྟག་འཇོ་བས། །ས་གསུམ་བུང་བའི་དགའ་སྟོན་བསྒྲུབ་གྱུར་ཅིག །ཅེས་པའང་ལུང་རྟོགས་ཡོན་ཏན་རིན་པོ་ཆེའི་མངའ་ཐང་གིས་ཡོངས་སུ་མཐོ་བ་སྤྲུལ་པའི་སྐུ་༧འཇིགས་མེད་བློ་གྲོས་རབ་གསལ་ཟླ་བ་བཟང་པོའི་་་༼་དིལ་མཁྱེན་རིན་པོ་ཆེ།༽བཞེད་པ་སྐོང་བའི་སླད་དུ། སྣང་སེམས་རང་དབང་དུ་རིག་པའི་ཛོ་ཀི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་བའི་ལོ་འབྲས་བུ་བཅུད་དུ་སྨིན་པའི་དུས་དགེ་བར་སྦྱར་བའི་ཡི་གེ་པ་ནི་པདྨ་ཀློང་གྲོལ་གྱིས་བགྱིས་པ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་སིདྡྷི་རསྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གསུར་མཆོད་འདོད་ཡོན་སྤྲིན་ཕུང་ (Volume 43, Text 36)
༄༅། །གསུར་མཆོད་འདོད་ཡོན་སྤྲིན་ཕུང་བཞུགས་སོ། ། ཨོཾ་སྭསྟི། ཡེ་ཤེས་གཅིག་ཉིད་དུ་མའི་རྣམ་རོལ་ནི། །གདུལ་བྱའི་མོས་ངོར་ཤར་བ་རྩ་གསུམ་ལྷར། །གུས་པས་བཏུད་ནས་ཚོགས་གཉིས་དགེ་བའི་མཐུ། །སྤེལ་བྱེད་མཆོད་སྤྲིན་གསུར་གྱི་ཆོ་ག་སྤེལ། །དེ་ཡང་མངོན་མཐོའི་རྟེན་ལས་ངེས་པར་ལེགས་པའི་གོ་འཕང་སྒྲུབ་པའི་ཐབས་ཀྱི་སྒོ་ཇི་སྙེད་པ་དག་འབྱུང་བ་ལས། འདིར་མཆོད་པའི་རྫས་མེར་སྲེག་པའི་མཆོད་སྦྱིན་དུ་འཆར་བ་ཞེས་ཡོངས་སུ་གྲགས་པ་སྟེ། ཐུགས་སྒྲུབ་གསང་བ་འདུས་པ་ལས། ཚོགས་གསག་པ་ཡི་སྦྱིན་སྲེག་ནི༔ ཕྱེ་དང་སྨན་གྱིས་འགྲུབ་པ་འོ༔ ཟས་འདོད་པ་ལ་ཟས་དེ་བསྲེག༔ གོས་འདོད་པ་ལ་གོས་དེ་བསྲེག༔ ནངས་ནུབ་ཐབ་ཏུ་བསྲེག་ཀྱང་ཆོག༔ ཅེས་གསུངས་པའི་དོན་བཞིན་བསྒྲུབ་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤོམ་དང་། དངོས་གཞིའི་ཆོ་གའི་རིམ་པའོ། །དང་པོ་ནི་སྙིང་པོ་ལྔ་སོགས་ལྔ་ཚན་ལྔ་དང་དཀར་གསུམ་མངར་གསུམ། དར་རས་སྣ་ཚོགས། དུག་རིགས་མེད་པའི་སྨན་སྣ་ཚོགས། ཕྱེ་དང་མར་གྱིས་བུངས་བསྐྱེད་ནས་སྦྱར་བའི་རྫས་ཀྱི་ཕུར་མ་གཙང་མ།་་་གཤིན་པོ་སོགས་ཀྱི་ཆེད་དུ་བསྔོ་ན་སྐྱེ་བདུན་མྱང་གྲོལ་དང་བདུད་རྩི་ཕུར་མའི་རིགས་བསྲེས་ན་མྱོང་གྲོལ་དུ་འགྲོ་བས་ཕན་ཡོན་ཆེ་བར་གསུངས་སོ། །མཆན། ཟངས་ཀྱི་སྣོད་དུ་མེ་ལ་གསུར་དུ་སྦྱར་བའོ། །གཉིས་པ་ནི། སྔགས་ཀྱི་ཉམས་ལེན་ལ་རྒྱུན་དུ་འཇུག་བཞིན་པ་ཡིན་ན་ཐུན་མཚམས་ཀྱི་ལྷ་དེ་ཉིད་ལ་བརྟེན་པས་ཆོག་ཅིང་། མིན་ན་ཡི་དམ་གང་བྱེད་དམ་ཐུན་མོང་གི་ལས་དང་འབྲེལ་བའི་ཕྱིར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཀྱི་སྐྱབས་འགྲོ་དང་བྱང་ཆུབ་ཏུ་སེམས་བསྐྱེད། ཚད་མེད་བཞིས་རྒྱུད་དག་པར་བྱས་ནས། ཨོཾ་སྭ་བྷཱ་བས་སྟོང་པར་སྦྱངས་ཏེ། ཧྲཱིཿ མི་དམིགས་སྤྲོས་བྲལ་སྟོང་ཉིད་རང་གདངས་ལས། །པད་ཟླར་ཧྲཱིཿལས་འཕགས་མཆོག་ཐུགས་རྗེའི་གཏེར། །དཀར་གསལ་མཛེས་འཛུམ་མཚན་དཔེའི་ལང་ཚོ་ཅན། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་ཧྲཱིཿདཀར་པོར། །ཡིག་དྲུག་ཕྲེང་བ་སྒྲ་གདངས་འབར་བས་བསྐོར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྒྱ་རྩ་ལ་སོགས་ཅི་རིགས་པར་བཟླའོ། །གསུར་རྫས་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། རང་བཞིན་ལྷུན་གྲུབ་ཡེ་ཤེས་དབྱིངས་ཀྱི་གཞིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཛོད། །འདོད་པའི་ཡོན་ཏན་རྣམ་པ་ལྔ་ཡི་ཆར། །སོ་སོའི་ཐུགས་ལ་དགྱེས་དགུར་འབེབ་པར་གྱུར། །ནམ་མཁའ་མཛོད་ཀྱི་རྒྱ་བཅིངས་ཏེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བདུན་ནམ་གསུམ་བཟླས་ནས། མགྲོན་སྤྱན་འདྲེན་པ་ནི། བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན། །ཡི་དམ་མཁའ་འགྲོ་དམ་ཅན་སྒྱུ་འཕྲུལ་གར། །སྐྱེ་མང་དྲིན་གྱིས་བརྩེ་བའི་རིས་མེད་འགྲོ །མ་རིག་འཛིན་པས་རྟག་འཁྱམས་ཤ་འཁོན་ཚོགས། །ཀུན་ཀྱང་བདེ་ཆེན་ཆོས་སྐུའི་རོལ་པ་ལས། །འགག་མེད་སྒྱུ་མའི་རྣམ་པར་ཤར་བའི་མགྲོན། །ཐམས་ཅད་གཏན་པ་མེད་པའི་མཆོད་སྦྱིན་ལ། །མོས་གདུང་བརྩེ་བས་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དང་། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ། ཡེ་ཤེས་མེ་ཡིས་བཞུས་པའི་ཟག་མེད་ཀྱི། །བདུད་རྩིའི་དྭངས་མ་འདོད་པའི་ཡོན་ཏན་ལྔར། །ཐོགས་མེད་འཆར་བའི་དྲི་གསུར་མཆོད་པ་འདིས། །བླ་མ་མཆོག་གསུམ་སྲི་ཞུའི་མགྲོན་ཀུན་མཆོད། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་མྱུར་ཐོབ་ཤོག །དམ་ཅན་ཆོས་སྐྱོང་ཡོན་ཏན་མགྲོན་ཀུན་མཆོད། །བསྟན་པ་དར་ཞིང་ཕན་བདེའི་ཕྲིན་ལས་མཛོད། །རིགས་དྲུག་ལན་ཆགས་སྙིང་རྗེའི་མགྲོན་ཀུན་མཆོད། །དགྱེས་ཚིམས་སྡུག་བསྔལ་ཀུན་བྲལ་བདེ་ཐོབ་ཤོག །ལན་ཆགས་ཤ་མཁོན་གཉེར་བ་ཡོངས་ལ་བསྔོ། །མགུ་ཞིང་གནོད་འཚེའི་བསམ་སྦྱོར་ཞི་བར་མཛོད། །བར་དོའི་འགྲོ་བ་དྲི་ཟའི་ཚོགས་ལ་བསྔོ། །འཁྲུལ་སྣང་འཇིགས་བྲལ་ཕན་བདེས་འཚོ་བར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨགྣེ་ཛྭ་ལ་རཾ་སརྦ་སིདྡྷི་ཀུ་རུ་ཧཱུྃ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཨགྣེ་ཛྭ་ལ་རཾ་སརྦ་སིདྡྷི་ཀུ་རུ་ཧཱུྃ། ཞེས་དང་། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་དག་གིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཀྱི་སྦྱིན་པའང་བྱས་ནས། མཆོད་སྦྱིན་གྱི་མགྲོན་རྣམས་གཤེགས་ཤིང་བསྔོ་སྨོན་གྱི་རྒྱས་གདབ་པར་བྱའོ། །ལེགས་བྱས་དགེ་བའི་ས་བོན་ཕྲ་མོ་ཡང་། །ཚོགས་གཉིས་ལང་ཚོ་དར་བའི་དཔག་བསམ་ཤིང་། །ཕན་བདེའི་འདོད་འཇོར་ངེས་ཕྱིར་འདིར་བརྗོད་པ། །རྣམ་ཀུན་དོན་ཡོད་ཉིད་དུ་འགྱུར་བར་ཤོག །ཅེས་གསུར་བསྔོ་ཉུང་ངུར་བསྡུས་པ་འདི་ཡང་ཐུགས་སྒྲུབ་གསང་བ་འདུས་པའི་ཁུངས་ལ་བརྟེན་ཅིང་། མཆོད་སྦྱིན་གྱི་ལས་གང་དུ་ཡང་བཀག་པ་མེད་པའི་དོན་བཞིན་ཨེ་པ་རིག་བྱེད་མཇལ་སྟོད་ལྷུན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་ཚེ་རིང་ནོར་བུའོ། །མངྒ་ལཾ།། །།
དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ ཡི་དམ་བཀའ་འདུས་སྙིང་པོའི་ཕྲིན་ལས་བདེ་ཆེན་གྲུབ་པ་ (Volume 16, Text 36)
༄༅། །དམ་ཆོས་སྙིང་པོ་སྐོར་ལྔ་ལས༔ ཡི་དམ་བཀའ་འདུས་སྙིང་པོའི་ཕྲིན་ལས་བདེ་ཆེན་གྲུབ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་སཾ་གྲ་ཧཱ་ཡ། དབྱིངས་ལས་ཡེ་ཤེས་རོལ་པའི་སྐུ །ཐེག་དགུའི་ལྷ་ཚོགས་སྤྲུལ་པར་བཅས། །སྤྱི་བོར་མཆོད་ནས་ཕྲིན་ལས་ཀྱི། །བྱང་བུ་ལུང་དང་མཐུན་པར་དགོད། །སྒྲུབ་པ་པོ་དབང་དང་དམ་ཚིག་ལ་གནས་པས་དུར་ཁྲོད་དབེན་པའི་ཚོགས་ཁང་དུ་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་ཇི་ལྟར་འོས་པ་འདུ་བྱ་བ་སྟེ། ཕྲིན་ལས་ཀྱི་རིམ་པ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། །དང་པོ་ལ་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང༔ རྟོག་པའི་དབང་གིས་འཁོར་བ་ལས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་སོགས་མེད་ལས་ཐམས་ཅད་སྣང༔ སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ༔ སྲིད་པ་ཕྱི་ནང་སྣོད་བཅུད་ཐམས་ཅད་ནི༔ སྙིགས་མ་ལྔ་དང་སྐྱེ་འགྲོ་མ་ལུས་ཀུན༔ ཐམས་ཅད་སངས་རྒྱས་ཉིད་ཀྱི་རང་བཞིན་པས༔ ཐབས་ལ་མཁས་པས་འདི་ལྟར་བརྟག་ཅིང་བསྒོམ༔ ན་མོ་ཧཱུྃ༔ འབར་བའི་མཚམས་ནི། ཧཱུྃ༔ ཀུན་བཟང་ཀློང་ནས་ཞེ་སྡང་རྡོ་རྗེ་བཞེངས༔ ཡབ་ཡུམ་སྦྱོར་བའི་སེམས་སྤྲིན་ཁྲོ་བོ་དང༔ མཚོན་ཆ་མེ་ཡིས་བགེགས་ཚོགས་ཚར་བཅད་ནས༔ བདེ་ཆེན་རང་མདངས་སྲུང་བའི་འཁོར་ལོར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉམས་ཆག་བཤགས་པ་ནི། རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ ནམ་མཁའ་གང་བར་སད་པར་བསམ༔ ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་ཆོས་སྟོན༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དམ་བཅའ་བཟུང་བ་ནི། ཨོཾ༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་བདག་ནི་སེམས་བསྐྱེད་དེ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ བླ་མ་ལྷ་ཁྱོད་རྟག་ཏུ་བཟུང་བར་བགྱི༔ བྱིན་དབབ་པ་ནི། ཨོཾ་ཧཱུྃ༔ ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་འཁོར་དང་བཅས༔ རང་བཞིན་གནས་ནས་སྐུ་བསྐྱོད་དེ༔ སྒྲུབ་པའི་གནས་མཆོག་འདིར་གཤེགས་ལ༔ དབང་སྐུར་བྱིན་ཕོབས་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་བསྡུ། མཆོད་རྫས་བརླབ་པ་ནི། ཡི་གེ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ དབྱིངས་ཀྱི་བྷནྡྷར་ཡེ་ཤེས་ལྔ་ཡི་རྫས༔ དེ་དབུས་ཆེ་མཆོག་བདག་ཉིད་བདུད་རྩི་འཁྱིལ༔ མཐེབ་སྲིན་རྟ་མགྲིན་ཡབ་ཡུམ་རང་འོད་ཀྱིས༔ བདུད་རྩི་བསྡུས་ནས་ཐིམ་པས་འོད་དུ་ཞུ༔ རྟ་མགྲིན་ཡབ་ཡུམ་བྱང་སེམས་དེ་དང་འདྲེས༔ གང་ལ་ཕོག་པས་དོན་གྲུབ་བདུད་རྩིར་གྱུར༔ བཛྲ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ༔ གཏོར་གཞོང་ཡུམ་ལྔའི་མཁའ་ལ་གཏོར་མ་ནི༔ ཡེ་ཤེས་ལྔ་ཡི་འདོད་ཡོན་འཕྲོ་བར་གྱུར༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཕཊ༔ པདྨ་འབར་བའི་སྣོད་དུ་ཡེ་ཤེས་ཀྱི༔ རྦ་ཀློང་འཁྲུགས་པས་ཁམས་གསུམ་རཀྟ་འདུས༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ གཞན་ཡང་སྣོད་རྣམས་དབྱིངས་ཀྱི་ཞིང་ཁམས་སུ༔ མཆོད་རྫས་ཡེ་ཤེས་ལྷ་མོའི་རོལ་པར་གྱུར༔ ན་མསྶ་མནྟ་བུདྡྷ་ནཱཾ་ག་ག་ན་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཧཱུྃ༔ ཕྱི་ནང་གསང་བའི་སེམས་ཀྱི་དངོས་པོ་རྣམས༔ མཚམས་བཅད་བཤགས་པ་དམ་བཅའི་བྱིན་རླབས་ཀྱིས༔ ལམ་གྱི་འགལ་རྐྱེན་མིང་ཡང་མེད་པར་ཤོག༔ ནུས་མེད་མ་དག་དངོས་པོ་ཅིར་སྣང་བ༔ བྱིན་ཕབ་སྦྱངས་སྤེལ་བསྒྱུར་པའི་མཐུ་ནུས་ཀྱིས༔ ལམ་གྱི་མཐུན་རྐྱེན་ལྷུན་གྱིས་འགྲུབ་པར་ཤོག༔ ན་མོ་ཧཱུྃ༔ གཉིས་པ་དངོས་གཞིའི་ཏིང་འཛིན་བསྒོམ་པ་ནི། ཆོས་རྣམས་སྟོང་ཉིད་ཡེ་ཇི་བཞིན༔ ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ༔ གཉིས་མེད་བདེ་ཆེན་བྱང་ཆུབ་སེམས༔ རང་བྱུང་སྔགས་ཀྱི་རང་སྒྲ་ཡིས༔ སྣོད་བཅུད་དཀྱིལ་འཁོར་ཆེན་པོར་ཤར༔ བྷྲཱུྃ་ཨོཾ་ཨཱཿཧཱཱུུྃྃ་སྭཱ་ཧཱ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཧཱུྃ༔ ནམ་མཁའ་ཐམས་ཅད་གཞལ་ཡས་ཁང༔ སྒོ་དགུ་འཇའ་ཚོན་བྲེས་པ་ལྟར༔ བདེ་གཤེགས་ཞི་བའི་ཕོ་བྲང་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ ཀུན་ཏུ་བཟང་པོ་ནམ་མཁའི་མདོག༔ གཡས་དཀར་གཡོན་དམར་མཉམ་གཞག་ཕྱག༔ བྱང་ཆུབ་མཆོག་རྒྱ་རྡོར་དྲིལ་འཛིན༔ ཀུན་ཏུ་བཟང་མོ་གཉིས་མེད་འཁྲིལ༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ འོད་ཟེར་དྲུག་ཕྲག་དྲུག་འཕྲོ་འབར༔ མདུན་དུ་བཅོམ་ལྡན་མི་བསྐྱོད་པ༔ ཕྱོགས་བཞིར་རྣམ་སྣང་རིན་ཆེན་འབྱུང༔ སྣང་བ་མཐའ་ཡས་དོན་ཡོད་གྲུབ༔ མཚམས་བཞིར་བྱང་ཆུབ་སེམས་དཔའ་བརྒྱད༔ རིགས་ཀྱི་ཆ་ལུགས་ཡུམ་བཅས་གསལ༔ ཁྱམས་ལ་བྱ་བྱེད་ཐུབ་པ་དྲུག༔ སྒོ་བཞིར་མཐར་བྱེད་ཡབ་ཡུམ་བརྒྱད༔ ཕུང་ཁམས་སྐྱེ་མཆེད་དག་པའི་ལྷ༔ དཔལ་ཆེན་འབར་བའི་ཕོ་བྲང་དབུས༔ འཁོར་འདས་རོལ་པའི་ཁྲི་སྟེང་དུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་སྟོན་གནམ་དྭངས་པའི་མདོག༔ དབུ་ནི་ཉི་ཤུ་རྩ་གཅིག་ལྡན༔ གཡས་དཀར་གཡོན་དམར་རྟ་གདོང་བཞད༔ ཁྲག་འཐུང་དྲུག་ཅུ་རྩ་བཞིའི་སྤྱན༔ བདེ་གཤེགས་སྲས་བཅས་ཁྲོ་བོའི་ཚོགས༔ བཞི་བཅུ་རྩ་གཉིས་ཕྱག་རྒྱ་འབར༔ རྣམ་ཐར་བརྒྱད་ཀྱི་ཞབས་བརྒྱད་བགྲད༔ དཔལ་ཆས་དུར་ཁྲོད་རྒྱན་རྣམས་རྫོགས༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ སྔོ་སྐྱ་དབུ་དགུ་སྟོང་ཉིད་ཕྱག༔ རྡོ་རྗེ་དུང་ཁྲག་གནས་ཡུལ་གྱི༔ ཞིང་སྐྱོང་མ་མོ་བཅུ་དྲུག་བསྣམས༔ ཕྱག་རྒྱ་ལྔས་བརྒྱན་ལང་ཚོ་འབར༔ དབྱིངས་དང་ཡེ་ཤེས་བདེ་ཆེན་རོལ༔ མདུན་དུ་སྲས་མཆོག་ཧེ་རུ་ཀ༔ དབུས་དང་ཕྱོགས་མཚམས་དཔལ་ཆེན་དགུ༔ ཆ་ལུགས་ཀུན་རྫོགས་ཡུམ་དང་འཁྲིལ༔ ཁྱམས་སྒོར་སྲས་མོ་ཉི་ཤུའི་ཚོགས༔ གཉིས་པར་འབར་མ་གསང་བའི་ཡུམ༔ གསུམ་པར་དབང་མོ་ཉི་ཤུ་བརྒྱད༔ བཞི་པར་མཁའ་འགྲོ་སུམ་ཅུ་གཉིས༔ ལྔ་པར་མ་བདུན་སྲིང་བཞི་དང༔ དྲུག་པར་རྡོ་རྗེ་གིང་གི་ཚོགས༔ བདུན་པར་ཁྲོ་བོ་ཁྲོ་མོ་དང༔ བརྒྱད་པར་མཁའ་འགྲོ་དྲུག་ཅུ་བཞི༔ དགུ་པར་ཕོ་ཉ་དྲུག་ཅུ་འཁོད༔ ཤར་དུ་ཡང་དག་ཐུགས་ཀྱི་ལྷ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ ནུབ་ཏུ་རྟ་མགྲིན་སྤྲུལ་འཁོར་བཅས༔ བྱང་དུ་ཕུར་པ་ཕྲིན་ལས་ལྷ༔ ཤར་ལྷོར་མ་མོ་རྦོད་གཏོང་དང༔ ལྷོ་ནུབ་རྒྱུད་གསུམ་རིག་འཛིན་ཚོགས༔ ནུབ་བྱང་དྲེགས་འདུལ་བཀའ་སྲུང་སྡེ༔ བྱང་ཤར་སྟོབས་ལྡན་དྲེགས་པར་བཅས༔ ཕྱི་ཁྱམས་ཐེག་པ་དྲུག་གི་ལྷ༔ འཁོར་བའི་རྟོག་ཚོགས་གནས་འགྱུར་ནས༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འབར༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་དངོས་པོ་ཅིར་སྣང་བ༔ གཞལ་ཡས་ལྷ་རུ་བསྒོམས་པའི་བྱིན་རླབས་ཀྱིས༔ ཕུང་ཁམས་སྐྱེ་མཆེད་རྟོག་པ་རྣམ་དག་ནས༔ འོག་མིན་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུྃ༔ རྒྱ་བཅིངས་ལ། སྣང་གྲགས་རྟོག་ཚོགས་སྐུ་གསུང་ཐུགས༔ དབྱིངས་ལ་ཡེ་ཤེས་ལྔ་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ རང་རིག་ཧཱུྃ་སྔོན་རྟག་འཆར་བའི༔ འོད་ཀྱིས་ཆོས་དབྱིངས་མཐར་ཐུག་ཁྱབ༔ ཆོས་སྐུ་གཟུགས་སྐུའི་སྐུར་བཞེངས་གྱུར༔ བཛྲ་ས་མཱ་ཛ༔ཡིས་སྙན་གསན་དབབ། ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ༔ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད༔ ཨེ་ཧྱེ་ཧི་ཨཱ་ན་ཡ་བཛྲ༔ས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། ཏིཥྛ་བཛྲ༔ས་བརྟན་པར་བྱ། ཧཱུྃ༔ སྦྱང་གཞི་སྦྱངས་འབྲས་དངོས་པོ་ཅིར་སྣང་བ༔ ཡེ་ཤེས་སྤྱན་དྲངས་བསྟིམས་པའི་བྱིན་རླབས་ཀྱིས༔ གཞི་འབྲས་གཉིས་སུ་མེད་པའི་དོན་རྟོགས་ནས༔ བླ་མེད་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག༔ ན་མོ་ཧཱུྃ༔ ལྷ་དང་ལྷ་རོལ་ཚུལ་གྱིས་ཕྱག་མཆོད་ནི། ཧཱུྃ༔ རྡོ་རྗེ་རྐང་ལག་མཛེས་པའི་གར༔ རྣམ་མཁའི་རྡུལ་སྙེད་རབ་སྤྲུལ་ཏེ༔ འབར་བའི་དཀྱིལ་འཁོར་མཉེས་བྱའི་ཕྱིར༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་མཆོད་ནི། ཧཱུྃ༔ འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས༔ མཆོད་པ་རྒྱ་མཚོའི་རྒྱན་ཡིན་ཏེ༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ འབྱུང་བ་ཆེན་པོ་ནམ་མཁའ་ནི༔ འབྱུང་བ་ཆེན་པོ་ལྔ་ཡི་མཛོད༔ ནམ་མཁའ་ལས་ནི་འདོད་པ་འབྱུང༔ འདོད་པའི་མཆོད་པ་འབྱུང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ སུ་ར་ཏོ་མ་ཧཱ་རཱ་ག༔ པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏི་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ ཞེས་དངོས་གྲུབ་བླང་། མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལྷ་རྣམས་ཡབ་ཡུམ་སྦྱོར་བས་བདེ་མཆོད་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བྱང་སེམས་འོད་ཀྱིས་འཁྲུལ་རྟོག་འོད་གསལ་ངང་དུ་སྦྱང་། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ བསྟོད་པ་ནི། ཨོཾ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ༔ སྐུ་གསུང་ཐུགས་ཀྱིས་ཀུུན་ཏུ་ཁྱབ༔ སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང༔ བྱམས་དང་སྙིང་རྗེས་དགྲ་ཟུན་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ འཇིགས་བྱེད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བདེ་སྡུག་བཏང་སྙོམས་དངོས་པོ་ཅིར་སྣང་བ༔ ཕྱག་མཆོད་བསྟོད་པ་ཕུལ་བའི་བྱིན་རླབས་ཀྱིས༔ བླང་དོར་འཛིན་པའི་རྟོག་པ་རྣམ་དག་ནས༔ ཀུན་ཀྱང་མཉམ་ཉིད་ངང་དུ་རྟོགས་པར་ཤོག༔ ན་མོ་ཧཱུྃ༔ འདོད་གསོལ་ནི། ཧོ༔ ཕྱོགས་དུས་བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་དགོངས༔ ཕྱི་ནང་གསང་བ་སྐུ་གསུང་ཐུགས་རྒྱུད་མཉེས༔ དེ་མཐུས་འགྲོ་ཀུན་རྡོ་རྗེ་འཆང་གྲལ་ཐོབ༔ བདག་ཅག་རྣམས་ཀྱི་དམ་ཚིག་ཉམས་ཆག་སྐོང༔ དངོས་གྲུབ་རྣམ་པ་གཉིས་ཀྱི་སྣོད་གྱུར་ཏེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་ས་ནོན་ཤོག༔ ཨ་ལ་ལ་ཧོ༔ བསྙེན་པའི་དགོངས་པ་ནི། སྣང་སྲིད་དམ་ཚིག་ཕྱག་རྒྱའི་ངང༔ ལུས་ཀྱི་འགུལ་བསྐྱོད་རྡོ་རྗེའི་གར༔ སྨྲ་བརྗོད་ཐམས་ཅད་སྔགས་ཀྱི་ཚིག༔ སེམས་ཉིད་སྟོང་གསལ་ཟུང་འཇུག་པ༔ རང་རིག་བྱང་ཆུབ་སེམས་ཀྱི་ངང༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ལུས་ངག་སེམས་གསུམ་མ་བཅོས་པ༔ ལྷུག་པར་གནས་པའི་ངང་ནས་བཟླ༔ སྒྲུབ་པ་དང་འབྲེལ་ན་མདུན་རྟེན་དཀྱིལ་འཁོར་དང་རྟེན་དགུའི་གོ་སར་ཛཔ྄་ཁང་དབྱེ། དགོངས་པའི་གཟེར་དང་བཟླས་པ་གཏེར་གཞུང་ལྟར་བྱ་ཞིང་མཐར་ལས་བཞིའི་སྔགས་ཀྱང་སྦྱར། ཕྲིན་ལས་བསྡུས་པའི་སྐབས་གོང་གི་གུ་ཧྱ་ཛྙཱ་ན་བསྙེན་སྒྲུབ་ཆིག་དྲིལ་ཁྱད་པར་གྱི་བཟླས་པ་ཡིན་པས་དེ་ཀས་འཐུས་ཀྱང་། ཁྲོ་བོ་ལ་ཟུར་དུ་སྤྲོ་ན། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླས་སོ། །མཐར་སྟོང་ཚིགས་མཆོད་བསྟོད་ཕུལ་ལ་ཡིག་བརྒྱ་བཟླ། ཧཱུྃ༔ རླུང་སེམས་སྔགས་ཀྱི་དངོས་པོ་ཅིར་སྣང་ཡང༔ དབྱེར་མེད་རྡོ་རྗེའི་བཟླས་པ་བྱས་པའི་མཐུས༔ རྣམ་གསུམ་སོ་སོར་འཛིན་པ་ཀུན་དག་ནས༔ བསྙེན་སྒྲུབ་རྣམ་བཞིའི་འབྲས་བུ་མྱུར་ཐོབ་ཤོག༔ ན་མོ་ཧཱུྃ༔ གསུམ་པ་རྗེས་ཀྱི་བྱ་བ་ལ་དང་པོ་ཚོགས་མཆོད་ནི། ཡོ་བྱད་རྣམས་ལ་བསང་གཏོར་བྱ། ཨོཾ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཧཱུྃ༔ ཡེ་ཤེས་མེ་རླུང་ཆུ་འཕྲོས་པས༔ དངོས་འཛིན་རྣམ་རྟོག་ཐམས་ཅད་སྦྱངས༔ ཚོགས་གཞོང་བྷནྡྷའི་སྣོད་ནང་དུ༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ འདོད་ཡོན་མཆོད་སྤྲིན་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ རང་རིག་མཐའ་དབུས་མེད་པའི་དཀྱིལ༔ ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ མཆོད་པ་ནི། ཨོཾ༔ དགྱེས་པ་ཚིམ་པའི་ལོངས་སྤྱོད་དག༔ ཇི་ལྟར་ཡིད་བཞིན་ནོར་བུ་ལྟར༔ དཔག་བསམ་ཤིང་ཆེན་འདོད་འཇོའི་བ༔ མ་རྨོས་ལོ་ཏོག་རྒྱས་པ་ལྟར༔ རྣལ་འབྱོར་ལོངས་སྤྱོད་ཆེན་པོ་དག༔ ནམ་མཁའི་ཁམས་སུ་གཏིབས་ནས་ཀྱང༔ རྡོ་རྗེ་དགྱེས་ཚོགས་ཀུན་འདུས་ནས༔ སྐལ་ལྡན་རྣམས་ཀྱིས་རབ་སྤྲུལ་ཅིང༔ རྡོ་རྗེ་གར་གྱིས་དབང་བསྒྱུར་ནས༔ སྒེག་སོགས་ལྷ་མོའི་འཇོ་ཚུལ་དག༔ འདུད་ཅིང་བསྟོད་པའི་ཚུལ་གྱི་ནི༔ རོལ་མོའི་ཚོགས་ཀྱིས་དགྱེས་པར་མཛོད༔ ཛཿཧཱུྃ་བཾ་ཧོ༔ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ༔ ཨི་དཾ་དྷཱུ་པཾ་པུཥྤཾ་དཱི་པཾ་གནྡྷཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ༔ ཤྲཱི་མཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཤགས་པ་ནི། ཚེ་རབས་ཐོག་མ་མེད་པའི་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླང་བ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་འཁྱལ་སྨྲ་བ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་སེམས་པ་སོགས༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་བརྩམ༔ ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ་བཟླ། ཚོགས་ཐ་མར་དགྲ་བགེགས་བཀུག་བསྟིམ་བྱས་ལ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མ་མིང་དུ་བཅས་པ་ལ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ནས་ཚོགས་སུ་འབུལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཤ་ཁྲག་བདུད་རྩིར་སྤར་ནས་བསྟབ་པ་ནི། ཧཱུྃ༔ རྡོ་རྗེ་འབར་བའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟོབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བརྡ་དང་བརྡའི་འབུལ་ལེན་བྱས་ལ། བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམས༔ ཀུན་ལ་ཕན་པའི་སྨན་ཡིན་ཏེ༔ རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས༔ ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ༔ ཨ་ལ་ལ་ཧོ༔ བཟའ་དང་བཅའ་དང་བཏུང་དང་བགོ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ནམ་མཁའི་སྤྲིན་ལྟར་གཏིབས་སྤུངས་ནས༔ དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ༔ ཨ་ལ་ལ་ཧོ༔ ཞེས་ནང་གི་སྲེག་བླུགས་ཚུལ་གྱིས་རོལ། རྡོ་རྗེའི་གླུ་དང་གར་བྱ་ཞིང་སྤྲོ་ན་རྒྱུད་ཀྱང་བཀླག །ལྷག་མ་བསྡུས་ལ་ཞལ་ཆབ་བྲན་ཏེ། ཨོཾ་ཨཱཿཧཱུྃ༔ ལྷག་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞལ་ཆབ་བདུད་རྩིའི་ནུས་པ་བསྐྱེད༔ ཨོཾ་ཨཱཿཧཱུྃ༔ ལྷག་མའི་མགྲོན་རྣམས་འདུས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷག་མའི་མགྲོན་རྣམས་ཚིམ་པར་རོལ༔ ཨོཾ་ཨཱཿཧཱུྃ༔ ཕུང་པོ་ལྷ་ཡི་རྩལ་སྣང་ལས༔ ཡེ་ཤེས་ལྷག་སྡུད་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གཉིས་མེད་དོན་རྟོགས་ནས༔ ལྷ་འདྲེ་དབྱིངས་རིག་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ འདོད་ཡོན་རྣམ་དྲུག་དངོས་པོ་ཅིར་སྣང་ཡང༔ ཐམས་ཅད་ཞེན་མེད་ངང་དུ་རོལ་པའི་མཐུས༔ བདེ་སྡུག་བཏང་སྙོམས་ཚོར་བ་རྣམ་དག་ནས༔ ཀུན་ཀྱང་ཡེ་ཤེས་རྒྱན་དུ་རྟོགས་པར་ཤོག༔ ན་མོ་ཧཱུྃ༔ ཞེས་ལྷག་མ་དོར་ཞིང་སྨོན་ལམ་གདབ། གཏོར་སྐྱོང་མདོར་བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བརྒྱུད་གསུམ་བླ་མའི་སྤྱན་སྔར་ཞལ་བཞེས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང༔ བོད་སྐྱོང་བརྟན་མ་ཆེན་མོ་འཁོར་བཅས་ཀྱིས༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དངོས་གྲུབ་གསོལ་བ་ནི། ཧཱུྃྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ གཏང་རག་མཆོད་བསྟོད་དང་བཟོད་གསོལ་ཡང་སྤྲོ་ན་བྱ་ཆོག །ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་རང་ལ་ཐིམ༔ སེམས་དཔའ་གསུམ་ཡང་ཧཱུྃ་ལ་འདུས༔ དེ་ཡང་དབྱིངས་ཡེ་གཉིས་མེད་པའི༔ བྱང་ཆུབ་ཐིག་ལེའི་ཀློང་དུ་བཞག༔ སྔགས་ཀྱི་རྐྱེན་གྱིས་སད་པ་ལས༔ དཔལ་ཆེན་ཞལ་གཅིག་ཕྱག་གཉིས་པ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ལུས་རྡོ་རྗེའི་གོ་ཆས་གཡོགས་པར་བསམ། བཛྲ་ཀ་པཱ་ལ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ ཨོཾ་ཨརྻ་ལམྦྷོ་དྷ་ར་ཨཱ་བྷི་ཥིཉྩ་ཧྲཱི༔ དབུ་རྒྱན་ཅོད་པན་བཅིངས་པར་མོས། ཨོཾ་གུ་ཧྱ་ས་མ་ཡ་སཏྭཾ༔ བརྟན་པར་བྱ་ཞིང་ཡིག་བརྒྱ་བཟླས་ལ། ཧཱུྃ༔ ཆུ་བོ་བཞི་ཡི་དངོས་པོ་ཅིར་སྣང་ཡང༔ བསྐྱེད་རྫོགས་རྣམ་གཉིས་བསྒོམས་པའི་བྱིན་རླབས་ཀྱིས༔ སྡུག་བསྔལ་བདུད་བཞི་བཅོམ་ནས་དབང་དང་ལྡན༔ མི་ཟད་རྒྱན་འཁོར་རྣམ་ལྔ་འགྲུབ་པར་ཤོག༔ ན་མོ་ཧཱུྃ༔ ཅེས་དང་གཞན་ཡང་ཇི་ལྟར་འོས་པའི་བསྔོ་སྨོན་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །བཀའ་འདུས་སྙིང་པོའི་དཀྱིལ་འཁོར་དུ། །དབྱིངས་ཡེ་གཉིས་མེད་ཧེ་རུ་ཀའི། གོ་འཕང་ཐོབ་ནས་མཁའ་ཁྱབ་འགྲོར། །དངོས་གྲུབ་རྣམ་གཉིས་སྦྱིན་ནུས་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་བཀས་རྗེས་སུ་གནང་ཞིང་གང་དེའི་སྲས་ཡུམ་ལྷན་རྒྱས་ཀྱི་བཞེད་པ་སྐོང་བའི་སླད་དུ་འཆི་མེད་བསྟན་གཉིས་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་རྒྱུན་ཁྱེར་སྙིང་པོའི་བཅུད་འདུས་ (Volume 21, Text 36)
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་རྒྱུན་ཁྱེར་སྙིང་པོའི་བཅུད་འདུས་བཞུགས། ན་མོ་ལོ་ཀེ་ཤྭ་ར་ཡ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །འཇིག་རྟེན་མགོན་པོར་རྣམ་སྤྲུལ་པ། །སྤྱན་རས་གཟིགས་ལ་ཕྱག་འཚལ་ནས། །དེ་ཉིད་སྒྲུབ་ཐབས་ཉུང་ངུ་སྤེལ། །དབེན་པའི་གནས་སུ་བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་སྐྱབས་ཡུལ་དུ་བཞུགས་པར་གྱུར་པ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་སེམས་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་བསྟིམ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་སྟོན་ཟླ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་ཐུགས་ཀར་སྦྱར་བ། གཡས་འོག་མས་མུ་ཏིག་གི་ཕྲེང་བ་དང་། གཡོན་འོག་མས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཞལ་གྱི་དཀྱིལ་འཁོར་ཞི་ཞིང་རབ་ཏུ་འཛུམ་པ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་ཕྱེད་དཔུང་པ་གཉིས་ཀྱི་སྟེང་དུ་འཁྱིལ་ཞིང་རྩེ་མོ་རླུང་གིས་བསྐྱོད་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་སྣ་ཚོགས་པའི་སྟོད་གཡོགས་དང་དམར་པོའི་སྨད་དཀྲིས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན། མཚན་དཔེ་ཡོངས་སུ་རྫོགས་ཤིང་། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་སྤྲོ་བའི་རང་བཞིན་ཅན་དུ་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་བོ་པོ་ཏ་ལ་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་མེ་གྷ་ཧཱུྃ་ཞེས་མཆོད། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་གཉིས་མེད་དུ་ཐིམ་པར་གྱུར། སྙིང་གར་ཟླ་བ་ལ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པའི་སྔགས་ཕྲེང་རང་སྒྲ་སྒྲོག་ཅིང་འོད་ཟེར་གྱི་ཕུང་པོར་འབར་བ་གཡས་སུ་འཁོར་བར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཅི་ནུས་བཟླ་ཞིང་། སྐུ་སྣང་སྟོང་། གསུང་གྲགས་སྟོང་། ཐུགས་སྟོང་ཉིད་སྙིང་རྗེའི་རང་བཞིན་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྲིན་ལས་ལ་རྩེ་གཅིག་ཏུ་མོས་པར་བྱའོ། །ཐུན་འཇོག་ཁར། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ་བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་བདག་ཉིད་ལ་ཐིམ། རང་ཡང་སྙིང་གའི་ཧྲཱིཿལ་ཐིམ། ཧྲཱིཿཡང་ཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར། དེ་མཐའ་ནས་ཡལ་ཏེ་སྟོང་ཉིད་དུ་གྱུར་པ་ལ་ཅུང་ཟད་མཉམ་གཞག་བྱ། སྟོང་པའི་ངང་ལས་ཐིག་ལེ་ལས་ཧྲཱིཿ དེ་ལས་ཐུགས་རྗེ་ཆེན་པོའི་སྐུར་ལངས་ཏེ་བཅུད་ཀྱི་སེམས་ཅན་ལྷ་དང་། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར་པར་བསམ་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་ཐུན་མཚམས་སུ་བྱམས་སྙིང་རྗེ་དང་མ་བྲལ་བར་བྱའོ། །སྤྱན་རས་གཟིགས་དབང་སྲོང་བཙན་གྱི། །བཀའ་ཆེམས་སྙིང་པོའི་སྒྲུབ་ཐབས་ཕུལ། །ཉུང་ངུའི་ཚིག་གིས་ཆེན་པོའི་དོན། །སྟེར་བའི་སྒྲུབ་ཐབས་ཀུན་དགའི་དཔྱིད། །འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཉུང་ངུར་བསྡུས་པ་འདི་ནི་ཆུ་མིག་ཁ་ནས་དབོན་སའི་དྲུང་གི་ཐུགས་དམ་ཞལ་འདོན་དུ་འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་པ་ནི་དགེ་སློང་བློ་གསལ་རྒྱ་མཚོའོ།། །།
དམ་ཆོས་དགོངས་པ་ཡང་ཟབ་ལས། རྡོ་རྗེ་གྲོ་ལོད་ཀྱི་དབང་བསྐུར་ཡེ་ཤེས་རྩལ་སྐྱེད་ (Volume 12, Text 36)
༄༅། །དམ་ཆོས་དགོངས་པ་ཡང་ཟབ་ལས། རྡོ་རྗེ་གྲོ་ལོད་ཀྱི་དབང་བསྐུར་ཡེ་ཤེས་རྩལ་སྐྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་ལོ་ཀོཏྟ་རཱ་ཡ། འཁོར་འདས་ཀུན་ན་འགྲན་ཟླ་བྲལ། །འཇིགས་བྱེད་འཆོལ་བའི་ཁྲོ་རྒྱལ་ལ། །བཏུད་ནས་ཐུན་མོང་མ་ཡིན་པའི། །བྱིན་རླབས་སྙིང་པོ་གསལ་བར་བྱ། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། བྱིན་རླབས་དང་ལྡན་པའི་གནས་སུ་ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་བཟང་པོར། སྟེགས་བུའི་སྟེང་དུ་མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་རིན་པོ་ཆེའམ་ཐོད་པའི་སྣོད་དུ་གཏོར་མ་རྡོ་རྗེའི་དབྱིབས་ཅན་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་རྐང་གསུམ་ལྟ་བུར་བཀོད། གཡས་གཡོན་དུ་རྡོ་རྗེ་ཕུར་བུ། མཐའ་མཆོད་པས་བསྐོར་རོ། །གཉིས་པ་ལ་གཉིས། དང་པོ་དབང་སྒྲུབ་ཀྱི་ཐོག་མར་སྐྱབས་སེམས་ནི། ཧྲཱི༔ བདེ་གཤེགས་འདུས་པ་སྐུ་གསུམ་གྲུབ་པའི་ལྷ༔ དོན་གཉིས་མཐར་ཕྱིན་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་བྱང་ཆུབ་ཐོབ་བྱའི་ཕྱིར༔ བྱམས་དང་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། བསྐྱེད་བཟླས་ནི། གཞུང་ལས། སྤྱན་འདྲེན་མཆོད་དང་བསྐུལ་བའང་མེད༔ རང་ཉིད་གུ་རུ་པདྨ་བདག༔ ཡིན་པའི་འདུ་ཤེས་དུས་ཀུན་དུ༔ འབྲལ་བ་མེད་པ་མཆོག་ཏུ་གཅེས༔ ཞེས་གསུངས་པས་སྣང་སྲིད་རྫོགས་པ་ཆེན་པོ་ཀ་དག་གཞིར་བཞེངས་ཀྱི་དགོངས་པའི་ངང་ལས་མ་གཡོས་པར་བདག་མདུན་སོགས་གཉིས་རྟོག་འཛིན་པ་བྲལ་བའི་ཡེ་རྫོགས་ལྷུན་འབྱམས་ཀྱི་གདིང་དང་ལྡན་པས་གཏེར་གཞུང་རྡོ་རྗེའི་ཚིག་གིས་གསལ་གདབ་པ་ནི། དང་པོ་ཆོས་རྣམས་དམིགས་སུ་མེད༔ དེ་ལས་འགྲོ་ལ་སྙིང་རྗེར་གསལ༔ མཁའ་ལ་ཉི་ཤར་ཇི་བཞིན་དུ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྤྱན་གསུམ་རབ་བསྒྲད་ཨམ་གཙིགས་གཉེར༔ དབུ་སྐྲ་སྨིན་མ་ཨག་ཚོམ་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ ཕྱག་གཡོན་ཕུར་བུས་དགྲ་སྙིང་གཟིར༔ རུས་པའི་རྒྱན་དང་ཐོད་ཕྲེང་གསོལ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ཚུལ༔ དཔའ་གཏུམ་སྟག་སེང་དགྲ་བགེགས་ཀྱི༔ གདན་ལ་ལོག་འདྲེན་ཚོགས་ཀུན་གཟིར༔ སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ༔ རྡོ་རྗེ་མེ་འབར་གུར་ནང་བཞུགས༔ ཐུགས་ཀར་ཉི་དབུས་ཧཱུྃ་མེ་འབར༔ བདག་གཞན་ལོག་རྟོག་བག་ཆགས་བསྲེགས༔ རིག་པ་ངར་ལྡན་ཧཱུྃ་སྒྲ་སྒྲོག༔ འཁོར་དུ་དཔའ་བོ་མཁའ་འགྲོ་ཡིས༔ ས་དང་བར་སྣང་ནམ་མཁའ་ཁེངས༔ དེ་རྣམས་ཞལ་ནས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་ངར་ལྡན་བརྗོད༔ འཇིག་རྟེན་ཁམས་ཀུན་ཤིགས་ཤིག་ལྡེག༔ སྟོང་གསུམ་ཐམས་ཅད་ཧཱུྃ་སྒྲས་གང༔ སྣང་སྲིད་མ་ལུས་རླུང་འཚུབས་ཀྱིས༔ རྩ་སྦུར་ཇི་བཞིན་དབང་སྡུས་ཤིང༔ སྲིད་གསུམ་འཁོར་བ་དོང་སྤྲུགས་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དགོངས་པའི་གསལ་ངར་དང་ལྡན་པས་ཡང་ཏིག་གསང་བ་གསེར་གྱི་འབྲུ་གཅིག་སུམ་སྦྲེལ་ཇི་ཙམ་ནུས་པ་བཟླ། མཐར་སྤྲོ་ན་འོག་ནས་འབྱུང་བའི་བྱིན་འབེབ་ཀྱི་གསོལ་འདེབས་ཀྱང་ཌཱ་དྲིལ་དབྱངས་དང་བཅས་བྱའོ། །གཉིས་པ་དབང་བསྐུར་བ་ལ། སྣོད་དང་ལྡན་ངེས་པའི་སློབ་མ་བདུན་ལས་མི་མང་བ་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་རྒྱལ་བ་སྐུ་གསུམ་གྱི་གསང་བ་མ་ལུས་པ་གཅིག་ཏུ་བསྡུས་པ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་མི་དང་མི་མ་ཡིན་པའི་གདུལ་བྱ་ཇི་སྙེད་པ་དེ་སྙེད་ཀྱི་ཁམས་དང་དབང་པོའི་སྤྱོད་ཡུལ་དང་འཚམ་པར་སྣང་བ་ཐམས་ཅད་ཀྱི་ཟབ་གསང་མཐར་ཐུག་པ་ནི། ཇི་སྐད་དུ། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀུན༔ ཁ་ཚང་དོན་འདྲིལ་མང་སྦས་ཀྱང༔ ཡང་གསང་སྙིང་པོ་ཧཱུྃ་སྒྲུབ་འདི༔ ཀུན་གྱི་སྙིང་པོ་ཡིན་ནོ་བུ༔ ཞེས་གསུངས་པ་ལྟར་བླ་མ་ཡང་གསང་དུ་བསྒྲུབ་པ་ཡང་ཏིག་གསང་བ་གསེར་གྱི་འབྲུ་གཅིག་མ་འདི་ཉིད་ཡིན་ལ། དེ་ལྟ་བུའི་སྒྲུབ་ཐབས་གཏེར་ཁ་རྣམས་སུ་འདྲ་མིན་གྱི་བཀའ་སྲོལ་མང་དུ་བྱོན་པ་ལས་སྐབས་སུ་བབས་པ་འདི་ནི། ལྷ་སྲས་ཐ་ཆུང་མུ་ཏིག་བཙན་པོའམ་འཇིང་ཡོན་སད་ན་ལེགས་ཀྱི་རྣམ་འཕྲུལ་དབུར་སྟོད་འབྲི་གུང་པ་ཆེན་པོ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སམ་གཏེར་སྟོན་གནམ་ལྕགས་མེ་འབར་མཁའ་གྲོལ་ཀློང་ཡངས་ཞབས་ཀྱིས། གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ནས་སྤྱན་དྲངས་པ། ལྷ་སྲས་ཐུགས་དམ་གྱི་སྙིང་པོ་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆོས་སྡེའི་ཡང་ཏིག་བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་མར་གྲགས་པ་སྟེ། གཞུང་ལས། གསང་སྔགས་རིག་སྔགས་གཟུངས་སྔགས་བསམ་འདས་ཀྱང༔ སྙིང་པོར་དྲིལ་བ་ལྷ་གཅིག་གསལ་བཏབ་སྟེ༔ སྔགས་གཅིག་བཟླས་དང་བསམ་གཏན་རྩེ་གཅིག་བསྒོམ༔ ཀུན་གྱི་སྙིང་པོ་འདི་ཉིད་གསུམ་ལ་འདུས༔ ཞེས་གསུངས་པ་ལྟར་གསང་སྔགས་ཕྱི་ནང་གི་སྒོམ་བཟླས་ཐམས་ཅད་ལྷ་གཅིག་དང་སྔགས་འབྲུ་གཅིག་ལ་དྲིལ་བ། བྱིན་རླབས་ནུས་སྟོབས་ཕན་ཡོན་ཚད་མེད་པ་དང་ལྡན་པའི་དབང་བསྐུར་བྱིན་རླབས་ཀྱི་རིམ་པ་ཟབ་མོ་བསྒྲུབ་པ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། དཀྱིལ་འཁོར་ཀུན་གྱི་སྤྱི་དཔལ་མ་ཧཱ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དངོས་ཡིན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨེ་མ་བླ་མ་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱི་ཐུགས་གསང་བ༔ བདེ་གཤེགས་ཐུགས་སྲོག་དམ་པ་ཡི༔ བྱིན་རླབས་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ། བླ་མ་རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་ངེས་པས། བདག་གཞན་མཁའ་ཁྱབ་ཀྱི་སྐྱེ་དགུ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་སྐུའི་གོ་འཕང་ལ་འགོད་པའི་ཕྱིར་དུ་བགྲོད་གཅིག་ངེས་པའི་ཐེག་པ་ལ་འཇུག་པར་སེམས་ཀྱི་མཆོག་དམ་པ་བསྐྱེད་ལ་འདིའི་རྗེས་ཟློས། ཧྲཱི༔ བདེ་གཤེགས་འདུས་པ་སོགས་གོང་བཞིན་ལན་གསུམ། ཤིན་ཏུ་ཟབ་ཅིང་གསང་བའི་བྱིན་རླབས་ཟབ་མོ་འདི་དག་དམ་ཚིག་དང་མི་ལྡན་པའི་སྣོད་མིན་ལ་སྦྱིན་དུ་མི་རུང་བས་བརྟག་ཅིང་དྲི་བ་འདི་ལ་གསན་འཚལ། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་བདག་ལ་གསོན༔ གསང་བ་མཆོག་འདི་རབ་ཏུ་གཉན་པས་ན༔ མི་འདའ་རྡོ་རྗེའི་དམ་ཚིག་སྲུང་ནུས་སམ༔ དེ་ལྟར་ཁས་ལེན་བདག་གིས་དབང་མཆོག་སྦྱིན༔ རྡོ་རྗེའི་དམ་ཚིག་གཉན་པོ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་རྡོ་རྗེ་མགོར་བཞག །བདུད་རྩིའི་དམ་ཆུ་སྦྱིན་ནོ། །དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་སྒོ་གསུམ་གྱི་གནད་གཅུན། གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །དང་པོ་ཆོས་རྣམས་དམིགས་སུ་མེད༔ སོགས་ནས། འཁོར་བ་དོང་སྤྲུགས་བསམ༔ ཞེས་པའི་བར་གོང་ལྟར་དལ་བུས་བརྗོད། དེ་ལྟར་ཁྱོད་རང་པདྨ་ཐོད་ཕྲེང་རྡོ་རྗེ་གྲོ་ལོད་རྩལ་དུ་གསལ་བའི་སྙིང་གར་ཟླ་བའི་སྟེང་དུ་ཡི་གེ་ཡཾ་སྔོ་སྐྱ་རླུང་གི་རང་བཞིན༔ དེའི་སྟེང་དུ་གཡུང་དྲུང་དམར་པོ་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ༔ གཡུང་དྲུང་གི་ལྟེ་བར་ཧཱུྃ་དམར་པོ༔ ཡཾ་ལས་རླུང་བྱུང་གཡུང་དྲུང་གཡས་སུ་འཁོར་ཞིང་ཡི་གེ་ལྔ་ལས་འོད་ཟེར་འཕྲོས༔ རྔ་ཡབ་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ལ་མོས་གུས་གདུང་ཤུགས་དྲག་པོ་སྙིང་ཁོང་རུས་པའི་གཏིང་ནས་བསྐྱེད་མཛོད། བྱིན་འབེབ་ཀྱི་རྫས་བདུག །ཌཱ་དྲིལ་དབྱངས་དང་བཅས་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་གནས་རིན་པོ་ཆེ༔ ཁྱད་པར་ཐུགས་རྗེས་བོད་ཀྱི་སེམས་ཅན་གཟིགས༔ ལས་ངན་སྤྱོད་པའི་རྣམ་སྨིན་གྱིས་མནར་བའི༔ བདག་ཅག་རྗེས་འཇུག་རྗེས་འབྲང་སློབ་མ་རྣམས༔ ཐུགས་ཀྱིས་འདོར་རམ་མ་ཧཱ་གུ་རུ་རྗེ༔ ཐུགས་རྗེས་ཡལ་བོར་བཏང་སྙོམས་མངའ་བ་ན༔ ཡང་སངས་རྒྱས་པའི་དགོས་པ་ཅི་ཞིག་མཆིས༔ བདག་ཅག་ལུས་འདི་གདུང་བས་མཆི་མ་འཁྲུགས༔ གསོལ་འདེབས་ང་རོས་འབོད་པ་ཅང་གསན་ནམ༔ ཡིད་ནི་རྩེ་གཅིག་ཁྱེད་ཀྱི་ཡོན་ཏན་དྲན༔ ཕ་ཡི་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ༔ བུ་ལ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་བདེ་བ་སྤོར་ཅིག་མཁའ་འགྲོའི་ཚོགས༔ ངག་ལ་ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་མོས་པའི་བུ་ལ་བྱིན་ཆེན་ཕོབ༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག༔ སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཅེས་ལུས་ཀྱིས་གར་ཉམས། ངག་ཧཱུྃ་དབྱངས་སུམ་བསྒྲིལ། ཡིད་མོས་གུས་དམིགས་པ་རྩེ་གཅིག་པས་བྱིན་ཕབ་ན་རྔ་ཡབ་གླིང་ནས་གུ་རུ་ཉིད་དངོས་སུ་འབྱོན་ཏེ་བྱིན་གྱིས་རློབས་པར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་ངོ་སྤྲད་པ་ནི། འོ། རིགས་ཀྱི་བུ་ཡེ་གདོད་མ་ནས་རང་རིག་པདྨ་ཐོད་ཕྲེང་རྩལ་འདི་ལྟ་བུ་ཡོད་ཀྱང་ངོ་མ་ཤེས་ཏེ༔ ད་རེས་གུ་རུ་པདྨའི་ཐུགས་རྗེ་དང་འདི་ལྟ་བུའི་རྟེན་འབྲེལ་འཛོམ་པས༔ སྔོན་ཆད་ངོ་མ་ཤེས་པ་དེ་ད་ནི་ཤེས་ཏེ༔ ཡེ་རེ༔ ས་ལེ༔ ཝ་ལེ༔ ལམ་མེ༔ ངོ་བོ་ཅིར་ཡང་མ་ཡིན་ལ༔ རྣམ་པ་གང་གིའང་གོ་མི་འགག་པ༔ འདི་ནི་བྱིན་ཕབ་པའི་བྱིན་རླབས་སུ་ངོ་ཤེས་པར་གྱིས་ལ༔ དེ་ལས་གཞན་དུ་མ་རྟོག༔ མ་སྤྲོ༔ མ་བསྡུ༔ རང་སར་ཞོག་ཅིག༔ འདི་ནི་མ་བཅོས་རང་བྱུང་གི་ཡེ་ཤེས་ཡིན་ཏེ༔ འདི་ལས་མ་གཡོས་ན༔ འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་འབྱུང་གནས་སོ༔ ཡོན་ཏན་ཀུན་གྱི་ངོ་བོར་བཞུགས་པས་པདྨ་སཾ་བྷའོ༔ ཤེས་བྱ་ཐམས་ཅད་གསལ་བས་བློ་ལྡན་མཆོག་སྲེད་དོ༔ ཁམས་གསུམ་མ་ལུས་པའི་བདག་ཉིད་ཡིན་པས་པདྨ་རྒྱལ་པོའོ༔ མི་ཤེས་པའི་མུན་པ་ཀུན་སངས་པས་ཉི་མ་འོད་ཟེར་རོ༔ བདུད་བཞི་ཀུན་གྱིས་མི་བརྫི་བས་ཤཱཀྱ་སེང་གེའོ༔ ལྟ་བ་བཟང་ངན་ཕྱོགས་སུ་མ་ལྷུང་བས་སེང་གེ་སྒྲ་སྒྲོག་གོ༔ བགེགས་དང་ལོག་འདྲེན་ཀུན་འདུལ་བས་རྡོ་རྗེ་གྲོ་ལོད་དོ༔ རིགས་ཀྱི་བུ་དེ་ལྟར་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱང་རང་རིག་པའི་ཡེ་ཤེས་པདྨ་ཐོད་ཕྲེང་རྩལ་འདི་ཡིན་ནོ༔ དེ་ལྟར་དམ་ཡེ་དབྱེར་མེད་རང་བྱུང་རང་ཤར་གདོད་མ་དོན་གྱི་ཧེ་རུ་ཀ་ཐོད་ཕྲེང་རྩལ་དངོས་སུ་གྱུར་པ་ལ། གཏོར་མ་སྐུ་འབག་དང་བཅས་པ་རྩ་གསུམ་ཀུན་འདུས་རྡོ་རྗེ་གྲོ་ལོད་པདྨ་ཐོད་ཕྲེང་རྩལ་དུ་གསལ་བ་སྤྱི་བོར་སྤྱན་དྲངས་པས། སྣང་སྲིད་ལྷ་སྐུ་ཕྱག་རྒྱའི་རང་རྩལ་ཕྱོགས་མེད་དུ་རྫོགས་ཤིང་འགྱུར་མེད་རྟག་བརྟན་གཞོམ་གཞིག་དང་བྲལ་བའི་གོ་འཕང་ལས་ནམ་ཡང་མི་ཉམས་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ སྣང་སྟོང་མ་འགག་རིག་པའི་སྒོ༔ རང་རིག་པདྨ་ཐོད་ཕྲེང་རྩལ༔ སྐུ་གཟུགས་རྫས་ཀྱི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་མགྲིན་པར་བཞག་པས་ཕྱི་ནང་གི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་ཧཱུྃ་གི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །རྡོ་རྗེ་མགྲིན་པར་བཞག་ལ། ཧཱུྃ༔ གྲགས་སྟོང་སྐྱེ་མེད་རྡོ་རྗེའི་ཚིག༔ སྙིང་པོ་ཧཱུྃ་གི་དོན་སྟོན་པ༔ འགག་མེད་རང་སྔགས་གྲགས་སྟོང་དབང༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་སུམ་སྦྲེལ་ཤེས་ན་དབྱངས་དང་མ་ཤེས་ན་དལ་བུས་རྗེས་ཟློས་བྱར་གཞུག །ཕུར་བུ་སྙིང་གར་གཏུགས་པས་དུག་ལྔའི་རྟོག་ཚོགས་ཡེ་ཤེས་ཀྱི་རང་བཞིན་དུ་སྒྲོལ་བའི་དབང་ཐོབ་སྟེ་ཀ་དག་རང་སྣང་རིས་མེད་ཀྱི་ངང་ནས་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་པར་མོས་ཤིག །ཕུར་བུ་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཕྲིན་ལས་གཅིག་བསྡུས་པ༔ ཐུགས་མཆོག་འདུས་པའི་ཀཱི་ལ་ཡ༔ དུག་ལྔ་སྒྲོལ་བའི་དབང་བསྐུར་བས༔ ཕྲིན་ལས་ཡོངས་རྫོགས་འགྲུབ་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ མཐའ་རྟེན་དུ་སྤྲོ་ན་རྗེས་གནང་སྤྱིའི་ཕྱག་སྲོལ་ལྟར་གཏོར་མ་ཐོགས་ལ། གཏོར་སྣོད་མེ་ཕུང་འཇའ་ཟེར་ཐིག་ལེ་འཁྲིགས་པའི་ཀློང་དུ་གཏོར་མ་འཆོལ་བའི་ཁྲོ་རྒྱལ་པདྨ་ཐོད་ཕྲེང་རྩལ་དཀོན་མཆོག་རྩ་གསུམ་ཀུན་འདུས་དངོས་སུ་གསལ་བའི་སྐུ་ལས་འཕྲོས་པའི་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་གསལ། རྡོ་རྗེ་གསུམ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་སྲས་སད་ན་ལེགས། གཏེར་སྟོན་གནམ་ལྕགས་མེ་འབར། རྒྱལ་བའི་ཡབ་གཅིག་ཆོས་རྒྱལ་ཕུན་ཚོགས། རྒྱལ་དབང་ཆོས་ཀྱི་གྲགས་པ། རྗེ་བཙུན་དཀོན་མཆོག་རིན་ཆེན། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོ་ལ་སོགས་པ་བཀའ་བབ་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་དང་། ཡི་དམ་མཚན་བདུན་འདུས་པ་རྡོ་རྗེ་གྲོ་ལོད། འཁོར་དཔའ་བོ་ཌཱ་ཀི་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག །ལྷ་སྲིན་སྡེ་བརྒྱད་བདུད་དང་དམ་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག །ནད་གདོན་དུས་མིན་འཆི་བའི་འཇིགས་པ་ཐམས་ཅད་ལས་སྐྱོབས་ཤིག །ཚེ་དང་བསོད་ནམས་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་སྤེལ་ཅིག །འཆི་བ་མེད་པའི་ཚེ་དང་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བཀའ་བསྒོ་བྱ། གསུམ་པ་རྗེས་ཀྱི་བྱ་བ་མེ་ཏོག་འཐོར་ལ་ཤིས་བརྗོད་ནི། ན་མོ༔ བྱིན་རླབས་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཏེ༔ ཕྱོགས་དུས་མ་ལུས་ཀུན་ཏུ་མཐའ་ཡས་པ༔ བདེ་ལེགས་ཆར་རྒྱུན་ཡོངས་སུ་གང་གྱུར་པའི༔ རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ༔ སྐུ་གསུམ་མི་འགྱུར་ལྷུན་གྲུབ་བཀོད་པས་བརྒྱན༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ནས་བཀྲ༔ ཡི་དམ་ཞི་ཁྲོ་རབ་འབྱམས་བཀྲ་ཤིས་ཤོག༔ གནས་ཡུལ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ༔ གང་འདུལ་ཐབས་ཀྱིས་འདུལ་བའི་གདུལ་བྱ་ལ༔ དཔའ་བོ་མཁའ་འགྲོ་སྲུང་མར་སྐུ་སྤྲུལ་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་རོལ་མོ་བསྒྲག །དེས་དམ་ཆོས་དགོངས་པ་ཡང་ཟབ་ལས་བྱུང་བའི་བདེ་གཤེགས་ཀུན་འདུས་གསང་བའི་སྲོག་སྒྲུབ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས་དུས་རྟག་ཏུ་རང་ལུས་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བསྒོམ། ངག་རླུང་གི་རྒྱུ་བ་ཐམས་ཅད་ཧཱུྃ་བཟླས་དང་མི་འབྲལ། སེམས་རིག་སྟོང་རྫོགས་པ་ཆེན་པོའི་ངང་དུ་བཞག །ཚེས་བཅུའི་མཆོད་པ་མི་བཅག་པ་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་བྱ། རྗེས་ཆོག་དམིགས་བསལ་མི་དགོས། འདི་དགེ་མི་བཟད་གཏུམ་པོའི་འོད་ཕྲེང་གིས། །ལོག་འདྲེན་དགྲ་བགེགས་མུན་པ་ཚར་བཅད་ནས། །འགྲོ་ཀུན་ཡེ་ཤེས་སྣང་བ་རབ་གསལ་ཏེ། །ཐོད་ཕྲེང་རྩལ་གྱི་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་བྱས་པས་འགྲུབ་བོ། །འདི་ནི་བླ་མ་ལྷོ་རིན་པོ་ཆེ་ལས་བརྒྱུད་པ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཕྱག་ལེན་སྙིང་པོར་བཞག་སྟེ་འདུས་གསལ་དུ་བསྡེབས་པའོ། །འཁོར་འདས་གཉིས་རྟོག་ཆོས་ཐམས་ཅད། །གཞོམ་མེད་ཧཱུྃ་གི་ངོ་བོར་དག །འཆོལ་བའི་ཁྲོ་རྒྱལ་ཆེན་པོ་དང་། །དབྱེར་མེད་ཕྱག་རྒྱ་ཆེ་འགྲུབ་ཤོག །ཅེས་པའང་ཉེར་མཁོ་ཁྱེར་བདེའི་སླད་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་སྤེལ་བ་དགེ་ལེགས་འཕེལ།། །།
རྣམ་འཇོམས་བ་རི་ལུགས་ཀྱི་སྒྲུབ་ཐབས་དང་ཁྲུས་ཆོག་ (Volume 61, Text 36)
ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། ཁྲོ་བོའི་སྐུར་བཞེངས་བདུད་བཞིའི་དཔུང་། །རྣམ་པར་འཇོམས་མཛད་ལྷག་པའི་ལྷར། །བཏུད་ནས་སྒྲུབ་ཐབས་མདོ་ཙམ་བཀོད། །དེ་ལ་རྫས་བཤམ་པ། བདག་བསྐྱེད། བུམ་སྒྲུབ། ཁྲུས་ཆོག་དང་བཞི་ལས། དང་པོ་ནི། བུམ་གདན་པདྨ་འདབ་མ་བརྒྱད་པའི་སྟེང་དུ་བུམ་པ་བཅུད་ལྡན་ཁ་རྒྱན་དུང་ཆོས་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཀོད། མཐར་ཆུ་གཉིས་ཉེར་སྤྱོད་དང་། འཇིག་རྟེན་འདས་པ་དང་། འཇིག་རྟེན་པའི་གཏོར་མ་ཆ་གསུམ་དང་བཅས་པའང་བཤམ་མོ།། །།གཉིས་པ་བདག་སྐྱེད་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་གི་སྙིང་གར་པད་ཉི་ལ་ཧཱུྃ་སྔོན་པོ་དེ་ལས་འོད་འཕྲོས། ལུས་གང་། སྡིག་སྒྲིབ་སྦྱངས། སྣ་བུག་ནས་ཕྱིར་འཕྲོས་པས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པ་དང་། ཚད་མེད་བཞི་བསྒོམ། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་འཁོར་གྱི་དབུས་སུ། པད་ཉི་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། རལ་པ་དམར་སེར་འབར་བ། གཡས་རྡོ་རྗེ་རྩེ་ལྔ་པ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་སྟབས་ཅན་ཕྱོགས་བཅུར་སྤྲུལ་པའི་ཁྲོ་བོ་བཅུ་དང་བཅས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པཉྩ་ཀུ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཧཱུྃ། ཞེས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། སླར་ཡང་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རང་གི་སྙིང་གར་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས་པར་གྱུར། འདི་སྐད་བདག་གིས་ཐོས་པ་སོགས་ནས། སྨྲས་སོའི་བར་ཚར་གཅིག །དེ་ནས་སྔགས་ཚན་གསུམ་པོ་ཅི་ནུས་སུ་བཟླ་བ་ལས་ཐོག་མར་གསུམ་ཀ་སྦྲགས་པ་ཚར་གཅིག་ངེས་པར་འདོན་ཞིང་། མཐར་སྡིག་པ་ཐམས་ཅད་བྱང་བྱས་ནས། །སོགས་ཕན་ཡོན་བརྗོད་ལ། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། གོང་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེའི་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་དངོས་གྲུབ་གསོལ་ཞིང་ཡིག་བརྒྱ་བཟླ། བཟོད་པར་གསོལ་ནས་བཛྲ་མུཿཡེ་ཤེས་པ་གཤེགས། རང་ཉིད་དམ་ཚིག་པར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་བཀོད། སྨོན་ལམ་དང་བཀྲ་ཤིས་བྱའོ།། །།གསུམ་པ་བུམ་སྒྲུབ་ནི། བུམ་ཆོག་དང་སྦྲེལ་ན། སྔར་གྱི་ཕན་ཡོན་བརྗོད་པའི་རྗེས་ཉིད་དུ་མཆོད་པ་རྣམས་བྱིན་གྱིས་བརླབ། སྔར་བཀོད་པའི་བུམ་པ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་ཆིངས་དང་། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་དུ་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་པད་ཉི་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཞེས་པ་ནས། རྡོ་རྗེ་སེམས་དཔས་དབུ་བརྒྱན་པའི་བར་བདག་བསྐྱེད་ཉིད་འདོན་པ་སྤོས་པས་རུང་བ་ལས། ཁྱད་པར་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ། མ་ལུས་སེམས་ཅན་སོགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་ཞེས་བརྗོད། དབང་གི་མཐར། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད། དེ་ནས་བུམ་བསྐྱེད་ཀྱི་ཐུགས་ཀའི་རྡོ་རྗེའི་ལྟེ་བར་བསྒྲུབ་བྱ་གང་ཡིན་དེ་གསལ་བཏབ་ལ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྤྲོས་པའི་འོད་ཟེར་བསྒྲུབ་བྱའི་ལུས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་བསམ་ཞིང་གཟུངས་མདོ་འདོན་པ་དང་སྔགས་བཟླ་ཚུལ་སྔར་དང་འདྲ། མཐར་བུམ་པའི་ལྷ་ལ་མཆོད་བསྟོད་དང་བཟོད་གསོལ་བྱ། བཛྲ་མུཿས་ཡེ་ཤེས་པ་གཤེགས། མཆོད་ཡོན་ཕུལ་བས་དམ་ཚིག་པ་འོད་དུ་ཞུ་སྟེ་བུམ་པའི་ཆུར་གྱུར་པར་བསམ་ཞིང་། འཇིག་རྟེན་འདས་པའི་གཏོར་འབུལ་དང་། འཇིག་རྟེན་པའི་གཏོར་མ་ཆ་གསུམ་བཞིན་བཏང་ངོ་།། །།བཞི་པ་ཁྲུས་ཆོག་ནི། བསྒྲུབ་བྱའི་བགེགས་དང་སྡིག་པ་སྦྱང་བ་སྔོན་དུ་འགྲོ་བས། རང་གི་སྙིང་གའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་མཆོད་ཅིང་བསྟོད་ནས། འདི་སྐད་བདག་གིས་ནས་ཉེ་སྙིང་ཡན་ཆད་རྫོགས་པར་བཏོན་ལ། དེ་ནས་ཉེ་སྙིང་ཁོ་ནའི་མཐར་སརྦ་པཱ་པཾ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། བིགྷྣཱཾ། རོ་གེ །དུཥྚཱཾ། ཛྭ་རེ། ཨུ་པ་དྲ་བེ། ཨ་ཀཱ་ལ་མྲྀ་ཏྱུ། དུར་སྭཔྣེ། དུརྣི་མིཏྟེ། ཙིཏྟ་ཀུ་ལེ་བྷྱཿཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བུམ་པའི་ཆུས་ཁྲུས་བྱ་ཞིང་མཐར་ཁ་བཤལ་ལོ། །བྱབ་པ་ནི། རྨ་བྱའི་སྒྲོ་མདོངས་ཀྱི་དབུས་སུ་ཟླ་བ་ལ་སྔགས་ཕྲེང་འཁོད། དེ་ལས་འོད་ཟེར་འཕྲོས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱབས་པར་བསམ་ལ་ཤཱནྟིཾ་ཀུ་རུའི་དོད་དུ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བྱབ་བོ། །སྲུང་བ་ནི། ཉེ་སྙིང་གི་མཐར་སྔགས་ཚན་རེ་རེ་ལ་རཀྵ་རཀྵཿཞེས་བཏགས་པ་བརྗོད་ཅིང་། སྤྱི་བོ། མདུན་རྒྱབ། དཔུང་པ་གཡས་གཡོན། དཔྱི་གཡས་གཡོན་ཏེ་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་རེ་རེ་བཀོད། དེ་ལས་འོད་ཟེར་འཕྲོས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་པར་བསམ་ཞིང་མཐར་རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །འགྲོ་བ་འདི་ནི་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཅེས་བརྗོད་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་མན་ཆད་བརྗོད་པས་ཕན་ཡོན་བསྟན། མཐར་མེ་ཏོག་འཐོར་ཞིང་རོལ་མོ་དང་བཅས་པས་བཀྲ་ཤིས་བྱའོ། །དེ་ནས་མདུན་གྱི་ལྷ་ལ་མཆོད་བསྟོད་གསོལ་བཏབ་ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ།། ༧ །།རྣམ་འཇོམས་ལྗང་སྔོན་ལུགས་སུ་བྱ་བར་འདོད་ན་ཆོ་གའི་བྱ་བ་འདི་ཁོ་ན་ལ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་ཁྲོ་འཛུམ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། རལ་པའི་ཐོར་ཚུགས་ཅན། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཅན། གཟི་བརྗིད་མཐའ་ཡས་པ་མངའ་ཞིང་མ་ལུས་པའི་སྤྲུལ་པ་འཆང་བའོ། །ཞེས་བསྐྱེད་པ་གཙོ་རྐྱང་དུ་བྱེད་པ་ནི་ཁྱད་པར་རོ། །རྡོ་རྗེའི་རིགས་མཆོག་ལྷག་པའི་ལྷའི། །སྒྲུབ་ཐབས་ཁྲུས་ཀྱི་ཆོ་གར་བཅས། །སྙིང་པོའི་ལག་ལེན་ཁྱེར་བདེ་བ། །བརྗོད་འདིས་འགྲོ་ལ་ཕན་གྱུར་ཅིག །ཅེས་མདོ་ཁམས་པ་ངེས་དོན་བསྟན་འཛིན་གྱིས་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་དར་རྒྱས་ཆོས་སྡིངས་ཀྱི་དབེན་གནས་སུ་བཀོད་པའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་སྒྲུབ་ (Volume 62, Text 36)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་སྒྲུབ་བཞུགས༔ ྈྈྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཞི་སྒྲུབ་ནི༔ ཆོས་དབྱིངས་ཀློང་ཡངས་ཆོས་ཐམས་ཅད༔ མཉམ་ཡངས་ཀློང་དུ་ཆུབ་པ་ལ༔ བསྒོམ་དང་བསྒྲུབ་བྱ་མི་འཚལ་ཡང༔ རང་རིག་རྒྱལ་པོ་ཀུན་ཏུ་བཟང༔ ཞལ་ཕྱག་ཅིར་ཡང་མི་གསལ་ཞིང༔ སྣང་ཚུལ་ཕྱོགས་ཀུན་ལ་ནི་གསལ༔ དུས་བཞིའི་ངོ་བོ་ཉིད་དུ་བསྒོམ༔ ཤར་དུ་དེ་ཉིད་གཟུགས་སྐུར་བཞེངས༔ ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ ལྷོ་རུ་རྡོར་སེམས་སྟོན་པའི་རྒྱལ༔ ནུབ་ཏུ་ཁྱེའུ་མཛེས་པའི་ཏོག༔ བྱང་དུ་ཁྱེའུ་མཛེས་པའི་དཔལ༔ ཐམས་ཅད་ལོངས་སྐུའི་རྒྱན་རྣམས་རྫོགས༔ དེ་ཕྱིར་པདྨ་འདབ་བརྒྱད་ལ༔ ཤཱཀྱ་ཐུབ་པ་ལ་སོགས་པའི༔ སྟོན་པ་བརྒྱད་རྣམས་སྤྲུལ་སྐུའི་ཚུལ༔ ཆགས་བྲལ་མཚན་དང་དཔེ་བྱད་རྫོགས༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ན་མ་སཏྲཻ་ཡ་དྷྭི་ཀ་ནཾ་བུདྡྷ་སརྦ་སིདྡྷི་ཧཱུྃ༔ ནང་སྐོར་ཡི་དམ་ཞི་སྒྲུབ་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་ལ་བསྟེན་པའི་ངོ་མཚར་ཆོས་དྲུག་གི་ལག་ལེན་གསལ་བྱེད་དུ་མ་རང་གྲོལ་ (Volume 42, Text 36)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པདྨ་འབྱུང་གནས་ལ་བསྟེན་པའི་ངོ་མཚར་ཆོས་དྲུག་གི་ལག་ལེན་གསལ་བྱེད་དུ་མ་རང་གྲོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། གདོད་མའི་མགོན་པོ་པདྨ་ཀུན་ཏུ་འཆང་། །མཐོང་ཐོས་དྲན་པས་འཁྲུལ་པ་གཞི་ལ་ལྡོག །དེ་ཡི་ཕྲིན་ལས་སྐྱབས་མེད་སྐྱོབ་པ་བཅས། །སྙིང་ནས་མོས་པའི་བུ་ལ་བྱིན་གྱིས་རློབས། །ངོ་མཚར་ཆོས་དྲུག་རྒྱབ་རྟེན་བཅས། །སྲིད་པ་གསུམ་དུ་རྙེད་དཀའ་བ། །ཚོང་དུས་ཟོང་བཞིན་བརྡལ་བའི་དུས། །པྲེ་ཏའི་མཚུངས་ཟླར་སྙེགས་མི་འཚལ། །འདིར་འཕྲལ་དུ་བྱ་སླ་ལ་ཕུགས་སུ་དོན་ཆེན་པོ་དང་ལྡན་པ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་རིམ་པ་བཅུ་པ་ལས། གུ་རུ་པདྨ་འབྱུང་གནས་ལ་བསྟེན་པའི་མ་བསྒོམ་པར་གྲོལ་བར་བྱེད་པའི་ཐབས་མཆོག་ངོ་མཚར་ཆོས་དྲུག་ཏུ་བསྟན་པ་ནི། མཐོང་གྲོལ་ཐོས་གྲོལ་བཏགས་གྲོལ་དང་། །མྱང་གྲོལ་ཚོར་གྲོལ་རེག་གྲོལ་ཏེ། །ཀུན་གྱི་རྒྱབ་རྟེན་བཅས་པ་འོ། །དེ་ལ་འདི་རྣམས་གང་གིས་སྒྲུབ་པར་བྱེད་པ་པོ་དབང་དང་དམ་ཚིག་ལྡན་ཅིང་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་གཞན་ལ་ཕན་པའི་སེམས་བསྐྱེད་ཁྱད་པར་དུ་མངའ་བ་ཅན་གྱིས་སོ། །གང་ལ་བྱ་བའི་ཡུལ་མཐོང་གྲོལ་ཚོར་གྲོལ་མྱང་གྲོལ་རྣམས་ནི་རིས་སུ་མ་ཆད་པའི་སེམས་ཅན་ཐ་ན་དུད་འགྲོ་ཡན་ཆད་ལ་འབྲེལ་བ་ཅི་ཐོགས་བྱ་བ་དང་། ཐོས་གྲོལ་ཉམས་ལེན་དང་ལྡན་པ་རབ། གཞན་ཡང་གོ་བརྡ་འཕྲོད་པ། བཏགས་གྲོལ་སྡིག་པ་སྤྱོད་ཅིང་འཕྲོ་མི་གཅད་པ་མ་ཡིན་པ་ཐེ་ཚོམ་ལོག་ལྟ་མེད་ཅིང་ངེས་ཤེས་དང་ལྡན་པ། རེག་གྲོལ་ཌཱ་ཀི་མཚན་ལྡན་ནམ། རིགས་ལྡན་རྒྱུད་འཇམ་ཞིང་ཀུན་གྱིས་ཡིད་དུ་འོང་བའི་མི་མོ་ལ་གཙོ་བོར་བརྩམ་པར་བྱ་དགོས་སོ། །ཇི་ལྟར་བྱ་བའི་ཚུལ། ཐོག་མར་ཕྱག་རྒྱ་མཐོང་གྲོལ་ནི། གནས་དབེན་པར་ཡར་ངོའི་ཚེས་བཅུ་ལ་སོགས་དུས་བཟང་པོར་ཚོགས་སྐོང་གསོལ་གདབ་སྔོན་དུ་འགྲོ་བས། འབྲི་མཁན་དད་པ་དམ་ཚིག་དང་ལྡན་པས་དར་རས་རྩི་བཏང་བའམ། ཤོག་གུའང་རུང་སྟེ་གཞི་སྲ་མཁྲེགས་འཇམ་པའི་དཀར་པོའི་ངོས་སུ། རྒྱ་མཚལ་ལམ་རྒྱ་སྣག་ལ་བྱིན་རླབས་ཅན་གྱི་རྫས་དང་དྲི་བཟང་གི་ཁུ་བ་སྦྱར་བས། ལྟེ་བ་ཟླུམ་པོར་བསྐོར་བའི་དབུས་སུ་གུ་རུ་པད་འབྱུང་མཐིང་ནག་རྡོར་དྲིལ་འཛིན་པས་ལྷ་ལྕམ་དཀར་མོ་རྡོ་རྗེ་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས་པའི་ཡབ་ཀྱི་སྤྱི་མགྲིན་ཐུགས་ཀ་ལྟེ་བ་གསང་གནས་ལྔ་རུ་ཐིག་ལེ་རེ་རེའི་ནང་དུ་རིམ་བཞིན། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པའི་འབྲུ་ལྔ་བཀོད། དེ་རྒྱབ་མདུན་ནས་བརྩམ། ཡིག་མགོ་ཕྱིར་བསྟན་གཡས་སྐོར་གྱིས། ཨོཾ་ཛི་ན་ཛིཀ྄ །ལཱཾ་དྭེ་ཥ་རཱ་ཏི་སཏྭཾ། ཨཱཾཿཨ་རོ་ལྀཀ྄ །པཱཾ་རཱ་ག་རཱ་ཏི་སཏྭཾ། ཧཱུྃ་བཛྲ་དྷྲྀཀ྄ །མཱུཾ་དྷཱ་ཏྭཱི་ཤྭ་རཱི་སཏྭཾ། སྭཱ་རཏྣ་དྷྲྀཀ྄ །མཱཾ་མོ་ཧ་རཱ་ཏི་སཏྭཾ། ཧཱ་པྲ་ཛྙཱ་དྷྲྀཀ྄ །ཏཱཾ་བཛྲ་རཱ་ཏི་སཏྭཾ། ཞེས་རིགས་ལྔ་ཡབ་ཡུམ་བཅུའི་སྙིང་པོ་རྣམས་ཕྲེང་གཅིག་གིས་འཁོར་བར་བཀོད། དེ་རྒྱབ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་དང་པོ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པ་དང་། ཨོཾ་ཀྵིཾ་ཧི་རཱ་ཛ་ཡ་སྭཱ་ཧཱ། ཧཱུྃ་ལཱ་སྱེ་ས་མ་ཡ་སཏྭཾ། མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ །ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ། བཾ་དཱི་པ་སུ་གི་རི། ཏྲཱཾ་ཨཱ་གརྦྷ་ཡ་སྭཱ་ཧཱ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོ། ཧྲཱིཿཧ་ཧཱུྃ་པདྨ་པྲ་དཱ་མ་སྭཱ་ཧཱ། ཧྲཱིཿགཱིརྟི་རཱ་ག་ཧོ། མཱུཾ་ཤྲཱི་ཨ་རཱ་ག་ཡ་སྭཱ་ཧཱ། ཧོ་གནྡྷེ་ཙིཏྟ། ཐིཾལྷ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤ །ཛྲིཾ་ཀུ་རུ་པཱ་ཎི་སྭཱ་ཧཱ། ཨཱ་ནཱིརྟི་རཱ་ག་ཡ་མི། ཞེས་སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨོཾ་མུ་ནེ་བྲཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཞེས་ཐུབ་དྲུག །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ། ཨ་ཨ་ཨ་བཛྲཱི་བྷ་དྲ་ས་མནྟ་ཨཱ། ཞེས་བྱ་བྱེད་ཀུན་བཟང་ཡབ་ཡུམ། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ཨོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ཨོཾ་རཏྣ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ཧཱུྃ་པདྨཱནྟ་ཀྲྀཏ་ཕཊ། ཨོཾ་པདྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ཧཱུྃ་བིགྷྣཱནྟ་ཀྲྀཏ་ཕཊ། ཨོཾ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ཅེས་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་སྙིང་པོ་རྣམས་བྲི། མུ་ཁྱུད་གཉིས་པར་ཐིག་ལེ་ཉི་ཤུ་རྩ་ལྔ་ལ། ཀརྨ་རཀྴ་གྷྲི་ཧཾ་ཏི༔ བྷེ་ག་ར་ན་སོ་གད་གླིང༔ བྷུ<!TCC Tibetan character 4,200 undefined in unicode!>ྙ་རི་ལ་བྷ་རྡུ་ཏྲི༔ རཾ་པ་ཀ་ལ་ས་མི་ཁྱེ༔ མ་ཏང་ཕས་ཕེར་རས་མི་ཏ༔ ཁ་ཊ་རེཀྵ་ས་མིག་ཀླུང༔ ཨ་ཀ་རེ་ན་བྷེ་ཙག་ཤ༔ ཡ་རི་མུ་ཏ་ས་གྷུ་ལི༔ ཡ་སིང་ར་རླུང་པ་ལ་ཡཱ༔ མ་མ་ཀོ་ལིཾ་ས་མནྟ༔ གྷ་རི་ཡཾ་པ་རི་མཾ་ཏི༔ བྷུ་ཀ་སིང་ཧ་ཕ་གྷ་ལ༔ ར་མི་པི་པི་ཁེ་ཏ་པ༔ བི་ཁུ་མ་ལ་པ་ཏཾ་གི༔ ས་མ་ཉི་ཁ་དྷེ་ར་པ༔ བཛྲ་སཏྭ་ཏྲི་ཏོ་མེ༔ གྷེ་ཝ་སུ་གྷར་རྣ་མ་ཡེ༔ དྷརྨཱ་པ་ཏི་ས་གྷུ་ལི༔ ར་མི་ས་མ་ཁ་གད་ཙེ༔ རུ་པ་ས་མི་མི་ཏ་ལཾ༔ ང་ཏིག་པ་ལ་ཀི་ལི་ས༔ གྷ་ཙ་པ་ལ་ཨི་དཾ་ས༔ ཀརྨ་ཨེ་ཨ་མ་ནུ་ས༔ སང་ཀྲི་མ་མ་ཀཱཏྨ་ཏ༔ ང་ལ་ཁེ་པ་ཀི་ལི་ས༔ ཞེས་ཞེན་ཟློག་ཉེར་ལྔ་རིམ་པར་བཀོད། གསུམ་པ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཅ་ཆ་ཇ་ྖྶ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར་གཤམ་གསལ་འདོད་གསོལ། ཨོཾ། རིགས་ཀུན་ཁྱབ་བདག་བདེ་བ་ཆེ། སོགས་ཚིགས་གཅད་ཚང་བ་དང་། འ་ཨ་ཤ་ས་མ་ཧ། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག །ཅེས་པའི་སྤེལ་ཚིག་སྦྱར། མུ་ཁྱུད་དང་པོ་དཀར། གཉིས་པ་དམར། གསུམ་པ་མཐིང་གར་བསྒྱུར། ལྟེ་བ་དང་ཐིག་ལེ་ཕྱི་རོལ་བཅས་ལ་སྤྱི་འགྲོ་ལྟར་འཇའ་རིས་ཀྱིས་བསྐོར་ཡང་རུང་། མྱང་གྲོལ་དང་ཆོས་སྨན་ཁུ་བས་ལེགས་པར་བྱུགས་ལ་སྦྱོང་ཁྲུས་བྱ། སྟེགས་བུའི་སྟེང་དཀྱིལ་འཁོར་བསྒོམ་དོན་ལྟར་བྲིས་པའམ། མཎྜལ་ལ་འབྲུའི་ཚོམ་བུ། དབུས་སུ་གཅིག དེ་རྒྱབ་བརྒྱད་རིམ་གཉིས། དེ་རྒྱབ་བཞི་བཀོད་པའི་སྟེང་དུ་ཁྲིའུ་ལ་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་སྟེང་དུ་འཁོར་ལོ་ཉིད་བཞུགས། ཆ་མང་དུ་ཡོད་ན་བརྩེགས་མར་བཞག་པ་དང་ལྷན་ཅིག་པདྨའི་སྙིང་པོའི་རྒྱུད་གླེགས་བམ་མར་བྲིས་པ་དབུ་ཞབས་མ་ལོག་པར་བཞུགས་སུ་གསོལ་ལ་དར་གྱི་གུར་ཕུབ། སྨན་རཀ་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམ། དེ་ནས་ལས་བྱང་གང་ལ་བརྟེན་ཀྱང་ཁྱད་པར་མེད་པས་སྟབས་བདེའི་ཆེད་དུ་ཕྲིན་ལས་སྙིང་པོ་ལྟར་ན། ཐོག་མར་བདག་བསྐྱེད་བཟླས་པ་བཅས་གྲུབ་པར་བྱ། མདུན་རྟེན། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་འཁོར་ལོའི་མུ་ཁྱུད་ནི། །གཞལ་ཡས་ཁང་པ་མཚན་ཉིད་ཡོངས་རྫོགས་དབུས། །པདྨའི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་ལ། །རྫོགས་པའི་སངས་རྒྱས་འཆི་མེད་པདྨ་འབྱུང་། །མཐིང་གསལ་ལྷ་ལྕམ་དཀར་མོ་གཉིས་མེད་འཁྲིལ། །ཐབས་ཤེས་ཕྱག་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། །རིན་ཆེན་རུས་རྒྱན་དར་སྣའི་ཅོད་པན་འཕུར། །ཡེ་ཤེས་འོད་འབར་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དཔྲལ་བར་རྣམ་སྣང་མགྲིན་པར་སྣང་མཐའ་ཡས། །ཐུགས་ཀར་མི་བསྐྱོད་ལྟེ་བར་རིན་ཆེན་འབྱུང་། །གསང་བར་དོན་གྲུབ་རིགས་ཀྱི་ཡུམ་དང་བཅས། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་། །སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་རྣམས། །སྒེག་ཕྲེང་ལ་སོགས་སེམས་མ་བརྒྱད་དང་རོལ། ཁྱམས་ལ་ཐུབ་དྲུག་མདུན་རྒྱབ་བྱ་བྱེད་གཉིས། །སྒོ་བཞིར་ཁྲོ་ཆེན་སྒོ་བ་ཡབ་ཡུམ་བརྒྱད། །གཞན་ཡང་རིག་རྩལ་སྒྱུ་འཕྲུལ་དྲ་བའི་ལྷ། །བསམ་གྱིས་མི་ཁྱབ་གང་འདུལ་ཕྱག་རྒྱར་ཤར། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ སོགས་ནས་སྤྱན་འདྲེན་ཕྱག་མཆོད་བསྟོད་པའི་བར་དུ་གཏང་། བདག་གི་ཐུགས་ལས་འོད་འཕྲོས་མདུན་བསྐྱེད་བསྐུལ། །དེ་ལས་འོད་ཟེར་ནམ་མཁའ་གང་བར་འཕྲོས། །རྩ་གསུམ་རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ཀུན་ཀྱང་འཁོར་ལོའི་ལྷ་སྔགས་རྣམ་པར་བྱོན། །དཀྱིལ་འཁོར་ལྷར་ཐིམ་གཟི་བརྗིད་རབ་འབར་ཏེ། །འཇའ་འོད་ཟེར་ཐིག་སྲིད་གསུམ་ཀུན་ཏུ་ཁྱབ། །རྟོག་སྒྲིབ་སྦྱངས་ཏེ་གདོད་མའི་ས་ལ་བསྒྲལ། །སྣང་སྲིད་གཞིར་རྫོགས་དག་པ་རབ་འབྱམས་གྱུར། །ཅེས་པའི་ཏིང་ངེ་འཛིན་དང་ལྡན་པས་གཙོ་བོར་ཐོད་ཕྲེང་རྩལ་དང་། འཁོར་ལོ་ལ་བཀོད་པའི་སྔགས་གཞན་རྣམས་ཀྱང་བརྒྱ་སྟོང་ཁྲི་འབུམ་ཅི་འགྲུབ་བཟླས་པའི་མཐར་སྤེལ་ཚིག་ལྷུག་པའང་ཅི་ནུས་སྦྱར། པདྨའི་སྙིང་པོའི་རྒྱུད་ཀྱང་ཚར་གང་ཐོན་བཀླག །འཕྲོ་འཇོག་པ་ན། མཆོད་བསྟོད་བྱ། ཐལ་མོ་སྦྱར་ལ། ཨོཾ། རིགས་ཀུན་ཁྱབ་བདག་བདེ་བ་ཆེ། །ཀུན་བཟང་བླ་མ་པདྨ་འབྱུང་། །བདེ་གཤེགས་རིགས་ལྔ་ཡབ་དང་ཡུམ། །སེམས་དཔའ་ལྕམ་དྲལ་ཐུབ་པ་དྲུག །ཁྲོ་རྒྱལ་ཡབ་ཡུམ་སྤྲུལ་འཁོར་བཅས། །བདག་དང་མཐའ་ཡས་སེམས་ཅན་ལ། །མཁའ་ཁྱབ་འགྲོ་དོན་མཛད་པའི་སླད། །རྟེན་འདིར་མགོན་པོ་རྟག་བཞུགས་ནས། །རིག་པ་ཆེན་པོའི་དཀྱིལ་འཁོར་མཆོག །མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང་། །སྡིག་སྒྲིབ་སྡུག་བསྔལ་ཞི་བ་དང་། །ཚེ་བསོད་འབྱོར་པ་འཕེལ་བ་དང་། །ཡེ་ཤེས་རྒྱས་པར་མཛད་ནས་ཀྱང་། །མྱུར་དུ་སངས་རྒྱས་སར་འགོད་གསོལ། །ཞེས་ལན་བདུན་ནམ་གསུམ་སོགས་བརྗོད། ལྷ་རྣམས་འཁོར་ལོའི་རྣམ་པར་གྱུར་པར་མོས་ལ་ཡེ་དྷར་དང་སུ་པྲ་ཏིཥྛས་མེ་ཏོག་འཐོར། སླར་མཆོད་ཁ་གསོས་ལ་བྱིན་བརླབ། མདུན་བསྐྱེད་ཉིད་བསྐྱར་ལ་ཐུན་གསུམ་མམ་བཞི་སོགས་གང་འགྲུབ། རྗེས་མའི་སྐབས་འདོད་གསོལ་གྲུབ་པ་དང་། བཀའ་གཏེར་སྲུང་མའི་གཏོར་འབུལ་བྱ། ཚོགས་མཆོད་ངེས་པར་བརྒྱ་རྩ་འགྲོ་དགོས་པས་སྒྲུབ་པ་ཉིན་གཅིག་ལས་མི་བྱེད་ན་ཕྱི་དྲོ་ལྟ་བུར་འགྲུབ་ངེས་པ་དང་། ཉིན་གྲངས་བྱེད་ན་ཉིན་རེ་བཞིན་ཆ་བསྒོས་ལ་གྲངས་གང་འོས་གཏང་། ཚོགས་ལྷག་མ་ཡན་གྲུབ་ནས་གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། དཀྱིལ་འཁོར་པ་རྟེན་བརྟེན་པ་དང་བཅས་པ་འོད་དུ་ཞུ་སྟེ་མཐོང་བ་ཙམ་གྱིས་གདོད་མའི་ས་ལ་རྣམ་པར་སྒྲོལ་བའི་འཁོར་ལོའི་རྣམ་པར་གྱུར། ཅེས་བསམ་ལ་བརྟན་བཞུགས་རྒྱས་པ་དང་རྟེན་སྙིང་། རབ་གནས་སྔགས་མང་དུ་བརྗོད་ལ་མེ་ཏོག་འཐོར། བདག་བསྐྱེད་བསྡུ་ལྡང་དང་བསྔོ་སྨོན་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་བསྒྲུབས་པའི་འཁོར་ལོ་གཙུག་ལག་ཁང་གི་སྒོ་ཁང་དང་ཕོ་བྲང་གི་ཁྱམས་སོགས་མི་མང་འདུ་བའི་གནས་སུ་བླ་རེ་ལྟར་བཀྲམ་པའམ། ལོགས་ངོས་སུ་ཀུན་གྱིས་མཐོང་བར་སྦྱར། རྒྱུད་ཀྱི་གླེགས་བམ་ཟ་མ་ཏོག་གམ་གྭའུར་བཅུག་པའང་བཏགས་ལ། འགྲུབ་ན་སླར་ཡང་མཆོད་གཏོར་བཤམ། གོང་སྨྲོས་ཕྲིན་ལས་ཚོགས་མཆོད་བརྟན་བཞུགས་སོགས་བྱས་ལ་སྨོན་ལམ་རྒྱ་ཆེར་བཏབ་པའི་ཕན་ཡོན་ནི། ཀུན་གྱིས་མཐོང་བར་བཞུགས་བྱས་ན༔ བསྒོམ་མི་དགོས་ཏེ་མཐོང་གྲོལ་ལོ༔ ཞེས་པ་ལྟར་རོ། །ལས་ཚོགས་རིམ་པ་གཞན་སྤྲོ་ན་བླ་མ་དགོངས་འདུས་ཀྱི་མཐོང་གྲོལ་ལྟར་སྦྱར་ཆོག་གོ། ༈ །།གཉིས་པ་ཟབ་དོན་ཐོས་གྲོལ་ཟུར་དུ་ཕྱུངས་པ་ལས་ཤེས་པར་བྱ།། ༈ །།གསུམ་པ་ཐུགས་རྗེ་བཏགས་གྲོལ་ནི། གནས་དུས་བྲི་གཞི་བྲི་མཁན་སོགས་གོང་སྨྲོས་ལྟར་ལ། རྒྱས་པར་གྲུབ་ན་མཐོང་གྲོལ་ཇི་བཞིན་པར་འབྲི། བསྡུས་པ་ལྟར་ན། ལྟེ་བར་ཆོས་ཀྱི་འཁོར་ལོ་རྩིབས་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར། ཐོད་ཕྲེང་རྩལ་སྔགས་ཀྱིས་བསྐོར། རྩིབས་ལྔའི་མདུན་ནས་བརྩམ་རིགས་ལྔ་ཡབ་ཡུམ་གཉིས་རེ་གཡས་སྐོར་དུ་བཀོད། དེ་རྒྱབ་པདྨ་འདབ་བརྒྱད་ལ་སེམས་དཔའ་ཡབ་ཡུམ་བཅུ་དྲུག །དེ་རྒྱབ་མུ་ཁྱུད་གསུམ་བསྐོར་བའི་དང་པོའི་ཤར་ནུབ་གཉིས་སུ་ཐིག་ལེ་གསུམ་རེ་བཀོད་པའི་ཤར་དབུས་ཀུན་ཏུ་བཟང་པོ། གཡས་སུ་ལྷའི་ཐུབ་པ། གཡོན་དུ་གཤིན་རྗེ་ཡབ་ཡུམ། ནུབ་དབུས་ཀུན་ཏུ་བཟང་མོ། གཡས་པར་དམྱལ་བའི་ཐུབ་པ། གཡོན་པར་རྟ་མགྲིན་ཡབ་ཡུམ། མཚམས་བཞིའི་ཐིག་ལེར་ཤར་ལྷོ་ནས་གཡས་སྐོར་གྱིས་ལྷ་མིན། མི། བྱོལ་སོང་། ཡི་དྭགས་ཐུབ་པ། ལྷོར་སྟོབས་ཆེན་ཡབ་ཡུམ། བྱང་དུ་བདུད་རྩི་ཡབ་ཡུམ་རྣམས་ཀྱི་སྙིང་པོ་བཀོད། མུ་ཁྱུད་གཉིས་པར་ཞེན་ཟློག་ཉེར་ལྔ་ཐིག་ལེ་རེ་རེ་བཞིན་དགོད། གསུམ་པར་དབྱངས་གསལ་དང་རྟེན་སྙིང་། མཐར་འདོད་གསོལ་མཐོང་གྲོལ་སྐབས་སུ་སྨྲོས་པ་ལྟར་ལ། ཚིགས་བཅད་མ་གཤམ་གསལ་དང་། ཚིག་ལྷུག་ལའང་། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་མཐོང་ཐོས་དྲན་རེག་ཐམས་ཅད་དང་། ཁྱད་པར་འཆང་བ་པོའི་ལུས་ངག་ཡིད་གསུམ། ཞེས་སྦྱར། རྒྱུད་ཀྱི་གླེགས་བམ་ཡང་ཚུལ་བཞིན་བྲིས་ལ་ལག་ལེན་གཞན་དང་འགོད་ཚུལ་སྒྲུབ་ཚུལ་མཐོང་གྲོལ་ཇི་ལྟ་བར་སྦྱར། བཟླས་དམིགས། བཟླས་པ། རྒྱུད་ཅི་འགྲུབ་བཟླས་པ་སོགས་ཀྱང་དེ་ཀ་ལྟར་ལ། འདོད་གསོལ་སྐབས། རིག་པ་ཆེན་པོའི་དཀྱིལ་འཁོར་མཆོག །གང་གིས་དད་པས་འཆང་བ་དང་། །མཐོང་ཐོས་དྲན་རེག་ཐམས་ཅད་ཀྱང་། །སྡིག་སྒྲིབ་སྡུག་བསྔལ་ཞི་བ་དང་། །ཚེ་བསོད་འབྱོར་པ་འཕེལ་བ་དང་། །ཡེ་ཤེས་རྒྱས་པར་མཛད་ནས་ཀྱང་། །མྱུར་དུ་སངས་རྒྱས་སར་འགོད་གསོལ། །ཞེས་སྦྱར། ཐུན་གཅོད་ཚུལ། ཚོགས་བརྒྱ་འབུལ་བ་རྣམས་ཀྱང་ཁྱད་པར་མེད་ལ། འོད་ཞུ་སྐབས། བཅངས་པ་ཙམ་གྱིས་ཞེས་བསྒྱུར། དེ་ལྟར་ཚད་ལྡན་དུ་བསྒྲུབས་ཤིང་རབ་ཏུ་གནས་པའི་འཁོར་ལོ་ཉིད་ལྟེ་བ་མ་ཉམས་པར་བལྟབས། རྒྱུད་ཀྱི་གླེགས་བམ་དང་ལྷན་ཅིག་དར་སྣས་དྲིལ། འབྱོར་ན་རྒྱལ་བའི་རིང་བསྲེལ་སོགས་བྱིན་རླབས་ཅན་གྱི་རྟེན་དང་ཆབས་ཅིག་མགུལ་དུ་བཏགས་པའི་ཕན་ཡོན་ནི། དབུགས་ལ་སླེབ་པའི་འགྲོ་བ་ཡང༔ བསྒོམ་མི་དགོས་ཏེ་བཏགས་གྲོལ་ལོ༔ ཞེས་སོ།། ༈ །།བཞི་པ་བྱིན་རླབས་ཚོར་གྲོལ་ནི། སིཧླ་དང་སྤང་སྤོས་སྟོན་དུས་སུ་བརྐོས་པའི་ཕྱེ་མ་ལ་གཞི་བླང་། གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གཏེར་བྱོན་དངོས་སམ། དེའི་ཕབས་རྒྱུན། ག་པུར། ཅུ་གང་། སིནྡྷུ་ར་རྣམས་བསྲེས། སྔར་ནས་བསྒྲུབས་པའི་མྱང་གྲོལ་གྱི་ཁུ་བས་ཁྱབ་པར་བྲན་ལ་སྦོལ། རིན་པོ་ཆེའི་སྣོད་དུ་བླུགས་པ་སྟེགས་བུར་བཀོད། མཆོད་གཏོར་འདུ་བྱས་ལ། ཕྲིན་ལས་སྙིང་པོའི་བདག་བསྐྱེད་བཟླས་པ་སྟོང་ཚིགས་བཅས་སོང་ནས། ཨཿ མདུན་རྟེན་སྟེང་དུ་པདྨ་དང་། །ཟླ་བའི་གདན་ལ་སྐད་ཅིག་གིས། །འཆི་མེད་གུ་རུ་པདྨ་འབྱུང་། །མཐིང་གསལ་ནམ་མཁའ་དྭངས་པའི་མདོག །ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ། །ལྷ་ལྕམ་དཀར་མོ་རྡོ་རྗེ་དང་། །ཐོད་ཞལ་བསྣམས་པས་མགུལ་ནས་འཁྱུད། །དར་དང་རིན་ཆེན་རུས་པས་བརྒྱན། །རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །འཇའ་འོད་ཀློང་ན་བཞུགས་པ་ཡི། །སྐུ་ལ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ༔ མ་བསྐྱེད་རང་བྱུང་ཚུལ་དུ་གསལ༔ སྙོམས་ཞུགས་བདེ་བའི་འོད་ཟེར་གྱིས༔ སངས་རྒྱས་ཐམས་ཅད་ཞལ་དུ་ཞུགས༔ སྐུ་ཡི་ལྷ་དང་བཅས་པ་རྣམས༔ ཐུགས་ཀར་བདེ་ཆེན་ངོ་བོར་ཞུ༔ མཁའ་གསང་ནས་ནི་ཆར་ལྟར་བབས༔ རྫས་ལ་ཐིམ་པས་ཚོར་ཙམ་གྱིས༔ རང་གྲོལ་བྱིན་རླབས་འོད་འབར་གྱུར༔ ཞེས་པའི་དམིགས་པ་རྩེ་གཅིག་གཏད་ལ། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་བཛྲ་སཏྭ་ཀུཎྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བཏགས་པ་བརྒྱ་སྟོང་ཁྲི་འབུམ་ཅི་འགྲུབ་བཟླ། ཐོད་པར་ཆང་ལ་བདུད་རྩི་ཆོས་སྨན་བཏབ་པ་མདུན་དུ་བཀོད། རྒྱུད་ཚར་གྲངས་གང་ཐོན་བཀླགས་ལ་བྱིན་བརླབ། འཕྲོ་འཇོག་པ་ན། ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། ཨོཾ༔ རང་བྱུང་འོད་གསལ་ཆོས་སྐུའི་དབྱིངས༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༔ དཔག་མེད་དོན་ཡོད་གྲུབ་པ་ཡི༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས༔ ཐམས་ཅད་སྤྲོ་དང་སྡུད་མཛད་པ༔ ཀྱེ་ཀྱེ་ཀུན་བཟང་པདྨ་འབྱུང༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ རྡོ་རྗེའི་གསུང་བཞིན་རྗེས་བསྒྲུབས་པས༔ མགོན་པོ་ཁྱོད་ཀྱི་ཡེ་ཤེས་དང༔ ཐུགས་བསྐྱེད་སྨོན་ལམ་དཔག་ཡས་མཐུས༔ རྫས་འདིའི་དྲི་ཙམ་ཚོར་བ་ཡི༔ འགྲོ་རྣམས་ལས་དང་ཉོན་མོངས་དང༔ སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཐོབ༔ འཁོར་བ་དོང་ནས་སྤྲུགས་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་ལན་གསུམ། ལྷ་ཉིད་འོད་ཞུ་རྫས་ལ་ཐིམ། །ཚོར་གྲོལ་བྱིན་རླབས་ཕུང་པོར་གྱུར། །ཅེས་མོས་ལ་སྤྱོད་ལམ་བྱ། སླར་ཡང་མདུན་བསྐྱེད་བཟླས་པ་རྒྱུད་སོགས་བསྐྱར་ལ་ཐུན་གཟུང་། དགོང་མོ་ལྷ་འོད་ཞུ་ཟིན་ནས་གཏེར་སྲུང་གཏོར་འབུལ་ཚོགས་མཆོད། གཏང་རག་མཆོད་བསྟོད། ནོངས་བཤགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ཚང་བ་བྱ། དེ་ལྟ་བུས་བཟླས་གྲངས་ཐེམས་པའི་ཚེ། རྒྱུད་བཀླགས་ནས་བྱིན་གྱིས་བརླབ་པའི་ཐོད་པའི་བདུད་རྩིའང་ལྷ་འོད་ཞུའི་རྗེས་སུ་རྫས་ལ་བསྲེ། དེ་ཉིད་ཁྲོམ་ཆེན་པོ་འདུ་སྐབས་བསང་ཤིང་དུད་པ་ལ་སྦྱར་བ་དང་། འཆི་ཀ་མའི་སེམས་ཅན། མི་མ་ཡིན་ལ་བསང་དང་བར་དོ་ལ་གསུར་ནང་བཏབ་ནས་བདུག་པའི་ཡོན་ཏན་ཡང་། དྲི་ཙམ་གང་གིས་ཚོར་བས་ཀྱང༔ བསྒོམ་མི་དགོས་ཏེ་ཚོར་གྲོལ་ལོ༔ ཞེས་སོ།། ༈ །།ལྔ་པ་དམ་རྫས་མྱོང་གྲོལ་ནི། བསྒྲུབ་གཞི་གཏེར་བྱོན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གཙོར་གྱུར་ཤ་ལྔ་བདུད་རྩི་ལྔ། མ་རྙེད་ན་བདུད་རྩི་ཆོས་སྨན་ཚད་ལྡན་གྱི་ཕབས་གཏའ་སྦྱར་ཏེ། འབྲས་བུ་གསུམ། བཟང་པོ་དྲུག་ལ་སོགས་པ་རྩ་བ་ཡན་ལག་གི་སྨན་ཇི་ལྟར་འཚོགས་པའི་ཕྱེ་མ་ཞིབ་མོར་བཏུལ་བས་བུངས་བསྐྱེད། པདྨའི་སྙིང་པོའི་རྒྱུད་མང་དུ་བཀླགས་ནས་བྱིན་གྱིས་བརླབས་པའི་བདུད་རྩི་དང་། ནས་འབྲས་གང་རུང་གི་ཕྱེ་མས་རིལ་བུར་དྲིལ། ཁ་དོག་དམར་པོའམ་སྨུག་པོ་སོགས་ཇི་ལྟར་བདེ་བའི་ཚོན་གྱིས་བསྒྱུར། བུམ་པའི་ནང་དུ་བླུགས་ལ་ཆས་སུ་བཅུག །སྒྲུབ་ཚུལ་རྒྱས་པར་གྲུབ་ན་སྒྲུབ་ཆེན་དང་སྦྲེལ་དགོས་ཤིང་། དེའི་ཚུལ་ནི་སྤྱི་ལྟར་རམ། གཏེར་ཁ་འདི་དང་འབྲེལ་བའི་སིདྡྷི་བུམ་སྒྲུབ་སོགས་ལས་ཤེས་པར་བྱ་དགོས་ཤིང་། འདིར་སྤྲོས་མེད་རྣལ་འབྱོར་པས་ཤིན་ཏུ་མདོར་བསྡུས་བྱེད་ན། དཀྱིལ་འཁོར་རས་བྲིས་སམ་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་ཁྲིའུ་ལ་རིལ་བུའི་བུམ་པ་བཀོད། གཟུངས་ཐག་བཏགས། མཆོད་གཏོར་རྒྱས་པར་བཤམ། ཕྲིན་ལས་འབྲིང་པོ་དང་ཆུང་བ་གང་ཡང་རུང་བའི་གཞུང་བསྲང་། ལྷ་བསྐྱེད་རྗེས་སུ། མདུན་རྟེན་རིན་ཆེན་བུམ་པ་སྐད་ཅིག་གིས། །གཞལ་ཡས་ཁང་པ་མཚན་ཉིད་ཡོངས་རྫོགས་པའི། །ནང་བཅུད་མྱང་གྲོལ་རིལ་བུ་རེ་རེ་བཞིན། །པདྨའི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་ལ། །རྫོགས་པའི་སངས་རྒྱས་འཆི་མེད་པདྨ་འབྱུང་། །མཐིང་གསལ་ལྷ་ལྕམ་དཀར་མོ་གཉིས་མེད་འཁྲིལ། །ཐབས་ཤེས་ཕྱག་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། །རིན་ཆེན་རུས་རྒྱན་དར་སྣའི་ཅོད་པན་འཕུར། །ཡེ་ཤེས་འོད་འབར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཞེས་གསལ་བཏབ་ལ་གནས་གསུམ་བྱིན་རླབས་ནས་མཆོད་བསྟོད་བར་གཏང་། རྩ་བའི་བཟླས་པ་གང་འོས་རྗེས་ཁྱད་པར་གྱི་དམིགས་བཟླས་ནི། བདག་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེ་གཟུངས་ཀྱི་ཐག་པར་བརྒྱུད༔ བུམ་ལྷ་ལ་ཐིམ་བདེ་སྟོང་གི༔ འོད་ཟེར་དཔག་ཡས་མཁའ་ཁྱབ་འཕྲོས༔ སྣོད་བཅུད་དངོས་པོར་འཛིན་པ་དང༔ རང་རྒྱུད་ཉོན་མོངས་དུག་རྣམས་སྦྱངས༔ འཁོར་དང་འདས་པའི་དྭངས་མའི་བཅུད༔ ཞལ་ཞུགས་ཐུགས་ཀར་ཐིམ་པ་ཡིས༔ བདེ་ཆེན་ལྷག་པར་འབར་བར་གྱུར༔ ཅེས་དམིགས་ཏེ་གཟུངས་ཐག་བླངས་ལ། ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཞེས་བཟླ། འགྲུབ་ན་སྔགས་རྒྱུན་བྱ། ཐུན་མཐར་ཁ་སྐོང་མཆོད་བསྟོད་འབུལ། སླར་ཡང་མཆོད་པ་གསོས་ལ་བྱིན་རླབས་དང་ལྷ་བསྐྱེད་ནས་བཟླས་པ་སོགས་བསྐྱར་ལ་ཐུན་གཟུང་། ནངས་ནུབ་ཐུན་མཐར་ཉུ་ལེ་སྐྲོད་པ་མདོར་བསྡུས་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན། རང་ཉིད་སྐད་ཅིག་གིས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་དུ་གསལ་བའི་སྐུ་ལས་ཡཀྴ་མེ་དབལ་ལྕགས་སྡིག་མེ་ཕུང་ནམ་མཁའ་གང་བ་འཕྲོས། སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ལྷག་མ་མེད་པར་ཚར་བཅད་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨོཾ་རུ་རུ་བྷ་ཤ་སྲོག་དུང་དུང༔ བཛྲ་ཡཀྴ་ཧཱུྃ་ཕཊ༔ རཀྴ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ གནོད་བྱེད་དམ་སྲི་ཉུ་ལེ་ཧཾ་ཤཾ་ཏྲིག་ནན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དང་དྲག་སྔགས་སོ་ལྔ་པ་བཟླས་ལ་ཡུངས་ཐུན་གཏོར་ཅིང་སྲུང་འཁོར་བསྒོམ། ལྷ་བཙུན་དག་སྣང་མེ་ཏོག་ཆར་སིལ་ལྟ་བུ་སྤྱི་འགྲོའི་བྱིན་འབེབ་བྱ། སྐབས་སུ་པདྨའི་སྙིང་པོའི་རྒྱུད་བཀླག །དགོང་མོའི་ཐུན་མཐར་སྲུང་མའི་གཏོར་འབུལ། ཚོགས་སྐོང་རྒྱས་པ་དང་ཕྲིན་ལས་རྗེས་ཆོག་ཚང་བར་གཏང་། དེ་ལྟ་བུས་ཞག་བདུན་སོགས་སྒྲུབ་པ་ཐེམས་ནས་ཐོར་ཐུན་ནམ་སྔ་ཐུན་གཤམ་དུ། གཏོར་ཚོགས་མཆོད་བསྟོད་དངོས་གྲུབ་ལེན་པ་རྣམས་བྱས་ལ་བུམ་པའི་དབང་བླང་། རིལ་བུ་མྱང་། ནོངས་བཤགས་སོགས་རྗེས་རིམ་སྤྱི་མཐུན་བྱ། དེའི་ཕན་ཡོན་ཡང་། རིལ་བུ་ཀུན་ལ་ཁྱབ་པར་སྦྱིན༔ བསྒོམ་མི་དགོས་ཏེ་མྱང་གྲོལ་ལོ༔ ཞེས་པ་ལྟར་རོ།། ༈ །།དྲུག་པ་བདེ་ཆེན་རེག་གྲོལ་ལ་གཉིས། དངོས་དང་ཞར་བྱུང་ངོ་། །དང་པོ་ནི། རབ་མཁའ་འགྲོའི་རིགས་གང་ཟག་ཚད་ལྡན་གྱིས་ངོས་བཟུང་བའམ། འབྲིང་རྒྱུད་མན་ངག་ནས་བཤད་པའི་མཚན་ཉིད་ཅན་གྱི་རིགས་ལྡན། ཐ་མ་རྒྱུད་འཇམ་ཞིང་དད་མོས་དགེ་བའི་བློ་ཅན་ཀུན་གྱིས་ཡིད་དུ་འོང་བའི་མི་མོ། ཐོག་མར་དྲང་ངེས་ཆོས་བཤད་ཀྱིས་བློ་སྦྱང་། ཐེག་པ་ཆེན་པོར་སེམས་བསྐྱེད་དུ་གཞུག །དབང་བསྐུར་ལ་རྒྱུད་སྨིན་པར་བྱ། དེ་ཙམ་མ་འགྲུབ་ཀྱང་དབང་དང་དམ་ཚིག་ལྡན་པ་གལ་ཆེ་ཞིང་། དེ་ལྟ་བུ་ལ་སྔར་ནས་ཚུལ་བཞིན་བསྒྲུབས་པའི་མཐོང་གྲོལ་ལམ་བཏགས་གྲོལ་ཙཀྲ་རྒྱུད་ཀྱི་གླེགས་བམ་བཅས་གྭའུའམ་གཡོགས་བརྒྱབས་ལ་གདགས་སུ་རུང་བ་བྱ། ལུགས་འདིའི་རྩ་དབང་འབྲིང་པོའམ་བསྡུས་པ་གཏོར་དབང་ཙམ་དང་སྦྲེལ་ན་ལེགས་པས་དེའི་བཀོད་བཤམ་བྱས་པའི་དཀྱིལ་འཁོར་དུ་ཙཀྲ་འང་བཞག །ཕྲིན་ལས་བཟླས་པ་སོགས་གྲུབ་ནས། སླར་ཡང་འཁོར་ལོ་ལ་གོང་གི་སྒྲུབ་པའི་སྐབས་ལྟར་བསྐྱེད་བཟླས་གསོལ་གདབ་བརྟན་བཞུགས་བྱ། དབང་གི་རྗེས་སུ། བུ་མོ་ཉིད་ཡེ་ཤེས་མཁའ་འགྲོ་ལྷ་ལྕམ་དཀར་མོ་རྡོ་རྗེ་ཐོད་ཞལ་འཛིན་ཅིང་དར་དང་རིན་པོ་ཆེས་བརྒྱན་པར་བསམ་ལ། པད་འབྱུང་ཡེ་ཤེས་སེམས་དཔའ་འཁོར་ལོ་དང་ལྷན་ཅིག་འབྲལ་མེད་དུ་བཞུགས་པར་མོས་ལ་མགུལ་དུ་གདགས་ཏེ། ཚིག་བདུན་གསོལ་འདེབས་དང་། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས། སྤོས་རོལ་གྱིས་བྱིན་ཕབ་པས་ཡེ་ཤེས་པ་དཔག་ཏུ་མེད་པ་ཐིམ་པས་འབྲེལ་ཚད་འཁོར་བ་དང་ངན་སོང་ལས་སྒྲོལ་བའི་ནུས་པ་ཅན་དུ་གྱུར་པར་མོས་ལ། རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་ཅིག །ཅེས་མཐོང་གྲོལ་གྱི་འདོད་གསོལ་དང་། ཨོཾ༔ རང་བྱུང་འོད་གསལ་ཆོས་སྐུའི་དབྱིངས༔ ཀུན་ཏུ་བཟང་པོ་ཀུན་བདག་ཉིད༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང༔ དཔག་མེད་དོན་ཡོད་གྲུབ་པ་ཡི༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས༔ ཐམས་ཅད་སྤྲོ་དང་སྡུད་མཛད་པ༔ ཀྱེ་ཀྱེ་ཀུན་བཟང་པདྨ་འབྱུང༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ རྡོ་རྗེའི་གསུང་བཞིན་རྗེས་བསྒྲུབས་པས༔ མགོན་པོ་ཁྱོད་ཀྱི་ཡེ་ཤེས་དང༔ ཐུགས་བསྐྱེད་སྨོན་ལམ་དཔག་ཡས་མཐུས༔ འདི་ཡིས་གང་ལ་རེག་པ་ཡི༔ འགྲོ་རྣམས་ལས་དང་ཉོན་མོངས་དང༔ སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཐོབ༔ འཁོར་བ་དོང་ནས་སྤྲུགས་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་ལན་གསུམ། རྟེན་སྙིང་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར། ཕན་ཡོན་ནི། གཞན་ཕན་བྱང་སེམས་མ་ཉམས་ན༔ གང་གིས་སྤྱད་པ་ཐམས་ཅད་ཀུན༔ བསྒོམ་མི་དགོས་ཏེ་རེག་གྲོལ་ལོ༔ ཞེས་སོ། ࿊ །གཉིས་པ་མཁའ་སྤྱོད་དུ་འཕོ་བའི་རྫས་ནི། རྟག་ངུ་རིགས་གསུམ། དབང་ལག །རྡོ་ཁབ་ལེན། སྔོ་ལྕགས་ཀྱུ་བ། འགྲོན་བུ་སྦྲུམ་མ་ནུས་བསྲེགས་བྱས་པའི་ཐལ་བ་རྣམས་ཞིབ་པར་བཏུལ་ལ་སྦྲང་སྨྱོན་དང་མྱང་གྲོལ་དམ་རྫས་ཆང་གི་ཉིང་ཁུ་རྣམས་སྦྱར་བས་རིལ་བུར་དྲིལ། རིན་པོ་ཆེའི་སྣོད་དུ་བླུགས། དར་གྱིས་ཁ་བཀབ་ལ་དཀྱིལ་འཁོར་དུ་བཀོད། ཕྲིན་ལས་སྙིང་པོའི་བདག་བསྐྱེད་བཟླས་པ་བཅས་སོང་ནས། སྟོང་པའི་ངང་ལས་པད་ཟླའི་སྟེང་། །རིལ་བུ་ལྷ་ལྕམ་དཀར་མོ་ནི། །ཞི་འཛུམ་རྡོ་རྗེ་ཐོད་ཞལ་འཛིན། །དར་དང་རིན་པོ་ཆེ་ཡིས་བརྒྱན། །ཕྱེད་སྐྱིལ་འཇའ་འོད་ཀློང་ན་བཞུགས། །བདག་མདུན་ཐུགས་ཀའི་འོད་ཟེར་གྱིས། །སངས་རྒྱས་ཀུན་གྱི་བྱིན་རླབས་དང་། ཁྱད་པར་མཁའ་སྤྱོད་དངོས་གྲུབ་ཀུན༔ འོད་དམར་རྣམ་པས་ཐིམ་པར་བསམ༔ ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་བཾ་ཛྙཱ་ན་སིདྡྷི་ཧཱུྃ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་པའི་སྔགས་བརྒྱ་སྟོང་ཁྲི་སོགས་ཅི་ནུས་བཟླ། པདྨའི་སྙིང་པོའི་རྒྱུད་བཀླག །སྨོན་ལམ་རེག་གྲོལ་གོང་སྨྲོས་ལྟར་གདབ། ལྷ་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་མོས། ཚོགས་མཆོད་སོགས་བདག་བསྐྱེད་རྗེས་རིམ་བྱ། དེ་ལྟར་ཚད་ལྡན་དུ་བསྒྲུབས་པའི་རིལ་བུ་རྡོག་རེ་ཆང་གར་མར་སྦངས་ལ། འགྲོ་བ་འཆི་ཀ་མའི་ཚངས་བུག་ཏུ་བྱུགས་ལ། མཚན་དང་གཟུངས་སྔགས་སྤྱི་དང་གོང་གི་སྔགས་བརྗོད་པའི་ཕན་ཡོན་ནི། ཚེ་འདས་སྤྱི་བོར་རེག་ཙམ་གྱིས༔ ཐར་པའི་ལམ་ཆེན་དག་ལ་འཕོ༔ ཞེས་གསུངས་པ་ལྟར་རོ། །འཕོ་རྫས་གཞན་འགའ་ལས་བཤད་ཀྱང་སྒྲུབ་ཚུལ་འདི་ཙམ་ལས་དཀོན་པས་འདིའང་ཤིན་ཏུ་གལ་ཆེའོ། ࿊ །དེ་ཐམས་ཅད་ཀྱི་རྒྱབ་རྟེན་པདྨའི་སྙིང་པོའི་རྒྱུད་བཀླག་པའི་ཚུལ་ནི་༧རྗེ་ཀུན་མཁྱེན་བླ་མ་རིན་པོ་ཆེའི་གསུང་རབ་ཟུར་དུ་བཞུགས་པ་ལྟར་བྱ་དགོས་སོ། །འདི་རྣམས་ནི་གཞུང་ལས། དེ་ལྟར་ཤིན་ཏུ་རྨད་བྱུང་བའི༔ མྱུར་ལམ་ངོ་མཚར་ཆོས་དྲུག་འདི༔ རིག་འཛིན་སྒྱུ་འཕྲུལ་དྲྭ་བ་དང༔ རྫོགས་ཆེན་སྙིང་པོའི་རྒྱུད་སྡེའི་དོན༔ འགྲོ་འདུལ་པདྨ་འབྱུང་གནས་ངས༔ ད་ལྟའི་མངའ་བདག་ཡབ་སྲས་སོགས༔ བསྐལ་མང་སྦྱངས་པའི་སྣོད་ལྡན་དང༔ མ་འོངས་ཚེ་ཐུང་བརྩོན་འགྲུས་ཞན༔ བསྒྲུབ་པའི་ལོང་མེད་སྙིང་རྗེའི་ཡུལ༔ དེ་རྣམས་མ་བསྒོམ་གྲོལ་བའི་ཕྱིར༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུངས་ནས༔ ཟབ་ཅིང་འདྲིལ་བར་བསྟན་པ་འདི༔ མ་བྱུང་འབྱུང་བར་ཡོང་མི་འགྱུར༔ དེ་ཕྱིར་སྙིང་དབུས་ཏི་ཀར་ཟུངས༔ མཁའ་ཁྱབ་འཁོར་བ་དོང་སྤྲུགས་འགྱུར༔ ཞེས་བསྔགས་པ་དོན་དང་ལྡན་པས་གཞན་ཕན་ཐུགས་བསྐྱེད་ཅན་རྣམས་ཀྱིས་ཕྱག་ལེན་དུ་གདབ་པར་གསོལ་བ་འདེབས་པ་ལགས་སོ། །སྐྱེ་ཀུན་ཆོས་བརྒྱད་འགྲན་པའི་ཆོས་སྤྱོད་སྤང་། །དམན་ས་བཟུང་སྟེ་རྣམ་དག་ཟབ་ཆོས་སྤྱོད། །མ་ཚོར་བར་ཡང་གདོད་མའི་སར་བགྲོད་ནས། །སྲིད་མཚོ་གཏིང་སྤྲུགས་འཇིག་རྟེན་མགོན་གྱུར་ཤོག །ཅེས་རྨད་བྱུང་གསང་བ་ཟབ་མོའི་ཕྲིན་ལས་ཀྱིས་མགོན་མེད་སྙིང་རྗེའི་ཡུལ་གྱུར་འབད་མེད་དུ་སྒྲོལ་བའི་གཞན་ཕན་ལྷག་པའི་བསམ་པས། དུས་ཞབས་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
དཔལ་རྟ་མཆོག་རོལ་པ་བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་ཕྲིན་ལས་དང་མངོན་རྟོགས་ཁྲིགས་སུ་བསྡེབས་པ་ (Volume 25, Text 36)
༄༅༔ དཔལ་རྟ་མཆོག་རོལ་པ་བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་ཕྲིན་ལས་དང་མངོན་རྟོགས་ཁྲིགས་སུ་བསྡེབས་པ་བཞུགས་སོ༔ དབང་གི་རྒྱལ་པོ་ཁྲོ་བོ་རྟ་མགྲིན་ལ་ཕྱག་འཚལ་ལོ༔ རྟ་མཆོག་བདེ་གཤེགས་འདུས་པའི་ཕྲིན་ལས་ཀྱི་རིམ་པ་ནི༔ བདག་ཉིད་བསྐྱེད་བསྒོམ་གསལ་བར་བྱས་ལ༔ དང་པོ་མཚམས་བཅད་པ་ནི༔ བགེགས་གཏོར་བྱིན་གྱིས་བརླབས་ལ༔ བདེན་པ་བདར་ཏེ་འདི་སྐད་དོ༔ ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ལ་མ་གཏོགས་པའི༔ མི་དང་མི་མིན་འབྱུང་པོའི་ཚོགས༔ རྒྱུད་དྲུག་གནས་པའི་སེམས་ཅན་རྣམས༔ སྔགས་དང་བཅས་པའི་སྦྱིན་གཏོར་གྱིས༔ ཁྱོད་ཀྱི་རེ་བ་བསྐངས་ཟིན་གྱིས༔ འདི་རུ་མ་གནས་གཞན་དུ་དེངས༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི༔ ཐོ་ཆེན་ལྕགས་ཀྱུ་འཁྲིགས་པ་དང༔ རལ་གྲི་མཚོན་ཆ་མང་པོ་ཡིས༔ ཁྱོད་ཀྱི་ལུས་སྲོག་མ་ལུས་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ཕཊ་ན་མསྶ་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན་ཧཱུྃ་ཕཊ༔ ཧཱུྃ༔ ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ༔ རྣམ་པར་འབར་ཞིང་འཕྲོས་པས་ནི༔ མ་རུངས་པ་ནི་ཚིག་པར་འགྱུར༔ བགེགས་རྣམས་ཐམས་ཅད་སོ་སོར་བྱེར༔ རཾ་རཾ་ཛྭ་ལ་རཾ་བཛྲ་ཛྭ་ལ་རཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ༔ སྔགས་དེ་ལན་གསུམ་བཟླས་པས༔ རང་ཡི་དམ་གྱི་ལྷར་བསྒོམས་པའི༔ སྤྱན་གཡས་པ་ཉི་མ་ལས་མེ་བྱུང་བས་བསྲེགས༔ གཡོན་ཟླ་བ་ལས་ཆུ་བྱུང་བས་བཀྲུས༔ ཤངས་ནས་རླུང་བྱུང་བས་གཏོར་བར་བསམ༔ དེ་ནས་ཕྱོགས་བཅུ་ཁྲོ་བོས་མཚམས་བཅད་པ་ནི༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ ཕྱོགས་བཅུའི་གདུག་པ་ཚར་གཅོད་པའི༔ དབང་གི་ལས་མཛད་ཁྲོ་བོ་བཅུ༔ ཕྱོགས་མཚམས་དྲེགས་པའི་གདན་ལ་བཞུགས༔ ཞི་རྒྱས་དབང་དང་མངོན་སྤྱོད་སོགས༔ སོ་སོའི་ལས་རྣམས་གྲུབ་པར་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་མཚམས་གཅོད་པ༔ རྣམ་པར་རྒྱལ་བ་ཁྲོ་བོའི་རྒྱལ༔ དྲི་ཟ་ལ་སོགས་གདོན་ཚོགས་རྣམས༔ ཁྲོ་ཆེན་འབར་བས་མཚམས་ཆོད་ཅིག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་མཚམས་གཅོད་པ༔ གཤིན་རྗེ་རྒྱལ་པོ་ཁྲོ་བོའི་རྒྱལ༔ གྲུལ་བུམ་ལ་སོགས་གདོན་ཚོགས་རྣམས༔ ཁྲོ་ཆེན་འབར་བས་མཚམས་ཆོད་ཅིག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་མཚམས་གཅོད་པ༔ རྟ་མགྲིན་རྒྱལ་པོ་ཁྲོ་བོའི་རྒྱལ༔ ཀླུ་ལ་སོགས་པའི་གདོན་ཚོགས་རྣམས༔ ཁྲོ་ཆེན་འབར་བས་མཚམས་ཆོད་ཅིག༔ ཧཱུྃ༔ བྱང་གི་ཕྱོགས་ནས་མཚམས་གཅོད་པ༔ བདུད་རྩི་འཁྱིལ་པ་ཁྲོ་བོའི་རྒྱལ༔ གནོད་སྦྱིན་ལ་སོགས་གདོན་ཚོགས་རྣམས༔ ཁྲོ་ཆེན་འབར་བས་མཚམས་ཆོད་ཅིག༔ ཧཱུྃ༔ ཤར་ལྷོའི་མཚམས་ནས་མཚམས་གཅོད་པ༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ མེ་ལྷ་འདུལ་མཛད་དབྱུག་པ་ཕྱར༔ འཇིགས་བྱེད་ཆེན་པོ་ཁྲོ་བོའི་རྒྱལ༔ དྲང་སྲོང་ལ་སོགས་གདོན་ཚོགས་རྣམས༔ མཚམས་ཀྱི་ཁྲོ་བོས་མཚམས་ཆོད་ཅིག༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་མཚམས་གཅོད་པ༔ མི་གཡོ་མགོན་པོ་ཁྲོ་བོའི་རྒྱལ༔ སྲིན་པོ་འདུལ་མཛད་རལ་གྲི་ཕྱར༔ བདུད་འདུལ་ཆེན་པོ་ཁྲོ་བོའི་རྒྱལ༔ སྲིན་པོ་ལ་སོགས་གདོན་ཚོགས་རྣམས༔ མཚམས་ཀྱི་ཁྲོ་བོས་མཚམས་ཆོད་ཅིག༔ ཧཱུྃ༔ ནུབ་བྱང་མཚམས་ནས་མཚམས་གཅོད་པ༔ ཁྲོ་ཆེན་གཞན་གྱིས་མི་ཐུབ་པ༔ རླུང་ལྷ་འདུལ་མཛད་ཐོ་བ་ཕྱར༔ རླུང་ལྷ་ལ་སོགས་གདོན་ཚོགས་རྣམས༔ མཚམས་ཀྱི་ཁྲོ་བོས་མཚམས་ཆོད་ཅིག༔ ཧཱུྃ༔ བྱང་ཤར་མཚམས་ནས་མཚམས་གཅོད་པ༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ འབྱུང་པོ་འདུལ་མཛད་རྡོ་རྗེ་ཕྱར༔ དབང་ལྡན་ལ་སོགས་གདོན་ཚོགས་རྣམས༔ མཚམས་ཀྱི་ཁྲོ་བོས་མཚམས་ཆོད་ཅིག༔ ཧཱུྃ༔ སྟེང་གི་ཕྱོགས་ནས་མཚམས་གཅོད་པ༔ ཧཱུྃ་ཀཱ་ར་སྟེ་ཁྲོ་བོའི་རྒྱལ༔ སྟེང་ཕྱོགས་ལྷ་རྣམས་འདུལ་མཛད་པ༔ གཟའ་སྐར་ལ་སོགས་གདོན་ཚོགས་རྣམས༔ ཁྲོ་ཆེན་འབར་བས་མཚམས་ཆོད་ཅིག༔ ཧཱུྃ༔ འོག་གི་ཕྱོགས་ནས་མཚམས་གཅོད་པ༔ སྟོབས་པོ་ཆེ་སྟེ་ཁྲོ་བོའི་རྒྱལ༔ འོག་ཕྱོགས་ས་བདག་འདུལ་མཛད་པ༔ ས་བདག་ལ་སོགས་གདོན་ཚོགས་རྣམས༔ ཁྲོ་ཆེན་འབར་བས་མཚམས་ཆོད་ཅིག༔ ཁྲོ་བོ་ཆེན་པོ་བཅུ་རྣམས་ཀྱང༔ ཞལ་གསུམ་ཕྱག་དྲུག་གདུག་པ་འདུལ༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ མཚོན་ཆའི་རྩེ་ལས་མེ་རི་འབར༔ མེ་ཕུང་ཀློང་ན་མཚོན་ཕྲན་འཕྲོ༔ རྡོ་རྗེ་ཕུར་པ་རལ་གྲི་དང༔ ཐོ་བ་དགྲ་སཏྭ་ཞགས་པ་དང༔ བིང་དང་འཁོར་ལོ་ཐོ་ལུམ་དང༔ ཏི་ལི་ཤག་ཏི་ཐུ་ལུམ་དང༔ མདའ་དང་གཏུན་ཤིང་ཁ་ཊྭཱཾ་ག༔ དྲིལ་བུ་ལྕགས་ཀྱུ་རྡོ་རྗེ་དང༔ མཚོན་ཆ་སྣ་ཚོགས་འཕྲོས་པ་ཡིས༔ བགེགས་ཀྱི་སྦྱོར་བ་མཚམས་ཆོད་ཅིག༔ སྐུ་ཡི་བ་སྤུ་རེ་རེ་ལས༔ ཁྲོ་ཆུང་སྤྲུལ་པ་སྐར་ལྟར་འཕྲོ༔ སྟེང་འོག་ཕྱོགས་མཚམས་ཁྲོ་བོས་གཏམས༔ ཁྲོ་བོ་འབར་བའི་གུར་ཆེན་ལ༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ ཐམས་ཅད་དབང་གི་ད་ལ་སྟེ༔ པདྨ་དབང་གི་མཚམས་ལས་མ་འདའ་ཞིག༔ ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤཱ་རཱི༔ བཛྲ་པཱ་ཎི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ་ཡ་མཱནྟ་ཀ༔ ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་བི་ཛ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ནཱི་ལ་དཎྜ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཡ་མཱནྟ་ཀ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཨཱརྻ་ཨ་ཙ་ལ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཨ་པ་ར་ཛི་ཏ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཨ་མྲྀཏ་ཀུནྡྷ་ལི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཏྲཻ་ལོཀྱ་བི་ཛ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་ཧཱུྃ་ཀཱ་ར་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་ཀྲོ་དྷ་ནི་ཀྲོ་དྷ་ནི་མ་ཧཱ་བ་ལ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཞེས་ཏིང་ངེ་འཛིན་དང་ལྡན་པས་མཚམས་བཅད་དོ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ བདག་དང་ཁམས་གསུམ་སེམས་ཅན་རྣམས༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཁྱེད་རྣམས་ཐུགས་རྗེས་དགོངས་ནས་ཀྱང༔ བྱིན་གྱིས་བརླབ་ཅིང་བསྐྱབ་མཛད་གསོལ༔ སེམས་བསྐྱེད་ནི༔ བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྟ་མགྲིན་གྱི་གོ་འཕང་ཐོབ་པར་བྱས་ནས༔ བདག་ལ་གནོད་པར་བྱེད་ཅིང་འཚེ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ལོག་རྟོག་བཅོམ་སྟེ་བདེ་གཤེགས་ཀྱི་ས་ལ་འགོད་པར་བྱའོ༔ མཆོད་གཏོར་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཞེས་བརྗོད་པས་མཆོད་གཏོར་གྱི་བགེགས་བསངས་ཏེ་སྟོང་པའི་ངང་ལས༔ བྷྲཱུྃ་ལས་གནས་ཁང་རིན་པོ་ཆེའི་ཕོ་བྲང་རྒྱན་དང་ལྡན་པ་ཡངས་ཤིང་རྒྱ་ཆེར་བཀོད་པའི་དབུས་སུ༔ ཨོཾ་ཨཱཿཧཱུྃ་ལས་ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་སྣ་བདུན་ལྷའི་ཞལ་ཟས་རྨད་དུ་བྱུང་བའི་མཆོད་སྤྲིན་རྒྱ་མཚོས་གང་ཞིང་ཚོགས་ཞིང་དཀྱིལ་འཁོར་ལྷ་དང་བཅས་པས་ལོངས་སྤྱོད་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ མཆོད་པ་འབྱུང་བའི་སྔགས་ཀྱང་བརྗོད་དོ༔ དེ་ནས་བརྡའི་སྒོ་དབྱེ་བ་ནི༔ ཧཱུྃ༔ སྲིད་གསུམ་གཞལ་ཡས་རང་བཞིན་ལ༔ ཕྱོགས་དང་རྒྱ་ཡང་མ་ཆད་པའི༔ མཉམ་སྦྱོར་བདག་ཉིད་ཆེན་པོར་གནས༔ དེ་བཞིན་ཉིད་དབྱིངས་དཀྱིལ་འཁོར་དུ༔ གསང་བའི་དངོས་གྲུབ་ཐོབ་བྱའི་ཕྱིར༔ དབང་ཆེན་དཀྱིལ་འཁོར་སྒོ་ཕྱེས་ཤིག༔ ཧྲཱིཿཔྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བརྡའ་ཕྱག་བསྐུལ་བ་ནི༔ ཧྲཱི༔ དབང་ཆེན་སངས་རྒྱས་ཀུན་གྱི་གཙོ༔ བདེ་ཆེན་འདུ་འབྲལ་མེད་པའི་མཆོག༔ དབང་ཆེན་རྟ་མཆོག་འཁོར་བཅས་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ དེ་ནས་དམ་བཅའ་བ་ནི༔ ཧཱུྃ༔ བདུད་དང་སྲིན་པོ་མ་ལུས་འདུལ་བ་དང༔ གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བ་དང༔ དབང་དང་དངོས་གྲུབ་མ་ལུས་ཐོབ་བྱའི་ཕྱིར༔ ཁྱེད་ཀྱི་ཕྲིན་ལས་མ་ལུས་འགྲོ་བའི་དོན་དུ་བགྱི༔ ཧཱུྃ་ས་མ་ཡ་སཏྭཾ༔ བདག་ལ་བྱིན་དབབ་པ་ནི༔ ཧཱུྃཿ སྲིད་གསུམ་གདུག་པ་མ་ལུས་འདུལ་བ་དང༔ དབང་དང་དངོས་གྲུབ་མ་ལུས་བླང་བྱའི་ཕྱིར༔ དུས་གསུམ་བདེ་གཤེགས་འཁོར་བཅས་དང༔ དབང་ཆེན་ཡི་དམ་ལྷ་ཚོགས་དང༔ ཆོས་སྐྱོང་སྲུང་མ་རིག་འཛིན་རྣམས༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ རྣལ་འབྱོར་བདག་ལ་དབང་ཞིག་སྐུར༔ མཐུ་དང་རྫུ་འཕྲུལ་བྱིན་གྱིས་རློབས༔ སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ སྐྱེས་མཆོག་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ༔ བློ་ཆུང་བདག་འདྲས་སྤྲོས་པ་འདི་གསོལ་ནས༔ རྒྱུད་ལྔའི་སྐྱེ་བོས་འཕྱ་བར་རུང་མོད་ཀྱང༔ ཡེ་ཤེས་སྤྱན་གྱིས་ད་གཟིགས་བཟོད་པར་གསོལ༔ ཐུགས་རྗེའི་ངང་ཉིད་བསྐུལ་ཡང་མི་འཚལ་ཏེ༔ བློ་ཆུང་སྦྱང་ཕྱིར་དད་པས་སྤྱན་འདྲེན་ན༔ སྐྱོན་མེད་བྱམས་པའི་སེམས་ཀྱིས་འདིར་གཤེགས་ལ༔ བདག་རྟོག་ཚོགས་སྐྱོན་ཀུན་ནས་བསལ་དུ་གསོལ༔ རྩ་བ་ཡན་ལག་དམ་ཚིག་འགལ་གྱུར་པ༔ རྟ་མཆོག་འཁོར་བཅས་སྐུ་ལ་བཟོད་པར་གསོལ༔ བཟོད་པ་བཞེས་ནས་ཚངས་པ་བསྩལ་དུ་གསོལ༔ ཞེས་དང་ཡི་གེ་བརྒྱ་པའང་བརྗོད་དོ༔ ཁྱད་པར་གྱི་མཆོད་པ་ཚོགས་དང་གཏོར་མ་སོགས་གང་བྱེད་ཀྱང་སྨན་རག་གཏོར་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ༔ དེ་ལ་ཐོག་མར་སྨན་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཞེས་བརྗོད་པས་ཐོད་པའི་སྣོད་དམ་རྫས་དང་བཅས་པ་མི་དམིགས་ཏེ་སྟོང་པར་བསམ༔ སྟོང་པའི་ངང་ལས་ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་དབུས་སུ་རཾ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་པ༔ དེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བ་དན་བཞིས་མཚན་པ༔ སྟེང་དུ་ཨ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ༔ ཧཱུྃ་ལས་དམ་ཚིག་ཆེན་པོའི་བདུད་རྩིས་གང་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡཾ་ལ་ཕོག༔ ཡཾ་ལས་རླུང་བྱུང༔ རླུང་གིས་མེ་སྦར༔ མེས་ཐོད་པ་དྲོས༔ རྫས་རྣམས་ཞུ་ཞིང་ཁོལ་བའི་ཀློང་དུ་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་དམར་འདྲེས་པས་མེར་གྱིས་གང་ཞིང༔ སླར་ཡང་རིགས་ལྔ་ཡབ་ཡུམ་བཅུ་འོད་དུ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་ལྔ་དང་ལྡན་པ་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་ལན་གསུམ་མམ་བདུན་བརྗོད་པས་བྱིན་གྱིས་བརླབ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ལན་གསུམ་བརྗོད་པའི་དང་པོའི་དུས་རྡོ་རྗེའི་རྩེ་མོས་བདུད་རྩི་དཀྲུགས༔ གཉིས་པ་ཕྱོགས་བཅུར་གཏོར་བས་བགེགས་རིགས་ཐམས་ཅད་ཚར་བཅད༔ གསུམ་པ་གནས་ཁང་ལ་གཏོར་བས་ཕྱི་ནང་ཐམས་ཅད་ཁྲོ་ཆུང་གིས་གོ་མཚམས་མེད་པར་གཏམས་པར་བསམ་མོ༔ གཉིས་པ་རཀྟ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཞེས་བརྗོད་པས་རཀྟའི་རྫས་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་དག་པར་བྱས༔ ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ལྕང་ལོ་དང་བཅས་པའི་ནང་དུ༔ ཧཱུྃ་ལས་ཁམས་གསུམ་གྱི་རཀྟ་དམར་ཆེན་ཁྲག་གི་རྒྱ་མཚོ་འཁྱིལ་པ་ཞིང་གི་སྣས་འཕྱོ་བ༔ ལྦུ་ཕྲེང་ཐོལ་ཐོལ་དུ་གཡོ་བ་ལས་འདོད་པའི་ལྷ་མོ་དཔག་ཏུ་མེད་པ་འཕྲོ་བར་གྱུར༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཨཱཿཧཱུྃ༔ གསུམ་པ་གཏོར་མ་བྱིན་བརླབ་པ་ནི༔ གོང་གི་བདུད་རྩི་བྱིན་རླབས་ལྟར་ལ༔ ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་ཞེས་པའི་མཚམས། འདོད་པའི་ཡོན་ཏན་རྣམ་པ་ལྔའི་སྤྲིན་འཕྲོ་ཞིང༔ ཤ་ཁྲག་རུས་གསུམ་སོགས་བཟའ་བཅའ་བཏུང་བའི་ཕུང་པོ་ཐང་མར་བརྡལ་ཞིང་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་ལན་བདུན་བརྗོད་པས་བྱིན་གྱིས་བརླབ་བོ༔ དེས་ནི་སྔོན་དུ་འགྲོ་བའི་ཆོས་རྣམས་ཐལ༔ ད་ནི་འདི་ནས་མར་ལ་དངོས་གཞིའི་ལས་རིམ་རྣམས་བསྟན་པར་བྱ་སྟེ༔ སྒྲུབ་པ་པོ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གསལ་ཞིང་ངར་དང་ལྡན་པས༔ བདག་ཐ་མལ་དུ་གནས་པའི་རྐང་པའི་ཞབས་སུ་ཡཾ༔ རྐང་བོལ་དུ་རཾ་འབར་བ་དང་བཅས་པ༔ རཾ་ཞེས་ཡིད་ཀྱིས་བརྗོད་པས་དེ་ལས་ཡེ་ཤེས་ཀྱི་མེ་ཆེར་འབར་ཏེ་རྣམ་སྨིན་གྱི་ལུས་གཞོབ་ཐུལ་གྱིས་བསྲེགས༔ བདག་གི་གཟུང་འཛིན་མི་དམིགས་པར་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མེ་རི་མེ་ཕུང་དུ་གྱུར་པར་བསམ་ལ་སེམས་གཟུང༔ དྲག་སྔགས་བཟླ༔ དེ་ནི་ལྟ་བ་སྐྱེ་མེད་ཀྱི་ཏིང་ངེ་འཛིན་ནོ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཆོས་རྣམས་ཐམས་ཅད་རང་གི་སེམས༔ སྣང་སྲིད་འཁོར་འདས་སྐྱེ་བ་མེད༔ གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ སྨྲ་བསམ་བརྗོད་ལས་རྣམ་པར་འདས༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ སྣང་སྲིད་འཁོར་འདས་སྐྱེ་བ་མེད་པར་མ་རྟོགས་པར༔ རང་གི་སེམས་ཀྱི་རྣམ་པར་རྟོག་པས་བཅིངས་པ་འདི་སྙིང་རྗེ་བསམ་པས་འགྲོ་བ་ཀུན་ལ་ཁྱབ་པའོ༔ དེ་ནས་རྒྱུའི་ཏིང་ངེ་འཛིན་ནི༔ སེམས་ཉིད་ཡེ་ཤེས་ལྔའི་ངོ་བོ༔ ཧཱུྃ་སྨུག་ནག་འབར་བ་ཞིག་ཏུ་བསམ༔ དེ་ལས་ཨེ་ཞིག་ཆད་ནས་འོག་གི་ཕྱོགས་སུ༔ ཆོས་འབྱུང་གྲུ་གསུམ་ཁ་དོག་ཀུན་དང་མཐུན་པར་བསྒོམ༔ ཡཾ་ཞིག་ཆད་པ་ལས་རླུང་གི་དཀྱིལ་འཁོར༔ གཞུའི་དབྱིབས་ལྟ་བུ་ཞིག་བསྒོམ༔ རཾ་ཞིག་ཆད་པ་ལས་མེའི་དཀྱིལ་འཁོར༔ ཟུར་གསུམ་པ་ཞིག་ཏུ་བསྒོམ༔ ར་ཞིག་ཆད་པ་ལས་རཀྟའི་རྒྱ་མཚོ༔ ཞིང་གི་སྣས་འཕྱོ་བ་ཟླུམ་པོ་ཞིག་ཏུ་བསམ༔ སུཾ་ཞིག་ཆད་པ་ལས་དབང་ཆེན་གསེར་གྱི་ས་གཞི༔ གྲུ་བཞི་པ་ཞིག་ཏུ་བསམ༔ ཀེཾ་ཞིག་ཆད་པ་ལ་ཀེང་རུས་ཀྱི་རི་རབ༔ ཁ་ཁྱེར་ཤིན་ཏུ་ཆེ་བ་ཞིག་ཏུ་བསམ༔ དེ་ནས་སུཾ་རཏྣ་མཎྜ་ལ་བྷྲཱུྃ༔ ཅེས་བརྗོད་པས་ཐམས་ཅད་འོད་དུ་ཞུ་བས༔ རྒྱུ་པདྨ་རཱ་ག་ལས་གྲུབ་པའི༔ སངས་རྒྱས་ཀྱི་ཞིང་ཁམས་འོད་ཟེར་སྣ་ལྔ་འཕྲོ་བ༔ ཆོས་ཀྱི་དབྱིངས་ཁྱབ་པའོ༔ ཧཱུྃ་ལས་བྷྲཱུྃ་ཞིག་ཆད་པ་ལས༔ བྷྲཱུྃ་སྥ་ར་ཎ་ཕཊ༔ ཅེས་བརྗོད་པས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕོག་པས༔ ཐུགས་དམ་གྱི་རྒྱུད་བསྐུལ༔ སཾ་ཧ་ར་ཎ་ཧཱུྃ༔ བྷྲཱུྃ༔ ཞེས་བརྗོད་པས་སླར་བྷྲཱུྃ་ལ་ཐིམ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཙཀྲ་ཀ་པཱ་ལ་བྷྲཱུྃ༔ ཞེས་བརྗོད་པས་ཆོས་ཀྱི་དབྱིངས་ཁྱབ་གཞལ་ཡས་ཁང་དུ་གསལ་བའོ༔ ཕྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ༔་་་གཞལ་ཡས་ཁང་གྲུ་བཞི་ཆད་པ་སྒོ་བཞི་པ༔ ཤར་ཤེལ་ལས་གྲུབ་པ༔ ལྷོ་བཻ་ཌཱུརྻ་ལས་གྲུབ་པ༔ ནུབ་པདྨ་རཱ་ག་ལས་གྲུབ་པ༔ བྱང་མརྒད་ལས་གྲུབ་པ༔ ཟུར་བཞིར་གནམ་ལྕགས་ཀྱི་འཛེར་མགོ་བཏབ་པ་ཞིག་ཡིན༔ ནང་ཐོད་པ་སྐམ་རློན་ལས་གྲུབ་པ༔ ལྷ་ཆེན་པོ་བརྒྱད་ལ་ཀ་བ་བྱས་པ༔ ཀླུ་ཆེན་པོ་བརྒྱད་ལ་གདུང་མ་བྱས་པ༔ ལྷ་སྲིན་སྡེ་བརྒྱད་ལ་དྲལ་དྲབ་དང་བད་མགུལ་གྱི་ཚུལ་དུ་བྱས་པ༔་་་བད་མགུལ་ནས་སྐུ་སྟོད་འབྱུང་བ་ཙམ་ཡིན་གསུང༔ ཤ་ཆེན་གྱི་ཐོག་རས་རཀྟའི་རྐང་རས༔ རོ་དུམ་བུ་ཕྱེད་ཚལ་ལྷུ་དུམ༔ ཞིང་གི་བ་དན༔་་་དུར་ཁྲོད་ཀྱི་རྒྱན་བརྒྱད་ཀྱིས་ཡང་དག་པར་བརྗིད་པ༔ གཞལ་ཡས་ཁང་གི་ནང་དུ༔ ཉི་ཟླ་གཉིས་ཀླད་ལ་ལྡིང་བ༔ ཕྱོགས་ཀྱི་སྒོ་བཞི་རྒྱལ་ཆེན་བཞི་ལས་བྱས་པ༔ འབྲུག་རི་དྭགས་ཀྱིས་སྒྲ་སྒྲོག་པ༔ ཙིཏྟའི་ཕོ་ལོང་འཕྱང་བ༔ རྡོ་རྗེའི་ཐོག་མདའ་འཕྲོ་བ༔ ཁྲག་གི་ཞམ་ཆུ་འབབ་པ༔ བསྐལ་པའི་རླུང་ནག་འཚུབས་པ༔ ཡེ་ཤེས་ཀྱི་མེ་རི་འབར་བ༔ ཞིང་གི་རྒྱལ་མཚན་དང༔ བ་དན་རྩེ་གསུམ་པས་བརྒྱན་པའོ༔ གཞལ་ཡས་ཁང་ཆེན་པོ་དེའི་ཕོ་བྲང་དུ༔ འཁོར་ལོ་སེར་པོ་རྩིབས་བརྒྱད་པ༔ དེ་རྒྱབ་མུ་ཁྱུད༔ དེ་རྒྱབ་འཁོར་ལོ་སྔོན་པོ་རྩིབས་བཅུ་པ༔ དེའི་རྒྱབ་ཏུ་ཕུར་བུ་དང༔ རལ་གྲི་དང༔ རྡོ་རྗེ་དང༔ གྲི་གུག་དང༔ མེ་རིའི་གུར་ཁང་བསྒོམ༔ གཞལ་ཡས་ཁང་གི་ཕྱི་རོལ་དུ༔ འཁོར་ལོ་ཕུར་པ་རལ་གྲི་རྡོ་རྗེ་གྲི་གུག་ལས་དཔག་ཏུ་མེད་པ་འཕྲོ་བ་གཡས་སུ་འཁོར་བའོ༔ ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ཡོད་པ༔ དབང་གི་གཞལ་ཡས་ཁང་མཚོན་པའོ༔ རྩིབས་མཆན་དམར་ལ་མུ་ཁྱུད་དཀར་པོའོ༔ གྲུ་ཆད་ནི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བ༔ རྟ་བབས་སྒོ་དང་སྒོ་རྒྱན་གྱིས་མཛེས་པའོ༔ ཕོ་བྲང་གི་དབུས་སུ་པདྨ་དང་ཉི་ཟླའི་སྟེང་དུ༔ ཀླུ་བདུད་ཕོ་མོ་དང་ས་བདག་དང་མ་ཧཱ་དེ་ཝའི་ཁྲི་བརྩེགས་པའི་གདན་སྟེང་དུ༔ ཧཱུྃ་དེ་བབས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ བདེ་བར་གཤེགས་པ་རྣམས་ལ་ཕོག་པས༔ སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས༔ དཔལ་རྟ་མགྲིན་དུ་གྱུར༔ དེ་ནས་སླར་ཡང་འོད་ཟེར་ཧཱུྃ་ལ་འདུས་ནས༔ རྡོ་རྗེ་སྨུག་ནག་འབར་བ་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར༔ དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྟ་མགྲིན་སྐུ་མདོག་སྨུག་ནག་འབར་བ༔ ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ༔ ཞལ་གཡས་དཀར་བ་གཡོན་དམར་བ༔ དབུས་སྨུག་ནག་ས་བདག་ཀླུ་གཉན་ཟས་སུ་ཟ་བ༔ ཕྱག་གཡས་པ་གསུམ་ན་རྡོ་རྗེའི་ཐོ་བ་རེ་རེ༔ གཡོན་པ་གསུམ་ནི་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ༔ རལ་པ་ཁམས་ནག་སྲིད་རྩེར་འབར་བ༔ དབུ་གསུམ་གྱི་སྟེང་དུ་རྟ་མགོ་ལྗང་ཞུར་གསུམ༔ རྟ་སྐད་ཕྱོགས་བཅུ་ན་སྒྲོག་པ༔ སྲིད་པ་གསུམ་སྐྲག་ཅིང་འདར་བར་བྱེད་པ༔ རྟ་མགོ་དབུས་མའི་སྟེང་དུ་གསུང་གི་ཁྱུང་དམར་པོ༔ གཡས་པའི་སྟེང་དུ་སྐུའི་ཁྱུང་དཀར་པོ༔ གཡོན་པའི་སྟེང་དུ་ཐུགས་ཀྱི་ཁྱུང་མཐིང་ག༔ འཁོར་ལོ་རལ་གྲི་རྡོ་རྗེའི་གཤོག་པ་ནམ་མཁའི་ཁམས་ཁེབས་པ༔ གནམ་ལྕགས་ཀྱི་མཆུ་སྡེར་སྔོ་ཟང་ངེ་འདུག་པ༔ ཀླུ་བདུད་ནག་པོ་ཞལ་དུ་གསོལ་བ༔ སྤུ་རུ་མཚོན་ཆ་སྣ་ཚོགས་ཀྱིས་གཏམས་པ༔ སྤྱན་སེར་ལ་འོད་འབར་བ༔ སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་གྱི་ཁྱུང་བསམ་གྱིས་མི་ཁྱབ་པས་ས་བདག་དང་ཀླུ་གཉན་ཐམས་ཅད་དུས་གཅིག་ཏུ་བརླག་པར་བསམ༔ སྤྱན་དགུ་སྡང་མིག་ལྡོག་པས༔ སྟོང་ཁམས་ཐམས་ཅད་ཡེ་ཤེས་ཀྱི་མེས་ཁེབས་པ༔ ས་བདག་དང་ཀླུ་གཉན་ཐམས་ཅད་དུས་གཅིག་ཏུ་སྲེག་པར་བསམ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན༔ སྐུ་སྨད་ལ་སྟག་གི་ཤམ་ཐབས༔ ཞིང་ལྤགས་ཀྱི་སྐེད་དཀྲིས༔ ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པའི་རྩ་བར༔ སྦྲུལ་དཀར་པོས་དཀྲིས་པ༔ སེར་པོས་རྣ་ཆ་བྱས་པ༔ དམར་པོས་ལག་གདུབ་དང་མགུལ་རྒྱན་བྱས་པ༔ ནག་པོས་རྐང་གདུབ་དང་སྐེ་རགས་བྱས་པ༔ མཁུར་ཚོས་ལ་ཞག་གི་ཟོ་རིས་བྱས་པ༔ བྲང་ལ་རཀྟའི་ཐིག་ལེ༔ རྩིབས་ལོགས་ལ་ཐལ་བའི་ཚོམ་བུ༔ ཡན་ལག་ལ་ཀེང་རུས་ཀྱིས་བརྒྱན་པའོ༔ དེ་ལྟ་བུའི་གཏུམ་རྔམ་འཇིགས་པའི་སྐུར་བདག་བསྒོམ་མོ༔ དེའི་ཐུགས་ཀར་པད་ཟླ་ཉི་མའི་སྟེང་དུ༔ ཧཱུྃ་མཐིང་ནག་ལས༔ དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་འབར་བ་ལ༔ ཞལ་གཅིག་ཕྱག་གཉིས་པ༔ མཆེ་བ་གཙིགས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ༔ གཡོན་སྡིགས་མཛུབ་ལས་མེ་འབར་བ༔ སྤྱན་གསུམ་སྡང་མིག་ཏུ་བགྲད་པ༔ ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ༔ ཡན་ལག་སྦྲུལ་དང་རིན་པོ་ཆེས་བརྒྱན་པ༔ ཐུགས་ཀར་རྡོ་རྗེ་རྩེ་ལྔ་ལ་ཧཱུྃ་གིས་མཚན་པ་ལ༔ བདེ་གཤེགས་སྙིང་པོ་གཡས་སུ་འཁོར་བར་བསྒོམ༔་་་སྔགས་འོད་ཟེར་དང་བཅས་པ་རྡོ་རྗེ་ནས་པདྨ་ནས༔ ཡུམ་གྱི་ཐུགས་ཀ་ནས༔ ཡབ་ཀྱི་ཞལ་དུ་སོང་བར་བསམ་མོ༔ ཧྲཱི༔ ཧྲཱིཿལས་ཡུམ་པདྨ་གཟི་ལྡན་མ༔ སྐུ་མདོག་དམར་མོ་གཡས་འཁོར་ལོ་ཡབ་ལ་འཁྱུད་པ༔ གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ༔ དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ་ཡབ་ལ་འཁྲིལ་བའོ༔ གནས་ལྔར་རིགས་ལྔའི་ཧེ་རུ་ཀ་ལྔ་བསྒོམ་པར་བྱའོ༔་་་གནས་ལྔར་ཧེ་རུ་ཀ་ལྔ་ནི༔ སྤྱི་བོར་བུདྡྷ་ཧེ་རུ་ཀ༔ སྐུ་མདོག་དཀར་པོ་འཁོར་ལོ་དང་ཐོད་ཁྲག་བསྣམས་པའོ༔་་་རྒྱན་ཆ་ལུགས་ཡབ་དང་མཐུན། མགྲིན་པར་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ༔ པདྨ་དང་ཐོད་ཁྲག་བསྣམས་པའོ༔ ཐུགས་ཀར་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག༔ རྡོ་རྗེ་དང་ཐོད་ཁྲག་བསྣམས་པའོ༔ ལྟེ་བར་རཏྣ་ཧེ་རུ་ཀ༔ སྐུ་མདོག་སེར་པོ་གཡས་རིན་པོ་ཆེ༔ གཡོན་ཐོད་ཁྲག་བསྣམས་པའོ༔ གསང་གནས་སུ་ཀརྨ་ཧེ་རུ་ཀ༔ སྐུ་མདོག་ལྗང་གུ་གཡས་རྒྱ་གྲམ༔ གཡོན་ཐོད་ཁྲག་བསྣམས་པའོ༔ འདི་རྣམས་ཀྱི་གཡས་རང་རྟགས༔ གཡོན་ཐོད་ཁྲག་བསྣམས་པའོ༔ དེ་ནས་བདག་གི་ཐུགས་ཀའི་ཧཱུྃ་ལས༔ ཧཱུྃ་བཞི་རིམ་པ་བཞིན་དུ་སྤྲོས་པ་ལ༔ འཁོར་ཡབ་ཡུམ་བརྒྱད་བསྐྱེད་པ་ནི༔ ཤར་ཕྱོགས་ཀྱི་རྩིབས་སྟེང་དུ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་ཕུར་པ༔ གཡོན་ཐོད་ཁྲག༔ ལྷོ་ཕྱོགས་ཀྱི་རྩིབས་སྟེང་དུ༔ གཤིན་རྗེའི་གཤེད་སྐུ་མདོག་སྔོ་ནག༔ གཡས་རལ་གྲི་གཡོན་ཐོད་ཁྲག༔ ནུབ་ཕྱོགས་ཀྱི་རྩིབས་སྟེང་དུ༔ ཕྱག་ན་རྡོ་རྗེ་ལྗང་ནག༔ གཡས་རྡོ་རྗེ་གཡོན་ཐོད་ཁྲག༔ བྱང་ཕྱོགས་ཀྱི་རྩིབས་སྟེང་དུ༔ མགོན་པོ་ནག་པོ་གཡས་གྲི་གུག་གཡོན་ཐོད་ཁྲག༔ ཤར་ལྷོའི་མཚམས་སུ་རྡོ་རྗེ་མཁའ་འགྲོ་མ༔ སྐུ་མདོག་དཀར་མོ་གཡས་རྡོ་རྗེ་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་སྟོབ་པའོ༔ ལྷོ་ནུབ་ཀྱི་མཚམས་སུ་རིན་ཆེན་མཁའ་འགྲོ་མ༔ སྐུ་མདོག་སེར་མོ་གཡས་རིན་པོ་ཆེ་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་སྟོབ་པའོ༔ ནུབ་བྱང་མཚམས་སུ་པདྨ་མཁའ་འགྲོ་མ༔ སྐུ་མདོག་དམར་པོ་གཡས་པདྨ་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་སྟོབ་པའོ༔ བྱང་ཤར་ཀྱི་མཚམས་སུ་ལས་ཀྱི་མཁའ་འགྲོ་མ༔ སྐུ་མདོག་ལྗང་གུ་གཡས་རལ་གྲི་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་སྟོབ་པའོ༔ ཡང་ཐུགས་ཀ་ནས་ཧཱུྃ་བཅུ་འཕྲོས་པ་ལས༔ འཁོར་ལོ་སྔོན་པོ་རྩིབས་བཅུ་པའི་སྟེང་དུ༔ ཁྲོ་བོ་ཆེན་པོ་བཅུ་སྲུང་བའི་དུས་སུ༔ སྐུ་མདོག་དཀར་པོ་གཡས་རྡོ་རྗེ་གཡོན་དྲིལ་བུ་ཅན༔་་་ཁྲོ་བོ་བཅུ་ནི༔ ཤར་དུ་རྣམ་པར་རྒྱལ་བ༔ ཤར་ལྷོར་དབྱུག་པ་སྔོན་པོ༔ ལྷོ་རུ་གཤིན་རྗེའི་གཤེད༔ ལྷོ་ནུབ་ཏུ་མི་གཡོ་མགོན༔ ནུབ་ཏུ་རྟ་མགྲིན་དཔལ༔ ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ༔ བྱང་ཕྱོགས་སུ་བདུད་རྩི་འཁྱིལ་བ༔ བྱང་ཤར་དུ་ཁམས་གསུམ་དགྲ་ལས་རྣམ་པར་རྒྱལ་བ༔ སྟེང་དུ་ཧཱུྃ་ཀཱ་ར༔ འོག་ཏུ་སྟོབས་པོ་ཆེ༔ པདྨ་འཁྱིལ་བའང་ཟེར༔ ཟློག་པའི་དུས་སྐུ་མདོག་ནག་པོ༔ གཡས་ཐོ་བ་གཡོན་ལྕགས་ཀྱུ་བསྣམས་པའོ༔ ཤར་སྒོར་ཛཿལས་སྒོ་མ་ལྕགས་ཀྱུ་མ་དཀར་མོ༔ གཡས་ལྕགས་ཀྱུ་གཡོན་སྡིགས་མཛུབ་ཅན༔ ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ༔ གཡས་ཞགས་པ་གཡོན་སྡིགས་མཛུབ་ཅན༔ ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ༔ གཡས་ལྕགས་སྒྲོག་གཡོན་སྡིགས་མཛུབ་ཅན༔ བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་ཁུ༔ གཡས་དྲིལ་བུ་གཡོན་སྡིགས་མཛུབ་ཅན་ནོ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པའོ༔ གཞལ་ཡས་ཁང་གི་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་རི་དང་མེ་ཕུང་དང༔ སྤྲུལ་པའི་ཁྲོ་ཆུང་ཕྱག་ན་མཚོན་ཆ་ཐོགས་པ༔ ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འཕྲོ་བར་བསྒོམ༔ དེ་ནས་ཚོགས་རྟེན་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་སེམས་དཔའ་ཇི་ལྟར་བསྐྱེད་པ་བཞིན་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ༔ པདྨ་དབང་ཆེན་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ དགེ་བ་ཀུན་ལ་རྗེས་ཡི་རང༔ བདག་ལ་གཉིས་མེད་བྱིན་བརླབ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་རྟེན་གྱི་ཡེ་ཤེས་པ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ༔ དེ་ནས་བྱེ་བྲག་ཏུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི༔ རང་གི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ༔ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་རྣམས་ཀྱིས་མཚན་པ་གསལ་ཞིང་འབར་བ་དང་བཅས་པའི་འོད་ཟེར་འཕྲོ་བས་བདག་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར༔ དེ་ནས་དབང་བསྐུར་བ་ནི༔ སླར་ཡང་ཐུགས་ཀའི་འོད་ཀྱིས་རྒྱལ་བ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས༔ མདུན་གྱི་ནམ་མཁར་བཞུགས་པར་བསམ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ་གིས་ཕྱི་མཆོད༔ ཨོཾ་ཨཱཿཧཱུྃ་གིས་ནང་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་གིས་གསང་མཆོད་ཕུལ༔ ཇི་ལྟར་རྡོ་རྗེ་འཆང་ཆེན་པོས༔ རང་གི་སྲས་ལ་དབང་བསྐུར་ལྟར༔ དེ་བཞིན་བདག་ལ་དབང་བསྐུར་ནས༔ གོ་འཕང་ཐོབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར་གྱི་དགོངས་པ་མཛད༔ ཡུམ་རྣམས་ཀྱིས་བདུད་རྩིའི་བུམ་པ་བསྣམས་ནས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད༔ སེམས་མ་རྣམས་ཀྱིས་མཆོད་པའི་ལས་བརྩམ༔ ཁྲོ་བོ་རྣམས་ཀྱིས་བར་ཆད་ཀྱི་བགེགས་སྲུང་བ་དང་བཅས་པས་མངོན་པར་དབང་བསྐུར་བར་བསམ་ལ༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ དུག་ལྔ་རྣམ་པར་དག་པ་ཡི༔ ཡེ་ཤེས་ལྔ་ཡི་དབང་མཆོག་འདི༔ རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དབང་གི་ཚིགས་སུ་བཅད་པས་དབང་བསྐུར་བའི་བུམ་པའི་བདུད་རྩི་སྤྱི་བོར་བླུགས་པས་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་ནས་ཤེས་བྱའི་སྒྲིབ་པ་དག༔ ལྷ་རྣམས་ཀྱང་བདག་ལ་ཐིམ༔ བདུད་རྩིའི་ལྷག་མ་ཡར་འཁྱིལ་བ་ལས་དབང་རྟགས་སུ་གཙོ་བོ་ཡབ་ཡུམ་ལ་སྣང་བ་མཐའ་ཡས༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ་རྡོ་རྗེ་སེམས་དཔའ༔ གཤིན་རྗེ་གཤེད་ཡབ་ཡུམ་ལ་རིན་ཆེན་འབྱུང་ལྡན༔ ཕྱག་ན་རྡོ་རྗེ་ཡབ་ཡུམ་དང༔ དཔལ་ལྡན་མགོན་པོ་དང༔ ཁྲོ་བོ་བཅུ་སྒོ་མ་བཞི་རྣམས་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་མོ༔ དེ་ནི་གཙོ་བོར་དམ་ཚིག་པ་བསྐྱེད་པའི་རིམ་པའོ༔ དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ལ་གཉིས་ཏེ༔ སྙན་གསན་དབབ་པ་དང༔ སྤྱན་དྲང་བ་དངོས་སོ༔ དང་པོ་ནི༔ ཧོ༔ དགོངས་སུ་གསོལ་ལོ༔ མཉམ་པ་ཉིད་ཀྱི་དབྱིངས༔ སྟུག་པོ་བཀོད་པའི་ཞིང༔ རྣམ་པར་དག་པའི་ངང༔ ཡེ་ཤེས་སྒྱུ་མའི་སྐུ༔ སྤྲོས་པ་མེད་པའི་སྤྱོད་ཡུལ༔ ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང༔ དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་གི་དབུས༔ འཁོར་ལོ་འབར་བའི་ཕོ་བྲང་ནས༔ ཉི་ཟླ་པདྨ་བརྩེགས་པའི་གདན༔ ཀླུ་བདུད་ཕོ་མོ་བརྩེགས་པའི་ཁྲི་སྟེང་དུ༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བདག་ཉིད༔ དཔལ་རྟ་མཆོག་ཧེ་རུ་ཀ་ཆེན་པོ༔ མཁའ་འགྲོ་མ་ཐམས་ཅད་ཀྱི་རྒྱལ་མོ༔ ཡུམ་པདྨ་གཟི་ལྡན་མ༔ སྤྱི་བོར་ཡེ་ཤེས་ཀྱི་བྱ་ཁྱུང་ལྡིང་བ༔ ཐུགས་ཀར་དཔལ་གསང་བའི་བདག་པོ༔ ཡེ་ཤེས་སྤྲུལ་པའི་ཁྲོ་བོ་ཆེན་པོ་ལྔ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བཅོམ་ལྡན་འདས་ཤྲཱི་ཡ་མཱནྟ་ཀ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དཔལ་མགོན་པོ་ནག་པོ༔ རིགས་ཀྱི་ཡུམ་བཞི༔ སྤྲུལ་པའི་ཁྲོ་བོ་ཆེན་པོ་བཅུ༔ བདུད་བཞིའི་སྒོ་གཅོད་སྒོ་མ་བཞི་ལ་སོགས་ཏེ༔ བཅོམ་ལྡན་འདས་བདེ་གཤེགས་གསང་བའི་ལྷ་ཚོགས་རྣམས༔ སྤྱན་འདྲེན་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་འབུལ༔ བསྟོད་པ་བགྱིད་ནོངས་པ་བཤགས༔ ཐུགས་དམ་བསྐུལ་ཕྲིན་ལས་བཅོལ་ན༔ ཐུགས་རྗེེ་དང་ཐུགས་དམ་གྱི་དབང་གིས་གསོན་ཅིང་དགོངས་སུ་གསོལ་ལོ༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་བརྗོད༔ གཉིས་པ་སྤྱན་དྲང་བ་དངོས་ནི༔ ཤ་ཆེན་དང་སྦྱར་སྤོས་བསྲེག༔ སྙན་ཅིང་བརྗིད་པའི་དབྱངས་དང་རོལ་མོ་དང་བཅས་འདི་སྐད་དོ༔ ཧྲཱི༔ ནུབ་ཕྱོགས་བདེ་ལྡན་པདྨའི་ཞིང་ཁམས་ནས༔ རླུང་ནག་མེ་ཕུང་འབར་བའི་ཀློང་དཀྱིལ་ནས༔ ཀླུ་གདོན་ཕོ་མོ་བསྣོལ་བའི་གདན་སྟེང་ན༔ དབང་གི་རྒྱལ་པོ་ཁྲོ་བོ་རྟ་མཆོག་དཔལ༔ ཞལ་གསུམ་ཕྱག་དྲུག་སྐུ་མདོག་སྨུག་ནག་ལ༔ ཞབས་བཞི་བརྐྱང་བསྐུམ་ཀླུ་བདུད་ཉི་སྟེང་བགྲད༔ ཐུགས་ཀར་ཉི་སྟེང་ཧྲཱི་ཡིག་འཕྲོ་འདུ་འབར༔ ཡུམ་ཆེན་གཟི་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན༔ རལ་པ་དམར་འབར་སྤྱན་གསུམ་སྡང་མིག་བགྲད༔ ཕྱག་གཉིས་འཁོར་ལོ་ཐོད་པ་ཁྲག་བཀང་བསྣམས༔ སྤྱི་གཙུག་མཁའ་ལྡིང་ག་རུ་ཌ༔ ཐུགས་ཀར་གསང་བདག་ཕྱག་ན་རྡོ་རྗེ་དང༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་དང༔ རྟ་མཆོག་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ཀླུ་གདོན་གདུག་པ་འདུལ་བའི་དོན་སླད་དུ༔ རྔམ་བརྗིད་འགྱིང་བའི་ཚུལ་དུ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ ཞེ་སྡང་ཐུགས་མཆོག་ཡཀྴ་ཧེ་རུ་ཀ༔ འཁོར་ལོ་རྒྱས་འདེབས་མ་དང་ཐབས་གཅིག་ཏུ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་བཅས་རྣམས༔ དམ་ཚིག་ཚུལ་བཞིན་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ རྣལ་འབྱོར་དད་དང་ལྷ་མཆོག་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་གཤིན་རྗེ་གཤེད༔ ཡ་མཱནྟ་ཀ་ཡབ་ཡུམ་འཁོར་བཅས་རྣམས༔ དམ་ཚིག་ཚུལ་བཞིན་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ མི་མཐུན་འཇོམས་མཛད་ཡེ་ཤེས་གཉེན་པོ་ཆེ༔ དགྲ་བགེགས་གདུག་པ་ཐམས་ཅད་འདུལ་སླད་དུ༔ བཅོམ་ལྡན་གསང་བདག་ཡབ་ཡུམ་འཁོར་བཅས་རྣམས༔ དམ་ཚིག་ཚུལ་བཞིན་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ༔ རྣལ་འབྱོར་དད་དང་ལྷ་མཆོག་དམ་ཚིག་གིས༔ ཚུར་གཤེགས་ཚུར་སྤྱོན་མ་ཧཱ་ཀཱ་ལ་ཆེ༔ དཔལ་ལྡན་མགོན་པོ་ཡབ་ཡུམ་འཁོར་བཅས་རྣམས༔ དམ་ཚིག་ཚུལ་བཞིན་དབང་གིས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨེ་ཧྱེ་ཧི་པདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་ས་མ་ཡ་ཛཿཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བརྗོད་མེད་སྤྲོས་བྲལ་བདེ་ཆེན་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པ༔ དབང་དྲག་སྲིད་གསུམ་མ་ལུས་འདུལ་བའི་ལྷ༔ བདག་དང་གཉིས་མེད་ངང་དུ་བསྒྲུབ་པའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་ཀུན༔ རྔམ་བརྗིད་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན༔ ཞེ་སྡང་ཐུགས་མཆོག་ཡཀྴ་ཧེ་རུ་ཀ༔ རུ་དྲ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་བཞུགས་སུ་གསོལ༔ ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་དེང་འདིར་དགོངས་ནས་ཀྱང༔ གཉིས་མེད་དངོས་གྲུབ་བདག་ལ་བསྩལ་སླད་དུ༔ ཡ་མཱནྟ་ཀ་ཡབ་ཡུམ་བཞུགས་སུ་གསོལ༔ ཧཱུྃ༔ དབྱིངས་ལས་གཉིས་མེད་གདུག་པ་འདུལ་མཛད་པ༔ བཅོམ་ལྡན་རྡོ་རྗེ་འཛིན་རྒྱལ་ཁྲོ་བོའི་གཙོ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡབ་ཡུམ་རྣམས༔ དགྲ་བགེགས་གདུག་པ་འདུལ་ཕྱིར་བཞུགས་སུ་གསོལ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ནི༔ དྲེགས་པའི་དགྲ་བགེགས་མ་ལུས་འདུལ་བའི་ཕྱིར༔ དུར་ཁྲོད་དྲག་པོའི་གནས་འདིར་བཞུགས་སུ་གསོལ༔ ཨོཾ་ཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ མཉམ་ཉིད་ཆོས་སྐུ་ཀློང་ཡངས་བརྡལ་བ་ལས༔ དྲག་སྔགས་མཐུ་མངའ་རྟ་མགྲིན་དབང་གི་ལྷ༔ མ་རུངས་རྣམས་ལ་ཐུགས་རྗེས་ཁྲོས་པའི་ཚུལ༔ པདྨ་གསུང་མཆོག་རྒྱལ་ལ་ཕྱག་འཚལ་ལོ༔ དཔལ་ཆེན་ཀུན་འདུས་རྟ་མགྲིན་དབང་གི་ལྷ༔ དབང་གི་སྐུ་མདོག་བསྐལ་པའི་མེ་ལྟར་འབར༔ རྟ་གདོང་ལྗང་གུ་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་བརྗིད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ རྟ་མཆོག་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ༔ གསང་མཆོག་དབྱིངས་ལས་འགྲོ་བ་སྐྱེད་བྱེད་མ༔ ཤེས་རབ་མཁའ་ལ་གཉིས་མེད་དགའ་བདེས་རོལ༔ གཟི་ལྡན་གསང་བའི་ཡུམ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཕྲིན་ལས་མངའ་མཛད་ཡཀྴ་ཧེ་རུ་ཀ༔ ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་པའི༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་ཡུམ༔ བདེ་ཆེན་དབྱིངས་ནས་སྤྲུལ་པའི་འབྱུང་གནས་གཙོ༔ རྒྱས་འདེབས་གསང་བའི་ཡུམ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དབྱིངས་ནས་གཉིས་མེད་ཆོས་སྐུ་དག་པའི་ངང༔ གཤིན་རྗེ་རུ་དྲ་གཏན་ནས་བརླག་མཛད་པའི༔ བདུད་འདུལ་ཁྲོ་བོ་ཆེན་པོའི་སྐུར་སྟོན་པ༔ བཅོམ་ལྡན་ཡ་མཱནྟ་ཀ་ཡབ་ཡུམ་ལ༔ སྒོ་གསུམ་རབ་ཏུ་དང་བས་ཕྱག་འཚལ་ལོ༔ ཧཱུྃ་མཛད་ཧཱུྃ་སྟེ་ཙཎྜ་རོ་ཥ་ཎ༔ མི་མཐུན་ལོག་འདྲེན་མ་ལུས་འཇོམས་མཛད་པའི༔ བཅོམ་ལྡན་གསང་བའི་བདག་པོ་འཁོར་དང་བཅས་པ་ལ༔ སྒོ་གསུམ་དང་བས་རབ་ཏུ་ཕྱག་འཚལ་ལོ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ནས༔ དཔལ་ལྡན་མགོན་པོ་ཆེན་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད༔ དབུ་ལ་ཐོད་པའི་ཕྲེང་བས་བརྒྱན༔ བསྟན་པའི་དགྲ་བགེགས་འཇོམས་མཛད་པའི༔ དཔལ་ལྡན་མགོན་པོ་ཡབ་ཡུམ་ལ༔ སྒོ་གསུམ་དང་བས་རབ་ཏུ་ཕྱག་འཚལ་ལོ༔ ཨོཾ་ཧ་ཡ་གྲཱི་བ་པདྨཱནྟ་ཀྲྀཏ་ན་མོ་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ དབུས་མཐའ་མེད་པ་ཀུན་ཏུ་བཟང་མོའི་མཁའ༔ ཡེ་ཤེས་དབྱིངས་ལས་མཆོད་རྫས་སྣ་ཚོགས་ཤར༔ སྣང་སྲིད་མ་ལུས་སྐུ་གསུང་ཐུགས་ཀྱི་རྒྱན༔ མཆོད་པའི་བྱེ་བྲག་སྤྲིན་ཚོགས་མཐའ་དག་དང༔ ཀུན་བཟང་མཆོད་པའི་ལོངས་སྤྱོད་སྣ་ཚོགས་རྣམས༔ གཉིས་སུ་མེད་པའི་དོན་གྱིས་བདག་གིས་ནི༔ བླང་དོར་ཐ་དད་སྤངས་ཏེ་འབུལ་ལགས་ན༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མཉེས་གྱུར་ཅིག༔ ཨ་ལ་ལ་སྟེ་བདག་གིས་མཆོད་པ་འབུལ༔ ཨ་ལ་ལ་སྟེ་ཚིམས་པར་བཞེས་སུ་གསོལ༔ ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་འཁོར་བཅས་ལ༔ གཟུགས་ཀྱི་མཆོད་པ་འབུལ་བ་ནི༔ མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང༔ བཟང་ཤིང་འབྲས་བུ་རྣམ་པ་དང༔ གཟུགས་མཛེས་རྣམ་པ་སྣ་ཚོགས་ཀུན༔ སྤྱན་གྱི་མཆོད་པར་བཞེས་སུ་གསོལ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་འཁོར་བཅས་ལ༔ སྒྲ་ཡི་མཆོད་པ་འབུལ་བ་ནི༔ པི་ཝང་གླིང་བུ་མཁར་བའི་རྔ༔ རྫ་རྔ་ཅང་ཏེའུ་རོལ་མོའི་དབྱངས༔ དུང་དང་ཆ་ལང་སིལ་སྙན་དང༔ སྒྲ་སྙན་རྣམ་པ་ཇི་སྙེད་པ༔ སྙན་གྱི་མཆོད་པར་བཞེས་སུ་གསོལ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་འཁོར་བཅས་ལ༔ དྲི་ཡི་མཆོད་པ་འབུལ་བ་ནི༔ ཨ་ག་རུ་དང་དུ་རུཥྐ༔ ལི་ཤི་ག་པུར་ཛ་ཏི་དང༔ ཀ་ར་ལ་སོགས་སྦྱར་བའི་དྲི༔ ཙནྡན་དྲི་ཞིམ་ཤངས་ཀྱི་སྤོས༔ ཤངས་ཀྱི་མཆོད་པར་བཞེས་སུ་གསོལ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་འཁོར་བཅས་ལ༔ རོ་ཡི་མཆོད་པ་འབུལ་བ་ནི༔ ཞལ་ཟས་རྣམ་པ་སྣ་ཚོགས་དང༔ དབང་པོ་ཚིམ་བྱེད་བཤོས་གཙང་དང༔ རོ་མཆོག་མངར་བ་ཅི་མཆིས་པ༔ ལྗགས་ཀྱི་མཆོད་པར་བཞེས་སུ་གསོལ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་འཁོར་བཅས་ལ༔ རེག་བྱའི་མཆོད་པ་འབུལ་བ་ནི༔ པཉྩ་ལི་ཀཱ་ལ་སོགས་པ༔ ལྷ་ཡི་ན་བཟའ་སྣ་ཚོགས་དང༔ མཛེས་ཤིང་རེག་འཇམ་ཅི་མཆིས་པ༔ སྐུ་ཡི་མཆོད་པར་བཞེས་སུ་གསོལ༔ ཧཱུྃ༔ བཅོམ་ལྡན་བདེ་གཤེགས་ལྷ་ཚོགས་འཁོར་བཅས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མེ་ཏོག་ཡོན་ཆབ་བདུག་སྤོས་དང༔ དྲི་མཆོག་སྣང་གསལ་ཞལ་ཟས་དང༔ རོལ་མོ་དུང་རྐང་གླིང་བུ་རྔ་སྒྲའི་རྒྱུན༔ དྲིལ་བུ་སྙན་པ་རྣམ་གྲོལ་ཚངས་པའི་དབྱངས༔ བླ་བྲེ་རྒྱལ་མཚན་འཕན་གདུགས་བ་དན་རྣམས༔ ཕྱི་ཡི་མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ རྒྱལ་སྲིད་སྣ་བདུན་འབུལ་བ་ནི༔ གླིང་བཞིར་དབང་སྒྱུར་འཁོར་ལོ་དང༔ དབུལ་བ་སེལ་བའི་ནོར་བུ་དང༔ དགོས་འདོད་འབྱུང་བའི་བཙུན་མོ་དང༔ ཤེས་རབ་ཤུགས་ལྡན་བློན་པོ་དང༔ སྟོབས་བཅུའི་རྩལ་ལྡན་གླང་པོ་དང༔ སྤྲིན་གྱི་ཤུགས་ལྡན་རྟ་མཆོག་དང༔ བདུད་ཀྱི་ཚོགས་འཇོམས་དམག་དཔོན་རྣམས༔ དཔལ་ཆེན་འཁོར་བཅས་རྣམས་ལ་འབུལ༔ ནང་གི་མཆོད་པ་འབུལ་བ་ནི༔ ཨ་ལས་བྷནྡྷ་ཁོར་ཡུག་བཅུད་ཡངས་སུ༔ ཤ་ཆེན་ལྔ་དང་སྨན་ལྔ་བདུད་རྩི་ལྔ༔ ཛ་གད་ཆང་དང་བདུད་རྩི་རཀྟར་བཅས༔ བྷནྡྷ་མཛེས་པའི་སྣོད་དུ་བླུགས་བྱས་ནས༔ རྣལ་འབྱོར་ཆེན་པོའི་མདུན་དུ་བཞག་བྱས་ཏེ༔ རླུང་གིས་མེ་སྦར་མེ་ཡིས་ཐོད་པ་དྲོས༔ ཧཱུྃ་གི་རྡོ་རྗེས་རབ་ཏུ་དཀྲུགས་བྱས་ནས༔ ཨ་དཀར་འབར་བས་ཁ་ཟས་དུག་བཅོམ་སྟེ༔ དཔའ་བོ་འབྲུ་ལྔས་གཏོར་མ་བྱིན་གྱིས་བརླབས༔ བཅོམ་ལྡན་དཔལ་ཆེན་དབང་གི་སྐུར་བཞེངས་ལ༔ ཞིང་ཆེན་ཤ་དང་རུས་ཆེན་རྐང༔ སྣུམ་ཆེན་ཚིལ་དང་དམར་ཆེན་ཁྲག༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ གསུར་ཆེན་ཤ་ལ་རོལ་ཏེ་བཞེས་སུ་གསོལ༔ དམར་ཆེན་ཁྲག་ལ་རོལ་ཏེ་བཞེས་སུ་གསོལ༔ སྣུམ་ཆེན་ཚིལ་ལ་རོལ་ཏེ་བཞེས་སུ་གསོལ༔ རུས་ཆེན་རྐང་ལ་རོལ་ཏེ་བཞེས་སུ་གསོལ༔ གསོལ་ལོ་རོལ་ཅིག་མཆོག་ཏུ་དགྱེས་པར་མཛོད༔ མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ དེ་ནས་དུག་གསུམ་གྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཁོར་བཅས་ལ༔ དུག་གསུམ་མཆོད་པ་འབུལ་བ་ནི༔ གཏི་མུག་མཆོད་པ་བླ་ན་མེད༔ གཏི་མུག་མཆོད་པ་ཤ་བཞེས་ལ༔ སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ འདོད་ཆགས་མཆོད་པ་བླ་ན་མེད༔ འདོད་ཆགས་མཆོད་པ་ཁྲག་བཞེས་ལ༔ གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ ཞེ་སྡང་མཆོད་པ་བླ་ན་མེད༔ ཞེ་སྡང་མཆོད་པ་རུས་བཞེས་ལ༔ ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་བདུད་རྩི་སྨན་མཆོད་འབུལ་བ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་ཚོགས་ཆེན་དང༔ ལྷ་དང་ལྷ་མོ་རྣལ་འབྱོར་པ༔ ཐམས་ཅད་དབྱིངས་ཉིད་སྐུལ་བའི་མཆོག༔ འདི་ནི་སྔོན་གྱི་ཐ་ཚིག་སྟེ༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ༔ བདག་ཅག་དད་པས་འབུལ་ལགས་ན༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ དགོངས་ནས་ཀུན་ཀྱང་དགྱེས་པར་མཛོད༔ འཕྲུལ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་མྲྀཏ་ཁ་ཁ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ རཀྟ་དམར་གྱི་ཨརྒྷཾ་ཆེན་པོ་འདི༔ བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་དང༔ བགེགས་ཀྱི་དཔུང་ཚོགས་མ་ལུས་བཅོམ་པ་དང༔ བདུད་ཀྱི་རྒྱལ་པོའི་མཐུ་རྩལ་འཕྲོག་པ་དང༔ དྲེགས་པ་ཕོ་མོ་བསྒོ་བ་ཉན་པའི་ཕྱིར༔ ཁམས་གསུམ་རཀྟའི་མཆོད་པར་འབུལ་ལགས་ན༔ སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་མཉེས་གྱུར་ཅིག༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ གཏོར་མ་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་བཅུད་རྣམས་དྲངས་ཏེ་གསོལ་བས་ཤིན་ཏུ་མཉེས་པར་བསམ་ལ༔ ཧཱུྃ༔ བདེ་གཤེགས་འདུས་པའི་ལྷ་ཚོགས་དང༔ འཁོར་གྱི་དྲེགས་པ་ཕོ་མོའི་ཚོགས༔ གཡོག་དང་བྲན་དུ་བཅས་པ་ལ༔ འདོད་ཡོན་གཏོར་མའི་མཆོད་པ་འདི༔ བདག་ཅག་དད་པས་འབུལ་ལགས་ན༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ འཁོར་ཡུག་བཅས་པའི་བྷནྡྷ་ཆེན་པོ་རུ༔ རྒྱུད་དྲུག་རྟོགས་པའི་རང་བཞིན་རྣམ་དག་པས༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི༔ སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམས་གྱུར་ཅིག༔ ཨ་ལ་ལ་སྟེ་ཐུགས་རྗེས་བཞེས་སུ་གསོལ༔ ཨ་ལ་ལ་སྟེ་བཞེས་ནས་དགྱེས་པར་མཛོད༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ས་མ་ཡ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱི༔ ནུབ་ཕྱོགས་སྣང་བ་མཐའ་ཡས་ཞིང་ཁམས་ནས༔ དབང་གི་ཟླ་གམ་དམར་པོ་གདེངས་པ་ན༔ རྟ་མཆོག་ཧ་ཡ་གྲཱི་བ་དབང་གི་ལྷ༔ སྐུ་ལ་དུར་ཁྲོད་རོལ་པའི་ཆས་བརྒྱད་བརྒྱན༔ སྟག་གི་ཤམ་ཐབས་དཔའ་བརྗིད་ལྡན་པ་དང༔ ཐོད་པའི་ཕྲེང་བ་འཁོར་བ་འདམ་ནས་འདྲེན༔ ཞིང་ལྤགས་གཡང་གཞི་ཐབས་ལ་མཁས་པ་དང༔ གླང་ཆེན་ཀོ་རློན་རྒྱན་དུ་ཆེ་བ་དང༔ ཁྲག་གི་ཐིག་ལེ་མཁའ་འགྲོ་དགྱེས་སྡུད་དང༔ ཞག་གི་ཟོ་རིས་དགྲ་བགེགས་ཤ་ལ་ཟ༔ ཐལ་ཆེན་ཚོམ་བུ་དུར་ཁྲོད་གནས་སུ་འདྲེན༔ སྦྲུལ་ནག་ཆུན་པོ་གདུག་པ་མ་ལུས་བསྒྲལ༔ གཡས་གསུམ་རྡོ་རྗེ་ཐོ་བ་ཡིས༔ གདུག་པའི་དགྲ་བགེགས་སྤྱི་ནས་བཅོམ༔ གཡོན་གསུམ་སྡིགས་མཛུབ་མེ་ཆེན་གྱིས༔ དབང་ཆེན་ཀླུ་དང་ས་བདག་སྲེག༔ ཞབས་བཞིས་གདུག་པ་མ་ལུས་གནོན༔ དབུ་སྐྲ་ཁམས་ནག་རྩེ་ནས་འབར༔ དབུ་ལ་དབང་གི་རྟ་མགོ་ལྗང་ཞུར་གྱིས༔ ཕྱོགས་བཅུར་གཟིགས་ཤིང་རྟ་སྐད་ལྷང་ལྷང་འཚེར༔ རྔོག་མ་དབང་གི་ལེ་བརྒན་མེ་ལྟར་འབར༔ རྟ་སྐད་ཕྱོགས་བཅུར་སྒྲོག་པ་ཡིས༔ རྒྱལ་བ་རྒྱ་མཚོར་མཉེས་མཆོད་འབུལ༔ ཕྲུམ་ཕྲུམ་གསེབ་ནས་གནམ་ལྕགས་ཚྭ་ཚྭ་འཕྲོ༔ དཔྲལ་བ་ཞུར་པོ་བྱམས་པའི་ཉི་མ་ཤར༔ སྡང་མིག་དམར་པོ་གྱེན་དུ་ལྡོག་པ་ཡིས༔ ཁམས་གསུམ་སྲིད་གསུམ་མ་ལུས་དུས་གཅིག་གསོལ༔ སྨིན་མ་ཁྲོ་གཉེར་བསྐལ་པའི་གློག་སྟོང་འགྱུ༔ ཤངས་ནས་རླུང་ནག་འཚུབས་མ་འཁྱིལ༔ ཞལ་ནས་ཕཊ་སྒྲོག་སྲིད་གསུམ་ཚོགས་པོར་འགྱེད༔ དབང་གི་ལས་མཛད་སྤྲུལ་པའི་ཁྲོ་རྒྱལ་མཆོག༔ ཡོན་ཏན་བརྗོད་ཀྱིས་མི་ལངས་ཁྱེད་ལ་བསྟོད༔ ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རི་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧྲཱི༔ སྤྱི་གཙུག་མཁའ་ལྡིང་རྒྱལ་པོ་ག་རུ་ཌ༔ འཁོར་ལོ་རལ་གྲིའི་གཤོག་པ་འབར་བ་ལ༔ སྤུ་བྲན་སྤུ་གྲིའི་མཚོན་ཆ་འབར་བས་གཏམས༔ སྤྱན་མིག་འབར་བས་ཐུར་དུ་གཟིགས༔ གདུག་པའི་ཀླུ་རྣམས་ཁོང་དུ་ཟ༔ གདུག་པའི་ས་བདག་ཐལ་བར་རློག༔ མཁའ་ལྡིང་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧཱུྃ༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་ནི༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི༔ བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་མཛད་ཧཱུྃ་སྟེ་ཙཎྜ་རོ་ཥ་ཎ༔ བདེན་གཉིས་ཐུགས་ཆུད་སྤྲུལ་པའི་སྐུར་བསྟན་པ༔ སྤྲུལ་པའི་སྐུ་བརྙེས་ཕྱག་ན་རྡོ་རྗེ་ཆེ༔ དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཧཱུྃ༔ གཉིས་མེད་ཡུམ་ཆེན་ཀྲོ་དྷཱི་ཤྭ་རཱི་ནི༔ འཁོར་ལོ་ཐོད་ཁྲག་འབར་བ་ཡབ་ལ་སྟོབ༔ སྐུ་མདོག་དམར་སེར་གཟིག་གི་ཤམ་ཐབས་ཅན༔ རིགས་དྲུག་དབང་སྡུད་ཡུམ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐྱེ་མེད་ཀློང་ན་རཀྴ་ཧེ་རུ་ཀ༔ འཆི་མེད་སྲ་བརྟན་རྡོ་རྗེ་གཞོན་ནུའི་སྐུ༔ འབར་བའི་ཀློང་ནས་ལྷ་ཆེན་བསྒྲལ་ནས་ཀྱང༔ ཁྲོ་མཆོག་མཁའ་འགྲོ་འབུམ་གྱི་དབུས་ན་འགྱིངས༔ རྡོ་རྗེ་གཞོན་ནུ་ཆེ་ལ་ཕྱག་འཚལ་བསྟོད༔ ཚམ་རྔམ་དྲག་པོས་དགྲ་བགེགས་མ་ལུས་བསྒྲལ༔ ཞིང་བཅུ་རྡུལ་དུ་བརླག་པའི་ལས་མཛད་པའི༔ ཁྲོ་རྒྱལ་སྲས་མཆོག་བཅུ་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ དྲེགས་པ་འཇོམས་མཛད་གཤིན་རྗེ་གཤེད་ཀྱི་ལྷ༔ ཁྲམ་དང་གསལ་ཤིང་བེ་ཅོན་ཕྱག་ན་བསྣམས༔ ཆུ་གླང་མ་ཧེ་གཤིབས་པའི་ཁྲི་ལ་བཞུགས༔ ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད༔ ཐུགས་ཀྱི་སྲས་མཆོག་ཡ་མ་རཱ་ཙ་དང༔ ཐུགས་ལས་བསྐྱེད་པའི་གཤིན་རྗེ་མེ་རུ་ཙེ༔ དུག་གསུམ་གཤེད་བཞི་མཐར་བྱེད་ཁྲོ་ཆེན་བརྒྱད༔ གིང་བདུད་ཕོ་ཉ་རྣལ་འབྱོར་མ་ཡི་ཚོགས༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་ཤྲཱི་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ༔ ཧཱུྃ་དང་ཧཱུྃ་ལས་བྱུང་བའི་ཁྲོ་རྒྱལ་མཆོག༔ རྡོ་རྗེའི་མཆེ་བ་གཙིགས་པས་ཀླུ་གདོན་གསོལ༔ གདུག་པ་ཟ་བའི་ཡ་སོས་མ་མཆུ་མནན༔ ལྗགས་འདྲིལ་གློག་ལྟར་འགྱུ་བའི་ཨ་ལ་ལ༔ སྤྱན་གསུམ་མེ་འབར་ཁམས་གསུམ་སྲིད་གསུམ་སྲེག༔ ཞལ་རྒྱས་ཁྲོ་གཉེར་སྨིན་མ་དཔྲལ་བར་འབར༔ རྡོ་རྗེ་རྣམ་ཐར་ཞལ་ལ་ཕྱག་འཚལ་བསྟོད༔ གཤིན་རྗེ་གཤེད་ཀྱི་སྐུ་ནི་གསུས་པོ་ཆེ༔ ཕྱག་གིས་ཀླུ་བརྒྱད་བཟུང་ཞིང་སྙིང་ནས་འདྲེན༔ གཡས་གཡོན་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ བཛྲ་པཱ་ཎི་དྲག་སྔགས་འབྲུག་ལྟར་སྒྲོག༔ ཡ་མཱནྟ་ཀའི་ཐུགས་དམ་རྩེ་གཅིག་འདྲེན༔ ཕྲིན་ལས་ཀརྨ་ཞི་རྒྱས་དབང་དྲག་མཛད༔ སྲིན་པོ་རཀྴ་གཅོད་ཅིང་མི་བཟད་པ༔ སྙིང་ནས་འདྲེན་པའི་གསུང་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཧཱུྃ༔ སྲིན་པོའི་གཟུགས་ཀྱི་གདུག་པ་ཅན༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ གྲོང་ཁྱེར་སུམ་བརྩེགས་འཇོམས་མཛད་པའི༔ གཏུམ་པོ་ཁྱོད་ལ་བདག་བསྟོད་དོ༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཅན༔ གདུག་པ་ཚར་གཅོད་གྲི་གུག་གཡས༔ སྐྱེ་འགྲོ་གསོད་བྱེད་ཐོད་ཁྲག་གཡོན༔ ཐོད་ཕྲེང་ཅན་ལ་བདག་བསྟོད་དོ༔ ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ༔ འཇིགས་པའི་གད་མོས་རི་རབ་བསྙིལ༔ དམ་ཚིག་ཉམས་པའི་སྙིང་འབྱིན་པ༔ དམ་ཚིག་ཅན་ལ་བདག་བསྟོད་དོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཧཱུྃ༔ སྔོ་ནག་འབར་བའི་རལ་པ་ཅན༔ སེར་ནག་འབར་བའི་འཕྲོ་འདུ་ཅན༔ དམར་ནག་འབར་བའི་ཚུལ་མདངས་ཅན༔ ལྗང་ནག་འབར་བའི་འོད་ཟེར་ཅན༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ༔ མཆེ་བ་ཟླ་བ་ཚེས་པ་འདྲ༔ དུར་ཁྲོད་རྒྱན་གྱིས་མ་ཚོགས་མཁའ་འགྲོ་འདུ༔ དགྲ་བགེགས་འདུལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ དྲི་ཟ་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ མེ་ལྷ་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ གྲུལ་བུམ་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ སྲིན་པོ་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དཔལ༔ ཀླུ་གདོན་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་ཁྲོས་པའི་དཔལ༔ རླུང་ལྷ་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ གནོད་སྦྱིན་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ དབང་ལྡན་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ གཟའ་སྐར་དབང་སྡུད་ཕྱག་འཚལ་བསྟོད༔ ཁྲོ་བོའི་རྒྱལ་པོ་པདྨ་འཁྱིལ༔ ས་བདག་འདུལ་ཕྱིར་ཕྱག་འཚལ་བསྟོད༔ ཧཱུྃ༔ ཤར་སྒོ་སྲུང་བའི་ཁྲོ་མོ་ནི༔ དཀར་མོ་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྷོ་སྒོ་སྲུང་བའི་ཁྲོ་མོ་ནི༔ སེར་མོ་ཕྱག་ན་ཞགས་པ་བསྣམས༔ ནུབ་སྒོ་སྲུང་བའི་ཁྲོ་མོ་ནི༔ དམར་མོ་ཕྱག་ན་ལྕགས་སྒྲོག་འཛིན༔ བྱང་སྒོ་སྲུང་བའི་ཁྲོ་མོ་ནི༔ ལྗང་གུ་ཕྱག་ན་དྲིལ་བུ་འཛིན༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད༔ དེས་ལྷ་སྒོམ་པའི་ཕྲིན་ལས་ཀྱི་རིམ་པ་ཚར་རོ༔ དེ་ནས་བཟླས་པ་སྔགས་ཀྱི་རིམ་པ་ལ༔ ཛཔ྄་དགོངས་གསལ་གདབ་པ་ནི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐར་སྔགས་འབྲུ་རེ་རེ་བཞིན་མེའི་རང་བཞིན་གཡས་སུ་དམར་འཁྱིལ་ཏེ་འཁོར་བ་བདག་གིས་སྔགས་བཟླས་པས་ཐུགས་ཀའི་གསང་བདག་དང༔ སྤྱི་བོའི་བྱ་ཁྱུང་དང༔ འཁོར་ཁྲོ་བོ་ཡབ་ཡུམ་བརྒྱད་དང༔ སྤྲུལ་པའི་ཁྲོ་བོ་བཅུ་དང༔ སྒོ་མ་བཞི་དང༔ གཞན་ཡང་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གིས་གོ་མཚམས་མེད་པར་གཏམས་པ་རྣམས་ཀྱིས་ཀྱང་སྔགས་ཀྱི་སྒྲ་དི་རི་རི་བསྒྲགས་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་གཟི་བྱིན་འབར༔ སྣང་སྲིད་ཐམས་ཅད་དབང་དུ་འདུས༔ ཟིལ་གྱིས་མནན༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ལྷུན་གྱིས་གྲུབ་པར་བསམ་ལ༔ བཟླ་བྱའི་སྔགས་ནི༔ ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཡ་མཱནྟ་ཀ་ཀཱ་ལ་རུ་པ༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་གཙོ་བོར་བཟླ་བ་ནི་བསྙེན་པའི་སྔགས་ཏེ༔ ལས་རུང་ཙམ་བྱེད་ན་འབུམ་ཕྲག་གཅིག་བཟླས་པས་གྲུབ་བོ༔ ནད་དང་གནོད་པ་སོགས་ལ་བསྙེན་པ་སྔོན་དུ་སོང་བས་ཤམ་བུ་གདགས་པ་ལ་གཉིས་ཏེ༔ དང་པོ་སྤྱིར་གདགས་པ་ནི༔ གོང་གི་སྔགས་ཤམ་དུ༔ ཨེ་ཛཿཧཱུྃ་བཾ་ཧོ༔ སརྦ་ཨེ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛ༔ ཨེ་མཱ་ར་ཡ་རྦད༔ ཅེས་སོ༔ གཉིས་པ་བྱེ་བྲག་ཏུ་གདགས་པ་ནི༔ ཡ་མ་ཡ༔་་གཤིན་རྗེ༔ མ་མ་རུ་ལུ་མ༔་་མ་མོ༔ མ་ཧཱ་དེ་ཝ་ཨ༔་་ལྷ་ཆེན༔ ཏཱིརྟི་ཀ་དུ༔་་མུ་སྟེགས༔ ཡཀྴ་ཤྭ༔་་གནོད་སྦྱིན༔ རཱ་ཙ་ཙ༔་་རྒྱལ་པོ༔ ཤུ་ལ་ཙ་ཙ༔་་དྲེགས་པ་སྲོག་ཟན་དམར་པོ༔ ཧཾ་ཤཾ་ཏྲི༔་་འགོང་པོ༔ རཀྴ་ར༔་་སྲིན་པོ༔ རུ་དྲ་ཧ༔་་བདུད༔ བཛྲ་སཱ་དྷུ་ཏྲི༔་་རྡོ་རྗེ་ལེགས་པ༔ རུ་དྲ་རུ༔་་དམ་སྲི༔ བིཥྞུ་ར༔་་གཟའ༔ མུན་མུན་པ༔་་དམུ་བདུད༔ བི་ནཱ་ཡ་ཀ་ཏྲི༔་་བགེགས༔ ཨ་བི་ཤུ་ལ་ཛ༔་་བཙན་ཡ་བ་རྐྱ་བདུན༔ ཏྲི་ནུ་ཤུ་ལ་ཏྲི༔་་ཐེའུ་རང༔ ནཱ་ག་ཕུ༔་་ཀླུ་བདུད་རྣམས་ཀྱི་སྲོག་སྙིང༔ ཨེ་སརྦ་སྙིང་གཟིར་བྲེང་ཤག་ཡཾ་རྦད༔་་གཟིར་སྔགས་སོ༔ ཅེས་བཟླ་ཞིང༔ དེའི་ཚེ་དམིགས་པ་ནི༔ སྔགས་རྣམས་མཚོན་ཆའི་རང་བཞིན་ཅན༔ དྲེགས་པ་གང་གནོད་བསྒྲལ་བར་བསམ༔ དེ་ལས་ཡེ་ཤེས་མེ་ཕུང་དང༔ དྲག་སྔགས་མཚོན་ཆའི་འཁོར་ལོ་འཕྲོས༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་དང༔ འབྱུང་པོ་ཀླུ་རིགས་རྒྱལ་བསེན་སོགས༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐམས་ཅད་མ་ལུས་བསྲེགས་པར་བསམ༔ ཞེས་སོ༔ དེ་ལྟར་བཟླས་པ་ཐེམས་ནས་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནི་སྔགས་བཟླ་བའི་རིམ་པའོ༔ དེས་དངོས་གཞིའི་ལས་རིམ་ཚར༔ དེ་ནས་རྗེས་ཀྱི་ལས་རིམ་ལ༔ ཚོགས་ཀྱི་མཆོད་པ་བྱ་བར་འདོད་ན༔ སྦྱོར་བའི་སྐབས་ནས་དངོས་གྲུབ་བླང་བའི་ཕྱིར་དཀྱིལ་འཁོར་གྱི་དབུས་སུ་དཔལ་གཏོར་ལྷ་གྲངས་དང་མཉམ་པ་དངོས་གྲུབ་ཀྱི་རྫས་ཀྱིས་བསྐོར་བ་བཤམ༔ དཀྱིལ་འཁོར་གྱི་མདུན་དུ་ཞིང་ངམ་གཅན་གཟན་ལྤགས་པའི་གདན་གྱི་སྟེང་ཐོད་པ་ལ་སོགས་པའི་སྣོད་དུ་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་སོགས་བཟའ་བཅའ་བཏུང་བ་ཕུང་པོར་སྤུངས༔ གཞན་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་མཆོད་པ་མང་པོས་བརྒྱན༔ མཚམས་བཅད་པ་སོགས་དང་བདག་མདུན་གྱི་དཀྱིལ་འཁོར་གསལ་གདབ༔ བཟླས་པ་སོགས་གྲུབ་ནས་ཚོགས་ཀྱི་ཡོ་བྱད་ལ་བསང་ཆུ་གཏོར༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཧ་ཧོཿཧྲཱིཿཡི་ཡི་གེ་འཕྲོས༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་རྣམས༔ ཁ་དོག་དྲི་རོའི་ཉེས་སྐྱོན་བསལ༔ ཨོཾ་ཨཱཿཧཱུྃ་དང་སྭཱ་ཧཱ་འཕྲོས༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་བཅུད༔ འདོད་ཡོན་ཆར་ཆེན་འབེབ་པར་གྱུར༔ ཧ་ཧོཿཧྲཱིཿལན་གསུམ་གྱིས་ཉེས་སྐྱོན་བསལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལན་བདུན་གྱིས་བྱིན་གྱིས་བརླབས་ནས༔ ཐོག་མར་མདུན་གྱི་དཀྱིལ་འཁོར་ལ་འདོད་ཡོན་གྱི་མཆོད་པ་སྤྱིར་དབུལ་བ་ནི༔ ཧཱུྃ༔ གཟུགས་སྒྲ་དྲི་དང་རོ་དང་རེག༔ ཆོས་དང་ཡིད་ཀྱི་ལྷ་མོ་ཡིས༔ ནམ་མཁའི་ཁམས་ནི་རབ་བཀང་ནས༔ འདོད་པའི་ལྷ་མོ་གཟུགས་བཟང་མ༔ གསལ་བྱེད་མེ་ལོང་ཕྱག་ན་བསྣམས༔ བདེ་གཤེགས་རྒྱལ་བའི་སྤྱན་ལ་འབུལ༔ དགྱེས་པའི་ཚུལ་དུ་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོ་པི་ཝང་བསྣམས༔ བདེ་གཤེགས་རྒྱལ་བའི་སྙན་ལ་འབུལ༔ དགྱེས་པའི་ཚུལ་དུ་བཞེས་སུ་གསོལ༔ དྲི་ཡི་ལྷ་མོ་སྤོས་ཁང་བསྣམས༔ བདེ་གཤེགས་རྒྱལ་བའི་ཤངས་ལ་འབུལ༔ དགྱེས་པའི་ཚུལ་དུ་བཞེས་སུ་གསོལ༔ རོ་ཡི་ལྷ་མོས་དུང་ཕོར་བསྣམས༔ བདེ་གཤེགས་རྒྱལ་བའི་ཞལ་དུ་འབུལ༔ དགྱེས་པའི་ཚུལ་དུ་བཞེས་སུ་གསོལ༔ རེག་བྱའི་ལག་གཉིས་ཡོངས་འཁྱུད་མ༔ འཇམ་དང་རེག་དང་འཁྲིལ་དང་སྦྱོར༔ རེག་བྱའི་ལྷ་མོ་སྐུ་ལ་འབུལ༔ དགྱེས་པའི་ཚུལ་དུ་བཞེས་སུ་གསོལ༔ དབྱིངས་ཀྱི་ལྷ་མོ་བདེ་ཆེན་མ༔ ཕྱག་ན་རྡོ་རྗེ་དྲིལ་བུ་འཛིན༔ དབྱིངས་ཀྱི་ལྷ་མོ་དབྱིངས་ལ་འབུལ༔ སྐུ་གསུང་ཐུགས་མཆོག་མཉེས་གྱུར་ཅིག༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ ཁྱད་པར་ཚོགས་ཀྱི་མཆོད་པ་འབུལ་བ་ལ༔ ཚོགས་ཞིང་སྤྱན་འདྲེན་ཅིང་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབང་གི་རྒྱལ་པོ་ཟླ་གམ་གདེངས་པ་ནས༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཧ་ཡ་གྲཱི་བ༔ པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཡ་མཱནྟ་ཀ༔ ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ༔ ག་རུ་ཌ༔ བཛྲ་ཨང་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་དཀྱིལ་འཁོར་འདིར༔ དྲེགས་པ་ཕོ་མོ་བསྣོལ་བའི་གདན་སྟེང་དུ༔ ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་ན༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་མདུན་བསྐྱེད་དང་དབྱེར་མེད་དུ་བཞུགས་པར་མོས་ལ༔ ཕུད་དང་པོ་མཆོད་པ་ནི༔ ཧཱུྃ༔ ཟླ་གམ་དམར་པོ་དབང་གི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན༔ མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན༔ གཉིས་མེད་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན༔ གཉིས་མེད་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན༔ གཉིས་མེད་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན༔ གཉིས་མེད་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན༔ གཉིས་མེད་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན༔ མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ་ལགས་ན༔ གཉིས་མེད་རོལ་པའི་ཚུལ་གྱིས་བཞེས་སུ་གསོལ༔ མ་ཧཱ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང༔ སྦྱོར་དང་སྒྲོལ་བའི་བདུད་རྩི་ཚོགས་ལགས་ཀྱིས༔ འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང༔ སྦྱོར་དང་སྒྲོལ་བའི་བདུད་རྩི་ཚོགས་ལགས་ཀྱིས༔ འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་ཡ་མཱནྟ་ཀ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང༔ སྦྱོར་དང་སྒྲོལ་བའི་བདུད་རྩི་ཚོགས་ལགས་ཀྱིས༔ འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་ཕྱག་ན་རྡོ་རྗེ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང༔ སྦྱོར་དང་སྒྲོལ་བའི་བདུད་རྩི་ཚོགས་ལགས་ཀྱིས༔ འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ན༔ བཅོམ་ལྡན་དཔལ་ཆེན་མགོན་པོ་ནག་པོ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང༔ སྦྱོར་དང་སྒྲོལ་བའི་བདུད་རྩི་ཚོགས་ལགས་ཀྱིས༔ འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ན༔ མཁའ་ལྡིང་རྒྱལ་པོ་གསེར་མིག་འཁྱིལ་པ་དང༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་ལ༔ དུག་གསུམ་པདྨར་སྦྱར་བའི་རྫས་མཆོག་དང༔ སྦྱོར་དང་སྒྲོལ་བའི་བདུད་རྩི་ཚོགས་ལགས་ཀྱིས༔ འདོད་རྒུའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ཤྲཱི་པདྨ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛཿཧོ༔ བར་པ་སྐོང་ཞིང་བཤགས་པ་ནི༔ ཧཱུྃ༔ དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས༔ དམིགས་མེད་བརྩེ་བའི་ཐུགས་ཀྱིས་བདག་ལ་དགོངས༔ བདག་ཅག་མ་རིག་ཡིད་ཀྱིས་འཁྲུལ་པ་ལས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ མཐོལ་ལོ་བཤགས་སོ་ཚངས་པ་བསྩལ་དུ་གསོལ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད༔ ཐ་མ་ཚོགས་བསྒྲལ་ནི༔ དམིགས་རྟེན་དང་བཅས་འབེམ་དུ་བཅས་ལ༔ སྤྲོ་ན་ཐུགས་དམ་བསྐུལ༔ གསེར་སྐྱེམས་མཆོད༔ དཔང་དུ་གཟུག་པ་སོགས་སྤྱི་ལྟར་བྱ༔ གང་ལྟར་ཡང༔ ཨེ་ལས་གྲུ་གསུམ་མཐིང་ནག་འབར་བའི་ཧོཾ་ཁུང་རྒྱ་ཆེ་ཞིང་གཏིང་ཟབ་པར་དམིགས་རྟེན་ནྲྀ་དང་ཏྲི་ལས་དགྲ་བགེགས་གདུག་པ་ཅན་དངོས་སུ་གསལ་བར་གྱུར༔ ཧཱུྃ༔ འབར་བའི་རྒྱལ་པོ་བཅོམ་ལྡན་ཧེ་རུ་ཀ༔ པདྨ་དབང་ཆེན་ཐུགས་དམ་དུས་ལ་བབ༔ བསྟན་པ་བཤིག་པའི་དགྲ་དང་བགེགས་ཀྱི་ཚོགས༔ མྱུར་དུ་ཁུག་ལ་བསྒྲལ་བའི་ལས་མཛོད་ཅིག༔ ཅེས་བསྐུལ༔ སོ་སོའི་ཕྱག་རྒྱ་དང་སྟངས་སྟབས་བསྒྱུར་ཞིང༔ ཛ༔ ཁྲག་འཐུང་ལྷ་ཚོགས་ཐུགས་ལས་སྤྲུལ་པ་ཡི༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་མྱུར་དུ་ཁུག༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ཧཱུྃ༔ ཁྲག་འཐུང་ལྷ་ཚོགས་ཐུགས་ལས་སྤྲུལ་པ་ཡི༔ ཞགས་པ་སེར་མོའི་ཚོགས་ནི་སེར་ལྟར་འགྲིལ༔ དགྲ་བགེགས་རྣམ་ཤེས་རྟེན་དང་དབྱེར་མེད་སྟིམས༔ སྟིམས་ཤིག་བཛྲ་པཱ་ཤེ་ཤ་ཡ་ཧཱུྃ༔ བཾ༔ ཁྲག་འཐུང་ལྷ་ཚོགས་ཐུགས་ལས་སྤྲུལ་པ་ཡི༔ ལྕགས་སྒྲོག་དམར་མོའི་ཚོགས་ནི་ཟེར་ལྟར་འཁྲུགས༔ དགྲ་བགེགས་རྣམ་ཤེས་རྟེན་དང་དབྱེར་མེད་ཆིངས༔ ཆིངས་ཤིག་བཛྲ་སྥོ་ཊ་ཡ་བཾ༔ ཧོ༔ ཁྲག་འཐུང་ལྷ་ཚོགས་ཐུགས་ལས་སྤྲུལ་པ་ཡི༔ དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབ༔ དགྲ་བགེགས་ལུས་སེམས་རབ་ཏུ་མྱོས་པར་གྱིས༔ མྱོས་ཤིག་བཛྲ་གྷཱནྜེ་ག་ཡ་ཧོ༔ ཕཊ༔ ཁྲག་འཐུང་ལྷ་ཚོགས་ཐུགས་ལས་སྤྲུལ་པ་ཡི༔ དབྱེ་བྱེད་འུག་གདོང་ཚོགས་ནི་ཆར་ལྟར་འབེབ༔ དགྲ་བགེགས་རྣམ་ཤེས་མགོན་སྐྱབས་ལྷ་དང་ཕྲོལ༔ ལྷ་དང་ཕྲོལ་ཅིག་པྲ་བེ་ཤ་ཡ་ཕཊ༔ ཨཱ༔ ཁྲག་འཐུང་ལྷ་ཚོགས་ཐུགས་ལས་སྤྲུལ་པ་ཡི༔ འབེབ་བྱེད་སྤྱང་མོའི་ཚོགས་ནི་མུན་ལྟར་གཏིབས༔ དགྲ་བགེགས་རྣམ་ཤེས་ཕུང་པོའི་རྟེན་ལ་ཕོབ༔ ཕོབ་ཅིག་བཛྲ་ཨཱ་བེ་ཤ་ཡ་ཨ༔ ཞེས་དང་བསྙེན་སྔགས་ཀྱི་མཐར། བཛྲ་ཨཾ་ཀུ་ཤ་སོགས་བཏགས་པ་དང༔ རྒྱས་པར་སྤྲོ་ན་འགུགས་བསྟིམ་གཞན་ཡང་བྱ༔ དེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་ཆེ་མཆོག་པདྨ་ཧེ་རུ་ཀ༔ ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་འཆོར་མེད་གཟུང༔ གཡོན་པས་ཕུར་བུས་དགྲ་བགེགས་སྙིང་གར་གཟིར༔ ཚེ་དང་བསོད་ནམས་དྭངས་མ་རང་ལ་བསྟིམ༔ འོད་ཟེར་བདུད་རྩིས་རྒྱུད་དྲུག་དྲི་མ་སྦྱངས༔ རྣམ་ཤེས་འོག་མིན་ཆོས་དབྱིངས་ཀློང་དུ་ཕཊ༔ སྙིགས་མ་རྡུལ་དུ་བྱས་ནས་ཚོགས་སུ་འབུལ༔ སྔགས་མཐར་སརྦ་དུཥྚཱཾ་ཨ་ཡཾ་ཕཊ༔ མཱ་ར་ཡ་རྦད༔ ཅེས་གདབ༔ ཐུན་བྲབས༔ རལ་གྲི་ཐོགས་ལ༔ ཧཱུྃ༔ ང་ནི་ལས་ཀྱི་འཇམ་དཔལ་གཤིན་རྗེ་གཤེད༔ ཡེ་ཤེས་རལ་གྲི་འབར་བ་རྣོ་ངར་གདེངས༔ དགྲ་བགེགས་ཕོ་རྣམས་རྐང་པ་གཡས་ནས་གཏུབས༔ དགྲ་བགེགས་མོ་རྣམས་རྐང་པ་གཡོན་ནས་གཏུབས༔ ཁོག་པ་ཁ་ཕྱེ་རྡུལ་ཕྲན་བཞིན་དུ་བྱ༔ སརྦ་དུཥྚཱན་མཱ་ར་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཅེས་དུམ་བུར་གཏུབས༔ བསྟབ་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ལྔ་དང༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ལྷ་ཡི་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད༔ གསང་བའི་བདག་པོ་བཅོམ་ལྡན་གོས་སྔོན་ཅན༔ མགོན་པོ་ནག་པོ་ཆོས་སྐྱོང་ཡོངས་ཀྱི་རྗེ༔ མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ག་རུ་ཌ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་བཅས་པ་རྣམས༔ སྐུ་ནི་རྔམས་བརྗིད་འཇིགས་པའི་འོད་དང་ལྡན༔ གཏུམ་པའི་ཞལ་གདངས་རྡོ་རྗེའི་མཆེ་བ་གཙིགས༔ གདུག་པའི་དགྲ་བགེགས་མ་ལུས་ཞལ་དུ་བསྟབ༔ ལྷག་མེད་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཤྲཱི་པདྨ་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་སརྦ་དུཥྚཱན་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི༔ ཞེས་ཕུལ་ལོ༔ དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་ཡོད་བྱད་ལ་ཚིམས་པར་རོལ༔ ལྷག་ཆོག་རྒྱས་པར་བྱ༔ བསྡུ་ན་བྱིན་གྱིས་བརླབས་ལ༔ ཧཱུྃ༔ དཔལ་ཆེན་བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ མཐུ་ཆེན་རྩལ་དྲག་དྲག་ཤུལ་སྟོབས་ལྡན་དང༔ ཁས་བླངས་དམ་བཅས་འཇིག་རྟེན་མ་མོའི་ཚོགས༔ ཁ་རག་ལ་སོགས་བཅུ་གཉིས་འཁོར་དང་བཅས༔ བ་ལིཾ་འབུལ་ལོ་བྱམས་པའི་སྡོངས་གྲོགས་མཛོད༔ འཁོར་སྲུངས་རྐྱེན་ཟློག་ཚེ་དང་བསོད་ནམས་སྤེལ༔ མི་མཐུན་ཀུན་ཞི་མཐུན་རྐྱེན་ཡིད་བཞིན་སྒྲུབས༔ བཛྲ་ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་འབུལ་ཞིང་བཤལ་ཆུས་ཀྱང་མཆོད༔ ཚོགས་ཀྱི་སྨོན་ལམ་ཡང་གདབ་བོ༔ དེ་ནས་སྤྲོ་ན་བསྐུལ་དང་ཆད་མདོ་བྲོ་རབས་སོགས་རྒྱས་པར་བྱ༔ དུས་རྒྱུན་དུ་མི་སྤྲོ་ན་མ་བྱས་ཀྱང་རུང༔ རྗེས་ཆོག་དངོས་ནི༔ གཏང་རག་གི་མཆོད་བསྟོད་བྱ༔ དངོས་གྲུབ་བླང་བའི་ཕྱིར་གཏོར་ཆེན་དང་དངོས་གྲུབ་ཀྱི་རྫས་བཏེགས་ལ༔ ཧཱུྃ༔ མཁའ་ལྟར་ཁྱབ་པའི་པདྨ་དབང་ཆེན་ལྷས༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ བདག་ཅག་གཉིས་སྣང་དྲི་མ་སྦྱང་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་སིདྡྷི་བསྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག༔ དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱད༔ བཤགས་པ་ནི༔ ཐལ་མོ་སྦྱར་ཏེ༔ ལེགས་སྤྱད་འདི་ལ་ཉེས་བྱས་དང༔ གཞན་ཡང་སྒོ་གསུམ་སྡིག་ལྟུང་ཚོགས༔ གང་རྣམས་ལུས་ཅན་སྐྱབས་གྱུར་པ༔ དེ་ཀུན་ཁྱོད་ཀྱིས་བཟོད་མཛད་གསོལ༔ ཨཱ་ལི་ཀཱ་ལི་དང་ཡིག་བརྒྱ་མང་དུ་བཟླའོ༔ བསྡུ་རིམ་ནི༔ བདག་དང་སྣོད་བཅུད་གཞལ་ཡས་ལྷ་ཚོགས་ཀུན༔ མཁའ་ལ་སྤྲིན་ལྟར་མི་དམིགས་ངང་དུ་ཐིམ༔ ཐོག་མཐའ་དབུས་མེད་སྨྲ་བསམ་བརྗོད་ལས་འདས༔ དེ་བཞིན་ཉིད་དབྱིངས་མ་བཅོས་ཀློང་དུ་བཞག༔ ཅེས་དགོངས་པ་བསྐྱང༔ ཐུན་མཚམས་སུ༔ སླར་ཡང་རང་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་གྱི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དང༔ བ་སྤུའི་བུ་ག་ཐམས་ཅད་ཀྱང་ཁྲོ་ཆུང་གི་གོ་ཆས་གཏམས་པར་བསམ༔ དགེ་བ་འདི་ཡིས་བདག་གཞན་སེམས་ཅན་ཀུན༔ པདྨ་དབང་ཆེན་གོ་འཕང་འགྲུབ་གྱུར་ནས༔ མི་མཐུན་འཇིགས་པའི་བདུད་བཞིའི་ཚོགས་བཅོམ་ཞིང༔ བླ་མེད་སྐུ་དང་ཡེ་ཤེས་ལྡན་པར་ཤོག༔ ཅེས་དགེ་བ་བསྔོ༔ བཀྲ་ཤིས་ནི༔ བདེ་གཤེགས་ཀུན་འདུས་པདྨ་ཧེ་རུ་ཀ༔ རྡོ་རྗེའི་གར་མཛད་སྲིད་གསུམ་དྲེགས་པ་འདུལ༔ རྟ་མཆོག་དབང་གི་བཀྲ་ཤིས་གང་ལགས་པ༔ དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག༔ དབང་གི་ཡུམ་ཆེན་པདྨ་གཟི་ལྡན་མ༔ བདེ་ཆེན་འབྲལ་མེད་ཡབ་ཀྱི་སྐུ་ལ་འཁྲིལ༔ ཤེས་རབ་མཁའ་འགྲོའི་བཀྲ་ཤིས་གང་ལགས་པ༔ དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག༔ བདུད་བཞིའི་དཔུང་བཅོམ་ཡེ་ཤེས་བཞི་དང་ལྡན༔ རིགས་བཞིའི་ཁྲོ་ཆེན་ཤེས་རབ་ལྷ་མོར་བཅས༔ སྙིང་རྗེ་ཁྲོས་པའི་བཀྲ་ཤིས་གང་ལགས་པ༔ དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག༔ ཕྱོགས་བཅུའི་བགེགས་འཇོམས་ཁྲོ་རྒྱལ་ཆེན་པོ་དང༔ བྱ་ཁྱུང་རྒྱལ་པོ་ཚད་མེད་སྒོ་སྐྱོང་བཞི༔ དཀྱིལ་འཁོར་ཡོངས་རྫོགས་བཀྲ་ཤིས་གང་ལགས་པ༔ དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག༔ བདག་དང་ཡོན་གྱི་བདག་པོ་འཁོར་བཅས་རྣམས༔ མི་མཐུན་ཀུན་ཞི་ཚེ་བསོད་ཡེ་ཤེས་རྒྱས༔ དངོས་གྲུབ་རྣམ་གཉིས་དཀའ་བ་མེད་པར་འགྲུབ༔ བཀྲ་ཤིས་ཤིན་ཏུ་རྣམ་པར་རྒྱལ་གྱུར་ཅིག༔ ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་དང་བཅས་ཏེ་དགེ་ལེགས་སུ་བྱའོ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྗེ་ལྷ་གཅིག་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༔ ལོ་ཆེན་བཻ་རོ་ཙ་ན་ལ་རྗེས་སུ་གདམས་པའི་དཔལ་རྟ་མཆོག་རོལ་པ་བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་ཕྲིན་ལས་ཀྱི་བྱང་བུ་རྣམས་དང༔ མངོན་པར་རྟོགས་པ་ཁྲིགས་སུ་བསྡེབས་པ་རྫོགས་སོ༔
ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ (Volume 34, Text 36)
༄༅། ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ཡིག་ཟབ་དོན་གསལ་བ་ཞེས་བྱ་བ། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཆོག་ཏུ་མི་འ༵གྱུར་བདེ་བ་ཆེ། །ཟག་མེ༵ད་དབྱིངས་སུ་བྱང་ཆུབ་པ། །བླ་མ་མཆོག་དང་ཐ་དད་དུ། །མི་དམིགས་རྡོ༵་རྗེ༵་བཙུན་མོར་འདུད། །དོན་དམ་དབྱིངས་དང་བརྗོད་པ་སྒྲ །མཚོན་པ་དབྱིབས་ཀྱི་ཕག་མོ་སྟེ། །སྐུ་གསུམ་ལམ་ཁྱེར་ཟབ་དོན་གནད། །ཤིན་ཏུ་གསལ་བར་འདིར་བཤད་བྱ། །འདིར་རྣལ་འབྱོར་མ་གསང་མཐའི་རྒྱུད་ཀྱི་ངེས་གསང་། ཟབ་དོན་ཐམས་ཅད་ཀྱི་ཉིང་ཁུ། ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་སེམས་དཔའ་ཉིད་དུ་བྱེད་པའི་མྱུར་ལམ། རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་གསང་སྒྲུབ་མཁའ་འགྲོའི་སྙན་བརྒྱུད་ཅེས་བྱ་བ། རྗེ་བཙུན་མ་ཉིད་ཀྱིས་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སམ་པདྨ་སཾ་བྷ་བ་ལ་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་དངོས་སུ་གནང་། དེས་མཁའ་འགྲོའི་ལུང་བསྟན་ལྟར་མཁར་ཆེན་བཟའ་ལ་བསྩལ་ཅིང་གཏེར་དུ་སྦས་པ་ལས། གཏེར་ཆེན་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་པའི་འཁྲིད་ཚུལ་གྱི་ཕྱག་བཞེས། རྣལ་འབྱོར་གྱི་དབང་ཕྱུག་མེ་ལོང་རྡོ་རྗེའི་བཀའ་སྲོལ་ལྟར་འཆད་པར་བྱེད་པ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་ཞར་བྱུང་བཅས་སོ། །དང་པོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྙེད་དཀའི་དལ་འབྱོར་གྱི་རྟེན་ཐོབ་ཀྱང་མི་རྟག་པའི་དྲན་ཤེས་དང་། ལས་འབྲས་སྨིན་ཚུལ་ལ་ཡིད་ཆེས་པར་འཁོར་བའི་སྡུག་བསྔལ་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ནས། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་མོས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། སྐྱབས་འགྲོ་མང་དུ་བཟླས་མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་མཉམ་པར་གཞག །དེ་ནས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཚེ་རབས་ཀྱི་ཕ་མར་ཤེས་པས་ཚུགས་ཐབས་མེད་པའི་སྙིང་རྗེས་དྲངས་ནས་དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དགོད། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། སེམས་བསྐྱེད་མང་དུ་བཟླས་མཐར་ཡུལ་མི་དམིགས་པའི་ངང་ལ་གཞག་གོ །གཉིས་པ་ཐུན་མིན་ནི། སྨིན་ལམ་བརྡ་བཞིའི་སྒོ་ནས་སློབ་བུའི་རྒྱུད་བྱིན་གྱིས་བརླབས་ལ། དམ་ཚིག་གསོ་ཞིང་བྱིན་རླབས་ཀྱི་བོགས་འདོན་པའི་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་སྟེ། རང་གི་སྤྱི་བོར་པད་ཉི་ཟླ་བའི་གདན་སྟེང་རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ཅན་རྗེ་བཙུན་མས་འཁྱུད་པ་ལ་རྩ་བ་གསུམ་གྱི་སྤྲིན་ཕུང་འཁྲིགས་པ་སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་སད་པར་བསམ་ཞིང་། ཨོཾ་གུ་རུ་དེ་ཝ་ཌཱ་ཀཱི་ནཱི་སརྦ་པཱུ་ཛ་རཏྣ་མཎྜ་ལ་ཧཱུྃ༔ ཞེས་ལུས་ལོངས་སྤྱོད་མཆོད་པ་དང་བཅས་པ་ཕུལ་ཏེ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱི་གདུང་ཤུགས་དྲགས་པོས། ཨོཾ། ཆོས་དབྱིངས་འོག་མིན་ཞིང་ཁམས་ནས། །ཞེས་སོགས་བརྒྱུད་འདེབས་རྒྱས་པའམ། བསྡུ་ན། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་དང་། བདག་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་གསོལ་བ་ཅི་མང་དུ་བཏབ་པས་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་བཀྲུས། ལུས་ཀྱི་གནས་བཞི་གང་བས་དབང་ཐོབ་པར་བསམ་ལ། ཧེ་རུ་ཀའི་ཡིག་བརྒྱའང་ཅི་ནུས་བཟླས་མཐར། བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་མོས་པའི་ངང་ལ་མཉམ་པར་འཇོག །དེ་རྣམས་རིམ་གྱིས་འབོགས་ཤིང་རེ་རེ་ནས་རྟགས་ཐོན་ཐོན་བསྒོམ་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། སྟན་ཐོག་གཅིག་ཏུ་བསྒྲིལ་ནས་སྐུ་གསུམ་ལམ་དུ་ཁྱེར་བ་མཉམ་གཞག་གི་རྣལ་འབྱོར་དང་། སྤྱོད་ལམ་གཞན་དང་བསྲེས་ནས་ལམ་དུ་ཁྱེར་བ་རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། མཚོན་པ་དབྱིབས་ཀྱི་རྣལ་འབྱོར་གྱིས་སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བ། བརྗོད་པ་སྒྲའི་རྣལ་འབྱོར་གྱིས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བ། དོན་དམ་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའོ། །དང་པོ་ལ། བསྒོམ་དོན་དམིགས་པའི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི་དག་པ་གསུམ་སྟེ། ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས་སུ་བསྟན་པ་ནི། གྲོང་ཡུལ་ཚོང་འདུས་དགོན་པ་དང༔ རང་ཉིད་གང་ན་གནས་པ་ནི༔ འདི་དག་སངས་རྒྱས་ཞིང་ཁམས་ཡིན༔ ཞེས་པས་ཡུལ་བཟང་ངན་དུ་སྣང་ཞིང་ཞེན་པས་བཅིངས་པའི་དབང་གིས་ཞིང་ཁམས་མ་འབྱོངས་པའི་གཉེན་པོར་བསྒོམ་པ་སྟེ། སྣོད་ཀྱི་འཇིག་རྟེན་ཡེ་ནས་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་དང་། བཅུད་དེར་གནས་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོའི་རང་བཞིན་དུ་གཏན་ལ་ཕབ་སྟེ་བསྒོམ་པའོ། །ལུས་རྣམ་པར་དག་པ་ལྷའི་གཞལ་ཡས་ཁང་དུ་བསྟན་པ་ནི། རང་ལུས་འདོམ་གང་གྲུ་བཞི་པ༔ འབྱུང་བ་ལྔ་ཡི་བདག་ཉིད་ཅན༔ མེ་རི་དུར་ཁྲོད་དཔག་བསམ་ཤིང༔ རང་བྱུང་ཡེ་ཤེས་གཞལ་ཡས་ཁང༔ ཞེས་པས། རང་ལུས་གཙང་དམེ་དང་ཡངས་དོག་ཏུ་བཟུང་པས་གཞལ་ཡས་ཁང་དུ་མ་རྟོགས་པའི་གཉེན་པོར་བསྒོམ་པ་སྟེ། ལུས་འབྱུང་ལྔ་འདུས་པ་ཡུམ་ལྔའི་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་གཏན་ལ་ཕབ་སྟེ་བསྒོམ་པའོ། །སེམས་རྣམ་པར་དག་པ་རྡོ་རྗེ་ཕག་མོའི་སྐུར་བསྒོམ་པར་བསྟན་པ་ནི། རང་སེམས་དག་པ་ཕག་མོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གྲི་གུག་གཡས་ལ་ཐོད་པ་གཡོན༔ ཁ་ཊྭཱཾ་ག་ནི་ཐུགས་ཀར་གཏོད༔ དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ ཐོད་པ་ལྔ་ཡི་དབུ་རྒྱན་བྱས༔ སྤྱི་གཙུག་ཕག་ཞལ་ནམ་མཁར་བལྟ༔ རྟོག་མེད་རོ་ཡི་གདན་སྟེང་ན༔ བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་ཅན༔ འཁོར་བ་ཟིལ་གནོན་ཁྲོས་མའི་ཚུལ༔ ཞེས་པས། འཁོར་བའི་ཆོས་གདོད་ནས་མ་གྲུབ་ཀྱང་ང་དང་བདག་ཏུ་བཟུང་བས་འཁོར་བར་འཁྲུལ་པའི་གཉེན་པོར་བསྒོམ་པ་སྟེ། རང་སེམས་ཡེ་ནས་ཆོས་ཉིད་དོན་དམ་པའི་ཕག་མོར་རྣམ་པར་དག་པས། ཡིན་པ་ལ་ཡིན་པར་གསལ་འདེབས་པ་ཙམ་ལས་ལོགས་ནས་བསྒྲུབ་ཅིང་བསྐྱེད་དུ་མེད་པར་ཐག་བཅད་དེ་བསྒོམ་པར་བྱ་ཞིང་། ཡེ་ནས་རང་བྱུང་གི་ལྷ་དེ་སངས་རྒྱས་ཀུན་འདུས་ཡིན་པས་གདོད་ནས་དམ་ཡེ་དབྱེར་མེད་དུ་གྲུབ་པའི་ཕྱིར། ཡེ་ཤེས་པ་དྲང་བསྟིམ་སོགས་མི་དགོས་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྟན་བདེ་བ་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲངས་ཏེ། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་ཡུལ་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས། རང་ལུས་རྣམ་པར་དག་པ་སྲུང་འཁོར་གྱི་དབུས་སུ་ཆོས་འབྱུང་དམར་ནག་འབར་བ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ལྟེ་བར་པད་ཉི་རོའི་གདན་སྟེང་དུ། སེམས་ཉིད་རྣམ་པར་དག་པ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཁྲོས་མའི་སྐུར་སྐད་ཅིག་གིས་ཝལ་གྱིས་གསལ་གདབ། གསལ་ན་དེ་ཁའི་རྒྱུན་ལ་ཡུད་ཙམ་སེམས་གཞག་སྟེ་འཕྲོ་བཅད། ཡང་ཝལ་གྱིས་བསྒོམས་ནས་སྔར་ལྟར་སེམས་གཟུང་བ་ལ་ཡང་ཡང་བསླབ། གལ་ཏེ་མི་གསལ་ན། བྲིས་སྐུ་མཚར་བ་ཞིག་མེ་ལོང་གི་འོད་དང་ལྡན་པར་བྱས་ལ། བྲིས་སྐུ་ཉིད་ལ་མིག་ཆེར་རེ་བལྟ་ཞིང་སེམས་གཞན་དུ་མ་ཡེངས་པར་ཡུན་རིང་དུ་བཞག །ཡང་དེ་ཀའི་རྣམ་པ་ཡིད་ལ་འཆར་བར་བྱས་ཏེ་རང་ཉིད་དེ་འདྲར་ཡུད་ཙམ་བསྒོམ། དེ་ལྟར་བལྟ་བ་དང་བསྒོམ་པ་སྤེལ་མར་བྱས། དེ་ཡང་གསལ་ན་གསལ་བའི་འཕྲོར་བཅད། མི་གསལ་ན་མི་གསལ་བའི་འཕྲོར་བཅད་ལ་ཡང་ཡང་གསལ་འདེབས། སྐབས་སྐབས་སུ་ཤེས་པ་ཁོང་ཀློད་ལ་ངལ་གསོ། ཉལ་བའམ་ཐུན་བསྡུ་བའི་ཚེ་སྣོད་བཅུད་གཞལ་ཡས་ཁང་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ། རང་ཉིད་ལྷ་སྐུ་སྣང་སྟོང་ལ་འཇོག་པའམ་དེ་ཡང་མི་དམིགས་པའི་ངང་དུ་བློ་བཞག །སད་པའམ་ཐུན་ལས་ལྡང་བའི་ཚེ་རྗེ་བཙུན་མའི་སྐུར་ལངས་ལ་དགེ་བ་བསྔོ། མདོར་ན་ལྷ་སྐུའི་རྣམ་པ་སྤྱི་དང་བྱེ་བྲག་སོ་སོར་སྦྱངས་པས་གསལ་སྣང་ཐོན་པ་ན། ལྷ་སྐུ་གསལ་དྭངས་རྙོག་པ་མེད་པ་ནམ་མཁའི་འཇའ་ཚོན་ནམ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །རེས་བརྡ་དོན་སྦྱར་བས་རྣམ་དག་དྲན་པར་བྱ་སྟེ། ཆོས་ཉིད་མི་འགྱུར་བས་སྐུ་མདོག་ནག་པོ། ཀུན་རྫོབ་རྣམ་པར་དག་པའི་ཆོས་ཉིད་རྩ་ཞལ་ཁྲོ་མོ། དོན་དམ་རྟོག་མེད་ཕག་ཞལ་གྱེན་དུ་ཕྱོགས་པ། སྟོང་པ་ཉིད་ཀྱིས་རྣམ་པར་རྟོག་པ་གཅོད་པའི་གྲི་གུག །སྙིང་རྗེས་ཆགས་པའི་ཚུལ་གྱིས་ཐོད་ཁྲག་གསོལ་བ། དུག་གསུམ་དག་པ་སྐུ་གསུང་ཐུགས་སུ་སྦྱོར་བས་ཁ་ཊྭཱཾ་ག །ཉོན་མོངས་པ་གནས་སུ་དག་པས་དུར་ཁྲོད་ཀྱི་ཆས། ཐུགས་རྗེས་འཁོར་བ་བླ་ན་མེད་པའི་གནས་སུ་འདྲེན་པས་རལ་པ་དམར་ནག །རིགས་ལྔ་ཡེ་ཤེས་ལྔ་རྫོགས་པས་ཐོད་སྐམ་ལྔའི་དབུ་རྒྱན། ཐབས་ཤེས་ཟུང་འཇུག་རྣམ་པར་མི་རྟོག་པས་པད་ཉི་རོའི་གདན། ཐབས་དང་ཤེས་རབ་ཀྱིས་བདེ་བ་རྒྱུན་མི་ཆད་ཅིང་འགྲོ་དོན་མཛད་པས་ཞབས་གཡོན་བརྐྱངས་པའི་ཕྱེད་སྐྱིལ་གྱི་གར་སྟབས། འཁོར་བ་ཟིལ་གྱིས་གནོན་པས་ཁྲོས་མའི་ཚུལ། ཡེ་ཤེས་ཀྱི་མེས་བདུད་དཔུང་སྲེག་པས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་སོགས་རེ་རེ་ནས་མོས་པ་བརྟན་པོ་བཞག་པའི་མཐར། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། རྒྱལ་ཡུམ་རྡོ་རྗེ་ཕག་མོ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་བསྐྱེད། རེས་འཇམ་རླུང་ཁ་སྦྱོར་དང་བསྲེས་ལ་རྟོག་བྲལ་དུ་བཞག་གོ །དེ་ལྟར་ལྷ་སྐུའི་རྣམ་པ་ལ་གོམས་པས་གསལ་བརྟན་གྱི་ཉམས་ཅུང་ཟད་ཐོབ་མཚམས་ནས། ཕྱི་སྣོད་དག་པའི་ཞིང་དང་། བཅུད་སེམས་ཅན་ཐམས་ཅད་རྡོ་རྗེ་ཕག་མོར་ལམ་གྱིས་བསྒོམས་ནས། དེ་དག་ལས་དམིགས་པའི་ཡུལ་རྣམ་པར་གསལ་བ་ཞིག་ལྷར་གསལ་བཏབ་ཅིང་ཤེས་པ་དྲག་ཏུ་གཏད། གཞན་རྣམས་ལྷ་སྐུར་ལམ་མེ་ཡོད་པའི་མོས་པ་ཙམ་བྱས་ལ་བསྐྱང་ངོ་། །དེ་ལྟར་བསྒོམས་པས་ལུས་ཀྱི་གདོས་ཞེན་དག །ལུས་དང་ཁམས་བདེ། ཟས་འཇུ། མ་ཟོས་ཀྱང་ལྟོ་ཐུབ། ལུས་ཀྱི་འབུ་སྲིན་ཞི། འདོད་པ་ཆུང་བ་སོགས་དང་། ཁྱད་པར་ལྷ་སྐུའི་གསལ་སྣང་ལ་ཉམས་མྱོང་ཅི་རིགས་ཐོབ་པས་མཉམ་རྗེས་ཀུན་ཏུ་ཐ་མལ་གྱི་སྣང་བ་ལ་རྒྱས་ཐེབས་པར་འགྱུར་རོ། །དེ་དག་ནི་སྨིན་བྱེད་བུམ་དབང་གི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་སྤྲོས་བཅས་ལྷའི་རྣལ་འབྱོར་ལ་བརྟེན་ནས་སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གཉིས་པ་བརྗོད་པ་སྒྲའི་རྣལ་འབྱོར་གྱིས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བ་ལ་གཉིས་ཏེ། བསྒོམ་དོན་དམིགས་པའི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། དག་པ་རྣམ་པ་གཉིས་ཏེ་ངག་རྣམ་པར་དག་པ་འཁོར་ལོ་བཞི་སྦྲེལ་གྱི་རྫོགས་རིམ་བསྟན་པ་ནི། འཁོར་ལོ་ལྔ་ཡི་དབུས་ཉིད་དུ༔ ཡི་གེ་ཨ་ཡིག་བསྒོམ་པར་བྱ༔ འཁོར་ལོ་བཞི་ཡི་གནས་ཉིད་དུ༔ ཡི་གེ་བཞི་ཡིས་རྒྱས་གདབ་བྱ༔ ཞེས་པས། ལུས་གནད་རྩ་ཡི་གེར་ལྷུན་གྱིས་གྲུབ་པས། ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་སྐྱེད་ནུས་པའི་ཕྱིར་ཏེ། དེའི་གཉེན་པོར་བརྗོད་པ་སྒྲའི་ཕག་མོ་ངག་རྣམ་པར་དག་པ་འཁོར་ལོ་བཞི་སྦྲེལ་གྱི་ངང་དུ་རྫོགས་པར་བསྟན་པ་སྟེ། འཁོར་ལོ་ལྔ་ལས་ཕྱི་ནང་གསང་གསུམ་ལས། ཕྱི་ས་སྤྱོད་སྐུའི་འཁོར་ལོ་ནི། འདོད་ཁམས་རྣམ་པར་དག་པར་བྱེད་པ་སྟེ། མགོ་བོའི་དཔྲལ་བ། ལག་པའི་མཁྲིག་མ། རྐང་པའི་བོལ་ཏེ་ཡན་ལག་ལྔའི་མགོ་བོར་ཨ་ཡིག་རྡོ་རྗེ་ཕག་མོ། ལག་གཡས་ནས་གཡོན་སྐོར་གྱིས་ཧ་རི་ནི་ས་བཞི་བདེ་ཆེན་དཀར་མོ་སོགས་བཞིའོ། །ནང་ས་སྟེང་སྤྱོད་པ་གསུང་གི་འཁོར་ལོ་ནི། གཟུགས་ཁམས་རྣམ་པར་དག་པར་བྱེད་པ་སྟེ། སྤྱི་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་ལྔ་ལ་རིམ་པར་ཧ་རི་ཨ་ནི་ས་ལྔ་གནས་པའོ། །གསང་བ་མཁའ་སྤྱོད་བདེ་ཆེན་འཁོར་ལོ་ནི། གཟུགས་མེད་ཁམས་རྣམ་པར་དག་པར་བྱེད་པ་སྟེ། སྙིང་པདྨ་འདབ་བཞིའི་དབུས་དང་འདབ་མར་ཨ་ཧ་རི་ནི་ས་གཡོན་སྐོར་དུ་གནས་པའོ། །འཁོར་ལོ་བཞི་ལ་ཡིག་འབྲུ་བཞིས་རྒྱས་གདབ་པ་ནི། འཁོར་ལོ་ལྔའི་ལྟེ་བར་ཨ་ཡིག་རེ་རེ་དང་། གསང་འཁོར་མ་གཏོགས་པའི་འཁོར་ལོའི་འདབ་མ་རྣམས་ལ་ཡི་གེ་བཞི་བཞི་སྟེ་བདེ་ཆེན་འཁོར་ལོར་བདེ་བ་སྐྱེད་པར་བྱེད་པ་སྐུའི་ཡི་གེ་བཞི། ལོངས་སྤྱོད་འཁོར་ལོར་ནུས་པ་འབྱུང་བ་གསུང་གི་ཡི་གེ་བཞི། ཆོས་ཀྱི་འཁོར་ལོར་རྟོགས་པ་འཆར་བྱེད་ཐུགས་ཀྱི་ཡི་གེ་བཞི། སྤྲུལ་པའི་འཁོར་ལོར་ཡེ་ཤེས་འབེབ་པར་བྱེད་པ་ཡོན་ཏན་གྱི་ཡི་གེ་བཞིའོ། །འཁོར་ལོ་བཞིའི་མུ་ཁྱུད་ལ་སྤྱི་བོ་དང་སྙིང་ག་ཕོ་འཁོར་ཡིན་པས་ཀཱ་ལི་གཡས་སྐོར་དང་། མགྲིན་པ་དང་ལྟེ་བ་མོ་འཁོར་ཡིན་པས་ཨཱ་ལི་གཡོན་སྐོར་དུ་འཁོར་བར་བཤད་དོ། །དེ་ལྟར་ཨ་ཧ་རི་ནི་ས་ལྔའི་ཡོན་ཏན་ཡང་། མངོན་འབྱུང་རྒྱུད་དུ། ཉོན་མོངས་པ་ལྔ་ཟད་པར་བྱེད་པ་དང་། ཡེ་ཤེས་ལྔ་འཕེལ་བར་བྱེད་པ་དང་། མཁའ་འགྲོ་ལྔ་སྣང་བར་བྱེད་པ་དང་། རིགས་ལྔ་ཐོབ་པར་བྱེད་པ་དང་། མཐར་ཐུག་སྐུ་ལྔར་བྱེད་པ་སྟེ་ལྔར་བཤད་དོ། །གཉིས་པ་ལྟ་སྒོམ་རྣམ་པར་དག་པ་སྒོམ་པ་དང་བཟླས་པས་དངོས་གྲུབ་ཐོབ་པར་བསྟན་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ སྒོམ་དང་བཟླས་པས་འགྲུབ་པར་བྱེད༔ ཅེས་པས་མཆོག་གི་དངོས་གྲུབ་སྒོམ་པས་འགྲུབ་སྟེ། ཚེ་འདིར་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པས། འདིའམ་བར་དོར་ཏིང་ངེ་འཛིན་གྱི་སྐུ་ཐོབ་ནས་ཕག་མོའི་སྐུར་གྲོལ་བར་འགྱུར་རོ། །དེ་ལ་མཚན་བཅས་མཚན་མེད་གཉིས་ལས། མཚན་མེད་ཆོས་སྐུའི་ལམ་ཁྱེར་ཏེ་འཆད་པར་འགྱུར་ལ། འདིར་མཚན་བཅས་རླུང་དྲུག་གི་རྣལ་འབྱོར་སྒོམ་པའི་ཐབས་ཏེ། མངོན་འབྱུང་ལས། ལྷན་ཅིག་སྐྱེས་པའི་རླུང་བསྒོམས་པས། །རང་གཞན་སྒྲིབ་པ་སེལ་བར་བྱེད། །ཐོད་རྒལ་ལས་བྱུང་རླུང་བསྒོམས་པས། །མཚན་མོ་ལྟ་བུའི་སྒྲིབ་པ་སེལ། །རང་ལས་སྐྱེས་པའི་རླུང་བསྒོམས་པས། །བར་དུ་གཅོད་པའི་སྒྲིབ་པ་སེལ། །སྤོར་བྱེད་ལས་ཀྱི་རླུང་བསྒོམས་པས། །མངོན་གྱུར་སྒྲིབ་པ་སེལ་བར་བྱེད། །སྦྱོང་བྱེད་ཡིད་ཀྱི་རླུང་བསྒོམས་པས། །ཤེས་བྱའི་སྒྲིབ་པ་སེལ་བར་བྱེད། །རྫོགས་བྱེད་ཡེ་ཤེས་རླུང་བསྒོམས་པས། །ས་རྣམས་རིམ་གྱིས་གོམས་པར་བྱེད། །ཅེས་གསུངས་པ་ལྟར་རོ། །ཐུན་མོང་གི་དངོས་གྲུབ་ནི་བཟླས་པས་འགྲུབ་སྟེ། ཕྱི་ལྟར་ལས་བཞིའི་བཟླས་པས་ལས་སོ་སོ་འགྲུབ་པ་དང་། ནང་ལྟར་ལུས་ལྷའི། ངག་བཟླས་པའི། སེམས་ཆོས་ཉིད་ཀྱི། སྤྱོད་ལམ་བརྟུལ་ཞུགས་ཀྱི་དཀྱིལ་འཁོར་བཞིའི་སྒོ་ནས་བཟླ་བ་དང་། གསང་བ་ལྟར་ལྟ་བ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ། སྒོམ་པ་གསལ་ལ་མི་རྟོག་པ། སྤྱོད་པ་སྣང་བ་ཟིལ་གྱིས་གནོན་པས་རྣམ་རྟོག་ལ་ཐོག་བརྫིས་བྱེད་པ། འབྲས་བུ་ཡོན་ཏན་གྱི་རྩལ་མ་འགགས་པས་རྣམ་པར་མི་རྟོག་པའི་ངང་ནས་གདུལ་བྱའི་དོན་རྒྱུན་མི་ཆད་པར་མཛད་པ་སྟེ་ལྟ་སྒོམ་སྤྱོད་འབྲས་བཞིར་བཟླ་བ་ཡིན་ནོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། ལུས་གནད་ཆོས་བདུན་བཅས་ཏེ་སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས། ཐོག་མར་དམིགས་པའི་གཞི་བཅའ་བ་ནི། རང་ལུས་རྡོ་རྗེ་ཕག་མོར་གསལ་བའི་སྐུའི་ནང་སྐྲ་རྩེའི་བར་དུའང་ཁོང་སྟོང་དྭངས་གསལ་སྒྲིབ་ཐོགས་མེད་པ། དེའི་དབུས་དྲང་པོར་དབུ་མ་སྔོ་སངས་མདའ་སྨྱུག་འབྲིང་པོ་ཙམ་པ་ཆོས་བཞི་ལྡན། གཡས་གཡོན་དུ་རོ་རྐྱང་རྡུལ་ཟླས་བརླན་པ་དབུ་མ་ལས་བཞི་འགྱུར་གྱིས་ཕྲ་བ། དབུ་མ་དང་སུམ་གཤིབས་སོང་བའི་མར་སྣ་གཉིས་དབུ་མར་ཚུད་པ། དེ་ལས་གྱེས་པའི་སྤྱི་བོའི་འཁོར་ལོ་རྩ་འདབ་སོ་གཉིས་དཀར་པོ་ཐུར་ལྟ། མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་དམར་སྐྱ་གྱེན་ལྟ། སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པ་སྔོ་སངས་ཐུར་ལྟ། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་དམར་གསལ་དང་། གསང་བའི་འཁོར་ལོ་རྩ་འདབ་སོ་གཉིས་ལྗང་སྔོན་གཉིས་གྱེན་ལྟ། ཐམས་ཅད་ཀྱང་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་བསྒོམ། དེ་ལྟར་གསལ་ཐེབས་པ་དང་། རླུང་རོ་བསལ་ནས་དབུགས་རང་བཞིན་གྱིས་ཕྱི་ནང་རྒྱུ་བ་ལ་སྦྱང་། ཅུང་ཟད་འབྱོངས་པ་དང་དབུ་མའི་ནང་སྟོང་སང་ངེ་བ་ལ་སེམས་གཏད་དེ། འཇམ་རླུང་བུམ་པ་ཅན་སྦྱོང་བ་ལ་ཞག་ཁ་ཡར་བསླབ་སྟེ་སྦྱོར་བའོ། །དངོས་གཞི་ལ་གཉིས་ལས། དང་པོ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བཟླས་པ་བྱ་བ་ནི། འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ་ཨ་ཡིག་སྔོན་པོ་རེ་རེ་དང་། འཁོར་ལོ་བཞིའི་ནང་སྐོར་གྱི་རྩ་འདབ་བཞི་བཞི་ལ་རིམ་པར། སྤྱི་བོར་བཛྲ་བྷ་ར་ཧེ། མགྲིན་པར་ཀྲོ་དྷཱི་ཀཱ་ལཱི། སྙིང་གར་ཧ་རི་ནི་ས། ལྟེ་བར་ཨཱ་བེ་ཤ་ཡ་རྣམས་ཀྱང་སྔོན་པོ་ཤ་སྟག་ཏུ་བསྒོམ། དེ་ནས་ཡི་གེ་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སྣོད་བཅུད་ཀྱི་འཇིག་རྟེན་ལ་རེག་པས་སྣོད་ཐམས་ཅད་དག་པའི་ཞིང་། བཅུད་ཐམས་ཅད་རྡོ་རྗེ་ཕག་མོར་སད། ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག་པས། ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ་སྔགས་སྒྲ་སྒྲོག་ཅིང་འོད་ཟེར་གྱིས་བདག་བྱིན་གྱིས་བརླབས་པར་བསམ་ལ། འཇམ་རླུང་ཁ་སྦྱོར་དུ་བཟུང་སྟེ་སྔགས་འབྲུ་བཅུ་དྲུག་པའམ། ཡང་ན་ཐུགས་འཁོར་ཁོ་ན་ལ་སེམས་གཏད་དེ་འབྲུ་ལྔའི་ཡིད་བཟླས་བྱ། དེས་སྐྱོ་ན་རླུང་དང་མ་སྦྱར་བའི་ཡིད་བཟླས་སམ། ངག་བཟླས་ཤུབ་བུར་བཟླ་བ་ངལ་བསོ་བའོ། །དེ་ནི་སྤྲོ་བསྡུ་སྤྱིའི་མན་ངག་སྟེ། བྱེ་བྲག་པ་ནི། ཡི་གེ་དང་འོད་ཟེར་གཉིས་ཀ་ལས་སོ་སོའི་ཁ་དོག་དང་མཐུན་པའི་སྤྲོ་བསྡུས་ལས་དེ་དང་དེ་སྒྲུབ་པ་སོགས་ཕྱིའི་བཟླས་པ་དང་། ནང་ལྟར་ལུས་ལྷ་སྐུ་སྣང་སྟོང་། སེམས་ཆོས་ཉིད་སྐྱེ་བ་མེད་པ་ལ་མ་བཅོས་པའི་ཤེས་པ་ཆམ་མེ་རྒྱ་བསྐྱེད། སྤྱོད་ལམ་སྐྲག་པ་དང་དོགས་པ་མེད་པའི་བརྟུལ་ཞུགས་དང་ལྡན་པས། ངག་སྐྱེ་མེད་ཀྱི་དབྱིངས་ལས་བྲག་ཅའི་སྒྲ་ལྟར་རང་བྱུང་བས་རྡོ་རྗེ་ཕག་མོའི་ཐུགས་ཡེ་ཤེས་དང་བདག་གི་སྲོག་རིག་པའི་ཡེ་ཤེས་གཉིས་མེད་དུ་བསྲེས་ལ་བཟླ་བ་དཀྱིལ་འཁོར་བཞིའི་བཟླ་ལུགས་དང་། གསང་བ་ལྟར་རྡོ་རྗེ་ཕག་མོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྲོག་དང་ལྡན་པས་འབྲས་བུ་དངོས་སམ་རྗེས་མཐུན་གྱི་སྒོ་ནས་འགྲོ་དོན་ཐོགས་མེད་དུ་འགྲུབ་ནུས་པར་བསམ་པའི་མོས་པ་ཡིད་བྱེད་ཀྱི་ངང་ནས་བཟླ་བར་བྱེད་པ་སྟེ། མདོར་ན་ཕྱི་ནང་གསང་གསུམ་སོ་སོར་སྨྲོས་ཀྱང་གཅིག་ཏུ་དྲིལ་བའི་གནད་ཀྱིས་བཟླས་ན་ཆུན་ཆེ་བ་ཡིན་ནོ། །ཚུལ་དེས་གྲངས་བསྙེན་འབྲུ་འབུམ། དུས་བསྙེན་ཟླ་དྲུག །མཚན་བསྙེན་རབ་ལྷ་ཞལ་མཐོང་བ། འབྲིང་ལུང་སྟོན་པ། ཐ་མ་སྣང་བ་འགྱུར་བ་འོང་། བསྙེན་པ་ཐེམས་ནས་སྒྲུབ་པ་དང་། ལས་སྦྱོར་བྱེ་བྲག་སོ་སོའི་བཟླ་ལུགས་ཀྱི་སྒྱུར་ཁའི་གནད་རྣམས་ཀྱང་ཤེས་པར་བྱ་སྟེ་འདིར་མ་སྤྲོས་སོ། །གཉིས་པ་མཆོག་གི་དངོས་གྲུབ་ཀྱི་དོན་དུ་རླུང་གི་རྣལ་འབྱོར་བསྒོམ་པ་ནི། དེ་ལ་ཐུན་ཁྱད་གཉིས་ལས། ཐུན་མོང་བ་ནི། རང་ཕག་མོར་བསྒོམས་པའི་སྐུ་ལ་རྩ་གསུམ་འཁོར་ལོ་ལྔ་གསལ་བཏབ་པ་ལས། དབུ་མའི་ཡར་སྣ་སྤྱི་བོའི་ཕག་ཞལ་གྱི་མགྲིན་པར་ཟུག་པའི་ཚངས་བུག་གི་སྟེང་རྩའི་ནང་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམ། རོ་རྐྱང་གི་ཡར་སྣ་གཉིས་ཕག་ཞལ་གྱི་སྣ་བུག་གཉིས་སུ་ཟུག་པ། འཁོར་ལོ་ལྔའི་ལྟེ་བ་དབུ་མའི་ནང་དུ། སྤྱི་བོར་ཧ་དཀར་པོ། མགྲིན་པར་རི་སེར་པོ། སྙིང་གར་ཨ་སྔོན་པོ། ལྟེ་བར་ནི་དམར་པོ། གསང་བར་ས་ལྗང་གུ །ནང་སྐོར་གྱི་འདབ་མ་རྣམས་ལ་ལྟེ་བའི་ཡི་གེ་དང་ཁ་དོག་འདྲ་བའི་ཡི་གེ་བཞི་བཞི་སྔར་ལྟར་དང་། གསང་བར། སར། བ། ཀར། མ་ལྗང་གུ་རྣམས་གསལ་བཏབ། དེ་ནས་རླུང་རོ་བསལ་ལ། དབུགས་འགྲོ་འོང་རང་བབས་དལ་བུས་རྒྱུ་བ་དང་སྦྱར་ཏེ། དབུགས་ནང་དུ་འཇུག་པའི་ཚེ་ཡེ་ཤེས་ལྔའི་རླུང་འོད་ཟེར་ལྔ་ལྡན། ཧ་རི་ནི་སའི་སྔགས་སྒྲ་འུ་རུ་རུ་སྒྲོག་བཞིན་པར་ཕག་ཞལ་གྱི་སྣ་བུག་ནས་ཞུགས་རོ་རྐྱང་གི་ལམ་བརྒྱུད་དེ་འོངས་པ། དབུགས་ཕྱིར་འགྲོ་བའི་ཚེ་གསང་འཁོར་གྱི་དབུ་མའི་ནང་དུ་ཞུགས་ཏེ་ས་ཡིག་ལ་སིབ་ཀྱིས་ཐིམ་པར་བསམ། དེ་བཞིན་དུ་དབུགས་འཇུག་པ་དང་སྦྱར་ནས་རླུང་ལྔའི་འོད་ཟེར་བསྡུ་བའི་བར་འདྲ་བ་ལས། དབུགས་ལྡང་བའི་ཚེ་བསྟིམ་པའི་ཁྱད་པར་ལ། གཉིས་པས་ལྟེ་བའི་ནི། གསུམ་པས་སྙིང་གའི་ཨ། བཞི་པས་མགྲིན་པའི་རི། ལྔ་པས་སྤྱི་བོའི་ཧ། དྲུག་པས་འཁོར་ལོ་ལྔའི་ཡི་གེ་ཐམས་ཅད་ལ་ཐིམ་པར་བསམ་པ་སྟེ། འཁོར་ལོ་རེ་རེ་ལ་ཟླ་བ་རེ་སོགས་རྟགས་དང་བསྟུན་ནས་བསྒོམ་པར་བྱ་བ་གནད་དོ། །རྟགས་ནི། ཕྱི་རྟགས་སུ་དུ་བ་དང་སྨིག་རྒྱུ་ལ་སོགས་པའི་མཐོང་སྣང་སྣ་ཚོགས་པ་འཆར། ནང་རྟགས་སུ་རླུང་བྱང་ཆུབ་ཀྱི་སེམས་སུ་ཞུགས་པའི་རྟགས་རླུང་ཇེ་རིང་དུ་འགྲོ་ཞིང་བདེ་དྲོད་འགོ་གཡོ། གནས་པའི་རླུང་རྟགས་འགྲོ་འོང་མེད་པ་སྙམ་བྱེད་ཀྱང་བརྟགས་ན་རིག་ཅིང་བདེ་དྲོད་སྐྱེ། ཐིམ་པའི་རྟགས་སུ་རླུང་འགྱུ་བ་འགག་ཅིང་བདེ་དྲོད་འབར། དེ་ནས་རླུང་ལས་སུ་རུང་བས་བདེ་དྲོད་རྒྱུན་ཆད་མེད་པར་འབར་བ་འོང་། གསང་བའི་རྟགས་སེམས་རང་བཞིན་གྱིས་བདེ་གསལ་མི་རྟོག་སྟོང་པ་ཟུང་དུ་འཇུག་པའི་ཏིང་འཛིན་འཆར། དེ་ཡང་རླུང་སེམས་གཉིས་སུ་མེད་པའི་གནད་ཀྱིས་རླུང་ཇི་ལྟར་ཟིན་པ་བཞིན་དུ་སེམས་གནས་ཀྱང་ཇེ་རིང་དང་། མཐར་རླུང་ཐིམ་པའི་ཚེ་ན་ཏིང་ངེ་འཛིན་ཁོར་ཡུག་ཏུ་གནས་པ་འབྱུང་ཞིང་། སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ལ་དབང་འབྱོར་བར་འགྱུར་རོ། །ཐུན་མོང་གི་ཡོན་ཏན་ཡང། བདེ་དྲོད་འབར་བས་རླུང་གོས་སུ་གྱོན་པ་སྟེ་མི་འཁྱགས། རླུང་ཟས་སུ་ཟ་བས་བཀྲེས་གདུང་སེལ། རྟར་ཞོན་པས་ལུས་ཡང་ཞིང་མགྱོགས། བཅུད་ལེན་དུ་སོང་བས་རྒས་པ་མེད་ཅིང་ལུས་སྟོབས་རྒྱས་པ་དང་ཚེ་རིང། འབྱུང་བ་སྙོམ་པས་ནད་མི་འབྱུང་། ནང་དུ་རླུང་སེམས་འདུས་པའི་རྟེན་འབྲེལ་གྱིས་ཕྱིར་སྣང་བ་དབང་དུ་འདུ་ཞིང་མངོན་ཤེས་འཆར་བ་སོགས་ཀྱི་ཡོན་ཏན་འབྱུང་བར་འགྱུར་རོ། །ཐུན་མོང་བའི་རླུང་གི་རྣལ་འབྱོར་འདི་ནི་གསང་སྒྲུབ་སྙན་བརྒྱུད་དངོས་བསྟན་ལས་མི་འབྱུང་ཡང་། མེ་ལོང་རྡོ་རྗེའི་སློབ་མ་མཚན་ལྡན་ཧ་རི་རྡོ་རྗེ་ཡབ་སྲས་ཀྱི་ཕྱག་བཞེས་ལས་བྱུང་བའི་མན་ངག་སྟེ། འོག་ནས་འབྱུང་བའི་རླུང་དྲུག་གི་གནད་ཀྱང་འདིར་འདུས་པར་བཞེད་དོ། །གཉིས་པ་རླུང་གི་རྣལ་འབྱོར་ཁྱད་པར་བ་ནི། རྩ་བའི་གཞུང་གི་དངོས་བསྟན་སྒྲ་ཇི་བཞིན་པ་དང་འབྲེལ་བའི་མན་ངག་མཐར་ཐུག་པ་སྟེ། འཁོར་བའི་ས་བོན་གཏི་མུག་དྲུག་གི་གཉེན་པོར་རླུང་དྲུག་བསྒོམ་པ་ཡིན། དེ་ཡང་རླུང་དྲུག་པོ་རེ་རེ་ལ་གནས་པའི་ས། བཅའ་བའི་ལུས་གནད། རླུང་གི་འཛིན་སྟངས། གཏད་པའི་དམིགས་པ། སྐྱེས་པའི་ཉམས། གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་སྟེ་དྲུག་དྲུག་ལས། དང་པོ་ལྔ་སོ་སོའི་ཐད་དུ་གསེབ་ཚགས་སུ་བཤད་ནས། དྲུག་པ་ཐམས་ཅད་ཀྱི་མཇུག་ཏུ་འཆད་པར་བྱའོ། །དེ་ལ་དང་པོ་རང་བཞིན་གྱི་སྒྲིབ་པ་ཀུན་གཞིར་བག་ལ་ཉལ་གྱི་གཉེན་པོར་ལྷན་ཅིག་སྐྱེས་པའི་རླུང་བསྒོམ་སྟེ། གནས་ས་ནི་ལུས་ལེན་པའི་ཚེ་རླུང་རིག་ལྷན་ཅིག་ཏུ་འདུས་ཏེ་བླངས་པས་ན་ལྟེ་བར་གནས། ལུས་གནད་བདེ་བའི་སྟན་ལ་ཆོས་བདུན་ནམ་མེ་ཐབ་དྲུག་ཆིངས་བཅས་པ་པུས་འཁྱུད་ཀྱིས་བསྡམ། རླུང་རོ་བསལ་ནས་ལྟེ་འོག་ཏུ་འཇམ་རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་དུ་འཛིན། དམིགས་པ་ལྟེ་བའི་འཁོར་ལོའི་དབུས་ཀྱི་ཨ་ཡིག་སྔོན་པོ་ལ་རྩེ་གཅིག་ཏུ་གཏད་དེ་བསྒོམས་པས། ཉམས་སྣང་བ་ལ་བདེན་འཛིན་ཞིག་པས་ཡ་ཆ་བ་དང་། ལུས་ཡོད་དུ་མི་ཚོར། ལུས་སེམས་བདེ་འབོལ་དུ་འགྲོ །གལ་ཏེ་རོ་སྟོད་རྒྱངས་པའམ་སྨད་དུ་མི་བདེ་བ་བྱུང་ནའང་དེ་ཀ་དགག་སྒྲུབ་མེད་པར་བསྐྱངས་པས་ལམ་དུ་འགྲོའོ། །གཉིས་པ་ཚེ་འདི་དང་འབྲེལ་བའི་ལས་སྐྱེད་བྱེད་ལྷན་སྐྱེས་ཀྱི་སྒྲིབ་པའི་གཉེན་པོར་ཐོད་རྒལ་གྱི་རླུང་བསྒོམ་སྟེ། གནས་ས་རྐང་པའི་མཐིལ་ནས་གཡོས་པས་རིག་པ་སྡོད་དུ་མི་བཏུབ། ལུས་གནད་རྐང་པ་གཡོན་པའི་བོལ་གཡས་པའི་མཐིལ་གྱིས་མནན། ལག་གཉིས་ཕྱི་ནས་རྐང་པ་གཡས་པའི་མཐིལ་ལ་བསྣོལ་མར་འཁྱུད་ཅིང་རྒལ་ཚིགས་བསྲང་། རླུང་སྔར་དང་འདྲ་ལ། དམིགས་པ་རླུང་མ་རྔུབ་པའི་གོང་དུ་ཡན་ལག་ལྔའི་ཡི་གེ་གསལ་བཏབ་ལ། ཐོག་མར་སྤྱི་བོར་ཨ་སྔོན་པོ་ལས་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་སྔོན་པོ་འབར་བས་ཞེ་སྡང་སྦྱངས་ནས་རྡོ་རྗེ་མཁའ་འགྲོར་གསལ་བར་བྱས། འོད་དེས་ཡན་ལག་བཞིའི་ཡི་གེ་ལ་རིམ་གྱིས་ཁྱབ་པ་ལས། ལག་གཡས་ཀྱི་མཁྲིག་མར་ཁྱབ་པས་དེར་གནས་པའི་ཧ་ཡིག་དཀར་པོ་ལས་མེ་ལོང་ཡེ་ཤེས་ཀྱི་འོད་དཀར་པོ་འབར་བས་ལག་གཡས་ཀྱི་དངོས་ཞེན་སྦྱངས་ཏེ་ལུས་དང་བསམ་པ་གཅིག་ཏུ་འདྲེས། རྐང་གཡས་ཀྱི་བོལ་ལ་ཁྱབ་པས་དེར་གནས་ཀྱི་རི་ཡིག་སེར་པོ་ལས་མཉམ་ཉིད་ཀྱི་འོད་སེར་པོ་འབར་བས་རྐང་གཡས་སྦྱངས་ཏེ་ལུས་བསམ་འདྲེས། དེ་གཉིས་ཀྱིས་གཟུང་ཡུལ་གྱི་ཞེན་པ་དག །རོ་མའི་རྩ་ཁམས་ཤུགས་ཀྱིས་གསལ་བར་བྱས། རྐང་གཡོན་གྱི་བོལ་ལ་ཁྱབ་པས་ནི་ཡིག་དམར་པོ་ལས་སོར་རྟོག་གི་འོད་དམར་པོ་འབར་བས་རྐང་གཡོན་སྦྱངས་ཏེ་ལུས་བསམ་འདྲེས། ལག་གཡོན་གྱི་མཁྲིག་མར་ཁྱབ་པས་ས་ཡིག་ལྗང་གུ་ལས་བྱ་གྲུབ་ཀྱི་འོད་ལྗང་གུ་འབར་བས་ལག་གཡོན་སྦྱངས་ཏེ་ལུས་བསམ་འདྲེས། དེ་གཉིས་ཀྱིས་འཛིན་པ་སེམས་ཀྱི་ཞེན་པ་དག །རྐྱང་མའི་རྩ་ཁམས་ཤུགས་ཀྱིས་གསལ་བར་བྱས། དེ་ལྟར་ཡང་ཡང་བསྐྱར་ཞིང་གོམས་རྗེས་རླུང་བཟུང་ལ། རིག་པ་རྐང་པའི་བར་དུ་གཏད་དེ་བསྒོམས་པས། ཉམས་རྣམ་རྟོག་གིས་མི་གཡོ་བར་རིག་པ་སལ་ལེ་གནས། དེས་མཚན་མུན་ལྟ་བུའི་རྨོངས་པ་སེལ་ལོ། །གསུམ་པ་འདོད་ཆགས་དང་གཡེམ་པའི་བར་ཆད་ཀྱིས་ཐར་པའི་སྲོག་འཇོམས་པའི་གཉེན་པོར་རང་ལས་སྐྱེས་པའི་རླུང་བསྒོམ་སྟེ། གནས་ས་ཕོ་མོའི་མཚན་མར་གནས་པས་འདོད་ཆགས་འཆར། ལུས་གནད་སེམས་སྐྱིལ་བཅས་ཏེ་ལག་གཉིས་ཁུ་ཚུར་པུས་མོར་བཀབ། རླུང་སྔར་དང་འདྲ། དམིགས་པ་རང་ཉིད་ཕག་མོའི་སྐུ་ཁོང་སྟོང་གི་དབུས་སུ་རྩ་འཁོར་གསལ་བ་ལས། གསང་འཁོར་གྱི་དབུས་ཀྱི་ས་ཡིག་ལྗང་གུ་ལ་སེམས་གཏད་དེ་ལས་ཀྱི་མཁའ་འགྲོར་མོས་ལ་ཟས་ཟ་ཡུན་ཙམ་བསྒོམས་པའི་མཐར། རྒྱབ་རླུང་དྲག་ཏུ་སྤྱི་བོར་དྲངས་ཏེ་འཐེན་པ་ལན་དྲུག །མདུན་རླུང་ལྟེ་འོག་ཏུ་འཕུལ་བ་ལན་དྲུག་རེ་བསྐྱར་ཞིང་བཟུང་། ལུས་ཀྱི་རྩ་ཡིག་ཐམས་ཅད་བུམ་ནང་གི་མར་མེ་ལྟར་གསལ་བའི་འོད་གསང་གནས་ཀྱི་ཡི་གེར་ཐིམ་པས་བདེ་སྟོང་ཡེ་ཤེས་འབར་བར་བསམ་ལ། ལག་གཉིས་ཁུ་ཚུར་སྟན་ལ་བཞག་པས་ལུས་བཏེགས་ནས་འཕོངས་ལན་དྲུག་བརྡེག །འཇིག་རྟེན་གྱི་ཁམས་བདེ་བར་འབར་བའི་འོད་ཟེར་གསང་གནས་སུ་འདུས་ཏེ་བསྐུལ་བས། དེས་ལས་ཀྱི་མཁའ་འགྲོ་བདེ་བར་འབར་བའི་འོད་ཟེར་སྣ་ལྔས་ལུས་ཕྱི་ནང་ཐམས་ཅད་དུ་ཁྱབ། སྤྱི་བོའི་སངས་རྒྱས་མཁའ་འགྲོའི་བར་དུ་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ། དེ་ལྟར་ལུས་ཐམས་ཅད་ལ་ཏིལ་ལ་མར་བཞིན་ཁྱབ་པས་ཡུལ་དྲུག་གི་བདེ་བས་ཤེས་པ་དྲུག་གིས་བསྡུས་པའི་བདེ་བར་གཤེགས་པ་ཐམས་ཅད་མཆོད། ཡུལ་ཤེས་ཁ་སྦྱོར་གྱི་བདེ་བས་འཛིན་པ་གྲོལ། ཆགས་ཞེན་རང་སར་དག་པར་བསམ། འཕར་རྡེག་གི་རྗེས་སུ་ཡང་ཡང་སྤྲུག་ཅིང་རླུང་བུས་ཏེ། ཤེས་པ་ལྷན་ནེ་རྗེན་ནེ་བའི་ངང་ལ་གློད་ནས་བཞག་གོ །ཉམས་ལུས་སེམས་ལ་དགའ་བདེ་སྐྱེ། རིག་པ་གསལ་ལ་གཡེར་ཐོན། དེར་མི་རྟོག་པས་ཆགས་ཞེན་ལས་གྲོལ་ཏེ་ལས་མི་གསོག་གོ། །བཞི་པ་ཡིད་ཀྱི་རྣམ་རྟོག་རགས་པ་གཅོད་པའི་གཉེན་པོར་སྦྱོང་བྱེད་ཡིད་ཀྱི་རླུང་བསྒོམ་སྟེ། གནས་ས་སྙིང་ག་སྟེ་ཡིད་ཀྱི་རྣམ་རྟོག་རགས་པ་སྐྱེད། ལུས་གནད་ཆོས་བདུན་དྲང་པོར་བསྲང་། རླུང་སྔར་ལྟར་ལས་འཇམ་རླུང་གཙོ་བོར་བྱེད། དམིགས་པ་རང་ལུས་ལྷ་སྐུ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བ་ལ་སེམས་གཏད་དེ། ལྷོད་གློད། ཧྲིལ་སྒྲིམ་ངང་ལ་བཞག །ཁྱད་པར་སྙིང་འཁོར་གྱི་དབུ་མའི་ནང་དུ་ཨ་ཡིག་སྔོན་པོ་དྭངས་གསལ་འོད་ལྔ་འཕྲོ་བ་ཡུངས་འབྲུའི་ཚད་ཙམ་ལ་རླུང་རིག་མི་འགྱུར་བར་གཏད་དེ་སྒྲིམ་གློད་རེ་མོས་ཀྱིས་བསྒོམས་པས། ཉམས་སྟོང་གསུམ་ཡུངས་འབྲུ་ཙམ་དུ་ཆུད་པ་ལ་ཡངས་དོག་མི་འཚམ་པ་མེད་པར་བདེ་བ་དང་། སྣང་སེམས་ཐམས་ཅད་བདེ་གསལ་མི་རྟོག་པར་འཆར། སྙིང་གར་བདུད་རྩི་འདུས་པས་ཟས་ཀྱི་ཞེན་པ་ལྡོག །མངོན་ཤེས་ཀྱང་ཅི་རིགས་སྣང་བས་འགྲོ་དོན་ནུས། ཡིད་ཀྱི་རྟོག་པ་རགས་པ་ཆད་དེ་ཤེས་སྒྲིབ་སེལ་བས་འཁོར་བར་ལྟུང་བའི་དོགས་པ་གྲོལ་ལོ། །ལྔ་པ་མངོན་གྱུར་གྱི་སྒྲིབ་པའི་གཉེན་པོར་སྤོར་བྱེད་ལས་ཀྱི་རླུང་བསྒོམ་སྟེ། གནས་ས་མགྲིན་པ་སྟེ་དུག་ལྔ་རགས་པ་སྐྱེད། ལུས་གནད་ཉིན་ཆོས་བདུན་དང་མཚན་ཁྱི་ཉལ་སྒོར་མོ་བྱ། རླུང་ལྟེ་འོག་ཏུ་སྔར་ལྟར་འཛིན། དམིགས་པ་མགྲིན་པའི་འཁོར་ལོའི་ལྟེ་བར་རི་ཡིག་སེར་པོའམ་ཨ་ཡིག་སྔོན་པོ་གང་རུང་གསལ་བ་ལ་རིག་པ་གཏད་དེ་བསྒོམས་པས། ཉམས་སྣང་རྨི་ལམ་ལྟར་བན་བུན་ཤིག་གེ་བ་སོགས་དང་། སྨིག་རྒྱུ་ལྟར་འདར་ཡམ་ཡམ་ཤིག་ཤིག་བྱེད། དེས་དུག་ལྔ་རགས་པ་འགགས་ཏེ་མངོན་དུ་གྱུར་པའི་སྒྲིབ་པ་སེལ་ལོ། །དྲུག་པ་ཤེས་སྒྲིབ་དྲུངས་ནས་འབྱིན་པའི་གཉེན་པོར་རྫོགས་བྱེད་ཡེ་ཤེས་ཀྱི་རླུང་བསྒོམ་སྟེ། གནས་ས་སྤྱི་བོར་གནས་པས་འཛིན་པ་སྐྱེད། ལུས་གནད་ཆོས་བདུན་ནམ་ཐབ་མགལ། རླུང་གནད་སྔར་དང་འདྲ། དམིགས་པ་སྤྱི་བོའི་ཕག་ཞལ་གྱི་སྨིན་ཕྲག་ཏུ་གཡུང་དྲུང་དམར་པོ་གཡོན་སྐོར་དུ་གདུགས་ལྟར་དྲག་ཏུ་འཁོར་བ་དང་། སྤྱི་བོའི་འཁོར་ལོའི་ལྟེ་བ་དབུ་མའི་ནང་དུ་ཧ་ཡིག་དཀར་པོའམ་ཨ་ཡིག་སྔོན་པོ་གང་བདེ་བསྒོམ་པ་ལ་སེམས་གཏད་དེ། ཡུལ་སེམས་སྣང་སྟོང་བདེ་བས་བརྒྱན་པའི་ངང་ལ་མཉམ་པར་གཞག །ཡང་ཚངས་བུག་གི་སྟེང་རྩའི་ནང་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ་གསོལ་བ་དྲག་ཏུ་བཏབ་ཅིང་དབང་བཞི་ལེན། བླ་མའི་ཐུགས་དང་རང་རིག་བསྲེས་ལ་རིག་པ་འཛིན་མེད་གཏད་ཡལ་དུ་འཇོག་ཅིང་འོག་རླུང་བསྐུལ་ཏེ་རླུང་འཕུལ། རེས་གཡུང་དྲུང་འཁོར་བའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཡོར་ཡོར་འཁོར་བས་ཕྱོགས་འཛིན་བཤིག །ཇེ་མྱུར་འཁོར་བས་རྟོགས་པ་བཤིག དྲག་ཏུ་འཁོར་བས་བདེན་མེད་དུ་བཤིག །ཤིན་ཏུ་འཁོར་བས་མཐའ་བྲལ་ཏུ་ཐག་བཅད་ལ་རླུང་བཟུང་ཞིང་ལྟ་བའི་ངང་བསྐྱང་། རེས་འགའ་སྤྱི་བོའི་འཁོར་ལོའི་ལྟེ་བའི་ཧའམ་ཨ་ལས་བྱང་སེམས་ཀྱི་རྒྱུན་བབས་ཏེ། ལྟེ་འཁོར་གྱི་ཨ་ལ་རེག་པའི་འབར་འཛག་གི་དགའ་བ་ལ་སེམས་རྩེ་གཅིག་ཏུ་བཞག །མཐར་སྣོད་བཅུད་ཐམས་ཅད་འོད་ལྔར་མེར་ཆམས་ཀྱིས་ཞུ་བ་རང་གི་སྒོ་གསུམ་དང་ཁྲུག་གིས་འདྲེས་པའི་སྟེང་དུ་སྤྱི་བོའི་བླ་མ་ཡང་བསྲེས། དེའི་ངང་ནས་ཨ་ཧ་རི་ནི་སའི་ཡིད་བཟླས་བྱས་པས་ཁམས་གསུམ་གྱི་འཛིན་པ་ཞིག་སྟེ། སྣང་སྲིད་མཁའ་འགྲོ་སྡེ་ལྔའི་སྐུ་ཆེ་ཆུང་མ་ངེས་པ་ཏིལ་གྱི་གོང་བུ་བྱེ་བ་ལྟར་འོད་ལྔའི་ཀློང་ན་ཡོམ་ཡོམ་ཤིག་ཤིག་གང་བ་ལ་ཆེ་རེ་བལྟས་པས་ལྷ་སྐུའི་སྣང་བ་ཐམས་ཅད་ཀྱང་སྣང་ལ་འཛིན་པ་མེད་པའི་ངང་བསྐྱང་ངོ་། །ཉམས་ལས་རླུང་རྫོགས་པས་རིག་པ་འཛིན་མེད་དུ་ཤར་ནས་རྟགས་བཅུ་དང་ཡོན་ཏན་ཆེན་པོ་བརྒྱད་ཡོངས་སུ་རྫོགས་ཏེ། ས་ལམ་དུས་གཅིག་ལ་ནོན་ནས་འཚང་རྒྱ་བར་འགྱུར་རོ། །རླུང་དྲུག་པོ་གང་བསྒོམས་ཀྱང་མཐར་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ་སྟེ། ཉམས་གང་ལྟར་སྐྱེས་ཀྱང་དགག་སྒྲུབ་དང་བླང་དོར་གྱི་རྟོག་པས་མ་བསླད་པར། གང་ཤར་གྱི་རང་ངོ་བསྐྱངས་པས་གཟུང་འཛིན་གྱི་རྟོག་ཚོགས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སངས་ཤིང་འཁོར་བའི་ས་བོན་ཟད་དེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཀློང་དུ་རིག་པ་རང་བཞིན་གྱིས་རྣམ་པར་དག་པ་ཐིམ་པས་མ་བུ་འདྲེས་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འགྱུར་མེད་ཀྱི་དབྱིངས་སུ་གཏན་ལ་ཕེབས་ཏེ། རྦ་རླབས་ཆུར་ཐིམ་པ་བཞིན་དུ་རྣམ་རྟོག་དབྱིངས་སུ་དག་པས་འཁོར་འདས་ཀྱི་བར་ལག་འགྱེལ། ལམ་ལྔ་ས་བཅུ་རིམ་གྱིས་སམ་གཅིག་ཅར་དུ་བགྲོད་དེ་གྲོལ་བར་འགྱུར་རོ། །དེ་ཡང་གཞུང་རྩ་བ་ལས། རབ་ནི་སྐད་ཅིག་དྲུག་གིས་འགྲུབ༔ འབྲིང་ནི་རླུང་དྲུག་བསྒོམས་པས་འགྲུབ༔ ཐ་མ་ཟླ་དྲུག་མཁའ་སྤྱོད་འགྲུབ༔ ཅེས་དབང་པོ་རབ་འབྲིང་ཐ་གསུམ་ལ་ལྟོས་པའི་རྫོགས་རིམ་གསུམ་ལས། དབང་རབ་ཀྱི་རྫོགས་རིམ་ནི་འོག་ཏུ་འཆད་འགྱུར་གྱི་ཆོས་སྐུའི་ལམ་ཁྱེར་དང་འབྲེལ་བས། འདིར་འབྲིང་ཐ་གཉིས་ཏེ་རྣལ་འབྱོར་པ་དབང་འབྲིང་རྣམས་ཀྱིས་ཉིན་རེ་བཞིན་ཐུན་ཆ་མཉམ་པ་དྲུག་ཏུ་བཅད་དེ། རླུང་དྲུག་རེ་མོས་སུ་རྫོགས་པར་བསྒོམས་པས་ཞག་བདུན་ནམ། བཅུ་བཞིའམ། ཉེར་གཅིག་གམ། ཟླ་གཅིག་ཙམ་གྱིས་རྟོགས་པ་ཐོབ་ནས་ཤར་གྲོལ་དུས་གཅིག་ཏུ་འབྱུང་བ་ཡིན་ལ། དབང་པོ་ཐ་མས་ནི། ཟླ་བ་རེ་ལ་རླུང་རེ་སྦྱོར་དངོས་རྗེས་གསུམ་ཚང་བར་བསྒོམས་པས། ཟླ་བ་དྲུག་ནས་ཉོན་མོངས་པའི་ས་བོན་དྲུག་གི་ནུས་པ་ཟད། ཡེ་ཤེས་དུས་གཅིག་ལ་ཤར། ཤེས་བྱ་ཐམས་ཅད་དུས་གཅིག་ཏུ་ཆོད། ལས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གནས་གྱུར། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །ཡེ་ཤེས་རྣམས་རིམ་གྱིས་སྐྱེས་ནས་གྲོལ་བར་འགྱུར་ཏེ། དེ་ལྟར་ཤེས་པའི་རྣལ་འབྱོར་གྱིས༔ ཟླ་དྲུག་མ་ཡིན་རླུང་དྲུག་ཡིན༔ ཞེས་གསུངས་སོ། །ཞར་བྱུང་ལམ་གྱི་ཡན་ལག་ལ་གཉིས་ལས། མཚན་མོ་འོད་གསལ་འཛིན་པ་ནི། ཉལ་ཁར་རང་རྗེ་བཙུན་མའི་སྐུ་གསལ་སྟོང་བདེ་བའི་རང་སྣང་དུ་ཤར་བའི་སྤྱི་བོར་བླ་མ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ། མོས་གུས་དྲག་པོས་གསོལ་བ་བཏབ་པས་ད་ལྟའི་སྣང་བ་འདི་གཏད་མེད་དུ་ཆད་དེ་ལངས་སོང་བ་དང་། བླ་མའི་སྙིང་གའི་ཨ་ལ་བསྟིམ། དེ་ནས་རང་ལུས་ཀྱི་དབུ་མའི་ནང་གི་ཨ་ཡིག་སལ་ལེ་བ་ལ་རླུང་སེམས་གཏད་དེ་བཞག །ཧ་ཅང་ཤེས་པ་སྒྲིམ་མ་དྲགས་ཙམ་གྱི་ངང་ནས་གཉིད་ལོག་པས་མི་རིང་བར་གཉིད་འོད་གསལ་དུ་ཆུབ་པར་འགྱུར་ཞིང་། སད་མ་ཐག་ཏིང་ངེ་འཛིན་གྱི་སྐྱེལ་བསུས་སླེབ་པ་གལ་ཆེ་གསུངས། འདའ་ཀ་འཕོ་བའི་མན་ངག་ནི། རྣལ་འབྱོར་པ་རབ་ཏིང་ངེ་འཛིན་ལ་དབང་ཐོབ་པས་འཕོ་བའི་གདམས་པ་མི་དགོས། འབྲིང་རླུང་སེམས་ལས་སུ་རུང་བས་འཕོ་བ་སླ། འདིར་ཐ་མ་རླུང་ཟིན་པ་ཙམ་ལ་འཕོ་བའི་གདམས་ངག་གིས་མཚམས་སྦྱོར་དགོས་པས། དེའི་གནད་ནི། རང་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་འཁོར་ཡི་གེ་ལྔ་དང་བཅས་པ་གསལ་བཏབ་ལ། འབྱུང་བའི་ཐིམ་རིམ་དང་སྦྱར་ཏེ། ས་ཆུར་ཐིམ་དུས་གསང་འཁོར་གྱི་ཡི་གེར་ཤེས་པ་གཏོད་ཅིང་རླུང་བསྟིམ། དེ་བཞིན་དུ་ཆུ་མེར་ཐིམ་དུས་གསང་ཡིག་ལྟེ་འཁོར་གྱི་ཡི་གེར་བསྟིམས་ནས་དེར་རླུང་རིག་གཏད། མེ་རླུང་ལ་ཐིམ་དུས་ལྟེ་ཡིག་སྙིང་གའི་ཡི་གེར་བསྟིམས་ལ་དེར་རླུང་རིག་གཏད། རླུང་སེམས་ལ་ཐིམ་དུས་སྙིང་ཡིག་མགྲིན་པར་བསྟིམས་ལ་དེར་རླུང་རིག་གཏད། སེམས་འོད་གསལ་ལ་ཐིམ་དུས་ལས་ལ་སྦྱོར་ཏེ། མགྲིན་པའི་ཡི་གེ་གྱེན་དུ་སོང་བ་སྤྱི་བོའི་ཡི་གེར་ཐིམ་པའི་རྐྱེན་གྱིས་རླུང་སེམས་ཚངས་བུག་ནས་ཐོན་པ་སྤྱི་བོའི་བླ་མ་ཧེ་རུ་ཀའི་ཡུམ་གྱི་བྷ་གར་བསྟིམས་ལ་བརྒྱལ་ཐབས་སུ་མཉམ་པར་འཇོག །སྦྱོང་བའི་ཚེ་མགྲིན་པའི་ཡི་གེ་སྤྱི་བོའི་ཡི་གེར་བསྟིམ་པའི་བར་བྱས་རྗེས་དར་གཅིག་མཉམ་པར་བཞག་ནས། སླར་ཡང་སྤྱི་བོའི་ཡི་གེ་ལས་མགྲིན་པའི་ཡི་གེ་སོགས་རིམ་པར་མཆེད་དེ་དབུ་མའི་ལམ་བརྒྱུད། སོ་སོའི་གནས་སུ་སོན་པས་དེ་དང་དེར་བདེ་བ་ཆི་ལི་ལི་བྱུང་བར་བསམ་ཞིང་རླུང་རིག་ཐུར་དུ་འཆིང་། དེ་ལྟར་ཐིམ་རིམ་གྱི་མོས་པ་ལམ་དུ་བྱེད་པས་སྐྱེལ་བསུ་ལ་བསླབ་པར་བྱ་བ་གནད་དོ། །དེ་དག་ནི་གསང་དབང་གི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་སྤྲོས་མེད་བཟླས་པའི་རྣལ་འབྱོར་ལ་བརྟེན་ནས་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གསུམ་པ་དོན་དམ་པ་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པ་ལ་གཉིས་ཏེ། བསྒོམ་དོན་གྱི་གནད་བློ་ལ་འགོད་པ་དང་། གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ ཞེས་གསུངས་ཏེ། དེའི་དོན་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པ་ལྟར་སྣང་བ་འདི་ཐམས་ཅད་རང་སེམས་ཀྱི་འཁྲུལ་སྣང་ཙམ་ལས་གཞན་དུ་མ་གྲུབ་པ་རྨི་ལམ་གྱི་སྣང་བ་ལྟ་བུ་དང་། སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས། སྐྱོན་ཡོན་གྲུབ་བསལ་ལས་འདས་པའི་ཀུན་ཁྱབ་འགྱུར་མེད་ཀྱི་དབྱིངས་དེ་ནི་དོན་དམ་པའི་རྡོ་རྗེ་ཕག་མོ་སྟེ། སྙིང་པོ་ལས། དུས་བཞིར་ཕྱོགས་བཅུ་གང་ནས་ཀྱང། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་ནས་མ་ཚོལ་ཅིག །ཅེས་གསུངས་པ་བཞིན་ཏེ། དེ་ལ་གནས་ལུགས་གཞིའི་ཕག་མོ་ཞེས་ཀྱང་ཟེར་རོ། །དེ་ཉིད་བླ་མ་དམ་པ་མན་ངག་ཉམས་མྱོང་ཅན་གྱིས་མཛུབ་ཚུགས་སུ་ངོ་སྤྲད་པས། སློབ་བུས་རང་སེམས་ཆོས་སྐུར་ངེས་པ་རྙེད་པ་ན། ལས་ཉོན་སྡུག་བསྔལ་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ངང་གིས་གཏན་ལ་ཕེབས་པས། དབང་པོ་རང་ལོག་དང་ཡེ་ཤེས་རང་ཤར་གྱིས། གཉུག་མ་ལྷན་ཅིག་སྐྱེས་པའི་དོན་དེ་བཞིན་ལ་མེ་ལོང་བསྟན་པ་ལྟར་རྟོགས་ནས་མཉམ་རྗེས་དབྱིངས་སུ་ཐིམ། འཁོར་འདས་མཉམ་ཉིད་དུ་ལམ་དུ་ལོངས་པ་ནི་རྟོགས་པ་ལམ་གྱི་ཕག་མོ་ཞེས་བྱའོ། །དེ་ལྟར་རྟོགས་པའི་དོན་ལ་གོམས་འདྲིས་བརྟན་པོས་བསྐྱངས་སྟོབས་ཀྱིས་སྒྲིབ་གཉིས་གཞི་ལ་དག །དྲན་རིག་གཟུང་འཛིན་གྱི་རྟོག་པ་ཆོས་ཉིད་ལ་ཐིམ། ཉམས་ཀྱི་ཤེས་པ་ཕྲ་མོ་ཡང་དབྱིངས་སུ་ཡལ་ཏེ་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་པ་ནི་མངོན་གྱུར་འབྲས་བུའི་ཕག་མོ་ཞེས་བྱའོ། །ལམ་གྱི་ཕག་མོ་དེ་ཡང་འདིར་དབང་དུས་སམ་ལམ་དུས་ཀྱི་ཡེ་ཤེས་སྐད་ཅིག་མ་དྲུག་ངོས་ཟིན་པས་རྟོག་པ་དྲུག་གཅོད་པའི་གནད་དེ། དེ་ལྟར་རྟོགས་པས་ཆོས་ཐམས་ཅད་སེམས་སྣང་། སེམས་ཉིད་རྩ་བྲལ་སྟོང་པ་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་ཕེབས་པ་རྡོ་རྗེ་ཕག་མོའི་ལྟ་བ། དེ་ལ་གནས་པ་སྒོམ་པ། དེ་དང་མི་འབྲལ་བ་སྤྱོད་པ། དེ་ལ་བརྟན་པ་ཐོབ་པ་འབྲས་བུ་སྟེ། དབང་པོ་རབ་གྲོལ་བར་བྱེད་པའི་གདམས་པའོ། །དེ་ལྟར་ཡང་མངོན་འབྱུང་ལས། ཡེ་ཤེས་སྐད་ཅིག་དང་པོ་ལ། །གཟུང་བའི་རྣམ་པར་རྟོག་པ་གཅོད། །སྐད་ཅིག་གཉིས་པའི་ཡེ་ཤེས་ཀྱིས། །འཛིན་པའི་རྣམ་པར་རྟོག་པ་གཅོད། །སྐད་ཅིག་གསུམ་པའི་ཡེ་ཤེས་ཀྱིས། །གཟུང་འཛིན་གཉིས་ཀྱི་རྟོག་པ་གཅོད། །སྐད་ཅིག་བཞི་པའི་ཡེ་ཤེས་ཀྱིས། །རྣམ་པར་ལྟ་བའི་རྟོག་པ་གཅོད། །སྐད་ཅིག་ལྔ་པའི་ཡེ་ཤེས་ཀྱིས། །ཉམས་མྱོང་སྐྱེ་བའི་རྟོག་པ་གཅོད། །སྐད་ཅིག་དྲུག་པའི་ཡེ་ཤེས་ཀྱིས། །ཡིད་ལ་བྱེད་པའི་རྟོག་པ་གཅོད། །ཅེས་གསུངས་སོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྟན་བདེ་བ་ལ་ལུས་གནད་ཆོས་བདུན་བཅས། རླུང་རང་བབས་སུ་བཞག །སེམས་མ་བསྒྲིམས་མ་གློད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་འཇོག་ཅིང་། དེ་ཀའི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས་གང་དུའང་ངོས་གཟུང་མེད་ཅིང་། བློའི་ཡུལ་ལས་འདས་པའི་རང་རིག་རང་གསལ་སྤྲོས་པ་དང་བྲལ་བ་ཞིག་འཆར་བས་དེའི་ངང་ལ་མཉམ་པར་འཇོག་ཅིང་། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་འཕྲོ་ན། གང་ཤར་དེ་ཀ་ལ་ཆེ་རེ་བལྟས་པས་སྐྱེས་ཟིན་སྐྱེ་འགྱུར་སྐྱེ་བཞིན་པའི་རྣམ་རྟོག་ཐམས་ཅད་ནམ་མཁའི་དབྱིངས་ལ་བལྟས་པས་ཅི་ཡང་མ་མཐོང་བ་དང་འདྲ་བར་རྗེས་མེད་དུ་ཝལ་ཁྱུག་གིས་སོང་། དེ་ལྟར་གང་དུའང་མ་མཐོང་། ཅི་ཡང་མ་ཡིན་པ་སྟོང་གསལ་ཡུལ་མེད་དུ་ལྷག་གེ་བ་དེ་ཁོ་ན་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲ་ལ། དེ་ཉིད་རང་གིས་ཁ་ནང་དུ་ཕྱོགས་ཏེ་རིག་པ་ལས་གཞན་མེད་པས་སོ་སོ་རང་རིག །སེམས་ཀྱི་ངོ་བོ་གང་དུའང་མ་མཐོང་བས་སྤྲོས་བྲལ། གང་དུའང་མ་གྲུབ་པས་སྟོང་ཉིད། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལས་མི་འདའ་བས་གཉུག་མ། འཁྲུལ་རུང་མ་འཁྲུལ་རུང་གནས་ལུགས་ཀྱི་དོན་དེ་ལས་གཞན་དུ་མེད་པས་གཞན་སྟོང་འགྱུར་བ་མེད་པའི་དབྱིངས་ཞེས་གྲགས་སོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལ། །སྤྲོས་བཅས་སྤྲོས་མེད་ལ་སོགས་པ། །དཔག་མེད་མང་དུ་བཤད་ན་ཡང་། །སྤྱིར་ནི་ཐམས་ཅད་སེམས་སུ་འདུས། །ཐ་མལ་ཤེས་པ་ངོས་ཟིན་ཅིང། །རེ་དོགས་མེད་པར་གྲོལ་གྱུར་ན། །རྡོ་རྗེ་ཕག་མོ་དེ་ཉིད་ཡིན། །ཞེས་སོ། །དེ་ཡང་མ་གོམས་ཀྱི་བར་དུ་སྣང་རིག་ངོ་བོ་ངོས་གཟུང་དང་བྲལ་བ་དེ་ཀའི་སྟེང་དུ་ཤེས་པ་ངར་དང་བཅས་ཏེ་སལ་ལེ་ཧྲིག་གེ་རྗེན་ནེ་འཇོག །དེས་ངལ་ན་ལྷོད་དེ། མེ་རེ། འབོལ་ལེ། ཤིགས་སེ་གློད་ལ་གཞག །དེ་ལྟར་སྒྲིམ་ལྷོད་རེ་མོས་སུ་བསྐྱངས་པས་ཅུང་ཟད་གོམས་པ་ན། གང་ལའང་གཏད་མེད་དུ་བློ་བྱ་བྲལ། སེམས་རྟོག་བྲལ། ཤེས་པ་སྐྱོན་བྲལ་རང་ལུགས་སུ་བསྐྱང་བར་བྱའོ། །དེ་ལྟར་ཡང་ཕག་མོ་མངོན་འབྱུང་ལས། ཕྱོགས་རིས་མེད་པའི་ལྟ་བ་དེ། །གཉུག་མའི་དོན་ལ་ལྟ་བར་གྱིས། །དམིགས་གཏད་མེད་པའི་སྒོམ་པ་དེ། །གཉུག་མའི་ཡིད་ཀྱིས་བསམ་པར་གྱིས། །ཞེས་གསུངས། དེ་ཡང་དུས་གསུམ་གྱི་རྟོག་པས་མ་བསླད་པའི་རྩ་བྲལ་གྱི་ཤེས་པ་ཡེངས་མེད་ཀྱི་ངང་ནས་འཆར་སྒོ་མ་འགགས་པའི་ཡེ་ཤེས་བདེ་གསལ་རྣམ་པར་མི་རྟོག་པའི་རང་ངོར་རྗེན་ནེ་བཞག་པའི་ཚེ། དེ་སྐད་ཅིག་མ་དྲུག་གི་རྟོག་པ་གཅོད་དེ། ཕྱི་སྣང་བའི་ཡུལ་ལ་མི་ཞེན་པས་གཟུང་ཡུལ་གྱི་རྟོག་པ་ཆོད། ཡུལ་གྱི་ཞེན་པ་འགགས་པས་དེར་འཛིན་བྱེད་ནང་རྣམ་པར་རྟོག་པའང་རང་བཞིན་གྱིས་སྟོང་པས་འཛིན་པའི་རྣམ་རྟོག་ཆོད། དེ་ལྟར་ཡུལ་ཤེས་ཀྱི་གཟུང་འཛིན་མ་གྲུབ་པས་གཟུང་འཛིན་གཉིས་ཀའི་རྟོག་པ་ཆོད། དེས་འདོད་པའི་ལྟ་བ་ལ་མ་ཞེན་ན། སྒོམ་པའི་ཉམས་ལ་མི་ཆགས་པས་རྣམ་པར་ལྟ་བའི་རྟོག་པ་ཆོད། ཉམས་ལ་ཞེན་པ་ཟད་པས་གསལ་ལ་རྟོག་མེད་ཡེ་ཤེས་ཉིད་དུའང་ཞེན་པ་མེད་པས་ཉམས་མྱོང་སྐྱེ་བའི་རྟོག་པ་ཆོད། དེས་གསལ་ལ་རྟོག་པ་མེད་པ་ཡིན་ནོ་སྙམ་པ་ཙམ་གྱི་བློ་དང་བློ་འཛིན་ཕྲ་མོའང་རང་སར་གྲོལ་བས་ཡིད་ལ་བྱེད་པའི་རྟོག་པ་ཆོད་དེ། སྐྱེ་བའི་ས་བོན་ཟད་པས་སྐྱེ་མེད་ཡུམ་གྱི་ངང་དུ་ཁྲོལ་གྱིས་གྲོལ་བ་ནི་དབང་རབ་སྐད་ཅིག་དྲུག་གིས་གྲོལ་བའི་མན་ངག་གི་གནད་དམ་པའོ། །དེ་དག་ནི་རྟེན་ཤེར་དབང་གི་བརྟེན་པ་ཚིག་དབང་དང་བཅས་ཏེ་དབང་གོང་མའི་བརྡ་དང་རྗེས་སུ་འབྲེལ་བའི་ལམ་ཤིན་ཏུ་སྤྲོས་མེད་དོན་དམ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པའོ། །གཉིས་པ་སྤྱོད་ལམ་གཞན་དང་བསྲེས་ནས་ལམ་དུ་ཁྱེར་བ་རྗེས་ཐོབ་ཀྱི་རྣལ་འབྱོར་ལ་དྲུག་ལས། དང་པོ་སྐུ་རྣམ་པར་དག་པ་སྣང་བ་སྐུའི་དཀྱིལ་འཁོར་དུ་སྐུའི་སྤྱོད་ལམ་དང་བཅས་བསྟན་པ། རྡོ་རྗེ་ཕག་མོ་གང་ཡིན་པ༔ ཡེ་ནས་རང་སེམས་རྣམ་དག་ཡིན༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཆོས་ཉིད་དོན་གྱིས་ཁྱབ་པའི་ཕྱིར༔ ཡེ་ནས་ཕག་མོ་ཉིད་དུ་གནས༔ ཐམས་ཅད་སྐུ་ཡི་ཕྱག་རྒྱ་ཡིན༔ བསྒུལ་སྐྱོད་ལྡང་འདུག་ཅི་བྱེད་ཀྱང༔ ཕྱག་དང་བསྐོར་བ་བྱེད་པ་ཡིན༔ ཞེས་པའི་དོན་སྔར་བཤད་པ་ལྟར། སེམས་ཉིད་རང་བྱུང་གི་ཡེ་ཤེས་དོན་གྱི་ཕག་མོ་སྟེ། རང་བཞིན་རྣམ་དག་དེས་ཆོས་ཐམས་ཅད་ལ་ཁྱབ་པས་ན། སྣང་བ་ཐམས་ཅད་རྗེ་བཙུན་མའི་སྐུའི་ཕྱག་རྒྱ་གསལ་སྟོང་འཛིན་མེད་དུ་ལྷག་ལྷག་སད་པར་མོས་ལ། དེའི་ངང་ནས་གང་མཐོང་ཡང་ལྷས་ལྷ་མཇལ་བ་དང་། ཉལ་འདུག་ལྡང་བ་ཕྱག་འགྲོ་འདུག་འཆག་བསྐོར་བ། ཟ་འཐུང་གྱོན་པ་མཆོད་པ་སོགས་ལུས་ཀྱི་བྱ་སྤྱོད་ཐམས་ཅད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ལམ་དུ་ཁྱེར་རོ། །གཉིས་པ་གསུང་རྣམ་པར་དག་པ་སྒྲའི་དཀྱིལ་འཁོར་དུ་བརྗོད་པ་ཐམས་ཅད་སྔགས་སུ་བསྟན་པ་ནི། བདེན་རྫུན་འཇམ་རྩུབ་ལ་སོགས་པ༔ སྨྲ་བརྗོད་ཐམས་ཅད་གསང་སྔགས་ཡིན༔ ཞེས་པས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཅི་སྨྲས་ཅི་ཐོས་ཐམས་ཅད་རྩ་ཡིག་ཨཱ་ལི་ཀཱ་ལིའི་རང་གདངས་ལས་མ་འདས་པས་གྲགས་སྟོང་གཞོམ་མེད་རྡོ་རྗེ་ཕག་མོའི་སྔགས་ཀྱི་རང་སྒྲར་རྣམ་པར་དག་པར་མོས་ལ་ལམ་དུ་ཁྱེར་རོ། །གསུམ་པ་ཐུགས་རྣམ་པར་དག་པ་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་དུ་དྲན་རིག་ཐམས་ཅད་ཏིང་ངེ་འཛིན་དུ་བསྟན་པ་ནི། བཟང་ངན་རྟོག་པ་གང་འགྱུས་ཀྱང༔ དྲན་རིག་ཐམས་ཅད་ཏིང་འཛིན་ཡིན༔ ཞེས་པས་སེམས་ལ་བཟང་རྟོག་ངན་རྟོག་གི་རྟོག་པ་གང་འགྱུ་ཡང་། གང་ཤར་གྱི་ངང་ལ་ཆེར་ཆེར་བལྟས་པས་དྲན་རྟོག་རྗེས་མེད་རིག་སྟོང་དུ་རྗེན་སང་ངེ་འཆར་བ་ཉིད་རྗེ་བཙུན་མའི་ཐུགས་ཆོས་ཉིད་དུ་མོས་ལ་ལམ་དུ་ཁྱེར་རོ། །བཞི་པ་འདོད་ཡོན་རྣམ་པར་དག་པ་བཟའ་བཏུང་ཐམས་ཅད་མཆོད་པར་བསྟན་པ་ནི། འཐུང་དང་ཟོས་དང་ཚིམ་པ་དང༔ འདོད་ཡོན་ཐམས་ཅད་མཆོད་པ་ཡིན༔ ཞེས་པས་སྐོམ་འཐུངས་པ་དང་ཟས་ཟོས་པ་དང་། གཟུགས་སྡུག་མི་སྡུག་སོགས་འདོད་ཡོན་གྱི་རྣམ་པ་གང་དང་གང་ལ་དབང་པོ་དང་ཤེས་པས་ལོངས་སྤྱོད་པ་ཐམས་ཅད་ཀྱང་། རང་བྱུང་ཡེ་ཤེས་ཀྱི་ལྷ་ལ་ལྷ་དང་། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་སྒོ་ནས་མཆོད་པ་འབུལ་བར་མོས་པས་ལམ་དུ་ཁྱེར་རོ། །ལྔ་པ་བརྟུལ་ཞུགས་རྣམ་པར་དག་པ་ཆུད་ཟོས་ཐམས་ཅད་གཏོར་མར་བསྟན་པ་ནི། རལ་གཏོར་སྒྱེལ་དང་འབོ་གཅོག་སོགས༔ ཆུད་ཟོས་ཐམས་ཅད་གཏོར་མ་ཡིན༔ ཞེས་པས་དུས་ཚོད་དང་འབྲེལ་བར་སྤྱོད་པ་ལས། འདིར་སྐབས་སུ་བབས་པ་ན་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བཅོས་མ་དང་མཛེས་ཁྲིགས་བཤིགས་ནས་མི་ཕོད་པ་ལ་ཐོག་བརྫིས་བྱེད་པ་སྟེ། གོས་སོགས་རལ་བ་དང་། ཆང་དང་འབྲུ་འབྲས་སོགས་གཏོར་བ་དང་། སྣོད་བསྒྱེལ་ཞིང་གཅོག་པ་དང་། བཅུད་འབོ་བ་སོགས་ཆུད་ཟོས་ཅི་དང་ཅི་བྱས་ཀྱང་ཐམས་ཅད་རང་བྱུང་རང་ཤར་གྱི་གཏོར་མར་ཤེས་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལྷ་ཉིད་ལ་ཉིད་རོལ་པར་མོས་པས་ལམ་དུ་ཁྱེར་ཏེ། དེས་ཟས་ནོར་དང་སྣང་བ་དབང་དུ་འདུས་པར་འགྱུར་རོ། །དྲུག་པ་དཔེ་དོན་རྣམ་པར་དག་པ་སྐལ་བ་ཡོད་མེད་ཀྱིས་འགྲུབ་པ་དང་མི་འགྲུབ་པར་བསྟན་པ་ནི། དེ་ལྟར་ཤེས་པའི་རྣལ་འབྱོར་པས༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཇི་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ཐེ་ཚོམ་ཡིད་གཉིས་ཅན་གྱིས་ནི༔ བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ༔ ཞེས་པས་སྐལ་ལྡན་ངེས་ཤེས་ཅན་གྱི་རྣལ་འབྱོར་པས་བསྒྲུབས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་འདོད་ཡིད་བཞིན་འགྲུབ་པར་འགྱུར་ཏེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་མཆོད་པས་དགོས་འདོད་འབྱུང་བ་བཞིན་ནོ། །གལ་ཏེ་སྐལ་མེད་ཐེ་ཚོམ་ཅན་ནི་སྒྲུབ་བློ་བགྱིས་ཀྱང་འགྲུབ་པར་མི་འགྱུར་བའི་ཕྱིར་ན། འདི་དང་འཕྲད་པའི་སྐལ་ལྡན་རྣམས་ཀྱིས་ཡིད་གཉིས་ཐེ་ཚོམ་སྤངས་ཏེ་བརྩོན་འགྲུས་དྲག་པོས་བསྒྲུབ་པ་གཅེས་སོ། །གསུམ་པ་རྗེས་ཀྱི་ཁྲིད་ནི། ཉམས་རྟོགས་སྐྱེས་རིམ་ནས་ངོ་སྤྲོད་པ་དང་། གེགས་སེལ་བོགས་འདོན་རྣམས་བླ་མ་དམ་པ་ཉམས་མྱོང་ཅན་གྱིས་ལེགས་པར་གདམས་ཏེ་འཁྲིད་པར་བྱ་ཞིང་། དེ་ལྟར་འཁྲིད་པས་ཉམས་རྟོགས་དབྱར་གྱི་མྱུ་གུ་ལྟར་འཕེལ་བས་རིམ་པར་སློབ་པའི་ཟུང་འཇུག་ལ་སྦྱོར། དེས་ཟུང་འཇུག་གི་ལམ་ཉིད་ཀྱིས་ས་བཅུའམ་བཅུ་གཉིས་བགྲོད་པའི་མཐར་མི་སློབ་པའི་ཟུང་འཇུག་རྫོགས་པའི་སངས་རྒྱས་ཀྱི་སྐུ་འཕྲིན་ལས་དང་བཅས་པ་ཐོབ་པ་ཡིན་ནོ། །ཞར་བྱུང་ལག་ལེན་རྒྱས་བསྡུས་ཀྱི་སྒོ་བསྟན་པ་ནི། དཀྱུས་སུ་བཀོད་པ་ཉིད་རྒྱས་པའི་ལུགས་དང་། དེ་ལ་དངོས་གཞི་ལམ་ཁྱེར་གསུམ་གྱི་བསྒོམ་དོན་བློ་ལ་འགོད་པ་རྣམས་བོར་ནས། ཇི་ལྟར་སྒོམ་ཚུལ་གྱི་དམིགས་པ་ཁོ་ན་ཚང་བར་འབོགས་པ་འབྲིང་པོ་དང་། དེ་ལས་ཀྱང་ལོངས་སྐུའི་ཕག་མོ་ལམ་ཁྱེར་གྱི་དུས་སུ། སྤྲོ་བསྡུ་སྤྱིའི་བཟླས་དམིགས་དང་། ཐུན་མོང་གི་རླུང་གི་རྣལ་འབྱོར་ཙམ་ལ་བསྡུས་ཏེ་བཤད་ཀྱང་མ་ཚང་བའི་སྐྱོན་མེད་པ་བསྡུས་པའི་ལུགས་ཏེ། སློབ་བུའི་བློའི་རིམ་པ་དང་སྦྱར་ལ་ཇི་ལྟར་འཚམ་པའི་སྒོ་ནས་འཁྲིད་པར་བྱའོ། །ཉུང་ངུའི་ངག༵་གིས་ཟབ་དོན་རྒྱ་ཆེ་ལ། །དབ༵ང་བསྒྱུར་གསལ་བར་བཀོད་ལས་ཐོབ་པའི་དགེས། །མཁའ་མཉམ་འགྲོ་ཀུན་ཆོ༵ས་འདིའི་ལམ་ཞུགས་ནས། །དཔ༵ལ་ལྡན་རྡོ་རྗེ་མཁའ་འགྲོ་ཉིད་གྱུར་ཅིག །ཅེས་ཉང་གཏེར་ཁྲོས་མ་ནག་མོའི་ཁྲིད་ཡིག་འདི་ཡང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་དམ་པ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་བཀས་རིང་མོ་ནས་བསྐུལ་བར་མཛད་པ་དང་། ཉེ་ཆར་ཆབ་མདོ་དགེ་སློང་སྤོང་བ་པ་ངག་དབང་བློ་བཟང་གིས་བསྐུལ་ངོར་རྒྱལ་ཀུན་ངོ་བོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧འགྱུར་མེད་རྡོ་རྗེའི་བཀའ་དྲིན་གྱིས་འཚོ་བའི། གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ང་དྲུག་པ་ས་མོ་གླང་གི་ལོ་སྟོན་ཟླ་ཐ་ཆུང་ཡར་ངོའི་ཚེས་བརྒྱད་ཀྱི་ཆར་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ། །དགེའོ།། །།
གཤིན་རྗེ་ཀིང་ཀང་ནག་པོ་རྒྱུན་ཁྱེར་ (Volume 18, Text 36)
ཨེ་ཡ། བདག་མདུན་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་དང་། །གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །ཡུམ་མཆོག་དམར་མོས་ཕུར་པ་ལྕགས་དྲྭ་འཁྱུད། ཁྲོ་ཆས་ཡོངས་རྫོགས་མེ་ཀློང་པད་ཉིའི་སྟེང་། །ཡབ་ཀྱི་གནས་ལྔར་གོ་ཆ་ལྷ་ལྔ་གསལ། །ཐུགས་སྲོག་ཧཱུྃ་ལ་རྩ་སྔགས་གཡས་སུ་འཁོར། །ཡེ་ནས་དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཨོཾ་ཀིང་ཀང་ཁ་ཏྲུཾ་ནྲྀ་མྱོག་དགྲ་བོ་ཝཱཀ་སཏྭམྦྷ་ཡ་ནན། བིགྷྣཾཱ་ཏྲ་ཐུཾ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུཾ་སྤུར་བྲུབ། བི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡ། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། དྲུཾ་དྲུཾ་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། བདག་ཅག་འཁོར་དང་བཅས་པ་ལ་བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་གྱི་གནོད་པ་སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྲུང་སྔགས་ཅི་ནུས་བཟླ། ཞེས་ཨ་རཱ་གས་གྲྭ་སློབ་རྣམས་ལ་ཁ་ཏོན་རྒྱུན་ཁྱེར་དུ་སྦྱར་བའོ། །སརྦ་མངྒ་ལཾ།། །།
མངའ་དབང་རིན་ཆེན་འབར་བ་ (Volume 51, Text 36)
༄༅༔ མངའ་དབང་རིན་པོ་ཆེའི་ལོ་རྒྱུས་བཞུགས་སོ༔ ཟངས་མཛོད། ཡིད་བཞིན་ནོར་བུ་དབང་གི་མཆོག༔ དགོས་འདོད་འབྱུང་བའི་མན་ངག་འདི༔ འགྲོ་བ་དབང་དུ་བསྡུ་བའི་ཕྱིར༔ གནོད་སྦྱིན་ནོར་གྱི་བང་མཛོད་བཅའ༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས༔ རྒྱལ་པོའི་ཁྱིམ་དུ་བཅས་པ་ཡིས༔ རྒྱལ་སྲིད་མངའ་ཐང་རྒྱས་པར་འགྱུར༔ རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར༔ འདི་ཉམས་སུ་ལེན་པ་ལ་གསུམ་སྟེ༔ དབང་བསྐུར་ཏེ་རྒྱལ་པོ་བཀྲ་ཤིས་པའི་མངའ་གསོལ་བ་དང༔ བང་མཛོད་བཅས་ཏེ་བསོད་ནམས་ཀྱི་མཐའ་རྒྱས་པར་བྱ་བ་དང༔ ལས་སྦྱོར་བརྩམས་ཏེ་མངའ་ཐང་སྐྱེད་པའོ༔ རྒྱལ་པོ་ལ་དབང་བསྐུར་བ་མངའ་དབང་རིན་པོ་ཆེ་ཞེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ པདྨ་འབྱུང་གནས་བདག་གིས་ཀྱང༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ སྐྱེས་ཚུལ་སྤྲུལ་པའི་བརྡ་བསྟན་ཚེ༔ ཡར་ངོ་སྐར་མ་རྒྱལ་གྱི་ཉིན༔ གཞུང་ལ་ཉི་མ་ཤར་བའི་ཚེ༔ མཚོ་གླིང་པདྨའི་དཀྱིལ་དུ་གྱུར༔ མཚོ་མཐའ་རྡོ་རྗེའི་བྲག་རིས་གཏམས༔ བར་ཁྱམས་རིགས་བཞིའི་མཁའ་འགྲོ་མ༔ འབུམ་ཕྲག་མང་པོ་སྤྲིན་ལྟར་གཏིབས༔ ཀུན་ཀྱང་རིན་ཆེན་འབར་བ་ཐོགས༔ ཕྱོགས་བཞི་མཚམས་བཞི་རང་གི་མདུན༔ སྲིད་གསུམ་མངའ་དབང་སྲོག་གི་བདག༔ ཞི་མ་ཁྲོ་ཡི་ཆ་བྱད་ཅན༔ སྐུ་མདོག་འབྱུང་བ་ལྔ་ཡི་མདངས༔ ཕྱག་མཚན་རིན་ཆེན་སྣ་ཚོགས་འཛིན༔ ནམ་མཁའི་མཐོངས་ནས་གཏེར་གྱི་བདག༔ སྲིད་གསུམ་དབང་གི་ཌཱ་ཀི་མ༔ ཕྱག་ན་རིན་ཆེན་བུམ་པ་ཐོགས༔ ཞལ་ནས་སྲོག་གི་ཡི་གེ་ལྔ༔ འཇིག་རྟེན་ཕྱོགས་བཅུ་ཁྱབ་པར་འཕྲོ༔ སྲིད་གསུམ་ཚེ་སྲོག་དབང་ཐང་སྡུད༔ ལྷ་རྣམས་མགྲིན་གཅིག་བསྡུས་པ་ཡི༔ དབང་གི་སྒྲ་ཡིས་རིན་པོ་ཆེ༔ བདག་གི་གནས་ཆེན་བཅོ་བརྒྱད་དུ༔ བརྡ་དོན་རྟགས་ཀྱི་དབང་བསྐུར་བྱས༔ དམ་ཚིག་གསུམ་ཕོག་རྒྱ་གསུམ་བཏབ༔ ལྷ་རྣམས་སྟེང་གི་ཡུམ་ལ་ཐིམ༔ ཡུམ་དེ་བདག་གི་སྙིང་གར་ཐིམ༔ ཕྱི་ནང་བདེ་བའི་སྣང་བ་ཤར༔ ཕྱག་ན་རྡོ་རྗེ་མཁའ་ལ་བྱོན༔ རིན་ཆེན་གླེགས་བམ་མཐོ་གང་བ༔ བདག་ལ་གཏད་ནས་བརྡ་གསུམ་གསུངས༔ མཁའ་ལ་སྒྲ་དང་བཅས་ཏེ་གཤེགས༔ ྈྈྈྈྈྈྈྈྈ ནོར་བུའི་དབང་ཆེན་ཐོབ་པ་དང༔ ཆོས་སྐྱོང་རྒྱལ་པོ་ཡབ་དང་མཇལ༔ ཨོ་རྒྱན་རྒྱལ་པོར་མངའ་གསོལ་ལོ༔ ལོ་དྲུག་འབངས་ཀྱི་སོ་ཚིས་བྱས༔ དེ་ནས་འཛམ་གླིང་ཁྱབ་པར་བཏུལ༔ འགྲོ་འདུལ་རྒྱལ་པོ་པདྨ་ངས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ བོད་ཡུལ་བྱང་ཆུབ་སེམས་ཀྱིས་བཏུལ༔ ཡིད་བཞིན་ནོར་བུ་དབང་གི་མཆོག༔ སྙིང་དང་འདྲ་བའི་མན་ངག་འདི༔ འབྱུང་པོ་འདུལ་བྱེད་རྒྱུད་ནས་བཏུས༔ རྒྱུད་ལ་ལེ་འུ་ལྔ་རུ་བསྟན༔ ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བའི༔ མངའ་དབང་རིན་ཆེན་འབར་བ་ཡོད༔ ཚེ་དང་བསོད་ནམས་མཐའ་རྒྱས་ཕྱིར༔ གནོད་སྦྱིན་ནོར་གྱི་བང་མཛོད་ཡོད༔ སྣང་སྲིད་དབང་དུ་བསྡུ་བའི་ཕྱིར༔ དབང་བྱེད་རྒྱལ་པོའི་སྒྲུབ་ཐབས་ཡོད༔ མཐའ་ཡི་དགྲ་བཞི་འདུལ་བའི་ཕྱིར༔ དྲེགས་པ་དབང་སྡུད་སྒྲུབ་ཐབས་ཡོད༔ འདུ་འཛི་གཡེང་བས་ལོང་མེད་ན༔ བཅས་ཆོག་ནོར་བུ་འབར་བ་ཡོད༔ ལྷ་དང་བླ་མ་མན་ངག་ལ༔ ཡིད་ཆེས་མོས་གུས་མེད་པའི་རིགས༔ ཁ་གསག་སྟོང་ཞུས་མཁས་པ་ལ༔ མན་ངག་སྤེལ་ན་རྒྱལ་ཁམས་ཕུང༔ དེ་ཕྱིར་དམ་ཚིག་བཀའ་རྒྱ་ཡོད༔ རྒྱུད་གཅིག་མན་ངག་དྲུག་བཅས་པ༔ རྒྱལ་སྲིད་རིན་ཆེན་བདུན་ལྡན་འདིས༔ ཁྲི་སྲོང་ལྡེ་བཙན་བསམ་པ་བསྒྲུབས༔ མ་དང་བུ་ཡིག་གཉིས་སུ་བཀོད༔ གཅིག་ནི་རྒྱལ་པོའི་སྙིང་ལ་ཆོངས༔ རྒྱལ་པོའི་མངའ་དར་བོད་ཁམས་བདེ༔ རྗེ་འབངས་ཐམས་ཅད་མཐོ་རིས་བགྲོད༔ གཅིག་ནི་རིན་ཆེན་གཏེར་དུ་སྦོས༔ དུས་ཀྱི་སྙིགས་མ་ཤར་བའི་ཚེ༔ རྒྱལ་ཁྲིམས་ཁྲེ་འུར་འཐོར་ནས་ཀྱང༔ སྡེ་བ་ནང་འཐབ་འཁྲུག་པ་འོང༔ བསོད་ནམས་ཉམས་པའི་རྟགས་བཅུ་འོང༔ རྒྱལ་པོའི་མངའ་ཐང་མ་ནོན་པས༔ འབངས་ཀྱིས་རྗེ་ལ་རྒོལ་བ་ཡོང༔ འདུལ་ཁྲིམས་བསྟན་པ་ཉམས་པ་ཡིས༔ བཙུན་པས་ཉོན་མོངས་བབ་ཆོལ་བྱེད༔ གསང་སྔགས་དམ་ཉམས་མང་བ་ཡིས༔ དཔོན་སློབ་ནང་འཐབ་བྱེད་པ་འོང༔ ཆོས་ལ་ཡང་ཟོར་བྱེད་པ་ཡོང༔ བུད་མེད་སྨད་འཚོང་བྱེད་པ་ཡོང༔ ཟས་སུ་ཤ་ཁྲག་ཟ་བ་འོང༔ ལས་སུ་སྡིག་ལ་རྔམས་པ་འོང༔ ངོ་ཚ་མེད་ཅིང་སྡིག་ལ་རྔམས༔ དེ་ལྟར་སྤྱོད་ངན་སྣ་ཚོགས་བྱས༔ ཡུལ་ཕྱོགས་གྲིབ་ཀྱི་འཚུབས་མས་འགྲིབས༔ འགོ་བའི་ལྷ་ལྔ་ཕྱི་ལ་བྲོས༔ གཞི་བདག་ཆོས་སྐྱོང་བདུད་དུ་བབས༔ སྟེང་འོག་ལྷ་སྲིན་ཐམས་ཅད་འཁྲུགས༔ གཉན་ནད་མེ་ལྟར་འབར་བ་འོང༔ རིམས་ནད་ཆར་ལྟར་སག་པ་འོང༔ མཐའ་དམག་ཆུ་ལྟར་བརྡོལ་བ་འོང༔ སྡུག་བསྔལ་བཟོད་གླགས་མེད་པ་འོང༔ དེ་དུས་བོད་ཁམས་སྙིང་རྗེའི་ཕྱིར༔ ཨོ་རྒྱན་ཐུགས་ཀྱི་གཏེར་མཛོད་འདི༔ ལས་ཅན་གཅིག་དང་འཕྲད་པར་འགྱུར༔ ལས་ཅན་གཏེར་དང་འཕྲད་པའི་དུས༔ བརྩོན་འགྲུས་མྱུར་མགྱོགས་བྱང་སེམས་སྐྱེད༔ བོད་ཀྱི་བདེ་སྡུག་མཚམས་སུ་འོང༔ མཐའ་ཡི་དམག་དྲུག་བརྡོལ་དུ་ཆ༔ བོད་ལ་སྡུག་རེས་བབ་ཏུ་ཆ༔ མཚོན་ཆ་ཆར་ལྟར་འབབ་ཏུ་ཆ༔ སྒྱོགས་དང་མེ་གཏོང་ཡོང་དུ་ཆ༔ བོད་ཀྱི་སེམས་ཅན་ཟད་དུ་ཉེ༔ དེ་དུས་ང་ཡི་ཐུགས་རྗེ་ལས༔ བོད་ལ་གཅེས་པའི་གཏེར་མཛོད་བཞི༔ མཛོད་བཞིའི་སྙིང་ཁྲག་མན་ངག་བརྒྱད༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ ང་ཡི་བཀའ་བཞིན་བསྒྲུབས་པ་ན༔ བོད་ཡུལ་བདེ་སྐྱིད་ལྡན་པར་འགྱུར༔ ང་ཡི་སྐུ་ཡི་གདུལ་བྱ་ཡིས༔ བོད་དུ་བདེ་སྐྱིད་འབྱུང་འདོད་ན༔ གནས་ཆེན་གངས་རི་བཀྲ་ཤིས་པའི༔ རྩེ་མོ་རྩ་བ་རྐེད་པ་ལ༔ ཐུགས་ཀྱི་ལྷ་གསུམ་རྫོགས་པར་བཞེངས༔ རྒྱལ་པོའི་ཁབ་དང་མི་ཆེན་གནས༔ ཁྲོམ་ཆེན་འདུ་བའི་ཡུལ་དབུས་སུ༔ སྡུག་བསྔལ་སྐྱོབ་བྱེད་ལྷ་བཞི་བཞེངས༔ དབེན་གནས་སྒྲུབ་པའི་ཁང་པ་དང༔ དགེ་འདུན་འདུ་བའི་ཕོ་བྲང་དུ༔ བཀྲ་ཤིས་དཔལ་འབར་ལྷ་ཁང་བཞེངས༔ སོ་སོའི་སྐྱེ་བོའི་གྲོང་གསེབ་དང༔ མཐའ་ཡུལ་སྡིག་སྤྱོད་ཡུལ་མཐའ་རུ༔ སྙིང་རྗེས་འདྲེན་པའི་ལྷ་ཁང་བཞེངས༔ བོད་ཡུལ་སྤྱི་དང་ས་ཕྱོགས་སུ༔ གནོད་པའི་ས་པྲ་ངན་པ་དང༔ ནད་རིམས་ལྷོག་བརྒལ་དར་བའི་ས༔ གཡུལ་བཀྱེ་མི་བསད་འཁྲུགས་པའི་ས༔ ཚེ་ཐུང་ནང་འཁྲུགས་དར་བའི་ས༔ ཤི་ཁ་བྱེ་དང་བཀྲ་མི་ཤིས༔ མི་དགེ་སྡུག་བསྔལ་ཐམས་ཅད་ཀྱི༔ སྲི་མནན་དཔུང་གཞོམ་ཕྱིར་ཟློག་པའི༔ བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས༔ ྈྈྈྈྈྈྈྈ ང་ཡི་གསུང་གི་གདུལ་བྱ་ཡིས༔ བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང༔ དེ་དུས་ང་ལ་མོས་པ་ཡིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོས༔ ཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡི༔ ལས་དང་སྨོན་ལམ་རྒྱ་ཆེན་ཐོབས༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ བཀའ་ཡི་གསུང་སྒྲོགས་མཆོད་རྟེན་བཞེངས༔ བསྙེན་པར་གནས་དང་སཱཙྪ་འདེབས༔ སྲོག་བསླུ་ཉེའུ་འདོན་བྱ་བ་དང༔ ལམ་འཕྲང་ཟམ་པ་གཟུག་པ་དང༔ དགེ་འདུན་མཆོད་དང་བསྐོར་བ་བྱ༔ རང་རང་གང་མོས་དགེ་བ་གྱིས༔ བདག་ལ་གུས་པས་གསོལ་བ་ཐོབས༔ ཐ་མ་ཚེས་བཅུ་ནམ་ཤར་ཚེ༔ སྲོག་གཅོད་སྡིག་པའི་ལས་མི་བྱེད༔ རང་གི་སྒོ་ན་འཁོར་བ་ཡི༔ ལོང་སྤྲང་ཁྱི་དང་དུད་འགྲོ་ལ༔ ཅི་འབྱོར་སྦྱིན་པ་སྙིང་བརྩེས་སྦྱིན༔ མདོར་ན་ཡར་གྱི་ཚེས་བཅུའི་ཉིན༔ རབ་འབྲིང་ཐ་མའི་གང་ཟག་གིས༔ སངས་རྒྱས་མཆོད་དང་སེམས་ཅན་གསོ༔ ཡི་གེ་འབྲུ་གཅིག་གུས་པས་འབྲི༔ སྙིང་རྗེའི་སེམས་ཀྱིས་ཆུ་ཕོར་གང༔ སྦྱིན་པ་གཏོང་བ་ཐམས་ཅད་ཀུན༔ པདྨ་འབྱུང་གནས་དུས་མཆོད་ཡིན༔ དེ་དུས་ང་ཡི་སྨོན་ལམ་གྱིས༔ དགེ་བ་ཅི་འགྲུབ་འབུམ་འགྱུར་འཕེལ༔ ང་ཡི་ཐུགས་རྗེས་རྒྱུན་དུ་སྐྱོབ༔ ང་ཡི་ཐུགས་ཀྱི་གདུལ་བྱ་ཡིས༔ བོད་ཀྱི་བདེ་སྐྱིད་འབྱུང་འདོད་ན༔ རྒྱལ་ཁྲིམས་ཆོས་ཁྲིམས་བཟང་པོ་ཚུགས༔ རྣམ་ཐར་དཔེ་ལུགས་བཟང་པོ་སྐྱོངས༔ བཀའ་དང་རྒྱུད་ལུང་མན་ངག་གི༔ ཕྱི་ནང་གསང་བའི་སྒྲུབ་པ་རྣམས༔ རང་རང་གང་མོས་དམ་ཆོས་རྣམས༔ ཆད་ལྷག་བཅོས་བསླད་མེད་པར་སྒྲུབས༔ དེ་ལྟར་བྱས་པས་བོད་ཡུལ་འདིར༔ བདེ་སྐྱིད་ལྡན་པར་ཐེ་ཚོམ་མེད༔ དེ་དུས་ལས་དང་སྨོན་ལམ་གྱིས༔ མངའ་བདག་བཙན་པོའི་གདུང་རྒྱུད་འདི༔ མང་ཡུལ་སྟོད་དུ་གནས་པར་འགྱུར༔ ཆོས་ཁྲིམས་བསྟན་པའི་སྒྲོན་མ་དང༔ མངའ་བསྐྱེད་ནོར་བུའི་བང་མཛོད་འདི༔ གཞན་ལ་མ་སྤེལ་མ་ཉམས་པར༔ གུང་ཐང་རྒྱལ་པོའི་ཐུགས་ལ་སྟིམས༔ རྒྱལ་པོས་ང་ཡི་བཀའ་བཞིན་སྒྲུབས༔ བདག་དང་ཁྲི་སྲོང་ལྡེ་བཙན་གྱི༔ སེམས་བསྐྱེད་སྨོན་ལམ་འཕྲོ་མཐུད་ནས༔ བོད་ཀྱི་རྗེ་འབངས་བདེ་སྐྱིད་དར༔ དེ་དུས་བློན་པོ་ནག་པོ་ཡིས༔ སྲི་ལངས་སྙན་ཕྲ་ལོག་པའི་ཚིག༔ བར་ཆད་བྱེད་པ་མང་འབྱུང་གིས༔ ཆོས་ཁྲིམས་ཚུགས་པས་སྐྱིད་པར་འགྱུར༔ མངའ་ཐང་མཐའ་ནས་རྒྱས་པར་འགྱུར༔ རྒྱལ་པོའི་མངའ་ཐང་རྒྱས་པ་ཡིས༔ སྨོན་ལམ་སྟོབས་ཀྱིས་བོད་འབངས་སྐྱིད༔ རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར༔ ཞེས་གསུངས་སོ༔ མངའ་དབང་རིན་པོ་ཆེ་གཏེར་གྱི་བང་མཛོད་ཀྱི་ལོ་རྒྱུས༔ ཞལ་ཆེམས་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད༔ ཟངས་མཛོད་དམར་པོའི་ནང་དུ་སྦས་སོ༔ ྈྈྈྈྈ ྈྈྈྈྈྈྈྈ གཏེར་སྟོན་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ༔ ཤོག་སེར་བུ་དངོས་གྲུབ་རྒྱལ་མཚན་གྱི་དཔེ་ལས་བཤུས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༄༅༔ འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་བཞུགས༔ ཟངས་མཛོད། ྈྈྈྈྈྈྈྈྈ ྈྈྈྈྈྈྈྈ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཁམས་གསུམ་སྐྱེ་འགྲོ་འབྱུང་བ་ཡི༔ སྲོག་དང་དྭངས་མ་བཅུད་འདུས་པ༔ འོད་ལྔའི་དབུས་ན་སྲོག་ཡིག་ལྔ༔ ལག་ན་རྡོ་རྗེས་བསྡུས་ཏེ་བླངས༔ འཇིག་རྟེན་ཕྱོགས་བཅུ་ཐམས་ཅད་དུ༔ བསྟན་པ་སྐྱོང་བར་ནུས་པ་ཡི༔ ལས་ཅན་རེ་ལ་འཕངས་པ་ཡིས༔ འགྲོ་འདུལ་སྐྱེས་བུ་རེ་རེ་འབྱུང༔ ཁྱད་པར་ལྷོ་ཕྱོགས་འཛམ་བུ་གླིང༔ ཐུབ་པའི་ཞིང་ཁམས་གནས་ཆེན་འདིར༔ ལོ་རེ་བཞིན་དུ་གདུལ་བྱ་གཟིགས༔ ལས་ཅན་འདུག་ན་སྲོག་ཡིག་འབེབ༔ དེ་ཡང་ཟླ་བ་སྐར་མ་གཉིས༔ རྒྱལ་ལ་བབས་པའི་ནམ་ལངས་ཚེ༔ སྒྲ་དང་འོད་ཟེར་སྣ་ལྔའི་མདངས༔ ནམ་མཁའི་མཐོངས་ནས་ཆས་ཏེ་འབབ༔ དེ་ཕྱིར་དགེ་བའི་འདུན་པ་ཅན༔ རྒྱལ་གྱི་ཟླ་བ་སྐར་མ་གཉིས༔ འཛོམ་པའི་དུས་སུ་གསོལ་བ་ཐོབས༔ རང་གི་བསོད་ནམས་སྟོབས་ཡོད་པ༔ ལོ་རེ་བཞིན་དུ་སུམ་འགྱུར་འཕེལ༔ དམ་ཚིག་དགེ་བ་ཅི་ནུས་སྤྱོད༔ ལས་དང་སྨོན་ལམ་སྟོབས་བསྐྱེད་ནས༔ སྐྱེ་བ་གསུམ་གྱིས་བར་མ་ཆད༔ ཆོས་སྐྱོབ་རྒྱལ་པོའི་ལུས་རེ་ལེན༔ ཨེ་མ་འདི་ནི་ནོར་བུ་ཆེ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔ ྈྈྈྈྈ དེ་ནས་ལག་ན་རྡོ་རྗེ་ཡིས༔ འཇིག་རྟེན་སྲོག་ཡིག་དྭངས་མ་དེ༔ བྱང་ཆུབ་སེམས་ཀྱིས་འཕངས་པ་ཡིས༔ སངས་རྒྱས་བསྟན་པའི་དར་རྒྱས་དང༔ སེམས་ཅན་སྐྱེ་འགྲོའི་ལས་དབང་གིས༔ དང་པོ་བསྐལ་པ་ཐོག་མ་ལ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང༔ བར་གྱི་བསྐལ་པ་ཆ་སྙོམས་དུས༔ ཆོས་སྐྱོང་རྒྱལ་པོ་རེ་རེ་བྱུང༔ ལྔ་བརྒྱ་ཐ་མ་ཤར་བའི་དུས༔ དགེ་སྤྱོད་སྐྱེས་བུ་རེ་རེ་འབྱུང༔ དེ་ཡང་དུས་དང་གཟའ་སྐར་རྩི༔ རྒྱལ་གྱི་ཟླ་བ་ཞེས་བྱ་བ༔ ཕོ་ཟླ་སྟག་ལྟར་ངར་ཆེ་བ༔ ཚེས་གཅིག་གཟའ་དར་གཡང་སྐར་ཚེས༔ ཚེས་བརྒྱད་གཟའ་དར་གྲུབ་སྐར་འདུས༔ བཅོ་ལྔ་གཟའ་དར་གཡང་སྐར་གང༔ རྒྱལ་དང་ཟླ་བ་གང་བ་འཛོམ༔ དེ་ཕྱིར་རྒྱལ་གྱི་ཟླ་བ་ཡིན༔ དུས་ནི་ཚེས་གཅིག་སྟག་ལྟར་དཔའ༔ ཚེས་བརྒྱད་བྱ་ལྟར་བྱེད་པ་གྲུབ༔ བཅོ་ལྔ་འབྲུག་ལྟར་སྒྲ་ཆེན་སྒྲོག༔ དེ་ལྟར་དུས་དང་གནད་རྩིས་ལ༔ ཐབས་ཆེན་རྟེན་འབྲེལ་བཟང་པོ་བླང་ངོ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ དུས་དང་གཟའ་སྐར་བརྩི་བའི་ལེའུ་སྟེ་གཉིས་པའོ༔ རྒྱལ་གྱི་ཟླ་བའི་ཚེས་གཅིག་གི༔ སྟག་སྐྱ་ཁ་རླངས་འདོན་པའི་ཚེ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ ཁྲུས་བྱས་གཙང་མའི་སྟན་ལ་སྡོད༔ གཙང་མའི་གཞི་ལ་རིན་ཆེན་ལྔས༔ རང་ཕྱོགས་བསྐོར་ལ་སྲོག་ཡིག་བྲི༔ མ་ཡེངས་འཕྲོ་འདུ་ཏིང་འཛིན་སྒོམས༔ བྲིས་ནས་ཚོན་ལྔའི་གོས་ཀྱིས་དགབ༔ རཏྣའི་ཁྲི་ལ་བཞུགས་སུ་གསོལ༔ དང་པོ་སྟོང་པའི་ངང་ཉིད་ལས༔ བདག་ཉིད་ཧཱུྃ་ལས་སྟོབས་ཆེན་ལྷ༔ ཕྱག་ན་རྡོ་རྗེ་གསལ་བར་སྒོམས༔ དེ་ཡི་སྐུ་གསུང་ཐུགས་ཀྱི་འོད༔ ལྕགས་ཀྱུ་ལྟ་བུས་འཇིག་རྟེན་གང༔ སྲིད་པའི་རྩེ་མོ་མན་ཆད་ཀྱི༔ ལྷ་ཀླུ་མི་དང་སྡེ་བརྒྱད་སྲོག༔ ཚེ་བཀྲག་བསོད་ནམས་དབང་ཐང་དང༔ རཏྣ་ནོར་བུ་མངའ་ཐང་གི༔ སྙིང་པོ་དྭངས་མ་འོད་ལྔར་བསྡུས༔ ཡི་གེ་ཉིད་ལ་བསྟིམ་པར་བྱ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔
རྭ་སྲུང་ཟབ་མོ་བླ་མ་རྒྱ་ཕུར་བུའི་གཏེར་མ་ (Volume 44, Text 36)
༄༅། །རྭ་སྲུང་ཟབ་མོ་བླ་མ་རྒྱ་ཕུར་བུའི་གཏེར་མ་བཞུགས་སོ། །ལྕགས་སྡོང་མའོ། ། མན་ངག་རྭ་སྲུང་འདི་ལ་རྫས་གསག་པ་ནི། གཙོད་ཁྲག །ཕག་ཁྲག །མངལ་ཁྲག །ཁྱི་ཁྲག །རྟ་ཁྲག །མི་ཁྲག །བྱང་སེམས་དཀར་པོ། ནུས་པ་ཅན་གྱི་བདུད་རྩི། བཙན་དུག །རྭ་དུག །ཐང་ཕྲོམ། མུ་ཟི། ཤུ་དག་ནག་པོ། རི་ཤོ་བ། གུ་གུལ་ནག་པོ། ཀེ་ཚེ་ནག་པོ། རྫས་དེ་རྣམས་ཀྱིས་གཏད་བྱེད་ན་བདུག་པའམ་བྱུག་པ་བྱ། སྐྲངས་པའམ་ལྷོག་པ་བྱུང་ན་ཡང་བྱུག་པར་བྱའོ། །རོ་འཁུར་ན་གློ་ལ་བཏག །བན་བོན་དང་འགྲས་ན་ཉ་སྟོང་བརྒྱད་གསུམ་ལ་ལྟོ་རུ་ཉ་མིག་ཙམ་གཏང་ངོ་། །ཀླུ་དང་ས་བདག་གནོད་ན་སྒོ་བདུན་དུ་བྱུག་པར་བྱའོ། །སེར་བ་འབེབ་ན་མཛེ་ཕོའི་ཐོད་པར་སྔར་གྱི་རྫས་ཚོ་བླུགས་ལ། གཉན་སར་ཐབ་ཁུང་གྲུ་གསུམ་པ་གཅིག་གི་ནང་དུ་དུག་ཤིང་ཚེར་མ་ཅན་ཟུར་གསུམ་བརྩིགས་པ་ལ་མཛེ་ཁྲག་བཏབ། རྭ་ནི་གཡག་དང་ར་ཡིའོ། །སེར་བ་རི་གཏིབ་ཙམ་འོང་། གནམ་ལྕགས་ཀླུ་འདུལ་གྱི་རྒྱུད་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་ནས་བསྡུས་སོ། །གནམ་ལྕགས་ཨུར་མོ་བཞི་ཡི་སྦྱོར་བ་ལ། དུག་བརྒྱད་ལ། གསོད་བྱེད་སེར་པོ།་་་བསེ་ཞོ། ཟ་བྱེད་ནག་པོ།་་་བོང་ང་། ཧ་ལ།་་་བཙན་དུག །ཁ་རྟ་ར།་་་དབྱི་མོང་། སྨྱོ་བྱེད་སེ་ཏ་ར།་་་ཐང་ཕྲོམ། འོ་མ་ཅན།་་་ཐར་ནུ། ར་དུག་པ། རེ་ལྕག་པ་དང་བརྒྱད་དོ། ཁྲག་བརྒྱད་ལ། པདྨ་རཀྟ། དམེ་ཁྲག །རྟ་ཁྲག །ཁྱི་ཁྲག །མཛེ་ཁྲག །གཏི་མུག་ནག་པོའི་ཁྲག་་་ཕག་པ། མཛོ་ནག་གི་ཁྲག །མིའི་ཁྲག་དང་བརྒྱད་དོ། །ཤ་བརྒྱད་ལ། མི། རྟ། སྦྲུལ། སྦལ་པ། ཉ། སྡོམ། རྨ་བྱ། ཁྱི་ཤ་དང་བརྒྱད་དོ། །དྲི་བརྒྱད་ལ། གླ་རྩི། ཚིལ་ཆེན། གུ་གུལ་ནག་པོ། ཤིང་ཀུན། སྒོག་སྐྱ། མུ་ཟི། ཤུ་དག །བདུད་རྩི་་་དང་བརྒྱད་དོ།སྨན་ནི་ལུས་ལ་བརྟེན། དེ་ནི་གོ་ཆའོ། །ལྷ་ཡུལ་མི་ཡུལ་ཀླུ་ཡུལ་ན། །འདི་ལས་ཟབ་པའི་སྲུང་བ་ནི། །རྒྱལ་པོས་བཙལ་ནའང་མི་རྙེད་དོ། །དེས་ན་འདི་ལ་ནན་ཏན་གྱིས། །ཞེས་གསུངས་རྗེ་ལ་གནང་། ཞལ་གདམས་བླ་མའི་ཞལ་ཤེས་ནི། །མཎྜལ་མེ་ཏོག་ཕུལ་ནས་བསྟན། །ཞེས་གསུངས་སོ། །ན་མོ་གུ་རུ། རྒྱ་ཕུར་བུ་བས་ལྷོ་བྲག་བུམ་ཐང་སྐྱེར་ཆུའི་གཏེར་ནས་བཏོན། གནམ་ལྕགས་ཨུར་མོའི་སྲུང་བ་འདི་ལ། མཚོ་རྣམ་པ་གསུམ་ལ། ཁྲག་མཚོ། དུག་མཚོ། བདུད་རྩི་སྨན་གྱི་མཚོ་དང་གསུམ། ཁྲག་མཚོ་ལ་མེད་དུ་མི་རུང་བའི་ཁྲག་གསུམ། མི་ཁྲག །རྟ་ཁྲག །མཛོ་ནག་གི་ཁྲག་དང་གསུམ། མི་ཁྲག་གི་སྐྱོབས་ལ་བསེ་དྲི་ཅན་གྲིར་ཤི་བའི་ཁྲག །མཛོ་རོག་པོའི་སྐྱོབས་ལ་གཡག་རོག་པོའི་ཁྲག །རྟ་ནག་པོའི་སྐྱོབས་ལ་བོང་བུ་ནག་པོའི་ཁྲག །ཁྲག་ནག་ཐམས་ཅད་ཀྱི་སྐྱོབས་ལ་དྲེའུ་ནག་པོའི་ཁྲག་གོ །ར་རོག་ཕག་རོག་གསུམ་ཀ་ཡིན། དུག་གི་སྐྱོབས་ལ་ཀྱི་ལྕེ་བ། རི་ཤོ་བ། རེ་ལྕག་པ་དང་གསུམ་མོ། །སྤྲུ་ནག །མུ་ཟི་ནག་པོ། གུ་གུལ་ནག་པོ་དང་གསུམ་དུག་ཐམས་ཅད་ཀྱི་སྐྱོབས་སོ། །མེད་དུ་མི་རུང་བའི་བདུད་རྩི་གསུམ་ནི། སྒོམ་ཆེན་པ་བཟང་པོའི་དྲི་ཆེན་དང་དྲི་ཆུ། བྱང་སེམས་དཀར་དམར་རོ། །དེའི་སྐྱོབས་ལ་ཁྱེའུ་རྣམ་ཤེས་ཚང་བའི་དྲི་ཆེན་དྲི་ཆུ་ཐིག་ལེའོ། །དྲི་ཆེན་གྱི་སྐྱོབས་ལ་སྔགས་པ་ནུས་ཅན་གྱི་དྲི་ཆེན། བྱང་སེམས་ཀྱི་སྐྱོབས་ལ་བུད་མེད་ཀྱི་མངལ་ཁྲག་གོ །བདུད་རྩི་ཁ་གསོ་བ་ལ་དགེ་བཤེས་སམ་སློབ་དཔོན་དབང་བཞི་རྫོགས་པའི་དྲི་ཆེན་དང་དྲི་ཆུའོ། །དེ་རྣམས་གཞན་སྲུང་བའོ། །རང་སྲུང་བ་ནི་གོང་གི་རྫས་ཚོའི་སྟེང་དུ་བུད་མེད་ཁྱོ་ག་དང་མ་འཕྲད་པའི་མངལ་ཁྲག །ཁྱེའུ་བུད་མེད་དང་མ་འཕྲད་པའི་ཐིག་ལེ། སྒོམ་ཆེན་པ་ཚངས་པར་སྤྱོད་པའི་དྲི་ཆུ་སྟེ་གསུམ་མོ། །དེ་རྣམས་ཀྱི་སྟེང་དུ། ལྡོང་རོས་དང་བོང་ང་ནག་པོ། མུ་ཟི་ནག་པོ། གུ་གུལ་ནག་པོ། དམེ་ཁྲག །གཙོད་ཁྲག །གྲིར་ཤི་བའི་ཤ །སྟག་ཤ །ཝ་ཤ །གོང་དུ་སྨྲོས་པ་ལ་སོགས་ཤ་རྣམས་ཞིབ་པར་བཏགས་ལ། རྫས་ཚོ་དང་སྦྱར་བ་རྭའི་ནང་དུ་བླུགས་ལ་མཆན་འོག་ཏུ་བཏགས་སོ། །གཉན་ས་དང་ངན་བྱེད་ལ་སོགས་གདོན་བགེགས་རིགས་དང་། ནད་ཐམས་ཅད་ཐུབ་པར་གསུངས་སོ། །གཞན་ཡང་ཕན་ཡོན་མང་དུ་ཡོད་དེ་འདིར་མ་བྲིས་སོ། །བན་བོན་དང་འགྲས་ན་ཕྱིར་ཟློག་གི་མན་ངག་ལ་མཆོད་རྟེན་ནག་པོ་ཁྲུ་གང་བ་གཅིག་བྱས་ལ། དེའི་ཞབས་བྲུས་ལ་ཤོག་བུ་ལ་ཁོའི་མིང་བྱང་བྲིས་ལ་ཤིང་ཚེར་མ་ཅན་གྱི་ཕུར་པ་བཏབ་ལ་རབས་ཆད་ཀྱི་ཐོད་པར་བཅུག་ནས་རང་གི་མལ་འོག་ཏུ་མནན་ན་ཁོས་ངན་བྱས་པ་ཐམས་ཅད་ཐུབ་ཅིང་ཁོ་རང་ལ་ཟློག་པའོ། །རང་སྲུང་ཐུན་མོང་མ་ཡིན་པ་རྫོགས་སོ། །ྀཨཚ། ས་མ་ཡཱ། ཁ་ཐཾ། ལྷ་ལྔ་མ་དགྱེས་པ་དགྱེས་པར་བྱ་བའི་ཐབས། བྱ་རྒོད་ཚིལ་བུ། གཡག་གི་ཚིལ་བུ། གླ་རྩི། རིན་པོ་ཆེ་ལྔ་སྤྲ་ཚིལ་གྱིས་གྲིལ་ལ་རྭ་དོང་དུ་བསྒྱུར། རྭ་ཡི་ཕྱི་ལ་རྟེན་འབྲེལ་སྙིང་པོ་བྲི། འགོ་བའི་ལྷ་ལྔ་དགྱེས་པར་བྱའོ། །རྭའི་ངར་འདོན་ལ། ཕག་ཚིལ། མར་ནག །མི་ཚིལ། ཟེར་མོའི་བྲུན། སྲམ་གྱི་བྲུན། དེ་ལ་བྱ་ཕོ་མཚལ་ལུའི་ཁྲག་ཐིགས་གཅིག་བླུག །དེ་རྣམས་སླ་ངའི་ནང་དུ་མར་ཁུ་དང་བསྲེས་ལ་བཙོའོ། །དེ་རྭའི་ཕྱི་ལ་བཀུའོ། །རྭའི་ངར་འདོན་ཤིན་ཏུ་གཅེས་སོ། །གདམས་པ་མ་བུ་ཚང་བ་ཡིན་ནོ། །དུག་ཁྲག་སྦྱར་བ་འདི་ལ་མཚོ་གསུམ་སྟེ། ཁྲག་མཚོ། དུག་མཚོ། དུག་ཁྲག་གཉིས་སྦྱར་བའི་མཚོ་དང་གསུམ་མོ། །དེ་ལ་ཁྲག་མཚོ་ནི། གཡག་རུ་གཅིག་ཏུ་ཁྲག་སྣ་རྙེད་ཚད་བསགས་ལ་ལེགས་པར་རུལ་དུ་འཇུག །དུག་མཚོ་ནི་དུག་སྣ་རྙེད་ཚད་བསགས་པ་གཡག་རུར་བླུགས་ལ་ཁ་ཕུར་དྲི་མི་འཆོར་བར་བྱས་ལ་བཞག །སྦྱར་ལུགས་ནི་གཟའ་སྐར་བཟང་བ་གཅིག་ལ་ཐོད་པ་བཟང་པོ་གཅིག་ཏུ་གོང་དུ་བཤད་པའི་ཁྲག་རུལ་ཚོ་བླུགས། དེ་ནས་དུག་ཁྲག་ཐམས་ཅད་ལ་བཏབ། དེ་ནས་ཕུར་པ་གཅིག་གིས་དཀྲུག་ཅིང་། ཏིང་ངེ་འཛིན་གཞུང་བཞིན་དུ་བྱའོ། །སྔགས་བཟླས་ཤིང་སྒྲུབ་པ་ཞག་བདུན་ནམ་ལྔའམ་གསུམ་བྱའོ། །དེ་ནས་ངར་བཏགས་པའི་རྭར་བླུག །རླངས་པ་མི་འཆོར་བ་གལ་ཆེའོ། །དེ་ཡང་ཁྲག་གི་ནུས་པ་རུལ་ན་ཆེ། དུག་གི་ནུས་པ་སོ་མ་ཆེ། རྫས་ཀྱི་ངར་བཏགས་ལ། རྨ་བྱའི་མདོངས། བཙན་དུག །ཤིང་ཀུན། ཕག་བྲུན། རྒྱ་ཚིལ།་་་སྤྱང་ཀིའི་བྲུན་ཟེར་བའི་མཆན་དཔེ་གཅིག་ན་འདུག་གོ །སྤྲུ་ནག་དེ་རྣམས་ཆང་གར་མ་ལ་ཐུན་གཅིག་སྦྱར་ལ་རྭའི་ནང་དུ་བླུག །རྫས་ཀྱི་ངར་འདི་ཤིན་ཏུ་ཟབ་པ་ཡིན། འདི་ནི་སྲུང་བ་ཀུན་གྱི་རྒྱལ་པོ་ཡིན། འདིའི་ཡོན་ཏན་བསམ་ལས་འདས་སོ། །ྀཨཚ། ལས་ཅན་སྙིང་དང་འདྲ་བའི་སློབ་བུ་ལ། །རྗེས་གནང་མན་ངག་ཞལ་གདམས་རྣམས། །དབང་མེད་ནན་གྱིས་བསྟན་དགོས་ན། །མཎྜལ་མེ་ཏོག་ཕུལ་བྱས་ནས། །འདི་ལྟར་གསོལ་བ་བཏབ་པ་ནི། །ན་མོ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པའི་ཞབས་ཏོག་དང་། །བདག་གཞན་དོན་ཀུན་བྱ་བའི་ཕྱིར། །དུག་ཁྲག་རྫས་ཀྱི་སྲུང་བ་ཡི། །རྗེས་གནང་ཞལ་གདམས་བསྟན་དུ་གསོལ། །སློབ་དཔོན་རྡོ་རྗེའི་ཕྱག་རྒྱ་ཡིས། །རྫས་མཆོག་སྙིང་གར་གཏད་ནས་ནི། །གཞུང་བཞིན་ལག་ལེན་མཁས་པར་སྤྱོད། །སྙིང་ལ་སྦོས་ལ་ཀུན་ལ་གསང་། །དམ་མེད་རྣམས་ལ་བསྟན་པ་ན། །བྱིན་རླབས་དམ་ཚིག་ཉམས་པར་འགྱུར། །དེ་ཕྱིར་གསང་བ་དམ་ཚིག་གོ །ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། རྩ་སྔགས་སྙིང་པོ་བརྗོད་དོ། །རྫས་དབང་བསྐུར་ནས་བཀའ་རྒྱ་གདམས་པའོ། །ྀཨཚ། ༈ རྭ་སྲུང་གི་མན་ངག་གུད་དུ་སྦས་པ་གུ་རུའི་གཏེར་མའོ། །ན་མོ་གུ་རུ། ཀྱཻ༔ མངའ་བདག་ཆེན་པོ་དུས་ངན་མཐའ་མའི་ཚེ༔ སེམས་ཅན་རྣམས་ནད་མང་ལ་ཚེ་ཐུང་བས༔ ནད་ཀྱི་རིགས་ཀྱང་མི་མཐུན་ནད་མང་སྟེ༔ འགོས་པར་གྱུར་པའི་ནད་རིགས་བསམ་ལས་འདས༔ དེ་དག་བཅོས་པའི་ཐབས་ཀྱང་རྒྱས་པར་གསུངས༔ སྲུང་བའི་ཁྱད་པར་ཤིན་ཏུ་གྲངས་མང་ཡང༔ ཁྱད་པར་མཆོག་ཏུ་ཟབ་པ་གསུམ་ཡིན་ཏེ༔ དུག་ཁྲག་བསྲེས་དང་རྫས་དང་རིལ་བུའོ༔ ནད་ཀྱི་བྱེ་བྲག་རྣམ་པ་མང་གྱུར་ཀྱང༔ འགོས་པའི་རིམས་མི་ཐུབ་པ་རྣམས་ལ་བྱ༔ འགོ་བ་དག་དང་འཁྲུགས་དང་རབ་ཏུ་འགོ༔ དེ་ལ་བཅོས་པའི་ཐབས་ཀྱང་རབ་ཏུ་དཀའ༔ སྲུང་བའི་གཉེན་པོ་སྐོར་གསུམ་གང་སྤྱོད་པ༔ དེ་ལ་ནད་དེ་དག་ཀྱང་འགོས་མི་འགྱུར༔ དྲག་པོ་རྣོན་པོའི་གདོན་ཀྱང་འཇོམས་བྱེད་དེ༔ དུག་ཁྲག་བསྲེས་པས་འགོ་བའི་ནད་དག་དང༔ གདུག་པའི་ཀླུ་རིགས་གདོན་རྣམས་སྲུང་བར་བྱེད༔ རྫས་སྦྱོར་སྲུང་བས་འཁྲུགས་པའི་ནད་རྣམས་དང༔ སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་སྲུང་བར་བྱེད༔ རིམས་ལས་རབ་ཏུ་འགོ་བའི་ནད་རྣམས་དང༔ སྡེ་བརྒྱད་ལ་སོགས་འབྱུང་པོ་མ་རུངས་པ༔ ཁྱད་པར་རྒྱལ་པོའི་རིམས་རྣམས་སྲུང་བར་བྱེད༔ གོང་གི་སྲུང་བ་གསུམ་པོ་གང་འཆང་བ༔ དེ་ལ་ནད་དང་གདོན་གྱིས་མི་ཚུགས་ཏེ༔ རྦོད་གཏོང་གནོད་པ་དག་ཀྱང་འདི་ཡིས་ཐུབ༔ མངའ་བདག་རྒྱལ་པོ་ངོ་ཆེ་བས༔ སྲུང་བ་འདི་ནི་ཐུགས་ཀྱི་དཀྱིལ་དུ་ཆོངས༔ མི་ནག་ལག་ཏུ་སོང་ན་དམ་ཚིག་ཉམས༔ ཞེས་གསུངས་ནས་མངའ་བདག་རྒྱལ་པོ་ལ་གནང་ངོ༔ རྒྱལ་པོ་ཉིད་ཀྱིས་རྒྱ་དང་བཅས་ཏེ་བུམ་ཐང་གཏེར་དུ་སྦས་སོ༔ ལོ་རྒྱུས་དང་ཞུས་ཁུངས་རྫོགས་སོ། །ྀཨཚ། དེ་ལ་དུག་ཁྲག་གི་སྲུང་བ་ནི། རྭ་སྲུང་སྔགས་དང་བཅས་པའོ། །རྫས་ཀྱི་སྲུང་བ་ནི་རྫས་སྲུང་འཁོར་དང་བཅས་པའོ། །རིལ་བུའི་སྲུང་བ་ནི་རིལ་བུ་སྦྱོར་ཚད་དང་བཅས་པའོ། །དེ་ལ་རྭ་སྲུང་ལ་སྔགས་མེད་ན་དུག་ཁྲག་ལ་ནུས་པ་མི་འབྱུང་སྟེ། མི་སྐྱ་ལྟ་བུ་ཡིན་ན་འགོ་བའི་ལྷ་སྤངས་པ་ལྟར་བསྐྲད་པའི་རྫས་སུ་འགྱུར་ཏེ། སྔགས་གལ་ཆེ་བར་གསུངས་སོ། །རྫས་ཀྱིས་སྲུང་བ་ལ་འཁོར་ལོ་མེད་ན་རྫས་ལ་བྱུགས་ཀྱང་ནུས་པ་ཆུང་བས་འཁོར་ལོ་དང་འཛོམས་ན་ཁྱད་པར་ཆེ་གསུངས་སོ། །རིལ་བུའི་སྲུང་བ་སྦྱོར་ཚད་མེད་ན་ནུས་པ་མི་འབྱུང་བས་སྦྱོར་ཚད་ཤིན་ཏུ་གཅེས་ཏེ་གལ་ཆེའོ། །དབྱེ་བའི་རིམ་པ་བསྟན་པའོ། །རྭ་སྲུང་ནི་གོང་དུ་བཤད། རྫས་སྲུང་ནི་དྲག་པོའི་རྫས་རྒོད་བཅོ་ལྔ་སྟེ། བོང་ང་། ཤུ་དག །གུ་གུལ། མུ་ཟི་ནག་པོ། སྨུགས་པའི་བུ་མོ། སྦལ་ནག །སྦྲུལ་ནག །སྲེ་མོའི་ཤ །ནག་པོ་ཆིག་ཐུབ་བཞི། སྲོག་ཆགས་རིགས་མི་མཐུན་པ་ལྔའི་ཤ་ཡིན་ནོ། །སྲོག་ཆགས་རིགས་མི་མཐུན་པ་བཞི་ལས་འབྱུང་བའི་རྫས་བཞི་ལ། རྨ་བྱའི་མདོངས། རྟ་ནག་གི་བོན་པ། ར་ཐུག་ལུག་ཐུག་གི་སྦྲེ།་་་ཆུ་ཁའི་དྲེག་པ། རྒྱ་ཚིལ། དྲི་མཆོག་ཏུ་གྱུར་པའི་རྫས་གསུམ་ལ། གླ་རྩི། ཤིང་ཀུན། ལྡོང་རོས་སོ། །འཁོར་ལོ་འདི་རྩིབས་དང་མུ་ཁྱུད་བཅས་པ་བྲིས་ལ་བཏགས་ཏེ། དེ་རྣམས་ནི་རྫས་ཀྱི་སྲུང་བའོ། །ཤིན་ཏུ་ཟབ་པར་གསུངས་སོ། །དེ་ཡང་རྫས་སྣ་ཚོགས་པར་གྱུར་པ་དང་། བརྡུངས་ལ་ཞིབ་པར་བྱ་སྟེ་ཐུམ་བུར་བྱས་ཏེ་མགུལ་དུ་བཏགས་སོ། །མཐེ་བོང་དང་སྲིན་ལག་གིས་མཉེས་ཏེ་སྣ་སྦུག་གཡས་གཡོན་དུ་བདུག །དུད་པ་མེད་པའི་མེ་ཡིས་བསྲེག །དུད་པས་ཁྱིམ་དང་གོས་དང་ལུས་སོགས་ཡ་ང་བ་ཐམས་ཅད་བདུག་གོ །རིལ་བུའི་སྲུང་བ་ནི་ཤིན་ཏུ་ཟབ་བོ། །དེ་ལ་བྱ་ཁྱུང་གི་སྙིང་།་་་བཙན་དུག་འབྲི་ཚིལ་མ། སེང་་གེའི་ཤ།་་་དེ་དང་སུམ་འགྱུར་གྱི་ཨ་རུ་ར་གསེར་མདོག །ཆུ་སྲིན་གྱི་ཁྲག་་་གླ་རྩི་ཨ་རུ་ར་སུམ་འགྱུར་རམ་ཉིས་འགྱུར། རི་རབ་ལས་སྐྱེས་པའི་རྩ།་་་ཤུ་དག་ཨ་རུ་ར་དང་མཉམ། སྲིན་པོའི་རུས་པ།་་་རུ་རྟ་ཨ་རུ་ར་དང་མཉམ། དབྱར་གངས་དཀར་ལྟོངས་སུ་སྦ་བ་དང་།་་་རྫས་དེ་རྣམས་ཉིན་ཕྱེད་ནས་གཏུན་དུ་བྲུབ། དགུན་གསུམ་བདུད་རྩིའི་ཆུ་ལ་སྦྱར་བ་དང་།་་་ཉིན་ཕྱེད་བྱིས་པ་ལོ་བརྒྱད་དྲི་ཆུས་སྦྱར་ལ་བྱའོ། །དེ་ནས་རིལ་བུ་ཤ་བའི་རིལ་མ་ཙམ། འབྲིང་སྲན་མ་ཙམ། ཐ་མ་ཡང་ནས་ཙམ། ཚད་དང་ལྡན་པར་སྦྱར་ཏེ། ལྟོ་སྟོང་དག་ལ་ཁོང་དུ་གཏང་། ནད་ཚབ་ཆེ་ན་རིལ་བུ་རབ། ནད་འབྲིང་ལ་འབྲིང་། ནད་ཐ་མ་ལ་ཐ་མའོ། །དེས་ནི་ནད་ཀྱི་རྩ་སྒོ་སྲུང༔ དོན་སྙིང་དག་གི་ནད་ཀྱང་སེལ༔ རྩ་སྒོ་སྙིང་དུ་འཇུག་པ་ཡི༔ བགེགས་དང་འབྱུང་པོ་དག་ཀྱང་སྲུང༔ ཁྱད་པར་དུག་གི་སྲུང་བ་དེས༔ རྫས་ལ་སྦྱར་བ་མཐའ་དག་ཐུབ༔ སྐོར་གསུམ་སྲུང་བའི་གདིང་མེད་པར༔ དྲག་པོའི་ལས་དག་བྱེད་པ་དང༔ ས་བདག་གཉན་ལ་བསྡོ་བ་དང༔ འགོ་བའི་ནད་ལ་འབགས་བྱེད་པ༔ སྦྲང་མ་མེ་ལ་མཆོང་བ་འདྲ༔ སྐོར་གསུམ་སྲུང་བའི་གདིང་ལྡན་པས༔ རང་ལུས་རྡོ་རྗེར་ལྡན་གྱུར་ཏེ༔ སྲ་བའི་གོ་ལ་རྣོ་བའི་མཚོན༔ ཀུན་གྱི་ཐུན་མོང་མ་ཡིན་ཏེ༔ བུམ་ཐང་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ སྣོད་ལྡན་གཅིག་དང་འཕྲད་པར་ཤོག༔ ནད་རྣམས་ཀུན་དང་གདོན་འཇོམས་ཤོག༔ གོང་གི་འཁོར་ལོའི་བྲི་ཐབས་ནི༔ སྔགས་བརྒྱད་པོ་འདི་འཁོར་ལོའི་རྩིབས་ལ་འབྲི༔ པདྨའི་འདབ་མར་འགོད་དོ༔ ཨཱོྃ་སུ་དྷ་ར་ནི༔་་་ཨཱོྃ་བུ་དྷ་ར་ནི་ཟེར་བ་འདྲ་འདུག་པས་བརྟག །མ་ཧི་བུ་དྷ༔ ར་ག་ཧ་ན༔ དུ་མ་མ་རཀྵ༔ ཧེ་དུན་མ་ཧཱ་ཙརྻ་བཛྲ་བཛྲ་སུ་བཛྲ་སུ་བཛྲ་སུ་བཛྲ༔ མ་མ་རཀྵ་ནི་རཀྵ་ནི་སྭཱ་ཧཱ༔ འཁོར་ལོ་དེའི་མུ་ཁྱུད་ལ་གཡས་སྐོར་གཡོན་སྐོར་དུ་བྱའོ༔ མུ་ཁྱུད་ལ། ཨཱོྃ་བཛྲ་བིནྡྷ་མ་ཧཱ་སུ་བཛྲཱ་ཡ༔ ཨཱོྃ་བི་མ་ལ་ཨ་ཀ་ཛ་ན་ཡ་ཧཱུྃ༔ མ་ལེ་བན་ཙ་ཧ་ན་ཨ་པར་ཤ་ན་ཀྲུམ་ཡཱ༔ ཨཱོྃ་ཨ་བདག་ལ་མ་མ་རཀྵ་རཀྵ་ཧཱུྃ༔ འདི་ལྟེ་བ་ལ་བྲིས་ཏེ་མིང་རུས་གཞུག་གོ །མཐུན་པའི་རྫས་དང་མི་མཐུན་རྫས། ཞེས་པ་ལ་གསུམ་སྟེ། དུག་ལ་སྨན་གྱིས་ངར་བླུད་པ་དང་། སྨན་ལ་དུག་གིས་རྣོ་གདགས་པ་དང་། སྦྱོར་ཚད་ཀྱི་ནུས་པ་འཕྲོད་སྡེབ་པ་དང་གསུམ་མོ། །དེ་ལ་ངར་ཕྱུང་བ་ལ། བཟང་དྲུག་དུག་སྣ་དངོས། འཕྲོད་སྡེབ་བཙན་དུག་ལ་སོགས་པ་དུག་གི་རིགས། དྲི་མེད་ལ་ནུས་པ་ཆེ་བ་རྣམས་ཇི་ཙམ་གཏོང་བ་དེའི་ཕྱེད་ཙམ་གཏང་། དུག་ཇི་ཙམ་གཏོང་བའི་སྨན་ཕྱེད་གཏང་ངོ་། །མི་སྐྱ་ལྟ་བུ་ཡིན་ན་འགོ་བའི་ལྷ་ཡོད་ན་དུག་ཁྲག་གི་དྲི་བསྐྱེད་པས་གུ་གུལ་དཀར་པོ་བག་ཙམ་བཏང་བའམ། མགུལ་དུ་གདགས་སོ། །མཐུན་པའི་རྫས་སོ། །མི་མཐུན་པའི་རྫས་སྤང་བར་བྱ་བ་ནི། སྤྱང་དུག །དབྱིག་དུག །མཛེ་ཁྲག་ལ་སོགས་པའི། །གླ་རྩི། བོང་ང་། ཤུ་དག །གུ་གུལ། ཤིང་ཀུན། མུ་ཟི། ཨ་རུ་ར། ཤ་ཆེན་ཚོ་ཡིན་ནོ། །ྀཨཚ། ས་མ་ཡཱ། གདམས་པ་རྫས་སྲུང་ཁྱད་པར་ཅན༔ ཏིང་འཛིན་རྫས་སེལ་སྣོད་རྒྱུ་དང༔ གསོ་བ་རང་དང་འཁོར་ལོ་ལྔ༔ མཐའ་སྒྱུར་ཁྱད་པར་འཕགས་པའི་ཆོས་དྲུག་ཡིན༔ ྀཨཚ༔ ༈ རྭའི་ངར་འདོན་པ་ལ། གཡག་གསར་གྱི་ཁྲག་ལ་ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་པས་བསྒྲུབ། སེལ་འདོན་པ་ལ་སྨན་ཆེན་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་རྐང་པ་གཡོན་གྱི་འོག་ཏུ་ལན་དགུ་འདོན། ཁྲག་སེལ་འདོན་པ་ལ་མི་རྒོད་གྲིར་སོང་ཁྲག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་རྐང་པ་གཡས་པའི་འོག་ཏུ་ལན་དགུ་འདོན་ཞེས་གསུངས་སོ། །བཀྲ་ཤིས།། །།
བཀའ་བསྒོ་ (Volume 45, Text 36)
བཀའ་བསྒོ་འོ། །བྱིན་རླབས་བཀའ་བསྒོ་མཚམས་གཅོད་སོགས་དགོས་ཟེར་ན། རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོར་གསལ་བས་ནད་པ་དང་གདོན་ལ་སྙིང་རྗེ་ཆེན་པོ་སྐྱེད་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བསྲུང་བྱ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གནོད་ཅིང་འཚེ་བའི་བསམ་པ་སྤོངས་ལ་གནས་གཞན་དུ་དེངས་ཤིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་སྔོན་བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན་བདེན་པ་དང་བདེན་པའི་ཚིག་གང་གིས་དམ་བཅས་པ་དང་། ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང་ཚིག་བརྗོད་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །དམ་བཅས་པ་དང་ཚིག་བརྗོད་པ་དེ་དག་ཐམས་ཅད་ཕ་རོལ་ཏུ་སོན་པའི་བདེན་པ་དང་། བདེན་པའི་ཚིག་དེས། བསྲུང་བྱ་འདིའི་དུས་མ་ཡིན་པའི་འཇིགས་པ་དང་སྐྲག་པ་དང་། ཡམས་ཀྱི་ནད་དང་གནོད་པ་འདི་དག་ནུབ་པར་གྱུར་ཅིག །ཨོཾ་ཨཀྵོ་བྷྱཻ་ཛ་བིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ་ཕཊ། འཇིགས་པ་མེད་པ་སྦྱིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །བསྲུང་བྱ་འདིའི་ནད་གདོན་བར་ཆད་ཀྱི་འཇིགས་པ་འདི་ལས་ཡོངས་སུ་ཐར་བར་མཛད་དུ་གསོལ། ཨོཾ་པདྨ་ཚིནྡྷ་མ་ཎི་ཛྭ་ལ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་བདེན་པས། འདིའི་ནད་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་གྱུར་ཅིག །ཨོཾ་ཀྵ་པ་ཡ་ཀྵ་པ་མིཀྵ་སྭཱ་ཧཱ། སངས་རྒྱས་དཀོན་མཆོག་གི་བཀའ་བདེན་ནོ་ཞེ་ན། ཆོས་དཀོན་མཆོག་གི་བཀའ་བདེན་ནོ་ཞེ་ན། དགེ་འདུན་དཀོན་མཆོག་གི་བཀའ་བདེན་ནོ་ཞེ་ན། ཕྱིའི་གནོད་སྦྱིན་ཕོ་མོ་ཞི་བར་གྱུར་ཅིག །བར་འབྱུང་བའི་ན་ཚ་ཞི་བར་གྱུར་ཅིག །ནང་དུག་ལྔའི་རྣམ་རྟོག་ཞི་བར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ། བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་ནོ་ཞེ་ན། ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་ནོ་ཞེ་ན། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་ནོ་ཞེ་ན། ཕྱིའི་གནོད་སྦྱིན་ཕོ་མོ་ཞི་བར་གྱུར་ཅིག །བར་འབྱུང་བའི་ན་ཚ་ཞི་བར་གྱུར་ཅིག །ནང་དུག་ལྔའི་རྣམ་རྟོག་ཞི་བར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཕཊ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་གནས་འགྱུར་ནས་རྟ་མགྲིན་ནག་པོར་གསལ་བས། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་དཔལ་ཆེན་རྟ་མགྲིན་སྐུ །ང་ཡི་བཀའ་ལ་མ་འདའ་བར། ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །དཔལ་ཆེན་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རལ་གྲི་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་བཛྲ་རྟ་མགྲིན་སྐུ །ང་ཡི་བཀའ་ལ་མ་འདའ་བར། ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །བཛྲ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རྡོ་རྗེ་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཧ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་རཏྣ་རྟ་མགྲིན་སྐུ །ང་ཡི་བཀའ་ལ་མ་འདའ་བར། ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རཏྣ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རིན་ཆེན་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །རི་རཏྣ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་པདྨ་རྟ་མགྲིན་སྐུ །ང་ཡི་བཀའ་ལ་མ་འདའ་བར། ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །པདྨ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་པདྨ་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་ཀརྨ་རྟ་མགྲིན་སྐུ །ང་ཡི་བཀའ་ལ་མ་འདའ་བར། ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཀརྨ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རྒྱ་གྲམ་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཧ་ཀརྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊཿ ཨོཾ་སུམྦྷ་ནི་དང་། ཨོཾ་བྷུར་ཁུང་མ་ཧཱ་སོགས་སྨེ་བརྩེགས་སྔགས་རིང་ཐུང་གཉིས། ན་མཿཙཎྜ་བཛྲ་སོགས་རྣམ་འཇོམས་སྔགས་ཐུང་། ཨ་རྩིག་དང་གལ་ཆེ་ན་རྟ་མགྲིན་ནག་པོའི་རྦད་བརྒྱད་སོགས་གང་འོས་འདོན་ཞིང་། ཕྲེང་ལྕག །ནས་ལྕག་བྲབ། རང་ཉིད་རྟ་མགྲིན་ནག་པོའི་སྐུ་དང་ཕྱག་མཚན་ལས་མེ་ཁ་དོག་སྣ་ལྔ་འཕྲོས་ནས། ནད་པའི་ནད་གདོན་ལུས་ཤ་ཁྲག་དང་བཅས་པ་གཞོབ་ཐུལ་ཐུལ་བསྲེགས་ནས་སྟོང་པར་བསྒོམ་མོ། །དེ་ནས་དེའི་ལུས་ཨོ་རྒྱན་སྨན་བླ་སོགས་ཡི་དམ་དུ་གསལ་བཏབ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བསྒོམ། ཕྲེང་བ་མགོར་བཞག་ལ། སོར་མོ་རྒྱལ་བ་རིགས་ལྔ། ཕྲེང་བ་ཡི་དམ་གྱི་སྐུ་བརྒྱ་རྩ་བརྒྱད། མདོ་འཛིན་བླ་མ་ཡི་དམ་མཁའ་འགྲོ་གསུམ་དུ་གསལ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་གི་ངག་ནས་བརྗོད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དེ་དག་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ནས་ཆར་བབ་པ་ལྟར་བྱོན་ནས་དེ་ལ་ཐིམ་པར་བསྒོམ་ཞིང་། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བཀའ་བརྒྱུད་ཕྱིའི་བླ་མ། སྒྲུབ་བརྒྱུད་ནང་གི་བླ་མ། ཡང་དག་དོན་གྱི་བླ་མ། རྒྱལ་བ་དགོངས་པ་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུངས་བརྒྱུད་པ། གཏེར་ཆོས་སྨོན་ལམ་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། ཐུགས་རྗེ་བྱིན་རླབས་བརྒྱུད་པ། བཀའ་བབ་དོན་གྱི་བརྒྱུད་པ། ཕྱག་ཆེན་བརྒྱུད་པའི་བླ་མ། རྫོགས་ཆེན་བརྒྱུད་པའི་བླ་མ། ཞི་བྱེད་བརྒྱུད་པའི་བླ་མ། དམར་ཁྲིད་བརྒྱུད་པའི་བླ་མ། གཅོད་ཡུལ་བརྒྱུད་པའི་བླ་མ། ཆོས་དྲུག་བརྒྱུད་པའི་བླ་མ། སྦྱོར་དྲུག་བརྒྱུད་པའི་བླ་མ། རིམ་ལྔ་བརྒྱུད་པའི་བླ་མ། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཟབ་མོ་ལྟ་བའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་བྱ་བའི་རྒྱུད་ཀྱི་ལྷ་ཚོགས། སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས། རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས། བླ་མེད་རྒྱུད་ཀྱི་ལྷ་ཚོགས། །ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྤྱི་རྒྱུད་དུས་ཀྱི་འཁོར་ལོ། །སྙིང་པོ་ཀྱཻ་རྡོ་རྗེ། ཡང་སྙིང་འཁོར་ལོ་བདེ་མཆོག །རྡོ་རྗེ་གདན་བཞི། །སངས་རྒྱས་ཐོད་པ། གཤིན་རྗེ་དམར་ནག །དགྲ་ནག་གདོང་དྲུག །རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །བསྐྱེད་པ་མ་ཧཱ་ཡོ་གའི་ལྷ་ཚོགས། ལུང་ཨ་ནུ་ཡོ་གའི་ལྷ་ཚོགས། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ལྷ་ཚོགས། འདུས་པ་མདོའི་ལྷ་ཚོགས། །དངོས་གྲུབ་བམ་གྱི་ལྷ་ཚོགས། །འཆི་མེད་ཚེའི་ལྷ་ཚོགས། སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས། འཇམ་དཔལ་སྐུའི་ལྷ༴ པདྨ་གསུང་གི་ལྷ༴ ཡང་དག་ཐུགས་ཀྱི་ལྷ༴ ཆེ་མཆོག་ཡོན་ཏན་ལྷ༴ ཕུར་པ་ཕྲིན་ལས་ལྷ༴ མ་མོ་རྦོད་གཏོང་ལྷ༴ རིག་འཛིན་སློབ་དཔོན་ལྷ༴ པད་འབྱུང་ཞི་བའི་ལྷ༴ རིག་འཛིན་ཁྲོས་པའི་ལྷ༴ བདུད་འདུལ་གྲོ་ལོད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག །ཕོ་གདོན་རྒྱལ་འགོང་དམ་སྲི། །མོ་གདོན་བསེན་མོ་གསོན་འདྲེ། །ཀླུ་གདོན་གཉན་དང་ས་སྲིན། །སྟེང་གདོན་གཟའ་དང་རྒྱུ་སྐར། །འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་ཐེའུ་རང་། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པས་མི་ཚུགས་པར་སྲུངས་ཤིག །ནད་རླུང་ལས་གྱུར་པ་ཉི་ཁྲི་གཅིག་སྟོང་། །མཁྲིས་པ་ལས་གྱུར་པ་ཉི་ཁྲི་གཅིག་སྟོང་། །བད་ཀན་ལས་གྱུར་པ་ཉི་ཁྲི་གཅིག་སྟོང་། །འདུས་པ་ལས་གྱུར་པ་ཉི་ཁྲི་གཅིག་སྟོང་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ། །སྟོབས་དང་མངའ་ཐང་དབང་ཐང་རླུང་རྟ་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད། ཟླ་བ་ཡར་གྱི་ངོ་བཞིན་དུ་དར་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །ཚེ་མི་ཤིགས་པའི་རྡོ་རྗེ་ལྟ་བུ། མི་འགྱུར་བ་གཡུང་དྲུང་ལྟ་བུ། མི་ནུབ་པ་རྒྱལ་མཚན་ལྟ་བུ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག །ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བཛྲ་རཀྵ་རཀྵཿ གལ་ཆེ་ན་ཡི་དམ་གྱི་སྔགས་ལ་རཀྵ་བཏགས་ཤིང་། ལུས་ལ་རྡོ་རྗེའི་གོ་ཁྲབ་བཀོན་པར་དམིགས་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །འགྲོ་བ་འདི་ལ་བདག་གིས་སྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊཿ ཅེས་བརྗོད་ལ་ནད་པ་ལ་རིག་པ་གཏད་ལ་ཉམས་ལེན་ཐུན་གཅིག་སྐྱོང་ངོ་། །འདི་མ་ཎི་བཀའ་འབུམ། མདོ་པདྨ་དཀར་པོ། དཀོན་མཆོག་བརྩེགས་པ། སྨན་མདོ། རྟ་ནག་སྒྲུབ་སྐོར་ལ་སོགས་པ་མདོ་རྒྱུད་མན་ངག་དུ་མའི་དོན་བསྡུས་ཤིང་། རང་གི་ཉམས་མྱོང་དང་ཡང་བསྟུན་ནས་བྱིན་རླབས་ཆེ་བར་ངེས་པས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག །ཅེས་དགེ་སློང་རྣལ་འབྱོར་སྤྱོད་པ་རཱ་ག་ཨ་སྱས་འབྲུག་ལོ་ཁྲུམས་ཟླ་བའི་གནམ་གང་ཉིན་བྲིས་པ་མངྒ་ལཾ། བྷ་ཝནྟུ།། །།
སྙན་བརྒྱུད་ཡང་ཕུར་སྦྲག་མའི་བསྐང་བ་ནོར་བུའི་སྤྲིན་ཕུང་ (Volume 27, Text 36)
སྙན་བརྒྱུད་ཡང་ཕུར་སྦྲག་མའི་བསྐང་བ་ནོར་བུའི་སྤྲིན་ཕུང་བཞུགས་སོ། །བསྐང་རྫས་འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུྃ། བདེ་ཆེན་ཉམས་བརྒྱས་སྒེག་པའི་རོལ་རྩེད་ལས། །རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་སྤྲིན། །སྤྲོ་བསྡུའི་བྱེད་པོ་ཤྲཱི་ཧེ་རུ་ཀཿ གཙོ་འཁོར་སྤྲུལ་པར་བཅས་ཀུན་འདིར་གཤེགས་ཤིག །ཕྱི་སྣོད་རྣམ་དག་འོག་མིན་བདེ་ཆེན་ཞིང་། །ནང་བཅུད་རྣམ་དག་ལྷ་དང་ལྷ་མོའི་དལ། །ཕུང་ཁམས་སྐྱེ་མཆེད་རང་བྱུང་མཆོད་བསྐང་རྫས། །ཟག་མེད་ཀུན་བཟང་རྒྱན་གྱིས་ཐུགས་དམ་བསྐང་། །ཕྱི་ནང་ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པའི་ཚོགས། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད་པའི་སྤྲིན། །མི་འཛད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །སྨན་གཏོར་རཀྟ་སྦྱོར་སྒྲོལ་གསང་བའི་རྫས། །བདེ་སྟོང་དགའ་བཞི་བཅུ་དྲུག་རིག་མའི་གར། །ཕུལ་བྱུང་མཆོད་བསྐང་སྒྲུབ་པའི་རྫས་ཆེན་པོས། །རབ་འབྱམས་རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །གདོད་མའི་མགོན་པོ་རིགས་ལྔ་ཞི་དང་ཁྲོ །གསང་བདག་ལས་ཀྱི་དབང་ཆེན་ཧཱུྃ་ཀཱ་ར། །པྲ་བྷ་ཧསྟི་རྡོ་རྗེ་ཐོད་ཕྲེང་རྩལ། །མཚོ་རྒྱལ་ཡེ་ཤེས་མཆོག་གྲུབ་ཐུགས་དམ་བསྐང་། །སྙན་བརྒྱུད་བཀའ་བབས་པདྨ་མདོ་སྔགས་གླིང་། །མཛོད་ལྔའི་སྒོ་འབྱེད་པདྨ་གར་གྱི་དབང་། །སྐལ་ལྡན་ལས་ཅན་ཆོས་བདག་བརྒྱུད་པར་བཅས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཨེ་ཡིག་སྟོང་ཆེན་སྐྱེ་བ་མེད་པའི་ཀློང་། །ཝཾ་ཡིག་བདེ་ཆེན་འགག་མེད་སྒྱུ་མའི་གར། །ཟུང་འཇུག་རང་རྩལ་བཛྲ་ཧེ་རུ་ཀཿ དབྱིངས་ཕྱུག་ཀྲོ་དྷཱི་ཡུམ་གྱི་ཐུགས་དམ་བསྐང་། །སྣང་བ་ཐབས་མཆོག་བཛྲ་ཀཱི་ལ་ཡ། །སྟོང་པ་སྐྱེ་མེད་འཁོར་ལོ་རྒྱས་འདེབས་ཡུམ། །ཟུང་འཇུག་རང་རྩལ་ཕུང་ཁམས་དག་པའི་འཕྲུལ། །སྲས་མཆོག་ཀཱི་ལ་རིགས་ལྔའི་ཐུགས་དམ་བསྐང་། །མི་དགེ་ཚར་གཅོད་ཁྲོ་རྒྱལ་ཡབ་ཡུམ་བཅུ། །རྟོག་ཚོགས་གནས་དག་ཟ་གསོད་སྒོ་སྐྱོང་ཚོགས། །དུས་སྦྱོར་དག་པ་ཕུར་སྐྱོང་བཀའ་སྡོད་བཅས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཐུགས་དམ་བསྐང་། །དངོས་གཅིག་དུ་མར་འཆར་བའི་རོལ་གར་དཔྱིད། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་ཚོགས། །རབ་འབྱམས་ནོར་ལྷ་གཏེར་བདག་སྤྲུལ་འཁོར་བཅས། །རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཐུགས་དམ་བསྐང་། །དོན་དམ་དབྱིངས་ལ་མཚན་རྟོག་མ་དམིགས་ཀྱང་། །ཀུན་རྫོབ་འཁྲུལ་ངོར་རྩ་བ་ཡན་ལག་གི །དམ་ཚིག་ཉམས་སོགས་ནོངས་པ་ཅི་མཆིས་པ། །གཉིས་མེད་མཉམ་པའི་ཀློང་དུ་བསྐང་ཞིང་བཤགས། །དེ་ལྟར་བསྐངས་ཤིང་བཤགས་པའི་བསོད་ནམས་ཀྱིས། །མི་མཐུན་འགལ་རྐྱེན་ཉམས་པ་སོར་ཆུད་ནས། །ཞི་སོགས་ཕྲིན་ལས་རྣམ་བཞིའི་འཇུག་པ་ཡིས། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཕུང་ཁམས་སྐྱེ་མཆེད་དྭངས་མའི་ལྷ་སྐུར་སྨིན། །སྲོག་རྩོལ་འཛིན་པ་དབུ་མའི་དབྱིངས་སུ་དག །ཨེ་ཝཾ་ཟུང་འཇུག་དཔལ་ཆེན་ཧེ་རུ་ཀའི། །གོ་འཕང་ཚེ་འདིར་མངོན་དུ་བྱེད་པར་ཤོག །བཀྲ་ཤིས་དཔལ་མངའ་བླ་མའི་ཞབས་པད་བརྟན། །བཀྲ་ཤིས་ཀུན་འབྱུང་བཤད་སྒྲུབ་མངའ་ཐང་དར། །བཀྲ་ཤིས་འཛད་མེད་འགྲོ་ཀུན་བདེ་ཞིང་སྐྱིད། །བཀྲ་ཤིས་སྣང་བས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པའང་ལམ་འདི་ཉིད་ལ་རྣལ་འབྱོར་བྱེད་པ་དགེ་སློང་ཞིང་སྐྱོང་ལགས་ཀྱི་བཞེད་སྐོང་དུ། རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་འོག་མིན་བླ་མའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་ཉེ་འདབས་སུ་བྲིས་པ་གྲུབ་གཉིས་ཀྱི་པདྨོ་མཆོག་ཏུ་བཞད་པའི་རྒྱུར་གྱུར་ཅིག། །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཡང་གསང་ཐུགས་ཀྱི་ཕུར་གཅིག་ལས༔ ཚེ་འགུགས་ (Volume 32, Text 36)
ཡང་གསང་ཐུགས་ཀྱི་ཕུར་གཅིག་ལས༔ ཚེ་འགུགས་བཞུགས༔ ྈྈྈྈྈ ཤྲཱི་བཛྲ་ཀུ་མཱ་ར་ན་མོ༔ དཀྱིལ་འཁོར་དབུས་སུ་ཚེ་ཡི་འབྲང་རྒྱས་བཤམ༔ གཡས་གཡོན་དུ་ཚེ་ཆང་དང་ཚེ་མདའ་བཤམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ བཟླས་ཤིང་མདའ་དར་གཡབ་ལ༔ ཧཱུྃ༔ དབུས་ནས་རྡོ་རྗེ་ཚེ་ཡི་ལྷ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ ཕྱོགས་བཅུའི་རྡོ་རྗེ་ཚེ་ཡི་བདག༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ སྤྲུལ་པའི་ཕྲ་མེན་ཉི་ཤུའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཕྱོགས་སྐྱོང་ལག་ནས་ཚེ་ཁུག་ལ༔ རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཚེ་སྲོག་གདོན་གྱིས་བརྐུས་པ་ཁུག༔ རྡོ་རྗེའི་ཚེ་མཆོག་བརྟན་པར་མཛོད༔ ཚེ་འབྲང་སྤྱི་བོར་བཞག་ལ་ཚེ་ཆང་འཐུང༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཚེ་ཡི་ལྷ༔ སྙིང་པོ་ཡེ་ཤེས་བཅུད་དང་ལྡན༔ བདེ་ཆེན་ཡེ་ཤེས་ཚེ་སྩོལ་ཅིག༔ རྡོ་རྗེའི་སྲོག་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འབྲང་ལོངས་སྤྱད་བཀྲ་ཤིས་སྨོན་ལམ་རྣམས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ཁོ་བོ་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།།
པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ རང་ལུས་ཨ་ནུའི་ཚོགས་མཆོད (Volume 41, Text 36)
པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ རང་ལུས་ཨ་ནུའི་ཚོགས་མཆོད་བཞུགས་སོ༔ ྈྈྈྈྈ མ་འོངས་དུས་སུ་ང་ནི་སྔགས་པ་ཞེས༔ བསྐྱེད་རྫོགས་དང་བྲལ་བཟའ་བ་ཟ་བ་རྣམས༔ ཁྱི་ཕག་ཟས་ལ་སྤྱོད་དང་ཁྱད་མེད་པས༔ རང་ལུས་ཨ་ནུ་ཡོ་གའི་བསྐྱེད་རིམ་ལས༔ མ་གཡོས་བཞིན་དུ་ཟས་ལ་སྤྱོད་གྱུར་ན༔ དཀོན་མཆོག་གླུད་དང་དགེ་འདུན་དཀོར་ལ་སོགས༔ ལོག་པའི་ཟས་ཀྱི་འཇིགས་པ་ཀུན་ལས་བྲལ༔ རང་ལུས་ཚོགས་ཀྱི་འཁོར་ལོ་འདི་ལྟར་བསྐོར༔ ས་མ་ཡ༔རྒྱ་རྒྱ་རྒྱ༔ རང་ཉིད་བདེ་གཤེགས་འདུས་པར་གསལ་བཞིན་དུ༔ ཡ་རྐན་རིགས་ལྔ་མ་རྐན་གཤེགས་མ་ལྔ༔ ལག་གཡས་དཔའ་བོ་ལག་གཡོན་དཔའ་མོ་ལྔ༔ ཟས་སྐོམ་ལག་པ་གཡས་པས་བཀབ་པ་ཡིས༔ སྙོམས་འཇུག་ཚུལ་བསམ་སྦྱོར་མཚམས་བྱང་སེམས་བབ༔ འབྲུ་གསུམ་བྱིན་བརླབས་བདེ་སྟོང་བདུད་རྩིར་གྱུར༔ ལག་གཉིས་སྦྱར་བས་ཚིམ་ཞིང་མཉེས་པར་བསམ༔ མགྲིན་པའི་པདྨར་བླ་མ་ཡབ་ཡུམ་ཚོགས༔ ཆོས་འཁོར་དབུས་སུ་ཡི་དམ་ལྷ་ཚོགས་དང༔ ལྟེ་བར་གྲུ་གསུམ་དམ་ཅན་སྲུང་མའི་ཚོགས༔ ཚིགས་ཆེན་རྣམས་སུ་ཁྲོ་ཆེན་འབར་བ་དང༔ མདོར་ན་རྩ་ཁམས་ཞི་ཁྲོའི་དཀྱིལ་འཁོར་ལས༔ གནས་གྱུར་ལག་གཡས་འདོད་ཡོན་ལྷ་མོ་ལྔས༔ ཟག་མེད་བདུད་རྩིའི་མཆོད་པ་ཕུལ་བར་བསམ༔ འགུལ་བསྐྱོད་གཡོ་བ་གཉིས་མེད་སྦྱོར་བ་སྟེ༔ ཡེ་ནས་རང་གསལ་གདོད་ནས་དག་པ་ལ༔ གློ་བུར་རྐྱེན་གྱིས་སྤྱོད་པ་མ་ཡིན་པར༔ རང་བྱུང་རང་གསལ་ལྷུན་གྲུབ་ཆེན་པོ་འོ༔ བྱ་བྱེད་ཚོགས་ཀྱི་རོལ་པས་ཀུན་གྲོལ་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ༈ གུང་གི་དུས་སུ་ཁ་ཟས་ཀྱི་བྱ་བ་ལ་བབ་པའི་ཚེ། བཟའ་བཏུང་གི་དངོས་པོ་རྣམས་མདུན་དུ་བདར་ལ། ལག་གཡས་ཀྱིས་སྟེང་ནས་བཀབ་པའི་ཚུལ་དང་བཅས། རང་ཉིད་བདེ་གཤེགས་འདུས་པར་སོགས་ནས། མཆོད་པ་ཕུལ་བར་གྱུར༔ ཞེས་དང་། ཨོཾ་ཨཱཿཧཱུྃ་མང་དུ་བརྗོད། ལག་གཉིས་པད་སྐོར་གྱི་མཐར་ཐལ་མོ་སྦྱར་ལ། ཧོཿ ཞེས་བརྗོད་ཅིང་ཁ་ཟས་བླངས་ཏེ། བདག་ལུས་་་ཀུན་མཁྱེན་ཀློང་ཆེན་པའི་བླ་མ་ཡང་ཏིག་གི་ཚོགས་མཆོད་ལས་སོ།ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལ། །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ཟས་ཀྱི་སྒྲིབ་པར་མི་འགྱུར་བར། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཁ་ཟས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བས། རང་གི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གསལ་བ་མཆོད་པའི་ཚུལ་གྱིས་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་ཚིམས་པར་ལོངས་སྤྱད་པའི་མཐར། གདན་གསུམ་ཚང་བའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །ནང་གི་ཚོགས་ཀྱི་མཆོད་པ་ཇི་ལྟར་བྱ་བའི་རིམ་པ་མདོར་བསྡུས་པའོ། །མངྒ་ལཾ།། །།
རྗེ་སྒམ་པོ་པའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་ (Volume 11, Text 36)
༄༅། །རྗེ་སྒམ་པོ་པའི་ཞལ་གདམས་གསང་ལམ་བླ་མ་སྒྲུབ་པའི་མན་ངག་བཞུགས་སོ། ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྙིགས་དུས་སེམས་ཅན་བསོད་ནམས་ཞན་པ་དང་། །སངས་རྒྱས་བསྟན་པ་མར་འགྲིབ་དུས་ཀྱི་ཚེ། །དམ་ཆོས་སྒྲུབ་པའི་ལོང་མེད་གློ་བུར་འཆི། །འཕྲལ་རྐྱེན་བར་ཆད་ལས་ཉོན་དབང་བཙན་པས། །མཐོང་གྲོལ་རང་བྱུང་ཌཱ་ཀིའི་སྐུ་བརྙན་ཡོད། །ཤེས་རིག་བག་ལ་ཉལ་དང་བྱོལ་ཉོག་ལ། །མྱོང་གྲོལ་ཁྱད་འཕགས་དམ་རྫས་ཕབ་རྒྱུན་ཡོད། །ལས་ཅན་གསང་ལམ་བཙན་ཐབས་སངས་རྒྱས་ཕྱིར། །ཐོབ་གྲོལ་མཁའ་འགྲོའི་ཨུ་པ་དེ་ཤ་ཡོད། །གསང་བའི་ཡང་གསང་མཐར་ཐུག་གནད་འགག་ནི། །དྲན་གྲོལ་བླ་མའི་སྒྲུབ་ཐབས་ཨི་ཐི་ཡོད། །བདག་དང་རྒྱུད་གཅིག་རྣམས་ལ་ལུང་བསྟན་ནི། །ཐོས་གྲོལ་ཡིག་ཆུང་ས་ལ་སྦས་པ་ཡོད། །འཛམ་གླིང་གྲགས་པའི་ཐེམ་རྒྱ་སྨོན་ལམ་འདི། །གནས་པོ་ཁྱོད་ལ་གཏད་དོ་ཐུབ་པར་སྲུངས། །ནམ་ཞིག་ལས་ཅན་གཅིག་དང་འཕྲད་པར་ཤོག །དང་པོ་སྐྱབས་འགྲོ་སེམས་བསྐྱེད་དེ། །མཎྜལ་ཕུལ་ཞིང་གསོལ་བ་གདབ། །དེ་རྗེས་བླ་མ་རང་ལ་བསྟིམ། །གནས་འགྱུ་གཏན་ལ་དབབ་པར་བྱ། །མ་སྒོམས་མ་ཡེངས་རང་བབ་སྐྱོངས། །དེ་ནས་རིག་པ་རྗེན་ལ་ཕུད། །ཉོན་མོངས་བག་ཆགས་ཤེས་སྒྲིབ་གཏོར། །བདེ་ཆེན་སྣང་སེམས་ལྷན་ཅིག་སྐྱེས། །ཕྱི་ནང་དབྱེར་མེད་ངོ་སྤྲོད་བྱ། །སྒོམ་མེད་བྱ་རྩོལ་མཐའ་བྲལ་སྟོན། །ཟུང་འཇུག་རྨད་བྱུང་གསང་ལམ་འདིས། རབ་འབྱམས་དུས་གསུམ་རྒྱལ་བ་རྣམས། །མ་ལུས་ཀུན་འགྲུབ་འདི་ཁོ་ན། །ལྷ་དང་བླ་མ་དབྱེར་མེད་སྒྲུབས། །སྙིང་པོའི་ཡང་སྙིང་ཡིད་བཟླས་བྱོས། །སྤྱོད་ལམ་སྤང་བསྒྱུར་ཤེས་གསུམ་ཡིན། །བར་མ་དོ་ཡི་གདམས་པ་དྲུག །ཚེ་གཅིག་ཡེངས་མེད་ཉམས་ལེན་འཚལ། །རྟགས་དང་ཡོན་ཏན་ཤུགས་ཀྱིས་འཆར། །སྙི་སྒོམ་གསང་བའི་ལམ་མཆོག་འདིས། །འགྲོ་རྣམས་རང་བཞིན་གྲོལ་བར་ཤོག ༈ །དང་པོ་སྐྱབས་འགྲོ་སེམས་བསྐྱེད་བསྒོམ་པ་ལ། དལ་འབྱོར་མི་ལུས་ཡང་ཡང་མི་ཐོབ་སྟེ། ད་རེས་ནམ་ཞག་གཏན་གྱི་དོན་སྒྲུབ་དགོས། དེ་ཡང་སེམས་ཅན་ཐམས་ཅད་སྐྱེ་བའི་ཐ་མ་འཆི་བ་ལས་མ་འདས། ནམ་འཆི་ཆ་མེད་ཡིན་པ་དང་། འཆི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད། ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས། འཆི་བའི་གནད་གཅོད་དང་། བར་དོར་འཁྲུལ་སྣང་གི་འཇིགས་སྐྲག་མྱོང་ཞིང་། དགའ་བའི་ཟླ་གྲོགས་དང་བྲལ། རང་གཅིག་པུ་བྱ་སྤུ་རླུང་གིས་དེད་པ་ལྟ་བུ་ཡོང་བ་དང་། སྡུག་བསྔལ་སྲན་མི་བཟོད་པ་གཅིག་ནི་ལོས་ཡོད། དེ་ལྟར་ན་ད་ལྟ་རང་དབང་ཡོད་ཚེ་དམ་པའི་ཆོས་ལ་འབད་ཅིང་འཆི་བ་མི་རྟག་པ་བསྒོམ་ནུས་དགོས། འདི་ལ་ཡིད་ཆེས་ན་ཚེ་འདི་ལ་ཞེན་ཆགས་མི་ཡོང་སྟེ། ཆོས་ཁོ་ན་འབད་པ་ཞིག་ཡོང་། འཁོར་བའི་ཉེས་དམིགས་ལ་ཡིད་ཆེས་པས་སྲིད་པར་མི་འཆིང་། ལས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་པས་ཐར་པ་སྒྲུབ་པ་ལ་བརྩོན་པ་ཡོང་། བྱམས་སྙིང་བརྩེ་ལ་ཡིད་ཆེས་པས་ལམ་ལོག་དང་བཏང་སྙོམས་སུ་མི་འགྲོ །དེ་ལྟར་མ་ཤེས་ན་གནས་པ་རབ་རིབ་གཅིག་སྐྱེས་ཀྱང་། ཡུལ་དང་ཉེ་དུ་ལོངས་སྤྱོད་ལྟ་བུ་ཞིག་གིས་འཆིང་ན་གནས་པ་དེས་མི་ཕན། དེས་ན་ཚེ་འདི་ལ་མི་ཆགས་ཤིང་སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་དེངས་སུ་བཅུག །བློ་བླ་མ་དཀོན་མཆོག་ལ་བཀལ་ཏེ། ལུས་རྣམ་སྣང་གི་ཆོས་བདུན་བྱ། རང་ཉིད་སྐད་ཅིག་གིས་ལྷའི་གསལ་སྣང་ཝལ་ཙམ་གྱི་སྤྱི་བོར་བླ་མ་བརྒྱུད་པ་ཐོ་བརྩེགས་སུ་བཞུགས་པ། ཕྱོགས་མཚམས་དང་མཐོང་ཡུལ་བར་སྣང་ཐམས་ཅད་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འཇའ་སྤྲིན་འཐིབས་པའམ། དཔེར་ན་དཔག་བསམ་གྱི་ཤིང་ལོ་འབྲས་འཕྱོ་བ་ལྟར་བཞུགས་ཤིང་། བརྩེ་བའི་སྤྱན་གྱིས་གཟིགས་པ་དང་། འོག་ནས་རིགས་དྲུག་སྲིད་པ་གསུམ་གྱིས་བསྡུས་པའི་ཕ་མ་སེམས་ཅན་ཐམས་ཅད་ཀྱང་། བང་རིམ་གྱི་ཚུལ་དུ་གནས་ནས་སྐྱབས་འགྲོ་འུ་རུ་རུ་འདྲེན་པར་བསམ། ངག་ཏུ་སངས་རྒྱས་ཆོས་ཚོགས་དང་། ཇི་སྙེད་སུ་དག་གི་རྗེས་སུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། ལུས་ངག་ཡིད་གསུམ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་ཀྱིས་འབད་པར་བྱའོ། །སེམས་བསྐྱེད་འདི་ཡི་མཐུ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་བཟང་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང་། །རིན་ཆེན་བདུན་ལས་གྲུབ་པ་ཡི། །ཚད་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་སྲས་བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །རྒྱལ་བ་སྲས་བཅས་རྣམས་ལ་བདག་འབུལ་ན། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པས། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །སྐྱབས་གནས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མཎྜལ་རྒྱས་བསྡུས་ཅི་རིགས་པ་འབུལ། ཕྱིའི་མཆོད་པ། མེ་ཏོག །སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། ནང་གི་མཆོད་པ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། གསང་བའི་མཆོད་པ། ཆོས་སྐུ་བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་སྤྲོས་ལ་འབུལ་ལོ། ༈ །གཞན་ཡང་མཎྜལ་རྒྱས་བསྡུས་སོ་སོའི་སྐབས་དང་བསྟུན་ལ་འབུལ་ཞིང་། རང་ཉིད་དུས་གསུམ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གསལ་བའི་ཐུགས་ཀར་བརྟན་གཡོ་འཁོར་འདས་ཡོངས་ཀྱི་བདག་ཉིད་ཡིད་བཞིན་ནོར་བུ་བླ་མ་རིན་པོ་ཆེ་བཞུགས་པའི་མོས་གུས་བྱས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས༴ བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་སློང་བར་བྱིན༴ ལམ་འཁྲུལ་པ་སེལ་པར་བྱིན༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་ད་ལྟ་ཉིད་དུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་ཉིད་དུ་དག་པར་བྱིན༴ ཐུན་འདི་ཉིད་དུ་དག་པར་བྱིན༴ བདག་གི་རྒྱུད་འདི་དག་པར་བྱིན༴ རྒྱུད་འདི་རྣམ་པར་གྲོལ་བར་བྱིན༴ ད་ལྟ་འདི་ཉིད་དུ་གྲོལ་བར་བྱིན༴ འདུག་ས་འདི་ཉིད་དུ་གྲོལ་བར་བྱིན༴ ཐུན་འདི་ཉིད་དུ་གྲོལ་བར་བྱིན༴ བདག་གི་རྒྱུད་ལ་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན༴ ཡེ་ཤེས་མཆོག་ཏུ་གྱུར་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན༴ ད་ལྟ་ཉིད་དུ་སྐྱེ་བར་བྱིན༴ འདུག་ས་འདི་ཉིད་དུ་སྐྱེ་བར་བྱིན༴ ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་མང་དུ་གདབ་བོ། །དེ་ནས་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཐམས་ཅད་བརྒྱུད་པའི་བླ་མ་རྣམས་ལ་བསྟིམ། དེ་དག་ཀྱང་རིམ་བཞིན་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རང་སེམས་དང་དབྱེར་མེད་བསྲེ། མཐར་བསྔོ་བ་དང་སྨོན་ལམ་བྱའོ།། ༈ དེ་ནས་གནས་འགྱུ་གཏན་ལ་དབབ་པ་ལ། སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ། ཞི་གནས་ཀྱི་ཉམས་བསྐྱང་། དེ་ལ་མི་གནས་པའི་ཚེ་ན། མིག་བཙུམས་ལ་བསྒོམ། ཡང་ན་མིག་སྣ་རྩེའི་ནམ་མཁའ་ལ་བལྟ་ཡིན་བསྒོམ། ཤེས་པ་གྲིམ་ལྷོད་སྙོམས་པར་བྱ། དེ་ལ་གནས་ན་བསྒོམ་རུང་། འཕྲོ་ན་མི་རུང་།གནས་ཉམས་ཤིན་ཏུའང་བརྟན་པར་བྱའོ། ༈ །དེ་ནས་རིག་པ་རྗེན་ལ་ཕུད་པ་ནི། འགྱུ་བ་གནས་པ་གཉིས་སོ་སོར་འདུག་ན་རྩད་གཅོད་བཏང་ལ། གནས་འགྱུ་གཉིས་པོ་གཅིག་ཏུ་ངོ་སྤྲད། དེ་ལྟར་གནས་དུས་སུ་འགྱུ་བ་མེད། འགྱུ་དུས་སུ་གནས་པ་མེད་པས་ན་སེམས་གཉིས་སུ་མ་གྲུབ་པས་གཅིག་ཏུ་སོང་། གཅིག་པོ་ཡང་ངོས་བཟུང་དང་བྲལ་བ་གཞོན་ནུས་བདེ་བ་སྙིང་ལ་མཚོན་པའམ། ལྐུགས་པས་བུ་རམ་མྱོང་བ་ལྟར་བརྗོད་པ་དང་བྲལ་བ་ཞིག་ལ་ངོ་སྤྲོད་མཁས་པར་བྱའོ། །དངོས་པོ་མ་ཡིན་ཞིང་མཐའ་དང་བྲལ་བ། བཟུང་བས་མི་ཟིན། བལྟས་པས་མི་མཐོང་། དངོས་མེད་མ་ཡིན་ཞིང་གྱ་གྱུ་ཅན། ཝལ་ཝལ། རིག་རིག །ཏུར་ཏུར། དཔེ་རང་གི་མིག་ལ་རང་གིས་བལྟས་པ་ལྟ་བུ་ལ་ངོ་སྤྲོད། ཡང་ན་དབྱིབས་ཁ་དོག་ཕྱོགས་རིས་སོགས་བལྟས་པས་ཀྱང་དངོས་པོ་དང་བྲལ། དྲན་མེད་དུ་བཅོས་ཀྱང་མེད་པར་བྱེད་མི་ཐུབ་པས་དངོས་མེད་དང་བྲལ། ཡང་རྣམ་རྟོག་མ་བཀག་ཤར་དུ་བཅུག །གཅིག་ཤར་གཉིས་ཤར་དྲན་རིག་ཏུ་ཆམ་གྱིས་འགྲོ་བ། མཚོ་ལ་ཁ་བ་བབ་པ་ལྟ་བུར་འགྲོ་ཞིང་འདུག་ན། དུག་ལྔའི་རྟོག་པ་གང་ཤར་སྤང་བླང་མེད་པར་ཤར་གྲོལ་དུས་མཉམ་དང་། སྒོ་ལྔའི་ཤེས་པ་ཐམས་ཅད་མ་བསྒྲིམ་ཀློད་ལ་སྣང་སྲིད་ཀུན་རང་སེམས་གཅིག་པུའི་ཆོ་འཕྲུལ་ཡིན་པར་ངོ་སྤྲད་དོ། །དང་པོ་རྣམ་རྟོག་བཀག །བར་དུ་རྣམ་རྟོག་དང་བསྲེ། ཐ་མ་རྣམ་རྟོག་ཆོས་སྐུར་ཤར་བའོ། །རྣམ་རྟོག་འཁྲུལ་པ་རང་སེམས་སུ་ངོ་སྤྲད་པ་ནི། སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། ཤེས་བྱ་ཐམས་ཅད་ཀྱི་རབ། མཐའ་དང་བྲལ་བའི་དབུ་མ། འཁོར་འདས་ཀུན་གྱི་གཞི། བདེ་གཤེགས་སྙིང་པོ། ཕྱག་རྒྱ་ཆེན་པོ། དེ་ལ་སོགས་པའི་མིང་མང་ཡང་རང་སེམས་མ་བཅོས་ལྷུག་པ། ཐ་མལ་གྱི་ཤེས་པ་འདི་ཡི་རང་རྩལ་ལས་བྱུང་བའོ། ༈ །ཉོན་མོངས་བག་ཆགས་ཤེས་སྒྲིབ་གཏོར་བ་ལ། བདེ་གསལ་མི་རྟོག་པའི་ཉམས་ལ་མཆོག་འཛིན་དང་ཞེན་པ་མེད་པ་ཞིག་དགོས། དྲན་པ་ཁོ་རང་ཡང་སྟོང་ཉམས་ཀྱིས་མ་བསླད་པ། ཡིད་ཆེས་ཀྱིས་མ་བཅིངས་པ། ངེས་ཤེས་ཕྲ་མོས་མ་བསྒྲིབས་པ། བློ་འདས་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་ན་སྒོམ་མེད་ཡེངས་མེད་ཀྱི་གནད་གོ་བ་ཡིན་ནོ། ༈ །ཕྱི་ནང་དབྱེར་མེད་ངོ་སྤྲོད་ནི། གཉིས་འཛིན་ཐམས་ཅད་འཁྲུལ་པ་ཡིན་པས། གཤིས་མེད་དུ་ཤེས་དགོས། སྣང་སེམས་དབྱེར་མེད། ཕྱི་ནང་དབྱེར་མེད། བདག་གཞན་དབྱེར་མེད། བདེ་སྡུག་དབྱེར་མེད། དུག་གསུམ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཤེས་པ་ནི་གལ་ཆེའོ། ༈ །སྒོམ་མེད་བྱ་རྩོལ་མཐའ་བྲལ་སྟོན་པ་ནི། སྤྲོས་པ་མཐའ་དག་དང་བྲལ་བ་ལ་བསྒོམ་དུ་མེད་ཅིང་ཡེངས་སུ་མེད་པ་ལ་སྤྱོད་ལམ་ཅི་བྱེད་དང་འདྲེས་པ་ནི། མཐའ་བྲལ་གྱི་ལྟ་བ་བཅོས་མ་མ་ཡིན་པ་སངས་རྒྱས་ཀྱི་དགོངས་པ་གཏན་ལ་ཕེབས་པའོ། །སྔོན་ཆད་རང་དང་ལྷན་ཅིག་ཏུ་གནས་ཀྱང་ངོ་མ་ཤེས་པས་སེམས་ཉིད་བདག་མེད་པ་ལ་བདག་ཏུ་བཟུང་། སྣང་བ་གཞན་མེད་པ་ལ་གཞན་དུ་བཟུང་། གཉིས་འཛིན་གྱི་མདུད་པ་ལས་སྔར་བསགས་ཀྱིས་འདིར་འཕངས། འདིར་བསགས་ཀྱིས་ཕྱིར་འཕངས་ནས་མེ་འོབས་དང་བཙོན་དོང་ལྟ་བུར་ཆུད་པའོ། །ད་ནི་སྣང་སེམས་དབྱེར་མེད་དུ་རྟོགས་པས་ན། །སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་བྱོན་ཏེ་ཁྱོད་ཀྱི་སེམས་འདི་དངོས་པོ་ཡིན་ནོ་བྱས་ཀྱང་དངོས་པོར་མི་འགྲོ །དངོས་མེད་ཡིན་ནོ་བྱས་ཀྱང་དངོས་མེད་དུ་མི་འགྲོ །དོན་ལ་བཅོམ་ལྡན་འདས་ཁོ་རང་སེམས་ལས་བྱུང་བ་ཡིན་མོད། དེ་ལྟར་མ་རྟོགས་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུག་པ་ལ། ཨ་ཙ་མ་མི་ཚེ་སྟོང་ཟད། སྦྱངས་པ་དོན་མེད། སྙིང་རུས་གོ་ལོག །ཉིན་མཚན་འཁྲུལ་འབྱམས་ལ་འགྲོ་ཞིང་། ཐུན་མོང་གི་དགེ་བ་ཙམ་ཡང་སྒྲུབ་མི་ཤེས་པ་ཚོ་ལ་ཡང་ཡང་བསམས་ཏེ། ཕྱོགས་མེད་ཀྱི་དགེ་བ་ལ་འབད་པར་འཚལ། བསྔོ་བ་དང་སྨོན་ལམ་གྱི་རྒྱས་འདེབས་དགོས་སོ། ༈ །ཟུང་འཇུག་རྨད་བྱུང་གསང་ལམ་ནི་རྡོ་རྗེ་ཐེག་པའི་ལམ་བསྐྱེད་རྫོགས་ཡིན་པས། བསྐྱེད་རིམ་བསྒོམ་པ་དང་། སྟོང་ཉིད་བསྒོམ་པ་ཡང་མི་འགལ་སྣང་སྟོང་དབྱེར་མེད་དུ་གསུངས་པ་ཡིན་ནོ། །དེ་ལ་རང་ལུས་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་རཾ་ཡཾ་ཁཾ་བརྗོད་པས་དངོས་འཛིན་ཨ་འཐས་ཀྱི་ཉེས་སྐྱོན་ཐམས་ཅད་དག །རང་སེམས་སྐྱེ་མེད་བསམ་བརྗོད་བྲལ་བ་ལ། རང་མདངས་འགགས་མེད་ཅིར་ཡང་འཆར་བ། སྣང་སེམས་དབྱེར་མེད་ཀྱི་ངོ་བོ། དུས་གསུམ་རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་གསལ་མེའི་མདོག་ཅན། རྩ་ཞལ་ཁྲོ་འཛུམ་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་ལངས་པའི་དབུས་སུ་ཕག་ཞལ་རྔམ་ལ་བརྗིད་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་། ཐོད་སྐམ་གྱི་དབུ་རྒྱན་དང་། ཐོད་རློན་གྱི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་དར་དཔྱང་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལང་ཚོ་རྒྱས་པས་གཅེར་མོ་བྷ་ག་དང་ནུ་མ་འབུར་ཞིང་། སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་ཞིང་། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བམ་རོའི་སྙིང་གར་མནན་ཏེ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བཾ། དེ་ལས་འོད་ཟེར་འཕྲོས་པས་བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས། ཌཱ་རུ་འཁྲོལ་ཞིང་། རྐང་གླིང་འབུད། དམར་གསུར་དུད་དོ། །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ་ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡཻ། ཧྲྀ་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃཿསརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ མདུན་གྱི་ནམ་མཁར་བཞུགས་པ་ལ། ཨརྒྷཾ་སོགས་ཀྱིས་མཆོད་པ་འབུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཛཿཧཱུྃ་བཾ་ཧོཿ རང་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། ཇི་ལྟར་བལྟམས་པ་སོགས་བྱ། སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །དེ་ནས་སྣང་སྲིད་ཐམས་ཅད་ལྷ་སྔགས་སུ་གསལ་བར་བསྒོམ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྣ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་སྭཱ་ཧཱ། ཅི་ནུས་བཟླས་པ་བྱའོ། །བདུད་རྩི་བྱིན་རླབས་ནི། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་བཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་མཚལ་ལྟ་བུ། བྱང་དུ་མ་ལས་ཀླད་པ་དངུལ་ཆུ་ལྟ་བུ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། ཧཱུྃ་ཧཱུྃ་བྱས་པས་རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས་རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ལྦུ་བའི་ཚུལ་དུ་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། མདུན་གྱི་ནམ་མཁར་བསྒོམས་པ་དང་འདྲ་བ་སྤྱན་དྲངས། ཕེཾ་ཕེཾ་ཕེཾ་སོགས་བྱའོ། པི་ཝཾ་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མ་གླུ་གར་མ། །མེ་ཏོག་མ་དང་སྤོས་ཆག་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ནི། །བཅོམ་ལྡན་འདས་མར་འབུལ་བར་བགྱི། །ཨརྒྷཾ་སོགས་བྱ། བསྟོད་པ་ནི། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་གྲགས་སྙེམས་མ། །རྨོངས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཆང་སྣ་བཞི་ཡི་ཆང་ཕུད་ལ། །ས་བཅུ་ནོན་ཕྱིར་ལག་མཆོད་བྱས། །ཤེས་རབ་གཡོན་གྱི་ལག་པ་ལ། །ཐབས་ནི་གཡས་ཀྱི་ལག་པས་མཆོད། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཀ་ནི་གང་དུའང་མི་གནས་ཤིང་། །པཱ་ནི་མ་སྐྱེས་སྐྱེ་བ་མེད། །ལ་ནི་བློ་འདས་ཡིད་དང་བྲལ། །སྐུ་གསུམ་མི་འགྱུར་ཀ་པཱ་ལར། །ཟག་མེད་བདེ་བའི་ཆང་ཕུད་བལྟམས། །སྐྱེ་འཆི་མེད་པའི་བདུད་རྩི་བླུགས། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །ཨོཾ་གྱིས་སྐྱེ་མེད་སྤྲུལ་སྐུར་སྦྱངས། །ཨཱཿཡིས་འགག་མེད་ལོངས་སྐུར་བསྒྱུར། །ཧཱུྃ་གིས་བློ་འདས་ཆོས་སྐུར་སྤེལ། །ལན་གསུམ་དཀྲུགས་པའི་བདུད་རྩི་འདིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ། །ཌཱ་མ་རུ་འཁྲོལ་ཞིང་། ཕྱག་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་བླངས་ནས། ཕྱོགས་མཚམས་སུ་འཐོར་ཞིང་རྩ་སྔགས་བརྗོད། ཕྱི་རོལ་གྱི་བགེགས་དང་མ་དག་པ་ཐམས་ཅད་ཚར་བཅད་ནས་མཁའ་འགྲོ་མའི་ར་གུར་སྲུང་བའི་འཁོར་ལོའི་རང་བཞིན་དུ་གྱུར། རང་ཉིད་ལ་འཐོར་བས། བ་སྤུའི་བུ་ག་ཐམས་ཅད་ཀྱང་མཁའ་འགྲོ་མའི་ཚོགས་ཀྱིས་གང་བར་གྱུར། མཆོད་རྫས་ལ་འཐོར་བས། མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩིའི་རང་བཞིན་དུ་གྱུར། རྩ་སྔགས་ཀྱི་ཤམ་བུར་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་ཆོས་སྐྱོང་གི་མཚན་བརྗོད་ལ། མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་འབུལ། རང་གི་ལྕེ་ཐོག་ཏུ་བཞག་ལ་བདུད་རྩི་མྱོང་ཞིང་། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་དོ། །རྒྱལ་ཡུམ་གྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཐོབ་པའི་སྐལ་པ་ཅན་དུ་གྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། མདུན་གྱི་ལྷ་རང་ལ་བསྟིམ་མོ། ༈ །ལྷ་དང་བླ་མ་དབྱེར་མེད་བསྒོམ་པ་ལ། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར། བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས་དབུ་ལ་སྒོམ་ཞྭ་ཕྱག་མཉམ་གཞག །ཞབས་སྐྱིལ་ཀྲུང་། སྐུ་ལྷུན་ཆགས་ཤིང་དྭངས་བ་འདྲེན་པ། བལྟ་བས་མི་ངོམས་པ་དྲི་མ་མེད་པའི་འོད་སྐུ་ཚོན་གང་ཙམ། དྲན་པ་ཙམ་གྱིས་ཚེ་འདིའི་སྣང་བ་ཧྲུལ་པོར་འགྲོ་བ། བསྒོམ་པ་ཙམ་གྱིས་བྱིན་རླབས་རང་བཞིན་དུ་འཇུག་པ། ཏིང་ངེ་འཛིན་གྱི་ཡོན་ཏན་རང་ཤུགས་ཀྱིས་སྐྱེ་བ། ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། དེ་ལ་གོང་ལྟར་གསོལ་བ་དྲག་པོ་ཁ་ཞེ་མེད་པར་གདབ་བོ། །ཉམས་མ་འུར་གྱི་བར་དུ་གསོལ་འདེབས་ཚར་ཅི་མང་བྱའོ། ༈ །སྙིང་པོའི་ཡང་སྙིང་ཡིད་བཟླས་བྱ་བ་ལ། ཨོཾ་ཨཱཿཧཱུྃ། རང་གི་ལྕེ་མི་བསྐྱོད་པར་ཡིད་ཀྱིས་བཟླ། འབུམ་ཚོ་གསུམ་བསྙེན་པ་བྱ། ཐུན་བཞིའམ་དྲུག་སོགས་སུ་གསོལ་བ་ཅི་མྱུར་དུ་གདབ་བོ། །ད་ལྟའི་ལྷ་རྗེ་སྙི་སྒོམ་ཞེས་བཙུན་པ་རྒན་པོ་འདི། མ་འོངས་པ་ན་སྙན་གྲགས་ཆེས་ཆེར་འབྱུང་ཞིང་། བྱིན་རླབས་ཀྱི་བབ་ཆེན་པོ་གཞན་ལས་ཁྱད་ཐོན་པས། བརྒྱུད་འཛིན་གྱི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུར་ཡོང་ལས་ཆེ། མོས་གུས་ཀྱི་གསོལ་འདེབས་ནུས་པས་ཆོག །ད་ལྟ་དང་མི་འདྲ་བས་བྱིན་རླབས་མྱུར་བ་ཞིག་དེའི་ཚེ་ཡོང་། ཁོ་བོས་སེམས་ཅན་གྱི་དོན་དུ་དགེ་བའི་ལས་ཚན་པོ་ཆེ་བསགས་ཡོད་པ་ཡིན། སྨོན་ལམ་དང་སེམས་བསྐྱེད་ཀྱི་ས་བོན་རྒྱ་ཆེན་པོ་བཏབ་ནས་ཡོད། དེ་ལྟར་ན་ཕྱི་ནང་གི་བར་ཆད་ཅི་བྱུང་ཡང་ཁོ་བོ་ཡིད་ལ་དྲན་པ་ཙམ་གྱིས་ཆོག །ལུས་ཀྱི་གང་དུ་ན་བ་ལའང་དེ་ཀར་བླ་མའི་སྐུ་ཆུང་ལ་མཛེས་པ། མར་མེ་ལྟར་གསལ་ལ་དྭངས་པ་ཞིག་དམིགས། འདོད་དོན་གྱི་གསོལ་བ་ཕུར་ཚུགས་སུ་གདབ། ལྟོ་རྒྱབ་ཞན་པ་དང་རྐྱེན་ངན་ཅི་བྱུང་ཡང་བླ་མ་སྙིང་ཁར་བསྒོམས་ལ་འདོད་དོན་གསོལ། ཞི་དྲག་གི་ལས་གང་འདོད་ཁོ་བོ་དྲན་ཙམ་ཉིད་ནས་ཐུགས་རྗེའི་སྤྲུལ་པ་ཡོང་། བདེ་སྐྱིད་འདོད་ན་ཡང་ཁོ་བོ་དྲན་པ་ཙམ་གྱིས་ཆོག །ཅི་བསམ་ཐམས་ཅད་ངེས་པར་འགྲུབ། སྡུག་བསྔལ་བྱུང་ཡང་ཁོ་བོ་དྲན་ཞིང་གསོལ་བ་ཐོབ། སྡུག་བསྔལ་ལས་མྱུར་དུ་གྲོལ། འབྱུང་བའི་དགྲ་དང་ཕ་རོལ་གྱི་གནོད་པ་བྱུང་ཡང་། ཁོ་རང་གི་ཐོག་ཏུ་བླ་མ་བསྐྱེད་ལ་དམིགས་པ་ཁ་བསྒྱུར་བྱེད། གསོལ་བ་གདབ་པ་ཙམ་གྱིས་ཆོག །མདོར་ན་སྔོན་ལས་འཕྲལ་རྐྱེན་གང་ལའང་ཁོ་བོ་དྲན་ཞིང་སྐྱབས་སུ་སོང་ན་ངེས་པར་སྐྱོབ་ནུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ན་ཁོ་བོ་ནི་སངས་རྒྱས་རྡོ་རྗེ་འཆང་ཡིན་བྱས་ཀྱང་ཆོག །འདས་པའི་སངས་རྒྱས་མང་པོས་ལུང་བསྟན་པ་དང་། ད་ལྟ་ཡང་ཡེ་ཤེས་མཁའ་འགྲོ་རྒྱུན་ལྡན་དུ་ཞལ་མཇལ་བ་དང་ལུང་བསྟན་ཐོབ། མ་འོངས་པ་ན་ནུབ་ཕྱོགས་སུ་དེ་བཞིན་གཤེགས་པ་འོད་དྲི་མ་མེད་དུ་འགྱུར་བའི་ཚེ་ནའང་། ས་ཕྱོགས་འདི་རྣམས་སུ་སྤྲུལ་པ་མང་དུ་འབྱུང་ངོ་། ༈ །བདག་དང་རྒྱུད་གཅིག་རྣམས་ལ་ལུང་བསྟན་ནི། །ཐོས་གྲོལ་ཡིག་ཆུང་ས་ལ་སྦས་པ་ཡོད། །ཅེས་པ་ནི། སྒམ་པོའི་རི་འདི་ལའང་དག་པ་དང་མ་དག་པའི་འཁོར་འདྲེས་མར་ཡོང་ཞིང་། གནས་རི་འདི་ལ་ཡང་ཁོ་བོས་ཆོས་གཏེར་ལྔ་ཙམ་སྦས་པ་ཡོད། ཤར་དུ་ལམ་རིམ་རྟེན་འབྲེལ་ཟབ་མོའི་ཆོས། ལྷོར་གསང་ལམ་བླ་མའི་སྒྲུབ་ཐབས། ནུབ་ཏུ་ལུང་བསྟན་ས་བཅོས་ལེགས་བཤད། བྱང་དུ་སེམས་ཁྲིད་ཡིད་བཞིན་ནོར་བུའི་སྐོར། དབུས་སུ་གཅེས་པའི་སྒྲོམ་དགུ་རྣམས་ཡོད། གནས་ཆེན་འདི་ཉིད་ཀྱི་བསྟན་པ་དར་རྒྱས་སུ་འདོད་ན། བྱང་ཕྱོགས་འོད་ཀྱི་ཕུག་པ་ན་ཨོཾ་ཨཱཿཧཱུྃ་གསུམ་འབུར་དོད་རྐོས། ཤར་དུ་རྟ་མགོ་གུད་འདྲའི་བྲག་ལ་རྟ་མཆོག་གཟུགས་བཅོས། ལྷོ་མཐུ་བ་ཤོར་འདྲའི་ས་ལ་མཆོད་རྟེན་བཞེངས། ཡང་ན་སྤྱན་རས་གཟིགས་བཅུ་གཅིག་ཞལ་བཞུགས། ནུབ་རྔ་འདྲ་བའི་བྲག་ལ་ཉི་ཟླ་མང་དུ་བཀོད། རྩེ་མོའི་པྲོག་ཞུའི་ངོས་ལ་ཁོ་བོ་འཛམ་གླིང་གྲགས་པའི་སྐུ་འབག་དགུ་ཙམ་བཀོད་ན་བོད་སྤྱི་མཐུན་ལ་ཡང་བདེ་སྐྱིད་འབྱུང་ཞིང་། སྒམ་པོ་འདི་ལ་ཡང་སླར་བསྟན་པ་དར་རྒྱས་སུ་འགྲོ་བའི་རྟེན་འབྲེལ་ཡོད། ནམ་ཞིག་སེང་གེའམ་རཏྣའི་མཚན་ཅན་གྱིས་ཆོས་འདི་རྙེད་པར་འགྱུར་རོ། །དེ་དང་རྟེན་འབྲེལ་མ་འགྲིག་ན་མི་རབས་འགའ་ནས། ཉི་ཟླ་དང་གྲགས་པའི་མིང་ཅན་དབུ་ལ་ཤ་སྨེ་འབུར་དོད་དང་བཅས་པ་ཞིག་གིས་འདོན་ཡོང་། དེས་ཀྱང་མ་ལོན་ན་ཁོ་བོ་དང་ཐུགས་རྒྱུད་གཅིག་པའི་ཅོད་པན་དང་ནོར་བུའམ་རིན་ཆེན་གྱི་མཚན་འཛིན་ཞིང་། ས་གནས་ཀྱི་སེམས་དཔའ་གཅིག་དང་དུས་མཚུངས་སུ་སྐྱེ་སྒོམ་གྱི་སྤྲུལ་པ་ཞིག་གིས་ཐོན། དེས་ཀྱང་མ་ཐོན་ན་མི་རབས་གཅིག་ནས་ཁོ་བོ་དང་རྒྱུད་གཅིག་པའི་སྐྱེ་མཐའ་བཟང་པོ་དང་རྡོ་རྗེའི་མིང་འཆང་ཞིང་བསྟན་པ་ལ་ལྷག་པར་བྱ་བ་བྱེད་པ། རྒྱུད་ཞི་དུལ་ཅན་གྱིས་ངེས་པར་འདོན་ནོ། ༈ །རྡོ་སྐུ་ཡིད་བཞིན་ནོར་བུའི་སྐུ་རྗེན་མི་ལ་སྟོན་མི་རུང་། ཅིའི་ཕྱིར་ན་གནད་ཅིག་ཡོད། མེ་ལོང་ངམ་གསེར་བུམ་ལྟ་བུ་འོད་གོང་གི་ཁྱིམ་དུ་བཞུགས་ཤིང་། ཀུན་གྱིས་མཐོང་ལམ་དུ་འགོད། དེ་མཐོང་གི་སེམས་ཅན་ཀུན་ལ་ངན་སོང་མེད་དོ། །འདི་ནི་བླ་མ་མི་ལས་བདག་ལ་ཀུ་རེ་དོན་དམ་གྱི་ཚུལ་དུ་གནང་བ་ལ། ཕྱིས་ནས་མཁའ་འགྲོའི་སྐུ་གསལ་དུ་སོང་བ་བྱིན་རླབས་ནན་ལྟར་ཆེ་བ་ཞིག་ཡིན་ནོ། །ལག་བརྒྱུད་མི་གཏང་། རབ་གནས་ཉམས་པས་མི་དགུ་ལ་སོགས་པས་མི་རེག །སྐབས་སུ་སྤོས་ཆུས་ཁྲུས་གསོལ་བྱས་ནས་འགྲོ་བ་ཉམ་ཐག་དང་གཞི་བདག་གཉུག་མར་གནས་པ་ལ་འཐོར། འཕྲལ་དུ་ནད་ཟུག་གམ། གདོན་བགེགས་ཀྱི་གནོད་པ་མྱུར་དུ་ཞི་ནུས། ཆར་ཆུ་འབེབ་པ་དང་། ལོ་ལེགས། ཡམས་ནད་མི་གཙང་བ་རྒྱུན་ཆད་དོ། ༈ །དམ་རྫས་ཁྱད་འཕགས་ནི། ཏཻ་ལོ་པས་མཁའ་འགྲོའི་གསང་མཛོད་ནས་གདན་དྲངས་པ། ནཱ་རོ་དང་ཇོ་བོ་ནས་བརྒྱུད་པའི་མྱོང་གྲོལ་བླ་ན་མེད་པའི་ཕབ་རྒྱུན་ཡང་ཅི་མང་སྤེལ་ཞིང་། བླ་མ་ལྷའི་སྒྲུབ་པ་དང་རབ་གནས་བྱའོ། །འདི་ཡང་ཁོང་དུ་སོང་བའི་འགྲོ་བ་ཐམས་ཅད་ཕྱིར་མི་ལྡོག་པ་ཐོབ། དཔེར་ན་དུག་ཆུང་ངུས་མི་ཆེན་པོ་གསོད་པ་དང་། སྨན་ཆུང་ངུས་ནད་ཆེན་པོ་འཇོམས་པ་དང་། མེ་སྟག་གིས་རི་བསྲེགས་པ། ཕབས་ཀྱིས་ཆང་ལང་བ་ལྟ་བུ་ནི་རྫས་ཀྱི་ནུས་པའོ། །དེ་ལྟར་བླ་མའི་སྒྲུབ་ཐབས་གསང་ལམ་ཟབ་མོ་འདི་ཡང་། དད་མེད་ལོག་ལྟ་ཅན་ལ་གསང་བར་གཅེས་སོ། །གནད་ཅིག་ཡོད། ༈ །སྤྱོད་ལམ་སྤང་བསྒྱུར་ཤེས་གསུམ་ནི། དང་པོ་ཉོན་མོངས་པ་སྤང་བར་འདོད་ཅིང་། གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི་ཕ་རོལ་ཕྱིན་པ་དང་མཐུན་ནོ། །གཉིས་པ་བསྒྱུར་བ་ནི། གསང་སྔགས་ཡིན་ཏེ་ཇི་ལྟར་བསྒྱུར་ན། ཕྱི་གཞལ་ཡས་ཁང་དང་། ནང་ལྷ་དང་ལྷ་མོར་བསྒྱུར། ཟས་བདུད་རྩིར། རང་ལུས་དཀྱིལ་འཁོར། ཉོན་མོངས་ཡེ་ཤེས་སུ་བསྒྱུར། གསུམ་པ་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་དུ་མེད། བླང་དུ་མེད། བསྒྱུར་དུ་མེད་པར་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་དུ་ཤེས་པ་ནི་གཞི་ཤེས་པའོ། །ངོ་བོ་བསྒོམ་ཤེས་ན་ལྷ་འདྲེ་མི་གསུམ་གྱིས་མི་འགོང་བ་ཡིན། སྟོང་པ་དང་དམིགས་པ་ནི་ལྷ་འདྲེས་ཀྱང་ཤེས། སྤྲུལ་པ་སྣ་ཚོགས་ཀྱང་ཤེས་ཏེ། ལྷ་འདྲེས་ངོ་བོ་རྟོགས་མ་མྱོང་། ངོ་བོ་བསྒོམ་མི་ཤེས། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པ་ཡིན་ནོ། །ངོ་བོ་བསྒོམ་པས་རླུང་ཡང་རང་བཞིན་གྱིས་དབུ་མར་ཚུད་པ་དང་། ངོ་བོ་མཐོང་ཚུན་ནས་བསྐུལ་བ་ཙམ་མ་གཏོགས་གཞན་ཉམས་སུ་བླང་མི་དགོས། འཇམ་རླུང་ཅུང་ཟད་རེ་དང་། ཡིད་བཟླས་ཟབ་མོ་ལ་མི་ཚེ་དྲིལ། སྤྱིར་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་རྡོ་རྗེ་འཆང་། ཏཻ་ལོ། ནཱ་རོ་སོགས་དང་། བླ་མ་ཡི་དམ་མཁའ་འགྲོ་རྣམས་དང་། གཞན་ཡང་ཡུལ་ཁྱད་པར་ཅན། གནས་ཁྱད་པར་ཅན། རྟེན་གསུམ་ཁྱད་པར་ཅན། བྱིན་རླབས་ངེས་ཅན། རང་དད་པའི་ཡུལ་གང་ཡིན་པ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་སོགས་བྱས་ཏེ་ཐུགས་ཀའི་བླ་མ་ལ་བསྟིམ། ཐུན་རྗེས་སུ་གསོལ་བ་ཕུར་ཚུགས་སུ་གདབ། དེས་ནི་མི་བསླུ་ཐག་ཆོད་ང་རང་ཤེས་སོ། ༈ །བར་མ་དོ་ཡི་གདམས་པ་དྲུག་ནི། རྒྱལ་བ་རྡོ་རྗེ་འཆང་གི་རྒྱུད་ཀྱི་དགོངས་པ་ནས། ཇི་ལྟར་སྒྱུ་མའམ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་བཞིན་དུ་ཞེས་པ་ལ་བརྟེན་ནས་ཇོ་བོ་ནཱ་རོ་པས་བར་དོ་གསུམ་དུ་མཛད་པ། སྐྱེ་འཆི། རྨི་ལམ། སྲིད་པ་བར་དོ་གསུམ་དུ་གསུངས། དེ་ལ་བླ་མ་མི་ལས་ཇོ་མོ་ཚེ་རིང་མ་ལ་བར་དོ་དྲུག་ཏུ་གསུངས། དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་ཡིན་པ་ནི། ད་རེས་འཁོར་འདས་གཉིས་ཀྱི་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་འབེབ་ཀྱང་འཚལ། །སྣང་བ་སྐྱེ་ཤིའི་བར་དོ་རུ། །རིག་པ་སེམས་ཀྱི་རྩལ་སྦྱངས་ཤིང་། །ལམ་བསྐྱེད་རྫོགས་གཉིས་ལ་འབད་ཀྱང་འཚལ། །ཏིང་འཛིན་ལམ་གྱི་བར་དོ་རུ། །གཉུག་མ་ཡེ་ཤེས་ངོས་བཟུང་ཕྱིར། །སྙན་བརྒྱུད་ཀྱི་གདམས་ངག་བསྒོམ་ཡང་འཚལ། །རྨི་ལམ་གཉིད་ཀྱི་བར་དོ་རུ། །བག་ཆགས་ལམ་དུ་སློང་བའི་ཕྱིར། །འོད་གསལ་སྒྱུ་ལུས་སྦྱང་ཡང་འཚལ། །འཆི་ཁ་སྲིད་པའི་བར་དོ་རུ། །སྐུ་གསུམ་མངོན་དུ་བྱས་ནས་ཀྱང་། །ཞིང་ཁམས་གསུམ་དུ་བགྲོད་ཀྱང་འཚལ། །གལ་ཏེ་མངོན་དུ་མ་གྱུར་ན། །སྐྱེ་གནས་བརྒྱུད་པའི་བར་དོ་རུ། །སྨོན་ལམ་དག་པའི་མཚམས་སྦྱོར་འཚལ། །དེ་ལྟར་དྲུག་པོ་དེ་ལ། ཁྱད་ཆོས་ཀྱི་ཉམས་ལེན་གནད་ཀྱི་འཕྲང་སྒྲོལ་ཞེས་བཀྲ་ཤིས་ཚེ་རིང་མ་ལ་གསུངས་པ་ཡིན་ནོ། །དེ་ཡང་རང་བཞིན་གནས་པའི་བར་དོ་ལ། འཁོར་འདས་སོ་མཚམས་དབྱེ་བ་ཀུན་གཞི་གནད་ཀྱི་གདམས་པ་ཕྱག་རྒྱ་ཆེན་པོ་ངོ་སྤྲད། སྐྱེ་ཤིའི་བར་དོ་ལ། འཆིང་གྲོལ་བསྐྱེད་རྫོགས་ཀྱི་གདམས་པ་སྟོན། བསམ་གཏན་བར་དོ་ལ་གཉུག་མ་རང་བབས་སུ་བཞག་ཐབས་བྱ། རྨི་ལམ་བར་དོ་ལ་ཉིན་མཚན་གྱི་སྣང་བ་བསྲེ། འཛིན་སྤྲུལ་བསྒྱུར་སོགས་སྦྱང་། འཆི་ཁའི་བར་དོ་ལ་ཆགས་ཞེན་གྱི་འཁྲི་བ་བཅད། ཐིམ་རིམ་ངོས་བཟུང་ཞིང་འོད་གསལ་མ་བུ་སྤྲོད། དེ་ལ་མི་གནས་པའི་ཚེ་ན་སྒྲ་འོད་ཟེར་ལ་སོགས་པ་ཐམས་ཅད་རང་བཞིན་གྱི་ལྷ་དང་ཞིང་ཁམས་སུ་ཤེས་པར་བྱའོ། །སྲིད་པའི་བར་དོ་ལ་མངལ་སྒོ་དགག་ཅིང་མཚམས་སྦྱོར་གྱི་རྟེན་འབྲེལ་བསྒྲིག་པ་གལ་ཆེའོ། །བླ་མ་མི་ལས་བཀྲ་ཤིས་ཚེ་རིང་མ་ལ་འདི་གསུངས། ཁྱེད་ཀྱི་སྙིང་ལམ་ན། འབྲས་བུ་སྐུ་བཞི་ཞེས་བྱ་བ། རྒྱུད་ལས་ཐ་དད་པ་གཅིག་ལོགས་ན་བཙལ་རྒྱུ་ཡོད་སྙམ་ན་ཡང་རང་ལས་གཞན་བཙལ་དུ་མེད་དོ། །འོ་སྐོལ་སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་ལ། འཆི་བ་འོད་གསལ་ཆོས་སྐུ །བར་དོ་དག་པ་ལོངས་སྐུ །སྐྱེ་བ་སྣ་ཚོགས་སྤྲུལ་སྐུ །དེ་གསུམ་རོ་གཅིག་པ་ངོ་བོ་ཉིད་སྐུ །དེ་དག་གཞི་ལས་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པ་ལ། བླ་མ་དམ་པས་ངོ་སྤྲོད་དགོས་པ་ཡིན་གསུངས། ཞིང་ཁམས་གསུམ་དུ་མི་ཁོམ་པ་བརྒྱད་ཀྱི་འདུ་བྱེད་ཀྱིས་ཐང་ཆད་ཅིང་། ལམ་སྲིད་པ་གསུམ་ན་ཡུན་རིང་བཤར་བས་ངལ་དུབ་ཏུ་གྱུར་པའི་ཤུལ་རིང་གི་མགྲོན་པོ་གསུམ་ཡོད་དེ། གདམས་ངག་ཀྱང་ཡོད་ལ་ཉམས་སུ་བླངས་པའི་གང་ཟག་དང་། གདམས་ངག་ནི་ཡོད་ལ་ཉམས་སུ་མ་བླང་བའི་གང་ཟག་དང་། གདམས་ངག་ཀྱང་མེད་ལ་ཉམས་སུ་མ་བླངས་པའི་གང་ཟག་གོ །སྔ་མ་དེ་ཉིད་སྲིད་ལ་མི་འཇིགས་པའི་འཕྲང་བདུད་ཀྱི་བསྐུངས་ལས་གྲོལ་ཏེ་གང་ལའང་ཡ་ང་བ་མེད་དེ། བསྒོམས་པའི་གནད་ཀྱིས་གྲོལ་བའི་ཕྱིར་རོ། །ཕྱི་མ་ཐ་མ་དེ་ནི་སྐྱེ་བོ་ཐ་མལ་པ་དང་མཚུངས་ཏེ། ཡ་ང་བའི་ལམ་ལ་ཞུགས་ནས་རང་བཞིན་གྱི་བདུད་ཀྱིས་ཁྲིད་དེ་ཁམས་གསུམ་གྱི་འཁོར་བར་སྐྱེ་ཤི་ཟོ་ཆུའི་ཁྱུད་མོ་ལྟར་སྤྱོད་དོ། །བར་མ་དེ་ལ་ལམ་དང་འཕྲང་གི་དོགས་པ་སེལ་ཞིང་། བར་ཆད་དངོས་གྲུབ་ཀྱི་ཕྱག་བརྙན་བརྟག་པ་དང་། བར་དོ་དག་པ་བདེ་ཆེན་གྱི་ཞིང་དུ་བསྒྲལ་ནས། བར་དོ་དྲུག་ལ་འཕྲང་སྒྲོལ་དྲུག་གི་གདམས་ངག་གསུངས་སོ། །སྐུ་གསུམ་མངོན་གྱུར་གྱི་མཚམས་ལག་ལེན་ངོ་སྤྲོད་དུ་བསྟན་ན། ལམ་དང་འཆི་བའི་སྲིད་པ་དང་། འགྱུ་བ་གནད་གཅོད་ཀྱི་འཕྲང་འབྱུང་བཞི་དབང་པོ་ཕྲ་རགས་ཐིམ་པའི་རྗེས་ལ། རྣམ་རྟོག་ཐམས་ཅད་དང་བྲལ་བ་ནི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། ངོ་བོ་སྟོང་པའི་གནས་ལུགས་མ་བཅོས་པ་ཇི་ལྟ་བ་ཞིག་དུས་དེར་འཆར་བས། དེ་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་དགོས། དེ་ལ་ད་ལྟ་བླ་མས་ངོ་སྤྲད་པ། ལྟ་བའི་དོན་གོ་བ། མཚོན་བྱེད་ལམ་གྱི་འོད་གསལ་དང་གཉིད་ཀྱི་འོད་གསལ་ཟིན་པར་སྦྱང་འཚལ་ལོ། །ཡང་ལམ་སྲིད་པའི་བར་དོ་ལ་ལས་ཀྱི་གཤེད་པོས་འཚེ་བའི་འཕྲང་། དབང་པོ་ཀུན་ཚང་ཐོགས་མེད་དུ་འགྲོ་བ་རྫུ་འཕྲུལ་འོད་དང་ལྡན་པའི་ལུས་ཤིག་འོང་། དེ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། དེ་ཡིན་པ་ལ་ཡིན་པར་ངོ་ཤེས་པས་ཟུང་འཇུག་ལྷའི་སྐུར་བཞེངས་ལ་སྔ་མའི་བག་ཆགས་ལྷག་ལུས་སྦྱང་དགོས། དེ་ངོ་ཤེས་པ་ལ་ད་ལྟ་བསྐྱེད་རིམ་ལ་བསྟན་པ་དང་མཚོན་བྱེད་སྒྱུ་ལུས་དང་རྨི་ལམ་ལེགས་པར་སྦྱང་འཚལ་ལོ། །ཡང་ཐ་མ་སྐྱེ་བའི་སྲིད་པ་ལ་ལས་ཀྱི་རླུང་གིས་རང་དབང་མེད་པར་སྐྱེ་གནས་སུ་འཇུག་པའི་འཕྲང་། དྲི་ཟ་མངལ་སྒོ་འཚོལ་ཞིང་ཕོ་མོ་སྦྱོར་བ་ལ་ཆགས་སྡང་སྐྱེས་ཚེ་གདམས་ངག་དྲན་པའི་གནད་ཀྱི་བདེ་སྟོང་གི་ཉམས་དང་། གཉེན་པོ་རྩལ་གྱི་སྒོ་འགེགས། ཕྱིན་ཆད་ཤེས་བཞིན་སྐྱེ་བ་ལེན་པ་དེ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུ །དེ་ངོ་ཤེས་ཤིང་སྐྱེ་བ་ལ་དབང་ཐོབ་པར་བྱེད་པ་ལ། གཏུམ་མོ་དྲོད་ཀྱི་ཡེ་ཤེས་དང་། ལས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་གསུམ་པའི་དོན་ཉམས་སུ་མྱོང་བས་ཕྲག་དོག་གི་མིག་སེར་སྦྱང་འཚལ། སྐུ་གསུམ་མངོན་སུམ་གྱི་ངོ་སྤྲོད་དུས་དང་ས་མཚམས་ཤེས་པར་བགྱིད་འཚལ། རྟགས་དང་ཡོན་ཏན་འཆར་ཚུལ་ནི། ངེས་པ་མེད་དེ་གང་ཟག་གི་རྩ་བཟང་ངན་ལ་རག་ལས་པས་ཡུལ་དང་བསྟུན་ནོ། །གནས་སྐབས་སུ་ཡང་དམ་པའི་ཆོས་འདུལ་བ་དང་གང་མཐུན་བྱེད་དགོས། རི་མཚམས་དང་སྨྲ་བཅད་འདག་སྦྱར་ལ་མི་ཚེ་དྲིལ། དམན་ས་བཟུང་། གོས་ཧྲུལ་པོ་གྱོན། བཟོད་སྲན་ཆེ་བར་བྱ། ཆོས་འདི་གྲོང་ཡུལ་དུ་ཁྲོམ་བཤད་མི་བྱ། ཕན་ཐོགས་ཀྱི་འགྲོ་དོན་ཆེན་པོ་ཡོང་རྒྱུ་འགྲིབ་པའི་ཉེན་ཡོད། རི་སུལ་དང་དབེན་གནས་སུ་སྟོན། རྒྱབ་ཆོས་སུ་བླ་མ་མི་ལ་ལ་སོགས་གོང་མའི་མགུར་འབུམ་དང་། བསྟན་བཅོས་ཐར་པ་རིན་པོ་ཆེ་དང་། ལམ་མཆོག་རིན་ཆེན་ཕྲེང་བ་དང་། གྲོས་འདེབས་གབ་པ་མངོན་ཕྱུང་ལ་སོགས་གསུང་། ཆོས་འདི་ལ་ཕྱག་རྟེན་དང་འབུལ་བ་མ་ལེན། གང་ཐོད་ཐོད་ལ་མ་བཤད། དམ་ཚིག་ཐུབ་ངེས་ལ་སྦྱིན་ཀྱང་། དཀོན་མཆོག་ལ་མཆོད་པ་ཅི་འབྱོར་དང་ཌཱ་ཀི་ལ་ཚོགས་གཏོར་བདུད་རྩི་འབུལ། གནས་པོ་དྭགས་ལྷ་སྒམ་པོ་ལ་འབྲས་ཀྱི་བཤོས་གཙང་དང་། ལུག་ཤ་སོགས་ཀྱིས་མཆོད། ཕྲིན་ལས་བཅོལ། དེ་ལྟར་བླ་མའི་གསང་ལམ་ཟབ་མོ་འདི་ནི། བརྒྱུད་པ་བདུན་གྱི་བར་དུ་ཐོབ་གྲོལ་ཁྱད་ཅན་དུ་ཡོད། ལུང་ཐོབ་པ་ཙམ་གྱིས་ཆོག་གོ །ྀཨཚ། ༈ དེ་ལྟ་བུའི་ཟབ་ཆོས་འདི་ནི། སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྤྲུལ་པར་ལུང་བསྟན་པ། དུས་མཐའི་གཏེར་སྟོན་རིག་འཛིན་འཇའ་ཚོན་སྙིང་པོ་ལ། དངོས་ཉམས་རྨི་ལམ་དུ་མར་མཁའ་འགྲོའི་ལུང་བསྟན་བྱུང་བ་དང་། ཁོ་བོའི་ཉམས་རྨིས་རྣམས་སུ་ཡང་ལུང་བསྟན་ཐོབ་པར་བརྟེན། གཏེར་སྟོན་དེ་ཉིད་སྒམ་པོར་སྤྱན་དྲངས། ཆུ་ཕག་མགོ་ཟླ་བའི་ཚེས་བཅོ་ལྔ་ལ། བྲག་སྒོམ་ཞྭའི་མགུལ་ནས་ལ་དྲིལ་རྗེ་སྒམ་པོ་པའི་ཕྱག་རྗེས་མ་ཉམས་པ་གཏེར་ནས་ཐོན་ཏེ། གཏེར་སྟོན་རང་གི་བཞུགས་གནས་སུ་སྤྱན་དྲངས། ཕྱག་གསོལ་འདེབས་བསྐོར་བ་རྣམས་འབུམ་ཐེར་དང་། ཚོགས་གཏོར་བརྒྱ་རྩ་བརྒྱད་ཕུལ་ནས། ཤིང་བྱི་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་ཞལ་ཕྱེས་པས། རྡོ་སྐུ་ཡིད་བཞིན་ནོར་བུ། དམ་རྫས་མྱོང་གྲོལ་རིལ་བུ། གསང་ལམ་བླ་མའི་སྒྲུབ་ཐབས་རྣམས་ཐོན། བྲག་ལོང་ལུང་པ་འཇའ་འོད་ཀྱིས་ཁེངས་པ་དང་། ལོ་ཕྱུགས་ལེགས་པ་སོགས་ངོ་མཚར་གྱི་ལྟས་མང་དུ་བྱུང་། ཟླ་བ་གསུམ་གྱི་བར་དུ་གཏེར་སྒྲུབ་རྟགས་ཐོན་མཛད་ཅིང་དམ་རྫས་ཀྱང་སྤེལ། དེ་ནས་རིན་པོ་ཆེ་མི་ཕམ་བློ་གྲོས་པ་དང་། བདག་སོགས་དད་འདུས་རྣམས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ་པས་བཀའ་དྲིན་ཆེའོ། ༈ །ན་མོ་གུ་རུ་བཛྲ་དྷཱ་ར་ཛམྦུ་དྭཱི་པ་ཀཱིརྟི་ཡེ། རྒྱལ་བའི་ཐུགས་རྗེ་མ་ལུས་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་ཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམས་ཀྱང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་རྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུངས་ཤིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྒྱལ། །མགོན་ཁྱོད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་རིག་འཛིན་དེས་གཏེར་ཞལ་ཕྱེ་བའི་ཚེ་མོས་གུས་དྲག་པོས་འོ་དོད་ཀྱིས་གསོལ་བ་བཏབ་པའོ།། །།
ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ གདུག་པ་འདུལ་བྱེད་ཁྲོ་རྒྱལ་ཁྱུང་གི་ཕྱི་ནང་གསང་གསུམ་སྒྲུབ་སྐོར་ལས་སྦྱོར་དང་བཅས་པ་ (Volume 46, Text 36)
༁ྃ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ གདུག་པ་འདུལ་བྱེད་ཁྲོ་རྒྱལ་ཁྱུང་གི་ཕྱི་ནང་གསང་གསུམ་སྒྲུབ་སྐོར་ལས་སྦྱོར་དང་བཅས་པ་བཞུགས་སོ༔ ྈྈྈྈྈྈྈ གདུག་པ་འདུལ་བའི་ལྷ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ ནམ་མཁའ་ལྡིང་གི་སྒྲུབ་ཐབས་སྟོན་པ་ནི༔ ཐུགས་ཀྱི་རྒྱུད་རྡོ་རྗེ་པདྨོའི་དྲྭ་བ་ཅན་ལས༔ དེ་ནས་ཡང་དག་བཤད་བྱ་བ༔ ཉིད་ལས་མི་གཞན་རབ་སྤྲུལ་པའི༔ དཔའ་བོ་དབང་ནི་ནམ་མཁའ་ལྡིང༔ མཁའ་འགྲོ་མ་ཡི་དྲྭ་བར་གསུངས༔ ཞེས་གསུངས་པས༔ འདི་ལ་ཕྱི་སྒྲུབ་དང༔ ནང་སྒྲུབ༔ གསང་སྒྲུབ་གསུམ་ལས༔ དང་པོ་ཕྱི་སྒྲུབ་ནི༔ བཅས་སོགས་ནང་སྒྲུབ་ལྟར༔ རིགས་གསུམ་ཁྱུང་ལྔའི་སྒྲུབ་ཐབས་ལྟར་བྱས་ནས༔ དང་པོ་བསྙེན་པ་ནི༔ ཆོས་རྣམས་ཐམས་ཅད་སྟོང་པར་བསམ༔ སྟོང་པའི་ངང་ལས་འབྱུང་རིམ་བརྩེགས༔ རི་མཚོ་བདུན་དབུས་རི་རབ་སྟེང༔ གཞལ་ཡས་ཁང་ནི་འོད་ཕུང་འབར༔ དབུས་སུ་པད་ཉི་ཀླུ་འབུམ་སྟེང༔ བདག་ཉིད་ཡི་གེ་ཁྲོཾ་དུ་གྱུར༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཁྲོཾ༔ ཡེ་ཤེས་ལས་བྱུང་བྱ་ཁྱུང་ནི༔ སྐུ་མདོག་དཀར་ལ་འདབ་གཤོག་དམར༔ ཞལ་ནི་གསུམ་དང་ལྡན་པ་སྟེ༔ ཕྱག་ནི་དྲུག་གི་རྣམ་པ་ཅན༔ གཡས་ཀྱི་ཕྱག་ནི་གསུམ་པ་ལ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ གཡོན་པ་གསུམ་ན་འཛིན་པ་ནི༔ པདྨ་རྒྱ་གྲམ་སྦྲུལ་དུ་འཛིན༔ རྭ་ནི་ཐབས་དང་ཤེས་རབ་སྟེ༔ ཆོས་ཀྱི་སྐུ་ནི་ནོར་བུ་ཡིན༔ འདབ་གཤོག་རལ་གྲི་སྤུ་གྲི་འབར༔ སྡེར་མོ་རྡོ་རྗེ་ཕ་ལམ་གྲུབ༔ སྤྱན་མིག་ཉི་མ་ཟླ་བར་འཁྱིལ༔ སྤུ་ནི་རིན་ཆེན་ནོར་བུ་འབར༔ བྱ་ཁྱུང་རིགས་ལྔ་འཁོར་བཅས་གསལ༔ ཐུགས་ཀར་ཁྲོཾ་མཐར་སྔགས་འདི་འཁོར༔ ཡེ་ཤེས་མེ་དཔུང་རབ་ཏུ་འབར༔ ཁྲོ་ཆུ་ཁོལ་མས་གཏམས་པར་བསམ༔ ཨོཾ་ཁྲོཾ་རཱ་ཛ་མ་ཧཱ་ག་རུ་ཊ་སྭཱ་ཧཱ༔ ཞེས་པ་རྩ་བའི་བསྙེན་པ་སྟེ༔ འབུམ་ཕྲག་གསུམ་དུ་བཟླས་པས་འགྲུབ༔ གཉིས་པ་བསྒྲུབ་པའི་རིམ་པ་ནི༔ ཏིང་ངེ་འཛིན་ནི་གོང་དེས་ཆོག༔ སྒྲུབ་པའི་སྙིང་པོ་འདི་ཉིད་བཟླ༔ ཨོཾ་ཁྲོཾ་རཱ་ཛ་མ་ཧཱ་ག་རུ་ཊ་ནཱ་ག་ཧྲྀ་ད་ཡ༔ བྷ་ག་བ་ཏི་མ་ཧཱ་ཀྲོ་ཏ་ཧྱ་གྲཱི་བ་ཧཱུྃ་སཔྟ་བ་ཏ་ལ་སརྦ་ཀརྨ་བྷྱ་ཏིཥཎྚ་ཨུཏྤ་བི་ནན༔ ཏདྱ་ཐཱ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ མ་ར་མ་ར༔ དུ་ན་དུ་ན༔ སྥོ་ཏ་སྥོ་ཏ༔ བཀྴ་ནི་བཀྴ་ནི༔ ནཱ་ག་ས་མནྟ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ ཁྲི་ཕྲག་བཟླས་པས་ལས་ཀུན་འགྲུབ༔ ཀླུ་རྣམས་རང་བཞིན་དབང་དུ་འདུས༔ གདུག་པ་ཅན་གྱི་སྲོག་དང་བྲལ༔ མཛེ་ནི་ཆུ་བུར་སོང་ཡང་སོས༔ གཞན་གྱི་ནད་ལ་སྨྲོས་མི་འཚལ༔ ཁྱད་པར་སྙིང་ནད་མ་ལུས་སེལ༔ རྗེས་སུ་བསྟོད་པ་བྱ་བ་ནི༔ ཧྲཱི༔ པདྨ་དབང་ཆེན་རྟ་མཆོག་དཔལ༔ སྣང་བ་མཐའ་ཡས་ཧེ་རུ་ཀ༔ ཡེ་ཤེས་ལས་བྱུང་ག་རུ་ཊ༔ ཞལ་ནི་གསུམ་སྟེ་སྐུ་གསུམ་དངོས༔ རྭ་ནི་དྲུག་སྟེ་རིགས་དྲུག་འདུལ༔ རྭ་བར་ནོར་བུ་ཆོས་ཀྱི་སྐུ༔ ཕྱག་དྲུག་མཚོན་ཆས་ཀླུ་གདོན་འཇོམས༔ འདབ་གཤོག་སྐྱོད་པས་དབང་ཡིན་ཏེ༔ སྡེར་མོ་བགྲད་པས་ཕྲིན་ལས་ཡིན༔ སྐུ་མདོག་དཀར་ལ་ཞི་བ་སྟེ༔ སྤྱན་རྩ་སེར་ལ་རྒྱས་པའི་ལས༔ ཕྲིན་ལས་བཞི་ཡི་བདག་ཉིད་ལ༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ཅེས་བརྗོད་ཀླུ་སྨན་བདུད་རྩི་དང༔ གཏོར་མ་ཚོགས་ཀྱི་འཁོར་ལོས་མཆོད༔ ཕྱི་སྒྲུབ་རིམ་པ་ས་མ་ཡ༔ དམ་རྒྱ༔ དེ་ནས་གཉིས་པ་ནང་སྒྲུབ་ནི༔ བཅའ་ཐབས་ནང་སྒྲུབ་ནག་པོ་ཀླུ་འདུལ་ལྟར་བྱས་ནས༔ ཏིང་ངེ་འཛིན་ནི༔ བདག་ཉིད་སྐད་ཅིག་ཁྲོཾ་ལས་བྱུང་བའི་བྱ་ཁྱུང་སྐུ་མདོག་དམར་ལ་འདབ་གཤོག་མཐིང་ག༔ དབུ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་ཟེ་བ་དང་དབུ་སྒྲོ་མེ་ལྟར་འབར་བ༔ ཕྱག་གཡས་གསུམ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་འབར་བ་བསྣམས་པ༔ གཡོན་གསུམ་པདྨ་རྡོ་རྗེ་རྒྱ་གྲམ་སྦྲུལ་ལྔ་ཞལ་དུ་འཛུད་པའི་རྐེད་པར་འཛིན་པ༔ ཞབས་གཉིས་ཀ་ཀླུ་རིགས་བཞིའི་སྙིང་གར་བརྫིས་ནས་སྦྲུལ་སྟོང་གཉན་ཁྲི་གནོན་པ༔ སྐུ་ལ་རིན་པོ་ཆེས་བརྒྱན་ཅིང༔ རྭ་དང་སྡེར་མོ་གནམ་ལྕགས་ལས་གྲུབ་པ༔ རྭ་བར་ཡིད་བཞིན་ནོར་བུ་བཞུགས་པའི་ནང་དུ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་བཞུགས་པའི་ཕྱོགས་བཞི་ལ༔ རིགས་བཞིའི་ཁྱུང་དཀར་སེར་དམར་ལྗང་གི་མདོག་དང་ལྡན་ཅིང༔ ཞལ་གཅིག་ཕྱག་གཉིས་རང་རྟགས་ཀྱི་ཕྱག་མཚན་དང་སྦྲུལ་མགོ་ཞལ་དུ་གཟུད་ནས་བསྣམས་པ༔ རང་འདྲའི་སྤྲུལ་པ་ཡན་ལག་ལྔ་འགྱེད་པར་བསམ༔ ཀུན་གྱི་ཐུགས་ཀར་ཧྲཱིཿདམར་མཐར་སྔགས་འདིས་འཁོར་བར་བསམ་ལ་བསྙེན་པ་ཁྲི་ཕྲག་འབུལ༔ ཨོཾ་ཧྲཱིཿཁྲོཾ་ག་རུ་ཊཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧྲཱིཿནཱ་ག་སརྦ་ཙཀྲ་མཱ་ར་ཡ་ཛ༔ དེ་ནས་གཉིས་པ་སྒྲུབ་པ་ནི༔ བདག་ཉིད་རྟ་མགྲིན་བྱ་ཁྱུང་གི་རྣམ་པར་གསལ་ལ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ནཱ་ག༔ ཧུ་ཡ་ཧུ་ཡ་ནཱ་ག༔ དཱ་ར་དཱ་ར་ནཱ་ག༔ བི་དཱ་ར་བི་དཱ་ར་ནཱ་ག༔ ཚིནྡྷ་ཚིནྡྷ་ནཱ་ག༔ བྷིནྡྷ་བྷིནྡྷ་ནཱ་ག༔ ཧ་ན་ཧ་ན་ནཱ་ག༔ ད་ཧ་ད་ཧ་ནཱ་ག༔ པ་ཙ་པ་ཙ་ནཱ་ག༔ གརྫ་གརྫ་ནཱ་ག༔ སྥོ་ཊ་སྥོ་ཊ་ནཱ་ག༔ བི་སྥོ་ཏ་བི་སྥོ་ཏ་ནཱ་ག༔ བྷནྡྷ་བྷནྡྷ་ནཱ་ག༔ ཏིཥྛ་ཏིཥྛ་ནཱ་ག༔ སྥུ་ཏ་སྥུ་ཏ་ནཱ་ག༔ ཙ་ལ་ཙ་ལ་ནཱ་ག༔ ཨ་ཙ་ལ་ཨ་ཙ་ལ་ནཱ་ག༔ ཨ་ཙ་ལེ་ཨ་ཙ་ལེ་ནཱ་ག༔ དུ་རུ་དུ་རུ་ནཱ་ག༔ ཕཊ་རཾ་ཕཊ་རཾ་ནཱ་ག༔ ཛྭ་ལ་ཛྭ་ལ་ནཱ་ག༔ ཏྲག་ཕཊ་ཏྲག་ཕཊ་ནཱ་ག༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ནཱ་ག་ནི་བྷི་ཏ་ན་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཙི་ལི་བ་སུ་ཀི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ མི་ལི་མི་ལི་ནཱ་ག་རཱ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སིདྡྷི་སིདྡྷི་ནཱ་ག་ས་མནྟ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧ་ས་ཧ་ས་ནཱ་ག་བཀྵ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ མཱ་ར་མཱ་ར་ནཱ་ག་པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧ་ར་ཧ་ར་ནཱ་ག་པྲ་ས་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་པ་སྟོང་བཟླས་ཀླུ་ནད་ཞི༔ ཁྲི་བཟླས་ཀླུ་ཆེན་བརྒྱད་ཀྱང་འདུལ༔ འབུམ་བཟླས་དབང་ཆེན་ཉིད་དང་མཉམ༔ རྟགས་ནི་བསམ་གྱིས་མི་ཁྱབ་འབྱུང༔ ལས་སྦྱོར་ཕུར་བུ་བཏབ་པའི་སྔགས༔ ཧྲཱིཿཁྲོཾ་ཨེ་ཀ་ཙཱ་ཏི་གུ་ཧྱ་སིདྡྷི་ས་མ་ཡ་བྷྱོ་ཛ༔ ཏྲག་རཀྴ་མ་མ་ཧྲཱིཿཡཾ་ཛ༔ ཅེས་དེ་ལས་སྦྱོར་དྲག་པོའི་སྔགས༔ ཐུན་དང་དགུག་དང་དབྱེ་བ་དང༔ བསྲེག་མནན་གསད་པའི་ལས་ཀུན་འགྲུབ༔ ཤིན་ཏུ་ཟབ་བོ་གསང་ཞིག་རྒྱ༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་རྒྱ༔ དེ་ནས་གསུམ་པ་གསང་སྒྲུབ་ནི༔ གསང་བའི་ནང་ནས་ཡང་གསང་མཆོག༔ དཔའ་བོ་དབང་དང་དབྱེར་མེད་པའི༔ ནམ་མཁའ་ལྡིང་གི་སྒྲུབ་པ་བརྩམ༔ དང་པོ་བསམ་གཏན་ཏིང་འཛིན་ནི༔ ཧྲཱི༔ ཆོས་ཉིད་རྣམ་དག་བདེ་ཆེན་ངང་ལས་ནི༔ མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར༔ དྲག་པོའི་ཞེ་སྡང་ཧྲཱིཿཡིག་འཕྲོ་འདུ་འབར༔ འདུ་འཕྲོ་རྟོག་པའི་དུག་ལྔ་སེལ་བའི་ཕྱིར༔ ཞེ་སྡང་ཆོས་འབྱུང་གྲུ་གསུམ་ཨེ་ཡི་ངང༔ ཕྲག་དོག་རླུང་ནག་རྡོ་རྗེ་རྒྱ་གྲམ་འཚུབས༔ འདོད་ཆགས་རཀྟའི་རྦ་ཀློང་འཁྲུགས་པ་ལས༔ གཏི་མུག་མཱཾ་སའི་ས་གཞི་གཅལ་དུ་བཀོད༔ ང་རྒྱལ་རི་རབ་གྲུ་གསུམ་མེ་ཡིས་བརྗིད༔ རྒྱ་གྲམ་རྡོ་རྗེ་ར་གུར་འབར་བའི་དབུས༔ སྨུག་ནག་བྷྲཱུྃ་ལས་འབར་བའི་གཞལ་ཡས་ཁང༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ཆེན་པོ༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་མཛེས༔ རིན་ཆེན་སྣ་ལྔ་བརྩེགས་པའི་རཱ་ག་ལ༔ དབང་པོ་རྣམས་ཀྱི་དྲ་བ་དྲ་ཕྱེད་ལྡན༔ ཞིང་ཆེན་ཀ་གདུང་ཞིང་ཆུང་དྲལ་དྲབ་ཅན༔ ལྷུན་གྱིས་གྲུབ་པའི་ཉི་ཟླའི་རང་བཞིན་འབར༔ ཞིང་ལྤགས་བླ་རེ་སྦྲུལ་གྱི་ཟ་ར་ཚགས༔ ཞིང་གི་རྒྱལ་མཚན་མཛེས་པའི་འཕུར་ལྕེའུ་འབར༔ གཡེར་ཁའི་དྲ་བ་པདྨའི་དབྱུག་པས་མཛེས༔ སྤུ་གྲི་ཏྲི་ཤུལ་གཏུན་ཤིང་སྲིན་མོ་འགྲོས༔ དུར་ཁྲོད་བརྒྱད་དང་མེ་ཡི་དྲ་བ་རིས༔ དེ་དབུས་ཐོད་པ་ཚར་གསུམ་རྩིག་པར་བརྩེགས༔ གྲུ་གསུམ་ཕོ་བྲང་འབར་བའི་མཎྜལ་ལ༔ ཆོས་ཉིད་སྐྱེ་མེད་ཡེ་ཤེས་འཆར་བའི་སྒོ༔ རབ་འབྱམས་གཞལ་ཡས་རང་བཞིན་ལྷུན་གྱིས་གྲུབ༔ དབང་ཆེན་མཁའ་ལྡིང་ལྷ་ཚོགས་བཞུགས་པའི་གནས༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་ཨེ་བྷྲཱུྃ༔ པཾ་པདྨ་མཎྜལ༔ བ་རུ་ཎ༔ ཕུ་ཏི་ར་བཾ༔ མ་སཱུརྻ་མཎྜལ་ཧཱུྃ༔ དེ་ནས་ལྷ་གསལ་བ་ནི༔ ཧྲཱིཿལས་འདུ་འཕྲོ་བསྐུལ་དོན་གཉིས༔ ཚུར་འདུས་བདག་ཉིད་དཔའ་བོ་དབང༔ ཞལ་གསུམ་ཕྱག་ནི་དྲུག་པ་སྟེ༔ གཡས་དཀར་གཡོན་ལྗང་དབུས་མཐིང་ཞལ༔ ཕྱག་གཡས་དང་པོ་རྡོ་རྗེ་སྟེ༔ གཡོན་པའི་དང་པོ་ཞགས་པ་འོ༔ བར་མ་གཉིས་ཀྱིས་རིགས་ངན་ཟ༔ ཐ་མས་མཁའ་ལྡིང་ལྗང་གུ་འཕྱར༔ རྡོ་རྗེ་རིན་ཆེན་གཤོག་པ་བརྒྱངས༔ མཐིང་ནག་སྐུ་ལ་དུར་ཁྲོད་རྒྱན༔ ཞབས་ནི་ཀླུ་འབུམ་གཉན་ཁྲི་དང༔ ས་བདག་སྟོང་བསྣོལ་གདན་ལ་བགྲད༔ རི་རབ་ལྟ་བུའི་སྐུར་གསལ་བའི༔ སྙིང་གར་རཾ་ལས་ཉི་མའི་སྟེང༔ བཾ་ལས་རྒྱ་མཚོ་བསམ་པར་བྱ༔ དེ་རུ་མཁའ་ལྡིང་བསྒོམ་པར་བྱ༔ ཏྲཱཾ་ལས་སྣ་ཚོགས་རྡོ་རྗེ་སྟེ༔ བཾ་ཡིག་ལས་བྱུང་རྒྱ་མཚོའི་དབུས༔ ཏྲཱཾ་ལས་རི་རབ་ཆེན་པོ་སྟེ༔ གྲུ་བཞི་རིན་ཆེན་ངོ་བོ་ལ༔ དེ་སྟེང་ཁྲོཾ་ལས་ནམ་མཁའ་ལྡིང༔ སྐུ་ནི་ཤེལ་གྱི་མདོག་ཅན་ལ༔ བཻ་ཌཱུརྻ་ཡི་འདབ་གཤོག་ཅན༔ གནམ་ལྕགས་ར་ནི་འོད་དུ་འབར༔ སྤྱན་བགྲད་ཞལ་ནི་གཅིག་པ་སྟེ༔ ཕྱག་ན་ཞེ་སྡང་སྦྲུལ་བཟུང་ནས༔ ཞལ་དུ་གསོལ་བའི་དྲེགས་པ་ཅན༔ དཔྲལ་བར་རྡོ་རྗེའི་ཁྱུང་དཀར་དང༔ མགྲིན་པར་པདྨའི་ཁྱུང་དམར་དང༔ ཐུགས་ཀར་བུདྡྷའི་ཁྱུང་མཐིང་གསལ༔ ལྟེ་བར་ཡོན་ཏན་ཁྱུང་སེར་ལ༔ གསང་བར་ཕྲིན་ལས་ཁྱུང་ལྗང་རྣམས༔ ཆ་ལུགས་ཕྱག་མཚན་གཙོ་བོ་ལྟར༔ སྤྲུལ་པ་ཡང་སྤྲུལ་གྲངས་མེད་པས༔ རིགས་བཞིའི་ཀླུ་རྣམས་ཟ་བར་བསྒོམ༔ མ་ཡེངས་དྲག་པོས་སྔགས་འདི་བཟླ༔ ཨོཾ་བཛྲ་ག་རུ་ཎཿཧྱ་གྲཱི་བ་ཧཱུྃ༔ སྲོག་ཚིག་ནན་རྦད་ལུས་རྡུལ་རྦད༔ ནཱ་ག་མཱ་ར་ཡ་ཞི་ཞི་རཾ་རཾ་ལུས་རྡུལ་ཕུང་རྦད་སོད༔ དེ་བཟླས་རྟགས་ཀྱི་རིམ་པ་ནི༔ མེ་འབར་ཆུ་སྐམ་ཆུ་གནས་བསད༔ རྒྱ་མཚོ་སྐེམ་དང་རི་བསྙིལ་ཞིང༔ ཉ་ལྕོང་སྦལ་དང་སྦྲུལ་བསད་ཅིང༔ ཁྱུང་དང་དབང་ཆེན་ཞལ་མཇལ་ནས༔ རིགས་བཞིའི་ཀླུ་རྣམས་ཐང་ལ་ལྷགས༔ ནད་རྙིང་དག་ཅིང་ནུས་པ་འབར༔ ཀླུ་གདོན་ས་བདག་གཉན་ཀུན་གྱི༔ གཉེན་པོ་ཐོ་བ་ལྟ་བུར་འགྱུར༔ མཛེ་དང་ཕོལ་མིག་ནད་ཅན་གྱིས༔ གོང་གི་སྔགས་ཤམ་འདི་ཉིད་གདགས༔ ལཾ་བཾ་རཾ་ཡཾ་ཨ་ནི་ནཱ་ག་མཱ་ར་ཡ་ཤིག་ཤིག་སྭཱ་ཧཱ༔ དེས་ནི་མཛེ་ནད་སེལ་བ་དང༔ ཀླུ་ཡི་དུག་ནི་མེད་པར་འགྱུར༔ ས་མ་ཡ༔ ྀཨཚ༔ གུ་ཧྱ༔ གཉིས་པ་ལས་ལ་སྦྱར་བ་ནི༔ དང་པོ་འཁོར་ལོ་བཅའ་བ་ནི༔ ཤོག་གུ་གྲོ་ག་རས་སོགས་ལ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན༔ ལྟེ་བར་ཁྲོཾ་ལ་རྩ་སྔགས་བསྐོར༔ རྩིབས་ལ་ལཾ་བཾ་རཾ་ཡཾ་བཞི་ལ༔ རྩིབས་མཆན་ལ༔ ཤར་ནས་བརྩམ་སྟེ་རིམ་པ་བཞིན༔ ཨ་གྷི་ཕུ༔ མ་སི་ཕུ༔ མྲྀ་ཏི་ཕུ༔ དུ་ར་ཕུ༔ ཞེས་བྲིས་ལས་དཀྱིལ་གྲུ་གསུམ་གཞུག༔ དགུག་གཞུག་བྱ་ཞིང་གནོད་བྱེད་བསྟིམ༔ ཏིང་འཛིན་ལྡན་པས་བསྙེན་པ་འབུལ༔ འཁོར་ལོ་དྲག་པོར་འཁོར་བ་ལས༔ རྩིབས་མཆན་བཙོན་དོང་ཀླུ་རིགས་བཞི༔ འཁོར་ལོ་མཚོན་ཆས་གཏུབས་པ་ལ༔ སྐྱོང་གི་འཁོར་ལོ་བསྐོར་བ་ལྟར༔ ཤ་གཞོབ་ཉིལ་ཉིལ་བསད་པར་བསམ༔ ཐུན་བྲབ་དྲག་སྔགས་བཟླས་གྱུར་ན༔ ས་བདག་ཀླུ་གཉན་གང་ཡིན་ཀྱང༔ འཆི་བར་གྱུར་པར་ཐེ་ཚོམ་མེད༔ འདི་ནི་ཟབ་པས་གསང་བར་བྱ༔ ྀཨཚ༔ གཉིས་པ་སེར་བ་བསྲུང་བ་ནི༔ བདག་ཉིད་དབང་དྲག་ཁྱུང་དུ་བསྒོམ༔ དབང་གི་དཀྱིལ་འཁོར་ལུས་ལ་བསྒོམ༔ ཐལ་ཆེན་ཡུངས་དཀར་སེར་བར་གཏོར༔ ནམ་མཁའ་མེ་དང་ཁྲོ་བཅུར་གྱུར༔ སེར་བདག་བསད་ནས་སེར་བ་རྣམས༔ མེ་ཡིས་ཆུ་རུ་བཞུས་པར་བསམ༔ དྲག་སྔགས་འདི་ཡིས་བསྡིགས་པར་བསམ༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ༔ ཧུ་ཡ་ཧུ་ཡ༔ ད་ར་ད་ར༔ བྷི་ད་ར་བྷི་ད་ར༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྥོ་ཏ་སྥོ་ཏ༔ གརྫ་གརྫ༔ ཏིཥྛ་ཏིཥྛ༔ ཛྭ་ལ་ཡ་ཛྭ་ལ་ཡ༔ དྷུ་རུ་དྷུ་རུ༔ ཕཊ་རཾ་ཕཊ་རཾ༔ ཛྭ་ལ་རཾ༔ ཞེས་གདབ་པས་སེར་བ་ཆུ་རུ་འགྱུར་རོ༔ ྀཨཚ༔ གཞན་གྱི་རྦོད་གཏོང་བྱད་གཏད་དང༔ ས་བདག་སྡེ་བརྒྱད་གནོད་པ་ཀུན༔ བཟློག་པར་འདོད་པའི་གང་ཟག་དེ༔ འདུ་འཛི་མེད་པའི་གནས་སུ་འགྲོ༔ ས་སྟེགས་མདའ་གང་གྲུ་བཞི་བརྩེགས༔ དབུས་སུ་ཁྲུ་གང་གྲུ་གསུམ་བྲུ༔ གྲུ་གསུམ་ནང་དུ་ནག་པོ་བཞག༔ དེ་སྟེང་འགྲོ་མེད་ས་གཙང་ལ༔ ཁྲུ་གང་མཆོད་རྟེན་ལེགས་པར་བཅའ༔ བུམ་པ་པདྨ་ཉི་ཟླའི་གདན༔ ཆོས་འཁོར་ཏོག་དང་བྲེ་ལ་སོགས༔ སྦྲུལ་གཉིས་དར་དཔྱང་ཚུལ་དུ་བྱ༔ རྒྱ་མཚལ་བྱུགས་ནས་དམར་པོར་བྱ༔ སྲུང་བའི་འཁོར་ལོ་བུམ་པར་སྦ༔ འོད་དཔག་མེད་ནི་བྲེ་ནང་གཞུག༔ བདག་གཞན་བསྲུང་བྱ་བུམ་དབུས་གཞུག༔ རབ་གནས་ཚད་ལྡན་ལེགས་པར་བྱ༔ དེ་འོག་གྲུ་གསུམ་བྲུབ་ཁུང་དེར༔ དུར་ཁྲོད་གྲོག་མཁར་ས་དག་ལ༔ མཆོད་རྟེན་ནག་པོ་ཁྲུ་གང་དབྱིབས༔ སུམ་རིམ་མེ་ཆུ་རླུང་རིས་བྱ༔ དེ་བར་གསེར་གྱི་ས་གཞི་ལ༔ གྲུ་བཞི་ལམ་དང་རྡོ་རྗེས་མཚན༔ མཆོད་རྟེན་གྲུ་གསུམ་ཨེ་དབྱིབས་ཐུན་ཁུང་བྱེད༔ གྲི་ཤི་རབས་ཆད་གང་རུང་རྐང༔ ཐུན་སྦུབས་མགྲིན་ལམ་བདེ་བར་བྱས༔ སྦུག་བཀག་ཕུར་པ་དག་གིས་བྱ༔ མཆོད་རྟེན་གཅིག་ལ་རབ་གནས་བྱ༔ རོ་རས་དུག་ཤོག་གང་རུང་ལ༔ ལིངྒ་དབང་པོ་ཚང་བ་བྲི༔ ལྕེ་ཞེང་བྲང་ལ་སླེབ་པར་བྱ༔ ལྕེ་ལ་སྔགས་འདི་དགོད་པར་བྱ༔ ཨོཾ་ཧྱ་གྲཱི་བ་ཝཱ་ཀ་སཏྭམྦྷ་ཀུ་རུ་ལཾ་ནན༔ སཏྭམྦྷ་སཏྭམྦྷ༔ མོ་ཧ་མོ་ཧ༔ ག་ཡ་ག་ཡ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཕཊ༔ དེ་བྲིས་ས་སྣའི་ལིང་གཟུགས་བཅོས༔ དེ་ཡི་སྙིང་ཀར་མིང་རུས་བྲི༔ གནས་བདུན་ས་ལ་རཀྟས་སྦྲུས༔ སོར་བདུན་ཚད་བཅས་མཆོད་རྟེན་གཞུག༔ དེ་སྟེང་ཟློག་པའི་འཁོར་ལོ་ནི༔ རྩིབས་བཅུ་དབུས་སུ་ཟླུམ་པོ་བྱ༔ ཟླུམ་དབུས་པུ་རིའི་མཆོད་རྟེན་བྱ༔ ལྟེ་བར་ཁྲོཾ་དང་ཧྲཱིཿབཀོད་ལ༔ ཕྱི་ནས་ཟློག་པའི་སྔགས་ཀྱིས་བསྐོར༔ དེ་རྒྱབ་འཁོར་ལོ་རྩིབས་བཅུ་ལ༔ ཧཱུྃ་བཅུ་མགོ་ནི་ནང་དུ་བསྟན༔ འཁོར་རྩེ་ལྕགས་ཀྱི་བྱ་ཁྱུང་བཅུ༔ ཕྱིར་བསྟན་རྔམས་པའི་ཚུལ་དུ་བྱ༔ འཁོར་ལོའི་ཕྱི་ན་མུ་ཁྱུད་སྤང༔ མེ་དང་མཚོན་ཆ་བྲིས་ཀྱང་ཆོག༔ རྩིབས་མཆན་ལིངྒ་རེ་རེ་བྲི༔ སྙིང་གར་དམིགས་བྱའི་མིང་རུས་བྲི༔ མཆོད་རྟེན་འོག་མའི་སྟེང་དུ་འམ༔ དཀར་པོའི་རྨང་ལ་བརྒྱངས་ནས་བཞག༔ དེ་ནས་རང་ཉིད་རྟ་མགྲིན་ཁྱུང༔ གཉིས་མེད་བསམས་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ༔ མ་མ་ཊཱེ་ཏ་ཛྱེ་ནཱ་གི་ནོ་སརྦ་པ་ཏ་ནན༔ མ་ཧཱ་བ་དེ་ལོ་ཏདྱ་ཐཱ༔ ཀུ་རུ་ཀུ་རུ༔ ཙུ་རུ་ཙུ་རུ༔ མུ་རུ་མུ་རུ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྱི་དང་ས་བྱི་དང་ས༔ ཥ་ཊ་ཥ་ཊ༔ ས་ཧ་ས་ཧ༔ ཤ་ཏ་ས་ཧ༔ པྲ་བི་ཙུ་ར་ཎ་བི་ཏ་ན་ས༔ པྲ་ཏྱཾ་གི་ར༔ མ་མ་པྲ་ཡ༔ ཙ་ན་མ་ཧི་ཏད་ད་བཛྲ་ཀྲོ་ཏ་མཾ་ཧི་ལོ་ཀ་ད་ར་བཛྲི་ཧ་ས་ཡ་ན༔ ཧ་ཧ་ཧོ་ཤྲཱི་ཀྲ་ཀ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དེ་ལྟར་བཟླས་པའི་ཏིང་འཛིན་ནི༔ བདག་ཉིད་རྟ་མགྲིན་མཁའ་ལྡིང་གསལ༔ གདན་འོག་མཚོན་ཆའི་འཁོར་ལོ་འཁོར༔ འུར་འུར་དྲག་ཏུ་འཁོར་བ་ལས༔ མེ་དང་མཚོན་ཆའི་བུ་ཡུག་འཚུབས༔ ཁྲོ་ཆུང་བྱ་ཁྱུང་གྲངས་མེད་འཕྲོས༔ སྟོང་གསུམ་གང་ནས་བྱད་མ་རྣམས༔ འཁོར་ལོའི་རྩིབས་ལ་བསྐྱོན་ནས་བསད༔ ཤ་གཞོབ་ཉིལ་ཉིལ་བཏང་བར་བསམ༔ ཞག་བདུན་བསྒྲུབས་པས་ངེས་པར་བཟློག༔ དེ་ཡང་རྒྱུད་ཕྱི་མ་སྟོང་གསུམ་ཟ་བྱེད་ལས༔ ཨེ་མ་ཧོ༔ འདི་ནི་མཆོག་ཏུ་གསང་བ་སྟེ༔ རྣལ་འབྱོར་པ་ཡིས་ནན་ཏན་བྱ༔ བདག་ལ་གཞན་ཞིག་རིགས་སྔགས་ཀྱི༔ ཉེ་བར་འཚེ་བ་གང་བརྩམས་པ༔ ཀླུ་རྣམས་ཉེས་པར་བསྒྲུབས་པ་ལྟར༔ དེ་ཀུན་རང་ལ་ལྡོག་པར་འགྱུར༔ རང་གིས་བྱས་པའི་ལྷ་གང་གི༔ རང་ལ་དེས་ནི་གནོད་པར་ངེས༔ སྦྲུལ་གདུག་གསོས་པ་ཉེས་པ་འམ༔ ཛ་ཡ་ག་ཏོ་འཕྲད་པ་ལྟར༔ རང་ཉིད་བརླག་པར་གདོན་མི་ཟ༔ རང་ཉིད་སྦྱོར་ངན་བྱས་པ་ཀུན༔ ལྕགས་བསྲེགས་ལ་ནི་རས་བལ་མཚུངས༔ ནམ་མཁའ་ལ་ནི་བཏེགས་པ་ལྟར༔ རང་གི་ངག་རྣམས་རེངས་པར་འགྱུར༔ ཅེས་གསུངས་པས༔ འདི་ལྟར་སྦྱོར་བ་བརྩམས་པ་ཙམ་གྱིས་འགྲུབ༔ སྔགས་དང་ཏིང་འཛིན་ལྡན་ན་སྨྲོས་ཅི་དགོས༔ རྡོ་རྗེ་ཕ་ལམ་ལྟ་བུའི་ལས་སྦྱོར་རོ༔ ས་མ་ཡ༔ ྀཨཚ༔ གུ་ཧྱ༔ ཟབ་རྒྱ༔ གཏོར་འབུལ་མཆོད་བསྟོད་བྱ་བ་ནི༔ ནང་སྒྲུབ་ཀླུ་འདུལ་ལྟར་བྱ༔ ཡང་ན་ལས་གཞུང་གང་རིགས་གཏང༔ བདག་འདྲ་ཨོ་རྒྱན་པདྨ་ངས༔ རྟ་མཆོག་རོལ་རྒྱུད་ཆེན་པོ་ནས༔ གདུག་པ་འདུལ་བའི་ལས་ཕྲན་རྣམས༔ ཟབ་བསྡུས་བཅུད་དྲིལ་སྙིང་ཐིག་འདི༔ སྤེལ་ཕངས་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཟབ་རྒྱ༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད༔ ྈྈྈ སྟག་ཤམ་ནུས་ལྡན་རྡོ་རྗེས་དགའ་བ་ལུང་གི་ཚལ་ནས་རྙེད་པའོ།། །།
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ གཏུམ་མོ་དྲན་ཆོག་མེ་འབར་ (Volume 56, Text 36)
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ གཏུམ་མོ་དྲན་ཆོག་མེ་འབར་བཞུགས་སོ༔ ྈྈྈྈྈྈྈྈྈྈ ཡེ་ཤེས་རང་རླུང་ལྔ་ཡིས་བདེ་ཆེན་འབར༔ རང་རྩལ་ཐིག་ལེའི་རྩལ་གྱིས་དྲོད་ཆེན་བསྐྱེད༔ འཁོར་འདས་རླུང་སེམས་དབྱེར་མེད་ཤེས་པ་ཡིས༔ ཐབས་ལྡན་ལམ་མཆོག་དམ་པ་བསྟན་པར་བྱ༔ འདི་ཕྱི་རབས་ཀྱི་རྣལ་འབྱོར་པ་ཉམས་སུ་ལེན་པར་འདོད་པ་རྣམས་ལ་གོས་ཀྱིས་རྡུགས་ཏེ༔ ཉམས་ལེན་གྱི་གེགས་སུ་གྱུར་པ་སྲིད་པས༔ དེ་ལ་བདེ་དྲོད་མེ་ལྟར་འབར་བའི་གདམས་པས༔ གོས་ཀྱི་རྩོལ་བ་མེད་པར་སངས་རྒྱ་བའི་གདམས་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་ཏེ༔ དང་པོ་སྔོན་འགྲོ་ནི༔ གཤིས་ལུགས་ཀྱི་སྟེང་དུ་དར་ཅིག་བཞག༔ ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ༔ རྐང་པ་ཕྱིར་ཤིག་གིས་བཏང་ལ་དགྱེ༔ དེ་ནས་མཐེབ་ཆེན་བཞི་པོ་ནང་དུ་བསྐུམས་ལ༔ རླུང་འཇམ་པོ་གསུམ༔ འབྲིང་བ་གསུམ༔ ཆུང་བ་གསུམ་ཕྱིར་འབུད་དོ༔ དེ་ནས་ནང་དུ་སྐད་མེད་པར་ག་ལེར་དྲངས་ལ༔ ལྟེ་བའི་འོག་ཏུ་མཆིལ་མ་ཐིགས་པ་གཅིག་དང་སྦྲགས་ལ་མནན་ནོ༔ དགང་བ་ལ་སྟོད་སེང་བྱ༔ འོག་འཆུས་པ་གཉིས་བྱས་ལ་འོག་སྒོ་དམ་པར་མི་བསྡམ༔ རང་ལུགས་སུ་བཞག་ལ་རླུང་མི་བསྐྱིལ༔ མགྲིན་པ་ཅུང་ཟད་དགུག་པ་ལ་སོའི་ཕྲག་དུམ་གཅིག་གཞག་གོ༔ དེ་ནས་རླུང་ཐུབ་ཐང་གཅིག་བཟུང་ལ་ལུས་ཀྱི་ཉ་བཞི་འགྱིང་པ༔ མདུན་རྒྱབ་རྐེད་པ་མཉེས་ནས༔ གཞིལ་བ་ནི༔ བྱང་ཁོག་ནང་ནས་ཧ་ཞེས་པ་གསུམ་བཏོན་ལ༔ ཡན་ལག་བརྐྱང་བསྐུམ་ཞགས་པ་འཕེན་པ་ལྟར་སྤྲུག་པ་ལན་གསུམ་བྱའོ༔ འདི་རྣམས་སྔོན་འགྲོ་ཡིན་པས༔ ཤིན་ཏུ་འབྱོངས་པར་མ་འཆུག་པ་གལ་ཆེའོ༔ དེ་ནས་དངོས་གཞི་ནི༔ རྐང་པ་རེ་མིག་ཏུ་བསྣོལ་ལ་ལུས་སུམ་ལྟེབ་ཏུ་བཏང༔ ལག་པ་གཉིས་བསྣོལ་ལ་ཉ་ཤ་གཉིས་བསྡམ༔ རྐེད་ཆིངས་ཀྱིས་བཅིངས་ལ༔ པུས་མོ་གཉིས་གྲུ་ཁུག་གིས་མནན་ལ༔ མཐེབ་མོ་གཉིས་བསྐུམ༔ མཇིང་པ་ཅུང་ཟད་དགྱེ་བར་བྱས་ལ༔ རང་གི་ལུས་ལྕགས་ཀྱི་རྫ་མ་བསྲེགས་པ་ལྟ་བུ་དམར་ཧྲིལ་ལེ་བ་གཅིག་ཏུ་དམིགས་ལ་སྟོང་ར་ཞག་གསུམ་བསྒོམ༔ དེ་ནས་དེའི་ལྟེ་བའི་འོག་ནས་མེའི་དཀྱིལ་འཁོར་ཟུར་གསུམ་པ་མགར་གྱི་སོལ་མེ་ནས་བྱུང་མ་ཐག་ལྟ་བུ་མཐོ་གང་བ་གཅིག་བསམ༔ དེ་ལ་ཞག་གསུམ་བསྒོམ༔ དེའི་སྟེང་དུ་གཏུམ་མོ་ཨ་ཤད་ཁ་དོག་དམར་བ༔ རེག་བྱ་ཚ་བ༔ རཾ་གྱིས་མཚན་པ་གཅིག་གིས་རྩེ་མོ་སྙིང་ཁ་མན་ཆད་ལ་སླེབ་པར་བསམ༔ དེ་ནས་མགྲིན་པ༔ དེ་ནས་སྤྱི་བོ༔ དེ་ནས་ལུས་ཀྱི་ནང་ཁེངས་ནས༔ མ་ཐུབ་པ་རྣམས་བུ་ག་ལས་ཕྱིར་ཐོན་ནས་མཁའ་འགྲོ་གཙུག་གི་རྒྱན་གཅིག་མ་ཌཱ་རུ་ཀྲོང་ཀྲོང་འདུག་པར་བསམ༔ སྤྱི་བོ་ལ་སོགས་འཁོར་ལོ་རྣམས་ནས་ཐིག་ལེ་ཞུ་བས་རང་ལུས་བདུད་རྩིས་ལྟེམ་གྱིས་གང་བར་བསམ༔ ཐིག་ལེ་སྲུང་བའི་རྟེན་འབྲེལ་བྱ༔ དེ་ནས་ཕྱི་འཇིག་རྟེན་མེའི་གཞལ་ཡས་ཁང༔ ནང་སེམས་ཅན་གཙུག་གི་རྒྱན་གཅིག༔ སྒྲ་ཐམས་ཅད་མེའི་སྒྲ༔ ཚིག་ཐམས་ཅད་ཧ་རི་ནི་སར་གྲགས་པར་བསྒོམ་མོ༔ ངག་ཏུའང་བརྗོད༔ མཆོང་བ་དང༔ རྒྱུག་པ་དང༔ སྟང་སྟབས་བྱ༔ མཁའ་འགྲོའི་ང་རྒྱལ་དང་མ་བྲལ་བར་བྱའོ༔ དེ་ལྟར་རླུང་བཟུང་ལ་ཞག་བདུན་བསྒོམས་པས་རླུང་གི་རྟགས་རྣམས་རྫོགས་ཏེ༔ ཡེ་ཤེས་ཀྱི་དྲོད་རང་འབར་དུ་འབྱུང་ངོ༔ རྗེས་ནི༔ ཁུར་མི་འཁུར༔ དམིགས་པ་འཕྲུལ་འཁོར་མི་བཅག༔ ཟས་བཅུད་ཆེན་བརྟེན༔ ཐིག་ལེ་བསྲུང༔ ཆགས་པ་དང་ཞེན་པ་སྤང་བར་བྱའོ༔ ཨེ་མ༔ ཨོ་རྒྱན་མཁན་པོ་པདྨ་ངས༔ གོས་ཀྱི་འཁྲི་བ་གཅད་པ་དང༔ གདམས་པའི་ཟབ་ཁྱད་བསྟན་པའི་ཕྱིར༔ མཁའ་འགྲོའི་གཏུམ་མོ་དྲན་ཆོག་བསྟན༔ ལས་ཅན་བུ་ཡིས་ཉམས་སུ་ལོངས༔ སྐལ་ལྡན་ཆོས་བདག་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ གཏུམ་མོ་དྲན་ཆོག་མེ་འབར་རྫོགས་སོ༔ ྈྈྈྈྈྈྈ
ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་དྲེགས་པའི་སྲོག་དབང་དོན་བསྡུས་ (Volume 13, Text 36)
ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་དྲེགས་པའི་སྲོག་དབང་དོན་བསྡུས་བཞུགས་སོ༔ ༁ྃ༔ ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་དྲེགས་པའི་སྲོག་དབང་ནི༔ ྈ དབང་དྲག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རབ་འབར་སྒྲུབ་པ་ལ་འཇུག་པའི་བརྒྱུད་འཛིན་སྙིང་ལྟར་གཅེས་པའི་སློབ་མ་རེ་རེ་ཙམ་ལ༔ སྡེ་བརྒྱད་དྲེགས་པའི་སྲོག་དབང་བསྐུར་ན༔ སྔོན་འགྲོ་སློབ་དཔོན་གྱི་བྱ་བ་བཟླས་པ་དང་བཅས་པ་གྲུབ་ནས༔ མཎྜལ་གསོལ་བ་འདེབས་པ་ནི༔ ཨོཾ༔ ཧེ་རུ་ཀ་དཔལ་ཆེ་བའི་མཆོག༔ ཨཱ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཧཱུྃ༔ རིག་རྩལ་འགྲན་པའི་ཟླ་མེད་ཀྱིས༔ སྡེ་བརྒྱད་དྲེགས་པའི་སྲོག་སྙིང་གི༔ ནུས་པ་རྟག་ཏུ་འཛིན་པའི་དབང༔ ཆེ་མཆོག་ཧེ་རུ་ཀ་ཡིས་སྩོལ༔ ཞེས་པ་ལ་སློབ་དཔོན་གྱིས༔ ཨེ་མ་ཉོན་ཅིག་རིགས་ཀྱི་བུ༔ མི་སྲུན་དྲག་རྩལ་སྡེ་བརྒྱད་ཀྱི༔ སྲོག་གི་དྭངས་མའི་ཐིག་ལེ་ཆེ༔ པདྨ་དྲག་པོའི་དབང་དུ་འདུས༔ རྡོ་རྗེ་འཛིན་པས་དབང་སྦྱིན་གྱིས༔ སྒྲུབ་པའི་ནུས་པ་སྟོན་ཅིག་བུ༔ ཞེས་གསུར་ཆེན་དང་རོལ་མོ་གནད་བསྐུལ་སོགས་བྱ༔ སློབ་མ་དྲག་པོའི་ང་རྒྱལ་མ་ཡེངས་པར་གསལ་ཐེབས་པ་གལ་ཆེ༔ བསྐུར་བ་ནི༔ ཨ་གཏད་ལ༔ ཧཱུྃ༔ ཚངས་པ་དཀར་པོ་ལ་སོགས་པའི༔ ལྷ་ཆེན་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་གི་ཡི་གེ་ཨ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ ལྷ་ཡི་སྡེ་རིགས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ ཡ་གཏད་ལ༔ ཧཱུྃ༔ ཡ་མ་རཱ་ཙ་ལ་སོགས་པའི༔ གཤིན་རྗེའི་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་སྙིང་ཡི་གེ་ཡ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ གཤིན་རྗེའི་སྡེ་རིགས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ མ་གཏད་ལ༔ ཧཱུྃ༔ ཨེ་ཀ་ཙཱ་ཏི་ལ་སོགས་པའི༔ མ་མོ་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་སྙིང་ཡི་གེ་མ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ མ་མོའི་སྡེ་རིགས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ དུ་གཏད་ལ༔ ཧཱུྃ༔ བདུད་རྗེ་ནག་པོ་ལ་སོགས་པའི༔ བདུད་ཀྱི་རིགས་འདུས་སྲུང་མ་ཡིས༔ སྲོག་སྙིང་ཡི་གེ་དུ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ བདུད་ཀྱི་རིགས་འདུས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ རུ་གཏད་ལ༔ ཧཱུྃ༔ ཡམ་ཤུད་དམར་པོ་ལ་སོགས་པའི༔ བཙན་གྱི་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་སྙིང་ཡི་གེ་རུ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ བཙན་གྱི་རིགས་འདུས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ ཙ་གཏད་ལ༔ ཧཱུྃ༔ ཁྱབ་འཇུག་ཆེན་པོ་ལ་སོགས་པའི༔ གཟའ་ཡི་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་སྙིང་ཡི་གེ་ཙ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ གཟའ་ཡི་སྡེ་རིགས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ ཤ་གཏད་ལ༔ ཧཱུྃ༔ གནོད་སྦྱིན་ཡཀྴ་ནག་པོ་སོགས༔ གནོད་སྦྱིན་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་སྙིང་ཡི་གེ་ཤ་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ གནོད་སྦྱིན་སྡེ་རིགས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ ན་གཏད་ལ༔ ཧཱུྃ༔ ཀླུ་བདུད་ནག་པོ་ལ་སོགས་པའི༔ ཀླུ་ཡི་རིགས་འདུས་ཡོངས་རྫོགས་ཀྱི༔ སྲོག་སྙིང་ཡི་གེ་ན་ལ་འདུས༔ སྒྲུབ་མཆོག་འདི་ལ་གཏད་པ་ཡིས༔ ཀླུ་ཡི་སྡེ་རིགས་སྲུང་མ་ཡིས༔ འབངས་སུ་བྲན་དང་ཡང་གཡོག་གྱིས༔ གཉེན་པོ་སྒྲུབ་པ་ཡུན་མ་ཐུང༔ ཅེས་བསྐུར༔ དམ་བསྲེ་་་་ གཉེར་གཏད་་་་ བཀའ་གཏད་་་་ དམ་ཚིག་གི་གཉེར་གཏད་ནི༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ འཇིག་རྟེན་དྲེགས་པ་བྲན་བཞིན་དུ༔ སློབ་དཔོན་ལུང་གིས་བསྐུར་ཕྱིན་ཆད༔ དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས༔ གཉེན་པོ་སྒྲུབ་པའི་རྒྱ་མ་ཀློད༔ འཇིག་རྟེན་དྲེགས་པ་བྲན་ཁོལ་ལ༔ མཆོད་དང་གཏོར་མ་རྒྱུན་མ་གཅོད༔ དམ་ཚིག་ཚུལ་ལ་གནས་པར་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་གསུམ་དང་སྲོག་བདག་གསུམ་གྱིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ས་མ་ཡ་རྒྱ༔ ཞེས་བདེ་ཆེན་བྲག་དཀར་ཟླ་གམ་དབང་གི་ད་ལ་ནས། ཡེ་ཤེས་མཁའ་འགྲོས་སྤྱན་འདྲེན་ཞིང་སྤྲད་པ་སྟེ། རྒྱ་ཆེན་བཀའི་བསྡུ་བ་ཡིད་ལ་གཅེས་པའི་གྲོགས་པོ། མཁའ་སྤྱོད་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་པའི་ངོར། ཀློང་ཡངས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་རང་བཞིན་ལྷའི་སྐྱེད་མོས་ཚལ་ནས་དག་པར་ཕབ་པའོ། །འདིའི་ལག་ལེན། གཞི་མདུན་ལྟ་བུར་ཞིང་གི་གདན་ལ་འཁོར་ལོ་རྩིབས་བརྒྱད་རྐང་གསུམ་སྟེང་ཐོད་པའི་ནང་བླ་རྡོའམ་སྲོག་ཡིག་བརྒྱད་བཅུག །རྩིབས་བརྒྱད་ལ་དམར་གཏོར་བརྒྱད་བཀོད། ལིངྒ་སྒྲོལ་གྲི་འདུ་བྱ། དྲག་པོའི་དབང་བསྐུར་གྲུབ་རྗེས། ཧཱུྃ༔ དེང་གི་གནས་མཆོག་སོགས་ནས། མྱུར་དུ་སྒྲོལཿ བར། ཉའོ་མདུན་དུ་བཀོད་ལ་འགུགས་གཞུག་གསུམ། ཧཱུྃ༔ ཆེ་མཆོག་པདྨས་བསྒྲལ། ཨོཾ་ཨཱཿཧཱུྃ་སོགས་ནས་ཁཱ་ཧིའི་བར་གྱིས་བསྟབ། བཀའ་གཏད་ནང་། ཨོཾ༔ ཧེ་རུ་ཀ་དཔལ་ནས། སྟོན་ཅིག་བུ་བར་གྱིས་གསོལ་གདབ་གནང་སྦྱིན་བྱ། ཧཱུྃ༔ ང་ནི་པདྨ་སོགས་ནས། རཀྵ་བཛྲ་ས་མ་ཡ༔ བར་གྱིས་ལིང་རོ་སློབ་མར་སྦྱིན། ཧཱུྃ༔ ཚངས་པ་དཀར་པོ་སོགས་ནས་གནས་པར་གཅེས༔ བར་ཚང་བ་བརྗོད་ལ་བླ་རྡོ་སྲོག་ཡིག་སོ་སོར་གཏད། རེ་རེ་བཞིན་འབྲུ་གསུམ་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔སོགས་ཀྱིས་གཏོར་མ་འབུལ་ལ་ཕྱི་རོལ་མཆོད། མཐར་ཚོགས་མཆོད་བྱ། དེ་ལྟར་སྡེ་བརྒྱད་དྲེགས་པའི་སྲོག་དབང་བསྐུར་བ་སོགས་བརྗོད་པས་འགྲུབ་བོ།། །།
རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ཆེན་པོའི་སྲོག་དབང་བསྐུར་བའི་ཆོ་ག་རིན་ཆེན་ཆུ་འཛིན་ (Volume 50, Text 36)
༄༅། །རྡོ་རྗེའི་ནོར་ལྷ་ཡཀྵ་ཛམྦྷ་ལ་ཆེན་པོའི་སྲོག་དབང་བསྐུར་བའི་ཆོ་ག་རིན་ཆེན་ཆུ་འཛིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡཀྵ་ཛམྦྷ་ལ་ཡ། མི་བསྐྱོད་རིགས་བརྒྱའི་ཁྱབ་བདག་གནོད་སྦྱིན་གྱི། །སྡེ་དཔོན་ཚུལ་འཛིན་རྡོ་རྗེ་ཁྲོ་བོ་ཆེས། །བྱིན་གྱིས་རློབས་མཛོད་ཟབ་མོ་སྲོག་གི་དབང་། །སྐལ་བཟང་དོན་གཉིས་སྒྲུབ་པའི་དཔལ་དུ་སྦྱིན། །ཡཀྵ་ཀཱ་ལའི་བསྙེན་སྒྲུབ་ལས་གསུམ་གྱི་སྣོད་དུ་རུང་ཞིང་ནུས་པ་ཐོབ་པར་བྱེད་པ་ཟབ་མོ་སྲོག་གི་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་གཤོམ་བཀོད་ནི། སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཀྲམ། མེད་ན་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་ཐོད་པ་སྐུ་རྟེན་སྲོག་འཁོར་རྣམས་བཀོད། དེ་སྟེང་འཕྲུལ་སྟེགས་ལ་ལྷ་བུམ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་ཅན་བཤམ། གཡས་སུ་རྟེན་གཏོར། རྒྱབ་ཏུ་མདའ་དར། གཡོན་དུ་གཡང་རྫས། མདུན་དུ་ཚེ་འབྲང་ཚེ་རིལ་ཚེ་ཆང་དང་བཅས་པ། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམས་ཀྱི་ཙཀླི། ཕྱི་མཆོད། ཆུ་སྦྱིན་ཆས། གཏོར་འབུལ། ཚོགས་ཆས་སོགས་ཕྲིན་ལས་ཀྱི་གཤམ་བཀོད་དུ་གསལ་བ་ལྟར་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་སྒྲུབ་མཆོད་ནི། ལས་བྱང་ལྟར་བརྒྱུད་འདེབས་ནས་བརྩམ། སྔོན་འགྲོ་རྣམས་བཏང་། དངོས་གཞི་བདག་བསྐྱེད་བཟླས་པ་བཅས་གྲུབ་པ་དང་། བུམ་སྒྲུབ་ནི། བུམ་པ་རང་བྱུང་ཕོ་བྲང་དབུས༔ པད་ཉི་དྲེགས་པའི་གདན་གྱི་སྟེང༔ སོགས་བདག་བསྐྱེད་ལྟར་ལ། ཡེ་ཤེས་མེ་ཕུང་ཀློང་དུ་འགྱིང༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ སོགས་ནས། བྱིན་རླབས་ནུས་སྟོབས་བསྡུས་ཏེ་ཐིམ༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཅེས་དམིགས་ལ་བསྙེན་སྔགས་ཅི་འགྲུབ་བཟླས་པའི་མཐར། ལྷ་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་མོས། དེ་ནས་མདུན་བསྐྱེད་གཏང་། བསྙེན་སྒྲུབ་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་འབུལ། ཐུན་མཚམས་བྱ་བ་གསུམ་ཀ་མ་ལྕོགས་ན་གཏོར་འབུལ་དང་ཚོགས་མཆོད་གང་རུང་གིས་འཐུས། ཐུགས་དམ་བསྐུལ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། སློབ་མ་གཞུག་པའི་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ་ཕྱི་རོལ་དུ་སློབ་མ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། གྲལ་འཁོད་ཅིང་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཁྱད་པར། དེའང་སེམས་ཅན་གང་ཞིག་སྔོན་བསགས་བསོད་ནམས་ཀྱི་སྟོབས་དམན་པས་ཟས་གོས་ནོར་གྱི་འབྱོར་བས་ཕོངས་ཤིང་དབུལ་བའི་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཀྱི་དོན་དུ། རིགས་ལྔའི་རྒྱལ་བ་རྣམས་ཀྱི་ཐུགས་ལས་སར་གནས་སེམས་དཔའ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོའི་ཚུལ་དུ་སྤྲུལ་པ་མགོན་པོ་ཛམྦྷ་ལའི་མཚན་དང་སྙིང་པོ་ཐོས་ཤིང་གཟུང་བ་ཙམ་ཡང་། སྐྱེ་བ་ཀུན་ཏུ་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་གྲོལ་ཞིང་ལོངས་སྤྱོད་མི་ཟད་པའི་གཏེར་དང་འཕྲད་ནས་སྦྱིན་པའི་ཕར་ཕྱིན་རྫོགས་པར་འགྱུར་བ་སོགས། ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་ལེགས་པར་གསུངས་པ་འདི་ལ་རིགས་དང་མཚན་གྱི་བྱེ་བྲག་མང་དུ་མཆིས་པ་རྣམས་ཀྱི་ནང་ནས། མི་བསྐྱོད་པ་རྡོ་རྗེའི་རིགས་ཀྱི་ཁྲོ་བོ་ཆེན་པོ་ཡཀྵ་ཛམྦྷ་ལ་ནག་པོའི་གདམས་སྐོར་རྣམས་འཕགས་པའི་ཡུལ་དུ་ཚོང་དཔོན་གྱི་བུ་དྷ་ན་སཾ་བྷོ་ལ་བཀའ་བབས། དེ་ནས་རིམ་པར་བརྒྱུད་པའི་གདམས་ངག་གསར་མའི་ཕྱོགས་སུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་བརྒྱུད་པ་བར་མ་ཆད་པ་བྱུང་བ་དང་། རྙིང་མའི་ཕྱོགས་སུ་སངས་རྒྱས་གཉིས་པ་པདྨཱཀ་རས་དྷ་ན་སཾ་བྷོའི་གདམས་པ་རྣམས་རྒྱལ་པོ་གུ་རུ་དེ་བ་ལས་གསན་པའི་ཚུལ་མཛད་ཅིང་། ཡཀྵ་རྩ་བའི་ཏནྟྲ་དང་། རཏྣ་རྩལ་ཆེན་འདུས་པའི་རྒྱུད་ལེའུ་སུམ་བརྒྱ་བདུན་ཅུ་རྩ་བདུན་པའི་ཟབ་གསང་སྙིང་པོའི་ཡང་བཅུད་དུམ་བུར་ཕྱུང་བ་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་ཀྱི་མན་ངག་རིན་ཆེན་གཏེར་སྤུངས་ཞེས་བྱ་བ་ལག་ལེན་དམར་ཁྲིད་ཀྱི་ཚུལ་དུ་བསྡེབས་ནས། བོད་ཡུལ་གྱི་མངའ་བདག་རྗེ་བློན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་གདམས། སྙིགས་དུས་ཐ་མའི་གདུལ་བྱ་རྣམས་ཀྱི་དོན་དུ་ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་གྱིས་དཔེ་རྒྱུད་འདྲ་མིན་གསུམ་དུ་བཀོད་ནས་གཏེར་གནས་སོ་སོར་རྒྱས་བཏབ་པ། མོན་ཆུ་མོ་ཕུག་གི་གཏེར་ཁ་མཆོག་དབྱངས་རྣམ་འཕྲུལ་དགེ་སློང་རྡོ་རྗེ་འཛིན་པ་ཚེ་བརྟན་རྒྱལ་མཚན་གྱིས་བཏོན། ལྷ་རི་བྲག་གི་གཏེར་ཁ་ལྷ་སྲས་མུ་ཏིག་དང་དམ་འཛིན་ཟུང་དུ་འཇུག་པའི་རྣམ་རོལ་གུ་རུ་ཇོ་བོ་ཚེ་དབང་དར་པོས་དྲངས། དུས་སྐབས་སོ་སོར་འགྲོ་དོན་ཅི་རིགས་པ་མཛད། སྔགས་འཆང་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པ་བལ་པོ་ཨ་ཧཱུྃ་འབར་གྱིས་སྤ་གྲོ་ཅལ་གྱི་བྲག་དམར་པོའི་ནུབ་ཕྱོགས་མེ་ལྕེ་འཁྱིལ་བ་འདྲ་བ་ནས་མེ་ཕོ་འབྲུག་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་ནས་འགྲོ་དོན་རྒྱ་ཆེར་མཛད། བར་སྐབས་སུ་དར་རྒྱས་ཆེ་བ་བྱུང་ནའང་ཕྱིས་བརྒྱུད་པའི་ངེས་ཏིག་མེད་པ་དང་གཏེར་ཆོས་ཀྱང་ནུབ་པ་ལྟར་གྱུར་པའི་སྐབས། རབ་ཚེས་ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བར་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཆོས་བདག་མཁའ་འགྲོས་སྲོག་འཁོར་མན་ངག་དང་བཅས་པའི་དཔེ་རྙིང་དངོས་སུ་ཕུལ་ཅིང་། སྒྲུབ་ཐབས་ཀྱི་སྐོར་རྣམས་བྱིན་གྱིས་བརླབ་པའི་ཚུལ་དུ་བསྩལ་པ་ལ་བརྟེན་ནས་གཏན་ལ་ཕབ་པའི་སྐབས་སུ་མནལ་ལམ་དག་པའི་སྣང་བར། ཡུལ་ལྗོངས་ཤིན་ཏུ་ཉམས་དགའ་བ་ཞིག་གི་ཁ་སྟོད་རི་བོ་གླང་ཆེན་འགྱིང་བ་ལྟ་བུའི་གདོང་པའི་ཐད་ཙམ་དུ་རྗེ་ཉིད་ཕེབས་པས་རྒྱང་རིང་པོ་ནས་འོད་ཀྱི་གོང་བུ་ལྗང་གུ་ཤིན་ཏུ་བཀྲག་མདངས་དང་ལྡན་པ་ལ་ཇེ་ཉེར་སླེབ་པའི་ཚེ་རྡོ་ཤེལ་ལྗང་ནག་དྭངས་པ་ལ་ཉི་ཟེར་ཕོག་པའི་རྐྱེན་གྱིས་འོད་ཟེར་ཁ་དོག་སྣ་ཚོགས་སུ་འཕྲོ་བ། དབྱིབས་ནོར་བུ་མིག་གཅིག་ལྟ་བུ་ཆེ་ཞིང་དྭངས་པ་ཞིག་གི་དྲུང་དུ་སླེབས་པ་ན་ངོ་མཚར་གྱི་སྣང་བ་བཅས་ནང་དུ་ཞུགས་པས་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་ཛམ་བྷ་ལ་ནག་པོ་ལྗང་འོད་འཚེར་བ། ཞལ་ཕྱག་སོགས་མངོན་རྟོགས་དང་མཚུངས་པ་ཤིན་ཏུ་གསལ་བ་ལ་འཁོར་རྣམས་ཀྱང་ཡོད་དགོངས་པ་བྱུང་། དེ་ཉིད་སྐད་ཅིག་གིས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུར་གནས་གྱུར་ནས་འདིའི་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ། འདིའི་སྒྲུབ་ཐབས་ཀྱི་སྐོར་རྣམས་སྔར་བལ་པོ་ཨ་ཧཱུྃ་འབར་དང་གུ་རུ་ཇོ་ཚེའི་གཏེར་དཔེ་གཉིས་པོ་གཅིག་ལྟ་བུ་ཡོད་པས་བརྒྱུད་པ་གཉིས་འདྲེས་སུ་འགྱུར་རོ་གསུངས་པའི་གནང་བ་དང་བཅས་བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་བརྙེས། ནོར་ལྷ་རྣམས་ཀྱི་ནང་ནས་ཀྱང་འདི་སྒྲུབ་པ་ལ་སྒབ་འདྲེའི་བར་ཆད་མེད་ཅིང་། བཅས་པས་ཆོག་པའི་འཁོར་ལོ་སོགས་ཟབ་གནད་ངོ་མཚར་རྨད་དུ་བྱུང་བ་དང་ལྡན་པའི་གནོད་སྦྱིན་སྡེ་དཔོན་ཆེན་པོའི་སྲོག་དབང་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ། རིན་པོ་ཆེ་སོགས་གཅེས་པའི་ནོར་རྫས་ཀྱི་མཎྜལ་ཕུལ་དུ་གཞུག །བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་སྦྱར་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་གསང་བདག་དཔའ་བོ་ཆེ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ གནོད་སྦྱིན་སྡེ་དཔོན་ཛམྦྷ་ལའི༔ དངོས་གྲུབ་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གསང་བའི་དམ་ཚིག་བསྒྲག་ཅིང་གནང་བ་སྦྱིན་པ་ཡིན་པས་སྙན་གཏོད་འཚལ༔ འདི་ནི་ཡཀྵ་ཀཱ་ལ་ཆེ༔ བཀའ་གཉན་བྱིན་རླབས་ནུས་སྟོབས་བདག༔ དམ་ཚིག་སྲོག་བཞིན་བསྲུང་ནུས་ན༔ དབང་བསྐུར་སྦྱིན་གྱི་གཞན་དུ་མིན༔ ཞེས་བསྒོ་ཞིང་དམ་ཆུ་བདུད་རྩི་སྦྱིན། ཇི་ལྟར་བསྒོས་པའི་དམ་ལས་ནམ་ཡང་མི་འདའ་བར་ཁས་ལེན་ཞིང་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེའི་དམ་ལས་འདའ་མི་བྱ། ས་མ་ཡ་ན་ར་ཀན། དེ་ནས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་གསང་བའི་བདག་པོ་དང་མདུན་བསྐྱེད་གནོད་གནས་དབང་པོའི་དཀྱིལ་འཁོར་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་དང་ལྷན་ཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་ཁམས་གསུམ་སོགས་ལས་བྱང་ལྟར་ལན་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས། བདག་གིས་སེམས་ཅན་སོགས་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་ཚིག་དོན་རེ་རེ་བཞིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།སོགས། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་བུམ་ཆུ་དང་། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་དམིགས་སུ་མེད་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་གཏེར་གྱི་བུམ་པ་བཟང་པོ་དང་གནོད་སྦྱིན་ཕོ་མོ་ཟུང་གི་ཁྲིའི་སྟེང་དུ། རང་སེམས་ཧཱུྃ་ཡིག་མཐིང་ནག་འོད་འབར་བ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འཁོར་འདས་ཀྱི་དཔལ་འབྱོར་དྭངས་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ལས་འོད་ཟེར་མཐིང་ནག་གི་གོང་བུར་གྱུར། དེ་ལས་སྐད་ཅིག་གིས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལ་སྐུ་མདོག་གནག་ལ་སྣུམ་པའི་མདངས་འོད་འཚེར་བ། མིའུ་ཐུང་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཞལ་གཅིག་སྤྱན་གསུམ་ཁྲོ་གཉེར་བསྡུས་ཤིང་མཆེ་བ་བཞི་གཙིགས་པ། ཕྱག་བཞིའི་གཡས་དང་པོས་རྡོ་རྗེའི་ཐོ་བ་གསོར་ཅིང་གཡོན་དང་པོས་ནོར་བུའི་རྒྱལ་མཚན་སྒྲེང་བ། གཡས་འོག་མས་རིན་པོ་ཆེས་བཀང་བའི་ཐོད་པ་བསྣམས་པ་གཡོན་འོག་མས་གཏེར་གྱི་ནེའུ་ལེ་བཟུང་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔའི་དབུ་རྒྱན་རཏྣའི་རྩེ་བྲན་དང་ལྡན་པ། སྟག་ལྤགས་ཀྱི་ཤམ་ཐབས་འཕྱངས་ཤིང་སྦྲུལ་རིགས་ལྔ་དང་རིན་པོ་ཆེས་བརྒྱན་པ། རྟགས་ཀྱི་མཚན་མ་གྱེན་དུ་སྒྲེང་ཞིང་ཞབས་གཉིས་གཡོན་བརྐྱང་བའི་འདོར་ཐབས་ཀྱིས་ཡེ་ཤེས་མེ་འོད་འབར་བའི་ཀློང་དུ་འགྱིང་བ། ནོར་རྒྱུན་ལྷ་མོ་ལྗང་གུ་ལྕགས་ཀྱུ་དང་གཏེར་བུམ་བསྣམས་པས་གཡོན་ཕྱོགས་ནས་འཁྱུད་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བ་འཕྲོས། རང་བཞིན་གྱི་གནས་དང་ལྕང་ལོ་ཅན་ནས་སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ཆར་ཆེན་བབས་པ་ལྟ་བུར་སྤྱན་དྲངས་ནས་སྒོ་གསུམ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །བྱས་ལ་སྦྱར་བའི་སྤོས་བསྲེག །རོལ་མོ་བསྒྲག །སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་བསྐུར་དངོས་ལ། གཉེན་པོའི་ལྷ་དབང་། གནོད་སྦྱིན་དབང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་། མཐའ་རྟེན་ཚེའི་དབང་རྣམས་རིམ་པར་སྦྱིན་པའི། ཐོག་མར་བུམ་པའི་དབང་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས་དྲེགས་ཅན་མཐའ་དག་ཟིལ་གྱིས་གནོན་པའི་གཉེན་པོ་སྟོབས་ཀྱི་དབང་ཆེན་རྫོགས་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག །བུམ་ཆུ་འཐོར་འཐུང་བྱས་ལ། ཨོཾ༔ བཀྲ་ཤིས་བུམ་པའི་ཕོ་བྲང་ན༔ གསང་བདག་འོད་ཞུ་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཉེན་པོ་སྟོབས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀ་ལ་ཤ་ཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་བོར་ལུད་པས་རིགས་ཀྱི་བདག་པོ་མི་བསྐྱོད་རྡོ་རྗེས་དབུར་བརྒྱན་པར་གྱུར། སྒྲུབ་པའི་སྐུ་རྟེན་འདི་ཉིད་གནོད་སྦྱིན་ཛམ་བྷ་ལ་ནག་པོ་དངོས་སུ་གསལ་བ་ཁྱེད་རང་གི་དཔྲལ་བར་ཐིམ་པས། བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་གྱུར། ཡེ་ཤེས་སྐུའི་གཟི་བྱིན་འབར་བར་མོས་ཤིག །སྐུ་རྟེན་དཔྲལ་བར་བཞག་ལ། ཨོཾ༔ ཡཀྵ་ཀཱ་ལ་ཛམ་བྷ་ལའི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་བས༔ ལྷ་ཚོགས་བསྒོམ་པའི་སྣོད་དུ་གྱུར༔ ཡེ་ཤེས་གཟི་བྱིན་འབར་བར་ཤོག༔ བསྙེན་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྙེན་སྒྲུབ་ཀྱི་བཟླས་པའི་ལུང་བླང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐར་འཁོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། མདུན་བསྐྱེད་ཁྱེད་རང་རྣམས་དང་བཅས་པའི་ཐུགས་སྲོག་སྔགས་ཕྲེང་ལ་ཕོག་པས། ནུས་པའི་སྟོབས་བསྐྱེད། གཟི་བྱིན་ལྷག་པར་འབར། ཐུགས་དམ་གཉན་པོའི་རྒྱུད་བསྐུལ་བས་སྔགས་ཕྲེང་ལས་འོད་ཟེར་གྱི་སྤྲིན་ནམ་མཁའ་ཁྱབ་པར་འཁྲིགས་པ་ལས་འདོད་རྒུའི་དངོས་གྲུབ་ཀྱི་ཆར་ཆེན་པོ་བབས་པར་མོས་ལ་བསྙེན་སྔགས་ཀྱི་རྗེས་ཟློས། ཞེས་དམིགས་ལ་ཡི་གེ་བཅུ་པ་ལན་གསུམ་བཟླར་གཞུག །སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་གནོད་སྦྱིན་དབང་པོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་བས་སྐུའི་གཟི་བརྗིད་བསྐྱེད། གསུང་གིས་སྔགས་སྒྲ་བསྒྲག །ཐུགས་ལས་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། འཁོར་འདས་ཀུན་གྱི་བཅུད་དང་དཔལ་འབྱོར། ལྷ་ཀླུ་མིའི་ལོངས་སྤྱོད་མ་ལུས་པ་འུབས་ཀྱིས་བསྡུས་ནས་རང་གི་ཡུལ་ཕྱོགས་བང་མཛོད་གནས་ཁང་ཐམས་ཅད་ཁེངས། དྭངས་མ་རང་རང་གི་སྒོ་གསུམ་ལ་ཐིམ། འདོད་རྒུའི་འབྱུང་གནས་ཆེན་པོར་གྱུར་པར་མོས་ལ་སྒྲུབ་སྔགས་ཀྱི་རྗེས་ཟློས། ཞེས་སྔགས་རིང་ལན་གསུམ། སྲོག་འཁོར་གླེགས་བམ་གནོད་སྦྱིན་དབང་པོའི་གསུང་གི་ངོ་བོ་མགྲིན་པར་བཞག་པས། བསྙེན་སྒྲུབ་བཟླས་བརྗོད་ཀྱི་སྣོད་རུང་དུ་གྱུར། རིག་སྔགས་ཀྱི་དངོས་གྲུབ་འགྲུབ་པའི་ནུས་རྩལ་རྫོགས་པར་མོས་ཤིག །སྲོག་འཁོར་དང་། རྒྱས་པ་མེད་ན་འཁོར་ལོའི་བྲི་ཡིག་བཅས་མགྲིན་པར་བཞག་ལ། ཨཱ༔ ཡིད་བཞིན་འདོད་འཇོའི་ནོར་བུ་སྔགས༔ རྡོ་རྗེའི་གསུང་གི་དབང་བསྐུར་བས༔ བཟླས་ཤིང་སྒྲུབ་པའི་སྣོད་དུ་གྱུར༔ དངོས་གྲུབ་ནུས་རྩལ་རྫོགས་པར་ཤོག༔ བསྙེན་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མཚན་ལྡན་བནྡྷ་རྫས་བཅུད་ཀྱིས་བལྟམས་པ་མགོན་པོ་ཛམྦྷ་ལའི་ཐུགས་འོད་གསལ་ཡེ་ཤེས་ཆེན་པོའི་རྟེན་སྙིང་གར་བཞག་པས། རྣམ་ཐར་གསུམ་ལྡན་གྱི་ཏིང་ངེ་འཛིན་བསྒོམ་པའི་སྣོད་རུང་དུ་གྱུར། ལྷར་སྣང་དང་ཆོས་ཉིད་དབྱེར་མི་ཕྱེད་པའི་དགོངས་པའི་རྩལ་རྫོགས་པར་མོས་ཤིག །བནྡྷ་སྙིང་གར་བཞག་ལ། ཧཱུྃ༔ རང་བྱུང་འོད་གསལ་ཀ་པཱ་ལ༔ རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་བས༔ ཏིང་འཛིན་དགོངས་པའི་སྣོད་དུ་གྱུར༔ ལྷ་དང་ཆོས་ཉིད་དབྱེར་མེད་ཤོག༔ བསྙེན་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཡང་གཏོར་རིན་ཆེན་འབར་བ་དཔལ་ལྡན་ཡཀྵ་ཀཱ་ལ་ཆེན་པོའི་ཡོན་ཏན་ཡོངས་རྫོགས་འདུས་པའི་ངོ་བོས་དབང་བསྐུར་བས། ཕྱྭ་གཡང་དཔལ་འབྱོར་སྒྲུབ་པའི་སྣོད་རུང་དུ་གྱུར། ཡིད་ལ་འདོད་རྒུའི་ཆར་འབེབ་པ་ལ་དབང་བརྙེས་པར་མོས་ཤིག །གཏོར་མ་ལྟེ་བར་བཞག་ལ། སྭཱ༔ གཏོར་མ་འདོད་འབྱུང་ནམ་མཁའི་མཛོད༔ ཡོན་ཏན་རྒྱན་གྱིས་དབང་བསྐུར་བས༔ དཔལ་འབྱོར་བསྒྲུབ་པའི་སྣོད་དུ་གྱུར༔ འདོད་རྒུའི་ཆར་ཆེན་འབེབ་པར་ཤོག༔ སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཕྲིན་ལས་ཀྱི་དབང་བསྐུར་བའི་ཐོག་མར་ཐུགས་དམ་བསྐུལ་ཞིང་ཕྱྭ་གཡང་གི་བཅུད་བསྡུ་བ་ཡིན་པས་དམིགས་པ་འདི་ལྟར་མཛོད་ཅིག །བདག་གི་ཐུགས་ཀའི་འོད་ཟེར་སོགས་དམིགས་པ་དང་། ཧཱུྃ༔ བཀྲ་ཤིས་ཡིད་འོང་གྲུབ་པའི་ཞིང༔ སོགས་ཚིགས་གཅད་སྔགས་བཅས་ལས་བྱང་ལྟར་ཚང་བ་གཏང་། འཁོར་འདས་གཉིས་ཀྱི་དཔལ་དང་བཅུད་བསྡུས་པའི་གཡང་རྫས་གནོད་སྦྱིན་ནོར་བདག་ཆེན་པོའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་རོལ་ལག་ཏུ་གཏད་པས། འབྱོར་པ་དྲུག་གི་ལེགས་ཚོགས་དཔག་བསམ་ཤིང་ཆེན་ལྟར་རྒྱས་ཤིང་རི་དབང་ལྷུན་པོ་ལྟར་བརྟན་པར་གྱུར་པ་མོས་ཤིག །གཡང་རྫས་རྣམས་ལག་ཏུ་གཏད་ལ། ཧཱ༔ འཁོར་འདས་ཕྱྭ་གཡང་འདུས་པའི་བཅུད༔ ཕྲིན་ལས་རྫས་ཀྱི་དབང་བསྐུར་བས༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་དང༔ སྟོབས་རྩལ་ལེགས་ཚོགས་རྒྱས་པར་ཤོག༔ སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ མཐའ་རྟེན་བཀྲ་ཤིས་ཚེའི་དངོས་གྲུབ་སྦྱིན་པའི་སླད་དུ། ཚེའི་འབྲང་རྒྱས་འདི་ཉིད་མགོན་པོ་ཛམྦྷ་ལ་འཆི་མེད་ཚེའི་དབང་ཕྱུག་དངོས་སུ་གསལ་བ་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པས། སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་། འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་སྒོམས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། བྷྲཱུྃ༔ འཁོར་འདས་ཚེ་ལ་དབང་བསྒྱུར་བ༔ མགོན་པོ་འཆི་མེད་ཛམྦྷ་ལས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བསྐུར། སླར་ཡང་སྔགས་དེ་བརྗོད་ལ་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། དེ་ལྟར་དཔལ་ལྡན་མགོན་པོ་ཛམྦྷ་ལའི་དབང་བསྐུར་ཐུན་མོང་མ་ཡིན་པ་ཐོབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་ངོ་བོར་གྱུར་པ་ལ། བཀྲ་ཤིས་པའི་རྫས་རྟགས་བརྒྱད་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་མདུན་དུ་བསྟར། ཤིས་པ་བརྗོད་པའི་ཚིགས་གཅད་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས་མངའ་གསོལ་བར་མོས་ཤིག །བྱས་ལ་རྫས་རྟགས་རྒྱལ་སྲིད་རྣམས་སྤྱི་འགྲོའི་ཚིགས་གཅད་རེ་རེ་ཙམ་བརྗོད་ཅིང་གཏད། ཤིས་བརྗོད་རྒྱས་པར་བྱ། དེ་ལྟར་ན་དེ་དག་རྣམས་ཀྱིས་ཡཀྵ་ཛམྦྷ་ལའི་སྣོད་རུང་བྱིན་བརླབ་དབང་བསྐུར་གྱི་རིམ་པ་ལེགས་པར་གྲུབ་པ་ཡིན་པས། དེང་ཕྱིན་ཆད་དམ་ཚིག་མི་ཉམས་པར་ཚུལ་བཞིན་བསྲུང་དགོས་པས་དེའི་དོན་རྩ་བའི་གཞུང་ལས་གསལ་རྒྱས་སུ་བསྟན་པ་འདི་ལ་སྙན་གཏོད་པར་ཞུ། དེ་ལྟར་དབང་བསྐུར་ཐོབ་པ་དང༔ བསྙེན་སྒྲུབ་བརྩོན་པའི་རྣལ་འབྱོར་པས༔ དངོས་གྲུབ་སྲོག་འཛིན་དམ་ཚིག་ནི༔ སྙིང་དང་མིག་ལས་གཅེས་པར་གཟུང༔ ནོར་ལྷ་མཆོད་པ་ལ་བརྟེན་ནས༔ འབྱོར་པའི་ཁྱད་པར་ཅི་བྱུང་ཡང༔ ཅུང་ཟད་ཙམ་ཡང་མ་ཞེན་པར༔ རྨི་ལམ་སྒྱུ་མ་ལྟ་བུའི་ངང༔ ཕུད་ཀྱིས་དཀོན་མཆོག་རྟེན་གསུམ་བཞེངས༔ མར་མེ་ལ་སོགས་མཆོད་རྒྱུན་འཛུགས༔ ཕྱོགས་བཅུའི་དགེ་འདུན་བསྙེན་བཀུར་ཞིང༔ ཕ་མ་ནད་པ་དཀའ་ཐུབ་ཅན༔ རྒན་རབས་རྣམས་ལ་ཚིམས་པར་གཏང༔ བར་པ་རང་དང་ཉེ་འཁོར་གྱི༔ ཕུང་ཁམས་ལྷ་ཚོགས་མཆོད་པའི་བློས༔ བཟའ་བཏུང་གོས་རྒྱན་འབྱོར་པར་བྱ༔ ལྷག་མ་དབུལ་ཞིང་ཕོངས་པ་ལ༔ ཁོང་མི་འཁྲུགས་ཤིང་སྙིང་བརྩེ་བས༔ གཏན་པ་མེད་པའི་སྦྱིན་པར་སྤེལ༔ སྲོག་བསླུ་བྱ་ཞིང་ཟམ་པ་འཛུགས༔ འགྲས་དང་འཁྲུགས་པ་ནོར་གྱིས་བཟླུམ༔ ཡུལ་ཕྱོགས་དགེ་བའི་ལས་རྣམས་བྱ༔ དེ་ནི་ཕྱི་ཡི་དམ་ཚིག་གོ༔ ནོར་ལྷ་བསྙེན་ཅིང་སྒྲུབ་པ་དང༔ ཁྱད་པར་ཆུ་སྦྱིན་མ་ཆག་གཏང༔ ཚེས་བརྒྱད་སོགས་ལ་ལྷག་པར་མཆོད༔ ཤིན་ཏུ་གསང་བས་ཉམས་སུ་བླང༔ གཞན་ལ་བཀའ་རྒྱ་དམ་པར་སྤེལ༔ དཔེ་དང་ལག་ལེན་ལྷག་པར་བསྡམ༔ རང་གཞན་དབུལ་ཕོངས་ཅི་བྱུང་ཡང༔ ནོར་ལྷ་མཆོད་པ་མ་གཏོགས་པར༔ ལོག་འཚོ་སྒྲུབ་པའི་བྱ་བ་སྤང༔ མདོར་ན་གནོད་སྦྱིན་ནོར་ལྷ་དང༔ ཡི་དམ་དབྱེར་མེད་སྙིང་ལྟར་བཅངས༔ དམ་ཚིག་གཅིག་གིས་འབྲེལ་པ་ཡི༔ མཆེད་ལྕམ་རྣམས་ལ་ལྷག་པར་ཡང༔ བྱམས་དང་བསྙེན་བཀུར་ཅི་ནུས་བྱ༔ དེ་ནི་ནང་གི་དམ་ཚིག་གོ༔ ཁྱད་པར་གདམས་པ་ཟབ་མོ་འདི༔ གང་ལས་ནོད་པའི་བླ་མ་དེ༔ མི་བསྐྱོད་རྡོ་རྗེ་སེམས་དཔའ་དང༔ གསང་བདག་ནོར་ལྷ་དབྱེར་མེད་པར༔ མོས་གུས་གདུང་ཤུགས་རྒྱུན་མི་གཅད༔ འབྱོར་པ་གང་བྱུང་ཕུད་དང་ནི༔ བུ་དང་བུ་མོ་ནོར་གྱི་དབྱིག༔ ན་བཟའ་བཅུད་ལྡན་ཞལ་ཟས་སོགས༔ གཅེས་དང་ཡིད་འཐད་རྟག་ཏུ་དབུལ༔ གསུང་ཟུར་ཙམ་ཡང་གཅག་མི་བྱ༔ འཛུམ་ཞིང་གུས་པས་གསོང་པོར་གསོལ༔ ཐུགས་གཟུང་མཉེས་པའི་བྱ་བ་བསྒྲུབ༔ རང་སེམས་ལྷ་དང་བླ་མ་དང༔ འབྱོར་པའི་ཡོ་བྱད་ལ་སོགས་པ༔ འཁོར་གསུམ་བདེན་འཛིན་བྲལ་བའི་ངང༔ དོན་གྱི་དགོངས་པའི་སྲོག་གཟུང་བྱ༔ དེ་རྣམས་གསང་བའི་དམ་ཚིག་གོ༔ དེ་ལྟར་དམ་ཚིག་རབ་བསྲུང་ན༔ གནོད་སྦྱིན་ནོར་ལྷ་མ་བསྒྲུབ་འགྲུབ༔ ཚེ་རིང་ནད་མེད་དཔལ་འབྱོར་འཕེལ༔ མཐོ་རིས་ཐར་པའི་མཆོག་ཐོབ་འགྱུར༔ ཅེས་གསུངས་པའི་ཚིག་དོན་རྣམས་ཐུགས་ལ་ངེས་པའི་སྒོ་ནས་ཕྱི་ནང་གསང་བའི་དམ་ཚིག་དེ་དག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། མདུན་བསྐྱེད་བདག་བསྐྱེད་ཀྱི་གཤེགས་བསྡུ། དགེ་བསྔོ་ཤིས་བརྗོད་ཀྱི་བར་ལས་བྱང་གི་དཀྱུས་ལྟར་བྱས་པས་གྲུབ་བོ། །བདག་ཉིད་སྐྱེ་ཀུན་འབྱོར་པའི་གཏེར་དང་འཕྲད། །གཞན་ཕན་སྣོད་བཅུད་ཕྱྭ་གཡང་བྱིན་སྤེལ་བས། །བསྟན་འགྲོ་དགེ་མཚན་དཔལ་བརྒྱས་འཚོ་བྱེད་པ། །ཆུ་དབང་སྙིང་རྗེ་ཅན་དང་མཚུངས་པར་ཤོག །ཅེས་པའང་ཟབ་གསང་ཁྱད་པར་འཕགས་པ་འདིའི་ཐོག་མའི་སྨིན་གྲོལ་བདུད་རྩིའི་སྣོད་རུང་དུ་གྱུར་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་གཞན་ཕན་གྱི་བཙས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཀུན་བཟང་ཐུགས་གཏེར་ལས། བླ་སྒྲུབ་ཀྱི་དབང་ཆོག་རིན་ཆེན་བུམ་བཟང་བཀླག་ཆོག་ཏུ་བཀོད་པ་རིན་ཆེན་མཛེས་པའི་ཕྲ་ཚོམ་ (Volume 6, Text 36)
༄༅། །ཀུན་བཟང་ཐུགས་གཏེར་ལས། བླ་སྒྲུབ་ཀྱི་དབང་ཆོག་རིན་ཆེན་བུམ་བཟང་བཀླག་ཆོག་ཏུ་བཀོད་པ་རིན་ཆེན་མཛེས་པའི་ཕྲ་ཚོམ་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་མ་ཧཱ་སུ་ཁ་གུ་ར་བེ། གདོད་ནས་རང་བྱུང་ཁྱབ་བདག་འོད་མི་འགྱུར། །གྲུབ་པའི་སྐྱེས་བུའི་སྐུར་སྣང་མི་མཇེད་མགོན། ཁྱད་པར་གངས་ཅན་སྐྱབས་གཅིག་ཐོད་ཕྲེང་རྩལ། །དབྱེར་མེད་བླ་མ་སངས་རྒྱས་སྙིང་དབུས་བསྟི། །ངོ་མཚར་བླ་སྒྲུབ་ཀུན་ལས་ཀྱང་། ཁྱད་འཕགས་རྒྱ་གཞུང་རྡོ་རྗེའི་ཚིག །བཅོས་མས་མ་བསྒྲིབས་བྱིན་གཟི་ཅན། །དེ་སྤྱོད་འདོད་རྣམས་འདི་དོན་གཉེར། །ཀུན་བཟང་ཐུགས་གཏེར་སྒྲོན་མ་རྣམ་དྲུག་གི་དང་པོ་བླ་སྒྲུབ་བྱིན་རླབས་སྒྲོན་མའི་དབང་བསྐུར་རྡུལ་ཚོན་ལ་བརྟེན་པའི་རྒྱས་པ་བྱེད་ཚུལ་དབང་ཆོག་རིན་ཆེན་བུམ་བཟང་ལྟར་ལག་ཏུ་ལེན་དགོས་ཤིང་། དཀྱུས་མཐུན་རས་བྲིས་ལ་བརྟེན་ཏེ་དབང་བསྐུར་བའི་ཚུལ་གནད་དོན་སྙིང་པོར་བསྡུ་ན། ཐོག་མར་སློབ་མ་རྗེས་འཛིན་དུ་གྲགས་པའི་ཞུ་གནང་དབང་ཆོག་ཏུ་འབྱུང་ཡང་དོན་གྱིས་སྔོན་དུ་སོང་བ་ལ་དགོངས་ནས་གཏེར་མའི་ཕྱོགས་འདིར་མི་མཛད་པ་མང་བས་མ་བཀོད། ལག་ལེན་དངོས་ལ་གསུམ། ས་ཆོག །སྟ་གོན། དབང་གི་ལས་རིམ་མོ། །དང་པོ་ནི། སྒྲུབ་གནས་རྙིང་པར་ས་ཆོག་རྒྱས་པ་མི་དགོས་པས་དཀྱིལ་འཁོར་བཞེངས་པའི་སྟེགས་བུར་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ཕྱི་མཆོད་ཕྲེང་ཚར་དང་། དཀར་གཏོར་བཤམ། ཕུག་ལོགས་སོགས་གང་བདེར་བདག་བསྐྱེད་མཆོད་གཏོར་ཡང་སྤྱི་ལྟར་བཀོད། བདག་བསྐྱེད་བླ་སྒྲུབ་བྱིན་རླབས་སྒྲོན་མེ་ལས་འབྱུང་བའི་དབྱེར་མེད་སྐུ་བཞིར་སྒྲུབ་པའི་སྒོམ་བཟླས་ཉིད་སྐབས་སུ་བབས་པས། ཐོག་མར་སྐྱབས་སེམས་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ། མཚོ་གླིང་པདྨའི་ས་གཞི་ལ༔ སྐྱོན་བྲལ་པད་སྡོང་འདབ་རྒྱས་སྟེང༔ ཟུང་འཇུག་ཉི་ཟླའི་གདན་སྟེང་དུ༔ བདག་མེད་རྟོག་བྲལ་རོ་གདན་ལ༔ རྒྱལ་བའི་རང་བཞིན་པདྨ་ལས༔ བྱུང་བ་བདག་ཉིད་བསྒོམ་པར་བྱ༔ དཀར་དམར་མདངས་ལྡན་བརྗིད་པའི་ཞལ༔ སྤྱན་རྩ་ཉི་ཟླ་འཁྱིལ་བ་འདྲ༔ འཛུམ་པའི་ཞལ་སྒྲོས་འོད་སྟོང་ལྡན༔ དབུ་ལ་པད་ཞུ་མཛེས་པ་གསོལ༔ སྣ་ལྔ་མེ་ལོང་རིན་ཆེན་དང༔ རྒོད་ཀྱི་རྩེ་རྒྱལ་འབར་བས་སྤྲས༔ ཕྱག་གཡས་མི་འགྱུར་རྡོ་རྗེ་འཛིན༔ གཡོན་པ་བདུད་རྩིས་གང་བ་ཡི༔ ཐོད་པ་མཉམ་གཞག་སྟེང་ན་འཛིན༔ དར་དམར་ཆོས་གོས་རྣམ་གསུམ་དང༔ ཟབ་ཆེན་བེར་དང་བེར་ཐུལ་གསོལ༔ ཞབས་གཉིས་སྐྱིལ་ཀྲུང་འགྱིང་པས་བཞུགས༔ ཁ་ཊྭཱཾ་འབར་བ་སྐུ་ལ་བརྟེན༔ རང་བྱུང་རྒྱལ་བའི་ངོ་བོ་ནི༔ རི་རྒྱལ་ལྟར་བརྟན་བརྗིད་པར་བསྒོམ༔ གཡོན་དུ་ཡེ་ཤེས་མཁའ་འགྲོ་ཡུམ༔ བཅུ་དྲུག་མདངས་ལྡན་མཛེས་ཚུལ་ཅན༔ རུས་རྒྱན་རིན་ཆེན་དར་གྱིས་བརྟེན༔ ཌཱ་རུ་འཁྲོལ་ཞིང་བདུད་རྩི་སྟོབ༔ སྒེག་ཅིང་འགྱིང་བའི་གར་ལྡན་བསམ༔ ཕྱོགས་བཞིར་རིགས་བཞི་ཡབ་ཡུམ་ལ༔ མཚམས་བཞིར་གསང་ཡུམ་རྣམ་པ་བཞི༔ དཔའ་བོ་མཁའ་འགྲོ་མང་པོའི་ཚོགས༔ སྤྲིན་ལྟར་འཁྲིགས་ཤིང་གཞའ་ལྟར་འཁྲུགས༔ བྲོ་བརྡུང་གར་བསྒྱུར་རོལ་མོ་སྒྲོག༔ ཧཱུྃ་ཕཊ་བཞད་པའི་མདངས་ལྡན་གསལ༔ རང་གི་སྙིང་ག་ནས་མོས་པའི་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་བླ་མའི་ངོ་བོར་བྱིན་ཐིབས་སེ་བྱོན་པར་གྱུར༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་སྐུ་འཁྲུངས་པ༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ༔ བཛྲ་གུ་རུ་བཛྲ་ས་མ་ཡ་ཛ༔ མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པར་གྱུར༔ བཛྲ་པདྨ་ཀ་མ་ལ་ཡ་སཏྭཾ༔ པཱ་ད་བྷནྡྷ་ནམ་ཀ་རོ་མི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས༔ འདོད་ཡོན་མཆོད་པ་རིན་ཆེན་སྣ་བདུན་སོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་བློས་བླངས་ནས༔ བླ་མ་སངས་རྒྱས་མཆོག་ལ་མཆོད་པ་འབུལ༔ སརྦ་པཱུ་ཛ་ཧོ༔ ཧཱུྃ༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་ལྡན་ཅིར་ཡང་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྟོབས་ལྡན་ལྷ་སྲིན་དམ་ལ་འདོགས༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པ་རྣམས་ཀྱིས་བདག་དམ་ཚིག་པར་བསྐྱེད་ཅིང་ཡེ་ཤེས་པ་མདུན་མཁར་སྤྱན་དྲངས་ཏེ་བཞུགས་ཕྱག་མཆོད་བསྟོད་འབུལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དངོས་གྲུབ་ཆུ་བོ་འདུས་པའི་མཚོ་ཆེན་དུ༔ སྐྱོན་བྲལ་ཡོན་ཏན་མཆོག་ཏུ་རབ་རྒྱས་པའི༔ པད་སྡོང་ལས་བྱོན་སངས་རྒྱས་སྤྲུལ་པའི་སྐུ༔ ཡ་མཚན་མཆོག་ལྡན་རྒྱལ་བ་ཀུན་གྱི་སྲས༔ ཁྱེད་ལ་ཕྱག་འཚལ་གསོལ་འདེབས་སྐྱབས་སུ་མཆི༔ བདག་དང་མོས་པའི་བུ་མཆོག་ཐམས་ཅད་ལ༔ བླ་མས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་གསོལ་བ་བཏབ་པས༔ བླ་མའི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་གསུམ་བྱུང་སྟེ༔ བདག་གི་གནས་གསུམ་དུ་ཐིམ་པས༔ སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེས་སྦྱངས་པ་ལྟར་གྱུར༔ བདག་ལྷར་གྱུར་པའི་གནས་གསུམ་དུ༔ བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གསུམ་ཐིམ་པས༔ བདག་གི་སྒོ་གསུམ་རྣམ་པ་མཆོག་ལྡན་གྱི་སྐུ་གསུང་ཐུགས་སུ་གྱུར༔ ཅེས་མོས་ལ། ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཅི་ནུས་བཟླས་མཐར། བླ་མ་འཁོར་བཅས་འོད་དུ་ཞུ་ནས་བདག་ལ་ཐིམ་པས་དབྱེར་མེད་པར་གྱུར། དེ་ནས་མཆོད་གཏོར་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང༔ བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཱུ་ཛ་ས་མ་ཡེ་ཧཱུྃ༔ གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ གསུམ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿ སྔགས་སྔ་མའི་གཤམ་དུ། ཨ་ཀཱ་རོ་བཏགས་པ་ལན་གསུམ། ཁམས་གསུམ་གནས་པའི་ལྷ་དང་ཀླུ༔ གནོད་སྦྱིན་དྲི་ཟ་ལྷ་མ་ཡིན༔ གང་དག་རྫུ་འཕྲུལ་ཆེར་ལྡན་རྣམས༔ རྡོ་རྗེའི་སྙན་དང་སྤྱན་མངའ་བ༔ ས་ལ་གནས་པའི་འབྱུང་པོ་ཀུན༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ སངས་རྒྱས་རྣམས་ལ་མཆོད་པ་དང༔ སེམས་ཅན་རྣམས་ལ་ཕན་དོན་དུ༔ ས་ཕྱོགས་དགེ་གནས་འདི་ཉིད་དུ༔ བླ་མའི་དཀྱིལ་འཁོར་ཆེར་འབྱུང་བ༔ ཇི་ལྟར་བསམས་པའི་ལས་བྱེད་པས༔ དགེ་བའི་གྲོགས་པོ་ཉིད་དུ་མཛོད༔ ཅེས་བརྗོད་ལ་དཀར་གཏོར་ཕྱི་རོལ་དུ་མཆོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཆོས་རྣམས་སྤྲོས་བྲལ་ངང་ཉིད་ལས༔ བཾ་ལས་ས་ཡི་ལྷ་མོ་ཆེ༔ གསེར་མདོག་ཕྱག་གཉིས་བུམ་པ་བསྣམས༔ རིན་ཆེན་རྒྱན་སྤྲས་མདངས་ལྡན་བསྐྱེད༔ ཨོཾ་པྲྀ་ཐི་དྷེ་ཝཱི་ས་པ་རི་ཝཱ་ར་ས་མ་ཡ་ཛ༔ ཡེ་ཤེས་པ་སྤྱན་དྲངས་བསྐྱེད་པ་དང་གཉིས་སུ་མེད་པར་གྱུར༔ ཨོཾ་པྲྀ་ཐི་བཱི་དེ་བཱི་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཨོཾ༔ ཡེ་ཤེས་རིན་ཆེན་ས་ཡི་ལྷ༔ གསེར་མདོག་གསེར་གྱི་བུམ་པ་བསྣམས༔ རྒྱན་རྣམས་ཀུན་གྱིས་རབ་བརྒྱན་པའི༔ ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ས་འཛིན་ལྷ་མོ་འཁོར་བཅས་ཀྱིས༔ སེམས་ཅན་ཀུན་གྱི་དོན་སླད་དུ༔ རིན་ཆེན་ས་ཡི་དངོས་གྲུབ་མཆོག༔ བྱམས་པའི་ཐུགས་ཀྱིས་གནང་བར་མཛོད༔ ས་ཡི་དངོས་གྲུབ་བྱིན་བསམས་ལ༔ ལྷ་མོ་ཉིད་ཀྱང་འོད་དུ་གྱུར༔ སར་ཐིམ་ས་གཞི་རིན་ཆེན་གྱུར༔ ཅེས་པ་རྣམས་ཀྱིས་ས་བསླངས་ནས། སྦྱོང་བ་ནི། རཾ་ཡཾ་ཁཾ། ས་ཡི་དངོས་འཛིན་བསྲེགས་གཏོར་སྦྱངས༔ ཨོཾ་ཤཱུནྱ་ཏཱ་སོགས། ཆོས་ཉིད་སྟོང་པའི་ངང་དུ་བསམ༔ ཨེ་ཡཾ་བཾ་སུཾ་ལཾ་རཾ་འཕྲོས་པས༔ ཡེ་ཤེས་འབྱུང་བ་རིམ་བཞིན་བསྒོམ༔ ཧཱུྃ་ལས་སྣ་ཚོགས་རྒྱ་གྲམ་ལས༔ ཧཱུྃ་བརྗོད་སྟེང་འོག་ཕྱོགས་མཚམས་ཀུན༔ རྡོ་རྗེས་རབ་གཏམས་འབར་བར་གྱུར༔ དེ་དག་གིས་ས་ཆོག་མདོར་བསྡུས་གྲུབ། གཉིས་པ་སྟ་གོན་ལ་བཞི། ལྷ། བུམ་པ། དབང་རྫས། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། སྟེགས་བུར་བདུད་རྩིའི་ཐིག་ལེ་ལྷ་གྲངས་ཀྱི་སྟེང་མེ་ཏོག་གི་ཚོམ་བུ་གཙོ་འཁོར་རྣམ་དབྱེ་ཕྱེད་པ་བཀོད་དགོས་པས། དབུས་སུ་གཅིག །དེ་རྒྱབ་བརྒྱད་རིམ་བཞི། དེ་རྒྱབ་ཕྱོགས་བཞིར་བཞི་བཅས་སོ་བདུན་བཀོད། ཕྱི་མཆོད་དང་སྨན་རཀ་གཏོར་མ་བཤམས་ལ། ལས་བྱང་ཡིད་བཞིན་ནོར་བུ་ལས། ཧཱུྃ༔ ཕྱི་ནང་མཆོད་རྫས་སོགས་ཀྱིས་མཆོད་པ་བྱིན་བརླབ། ཧཱུྃ༔ ཆོས་ཉིད་སྟོང་གསལ་སོགས་ཀྱིས་ལྷ་བསྐྱེད་ནས་བསྟོད་པ་རྫོགས་ཀྱི་བར་གཏང་། གསོལ་བ་གདབ་པ་ནི་ཐལ་མོ་སྦྱར་ལ། ཨོཾ༔ དུས་གསུམ་བླ་མ་རིག་འཛིན་ཚོགས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ རིག་འཛིན་བླ་མའི་དཀྱིལ་འཁོར་འདི༔ འགྲོ་བའི་སྡུག་བསྔལ་དག་བྱའི་ཕྱིར༔ མཆོད་ཅིང་སློབ་མ་རྗེས་འཛིན་པས༔ དཀྱིལ་འཁོར་བདག་གིས་བྲི་བར་འཚལ༔ བླ་མས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ་བརྗོད་པས། རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་ཅི་བདེ་བར་བྲིས་ཤིག་ཅེས་གནང་བ་བསྩལ་བར་གྱུར༔ གཉིས་པ་ནི། རྣམ་རྒྱལ་བུམ་པ་མགུལ་ཆིངས་མཐིང་ག །མདུན་ངོས་ཕྱག་མཚན་རྡོར་དྲིལ་བྲིས་པ། ལས་བུམ་དམར་པོ་རྒྱ་གྲམ་དབྱུག་ཏོ་བྲིས་པ་ལ་གུ་གུལ་གྱིས་བདུག་ཅིང་། སུམྦྷ་ནི་ས་བགེགས་བསྐྲད། དྲི་བཟང་ཆུ་དང་སོ་ལྔས་བཀང་བ་སྟེགས་བུར་བཀོད་ལ་གཟུངས་ཐག་གདགས། མཆོད་གཏོར་བཤམ། ལས་བྱང་ལྟར་མཆོད་པ་བྱིན་བརླབ། ཧཱུྃ༔ རྣམ་རྒྱལ་བུམ་པ་མི་དམིགས་སྟོང་པའི་ངང༔ བྷྲཱུྃ་ཡིག་ལས་བྱུང་རིན་ཆེན་བུམ་པའི་ནང༔ བྷྲཱུྃ་ལས་རིན་ཆེན་འབར་བའི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་ཡོངས་སུ་རྫོགས༔ ལྟེ་བར་ཆུ་སྐྱེས་རིན་ཆེན་ཁྲིར་བཅས་པ༔ སེང་གེས་བཏེགས་སྟེང་ཉི་ཟླ་འོད་གསལ་གདན༔ ཅེས་པའི་མཚམས་སུ་ཡུངས་ཀར་དང་བདུད་རྩི་རིལ་བུ་བླུགས་ཤིང་སྙིང་པོ་བརྗོད་ལ། དེ་སྟེང་ཧཱུྃ་ཉིད་འཕྲོ་འདུས་ཡོངས་གྱུར་པས༔ ཐུགས་མཆོག་རྡོ་རྗེ་རིགས་ཀྱི་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་གར་གྱི་ཉམས་དང་ལྡན༔ མཐིང་ནག་སྐུ་ལ་རིན་ཆེན་རུས་པས་བརྒྱན༔ ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན༔ ཐབས་མཆོག་རྒྱལ་པོ་ཡབ་ཀྱི་མདུན་ཉིད་དུ༔ གསང་བའི་ཡུམ་མཆོག་རྡོ་རྗེ་མཁའ་འགྲོ་མ༔ དམར་མོ་ཕྱག་གཡས་གྲི་གུག་འཕྱར༔ གཡོན་པ་ཐོད་ཁྲག་གཙོ་ལ་སྟོབ༔ ཁྲག་ཞག་ཐིག་ལེ་རུས་པའི་རྒྱན་ལྡན་པ༔ ཤེས་རབ་བདེ་ཆེན་ཡབ་ཀྱི་སྐུ་ལ་འཁྲིལ༔ བདེ་སྟོང་དབྱེར་མེད་གསལ་ལ་རྟོག་མེད་བསྒོམ༔ གཙོ་བོའི་སྤྱི་བོར་ཀུན་བཟང་སྐུ༔ རིགས་བདག་ཕྱག་རྒྱར་བསྒོམ་བྱ་ཞིང༔ ཀླད་ཁང་མགྲིན་པ་སྙིང་ག་རུ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་པ༔ སྐུ་གསུང་ཐུགས་ཀྱི་བདག་པོར་བསྒོམ༔ ཀུན་གྱི་ཐུགས་ཀར་ཡི་གེ་ཧཱུྃ༔ རང་རང་མདོག་ལྡན་གསལ་བར་བསམ༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ ཡེ་ནས་ལྷུན་གྲུབ་དབང་བྱིན་རྫོགས༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ བཛྲ་མ་ཧཱ་གུ་རུ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་ཨཱ་ཧཱ་ར་པཱུ་ཛ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་རྩལ་འཆང་འཁོར་བཅས་ལ༔ དགྱེས་པའི་མཆོད་པ་སྣ་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་དབྱངས་སྙན་མཆོད་པར་འབུལ༔ འགྲོ་བ་ཐུགས་རྗེས་བསྐྱབ་ཕྱིར་བཞེས་སུ་གསོལ༔ སརྦ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རང་བཞིན་རྣམ་དག་ལས༔ མ་སྐྱེས་མི་འགག་མཁའ་ལ་འཇའ་ཚོན་ལྟར༔ ཡེ་ཤེས་སྐུར་སྣང་པདྨ་ཐོད་ཕྲེང་རྩལ༔ རང་བྱུང་བླ་མ་མཆོག་ལ་ཕྱག་འཚལ་བསྟོད༔ ཅེས་ཕྲིན་ལས་མདོར་བསྡུས་བྱས་ནས། གཟུངས་ཐག་བླངས་ལ་དམིགས་པ་སྤྱི་མཐུན་བཅས། ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩ་སྔགས་བརྒྱ་རྩ་ལས་མི་ཉུང་བ་དང་། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛ༔ ཞེས་བཏགས་པ་ཉེར་གཅིག་ཙམ་བཟླས་ལ། ཨོཾ་བཛྲ་ཨརྒྷཾ་སོགས་སྔགས་ཙམ་གྱིས་མཆོད། ཧཱུྃ༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་ལྡན་ཅིར་ཡང་སྤྲུལ་པའི་སྐུ༔ རྫུ་འཕྲུལ་སྟོབས་ལྡན་ལྷ་སྲིན་དམ་ལ་འདོགས༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ལས་བུམ་ནང་དུ་པད་ཉིའི་སྟེང་། །དབང་ཆེན་རྟ་མཆོག་ཧེ་རུ་ཀ །དམར་སྨུག་འོད་ཟེར་རབ་ཏུ་འབར། །ཕྱག་གཉིས་པད་དབྱུག་ཐོད་ཁྲག་འཛིན། །དུར་ཁྲོད་ཆས་ལྡན་རྟ་ཞལ་མཚེར། །སྲིད་གསུམ་དབང་དུ་སྡུད་པར་གསལ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །ཡེ་ནས་ལྷུན་གྲུབ་དབང་བྱིན་རྫོགས། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ ཨོཾ་ཨཱཿཧཱུྃ། ཧ་ཡ་གྲཱི་བ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོཿ ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །མགོན་པོ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་གསུང་། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་མཐར། དཔལ་རྟ་མགྲིན་རྒྱལ་པོས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་སྲུང་བ་དང་བགེགས་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་བརྗོད་ལ་ལས་བུམ་ཆུ་འཐོར་རོ། །གསུམ་པ་ནི། དབུ་རྒྱན་རྡོར་དྲིལ་མིང་དབང་ཁ་ཊྭཱཾ་རྣམས་དབང་སྟེགས་སུ་བཀོད་ལ། དབང་རྫས་མི་དམིགས་སྟོང་པའི་ངང་། །རྟ་མཆོག་རྨ་བྱ་མཁའ་ལྡིང་དང་། །གླང་པོས་བཏེགས་པའི་རིན་ཆེན་ཁྲིར། །ཉི་ཟླ་འོད་གསལ་གདན་གྱི་སྟེང་། །ཧཱུྃ་ཡིག་སེར་དམར་ལྗང་གུ་དང་། །དཀར་པོ་ཡོངས་སུ་གྱུར་པ་ལས། །དབུ་རྒྱན་རིན་ཆེན་ཐོད་ཕྲེང་རྩལ། །གསེར་མདོག་རིན་ཆེན་དྲིལ་བུ་འཛིན། །རིན་ཆེན་མཁའ་འགྲོ་ཡུམ་དང་སྦྱོར། །རྡོ་རྗེ་པདྨ་ཐོད་ཕྲེང་རྩལ། །རཱ་ག་པདྨ་དྲིལ་བུ་འཛིན། །པདྨ་མཁའ་འགྲོ་ཡུམ་དང་སྦྱོར། །དྲིལ་བུ་ཀརྨ་ཐོད་ཕྲེང་རྩལ། །ལྗང་གུ་རྒྱ་གྲམ་དྲིལ་བུ་འཛིན། །ཀརྨ་མཁའ་འགྲོ་ཡུམ་དང་སྦྱོར། །རྡོར་དྲིལ་འཁོར་ལོ་ཐོད་ཕྲེང་རྩལ། །དཀར་པོ་འཁོར་ལོ་དྲིལ་བུ་འཛིན། །བུདྡྷ་མཁའ་འགྲོ་ཡུམ་དང་སྦྱོར། །དར་དང་རིན་ཆེན་རུས་པས་བརྒྱན། །ཡེ་ཤེས་མེ་འོད་ཀློང་ན་བཞུགས། །སྤྱན་གསུམ་ཁྲོ་འཛུམ་འགྱིང་བག་ཅན། །འོད་དང་གཟི་བརྗིད་འབར་བར་བསྒོམ། ཁ་ཊྭཱཾ་གསང་བའི་ཌཱ་ཀི་མ། །དཀར་དམར་གཅེར་བུ་རུས་རྒྱན་ཅན། །གྲི་གུག་ཐོད་པ་བསྣམས་པར་གསལ། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །ཡེ་ནས་ལྷུན་གྲུབ་དབང་བྱིན་རྫོགས། ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ། ཨོཾ་ཨཱཿཧཱུྃ། ཧཱུྃ༔ ཡུལ་གྱི་མིང་ནི་སོགས་སྤྱན་འདྲེན་ནས་མཆོད་པའི་བར་བུམ་པའི་སྐབས་ལྟར་བླང་། ཧཱུྃ༔ ཕྲིན་ལས་ལྔ་རྫོགས་སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྐུ༔ འགྲོ་ལྔ་རྗེས་འཛིན་ཐར་པའི་ལམ་ལྔ་སྟོན་པར་མཛད༔ ཕྲིན་ལས་ཡོངས་རྫོགས་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དོན་དམ་རྣམ་དག་མཁའ་དབྱིངས་ལ༔ རིག་པའི་ཡེ་ཤེས་རང་བྱུང་ཤུགས་ཀྱིས་འགྲོ༔ འབྱུང་ལྔ་རྣམ་དག་བདེ་ཆེན་ཡུམ་གྱི་ཚུལ༔ སྡེར་བཅས་མཁའ་འགྲོ་རྣམ་ལྔའི་ཚོགས་ལ་བསྟོད༔ ཅེས་པས་བསྟོད། ཨོཾ་ཨཱཿཧཱུྃ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཉེར་གཅིག་ལས་མི་ཉུང་བར་བཟླ། དེ་བཞིན་དུ་རཏྣའི་མལ་དུ། པདྨ་ཀརྨ་བུདྡྷ་རྣམས་རིམ་པར་སྦྱར་ལ་བཟླ། མཐར། ལྷ་རྣམས་འོད་དུ་ཞུ་སྟེ་དབང་རྫས་ཀྱི་རྣམ་པར་གྱུར། ཅེས་བསམ་ལ་མེ་ཏོག་འཐོར་ཅིང་། སུ་པྲ་ཏིཥྛ་བརྗོད་ལ་རབ་ཏུ་གནས་པར་བྱའོ། །བཞི་པ་ནི། བཅས་རྣམས་ཡོལ་བས་བསྒྲིབ། ཏིལ་སྦྱང་། དྲིའི་ཆུ། སློབ་མ་མཆོད་པ། སྟ་གོན་རྫས་བཞི་རྣམས་ཉེ་བར་བསྡོགས། སློབ་བུ་རྣམས་ལ་སྒོ་དྲུང་དུ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཤམ། བྱིན་རླབས་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་ཕྱིར་དོར་ཏེ་ལས་བྱང་ལྟར་བགེགས་བསྐྲད་ཅིང་སྲུང་མཚམས་བཅད། མདུན་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ། དྲང་ངེས་ཆོས་བཤད་ཇི་ལྟར་རིགས་པས་བློ་དྲངས། མདོར་བསྡུ་ན། འདི་ལྟར་རང་རེ་རྣམས་ཐོག་མ་མེད་པ་ནས་རྟོག་འཁྲུལ་གྱི་གཞན་དབང་ལ་བརྟེན་ཏེ་མུ་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོར་ཡང་ནས་ཡང་དུ་འཁྱམས་ཤིང་སྡུག་བསྔལ་ཤ་སྟག་ཉམས་སུ་མྱོང་བ་ལས། ད་རེས་སྔོན་བསགས་དཀར་པོའི་དགེ་བ་རླབས་པོ་ཆེའི་རྣམ་པར་སྨིན་པའི་མཐུ་ལས་དལ་འབྱོར་ལྡན་པའི་མི་ལུས་རྣམ་པར་དག་པ་ཐོབ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། དེའི་ཡང་སྙིང་རྡོ་རྗེ་ཐེག་པའི་ཟབ་ཆོས་དང་འཕྲད། དེ་སྟོན་བྱེད་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་རྗེས་སུ་བཟུང་བ་སོགས། ལོ་ལེགས་པའི་སྟོན་ཐོག་ལྟར་ཕུན་སུམ་ཚོགས་པའི་སྐལ་པ་དང་ལྡན་པའི་སྐབས་འདིར་མནོག་ཆུང་ཚེ་འདིའི་བྱ་བས་མི་ཚེ་སྟོང་ཟད་དུ་མི་གཏང་བར་དོན་ཆུང་རྨི་ལམ་ལྟ་བུའི་བྱ་བཞག་ལིང་གིས་བོར་ནས། འདི་དང་གཏན་གྱི་ཕན་བདེའི་འབྱུང་གནས་མཚུངས་ཟླ་མ་མཆིས་པ་དམ་པའི་ཆོས་བསྒྲུབ་པ་ལ་རྩེ་གཅིག་ཏུ་འབད་འཚལ། ཆོས་ཀྱི་རྣམ་གྲངས་གདུལ་བྱའི་ཁམས་དབང་གི་རྗེས་སུ་འགྲོ་བ་བསམ་གྱིས་མི་ཁྱབ་པར་བཞུགས་པ་ཐམས་ཅད་ཀྱི་ཡང་རྩེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་སྐོར་རྣམས་ཡིན་ལ། དེའི་ཡང་སྙིང་པོར་གྱུར་པ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བླ་མ་སྒྲུབ་པའི་ཐབས་རྣམས་ནི་དབང་པོ་མཆོག་དམན་བར་མ་གསུམ་ཀ་ལ་འཇུག་པ་བདེ་བ་དང་ལམ་བདེ་བ་ཁོ་ནས། རང་བྱུང་ཆོས་སྐུའི་འབྲས་བུ་བཙན་ཐབས་ལག་གཏོད་དུ་བསྩལ་བར་བྱེད་པས་རྒྱུད་ལུང་མན་ངག་ཐམས་ཅད་ནས་ཀྱང་ཆེ་ཐང་དུ་བསྔགས་པར་མཛད་པ་ཡིན་ལ། བླ་སྒྲུབ་ཇི་སྙེད་པ་རྣམས་ཀྱི་རབ་དང་ཕུལ་དུ་གྱུར་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་གསང་བ་གསུམ་གཅིག་ཏུ་བསྡུས་པ་གུ་རུ་རིན་པོ་ཆེ་པདྨཱ་ཀ་ར་ཉིད་ཀྱི་སྒྲུབ་ཐབས་སྔོན་དུས་གངས་ཅན་དུ་བྱོན་པའི་སྐལ་ལྡན་རྗེ་འབངས་སོ་སོའི་ངོ་སྐལ་དུ་བསྩལ་པ་མཐའ་ཡས་པ་རྣམས་མ་འོངས་པའི་གདུལ་བྱ་ལ་དགོངས་ཏེ་གཏེར་དུ་སྦས་པ་རྣམས་ཀྱི་ནང་ནས། འདིར་གནུབས་ནམ་མཁའི་སྙིང་པོའི་ཆོས་སྐལ་དུ་བསྩལ་པ་ཀུན་བཟང་ཐུགས་གཏེར་འཁོར་བ་རང་གྲོལ་དུ་གྲགས་པ། ལ་སྟོད་མང་པོ་བྱང་ཆུབ་གླིང་གི་གཏེར་སྟོན་ཆེན་པོ་དཔལ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་ཆོས་སྡེའི་ཐོག་མ་བླ་སྒྲུབ་བྱིན་རླབས་སྒྲོན་མ་དང་རྗེས་སུ་འབྲེལ་བའི་སྨིན་བྱེད་བགྱི་བ་ལ། སྔོན་དུ་འགྲོ་བ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ བྱང་ཆུབ་སེམས་ལས་རྨད་བྱུང་བའི༔ སྡོམ་པ་རྒྱ་མཚོ་བདག་ལ་སྩོལ༔ བདག་ནི་སྒྲིབ་གཉིས་སྤངས་ནས་ནི༔ བླ་མ་མཁའ་འགྲོའི་དོན་རྟོགས་ནས༔ ཕྱི་ནང་གསང་བའི་རྣལ་འབྱོར་གྱིས༔ འགྲོ་བའི་དོན་ནི་བགྱིད་པའི་ཕྱིར༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སྣོད་དུ་རིག་ནས་གནང་བ་བསྩལ་ཞིང་བསླབ་བྱ་བསྟན་པ་འདི་ལ་གསན་འཚལ། བུ་ཁྱོད་ཚུར་ཤོག་ཐེག་ཆེན་སྔགས༔ ཁྱོད་ནི་ཚུལ་ཆེན་སྣོད་དང་ལྡན༔ གསང་སྔགས་སྤྱོད་ཚུལ་ཆོ་ག་འདི༔ ཁྱེད་ལ་ཡང་དག་བསྟན་པར་བྱ༔ བླ་མ་མཁའ་འགྲོའི་དོན་རྟོགས་ཤིང༔ རྣལ་འབྱོར་གསུམ་གྱི་ཚུལ་གྱིས་ནི༔ འགྲོ་བའི་དོན་ནི་བྱེད་འདོད་ན༔ སྐྱབས་གསུམ་དག་གི་རྗེས་སུ་འབྲོངས༔ ཕྱི་ནང་གསང་བའི་སྡོམ་པ་དག༔ དད་མོས་བརྟན་པའི་བློ་ཡིས་ཟུངས༔ ཞེས་གདམས། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་གུ་རུ་རིན་པོ་ཆེ་དབྱེར་མེད་པ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སྡིག་ལྟུང་བཤགས་ཤིང་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་སློབ་ཅིང་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་མ་ལུས་དགོངས༔ བདག་གིས་ཐོག་དྲངས་འགྲོ་བ་མ་ལུས་པས༔ སྡིག་པ་མི་དགེ་གང་བགྱིས་པ༔ གནོང་ཞིང་འགྱོད་པས་སོ་སོར་བཤགས༔ སླན་ཆད་བདག་གིས་བསྡམ་པར་བགྱི༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ དགེ་བའི་རྩ་བ་རྒྱ་ཆེན་ལ༔ ལྷག་པར་རབ་དགའ་རྗེས་ཡི་རང༔ མྱ་ངན་མི་འདའ་ཐུགས་རྗེ་ཡིས༔ སེམས་ཅན་དོན་མཛད་བརྟན་པར་བཞུགས༔ ཕྱོགས་བཅུ་དུས་བཞིར་ཐེག་ཆེན་གྱི༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བླ་མ་རྒྱལ་བ་སྲས་བཅས་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བ་སྲས་བཅས་མ་ལུས་པའི༔ བསླབ་བྱ་གང་ཡིན་བདག་སློབ་ཅིང༔ སྤང་བྱ་གང་ཡིན་སྤང་བར་བགྱི༔ བྱང་ཆུབ་སེམས་མཆོག་དམ་པ་དག༔ བརྟན་པར་བདག་གིས་རབ་ཏུ་བསྐྱེད༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཕྱི་ནང་གསང་བའི་སྡོམ་པ་རྣམས༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ལན་གསུམ། ཏིལ་ནག་དང་མེ་ཆུ་ཕྱག་ལེན་བཞིན་བཀོད་ལ། དེ་ནས་སྡིག་པ་སྦྱང་བའི་དོན་དུ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གར་ཡི་གེ་ཀཾ་ནག་པོ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པའི་ངོ་བོ། ལྟེ་འོག་སུམ་མདོར་གཏུམ་མོ་ཡེ་ཤེས་ཀྱི་མེ་ཧཱུྃ་ཡིག་གི་རྣམ་པར་འབར་བས་ཀཾ་ཡིག་ཡེར་གྱིས་བདས། སྣ་སྒོ་ནས་ཕྱིར་ཐོན་ཏེ་སྡིག་པའི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ་པའི་མོས་པ་གྱིས་ལ་རླུང་རོ་ཕྱིར་བསལ་བར་ཞུ། ཏིལ་སྣ་སྒོར་འགྲིམ། དེ་ཉིད་ཡེ་ཤེས་ཀྱི་མེར་བསྲེགས་ཤིང་ཆུར་སྦྱངས་པས་སྡིག་སྒྲིབ་གཏན་ནས་དག་པར་གྱུར་པར་མོས་ཤིག །ཨོཾ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་གསུམ་བརྗོད་ལ་ཏིལ་གཡས་གཡོན་དུ་བསྐོར་ལ་མེ་ཆུར་དོར་རོ། །འདིར་གཞུང་ལས་ཞི་བའི་སྦྱིན་སྲེག་བྱ་བར་གསུངས་པས་རྒྱས་པར་སྤྲོ་ན་ཞི་བའི་སྲེག་བླུགས་མདོར་བསྡུས་པ་ཙམ་བྱའོ། །དེ་ལྟར་རྒྱུད་དག་པར་གྱུར་པ་དེ་ཉིད་ཀྱི་སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅིང་རྡོ་རྗེ་གསུམ་གྱི་དམ་ཚིག་གི་གཞི་དགོད་པ་ཡིན་པས་འདི་ལྟར་གསལ་ཐོབ་ཅིག །ཁྱོད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་ཅན་ཞབས་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས་པར་གྱུར་པའི་དཔྲལ་བར་འཁོར་ལོ་དཀར་པོ་ཨོཾ་དཀར་པོས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿདམར་པོས་མཚན་པ། སྙིང་གར་རྡོ་རྗེ་སྔོན་པོ་ཧཱུྃ་སྔོན་པོས་མཚན་པ་འོད་ཟེར་རབ་ཏུ་འབར་བ་སྒོམས་ཤིག །འབྲུ་གསུམ་བརྗོད་ལ་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད། དེ་ལྟར་བྱིན་གྱིས་བརླབས་པས་ཡེ་ཤེས་ཀྱི་ཆར་གཏོགས་པའི་དབང་པོ་སོ་སོར་ཉེ་བར་སྤྱོད་པའི་བྱེ་བྲག་རྣམས་ཀྱིས་མཆོད་པར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ནས་ནཻ་བིདྱ་པྲ་ཏཱིཙྪ་སྭཱ་ཧཱའི་བར་བརྗོད་ལ་གནས་སོ་སོར་མེ་ཏོག་ལ་སོགས་པས་མཆོད་ཚུལ་བྱ། ལྟས་བརྟག་པ་ནི། མཚན་ཉིད་དང་ལྡན་པའི་སོ་ཤིང་ར་བ་བཅས་འདུ་བྱས་ལ། ཚད་དང་མཚན་ཉིད་ལྡན་པའི་སོ་ཤིང་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་ལན་བདུན་ཙམ་བརྗོད་ནས་བྱིན་བརླབས་པ་ལག་ཏུ་གཏད་དེ། ང་ཡི་སྐལ་ལྡན་རིགས་ཀྱི་བུ༔ མཐུན་པར་ཚོགས་པའི་སློབ་བུ་རྣམས༔ ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ༔ དངོས་གྲུབ་བརྟག་ཕྱིར་སོ་ཤིང་དོར༔ དེ་ལྟར་བྱིན་པའི་སོ་ཤིང་གི་རྩེ་མོས་སོ་ལ་དྲུད་པས་ངག་གི་སྡིག་སྒྲིབ་ཐམས་ཅད་དྲི་ཁུའི་རྣམ་པས་སང་གིས་སྐྱུགས་པར་བསམ་པ་དང་། ཐལ་སྦྱར་གྱི་བར་དུ་བཟུང་ནས་རང་རང་གི་སྐལ་པ་དང་འཚམ་པའི་ལས་ཀྱི་དངོས་གྲུབ་ཇི་ལྟར་ཐོབ་པ་གསལ་བར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། ཨོཾ་གུ་རུ་སརྦ་སིདྡྷི་ས་མ་ཡ་སཏྭཾ༔ ཞེས་སོ་ཤིང་གི་མཎྜལ་དུ་འདོར་གཞུག །དེ་ལྟར་དོར་བའི་ལྟས་ཀྱི་མཚན་མའང་དབང་གཞུང་ལས། ཤར་ལྷོ་ནུབ་བྱང་མཚམས་དག་དང༔ སྟེང་རྣམས་རིམ་བཞིན་ཞི་རྒྱས་དབང༔ དྲག་པོ་ཕྲ་མོའི་སིདྡྷིར་ཤེས༔ སྟེང་དུ་མཁའ་སྤྱོད་བླ་མེད་དོ༔ འོག་ཏུ་གྱུར་ལ་དངོས་གྲུབ་མེད༔ སྦྱིན་པར་བྱས་ཏེ་བསྐུར་བར་བྱ༔ ཞེས་གསུངས་པ་ལྟར་ལགས་སོ། །སྲུང་སྐུད་གདགས་པ་ནི། སྲུང་སྐུད་དམར་པོ་སུམ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་དང་ལྡན་པ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ཏེ་ཐིམ། ཧྲཱིཿཧཱུྃ་ཕཊ་བཛྲ་རཀྵ༔ ལན་བདུན་ཙམ་གྱིས་སྔགས། སྲུང་བ་འདི་ཉིད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས། བྱིས་པའི་མགུལ་དུ་བཏགས་པས་ལུས་ཀྱི་དྲི་མ་བྱང་ཞིང་བར་ཆད་ཐམས་ཅད་སྲུང་བར་གྱུར་པའི་མོས་པ་མཛོད། སྔགས་སྔ་མ་བརྗོད་བཞིན་པས་བཅིང་། ཁྱོར་ཆུ་སྦྱིན་པ་ནི། ལས་བུམ་གྱི་ཆུ་ཁྱོར་བར་བྱིན་པས་ཁ་བཤལ་ཞིང་ཁོང་དུ་འཐུང་བ་དང་ལུས་ལ་འཐོར་བས་ཡིད་ཀྱི་དྲི་མ་དག །སྨིན་བྱེད་ཀྱི་དངོས་གྲུབ་ཐོབ་པའི་སྣོད་རུང་དུ་གྱུར་པར་མོས་ཤིག །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙརྻ༔ སཾ་ཤོ་དྷ་ཡ༔ སརྦ་བི་ཀ་ལ༔ ཨ་པཱ་ན་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་བཞིན་ལས་ཆུ་སྦྱིན་ལ་མཐར། ཅེས་པས་ངན་སྡིག་དག་པར་འགྱུར༔ མྱུར་དུ་དག་པའི་ཞིང་དུ་འགྲོ༔ ཞེས་གསུངས་པ་ལགས་སོ། །ཀུ་ཤ་སྦྱིན་པ་ནི། འཇག་མ་ལྔ་དང་བཅུ་གསུམ་གྱི་ཕོན་པོ་བྱས་པ་གཉིས་ཐོགས་ལ། དག་བྱེད་བཀྲ་ཤིས་ཀྱི་རྩ་མཆོག་སློབ་མ་རྣམས་ཀྱི་རྨི་ལམ་གྱི་རྟགས་མཚན་གསལ་བའི་ནུས་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ༔ ལན་བདུན། ཀུ་ཤའི་ཕོན་པོ་ཆུང་བ་སྔས་དང་ཆེ་བ་སྟན་དུ་གྱིས་ལ་དོ་ནུབ་གཞོག་གཡས་སར་ཕབ་སྟེ་ཉལ་ནས་རྨི་ལམ་གྱི་མཚན་མ་གང་བྱུང་བརྟག་པར་གྱིས་ཤིག །ཀྱཻ་ཧོཿསྐལ་ལྡན་བུ་རྣམས་ཀྱིས༔ དེ་རིང་མཚན་མ་བཟང་མཐོང་ཞིང༔ ནངས་པར་རྒྱལ་བའི་ཞིང་ཁམས་མཐོང༔ དེས་ན་རྨི་ལམ་མཚན་མ་དག༔ གང་བྱུང་ནངས་པར་འདྲི་བྱེད་པས༔ མ་རྗེད་ལེགས་པར་ང་ལ་སྨྲོས༔ དེ་རྣམས་ཀྱིས་བླ་སྒྲུབ་བྱིན་རླབས་ཀྱི་སྒྲོན་མེའི་དབང་གི་སྔོན་འགྲོ་སློབ་མ་ལྷག་གནས་ཀྱི་རིམ་པ་གྲུབ་ཅིང་དངོས་གཞི་སླད་ནས་འབྱུང་བ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་བསྔོ་བ་བརྗོད་ལ་སློབ་མ་གྱེས། སློབ་དཔོན་གྱིས་སྟ་གོན་ལྷ་ལ་མཆོད་བསྟོད་བུམ་པའི་སྐབས་ལྟར་བྱ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། འདེགས་པའི་རྒྱ་དང་། མཎྜལ་ལ་ཨུཏྟིཥྛ༔ ཞེས་པས་བཏེགས། སྟ་གོན་གྱི་ལྷ་རྣམས་ནམ་མཁའི་དབྱིངས་སུ་བཞུགས་པར་གྱུར། ཅེས་མོས་ལ་ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ། བདག་བསྐྱེད་འོད་གསལ་དུ་ཞུགས་ལ་ཐུན་མཚམས་གཉུག་མའི་ལྷ་སྐུར་ལྡང་། དགེ་བསྔོ་ཤིས་བརྗོད་བྱའོ། །གསུམ་པ་དངོས་གཞི་ལའང་གསུམ། དབང་རྟེན་དཀྱིལ་འཁོར་དང་རྫས་བཤམ་པ། དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་བ་དངོས་རྗེས་རིམ་དང་བཅས་པའོ། །དང་པོ་ནི། དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ་ཁྲིའུའི་སྟེང་སྔར་སྟ་གོན་བྱས་པའི་རྣམ་རྒྱལ་བུམ་པ། མདུན་དུ་ཐོད་ཕྲེང་རིགས་ལྔའམ་གཙོ་བོའི་སྐུ་ཙཀ་དང་མིང་དབང་། གཡས་སུ་དབུ་རྒྱན་དར་དཔྱངས་བཅས་པ། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ། བར་མཚམས་རྣམས་སུ་གསང་དབང་ཐོད་ཆང་ཆོས་སྨན་མངར་གསུམ་སྦྱར་བ། མེ་ལོང་གསལ་བ་ལ་སིནྡྷུ་རའི་ཐིག་ལེ་ལྔ་ཚོམ་བཀོད་པ། ཁ་ཊྭཱཾ་ཌཱ་དྲིལ་གྱི་རྒྱན་ལྡན། དབང་ཕྲེང་། སློབ་དཔོན་དབང་ཆས་འཁོར་ལོ་པོ་ཏི་དུང་སོགས་ཀྱི་དངོས་གཟུགས་སམ་ཕྱོགས་བསྡུས་ཙཀླི །རྒྱབ་མདུན་གང་བདེར་བླ་མའི་གཏོར་ཆེན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། དེ་མཉམ་ཐོད་པའི་བདུད་རྩི་དང་སིནྡྷུ་རའི་མེ་ལོང་གོང་མཚུངས། སྤུ་གྲི་མཆེད་གསུམ་དམར་གཏོར་ཟུར་གསུམ། བཤོས་བུ་ནག་པོ། རྒྱལ་བཤོས་དཀར་ཟླུམ་བཅས་སུམ་བསྒྲིགས། དམ་ཅན་གཏོར་མ་སྨད་ཆ་གྲུ་བཞི་ལ་རྩེ་མོ་ཟུར་གསུམ་ཅན་དར་གདུགས་བཅས་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་སོགས་སྤྱི་ལྟར་བཤམ། སྔོན་གཏོར། ཚོགས་མཆོད། ཆད་བརྟན། ལས་བུམ་མིག་དར་མེ་ཏོག་སོགས་འོག་ཏུ་ཉེ་བར་མཁོ་བའི་ཆས་ཚང་བར་འདུ་བྱའོ། །གཉིས་པ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་འདིའི་དབུར་སྨོས་པའི་བྱང་གཏེར་སྤྱི་འགྲོ །བགེགས་གཏོར་གཏང་བ་གུ་རུའི་ལས་བྱང་ཡིད་བཞིན་ནོར་བུའི་དབུ་ནས་བརྩམ། བགེགས་བསྐྲད། མཚམས་བཅད། མཆོད་བརླབ། ཚོགས་གསག་རྣམས་སྔོན་དུ་འགྲོ་བའི། དངོས་གཞི་ལྷ་བསྐྱེད་རྙིང་མ་སྤྱི་ལུགས་བདག་མདུན་དབྱེར་མེད་དམ་ཆ་གཉིས་སུ་བསྒོམ་ཡང་ཆོག་པར་སྣང་ལ། གང་ལྟར་ཏིང་ངེ་འཛིན་རྣམ་གསུམ་ནས་བརྩམ། སྲིད་གསུམ་དབང་དུ་སྡུད་བྱེད་བསྒོམ༔ ཞེས་པའི་བར་སོང་ནས། སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་ལ་དམིགས་ཏེ་བུམ་བསྐྱེད་སྐབས་ལྟར་མཆོད། སྤོས་བསྲེག །རོལ་མོ་བསྒྲགས་ལ་ཚིག་བདུན་དང་སྔགས་ཙམ་གྱིས་སྤྱན་དྲངས་ལ་བསྟིམ། སྔོན་གྱི་འཕྲོས། ཡེ་ཤེས་ལྔ་དང་སོགས་ཀྱིས་དབང་བསྐུར་རྒྱས་འདེབས་བྱིན་བརླབ་བྱ། སླར་ཡེ་ཤེས་པ་སྤྱན་འདྲེན་པ་ནས་བཟུང་བསྟོད་པའི་བར་སོང་ནས། བདག་མདུན་དབྱེར་མེད་སྐབས་མདུན་དཀྱིལ་གོ་སར་ཛཔ྄་ཁང་དབྱེ། སྤྲོ་བསྡུའི་དམིགས་པ་གསལ་བཏབ་ལ། རྩ་བསྙེན་ཅི་འགྲུབ། ཧྲཱིཿམ་སོགས་ཤམ་བུ་བཏགས་པ་བརྒྱ་རྩ། ལས་སྦྱོར་ཐོད་ཕྲེང་སྡེ་ལྔ་ཉེར་གཅིག་རེ་ཙམ་བཟླ །བུམ་བཟླས་སྔོན་དུ་སོང་བས་འཐུས་མོད་འདིར་ཡང་སྤྲོ་ན་སྐད་ཅིག་གིས་གསལ་འདེབས་བྱས་ལ་རྩ་སྔགས་དང་ཤམ་འདོགས་བཅས་བརྒྱ་རྩ་སོགས་བཟླ། གཏོར་མ་བླ་མའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བཏབ་ལ་ལས་བྱང་དངོས་གྲུབ་ལེན་ཆོག་སྐབས་སུ་འབྱུང་བའི་སྔགས་དེ་ཅི་འགྲུབ་བཟླ །མཐར་སྟོང་ཚིགས་འབུལ། བུམ་ལྷ་འོད་ཞུ་བྱ། སྤུ་གྲི་མཆེད་གསུམ་དང་དམ་ཅན་གཏོར་འབུལ་མཆོད་བསྟོད་བཅས་མདོར་བསྡུས། ཚོགས་ཀྱི་བགེགས་བསྐྲད་མཚམས་བཅད་བྱིན་བརླབ་ནས་བརྩམ། དངོས་གྲུབ་བླང་བ་སྨོན་ལམ་གྱི་བར་གཏང་། ཚོགས་ལ་རོལ། བུམ་བསྐྱེད་ལྟར་དཀྱིལ་འཁོར་པ་ལ་མཆོད་བསྟོད་འབུལ། གསོལ་འདེབས་ཀྱིས་བྱིན་དབབ་པར་གསུངས་པས་གདུང་བའི་དབྱངས་དང་མོས་གུས་བསྐྱེད་ལ། དངོས་གྲུབ་མཆོག་བརྙེས་རྗེ་བཙུན་རིན་པོ་ཆེ༔ སྐུ་ནི་མི་གཡོ་ཚེ་ཡི་རིག་འཛིན་བརྙེས༔ གསུང་ནི་མི་འགག་དྲག་སྔགས་དགོངས་པ་ལྡན༔ ཐུགས་ནི་མི་རྟོག་སྐྱེ་མེད་ཆོས་ཀྱི་དབྱིངས༔ ཡོན་ཏན་ལྷུན་གྲུབ་བླ་མེད་གྲུབ་མཆོག་བརྙེས༔ ཕྲིན་ལས་ཐོགས་མེད་ལྷ་སྲིན་དམ་ལ་འདོགས༔ པདྨ་ལས་བྱུང་རྫུ་འཕྲུལ་མཐུ་དང་ལྡན༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ བདེ་ཆེན་ལུས་ལ་འབར་བར་བྱིན་གྱིས་རློབས༔ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ནུས་མཆོག་ངག་ལ་སྨིན་པར་བྱིན་གྱིས་རློབས༔ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ རྟོགས་མཆོག་སེམས་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱ༔ ཞེས་བརྗོད། ནུས་ན་བདག་འཇུག་རྒྱས་པར་བླང་། མི་ལྕོགས་ན་རིག་མེ་དོར་བའམ་གཏོར་མའི་བྱིན་རླབས་ཙམ་བླངས་ལ་སློབ་མ་གཞུག་པར་གནང་བ་ཞུ་བ་ནི། ཐལ་སྦྱར་བཅས། ཨོཾ། རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པའི། །སོགས་ཀྱིས་གསོལ་བ་བཏབ་པས། དཀྱིལ་འཁོར་པའི་ལྷ་ཚོགས་ཐམས་ཅད་དགྱེས་པ་ཆེན་པོས་འདི་ལྟར་གསུང་བར་མོས། ཀྱེ་ཧོ༔ རང་རིག་དབང་ཐོབ་རྣལ་འབྱོར་པ༔ མཐའ་ཡས་འགྲོ་བའི་དཔལ་མགོན་གྱིས༔ དུཿཁ་འཁོར་བའི་སེམས་ཅན་ཀུན༔ བདེ་ཆེན་ཐར་པའི་གྲོང་དུ་དྲོངས༔ སྐལ་ལྡན་བུ་རྣམས་སྨིན་གྲོལ་མཛོད༔ གནང་བ་ཐོབ་པར་བསམ་མོ། །གསུམ་པ་དབང་གི་ཆོ་ག་ལ་གསུམ། འཇུག་པ། དངོས་གཞི། རྗེས་ཀྱི་རིམ་པ་རྣམས་སོ། །དང་པོ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བསྔོ། བགེགས་བསྐྲད། མཚམས་བཅད་པ་རྣམས་སྟ་གོན་སྐབས་བཞིན་བྱ། གུ་གུལ་ཡུངས་ཐུན་ལས་བུམ་གྱི་ཆུ་འཐོར། སྡིག་པ་སྦྱང་བ་ནི། མེ་ཆུ་ཏིལ་ནག་བཀོད་པ། སློབ་བུའི་སྙིང་གར་ཡི་གེ་ཀཾ༔ ཐོག་མེད་དུས་ནས་ད་བར་གྱི༔ སྡིག་པའི་ངོ་བོར་འདུས་པར་བསམ༔ སུམ་མདོར་གཏུམ་མོ་ཡེ་ཤེས་མེ༔ ཧཱུྃ་གི་རྣམ་པར་འབར་བ་ཡིས༔ ཀཾ་བདས་ནས་ནི་སྒོར་ཕྱུང་ནས༔ ཏིལ་ལ་སྡིག་པའི་གཟུགས་སུ་བསྟིམས༔ དེ་ཉིད་མེ་དང་ཆུར་དོར་བས༔ སྡིག་པ་རབ་ཏུ་སྦྱང་བར་བསམ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་གསུམ་བརྗོད་པ་དང་ལག་ལེན་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་དུས་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་དེ་ཉིད་ཐུགས་རྗེའི་འཇུག་པ་དུས་ལ་བབས་ཤིང་གངས་ཅན་གདུལ་བྱའི་བསོད་ནམས་ཀྱི་སྐལ་བཟང་ཤར་བའི་རྟེན་འབྲེལ་གྱི་ཉེར་ལེན་ལས། འཇམ་དབྱངས་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་སྤྱན་དྲངས་པ་ལྟར་སྐུ་དངོས་ཀྱིས་ཕེབས་ནས་ལྷ་འདྲེ་གདུག་པ་ཅན་ཐམས་ཅད་བཏུལ། གཙུག་ལག་ཁང་དང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀོད། རྡོ་རྗེ་ཐེག་པའི་ཆོས་འཁོར་ཐུན་མོང་མ་ཡིན་པ་མཐའ་ཡས་པ་བསྐོར་ནས་སྐལ་པ་དང་ལྡན་པ་མཐའ་དག་གྲུབ་པའི་གོ་འཕང་མཐོན་པོ་ལ་བཞག །ཟབ་མོའི་གསང་བ་དེ་དག་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་རིས་མེད་པའི་དོན་ལ་དགོངས་ནས་བོད་ཁམས་མཐའ་དབུས་ཐམས་ཅད་དུ་གཏེར་ཁ་བསམ་གྱིས་མི་ཁྱབ་པར་རྒྱས་བཏབ་པ་ལས། སྐབས་སུ་བབས་པ་འདི་ནི། སྤྲུལ་པའི་གཏེར་སྟོན་ཆེན་པོ་ཚེ་བརྟན་རྒྱལ་མཚན་གྱིས་མོན་བྲག་ཆུ་མོ་ཕུག་ནས་སྤྱན་དྲངས་པའི་ལམ་ཡིག་ལས། འདི་ནས་ནུབ་ཀྱི་ཕྱོགས་ཤེད་ན༔ གཡས་རུ་ཆུ་ཀླུང་འབབས་པའི་ལྷོ༔ མང་ཡུལ་རྒྱལ་པོའི་ཤར་ཕྱོགས་ལོགས༔ དཔལ་མོ་ཐང་གི་དཀྱིལ་སྟོད་ན༔ ལྷ་མཚོ་སྲིན་མཚོའི་ནུབ་ཕྱོགས་ན༔ སློབ་དཔོན་པདྨའི་དགོངས་པའི་བཅུད༔ ནམ་མཁའི་སྙིང་པོའི་ཐུགས་གཏེར་ཡོད༔ ལྔ་བཅུ་ཁ་རལ་སྙིགས་མའི་དུས༔ རང་གཏེར་བླངས་ནས་འགྲོ་དོན་བྱེད། གསང་སྔགས་དར་ལ་མ་སྨིན་དུས༔ སྐལ་ལྡན་ཀུན་གྱི་ཆོས་སྐལ་ཡིན༔ དྲན་པར་གྱིས་ཤིག་བོད་འབངས་ཀུན༔ ཅེས་ལུང་བསྟན་པའི་དོན་བཞིན། བོད་ཀྱི་བཀའ་བབས་གྲུབ་ཆེན་རྣམ་དགུའི་ཡ་གྱལ། ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས་པ་གནུབས་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་གཏེར་སྟོན་ཆེན་པོ་དཔལ་རྒྱལ་མཚན་གྱིས། ལ་སྟོད་དཔལ་མོ་དཔལ་ཐང་གི་བྱ་མང་པོའི་ཕུག་པ་ནས་ཆོས་རྒྱལ་མྱ་ངན་མེད་ཀྱིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བྱེ་བ་ཕྲག་གཅིག་བཞེངས་པའི་དུས་ཀྱི་རྡོ་རྗེ་བཅུ་གཅིག་པ་མཐོང་གྲོལ་གནམ་ལྕགས་རྡོ་རྗེ་དང་ལྷན་ཅིག་སྤྱན་དྲངས་པ་ཀུན་བཟང་ཐུགས་གཏེར་འཁོར་བ་རང་གྲོལ་དུ་གྲགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྐོར་འདི་ལ། སྤྱི་ཚོམ། ནང་གཏེར་རྭ་སྐོར། ལྟེ་སྐོར། ལྟེ་སྐོར་གྱི་ཆིངས། རྭ་སྦྲག་གི་སྐོར་དང་ལྔར་བཞུགས་པ་ལས་འདིར་ནང་གཏེར་རྭ་སྐོར་ལ་ཐེམས་བྱང་ལས། མ་འོངས་སྙིགས་མའི་དུས་དག་ཏུ༔ ཡ་རབ་སྐལ་ལྡན་དོན་གྱི་ཕྱིར༔ བདུད་རྩི་ལྟ་བུ་ཐུགས་ཀྱི་བཅུད༔ འཁོར་བའི་ནད་སེལ་བདུད་རྩི་སྨན༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ མ་རིག་མུན་སེལ་འོད་པོ་ཆེ༔ དམ་ཆོས་སྒྲོན་མ་རྣམ་དྲུག་གནང༔ མ་འོངས་བསྟན་པའི་བཙས་སུ་འཇོག༔ ཅེས་བསྔགས་པའི་དམ་ཆོས་སྒྲོན་མ་རྣམ་དྲུག་གི་ཐོག་མ་བླ་སྒྲུབ་བྱིན་རླབས་ཀྱི་སྒྲོན་མའི་སྨིན་བྱེད་སྒྲུབ་པ་ཡིན། ཟབ་ཆོས་འདི་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་སུ་བྱོན་ཅིང་སྔོན་དུས་ལ་སྟོད་ནས་དབུས་གཙང་གི་བར་ཡོངས་སུ་གྲགས་ཤིང་དར་རྒྱས་སུ་བཞུགས་ཀྱང་། དེང་སང་དུས་ཀྱི་དབང་གིས་སྨིན་གྲོལ་གྱི་རྒྱུན་ལྟ་ཅི། དཔེ་རྒྱུན་ཙམ་ཡང་དཀོན་པར་བཞུགས་པ་ལ། བཀའ་བབས་བདུན་གྱི་མངའ་བདག་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པས་དཔེ་རྒྱུན་བཙལ་ནས་ཞལ་བཤུ་མཛད་པའི་སྐབས་སུ་ངོ་བོ་གུ་རུ་རིན་པོ་ཆེ་ཡིན་པ་ལ་རྣམ་པ་གཏེར་སྟོན་དཔལ་རྒྱལ་མཚན་ཇི་ལྟ་བའི་ཚུལ་དུ་བསྟན་ཏེ་ཡང་ནས་ཡང་དུ་བྱིན་གྱིས་བརླབས་ཤིང་དབང་དང་གདམས་པ་བསྩལ། རྗེ་ཉིད་གཏེར་སྟོན་དེ་ཉིད་ཀྱི་སྲས་མཆོག་བསམ་འགྲུབ་རྡོ་རྗེར་གྱུར་པའི་བག་ཆགས་ཀྱང་སད། ཆོས་གཏེར་སྲུང་མ་རྣམས་ཀྱང་དགྱེས་པས་ཕྲིན་ལས་སྒྲུབ་པའི་མཚན་མ་གསལ་བར་གཟིགས་ཏེ་དབང་ལུང་ཡོངས་སུ་རྫོགས་པའི་རྒྱུན་སྲོལ་གསར་དུ་སྤེལ་ནས་བསྟན་པའི་སྲོག་མཐུད་པའི་བཀའ་དྲིན་ཆེན་པོ་བསྩལ་པ་སྟེ། དེ་ལྟར་རྒྱུད་ལུང་གི་ཁུངས་བཙུན་ཞིང་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བརྗིད་ལྷག་པར་འབར་བའི་དབང་བསྐུར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་འབྱུང་བ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་ལ་མཎྜལ་འབུལ། མཚམས་སྦྱོར་སྤྱི་མཐུན་གྱིས་མིག་དར་འཆིང་ཞིང་མེ་ཏོག་སྦྱིན་ལ་སློབ་དཔོན་གྱིས། བུ་ཁྱོད་ཚུར་ཤོག་ཅི་ལ་དགའ༔ འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། སྐལ་བཟང་བདག་ནི་བདེ་ཆེན་ལ༔ བདག་ནི་གསང་བའི་དཀྱིལ་འཁོར་དུ༔ རབ་ཏུ་དད་པས་འཇུག་པར་འཚལ༔ གུས་པ་ཆེན་པོས་ཐལ་མོ་སྦྱོར་ལ། དཀྱིལ་འཁོར་ཆེན་པོར་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་ཀུན་དང་མཉམ༔ སློབ་དཔོན་ལ་ནི་སྐྱབས་སུ་མཆི༔ ཡི་དམ་ལྷ་དང་མཁའ་འགྲོར་བཅས༔ ཐམས་ཅད་ལ་ཡང་ཕྱག་འཚལ་ལོ༔ བླ་མེད་བླ་མའི་དཀྱིལ་འཁོར་དུ༔ སློབ་དཔོན་གྱིས་ནི་གཞུག་ཏུ་གསོལ༔ ལན་གསུམ། རིགས་དང་སྐལ་པ་བཟང་པོར་ལྡན་པར་རྟོགས་ནས་གནང་བ་སྩོལ་བར་མོས་ཤིག །དེ་བཞིན་གཤེགས་པ་ཀུན་གྱི་གནས༔ བླ་མེད་ཐར་པའི་གྲོང་ཁྱེར་མཆོག༔ གསང་བའི་དཀྱིལ་འཁོར་འདི་རུ་ནི༔ བདག་གི་སློབ་མ་གཞུག་པར་བྱ༔ ལས་ཀྱི་རྡོ་རྗེས་ཕྱག་གི་རྡོ་རྗེས་དྲངས་ཏེ་དཀྱིལ་འཁོར་ཆེན་པོའི་སྒོ་དྲུང་དུ་འཁོད་པར་མོས་ཤིག །ཀྱེ་ཧོཿསྐལ་ལྡན་བུ་མཆོག་དག༔ རྡོ་རྗེའི་ལམ་ནས་གནས་འདིར་དྲངས༔ གནས་ངན་འཁོར་བའི་སེམས་བཏང་ནས༔ གསང་ཆེན་ཕོ་བྲང་འདིར་ཤོག་ཅིག༔ ས་མ་ཡ་ཛཿཛ༔ ཡོལ་བ་དབྱེ། ཤར་ཕྱོགས་ཀྱི་སྒོ་ནས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ་མངོན་སུམ་དུ་གྱུར་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཞབས་ཀྱི་པད་མོར་ཕྱག་བྱས་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱར་ནས་འདུད་པའི་ཚུལ་དང་བཅས་ཏེ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག༔ བདེ་གཤེགས་རྒྱལ་བ་འཁོར་བཅས་ལ༔ ལུས་ངག་ཡིད་ཀྱིས་ན་མོ་ཧཱུྃ༔ ལན་གསུམ། བདེན་གཉིས་ཟུང་འཇུག་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་རིགས་ཀུན་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་གསལ་བའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་འཁོད་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་ཏྭ་ད་ཡཱ་མི༔ ལན་གསུམ། རྡོ་རྗེ་མེ་ཏོག་བཅས་སྙིང་གར་བཞག་ལ། སེམས་བསྐྱེད་པ་དེ་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད༔ སུ་ར་ཏ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ ཐལ་མོ་མེ་ཏོག་དང་བཅས་ཏེ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སོགས་གསོལ་གདབ་གནང་སྦྱིན། རྒྱུན་བཤགས་སྔོན་དུ་འགྲོ་བའི་སྡོམ་བཟུང་རྣམས་མཚམས་སྦྱོར་བཅས་གོང་གསལ་སྟ་གོན་སྐབས་བཤད་པ་རྣམས་འདིར་བླང་། དེ་ནས་བདུད་རྩི་ལ། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བཟླས་པས་བྱིན་བརླབ། རྡོ་རྗེ་གསུམ་གྱི་ཡི་གེའི་ངོ་བོར་གྱུར་པའི་བདུད་རྩི་ལན་གསུམ་བྱིན་པས་ཁྱེད་རང་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པའི་རྟགས་སུ་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་མཚན་པར་སྒོམས་ཤིག །འབྲུ་གསུམ་ལན་གསུམ་བརྗོད་པ་དང་བདུད་རྩི་སྦྱིན། ཡེ་ཤེས་དབབ་པའི་སྔོན་འགྲོ་དམ་ལ་བཞག་ཅིང་ཐ་ཚིག་རྡོ་རྗེའི་དམ་ཆུ་སྦྱིན་པ་ཡིན་པས་འདི་དག་གི་དོན་ཐུགས་ལ་བཅག་འཚལ། རྡོ་རྗེ་སྤྱི་བོར་བཞག་ལ། རྣལ་འབྱོར་དཀའ་ཐུབ་དམ་ཚིག་འདི༔ རྟོགས་ན་སྐུ་གསུང་ཐུགས་ཡིན་ཏེ༔ མ་རྟོགས་ངན་སོང་གསུམ་ཡིན་པས༔ འདའ་བར་མི་བྱ་དམ་ཚིག་གོ༔ ལས་བུམ་གྱི་ཆུ་བསྲེས་པའི་དམ་ཆུ་སྦྱིན་ལ། ཧཱུྃ༔ འཐུངས་ཤིག་རྡོ་རྗེ་དམྱལ་བའི་ཆུ༔ དམ་ལས་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ལེགས་ཉེས་རྡོ་རྗེ་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཧཱུྃ་ཕཊ། ད་ནི་དབང་གི་གཞི་དགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་རང་སར་ལོངས་ལ་ལུས་ཐང་ཤ་བཅད་དེ་ཐལ་མོ་སྦྱོར། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་དྲག་ཏུ་སྐྱེད། གཞན་དུ་མ་ཡེངས་པར་དམིགས་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །ཀྱེ་ཧོཿགསོན་དང་སྐལ་ལྡན་རིགས་ཀྱི་བུ༔ ཡིད་འོང་གནས་མཆོག་ཆོས་ཀྱི་ཕོ་བྲང་འདིར༔ གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་གྱིས་མཛེས༔ འདོད་ཡོན་ཕ་གུ་དྲྭ་ཕྱེད་ཤར་བུས་བརྒྱན༔ འཇའ་འོད་འཁྱུགས་པས་ཕྱི་ནང་ཀུན་ཏུ་གསལ༔ ཆོས་སྐུའི་ཞིང་ཁམས་ལོངས་སྐུའི་གཞལ་ཡས་ཁང༔ ཁྱད་འཕགས་སྤྲུལ་སྐུའི་གནས་མཆོག་ཨེ་མ་ཧོ༔ ཡིད་འོང་གནས་འདུག་ཁྱད་པར་དགའ་བ་སྒོམས༔ སློབ་དཔོན་སངས་རྒྱས་ཡིན་པར་འདུ་ཤེས་སྐྱེད༔ མ་ཡེངས་གསལ་བར་འདི་ལྟར་བསྒོམ་པར་གྱིས༔ ནམ་མཁའ་འདི་རུ་རྗེ་བཙུན་པདྨའི་སྐུ༔ བཅུ་དྲུག་ལོ་ལོན་ལང་ཚོ་རྒྱས་པའི་སྐུ༔ དཀར་དམར་མདངས་ལྡན་གཟི་བརྗིད་རབ་ཏུ་འབར༔ རུས་རྒྱན་དར་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཐོད་པའི་ཅང་ཏེའུ་དྲིལ་བུ་དྲག་ཏུ་འཁྲོལ༔ སྤྱན་རྩ་དམར་པོ་རབ་ཏུ་དྲག་པར་གཟིགས༔ བརྒྱུད་པའི་བླ་མ་མ་ལུས་འཁོར་དང་བཅས༔ སྤྱི་བོའི་བཙུག་ན་སྤྲིན་ལྟར་གཏིབས་པ་ལ༔ ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས་བསྐོར་ནས༔ རོལ་མོའི་སྒྲ་བཅས་གར་སྟབས་མཛད་པར་སྒོམས༔ དེ་ལྟར་སྤྲིན་བཞིན་རབ་ཏུ་གཏིབས་པ་ཡིས༔ སྟོང་གསུམ་གང་ནས་བྱིན་གྱིས་རློབས་པར་སྒོམས༔ མ་ཡེངས་མ་ཡེངས་ཡིད་ལ་རབ་ཏུ་བསམ༔ ཞེས་པས་དམིགས་པ་ཕོག །འབེབ་པའི་རྫས་བསྲེག །རོལ་མོ་དྲག་ཏུ་འཁྲོལ་ལ། ཨོཾ་ཨཱཿཧཱུྃ༔ གུ་རུ་ན་མོ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ་ཨ་རལླི་ཛཿཛཿཧཱུྃ་ཧཱུྃ༔ ཞེས་ལན་མང་དུ་བརྗོད། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྒོ་གསུམ་ལ་ཐིམ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་གྱིས་ཤིག །ཨཱ་བེ་ཤ་ཡ་ཏིཥྛ་བཛྲ༔ ཞེས་བརྗོད་ལ་རྒྱ་གྲམ་མགོར་བཞག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་འདིར༔ བུ་ཁྱོད་རབ་ཏུ་འཇུག་པར་སྤྲོ་ལགས་སམ༔ ཞེས་དྲིས་པའི་ལན་དུ། རབ་ཏུ་སྤྲོ་ལགས། ཞེས་བརྗོད་ཅིག །སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་དཀྱིལ་འཁོར་ཆེན་པོར་དོར་བར་མོས་ལ་འདིའི་རྗེས་ཟློས་དང་ལྷན་ཅིག་མེ་ཏོག་འདོར་བར་ཞུ། ཐར་པའི་གྲོང་མཆོག་གཞལ་ཡས་འདིར༔ རིག་པའི་མེ་ཏོག་འདི་བོར་བས༔ སྔོན་ནས་ལས་ཀྱིས་འབྲེལ་བའི་ལྷ༔ གང་ཡིན་དེ་དང་འཕྲད་པར་ཤོག༔ རཏྣ་མཱ་ལ་པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་གཞུག །གང་དུ་ཕོག་པའི་རིགས་བརྟགས་ལ་མིང་དེ་མཐུན་གདགས་ཤིང་ལྷ་སོ་སོར་བསྟིམ་པའམ་བསྡུ་ན། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཁྱབ་བདག་གཙོ་མཆོག་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཁོ་ན་ལས་མ་གཡོས་པས་ཁྱེད་རང་རྣམས་ཀྱི་མེ་ཏོག་གང་དུ་ཕོག་ཀྱང་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་ལ་ཕོག་པར་ཤེས་པས་དེ་ཉིད་ལྷག་པའི་ལྷར་བཟུང་དགོས་པ་དང་། དེ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིང་གསང་བའི་མཚན་ཡང་རྡོ་རྗེ་ཐོད་ཕྲེང་རྩལ་ཅེས་བྱ་བར་ཟུངས་ཤིག །དངོས་གྲུབ་ཀྱི་ལྟས་མཚོན་པའི་ཕྱིར་མིག་རས་ཀྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་ལ་ལྟོས་མཛོད། ལྟོས་ཤིག་བུ་ཁྱོད་དཀྱིལ་འཁོར་ལྟོས༔ ཁ་དོག་གང་མཐོང་དངོས་གྲུབ་དག༔ མཁའ་འགྲོ་ལྔ་ཡིས་སྟེར་བར་འགྱུར༔ དེ་ལྟར་བརྟགས་པའི་དངོས་གྲུབ་ཀྱི་མཚན་མ་འདི་ལྟ་སྟེ། དཀར་སེར་དམར་ལྗང་སྣ་ཚོགས་མདོག༔ མཐིང་གར་མཐོང་བ་དེ་དག་གིས༔ ཞི་རྒྱས་དབང་དང་མངོན་སྤྱོད་དང༔ ཆོས་ཉིད་རྟོགས་དང་དྲག་པོ་འགྲུབ༔ མིག་ཐུར་ཐོགས་ལ། ཁྱེད་རང་རྣམས་ཀྱི་ཚེ་རབས་ཐོག་མེད་ནས་ལྷན་ཅིག་སྐྱེས་པའི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །སྔོན་གྱི་མིག་མཁན་མཁས་པ་ཡིས༔ འཇིག་རྟེན་ལིང་ཏོག་བསལ་བ་ལྟར༔ ཤེས་རབ་ཐབས་ཀྱི་ཐུར་མ་ཡིས༔ ཁྱེད་ཀྱི་མི་ཤེས་སྒྲིབ་བྱེད་བསལ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཧཱུྃ༔ ཞེས་མིག་དར་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་མིག་ཐོབ་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཐམས་ཅད་མངོན་སུམ་དུ་མཇལ་བར་མོས་ཤིག །ཕྱག་ཤིང་གིས་མཚོན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཤེས་རབ་རྣམ་གསུམ་རབ་ཏུ་སྐྱེད༔ ཁྱོད་ནི་ཐུགས་ཀྱི་རིགས་སུ་སྐྱེ༔ བདེ་བར་གཤེགས་པས་བྱིན་གྱིས་རློབས༔ དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར༔ འགྲོ་བ་རིགས་དྲུག་ཐམས་ཅད་ལ༔ བུ་བཞིན་སྙིང་རྗེ་ཀུན་ལ་སྐྱེད༔ གསང་བའི་ཆོས་ལ་དད་པར་གྱིས༔ འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་སྒྱུ་ལུས་དང་བཅས་པ་གནས་སུ་དག་པའི་གཞལ་ཡས་ཁང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་ནང་དུ། དུག་ལྔ་དང་ཕུང་པོ་ལྔ་ཡེ་ཤེས་ལྔ་རུ་དག་པའི་ཐོད་ཕྲེང་སྡེ་ལྔ་ཐབས་ཤེས་ཟུང་འཇུག་གི་འཁོར་དུ། རྟོག་ཚོགས་གནས་སུ་དག་པ་གུ་རུ་སྤྲུལ་པའི་མཚན་བརྒྱད། མཁའ་འགྲོ་ཤུགས་འགྲོ །གིང་དང་དཔའ་མོ། ཡེ་ཤེས་ཀྱི་སྒོ་མ་སྡེ་བཞི་སོགས་སྐྱེ་མེད་ཆོས་ཀྱི་སྐུ་ཉིད་འགྲོ་བ་གང་ལ་གང་འདུལ་གྱི་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་རྣམ་པར་ཤར་བར་ཤེས་པས་དད་གུས་དང་སྤྲོ་བ་ཆེར་སྐྱེད་ལ་ཕྱག་འཚལ་བའི་མོས་པས་འདིའི་རྗེས་ཟློས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ལ་ནི་སྐྱབས་སུ་མཆི༔ དཔའ་བོ་རྣལ་འབྱོར་མ་མོ་འཁོར༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ལན་གསུམ། ཆེ་བ་བརྗོད་པ་ནི། ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཆང༔ རྒྱུད་ཀུན་གྱི་ནི་བདག་པོ་མཆོག༔ སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ༔ གསོལ་བ་ཐེབས་ན་དངོས་གྲུབ་འབྱུང༔ དེ་དག་གིས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་པ་ལགས། ཞུགས་པ་ལ་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་འབུལ་ཚིག་འདིས་འབུལ་དུ་གཞུག་སྟེ། མཛེས་པའི་ཞིང་ཁམས་ཕྱི་ནང་མཆོད་པས་བརྒྱན༔ ཡིད་འོང་རྒྱ་ཆེན་མཆོད་པ་ཇི་སྙེད་དང༔ བདག་གཞན་ལུས་ངག་ཡིད་གསུམ་གུས་པས་འབུལ༔ འགྲོ་བའི་དོན་དུ་དགྱེས་པས་བཞེས་སུ་གསོལ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི༔ རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ༔ ཞེས་འབུལ། དབང་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ༔ ཇི་ལྟར་ཆེ་བས་ཆེ་བརྗོད་ལྟར༔ བདག་ཀྱང་སྐྱོབ་པའི་དོན་སླད་དུ༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ལན་གསུམ། ཀྱེ་ཧོཿརྣལ་འབྱོར་དབང་ཕྱུག་ཚོགས༔ འཇིག་རྟེན་འཁྲུལ་པའི་ལུས་སྤངས་ནས༔ རྡོ་རྗེ་ཐོད་ཕྲེང་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་ཁྱོད་རོལ་ལམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཁྱོད་ཞབས་པདྨོ་སྤངས་ནས་ནི༔ གཙོ་བོ་གཞན་དུ་སྐྱབས་མ་མཆིས༔ འགྲོ་བའི་མགོན་པོ་མཐུ་ཆེན་གྱིས༔ བློ་ཆེན་བདག་ལ་གནང་བར་མཛོད༔ དེ་ལ་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བ་ལ། ལུས་སྨིན་བྱེད་བུམ་དབང་། ངག་སྨིན་བྱེད་གསང་དབང་། ཡིད་སྨིན་བྱེད་ཤེར་དབང་། སྒོ་གསུམ་ཆོས་ཉིད་དུ་གྲོལ་བྱེད་བཞི་པ། སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ། རྗེས་སྤྱོད་ལམ་ཁྱེར་བསྟན་པ། འདའ་དཀའི་དམ་ཚིག་གཟུང་བ། ཡོངས་རྫོགས་གཏོར་མའི་བྱིན་རླབས་དང་། བཀའ་སྲུང་གཉེར་དུ་གཏད་པ་བཅས་རྣམ་གྲངས་བརྒྱད་དུ་ཡོད་པ་ལས་དང་པོ་བུམ་པའི་དབང་ལའང་རྡོ་རྗེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་སུ་འབྱུང་བའི་དང་པོ་ལ། གཞིའི་ལྔ་ཆོས་རྣམས་ལམ་དུ་ཁྱེར་བས་འབྲས་བུའི་ལྔ་ཆོས་རྣམས་འཐོབ་པའི་ས་བོན་འདེབས་པ་རིག་པའི་དབང་ལྔ་རིམ་པར་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་དུ་སྒོམས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་པདྨ་ཉི་ཟླའི་གདན་ལ་ཁྱབ་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་མཐིང་ནག་ཞལ་གཅིག་ཁྲོ་འཛུམ་གྱི་ཉམས་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་མཁའ་འགྲོ་མ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། དབུ་སྐྲ་ཐོར་ཚུགས་དར་དང་རིན་པོ་ཆེ་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་ན་བཞུགས་པར་གྱུར་པ་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་ཐོད་ཕྲེང་སྡེ་ལྔའི་ཐུགས་ཀ་ནས་རིག་པའི་ལྷ་མོ་རྣམས་སྤྲོས་པས་སོ་སོའི་ཕྲིན་ལས་མཛད་ཅིང་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིག་པའི་དབང་ལྔ་རིམ་པར་བསྐུར་བའི་མོས་པ་མཛོད། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ། ཨོཾ༔ བྱང་ཆུབ་སེམས་ཆུས་རབ་གང་བའི༔ རྣམ་པར་དག་པའི་བུམ་པ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་རྡོ་རྗེ་མཆོག་འགྲུབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་ཁར་སྦྱིན་ཞིང་སྤྱི་བོར་འཐོར་བའི་ཆུ་དབང་བསྐུར་ལ། ཧཱུྃ༔ རྡོ་རྗེ་ཐོད་ཕྲེང་ཐུགས་མཆོག་རྡོ་རྗེའི་སྐུ༔ མེ་ལོང་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ རྣམ་ཤེས་མཁར་འཛིན་ང་རྒྱལ་རྟེན་སྦྱངས་ནས༔ མི་འགྱུར་ཐུགས་ཀྱི་རྡོ་རྗེ་ཐོབ་པར་ཤོག༔ བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དབུ་རྒྱན་དར་དཔྱངས་བཅས་བཀོན་ལ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན༔ སངས་རྒྱས་ཀུན་གྱིས་རབ་བསྔགས་པའི༔ རིན་པོ་ཆེ་ཡི་དབུ་རྒྱན་དང༔ དར་དཔྱངས་དག་གིས་དབང་བསྐུར་རོ༔ ཨོཾ་རཏྣ་མུ་ཀུ་ཏ་ཨ་བྷི་ཥིཉྩ་ཏྲཱཾ༔ ཆུ་དབང་སྔར་ལྟར་བསྐུར་ལ། རིན་ཆེན་ཐོད་ཕྲེང་ཡོན་ཏན་རྫོགས་པའི་སྐུ༔ མཉམ་ཉིད་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ ཚོར་བ་ཆུ་འཛིན་ང་རྒྱལ་རྟེན་སྦྱངས་ནས༔ མི་ཟད་གཏེར་འཆང་ཡོན་ཏན་དབང་ཐོབ་ཤོག༔ རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་ལག་གཡས་སུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་བྱང་ཆུབ་སེམས་ཡིན་པས༔ གཉིས་མེད་དོན་གྱི་ངོ་བོ་འདིས༔ དེ་རིང་ཁྱེད་ལ་དབང་བསྐུར་རོ༔ མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ཆུ་དབང་བསྐུར་ལ། པདྨ་ཐོད་ཕྲེང་བརྗོད་བྲལ་དག་པའི་སྐུ༔ ཀུན་རྟོག་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ འདུ་ཤེས་མེར་འཛིན་འདོད་སྲེད་རྟེན་སྦྱངས་ནས༔ དཔག་མེད་རྡོ་རྗེ་ཆོས་ཀྱི་གསུང་ཐོབ་ཤོག༔ པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་ལག་གཡོན་དུ་གཏད་ལ། འདི་ནི་ཤེས་རབ་ཀུན་གྱི་གནས༔ བྱང་ཆུབ་བསྒོམ་པའི་རང་བཞིན་ནོ༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བས༔ དེ་རིང་ཁྱེད་ལ་དབང་བསྐུར་རོ༔ ཨོཾ་པྲ་ཛྙཱ་གྷཱན་ཊི་ཨ་བྷི་ཥིཉྩ་ཨཱ༔ ཆུ་དབང་བསྐུར་ལ། ཀརྨ་ཐོད་ཕྲེང་ཕྲིན་ལས་ཀུན་འགྲུབ་སྐུ༔ བྱ་གྲུབ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ འདུ་བྱེད་རླུང་འཛིན་ཕྲག་དོག་རྟེན་སྦྱངས་ནས༔ ཐོགས་མེད་ཕྲིན་ལས་ལྷུན་གྲུབ་དབང་ཐོབ་ཤོག༔ ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ་ལ། འདི་ནི་སངས་རྒྱས་དངོས་ཡིན་ཏེ༔ རབ་ཏུ་བསྔགས་པ་གསང་བའི་མིང༔ རྡོ་རྗེ་ཆེ་གེ་ཞེས་པ་རུ༔ དེང་ནས་ཁྱོད་ལ་དབང་བསྐུར་རོ༔ རྡོ་རྗེ་རྒྱལ་པོ་ཞེས་བྱ་བའི་ཨ་བྷི་ཥིཉྩ་ཨོཾ༔ ཆུ་དབང་བསྐུར་ལ། བུདྡྷ་ཐོད་ཕྲེང་སྐྱེ་མེད་ཆོས་ཀྱི་སྐུ༔ ཆོས་དབྱིངས་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ གཟུགས་དང་སར་འཛིན་གཏི་མུག་རྟེན་སྦྱངས་ནས༔ རྣམ་དག་སྤྲོས་བྲལ་ཆོས་སྐུའི་དབང་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེ་རྣམས་ཀྱིས་ཉོན་མོངས་པ་ལྔའི་སྒྲིབ་པ་དག་ནས་ཡེ་ཤེས་ལྔ་མངོན་དུ་བྱས། ཕུང་པོ་ལྔ་དང་ཁམས་ལྔ་སྐུ་ལྔར་གནས་འགྱུར་བའི་ནུས་པ་མཐུ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དམ་པ་དགོངས་སུ་གསོལ༔ སེམས་ཅན་ཀུན་ལ་ཕན་གདགས་ཕྱིར༔ བདག་ནི་རྟག་ཏུ་སློབ་དཔོན་བགྱིད༔ དེ་རིང་བདག་ལ་ལུང་བསྟན་གསོལ༔ ལན་གསུམ། ཁྱེད་རང་རྣམས་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རིགས་ཐམས་ཅད་ཀྱི་ཁྱབ་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡུམ་དང་བཅས་པའི་སྐུར་གསལ་བ་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཕྱག་གཡས་སུ་གཏད་པས་ཐབས་བདེ་བ་ཆེན་པོ་ཐུགས་ཀྱི་དམ་ཚིག །ཨཱཿལས་བྱུང་བའི་དྲིལ་བུ་ཕྱག་གཡོན་དུ་གཏད་པས་ཤེས་རབ་སྟོང་པ་ཉིད་གསུང་གི་དམ་ཚིག །འཁྱུད་པའི་ཚུལ་མཛད་པས་ཐབས་ཤེས་ཟུང་འཇུག་ཕྱག་རྒྱ་སྐུའི་དམ་ཚིག་རྣམས་བཟུང་བའི་མོས་པ་མཛོད་ཅིག །རྡོར་དྲིལ་གཏད་ལ། ཐབས་མཆོག་ཡེ་ཤེས་རྡོ་རྗེ་དང༔ ཤེས་རབ་ཆོས་དབྱིངས་དྲིལ་བུ་ཟུང༔ ཕྱག་རྒྱ་ཆེན་པོ་རྡོ་རྗེའི་སྐུ༔ དམ་ཚིག་གསུམ་དུ་རབ་ཏུ་བརྟེན༔ སངས་རྒྱས་ཐམས་ཅད་གཅིག་བསྡུས་པ༔ རྡོ་རྗེ་འཆང་ཆེན་ཧེ་རུ་ཀ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ༔ དེ་རིང་ཕན་ཆད་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་བཛྲ་དྷཱ་ར་དྷརྨ་རཱ་ཛ་དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ད་ནི་ཁྱེད་རང་རྣམས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་སླད་དུ་སྟེང་ན་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྒྲེང་། མཆོད་པའི་བྱེ་བྲག་རྣམ་པ་མང་པོས་མདུན་བདར་ཞབས་འོག་ཏུ་འཁོར་ལོ། །ཕྱག་ཏུ་དུང་དང་གླེགས་བམ་སོགས་གཏད་ནས་གསང་བ་ཟབ་མོའི་ཆོས་ཀྱི་སྟོན་པར་རྗེས་སུ་གནང་བར་མོས་ཤིག །དུང་སོགས་དངོས་སམ་ཙཀླི་གཏད་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ ཇི་ལྟ་ཇི་ལྟར་འདུལ་གྱུར་པའི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ དེ་ལྟར་ཆོས་ཀྱི་འཁོར་ལོ་སྐོར༔ ཆོས་ཀྱི་སྒྲ་ཆེན་ཕྱོགས་བཅུར་སྒྲོགས༔ ཆོས་ཀྱི་དུང་འདི་ཁྱོད་ཀྱིས་བུས། ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦོར༔ ཆོས་ཀྱི་རྒྱལ་མཚན་ཆེན་པོ་སྒྲེང༔ ཇི་ལྟར་འདུལ་བའི་ལས་རྣམས་གྱིས༔ སློབ་དཔོན་ལས་རྣམས་ཅི་རིགས་པ༔ དེ་རིང་ཕན་ཆད་ཁྱོད་ཀྱིས་གྱིས༔ དེ་ནི་སེམས་ཅན་དོན་བྱེད་པའི༔ རྡོ་རྗེ་སློབ་དཔོན་དབང་ཡིན་ནོ༔ དེ་ལྟར་ཐོབ་པའི་དམ་ཚིག་འདི་དག་ཚུལ་བཞིན་དུ་བསྲུང་དགོས་པ་ཡིན་ཏེ། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས༔ ལུས་ཉིད་ལྷ་དང་མི་འབྲལ་ཞིང༔ སྣང་སྲིད་ལྷ་ཡི་འཁོར་ལོར་བལྟ༔ སློབ་དཔོན་སྐུ་ཡི་དམ་ཚིག་སྲུངས༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཅང༔ འདོད་ཡོན་ལྷ་ཡི་དཀྱིལ་འཁོར་མཆོད༔ དེ་ལྟར་བུམ་དབང་རྫོགས་པར་ཐོབ་པའི་རྟོགས་པ་བརྗོད་པ་འདི་ལ་གསན་འཚལ། དེ་ཡིས་སྐུ་ཡི་གསང་བ་རྟོགས༔ དངོས་པོར་ཞེན་པའི་ལུས་གྲོལ་ནས༔ བླ་མ་སྤྲུལ་པའི་སྐུ་ཐོབ་འགྱུར༔ གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་མགོན་པོ་ཐུགས་རྗེ་ཅན༔ ཡོན་ཏན་རྒྱ་མཚོའི་སྐུ་དྲིན་གྱིས༔ དོ་ནུབ་གསང་ཆེན་བདེ་བ་འཚལ༔ དོ་ནུབ་བཀའ་དྲིན་ཆེན་པོ་སྩོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་ཧོཿཁྱོད་ནི་ཇི་ལྟ་བུ༔ འཇིག་རྟེན་འཁྲུལ་པའི་ངག་སྤངས་ནས༔ རྩ་རླུང་བདེ་ཆེན་བྱང་སེམས་ཀྱི༔ དཀྱིལ་འཁོར་ཆེན་པོ་ཁྱོད་རོལ་ལམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ནི་བདེ་ཆེན་རྒྱལ་བའི་གསུང༔ ཐོབ་ཕྱིར་གཙོ་བོ་གསང་སྔགས་བདག༔ ཁྱེད་ཀྱི་གསང་ཆེན་བདུད་རྩིའི་རྒྱུན༔ བློ་མཆོག་བདག་ལ་གནང་བར་མཛོད༔ ཅེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་གཟི་བརྗིད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བསྐུལ། དེ་རྣམས་འདོད་ཆགས་ཆེན་པོས་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་བླ་མ་ཡབ་ཡུམ་གྱི་སྐུ་ལ་ཞུགས། ལུས་གནས་ཀྱི་ལྷ་རྣམས་ཀྱང་བདེ་བས་བསྐུལ་ཏེ་སྙོམས་པར་ཞུགས་ནས་འོད་དུ་ཞུ་བ་བླ་མ་ཡབ་ཡུམ་གྱི་དཀར་དམར་ལྷག་པའི་བྱང་སེམས་དང་འདྲེས་པ་མཁའ་གསང་ནས་ཕྱིར་ཕྱུངས། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་བསྩལ་བར་མོས་ཤིག །ཨོཾ༔ ཐབས་དང་ཤེས་རབ་ལས་བྱུང་བའི༔ བྱང་སེམས་བདུད་རྩི་དྲི་མ་མེད༔ འདི་ནི་བདུད་རྩི་རིན་ཆེན་མཆོག༔ ངག་གི་རྡོ་རྗེ་ཁྱེད་འགྲུབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ ཐོད་པའི་བདུད་རྩི་སྦྱིན་ལ། སྔགས་འདི་བརྗོད་ལ་མྱང་བར་ཞུ། ཨ་ཧོ་སུ་ཁ་ཧོ༔ དེ་ལྟར་བདུད་རྩི་ལན་གསུམ་སྦྱིན་པའི་མཐར། དེ་ལྟར་བྱིན་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་ལུས་ཐམས་ཅད་ལ་ཁྱབ། རྩ་དང་རླུང་བྱིན་གྱིས་བརླབས་པས་ལུས་ཀྱི་ནང་བདེ་བས་གང་ཞིང་རྒྱས་པར་མོས་ཤིག །དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཧཾ་དཀར་པོ། གསང་གནས་སུ་རཾ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་རེ་རེ་བཞིན་གསལ་ཐོབ་ཅིག །རླུང་རོ་བསལ་ནས་བུམ་པ་ཅན་བཟུང་བའི་རྐྱེན་གྱིས་རཾ་ལས་མེ་འབར་བས་སྤྱི་བོའི་ཧཾ་ཡིག་ཞུ་བའི་ཐིག་ལེའི་རྒྱུན་སྙིང་གའི་ཧཱུྃ་ལ་བབས། དྲོད་དང་བདེ་བ་དང་རྣམ་པར་མི་རྟོག་པའི་ངོ་བོར་འབར་བས་དེ་དག་གི་ཡེ་ཤེས་སྐྱེས་པར་བསམས་ལ་རླུང་ཁུག་པ་གསུམ་བཟུང་བར་ཞུ། ཞེས་དམིགས་པ་ཕོག་ལ་རླུང་ཁུག་གསུམ་འཛིན་དུ་གཞུག །དབང་དེའི་དམ་ཚིག་བསྲུང་བྱའང་འདི་ལྟ་སྟེ། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས༔ ངག་ཉིད་སྔགས་དང་མི་འབྲལ་ཞིང༔ ཨཀྵ་འཁོར་ལོའི་རང་བཞིན་ཤེས༔ སློབ་དཔོན་གསུང་གི་དམ་ཚིག་སྲུངས༔ ཕྱི་ནང་བདུད་རྩི་བརྟེན་ཅིང་བཅང༔ ཟག་མེད་བདེ་བའི་མཆོད་པ་འབུལ༔ གསང་དབང་གི་རྟོགས་པ་བརྗོད་པ་ལགས་ཏེ། དེ་ཡིས་གསུང་གི་གསང་བ་རྟོགས༔ དངོས་པོར་ཞེན་པའི་ངག་གྲོལ་ནས༔ ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་འགྱུར༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ ཉོན་མོངས་དགྲ་ལས་རྒྱལ་བའི་བདག༔ དོ་ནུབ་བཀའ་དྲིན་ཆེན་པོ་ཡིས༔ བདེ་བའི་དེ་ཉིད་བསྟན་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ འཁྲུལ་པའི་ཟག་རྒྱུན་གཏན་སྤངས་ནས༔ ཟག་མེད་བདེ་ཆེན་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཆེན་པོ་ཅང་རོལ་ལམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། བདག་ནི་བདེ་སྟོང་དོན་འཚལ་བས༔ ཐབས་ཆེན་མཆོག་ལས་བྱུང་བ་ཡི༔ ཤེས་རབ་མཆོག་གི་དོན་མཚོན་པའི༔ བདེ་བའི་ཡེ་ཤེས་བདག་ལ་སྩོལ༔ སིནྡྷུ་རའི་མེ་ལོང་དང་ཁ་ཊྭཱཾ་རྒྱན་ལྡན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་སུ་གསལ་བ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །དེ་རྣམས་ལྷན་ཅིག་གཏད་ལ། ཧཱུྃ༔ དགའ་སྟེར་གནས་སྟེར་ལྷ་མོ་འདི༔ སྣ་ཚོགས་གཟུགས་ཅན་ཡིད་དུ་འོང༔ མཐའ་ཡི་བདེ་བ་འབྱིན་པ་མོ༔ རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོངས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གཏད་པའི་ཕྱག་རྒྱ་རྡོ་རྗེ་མཁའ་འགྲོ་མ་དང་ཁྱེད་རང་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གསལ་བ་སོགས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པ་ལས་ཡས་བབས་དང་མས་བརྟན་གྱི་རིམ་པས་རྒྱུ་དང་འབྲས་བུའི་དགའ་བ་བཅུ་དྲུག་མཐར་ཕྱིན་ཏེ་འཛག་མེད་ཀྱི་བྱེད་པས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །སླར་ཡང་ཁ་ཊྭཱཾ་སོགས་གཏད་ལ། ཁ་ཊྭཱཾ་སོགས་ཀྱི་བརྡ་དོན་ཀྱང་འདི་ལྟར་མཚོན་པར་བྱ་སྟེ། ཁ་ཊྭཱཾ་ག་ནི་ཤེས་རབ་བདེ་ཆེན་སྐུ༔ ཨཱ་ལིའི་སྒྲ་སྒྲོག་ཌཱ་མ་རུ་ཡི་སྒྲ༔ ཀཱ་ལིའི་སྒྲ་སྒྲོག་དྲིལ་བུ་སིལ་སིལ་བཅས༔ དགའ་བཞི་ཡིད་འོང་ཤེས་རབ་གསང་བའི་ཡུམ༔ ཤེས་རབ་བདེ་ཆེན་ཁ་ཊྭཱཾ་ཕྱག་རྒྱའི་དབང༔ བུ་ལ་བསྐུར་གྱིས་རྟག་ཏུ་བསྟེན་པར་གྱིས༔ ཨོཾ་སརྦ་མུ་དྲ་ཤྲཱི་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་མི༔ བརྡའ་འདི་དག་དང་མ་བྲལ་བར་ཆོངས་ལ་བདེ་བ་ཆེན་པོའི་ཕྱིར་དུ་དགའ་བ་བཞིའི་ཡེ་ཤེས་སྐྱེད་པ་ཕྱག་རྒྱ་རྣམ་པ་བཞི་རྟག་ཏུ་བསྟེན་པར་གྱིས་ཤིག །སིནྡྷུ་རའི་མེ་ལོང་བསྟན་ལ། མེ་ལོང་རྟོག་བྲལ་རང་གི་སེམས༔ སྲེད་ལེན་གཡའ་བྲལ་རང་ངོ་སྟོན༔ ལི་ཁྲི་བདེ་བའི་ཡེ་ཤེས་ཏེ༔ ཉི་ཟླ་གཅིག་ཏུ་འདྲེས་དུས་འཆར༔ དབྱེར་མེད་བདེ་ཆེན་འཁོར་ལོར་རྫོགས༔ འདི་ནི་ཡེ་ཤེས་མཆོག་གི་དབང༔ གཙུག་ཏོར་རིགས་རྫོགས་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་དྷརྨ་ཀཱ་ཡ་ཨོཾ༔ སིནྡྷུ་རའི་ཐིག་ལེ་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་བཞིར་གྱེན་རྫོགས་སུ་བཀོད། དབང་གསུམ་པའི་དམ་ཚིག་འདི་རྣམས་ཚུལ་བཞིན་བསྲུང་དགོས་ཏེ། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས༔ ལྷན་སྐྱེས་ཡེ་ཤེས་ངོ་བོ་གཟུང༔ གཉིས་འཛིན་རྟོག་པའི་མདུད་པ་འགྲོལ༔ སློབ་དཔོན་ཐུགས་ཀྱི་དམ་ཚིག་སྲུངས༔ བུད་མེད་སྤང་བར་མི་བྱ་ཞིང༔ འཁོར་ལོ་བཞི་ལྡན་དགའ་བཞིས་མཆོད༔ ཤེར་དབང་གི་རྟོགས་པ་བརྗོད་པ་འདི་བཞིན་ངེས་འཚལ། དེ་ཡིས་ཐུགས་ཀྱི་གསང་བ་རྟོགས༔ ང་བདག་ལྟ་བའི་ཡིད་གྲོལ་ནས༔ བླ་མེད་ཆོས་སྐུ་འཐོབ་པར་འགྱུར༔ བཞི་པ་རང་བྱུང་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་ཐུགས་རྗེ་ཆེ་ལྡན་པ༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་གཙོ༔ རྣམ་པ་ཀུན་གྱི་མཆོག་གྱུར་པ༔ རང་གི་དེ་ཉིད་བསྟན་དུ་གསོལ༔ ལན་གསུམ། ཀྱེ་ཧོ་རིག་པའི་སྐྱེས་བུ་རྣམས༔ མཚན་མའི་རྟོག་པ་རབ་སྤངས་ནས༔ སྤྲོས་མེད་བདེ་ཆེན་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཆེན་པོར་ཁྱོད་རོལ་ལམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ༔ བདག་ནི་བྱ་བྱེད་སྤྱོད་ལས་གྲོལ༔ རང་བྱུང་མ་བཅོས་རྣལ་མའི་དོན༔ རང་རིག་ཡེ་ཤེས་རྟོགས་པར་འཚལ༔ གཙོ་བོས་བཀའ་དྲིན་ཆེན་པོ་སྩོལ༔ དེ་ལ་དབང་བཞི་པ་ནི་ཚིག་ཙམ་གྱིས་དོན་དམ་རང་བྱུང་གི་ཡེ་ཤེས་ཅར་ཕོག་ཏུ་ངོ་སྤྲོད་པ་ལགས་པས་རྡོ་རྗེའི་ཚིག་འདི་རྣམས་ལེགས་པར་གསོན་ལ་དོན་ཐུགས་ལ་བཟུང་སྟེ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་པར་ཞུ། ཧྲཱི༔ ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༔ རྡོ་རྗེ་སྙིང་པོ་མཁའ་དང་མཚུངས༔ རྡུལ་བྲལ་མཐར་ནི་བདེ་བ་སྟེ༔ ཁྱོད་ཀྱི་ཕ་ཡང་ཁྱོད་རང་ཉིད༔ ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ལུས་ངག་སྒྲིབ་སྦྱངས་ཟབ་པའི་དབང་བསྐུར་པས༔ མ་བཅོས་དབང་མཆོག་བདེ་བ་ཆེན་པོ་ཐོབ༔ བཟང་རྟོག་ལྷར་འཛིན་ངན་རྟོག་འགྲོ་བ་འཛིན༔ བདག་དང་གཞན་དུ་འཛིན་པའི་སེམས་ཉིད་དེ༔ དང་པོ་ཅིས་བསྐྱེད་ད་ལྟ་གང་ན་གནས༔ ལུས་ཀྱི་ཕྱིའམ་ཤ་ལྤགས་གང་ན་འདུག༔ ལུས་ཀྱི་ནང་ངམ་དོན་སྣོད་གང་ན་འདུག༔ དབྱིབས་དང་ཁ་དོག་གནས་ཚུལ་ཇི་ལྟ་བུ༔ ཐ་མ་གར་འགྲོ་རྫོགས་མཐར་ཇི་ལྟར་འདུག༔ ལྟོས་དང་བལྟས་པས་སེམས་ཉིད་མཐོང་བ་མེད༔ ཟུངས་དང་སེམས་ཉིད་སུས་ཀྱང་ཟིན་པ་མེད༔ བསྒྲུབས་དང་སེམས་ཀྱིས་བྱས་པ་ཐམས་ཅད་འཇིག༔ དེས་ན་མ་ཡེངས་འདི་ལྟར་འཇོག་པ་གཅེས༔ སེམས་དང་སེམས་བྱུང་སྣང་བ་གཉིས་མ་ཡིན༔ སེམས་ལ་བྱ་རྒྱུ་འབད་རྩོལ་མེད་པར་ཞོག༔ རྟོག་པ་མི་ཁེངས་འཛིན་པ་མེད་པར་ཞོག༔ ལྷོད་དེ་ཕྱམ་མེ་སོ་མ་ཧྲིག་གེ་ཞོག༔ ཡིད་ལ་མི་བྱེད་མཉམ་ཉིད་ངང་ལ་ཞོག༔ སྣ་ཚོགས་ཆོས་སྐུ་འཁོར་འདས་དབྱེ་བ་མེད༔ ཇི་ལྟར་འདུག་པ་དེ་ལྟར་རང་མལ་ཞོག༔ དེ་ལྟར་ལེགས་པར་བཞག་པ་དེ་རྟོགས་པས༔ སྤྲིན་བར་ཉི་མ་ནམ་མཁའི་ངོ་བོ་བཞིན༔ མ་བཅོས་དུས་འདིར་ཆོས་སྐུའི་རང་ཞལ་མཐོང༔ དྲན་རྟོག་འཛིན་མེད་དབང་གི་རྒྱལ་པོ་འོ༔ ཞེས་དར་ཅིག་མཉམ་པར་འཇོག་ཏུ་བཅུག །དབང་བཞི་པའི་ཁྱད་པར་གྱི་དམ་ཚིག་ཀྱང་འདི་བཞིན་དུ་ངེས་འཚལ། དེང་ནས་བརྩམ་སྟེ་བུ་ཁྱོད་བདེ་བར་ནོས༔ བསྲུང་དུ་མེད་པའི་དམ་ཚིག་ནི༔ ཐམས་ཅད་རོ་མཉམ་ཆོས་སྐུའི་ངང༔ འཁོར་བ་ཆེད་དུ་མི་སྤང་ཞིང༔ མྱ་ངན་འདས་པ་མི་བསྒྲུབ་བོ༔ མ་བཅོས་རང་བྱུང་རྣལ་མར་ཞོག༔ དབང་གི་རྟོགས་པ་བརྗོད་པ་ནི། དེ་ཡིས་མི་གནས་ཡེ་ཤེས་རྟོགས༔ ཤེས་དང་ཤེས་བྱ་ཀུན་གྲོལ་ནས༔ ངོ་བོ་མི་འགྱུར་རྡོ་རྗེ་འཐོབ༔ ཅེས་གསུངས་པ་ལགས་སོ། །ལྔ་པ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་རྣམས་རིམ་པར་སྦྱིན་པ་ལ། དང་པོ་སྐུ་ཕྱག་རྒྱ་སྒོམ་པའི་རྗེས་སུ་གནང་བ་ནི། གཙོ་བོའི་སྐུ་ཙཀ་བསྟན་ལ། ཁྱེད་རང་རྣམས་ཀྱིས་ཁྱབ་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་སྣང་བརྙན་འདིས་མཚོན་ཏེ་གཙོ་བོ་ནས་དཀྱིལ་འཁོར་འཁོར་ལོ་ཡོངས་སུ་རྫོགས་པའི་བར་གྱི་རྟེན་དང་བརྟེན་པར་བཅས་པའི་བསྐྱེད་རིམ་མཚན་ཉིད་གསུམ་ལྡན་དུ་བསྒོམ་པར་གྱིས་ཤིག །ཅེས་བརྗོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས༔ བདག་ལ་གནང་བར་མཛད་དུ་གསོལ༔ ལན་གསུམ། ཙཀླི་མགོར་བཞག་ལ། ཨོཾ་ཨཱཿཧཱུྃ༔ བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ཧཱུྃ༔ སྣང་ལ་རང་བཞིན་མེད་པ་མེ་ལོང་ལྟར༔ གསལ་ལ་རྟོག་མེད་བདེ་ལ་ཞེན་པ་མེད༔ ཐུན་བཞིར་མ་ཡེངས་བསྒོམ་པ་དང༔ ཕུང་པོ་མི་སྨད་ལྷ་རུ་དྲན་པར་གྱིས༔ དེང་ཕྱིན་ཆད་ཇི་སྐད་བཤད་པའི་སྣང་སྟོང་ཟུང་འཇུག་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་བརྟན་གཡོའི་སྣང་ཞེན་ཀུན་ལ་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་མོས་གུས་དུང་བྱས་པས་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་འཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཏེ་ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། རྩ་སྔགས་ཤམ་བུ་བཅས་ལན་གསུམ། ལས་སྔགས་རྣམས་ལན་རེ་བཟླར་གཞུག །ཕྲེང་བ་གཏད་ལ། ཨཱ༔ དམ་ཚིག་དྲི་མེད་སྲོག་གི་ཕྲེང་ཐག་ལ༔ རྟག་ཏུ་འབྲལ་མེད་ཐབས་ཤེས་ཕྲེང་བ་བརྒྱུས༔ འདུ་འབྲལ་མེད་པའི་ཕྱག་རྒྱ་ལུ་གུ་རྒྱུད༔ གྲགས་སྟོང་དབྱེར་མེད་རྟག་ཏུ་བཟླས་པ་གྱིས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ དེང་ཕྱིན་ཆད་གྲགས་སྟོང་རྡོ་རྗེའི་བཟླས་པ་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་ཏེ་སྙིང་པོ་སྔགས་ཀྱི་གཟེར་དང་འཕྲོ་འདུ་ཏིང་འཛིན་གྱི་གཟེར་གྱིས་ཐ་མལ་གྱི་སྒྲ་འཛིན་ཀུན་ལ་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་བསྒོམ་པར་རྗེས་སུ་གནང་བ་ཡིན་ཏེ། ཧཱུྃ༔ སྨོན་པས་འཁོར་བ་བསྒྲལ་བསམ་ཞིང༔ འཇུག་པས་ཅི་བྱེད་སེམས་ཅན་དོན༔ རང་འདོད་ཞེན་པ་བྲལ་བར་སྤྱོད༔ ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔ དབྱེར་མེད་སྟོང་ཉིད་སྙིང་རྗེའི་ངང༔ མི་འབྲལ་བདེ་བ་ཆེན་པོར་སྤྱོད༔ དེང་ཕྱིན་ཆད་བདེན་གཉིས་དབྱེར་མེད་བྱང་ཆུབ་ཀྱི་སེམས་དགོངས་པ་མི་འགྱུར་བའི་གཟེར་གྱིས་འཁོར་འདས་རྟོག་ཚོགས་ཀྱི་རི་མོ་གང་ཤར་ཀུན་ལ་ཐེབས་པར་གྱིས་ཤིག །དྲུག་པ་སྒོ་གསུམ་གྱི་སྤྱོད་ལམ་ཇི་ལྟར་སྤྱད་ཀྱང་རྣལ་འབྱོར་འདི་དག་དང་མི་འབྲལ་བར་སྤྱོད་པ་ལ་བསླབ་དགོས་པར་གདམས་པ་ལེགས་པར་གསན་འཚལ། དེང་ནས་བརྩམ་སྟེ་དུས་ཀུན་ཏུ༔ མཆོད་པ་ཀུན་དང་རབ་ལྡན་པས༔ རྒྱལ་བའི་ཞིང་ཁམས་རབ་འབྱམས་ལ༔ བླ་མེད་མཆོད་སྤྲིན་དག་གིས་མཆོད༔ ཆུ་སྦྱིན་ཅ་ཏི་གདབ་པ་དང༔ སྦྱིན་སྲེག་གཏོར་མའི་རིམ་པ་དག༔ ཉིན་རེ་བཞིན་དུ་སྤྱད་པར་བྱ༔ ཕྱག་བཙལ་བསྐོར་བ་རྒྱུད་འདོན་དང༔ ལུས་ངག་ཡིད་ཀྱི་བྱ་བ་ཀུན༔ ཕྱག་རྒྱ་བཞི་དང་རབ་ལྡན་པའི༔ རྣལ་འབྱོར་ཅན་གྱིས་རབ་ཏུ་སྤྱོད༔ འགྲོ་དང་འདུག་དང་འཆག་པ་དང༔ ཉལ་དང་བཟའ་བཏུང་གོས་གྱོན་སོགས༔ བག་ཡོད་དྲན་དང་སྤྱོད་ལྡན་པས༔ རྣལ་འབྱོར་རབ་ཏུ་ལྡན་པར་བྱ༔ ཕུང་པོ་ཡབ་ཡིན་ཁམས་རྣམས་ཡུམ་ཉིད་དོ༔ སྐྱེ་མཆེད་སེམས་དཔའ་སེམས་མའི་ཚོགས༔ དེ་སོགས་ལྷ་ཡི་རང་བཞིན་ཏེ༔ བདག་གཞན་དབྱེར་མེད་འགྲོ་ཀུན་ལྷ་ཚོགས་སོ༔ འབྱུང་བཞི་རྩི་ཤིང་ནགས་ཚལ་སོགས༔ གང་སྣང་ལྷ་ཉིད་མ་ཡིན་མེད༔ འབྱུང་བའི་སྒྲ་སྐད་གྲགས་སྟོང་བཟླས་པ་སྔགས༔ ཅི་དྲན་གང་རྟོག་མི་དམིགས་ཆོས་ཉིད་དོ༔ མདོར་ན་རྣལ་འབྱོར་ཅན་དག་གིས༔ ལྷ་སྔགས་ཏིང་འཛིན་མ་ཡིན་པ༔ མི་མཐོང་མི་ཐོས་དྲན་པར་མིན༔ གལ་ཏེ་མཐོང་ཐོས་རྣལ་འབྱོར་མིན༔ དེ་ཕྱིར་རྣལ་འབྱོར་རབ་ཏུ་འབད༔ རྣལ་འབྱོར་ལྡན་པས་མི་བྱ་བ༔ གང་ཡང་ཡོད་པ་མ་ཡིན་པས༔ སྐལ་ལྡན་བུ་ཡིས་དེང་ནས་བཟུང་ནས་ནི༔ ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོངས་བར༔ འགྲོ་བའི་སྡུག་བསྔལ་མི་བཟོད་ཀུན་སྐྱོབས་ཤིག༔ སྨིན་གྲོལ་དག་པའི་ས་ལ་ཁྱོད་ཀྱིས་ཁོད༔ བདུན་པ་དབང་གི་སྲོག་དམ་ཚིག་བསྲུང་བ་ཁོ་ན་ལ་རག་ལས་པ་ཡིན་པས་འདའ་དཀའ་རྡོ་རྗེའི་ཐ་ཚིག་བསྒྲག་པ་འདི་ལ་གསོན་ཅིག །ཀྱེ་ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ང་ཡི་གསང་སྔགས་ཚུལ་ཆེན་ཟབ་མོ་འདི༔ སྣོད་མིན་བློ་དམན་རིགས་རྣམས་ཐམས་ཅད་ལ༔ རྟག་ཏུ་གསང་ཞིང་རང་གིས་སྤྱད་པར་གྱིས༔ རྡོ་རྗེ་སློབ་དཔོན་རྟག་ཏུ་མི་སྨད་ཅིང༔ བདེ་གཤེགས་བཀའ་ལས་འདའ་མི་བྱ༔ ལྷ་ཡི་ང་རྒྱལ་མི་གཏང་ལ༔ རྟག་ཏུ་ཟབ་མོའི་སྔགས་རྣམས་བརྗོད༔ རྡོ་རྗེའི་སྤུན་ལ་མི་ཁྲོ་ཞིང༔ འགྲོ་བ་ཀུན་ལ་ཅི་ཕན་བྱ༔ གསང་བ་བསྒྲག་པར་མི་བྱ་ཞིང༔ ཚོགས་དང་གཏོར་མ་རྒྱུན་མི་བཅད༔ ཕུང་པོ་མི་སྨད་གསང་བར་ལྡན༔ དོན་ལ་ཐེ་ཚོམ་མི་ཟ་ལ༔ གྲུབ་མཐའ་ཀུན་ལ་སྨད་མི་བྱ༔ དམ་ཚིག་མེད་དང་མི་སྡོང་ཞིང༔ བུད་མེད་སྨད་པར་ཡོངས་མི་བྱ༔ སྐུ་གསུམ་ཕྱག་རྒྱ་མི་གཏང་ལ༔ རྟག་ཏུ་ཐུགས་ཀྱི་རྡོ་རྗེ་བསམ༔ མདོར་ན་རྩ་བ་ཡན་ལག་གི༔ ས་མ་ཡ་ལས་འདའ་མ་བྱེད༔ སླར་ཡང་སྔགས་ཀྱི་དམ་ཚིག་གཉན་པོ་བཟུང་ཟིན་ནས་ཁེ་ཉེན་ཤིན་ཏུ་ཆེ་བས་ཟབ་ཅིང་གཉན་པའི་དོན་བཤད་པ་ཡིན་པས་ལེགས་པར་གསན་ཅིང་དོན་ཐུགས་ལ་ངེས་པར་འཚལ། རྡོ་རྗེ་ཐོགས་ལ། ཧཱུྃ༔ དམ་ཚིག་འདི་ནི་ཡེ་ཤེས་རྡོ་རྗེའི་སྐུ༔ ཚུལ་མིན་སྨྲས་ཤིང་ཉམས་པར་གྱུར་པ་ན༔ ལས་ཀྱི་ཁྲོ་བོས་མགོ་འགས་སྙིང་ཁྲག་འཐུང༔ མནར་མེད་རྡོ་རྗེ་དམྱལ་བར་རྟག་ཏུ་སྐྱེ༔ དམ་ཚིག་ལྡན་པས་རྟག་ཏུ་སྤྱད་བྱས་ན༔ རྒྱལ་བའི་སྲས་འགྱུར་སིདྡྷི་མ་ལུས་ཐོབ༔ རྟག་ཏུ་དོན་གྲུབ་བདེ་དང་ལྡན་པ་སྟེ༔ འགྲོ་བའི་དཔལ་དང་དེད་དཔོན་མགོན་དུ་འགྱུར༔ ང་ཡིས་ཁྱེད་ལ་དབང་བསྐུར་བྱིན་བརླབས་མཐུས༔ བླ་མ་ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས༔ དེང་འདིར་ཁྱོད་ཀྱི་སྙིང་ལ་རབ་ཞུགས་ཀྱིས༔ ཚུལ་དང་ལྡན་ན་བྱིན་གྱིས་རློབ་པར་མཛད༔ དམ་ཚིག་ཉམས་ན་སྙིང་ནས་དྲངས་ཏེ་གཤེགས༔ ཨོཾ་གུ་ཡ་སརྦ་བཛྲ་ཙིཏྟ་ཏིཥྛ་ལྷན༔ ཅེས་རྡོ་རྗེ་མགོར་བཞག །ཇི་སྐད་བསྒོས་པ་དེ་ལས་ནམ་ཡང་འདའ་བར་མི་བཟོད་པ་རྡོ་རྗེའི་ཆུ་ནན་བྱིན་པ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་མོས་ཤིག །ནང་མཆོད་བསྲེས་པའི་དུང་ཆུ་སྦྱིན་ལ། འདི་ནི་གསང་བ་མི་བཟད་འབར་བའི་ཆུ༔ དམ་ཚིག་ཉམས་ན་ལུས་ངག་འཇོམས་པར་བྱེད༔ དུག་ཆུར་གྱུར་ནས་རབ་ཏུ་བསྲེག་པར་འགྱུར༔ དམ་ཚིག་ལྡན་ན་འདོད་པའི་དོན་ཇི་བཞིན༔ ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ་པར་འགྱུར༔ ཨོཾ་བཛྲ་ས་མ་ཡ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཧཱུྃ༔ ཨོཾ་ཨཾ་གུ་ཤ་ཡ་ས་མ་ཡ་ཧཱུྃ༔ བཛྲ་ཡཀྵ་རཀྵ་ཤ་ཧཱུྃ༔ དེང་ནས་བུ་གཉིས་དམ་གཅིག་པས༔ ངས་བཤད་པ་ལ་ཐེ་ཚོམ་མེད༔ རྒྱལ་བའི་གསུང་ལྟར་ཉན་པར་གྱིས༔ ཇི་སྐད་བསྒོས་པ་ཐམས་ཅད་ཚུལ་བཞིན་དུ་བསྲུང་བའི་བློ་གྲོས་རབ་ཏུ་བརྟན་པས་མི་ལྡོག་པར་དམ་བཅའ་བ་འདིའི་རྗེས་ཟློས། གཙོ་བོ་རྡོ་རྗེ་འཛིན་པ་ཡིས༔ ཇི་ལྟར་གསུངས་ཤིང་བཀའ་བསྩལ་པ༔ མ་ལུས་བདག་གིས་བསྒྲུབ་བྱ་ཞིང༔ སྲོག་གི་ཕྱིར་ཡང་མི་གཏོང་བས༔ བླ་མས་རྗེས་སུ་བཟུང་དུ་གསོལ༔ ལན་གསུམ་བྱར་གཞུག་གོ །བརྒྱད་པ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། ཐོག་མར་གཏོར་ཆེན་ཉིད་བླ་མ་རིག་འཛིན་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བྱིན་ཐིབས་སེ་བཞུགས་པ་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་རྒྱ་མཚོས་མཆོད་ཅིང་གླུ་ཡེ་ཤེས་ཀྱི་རོལ་མོས་བསྟོད་པ་བྱས་པའི་མོས་པས་མཆོད་བསྟོད་ལྷན་ཅིག་ཏུ་གྱེར་བར་ཞུ། ཞེས་བྱས་ལ་སྤྲོ་ན་ལས་བྱང་ལས་འབྱུང་བའི་ཚིགས་བཅད་ཇི་ལྟར་རིགས་པ་དང་། བསྡུ་ན་གོང་གི་བུམ་པའི་སྐབས་སུ་སྨྲོས་པ་ཙམ་བྱ། དེ་ནས་དཔོན་སློབ་ལྷན་ཅིག་པས། ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་པའི་འཛབ་དབྱངས་ལན་གསུམ་བྱ། ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་ཅན༔ སྐུ་གསུང་ཐུགས་མཉམ་གཉིས་མེད་དངོས་གྲུབ་མཆོག༔ ཚེ་ཆོས་སྣ་ཚོགས་ཅི་འདོད་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། གཏོར་མ་ཐོགས་ལ། གཏོར་ཆེན་བླ་མའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྱི་བོར་སྤྱན་དྲངས་ཏེ་ཐུགས་དམ་བསྐུལ་པས་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཨོཾ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་སྤྱི་བོར་བཞག་ལ། དེ་ལྟར་གཏོར་མ་ལ་བརྟེན་ཏེ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ཕུང་ཁམས་སྐྱེ་མཆེད་སྣང་སྟོང་ལྷའི་སྐུར་ལམ་གྱིས་གྱུར་པར་སྒོམས། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་རང་བཞིན་བདུད་རྩི་མགུལ་དུ་དྲངས་པས་ལུས་ཐམས་ཅད་ཁྱབ། བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོས་རྒྱུད་གང་བར་མོས་ཤིག །བདུད་རྩི་སྦྱིན་ལ། ཨཱ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ ངག་ལ་ནུས་པ་དབྱུང་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་བདུད་རྩི་ལ་བརྟེན་ནས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །རླུང་སྔགས་དབྱེར་མེད་རྡོ་རྗེའི་རང་སྒྲར་གྱུར་པར་མོས་ཤིག །མེ་ལོང་དྭངས་པའི་ངོས་ལ་གཟུགས་བརྙན་སྣ་ཚོགས་སུ་ཤར་དུས་ཉིད་ནས་རང་བཞིན་མ་གྲུབ་པ་ལྟར། རང་གི་སེམས་དང་རྩ་གསུམ་རྒྱལ་བའི་དགོངས་པ་གདོད་ནས་དབྱེར་མེད་རིག་སྟོང་ཁྱབ་བརྡལ་ཆེན་པོའི་རང་རྩལ་འཁོར་འདས་རྟོག་པའི་རི་མོ་ཅིར་ཡང་འཆར་བ་ཐམས་ཅད་ཀྱང་རང་ཤར་རང་གྲོལ་མཉམ་པ་ཆེན་པོའི་དོན་རྟོགས་པར་གྱིས་ཤིག །མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡིད་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མེ་ལོང་ལ་བརྟེན་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །སེམས་ཉིད་ཀ་དག་འོད་གསལ་ཆེན་པོའི་དབྱིངས་སུ་འདྲེས་པར་གྱུར་པར་མོས་ཤིག །སིནྡྷུ་རའི་ཐིག་ལེ་གནས་བཞིར་བཀོད་པས་དགའ་བ་བཞིའི་རྐྱེན་ལ་བརྟེན་ཏེ་བདེ་སྟོང་ཟུང་འཇུག་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །སྤྱི་མགྲིན་སྙིང་ལྟེ་བཞིར་ཐིག་ལེ་བྱ། དེ་ལྟར་ལི་ཁྲིའི་ཐིག་ལེ་ལ་བརྟེན་ནས་བཞི་པའི་དབང་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །སྒོ་གསུམ་འཁོར་བའི་འཆིང་བ་མཐའ་དག་ལས་གྲོལ་ཏེ་མངོན་པར་རྫོགས་པར་བྱང་ཆུབ་པའི་གོ་འཕང་མངོན་དུ་བྱས་པར་མོས་ཤིག །མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ། གཏོར་རྫས་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་ལོངས་སྤྱད་པས་དངོས་གྲུབ་རྣམ་གཉིས་ལ་མངའ་དབང་བསྒྱུར་པའི་མོས་པས་སྔགས་འདི་བརྗོད་ལ་དམ་རྫས་མྱོང་བར་ཞུ། ཨ་ལ་ལ་ཧོ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་པས་གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། གཏོར་དབང་འདི་དོན་དབང་བསྡུས་པ་ཡིན་པས་ཟུར་དུ་བསྐུར་ན། ལས་བྱང་ལྟར་བསྒྲུབ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད། མཎྜལ་ཕུལ། གསོལ་བ་བཏབ། རྒྱུན་བཤགས་གང་རུང་། དབང་ཆེན་ལྟར་ཡེ་ཤེས་དབབ་བརྟན་རྣམས་སྔོན་དུ་འགྲོ་བས་གཏོར་མའི་དབང་ཕྱིན་ཆད་གོང་སྨོས་ལྟར་བྱས་པས་འགྲུབ་བོ། །ཞར་བྱུང་གཏེར་སྲུང་གི་བཀའ་གཏད་ནི། སྤུ་གྲི་རྣམ་གསུམ་གཏོར་མ་བླངས་ལ། ཁྱེད་རང་རྣམས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོར་གནས་པ་ལ་སློབ་དཔོན་གྱིས་གཏེར་སྲུང་སྤུ་གྲི་རྣམ་གསུམ་དང་གིང་ཆེན་རྡོ་རྗེ་ལེགས་པ་རྣམས་རིམ་པར་སྲུང་མར་གཉེར་གཏད་ཅིང་བཀའ་བསྒོས་པས་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །གཏོར་མ་ལག་ཏུ་གཏད་ལ། ཨ་ཏྲི་ས་ཏྲི༔ མ་ཧཱ་ཀཱ་ལ༔ རཱ་ཙ་ཏྲི་ཡཾ༔ ས་མ་ཡ་ཛཿཛཿ ཞེས་བརྗོད། དམ་ཅན་གཏོར་མ་གཏད་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ ཧཱུྃ་ར་བཾ་གིང་ཛཿཛཿདུན་བྷྱོཿ ཨོཾ་ཛཿཧཱུྃ་བཾ་ཧོཿབཛྲ་སཱ་དྷུ་ས་མ་ཡ༔ ཏྲི་ཏྲེ་ན་ཏྲེ་མེ་ནེ་ས་མ་ཡ་སཱ་དྷུ་ཏྲི་ཛཿཛ༔ ཞེས་བརྗོད་པ་ཙམ་གྱིས་འཐུས་ཀྱང་སྤྱི་མཐུན་བཀའ་བསྒོ་སྤྲོ་ན། སྲོག་བདག་སྤུ་གྲི་རྣམ་གསུམ་དང་གིང་ཆེན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་བསྒོས་པའི་ཐ་ཚིག་མ་བསྙེལ་བར། དམ་ཆོས་ཀུན་བཟང་ཐུགས་གཏེར་གྱི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། དེ་འཛིན་རྡོ་རྗེའི་སློབ་མ་རྣམས་ལ་རྟག་ཏུ་འགྲོགས་ཤིང་རྣམ་བཞིའི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། ཅེས་བསྒོ །ཇི་ལྟར་བཀའ་བསྒོས་པའི་ཕྲིན་ལས་རྣམས་ཐོགས་མེད་དུ་བསྒྲུབ་པར་བགྱིའོ་ཞེས་ཞལ་གྱིས་བཞེས་པར་མས་ཤིག །དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་ལས་བྱང་གི་བཀྲ་ཤིས་སོགས་ཤིས་བརྗོད་རྒྱས་པར་བྱ། དབང་རྗེས་ནི། དེ་དག་རྣམས་ཀྱིས་གྲུབ་ཆེན་ནམ་མཁའི་སྙིང་པོའི་ཐུགས་བཅུད་ཀུན་བཟང་ཐུགས་གཏེར་འཁོར་བ་རང་གྲོལ་ལས་བླ་སྒྲུབ་བྱིན་རླབས་སྒྲོན་མེའི་རྩ་བའི་དབང་ཆེན་དང་སྙིང་པོ་དོན་གྱི་གཏོར་དབང་བཅས་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་ཀྱིས་གྲུབ། ཕྲིན་ལས་ཀྱི་རྗེས་རིམ་ལས་གཞུང་ནས་འབྱུང་བ་ལྟར་ལྷག་ཆོག་གཏང་། སྲུང་མའི་གཏོར་འབུལ་སྤྱི་མཐུན་དང་། ལས་གཞུང་གི་གཏོར་མ་སྐྱོང་ལ་བྲོ་བརྡུང་། གཏང་རག་མཆོད་བསྟོད་འབུལ། ནོངས་བཤགས་དང་ཤིས་པ་བརྗོད། དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས་བསྟིམ་གང་འོས་སྐབས་བསྟུན། དམ་ཚིག་པ་དང་བདག་བསྐྱེད་འོད་གསལ་དུ་འཇུག་ཅིང་ལྡངས་ལ་བསྔོ་སྨོན་གྱི་རྒྱས་གདབ་བོ། །འཁྲུལ་པའི་འཆིང་བ་བཙན་ཐབས་གཅོད་པའི་ཕུལ། །ཟབ་མོ་བླ་མའི་ལམ་ལས་བདག་གཞན་ཀུན། །གདོད་མའི་གྲོལ་སར་ཚེ་འདིར་སྙེགས་བྱས་ནས། །མཁའ་མཉམ་སྲིད་པའི་ཆུ་རྒྱུན་རུ་ལྡོག་ཤོག །ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་བདུད་རྩིའི་ཟིལ་དངར་གསར་དུ་མྱོང་བའི་སྐལ་པ་བཟང་པོའི་རྫོགས་ལྡན་ཤར་བའི་སྐབས་སུ། ༧ཁྱབ་བདག་བླ་མ་མ་ཧཱ་གུ་རུའི་ཞལ་སྐྱིན་ཉིད་ཀྱིས་རྗེས་སུ་གནང་བ་བསྩལ་པ་ལྟར། རྒྱལ་དབང་པདྨཱ་ཀ་རའི་སྔགས་རིག་འཛིན་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གཏེར་གཞུང་སོར་བཞག་གི་ཕྱག་ལེན་རྣམ་གསལ་དུ་བཀོད་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ (Volume 28, Text 36)
ྈ བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་བཞུགས༔ ཨེ་ཝཾ༔ ྈྈྈྈྈྈྈྈ རྡོ་རྗེ་དབྱིངས་ཀྱི་ལྷ་ལ་འདུད༔ ཕྱག་རྡོར་དྲག་སྔགས་ཀུན་འདུས་བསྟན༔ དེ་ནས་ཆོས་རྒྱལ་འདི་སྐད་ཞུས༔ ད་ལྟ་རྗེ་ཉིད་དངོས་བཞུགས་པས༔ གསང་བའི་བདག་དང་ཞལ་མི་གཉིས༔ ཉི་མས་རྒྱུ་སྐར་ཟིལ་གནོན་ལྟར༔ ཀླུ་སོགས་ས་བདག་མི་གནོད་ཀྱང༔ ཀླུ་འདུལ་མ་བསྐྱར་བདག་གིས་ནོངས༔ ཀླུ་འདི་ཞེ་གནག་མ་འོངས་དུས༔ ང་ཡི་རྗེས་འཇུག་འགྲོ་ལ་འཚེ༔ དེའི་རྒྱབ་འགོང་པོ་སྤུན་དགུ་ཧྲག༔ དུས་ངན་སེམས་ཅན་གནོད་པ་མང༔ བཟང་པོའི་སེམས་ཀྱང་ངན་དབང་ཤོར༔ ངོ་ཚ་མེད་པས་ཚངས་སྤྱོད་ཉམས༔ གསང་སྔགས་ཡིན་ཟེར་འདུལ་ཁྲིམས་འཆལ༔ ཆོས་པའི་གཟུགས་བརྙན་ཆོས་བྱེད་སྡང༔ མི་ནག་ཁ་ནས་ཆོས་སྐད་སྨྲ༔ ལུས་ཀྱི་ཆས་གོས་མཐའ་མིའི་གོས༔ ཟས་ཀྱི་དྭངས་མ་ཤ་ཁྲག་ཟ༔ ལས་འབྲས་ཁྱད་དུ་གསོད་པའི་དུས༔ མཆོག་ཐུན་དངོས་གྲུབ་དབྱིངས་སུ་ནུབ༔ སྙིང་ལ་འགོང་པོ་ཞུགས་པའི་རྟགས༔ རྒྱལ་འགོང་གདུག་པ་སྐྱབས་སུ་བརྟེན༔ རྡོ་རྗེའི་ཆོས་སྲུང་ཁྱད་དུ་གསོད༔ སྡེ་བརྒྱད་འབྱུང་པོའི་དབང་སོང་བས༔ ནད་རིགས་མི་གཅིག་དུ་མ་དར༔ མི་ཚེ་སོས་ཀའི་སྦྲང་མ་འདྲ༔ ཆར་མེད་ཐན་དང་མུ་གེས་ཉེན༔ བཟང་པོའི་བསམ་པ་མི་འགྲུབ་ལྟས༔ བསམ་ཡས་རྨང་ནས་ཉམས་པའི་དུས༔ ཡོད་ཅེས་གསུངས་པ་ཨ་ཙ་མ༔ དེ་འདྲའི་དུས་ངན་སུ་ཡིས་བསྐྱབ༔ ང་ཡི་རྗེས་འཇུག་སུ་ལ་རེ༔ དེ་དུས་འགྲོ་བ་སྐྱོབ་པའི་ཆེད༔ རྗེ་ཉིད་དངོས་བཞུགས་དབྱེར་མེད་པའི༔ ཟབ་གསང་ཐུགས་ཀྱི་སྒྲུབ་ཐབས་སྩོལ༔ ཞེས་སོགས་སྨྲེ་སྔགས་གསོལ་བཏབ་པས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ཀྱཻ་རྒྱལ་པོ་ཆེན་པོ་ལགས༔ ཐུགས་ངལ་མ་མཛད་བོད་ཀྱི་རྗེ༔ ཤཱཀྱ་ཐུབ་པའི་བསྟན་ཞབས་འདི༔ བདག་གིས་གདུལ་བྱར་རྒྱལ་བས་བསྔགས༔ དུས་ངན་སྙིགས་མ་ལྔ་བདོའི་དུས༔ དུག་ལྔ་མེ་འབར་བྱོལ་ཉོག་སྤྱོད༔ ལས་ངན་རང་གསོག་དུས་ངན་ཟེར༔ ལས་མཐའ་ལོག་པ་དུས་ངན་སྐྱེས༔ སྔོན་ནས་ནོངས་ཟིན་བཅོས་ཐབས་དཀའ༔ འོན་ཀྱང་སྙིགས་མའི་མཐར་ཐུག་དུས༔ ང་ཡི་སྒྲུབ་ཐབས་སྣ་རེ་ལ༔ མོས་གུས་ཐོབ་པ་ཙམ་གྱིས་འགྲུབ༔ ཚུལ་བཞིན་ནུས་ན་འབུམ་འགྱུར་མྱུར༔ དོན་གཉིས་འགྲུབ་པར་གདོན་མི་ཟ༔ མི་མཐུན་རྒུད་པ་དེ་ཡིས་སེལ༔ དབང་བཅུ་གྲུབ་ཆེན་བརྒྱད་ལ་སོགས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས༔ ཆར་ཆུ་དུས་འབེབས་མི་ནད་ཞི༔ འབྱུང་བའི་བཅུད་འགུགས་དུས་འཁྲུགས་སེལ༔ ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་འདི༔ ཉམས་སུ་སུས་ལེན་ཚེ་གཅིག་ལ༔ གསང་བདག་ཉིད་དང་གོ་འཕང་མཉམ༔ ྈྈྈྈྈྈྈྈྈ ཁཾཐ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་འགྲོའི་རིམ་པ་ལ༔ གནས་དང་ཡོ་བྱད་སྟ་གོན་དང༔ སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་བསྲུང༔ བྱིན་འབེབས་མཆོད་པ་བྱིན་རླབས་སོ༔ ྈྈྈྈྈ དང་པོ་སྒྲུབ་གནས་དུར་ཁྲོད་དང༔ རྔམ་ཞིང་ལྷུན་ཆགས་ཚང་ཚིང་འཁྲིགས༔ རི་ནག་སོག་པོ་ཁྲོས་འདྲ་དང༔ གནམ་ས་ཆོས་འབྱུང་ཚེར་ཤིང་མང༔ རྒྱལ་བ་རིག་འཛིན་ཞབས་བཅག་གནས༔ ཡིད་མཐུན་དབེན་པའི་གནས་ཀྱང་རུང༔ གཉིས་པ་སྒྲུབ་དཀྱིལ་མཐིང་ནག་སྟེང༔ དྲག་པོའི་དཀྱིལ་འཁོར་སྒོ་རྫོགས་མའི༔ དབུས་སུ་འཁོར་ལོ་རྩིབས་བཅུ་པ༔ དེ་དབུས་གྲུ་གསུམ་མཐིང་ནག་ཧཱུྃ༔ དབང་དང་སྒྲུབ་པར་དེར་མཐུན་གྱི༔ རྫས་འགོད་སྨན་རཀ་གཏོར་མཆོད་དང༔ ཕྱི་ནང་གསང་མཆོད་རྒྱས་པར་བཤམས༔ རྣལ་འབྱོར་དམ་ལྡན་གྲལ་ལ་འགོད༔ ྈྈྈྈྈ གསུམ་པ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ གདོད་ནས་དག་པ་གཞོན་ནུ་བུམ་སྐུའི་ཀློང༔ མ་འགགས་རང་ཤར་ཞི་ཁྲོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་རང་གྲོལ་དཔལ་ཆེན་དཀྱིལ་འཁོར་ལྷར༔ སྙིང་ནས་དད་པ་གསུམ་གྱིས་སྐྱབས་སུ་མཆི༔ བཞི་པ་སེམས་བསྐྱེད་ནི༔ ཧཱུྃ༔ སྲིད་པའི་རང་བཞིན་སྡུག་བསྔལ་མེ་འོབས་ལ༔ དགའ་བའི་ཚལ་ལྟར་ཆགས་པའི་འགྲོ་བ་ཀུན༔ མངོན་གྱུར་ཀུན་བཟང་དགོངས་ཀློང་མ་སྒྲོལ་བར༔ དཔལ་ཆེན་སྲོག་ལྟར་སྒྲུབ་པར་དམ་བཅའ་འོ༔ ལྔ་པ་འཁོར་གསུམ་ཡང་དག་ནི༔ ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ནས༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ དྲུག་པ་བགེགས་བསྐྲད་པ་ནི༔ ཨོཾ་བཛྲ་ཨ་མྲྀཏ་བསང༔ སྭ་བྷཱ་ཝས་སྦྱང༔ སྟོང་པའི་ངང་ལས་སྟོང་གསུམ་དང་མཉམ་པའི་སྣོད་དུ༔ ཕྱི་རོལ་པ་ཚིམ་བྱེད་ཀྱི་འདོད་ཡོན་ལོངས་སྤྱོད་གང་ལ་ཅི་འདོད་ཀྱི་གཏེར་ཆེན་པོར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་བརྗོད༔ ཧཱུྃ༔ གསང་ཆེན་ལྷུན་གྲུབ་དཀྱིལ་འཁོར་འདིར༔ གླགས་བལྟ་འཚེ་བྱེད་གདོན་བགེགས་རྣམས༔ འདོད་ཡོན་འདི་ཁྱེར་རང་གནས་དེངས༔ འཚེ་ན་རྡོ་རྗེ་འབར་བས་གཞོམ༔ སུམ་བྷ་ནི་སུམྦྷ་ནི་ཧཱུྃ༔ དེ་ལྟར་སོགས་ཀྱིས་བགེགས་བསྐྲད༔ བདུན་པ་སྲུང་གུར་ནི༔ ཧཱུྃ༔ གདོད་ནས་རྣམ་དག་དཀྱིལ་འཁོར་འདིར༔ ཡེ་ཤེས་རོལ་པ་ལྷ་ཡིས་གང༔ རྡོ་རྗེ་འཁོར་ལོ་མཚོན་ཆ་མེའི༔ གུར་ཕུབ་རླུང་ཡང་རྒྱུ་མི་ནུས༔ ཨོཾ་བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ་རཀྵ་ཧཱུྃ༔ བརྒྱད་པ་བྱིན་དབབ་པ་ནི༔ ཧཱུྃ༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ སྐུ་གསུམ་ཞིང་ནས་འདིར་གཤེགས་ལ༔ གནས་མཆོག་འདི་རུ་བྱིན་ཆེན་ཕོབ༔ དཀྱིལ་འཁོར་འདི་ལ་བཀྲག་མདངས་སྐྱེད༔ གཞལ་ཡས་འདི་ལ་བརྟན་པར་བཞུགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ས་མཱ་ཡ་ཛཿཛཿཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ༔ དགུ་པ་མཆོད་པ་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ འབད་པ་མེད་པར་ལྷུན་གྱིས་གྲུབ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨརྒྷཾ་ནས༔ ཤབྡ་ཨཱཿཧཱུྃ༔ བཅུ་པ་སྨན་གཏོར་རཀྟ་བརླབ༔ ཨོཾ་ཨཱཿཧཱུྃ༔ དུག་ལྔ་སེལ་བའི་སྨན་མཆོག་དང༔ རྒྱུད་དྲུག་བསྒྲལ་པའི་རཀྟ་ཆེ༔ འདོད་ཡོན་མི་ཟད་གཏེར་ཆེན་པོ༔ ཐམས་ཅད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བ་ལ་བ་ཏེ་གྷུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ སྔོན་དུ་འགྲོ་བའི་ལས་ཁྲིགས་སོ༔ ྈྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ ཏིང་འཛིན་གསུམ་དང་ལྷ་བསྐྱེད་དང༔ སྤྱན་འདྲེན་བཞུགས་གསོལ་ཕྱི་ནང་མཆོད༔ བསྟོད་པ་ཛཔ྄་བསྐུལ་གང་འདུལ་ལས༔ ྈྈྈྈྈ དང་པོ་ནི༔ ཧཱུྃ༔ ཆོས་ཀུན་གདོད་ནས་སྤྲོས་བྲལ་དབྱིངས༔ མ་རྟོགས་འགྲོ་ལ་སྙིང་རྗེར་ཤར༔ ཟུང་འཇུག་རིག་པ་མཐིང་ནག་ཧཱུྃ༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས༔ ཨེཿདབྱིངས་པད་ཉི་སྡེ་བརྒྱད་སྟེང༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་རྒྱལ༔ གདུག་པ་འདུལ་བར་རབ་བསྔགས་པ༔ བདག་ཉིད་རྡོ་རྗེ་གཏུམ་པོའི་སྐུ༔ མཐིང་ནག་མེ་ཡི་ཚྭ་ཚྭ་འཕྲོ༔ སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས༔ རྔམ་ཞལ་ཐོག་གི་བུ་ཡུག་འཚུབ༔ མཆེ་བ་བཞི་གཙིགས་སྐྱེ་གནས་བཞིས༔ བསྡུས་པའི་འགྲོ་བ་ཐམས་ཅད་ཟ༔ བདེ་གཤེགས་ཆོས་སྐུའི་ཀློང་དུ་བསྟིམ༔ སྐུ་ལས་སྤྲོས་པའི་འོད་ཟེར་གྱིས༔ བར་གཅོད་གདོན་བགེགས་ཐམས་ཅད་འཇོམས༔ ཕྱག་གཡས་རྡོ་རྗེ་ཁྱུང་ཆེན་གྱིས། སྟེང་གདོན་ཟ་ཞིང་བར་གདོན་འཐག༔ གཡོན་པ་སྡིགས་མཛུབ་སྦྲུལ་ཞགས་འཛིན༔ འོག་གདོན་འདུལ་ཞིང་བྱད་ཕུར་བརླག༔ དཔལ་དང་དུར་ཁྲོད་རྒྱན་ཀུན་རྫོགས༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང༔ གནས་བཅུར་ཁྲོ་བོ་བཅུ་ཡིས་གཏམས༔ ཀུན་ཀྱང་ཨཾ་གཙིགས་ཁྲོ་རྒྱན་རྫོགས༔ དཔལ་ཆེན་གནས་ལས་ཧཱུྃ་བཅུ་འཕྲོས༔ ཕྱི་རོལ་གནམ་ལྕགས་རྩིབས་བཅུར་བབས༔ ཨེཿནང་དྲེགས་པ་བསྣོལ་བའི་སྟེང༔ སྟེང་དུ་ཧཱུྃ་ཀཱར་སྒྲ་འབྱིན་མཐིང༔ སྲིད་པ་སྤྱི་བཤིགས་མདའ་གཞུ་འགེངས༔ ཟ་གསོད་ཕག་དང་སྨིག་བུའི་མགོ༔ ཤར་དུ་རྣམ་རྒྱལ་མདའ་སྙེམས་མཐིང༔ འཁོར་ལོ་ཏྲི་ཤཱུལ་སྲིད་རྨངས་བསྒྱེལ༔ ཟ་གསོད་སྟག་དང་བྱ་རྒོད་མགོ༔ ཤར་ལྷོར་དབྱུག་སྔོན་སྡེར་མོ་མཐིང༔ བསྐལ་པ་མེས་བསྲེག་མེ་ཐོད་དབྱུག༔ ཟ་གསོད་གཡག་དང་བྱ་རོག་མགོ༔ ལྷོ་རུ་གཤིན་རྗེ་དུར་ཁྲོད་མཐིང༔ བདུད་དཔུང་ཆོམ་བྱེད་དགྲ་སཏྭ་དབྱུག༔ ཟ་གསོད་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་མཐིང༔ དམ་ཉམས་བཀའ་གཅོད་རལ་གྲི་མེ༔ ཟ་གསོད་གཟིག་དང་ཁྭ་ཏའི་མགོ༔ ནུབ་ཏུ་རྟ་མགྲིན་གཏུམ་མོ་མཐིང༔ སྤུ་གྲི་སྦྲུལ་ཞགས་འགུག་ཅིང་བསྒྲལ༔ ཟ་གསོད་བྱི་ལ་པུ་ཤུད་མགོ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་མཐིང༔ གདུགས་པའི་དཔུང་བཤིག་རྔ་ཡབ་ཐོ༔ ཟ་གསོད་སྤྱང་ཀི་ཁྲ་ཡི་མགོ༔ བྱང་དུ་བདུད་རྩི་རླུང་འབྱིན་མཐིང༔ སྲིད་གསུམ་རྣམ་གཅོད་རྒྱ་གྲམ་དབྱུག༔ ཟ་གསོད་སེང་གེ་ཕ་ཝང་མགོ༔ བྱང་ཤར་ཁམས་གསུམ་གསོད་བྱེད་མཐིང༔ རྡོ་རྗེ་བདུད་ཞགས་བདུད་དཔུང་འཇོམས༔ ཟ་གསོད་དོམ་དང་སྲེ་མོང་མགོ༔ འོག་ཏུ་སྟོབས་ཆེན་སྐྱོད་བྱེད་མཐིང༔ བདུད་དཔུང་འཐག་བྱེད་ཐོ་ཞགས་འཛིན༔ ཟ་གསོད་དྲེད་དང་བྱི་བའི་མགོ༔ ཡབ་རྣམས་དོར་སྟབས་གར་དགུའི་ཉམས༔ དུར་ཁྲོད་དཔལ་གྱི་ཆས་ཀུན་རྫོགས༔ ཡུམ་ཀུན་དྲིལ་བུ་དུང་དམར་འཁྱུད༔ རང་རང་འཁོར་ཚོགས་བསམ་མི་ཁྱབ༔ ཡེ་ཤེས་རོལ་པ་ཆེན་པོའི་ངང༔ མ་འདྲེས་ཆུ་ཟླ་ལྟ་བུར་གསལ༔ དེ་ཡི་སྤྱི་བོར་ཨོཾ་དང་ནི༔ མགྲིན་པར་ཨཱཿལ་ཐུགས་ཀར་ཧཱུྃ༔ གསལ་བའི་གནས་ལས་འོད་འཕྲོས་པས༔ རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས༔ སྤྱན་དྲངས་ཡི་གེ་གསུམ་ལ་ཐིམ༔ ཁྲག་འཐུང་རིགས་ལྔས་དབུ་བརྒྱན་གྱུར༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་རབ་བཏུལ་ཏེ༔ ཡེ་ཤེས་དབྱིངས་སུ་སྦྱོར་བའི་ཕྱིར༔ རྡོ་རྗེའི་གཏུམ་པོའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ ད་ལྟ་སྙིགས་མ་ལྔ་བདོའི་དུས༔ མི་མཐུན་གདུག་པ་ཁ་དར་ཞིང༔ ལོག་བྱས་ངན་དབང་མཐུ་བཙན་དུས༔ བརྩེ་བས་དགོངས་ལ་བྱིན་ཆེན་ཕོབ༔ ལྔ་བདོའི་བདུད་དཔུང་མི་ཆོམ་ན༔ དཔལ་ཆེན་ཁྱེད་ཀྱི་ཐུགས་བསྐྱེད་གང༔ མཐུ་དང་ནུས་པས་ཅི་ཞིག་བྱ༔ འདིར་གཤེགས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ས་མཱ་ཡ་ཛཿཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་ལྷར༔ གཤེགས་བཞུགས་གཉིས་འཛིན་མ་མཆིས་ཀྱང༔ ཨ་འཐས་མཚན་མ་དག་ཕྱིར་དུ༔ རྡོ་རྗེའི་གདན་འདིར་ཏིཥྛ་ལྷན༔ བཛྲ་ས་མཱ་ཡ་སཏྭམ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ གདོད་ནས་རྣམ་དག་དབྱིངས་ཀྱི་ལྷ༔ འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེར༔ དུང་བའི་ཡིད་ཀྱིས་རབ་བསྐུལ་ཏེ༔ སྒོ་གསུམ་བཏུད་པའི་ཕྱག་གིས་འདུད༔ ཨོཾ་ན་མོ་ན་མ་ཧཱུྃ༔ ལྔ་པ་ཕྱི་མཆོད་ནི༔ ཧཱུྃ༔ ཡིད་འོང་མཆོད་ཡོན་ཞབས་བསིལ་དང༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་མཆོད་པའི་སྤྲིན༔ དྲག་སྔགས་ཀུན་འདུས་ལྷ་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས༔ ཤབྡ་པཱུ་ཙ་ཧོ༔ དྲུག་པ་ནང་མཆོད་ནི༔ ཧཱུྃ༔ གཟུགས་མཛེས་ཡིད་འོང་སྒྲ་སྙན་མ༔ དྲི་རོ་རེག་བྱ་ཆོས་རྣམས་འབུལ༔ བདེ་ཆེན་འདུ་འབྲལ་མེད་པར་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རཱུ་པ་ ཤབྡ་ གྷནྡྷེ་ རཱ་ས་ སྤརྴེ་ དྷརྨཱ་དྷཱ་ཏུ་པཱུ་ཙ་ཧོ༔ བདུན་པ་སྨན་མཆོད་ནི༔ ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ རིགས་ལྔའི་དམ་རྫས་བླ་ན་མེད༔ དུག་ལྔ་སེལ་བའི་སྨན་མཆོག་འདི༔ བདུད་འདུལ་ཁྲོ་བོའི་ལྷ་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ བརྒྱད་པ་རཀྟའི་མཆོད་པ་ནི༔ ཧཱུྃ༔ དུག་གསུམ་བསྒྲལ་པའི་ཁྲག་ཆེན་པོ༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ དཀྱིལ་འཁོར་གསང་བའི་ལྷ་ལ་འབུལ༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ མ་ཧཱ་རཀྟ་ཁཱ་ཧི༔ དགུ་པ་གཏོར་མའི་མཆོད་པ་ནི༔ ཧཱུྃ༔ སྟོང་གསུམ་མཉམ་པའི་སྣོད་ཆེན་པོར༔ སྲིད་པའི་འདོད་ཡོན་ལྷུན་པོར་སྤུངས༔ བཀོད་པས་ཁྱད་པར་འཕགས་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིང་ཏ་ཁཱ་ཧི༔ བཅུ་པ་བསྟོད་པ་ནི༔ ཧཱུྃ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར༔ མ་བཏུལ་པ་རྣམས་འདུལ་བར་བསྔགས༔ གར་དགུའི་རབ་འཇིགས་ཁྱེད་ལ་བསྟོད༔ འགག་མེད་གྲགས་སྟོང་རྡོ་རྗེའི་གསུང༔ ཚངས་པའི་སྒྲ་དབྱངས་སེང་གེའི་སྒྲས༔ དྲག་སྔགས་ཐོག་གི་བུ་ཡུག་འཚུབས༔ འབྲུག་སྟོང་ལྡིར་བའི་གསུང་ལ་བསྟོད༔ གདུག་པ་འདུལ་མཛད་ཆེན་པོའི་ཐུགས༔ ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང༔ རབ་ཁྲོས་དུག་ལྔ་དབྱིངས་སུ་སྦྱོར༔ བདེ་སྟོང་ཀློང་དུ་སྒྲོལ་ལ་བསྟོད༔ འབར་བའི་ཆོ་འཕྲུལ་སྣ་ཚོགས་ལ༔ སངས་རྒྱས་ཉིད་ཀྱང་སྐྲག་གྱུར་ན༔ ལོག་འདྲེན་གདོན་བགེགས་སྨོས་ཅི་དགོས༔ རྡོ་རྗེའི་ཆོས་བདུན་ཁྱེད་ལ་བསྟོད༔ གང་འདུལ་ཐབས་ཀྱི་རོལ་པ་རུ༔ སྒྱུ་འཕྲུལ་དཀྱིལ་འཁོར་སྐུར་བཞེངས་པ༔ ཕྲིན་ལས་རྣམ་བཞི་བསམ་མི་ཁྱབ༔ འགྲོ་འདུལ་སྤྲུལ་འཁོར་བཅས་ལ་བསྟོད༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང༔ ལྷག་པའི་ལྷ་རུ་ཁྱོད་བསྒྲུབ་ན༔ འཁྲུལ་ངོར་ཤར་བའི་གདོན་བགེགས་རྣམས༔ ཆོས་སྐུའི་ཀློང་དུ་དག་པར་མཛོད༔ བཅུ་གཅིག་པ་ཛཔ྄་བསྐུལ་ནི༔ ཧཱུྃ༔ བདག་ཉིད་ཁྲོ་འདུས་ཆེན་པོའི་སྐུ༔ མཐུ་སྟོབས་རྒྱལ་པོའི་ཐུགས་ཀ་རུ༔ རྡོ་རྗེ་སྔོན་པོའི་ལྟེ་བ་རུ༔ ཉི་སྟེང་ཧཱུྃ་མཐིང་མེ་ཚྭ་འཕྲོ༔ གང་འདུལ་སྤྲུལ་པའི་འཕྲོ་འདུ་ཡིས༔ སྲིད་གསུམ་ལོག་པར་འདྲེན་པ་འཇོམས༔ སྣང་གྲགས་ལྷ་སྔགས་ཆོས་སྐུའི་ངང༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ བཅུ་གཉིས་པ་བསྙེན་པ་ནི༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འབྲུ་འབུམ་མོ༔ ཁྱུང་སྔགས་ནི༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཁྲོཾ་གྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ འབུམ་བཟླས༔ སྒྲུབ་སྔགས་ནི༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ༔ གྷརྫ་གརྫ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷནྡྷ་བྷནྡྷ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ སྥོཊ་སྥོཊ༔ ཛཿཧཱུྃ་བཾ་ཧོ༔ སརྦ་དུཥྚཱཾ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ལས་སྦྱོར་ཁྲོ་འདུས་མེའི་སྤུ་གྲི་ནི༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གང་འདུལ་དམིགས་པའི་འཁྲུལ་འཁོར་བསྐོར༔ ཇི་བཞིན་འགྲུབ་པ་པདྨའི་མཐུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་ལས་རིམ་བསྟན་པ་ནི༔ བྱིན་བརླབས་སྤྱན་འདྲེན་མཆོད་འབུལ་དང༔ བཤགས་པ་བསྒྲལ་སྟོབས་ལྷག་མ་བསྔོ༔ ཐུགས་དམ་བསྐུལ་དང་ཆད་ཐོ་བསྒྲག༔ བསྟན་མ་རྟ་བྲོ་དངོས་གྲུབ་ལེན༔ བཟོད་གསོལ་རྫོགས་རིམ་བསྔོ་སྨོན་དང༔ ཤིས་བརྗོད་ལས་ཁྲིགས་བཅོ་ལྔའོ༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ སྣང་ཞིང་སྲིད་པའི་དཀྱིལ་འཁོར་འདིར༔ བཟང་ངན་དངོས་པོ་ཅི་མཆིས་པ༔ གཙང་དང་དམེ་བ་བརྩི་མཐའ་བྲལ༔ ཐམས་ཅད་འདོད་ཡོན་རྒྱན་དུ་ཆེ༔ གཉིས་འཛིན་མེད་པ་ཚོགས་ཀྱི་རྒྱལ༔ བདེ་གཤེགས་རྒྱལ་བ་དགྱེས་སྐོང་རྫས༔ བསོད་ནམས་ནང་ནས་ཚོགས་འཁོར་མཆོག༔ ཚེ་འདིའི་བསམ་པ་ཀུན་འགྲུབ་ཅིང༔ བགེགས་དང་བར་གཅོད་ཞི་བ་དང༔ ཕྱི་མ་རིག་འཛིན་རྒྱལ་བའི་ཞིང༔ ཀུན་བཟང་གོ་འཕང་ཐོབ་པར་འགྱུར༔ རྒྱུ་ཆུང་ཚོགས་ཆེ་མཆོད་པའི་རྒྱལ༔ ཨེ་མ་ཟབ་ལམ་སྐལ་བ་བཟང༔ ཞིང་ལྤགས་གཅན་གཟན་གཡང་གཞིའི་སྟེང༔ ཅི་འབྱོར་ལོངས་སྤྱོད་ཚོགས་སུ་སྤུངས༔ དངོས་གྲུབ་སྒྲུབ་ལ་བར་གཅོད་ཆེ༔ དེ་ཉིད་སྦྱང་ཕྱིར་བགེགས་བསྐྲད་དེ༔ བསང་ཆུ་འཐོར་ལ་བདུད་རྩི་བྲན༔ དང་པོ་ཚོགས་བྱིན་རླབས་ནི༔ ཧཱུྃ༔ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་དངོས་འཛིན་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་སྒྱུར༔ སྣང་སྲིད་འདོད་ཡོན་ཚོགས་ཀྱི་རྫས༔ ནམ་མཁའ་མཛོད་ཀྱི་གཏེར་ཆེན་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཞིང་དང་བདེ་བ་ཅན༔ ལྕང་ལོ་ཅན་དང་མ་ལ་ཡ༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ དཔལ་ཆེན་རྡོ་རྗེ་ཁྲག་འཐུང་རྒྱལ༔ བདུད་འདུལ་ཁྲོ་བོའི་སྤྲིན་རབ་འབྱམས༔ སྐུ་ཡི་བཀོད་པ་གློག་ལྟར་འཁྱུག༔ གསུང་གི་ང་རོ་འབྲུག་སྟོང་ལྡིར༔ ཐུགས་ནི་རབ་གཏུམ་དུག་ལྔ་སྒྲོལ༔ ཁྱེད་རྣམས་འགྲོ་བའི་དོན་ལས་མེད༔ བདག་སོགས་སྲིད་འདིའི་ཡིད་ཅན་པས༔ མྱུར་དུ་ཚོགས་གཉིས་རྫོགས་པའི་སླད༔ བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ༔ ཚོགས་ཁང་འདི་ལ་བྱིན་ཆེན་ཕོབ༔ ཚོགས་རྫས་འདི་ལ་བཅུད་ཆེན་ཕོབ༔ འདིར་ཚོགས་རྣམས་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་ཚོགས་འབུལ་བ་ནི༔ ཧཱུྃ༔ རོལ་པ་ཆེན་པོའི་ལྷ་ཚོགས་ལ༔ འདོད་ཡོན་ལྷ་མོ་བསམ་ཡས་པས༔ སྣང་སྲིད་གཞིར་བཞེངས་ཚོགས་སུ་འབུལ༔ བཞེས་ནས་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་གྷ་ན་ཙཀྲ་པཱུ་ཙ་ཧོ༔ བཞི་པ་བར་པ་བཤགས་པ་ནི༔ ཧཱུྃ༔ བསྐལ་པ་དཔག་ཏུ་མེད་པ་ནས༔ མཐའ་མ་ད་ལ་ཐུག་གི་བར༔ མ་རིག་ཉེས་བྱས་ཅི་བགྱིས་པ༔ བཤགས་སོ་སྒྲིབ་གཉིས་དག་པར་མཛོད༔ ཨོཾ་བཛྲ་ས་མ་ཡ་བི་ཤུདྡྷེ་ཨ༔ ལྔ་པ་བསྒྲལ་བསྟབ་ནི༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛ༔ ཧཱུྃ༔ མ་རིག་གཉིས་འཛིན་གདོན་དང་བགེགས༔ ཨེཿཡིག་བཙོན་ཁང་འདི་ལ་ཁུག༔ ནྲྀ་ཡི་ཚེ་སྲོག་བདག་ལ་བསྡུ༔ ཨ་ཡི་རྣམ་ཤེས་ཆོས་སྐུར་ཕཊ༔ ཐུགས་རྗེ་གཏུམ་རྔམས་ཤུགས་ཀྱིས་བསྒྲལ༔ སྐྱེ་མེད་བདེ་ཆེན་ཀློང་དུ་བཞེས༔ མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ དྲུག་པ་ལྷག་མ་ནི༔ ཧཱུྃ༔ དཔལ་ཆེན་སྤྱན་སྔར་དམ་བཅས་ཤིང༔ དཀྱིལ་འཁོར་ཆེན་པོའི་མཐའ་ལ་གནས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་སྤྱོད༔ ཕུད་ལ་འཚལ་སྐལ་མི་ལྡན་པའི༔ ལྷག་མ་དབང་བ་ཀུན་ལ་འབུལ༔ བཞེས་ནས་བདག་ཅག་མཆོད་ཡོན་གྱི༔ རྐྱེན་ངན་བར་གཅོད་ཐམས་ཅད་སོལ༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིངྟ་བྷཀྵ་སི་སྭཱ་ཧཱ༔ རྗེས་རྣམས་ཚང་མ་སྤྱི་ལྟར་བྱ༔ ྈྈྈྈ བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ དགོངས་ཤིག་གཏུམ་པོའི་ལྷ་ཚོགས་དགོངས༔ མཛོད་ཅིག་ཕྲིན་ལས་རྣམ་བཞི་མཛོད༔ སྙིགས་མའི་སེམས་ཅན་ཉམས་ཐག་རྣམས༔ འགོང་པོ་སྤུན་དགུའི་དབང་སོང་སྟེ༔ ནད་མཚོན་མུ་གེའི་བསྐལ་པ་སླེབས༔ མི་འདོད་རྐྱེན་ངན་ཐོག་བབས་ཚེ༔ གདུང་བའི་ང་རོས་ཁྱོད་འབོད་ན༔ ལས་ངན་ཟློག་པའི་དུས་ལ་བབས༔ འགྲོ་ཀུན་སྐྱོབ་པའི་དུས་ལ་བབ༔ ཐུགས་རྗེས་གཟིགས་ལ་མཐུ་མ་ཆུང༔ མཆོག་ཐུན་དངོས་གྲུབ་ད་སྩོལ་ཅིག༔ བརྒྱད་པ་ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་འོག་མིན་ཆོས་ཀྱི་དབྱིངས༔ རྒྱ་ཆད་ཕྱོགས་བྲལ་ཞིང་ཁམས་སུ༔ རང་བྱུང་སྟོན་པ་ཀུན་བཟང་གིས༔ རིགས་ལྔ་ཞི་ཁྲོའི་འཁོར་ཚོགས་ལ༔ དགོངས་བརྒྱུད་ཆོས་འཁོར་བསྐོར་པའི་ཚེ༔ ཡེ་ཤེས་དབྱིངས་ཀྱི་སྲུང་མ་ཡིས༔ བསྟན་པ་བསྲུང་བར་དམ་བཅས་ལྟར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་བསྐལ་པ་བར་མ་ལ༔ རི་རྒྱལ་མེ་རི་འབར་བ་རུ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས༔ སློབ་དཔོན་དགའ་རབ་རྡོ་རྗེ་ལ༔ བརྡའ་བརྒྱུད་སྟོན་པར་དབུག་དབྱུང་ཚེ༔ འོད་གསལ་སྙིང་པོའི་བཀའ་སྲུང་གིས༔ མེལ་ཚེ་བྱེད་པར་མ་ཆད་དམ༔ མཆོད་གཏོར་བཞེས་ལ་བསྟན་པ་སྲུངས༔ མཐའ་མ་གངས་ཅན་བོད་ཡུལ་འདིར༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ པདྨ་སམྦྷ་སྤྱན་དྲངས་ཏེ༔ སྲིད་པའི་ལྷ་འདྲེ་དམ་ལ་བཏགས༔ ཐེག་དགུ་རྒྱུད་སྡེའི་ཆོས་འཁོར་བསྐོར༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ རང་རང་བཀའ་བབས་ཆོས་གཏད་དུས༔ བཀའ་གཏེར་བསྲུང་བར་མ་ཆད་དམ༔ ཐ་ཚིག་དམ་པའི་མཆོད་གཏོར་བཞེས༔ འཛམ་གླིང་བདེ་བའི་ཕྲིན་ལས་མཛོད༔ ལྔ་བརྒྱ་དུས་ཀྱི་མཐའ་མ་འདིར༔ སྨོན་ལམ་ལས་སད་སྐྱེས་བུ་ལ༔ པདྨས་ཞལ་གཟིགས་དབང་བསྐུར་ཞིང༔ ཡེ་ཤེས་ཌཱཀྐིས་གཏེར་སྒྲོམ་སྤྲད༔ སྨོན་ལམ་གཏད་རྒྱའི་དབུགས་དབྱུང་ཚེ༔ དཔལ་མགོན་སྡེ་ལྔ་ལྕམ་དྲལ་གྱིས༔ ཕྲིན་ལས་བྱེད་པར་དམ་ནོས་ལྟར༔ ཨོ་རྒྱན་རྗེས་འཇུག་དཔོན་སློབ་དང༔ བསྟན་པ་སྐྱོང་བའི་ཡོན་བདག་རྣམས༔ མཐོ་བ་དགུང་ལ་རེག་པ་དང༔ དམའ་བ་བུ་བཞིན་སྐྱོང་བ་ཡི༔ རྒྱབ་རྟེན་ཕྲིན་ལས་རྣམ་བཞི་མཛོད༔ དགུ་པ་བརྟན་མ་བསྐྱང་བ་ནི༔ ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་བརྟན་མའི་ཚོགས༔ ནག་མོ་དམར་མོ་དཀར་མོ་འབུམ༔ མཆོད་གཏོར་འདི་བཞེས་སྒྲུབ་པ་པོའི༔ ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད༔ མ་མ༔ ཁ་ཁ༔ ལ་ལ༔ ལེ་ལེ༔ ཏ་ཏ༔ ཏེ་ཏེ༔ སྲིང་འགྲོ་མ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི༔ བཅུ་པ་དམ་སྲི་མནན་པ་ནི༔ ཧཱུྃ༔ དུག་གསུམ་འབར་བའི་བཙོན་ཁང་དུ༔ ཞིང་བཅུ་དམ་ཉམས་ཁུག་ཅིག་ཛ༔ སྐུ་གསུམ་ལྷུན་གྲུབ་དཔལ་ཆེན་གྱི༔ བྲོས་མནན་ནམ་ཡང་ལྡོག་མེད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭམ་བྷ་ཡ་རཀྵ་ནན༔ བཅུ་གཅིག་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བཞེངས་ཤིག་དཔལ་ཆེན་གཏུམ་པོའི་ལྷ་ཚོགས་རྣམས༔ སྤྲུལ་པ་ཡང་སྤྲུལ་ཡེ་ཤེས་འཁོར་ལོའི་ལྷ༔ གཉིས་མེད་རོལ་པ་ཆེན་པོའི་ངང་ཉིད་ལས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ གྲུབ་ཆེན་བརྒྱད་དང་མཐུ་རྩལ་སྙན་གྲགས་དང༔ ཉམས་རྟོགས་རྫུ་འཕྲུལ་མངོན་ཤེས་དབང་སྒྱུར་སྟོབས༔ འཁོར་དང་གདུལ་བྱ་ཞིང་ཁམས་མཛད་ཕྲིན་སོགས༔ བཅོམ་ལྡན་ཁྱེད་དང་མཉམ་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ རྫས་རྣམས་ཀུན་ལས་དངོས་གྲུབ་བླངས༔ བཅུ་གཉིས་པ་བཟོད་གསོལ་ནི༔ ཧཱུྃ༔ རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར༔ མོས་པའི་སྐལ་ལྡན་བདག་ཅག་རྣམས༔ བྱིང་རྨུགས་རྒོད་འགྱོད་ཐེ་ཚོམ་གྱི༔ དྲི་མའི་དབང་གྱུར་ནོངས་ཀུན་བཤགས༔ ཡི་གེ་བརྒྱ་པ་བཟླས༔ བཅུ་གསུམ་པ་བསྡུ་ཆོག་ནི༔ ཧཱུྃ༔ རང་བྱུང་རང་ཤར་རང་གྲོལ་ལྷར༔ མཐའ་གཉིས་མཚན་མ་མ་མཆིས་ཀྱང༔ རྟག་འཛིན་སྦྱང་ཕྱིར་དབྱིངས་སུ་བསྡུ༔ ཆད་པའི་མཐའ་བྲལ་སྒྱུ་མའི་ངང༔ བཛྲ་མུ༔ བཅུ་བཞི་པ་བསྔོ་སྨོན་ནི༔ ཧོ༔ དུས་གསུམ་བསགས་པའི་དགེ་ཚོགས་རྣམས༔ ཁམས་གསུམ་འགྲོ་བའི་དོན་དུ་བསྔོ༔ རིགས་དྲུག་སྡུག་བསྔལ་ཀ་ནས་དག༔ ཕྱིར་མི་ལྡོག་པར་འཚང་རྒྱ་ཤོག༔ བཅོ་ལྔ་པ་ཤིས་བརྗོད་ནི༔ ཧཱུྃ༔ བདེ་གཤེགས་འདུས་པའི་ཐུགས་རྗེ་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ སྐལ་ལྡན་རྣལ་འབྱོར་སྨོན་ལམ་གྱིས༔ སྒྲུབ་ལ་བར་གཅོད་མེད་པ་དང༔ དཀྱིལ་འཁོར་བཟང་པོ་བྱིན་ཆགས་ཤིང༔ ནད་གདོན་ཞི་བའི་བཀྲ་ཤིས་ཤོག༔ ཚེ་དཔལ་རྒྱས་པའི་བཀྲ་ཤིས་ཤོག༔ མོས་པས་དབང་སྡུད་བཀྲ་ཤིས་ཤོག༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་ཤོག༔ འདོད་རྒུ་འབྱུང་ཞིང་བསམ་པ་འགྲུབ༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས༔ ཐམས་ཅད་མཁྱེན་ཐོབ་བཀྲ་ཤིས་ཤོག༔ ཨེ་མ་ཡང་གསང་བླ་ན་མེད༔ འགྲོ་བའི་མགོན་པོ་རྡོ་རྗེ་འཆང༔ ལྕང་ལོ་ཅན་གྱི་གནས་མཆོག་ཏུ༔ དུས་གསུམ་བདེ་གཤེགས་བཀའ་བསྒྲོས་ཏེ༔ མ་རུངས་ལོག་འདྲེན་འདུལ་བ་ལ༔ མཐུ་སྟོབས་གཅིག་བསྡུས་འདི་ཉིད་བསྔགས༔ རི་རྒྱལ་མེ་རི་འབར་བ་རུ༔ གསང་བདག་དངོས་མཇལ་དབང་བཞི་རྫོགས༔ རྒྱལ་ཚབ་དམ་པར་དབུགས་དབྱུང་ནས༔ ཕྱག་གི་རྡོ་རྗེ་བདག་ལ་གཏད༔ བདག་ཉིད་དེ་དང་གཉིས་སུ་མེད༔ འགྲོ་བ་འདུལ་བར་དམ་བཅས་ཏེ༔ བལ་བོད་མཚམས་ནས་རིམ་པ་བཞིན༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ དམ་པ་ཆོས་སྐྱོང་སྲུང་མར་བསྐོས༔ ལོ་ཧི་ཏ་འགྲམ་རྗེ་དང་མཇལ༔ ཡི་དམ་འདི་ཡི་བྱིན་རླབས་དབང༔ རྡོ་རྗེ་ཆོས་རྒྱལ་བསྲུང་མར་སྦྱིན༔ ཆོས་རྒྱལ་བསམ་བཟང་དེ་ཡིས་འགྲུབ༔ ཟབ་གསང་སྙིང་གི་སྒྲུབ་ཐབས་འདི༔ ཡིད་བཞིན་ནོར་བུ་བས་ཀྱང་དཀོན༔ ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན༔ འདི་སྒྲུབ་མི་ལ་མཐུ་ནུས་དཔལ༔ མཆོག་ཐུན་མེད་ན་བདག་གིས་བསླུས༔ སུས་སྒྲུབ་མི་ལ་བསྒྲུབས་རྟགས་འབྱུང༔ གང་བཞུགས་ཡུལ་ལ་བདེ་སྐྱིད་འཕེལ༔ པད་འབྱུང་འགྲོ་བའི་དོན་ལས་མེད༔ མངའ་བདག་ཁྱེད་ལ་སྙིང་འདི་གཏོད༔ མ་འོངས་སྙིགས་མའི་མཐར་ཐུག་ཚེ༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི༔ ང་སྤྲུལ་ཟླ་འོད་གཞོན་ནུ་དེའི༔ སྐྱེ་མཐའ་ས་བྱ་ཉི་མའི་མིང༔ སྐལ་ལྡན་དེ་དང་འཕྲད་ནས་ནི༔ འགྲོ་བ་ཀུན་གྱི་དོན་བྱེད་སྨོན༔ ཆོས་རྒྱལ་བསམ་པ་དེ་ཡིས་རྫོགས༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་བདག་མཚོ་རྒྱལ་པདྨ་གསལ༔ དཔལ་སེང་མཆོག་དབྱངས་གཡུ་སྒྲ་ལྔ༔ དུས་དེར་སྨོན་ལམ་དབང་གིས་འདུ༔ ལས་ལྡན་སྐྱེས་མཆོག་དེ་རྣམས་ཀྱི༔ བར་གཅོད་སེལ་ཕྱིར་དབང་བཞི་ཕབ༔ བྱིན་རླབས་པདྨས་དབྱིངས་ནས་བྱེད༔ ཉམས་ལེན་མཐར་སོན་མཆོག་ཐུན་འགྲུབ༔ ལྷ་ས་བསམ་ཡས་ཁྲ་འབྲུག་ཏུ༔ འདི་ཡི་སྒྲུབ་ཆེན་བཙུགས་གྱུར་ན༔ ཡི་དམ་འདི་སྒྲུབ་ཆད་ཐོ་བསྒྲགས༔ བརྒྱགས་བརྔན་ལྷ་སྲིན་དམ་བཞག་བྱ༔ སྔོན་གྱི་དམ་ཚིག་སྐྱོང་བ་རྣམས༔ དམ་དྲན་འཛམ་གླིང་བདེ་སྐྱིད་སྣང༔ མ་ཐོགས་འགྱུ་བའི་འབྱུང་གསར་རྣམས༔ འགོ་དཔོན་དྲག་པོས་ཞིབ་དཔྱད་ལྟར༔ དམ་མེད་ཡན་པོར་འཁྱར་མི་སྲིད༔ ཀུན་ཀྱང་བཀའ་ཉན་བསྟན་པ་སྲུང༔ སེམས་ཅན་ཀུན་ལ་གནོད་མི་འགྱུར༔ ལྔ་བདོའི་འགྲོ་བ་སྐྱོབ་པའི་ཆེད༔ ཟབ་མོའི་ཆོས་དང་གང་ཟག་བཅས༔ པདྨས་བསམ་བཞིན་བཞག་པའི་བུ༔ ཞེ་ནས་འགྲོ་བའི་དོན་མཛོད་ཅིག༔ བསྐལ་པ་འབུམ་དུ་ཚོགས་བསགས་དང༔ ལྔ་བདོར་ཉིན་གཅིག་སེམས་ཅན་དོན༔ བྱས་པ་བསོད་ནམས་མཉམ་པ་ཉིད༔ ཟབ་མོའི་སྒྲུབ་ཐབས་འདི་ཡི་མཐར༔ འབྱུང་བར་འགྱུར་ཞེས་ལུང་བསྟན་བཅས༔ མཚོ་རྒྱལ་མི་བརྗེད་གཟུངས་ཀྱིས་ཟུངས༔ བརྡ་ཡིག་གྱིས་ལ་རྒྱ་ལྔ་ཐོབ༔ དབུས་རི་ནག་པོའི་རྩེ་མོ་རུ༔ རྡོ་རྗེའི་ཁྲི་ཞབས་ཨ་ཐཾ་རྒྱ༔ གཏེར་སྲུང་དུར་ཁྲོད་བདག་མོ་ཡིས༔ སྐལ་ལྡན་སྤྲོད་ལ་སྐལ་མེད་སྦོས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱ༔ མེ་སྟག་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་མཆིམས་ཕུ་གུར་དཀར་ཕུག་ནས་བདག་འདྲ་ཏིང་འཛིན་རྒྱལ་པོས་སྤྱན་དྲངས་པའོ།། །།
ཟབ་བདུན་དབང་དང་དངོས་གྲུབ་ཀྱི་ཟབ་པ་རྟ་མགྲིན་དབང་ཆེན་གྱི་གཏོར་ཟློག་གི་རིམ་པ་གནམ་ལྕགས་ཐོག་མདའ་ (Volume 26, Text 36)
༁ྃ༔ ཟབ་བདུན་དབང་དང་དངོས་གྲུབ་ཀྱི་ཟབ་པ་རྟ་མགྲིན་དབང་ཆེན་གྱི་གཏོར་ཟློག་གི་རིམ་པ་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ༔ བླ་མ་དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་ཆེན་པདྨ་དབང་ཆེན་གྱི་དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་བསྙེན་སྒྲུབ་ལ་དྲོད་རྟགས་ཐོན་པའི་སྔགས་པས་དབང་ཆེན་དྲག་པོའི་གཏོར་མའི་ལས་བརྩམ་པ་ལ་གསུམ། དང་པོ་སྦྱོར་བ་སྔོན་འགྲོ་བཅའ་གཞི་གཞན་དུ་ཤེས་པར་བྱ། དངོས་གཞི་སྒྲུབ་པའི་ཚུལ་ནི་ལས་བྱང་གཞུང་བསྲང་ཞིང་བཀའ་སྲུང་གསོལ་མཆོད་དང་སྐོང་བ་གྲུབ་ནས། མདུན་དུ་ཏྲི་ལས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོ་མ་ཏྲཾ་རུ་ཏྲ་མགོ་ལྷོ་ནུབ་རྐང་པ་བྱང་ཤར་དུ་གནས་པ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁམས་གསུམ་གྱི་རྒྱུ་དུག་གསུམ་དུག་ལྔ་ཐམས་ཅད་མ་ཏྲཾ་ལ་ཐིམ་པས་བསྒྲལ་བའི་མཚན་ཉིད་དང་ལྡན་པར་གྱུར། མ་ཏྲཾ་རུ་ཏྲ་མཱ་ར་ཡ་ཕཊ༔ ཅེས་བརྗོད་པས་མ་ཏྲཾ་དེས་ལས་ངན་གྱི་སྟོབས་མ་ཁྱག་སྟེ་བདག་དཔལ་ཆེན་པོའི་ཐུགས་ཀ་ནས་མཚོན་ཆའི་ཆར་ཕབ་པས། དུག་ལྔ་རུ་ཏྲའི་ཕུང་པོ་ལ་འདམ་བརྩིགས་ཀྱི་ཕུང་པོར་སྒྱོག་ཕོག་པ་ལྟར་ཁྲོལ་གྱིས་ཞིག་པ་ལས་ཁོག་པ་དུར་ཁྲོད་ཀྱི་ཞིང་ཁམས་ཆེན་པོར་གྱུར། རཾ་ཡཾ་ཁཾ། ཡེ་ཤེས་ཀྱི་མེ་རླུང་ཆུས་གཏོར་མའི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་གཏོར་སྣོད་དབང་གི་གཞལ་ཡས་ཁང་ཆེན་པོར་གཏོར་མ་དཔལ་ཆེན་པོའི་ལྷ་ཚོགས། གཏོར་རྒྱུ་འདོད་ཡོན་ལྔ་ཡི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་དཀྱིལ་འཁོར་གྱི་བར་མཚམས་ཐམས་ཅད་གང་བར་གྱུར། ཨེ་མཎྜ་ལ། ཕྱི་སྣོད་ཀྱི་འཇིག་རྟེན་དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ་གྱུར། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནང་བཅུད་ཀྱི་སེམས་ཅན་དབང་ཆེན་རོལ་པའི་ལྷ་ཚོགས་སུ་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཕོག །དེ་དག་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱི་རོལ་དུ་ཁྲོ་བོ་དང་མཚོན་ཆའི་གུར་ཁང་ཕུབ་པས་བདག་ཅག་འཁོར་བཅས་སྲུང་ཞིང་སྐྱོབ་པར་མཛད། ཕོ་ཉ་ཐམས་ཅད་ལས་ལ་བསྐུལ། དགྲ་བགེགས་བཀུག་ཅིང་མཚོན་ཆའི་ཆར་ཕབ་ནས་བསྒྲལ། ཤ་ཁྲག་ལྷག་མ་མེད་པར་གསོལ། ཁྲོ་བོ་དང་ཁྲོ་མོའི་ཚོགས་འགྱེད་པས་བྱད་ཕུར་ཆག་ཆེན་ཐམས་ཅད་བཟློག་པར་བསམ། དྲག་སྔགས་ཆིག་དྲིལ་འདི་བཟླ། ཧྲཱིཿཔདྨཱནྟ་ཀྲྀཏ་དི་མ་ད་རི་ཧྱ་གྲཱི་བ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧྲཱིཿཛ་ཛཿཨེ་ཛཿབྷྱོ་མ་མ་རཀྵ༔ ནྲྀ་ཏྲི་ཛཿརྦད༔ ཨ་ཕྲྀ་སརྦ་བྷྱོ་ཟློག༔ ཅེས་བཟླ། སྣོད་བཅུད་ལྷར་གསལ་བ་རྣམས་རྔམས་པའི་སྒྲ་སྒྲོག་ཅིང་ལས་ལ་ཆས་པར་བསམ། གཏོར་མར་སྨན་རཀ་བསྒྲེང་། ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས༔ དབང་གི་རྒྱལ་པོ་དཔལ་ཆེན་རྟ་སྐད་བཞད༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་སྲས་མཆོག་གཉིས༔ རྡོ་རྗེ་རིན་ཆེན་པདྨ་ལས་རབ་བཞི༔ དབྱིངས་ཕྱུག་བཞི་དང་ཞི་ཁྲོ་མ་མོ་ཁྱུང༔ ཕོ་རྒྱུད་མོ་རྒྱུད་གཟའ་ཀླུ་ཟིལ་གནོན་བརྒྱད༔ ཡུམ་ཆེན་བརྒྱད་དང་དབང་གི་སྒོ་མ་བཞི༔ སྐུ་སྤྲུལ་དུང་གི་དྲེད་མོ་མགོ་གསུམ་མ༔ གསུང་སྤྲུལ་ཟངས་ཀྱི་འཕར་བ་མགོ་བརྒྱད་མ༔ ཐུགས་སྤྲུལ་ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ ཡོན་ཏན་གཡུ་ཡི་སྤྱང་མོ་མགོ་གསུམ་མ༔ ཕྲིན་ལས་གསེར་གྱི་སེངྒེ་རྔམས་པ་མོ༔ གཉིས་མེད་དུང་གི་སེངྒེ་མགོ་བཅུ་མ༔ དུང་གི་རྒྱབ་འབྲེལ་ལྕགས་ཀྱུ་དགྲ་སཏྭ་ཐོགས༔ རལ་གསེབ་་གཟའ་རྒོད་་་མིག་དམར་ཆར་འབེབ་འབྲུག་ལ་འཆིབ༔ གསེར་གྱི་རྒྱབ་འབྲེལ་ལྕགས་ཀྱི་ཁྱུང་ཆེན་ཐོགས༔ རལ་གསེབ་ཉི་མ་འབུམ་འཕྲོ་ལྕགས་སྡིག་འཆིབ༔ ཟངས་ཀྱི་རྒྱབ་འབྲེལ་སྦྲུལ་གྱི་ཞགས་པ་འཛིན༔ དུག་དང་མེ་ཡི་ཆར་འབེབ་བ་གླང་འཆིབ༔ གཡུ་ཡི་རྒྱབ་འབྲེལ་ཞིང་གི་དབྱུག་པ་འཕྱར༔ གྲི་མཚོན་ཆར་འབེབ་དྲེད་མོ་ཁམ་པ་འཆིབ༔ དུང་གསེར་ཟངས་གཡུ་བྱི་རུ་མཆོང་བསེ་ཤེལ༔ དཔལ་གྱི་ཁྱི་བརྒྱད་ང་རོ་འབྲུག་ལྟར་སྒྲོག༔ མིག་ནི་ཉི་ལྟར་སྤུ་གྲིའི་མཆེ་བ་གཙིགས༔ དེ་བཞིན་དཔལ་གྱི་སྤྱང་བརྒྱད་རལ་པ་ཅན༔ དུར་ཁྲོད་གཟིགས་ཤིང་ཁ་ནས་རོ་བཤལ་བ༔ དཀར་མོ་ཟླ་འདབ་སེར་མོ་ཉི་འདབ་མ༔ དམར་མོ་མེ་འདབ་སྔོན་མོ་ཆུ་འདབ་བཞི༔ མིག་ནས་མེ་འབར་སྣ་ནས་བུ་ཡུག་འཚུབས༔ ཁ་ནས་ཆུ་འཁྲུག་མཆེ་བས་ཁམས་གསུམ་སྒྲོལ༔ རླུང་འབྲུག་མཐིང་ག་རླུང་གི་གཤོག་པ་ཅན༔ མེ་འབྲུག་དམར་པོ་མེ་ཡི་གཤོག་པ་ཅན༔ ཆུ་འབྲུག་སྔོན་པོ་སྦྲུལ་གྱི་གཤོག་པ་ཅན༔ སྣ་ཚོགས་གཟུགས་འཆང་རྡོ་རྗེའི་གཤོག་པ་ཅན༔ ཀུན་ཀྱང་མཁའ་ལ་འགྲོ་ཞིང་འབྲུག་སྒྲ་སྒྲོག༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ་པར་བཅས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་མེད་གུས་པས་ཕྱག་བགྱི་བཞེས་སུ་གསོལ༔ ཕྱི་ནང་གསང་བའི་མཆོད་པ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བསྟོད་དོ་ཕྲིན་ལས་མཛོད༔ དབང་དང་བྱིན་རླབས་མཐུ་ནུས་བསྩལ་དུ་གསོལ༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཅེས་བསྐུལ་གསེར་སྐྱེམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ༔ གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༔ མདོ་སྒྱུ་སེམས་གསུམ་སྒྲུབ་སྡེ་ཆེན་པོ་བརྒྱད༔ ཁྱད་པར་པདྨ་གསུང་གི་ལྷ་ཚོགས་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ མ་མགོན་ལྕམ་དྲལ་པདྨའི་བཀའ་སྲུང་ཚོགས༔ དྲེགས་ཆེན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང༔ ཕྱི་ནང་གསང་བའི་གབ་སྦས་སྡེ་བརྒྱད་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ སྔགས་འཆང་བདག་གི་རིགས་དང་བརྒྱུད་ཀྱི་སྲུང༔ ཡུལ་རིས་གནས་ཀྱི་ལྷ་སྲུང་དཀོར་གྱི་བདག༔ ལོ་ཟླ་ཞག་དུས་ཚེས་ལ་དབང་བ་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ ཅེས་པས་གསེར་སྐྱེམས་འབུལ་ཞིང་དཔང་གཟུག་པ་ནི། ཧཱུྃ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས་སུ་གསོལ༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ལ༔ མི་ཕྱེད་དད་པས་ཞུགས་པའི་རྣལ་འབྱོར་བདག༔ སྒྲུབ་པ་སྙིང་པོ་དམ་དུ་བཅས་པ་ལ༔ བར་ཆད་འཚེ་བ་དགྲ་དང་བགེགས་ཀྱིས་བྱས༔ ད་ནི་མངོན་སྤྱོད་དྲག་པོའི་ལས་བརྩམ་པས༔ ལྷ་དང་དམ་ཅན་རྒྱ་མཚོ་གྲོགས་ལ་བྱོན༔ བདག་ནི་མ་ཉེས་དམ་ཉམས་དགྲ་བོ་ཉེས༔ ཉེས་བྱས་འདི་ལ་ཆད་པ་མི་གཅོད་ཅིང༔ ཉེས་མེད་རྣལ་འབྱོར་བདག་གི་གྲོགས་གཡེལ་ན༔ སྔོན་གྱི་ཐུགས་དམ་གཉན་པོ་མི་འགལ་ལམ༔ ད་ནི་གཟུ་དང་དཔང་མཛོད་གྲོགས་ལ་བྱོན༔ མ་གཡེལ་མ་གཡེལ་རྒྱལ་བ་ཞི་ཁྲོའི་ཚོགས༔ བཀའ་སྲུང་དམ་ཅན་ཐམས་ཅད་ལས་ལ་ཆོས༔ ལིང་ག་དགྲ་བགེགས་སུ་གསལ་བ་ནི། མདུན་དུ་ཨེ་ལས་བྲུབ་ཁུང་གྲུ་གསུམ་པའི་ནང་དུ་དགྲ་བགེགས་རྣམས་ཉམ་ཐག་པའི་ལུས་ཅན་དུ་གྱུར། བདེན་སྟོབས་བརྗོད་ཅིང་འགུགས་གཞུག་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང། ཁྱད་པར་པདྨ་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་སྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ཅི་མང་བྱ། དེ་ནས་ཕོ་ཉ་བསྐུལ་ཞིང་ཕྱག་རྒྱས་བཏབ་པ་གཟུགས་དབབ་མཐུ་འཕྲོག་བྱད་བཅུག་སྨྱོར་གཞུག་རྣམས་ཀྱི། དང་པོ་བསྐུལ་ཞིང་དམོད་པ་ནི། ཧཱུྃ་ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབས༔ སྤྲུལ་པ་ཆེན་པོའི་དུས་ལ་བབས༔ དབང་ཆེན་རོལ་པའི་ལྷ་ཚོགས་རྣམས༔ དྲག་པོའི་ཕྲིན་ལས་དུས་ལ་བབས༔ ཕོ་ཉ་ལས་མཁན་མཐུ་རྩལ་ཅན༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བོ་རྣམས༔ དབང་དུ་སྡུས་ལ་འདིར་ཁུག་ཅིག༔ སྙིང་རྗེའི་ཕོ་ཉ་དཀར་མོའི་ཚོགས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ བྱམས་པའི་ཕོ་ཉ་སེར་མོའི་ཚོགས༔ ཞགས་པ་ཅན་གྱིས་རྐེ་ནས་ཆིངས༔ དགའ་བའི་ཕོ་ཉ་དམར་མོའི་ཚོགས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ བཏང་སྙོམས་ཕོ་ཉ་ལྗང་མོའི་ཚོགས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཧཱུྃ༔ དབང་ཆེན་སྤྲུལ་པའི་ཕོ་ཉ་རྣམས༔ ཐུགས་དམ་གཉན་པོའི་དུས་ལ་བབས༔ དམ་ཉམས་དགྲ་བོ་སྡིག་ཅན་གྱི༔ རྣམ་ཤེས་ལུས་རྟེན་འདི་ལ་ཕོབ༔ དབང་དང་དམ་ཚིག་ལ་སོགས་པའི༔ མཐུ་སྟོབས་རྫུ་འཕྲུལ་མེད་པར་གྱིས༔ ལས་ཀྱི་ཞགས་པ་འབར་བ་ཡིས༔ དགྲ་བགེགས་དམ་ཉམས་བྱད་དུ་ཆུགས༔ དམར་ཆེན་རཀྟ་འབར་བ་ཡིས༔ དམ་ཉམས་དགྲ་བགེགས་མྱོས་སུ་ཆུགས༔ ཞེས་ཕྱག་རྒྱ་བཞི་ཡུངས་དཀར། ཐང་ཕྲོམ། ནད་ཁྲག་སྨྱོ་ཁྲག་རྣམས་བདུག་ཅིང་། སོ་སོའི་རྒྱ་བཅས། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཨ་པ་ན་ཡ་ཨ་པ་ན་ཡ༔ ཤྲཱི་གྷྲཾ་ཨཱ་ན་ཡ༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ༔ ཧཱུྃ་ཕཊ༔ དམིགས་པ་རྣམས་ཡང་ཡང་བྱ། གུ་གུལ་བདུག་ཅིང་བྱ་འུག་གི་སྒྲོས་བྱབ། ཧཱུྃ༔ དབང་ཆེན་ཁྲོ་རྒྱལ་འབར་བའི་བཀའ་ལ་ཉོན༔ དགྲ་བགེགས་སྐྱོབ་བྱེད་ལྷ་སྲུང་གཞན་དུ་དེངས༔ གལ་ཏེ་མི་ཉན་འདི་ཡི་སྐྱབས་བྱེད་རྣམས༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ནི་རྡུལ་དུ་བརླག་པར་བྱེད༔ དེ་བས་འདི་ཡི་མགོན་སྐྱབས་མ་མཛད་ཅིག༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་སྲུང་མཱ་ར་ཡ་ཕཊ༔ ཅེས་ལྷ་དང་དབྱེ། དེ་ནས་གསལ་བ་གསུམ་ལྡན་གྱིས། ཧཱུྃ༔ བདག་ཉིད་དཔལ་ཆེན་པདྨ་ཧེ་རུ་ཀ༔ ཆེ་བཙན་འགྲན་བྲལ་སྣང་སྲིད་གཡོ་ཞིང་འཁྲུགས༔ ཐུགས་ལ་ཡེ་ཤེས་འབར་བའི་སྲོག་ཀྱང་ཞུགས༔ ཕྱག་གཉིས་ཉི་ཟླའི་བར་དུ་ཧཱུྃ་ཡིག་ལས༔ འོད་འཕྲོས་རྒྱལ་མཆོད་སེམས་ཅན་སྒྲིབ་པ་སྦྱངས༔ མཐུ་སྟོབས་ཀུན་འདུས་པདྨ་ཀཱི་ལ་ཡ༔ ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུར་པའི་དབལ༔ སྐུ་གསུང་ཐུགས་ལྡན་མཐུ་རྩལ་བསམ་མི་ཁྱབ༔ དགྲ་བགེགས་སྙིང་ནང་དྭངས་མ་ལྔ་ལ་བཏབ༔ རགས་པ་ཉི་ཤུ་ཕྲ་བ་ལྔ་རྣམས་བཅོམ༔ ཚེ་བསོད་ནྲྀ་ཡིག་དཔལ་རྣམས་བདག་ལ་འདུས༔ རྣམ་ཤེས་སྒྲིབ་སྦྱངས་རྒྱལ་བའི་ཐུགས་ཀར་ཐིམ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་མཱ་ར་ཡ་ཕཊ༔ པུཎྱེ་སཾ་ཧ་ར་ཎ་ཧཱུྃ་ཨཱ༔ སྥ་ར་ཎ་ཕཊ༔ རྫོང་འཕྲང་སྲོག་ལྡན་ཁྲུས་ཀྱི་དགོངས་པ་བསྐྱངས་ལ། བསྲེག་ཅིང་མནན་པ་ནི་བརྟེན་པ་དབྱིངས་སུ་བསྒྲལ་བའོ། །རྟེན་གཞི་བག་ཆགས་སྦྱོང་བ་ནི། ཁྲོ་བོ་དང་དྲེགས་པ་རྣམས་ཀྱིས་མཚོན་ཆ་དང་ཐུན་གྱི་ཆར་ཕབ་ནས་དགྲ་བགེགས་རྡུལ་དུ་བརླག་པར་བསམ། ཧཱུྃ༔ ཕུར་ཐུན་ཁྲོ་བོའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཡུངས་དཀར་ལྷ་ཡི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཁྲམ་ཐུན་གཤིན་རྗེའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ དུག་ཐུན་ཀླུ་ཡི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྡོ་ཐུན་གནོད་སྦྱིན་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཁྲག་ཐུན་མ་མོའི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྩང་ཐུན་བཙན་གྱི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ མཚེ་ཐུན་ཐེའུ་རང་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ མདུང་ཐུན་བདུད་ཀྱི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ དགྲ་སཏྭ་གིང་གི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ མདའ་ཐུན་གཟའ་ཡི་ཚོགས་རྣམས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ ཧཱུྃ༔ དབང་གི་སྤྲུལ་པའི་ཤན་པ་འབུམ༔ སྤུ་གྲི་རླུང་གི་འདབ་གཤོག་ཅན༔ སྒྲོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ དགྲ་བགེགས་མཱ་ར་ཡ་ནྲྀ་ཏྲི་ཤ་ཏྲཱུཾ༔ ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་བོའི་འབར་བའི་རྡོ་རྗེས་བརྡུང༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ཐལ་བའི་རྡུལ་དུ་བརླག་པར་བྱ༔ དགྲ་བགེགས་ཁ་ཐཾ་ཁ་ཐཾ༔ ཤ་ཁྲག་བདུད་རྩིར་བསམ་ནས། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྐུ་གསུམ་ཡེ་ཤེས་ཀློང་དུ་བཞེས་ནས་ཀྱང༔ ཁམས་གསུམ་འཁོར་བ་འོད་གསལ་དབྱིངས་སུ་སྒྲོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཞེས་ཞལ་དུ་བསྟབ། དམར་ཆེན་སྦྲེང་བ་ནི། རཀྟ་སྦྲེང་ཞིང་། ཧཱུྃ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཞེ་སྡང་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཞེ་སྡང་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ གཏི་མུག་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ གཏི་མུག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ང་རྒྱལ་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ང་རྒྱལ་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཕྲག་དོག་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཕྲག་དོག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བར་ཆད་བདུད་རྣམས་བསྒྲལ་པའི་ཁྲག་མཚོ་འཁྱིལ༔ དཔལ་ཆེན་དབང་ཆེན་ལྷ་ཚོགས་འདིར་གཤེགས་ཤིག༔ བར་ཆད་བདུད་རྣམས་བསྒྲལ་པའི་ཁྲག་ལ་རོལ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་མཁའ་དང་མཉམ༔ མ་མོ་མཁའ་འགྲོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ མཁའ་དབྱིངས་པདྨའི་རཀྟ་ཤ་ར་ར༔ དམར་ཆེན་ཁྲག་གི་སྦྲེང་མོ་ཆི་ལི་ལི༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ༔ དུར་ཁྲོད་ཆེན་པོའི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་ཏི་རར་བཅས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ༔ མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས༔ མ་ལུས་བཞེས་ཤིང་བསྣམ་དུ་གསོལ༔ དང་པོ་སྦྲེང་བས། རཀྟའི་དྭངས་མ་བདུད་རྩིའི་ངོ་བོར་སུམ་ཆ་གསོལ་བར་བསམ། ཧཱུྃ༔ ང་ནི་ཁྲག་འཐུང་ཆེན་པོ་སྟེ༔ འཁོར་བའི་དྲ་བས་ཆགས་པ་ཡི༔ དམར་ཆེན་བསྐྱིལ་བའི་རྒྱ་མཚོ་སྐྱིལ༔ འཁོར་བའི་མཁའ་འགྲོ་རྣམས་དང་རོལ༔ མ་རུངས་འདོད་ལ་རབ་ཆགས་ཤིང༔ དམ་ཚིག་ལ་སྡང་དགྲ་ཆེན་རྣམས༔ ཐུགས་རྗེ་བྱང་སེམས་ལྡན་པ་ཡི༔ ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་གྱུར༔ གཉིས་སྦྲེང་བས། རཀྟ་དགྲ་བགེགས་ཀྱི་ངོ་བོར་སུམ་གཉིས་རོལ་པར་གྱུར། ཧཱུྃ༔ ང་ནི་ཟ་བྱེད་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་བསྒྲལ་བ་དང༔ གདུལ་དཀའ་མ་ལུས་འདུལ་བའི་ཕྱིར༔ ཤ་རུས་ལ་སོགས་བཟའ་བར་བྱའོ༔ གསུམ་སྦྲེང་བས། རཀྟའི་སྙིགས་མ་ཞིང་བཅུའི་དུག་གསུམ། བར་ཆད་ཆག་ཆེན་གྱི་ངོ་བོར་ལྷག་མེད་དུ་གསོལ་བར་གྱུར། གཏོར་མ་འབུལ་བ་ནི། ཧཱུྃ༔ ཆོས་དབྱིངས་མཉམ་པ་ཆེན་པོའི་གཏོར་གཞོང་དུ༔ རིག་པ་ཡེ་ཤེས་དཔལ་གྱི་གཏོར་ཆེན་བཤམས༔ དབྱིངས་རིག་གཉིས་སུ་མེད་པའི་གཏོར་མ་འདི༔ དཔལ་ཆེན་རྟ་མགྲིན་དབང་ཆེན་ཚོགས་ལ་འབུལ༔ རྩོལ་བཅས་བག་ཉལ་ངན་རྟོག་ཟློག་ཏུ་གསོལ༔ སྐྱེ་མེད་ཡུམ་གྱི་མཁའ་དབྱིངས་གཏོར་གཞོང་དུ༔ འགག་མེད་བདེ་བ་ཐིག་ལེའི་གཏོར་མ་བཤམས༔ བདེ་སྟོང་གཉིས་སུ་མེད་པའི་གཏོར་མ་འདི༔ དཔལ་ཆེན་རྟ་མགྲིན་དབང་ཆེན་ཚོགས་ལ་འབུལ༔ གཉིས་སྣང་འཛིན་པའི་བག་ཆགས་ཟློག་ཏུ་གསོལ༔ འབྱུང་ལྔ་དག་པ་ཕུང་པོའི་གཏོར་གཞོང་དུ༔ དཀར་དམར་བྱང་ཆུབ་སེམས་ཀྱི་གཏོར་མ་བཤམས༔ ཕུང་ཁམས་ལྷ་རུ་དག་པའི་གཏོར་མ་འདི༔ དཔལ་ཆེན་རྟ་མགྲིན་དབང་ཆེན་ཚོགས་ལ་འབུལ༔ འཛིན་པའི་སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་ཟློག༔ ཕྱི་སྣོད་གཞལ་ཡས་ཁང་གི་གཏོར་གཞོང་དུ༔ ནང་བཅུད་ལྷ་དང་ལྷ་མོའི་གཏོར་མ་བཤམས༔ སྣོད་བཅུད་ཡེ་རྫོགས་ཆེན་པོའི་གཏོར་མ་འདི༔ དཔལ་ཆེན་རྟ་མགྲིན་དབང་ཆེན་ཚོགས་ལ་འབུལ༔ གཟུང་བའི་འཁྲུལ་སྣང་ངན་རྟོག་ཟློག་ཏུ་གསོལ༔ དུར་ཁྲོད་འཇིགས་པའི་གཞལ་ཡས་མཛེས་པ་འདིར༔ བྷནྡྷ་ལྕང་ལོ་འབྲུ་བཅུད་གཏོར་མས་བཀང༔ ཕྱི་ནང་གསང་བའི་མཆོད་སྤྲིན་བཤམས་པ་འདི༔ དཔལ་ཆེན་རྟ་མགྲིན་རོལ་པའི་ཚོགས་ལ་འབུལ༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག་ཏུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ རིག་འཛིན་རྩལ་འཆང་ཡི་དམ་ལྷ་ཚོགས་དང༔ དམ་ཅན་བཀའ་སྲུང་ཐམས་ཅད་རྩལ་མ་ཞན༔ མཐུ་སྟོབས་དཔུང་སྐྱེད་ཕྱི་ནང་གསང་བ་ཡི༔ བར་ཆད་ཆག་ཆེན་ཐམས་ཅད་ཕྱིར་ཟློག་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲོ་རྒྱལ་རྟ་མགྲིན་རྟ་སྐད་བཞད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཁྲོ་བོ་ཁྲོ་མོ་རྣམས་ཀྱི་དབུས་ན་འགྱིང༔ མཁའ་དབྱིངས་བདེ་ཆེན་ཀློང་དུ་འཁྱིལ་པའི་ཡུམ༔ ཨེ་ཀ་ཛཱ་ཊི་པདྨ་གཟི་ལྡན་མ༔ དགྲ་བགེགས་འདི་ཡི་གཟུགས་ཕུང་སེམས་ལ་རོལ༔ གཏི་མུག་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ ཐབས་མཆོག་བདེ་ཆེན་རོལ་པའི་སྲས་མཆོག་དང༔ ཤེས་རབ་སྟོང་ཉིད་ཡུམ་ལས་ལྕམ་གཅིག་མ༔ དགྲ་བགེགས་འདི་ཡི་ཆགས་སྡང་གཉིས་ལ་རོལ༔ བསམ་སྦྱོར་ངན་དང་སྡང་སེམས་དགྲ་ལ་ཟློག༔ མེ་ལོང་ཡེ་ཤེས་རྡོ་རྗེ་རྟ་སྐད་བཞད༔ རིག་སྟོང་དབྱེར་མེད་རྡོ་རྗེ་དབྱིངས་ཕྱུག་མ༔ དགྲ་བགེགས་འདི་ཡི་རྣམ་ཤེས་ཁྲག་ལ་རོལ༔ ཞེ་སྡང་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ མཉམ་ཉིད་ཡེ་ཤེས་རིན་ཆེན་རྟ་སྐད་བཞད༔ སྣང་སྟོང་དབྱེར་མེད་རིན་ཆེན་དབྱིངས་ཕྱུག་མ༔ དགྲ་བགེགས་འདི་ཡི་ཚོར་བ་ཤ་ལ་རོལ༔ ང་རྒྱལ་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ སོར་རྟོག་ཡེ་ཤེས་པདྨ་རྟ་སྐད་བཞད༔ བདེ་སྟོང་དབྱེར་མེད་པདྨ་དབྱིངས་ཕྱུག་མ༔ དགྲ་བགེགས་འདི་ཡི་འདུ་ཤེས་ཁྲག་ལ་རོལ༔ འདོད་ཆགས་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ བྱ་གྲུབ་ཡེ་ཤེས་ལས་རབ་རྟ་སྐད་བཞད༔ ཚོར་སྟོང་དབྱེར་མེད་ལས་རབ་དབྱིངས་ཕྱུག་མ༔ དགྲ་བགེགས་འདི་ཡི་འདུ་བྱེད་དབུགས་ལ་རོལ༔ ཕྲག་དོག་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ དག་པའི་སྣང་བ་ཡེ་ཤེས་ཟིལ་གནོན་རྒྱལ༔ སྣང་སྟོང་དབྱེར་མེད་ཁྲོ་མོ་མི་ཕམ་མ༔ དགྲ་བགེགས་མིག་གི་རྣམ་ཤེས་ཡུལ་ལ་རོལ༔ མ་དག་འཁྲུལ་སྣང་ལྟས་ངན་དགྲ་ལ་ཟློག༔ རང་བྱུང་གསུང་གདང་ཁྲོ་བོ་ཟིལ་གནོན་རྒྱལ༔ གྲགས་སྟོང་དབྱེར་མེད་ཁྲོ་མོ་ཁྲོ་གཉེར་མ༔ དགྲ་བགེགས་རྣ་བའི་རྣམ་ཤེས་ཡུལ་ལ་རོལ༔ སྒྲ་རུ་འཁྲུལ་པའི་ལྟས་ངན་དགྲ་ལ་ཟློག༔ ཡེ་ཤེས་རླུང་ལྔ་མ་མོ་ཟིལ་གནོན་རྒྱལ༔ རླུང་སེམས་དབྱེར་མེད་ལྷ་མོ་རོ་ལངས་མ༔ དགྲ་བགེགས་སྣ་ཡི་རྣམ་ཤེས་ཡུལ་ལ་རོལ༔ ཚོགས་དྲུག་འཁྲུལ་པའི་ནད་ཡམས་དགྲ་ལ་ཟློག༔ ཁམས་དྲུག་དག་པའི་བྱ་ཁྱུང་ཟིལ་གནོན་རྒྱལ༔ རྩ་ཐིག་སེམས་གསུམ་དབྱེར་མེད་སྤྱན་གཅིག་མ༔ དགྲ་བགེགས་ལྕེ་ཡི་རྣམ་ཤེས་ཡུལ་ལ་རོལ༔ མྱང་བ་རང་འཁྲུལ་མུག་ཡམས་དགྲ་ལ་ཟློག༔ འོད་ལུས་ཡེ་ཤེས་ཕོ་རྒྱུད་ཟིལ་གནོན་རྒྱལ༔ དངོས་མེད་དངོས་འདྲ་རྡོ་རྗེ་ལས་བྱེད་མ༔ དགྲ་བགེགས་ལུས་ཀྱི་རྣམ་ཤེས་ཡུལ་ལ་རོལ༔ ལུས་ཀྱི་བདག་འཛིན་མཚོན་འཁྲུགས་དགྲ་ལ་ཟློག༔ རིག་པ་རང་གསལ་མོ་རྒྱུད་ཟིལ་གནོན་རྒྱལ༔ གང་ཤར་རང་གྲོལ་གཤིན་རྗེ་ལས་བྱེད་མ༔ དགྲ་བགེགས་ཡིད་ཀྱི་རྣམ་ཤེས་ཡུལ་ལ་རོལ༔ འཛིན་རྟོག་ངན་པའི་བར་ཆད་དགྲ་ལ་ཟློག༔ རང་སྣང་འོད་གསལ་ཀླུ་རྣམས་ཟིལ་གནོན་རྒྱལ༔ སྟོང་པ་ཟང་ཐལ་ཀླུ་མོ་ལས་བྱེད་མ༔ དགྲ་བགེགས་ཉོན་ཡིད་རྣམ་ཤེས་ཡུལ་ལ་རོལ༔ ཉོན་མོངས་གཡོ་འཁྲུགས་བར་ཆད་དགྲ་ལ་ཟློག༔ ཀ་ནས་དག་པ་གཟའ་རྣམས་ཟིལ་གནོན་རྒྱལ༔ གདོད་ནས་ལྷུན་གྲུབ་གནོད་སྦྱིན་ལས་བྱེད་མ༔ དགྲ་བགེགས་ཀུན་གཞིའི་རྣམ་ཤེས་ཡུལ་ལ་རོལ༔ མ་རིག་སྒྲིབ་གཡོགས་བར་ཆད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལྕགས་ཀྱུ་མ༔ དགྲ་བགེགས་ཆད་པར་ལྟ་བ་འདི་ལ་རོལ༔ འཆི་བདག་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ བྱམས་པ་བྱང་ཆུབ་སེམས་ཀྱི་ཞགས་པ་མ༔ དགྲ་བགེགས་རྟག་པར་ལྟ་བ་འདི་ལ་རོལ༔ ཕུང་པོ་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ དགའ་བ་བདེ་སྟོང་དབྱེར་མེད་ལྕགས་སྒྲོག་མ༔ དགྲ་བགེགས་བདག་ཏུ་ལྟ་བ་འདི་ལ་རོལ༔ ཉོན་མོངས་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ བཏང་སྙོམས་ཤེས་རབ་ཆེན་པོའི་དྲིལ་བུ་མ༔ དགྲ་བགེགས་མཚན་མར་ལྟ་བ་འདི་ལ་རོལ༔ ལྷ་བུའི་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ སྐུ་ཡི་ཡེ་ཤེས་དྲེད་མོ་མགོ་གསུམ་རྔམས༔ གསུང་གི་ཡེ་ཤེས་འཕར་བ་དབུ་བརྒྱད་ཟུག༔ ཐུགས་ཀྱི་ཡེ་ཤེས་སྤྱང་མོ་མགོ་དགུཁྲོས༔ ཡོན་ཏན་ཡེ་ཤེས་གཡུ་སྤྱང་མགོ་གསུམ་མ༔ ཕྲིན་ལས་ཡེ་ཤེས་གསེར་གྱི་སེང་གེ་འགྱིང༔ གཉིས་མེད་ཡེ་ཤེས་སེང་གེ་མགོ་བཅུ་མ༔ སྤྲུལ་པའི་མ་མོ་ཁམ་རྒྱ་མ་དྲུག་ནི༔ དམ་ཉམས་དགྲ་ཡི་ཁམས་ཆེན་དྲུག་ལ་རོལ༔ འགྲོ་དྲུག་འཁྲུལ་པའི་སྡུག་བསྔལ་དགྲ་ལ་ཟློག༔ དཔལ་གྱི་བཀའ་སྡོད་ལོང་བ་རྒྱབ་འབྲེལ་བཞི༔ ཕོ་ཉ་འཇིགས་པའི་ཁྱི་བརྒྱད་ཕྱོགས་བཅུར་རྒྱུག༔ ཟ་བྱེད་སྤྱང་མོ་བརྒྱད་ནི་ངུ་ཟུག་བྱེད༔ ལས་བྱེད་འདབ་ཆེན་བཞི་ནི་ནམ་མཁར་འཕུར༔ འབྲུག་མོ་ངུར་མོ་བཞི་ནི་མཁའ་ལ་འཕྱོ༔ དྲེགས་པ་སྡེ་བཅུའི་དམག་ཚོགས་རླུང་ལྟར་འཚུབས༔ དབྱིངས་ལས་ཡེ་ཤེས་རོལ་པ་བསམ་མི་ཁྱབ༔ སྤྲུལ་པ་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ དགྲ་བགེགས་དམ་ཉམས་ལས་ངན་བསྒྲལ་པ་ཡི༔ ཟག་ཁམས་སོ་གཉིས་ཤ་ཁྲག་རུས་པར་བཅས༔ ལྷག་མ་མེད་པ་ད་ལྟ་ཉིད་དུ་བཞེས༔ བར་ཆད་ཆག་ཆེན་ཐམས་ཅད་དགྲ་ལ་ཟློག༔ ཧྲཱིཿཔདྨཱནྟ་ཀྲྀཏ་དི་མ་ད་རི་ཧྱ་གྲཱི་བ་ཨེ་ཀ་ཛཱ་ཊི་རུ་ལུ་རུ་ལུ་ཧྲཱིཿཛཿཛ༔ ཨེ་ཛཿབྷྱོ༔ མ་མ་རཀྵ༔ ནྲྀ་ཏྲི་ཛཿརྦད༔ ཨ་ཕྲི་སརྦ་བྷྱོ་ཟློག༔ ལྷག་མ་བཏང་ལ་རྩང་ཟློག་ཕོ་ཉ་བསྐུལ་པ་ནི། ཧཱུྃ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡི༔ དྲག་པོ་དཔལ་གྱི་གཏོར་ཆེན་གྱི༔ གདུག་པའི་ལྕགས་རི་ནག་པོ་ལ༔ དམར་ནག་རྩང་ཕུར་སྲིན་མོ་འགྲོས༔ ལས་མཁན་ཕོ་ཉའི་རྟེན་དུ་བཙུགས༔ ཡར་གྱི་རྩེ་མོས་སྲིད་རྩེར་སྙེགས༔ མར་གྱི་རྩེ་མོས་དམྱལ་ཁམས་གཟིར༔ སྐེད་པ་གཞལ་ཡས་སྟོང་གསུམ་ཙམ༔ དུར་ཁྲོད་དྲག་པོའི་མཆོད་སྤྲིན་གཏིབས༔ ལས་མཁན་ཚོགས་རྣམས་འདིར་བཞུགས་ལ༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ ཕྲིན་ལས་རྣམ་བཞི་མཛད་དུ་གསོལ༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ ཉོན་མོངས་དགྲ་བགེགས་ཞི་བར་མཛོད༔ ཞི་བར་མ་གྱུར་གང་ཡང་མེད༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ ཞི་བའི་རྩང་ཕུར་ཟླུམ་པོ་རིས༔ ཡར་གྱི་རྩེ་ལ་དུད་སྤྲིན་འཁྲིགས༔ མར་གྱིརྩེ་ལ་མེ་ཆེན་འབར༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ ཞི་མཛད་སྤྲུལ་པ་བསམ་མི་ཁྱབ༔ ནད་ཡམས་འཁྲུགས་རྩོད་ཐམས་ཅད་ཀུན༔ ད་ལྟ་ཉིད་དུ་ཞི་བར་མཛོད༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ནད་མུག་འཁྲུགས་རྩོད་ཐམས་ཅད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ ཚེ་དང་བསོད་ནམས་རྒྱས་པར་མཛོད༔ རྒྱས་པར་མ་གྱུར་གང་ཡང་མེད༔ གསེར་རམ་སེར་པོའི་ཤིང་རྣམས་ལ༔ རྒྱས་པའི་རྩང་ཕུར་གྲུ་བཞི་པ༔ ཡར་གྱི་རྩེ་ལ་ལྷོ་སྤྲིན་གཏིབས༔ མར་གྱི་རྩེ་ལ་རྒྱ་མཚོ་འཁྲུགས༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ རྒྱས་མཛད་སྤྲུལ་པ་བསམ་མི་ཁྱབ༔ ཚེ་དང་བསོད་ནམས་མ་ལུས་པ༔ ད་ལྟ་ཉིད་དུ་རྒྱས་པར་མཛོད༔ ཨོཾ་པདྨཱནྟ་ཀྲྀཏ་རཏྣ་ཀྲོ་དྷ་ཧྱ་གྲཱི་བ་ཚེ་དང་བསོད་ནམས་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་སྭཱ་ཧཱཿ ཧཱུྃ༔ དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ རྒྱལ་བློན་འབངས་ནོར་ཕོ་མོ་འབྲུ༔ དབང་དུ་མ་འདུས་གང་ཡང་མེད༔ ཟངས་སམ་དམར་པོའི་ཤིང་རྣམས་ལ༔ དབང་གི་རྩང་ཕུར་ཟླ་གམ་དབྱིབས༔ ཡར་གྱི་རྩེ་ལ་འོད་དམར་འཁྲུགས༔ མར་གྱི་རྩེ་ལ་ཕོ་ཉ་འཕྲོ༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ དབང་མཛད་སྤྲུལ་པ་བསམ་མི་ཁྱབ༔ རྒྱལ་བློན་འབངས་ནོར་ཕོ་མོ་འབྲུ༔ སྐད་ཅིག་ཉིད་ལ་དབང་དུ་སྡུས༔ ཨོཾ་པདྨཱནྟ་ཀྲྀཏ་པདྨ་ཀྲོ་དྷ་ཧྱ་གྲཱི་བ་རྒྱལ་བློན་རྗེ་འབངས་ཕོ་མོ་འབྲུ་ནོར་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ འཇིག་རྟེན་ཁམས་ནི་མ་ལུས་ཀུན༔ དགྲ་བགེགས་ལོག་འདྲེན་དམ་སྲི་རྣམས༔ བརླག་པར་མ་མཛད་གང་ཡང་མེད༔ ལྕགས་སམ་དྲག་པོའི་ཤིང་རྣམས་ལ༔ དྲག་པོའི་རྩང་ཕུར་ཟུར་གསུམ་པ༔ ཡར་གྱི་རྩེ་ལ་དུག་རླངས་འཕྲོ༔ མར་གྱི་རྩེ་ལ་མཚོན་ཆ་འཁྲུགས༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ བརླག་མཛད་སྤྲུལ་པ་བསམ་མི་ཁྱབ༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་བརླག་པར་མཛོད༔ ཨོཾ་པདྨཱནྟ་ཀྲྀཏ་ཀརྨ་ཀྲོ་དྷ་ཧྱ་གྲཱི་བ་དགྲ་བགེགས་ལོག་འདྲེན་དམ་སྲི་ཐམས་ཅད་མཱ་ར་ཡ་ཕཊ༔ ཧཱུྃ༔ འདུལ་བྱེད་དྲག་པོའི་རྩང་ཕུར་གྱི༔ ཡར་གྱི་རྩེ་ལ་ཁྱུང་ཆེན་ལྡིང༔ ཁྱུང་རུ་གནམ་དུ་ཟངས་སེ་ཟང༔ མར་གྱི་རྩེ་ལ་ཆུ་སྲིན་འཕྱོ༔ རལ་པ་ནག་པོ་སྤྲིན་ལྟར་གཏིབས༔ སྐེད་པར་དུང་གི་སེང་གེ་འགྱིང༔ གཡུ་ཡི་རལ་པ་ཉི་ལི་ལི༔ ཡར་གྱི་རྩེ་ལ་རྒྱ་སྟག་འཕྱོ༔ སྟག་མོ་འཛུམ་མདངས་ཤིག་སེ་ཤིག༔ མར་གྱི་རྩེ་ལ་གཟིག་ཆེན་ངར༔ གཟིག་ཆེན་ངར་སྒྲ་འུ་རུ་རུ༔ སྐེད་པར་དོམ་ནག་སྨྱོན་པ་རྒྱུག༔ དོམ་ནག་ངར་སྒྲ་ཁྲ་ལ་ལ༔ ཡར་གྱི་རྩེ་ལ་བྱ་གླག་འཇུམ༔ བྱ་གླག་འཇུམ་མདངས་ཤིགས་སེ་ཤིག༔ མར་གྱི་རྩེ་ལ་བྱ་རོག་གྲགས༔ བྱ་རོག་འགྱེད་སྒྲ་ཆེམས་སེ་ཆེམ༔ སྐེད་པར་གསེར་གྱི་འུག་པ་གྲགས༔ འུག་པས་ཧཱུྃ་སྒྲ་དི་རི་རི༔ ལས་མཁན་ཚོགས་ནི་སྤྲིན་ལྟར་གཏིབས༔ དགྲ་བགེགས་བྱད་མའི་ཤ་ལ་རོལ༔ དཔལ་གྱི་གཏོར་ཆེན་ལྕགས་རི་ལ༔ བཙུག་པས་དགྲ་བགེགས་བརླག་པར་མཛོད༔ བྱད་མ་གསོད་པའི་མཚོན་ཆར་བརྡུང༔ ཆོས་སྐྱོང་ཕོ་ཉའི་རྟེན་དུ་འཛུག༔ བར་ཆད་སོལ་ལ་རྐྱེན་རྣམས་ཟློག༔ སོད་ཅིག་དགྲ་བགེགས་བྱད་མ་སོད༔ ཟློག་ཅིག་བྱད་མའི་དམག་དཔུང་ཟློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གྱེར་ཞིང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བྱ་ཁྱུང་རྒྱལ་པོ་སྤྱན་དྲངས་ཤིང་དཔལ་ཆེན་པོའི་དབུ་བརྒྱན་པར་གྱུར། ཧཱུྃ་ཧཱུྃ༔ དབྱིངས་ནས་ཡེ་ཤེས་ཆེན་པོའི་རོལ་པ་ལས༔ དཔལ་ཆེན་བྱ་ཁྱུང་རྒྱལ་པོ་ག་རུ་ཊ༔ འོག་མིན་ཆོས་ཀྱི་དབྱིངས་ནས་འདིར་གཤེགས་ལ༔ ཡེ་ཤེས་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ སྐུ་གསུང་ཐུགས་ལ་གུས་པས་ཕྱག་འཚལ་ཞིང༔ ཕྱི་ནང་གསང་བ་སྦྱོར་སྒྲོལ་མཆོད་པ་འབུལ༔ རལ་པ་བསིགས་པས་ནམ་མཁའི་དབྱིངས་སུ་ཁེངས༔ དབང་ཆེན་རིགས་བཞི་སྤྲུལ་པ་འབུམ་འབུམ་འཕྲོ༔ གནམ་ལྕགས་རྭ་རྩེས་སྲིད་པ་གསུམ་རྣམས་བཅོམ༔ ཕྲ་མེན་མང་པོ་ཕོ་ཉ་རླུང་ལྟར་འཚུབས༔ གཤོག་པ་གཡས་པས་ཚངས་པའི་གནས་རྣམས་གཏོར༔ ཟིལ་གནོན་ཡབ་བརྒྱད་ཁྲོ་བོའི་ཐོག་སེར་འབེབ༔ གཤོག་པ་གཡོན་གྱིས་རྒྱ་མཚོ་ཕྱགས་མས་འདེབས༔ ཟིལ་གནོན་ཡུམ་བརྒྱད་ཁྲོ་མོ་འབུམ་འབུམ་འགྱེད༔ ཀྲང་ཀྲིང་སྒྲ་སྒྲོག་མ་མོ་དབང་དུ་སྡུད༔ ཞལ་དུ་ཀླུ་གསོལ་རྒྱ་མཚོ་གཏིང་ནས་འདྲེན༔ གནམ་ལྕགས་མཆུ་འགུགས་སྡེ་བརྒྱད་སྙིང་ནས་འདྲེན༔ མཇུག་མ་གཡུ་ཡི་རལ་གྲི་བསམ་ཆོད་འབར༔ དབང་གི་བཀའ་སྲུང་ཐམས་ཅད་ལས་ལ་འགྱེད༔ སྤྱན་མིག་ཁྲག་མཚོ་ཁོལ་ཞིང་ཉི་ལྟར་འབར༔ སྲིད་གསུམ་གང་ཡིན་ཐམས་ཅད་ཐ་ལེར་གཟིགས༔ སྐུ་ལ་འཁོར་འདས་ཀུན་རྫོགས་མཁའ་དབྱིངས་ཁྱབ༔ བརྗོད་མེད་གསུང་གདངས་ཆོས་ཀྱི་སྤྲིན་སྒྲ་སྒྲོག༔ མཉམ་ཉིད་ཐུགས་མངའ་འབར་བའི་གཏུམ་དྲག་ཅན༔ ཁྱོད་ཀྱིས་མི་འདུལ་འཁོར་འདས་གང་ཡང་མེད༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་བཟློག་ཏུ་གསོལ༔ ཡེ་ཤེས་ཀྱི་ཁྱུང་གི་སྐུ་ལས་ལས་ཀྱི་ཁྱུང་ཞིག་འཕྲོས་པས་ལྟས་ངན་རྣམས་བསྡུས་ཤིང་རྔ་མོ་ལ་ཐིམ་པར་བསམ། ཧཱུྃ༔ འཇིགས་པའི་ཕོ་ཉ་ལྟས་ངན་ཀུན་ཚང་བ༔ སྐུལ་བྱེད་རྔ་མོ་སྟོབས་ལྡན་རྫུ་འཕྲུལ་ཅན༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ དཔྲལ་བར་སྐྱེས་བུ་ཞུབས་ཅན་དམག་ཚོགས་འཁྲིགས༔ གཡུལ་འཁྲུགས་མཚོན་ཆ་འབེབ་པ་དགྲ་ལ་ཟློག༔ དཔུང་གཡས་སྔགས་ནག་དྲག་སྔགས་བཟླ་བ་དགུ༔ སྔགས་པས་ཕུར་ཟོར་འཕེན་པ་དགྲ་ལ་ཟློག༔ དཔུང་གཡོན་དགེ་སློང་མདོ་སྒྲུབ་བྱེད་པ་དགུ༔ སེར་ཆགས་རྣམས་ཀྱིས་འབུམ་བསྐོར་དགྲ་ལ་ཟློག༔ དཔྱི་གཡས་བྱིས་པ་འུར་རྡོ་ཐོགས་པ་དགུ༔ བྱིས་པའི་ཆུང་སྲི་ལང་བ་དགྲ་ལ་ཟློག༔ དཔྱི་གཡོན་བུད་མེད་དུལ་མོ་རྡེབ་པ་དགུ༔ ཡུགས་ས་རྣམས་ཀྱིས་དམོད་མོ་དགྲ་ལ་ཟློག༔ རྩིབས་ལོགས་གཡས་ན་བོན་པོ་ཛོ་ཟོར་དགུ༔ བོན་པོའི་ཛོ་དམར་འཕེན་པ་དགྲ་ལ་ཟློག༔ རྩིབས་ལོགས་གཡོན་ན་ངར་གླུད་དཀར་དམར་དགུ༔ ལྷ་འདྲེའི་ཟ་ཁ་ཟུག་པ་དགྲ་ལ་ཟློག༔ དེ་སྟེང་ལས་ཀྱི་ཁྱུང་ཆེན་འཇིགས་རུང་བས༔ སྲིད་པ་གསུམ་གྱི་ལྟས་ངན་དགྲ་ལ་ཟློག༔ དྲག་སྔགས་ཐུན་གྱིས་བྲབ་ཅིང་ཁང་ཁྱིམ་མི་མཐོང་བའི་སར་བསྐྱལ། དེ་ནས་སླར་ཡང་ཟློག་སྒྱུར་ནི། ཧཱུྃ་བྷྱོ༔ དབང་ཆེན་དྲག་པོའི་ལྷ་ཚོགས་འཁོར་བཅས་རྣམས༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མཐུ་རྩལ་དཔུང་སྐྱེད་ཐུགས་དམ་དུས་ལ་བབས༔ ཆག་ཆེ་ཉམ་ང་བཟློག་པའི་ལས་མཛོད་ཅིག༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ གློ་བུར་དགུ་བཅུ་རྩ་གཅིག་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ མོ་རྩིས་རྨི་ལམ་ངན་པ་དགྲ་ལ་ཟློག༔ ཀག་དང་སྤར་ཁ་རྩུབ་པ་དགྲ་ལ་ཟློག༔ ཕྱི་ནང་གསང་བའི་བར་ཆད་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ གཟུགས་ཅན་མི་ཡི་བྱད་ཁ་དགྲ་ལ་ཟློག༔ གཟུགས་མེད་ལྷ་འདྲེའི་བྱད་ཁ་དགྲ་ལ་ཟློག༔ བན་བོན་སྔགས་པའི་བྱད་ཁ་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ རྗེ་ཡི་བཀའ་ཆད་འབེབ་པ་དགྲ་ལ་ཟློག༔ འབངས་ཀྱི་ཁ་མཆུ་བྱེད་པ་དགྲ་ལ་ཟློག༔ ཁྱིམ་མཚེས་ཉེ་བའི་ནང་འཁྲུགས་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ནད་ཡམས་འཁྲུགས་རྩོད་སྐལ་ངན་དགྲ་ལ་ཟློག༔ བཙའ་སད་སེར་གསུམ་གོད་ཁ་དགྲ་ལ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྒྱུར་རོ་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ ས་མ་ཡ་བྷྱོ་ཟློག༔ གསུམ་པ་ལས་ཀྱི་མཐའ་བསྡུ་བ་ནི། སྒྲུབ་ཞག་རྫོགས་པའི་ཉིན་ཐ་མ་ལ་ཁང་སྟེང་དུ་བསང་དང་གསེར་སྐྱེམས་གཏང་། སློབ་དཔོན་ཆས་སུ་ཞུགས་ལ། ཧྲཱིཿབྷྱོ་ཛཿཛཿཧཱུྃ་བྷྱོ་ཧྲཱིཿབྷྱོ་བྷྱོ་བྷྱོ་ཕཊ་ཛ༔ གཏོར་མའི་ཡེ་ཤེས་པ་རང་ལ་ཐིམ། དམ་ཚིག་པ་རྣམས་དམག་ཚོགས་ལས་ལ་རྔམས་པར་གྱུར། སྒོ་དབྱེ་ནི། ཧཱུྃ༔ ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ སྙིང་རྗེ་འགྱུར་མེད་སྒོ་ཕྱེས་ཤིག༔ ལྷོ་ཡི་སྒོ་མ་ཞགས་པ་མ༔ བྱམས་པ་བྱང་ཆུབ་སྒོ་ཕྱེས་ཤིག༔ ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ༔ དགའ་བ་བདེ་ཆེན་སྒོ་ཕྱེས་ཤིག༔ བྱང་གི་སྒོ་མ་དྲིལ་བུ་མ༔ བཏང་སྙོམས་ཚད་མེད་སྒོ་ཕྱེས་ཤིག༔ ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཐུགས་དམ་དྲག་ཏུ་བསྐུལ་བ་ནི། གཏོར་མ་ལ་སྨན་རཀ་བྲན། ཧཱུྃ༔ དབང་ཆེན་རོལ་པའི་དུར་ཁྲོད་ཆེ༔ འཇིགས་སུ་རུང་བའི་ཕོ་བྲང་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ དབང་གི་ཕྲ་མེན་ཆེན་པོ་གཉིས༔ ཟིལ་གནོན་ཁྲོ་རྒྱལ་ཡབ་ཡུམ་ཚོགས༔ སྒོ་མ་བཀའ་སྡོད་སྲུང་མར་བཅས༔ དྲག་པོའི་ལས་ལ་སྐུ་བཞེངས་ཤིག༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ད་ནི་ཁྲོ་བོའི་དམག་ཚོགས་རྣམས༔ དགྲ་བགེགས་སྟེང་དུ་ཇག་པར་ཆོས༔ གཟའ་བདུད་ཆས་པའི་ཆོ་འདྲ་ཞིང༔ ཡེ་ཤེས་མེ་དཔུང་འུ་རུ་རུ༔ ཧཱུྃ་གི་འབྲུག་སྒྲ་དི་རི་རི༔ དཔལ་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཚོན་ཆའི་སེར་བ་ཤ་ར་ར༔ ཁྲོ་རྒྱལ་ཚོགས་རྣམས་གཤེགས་ལམ་དུ༔ བདག་གི་དགྲ་བོ་སྒྲོལ་བར་མཛོད༔ གཡུལ་ངོ་ཆེན་པོའི་ཡོ་ལང་གིས༔ བདུད་ཀྱི་སྡེ་རྣམས་ཕུང་བར་གྱིས༔ གཏོར་མ་ཕྱིར་སྤགས་ཆད་མདོ་བསྒྲག །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ ཞེས་ཛཔ྄་དབྱངས་བྱ་ཞིང་སྲུང་མ་སྐུལ་པ་ནི། ཧཱུྃ༔ དབང་གི་བཀའ་སྲུང་ཁྱེད་རྣམས་ཀྱིས༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི༔ མིང་ཙམ་འཛིན་པར་བྱེད་པ་རྣམས༔ གཡོ་སྒྱུ་མེད་པར་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཀུར་བར་བྱ་འོ་ཞེས༔ དེ་སྐད་ཁྱོད་ཀྱིས་བྲོ་བོར་ལྟར༔ དྲག་པོའི་ལས་ཀྱི་གྲོགས་ལ་བྱོན༔ ཧྲཱིཿཔདྨཱནྟ་ཀྲྀཏ་དི་མ་ད་རི་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧྲཱིཿཛཿཛ༔ ནྲྀ་ཛཿཨ་ཕྲི་སརྦ་བྷྱོ་ཟློག༔ ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ཙིཏྟ་མ་བྷྱོ༔ ཨོཾ་ཤྭ་རེ་ཁ་ཧི་བྷྱོ༔ ཨོཾ་ཏིཔ་ཏ་ཙཀྲ་ཤྭ་ན་མུ་ཁ་ཁ་ཁ་མུ་ཁ་ཧཱུྃ་ཕཊ༔ ཨོཾ་ཀུ་ཀུ་རཱ་ཛ་རཀྴ་རཀྟ་ཁུག༔ ཏི་ཏ་ལོང་ཀ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཕཊ༔ ཧྲཱིཿཧཱུྃ་ཕཊ༔ ཏྲཱཾ་ཧཱུྃ་ཕཊ༔ ཧཾ་ཧཱུྃ་ཕཊ༔ ཨོཾ་ཛག་ལོང་ཏོ་ཙེ་རི༔ ཡཀྴ་ཀུན་བན་ཛ་ཧཱུྃ་ཕཊ༔ ཨོཾ་བཛྲེ་ཤྭ་རཱི་སིཾ་ཧ་ཧཱུྃ་ཕཊ༔ ཨོཾ་རཏྣེ་ཤྭ་རཱི༴ པདྨེ་ཤྭ་རཱི༴ ཀརྨེ་ཤྭ་རཱི༴ དགྲ་བགེགས་བྷྱོ་ཟློག༔ དམག་ཚོགས་འུར་དིར་གྱིས་ཆས་པར་བསམ་ལ་ཐེབས་དང་བསྟུན་པའི་གང་དུ་འཕེན་པའི་སར་ཕྱིན་ནས། གྲོགས་བཅོལ་པ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་རྟ་མགྲིན་གྱིས༔ ཐར་པ་ནག་པོ་བཏུལ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ བདུད་སྡེ་འདུལ་བའི་གྲོགས་མཛོད་ཅིག༔ བར་དུ་ཀླུ་སྒྲུབ་ཡབ་སྲས་ཀྱིས༔ མུ་སྟེགས་ནག་པོ་ཚར་བཅད་ཚེ༔ ཇི་ལྟར་རྟགས་བསྟན་བསྙེན་ལམ་ཅི༔ བདུད་སྡེ་འདུལ་བའི་གྲོགས་མཛོད་ཅིག༔ ཐ་མ་པདྨ་འབྱུང་གནས་ཀྱིས༔ བོད་ཀྱི་ལྷ་སྲིན་བཏུལ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ བདུད་སྡེ་འདུལ་བའི་གྲོགས་མཛོད་ཅིག༔ གོང་བཞིན་གསེར་སྐྱེམས་འབུལ་ཞིང་དཔང་གཟུག །དགུག་གཞུག་བྱ་ཞིང་དམིགས་པའི་འབེན་གཟུག། ཧཱུྃ༔ ཕུར་ཐུན་ཁྲོ་བོའི་ཚོགས་རྣམས་ཀྱིས༔ སོགས་ནས་མདའ་ཐུན་བར། དྲག་སྔགས་བཟླ་ཞིང་ཟོར་རྣམས་འཕང་། དམ་ཚིག་པའི་ལྷ་རྣམས་རང་ལ་ཐིམ་ཞིང་སླར་ཡང་གཏོར་མ་དུག་མཚོན་དུ་གྱུར་པས་དགྲ་བོ་ཐལ་བར་བརླགས་པར་བསམ། ཧཱུྃ༔ དྲག་པོ་ཟོར་གྱི་དཔུང་ཚོགས་རྣམས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཐམས་ཅད་ཐལ་བ་རྡུལ་དུ་རློགས༔ ཆག་ཆེན་བར་ཆད་ཟློག་ཏུ་གསོལ༔ དྲག་སྔགས་བཟླ་ཞིང་གཏོར་རྩེ་ཁྱུང་གདོང་དགྲ་ཕྱོགས་སུ་འཕང་། དགྲ་བགེགས་རྗེས་མེད་དུ་སོང་བར་བསམས་ལ་ཕྱི་མིག་མི་བལྟ་བར་སྲུང་འཁོར་སྒོམ་ཞིང་ཚུར་ལོག །སྒོ་དྲུང་དུ་དེངས་ཤིང་བརྟན་སྐྱོང་བྲོ་བརྡུང་བཀྲ་ཤིས་བྱ། དེ་ནས་ཚེ་འགུགས་སོགས་ཕྲིན་ལས་མཇུག་བསྡུ་བའོ། །ཞེས་པ་འདི་ནི་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་དབང་ཆེན་རྟ་མགྲིན་གྱི་སྒྲུབ་ཆེན་འཛུག་པའི་སྐབས་མཆོག་གྱུར་གླིང་པས་སྦྱར་བའི་ཡི་གེ་པ་ནི་དབང་ལྡན་གྱིས་བགྱིས་པའོ། །དགེ་བ་འདི་ཡིས་འགྲོ་ཀུན་ས་ལམ་གྱི་བར་ཆད་ཐམས་ཅད་ལས་གྲོལ་ཏེ་དབང་ཆེན་རོལ་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།
ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཆུ་བོ་རི་ནས་གདན་དྲངས་པའི་བླ་མ་སྐུ་གསུམ་གྱི་ངག་འདོན་སྐོར་ (Volume 5, Text 36)
ལེགས་ལྡན་བདུད་འཇོམས་རྡོ་རྗེས་ཆུ་བོ་རི་ནས་གདན་དྲངས་པའི་བླ་མ་སྐུ་གསུམ་གྱི་ངག་འདོན་སྐོར་བཞུགས། སྐྱབས་འགྲོ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་གསུང༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་ཐུགས༔ སྐུ་གསུམ་བླ་མའི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ དཀོན་མཆོག་གསུམ་པོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ རྩ་བ་གསུམ་པོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ སྐུ་གསུམ་བླ་མ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཡན་ལག་བཅུ་པ་ནི། དཀོན་མཆོག་གསུམ་པོ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ རྩ་བ་གསུམ་པོ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ མཎྜལ་ནི། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་སྤྲས༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་མཆོད༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཚོགས་རྫོགས་སྒྲིབ་བྱང་སྐུ་གསུམ་མྱུར་ཐོབ་ཤོག༔ སྒྲིབ་སྦྱོང་ནི། སྐྱབས་ཡུལ་སྐུ་གསུང་ཐུགས་ཉིད་ཀྱི༔ གནས་གསུམ་འབྲུ་གསུམ་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ འོད་ཟེར་ཚུར་འདུས་བདག་ལུས་ཕོག༔ སྒོ་གསུམ་ལས་ཉོན་མ་ལུས་སྦྱངས༔ ཕར་འཕྲོས་རིགས་དྲུག་སེམས་ཅན་གྱི༔ སྡིག་སྒྲིབ་སྦྱངས་ནས་ས་ལ་བཀོད༔ སླར་ཡང་ཚུར་འདུས་བདག་ལུས་ཐིམ༔ རྒྱལ་བའི་སྐུ་གསུང་ཐུགས་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཞེས་ཅི་ནུས་བཟླ། བླ་མའི་རྣལ་འབྱོར་ནི། བླ་མ་སངས་རྒྱས་ཆོས་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྣང་སྲིད་རྒྱལ་བའི་སྐུ་ཉིད་དུ༔ ད་ལྟ་ཉིད་དུ་འཆར་བར་ཤོག༔ བླ་མ་ཡི་དམ་ལོངས་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྒྲ་གྲགས་རྒྱལ་བའི་གསུང་ཉིད་དུ༔ ད་ལྟ་ཉིད་དུ་རྟོགས་པར་ཤོག༔ བླ་མ་མཁའ་འགྲོ་སྤྲུལ་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ དྲན་རྟོག་རྒྱལ་བའི་ཐུགས་ཉིད་དུ༔ ད་ལྟ་ཉིད་དུ་རྟོགས་པར་ཤོག༔ ༈ བརྒྱུད་འདེབས་དགེ་སློང་པད་ཕྲིན་པ་རང་ཉིད་ཀྱིས་སྦྱར་བ་ནི། སྲིད་ཞིའི་ཁམས་ཀུན་གདོད་མའི་ཞིང་། །བྱ་རྩོལ་བྲལ་བ་དངོས་པོའི་གཤིས། །འདུས་མ་བྱས་པ་ཆོས་ཀྱི་སྐུ། །མཐའ་ཡས་ཞབས་ལ་གསོལ་བ་འདེབས། །ལྷུན་གྲུབ་ལོངས་སྐུའི་ཚུལ་འཛིན་པ། །སྟོང་ཉིད་སྙིང་རྗེའི་རྣམ་རོལ་མཆོག །འགྲོ་བའི་མུན་སེལ་ཡིད་བཞིན་ནོར། །པད་དཀར་འཛིན་ལ་གསོལ་བ་འདེབས། །མ་ལུས་རྒྱལ་བའི་ཕྲིན་ལས་པ། །བརྟུལ་ཞུགས་མངོན་གྱུར་ཧེ་རུ་ཀ །དུས་གསུམ་སྒྲིབ་མེད་མཁྱེན་གྱུར་པའི། །པད་འབྱུང་ཞབས་ལ་གསོལ་བ་འདེབས། །གང་གི་གསང་མཆོག་གདམས་པའི་མཛོད། །འཛིན་པའི་སྣོད་ལྡན་ལས་འཕྲོ་ཅན། །ཐུགས་སྲས་འགྲོ་བའི་སྐྱབས་མགོན་མཆོག །དག་པའི་འཁོར་ལྔར་གསོལ་བ་འདེབས། །ཞེན་ལོག་མཐར་ཕྱིན་མཛད་པ་ཡིས། །དཀའ་སྤྱད་སྒྲུབ་ལ་རྩེ་གཅིག་གཞོལ། །རྣལ་འབྱོར་དབང་ཕྱུག་ལེགས་ལྡན་རྗེ། །བདུད་འཇོམས་ཞབས་ལ་གསོལ་བ་འདེབས། །མགོན་དེའི་བཀའ་གཏེར་གདམས་པ་ཡི། །སྣོད་དུ་གྱུར་པ་འཇམ་དཔལ་དབྱངས། །མཁྱེན་བརྩེའི་དབང་ཕྱུག་ཅེས་གྲགས་པའི། །མཁས་དབང་རྗེ་ལ་གསོལ་བ་འདེབས། །གསང་ཆེན་བླ་ན་མེད་པ་ཡི། །བསྟན་པའི་སྒྲོན་མེ་རྡོ་རྗེ་འཆང་། །དབང་ཕྱུག་རབ་བརྟན་ཕན་བདེའི་གཏེར། །དམ་པ་མཆོག་ལ་གསོལ་བ་འདེབས། །རབ་འབྱམས་འཁོར་ལོའི་མགོན་པོ་བ། །བདག་སོགས་འགྲོ་བའི་བསོད་ནམས་དཔལ། །རྡོ་རྗེ་འཛིན་པ་མཆོག་ལྡན་ལ། །མི་ཕྱེད་དད་པས་གསོལ་བ་འདེབས། །འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བཤད་སྒྲུབ་རྒྱལ་མཚན་འཛིན་མཛད་པའི། །མཁས་གྲུབ་ཆོས་དབྱིངས་རང་གྲོལ་ལ། །གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བསླབ་གསུམ་རིན་ཆེན་ཚུལ་ཁྲིམས་ལྡན། །སྟོང་ཉིད་ཆོས་སྐུའི་གནས་ལུགས་སྐྱོང་། །རྗེས་ཐོབ་སྙིང་རྗེའི་རྣམ་རོལ་ཅན། །པད་ཕྲིན་ཞབས་ལ་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་སྲིད་ཞི་ཀུན། །ཟབ་མེད་འོད་གསལ་ཆོས་ཀྱི་སྐུ། །ཅིར་སྣང་དག་པ་རབ་འབྱམས་སུ། །ད་ལྟ་ཉིད་དུ་འཆར་བར་ཤོག །འདི་བཟུང་བྱང་ཆུབ་མ་ཐོབ་པར། །རྡོ་རྗེ་ཐེག་པའི་ཉེ་ལམ་ལ། །ཐོས་བསམ་སྒོམ་པ་མཐར་ཕྱིན་ནས། །འགྲོ་བའི་དེད་དཔོན་བྱེད་པར་ཤོག །ཅེས་པ་འདི་ཡང་བརྒྱུད་པའི་ཁ་སྐོང་གི་ཚུལ་དུ་བགྱིད་པར་ཡུན་རིང་མོ་ཞིག་ནས་བསམས་ཀྱང་གཡེང་བས་ཕྱི་བཤོལ་དུ་ལུས་པ་ལས། ཕྱིས་རབ་འབྱམས་པ་བསྟན་པ་རབ་རྒྱས་ཀྱིས་བསྐུལ་ཞིང་རང་ཉིད་ཀྱང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས། པདྨའི་བསྟི་གནས་ཡང་རྫོང་དྲག་སྔགས་ཕུག་གི་གནས་སུ་ལྷ་རིགས་ཀྱི་རྣལ་འབྱོར་པདྨ་ཕྲིན་ལས་ཀྱིས་སྦྱར་བ་དགེ །དངོས་གཞིའི་ཉམས་ལེན་ནི། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན༔ སྣང་ཡང་བདེན་འཛིན་མེད་པའི་ངང་ལ་ཞོག༔ གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔ འདོད་ཆགས་རང་གྲོལ་བླ་མར་གསོལ་བ་འདེབས༔ གཟུགས་སྟོང་པའོ༔ སྟོང་པ་ཉིད་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ༔ འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ སྙན་དང་མི་སྙན་གྲགས་པའི་སྒྲ་རྣམས་ཀུན༔ གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔ གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང༔ གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ་བ་འདེབས༔ སྒྲ་སྟོང་པའོ༔ སྟོང་པ་ཉིད་སྒྲའོ༔ སྒྲ་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་སྒྲ་གཞན་མ་ཡིན་ནོ༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་བླ་མར་གསོལ་བ་འདེབས༔ སེམས་སྟོང་པའོ༔ སྟོང་པ་ཉིད་སེམས་སོ༔ སེམས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན༔ སྟོང་པ་ཉིད་ལས་ཀྱང་སེམས་གཞན་མ་ཡིན་ནོ༔ འདིའི་ལུང་གི་བརྒྱུད་པ་ནི། རིག་འཛིན་པདྨ་ཕྲིན་ལས་ཡན་ཁྲིད་ཡིག་ལྟར་ལ། དེས་བྱ་བཏང་སུ་དྷཱི་ཨརྠ། དེས་ལྷ་རིགས་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ལའོ། །དགེ་ལེགས་འཕེལ།། །།
དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་བཞུགས་སོ༔ རིག་འཛིན་ཡོངས་འདུས་ཀྱི་ཆོས་སྡེ་ (Volume 4, Text 36)
༔ དུས་གསུམ་རྒྱལ་བའི་སྤྱི་སྒྲུབ་བཞུགས་སོ༔ རིག་འཛིན་ཡོངས་འདུས་ཀྱི་ཆོས་སྡེའོ།། བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དུས་གསུམ་བདེ་གཤེགས་རྩ་བ་གསུམ༔ ཐུགས་སྲོག་སྙིང་པོ་གཅིག་ཏུ་དྲིལ༔ ཡང་སྙིང་ཐུགས་ཀྱི་གསང་སྒྲུབ་བསྟན༔ འཁོར་བ་དང་ནི་མྱ་ངན་འདས༔ ཀུན་གྱི་སྐྱབས་གནས་བླ་མ་བསྒྲུབ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ སྔོན་འགྲོ་མཆོད་ཚོགས་མཐུན་རྐྱེན་བསགས༔ ཕྱི་ནང་མཚམས་གཅོད་འཕྲང་དུ་ཞུགས༔ དངོས་གཞི་བདེ་བའི་སྟན་ལ་འདུག༔ རང་ཉིད་དབང་ཆེན་ལྷར་གསལ་བའི༔ སྙིང་དཀྱིལ་པདྨའི་གདན་སྟེང་དུ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ ཨ་ཙར་གཞོན་ཚུལ་མདངས་ལྡན་ལ༔ པདྨའི་ཞྭ་མོ་ལྷུབས་སུ་གསོལ༔ མཉམ་གཞག་ཕྱག་ན་ཐོད་པས་མཚན༔ དེ་ཡི་སྤྱི་མགྲིན་སྙིང་ག་རུ༔ ཨོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང༔ འོད་ཟེར་འཕྲོ་འདུའི་ཚུལ་དུ་བསྐྱེད༔ འབྲུ་གསུམ་དག་ལས་འོད་ཟེར་འཕྲོས༔ བཀའ་བརྒྱུད་བླ་མ་ཡི་དམ་ལྷ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཐུགས་ཀའི་བླ་མ་དག་ལ་བསྟིམ༔ མ་ཡེངས་ཡིད་ཀྱི་འཛིན་ཕུར་གདབ༔ སྐུ་ནི་སྣང་ལ་རང་བཞིན་མེད༔ གསུང་ནི་མ་འགག་སྟོང་པའི་སྒྲ༔ ཐུགས་ནི་སྤྲོས་མེད་མཉམ་པའི་ངང༔ དེ་འདྲའི་ཏིང་འཛིན་ངང་ཉིད་ལས༔ རྩེ་གཅིག་གུས་པའི་ང་རོ་ཡིས༔ གདུང་དབྱངས་གསོལ་བ་འདེབས་པའི་ཚུལ༔ འབྲུ་གསུམ་བཟླས་པ་རྟག་ཏུ་འབད༔ ཁྱད་པར་ཨོ་རྒྱན་པདྨ་བདག༔ རྔ་ཡབ་གནས་ནས་སྤྱན་དྲངས་ཏེ༔ སྙིང་གི་གུ་རུ་དག་ལ་བསྟིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་བསམ༔ སྙིང་པོ་བཟླས་ཤིང་ཉམས་སྤར་བས༔ བླ་མ་ཡི་དམ་དྷཱ་ཀི་དང༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་རྣམས༔ སྔོན་གྱི་ཐུགས་དམ་སྨོན་ལམ་གྱི༔ དམ་ཚིག་དབང་གིས་ནམ་མཁའ་ལ༔ སྤྲིན་ཚོགས་བཞིན་དུ་གཏིབས་ནས་ཀྱང༔ རང་ལུས་དང་ནི་སྤྱི་བོ་རུ༔ ཁ་བ་བཞིན་དུ་སིབ་སིབ་བབ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ཡི་དབང་རྫོགས་བསྐུར༔ ཐུགས་ཀའི་བླ་མ་དག་ལ་བསྟིམ༔ དེ་ལྟ་བུ་ཡི་དམིགས་པ་ཡིས༔ དུས་གསུམ་རྒྱལ་བ་གནད་ནས་དབབ༔ དབང་ཐོབ་ཙམ་གྱིས་རིག་འཛིན་གྱི༔ ས་ལ་དབང་བར་ཐེ་ཚོམ་མེད༔ ཁྱད་པར་ཚེ་ཡི་རིག་འཛིན་ཐོབ༔ ཏིང་འཛིན་དགོངས་པའི་གནད་གཟིར་ཏེ༔ ཐུགས་སྲོག་སྙིང་པོ་འབྲུ་གསུམ་བཟླ༔ དུས་གསུམ་བདེ་གཤེགས་མ་ལུས་པ༔ འདི་ཡིས་སྐད་ཅིག་ཉིད་ལ་འགྲུབ༔ བདུན་འབུམ་བྱེ་བ་ས་ཡ་སོགས༔ བཟླས་བརྗོད་བསྙེན་པ་གྲངས་ཐེམས་ནས༔ ཕྲིན་ལས་རྣམ་བཞི་གང་བསྒྲུབ་ཀྱང༔ འབྲུ་གསུམ་དཀར་སེར་དམར་དང་ལྗང༔ ཁ་དོག་བསྒྱུར་ཞིང་འོད་ཟེར་གྱི༔ འཕྲོ་འདུ་གསལ་བར་བསྒོམ་པ་ཡིས༔ གང་ལ་བསམ་པ་ཐོགས་པ་མེད༔ རྗེས་ནི་འཁོར་འདས་མ་ལུས་ཀུན༔ གསང་སྲོག་གསུམ་དུ་ངོ་ཡང་སྤྲོད༔ མི་འགྱུར་ལྟ་བའི་གྲུབ་མཐའ་བཟུང༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་ནི་ཨོཾ་ལ་གསུང་ནི་ཨཱཿ མི་འགྱུར་ཐུགས་སྲོག་ཧཱུྃ་ལ་འདུས༔ བསྐྱེད་རིམ་ཨོཾ་ལ་རྫོགས་རིམ་ཨཱ༔ ཟུང་འཇུག་ངོ་བོ་ཧཱུྃ་དུ་འདུས༔ ཐབས་ནི་ཨོཾ་ལ་ཤེས་རབ་ཨཱ༔ དབྱེར་མེད་ངོ་བོ་ཧཱུྃ་དུ་འདུས༔ སྣང་བ་ཨོཾ་ལ་སྟོང་པ་ཨཱ༔ ཟུང་འཇུག་ངོ་བོ་ཧཱུྃ་དུ་འདུས༔ མ་ཧཱ་ཨོཾ་ལ་ཨ་ནུ་ཨཱ༔ ཨ་ཏིའི་ངོ་བོ་ཧཱུྃ་དུ་འདུས༔ ཡབ་ནི་ཨོཾ་ལ་ཡུམ་ནི་ཨཱ༔ གཉིས་སུ་མེད་པ་ཧཱུྃ་དུ་འདུས༔ སྣོད་ནི་ཨོཾ་ལ་བཅུད་ནི་ཨཱ༔ ངོ་བོ་གཅིག་པུ་ཧཱུྃ་དུ་འདུས༔ དེ་སོགས་ཐམས་ཅད་དོན་ལ་མཚོན༔ ཨོཾ་ཨཱཿཧཱུྃ་གིས་ཕྱོགས་བཅུ་ཡི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ མི་ཟད་རྒྱན་གྱི་འཁོར་ལོ་དག༔ ངོ་བོ་ཡིག་འབྲུ་གསུམ་ལ་འདུས༔ འཁོར་བ་དང་ནི་མྱ་ངན་འདས༔ སྣང་སྲིད་ལམ་གྱིས་བསྡུས་པའི་ཆོས༔ དོན་ལ་འབྲུ་གསུམ་ངོ་བོར་གནས༔ དེ་ཕྱིར་མ་ལུས་ཐམས་ཅད་ཀུན༔ འདི་ཡིས་འགྲུབ་པར་གདོན་མི་ཟ༔ འབྲུ་གསུམ་རྒྱལ་བའི་སྤྱི་སྒྲུབ་ཏེ༔ ཨོ་རྒྱན་བདག་གི་གསང་སྒྲུབ་མཆོག༔ སྲོག་གི་དྭངས་མ་འདི་ཉིད་དོ༔ ཚིག་ཉུང་དོན་གྱི་སྙིང་པོ་དྲིལ༔ སྐབས་སུ་ཚིག་བདུན་ལ་སོགས་པ༔ གསོལ་བ་མཆི་མ་འབྱུང་བར་གདབ༔ ཉམས་རྟོགས་སྤར་ཞིང་དགོངས་པ་བསྐྱང༔ དེ་ལྟར་དམིགས་བཅས་དམིགས་མེད་དང༔ མདོར་ན་གང་ཅི་ཐམས་ཅད་ཀུན༔ ངོ་བོ་སྐྱེ་མེད་བློ་འདས་ངང༔ བསམ་མེད་བརྗོད་མེད་ཀ་ནས་དག༔ ཅིར་སྣང་རང་གྲོལ་གཉུག་མའི་ངང༔ རང་སེམས་ཆོས་སྐུའི་ངོ་བོ་རུ༔ གནད་ནས་བཟུང་སྟེ་དགོངས་པ་བསྐྱང༔ བླ་མ་རང་སེམས་ཆོས་སྐུར་གསལ༔ བླ་ནི་སྐྱེ་མེད་ཆོས་སྐུ་ཡིན༔ མ་ནི་འགག་མེད་ལོངས་སྤྱོད་རྫོགས༔ མ་འགག་རང་རྩལ་སྤྲུལ་པའི་སྐུ༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ རང་ལ་རང་ཆས་ཡོད་པའི་ཕྱིར༔ རང་ངོ་ཤེས་ཤིང་རྟོགས་པ་ན༔ འཁོར་འདས་ཆོས་རྣམས་གཅིག་ཏུ་གྲོལ༔ དེ་ལྟར་དགོངས་པའི་གནད་ལྡན་པས༔ བླ་མ་བསྒྲུབ་ལ་བརྩོན་པར་བྱ༔ སྣོད་བཅུད་སྙིང་པོ་རང་ལ་བསྡུ༔ རང་ཉིད་ཐུགས་ཀའི་བླ་མ་དེ༔ དེ་ཡང་འབྲུ་གསུམ་ཧཱུྃ་ལ་བསྡུ༔ དེ་ཉིད་གྱེན་གྱིས་ཐིག་ལེ་སྟེ༔ དེའང་སྟོང་གསལ་ནམ་མཁའ་ལྟར༔ དམིགས་མེད་བློ་བྲལ་ངང་ལ་བཞག༔ སྒྲུབ་པའི་མཐར་ཐུག་འདི་ཉིད་དོ༔ དུས་གསུམ་བདེ་གཤེགས་གསུང་སྒྲོས་ཏེ༔ འདི་ལས་ཟབ་པ་སྲིད་རེ་ཀན༔ རྗེས་སུ་དལ་བསྡུ་དབང་བཞི་བླང༔ སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད༔ ཡང་གསང་ཐུགས་ཀྱི་སྒྲུབ་མཆོག་འདི༔ རྩོད་བྲལ་སྐུ་འབག་འདི་ཉིད་དང༔ གསང་རྒྱས་བཏབ་སྟེ་གསང་གཏེར་སྦས༔ རྩོད་ལྡན་དུས་ཀྱི་ཐ་མ་ལ༔ ལས་དང་སྐལ་བར་ལྡན་པ་ཡི༔ ཐུགས་སྲས་གཅིག་དང་འཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐར་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ སོ་ཕག་ཤི་ཐཾ༔ བསམ་ཡས་ཀྱི་གཏེར་མའོ། །ཤུ་བྷཾ།། །།
འཆི་མེད་ཚེ་ཡི་སྒྲུབ་ཐབས་རྡོ་རྗེའི་རྒྱ་མདུད་ཀྱི་ཟབ་ཁྲིད་དམ་ལྡན་གྱི་སྙིང་ནོར་བཀའ་རྒྱ་མ་ (Volume 20, Text 36)
༄༅། །འཆི་མེད་ཚེ་ཡི་སྒྲུབ་ཐབས་རྡོ་རྗེའི་རྒྱ་མདུད་ཀྱི་ཟབ་ཁྲིད་དམ་ལྡན་གྱི་སྙིང་ནོར་བཀའ་རྒྱ་མ་ཞེས་བྱ་བ་བཞུགས་སོ། ། བདེ་ལྡན་ཞིང་གི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དང་གཉིས་སུ་མེད་པའི་དྲིན་ཅན་རྩ་བའི་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །འཆི་མེད་ཚེ་ཡི་སྒྲུབ་ཐབས་རྡོ་རྗེའི་རྒྱ་མདུད་ཀྱི་རིམ་པ་ལ། སྔོན་འགྲོ་དང་དངོས་གཞི་རྗེས་དང་གསུམ་ལས། དང་པོ་སྔོན་འགྲོ་བློ་ལྡོག་སོགས་ནི་ཆོས་སྤྱི་ལྟར་ལས། ཐུན་གྱི་དང་པོར་དལ་འབྱོར་ཐོབ་དཀའ་འཆི་བ་མི་རྟག །ལས་འབྲས་ཀྱི་གནས་ཚུལ་ལེགས་པར་བསམ་ཞིང་ལྷག་ཏུ་འཆི་བ་མི་རྟག་ནི་ནམ་ཡོང་ཆ་མེད་ཡིན། སླེབ་པའི་ཚེ་ན་སུས་ཀྱང་བཟློག་ཏུ་མེད། ང་ཚེ་རིང་དུ་འདོད་པ་དང་ལོ་གཅིག་གཉིས་ཀྱི་བར་ཆད་སེལ་བསམ་པ་མ་ཡིན་པར་འཆི་བ་མེད་པ་མཆོག་གི་གོ་འཕང་ཐོབ་སྟེ་འཆི་མེད་པད་འབྱུང་ལྟ་བུ་ཞིག་བྱེད་དོ་སྙམ་པའི་བློ་བསྐྱེད། དེ་ནས་རང་གི་སྤྱི་བོའམ་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་སྟེང་རྩ་བའི་བླ་མ་དང་གཉིས་སུ་མེད་པ། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་བ་ལས་ཀྱང་ཆེས་དམར་བ་བྱི་རུའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་འདྲ་བ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་སྤྲས་ཤིང་། ཕྱག་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིའི་བཅུད་ཀྱིས་བལྟམས་པའི་བུམ་པ་དགོས་འདོད་འབྱུང་བའི་དཔག་བསམ་གྱི་སྡོང་པོ་ལ་ལོ་འབྲས་མེ་ཏོག་གཡུར་དུ་རྒྱས་པ་བསྣམས་པའི་མཐའ་སྐོར་དུ། ཚེ་ཁྲིད་བརྒྱུད་པའི་བླ་མ་སོགས་མདོར་ན་བརྒྱུད་པ་དགུ་ལྡན་གྱི་བླ་མ་ཐམས་ཅད་དང་། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པའི་ཆོས་འཕགས་པའི་དགེ་འདུན། རྒྱུད་སྡེ་བཞི་དྲུག་གིས་བསྡུས་པའི་ཡི་དམ་ཞི་ཁྲོ་རབ་འབྱམས། དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་བཅས་འཇའ་དང་འོད་དུ་སྤུང་ངེ་ཁྲ་ཆེམ་མེར་བཞུགས་པའམ། ཡང་ན་བླ་མའི་རྣལ་འབྱོར་གྱི་སྐབས་ལྟར་མདུན་དུ་ཡི་དམ་ལྷ་ཚོགས། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། བར་མཚམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བལྟམས་པ་གསལ་བ་གང་བདེ་བསྐྱེད་ཅིང་། ལྷག་ཏུ་རྩ་བའི་བླ་མ་དང་ཚེ་དཔག་མེད་གཉིས་སུ་མེད་པར་ལེགས་པར་གསལ་ལ། ན་མོ༔ འཆི་མེད་ཚེའི་ལྷ་ལ་སྐྱབས་སུ་མཆི༔ཞེས་པས་སྐྱབས་འགྲོ་བྱ། བདག་དང་སེམས་ཅན་ཐམས་ཅད་དུས་དང་དུས་མ་ཡིན་པའི་འཆི་བ་ལས་བརྒལ་ཏེ་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པར་བྱེད་པ་འཆི་མེད་རྡོ་རྗེའི་རྒྱ་མདུད་ཉམས་སུ་བླངས་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་འཆི་བ་མེད་པའི་སར་བཀོད་དོ་སྙམས་ནས། སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་སྒྲུབ་བྱ༔ ཞེས་སོགས་ཚིག་དོན་མཐུན་པར་ནན་ཏན་བྱ། དེ་ཡན་སྐྱབས་སེམས་གཉིས་སོ། །ཚོགས་ཞིང་དེ་ལྟར་གསལ་བ་ལ་སླར་ཡང་འཆི་མེད་ཚེའི་ལྷ་ཚོགས་སོགས་བརྗོད་པས་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་སྔར་བས་ཀྱང་ཇེ་མང་དུ་བསྒོམ་ལ་རང་ཉིད་ཀྱིས་གཙོར་བྱས་འགྲོ་བ་ཐམས་ཅད་ལྷན་ཅིག་ཏུ་གུས་པ་ཆེན་པོས། བདེ་བ། མཉེན་པ། འཁྱུག་པ་དང་བཅས་པས་ཕྱག་འཚལ་བ་ནི་ང་རྒྱལ་གྱི་གཉེན་པོ་སྟེ་ཕྱག་གི་ཡན་ལག་གོ །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་པ་དངོས་བཤམ་ཡིད་སྤྲུལ་གྱི་ཚོགས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དང་མཚུངས་པར་འབུལ་བ་འདོད་ཆགས་ཀྱི་གཉེན་པོ་སྟེ་མཆོད་པའི་ཡན་ལག་གོ །ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་ལྟུང་ཉེས་པའི་ཚོགས་ཅི་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། གཞན་གྱིས་བགྱིད་པ་ལ་ཡི་རང་བ་དང་མདོར་ན་ཉེས་ལྟུང་གི་ཚོགས་ཚོར་བ་དང་མ་ཚོར་བའི་ཚོགས་ཅི་ཡོད་པ་ཐམས་ཅད་གནོང་འགྱོད་དྲག་པོ་དང་བཅས་པས་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ་སྙམ་པ་ཞེ་སྡང་གི་གཉེན་པོ་སྟེ་བཤགས་པའི་ཡན་ལག་གོ །སྲས་བཅས་རྒྱལ་བའི་མཛད་པ། རང་གིས་ལུས་ངག་ཡིད་གསུམ་གྱིས་སྤྱད་པའི་དགེ་བ། གཉེན་འདུན་གྱིས་སྤྱད་པའི་དགེ་བ། དགྲ་གཉེན་བར་མ་དོ་རྣམས་ཀྱིས་བྱས་པའི་དགེ་བ། དགྲ་ཡིས་སྤྱད་པའི་དགེ་བ་སོགས་སུ་ཡིས་སྤྱད་པའི་རྣམ་དཀར་གྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་ནི་ཕྲག་དོག་གི་གཉེན་པོ་སྟེ་ཡི་རང་བའི་ཡན་ལག་གོ །རང་གི་སྙིང་ག་ནས་ལྷ་ཚངས་པ་ལག་ན་རིན་པོ་ཆེའི་མཎྜལ་ཐོགས་པ་གྲངས་མེད་པར་སྤྲུལ་ནས་དུས་གསུམ་གྱི་སངས་རྒྱས་སྲས་སློབ་དང་བཅས་པ་ལ། ཡང་དག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི་གཏི་མུག་གི་གཉེན་པོ་སྟེ་ཆོས་འཁོར་བསྐུལ་བའི་ཡན་ལག་གོ །ཡང་རང་གི་སྙིང་ཁ་ནས་ལྷ་མོ་ཙུནྡྷ་དང་། དགྲ་བཅོམ་པ་ཙུནྡྷ་སོགས་སྐུལ་བྱེད་ཀྱི་ལྷ་དཔག་ཏུ་མེད་པ་སྤྲུལ་ནས་རྒྱལ་བ་སྲས་སློབ་ཐམས་ཅད་ཡོངས་སུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་བཏབ་པ་ནི། ལོག་ལྟའི་གཉེན་པོ་སྟེ་མྱ་ངན་མི་འདའ་བར་བཞུགས་སུ་གསོལ་བའི་ཡན་ལག་གོ །འཆི་མེད་ཚེའི་སྒྲུབ་པས་མཚོན་མདོར་ན་རང་གཞན་གྱི་རྣམ་པར་དཀར་བའི་དགེ་བའི་ཚོགས་ཅི་བགྱིས་པ་ཐམས་ཅད་བདག་གིར་བཟུང་བ་སྤུ་ཙམ་མེད་པར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུ་ཤེས་པས་ཐམས་ཅད་ཕྱིར་མི་ལྡོག་པའི་ས་ལ་བཀོད་པའི་ཕྱིར་དུ་བསྔོ་བ་ནི་ཐེ་ཚོམ་གྱི་གཉེན་པོ་སྟེ་དགེ་བའི་ཡན་ལག་གོ ༈ །དེ་ནས་དངོས་གཞི་ནི།ཏིང་འཛིན་རྣམ་གསུམ་ལས་དང་པོ་དེ་བཞིན་ཉིད་ནི། ཕྱི་ནང་སྣོད་བཅུད་སོགས་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དམིགས་སུ་མེད་པ་སྟེ་ནམ་མཁའ་ལྟ་བུ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ།།དེ་ཡང་ནམ་མཁའ་སྟོང་པ་ཉིད་ཀྱི་དཔེར་མཚོན་པ་ལས་ད་ལྟའི་ཕྱིའི་ནམ་མཁའ་ལྟར་ཨ་འཐས་ཆད་པའི་མཐར་ལྟུང་བ་ནི་མ་ཡིན་ནོ། །དེའི་ངང་ལས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མེད་ནས་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་ཀྱང་། འདི་རྣམས་རྒྱུ་མ་རིག་པ་ལ་རྐྱེན་གཟུང་འཛིན་གཉིས་ཀྱིས་བཅིངས་ནས་འབྲས་བུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་འདི་རྣམས་སྙིང་རེ་རྗེ།ད་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འཁོད་ན་ཅི་མ་རུང་སྙམ་པའི་སེམས་བསྐྱེད་དེ་སྟོང་ཉིད་ལ་སྙིང་རྗེའི་མདངས་སུ་འཆར་བ་ནི་ཀུན་སྣང་གི་ཏིང་འཛིན། དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཀློང་ལས། པཾ་ལས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་དབུས་སུ་སེམས་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་བསྐྱེད། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་ཆེན་སྐུ་མདོག་དམར་པོ་གཡས་གྲི་གུག་ནམ་མཁར་འཕྱར་བ། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པའམ། ཡང་ན་གཡས་ཚེ་འགུགས་པར་བྱེད་པའི་ལྕགས་ཀྱུ་དང་གཡོན་ཚེ་བཅུད་ཀྱིས་གང་བའི་བུམ་པ་འཛིན་པའམ་ཐོད་ཁྲག་གི་སྟེང་དུ་བུམ་པ་ཡོད་པ་གང་བདེ་དང་། གཞན་ཡང་དུར་ཁྲོད་ཀྱི་ཆས་བརྒྱད། དཔལ་གྱི་ཆས་བཅུ། གར་གྱི་ཉམས་དགུ་དང་ལྡན་པའི་གཙུག་ཏུ་ཕྲིན་ལས་བཞིའི་བརྡ་མཚོན་ཕྱིར་རྟ་མགོ་ལྗང་ཁུ་དྲག་པོའི་རང་བཞིན། ཞུར་དཀར་པོ་ཞི་བ། གདོང་ཕྲུམ་སེར་པོ་རྒྱས་པ། རྔོག་མ་དམར་པོ་དབང་གི་རང་བཞིན་ཏེ། དེ་ཡང་ཨ་འཐས་ཐེར་ཟུག་མ་ཡིན་པ་སྣང་སྟོང་གི་སྐུར་ལྷམ་མེར་གསལ་བ་ཉེ་རིང་འཚམ་པ་ལ། བྲིས་འབུར་གྱི་མེ་རི་ལྟ་བུ་ལེབ་མོ་མ་ཡིན་པ་འཇའ་འོད་དང་མེ་དཔུང་གི་གུར་དུ་ཕུབ་པ། མེ་ལྕེའི་རྩེ་མོ་ཐམས་ཅད་ནས་རྡོ་རྗེ་རལ་གྲི་ལ་སོགས་པ་རྣོ་ངར་དབལ་དང་ལྡན་པའི་མཚོན་ཆ་དུ་མ་འཕྲོས་ཏེ། ཚེ་སྲོག་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོ་མི་དང་མི་མ་ཡིན་པའི་ཚོགས་ཐམས་ཅད་བརླགས་པར་བསམ་པ་ནི་སྲུང་འཁོར་ཡང་མཆོག་ཏུ་གྱུར་པ་ཡིན་གསུང་། སྤྱི་གཙུག་ཏུ་པདྨ་དམར་པོ་འདབ་མ་བཞི་པ་ཟེའུ་འབྲུའི་སྟེང་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད། དྲིན་ཆེན་རྩ་བའི་བླ་མ་དང་གཉིས་སུ་མེད་པ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་བྱི་རུའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། དར་དང་རིན་པོ་ཆེ་སོགས་མཛེས་པའི་རྒྱན་ཆ་དུ་མས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། སྐུ་ལས་འོད་ཟེར་བྱེ་བ་དགུ་ཁྲི་སོགས་ཕྱོགས་བཅུར་འཕྲོ་བ། ཕྱག་གཉིས་མཉམ་གཞག་གི་སྟེང་དུ་རིན་པོ་ཆེ་བདུན་ལས་གྲུབ་པའི་བུམ་པ་འཆི་མེད་ཚེའི་བདུད་རྩིའི་བཅུད་ཀྱིས་བཀང་བ་ལ་དགོས་འདོད་འབྱུང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། པང་དུ་ཡུམ་གོས་དཀར་མོ་དམར་མདངས་ཅན་ཕྱག་གཡས་པདྨའི་ཕྲེང་བ་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཚེ་བུམ་ཡབ་ཀྱི་སྙན་ཐད་དུ་འཛིན་པ་ཐབས་ཤེས་གཉིས་མེད་དུ་འཁྲིལ་བ། གཡས་ཀྱི་པད་འདབ་ལ་སྤྱན་མ་དཀར། གཡོན་དུ་མཱ་མ་ཀཱི་སེར། མདུན་དུ་དབྱིངས་ཕྱུག་མ་སྔོ། རྒྱབ་ཏུ་དམ་ཚིག་སྒྲོལ་མ་ལྗང་གུ །དེ་རྣམས་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་བཅུ་དྲུག་གི་ལང་ཚོས་མཛེས་པ་ཕྱག་གཉིས་ཀྱིས་བདུད་རྩིའི་བུམ་པ་དཀུར་བསྣམས་པ་བསྒོམ། དེ་ལྟར་བསྒོམས་པའི་གཙོ་བོའི་སྤྱི་བོར་སྐུ་རྡོ་རྗེའི་བདག་ཉིད་ཨོཾ་ཡིག་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿཡིག་དམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་བདག་ཉིད་ཧཱུྃ་སྔོན་པོ་དང་། ཟླ་བའི་དཀྱིལ་དུ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ཧྲཱིཿཡིག་དམར་པོ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་རྙོགས་མ་དང་བྲལ་བ་ཞིག་བསྐྱེད། དེའི་མཐའ་སྐོར་དུ་ཨོཾ་གུ་རུ་ཨཱ་ཡུརྫྙཱ་ནའི་སྔགས་ཕྲེང་བཀླག་ཐབས་སུ་བསྐོར། ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟར་རྩེ་མོ་ཚུར་གུག་པ་ཞིག་འཕྲོས་པས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རིགས་བཞི་མགྱོགས་མ་དང་བཅས་པ། སྔར་གྱི་ཚོགས་ཞིང་ལས་ཀྱང་ཆེས་མང་བ་ཏིལ་གྱི་གང་བུ་ལྟར་དཔག་ཏུ་མེད་པ་བརྗོད་དུ་མེད་པ་ལྷོ་སྤྲིན་གཏིབས་པ་བཞིན་དུ་བྱོན་ནས་སོ་སོའི་དམ་ཚིག་པ་ལ་ཐིམ་པས་ད་དུང་སྔར་བས་ཀྱང་ཇེ་མང་དང་གཟི་བརྗིད་འོད་ཟེར་དུ་མ་སྤྲོ་བ་ཞིག་བསྒོམ། རང་ཉིད་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་སྒེག་པའི་ཉམས་དང་ལྡན་པ་དཔག་ཏུ་མེད་པ་སྤྲོས། དེ་དག་གིས་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་ཀྱི་སྤྱན་གྱི་དབང་པོ་ཚིམ་པར་བྱེད་པ་མནྡྷ་ར་བ་སོགས་མེ་ཏོག །དེ་བཞིན་ཤངས་ལ་ཨ་ག་རུ་སོགས་བདུག་སྤོས། ལྗགས་ལ་རོ་བཅུད་ནུས་ལྡན་གྱི་ཞལ་ཟས། ཐུགས་ལ་ཞུན་མར་མདངས་ལྡན་གྱི་མར་མེ། སྐུ་ལ་ཙནྡན་གུར་གུམ་ལ་སོགས་ཀྱི་དྲི་ཆབ་འཐོར་འཐུང་སོགས་ཀྱི་ཕྱིའི་མཆོད་པ། མཛེས་པའི་གཟུགས། སྙན་པའི་སྒྲ། ཞིམ་པའི་དྲི། བདའ་བའི་རོ། འཇམ་པའི་རེག་བྱ་ལ་སོགས་པ་ནང་གི་མཆོད་པ། རིགས་མ་བཅུ་དྲུག་ལ་སོགས་པ་གསང་བའི་མཆོད་པ་སོགས་ཕུལ་ཞིང་། ཁྱད་པར་སྙིང་ག་ནས་སྨན་གྱི་ལྷ་མོ་འཕྲོས་ཏེ་རྩ་བརྒྱད་ཡན་ལག་སྟོང་དང་སྦྱར་བའི་བདུད་རྩི་ཐུགས་ཀར་ཕུལ་བས་ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་ནས་ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། ཡིད་འཁྲུལ་མེད་ཡེ་ཤེས་རྟོགས་པར་བསམ། འདོད་ཆགས་རཀྟ་འབུལ་སྐབས་ཚེ་དཔག་མེད་ཅུང་ཟད་ཁྲོས་པའི་ཉམས་དང་ལྡན་པར་བསམ་ལ། ཞེ་སྡང་གཏི་མུག་སོགས་དུག་ལྔ་བསྒྲལ་པའི་རཀྟ། འབྱུང་བ་རྒྱུའི་རཀྟ་ཆུ། མ་ཧཱ་རཀྟ་སྟེ་ཞིང་བཅུ་བསྒྲལ་བའི་ཁྲག །ཡབ་ཡུམ་སྙོམས་འཇུག་གི་བྱང་སེམས་དཀར་དམར་གྱི་མདངས་ལ་སྔོ་བའི་འོད་ཟེར་འཕྲོ་བའི་རྡུལ་མགྲིན་པར་ཕུལ་བས་གསུང་གི་དམ་ཚིག་ཉམས་པ་སོར་ཆུད་གསུང་གི་བྱིན་རླབས་ངག་ལ་ཞུགས། ངག་འགག་མེད་ཚངས་དབྱངས་ཐོབ། ཁ་མངར་སྐྱུར་བ་སོགས་རོ་དྲུག་ནུས་བཅུད་ལྡན་པའི་གཏོར་མ་སྨིན་མཚམས་སུ་ཕུལ་ལྗགས་ཀྱི་སྦུ་གུས་གསོལ་བར་བསམ་པས་སྐུ་ཡི་དམ་ཚིག་ཉམས་པ་སོར་ཆུད་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། ལུས་འཆི་མེད་རྡོ་རྗེའི་སྐུར་གྲུབ་པར་བསམ་ཞིང་། ནམ་མཁའ་ནས་ལྷ་དང་ལྷ་མོ་རྣམས་ཀྱིས་མཆོད་པའི་ཚུལ་དང་། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་བསྔགས་པའི་ཚུལ་གྱིས། རང་བྱུང་འོད་གསལ་ལ་སོགས་སྐུ་གསུང་ཐུགས་ལ་བསྟོད་པ་བྱ་བར་བསམ་ལ། ཨོཾ་ནས་ཧྲཱིཿཐཱ་ཡཱའི་བར་འདོན་ཞིང་། སླར་ཡང་གོང་གི་དམིགས་པ་གསལ་བཏབ། དེ་ནས་ལྷ་མོ་དེ་དག་ཐམས་ཅད་རང་ལ་ཐིམ་པས་གཟི་བརྗིད་དང་ལྡན་པར་བསམ། དེ་ནས་མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་དང་ཕྱག་གི་བུམ་པའི་ནང་གི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་སྤྲོ་ཞིང་། ཁྱད་པར་ཡབ་ཡུམ་སྙོམས་པར་འཇུག་པའི་བདེ་བ་ཆེན་པོའི་རྡུལ་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་རླབས། ལྷ་དང་དྲང་སྲོང་རིག་འཛིན་ལ་སོགས་ཀྱི་ཚེ་དཔལ། ས་ཆུ་མེ་རླུང་ལ་སོགས་འབྱུང་བའི་བཅུད། ལྷ་ཀླུ་མི་དང་བཅས་པའི་སྲོག་ནྲྀཿཨ་ལ་སོགས་པ། མདོར་ན་འཁོར་འདས་ཀྱི་ཚེ་དཔལ་བསོད་ནམས་སྟོབས་དང་གྲགས་པ་ཐམས་ཅད་འུབ་ཀྱིས་འདུས་ཏེ་ཚེ་དཔག་མེད་ཀྱི་བུམ་པར་ཐིམ། སླར་ཡང་ཕྱོགས་བཞིའི་ཚེའི་ལྷ་མོ་བཞི་ལས་དེ་དང་འདྲ་བ་སྤྲུལ་པ་དང་། པང་གི་ཡུམ་མཆོག་གོས་དཀར་མོ་ལས་སྤྲུལ་པའི་ཕྱག་གི་བུམ་པས་འབྱུང་བ་མེའི་བཅུད་པདྨ་རཱ་གའི་ཁ་དོག་ལྟ་བུ་འུབ་ཀྱིས་བསྡུས། དེ་བཞིན་མཱ་མ་ཀཱིས་འབྱུང་བ་ཆུའི་སྙིང་པོ་ཟླ་བ་ཆུ་ཤེལ་གྱི་ཕུང་པོ་ལྟ་བུ། སྤྱན་མས་འབྱུང་བ་སའི་སྙིང་པོ་གསེར་ཞུན་མ་ལྟ་བུ། དམ་ཚིག་སྒྲོལ་མས་འབྱུང་བ་རླུང་གི་སྙིང་པོ་ཨིནྟྲ་ནཱི་ལའི་ཁུ་བ་ལྟ་བུ། དབྱིངས་ཕྱུག་མས་འབྱུང་བ་ནམ་མཁའི་སྙིང་པོ་བཻ་ཌཱུརྻའི་ཐིགས་པ་ལྟ་བུ་དེ་ཡང་བུམ་པས་ཆུ་བཅུས་པ་ལྟ་བུ་མ་ཡིན་པར། དཔེར་ན་སའི་སྙིང་པོ་བླང་ཕྱིར་བུམ་པས་རི་རབ་ལ་རེག་པ་ཙམ་གྱིས་སའི་བཅུད་ཐམས་ཅད་ཐུགས་རྗེ་དང་ནུས་པའི་སྟོབས་ཀྱིས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་བཞིན་དུ་འུབ་ཀྱིས་བསྡུས་ནས། སོ་སོའི་བུམ་པ་བཀང་ནས་གཙོ་བོའི་བུམ་པར་བྱོས་པས་ཚེའི་བདུད་རྩི་ཆི་ལི་ལི་ཁོལ་བར་བསམ་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ། ཧྲཱི༔ ལྷག་པའི་ལྷ་མཆོག་སོགས་ཀྱིས་གསོལ་བ་བཏབ་པས། གཙོ་བོའི་བུམ་པའི་བདུད་རྩི་ལུད་པའི་ཚུལ་གྱིས་ཚངས་བུག་ནས་ཞུགས་མགྲིན་པ་ཡན་ཁེངས་དབང་དང་པོ་བུམ་དབང་ཐོབ་ལུས་སྒྲིབ་སྦྱངས་ལུས་ལྷ་སྐུ་བསྒོམ་པ་ལ་དབང་བ་སྐུ་ཡི་དབང་། སྙིང་ག་ཡན་གང་དབང་གཉིས་པ་གསང་དབང་ཐོབ་ངག་གི་སྒྲིབ་པ་སྦྱངས་ངག་ཚངས་དབྱངས་ཐོབ་ཅིང་རྩ་རླུང་བསྒོམ་པ་ལ་དབང། ལྟེ་བ་ཡན་གང་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་སྦྱངས་ཡིད་རྟོག་མེད་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་ལམ་ཐིག་ལེ་སྒོམ་པ་ལ་དབང་། རྐང་མཐིལ་ཡན་གང་དབང་བཞི་པ་ཚིག་དབང་སྤྲོས་མེད་ཐོབ་ཡེ་ཤེས་ཀྱི་དྲི་མ་སྦྱངས་ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། རིམ་པ་བཞིན་དུ་འབྲས་བུ་སྐུ་བཞི་ཐོབ་པའི་སྐལ་པ་བཞག་པར་བསམ། དེ་ལྟར་ཐེངས་གསུམ་ནན་ཏར་བྱས་པའི་མཐར་བདུད་རྩིའི་ཟེར་མ་རང་གི་བ་སྤུའི་བུ་ག་རྣམས་ནས་ཕྱོགས་བཅུར་འཕྲོས་པས། ཕྱི་སྣོད་ཀྱི་དྭངས་མ་ནང་བཅུད་ཀྱི་སྙིང་པོ་ཁྱད་པར་ཚངས་པ་སོགས་ལྷ་དགའ་བོ་སོགས་ཀླུ་དབང་རྒྱལ་པོ་སོགས་མི་མདོར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་བའི་དྭངས་མ། ཨ་དཀར་པོ་དང་ནྲྀཿལྗང་གུའི་རྣམ་པ་བཀྲག་མེར་མེར་གང་བ་འོད་ཟེར་དང་བཅས་ཏེ་རང་གི་བ་སྤུའི་བུ་ག་རྣམས་སུ་ཞུགས། ཁྱད་པར་ནྲྀཿཉིད་སྙིང་གའི་ཧྲཱིཿཡིག་གི་ཧ་ཡི་ཁོག་པར་བཅུག །ཨ་ནྲྀའི་མིག་ཏུ་བཅུག་ལ་སྙིང་ཁར་ཉི་ཟླ་གྭའུའི་ནང་དུ་བཅུག་སྟེ་ཕ་ལམ་གྱི་རྡོ་རྗེའི་སྐུད་པས་བཅིངས་ཏེ་སུས་ཀྱང་གླགས་མི་རྙེད་པ་འཆི་མེད་རྡོ་རྗེའི་སྐུ་ཐོབ་པར་བསམ་ཞིང་། གོང་གི་ལྷ་མོ་རྣམས་ཀྱིས་བཅུད་བསྡུས་པས་མེ་ཡིས་དྲོད་ཀྱི་སྒོ་ནས་ཚེ་ཉམས་པ་དང་ཆུས་ཁྲག་གི་ས་ཡིས་ཤ་རླུང་གིས་དབུགས་ནམ་མཁས་སེམས་ཀྱི་སྟེ་ཚེ་ཉམས་པ་ཐམས་ཅད་གསོས་ནས། རང་ལུས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་རྡོ་རྗེའི་སྐུར་གྱུར་པར་བསམ་ལ། ཨོཾ་གུ་རུ་ཨཱ་ཡུའི་ཛཔ྄་ཅི་ནུས་སུ་འབད། དེ་ནས་རྗེས་ཀྱི་དོན་ནི། མདུན་བསྐྱེད་ཀྱི་རྒྱལ་བ་སྲས་བཅས་ཐམས་ཅད་དང་ཁྱད་པར་ཚེའི་ལྷ་མོ་དང་བཅས་པ་གཙོ་བོ་ལ་ཐིམ། དེ་སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོར་བྱོན། ཐུགས་ཀའི་ཟླ་བ་ལས་ཐིགས་པ་ཞིག་མཆེད་ནས་ཐབས་མཆོག་ཧཾ་ཡིག་གི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཞིག་སྙིང་གར་བབས། ལྟེ་བ་ཤེས་རབ་ཨ་ཐུང་ལས་ཉི་མའི་དཀྱིལ་འཁོར་ཞིག་ཡར་མཆེད་དེ་ཟླ་ཉི་འཛོམ་པའི་བར་དུ་ཧྲཱིཿཡིག་ཧའི་ཁོག་པར་ཕྱི་ནང་འབྱུང་བའི་དྭངས་མ་ཚེ་བཅུད་ཀྱི་སྙིང་པོ་ནྲྀ་ལྗང་གུ །ནྲྀ་ཡིག་གི་མིག་ཨ་ལོང་ལྟ་བུའི་ནང་དུ་ཨ་དཀར་པོ་གནས་པའི་མཐར་ཨོཾ་གུ་རུ་ཨཱ་ཡུརྫྙཱ་ན་ཞེས་པའི་སྔགས་རྣམས་འོད་ཟེར་གྱི་དྲྭ་བ་གཅིག་ལ་གཅིག་འཁྱུད་པ་དང་ཚོན་གྱི་གྲུ་གུ་བཞིན་དུ་བསྟུམས་པ། དེའི་ཕྱིར་གོང་ལྟར་ཕ་ལམ་ལས་གྲུབ་པའི་རྡོ་རྗེའི་སྐུད་པས་བཅིངས་ཏེ་ནམ་དུའང་ལྷ་འདྲེ་མི་སོགས་གདོན་བགེགས་གང་གིས་ཀྱང་གླགས་མི་རྙེད་པ་ཞིག་རྡོ་རྗེའི་ལྟེ་བར་བྱས་ནས། རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་རྒྱུ་ཕ་ལམ་ལས་གྲུབ་པ་སྲ་ཞིང་བརྟན་པ་སོགས་རྡོ་རྗེའི་མཚན་ཉིད་བདུན་དང་ལྡན་པ་ཞིག་ཏུ་གསལ། སྔར་འདས་ཀྱི་རྗེས་མི་བཅད་མ་འོངས་པའི་མདུན་མི་བསུ་ད་ལྟའི་ཤེས་པ་ལ་བཟོས་མ་བསླད་པ་གསལ་སྟོང་འཛིན་མེད་སྐྱེ་འགག་གནས་བྲལ་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་པའི་ངང་ལ་ཆམ་གྱི་ཀློད་ལ་བཞག་གོ །ཞེས་རྩ་བའི་བླ་མའི་གསུང་ལྗགས་ཀྱི་བདུད་རྩི་ཞལ་ཤེས་མན་ངག་ཡང་ཟབ་འདི་ཉིད་རང་གི་ཁྲིད་མ་ཐོབ་པ་རྣམས་ལ་བསྟན་མི་རུང་བའི་དམ་ཚིག་ཤེས་པར་མཛོད་ཅིག། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཟུར་རྒྱན་ཞི་ཁྲོ་བསམ་གཏན་ཆོ་ག་ (Volume 3, Text 36)
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཟུར་རྒྱན་ཞི་ཁྲོ་བསམ་གཏན་ཆོ་ག་བཞུགས་སོ། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ ཐུགས་ཀར་འཛིན་ཅིང་གཡོན་པ་ཡིས༔ དྲིལ་བུ་དཀུར་བརྟེན་ཞབས་སེམས་སྐྱིལ༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ རྒྱན་དང་ཆ་ལུགས་རྫོགས་པར་བསྐྱེད༔ མགྲིན་པར་རིག་འཛིན་ལྷ་ཚོགས་གསལ༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ ཧཱུྃ། ཆོས་དབྱིངས་སྐྱེ་མེད་བུམ་པའི་ནང་། །བུམ་བསྐྱེད་་་་སྐུ་གསུམ་དཀྱིལ་འཁོར་ཡོངས་རྫོགས་གསལ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ལས། མདུན་བསྐྱེད་་་་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ཤར། །སྤྲུལ་སྐུ་མ་ངེས་སྐུར་བཞེངས་ལ། །དབང་བསྐུར་རྟེན་དུ་བྱིན་རླབས་ཞུ། །ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས། །འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན། །རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ། །རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ། །གུས་པའི་སེམས་ཀྱིས་འབུལ་ལགས་ན། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཧཱུྃ། ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ། །ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ། །སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད། །རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད། །སྐོང་བཤགས། ཧཱུྃ། སྟོང་གསུམ་འདིའམ་གཞན་དག་ན། །ལྷ་རྫས་མཆོག་གི་ཉེར་སྤྱོད་བདུན། །རྒྱུ་རྐྱེན་རྣམ་པར་དག་པའི་རྫས། །བླ་མེད་མཆོག་གི་མཆོད་པ་འདིས། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་དང་། །དམ་ཅན་རྒྱ་མཚོ་ལ་སོགས་པའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །སྟོང་གསུམ་སྣོད་ཀྱི་བྷན་དྷ་རུ། །རང་རྩལ་བཅུད་ཀྱི་བདུད་རྩིས་བཀང་། །སྐོང་བའི་རྫས་མཆོག་བླ་ན་མེད། །བཀྲམ་པའི་ལྷ་ཚོགས་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃ། འཁོར་ལོ་ལྔ་ཡི་བྷན་དྷ་རུ། །ཐིག་ལེ་རཀྟའི་བདུད་རྩིས་བཀང། །འདི་ཡང་རྨད་བྱུང་སྐོང་བའི་རཀྟ་སྟེ། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གདལ་ཁྱབ་པགས་པའི་གཏོར་གཞོང་དུ། །རིག་པ་རང་གསལ་དཔལ་བཤོས་བཙུགས། །རང་སྣང་ཤ་ཡི་མཐེབ་ཀྱུས་སྒྲོན། །བཀྲག་དང་གཟི་མདངས་ཛ་གད་གསལ། ཁྲག་དང་ཆུ་སེར་རཀྟས་བྲན། །སྐོང་བའི་གཏོར་མ་བླ་ན་མེད། །ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃ། གདལ་ཁྱབ་པགས་པའི་ཀོང་བུ་རུ། ཁྲག་དང་ཆུ་སེར་མར་ཁུས་གཏམས། །ཤ་དང་རུས་པའི་སྡོང་བུ་བཙུགས། །རང་གསལ་བཀྲག་མདངས་སྒྲོན་མེ་སྦར། །འདི་ཡང་རང་བྱུང་ཞུན་མར་ཏེ། །སྐོང་བའི་ཞུན་ཆེན་བླ་ན་མེད། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ། །ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས། །འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས། །ས་བཅུ་གཅིག་ཅར་རྫོགས་པར་གྱུར་ནས་ནི། །ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་ཤོག །ཁམས་དང་སྐྱེ་མཆེད་གནས་དག་པའི། །ཞི་བའི་ལྷ་ཚོགས་ཀློང་དུ་བསྐང་། །ཉོན་མོངས་རྟོག་པ་གནས་གྱུར་པའི། ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང་། །མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཀུན་བཟང་རྡོར་སེམས་ཆེ་མཆོག་ཧེ་རུ་ཀ །རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱ་ཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ གང་འདོད་བཟླའོ། །ཞེས་རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་ཤིང་སྦྲུལ་མགོ་ཟླ་བའི་ཚེས་བཅུར་གཞུང་ནས་བཏུས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།
བསྟན་པ་སྐྱོང་བའི་དམ་ཅན་ཆེན་པོ་རྣམས་ཀྱི་ཕྲིན་ལས་དངོས་གྲུབ་ཀྱི་རོལ་མཚོ་ (Volume 39, Text 36)
༄༅། །ཤཱསནཔཱལ མཧཱསམཡསེབཱིཀརྨ སིདྡྷིལཱིལཱསར ནཱམབིཧར ཏིསྨ། ། ༄༅། །བསྟན་པ་སྐྱོང་བའི་དམ་ཅན་ཆེན་པོ་རྣམས་ཀྱི་ཕྲིན་ལས་དངོས་གྲུབ་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་དྷཱ་ར་ཡ། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་ལས་བྱང་དངོས་གྲུབ་ཀྱི་རོལ་མཚོ་ཞེས་བྱ་བ། ཁྱབ་བདག་ཧེ་རུ་ཀ་དཔལ་མཆོག་གི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །གཟོད་ནས་རབ་ཞི་འགྱུར་བ་མེད་གང་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས། །སྙིང་རྗེའི་རང་གཟུགས་མི་བཟད་འཇིགས་རུང་སྒྱུ་མའི་རྣམ་རོལ་ཁྲོ་བོའི་དབང་།། དགྲ་བགེགས་ཁྲག་གིས་ཀུན་ནས་རབ་མྱོས་དྲག་ཤུལ་གོམ་པས་ས་གསུམ་གཡོ། །ཧེ་རུ་ཀ་དཔལ་དཔའ་བོ་དེ་ཡིས་བདུད་སྡེའི་ཀླད་པ་འགེམ་གྱུར་་ཅིག །དེ་ཡི་ཕྲིན་ལས་གྲུབ་པའི་ཞལ་གྱི་ལུང་། །འདི་དང་གཞན་དུ་བདེ་བའི་མཆོག་སྟེར་བའི། །སྲིད་པའི་ཉེས་ཀུན་འཕྲོག་བྱེད་བདུད་རྩིའི་སྐྱེས། །སྐལ་བཟང་མཆོག་འདོད་རྣམས་ལ་བདག་གིས་སྦྱིན། །དེ་ཡང་སྲུང་མའི་དབང་པོ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་སྤྱི་བྱེ་བྲག་གི་དམ་ཚིག་ལ་ཡང་དག་པར་གནས་པའི་རྣལ་འབྱོར་པ། དངོས་གྲུབ་རྣམ་པ་གཉིས་ཀྱི་ཆེད་དུ་ལྷག་པར་མོས་པ་བརྟན་པ་དག་གིས་ཚུལ་འདི་ལ་ནན་ཏན་དུ་བྱ་སྟེ། དེའི་རིམ་པ་ནི། རྫས་བཤམ་བདག་བསྐྱེད་མཆོད་བྱིན་རློབ། །སྤྱི་གཏོར་རྣམ་བཞི་སྔོན་འགྲོ་འོ། །སོ་སོའི་ལས་རིམ་གཏོར་མ་འབུལ། །བསྟོད་པ་རྗེས་འབྲང་བཟླས་པ་བྱ། །ཚོགས་མཆོད་སྐོང་བཤགས་དྲག་བསྐུལ་དང་། །སྟོབ་པ་རྣམ་དགུ་དངོས་གཞི་འོ། །མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་བྱ། །གཤེགས་གསོལ་བསྔོ་སྨོན་ཤིས་བརྗོད་རྗེས། །ཞེས་པའི་དང་པོ་སྔོན་འགྲོ་ལ་བཞིའི་དང་པོ་ཡོ་བྱད་བཤམ་པ་ནི། དུར་ཁྲོད་དམ་སྒྲུབ་པའི་ཁང་པ་མཚན་ཉིད་ཚང་ཞིང་ཡིད་དང་མཐུན་པའི་གནས་ཁང་བླ་རེ་ལྡ་ལྡི་མདའ་དར་ཕྱེ་ཕུར་རྒྱལ་མཚན་སྟག་གཟིག་གི་པགས་པ་གོ་མཚོན་རྒྱན་ཕྲེང་སོགས་ཀྱིས་འཇིགས་པར་བརྒྱན་པའི་དབུས་སུ་དམ་ཅན་ཆེན་པོ་རྣམས་ཀྱི་སྐུ་རྟེན་བྲིས་འབུར་སོགས་བཞུགས་སུ་གསོལ། དེ་དག་གི་མདུན་དུ་སྟེགས་བུ་སུམ་རིམ་ལ་དངོས་སམ་བྲིས་པའི་གཡང་གཞིས་བཀབ་པ་ལ། དང་པོར་ཐོད་པ་ལ་སོགས་པའི་སྣོད་བཟང་པོར་གོང་གནོན་ལྷའི་འདས་གཏོར་དང་བཀའ་སྲུང་ལྕམ་དྲལ་གྱི་གཏོར་མ་བཅུ་ཚར་བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་ཁ་ཟས་བཟང་དགུ་དང་རིན་ཆེན་འབྲུ་སྨན་སོགས་ཀྱིས་བསྐོར། དར་སྣ་ཚོགས་པའི་གུར་ཕུབ་ཀྱིས་བརྒྱན་པ་ཚར་དུ་དངར་བ་བཤམ། གཉིས་པར་སྐོང་གཏོར་རྣམས་དང་སྤྱི་བྱེ་བྲག་གི་གཏེར་སྲུང་གཞི་བདག་གཏོར་མ་རྣམས་རིམ་པར་བཤམས་པའི་གཡས་སུ་ཐོད་པར་མྱོས་བྱེད་བཟང་པོ་བདུད་རྩི་རིལ་བུས་སྦགས་པའི་སྨན་ཕུད། གཡོན་དུ་ཁྲག་སྣའི་དྭངས་མ་ག་པུར་སོགས་ཀྱིས་བཞུར་བའི་རཀྟ། གསུམ་པར་མདུན་བསྐྱེད་ཀྱི་གཡས་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ། གཡོན་ནས་བརྩམ་སྟེ་ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །འདྲེ་འཇིགས་དང་གསུར་ཆེན་གྱི་སྤོས། འབྲུ་མར་དང་ཚིལ་ཞུན་གྱི་མར་མེ། བདུད་རྩི་དང་མཁྲིས་པའི་དྲི་ཆབ། ཤ་ཁྲག་རུས་པའི་ཞལ་ཟས། བཤོས་བུ་དམར་ནག་རྣམས་བཤམས་པའི་བར་དུ་ཐུན་མཐར་འབུལ་བའི་གཏོར་མ་བཀོད། གཞན་ཡང་ཕྱི་ནང་གསང་བའི་མཆོད་རྫས་དང་མཐུན་རྫས་སྐོང་རྫས་སྤྱན་གཟིགས་ལ་སོགས་པ་བཟང་ཞིང་བཀོད་པས་མཛེས་པ་དང་། རྡོ་རྗེ་དྲིལ་བུ་ཌཱ་མ་རུ་སོགས་རོལ་མོའི་ཁྱད་པར་དུ་མ་དང་། གཡབ་དར་ནང་མཆོད་ཚོགས་རྫས་སོགས་དམ་ཚིག་གི་ཡོ་བྱད་ཐམས་ཅད་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་ཚོགས་པར་བྱའོ། །གཉིས་པ་བདག་གི་རྣལ་འབྱོར་ནི། བཀའ་བརྒྱད་དང་ཕུར་པ་ལ་སོགས་པ་ལྷག་པའི་ལྷ་གང་རུང་གི་རྣལ་འབྱོར་སོ་སོའི་གཞུང་བཞིན་བྱེད། བསྡུས་པར་སྤྲོ་ན། སྐྱབས་སེམས་དང་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། ཨཱོྃ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོར་དག་པའི་དབུས་སུ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་མཆོག་ཏུ་འབར་བ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་པ་དང་། གཡོན་གསུམ་ཐོད་པ་ཁྲག་གིས་གང་བ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་ཁ་ཊྭཱཾ་དང་ཐོད་པ་འཛིན་པ་དང་སྙོམས་པར་འཇུག་པ། ཞབས་བཞི་གཡོན་བརྐྱང་གིས་དྲེགས་པ་ཕོ་མོའི་གདན་ལ་གནས་པ། དུར་ཁྲོད་རོལ་པའི་ཆས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་རྣམ་པར་དག་པའི་སྐུ་ཅན་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །དེའི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས་པ་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཀུན་བཟང་ཡབ་ཡུམ་གྱིས་དབུ་བརྒྱན་པར་བསམ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་སྙེམས་པ་མཆོག་ཏུ་བརྟན་པོས། རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་བཻ་ཌཱུརྱའི་ཕྲེང་བ་ལྟ་བུས་གཡས་སུ་འཁོར་བར་བལྟས་ལ་སྤྲོ་བསྡུའི་དམིགས་པ་དང་སྦྱར་ཏེ། ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ། ཞེས་པ་ཅི་ནུས་བཟླས་ལ་ཉེར་བསྡུ་བྱས་ཏེ་ཐུན་མཚམས་ཀྱི་ཧེ་རུ་ཀའི་སྐུར་ལྡང་ངོ་། །གསུམ་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། ཨཱོྃ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་པས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡའི་བར་གྱིས་བྱིན་གྱིས་བརླབ། བདུད་རྩི་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨཱོྃ་སྭཱ་ཨཱཾཿཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ། སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨཱོྃ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ལན་གསུམ། རཀྟ་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་པདྨ་འབར་བའི་སྣོད་དུ་ར་ལས་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་འཁྲུགས་པ་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨཱོྃ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ། ལན་གསུམ། གཏོར་མ་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཡེ་ཤེས་ཀྱི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་བལྡག་གཞིབ་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨཱོྃ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ལན་གསུམ་གྱིས་བྱིན་གྱིས་བརླབ། བཞི་པ་བླ་མ་ཡི་དམ་སྤྱིའི་གཏོར་འབུལ་ནི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བསམ་ཞིང་། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨཱོྃ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨཱོྃ་ཨཱཿཧཱུྃ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་ཝཱ་ར་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་ཕྱི་མཆོད་དང་། བཛྲ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེས་ལ་ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ཞིང་། གོང་གི་སྔགས་མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀཧྞནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪཿ ཞེས་ལན་གསུམ་གྱིས་གཏོར་མ་འབུལ། བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཧཱུྃ། མཐིང་ནག་མི་བཟད་སྲིན་པོའི་གཟུགས། །གར་དགུའི་ཉམས་ལྡན་རྔམ་ཞིང་ཁྲོ། །གཏུམ་ཆེན་ཉི་མ་འབུམ་གྱི་གཟི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རབ་འཇིགས་ཧ་ཧ་ཧཱུྃ་ཕཊ་ཀྱི། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །རྡོ་རྗེའི་གད་མོས་ས་གསུམ་གཡོ། ཁྲོ་རྒྱལ་གསུང་ལ་ཕྱག་འཚལ་བསྟོད། །མི་དམིགས་ཁྱབ་བརྡལ་ཟབ་གསལ་བ། །སྤྲོས་པ་ཀུན་བྲལ་ཡེ་ཤེས་ཆེ། །སྨྲ་བསམ་བརྗོད་མེད་རྡོ་རྗེའི་ཐུགས། ཁྲོ་རྒྱལ་ཐུགས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་འདོད་དོན་གསོལ། གཉིས་པ་དངོས་གཞི་ལ་དགུ་ཡི་དང་པོ་དམ་ཅན་སོ་སོའི་ལས་རིམ་ལས། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས་ནི། ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་་ཀྱིས་བསང། ཨཱོྃ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཁྲག་ཞག་འཁྲུག་པའི་ཀློང་། མ་ལ་ཡ་གནམ་ལྕགས་འབར་བའི་དོ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན་སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་རྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙནྡན་གྱི་བེང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་འབུམ་དང་། བེང་སྨད་ནས་བདུད་དམག་ཉིས་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་། གསེར་སྐེད་ནོར་བུའི་མིག་ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་རིགས་ལྔའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏིའི་ལྷམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ན་སེང་གེ་རལ་པ་སྤྲུག་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །དེའི་གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་ཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་པགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུག་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབ་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །དེ་དག་གི་ཤར་དུ་ཧཱུྃ་ལས་ཁྲོ་ཆེན་བཛྲ་ཀིངྐ་ར་སྐུ་མདོག་མཐིང་ནག་རྔམ་ཞིང་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ་གཡས་མཚོན་ཆའི་འཁོར་ལོ་བསྐོར་ཞིང་དམིགས་པའི་མགོ་ལུས་འབྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན་སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོར་ཡ་ལས་གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་སྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་བཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ཛ་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ་ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་། གཡོན་ཐོད་ཁྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པ་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་། ཞིང་གི་གཡང་གཞི་དང་ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིད་མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་དུ་མ་ལས་འདོད་ཁམས་བདག་མོ་རེ་མ་ཏི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་བར་དུ་མི་རོ་རངས་པོ་གསོལ་བ། དྲག་པོའི་སྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐ་རགས་ཅན། དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་སྨེད་ཅན་ལ་བཅིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་ཤོ་རྡེའུ་དཀར་ནག་བདུད་ཀྱི་ཁྲམ་ཤིང་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ་ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབས་མའི་དབུས་ན་བཞུགས་པ། དེ་དག་གི་ཕྱི་རོལ་དུ་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཕྲིན་ལས་འདོད་དགུར་སྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨཱོྃ་བྷུརྐུར་མ་ཧཱ་ཀཱ་ལ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཨངྐུ་ཤ་ཛཿཛཿ ཞེས་དང་། ཧཱུྃ། ལང་ཀའི་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨཱོྃ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སཏྭཾ་ཨཱ་ཀརྴ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་པས་སྤྱན་དྲངས་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཨཱོྃ་བྷུརྐུར་མ་ཧཱ་ཀཱ་ལ་རཀྨོ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏིང་ལཾ་ས་མ་ཡ་སཏྭཾ་ཏིཥྛ་བཛྲ་ཞེས་བཞུགས་སུ་གསོལ། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨཱོྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་འཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ཚིག་གི་གཉེར་གཏད། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པས། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤབྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཧཱུྃ། ཞེས་པས་སྤྱིར་མཆོད་ནས་ཁྱད་པར་གྱི་མཆོད་པ། སྨན་ཕུད་རཀྟ་གཏོར་མ་གསུམ་འབུལ་ཚིག་ཆོ་ག་རིགས་མཐུན་གཞན་ནས་བླངས་པའི་མཐར་མཚན་སྔགས་ལ། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་སྨན་ཕུད་རཀྟ་གཏོར་མ་གསུམ་སོ་སོའི་སྔགས་བཏགས་ནས་འབུལ། བྱེ་བྲག་ཏུ་གཏོར་མ་ལ་རཀྟ་བྲན་ནས་དམིགས་བྱ་དགུག་བསྟིམ་རྒྱས་པའམ་བསྡུ་ན། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དང་། ནང་མཆོད་བྲན་ལ། ཨཱོྃ་ཨཱཿཧཱུྃ་གིས་ཤ་ཁྲག་བདུད་རྩི་སྤེལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་པ་ཙམ་གྱི་མཐར་གཙོ་འཁོར་གྱི་སྔགས་ཀྱི་གཤམ་དུ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀཏ་ཁཱ་ཧི། ཨི་དཾ་དྷཱུ་པེ་པུཥྤེ་གནྡྷེ་ནཻ་ཝིདྱཱ་བ་ལིནྟ་པི་པ་ཏོ་ཧོཿ ཞེས་མཆོད། གཉིས་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པ་ཉིད་ཀྱི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་པ། ཁྲག་གིས་སྦགས་པའི་རོ་ལངས་རྣམས་རྒོད་ཅིང་གར་རྩེ་བ། ལས་ཀྱི་བཤན་པ་འབུམ་ཀུན་ཏུ་རྒྱུ་ཞིང་ཉམས་པ་རྣམས་འགུགས་འཆིང་གསོད་གཅོད་ཀྱི་ལས་བྱེད་པ། མ་རུངས་པའི་སྲོག་ཆགས་གདུག་པ་ཅན་རྣམས་ངུ་འབོད་ཀྱི་སྒྲ་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བ། ཕྱོགས་ཐམས་ཅད་དུ་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཁྲུག་པའི་དབུས་སུ་བྷྲཱུྃ་ལས་དུར་ཁྲོད་འབར་བའི་གཞལ་མེད་ཁང་ཆེན་པོ་གྲུ་བཞི་སྒོ་ཁང་རྟ་བབས་དང་བཅས་པ། དྲག་པོའི་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པ། ནང་ཁྲག་ཞག་གི་རྒྱ་མཚོར་འཁྱིལ་བའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི་ལྟེ་བར་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་རྡོ་རྗེའི་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས། ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ནག་པོ་ཆེན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞི་པ། ཐུང་ཞིང་སྦོམ་ལ་གསུས་ཁྱིམ་ཆེ་བ། ཁྲོ་གཉེར་དང་བཅས་པའི་ཞལ་གདངས་ཤིང་མཆེ་བ་དྲག་ཏུ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། སྨིན་མ་དང་ཨག་ཚོམ་དམར་སེར་མེ་ལྕེ་ལྟར་འབར་ཞིང་འཁྲུག་པ། ཕྱག་དང་པོ་གཉིས་ཀྱིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་མེ་འབར་བ་དང་ཁ་ཊྭཱཾ་ག་འཕྱར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་སྣ་ཚོགས་པའི་ཅོད་པན་དང་། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། དཔའ་ཞིང་མི་སྡུག་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཧེ་རུ་ཀའི་ཅོད་པན་ཅན། མཁའ་ལྡིང་བྱ་ཁྱི་ཅེ་སྤྱང་ལ་སོགས་པ་སྤྲུལ་པའི་ཕོ་ཉ་གྲངས་མེད་དུ་སྤྲོ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་པང་དུ་མ་ལས་ཡུམ་ཙཎྜི་ཀ་ནག་མོ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔ་དང་སྦྲུལ་དང་ཐོད་པའི་ཕྲེང་བས་སྤྲས་པ། གཉིས་ཀའང་དྲག་ལ་རྔམ་པའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་ཧཱུྃ་ལས་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་ཅན་བྱ་རོག་ལ་ཞོན་པ། ལྷོར་རུ་ལས་འབར་མ་ནག་མོ་རྩེ་གསུམ་དང་ཐུན་ཁྲག་འཕེན་པ་ཟ་འོག་གི་གོས་ཅན་བྱ་རོག་ལ་ཞོན་པ། ནུབ་ཏུ་ཏྲི་ལས་ཤ་ཟ་སེང་གདོང་མཐིང་ནག་མདུང་དང་དམར་གཏོར་ཐོགས་པ་དར་ནག་པོའི་བེར་གྱོན་ནས་རྟ་ནག་ལ་ཞོན་པ། བྱང་དུ་པ་ལས་གཟའ་བདུད་སྨུག་ནག་མགོ་བོ་དགུ་པ་ཆུ་སྲིན་གྱི་ཞགས་པ་དང་རའི་མདའ་གཞུ་འཛིན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། ཤར་ལྷོར་ར་ལས་ཚངས་པ་དཀར་པོ་དར་མདུང་དང་མཚོན་ཆའི་འཁོར་ལོ་བསྐོར་བ་རྟ་དཀར་ལ་ཞོན་པ། ལྷོ་ནུབ་ཏུ་ཡ་ལས་གཤིན་རྗེ་དམར་ནག་སྤུ་གྲི་དང་ཞགས་པ་འཛིན་པ་ར་དམར་ལ་ཞོན་པ། ནུབ་བྱང་དུ་ཙ་ལས་རྡོ་རྗེ་ལེགས་པ་སྔོན་པོ་རྡོ་རྗེ་དང་དགྲ་སྙིང་འཛིན་པ་གདོང་ལྔ་ལ་ཞོན་པ། བྱང་ཤར་དུ་དུ་ལས་གནོད་སྦྱིན་ནག་པོ་བེར་ཀ་དང་དགྲ་སྙིང་ཁྱེར་བ་བདུད་རྟ་ལ་ཞོན་པའོ། །དེ་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་མི་སྡུག་པའི་གཟུགས་ཅན། ཐོད་སྐམ་ལྔའི་ཅོད་པན་དང་། ཁྲག་འཛག་པའི་མགོ་བོའི་དོ་ཤལ་རྒྱུ་མའི་ག་ཤ་ལ་སོགས་པ་དུར་ཁྲོད་ཀྱི་ཆས་སྣ་ཚོགས་ཀྱིས་བརྒྱན་པ། གཞན་ཡང་དེ་དག་གི་ཕྱི་རོལ་གྱི་ཤར་དུ་ནག་པོ་སྟོང་། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི་སོགས་དམ་ཅན་རྒྱ་མཚོའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་སྣང་ཆེན་པོའི་ཕོ་བྲང་། རྡོ་རྗེ་གདན། ནཱ་ལེནྡྲ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ་སྦྱར་བའི་སྤོས་བསྲེག་ཅིང་དབྱངས་ཀྱི་ང་རོ་རོལ་མོ་དུ་མའི་འགྱུར་བ་དང་བཅས་པས། ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བའི་ཚལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །ཡེ་ཤེས་མགོན་པོ་ཡབ་ཡུམ་འཁོར་དང་བཅས། །ལས་ཀྱི་མགོན་པོ་འཇིགས་བྱེད་བྱ་རོག་གདོང་། །མ་གཅིག་ལྷ་མོ་འབར་མ་ནག་མོ་དང་། །དཔལ་ལྡན་ཕྲིན་ལས་མགོན་པོ་སེང་གེའི་གདོང་། །ཤ་ཟ་སྲིན་པོ་གཏུམ་ཆེན་རཱ་ཧུ་ལ། །སྒྲོལ་གིང་གཤིན་རྗེ་བཙན་དང་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་གཉན་པོ་བརྩེར་དགོངས་ལ། །དུར་ཁྲོད་བརྒྱད་སོགས་ཞིང་ཁམས་རྒྱ་མཚོ་ནས། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། བཞུགས་སུ་གསོལ་བ་ནི། ཧཱུྃ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །མ་ཧཱ་ཀཱ་ལ་ཡབ་ཡུམ་འཁོར་དང་བཅས། །དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར། །གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛནྟུ། དམ་ལ་བཞག་པ་ནི། ཡི་དམ་གྱི་ང་རྒྱལ་བརྟན་པོས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་མགོན་པོ་འཁོར་བཅས་ཀྱི་སྤྱི་བོར་བཞག་པར་མོས་ཏེ། ཨཱོྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ། སློབ་དཔོན་སངས་རྒྱས་གཉིས་པ། མངའ་བདག་ཉང་ཉི་མ་འོད་ཟེར་ནས་འཁོར་ལོའི་མགོན་པོ་དཔལ་ལྡན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ནས། ཕྲིན་ལས་མཛོད་ཅིག །ཨཱོྃ་བཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀཏོ་ད་ཀ་ཋ་ཋ་ཋཱ་ཧཱུྃ། ཞེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་སྒྲུབ་ཅིང་བཀའ་ནོད་པར་བསམ། ཕྱག་བྱ་བ་ནི། ཆོས་སྐུ་འགྱུར་མེད་དཔལ་ལྡན་ནག་པོ་ཆེ། །ཕྲིན་ལས་ལྷུན་གྲུབ་དཔའ་བརྗིད་ཕྱག་བཞི་པ། །དགྲ་བགེགས་ཀུན་འདུལ་ཆོས་སྐྱོང་ཡོངས་ཀྱི་རྗེ། །མགོན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཕྱིའི་མཆོད་པ་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་ཡིད་འོང་མཆོད་ཡོན་ལྡན། །རབ་གཙང་དྭངས་པའི་ཞབས་བསིལ་རྒྱ་མཚོར་བསྐྱིལ། །སྣ་ཚོགས་ལྟ་སྡུག་ཆུ་སྐྱེས་ལང་ཚོ་བཞད། །གྲུབ་དང་སྦྱར་བའི་བདུག་པ་སྤྲིན་ལྟར་གཏིབས། །མུན་སྣང་མཐར་བྱེད་སྒྲོན་མེའི་ཉིན་མོར་བྱེད། །ཡིད་འོང་བྱུག་པ་ལྷ་ཡི་ཆུ་བོའི་རྒྱུན། །རོ་བཅུད་ཕུན་ཚོགས་ཞལ་ཟས་ལྷུན་པོར་སྤུངས། །སྙན་བརྗིད་རོལ་མོ་སྒྲ་དབྱངས་དང་བཅས་པའི། །ཕྱི་ཡི་མཆོད་སྤྲིན་འདོད་ཡོན་འཛད་མེད་གཏེར། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ནང་གི་མཆོད་པ་ནི། ཧཱུྃ། གདུག་པའི་སྙིང་ཁྲག་མཆོད་ཡོན་མཚོ་ལྟར་བསྐྱིལ། །མྱོས་བྱེད་དུག་ཁྲག་ཞབས་བསིལ་རྔམ་ཞིང་བརྗིད། །དབང་པོ་སྣ་ལྔའི་མེ་ཏོག་ཚར་དུ་དངར། །ཤ་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་གཡོ། །ཞུན་ཆེན་མར་མེ་བསྐལ་པའི་མེ་ལྟར་འབར། ཁྲག་ཞག་བདུད་རྩིའི་དྲི་ཆབ་རླབས་ཕྲེང་གཡོ། །ཤ་ཁྲག་རུས་པའི་ཞལ་ཟས་ཆེ་བརྗིད་རྔམ། །དྲག་པོའི་རོལ་མོས་ས་གསུམ་འདར་ཞིང་གཡོ། །དུར་ཁྲོད་ནང་གི་མཆོད་སྤྲིན་བསམ་མི་ཁྱབ། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ནཾ་པཱུ་ཛ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གསང་བའི་མཆོད་པ་ནི། ཧཱུྃ། སྒྲིབ་པའི་དྲི་མ་ཀུན་སྤངས་ཤིང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཨ་ནུ་རཱ་གཱ་པྲ་ཏཱིཙྪ་སྭཱ་ཧཱ། སྨན་མཆོད་ནི། ཧཱུྃ། དམན་པའི་ཡུལ་ལས་རབ་འདས་ཤིང། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རཀྟའི་མཆོད་པ་ནི། སྟོང་གསུམ་བྷཉྫའི་སྣོད་ཡངས་སུ། །དམ་ཉམས་བསྒྲལ་པའི་མཱཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོར་བསྐྱིལ། །བསད་ཁྲག་རྦ་ཀློང་འཁྲུག་པས་མཆོད། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཧཱུྃ། མཚན་དང་ལྡན་པའི་བྷཉྫ་རུ། །ཤ་ལྔ་བདུད་རྩིའི་དམ་ཚིག་ལྔ། །བཟའ་བཅའི་འདོད་ཡོན་བསམ་མི་ཁྱབ། །རྨད་བྱུང་བདུད་རྩིར་བྱིན་བརླབས་པའི། །མཆོག་གི་མཆོད་པ་དམ་པ་འདི། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །དགྱེས་པར་རོལ་ལ་ཕྲིན་ལས་མཛོད། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་པ་དཔལ་མགོན་མ་ནིང་གི་ཕྲིན་ལས་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་ཁང་ཆེན་པོར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་འཕྱར་ཞིང་། གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྦྲུལ་ནག་པོའི་རལ་པ་ཐུར་དུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྙིང་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་། གསེར་སྐེད་དང་མི་ལྤགས་རློན་པའི་སྐ་རགས་ཅན། ཙན་དན་གྱི་བིང་ཆེན་རྐེད་ལ་བཙུགས་པའི་སྒོ་གསུམ་ནས་སྤྲུལ་པའི་དམག་དཔུང་འགྱེད་པ། ཁ་དོག་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བཀླུབས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཞུགས་པ། དེའི་གཡོན་དུ་ཡུམ་དཔལ་འབར་མ་དཀར་མོ་གཡས་ཤེལ་གྲི་འཕྱར་ཞིང་གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ་མ་མོའི་ཆས་ཅན། རོལ་པའི་སྟབས་ཀྱིས་འགྱིང་བ། གཡས་སུ་ལས་མགོན་སྲོག་བདུད་ནག་པོ་གྲི་གུག་དང་ལྕགས་པར་བཟུང་ནས་མདའ་གཞུ་འགེང་ཞིང་ཁ་ཊྭཱཾ་གྲུ་མོར་བཀལ་བ། སྟག་རལ་དང་གཟིག་ཤུབས་བཏགས་ནས་བྲ་ནག་རྟིང་དཀར་ལ་འཆིབ་པ། དེའི་ཕྱི་རོལ་གྱི་རྩིབས་ལ་མདུན་ནས་གཡས་སྐོར་དུ་རིམ་པ་བཞིན། སྐུའི་མགོན་པོ་སྟག་ཞོན་ནག་པོ་གཡས་ཙན་དན་གྱི་བེང་གསོར་ཞིང་གཡོན་བདུད་ཀྱི་ཞགས་པ་ཐོགས་ནས་དཔའ་གཏུམ་སྟག་ལ་ཞོན་པ། གསུང་གི་མགོན་པོ་བེང་དམར་སྨུག་གཡས་ཙན་དན་གྱི་བེང་འཕྱར་ཞིང་གཡོན་བདུད་རྩིའི་ལྕགས་པར་འཛིན་པ། ཐུགས་ཀྱི་མགོན་པོ་གྲི་གུག་མཐིང་ནག་གཡས་གྲི་གུག་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་གཡས་རིན་པོ་ཆེ་དང་གཡོན་ཐོད་ཁྲག་འཛིན་པ་སེང་གེ་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲག་ཤད་མཐིང་ནག་གཡས་བེང་གསོར་ཞིང་གཡོན་དགྲ་སྙིང་བསྣམས་པ་བྲ་ནག་རྟིང་དཀར་ལ་འཆིབ་པ། ལྔ་གའང་མི་བཟད་པའི་ཁྲོ་བོ་གཏུམ་དྲག་འཇིགས་པའི་ཉམས་ཅན། དར་ནག་གི་འཇོལ་བེར་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་བཾ་གྱི་ཁར་བཞུགས་པ། འདོད་ཁམས་དབང་ཕྱུག་རེ་མ་ཏི་ནག་མོ་སྐེམ་ཞིང་སྒེག་ལ་གཏུམ་པའི་གཟུགས་ཅན་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་བྷཉྫ་བཟུང་བའི་མཆན་ན་ནད་རྐྱལ་ཐོགས་པ་མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་རྫུ་འཕྲུལ་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། གཞན་ཡང་རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། མྱུར་མགྱོགས་ཀྱི་ཕོ་ཉ་ལས་བྱེད་སོགས་སྲིད་གསུམ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོས་ཤིང་འཁྲུགས་པའི་ཉམས་ཅན། མི་སྡུག་པའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་འབར་བའི་མེའི་ཕྲེང་བ་དྲག་པོར་འཁྲུག་པའི་དབུས་ན་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཕྲན། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་རྣམས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །མ་ནིང་ནག་པོ་ཀུན་གྱི་རྗེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །ཚོགས་བདག་ཆེན་པོ་གཤེགས༴ མ་ནིང་ནག་པོ་གཤེགས༴ སྲོག་བདུད་ནག་པོ་གཤེགས༴ མཁའ་འགྲོའི་གཙོ་མོ་གཤེགས༴ མགོན་པོ་སྡེ་ལྔ་གཤེགས༴ སྲིང་གཅིག་ཆེན་མོ་གཤེགས༴ མཐུ་ཆེན་སྡེ་བརྒྱད་གཤེགས༴ བདུད་འདུལ་དམག་ཚོགས་གཤེགས་སུ་གསོལ། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། བཞུགས་གསོལ་ནི། ཧཱུྃ། དུར་ཁྲོད་རབ་འཇིགས་རྔམ་པའི་གཞལ་ཡས་དབུས། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རུ་དྲ་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། ཁྲོ་རྒྱལ་མ་ནིང་འཁོར་བཅས་བཞུགས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛནྟུ། ཨཱོྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་དམ་ལ་བཞག །ཕྱག་བྱ་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་བདུད་དཔུང་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་ནི ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་དགོངས། ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཐོད་ཆེན་བྷཉྫ་རློན་པའི་སྣོད་མཆོག་ཏུ། །བ་ལིཾ་གཏོར་མའི་མཆོད་པ་རོངས་སེ་རོང་། །བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང་། །རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི། །ཛ་གད་གསེར་སྐྱེམས་བཏུང་བ་མེ་རེ་རེ། །མཱཾ་ས་ཤ་ཆེན་གསུར་དུད་ཐུ་ལུ་ལུ། །བྷཉྫ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །དད་པའི་བློ་ཡིས་འབུལ་ལོ་བཞེས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། བཞི་པ་དཔལ་མགོན་ཞལ་བཞི་པའི་ཕྲིན་ལས་ནི། ྈྈྈྈྈྈྈྈྈྈྈྈྈྈྈྈ རྩ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བསྟན་སྲུང་ཀུན་གྱི་སྙིང་པོའི་བཅུད༔ བདུད་དགྲ་འཇོམས་པའི་གནམ་ལྕགས་འདི༔ དུས་ངན་སྙིགས་མར་སངས་རྒྱས་ཀྱི༔ བསྟན་པ་སྲུང་བའི་ལྕགས་རིར་བཞག༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་བསྒྲུབ་ཅིང་མཆོད་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་དུར་ཁྲོད་དྲག་པོའི་སར༔ མཎྜལ་གཞི་མ་ནག་པོའི་སྟེང༔ སྒྲུབ་རྫས་མཆོད་སྤྲིན་ཚང་བར་བཤམ༔ གཞན་ཡང་གནས་ཀྱི་ཁང་པ་དེ༔ བག་དྲོ་ལྷུན་ཆགས་ཉིད་དུ་བྱ༔ དེ་ནས་བདེ་བའི་སྟན་ལ་འདུག༔ སྐྱབས་སེམས་བགེགས་བསལ་བདག་བསྐྱེད་སོགས༔ ལས་གཞུང་བཞིན་དུ་ཤེས་བྱས་ལ༔ དེ་ནས་མཆོད་པའི་ཡོ་བྱད་ལ༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ༔ ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི༔ འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས༔ ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩི་ཆེས༔ བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་བསམ༔ ཨཱོྃ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་པས་མཆོད་པ་བྱིན་བརླབས་ཏེ༔ བདག་ཉིད་རྣལ་འབྱོར་ལ་གནས་པའི༔ མདུན་དུ་སྲུང་མ་གསལ་བ་ནི༔ ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྣང་གྲགས་འཁོར་འདས་ཆོས་ཀུན་སྟོང་པར་གྱུར༔ སྟོང་པའི་ངང་ལས་མདུན་དུ་རབ་འཇིགས་ཀྱི༔ དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའི་དབུས༔ བྷྲཱུྃ་ལས་མཐིང་ནག་གྲུ་གསུམ་གཞལ་ཡས་ཁང༔ རྒྱ་ཁྱོན་ཆོས་དབྱིངས་དང་མཉམ་ལྟེ་བ་རུ༔ པདྨ་ཉི་ཟླ་དྲེགས་པ་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ཁྲོ་བོའི་རྒྱལ༔ མ་ཧཱ་ཀཱ་ལ་དྲེགས་པ་ཀུན་འདུལ་ནི༔ ཞལ་བཞི་ཕྱག་བཞི་མི་བཟད་རྔམ་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ལྗང༔ གཡས་པའི་ཕྱག་གཉིས་གྲི་གུག་རལ་གྲི་གདེངས༔ གཡོན་གཉིས་ཐོད་ཁྲག་རྡོ་རྗེའི་དབྱུག་པ་བསྣམས༔ དམར་སེར་རལ་པ་གྱེན་བརྫེས་ཁྲོ་ཆུང་སྤྲོ༔ གཡས་གཡོན་རྡོ་རྗེའི་གཤོག་པ་རྣམ་པར་གདེངས༔ དུར་ཁྲོད་ཆས་དང་དཔལ་གྱི་ཆས་བཅུས་སྤྲས༔ ཞབས་གཉིས་དོར་སྟབས་དྲེགས་པའི་སྙིང་གར་བརྫིས༔ གསང་བའི་ཡུམ་མཆོག་རེ་ཏི་སྔོ་སྐྱའི་མདོག༔ ཁ་ཊྭཱཾ་ནད་རྐྱལ་འཛིན་ཅིང་ཡབ་དང་འཁྲིལ༔ རབ་འཇིགས་མེ་དཔུང་འབར་བའི་ཀློང་དུ་གསལ༔ ཤར་དུ་ན་ལས་ཀླུ་བདུད་རྔམ་པའི་གཟུགས༔ མཐིང་ནག་སྦྲུལ་ཞགས་གྲི་གུག་ཕྱག་ན་བསྣམས༔ རལ་པ་གྱེན་བརྫེས་སྐུ་སྨད་སྦྲུལ་དུ་འཁྱིལ༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡ་མ་རཱ་ཛ་གཤིན་རྗེའི་གཙོ༔ དམར་ནག་རྡོ་རྗེའི་ཐོད་དབྱུག་དུང་ཁྲག་འཐུང༔ དུར་ཁྲོད་ཆས་ལྡན་མ་ཧེ་སེར་ནག་ཞོན༔ རབ་འཇིགས་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ ནུབ་ཏུ་རཱ་ཧུ་ལ་ཉིད་དམར་ནག་མདོག༔ ཆུ་སྲིན་ཞགས་པ་ཐོད་ཁྲག་ཕྱག་ན་བསྣམས༔ མིག་སྟོང་དང་ལྡན་ཆུ་སྲིན་དམར་སྐྱ་ཞོན༔ དུར་ཁྲོད་ཆས་གསོལ་དྲེགས་པའི་འཁོར་གྱིས་བསྐོར༔ བྱང་དུ་ཀྵ་ལས་སྲིན་པོ་སྨུག་ནག་ནི༔ གཡས་གཡོན་རལ་གྲི་དུང་ཁྲག་ཞལ་དུ་རྔུབ༔ དུར་ཁྲོད་ཆས་ལྡན་ཞབས་གཉིས་དོར་སྟབས་བགྲད༔ ལས་བྱེད་དྲེགས་པ་མང་པོའི་འཁོར་གྱིས་བསྐོར༔ གཞན་ཡང་བཀའ་སྡོད་དྲེགས་པ་ལས་བྱེད་དང༔ ཤ་ཟ་བཤན་པ་སྤྲུལ་དང་ཡང་སྤྲུལ་བཅས༔ གསལ་བའི་ཐུགས་ཀའི་འོད་ཀྱིས་རང་འདྲ་བའི༔ ཡེ་ཤེས་སེམས་དཔའ་འཁོར་བཅས་སྤྱན་དྲངས་བསམ༔ སྦྱར་སྤོས་བསྲེག་ཅིང་རོལ་མོ་སྒྲོག༔ ང་རོའི་དབྱངས་ཀྱིས་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྲིན་པོའི་གཟུགས་ཅན་དྲེགས་པ་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལས་བྱེད་དྲེགས་པ་ཀླུ་བདུད་གཤིན་རྗེའི་རྒྱལ༔ དྲང་སྲོང་ཆེན་པོ་ཤ་ཟ་སྲིན་པོ་སོགས༔ རང་རང་སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང༔ རྔམ་པའི་སྟངས་སྟབས་སྲིད་པ་གསུམ་གཡོ་བ༔ འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས༔ ཕྱོགས་བཅུའི་ཞིང་ནས་གནས་འདིར་གཤེགས་སུ་གསོལ༔ ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་རེ་མ་ཏི་ས་མ་ཡ་ཛཿནཱ་ག་རཀྴ་ཡ་མ་རཱ་ཛ་རཱ་ཧུ་ལ་རཀྴ་ས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྤྱན་དྲངས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འཁྲུག་པའི་དབུས༔ ལོག་འདྲེན་དྲེགས་པ་པདྨ་ཉི་ཟླའི་སྟེང༔ དྲེགས་པ་ཀུན་འདུལ་ལྷ་མཆོག་འཁོར་དང་བཅས༔ ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ༔ པདྨ་ཙནྡྲ་སཱུརྱ་ཏི་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་བཞུགས་གསོལ་དམ་ལ་བཞག༔ དེ་ནས་མཆོད་པའི་ལས་རིམ་ནི༔ ཧཱུྃ༔ དཔལ་ཆེན་མཐུ་སྟོབས་དབང་ཕྱུག་འཁོར་བཅས་ལ༔ མ་རུངས་ལོག་འདྲེན་དགྲ་དང་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཚིལ་ཆེན་དོན་སྙིང་ལྔ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༔ དམར་ཆེན་རཀྟ་པཉྩ་ཨ་མྲྀ་ཏ༔ མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ མ་ལུས་དངོས་བཤམས་ཡིད་སྤྲུལ་དམ་པ་འདི༔ བསྟན་སྲུང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་ནས་ཀྱང༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་དུ་གསོལ༔ སརྦ་པཱུ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད༔ ལྔ་པ་སྔགས་སྲུང་མའི་ཕྲིན་ལས་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ་ཡཾ་ལས་བསྐལ་པའི་མེ་རླུང་དམར་ནག་འབར་ཞིང་འཚུབ་པའི་ཀློང་དུ་ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག་པ། ཀེཾ་ལས་རུས་པའི་རི་རབ་འཛིངས་སྟབས་སུ་བརྩིགས་པའི་སྟེང་དུ་བྷྲཱུྃ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་ཚད་མེད་པ་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་དུད་སྤྲིན་འཁྲིགས་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། དཔྲལ་བའི་དབྱིངས་ན་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་གཟིར་ཞིང་བལྟ་བ། ཞལ་རབ་ཏུ་གདངས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་དང་བྷྱོའི་ང་རོ་དྲག་པོ་སྒྲོག་པ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟེངས་པ། ཐུགས་ཀ་ན་བདུད་རྩིའི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་འཕྱར་ཞིང་། གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་པ་སྐམ་པོའི་ཅོད་པན་དང་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་འཇའ་སྤྲིན་གྱིས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཏེ་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོའི་གདན་ལ་རོལ་བ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། མ་མོའི་མདུན་དུ་བྷྱོ་ལས་བཤན་པ་སྲོག་སྒྲུབ་ནག་མོ་རྔམ་ཞིང་ཁྲོས་པ། གཡས་ཆུ་གྲི་རྣོན་པོ་འཕྱར་ཞིང་གཡོན་དགྲ་བོའི་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ཅེ་སྤྱང་གདོང་མ། གཡོན་ན་ཝ་གདོང་མ། མདུན་ན་འུག་གདོང་མ་སོགས་ཤ་ཟ་དང་མ་མོ་འབུམ་སྡེས་བསྐོར་བ། མ་མོའི་གཡས་སུ་ཏྲི་ལས་གཟའ་བདུད་རཱ་ཧུ་ལ་སྨུག་ནག་མགོ་བོ་དགུ་པ་ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་མདའ་གཞུས་དགྲ་སྙིང་གཟིར་བ། ལུས་ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། དུར་ཁྲོད་འཇིགས་པའི་ཆས་ཅན། གཟའ་དང་གདོང་མོ་རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། མ་མོའི་རྒྱབ་ཏུ་ཀྵ་ལས་གནོད་སྦྱིན་བཤན་པ་དམར་ནག །ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་གྲི་གུག་དང་རལ་གྲི །གཡོན་གཉིས་ཐོད་པ་དང་སྦྲུལ་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། མཁའ་ལྡིང་ལ་ཞོན་པ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བ། མ་མོའི་གཡོན་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་དམར་པོ། ཕྱག་གཡས་རྡོ་རྗེས་དགྲ་མགོ་གཟིར་ཞིང་། གཡོན་མི་སྙིང་འཛིན་པ། དར་དཀར་གྱི་བེར་དང་བརྗིད་པའི་ཆས་ཅན། ར་སྐྱེས་ཁམ་པ་ལ་ཞོན་པ། འཁོར་གིང་ཆེན་སྡེ་བཞི་ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་མོ་བཅུ་གཉིས་ཟ་བྱེད་མཆེ་བ་ཅན་སོགས་དྲེགས་པའི་ཚོགས་ཀྱིས་བསྐོར་བ། གཞན་ཡང་ཕྱིའི་ཁོར་ཡུག་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་འཇིགས་ཤིང་རྔམ་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་དགུར་བསྒྱུར་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། ལྷོ་ཕྱོགས་རྒྱ་མཚོའི་གླིང་། རི་རབ་ཀྱི་རྩེ། དུར་ཁྲོད་ཆེན་པོ་བརྒྱད་སོགས་གྲུབ་པའི་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། བྷྱོཿ བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་བསྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །བྷྱོཿ དུར་ཁྲོད་གནས་ནས་མཁའ་འགྲོ་མ། །མི་བསྲུན་བཤན་པ་གཤེགས་སུ་གསོལ། །བར་སྣང་ཁམས་ནས་འཇིགས་བྱེད་གཙོ། ཁྱབ་འཇུག་ཆེན་པོ་གཤེགས་སུ་གསོལ། །ཧེ་ཆེན་བརྡལ་ནས་སྒྲོལ་བའི་གིང་། །གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ། །དམ་ཚིག་གནས་ནས་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །བསྟན་པ་སྐྱོང་བའི་དམ་ཅན་རྣམས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨཱོྃ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རགྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ཏྲག་རཀྴ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ལ། བཞུགས་གསོལ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་འཁོར་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། །ཏྲག་རཀྴ་ས་མ་ཡ་ཏིཥྛནྟུ། ཕྱག་བྱ་བ་ནི། ཧཱུྃ། དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་མ་མོ་རལ་གཅིག་མ། །མཐུ་ཆེན་དྲེགས་པ་ཆེན་པོ་བཞི། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་ནི། ཧཱུྃ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །མེ་ཏོག་ཕྲེང་མཛེས་བདུག་སྤོས་སྤྲིན་ཕུང་གཡོ། །འོད་འབར་སྣང་གསལ་དྲི་ཆབ་ལྦུ་ཕྲེང་བཞད། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོ་འཁྲོལ། །ཤ་རུས་དོན་སྙིང་ནང་རོལ་སྣ་ཚོགས་དང་། །རྨད་བྱུང་བདུད་རྩི་རཀྟ་བཏུང་བའི་མཚོ། །འདོད་ཡོན་བཟའ་བཅའི་གཏོར་མ་བསམ་མི་ཁྱབ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་འཇམ་ལྷ་མིའི་མཆོད་སྤྲིན་ཇི་སྙེད་ཀྱིས། །མཆོད་དོ་དགྱེས་པར་རོལ་ལ་ཕྲིན་ལས་མཛོད། །ཨཱོྃ་ཏྲག་རཀྴ་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། དྲུག་པ་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྲིན་ལས་ནི། ཨཱོྃ་སྭཱ་བྷཱ་ཝ་སོགས་ཀྱིས་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ་འོད་ཟེར་འབར་བའི་དབུས་སུ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་ཡིག་དམར་པོ་འབར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སྣོད་བཅུད་ཐམས་ཅད་དབང་དུ་བསྡུས་ནས་འོད་ཟེར་དམར་པོའི་རྣམ་པས་ཨཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཆགས་པ་དང་སྒེག་པའི་ཉམས་ཅན། ཅུང་ཟད་ཁྲོ་ལ་འཛུམ་པ། གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་སྡིགས་མཛུབ་དང་བཅས་པས་རླུང་གི་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་བཞུགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཟུར་ཕུད་ལ་ཟླ་བ་ཚེས་པས་བརྒྱན་པ། གཅེར་བུ་ལིངྒ་སྒྲེང་ཞིང་བདེ་བ་རྒྱས་པའི་ཉམས་གསལ་བ། དར་སྣ་ཚོགས་པའི་སྟོད་གཡོགས་དང་ཅོད་པན་འཆང་ཞིང་། ཨུཏྤལ་དམར་པོའི་དོ་ཤལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་གཡོན་དུ་ཡུམ་ཨུ་མ་དེ་བཱི་དམར་གསལ་མཛེས་འཛུམ་ལང་ཚོ་རྒྱས་ཤིང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། དར་དང་མེ་ཏོག་དམར་པོའི་རྒྱན་ཅན་སྐྲ་གྲོལ་བ། ལྷ་མོའི་ཆ་བྱད་རྫོགས་པས་ཡབ་ལ་བརྟེན་ཏེ་བཞེངས་སྟབས་སུ་གནས་པ། ཕྱོགས་ཀྱི་འདབ་མ་བཞི་ལ་གསང་བའི་ཌཱ་ཀི་འགུགས་བྱེད་མ། འཆིང་བྱེད་མ། རྨོངས་བྱེད་མ། མྱོས་བྱེད་མ་བཞི་སྟེ། ཐམས་ཅད་ཀྱང་བིནྡུ་ཀའི་མདོག་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་འཛུམ་ཞིང་ཆགས་པའི་ཉམས་ཅན། འགྲེང་སྟབས་སུ་འཁོད་པ། གཞན་ཡང་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་ཞིང་འོད་ཟེར་དམར་པོ་རབ་ཏུ་འཁྲུག་པའི་དབུས་ན་བཞུགས་པར་གྱུར། དེ་རྣམས་ཀྱི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་དང་སོ་སོའི་ས་བོན་གྱིས་མཚན་པ་དང་། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་ཚངས་པའི་གནས་དང་། གངས་དཀར་ཏི་སེ། རྒྱ་མཚོ་ཆེན་པོའི་འགྲམ་ལ་སོགས་པ་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །སྤྱན་འདྲེན་པ་ནི། ལག་གཉིས་ལྕགས་ཀྱུའི་རྒྱ་བཅིངས་ཏེ། ཨཱོྃ་མ་ཧཱ་དེ་ཝ་ཨཱ་ཀརྵ་ཡ་ཛཿཛ༔ ཞེས་བཟླ་ཞིང་དར་གྱི་གཡབ་མོ་སྦྱར་སྤོས་ཀྱི་བདུག་པ་རོལ་མོའི་འགྱུར་བ་སྙན་པའི་དབྱངས་དང་བཅས་པས། ཛ༔ ཚུར་བྱོན་ཚུར་བྱོན་ལྷ་ཆེན་པོ༔ འཇིག་རྟེན་སྐྱོང་བ་དབང་ཕྱུག་ཆེ༔ མངོན་ཤེས་རྫུ་འཕྲུལ་ཐབས་ལ་མཁས༔ ཆགས་པའི་ཞལ་ལ་སྒེག་པའི་སྐུ༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ ཨུ་མ་ཡུམ་དང་གཉིས་སུ་མེད༔ ཁྱོད་ནི་དབང་ཕྱུག་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་དབང་དུ་བྱེད༔ ཁྱོད་ནི་འཇིགས་བྱེད་ཆེན་པོ་སྟེ༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཀྱི༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ དུས་ལ་བབ་བོ་གཤེགས་སུ་གསོལ༔ ཞེས་དང་། སྔར་བཞིན་འབོད་སྔགས་རོལ་མོའི་སྒྲ་ཡུན་རིང་དུ་སྦྱར་བས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་པས། དམ་ཚིག་པ་དང་གཉིས་སུ་མེད་པར་བཞུགས་པར་བསམ་ལ། ཨཱོྃ་བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་ཏྲི་ཤུ་ལའི་རྒྱ་བསྟན་ཏེ། ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། གར་དབང་ཐུགས་རྗེ་ཆེན་པོ། ཨོ་རྒྱན་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རིག་འཛིན་འགྱུར་མེད་རྡོ་རྗེ་ལ་སོགས་ཏེ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སོགས་ནས། ཕྲིན་ལས་མཛོད་ཅིག །ཅེས་པའི་བར་དམ་བསྒྲགས་པས་ཅི་བསྒོ་བའི་བཀའ་ནོད་པར་བསམ་མོ། །ཐུན་མོང་གི་མཆོད་པ་ནི། ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ལྷ་ཆེན་ལྕམ་དྲལ་འཁོར་བཅས་རྣམས༔ དངོས་སུ་བཤམས་དང་ཡིད་སྤྲུལ་གྱི༔ མཆོད་པ་བཟང་པོ་འདི་བཞེས་ལ༔ མེ་ཏོག་ཕྲེང་སོགས་རིན་ཆེན་དབྱིག༔ ལ་དུ་མྱོས་བྱེད་ཡིད་བཞིན་ཟས༔ སྤོས་དང་སྨན་སྦྱར་ཏིལ་མར་སྒྲོན༔ བཤོས་གཙང་ཡོན་ཆབ་སྣ་ཚོགས་དང༔ འབྲས་ཆང་རྒུན་ཆང་བཏུང་བའི་མཆོག༔ སྦྲང་རྩི་བུ་རམ་མངར་བའི་རོ༔ རཀྟ་བཅུད་ཆེན་གིའུ་ཝཾ་དང༔ བཙོས་དང་རྗེན་ཤ་ཁུ་བ་རྐང༔ བཟའ་དང་བཅའ་དང་བཏུང་བའི་མཆོག༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ སྣ་ཚོགས་མཆོད་པ་འདི་དག་ཀུན༔ བཞེས་ཤིང་མཉེས་པར་མཛད་དུ་གསོལ༔ ཨཱོྃ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ཁྱད་པར་གྱི་མཆོད་པ་ནི། སྣང་བ་ཡབ་ལ་སྟོང་པ་ཡུམ༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ བདེ་ཆེན་དགའ་བཞིའི་རོལ་པར་སྤེལ༔ དགྱེས་པ་ཆེན་པོར་བཞེས་སུ་གསོལ༔ ཨཱོྃ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཞེས་གསང་མཆོད་དང་། རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ ཡེ་ཤེས་སྒྲུབ་རྫས་ཆེན་པོ་འདི༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་འབུལ༔ ཨཱོྃ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཞེས་སྨན་མཆོད་དང་། ཉོན་མོངས་ཆགས་པ་འཁོར་བའི་ཁྲག༔ ཆགས་མེད་བདེ་ཆེན་རྒྱ་མཚོར་བསྐྱིལ༔ གསང་བའི་སྒྲུབ་རྫས་ཆེན་པོ་འདི༔ མཉམ་ཉིད་དབྱིངས་སུ་བཞེས་སུ་གསོལ༔ ཨཱོྃ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཞེས་རཀྟ་དང་། ཆོས་དབྱིངས་རྣམ་དག་གཏོར་གཞོང་དུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཟག་མེད་བདེ་ཆེན་མཆོད་པའི་མཆོག༔ དམ་ཚིག་བདུད་རྩིར་བཞེས་སུ་གསོལ༔ ཨཱོྃ་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ བདུན་པ་གཟའ་བདུད་ཀྱི་ཕྲིན་ལས་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པའི་དབུས་སུ། ཨེ་ལས་གྲུ་གསུམ་མཐིང་ནག་མཁའ་དང་མཉམ་པའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཏྲི་དུ་བའི་མདོག་ཅན་ཡོངས་སུ་གྱུར་པ་ལས། གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཀ་མགོ་དགུ་བྱ་རོག་གི་ཞལ་དང་བཅུ། རྩ་ཞལ་གཤིན་རྗེ་ཁྲོས་པའི་ཞལ་གསུམ་ལྗང་ནག་དུད་ཁ། བར་ཞལ་བདུད་ཀྱི་ཞལ་གསུམ་མཐིང་དམར་ལྗང་བ། སྟེང་ཞལ་ལྷའི་ཞལ་གསུམ་ལྗང་དམར་དཀར་བ། ཞལ་རེ་རེ་ལ་དམར་ཟླུམ་སྡང་མིག་གཟིར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཤིན་ཏུ་རྔམས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་འཇིགས་པའི་ང་རོ་སྒྲོག་པས་དགྲ་བགེགས་ཆེམ་ཆེམ་གསོལ་བ། སྨིན་མ་ཨག་ཚོམ་དང་བ་སྤུའི་རྩེ་ནས་མེ་སྟག་འཕྲོ་བ། སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་གང་ཞིང་ཁོང་ནས་འཁྲུགས་པའི་ཉམས་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེང་ཞིང་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཞིང་ཆེན་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོའི་ཅོད་པན་དང་ཁྲག་འཛག་པའི་མི་མགོ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་གྱི་ཆུན་པོ་སོགས་འབར་བའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན། ཉི་མ་འབུམ་གྱི་གཟི་བརྗིད་འབར་བ། གཡས་སུ་ཛ་ལས་ཡབ་རྡོ་རྗེ་སྲིན་པོ་མཐིང་ནག་མགོ་བོ་དགུ་པ་དབྱུག་ཏོ་དང་ཁྲག་མཚོ་བསྣམས་པ་ཞེ་སྡང་རུས་པའི་ཁྲི་ལ་བཞུགས་པ། གཡོན་དུ་ཕུ་ལས་ཡུམ་རྡོ་རྗེ་གློག་འགྱུ་དམར་ནག་མགོ་བོ་དགུ་པ་སྦྲུལ་ཞགས་དང་ཁྲག་མཚོ་བསྣམས་པ་འདོད་ཆགས་ཁྲག་མཚོའི་ཀློང་ན་བཞུགས་པ། དེ་རྣམས་ཀྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་དགྲ་བགེགས་ཀྱི་གདན་ལ། ནུབ་ཏུ་ཡ་ལས་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་ལྕགས་སྒྲོག་འཛིན་པ་མ་མོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་ཙ་ལས་དྲང་སྲོང་དཀར་སེར་སྦྲུལ་ཞགས་དང་ཏྲི་ཤུ་ལ་འཛིན་པ་དགྲ་བླའི་དམག་ཚོགས་ཀྱིས་བསྐོར་བ། བྱང་དུ་དུ་ལས་བདུད་པོ་རོག་ཏི་མཐིང་ནག་སྦྲུལ་དང་བདུད་ཞགས་འཛིན་པ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་ཙ་ལས་བིཥྚི་པ་ཏྲ་དམར་པོ་སྦྲུལ་དང་སྤུ་གྲི་འཛིན་པ་སྲིན་པོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་དུ་ཨ་ལས་བྱི་ནུ་རཱ་ཛ་དུད་ཀ་ཆུ་སྲིན་དང་སྟག་མགོ་འཛིན་པ་དམུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་དུ་ལས་དུ་བ་མཇུག་རིང་མཐིང་ནག་སྤུ་གྲི་དང་ཐོད་ཁྲག་འཛིན་པ་གཤིན་རྗེའིདམག་ཚོགས་ཀྱིས་བསྐོར་བ། ལྷོར་ཡ་ལས་ཁྱབ་མཇུག་ཆེན་པོ་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ་ཀླུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་ཤ་ལས་སྒྲ་གཅན་འཛིན་དུད་ཁ་ཆུ་སྲིན་དང་ཁྲམ་ཤིང་འཛིན་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་གཏུམ་ཞིང་རྔམ་པ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་འཇིགས་པའི་ཆ་བྱད་རྫོགས་པ་གཙོ་བོ་ལྟ་བུའོ། །དེའི་ཕྱི་རོལ་གྱི་ཤར་དུ་མ་ལས་སྟག་སྲིན་ཟོར་བའི་གདོང་ཅན་དཀར་སེར་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོར་ར་ལས་བམ་སྲིན་དྲེད་ཀྱི་གདོང་ཅན་སེར་ནག་ཐོད་དབྱུག་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་ཙ་ལས་ཀོང་སྲིན་བ་གླང་གི་གདོང་ཅན་དམར་ནག་དགྲ་སཏྭ་དང་ཞགས་པ་འཛིན་པ། བྱང་དུ་ཤ་ལས་འབྲོག་སྲིན་ཆུ་སྲིན་གྱི་གདོང་ཅན་ལྗང་ནག་རི་རབ་ཀླད་ལ་བསྐོར་བ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ཞིང་གི་གདན་ལ་རོལ་པ། གཞན་ཡང་དེ་དག་གི་ཕྱི་རོལ་དུ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་ཏེ་སྲིད་གསུམ་འབྱུང་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་ཟ་ཟ་རྔམས་རྔམས་འཕྱོང་ཞིང་རྒྱུག་པའི་ཚུལ་ཅན་མྱུར་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་རྩལ་གྱིས་དུས་མཐའི་མེ་རླུང་འཁྲུག་པའི་ཀློང་ན་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་ལངྐ་པུ་རི་སྲིན་པོའི་གྲོང་ཁྱེར། དབུ་རུ་ཞྭའི་ལྷ་ཁང་ལ་སོགས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། རྡོ་རྗེ་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། །ཡང་སྤྲུལ་མི་བཟད་འབར་བའི་སྐུར་སྟོན་པ། །གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། །ངང་ཉིད་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག །སྙིགས་དུས་མི་བཟད་ལྔ་བརྒྱའི་ཐ་མ་འདིར། །སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་དོན་དུ། །ཐུགས་ཉིད་ཞི་བ་ཆོས་དབྱིངས་རྣམ་དག་ཀྱང་། །དྲག་གཏུམ་མི་བཟད་འབར་བའི་སྐུར་བཞེངས་ཤིག །ཞེ་སྡང་འདོད་ཆགས་འབར་བའི་དཀྱིལ་འཁོར་ནས། །མཐུ་ཆེན་ཀླུ་སྲིན་ཡབ་ཡུམ་གཤེགས་སུ་གསོལ། །སྲིད་པ་གསུམ་སོགས་ཞིང་ཁམས་རྒྱ་མཚོ་ནས། །སྤྲུལ་པའི་གཟའ་ཆེན་སྡེ་བརྒྱད་གཤེགས་སུ་གསོལ། །ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིང་མོ་གདོང་མོ་མཆེད་བཞི་གཤེགས་སུ་གསོལ། །གཞན་ཡང་བཀའ་སྡོད་སྤྲུལ་པ་ཕོ་ཉའི་ཚོགས། །རང་རང་ཞིང་ནས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། ནམ་མཁའ་དབྱིངས་ཀྱི་ཕོ་བྲང་ནས། །གཟའ་བདུད་འཁོར་དང་བཅས་པ་རྣམས། །སྐུ་མདོག་དུད་ཀ་ཙེ་རེ་རེ། །དགྱེས་པའི་གད་རྒྱངས་ཡ་ལ་ལ། །དར་ནག་རུ་མཚོན་ཕྱ་ར་ར། །མི་རྐང་གླིང་བུ་དི་རི་རི། །སྤྱན་སྟོང་མེ་དཔུང་འུ་རུ་རུ། །བཤུག་པའི་གླུ་ལེན་ཀྱུ་རུ་རུ། །རྔམ་པའི་ང་རོ་དི་རི་རི། །དཔལ་གྱི་བྲོ་ཆེན་ཆེམས་སེ་ཆེམ། །འཇིགས་པའི་གླུ་ལེན་ཙེ་རེ་རེ། །གློག་དམར་ཞགས་པ་འཁྱུགས་སེ་འཁྱུག །ཚུར་སྤྱོན་ཚུར་སྤྱོན་གནས་འདིར་བྱོན། །ཕོ་བྲང་རབ་མཛེས་གཞལ་ཡས་འདིར། །གཟའ་བདུད་འཁོར་བཅས་གཤེགས་སུ་གསོལ། །ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿབཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། བཞུགས་གསོལ་ནི། ཧཱུྃ། འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཉི་ཟླ་པདྨ་ཞིང་ཆེན་གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཨཱོྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་ཏིཥྛནྟུ། ཕྱག་བྱ་བ་ནི། ཧཱུྃ། ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །དྲེགས་པ་ཕོ་མོ་མིང་སྲིང་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ། །ཨཱོྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་པྲ་ཏཱིཙྪ་ཧོཿ མཆོད་པ་ནི། སྤོས་དང་མེ་ཏོག་སྣང་གསལ་ལ་སོགས་དང་། །ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །དངོས་འབྱོར་ཏིང་འཛིན་དགོངས་ཀློང་དག་པས་མཆོད། །ཨཱོྃ་རཱ་ཧུ་ལ་ས་པ་རི་ཝཱ་རེ་བྷྱཿ པུཥྤེ་ནས་ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། བརྒྱད་པ་རྣམ་སྲས་ཀྱི་ཕྲིན་ལས་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། ཕྱོགས་བཞིར་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེག་པའི་ཁོར་ཡུག་གིས་བསྐོར་བའི་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག །བྱང་འཛམ་བུའི་ཆུ་བོའི་གསེར་ལས་གྲུབ་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་དབུས་སུ་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་སུམ་བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་ཤིང་། ཁོར་ས་རིམ་པ་གསུམ་གྱིས་བསྐོར་བའི་དང་པོའི་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད་ཀྱིས་མཛེས་པ། དེ་དག་གི་ཕྱི་རོལ་དུ་རིན་པོ་ཆེའི་ཕུང་པོ། དཔག་བསམ་གྱི་ལྗོན་ཤིང་། མ་རྨོས་པའི་ལོ་ཐོག །གཏེར་གྱི་བུམ་བཟང་། ཁྲུས་རྫིང་མེ་ཏོག་དང་ལྡན་པ་རྣམས་སྤེལ་མར་གནས་པའི་ཕྱི་ནས་རིན་པོ་ཆེའི་རྭ་བ་གྲུ་བཞི་པས་བསྐོར་བ། ཕོ་བྲང་དབུས་མའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་སེང་གེ་ལ་གནས་པའི་བཻ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་རིན་པོ་ཆེའི་རྒྱལ་མཚན་དང་མདུང་དམར་སྒྲེང་བ། གཡོན་ནོར་བུ་སྐྱུག་པའི་གཏེར་གྱི་ནེའུ་ལེ་དང་དབང་སྡུད་ཀྱི་ལྕགས་ཀྱུ་འཛིན་པ། དབུ་ལ་བསེའི་རྨོག་ཞུ་རིན་པོ་ཆེའི་ཕྲ་ཚོམས་ཅན་བཅིངས་པ། བརྗིད་བག་དང་བཅས་པའི་སྐུ་ལ་དར་དམར་པོའི་འཇོལ་བེར་དང་བསེའི་གོ་ཁྲབ་གསོལ་བ། ལྷའི་དར་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་རིན་པོ་ཆེའི་རྒྱན་ཕྲེང་འོད་འབར་བ་དུ་མས་སྤྲས་པ། ཞབས་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་རི་དྭགས་ཀྱི་རྒྱལ་པོའི་གདན་ལ་གནས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་སྐྱེ་རྒུ་རྣམས་ཕོངས་པ་ལས་སྒྲོལ་བ། ཕྲག་གོང་ཉི་ཟླས་བརྒྱན་པ་བཙུན་མོ་སྲས་དང་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། ཕྱོགས་མཚམས་ཀྱི་ཁང་བརྩེགས་བརྒྱད་ཀྱི་ཤར་ནས་རིམ་པ་བཞིན་ཛམ་བྷ་ལ་སེར་པོ་རིན་པོ་ཆེ་འཛིན་པ། ཡང་དག་ཤེས་སེར་པོ་གསེར་གྱི་གྲི་རིང་འཛིན་པ། གང་བ་བཟང་པོ་སེར་པོ་བུམ་པ་འཛིན་པ། འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་འཛིན་པ། ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། ལྔས་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། འཇམ་པོ་འཁྱིལ་བ་དཀར་པོ་གྲི་ཕུབ་འཛིན་པ་སྟེ། ཐམས་ཅད་ཀྱང་གཡོན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་རང་མདོག་དང་མཚུངས་པའི་རྟ་ལ་འཆིབ་པ། བརྗིད་ཅིང་དཔའ་བ་ལྷའི་གོ་ཁྲབ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཁོར་ས་བར་མ་ན་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ། ཁོར་ས་ཐ་མ་ན་ལྷ་སྲིན་སྡེ་བརྒྱད་སོགས་ཅི་བགྱིའི་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་རྣམ་འགྱུར་སྣ་ཚོགས་པའི་གཟུགས་དང་ཆ་ལུགས་ཅན། ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་པས་འདོད་པའི་དངོས་གྲུབ་ཆར་བཞིན་དུ་འབེབ་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་འཁོད་པར་གྱུར། དེ་རྣམས་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བདག་གིས་གདུང་པས་སྤྱན་འདྲེན་ན། །ཐབས་དང་ཐུགས་རྗེའི་བདག་ཉིད་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །བཙུན་མོ་བློན་འབངས་འཁོར་དང་བཅས། །ཤཱཀྱའི་བསྟན་པ་བསྲུང་སླད་དུ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨཱོྃ་བཻ་ཤྲ་མ་ཎ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། བཞུགས་གསོལ་ནི། ཕོ་བྲང་གཞལ་ཡས་ཆེན་པོའི་དབུས། །རིན་ཆེན་ཁྲི་རྐང་བརྩེགས་པའི་སྟེང་། །ནོར་བདག་ཆེན་པོ་རྣམ་ཐོས་སྲས། །འཁོར་བཅས་དགྱེས་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཔདྨ་ཀ་མ་ལཱ་ཡ་སཏྭཾ། ཕྱག་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཕྲིན་ལས་བདག །འགྲོ་བའི་རེ་སྐོང་སྤྲུལ་པའི་སྐུ །ས་བརྒྱད་སེམས་དཔའ་རྣམ་ཐོས་སྲས། ཁྱེད་ལ་གུས་པས་ཕྱག་འཚལ་ལོ། །ཨཱོྃ་ན་མོ་ན་མ་མི། མཆོད་པ་ནི། འདོད་དགུའི་མཆོག་སྩོལ་རྒྱལ་ཆེན་འཁོར་བཅས་ལ། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་མཆོག་གི་དམ་ཚིག་རྫས། །ལྷ་མིའི་ལོངས་སྤྱོད་འཛད་མེད་འདོད་དགུའི་སྤྲིན། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཡོངས་གང་བ། །འབུལ་ལོ་འདོད་པའི་ལས་འབྲས་མཆིས་པར་མཛོད། །ཨཱོྃ་བཻ་ཤྲ་མ་ཎ་ཡ་ས་པ་རི་ཝཱ་རེ་བྷྱཿ པུཥྤེ་ནས་ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། དགུ་པ་ཞིང་སྐྱོང་དུར་ཁྲོད་མ་མོའི་ཕྲིན་ལས་ནི། ཨཱོྃ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་བྷྱོ་ཡོངས་སུ་གྱུར་པ་ལས་མ་གཅིག་སྲིད་གསུམ་བདག་མོ་སྐུ་མདོག་སྨུག་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཧཱུྃ་དང་བྷྱོའི་ང་རོ་དྲག་པོར་རྒོད་པ། ཞལ་གཅིག་ཕྱག་གཉིས་པ་གཡས་ཁྲག་འཛག་པའི་དགྲ་སྙིང་དྲོན་མོ་ཟ་ཞིང་གཡོན་སྲིད་གསུམ་གསལ་བའི་མེ་ལོང་འཛིན་པ། དར་དཀར་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན་མི་ལྤགས་ཀྱི་གཡང་གཞི་རློན་པ་ལྡིང་སྟབས་སུ་གྱོན་པ། རལ་པ་ཁམ་ནག་ཐུར་དུ་འཕྱང་ཞིང་རྣ་བ་ལ་དུང་ལོང་ཁྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་མགོ་བོ་རློན་པའི་དོ་ཤལ་ཅན། རུས་པའི་ཕྲེང་བ་དང་སེ་རལ་ཁ་འཕྱང་ཞིང་གཡོན་བརྐྱང་གིས་རོའི་གདན་ལ་འགྱིང་བ། འཁོར་གྱི་མ་མོ་དཀར་སེར་དམར་ལྗང་བཞི་སྙིང་དང་མེ་ལོང་འཛིན་པ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཏེ་གར་མཛད་པ། གཞན་ཡང་གནས་གསུམ་གྱི་མ་མོ་མཁའ་འགྲོ། དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ། ལས་བྱེད་ཤ་ཟ་འབུམ་སྡེ། སྤྲུལ་པའི་ཤྭ་ན་ཝ་སྤྱང་དྲེད་སོགས་མ་རུངས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་ཝཱི་ཀོ་ཊ་ལ་སོགས་པ་ཉེ་བའི་ཞིང་ཐམས་ཅད་ནས་བསྟན་སྲུང་མ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། བྷྱོཿ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད། །དུར་ཁྲོད་གནས་ནས་སྐུ་བཞེངས་ཤིག །བརྩེ་བའི་ཐུགས་ཀྱིས་གནས་འདིར་བྱོན། །རྣལ་འབྱོར་གདུང་བས་གསོལ་བ་འདེབས། །བརྗོད་བྲལ་འགྱུར་མེད་ཀློང་ཡངས་ནས། །ཡེ་ཤེས་རང་སྣང་རོལ་པའི་ཡུམ། །དུར་ཁྲོད་ལྷ་མོ་སྐུ་བཞེངས་ཤིག །དུས་ལ་བབ་ཀྱིས་ད་ཚུར་བྱོན། །ཞེས་དང་གཞན་ཡང་། བྷྱོཿ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་མོ་ཆེ། །མི་བསྲུན་སྲིན་མོའི་གཟུགས་འཆང་དམ་ཚིག་ཅན། །མ་གཅིག་ལྷ་མོ་འཁོར་བཅས་དབྱིངས་ནས་བཞེངས། །རྡོ་རྗེ་འཛིན་པའི་ཕོ་ཉ་ཞིང་བཅུའི་གཤེད། །དཔལ་འབར་མཁའ་འགྲོའི་དབང་ཕྱུག་ངན་ནེ་མ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ་རྣམས་ནས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་ད་ཚུར་བྱོན། །བྷྱོཿ ཆོས་དབྱིངས་ངང་ལས་སྙིང་རྗེས་ཁྲོས་པའི་ཡུམ། །ཞིང་སྐྱོང་མ་མོ་དུར་ཁྲོད་གནས་ཉུལ་མ། །དམ་ཚིག་གནས་འདིར་རྣམ་བཀྲའི་སྤྱན་གཟིགས་དང་། །ལྷབ་ལྷུབ་དར་གྱི་གཡབ་མོས་འབོད་ཀྱིས་གཤེགས། །ཚིལ་ཆེན་གསུར་དུད་དྲི་ཞིམ་དུད་པའི་སྤྲིན། །འདོད་དགུའི་ཆར་འབེབ་རོ་བརྒྱའི་བཟའ་བཏུང་གི །མགྲོན་དུ་དད་པའི་གདུངས་དབྱངས་སྙན་འཇེབས་སྒྲ། །རྐང་གླིང་རོལ་མོས་མཚོན་པར་འབོད་ཀྱིས་གཤེགས། །སྔོན་ཚེ་ཉིད་ཀྱིས་དམ་བཅས་ཇི་བཞིན་དུ། །རྒྱལ་བའི་བསྟན་དང་རིག་འཛིན་བདག་ཅག་གི །འདོད་པའི་དངོས་གྲུབ་རེ་བ་བཞིན་སྩོལ་བའི། །ཕྲིན་ལས་མ་གཡེལ་ལས་ལ་རིངས་པར་སྤྱོན། །ཨཱོྃ་ཤྨ་ཤཱ་ནཾ་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། བཞུགས་གསོལ་ནི། རབ་འཇིགས་དུས་མཐའི་མེ་རླུང་འཁྲུག་པའི་ཀློང་། །འབར་བའི་དུར་ཁྲོད་གཞལ་ཡས་ཆེན་པོའི་དབུས། །པདྨ་ཉི་ཟླ་དབུགས་བྲལ་བརྩེགས་པའི་ཁྲིར། །མ་གཅིག་ལྷ་མོ་འཁོར་བཅས་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿཔདྨ་ཀ་མ་ལཱ་ཡ་སཏྭཾ། ཕྱག་བྱ་བ་ནི། དབྱིངས་ཀྱི་མཁའ་འགྲོ་དུར་ཁྲོད་མ་མོའི་གཙོ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྲིད་གསུམ་དབང་བསྒྱུར་མ་རུངས་དགྲ་སྡེའི་གཤེད། །ཞིང་སྐྱོང་མ་མོ་འཁོར་བཅས་ལ་ཕྱག་འཚལ། །ཨཱོྃ་ན་མོ་ན་མཱ་མི། མཆོད་པ་ནི། ཧཱུྃ། དམར་ཆེན་མཆོད་ཡོན་དབང་པོའི་མེ་ཏོག་བཞད། །སྣ་ཚོགས་གསུར་དུད་ཞུན་ཆེན་སྦར་བའི་མེ། །མཁྲིས་ཆེན་བྱུག་པ་ཤ་རུས་བཟའ་བའི་ཚོགས། །མི་བཟད་སྒྲ་དབྱངས་མྱོས་བྱེད་དཔའ་བོའི་བཅུད། །ལྦུ་ཕྲེང་དོ་ཤལ་གཡོ་བའི་རཀྟའི་སྐྱེམས། །འདོད་ཡོན་ཚོགས་དང་གཏོར་མའི་ལོངས་སྤྱོད་སོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་པའི་སྤྲིན། །དུར་ཁྲོད་མ་མོ་འཁོར་དང་བཅས་ལ་འབུལ། །ཨཱོྃ་ཤྨ་ཤཱ་ནཾ་པ་ཏི་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། གཉིས་པ་གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་དུ་ཚིམ་པར་བསམ་ཞིང་རྡོ་རྗེའི་ཐལ་མོ་གྱེན་དུ་ཕྱེ་བ་བསྟན་ལ། ཨཱོྃ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊཿ ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊཿ ཨཱོྃ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ༔ ཨཱོྃ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ ཨཱོྃ་མ་ཧཱ་དེ་ཝ་ཛཿཨུ་མ་དེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ཨཱོྃ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཛཿ ཨཱོྃ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ཞེས་ལྷ་ཐམས་ཅད་ཀྱི་སྙིང་པོའི་མཐར་ས་པ་རི་ཝཱ་ར་སོགས་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། དཔལ་མགོན་མ་ནིང་ནག་པོ། མཐུ་ཆེན་དྲག་པོ་ཞལ་བཞི་པ། མ་མོ་སྔགས་ཀྱི་སྲུང་མ། ལྷ་ཆེན་དབང་ཕྱུག་ཆེན་པོ། ཁྱབ་འཇུག་དུག་གི་སྤུ་གྲི། རྒྱལ་ཆེན་རྣམ་མང་ཐོས་སྲས། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་ཞེས་པ་ནས། ཕྲིན་ལས་མཛོད་ཅིག །ཅེས་པའི་བར་གྱིས་འདོད་པའི་ཕྲིན་ལས་གསོལ། གསུམ་པ་བསྟོད་པ་ལ་དགུ་ལས་དང་པོ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག་འཚལ་ལོ། །སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག་འཚལ་ལོ། །དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་བཅུ་མངའ་ལ་ཕྱག་འཚལ་ལོ། །སྒྲིབ་པ་རྣམ་གཉིས་དག་ལ་ཕྱག་འཚལ་ལོ། །བདག་མེད་གཉིས་རྟོགས་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པའི་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་བསྟོད་དེ་ཟོར་ཡང་བའི་དབང་དུ་བྱས་ལ། ཤེས་ན་བསྟོད་པ་རྒྱས་པ་གཞན་དུ་འབྱུང་བ་བཞིན་བྱའོ། །དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་བསྟོད་པའོ། །གཉིས་པ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེས་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིར་ལྡན། ཁྲོ་གཉེར་གསུས་འཕྱང་མཆེ་བ་རྣམ་པར་གཙིགས། །སྨིན་མ་ཨག་ཚོམ་སེར་ཞིང་དམར་བའི་མདངས། །གཟི་བརྗིད་རབ་འབར་སྐུ་ལ་ཕྱག་འཚལ་བསྟོད། ཁྲོས་པའི་ཆ་བྱད་སྤྱན་གསུམ་བགྲད་པ་ཡིས། །འཇིག་རྟེན་ལྷ་ཆེན་མ་ལུས་ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་བགེགས་ཚོགས་སྲེག་མཛད་པའི། །ང་རོ་འཇིགས་པའི་གསུང་ལ་ཕྱག་འཚལ་བསྟོད། །རྟོག་མེད་རྣམ་གྲོལ་མཉམ་པར་ཐུགས་གནས་ཀྱང་། །ཆགས་མེད་སྙིང་རྗེས་འགྲོ་དོན་མཛད་པའི་ཚུལ། །བྱམས་པ་ཆེན་པོས་སྒྲུབ་མཆོག་བུ་བཞིན་སྐྱོང་། །མི་གནས་བདེ་ཆེན་ཐུགས་ལ་ཕྱག་འཚལ་བསྟོད། །སྐྱོན་ལས་ཡོངས་གྲོལ་ཡོན་ཏན་མཐར་ཕྱིན་རྟགས། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་བརྒྱན། །ཉོན་མོངས་ཀླུ་དང་ལོག་ལྟ་འཇོམས་མཛད་ཚུལ། །སྦྲུལ་གྱིས་རྣམ་བརྒྱན་སྟག་ལྤགས་ཤམ་ཐབས་གསོལ། །རྫུ་འཕྲུལ་མཐུ་སྟོབས་བྱིན་རླབས་ཤུགས་དང་ལྡན། །ཡོན་ཏན་མཆོག་སྟེར་ཁྱོད་ལ་ཕྱག་འཚལ་བསྟོད། །རྟོག་པ་རབ་གཅོད་ཉམས་པའི་སྙིང་འབྱིན་པའི། །གྲི་གུག་རལ་གྲི་གཡས་པའི་ཕྱག་ན་བསྣམས། །ཆོས་རྣམས་བདེ་བར་རྟོགས་པའི་ཐོད་ཁྲག་དང་། ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་འབབ་གཡོན། །ཚར་གཅོད་རྗེས་འཛིན་སྐུ་གསུམ་དངོས་གྲུབ་སྟེར། །ཕྲིན་ལས་ཐོགས་མེད་ལྡན་ལ་ཕྱག་འཚལ་བསྟོད། ཁྲོས་པའི་ཉམས་དང་སྒྲ་སྐད་དྲག་པོ་ཡིས། །བཀའ་ཉན་ལས་བྱེད་མ་མོ་ཌཱ་ཀི་དང་། །གིང་དང་གཤིན་རྗེ་ཤ་ཟ་མ་ལུས་ཚོགས། །རང་དབང་མེད་པར་དབང་སྡུད་ཕོ་ཉར་འགྱེད། །འགལ་བྱེད་ཚོགས་རྣམས་མྱུར་དུ་བརླག་མཛད་པའི། །དྲག་པོ་སྒྲོལ་བྱེད་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཧཱུྃ། ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར། །དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །རྡོ་རྗེ་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །གསང་བའི་དགྱེས་སྤྱོད་མ་གཅིག་ཙཎྜི་ཀ །གཅེར་བུ་སྐྲ་གྲོལ་སྟོང་གསུམ་གར་བསྒྱུར་མ། །གྲི་གུག་དབང་སྡུད་ཐོད་ཁྲག་འཁོར་བ་སྟོངས། །དཔལ་ལྡན་དབྱིངས་ཀྱི་མ་མོར་ཕྱག་འཚལ་བསྟོད། །ཧཱུྃ། སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །སྲིན་པོའི་གཟུགས་ཅན་གདུག་པ་ཀུན་འདུལ་བ། །ལས་མགོན་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །བྷྱོཿ ནག་པོའི་ལས་མཛད་མཁའ་འགྲོ་ཀུན་གྱི་གཙོ། །མི་བསྲུན་གཟུགས་འཆང་དགྲ་ལ་དུག་ནད་འབེབ། །ཤ་ཟ་ཁྲག་འཐུང་གཏུམ་མོ་རབ་འབར་མ། །ནག་མོ་བྱ་ཞོན་མ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཀའ་ཉན་ལས་བྱེད་སངས་རྒྱས་བསྟན་པ་སྲུང་། །ཐུགས་དམ་དབང་གིས་སྒྲུབ་མཆོག་བུ་བཞིན་སྐྱོང་། །དྲག་ཤུལ་སྟོབས་ཀྱིས་བསྟན་དགྲ་རྩད་ནས་གཅོད། །ཤ་ཟ་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། མགོན་པོའི་བཀའ་སྡོད་འཇིགས་བྱེད་ཀུན་གྱི་གཙོ། །སྟོང་གསུམ་ཅིག་ཅར་མྱུལ་ཞིང་བསྟན་པ་སྲུང་། །ཐོགས་མེད་མཐུ་མངའ་སྡེ་བརྒྱད་དམག་དཔོན་མཛད། །གཟའ་བདུད་རཱ་ཧུ་ལ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ཅན། །དྲག་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཡིས། །ཞིང་བཅུའི་སྲོག་དབུགས་འབྲལ་བའི་མཐུ་བོ་ཆེ། །ལས་བྱེད་དྲེགས་པ་བཞི་ལ་ཕྱག་འཚལ་བསྟོད། །གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས། །འཁོར་ཚོགས་སྡེ་དང་དཔུང་དང་ཕོ་ཉར་བཅས། །གྲངས་མེད་ཡིད་བཞིན་འཁོར་ལོར་འཆར་ལ་བསྟོད། །ཅེས་དང་། གཞན་ཡང་རྟགས་ཀྱི་བསྟོད་པ་དང་རྐང་བརྒྱད་མའི་བསྟོད་པ་སོགས་སྤྲོ་ན་བསྟོད་འབུམ་བཞིན་ཤེས་པར་བྱའོ། །དཔལ་མགོན་ཕྱག་བཞི་པའི་བསྟོད་པའོ། །གསུམ་པ་ནི། ཧཱུྃ། འཇིག་རྟེན་འདས་པའི་དུས་ན་མངོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་མངོན་སྤྲུལ་ནག་པོ་ཆེན་པོའི་སྐུ །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ། །དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་དཀྱིལ་ན། །རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས། །རབ་བརྗིད་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམ། །ཞལ་གདངས་མཆེ་གཙིགས་དྲག་པོའི་སྐན་སྒྲ་རྡེབ། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ། །གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། །ཙན་དན་བེང་ཆེན་རྐེད་བཙུགས་ལྷ་དམག་འགྱེད། །ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས། །དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས། །ལེགས་ལྡན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་རལ་གཟིག་ཤུབས་བཏགས་ནས་རྟ་ནག་ཞོན། །བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག །སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབ། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་བརྣགས་པའི་དགྲ་བགེགས་སྒྲོལ། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །གར་བསྐུལ་ས་རུ་མི་རོ་རགས་སུ་འཚེར། །ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་བ། །དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཔལ་ལྡན་ལས་ཀྱི་མགོན་པོ་ནི། །མཐིང་ནག་གྲི་གུག་ལྕགས་པར་ཐོགས། ཁ་ཊྭཱཾ་བདུད་མདས་དགྲ་སྙིང་གཟིར། །རྟ་ནག་ཞོན་ནས་རྒྱུག་ལ་བསྟོད། །མ་གཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་ལྡག །མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དེ་བཱིའི་སྐུ་ལ་བསྟོད། །ཧཱུྃ། སྐུ་ལས་སྤྲུལ་པའི་མགོན་པོ་ནི། །ནག་པོ་སྟག་ཞོན་མི་བཟད་པ། །ཙན་དན་བེང་གསོལ་བདུད་ཞགས་འཕེན། །གཏུམ་པོ་འཇིགས་བྱེད་ཁྱོད་ལ་བསྟོད། །མ་འགགས་གསུང་གི་རོལ་པའི་རྩལ། །བེང་ཆེན་དམར་སྨུག་ཁྲོས་པའི་ཞལ། །ཙན་དན་བེང་དང་ལྕགས་པར་འཛིན། །བདུད་འདུལ་མཐུ་ཆེན་ཁྱོད་ལ་བསྟོད། །ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ལྷ་མིན་གཡུལ་བཟློག་ནག་པོ་ཆེ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། ཁྲག་འཐུང་དཔའ་བོ་ཁྱོད་ལ་བསྟོད། །ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །གཏུམ་དྲག་བཟོད་དཀའི་གཟི་བརྗིད་ཅན། །མཐིང་ནག་རིན་ཆེན་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཕྲིན་ལས་དྲག་ཤུལ་ཆེན་པོའི་རྩལ། །ཏྲག་ཤད་བདུད་མགོན་མ་རུངས་པ། །ཙན་དན་བེང་དང་དགྲ་སྙིང་འཛིན། །དགྲ་བགེགས་གཤེད་མ་ཁྱོད་ལ་བསྟོད། །འདོད་ཁམས་དབང་ཕྱུག་རེ་མ་ཏི། །ལག་ན་ཁྲམ་ཤིང་ཐོད་པ་འཛིན། །དྲེལ་རྟ་ཞོན་ནས་སྟོང་གསུམ་མྱུལ། །ནག་མོ་སྟོང་གི་གཙོ་ལ་བསྟོད། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །དཔལ་མགོན་མ་ནིང་འཁོར་བཅས་ཀྱི་བསྟོད་པའོ། །བཞི་པ་ནི། ཧཱུྃ༔ རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང༔ རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་བླ་ཆེ༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན༔ དྲེགས་པ་ཀུན་འདུལ་ཁྱོད་ལ་བདག་བསྟོད་དོ༔ སྲིད་གསུམ་ཟིལ་གནོན་ཉམས་པ་རྩད་ནས་གཅོད༔ རྣམ་བཞིའི་ཕྲིན་ལས་ཅི་བཅོལ་ཐོགས་པ་མེད༔ ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན༔ ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ༔ ཕྱོགས་བཞིའི་གནས་ནས་སངས་རྒྱས་བསྟན་པ་སྲུང༔ སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འགྱེད༔ སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི༔ དྲེགས་པ་འཁོར་དང་བཅས་ལ་བདག་བསྟོད་དོ༔ ཀ་དག་དབྱིངས་ལས་སྙིང་རྗེས་ཁྲོས་པའི་སྐུ། ཁ་དོག་མི་བཟད་དུས་མཐའི་ཆར་སྤྲིན་འདྲ། །ག་ཤ་མགོ་ཕྲེང་དུར་ཁྲོད་ཆས་ཀྱིས་བརྒྱན། །ང་རོའི་གད་མོས་ས་གསུམ་གཡོ་ལ་བསྟོད། །ཅ་ཅོ་གདུང་བའི་ཤུགས་ཀྱིས་བསྐུལ་བསྒྲུབ་ཚེ། །ཆ་ལུགས་ཕྲིན་ལས་རྣམ་བཞིའི་རོལ་གར་གྱིས། །ཇ་རིལ་ཐོད་པའི་གུར་ཁང་བསྐལ་མེའི་ཀློང་། །ཉ་རྒྱས་སྟོན་ཟླའི་མཛེས་པ་ངོམ་ལ་བསྟོད། །ཏ་ཐཱ་ག་ཏའི་སྤྱན་སྔར་ཞལ་བཞེས་པའི། །ཐ་ཚིག་རྡོ་རྗེའི་དམ་ལས་མི་འདའ་བར། །ད་ལྟ་དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །ནམ་མཁའ་མཛོད་ཀྱི་དངོས་གྲུབ་སྦྱིན་ལ་བསྟོད། །པ་སངས་ལྟར་དཀར་མཆེ་བའི་རྣོ་དབལ་གྱིས། །ཕ་རོལ་སྡེ་དང་བཅས་པ་ཞལ་སྟོབ་ཚེ། །བ་ལང་སྤྱོད་སོགས་གླིང་བཞིའི་དྲེགས་པ་ཀུན། །མ་ལུས་ཞུམ་སྟེ་ཁྱོད་སྐྱབས་གསོལ་ལ་བསྟོད། །ཙ་ཏུར་བཞིན་གྱི་སྤྲིན་རུམ་ཆེན་པོ་ལས། །ཚ་ངར་རྡོ་རྗེའི་མེ་ཆར་མི་བཟད་པས། །ཛ་ལང་གདུག་པའི་དཔུང་ཚོགས་མ་ལུས་པ། །ཝ་སྐྱེས་བཞིན་དུ་འཇོམས་པར་མཛད་ལ་བསྟོད། །ཞ་རེངས་ལ་སོགས་མི་བཟད་ཆོ་འཕྲུལ་གྱིས། །ཟ་མ་ཙམ་ལ་དགྲ་བོ་དཔུང་དང་བཅས། །འ་འུར་བརླག་མཛད་རྒྱལ་བའི་བསྟན་སྲུང་གཙོ། །ཡ་མཚན་ཆོ་འཕྲུལ་ཅིར་ཡང་སྟོན་ལ་བསྟོད། །རྭ་བ་གངས་རིས་མཛེས་པའི་སྨན་ལྗོངས་འདིར། །ལ་ལར་ཞི་དང་ལ་ལར་ཁྲོ་གཏུམ་གྱིས། །ཤ་ཁྲག་དོན་སྙིང་དབུགས་ལ་ལོངས་སྤྱོད་ཀྱང་། །ས་བཅུའི་དབང་ཕྱུག་ཆེན་པོར་གྱུར་ལ་བསྟོད། །ཧ་ཅང་གཅམ་བུ་མིན་པའི་གདུང་བའི་དབྱངས། །ཨ་ལ་ལ་ཞེས་ཁྱོད་ལ་གུས་བསྟོད་ན། །ཧ་ཧའི་གསུང་དང་དགྱེས་པའི་ཞལ་བཟང་པོ། །ཨ་ཧོ་མིག་གི་བདུད་རྩིར་སྟོན་པར་མཛོད། །བསྟན་སྲུང་ནག་པོ་ཆེན་པོ་ཞལ་བཞི་པའི་བསྟོད་པའོ། །དེ་ནས་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ དཔལ་ལྡན་དྲེགས་པ་འཁོར་དང་བཅས་པ་རྣམས༔ རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཞིང༔ བཅོལ་པའི་ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལོ༔ ཨ་ཏིའི་བསྟན་སྲུང་དྲག་པོ་སྡེ་ལྔ་ཡི༔ ལས་བྱང་བདུད་དཔུང་ཀུན་འཇོམས་འདི་ཉིད་ནི༔ ལོ་ཙཱ་བདག་གིས་ཡི་གེར་བཏབ་སྟེ་སྦས༔ སྐལ་ལྡན་དང་འཕྲད་བསྟན་སྲུང་མཚོན་ཆར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ལྔ་པ་ནི། བྷྱོཿ བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །བྷྱོཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མངོན་པར་བསྟོད་ཀྱིས་དམ་མ་འདའ། །གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ན། །སྐུ་མདོག་མཐིང་ནག་འབར་བ་ནི། །འགྱུར་མེད་དོན་དམ་ཐུགས་ཆུད་རྟགས། །རལ་པའི་ཐོར་ཚུགས་བཅིངས་པ་ནི། ཁམས་གསུམ་དབང་དུ་སྡུད་པའི་རྟགས། །ཕྱག་གཡས་ཞིང་ཆེན་དབྱུག་པ་ནི། །འགྲོ་དྲུག་རྩད་ནས་གཅོད་པའི་རྟགས། །གཡོན་པས་སྤྱང་མོ་ཁྲ་ཐབས་འགྱེད། །དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས། །ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོ། །སྟོང་ཁམས་དགྲ་བོ་སྒྲོལ་བའི་རྟགས། །ཞབས་གཉིས་དོར་སྟབས་བགྲད་པ་ནི། །ཐབས་དང་ཤེས་རབ་སྦྱོར་བའི་རྟགས། །ནག་མོ་གདུག་པའི་སྲོག་འཕྲོག་མ། །མངོན་པར་བསྟོད་ཀྱིས་མཐུ་མ་ཆུང་། །བྷྱོཿ སྨུག་ནག་ཁྲོས་མ་རལ་གཅིག་མ། །ཞིང་དབྱུག་འཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །དཔལ་ལྡན་བཤན་པ་མི་བསྲུན་མ། །གཅེར་མོ་དོན་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་མྱོས་བྱེད་རིམས་ནད་འབེབ། །ནམ་གྲུ་ནག་མོ་ཁྱོད་ལ་བསྟོད། །གཏུམ་ཆེན་གཟའ་བདུད་སྲིན་པོའི་གཟུགས། །མགོ་དགུ་རྒྱལ་མཚན་སྦྲུལ་ཞགས་དང་། །མདའ་གཞུ་འགེངས་ཤིང་ཐོག་སེར་འབེབ། །སྡེ་བརྒྱད་དམག་དཔོན་ཁྱོད་ལ་བསྟོད། །སྒྲོལ་གིང་བཤན་པ་དམར་ནག་ནི། །གྲི་ཐོད་འཛིན་ཞིང་རལ་གྲི་གདེང་། །བསྟན་དགྲའི་སྙིང་འབྱིན་སྦྲུལ་ཞགས་འཕེན། །གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །དམ་ཅན་སྐྱེས་བུ་གིང་གི་བདག །དམར་ནག་རྡོ་རྗེ་དགྲ་སྙིང་འཛིན། །ཟ་འོག་བེར་གྱོན་ར་སྐྱེས་ཞོན། །མཐུ་ཆེན་དྲེགས་པ་ཁྱོད་ལ་བསྟོད། །མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས། །དཀར་ཕྱོགས་བསྟན་པ་ལེགས་སྐྱོང་ཞིང་། །ནག་ཕྱོགས་བདུད་སྡེ་ཚར་གཅོད་པའི། །བཀའ་སྡོད་ཕོ་ཉ་ཀུན་ལ་བསྟོད། །སྔགས་སྲུང་མ་མོ་འཁོར་བཅས་ཀྱི་བསྟོད་པའོ། །དྲུག་པ་ནི། ཧྲཱི༔ སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག༔ དངོས་གྲུབ་མཆོག་སྟེར་ཡོན་ཏན་རྫོགས་པའི་ལྷ༔ རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད༔ འོད་ཕུང་བསྐལ་པའི་མེ་ལྟར་འབར་བའི་སྐུ༔ ཉི་ཟླའི་སྤྱན་བགྲད་ཁྲོ་གཉེར་བཞད་པའི་ཞལ༔ མཆེ་གཙིགས་འཛུམ་ཆགས་གཞན་ཡིད་འགུགས་པ་པོ༔ གར་གྱི་དབང་ཕྱུག་དཔལ་ཆེན་བཀའ་བཞིན་དུ༔ དམ་ཚིག་འཁོར་ལོའི་གནས་རྣམས་སྐྱོང་མཛད་ཅིང༔ སྣ་ཚོགས་དར་དང་རཏྣ་ཨུཏྤལ་གྱིས༔ ངེས་པར་ཆེ་བཙན་རྒྱལ་པོའི་རྟགས་སུ་བརྒྱན༔ ཚངས་གནས་ཏི་སེ་རྒྱ་མཚོ་ཆེན་པོའི་ཀློང༔ དུར་ཁྲོད་གནས་ན་མ་མོའི་ཚོགས་ཀྱིས་བསྐོར༔ ཁྱོད་ནི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཡིན༔ དྲེགས་པའི་ལྷ་ཆེན་ཀུན་གྱིས་ཕྱག་བྱས་ཤིང༔ ལོག་འདྲེན་བགེགས་རྣམས་མ་ལུས་འདུལ་བར་མཛད༔ ལྷ་ཡུལ་གྲོང་ཁྱེར་ནགས་འདབས་ཐམས་ཅད་དུ༔ ལྷ་དམག་དབུགས་འབྱིན་ཆེ་བཙན་གཡུལ་ལས་རྒྱལ༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་ལྕགས་ཀྱུ་དང༔ རླུང་གི་ཞགས་པས་སྐྱེ་འགྲོ་འགུགས་ཤིང་འཆིང༔ གནོད་སྦྱིན་གཟི་བརྗིད་མདངས་ཀུན་རྟགས་ཀྱིས་འཕྲོག༔ ཨུ་མ་ཡུམ་འཁྱུད་རྟག་ཏུ་ཆགས་ཤིང་རོལ༔ གསང་བའི་མ་བཞིས་འགྲོ་ཀུན་དབང་དུ་སྡུད༔ དྲེགས་པའི་ལྷ་ཆེན་ཀུན་ཀྱང་ལས་ལ་འགྱེད༔ ཁྱོད་ནི་མི་བཟད་འཇིགས་བྱེད་ཀུན་གྱི་བདག༔ སྨོན་ལམ་དབང་གིས་རྣམ་འཕྲུལ་ཅིར་ཡང་སྟོན༔ འདོད་པའི་མཆོག་སྩོལ་འཇིག་རྟེན་ཀུན་གྱི་སྐྱབས༔ ཁྱོད་ལ་ཕྱག་འཚལ་རྒྱ་ཆེན་དངོས་གྲུབ་སྩོལ༔ ཅེས་ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྟོད་པའོ། །བདུན་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་གཉན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བླ་མཐུ་རྩལ་ཅན། །དམ་ཉམས་སྲོག་གཅོད་གཙོ་ལ་བསྟོད། །ཧྲཱིཿ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །ཞལ་དགུ་ཕྱག་བཞི་རྔམ་པ་སྟེ། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེབ་པའི་གཙོ། །སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་ན་ལྷ་ཡི་གཙོ། །རྒྱ་མཚོའི་གཏིང་ན་ཀླུ་ཡི་བདག །བར་སྣང་ཁམས་སུ་སྡེ་བརྒྱད་རྗེ། །དབུ་དགུ་སྲིད་པ་གསུམ་གྱི་བདག །མགོ་གཅིག་ལྷ་མིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་དགོད་པའི་ཞལ། །དགྱེས་པ་བཀའ་ཡི་བྱ་ར་བྱེད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུག་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམས་བྱེད་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་ཆེན་འབེབ། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲང་འཐབས་པའི་སྐན་སྒྲ་རྡེབ། །གཅིག་ནི་འཁྲུག་བྱེད་དྲག་པོའི་ཞལ། །གཡོ་འགུལ་ཆེན་པོས་སེར་བ་འབེབ། །གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གཅིག་ནི་སྟོབས་ཆེན་རྫུ་འཕྲུལ་ཞལ། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་རྒྱུད་གཅོད། །ཆུ་སྲིན་ཞགས་པ་གཡུགས་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རྭ་ཡི་མདའ་གཞུ་བསྣམས་པ་ཡིས། །དམིགས་པའི་དགྲ་བགེགས་རྩད་ནས་གཅོད། །སྤྱན་སྟོང་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་ལ་འབྲུ་ཚུགས་བལྟ། །སྐུ་སྨད་ས་ལ་བརྡབས་པ་ཡིས། །འཇིག་རྟེན་གཡོ་འགུལ་ལྡེག་པར་བྱེད། །ཞལ་ནས་ཧཱུྃ་དང་ཕཊ་སྒྲོག་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྐུ་མདོག་དུད་ཀ་འཇིགས་པ་ཡིས། ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན། །སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད། །འཇིག་རྟེན་ཁམས་ན་འགྲན་ཟླ་མེད། །བདུད་དང་དྲེགས་པ་བྲན་དུ་འཁོལ། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་རྣལ་འབྱོར་སྐྱོང་མཛད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །མི་བཟད་དྲག་གཏུམ་རྔམ་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །དྲང་སྲོང་ཁྱབ་འཇུག་འཁོར་བཅས་ཀྱི་བསྟོད་པའོ། །བརྒྱད་པ་ནི། བཻ། ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་དགུའི་ཆར་འབེབ་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་བསོས་པོ་ལ་བསྟོད། །དྲི་མེད་རཱ་གའི་ཉིང་ཁུ་ལན་སྟོང་དུ། །བྱེད་པོས་པིར་གྱིས་ལྷུན་པོར་བྱུགས་པས་ཀྱང་། །མཚོན་མིན་སྟོང་ཕྲག་ཉི་མའི་ལང་ཚོ་ཅན། །གཏེར་བདག་བྱེ་བའི་ཅོད་པན་ཁྱོད་ལ་བསྟོད། །གངས་རིའི་མཛེས་པ་འཕྲོག་བྱེད་གདོང་ལྔའི་ཁྲིར། །རབ་བརྗིད་གར་གྱིས་རྣམ་རོལ་ཡིད་བཞིན་གྱི། །རྒྱལ་མཚན་སྒྲེང་ཞིང་ནོར་སྐྱུག་ནེའུ་ལེ་ལས། །འདོད་དགུའི་ཆར་འབེབ་ཁྱོད་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་ཡ་ལད་རིན་ཆེན་རྒྱན་ཕྲེང་དང་། །ལྷ་རྫས་ཅོད་པན་གྱིས་མཛེས་ལྷབ་ལྷུབ་གཡོ། །ནོར་སྦྱིན་འབུམ་སྡེའི་དབུུས་ན་ལྷམ་མེ་བ། །ཤཱཀྱའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །ཟག་མེད་བདེ་བའི་དཔལ་སྟེར་བཙུན་མོ་བཞི། །བཀའ་ཡི་བློན་པོ་གཏེར་གྱི་བདག་པོ་བརྒྱད། །ཅི་བགྱིའི་ཕོ་ཉ་མངག་གཞུག་སྡེ་དཔུང་སོགས། །འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །རྣམ་ཐོས་སྲས་ཀྱི་བསྟོད་པའོ། །དགུ་པ་ནི། བྷྱོཿ མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུངས་འདུལ་ཕྱིར་དྲག་མོའི་སྐུར་སྟོན་མ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །དུས་མཐའི་ཆར་སྤྲིན་དཀྲིགས་འདྲ་འཇིགས་རུངས་སྐུ །མི་བསྲུན་བཟོད་པར་དཀའ་བའི་ལང་ཚོ་ཅན། །དུར་ཁྲོད་དྲག་པོའི་རྒྱན་ཕྲེང་དུ་མས་མཛེས། །ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ཁྱོད་ལ་བསྟོད། ཁོང་ནས་ཁྲོས་འཁྲུགས་ཉམས་བརྒྱའི་གར་བསྒྱུར་མ། །བསྟན་དགྲ་ཚར་གཅོད་མ་རུངས་དོན་སྙིང་དང་། །སྲིད་གསུམ་མེལ་ཚེ་མཛད་ཕྱིར་མེ་ལོང་བསྣམས། །དུར་ཁྲོད་མ་མོའི་གཙོ་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་བཀའ་སྡོད་རིག་འཛིན་ཕོ་ཉ་མོ། །བསྟན་དགྲ་ཚར་གཅོད་གསང་སྔགས་སྲུང་མའི་གཙོ། །བཀའ་སྡོད་ཕོ་ཉ་ཡང་སྤྲུལ་སྡེ་དཔུང་བཅས། །མ་གཅིག་ལྷ་མོ་འཁོར་དང་བཅས་ལ་བསྟོད། །ཞིང་སྐྱོང་མ་མོ་འཁོར་བཅས་ཀྱི་བསྟོད་པའོ། །བཞི་པ་རྗེས་འབྲང་ནི། དམ་ཅན་གཏེར་སྲུང་གཞན་དག་གི་ཕྲིན་ལས་བྱེ་བྲག་པ་རྣམས་སྐབས་འདིར་སྦྱར་ཞིང་། དེ་དག་གི་མཐར་གཏེར་བདག་སྤྱིའི་གཏོར་འབུལ་ནི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཏེར་གྱི་བདག་པོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། །རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི་སོགས་ཀྱིས་མཆོད་པ་དང་སྨན་གཏོར་རཀྟ་རྣམས་དབུལ། ཟབ་གཏེར་སྲུང་མའི་དབང་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་དཀྱུས་བཞིན་བྱ། ཧཱུྃ། དུས་གསུམ་རྒྱལ་བའི་བཀའ་སྡོད་དཔའ་བོ་ཆེ། །རིག་འཛིན་ཀུན་གྱིས་ཅི་བགྱིའི་དམ་ཚིག་ཅན། །ཟབ་གཏེར་བསྟན་པ་བསྲུང་བར་དམ་ནོས་པའི། །གཏེར་གྱི་བདག་པོ་འཁོར་དང་བཅས་ལ་བསྟོད། །ཅེས་པས་བསྟོད། གཞི་བདག་སྤྱི་གཏོར་ནི། གཏོར་མ་ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ་ཧོཿ ལན་གསུམ་བརྗོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱོྃ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨཱོྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་དབུལ། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཕྱི་ནང་གིས་མཆོད། གཞི་བདག་གཉུག་མར་གནས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་གོང་བཞིན་དང་། གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་པའི་ཕྲིན་ལས་གསོལ། ལྔ་པ་བཟླས་པ་བྱ་བ་ནི། མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་མོས་ལ། ཨཱོྃ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ། ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊཿ ཅེས་ཧེ་རུ་ཀའི་ཡིག་བརྒྱ་དང་། གོང་གནོན་གྱི་བཟླས་པ་སྔོན་དུ་འགྲོ་བས་བཟླ་བྱའི་སྔགས་ནི། ཨཱོྃ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊཿ ཅེས་ལེགས་ལྡན་ཚོགས་བདག་གོ །ཨཱོྃ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཅེས་ཕྱག་བཞི་པ། ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཕྱག་བཞི་པ་ཡབ་ཡུམ་སྦྲེལ་མ། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ མ་ནིང་ངོ་། །ཨཱོྃ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ༔ ཞལ་བཞི་པའོ། །ཏྲག་རཀྴ་ཁ་མུནྟྲ་མུ་རུ་མུ་རུ་ཧཱུྃ་བྷྱོ་ཧཱུྃ་རཀྨོ་ཏེ་ཀེཾ་ཙ་ཚ་ཁ་ལ་བྷྱོ་རུ་ལུ་རུ་ལུ་མ་ཏི་བྷྱོ། སྔགས་སྲུང་ངོ་། །ཨཱོྃ་མ་ཧཱ་དེ་བ་ས་མ་ཡ་ཧྲཱིཾ་ཛ༔ ཞེས་ལྷ་ཆེན་བསྙེན་སྔགས་དང་། ཨཱོྃ་མ་ཧཱ་དེ་ཝ་ཛཿཨུ་མ་དེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ཞེས་སྒྲུབ་སྔགས་ཐུན་མོང་བའོ། །ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ གཟའ་བདུད་དོ། །ཨཱོྃ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཛཿ རྣམ་སྲས་སོ། །ཨཱོྃ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ དུར་ཁྲོད་མ་མོ་དང་། ཨཱོྃ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ཞེས་གཙོ་འཁོར་ཐུན་མོང་སྟེ། འདི་རྣམས་ཇི་ཙམ་ནུས་པ་བཟླས་པའི་མཐར། ཨཱོྃ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་མཆོད་ཅིང་། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དྲུག་པ་ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་བྱིན་གྱིས་བརླབ་པ། མཆོད་བཤགས་བསྒྲལ་སྟོབ་རྣམས་བདག་བསྐྱེད་ཀྱི་ཆོ་ག་གང་ལ་བརྟེན་པའི་སྐབས་དང་མཐུན་པར་འདིར་སྦྱར་རོ། །བདུན་པ་ཐུགས་དམ་སྐོང་བའི་རིམ་པ་ལ། དམ་ཅན་སོ་སོའི་སྐོང་བ། བཤགས་པ། ཕྲིན་བཅོལ་དང་གསུམ་ལས། དང་པོ་ནི། སྐོང་རྫས་རྣམས་ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར། ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ་ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ་ལ། དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོང་བ་ནི། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས་འདིར་བྱོན། །དུར་ཁྲོད་སྒྲོལ་གིང་གནས་འདིར་བྱོན། །རྡོ་རྗེ་སྒྲོལ་བྱེད་གནས་འདིར་བྱོན། །ས་བཅུའི་དབང་ཕྱུག་གནས་འདིར་བྱོན། །རིག་འཛིན་སྲུང་མ་གནས་འདིར་བྱོན། །རྣལ་འབྱོར་དགྲ་བླ་གནས་འདིར་བྱོན། །ཚོགས་བདག་ཆེན་པོ་གནས་འདིར་བྱོན། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ། །སྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས་ཐུགས༴ ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན་འཁོར་བཅས་ཐུགས༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩི་བཏུང་བའི་རྒྱུན། ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན་འཁོར་བཅས་ཐུགས༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །རྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཞེས་པ་ཙམ་གྱི་མཐར། བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་བར་བྱའོ། །ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྐོང་བ་ནི། ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྣམ་མང་རོལ་པ་ལས་བྱུང་མཆོད་པའི་སྤྲིན། ཁྲག་ཆེན་རྒྱ་མཚོ་ཞག་གི་ལྦུ་ཕྲེང་ཅན། །གནག་པའི་ཆུ་སྐྱེས་ལང་ཚོ་མི་སྡུག་འཇིགས། །གསུར་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་གཡོ། །ཞུན་ཆེན་སྒྲོན་མེའི་འོད་ཀྱིས་སྟོང་གསུམ་འགེང་། ཁྲག་ཞག་བྱུག་པ་ག་པུར་དྲི་ངད་ལྡང་། །ཤ་རུས་བཟའ་བའི་ཚོགས་རྣམས་རོ་བརྒྱར་ལྡན། །ཡན་ལག་འབུམ་ལྡན་དབྱངས་ཀྱི་ང་རོ་སོགས། །ཟག་མེད་མཆོག་གི་འདོད་ཡོན་ལོངས་སྤྱོད་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྣ་ཚོགས་འདོད་ཡོན་གཏོར་ཆེན་རི་ལྟར་སྤུངས། ཁྲག་ཞག་བདུད་རྩིའི་བཏུང་བ་རྒྱ་མཚོར་བསྐྱིལ། །མཱཾ་ས་དོན་སྙིང་ནང་རོལ་རྫ་ལྟར་ལྷགས། །བདའ་ཞིང་བསུང་བའི་ཁ་ཟས་གཡོས་སུ་སྦྱར། །སྨན་སྤོས་རྩི་བཅུད་ནོར་དབྱིག་ཇི་སྙེད་དང་། །ཡིད་འཕྲོག་ཕྱག་རྒྱར་སྦྱོར་བའི་དམ་ཚིག་སོགས། །མཐུན་པའི་རྫས་ཀྱིས་དཔག་ཡས་མཁའ་བཀང་ནས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ སྣ་ཚོགས་རྒྱན་སྤྲས་རྟ་ནག་རླུང་ལྟར་འཕྱོ། །གཡག་རོག་ཞོལ་ཆེན་སྤྲིན་རུམ་ལྟར་འགྱིང་ཞིང་། །བདུད་ལུག་སྤྱི་དཀར་ལྕགས་རྭ་འཁྱིལ་བ་ཅན། ཁྱི་ནག་དོམ་བུ་འདུར་ཞིང་ཁྲག་རྗེས་གཅོད། །གནམ་ལྕགས་མཆུ་ལྡན་བྱ་ནག་འཕུར་ཞིང་ལྡིང་། །དགྲ་བགེགས་སྲོག་ལ་འཇབ་པའི་བྱ་གཅན་སོགས། །ཞིང་ཀུན་དོག་པོར་བྱེད་པའི་རྟེན་རྣམས་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ རབ་འཇིགས་དྲག་པོའི་གཞལ་མེད་རྔམས་ཤིང་བརྗིད། །འབོད་པའི་གཡབ་དར་སྣ་ཚོགས་ལྷབ་ལྷུབ་གཡོ། །དུར་ཁྲོད་དྲག་པོའི་རྒྱན་ཕྲེང་ཚར་དུ་དངར། །སྣ་ཚོགས་དར་སྣས་དཔྱངས་པའི་བྱ་རྒོད་མདའ། །གྲི་གུག་རལ་གྲི་བེང་སོགས་ཕྱག་མཚན་དང་། །གནག་པའི་ཞྭ་གོས་གཟུགས་རྟེན་གཏོར་མ་སོགས། །བཞེད་དགུ་ཚང་བའི་འབྱོར་པ་ཇི་སྙེད་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ དཔའ་བོ་གཡུལ་དུ་མཚོན་གྱིས་བསད་པའི་སྙིང་། །འཁྲུལ་མེད་སྲོག་གི་འཁོར་ལོས་བཀང་བ་དང་། །རང་བྱུང་རྟེན་རྡོ་གྲུ་གསུམ་ནལ་བུའི་སྙིང་། །བཟང་པོའི་སྨན་དང་རིན་ཆེན་འབྲུ་སྣ་ལྔ། །གྲི་ལྕགས་ཐོག་མདེའུ་ཟངས་ཁབ་སྲོག་སྙིང་བཅས། །སྟག་གཟིག་རས་མ་ལེ་བརྒན་དར་ཚོན་སོགས། །སྤྱི་དང་ཁྱད་པར་གསང་བའི་རྟེན་རྣམས་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ སྲིད་ཞིའི་འབྱོར་ཚོགས་རྒྱ་མཚོས་གང་བ་ཡི། །གླིང་བཞི་རི་རབ་རོལ་མཚོར་བཅས་པ་དང་། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཐོག་བསམ་འཕེལ་རིན་ཆེན་གཏེར། །སྣ་ཚོགས་ནོར་དབྱིག་གོ་མཚོན་དཔའ་བོའི་ཆས། །ཤིས་པའི་རྟགས་རྫས་རིན་ཆེན་བདུན་ལ་སོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་གང་བས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས༴ ཆོས་ཀྱི་དབྱིངས་ལས་ཁྲག་འཐུང་དཔའ་བོའི་སྐུར། །བསྟན་ཀྱང་གདོད་ནས་དག་པའི་རང་སེམས་དང་། །དབྱེར་མེད་རང་ངོ་ཤེས་པའི་རྣལ་འབྱོར་སོགས། །བསྐྱེད་རྫོགས་ལམ་གྱི་རིམ་པས་ཐུགས་དམ་བསྐང་། །གཉིས་མེད་བདེ་བ་ཆེན་པོར་དགྱེས་གྱུར་ཏེ། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ། །རྡོ་རྗེ་ཐེག་པའི་རིང་ལུགས་རྒྱས་པར་མཛོད། །ཅེས་བསྐང་ངོ་། །དཔལ་མགོན་མ་ནིང་གི་སྐོང་བ་ནི། ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་ཅིང་། །བདུད་དཔུང་འཇོམས་མཛད་ཧེ་རུ་ཀ །མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང་། །མིག་སྨན་མདངས་ཅན་རྟ་མཆོག་སོགས། །ཕྱི་ཡི་རྟེན་གྱིས་ཐུགས་དམ་བསྐང་། །འདོད་ཡོན་བྱ་རོག་རྒྱལ་མཚན་བཅས། །ནང་གི་རྟེན་གྱིས་ཐུགས༴ གྲི་སྙིང་སྲོག་གི་འཁོར་ལོ་སོགས། །གསང་བའི་རྟེན་གྱིས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས་ཐུགས༴ གཤེགས་པའི་དམ་རྫས་ཡིན་པའི་ཕྱིར། །དབྱངས་རྔ་རོལ་མོས་ཐུགས༴ གནས་ཀྱི་དམ་རྫས་ཡིན་པའི་ཕྱིར། །ཐོད་མཁར་འབར་བས་ཐུགས༴ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར། །པད་ཉི་རོ་ཡིས་ཐུགས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར། །དུར་ཁྲོད་ཆས་ཀྱིས་ཐུགས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས༴ ངོམ་པའི་དམ་རྫས་ཡིན་པའི་ཕྱིར། །དམར་ཆེན་རཀྟས་ཐུགས༴ ཚིམ་པའི་དམ་རྫས་ཡིན་པའི་ཕྱིར། །དཔལ་གྱི་གཏོར་མས་ཐུགས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །སྣ་ཚོགས་ནོར་གྱིས་ཐུགས༴ རྟེན་པའི་དམ་རྫས་ཡིན་པའི་ཕྱིར། །གཟུགས་རྟེན་བླ་རྡོས་ཐུགས༴ བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །ཤ་ཆེན་སྣ་ལྔས་ཐུགས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྣ་ལྔས་ཐུགས༴ མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །སྲིད་ཞིའི་འབྱོར་པས་ཐུགས༴ སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིར། །ཕྱག་རྒྱ་གསལ་རྫོགས་ཐུགས༴ གསུང་གི་ཐུགས་དམ་བསྐང་བའི་ཕྱིར། །རླུང་སྔགས་བཟླས་པས་ཐུགས༴ ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །ཏིང་འཛིན་བརྟན་པས་ཐུགས༴ ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིར། །འདོད་ཡོན་མཁོ་དགུས་ཐུགས༴ ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིར། །ལས་སྦྱོར་འབད་པས་ཐུགས༴ བསྐང་ངོ་གསོལ་ལོ་ཐུགས་དམ་བསྐང་། །དཔལ་འབར་མ་ཧཱ་ཀཱ་ལ་དང་། །སྤྲུལ་པ་རྣམ་ལྔ་མཐུ་ཆེན་བརྒྱད། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་སྐོང་དངོས་གྲུབ་སྩོལ། །ཞེས་བསྐང་ངོ་། །བཀའ་སྲུང་དྲག་པོ་སྡེ་ལྔའི་སྐོང་བ་ནི། ཧཱུྃ། ཧེ་རུ་ཀ་དཔལ་ཐུགས་རྗེས་ཁྲོས་པའི་གར། །མི་བཟད་བདུད་ཀྱི་སྟོབས་འཕྲོག་ནག་པོ་ཆེ། །འཇིགས་རུང་སྲིན་པོའི་གཟུགས་ཅན་གདོང་བཞི་པ། །བཀའ་སྡོད་ཕོ་ཉར་བཅས་པ་ད་ཚུར་བྱོན། །ཕ་མཐའ་བརྡལ་བའི་འཇིག་རྟེན་ཁྱོན་གང་བའི། །དངོས་བཤམས་ཡིད་སྤྲུལ་འདོད་ཡོན་འབྱོར་པའི་ཚོགས། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །འབུལ་ལོ་བརྩེ་བས་དགོངས་ཏེ་བཞེས་སུ་གསོལ། །གདུག་ཅན་དགྲ་དང་བགེགས་རྣམས་བསྒྲལ་པ་ཡི། །གཟུགས་ཕུང་ལས་གྲུབ་དམར་གྱི་ཨརྒྷཾ་དང་། །དྲག་པོའི་ཉེར་སྤྱོད་སྙན་བརྗིད་རོལ་མོའི་སྒྲ །ཤ་ལྔ་བདུད་རྩི་རྣམ་ལྔས་ཐུགས་དམ་བསྐང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་རྒྱལ་སྲིད་བདུན་དང་བཀྲ་ཤིས་པའི། །རྟགས་རྫས་ལྷ་མིའི་འདོད་ཡོན་འབྱོར་པའི་ཚོགས། །མི་འཛད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་ཛ་གད་མ་ད་ན། །དགྲ་བགེགས་སྙིང་ཁྲག་ལྦུ་ཕྲེང་འཁྲུག་པའི་མཚོ། །ལྷུན་པོ་ལྟར་བརྗིད་འདོད་དགུའི་བ་ལིཾ་ཏ། །མཉམ་སྦྱོར་དགའ་བཞིའི་རོལ་པས་ཐུགས༴ མྱུར་འགྲོའི་ཅང་ཤེས་བརྗིད་ལྡན་གཡག་རྒོད་དང་། །མཛེས་པའི་ལུག་ནག་བྱ་རོག་འཕུར་ལྡིང་གཡོ། །དཔའ་གཏུམ་ཁྱི་སོགས་ཀུན་ཀྱང་མུན་པའི་མདོག །སྣ་ཚོགས་རྒྱན་གྱིས་སྤྲས་པས་ཐུགས༴ དར་ནག་གཡབ་དར་འདོད་ཡོན་དུར་ཁྲོད་ཆས། །ནག་པོའི་ཞྭ་གོས་གྲི་གུག་རལ་གྲི་དང་། །མདུང་ཐུང་བྷཉྫ་བྱ་རོག་རྒྱལ་མཚན་སོགས། །མཐུན་པའི་དམ་རྫས་ཚོགས་ཀྱིས་ཐུགས༴ སྐུ་གཟུགས་སྔགས་བྱང་གྲི་རྒོད་སྙིང་ནང་དུ། །སྲོག་འཁོར་བླ་རྡོའི་ཆས་བཅུག་སྨྱུག་རྒོད་མདའ། །སྟག་གཟིག་རས་མ་དར་སྣས་དཔྱངས་པ་སོགས། །མི་འབྲལ་གསང་བའི་རྟེན་གྱིས་ཐུགས༴ རྣམ་བཀྲའི་སྤྱན་གཟིགས་ཁོར་ཡུག་ཀུན་ཏུ་བྲེས། །གར་འཆམ་ཕྱག་རྒྱའི་རོལ་གར་བརྗིད་བག་གཡོ། །ཡས་སྟགས་མདོས་ཀྱིས་སྣང་སྲིད་མ་འདྲེས་འཆར། །བརྟན་གཡོའི་དངོས་ཀུན་ཚོགས་པས་ཐུགས༴ ཕུང་ཁམས་སྦྱང་གཞི་བསྐྱེད་རྫོགས་ལམ་གྱིས་སྦྱོང། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་རྩེ་མོར་སོན། །ཆོས་ཀུན་ཀ་ནས་དག་པའི་བདེ་ཆེན་གདངས། །སྒྱུ་མའི་རོལ་པར་ཤར་བས་ཐུགས་དམ་བསྐང་། །ཞེས་བསྐང་ངོ་། །མ་མོ་སྔགས་ཀྱི་སྲུང་མའི་སྐོང་བ་ནི། བྷྱོཿ ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འཁོར་བཅས་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། ཁྲག་ཞག་འཁྲུག་པའི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང། །གསུར་ཆེན་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེས་ཐུགས་དམ་བསྐང་། །མཁྲིས་ཆེན་བདུད་རྩིའི་དྲི་ཆབ་དང་། །ཤ་ཁྲག་རུས་པའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔའི་རོལ་མོ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྣ་ཚོགས་སྙིང་དང་ཁྲག་སྣ་འབུམ། །བཙོས་དང་རྗེན་ཤ་དཀར་མངར་བཅུད། །མྱོས་བྱེད་ཛ་གད་འབྲུ་སྨན་དབྱིག །འདོད་ཡོན་མཆོད་པས་ཐུགས༴ བྱ་ནག་ཁྱི་དང་ཟ་ལེ་འབྲི། །ཙ་ར་ལུག་དང་དྲེ་འུ་རྣམས། །མཛེས་སྡུག་རྣམ་བཀྲའི་རྒྱན་ཆ་ཅན། །འབུམ་ཕྲག་མང་པོས་ཐུགས༴ སྐུ་གཟུགས་སྔགས་བྱང་རྩེ་གསུམ་མདུང་། །སྦ་ལྕག་ཚིགས་གསུམ་རང་བྱུང་མཚལ། །བྱང་སེམས་ནལ་བུའི་རྒྱལ་མཚན་སྙིང་། །ཤ་ཁྲག་སྙིང་སྣས་ཐུགས༴ གཏོར་ཆེན་སྨན་ཕུད་སྤྱི་བླུགས་ཞྭ། །རྨ་བྱའི་རྒྱལ་མཚན་ལེ་བརྒན་གུར། །བམ་ཆེན་སྣེལ་མོའི་མགོ་ལྤགས་སོགས། །སྲོག་འཁོར་བླ་རྡོས་ཐུགས༴ རྔམ་བརྗིད་ཐོད་མཁར་དུར་ཁྲོད་གནས། །དཔལ་གྱི་ཆས་གོས་རྒྱན་ཕྲེང་དང་། །སྣ་ཚོགས་དཀོར་ནོར་སྤྱན་གཟིགས་སོགས། །འདོད་ཡོན་མཁོ་དགུས་ཐུགས༴ གཞན་ཡང་མཐུན་པའི་དམ་ཚིག་རྫས། །ལྷ་མིའི་འབྱོར་ཚོགས་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས། །གང་བཞེད་དེ་དེར་འཆར་བས་བསྐང་། ཁྱད་པར་ཁྱོད་སྐུ་སྣང་སྟོང་སྐུ །གསལ་བརྟན་གྲགས་སྟོང་སྔགས་སུ་སྦྱར། །བདེ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་རིག་འདུ་འབྲལ་མེད་པར་བསྐང་། །ངོ་བོ་དུས་གསུམ་རྒྱལ་ཀུན་ཡུམ། །རྣམ་པ་སྔགས་སྲུང་ཁྲག་འཐུང་ཚུལ། །གདུལ་དཀའ་འདུལ་བའི་མཐུ་རྩལ་ཅན། །སྨུག་ནག་ཁྲོས་མའི་ཐུགས་དམ་བསྐང་། །ཡེ་ཤེས་མ་མོའི་ཐུགས༴ ཁྲག་འཐུང་ཡུམ་གཅིག་ཐུགས༴ སྔགས་སྲུང་ཁྲོས་མའི་ཐུགས༴ ཨེ་ཀ་ཛཱ་ཊིའི་ཐུགས༴ སྤྲུལ་པ་རྣམ་གསུམ་གིང་ཆེན་གསུམ། །ཕོ་ཉ་ཡེ་ཤེས་འཇིག་རྟེན་དང་། །དམ་ཚིག་ཤ་ཟའི་མཁའ་འགྲོ་མ། །འབུམ་ཕྲག་འཁོར་བཅས་ཐུགས༴ བཤན་པ་སྲོག་སྒྲུབ་གཟའ་བདུད་དང་། །སྒྲོལ་གིང་རྡོ་རྗེ་ལེགས་པ་རྣམས། །ལྕམ་དྲལ་བཀའ་སྡོད་ཕོ་ཉར་བཅས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དམ་ཅན་ཐུགས་དམ་དགྱེས་བསྐང་ཞིང་། །བདག་ཅག་ཉམས་ཆག་བྱང་བ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི། །དངོས་གྲུབ་ཆེན་པོ་གྲུབ་པར་མཛོད། །ཅེས་བསྐང་ངོ་། །ལྷ་ཆེན་གྱི་སྐོང་བ་ནི། ཧྲཱིཿ རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་འཛིན། །པདྨ་གར་དབང་ཐུགས་རྗེའི་རྣམ་རོལ་ལས། །གདུལ་དཀའ་འདུལ་ཕྱིར་འཇིག་རྟེན་མགོན་པོའི་སྐུར། །ཡོངས་བཞེངས་ལྷ་ཆེན་ལྕམ་དྲལ་འདིར་གཤེགས་ཤིག །ཆོས་ཉིད་འགྱུར་མེད་དབྱིངས་ལས་བདེ་ཆེན་གྱི། །རྣམ་རོལ་མ་འགགས་འདོད་ཡོན་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའི་ཁམས་ཀུན་ཡོངས་གང་བས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང། །ལེ་བརྒན་དར་གྱི་ལྷབ་ལྷུབ་གཡབ་མོ་དང་། །དམ་རྫས་སྦྱར་བའི་སྤོས་ཀྱི་དུད་སྤྲིན་གཏིབས། །ཏིང་འཛིན་སྔགས་རྒྱ་གདུང་དབྱངས་རོལ་མོའི་སྒྲས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ པདྨ་རཱ་གའི་ཁང་བཟང་ཟླ་གམ་དབྱིབས། །ངོ་མཚར་རྒྱན་གྱི་ཁྱད་པར་དུ་མ་ཡིས། །རབ་མཛེས་ཕོ་བྲང་གནས་ཀྱི་རྟེན་མཆོག་འདིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ མངར་གསུམ་སྦྱར་བའི་སྐྱེམས་དང་མེ་ཏོག་སྤོས། །མར་མེ་དྲི་མཆོག་ཞལ་ཟས་སྙན་བརྗིད་ཀྱི། །རོལ་མོར་བཅས་པའི་མཆོད་རྫས་སྣ་ཚོགས་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ མཛེས་པའི་གཟུགས་དང་དབྱངས་སྙན་བཟང་པོའི་དྲི། །རོ་བརྒྱའི་བཟའ་བཏུང་རེག་བྱའི་ཁྱད་པར་སོགས། །དབང་པོའི་སྤྱོད་ཡུལ་འདོད་ཡོན་རྣམ་པ་ལྔས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ མངའ་ཆེའི་འབྱོར་པ་རིན་ཆེན་སྣ་བདུན་དང་། །བཀྲ་ཤིས་རྟགས་རྫས་བརྒྱད་དང་འཇོ་སྒེག་གི །རྣམ་འགྱུར་མཐའ་ཡས་ལྷ་མོའི་རོལ་རྩེད་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ འབྲུ་བཟང་སྨན་སྤོད་སྣ་ཚོགས་མངར་གསུམ་གྱིས། །སྦྲུས་པའི་བཤོས་བུ་ཤ་ཆེན་ཁུར་བ་དང་། །ལ་དུ་མྱོས་བྱེད་ཞོ་མར་གྱིས་བྲན་པས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ མངར་གསུམ་མྱོས་བྱེད་སྦྱར་བའི་བཏུང་བ་དང་། །རང་བྱུང་མེ་ཏོག་ཏིལ་གྱི་སྒྲོན་མེ་སྦར། །ཙནྡན་ཆབ་སོགས་ཁྱད་པར་དམ་རྫས་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱ་མཚོ་དང་། །དམར་ཆེན་རཀྟ་རྦ་ཀློང་འཁྲུག་པའི་དབུས། །འདོད་དགུའི་རྟེན་གཏོར་ལྷུན་པོ་ལྟར་སྤུངས་པས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ སེང་གེ་སྟག་གཟིག་དོམ་དང་མཁའ་ལྡིང་ཚོགས། །རྟ་མཆོག་གླང་ཆེན་མ་ཧེ་བ་ལང་ཁྱུང་། །མཛེས་བརྗིད་མཁོ་དགུའི་སྲོག་ཆགས་སྣ་ཚོགས་ཀྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ ཁྱད་པར་རྒྱུ་ལས་བཟོ་བོས་ཆོ་ག་བཞིན། །བསྒྲུབས་པའི་དམ་ཚིག་མཆོག་གི་བྲིས་སྐུ་དང་། །གླེགས་བམ་བགྲང་ཕྲེང་སྔགས་ཀྱི་ཕྱག་རྒྱ་ཡིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ གཟུགས་འཚོང་ལས་བྱུང་ལྕགས་ལས་བྱས་པ་ཡིས། །ལྕགས་ཀྱུ་ལེ་བརྒན་དར་གྱིས་བརྒྱན་པ་དང་། །དབང་སྡུད་འཆིང་བྱེད་ཉི་ཟླའི་ཟེར་ཅན་གྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ ཡབ་ཡུམ་སྲོག་འཁོར་བླ་རྟེན་ཕུར་བུ་དང་། །ལྷ་འདྲེ་མིའི་སྲོག་དམ་རྫས་དཀོར་ཆར་བཅས། །སྲིད་མེས་སྣོད་དུ་གཏམས་པའི་གསང་རྟེན་གྱིས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ སྣང་སྟོང་སྐུ་ཡི་ཕྱག་རྒྱ་གསལ་ཞིང་བརྟན། །བཟླས་བརྗོད་སྔགས་ཀྱིས་ཐུགས་དམ་གནད་ནས་བསྐུལ། །རིག་སྟོང་སྤྲོས་བྲལ་ཀ་དག་གཞིར་རྫོགས་པས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ སེམས་ཉིད་གདོད་ནས་དག་པ་རིག་པའི་གཤིས། །རྩལ་སྣང་འགག་མེད་འཆར་བ་སྒྱུ་མའི་འཕྲུལ། །རང་ཤར་རང་གྲོལ་གནས་ལུགས་ཇི་བཞིན་དབྱིངས། །ལྷ་ཆེན་ལྕམ་དྲལ་འཁོར་བཅས་ཐུགས༴ སྟོང་ཉིད་དབྱིངས་དང་བདེ་ཆེན་ཡེ་ཤེས་རྩལ། །གཉིས་མེད་དབྱིངས་སུ་ཐུགས་དམ་བསྐངས་གྱུར་ནས། །མངོན་པར་འདོད་པའི་ཕྲིན་ལས་མ་ལུས་པ། །ཐོགས་པ་མེད་པ་མྱུར་དུ་འགྲུབ་པར་མཛོད། །ཅེས་བསྐང་ཞིང་། གཟའ་བདུད་ཀྱི་སྐོང་བ་ནི། ཧཱུྃ། ཕྱི་ནང་གསང་བའི་མཆོད་པ་དང་། །དམར་ཆེན་རྒྱན་གྱི་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །ཤ་སྣ་སྙིང་སྣའི་མཆོད་པ་ཡིས། །གཟའ་མཆོག་ཆེན་པོའི་ཐུགས་དམ་བསྐང་། །བསྐངས་པའི་དངོས་གྲུབ་བསྩལ་དུ་གསོལ། །འབྲུ་བཟང་ལྷ་བཤོས་ཤ་ཆེན་སྤོས། །ཚིལ་ཆེན་སྣང་གསལ་རོལ་མོའི་ཚོགས། །སྐུ་གླུད་སྤྱན་གཟིགས་མང་པོ་དང་། །དམ་རྫས་རྒྱན་གྱི་གཏོར་མ་ཡིས། །གཟའ་བདུད་ཡབ་ཡུམ་ཐུགས་དམ་བསྐང་། །རཀྟ་དམར་གྱི་ཨརྒྷཾ་གྱིས། །ལྗང་སྔོན་དྲག་པོའི་ཐུགས༴ ཤ་ཆེན་རི་རབ་བརྩེགས་པ་ཡིས། །བདུད་པོ་རོག་ཏིའི་ཐུགས༴ བསད་ཁྲག་རྦ་ཀློང་འཁྲུག་པ་ཡིས། ཁྱབ་འཇུག་ཆེན་པོའི་ཐུགས༴ སྤོས་དང་སྣང་གསལ་རོལ་མོ་ཡིས། །དྲང་སྲོང་དཀར་སེར་ཐུགས༴ བམ་ཆེན་བཅད་འཕྲོར་ལྡན་པ་ཡིས། །བིཥྚི་པ་ཏྲའི་ཐུགས༴ ཏི་ར་ཞིང་ཆེན་སྤུངས་པ་ཡིས། །ཧ་ལི་ཀ་ལིའི་ཐུགས༴ དམར་དང་གསུར་ཆེན་དུད་པ་ཡིས། །དུ་བ་མཇུག་རིང་ཐུགས༴ སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་ཡིས། །སྒྲ་གཅན་འཛིན་གྱི་ཐུགས༴ ཤ་ཁྲག་དམར་ཆེན་གཏོར་མ་ཡིས། །སྲིང་མོ་བཞི་ཡི་ཐུགས༴ གདུགས་དང་རྒྱལ་མཚན་རོལ་མོ་ཡིས། །གཟའ་ཆེན་བརྒྱད་ཀྱི་ཐུགས༴ གཡོས་དང་ཁ་ཟས་སྣ་ཚོགས་ཀྱིས། །རྒྱུ་སྐར་ཉེར་བརྒྱད་ཐུགས༴ ཤ་སྣ་སྙིང་སྣ་འབུམ་ཕྲག་གིས། །ལྷ་སྲིན་སྡེ་བརྒྱད་ཐུགས༴ བསྐང་ངོ་བསྐང་ངོ་གཟའ་ཆེན་རྣམས། །ཐུགས་དམ་གཉན་པོ་སྐོང་བར་མཛོད། །ཆོས་སྐྱོང་གཟའ་བདུད་འཁོར་བཅས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དགའ་དང་གུས་པས་ཕྱག་བཙལ་ནས། །མོས་ཤིང་དད་པས་མཆོད་པ་འབུལ། །རྣལ་འབྱོར་ཉམས་ཆག་སྐོང་བར་མཛོད། །ཅེས་བསྐང་ངོ་། །རྒྱལ་ཆེན་རྣམ་སྲས་ཀྱི་སྐོང་བ་ནི། བཻ། ཁོར་ཡུག་བཅས་པའི་འཇིག་རྟེན་ཁྱོན་གང་བའི། །མཐོ་རིས་འབྱོར་པ་འདོད་དགུར་འཇོ་བའི་དཔྱིད། །སྨན་སྤོས་རྩི་བཅུད་ཤིང་ཐོག་སྣ་ཚོགས་དང་། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །རིན་ཆེན་ཁང་བཟང་གཏེར་དང་ནོར་བུས་སྤྲས། །ཕུན་ཚོགས་འདོད་པའི་ལོངས་སྤྱོད་སྤྲིན་ཕུང་གཏིབས། །གོས་སྔོན་སྟོད་གཡོགས་ལུང་ཐང་ཕྲེང་བ་སོགས། །གསང་ཆེན་དམ་ཚིག་གཉན་པོས་ཐུགས༴ ཅང་ཤེས་རྟ་མཆོག་གཉིས་འཐུང་འདོད་འཇོའི་བ། །མཛེས་སྡུག་རྒྱན་གྱིས་སྤྲས་པ་ཇི་སྙེད་དང་། །ཡིད་བཞིན་འདོད་འཇོའི་གཏེར་གྱི་སྒྲོམ་བུ་སོགས། །མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས༴ བདུད་ལས་རྣམ་རྒྱལ་མདུང་དམར་རྒྱལ་མཚན་སྒྲེང་། །སྐུ་གཟུགས་རྟེན་གཏོར་སྲོག་འཁོར་བླ་རྡོ་དང་། །རིན་ཆེན་ཡ་ལད་སྤྱན་གཟིགས་དཀོར་ཆ་སོགས། །དཔག་ཡས་ནམ་མཁའ་གང་བས་ཐུགས༴ གཞན་ཡང་སྲིད་ཞིའི་འདོད་ཡོན་ཅི་མཆིས་པ། ཁྱོད་ཀྱི་བཞེད་པ་གང་ཡིན་དེ་དག་ཀུན། །འབུལ་གྱིས་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །བསམ་པའི་རེ་བ་གང་བའི་མཆོག་སྩོལ་ཅིག །ཅེས་བསྐང་ངོ། །ཞིང་སྐྱོང་དུར་ཁྲོད་མ་མོའི་སྐོང་བ་ནི། བྷྱོཿ སྒྱུ་འཕྲུལ་ཀློང་ལས་ཤར་བའི་མཆོད་སྤྲིན་ནི། །རབ་འབྱམས་ནམ་མཁའ་གང་བའི་ངོ་མཚར་ཕུལ། །སོ་སོའི་ཐུགས་ལ་དགྱེས་དགུའི་ཆར་འབེབ་པས། །ཞིང་སྐྱོང་དུར་ཁྲོད་མ་མོའི་ཐུགས་དམ་བསྐང་། །དགྲ་བགེགས་སྲོག་རྩའི་ཁྲག་དང་དབང་པོ་ལྔ། །ཚིལ་གསུར་ཞུན་ཆེན་མར་ནག་སྒྲོན་མེ་སྦར། ཁྲག་ཞག་དྲི་ཆབ་ཤ་རུས་དོན་སྙིང་ལྔ། །རྐང་གླིང་རོལ་མོར་བཅས་པས་ཐུགས༴ གནག་པའི་སྤུ་སྡུག་བརྗིད་པའི་ཞོལ་མོ་དང་། །དྲེའུ་ནག་བོང་བུ་སྤྲིན་གྱི་ཤུགས་ལྡན་རྟ། །འཕར་སྤྱང་དྲེད་སོགས་དབང་པོ་ཀུན་ཚང་བ། །ཡིད་འཕྲོག་རྒྱན་གྱིས་མཛེས་པས་ཐུགས༴ རླུང་རས་དཔྱངས་པའི་ནལ་བུའི་རྒྱལ་མཚན་དང་། །རྣམ་བཀྲའི་དར་ཚོན་མེ་ལོང་བྱ་རྒོད་མདའ། །བཞེད་དགུའི་རྟེན་གཏོར་ཚོགས་དང་ནལ་བུའི་སྙིང་། །སྲོག་གི་འཁོར་ལོས་བཀང་བས་ཐུགས༴ སྲ་བའི་གོ་ཆ་རྣོ་བའི་མཚོན་ཆ་དང། །མཛེས་པའི་རྒྱན་ཆ་བརྗིད་པའི་དཀོར་ཆའི་ཚོགས། །བལྟ་བས་ངོམས་པ་མེད་པའི་སྤྱན་གཟིགས་སོགས། །མཐོ་རིས་འབྱོར་པ་རྒྱ་མཚོས་ཐུགས༴ གཞན་ཡང་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་དང་། །མཐུན་ཞིང་བརྟེན་པའི་དམ་ཚིག་རྫས་ཀྱི་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་བས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཞིང་སྐྱོང་མ་མོ་ཁྱོད་མཆོད་བསྙེན་པ་ཡིས། །སྒྲུབ་པའི་རིག་འཛིན་བདག་ཅག་དཔོན་སློབ་ལ། །འབྲུམ་པ་ལ་སོགས་འགོ་བའི་ནད་རིམས་དང་། །མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་ལས། །སྐྱོབ་པའི་ཕྲིན་ལས་གཡེལ་བ་མེད་པ་དང་། །མཐུན་རྐྱེན་རྣམ་དག་བསམ་དོན་མྱུར་འགྲུབ་མཛོད། །ཅེས་སྐོང་བའི་ཕྲིན་ལས་རྣམས་དབྱངས་ཀྱི་འགྱུར་བ་རོལ་མོའི་སྦྱོར་བ་དང་ལྷན་ཅིག་པས་གྱེར་ཞིང་སྦྱར་བའི་སྤོས་ཀྱི་རྒྱུན་བཏུལ་བ་སོགས་བྱའོ། །གཉིས་པ་ལེགས་ལྡན་གྱི་བཤགས་པ་ནི། ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་བསྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ་ལོ་བཤགས། །བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །ཐ་མལ་ལོང་གཏམ་སྨྲས་པ་མཐོལ་ལོ་བཤགས། །དམིགས་མེད་ཡེ་ཤེས་བསྒོམ་པར་ཁས་བླངས་ནས། །དུག་གསུམ་རྟོག་པའི་དབང་གྱུར་མཐོལ་ལོ་བཤགས། །ཕྱི་ནང་གསང་རྟེན་འཛུགས་པར་ཁས་བླངས་ནས། །དགོས་པའི་དམ་རྫས་མ་ཚང་མཐོལ་ལོ་བཤགས། །རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས་བླངས་ནས། །སྙོམ་ལས་ལེ་ལོས་ཡེངས་པ་མཐོལ་ལོ་བཤགས། །མན་ངག་སྦས་ནས་བསྒྲུབ་པར་ཁས་བླངས་ནས། །གསང་བའི་གཉེར་ཁ་འཆོལ་བ་མཐོལ་ལོ་བཤགས། །དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབག་བཙོག་ཉམས་པར་གྱུར་པ་མཐོལ་ལོ་བཤགས། །རྒྱལ་བའི་བཀའ་བཞིན་བསྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་བགྱིས་པ་མཐོལ་ལོ་བཤགས། །ཟོལ་མེད་དམ་ཚིག་བསྲུང་བར་ཁས་བླངས་ནས། །ཉམས་གྲིབ་སྐྱོན་གྱིས་ཕོག་པ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་པ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །ལྷ་ཆེན་གྱི་བཤགས་པ་ནི། ཧྲཱིཿ གར་གྱི་དབང་ཕྱུག་ཐུགས་རྗེའི་རྣམ་རོལ་ལས། །འཇིག་རྟེན་སྐྱོང་བ་ཡོངས་ཀྱི་རྗེ་བོའི་སྐུར། །རབ་བཞེངས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས། །ཐུགས་རྗེས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་མི་ཤེས་རྨོངས་པའི་དབང་གྱུར་པས། །འདོད་ཁྲོ་གཏི་མུག་དབང་གིས་བཅས་པ་དང་། །རང་བཞིན་ཁ་ན་མ་ཐོའི་ནོངས་པ་ཀུན། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི། །སྣང་སྲིད་རྣམ་དག་ལྷ་སྐུར་རྫོགས་པ་ལ། །མ་དག་ཐ་མལ་སྣང་ཞེན་བདེན་འཛིན་གྱིས། །སྒོམ་སྒྲུབ་གཡེལ་ཞིང་མི་དགེའི་གཡེང་བས་གོལ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །གཞོམ་མེད་རླུང་སྔགས་ནཱ་དའི་རང་བཞིན་ལ། །ཐ་སྙད་ཡི་གེའི་བརྡ་དང་མཚན་མས་བཅིངས། །བཟླས་བརྗོད་མ་དག་ལོང་གཏམ་འཁྲུལ་པས་བསླད། །གསུང་གི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ཆོས་ཀུན་ཡེ་ནས་སྤྲོས་དང་བྲལ་བ་ལ། །གཟུང་འཛིན་རྣམ་རྟོག་མཚན་མས་རིས་སུ་བཅད། །གནས་ལུགས་མ་རྟོགས་འཁྲུལ་སྣང་མུན་པར་འཐོམས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །སྐྱོན་དག་ཡོན་ཏན་མ་ལུས་ཡོངས་རྫོགས་ཤིང་། །སྲས་བཅས་རྒྱལ་བའི་ཡེ་ཤེས་རྣམ་རོལ་ལ། །ཚུར་མཐོང་ཕྱོགས་རེའི་བསམ་པས་གཞལ་བ་སོགས། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །ཕྲིན་ལས་རྣམ་བཞིས་འདོད་དོན་མ་ལུས་པ། །ཡིད་བཞིན་ནོར་ལྟར་ཐོགས་མེད་རེ་སྐོང་ལ། །བྱིས་བློས་ཉི་ཚེའི་ལས་ལ་བཀོལ་པ་སོགས། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས། །རྡོ་རྗེའི་ཡལ་གམ་ཆེན་པོ་གཉེར་བླངས་ཀྱང་། །སྤྱི་དང་ཁྱད་པར་གྱུར་པའི་དམ་ཚིག་ལས། །ནོངས་ཤིང་ཉམས་པར་གྱུར་པ་གང་བགྱིས་པ། །མཐོལ་ཞིང་བཤགས་སོ་ཚངས་ཤིང་དག་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པ་བཟླ། དེ་ནས་གཞུང་གི་བཤགས་པ་དངོས་ནི། ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུག །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབག་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་། ཡི་གེ་བརྒྱ་པ་བཞི་གསུམ་སོགས་ཀྱིས་ཐུགས་དམ་མ་བསྐང་བ་རྣམས་བཤགས་པར་བྱའོ། །གསུམ་པ་འདོད་པའི་དོན་ལ་ཕྲིན་ལས་གསོལ་བ་ལ། ལྷ་ཆེན་དབང་ཕྱུག་ཆེན་པོར་ཕྲིན་ལས་བྱེ་བྲག་ཏུ་གསོལ་བར་སྤྲོ་ན། གཏོར་མ་གསར་དུ་བཤམས་པའམ་ཁ་གསོས་པ་ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་སྔགས་མཆོད་སྔོན་དུ་འགྲོ་བས། ཧྲཱི༔ བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ དཔལ་ལྡན་ཁྲག་འཐུང་རྟ་མཆོག་དཔལ༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ དབང་ཕྱུག་ཤྲཱི་རལ་པ་ཅན༔ དྲེགས་པའི་སྡེ་དཔོན་མཐུ་ཆེན་ཁྱོད༔ ཚངས་པའི་གནས་དང་རྒྱ་མཚོའི་གླིང༔ གངས་དཀར་རྩེ་དང་ཙནྡན་ནགས༔ གྲུབ་པའི་གནས་ནས་སྐུ་བཞེངས་ཤིག༔ སྐུ་མདོག་དམར་པོ་བསྐལ་པ་ཡི༔ མེ་ལྟར་འབར་བའི་གཟི་བྱིན་གྱིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ ཕྱག་མཚན་ལྕགས་ཀྱུ་ཞགས་པ་ཡིས༔ འགྲོ་བའི་ཡིད་འགུགས་འཆིང་བར་མཛད༔ ཟུར་ཕུད་ཟླ་བ་ཚེས་པས་བརྒྱན༔ གསང་བའི་རྟགས་ཀྱིས་སྣོད་བཅུད་ཀྱི༔ གཟི་མདངས་ཡོན་ཏན་མ་ལུས་སྡུད༔ ཡུམ་ཆེན་ལྷ་མོ་དཀའ་ཟློག་མ༔ རྟག་ཏུ་ཆགས་ཤིང་བདེ་ལ་རོལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ གསང་བའི་མ་བཞི་ལས་ལ་འགྱེད༔ ཁམས་གསུམ་ཀུན་གྱི་ཡིད་འགུགས་ཤིང༔ མྱོས་དང་རྨོངས་དང་འཆིང་བར་མཛད༔ དུས་ལ་བབ་བོ་ཕྲིན་ལས་མཛོད༔ ཚངས་དང་འདོད་ལྷ་དབང་པོ་སོགས༔ དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང༔ ཁྱོད་ཀྱི་འཁོར་དང་གཡོག་ལགས་ཏེ༔ འཇིག་རྟེན་གསུམ་ན་དགྲ་ལས་རྒྱལ༔ དཀའ་ཐུབ་གྲུབ་པ་ཁྱོད་ཀྱི་མཐུས༔ ཟིལ་གྱིས་མི་ནོན་གང་ཡང་མེད༔ སྔོན་ཚེ་ཞལ་བཞེས་དམ་བཅས་པའི༔ ཐུགས་དམ་ད་ལྟ་བསྐུལ་ལགས་སོ༔ དྲེགས་པའི་དཔུང་དང་བཅས་རྣམས་ཀྱིས༔ ཁམས་གསུམ་སྲིད་པ་ཐམས་ཅད་ལ༔ འགུགས་པར་བྱེད་པའི་ལྕགས་ཀྱུས་ཐོབས༔ རླུང་གི་ཞགས་པས་ཡིད་ཆིངས་ལ༔ རང་དབང་གཏན་པ་དང་ཕྲལ་ནས༔ བདག་གི་དབང་དུ་འདུས་པར་མཛོད༔ གདུག་ཅན་དགྲ་དང་གནོད་པའི་བགེགས༔ ཐམས་ཅད་དྲག་པོའི་དམོད་པས་གཟིར༔ རིག་སྔགས་སྦྱོར་བས་བྱད་དུ་ཆུག༔ ལུས་ངག་རྡུལ་བཞིན་བརླགས་ནས་ཀྱང༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ ཤ་ཁྲག་ཟན་ཆན་ཁུར་བ་དང༔ སྤོས་དང་མེ་ཏོག་ལ་སོགས་པ༔ མཐུན་པའི་དམ་རྫས་ཀུན་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས༔ བཅོལ་པའི་ལས་རྣམས་མ་ལུས་པ༔ སྐད་ཅིག་ཙམ་ལ་གྲུབ་པར་མཛོད༔ དུས་ལ་བབ་བོ་དབང་ཕྱུག་ཆེ༔ ཕོ་ཉ་བྲན་དང་མངགས་པར་བཅས༔ ཕྲིན་ལས་མ་གཡེལ་ས་མ་ཡ༔ ཞེས་འདོད་པའི་དོན་ལ་ཡིད་རྩེ་གཅིག་པས་བསྐུལ་ཞིང་ལས་ཀྱི་གཉེར་གཏད་པར་བྱའོ། །གང་ལྟར་ཕྲིན་ལས་གསོལ་བ་དངོས་ནི། ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་རྣམས་ལ། །ཕྲིན་ལས་རབ་འབྱམས་གསོལ་དང་བསྐུལ་བའི་ཕྱིར། །མཆོད་སྤྲིན་རྒྱ་མཚོ་བསྟབས་པས་དགྱེས་གྱུར་ཏེ། །ཀུན་བཟང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །མཆོག་གི་ས་བརྙེས་རྡོ་རྗེའི་རིག་འཛིན་ཚོགས། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་རྣམས། །ཕྱི་ནང་གསང་བའི་འདོད་ཡོན་རྒྱ་མཚོས་མཆོད། །བསྟེན་ཅིང་བསྒྲུབས་ནས་དབང་བསྐུར་དམ་བཞག་པའི། །ཞལ་བཞེས་ཐུགས་དམ་གཡེལ་བར་མ་མཛད་པར། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང། །དེ་ཚུལ་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོ་བའི། །བསྟན་འཛིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཁའ་མཉམ་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་། །དགེ་བཅུའི་འབྱོར་པ་རྒྱ་མཚོས་འཚོ་བ་དང་། །འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ལེགས་ཚོགས་ཀུན། །རབ་འཕེལ་རྫོགས་ལྡན་དཔལ་གྱིས་མཐོ་བར་མཛོད། ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས། །ཕྱི་ནང་མི་མཐུན་རྒུད་པ་ཀུན་ཞི་ཞིང་། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྟོབས། །ཐོས་བསམ་སྒོམ་པ་འཕེལ་ཞིང་རྒྱས་པ་དང་། །ས་གསུམ་འགྲོ་བ་རྣམས་དང་དེ་དག་གི །ཕུན་ཚོགས་དཔལ་ཀུན་དབང་དུ་བསྡུ་བར་མཛོད། །མི་བསྲུན་ལོག་པར་སེམས་པའི་དགྲ་དང་བགེགས། །ནག་ཕྱོགས་བདུད་སྡེའི་དཔུང་དང་བཅས་པ་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །སེམས་ཉིད་གདོད་མའི་བསྟན་སྲུང་རེ་དོགས་དྲིས། །བསླད་མིན་མཐའ་བྲལ་བདེ་ཆེན་མངོན་གྱུར་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་སྐོང་བའི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་པར་མཛོད། །དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་བཅས་རྣམས། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། ཁྱོད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་སྐྱེད་འགལ་བྱེད་ཆོམ་ལ་ཕོབ། །འདོད་དོན་བཅོལ་བའི་ལས་ཀུན་བསྒྲུབ་པར་མཛོད། །ཅེས་ལས་ཀྱི་གཉེར་གཏད་ཅིང་མངོན་པར་འདོད་པའི་ཕྲིན་ལས་ལ་གསོལ་བ་གདབ་པར་བྱའོ། །ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བརྒྱད་པ་ཁྱད་པར་མངོན་སྤྱོད་ཀྱི་ཡུལ་ལ་རྦད་ཅིང་བསྐུལ་བ་ནི་མན་ངག་གི་ཡི་གེ་གུད་དུ་བཀོད་པ་ལས་ཤེས་པར་བྱའོ། །དགུ་པ་གཏོར་མ་སྟོབ་པ་ནི། འབུལ་གཏོར་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོ་གསེར་སྐྱེམས་ཀྱིས་མཚོན་པར་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ལ་དམིགས་བྱ་དགུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཤཱ་ས་ནའི་མཐར་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་བསྟིམ། ཨཱོྃ་ཨཱཿཧཱུྃ་ཧོཿས་བརླབ། ཨཱོྃ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ་ས་པ་རི་ཝཱ་ར་སོགས་གསུམ་གྱིས་ཕུལ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིཾ་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞེད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིའི། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་ཀུན་སྤེལ་ཞིང་། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོས་མཐོ་བ་དང་། །མ་རུང་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །བྱང་ཆུབ་བར་དུ་བསྲུང་ཞིང་སྐྱོང་བར་མཛོད། །ཅེས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ་ལོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་གཏང་རག་གི་མཆོད་བསྟོད་ནི། ཨཱོྃ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། བསྟོད་པ་ནི། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་བསྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་དང་། གཉིས་པ་ནོངས་པ་བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །གང་ཡང་བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་བྱིང་བ་དང་རྒོད་པའི་དབང་དུ་གྱུར་པས་ཏིང་ངེ་འཛིན་མ་གསལ་པ་དང་། ཚོགས་མ་དག་པ་དང་ཛཔ྄་བཟླས་ཉུང་ཞིང་ཆོ་ག་ལྷག་ཆད་དུ་གྱུར་པ། མཆོད་པའི་ཡོ་བྱད་དམན་པ་ལ་སོགས་པ་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱི་ཐུགས་དང་འགལ་བའི་རྐྱེན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ། ཆོས་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་ལྷག་ཆད་ཁ་བསྐང་བར་མཛད་དུ་གསོལ། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་འཆགས། གསུམ་པ་བརྟན་བཞུགས་ནི། རྟེན་ཡོད་པ་རྣམས་ལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར། བཞི་པ་གཤེགས་གསོལ་ནི། ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿསེ་གོལ་གྱི་སྒྲ་དང་བཅས་པས། ཡེ་ཤེས་པ་རྣམས་ཆོས་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ཉིད་དང་གཉིས་སུ་མེད་པར་གྱུར། འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭཱ་བྷཱ་ཝཱ་ནཱཾ་གྱིས་རང་གནས་སུ་བཏང་། ལྔ་པ་སྨོན་ལམ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བའི་རྩ་བ་བྱང་ཆུབ་མཆོག་གི་རྒྱུར་བསྔོ། དྲུག་པ་ཤིས་བརྗོད་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུའི་ཆར་དུ་སྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དུ་མས་ཕྱོགས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །དཔའ་བོ་གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །ཕྲིན་ལས་རྣམ་བཞིའི་བསམ་པ་ཀུན་འགྲུབ་ཅིང་། །མ་རུངས་བདུད་སྡེའི་གཡུལ་ལས་རྒྱལ་བྱེད་པའི། །དམ་ཚིག་ཅན་གྱི་བསྟན་སྲུང་རྒྱ་མཚོའི་ཚོགས། །ཕུལ་བྱུང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ཟག་མེད་བདེ་སྟོང་རོལ་པའི་དགའ་སྟོན་གྱིས། །མཆོད་ལས་དངོས་གྲུབ་རྣམ་པ་ཐམས་ཅད་པ། །དཀའ་བ་མེད་པར་ཐོབ་ལ་མི་རྩོལ་སུ། །དེ་ཕྱིར་སོ་སོའི་རྒྱུད་གཞུང་ངེས་པ་དང་། །གྲུབ་པ་མཆོག་གི་ཞལ་ལུང་ལ་བརྟེན་ནས། །ལེགས་པར་བསྡེབས་འདིས་གནས་སྐབས་མཐར་ཐུག་གི །དོན་གཉིས་འདོད་དགུར་འཇོ་བའི་དཔག་བསམ་ཤིང་། །དེ་ཕྱིར་དམ་ཚིག་ཅན་གྱི་སྔགས་འཆང་གིས། །ཚུལ་བཞིན་བསྙེན་ཅིང་ཕྲིན་ལས་བསྐུལ་བ་སོགས། །ནན་ཏན་ལྷུར་བྱེད་དེ་ལ་མཆོག་ཐུན་གྱི། །དངོས་གྲུབ་རྒྱ་མཚོར་ཆུ་བྲན་ཇི་བཞིན་འདུ། །དེ་ཕྱིར་དམ་པའི་ཞལ་ལུང་བདུད་རྩིའི་རྒྱུན། །རྣམ་དཔྱོད་ཡོལ་གོར་བསྐྱིལ་པས་འདོད་དགུའི་དཔལ། །ཐོགས་པ་མེད་པར་འཇོ་འདི་སྔོན་མེད་ཀྱི། །ལེགས་བཤད་དངོ༵ས་གྲུབ༵་རོལ༵་པའི་མཚོ༵་ཆེན་ཡིན། །འདིར་འབད་དགེ་ཚོགས་ཉིན་བྱེད་ལྟར་འབར་བས། །མ་ལུས་བདུད་སྡེའི་མུན་པ་ཀུན་བཅིལ་བས། །ཐུབ་བསྟན་ཕན་བདེའི་འདབ་བརྒྱ་བཞད་བྱེད་པའི། །དགེ་ལེགས་སྲིད་ཞིའི་རྩེ་མོར་འབར་གྱུར་ཅིག །དེ་ལྟར་བསྟན་པ་སྐྱོང་བའི་དམ་ཅན་ཆེན་པོ་རྣམས་ཀྱི་ཕྲིན་ལས་དངོས་གྲུབ་ཀྱི་རོལ་མཚོ་ཞེས་བྱ་བ་འདི་ནི་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ་སོའི་རྒྱུད་དང་སྒྲུབ་ཐབས་ཀྱི་གཞུང་རྣམས་ལས་ངག་འདོན་སྙིང་པོར་དྲིལ་ནས་དཀྱུས་གཅིག་ཏུ་བཀོད་པའི་ཡི་གེ་པ་ནི་ལོ་ཙཱ་བ་ངག་དབང་ཆོས་དཔལ་ལོ། །སརྦ་དཱ་མངྒལཾ།། །།
དམ་ཆོས་སྙིང་པོ་སྐོར་ལྔ་ལས། མཁའ་འགྲོ་དགོངས་འདུས་སྙིང་པོའི་དབང་ཆོག་ཕྲིན་ལས་ཡང་སྙིང་ (Volume 36, Text 36)
༄༅། །དམ་ཆོས་སྙིང་པོ་སྐོར་ལྔ་ལས། མཁའ་འགྲོ་དགོངས་འདུས་སྙིང་པོའི་དབང་ཆོག་ཕྲིན་ལས་ཡང་སྙིང་ཞེས་བྱ་བ་བཞུགས་སོ། ། སངས་རྒྱས་དགྱེས་པས་རོལ་པའི་མཁའ། །ཨེ་དབྱིངས་ཆོས་རྣམས་འབྱུང་བའི་གནས། །དབྱིངས་ཕྱུག་ཚོམ་བུའི་སྐུར་སྣང་ལ། །གུས་པས་འདུད་དོ་གནང་བ་སྩོལ། །འདིའི་དབང་བསྐུར་བསྒྲུབ་པ་ལ་སློབ་མ་ཐུན་མོང་མ་ཡིན་པ་གཅིག་གམ་གསུམ་ལས་མི་མང་བ་ལ་དབང་བཞི་ཡོངས་རྫོགས། ཐུན་མོང་ལ་གཏོར་དབང་ཙམ་ལས་བསྐུར་དུ་མི་རུང་བས་བྱེ་བྲག་ཕྱེད་པར་བྱས་ཏེ་ལག་ཏུ་བླང་བའི་ཚུལ་ལ་གཉིས། ཐུན་མིན་དབང་བཞི། ཐུན་མོང་གཏོར་དབང་ངོ་། །དང་པོ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མེད་ན་མཎྜལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཞག །རྒྱབ་ངོས་སུ་དཔལ་གཏོར་རྒྱན་སྤྲོས་དར་གདུགས་དང་བཅས་པ། གཡས་སུ་བྷནྡྷ་མཚན་ལྡན་ཆང་དང་མངར་གསུམ་ཨ་མྲྀཏ་སྦྱར་བས་བཀང་བ། གཡོན་དུ་རིག་ཙཀ །མདུན་དུ་ཤེལ་རྡོ་དང་རྨ་བྱའི་མདོངས། སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། ལས་བུམ་ཚོགས་གཏོར་སོགས་འདུ་བྱའོ། །དེ་ནས་རྩ་སྒྲུབ་ནས་བླངས་པའི་སེམས་བསྐྱེད་དང་། བླ་མའི་གསོལ་འདེབས་ཚིག་བདུན་ལྟ་བུ་སྔོན་དུ་འགྲོ་བས། གཏེར་གཞུང་གི་མཚམས་གཅོད་ནས་བཟླས་པའི་བར་དུ་བཏང་ཞིང་། འབྲུ་དྲུག་ཅི་ནུས་བཟླ་ཞིང་བདག་མདུན་དབྱེར་མེད་དུ་བསྒྲུབ། དེ་ནས། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་མཁའ་འགྲོ་དགོངས་པ་འདུས་པའི་ལྷ་ཚོགས་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་བརྗོད་ལ་གཟུངས་ཐག་བླངས་ཏེ་བཟླས་པ་ཅི་འགྲུབ་བྱ། ཨོཾ་ཨཱཿཧཱུྃ་གིས་དུང་ཞལ་གྱི་ཆུ་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོས་འོད་དུ་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་གྱི་ནང་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཡིག་བརྒྱ་བཟླས་ལ་བྱིན་བརླབ། རིག་པའི་མེ་ཏོག་དོར་རོ། །དེ་ནས་སློབ་མ་ལ་ཁྲུས་དང་བགེགས་གཏོར་གཏང་བ་སྤྱི་ལྟར་བྱས་རྗེས། འདིའི་ལས་བྱང་ལྟར་དོན་གྱི་མཚམས་གཅད་བྱ། སེམས་བསྐྱེད་གསལ་བཏབ་ནས། དེའང་སྤྱིར་རྡོ་རྗེ་ཐེག་པ་ལ་ཡི་དམ་དུ་འཆའ་བའི་རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས་བསྒྲུབ་བྱའི་གཙོ་བོ་ཡེ་ཤེས་མཁའ་འགྲོ་མ་ལ་བསྟེན་དགོས་ཤིང་། དེ་ལྟར་བསྟེན་པས་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བ་དང་། ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱེད་པ་ཡིན་ལ། དེའང་ཆོས་སྐུ་དོན་གྱི་མཁའ་འགྲོ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པའི་ཡུམ་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། ལོངས་སྐུ་རྟགས་ཀྱི་མཁའ་འགྲོ་དབྱིངས་ཕྱུག་ཚོམ་བུ་དགུའི་དཀྱིལ་འཁོར་གཅིག་དང་དུ་མའི་ཚུལ་དུ་སྣང་ཞིང་། དེ་ལས་སྤྲུལ་སྐུ་བརྡའི་མཁའ་འགྲོ་ཞིང་སྔགས་ལྷན་སྐྱེས་རིགས་ལྔའི་ཚོགས་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་དང་མཉམ་པར་སྣང་བ། དེ་དག་གི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་གསང་སྔགས་གསར་རྙིང་རྣམས་སུ་ཅི་རིགས་པར་བྱོན་པ་རྣམས་ཀྱི་ནང་ནས་ཨུ་དུམྦ་རའི་མེ་ཏོག་ལྟར་དཀོན་པ། དགོངས་འདུས་རྣམ་པ་བཞིའི་ཡ་གྱལ་མཁའ་འགྲོ་དགོངས་པ་འདུས་པའི་ཆོས་སྐོར་གྱི་ཡང་སྙིང་དུ་གྱུར་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་སྒྲུབ་པ་འདི་ནི། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་རྩོད་བྲལ་གྱི་གཏེར་ཆེན་འགྲོ་འདུལ་༧མཆོག་གྱུར་བདེ་ཆེན་གླིང་པས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སྟག་ཚང་མིང་ཅན་བཅུ་གསུམ་གྱི་ནང་ཚན། ཤོད་ཆེན་བཞི་ལས་སྨད་ཤོད་རོང་རྨེ་དཀར་མོ་སྟག་ཚང་གི་གུ་རུའི་གསང་ཕུག་གོང་མའི་གཡས་གདོང་ནས་དམ་ཆོས་སྙིང་པོ་སྐོར་ལྔ་སྤྱན་དྲངས་པའི་བསྡེབས་སུ་བྱོན་པ་སྟེ། འདིའི་བྱིན་རླབས་དབང་བསྐུར་གྱི་སྙིང་པོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ མཁའ་འགྲོ་ཀུན་གྱི་དཀྱིལ་འཁོར་གཙོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ འཇུག་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། བླ་མ་དང་དབྱེར་མེད་པའི་དབྱིངས་ཕྱུག་མཁའ་འགྲོ་དགོངས་པ་འདུས་པའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་གཞན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་བསྒྲལ་བའི་ཕྱིར༔ བྱང་ཆུབ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པའི་བསྒོམ་དོན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།སོགས། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོའི་ཐུན་མོང་མ་ཡིན་པའི་དམ་ཚིག་གཉན་པོ་ཚུལ་བཞིན་དུ་གཟུང་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མེད་པ་དང་ནི་ཕྱལ་བ་དང༔ གཅིག་པུའི་དམ་ཚིག་ལྷུན་གྱིས་རྫོགས༔ གསང་བ་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ ཤིན་ཏུ་སྐལ་པ་བཟང་པོའི་བུ༔ མཁའ་འགྲོའི་དམ་ཚིག་གཉན་པོ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང༔ གསང་བ་གཞན་ལ་མ་སྨྲ་ཞིག༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་རྩེ་གཅིག་ཏུ་མཛོད། སྐད་ཅིག་དྲན་རྫོགས་ངང་ཉིད་ལས། ཁྱེད་རང་ཡེ་ཤེས་མཁའ་འགྲོ་མ༔ མཐིང་གསལ་གྲི་ཐོད་འཛིན་པར་སྒོམས༔ ཧ་རི་ནི་ས་ཨས་མཚན་པའི༔ གཡུང་དྲུང་སྙིང་གར་གཡོན་དུ་འཁོར༔ བླ་མ་མཁའ་འགྲོའི་གནས་གསུམ་ནས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྤྲོས༔ སློབ་མའི་ལུས་ཀྱི་ནང་ཁེངས་ཤིང༔ སྙིང་གའི་ཡིག་འབྲུ་རྣམས་ལ་བསྟིམས༔ བྱིན་རླབས་གཟི་བྱིན་འབར་བར་གྱུར༔ སྤོས་རོལ་དང་། བསྙེན་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་བྱིན་དབབ། ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱེད་རང་དམ་ཚིག་པ་དང་དབྱེར་མེད་དུ་བརྟན་པར་མོས། ཏིཥྛ་བཛྲ། རྡོ་རྗེ་རྒྱ་གྲམ་དུ་བཞག །དེས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་གཞི་ལ་སྤྲོས་བཅས་སྤྲོས་མེད་སོགས་རྣམ་གྲངས་བཞི་རིམ་པར་འབྱུང་བས་འདུན་པ་འདི་ལྟར་དུ་མཛོད། བུམ་པ་དབྱིངས་སྟོང་པ་ཉིད་ལས་བུམ་བཅུད་ཡེ་ཤེས་རང་གསལ་གྱི་ཆུ་རྒྱུན་ལུས་ལ་ཞུགས་པས། གདོས་བཅས་ཀྱི་དྲི་མ་བཀྲུས། ཟག་མེད་འཇའ་ཚོན་གྱི་རང་བཞིན་དུ་གྱུར་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་ཀྱི་དབྱིངས༔ བུམ་བཅུད་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ རིག་པ་རྩལ་གྱི་དབང་བསྐུར་བས༔ ཆོས་ཉིད་དག་པར་སྣང་བར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་མགོར་བཞག །ཁྲུས་དང་ཁར་སྦྱིན། དེས་སྤྲོས་བཅས་བུམ་པའི་དབང་ཐོབ། རྩ་ཁམས་རྣམ་པར་དག །ཆོས་ཉིད་མངོན་སུམ་ལྟ་བ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །སློབ་དཔོན་དཔལ་ཧེ་རུ་ཀ་ཐབས་མཆོག་རིག་པའི་རྡོ་རྗེ་དང་གཟུངས་མ་ཡེ་ཤེས་མཁའ་འགྲོ་ཤེས་རབ་དབྱིངས་ཀྱི་བྷ་ག་མཉམ་པར་སྦྱོར་བའི་ཐིག་ལེ་ནཱ་དའི་གསང་སྔགས་ངག་ལ་ཞུགས་པས། འཕོ་བཅས་ཀྱི་དྲི་མ་བཀྲུས། རླུང་གཞོམ་མེད་དུ་ཐིམ་པར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་གཏུགས་ཤིང་ཁར་སྦྱིན་ལ། ཧཱུྃ༔ རྡོ་རྗེ་སློབ་དཔོན་ཡབ་དང་ཡུམ༔ དབྱིངས་རིག་དབྱེར་མེད་སྙོམས་ཞུགས་པའི༔ ཐིག་ལེ་སྙིང་པོས་དབང་བསྐུར་བས༔ ཉམས་སྣང་གོང་དུ་འཕེལ་བར་ཤོག༔ ཏི་ལ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སྤྲོས་མེད་གསང་བའི་དབང་ཐོབ། རླུང་ཁམས་རྣམ་པར་དག །ཉམས་སྣང་གོང་དུ་སྤེལ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབྱིངས་སྟོང་ཉིད་སྤྲོས་བྲལ་བདེ་ཆེན་གནམ་ཞལ་མའི་ཕྱག་རྒྱར་ཤར་བ་ལ་ཁྱེད་རང་རིག་པའི་ཡེ་ཤེས་ཐབས་མཆོག་དཔལ་ཆེན་ཁྲག་འཐུང་སྙོམས་འཇུག་གི་རོལ་པ་ལས་ལྷན་ཅིག་སྐྱེས་པའི་བདེ་བ་ཡིད་ལ་ཞུགས། གཟུང་འཛིན་གྱི་དྲི་མ་བཀྲུས། ཐིག་ལེ་འོད་གསལ་དུ་དྭངས་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ མཚན་ལྡན་དབྱིངས་ཀྱི་ཕྱག་རྒྱའི་མཁར༔ ཐབས་མཆོག་རིག་པ་སྙོམས་ཞུགས་པའི༔ ལྷུན་གྲུབ་ཡེ་ཤེས་དབང་བསྐུར་བས༔ རིག་པ་ཚད་ལ་ཕེབས་པར་ཤོག༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་རྣམ་པར་དག །རིག་པ་ཚད་དུ་ཕེབས་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །རྡོ་རྗེ་སེམས་དཔའི་མེ་ལོང་འདི་ཉིད་ངོ་བོ་གང་དུའང་མ་གྲུབ། རྐྱེན་དང་འཕྲད་པས་འོད་སྣང་སྣ་ཚོགས་སུ་ཤར་བས་མཚོན་བྱེད་དུ་བྱས་ནས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་རིག་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པ་ཉི་མའི་རྐྱེན་ལ་བརྟེན་ནས་སྣང་བཞི་གོང་དུ་འཕེལ་བའི་ལྟ་སྒོམ་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ཀུན་བཟང་གི་དགོངས་པ་རྒྱུད་ལ་ཞུགས། གཞི་སྣང་གི་དྲི་མ་དག །གཞོན་ནུ་བུམ་པ་སྐུར་ནང་གསལ་དུ་འཁྱིལ་བར་མོས་ཤིག །ཤེལ་རྡོ་ཐོགས་ལ། ཧཱུྃ༔ ཁྲེགས་ཆོད་ཀ་དག་ཆོས་སྐུའི་ཤེལ༔ ཐོད་རྒལ་ལྷུན་གྲུབ་ལོངས་སྐུའི་འོད༔ དབྱེར་མེད་ཟུང་འཇུག་དབྱིངས་སུ་ཐིམ༔ ཀུན་བཟང་ཟད་སར་སངས་རྒྱས་ཤོག༔ མ་ཧཱ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤིན་ཏུ་སྤྲོས་མེད་རིག་པ་རྩལ་གྱི་དབང་ཐོབ། མ་རིག་པའི་དྲི་མ་དག །ཆོས་ཉིད་ཟད་སར་སྐྱེལ་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་མི་འགྱུར་རྡོ་རྗེའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་ཡེ་ཤེས་རྣམ་དགུའི་ཕོ་བྲང་འཇའ་ཟེར་ཐིག་ལེའི་རང་བཞིན་ཅན་གྱི་དབུས་སུ། གཏོར་མ་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་ཚོམ་བུ་དགུའི་ལྷ་ཚོགས་སྤྲུལ་པ་བཀའ་སྡོད་ཕྱག་བརྙན་དང་བཅས་པར་གསལ་བའི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས་ཉོན་མོངས་པ་ལྔའི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །དཔལ་གཏོར་ཐོགས་ལ། ཧཱུྃ༔ བྷནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་ལྔའི་ཟེར་འཕྲོས་པས༔ ཉོན་མོངས་དུག་ལྔའི་སྒྲིབ་པ་སྦྱོང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བསྙེན་སྒྲུབ་ལས་ཀྱི་དབང་ཐོབ་ཤོག༔ བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་ལྔར་བཞག །དེ་དག་གིས་ཟབ་གཉན་ཤིན་ཏུ་དཀོན་པ་མཁའ་འགྲོ་དགོངས་འདུས་སྙིང་པོའི་དབང་བཞི་མཐའ་རྟེན་བཅས་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས། དམ་ཚིག་ཁས་བླང་སོགས་རྗེས་སྤྱི་ལྟར་བྱའོ། །གཉིས་པ་ཐུན་མོང་གཏོར་དབང་ནི། སྟེགས་བུར་མཎྜལ་ཚོམ་བུ་དགུ་པའི་ཁར་དཔལ་གཏོར་རྒྱན་ལྡན། སྨན་རཀ་གཏོར་མཆོད་རྣམས་བཤམ། སྒྲུབ་པའི་ཕྲིན་ལས་སྔར་ལྟར་ལ་བུམ་བཟླས་མི་དགོས། དབང་བཤད་སྐབས། འདིའི་བྱིན་རླབས་གཏོར་མའི་དབང་བསྐུར་བསྒྲུབ་པ་ལ། ཞེས་བསྒྱུར། གསོལ་འདེབས། སྐྱབས་སེམས། རྒྱུན་བཤགས་ཡན་ཆད་གོང་ལྟར་བྱ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོ་མཐིང་ནག་གྲི་ཐོད་འཛིན་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་དུར་ཁྲོད་ཆེན་པོ་ནས་དབྱིངས་ཕྱུག་མཁའ་འགྲོ་དགོངས་པ་འདུས་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་ཤིག །སྔགས་སོགས་ཀྱིས་བྱིན་དབབ་ཅིང་བརྟན་པའང་སྔར་བཞིན་བྱས། དེས་དབང་གི་སྔོན་དུ་འགྲོ་བ་རྣམས་སོང་ནས། དངོས་གཞི་གཏོར་མ་ལ་བརྟེན་ནས་བྱིན་རླབས་དབང་བསྐུར་གྱི་སྙིང་པོ་བསྒྲུབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རྣམ་དགུའི་རང་བཞིན་ཕོ་བྲང་དགུ་ཀློང་འཇའ་ཟེར་ཐིག་ལེའི་དྲྭ་བ་དབྱིངས་ཀྱི་མུ་ཁྱུད་སུམ་རིམ་གྱིས་བསྐོར་བའི་དབུས་འཁོར་འདས་བསྣོལ་བའི་ཁྲི་སྟེང་དུ་གནམ་ཞལ་དབྱིངས་ཀྱི་དབང་ཕྱུག་མ། ཕྱོགས་མཚམས་བརྒྱད་ཀྱི་ཕོ་བྲང་དུ་དབྱིངས་ཕྱུག་ཁྲོ་མོ་ཆེན་མོ་བརྒྱད་རྣམས་རང་རང་གི་སྲས་འཁོར་སྤྲུལ་པ་སྒོ་སྐྱོང་བཀའ་སྡོད་ཀྱིས་བསྐོར་བ། མུ་ཁྱུད་དུ་དབང་ཕྱུག་མཁའ་འགྲོ་ཕྱོགས་བཅུའི་ཕོ་ཉ་སོགས་འབུམ་ཕྲག་ཡངས་པའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་གསལ་བའི་དཔྲལ་བ་ནས་འོད་ཟེར་དཀར་པོ་ཟླ་བའི་མདངས་ཅན་འཕྲོས། ཁྱེད་རང་གི་དཔྲལ་བར་ཞུགས། སྐུའི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །དབང་གཏོར་དཔྲལ་བར་བཞག་ལ། ཧཱུྃ༔ བནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་དཀར་ཟེར་འཕྲོས་པས༔ ཉོན་མོངས་གཏི་མུག་སྒྲིབ་པ་སྦྱོང༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ བ་ལིཾ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་བྱང་། སྣང་སྟོང་ལྷ་སྐུ་བསྒོམ་པ་ལ་དབང་བ་ཡིན་ནོ། །ཡང་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། ཁྱེད་རང་གི་མགྲིན་པར་ཞུགས། གསུང་གི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ བནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་དམར་ཟེར་འཕྲོས་པས༔ ཉོན་མོངས་འདོད་ཆགས་སྒྲིབ་པ་སྦྱོང༔ འགག་མེད་གསུང་གི་དབང་ཐོབ་ཤོག༔ བ་ལིཾ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་བྱང་། གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་དབང་བ་ཡིན་ནོ། །ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་བཻ་ཌཱུརྻ་ཞུན་མ་ལྟ་བུ་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ། ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ བནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་སྔོན་ཟེར་འཕྲོས་པས༔ ཉོན་མོངས་ཞེ་སྡང་སྒྲིབ་པ་སྦྱོང༔ འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ བ་ལིཾ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་བྱང་། རིག་སྟོང་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་ནོ། །ཡང་ལྷ་ཚོགས་རྣམས་ཀྱི་ལྟེ་བ་ནས་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ། ཡོན་ཏན་གྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །གཏོར་མ་ལྟེ་བར་བཞག་ལ། ཧཱུྃ༔ བྷནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་སེར་ཟེར་འཕྲོས་པས༔ ཉོན་མོངས་ང་རྒྱལ་སྒྲིབ་པ་སྦྱོང༔ འཛད་མེད་ཡོན་ཏན་དབང་ཐོབ་ཤོག༔ བ་ལིཾ་ཏ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡོན་ཏན་གྱི་དབང་ཐོབ། སྙོམས་འཇུག་གི་སྒྲིབ་པ་བྱང་། བདེ་སྟོང་ཡེ་ཤེས་སྐྱེད་པ་ལ་དབང་བ་ཡིན་ནོ། །ཡང་ལྷ་ཚོགས་རྣམས་ཀྱི་གསང་བ་ནས་འོད་ཟེར་ལྗང་གུ་གཡུ་ཞུན་དྭངས་མ་ལྟ་བུ་འཕྲོས། ཁྱེད་རང་གི་གསང་བར་ཐིམ། ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །གཏོར་མ་གསང་གནས་སུ་བཞག་ལ། ཧཱུྃ༔ བནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་ལྗང་ཟེར་འཕྲོས་པས༔ ཉོན་མོངས་ཕྲག་དོག་སྒྲིབ་པ་སྦྱོང༔ རྩོལ་མེད་ཕྲིན་ལས་དབང་ཐོབ་ཤོག༔ བ་ལིཾ་ཏ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཕྲིན་ལས་ཀྱི་དབང་ཐོབ། ལས་ཀྱི་སྒྲིབ་པ་བྱང་། རྣམ་བཞིའི་ཕྲིན་ལས་བསྒྲུབ་པ་ལ་དབང་བ་ཡིན་ནོ། །གཏོར་མ་མཁའ་འགྲོ་དགོངས་པ་འདུས་པའི་དཀྱིལ་འཁོར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས་སྐུ་ཡི་གནས་རྣམས་ནས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམ་པ་ལྔའི་དབང་དང་བྱིན་རླབས་ཅིག་ཅར་དུ་ཐོབ། བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ལ་དབང་འབྱོར་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ བནྡྷ་དབྱིངས་ཀྱི་ཞིང་ཁམས་སུ༔ གཏོར་མ་རིག་རྩལ་མཁའ་འགྲོའི་སྐུ༔ ལྷུན་གྲུབ་འོད་ལྔའི་ཟེར་འཕྲོས་པས༔ ཉོན་མོངས་དུག་ལྔའི་སྒྲིབ་པ་སྦྱོང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བསྙེན་སྒྲུབ་ལས་ཀྱི་དབང་ཐོབ་ཤོག༔ བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་བརྒྱུད་པའི་བཤར་འདེབས་དང་བཀའ་བསྒོ་སྤྱི་ལྟར་བྱས་ཀྱང་རུང་། གཏོར་མ་རང་གྲལ་དུ་བཀོད། ཤིས་བརྗོད་ཅི་རིགས་བྱ། དེས་མཁའ་འགྲོ་དགོངས་འདུས་སྙིང་པོའི་གཏོར་དབང་རྒྱས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དབང་རྗེས་སྤྱི་ལྟར་བྱའོ། །དབང་དེ་གཉིས་གང་བསྐུར་ཡང་གྲུབ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་ཤིས་བརྗོད་ཀྱི་བར་གཞུང་ལྟར་བྱ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །འཇུག་སྒོ་གཏེར་གྱི་ལྡེའུ་མིག་འདིས། །རྟེན་འབྱུང་རིན་ཆེན་སྒོ་ཕྱེས་ནས། །དགོངས་འདུས་ནོར་བུའི་བང་མཛོད་ལ། །ཅི་དགར་སྤྱོད་པའི་སྐལ་ལྡན་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་བཀས་བསྐུལ་བ་དང་། ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་འདིའི་བདག་པོར་དབུགས་དབྱུང་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ལྷན་སྐྱེས་མཁའ་འགྲོའི་རྟེན་གནས་བྷོ་ཊའི་ལྗོན་ཤིང་གིས་སྤྲས་པའི་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཉམས་ལེན་ལག་ཁྲིགས་མའི་ཁྲིད་ངོ་མཚར་ཅན་ (Volume 55, Text 36)
༄༅། །ཉམས་ལེན་ལག་ཁྲིགས་མའི་ཁྲིད་ངོ་མཚར་ཅན་བཞུགས་སོ། ། བི་མས་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་མངོན་སུམ་བྱིན་གྱིས་བརླབས་ནས་དགོངས་གཏེར་དུ་བསྩལ་བ་ཀརྨ་སྙིང་ཐིག་གོ ། རང་བཞིན་སྟོན་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྤྱོད་རྫོགས་སྐུ་དཔལ་ལྡན་རྡོ་རྗེ་འཆང་། །ཐུབ་པ་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཚུལ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ཤྲཱི་སིང་ཧ་དང་། །ཛྙཱ་ན་སཱུ་ཏྲ་བི་མ་མི་ཏྲ་སོགས། །མཁས་གྲུབ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བས་གསུངས་པའི་ཐེག་པ་ཀུན་གྱི་རྩེ། །བཅུ་བདུན་རྒྱུད་དང་དཔེ་རྒྱུད་དུམ་བུ་དང་། །མན་ངག་བརྒྱ་དང་བཅུ་དགུ་ཀུན་གྱི་སྙིང་། །ཟངས་ཡིག་ཅན་གྱི་ལག་ཁྲིགས་ཉམས་ལེན་བཤད། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐབས་མཁས་ལ་ཐུགས་རྗེ་ཕུན་སུམ་ཚོགས་པས། ཐེག་པ་རིམ་པ་དགུ་དང་སྡེ་སྣོད་གསུམ་གསུངས་ཤིང་། དེ་ཐམས་ཅད་ཀྱི་ཡང་རྩེ་རྣལ་འབྱོར་བླ་ན་མེད་པ་ལ་བསྐྱེད་པ་དང་། བསྐྱེད་རྫོགས་མཚམས་སྦྱོར་བ་དང་། རྫོགས་རིམ་ལས་འདིར་རྫོགས་པའི་རིམ་པ། དེ་ལས་ཀྱང་སེམས་སྡེ་དང་། ཀློང་སྡེ་དང་། ཆོས་ཐམས་ཅད་སེམས་དང་། རང་བཞིན་སྤྲོས་བྲལ་དུ་སྟོན་པ་ལས་ཀྱང་ཆེས་རྨད་དུ་བྱུང་བ། ཕྱི་སྐོར་ཐ་སྙད་དང་། ནང་དྲན་པ་ལྟར་ངོ་བོ་སྟོན་པ་དང་། གསང་སྐོར་སྙིང་ལྟར་དཔེ་རྟགས་སུ་དོན་ངོ་སྤྲོད་པར་བྱེད་པ་ལས། དེ་ཐམས་ཅད་ཀྱི་སྤྲོས་པ་བཅད་ནས་ཡང་གསང་བླ་ན་མེད་པའི་རྒྱུད་བཅུ་བདུན་དང་། མན་ངག་བརྒྱ་དང་བཅུ་དགུ་ཐམས་ཅད་ཀྱང་དོན་ཡི་གེ་མ་རུ་མ་བུ་ལྔར་འདུས་པ་ལས། འདི་ལ་གསུམ། གདམས་པ་སྟོན་བྱེད་བླ་མ་དང་། གདམས་ཡུལ་སློབ་མ་དང་། གདམས་ངག་དངོས་སོ། །དང་པོ་ནི། རྒྱུད་གདམས་ངག་ཐམས་ཅད་ནས་མང་དུ་གསུངས་ཀྱང་མདོར་བརྗོད་ན། ཕྲ་ཊིག་ལས། དག་ཅིང་དབང་པོ་མ་ཉམས་དང་། །མང་དུ་ཐོས་ཤིང་ང་རྒྱལ་ཞི། །ཚུལ་འཆོས་སྤངས་ཤིང་ཆོག་ཤེས་པ། །རྒྱུད་ལ་གོམས་ཤིང་ཉམས་སུ་ལེན། །ལྟ་བ་རྟོགས་ཤིང་འཛིན་ཆགས་ཆུང་། །བྱ་བ་ཉུང་ཞིང་བརྩོན་འགྲུས་ལྡན། །རྨོངས་པ་མེད་ཅིང་ཆོག་ཤེས་པ། །ཡང་ན་སྡོམ་པ་གསུམ་ལ་གནས། །དཀའ་ཐུབ་ལྡན་ཞིང་མཆོག་ལ་སྦྱོར། །ནགས་ཁྲོད་བརྟེན་པ་བླ་མ་འོ། །ཞེས་གསུངས་སོ། །གདམས་ཡུལ་སློབ་མ་ནི། གཞུང་ལས། ཨེ་མ་དད་དང་སྙིང་རྗེ་གཏོང་ཕོད་ཡངས་པ་ཆེ། །དབང་པོ་རྣོ་ཞིང་ངག་འཇམ་དུལ་ཚིག་སྨྲ། །བླ་མ་ལ་གུས་ཚིག་གི་སྤྲོས་པ་ཆོད། །མ་བརྟགས་གསང་ཚིག་གཞན་དུ་རྡུལ་ཙམ་ཡང་། །བརྗོད་པར་མི་བྱེད་ཉམས་ལེན་འདི་ལ་བརྩོན། །འདི་ནི་གསང་སྔགས་གསང་བའི་སྣོད་ཡིན་པས། །ཞེས་གསུངས་པས། དེ་ལྟར་དཔོན་སློབ་མཚན་ཉིད་བརྟག་པ་གལ་ཆེ་འོ། །གདམས་ངག་ལ་ཁྲིད་དང་ངོ་སྤྲོད་དང་ཚང་སྤྲུགས་གདབ་པ་གསུངས་ཀྱང་། དོན་གྱིས་དབང་བཞི་དང་འབྲེལ་པ་དང་། ཉམས་ལེན་ལག་ཁྲིགས་བཅུ་དྲུག་གི་ཁྲིད་གཉིས་ཡིན་ནོ། །གཞན་ཡང་ལག་ཁྲིགས་ཀྱི་རིམ་པ་དུ་མ་ཡོད་ཀྱང་འདིར་འདུས་པས། མན་ངག་གི་དེབ་ནས་འདི་ལྟར་བྱ་བར་གསུངས་སོ། །དང་པོ་སྔོན་འགྲོ་དང་། དངོས་གཞི་སེམས་གཏན་ལ་དབབ་པ་དང་། རིམ་པ་མངོན་སུམ་རྟོགས་པར་བྱ་བ་དང་། རྗེས་ཡིད་ཆེས་བསྐྱེད་པའི་རྒྱབ་རྟེན་བཤད་ཅིང་ཉམས་སུ་ལེན་པའི་རྟགས་ཚད་འབྲས་བུ་དང་བཅས་པའོ། །དང་པོ་ཉམས་སུ་ལེན་པ་དེས་སྤྲོས་བཅས་ཀྱི་དབང་ངམ། ཡང་ན་རྒྱུད་སྡེ་གཞན་གྱིས་ཀྱང་རུང་སྟེ། དབང་ལེགས་པར་ཐོབ་པར་བྱས་ལ་བླ་མ་བསྟེན་ཏེ་ངེས་ཤེས་སྐྱེ་ཞིང་བྱིན་རླབས་འཇུག་པར་བྱ་བའི་ཕྱིར་བླ་མའི་རྣལ་འབྱོར་ནི། འདི་ཉིད་ཀྱི་རྡོ་རྗེ་ལམ་བསྟན་ནས། ཐུན་མཚམས་ཐམས་ཅད་དུ་བྱིན་རླབས་ཀྱི་རྩ་བ་ཡིན་པས། དེས་ན་རང་གི་སྤྱི་བོའི་གཙུག་ཏུ་ཉི་མ་དང་ཟླ་བའི་གདན་ལ། བླ་མ་དང་སངས་རྒྱས་ཐམས་ཅད་དབྱེར་མེད་དུ་རྡོ་རྗེ་སེམས་དཔའ་གང་ཡང་རུང་བར་བསྒོམས་ལ། དེའི་མཐེ་བོང་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་བདག་གི་སྤྱི་བོ་ཚངས་པའི་བུ་གར་ཐིམ་ནས། དེ་ལ་གསོལ་བ་བཏབ་པས། ལུས་ཀྱི་འཁོར་ལོ་བཞི་རིམ་གྱིས་གང་ཞིང་། ལུས་སེམས་ཟག་པ་མེད་པའི་བདེ་བས་མྱོས་པ་ལ་སེམས་བཞག་ན། ལུས་བདེ་བ་དང་ལྡན་ཞིང་སེམས་ལ་ཆོས་ཉིད་ཀྱི་དོན་འཆར་རོ། །ཞེས་བྱུང་བས་དེ་ལྟར་ཉམས་སུ་བླང་བར་བྱའོ། །དེའི་ཐུན་མཚམས་སུ་ལུས་རྡོ་རྗེ་རྩེ་གསུམ་པའི་འཕྲུལ་འཁོར། རྐང་མཐིལ་མཉམ་པར་སྦྱར། ལག་པས་སྤྱི་བོར་ཐལ་མོ་སྦྱར། ལུས་རྡོ་རྗེ་སྔོན་པོར་བསྒོམས་ཏེ། བཞག་ན་བསྲུང་བར་འགྱུར། ཞེས་བཤད་པས་ཐུན་རེ་ཙམ་བྱའོ། །སྔོན་འགྲོའི་དུམ་བུ་སྟེ་དང་པོ་འོ།། །།དེ་ནས་གཉིས་པ་སེམས་སྦྱང་བར་བྱའོ། །དེ་ལ་བདུན་ཏེ། གཞུང་ལས་སྦྱང་བ་བདུན། སྦྱང་བའི་དགོས་པ་བདུན། འབྱོངས་པའི་ཚད་བདུན། དུམ་བུར་བསྟན་ཀྱང་འདིར་ཉམས་ལེན་དུ་བསྟན་པ་ནི། དང་པོ་དཔོན་སློབ་གཉིས་ཀ་ལུས་བདེ་བར་བྱས་ཏེ། བླ་མ་ལ་མཎྜལ་ཕུལ་ལ་བླ་མས་བསྟན་པར་བྱའོ། །ཐོག་མར་མི་རྟག་པ་ལ་བསམས་ཏེ། བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། འོ་སྐོལ་རྣམས་སྔར་འཁོར་བ་འདིར་ཐོག་མ་མེད་པ་ནས། ཡུལ་སྣང་འཁྲུལ་པ་ལ་བདེན་ཅིང་རྟག་པར་བཟུང་བས་འཁོར་བར་འཁྱམས་པའི་རྒྱུར་གྱུར་པ་ཡིན་པས། མི་རྟག་པ་དྲན་པར་བྱའོ། །དེ་ཡང་རང་ཉིད་སྐྱེས་ནས་རིམ་པས་འཆི་བ་དང་ཉེ་བར་གྱུར་ཏེ་ངེས་པར་འཆི་ལ། ཕ་མ་དང་། གཉེན་བཤེས་ཤི་བ་དང་བྲལ་བ་རྣམས་ཡིད་ལ་བྱས་ཏེ། དེ་ལྟར་ཤི་བ་དང་འཆི་བར་འགྱུར་བ་རྣམས་ལ་གང་ཕན་པ་གདག་པར་བྱའོ། །གཞན་ཡང་ད་ལྟར་ཉིད་ཀྱང་སྐད་ཅིག་མ་དུ་མ་འདས་ཏེ་འཆི་བ་ལ་ཉེ་བར་གྱུར་ཏོ། །སེམས་ཅན་ཀུན་གྱིས་དེ་ལྟར་མི་རྟག་པར་མ་ཤེས་པས་རྟག་པར་རེ་ཞིང་སྡོད་པའི་ཚིས་དུ་མ་བྱས་ཀྱང་ཐམས་ཅད་བོར་ཏེ། ངན་འགྲོ་རྣམས་སུ་ལྟུང་ཞིང་སྡུག་བསྔལ་བར་འགྱུར་བས་དེ་ལྟར་ཤེས་ནས་ངེས་འབྱུང་བསྒོམ་པར་བྱའོ། །དེ་ལྟར་འཁོར་བ་ལ་བློ་ལྡོག་ཅིང་ངེས་པར་མི་རྟག་པ་རྒྱུད་ལ་སྐྱེས་པ་ན་བརྟན་པའི་ཚད་ཡིན་ནོ། །གཉིས་པ་འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམས་ལ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ཀྱེ་མ་ངན་འགྲོ་དམྱལ་བ་དང་ཡི་དྭགས་དང་། དུད་འགྲོ་རྣམས་ལ་བདེ་བ་ཅུང་ཟད་མེད་ལ། ལྷ་དང་མི་རྣམས་ཀྱི་གནས་སྐབས་ཀྱི་བདེ་བ་འདི་ཡང་། རྒྱུ་སྦྱིན་པ་བཏང་ཞིང་ཚུལ་ཁྲིམས་ལས་བྱུང་བ་ཡང་རྟག་པ་མེད་པར་འགྱུར་ཏེ། མྱ་ངན་གྱི་གནས་སུ་འགྱུར་བར་བཀའ་མདོ་རྒྱུད་ཐམས་ཅད་དུ་གསུངས་པ་མངོན་དུ་འགྱུར་རོ། །གང་གིས་ཀྱང་སྔར་དགའ་བ་དང་། བདེ་བ་མྱོང་བ་རྣམས་འགྱུར་བ་དང་། གཞན་སྐྱིད་པ་མི་རྟག །ལང་ཚོ་མི་རྟག །དབང་ཆེ་བ་མི་རྟག །ཟས་གོས་ནོར་ཐམས་ཅད་འགྱུར་བར་ཡིད་ཆེས་སོ། །ཞེས་ངེས་པར་བྱའོ། །དེ་དག་ཐམས་ཅད་ལས་མཐར་ཐུག་ཡུན་གྱི་བདེ་བ་ཞིག་ཐོབ་དགོས་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ངེས་པའི་དོན་གྱི་གདམས་པ་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་། འཁྲུལ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམས་པ་ཡིན་ནོ་སྙམ་དུ་བསྒོམས་པས་སྡུག་བསྔལ་ལ་ཡིད་འབྱུང་བའི་དགོས་པ་ཡོད་ཅིང་། འདུས་བྱས་སྡུག་བསྔལ་དུ་མཐོང་བའི་ཚད་ཡིན་ནོ། །གསུམ་པ་རྐྱེན་དུ་མ་ལས་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ད་ལྟར་སེམས་ཅན་ཐམས་ཅད་བདེ་བ་འདོད་ཀྱང་བདེ་བའི་རྐྱེན་ཉུང་། སྡུག་བསྔལ་གྱི་རྐྱེན་མང་། འཆི་བའི་རྐྱེན་ནི་མང་། གསོན་པའི་རྐྱེན་ནི་ཉུང་། མདོར་ན་འཁོར་བ་འདི་ན་བྱས་པའི་ལས་ལ་ལུས་ངག་ཡིད་གསུམ་སྐད་ཅིག་ཀྱང་མི་དལ་བར་རྐྱེན་དུ་མ་ལ་སྦྱོར་མོད་ཀྱི། ཡང་དག་པའི་ལམ་དང་མ་འཕྲད་ཅིང་ཉམས་སུ་མ་བླངས་ན་རྣམ་རྟོག་གི་རྐྱེན་གྱིས་འཁོར་བ་ནས་སེམས་ཅན་འདི་རྣམས་ཐོན་པའི་དུས་མི་འདུག་པ། རང་ཡང་སྔར་འཁྲུལ་ཅིང་སེམས་ཅན་གཞན་ཡང་སྙིང་རེ་རྗེ། ཞེས་སྦྱངས་པས་དད་པ་སྔོན་དུ་འགྲོ་ཞིང་འཁོར་བ་ལས་ཡིད་འབྱུང་བའི་དགོས་པ་ཡོད་ཅིང་། རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་ལས་སུ་དཀོན་མཆོག་མཆོད་ན་ཅི་མ་རུང་སྙམ་པ་ནི་བརྟན་པའི་ཚད་དོ། །བཞི་པ་བྱས་པ་ཐམས་ཅད་དོན་མེད་པར་འདུག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། ད་ལྟ་རང་ལུས་ངག་ཡིད་གསུམ་གྱིས་རང་བདེ་རུ་རེ། ལོངས་སྤྱོད་ཕུན་སུམ་ཚོགས་སུ་རེ། གཞན་བས་ལྷག་ཏུ་རེ། དེ་རྣམས་མ་བྱུང་གིས་དོགས་ནས་བྱ་བའི་རྣམ་པ་མི་དགེ་བ་སྣ་ཚོགས་ལ་མི་འཛེམ་པར་ཚོང་དང་ཞིང་ལས་དང་། ཁུར་གླ་དང་། གསོག་འཇོག་དུ་མ་བྱེད་པ་དང་། རང་ཉིད་སང་འཆི་ཡང་མི་ཤེས་པས་ཟས་དང་གོས་ལ་སོགས་པས་འཚོ་བའི་ཚིས་དུ་མ་བྱེད་པ་རེ་འཁྲུལ། དོན་ཅུང་ཟད་ཀྱང་མེད་དེ་སྡིག་དང་སྡུག་པས་ལོངས་སྤྱོད་དུ་མ་བསགས་ཀྱང་། དབང་མེད་པར་འཁོར་དང་ཉེ་དུ་ཐམས་ཅད་དང་། ཐ་ན་ལུས་ཀྱང་དོར་ནས་རང་ངན་འགྲོར་འགྲོ་དགོས་པས་འདིས་ཅི་ཞིག་བྱ། ཞེས་ངེས་པར་བསམ་པར་བྱའོ། །དེས་བླ་མའི་མན་ངག་ལ་འཇུག་པར་བྱ་བའི་དགོས་པ་ཡོད་ཅིང་། བླ་མའི་གདམས་ངག་གཅིག་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་པ་སྐྱེས་པ་ནི་ཚད་ཡིན་ནོ། །ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། དེ་ལྟའི་སྡུག་བསྔལ་ཐམས་ཅད་དང་ནི་བྲལ། ཡོན་ཏན་ཐམས་ཅད་ནི་ཐོབ། རང་གཞན་གྱི་དོན་ཐམས་ཅད་ནི་སྒྲུབ། ས་དང་། ལམ་དང་། ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། དེ་ལྟ་བུའི་སངས་རྒྱས་དེ་ད་རེས་མི་ལུས་འདིའི་ཐོག་ནས་མ་ཐོབ་ན་ཤིན་ཏུ་དཀའ་བར་འདུག་པས། ད་རེས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་ལ་བརྩོན་འགྲུས་བསྐྱེད་པར་བྱའོ་སྙམ་པ་བྱའོ། །དེས་བསྒོམ་པ་སྲན་ཐུབ་པའི་དགོས་པ་ཡོད་ཅིང་། ཅི་ནས་ཀྱང་མ་བསྒོམ་ན་སངས་མི་རྒྱ་བར་འདུག་པས་བརྩོན་འགྲུས་མི་གཏང་དགོས་སྙམ་པ་ནི་འབྱོངས་པའི་ཚད་དོ། །དྲུག་པ་བླ་མའི་གདམས་ངག་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། འཁོར་བ་ཐོག་མེད་ཀྱི་སྒྲིབ་པ་ལོ་ཟླས་དག་ནུས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་ལོ་ཟླས་བསྐྱེད་ནུས་ལ། བླ་མའི་གདམས་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མངོན་དུ་མཛད་པ་འདི་འདྲ་དང་ཕྲད་པ་ལ་བྱ་བ་གཞན་གྱིས་ནི་ཅི་ཞིག་བྱ། སྒྲུབ་པ་ལ་བརྩོན་འགྲུས་བསྐྱེད་པར་བྱའོ་སྙམ་དུ་བྱའོ། །དེས་བྱ་བ་གཞན་ལ་མི་འཇུག་པའི་དགོས་པ་ཡོད་ཅིང་། འཇིག་རྟེན་གྱི་ལོངས་སྤྱོད་ཀྱིས་ཅི་ཞིག་བྱ། དར་ཅིག་བསྒོམས་ཀྱང་མི་རྟོག་པ་སྐྱེ་བའི་གྲོགས་སུ་འདུག་སྙམ་པ་ནི་འབྱོངས་པའི་ཚད་དོ། །བདུན་པ་རྣམ་པར་མི་རྟོག་པ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་ཐབས་ཁྱད་པར་ཅན་རྣམ་རྟོག་གཡོ་བ་བཟུང་ནས་རྣམ་པར་མི་རྟོག་པ་ལ་བསླབ་པར་བྱའོ་སྙམ་དུ་བྱས་ལ་རྟོག་པ་གཟུང་ཞིང་། སེམས་སྐད་ཅིག་ཀྱང་མི་གནས་པ་རྣམས་སྙིང་རེ་རྗེ་ཞེས་བསྒོམ་པར་བྱའོ། །དེས་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བའི་དགོས་པ་ཡོད་ཅིང་། གནས་པ་ཡུན་རིང་དུ་སོང་ནས་འདི་ལ་རྟག་ཏུ་གོམས་པར་བྱའོ་སྙམ་པ་ནི་བརྟན་པའི་ཚད་དོ། །དེ་ལྟར་སེམས་སྦྱོང་བདུན་པོ་འདི་གལ་ཆེ་སྟེ། རྒྱབ་ཡིག་ནས་སྤྲུལ་སྐུའི་ས་བོན་གཞག་པའི་ཕྱིར། སྔོན་དུ་འདི་སྦྱང་བ་གལ་ཆེ་བར་བཤད་ཅིང་། དད་པ་དྲག་པོ་དང་སྙིང་རྗེ་མ་སྐྱེས་ན། གསང་སྔགས་ཀྱི་སྣོད་དུ་མི་རུང་བས་འདི་ཉིད་སྦྱོང་དུ་གཞུག་གོ །བྱང་ཆུབ་ཀྱི་སེམས་སྦྱོང་བ་བདུན་པའི་ཁྲིད་ཀྱི་རིམ་པ་སྟེ་གཉིས་པའོ།། །།དེ་ལྟར་སེམས་འབྱོངས་པ་དེ་སྔགས་ཀྱི་ཐབས་ལམ་ལ་འཇུག་པར་བྱ་སྟེ། བསྐྱེད་པའི་རིམ་པ་ནི་སྔར་རྒྱུད་སྨིན་པ་དང་གནས་སྐབས་ཀྱི་འབྲས་བུའི་དོན་དུ་ཡིན་ལ། འདིར་ཆགས་མེད་རླུང་ལ་བསླབ་པ་དང་། ཆགས་ཅན་ཐིག་ལེ་ལ་བསླབ་པ་གཉིས་གསུངས་ཏེ། དང་པོ་ལ་ཡང་ཤེས་པར་བྱ་བའི་རྩ་རླུང་གི་བཤད་པ་ནི་འདི་ཉིད་ཀྱི་རྩ་གནས་འཁོར་ལོ་དང་། རླུང་གི་སྡོམ་བྱང་ནས་གསུངས་ཏེ་རྒྱ་ཆེའོ། །འདིར་ནི་གཞུང་འདི་དང་རླུང་གི་པྲ་ཁྲིད་མཆོག་བསྒྲུབ་པའི་ཡན་ལག་ཏུ་དགོངས་པ་དེ་བསྡུས་ནས་སྟོན་ནོ། །དང་པོ་ནི། ལྟེ་བ་སྐྱེད་བྱེད་ཀྱི་འཁོར་ལོ་དང་། སྙིང་གར་དྲན་པ་འདུས་པའི་འཁོར་ལོ་དང་། མགྲིན་པར་རོ་རྣམས་འདུས་པའི་འཁོར་ལོ་དང་། སྤྱི་བོ་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་བཞི་དག་པར་བྱ་བའི་ཕྱིར། ལུས་དལ་བ་བརྟེན་ཅིང་། ཁྲུས་དང་བཀུ་མཉེ་ལ་སོགས་པ་བྱས་ནས། དབེན་པར་སྟན་བདེ་བ་ལ་འདུག་ནས་ལུས་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་བཅའ། རྐེད་པ་བསྲང་མགྲིན་པ་སྒུ་བར་བྱས་ལ། དེ་ནས་དམིགས་པ་ནི་ལྔ་སྟེ། རླུང་གི་ཁ་དོག་ལ་བསླབ་པ་དང་། དབྱིབས་དང་། གྲངས་དང་། འགྲོ་འོང་དང་། བུམ་པའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི། རླུང་རོ་བུས་ལ་དེ་ནས་རང་གི་སྨིན་མཚམས་སུ་རླུང་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཟླུམ་ལ་དཀར་བ་ཡུངས་དཀར་ཙམ་ཞིག་ལ་ཤེས་པ་གཏད་ལ་ཡུན་རིང་དུ་བསྒོམ། དེ་ནས་རང་གི་མགོ་བོ་ཡང་དེའི་མདོག་དང་མཚུངས་པར་བསྒོམ། དེ་ནས་ལུས་ཐམས་ཅད། དེ་ནས་ཐོ་ཕྱི་ཉེ་འཁོར། དེ་ནས་སྟོང་གསུམ་ཙམ་སྣང་བ་ཐམས་ཅད་དཀར་མེར་མེར་བ་ལ་བློ་བཞག་སྟེ་ཡང་ནས་ཡང་དུ་གོམས་པར་བྱས་པས། གོམས་པའི་རྟགས་ལུས་ཡང་། ངག་གསལ། སེམས་གནས་པའོ། །གཉིས་པ་དབྱིབས་ནི། དེ་ནས་རླུང་གི་ཐིག་ལེ་དཀར་ལ་སྔོ་བ་སྲན་མ་ཙམ་གཅིག་སྨིན་མཚམས་ནས་སྣ་རྩེར་བསྒོམས་ལ་མིག་ཀྱང་ལྟ་སྟངས་དེར་གཏད་དེ། རླུང་དལ་ལ་རིང་བ་ཕྱིར་གཏང་བས་ཐིག་ལེ་དེ་ཧྲིལ་ལི་ལི་ཕར་སོང་ཞིང་ལུས་སེམས་སྟོང་སིང་སིང་སོང་བར་བསམ། ཚུར་བྱུང་ཙམ་ན་རྔུབ་པ་དང་བསྟུན་ནས་ཐིག་ལེ་སྨིན་མཚམས་སུ་བྱུང་བས་བསིལ་སིང་བ་ལ་བློ་བཞག །གྲང་བ་ཆེའམ་ལུས་གྲང་ཞིང་འདར་ན་ཐིག་ལེ་ཚ་ལྷང་ལྷང་བ་ལྟར་བསྒོམ། དེས་སེམས་ཟིན་ཅིང་དམིགས་པ་གང་གཏད་སར་དེ་ལྟར་སྣང་ན་འབྱོངས་པའོ། །དེས་ཀྱང་རྣམ་རྟོག་མ་ཟིན་ན། གསུམ་པ་གྲངས་ལ་བསླབ་པ་ནི། ལུས་སྔར་ལྟར་བྱས་ལ་ཤེས་པ་རླུང་དང་འགྲོ་ལྡོག་གཅིག་ཏུ་བསླབ་པར་བྱ་སྟེ། རླུང་ཕར་འགྲོ་ཙ་ན་ཤེས་པ་དང་དུས་གཅིག་ཏུ་གཏད་ལ་བསྒོམ། ཚུར་འོང་ཙ་ན་ཡང་དེ་བཞིན་དུ་བྱ། དེ་ལྟར་འགྲོ་འོང་གཉིས་གཅིག་ཏུ་བགྲངས་པས་གཅིག་ནས་གཉིས་དང་། དེ་བཞིན་དུ་གྲངས་བཟུང་བས་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ཀྱང་། ཐུན་དུ་བཅད་ཅིང་སྟོང་བརྒྱད་བརྒྱའི་བར་ཙམ་དུ་ཤེས་པ་མ་ཡེངས་པ་གལ་ཆེ། དེ་ནས་རྣམ་རྟོག་གནས་པ་དང་། རླུང་དབྱུང་བ་དང་རྔུབ་པ་ཕར་ཚུར་དལ་གྱིས་ཇེ་རིང་ལ་བཏང་བས་ཐ་མར་ཡུན་རིང་དུ་གནས་ཤིང་སྡོད་ན་འབྱོངས་པ་ཡིན་ནོ། །དེ་ནས་བཞི་པ་འགྲོ་འོང་ལ་བསླབ་པ་ནི། རང་གི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་སེང་ངེ་བ་གཅིག་གི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་ནས་ཙམ་ཞིག་བསྒོམས་ཏེ། རླུང་ཕྱིར་གཏོང་ཙ་ན་རྒྱང་རིང་པོར་སྣ་ནས་སོང་བར་བསྒོམ། ཚུར་རྔུབ་ཙ་ན་ཐོད་པའི་ནང་དུ་སྔོ་མེར་གྱིས་བྱུང་བར་བསྒོམ་ཞིང་། ལུས་བདེ་ཕྲིལ་ཕྲིལ་བ་ལ་བློ་བཞག །དེ་ནས་རྣམ་རྟོག་གནས་པ་ན་ཚུར་ལ་རྒྱང་ཐུང་ངུ་ཐུང་ངུ་སོང་ནས་མཐར་སྣའི་རྩེར་སོར་བཅུ་དྲུག་ཙམ་དང་། ནང་གི་འགྲོ་འོང་ལ་སྦྱར་ཞིང་ཕར་གཏོང་བ་དང་། ཚུར་རྔུབ་པ་རྒྱུན་རིང་པ་གལ་ཆེའོ། །དེ་ནས་ལྔ་པ་བུམ་པའི་སྦྱོར་བ་ལ་བསླབ་པ་ནི། རླུང་སྔར་ལྟར་ལན་འགའ་སྔོན་དུ་སྦྱངས་པ་ལ། རྡོ་རྗེ་དེ་ནང་དུ་ཐོད་པ་ལ་ཐིམ་ནས་ཐམས་ཅད་ཞུ་ཞིང་ལྟེ་བར་ཡི་གེ་རང་བཞིན་གྱིས་ཧ་གཅིག་གནས་པ་དེར་གྱུར་པར་བསམས་ལ་ལྟོ་བ་རླུང་གིས་མེར་གྱིས་དགང་ཞིང་འོག་སྒོ་དྲག་ཏུ་བསྡམས་ལ། རླུང་དང་ལུས་ཐམས་ཅད་ན་བུན་ལྟར་བསམ་ཞིང་། ཕར་གཏོང་ཙ་ན་རླུང་སེམས་ནམ་མཁའ་དང་འདྲེས་པ་ལྟར་སྟོང་སངས་སངས་སོང་ནས་རྣམ་པར་མི་རྟོག་པ་དང་བསྲེས་ལ་བསྒོམ། འབྱོངས་པའི་རྟགས་སུ་ལུས་ཡོད་པ་མི་ཚོར་བ་དང་། རླུང་གར་དྲངས་པའི་སར་འབྱུང་བ་དང་། ཟས་དང་གོས་ཡིད་ལ་མི་འབྱུང་བ་དང་། རྟོག་པའི་འགྱུ་བ་རང་འགགས་པའོ། །དེ་དག་ནི་རླུང་གི་རྣལ་འབྱོར་ལ་བསླབ་པའོ། །དེའི་ཡན་ལག་རྣམ་གྲངས་མང་ཡང་ལས་ཁ་ཚར་དུ་བབས་སོ། །རླུང་ལ་བསླབ་པའི་ཁྲིད་ཀྱི་རིམ་པ་བསྟན་པའི་དུམ་བུ་སྟེ་གསུམ་པའོ།། །།དེ་ལྟར་རླུང་ལ་འབྱོངས་ནས་ཐིག་ལེ་ལ་བསླབ་པ་ལ་གཉིས་ལས། ཆགས་ཅན་ཡབ་ཡུམ་གྱི་བདེ་བ་ལ་བསླབ་པ་ནི་ཆིངས་བཅོ་ལྔས་བསྟན་ཏེ། པྲ་ཁྲིད་ནས་གསལ་བས་འདིར་མ་བྲིས་སོ། །ཆགས་བྲལ་རླུང་སེམས་ཀྱི་བདེ་བ་རང་ལ་བསྒོམ་པ་ནི། ལུས་གནད་སྔར་དང་འདྲ་བ་ལ། དམིགས་པ་ནི། རང་གི་ལུས་སྟོང་སང་ངེ་བར་བསྒོམས་པའི་སྤྱི་བོ་རྩེ་མོ་རྣམ་པར་བཀོད་པ་རུ། ཐིག་ལེ་སྟོང་པའི་སྒྲོན་མ་དཀར་ཞིང་སྣུམ་པ་སྲན་མ་ཙམ་གཅིག་བསམས་ཏེ། རླུང་བུམ་པའི་སྦྱོར་བ་སྔར་ལྟར་བྱས་པས་ཐིག་ལེ་སྲན་ཆུང་ཙམ་ཕྲོམ་ཕྲོམ་བྱུང་ནས་མགྲིན་པར་སླེབས་པས་ལུས་བདེ་ཕྲིལ་གྱིས་སོང་བ་ལ་སེམས་བཞག་ལ། དེ་ནས་སྙིང་གར་སླེབས་པས་དེ་བས་བདེ་བ་རྒྱས། དེ་ནས་ལྟེ་བར་སླེབས་པས་དེ་བས་ཀྱང་བདེ་བ་རྒྱས། གསང་བར་སླེབས་པས་བདེ་བ་མཆོག་ཏུ་རྒྱས་པ་ལ་ཤེས་པ་བཞག་པས་ལུས་བདེ་སྟོང་དུ་ཕྲིལ་གྱིས་འགྲོ་སྟེ། བདེ་བ་རྒྱས་ཤིང་མི་ཐུབ་པ་སྙམ་བྱེད་ན། ཡང་ཡར་ལ་བཟློག་ལ་ཐིམ་ཞིང་སྤྱི་བོར་ཤེས་པ་གཏད་དོ། །ཡང་ལུགས་གཅིག་ལ་སྔར་བཞིན་ལྟེ་བར་ཧ་དམར་པོ་དེ་བསྒོམས་ལ། ཐིག་ལེ་སྲན་ཆུང་ཙམ་བབས་པ་གཅིག་ནས་གཅིག་ཏུ་ཐིམ་ནས་ཧ་དེ་ལ་ཐིམ། དེ་ནས་བདེ་ཕྲིལ་གྱིས་སོང་བ་དང་། ཐིག་ལེ་ཧ་དང་བཅས་པ་ཇེ་ཆུང་ཇེ་ཕྲ་ལ་སྟོང་སངས་ཀྱིས་སོང་ནས་མི་རྟོག་པ་ལ་བཞག་གོ །དེས་ནི་ལུས་ཐམས་ཅད་བདེ་སྟོང་དུ་འགྲོ་བ་དང་། རིག་པ་རྩེ་གཅིག་ཏུ་གནས་པ་དང་། རླུང་དང་ཐིག་ལེ་འབྱོངས་པ་དེ་རིག་པ་མངོན་སུམ་ཉམས་སུ་ལེན་པའི་ཚེ། འབྱུང་བ་དག་པ་ལ་ཚེགས་མེད་པ་དང་། ཟས་དང་གོས་ལ་སྲེད་པ་གཅོད་པ་དང་། མཚན་ཉིད་འཛིན་པའི་རིག་པ་ལ་རང་དབང་ཐོབ་པར་བྱེད་པ་ལ་ཤིན་ཏུ་གལ་ཆེའོ། །མདོར་བསྡུས་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་ལ་བརྟེན་ནས་སེམས་ལ་རང་དབང་ཐོབ་པར་བྱེད་པ་གལ་ཆེ་བར་མདོ་རྒྱུད་ཐམས་ཅད་དུ་གསུངས་ཤིང་། ཁྱད་པར་དུ་རྣམ་རྟོག་ཤས་ཆེ་བ་ལ་རང་བཞིན་རྫོགས་པ་ཆེན་པོ་འདིར་བསམ་གཏན་གྱི་རིམ་པ་དཔག་ཏུ་མེད་པ་གསུངས་སོ། །ལས་ཅན་སྔར་སྦྱངས་པ་ཅན་སེམས་ལ་དབང་ཐོབ་པ་ནི་འདི་རྣམས་སྔོན་དུ་སོང་ཟིན་པས་འདིར་བཤད་པའི་རིམ་པ་མ་བྱས་ཀྱང་ཆོག་པ་ཉིད་དོ། །ཐིག་ལེ་སྦྱོང་བའི་ཁྲིད་ཀྱི་རིམ་པ་སྟེ་དུམ་བུ་བཞི་པའོ།། །།དེ་ནས་སྤྲོས་པ་གཅོད་པའི་རིམ་པ་འབྱུང་བ་ལྔ་རང་སར་དག་པར་བྱེད་པའི་གནད་ནི། འབྱུང་བཞི་ཟད་པའི་རྒྱུད་ཆེན་ནམ་མཁའ་ལ། འཁྲུལ་གཞི་ཟད་པའི་རིག་པ་རྒོད་ཡན་དེ། །སྣ་ཚོགས་ཁྱབ་བརྡལ་ཆེན་པོའི་ཁང་བཟང་དུ། །འཛིན་བྱེད་དྲན་པ་ཟད་པའི་ལྕགས་ཀྱུ་ཡིས། །གསལ་བྱེད་སྟེང་འོག་མེད་པའི་སྙིང་ནས་ནི། །མ་ཡེངས་བསམ་པ་ཟད་པའི་ཚུལ་གྱིས་གཟུང་བར་བྱའོ། །ཞེས་འབྱུང་བ་ཨ་ལྔའི་དོན་སྐྱེ་མེད་དུ་ཉམས་སུ་ལེན་པ་སྟེ། གོང་མ་རླུང་དང་ཐིག་ལེ་འབྱོངས་ནས་འབྱུང་བ་ལྔ་ཟད་པར་བྱེད་པ་ཡིན་པས། དང་པོ་ནི་ལུས་གནད་སྔར་ལྟར་བྱ། དམིགས་པ་ནི་རང་གི་སྙིང་ཨ་སྔོན་པོ་ཚོན་གང་བ་གཅིག་ཏུ་བསམས་ཏེ། རླུང་དང་སེམས་ཀྱི་འདུ་བྱེད་ཐམས་ཅད་ཨ་དེ་ལ་བསྟིམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་དོན་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ལ་མཉམ་པར་བཞག་ཅིང་། རིག་པའི་ངོ་བོ་ཨའི་རང་བཞིན་དུ་ཉམས་སུ་བླང་། དེས་རྣམ་པར་མི་རྟོག་པ་དང་ཐམས་ཅད་ནམ་མཁའ་ལྟར་རོ། །འདིའི་དུས་ན་ཡིད་ཀྱི་སེང་གེ་ནི་རྣམ་རྟོག་གི་མིང་ཡིན་ལ་ཡིད་ཀྱི་བུ་ནི་ཡུལ་ཨ་ལ་བསྡུ་བ་ཡིན་པས་རྩེ་གཅིག་ཏུ་མ་ཡེངས་པར་བྱའོ། །ནམ་མཁའ་དག་པར་བྱེད་པའོ། །གཉིས་པ་ནི། སྤྱི་བོའམ། མདུན་གྱི་ནམ་མཁའ་སྣ་རྩེའི་ཐད་ཙམ་དུ་ྷྷ་ལྗང་ནག་ལ་ཤེས་པ་གཏད་ལ་རླུང་དང་རྣམ་རྟོག་གཡོ་བ་ཐམས་ཅད་དེ་ལ་བསྟིམས་ལ་མི་རྟོག་པ་བསྒོམ་མོ། །ནམ་མཁའི་བུ་མོ་ནི་རླུང་འདུ་བྱེད་དང་བཅས་པ་ཡིན་ལ། ནམ་མཁའི་བུ་ནི་ཐབས་ཀྱི་ཆ་ཡུལ་དུ་བསྒོམས་པའི་ྷྷ་དེ་ཉིད་ཡིན་པས་བཟུང་བ་སྟེ། དེས་ནི་རླུང་གི་ཁམས་རྣམ་པར་དག་པར་བྱེད་པའོ། །གསུམ་པ་ནི། ཡང་སྣ་རྩེའམ་སྙིང་གར་ྈ་དཀར་པོ་ལ་སེམས་གཏད་ཅིང་འདུ་ཤེས་དང་། རླུང་ཐམས་ཅད་དྲན་པ་རང་ཡུལ་དུ་བཏང་ནས་དབུགས་ཕྱི་ནང་དུ་རྒྱུ་བ་དགག་ཅིང་བཞག་པ་ནི། རླུང་གི་ཞགས་པ་ནི་འདུ་ཤེས་ཀྱི་ཡུལ་འཛིན་པ་ལ་ཟེར་ལ། དེ་འཛིན་པའི་ཨ་སུམ་བརྩེགས་བསྒོམས་པ་ནི། ལྕགས་ཀྱུ་ཡིན་པས་ཆུ་རྣམ་པར་དག་པར་བྱེད་པའོ། །བཞི་པ་ནི། ཡང་མགྲིན་པའི་ནམ་མཁའ་ལ་ྈ་དམར་པོ་ལ་རིག་པ་གཏད། དེ་འཛིན་པའི་ཡུལ་ཚོར་བ་ལ་སོགས་སྡུད་བྱེད་ཀྱི་དྭངས་མ་མིག་གི་རྣམ་ཤེས་རང་དག་ལ་སེམས་གཟུང་བ་ནི། མེའི་མི་བོ་ཆེ་ཞེས་བྱ་བ། ཚོར་བ་ཡིན་ལ་མེའི་གསལ་ཤིང་ནི་རླུང་དེར་སྡུད་པ་ཡིན་པས་ཨ་བཞི་བརྩེགས་བསྒོམས་ནས། ཚོར་བ་རང་རྒྱུད་དུ་འཛིན་པ་མེ་དག་པར་བྱེད་པ་ཡིན་ནོ། །ལྔ་པ་ནི། ལྟེ་བའམ་བར་སྣང་ལ་ཡི་གེ་ྈ་སེར་པོ་ལ་ཤེས་པ་གཏད་ལ་གཟུང་ཡུལ་མཆེད་པ་ཐམས་ཅད་ཐིམ་ཞིང་། སྒོ་ལྔ་རང་རྒྱུད་དུ་འཛིན་པ་དག་ནས་རྣམ་པར་མི་རྟོག་པར་བཞག་ལ་བསྒོམ་པ་ནི། སའི་གྲོང་ཁྱེར་གྱི་ནི་ལུས་སྒོ་ལྔ་དང་བཅས་པ་ཡིན་ལ་ཆུ་ནི་འདུ་ཤེས་ཀྱི་ཨ་ལྔ་བརྩེགས་བསྒོམས་པ་ཡིན་པས་ལུས་ཀྱི་འཛིན་པ་འཇིག་པར་བྱེད་པས། གཞུང་ནས་བརྡའ་སྐད་དུ་གསུངས་པ་ཡིན་ནོ། །ས་རྣམ་པར་དག་པར་བྱེད་པའོ། །འདིར་བསྟན་པའི་ཨ་ལྔ་ལ་བསྒོམས་པས་འབྱུང་བ་རང་དྭངས་སུ་འགྲོ་བ་ཡིན་ལ། རྩ་གནས་འཁོར་ལོ་དང་སྒྲ་གནད་ཀྱི་རྒྱུ་མཚན་གྱིས། འཁོར་ལོ་བཞིར་བསྒོམ་ཞིང་དེར་རླུང་དང་སེམས་བསྡུས་ཏེ་བསྒོམ་པ་དང་། དེ་ཡང་སྐྱེ་མེད་སྤྲོས་བྲལ་དུ་བཞག་པར་བྱ་བ་ཡིན་པར་མངོན་ནོ། །སྐབས་འདི་ཡི་རཾ་ཡཾ་ཁཾ་གསུམ་པོ་ནི། རླུང་མེ་ཆུའི་ས་བོན་ཡིན་པས་དེ་ལྟར་བསྒོམ་དུས་སུ་འབྱུང་བ་འཁྲུགས་ནས་མ་བདེ་ན། གནས་གསུམ་དུ་བཞག་ཅེས་པ་ནི། ལུས་ལྕི་ཞིང་བྱིང་ལ་འཐིབས་པ་བྱུང་ན་རྩེ་མོའི་འཁོར་ལོ་ཡཾ་ལྗང་ནག་བསམ་སྟེ། རླུང་དང་རྣམ་རྟོག་དེར་བཅུག་ལ་ནམ་མཁར་ཕྱུར་ཕྱུར་སོང་བར་བསྒོམས་ན་དེ་མ་ཐག་ཏུ་ཤེས་པ་ཡེར་ཞིང་འགྲོ་འོ། །ལུས་ཆུ་ཤས་ཆེར་འཁྲུགས་ནས་གྲང་ཞིང་འདར་ན་རོ་རྣམས་འདུས་པའི་འཁོར་ལོར་རཾ་དམར་པོ་འབར་བ་དང་བཅས་པ་བསྒོམས་ལ་རླུང་དྲག་ཏུ་གཅུན་པས། སུམ་མདོའི་ཧ་ལས་མེ་བྱུང་ནས་ལུས་ཐམས་ཅད་ཁྱབ་པར་བསྒོམས་ན་གྲང་བ་སེལ་ལོ། །མེའི་སྐྱོན་གྱིས་ཚ་ཞིང་རྩེད་པ་དང་མཁྲིས་པ་རྒྱས་ན་སྙིང་གའམ་ཕོ་བར་ཁཾ་དཀར་ཞིང་བསིལ་བ་ཆུ་འཁྱགས་ལྟར་བསམས་ནས་རླུང་སིད་ཀྱི་སྒྲས་དྲངས་ལ་དབྱུང་། དེས་ཚད་པ་ཞི་བར་འགྱུར་རོ། །འདིར་མ་གསུངས་ཀྱང་རླུང་གིས་ཤེས་པ་འཕྱོས་པ་དང་། གྱེན་དུ་འཚང་བ་དང་། སྙིང་རླུང་ལྟ་བུ་བྱུང་ན་ལྟེ་བར་ལཾ་གསེར་གྱི་ཁ་དོག་ཅན་ཤིན་ཏུ་ལྕི་བ་བསྒོམས་ལ་འོག་སྒོ་དྲག་ཏུ་བསྡམས་ནས་ཐུར་ལ་རླུང་སེམས་གཏད་ན་ཐེ་ཚོམ་མེད་པར་ཕན་པར་འགྱུར་རོ། །འདིར་གེགས་སེལ་གཙོ་བོ་བརྗོད་པ་འོ། །ཡན་ལག་མང་པོ་དུམ་དུམ་ཁྲིགས་ལ་སོགས་རྣམས་ན་ཡོད་དོ། །སྤྲོས་པ་གཅོད་པའི་སྒྲོན་མ་འབྱུང་བ་ལྔ་རང་དྭངས་ཀྱི་མན་ངག་གི་དུམ་བུ་སྟེ་ལྔ་པའོ།། །།དེ་ནས་ཆོས་སྤྱི་དང་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་བྱེ་བྲག་ཤེས་པར་བྱའོ། །སྦས་པ་མིག་འབྱེད་ལྟར་བསྟན་པར་བྱ་སྟེ། དང་པོ་ཆོས་སྤྱི་བསྟན་པར་བྱའོ། །དང་པོ་འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་གིས་སྣང་བ་ཟིལ་གྱིས་མནན་པ་ནི། ཆོས་སྤྱི་ནས། གང་ཟག་གང་གིས་གང་ལྟར་སྤྱོད་ན་ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ་སྤངས་ཏེ་ཚུལ་ཁྲིམས་དང་དམ་ཚིག་ལས་མི་འགལ་བར་སྤྱོད་པ་དང་། ཐམས་ཅད་ལ་མ་ཞེན་པའི་ཚུལ་གྱིས་གང་བྱེད་པ་ཐམས་ཅད་ཆོས་སུ་འགྲོ་བར་སྤྱོད་པ་སྟེ། དེས་གནས་སྐབས་ལྷ་མིའི་གོ་འཕང་དང་མཐར་ཐུག་བྱང་ཆུབ་ཐོབ་པར་བྱེད་པའོ། །གཉིས་པ་དམིགས་གཏད་མེད་པ་བསྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་མནན་པ་ནི། འདིར་ཆོས་སྤྱི་དང་མཐུན་པའི་བསྒོམ་པ་ནི་གང་ཟག་ཉམས་སུ་ལེན་པར་འདོད་པ་དེས། གནས་དབེན་པར་འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ལ་བླ་མའི་གདམས་ངག་ཉམས་སུ་ལེན་པ་སྟེ། དེ་ཡང་སྔར་བསྟན་པ་རྣམས་ཀྱང་ཡིན་མོད་ཀྱི་འདིར་ཡིད་ངོས་བཟུང་ལ་བསྒོམ་པར་བྱ་སྟེ། དང་པོ་ལུས་གནད་སྔར་ལྟར་བྱས་ལ། ཡིད་ཀྱིས་རྣམ་རྟོག་འགྱུ་བ་འདི་ངོས་བཟུང་སྟེ། ལྟ་སྟངས་སྣ་རྩེར་གཏད་ལ། དང་པོར་རྣམ་རྟོག་མི་འབྲལ་བར་བྱ། གནས་སུ་ཉན་ན་ཧཱུྃ་གཅིག་ལུས་ཀྱི་ནང་དུ་བསྒོམས་ལ་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་རྣམས་དང་གནས་ཐམས་ཅད་དུ་བཏོན་ལ་ལུས་སང་སེང་ཁྲལ་ཁྲོལ་ལ་སེམས་བཟུང་། དེ་ནས་ཕྱི་རོལ་གྱི་ས་རྡོ་རི་བྲག་ཐོགས་ཤིང་རྡུགས་པའི་དངོས་པོ་ཐམས་ཅད་སང་སེང་ཁྲལ་ཁྲོལ་དུ་ཕུག་ལ་བཏང་། དེ་ནས་སྣང་བ་ཐམས་ཅད་ཧཱུྃ་གི་རྣམ་པ་དཔག་ཏུ་མེད་པར་སོང་ནས་ལུས་ཀྱི་ནང་དང་ཕྱི་རོལ་ཀུན་མེར་མེར་སྨིག་རྒྱུ་ལྟ་བུ་ལ་སེམས་བཟུང་ངོ་། །དེ་ནས་མཉེན་བཙལ་ཞིང་ལམ་གཞུག་པ་བཞིན་དུ། མདུན་དུ་ཤིང་བུ་རྡེའུ་ལ་ཧཱུྃ་གཏད་ཅིང་ཡང་ཚུར་བསྡུའོ། །དེ་ལ་བརྟེན་ནས་རི་མོ་ཀྱོག་པོ་ལྟ་བུ་དང་། ཆུའི་རྒྱུད་དང་ལུང་པའི་སྲོལ་ཐམས་ཅད་དུ་སྦྱངས་པས་རྣམ་རྟོག་ཁ་ལ་ཉན་ཙ་ན་རྟོག་པ་དེའི་སྐྱེ་ས་གནས་ས་འགྲོ་ས་བལྟས་ལ་མ་རྙེད་པ་དང་། རྟོག་པ་རང་གསལ་འགག་མེད་དུ་མཉམ་པར་བཞག་ལ་བསྒོམ། རྗེས་ཤེས་ཀྱི་ཡིད་ཐམས་ཅད་སྒྱུ་མའམ་སྨིག་རྒྱུ་ལྟ་བུར་བལྟ། ཡུལ་སྣང་རྨི་ལམ་བཞིན་དུ་ཤེས་པ་ཁོ་རང་ཡིན་པར་ངོས་བཟུང་ནས་བསྒོམས་པས་བསམ་གཏན་ཞི་གནས་དང་འབྲེལ་བ་དང་། ལྷག་མཐོང་གི་རྒྱུ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་གོམས་ནས། གསུམ་པ་གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་ཉོན་མོངས་པ་ཟིལ་གྱིས་མནན་པ་ནི། ངོ་སྤྲོད་པ་སྟེ། སྤྱིར་ཡུལ་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ཏེ་རྣམ་རྟོག་འགྱུ་བྱེད་ངོ་མ་ཤེས་པས་གཟུང་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་རྣམས་ཕྱི་རོལ་དུ་སྣང་ཡང་དེ་ནས་བདེན་པ་ཡང་མེད། བྱེད་མཁན་བདག་དང་ཕྱྭ་དང་དབང་ཕྱུག་ལ་སོགས་པ་ཡང་མེད་ཀྱང་སྔར་ཡོད་ཡོད་པོར་བཟུང་བ་འཁྲུལ་པ་ཡིན་པས། ད་ནི་ཕྱི་གཟུང་ཡུལ་རང་སེམས་ཀྱི་ཆོ་འཕྲུལ་དུ་ཐག་ཆོད། ནང་དེར་འཛིན་གྱི་རྟོག་པ་ཆོས་སྤྱི་དང་རང་གི་མཚན་ཉིད་འཛིན་པའི་རིག་པ། ཚོགས་དྲུག་གི་ཤེས་པ་རིག་རིག་གྱུ་གྱུ་བ་འདི་སྐད་ཅིག་གཅིག་ལ་སྐྱེ་འགག་ཅིང་ཡང་རང་ངོས་སྟོང་སྟེ། སྤྱི་བོ་ནས་རྐང་པའི་བར་བཙལ་ཀྱང་མ་དམིགས། འདས་པ་ནི་འགགས། མ་འོངས་པ་མ་སྐྱེས། ད་ལྟའི་ཤེས་པ་ཏོལ་གྱིས་སྐྱེས་པ་ནི་སྣང་སྟོང་དབྱེར་མེད་དུ་ངོས་བཟུང་། དེ་ལ་མཐར་འཛིན་མེད་ན་ལྟ་བ་དེ་ཉིད་སངས་རྒྱས་ཀྱི་དགོངས་པ་ཡིན། རྫོགས་ཆེན་སེམས་སྡེ་དང་། ཀློང་སྡེ་མན་ངག་ཐམས་ཅད་ནས་ཀྱང་དེ་ལས་བསྟན་པ་གཞན་མེད་པས་རང་སེམས་སངས་རྒྱས་སུ་རྟོགས་པར་བྱའོ། །སྣང་སྟོང་དབྱེར་མེད་དེ་ཉིད་གནས་ལུགས་ཀྱི་གཤིས་ཡིན་ཏེ། འདི་ཉིད་ནས། འདི་ལ་ཚིག་གིས་གཟུང་དུ་མེད། །ཚིག་གིས་ཕྱོགས་ཙམ་མཚོན་མི་ནུས། །དེ་ཕྱིར་ཤེས་མིན་ཀློང་གཅིག་པ། །ཐ་དད་རྣམས་སུ་ཕྱེ་བ་མེད། །འདི་ཞེས་ཉམས་སུ་མྱོང་དང་བྲལ། །ལྐུགས་པ་ཡི་ནི་རྨི་ལམ་དང་། །སྤྲིན་མེད་མཁའ་ལ་ཉི་ཤར་དང་། །མཁའ་ལ་འཇའ་ཚོན་རང་ཡལ་བཞིན། །གཞི་མཚོན་དངོས་གཞི་རྣམས་དང་བྲལ། །འདི་ཞེས་མཚོན་པ་ཀུན་ལས་འདས། །ཞེས་བྱ་བ་གསུངས་ཤིང་དེ་ཉིད་ལ་བལྟས་ཤིང་རྟོགས་པར་བྱས་པས་འབྲས་བུ་བདེན་གཉིས་དབྱེར་མེད་ཐོབ་པའོ། །བཞི་པ་སྤངས་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རང་རིག་ཕྱིར་མི་ལྡོག་པར་བྱ་བ་ནི། དེ་ལྟར་ཉམས་སུ་བླངས་ཤིང་རྟོགས་པས་གང་ཐོབ་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་དོན་ཐོབ་བོ། །གང་ལྟར་ཐོབ་ན་ཡིད་དྲན་པ་སྤྲོས་བྲལ་དུ་ཐོབ་ཅིང་། གང་གིས་ཐོབ་ན་སྒོམ་པ་པོ་དེས་ཐོབ་བོ། །ཐོབ་པའི་དགོས་པ་ནི་སྲིད་ཞི་མཉམ་པ་ཉིད་སྐུ་གསུམ་གྱི་འབྲས་བུ་ཐོབ་པས་དོན་གཉིས་ཕུན་སུམ་ཚོགས་པ་སྟེ། དེ་རྣམས་ནི་ཆོས་སྤྱི་དང་མཐུན་པའོ། །བྱེ་བྲག་ཏུ་འདི་ཉིད་ཀྱི་སྤྱོད་པ་དང་། བསྒོམ་པ་དང་། ལྟ་བ་དང་འབྲས་བུ་ནི་ད་གཟོད་རིམ་གྱིས་རྟོགས་པར་འགྱུར་མོད་ཀྱང་། དེ་ལྟར་གོང་དུ་བསྟན་པ་རྣམས་དང་། ཁྱད་པར་ཡོད་པར་རྟོགས་པར་བྱ་སྟེ། ཐོག་མར་སྤྱོད་པ་ནི། འདི་ཉིད་ནས། སྣང་དང་མི་སྣང་འདི་ཀུན་འཁྲུལ་བས་ན། །མ་བརྟག་ཉམས་དགའ་བརྟགས་ཤིང་དཔྱད་མི་བཟོད། །ཤིན་ཏུ་བརྟགས་ན་གང་ཡང་རྙེད་པ་མེད། །དེ་ཡི་ཕྱིར་ན་འདི་ལྟར་གོམས་པར་བྱ། །གཟའ་གཏད་མེད་པའི་ཤེས་པ་དྲན་མེད་དེ། །དམིགས་གཏད་མེད་པའི་མིག་ཏུ་བཅུག་ནས་ནི། །གཟའ་གཏད་མེད་པའི་གཞི་ལ་རང་རིག་བསྐྱལ། །སྤངས་ཐོབ་མེད་པའི་ས་ལ་གཞག་པར་བྱའོ། །ཞེས་འབྱུང་བས་ཕྱི་ནང་གསང་བ་བཞིར་གཞུང་དུ་གསུངས་ཀྱང་། ད་ལྟ་ནི་སྤྱོད་པ་ཐམས་ཅད་ལུས་ཡིན་པས་ལུས་སྦྱོང་བ་དང་། སྣང་བ་རང་སར་བཞག་པ་དང་། བསྒྱུར་བ་གཉིས་ཡོད་དེ། གཟོད་མངོན་དུ་འགྱུར་རོ། །འདི་བསྒོམ་པ་ཡང་། དངོས་མེད་སྤྲོས་དང་བྲལ་བའི་རིག་པ་ནི། །དྲན་པའི་ཐག་པ་བཅད་དེ་བཏང་བའི་ཕྱིར། །བསམ་མེད་ལྷུག་པར་གཞུག་པ་འདི་ཉིད་ནི། །དྲན་པ་རྣམས་ནི་ཟད་པའི་སར་བསྐྱལ་ལོ། །ཞེས་འབྱུང་བས་སེམས་སྦྱོང་བ་དང་རིག་པ་གཏད་ལ་བྱ་བ་གཉིས་ལས་འགྲོ་ས་མེད་ཀྱང་། ལུས་དང་མིག་དང་དབྱིངས་རིག་ལ་བརྟེན་པའི་གནད་ད་གཟོད་སྟོན་ཅིང་མངོན་དུ་འགྱུར་རོ། །འདི་ཉིད་ཀྱི་ལྟ་བ་ནི། ཕྱོགས་རིས་མེད་པའི་རིག་པ་ཟང་ཐལ་ནི། །གང་གིས་མ་བསྒྲིབ་རང་ལས་ཐོགས་པ་མེད། ཁྱབ་བརྡལ་ཆེན་པོའི་ཕོ་བྲང་རིན་ཆེན་དུ། །འབྱུང་ལྔ་ཟད་པའི་རིག་པ་ལྷིང་པ་ལྟོས། །ཞེས་བྱུང་བས་ཁྲེགས་ཆོད་སྤྲོས་བྲལ་གྱི་ལྟ་བ་དང་། ཐོད་རྒལ་མངོན་སུམ་གྱི་ལྟ་བ་གཉིས་ལས། འདིར་རྣལ་འབྱོར་པ་དབྱིངས་རིག་ལ་ལྟ་བ་སྟེ། དེ་ལ་ཐོད་རྒལ་གྱི་སྣང་བ་མིག་གིས་ལྟ་བ་ཡིན་པས་མིག་གསལ་བའི་ཐབས་བསྟེན་པར་བྱ་སྟེ། ལྟ་བ་དངོས་ད་གཟོད་མཐོང་བར་འགྱུར་རོ། །ཞེས་བརྡའ་སྤྲད་པའོ། །འདི་ཉིད་ཀྱི་འབྲས་བུ་ནི། སྟོང་པ་རང་ལུས་མཚོན་པའི་ཕྱག་རྒྱ་ཆེ། །འབྲས་བུ་ཡེ་ཐོག་ཁྱབ་པར་གཏན་ལ་ཕབ། །ཤེས་རབ་འཛིན་མེད་རང་གསལ་ཆེན་པོར་སྤྱོད། །འདི་ནི་རྒྱལ་བ་ཀུན་གྱི་གསང་དོན་ཆེ། །ཞེས་པས་འབྲས་བུ་ཚད་ཅན་སྐུ་གསུམ་ཐོབ་པར་འདོད་པ་དང་། ཚད་མེད་སྐུ་གསུམ་ལམ་དུ་བྱས་ནས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་འོ། །ཞེས་ཆོས་ཐམས་ཅད་ཟད་པ་ཉིད་མཐར་ཐུག་ཏུ་འདོད་པ་གཉིས་ཡོད་ཀྱང་མངོན་དུ་འགྱུར་རོ། །འདི་རྣམས་ནི་རང་དང་སྤྱིའི་ཁྱད་ཤེས་པར་བྱ་བའི་ཕྱིར་གཞུང་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞི་བཞིར་གསུངས་པ་དེ་འདིར་གོ་བ་ཙམ་དུ་ཕྱེ་བ་ཡིན་ཏེ། འདི་རྣམས་རིམ་གྱིས་གོ་བར་འགྱུར་རོ། །རང་དང་སྤྱིའི་ལྟ་སྒོམ་སྤྱོད་པ་རྣམ་པར་དབྱེ་བའི་དུམ་བུ་སྟེ་དྲུག་པའོ།། །།དེ་ནས་དབང་དང་ཁྲིད་བསྲེས་ནས་བྱེད་ན། གནས་སྐབས་འདིར་སྤྲོས་མེད་ཀྱི་དབང་སྦྱིན་པར་བྱའོ། །དེ་ནས་རིག་པ་སྔོན་དུ་འགྲོ་བ་འཁོར་འདས་རུ་ཤན་འབྱེད་པ་ལ་བསླབ་པར་བྱའོ། །འདི་ཡང་སྔར་བསྟན་པ་རྣམས་དང་མི་འདྲ་བས་སྐལ་བ་དང་ལྡན་པ་གསུམ་ཙམ་ལ་བྱ་སྟེ། དབང་དང་བཅས་པར་བྱེད་ན་ནི། ཤིན་ཏུ་སྤྲོས་མེད་ཀྱི་དབང་གི་སྔོན་འགྲོ་ཡིན་པས་སྔོན་དུ་ཞག་གསུམ་ཙམ་བྱ་བར་བཤད་དོ། །ཉམས་སུ་ལེན་པ་དངོས་གཞིའི་དུས་སུ་ནི་རྟགས་མ་རྫོགས་ཀྱི་བར་དུ་བྱའོ། །གང་ལྟར་ཡང་མངོན་དུ་སྤྱོད་པ་ལ་བར་ཆོད་ཀྱི་བགེགས་མི་འཇུག་པ་དང་། རྣམ་ཤེས་ཚོགས་བརྒྱད་ཡུལ་ལ་མི་འཕྲོ་བར་བྱ་བའི་དོན་དུ་ཡི་གེ་བརྒྱད་ཀྱིས་རྒྱས་གདབ་པར་བྱ་སྟེ། སློབ་མ་བླ་མའི་མདུན་དུ་ལངས་ལ་ཐལ་མོ་སྙིང་གར་སྦྱར་ཏེ། བླ་མས་ཁ་ཤར་དུ་བལྟས་ལ་སྡིགས་མཛུབ་དང་བཅས་པའི་ལྟ་སྟངས་ཀྱིས་བགེགས་སྐྲོད་ལ་མཁའ་འགྲོ་ལ་གཏོར་མ་བྱིན་ནས། སློབ་མའི་སྤྱི་གཙུག་ཏུ་ཧཱུྃ་སྔོན་པོ་གཅིག་བསྒོམས་ནས། དྲྭ་བ་ཅན་གྱི་རྩ་ལས་བྱུང་སྟེ་ལུས་ཐམས་ཅད་ཧཱུྃ་དུ་གྱུར་པར་བསྒོམ་མོ། །རྐང་མཐིལ་དུ་ཡཾ་ལྗང་ཁུ། ལྟེ་བར་རཾ་དམར་ལྗང་། མགྲིན་པར་ཁཾ་དུད་ཁ། དཔྲལ་བར་ཨེ་མཐིང་ཁ། ལྐོག་མར་སུཾ་སེར་པོ། པུས་མོ་གཡས་ལ་ཧཾ་དཀར་བསྒོམ་མོ། །ཡང་རྐང་མཐིལ་དུ་ཕཊཿསྔོ་ནག་བསམས་ལ། ངག་ཏུ་ཡང་དབུགས་རེ་ལ་ཉེར་གཅིག་རེ་བཟླས་ཏེ་བསྲུང་བར་བྱའོ། །དེ་ནས་ལུས་ངག་ཡིད་ཀྱི་རུ་ཤན་འབྱེད་པར་བསྟན་པ་ནི། ཉམས་སུ་ལེན་པ་རྣམས་ལུས་ངག་གི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བོར་ལ་དང་པོར་ཞག་ཁ་ཡར་དུ། ཤིན་ཏུ་དབེན་པ་མི་སྐད་ཁྱི་སྐད་ལ་སོགས་པ་མེད་པ། སྐྱེ་བོ་ཐེག་པ་དམན་པའི་སྐད་ཙམ་ཡང་མི་ཐོས་པར་ཤིན་ཏུ་དལ་བར་བསྡད་ལ། དེ་ནས་མཁའ་འགྲོ་རྣམས་ལ་བཟའ་བ་དང་མེ་ཏོག་སྣ་ཚོགས་ཀྱི་གཏོར་མ་བྱིན་ལ་བར་ཆོད་མེད་པའི་གསོལ་བ་བཏབ་ལ་ལུས་ཀྱི་སྤྱོད་པ་རྩོལ་བ་བྱ་སྟེ། ལུས་ཀྱི་བྱ་བ་རྒྱུག་པ་དང་གར་དང་འགུལ་བ་དང་། སྐྱུག་པ་དང་། ཉལ་བ་དང་ལངས་པ་དང་། འདུག་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང་། ངག་དང་ཡིད་ཀྱང་བསྲེས་ལ་ཅི་དྲན་པ་འཇིག་རྟེན་ན་ཡོད་པ་རྣམས་བྱ་བ་ནི། ཉིན་མཚན་དུ་གཉིད་སྤངས་ལ་བྱ་བར་གསུངས་སོ། །དེ་རྣམས་ནི་འཁོར་བའི་ལུས་ཀྱི་རྣམ་པ་སྟེ། དེ་རྣམས་ལ་ཐང་ཆད་ཅིང་སྒྱིད་ལུག་པ་དང་། འཇིག་རྟེན་གྱི་ལུས་དང་སྤྱོད་པས་ཅི་ཞིག་བྱ་སྙམ་པ་དང་། ཡང་མྱ་ངན་ལས་འདས་པའི་ལུས་གཡོ་བ་མེད་པ་རྣལ་དུ་དབབ་པའོ། །དེ་དག་ཅི་ཙམ་བྱ་བ་ནི་གང་ཟག་ལ་རག་སྟེ། སོ་སོའི་ཚད་ལ་མ་ཕེབས་ཀྱི་བར་དུ་བྱའོ། །ཚད་ནི་ལུས་ཀྱི་སྤྱོད་པའི་འོག་ཏུ་གསོད་པའི་གཤེད་མ་བྱུང་ཡང་ལུས་ལ་ཆགས་པ་མེད་ཅིང་སེམས་ལ་སྐྲག་པ་མེད་པ་བྱུང་ན་ཡིན་ནོ། །དེ་ཡང་རབ་ཀྱི་ཡང་རབ་ལ་ཞག་གསུམ་དང་དྲུག་དང་དགུའོ། །འབྲིང་དེ་ལ་ལན་གཉིས་པ་བསྐྱར་བའོ། །ཐ་མ་ནི་དེ་ལན་གསུམ་པའི་རྗེས་སུ་འབྱུང་བས་རྣལ་དུ་དབབ་པ་ཡང་དེས་འགྲེ་བར་ཤེས་པར་བྱའོ། །དེ་ལ་དགོས་པ་ནི། ལུས་ཀྱི་ཞེན་པ་ལོག་པ་དང་། སྒྲིབ་པ་དག་པ་དང་། བར་ཆོད་ཞི་ནས་ལས་གྲུབ་པ་དང་། མཆོག་གི་ལུས་རུ་ཤན་ཕྱེད་ནས། མྱ་ངན་འདའ་བ་ལ་ཉེ་བ་ན། ཁམས་གསུམ་དུ་མི་འཇུག་པ་དང་། ལུས་སྤྲུལ་སྐུར་གྲོལ་བའི་དགོས་པ་ཡོད་དོ། །དེ་ནས་གཉིས་པ་ངག་རུ་ཤན་འབྱེད་པ་ནི། ཡང་ཞག་འགའ་ཡར་དུ་ངག་ཏུ་སྒྲ་སྣ་ཚོགས་དང་། སྔགས་སྣ་ཚོགས་དང་། འཁྲུལ་པའི་གཏམ་སྣ་ཚོགས་དང་། ངོ་ཚ་བའི་གཏམ་དང་། ཟུངས་ཤིག་དང་། སོད་ཅིག་དང་། རྒྱོབ་ཅིག་ལ་སོགས་པ་དང་། དུད་འགྲོ་དུ་མའི་སྒྲ་དང་། མདོར་ན་ངག་གི་རྣམ་པ་འཁོར་བ་ན་གནས་པ་ཐམས་ཅད་དེ། དེ་ཡང་གཉིད་སྤངས་ནས་བྱས་པས། ཡང་ངག་བྲག་ཆ་ལྟར་གོ་ནས་ཚིག་ཐམས་ཅད་བདེན་མེད་དུ་འགྲོ་བ་དང་། གཞན་གྱིས་གང་ཟེར་ཡང་དགའ་མི་དགའ་གཏན་མ་བྱུང་ན་རུ་ཤན་ཕྱེད་པ་ཡིན་པས། ཡང་ངག་མི་སྨྲ་བར་ལྐུགས་པ་ལྟར་གནས་པར་བྱའོ། །ཡུན་ཅི་ཙམ་པ་སློབ་པ་ནི་སྔ་མ་དང་མཚུངས་སོ། །དེ་ལ་དགོས་པ་ནི། ངག་གི་ཞེན་པ་ལོག །སྒྲིབ་པ་དག །ལས་གྲུབ། མྱང་འདས་དང་ཉེ། ངག་འཁྲུལ་པ་ལ་མི་འཇུག །ངག་ལོངས་སྐུར་གྲོལ་བའོ། །དེ་ནས་ཡང་ཡིད་རུ་ཤན་འབྱེད་པ་ནི་སེམས་ཀྱི་རྣམ་རྟོག་ཅི་འགྱུ་ཚད་བྱ་སྟེ། ཚོང་གི་རྣམ་པའམ། གཉེན་བཤེས་ཀྱི་རྣམ་པའམ། དད་པའམ། དགྲའི་རྣམ་པའམ། འཁྲུལ་པའི་བསམ་པའམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའམ། ལྷ་བསྒོམ་པའམ། དཀྱིལ་འཁོར་བསྐྱེད་པ་དང་ཆོས་སྣ་ཚོགས་ཀྱི་བསམ་པའམ། འཇིགས་ཤིང་ཡ་ང་བའམ། བྲོད་ཅིང་དགའ་བ་ལ་སོགས་པའི་བསམ་པ་སྤྲོ་བ་ནི་ཉིན་མཚན་དུ་བྱའོ། །དེས་རྣམ་རྟོག་ལ་སྐྱུགས་ལོག་ནས་དོན་མེད་པའི་རྟོག་པས་ཅི་ཞིག་བྱ་སྙམ་པ་དང་། ཡིད་འགྱུ་བ་བཅད་ལ་མི་རྟོག་པ་ཉིད་དུ་གནས་པར་བྱའོ། །དེས་འཁོར་བའི་ཡིད་ལ་རྣམ་པ་ཐམས་ཅད་དུ་སྐྱུགས་ལོག་ནས་མི་རྟོག་པ་ལ་དབང་ཐོབ་ན་ཕྱེད་པའི་ཚད་དོ། །ཡུན་ནི་སྔར་དང་མཚུངས་སོ། །དགོས་པ་ནི་ཡིད་ཞེན་པ་ལོག །སྡིག་པ་དག །ཡིད་ཀྱི་ལས་གྲུབ། མྱང་འདས་དང་ཉེ། འཁྲུལ་པ་མི་སྐྱེ། ཡིད་ཆོས་སྐུར་དག་པའི་དགོས་པ་ཡོད་དོ། །དེ་ལྟར་ལུས་ངག་ཡིད་ཀྱི་སྤྱོད་པས་འཁོར་བའི་ལུས་ངག་ཡིད་གསུམ་དང་བྲལ་ན། མྱ་ངན་ལས་འདས་པའི་ལུས་མི་འགུལ་བ་དང་། ངག་བརྗོད་དུ་མེད་པ་དང་། ཡིད་རྟོག་མེད་དང་ཕྲད་ནས། ཐུན་བར་ཉམས་ལེན་གྱི་མཚམས་སུ་ཇི་ལྟར་བྱ་བ་ནི། ཤིན་ཏུ་སྤྲོས་མེད་ལས། སྤྱོད་པ་ཉིད་ནི་ཚར་དུས་སུ། །བག་ཆགས་ཕལ་པ་བཞག་པའི་ཕྱིར། །ཕྱག་དང་སྐོར་བ་ཕྱག་རྒྱ་དང་། །ཆོས་སུ་འགྲོ་བའི་ལུས་སྤྱོད་བྱ། །ངག་གི་མཚམས་སུའང་སྔགས་རྣམས་དང་། །ཡི་གེའི་ཚོགས་དང་མཆོད་བསྟོད་བྱ། །དེ་བཞིན་སེམས་ལ་བསྒོམ་སྣ་ཚོགས། །བག་ཆགས་ཕལ་པ་སྦྱོང་བ་འོ། །ཞེས་འབྱུང་བས། འཁོར་བ་དང་བྲལ། མྱང་འདས་མཐོང་། གཉིས་ཀ་རོ་མཉམ་དུ་སྦྱར་བར་བྱ་བ་ཡིན་ནོ། །ལས་ཅན་འགའ་ཞིག་དེ་ཉིད་དུ་ཟད་པའི་སྣང་བ་དང་ཕྲད་ནས་གྲོལ་བ་ཡང་ཡོད་དོ། །དེས་ན་སྔོན་འགྲོ་འདི་ནི་ཤིན་ཏུ་ཟབ་བོ། །འདི་ནི་རིག་པ་མངོན་སུམ་ཉམས་སུ་ལེན་པའི་དུས་ན་ཡང་འཁོར་བའི་ལུས་ངག་ཡིད་གསུམ་གྱི་ཞེན་པ་དང་རྟོག་པ་བྱུང་ན་བྱ་བར་གསུངས་སོ། །ད་ལྟ་ཉམས་ལེན་དངོས་གཞི་ལ་འཇུག་མི་ནུས་པའི་དད་པ་ཅན་རྣམས་ལ་ནི། རྣལ་དུ་འབེབ་པ་ཙམ་བསྟན། རུ་ཤན་འབྱེད་པའི་དོན་གོ་བ་ཙམ་བྱ་ཞིང་བསྟན་པར་བྱའོ། །གང་ཟག་འཁོར་བའི་ལུས་ངག་ལས་ལོགས་པའི་སྐྱེས་བུ་དམ་པ་རྣམས་ནི་སྤྱོད་པ་མ་བྱས་ཀྱང་ཆོག་པ་ཉིད་དོ། །རུ་ཤན་འབྱེད་པ་བསྟན་པའི་དུམ་བུ་སྟེ་བདུན་པའོ།། །།དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་སྦྱིན་པར་བྱ་བར་བཤད་དོ། །དེ་ནས་རྣལ་དུ་འབེབ་པ་ཡི། །ཆོ་ག་མཁས་པས་ཞག་གསུམ་བྱ། །གལ་ཏེ་སྔོན་དུ་མ་སྦྱང་ན། །དེ་ནས་སེམས་ཀྱི་སྣ་ཁྲིད་པའི། །སྔོན་འགྲོ་རྣམས་ལ་སྦྱང་བར་བྱའོ། །ཞེས་གསུངས་པས་སྔར་མ་བསྟན་ན་སྐབས་འདིར་ཐམས་ཅད་སེམས་ཉིད་ཡིན་པ་དང་། དེ་ཡང་སྤྲོས་བྲལ་ཆེན་པོར་རྟོགས་པར་བྱ་བའི་ཕྱིར་སེམས་སྦྱང་བར་བྱའོ། །དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་དབང་གིས་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་དུ་བཅུག་ལ་དབང་སྦྱིན་ཅིང་ལུང་བསྟན་པར་བྱའོ། །དེ་ནས་ལུས་གནད་གཟིར་བར་བྱ་སྟེ། དང་པོ་གླང་པོ་ཆེའི་འདུག་སྟངས་ལ་གཞི་བཅའ་བ་གཅེས་ཏེ། དེ་ལ་གླང་པོ་ཆེ་ལྟ་བུ་ནི་ཁ་སྦུབ་ཏུ་ཉལ་ལ་ལག་པ་གཉིས་གྲུ་མོ་ས་ལ་བཙུགས་ཏེ། ལྐོག་མ་ལག་མཐིལ་གྱིས་བཏེག་ལ་པུས་མོ་བྲང་ལ་སྦྱར་ཏེ། མཇིང་པ་བཏེག་ཡིད་ཙམ་ཕྱིར་དགྱེ་བར་བྱས་ལ། ལྟ་སྟངས་ནི་མིག་གྱེན་ལ་ཧར་པོར་མ་འགུལ་བར་བལྟའོ། །དྲང་སྲོང་གི་འདུག་སྟངས་ཀྱིས་གནད་མ་གཟིར་ན་ལུས་མི་ཆུན་པས། དྲང་སྲོང་ལྟ་བུ་ནི་ལུས་ཙོག་པུར་འདུག་སྟེ། རྐང་པའི་ལོང་བུ་གཉིས་གཤིབ། པུས་མོ་གསུས་པ་ལ་སྦྱར། གསུས་པ་ཡང་སྒལ་པ་ལ་ཡིད་ཙམ་སྦྱར། ལག་པ་གཉིས་ཀྱི་གྲུ་མོ་པུས་མོའི་སྟེང་དུ་བཙུགས་ལ། མགོ་པུས་མོའི་སྟེང་དུ་དུན་ནེ་བྱས་ལ། ལག་པའི་མཐིལ་གཉིས་ཀྱིས་འགྲམ་པའི་ཟུར་ནས་མི་འགྱུར་བར་བཏེག་པ་ནི། ལྟ་སྟངས་མིག་གཉིས་མི་འགུལ་བར་ཧར་པོར་རང་གི་སྨིན་མཚམས་སུ་ཐད་ཀར་བལྟའོ། །སེང་གེའི་འདུག་སྟངས་ལ་རྩལ་མ་སྦྱངས་ན་རིག་པ་མི་ཆུན་པས་སེང་གེ་ལྟ་བུ་ནི། ཙོག་པུའི་པུས་མོ་གཉིས་ས་ལ་བཙུགས་ལ་ཡིད་ཙམ་ཕྱིར་བསྒྲད། ལག་པ་གཉིས་པུས་མོའི་ཕྱི་ལོགས་སུ་ས་ལ་བཙུགས་ཏེ། ཡིད་ཙམ་ཕྱིར་བསྒྲད་ལ་ལུས་ཀྱི་ལྗིད་ཅུང་ཟད་བོར། འཕོངས་ཡིད་ཙམ་ཕྱིར་ཕྱུང་ལ་རྒལ་ཚིགས་དྲང་པོར་བསྲངས་ལ་མཇིང་པ་རྒྱབ་ཏུ་དགྱེ་བར་བྱས་ཏེ། ལྟ་སྟངས་མིག་ཡིད་ཙམ་མདུན་དུ་བལྟས་ལ་སོར་བཞི་པར་གཏད་དོ། །དེ་དག་དུས་སུ་ལུས་མ་འགུལ་བ་དང་། དབུགས་ཕར་འགྲོ་ཚུར་འོང་ཤིན་ཏུ་དལ་བར་བྱའོ། །དེ་རྣམས་ནི་ལུས་ཀྱི་འདུག་སྟངས་གསུམ་ལ་སྦྱང་བ་དང་། མིག་ལྟ་སྟངས་གསུམ་དུ་གཏད་པ་དང་། མ་འགུལ་བ་གསུམ་གྱིས་གཟེར་གདབ་པ་ཞེས་བྱའོ། །དེ་ལ་སྐྱོ་ན་དེ་རྣམས་མ་ཡིན་པ་བྱ་རྒོད་ཀྱི་སྤུངས་སྟངས་དང་། རྡོ་རྗེ་སྐྱིལ་ཀྲུང་དང་། གཞན་ཡང་གང་བདེ་བར་བྱའོ། །ལྟ་སྟངས་ཀྱང་། སེང་གེ་གླང་ཆེན་རི་བོང་དང་། །མདའ་སྲོང་ལྟ་བུའི་ལྟ་སྟངས་བཞི། །ཞེས་དུང་ཡིག་ཅན་དུ་གསུངས་སོ། །མདོར་བསྡུ་ན་རྣམ་པར་མི་རྟོག་པར་ལྟ་སྟངས་བྱ་བ་གལ་ཆེའོ། །དེ་ལྟར་ཉི་མ་མང་དུ་སྦྱངས་ན། ངོ་སྤྲོད་མི་དགོས་པར་མངོན་སུམ་དུ་རྟོགས་པའང་སྲིད་དོ། །ལུས་གནད་དང་ལྟ་སྟངས་བསྟན་པ་སྟེ་དུམ་བུ་བརྒྱད་པའོ།། །།དེ་ནས་ཚིག་གསུམ་གྱིས་སྐྱེ་བ་མེད་པའི་དོན་མཐོང་བར་བྱེད་པའི་ཐབས་ངོ་སྤྲད་པར་བྱ་སྟེ། ནམ་མཁའ་སྤྲིན་དང་བྲལ་བའི་ཚེ་ཤིན་ཏུ་དབེན་པར་སོང་ལ་རིག་པ་མིག་ལ་གཅུན་ལ་ཉི་མའི་རྒྱུན་ཕྱོགས་སུ་གོང་གི་ལྟ་སྟངས་ཀྱིས་བལྟས་པས་ནམ་མཁའ་ལ་རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔ་ལ་མདུད་པ་སྒྲིག་པ་ལྟ་བུ། བར་བར་ན་ཐིག་ལེ་ཡུངས་འབྲུ་ཙམ་ཁ་དོག་གསལ་བ། དེ་ལ་ཡུན་རིང་དུ་བལྟས་པས་ནམ་མཁའ་གང་བ་ཙམ་གྱི་ཐིག་ལེ་རྐྱང་པ་དང་། གཉིས་སྦྲེལ་ལ་སོགས་པ་དཔག་ཏུ་མེད་པ་འཆར་རོ། །དེ་ནི་ཆོས་སྐུ་དང་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། སྐུ་གསུང་ཐུགས་ཐུག་སྤྲད་ཀྱི་མན་ངག་ཅེས་བྱའོ། །སངས་རྒྱས་དང་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །རིག་པ་དེ་ཡང་ལྟ་བ་མིག་དང་འབྲེལ་བའི་གནད་ཀྱིས་མིག་གར་འགུལ་བའི་ཕྱོགས་སུ་འགྲོ་ཞིང་གཟུང་བར་དཀའ་བ་སྟེ། ཐིག་ལེ་ཕྲ་མོ་དེ་དག་ཀྱང་འགྲོ་འོང་དང་བཅས་པའོ། །དེ་ཉིད་གཟུང་བའི་མན་ངག་ནི་མིག་གྱེན་ལ་ཡིད་ཙམ་བཟློག་པ་གཅེས་ཏེ། སྨིན་མཚམས་སུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། མཐིང་ཁ་ཁྱབ་པ་ཆེན་པོའི་འོད། དབྱིབས་ཡི་གེའི་ན་རོ་ལྟ་བུ། ཁ་དོག་འཇའ་ཚོན་ལྟ་བུར་འཆར་ཏེ། དེ་ནི་མིག་དང་ཤའི་མདངས་འཕྲད་པ་ལ་བརྟེན་ནས་འཆར་བ་སྟེ། རིག་པ་དེར་གཏད་ནས་བལྟ་བ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་སྟེ་མཆོག་ཏུ་གཅེས་པའོ། །དེ་ནི་ལུས་འདི་ལྟར་གྱིས་ལ། ཡུལ་ནམ་མཁའ་ལ་རིག་པ་འདི་ལྟོས་ཞེས་བྱ་བ་ཚིག་གསུམ་གྱིས་ངོ་སྤྲད་པ་ཡིན་ནོ། །དེ་རྣམས་དང་པོ་ངོ་སྤྲད་པས་རིག་པ་མངོན་སུམ་ཞེས་བྱ་བ། ལྷག་མཐོང་གི་རིག་པ་ཞེས་པར་བསྟན་ཏོ། །ད་ནི་དེ་མཐོང་བས་རྒྱུ་མཚན་གོ་བར་བྱེད་པ་གལ་ཆེ་སྟེ། འདི་ཉིད་ཀྱི་རིག་པའི་རྒྱབ་རྟེན་ནས་ཀྱང་གསུངས་ལ། དུང་ཡིག་ཅན་དང་གཞན་ཡང་རྒྱུད་འགྲེལ་ཐམས་ཅད་ནས་མང་དུ་གསུངས་ཀྱང་འདིར་གལ་ཆེ་བ་ཅུང་ཟད་ཅིག་བསྟན་པར་བྱ་སྟེ། དེ་ལ་དབྱིངས་རིག་འཆར་བའི་རྒྱུ་རྐྱེན། འཁྲུལ་མ་འཁྲུལ་གྱི་དོན། དེ་ཉམས་ལེན་དུ་འགྲོ་བའི་རྒྱུ་མཚན་འབྲས་བུར་བསྟན་པའོ། །དང་པོ་ནི་རྒྱུ་རྣམ་པ་གཉིས་ཏེ། རིག་པའི་དབྱེ་བ་ལྔའི་ནང་ནས། གཞིར་གནས་ཀྱི་ངོ་བོ་རིག་པ། ངོ་བོ་ཀ་དག་གི་གནས་ལུགས་ཡེ་ཤེས་གསུམ་ལྡན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟོང་པ་དང་གསལ་བ་དང་འགག་པ་མེད་པའི་གནས་ལུགས་སུ་བཞུགས་པ་ལ། གཞན་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བཤད་དོ། །དེ་ཉིད་ལ་གཉིས་འཛིན་གྱི་རྟོག་པ་མེད་ཀྱང་། རང་སྟོང་། རང་གསལ། རང་འགག་པ་མེད་པ་ལ། རྒྱ་མཚོ་ལ་རྦ་རླབས་ལྟར་འགྱུ་བ་འགག་པ་མེད་པར་གཡོ་བ་ལས་ཡེ་ཤེས་ཀྱི་ཆ་གསལ་སྣང་གི་རྣམ་པར་འབྱུང་བ་ལ་སེམས་པ་ཡིད་དྲུག་ཏུ་འགྱུར་ཏེ། ངོ་བོ་མི་རྟོག་པ་ཡིན་ཀྱང་། གཉིས་སུ་སྣང་བ་ལ་རྟོག་ཅིང་དཔྱོད་པའི་ཤེས་པ་སྐྱེས་ཏེ། དེ་ནི་ཆོས་སྤྱིའི་སྐད་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། དེའི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ། འདི་ཉིད་ལས། འཁྲུལ་པའི་ཡེ་ཤེས་སྦག་སྦོག་དེ། །ཐོག་མ་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་ལ། །སྣ་ཚོགས་དུ་མར་ཤར་ཚུལ་ལ། །འགག་པ་མེད་པའི་རོལ་པ་ནི། །ཅིར་ཡང་མཛད་ཅིང་ཅིར་ཡང་འཆར། །ངེས་མེད་སྣང་བ་དུ་མ་འོ། །དེ་ཉིད་གཟུ་བོའི་བློ་ཅན་ལ། །མཐོང་བ་མ་འགགས་ནང་གསལ་ཏེ། །དེ་ལ་ངེས་པའི་ཆར་གཟུང་ངོ་། །ཞེས་ཚིག་བཞིས་རྒྱུ་མཚན་བསྟན་ནས། དེ་ལྟར་གནས་པའི་གཞི་དེ་ལ། །རྒྱུ་དང་འཁྲུལ་པའི་ས་བོན་ནི། །གསལ་བའི་ཆ་ན་ཕྱིར་ཤོར་བས། །ཤེས་པ་གསལ་གསལ་རིག་རིག་དེ། །མ་རིག་པ་ནི་གསུམ་དག་ལས། །ཡིད་ཙམ་ཕྱིར་འགྱུས་སྣང་ཆ་ལ། །ཡུལ་དེ་བདག་ཏུ་བཟུང་བའི་བློས། །ཞེས་འབྱུང་སྟེ། དེ་ལ་མ་རིག་པ་གསུམ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པ་ནི་ཡོངས་གྲུབ་ཀ་ནས་དག་པ་ལ་དག་པར་མ་ཤེས་པ་ཡིན་ལ། གཞན་དབང་འགྱུ་བྱེད་སྣང་བའི་འོད་དང་བཅས་པ་ལ་སྣང་སྟོང་གཉིས་དབྱེར་མེད་དུ་མ་ཤེས་པ་ནི་འདུ་བྱེད་རྐྱེན་གྱི་མ་རིག་པ་ཞེས་བྱ། ཡུལ་ཡུལ་ཅན་གཉིས་ཐ་དད་དུ་ཕྱི་རོལ་དོན་དང་དེ་ལ་བརྡར་བཏགས་པའི་མིང་དང་དོན་གྱི་བག་ཆགས་བདེན་མེད་དུ་མ་ཤེས་པས་བླང་དོར་བྱས་ཏེ། སྲེད་ལེན་སྲིད་པའི་རྒྱུར་གྱུར་པ་ནི། ཀུན་བརྟགས་འཁྲུལ་པའི་མ་རིག་པ་ཞེས་བྱའོ། །དེ་ལྟར་རྒྱུད་དང་པོ་ཡེ་ཤེས་མ་རིག་པ་དང་འདྲེས་པ་ལས། གཉིས་པ་ད་ལྟ་བྱེ་བྲག་ཏུ་དབྱིངས་རིག་མིག་ཏུ་གསལ་བའི་རྒྱུ་ནི། རྐྱེན་འདུས་པའི་ཚུལ་གོ་བར་བྱས་པས་མངོན་དུ་ཤེས་པར་འགྱུར་ཏེ། སྔར་གྱི་ལུས་སྣང་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་འདུས་བྱས་དང་འདུས་མ་བྱས་རྣམ་པ་དྲུག་ལ་དེར་འཛིན་གྱི་ཡིད་ཤེས་ཀྱི་བར་དྲུག་གིས་བར་དུ་དབང་པོ་དང་སྦྱོར་ཞིང་དེ་རྣམས་བྱེད་པ་པོ་མེད་ལ་རང་གི་མཚན་ཉིད་འཛིན་པས་ཁམས་བཅོ་བརྒྱད་དུ་འགྱུར་ཏེ། གཞི་འཛིན་པའི་རིག་པ་ཞེས་བྱ་བ་ཆོས་སྤྱིའི་སྐད་དུ། ཀུན་གཞི་སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཐམས་ཅད་བསྒོས་པས་ས་བོན་ཐམས་ཅད་པ་ཞེས་བྱ་བ། དེ་རྒྱུ་རྐྱེན་དུ་གྱུར་ལ། བདག་པོའི་རྐྱེན་འཛིན་པའི་རྣམ་ཤེས་དྲུག་གིས་བྱས་ནས། དམིགས་པའི་རྐྱེན་ཡུལ་དྲུག་གིས་བྱས་ཏེ། དེ་མ་ཐག་པའི་རྐྱེན་ཡིད་དེ་མ་ཐག་པ་གོང་མ་གསུམ་ཚོགས་པའི་སྐད་ཅིག་དེས་བྱས་པས། རྐྱེན་བཞི་དོན་ལྟར་སྣང་བ་བར་མ་ཆད་པས་འདོད་པ་བླང་བྱ་དང་མི་འདོད་པ་དོར་བྱ་དང་། བར་མ་བཏང་སྙོམས་དུག་གསུམ་དུ་སོང་སྟེ། དེའི་རྟོག་པ་དང་སྣང་བ་བརྟས་པས་ཕྱི་འཇིག་རྟེན་དང་ནང་ལུས་ཀྱི་རྣམ་པ་ཁམས་གསུམ་གང་རུང་གི་སྲེད་ལེན་གྱི་དབང་གིས་སྲིད་པར་གྲུབ་སྟེ། སྤྱི་སྐད་དུ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། ཞེས་འབྱུང་ངོ་། །འདི་ཉིད་ནས། གཞི་དང་གཞི་ཡི་སྣང་ཆ་ལས། །གཞི་དང་གཞི་ཞེས་ཁྱད་པར་ལས། །འཁྲུལ་པའི་རྒྱུ་ལ་ཡུལ་རྐྱེན་འཕྲད། །རྐྱེན་བཞི་དམིགས་པ་མ་དག་པས། །ཉོན་མོངས་དྲུག་གིས་བདག་ཏུ་བཅིངས། །ཡུལ་དྲུག་སོ་སོའི་རྣམ་པ་ཤར། །དེར་ལྟས་ཡུལ་ལ་བདག་བཟུང་བའོ། །དེ་ནས་རིམ་གྱིས་སྣོད་བཅུད་ཀྱི། །སྣང་བ་དུ་མའི་གཟུགས་བསྡུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་དུ་བརྒྱུད་མར་གནས། །སོ་སོའི་ཡུལ་དང་ཚད་ལེན་པའོ། །ཞེས་གསུངས་པས། དེ་ལྟར་མ་རིག་པས་ལུས་སུ་གྲུབ་ཀྱང་འཛིན་པའི་རྣམ་ཤེས་དེ་ནི་མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་སྟེ། ཆོས་སྤྱི་དང་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྣང་ཆ་ཡུལ་དུ་སྣང་བ་དེ་ནི། གཞན་དག་ཏུ་རྣམ་པར་མི་གསལ་ལ། མིག་ཏུ་གཟུགས་ཀྱི་རྣམ་པ་སྣང་ལ་རང་བཞིན་མེད་པ་རང་དག་ཐིག་ལེའི་སྙིང་པོ་ཅན་དུ་གསལ་བ་ལ། ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ཅེས་བྱའོ། །དེ་ཡང་སྒྲོན་མའི་གནས་ནི་སྙིང་ཡིན་ཏེ། །ལམ་ནི་རྩ་ཆེན་བཞི་ཡིན་ནོ། །སྒོ་ནི་མཐོང་བྱེད་མིག་གི་སྒོ། །ཞེས་བྱུང་ངོ་། །འདི་ལ་ཡང་དངོས་དང་ཆ་ཤས་གཉིས་ཡོད་དེ། དངོས་ནི་རྡོ་རྗེ་ལུ་གུ་རྒྱུད་ཉིད་ཡིན་ལ། ད་ལྟ་ནི་དབུ་མ་སྙིང་དང་འབྲེལ་བ་ལ་སྲོག་གི་རླུང་དང་བཅས་པ་དེར་བརྟེན་ཅིང་། མིག་དང་འབྲེལ་བའི་རྩ་ལ། ཁ་དོག་མེད་པའི་ཁ་དོག་ཅན། དབྱིབས་མེད་པའི་དབྱིབས་ཅན། མིག་རྒྱང་ཞགས་ཆུའི་སྒྲོན་མའི་ནང་དུ་འཆར་བར་སྣང་སྟེ། ཕྱིར་སྣང་ཡང་ཕྱི་རོལ་ན་ཡོད་པ་མ་ཡིན་ནོ། །འདི་ནི་དུས་འཁོར་དུ་རེ་ཁ་ཅེས་བཤད་དོ། །བརྟན་གཡོ་ཐམས་ཅད་གསལ་བ་ནི་བརྟན་པ་རི་གླིང་ལ་སོགས་པ་ནས་སངས་རྒྱས་ཀྱི་སྐུའི་རྣམ་པའི་བར་འདི་ཡི་ནང་དུ་སྣང་བ་དེ་མི་འགྱུར་བར་གསལ་ཞིང་། གཡོ་བ་ནི་རྟོག་པ་ཅུང་འགྱུ་ཡང་འདིས་ཚོར་གྱི་གཡོ་བར་འགྱུར་གྱི་དབྱིངས་ཀྱི་སྟོང་གཟུགས་ཀྱིས་དེ་གཉིས་ཀའི་མཚན་ཉིད་མི་ཤེས་ཏེ། དེའི་ཕྱིར་རྟགས་བཅུ་ནི་རྣམ་པ་ཀུན་ལྡན་ཡིན་ལ། རེ་ཁ་ནི་བཅུ་མ་ཡིན་ནོ། །འདིར་དབྱིངས་ལ་རིགས་གསུམ་སྟེ། རྣམ་དག་སྒྲོན་མ་ནི་འོད་ལྔ་ལྡན་ནོ། །དང་པོ་ནི་མཐིང་ཁ་ཁྱབ་པའོ། །དེའང་། མཐིང་ཁ་ལས་མཆེད་ཁ་དོག་ལྔ། །ཞེས་སོ། །གཉིས་པ་ནི། ཐིག་ལེ་སྟོང་པའི་སྒྲོན་མ་ནི། དམར་ལ་གསལ་བའི་ཐིག་ལེ་ཆེན་པོ་རྩ་གཏེམས་ན་སྣང་བ་སྟེ། དེ་ནི་དུས་འཁོར་ནས་ཀྱང་། ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །ཞེས་བཤད་དོ། །གསུམ་པ་ནི། ཕྱིའི་དབྱིངས་ནམ་མཁའ་ཡིན་ཏེ། དེ་ཉམས་ལ་ཡང་ནམ་མཁའ་སྣང་། དེ་ཐམས་ཅད་སྟོང་པར་མཐོང་བའོ། །དེ་ལྟར། ཕྱི་དབྱིངས་ནམ་མཁའ་སྟོང་པའོ། །ཞེས་སོ། །དེ་ལྟར་གསུམ་ག་ཡང་རིག་པའི་ཆ་ཤས་ཡིན་ཅིང་། ད་ལྟ་ནི་མིག་གི་དྭངས་མ་ཆུ་ཡོད་པ་དང་། དེའི་མཐའ་ན་འོད་ལྔའི་རིས་ཡོད་པ་དང་། རྩ་སྟོང་པ་ནས་རྣམ་པར་ཤེས་པ་འགྱུ་བ་རྣམས་ཀྱི་རྒྱུ་ལས་བྱུང་སྟེ། དབྱིངས་འདི་རྣམས་མིག་མེད་ན་མི་འབྱུང་སྟེ། འདི་རྣམས་རིག་པ་ལ་བརྟེན་ནས་སྣང་བས་གཞལ་ཡས་ཁང་དུའང་བཤད་དོ། །རིག་པ་དང་འདི་གཉིས་ངོ་མ་ཤེས་ན། གདམས་ངག་གི་ཁྱད་མི་ཤེས་ཏེ་གསང་སྐོར་མན་ཆད་རིག་པའི་སྐད་ཡོད་ཀྱང་། དབྱིངས་མེད་པས་ངོ་སྤྲོད་མི་ཤེས་སོ། །རིག་པའི་བཤད་པ་རྣམས་དབྱིངས་ཀྱི་སྟོང་གཟུགས་ལ་སྦྱོར་ཏེ། འདི་ནི་འཁྲུལ་ཏེ་ནོར་བུ་བཻ་ཌཱུརྱའི་ཡོན་ཏན་འཆིང་བུ་ལ་སྦྱར་བ་དང་མཚུངས་སོ། །དབྱིངས་ཀྱི་སྣང་བ་འཕེལ་བ་རྐྱང་ལ་གཏད་ཅིང་བསྒོམས་ཀྱང་། རིག་པ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་མེད་ན་ཁམས་གསུམ་ལས་གཏན་མི་ཐར་རོ། །འདི་ནས་འབྲས་བུའི་སྐབས་ན། ཕྱི་ལྷ་མིའི་འབྲས་བུ་མཐར་ཐུག །ནང་གི་འོད་གསལ་ལྷ་རྣམས་སོ། །ཞེས་པ་དང་། ཡང་འགྲེལ་པ་ནས་མི་འགྱུར་བའི་ལུས་རྙེད་པར་བྱེད་པ་ལ། སྣང་བ་འཕེལ་བ་འབའ་ཞིག་ལ་བལྟས་ན་བསམ་གཏན་གྱི་ལྷའི་སྐྱེ་གནས་ལས་མི་གྲོལ་བའི་ཕྱིར་ན་ཆོས་ཉིད་ཟད་པའི་སྣང་བ་ལ་ཅི་ཡང་མ་གྲུབ་པར་གཏན་ལ་དབབ་བོ། །ཞེས་གསུངས་སོ། །སྦྱོར་དྲུག་པས་ཀྱང་རེ་ཁ་འདི་མ་ཤེས་པས། སྟོང་གཟུགས་ཀྱི་ལྷ་མཐོང་བ་ལ་མཆོག་འཛིན་བྱེད་པ་འཁྲུལ་ཏེ། འདི་རྣམས་ཀྱི་དབྱེ་བ་དང་བཤད་པ་རྒྱུད་བཅུ་བདུན་དང་དུས་འཁོར་ལས་གསུངས་པ་མང་ཡང་འཕྲོས་པས་ཆོག་གོ །མདོར་ན་རིག་པ་ནི་ཡུལ་ཡེ་ཤེས་རང་བྱུང་གི་སྒྲོན་མ་ནི་ཡུལ་ཅན་གྱི་ཡེ་ཤེས་ཏེ། དེ་གཉིས་རྣམ་པར་དག་པར་ངོ་སྤྲོད་ཅིང་། ཉམས་སུ་ལེན་པ་ནི་གནད་ཡིན་ནོ། །འདི་ལ་རྒྱུ་རྐྱེན་མེད་དོ་ཞེས་བཤད་པ་ནི། དེ་གཉིས་ཀྱི་ངོ་བོ་ཡིན་གྱི་དབྱིངས་ཀྱི་སྣང་བ་དང་། འཁྲུལ་པའི་རྟོག་པ་མཚན་ཉིད་འཛིན་པ་ལ་རྒྱུ་རྐྱེན་མཐོང་བཞིན་དུ་མེད་པར་བྱས་ན་ནོར་བར་འགྱུར་རོ། །དབྱིངས་ཀྱི་སྣང་བ་འབྱུང་བའི་རྒྱུ་རྐྱེན་སྣང་ལུགས་ཡེ་ཤེས་ལྔ་ལ་སྦྱར་བ་ནི། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་རྒྱ་མཚོ་ཨར་གཏད་དུ་རྒྱ་ཆེར་གསུངས་སོ། །གཉིས་པ་འཁྲུལ་མ་འཁྲུལ་སྔར་ཞོར་ལ་བཤད་ཀྱང་འདིར་ཡང་ཅུང་ཟད་བསྟན་པར་བྱ་སྟེ། མཚན་ཉིད་འཛིན་པའི་རིག་པ་ལ། མཚན་ཉིད་ཡོད་ཕྱིར་འདོད་པ་དང་། ཡུལ་ཅན་དུ་བདེན་རྟོག་གིས་བཅིངས་པ་དེ་འཁྲུལ་པ་ཡིན་ཏེ། དེ་ལྟར་མེད་པའི་ཕྱིར་རོ། །མཚན་ཉིད་འཛིན་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་ཡུལ་ཐམས་ཅད་དབྱིངས་དང་རིག་པ་སྣང་ལ་རང་བཞིན་མེད་པ་ཉིད་དང་། ཡུལ་ཅན་གཉིས་འཛིན་གྱི་རྟོག་པ་རང་སར་དག་པས། ཟུང་འཇུག་དག་པའི་རང་བཞིན་དུ་སོང་བ་ནི་མ་འཁྲུལ་བ་ཡིན་ཏེ། འདི་ཉིད་ནས། སྤྲུལ་སྐུའི་ཡེ་ཤེས་རྣམ་པ་གཉིས། །ཤེས་བྱ་ཅི་ལྟའི་གནས་ལུགས་ཤེས། །ཇི་སྙེད་ཅིག་ཅེས་དོན་རྣམས་ཤེས། །ཞེས་འབྱུང་བའི་དོན་ཡིན་ནོ། །གཞི་འཛིན་པའི་རིག་པ་ནི། རྟོག་པ་ཉོན་མོངས་དང་བཅས་པའི་དུས་ན་འཁྲུལ་པ་ཡིན་ལ། དེ་རྣམས་ཀྱི་འཁྲུལ་རྐྱེན་བྲལ་བ་ནི་མ་འཁྲུལ་པ་ཡིན་ནོ། །དོན་ལ་འདི་ཀུན་གཞི་ཞེས་བྱའོ། །དེ་ཡང་རང་གི་ལུས་ལ་གནས་པའི་དུས་ན་ཤེས་པ་ཐམས་ཅད་བསྐྱེད་ཅིང་རང་གསལ་ཙམ་དུ་གནས་པའོ། །ཞེས་སོ། །གཞིར་གནས་ནི། སྒྲིབ་བྱེད་ཀྱི་རྐྱེན་དང་མ་བྲལ་བའི་དུས་ན་འཁྲུལ་པ་ཡིན་ལ། དེའི་ངོ་བོ་ནི་མ་འཁྲུལ་པའི་རང་བཞིན་དུ་གནས་སོ། །དེ་ནི་ངོ་བོ་ཀ་དག་གི་གནས་ལུགས་ཏེ་ཡེ་ཤེས་གསུམ་ལྡན་དུ་ཡོད་དེ། ཆ་ཡིས་མ་བསྒོས་པའི་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་སྟེ། ཡེ་ཤེས་དེ་ཡང་ཕྲ་བའི་ཡེ་ཤེས་སུ་གནས་སོ། །ཞེས་སོ། །ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ནི། རང་གི་རིག་པ་ཉིད་ཀྱིས་རང་ངོ་ཡེ་ཤེས་ཀྱི་སྐུར་མ་ཤེས་ནས་ཕྱི་རུ་རྟོག་པ་དང་། འོད་ཟེར་དབྱིབས་དང་ཁ་དོག་ལ་སོགས་པ་ལ་དོན་མེད་པའི་འགྲོ་བ་རིགས་དྲུག་གི་ཡུལ་དང་། ཡུལ་ཅན་དུ་བཟུང་ནས་བླང་དོར་བྱ་རྒྱུ་དང་། བྱས་པར་འདོད་པ་འཁྲུལ་ལ། དེ་ཉིད་རང་གི་རིག་པ་རང་སྣང་རང་གྲོལ་དུ་གོམས་པ་ནི་མ་འཁྲུལ་བ་ཞེས་བྱའོ། །ཐོད་རྒལ་གྱི་རིག་པ་ལ། ཉམས་སུ་བླངས་ནས་ཚད་དུ་ཕྱིན་པའི་མིང་ཡིན་པས་འཁྲུལ་པ་ཟད་པ་འབྲས་བུའི་གནས་ལུགས་མ་འཁྲུལ་པ་ཡིན་ཏེ། དེ་ཡང་ཆོས་བོར་བ་ཅེས་བྱ། ཆོས་ཟད་པ་ཞེས་བྱ། ཆོས་ལས་འདས་པ་ཞེས་བྱ། ཆོས་ལས་གྲོལ་བ་ཞེས་བྱ། ཞེས་བྱུང་ངོ་། །འོན་ཀྱང་ཡུལ་དང་ཡུལ་ཅན་གཉིས་ཀ་བདེན་པར་ཡོད་པའི་རྟོག་པ་དང་མི་བདེན་པ་གཉིས་ཀའི་རྟོག་པ་བྱུང་ན་ད་ལྟ་འཁྲུལ་པའི་རིག་པས་བསླད་པ་ཡིན་ནོ། །གསུམ་པ་ཉམས་ལེན་དུ་འགྲོ་བའི་དོན་ནི། དབྱིངས་རིག་མཐོང་བའི་རིག་པ་མངོན་སུམ་གྱི་དུས་ན་སྣང་སྟོང་དབྱེར་མེད་ངོ་བོའི་འདུག་ཚུལ་དེ་ལ་མཚན་ཉིད་འཛིན་པའི་རིག་པས་བརྟགས་ཀྱང་། ཐམས་ཅད་དང་མཐུན་ལ་ཐམས་ཅད་མ་ཡིན་པར་སྣང་ཞིང་། སེམས་དང་ཡེ་ཤེས་རང་བཞིན་གཅིག་པ་དང་ཐ་དད་དུ་བསྟན་དུ་མེད་པ་ནི་དོན་དམ་དང་ཀུན་རྫོབ་ཀྱི་གནས་ལུགས་ཐམས་ཅད་འདུས་པར་ཐག་ཆོད་པས་ལྟ་བ། དེ་ལ་ཉམས་ལེན་སྐད་ཅིག་ཀྱང་མ་བྲལ་བ་དགོས། བྲལ་ན་སྐྱེད་མེད་པས་དབང་པོའི་མངོན་སུམ་དུ་མཐོང་བས་བརྩོན་འགྲུས་ཤུགས་ལ་འབྱུང་བ་བསྒོམ་པ། དེ་ལ་འདུ་འབྲལ་མེད་པར་སྤྱོད་ན་སྐུ་དང་ཞིང་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་སྣང་ཞིང་། ཐེག་ཆེན་གྱི་ཆོས་སྒྲ་ཐོས་ལ་སྒོ་ལྔ་མ་འགགས་ཀྱང་འདོད་པའི་རྟོག་པ་མེད་ཅིང་། ཡིད་ལ་དེ་རྣམས་ཀྱི་རྣམ་པ་དང་འདོད་པ་དང་གཟུགས་མེད་ཀྱི་རྟོག་པ་འཁྲུལ་པར་ཤེས་ནས་རྒྱུ་འབྲས་མཁྱེན་པའི་ཤེས་རབ་སྐྱེ་ཞིང་མི་དགེ་བ་བཅུའི་སེམས་སྐད་ཅིག་ཀྱང་མི་འགྱུ་བས་ན་སྤྱོད་པ་ཞེས་བྱ་ལ། འབྲས་བུ་རང་སེམས་ཡེ་ཤེས་དང་འབྲེལ་བར་མངོན་དུ་འགྱུར་བའི་ཕྱིར། ཉམས་གོང་འཕེལ་ཞེས་བཤད་ལ། རིག་པ་ཚད་ལ་ཕེབས་པའི་ཚེ། གསལ་སྣང་གི་ཆ་སྟོང་གསུམ་གང་ལ་བལྟས་ཀྱང་ཁྱབ་པས་གཉིས་འཛིན་གྱི་འཁྲུལ་པ་ནུབ་ཅིང་། གང་འདོད་པའི་དབང་འབྱོར་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ནུས་ཤིང་། ཆོས་ཐམས་ཅད་ཟད་པའི་དུས་ན་གཉིས་འཛིན་གྱི་བག་ཆགས་ཐམས་ཅད་དང་བྲལ་བ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡིན་ན་ཉམས་ལེན་དེ་ལས་མཆོག་མེད་དོ། །དེའི་རྒྱུ་མཚན་གྱིས་རྣམ་པ་འདི་ཉམས་སུ་ལེན་པའི་ལུས་གནད་ལྟ་སྟངས་རྣམས་ནི་དང་པོའི་རྐྱེན་ཙམ་ཡིན་ནོ། །ངོ་བོ་གནད་དུ་བསྣུན་པ་ནི། འདི་ལྟར་གསུངས་ཏེ། དབྱིངས་ལ་བརྟན་པར་བྱ་བའི་ཕྱིར། །སྣང་བ་ཀུན་ལ་རང་གཟེར་བཏབ། །ཅེས་བྱ་བ་དབྱིངས་ནི་སྔར་བསྟན་པ་ལྟར་ནང་གི་རྒྱུ་རྐྱེན་ལས་སྣང་བ་ཡིན་པས། གཟུགས་སོགས་སྣང་བ་ཐམས་ཅད་དེ་དང་བསྲེས་ལ་ཐ་དད་མེད་པར་ཉམས་སུ་བླང་ངོ་། །སྣང་བ་ལོགས་སུ་བཞག །དབྱིངས་ཀྱི་འབར་བ་ཟླ་ཉི་འོད་འཇའ་ཚོན་ཐིག་ལེ་སྐུ་སྣང་ལོགས་གཅིག་ཏུ་བཞག་པས་མི་ཡོང་ངོ་། །རིག་པ་བརྟན་པར་བྱ་བའི་ཕྱིར། །ངོ་བོ་ཉིད་ནི་རྣལ་དུ་དབབ། །ཅེས་པ་ནི། རིག་པའི་དབྱེ་བ་ལྔ་ལ་མཁས་ཤིང་རྡོ་རྗེ་ལུ་གུ་རྒྱུད་ད་ལྟ་དབྱིངས་དང་འབྲེལ་བ་དང་རྩ་ནང་ནས་བརྒྱུད་དེ་ཤར་བ་དང་། ཤར་བ་དང་པོ་རྒྱང་ཞགས་མིག་གི་ཆུ་ལ་ཤར་ཞིང་། དེ་ནས་ཕྱི་ནམ་མཁར་སྣང་བས་དབྱིབས་དང་ཁ་དོག་དུ་མར་སྣང་བར་ཟད་ཀྱི། ཁོ་རང་ནི་དང་པོ་ནས་ཐ་མའི་བར་དུ་མི་འགྱུར་ཞིང་ཐམས་ཅད་འགྲོ་ཡང་ཐམས་ཅད་ཀྱིས་མ་གོས་པ་ཡིན་པ་དེ་གོ་བར་བྱའོ། །ལྟ་བ་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་ལུ་གུ་རྒྱུད་ལ་གཟིར། །ཞེས་པ་ནི། སྣང་སྟོང་དབྱེར་མེད་ལ་མིག་ལ་སོགས་པའི་དབང་པོ་ཡུལ་དང་ཡུལ་ཅན། ཤེས་པ་ཐམས་ཅད་བཞག་པ་ནི། གང་གི་ཡང་མཐར་མ་ལྷུང་བ་ཉིད་ཡིན་ཏེ། གཞན་དང་ལུ་གུ་རྒྱུད་ཀྱི་ལྟ་བ་གཉིས་གཅིག་པོ་མ་ཡོར་སོ་སོར་བཞག །གཅིག་ཟུང་འཇུག་ཏུ་བྱེད་པ་ནི་མ་ཡིན་ནོ། །ཤེས་པ་བརྟན་པར་བྱ་བའི་ཕྱིར། །རིག་པ་དབྱིངས་སུ་བཙོན་དུ་གཟུང་། །ཞེས་པ་ནི་སྔར་བསྒོམས་པའི་གནད་བསྟན་པ་དེ་ཡིན་ནོ། །ལུས་ནི་བརྟན་པར་བྱ་བའི་ཕྱིར། །འདུག་སྟངས་རྣམས་ལ་རང་ལུས་སྦྱང་། །ངག་ནི་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་ལྐུགས་པ་ལྟ་བུར་གནས། །སེམས་ནི་བརྟན་པར་བྱ་བའི་ཕྱིར། །རྟག་ཏུ་ལུ་གུ་རྒྱུད་ལ་བལྟ། །ཞེས་པ་ནི། ལུས་ངག་ཡིད་ཀྱིས་འཇིག་རྟེན་གྱི་བྱ་བ་གཞན་རྒྱབ་ཏུ་ལིངས་ཀྱིས་བསྐྱུར་ལ་ཉམས་སུ་བླང་བར་བསྟན་པ་ཡིན་གྱི། དགེ་བ་བཅད་ནས་མི་དགེ་བའི་ལུས་ངག་ཡིད་གསུམ་རང་དགར་འཇོག་པ་ནི་མ་ཡིན་ནོ། །སྣང་བའི་འཁྲུལ་པ་རྒྱུན་བཅད་ཕྱིར། །སྟོང་པ་ཉིད་ལ་གོམས་པར་བྱ། །ཞེས་པ་ནི། སྟོང་གཟུགས་དབྱིངས་རིག་གི་སྣང་བ་ནས་ཆོས་དང་ཆོས་ཉིད་ཡིད་ལ་སྣང་བའི་བར་ཐམས་ཅད་སྤྲོས་བྲལ་སྟོང་ཞིང་མ་འགགས་པར་སྦྱང་དགོས་ཀྱི། སྟོང་གཟུགས་འདི་བདེན་གྱི་སངས་རྒྱས་འདི་རང་ཡིན་ལ་སྣང་བ་འདི་ཡང་ཡེ་ཤེས་ཡིན་པས་འདི་ལ་ཞེན་པ་གྱིས་བྱས་ཀྱང་མི་ཕན་པའི་དོན་ནོ། །མདོར་བསྡུས་ན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་དུ་བྱ་བའི་ཕྱིར་འདི་ཐམས་ཅད་བརྗོད་པ་ཡིན་ནོ། །དེའི་ལམ་གྱི་དྲོད་ཚད་འཛིན་པ་ལ་རྟགས་དང་ཚད་བཤད་པ་ནི་གལ་ཆེའོ། །དེ་ཡང་ཕྱི་རུ་རྣལ་འབྱོར་པ་ལ་གཞན་གྱིས་མཐོང་བ་དང་། རང་གིས་ནང་ནས་རྟོགས་པ་ལ་དབང་ཐོབ་མ་ཐོབ་ཀྱི་ཚད་དང་། དབྱིངས་རིག་གི་སྣང་ཆའི་རྟགས་གསུམ་འཛོམ་མ་འཛོམ་ལྟ་བ་གལ་ཆེའོ། །དེ་གསུམ་མ་འཛོམ་ན་སྟོང་གཟུགས་ཀྱི་ལྷ་མང་ཡང་མི་ཕན། ཤེས་རབ་ཆེ་ཡང་མི་ཕན། ལུས་ལ་རྫུ་འཕྲུལ་བྱུང་ཡང་མི་ཕན་ནོ། །རྒྱ་ཆེ་བར་རྒྱུད་གདམས་ངག་ལས་གསུངས་ཀྱང་མ་སྤྲོས་སོ། །འདི་ལྟར་ཉམས་སུ་ལེན་པའི་གནད་མ་གོ་བར། ལ་ལ་རྫོགས་ཆེན་བྱར་མེད་དུ་བཤད་ཟེར་ནས་ལུས་ངག་ཉོན་མོངས་རང་དགར་འཇོག་པ་དང་། ལ་ལ་དགེ་སྡིག་ལ་ཕན་གནོད་མེད་ཟེར་ནས་སྡིག་སྤྱོད་དགེ་བ་སྐྱུར་བ་དང་། ལ་ལ་སྟོང་གཟུགས་དབྱིངས་རིག་མཐོང་བས་སངས་རྒྱས་ཡིན་ཟེར་ནས་ཐམས་ཅད་མཁྱེན་པའི་ཤེས་རབ་ལ་དམོད་པ་དང་། གཞན་ཡང་སྟོང་པ་ཉིད་བསམ་དུ་མེད་ཟེར་ནས་གཏི་མུག་ཏུ་འཇོག་པ་དང་། ལ་ལ་སངས་རྒྱས་ཀྱི་རྒྱུད་རིག་བྱ་དང་རྟོག་གེ་ཡང་ཡིན་ཟེར་ནས་སྟོང་པ་ཉིད་ལ་གཤེ་བ་དང་། ལ་ལ་སྟོང་པ་རྐྱང་གིས་སངས་རྒྱས་ཐོབ་ཟེར་ནས་རང་འཇིག་རྟེན་གྱི་དངོས་པོ་ལ་སྤྱོད་པ་དང་། མདོར་ན་ཕྱོགས་རེ་ལ་ཞེན་པ་དཔག་ཏུ་མེད་པ་ཡོད་ཀྱང་། དེ་ཐམས་ཅད་ལོག་ལྟ་དང་འཇིག་ཚོགས་དང་མཐར་འཛིན་དང་། མ་རིག་པའི་སྐོར་བཟློག་རྐྱང་པ་ཡིན་པས་བདུད་ཀྱིས་ཟིན་པ་ཡིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་རྩ་བ་དྲུག་པ་ནི། འདི་བརྗོད་ཐབས་དང་ཤེས་རབ་དབྱེར་མེད་བརྩོན་འགྲུས་ལྡན། །སྤངས་ཐོབ་བྲལ་གང་རྣམ་ཀུན་མཆོག་ལྡན་དེ་འཐོབ་བྱ། །གཞན་ལ་ཚིག་ངན་བརྗོད་མིན་ལོག་པར་མཐོང་གྱུར་ནས། །ངེད་ལ་ཟེར་ཅིང་ལྟ་ངན་ཞུགས་ཏེ་ལེན་པ་བྱུང་སྲིད་ན། །བཟོད་པར་མཛོད་ཅིག་དེས་ཀྱང་སེམས་མ་ཞི་ན་དམྱལ་བར་སོང་། །མཐའ་བྲལ་ཐབས་ཀྱིས་བརྒྱན་པ་རང་བྱུང་རྣམས་ཀྱི་དགོངས་པ་ཡིན། །བཞི་པ་འབྲས་བུ་ནི་སྐུ་གསུམ་གཞི་ལ་བཞུགས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེས་ལམ་དུ་བྱས་པ་དེ་གསུམ་གྱི་བྱ་བ་ཅི་ཡོད་ཀྱི་བར་ཡིན་ལ། དེ་འབྲས་བུར་གྱུར་པ་ཐམས་ཅད་ཀྱི་འཁྲུལ་པ་དག་པ་ཡིན་པས་གཞུང་རྣམས་ནས་རྒྱ་ཆེར་གསུངས་པ་འདིར་མ་སྤྲོས་སོ། །དེ་རྣམས་འདིར་འཕྲོས་པ་བཤད་པ་ཡིན་ནོ། །དེ་ལྟར་བསྟན་ཅིང་ཤེས་ནས་ཉམས་སུ་ལེན་པ་ནི། རྟག་ཏུ་ཁྱིམ་མེད་རི་ཁྲོད་འགྲིམ། །ཞེས་བྱ་བ་ནི་བྱ་བ་བཏང་ནས་དབེན་པ་བརྟེན་པའོ། །མཚན་དུས་རང་གི་གནས་ཁང་དུ། །ཉིན་མོ་བཞིན་དུ་ལྟ་ཞིང་བརྟག །ཅེས་པ་ནི་མུན་པའི་རྣལ་འབྱོར་ཏེ། རྒྱ་མཚོ་ཨར་གཏད་ཀྱི་གནད་ཤེས་པར་བྱས་ལ་བསྒོམ་མོ། །ཉིན་པར་རི་ཁྲོད་གཅན་གཟན་བཞིན། །ཞེས་པ་ནི། གང་ལའང་མི་འཇིགས་པ་འོ། །དེ་ལྟར་བྱེད་པའི་སྐྱེས་བུ་ནི། །སངས་རྒྱས་ཀུན་ཏུ་བཟང་པོ་དང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་འོ། །ཞེས་པས་ཉམས་སུ་བླང་བ་གལ་ཆེའོ། །དེ་ནས་སྣང་བ་གོང་འཕེལ་རིམ་པར་འབྱུང་བའི་གཞུང་དང་རྟགས་ཚད་རྣམས་རིམ་པས་སྦྱར་ལ་བལྟའོ། །རིག་པ་མངོན་སུམ་གྱི་དོན་བསྟན་པ་སྟེ་དགུ་པའོ།། །།དེ་མན་ཆོད་ནི་རིག་པའི་རྒྱབ་རྟེན་དང་། འགལ་བ་བསྡུས་པ་དང་། གཞན་དོན་བསྡུས་པ་དང་། རིག་པ་བསྡུས་པ་དང་། སྐུ་གསུམ་བསྡུས་པ་དང་། ལྟ་སྤྱོད་བསྡུས་པ་དང་། ཉག་གཅིག་བསྡུས་པ་དང་། དགེ་སྡིག་བསྡུས་པ་རྣམས་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ངེས་ཤེས་བསྐྱེད་པའི་རྒྱབ་རྟེན་ཡིན་པས། རྩ་བ་དང་། བི་མ་ལའི་འགྲེལ་པ་གཉིས་སྦྱར་ལ་བཤད་དོ། །སྤྱིའི་དོན་གོ་བར་བྱེད་པ་ལ་དུང་ཡིག་ཅན་གལ་ཆེའོ། །བསྟན་པའི་བུ་གཅིག་ནི་བཅངས་པས་ཡོན་ཏན་འབྱུང་བའོ། །མདོར་ན་རྒྱུད་བཅུ་བདུན་འགྲེལ་པ་གདམས་ངག་དང་བཅས་པ་དང་། མན་ངག་བརྒྱ་དང་བཅུ་དགུ་པོ་རྣམས་ལ་ལྟའོ། །སྤྲོས་པ་མེད་པ་རྣམས་ལ་ཁྲིད་ཡིག་འདི་དང་། ཟངས་ཡིག་ཅན་རྩ་བ་དང་། འགྲེལ་པ་དུམ་བུ་གཉིས་པ་དེ་དང་། རྟགས་དང་ཚད་རྣམས་ཀྱིས་ཆོག་གོ །གཞན་ལ་སྟོན་ན་དབང་རྣམས་དགོས་སོ། །ཡན་ལག་ཁྲེགས་ཆོད་བདུན་པ་དང་། ཁྱུང་ཆེན་དང་། པྲ་ཁྲིད་ཡོད་ན་བཟང་། དུས་བཞི་མཉམ་སྦྱོར་དང་། རྣམ་རྟོག་ཐོག་བརྫིས་གཉིས་ཀྱང་ཉམས་ལེན་གྱི་གྲོགས་སུ་འགྲོའོ། །ཟངས་ཡིག་ཅན་མའི་ཁྲིད་ཀྱི་རིམ་པ་དུམ་བུ་བཅུ་པ་རྫོགས་སོ། །རྒྱལ་བས་གསུངས་པའི་དམ་ཆོས་ཀུན་གྱི་བཅུད། །ལུང་དང་རྟོགས་པར་འབྲེལ་བ་གསང་སྔགས་དོན། །རྫོགས་རིམ་སྙིང་ཕྱུང་མངོན་སུམ་ལྟ་བའི་གནད། །མན་ངག་དེབ་དང་མཐུན་པར་བདག་གིས་བསྡེབས། །ཡི་གེ་རྣམས་ལ་བལྟས་པའི་རྟོག་དཔྱོད་མིན། །བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། །ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། །ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །བལྟ་བས་མི་ངོམས་འོད་ཀྱིས་མཛེས་པ་ནི། །མངོན་སུམ་ལྟར་སྣང་བདག་གི་མཛོད་སྤུར་ཐིམ། །དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ །འདི་ནི་ཆོས་ཀུན་མཐུན་ཞིང་ཁྱད་པར་དུ། །མངོན་སུམ་རིག་པའི་ཁྱད་ཀྱིས་འཕགས་པ་ཡིན། །དེ་ལྟར་ཡི་གེར་བཀོད་པ་མི་འོས་ཀྱང་། །ཉམས་སུ་ལེན་དང་གཞན་ལ་ཕན་བྱེད་པའི། །སྐྱེས་ཆེན་དུ་མས་བསྐུལ་ནས་སྦྱར་པ་ཡིན། །དགེ་བས་ཆོས་ཀུན་ཟད་སར་ཕྱིན་གྱུར་ཅིག །རང་བྱུང་རྡོ་རྗེས་རང་བྱུང་གི །ཡེ་ཤེས་མངོན་སྟོན་ཡི་གེ་སྦྱར། །ལུང་དོན་བཤད་ན་ཟད་པ་མེད། །སྤྲོས་པ་ཆོད་ན་ཉམས་སུ་ལོངས། །བྱ་ལོ་ཟླ་བ་དྲུག་པ་ལ་སྦྱར་བ་འོ། །གདམས་ངག་འདི་ཤེས་མིན་མི་ཤེས་མིན་རྣམས་ལ་སྦ་བར་བྱས་ལ། སྐལ་ལྡན་ཉམས་ལེན་བྱེད་པ་རྣམས་ལ་བསྟན་པར་བྱའོ། །དམ་ཚིག་དང་ལྡན་པ་རྣམས་ལ་བཀའ་སྲུང་རྣམས་ཀྱིས་བཀའ་ཁྲོལ་ལ་སྟོངས་གྲོགས་མཛོད་ཅིག །དམ་མེད་ལོག་པར་ལྟ་བ་རྣམས་ལ་ཆད་པ་འབབ་བོ། །བཀྲ་ཤིས་དཔལ་འབར་ཡེ་ཤེས་རྒྱས་འབར་འཛམ་གླིང་མཛེས་པའི་རྒྱན་དུ་ཤོག །སརྦ་མངྒ་ལཾ།། །།
ཟབ་པ་སྐོར་བདུན་ལས། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་མཐུ་སྟོབས་བཅུད་ཀྱི་ཞུན་ཐིགས་ (Volume 33, Text 36)
༄༅། །ཟབ་པ་སྐོར་བདུན་ལས། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་མཐུ་སྟོབས་བཅུད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གུ་ཧྱ་པ་ཏཱ་ཡ། རྟོག་ཚོགས་རང་འཁྲུལ་རྒྱུད་གསུམ་དྲེགས་པའི་ཚོགས། །ཡོངས་གྲོལ་ཡེ་ཤེས་འཁོར་ལོར་བྱིན་བརླབས་པ། །གསང་བདག་བླ་མའི་ཞབས་ལ་ཕྱག་བྱས་ཏེ། །འཇིག་རྟེན་མཆོད་བསྟོད་དབང་གི་ལག་ལེན་འགོད། །ཤིན་ཏུ་དཀོན་པའི་ཟུར་བཀའ་ཁྱད་པར་ཅན་འདི་ཉིད་བསྒྲུབ་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་རྟེན་དང་བཀོད་པས་མཛེས་པ་ལ་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་དཀྲམ། མ་འབྱོར་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་བཅས་བཀོད། མདུན་དུ་མཆོད་གཏོར། དཀྱིལ་འཁོར་ལྷ་ཚོགས་ཀྱི་ཙཀླི། གཡས་གཡོན་དུ་དབུ་རྒྱན། རྡོར་དྲིལ། སྔགས་བྱང་དང་རཀྴའི་ཕྲེང་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཕྱོགས་བསྡུས། རྒྱབ་ཏུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བསྐོར་བཤམ། ལས་བུམ། མིག་དར་མེ་ཏོག །སྒྲོལ་ཕུར། སྔོན་གཏོར་ཚོགས་རྫས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། གསོལ་འདེབས་རིགས་སྔོན་དུ་འགྲོ་བས། ཟབ་བདུན་སྤྱི་ལྟར་སྒྲུབ་ཁོག་དཀར་གཏོར། སྐྱབས་སེམས་ཡན་ལག་བདུན་པ་ཁ་བསྒྱུར་ཅན། བགེགས་གཏོར་གཏང་ཞིང་སྔོན་འགྲོའི་སྤྱི་ཆིངས་ལྟར་བགེགས་བསྐྲད་ནས་ཏིང་འཛིན་རྣམ་གསུམ་བཏང་། དེ་ནས་རང་གཞུང་གི་ལྷ་བསྐྱེད་ནས་བཞུགས་གསོལ་ཡན་དང་། ཕྱག་ནས་བསྟོད་པའི་བར་ཁ་སྐོང་ཟུར་གསལ་སྦྱར། བཟླས་དམིགས་གསལ་བཏབ་ལ་དྲེགས་འདུལ་སྙིང་པོ་ཅི་འགྲུབ་བཟླ། བུམ་བཟླས་སྟོང་ཚིགས་འོད་ཞུ་རྣམས་སྤྱི་དང་མཐུན། ལས་བུམ་དུ་བདུད་རྩི་འཁྱིལ་པ་ལྟ་བུའི་བསྐྱེད་བཟླས་བྱ། གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་སོང་ནས་རིག་མེ་དོར་ལ་གནང་བ་ནོད། གཉིས་པ་དབང་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། མཚམས་སྦྱོར་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་ལ་ཡོངས་སུ་གྲགས་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ཕྱི་མ་ལ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། དེ་ལའང་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་རྒྱུད་ལུང་མན་ངག་རིང་བརྒྱུད་བཀའ་མ་དང། ཉེ་བརྒྱུད་གཏེར་མ། ཟུང་འཇུག་སྙན་བརྒྱུད་ཀྱི་བཀའ་སྲོལ་ལས་བྱོན་པ་མང་དུ་མཆིས་པ་རྣམས་ཀྱི་ནང་ནས། འཇིག་རྟེན་པའི་སྒྲུབ་ལུགས་གཉིས་ཀྱི་ཡ་གྱལ་དྲེགས་འདུལ་མཆོད་བསྟོད་ཀྱི་སྐོར་ལ། དྲེགས་པ་འདུས་པ་སྐུ་རྒྱུད། ངན་སྔགས་ནག་པོ་གསུང་རྒྱུད། སྲོག་ཏིག་ནག་པོ་ཐུགས་རྒྱུད། ཡོན་ཏན་དྲེགས་པའི་གཏེར་རྒྱུད། ཕྲིན་ལས་དྲེགས་པའི་ལས་རྒྱུད་སོགས་སྤྱི་རྒྱུད་དང་། དྲེགས་བྱེད་སྡེ་དཔོན་སུམ་ཅུ་སོ་སོའི་སྒོས་རྒྱུད་ཤིན་ཏུ་མང་པོ་བཞུགས་པ་རྣམས་རིག་འཛིན་ཆེན་པོ་རོམྦུ་གུ་ཧྱ་དེ་བ་ཙནྡྲ་ལ་བཀའ་བབས་པས་འཁོར་འདས་ཐམས་ཅད་ལྟ་བའི་རྫོང་དང་སྒོམ་པའི་འཕྲང་གཉིས་སུ་བསྡུས་ཏེ་གཏན་ལ་དབབ། དེ་ལ་སངས་རྒྱས་ཀུན་དངོས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གསན་པའི་ཚུལ་བསྟན་ཏེ་བོད་དུ་ཆོས་རྒྱལ་ཡབ་སྲས་གཙོར་གྱུར་སྐལ་ལྡན་རྗེ་འབངས་སྤྱི་དང་། ཁྱད་པར་བཀའ་བབས་ལས་ཅན་སྙིང་གི་བུ་དགུའི་ནང་ཚན་རླངས་ཆེན་དཔལ་གྱི་སེང་གེ་ལ་དྲེགས་འདུལ་གྱི་རྒྱུད་དང་གདམས་སྐོར་རྫོགས་པར་གནང་བ་ཉམས་སུ་བཞེས་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་ལས་ལ་འཁོལ་བ་དང་། ཇི་ལྟར་འདོད་པའི་ཟས་ནོར་གྱི་ཆར་འབེབ་པ་སོགས་ཐུན་མོང་དང་། མཆོག་གི་དངོས་གྲུབ་ཕྱག་རྒྱའི་རིག་འཛིན་མངོན་དུ་གྱུར། གདམས་སྐོར་རྣམས་གསང་བདག་ཡེ་ཤེས་མཚོ་རྒྱལ་གྱིས་བཀའི་བསྡུ་བ་མཛད་དེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་ཁ་ཟབ་མོ་མང་དུ་སྦས་པ་ལས། སྐབས་སུ་བབས་པ་འདི་ནི་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་འོག་མིན་གསུང་གི་འཁོར་ལོ་ཀརྨའི་གནས་དང་། ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གསང་མཛོད་ཆེན་མོ་ནས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ། བྱང་བུ་ལྔ་སྐོར་གྱི་གདམས་པ་ལ་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་སུ་བཞུགས་པའི་ནང་ཚན་ཡན་ལག་གི་སྐོར། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་སྒོས་སུ་སྒྲུབ་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ས་ཕྱོགས་འདི་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་གནས་ཁང་མཐིང་ནག་གྲུ་གསུམ་འབར་བའི་གཞལ་མེད་ཁང་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ། ཁྱེད་རང་ཡང་གསང་བདག་དྲེགས་པ་ཀུན་འདུལ་རྩ་བའི་ལྷ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཁོད་པར་མོས་ཤིག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ༔གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། ཞེས་ཞུས་པ་ལ་གནང་བ་བསྩལ་ཞིང་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཧོ༔ ཧེ་རུ་ཀ་ཡི་གྲོང་ཁྱེར་དུ༔ ཞུགས་པ་བསྐལ་པ་དུ་མར་སྨིན༔ དེ་བས་ཁྱོད་ཞུགས་དངོས་གྲུབ་ཐོབ༔ དམ་ཚིག་རིགས་རྣམས་ཐུབ་པར་གྱིས༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་རྒྱལ་བ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། བདག་གཞན་འགྲོ་བ་མ་ལུས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སོགས་ལན་གསུམ། ནམ་མཁས་ཁྱབ་པའི་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་མ་བསྒྲལ་བ་ཐམས་ཅད་བཅོམ་ལྡན་འདས་གསང་བའི་བདག་པོའི་གོ་འཕང་མཆོག་ཏུ་བསྒྲལ་བར་བྱའོ་སྙམ་དུ་མོས་པ་དང་། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ཤིང་ལམ་རིམ་པ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་སྦྱོང་བ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་སོགས་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་གི་དོན་རྗེས་སུ་དྲན་པའི་བསྒོམ་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སོགས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདེ་གཤེགས་རིགས་མཆོག་ཆེན་པོ་ཡི༔ སྐུ་ཡི་དམ་ཚིག་རྣམ་པ་གསུམ༔ བདེ་གཤེགས་གསུང་གི་དམ་ཚིག་གཉིས༔ གསང་བ་བཅུ་ལ་སོགས་པ་ཡི༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཉི་ཤུ་རྩ་ལྔ་ཡན་ལག་སོགས༔ དཔལ་ཆེན་བླ་མས་གང་བསྒོས་པ༔ སྲོག་གི་ཕྱིར་ཡང་མི་གཏང་བསྲུང༔ ལན་གསུམ། དམ་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཕྲེང་བ་སྤྱི་བོར་བཞག་ལ། ཧོ༔ རིགས་ཀྱི་བུ་ཁྱོད་དེང་ཕྱིན་ནས༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཧེ་རུ་ཀ་དཔལ་བལྟ་བར་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡེ་ཤེས་བསྐྱེད་ཅིང་ལམ་སྣ་འདྲེན༔ མ་བསྲུང་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་ཕྱིར་དམ་ཚིག་ཐུབ་པར་གྱིས༔ ས་མ་ཡ་བྷཀྵ་སི་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ འདི་ནི་གསང་བ་ཆེས་གསང་བ༔ བླ་མེད་ཡང་གསང་བྱིན་རླབས་ཏེ༔ དམ་ཚིག་ཉམས་ལ་སྨྲ་མི་བྱ༔ དབང་མ་ཐོབ་པ་ལ་འང་དེ་བཞིན་ཏེ༔ དད་མི་ལྡན་ལའང་མ་ཡིན་ནོ༔ གསང་བ་དམ་པ་ཐུབ་པར་གྱིས༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ ཅེས་བསྒོས་པ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན་བཛྲ་ས་མ་ཡ་ཏིཥྛན༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཀྱིལ་འཁོར་གཙོ་བོ་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཁྱེད་རང་གི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླ་དང་དྲེགས་པ་ཕོ་མོའི་གདན་གྱི་སྟེང་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སྐད་ཅིག་གིས་ཁྱེད་རང་གསང་བདག་དྲེགས་པ་ཀུན་འདུལ་མཐིང་ནག་གཡས་རྡོ་རྗེ་རྩེ་དགུ །གཡོན་ལྷ་ཀླུའི་མགོ་བོ་བསྣམས་པ། འབར་བའི་གར་དགུ་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཡུམ་ཁམས་གསུམ་སྤྱི་འདུལ་མཐིང་ནག་ཁ་ཊྭཱཾ་དང་དུང་ཁྲག་འཛིན་པས་འཁྲིལ་བ། ཞབས་འདོར་ཐབས་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ཀྱི་ནང་ཁེངས། གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཕེབ་པར་མོས་ཤིག །སྙིང་པོའི་གཤམས་སུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་ལ་རོལ་མོ་དང་སྤོས་སྦྱོར་བྱ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་བར་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ལ་བརྟན་པར་བྱ། འགྲིམ་དཀྱིལ་འདུ་བྱས་ལ། ཧོ༔ ཧེ་རུ་ཀ་ཡི་ཕོ་བྲང་འདིར༔ དཔལ་ཆེན་པོ་རྣམས་དངོས་སུ་བཞུགས༔ ཁྱོད་ཀྱི་འབྲེལ་པ་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ འབྲེལ་བ་གང་ཡོད་མཐོང་བར་འགྱུར༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སོ་སོར་དབྱེ་རུ་མི་འཚལ་ཡང༔ ཡེ་ཤེས་སོ་སོར་སྣང་བ་ཡི༔ དཔལ་ཆེན་ཧེ་རུ་ཀ་དཔལ་ཚོགས༔ བདག་ནི་གང་དུ་འབྲེལ་བ་ཡི༔ དཔལ་ཆེན་པོ་ཡིས་རྗེས་སུ་ཟུངས༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག་ལ་གསང་མཚན་གདགས། མེ་ཏོག་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་པ་ཡིས༔ བྱིན་རླབས་བསམ་མི་ཁྱབ་པ་སྟེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་ཐུར་མས་གདོང་བསལ། དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། ཧཱུྃ༔ རིགས་ཀྱི་བུ་རྣམས་ལེགས་པར་གསོན༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་འདི༔ ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྒྲིབ་པ་འདག༔ དེ་བས་དཀྱིལ་འཁོར་བཟང་པོར་ལྟོས༔ མཐོང་ན་ངོ་མཚར་ཨེ་མ་ཧོ༔ ཧོཿ རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ལ་ལྟོས་ཤིག །འདི་ན་རས་བྲིས་དང་བུམ་པ་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་དཔལ་ཆེན་པོའི་གྲོང་ཁྱེར་མངོན་སུམ་དུ་གསལ་བ་འདི་ནི་མཚོན་བྱེད་ཀྱི་དཔེ་ཙམ་ལས་མི་འདུག་གི །མཚོན་བྱ་རང་རིག་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས་དྲེགས་པ་ཀུན་འདུལ་གྱི་དཀྱིལ་འཁོར་གསལ་རྫོགས་སུ་བཞུགས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །ནང་འཇུག་དཀྱིལ་འཁོར་པ་ལ་གསོལ་བ་བཏབ་པ་ནི། ཧོ༔ འདུས་པའི་གཙོ་བོ་གསང་བདག་དྲེགས་པ་འདུལ༔ སྐལ་བར་ལྡན་པའི་སློབ་མ་དེང་བྱུང་གིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེས་གཟུང་དུ་གསོལ༔ མྱུར་བ་ཉིད་དུ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་པས་གནང་བ་བསྩལ་པར་བསམ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་སྒོ་བཞི་ནས་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཧཱུྃ༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་བྱས་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་སྩོལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་མངོན་པར་དབང་བསྐུར་བ་དངོས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཧེ་རུ་ཀ་དཔལ་དགོངས༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་མཆོག་སྩོལ་བ་དང༔ རྗེས་གནང་རིགས་ཀྱང་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། རྡོ་རྗེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བ་མི་བསྐྱོད་པའི་ངོ་བོས་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །རྣམ་བུམ་ཐོགས་ལ། ཧཱུྃ༔ ཀློང་གྱུར་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ རྩ་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཅོད་པན་དབུ་ལ་བཅིང་པར་མོས་ཤིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཅོད་པན་ནི༔ ཡེ་ཤེས་ལྔ་ལས་རྣམ་པར་གྲུབ༔ དུག་ལྔ་རྣམ་པར་དག་པ་ཆེ༔ ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་རཏྣ་སམྦྷ་བ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ འོད་དཔག་མེད་ཀྱི་ངོ་བོ་རྡོ་རྗེ་ལག་གཡས་སུ་གསོར་ཅིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ༔ གཞོམ་གཞིག་མེད་ཅིང་དུག་ལྔ་འཇོམས༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ ཀུན་ཏུ་གསོར་ཕྱིར་དབང་བསྐུར་རོ༔ པདྨ་ཨ་མི་ཏ་བྷཱ་ཝ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ལག་གཡོན་གྱིས་དཀྲོལ་ནས་དཀུ་ལ་བརྟེན་པར་གྱིས་ཤིག །ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་ནི༔ རྒྱུན་མི་ཆད་ཅིང་རྒྱ་ཆེ་བ༔ སོ་སོར་མ་འདྲེས་ཀུན་ཏུ་རིག༔ ཤེས་རབ་དྲིལ་བུའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཨ་མོ་གྷ་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་བསྐུར་བྱིན་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་སེམས་དཔའ་མིང་ཆེ་བ༔ ཡེ་ཤེས་ཡེ་ཤེས་རྣམ་པར་ལྡན༔ ས་གསུམ་ཀུན་ཏུ་གྲགས་གྱུར་པའི༔ རྡོ་རྗེའི་མིང་གི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་རྡོ་རྗེ་སྟོབས་མཆོག་རྩལ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ། དེས་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། རིགས་ལྔའི་ས་བོན་གསོས་བཏབ་སྟེ་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ལས་སོ་སོའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལྷར་གསལ་བ་ལ་ཐིམ་པར་མོས་ཤིག །གཙོ་བོའི་ཙཀླི་སྤྱི་བོར་བཞག །འཁོར་རྣམས་སྤྱི་བོར་བཞག་ཅིང་ལག་པར་ཡང་གཏད་ལ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ སོགས་གཏེར་གཞུང་ལྟར་ཚང་བར་བརྗོད། དེ་ལྟར་ལུས་ལ་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་པས། སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པ་དང་། དྲེགས་པ་ཅན་རྣམས་བྲན་དུ་ཁོལ་བའི་ནུས་པ་ཐོབ་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ལན་གསུམ། ཕྲེང་བ་དང་སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་དབྱངས་གནད༔ གཅིག་ཏུ་བསྡུས་པ་དྲག་པོའི་སྔགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་ལྡན༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་ལ་རྡོ་རྗེའི་དབང་བསྐུར་པས། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་བརྗོད་བྱ་བ་དང་། དྲག་སྔགས་ནུས་མཐུ་ཐོགས་པ་མེད་པ་འགྲུབ་པ་ཡིན་ནོ། །རང་རིག་ཟང་ཐལ་འོད་དུ་གསལ་བ་ཐབས་ཧེ་རུ་ཀ །ངོ་བོ་སྟོང་ཉིད་སྤྲོས་དང་བྲལ་བ་ཤེས་རབ་དབྱིངས་ཕྱུག་མ། གདོད་ནས་འབྲལ་མེད་ཟུང་དུ་འཇུག་ལ་རང་བབས་ཀྱི་གནས་ལུགས་སུ་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །རྡོར་དྲིལ་སྙིང་གར་འཇོག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་པར་ཅིར་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ རྩ་སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ཡིད་ལ་ལྟ་བའི་རྩལ་དབང་བསྐུར་པས། རིག་སྟོང་ཀ་དག་གི་དགོངས་པ་སྟོང་སྲོག་གཅིག་ཅར་དུ་འཕྲོག་པའི་རྩལ་ཆེན་རྫོགས་པར་འགྱུར་རོ། །དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་སྐུའི་གནས་སོ་སོར་བགོས་པར་མོས་ཤིག །ཙཀ་ལི་གནས་སོ་སོར་བགོ་ཚུལ་བྱས་ལ། ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ དཔལ་དང་དུར་ཁྲོད་ཆས་རྣམས་ཀྱིས༔ སྐུ་ལ་བརྒྱན་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དྲག་པོའི་ཆས་ཆེན་རྣམས་ཀྱིས་མངའ་གསོལ་པས་འཁོར་འདས་ཀྱི་ཞིང་ན་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་པ་ཡིན་ནོ། །སྨན་རཀ་གཏོར་གསུམ་ལག་ཏུ་གཏད་ལ། ཧཱུྃ༔ སྨན་རཀ་གཏོར་གསུམ་མཆོད་པའི་རྫས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་རྣམས་སྒོམ་སྒྲུབ་བསྙེན་པ་དང༔ ལས་སྦྱོར་བྱེད་པའི་དབང་ཐོབ་ཤོག༔ ཤྲཱི་ཧེ་རུ་ཀ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་ཕུར་གཏད་ལ། ཧཱུྃ༔ སྙིང་རྗེའི་སོ་དང་ལྡན་པ་ཡི༔ གསལ་བ་གསུམ་གྱི་ཏིང་འཛིན་ལྡན༔ དགོངས་པ་གསུམ་དང་ལྡན་པ་ཡིས༔ དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག༔ དྲག་སྔགས་སོ་ལྔ་བརྗོད། ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་པས་བསྙེན་སྒྲུབ་མཆོད་བསྟོད་ལས་སྦྱོར་སྤྱི་དང་། ཁྱད་པར་རྫོང་འཕྲང་སྲོག་གི་གནད་དང་ལྡན་པས་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་མཐུ་ཐོབ་པ་ཡིན་ནོ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་སྐྱེད་མཛད་པ༔ དུས་གསུམ་རྒྱལ་བའི་བྱང་སེམས་དབང༔ འདི་མྱང་བདེ་ཆེན་ཡེ་ཤེས་རྒྱས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་རིག་མ་ལང་ཚོས་བརྒྱན་པ་འཕྲོས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་གསང་ཆེན་རྒྱལ་བའི་ལམ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཕྱིར༔ དགའ་ཆེན་ལྷ་མོ་འདི་ལོངས་ལ༔ མཉམ་སྦྱོར་བདེ་ཆེན་ཡེ་ཤེས་རྒྱས༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རང་གི་སེམས་ཉིད་མ་བཅོས་པ་འདི་ཀ་དཔལ་ཧེ་རུ་ཀར་ངོ་ཤེས་པས་གང་ཤར་གྱི་ངོ་བོ་ལ་བཅོས་བསླད་མེད་པར་ཞོག་ཅིག །ཧཱུྃ༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེས་ཚིག་དབང་རིན་པོ་ཆེ་ཐོབ། བག་ཉལ་གྱི་སྒྲིབ་པ་དག །ལམ་རྫོགས་ཆེན་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ནི། དེ་རྣམས་ཀྱིས་གསང་བདག་དྲེགས་འདུལ་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་མཇུག་གི་སྤྱི་ཆིངས་ལྟར་ལ། རྟ་བྲོའི་རྗེས་མཆོད་བསྟོད་བྱས་ནས་དངོས་གྲུབ་བླང་། ནོངས་བཤགས་བྱ། དཀྱིལ་འཁོར་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་བྱ། ལོངས་སྐབས་ཀྱིས་ལྕོགས་ཤིང་སྤྲོ་ན་ཟངས་ལྕགས་སྣོད་དུ་དཔལ་གཏོར་ལ་དམར་གཏོར་སུམ་ཅུ་དང་མཐེབ་ཀྱུས་བསྐོར་ཞིང་ཤ་ཁྲག་ཟས་སྣ་སོགས་ཀྱིས་བརྒྱན་པ་བཤམས་ལ། དབང་གི་སྔོན་རྗེས་གང་རུང་དུ་དྲེགས་པའི་གསོལ་ཁ་གཏེར་གཞུང་ལྟར་བཏང་ལ་གཏོར་མ་གཙང་སར་སྐྱེལ་གྲུབ་ན་ནི་ཡུལ་ཡུལ་ཅན་གཉིས་ཀར་འཕྲལ་ཡུན་དགེ་ལེགས་སུ་འགྱུར་བས་ལེགས་སོ། །གཟུང་འཛིན་གཉིས་སྣང་དྲེགས་པའི་ཚང་ཚིང་ཀུན། །དཔལ་ཆེན་ཡེ་ཤེས་འབར་བའི་ཀློང་དུ་ཞུ། །གཉིས་མེད་གདོད་ནས་རང་བྱུང་ཧེ་རུ་ཀའི། །འགྱུར་མེད་ཐུགས་ཀྱི་ཐིག་ལེར་བསྡམ་གྱུར་ཅིག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྐོང་བ་དང་། ཟབ་ཆོས་ཁྱད་པར་དུ་འཕགས་པ་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། གཏེར་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བར་ཤྲཱི་དེ་བཱི་ཀོ་ཊིའི་ཡང་སྙིང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
བླ་འགུགས་ཀྱི་སྔགས་བཟླ་བ་ (Volume 49, Text 36)
བླ་འགུགས་ཀྱི་སྔགས་བཟླ་བ་ནི། རང་ཉིད་ཡི་དམ་དུ་གསལ་བའི་ངང་ནས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་ཡང་འོད་ཟེར་སྣ་ཚོགས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས། ས་འོག་ས་སྟེང་ས་བླའི་ཁམས་ཐམས་ཅད་ཁྱབ། བླ་ཚེ་ལ་བར་དུ་གཅོད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ས་བདག་ཀླུ་གཉན། བར་གདོན་བཙན་དང་རྒྱལ་པོ་ལ་སོགས་མདོར་ན་གདོན་བགེགས་ཀྱི་རིགས་སུ་གྱུར་པས་བརྐུས་པ་དང་། ཕྲོགས་པ་དང་། བཞམས་པ་དང་། ཡར་པ་དང་། འཁྱམས་པ་དང་། སྟོར་བ་ལ་སོགས་བཀུག །ཡོན་གྱི་བདག་པོར་བསྟིམས་པས། ཉམས་པ་གསོས། ཆད་པ་མཐུད། ཡོ་བ་བསྲངས། སྔར་བས་ཀྱང་གཟི་བརྗིད་དང་ལྡན་ནས་བླ་ཚེ་སྲོག་གསུམ་མི་ནོར་ཟས་གསུམ་ལ་སོགས་པ་རྒྱས་ཤིང་བརྟན་པར་གྱུར། སྤྲོ་བསྡུའི་དམིགས་པ་གསལ་བ་དང་། ཨ་ཧ་རི་ནི་ས་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛ་ཛཿ བརྒྱ་སྟོང་ཁྲི་འབུམ་སོགས་དང་། རྟགས་སྦྱར་ཏེ་བཟླ་འོ། །ཐུན་དྲུག་གམ་བཞི་བཅད་པའི་ཆོ་ག་བཟླས་པ་དང་བཅས་པ་བྱ། དངོས་སམ་རྨི་ལམ་གྱི་ལྟས་དང་བསྟུན་པའི་སྐབས། རྒྱལ་པོའི་ཕོ་བྲང་ངམ་ཀུན་དགའ་ར་བ་དང་། ཆོས་ར་ཆེན་པོ་འམ་གྲོང་ཁྱེར་ཆེན་པོའི་མདོ་ཁྲོམ་འདུས་ར་ལྷ་སྲིན་འདུས་ར། མི་མིང་ལོ་ཁམས་འདི་ཞེས་པའི་བླ་ཚེ་ཉམས་པ་དང་ཡར་པ། སྟོར་བ་དང་ཕྲོས་པ། འཁྱམས་པ་དང་ཕྲོགས་པ། བརྐུས་པ་དང་བཀུག་པ་ཐམས་ཅད་རང་གནས་སུ་ཁུག་ཅིག །ཅེས་སྐད་གསང་མཐོན་པོས་འབོད་ཅིང་བསྟིམ་པའི་མོས་པ་བརྟན་པོར་བྱེད། སྐབས་མཚམས་སུ་ཡོན་བདག་གམ་བླ་རྟེན་གང་རུང་གི་མདུན་དུ་ཁ་གཏད་ལ་བླ་ལུག་ཆུ་དང་བཅས་པ་བཞག །དམོད་བོར་ཁ་བསྐོར་ལ། ཡོན་བདག་གི་བླ་རྟེན་ཕྱོགས་སུ་ཁ་བསྟན་ནས་འདུག་ན་ཁུག་པའི་རྟགས་ཡིན་པས་བཟང་། བཀྲ་ཤིས་པར་ཤོག། །།
ཡིག་མེད་ཨུ་པ་དྷེ་ཤའི་སྐོར༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ བྱུར་སྲི་དམ་སྲིའི་མནན་པ་ (Volume 40, Text 36)
༁ྃ༔ ཡིག་མེད་ཨུ་པ་དྷེ་ཤའི་སྐོར༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ བྱུར་སྲི་དམ་སྲིའི་མནན་པ་བཞུགས་སོ༔ ྈྈྈྈྈྈྈ བདག་འདྲ་པདྨ་བདུད་འདུལ་གྱིས༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ཆ་རྐྱེན་དུ༔ སྒྲུབ་པ་ཀུན་གྱི་སྔོན་འགྲོ་མཆོག༔ སྒབ་འདྲེ་བྱུར་སྲི་སྤུན་དགུ་ཡི༔ མནན་པ་ཟབ་མོ་འདི་བཞིན་བསྟན༔ འདི་མེད་སྒྲུབ་པ་བྱེད་པའི་གང་ཟག་ཀུན༔ སྲན་ཕུང་བེར་རྒ་བརྒྱབ་དང་མཚུངས༔ བདག་གཞན་གཉིས་ཕུང་ཐལ་བ་རླུང་ཁྱེར་འདྲ༔ དེ་ཡི་ཕྱིར་ན་བར་གཅོད་བྱེད་པ་ཡི༔ གདོན་བགེགས་དམ་སྲི་བྱུར་སྲི་འདི་མ་མནན་ན༔ རྨི་ལམ་དུ་ཡང་རང་གི་ཟས་ནོར་གཞན་ལ་སྟེར་བ་དང༔ གཞན་གྱིས་ཧབ་ཁྱེར་དུ་ཁྱེར་བ་དང༔ ཅི་བྱེད་ཐམས་ཅད་ལམ་དུ་མི་འགྲོ་ཞིང༔ ཐ་ན་ཟ་ཁ་འཐུང་ཁ་ཚུན༔ ཕོ་གཏོར་འོས་མེད་དུ་རེད་པ་དང༔ རྨི་ལམ་གྱི་ལྟས་ལོག་ཅིང༔ མི་ནོར་ཟས་གསུམ་ལ་བར་དུ་གཅོད་པ་མང་བ་དང༔ མདོར་ན་མི་མཐུན་པའི་ཕྱོགས་ངན་ཅི་བྱུང་ཡང༔ འདི་ཉིད་ལ་འབུངས་ཤིང་ཞི་རྒྱས་དབང་དྲག་སོགས༔ ཕྲིན་ལས་རྣམ་པ་བཞི་གང་སྒྲུབ་ཀྱང་འདི་ལ་འབད་པར་གཅེས་སོ༔ འདི་ནི་བདག་འདྲ་པདྨ་བདུད་འདུལ་གྱིས༔ རྫས་ཟློག་ལོག་ཏྲི་ནག་པོའི་རྒྱུད་ནས་བཏུས༔ མནན་པ་འདི་ཉིད་ལན་གཅིག་བྱས་གྱུར་ན༔ གདོན་བགེགས་ཀྱི་ནུས་པ་འཇོམས་པར་འགྱུར༔ ལན་གཉིས་བསྐྱར་ན་བགེགས་རིགས་ཐམས་ཅད་ཉེ་མི་ནུས༔ ལན་གསུམ་བསྐྱར་ན་གདོན་བགེགས་རྣམས་ལ་སྨྲོས་ཅི་དགོས༔ སྲིད་གསུམ་ལྷ་འདྲེ་ཀུན་གྱི་སྲོག་འཕྲོག་ནས༔ བསྐལ་པ་བརྒྱར་ཡང་གནོད་མི་ནུས༔ འདི་ཉིད་མ་མནན་དམ་ཆོས་བསྒྲུབ་པ་ནི༔ གང་ཟག་ཀུན་གྱིས་འདོད་པའི་དོན་རྣམས་མི་འགྲུབ་ཅིང༔ ཚེ་ཐུང་ནད་མང་རྟ་ནོར་གོད་བརླག་མང༔ སྲིད་དང་སྲིས་རྣམས་མི་སྨིན་ཅིང༔ མ་ཉེས་ཁ་ཡོག་དགྲ་གྱོད་རྐྱེན་ངན་མང༔ ཡིད་མི་དགའ་ཞིང་ཐམས་ཅད་འཁྲུག༔ ཞིང་ལ་ལོ་ཐོག་མི་སྐྱེ་བཞོན་མི་ཟོས༔ ལས་ཀྱི་ཕུགས་རྣམས་ཐམས་ཅད་འདི་ཡིས་གཏོར་བར་བྱེད༔ དེ་རྣམས་གདམས་པ་འདི་ཉིད་མ་ལྡན་ཞིང༔ བགེགས་རྣམས་མ་ནོན་གནད་ཡིན་པས༔ གདམས་པ་འདི་བཞིན་ཉམས་ལེན་ཤིན་ཏུ་གཅེས༔ ཅི་ཕྱིར་གདམས་པ་དགོས་པའི་རྒྱུ་མཚན་ནི༔ དམ་སྲི་བསྙབ་པ་ལག་རིང་བོན་པོར་བརྫུས་ནས་ནི༔ ཆོས་བྱེད་སྒྲུབ་པ་ཀུན་ལ་བར་ཆད་བྱེད༔ དམ་སྲི་ཡམ་ཤུད་དམར་པོ་ཁྱི་རུ་བརྫུས་ནས་ནི༔ རྟ་ནོར་ནོར་ཕྱུགས་ཀུན་ལ་བར་ཆད་བྱེད༔ ཐེའུ་རང་སྟོང་སྡེ་ནག་པོ་ནི༔ དམག་དང་ཟང་ཟིང་རྣམས་ཀྱི་བླ༔ བན་བཙུན་རྣམས་སུ་སྤྲུལ་ནས་ནི༔ བུ་སྨད་རྣམས་ལ་བར་ཆད་བྱེད༔ དམ་སྲི་བསེ་མོ་བུད་མེད་རིགས་ངན་རྣམས་སུ་སྤྲུལ་ནས་ནི༔ རང་གི་བུ་མོ་ཆུང་མ་རྣམས་ལ་བར་ཆད་བྱེད༔ འགོང་ནག་ཐམས་ཅད་སྔགས་བོན་དགེ་བཤེས་རྣམས་སུ་སྤྲུལ༔ འཁོར་སློབ་ཐམས་ཅད་སེམས་དཀྲུག་ཅིང༔ ཅི་བྱས་ཐམས་ཅད་ལེགས་སུ་མི་སྟེར་རོ༔ དེའི་ཕྱིར་ན་གདམས་ངག་འདི་ལ་འབད་པ་གཅེས༔ གདམས་ངག་འདི་ལྡན་བསྒྲུབ་པའི་སྐལ་ལྡན་ཀུན༔ ཚེ་རིང་ནད་མེད་དཔལ་འབྱོར་དབང་ཐང་རྒྱས༔ མངའ་ཐང་ནམ་མཁའི་མཐའ་དང་མཉམ་པ་དང༔ ཅི་བྱས་ཐམས་ཅད་ལས་སུ་རུང་བ་དང༔ བསམ་པའི་དོན་རྣམས་འབད་མེད་འགྲུབ་པ་འབྱུང༔ དེ་ནས་བཅའ་གཞིའི་རིམ་པ་ནི༔ ཉི་ཤུ་དགུ་ཡི་ཉི་མ་དམར་ཐག་ཆད་པའི་ཚེ༔ འདྲེ་འཚུབས་ས་དང་དུག་སྣ་ཚོགས་ཚད་ཀུན༔ སྣག་ཚར་བསྲེས་ལ་བགེགས་ཀྱི་རཱུ་པ་དང༔ དུག་ཤོག་ཆེ་ལ་ཁོག་ཡངས་པ༔ དབུས་སུ་མི་མགོ་དེ་སྟེང་བྱ་ཡི་མགོ༔ གཡས་སུ་རྟ་མགོ་གཡོན་དུ་སྤྲེའུ་མགོ་ཅན༔ ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བསྡམས་པ༔ ཚིགས་བཞི་ལ་ཛཿཧཱུྃ་བཾ་ཧོ༔ སྙིང་གར་ཏྲི་ཛཿདགུ་ཡི་མཐར༔ ཡིག་མགོ་ནང་བསྟན་འདི་ཉིད་བཀོད༔ བྱུར་སྲི་དམ་སྲི་བསྙབ་པ་ལག་རིང་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བྱུར་སྲི་དམ་སྲི་ཡམ་ཤུད་དམར་པོ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བྱུར་སྲི་དམ་སྲི་ཐེའུ་རང་སྟོང་སྡེ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བྱུར་སྲི་དམ་སྲི་བསེ་མོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ རག་མོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཡག་མོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཤྭ་ན་མ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ གསོན་འདྲེ་མོ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བསེ་རག་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཆུང་འདྲེ་ཆུང་སྲི་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཕུང་འདྲེ་ཕུང་སྲི་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ མཁོན་འདྲེ་མཁོན་སྲི་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ དམ་སྲི་འགོང་པོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ གནོད་བྱེད་དམ་སྲི་ཕུང་འདྲེ་ཕུང་སྲི་བྱུར་འདྲེ་བྱུར་སྲི་གྱོད་འདྲེ་གྱོད་སྲི་གོད་འདྲེ་གོད་སྲི་ནད་འདྲེ་གདོན་བགེགས་གླགས་འགོང་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ མགོ་བོ་བཞི་ལ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སུཾ་ལཾ་སཏྭཾ་བྷ་ཡ་ནན་ནན༔ དེ་ནས་སྤྱི་བོ་ནས་སྔགས་མགོ་ཕྱིར་བསྟན་ལ་བྲིའོ༔ ཨོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ད་ཧ་པ་ཙ་ཧཱུྃ་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ལོག་ཏྲི་པཱ་ལ་ནན༔ ས་ག་པ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ་ནན༔ ཙི་ཙ་ར་ཙི་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཀྲ་ཀོ་ཤ་ཡ༔ རྦད་ཀྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ གནོད་བྱེད་ཙི་དུ་སོད༔ ཙི་དུ་སོད༔ ལུས་ཤིགས་ལྷུ་རུ་གཏུབས༔ ཧ་ལ་པ་ཏྲི་རྦད་ནན༔ འཁོར་བ་ཐུལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་རླག་རླག༔ གནོད་བྱེད་འབྱུང་པོ་ཕོ་མོ་མཱ་ར་ཡ་རྦད་ནན༔ ལོང་ཀ་ལོང་ཀ༔ དུ་ར་དུ་ར༔ ཧབ་ཤ་ཧབ་ཤ༔ གནོད་བྱེད་བྱུར་སྲི་དམ་སྲི་ཆུང་སྲི་གོད་སྲི་དར་སྲི་འབྱུང་པོ་ཕོ་མོ་སྐྱུགས་ཤིག་སྐྱུགས་ཤིག༔ ཁ་ཐཾ༔ ཁ་ཐཾ༔ མཆུ་ཆིངས༔ མཆུ་ཆིངས༔ གྲེ་བསྡམ་གྲེ་བསྡམ༔ བྷན་དྷ་བྷན་དྷ༔ མུ་དྷ་ཡེ་རྦད་ནན་ནན༔ ཧཾ་ཤཾ་ཏྲི་རུ་ཏྲི་བྷི་ཧེ་ཤ་རྦད་ནན་ནན༔ ཏྲིའུ་ཏྲིའུ༔ ཏྲི་ཁ་ཤ༔ ཏྲིའུ་ཛ་ར་ཏྲི་ཡེ་རྦད་ནན་ནན༔ དུ་ཏྲི་ཏྲི་རྦད་རྦད་ནན་ནན༔ ཤི་ཏྲི་ནི་རྦད་ནན་ནན༔ ཀ་ཏྲི་ནི་རྦད་ནན་ནན༔ ཏྲི་དུ་ཆུང་སྲི་ནི་རྦད་ནན་ནན༔ དུ་ཏྲི་གོད་འདྲེ་མོ་རྦད་ནན་ནན༔ གྲུཾ་གྲུཾ་དམ་སྲི་བྱུར་སྲི་ཆུང་སྲི་གོད་སྲི་དར་སྲི་སྒབ་འདྲེ་ཉེས་བྱེད་ཕོ་མོ་ཐམས་ཅད་ཀྱི་སྲོག་ལ་ཏྲི་མཱ་ར་ཡ་རྦད་ནན་ནན༔ འབྱུང་པོ་དམ་སྲི་ཕོ་མོ་ཨ་མུ་ཀཾ་སྙིང་དུ་ནན་ནན༔ ཏྲི་དུ་ནན་ནན༔ ཛ་ཏྲི་ནན་ནན༔ སྙིང་གཟེར་བུར་ནན་ནན༔ གནོད་བྱེད་སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན་ནན༔ གནོད་བྱེད་དམ་སྲི་ཕོ་མོའི་ལུས་ངག་ཡིད་གསུམ་པ་ཐ་ཧཱུྃ་ལཾ་སུཾ་ལཾ་སཏྭཾ་བྷ་ཡ་ནན༔ བྷི་སྟེང་སཏྭཾ་བྷ་ཡ་ནན་ནན༔ ཏྲི་ཛ་ཏྲི་ཧྲཱི༔ མ་ད་ཡ་སུ་ཏྲི་ཡ་དུ་ཏྲི་ཡ་མ་ཏྲི་ཡ་ད་ཏྲི་ཛ་ཧེ༔ ད་ར་ནི་ཛ༔ དམ་སྲི་བྱུར་སྲི་ཆུང་སྲི་གོད་སྲི་འབྱུང་པོ་ཕོ་མོ་ཐམས་ཅད་ཁ་ཐཾ༔ ལུས་ཆིངས་ངག་ཆིངས་ཡིད་ཀྱི་དྲན་པ་རྨུགས་པར་གྱིས་ཤིག༔ ཆིངས་ཆིངས་ནན་ནན༔ པཀྴ་པཀྴ༔ རཀྴ་རཀྴ༔ ཐུཾ་ཐུཾ༔ གནོད་བྱེད་ཕོ་མོ་རེང་རེང༔ གྷྲྀ་ཎ་གྷྲྀ་ཎ་ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ གནོད་བྱེད་ཕོ་མོ་མཱ་ར་ཡ་ནན༔ འཁུམས་ཤིག་འཁུམས་ཤིག༔ ཁྲག་ཏུ་སྐྱུགས་ཤིག་ནན་ནན༔ ཚིན་དྷ་ཚིན་དྷ་ནན་ནན༔ བྷིན་དྷ་བྷིན་དྷ་གནོད་བྱེད་ཕོ་མོ་ནན་ནན༔ ཆིངས་ཆིངས་དམ་སྲི་ཕོ་མོ་ནན་ནན་ཆིངས་ཆིངས༔ བྱུར་སྲི་ཕོ་མོ་ནན་ནན་ཆིངས་ཆིངས༔ ཆེ་སྲི་ཕོ་མོ་ནན་ནན་ཆིངས་ཆིངས༔ ཆུང་སྲི་ཕོ་མོ་ནན་ནན་ཆིངས་ཆིངས༔ གོད་འདྲེ་གོད་སྲི་ཕོ་མོ་ནན་ནན་ཆིངས་ཆིངས༔ ཟ་འདྲེ་ཕུང་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན་ནན་ཆིངས་ཆིངས༔ ཕུགས་ཀྱི་སྲིས་ལ་ཟ་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཁྱིམ་གྱི་བུ་ལ་ཟ་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྒོ་ཡི་ནོར་ལ་ཟ་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལེགས་སུ་མི་སྟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཉེས་སུ་དགའ་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྐབས་བལྟ་ཞིང་གླགས་ཚོལ་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཆག་ཆེ་ཞིང་ཉམ་ང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མོ་ལྟས་པྲ་རྟགས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྨི་ལྟས་མཚན་མ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འདི་བྲི་བ་དང་ཐུན་སྐབས་སུ་འདོན་པ་གཉིས་ཀ་བྱའོ༔ ཧཱུྃ་བྷྱོ༔ དམ་སྲི་བྱ་བའི་སྡིག་ཆེན་ཁྱོད༔ ཆུ་སྲིན་ནག་པོའི་ཁ་རུ་བསྟབས༔ གྲི་ཐོག་སྟོང་གིས་བསྐོར་བ་ཡིས༔ ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ རི་རབ་ཆེན་པོའི་འོག་ཏུ་མནན༔ གསེར་གྱི་རི་བདུན་བསྐོར་ནས་བཞག༔ ཁྱེད་རྣམས་རྣམ་སྨིན་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ རོལ་མཚོ་བདུན་གྱིས་བསྐོར་ནས་བཞག༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ གནམ་ལྕགས་འཁོར་ལོའི་རྩིབས་ལ་བསྐྱོན༔ མཚོན་ཆའི་ཚོགས་ཀྱིས་བསྐོར་ནས་བཞག༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ ཁྲོ་རྒྱལ་ཁྲག་འཐུང་རྣམས་ཀྱི་ཞལ་དུ་བསྟབས༔ ནག་པོ་སྟོང་གིས་བསྐོར་བ་ཡི༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ སྲེག་བྱེད་མེ་ཡི་དཀྱིལ་དུ་བསྲེགས༔ མེ་ཕུང་འབར་བས་བསྐོར་བ་ཡི༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ ཆུ་སྲིན་ནག་པོའི་ཧོམ་ཁུང་དུ༔ རིན་ཆེན་ནོར་བུ་ཚུད་པ་ལྟར༔ མཐའ་ཡི་རྒྱ་མཚོ་བསྐམས་ཀྱང་མི་གཏང་ངོ༔ ཉི་ཟླ་ཐང་དུ་ལྷུང་ཡང་མི་གཏང་ངོ༔ བསྐལ་པ་འཇིག་ཀྱང་མི་གཏང་ངོ༔ རི་རབ་ཆེན་པོ་ཉིལ་ཡང་མི་གཏང་ངོ༔ རྣལ་འབྱོར་བསམ་པ་མ་འགྲུབ་བར༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ མནར་མེད་བཙོན་ཁང་ནག་པོའི་གནས་སུ་ཚུད༔ གནོད་བྱེད་བྱུར་སྲི་དམ་སྲི་ཆེ་འདྲེ་ཆུང་འདྲེ་གོད་འདྲེ་གོད་སྲི་ཕོ་མོ་ཐམས་ཅད་ཁ་ཐཾ་མཆུ་ཆིངས་ཤིག༔ ཏྲི་དུ་ཏྲི་མཱ་ར་ཡ་རྦད་ནན༔ ཨོཾ་ལཾ་སུཾ་ལཾ་སཏྭཾ་བྷ་ཡ་ནན་ནན༔ ༈ ཨོཾ་བཛྲ་སརྦ་དུཥྚཱན་ཏ་ཀ་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་གནོད་བྱེད་བྱུར་སྲི་མི་ལ་སྤུན་དགུ་དམ་སྲི་ཟ་འདྲེ་ཕུང་སྲི་ཆེ་འདྲེ་ཆུང་སྲི༔ གོད་འདྲེ་གོད་སྲི་སྒབ་འདྲེ་སྒབ་སྲི་ཕོ་མོ་སརྦ་ཛཿཧཱུྃ་བཾ་ཧོཿམ་ཧཱ་དེ་ཝ་ཏྲི་མཱ་ར་ཡ་རྦད་ནན༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨེ་ཛ་ཏྲི་ནྲྀ་ཛ་རྦད་ཛ་ཁུག་ཛ་ཨཾ་ཀུ་ཤ་ཛ་ཛ༔ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ༔ ཨུ་མ་དྷེ་ཝཱི་ཧྲཱི༔ མི་ལ་ཀུ་རུ་བསེ་རག་ཤན་ཏྲི་གོད་འདྲེ་ཙིཏྟ་བསེ་མོ་རུ་ཏྲི་ཀ་ལ་ཤ་ཏྲི་སརྦ་གནོད་བྱེད་ནན་ནན༔ གནོད་བྱེད་བདུད་བསྙབ་པ་ལག་རིང་རུ་ཏྲི་ཛ༔ རུ་ཏྲི་ཧུར་ཐུཾ་ཛ་ཏྲི་མཱ་ར་ཡ་ཛ༔ སཏྭཾ་བྷ་ཡ་ནན་ནན༔ གནོད་བྱེད་བཙན་ཡམ་ཤུད་དམར་པོ་རུ་ཏྲི་ཛ་རུ་ཏྲི་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ སཏྭཾ་བྷ་ཡ་ནན་ནན༔ གནོད་བྱེད་ཐེའུ་རང་སྟོང་འཁྲུག་རུ་ཏྲི་ཛ༔ རུ་ཏྲི་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ བདུད་བཙན་ཐེའུ་རང་སྟོང་འཁྲུག་སཏྭཾ་བྷ་ཡ་ནན་ནན༔ ཆིངས་ཤིག་ཆིངས་ཤིག་སྭཱ་ཧཱ༔ བཛྲ་ར་ཏྲི་ཏྲི་མཱ་ར་ཡ་ནྲྀ་ཏྲི་ཀྲོ་མཱ་ར་ཡ་སོད༔ ཡཀྴ་མཱ་ར་ཡ་དུ་ཏྲི་ཛ༔ གཟའ་བདུད་ཆེན་པོའི་འཁོར་དུ་གཏོགས་པའི་གནོད་བྱེད་ཕོ་མོ་རྣམས་ཁུག་ཅིག༔ སརྦ་གནོད་བྱེད་ཀཱ་ཡ་ཝཱ་ཀ་ཙིཏྟ་ནན་ཆིངས་ཤིག༔ སརྦ་རཀྴ་སཏྭཾ་བྷ་ཡ་ནན་ནན༔ དེའི་ཕྱི་རིམ་ཛ་ཁྲཾ་དང་རྡོ་རྗེའི་ཞགས་ཁུག་གིས་བསྐོར་རོ༔ དེ་ནས་རཱུ་པ་དུག་སྣ་ཚོགས་དང་ཐུན་རྫས་མི་ཁའི་རྫས་རྣམས་ཀྱི་དུ་བས་བདུག་ལ༔ རོ་གཡམ་ནག་པོའི་སྟེང་དུ་བཞག་ལ༔ རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི་ས་མཱ་ཏི་དང་ལྡན་པའི་ངང་ནས༔ ཛཿདམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས༔ གནོད་བྱེད་ཕོ་མོའི་ཏྲི་ནས་བཟུང་ཞིང་རང་དབང་མེད་པར་རཱུ་པ་ལ་བསྟིམ༔ རྫས་ནི་ལ་ཕུག༔ ཁོག་མའི་དྲག་པ༔ ཐུན་རྫས་རྣམ་པ་སྣ་ཚོགས༔ རྦབ་རྡོ༔ མཁར་སྒོང༔ འདྲེ་ཅན་གནས་པའི་ལུང་གསུམ་འདུས་པའི་མདོའི་རྡོ་རྣམས་ཁྲག་སྣ་ཚོགས་ཚད་ཀྱིས་སྦྲུས་ལ༔ སྔགས་ཀྱི་མཐར༔ ཧཱུྃ༔ དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ སོགས་བརྗོད་ཅིང་བྲབ༔ དེ་ནས་རཱུ་པ་ཤ་ལྤགས་ལྟར་དྲིལ་ལ་ཚོན་སྐུད་སྣ་ལྔས་བཅིང༔ རབ་སྤྱང་ཐོད་དམ་གཅན་གཟན་ཐོད་པ༔ འབྲིང་ཝ་ཐོད༔ ཐ་མ་ཡང་ཁྱི་ཐོད་ཀྱི་ནང་དུ་བཅུག་ལ་ཧོམ་ཁུང་དུ་བཅུག་ནས༔ ཞག་བདུན་ནམ་གསུམ་མམ་ཉེར་གཅིག་སོགས་གང་རུང་བསྒྲུབ་བོ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ ཁྱི་སྤྱང་བུད་མེད་བྱི་ལ་སྤྲེའུ་རྣམས་གསོད་པ་དང༔ བུད་མེད་མང་པོ་ངུ་བ་དང༔ བན་བཙུན་སྔགས་པའི་ཚོགས་རྣམས་ཀྱིས་ཕྱག་འཚལ་བ་སོགས་རྟགས་རྣམས་བཟང་ངན་སྣ་ཚོགས་འོང༔ དེ་ནས་ཀླད་ཁུང་དུ་མི་ཁའི་རྫས་དང་ཐུན་རྫས་སྣ་ཚོགས་བླུགས༔ ཐོད་པ་ཡ་མགལ་ལ་ཕོ་ཤིང་སྟག་པ་དང་མ་མགལ་མོ་ཤིང་གླང་མ༔ དུག་ཚེར་སྐྱེར་པ་གཅིག་སྐྱེས་རྣམས་ཀྱི་ཕུར་པ་མང་པོ་བཙུགས༔ ཁྱི་སྤུ་ར་བལ་གྱིས་ཐོད་པ་རྒྱ་གྲམ་དུ་བཅིང༔ སྒྲོ་ཆེན་སོར་བཞི་ཡར་བཅད་པའི་སྒྲོས་བསྒྲོན་པའི་མདའ་མདེའུ་ཅན་དང༔ འཕང་མཐིལ་དང་མི་ཁའི་རྫས་སྣ་ཚོགས་བླུགས༔ ནམ་གྱི་སྲོད་ལ་རང་གི་ཐེམ་འོག་ཏུ་མནན༔ མདའ་ཕུར་རྣམས་ཐོད་པར་བཙུགས་ཤིང་ཕྱི་རོ་རས་ཀྱིས་བསྟུམ༔ མཚུལ་པ་ས་ལ་གཏུགས༔ རི་རབ་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན༔ དེའི་སྟེང་དུ་ས༔ དེའི་སྟེང་དུ་མེ་བཞག་ལ༔ ཆུས་གསད༔ འགུགས་འདྲེན་བྱ༔ རྟ་བྲོ་བརྡུང༔ འདི་བརྩོན་སྐལ་ལྡན་གང་ཟག་ཀུན༔ ཕྲིན་ལས་གང་བརྩམ་འབད་མེད་མྱུར་དུ་འགྲུབ༔ ཚེ་རིང་ནད་མེད་མངའ་ཐང་སྙན་གྲགས་རྒྱས༔ ལོ་ལེགས་སྲིས་སྨེ་ནོར་ཕྱུགས་འཕེལ་བ་དང༔ སྲིས་སྨེ་ལོངས་སྤྱོད་ཀུན་ལྡན་འགྱུར༔ རྟག་ཏུ་བྱང་ཆུབ་བསྒྲུབ་པ་དང༔ ཐ་ན་མི་ནག་སྐྱེ་བོས་ཡིན་ཡང་རུང༔ གདམས་ངག་འདི་ལ་བརྩོན་པར་གཅེས༔ སྐལ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ བཛྲ་ས་མ་ཡ་རྒྱ་རྒྱ་རྒྱ༔ རྒྱལ་དབང་པདྨ་འབྱུང་གནས་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པའི། རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ནས་གདན་དྲངས་པའོ། །ས་མ་ཡ། རྒྱ་རྒྱ་རྒྱ།། །།
མི་ཏྲ་སྙིང་ཐིག་ལས༔ ཚོགས་འཁོར་བདེ་ཆེན་ལོངས་སྤྱོད་ (Volume 24, Text 36)
༁ྃ༔ མི་ཏྲ་སྙིང་ཐིག་ལས༔ ཚོགས་འཁོར་བདེ་ཆེན་ལོངས་སྤྱོད་ཅེས་བྱ་བ་བཞུགས༔ རྒྱ་གར་སྐད་དུ༔ ཨཱརྱཱབ་ལོ་ཀི་ཤྭ་ར་གྷ་ཎ་ཙཀྲ་སུ་ཁ་མ་ཧཱ་སིདྡྷི་ན་མ༔ བོད་སྐད་དུ༔ འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་ཚོགས་ཀྱི་འཁོར་ལོ་བདེ་ཆེན་ལོངས་སྤྱོད་ཅེས་བྱ་བ༔ འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ༔ མི་ཏྲ་སྙིང་ཐིག་འཇིག་རྟེན་དབང་ཕྱུག་ལ་ཚོགས་མཆོད་ཀྱི་བྱེ་བྲག་གསུམ་སྟེ༔ སྔོན་འགྲོ་མཁའ་འགྲོ་འདུ་བའི་གནས་སུ་ཕྱིན་ནས༔ མཆོད་སྦྱིན་ཆ་གསུམ་བཏང༔ ཚོགས་ཁང་ཕྱག་བདར་བྱ༔ དྲི་བཟང་ས་སྟེགས་དང༔ སྟག་རས་གཟིགས་ལྤགས་ལ་སོགས་གདན་བཤམས་ལ༔ དབུས་སུ་འབྲུ་ཕྱེ༔ ཛ་གད༔ གལ༔ སྨན་སྣ་ཚོགས་ལ་ཚོགས་གཏོར་པདྨ་དང་ཟླ་བའི་སྟེང་དུ་ལྷ་ཆེན་གྱི་ཙིཏྟ་འདྲ་བ་ལ༔ རིན་པོ་ཆེ་སྣ་ཚོགས་ཀྱི་གཟུགས་མར་ལ་བཟོས་ནས་བརྒྱན༔ གཡས་སུ་བདུད་རྩི༔ གཡོན་དུ་རཀྟ༔ མདུན་དུ་ཤ་ཆང༔ མཐའ་སྐོར་དུ་སྨན་སྣ༔ ཟས་སྣ༔ སྤོད་སྣ༔ ཕྱེ་མར༔ འོ་སྐོལ༔ ཐག་ཐུག༔ ལ་ཕུག༔ མཆོད་བདུན༔ སྤྱན་གཟིགས་སོགས་གང་འབྱོར་བྱས་ལ༔ གཉིས་པ་རྣལ་འབྱོར་ཕོ་མོ་རྣམས་གཡས་གཡོན་དུ་གྲལ་རྡོ་རྗེ་སློབ་དཔོན་དབུས་སུ་བཞུགས༔ ལས་སློབ་གཡས་གཡོན་གང་བདེ་གཟུངས་མ་མདུན༔ གཞན་འགབ་བསྟུན་ཏུ་ཐམས་ཅད་གྲལ་རིམ་དུ་བཀོད་ནས༔ ལས་ཀྱི་སློབ་དཔོན་གྱིས་ཐམས་ཅད་ལ་གུ་གུལ་བདུག༔ ཐུན་གྱིས་བྲབ༔ ཁྲུས་ནས་ཕྱུང༔ དེ་ནས་ཐམས་ཅད་ཀྱིས་རྡོ་རྗེ་སློབ་དཔོན་ལ་གསོལ་བ་བཏབ་པ་ནི༔ ཧོ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ བདག་ཅག་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་ཞུ༔ བླ་མས་གནང་བ་སྦྱིན་པ་ནི༔ ཀྱཻ༔ འདིར་འདུས་སྐལ་ལྡན་རིགས་ཀྱི་བུ༔ མི་ལུས་ཐོབ་པ་དོན་ཡོད་ཕྱིར༔ རྡོ་རྗེའི་ལམ་མཆོག་འདིར་ཞུགས་ལ༔ དཔལ་ལྡན་མ་ཡེངས་བརྟུལ་ཤུགས་མཛོད༔ ཅེས་གནང་བ་སྦྱིན་ནས༔ སླར་དམ་ཆུ་བླུད་ཅིང་དམ་ཚིག་བསྲེ་བ་ནི༔ ཨོཾ་ཨཱཿཧཱུྃ་ཞེས་བཟླས་པའི་ཆུ་སྦྱིན་ལ༔ ཧཱུྃ༔ ཐུངས་ཤིག་རྡོ་རྗེ་འབར་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀཏ་བཛྲ་ས་མ་ཡ་ཧཱུྃཿཐཱ༔ ཞེས་ལན་གསུམ་ཧུབ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ༔ ལྷག་མ་ལྟག་པར་དོར་བས་ལྟག་པའི་བདུད་ལས་གྲོལ་བར་བསམ་མོ༔ དེ་ནས་ཚོགས་རྟེན་གྱི་ལྷ་བསྒྲུབ་པ་ནི༔ མདུན་གྱི་ནམ་མཁར་སེང་གེ་དང་རིན་པོ་ཆེའི་ཁྲི་ཡི་སྟེང་དུ༔ པདྨ་དང་ཟླ་བའི་གདན་ལ་གུ་རུ་མི་ཏྲ་ཛོ་ཀི་སྐུ་མདོག་དཀར་ལ་ཅུང་ཟད་སྔོ་བའི་མདངས་དང་ལྡན་པ༔ ཕྱག་གཡས་ཌཱ་མ་རུ་དང༔ གཡོན་ཐོད་པ་བསྣམས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་དང༔ དབུ་སྐྲ་ཐོར་ཅོག་དར་དམར་དང་རུས་པས་སྤྲས་པ༔ ཞབས་ཕྱེད་སྐྱིལ༔ ཡུམ་ལྷའི་མཁའ་འགྲོ་དམར་མོ་ལང་ཚོ་ལྡན་པ༔ ཅང་ཏེའུ་དང་ཐོད་པ་བསྣམས་ནས་ཡབ་ལ་འཁྲིལ་བ༔ ཡུམ་ཨེ་ཀ་ཙཱ་ཏི་དང་ལས་ཀྱི་ཌཱ་ཀི་མ་གཉིས་སྟག་དང་དོམ་གྱི་ཚུལ་དུ་ཡབ་ཡུམ་གཉིས་ཀྱི་དཔྱི་ཟུར་ནས་བརྟེན་པ༔ དེའི་གཡས་སུ་འཕགས་པ་འཇིག་རྟེན་དབང་ཕྱུག་གཙོ་འཁོར༔ གཡོན་དུ་པདྨ་འབྱུང་གནས༔ མདུན་དུ་དཔའ་བོ་རྟ་མགྲིན༔ རྒྱབ་ཏུ་རིག་བྱེད་ལྷ་མོ༔ མཐའ་སྐོར་མུ་ཁྱུད་ལ་ནོར་ལྷ་དང་དཔལ་མགོན་གྱི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཆེན་འཁྲིགས་པ་ལྟར་བསྐོར་བར་བསམ་ལ་ཡི་གེ་དྲུག་པ་གང་ལྕོགས་བཟླས་ལ་བསྒྲུབ་བོ༔ དེ་ནས་ཚོགས་གཏོར་སྨན་རག་རྣམས་བྱིན་གྱིས་བརླབ་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས༔ རཾ་འཕྲོས་མེ་འབར་མ་དག་བསྲེགས༔ ཡཾ་འཕྲོས་གཉིས་འཛིན་བག་ཆགས་གཏོར༔ ཁཾ་འཕྲོས་དངོས་རྣམས་མ་ལུས་བཤལ༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་རླབས་ཡི་གེ་འབྲུ་གསུམ་འཕྲོས༔ ཧཱུྃ་ལས་འཁོར་འདས་བཅུད་བསྡུས་བསྟིམ༔ ཨཱཿཡིས་ལྷ་ཡི་བདུད་རྩིར་བསྒྱུར༔ ཨོཾ་གྱིས་ཟག་མེད་མཁའ་མཉམ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བྷ་ལ་བྷ་ཏི་གྷུ་ཧྱ་གྷ་ཎ་ཙཀྲ་པཱུ་ཙ་ཧཱུྃ་ཧྲཱི༔ཐཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ སྙིང་པོ་ཡི་གེ་ཧྲཱིཿའཕྲོས་པས༔ ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་བདེ་གཤེགས་ཐུགས་ཀ་ནས༔ ཡེ་ཤེས་བདུད་རྩི་སྤྱན་དྲངས་བསྟིམ༔ ཧྲཱིཿཡང་བདུད་རྩིའི་བཅུད་ལ་བསྟིམ༔ རིགས་དྲུག་གནས་སུ་འབྲུ་དྲུག་འཕྲོས༔ བཅུད་དྲུག་སེམས་ཅན་ཀུན་བསྡུས་ནས༔ ཚོགས་ཀྱི་འཁོར་ལོར་རྒྱས་བཏབ་སྟེ༔ རང་རང་འདོད་ཡོན་དྲུག་ཏུ་གྱུར༔ མི་ཟད་ནམ་མཁའི་རྒྱན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གང་མང་བརྗོད༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ བླ་མ་དང་ནི་ཡི་དམ་མཁའ་འགྲོའི་ཚོགས༔ རྒྱལ་བ་རྒྱ་མཚོ་འཁོར་དང་བཅས་པ་རྣམས༔ མ་ལུས་ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གྱིས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ གྷུ་རུ་མི་ཏྲ་པདྨ་ཐོད་ཕྲེང་རྩལ༔ རྩ་བརྒྱུད་བླ་མའི་ཚོགས་དང་བཅས་པ་རྣམས༔ རྣམ་སྤྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཕེཾ་གྱི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ སྒྲ་དབྱངས་རོལ་མོ་མང་པོ་དྷི་རི་རི༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ གནས་མཆོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ འཕགས་པ་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་སྲས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས་བཅས་རྣམས༔ རྣམ་སྤྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཕེམ་གྱི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དཔའ་བོ་དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ གནས་མཆོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དྷེ་ཝ་ཌཱ་ཀི་ཙཀྲི་རྣལ་འབྱོར་མ༔ མ་མོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས༔ རྣམ་སྤྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཕེམ་གྱི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དཔའ་བོ་དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ གནས་མཆོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དཔའ་བོ་རྟ་མགྲིན་ལྷ་མོ་རིག་བྱེད་མ༔ ཨོ་རྒྱན་ཡུལ་གྱི་ཞིང་སྐྱོང་མཁའ་འགྲོའི་ཚོགས༔ རྣམ་སྤྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དཔའ་བོ་དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ གནས་མཆོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དཔལ་ལྡན་མགོན་པོ་ལྕམ་དྲལ་ནོར་ལྷའི་ཚོགས༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དམ་ཅན་རྣམས༔ རྣམ་སྤྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཨཱ་རལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དཔའ་བོ་དཔའ་མོའི་གར་བྱེད་ཤིགས་སེ་ཤིག༔ མཆོག་ཐུན་དངོས་གྲུབ་ཆར་འབེབ་སི་ལི་ལི༔ གནས་མཆོག་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་གྷུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཏྲི་ཤ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་གསོལ་ནི༔ ཧཱུྃ༔ ཚོགས་འཁོར་དུར་ཁྲོད་འབར་བའི་གཞལ་ཡས་སུ༔ རྟོག་མེད་རོ་དང་ཉི་ཟླ་པདྨའི་གདན༔ བླ་མ་ཡི་དམ་མཁའ་འགྲོར་བཅས་པ་རྣམས༔ དགྱེས་ཤིང་གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བླ་མེད་གསང་བ་མཆོག་གི་དུར་ཁྲོད་འདིར༔ སྟོང་གསུམ་འདི་འམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཨརྒྷཾ་དང༔ ལྷ་རྫས་མཆོག་གི་མེ་ཏོག་དང༔ ལྷ་རྫས་མཆོག་གི་བདུག་སྤོས་དང༔ ལྷ་རྫས་མཆོག་གི་མར་མེ་དང༔ ལྷ་རྫས་མཆོག་གི་དྲི་ཆབ་དང༔ ལྷ་རྫས་མཆོག་གི་ཞལ་ཟས་དང༔ ལྷ་རྫས་མཆོག་གི་རོལ་མོ་རྣམས༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ མཆོད་སྔགས་བརྗོད༔ དེ་ནས་བདུད་རྩི་འབུལ་ལ༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རུ་བསྒྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ རཀྟ་མ་ཆགས་པདྨའི་བཅུད་ལས་བྱུང༔ བདེ་བ་ཆེན་པོ་འབྱུང་བཞི་འདུས་པའི་ཁྲག༔ བསྒྲལ་བའི་རཀྟ་རུ་ཏྲའི་སྙིང་ལས་བྱུང༔ རོ་བཅུད་ནུས་ལྡན་རེག་པས་ནུས་པ་འབར༔ རྟེན་འབྲེལ་རཀྟ་སྣ་ཚོགས་རྩི་ལས་བྱུང༔ དམར་གསལ་མདངས་ལྡན་སྣང་བ་དབང་དུ་སྡུད༔ རོ་བཅུད་ཀུན་ལྡན་བདེ་ཆེན་རཀྟའི་ཚོགས༔ འདི་ནི་རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་དམ་པ་མཆོག༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ རྒྱལ་བ་རྒྱ་མཚོ་མ་ལུས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ སྣང་སྲིད་མ་ལུས་གཏོར་མར་སྦྱར༔ སྐྱེ་འགྲོ་སེམས་ཅན་གཏོར་མའི་བཅུད༔ བརྡལ་ཁྱབ་ལྤགས་པའི་གཏོར་གཞོང་དུ༔ ཤ་ཁྲག་རུས་པ་གཏོར་མར་སྦྱར༔ འབྱུང་བའི་ཁུ་བ་གཏོར་མའི་བཅུད༔ བྷནྡྷ་རིན་ཆེན་གཏོར་གཞོང་དུ༔ འབྲུ་བཅུད་དམ་རྫས་གཏོར་མར་སྦྱར༔ ཛ་གད་དཀར་དམར་གཏོར་མའི་བཅུད༔ རྒྱུ་རྐྱེན་རྣམ་པར་དག་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཾ་ཏ་བྷ་ལ་བྷ་ཏེ་གྷུ་ཧྱ་སརྦ་པཱུ་ཙ་ཁཱ་ཧི༔ དེ་ནས་ཚོགས་ཀྱི་འཁོར་ལོས་མཆོད་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་དངོས་རིགས་བདག་རིགས་ཀྱི་གཙོ༔ སྐྱེས་མཆོག་མི་ཏྲ་ཛོ་ཀི་བླ་མའི་ཚོགས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པའི༔ སྣ་ཚོགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ བདག་ཅག་དད་པས་ཁྱེད་ལ་འབུལ་བར་བགྱི༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ བླ་མ་རྣམས་ཀྱི་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་མཐོལ་ལོ་བཤགས༔ དམ་པ་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ རིག་པ་ཡེ་ཤེས་ཐུགས་རྗེ་ཆེན་པོའི་སྐུ༔ འཇིག་རྟེན་གསུམ་གྱི་མགོན་པོ་འཁོར་དང་བཅས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པའི༔ སྣ་ཚོགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ བདག་ཅག་དད་པས་ཁྱེད་ལ་འབུལ་བར་བགྱི༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ འཇིག་རྟེན་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་མཐོལ་ལོ་བཤགས༔ བཅོམ་ལྡན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ བདུད་བཞི་དཔུང་འཇོམས་དཔའ་བོ་རྟ་མཆོག་དཔལ༔ ཁྲོ་རྒྱལ་གར་གྱི་དབང་ཕྱུག་ཡི་དམ་ཚོགས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པའི༔ སྣ་ཚོགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ བདག་ཅག་དད་པས་ཁྱེད་ལ་འབུལ་བར་བགྱི༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ གར་གྱི་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་མཐོལ་ལོ་བཤགས༔ ཁྲོ་རྒྱལ་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་བསྒྱུར་བའི༔ ལྷ་མོ་རིག་བྱེད་མ་མོ་མཁའ་འགྲོའི་ཚོགས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པའི༔ སྣ་ཚོགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ བདག་ཅག་དད་པས་ཁྱེད་ལ་འབུལ་བར་བགྱི༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ མ་མོ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་མཐོལ་ལོ་བཤགས༔ མཁའ་འགྲོ་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ རྒྱལ་བའི་བཀའ་སྡོད་འཇིག་རྟེན་སྐྱོང་བའི་ཚོགས༔ དཔལ་མགོན་ནོར་ལྷ་དམ་ཅན་སྲུང་མའི་ཚོགས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ སྣ་ཚོགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ བདག་ཅག་དད་པས་ཁྱེད་ལ་འབུལ་ལགས་ཀྱིས༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ དམ་ཅན་ཆོས་སྐྱོང་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་མཐོལ་ལོ་བཤགས༔ དམ་ཅན་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཥ་ཌ་ཀྵ་ར་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་མ་ཎི་དྷ་ར་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཨ་མི་དྷེ་ཝ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་ཙཎྜ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཧྱ་གྷྲཱི་ཝ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿགྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཁ་སར་པ་ཎི་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་ཨ་སུ་ནྲྀ་ཏྲི་པྲེ་དུ་ཛ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་མ་ཧཱ་ཀཱ་ལ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་མ་ཧཱ་ཤྲ་མ་ཎ་ཡེ་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔ ཨོཾ་བྷ་ག་ཝ་ཏེ་སརྦ་བུདྡྷ་བྷོ་དྷི་སཏྭ་གྷ་ཎ་ཙཀྲ་ལ་ཁ་རཾ་ཁཱ་ཧཱི༔ དེ་ནས་ཐུགས་དམ་སྐོང་བ་ནི༔ ཧཱུྃ༔ རིགས་ཀུན་བདག་ཉིད་འགྲོ་བའི་མགོན༔ འོད་དཔག་མེད་ཀྱི་ཐུགས་དམ་བསྐང༔ འགྲོ་བའི་དོན་དུ་སེམས་དཔའི་ཚུལ༔ འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང༔ ཆོས་ཉིད་དབྱིངས་ཀྱི་རང་བཞིན་ཡུམ༔ ཡི་གེ་དྲུག་མའི་ཐུགས་དམ་བསྐང༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ མ་ཎི་དྷ་རའི་ཐུགས་དམ་བསྐང༔ བདེ་ཆེན་ཤེས་རབ་ཆགས་པ་བྲལ༔ རིག་སྔགས་འཛིན་མའི་ཐུགས་དམ་བསྐང༔ འཆི་མེད་ཚེ་ཡི་དངོས་གྲུབ་སྟེར༔ ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང༔ བདུད་དང་གཤིན་རྗེ་མ་ལུས་འཇོམས༔ མི་གཡོ་མགོན་པོའི་ཐུགས་དམ་བསྐང༔ ཁམས་གསུམ་འཁོར་བའི་སྲིད་འཁོར་གཅོད༔ འཁོར་བ་དོང་སྤྲུགས་ཐུགས་དམ་བསྐང༔ བདུད་བཞིའི་ཚོགས་རྣམས་འཇོམས་མཛད་པའི༔ ཁྲོ་རྒྱལ་རྟ་མགྲིན་ཐུགས་དམ་བསྐང༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ རིག་བྱེད་ལྷ་མོའི་ཐུགས་དམ་བསྐང༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྟེར༔ རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང༔ དུས་གསུམ་སངས་རྒྱས་བསྟན་པ་སྲུང༔ དཔལ་མགོན་ལྕམ་དྲལ་ཐུགས་དམ་བསྐང༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་སྲུང༔ རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང༔ སྒྲུབ་པ་པོ་ཡི་ཕྲིན་ལས་སྒྲུབ༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༔ ཕྱོགས་བཅུའི་བདེར་གཤེགས་སེམས་དཔའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ སྙིང་རྗེ་ཆེན་པོའི་ཆབ་ལས་སྤྲུལ༔ མི་ཏྲ་ཡབ་ཡུམ་ཐུགས་དམ་བསྐང༔ པདྨ་ལ་ནི་བརྫུས་ཏེ་འཁྲུངས༔ པད་འབྱུང་ཡབ་ཡུམ་ཐུགས་དམ་བསྐང༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་འབྱུང༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ ཧཱུྃ༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་སོར་ཆུད་ཅིག༔ ལྟ་བ་སྟོང་པའི་རང་མདངས་ལས༔ སྒོམ་པ་གསལ་བའི་ཉི་མ་ཤར༔ སྤྱོད་པ་རང་བྱུང་ཆར་ཆེན་འབེབ༔ འབྲས་བུ་འཁྲུལ་མེད་བདེན་གཉིས་རྟོགས༔ སྐོང་དང་བསྐང་བའི་ཡུལ་ལས་འདས༔ བློ་འདས་ཆེན་པོའི་ཐུགས་དམ་བསྐང༔ བླ་མས་བདག་ལ་དབང་སྐུར་ཅིག༔ ཡི་དམ་བདག་ལ་དངོས་གྲུབ་སྩོལ༔ མཁའ་འགྲོ་ཕྲིན་ལས་མྱུར་དུ་སྒྲུབས༔ དམ་ཅན་གཏེར་བདག་དམ་ལ་དགོངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཚོགས་ཀྱི་ཕུད་ནམ་མཁར་འབུལ་ལ༔ ཧོ༔ བླ་མ་མི་ཏྲ་ཛོ་ཀི་ཡུམ་ལྷའི་མཁའ་འགྲོ་སོགས་རྩ་བ་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ༔ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་སྲས་བཅས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ༔ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ་ལོ༔ ཡི་དམ་དབང་དྲག་རྟ་མཆོག་ཡབ་ཡུམ་སྤྲུལ་འཁོར་དང་བཅས་པ་མ་ལུས་པ་ལུས་པ་མེད་པའི་ཞལ་དུ༔ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ་ལོ༔ ལྷ་མོ་རིག་བྱེད་མ༔ ཁྲོ་མོ་ཨེ་ཀ་ཙཱ་ཏི༔ རྡོ་རྗེ་རྣལ་འབྱོར་མ་ལ་སོགས་རིགས་བཞིའི་མཁའ་འགྲོ་དཔའ་བོ་ཡེ་ཤེས་དང་ལས་ལ་གྲུབ་པ་རྣམས་ཀྱི་ཞལ་དུ༔ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ་ལོ༔ དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་ཆོས་སྐྱོང་ཕོ་རྒྱུད༔ དབྱིངས་ཀྱི་མ་མོ་ལ་སོགས་ལྷ་མོ་མོ་རྒྱུད་ཀྱི་ལྷ་ཚོགས་དམ་ཅན་སྲུང་མ་རྣམས་ཀྱི་ཞལ་དུ༔ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ་ལོ༔ གནོད་སྦྱིན་ནོར་གྱི་བདག་པོ་རྣམ་ཐོས་སྲས༔ ཡུམ་ནོར་རྒྱུན་མ༔ སྲས་ཆུ་གཏེར༔ ཚོགས་བདག་དཀར་དམར༔ གཞན་གྱིས་མི་ཐུབ་པ༔ ལས་བྱེད་རྣམ་ཐོས་སྲས༔ རྟ་བདག་བརྒྱད༔ བདུད་མོ་བཞི༔ སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ཞལ་དུ༔ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ་ལོ༔ དུས་གསུམ་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་མ་ལུས་པ་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ་ལོ༔ ཞེས་བསྟབས་པའི་ཚུལ་དུ་རོལ་པར་བསམ་མོ༔ དེ་ནས་ནང་རང་ལུས་དཀྱིལ་འཁོར་ལ་ཚོགས་འབུལ་ཞིང་དྲང་བ་ནི༔ ལས་སློབ་ཀྱིས་ཐབས་ཤེས་ཀྱི་རྫས་སློབ་དཔོན་གྱི་དྲུང་དུ་བཏེག་ལ༔ ཨེ་མ་ཧོ༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་ཆེ༔ ངོ་མཚར་རྨད་བྱུང་ཐབས་ཆེན་པོ༔ བདེ་བ་ཆེན་པོའི་ལོངས་སྤྱོད་འདི༔ ཆོས་དབྱིངས་ངང་དུ་བཞེས་སུ་གསོལ༔ ས་མ་ཡ་པཱུ་ཙ་ཧོ༔ རྡོ་རྗེ་སློབ་དཔོན་ཆེན་པོས་ལན་འདེབས་པ་ནི༔ ཨེ་མ་ཧོ༔ སྣ་ཚོགས་སྟོབས་འབྱོར་ཚོགས་མཆོད་ལ༔ རྣམ་རྟོག་གཅོད་པའི་འཁོར་ལོ་སྟེ༔ བདེ་ཆེན་དངོས་གྲུབ་ལོངས་སྤྱོད་འདི༔ ཡེ་ཤེས་ཆེན་པོས་རོལ་པར་བྱ༔ ཨ་ལ་ལ་སིདྡྷི་ཧོ༔ ཞེས་ལུས་ལྷའི་དཀྱིལ་འཁོར་དུ་དམིགས་ལ་རོལ་ལོ༔ ྀཨཚ༔ གྷུ་ཧྱ༔ ཟབ་རྒྱ༔ དེ་ནས་སྐབས་འདིར་ཚོགས་ཀྱི་བསྙེན་པ་བྱེད་པ་ནི༔ གུ་རུ་མི་ཏྲའི་ཐུགས་ཀར་སྔགས་འདི་འཁོར་བར་བསམ་ལ༔ ཨོཾ་ཨཱཿཧཱུྃ་གུ་རུ་མི་ཏྲ་ཨཱ་ནན་ཏ་ཛོ་ཀི་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཐུགས་ཀར་གུ་རུ་བསྒོམ༔ དེའི་ཐུགས་ཀའི་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་ཀྱི་མཐའ་མར་སྔགས་ཕྲེང་འཁོར་བར་བསམ་ལ་མོས་གུས་བྱའོ༔ ཞག་བདུན་གྱིས་འགྲུབ་བོ༔ ཡང་ན་ཡི་གེ་དྲུག་པ་ཁོ་ན་བསྙེན་ནོ༔ བསྟོད་པ་ནི༔ ཧཱུྃ༔ རྡོ་རྗེའི་སྐུ་མཆོག་གཟི་བརྗིད་དཔལ་དང་ལྡན༔ བརྗོད་མེད་དོན་གྱི་བསྟན་པས་འགྲོ་བ་སྨིན༔ ཟབ་ཅིང་སྤྲོས་བྲལ་ཏིང་འཛིན་གཡོ་བ་མེད༔ ཐུགས་རྗེ་ཆེན་པོ་མི་ཏྲ་ཛོ་ཀིར་བསྟོད༔ ཧཱུྃ༔ རྡོ་རྗེའི་ཏིང་འཛིན་མཎྜལ་མི་གཡོ་འཛིན༔ འབྱུང་བ་དབང་འདུས་མེ་ཆུའི་གནོད་པ་མེད༔ རྫུ་འཕྲུལ་མཐུ་ལྡན་ནམ་མཁའི་ལམ་ལ་བྱོན༔ མུ་སྟེགས་བདུད་ཀྱི་ཚོགས་ཀྱིས་གཞོམ་མེད་པ༔ འཆི་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱས་པར་འདོད་ན་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་བསྟོད་པ་རྒྱས་བསྡུས་གང་རིགས་བྱའོ༔ དེ་ནས་ཚོགས་ཀྱི་ལྷག་མ་བྱ་བ་ནི༔ ལྷག་མ་བདུད་རྩིས་བྲན༔ ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས་ལ༔ ཧཱུྃ༔ འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཡི༔ ཕྱི་འཁོར་སྐྱོང་བའི་སྲུང་མ་དམ་ཚིག་ཅན༔ ཡེ་ཤེས་ལས་ལས་གྲུབ་པའི་ཕོ་ཉའི་ཚོགས༔ རྒྱལ་ཆེན་བཞི་དང་གཙང་རིས་མགོན་པོ་དང༔ གནོད་སྦྱིན་ནོར་ལྷ་དཔལ་མགོན་དམ་ཅན་ཚོགས༔ ལྷག་ལ་དབང་བའི་སྲུང་མ་ཚུར་ལ་བྱོན༔ དམ་རྫས་བདུད་རྩི་ལྷག་མའི་གཏོར་མ་འདི༔ ཕར་ལ་བསྟབ་བོ་དམ་ཚིག་ཆེར་དགོངས་ལ༔ དམ་ཉམས་ལོག་པར་ལྟ་བའི་དགྲ་དང་བགེགས༔ བྱང་ཆུབ་སྒྲུབ་ལ་བར་ཆད་བྱེད་པ་དང༔ མཐའ་ཡི་དམག་དཔུང་འགོང་པོའི་གནོད་པ་དང༔ བྱུར་དང་ལྟས་ངན་མ་ལུས་མེད་པར་མཛོད༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བསྐུལ་གཏང་ཞིང་ཆད་མདོ་བསྒྲག་པ་ནི༔ ཧཱུྃ༔ གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ནས༔ བསྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས་འཛིན༔ ས་བཅུ་རྒྱུན་བཞུགས་བྱང་ཆུབ་སེམས་དཔའི་སྐུར༔ བཞུགས་མཛད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག༔ ཡབ་ཡུམ་སྲས་བཅས་ཐུགས་དམ་ཐུགས་བསྐྱེད་པའི༔ བྱང་ཆུབ་ལམ་མཆོག་འབྱོངས་པའི་དུས་ལ་བབ༔ འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི༔ འགྲོ་དྲུག་ལས་ངན་འཁོར་བའི་རྒྱུན་ཆོད་ལ༔ བདེ་ཆེན་ཐར་པའི་དབྱིངས་སུ་གྲོལ་བར་མཛོད༔ ཚེ་དཔག་མེད་པས་དུས་མིན་རྐྱེན་ལས་ཟློག༔ མི་གཡོ་མགོན་པོས་འཆི་བདག་གཤིན་རྗེ་ཟློག༔ འཁོར་བ་དོང་སྤྲུགས་སྲིད་པའི་ལས་ངན་ཆོད༔ སྤྱན་རས་གཟིགས་ཀྱིས་རིགས་དྲུག་བདེ་བ་སྤོར༔ རྟ་མགྲིན་རྒྱལ་པོས་རྒྱལ་བསེན་དམ་སྲི་ཐུལ༔ རིག་བྱེད་ལྷ་མོས་སྣང་སྲིད་བརྟན་གཡོ་སྡུས༔ གནོད་སྦྱིན་ཆེན་པོས་དགོས་འདོད་ཆར་པ་ཕོབས༔ མ་ཧཱ་ཀཱ་ལས་བསྟན་དགྲ་རྡུལ་དུ་རློགས༔ རྒྱལ་ཆེན་སྡེ་བཞིས་དཀྱིལ་འཁོར་བར་ཆད་ཟློག༔ དཔལ་མགོན་བདུན་ཅུ་སྲུང་མ་མ་ལུས་པས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་གྱིས༔ ཧཱུྃ་མེ་པད་ཎི་མ་ཨོཾ་ཕཊ༔ ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་འདས་པ་བསྐལ་པའི་དང་པོ་ལ༔ འཕགས་པའི་ཐུགས་བསྐྱེད་རྨད་དུ་བྱུང་བའི་དུས༔ འོད་དཔག་མེད་པའི་སྤྱན་སྔར་ཐུགས་བསྐྱེད་ཚེ༔ ངལ་བའི་སེམས་ལ་མཉམ་པར་བཞག་པའི་དུས༔ སྐུ་ཡི་དཀྱིལ་འཁོར་ཕྱག་སྟོང་སྤྱན་སྟོང་སྤྲུལ༔ འཁོར་བ་མ་ལུས་ཀ་ནས་དག་པའི་ཚེ༔ སྲིད་པ་འཛིན་པའི་ལྷ་རིགས་མ་ལུས་ཀུན༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་བའི་ཚེ༔ སྲིད་གསུམ་གཏོར་མར་ལེན་པར་མ་ཆད་དམ༔ འཁྲུལ་པའི་སྣང་བ་བཟློག་པར་མ་ཆད་དམ༔ བྱང་ཆུབ་ལམ་གྱི་བར་ཆད་ཞི་བའི་ཕྱིར༔ བསྐྱེད་རིམ་སྣང་སྲིད་གཏོར་མ་འདི་བཞེས་ལ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད༔ དེ་འོག་བསྐལ་པའི་བར་མ་སྲིད་འཛིན་ཚེ༔ ཐུགས་རྗེ་ཆེན་པོ་ཆོས་རྒྱལ་དྲི་མེད་ཀྱིས༔ ཆོས་དང་ཟང་ཟིང་དབུལ་འཇོམས་སྦྱིན་བཏང་ནས༔ བདུད་རི་བྱ་རོག་ནག་པོའི་རྩ་བ་རུ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལུས་ལ་བཀོད༔ བྱང་ཆུབ་སེམས་ཀྱི་ཕྲིན་ལས་འགྱེད་པའི་ཚེ༔ བདུད་དང་འབྱུང་པོ་ཤ་ཟ་ཡི་དྭགས་རྣམས༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་བྱས་ནས༔ ཕུང་ཁམས་གཏོར་མ་ལེན་པར་མ་ཆད་དམ༔ ཆགས་འཛིན་བར་ཆད་བཟློག་པར་མ་ཆད་དམ༔ སྙིང་རྗེའི་ལམ་གྱི་བར་ཆད་ཞི་བའི་ཕྱིར༔ ཚད་མེད་བཞི་ཡི་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་སེམས་མཆོག་འབྱོང་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་བསྐལ་པ་སྙིགས་པར་གྱུར་པའི་ཚེ༔ ཐུབ་དབང་འདས་ནས་བདུད་ཀྱིས་འཚེ་བའི་དུས༔ ཐུགས་རྗེ་ཆེན་པོ་མི་ཏྲ་ཛོ་ཀི་ཡིས༔ ལྷ་དང་མཁའ་འགྲོས་ལུང་བསྟན་ཇི་བཞིན་དུ༔ ཨོ་རྒྱན་ཀ་རུའི་ནགས་ཁྲོད་མཆོད་རྟེན་ནས༔ ཐུགས་རྗེ་ཆེན་པོའི་མན་ངག་གཏེར་ནས་བཏོན༔ བསམ་གཏན་གནས་ལུགས་གསུམ་ལ་བཞུགས་པའི་ཚེ༔ གཏེར་སྲུང་དམ་ཅན་སྲུང་མ་མགོན་པོ་ཐམས་ཅད་ཀྱིས༔ རང་རང་གཟུགས་བསྟན་སྲོག་སྙིང་ཕུལ་བའི་ཚེ༔ དམ་རྫས་གཏོར་མ་ལེན་པར་མ་ཆད་དམ༔ བྱང་ཆུབ་བར་ཆད་བཟློག་པར་མ་ཆད་དམ༔ བྱང་ཆུབ་ལམ་གྱི་བར་ཆད་ཞི་བའི་ཕྱིར༔ བྱིན་བརླབས་སྔགས་ཀྱི་གཏོར་མ་འདི་བཞེས་ལ༔ སྒྲུབ་པ་པོ་ཡི་རྐྱེན་ཟློག་ཕྲིན་ལས་སྒྲུབས༔ ཧཱུྃ༔ དེ་འོག་ད་དུས་རྩོད་པའི་དུས་ཀྱི་ཚེ༔ བོད་ཡུལ་སངས་རྒྱས་བསྟན་པ་སྤེལ་བའི་ཕྱིར༔ ཨོ་རྒྱན་དགེ་སློང་པདྨ་སམྦྷ་ཝས༔ བོད་དུ་ཞི་རྒྱས་དབང་དྲག་དགོངས་པ་མཛད༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བོད་ཡུལ་ལྷ་དང་སྲུང་མ་བརྟན་མའི་ཚོགས༔ སོ་སོའི་གཟུགས་བསྟན་སྲོག་སྙིང་ཕུལ་བྱས་ནས༔ འབྲུ་བཅུད་གཏོར་མ་ལེན་པར་མ་ཆད་དམ༔ བསྟན་དགྲ་དམ་ཉམས་ཟློག་པར་མ་ཆད་དམ༔ འཕགས་པའི་བསྟན་པ་རིན་ཆེན་རྒྱས་པའི་ཕྱིར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཁྱད་པར་མི་ཏྲས་དམ་ལ་བཏགས་པ་ཡི༔ གནོད་སྦྱིན་མིང་སྲིང་དམ་རྫས་གཏོར་མ་བཞེས༔ ཐུགས་རྗེ་ཆེན་པོའི་བསྟན་པ་སྐྱོང་བ་དང༔ བསྟན་འཛིན་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་པའི༔ ཕྲིན་ལས་སྒྲུབས་ལ་མི་མཐུན་འཚེ་བ་ཟློག༔ རུ་ཏྲ་ཁ་ལ་ཁ་ཚེ་བྷ་ལིཾ་ཏ་ཁཱ་ཧི༔ དེ་ནས་བོད་ཀྱི་བརྟན་མ་ལ་ཕྲིན་ལས་བཅོལ་བ་ནི༔ གསེར་སྐྱེམས་དང་བཅས་ཏེ༔ བྷྱོ༔ དམ་ཚིག་ཅན་གྱི་དགེ་བསྙེན་མ༔ ཚུར་གཤེགས་ཚུར་བྱོན་དམ་ལ་འདུ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཁྱེད་རྣམས་དམ་ལ་བཏགས་བྱས་ཏེ༔ དམ་ཚིག་གཉན་གྱི་སྲུང་མར་བསྐོས༔ ཁྱེད་རྣམས་བཀའ་ལ་བཏགས་བྱས་ནས༔ བཀའ་ཡི་སྲུང་མར་གཉེར་དུ་གཏད༔ བདུད་མོ་བཞི་ཡི་གཟུགས་བསྟན་ནས༔ འདིར་བྱོན་ཤ་ཁྲག་གཏོར་མ་ལོངས༔ བསྟན་དགྲ་ཐལ་བའི་རྡུལ་དུ་རློགས༔ གནོད་སྦྱིན་བཞི་ཡི་གཟུགས་བསྟན་ནས༔ འདིར་བྱོན་བཤོས་བུ་དམ་རྫས་ལོངས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྨན་མོ་བཞི་ཡི་གཟུགས་བསྟན་ནས༔ འདིར་བྱོན་གསེར་སྐྱེམས་ཕྱེ་མར་ལོངས༔ རྣལ་འབྱོར་པ་ལ་མངོན་ཤེས་སྒྲོགས༔ སློབ་དཔོན་པདྨའི་བཀའ་མ་འདའ༔ སྒྲུབ་པ་པོ་ཡི་ཕྲིན་ལས་སྒྲུབས༔ ཆོས་བྱེད་སྐྱེས་བུའི་སྟོངས་གྲོགས་མཛོད༔ ཆོས་མིན་སྤྱོད་རྣམས་སྨ་ཕོབས་ལ༔ ཐུགས་རྗེ་ཆེན་པོའི་བསྟན་པ་སྤེལ༔ ས་མ་ཡ༔་་་དམ་ཚིག །མ་མཱ༔་་་བདུད་མོ་བཞི། ལ་ལཱ༔་་་གནོད་སྦྱིན། ལེ་ལེ༔་་་སྨན་མོ། ཨི་དཾ་བྷ་ལིཾ་ཏ་ཁཱ་ཧི༔་་་གཏོར་མ་ཟོ་ཟོ། གཏོར་བྲོ་ནི༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་རང་བཞིན་ལ༔ སྟོང་བདག་མེད་ཅིང་གཏིང་མཐའ་མེད༔ གཏིང་མེད་ཟབ་པའི་ཧོམ་ཁུང་དུ༔ རྣམ་རྟོག་བགེགས་དང་དགྲ་ཡི་གཟུགས༔ སྙིང་རྗེའི་ཞགས་པས་འཆིངས་བྱས་ནས༔ བྱམས་པའི་ལྕགས་ཀྱུས་བཟུང་ནས་ཁྲིད༔ དགའ་བའི་ལྕགས་སྒྲོག་དྲྭ་བར་བཙུད༔ བཏང་སྙོམས་དྲིལ་བུས་མྱོས་གྱུར་ནས༔ ཡེ་ཤེས་ལྔ་ཡིས་རྒྱས་གདབ་ནས༔ སྣང་སྲིད་རིགས་ལྔའི་བྲོ་བརྡུངས་ནས༔ བྱང་ཆུབ་སེམས་ཀྱི་དབྱིངས་སུ་སྦ༔ བྷོ་དྷི་ཙིཏྟ་སཏྭཾ་བྷ་ཡ་ནན༔ ཞེས་བཤགས་པ་སོགས་རྗེས་ཆོག་རྣམས་ལས་བྱང་ལྟར་བྱའོ༔ ཚོགས་མཆོད་ཀྱི་རིམ་པ་རྫོགས་སོ༔ ྈྈ རྒྱ་རྒྱ་རྒྱ༔ གྷུ་ཧྱ༔ ྀཨཚ༔ ཟབ་རྒྱ༔ བདག་སྟག་ཤམ་པས་འདོང་ཆུའི་གཙུག་ལག་ཁང་ནས་གདན་དྲངས་པའོ། །མངྒ་ལཾ།། །།
རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་རྒྱུན་གྱི་ཕྲིན་ལས་རྣམ་རོལ་སྙིང་པོ་ (Volume 31, Text 36)
༄༅། །རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་རྒྱུན་གྱི་ཕྲིན་ལས་རྣམ་རོལ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། མི་གནས་ཡེ་ཤེས་ཆོས་ཀྱི་སྐུ །སྲིད་པ་རྡོ་རྗེར་གྲུབ་དེ་ལ། །བཏུད་ནས་ཕྲིན་ལས་ལམ་ཁྱེར་ནི། །གོང་མའི་བཞེད་པ་རབ་གསལ་བྱ། །གཏེར་ཆེན་རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་ཆེད་དུ་བྱ་བའི་སྐབས་རང་གཞུང་དང་སྔ་ཕྱིའི་ཟིན་བྲིས་རྣམས་ཀྱི་དོན་ལྟར་གཏེར་གཞུང་སོར་བཞག་གི་སྒྲུབ་ཐབས་དང་ལས་བྱང་བསྡེབ་དགོས་ལ། རྒྱུན་ཁྱེར་དང་། དོན་དབང་གི་དབང་སྒྲུབ་སོགས་སྤྲོས་པ་རྒྱས་པ་མི་འཁྱོངས་པའི་སྐབས། སངས་གླིང་ཕུར་པའི་ཕྲིན་ལས་ལམ་ཁྱེར་བསྡུས་པ་ལ་མངོན་རྟོགས་ཚིགས་བཅད་ཆགས་མེད་རིན་པོ་ཆེས་ཉུང་ངུར་བཙུད་པ་ཉིད་སྟབས་བདེ་བར་སྣང་བས་དེ་ལྟར་ན། ཐོག་མར་སྐྱབས་སེམས་ནི། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། མཚམས་གཅོད་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་གཞལ་ཡས་ཆེན་པོ་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་ཡང་མེད༔ དེ་ལྟར་ཡེ་ནས་གསལ་བར་རབ་རྟོགས་པས༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ བཤགས་པ་ནི། ཧཱུྃ༔ བརྡལ་ཁྱབ་ཀ་དག་ཡང་དག་ལྷུན་འབྱམས་ལ༔ བཤགས་དང་བཤགས་བྱའི་མཚན་མ་རང་སར་གྲོལ༔ འོན་ཀྱང་མ་རིག་གཟུང་འཛིན་འཁྲུལ་སྲིད་ན༔ རང་བྱུང་སྤྲུལ་པའི་ལྷ་ཚོགས་རྣམས་ལ་བཤགས༔ ས་མ་ཡ་ཨ་ཨ༔ མཆོད་པ་བྱིན་བརླབ་ནི། གདོད་ནས་རང་བྱུང་རྣམ་དག་བདུད་རྩི་མཆོག༔ རྒྱུ་དྲུག་དབྱིངས་སུ་བསྒྲལ་པའི་དམར་ཆེན་པོ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིཾ་ཏ༔ རྣམ་གསུམ་འཛད་མེད་བཅུད་ཆེན་ཨཱོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ། དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ སྣང་བའི་དངོས་པོ་སྣ་ཚོགས་གཞལ་ཡས་ཁང༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ན༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ རང་སྣང་ཡེ་ཤེས་ལས་གྲུབ་པའི༔ གཞལ་ཡས་ཁང་དབུས་པདྨ་དང༔ ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་འཛིན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་ཏེ༔ གཡས་པས་ཨུཏྤལ་མགུལ་ནས་འཁྱུད༔ གཡོན་པས་དུང་དམར་ཡབ་ལ་སྟོབ༔ དཔྲལ་བར་ཧཱུྃ་ཀཱར་ཡབ་ཡུམ་སྔོ༔ མགྲིན་པར་རྟ་མགྲིན་ཡབ་ཡུམ་དམར༔ ཐུགས་ཀར་གཤིན་རྗེ་ཡབ་ཡུམ་སྔོ༔ ལྟེ་གོང་བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་སེར༔ ལྟེ་བར་མི་གཡོ་ཡབ་ཡུམ་ལྗང་ནག༔ གསང་གནས་སྟོབས་ཆེན་ཡབ་ཡུམ་སྔོ༔ དཔུང་གཡས་རྣམ་རྒྱལ་ཡབ་ཡུམ་དཀར༔ དཔུང་གཡོན་དབྱུག་སྔོན་ཡབ་ཡུམ་སྔོ༔ བརླ་གཡས་འདོད་རྒྱལ་ཡབ་ཡུམ་དམར་སྐྱ༔ བརླ་གཡོོན་ཁམས་གསུམ་ཡབ་ཡུམ་སེར་ནག༔ ཕྱོགས་བཞིར་རིགས་བཞི་རྩིབས་བཅུ་ལ༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་བཅས༔ དེ་ལྟར་ཁྲོ་བོ་ཉེར་བཞི་རྣམས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ རྡོ་རྗེའི་གཤོག་པ་དུར་ཁྲོད་ཆས༔ རང་རྟགས་མཚོན་ཆ་སྣ་ཚོགས་འཛིན༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ དཀྱིལ་འཁོར་མུ་རན་ཁོར་ཡུག་ཏུ༔ སྲས་དང་སྤྲུལ་པ་བཀའ་སྡོད་བཅས༔ བདག་ཉིད་ཤྭ་ན་ས་བདག་དང༔ བསེ་ལྕགས་དུང་གི་སྐྱེས་བུའི་ཚོགས༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང༔ སེམས་དཔའ་ཚོན་གང་ཕུར་པ་འདྲིལ༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང༔ གསེར་གྱི་རྡོ་རྗེ་ནས་འབྲས་ཙམ༔ ལྟེ་བར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ ལྷ་རྣམས་རང་རང་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་པ་ཡིས༔ དབང་རྟགས་དོན་ཡོད་གྲུབ་པས་བརྒྱན༔ ཨཱོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ རང་དང་ཐུགས་ཀའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ཡང༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བ་དང༔ ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་མཆོད་འབུལ་བ་ནི། ཧཱུྃ༔ ལྷན་ཅིག་སྐྱེས་སྦྱར་ཕྱི་ནང་གསང་བཀོད་པའི༔ མཆོད་པ་རྣམ་མང་དངོས་འབྱོར་ཡིད་སྤྲུལ་པ༔ རང་བྱུང་སྤྲུལ་པའི་ལྷ་ལ་མཆོད་པར་འབུལ༔ གཉིས་མེད་བླང་དོར་མེད་པར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ ཉོན་མོངས་མཁའ་དབྱིངས་གསང་བའི་རཀྟ་མཆོག༔ བཅུད་ཆེན་རྫས་མཆོག་གཏོར་མར་བཅས་ཏེ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ གཏི་མུག་ཤ་ཡི་རང་བཞིན་རི་ལྟར་བསྙིལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས༔ ཞེ་སྡང་རུས་པའི་ཕུང་པོར་བཅས་པ་རྣམས༔ རྡོ་རྗེ་སྲིན་པོ་འཁོར་དང་བཅས་ལ་འབུལ༔ ཨཱོཾ་ཨཱཿཧཱུྃ༔ དེ་ནས་བསྟོད་པ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ རང་བཞིན་དབྱིངས་ལས་ཤར་བའི་ཁྲོ་མོ་བཅུ༔ སྤྲུལ་པ་ལས་ལ་མངགས་པའི་ཁྲ་ཐབས་ཚོགས༔ ཟ་གསོད་མཆེ་བ་རྟགས་ཀྱི་གཤོག་པ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང༔ བསེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་པ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཅན་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད་པར་བགྱི༔ ཁྱེད་ཀྱི་ཐུགས་རྗེའི་ཐུགས་དམ་དུས་ལ་བབས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཛཔ྄་བཟླ་བ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ འཁོར་ལོ་རྒྱས་འདེབས་ཀློང་ནས་ཁྲོ་གར་མཛད༔ གྲགས་སྟོང་སྔགས་ཀྱི་ཛཔ྄་དབྱངས་འབྲུག་སྒྲ་སྒྲོག༔ ཐུགས་དམ་དབྱིངས་ནས་མ་འགྲུབ་བར་དུ་བསྒྲུབ༔ བདག་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྩ་གསུམ་ལྷའི་ཐུགས་དམ་གནད་ནས་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་རྣམ་པར་ཆར་བབ་པ་ལྟར་བྱོན། རང་གི་གནས་གསུམ་དུ་བར་མ་ཆད་པར་ཐིམ། ཡང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་སིབ་སིབ་བྱོན་ཏེ་རང་ལ་ཐིམ་པར་མོས་པ་དང་། ལུས་དཀྱིལ་གྱི་ལྷ་དང་གཞན་ཡང་རྩ་གནས་ཀྱི་ལྷ་ཡབ་ཡུམ་ཏིལ་གོང་ཁ་ཕྱེ་བ་ལྟ་བུ་རྣམས་དང་། དཀྱིལ་འཁོར་པ་རྣམས་ཀྱིས་སྔགས་སྒྲ་བུང་བ་ཚང་ཞིག་པ་ལྟར་བཟླ་བར་མོས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཱཾ་བཾ་ཧཱུྃ་ཕཊ༔ ཅེས་བཟླ་བ་ནི་བསྙེན་པའོ། །སྔགས་ཕྲེང་ལས་འོད་ཟེར་དང་སྔགས་ཕྲེང་གཉིས་པ་འཕྲོས་ཡབ་ཞལ་ཡུམ་ཞལ་བརྒྱུད། ཡུམ་གྱི་འཁོར་ལོ་བཞིའི་དཔའ་བོ་ཌཱ་ཀི་དཔག་ཏུ་མེད་པས་སྔགས་ཀྱི་རང་སྒྲ་སྒྲོག་པས་རྒྱུད་བསྐུལ། ཡུམ་གྱི་གསང་བ་ནས་ཡབ་ཀྱི་རྡོ་རྗེར་ཞུགས། རང་གི་རྩ་གནས་ལྷ་ཡིས་སྔགས་སྒྲ་སྒྲོག །སྔགས་ཕྲེང་ཐུགས་ཀར་ཐིམ་པ་བར་མ་ཆད་དུ་བསྒོམ་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མརྟན་ཡེ་སརྦ་བིགྣཱཾ་བཾ་ཧཱུྃ་ཕཊ༔ ཅེས་བཟླ་བ་སྒྲུབ་པ་ལས་སྦྱོར་གཅིག་དྲིལ་ལོ། །མདུན་བསྐྱེད་སྒྲུབ་དགོས་པའི་ཚེ་ཐོག་མ་ནས་ཛཔ྄་ཁང་དབྱེ་ཞིང་འོད་ཟེར་སྤྲོ་བསྡུ་སོ་སོར་བྱ། སྔགས་ཕྲེང་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དང་ལྟེ་བའམ་སྦྱོར་མཚམས་བརྒྱུད་པའི་དོ་ལིའི་བཟླས་པ་བྱ། མཐར་དེ་ལས་འོད་ཟེར་དཀར་སེར་དམར་ལྗང་སྤྲོས་པས་ཕྲིན་ལས་བཞི་སྒྲུབ་པར་དམིགས་པ་ནི་ལས་ལ་སྦྱོར་བའོ། །ཐུན་མཐར་སྟོང་ཚིགས་སྤྱི་ལྟར་བྱ། ཚོགས་མཆོད་འབུལ་ན། ཚོགས་ཀྱི་ཡོ་བྱད་བདུད་རྩིས་བྲན་ལ། ཨཱོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ཡ་ཧཱུྃ་ཕཊ༔ ཚོགས་གཞོང་རིན་པོ་ཆེའི་མཆོད་སྡོང་འདབ་མ་སྟོང་ལྡན་གྱི་སྙིང་པོར་ཚོགས་རྫས་རྣམས་ཉི་ཟླ་པདྨ་ལ་གནས་པའི་ཧཱུྃ་མཐིང་ནག་འབར་བ། དེ་ལས་རཾ་ཡཾ་ཁཾ་བྱུང་སྟེ་མ་དག་པའི་དངོས་པོ་བསྲེགས་གཏོར་བཀྲུས། ཧཱུྃ་མཱུཾ། ཨོཾ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ། རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཞེས་སྤྱན་དྲང་། ཨཱོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་གསང་བར་ཡོངས་བཀོད་པའི༔ ལོངས་སྤྱོད་ག་ཎ་ཙཀྲར་བྱིན་བརླབས་པ༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས་པ་དང༔ ཁྲོ་བཅུ་ཡབ་ཡུམ་ཕུར་སྲུང་བཅས་ལ་འབུལ༔ ཐུགས་དམ་དབྱིངས་སུ་བསྐང་ཕྱིར་བཞེས་སུ་གསོལ༔ ག་ཎ་ཙཀྲ་མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ ཞེས་ཚོགས་ཕུད་འབུལ། ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ སྣང་བ་ཡབ་ཀྱི་ཐུགས་དམ་བསྐང༔ སྟོང་པ་ཡུམ་གྱི་ཐུགས་དམ་བསྐང༔ གཉིས་མེད་རོལ་པ་ཆེན་པོས་བསྐང༔ ཧཱུྃ༔ བདག་ནི་ཡེ་ནས་རང་བྱུང་རིག་རྩལ་ངང༔ འཁྲུལ་མེད་རྟོག་བྲལ་ཉམས་ཆག་རང་སར་གྲོལ༔ སྣང་སེམས་འཛིན་པ་ཞུགས་ན་དབྱིངས་སུ་བཤགས༔ ཞེས་བསྐངས་ཤིང་བཤགས། ཚོགས་ཐ་མ་ལ་དམིགས་ཏེ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོ༔ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ཅེས་འགུགས། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱོད་ཀྱི་དམ་ཚིག་དུས༴ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཅེས་བསྐུལ་ཞིང་ཕུར་བུ་སོགས་མཚོན་གྱིས་གདབ་ལ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་དམ་སྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་བསྟབ་ནི། ཧཱུྃ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ དགྲ་བགེགས་བསྒྲལ་པའི་ལྔ་ཕུང་འདི༔ དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་དང༔ འཁོར་ཚོགས་སྤྲུལ་པའི་ཞལ་དུ་སྟོབ༔ སྡང་དགྲ་གནོད་བྱེད་འཁོར་བཅས་རྣམས༔ རྡུལ་ཕྲན་ཙམ་ཡང་མེད་པར་རོལ༔ བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ལ་རོལ་ནས་ལྷག་མ། ཨཱོཾ་བཛྲ་ཨ་མྲྀཏ་ཨུཙྪིཥྚ་ཡ་ཧཱུྃ་ཕཊ༔ ཀྱིས་བྱིན་བརླབས་ལ། ཧཱུྃ༔ དང་པོ་ཕུད་ཀྱིས་ལྷ་ཚོགས་མཆོད༔ བར་དུ་ཚོགས་ཀྱིས་མཆེད་ལྕམ་བསྐངས༔ ཐ་མ་ལྷག་མའི་གཏོར་མ་འདིས༔ གང་ལ་དབང་བ་ཚིམས་གྱུར་ཅིག༔ ཨཱོཾ་ཨུཙྪིཥྚ་བྷཀྵ་ཁཱ་ཧི༔ ཞེས་ཕྱིར་བཏང་། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་གནད་ནས་སྐུལ༔ རྡོ་རྗེ་གཞོན་ནུ་འཁོར་བཅས་རྣམས༔ ཞི་རྒྱས་དབང་དྲག་ལས་མཛོད་ཅིག༔ ཆད་མདོ་ནི། ཧཱུྃ་བྷྱོ༔ འཇིག་རྟེན་འདས་དང་མ་འདས་པའི༔ བཀའ་ཡི་སྲུང་མ་དམ་ཚིག་ཅན༔ སྔོན་གྱི་ཐ་ཚིག་རྗེས་དགོངས་ལ༔ གཏོར་མ་ལོངས་ཤིག་ཕྲིན་ལས་མཛོད༔ བརྟན་མ་སྐྱོང་བ་ནི། བྷྱོ༔ སྣང་ཞིང་སྲིད་པའི་འཇིག་རྟེན་ན༔ གནས་པའི་བརྟན་སྐྱོང་གནས་འདིར་བྱོན༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ གཏོར་བྲོ་ནི། ཧཱུྃ༔ ཉོན་མོངས་རྒྱུ་དྲུག་རྐྱེན་བཞིའི་ཚོགས༔ མ་རིག་གིས་བསྐྱེད་བག་ཆགས་རྣམས༔ རང་བྱུང་རིག་རྟོགས་རི་རབ་འོག༔ གཞི་རྫོགས་བར་མཚམས་མེད་པར་མནན༔ ཨཱོཾ་ཨཱཿཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ མདུན་བསྐྱེད་དང་འབྲེལ་ན་མཆོད་བསྟོད་མདོར་བསྡུས་བྱ། ནོངས་བཤགས་བརྟན་བཞུགས་སྤྱི་ལྟར་དང་། བསྡུ་རིམ། ཐུགས་རྗེ་ཀུན་ཁྱབ་ལྷ་ཚོགས་རྣམས༔ རང་བཞིན་འོད་ལྔའི་ཀློང་དུ་ཐིམ༔ འོད་ལྔ་ལོངས་སྤྱོད་རྫོགས་གསལ་བ༔ སྣོད་བཅུད་ཆོས་སྐུའི་ཀློང་དུ་འོ༔ བསྔོ་བ་ནི། བདག་གཞན་ལུས་ངག་ཡིད་གསུམ་གྱིས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པ༔ བསྒྱུར་རྫོགས་ཡང་དག་ཆེན་པོར་བསྔོ༔ ངོ་བོ་གཉིས་མེད་འབྲས་ཐོབ་ཤོག༔ བཀྲ་ཤིས་ནི། ཨཱོཾ༔ ཆོས་སྐུ་ཀ་དག་ལྷུན་འབྱམས་བཀྲ་ཤིས་ནི༔ ཨཱཿ ལོངས་སྐུ་རང་བྱུང་འོད་གསལ་ངང་དུ་ཤོག༔ ཧཱུྃ། སྤྲུལ་སྐུ་སྣ་ཚོགས་འགྲོ་འདུལ་བཀྲ་ཤིས་ནི༔ ཧྲཱིཿ ཐབས་མཁས་ཐུགས་རྗེ་སྙིང་རྗེའི་ངང་དུ་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །ཚུལ་འདི་ཆགས་མེད་རིན་པོ་ཆེས་ཛཔ྄་བཟླས་ཡན་ཆད་མཛད་ངེས་པར་སྣང་ཞིང་། དེ་ཕྱིན་གྲོང་སྔགས་པ་མི་མཁས་པ་འདྲས་སྐོང་ཟློག་བསྡུས་པར་མིང་དུ་བཏགས་པའི་བསྒྲིགས་བརྩམས་ནོར་འཁྲུལ་རྒྱ་འབྱམས་ཅན་དུ་སྣང་བས། ཐུགས་ཀྱི་ཉིང་ཁུའི་གཏེར་གཞུང་དངོས་དང་ཆགས་མེད་གསུང་ཡིན་ངེས་རཏྣ་ལུགས་ཀྱི་གསང་སྒྲུབ་རྒྱུན་ཁྱེར་གཙང་མར་བསྡེབས་ཏེ་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིར་པདྨ་གར་དབང་རྩལ་གྱིས་བྲིས་པའོ། །བདུད་འདུལ་རྒྱལ་མོའི་གསུང་གི་གསེར་བཟང་ལ། །གསང་སྒྲུབ་གཡུ་ཡི་ཕྲ་ཚོམ་བསྟར་པ་འདིས། །རིག་འཛིན་གཞོན་ནུ་མཛེས་པའི་མགུལ་རྒྱན་དུ། །གྱུར་ནས་མཆོག་བསྟན་ལང་ཚོ་གསར་བཞད་ཤོག །དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་ཕྱི་སྒྲུབ་དང་འབྲེལ་བའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་པད་དཀར་རྒྱས་པའི་འཛུམ་ཟེར་ (Volume 23, Text 36)
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་ཕྱི་སྒྲུབ་དང་འབྲེལ་བའི་ཕྲིན་ལས་བཀླག་ཆོག་ཏུ་བཀོད་པ་པད་དཀར་རྒྱས་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། བསྐལ་བཟང་རྒྱལ་བའི་སྤྲུལ་གཞི་འཇིག་རྟེན་དབང་། །གངས་ལྗོངས་སྤྲུལ་པའི་སྐུར་བཞེངས་སྲོང་བཙན་སྒམ། །དབྱེར་མེད་བདེ་བ་ཆེན་པོ་པདྨའི་ཞལ། །གཅིག་བསྡུས་འཁོར་ལོའི་མགོན་པོར་གུས་ཕྱག་འཚལ། །གྲུབ་མཆོག་ཀུན་གཙོ་ལས་འཕྲོ་གླིང་། །གང་དེའི་ཟབ་མོའི་གསང་མཛོད་ལས། །བྱོན་པའི་འདོད་སྟེར་ནོར་བུའི་རྒྱལ། །ལས་ཁྲིགས་བྱི་དོར་བྱས་འདིར་བསྙེན། །འདིའི་ཕྲིན་ལས་སྒྲུབ་མཆོད་དབང་བསྐུར་གནས་ལུང་སོགས་དང་སྦྲེལ་བ་ཟབ་གཏེར་སྤྱི་མཐུན་གྱི་ལུགས་སུ་གཏང་བ་དང་། བསྙེན་སྒྲུབ་སྨིན་སློབ་ཀྱི་དབང་དུ་བྱས་པའི་རང་རྐང་བྱེ་བྲག་པ་གཉིས་ལས། སྐབས་འདིར་སྔ་མ་ཉིད་ཉེ་བར་དགོད་པར་བྱ་སྟེ། དེ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ་དབང་བསྐུར་ལྟ་བུར་དེའི་ལུགས་ལྟར་བྱ་དགོས་ལ། སྒྲུབ་མཆོག་དཀྱུས་འགྲེ་ཙམ་ལ་འཕགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཏིང་། མེད་ན་མཎྜལ་ལ་འབྲུའི་ཚོམ་བུ་ལྷ་གྲངས་དང་མཉམ་པ་བཀོད་པའི་མདུན་དུ་གཙང་ཞིང་དག་པའི་མཆོད་གཏོར་ཁ་ཟས་བཟང་དགུས་བརྒྱན་པ་གཅིག་གམ་གསུམ། ཆུ་གཉིས་ཉེར་སྤྱོད། དཀར་མངར་གྱི་ཚོགས་རྫས། སྲུང་མའི་གཏོར་འབུལ། སྔོན་གཏོར་སོགས་འདུ་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ཐོག་མར་བརྒྱུད་པའི་གསོལ་འདེབས་བྱ། དེ་ནས་རྒྱས་པར་སྤྲོ་ན་འདི་ཉིད་ཀྱི་གཞུང་ལས་འབྱུང་བའི་ཆ་གསུམ་གཏང་དགོས་ཀྱང་དཀྱུས་ལ་མི་ལྕོགས་པས་དཀར་གཏོར་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་དགུའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ས་མཱ་ཛཿ ཞེས་མགྲོན་འགུགས། བྷཱུ་མི་པ་ཏི་ས་པ་རི་བཱ་ར་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། ཁྱེད་ལ་གནས་འདི་བདག་གཡར་གྱིས། །ཅི་བདེ་བར་ནི་གཞན་དུ་སོང་། །བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ། གཏོར་མ་ཕྱི་རོལ་དུ་འབུལ་ལོ། །སྔོན་འགྲོ་དངོས་ལ་ལྔ་ཡོད་པའི་དང་པོ་སྐྱབས་སུ་འགྲོ་བ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོའི་འོད་ཟེར་གྱི་སྣང་བས། མདུན་གྱི་ནམ་མཁར་པདྨའི་གདན་ལ་བླ་མ་ཤཱཀྱ་ཐུབ་པ། གཡས་སུ་འཕགས་པ་སྤྱན་རས་གཟིགས། གཡོན་དུ་མཁའ་འགྲོ་གསང་བ་ཡེ་ཤེས་ལ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་གསལ་བར་གྱུར། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་མཆི། །བྱིན་རླབས་རྩ་བ་བླ་མ་དང་། །དངོས་གྲུབ་རྩ་བ་ཡི་དམ་ལྷ། །ཕྲིན་ལས་རྩ་བ་མཁའ་འགྲོ་མ། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །ལྟ་བ་བླ་མེད་ཕྱོགས་མེད་མཐའ་དང་བྲལ། །སྒོམ་པ་བླ་མེད་གསལ་སྟོང་འཛིན་པ་མེད། །སྤྱོད་པ་བླ་མེད་རང་ཤར་རང་གྲོལ་ངང་། །བླ་མེད་ལྟ་སྒོམ་སྤྱོད་ལ་སྐྱབས་སུ་མཆིའོ། །ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། འདི་བཟུང་བླ་མེད་བྱང་ཆུབ་མ་ཐོབ་བར། །སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་གཉིས། །ཟུང་འཇུག་ཐབས་ཤེས་གཉིས་ཀྱི་སྒོ་ནས་ནི། །བྱང་ཆུབ་སེམས་མཆོག་བརྟན་པོར་བསྐྱེད་པར་བགྱི། །ལན་གསུམ། སྐྱབས་ཡུལ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདག་གཞན་སྒོ་གསུམ་གྱི་སྡིག་སྒྲིབ་དག་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྐྱབས་ཡུལ་རྣམས་ཀྱང་མི་དམིགས་པར་བསམ། གསུམ་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། རང་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་གཡས་རྡོ་རྗེའི་བེ་ཅོན་དང་གཡོན་རྡོ་རྗེའི་ཐོ་བ་བསྣམས་ཤིང་ཁྲོ་གཏུམ་བཟོད་པར་དཀའ་བའི་ཆས་ཅན། གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སྔོན་འགྲོའི་གཏོར་མ་བསང་ཆུས་བྲན་ཏེ། རཾ་ཡཾ་ཁཾ༔ བགེགས་གཏོར་མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོར་གྱུར༔ སྲེག་སྦྱོང་གཏོར་བ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དཔག་མེད་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། དེང་འདིར་དཀྱིལ་འཁོར་མཆོད་པས་འབྱུང་པོ་ཀུན༔ གནས་འདིར་མ་འདུག་གཏོར་མས་ཚིམས་གྱིས་ལ༔ རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན༔ ང་ཉིད་དབང་ཆེན་པདྨ་རྟ་སྐད་འཚེར༔ ཁམས་གསུམ་སྲིད་གསུམ་ཀུན་ཀྱང་འདར་ཞིང་སྔངས༔ གདོན་བགེགས་འབྱུང་པོ་མ་ལུས་རྡུལ་དུ་རློག༔ ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན་ཟློག་ཅིག༔ བགེགས་གཏོར་དོར་ལ་ཡུངས་ཐུན་གུ་གུལ་རོལ་མོའི་ཚམ་རྔམ་གྱིས་བགེགས་བསྐྲད། བཞི་པ་སྲུང་འཁོར་ནི། ཧྲཱི༔ རང་ཉིད་དབང་ཆེན་སྐུར་གསལ་ཐུགས་ཀ་ནས༔ འོད་ཟེར་མཚོན་ཆ་ཡིག་འབྲུ་ཁྲོ་ཆུང་འཕྲོས༔ གུར་དང་བླ་བྲེ་དྲྭ་བ་དྲྭ་ཕྱེད་དང༔ ས་གཞི་གདན་དང་གཅལ་བཀྲམ་འོད་དུ་འབར༔ བཛྲ་རཏྣ་རཀྵ་རཀྵ་ཧཱུྃ༔ ལྔ་པ་མཆོད་རྫས་བྱིན་བརླབ་ནི། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་གིས་བསང། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་སོ་སོར་རང་རང་གི་མིང་ཡིག་དང་པོ་ཡོངས་སུ་གྱུར་པ་ལས། མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་བར་བརྗོད་ལ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ་གསུམ། བསོད་ནམས་ཀྱི་ཚོགས་གསག་པ། ཡེ་ཤེས་ཀྱི་ཚོགས་གསག་པ། ཟུང་འབྲེལ་དུ་སྦྱར་བའོ། །དང་པོ་ནི། རང་གི་སྙིང་གར་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་བྱོན་ནས་པད་ཟླའི་གདན་ལ་བཞུུགས་པར་གྱུར། དུས་གསུམ་བཞུགས་པའི་བླ་མ་ཐམས་ཅད་དང་། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྲས་དང་བཅས། །སེམས་ཅན་འཁོར་བའི་སྡུག་བསྔལ་བསལ་བའི་ཕྱིར། །རང་བཞིན་གནས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དམ་པ་བཞེས། །ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །སྡིག་པའི་ལས་རྣམས་ཅི་བགྱིས་སོ་སོར་བཤགས། །སྐྱེ་བོ་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །དུས་གསུམ་དགེ་རྩ་བགྱིས་ལ་རྗེས་ཡི་རང་། །དུས་གསུམ་སངས་རྒྱས་ཞལ་ནས་གསུངས་པ་ཡི། །ཆོས་འཁོར་སེམས་ཅན་རྣམས་ལ་བསྐོར་དུ་གསོལ། །འགྲོ་དོན་མི་མཛད་མྱ་ངན་འདའ་བཞེད་ལ། །འགྲོ་བའི་དོན་དུ་བཞུགས་པར་གསོལ་བ་འདེབས། །བདག་གཞན་དགེ་བའི་རྩ་བ་གང་བསགས་པས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཅེས་ཡན་ལག་བཅུ་པས་ཚོགས་གསག །སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་མཐུན་འདོན་བསྒོམ་དུ་བྱའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ཞེས་པས། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ ཅེས་སྤྲོས་བྲལ་འོད་གསལ་ཆེན་པོའི་དོན་ལ་ཅི་གནས་སུ་མཉམ་པར་བཞག །གསུམ་པ་ཟུང་འབྲེལ་ལ་གསུམ། དཀྱིལ་འཁོར་བསྒོམ་པ། དེ་རྫོགས་བྱེད་ཡན་ལག་གི་བྱ་བ། སྔགས་བཟླ་བའོ། །དང་པོ་ནི། སྟོང་པའི་ངང་ལས་རང་བཞིན་ལྷུན་གྱིས་གྲུབ་པའི་ནམ་མཁའ་མཐའ་ཡས་པའི་སྟེང་ཐམས་ཅད་རྡོ་རྗེའི་གུར༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ལོགས་ཐམས་ཅད་རྡོ་རྗེའི་ར་བ༔ ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་འོད་རབ་ཏུ་གསལ་བའི་ནང་ན༔ ཡི་གེ་བྷྲཱུྃ་སེར་པོ་འོད་དུ་ཞུ་བ་ལས༔ གཞལ་ཡས་ཁང་གྲུ་ཆད་བར་ཁྱམས་སྒོ་བཞི་དང་ལྡན་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་རྩིག་པ་དང་ཕ་གུ་དྲྭ་བ་དྲྭ་ཕྱེད་སྒོ་བཞི་རྟ་བབས་རིམ་པ་བཞིའི་སྟེང་ན་ཆོས་ཀྱི་འཁོར་ལོ་དང༔ གདུགས་དང༔ རི་དྭགས་ལ་སོགས་པའི་རྒྱན་དུ་མས་མཛེས་ཤིང༔ ཕྱི་ནང་ཀུན་ཏུ་གསལ་བའི་སྟེང་འཁོར་ལོ་རྩིབས་སྟོང་ལ་འོག་པདྨ་སྟོང་ལྡན་གྱི་དབུས་སུ་པད་འདབ་བཞི་དང༔ དེའི་ཕྱི་རིམ་ལ་པད་འདབ་བཅུ་གཉིས་ཀྱི་སྟེང་དུ་སྣ་ཚོགས་པདྨ་འདབ་བརྒྱད་རེ་རེ་དང༔ བར་ཁྱམས་དང་སྒོ་བཞི་ལ་པད་རྐྱང་གི་གདན་རྣམས་སུ་གྱུར༔ དེའི་དབུས་སུ་ཨོཾ་བཛྲ་རཏྣ་རཀྵི་མཎྜ་ལ་ཧཱུྃ༔ རིན་པོ་ཆེ་གསེར་གྱི་ས་གཞིའི་གདན༔ ཨོཾ་པདྨ་རཀྵི་མཎྜ་ལ་ཧཱུྃ༔ སྣ་ཚོགས་པདྨའི་གདན༔ ཨ་ཙནྡྲ་རཀྵི་མཎྜ་ལ་ཧཱུྃ༔ ཟླ་བའི་གདན༔ མ་སཱུརྻ་རཀྵི་མཎྜ་ལ་ཧཱུྃ༔ ཉི་མའི་གདན་ཆེན་པོ་བཞི་བརྩེགས་ཀྱི་སྟེང་དུ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བདག་ཉིད་འཕགས་པ་ནམ་མཁའི་རྒྱལ་པོར་ཀྲོང་སྟེ་གྱུར་པ་ནི་སྐུ་བཞེངས་པ༔ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་བཅུ་གཅིག་པ༔ རྩ་བའི་ཕྱག་བཅུ་ཆོས་སྐུའི་ཕྱག་དང༔ ཡན་ལག་གི་ཕྱག་སུམ་ཅུ་སོ་བརྒྱད་ལོངས་སྐུའི་ཕྱག་དང༔ ཉིང་ལག་སྤྲུལ་པའི་ཕྱག་སྟོང་དང་ལྡན་པ༔ རིན་པོ་ཆེའི་རྒྱན་དང་ཡན་ལག་རིགས་བཞིའི་སྦྲུལ་གྱིས་བརྒྱན་པ༔ རི་དྭགས་ཀྱི་པགས་པས་སྟོད་གཡོགས་པ༔ དར་སྣ་ཚོགས་ཀྱི་ཤམ་ཐབས་དཀྲིས་པ༔ པདྨའི་གདན་དང་ལྡན་པ་གཅིག་ཏུ་གྱུར༔ དེ་ཡང་ཞལ་བཅུ་གཅིག་ལ་རྩ་བའི་ཞལ་གསུམ་དཀར་པོ་ཆོས་སྐུ་ཞི་བའི་ཞལ་འཛུམ་པ་དང་ལྡན་པ༔ དེའི་སྟེང་མ་གསུམ་སེར་པོ་ལོངས་སྐུ་རྒྱས་པའི་ཞལ་བཞད་པ༔ དེའི་སྟེང་མ་གཉིས་དམར་སྨུག་དབང་གི་ཞལ་གཙིགས་པ༔ དེའི་སྟེང་མ་གཉིས་སྤྲུལ་སྐུ་མཐིང་ནག་ཁྲོས་པའི་ཞལ་དྲག་པོ་སྤྱན་གསུམ་གསུམ་དང་ལྡན་པའོ༔ སྟེང་ཞལ་དམར་པོ་གཙུག་ཏོར་དང་ལྡན་པ་ནི་རིགས་འཛིན་པའོ༔ ཆོས་སྐུའི་རྩ་ཕྱག་བཅུ་ལ་ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བ༔ དེའི་འོག་མ་གཉིས་ཀྱིས་གཡས་བགྲང་ཕྲེང༔ གཡོན་པདྨ་དཀར་པོ་བསྣམས་པ༔ དེའི་འོག་མ་གཉིས་ཀྱིས་གཡས་འཁོར་ལོ༔ གཡོན་སྤྱི་བླུགས་བསྣམས་པ༔ དེའི་འོག་མ་གཉིས་ཀྱིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང༔ གཡོན་རིན་པོ་ཆེ་བསྣམས་པ༔ དེའི་འོག་མ་གཉིས་ཀྱིས་གཡས་སྤྲུལ་པའི་སྐུ༔ གཡོན་མདའ་གཞུ་བསྣམས་པའོ༔ ལོངས་སྐུ་ཡན་ལག་གི་ཕྱག་སུམ་ཅུ་སོ་བརྒྱད་ལ༔ གཡས་ཀྱི་བཅུ་དགུ་ན༔ རིན་པོ་ཆེ༔ ཞགས་པ༔ ལྷུང་བཟེད༔ རལ་གྲི༔ རྡོ་རྗེ་དང༔ རྒྱ་གྲམ༔ རིན་པོ་ཆེ་མེ་ཤེལ༔ གཞུ་སེར་པོ༔ རིན་པོ་ཆེའི་ལྕུག་མ༔ རྔ་ཡབ༔ ཕུབ༔ བུམ་པ༔ དགྲ་སཏྭ༔ ཕྲེང་བ༔ པདྨ་སྔོན་པོ༔ སྤྱི་བླུགས༔ ཉི་མ༔ པདྨ་དཀར་པོ༔ སྙེ་མ་རྣམས་འཛིན་པའོ༔ གཡོན་གྱི་བཅུ་དགུ་ན༔ སྤྲིན་དཀར་པོ༔ སྤྱི་བླུགས༔ པདྨ་སེར་པོ༔ རལ་གྲི་སྔོན་པོ༔ དུང་དཀར༔ ཐོད་དབྱུག༔ ཕྲེང་བ༔ དྲིལ་བུ༔ རྡོ་རྗེ༔ ལྕགས་ཀྱུ༔ བསིལ་གཡབ༔ སྤྲུལ་སྐུ༔ གཞལ་ཡས་ཁང༔ གླེགས་བམ༔ འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ སྤྲུལ་པའི་གཟུགས༔ རྒུན་འབྲུ༔ པདྨ་དམར་པོ༔ རིན་པོ་ཆེ་ཟུར་བརྒྱད་པ་རྣམས་འཛིན་པའོ༔ ཉིང་ལག་སྤྲུལ་པའི་ཕྱག་སྟོང་དང་རྩ་གཉིས་ནི༔ མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་དེ༔ བསྐལ་བཟང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དང་རྩ་གཉིས་ཀྱིས་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའོ༔ ཕྱག་གི་མཐིལ་ན་སྤྱན་སྟོང་རྩ་གཉིས་ནི༔ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་མཛད་པ་བཅུ་གཉིས་མཐར་ཕྱིན་ནས་འགྲོ་བའི་དོན་ལ་དགོངས་པའོ༔ ཐམས་ཅད་བསྡོམས་པས་ཕྱག་སྟོང་དང་ལྔ་བཅུ་ཐམ་པ༔ ཕྱག་མཚན་བཞི་བཅུ་ཞེ་བདུན་ནོ༔ སྐུ་མདོག་དཀར་པོ་ནི་ཉོན་མོངས་པའི་དྲི་མས་མ་གོས་པའོ༔ དམར་པོའི་མདངས་དང་ལྡན་པ་ནི་འགྲོ་བའི་དོན་ལ་ཆགས་པའོ༔ ཞབས་གཉིས་བཞེང་པ་ནི་འགྲོ་བའི་དོན་ལ་བཞེངས་པའོ༔ ཞལ་བཅུ་གཅིག་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནས་འགྲོ་དོན་ཕྱོགས་མེད་དུ་མཛད་པའོ༔ རྩ་ཕྱག་བཅུ་ནི་ས་བཅུ་རྒྱུན་གྱི་ཐ་མ་ལ་འགྲོ་བ་དྲངས་ནས་རྫོགས་པའི་སངས་རྒྱས་ས་ལ་སྦྱོར་བའོ༔ ཡན་ལག་གི་ཕྱག་སུམ་ཅུ་སོ་བརྒྱད་ནི་འགྲོ་བ་སེམས་ཅན་གྱི་རེ་བ་ཐབས་སྣ་ཚོགས་ཀྱིས་སྐོང་བའོ༔ ཉིང་ལག་སྤྲུལ་སྐུའི་ཕྱག་སྟོང་དང་རྩ་གཉིས་ནི་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་དགོངས་པའོ༔ རིན་པོ་ཆེའི་རྒྱན་ནི་འདོད་ཡོན་མ་སྤངས་ལ་མ་ཞེན་པའོ༔ རི་དྭགས་ཀྱི་པགས་པ་ནི་སྙིང་རྗེའི་རླན་དང་མ་བྲལ་བའོ༔ དར་གྱི་ཤམ་ཐབས་དཀྲིས་པ་ནི་ཆོས་ཀྱི་ངོ་ཚ་དང་ལྡན་པའོ༔ དེ་ཡི་མདུན་དུ་ཧྲཱིཿལས་ལྷ་མོ་ཡི་གེ་དྲུག་མ་སྐུ་མདོག་དཀར་མོ༔ རྩ་ཕྱག་གཉིས་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཀྱི་གཡས་ཤེལ་དཀར་གྱི་ཕྲེང་བ་དང༔ གཡོན་པདྨ་དཀར་པོ་བསྣམས་པ༔ རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་གཙོ་བོ་ལ་འདུད་པའི་ཚུལ་དུ་བཞུགས་པ༔ གཡས་སུ་སྲས་ནོར་བུ་འཛིན་པ་སྐུ་མདོག་དཀར་པོ༔ གཡས་རིན་པོ་ཆེ་དང་གཡོན་ཕྲེང་བ་འཛིན་པ༔ གཡོན་དུ་སྲས་མོ་རིག་སྔགས་འཛིན་མ་དཀར་མོ༔ གཡས་ཤེལ་ཕྲེང་དང་གཡོན་པདྨ་འཛིན་པ༔ རྒྱབ་ཏུ་སངས་རྒྱས་འོད་དཔག་མེད་དམར་པོ་མཉམ་གཞག་སྐྱིལ་ཀྲུང་དུ་བཞུགས་པ༔ དེའི་ཕྱི་རིམ་པད་འདབ་བཅུ་གཉིས་ཀྱི་སྟེང་དུ་རིམ་པ་བཞིན༔ རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་འཛིན་པ༔ མི་བསྐྱོད་པ་སྔོན་པོ་རྡོ་རྗེ་བསྣམས་པ༔ རིན་ཆེན་འབྱུང་གནས་སེར་པོ་རིན་ཆེན་བསྣམས་པ༔ སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས་པ༔ དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་བསྣམས་པ༔ ཐུགས་རྗེ་ཆེན་པོ་དཀར་པོ་པདྨ་བསྣམས་པ༔ སངས་རྒྱས་སྤྱན་མ༔ མཱ་མ་ཀཱི༔ ཀུན་ཏུ་བཟང་མོ༔ གོས་དཀར་མོ༔ སྒྲོལ་མ༔ ཤེས་རབ་ཕར་ཕྱིན་མ༔ དེ་རྣམས་ཐམས་ཅད་ཀྱང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རང་རང་གི་ཡབ་དང་མཐུན་པའོ༔ སྒོ་བཞི་ལ་ཤར་སྒོར་བརྒྱ་བྱིན་དཀར་པོ་པི་ཝང་འཛིན་པ༔ ཐགས་བཟང་རིས་སྔོན་པོ་གོ་ཆ་འཛིན་པ་གཉིས༔ ལྷོ་སྒོར་ཤཱཀ་ཐུབ་སེར་པོ་གསེག་ཤང་འཛིན་པ༔ ནུབ་སྒོར་སེང་གེ་རབ་བརྟན་ནག་པོ་པོ་ཏི་འཛིན་པ་དང༔ ནམ་མཁའ་མཛོད་དམར་པོ་སྒྲོམ་བུ་འཛིན་པ་གཉིས༔ བྱང་སྒོར་ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པའོ༔ ཁྱམས་ལ་དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་ཤིང༔ ཕྱི་རོལ་དུ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ༔ ལྷ་མོ་མོ་རྒྱུད༔ དཀར་ཕྱོགས་སྐྱོང་བའི་སྲུང་མ་དྲག་རྩལ་ཅན་ཐམས་ཅད་ཞལ་གཙོ་བོ་ལ་བསྟན་ནས་འདུད་ཅིང་ལས་ལ་བརྩོན་པའི་སྐུར་གསལ་བར་གྱུར༔ ཅེས་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་བོ། །གཉིས་པ་དེ་རྫོགས་བྱེད་ལ་གསུམ། ཡེ་ཤེས་ཀྱི་འཁོར་ལོ་བསྟིམ་པ། དབང་བསྐུར་བྱིན་རླབས། མཆོད་བསྟོད་འབུལ་བའོ། །དང་པོ་ནི། ལྷ་དེ་རྣམས་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དཀོན་མཆོག་རྣམས་སྤྲིན་འཐིབ་པ་ལྟར་སྤྱན་དྲངས༔ ཧྲཱི༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུར་སྤྲུལ་པ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་བྱོན་པར་བསམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས༔ འགྲོ་བ་སེམས་ཅན་མ་ལུས་དོན་མཛད་ཕྱིར༔ བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ༔ ཐུགས་དམ་དབང་གིས་བཞུགས་ལ་བྱིན་གྱིས་རློབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན། མདུན་གྱི་ནམ་མཁར་བཞུགས་པ་ལ་དམ་ཡེ་ཕར་ཚུར་ཕྱག་དང་ལན་སྟོབ་པར་བསམ་ལ། ཧྲཱིཿ ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང༔ འགྲོ་བའི་དོན་མཛད་ལོངས་སྤྱོད་རྫོགས་སྐུར་བསྟན༔ ཐུགས་རྗེས་ཅིར་ཡང་སྤྲུལ་སྐུས་འགྲོ་དོན་མཛད༔ སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི༔ ཕྱི་ཉེར་སྤྱོད་དང་ནང་འདོད་ཡོན་ལྷ་མོས་ཡེ་ཤེས་པ་ལ་མཆོད་པར་མོས་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ༔ ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར༔ པཱུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཡེ་ཤེས་པའི་སྐུ་གསུང་ཐུགས་མཉེས། ལྷ་མོ་རྣམས་ཚུར་འདུས་ཏེ་བདེ་སྟོང་སྐྱེས་པས་བདག་ཉིད་མཆོད་པར་བསམ་ལ། ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང༔ གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས༔ གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང༔ འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཡེ་གཉིས་མེད་དུ་ཐིམ་ནས་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ་མོ༔ གཉིས་པ་དབང་སྐུར་བྱིན་རླབས་ནི། ཧྲཱི༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས༔ རྒྱལ་བ་རིགས་ལྔ་འོག་མིན་གནས་ནས་བཞེངས༔ རིགས་ཀྱི་བདག་པོས་དབང་སྐུར་བྱིན་གྱིས་རློབས༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གསོལ་བ་བཏབ་པས་རིགས་ལྔས་དབང་བསྐུར། དབང་རྟགས་སུ་འོད་དཔག་མེད་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། ཧྲཱིཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ བྱིན་བརླབས་དབང་བསྐུར་རྒྱས་གདབ་བོ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ལྷ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། གསུམ་པ་མཆོད་བསྟོད་ནི། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་འཕྲུལ་དགའི་འདོད་ཡོན་ལྟར་མཆོད་ཅིང་བསྟོད་པའི་གླུ་བླང་བར་བསམ་ལ། ཧྲཱི༔ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་བཟའ་བཏུང་སྒྲ་སྙན་སོགས༔ ཕྱི་ཡི་མཆོད་པ་སྣ་ཚོགས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་དྷཱི་པཾ་གནྡྷེ་ནཻ་ཝིདྱཾ་ཤབྡ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཧྲཱི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བཀྲ་ཤིས་ལྷ་མོས་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པར་འབུལ༔ དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ལཱ་སྱེ༔ བཛྲ་ཤབྡ༔ བཛྲ་གནྡྷེ༔ བཛྲ་ནཻ་ཝིདྱཾ༔ བཛྲ་པཉྩ་ལཱི་ཀ༔ བཛྲ་དྷརྨ༔ སརྦ་པཱུ་ཛ་ཡ་མཎྜ་ལ་ཨ་ལ་ལ་ཧོ༔ བསྟོད་པ་རྒྱས་པར་སྤྲོ་ན་སྐབས་འདིར་གཏེར་གཞུང་ལྟར་སྐུ་གསུང་ཐུགས་བསྟོད་སྦྱར། དཀྱུས་ཙམ་དུ། ཧྲཱི༔ ཆོས་སྐུ་སྟོང་པའི་ངང་ཉིད་ལས༔ འགྲོ་བའི་དོན་དུ་བཞེངས་པའི་སྐུ༔ ཞི་བའི་ཞལ་བཞི་ཁྲོ་ཞལ་བདུན༔ བཅུ་གཅིག་ཞལ་ལ་ཕྱག་འཚལ་བསྟོད༔ རྩ་བའི་ཞི་ཞལ་དཀར་པོ་གསུམ༔ རབ་ཏུ་འཛུམ་ཞིང་མཛེས་པ་སྟེ༔ ལས་དང་ཉོན་མོངས་ཞི་མཛད་པ༔ ཆོས་སྐུའི་ཞལ་ལ་ཕྱག་འཚལ་བསྟོད༔ དེ་སྟེང་བཙོ་མའི་གསེར་མདོག་ཅན༔ རྔམ་ཞིང་བཞད་པའི་ཞལ་གསུམ་པོས༔ ཚེ་དང་བསོད་ནམས་དཔལ་འབྱོར་གསུམ༔ རྒྱས་པར་མཛད་ལ་ཕྱག་འཚལ་བསྟོད༔ དེ་སྟེང་བྱེ་རུ་ལྟར་དམར་བའི༔ དབང་གི་ལས་མཛད་ཞལ་གཉིས་པོ༔ རྣམ་པར་གཙིགས་པའི་ཁྲོ་གཉེར་ཅན༔ ལོངས་སྐུའི་ཞལ་ལ་ཕྱག་འཚལ་བསྟོད༔ དེ་སྟེང་དྲག་པོའི་ལས་མཛད་པ༔ དུད་སྤྲིན་མདོག་འདྲ་ཞལ་གཉིས་པོ༔ འཇིགས་ཤིང་རྔམ་པའི་སྤྱན་གསུམ་བསྒྲད༔ སྤྲུལ་སྐུའི་ཞལ་ལ་ཕྱག་འཚལ་བསྟོད༔ དེ་སྟེང་བླ་མ་སྤྲུལ་པའི་སྐུ༔ སངས་རྒྱས་ཀུན་འདུས་ལི་ཁྲིའི་མདོག༔ འོད་དཔག་མེད་མགོན་རྒྱལ་བ་ཡི༔ གཙུག་རྒྱན་ཅན་ལ་ཕྱག་འཚལ་བསྟོད༔ པདྨའི་འདབ་འདྲ་དང་པོ་ཡི༔ ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ནས༔ སངས་རྒྱས་ཀུན་གྱི་ཐུགས་རྗེ་རྣམས༔ བསྐུལ་བར་མཛད་ལ་ཕྱག༴ གཡས་ཀྱི་ཕྱག་བཞི་རིམ་པ་བཞིན༔ བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང༔ དུས་གསུམ་སངས་རྒྱས་འོད་དཔག་མེད༔ ལེགས་པར་བསྣམས་ལ་ཕྱག༴ གཡོན་གྱི་ཕྱག་བཞི་རིམ་པ་བཞིན༔ པད་དཀར་སྤྱི་བླུགས་རིན་པོ་ཆེ༔ ཐབས་ཤེས་ཟུང་འཇུག་མདའ་དང་གཞུ༔ ལེགས་པར་བསྣམས་ལ་ཕྱག༴ གཡས་ཀྱི་ཡན་ལག་བཅུ་དགུ་ན༔ རིན་ཆེན་ཞགས་པ་ལྷུང་བཟེད་གྲི༔ རྡོ་རྗེ་རྒྱ་གྲམ་མེ་ཤེལ་གཞུ༔ ལྕུག་མ་བསྣམས་ལ་ཕྱག༴ རྔ་ཡབ་ཕུབ་དང་བུམ་པ་བཟང༔ དགྲ་སཏྭ་ཕྲེང་བ་པདྨ་སྔོ༔ སྤྱི་བླུགས་ཉི་མ་ཆུ་སྐྱེས་དཀར༔ སྙེ་མ་བསྣམས་ལ་ཕྱག༴ གཡོན་གྱི་ཡན་ལག་བཅུ་དགུ་ན༔ སྤྲིན་དཀར་སྤྱི་བླུགས་པདྨ་གྲི༔ དུང་ཐོད་ཕྲེང་བ་དྲིལ་བུ་དང༔ རྡོ་རྗེ་བསྣམས་ལ་ཕྱག༴ ལྕགས་ཀྱུ་འཁར་གསིལ་སྤྲུལ་པའི་སྐུ༔ ཁང་བཟང་གླེགས་བམ་འཁོར་ལོ་དང༔ སྐུ་གཟུགས་ཤིང་ཐོག་གེ་སར་བཅས༔ རིན་ཆེན་བསྣམས་ལ་ཕྱག༴ ཆོས་སྐུའི་རྩ་ཕྱག་རྣམ་པ་བཅུ༔ ལོངས་སྐུའི་ཡན་ལག་སུམ་ཅུ་བརྒྱད༔ སྤྲུལ་སྐུའི་ཉིང་ལག་སྟོང་མངའ་བའི༔ ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད༔ པདྨ་ལྟ་བུའི་ཕྱག་མཐིལ་ལ༔ ཨུཏྤལ་ལ་འདྲའི་སྤྱན་མིག་ནི༔ རྒྱུ་སྐར་བཞིན་དུ་རྣམ་བཀྲ་བའི༔ ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད༔ དབུ་ལ་རྒྱལ་བའི་གཙུག་རྒྱན་ཅན༔ ཕྱག་ཞབས་གསེར་གྱི་གདུ་བུ་འཁྲོལ༔ སྐུ་ལ་དྲི་ཞིམ་སྤོས་ངད་ལྡན༔ ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད༔ སྣ་ཚོགས་དར་གྱི་ན་བཟའ་གསོལ༔ རིན་ཆེན་དུ་མའི་རྒྱན་གྱིས་སྤྲས༔ བལྟ་བས་མི་ངོམས་མཛེས་པའི་སྐུ༔ ནམ་མཁའི་རྒྱལ་པོ་ཁྱོད༴ རི་དྭགས་ལྤགས་པས་ནུ་མ་བཀབ༔ ཡན་ལག་རིགས་བཞིའི་སྦྲུལ་གྱིས་བརྒྱན༔ མཚན་དཔེ་གཟི་བྱིན་འབར་བའི་སྐུ༔ ནམ་མཁའི་རྒྱལ་པོ་ཁྱོད༴ གངས་རིའི་ངོས་ལྟར་མཛེས་པ་ལ༔ ཅུང་ཟད་དམར་བའི་མདངས་དང་ལྡན༔ ཐུགས་རྗེའི་འོད་དཀར་འཕྲོ་བའི་སྐུ༔ ནམ་མཁའི་རྒྱལ་པོ་ཁྱོད༴ ལྷ་རྒྱལ་གཙུག་གི་ནོར་བུར་ནི༔ ལེགས་པར་བཞེངས་པའི་ཞབས་གཉིས་པོ༔ པད་ཟླའི་སྟེང་དུ་འགྱིང་བའི་སྐུ༔ ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ༔ ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱེད༔ སེམས་ཅན་དོན་ལ་གཟིགས་སུ་གསོལ༔ འགྲོ་བ་ཀུན་གྱི་སྐྱབས་གནས་ཁྱེད༔ སྡུག་བསྔལ་དུ་མས་གཙེས་པ་ཡི༔ ཉམ་ཐག་ཕོངས་པའི་སེམས་ཅན་ལ༔ ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ མ་རིག་འཁྲུལ་པའི་སེམས་ཅན་རྣམས༔ ལས་ངན་བསགས་པས་ལུས་ངན་བླངས༔ ངན་སོང་གསུམ་དུ་ལྷུང་པ་རྣམས༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ འཁོར་གྱི་བསྟོད་པ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ༔ ཡི་གེ་དྲུག་མ་ཤེས་རབ་དབྱིངས་ཀྱི་ཡུམ༔ ནོར་བུ་འཛིན་པ་སྲས་མཆོག་ཐབས་ཀྱི་ཚུལ༔ རིག་སྔགས་འཛིན་མ་ཤེས་རབ་སྲས་མོའི་ཚུལ༔ ཡེ་ནས་མ་གྲུབ་རང་དང་གཉིས་མེད་ལྷ༔ ཡེ་ཤེས་ལྷ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་ལ་གཟིགས༔ རྣམ་པར་སྣང་མཛད་ཆོས་དབྱིངས་ཡེ་ཤེས་ངང༔ མི་བསྐྱོད་རྡོ་རྗེ་མེ་ལོང་ཡེ་ཤེས་ངང༔ རིན་ཆེན་འབྱུང་ལྡན་མཉམ་ཉིད་ཡེ་ཤེས་ངང༔ སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ངང༔ དོན་ཡོད་གྲུབ་པ་བྱ་གྲུབ་ཡེ་ཤེས་ཏེ༔ སྐུ་ལྔ་ཡེ་ཤེས་ལྔ་ལ་ཕྱག་འཚལ་བསྟོད༔ ཤེས་རབ་ཕར་ཕྱིན་ཆོས་སྐུ་དབྱིངས་ཀྱི་ངང༔ སངས་རྒྱས་སྤྱན་མ་བསམ་གཏན་ཕ་རོལ་ཕྱིན༔ ཀུན་ཏུ་བཟང་མོ་བརྩོན་འགྲུས་ཕ་རོལ་ཕྱིན༔ ན་བཟའ་དཀར་མོ་སྦྱིན་པའི་ཕ་རོལ་ཕྱིན༔ མཱ་མ་ཀཱི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན༔ དམ་ཚིག་སྒྲོལ་མ་བཟོད་པའི་ཕ་རོལ་ཕྱིན༔ ཕ་རོལ་ཕྱིན་དྲུག་ཡུམ་གྱི་སྐུ་ལ་བསྟོད༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་ལྷ་རྣམས་འདུལ༔ ལྷ་མིན་ཐུབ་པ་ཐགས་བཟང་ལྷ་མིན་འདུལ༔ མི་ཡི་ཐུབ་པ་ཆེན་པོས་མི་རྣམས་འདུལ༔ ཤཱཀྱ་སེང་གེ་ཐུབ་པས་བྱོལ་སོང་འདུལ༔ ཐུབ་ཆེན་ནམ་མཁའ་མཛོད་ཀྱིས་ཡི་དྭགས་འདུལ༔ ཐུབ་པ་ཆོས་ཀྱི་རྒྱལ་པོས་དམྱལ་བ་འདུལ༔ འགྲོ་དྲུག་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོག༔ སོ་སོའི་སྡུག་བསྔལ་སེལ་མཛད་སྐྱེ་སྒོ་གཅོད༔ ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བཞུགས་པའི་སངས་རྒྱས་སྟོང་དང་གཉིས༔ འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བ་འདུལ༔ བསྐལ་བཟང་སེམས་དཔའ་སྟོང་ལ་ཕྱག་འཚལ་བསྟོད༔ སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་མ་ལུས་འདུལ༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སྲུང་མ་ལ༔ མཆོད་ཅིང་གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཤིན་ཏུ་བསྡུ་ན། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ སོགས་བརྗོད་ཀྱང་ཆོག་གོ །མཆོད་པའི་ལྷ་མོ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་མོས། གསུམ་པ་སྔགས་བཟླ་བ་ནི། གཙོ་བོའི་ཐུགས་ཀར་ཧྲཱིཿདཀར་པོ་ལ་གཟུངས་སྔགས་དང་སྙིང་པོས་བསྐོར་བ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས༔ སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར༔ དེ་དག་ཐམས་ཅད་དང་དཀྱིལ་འཁོར་བ་གཙོ་འཁོར་ཐམས་ཅད་ཀྱིས་བཟླས་པ་མགྲིན་གཅིག་ཏུ་བྱས་པས་སྔགས་ཀྱི་སྒྲས་འཇིག་རྟེན་ཐམས་ཅད་འུར་དིར་གྱིས་གང་བར་གྱུར། ཅེས་མོས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨརྷ་ཏེ་བྷྱ༔ སམྱཀྶཾ་བུདྡྷེ་བྷྱ༔ ན་མ་ཨཱྱྰ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨིཊྚེ་ཝིཊྚེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ་ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལི༔ ཙི་ཏི་ཛྭ་ལ་མཱ་པ་ན་ཡ་སྭཱ་ཧཱ༔ གཟུངས་རིང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡང་སྙིང་སྟེ་གཙོ་བོར་འབྲུ་དྲུག་ལ་གཞི་བླངས་ནས་བཟླ། ཐུན་མཐར་མཆོད་བསྟོད་ཀྱང་བྱའོ། །གཏོར་མ་འབུལ་ན། རྒྱས་པར་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། བསྡུ་ན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་དང་། ཡིག་དྲུག་ལན་གསུམ་གྱིས་བྱིན་བརླབ། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། གཏོར་མ་མི་ཟད་པའི་གཏེར་དུ་འབུལ་ལོ། །ཞེས་མོས་པ་དང་བདེན་པའི་ཚིག་གིས་བསྔོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་སརྦ་བཛྲ་ཨཱ་ཙརྻ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་བླ་མ། དེ་བཞིན་དུ་ཐོག་མཐར་ཡིག་དྲུག་དང་། ས་པ་རི་སོགས་གཏོར་སྔགས་འགྲེས་ཏེ། ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རས་ཡི་དམ། ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱིས་མཁའ་འགྲོ །ཨོཾ་སརྦ་དྷརྨ་པཱ་ལས་ཆོས་སྐྱོང་སྟེ་ཐམས་ཅད་ལན་གསུམ་གསུམ་གྱིས་འབུལ། གཏོར་མའི་ལྷག་མ་རིགས་དྲུག་བགེགས་རིགས་ལ་ཡིག་དྲུག་ལན་གསུམ་གྱིས་བསྔོས་ལ་མཐར། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་འཁོར་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ལོངས་སྤྱོད་ལྡན་ཅིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་ལ་མི་དམིགས་པར་བཞག་གོ །གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། ཚོགས་མཆོད་དང་འབྲེལ་བའི་དངོས་གྲུབ་བླང་ལ། མཇུག་ཆོག་རྣམ་པ་ལྔའོ། །དང་པོ་ནི། ཚོགས་ཀྱི་ཡོ་བྱད་རྣམས་ལ་བསང་ཆུ་འཐོར་ཏེ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་ཐམས་ཅད་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་སྣོད་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་བཅུད་ཨོཾ་ཨཱཿཧཱུྃ་ལས་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་ནམ་མཁའ་མཛོད་ཀྱི་གཏེར་དུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་བརྗོད་པས། བདག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལས་འོད་ཟེར་འཕྲོས་པས་ས་སྟེང་ལྷ༔ ས་འོག་ཀླུ༔ བར་མིའི་བདུད་རྩི༔ འཇིག་རྟེན་གྱི་འབྱུང་བ་ལྔ་རྩི་ཤིང་ནགས་ཚལ་སྨན་བཅུད་ཟས་བཅུད་ཐམས་ཅད་བསྡུས་ནས་ཚོགས་ཀྱི་རྫས་ལ་ཐིམ་པས༔ ཟག་མེད་ཡེ་ཤེས་མཆོག་གི་བདུད་རྩིའི་རྒྱ་མཚོར་གྱུར། འབྲུ་གསུམ་ལན་གསུམ་བརྗོད། སྤྱན་འདྲེན་པ་ནི། ཧྲཱིཿ རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་བཟང་དུ༔ སྤོས་དང་སྨན་དང་དྲི་ཡིས་ཆག་ཆག་བཏབ༔ ན་བཟའ་གདན་ཁྲི་ལྷབ་ལྷུབ་མཛེས་པར་བྲེས༔ བཟའ་བཏུང་བདུད་རྩི་རོ་མཆོག་རི་ལྟར་སྤུངས༔ གོས་དང་རྒྱན་དང་རིན་ཆེན་ཆས་ཀྱིས་མཛེས༔ འདོད་པའི་ཡོན་ཏན་ལྔ་ལྡན་གནས་མཆོག་འདིར༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ དཔའ་བོ་དཔའ་མོ་རིག་འཛིན་གྲུབ་ཐོབ་རྣམས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱ་རལླི་ཧོ༔ ཛཿཧཱུྃ་བཾ་ཧོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་བཞུགས་སུ་གསོལ་ཞིང་ཕྱག་བྱ། ཚོགས་ཕུད་སྤྲོས་ཏེ། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་བཅས་ལ༔ སྐུ་ལ་སྦྲེབས་དང་སྐྱེམས་པ་མི་མངའ་ཡང༔ འགྲོ་རྣམས་བསོད་ནམས་སྤེལ་བའི་དོན་སླད་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ་གྱིས་བཞེས༔ འདོད་པའི་ཡོན་ཏན་ལྔ་ཡི་ལྷ་མོ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཉེས་གྱུར་ནས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་དང་། ཁམས་གསུམ་དག་པའི་ཞིང་། སྲིད་གསུམ་ཐུགས་རྗེའི་མགྲོན། མ་ལུས་ཁྱབ་པའི་ཟས། ཆོས་ཉིད་ནུས་པའི་མཐུས། ཚོགས་མཆོད་མི་ཟད་པའི་གཏེར་དུ་འབུལ་ལོ། །ཞེས་དང་སྔགས་མཆོད་རྣམས་གོང་སྨོས་གཏོར་འབུལ་སྐབས་ལྟར་ལ། སྔགས་མཇུག །ས་པ་རི་བཱ་ར་ག་ཎ་ཙཀྲ་མ་ཧཱ་པཱུ་ཛ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྦྱར་བ་དང་། སམྦྷ་རའི་སྔགས་ལན་བདུན་གྱིས་འབུལ། ཚོགས་བཤགས་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས་སུ་གསོལ༔ གཙང་སྦྱོར་མ་ལྡན་ཕུད་དང་ལྷག་མ་ཉམས༔ འབྱོར་ཚོགས་མ་འབྱོར་གཏོར་ཚོགས་ཆེ་མ་འབྱོར༔ བྱིན་རླབས་རྩལ་ཆུང་ཡེ་ཤེས་ལྷ་མ་མཉེས༔ དམ་ཚིག་མ་གཙང་བཀའ་སྲུང་ཐུགས་དང་འགལ༔ མོས་གུས་ཆུང་བས་སློབ་དཔོན་ཐུགས་མ་མཉེས༔ བརྩེ་གདུང་ཆུང་བས་མཆེད་ལྕམ་ཐུགས་དང་འགལ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་སྔར་བཤགས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ དངོས་གྲུབ་བླང་བ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས༔ བདེ་གཤེགས་ལྷ་ཚོགས་འཁོར་དང་བཅས་པ་རྣམས༔ འགྲོ་བ་འདུལ་ཕྱིར་ཐུགས་རྗེས་སྐུ་སྐྱོད་ལ༔ གྲུབ་པ་རྟགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་ཅི་འགྲུབ་བཟླས་ལ། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་སྐུ་མི་འགྱུར་བ་ལྷུན་གྱིས་གྲུབ་པའི་དངོས་གྲུབ༔ གསུང་མི་འགྱུར་བ་འགག་མེད་སྙིང་པོ་ལུང་གི་དངོས་གྲུབ༔ ཐུགས་མི་འགྱུར་བ་སྤྲོས་བྲལ་ཆོས་ཉིད་རང་གསལ་གྱི་དངོས་གྲུབ་ཐམས་ཅད་བདག་ཉིད་ཀྱིས་ཐོབ་པར་གྱུར་པར་མོས། སྒོ་གསུམ་རྡོ་རྗེ་གསུམ་དུ་གསལ་བས་ནང་གི་ཚོགས་འཁོར་ཚུལ་དུ་ལོངས་སྤྱད། ལྷག་མ་བསྡུས་པར་སློབ་དཔོན་གྱི་ཁ་ཆུ་བྲན་ཏེ། ཨོཾ་ཨ་ཀཱ་རོ་གསུམ་གྱིས་བྱིན་བརླབ། ཧྲཱིཿ ཚོགས་ཀྱི་འཁོར་ལོའི་ལྷག་མའི་བདག །འཕགས་པའི་དཀྱིལ་འཁོར་གཉན་སྲུང་བའི། །རིགས་ལྔའི་གིང་དང་ལངྐ་དང་། །འབར་མ་སྤོར་མ་ཕོ་ཉ་མོ། །ཤུགས་འགྲོ་དྲེགས་པའི་ཚོགས་དང་བཅས། །འཕགས་པའི་ཕ་འབབ་ལོངས་སྤྱོད་ནི། །བཟའ་བཅའ་བཏུང་བའི་ཚོགས་དང་བཅས། །དགའ་བས་ཁྱེར་ལ་ཚིམས་པར་ཟོ། །རངས་པར་མཛོད་ལ་ཕྲིན་ལས་སྒྲུབས། །ཨོཾ་ཨུཙྪིཥྚ་པ་ཏི་སརྦ་བྷཀྵ་བྷཀྵ་ཀུ་རུ་མི། ཞེས་གཙང་སར་ཕུལ་ལོ། །ཕྲིན་ལས་དཀྱུས་ཀྱི་ཚོགས་མཆོད་ཀྱི་སྐབས་སུའང་དངོས་གྲུབ་ལེན་པ་དང་འབྲེལ་བར་འདི་ལྟར་བྱ་ཆོག་ཅིང་། བསྙེན་སྒྲུབ་མཇུག་གི་དངོས་གྲུབ་ལེན་པའི་ཆོ་གའང་འདི་ཁོ་ན་ལྟར་བྱའོ། །གཉིས་པ་མཇུག་གི་ཆོ་ག་ལྔའི་དང་པོ་གཏང་རག་ནི། སྔགས་ཙམ་གྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། ཡན་ལག་བདུན་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ བླ་མ་དཀོན་མཆོག་ཐམས་ཅད་དགོངས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་བཞེས༔ སྒོ་གསུམ་སྡིག་སྒྲིབ་ཉམས་ཆག་མཐོལ་ལོ་བཤགས༔ ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་འགྲོ་བའི་དོན་དུ་བཞུགས༔ ཐུགས་རྗེ་རྒྱུན་ཆད་མེད་ལ་རྗེས་ཡི་རང༔ དུས་གསུམ་དགེ་བ་སེམས་ཅན་དོན་དུ་བསྔོ༔ བདག་གཞན་ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ གཉིས་པ་ནོངས་བཤགས་ནི། ཡིག་བརྒྱ་ལན་གསུམ་བཟླས། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་བཟོད་པར་གསོལ། གསུམ་པ་བསྡུ་ལྡང་ནི། མདུན་བསྐྱེད་ཚོགས་ཀྱི་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ་ཞིང་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། བདག་བསྐྱེད་དམ་ཚིག་གི་འཁོར་ལོ་རྣམས་བདག་ཉིད་ལ་ཐིམ། རང་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་ཡང་རིམ་པས་ཇེ་ཆུང་དུ་བསྡུས་ཏེ་ཐིག་ལེ་འོད་འབར་བར་གྱུར། དེའང་ཆོས་ཉིད་དག་པའི་དབྱིངས་སུ་འཇའ་ལྟར་ཡལ་ནས་མི་དམིགས་པར་གྱུར། ཞེས་ཆོས་ཉིད་སྐྱེ་འགག་གནས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག །སླར་རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པར་གྱུར། ཅེས་མོས་ལ་ཁྱེར་སོ་གསུམ་གྱི་ཏིང་ངེ་འཛིན་ལམ་དུ་ཁྱེར་རོ། །བཞི་པ་བསྔོ་སྨོན་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྨོན་ལམ་ལ་མངའ་བརྙེས་པ་ཐམས་ཅད་བདག་དང་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ༔ ཐུགས་རྗེས་གཟིགས་སུ་གསོལ༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་བགྱིས་པ་ཐམས་ཅད་དང༔ ཅི་ཡོད་པ་ཐམས་ཅད་དང༔ ད་ལྟར་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་འདིས༔ བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག༔ དེ་ལྟ་བུ་མ་ཐོབ་ཀྱི་བར་དུ་ཡང་ཚེ་རབས་ཐམས་ཅད་དུ་དལ་འབྱོར་གྱི་མི་ལུས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག༔ ཐོབ་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དང་འཕྲད་པར་གྱུར་ཅིག༔ འཕྲད་ནས་ཀྱང་ཤེས་རབ་རྣམ་པ་གསུམ་ལ་གོང་ནས་གོང་དུ་བློ་སྦྱོང་བར་གྱུར་ཅིག༔ སྦྱངས་ནས་ཀྱང་འཇིག་རྟེན་གྱི་ཆོས་ཅི་ལ་ཡང་མ་ཆགས་པར་སྒྲུབ་པ་ལ་གཙོ་བོར་བྱེད་པར་གྱུར་ཅིག༔ ཚེ་འདི་ལ་ནད་དང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ འཆི་ཁར་ཡང་ཆགས་པ་མེད་པས་གནད་གཅོད་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག༔ བར་དོར་ཡང་དོན་གཉིས་སུ་མེད་པའི་ཡེ་ཤེས་རང་གི་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ འདུས་པ་མེད་པས་འབྲལ་བ་མེད་པའི་གྲོགས་ཐོབ་པར་གྱུར་ཅིག༔ འཁོར་བ་མེད་པས་ནོར་བ་མེད་པའི་ལམ་ཐོབ་པར་གྱུར་ཅིག༔ སྐྱེ་བ་མེད་པས་འཆི་བ་མེད་པའི་ཚེ་ཐོབ་པར་གྱུར་ཅིག༔ བསགས་པ་མེད་པས་འཛད་པ་མེད་པའི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག༔ ཆོས་སྐུ་ནམ་མཁའ་ལྟ་བུ་ཐོབ་པར་གྱུར་ཅིག༔ ལོངས་སྐུ་ཉི་མ་ཤར་བ་ལྟ་བུ་ཐོབ་པར་གྱུར་ཅིག༔ སྤྲུལ་སྐུ་ཉི་ཟེར་ལྟ་བུ་ཐུགས་རྗེ་རྒྱུན་ཆད་མེད་པ་ཐོབ་པར་གྱུར་ཅིག༔ ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཐོབ་པར་གྱུར་ཅིག༔ དེ་ཁོ་ན་བཞིན་དུ་ཐོབ་པར་གྱུར་ཅིག༔ ཅེས་སོགས་བརྗོད། ལྔ་པ་བཀྲ་ཤིས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བྱམས་དང་སྙིང་རྗེའི་ཐུགས་ཀྱིས་སྐྱོབ་མཛད་པ༔ འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ འདས་པའི་སངས་རྒྱས་ཆོས་ཀྱི་དབྱིངས་ན་གནས༔ ད་ལྟའི་སངས་རྒྱས་སེམས་ཅན་འགྲོ་དོན་མཛད༔ མ་འོངས་སངས་རྒྱས་འགྲོ་ཀུན་དོན་ལ་དགོངས༔ དུས་གསུམ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་གེ་དྲུག་པ་ཐུགས་རྗེ་སྤྲུལ་པའི་སྐུ༔ འགྲོ་དྲུག་སྒྲིབ་སྦྱོང་འཁོར་བའི་གཡང་ས་གཅོད༔ བྱང་ཆུབ་ལམ་འདྲེན་སྐུ་གསུམ་ས་ལ་བཀོད༔ སྙིང་པོ་ཡི་གེ་དྲུག་པའི་བཀྲ་ཤིས་ཤོག༔ སྤྱན་རས་གཟིགས་དབང་འགྲོ་དྲུག་ཡོངས་ལ་གཟིགས༔ ཐུགས་རྗེ་ཆེན་པོའི་སྙིང་རྗེ་རྒྱུན་མི་ཆད༔ འཇིག་རྟེན་དབང་ཕྱུག་འགྲོ་བ་ཡོངས་ཀྱི་མགོན༔ འགྲོ་བའི་སྐྱབས་གནས་མཆོག་གི་བཀྲ་ཤིས་ཤོག༔ ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང༔ ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང༔ ཆོས་ལ་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་ནས༔ བརྒྱུད་འཛིན་བྱིན་གྱིས་བརླབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་པ་སོགས་ཀྱིས་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེར་སྤེལ་ལོ། །འདིའི་ནང་སྒྲུབ་རྩ་ཕྱག་བརྒྱད་པ་ཡུམ་ཅན། གསང་སྒྲུབ་ཁམས་གསུམ་དབང་སྡུད། དེ་བཞིན་ཉིད་ལྷ་ལྔ། འགྲོ་འདུལ་ཕྱག་བཞི་པ། ཕྱག་གཉིས་པ་སོགས་ཀྱང་ཕྲིན་ལས་ཀྱི་ཁོག་འདི་ལ་བརྟེན་ནས་མངོན་རྟོགས་དང་བསྟོད་པ་ཁ་སྤོས་པས་ཆོག་གོ །སྤྲུལ་པའི་རྒྱལ་པོའི་ཞལ་གདམས་གཏེར་རྙིང་ཉིད། །གྲགས་ཆེ་མོད་ཀྱང་ཉམས་ལེན་འདིར་འདྲིལ་ཞིང་། །བླ་མེད་ཟབ་ལམ་དག་ཀྱང་ཁྱད་འབྲེལ་བས། །མོས་ལྡན་ཡིད་ཀྱི་དཔྱིད་དུ་ལེགས་པར་བསྐྲུན། །པད་དཀར་བཞད་པའི་འཛུམ་ཟེར་ཅན། །འཕྲལ་ཡུན་མཛེས་སྟེར་ཆུན་འཕྱངས་སུ། །སྐལ་བཟང་སྐྱེ་དགུའི་མགྲིན་པར་བརྒྱན། །འཕགས་པའི་ཕྲིན་ལས་སྤེལ་བྱེད་ཤོག །ཅེས་བསླབ་གསུམ་ལྡན་པ་རྡོར་སློབ་བླ་མ་འགྱུར་མེད་དོན་གྲུབ་དབང་གི་རྒྱལ་པོས་མཎྜལ་བཅས་ཆེ་ཐང་དུ་བསྐུལ་བ་དང་། ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ལྷ་འདིའི་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། འཕགས་པའི་བཞུགས་གནས་རི་བོ་གླང་ཆེན་འགྱིང་འདྲའི་བསྟི་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་བདེ་ཆེན་སྙིང་པོ་ (Volume 15, Text 36)
༁ྃ༔ བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས༔ ཕྲིན་ལས་ལམ་ཁྱེར་བསྡུས་པ་བདེ་ཆེན་སྙིང་པོ་བཞུགས༔ ༔ ྈྈྈྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྙིང་པོ་དོན་སྤྱོད་རྣལ་འབྱོར་པས༔ སྒྲུབ་སྡེ་བརྒྱད་ཀྱི་བཅུད་འདྲིལ་བ༔ མདོར་བསྡུས་ཉམས་སུ་བླང་བའི་ཚུལ༔ པདྨ་བཛྲ་བདག་གིས་བསྟན༔ ས་མ་ཡ༔ བསྐྱེད་རིམ་ཕྲིན་ལས་སྔོན་འགྲོ་ལ༔ སྐྱབས་སེམས་ཚོགས་གསག་བཀའ་བསྒོ་དང༔ སྲུང་མཚམས་བྱིན་དབབ་མཆོད་པ་བརླབ༔ རྣམ་པ་བདུན་གྱིས་ཉམས་སུ་བླང༔ ས་མ་ཡ༔ དེ་ལ་དང་པོ་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ བླ་མ་དཔལ་ཆེན་ཡི་དམ་ཞི་ཁྲོའི་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི། འགྲོ་ཀུན་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས༔ ཧེ་རུ་ཀ་དཔལ་གོ་འཕང་བསྒྲུབ་པར་བགྱི༔ གསུམ་པ་ཚོགས་གསག་པ་ནི། ཧཱུྃ༔ ཆོས་དབྱིངས་ཀློང་ནས་ཡེ་ཤེས་ལྷ་ཚོགས་གཤེགས༔ ཟུང་འཇུག་འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ རིག་རྩལ་རོལ་པ་དོན་གྱི་ཕྱག་མཆོད་བཞེས༔ གཟུང་འཛིན་འཁྲུལ་པའི་སྡིག་སྒྲིབ་མཐོལ་ཞིང་བཤགས༔ མ་འཁྲུལ་གནས་ལུགས་རྟོགས་ལ་རྗེས་ཡི་རང༔ འགག་མེད་རྡོ་རྗེའི་ཆོས་འཁོར་བསྐོར་བཞིན་དུ༔ སྐྱེ་མེད་གཉུག་མའི་དབྱིངས་སུ་བཞུགས་གསོལ་འདེབས༔ དགེ་ཚོགས་འཁོར་གསུམ་དམིགས་མཐའ་བྲལ་བར་བསྔོ༔ རང་བྱུང་གདོད་མའི་གོ་འཕང་མངོན་གྱུར་ཤོག༔ བཞི་པ་བགེགས་ལ་བཀའ་བསྒོ་བ་ནི། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུགས། སརྦ་བིགྷྣཱན་ན་མསྶརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ དག་པའི་ཀུན་གཞིར་འཁོར་འདས་དབྱེར་མེད་ཀྱང༔ མ་རྟོགས་གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ ཤིན་ཏུ་རྣམ་དག་དཔལ་གྱི་བཀའ་བྱུང་གིས༔ རང་གྲོལ་རིག་པ་ཆོས་སྐུའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུཙཊྚ་ཡ་ཕཊ༔ ལྔ་པ་སྲུང་མཚམས་བཅད་པ་ནི། ཧཱུྃ༔ ཕྱི་མཚམས་སྤྲུལ་སྐུ་རང་བྱུང་རྡོ་རྗེའི་ཞིང༔ ནང་མཚམས་ལོངས་སྐུ་ཁྲོ་བོའི་ཕྱག་རྒྱས་གཏམས༔ གསང་མཚམས་ཆོས་སྐུ་ཁྱབ་བདལ་ཆེན་པོའི་ངང༔ གཉིས་སྣང་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་དོ༔ བཛྲ་ཀྲོ་དྷ་ཛྙཱ་ན་རཀྵ་ཧཱུྃ་ཨ༔ དྲུག་པ་བྱིན་དབབ་པ་ནི། ཧཱུྃ༔ བྱིན་ཆེན་བྱིན་ཕོབ་རིག་འཛིན་རྩལ་འཆང་ཚོགས༔ དབང་ཆེན་དབང་སྐུར་ཡི་དམ་བཀའ་བརྒྱད་ལྷ༔ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་གིང་ལངྐས༔ སྒྲུབ་པའི་རྟགས་དང་མཚན་མ་མྱུར་དུ་སྟོན༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བདུན་པ་མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་ཐོད་པར་ཡེ་ཤེས་བདུད་རྩིའི་མཚོ༔ མཁའ་གསང་བྷནྡྷར་རྒྱུ་དྲུག་ཁྲག་རྒྱུན་འཁྱིལ༔ སྟོང་གསུམ་སྣོད་དུ་སྲིད་གསུམ་གཏོར་མར་སྦྱར༔ ཉེར་སྤྱོད་འདོད་ཡོན་མཁའ་ཁྱབ་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིར་ལྷ་བསྐྱེད་ཡེ་ཤེས་བསྟིམ༔ བཞུགས་གསོལ་ཕྱག་འཚལ་མཆོད་ཅིང་བསྟོད༔ བསྙེན་དང་སྒྲུབ་དང་ལས་སྦྱོར་བཟླས༔ རྣམ་པ་བདུན་གྱིས་ཉམས་སུ་བླང༔ ས་མ་ཡ༔ དེ་ལ་དང་པོ་དམ་ཚིག་གི་འཁོར་ལོར་བསྐྱེད་པ་ནི། ཧཱུྃ༔ གདོད་ནས་རྣམ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ཡེ་ཤེས་དམིགས་མེད་སྙིང་རྗེར་ཀུན་ཏུ་སྣང༔ ཟུང་འཇུག་རིག་རྩལ་ཧཱུྃ་གི་འཕྲོ་འདུ་ལས༔ རྒྱུ་ཡི་ཁྲག་འཐུང་མཁའ་ལ་འཇའ་ལྟར་ཤར༔ སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་ཉམས༔ རྡོ་རྗེ་དུང་ཁྲག་འཛིན་ཅིང་ཡུམ་དང་སྦྱོར༔ ཡེ་ཤེས་མེ་རླུང་ཆུ་ཡིས་སྣོད་བཅུད་སྦྱངས༔ ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ་སྤྲོས་པས༔ འབྱུང་བཞི་རིམ་བརྩེགས་ཀེང་རུས་རི་རབ་དང༔ འབར་བའི་སྲུང་འཁོར་མེ་ཕུང་འཁྱིལ་བའི་ཀློང༔ དུར་ཁྲོད་དྲག་པོའི་གཞལ་ཡས་མཚན་རྫོགས་དབུས༔ པད་ཟླ་ཉི་མ་དྲེགས་པ་ཕོ་མོའི་སྟེང༔ ནམ་མཁའི་དཔལ་ཆེན་ཁྲ་ཐབས་ཚུལ་དུ་བབས༔ སྙོམས་ཞུགས་འོད་ཞུ་བདེ་སྟོང་ཐིག་ལེར་འཁྱིལ༔ ཕྱོགས་བཅུའི་ཁྲག་འཐུང་བཙུན་མོའི་ཚོགས་རྣམས་ཀྱིས༔ ཞུ་བ་གླུས་བསྐུལ་སྒྲ་ཡིས་སད་པ་ལས༔ འབྲས་བུའི་སྐུར་བཞེངས་ཆེ་མཆོག་ཧེ་རུ་ཀ༔ སྐུ་གསུམ་དབུ་ནི་མཐིང་དཀར་དམར་བའི་མདངས༔ རྔམ་བཞད་གཤེ་ཚུལ་ཡེ་ཤེས་དྲུག་གི་ཕྱག༔ རྣམ་ཐར་གསུམ་ལྡན་སྟོང་ཉིད་རྡོ་རྗེ་གཡས༔ ལྷན་སྐྱེས་གསུམ་ལྡན་བདེ་ཆེན་དུང་ཁྲག་གཡོན༔ གར་དགུའི་ཉམས་ལྡན་དཔལ་དང་དུར་ཁྲོད་ཆས༔ ཚད་མེད་ཞབས་བཞི་གཡོན་བརྐྱང་དོར་ཐབས་བགྲད༔ གནམ་ཞལ་སྔོ་སྐྱ་གཟིག་ཤམ་རུས་རྒྱན་ཅན༔ རྩེ་གསུམ་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད༔ མཉམ་སྦྱོར་མཁའ་ནས་བྱང་སེམས་ཧཱུྃ་གི་སྤྲིན༔ ཕྱོགས་མཚམས་འཁོར་ལོའི་རྩིབས་སྟེང་བབས་པ་ལས༔ ཤར་དུ་ཐུགས་མཆོག་ཡང་དག་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ ལྷོ་རུ་སྐུ་མཆོག་ཟིལ་གནོན་གཤིན་རྗེའི་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་ཡུམ་དང་འཁྲིལ༔ ནུབ་ཏུ་གསུང་མཆོག་པདྨ་རྟ་གདོང་ཞལ༔ དམར་ནག་ཐོད་དབྱུག་དྲིལ་འཛིན་ཡུམ་དང་འཁྲིལ༔ བྱང་དུ་ཕྲིན་ལས་བཛྲ་ཀུ་མཱ་ར༔ ལྗང་ནག་ཕུར་བུ་འདྲིལ་ཞིང་ཡུམ་དང་འཁྲིལ༔ ཤར་ལྷོར་ཁྲག་འཐུང་སྲིད་པ་བདེ་འགྲོ་ཆེ༔ སྨུག་ནག་ཁྱུང་ཆེན་ཞིང་འཛིན་ཡུམ་དང་འཁྲིལ༔ ལྷོ་ནུབ་རིག་འཛིན་དཔའ་བོ་ཐོད་པ་རྩལ༔ དཀར་དམར་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ ནུབ་བྱང་གསང་བདག་དྲེགས་པ་ཐམས་ཅད་འདུལ༔ མཐིང་ནག་ཐོ་བ་མདུང་འཛིན་ཡུམ་དང་འཁྲིལ༔ བྱང་ཤར་དཔལ་ཆེན་སྟོབས་ལྡན་དམོད་པའི་རྒྱལ༔ སྨུག་ནག་ལྕགས་ཀྱུ་སྦྲུལ་ཞགས་ཡུམ་དང་འཁྲིལ༔ རིག་འཛིན་མ་གཏོགས་དཔལ་རྣམས་ཁྲོ་བོའི་ཆས༔ པད་ཉི་དྲེགས་པ་དྲག་མེའི་ཀློང་ན་རོལ༔ བླ་མ་རིག་འཛིན་དར་ཟབ་ལྷོད་འབོལ་སྟེང༔ ཞི་ཁྲོ་དར་དང་རིན་ཆེན་རུས་པས་བརྒྱན༔ འོད་ལྔའི་ཀློང་ན་བདེ་བའི་གར་གྱིས་འགྱིང༔ ཀུན་ཀྱང་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་སོགས༔ ཉི་དང་ཟེར་བཞིན་མ་འདྲེས་ཚོམ་བུར་རྫོགས༔ སྒོ་བཞིར་མཐར་བྱེད་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཕྱི་རོལ་ཁོར་ཡུག་བཀའ་སྡོད་སྤྲིན་ལྟར་གཏིབས༔ གནས་གསུམ་འབྲུ་གསུམ་འོད་ཟེར་འཕྲོ་འདུ་ཡིས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་བརླབས་ཤིང༔ ཡེ་ཤེས་དབང་བསྐུར་རྡོ་རྗེ་དབྱིངས་ཀྱི་ལྷས༔ དབུར་བརྒྱན་འགྲོ་འདུལ་ཕྲིན་ལས་ཡོངས་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ བཛྲ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡེ་ཤེས་པ་བསྟིམ་པ་ནི། ཧཱུྃ༔ འོག་མིན་ཆོས་དབྱིངས་ཁྱབ་གདལ་ཞིང་ཁམས་ནས༔ སྒྱུ་འཕྲུལ་རོལ་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སྲིད་གསུམ་གདུག་པའི་ཚོགས་རྣམས་བསྒྲལ་བ་དང༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཏིང་འཛིན་དམ་ཚིག་སེམས་དཔའི་གྲོང་ཁྱེར་དུ༔ ཡེ་ཤེས་སྒྱུ་མའི་སྐུར་སྣང་ལྷ་ཚོགས་རྣམས༔ ཆུ་ལ་ཆུ་བཞག་ཇི་བཞིན་བྱང་ཆུབ་བར༔ དུ་མར་སྣང་ཡང་དབྱེར་མེད་བརྟན་པར་བཞུགས༔ ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ འབར་བའི་སྐུ་ནི་སྒེག་དཔའ་འཇིགས་སུ་རུང༔ རྡོ་རྗེའི་གསུང་དབྱངས་རྒོད་གཤེ་རྔམ་པར་སྒྲོག༔ འོད་གསལ་ཐུགས་ནི་སྙིང་རྗེ་རྔམས་ཤིང་ཞི༔ ཁྲག་འཐུང་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ ཕྱག་རྒྱ་བཞི་ལྡན་གར་གྱི་མཆོད་པ་འབུལ༔ དགའ་བ་བཅུ་དྲུག་གླུ་ཡི་མཆོད་པ་འབུལ༔ ཀུན་བཟང་ཉེར་སྤྱོད་ཕྱི་ཡི་མཆོད་པ་འབུལ༔ འདོད་ཡོན་ལྔ་ལྡན་ནང་གི་མཆོད་པ་འབུལ༔ ཡེ་ཤེས་སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ དམ་རྫས་རྨད་བྱུང་གཏོར་མའི་མཆོད་པ་འབུལ༔ གདུག་པ་བསྒྲལ་པའི་རཀྟའི་མཆོད་པ་འབུལ༔ ཛ་གད་དཔའ་བོ་ཕུད་ཀྱི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པདྱཱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ རྡོ་རྗེའི་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ ཚངས་པའི་གསུང་ལས་ཆོས་ཀྱི་ཆར་པ་འབེབ༔ ཡེ་ཤེས་ཐུགས་ཀྱི་དགོངས་པ་དབྱིངས་སུ་འཁྱིལ༔ རྩོལ་མེད་ཡོན་ཏན་གདུལ་བྱའི་དཔལ་དུ་ཤར༔ ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་བ་སྐོང༔ འཁོར་འདས་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་དཀྱིལ་འཁོར་ལྷར༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད། བདུན་པ་བཟླས་པ་ལ་གསུམ་ལས། ཞི་བར་བསྙེན་པ་ནི། ཧཱུྃ༔ དབུ་རྒྱན་ཞི་བའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་སྔགས་ཕྲེང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ བསྙེན་པ་འབུམ་ཕྲག་གསུམ་བཟླས་པས༔ བདག་ཉིད་བྱིན་རླབས་ནུས་རྩལ་རྫོགས༔ ཁྲོ་བོར་སྒྲུབ་པ་ནི། ཧཱུྃ༔ ཚོམ་བུ་དགུ་ལྡན་གཙོ་མཆོག་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ སྣོད་བཅུད་སྣང་ཞེན་ཐམས་ཅད་སྦྱངས༔ སྣང་སྟོང་ལྷ་དང་གྲགས་སྟོང་སྔགས༔ རིག་སྟོང་འོད་གསལ་ཕྱག་རྒྱ་ཆེ༔ ཧེ་རུ་ཀ་དང་དབྱེར་མེད་གྱུར༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སྒྲུབ་པའི་གསང་སྔགས་བཞི་འབུམ་བཟླས༔ ནུས་པ་དཔལ་ཆེན་ཉིད་དང་མཉམ༔ ཐུན་མོང་ལས་སྦྱོར་ནི། ཧཱུྃ༔ བདག་ཉིད་དཀྱིལ་འཁོར་ལྷ་ཚོགས་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་མཚོན༔ ཕོ་ཉ་དྲེགས་པ་སྐར་ལྟར་འཁྲུགས༔ སྲིད་གསུམ་ཁྱབ་ཅིང་ཁམས་གསུམ་གཡོས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགས༔ ཁྱད་པར་གདུག་ཅིང་གཏུམ་པའི་ཚོགས༔ འགུགས་བསྒྲལ་གནས་སྤར་ཆོས་དབྱིངས་བསྟིམས༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ལས་སྦྱོར་ཁྲི་ཕྲག་བཞི་བཟླས་ལ༔ ཕྲིན་ལས་གང་བརྩམ་འགྲུབ་པར་འགྱུར༔ ས་མ་ཡ༔ རྗེས་ནི་ཚོགས་མཆོད་ཐུགས་དམ་བསྐུལ༔ དངོས་གྲུབ་བླང་ཞིང་མཐའ་གཉིས་བསལ༔ བསྔོ་བ་སྨོན་ལམ་བཀྲ་ཤིས་ཏེ༔ ལས་རིམ་བདུན་གྱིས་མཐར་དབྱུང་ངོ༔ ས་མ་ཡ༔ དེ་ལས་དང་པོ་ཚོགས་མཆོད་ལས་རིམ་ལས་བྱིན་རླབས་ནི། ཧཱུྃ༔ འོད་གསལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལས༔ མེ་རླུང་ཆུ་ཡིས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཞུ་ཟག་མེད་བདུད་རྩིའི་བཅུད༔ འདོད་ཡོན་ལྔ་ལྡན་ལོངས་སྤྱོད་ཆེན་པོར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དང་པོ་མཆོད་པ་ནི། ཧཱུྃ༔ དབྱིངས་ནས་སྐུར་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལྡན་པའི༔ ཚོགས་ཕུད་བདུད་རྩིའི་མཆོད་པ་ཡར་བཞེས་ལ༔ ཐུན་མོང་མཆོག་གི་དངོས་གྲུབ་ཆར་ལྟར་ཕོབ༔ ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨེ་ཧྱེ་ཧི༔ མ་ཧཱ་པཉྩ་ཀཱ་མ་གུ་ཎ་ཙཀྲ་ཨ་མྲྀཏ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ མ་རིག་དབང་གྱུར་བདག་ལུས་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་ཉམས་ཆག་སྡིག་ལྟུང་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ་ཨ༔ ཡི་གེ་བརྒྱ་པ་བརྗོད། ཐ་མ་འགུགས་ཤིང་བསྒྲལ་ཏེ་བསྟབ་པ་ནི། ཧཱུྃ༔ དཔལ་གྱི་འོད་ཟེར་འབར་བ་ཆེན་པོ་ཡིས༔ ཁྲོ་རྒྱལ་སྒོ་བ་ཡབ་ཡུམ་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ལས་རབ་འཇིགས་ཕོ་ཉའི་ཚོགས༔ ཕྱག་རྒྱ་བཞི་ལྡན་ནམ་མཁའ་གང་བར་སྤྲོས༔ བྱང་ཆུབ་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན༔ ལྕགས་ཀྱུས་ཟུངས་ཤིག་ཞགས་པས་མགུལ་ནས་ཁྲིད༔ སྒྲོག་གིས་ཆིངས་ལ་དྲིལ་བུས་མྱོས་སུ་ཆུག༔ ལྷ་དང་ཕྲོལ་ཅིག་རྟེན་ལ་དབྱེར་མེད་སྟིམས༔ དྲག་སྔགས་མཐར་སརྦ་ཤ་ཏྲཱུན་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ༔ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ༔ ཕུར་པ་སྲས་མཆོག་བཛྲ་ཀཱི་ལ་ཡ༔ བསྒྲིལ་ཞིང་བཏབ་པས་ལྷ་ཡང་བརླག་བྱེད་ན༔ གནོད་བྱེད་དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ ཚེ་བསོད་འོད་ཟེར་ལྕགས་ཀྱུས་རང་ལ་བསྟིམས༔ བདུད་རྩིས་གནས་ངན་ལེན་གྱི་དྲི་མ་སྦྱངས༔ རྣམ་ཤེས་འོག་མིན་རྒྱལ་བའི་སྲས་སུ་སྤོར༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ དྲག་སྔགས་མཐར་སརྦ་ཤ་ཏྲཱུན་བིགྷྣཱཾ་ཧཱུྃ་ཨ་ཡཾ་ཕཊ༔ བྷིནྡྷ་བྷིནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་མཱ་ར་ཡ་རྦད༔ ཧཱུྃ༔ བཀའ་བརྒྱད་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་བསྒྲལ་པའི་ཤ་ཁྲག་རུས༔ རྨད་བྱུང་རོལ་པའི་ཚོགས་མཆོད་དགྱེས་པར་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་བར་འདིར་སྐོང་བཤགས་ཇི་ལྟར་རིགས་པ་བྱ། ཚོགས་ལ་རོལ་ཞིང་སྨོན་ལམ་གདབ། ལྷག་མ་བསྔོ་བ་ནི། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བརླབ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་པས་མགྲོན་འགུག །ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་མུ་རན་མཐའ་སྐྱོང་བའི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ཕོ་ཉའི་ཚོགས༔ འདིར་བྱོན་ལྷག་མའི་ལོངས་སྤྱོད་ཆེན་པོར་རོལ༔ འཁོར་སྲུངས་རྐྱེན་ཟློག་ཚེ་དཔལ་འབྱོར་པ་སྤེལ༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་བསྔོའོ། །གཉིས་པ་བསྐུལ་པ་ལའང་ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་དགྲ་བགེགས་དགུགས་བསྟིམ་བྱིན་གྱིས་བརླབས་པ་སྨན་རཀ་དང་བཅས་ཕུལ་ལ། ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་དམ་ཅན༔ ཆོས་ཀྱི་དབྱིངས་ལས་ཡེ་ཤེས་རོལ་པའི་གར༔ ཅིར་ཡང་སྒྱུར་བའི་ཕྲིན་ལས་དུས་ལ་བབས༔ ཧཱུྃ༔ གཙུག་ཏོར་ནོར་བུའི་ཡེ་ཤེས་འོད་ཀློང་ནས༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སྐུ་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་གཏོར་བཞེས༔ གཟུང་འཛིན་བག་ཆགས་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དབུས་ཉིད་དྭངས་མ་ཐིག་ལེའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཁྲག་འཐུང་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨན་དང་དམར་ཆེན་རཀྟའི་མཚོ༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ གཉིས་སྣང་གློ་བུར་འཁྲུལ་པའི་གཞན་དབང་ལས༔ མེད་བཞིན་སྣང་བའི་དགྲ་གདོན་འབྱུང་པོ་ཟློག༔ མེ་ཆུ་དུག་མཚོན་བརྒྱད་གཉིས་འཇིགས་པ་ཟློག༔ བྱད་ཁ་ཕུར་ཁ་ལྟས་ངན་རྦོད་གཏོང་ཟློག༔ བཞི་བརྒྱ་རྩ་བཞིའི་རྣམ་མང་ནད་རིགས་ཟློག༔ དུས་མིན་རྐྱེན་གྱིས་འཆི་བ་བཅོ་བརྒྱད་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་དཔུང་ཚོགས་ཟློག༔ དྲེགས་པ་སྡེ་བརྒྱད་བདུད་བཞིའི་ཆོ་འཕྲུལ་ཟློག༔ མཐའ་དམག་དུས་འཁྲུགས་དལ་ཡམས་མུ་གེ་ཟློག༔ གློ་བུར་ཀེག་སྲི་བར་ཆད་ཐམས་ཅད་ཟློག༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨན་དང་སོགས་འགྲེའོ། །ཧཱུྃ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ པདྨ་གསུང་གི་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བླ་མ་རིག་འཛིན་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༔ ཧཱུྃ༔ ཡེ་ཤེས་མཁའ་ཁྱབ་ཡངས་པའི་དཀྱིལ་འཁོར་ནས༔ ཁྱུང་ཆེན་རིགས་དགུའི་ལྷ་ཚོགས་སྐུ་བཞེངས་ཤིག༔ བདུད་རྩི་སྨན་དང་སོགས༴ ཧཱུྃ༔ འབར་བའི་དཀྱིལ་འཁོར་ཕྱི་ནང་ཁོར་ཡུག་ནས༔ བཀའ་སྡོད་ཕོ་ཉའི་ཚོགས་རྣམས་སྐུ་བཞེངས་ཤིག༔ བདུད་རྩི་སྨན་དང་སྐུ་བཞེངས་ཤིག༔ བདུད་རྩི་སྨད་དང་སོགས༴ ཧཱུྃ༔ ཀློང་དགུའི་དབྱིངས་ལས་ཡེ་ཤེས་རང་བྱུང་རྩལ༔ ཁྲག་འཐུང་རབ་འབྱམས་སྒྲུབ་སྡེ་བསམ་ཡས་ལྷ༔ རྟག་རྒྱུན་རང་བཞིན་ཤུགས་ལས་མ་གཡོས་ཀྱང༔ བདག་ཅག་མོས་པའི་གདུང་བས་རྒྱུད་བསྐུལ་ན༔ གདུལ་བྱ་ཡུལ་ལ་འཇུག་པའི་ཕྲིན་ལས་ཀྱིས༔ ཞི་ཁྲོ་འབར་བ་ཕྱག་རྒྱའི་དཀྱིལ་འཁོར་ནས༔ རིགས་ཀྱི་གཙོ་བོ་དཔལ་ཆེན་ཆེ་བའི་མཆོག༔ ཡང་དག་ཁྲག་འཐུང་འཇམ་དཔལ་གཤིན་རྗེ་གཤེད༔ དབང་ཆེན་རྟ་མགྲིན་བཛྲ་ཀཱི་ལ་ཡ༔ མ་མོ་རྦོད་གཏོང་རིག་འཛིན་བླ་མ་དང༔ འཇིག་རྟེན་མཆོད་བསྟོད་དྲག་སྔགས་དམོད་པའི་སྡེ༔ མཐུ་རྩལ་ཡོངས་རྫོགས་རྡོ་རྗེའི་ག་རུ་ཌ༔ དཔལ་གྱི་བཀའ་སྡོད་རབ་འབྱམས་ཚོགས་རྣམས་ཀུན༔ དབང་དྲག་གར་དགུའི་རོལ་པས་སྐུ་བཞེངས་ཤིག༔ བདུད་རྩི་སྨན་དང་དམར་ཆེན་རཀྟའི་མཚོ༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ གཉིས་སྣང་གློ་བུར་འཁྲུལ་པའི་གཞན་དབང་ལས༔ མེད་བཞིན་སྣང་བའི་དགྲ་གདོན་འབྱུང་པོ་ཟློག༔ མེ་ཆུ་དུག་མཚོན་བརྒྱད་གཉིས་འཇིགས་པ་ཟློག༔ བྱད་ཁ་ཕུར་ཁ་ལྟས་ངན་རྦོད་གཏོང་ཟློག༔ བཞི་བརྒྱ་རྩ་བཞིའི་རྣམ་མང་ནད་རིགས་ཟློག༔ དུས་མིན་རྐྱེན་གྱིས་འཆི་བ་བཅོ་བརྒྱད་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་དཔུང་ཚོགས་ཟློག༔ དྲེགས་པ་སྡེ་བརྒྱད་བདུད་བཞིའི་ཆོ་འཕྲུལ་ཟློག༔ མཐའ་དམག་དུས་འཁྲུགས་དལ་ཡམས་མུ་གེ་ཟློག༔ གློ་བུར་ཀེག་སྲི་བར་ཆད་ཐམས་ཅད་ཟློག༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཙཎྜ་ས་མ་ཡ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ རྡོ་རྗེའི་སྲུང་མ་རྣམས་ལ་ཐ་ཚིག་བསྐུལ་བ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་དགོངས་བརྒྱུད་བདེ་གཤེགས་ཞི་ཁྲོའི་ལྷ༔ བར་དུ་བརྡའ་བརྒྱུད་རིག་འཛིན་གྲུབ་པའི་ཚོགས༔ ཐ་མ་སྙན་བརྒྱུད་ཚུལ་བཞིན་འཛིན་པ་ཡི༔ བརྟུལ་ཞུགས་སྤྱོད་འཆང་རྡོ་རྗེ་སློབ་དཔོན་ཆེའི༔ སྤྱན་སྔར་ཞལ་བཞེས་རྒྱུད་གསུམ་དྲེགས་པའི་ཚོགས༔ ཐ་ཚིག་གཉན་པོའི་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི༔ གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ས་མ་ཡ་ཀརྨ་ཀུ་རུ་ཧོ༔ གཏོར་མ་ཟོར་དུ་བསྐུལ་བ་ནི། ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་རོལ་པའི་རྩལ༔ ཁྲག་འཐུང་འབར་བའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་གར་དགུའི་ཚུལ༔ དཔལ་ཆེན་ཡོངས་རྫོགས་ཟོར་གྱི་ལས་ལ་བཞེངས༔ གཏོར་ཟོར་ནད་མཚོན་དུག་གི་ཆར་ཆེན་པོས༔ སྡང་བའི་དགྲ་སོད་གནོད་པའི་བགེགས་ཚོགས་ཆོམས༔ བར་ཆད་རྐྱེན་དང་མཐའ་བཞིའི་དམག་དཔུང་ཟློག༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ དྲག་སྔགས་བཟླ་ཞིང་རོལ་མོའི་ཚམ་རྔམ་དྲག་པོ་དང་བཅས་ཐལ་མོ་དང་དུལ་མོ་བརྡབ་ཅིང་འཕང་ངོ་། །བཤལ་ཆུས་བརྟན་མ་བསྐྱང་བ་ནི། ཧཱུྃ་བྷྱོ༔ གངས་ཅན་མཐའ་དབུས་ཀུན་ལ་གནས་བཅས་པའི༔ བདུད་དང་གནོད་སྦྱིན་སྨན་མོ་མཆེད་སྡེ་བཞི༔ བརྟན་སྐྱོང་ཡ་མ་འབུམ་ཕྲག་འཁོར་དང་བཅས༔ འདིར་གཤེགས་དཔལ་གྱི་གཏོར་མའི་བཤལ་ཆུ་བཞེས༔ སྔོན་ཚེ་ཁྲག་འཐུང་པདྨ་ཐོད་ཕྲེང་དང༔ དཔལ་གྱི་སེང་གེའི་སྤྱན་སྔར་ཞལ་བཞེས་ལྟར༔ བོད་ཁམས་རུ་བཞིའི་མཚམས་ཀྱི་སོ་ཁ་སྲུངས༔ བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལས་མཇུག་རྡོ་རྗེའི་བྲོས་བསྡུ་བ་ནི། ཧཱུྃ༔ རྣམ་ཐར་གསུམ་ལྡན་འབར་བའི་ཨེ་སྒྲོམ་དུ༔ སྒྲུབ་ལ་འཚེ་བའི་དམ་སྲི་འབྱུང་པོ་མནན༔ བྱང་ཆུབ་མཆོག་སེམས་མ་བསྐྱེད་དེ་སྲིད་དུ༔ ཐར་མེད་རྡོ་རྗེའི་བྲོ་ཡིས་རྒྱས་གདབ་བོ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སརྦ་ཤ་ཏྲཱུན་བིགྷྣཱན་སཏྭཾ་བྷ་ཡ་ནན༔ གསུམ་པ་དངོས་གྲུབ་བླང་བ་ལ། གཏང་རག་གི་མཆོད་བསྟོད་མདོར་བསྡུས་སྔོན་དུ་འགྲོ་བས། སྒྲུབ་རྟེན་ལྷར་གསལ་བ་བཏེགས་ལ། ཧཱུྃ༔ མཁའ་ཁྱབ་འོད་གསལ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རིག་པ་རང་ཤར་ཞི་ཁྲོ་རབ་འབྱམས་ལྷས༔ དེང་འདིར་བདག་ལ་བརྩེ་བས་ཉེར་དགོངས་ནས༔ མཆོག་ཐུན་ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ༔ སྒྲུབ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད་ཅིང་གནས་གསུམ་དུ་གཏུགས་ལ་དམ་རྫས་མྱང་། ནོངས་བཤགས་སྤྱི་ལྟར་བྱའོ། །བཞི་པ་རྟག་མཐའ་བསལ་ཕྱིར་ཉེར་བསྡུ་བྱ་བ་ནི། ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ལ་ཐིམ༔ དེ་ཡང་རིམ་གྱིས་ཐུགས་སྲོག་ནཱ་དར་བསྡུ༔ མི་དམིགས་འོད་གསལ་གཉུག་མ་རྫོགས་པ་ཆེ༔ རང་བཞིན་སྤྲོས་པ་བྲལ་བའི་དབྱིངས་སུ་བཞག༔ ཨ་ཨ་ཨ༔ ལྔ་པ་ཆད་མཐའ་བསལ་ཕྱིར་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་ནི། ཧཱུྃ༔ རྟག་ཏུ་མི་འགྱུར་ཀ་དག་རང་བྱུང་ལས༔ ལྷུན་གྲུབ་རིག་རྩལ་རང་སྣང་དཔལ་ཆེན་པོ༔ ཟུང་འཇུག་རྡོ་རྗེ་གསུམ་གྱི་སྲོག་ལྡན་པ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར༔ བཛྲ་ཤྲཱི་ཧེ་རུ་ཀོ྅་ཧཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵཱ་ཧཾ༔ དྲུག་པ་བསྔོ་སྨོན་བྱ་བ་ནི། ཧོ༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས་པའི་དགེ༔ རྣམ་གྲོལ་མཆོག་གི་ས་ལ་བསྔོ་བར་བགྱི༔ ཀུན་ཀྱང་ཧེ་རུ་ཀ་དཔལ་མྱུར་ཐོབ་ཤོག༔ བདུན་པ་ཤིས་བརྗོད་ནི། ཧཱུྃ༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་གཏེར་གྱི་མཛོད༔ བླ་མ་ཡི་དམ་དཀྱིལ་འཁོར་རབ་འབྱམས་ཀྱི༔ ཐུགས་རྗེའི་སྣང་བས་ཕྱོགས་ཀུན་ཁྱབ་པ་དང༔ མཆོག་ཐུན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ༔ ས་མ་ཡ༔ ཕྱི་ནང་དྲེགས་པ་ཀུན་འདུལ་བའི༔ སྒྲུབ་སྡེ་བརྒྱད་ཀྱི་རྒྱུད་དང་ལུང༔ མན་ངག་ངེས་པའི་སྙིང་པོའི་དོན༔ རྒྱུན་གྱི་ཕྲིན་ལས་མདོར་བསྡུས་པ༔ མ་འོངས་དོན་དུ་པདྨས་བཀོད༔ ཁ་ཚང་བཅུད་འདྲིལ་བྱིན་རླབས་ཆེ༔ འདི་ལ་ཉམས་ལེན་སུས་བྱེད་པ༔ བར་ཆད་བགེགས་ཞི་བསམ་རྒུ་འགྲུབ༔ མཐར་ཐུག་དཔལ་ཆེན་ཁྲག་འཐུང་དང༔ དབྱེར་མེད་ཡེ་ཤེས་སྐུ་ཐོབ་འགྱུར༔ དེ་ཕྱིར་བརྩོན་པས་རྩེ་གཅིག་སྒྲུབས༔ འགྲོ་དོན་བསྟན་པ་རྒྱས་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ མནྟྲ་གུ་ཧྱ་ས་མ་ཡ༔ ཞེས་པ་འདིའང་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་མཆོག་གི་རིག་འཛིན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་ཤིང་སྨུག་ནག་དབང་གི་མཁའ་འགྲོས་ལོང་པོ་བསམ་གཏན་གླིང་པའི་ཡང་གཏེར་གྱི་ཤོག་སེར་མངོན་སུམ་དུ་ཕུལ་བ་ལས་བརྡའ་བསྒྱུར་བ་མཛད་ཅིང་ཡིག་ཆུང་ས་བཅད་སོགས་བཀས་གནང་བ་ལྟར་རྗེ་ཉིད་ཀྱི་རྡོ་རྗེའི་བཀའ་སློབ་པདྨ་གར་དབང་རྩལ་གྱིས་ཞུས་པ་དགེ་ལེགས་འཕེལ། སརྦ་དཱ་མངྒ་ལམ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་འཇིགས་པ་ཀུན་སེལ་ (Volume 36, Text 37)
༁ྃ༔ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ འཕགས་མ་སྒྲོལ་མའི་སྒྲུབ་ཐབས་འཇིགས་པ་ཀུན་སེལ་ཞེས་བྱ་བ་བཞུགས་སོ༔ ཕྱི་འཇིགས་པ་བཅུ་དྲུག་གི་བར་ཆད་སེལ་བ། ྈྈྈ ྈ འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༔ ཤིན་ཏུ་གསང་བའི་གསང་བ་མཆོག༔ གཙོ་བོའི་སྦས་ཡུམ་ཁ་ཊྭཱཾ་ག༔ ཕྱི་ལྟར་རྗེ་བཙུན་སྒྲོལ་མ་སྟེ༔ ནང་ལྟར་བཛྲ་བྷ་ར་ཧི༔ གསང་བ་ཡེ་ཤེས་མཚོ་རྒྱལ་ཡུམ༔ ཡང་གསང་འཆི་མེད་མནྡཱ་ར༔ དོན་དམ་ཤེས་རབ་ཕ་རོལ་ཕྱིན༔ རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྣང༔ མཆོག་ཏུ་མི་འགྱུར་གསང་བའི་ལྕམ༔ སྲས་བཅས་རྒྱལ་ཀུན་སྐྱེད་པ་དང༔ བདེ་ཆེན་རོལ་པའི་བཙུན་མོ་ནི༔ མྱུར་མ་དཔའ་མོའི་སྒྲུབ་པའི་ཐབས༔ མ་འོངས་རྗེས་འཇུག་རྣལ་འབྱོར་རྣམས༔ ཕྱི་ཡི་བར་ཆད་ཀུན་སེལ་ཕྱིར༔ རང་བྱུང་པདྨ་བདག་གིས་བསྟན༔ ས་མ་ཡ༔ སྐྱབས་སེམས་ཚོགས་གསག་སྔོན་སོང་ནས༔ ཨ༔ སྟོང་གསལ་རང་རིག་གཉུག་མའི་དབྱིངས༔ ཡེ་ཤེས་རོལ་པའི་སྣང་ཆ་ལས༔ པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཏཱཾ་ཡིག་ལྗང་གུའི་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་ཀུན་བར་ཆད་བསལ༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་སྲུང་བའི་གུར་ཆེན་དབུས༔ བདག་ཉིད་རྗེ་བཙུན་སྒྲོལ་མ་ལྗང༔ ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད༔ གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས༔ སྣང་སྟོང་འོད་ལྔ་འཁྲིགས་པའི་ཀློང༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས༔ སྐུ་ལས་རང་འདྲའི་རྗེ་བཙུན་མ༔ ནམ་མཁའ་གང་བར་རབ་སྤྲོ་བས༔ འགྲོ་རྣམས་གནས་སྐབས་མཐར་ཐུག་གི༔ འཇིགས་པ་ཀུན་ལས་སྐྱོབ་མཛད་པའི༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསམ༔ ཏཱཾ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགག་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱརྻ་ཏཱ་རེ་ཛ༔ ཛཿཧཱུྃ་བཾ་ཧོ༔ ནམ་མཁའ་གང་བའི་དབང་གི་ལྷས༔ དབང་བསྐུར་སྣང་མཐས་དབུར་བརྒྱན་བསམ༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ ཨོཾ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བདག་ཅག་འཁོར་དང་བཅས་རྣམས་ཀྱི༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ རྟག་ཏུ་ཐུགས་རྗེས་བསྐྱང་མཛད་གསོལ༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཏཱཾ་ཡིག་ལྗང་གུའི་མཐའ་སྐོར་དུ༔ རྡོ་རྗེའི་ཡི་གེ་བཅུ་པས་བསྐོར༔ བཟླས་པས་སྔགས་རྣམས་སྒྲར་བཅས་འཁོར༔ འོད་ཟེར་དཔག་ཡས་ཕྱོགས་བཅུར་འཕྲོས༔ འཕགས་མཆོད་བྱིན་རླབས་རང་ལ་ཐིམ༔ འགྲོ་ཀུན་འཇིགས་པ་ཀུན་བསལ་ནས༔ འཕགས་མ་སྒྲོལ་མའི་གོ་འཕང་བཀོད༔ བདག་གི་ལུས་ངག་ཡིད་གསུམ་དང༔ རྗེ་བཙུན་འཕགས་མའི་སྐུ་གསུང་ཐུགས༔ དབྱེར་མེད་སྲུང་བ་ཆེན་པོར་བསམ༔ ཨོཾ་ཨཱཿཧཱུྃ་ཞེས་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་སྨྲ་བ་བཅད་དེ་འབུམ་ཕྲག་ལ་སོགས་པ་བཟླས་པས་བཅོམ་ལྡན་འདས་མས་བྱིན་གྱིས་རློབ་པར་འགྱུར་རོ༔ འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ༔ བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ༔ རྟག་ཏུ་ཚེ་རབས་དྲན་ཅིང་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ༔ བར་དོར་ཡང་རྗེ་བཙུན་མས་རྗེས་སུ་འཛིན་ཅིང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ༔ ཐུན་བསྡུ་བ་ན་ལྷ་སྐུ་འོད་གསལ་དུ་སྦྱངས་ཏེ་མཉམ་པར་འཇོག༔ ཐུན་མཚམས་སུ་འཇུག་པའི་ཚེ་སླར་ཡང་ལྷར་ལངས་རྟེན་གསུམ་ལ་བསྐོར་བ་དང༔ ཡན་ལག་བདུན་པ་དང༔ མཎྜལ་སོགས་ལ་བརྩོན་པར་བྱའོ༔ ས་མ་ཡ༔ སློབ་མ་རྗེས་སུ་འཛིན་འདོད་ན༔ དཀྱིལ་འཁོར་མཚན་མའི་རྫས་བཤམས་ཏེ༔ སྒོམ་བཟླས་བྱ་བ་སྔོན་སོང་ནས༔ སློབ་མས་གསོལ་བ་འདི་སྐད་གདབ༔ ཨེ་མ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་བདག་ཉིད་འཕགས་མ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ སྐྱབས་འགྲོ་སེམས་བསྐྱེད་་་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།སོགས་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དང་།སོགས་ཀྱི་ཡན་ལག་བདུན་པ་བྱ། མཆན། ཚོགས་བསགས་བྱ༔ དེ་ནས་བུམ་པའི་བདུད་རྩིས་བཀྲུ༔ ཨོཾ༔ བཀྲ་ཤིས་བུམ་པའི་བདུད་རྩིའི་ཆུས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིས་པས༔ བག་ཆགས་དྲི་མ་ཀུན་བྱང་ནས༔ འཕགས་མའི་ཕྱག་རྒྱ་མངོན་གྱུར་ཤོག༔ རྩ་སྔགས་དང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་པས་དབང་བསྐུར་བདུད་རྩིའི་ཆུས༔ ལུས་ངག་སྒྲིབ་དག་སྐད་ཅིག་གིས༔ སྒྲོལ་མའི་སྐུ་རུ་གྱུར་པ་ལ༔ ཡེ་ཤེས་ལྷ་ཡི་ཕྱག་རྒྱ་བསྟིམ༔ ཨོཾ༔ སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ༔ རྗེ་བཙུན་འཕགས་མའི་སྐུ་ཡི་དབང༔ དེ་རིང་སྐལ་ལྡན་ཁྱོད་ལ་བསྐུར༔ རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་པའི་ལུང་བྱིན་སྔགས་ཕྲེང་ལས༔ འཇིགས་པའི་ཚོགས་ཀུན་སྐྱོབ་པ་ཡི༔ འཕགས་མ་སྒྲོལ་མ་མཁའ་ཁྱབ་འཕྲོས༔ འགྲོ་འདུལ་མཛད་པ་ཡོངས་རྫོགས་བསམ༔ བརྟན་ཕྱིར་སྔགས་ཕྲེང་མགྲིན་པར་བཞག༔ ཨཱ༔ གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང༔ རྗེ་བཙུན་འཕགས་མའི་གསུང་གི་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་བསྐུར༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་མཚན་ཨུཏྤལ་སྙིང་གར་བསྟིམ༔ ཐུགས་དང་དབྱེར་མེད་མཉམ་པར་འཇོག༔ ཧཱུྃ༔ རིག་སྟོང་དབྱེར་མེད་རྡོ་རྗེའི་ཐུགས༔ རྗེ་བཙུན་འཕགས་མའི་ཐུགས་ཀྱི་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་བསྐུར༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ལྷར་གསལ་སྤྱི་བོར་བཞག༔ ཏཱཾ༔ གཏོར་མ་ལྷ་ཡི་ཕྱག་རྒྱར་རྫོགས༔ ཐུགས་རྗེའི་འོད་ཕུང་ལམས་སེ་ལམ༔ རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས༔ སྐལ་ལྡན་སྨིན་ཅིང་གྲོལ་བར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིི༔ ལྷ་བསྟིམ་ཤིས་བརྗོད་མེ་ཏོག་འཐོར༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ འཇིགས་པ་སོ་སོ་ཞི་བའི་ཕྱིར༔ སྒྲོལ་མ་སོ་སོའི་དབང་བསྐུར་ན༔ ལྷ་སྔགས་བསྒྱུར་ལ་གོང་ལྟར་བསྐུར༔ བྱིན་རླབས་རྟགས་མཚན་མྱུར་དུ་འབྱུང༔ ས་མ་ཡ༔ དེ་ནས་ལས་ཀྱི་ཁ་བསྒྱུར་ལ༔ ས་ཡི་འཇིགས་པ་ཞི་བྱའི་ཕྱིར༔ རང་ཉིད་རྡོ་རྗེ་སྒྲོལ་མ་མཐིང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔ རྡོ་རྗེ་རྩེ་ལྔས་མཚན་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གནས་གསུམ་བྱིན་རླབས་ཡེ་ཤེས་བསྟིམ༔ དབང་བསྐུར་མཆོད་བསྟོད་གསོལ་བ་གདབ༔ ཐུགས་ཀར་ཟླ་སྟེང་ཏཱཾ་མཐིང་ག༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རྡོ་རྗེའི་རང་བཞིན་འཕྲོས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བྱས༔ ཁྱད་པར་ང་རྒྱལ་ལས་གྱུར་པའི༔ ས་ཡི་འཇིགས་པ་ཀུན་ཞི་བསམ༔ རྩ་སྔགས་ཡི་གེ་བཅུ་པའི་མཐར༔ མ་མ་སརྦ་ལཾ་ལཾ་བྷཱ་ཡ་ཤཱནྟིཾ་ཀུ་རུ༔ ཞེས་པ་སྭཱ་ཧཱའི་གོང་དུ་སྤེལ༔ གཞན་ཡང་རྩ་བའི་སྔགས་ཤམ་དུ༔ ས་ར་ཙཀྲ་ཧྲི་དཾ་པུ་ནེ་ཡེ་ལཾ་ཙ་ལ་སཏྭཾ་བྷཱ་ཡ་ནན༔ ཞེས་བྲིས་གུར་གུམ་གི་ཝཾ་བྱུག༔ རིན་ཆེན་སྣ་ཚོགས་བསྲེས་པ་ཡི༔ སཱཙྪར་བཅུག་ལ་འཆང་བ་འམ༔ གནོད་པའི་ཕྱོགས་སུ་བཞག་པ་ཡིས༔ ས་གཡོས་རི་རུད་ཐོག་བརྡིབ་སོགས༔ ས་ཡི་འཇིགས་པ་ཐམས་ཅད་ཀུན༔ སྲུང་དང་ཞི་དང་ཕྱིར་ཟློག་འགྱུར༔ ས་མ་ཡ༔ ཆུ་ཡི་འཇིགས་སྐྱོབ་སྒྲོལ་མ་དམར༔ ཕྱག་གཡོན་ནོར་བུ་མེ་ཤེལ་གྱིས༔ མཚན་པའི་ཨུཏྤལ་བསྣམས་པར་གསལ༔ སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས༔ ཆུ་ཡི་འཇིགས་པ་ཞི་བར་བསྒོམ༔ མ་མ་སརྦ་བཾ་བཾ་ཛ་ལ་བྷཱ་ཡ་ཤཱིནྟིཾ་ཀུ་རུ༔ ཞེས་དང་རྩ་སྔགས་སྤེལ་ལ་བཟླ༔ སེང་ལྡེང་ཕུར་པ་སྔགས་བཏབ་བཅང༔ ཆུ་ཆེན་གྲུ་དང་ཤྭ་འུད་སོགས༔ འདོད་ཆགས་ཆུ་ཡི་གནོད་པ་སེལ༔ ས་མ་ཡ༔ མེ་ཡི་འཇིགས་སྐྱོབ་སྒྲོལ་མ་སེར༔ ཕྱག་གཡོན་ནོར་བུ་ཆུ་ཤེལ་ནི༔ ཆུ་རྒྱུན་འབེབ་པ་བསྣམས་པར་གསལ༔ རྩ་སྔགས་ཡི་གེ་བཅུ་པའི་ཁོང༔ མ་མ་སརྦ་རཾ་རཾ་ཛྭ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ༔ ཞེས་སྤེལ་ཆུ་ཤིང་ཕུར་པ་ལ༔ སྔགས་ཀྱིས་བཏབ་པ་འཆང་བ་ཡིས༔ ཞེ་སྡང་མེ་ཡི་འཇིགས་པ་ཞི༔ ས་མ་ཡ༔ རླུང་གི་འཇིགས་སྐྱོབ་སྒྲོལ་མ་དཀར༔ ཕྱག་གཡོན་འཁོར་ལོས་མཚན་པ་ཡི༔ རི་རབ་བསྣམས་པའི་སྐུར་གསལ་ལ༔ མ་མ་སརྦ་ཡཾ་ཡཾ་ཙ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ༔ ཞེས་དང་རྩ་སྔགས་སྤེལ་ལ་བཟླ༔ ཙནྡན་་་དམར་པོ།ཕུར་པ་སྔགས་བཏབ་བཅང༔ རླུང་ཆེན་འཁྲུགས་དང་གཡང་ལྷུང་སོགས༔ ཕྲག་དོག་རླུང་གི་འཇིགས་པ་ཞི༔ ས་མ་ཡ༔ རྡོ་རྗེའི་འཇིགས་སྐྱོབ་སྒྲོལ་མ་ལྗང༔ ཕྱག་གཡོན་སྣ་ཚོགས་རྡོ་རྗེ་ཡིས༔ མཚན་པའི་ཨུཏྤལ་བསྣམས་པར་གསལ༔ སྔགས་འདི་རྩ་སྔགས་སྤེལ་ལ་བཟླ༔ མ་མ་སརྦ་ཨེ་ཨེ་མ་ཧཱ་ཧ་ན་བྷཱ་ཡ་ཤཱནྟིཾ་ཀུ་རུ༔ གྲི་ལྕགས་རལ་གྲི་སོར་བཞི་པར༔ བཏབ་ནས་འཆང་བ་ཙམ་གྱིས་ཀྱང༔ གནམ་ལྕགས་ཐོག་སེར་འཇིགས་པ་སྲུང༔ ས་མ་ཡ༔ མཚོན་ཆའི་འཇིགས་སྐྱོབ་སྒྲོལ་མ་སྔོ༔ ཕྱག་གཡོན་རལ་གྲི་བསྣམས་པར་གསལ༔ མ་མ་སརྦ་ཏིག་ཏིག་ཏཱིཀྵྞ་རཀྵ་རཀྵ་ཀུ་རུ༔ ཞེས་པ་རྩ་སྔགས་སྤེལ་ལ་བཟླ༔ ལོངས་སུ་མ་སྤྱད་རྒྱ་ཁབ་ལ༔ སྔགས་བཏབ་གོང་བའི་ནང་དུ་འཆང༔ མཚོན་ཆའི་འཇིགས་པ་ཀུན་ལས་སྲུང༔ ས་མ་ཡ༔ རྒྱལ་པོའི་འཇིགས་སྐྱོབ་སྒྲོལ་མ་དམར༔ ཕྱག་གཡོན་ལྕགས་ཀྱུ་བསྣམས་པར་གསལ༔ རྩ་བའི་སྔགས་ལ་འདི་སྤེལ་བཟླ༔ མ་མ་སརྦ་རཱ་ཛ་དུཥྚཱན་ཀྲོ་དྷ་ཤཱནྟིཾ་ཀུ་རུ༔ མེ་ཏོག་དམར་པོར་སྔགས་འདི་བཏབ༔ མེ་ལ་བསྲེགས་པས་དབང་དུ་འགྱུར༔ སརྦ་རཱ་ཛ་དུཥྚཱན་ཧ་ཡེ་མོ་ཧ་ཧ་ར་ཧ་ར་ཛཿཛ༔ རྒྱལ་པོ་ཁྲོས་པས་སྡང་བ་དང༔ བཙོན་རའི་འཇིགས་པ་ཀུན་ལས་སྐྱོབ༔ ས་མ་ཡ༔ ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་ནག༔ ཕྱག་གཡོན་དགྲ་སཏྭ་བསྣམས་པར་གསལ༔ རྩ་བའི་སྔགས་ལ་འདི་སྤེལ་བཟླ༔ སརྦ་ཙཽར་བྷནྡྷ་བྷནྡྷ་ཏྲིག་ཐུཾ༔ སྐུད་པ་ནག་པོར་མདུད་པ་བོར༔ སྔགས་འདི་ཁྲི་བཟླས་དཔུང་པར་འཆིང༔ ཨོཾ་ཐར་ནི་ཐར་ནི་མ་ཧཱ་ཐར་ནི་བཾ་ཧ་ཡེ་མོ་ཧ་ཧཱུྃ་ཕཊ༔ དགྲ་ཇག་ཆོམ་རྐུན་འཇིགས་ལས་སྐྱོབ༔ ས་མ་ཡ༔ ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་ནག༔ ཕྱག་གཡོན་ཕུར་པ་བསྣམས་པར་གསལ༔ རྩ་བའི་སྔགས་ལ་འདི་སྤེལ་བཟླ༔ སརྦ་དུཥྚཱན་བིགྷྣཱན་བཾ་ཕཊ༔ སྐུད་པ་དམར་པོར་མདུད་པ་བོར༔ ཨོཾ་མ་མ་བི་བི་ནི་ནི་ཟློག་ཟློག༔ སྔགས་འདི་མང་དུ་བཏབ་ལ་བཅིང༔ གཟའ་ཀླུ་རྒྱལ་འགོང་བསེན་མོ་སོགས༔ ཤ་ཟ་འབྱུང་པོའི་གནོད་པ་སྐྱོབ༔ ས་མ་ཡ༔ གླང་ཆེན་འཇིགས་སྐྱོབ་སྒྲོལ་མ་ནི༔ དུད་ཀ་ཕྱག་གཡོན་མདུང་ཐུང་བསྣམས༔ གསལ་བཏབ་རྩ་སྔགས་འདི་སྤེལ་བཟླ༔ སརྦ་ཧཾ་ཧཾ་དུཥྚཱན་ཧ་ན་ཧ་ན་ཏྲ་ས་ཡེ་ཕཊ༔ ས་ལ་བསྔགས་ནས་གཏོར་བ་ཡིས༔ གླང་ཆེན་ཁྲོས་དང་གཡག་རྒོད་སོགས༔ མ་རུང་སྲོག་ཆགས་འཚེ་བ་སྐྱོབ༔ ས་མ་ཡ༔ སེང་གེའི་འཇིགས་སྐྱོབ་སྒྲོལ་མ་ནག༔ ཕྱག་གཡོན་མེ་ཕུང་བསྣམས་པར་གསལ༔ སརྦ་ཧེ་ཧེ་ཙ་ལེ་ཙ་ལེ་བྷནྡྷ་ཕཊ༔ ཞེས་འདི་རྩ་སྔགས་སྤེལ་ལ་བཟླ༔ མ་མ་བེ་བེ་ཟློག་ཟློག༔ སེང་ལྡེང་བྱང་བུར་བྲིས་ལ་བཅང༔ སེང་གེ་སྟག་གཟིག་དོམ་དྲེད་སོགས༔ གཅན་གཟན་ཀུན་གྱི་འཇིགས་ལས་གྲོལ༔ ས་མ་ཡ༔ སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་དཀར༔ ཕྱག་གཡོན་ཆུ་ཤེལ་ལས་གྲུབ་པའི༔ བདུད་རྩིའི་བུམ་པ་བསྣམས་པར་གསལ༔ རྩ་བའི་སྔགས་ལ་འདི་སྤེལ་བཟླ༔ སརྦ་བི་ཥ་ཙ་ལ་ཡ་ཧ་ར་ཧ་ར་ཕཊ༔ ཨ་རུ་གླ་རྩི་ཚ་ལའི་ཆུར༔ མ་མ་ཏྲུཾ་ཏྲུཾ་ཞི་ཞི་ཕཊ༔ ཞེས་བཏབ་བཏང་བས་སྦྲུལ་ལ་སོགས༔ བརྟན་གཡོའི་དུག་རིགས་ཐམས་ཅད་འཇོམས༔ ས་མ་ཡ༔ ནད་ཀྱི་འཇིགས་སྐྱོབ་སྒྲོལ་མ་ནི༔ ལྗང་སེར་ཕྱག་གཡོན་ཨ་རུ་བསྣམས༔ བདུད་རྩིའི་འོད་ཟེར་སྤྲོ་བར་གསལ༔ སརྦ་ཛྭ་ར་སརྦ་དུཿཁ་པྲ་ཤ་མ་ན་ཡ་ཕཊ༔ ཞེས་པ་རྩ་སྔགས་སྤེལ་ལ་བཟླ༔ ཡུང་བ་ཤུ་དག་སྤྲུ་ནག་ལ༔ སྔགས་བཏབ་འཆང་བས་ཡམས་རིམས་སོགས༔ ནད་ཀྱི་འཇིགས་པ་ཞི་ཞིང་སྲུང༔ ས་མ་ཡ༔ འཆི་བའི་འཇིགས་སྐྱོབ་སྒྲོལ་མ་དཀར༔ ཕྱག་གཡོན་ཚེ་བུམ་བསྣམས་པར་གསལ༔ ཚེ་བཅུད་བསྡུ་བསྟིམ་རྩ་སྔགས་དང༔ བཛྲ་ཨཱ་ཡུ་ཥེ་སྤེལ་བཟླ༔ གཡུ་བྱང་ནྲྀཿམཚན་དར་དམར་དྲིལ༔ སྔགས་ཀྱིས་བཏབ་ལ་མགུལ་དུ་འཆང༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ས་མ་ཡ༔ ཕོངས་པའི་འཇིགས་སྐྱོབ་སྒྲོལ་མ་སེར༔ ཕྱག་གཡོན་འདོད་དགུའི་ཆར་འབེབ་པའི༔ གཏེར་གྱི་བུམ་བཟང་བསྣམས་པར་གསལ༔ རྩ་བའི་སྔགས་ལ་འདི་སྤེལ་བཟླ༔ ཛམྦྷེ་མོ་ཧེ་དྷ་ན་མེ་དྷི་ཧྲཱི༔ མེ་ཏོག་སེར་པོ་བསྔགས་བྱས་ཏེ༔ མཎྜལ་བརྒྱ་སྟོང་ཁྲི་འབུམ་ཕུལ༔ དབུལ་བའི་འཇིགས་པ་ཀུན་ཞི་འགྱུར༔ ས་མ་ཡ༔ དོན་ཉམས་འཇིགས་པ་ལས་སྐྱོབ་པའི༔ སྒྲོལ་མ་ལྗང་སེར་འོད་འབར་གསལ༔ ཕྱག་གཡོན་དཔལ་བེའུ་བསྣམས་པ་ལས༔ ཉི་མ་འཆར་ཀའི་འོད་འཕྲོ་བསྒོམ༔ སརྦ་ཨརྠ་སིདྡྷི་སིདྡྷི་ཀུ་རུ༔ ཞེས་དང་རྩ་སྔགས་སྤེལ་ལ་བཟླ༔ བྲིས་སྐུའི་མདུན་དུ་ཅི་འབྱོར་པའི༔ མཎྜལ་བརྒྱ་ཕྲག་རེ་རེའི་མཚམས༔ སྔགས་འདི་སྟོང་ཕྲག་སྤེལ་ལ་བཟླ༔ ཨོཾ་ཨུཥྞི་ཥ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ༔ ཇི་ལྟར་འདོད་པའི་དོན་གྲུབ་ཅིང༔ དོན་ཉམས་འཇིགས་པ་ཀུན་ཞི་འགྱུར༔ ས་མ་ཡ༔ དེ་ལྟར་དེ་དག་ཐམས་ཅད་ཀྱང༔ བསྡུ་ན་རང་ཉིད་སྐད་ཅིག་གིས༔ རྩ་བའི་སྒྲོལ་མར་བསྒོམས་བྱས་ལ༔ ལས་ལྷ་སོ་སོར་སྤྲོ་དང་བཅས༔ རྩ་སྔགས་སྤེལ་ཚིག་བཅས་པ་བཟླ༔ རྒྱས་པར་སྤྲོ་ན་བདག་བསྐྱེད་དང༔ མདུན་བསྐྱེད་སོ་སོར་བསྒོམས་བྱས་ལ༔ མཎྜལ་མཆོད་བསྟོད་རྒྱས་པར་བྱ༔ སྲུང་བ་འདོད་ན་རཀྵ་དང༔ ཞི་བར་ཤཱནྟིཾ་ཕྱིར་ཟློག་པར༔ ཟློག་ཅེས་བྱ་བའི་སྔགས་ཤམ་བསྒྱུར༔ ལས་ཀྱི་རིམ་པ་མཐའ་ཡས་འབྱུང༔ ས་མ་ཡ༔ གཙོ་འཁོར་ཡོངས་རྫོགས་ལ་བསྟེན་པའི༔ སྲུང་བ་ཆེན་པོའི་འཁོར་ལོ་ནི༔ གྲོ་གའམ་ནི་ཤོག་བུ་ལ༔ ཙཀྲ་རྩིབས་བརྒྱད་ལྟེ་བར་ཏཱཾ༔ དེ་མཐར་ཨོཾ་དང་ཧཱ་ཡི་བར༔ ཇི་ལྟར་འདོད་པའི་སྤེལ་ཚིག་བྲི༔ རྩིབས་བརྒྱད་ཏཱ་རེ་ལ་སོགས་བརྒྱད༔ རྩིབས་མཆན་བཀྲ་ཤིས་རྟགས་བརྒྱད་དགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གཟུངས་རིང་་་ན་མོ་རཏྣ་ཏྲ་ཡཱ་ཡ་སོགས།སྤེལ་ཚིག་བཅས་པ་བྲི༔ དེ་རྒྱབ་པད་འདབ་བཅུ་དྲུག་ལ༔ ལས་ཀྱི་སྔགས་རྣམས་སོ་སོར་དགོད༔ དེ་རྒྱབ་དབྱངས་གསལ་རྟེན་སྙིང་དང༔ ཨུཏྤལ་རྡོར་རྭ་མེ་རིས་བསྐོར༔ གུར་གུམ་གི་ཝཾ་ཙནྡན་དཀར༔ ཨུཏྤལ་ཤུ་དག་གླ་རྩིས་བྱུག༔ ལྷར་བསྐྱེད་རབ་གནས་ལེགས་པར་བྱ༔ དར་སྣ་ལྔ་ཡིས་དྲིལ་བྱས་ཏེ༔ ལུས་ལ་དྲོད་དང་མ་བྲལ་འཆང༔ སྤྱི་ཡི་འཇིགས་པ་ཐམས་ཅད་ལ༔ རྡོ་རྗེའི་མཁར་དུ་ཚུད་དང་འདྲ༔ ས་མ་ཡ༔ སོ་སོའི་ཙཀྲ་བྱ་འདོད་ན༔ ལྟེ་བ་རྩིབས་བཅས་གོང་ལྟར་ལ༔ མུ་ཁྱུད་དང་པོར་སོ་སོའི་སྔགས༔ ལས་ཀྱི་སྤེལ་ཚིག་རྒྱས་པར་འབྲི༔ གཉིས་པར་དབྱངས་གསལ་རྟེན་སྙིང་དང༔ གསུམ་པར་རང་རང་ཕྱག་མཚན་ཏེ༔ དེ་རྒྱབ་རྡོར་རྭ་མེ་རིས་བསྐོར༔ རྫས་བྱུགས་རབ་གནས་མགུལ་དུ་གདགས༔ འཇིགས་པ་སོ་སོ་སྲུང་བའི་མཆོག༔ ས་མ་ཡ༔ རྣལ་འབྱོར་གཏོར་མ་ལ་བརྩོན་ན༔ འཕྲལ་རྐྱེན་བར་ཆད་ངང་གིས་ཞི༔ རིན་ཆེན་སྣོད་དུ་ཅི་འབྱོར་བའི༔ གཏོར་མ་བསང་སྦྱང་བྱིན་གྱིས་བརླབ༔ རང་གི་ཐུགས་ནས་འོད་འཕྲོས་པས༔ སྒྲོལ་མ་འཁོར་བཅས་སྤྱན་དྲངས་ནས༔ མདུན་གྱི་ནམ་མཁར་བཞུགས་པ་ལ༔ མཆོད་གཏོར་ཕུལ་བས་མཉེས་པར་བསམ༔ ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ༔ ཧེ་ཧེ་བྷ་ག་ཝ་ཏཱི༔ མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ༔ མཱ་བི་ལམྦ་མཱ་བི་ལམྦ༔ ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ༔ ལན་མང་ཕུལ་མཐར་མཆོད་པས་མཆོད༔ ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྗེ་བཙུན་མྱུར་མ་དཔའ་མོ་དང༔ འཇིགས་པ་ཐམས་ཅད་སེལ་མཛད་མ༔ འཁོར་གྱི་ཚོགས་དང་བཅས་ལ་བསྟོད༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ འབྱུང་བཞི་འཁྲུགས་དང་གནམ་ལྕགས་ལྟུང༔ མཚོན་ཆ་རྒྱལ་པོའི་ཆད་པ་དང༔ ཆོམ་རྐུན་ཤ་ཟ་གླང་ཆེན་ཁྲོས༔ གཅན་གཟན་ཁྲོ་བོ་གདུག་པའི་སྦྲུལ༔ ནད་གདོན་དུས་མིན་འཆི་བའི་རྐྱེན༔ དབུལ་ཕོངས་འདོད་དོན་ཉམས་པ་སོགས༔ མི་བཟད་འཇིགས་པའི་ཚོགས་རྣམས་ཀུན༔ སྲུང་དང་ཞི་དང་ཟློག་པར་མཛོད༔ འཁོར་བ་ངན་སོང་སྡུག་བསྔལ་སྒྲོལ༔ ཚེ་དང་བསོད་ནམས་ཡེ་ཤེས་སོགས༔ མཆོག་ཐུན་ཕྲིན་ལས་རྒྱས་པར་མཛོད༔ ཅེས་པས་གསོལ་བཏབ་ལྷ་ཚོགས་རྣམས༔ རང་ལ་བསྟིམ་མམ་དབྱིངས་སུ་གཤེགས༔ རྣལ་འབྱོར་རྒྱུན་གྱི་བར་ཆད་ཞི༔ ས་མ་ཡ༔ མཎྜལ་ལ་བརྟེན་ཚོགས་རྫོགས་པས༔ འདོད་པའི་དོན་རྣམས་ཐམས་ཅད་འགྲུབ༔ དེ་ཕྱིར་ཕྱི་རབས་དད་ལྡན་རྣམས༔ འདི་ལ་རྟག་ཏུ་བརྩོན་པར་བྱ༔ གཙང་མའི་གནས་སུ་བྲིས་སྐུའི་མདུན༔ མཎྜལ་མཆོད་གཏོར་རྒྱས་པར་བཤམ༔ སྐྱབས་སོང་བྱང་ཆུབ་སེམས་གཉིས་བསྐྱེད༔ མཆོད་པའི་ཚོགས་རྣམས་བྱིན་བརླབས་ལ༔ དཀོན་མཆོག་རྒྱ་མཚོ་མདུན་དུ་དམིགས༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ དེ་ནས་མདུན་དུ་རྗེ་བཙུན་མ༔ འཁོར་བཅས་བསྐྱེད་ཅིང་སྤྱན་དྲངས་བསྟིམ༔ དབང་བསྐུར་མཆོད་བསྟོད་ཁྱད་པར་དུ༔ ཕྱག་འཚལ་ཉི་ཤུ་རྩ་གཅིག་ནི༔ གཉིས་གསུམ་བདུན་དང་མཎྜལ་བསྐྱར༔ བཟླས་པ་བྱ་ཞིང་ཐུགས་རྒྱུད་བསྐུལ༔ གཏོར་མ་འབུལ་ཞིང་འདོད་དོན་གསོལ༔ མཐར་ནི་ནོངས་བཤགས་ཡེ་ཤེས་གཤེགས༔ དམ་ཚིག་རང་བསྟིམ་བསྔོ་སྨོན་དང༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ བར་ཆད་ཐམས་ཅད་ཞི་བ་དང༔ འདོད་དོན་ཡིད་བཞིན་འགྲུབ་པར་འགྱུར༔ བྱེ་བྲག་སོ་སོའི་ལས་སྒྲུབ་ན༔ ལས་ལྷ་གཙོ་བོར་བྱ་བ་འམ༔ སོ་སོའི་བཟླས་པ་གཙོ་བོར་བྱ༔ འཇིགས་པའི་ཚོགས་རྣམས་མྱུར་དུ་ཞི༔ ས་མ་ཡ༔ རང་ཉིད་འཕགས་མར་གསལ་བ་ཡི༔ ཐུགས་ནས་ཞི་བའི་སྒྲོལ་མ་དཀར༔ སྐྱབས་སྦྱིན་ཨུཏྤལ་བསྣམས་པ་ནི༔ གྲངས་མེད་ནམ་མཁའ་གང་བར་འཕྲོས༔ བར་ཆད་ཐམས་ཅད་ཞི་བར་བསམ༔ ཨོཾ་བཛྲ་ཏཱ་རེ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བཟླས་པས་བར་ཆད་ཐམས་ཅད་ཞི༔ ས་མ་ཡ༔ རང་ཉིད་འཕགས་མར་གསལ་བ་ཡི༔ ཐུགས་ནས་རྒྱས་པའི་སྒྲོལ་མ་སེར༔ རིན་ཆེན་ལྕགས་ཀྱུ་འཛིན་པ་ནི༔ ནམ་མཁའ་གང་བར་རབ་སྤྲོས་ཏེ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ ཉན་རང་འཕགས་ཚོགས་ཡེ་ཤེས་དང༔ ལྷ་དང་དྲང་སྲོང་རིག་འཛིན་གྱི༔ མངོན་པར་ཤེས་པ་ཐམས་ཅད་ཀུན༔ འོད་ཀྱི་རྣམ་པར་རབ་བསྡུས་ཏེ༔ རང་གི་སྙིང་དབུས་ཐིམ་པ་ཡིས༔ མངོན་ཤེས་རྩལ་ཁ་རྒྱས་པར་བསམ༔ ཨོཾ་རཏྣ་ཏཱ་རེ་སརྦ་ལོ་ཀ་ཛྙཱ་ན་བིདྱཱ་དྷ་ར་དྷ་ར་དྷི་རི་དྷི་རི་ཧྲཱིང་ཧྲཱིང་ཛ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བཟླས་དུས་གསུམ་ཐམས་ཅད་ཤེས༔ ཁྱད་པར་ཉལ་བའི་དུས་ཀྱི་ཚེ༔ རུ་རྟ་གི་ཝཾ་ག་པུར་དང༔ ཤུ་དག་ཆུ་ལ་སྔགས་འདི་གདབ༔ ཨོཾ་མུ་ཙི་ལི་སྭཱ་ཧཱ༔ མོ་ཧ་ནི་སྭཱ་ཧཱ༔ དན་ཏི་ལི་སྭཱ་ཧཱ༔ མ་མ་སརྦ་ཙིཏྟ་སྨ་ར་སལ་སལ་ཕྱེ་ཕྱེ་སྭཱ་ཧཱ༔ འཐོར་འཐུང་ཁྲུས་བྱས་འདོད་པའི་དོན༔ ཡིད་ལ་བསམ་སྟེ་ཉལ་བ་ཡིས༔ མངོན་ཤེས་ལྟ་བུའི་རྨི་ལམ་འབྱུང༔ ས་མ་ཡ༔ རང་ཉིད་སྒྲོལ་མའི་སྐུར་གསལ་བའི༔ ཐུགས་ནས་དྲག་པོའི་སྒྲོལ་མ་ནག༔ ཕུར་པ་ཐོགས་པ་དཔག་མེད་སྤྲོས༔ བཞད་པ་བརྒྱད་ཀྱི་སྒྲ་དང་བཅས༔ བྱད་ཕུར་རྦོད་གཏོང་ཚར་བཅད་བསམ༔ ཨོཾ་ཀརྨ་ཏཱ་རེ་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་སེ་ན་ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཾ་ཧཾ་བྷིནྡྷ་བྷིནྡྷ་ཕཊ༔ བདུད་ཚར་གཅད་པའི་སྔགས་ཀྱང་བཟླ༔ བྱད་ཕུར་རྦོད་གཏོང་བདུད་བགེགས་ཚོགས༔ རླུང་ལྟར་འཚུབས་ཀྱང་ཉམ་མི་ང༔ ས་མ་ཡ༔ རང་ཉིད་འཕགས་མར་གསལ་བ་ཡི༔ ཐུགས་ནས་དབང་གི་སྒྲོལ་མ་དམར༔ པདྨའི་ལྕགས་ཀྱུ་ཞགས་པ་འཛིན༔ ཆགས་པའི་ཉམས་ལྡན་དཔག་མེད་སྤྲོས༔ བསྒྲུབ་བྱ་ལྕགས་ཀྱུས་སྙིང་ནས་བཟུང༔ ཞགས་པས་དྲངས་ཤིང་རླུང་དམར་པོའི༔ དཀྱིལ་འཁོར་ལ་བཞག་མདུན་དུ་དགུག༔ རང་གི་གསང་བའི་པདྨོ་ནས༔ བདུད་རྩི་དམར་པོ་དཔག་མེད་བབས༔ དམིགས་བྱའི་ཚངས་པའི་སྒོ་ནས་ཞུགས༔ ལུས་ཀྱི་ནང་ཀུན་ཁྱབ་པ་ཡིས༔ ཁེངས་དྲེགས་མ་གུས་སྡང་སེམས་ཞི༔ ཆགས་ཤིང་ཞེན་པའི་ཡིད་གཡོས་བསམ༔ ཨོཾ་པདྨ་ཏཱ་རེ་སནྟཱ་ར་ཧྲཱིཿམིང་འདི་ཞེས་བྱ་བ་ཝཱ་ཤཾ་ཀུ་རུ་ཧོ༔ མཐར་ནི་འོད་དམར་བདེ་ཆེན་གྱི༔ ཐིག་ལེའི་རྣམ་པར་མེར་གྱིས་ཞུ༔ གསང་བའི་ལམ་ནས་སྙིང་གར་དྲང་། རང་གི་ཐུགས་སྲོག་ཏཱཾ་ཡིག་དང༔ དབྱེར་མེད་བློ་འདས་ངང་དུ་བཞག༔ མེ་ཏོག་དམར་པོའི་སྦྱིན་སྲེག་བྱ༔ དབང་གི་ལས་ཀྱི་མཐར་ཐུག་གོ༔ ས་མ་ཡ༔ གཞན་ཡང་ལས་ཀྱི་མཐའ་རྒྱས་ནི༔ རྩ་བ་ཡན་ལག་གང་ཡིན་ཡང༔ ལས་དེ་བརྟན་པར་བྱ་བའི་སླད༔ སཱཙྪ་སོ་སོའི་སྔགས་ལྡན་པ༔ ཁ་དོག་བསྒྱུར་བ་མང་དུ་གདབ༔ རབ་གནས་བྱས་ཤིང་མཆོད་པས་མཆོད༔ ཆུ་སྣ་མང་དུ་ཚོགས་པ་ལ༔ རིན་ཆེན་སྨན་འབྲུ་མེ་ཏོག་བསྲེ༔ གཏོར་མའི་ཚུལ་དུ་གྲངས་མང་དབུལ༔ ལས་གང་ཡིན་ཡང་རིངས་སུ་འགྲུབ༔ ལས་རྣམས་མྱུར་དུ་འགྲུབ་པའི་ཕྱིར༔ ལྷ་རྫས་བུད་ཤིང་མེ་སྤར་ཏེ༔ སོ་སོའི་རིགས་ཀྱི་ལྷར་བསྐྱེད་ལ༔ མཆོད་བསྟོད་སྲེག་རྫས་སྤྱི་དང་ནི༔ ཁྱད་པར་སོ་སོའི་སྐུ་མདོག་དང༔ མཐུན་པའི་མེ་ཏོག་གཙང་མ་ལ༔ སྔགས་མཐར་སྤེལ་ཚིག་བཅས་པ་ནི༔ བརྒྱ་སྟོང་ཁྲི་ལ་སོགས་པ་འབུལ༔ ལས་རྣམས་རྩོལ་མེད་མྱུར་དུ་འགྲུབ༔ ལས་ཀྱི་ནུས་པ་བསྐྱེད་པའི་ཕྱིར༔ སྔགས་རྣམས་བྲིས་ཏེ་རླུང་ལ་བསྐོར༔ སྐབས་སུ་ལྷར་བསྐྱེད་མཆོད་བསྟོད་དང༔ བཟླས་པ་བྱ་ཞིང་ཕྲིན་ལས་བཅོལ༔ མ་བསྒྲུབ་པར་ཡང་ལས་རྣམས་ཀུན༔ འགྲུབ་ཅིང་ཕུན་སུམ་ཚོགས་པར་འགྱུར༔ ས་མ་ཡ༔ ྈྈྈ མན་ངག་གུད་དུ་སྦས་པ་ནི༔ བར་ཆད་སྐྱོབ་པའི་ཐབས་ཀྱི་མཆོག༔ གསུམ་ལ་སྐྱབས་སུ་འགྲོ་བ་སྟེ༔ མདུན་མཁར་བླ་མ་རྗེ་བཙུན་མར༔ སྐྱབས་གནས་རྒྱ་མཚོས་བསྐོར་བར་བསྒོམ༔ ཕྱག་གཡས་སྐྱབས་སྦྱིན་བརྐྱངས་པའི་འོག༔ བདག་དང་འགྲོ་བ་ཐམས་ཅད་ཚུད༔ འཁོར་བ་དང་ནི་ངན་སོང་གི༔ འཇིགས་པ་ཀུན་ལས་སྐྱོབ་པར་བསམ༔ ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ མཐར་ནི་སྐྱབས་ཡུལ་རང་ལ་བསྟིམ༔ བྱང་ཆུབ་སེམས་གཉིས་ལྡན་པ་ལ༔ བར་ཆད་ཀུན་གྱིས་ཉེ་མི་ནུས༔ དེ་ཕྱིར་སྐྱབས་ཡུལ་དཔང་བྱས་ཏེ༔ སྨོན་དང་འཇུག་པའི་བྱང་སེམས་བསྐྱེད༔ ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཐུན་མཐར་བདེ་སྡུག་གཏོང་ལེན་བསྒོམ༔ འཁོར་གསུམ་དམིགས་པ་བྲལ་བར་བཞག༔ སྡིག་ལྟུང་ལ་བརྟེན་བར་ཆད་འཇུག༔ དེ་ཕྱིར་དེ་ཉིད་སྦྱོང་བ་ནི༔ རང་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་སྟེང༔ བླ་མ་དོན་ཡོད་གྲུབ་པ་ལྗང༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ རང་འདྲའི་སྒྲོལ་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ མཚན་དཔེའི་གཟི་འབར་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བདུད་རྩིའི་རྒྱུན་བབས་པ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་སྐྱེས་པར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱ་པྲ་ཛྙཱ་དྷྲྀཀ྄་ཏཱཾ་བཛྲ་རཱ་ཏི་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ སྡིག་ལྟུང་འགྱོད་པས་བཤགས་ཤིང་བསྡམ༔ ཚོགས་རྟེན་འོད་ཞུ་རང་ལ་ཐིམ༔ སྐྱེ་མེད་གཉུག་མའི་ངང་དུ་བཞག༔ བླ་མས་བྱིན་བརླབས་ཚོགས་རྫོགས་ན༔ བར་ཆད་ཐམས་ཅད་རང་སར་གྲོལ༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ དེ་ཕྱིར་རྩེ་གཅིག་འདི་ལྟར་བསྒོམ༔ ཨ༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ པད་དཀར་ཟླ་བ་རྒྱས་པའི་དབུས༔ བླ་མ་རྗེ་བཙུན་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་ཕྱག་རྒྱ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་དཔལ་འབར་བ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རང་བཞིན་ཡོངས་གྲུབ་ངང་དུ་གསལ༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཀྱེ་ཀྱེ་བླ་མ་རྗེ་བཙུན་མར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཏཱ་རེ་སྭཱ་ཧཱ༔ ཞེས་པས་གསོལ་བཏབ་དབང་བཞི་བླང༔ རང་ལ་བསྟིམས་ནས་དབྱེར་མེད་ངང༔ འོད་གསལ་ཆོས་སྐུའི་རང་ཞལ་བལྟ༔ བསྐྱེད་རྫོགས་ཟབ་མོའི་གནད་ཤེས་ན༔ བར་ཆད་ཀུན་ཀྱང་ལམ་དུ་འགྱུར༔ བསྐྱེད་རིམ་རང་ལུས་རྗེ་བཙུན་མ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ བསོད་ནམས་ཚོགས་རྫོགས་སྣང་ཞེན་འཇིག༔ དེ་ཉིད་རང་བཞིན་མེད་པར་བསྒོམ༔ ཡེ་ཤེས་ཚོགས་རྫོགས་རྟོག་ཚོགས་སྦྱོང༔ དབྱེར་མེད་དུ་མ་རོ་གཅིག་ངང༔ བར་ཆད་རྐྱེན་སྣང་ཅི་ཤར་ཡང༔ འཁུ་འཕྲིག་མི་བྱ་རང་ངོར་བཞག༔ སྦྲུལ་མདུད་ནམ་མཁར་གྲོལ་བ་བཞིན༔ བར་ཆད་འཇིགས་པ་ལམ་ལོངས་ནས༔ བླ་མེད་མཆོག་གི་དངོས་གྲུབ་ཐོབ༔ ས་མ་ཡ༔ དེ་ལྟར་རྒྱལ་བ་ཀུན་གྱི་ཡུམ༔ འཕགས་མའི་རྒྱུད་དང་མན་ངག་ཚོགས༔ རྒྱུད་སྡེ་བཞི་དང་རབ་སྦྱར་ནས༔ རྒྱས་པར་གཞན་དུ་བསྟན་པ་ཡིན༔ འདིར་ནི་ཟབ་ཅིང་འདྲིལ་བའི་དོན༔ བྱ་སླ་ཚེགས་ཆུང་བྱིན་རླབས་མྱུར༔ རིག་སྔགས་འཆང་བས་དོན་ཡོད་པའི༔ ཡང་གསང་སྙིང་གི་དུམ་བུར་བསྟན༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ འཇིགས་པའི་ཚོགས་ཀུན་ཞི་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ བར་ཆད་སྣ་ཚོགས་སེལ་བ་དང༔ བོད་ཁམས་མཐའ་དབུས་ཐམས་ཅད་ཀུན༔ ཕན་དང་བདེ་ལ་འགོད་པའི་སླད༔ ཆོས་ཉིད་རྡོ་རྗེའི་རང་སྒྲར་ཤར༔ མཚོ་རྒྱལ་མོས་པས་ཡི་གེར་ཐོབས༔ འགྲོ་ཕན་ཕྲིན་ལས་མཐའ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ ྈྈ ཁ་ཐཾ༔ གུ་ཧྱ་ས་མ་ཡ༔ རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ཤར་ཕྱོགས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ། རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གྱི་བུ་དཔེ་ཕྱག་བྲིས་དངོས་ལས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཞལ་བཤུས་པ་དགེ་ལེགས་སུ་གྱུར་ཅིག། །།
དམོད་པ་དྲག་སྔགས་མཐུའི་སྤྱི་སྡོམ་སྲིད་པའི་གཏེར་ཁྱིམ་ཆེན་མོ་ (Volume 33, Text 37)
༄༅༔ དམོད་པ་དྲག་སྔགས་མཐུའི་སྤྱི་སྡོམ་སྲིད་པའི་གཏེར་ཁྱིམ་ཆེན་མོ་བཞུགས་སོ༔ མངའ་བདག་ཉང་གི་གཏེར་མའོ། ། ྈྈྈྈྈ ྈྈྈྈྈ ྈྈྈྈ ྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ ལོ་ཀ་པྲ་ཏི༔ བོད་སྐད་དུ༔ སྲིད་པའི་གཏེར་ཁྱིམ་ལས༔ འཇིག་རྟེན་པའི་གནད་བསྟན་པའོ༔ ངན་སྔགས་ཀྱི་ཕུགས༔ དགོངས་པའི་མདོ༔ མན་ངག་གི་གཟེར༔ གབ་པའི་ཐུགས་བརྟོལ་བའོ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ སྲིད་པའི་གཏེར་ཁྱིམ་ནས༔ འཇིག་རྟེན་པའི་ཐ་རམས་ལས༔ སྤྱིར་ལོ་ཀ་པ་གང་བསྒྲུབ་ཀྱང༔ མི་བསྒོམ་དུ་མི་རུང་བའི་ལྷ་གསུམ་ཡོད༔ མི་གསག་ཏུ་མི་རུང་བའི་རྫས་གསུམ་ཡོད༔ མི་བཟླས་སུ་མི་རུང་བའི་སྔགས་གསུམ་ཡོད༔ མི་ཤེས་སུ་མི་རུང་བའི་གནད་གསུམ་ཡོད༔ མི་བསྐུལ་དུ་མི་རུང་བའི་ཕོ་ཉ་གསུམ་ཡོད༔ མི་མཆོད་དུ་མི་རུང་བའི་མཆོད་ཐབས་གསུམ་ཡོད༔ མི་བཅའ་རུ་མི་རུང་བའི་རྟེན་གསུམ་ཡོད༔ མི་གཅད་དུ་མི་རུང་བའི་སྲོག་གསུམ་ཡོད༔ མི་གཅུད་དུ་མི་རུང་བའི་གཅུད་གསུམ་ཡོད༔ མི་བསྐོར་དུ་མི་རུང་བའི་འཁོར་ལོ་གསུམ་ཡོད༔ མི་བཅའ་རུ་མི་རུང་བའི་དཀྱིལ་འཁོར་གསུམ་ཡོད༔ མི་སྲུང་དུ་མི་རུང་བའི་དམ་ཚིག་གསུམ་ཡོད༔ མི་བྲབ་དུ་མི་རུང་བའི་ཐུན་གསུམ་ཡོད༔ མི་བྱར་མི་རུང་བའི་ལས་གསུམ་ཡོད༔ མེད་དུ་མི་རུང་བའི་ཐབས་གསུམ་ཡོད༔ མི་གཏད་དུ་མི་རུང་བའི་གནས་གསུམ་ཡོད༔ མི་བསྒྲལ་དུ་མི་རུང་བའི་བསྒྲལ་ཐབས་གསུམ་ཡོད༔ མི་བརྟེན་དུ་མི་རུང་བའི་རྟེན་ཐབས་གསུམ་ཡོད༔ མི་གཏད་དུ་མི་རུང་བའི་གཏད་ཐབས་གསུམ་ཡོད་དོ༔ རྒྱ་རྒྱ་རྒྱ༔ ལྷ་གསུམ་ལ༔ ལྟ་བ་གྱབ་ཀྱི་ལྷ༔ གཉེན་པོ་སྟོབས་ཀྱི་ལྷ༔ མངགས་པ་ལས་ཀྱི་ལྷའོ༔ རྫས་གསུམ་ལ༔ ཕྱི་རྟེན་ཡོ་བྱད་ཀྱི་རྫས༔ ནང་རྟེན་དཔེ་རྒྱུད་ཀྱི་རྫས༔ གསང་བ་འཇིག་རྟེན་པའི་རྫས་སོ༔ སྔགས་གསུམ་ལ༔ སྲོག་ནས་དྲངས་པའི་སྔགས༔ དབང་དུ་སྡུད་པའི་སྔགས༔ ལས་ལ་མངགས་པའི་སྔགས་སོ༔ གནད་གསུམ་ལ༔ ཡི་དམ་སེམས་ཀྱི་གནད༔ འཇིག་རྟེན་ལས་ཀྱི་གནད༔ དགྲ་སྲོག་ཡུལ་གྱི་གནད་དོ༔ ཕོ་ཉ་གསུམ་ལ༔ དམོད་པ་སྐོས་ལ་འདེབས་པའི་ཕོ་ཉ༔ རྦད་པ་གནད་ལ་འདེབས་པའི་ཕོ་ཉ༔ གང་འདོད་ལས་ལ་མངགས་པའི་ཕོ་ཉའོ༔ མཆོད་གསོལ་གསུམ་ལ༔ ལོ་དུས་ངར་གདགས་རྒྱ་ཆེན་གྱི་གསོལ་ཁ༔ ཉ་སྟོང་དུས་དྲུག་བཅོལ་གཏམ་གྱི་གསོལ་ཁ༔ ནང་ནུབ་དུས་བཞི་རྒྱུན་གྱི་གསོལ་ཁའོ༔ རྟེན་གསུམ་ལ༔ མོས་པ་དད་པའི་རྟེན༔ ཤེས་རབ་གདམས་ངག་གི་རྟེན༔ གསག་པ་རྫས་ཀྱི་རྟེན་ནོ༔ སྲོག་གསུམ་ལ༔ རང་བཞིན་རྣལ་འབྱོར་གྱི་སྲོག༔ མངགས་པ་འཇིག་རྟེན་པའི་སྲོག༔ བསད་པ་དགྲ་བོའི་སྲོག་གོ༔ འཁོར་ལོ་གསུམ་ལ༔ ལོག་ནོན་སྲོག་གི་འཁོར་ལོ༔ སྐུ་རྟེན་བླ་རྡོའི་འཁོར་ལོ༔ ཡང་དག་དོན་གྱི་འཁོར་ལོའོ༔ དཀྱིལ་འཁོར་གསུམ་ལ༔ སྒྲུབ་པ་རྟེན་གྱི་དཀྱིལ་འཁོར༔ མངགས་པ་ཐུན་གྱི་དཀྱིལ་འཁོར༔ ལས་སྦྱོར་བསད་པའི་དཀྱིལ་འཁོར་རོ༔ དམ་ཚིག་གསུམ་ལ༔ མཐུན་པ་སྤྱིའི་དམ་ཚིག༔ ཁྱད་པར་སྒོས་ཀྱི་དམ་ཚིག༔ དམིགས་པ་གཟེར་གྱི་དམ་ཚིག་གོ༔ ཐུན་གསུམ་ལ༔ གཅོད་བྱེད་མཚོན་གྱི་ཐུན༔ མངགས་པ་ཕོ་ཉའི་ཐུན༔ བྲབ་པ་རྫས་ཀྱི་ཐུན་ནོ༔ ལས་གསུམ་ལ༔ དང་པོ་སྒྲུབ་པའི་ལས༔ བར་པ་རྦད་པའི་ལས༔ ཐ་མ་གང་འདོད་པའི་ལས་སོ༔ རྩོལ་བ་གསུམ་ལ༔ ལུས་ཕྱག་རྒྱའི་རྩོལ་བ༔ ངག་སྔགས་ཀྱི་རྩོལ་བ༔ སེམས་ཏིང་ངེ་འཛིན་གྱི་རྩོལ་བའོ༔ ཐབས་གསུམ་ལ༔ དང་པོ་ལོ་ཀ་སྒྲུབ་པའི་ཐབས༔ བར་དུ་དབང་དུ་བསྡུ་བའི་ཐབས༔ ཐ་མ་ལས་ལ་མངགས་པའི་ཐབས་སོ༔ གནས་གསུམ་ལ༔ རང་སེམས་སྐྱེ་བ་མེད་པ་དབེན་པའི་གནས༔ སྟེགས་བུ་འཇིག་རྟེན་པ་ཆགས་པའི་གནས༔ བྲུབ་ཁུང་དགྲ་སྲོག་གཅོད་པའི་གནས་སོ༔ བརྟེན་ཐབས་གསུམ་ལ༔ ཇོ་བོ་ལྟར་བརྟེན་པ༔ གྲོགས་པོ་ལྟར་བརྟེན་པ༔ བྲན་ལྟར་བརྟེན་པའོ༔ གཏད་ཐབས་གསུམ་ལ༔ རང་སེམས་སྐྱེ་བ་མེད་པར་གཏད་པ༔ འཇིག་རྟེན་པ་སྒྱུ་མའམ་སྤྲུལ་པ་ལྟ་བུར་གཏད་པ༔ དགྲ་འཇིག་རྟེན་པའི་ཟས་སྐལ་དུ་གཏད་པའོ༔ ལོ་ཀ་བ་གསུམ་ཚོ་བཅོ་བརྒྱད་་་བཅུ་དགུ་སྣང་མཆན།ཀྱི་དཀའ་གཟེར༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཁོག་སྟོན་པའོ༔ རྫོགས་སོ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈ ྈྈྈྈྈྈ སྲིད་པའི་གཏེར་ཁྱིམ་ནས༔ ལོ་ཀ་གསུམ་ཚོ་བཅོ་བརྒྱད་ཀྱི་དཀའ་འགྲེལ༔ དེ་ལ་ལྟ་བ་གྱབ་ཀྱི་ལྷ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་དགོས༔ དེ་མ་ཤེས་ན་རང་འཁོར་བར་ལྷུང༔ གཉེན་པོ་སྟོབས་ཀྱི་ལྷ༔ གང་ཤེས་པར་བསྒོམ༔ དེ་མ་ཤེས་ན་ལོ་ཀ་དབང་དུ་མི་འདུ༔ མངགས་པ་ལས་ཀྱི་ལྷ༔ ཆོས་སྐྱོང་གང་ཡིན་མངགས་དགོས༔ དེ་མ་ཤེས་ན་ཕྲིན་ལས་ཀྱི་དམིགས་མི་འགྲུབ༔ ཕྱི་རྟེན་ཡོ་བྱད་ཀྱི་རྫས༔ ཕུན་སུམ་ཚོགས་པ་བཞི་དང་ལྡན་དགོས༔ དེ་མ་ལྡན་ན་སྒྲུབ་པ་མཐར་མི་ཕྱིན༔ ནང་དཔེ་རྒྱུད་ཀྱི་རྫས༔ མན་ངག་གནད་དང་ལྡན་པ་དགོས༔ དེ་མ་ཤེས་ན་བསྒྲུབ་ཀྱང་དོན་མེད༔ གསང་བ་ལོ་ཀ་པའི་དམ་རྫས༔ རྟེན་རྫས་སྐོང་རྫས་མཆོད་རྫས་རྣམས་ཚོགས་དགོས༔ དེ་མ་ཚོགས་ན་ལས་མི་འགྲུབ༔ སྲོག་ནས་དྲངས་པའི་སྔགས་ཀྱིས་གནད་ནས་འགུགས་དགོས༔ དེས་མ་ཁུག་ན་རྦད་པ་ལ་དོན་མེད༔ དབང་དུ་བསྡུ་བའི་སྔགས་ཀྱིས་དྲེགས་པ་ཅན་དབང་དུ་བསྡུ་དགོས༔ དེ་མ་ཤེས་ན་འཁོར་དང་གཡོག་ལ་འཆའ༔ ལས་ལ་མངགས་པའི་སྔགས་ཀྱིས་རང་དབང་མེད་པར་གཏང་དགོས༔ དེ་མ་ཤེས་ན་ལས་འགྱང༔ ཡི་དམ་སེམས་ཀྱི་གནད༔ རང་སེམས་ལྷའི་སྐུར་གསལ་དགོས༔ དེ་མ་གསལ་ན་དབང་དུ་མི་འདུས༔ འཇིག་རྟེན་ལས་ཀྱི་གནད༔ ཡི་དམ་གྱི་བྲན་དུ་འཁོལ་དགོས༔ དེ་མ་འཁོལ་ན་ལས་ལ་འགྲོར་མི་བཏུབ༔ དགྲ་སྲོག་ཡུལ་གྱི་གནད༔ དགྲ་བོའི་མིང་རུས་ཡུལ་ཞིང་ལ་གཤེད་དུ་བསྒོ་དགོས༔ དེ་མ་ཤེས་ན་འབྱམས་ཏེ་ལས་མི་འགྲུབ༔ འདིར་ རྦད་པ་གནས་ནས་བཏོན་་་གནད་ལ་འདེབས་ཟེར་བ་སྣང་།པའི་ཕོ་ཉས་ལོ་ཀ་པ་ལས་ལ་བསྐུལ་ཞིང་རྦད་དགོས༔ དེ་མ་ཤེས་ན་ལས་ལ་འགྲོར་མི་བཏུབ༔ གང་འདོད་ལས་ལ་གཏོང་བའི་ཕོ་ཉས་འཕྲིན་ལས་ཀྱི་དམིགས་བཟུང༔ དེ་མ་ཤེས་ན་ལས་ཀྱི་ངོ་ལེན་མི་བཏུབ༔ ལོ་དུས་ངར་བཏགས་རྒྱ་ཆེན་གྱི་གསོལ་ཀ༔ ལོ་དུས་སུ་གསོལ་ཀ་བཟང་པོས་བསྐང༔ དེ་མ་བྱས་ན་ཕྱིས་བསྐངས་ཀྱང་མི་སྐོང༔ ཉ་སྟོང་དུས་དྲུག་བཅོལ་གཏམ་གྱི་གསོལ་ཀ༔ དུས་བཟང་པོ་ལ་གཏོར་མ་མི་བཅག༔ དེ་ཆག་ན་ནོར་རྫས་ལ་ངན༔ ནང་ནུབ་རྒྱུན་གྱི་གསོལ་ཀ༔ ཅི་ཟ་ཅི་འཐུང་ཕུད་ཀྱིས་མཆོད༔ དེ་མ་བྱས་ན་ལུས་དང་གྲིབ་མ་བཞིན་མི་ཡོང༔ མོས་པ་དད་པའི་རྟེན༔ བླ་མ་ཡི་དམ་ཆོས་སྐྱོང་གསུམ་ལ་བློ་གཏད༔ དེ་མ་ཤེས་ན་བྱིན་རླབས་ལ་འཕེལ་འགྲིབ་འོང༔ ཤེས་པ་གདམས་ངག་གི་རྟེན༔ ཡིད་ཆེས་ཤིང་ཐེ་ཚོམ་མེད་པ་དགོས༔ དེ་མ་ཤེས་ན་བསྒྲུབས་ཀྱང་ཚི་ཆད༔ གསག་པ་རྫས་ཀྱི་རྟེན༔ ཐུན་རྫས་མ་ནོར་བར་གསོག་དགོས༔ དེ་མ་ཤེས་ན་ཉེས་པ་སྣ་ཚོགས་འོང༔ རང་བཞིན་སེམས་ཀྱི་སྲོག༔ རང་གི་སེམས་ཉིད་སྐྱེ་བ་མེད་པར་ཤེས་དགོས༔ དེ་མ་ཤེས་ན་འཁོར་བར་ལྟུང་ཞིང་དོན་མེད༔ མངགས་པ་འཇིག་རྟེན་པའི་སྲོག༔ སྲོག་རྩ་ནས་རྦད་ཅིང་འདུལ་དགོས༔ དེ་མ་ཤེས་ན་ལས་ཀྱི་ཁ་གཡེལ༔ བསད་པ་དགྲ་བོའི་སྲོག༔ སྙིང་གི་དཀྱིལ་ནས་ཡི་གེ་ནྲྀ་འདུག་པ་དེ་བཀུག་ལ་བསད་དགོས༔ དེ་མ་ཤེས་ན་ཁུག་ཀྱང་སྲོག་མི་ཆོད༔ རང་སེམས་དམིགས་པའི་གཅུད༔ ཏིང་ངེ་འཛིན་རྩེ་གཅིག་ཏུ་བྱ་དགོས༔ དེ་མ་ཤེས་ན་ཡིད་ཀྱི་འཛིན་ཕུར་མི་ཐེབས༔ འཇིག་རྟེན་པ་དབང་གི་གཅུད༔ སྔགས་དང་ཏིང་འཛིན་གྱིས་གཅུད་ལ་འཁོར་དགོས་ཏེ༔ དེ་མ་ཤེས་ན་ལས་བྱེད་དབལ་ཞེན༔ དགྲ་སྲོག་འགུགས་འདྲེན་གྱི་གཅུད༔ བླ་བཀུག་ན་ལིང་ག་ལ་བསྟིམ་དགོས༔ དེ་མ་ཤེས་ན་བླ་ཁུགས་ཀྱང་མི་སོད༔ ལོག་ནོན་སྲོག་གི་འཁོར་ལོ༔ གནད་ལ་དབབ་པའི་ཐབས་ཤེས་དགོས༔ དེ་མ་ཤེས་ན་ཚུར་ཟློག་ཅིང་བཀྲ་མི་ཤིས༔ སྐུ་རྟེན་སྲོག་གི་འཁོར་ལོ༔ བྲིས་དང༔ རཱུ་པ༔ ལྡེར་སོ་ལ་སོགས་པ་ལ་སྲོག་གི་འཁོར་ལོ་ཤེས་དགོས༔ དེ་མ་ཤེས་ན་གནད་ལ་མི་འཁུལ༔ ཡང་དག་དོན་གྱི་འཁོར་ལོ༔ ཐམས་ཅད་རང་གི་སེམས་ལས་བྱུང་བའི་འཁོར་ལོར་ཤེས་དགོས༔ དེ་མ་ཤེས་ན་སྤྱིའི་གནད་མི་ཤེས༔ སྒྲུབ་པ་རྟེན་གྱི་དཀྱིལ་འཁོར༔ རང་གང་བྱེད་ཀྱི་དཀྱིལ་འཁོར་འབྲི་ཤེས་དགོས༔ དེ་མ་ཤེས་ན་སྒྲུབ་པའི་དམིགས་མེད༔ མངགས་པ་ཐུན་གྱི་དཀྱིལ་འཁོར༔ དྲག་པོའི་རྫས་རྣམས་ཀྱིས་ཐུན་དུ་བྱས་ཏེ་བསད་དགོས༔ དེ་མ་ཤེས་ན་སྔགས་ཀྱི་དབལ་མེད་དེ་ལས་མི་འགྲུབ༔ ལས་སྦྱོར་བསད་པའི་དཀྱིལ་འཁོར༔ འབྲུབ་ཁུང་འཁོར་བའི་བཙོན་ཁང་དུ་འཕེན་དགོས༔ དེ་མ་ཤེས་ན་བཙོན་པ་བཙོན་ཁང་མེད་པ་དང་འདྲ་སྟེ་འཆོར༔ མཐུན་པ་སྤྱིའི་དམ་ཚིག༔ གསང་སྔགས་དམ་ཚིག་མ་ཉམས་པར་བསྲུང་དགོས༔ དེ་མ་བསྲུངས་ན་མེ་ཏོག་སད་ཀྱིས་ཁྱེར་བ་དང་འདྲ་སྟེ༔ ཕྱི་མ་དམྱལ་བར་འགྲོ༔ ཁྱད་པར་སྒོས་ཀྱི་དམ་ཚིག༔ ལོ་ཀ་པ་རང་སྒྲུབ་པའི་དམ་ཚིག་གང་ཡིན་པ་བསྲུང་དགོས༔ དེ་མ་བསྲུངས་ན་བར་ཆད་གློ་བུར་དུ་འོང༔ དམིགས་པ་གཟེར་གྱི་དམ་ཚིག༔ མ་འགྲུབ་བར་དུ་སེམས་རྩེ་གཅིག་བྱེད་དགོས༔ དེ་མ་བྱས་ན་ལས་མཐར་མི་ཕྱིན༔ གཅོད་བྱེད་མཚོན་གྱི་ཐུན༔ མི་བསད་པའི་མཚོན་གྱིས་གཏུབས་དགོས༔ དེ་མ་ཤེས་ན་དགྲ་སྲོག་མི་ཆོད༔ མངག་པ་ཕོ་ཉའི་ཐུན༔ འཇིག་རྟེན་པ་རྦད་དེ་བླ་འགུགས་དགོས༔ དེ་མ་ཤེས་ན་དགྲ་བོའི་བླ་མི་ཁུག༔ བྲབ་པ་རྫས་ཀྱི་ཐུན༔ དྲག་པོའི་རྫས་ཀྱིས་ལིངྒ་ལ་བྲབ་དགོས༔ དེ་མ་ཤེས་ན་ནད་ཀྱི་ཆར་མི་འབེབ༔ དང་པོ་སྒྲུབ་པའི་ལས༔ ལོ་ཀ་པ་གང་བསྒྲུབ་དགོས་པ་དེ་བསྒྲུབ་དགོས༔ དེ་མ་ཤེས་ན་དམིགས་པའི་བདག་པོ་མེད་དེ་ལས་མི་འགྲུབ༔ བར་དུ་རྦད་པའི་ལས༔ དགྲ་ལ་ཁུགས་སུ་ཚུད་པར་རྦད་དགོས༔ དེ་མ་ཤེས་ན་འཕྲིན་ལས་ཀྱི་དབྱུང་ས་མི་ཐེབས༔ ཐ་མ་གང་འདོད་ཀྱི་ལས༔ བསད་གསོའི་དབབ་གཅད་ཀྱི་ཁ་ཚར་ཤེས་དགོས༔ དེ་མ་ཤེས་ན་ཕྲིན་ལས་མཇུག་རྡུམ་དང་སྒབ་མེད་དུ་འགྲོ༔ ལུས་ཕྱག་རྒྱའི་རྩོལ་བ༔ རང་ལུས་ལྷའི་སྐུར་བསྒོམ་དགོས༔ དེ་མ་ཤེས་ན་རང་ཐ་མལ་དུ་ལུས་ཏེ་དམན་སར་ལྟུང༔ ངག་སྔགས་ཀྱི་རྩོལ་བ༔ ངག་བཟླས་བརྗོད་དང་མ་བྲལ་བར་བྱེད་དགོས༔ དེ་མ་ཤེས་ན་ངག་ལ་ནུས་པ་མི་ཡོང༔ སེམས་ཏིང་ངེ་འཛིན་གྱི་རྩོལ་བ༔ སྐྱེ་མེད་ཀྱི་དོན་གསལ་ལ་མ་ཡེངས་པར་བསྒོམ་དགོས༔ དེ་མ་ཤེས་ན་སེམས་ཐ་མལ་དུ་འགྲོ་སྟེ་སངས་མི་རྒྱ༔ དང་པོ་སྒྲུབ་པ་གང་ཡིན་འགྲུབ་པར་བྱེད་དགོས༔ དེ་མ་བྱས་ན་ལས་གཏིང་ནས་མི་ཕྱིན༔ བར་དུ་སྔགས་དང་ཏིང་ངེ་འཛིན་གྱིས་དབང་དུ་འདུས་པར་བྱེད་དགོས༔ དེ་མ་བྱས་ན་སྣ་ཚོགས་བྱེད་ཅིང་འཁུ་ལྡོག་འོང༔ ཐ་མ་ལས་ལ་མངགས་ཐབས༔ དགྲ་ལ་ཡིད་རྩེ་གཅིག་པས་བརྣག་ཅིང་རྦད༔ དེ་མ་ཤེས་ན་ལས་ཀྱི་འབྲས་བུ་མི་འབྱུང༔ རང་སེམས་སྐྱེ་མེད་དབེན་པའི་གནས༔ ཕྲིན་ལས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་དགོས༔ དེ་མ་ཤེས་ན་ངལ་བ་དོན་མེད་ཡིན༔ སྟེགས་བུ་འཇིག་རྟེན་པ་ཆགས་པའི་གནས༔ རྟེན་གྱི་ཁང་བུ་བཅའ་ཞིང་གཏའ་བསྡམ༔ དེ་མ་ཤེས་ན་ཁ་གཡེལ་ཏེ་ཕྱིས་བསྒྲུབ་དཀའ༔ བྲུབ་ཁུང་དགྲ་སྲོག་གཅོད་པའི་གནས༔ འཁོར་བའི་བཙོན་ཁང་དུ་ཤེས་དགོས༔ དེ་མ་ཤེས་ན་བླ་ཁུག་དཀའ་འོ༔ རྗེ་བོ་ལྟར་བསྟེན་པ་ནི༔ ལྷའི་བསྙེན་པ་མ་རྫོགས་བར་དུ་རང་བས་ལྷག་པར་བཀུར༔ དེ་མ་ཤེས་ན་འགོ་བའི་སྟོབས་ཆུང༔ སྤུན་ཟླའམ་གྲོགས་ལྟར་བསྟེན་པ་ནི༔ རྟགས་ཅུང་ཞིག་བྱུང་ནས་རང་དང་མཉམ་པར་བལྟ་དགོས༔ དེ་མ་ཤེས་ན་སྙིང་རིང༔ བྲན་ལྟར་བརྟེན་པ་ནི༔ བསྙེན་སྒྲུབ་རྫོགས་ནས་བྲན་ལྟར་ལས་བཅོལ་བས་དེ་ལྟར་བྱེད་པའོ༔ དེ་མ་ཤེས་ན་རང་ལ་འཁུ་ལྡོག་འོང༔ རང་སེམས་སྐྱེ་མེད་དབེན་པར་གཏད་པ་ནི༔ སེམས་ཉིད་ཀྱི་ཆོས་ཇི་ལྟར་སྣང་བ་སྐྱེ་མེད་ངང་དུ་གཏད༔ དེ་མ་ཤེས་ན་མཐུ་རང་ལ་ལྡོག༔ ལོ་ཀ་པ་སྒྱུ་མའི་སྤྲུལ་པར་གཏད་པ་ནི༔ ལྷ་འདྲེ་ཐམས་ཅད་སྐྱེ་མེད་ཆོ་འཕྲུལ་དུ་ཤེས་དགོས༔ དེ་མ་ཤེས་ན་གཞན་སྣང་ཟིལ་གྱིས་མི་ནོན༔ དགྲ་བོ་འཇིག་རྟེན་པའི་ཟས་སུ་གཏད་པ༔ དགྲ་ཐམས་ཅད་ལོ་ཀའི་ལྷ་མ་སྲིན་སྡེ་བརྒྱད་དང་སྲུང་མའི་ཟས་སུ་བསྔོའོ༔ དེ་མ་ཤེས་ན་ཕྱིས་འཁྲེན་ལྡང༔ གསུམ་ཚོ་བཅོ་བརྒྱད་ལོ་ཀ་པ་གནད་ལ་དབབ་པའི་དཀའ་གཟེར༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈྈྈ སྲིད་པའི་གཏེར་ཁྱིམ་ལས༔ ལོ་ཀ་པ་གང་བསྒྲུབ་ཀྱང༔ དཀའ་བ་སུམ་ཅུའི་གཟེར་ཤེས་དགོས༔ དེ་ཡང་སྣང་སྲིད་དྲེགས་པ་ཅན་གང་ལ་ཡང༔ བསྙེན་པའི་དུས་སུ་ཆུ་བོའི་གཞུང་ཚུལ་དུ་བསྒྲུབ༔ རྦད་པའི་དུས་སུ་གབ་པ་མངོན་ཕྱུང་དུ་བསྒྲུབ༔ བསད་པའི་དུས་སུ་ཙིཏྟ་དམར་འབྱིན་དུ་བསྒྲུབ་པ་དང་གསུམ༔ བསྙེན་པའི་དུས་སུ་ཉེར་མ་འདོད་ན༔ རེངས་པ་ཁུགས་སུ་བཅུག་སྟེ་བསྒྲུབ༔ རྦད་པའི་དུས་སུ་འགྲོར་མ་བཏུབ་ན༔ འཁྱིལ་བ་ལམ་དུ་བཅུག་སྟེ་བསྒྲུབ༔ བསད་པའི་དུས་སུ་དགྲ་སྲོག་གཅོད་དུ་མ་འདོད་ན༔ ལོག་རྡུགས་མཐའ་ལ་གཏད་དེ་བསྒྲུབ་པ་དང་གསུམ་མོ༔ དེ་ལ་བསྙེན་པའི་དུས་སུ་ཡི་དམ་ལྷ་ལ་གཅུད༔ རྦད་པའི་དུས་སུ་ལས་མཁན་འདྲེ་ལ་གཅུད༔ བསད་པའི་དུས་སུ་དགྲ་བོའི་སྲོག་གཅུད་ཐབས་དང་གསུམ་མོ༔ རྩུབ་ན་མགོ་མེད་མགོ་བོ་གདགས་ཏེ་བསྒྲུབ་པ༔ འཇམ་ན་མགོ་བོ་ཅན་མགོ་བོ་བཅད་དེ་བསྒྲུབ་པ༔ རྡུགས་ན་སྲོག་འདྲིལ་སྔགས་ཀྱིས་གཅུན་ཏེ་བསྒྲུབ་པ་དང་གསུམ་མོ༔ ཚན་ཆུང་ན་མང་པོ་དམག་ཏུ་སྦགས་ཏེ་བསྒྲུབ་པ༔ ཉུང་ན་འུར་བ་གཅིག་ཏུ་བསྒྲིལ་ཏེ་བསྒྲུབ་པ༔ བརྟུལ་ན་རྣོ་བ་ངར་གྱིས་བཏགས་ནས་བསྒྲུབ་པ་དང་གསུམ་མོ༔ ཕྲིན་ལས་སྒོས་ཀྱི་དུས་སུ་འཆོལ་བུ་ཀུན་ལས་བཏུས་ཏེ་བསྒྲུབ་པ༔ ལས་ཕྲན་ཚེགས་ཀྱི་དུས་སུ་རྒྱལ་པོའི་བང་མཛོད་ལྟར་བསྒྲུབ་པ༔ ཕྲིན་ལས་ཀྱི་སྤྱི་འབྱམས་ཀྱི་དུས་སུ་གནམ་ས་ཁ་སྦྱོར་དུ་བསྒྲུབ་པ་དང་གསུམ་མོ༔ ཕོ་སྐྱུར་ལ་བྲིད་དེ་བསྒྲུབ་པ༔ མོ་དམར་ལ་དབབ་སྟེ་བསྒྲུབ་པ༔ ལས་མཁན་ཆས་སུ་བཅུག་སྟེ་བསྒྲུབ་པ་དང་གསུམ་མོ༔ སྤྱིར་གནད་སྒོས་སུ་བསྐུལ་ཏེ་བསྒྲུབ་པ༔ སྒོས་གནད་སྤྱིར་བསྐུལ་ཏེ་བསྒྲུབ་པ༔ གདགས་སྲིབ་གཉིས་སུ་སྦྲགས་ཏེ་སྒྲུབ་པ་དང་གསུམ་མོ༔ ཕོ་རྐྱང་གིས་ལས་མ་འགྲུབ་ན་ཕོ་གནད་མོ་ལ་བསྐུལ་ཏེ་བསྒྲུབ་པ༔ མོ་རྐྱང་གིས་ལས་མ་འགྲུབ་ན་མོ་གནད་ཕོ་ལ་བསྐུལ་ཏེ་བསྒྲུབ་པ༔ བསྒྲུབས་པས་མ་འགྲུབ་པའམ་ལས་བྱེད་དུ་མ་བཏུབ་ན་རང་དབང་མེད་པར་སྲིད་པ་དཀྲུགས་ཏེ་སྒྲུབ་པ་དང་གསུམ་མོ༔ བསྒྲུབས་ཀྱང་ཉེར་མ་འདོད་ན་དྲེགས་པ་ཅན་གནད་ལ་དབབ་པའི་ཆེད་དུ་བྱ་བ༔ གཞན་གྱི་རྦོད་གཏོང་ཟུག་ན་རང་གཤེད་རང་ལ་དབབ་པའི་ཆེད་དུ་བྱ་བ༔ ལོག་པར་ལྟ་བའི་རུ་དྲ་སྐུ་ལ་བསྡོ་ན་ང་རྒྱལ་ཅན་ལྟག་པ་བཅག་པའི་ཆེད་དུ་བྱ་བ་དང་གསུམ་མོ༔ གསུམ་ཚོ་བཅུའི་དཀའ་གཟེར་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈ སྲིད་པའི་གཏེར་ཁྱིམ་ལས༔ གསུམ་ཚོ་བཅུའི་དཀའ་འགྲེལ༔ བསྙེན་པའི་དུས་སུ་ཆུ་བོའི་གཞུང་ཚུལ་དུ་སྒྲུབ་པ་ནི༔ ལོ་ཀ་པ་གང་ཡིན་པའི་བསྙེན་པ་ལ་ཡུན་རིང་བ་གལ་ཆེ༔ ཡུན་ཐུང་ན་རྦད་བསད་ལ་དོན་མེད་པའི་སྐྱོན་དུ་འགྱུར༔ རྦད་པའི་དུས་སུ་གབ་པ་མངོན་ཕྱུང་དུ་སྒྲུབ་པ་ནི༔ དམ་ཅན་ལས་ལ་ཚུད་ངེས་པ་གལ་ཆེ༔ དེ་མ་ཚུད་ན་བསད་པ་བྱས་ཀྱང་དགྲ་མི་འཆི༔ བསད་པའི་དུས་སུ་ཙིཏྟ་དམར་འབྱིན་དུ་སྒྲུབ་པ་ནི༔ དགྲ་རྟགས་གློ་སྙིང་མ་བྱུང་བར་དུ་བསྒྲུབ༔ དེ་མ་བྱུང་ན་བླ་འགྱུར་ཉེན་ཡོད་པས་བསྒྲུབ་དགོས༔ བསྙེན་པ་ལ་རེངས་པ་ཁུགས་སུ་གཞུག་པ་ནི༔ འདྲེན་སྔགས་ལ་ཛཿགདགས༔ དེ་མ་བྱས་ན་རང་དབང་མེད་པར་མི་འདུ༔ རྦད་པའི་དུས་སུ་འཁྱིལ་བ་ལམ་དུ་གཞུག་པ་ནི༔ རྦད་སྔགས་ལ་བྷྱོ་གདགས༔ དེ་མེད་ན་རྦད་པ་གནས་སུ་མི་སྐྱོལ༔ བསད་པའི་དུས་སུ་ལོག་རྡུགས་མཐའ་ལ་གཏད་པ་ནི༔ བསད་སྔགས་ལ་མཱ་ར་ཡ་བཏགས༔ དེ་མ་བྱས་ན་དགྲ་མི་འཆི༔ བསྙེན་པ་ལ་ཡི་དམ་ལྷ་གཅུད་པ་ནི༔ ལྷ་གསལ་བར་བསྒོམ༔ དེ་མ་ཤེས་ན་ལྷ་ཉེར་མི་བཏུབ༔ རྦད་པའི་དུས་སུ་ལས་མཁན་འདྲེ་གཅུད་པ་ནི༔ ཡི་དམ་གྱི་ལྷས་སྲུང་མ་རང་དབང་མེད་པར་བསྐུལ་ལ་བཏང༔ དེ་མ་བྱས་ན་ལས་ལ་འགྲོར་མི་བཏུབ༔ བསད་པའི་དུས་སུ་དགྲ་བོའི་སྲོག་གཅུད་པ་ནི༔ དགྲ་བོའི་བླ་རང་དབང་མེད་པར་འགུགས་དགོས༔ དེ་མ་བྱས་ན་དགྲ་སྲོག་མི་ཆོད༔ རྩུབ་ན་མགོ་མེད་མགོ་གདགས་པ་ནི༔ སྔགས་ཀྱི་མགོ་ལ་ཨོཾ་གདགས༔ དེ་མ་ཤེས་ན་ཆོ་འཕྲུལ་ཆེན་པོ་འོང༔ འཇམ་ན་མགོ་བོ་བཅད་པ་ནི༔ ཨོཾ་འདུག་ན་ཧཱུྃ་དུ་བསྒྱུར༔ དེ་མ་ཤེས་ན་ལས་མི་འགྲུབ༔ རྡུགས་ན་སྲོག་འདྲིལ་སྔགས་ཀྱིས་གཅུན་པ་ནི༔ སྔགས་མགོ་མཇུག་ལྡོག༔ དེ་མ་ཤེས་ན་དམ་ཅན་གནད་ལ་མི་འབེབ༔ ཚན་ཆུང་ན་མང་པོ་དམག་ཏུ་བྱ་བ་ནི༔ ལྷ་འདྲེའི་སྔགས་མང་པོ་གཏོར་མའི་རྗེས་ལ་བཟླ༔ དེ་མ་བྱས་ན་མཐུ་ཚན་ཆུང༔ ཉུང་ན་འུར་བ་གཅིག་ཏུ་སྒྲིལ་བ་ནི༔ འབོད་རྦད་བསད་གསུམ་གཅིག་ཏུ་སྒྲིལ༔ དེ་མ་བྱས་ན་མཐུ་ཁ་འགྱང༔ རྣོ་ལ་ངར་གྱིས་གདགས་པ་ནི༔ མོ་གཤམ་ཕོ་ལ་གདགས༔ ཕོ་གཤམ་མོ་ལ་གདགས༔ ཕྲིན་ལས་སྒོས་ཀྱི་དུས་སུ་འཆོལ་བུ་ཀུན་ལས་བསྡུ་བ་ནི༔ ཞི་བར་ཤཱནྟིཾ་ཀུ་རུ་གདགས༔ རྒྱས་པར་པུཥྚིཾ་ཀུ་རུ་གདགས༔ དབང་ལ་པཱ་ཤཾ་ཀུ་རུ༔ དྲག་པོར་མཱ་ར་ཡ་ཕཊ༔ ཞེས་རྩ་སྔགས་ལ་གདགས༔ དེ་མ་བྱས་ན་ཕྲིན་ལས་རྣམ་པ་བཞི་མི་འགྲུབ༔ ལས་ཕྲན་ཚེགས་ཀྱི་དུས་སུ༔ རྒྱལ་པོའི་བང་མཛོད་ལྟར་སྒྲུབ་པ་ནི༔ ལས་ཚོགས་ནོར་ལ་སོགས་པ་གང་འདོད་ལས་ལ་སྦྱོར་ཤེས་དགོས༔ དེ་མ་ཤེས་ན་འདོད་པའི་ལས་ཀ་མི་རྫོགས༔ སྤྱི་འབྱམས་ཀྱི་དུས་སུ་གནམ་ས་ཁ་སྦྱོར་བ་ནི༔ ཕོ་མོ་སྤེལ་མ་བསྒྲུབ༔ དེ་མ་བྱས་ན་ལས་ལ་སྦྱོར་མི་ནུས༔ ཕོ་སྐྱུར་ལ་བྲིད་པ་ཆང་ཕུད་ནར་མར་མཆོད་པའོ༔ དེ་མ་ཤེས་ན་འགོར་མི་བཏུབ༔ མོ་དམར་ལ་དབབ་པ་ནི༔ ཁྲག་སྣ་མང་པོ་མཆོད༔ དེ་མ་བྱས་ན་ཆགས་སུ་མི་བཏུབ༔ ལས་མཁན་ཆས་སུ་གཞུག་པ་ནི༔ སྔགས་འབོད་རྦད་བསད་གསུམ་གཅིག་ཏུ་བཟླ༔ དེ་མ་བྱས་ན་ཆགས་ཀྱང་མཐུ་མི་འོང༔ སྤྱི་གནད་སྒོས་སུ་བསྐུལ་བ་ནི༔ སྤྱིར་སྒྲུབ་པ་ལ་འཇུག་ཀྱང་ལྷ་སྲིན་གང་ཤིས་ལ་གཏད༔ དེ་མ་ཤེས་ན་ལས་ཀྱི་མཇུག་མི་ཆོད༔ སྒོས་གནད་སྤྱིར་བསྐུལ་བ་ནི༔ ལྷ་སྲིན་སྡེ་བརྒྱད་ལ་དཔང་བཙུགས༔ དེ་མ་ཤེས་ན་མཐུ་ཚན་ཆུང༔ གདགས་སྲིབ་གཉིས་སྦྲགས་པ་ནི༔ ཕོ་མོ་གང་ཡིན་སྤེལ་ཏེ་བསྒྲུབ་བོ༔ དེ་མ་བྱས་ན་བཀྲ་མི་ཤིས༔ ཕོ་རྐྱང་གིས་ལས་མ་འགྲུབ་ན་མོ་གནད་ལ་བསྐུལ་བ་ནི༔ མོ་གང་ཤིས་ཕོ་ལ་གདགས༔ དེ་མ་ཤེས་ན་མཐུ་བུལ༔ མོ་རྐྱང་གིས་ལས་མ་འགྲུབ་ན༔ ཕོ་གནད་ལ་བསྐུལ་བ་ནི༔ ཕོ་གང་ཤིས་མོ་ལ་གདགས༔ དེ་མ་ཤེས་ན་ལས་འགྱང༔ མ་འགྲུབ་ན་སྲིད་པ་དཀྲུགས་པ་ནི༔ སྲོག་སྔགས་དཀྲུགས་ལ་བཟླ༔ དེ་མ་ཤེས་ན་མཐུ་ལ་སྤོབས་པ་མི་ཐོན༔ བསྒྲུབས་ཀྱང་ཉེར་མ་འདོད་ན༔ དྲེགས་པ་ཅན་གནད་ལ་དབབ་པ་ནི༔ ལྷ་འདྲེ་ཤི་ས་བསྟན་པ་ཤེས་དགོས༔ དེ་མ་ཤེས་ན་ལྷ་འདྲེ་གནད་ལ་མི་ཕེབས༔ གཞན་གྱི་རྦོད་གཏོང་བྱུང་ན༔ རང་གཤེད་རང་ལ་དབབ་པ་ནི༔ ཁོ་རང་གི་སྲུང་མ་གཤེད་དུ་དབབ༔ དེ་མ་ཤེས་ན་མཐུ་བྱ་བ་དཀའ༔ ལོག་ལྟ་ཅན་སྐུ་ལ་བསྡོ་ན༔ ང་རྒྱལ་ཅན་ལྟག་པ་བཅག་པ་ནི༔ དཀའ་བ་རྣམ་པ་བདུན་གྱི་གསོད་ཐབས་ཤེས་དགོས༔ དེ་མ་ཤེས་ན་མཐུ་པའི་རུས་མི་ཐོན༔ གསུམ་ཚོ་བཅུའི་དཀའ་འགྲེལ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈ སྲིད་པའི་གཏེར་ཁྱིམ་ལས༔ གསང་བའི་ལྷ་གསུམ་གྱི་བཅུད་ཕུར་བསྟན་པ་ནི༔ དྲེགས་པ་ཅན་ཐམས་ཅད་བསྡུ་ན་རྣམ་པ་གསུམ༔ ཕོ་རྒྱུད་མོ་རྒྱུད་ཀླུ་རྒྱུད་གསུམ༔ ཕོ་རྒྱུད་ལ་ཡེ་ཤེས་ཀྱི་ཕོ་རྒྱུད་གིང་བཅོ་བརྒྱད༔ རང་རྒྱུད་ཀྱི་ཕོ་རྒྱུད་དྲེགས་པ་ཅན་ཐམས་ཅད༔ སྤྲུལ་པའི་ཕོ་རྒྱུད་གཅིག་ལས་སྣ་ཚོགས་སུ་བྱུང་བ་དེ་ཡིན༔ མོ་རྒྱུད་ཡེ་ཤེས་ཀྱི་མོ་རྒྱུད་ལ་དབྱིངས་ཀྱི་ཡུམ་དྲུག༔ ལས་ཀྱི་མོ་རྒྱུད་མོ་རྒྱུད་ཙམ༔ སྤྲུལ་པ་གཅིག་ལས་སྣ་ཚོགས་སུ་བྱུང་བ་དེ་ཡིན༔ ཀླུ་ཡང་ཡེ་ཤེས་ཀྱི་ཀླུ་ཀླུ་ཆེན་བརྒྱད༔ རང་རྒྱུད་ཀྱི་ཀླུ་ཀླུ་ཙམ་མོ༔ སྤྲུལ་པའི་ཀླུ་གཅིག་ལས་སྣ་ཚོགས་སུ་བྱུང་བ་དེ་ཡིན༔ འདི་གསུམ་དུ་མ་གཏོགས་པའི་འཇིག་རྟེན་པ་གང་ཡང་མེད་དོ༔ ལས་བྱེད་པ་འདི་གསུམ་ཡིན༔ གང་འཁོལ་ཡང་ལྷ་གསུམ་དེ་ཤེས་དགོས༔ དེ་ལ་ལྷ་གསུམ་ནི༔ ལྟ་བ་གྱབ་ཀྱི་ལྷ་ནི༔ དྲེགས་པ་ཅན་འདི་རྣམས་རང་གི་སེམས་ལས་བྱུང་ཞིང༔ སྣང་བ་ལས་ལོགས་སུ་ཡོད་པ་མ་ཡིན་ཏེ༔ བསྒྲུབ་ཏུ་མེད༔ བསྒོམ་དུ་མེད༔ རང་དང་གཉིས་སུ་མེད་པར་ཐག་བཅད་དེ༔ དེ་ལྟར་གོ་ན་ལྟ་བ་ཆོས་ཉིད་ཀྱིས་དབང་དུ་འདུས་པའི་གདིང་ངོ༔ གཉེན་པོ་སྟོབས་ཀྱི་ལྷ་ནི༔ ཕོ་རྒྱུད་ལ་གཤིན་རྗེ་ཤིས༔ མོ་རྒྱུད་ལ་ཆེ་མཆོག༔ ཀླུ་ལ་རྟ་མགྲིན་ཤིས་སོ༔ མངགས་པ་ལས་ཀྱི་ལྷ་ནི༔ ལས་མྱུར་བ་ཕོ་རྒྱུད༔ བཀྲ་ཤིས་པ་མོ་རྒྱུད༔ ཚན་ཆེ་བ་ཀླུ་ཡིན་ནོ༔ གསང་བ་ལྷ་གསུམ་གྱི་གཅུད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈ སྲིད་པའི་གཏེར་ཁྱིམ་ལས༔ གཅུད་ཕུར་ལྔ་ཡིས་གཅུད་པ་ནི༔ ངན་སྔགས་གང་བསྒྲུབས་ཀྱང་དགོས་ཏེ༔ དང་པོ་ཆོས་ཉིད་དོན་གྱི་གཅུད་ཕུར་གསུམ༔ ཀུན་རྫོབ་སྒོམ་པའི་གཅུད་ཕུར་གསུམ༔ མི་འགྱུར་སྔགས་ཀྱི་གཅུད་ཕུར༔ མཐུན་པ་རྫས་ཀྱི་གཅུད་ཕུར༔ གཟུང་བ་ཐབས་ཀྱི་གཅུད་ཕུར་དང་ལྔའོ༔ དེ་ལ་ཆོས་ཉིད་དོན་གྱི་གཅུད་ཕུར་ནི༔ སྲིད་པའི་ཕོ་མོ་ནི༔ དང་པོ་གང་ནས་ཀྱང་མ་བྱུང༔ ཐ་མ་འདིར་འགྲོ་ཡང་མེད༔ ད་ལྟ་ཡང་ངོ་བོར་མ་གྲུབ་པར་གནས་པ་སྟེ༔ དེ་ལྟར་ཤེས་ན་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་དབང་དུ་འདུའོ༔ ཀུན་རྫོབ་སྒོམ་པའི་གཅུད་ཕུར་ལ༔ བདག་དཔལ་ཆེན་པོའི་ཐུགས་དང་དབྱེར་མེད༔ འཇིག་རྟེན་པ་ཡང་བདག་གི་སེམས་དང་དབྱེར་མེད་པའོ༔ དེས་རང་གིས་རང་གསོད་མི་སྲིད་པའོ༔ མི་འགྱུར་བ་སྔགས་ཀྱི་གཅུད་ཕུར་ལ༔ ལྷ་འདྲེ་ངོ་བོ་མང་ཡོད་ཀྱང༔ སྲོག་གི་སྒྲ་དང་མིང་ཅི་ཡིན༔ ཡི་གེ་སྔགས་སུ་སྡེབས་པ་འདིས༔ རང་དབང་མེད་པར་གནས་ནས་འགུགས༔ མཐུན་པ་རྫས་ཀྱི་གཅུད་ཕུར་ནི༔ ལྷ་སྲིན་ལུས་ནི་སྒྱུ་མ་འདྲ༔ སྒྱུ་མ་གཟུགས་བརྙན་འཇའ་ཚོན་འདྲ༔ མིག་ཡོར་ལྟ་བུའི་རྫས་ལ་བརྟེན༔ རང་དབང་མེད་པར་མངོན་དུ་འབྱུང༔ གཟུང་བ་ཐབས་ཀྱི་གཅུད་ཕུར་ནི༔ ལྷ་སྲིན་སྡེ་བརྒྱད་གྲངས་མང་ཡང༔ རྩ་བ་བསྡུས་པ་གཅིག་ལས་མེད༔ གཅིག་ཀྱང་སེམས་ཉིད་ངང་ལ་འདུས༔ སྤྱིར་ནི་སྲིད་པ་ཁུགས་སུ་གཞུག་པ་དང༔ སྲིད་པར་ཐེར་ལ་བོར་བ་དང༔ སྐབས་སུ་བདའ་དང་བྱོལ་ལ་བཏང༔ བསྐྱར་ལ་འདོན་དང་སྐྱེ་རྒྱུད་བཅད༔ ཟིལ་གྱིས་མནན་དང་གཤེད་དུ་བཀོལ༔ འདི་དག་སྡང་བའི་དགྲ་ལ་བྱ༔ གཅུད་ཕུར་ལྷ་ཡི་གནད་ཤེས་ན༔ ལྷ་སྲིན་སྡེ་བརྒྱད་བྲན་བཞིན་འཁོལ༔ ཚེ་འདིར་མཐུ་ཆེ་བསམ་པ་འགྲུབ༔ ཕྱི་མ་འབྲས་བུ་སངས་རྒྱས་ཐོབ༔ གཅུད་ཕུར་ལྔ་ཡི་གནད་ྀཨཚ་ཡོད༔ དེས་ཆོ་འཕྲུལ་རྩུབ་པ་ཞིའོ༔ ཅི་བྱས་ཀྱང་བཟློག་པས་མ་ཚུགས་ན༔ སྔགས་པ་དེ་རང་ཉིད་དུ་བསྒོམས་པས༔ ཁོའི་སྲུང་མས་ཁོ་རང་གསོད་ངེས་སོ༔ རང་རང་གི་གཞུང་ནས་བཤད་པའི་དམ་རྫས་རྣམས་ཚང་ན་ལས་མྱུར་རོ༔ ཡིད་ཀྱི་འཛིན་ཕུར་རྩེ་གཅིག་ཏུ་མ་ཡེངས་ན་ཟློག་པས་མི་བཟློག་གོ༔ ལས་སྦྱོར་དུས་སུ་སྔགས་ཀྱི་འོད་ཟེར་ཁ་རླངས་དང༔ ཐུན་རྣམས་དུག་ནད་གཟེར་ཆར་དུ་བསམ༔ དེས་ལས་མྱུར་བས་ལྡོག་མི་སྲིད་དོ༔ འཕྲལ་དུ་ཅི་བྱུང་ཡང་འཇིགས་ཤིང་དངངས་པར་མི་བྱའོ༔ སྒྲུབ་པའི་གཞུང་མི་ལེགས་པ་ལ་ལེགས་སོ་སྙམ་པའི་འཕྱོར་དུ་མ་སོང་བ་གཅེས་སོ༔ ལེགས་པ་རྣམས་ལ་མི་ལེགས་སྙམ་པའི་རས་ཆོད་དུ་མ་སོང་བ་གཅེས་སོ༔ ལག་ལེན་འོལ་ཚོད་དུ་མ་སོང་བ་གཅེས་སོ༔ ནང་རྟགས་རྣམས་ལོག་པར་མ་སོང་བ་གཅེས་སོ༔ སྒྲུབ་པ་ཐེ་ཚོམ་སྤང་བ་གཅེས༔ སྐྱོན་གསུམ་སྤངས་ན་འགྲུབ་ངེས་སོ༔ སྤྱིར་སྒྲུབ་པ་ལན་གསུམ་བསྐྱར་ཡང་ལས་བྱེད་མ་ཉན་ན༔ ཤི་ས་བསྟན་པའི་ལས་བྱས་པས་དགྲ་འཆིའོ༔ དང་པོ་ནས་ཤི་ས་བསྟན་ན་རང་འཆིའོ༔ སྔགས་ཀྱི་ཤི་ས་བསྟན་པ་ནི༔ སྔགས་མགོ་ཞབས་བཟློག་ལ་བཟླའོ༔ རྫས་ཀྱི་ཤི་ས་བསྟན་པ་ནི༔ མི་ཁྱི་གཉིས་ཀྱི་རྐྱག་པས་སྔགས་དེ་བྲུབ་ཁུང་དུ་མགོ་ཞབས་བཟློག་ལ་དུད་པས་བདུག་གོ༔ རང་ཡང་གཉེན་པོ་སྟོབས་ཀྱི་ལྷར་བསྒོམས་ལ༔ ཁམས་གསུམ་དབང་དུ་བསྡུས༔ སྲིད་གསུམ་ཟིལ་གྱིས་མནན་ནས་གཟིར་བར་བསྒོམ༔ རང་ལ་ཕྱག་འཚལ༔ ཞུ་བ་འབུལ༔ ཉམ་ཐག་པ་བྱུང་ན༔ བཟོད་པར་གསོལ༔ ལས་སྦྱོར་བྱས་པས་དགྲ་བོ་མྱུར་དུ་འཆིའོ༔ སྤྱིར་གཅུན་པ་དང་ཤི་ས་བསྟན་དགོས་པ་བརྒྱ་ལ་རེ་རེ་ཙམ་ཡིན་ནོ༔ རང་དང་འབྲེལ་བ་མེད་དམ་ཚིག་ཉམས་ནས་ལས་མི་བྱེད་ན་དགོས་སོ༔ འབོད་པའི་དུས་སུ་ནང་རྟགས་བྱུང་བ༔ རྦད་པའི་དུས་སུ་བླ་རྟགས་བྱུང་བ༔ བསད་པའི་དུས་སུ་སོད་རྟགས་བྱུང་བ་གཅེས༔ རྦད་པ་དང་བསད་པའི་དུས་སུ་སྔགས་ལ་དགྲ་བོའི་མིང་རུས་བཅུག་གོ༔ དེས་ཤོར་མི་སྲིད་དོ༔ འབོད་པའི་དུས་སུ་མཆོད་བསྟོད་བསྐང་བཤགས་བྱ༔ རྦད་པའི་དུས་སུ་བསྐུལ་དང་དམོད་པ་བྱ༔ དགྲ་ལ་ཁྱི་བཞིན་རྦད༔ གཏོར་མ་དུམ་བུ་གཅིག་དང་ཁྲག་དགྲའི་ཁང་པའི་རྨིང་ངམ་ཁྱིམ་ལ་གཏོར༔ དེས་ཁྱི་རྦད་པ་བཞིན་འགྲོ༔ འུར་རྡོ་མའི་་་གཞུང་ནས་བཤད་པ་བཞིན།ཟོར་དགྲ་ཕྱོགས་སུ་འཕང་ངོ༔ དེས་བླ་འཁྱམས་མི་སྲིད༔ སྒྲུབ་པ་ཡར་ངོ་ལ་ཞུགས༔ ལས་སྦྱོར་མར་ངོ་ལ་བྱ༔ ཡི་དམ་ལྷ་བསྙེན་བྱེད་པའི་ཚེ༔ དཔལ་གྱི་གཏོར་མ་ལ་བརྟེན་ཏེ༔ ལོ་གསུམ་བསྙེན་པ་བྱ༔ སྔགས་ཀྱི་གྲངས་ནི་ས་ཡས་འགྲུབ་བོ༔ རྟགས་ནི་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ༔ རབ་ཞལ་མཐོང༔ འབྲིང་མེ་དང༔ འོད་དང༔ སྒྲ་དང༔ ས་གཡོས་འོང༔ ཐ་མ་ལུང་བསྟན་དང་དངོས་གྲུབ་སྟེར༔ དེ་རྣམས་རྟགས་ཀྱི་དྲོད་ཚད་ཡིན༔ དེས་ནི་གྲུབ་པ་ཐོབ་པ་ཡིན༔ ལྷ་བསྙེན་ཚད་ལས་མང་ན་ཡོན་ཏན་འབྱུང་ངོ༔ དེ་ནས་ལས་གང་བསྒྲུབ་ཀྱང༔ བསྙེན་པ་ཐོན་ནས་འབུམ་ཚོ་རེས་འགྲུབ༔ ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་བོ༔ ལས་ཁ་ཚར་རྣམས་ལ་སྔགས་ཁྲི་ཚོ་རེས་འགྲུབ་བོ༔ ཞི་བ་དང་རྒྱས་པ་ལ་སྔགས་གྲངས་ལས་མང་ཡང་གནོད་པ་མེད་དོ༔ དབང་དུ་སྡུད་པ་དང་འགུགས་པའི་སྔགས་ལ་གྲངས་ལས་མང་ན་ཚེ་ལ་གནོད་པ་ཡིན༔ ནད་མང༔ འཕྲལ་ལ་དགྲ་བགེགས་ཡོང༔ བསད་སྔགས་ཚད་ལས་མང་ན་སྔགས་པ་གྲི་རུ་འཆི༔ ཚད་ལས་ཉུང་ན་དགྲ་མི་འཆི་བས་བསད་པའི་ནང་རྟགས་དང་བསྟུན་པ་གལ་ཆེ༔ ལས་ཁ་ཚར་གང་སྒྲུབ་ཀྱང༔ སྔགས་ཚད་ལས་མང་ན་རང་གི་ནུས་པ་ཡལ༔ རྒྱུན་དུ་འདི་ལྟར་ཤེས་པར་བྱ༔ རྒྱུན་དུ་ཡི་དམ་དང་མི་འབྲལ་བར་བྱ༔ ཡི་དམ་གྱི་སྔགས་རྒྱུན་དུ་སྟོང་ངམ་བརྒྱ་བརྒྱ་བཟླ༔ ཆོས་སྐྱོང་སྔགས་ལ་དེ་དང་འདྲ༔ རང་གིས་གང་སྒྲུབ་ལས་གང་བྱེད་དེའི་སྔགས་ཀྱང་དེ་དང་འདྲ༔ རྒྱུན་དུ་གཏོར་མ་གཏང་ཞིང་དགྲ་ལ་རྦད་ན༔ མ་བསྒྲུབ་ཀྱང་དགྲ་ལ་རྟགས་ཡོང་ངོ༔ ཕྱིར་དགྲ་ལ་རྟགས་བྱུང་ན༔ གཏང་རག་མྱུར་དུ་གཏང་ངོ༔ དེ་མ་གཏང་ན་ཕྱིས་ནས་མཐུ་ཡོང་དཀའ་འོ༔ སྤྱིར་གཏོར་མ་གཏན་ནས་མ་གཏང་ན་ལྷ་འདྲེས་ཟ་འདྲེ་བྱེད༔ དེས་རང་ཉིད་བརླག༔ རྒྱུན་དུ་གཏོར་མ་གཏང་ཞིང་སྔགས་བཟླས་ན་མཐུ་དང་ནུས་པ་ཆེ༔ མི་ནོར་དར་ལ་མཐའ་ནས་རྒྱས་སོ༔ དགྲ་བགེགས་རང་སར་ཞི་ནས་འགྲོ༔ སྤྱིར་ན་གཏོར་མ་ལས་རབ་ཀུན་གྱི་མཆོག༔ རྣལ་འབྱོར་བསམ་པ་གཏོར་མས་འགྲུབ༔ གཏོར་མ་མེད་པའི་སྒྲུབ་པ་བཀྲ་མི་ཤིས་སོ༔ གཏོར་མ་ལ་བརྩོན་ན་བར་ཆད་སུས་ནུས༔ རྣལ་འབྱོར་པ་གཏོར་མ་ལ་མི་བརྩོན་ན༔ དེའི་བར་ཆད་སུས་སེལ༔ ཅེས་གསུངས་སོ༔ ཡང་སྒྲུབ་པ་ལ་ཞུགས་པའི་དུས་སུ༔ འབོད་པའི་དུས་སུ་སེམས་འཕྱོ་ཞིང་སྙིང་མི་དགའ༔ བློ་མང་ཞིང་ངུ་སྙིང་འདོད༔ འདུག་མི་ཚུགས་ཤིང་སྔགས་བཟླས་ཆད་ལྷག་མང༔ དེའི་དུས་སུ་བླ་རྟགས་བྱུང་ན༔ རང་དང་སྲུང་མའི་བླ་རྟགས་ཡིན་པས་མི་སྒྲོལ་ལོ༔ རང་ཕུང་བརླག་པ་དེ་ཡིས་ལན༔ བླ་འཁྱམས་ནི་རང་ཉིད་སེམས་ཀྱང་མི་བརྟན་ཏེ༔ བླ་རྟགས་བྱུང་ན་བླ་འཁྱམས་ཡིན་པས་མི་བསྒྲལ་ལོ༔ རྦད་པའི་དུས་སུ་རང་ཡང་རྔམ་རྔམ་གཙིག་གཙིག་ཁྲོ་སྙིང་འདོད༔ དེ་དུས་བླ་རྟགས་བྱུང་ན་དགྲ་བོའི་བླ་ཡིན་པས་མྱུར་དུ་ལས་སྦྱོར་བྱའོ༔ མྱུར་དུ་དགྲ་འཆིའོ༔ བླ་ནི་རབ་དགྲ་བོ་དངོས་སུ་འོང༔ འབྲིང་བླ་རྟགས་དངོས་སུ་འོང༔ ཐ་མ་རྨི་ལམ་དུ་དགྲའི་བླ་རྟགས་རྣམས་གསལ་པོར་འོང༔ བླ་རྟགས་ནི་བླ་ཆེན་དྲུག༔ སྤྲུལ་པ་དྲུག་་་བླ་ཆུང་དྲུག་ཟེར།དང་བཅུ་གཉིས་སུ་འོང༔ རྟ་ གླང་ ཤ་བ་ ལུག་ ཁྱི་ ཕག་ བླ་ཆེན་དྲུག་ཡིན༔ དེ་དྲུག་གི་སྤྲུལ་པ་དྲུག་ནི༔ བོང་བུ་འམ་དྲེའུ་ གཡག་ བྱ་དང་ རི་དྭགས་གནའ་བ་ སྤྱང་ཀི་ ར་དང་དྲུག་གོ༔ དེ་ཡང་བ་གླང་བྱུང་ན་མྱུར་བ་ཡིན་ཏེ་རབ༔ བྱ་དང་རི་དྭགས་བྱུང་ན་ཤིན་ཏུ་མྱུར༔ གཡག་དང་ལུག་བྱུང་ན་འབྲིང་པོ་ཡིན༔ རྟ་དང་རྐྱང་བོང་བུ་བྱུང་ན་སྒྲུབ་པ་བསྐྱར་རོ༔ དེ་ལྟར་བླ་རྟགས་ནམ་བྱུང་ན༔ རང་ཡང་སྐྲ་བརྫེས་གཅེར་བུ་བྱ༔ གདོང་དང་ལག་པ་ལ་ཁྲག་བྱུག༔ ཤིན་ཏུ་ཁྲོས་པའི་སེམས་ཀྱིས་བསྒྲལ་ལོ༔ ཞེ་སྡང་མེད་ན་སྒྲོལ་མི་ནུས༔ རྦད་པའི་དུས་སུ་དགྲ་བོའི་བླ་དེ་ཉིན་ཕྱེད་ནམ་ཕྱེད་ལ་འཁྱམས་པས་གོང་བཞིན་བཀུག་ནས་ལིང་ག་ལ་ཡང་ཡང་བསྟིམ་མོ༔ བླ་འགུགས་པའི་སྔགས་འདི་ཐུན་མཚམས་ལ་བརྒྱ་བརྒྱ་བཟླས་པས་མྱུར་དུ་ཁུག་གོ༔ ཤེལ་ཤེལ་དགྲ་བོའི་བླ་ལ་ཤེལ༔ ཤག་ཤག་དགྲ་བོའི་བླ་ལ་ཤག༔ ཕུང་ཕུང་དགྲ་བོའི་བླ་ལ་ཕུང༔ ཐུན་ཐུན་དགྲ་བོའི་བླ་ལ་ཐུན༔ མུག་མུག་དགྲ་བོའི་བླ་ལ་མུག༔ དགྲ་བོའི་བླ་ཁུག་ཨངྐུ་ཤ་ཛཿཛ༔ ཉི་མ་ཤར་ནས་དྲོས་ཆུང་ཚུན་ཆོད་ལ་དགྲ་བོའི་བླ་འགྱུ་བས༔ སྔགས་བཟླའོ༔ བླ་ཁུག་པའི་རྟགས་བྱུང་ནས༔ ཚེ་ལུང་ཁྲུས་ལུང་གི་སྒོ་ནས་ཕུར་པ་གདབ་ཅིང་བསྒྲལ་ལོ༔ དེས་མྱུར་དུ་འཆིའོ༔ དེ་ལྟར་བྱས་པས་ལྟ་བ་རྟོགས་པའི་རྣལ་འབྱོར་པ་དང༔ དགྲ་ཚངས་པའི་ཚེ་དང་ལྡན་ཡང་སྒྲོལ་ངེས་སོ༔ བླ་མ་ཁུག་ནས་ལས་ལ་སྦྱོར་བ་ཀུན་འཁྲུལ་པ་ཆེན་པོ་ཡིན༔ སྤྱང་ཀི་སྒོ་ཁྱིར་རེ་བ་སྙིང་རེ་རྗེ༔ སེམས་ཅན་གྱི་རིགས་ལ་ཁྱུ་མང་པོ་བྱུང་ན་བླ་འཁྱམས་ཡིན༔ གསལ་པོ་གཅིག་བྱུང་ན་དགྲ་བོའི་བླ་ཡིན༔ བླ་མ་ཁུག་པར་ལས་ལ་སྦྱོར་ན་དགྲ་མེད་པར་མཚོན་ཆ་འདེབས་པ་དང་འདྲ༔ བླ་ཁུག་ནས་ལས་ལ་མ་སྦྱར་ན་བསྒུག་ར་ནས་དགྲ་ཤོར་བ་དང་འདྲའོ༔ སྒྲུབ་པ་བྱེད་པའི་དུས་སུ་དྲི་ཞིམ་ཞིང་སྒྲུབ་ཁང་བག་དྲོ་ན་འགྲུབ་པའི་རྟགས་སོ༔ དྲི་མི་ཞིམ་ཞིང་སྒྲུབ་ཁང་ཡང་བག་མི་དྲོ་ན་མི་འགྲུབ་པའི་རྟགས་སོ༔ བླ་མ་ཁུག་ན་བསད་ལས་བྱས་ཀྱང་དོན་མེད་དོ༔ བླ་ཁུག་བཞིན་དུ་དགུག་ན༔ ལྷ་སྲིན་ཁྲོས་ནས་རང་ལ་ལྡོག་གོ༔ དགྲ་སྔོན་མའི་ས་ནས་ཟ་ཁ་ཟུག་ནས༔ ཕྱི་མ་རྦད་པའི་སར་འགྲོ་མ་ཉན་ན༔ ཐུན་ཁྲག་ལྒང་ཕུག་ཏུ་བླུགས་ནས་ཞབས་ཁབ་ཀྱིས་གཙགས་ནས༔ རང་གི་སྒྲུབ་ཁང་ནས་ཁོའི་ཁང་པའི་བར་སྦྲེངས་པས༔ ཁྱི་རྦད་པ་བཞིན་འགྲོའོ༔ བླ་རྡོ་གཟུང་བ་ནི༔ གང་སྒྲུབ་དེའི་བླ་རྡོ་གཞུང་ནས་བཤད་པ་བཞིན་གཟུང་ངོ༔ ལུས་དང་གྲིབ་མ་བཞིན་འོང་ངོ༔ དགྲའི་བླ་རྡོ་གཟུང་བ་ནི༔ དགྲ་བོ་དེའི་ཟག་རྫས་གང་ཐོབ་དང༔ བག་ཟན་ནམ༔ ས་སྤྱིན་ལ་ལིངྒ་བྱའོ༔ དེས་གཞན་ལ་འབྱམས་མི་སྲིད་དོ༔ ཕྲ་མ་བཅུག་པ་ནི༔ བདག་གིས་མ་ལན༔ དམ་ཉམས་དགྲ་ཆེ་གེ་་་དམ་ཉམས་འདིས་ནི་མི་ཁྱོད་ལ་ལྷ་མེད། སྲུང་མ་ཁྱོད་ལ་མཐུ་མེད་ཟེར་བས།འདི་ཡིས༔ བདག་དང་སྲུང་མ་ལ་བསྡོས་སོ༔ མྱུར་དུ་སྒྲོལ་ཅིག་བྱའོ༔ དེས་ཕྲ་མ་ཚུད་ནས་མྱུར་དུ་གསོད་དོ༔ ཟ་ཁ་དགྲ་ལ་བསྒྱུར་བ་ནི༔ ཚོགས་དང་གཏོར་མ་ལིངྒ་དགྲ་བོའི་ཤ་ཁྲག་ཏུ་བསྒོམས་ལ༔ ལིངྒ་དེ་རྟག་ཏུ་གཏོར་མར་བཅུག་ལ་གཏོར་མ་བསྔོས་པས༔ སྲུང་མ་རྣམས་ཀྱིས་ཤ་ཟོས་ཁྲག་འཐུང་བར་བསམ༔ རང་ལ་མི་ལྡོག་དགྲ་ལ་འགྲོ༔ དགྲ་བོ་མི་ནོར་བརླག་པར་བྱེད༔ ལྷ་འདྲེའི་ཕོ་བྲང་དགྲ་ལ་འདེབས་པ་ནི༔ ཕུང་སེལ་ལ་སོགས་དགྲ་བོའི་ཁང་ཁྱིམ་མམ༔ ཡུལ་ལ་གོང་བཞིན་མནན་པས་ཕུང་ངེས་སོ༔ དགྲ་ལ་མཐུ་བྱུང་ནས་གཏང་རག་བཟང་པོ་གཏང༔ དགྲ་སོད་རྟགས་བྱུང་ནས་དགྲ་མ་ཤི་ན༔ ཡང་གཏང་རག་བཏང་བས་མྱུར་དུ་འཆིའོ༔ སྐུལ་ལྟོ་བྱིན་པ་དང་འདྲ་བས་དགྲ་མྱུར་དུ་འཆིའོ༔ མཚམས་ཐོན་པའམ་གཏང་རག་གཏོང་བའི་དུས་སུ༔ ཟན་གྱི་ཉ་བོ་བྱས་ལ་གཏོར་མ་འབུལ༔ ཕུད་གཏོར་བྱའོ༔ དེས་དམག་ལྟོ་བྱིན་པ་དང་འདྲའོ༔ དགྲ་བོའི་ཤ་ཟོས་ཁྲག་འཐུང་ཡུལ་བཅོམ་རླུང་གིས་ཕྱགས་ནས་གཅིག་ཀྱང་མེད་པར་བསྒོམ༔ ནང་རྒྱས་ན་ཤིང་ལེབ་ཅིག་ལ་ཁོའི་མིང་རུས་བླ་དྭགས་བྲིས་ལ༔ ཁོ་འབོད་པའི་ས་ལ་སྦའོ༔ ཟློག་པ་གཞན་ཡང་བྱའོ༔ དེས་ཁོ་རང་གི་སྲུང་མས་མྱུར་དུ་གསོད་དོ༔ འབོད་རྦད་བསད་གསུམ་གྱི་རྟགས་འོང་འཕྲོ་ལ་ཆད་ན༔ གཞན་ལ་བཤད་དམ༔ མི་གཙང་བ་བྱུང་ངམ༔ དམ་སེལ་ཅན་བྱུང་ངམ༔ ཁྱིམ་དུ་འཁོན་བྱས་སམ༔ ཐེ་ཚོམ་བྱས་པས་ལན༔ ཁྲུས་དང་སྐོང་བཤགས་བྱའོ༔ ཡང་སྲུང་མ་ལ་གཞན་གཅིག་གིས་བསྒྲུབས་པས་མཐུ་བྱུང་ནས༔ རང་གིས་མ་བྱུང་ན༔ རང་གིས་གོང་དུ་སྐུར་བ་བཏབ་བམ༔ དམ་ཚིག་ཉམས་སམ༔ བླ་མ་ལ་མ་ཞུས་པར་བརྐུས་སམ༔ དམ་ཉམས་ལག་ནས་བྱུང་ངམ༔ རང་གིས་སྲུང་མ་དེ་ལ་ངན་སེམས་བྱས་པས་ལན༔ སྐོང་བཤགས་བྱས་ནས་བསྒྲུབ་བོ༔ སྤྱིར་སྒྲུབ་པ་གང་བྱེད་ཀྱང༔ མཚམས་ཐོན་ནས་ལོ་དུས་ཚུན་ཆད་ལ༔ དགྲ་གཞན་བྱུང་རུང་རྦད་མི་ཉན་ནོ༔ གཞན་གཅིག་རྦད་དོ༔ མདའ་གཅིག་གིས་ཤ་བ་གཉིས་མི་སོད་པ་དང་འདྲའོ༔ སྤྱིར་མན་ངག་སྣ་འདྲེས་མང་ན་སྲིས་མི་སྨེའོ༔ རྣོ་མྱུར་མང་ན་ཕྱུག་པོ་གཉེན་མང་པོ་དང་འདྲའོ༔ ཁས་ཉན་བྱེད་མི་དགོས༔ མཐུ་ཆེ་བར་བྱུང་ཡང་རང་ལ་ལྡོག་ན༔ ཚོགས་དང་གཏོར་མས་སྐོང་བཤགས་ལ་བརྩོན་པར་བྱའོ༔ བེ་སྲོག་གཙང་གསུམ་བརྟེན་པས་རྩུབ་དྲགས་བྱུང་ན༔ གཏོར་མ་ཕུལ་ལ་གཞན་ལ་བྱིན༔ ཡང་ན་ཐག་རིང་བྲག་ལ་སྦའོ༔ དེས་ནུས་པ་མི་འཕེལ༔ རང་ལ་མི་གནོད་དོ༔ སྒྲུབ་པའི་དུས་སུ་ངན་རྟགས་བཟང་པོར་སྟོན་པ་དང༔ བཟང་རྟགས་ངན་པར་སྟོན་པ་ནི༔ མི་སྡུག་པའི་ཆོ་འཕྲུལ་ཅི་སྟོན་ཡང༔ རང་ཉིད་དགའ་ཞིང་ཁམས་བདེ་བསྐྱེད་རིམ་གསལ་ན༔ ངན་རྟགས་བཟང་པོར་སྟོན་པ་ཡིན༔ གཟུགས་མཛེས་པར་སྟོན་ཅིང༔ རྟགས་མཚན་བཟང་པོར་བསྟན་ཡང༔ རང་སྙིང་མི་དགའ་ཞིང་གཉིད་བྲོ༔ བསྐྱེད་རིམ་མི་གསལ་ན༔ བཟང་རྟགས་ངན་དུ་སྟོན་པ་ཡིན་པས༔ གཅུན་ཞིང་ཤི་ས་བསྟན་ནོ༔ སྒྲུབ་པའི་དུས་སུ་རང་གྲོད་པ་ཆེ་ལ་སྙིང་ཚོལ་འཕྲོས་ཁྱེར་ན༔ དམ་རྫས་མ་ཚང་བ་དང་གཏོར་ཚོགས་ཞན་པའི་རྟགས་སོ༔ དེ་བཟང་པོར་བྱའོ༔ དམ་ཚིག་ཉམས་ན་བཀྲ་མི་ཤིས་སོ༔ རང་གི་སྲུང་མ་གཞན་ལ་བྱིན་ན་མཐུ་དང་ནུས་པ་ཆུང་དུ་འགྲོའོ༔ གསང་མ་ཐུབ་ན་དངོས་གྲུབ་མི་འོང༔ གཞན་གྱི་ཟློག་པ་དང་རིམ་གྲོ་མང་དུ་བྱས་ན་རང་ཚེ་ཐུང་ངོ༔ ཡང་རྟགས་མཚན་ནི༔ བསྐྱེད་རིམ་མ་གསལ་ན་མེ་ལོང་མི་གསལ་བ་ལ་ལྟ་བ་དང་འདྲ༔ ཤེས་པ་མི་གསལ་བ་འོང༔ ལུང་སྟོང་དང་ཐང་སྟོང་དུ་ཕྱིན་པ་འོང༔ མཚོན་ཆས་ཕར་ལ་རྒྱབ་པས་རྨ་མེད་པ་འོང༔ གཏོར་མ་འདོད་ན་རང་ལ་ཟས་སྟེར་བ་འོང༔ རང་ལྟོ་ཆེ་བ་དང༔ སྟོན་མོ་བྱེད་པ་ཡོང་བས་གཏོར་མ་བཏང་ངོ༔ ཡང་བསྒྲུབས་ཀྱང་མི་འགྲུབ་པའི་རྟགས་ནི༔ གླུ་ལེན་པ་དང༔ རྟ་རྐྱང་བོང་བུའི་ཁྱུ་དང༔ ལག་རྡུམ་དང༔ དུད་འགྲོ་དང༔ མཆེ་བ་མེད་པ་དང༔ དེ་འདྲ་བྱུང་ན་མི་འགྲུབ་པའི་རྟགས་སོ༔ རང་ལ་ཁྲོ་ཞིང་སྡིག་པ་བྱུང་ན་ནང་ལ་ལྡོག་པའི་རྟགས་སོ༔ གཅུན་སྔགས་བྱའོ༔ ཡུགས་ས་ཕོ་མོ་དང༔ མཛེ་ཕོ་དང༔ ཁ་བ་བུ་ཡུག་འཚུབས་པ་དང༔ ལུང་དང་རྫབ་དོང་རྨིས་ན་ཉམས་གྲིབ་ཕོག་པའི་རྟགས་སོ༔ སེར་བ་དང་འབྲུག་དང་རྦབ་དང་རང་ལ་མཚོན་རྒྱེབ་པ་བྱུང་ན་ཟློག་པ་ཡོད་པའི་རྟགས་སོ༔ རང་བས་ཆེ་བ་བྱུང་ན་མ་ཆུན་པའི་རྟགས་སོ༔ གཉེན་པོ་སྒོམ་ཞིང་གཅུན་པའི་ལས་བྱའོ༔ འབངས་བྲན་དང་དུད་འགྲོས་བསྐོར་ན་ཉན་པའི་རྟགས་སོ༔ ཡང་འབོད་པའི་སྔགས་མ་ཚང་ན༔ མཚོན་ཆ་ལ་ཡུ་བ་མེད་པ་དང༔ མཚོན་ཆ་ཆག་པ་བྱུང་ན༔ སྔགས་མ་ཚང་བའམ༔ མ་དག་པ་ཡིན་ནོ༔ རྦད་པའི་སྔགས་མ་ཚང་ན༔ ལས་བྱེད་འདོད་པ་ལ་ལག་ཆ་མེད་པ་དང༔ ལས་བྱེད་འཕྲོ་ལ་ལུས་པ་དང༔ གཞན་ལ་ལས་བཅོལ་བས་མི་ཉན་པ་དང༔ དེ་བྱུང་ན་རྦད་སྔགས་མ་ཚང་བའམ༔ མ་དག་པ་ཡིན་ནོ༔ བསད་སྔགས་མ་ཚང་ན༔ མདའ་དང་མདུང་ལ་ལྕགས་མེད་པའམ༔ གྲི་ལ་སོ་མེད་པ་བྱུང་ན༔ བསད་སྔགས་མ་ཚང་བའམ༔ མ་དག་པ་ཡིན་ནོ༔ སྔགས་ནོར་ན་རང་ལ་རྒོལ་བ་དང༔ ཨ་ཙ་ར་ཁྲིམས་ཟེར་བ་འོང༔ རྫས་མ་ཚང་ན༔ ཀ་ཅ་སྟོར་བ་ལ་སོགས་པ་འོང་ངོ༔ མདའ་དང་མཚོན་ཆ་རྣོན་པོ་བྱུང་ན་སྔགས་ཚང་བ་ཡིན་ནོ༔ ཕོ་བསྒྲུབས་པས་མོ་བྱུང་ན་མི་ནོར་ཟས་གསུམ་འཕེལ་ལོ༔ མོ་བསྒྲུབས་པས་ཕོ་བྱུང་ན༔ རང་ཆང་སྨྱོ་བྱེད་ཅིང་འཐབ་འདོད༔ གཞན་ལ་མི་འཇིགས་པ་འོང༔ མཐུ་ཆེ་བར་འོང༔ ནུས་པ་ཆེའོ༔ ཕོ་མོ་རིས་སུ་མ་ཕྱེ་བར་བསྒྲུབ་ན་གང་བསྒྲུབ་གཉིས་ཀ་འགྲུབ་པ་ཡིན༔ མཐུ་ཟློག་པས་མི་བཟློག༔ ཚན་ཆེ་བར་བསྒྲུབ་ན༔ སྲུང་མ་དཔུང་ཚན་ཆེ་བ་ཞིག་ལ༔ འབོད་རྦད་བསད་གསུམ་གྱི་སྔགས་ཚན་ཆེ་བ་ཞིག་བསྒྲངས་ན༔ གཞན་གྱིས་ཅི་ཙམ་བཟློག་ཀྱང་མི་བཟློག་སྟེ་ཚན་ཆེའོ༔ རྣོ་མྱུར་རྣམས་ནི་བཟློག་པས་སླའོ༔ ཚན་ཚུང་ངོ༔ ཚན་ཆེ་བ་ནང་རྒྱས་ཕེར་བ་དགོས་སོ༔ ཚན་ཆུང་བ་རྣམས་ནི་འཇབ་མདའ་དང་འདྲའོ༔ ཡང་རང་གིས་གང་སྒྲུབ་ཀྱང་བདུད་བཙན་གིང་གསུམ་འདི་གསོལ་ཀའི་དུས་སུ་མཆོད་དོ༔ རྦད་པའི་དུས་སུ༔ བདུད་སྔགས་ཡིན།་་་དུ་དུ་རུ་ཏྲ་དུན་ཏིང་རྦད་བྷྱོ༔ བཙན།་་་ཙ་ཙ་ཤུ་ལ་ཙ་རྦད་བྷྱོ༔ གིང་ཀ་ར་གིང་ཀ་ར་རྦད་བྷྱོ༔ ཞེས་རྦད་སྔགས་ལ་བཏགས་ལ་རྦད༔ དུ་དུ་རུ་ཏྲ་དུན་ཏིང་ཆེ་གེ་མོ་མཱ་ར་ཡ་རྦད་སོད༔ ཙ་ཙ་ཤུ་ལ་ཙ་ཆེ་གེ་མོ་མཱ་ར་ཡ་རྦད༔ གིང་ཀ་ར་གིང་ཀ་ར་ཆེ་གེ་མོ་མཱ་ར་ཡ་རྦད་སོད༔ ཅེས་བསད་པའི་སྔགས་ལ་ཤམ་བུར་བཏགས་པས་བསད་པ་གྲི་མཚོན་རྣམས་ཀྱི་ངར་དང་འདྲའོ༔ མྱུར་ལ་ཚན་ཆེའོ༔ ཟློག་པས་མི་བཟློག་གོ༔ བདུད་བཙན་གིང་གསུམ་ཤམ་བུ་འདི༔ རྣོ་ཞིང་མྱུར་ལ་ཚན་ཆེ་མན་ངག་རྣམས་ཀྱི་ཁྱད་ཆོས་ཡིན༔ ཡང་ཆོ་འཕྲུལ་རྩུབ་པ་རྣམས་ལ༔ དགྲ་བོ་བཀུག་ལིངྒ་ལ་ཡང་ཡང་བསྟིམས་ལ༔ རྦད་པའི་སྔགས་ཀྱིས་ཐུན་བྲབ་ཅིང༔ ཆོ་འཕྲུལ་རྩུབ་པ་གང་བྱུང་རྣམས༔ ལིངྒ་ལ་ཐིམ་པར་བསྒོམས་པས༔ ཆོ་འཕྲུལ་ལོག་པས་དགྲ་ལ་ཆེ་བ་འོང༔ མན་ངག་གོ༔ ལས་སྦྱོར་དུས་སུ་འབོད་རྦད་བསད་གསུམ་དྲིལ་ནས་གསོད༔ དེས་རང་བཀྲ་ཤིས་མྱུར་ལ་ཚན་ཆེའོ༔ ལས་སྦྱོར་དུས་སུ་སོ་སོར་ཕྲལ་ནས་བྱེད་པ་ནི་མྱུར་ཏེ་བཀྲ་མི་ཤིས་སོ༔ བདག་ཉིད་གཉེན་པོའི་ལྷར་བསྒོམ༔ བྲུབ་ཁུང་སྟེང་དུ་ལས་མཁན་བསྒོམ༔ དེས་ནི་བག་ཙམ་བུལ་ཏེ་བཀྲ་ཤིས་ལ་ཚན་ཆེའོ༔ ལས་མཁན་དེ་རང་སྒོམ་ན་མྱུར་ཤིང་བཀྲ་ཤིས་སོ༔ འབོད་རྦད་བསད་གསུམ་གྱི་ནང་རྟགས་མི་ཤེས་པར་ནུབ་ཀྱི་རེས་ཀྱིས་མཆོད་པ་དང་བཤགས་པ་བྱེད༔ ལས་མི་འགྲུབ་པར་རྒྱུད་ནས་གསུངས༔ ནང་རྟགས་དང་བསྟུན་པའི་རིམ་པ་གོང་དུ་གསུངས་པ་བཞིན་བྱའོ༔ འབོད་པའི་དུས་སུ་མཆོད་བསྟོད་དབྱངས་སྙན་པོས་བསྟོད་ན་དྲི་ཟའི་གླུ་དང་འདྲ་སྟེ་འདུའོ༔ རྦད་པའི་དུས་སུ་དྲག་ཏུ་རྦད་ཅིང་ང་རོ་ཆེ་ན་ཕྱི་བཞིན་འགྲོའོ༔ བསད་པའི་དུས་སུ་སྔགས་རྣམས་གཅིག་ཏུ་དྲིལ་བ་ཐུན་གྱིས་བྲབ་བོ༔ ཞེ་སྡང་དྲག་པོས་བསྒྲལ་བས་དགྲ་བོ་མྱུར་དུ་འཆིའོ༔ དམ་རྫས་ཚོགས་ན་གཅན་གཟན་ཤ་ལ་འདུ་བ་བཞིན་དུ་འོང་ངོ༔ གཏོར་ཚོགས་བཟང་ན་ཤ་ལ་སྦྲང་མ་འདུ་བ་བཞིན་འོང་ངོ༔ བླ་རྟགས་བྱུང་ན་ལས་སྦྱོར་བསྟུད་ནས་བྱའོ༔ སོད་པའི་ནང་རྟགས་རྣམས་བྱུང་ནས་ཡིད་ཙམ་ངལ་གསོའོ༔ དེ་མ་ཤེས་ན་སྲུང་མ་བང་ཟད་ནས་ཕར་ལ་མི་འགྲོ༔ རང་ལ་ལྡོག༔ སོད་པའི་ནང་རྟགས་བྱུང་བཞིན་དུ༔ ད་རུང་རྦད་ཅིང་བསད་ལས་བྱས་ན༔ དམག་གིས་དགྲ་སོད་ནས་བསྐྱར་ནས་ག་ལ་འགྲོ༔ ཕར་ལ་མི་འགྲོ་རང་ཉིད་གྲི་རུ་འཆིའོ༔ སོད་པའི་ནང་རྟགས་མེད་པར་མནན་སྲེག་འཕང་གསུམ་བྱས་ན་དགྲ་མི་འཆིའོ༔ སོད་པའི་ནང་རྟགས་བྱུང་ནས་སྦྱིན་སྲེག་མནན་པ་བྱའོ༔ བསད་ལས་ཐལ་ན་རང་ཉིད་གྲི་རུ་འཆིའོ༔ རྦད་པའི་དུས་སུ་བླ་རྟགས་མེད་པར་དགྲ་བོ་སོད་རྟགས་བྱུང་ན༔ ཕར་ལ་མི་འགྲོ་ཚུར་ལ་རང་ལ་ལྡོག༔ དེ་དུས་ལས་སྦྱོར་བསྟུད་ལ་བྱའོ༔ བན་བོན་རྣམས་ཀྱི་བཀའ་ལ་མ་ཉན་པར་ཡས་གླུད་མ་ལེན་ཅིག་བྱས་པས་མི་ལེན་ནོ༔ མན་ངག་མྱུར་ལ་ཚན་ཆེན་གཞུ་དང་འདྲའོ༔ དྲོད་ཚད་ལ་མཁས་ན་མདའ་དང་འདྲའོ༔ སྒྲུབ་པ་པོ་དམ་ཚིག་དང་ལྡན་པ་ན་དཔའ་བོ་དང་འདྲའོ༔ དགྲའི་ས་ནས་ཟས་ནོར་བྱུང་ན་ཁ་ཅིག་དེ་ལ་རྣམ་རྟོག་བྱེད༔ མན་ངག་ཡོད་པས་དེ་ཕྱིར་ན་འགུགས་པར་སླའོ༔ གྲི་བོ་གྲི་མོ་རྗེས་ས་ལ་བསྟེན་པ་རྣམས་བཀྲ་མི་ཤིས་པར་འདུག་གོ༔ སྲུང་མ་རྣམས་ལ་ཕྲ་མ་་་ངས་མ་ལན་དམ་ཉམས་དགྲ་འདིས་ལན་ཟེར་བ་སོགས་སོ།ཚུད་པར་སྣང༔ གཏོར་མ་ལ་བརྩོན་ན་གང་བསམ་འགྲུབ་པར་འདུག་གསུང༔ དྲོད་ཚད་ལ་མཁས་ན་དགྲ་བོ་ལ་དུས་བཏབ་པས་མི་ཤོར་རོ༔ དྲོད་ཚད་མེད་ན་དགྲ་ལ་དུས་བཏབ་ཀྱང༔ རང་ལ་མི་ཁ་ངན་པ་ཕོག་ཡོང༔ སྔགས་པ་ནང་རྒྱས་ཤོར་ན༔ དང་པོ་ནས་གཉིས་ཀ་མཉམ་པོར་བསྒྲུབས་པས་གཉིས་ཀ་འཕུང་བ་དེ་ཡིས་ལན༔ ཁོའི་སྲུང་མ་གང་ཡིན་པ་དེ་བདག་གིས་ཀྱང་མཆོད༔ རང་མ་ལན་པའི་ཤག་གདབ་བོ༔ ངག་མནན་ལ་བརྩོན་པར་བྱའོ༔ ཕར་ལ་ཁོ་རང་བརྟེན་པའི་་་མི་བརྟེན་པའི་ཟེར་བའང་སྣང་།སྲུང་མ་རྦད༔ ཁོ་རང་གི་སྲུང་མ་དེ་ཁོའི་བདུད་གཤེད་དུ་ཕབ༔ དེས་ཁོ་རང་མྱུར་དུ་འཆིའོ༔ སྤྱིར་ཟླ་བའི་ཐེབས་དང་རྒྱུ་དུས་ལས་གང་བྱེད་དེ་དང་བསྟུན་ལ་བྱའོ༔ ཟློག་སྔགས་དེ་དུས་བཟླའོ༔ ཁྱད་པར་དགུ་སྟོང་ལ་ཟློག་སྔགས་བཟླས་ཤིང་ཐལ་མོ་བརྡབ་བོ༔ དེས་ངེས་པར་བཟློག་གོ༔ ཁྱད་པར་རྦད་འདྲེན་ལ་འོང་དུས་སུ་ཟློག་པ་གོང་བཞིན་བྱའོ༔ དེས་ངེས་པར་བཟློག་གོ༔ ཡང་ཕོ་རྒྱུད་གྲིབ་སོ་ཞོན་ནས་འོང༔ མནན་གཏད་དམར་ཐག་ཙེ་རེ་ལ་བྱའོ༔ མོ་རྒྱུད་ནུབ་མོ་ལ་རྒྱུ་སྟེ༔ ལས་སྦྱོར་་་མནན་གཏད།ནམ་ཕྱེད་བྱའོ༔ གཤིན་རྗེ་ཉིན་མོ་རྒྱུ་སྟེ༔ འཁོར་ལོ་དགོང་ཀ་བསྐོར༔ སྟག་མོ་གཟན་ལ་འཚོལ་བ་ཉི་མ་རི་རྩེ་ལ་རང་གང་བྱེད་བསྐུལ་ཞིང་རྦད་སྔགས་རྦད་དོ༔ ཐོ་རངས་སྐྱ་རེངས་ཤར་ནས་ཉི་ཤར་ཚུན་ཆོད་རྒྱལ་པོ་རྒྱུའོ༔ ཉི་མ་ཤར་ནས་དྲོས་ཚུན་ལ་དགྲ་བོའི་བླ་རྒྱུའོ༔ དེ་དུས་བླ་བཀུག་གོ༔ ཉིན་ཕྱེད་ལ་ཀླུ་རྒྱུའོ༔ ཉིན་ཕྱེད་ཡོལ་ནས་ཉི་མ་རྒས་ཀ་ཚུན་ཆད་ལ་གནོད་སྦྱིན་རྒྱུའོ༔ སྲོད་ལ་བདུད་དང་བཙན་རྒྱུའོ༔ ནམ་ཕྱེད་ལ་མ་མོ་རྒྱུའོ༔ ནམ་ཕྱེད་ཡོལ་ལ་བགེགས་རིགས་ཕོ་མོ་རྒྱུའོ༔ དེ་རྣམས་ཀྱི་དུས་ལ་ལས་སྦྱོར་བྱའོ༔ རྒྱུ་དུས་དང་བསྟུན་པས་ལས་མི་འགྱང་ངོ༔ ཆུ་སྲིན་མཇུག་མ་གཡོ་བ་གྲིབ་སོ་དྭངས་ཁ་ལ་བྱ༔ འབོད་པའི་སྔགས་རྣམས་དེ་དུས་བསྒྲིལ་ལ་བཟླའོ༔ རུ་སྦལ་ལྟོ་བ་རུབ་པ་སྲོད་དང་ནམ་ཕྱེད་ལ་བྱ༔ ལས་སྦྱོར་དུས་ཡིན་པས་བསད་ལས་བསྟུད་ལ་བྱའོ༔ ཉི་མ་ཟླ་བ་ཟེར་ཁ་དང་ཉིན་ཕྱེད་ནམ་ཕྱེད༔ སྐར་མའི་དམག་ནི་ཐོ་རངས་སྐྱ་རེངས་ཤར་དུས་སུ་ལས་སྦྱོར་དུས་ཡིན་པས་བསྟུད་ལ་བྱའོ༔ ཉི་ཟླ་གཟའ་བཟུང་དང་ས་གཡོས་འདོམས་ན༔ དེ་དུས་བླ་རྟགས་མེད་ཀྱང་ལིངྒ་ལ་ཐུན་བྲབ་བོ༔ འབོད་རྦད་བསད་གསུམ་དྲིལ་ལ་བཟླའོ༔ སྤྱིར་རྣལ་འབྱོར་པ་ལུས་ལྷ་དང་མ་བྲལ༔ ངག་སྔགས་དང་མ་བྲལ༔ ཡིད་ཆོས་ཉིད་སྟོང་པ་ཉིད་དང་མ་བྲལ་ན༔ སྔགས་པ་ངག་ནུས་པ་དང་ལྡན༔ བསམ་པའི་དོན་རྣམས་འགྲུབ༔ མི་ནོར་ཟས་གསུམ་འཕེལ༔ རིགས་རྒྱུད་མཐའ་ནས་རྒྱས་སོ༔ སྔགས་པ་ཕལ་ཆེར་དཀོན་མཆོག་གསུམ་གཙོ་བོར་མི་བརྟེན་མི་འཛིན༔ རྣམ་སྨིན་ལ་མི་འཛེམ་ན་འཇིག་རྟེན་པ་རྣམས་འགོ་ཞིང་མཐུ་ཆེ་ཡང༔ ཕུགས་སུ་ཚེ་ཐུང་ཞིང་སྔགས་པ་གློ་བུར་འཆིའོ༔ མི་མཐུན་པའི་ཡེ་ཤེས་པ་དང་འཇིག་རྟེན་པ་བསྡེབས་ན༔ ནོར་ལ་གང་སྟོང་ཆེ་ཞིང་རིགས་རྒྱུད་རྩ་བ་ནས་བརླག་གོ༔ སྤྱིར་སྒྲུབ་པ་ཡང་དྲོད་ཚད་ལ་མཁས་ན༔ སྒྲུབ་པ་ཆུད་མི་ཟ༔ བཀྲ་ཤིས་ནོར་ཟས་འཕེལ་ལོ༔ ཡང་མན་ངག་གང་ཟབ་ངོས་འཛིན་ནི༔ ཅོག་རྡུང་རྣམས་ལས་བདུད་བཙན་གིང་གསུམ་ཟབ༔ ཤན་པ་དམར་པོ་ཟབ༔ མདའ་འདྲ་རྣམས་ལས་མ་ར་སྒང་ཚལ་དང༔ གཟའ་རྒོད་སྲོག་གི་སྤུ་གྲི་ཟབ་བོ༔ ཐོག་འདྲ་རྣམས་ལས་ཕུང་བྱེད་མ་མོ༔ སྲོག་སྒྲུབ་རྣམས་ཀྱི་མཐར་ཐུག་པ༔ མུ་སྟེགས་ནག་པོའི་གྲིབ་གཟུགས་སུ་གསོད་པ་ཟབ་བོ༔ བསོད་ནམས་ཅན་དུ་གཅོད།་་་གྲི་འདྲ་རྣམས་ལས་མཐོན་པོ་དམའ་རུ་འབེབ་པ་སེར་སྐྱ་ནག་པོ༔ མུ་སྟེགས་མདུང་དམར༔ ཉེ་འབྱེད་གྲི་ཐོགས་མ་་་ཕོ་མོ་འཛིང་བའི་གཟུགས།ཟབ་བོ༔ མཐར་ཐུག་རྣམས་ལས་སེར་བའི་མཐར་ཐུག་རྫས་སེར་ནག་པོ༔ ཟློག་པའི་མཐར་ཐུག་ཨུར་མོ༔ ལྟས་ངན་མཐར་ཐུག་བྱ་རོག་འུག་འདུས༔ གཏད་ཀྱི་མཐར་ཐུག་སྦལ་ནག་ལྟོ་སྦྱོར་ཟབ་བོ༔ དེ་རྣམས་ཟབ་པའི་ངོས་འཛིན་ཡིན༔ དེ་རྣམས་མི་བསླུ་བ་ངེས་པའི་མན་ངག་ཡིན༔ ཡང་སྔགས་ཁྱིམ་ནི༔ དང་པོ་ཕྲེང་བའི་བྱེ་བྲག་ནི༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་ནི་ལས་རྣམས་ཀུན་ལ་ཤིས༔ ཞི་བ་དག་ལ་དུང་ཕྲེང་ཤིས༔ རྒྱས་པ་དག་ལ་གསེར་དང་བོ་དྷི་ཙི༔ དབང་ལ་པདྨ་ལུང་ཏང་ངོ༔ དྲག་པོ་དག་ལ་རཀྴ་ཚེར་ནག་གོ༔ རྟའི་རུས་པས་སྐྲོད་པར་བྱེད་དོ༔ རྐང་གི་ཕྲེང་བས་རླག་པར་བྱེད༔ ཐོད་པའི་ཕྲེང་བས་མཁའ་འགྲོ་ཕོ་མོ་འདུ༔ གཞན་རྣམས་ལུང་མ་བསྟན་གྱི་ཕྲེང་བ་ཡིན༔ འདྲེན་སྔགས་བཟླ་ལུགས་ནི༔ རྒྱུན་དུ་ཡིད་ཀྱི་བཟླས་པ་བྱེད་པ་རབ་ཡིན༔ རྒྱུན་དུ་ཤུབ་བུར་བྱེད་པ་འབྲིང་ཡིན༔ རྒྱུན་དུ་གཞན་གྱིས་ཐོས་པ་གཡེལ་བ་ཅན་ཐ་མ་ཡིན༔་་་དངོས་གྲུབ་རིང་ངོ་། །དེ་ཡང་ལས་ལ་སྦྱོར་ཞིང་འདྲེ་རྒོད་འདུལ་ན་དྲག་པོར་བཟླའོ༔ སྒྲུབ་པའི་དུས་སུ་ཡུན་རིང་ཉལ་ཞིང་རྒྱུན་དུ་བཟླའོ༔ གང་ལ་ཡང་སྨྲ་བ་གཅོད་པར་གཅེས་སོ༔ གླལ་དང་སྦྲིད་པ་བྱུང་ན་གྲངས་སུ་མི་ཐེའོ༔ ལུས་ངག་ཡིད་གསུམ་གཡེང་བ་གྲངས་སུ་མི་ཐེའོ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་སྔགས་ཀྱིས་འགྲུབ༔ དེ་ཡང་མནྟྲ་ཞེས་བྱ་བ་རང་བཞིན་གྱིས་བདེ་བ་ཆེན་པོ་ཡིན༔ རང་གི་རྟོག་པ་ངན་པ་འཇོམས་པ་ལ་བསྔགས་པས་དྲག་སྔགས་ཞེས་བྱའོ༔ དེ་འཇོམས་ནས་མཐུ་དང་ལྡན་ཅིང་ནུས་པ་ཆེ་བ་ལ་སྔགས་པ་ཞེས་བྱའོ༔ གསང་ཞིང་བཟླས་པས་གསང་སྔགས་ཟེར༔ མ་རིག་པ་འཇོམས་པས་རིག་སྔགས་ཟེར༔ ཡང་དག་པའི་ཡེ་ཤེས་ཤར་བས་རིག་སྔགས་ཟེར༔ མི་བརྗེད་པར་སེམས་ལ་གཟུང་བས་གཟུངས་སྔགས་ཟེར༔ ཡེ་ཤེས་པ་དང་འཇིག་རྟེན་པའི་སྙིང་པོ་ཡིན་པས་སྙིང་པོ་ཟེར༔ སྲིད་གསུམ་ཟིལ་གྱིས་གནོན་པས་ཕྱག་རྒྱ་ཟེར༔ རྒྱུན་དུ་གསལ་བར་སྒོམ་པས་ཏིང་འཛིན་ཟེར༔ གཞན་ལ་ཕན་པའི་སེམས་བསྐྱེད་ཡོད་པས༔ བདག་གི་བསམ་པ་རྣམ་དག་ཟེར༔ དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི༔ མཆོག་གི་དངོས་གྲུབ་ཐོབ་པའི་རྟགས་སུ༔ ཕྱིའི་རྟགས་ནི་སེམས་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས༔ ཚེ་འདི་ལ་བར་ཆད་གང་གིས་ཀྱང་མི་ཚུགས་སོ༔ ལུས་བདེ་བ་དང་འཇམ་པ་ཁ་དོག་དཀར་དུ་འགྱུར༔ ཤིག་སྲོ་དང་སྲིན་བུའི་རིགས་རྣམས་ཞི༔ ནད་ཀྱི་རིགས་ཀྱིས་མི་ཚུགས༔ ནང་གི་རྟགས་སུ་ཤེས་པ་དགའ་བ་དང༔ བསྐྱེད་རིམ་གསལ་བ་དང༔ ཉམས་པ་གང་གིས་ཀྱང་གནོད་མི་ཚུགས་སོ༔ གསང་བའི་རྟགས་སུ༔ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་པའོ༔ དེ་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་པ་དེ་ལ་སེམས་དང་པོ་རྒྱུ་མེད༔ བར་དུ་རྐྱེན་མེད༔ ཐ་མ་ལས་ཀྱི་རྣམ་སྨིན་མེད༔ སེམས་ཀྱི་དངོས་པོ་རང་བྱུང་ཆེན་པོ་ཡིན༔ དེ་ལྟར་གནས་པའི་སེམས་ཉིད་རང་བྱུང་གི་བདེ་བ་ཆེན་པོ་དེ་ལ༔ རྟོགས་པ་དང་གཟུང་འཛིན་གང་ཡང་མ་གྲུབ་པས༔ སྡུག་བསྔལ་མེད་པའི་བདེ་བ་ཆེན་པོ༔ གཟུང་འཛིན་མེད་པའི་གསལ་བ་ཆེན་པོ༔ མཐའ་དབུས་མེད་པའི་སྤྲོས་བྲལ་ཆེན་པོ༔ དངོས་པོ་མེད་པའི་སྟོང་ཉིད་ཆེན་པོ༔ རྩིས་བཏབ་མེད་པའི་ཡངས་པ་ཆེན་པོ༔ སྤྲོ་བསྡུ་མེད་པའི་ཆོས་ཉིད་ཆེན་པོ༔ འཁོར་འདས་མེད་པའི་རྣལ་འབྱོར་ཆེན་པོ༔ ཞེན་ཆགས་མེད་པའི་བྱ་བྲལ་ཆེན་པོ༔ ཡངས་དོག་མེད་པའི་ནམ་མཁའ་ཆེན་པོ༔ དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ཆེན་པོ་ཡིན་ནོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་པས༔ རང་གི་སེམས་ལ་རང་གི་སེམས་ཀྱིས་བལྟ་བའི་དུས་སུ༔ རྟོགས་པར་བྱེད་པའི་ཆོས་ཉིད་ཀྱི་གཞི་མ་གྲུབ༔ རྟོགས་པར་བྱ་བའི་སེམས་ཀྱི་དོན་མ་མཐོང༔ རྟོགས་བྱ་དང་རྟོགས་བྱེད་གཉིས་ཀའི་དོན་འཛིན་པ་མ་གྲུབ༔ རྟོགས་པ་གང་གིས་ཀྱང་མ་བསླད་པ་ན༔ ལས་ངན་དང་བག་ཆགས་ཅིས་ཀྱང་མ་གོས་པ༔ མ་བཅོས་པའི་སེམས་ཉིད་དེ་དྭངས་སེང་ངེ༔ འབོལ་ལེ་ཤིག་གེ་རང་བཞིན་གྱིས་སྟོང་པ༔ ཕྱི་སྣང་བའི་ཡུལ་ལ་མ་ཤོར་བ༔ ནང་ཤེས་པའི་གཞི་ལ་མི་གནས་པ༔ རྒྱ་ཡན་ཆེན་པོ༔ རང་ལུགས་ཆེན་པོ༔ དེ་ལྟ་བུ་ཞིག་རང་གི་རྒྱུད་ལ་སྐྱེས་ཙ་ན༔ འབྲས་བུ་སངས་རྒྱས་དེ་ཀ་ཡིན་ནོ༔ ཆོས་སྐུ་བདེ་བ་ཆེན་པོ་ཡང་དེ་ཀ་ཡིན་ནོ༔ འཆི་མེད་ཀྱི་དོན་ཡང་དེ་ཀ་ཡིན་ནོ༔ སེམས་ཀྱི་དངོས་པོ་དེ་གང་དུ་བཙལ་ཡང་རྙེད་པར་མི་འགྱུར་རོ༔ སེམས་ཉིད་རྟོགས་ན་སངས་རྒྱས་ཡིན༔ རང་ལ་གནས་པའི་སེམས་ཉིད་དེ༔ མ་རིག་པ་སངས་ནས་རྟོགས་པ་རྒྱས་ལས་གཞན་ལས་འབྱུང་བ་ག་ལ་འགྱུར༔ རེ་དོགས་བྲལ་ན་སངས་རྒྱས་ཀུན་གྱི་རྗེ༔ གསུངས་སོ༔ སངས་རྒྱས་པའི་འབྲས་བུ་སེམས་ཅན་ཀུན་ལ་ཡོད་པས་གཞི་ལྷུན་གྲུབ་ཀྱི་སངས་རྒྱས༔ སེམས་ཉིད་རྟོགས་པའི་ཚེ་དེ་ལས་གཞན་དུ་སངས་རྒྱས་མེད་པས་རྟོགས་པ་མངོན་གྱུར་གྱི་སངས་རྒྱས༔ གཞན་སྣང་ཅི་བསམ་དང་འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་པས་རྣམ་མཁྱེན་གྱི་སངས་རྒྱས༔ རང་སེམས་སྟོང་པར་ཤེས་ནས་གཞན་སེམས་དང་གཉིས་སུ་མེད་པར་མི་ཤེས་པར༔ གཞན་དག་སྨིན་ཅིང་གྲོལ་བར་མི་ནུས་པ་རྣམས་རང་སངས་རྒྱས་ཡིན་ནོ༔ གནོད་པའི་དམྱལ་བའི་དེད་དཔོན་ཆེན་པོ་དེ༔ དེ་ནི་སེམས་ཅན་ཡིན་ན་ནི༔ དེ་ཡི་སྡིག་པ་གང་དུ་འགྲོ་ཞེས་བྱ༔ གང་དང་གང་དུ་དེ་ཡི་རྣམ་སྨིན་ནི༔ དུས་གསུམ་རྒྱལ་བས་མ་གསུངས་སོ༔ དེ་ཉིད་སེམས་ཅན་ཡིན་ན་ནི༔ ཐུག་པ་མེད་པར་ཅིས་མི་འགྱུར༔ ཅེས་སོ༔ རང་སེམས་འཁྲུལ་པ་ཡིན་པར་ངེས༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ༔ དམྱལ་བའི་རྒྱུ་མེད་མིང་མེད་དངོས་པོ་མེད༔ ཅེས་གསུངས་སོ༔ རང་སེམས་རྟོགས་ན་སངས་རྒྱས་ཡིན་པས༔ སངས་རྒྱས་ལོགས་ནས་མ་བཙལ་ཅིག༔ ཅེས་གསུངས་སོ༔ དེས་ན་སེམས་ཉིད་རྟོགས་ན་སངས་རྒྱས་རྣམས་ཀྱི་རྒྱལ་པོ་ཡིན་གསུངས་སོ༔ སྐལ་པ་དང་ལྡན་པའི་གང་ཟག་རྣམས༔ གསང་སྔགས་ཐེག་པ་ཆེན་པོའི་སྒོར་ཞུགས་ནས༔ སྒོམ་སྒྲུབ་བྱེད་པ་ལ་ལམ་གཉིས་ཏེ༔ རྒྱུ་ལམ་དུ་ཁྱེར་བ་དང༔ འབྲས་བུ་ལམ་དུ་ཁྱེར་བ་གཉིས་སོ༔ མཚན་ཉིད་དང་ཉན་ཐོས་ཀྱིས་རྒྱུ་ལམ་དུ་ཁྱེར་བ་ཡིན༔ འབྲས་བུ་ཕྱི་མ་ལ་ཐོབ་པར་འདོད༔ གསང་སྔགས་པས་འབྲས་བུ་ལམ་དུ་ཁྱེར་བས་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པར་འདོད༔ འབྲས་བུ་སྐུ་གསུམ་ཚང་དགོས་ཏེ༔ སྐུ་གསུམ་མ་ཚང་ན་གསང་སྔགས་ཀྱི་ཆོས་མ་ཡིན་ནོ༔ སྐུ་གསུམ་ད་ལྟ་མྱུར་དུ་ཤར་དགོས་པས་ཁྱད་འཕགས་སོ༔ འབྲས་བུ་སྐུ་གསུམ་ད་ལྟ་ཉིད་དུ་འཆར་བ་ལ༔ བླ་མ་མཚན་ཉིད་དང་ལྡན་པ་དེས་སློབ་མ་ལ་གདམས་པ་བསྟན་པའི་དུས་ན༔ ཡིད་ཆེས་ཤིང་ངོ་མཚར་སྐྱེས་ཏེ༔ སྒོམ་པའི་དུས་ན་ཕྱིའི་སྣང་བ་དྲན་རིག་རྣམས་འགགས༔ ནང་གི་འཛིན་པ་ནི་མ་སྐྱེས༔ གཟུང་འཛིན་གཉིས་ཀའི་མཐའ་དང་བྲལ་བ༔ ཤེས་པ་ཅིར་ཡང་མ་ཆགས་པ༔ དྭངས་སངས་ངེ་བ་དེ་ཆོས་སྐུ་ཡིན་པས་ཐག་བཅད་དོ༔ དེའི་ངང་ལས་རང་ལུས་ཡི་དམ་གྱི་ལྷ་གང་མོས་སུ༔ ནམ་མཁའི་འཇའ་ཚོན་ནམ༔ ཆུ་ནང་གི་ཟླ་བའམ༔ མེ་ལོང་གི་གཟུགས་བརྙན་ལྟ་བུར་རྒྱུན་དུ་བསྒོམ་པ་ནི༔ ལོངས་སྐུ་ཡིན་པར་ཐག་བཅད་དོ༔ དེ་ལས་སེམས་ཅན་རྣམས་ལ་གང་ལ་གང་མོས་ཀྱི་ཆོས་སྟོན་ཅིང་འཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད་པ་ནི༔ སྤྲུལ་སྐུ་ཡིན་པར་ཐག་བཅད་དོ༔ དེ་ལྟར་སྐུ་གསུམ་དང་ལྡན་པའི་བླ་མ་སེམས་ཅན་གྱི་དོན་བྱེད་པ་ལ༔ སངས་རྒྱས་དངོས་ཡིན་པར་ཐག་བཅད་དོ༔ དེ་ལྟར་ཉམས་སུ་ལེན་པ་དེ་ལ་སངས་རྒྱས་ཟེར༔ དེ་ལྟར་ཉམས་སུ་ལེན་ཅིང་སེམས་རྟོགས་པ་དེ་ལ་གྲུབ་པ་ཐོབ་པ་ཟེར༔ ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་གསང་མཛོད་བརྟོལ་བའི་ཆོས་ཀྱི་ཉིང་ཁུ་ཡིན་ནོ༔ འདི་སྔགས་ཁྱིམ་ཡིན་ནོ༔ ཡང་པྲ་ཁྱིམ་བསྟན་པ་ནི༔ དང་པོ་གཏོར་ཟན་རྫི་བའི་དུས་སུ༔ ཆུ་མང་དུ་བླུགས་ཀྱང་ལག་པའི་འོག་ཏུ་འཁྲང་ཐེན་ཐིན་བྱུང་ན༔ དངོས་གྲུབ་མི་འབྱུང་ངན་ནོ༔ ཆུ་ཉུང་ཙམ་བླུག་ཀྱང་ལག་པའི་འོག་ཏུ་རླན་ཉལ་ཉལ་བྱུང་ན༔ སྲུང་མ་རྣམས་འདུ་བ་ཡིན་ནོ༔ དངོས་གྲུབ་ཡོང་བའི་རྟགས་སོ༔ གཏོར་རྒྱན་མང་བར་ཡོད་ཀྱང་མ་ལངས་ན་བར་ཆད་འོང་བས་ངན་ནོ༔ མི་ལངས་པར་ཡོང་སྙམ་པ་ལ་ཁེངས་པར་ལངས་ན་དངོས་གྲུབ་འབྱུང་བའི་བཟང་པྲ་ཡིན་ནོ༔ གཏོར་རྒྱན་ཁ་གང་བར་སླ་ན་བཀྲ་ཤིས་སོ༔ ཁ་མ་གང་ན་བཀྲ་མི་ཤིས་སོ༔ གཏོར་རྣམས་ཚར་ནས།་་་གཏོར་མ་ལ་ཁྲག་བྱུགས་པས་སྨུག་ཅེམ་བྱུང་ན་དངོས་གྲུབ་འོང་བས་བཟང་ངོ༔ ཁྲག་མི་ཆགས་ན་བར་ཆད་འོང་བས་ངན༔ གཏོར་མ་ཚར་ནས་བག་དྲོ་ན་སྲུང་མ་རྣམས་འདུ༔ གཏོར་མ་ཞུམ་དང་ཤམ་ཁུ་བ་ཆེ་ན་བཟང་ངོ༔ གཏོར་མ་མི་ཞུམ་ཞིང་ཁུ་ཆུང་ན་མི་ནོར་མི་འཕེལ་བས་ངན་ནོ༔ གཏོར་ཚོགས་མགོ་ནས་འཛུག་དུས་བག་དྲོ་ཞིང་དྲི་ཞིམ་ན་བཀྲ་ཤིས་སོ༔ བག་གྲང་ཞིང་དྲི་མི་ཞིམ་ན་ངན་ནོ༔ གཏོར་མ་བྱི་བས་ཟོས་ན་མི་ཁ་དང༔ དགྲ་དང༔ རྐུན་མ་དང༔ ཁ་མཆུ་འོང་བས་ངན་ནོ༔ མཎྜལ་སྟེང་དང་གཏོར་སྟེགས་ཁར་བྱི་བ་དང་ཕོ་རོག་སོགས་བྱའི་རྟུག་པ་མང་པོ་བྱུང་ན་བར་ཆད་འོང་བས་ངན་ནོ༔ གྲིབ་ཕོག་པས་ཁྲུས་བྱའོ༔ གཏོར་ཕོར་གས་ན་ནང་འཁོར་ལ་ཉེས་སྐྱོན་འོང་བ་ཡིན་པས་ངན་ནོ༔ སྒྲུབ་ཁང་དང་མཎྜལ་སྟེང་ན་ཁྲག་བོ་ན་ནོར་ལ་གོད་ཁ་དང་རིམས་ནད་འོང་བས་ངན་ནོ༔ གཏོར་མ་རྨིང་ནས་མེད་ན་རང་དང་བླ་མ་འགྲོངས་སོ༔ གཏོར་ཕོར་འདུག་ན་རིམ་གྲོས་ཟློག་གོ༔ གཏོར་མ་ཁྱིས་ཟོས་ན་བར་ཆད་འོང་བས་ངན་ནོ༔ གཏོར་མ་བཏང་ནས་ཞག་གསུམ་ཚུན་ཆོད་ལ༔ རྨི་ལམ་དུ་ཆེས་བཟང་ཞིང་བཀྲ་ཤིས་པའི་རྟགས་བྱུང་ན་བཟང༔ ཆེས་ངན་ཞིང་བཀྲ་མི་ཤིས་པའི་རྟགས་བྱུང་ན་ངན་ནོ༔ སྟེགས་ཁར་གཏོར་མ་བཏང་ན༔ ཕོ་རོག་གཉིས་ཕོ་སྐད་མོ་སྐད་དུ་སྒྲོག་ཅིང་གཏོར་མ་ལེན་ཞིང་ཟོས་ན༔ ཆག་སྒོ་བཟློག་སྟེ་བཟང་ངོ༔ སྦོམ་ལ་དྲག་ན་ཕོ་སྐད་ཡིན༔ ཐུང་ལ་ཕྲ་ན་མོ་སྐད་ཡིན༔ གཞི་སྤྲུགས་བྱེད་ཅིང་ཡུན་རིང་སྡོད་ན་བཟང་ངོ༔ འདྲོགས་ནས་གཏོར་མ་མི་ལེན་ན་ངན་ནོ༔ བསྐྱར་ལ་གཏོང༔ དེས་བཟློག་གོ༔ ཕོ་རོག་གི་སེམས་ཅན་རོ་བོར་ན༔ ཆག་སྒོ་ཆེ་བའི་རྟགས་སོ༔ གཏོར་ཟློག་བྱའོ༔ དེས་བཟློག་གོ༔ ཡང་ན་དགྲ་བགེགས་ཐུལ་བས་བཟང་ངོ༔ གཏོར་མ་ཡུན་རིང་ལ་མི་ལེན་ན་སྲུང་མ་མ་མཉེས་ཤིང་ཆག་སྒོ་ཆེ་བའི་པྲ་ཡིན༔ གཏོར་ཚོགས་བཟང་དུ་བཤམས་ལ་སྐོང་བཤགས་བྱའོ༔ རིམ་གྲོའི་གཏོར་མ་ཁྱི་དང་བྱ་ཡིས་མི་ཟ་ན༔ ཆག་སྒོ་ཆེ་བས་བསྐྱར་ལ་གཏང་ངོ༔ ཕོ་རོག་གིས་རང་ལ་མཇུག་མ་བསྟན་ནས་གྲོག་གྲོག་ཟེར་ན༔ ནོར་ལ་གོད་ཁ་འོང་བའི་རྟགས་སོ༔ ཕྱུགས་གླུད་གཏང༔ ཆབ་གཏོར་ཡང་གཏང༔ ཕོ་རོག་གསུམ་ཙམ་སྒྲུབ་ཁང་དང་ཁྱིམ་ལ་གཤོག་རྩེ་སྐྲད་ཅིང་སྐད་མང་པོ་སྒྲོག་ན༔ རང་ངམ་འཁོར་ལ་དགྲ་འོང་བའི་རྟགས་ཡིན༔ གཏོར་ཟློག་དང་དགྲ་ཟློག་བྱ༔ སྒྲུབ་པ་པོ་ལ་ཕོ་རོག་ཡུན་རིང་དུ་མི་འཁོར་ན་སྲུང་མ་མ་མཉེས་ཆག་སྒོ་ཆེ་བའི་པྲ་ཡིན༔ རིམ་གྲོ་གོང་བཞིན་བྱའོ༔ ཡང་རྨི་ལམ་དུ་བླ་མ་རྡོ་རྗེ་སློབ་དཔོན་ཞང་ཉེ་དང༔ བན་བོན་སྔགས་པ་མང་པོས་ཆས་བཟང་པོ་གྱོན་ནས༔ འཆམ་བྲོ་བྱེད་པ་དང༔ དེ་རྣམས་ཀྱི་འཁོར་དུ༔ སྐྱེས་བུ་ཆས་བཟང་པོ་གོ་ཁྲབ་ཅན་མང་པོ་དང༔ དེ་རྣམས་ཀྱི་གསེབ་དུ་རང་ཆས་བཟང་པོ་གོན་ནས་བདག་རང་རྟེན་ནས༔ རང་ལ་ཕྱག་འཚལ་ཟས་སྐོམ་སྟེར༔ གླུ་ལེན་གསོལ་བ་འདེབས༔ བྲོ་བརྡུང་གཡས་སྐོར་བྱེད་པ་རྨིས་ན་ཅི་བསམ་འགྲུབ་བོ༔ ཡབ་ཀྱི་བཟང་པྲ་ཡིན་ནོ༔ ཡང་བུད་མེད་ཆས་བཟང་པོ་མང་པོ་དང༔ མ་དང༔ སྲིང་མོ་དང༔ བུ་མོ་དང༔ གཉེན་བཤེས་དང༔ མཛའ་མོ་དང༔ འཁོར་དུ་བྲན་མོ་མང་པོས་བསྐོར་ནས་ཆས་བཟང་པོ་སྣ་ཚོགས་ཐོགས་པ་དང༔ དེའི་དཀྱིལ་དུ་བདག་ཉིད་ལ་གོང་བཞིན་བྱེད་ན་ཅི་བསམ་འགྲུབ་བོ༔ ཡུམ་གྱི་བཟང་པྲ་ཡིན་ནོ༔ གཏོར་སྟེགས་ཁར་ཕོ་རོག་སྒྲོ་གཡས་པ་བྱུང་ན་རང་ལ་ངན་ནོ༔ གཡོན་པ་བྱུང་ན་འཁོར་ལ་ངན༔ གཏོར་ཟློག་བྱའོ༔ དེས་བཟློག་གོ༔ གཏོར་སྟེགས་ཁར་ཕོ་རོག་ཤི་་་བཞིའང་སྣང་།འདུག་ན༔ བྲུབ་ཁ་ཡོད་ཟེར་བ་ཡིན་པས་གཏོར་ཟློག་བྱ༔ ཟློག་པ་དང་ངག་མནན་བྱའོ༔ ཁ་གདངས་ནས་འདུག་ན༔ རྦད་འདྲེ་རང་ལ་ཟུག་པ་ཡིན་པས༔ གོང་བཞིན་བྱའོ༔ ཕོ་རོག་གིས་གཞན་གྱི་ཡས་ཁྱེར་ནས་བྱུང་ན༔ བྱོལ་ཁ་ཡིན་པས་གཏོར་ཟློག་བྱའོ༔ ཡང་རང་གི་བསམ་པ་འགྲུབ་མི་འགྲུབ་ཀྱི་པྲ་རྟགས་བསྟན་པ་ནི༔ གཏོར་མ་ནངས་པར་སྔ་མོར་གཏོར་སྟེགས་ཁར་བཏང་ལ༔ དོན་འགྲུབ་ན་གཏོར་མ་ལོངས་ཤིག༔ མི་འགྲུབ་ན་མ་ལེན་ཅིག༔ འགྲུབ་མི་འགྲུབ་ཕྱེད་ཙམ་ཡིན་ན་ཁ་ཕྱེད་ཙམ་གྱིས་ཤིག༔ བྱས་ལ་དམོད་བཙུགས་ལ༔ ནངས་མོར་བལྟས་པས་མི་འཆོལ་ལོ༔ ཕོ་རོག་མ་བྱུང་ན་མི་འགྲུབ་བོ༔ རང་གར་འགྲོ་བའི་ཕྱོགས་སུ་ཕོ་རོག་སྣ་དྲངས་ནས་སོང་ན་བར་ཆད་མེད་པས་བཟང་ངོ༔ མདུན་ནས་བསུ་ན་སྲུང་མས་བསུ་བ་ཡིན་པས་བཟང་ངོ༔ འདི་པྲ་ཁྱིམ་ཡིན༔ ཕོ་རོག་མངོན་ཤེས་ཡོད་པས་པྲ་རྟགས་འདི་གཅེས་སོ༔ ཕོ་རོག་མི་མཉེས་པར་བྱེད་མི་རུང་ངོ༔ ཡང་བླ་ཁྱིམ་བསྟན་པ་ནི༔ སྡེ་དཔོན་བཅོ་བརྒྱད་ཀྱི་བླ་རྡོ་གཟུང་བ་ནི༔ ཕ་བང་ལོང་བུ་གྲུ་བཞི་ལ་ལོགས་སུ་སྲེ་མོང་ཁྲག་གིས༔ ཏྲི་དུ་ཛ༔ ཞེས་བྲིས་ལ་སྲེ་མོང་གི་སྙིང་དུ་བཅུག་ལ་དར་མཐིང་ནག་གིས་དྲིལ༔ སྔོ་དམར་སྐུད་པས་བཅིངས་ཏེ་ལུས་ལ་བཅངས་ན༔ སྣང་སྲིད་ལྷ་འདྲེ་རྣམས་ཀྱིས།་་་གར་རྦད་ལས་བྱེད་དོ༔ ཡང་གཟའི་བླ་རྡོ་བཟུང་བ་ནི༔ དར་དམར་པོ་ལ༔ ཛ་པ་ཏི་རཱ་ཧུ་ལ་ཛ༔ ཞེས་བྱ་ཕོ་མཚལ་ལུའི་ཁྲག་གིས་བྲིས་ལ་བྱ་ཕོ་མཚའ་ལུའི་སྙིང་ནང་དུ་བཅུག༔ དར་དམར་གྱིས་དྲིལ་ཏེ་ཟངས་ཀྱི་ཕུར་པ་སོར་བཞི་པ་བསྡེབ༔ སྐུད་པ་སྔོ་དམར་སྐུད་པས་བཅིངས་ཏེ་ལུས་ལ་བཅངས་ན་གཟའ་ཐམས་ཅད་ཀྱིས་ལས་བྱེད་དོ༔ ཡང་བདུད་ཀྱི་བླ་རྡོ་གཟུང་བ་ནི༔ དར་མཐིང་ནག་ལ༔ དུ་རུ་ཛ༔ ཞེས་པ་མཚལ་གྱིས་བྲིས་ལ་སྐྱུང་ཀའི་སྙིང་དུ་བཅུག༔ དར་ནག་གིས་དྲིལ་ལ་ཆུ་ཤིང་ཕུར་པ་སོར་བཞི་པ་དང་བསྡེབ༔ སྐུད་པ་སྔོ་དམར་གྱིས་བཅིངས་ནས་ལུས་ལ་བཅངས་ན༔ བདུད་རྣམས་བྲན་བཞིན་དུ་ལས་བྱེད་དོ༔ དམུའི་བླ་རྡོ་གཟུང་བ་ནི༔ དར་སྨྱུག་ཁ་ལ༔ པ་མུན་མུན་ཛ༔ ཞེས་བྲིས་ལ་ཕུག་རོན་གྱི་སྙིང་དུ་བཅུག༔ དར་སྨྱུག་ཁས་དྲིལ་ལ་ལྕགས་ཀྱི་ཕུར་པ་སོར་བཞི་དང་བསྡེབ༔ སྐུད་པ་སྔོ་དམར་གྱིས་བཅིངས་ནས་ལུས་ལ་བཅངས་ན༔ དམུ་རྣམས་ཀྱིས་བྲན་བཞིན་དུ་ལས་བྱེད་དོ༔ ཡང་བཙན་གྱི་བླ་རྡོ་གཟུང་བ་ནི༔ དར་དམར་ལ༔ ཙ་ཙ་ཙ་ར་ཛ༔ ཞེས་བྲིས༔ སྐྱེར་པའི་ཕུར་པ་སོར་བཞི་པ་དང་བསྡེབས་ལ་དར་དམར་གྱིས་དྲིལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ཏེ་ལུས་ལ་བཅངས་ན༔ བཙན་རྣམས་བྲན་བཞིན་དུ་ལས་བྱེད་དོ༔ ཡང་རྒྱལ་པོའི་བླ་རྡོ་གཟུང་བ་ནི༔ དར་དམར་ལ༔ རཱ་ཙ་ཤག་ཏྲི་ཛ༔ ཞེས་བྱ་ཕོ་དཀར་པོའི་ཁྲག་གིས་བྲིས་ལ་བྱི་ལའི་སྙིང་ནང་དུ་བཅུག༔ ཤེལ་དང་བསྡེབས་ནས་དར་དམར་དུ་དྲིལ་ལ༔ སྔོ་དམར་སྐུད་པས་བཅིངས་ཏེ་ལུས་ལ་བཅངས་ན༔ རྒྱལ་པོ་རྣམས་བྲན་བཞིན་དུ་ལས་བྱེད་དོ༔ ཡང་ཡུལ་ལྷའི་བླ་རྡོ་གཟུང་བ་ནི༔ དར་དཀར་པོ་ལ༔ ཨ་དྷེ་མ་ཀ་ཏྲི་ཛ༔ ཞེས་པ་གཡག་དཀར་པོའི་ཁྲག་གིས་བྲིས་ལ༔ གཡག་དཀར་པོའི་སྙིང་ནང་དུ་བཅུག་ལ་དར་དཀར་པོས་དྲིལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ནས་ལུས་ལ་བཅངས་ན༔ ཡུལ་ལྷ་རྣམས་བྲན་བཞིན་ལས་བྱེད་དོ༔ ཡང་མ་མོ་རྣམས་ཀྱི་བླ་རྡོ་གཟུང་བ་ནི༔ བྱ་མོ་ནག་མོའི་པགས་པ་ལ༔ མ་མ་རུ་ལུ་མ་བྷྱོ་ཛ༔ ཅེས་བྱ་མོ་ནག་མོའི་ཁྲག་གིས་བྲིས་ལ༔ བྱ་མོ་ནག་མོའི་སྙིང་ནང་དུ་བཅུག་ནས་སེང་ལྡེང་གི་ཕུར་པ་སོར་བཞི་པ་དང་བསྡེབས་ལ་དར་མཐིང་ནག་གིས་དྲིལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ཏེ་ལུས་ལ་བཅངས་ན༔ མ་མོ་རྣམས་ཀྱིས་བྲན་བཞིན་དུ་ལས་བྱེད་དོ༔ ཡང་ཐེའུ་རང་གི་བླ་རྡོ་གཟུང་བ་ནི༔ ཕ་ཝང་ལོང་བུ་གྲུ་བཞི་ལ་ར་ཁྲག་གིས༔ ཏྲིའུ་ཤ་ཀུ་རུ་ཛ༔ ཞེས་བྲིས་ལ་རའི་སྙིང་ནང་དུ་བཅུག༔ སྒོམ་ཁྱེར་ཕ་ཝང་གི་མགོ་དང་བསྡེབས་ལ་དར་དཀར་པོས་དྲིལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ཏེ་ལུས་ལ་བཅངས་ན༔ ཐེའུ་རང་བྲན་བཞིན་དུ་འགྱུར་རོ༔ ཡང་རྡོ་རྗེ་ལེགས་པའི་བླ་རྡོ་གཟུང་བ་ནི༔ ར་རོག་པགས་པ་ལ་ར་ཁྲག་གིས༔ བཛྲ་སཱ་དྷུ་ཏྲི་ཛ༔ ཞེས་བྲིས་ལ་ཕ་ཝང་ལོང་བུ་གྲུ་བཞི་དང་བསྡེབས་ལ་ར་རོག་གི་སྙིང་ནང་དུ་བཅུག༔ དར་ནག་པོས་དྲིལ་ལ་སྔོ་དམར་སྐུད་པས་བཅིངས་ཏེ་ལུས་ལ་བཅངས་ན༔ རྡོ་རྗེ་ལེགས་པ་དང་འགོང་པོ་རྣམས་བྲན་བཞིན་དུ་འགྱུར་རོ༔ ཡང་ཀླུའི་བླ་རྡོ་གཟུང་བ་ནི༔ སྦྲུལ་ལམ་ཉའི་པགས་པ་ལ་ཉ་ཁྲག་གིས༔ ཕུ་ནཱ་ག་རཱ་ཙ་ཧུ་ཡ་ཛ༔ ཞེས་བྲིས་ནས་ཉའི་མགོ་ནང་དུ་བཅུག༔ གླང་མའི་ཕུར་པ་སོར་བཞི་པ་དང་བསྡེབས་ལ་དར་སྔོན་པོས་དྲིལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ཏེ་ལུས་ལ་འཆང་ན༔ ཀླུ་རྣམས་བྲན་བཞིན་དུ་ལས་བྱེད་དོ༔ རང་རང་གི་སྙིང་པོ་བརྒྱ་བརྒྱ་རེ་བཏབ་ལ་བཏགས་གོ༔ རང་གང་བསྒྲུབ་ཀྱང་བླ་རྡོ་ལུས་ལ་བཅངས་ན་ལུས་དང་གྲིབ་མ་བཞིན་འགྲོག་གོ༔ ཅི་བཅོལ་ལས་རྣམས་བྱེད་དོ༔ ཡང་ལས་བྱེད་མ་ཉན་ན་ཤི་ས་བསྟན་པ་ནི༔ སྒྲུབ་པའི་ལས་བྱེད་མ་ཉན་ཅིང་ནང་རྒྱས་ན༔ ཁོའི་སྲུང་མ་དེ་ངོ་ཤེས་ན༔ ཤི་ས་བསྟན་པས་ཁོ་རང་ལ་ལྡོག་གོ༔ ཁོ་རང་གི་སྲུང་མ་གཤེད་དུ་འབེབ་ངེས་སོ༔ ལས་མགོན་རྣམས་ཀྱི་ཤི་ས་ནི༔ གཟུགས་དང་དམ་རྫས་བླ་རྡོ་རྣམས༔ བྲུབ་ཁུང་ནང་དུ་དུག་ཚེར་ཤིང༔ མཛོ་མོ་ཤིང་གི་མེ་བུས་ལ༔ མི་དང་ཁྱིའི་བྲུན་གྱི་དུད་པས་བདུག༔ སྐུ་གཟུགས་མགོ་མཇུག་ལྡོག་ལ་བདུག་གོ༔ རང་ཡི་དམ་དུ་བསྒོམས་ལ་སྔགས་འདི་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ ནག་པོ་་་ནཱ་ག་ཡང་སྣང་།ཏེ་དུ་ས་མ་ཡ་རཾ༔ ཡཾ་ཧེ་་་བྷིའང་།རཾ༔ དམ་ཚིག་ནག་པོ་སྲོག་ལ་རཾ་རཾ༔ རང་ལ་ཕྱག་འཚལ་གུས་པ་ཕུལ་བ་བྱུང་ན༔ བཟོད་པར་གསོལ་ནས་བསྒྲུབས་པས་ད་ལྟ་ཉིད་དུའང༔ ཅི་བཅོལ་བའི་ལས་བྱེད་དོ༔ ཡང་དམ་སྲི་ཕོ་མོའི་ཤི་ས་བསྟན་པ་ནི༔ དར་དམར་པོ་ལ་དུག་ཁྲག་གིས་སྔགས་འདི་བྲིའོ༔ ཨོཾ་བཛྲ་རཀྴ་རཱ་ཙའི་ཙིཏྟ་ཟུངས༔ ཁ་རག་སྨེ་ཤ་རཀྴ་རཱ་ཙའི་ཙིཏྟ་རྦད༔ འཁུ་ན་དུམ་བུ་རཱ་ཙའི་ཙིཏྟ་ཤིགས༔ འདའ་ན་རཀྴ་རཱ་ཙའི་ཙིཏྟ་ཕྱུངས༔ ལྡོག་ན་རཀྴ་རཱ་ཙའི་ཙིཏྟ་རྦད༔ ཏྲིའུ་གཏུབས་གཏུབས་རྦད་རྦད༔ ཙིཏྟ་ཧུ་ལུ་ཧུ་ལུ་རྦད༔ ཙིཏྟ་རཀྴ་གཏུབས་གཏུབས༔ ཏྲིའུ་དུ་ཏྲིའུ་དུ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ ཅེས་བྲིས་ནས་སྲེ་མོང་ཐོད་པར་བཅུག་ལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ༔ སྔགས་སྟོང་བཟླས་ལ་ཐོད་པ་ཐུན་གྱིས་བྲབ༔ མལ་འོག་ཏུ་མནན་ནོ༔ རྒྱལ་འགོང་དང་དམ་སྲིས་གནོད་མི་ནུས་སོ༔ ཡང་མ་མོའི་ཤི་ས་བསྟན་པ་ནི༔ བྱ་མོ་ནག་མོའི་པགས་པ་ལ༔ གྲི་ཁྲག་གིས་སྔགས་འདི་བྲི༔ མ་མ་རུ་ལུ་ཏྲག་པ་ཙ་དམ་ལ་འདུས༔ སྙིང་ལ་འདུས༔ སྲོག་ལ་འདུས་འདུས༔ ས་མ་ཡ་་་མཱ་ར་ཡ་ཟེར།རཀྨོ་དམ་ལ་འདུས་འདུས༔ ཛ་ཡུ་ནག་མོ་ལིང་ཛ༔ མ་སྙིང་ཁ་རག་མ་མ་ས་མ་ཡ་དམ་ཛ༔ མ་མ་རུ་ལུ་རུ་ལུ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་མཛོ་རུར་བཅུག༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ གཏོར་སྟེགས་འོག་གམ་མལ་འོག་ཏུ་མནན་ནོ༔ མ་མོ་རྣམས་ཀྱིས་་་འཁུ་ལྡོག་བྱེད་མི་ནུས།ཅི་བཅོལ་གྱི་ལས་བྱེད་དོ༔ ཡང་གཟའི་ཤི་ས་བསྟན་པ་ནི༔ མེ་ལོང་ལ་ཆུ་བཏབ་ལ་མེ་ལ་བསྲོས་པའི་ཟིལ་བ་དང༔ བྱ་མཚལ་ལུའི་ཁྲག་དང་བསྲེས་ལ་ཤོག་གུ་ལ་བྲིའོ༔ ཨོཾ་ཨཱཿཧཱུྃ་པ་ཤེ་མུ་ཀེ་དུ་རུ་མ་ཤི་ཀ་ཛ༔ པ་ཏི་རཱ་ཧུ་ལ་ཛ༔ ཧྲི་ཤོ་ས་མ་ཡེ༔ འུར་འུར་སོད་སོད༔ ཡཾ་ཡཾ༔ གར་བྷ་ནག་པ་ལ༔ རཱ་ཧུ་ལ་ས་མ་ཡ༔ ཏྲི་རྦད་་་ཏྲིག་རྦུད་ཟེར།ཁུག་ཛ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་བྱ་མཚལ་ལུའི་ཐོད་པར་བཅུག་ལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ དེ་ཐབ་འོག་ཏུ་མནན་ན༔ གཟའ་རྣམས་ལས་མི་བྱེད་པའི་དབང་མེད་དོ༔ རང་ལ་གནོད་མི་ནུས་སོ༔ ཡང་བདུད་ཀྱི་ཤི་ས་བསྟན་པ་ནི༔ སྐྱུང་ཀའི་ཁྲག་གིས་སྔགས་འདི་བྲིས༔ ཨ་ཡང་འདྲེ་ཡང་སད་དྷ་ལི་ཤི་ཤམ་ཛ༔ དུ་དུ་རུ་ཏྲ་རྦད༔ རུ་ཏྲ་དམ་ལ་འདུས༔ ས་མ་ཡ༔ ཙ་པ་ལ་ནག་པོ་ཛ༔ དུན་དུན་རྦད༔ དམ་དམ་ཡཾ་ཡཾ་དུམ་བུ་ཡཾ་ས་མ་ཡ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་སྐྱུང་ཀའི་ཐོད་པར་བཅུག་ནས་སྐུད་པ་སྔོ་དམར་གྱིས་བཅིངས་ལ་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ ཐེམ་པའི་འོག་ཏུ་མནན་པས་བདུད་ཀྱིས་གནོད་མི་ནུས་ལས་བྱེད་ངེས་སོ༔ ཡང་ཟ་འདྲེ་བསེ་རག་རྣམས་ཀྱི་ཤི་ས་བསྟན་པ་ནི༔ དར་ནག་ལ་སྔགས་འདི་མཚལ་གྱིས་བྲི༔ དུ་ཐུན་ཁ་ཐུན་པྲ་མ་ཐུན་གམ་པ་ཛ༔ ཏྲི་ཡཾ་ཏྲི་ཡཾ༔ དུ་པ་ཡེད་ཁ་ཆིངས༔ ཁ་ཐམ་ཁ་ཐམ་རྦད༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་རྩངས་པའི་གསོབ་ཀྱི་ནང་དུ་སྡིག་པའི་རོ་བཅུག་ལ་བོང་བུའི་མཇུག་སྤུ་དང༔ ཁྱི་རྒྱ་བོའི་མཇུག་སྤུས་བཅིངས་ལ༔ སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ༔ ཐེམ་པའི་འོག་ཏུ་མནན་ན་གནོད་མི་ནུས་སོ༔ ཡང་བཙན་གྱི་ཤི་ས་བསྟན་པ་ནི༔ བསེ་ཀོ་དམར་པོའི་བྱང་བུ་ལ་མཚལ་གྱིས་ཏྲི་གཅིག་བྲི༔ ཐ་མར་རཾ་བཅུ་གཅིག་གིས་བསྐོར༔ དེའི་ཐ་མར་སྔགས་འདིས་བསྐོར༔ ཙ་ཤོ་སི་པ་ར་དུ་རི་ཡ་ཛ༔ རན་ཏེ་ཙ་དུར་མ་ཏྲི་པྲ་མ་ནི་ཛ༔ ཙ་ཙ་ཙ་ར་ནན༔ ཏྲི་པྲ་མ་ཡ༔ ས་མ་ཡ༔ དཾ་ཐི་ལི་མྱོག་རྦད༔ ཤུ་ཏྲི་རྦུད༔་་་་ཤོ་ཏྲི་ཟེར། རུ་ཏྲི་རྦུད༔ ཛ་ཡ་དམ་ཐི་ལི་མྱོགས་རྦད༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་རྟ་མཚལ་ལུའི་ཐོད་པར་བཅུག་ལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ༔ མི་ཁྱི་ར་རྟ་ཡི་ཚིལ་གྱི་དུད་པས་བདུག་ཅིང༔ སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ བཙན་གནས་པའི་རི་ཟུར་ལ་མནན་ན༔ གནོད་མི་ནུས་ཅིང་ཅི་བཅོལ་བྱེད་དོ༔ ཡང་རྒྱལ་པོའི་ཤི་ས་བསྟན་པ་ནི༔ ལྕགས་ཀྱི་སྡིག་པ་ནག་པོ་གཉིས་བརྡུངས་ལ༔ རྒྱ་ཤོག་ལ་བྱ་ཕོ་དཀར་པོའི་ཁྲག་གིས་སྔགས་འདི་བྲིའོ༔ ཏྲི་ཛ་ཡ་ཏྲི་ཛ་ཡ༔ སན་ཏྲི་ཛཿམཱ་ར་ཡ་ཏྲི་ཛ༔ ཡཀྴ་ཏྲི་པཀྴ༔ དྷ་ཤ་གྷྲི་ཝ་དྷ་ཤ་གྷྲི་ཝ༔ སྲོག་འདྲིལ༔ བླ་འདྲིལ༔ རཱ་ཙ་ཟློག་ནན་རྦད༔ ཡཀྴ་ཀྲོ་དྷ་ཤར་ཤར༔ ཛ་ལ་ཏྲི་ཡ་རྦད༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་སྡིག་པ་གཉིས་ཀྱི་བར་དུ་བཅུག་ལ༔ སྐུད་པ་སྔོ་དམར་གྱིས་བཅིངས་ནས༔ མཛོ་རྭ་གཡས་པར་བཅུག་ལ་རོ་སོལ་ནག་པོས་དྲིལ༔ རྒྱུས་ཆེན་གྱིས་བཅིངས་ལ༔ སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ དེ་རང་གི་སྔས་འོག་ཏུ་མནན༔ མནན་ལུགས་སྤྱི་དང་འདྲའོ༔ དེའི་སྟེང་དུ་སཱཙྪ་སྔོན་པོས་མནན༔ རྒྱལ་པོ་རྣམས་ཀྱིས་འཁུ་ལྡོག་དང་གནོད་པ་བྱེད་མི་ནུས་སོ༔ ཅི་བཅོལ་བའི་ལས་བྱེད་དོ༔ ཡང་ཐེའུ་རང་རྣམས་ཀྱི་ཤི་ས་བསྟན་པ་ནི༔ ཤོག་བུ་ལ་ར་ཁྲག་གིས་སྔགས་འདི་བྲིའོ༔ ཨོཾ་ཏྲིའུ་་་ཏྲི་ཏྲི་ཁོ་ནའང་སྣང་།ཤ་ཀུ་་་ཆུ་མ་སྣང་།ཏྲི་ར་ཏྲི་ར་ཏྲི་ཛ༔ དམ་ལ་འདུས༔ ཏྲི་ཛཿཛ༔ ཧཾ་ཤཾ་ཏྲི་ཛ༔ ཏྲིའུ་ཏྲིའུ་ཛ་ཏྲི༔ ཁ་ཤི་ཏྲིའུ་ཛ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ནས་ར་རྒྱ་བོའི་ཐོད་པར་བཅུག་ལ༔ ཤིང་ཤོ་གསུམ་བྱས་པའང་བཅུག་གོ༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ གྲོག་པོ་ཕུགས་རྡུག་གམ༔ ཐེམ་པའི་འོག་ཏུ་མནན་ན་གནོད་མི་ནུས་སོ༔ ཅི་བཅོལ་བའི་ལས་རྣམས་བྲན་བཞིན་དུ་བྱེད་དོ༔ ཡང་མུ་སྟེགས་རྣམས་ཀྱི་ཤི་ས་བསྟན་པ་ནི༔ སྔགས་འདི་ཤོག་གུ་ལ་བྲི༔ མ་ཧཱ་དེ་ཝ་ཙིཏྟ་ཧྲིང་ཧྲིང་ཛ༔ ཏིར་ཏི་ཀ་རྦད༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་མཛོ་རུ་གཡས་པར་བཅུག་ལ་སྐུད་པ་སྔོ་དམར་གྱིས་བཅིང༔ སྔགས་སྟོང་བཟླས་ཐུན་གྱིས་བྲབ་ལ༔ མཎྜལ་འོག་ཏུ་མནན་ན་འཁུ་ལྡོག་བྱེད་མི་ནུས་སོ༔ ཅི་བཅོལ་བའི་ལས་བྱེད་དོ༔ གནོད་སྦྱིན་གྱི་ཤི་ས་བསྟན་པ་ནི༔ སྔགས་འདི་ཤོག་གུ་ལ་བྲི༔ ཡཀྴ་ཏྲི་ཡ༔ ས་མ་ཡ་ཛ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་མཛོ་རུ་གཡས་པར་བཅུག་ལ༔ ལ་ཕུག་དང༔ བཙོང་དང༔ ཤ་སྣ་རྙེད་ཚད་བཅུག༔ རེ་བ་ནག་པོས་དྲིལ་ལ་སྐུད་པ་སྔོ་དམར་གྱིས་བཅིངས༔ སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ༔ མཎྜལ་འོག་ཏུ་མནན་ན་ཅི་བཅོལ་བའི་ལས་བྱེད་ཅིང་འཁུ་ལྡོག་མི་ནུས་སོ༔ ཡང་རྡོ་རྗེ་ལེགས་པའི་ཤི་ས་བསྟན་པ་ནི༔ ར་ཁྲག་གིས་ཤོག་བུ་ལ་སྔགས་འདི་བྲི༔ ཨ་ཏྲི་སེམས་དཔའ་པ་ར་ཧོ༔་་་ཨར་ཏྲི་སེམས་པ་བར་ཧོ༔ཟེར་བའང་སྣང་། ས་མ་ཡ་ཏྲི་ཤད་ཛ༔ བཛྲ་སཱ་དྷུ་ས་མ་ཡ༔ བཛྲ་འབར་བའི་སྲོག་ལ་ལྷན་ལྷན༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་རའི་ཐོད་པར་བཅུག༔ སྐུད་པ་སྔོ་དམར་གྱིས་བཅིངས་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ༔ གུ་གུལ་དུད་པས་བདུགས་ནས་མཎྜལ་འོག་ཏུ་མནན་ན༔ འཁུ་ལྡོག་བྱེད་མི་ནུས་ཤིང༔ ཅི་བཅོལ་བའི་ལས་རྣམས་བྱེད་དོ༔ ཡང་ཡུལ་ལྷའི་ཤི་ས་བསྟན་པ་ནི༔ མཁར་སྒོང་སྲིན་ཟོས་ལ༔ ལུག་ཐུག་དཀར་པོའི་ཁྲག་གིས་ཡ་གཅིག་བྲིས་ལ༔ དབུས་སུ་ཡུལ་ལྷའི་མིང་བྲིས༔ ཤོག་གུ་ལ་སྔགས་འདི་བྲིས་ལ་བསྟུམ༔ ཏྲི་ས་ན་ས་མ་ཡ་རཱ་ཙ་ས་ར་ཛ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་བྲིས་ལ་བསྟུམ༔ སྐུད་པ་སྔོ་དམར་གྱིས་བཅིངས་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ་བོ༔ དེ་རང་གི་གཏོར་སྟེགས་སམ༔ ལྷ་ཡུལ་ལྷ་དེའི་གདན་གྱི་འོག་ཏུ་མནན་ན༔ དམ་ལ་ཐོགས་ཏེ་ཅི་བཅོལ་བའི་ལས་བྱེད་དོ༔ ཡང་སྲིན་པོའི་ཤི་ས་བསྟན་པ་ནི༔ ཤོག་གུ་ལ་ར་ཁྲག་གིས་སྔགས་འདི་བྲི༔ རག་ཤ་ར་ཏྲི་ཛ༔ བྷ་ཤ་ཧྲཱི༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ ཅེས་ར་ཁམ་པའི་སྙིང་ནང་ངམ༔ ཕོ་རོག་གི་སྙིང་ནང་དུ་བཅུག་ལ་སྐུད་པ་སྔོ་དམར་གྱིས་བཅིངས་ཏེ་ཐུན་གྱིས་བྲབ་བོ༔ མཎྜལ་འོག་ཏུ་མནན༔ དེས་ཅི་བཅོལ་བའི་ལས་བྱེད་འཁུ་ལྡོག་མི་ནུས་སོ༔ ཡང་ཀླུའི་ཤི་ས་བསྟན་པ་ནི༔ ཉའི་ཁྲག་གིས་ཤོག་བུ་ལ་སྔགས་འདི་བྲི༔ ནཱ་ག་དུམ་ཧུ་ཡ་ཀར་ཀོ་ཛ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད་སོད༔ ཅེས་ས་སྤྱིན་པོ་ལ་སྦལ་པ་གཉིས་བྱས་ལ་བར་དུ་བཅུག་གོ༔ སྐུད་པ་སྔོ་དམར་གྱིས་བཅིངས་ལ་སྔགས་སྟོང་བཟླས་ལ་ཐུན་གྱིས་བྲབ༔ ཆུ་མིག་ཀླུ་གནས་པའི་འོག་ཏུ་མནན༔ དེས་ཀླུ་གནོད་པ་དང་འཁུ་ལྡོག་མི་ནུས་ལ་བཅོལ་བའི་ལས་བྱེད་དོ༔ ཡང་རྒྱལ་པོ་ལ་སོགས་གནོད་སྦྱིན་ཕོ་མོ་རྣམས་གཅུན་པའི་སྔགས་ནི༔ ཨོཾ་ག་དུ་དྷ་ར་དྷ་ཀ་རཀྴ༔ ར་ཏྲི་ས་་་ཡའང་འདུག།མ་ཡ༔ ཛ་ལི་ཐར་ཕྲོཾ་རྦད༔ བཛྲ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད་སོད༔ རང་ལ་ལྡོག་པའི་རྟགས་ནི༔ རང་སྙིང་མི་དགའ་ཞིང་ངུ་སྙིང་འདོད་པ་དང༔ ཁང་སྟོང་དུ་ཕྱིན་པ་དང༔ རླུང་འཚུབས་ཆེན་པོ་བྱུང་བ་དང༔ ལུད་སྐྱེལ་བ་རྨིས་པ་དང༔ ཁྲོ་སྙིང་འདོད་པ་དང༔ འཐབ་སྙིང་འདོད་པ་དང༔ ཕར་ལ་ཕྱག་འཚལ་བ་དང༔ བྱིན་རླབས་ཞུས་པ་དང༔ རང་བས་ཆེ་བའི་མི་བྱུང་བ་དང༔ ཆུས་ཁྱེར་བ་དང༔ རྒྱང་གླུ་ལེན་པ་དང༔ ཐུར་དུ་རྒྱུག་པ་དང༔ བུ་ཆུང་ཐོགས་པ་དང༔ ཁྱི་དང༔ སྤྲེའུ་ཨ་ལི་དང༔ རྨ་དང་རྐུབ་དང་སྟུ་སྟོན་པ་དང༔ དབང་པོ་སྟོན་པ་དང༔ མཛེ་ཕོ་དང༔ སྤྲང་པོ་དང༔ བུད་མེད་དང་ཉལ་བ་རྨིས་པ་དང༔ དེ་རྣམས་རྨིས་ན་ནི་སྔགས་དྲག་ཏུ་བཟླ༔ ཡི་དམ་དུ་བསྒོམ༔ དེས་གནོད་མི་ནུས་སོ༔ སྔགས་བརྒྱའམ་སྟོང་ཙམ་བཟླས་པས་ཆུན་པའི་རྟགས་ནི་ཕྱག་འཚལ་བ་དང༔ གུས་པ་འབུལ་བ་དང༔ ཉམ་ཐག་པར་འདུག་ན་འཕྲོ་བཅད༔ སྔགས་དེ་བཟླས་པ་ཙམ་གྱིས་ཞི་བར་འགྲོའོ༔ ཡང་ལས་ཀྱི་གཤིན་རྗེ་ནག་པོའི་ཤི་ས་བསྟན་པ་ནི༔ བྲུབ་ཁུང་དུ་མཛོ་མོ་ཤིང་དང་ཚེར་ནག་གི་མེ་ལ༔ མི་ཁྱི་ཕག་བྲུན་དུད་པས་བདུག་གོ༔ ཙཀ་ལི་མགོ་ཞབས་ལྡོག་ལ་མེ་འོད་དང་དུད་པས་བདུག་གོ༔ རང་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་བསྒོམས་ལ༔ རང་གི་ཐུགས་ཀ་ནས་རཾ་དམར་པོ་གཅིག་འཕྲོས་པས་ཁོ་ཚིག་པར་བསམ༔ ཨོཾ་ཡ་མཱནྟ་ཀ་ཧག་ནན་རྦད༔ སྲིན་རྩུག་སྡོག་གཡུ་བྷེ་་་སྟེང་།མའམ༔ ཨུ་ཤ་ཁྲག་བྲམ་་་ནན།ནན༔ ཧྲིག་མུག་མྱོགས་སུག་ཡིག་ཤོག༔ བི་ཡིག་ཁཾ་ཡིག་བྷ་ཧ་་་དྷ་ནི་ཟེར།ཏྲི་ནན༔ ཡག་པ་ཡ༔ ཡ་མ་རཱ་ཙ་ཛ༔ བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཧུར་ཐུམས་མཱ་ར་ཡ་རྦད༔ སྟོང་བཟླས་ལ་ཐུན་གྱིས་བྲབ༔ དེ་ནས་བཟོད་པར་གསོལ༔ འདི་བསྒྲུབས་པས་འཁུ་ལྡོག་མི་ནུས༔ ཅི་བཅོལ་བའི་ལས་བྱེད་དོ༔ འདི་རྣམས་ལྷ་སྲིན་གཅུན་པའི་གཅུན་སྔགས་ཡིན༔ གནད་ལ་མི་མཁས་ལྷ་སྲིན་གཅུན་འདོད་ན༔ རྗེ་ངན་གཡོག་པོ་བཀོལ་བ་འདྲ༔ ཕར་ལ་གཅུད་པས་ཚུལ་ལ་རྒོལ༔ གནད་ལ་མཁས་ན༔ རྒྱལ་པོ་འཁོར་འབངས་བསྐོལ་བ་ན༔ ཅི་བཅོལ་བཀའ་ལ་ཉན་པ་འདྲ༔ སྒྲུབ་པ་གང་བྱེད་ལ་གཅུན་ཐབས་གཅེས་སོ༔ ད་སྒྲུབ་པའི་ལག་ལེན་བསྟན་པ་ནི༔ རང་དགྲ་ཕྱོགས་སུ་ཁ་བསྟན་ལ༔ མཎྜལ་མདའ་གང་གྲུ་བཞི་བྱ༔ ཐལ་ཆེན་དུར་ཁྲོད་ཀྱི་རོ་སོལ་གྱིས་ནག་པོར་བྱུགས༔ དབུས་སུ་གྲུ་གསུམ་ཁྲུ་གང་མཐོ་གང་སོར་བཞི་བྲུ༔ འབྲུབ་ཁུང་མི་གྲིར་ཤི་བའི་ས་དང༔ ཐལ་ཆེན་དང༔ དུར་ཁྲོད་ཐལ་བ་དང༔ རྫ་ས་སྤྱིན་པོ་བསྲེས་ལ༔ འབྲུབ་ཁུང་གྲུ་གསུམ་ཁྲུ་གང་བྱ༔ ཁ་ཁྱེར་སོར་གསུམ་ཕྱིར་ལ་བསྐྱེད༔ དེ་ནས་ཡར་ལ་སོར་བཞི་བརྩིག༔ གས་ཆག་མེད་པ་གཅེས་པ་ཡིན༔ གྲི་ཁྲག་དུག་ཆུ་ཁྲག་དང་དུར་ཁྲོད་ཐལ་བ་སོལ་ཆེན་དང༔ དུར་ཁྲོད་རོ་སོལ་གྱིས་ནག་པོར་བྱུག་གོ༔ ཐ་མར་སྐྱེར་པའི་རྩང་སྲིན་མོ་འགྲོས་སུ་བཙུགས༔ རྩང་རྣམས་སྟོད་སྨད་ཁྲག་གིས་དམར་པོར་བྱུག༔ རྩེ་ལ་ཤ་ཡིས་བརྒྱན༔ དབུས་ནག་པོར་བྱུག་གོ༔ དེ་ནི་འབྲུབ་ཁུང་མན་ངག་ཡིན་ནོ༔ ལིངྒ་བྲི་བ་ནི༔ དགྲ་དེའི་ཟག་རྫས་དང་བསྲེས་ལ་གཟུགས་བྱ༔ བགེགས་ལ་བྱེད་ན་འདྲེ་འཚུབས་ཀྱི་ས་དང༔ རང་ལ་གང་གནོད་དེའི་ཕྱོགས་ནས་ས་བླངས་པ་དང་བསྲེས་ལ་གཟུགས་བྱ༔ དེ་ཡང་བག་ཕྱེ་དང་བསྲེས་ལ་ཉ་བོ་བྱའོ༔ ད་མིང་བྱང་བྲི་བ་ནི༔ ཤོག་གུ་ལ་གྲི་ཁྲག་དང་ར་ཁྲག་གིས་བྲིའོ༔ བྱ་ཤ་ཟན་གྱི་སྒྲོ་རྐང་ལ་སྨྱུག་གུ་བྱས་ལ་བྲི༔ ཕོ་རོག་ཁྱད་པར་ཤིས་པ་ཡིན༔ བྲི་དུས་ཐེབས་དང་བསྟུན་པ་ཡིན༔ དམར་ཐག་དང་འགྲོགས་ལ་བྲིའོ༔ དགྲ་བོ་རེ་རེ་ལ་ལིངྒ་རེ་རེ་བྲིའོ༔ རང་གི་ལག་པ་བཀྲུས་ལ་ཁ་རླངས་དང་གྲིབ་མ་མ་ཕོག་པར་བྱའོ༔ གདོང་དང་ལག་པ་ཁྲག་གིས་བྱུགས༔ ཤ་ཆེན་མུར་ལ་ལྷོའམ་ནུབ་ཏུ་ཁ་བསྟན་ལ་བྲིའོ༔ འཁོར་ལོ་རྩིབས་དྲུག་ལྟེ་བ་ཆེ་བར་བསྐོར༔ རྩིབས་དྲུག་ལ་མགོ་དང་ཡན་ལག་མཚན་རྣམས་བརྒྱངས་ལ་བྲི༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿབྲི༔ སྤྱི་བོར་ཧ་ས་ཡ་ར་ཧྲི་ད་ཡ་ན་བྲིས༔ དབང་པོ་ལྔ་ལ་ཏ་ཐ་ཡ་བྲི༔ ལྕེ་ལ་ཛྭ་ལ་པ་ཡ༔ ཡན་ལག་བཞི་ལ་ཤྲི་ཏྲི་བྱི་ཏྲི་ཨ་ན་ཡ༔ སྙིང་ཁར་ཨཱ་བྷེ་ཤ་ཡ༔ འདོམས་ལ་བྷི་དྷི་ཡ༔ དཔྲལ་བར་རུས༔ སྙིང་ཁར་མི་ལ་ནྲྀ༔ འདྲེ་ལ་ཏྲི་བྲིའོ༔ བརླ་ལ་གླ་བའི་ཁྲག་གིས་བླ་དྲུག་གི་མིང་བྲི༔ ལིངྒའི་ཐ་མར་རྒྱ་གྲམ་བསྐོར༔ ཐ་མལ་སྤྱི་བོ་ནས་སྔགས་མགོ་ནང་དུ་བསྟན་ནས་བོན་བསྐོར༔ སྤྱིར་བསད་པ་དང་དབང་དུ་བསྡུ་བ་ལ་སྔགས་མགོ་ནང་དུ་བསྟན་ནོ༔ ཞི་བ་དང་མནན་པའི་འཁོར་ལོ་སྔགས་མགོ་ཕྱིར་བསྟན་ལ་བྲི༔ དེ་ནི་ལིངྒའི་བྲི་ལུགས་ཡིན༔ དམར་པོ་སྲོག་གི་འཁོར་ལོ་ཡིན་པས་གཟུངས་དང་སྔགས་ལ་གྲི་ཁྲག་དང་དུག་ཆུས་བྱུག་གོ༔ ལིང་ག་རྣམས་བརྩེགས་ལ་ཤི་ལྤགས་ཀྱིས་བསྟུམ་པ་བཞིན་བྱས་ལ༔ ཉ་བོའི་སྙིང་གར་བཅུག་གོ༔ ལིང་ག་དང་ཉ་བོ་ཁྱི་ནག་དང་ར་རོག་གི་སྤུ་ཤི་སྐྲའི་སྐུད་པས་ཕྱིན་ཀ་ལོག་ཏུ་རྒྱ་གྲམ་དུ་བསྡམས་ལ༔ སྔོ་དམར་སྐུད་པས་བཅིང་ངོ༔ ཉ་བོ་ལ་བྱུག་པའི་རྫས་ནི༔ དུར་ཁྲོད་ཐལ་བ༔ རང་འཐག་ཡས་ཁེབས་རྡོ་ཕྱེ༔ མི་བསད་པའི་ལྕགས་ཕྱེ༔ ཟངས་ཕྱེ༔ དུག་སྣ༔ གྲི་ཁྲག༔ ནད་ཁྲག༔ མཛེ་ཁྲག་འདི་རྣམས་ཀྱི་ཁུ་བས་བྱུག་གོ༔ དེ་ནས་ལིང་ག་རླུང་ལ་ཕྱར༔ མེ་ལྕེ་ལ་བཤུར༔ ཆུ་ལ་བཀྲུས༔ དེས་རང་གི་དྲི་མ་ཁ་རླངས་དག་གོ༔ རྫས་དེ་རྣམས་ཀྱི་ཁུ་བས་ཐུན་སྦོལ་བས་ནུས་མཐུ་ཆེའོ༔ དེ་ནས་ཉ་བོ་ལྷ་དང་ཕྱེ་བ་ལ༔ རབས་ཆད་ཐོད་པ་ཁ་སྦྱོར་ནང་དུ་བཅུག༔ འོག་ཏུ་རོ་རས་ནག་པོ་བཏིང༔ ཐོད་པ་ཡང་གོང་གི་སྐུད་པས་བཅིངས་ལ༔ འབྲུབ་ཁུང་ནང་དུ་ཁ་ཚུར་བསྟན་ལ་བཅུག་གོ༔ ཤིང་གྲུ་གསུམ་གྱིས་བྲུབ་ཁུང་ཁ་བཅད་ལ་རླུང་མི་ཤོར་བར་བྱའོ༔ རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང༔ རི་རབ་གླིང་བཞི་བྲིས་ལ་མནན༔ དེའི་སྟེང་དུ་ཚ་ཚ་ནག་པོ་ལྔས་དབུས་དང་ཕྱོགས་བཞི་ལ་མནན་ནོ༔ གཏོར་མ་གཞུང་བཞིན་བཤམས་ལ༔ ཆང་ཕུད་མ་ཉམས་པ་བླུག་གོ༔ ཤ་ཁྲག་གིས་ཕྱུག་པོར་བརྒྱན་ལ་མདུན་དུ་བཤམ༔ དར་ནག་གིས་མི་མཐོང་བར་བྱའོ༔ མཚམས་མ་ཐོན་བར་དེ་ལ་མི་རེག་གོ༔ ཟུར་གཏོར་གཅིག་མདུན་དུ་བཤམས་ལ༔ འབོད་པའི་ནང་རྟགས་མ་བྱུང་བར་གཏའ་རུ་གཟུང༔ ནང་རྟགས་བྱུང་ནས་དགོང་གི་རེས་ལ་དགྲ་ཕྱོགས་སུ་བཏབ་བོ༔ གཞན་ཡང་ཡི་དམ་དང་ཆོས་སྐྱོང་གང་བྱེད་དེའི་བྲིས་སྐུ་རྣམས་བཀྲམ༔ ཡོལ་བ་དང་བཀོད་པ་ལོགས་སུ་བཤམ༔ རང་ཡང་དོམ་ལྤགས་བཏིང༔ གཡག་ཐོད་རྔ་མ་གྱོན༔ ཤ་ཆེན་མུར༔ དྲི་ཆུ་འཐུང༔ ཆས་གོས་ནག་པོ་གྱོན༔ གཞི་བདག་ལ་གཏོར་མ་བཏང་ལ་བར་ཆད་མེད་པའི་བདེན་པ་བདར༔ ཆང་ཕུད་དང་ཁྲག་བུམ་མདུན་དུ་བཞག་ལ༔ ཕུད་གཏོར་བྱ༔ ཁྲག་ཕྱར་རོ༔ ཐུན་སྣོད་དུ་ཁྲག་ཐུན་ནི༔ གྲི་ཁྲག༔ ནད་ཁྲག༔ མཛེ་ཁྲག༔ ཉུངས་ཐུན་ནི༔ ཉུངས་དཀར༔ ཉུངས་ནག༔ ཀེ་ཙེ༔ དུག་ཐུན་ནི་དུག་སྣ་ཚོགས༔ ཕུར་ཐུན་ནི་རབ་ལྕགས་ཕུར༔ སེང་ལྡེང་ཕུར་པ༔ མེད་ན་སྐྱེར་པའི་ཕུར་པ༔ མདའ་ཐུན་ནི་གྲིར་ཤི་བའི་རྩིབས་མ་ལ་གཞུ་བྱས༔ ཡུགས་ས་མོའི་ཤི་སྐྲ་ལ་རྒྱུད་བྱས༔ སྐྱེར་པའི་མདའ་ལ་འུག་པའི་སྒྲོ་བསྐྱོན༔ མི་བསད་པའི་མདེའུ་བསྐྱོན༔ ཉུངས་ཐུན་ལ་སྔགས་བཏབ་པའི་དུས་ན༔ སྔགས་ཕུར་ལ་དམར་མདངས་བྱུང་ན་ནུས་པ་ཆེའོ༔ ནག་ལ་མདངས་མེད་ན་ནུས་པ་ཆུང་ངོ༔ སྒྲུབ་པ་ཞུགས་ནས་ནུབ་དང་པོ་ལ་འཕྲིན་ལས་ཀྱི་གཞུང་བསྲང་སྟེ༔ དེ་ནུབ་གཉེན་པོ་སྟོབས་ཀྱི་ལྷའི་བསྙེན་པ་བྱའོ༔ དེ་ནས་འབོད་རྦད་བསད་གསུམ་གྱི་སྔགས་རྣམས་དྲོད་ཚད་དང་བསྟུན་ལ་བཟླའོ༔ གཏད་དང་སྒྲུབ་པ་གང་བྱེད་ཀྱང་གནད་འདི་གཅེས་སོ༔ དགྲ་ལ་མི་ཐེབས་མི་སྲིད་པའི་གནད་ནི༔ དང་པོ་ལིང་ག་བྲིས་ལ༔ རང་འཐག་གི་མིག་ཏུ་ལན་གསུམ་ཆོས་སྐོར་དུ་བསྐོར༔ གཞན་ལ་འབྱམས་མི་སྲིད་པའི་གནད་ནི༔ གཡག་ཤིང་བུག་པ་ལ་ལན་གསུམ་བསྐོར༔ རང་ལ་ལྡོག་མི་སྲིད་པའི་གནད་ནི༔ རང་གི་བརླ་གཡས་ལ་ལན་གསུམ་བསྐོར༔ རང་གི་འཁོར་གཡོག་ལ་ལྡོག་མི་སྲིད་པའི་གནད་ནི༔ མ་ཐེམ་ལ་ལན་གསུམ་ཆོས་སྐོར་དུ་བསྐོར༔ སྔགས་ནི༔ སརྦ་རྦད་ཀ་ཤི་རྦད་ཀ་ཤི༔ ཅེས་བརྒྱ་བརྒྱ་བཟླས་ལ་བསྐོར༔ དེས་ནི་དགྲ་བོ་རྣམས་ཚེ་ཟད་རྒྱགས་ཟད་ཀྱི་མན་ངག་གོ༔ ཀུན་ལ་གཅེས་སོ༔ ཡང་ལྕགས་ཀྱི་ཕུར་པ་དྲག་པོ་ཡིན༔ ཚེར་མ་ཅན་གྱི་ཕུར་པ་རྩུབ་མོ་ཡིན༔ ཤིང་གི་ཕུར་པ་འཇམ་པོ་ཡིན༔ ལིངྒ་ཁྲག་གིས་བྲིས་ན་དྲག་པོ་ཡིན༔ ནད་ཁྲག་གིས་བྲིས་ན་རྩུབ་མོ་ཡིན༔ མཚལ་གྱིས་བྲིས་ན་འཇམ་པོ་ཡིན་ནོ༔ མཛེ་ཁྲག་གིས་བྲིས་ན་མཛེས་འཆིའོ༔ གྲི་ཁྲག་གིས་བྱུགས་ན་གྲིས་འཆིའོ༔ ནད་ཁྲག་གིས་བྱུགས་ན་ནད་ཀྱིས་འཆིའོ༔ ཡུགས་ས་མའི་ཤི་སྐྲས་བཅིངས་ན་དྲག་པོ་ཡིན༔ ཁྱི་ནག་དང་ར་རོག་གི་སྤུས་བཅིངས་ན་རྩུབ་མོ་ཡིན༔ སྣ་ལྔས་བཅིངས་ན་འཇམ་པོ་ཡིན༔ ད་ལྷ་དང་ཕྱེ་བ་ནི༔ དང་པོ་རྫས་ཀྱི་དུད་པས་ཕྱེ་བ་ནི༔ ཡུགས་ས་མོའི་ཞབས་མའམ༔་་་དམ་ཉམས་ལ་སྲུང་མ་ཉེ་མི་ཕོད་པའི་རྫས་ཡིན། མེད་ན་དྲི་མས་ཡོང༔ ནལ་བུའི་ཤ་དང༔ ར་ཐུག་ལུག་ཐུག་གི་རྨང་ཁའི་གཞོབ་དང༔ དམེ་ཕོའི་ཁྲག་དང༔ ཡུགས་སའམ་རྨེ་ཅན་གྱི་ལྷྭམ་ཀྲད༔ ཚིལ་ཆེན༔ ར་རུའི་གཞོབ༔ གུ་གུལ༔ རྟ་བོན༔ ཁྱི་ལུད༔ མི་བྲུན༔ ཕག་བྲུན༔ མུ་ཟི༔ སྒོག་པ༔ ཐང་ཕྲོམ༔ མཛེ་ཕོའི་ཁྲག་གམ་བྲུན༔ ཕག་ཚིལ༔ རི་ཤོའི་རྩ་བ༔ སྤྲུ་ནག་རྩ་བ༔ དུག༔ ཤ་ཆེན༔ རམ་གྱི་སྐྱོ་མ༔ བོང་བུའི་བྲུན༔ དེ་རྣམས་ལྷ་སྲིན་ཉེ་ཐག་གཅད་པའི་རྫས་ཡིན༔ རྫས་རྣམས་སྦྱོར་ལ་ཚགས་བྱ༔ རང་སྟོབས་ཀྱི་ལྷ་གང་ཤིས་བསྒོམས་ལ༔་་་ཕོ་རྒྱུད་ལ་གཤིན་རྗེའམ་མོ་རྒྱུད་ལ་ཆེ་མཆོག་ཧེ་རུ་ཀ་བསྒོམ། རང་དང་ལས་མཁན་གྱི་ཐུགས་ཀ་ནས་ཁྲོ་བོ་དང་ཁྲོ་མོ་གྲངས་མེད་པ་སྤྲོས་ཏེ༔ ཛཿལས་ལྕགས་ཀྱུ་ཅན་འཕྲོས་པས༔ དགྲ་བོའི་ནྲྀ་ལ་འཁྱུད་ནས་རང་དབང་མེད་པར་བཀུག་ནས༔ མདུན་གྱི་ལིངྒ་ལ་ཡང་ཡང་བསྟིམ་མོ༔ བདེན་པས་བཀུག་པ་ནི༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང༔ སྙིང་པོ་དང༔ ཕྱག་རྒྱ་དང༔ ཏིང་ངེ་འཛིན་དང༔ བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ དམ་ཉམས་དགྲ་བོ་འདིས་་་དམ་ཉམས་དགྲ་བོ་ཟེར་བ་འདི་ལ་མི་འདིས།སངས་རྒྱས་ཀྱི་བསྟན་པ་བཤིགས༔ དཀོན་མཆོག་གི་དབུ་འཕང་སྨད༔ སྔགས་འཆང་བདག་ལ་བསྡོས༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི༔ ཛཿཧཱུྃ་བཾ་ཧོ༔ ནྲྀ་ཨཾ་ཀུ་ཤ་ཛཿཛ༔ བགེགས་ལ་ཏྲི་ཨངྐུ་ཤ་ཛཿཛ༔ ཞེས་ལྕགས་ཀྱུའི་ཕྱག་རྒྱ་དང༔ ཡང་ཡང་བཀུག་ལ་ལིངྒ་ལ་བསྟིམ་མོ༔ དང་པོ་ལིང་ག་བྲིས་ཚར་ནས་ལྷ་དང་ཕྱེའོ༔ དེ་ནས་རྦད་པའི་དུས་སུ་ལྷ་དང་ཕྱེའོ༔ དེ་ནས་བསད་པའི་དུས་སུ་ལྷ་དང་ཕྱེའོ༔ སྒྲུབ་པའི་ཁང་པ་མིན་པའི་ས་གཞན་གྱི་འོག་ཏུ་དོང་བྲུས་ལ་མི་མཐུན་པའི་རྫས་ཀྱི་དུད་པས་བདུག༔ དེའི་སྟེང་དུ་ལིངྒ་ཁ་སྦུབ༔ སྣོད་ཅིག་གིས་ཁ་བཅད་ལ་དུད་པ་མི་ཤོར་བར་བྱས་ལ༔ བོན་ལེ་གུའི་སྲུང་མ་དང་ཕྱེ༔ རང་གི་ལག་པ་གཡས་སུ་ཕོ་རོག་གི་ཕུང་སྒྲོ་ཐོགས༔ གཡོན་དུ་འུག་པའི་ཕུང་སྒྲོ་ཐོགས་ལ༔ ཕྱེ་བའི་སྔགས་འདི་ཡིས་ཕྱེའོ༔་་་ཕྱག་རྒྱ་བྱ་ཞིང་། རུ་ཏྲ་ཧབ་ལེ་ཧོབ་ལེ་ཤག་་་ཆོས་སྲུང་།ཕྱེས༔ རུ་ཏྲ་ནི་མཱ་མ་ས་ཤག་་་བོན་གྱི་སྲུང་མ།ཕྱེས༔ མ་མཏྲག་རཀྴ་ཤག་་་མཁར་གྱི་རྩེ་ལྷ།ཕྱེས༔ དྷེ་ཝ་ནི་མཱ་ར་ཡ་ཤག་་་ལྷན་ཅིག་སྐྱེས་པའི་ལྷ།ཕྱེས༔ དེ་ཝ་ཙིཏྟ་ཤག་་་ཡུལ་ལྷ།ཕྱེས༔ དྷེ་བ་ཤག་ཤག་་་མ་ལྷ།ཕྱེས༔ བྷ་རི་ཤག་་་དགྲ་ལྷ།ཕྱེས༔ ཙིཏྟ་ཤག་་་སྲོག་ལྷ།ཕྱེས༔་་་མ་ལེ་ཡང་སྣང་། ན་སུ་ཡེ་ཤག་་་ཞང་ལྷ།ཕྱེས༔ ན་ག་ཕུས་པ་ཤག་་་ལས་ལྷ།ཕྱེས༔ ཀ་ཁ་ག་གྷ་ང་ལམ༔ དགྲ་བོ་སྐྱོབ་བྱེད་ལྷ་བཅུ་དང་ཤག་ཕྱེས༔ གྷ་ཛྷ་ཌྷ་དྷ་བྷ་ཡམ་ཤག་ཕྱེས༔ དམ་ཉམས་དགྲ་བོ་ལིང་ག་ལ་བྲིས་པ་འདི་རྣམས་ཆོས་ཀྱི་སྲུང་མ་དང་ཤག་ཕྱེས་ཤིག༔ ཅེས་གོང་གིས་འགྲེའོ༔ སྐྱོབ་བྱེད་ཀྱི་ལྷ་བཅུས་དམ་ཉམས་དགྲ་བོ་ལིངྒ་ལ་བཏབ་པ་འདིའི་གཤེད་དང་བདུད་དུ་ཕོབ་ཅིག༔ ས་མ་ཡ༔ ཅེས་བརྗོད་དོ༔ དེ་ནས་བྲུབ་ཁུང་དུ་བཅུག་ལ༔ ཕྱེ་བའི་རྫས་ཀྱི་ཐུམ་བུ་ལིང་གའི་སྙིང་གའི་སྟེང་དུ་བཞག་གོ༔ དེས་ལྷ་དང་འབྲལ་ངེས་སོ༔ དང་པོ་ལིངྒ་རང་གི་ཐེམ་འོག་ཏུ་ཞག་གསུམ་མནན་ནས་བཞག་པས་ལྷ་དང་འབྲལ་ངེས་སོ༔ ཡང་རྦད་པའི་དུས་སུ་སྒྲོ་གཉིས་གོང་བཞིན་ཐོགས་ལ༔ དམར་ཐག་་་དགོང་གི་རེས་ལ་བྱའོ།ཙེ་རེ་ལ་གོང་གི་དབྱེ་བའི་སྔགས་རྒྱ་བྱ་ཞིང་ཕྱེའོ༔ དགྲ་བོ་ལྷ་དང་བྲལ་བས་གསོད་པར་སླའོ༔ ཚངས་པའི་ཚེ་དང་ལྡན་པ་ཡང་མྱུར་དུ་འཆིའོ༔ ལྷ་དང་ཕྱེ་ཞིང་རྦད་པའི་དུས་སུ༔ དངོས་སམ་ཉམས་སམ་རྨི་ལམ་དུ༔ སློབ་དཔོན་དང་སྔགས་པ་བྱུང་ན་ཆོས་སྐྱོང་ཡིན༔ དེ་དང་ནན་ཆེར་ཕྱེའོ༔ བོན་པོ་དང་བྱ་ཝང་བྱུང་ན་བོན་སྲུང་ཡིན༔ དེ་དང་ཕྱེའོ༔ བྱ་ཆེན་བྱུང་ན་མཁར་གྱི་རྩེ་ལྷ་ཡིན༔ དེ་དང་ཕྱེའོ༔ མི་དཀར་བྱུང་ན་ལྷན་ཅིག་སྐྱེས་པའི་ལྷ་ཡིན༔ དེ་དང་ཕྱེའོ༔ ལུག་དང་གཡག་དཀར་པོ་བྱུང་ན་ཡུལ་ལྷ་ཡིན༔ དེ་དང་ཕྱེའོ༔ སྐྱེས་པ་འཁོར་གསུམ་ཅན་བྱུང་ན་ཕོ་ལྷ་ཡིན༔ དེ་དང་ཕྱེའོ༔ ཁྲའམ་སྤྱང་ཀིའམ་གཡག་བྱུང་ན་དགྲ་ལྷ་ཡིན༔ དེ་དང་ཕྱེའོ༔ རྟ་དཀར་པོ་དང་རང་ཁྱིས་རྨུག་པ་བྱུང་ན་སྲོག་ལྷ་ཡིན༔ དེ་དང་ཕྱེའོ༔ བྱ་གོ་བོ་བྱུང་ན་ཞང་ལྷ་ཡིན་པས་དེ་དང་ཕྱེའོ༔ བུད་མེད་དང་ཤ་བ་ཡུ་མོ་བྱུང་ན་མ་ལྷ་ཡིན་པས་དེ་དང་ཕྱེའོ༔ ཡང་འབོད་རྦད་བསད་གསུམ་གྱི་དྲོད་ཚད་བསྟན་པ་ནི༔ སློབ་དཔོན་ཤྲཱི་སིཾ་ཧ་དང༔ ཨོ་རྒྱན་པདྨ་འབྱུང་གནས་དང༔ ཕུང་བྱེད་ཤཱནྟིཾ་གརྦྷ་དང༔ རོཾ་བུ་གུ་ཧྱ་ཙནྡྲ་དང༔ བླ་མ་ཉམས་ཅན་རྣམས་ཀྱི་མན་ངག་འདི་རྣམས་སེམས་ལ་ཆོངས་ཤིག༔ ཡིད་ཆེས་སོ༔ སྒྲུབ་པ་གང་བྱེད་པ་ནི་གསེར་དང་འདྲའོ༔ བླ་མའི་ཉམས་ཀྱི་དྲོད་ཚད་སྲང་དང་འདྲའོ༔ སྒྲུབ་པ་བྱེད་པའི་རྣལ་འབྱོར་པས༔ སྒྲུབ་པ་ཉམས་སུ་ལེན་པའི་དུས་ན༔ ཚད་དང་ལྡན་པའི་སྲང་ལ་གསེར་བཀྱགས་པས་གཏན་ལ་ཕེབས་ཤིང་ཡིད་ཆེས་པ་དང་འདྲ་བར༔ བླ་མ་ཉམས་མྱོང་ཅན་གྱི་མན་ངག་འདི་ལྟ་བུ་འཆང་བ་དང་བསྟན་པས་ཡིད་ཆེས་པར་འགྱུར་རོ༔ དེ་ཡང་བསྟན་པ་འཇིག་ཅིང་བསྟན་པ་ལ་གནོད་པ་དང༔ སྔགས་འཆང་བདག་ལ་བསྡོ་བ་དང༔ དམ་ཉམས་དགྲ་བོ་སྒྲོལ་ན་འདི་ལྟར་བྱའོ༔ རང་སྒྲུབ་པ་གང་བྱེད་ཀྱང་འབོད་རྦད་བསད་གསུམ་གྱི་དྲོད་ཚད་གཅེས་སོ༔ དེ་ཡང་ཡེ་ཤེས་ལྷའི་བསྙེན་པ་ཐེམས་ནས་རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་བཀོལ་བ་ལས༔ རྣམ་རྟོག་གི་ཕུང་པོ་རྟོག་པ་ལ་ཞེན་པས་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་བཀོལ་དུ་མི་བཏུབ་པ༔ འབངས་ཀྱིས་རྗེ་བཀོལ་བ་དང་འདྲའོ༔ བཅོལ་ཡང་ལས་མི་བྱེད་རང་ལ་ལྡོག་གོ༔ དེའི་ཕྱིར་ན་གཉེན་པོ་སྟོབས་ཀྱི་ལྷ་གང་ཤིས་སུ་བསྒོམས་ལ༔ གནས་དབེན་པར་དམ་རྫས་དཔལ་གྱི་གཏོར་མ་ལ་བརྟེན་ནས་འབོད་པའི་སྔགས་རྣམས་བཟླས་པས༔ རབ་ཞག་གསུམ༔ འབྲིང་ལྔ༔ ཐ་མ་བདུན་ཚུན་ཆོད་ལ༔ རྟགས་མཚན་ཅི་དང་ཅིར་ཡང་སྟོན་དུ་འོང༔ དགའ་བའི་རྟགས་མཚན་སྟོན་ཡང་ཡིད་ཆེས་པར་མི་བྱའོ༔ མི་དགའ་བའི་རྟགས་མཚན་སྟོན་ཡང་འཇིགས་ཤིང་དངངས་པར་མི་བྱའོ༔ བར་དེར་རང་དང་མཐུན་པའི་རྫས་ཀྱིས་མཆོད་དོ༔ ཏིང་ངེ་འཛིན་མ་ཡེངས་པར་བྱའོ༔ བསྙེན་པ་རྒྱུན་མ་བཅད་ན༔ ལྷ་འདྲེ་ཕོ་མོ་ཉེ་བའི་ནང་རྟགས་ནི་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་སྨན་དང༔ ཟང་ཟིང་མང་པོ་དང༔ ལྟང་མོ་ཁྲོམ་ཆེན་འདུས་པ་དང༔ ཕོ་མོ་མང་པོ་འདུས་པ་དང༔ ངོ་མི་ཤེས་པའི་ཕོ་མོ་དང་མཛའ་བོ་བྱེད་པ་དང༔ རྟག་ཏུ་གྲོགས་བྱེད་པ་དང༔ དེ་ལྟར་བྱུང་ན་ལྷ་འདྲེ་ཉེ་བའི་རྟགས་ཡིན་ནོ༔ དེ་བྱུང་ན་འབོད་པའི་དྲོད་ཚད་གཏན་ལ་ཕེབས་པ་ཡིན༔ དེ་དུས་ཚོགས་ཀྱིས་བསྐང་ཞིང་གསོལ་མཆོད་བྱའོ༔ ཏིང་འཛིན་གསལ་པོ་བསྒོམ་ཞིང་བསྙེན་པ་རྒྱུན་མི་གཅད༔ རང་ལ་ཕྱག་འཚལ༔ མོས་པས་ཆོས་ཞུ་གུས་པ་ཕུལ་བ་དང༔ རྫས་ཁྱད་པར་ཅན་སྟེར་བ་དང༔ ཟས་སྐོམ་དང་ནོར་སྟེར་བ་དང༔ བཀའ་ལ་ཉན་པ་དང༔ རྟགས་དེ་རྣམས་ནི་གྲོགས་པོ་བྱས་ནས་ངོ་སོ་སོར་བསྲུང་བ་དང་འདྲའོ༔ དེ་རྣམས་བྱུང་ན་དམ་ལ་ཐོགས་པའི་རྟགས་ཡིན་ནོ༔ དེ་རྣམས་བྱུང་ན་རྦད་དོ༔ ཡང་རང་ལ་ཆེ་བཅོལ་མི་བྱེད་པ་དང༔ ཕྱག་མི་འཚལ༔ ཟས་ནོར་སྟོན་ཞིང་མི་སྟེར་བ་དང༔ རང་དང་མི་ནོར་ལ་འཁུ་ལྡོག་བྱེད་པ་དང༔ དེ་བྱུང་ན་དབང་དུ་མ་འདུས་ཤིང་མ་ཆུན་པ་ཡིན་པས༔ དཔལ་ཆེན་པོའི་ང་རྒྱལ་བྱ༔ བསྙེན་སྔགས་ལ་གཅུན་སྔགས་བཏགས་ལ་བཟླའོ༔ མཛེ་ཕོ་མོ་དང༔ ཡུགས་ས་ཕོ་མོ་དང༔ རྨ་དང་རྐུབ་སྟོན་པ་དང༔ དེ་རྣམས་བྱུང་ན་བར་ཆད་འོང་བའི་རྟགས་སོ༔་་་སྔགས་དྲགས་པས་གློད་ལ་བཟླའོ། །གཏོར་ཚོགས་བཤམས་ནས་བསྐང་བཤགས་བྱའོ༔ དེ་རྣམས་འབོད་པའི་དྲོད་ཚད་ཡིན༔ འདི་རྣམས་གཏན་ལ་ཕེབས་ན་རྦད་ལས་བྱའོ༔ བསྙེན་སྔགས་ལ་རྦད་སྔགས་བཏགས་ལ་བཟླའོ༔ རབ་ཞག་གསུམ༔ འབྲིང་ལྔ༔ ཐ་མ་བདུན་ཚུན་ཆོད་ལ་རང་གིས་དམག་འདྲེན་གཡུལ་འགྱེད་པ་དང༔ ལིངས་བྱེད༔ རི་དྭགས་གཤོར་བ་དང༔ མཚོན་ཐོགས་པ་དང༔ མིག་མང་རྩེས་ནས་རང་རྒྱལ་བ་དང༔ ཤག་ཁ་རང་རྒྱལ་བ་དང༔ སྙི་བཙུགས་ནས་བྱ་བཟུང་བ་དང༔ བླ་རྟགས་རྣམས་བྱུང་ནས་གཅན་གཟན་གྱིས་སེམས་ཅན་གསོད་པ་དང༔ རང་སྙིང་ལ་ཤ་འདོད་པ་དང༔ རང་ངམ་གཞན་གྱིས་ལས་བྱེད་པ་དང༔ རྨི་ལམ་དུ་དགྲ་བོ་དེ་ཡང་ཡང་བྱུང་ན་མྱུར་དུ་འཆིའོ༔ རང་གི་མ་དང་ཆུང་མ་དང་སྲིང་མོ་དང་མཛའ་མོ་རྣམས་བྱུང་ན་ལས་སྦྱོར་ངན༔ རང་བས་ཆེ་བ་བྱུང་ན་མ་ཆུན་པས་གཅུན་ནོ༔ གོང་དུ་བཤད་པའི་བླ་རྟགས་གལ་ཆེའོ༔ བླ་རྟགས་ནམ་བྱུང་ལས་སྦྱོར་རན༔ དེ་རྣམས་བྱུང་ན་རྦད་པའི་དྲོད་ཚད་ཡིན༔ སྲུང་མ་དེ་ལས་ལ་ཚུད་པ་ཡིན་པས༔ ཞེ་སྡང་དྲག་པོས་སྒྲོལ་བའི་ལས་ལ་སྦྱར་རོ༔ འབོད་རྦད་བསད་གསུམ་སྔགས་རྣམས་དྲིལ་ལ་ལས་སྦྱོར་བྱའོ༔ རབ་ཞག་གསུམ༔ འབྲིང་ལྔ༔ ཐ་མ་བདུན་ཚུན་ཆོད་ལ་ལིངྒ་དྲག་པོའི་ཐུན་གྱིས་བྲབ་ཅིང་བསད་པས༔ སེམས་ཅན་གྱི་རིགས་མང་པོ་བསད་པ་དང༔ ཤ་རིགས་མང་པོ་ཁྱེར་ནས་བྱུང་བ་དང༔ ཐུན་སྣོད་དང་བྲུབ་ཁུང་ནང་དུ་སེམས་ཅན་གྱི་རིགས་ཤི་བ་དང༔ སེམས་ཅན་གྱིས་ལིངྒ་ཟོས་པ་དང༔ བྱ་དང་རི་དྭགས་བ་ལང་གཡག་དང་གླ་བའི་རིགས་རྣམས་བསད་པ་དང༔ བྲུབ་ཁུང་ནང་དུ་སྐད་ངན་ཆེན་པོ་འདོན་པ་དང༔ སེམས་ཅན་བསད་པ་དང༔ ཤིང་སྡོང་བཅད་པ་རྨིས་ན་མཚམས་ཐོན་ནས་ལོ་དུས་ལས་ཕྱིར་མི་འགྱང༔ མགོ་དང་ནང་ཁྲོལ་དང་དེ་ཡང་བཙོས་པ་བྱུང་ན་ཟླ་བ་གསུམ་ལས་མི་འགྱང༔ དགྲ་དངོས་སུ་བསད་པ་རྨིས་པ་དང༔ གློ་སྙིང་དྲོན་མོར་ཁྱེར་བ་བྱུང་བ་དང༔ དེ་ཡང་བཙོས་པ་བྱུང་ན་ཟླ་གཅིག་ལས་ཕྱིར་མི་འགྱང་ངོ༔ རུས་པ་བརྡུང་ཞིང་ལྤགས་པ་མཉེད་ན༔ རིམ་གྲོས་ཀྱང་མི་ལྡོག་གོ༔ དགྲ་སོད་པའི་ནང་རྟགས་འདི་རྣམས་དང་མ་བསྟུན་ན༔ དགྲ་ལ་དུས་བཏབ་པས་མི་ཁ་ངན་པ་འོང༔ ནང་རྟགས་འདི་རྣམས་བྱུང་ནས༔ དུས་བཏབ་པས་ཐེབས༔ གྲགས་པ་ཅན་དུ་འོང༔ དགྲ་བོ་བསད་པའི་ལས་བྱའོ༔ དེ་རྣམས་དགྲ་བོ་སོད་པའི་དྲོད་ཚད་ཡང་དག་པར་བསྟན་པའོ༔ འབོད་རྦད་བསད་གསུམ་གྱི་དྲོད་ཚད་སྦས་པའི་མིག་འབྱེད་བལྟས་ཆོག་མ་ཁྱད་པར་འཕགས་སོ༔ སྒྲུབ་པ་གང་བྱེད་ཀྱང་འབོད་པའི་བསྙེན་སྔགས་ལ་ནང་རྟགས་ཡེ་རང་མ་བྱུང་ན༔ བསྙེན་སྔགས་ལ་འདི་ཤམ་བུ་བཏགས་ལ་བཟླས་པས༔ ནང་རྟགས་མོད་ལ་ཡོང་ངོ༔ མི་འོང་མི་སྲིད་དོ༔ ཡེ་ཤེས་ལྷ་ཡི་གནད་ལ་དབབ་པ།་་་ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ༔ སུ་ཏྲི་པ་ཤི་ནི་ས་མ་ཡ༔་་་དམ་ཚིག་གཅིག་ཏུ་བསྡུ་བའི་སྔགས། ཏྲི་བཛྲ་ཏྲི་བཛྲ་ཏྲི་བཛྲ༔ མ་ཐ་མ་ཐ་མ་ཐ༔ ཏྲག་རུ་རུ་མ་ཧུར་ཐུམས༔་་་མོ་རྒྱུད་བྱེད་ན་འདི་བཅུག །མོ་རྒྱུད་ཐམས་ཅད་འདུས་སོ། །དུ་ཏྲི་ཙ་ཧུར་ཐུམས༔་་་ཕོ་རྒྱུད་འདུས་སོ། །བཛྲ་ཨཾ་གུ་ཤ་ཛཿཛ༔ དམ་ཚིག་ལ་དུ་དུ༔་་་འབོད་རྦད་བསད་གསུམ་གྱི་རྟགས་མ་བྱུང་ན། དམ་ཚིག་གཅིག་ཏུ་སྡུད་པའི་སྔགས་འདི་ལ་རྟགས་མ་བྱུང་བར་བརྒྱ་རེ་ཙམ་བཟླས་པས་ནང་རྟགས་མོད་ལ་འོང་ངེས་སོ། །དྷ་ཀ་དྷ་ཀ་དྷ་ཀ༔ ཨུ་ནེ་ཨུ་ནེ་ཨུ་ནེ༔ ཨ་ཨཱ་ཨཱ༔ ཨི་ཨཱི་ཨཱི༔ ཨུ་ཨུ་ཨཱུ༔ ཨཱ་ཀར་ཤ་ཡ༔་་་གང་བྱེད་དེའི་འབོད་སྔགས་བཅུག །ས་མ་ཡ་ཛཿཛ༔ ཅེས་བཟླས་པས་མེ་ལོང་ལ་བལྟ་བ་དང་འདྲ༔ སྲིད་པ་གསུམ་ཡང་གསལ་པོར་སྟོན༔ ཅི་ཙམ་རྦད་ཀྱང་ནང་རྟགས་མ་བྱུང་ན༔ རྦད་སྔགས་གཤམ་ལ་འདི་བཏགས་ནས་བཟླས་པས་གོང་བཞིན་སྟོན་ངེས་སོ༔ བཛྲ་ཁ་དྷ་ཁ་དྷ༔་་་དྲག་པོ་སྔགས་ཀྱིས་རྦད་པའི་སྔགས། དྷ་དྷ་དྷ་ནི་སྭཱ་ཧཱ༔ ཡང་ཕོ་རིགས་གང་སྒྲུབ་ཀྱང་བསད་པའི་དུས་སུ་སོད་པའི་ནང་རྟགས་མ་བྱུང་ན༔ བསད་སྔགས་ཤམ་བུ་བཏགས་ལ་བཟླས་ན་གོང་བཞིན་སྟོན་ངེས་སོ༔ རག་ཤ་པྑླ༔ ཁ་རག་དུན་ཏྲི་ཐ་ཏྲི་དུ༔ མཱ་ར་ཡ་རག་ཤ་འདར༔ ཨུ་ཏྲ་གཟེར་ཡ༔ རྒྱུག་ཡ་ཁུག་དྲོངས༔ ཏྲི་བཛྲ་ཡ་ཏྲི་བཛྲ་ཡ༔ བསད་སྔགས་རིགས་ཐམས་ཅད་ལ་སྔགས་འདི་ཤམ་བུར་གདགས།་་་ཏ་ཏ་ཏ་མོ་ཐུམ་རིལ་རྦད་ཡ་ཆེ་གེ་མོ་མ་བཏང་མཱ་ར་ཡ་རྦད་སོད༔ ཨཾ་གུ་ཤ་ཛཿཛ༔ ཅེས་བཟླས་པས་སོད་རྟགས་གོང་བཞིན་འོང་ངོ༔ ཡང་མོ་རིགས་གང་སྒྲུབ་རུང་བསད་པའི་དུས་སུ་སོད་རྟགས་མ་བྱུང་ན༔ བསད་སྔགས་ལ་འདི་ཤམ་བུ་བཏགས་ལ་བཟླས་པས་སོད་རྟགས་མོད་ལ་འོང་ངེས་སོ༔ མ་མོ་རཀ་མོ་རཀ་མོ༔ མ་གཟེར་ནན་ནན་ཡ༔ རྒྱུག་ཡ་ཁུག་དྲོངས༔ ཏྲི་བཛྲ་ཡ་ཏྲི་བཛྲ་ཡ༔ ཏ་ཏ་ཏཱ་མུག་ཐུམ་རིལ་རྦད་ཡ༔ ཆེ་གེ་མོ་མ་བཏང་ཞིག་མཱ་ར་ཡ་རྦད་སོད༔ ཨཾ་གུ་ཤ་ཛཿཛ༔ བསད་སྔགས་ཀྱི་རིགས་ཐམས་ཅད་ལ་ཤམ་བུ་འདི་གདགས་སོ༔ བསད་སྔགས་ཡང་དག་པ།་་་ཏྲ་ཏ་ཏྲ་ཏ༔ མྱུར་དུ་སོད་ཅིག།་་་ཀྲོ་ཏ་ཡ་ཀྲོ་ཏ་ཡ༔ མེད་པར་གྱིས་ཤིག།་་་གྷ་ཏ་གྷ་ཏ༔ མྱུར་དུ་མེད་པར་གྱིས།་་་ས་མ་ག་ཏ་ས་མ་གྷ་ཏ་ཡ༔ ཚོས་ཤིག།་་་པ་ཙ་པ་ཙ༔ མྱུར་དུ་ཚོས་ཤིག།་་་པ་ཙ་ཡ་པ་ཙ་ཡ༔ དགྲ་བོ་ཐམས་ཅད་དུས་ལས་མ་འདའ་ཞིག།་་་སརྦ་ཨ་མུ་ཀ་ཆེ་གེ་མོ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད་སོད༔ ལིངྒ་སྲེག་པའི་སྔགས་ནི༔ ཧ་ར་ཧ་ར༔་་་མྱུར་དུ་སྲེགས་ཤིག །དྷ་ཧ་དྷ་ཧ༔་་་མྱུར་དུ་སྲེགས་ཤིག །ས་ར་ས་ར༔་་་ངེས་པར་སྲེགས་ཤིག །ཛྭ་ལ་རཾ་ཛྭ་ལ་རཾ༔་་་འབར་བ་མེ་ལ་སྲེགས་ཤིག །ཆེ་གེ་མོ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད་སོད༔ མནན་པའི་ཤམ་བུ་ནི༔ སརྦ་ཤཱ་ཏྲུན་རྦད་ནན༔ ལས་འགྱངས་པ་ཐམས་ཅད་སྔགས་ཀྱི་ཤམ་བུ་མེད་པས་ལན༔ འདི་བཟླས་པས་སོད་རྟགས་འོང་ངེས་སོ༔ ཡང་ཟས་ནོར་སྒྲུབ་པའི་སྔགས་བཟླས་ཀྱང་དངོས་གྲུབ་མ་བྱུང་ན༔ ཟས་ནོར་སྒྲུབ་པའི་སྔགས་ཤམ་ལ་འདི་བཏགས་ལ་བཟླའོ༔ ཨུ་ཀ་ལེ༔ ཨ་ས་ཡེ༔ ཀ་ས་ཡེ༔ བཛྲ་སིདྡྷི་སིདྡྷི་ཧཱུྃ་ཛཿཛ༔ ཅེས་བཟླས་པས་མི་ནོར་ཟས་གསུམ་འདུའོ༔ ཡང་ཟས་ནོར་དང་སྐམ་ནོར་ཕྱི་ལ་ཟ་འདྲེ་བྱུང་ན༔ ཟས་ནོར་དབང་དུ་སྡུད་པ་གང་སྒྲུབ་ཀྱང་ཡི་དྭགས་འགབ་འདྲེ་ཁ་འཆིང་བ་ནི༔ ཟས་ནོར་སྒྲུབ་པ་གང་བྱེད་དེའི་སྔགས་ཤམ་ལ་འདི་བཏགས་ལ་བཟླའོ༔ ཏྲི་མཱ་ར་ཡ་ཐུམ་རིལ་རྦད་ཡ༔ རུ་ལུ་རུ་ལུ༔ མ་མ་ནི་ཐུམ་རྦད༔ བཛྲ་ཡཀྴ་ཏྲི་ཐུམ་རིལ་རྦད༔ གུ་ལིང་བཛྲ་ནཱ་ག་རཱ་ཙ༔ ནཱ་ག་ཕུ་ཏྲི་ཐུམ་རིལ་གནོད་བྱེད་ཁ་ཐམ་ཁ་ཐམ༔ མཆུ་ཆིངས་མཆུ་ཆིངས༔ རྦད་སོད༔ ཅེས་བཟླས་པས་ཟ་འདྲེ་རྣམས་གནོད་མི་སྲིད༔ སྔགས་ཀྱི་ཤམ་བུ་འདི་རྣམས་གཏེར་ཁྱིམ་དུ་སྦས་པས༔ ཟབ་པ་སྔགས་ཀྱི་སྦས་ཁྱིམ་ཡིན༔ ད་ཚེ་ལུང་ཁྲུས་ལུང་གི་མན་ངག་གདབ་ལས་་་སྟོད་ལས་ཀུན་གྱིས་ཤེས་ཏེ་སྔགས་པ་རྣམས་གདབ་ལས་ལ་རྡུགས་པ་མང་ངོ་།བསྟན་པ་ནི༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་ལས་བསྟན་པ་སྟེ༔ དེ་ཡང་འབོད་རྦད་བསད་གསུམ་གྱི་དྲོད་ཚད་བྱུང་བ་དང༔ ཁྱད་པར་རྦད་པའི་དུས་སུ་བླ་རྟགས་བྱུང་བ་ན༔ ལས་སྦྱོར་གདབ་ལས་བྱའོ༔ གཏོར་ཟློག་གི་དུས་སུ༔ སྟོད་ལས་ཚར་ནས༔ སྨད་ལས་གདབ་ལས་ཉ་བོ་བསྒྲལ་བའི་ལས་བྱའོ༔ དེ་ཡང་སྟོད་ལས་ཉི་མ་ཤར་བ་དང་འདྲ་སྟེ༔ སྨད་ལས་གྲུ་གུ་འཐུལ་བ་དང་འདྲ༔ གང་ལ་གདབ་ལས་ལ་སྦྱོར་བའི་དུས་སུ༔ ཏིང་ངེ་འཛིན་མེད་པའི་ཐབས་མེད་དོ༔ བསྐུལ་པ་མེད་པའི་ཐབས་མེད་དོ༔ སྔགས་མེད་པའི་ཐབས་མེད་དོ༔ ཏིང་ངེ་འཛིན་ནི་རང་གཉེན་པོ་སྟོབས་ཀྱི་ལྷ༔ གཤིན་རྗེའམ༔ ཕུར་པའམ༔ ཆེ་མཆོག་ཧེ་རུ་ཀ་བསྒོམ༔ ཕུར་པའི་སྟོད་ཁྲོ་རྒྱལ་་་གཤིན་རྗེའམ་ཆེ་མཆོག་ཧེ་རུ་ཀ་བསྒོམ་པ།ལྟ་བུ་ལ༔ སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་ལ༔ མགར་གྱི་སོལ་མལ་ནས་བཏོན་པ་ལྟ་བུ་རྩེ་ལ་ཚྭ་ཚྭ་འཕྲོ་བར་བསྒོམ༔ རྒྱ་མདུད་སྟེང་དུ་ཁྲོ་བོ་ཧཱུྃ་ཀཱ་ར་ཡབ་ཡུམ་བསྒོམ༔ རྩེ་མོ་ལ་ཁྲོ་བོ་སྟོབས་པོ་ཆེ་བསྒོམ༔ ཕུར་པའི་ཁོང་སེང་ལ་དཔལ་ཆེན་པོ་ཡབ་ཡུམ་བསྒོམ༔ ཧཱུྃ་ཀཱ་རའི་སྟེང་དུ་ཨ་དཀར་པོ་སྐར་མ་རྒྱལ་ལྟ་བུ་བསྒོམ༔ དེ་ལྟར་བསྐྱེད་པའི་ཕུར་པ་དེ་རང་ལྷར་གསལ་བའི་ལག་པ་གཡས་པའི་མཐིལ་དུ་ཨ་ལས་ཟླ་བར་བསམ་མོ༔ སོར་མོ་ལྔ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལས་རིགས་ལྔ་ཡབ་ལྔར་བསམ༔ གཡོན་པའི་མཐིལ་དུ་མ་ལས་ཉི་མའི་དཀྱིལ་འཁོར་དུ་བསམ༔ སོར་མོ་ལྔ་ལ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཡུམ་ལྔར་བསྐྱེད་ལ༔ ལག་པ་གཉིས་ཡབ་ཡུམ་གཉིས་ཞལ་སྦྱོར་བསམ་ལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛཿཛ༔ ཞེས་ཕུར་པ་བླངས་ལ༔ དེ་ལྟར་བསྐྱེད་པའི་ཕུར་པ་དེ་བསྒྲིལ་ཅིང་དམ་ཉམས་དགྲ་བོའི་སྙིང་ཁར་གདབ་བོ༔ གང་ལ་བཏབ་པ་དེ་གཞོབ་ཏུ་སོང་བར་བསམ༔ ལིངྒ་གང་ལ་བྱེད་ཀྱང་དགྲ་བགེགས་དངོས་སུ་བསམ༔ བསྐུལ་པ་ནི་དམ་ཚིག་ཆེན་པོས་བསྐུལ་དང་བསྟོད་པ་རྫོགས་པར་བྱ༔ སྔགས་འབོད་རྦད་གསུམ་དྲིལ་ལ་གང་དགོས་ཤམ་བུར་བཏགས་ལ་གསོད༔ སྔགས་རྙིང་མ་བ་རང་རང་སྔགས་སྤྱི་དྲིལ་གྱིས༔ ཕུར་པ་གདབ་ཅིང་གསད་པར་བྱ༔ སྔགས་གསར་མ་བ་རྣམས་རང་རང་གི་མགོན་པོའི་སྔགས་བཞི་སྙིང་གཅིག་ཏུ་དྲིལ་བས་བསད་དོ༔ དང་པོ་སྲུང་མ་དང་ལྷ་སྲིན་རྣམས་ལ་རང་མ་ལན་པའི་དཔང་པོ་འཛུགས་པ་ནི༔ ལག་ཏུ་ཆང་ཕུད་ཐོགས་ལ༔ ཕྱོགས་རྣམས་ཀུན་ཏུ་གཏོར་ཞིང་འདི་སྐད་བརྗོད་དོ༔ ཧཱུྃ༔ སྟེང་ཕྱོགས་ལྷ་ཡི་སྤྱན་ལམ་ན༔ འཇིགས་པའི་ཕུར་པ་ཆེན་པོ་ནི༔ ཁྱེད་ལྷ་ཡི་ཚོགས་རྣམས་དངངས་པར་གྱུར༔ དམ་ཉམས་དགྲ་བགེགས་འདི་ནི་མ་གཏོགས་པ༔ ཁྱེད་ལྷ་ཡི་ཚོགས་ལ་མི་འདེབས་སོ༔ ལྷ་སྲིན་སྡེ་བརྒྱད་རྣམས་ལ་མི་འདེབས་སོ༔ སྐྱོབ་བྱེད་ལྷ་སྲུང་རྣམས་ལ་མི་འདེབས་སོ༔ དམ་ཉམས་དགྲ་ཡི་སྐྱབས་མགོན་མ་བྱེད་ཅིག༔ འདི་ཡི་སྐྱབས་དང་མགོན་ནི་བྱས་གྱུར་ན༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཤིག༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད༔ ང་སྔགས་འཆང་ཡོངས་ལ་ཁྱོད་ཀྱིས་བསྡོས༔ སྔགས་འཆང་ངས་ནི་མ་ལན་ནོ༔ དམ་ཉམས་དགྲ་བགེགས་འདི་ཡིས་ལན་པ་ཡིན༔ བདག་ནི་མ་ལན་དཔང་པོ་མཛོད༔ དམ་ཉམས་དགྲ་འདི་ཆོས་ཀྱི་སྲུང་མ་རྣམས་དང་ཕྲོལ་ཅིག༔ བོན་ལེ་གུའི་སྲུང་མ་དང་ཕྲོལ་ཅིག༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྲོལ་ཅིག༔ མཁར་གྱི་རྩེ་ལྷ་དང་ཕྲོལ་ཅིག༔ ཡུལ་ལྷ་གཉན་པོ་དང་ཕྲོལ་ཅིག༔ ཕོ་ལྷ་དང་ཕྲོལ་ཅིག༔ དགྲ་ལྷ་དང་ཕྲོལ་ཅིག༔ སྲོག་ལྷ་དང་ཕྲོལ་ཅིག༔ ཞང་ལྷ་དང་ཕྲོལ་ཅིག༔ མ་ལྷ་དང་ཕྲོལ་ཅིག༔ སྐྱོབ་བྱེད་ཀྱི་ལྷ་བཅུ་དང་ཕྲོལ་ཅིག༔ དམ་ཉམས་དགྲའི་གཤེད་དུ་ཕོབ་ཅིག༔ བདུད་དུ་ཕོབ་ཅིག༔ དང་པོ་སངས་རྒྱས་ཀྱི་བདེན་པ་དང་བཅས་པས་བདེན་པ་བརྡར་རོ༔ དེ་ནས༔ ཛ༔ དམ་ཚིག་ཆེན་པོས་བསྐུལ་ལོ༔ བདག་ལ་སྡང་བའི་དམ་ཉམས་དགྲ་བོ་ལིངྒ་ལ་བཏབ་པ་འདིས༔ སངས་རྒྱས་ཀྱི་བསྟན་པ་བཤིག༔ དཀོན་མཆོག་གི་དབུ་འཕང་སྨད༔ སེམས་ཅན་ཡོངས་ལ་གནོད་པ་བྱས༔ སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་བསམ་པ༔ ད་དགྲ་མདུན་ན་སྡོད་པ༔ བླ་མའི་སྐུ་ལ་བསྡོ་བ༔ སྔགས་འཆང་བདག་ལ་བསྡོ་བ༔ ཐེག་པ་ཆེན་པོའི་ཆོས་ལ་སྨད་པ༔ བསྟན་པའི་སྤྱི་དགྲ༔ རྣལ་འབྱོར་གྱི་སྒོས་དགྲ༔ བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བོ་འདི་དྲུ་གུ་བཞིན་དུ་ཆིངས་ཤིག༔ སྡུག་ཅིང་ངལ་དུ་ཆུག་ཅིག༔ རིངས་པར་ཁུག་ལ་མྱུར་དུ་སྒྲོལ་ཅིག༔ སྨྱོ་འབོག་བརྒྱལ་ནད་ཐོངས་ཤིག༔ ལས་ངན་བྱས་པའི་རྣམ་སྨིན་རྣམས་དུས་ད་ལྟ་ཉིད་དུ་དྲན་དུ་ཆུག་ཅིག༔ ཚེ་ཕྱི་མའི་སྣང་བ་ད་ལྟ་ཉིད་དུ་སྟོན་ཅིག༔ དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ༔ ནག་པོ་སྟོང༔ ཤ་ཟ་འབུམ༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ༔ སངས་རྒྱས་བསྟན་པའི་སྲུང་མ༔ ལས་བྱེད་ཀྱི་ཕོ་ཉ༔ དམ་ཉམས་དགྲ་བོའི་སྲོག་གཅོད༔ སྔགས་འཆང་བདག་གི་དགྲ་བླ་ལྷ༔ དུག་གསུམ་ནད་ཀྱི་སྨན་པ༔ གཙུག་ལག་ཁང་རྣམས་ཀྱི་སྲུང་མ་ཁྱེད་རྣམས་ཀྱིས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་སྲུངས་ཤིག༔ ཚེ་དང་བསོད་ནམས་སྤེལ་ཅིག༔ འཁོར་དང་བསྟན་པ་སྲུངས་ཤིག༔ དཔལ་དང་གྲགས་པ་སྒྲུབས་ཤིག༔ སངས་རྒྱས་ཀྱི་བསྟན་པ་སྲུངས་ཤིག༔ དཀོན་མཆོག་གི་དབུ་འཕང་བསྟོད་ཅིག༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས་ཤིག༔ ད་དྲང་སྲོང་དམོད་པ་ནི༔ ང་ནི་སྲིད་གསུམ་ཀུན་གྱི་བདག༔ ང་ནི་སྲོག་གཅོད་ཀུན་གྱི་བདག༔ ང་ནི་སྲོག་སྙིང་ཀུན་གྱི་བདག༔ ཁྱེད་ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་ང་ལ་ཡོད༔ བཅོལ་པའི་ལས་རྣམས་ཁྱེད་ཀྱིས་སྒྲུབས་ཤིག༔ གལ་ཏེ་བཀའ་ལ་མི་ཉན་ཅིང་དམ་ལ་མི་གནས་ན་ན་རཀ་དམྱལ་བ་ཆེན་པོར་སྐྱེ་ངེས་སོ༔ དེ་བས་དམ་ལ་མ་འདའ་ཞིག༔ ཡང་དམ་ཉམས་པའི་དགྲ་བོ་འདི་ཡི་སྲིད་པ་སྤྱི་ནས་ཤིགས་ཤིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དྲང་སྲོང་བཀའ་ཡི་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ནམ་མཁའི་དབྱིངས་ནས་ཆོད་ཅིག༔ གནམ་ལྕགས་ཀྱི་ཐོག་དང་སེར་བ་རལ་གྲིས་སྤྱི་གཙུག་ལ་རྒྱོབ་ཅིག༔ མགོ་ཚལ་པ་བརྒྱ་རུ་ཐོངས་ཤིག༔ སྙིང་དུམ་བུ་སྟོང་དུ་ཐོངས་ཤིག༔ ལུས་དུམ་བུ་སྟོང་དུ་གཏུབས་ཤིག༔ རྡོ་རྗེའི་སེར་བ་ཆེན་པོ་ཕོབ་ཅིག༔ དགྲ་བོ་མི་ནོར་འཁོར་དང་བཅས་པ་ཕུང་དུ་ཆུག་ཅིག་ཡ༔ དམ་ཉམས་པའི་དགྲ་བོ་འདི་རྣམས་ལ༔ དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས༔ བཀའི་ཕོ་ཉ་ལས་བྱེད་ཕོ་མོ་ཁྱེད་རྣམས་ཀྱིས༔ འཇིགས་པའི་གཟུགས་ལ་རྔམས་པའི་ཞལ༔ རྩུབ་པའི་མཚོན་ཆ་སྣ་ཚོགས་ལག་ན་ཐོགས༔ ཁ་གདངས་མཆེ་གཙིགས་ཤ་དང་ཁྲག་ལ་རྔམས༔ བདག་ལ་སྡང་བའི་དགྲ་བོ་འདིའི༔ བླ་དང་རྫུ་འཕྲུལ་ཁུག་ལ་ཤོག༔ གློ་སྙིང་དམར་པོ་ཕྱུང་ལ་ཤོག༔ ཁ་ནས་ཁྲག་སྐྱུགས་ཤིག༔ གནམ་གྱི་འཇུ་ཐག་ཆོད་ཅིག༔ སའི་རྟེན་ཕུར་ཕུད་ཅིག༔ བར་གྱི་དམུ་ཐག་ཆོད་ཅིག༔ ལྟག་ནས་བདུད་གཡོས་ཤིག༔ མདུན་ནས་འོད་འཕྲོག་ཅིག༔ ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་ཅིག༔ འཇིགས་པའི་མུན་ནག་གིས་མདུན་ནས་བསུས་ཤིག༔ ཉེ་འབྲེལ་མི་ནོར་དང་ཕྲོལ་ཅིག༔ གོང་གི་ཕུ་བོ་དང་ཕྲོལ་ཅིག༔ འོག་གི་ནུ་བོ་དང་ཕྲོལ་ཅིག༔ མཆན་གྱི་བུ་དང་ཕྲོལ་ཅིག༔ གློ་བུར་ཡེ་འདྲོག་ཐོངས་ཤིག༔ མི་ནད་ཕྱུགས་ནད་ཐོངས་ཤིག༔ ཀླད་ཁྲག་སྙིང་ཁྲག་དཀྲུགས་ཤིག༔ མདའ་གྲི་དང་མདུང་གྲིར་སོད་ཅིག༔ རྨེ་གྲི་དང་ཆུ་གྲི་རྦབ་གྲིར་སོད་ཅིག༔ འགག་གྲི་དང་ལྕེབ་གྲིར་སོད་ཅིག༔ ལོ་ནད་ཟླ་གཅོང་གིས་སོད་ཅིག༔ མཛེ་ནད་རིམས་ནད་ཀྱིས་སོད་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ ཡ་ཐོད་ཉི་མ་འདེ་རུ་ཆུག་ཅིག༔ མ་ཐོད་ས་འགམ་དུ་ཆུག་ཅིག༔ མཁར་རྨེང་དང་དུར་རྨེང་དཀྲུགས་ཤིག༔ ཕུང་གསུམ་གཡབ་ཀྱིས་ཐོབ་ཅིག༔ དྲག་པོའི་འདྲེ་དམག་ཐོངས་ཤིག༔ བདུན་རྒྱུད་རྩད་ནས་ཆོད་ཅིག༔ ཐལ་བ་རླུང་ལ་ཕྱོར་ཅིག༔ ལོ་དང་ཟླ་བ་ཞག་དང་ཟ་མར་མ་བཞག་ཅིག༔ སྔགས་འཆང་བདག་ལ་བསམ་གཏན་བསྒོམ་དུ་མ་སྟེར༔ རྣལ་འབྱོར་ང་ལ་བདེ་རུ་མ་སྟེར༔ སྲུང་མ་མཐུ་རྩལ་ཅན་རྣམས་དང༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས༔ བདག་གི་ར་མདར་ལྡོག་གོ༔ མཐུན་རྐྱེན་རྣམས་ལེགས་པ་ཕར་ལ་བྱས་པས་ཉེས་པ་ཚུར་ལ་བྱེད་དུ་བྱུང་ངོ༔ ཡག་ལེན་ངན་གྱིས་འཇལ༔ མགོ་ཐོག་ཏུ་གཡམ་པ་བྱེད་དུ་བྱུང་ངོ༔ མི་ཁྱོད་ལ་ལྷ་མེད་ཟེར༔ ཆོས་སྐྱོང་ཁྱེད་ལ་མཐུ་མེད་ཅེས་ཟེར་དུ་བྱུང་ངོ༔ དམ་ཉམས་པའི་དགྲ་བོ་རྣམས་མ་བཞག་ཅིག༔ མ་བཞག་ཅིག༔ བཞེས་ཤིག༔ བཞེས་ཤིག༔ ས་མ་ཡ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཉམས་དགྲ་བོ་རྣམས་མཱ་ར་ཡ་ཧུར་ཐུམས་རྦད་སོད་ཡ༔ གསེར་སྐྱེམས་གཏོར་ཞིང་རང་མ་ལན་པའི་དཔང་བཙུགས༔ བསྐུལ་དང་དམོད་པ་རྫོགས་པར་བྱ་ཞིང༔ རྦད་པས་ཁྱི་རྦད་པ་བཞིན་འགྲོའོ༔ མ་ལན་པའི་དཔང་པོ་བཙུགས་པ་གཅེས་སོ༔ དེ་ནས་གདབ་ལས་རྒྱས་བསྡུས་གཉིས་ཀས་བསྒྲལ་ལོ༔ རྒྱས་པ་གཏོར་ཟློག་དུས་སུ་ཉ་བོ་བཅུ་བསྒྲལ་ལོ༔ བསྡུས་པ་ཚོགས་དང་གཏོར་མའི་དུས་སུ་གྲུབ་པའི་ཐ་མ་ཕུར་ཚུགས་སུ་གདབ་བོ༔ བླ་རྟགས་བྱུང་ན་ལིངྒ་བསྒྲལ་ལོ༔་་་་ཚེ་ལུང་ཁྲུས་ལུང་གི་སྒོ་ནས་བསྒྲལ་བ། ལིངྒ་བྲི་ཞིང་ལྷ་དང་དབྱེ་བ་ཁྲུས་ལུང་ཡིན། ཕུར་པ་བཏབ་པ་ཚེ་ལུང་ཡིན། སྔོན་ལ་ཁྲུས་ལུང་གི་སྒོ་ནས་ལིངྒ་གོང་དུ་བསྟན་པ་བཞིན་ལྷ་དང་ཕྱེ༔ མདུན་དུ་ལིངྒ་དགྲ་བོ་དངོས་སུ་བསམ༔ འགུགས་གཞུག་ཡང་ཡང་བྱ་བར་གཅེས་སོ༔ སྔོན་དུ་ལིངྒ་ཐུན་གྱིས་བྲབ༔ དེ་ནས་ཁྲག་ཐུན་བྲབ༔ དེ་ནས་དུག་ཐུན་བྲབ༔ དེ་ནས་མདའ་ཐུན་དུག་ཁྲག་བྲབ༔ དགྲ་བོ་མུག་མྱོགས་མྱོགས༔ ཅེས་བརྗོད་ལ༔ ཁ་རུ་དུག་ཆུ་བཏིག་གོ༔ དེ་ནས་ཕུར་པ་གདབ་བོ༔ དེ་ནས་འདིས་བསྐུལ་ལོ༔ ཧཱུྃ༔ དཔལ་ཆེན་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ སྟོབས་ཆེན་ཁྲོ་བོ་ཐུགས་ཁྲོས་ནས༔ རྡོ་རྗེ་མེ་ཡི་སེར་བ་དང༔ དྲག་པོ་སྔགས་ཀྱི་འབྲུག་སྒྲ་ཡིས༔ བརླག་པར་འགྱུར་བ་གདོན་མི་ཟ༔ དགྲ་བགེགས་སྲོག་རྩ་ལེན་པར་བྱེད༔ ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་འདོན་པའི་དུས་ལ་བབ༔ དངོས་གྲུབ་བར་ཆད་རྩོམ་པ་དང༔ བདག་ལ་སྡང་བའི་དགྲ་བོ་འདི༔ གཏོགས་ཤིག་སྲོག་དང་ཕྲོལ་ལ་ཤོག༔ གློ་སྙིང་དམར་པོ་ཕྱུངས་ལ་ཤོག༔ མ་གཡེལ་མ་གཡེལ་ལས་མཛོད་ཅིག༔ དུས་ལ་བབ་བོ་ས་མ་ཡ༔ ཅེས་བསྐུལ་ལོ༔ དེ་ནས་ཕུར་པ་གོང་དུ་བསྟན་པ་བཞིན་བསྒོམས་ལ༔ ལག་ཏུ་བླངས་ལ་བསྒྲིལ་ཞིང་འདི་སྐད་བརྗོད་དོ༔ ཧཱུྃ༔ སངས་རྒྱས་ཀྱི་ནི་ཡེ་ཤེས་སྐུ༔ ང་ནི་དཔལ་ལྡན་ཁྲག་འཐུང་རྒྱལ༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་དབང་སྐུར་ཅིག༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཅེས་གསོལ་བ་བཏབ༔ དེ་ནས་འདི་ཡིས་བསྐུལ་ལོ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་ན༔ ལྕགས་སམ་དྲག་པོའི་ཤིང་དག་ལ༔ དྲག་པོའི་ཕུར་པ་ཟུར་གསུམ་པ༔ རྩེ་མོ་གྲུ་གསུམ་རྒྱ་མདུད་ལྡན༔ ལོགས་ལ་དྲག་པོའི་ལྷ་བསྒོམས་ནས༔ བཏབ་པས་དགྲ་བགེགས་ཐལ་བར་བརླག༔ བརླགས་པར་མ་གྱུར་གང་ཡང་མེད༔ མངོན་སྤྱོད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ སྐུ་སྟོད་ཁྲོ་རྒྱལ་འབར་བ་ལ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་པ༔ རྒྱ་མདུད་རྩེ་ནས་འབྲུག་སྒྲ་སྒྲོག༔ བཅུམ་གཞོག་སྟེང་ནས་རྦབ་ལྟར་འགྲིལ༔ ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ༔ རྩེ་མོའི་ཕྱོགས་ནས་འོད་ཟེར་འཕྲོ༔ འོད་ཟེར་འཕྲོས་པའི་ནུས་མཐུ་ཡིས༔ ལྷ་ཡང་རུང་སྟེ་དགྲ་བགེགས་སྒྲོལ༔ དགྲ་བོའི་སྲོག་རྩ་ལེན་པར་བྱེད༔ བཏབ་པ་མེད་ཀྱང་བརྒྱལ་བར་འགྱུར༔ བསྒྲིལ་ཞིང་བསྒྲིལ་ཞིང་བཏབ་ཙ་ན༔ རྣམ་ཤེས་ཚོགས་བརྒྱད་དབྱིངས་སུ་སྤར༔ ཅེས་ཕུར་པ་བཏབ་བོ༔ དེ་ལ་དང་པོ་ཕུར་པ་བླ་གནས་སར་གདབ༔ དེ་ནས་སྙིང་གི་རྣྲྀ་ལ་གདབ༔ སྙིང་གི་དཀྱིལ་ན་ཁྲག་གི་སྦལ་པ་བྱིའུའི་སྙིང་ཙམ་གཅིག་ཡོད༔ དེ་ལ་ཡིད་ཀྱི་རྣམ་ཤེས་གནས་ཡོད་པས་གདབ་བོ༔ དེ་ནས་ལུས་ཀྱི་རྣམ་ཤེས་གནས་པའི་ས་ལྟེ་བ་ལ་གདབ་བོ༔ ངག་གི་རྣམ་ཤེས་ཁ་ལ་གདབ་བོ༔ མིག་གི་རྣམ་ཤེས་མིག་ལ་གདབ་བོ༔ སྣའི་རྣམ་ཤེས་སྣ་ལ་གདབ་བོ༔ རྣ་བའི་རྣམ་ཤེས་རྣ་བ་གཉིས་ལ་གདབ་བོ༔ ལྕེའི་རྣམ་ཤེས་ལྕེ་ལ་གདབ་བོ༔ ཀུན་གཞིའི་རྣམ་ཤེས་གསང་བ་ལ་གདབ་བོ༔ སྤྱི་བོ་དང་རྐང་མཐིལ་གཉིས་ལ་རེ་རེ་བཏབ་པས་བཅུའོ༔ ཁྲོ་བོ་ཡབ་ཡུམ་གྱི་སྔགས་བརྗོད་ཅིང་གདབ་པ་ནི༔ རང་རང་གི་སྔགས་ཀྱི་གཤམ་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔་་་ཁྲོ་བོ་རྣམ་པར་རྒྱལ་བ། ཧ་ན་ཧ་ན་ཧཱུྃ་ཕཊ༔་་་ཁྲོ་མོ་སྙེམས་མ། ཤར་རྣམ་པར་རྒྱལ་བ་ཡབ་ཡུམ་སྣ་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལམ་དཎྜ་ཧཱུྃ༔་་་ཁྲོ་བོ་དབྱུག་པ་སྔོན་པོ། ད་ཧ་ད་ཧ་ཧཱུྃ་ཕཊ༔་་་ཁྲོ་མོ་སྡེར་མོ། ཤར་ལྷོ་དབྱུག་པ་སྔོན་པོ་ཡབ་ཡུམ་མིག་གཉིས་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔་་་གཤིན་རྗེ་གཤེད། པ་ཙ་པ་ཙ་ཧཱུྃ་ཕཊ༔་་་་ཁྲོ་མོ་དུར་ཁྲོད། ལྷོ་གཤིན་རྗེ་གཤེད་ཡབ་ཡུམ་རྣ་བ་གཉིས་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔་་་་ཁྲོ་བོ་མི་གཡོ། བན་དྷ་བན་དྷ་ཧཱུྃ་ཕཊ༔་་་་ཁྲོ་མོ་གཏུན་ཁུང་། ལྷོ་ནུབ་མི་གཡོ་མགོན་པོ་ཡབ་ཡུམ་ལྟེ་བ་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧཱུྃ༔་་་ཁྲོ་བོ་རྟ་མགྲིན། ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔་་་ཁྲོ་མོ་གཏུམ་མོ། ནུབ་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་ལྕེ་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔་་་ཁྲོ་བོ་འདོད་རྒྱལ། ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔་་་ཁྲོ་མོ་མདའ་སྙེམས། ནུབ་བྱང་འདོད་པའི་རྒྱལ་པོ་ཡབ་ཡུམ་ངག་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔་་་བདུད་རྩི་འཁྱིལ་བ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔་་་ཁྲོ་མོ་རླུང་འབྱིན། བྱང་བདུད་རྩི་འཁྱིལ་བ་ཡབ་ཡུམ་སྙིང་གར་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔་་་ཁམས་གསུམ་རྣམ་རྒྱལ། བྷིན་དྷ་བྷིན་དྷ་ཧཱུྃ་ཕཊ༔་་་ཁྲོ་མོ་གསོད་བྱེད་མ། བྱང་ཤར་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་ནུ་མ་གཉིས་ལ་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔་་་ཁྲོ་བོ་ཧཱུྃ་ཀཱ་ར། གརྫ་གརྫ་ཧཱུྃ་ཕཊ༔་་་ཁྲོ་མོ་རྡོ་རྗེ་སྒྲ་འབྱིན། སྟེང་ཕྱོགས་ཧཱུྃ་ཀཱ་ར་ཡབ་ཡུམ་སྤྱི་བོར་གདབ་བོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔་་་་ཁྲོ་བོ་སྟོབས་པོ་ཆེ། སྥོ་ཏ་སྥོ་ཏ་ཧཱུྃ་ཕཊ༔་་་ཁྲོ་མོ་རྡོ་རྗེ་སྐུལ་བྱེད་མ། འོག་ཕྱོགས་སྟོབས་པོ་ཆེ་ཡབ་ཡུམ་རྐང་མཐིལ་གཉིས་ལ་གདབ་བོ༔ ཕུར་པ་གར་བཏབ་བཏབ་ལ་དབལ་ནུབ་པར་བསམ༔་་་གདབ་ཟེར། ཡང་ཕུར་པ་སྙིང་ཁར་བཏབ་ནས་འབྱུང་བ་ལ་འབྱུང་བ་བསྟིམས་ནས་བསད་པ་ནི༔ ས་ཆུ་ལ་ཐིམ༔ ཆུ་མེ་ལ་ཐིམ༔ མེ་རླུང་ལ་ཐིམ༔ རླུང་རྣམ་པར་ཤེས་པ་ལ་ཐིམ༔ ཁོའི་བཀྲག་དང་མདངས་རྣམས་ཕུར་པ་ལ་ཐིམ་ནས༔ ཕུར་པའི་ཁོང་སེང་ལས་ཡར་དོན༔ རང་གི་སྙིང་གའི་ནྲྀ་ལ་ཕོག་པས༔ རང་གི་ཚེ་དང་བསོད་ནམས་རྒྱས་པར་བསམ༔ ཡང་ཕུར་པ་བཏབ་པས་ཁོའི་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་ཡང་ཕུར་པ་ལ་འདུས་ནས་གོང་བཞིན་དུ་བསམ་མོ༔ ཡང་ཕུར་པ་བཏབ་པས་ཁོའི་རྣམ་པར་ཤེས་པ་ཕུར་པ་ལ་འདུས༔ ཕུར་པ་འོད་དུ་ཞུ་ནས་ཧཱུྃ་ཀཱ་ར་ལ་འདུས༔ ཧཱུྃ་ཀཱ་ར་ཨ་ལ་འདུས༔ ཨ་དེ་རང་གི་སྙིང་ཁར་འདུས་པས༔ རང་བཀྲག་དང་གཟི་མདངས་དང་ལྡན་ཏེ་ཚེ་དང་བསོད་ནམས་རྒྱས་པར་བསམ༔ ཡང་ཕུར་པ་སྙིང་ཁར་བཏབ་པས༔ སྙིང་གི་དཀྱིལ་ན་ཁྲག་གི་སྦལ་པ་ལ་བཏབ་པས༔ ཁོའི་རྣམ་ཤེས་ཀྱི་རྟེན་དངུལ་ཞུན་མ་འདྲ་བ་བྱེའུའི་སྙིང་ཙམ་གཅིག་ཡོད༔ དེ་ལ་ཕུར་པ་བཏབ་པས༔ ཁོའི་རྣམ་ཤེས་ཕུར་པས་འུབ་སྟེ་བསྡུས་པར་བསམ༔ ཕུར་པ་དེ་འོ་མའི་རྐྱལ་པ་བཞིན་དཀར་མེར་གྱིས་སོང༔ ཕུར་པ་ཙེར་གྱིས་བཏོན་པས་དགྲ་བོ་འུབ་ཀྱིས་སོང་བར་བསམ༔ ཕུར་པ་རང་གི་སྙིང་གར་གཏད་ལ༔ ཨཱ་བེ་ཤ་ཡ་ཨཱ༔ ཞེས་བརྗོད་པས་ཁོའི་བཀྲག་དང་གཟི་མདངས་ཚེ་དང་བསོད་ནམས་རང་གི་སྙིང་གར་ཐིམ་པས་རང་ཚེ་དང་བསོད་ནམས་རྒྱས་པར་བསམ༔ ཡང་ཕུར་པ་ཁོའི་སྙིང་ཁར་བཏབ་པས༔ ཁོའི་རྣམ་ཤེས་ཧཱུྃ་དུ་གྱུར་ནས༔ ཡཾ་ལས་རླུང་གིས་བཏེགས་ནས་འོག་མིན་གནས་ན་དཔལ་ཆེན་པོ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་ནས་བཏང་བས་རྒྱལ་བའི་སྲས་སུ་སྐྱེས་པར་བསམ༔ མན་ངག་འདི་དང་ལྡན་ན་སེམས་ཅན་གྲངས་མེད་བསྒྲལ་ཡང་ལས་ཀྱི་སྒྲིབ་པ་རྣམ་སྨིན་ཏིལ་འབྲུ་ཙམ་ཡང་མེད་པར་རྒྱལ་བས་གསུངས༔ མན་ངག་འདི་འདྲ་མི་ཤེས་པར་ལས་སྦྱོར་བྱེད་པ་ནི༔ གླེན་པ་བབ་ཅོལ་བྱེད་པ་ཡིན༔ འོལ་ཚོད་ཀྱི་ལས་སྦྱོར་གྱིས་དགྲ་མི་འཆིའོ༔ དེ་བས་བླ་མ་མཉེས་པར་བྱས་ནས༔ མན་ངག་གཏིང་ནས་ལོན་པ་གཅེས་སོ༔ འདི་ནི་མིག་འབྱེད་སྒྲོན་མ་ཡིན༔ འདི་ནི་སྦས་པ་མངོན་དུ་ཕྱུང་བ་ཡིན༔ འདིས་ནི་ལུས་མི་གསོད༔ སེམས་མི་གསོད༔ དགྲའི་བླ་གསོད་པའི་སྔགས་ཡིན༔ འདི་ནི་ཚེ་ལུང་ཁྲུས་ལུང་གི་སྒོ་ནས་ཕུར་པ་འདེབས་པ་བསྟན་པའོ༔ ད་གསོ་བ་རྣམ་པ་གསུམ་བསྟན་པ་ནི༔ བདག་གསོ་བ༔ ཕུར་པ་གསོ་བ༔ དགྲ་བོ་གསོ་བ་དང་གསུམ༔ བདག་གསོ་བ་ནི༔ དཔལ་ཆེན་པོའི་སྔགས་བརྒྱ་བཟླ༔ དེ་ནས་ཧཱུྃ་བརྒྱ་བཟླས་པས༔ ཁམས་གསུམ་ཧཱུྃ་གིས་གང་བར་བསམ༔ ཧཱུྃ་དེ་རྣམས་རང་གི་ཐུགས་ཀར་ཐིམ་པས༔ བདག་ཉིད་སྐུ་ཆེ་ལ་ཡན་ལག་རགས་པར་བསམ༔ ད་ཕུར་པ་གསོ་བ་ནི༔ གོང་བཞིན་དཔལ་ཆེན་པོའི་སྔགས་བཟླས་ལ༔ ཕུར་པ་དེ་ལས་ཕུར་པ་གྲངས་མེད་འཕྲོས་པར་བསམ༔ ཚུར་འདུས་ཕུར་པ་ལ་ཐིམ༔ ཕུར་པ་དེ་བཀྲག་གཟི་མདངས་དང་ལྡན་པར་བསམ༔ ད་དགྲ་བོ་གསོ་བ་ནི༔ དཔལ་ཆེན་པོའི་སྔགས་བརྒྱ་བཟླས་པས༔ སྔགས་ཀྱི་འོད་ཟེར་ཁོའི་སྙིང་གར་ཐིམ་པས་ཚོགས་གཉིས་རྫོགས་ཤིང་སྒྲིབ་པ་བྱང་ནས༔ ཁོ་དཔལ་ཆེན་པོ་ཚོན་གང་དུ་གྱུར་པར་བསམ༔ དེ་རླུང་རྡོ་རྗེ་རྒྱ་གྲམ་གྱིས་བཏེགས་ནས་དཔལ་ཆེན་པོ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཕོག་པས༔ རྒྱལ་བའི་སྲས་སུ་སྐྱེས་པར་བསམ༔ ཨོཾ་ཨོཾ་ཞེས་བརྒྱ་བཟླས་པས་ཆོས་སྐུ་ཐོབ་པར་བསམ༔ ཨཱཿཨཱཿཞེས་བརྒྱ་བཟླས་པས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བསམ༔ ཧཱུྃ་ཧཱུྃ་ཞེས་བརྒྱ་བཟླས་པས་སྤྲུལ་སྐུ་ཐོབ་པར་བསམ༔ མན་ངག་འདི་འདྲ་ཤེས་པ་ན༔ སེམས་ཅན་གྲངས་མེད་བསྒྲལ་ཡང་བླ་མེད་འབྲས་བུ་ཐོབ༔ རང་དང་དགྲ་བོ་དམྱལ་བར་མི་ལྟུང་ངོ༔ དོན་འདི་དང་ལྡན་ན་ཞེ་སྡང་སྲིན་པོའི་མཐུ་མ་ཡིན༔ བྱང་ཆུབ་སེམས་ཀྱི་སྔགས་པ་ཡིན་ནོ༔ དེ་ནས་ལིངྒ་བརྡུང་བ་ནི༔ ཉའོ་ནས་ལིངྒ་བཏོན་ལ༔ ཉའོ་ནས་དུམ་གཅིག་དང༔ ཟན་གྱི་ཉའོ་གཅིག་བྱའོ༔ ལིང་རོ་དེ་གཏུན་གྱི་ནང་དུ་བཅུག་ལ༔ གཏུན་ནི་དབང་ཆེན་གསེར་གྱི་ས་གཞིར་བསམ༔ རྡོ་རྗེ་ནི་རྡོ་རྗེ་ཕ་ལམ་བསམ༔ ཛ༔ ཞེས་གོང་བཞིན་བཀུག་ལ༔ ཧཱུྃ༔ རྡོ་རྗེ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཕ་ལམ་ཐོ་བས་བརྡུང༔ ལྷ་ཡང་རུང་སྟེ་བགེགས་ཀྱང་སྒྲོལ༔ དམ་ཉམས་དགྲ་བོའི་ཚེ་སྲོག་ཆོད༔ ཁ་ཐམ་ཁ་ཐམ་མཆུ་ཆིངས་མཆུ་ཆིངས༔ ཞེས་ཉེར་གཅིག་བཟླས་ལ་བརྡུང་ངོ༔ དེ་ནས་ལིང་རོ་ཞལ་དུ་བསྟབ་པ་ནི༔ ལིང་རོ་ནས་དུམ་གཅིག་དང་གོང་གི་ཉའོ་བསྒྲལ་ལ༔ ཚོགས་ཕུད་དང་ཆང་ཕུད་ཁྲག་ཕུད་བླུགས་ལ༔ མི་རྐང་གཟར་བུའི་ནང་དུ་བླུགས་ལ༔ ཞལ་དུ་སྟོབ་པའི་ཚུལ་བྱ་ཞིང་འདི་སྐད་བརྗོད་དོ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་འཁོར་དང་བཅས༔ བཀའ་བརྒྱུད་ལྷ་ཚོགས་འཁོར་དང་བཅས་པ་དང༔ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་འཁོར་དང་བཅས༔ དཔལ་ཆེན་མགོན་པོ་ཡབ་ཡུམ་འཁོར་དང་བཅས༔ མ་མོ་མཁའ་འགྲོའི་ལྷ་ཚོགས་འཁོར་དང་བཅས༔ ཁྲོ་ཆེན་ཕ་བཅུའི་ལྷ་ཚོགས་འཁོར་དང་བཅས༔ ཁྲོ་མོ་མ་བཅུའི་ལྷ་ཚོགས་འཁོར་དང་བཅས༔ ཟ་བྱེད་གསོད་བྱེད་འཁོར་དང་བཅས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་འཁོར་དང་བཅས༔ ལྕགས་ཀྱུ་ལ་སོགས་སྒོ་མ་བཞི༔ དམ་ཅན་སྡེ་བཞི་འཁོར་དང་བཅས༔ ཆོས་སྐྱོང་སྲུང་མ་འཁོར་དང་བཅས༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་གཙིགས་ཤིག༔ ཉི་ཟླ་ཙམ་གྱི་སྤྱན་གཟིགས་ཤིག༔ གློག་དམར་ཙམ་གྱི་ལྗགས་རྐྱོངས་ཤིག༔ བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ༔ བསྟབ་བོ་དཔལ་ཆེན་ཡབ་ཡུམ་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ སྟོང་གསུམ་ཧཱུྃ་སྒྲ་དི་རི་རི༔ ཁམས་གསུམ་ཕཊ་སྒྲ་དི་རི་རི༔ སྲིད་གསུམ་ཧ་སྒྲ་དི་རི་རི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ༴ མ་ཧཱ་ཀིཾ་ནི་རི་ཏི་ལ༴ མ་ཧཱ་གོ་རོ་ཙ་ན་ལ༴ མ་ཧཱ་ཙིཏྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཞིང་ཆེན་ལ་ཁཱ་ཧི༔ ཞེས་ལན་བདུན་བཟླས་ལ་ཞལ་དུ་བསྟབ་བོ༔ ཡབ་ཡུམ་འཁོར་དང་བཅས་པས་གསོལ་བར་བསམ༔ ཡི་དམ་སྔགས་ལ་ཁ་ཁ་ཁཱ་ཧི་བཏགས་ལ་འབུལ་ལོ༔ ལིང་རོ་བསྲེག་པ་ནི༔ སླ་ངའི་ནང་དུ་དུག་ཤིང་སྐྱེར་པའི་ཚེར་མ་ལ༔ གྲུ་གསུམ་ཁྲུ་གང་བརྩིགས་ལ༔ མེ་སྦར་ལ་མེ་ལྷ་རང་གིས་ཡི་དམ་གང་བྱེད་ལས་མཁན་དུ་བསྐྱེད་ལ༔ ཛྭ་ལ་རཾ་ཞེས་གཞུང་ནས་བཤད་པ་བཞིན་བྱས་ལ་སྔགས་བཟླས་ཤིང༔ ལིངྒ་རྣམས་ཞལ་དུ་བསྟབ་པར་བསམ་ལ༔ ལིང་རོ་རྣམས་བསྲེག་གོ༔ ལིངྒའི་ཐལ་བ་དེ་མནན་པ་ནི༔ ཐལ་བ་དེ་རབས་ཆད་དམ༔ གླེན་ལྐུག་གམ༔ ཁོལ་པོའམ༔ མོན་ཐོད་དུ་བཅུག༔ ཡང་ན་ཐལ་བ་ལ་ཉའོ་བྱས་ལ་བཅུག་གོ༔ ཐོད་པ་མ་འཛོམ་ར་རུ་གཡས་པའམ༔ ཁྱི་ཐོད་དུ་བཅུག་གོ༔ ཁ་ལ་ལ་ཆའི་ཐེལ་ཚེ་བཏབ་ལ༔ རོ་རས་ནག་པོས་བསྟུམས་ལ༔ ར་ཁྱི་ནག་པོའི་སྐུད་པས་ཕྱིན་ཀ་ལོག་ཏུ་བཅིང་ངོ༔ མནན་པའི་ས་བརྒྱད་ནི༔ བརྒྱ་ལམ་ཆེན་པོ་རྒྱ་གྲམ་མམ༔ བརྒྱ་ལམ་ཁ་གཉིས་སམ༔ བརྒྱ་ཟམ་འོག་གམ༔ ཕུང་ཤུལ་འོག་གམ༔ ཤིང་གཉན་རྐང་གཅིག་གམ༔ དུར་ཁྲོད་རོ་མང་པོ་བསྲེགས་པའི་ས་འོག་གམ༔ མ་ཐེམ་འོག་གམ༔ ལྷ་ཁང་མཆོད་རྟེན་རྙིང་པའི་མ་ཐེམ་འོག་གམ༔ ཆུ་མིག་གཉན་པོ་ཁ་བྱང་དུ་བསྟན་པའི་ས་འོག་གམ༔ བྲག་དང་ཆུ་འཐབ་པའི་འོག་ཏུ་མནན་ནོ༔ བྲུབ་ཁུང་འོག་གམ༔ རང་གི་སྒོ་ཐེམ་འོག་གམ༔ རང་གི་ཐེམ་འོག་ཏུ་མནན་ནོ༔ མནན་པའི་ས་ཚད་ནི༔ ཁྲུ་གང་ཡན་ཆད་ཕན་གནོད་མེད་པའི་ས་རོ་ཡིན༔ དེ་ནས་སོར་དགུ་མ་མོའི་གནས་ཡིན༔ འགོང་ཆོག་མནན་ནོ༔ དེ་ནས་སོར་བཅུ་གཉིས་ལ་སའི་ལྷ་མོ་བརྟན་མའི་གནས་ཡིན༔ དགྲ་བགེགས་རྣམས་དེ་རུ་མནན་ནོ༔ དེ་ནས་སོར་ཉི་ཤུ་རྩ་བཞི་ལ་ཀླུའི་གནས་ཡིན༔ དེ་ལ་གཏད་ན་དགྲ་རྣམས་འཕུང་ངོ༔ ཆགས་ཚད་འདི་རྣམས་དང་བསྟུན་ན་མི་ཐེབས་མི་སྲིད་དོ༔ ཆགས་ཚད་འདི་རྣམས་མེད་ན་མནན་པ་འོལ་ཚོད་ཡིན༔ ཆགས་ཚད་འདི་གཅེས་སོ༔ ཟུར་གསུམ་ཐོད་པ་ཤོང་བ་བྲུའོ༔ དོང་དེ་བས་རིང་ན་རྩུབ་པ་ཡིན་པས་རང་ལ་ལྡོག་གོ༔ དེ་བས་ཐུང་ན་འཇམ་པ་ཡིན་པས་དགྲ་མི་འཆིའོ༔ རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས༔ དེའི་སྟེང་དུ་རི་རབ་གླིང་བཞི་བྲིས་ལ་མནན་དོང་ཁ་བཅད་དོ༔ དེའི་སྟེང་དུ་སས་བྱིབས༔ མེ་དང་ཆུ་བླུག་གོ༔ མི་དང་ཁྱི་ཕག་གསུམ་གྱི་བྲུན་དང་མི་ཁའི་རྫས་རྣམས་བླུག་གོ༔ མནན་སྔགས་བཟླས་ལ་འཕྲིན་ལས་བཞིའི་བྲོ་བརྡུང་ངོ༔ མནན་ལུགས་སྤྱི་དང་མཐུན་པར་བྱ༔ མནན་ཡང་མི་ནོན་པའི་ཐོད་པ་ནི༔ སྔགས་པའི་ཐོད་པ༔ རྒྱལ་པོའི་ཐོད་པ༔ བུད་མེད་བུ་མང་པོ་སྐྱེས་པའི་ཐོད་པའོ༔ སེམས་ཉིད་རྟོགས་པའི་ཐོད་པ༔ འཕགས་པའི་ཐོད་པ་་་སེལ་བཅུག་ན་བཟང་།རྣམས་མནན་དུ་མི་རུང་བའི་ཐོད་པའོ༔ ད་ཟོར་དུ་འཕང་བ་ནི༔ གོང་གི་སླ་ངའི་ནང་གི་ཐལ་བ་དང༔ གཏོར་མ་དགྲ་ཕྱོགས་སུ་འཕང་ངོ༔ མནན་བསྲེག་འཕང་གསུམ་མི་ཤེས་ན༔ ཕྲིན་ལས་གཞུག་རྡུམ་ཡིན༔ ཡང་སྤྱིར་བན་དྷེ་ཕྱི་བའི་ཐོད་པར་མནན༔ བོན་པོ་ལ་གྲུམ་པའི་ཐོད་པར་མནན༔ སྐྱེ་བོ་ལ་རབས་ཆད་ཐོད་པ༔ ནོར་ལ་མཛོ་དྲེའུའི་ཐོད་པ༔ རང་གཤེད་རང་དབབ་ཀྱི་ཐོད་པ་ཡིན༔ ཡང་ན་དགྲ་བོའི་ལོ་དང་གཤེད་རྩིས་ལ་མནན་པ་མན་ངག་གོ༔ ད་ནི་དགྲའི་བླ་གནས་བརྩི་བ་ནི༔ ཚེས་གཅིག་བྱ་ཟེར་ནས་ཉི་མ་མ་ཤར་བར་ལ་རྐང་མཐིལ་ལ་གནས་སོ༔ ཚེས་གཉིས་ལ་ཉི་མ་ཤར་ནས་དྲོས་ཆེན་ཚུན་ཆད་བྱིན་པའི་དཀྱིལ་ལ་གནས་སོ༔ ཚེས་གསུམ་ཉི་མ་དྲོས་ཆེན་ཚུན་ཆོད་ལ་བརླའི་དཀྱིལ་ན་གནས་སོ༔ ཚེས་བཞི་ནམ་ལངས་སྐེད་ལ་གནས་སོ༔ ལྔ་ལ་ཉི་མ་ཤར་ནས་ཉི་ཤུར་་་ཉི་མྱུར།ཚུན་ཆད་ཁའི་ནང་ལ་གནས་སོ༔ ཚེས་དྲུག་ཉི་མ་དྲོས་མ་དྲོས་ལ་ལག་པའི་མཐིལ་ལ་གནས་སོ༔ བདུན་གྱི་ཉི་མ་ཤར་ནས་ནམ་ལངས་ཚུན་ཆད་ལ་རྐང་པའི་བོལ་གཉིས་ལ་གནས་སོ༔ ཚེ་བརྒྱད་ནམ་ཕྱེད་ལ་ལག་པ་གཉིས་ཀྱི་གྲུ་འཇོང་ཁུགས་ལ་གནས་སོ༔ དགུ་ལ་ནམ་ལངས་མཚན་མ་ལ༔ བཅུའི་སྲོད་འཁོར་རྐེད་པ་ལ༔ བཅུ་གཅིག་སྲོད་ལ་སྣ་དང་རྣ་བ་ལ༔ བཅུ་གཉིས་བྱ་ཟེར་ཕོ་བ་དང་དཔྲལ་མདོའི་སྐྲ་མཚམས་ལ༔ བཅུ་གསུམ་ཉི་མ་མྱུར་བ་ལ་སོ་ལ༔ བཅུ་བཞིའི་ནམ་ཕྱེད་སྙིང༔ བཅོ་ལྔ་ཉི་མ་མྱུར་བ་ལ་ལུས་བྱིངས་ལ་གནས་སོ༔ ཁྱད་པར་བྱིན་པའི་དཀྱིལ་དུ་གནས་སོ༔ བཅུ་དྲུག་ཉི་མ་མྱུར་བ་ལ་རྐེ་དང་བྲང་གཞུང་ལ༔ བཅུ་བདུན་སྲོད་འཁོར་མགུལ་བ་གཡོན་ཟུར་ལ༔ བཅོ་བརྒྱད་ཉི་མ་དྲོས་ཆེན་ཕོ་བ་དང་བརླ་གཉིས་ཀྱི་ནང་ན་གནས་སོ༔ བཅུ་དགུ་ནི་བརླ་གཉིས་ཀྱི་ཁུགས་དང་རྐང་པའི་ལོང་གཉིས་ལ་གནས་སོ༔ ཉི་ཤུའི་ཉི་མ་ཕྱེད་ངར་གདོང་གཉིས་ལ་གནས་སོ༔ ཉེར་གཅིག་ལ་ཉི་མ་དྲོས་ཆུང་རྐང་པའི་མཐིལ་གཉིས་ལ༔ ཉེར་གཉིས་ལ་ནམ་ལངས་མཁལ་ཁུང་གཉིས་ལ་གནས་སོ༔ ཉེར་གསུམ་ཉིན་ཕྱེད་ལ་བྱིན་པ་གཉིས་ལ༔ ཉེར་བཞི་ཉི་མ་ཕྱེད་ལ་ལག་མཐིལ་གཉིས་ལ༔ ཉེར་ལྔ་ནམ་ཕྱེད་ལྕེ་ལ༔ ཉེར་དྲུག་སྐྱ་རེངས་ཤར་བ་ལ་མཇིང་པ་ལ༔ ཉེར་བདུན་ནམ་ལངས་ལ་པུས་མོ་གཉིས་ལ༔ ཉེར་བརྒྱད་ཉི་ཤར་མཚན་མ་དང་ལྟེ་བ་གཉིས་ལ༔ ཉེར་དགུ་ཉི་མ་ཕྱེད་ཡོལ་མིག་གཉིས་ལ་གནས་སོ༔ སྟོང་ཆེན་ཉིན་ཕྱེད་ལ་ལུས་ཁྱབ་པར་གནས་སོ༔ ཁྱད་པར་རྒྱུ་མ་ལ་གནས་སོ༔ ཡང་ནམ་ལངས་རྐང་པ་གཉིས་ལ་གནས་སོ༔ ཉི་ཤར་མཇིང་པ་ལ་གནས་སོ༔ དྲོས་ཆུང་ལྟག་ཁུང་ལ༔ དྲོས་ཆེན་མཆུ་ལ༔ ཉི་ཕྱེད་བྲང་གཞུང་ལ༔ ཕྱེད་ཡོལ་ལྟེ་བ་ལ༔ མྱུར་བ་སྙིང་ལ༔ མྱུར་ཆུང་རྒྱབ་ལ༔ ཉི་ནུབ་རྐང་པ་གཉིས་ལ༔ སྲོད་ནས་ནམ་ལངས་བར་ལྟེ་བ་མན་ཆད་ཁྱབ་པར་གནས་སོ༔ ཁྱད་པར་མཚན་ལ་གནས་སོ༔ བླ་གནས་པའི་སར་ཕུར་པ་བཏབ་ན་དགྲ་བོ་མྱུར་དུ་འཆིའོ༔ བླ་སོད་ནས་དགྲ་མི་འཆི་བའི་དབང་མེད་དོ༔ བླ་གནས་མི་ཤེས་པར་ཕུར་པ་འོལ་ཚོད་ལ་བཏབ་པས་དགྲ་མི་འཆིའོ༔ བླ་གནས་ཤེས་ན་ཤན་པས་སེམས་ཅན་གསོད་པ་དང་འདྲའོ༔ དགྲ་མི་འཆི་བའི་དབང་མེད་དོ༔ བླ་གནས་ཀྱི་མན་ངག་ཁྱད་པར་ཅན་འདི་བླ་ཁྱིམ་ཡིན་ནོ༔ ཡང་རྣལ་འབྱོར་པས་སྒྲུབ་པ་བྱེད་པའི་ཚེ༔ ཟློག་པ་མཁན་བྱུང་གིས་དོགས་ན༔ མཚམས་ལ་མ་ཞུགས་པའི་གོང་དུ༔ རང་གཤེད་རང་ལ་བསྐོལ་བའི་ལས་རྣམས་བྱ༔ ཡང་ན་མཚམས་ཐོན་ནས་ཟློག་པ་དང༔ ཡང་ཟློག་རྣམས་ལ་འབད་པར་བྱའོ༔ ཟློག་པ་མཁན་ཡོད་པའི་རྟགས་ནི༔ བན་བོན་དམག་ཚོགས་དང༔ སྐྱེ་བོའི་དམག་ཚོགས་དང༔ རྦབ་དང་རླུང་འཚུབས་དང༔ སེར་བ་དང༔ ཤག་འདེབས་དང༔ མདའ་དང༔ སྒྱོགས་རྒྱབ་པ་དང༔ གཞན་གྱིས་རང་གསོད་དུ་བྱུང་བ་དང༔ དེ་ལྟར་བྱུང་ན་ཟློག་མཁན་ཡོད་པའི་རྟགས་སོ༔ ཡང་སྒྲུབ་པ་གང་བྱེད་ཀྱང༔ དམ་ཚིག་སྲུང་བ་ནི༔ གཞན་གྱི་ཕྱེ་ཕུད་སྲུང༔ འབག་བཙོག་རྣམས་སྲུང༔ དམེ་ཡུགས་དང་མི་གཙང་བ་རྣམས་སྲུང༔ གཞན་དང་ཁ་མི་བསྲེ༔ ནང་དུ་འཁོན་མི་བྱ༔ རང་གི་གོས་མི་ལ་མི་བསྐོན༔ རང་གི་ལུས་དང་ཕོར་སྡེར་མི་བཀྲུའོ༔ ཡུགས་ས་མོ་དང་མི་ཉལ༔ སྐྲ་དང་སེན་མོ་མི་འབྲེག༔ གདན་མི་སྤྲུགས༔ ཁྱི་ལྤགས་མི་འདིང༔ ཁྱི་ལ་ཟན་མི་སྟེར༔ སྨྲ་བཅད་དམ་དུ་བྱ༔ མཚམས་གཡོག་བུད་མེད་ལ་མི་འཆོལ༔ གྲིབ་ལ་འཛེམ་པ་གཅེས་སོ༔ རྩ་བའི་བླ་མ་མ་གཏོགས་པ༔ གཞན་ལ་ཕྱག་མི་འཚལ༔ རང་གི་གྲིབ་མ་ལ་གཞན་གྱིས་འགོམ་མི་བཅུག༔ དམ་ཚིག་འདི་རྣམས་བསྲུངས་ན༔ མཐུ་དང་ནུས་པར་ལྡན་ནོ༔ མན་ངག་འདི་རྣམས་གཏེར་ཁྱིམ་ནང་ནས་ཡང་ཁྱིམ་ཡིན་ནོ༔ མན་ངག་སྲིད་པའི་གཏེར་ཁྱིམ་ཞེས་བྱ་བ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ སྣང་སྲིད་རྣམས་ཀྱི་རྒྱ་རྒྱ༔ ཁ་ཐམ་ཁ་ཐམ༔ གཏེར་རྒྱ༔ མཁའ་འགྲོ་རྣམས་ཀྱི་རྒྱ༔ མངའ་བདག་ཉང་གི་གཏེར་མ་ཡིན། །སྤྲུལ་སྐུ་སྔགས་འཆང་ཆོས་ཀྱི་སྤྱན། །དབོན་པོ་བསོད་ནམས་རྡོ་རྗེ་པས། །མ་ནོར་ཕྱོགས་སུ་བསྡེབས་པ་ལགས། །མུ་ཏིག་ཕྲེང་བ་དང་འདྲ༔ སྦས་པའི་མིག་འབྱེད་མན་ངག་ཡིན༔ དཔེ་མཐོང་ཐོས་ཆོག་མན་ངག་ཡིན༔ དང་པོ་ལས་འབྲས་མེད་ན་ཟབ་མོའི་གདམས་ངག་འདི་རྣམས་དང་མི་འཕྲད༔ བླ་མ་མ་མཉེས་ན་མན་ངག་གི་སྙིང་རྣམས་མི་ལོན༔ དམ་ཚིག་མ་བསྲུངས་ན་ཚེ་ཐུང་བར་ཆད་འོང༔ དམ་རྫས་མ་ཚང་ན་ལྷ་མི་འདུ༔ སྲོག་སྙིང་གནད་ནས་མ་ཟིན་ན་རྟགས་དང་མཚན་མ་ལོག་པར་འགྲོ༔ གཉེན་པོ་སྟོབས་ཀྱི་ལྷ་མ་གསལ་ན་དབང་དུ་མི་འདུ༔ དམ་ཚིག་ཉམས་ན་བསྒྲུབས་ཀྱང་ངལ་བ་དོན་མེད་ཡིན༔ སྨྲ་བཅད་མ་བྱས་ན་ཉམས་རྟགས་མི་གསལ༔ སྔགས་རྣམས་ནོར་ན་ཆོ་འཕྲུལ་རྩུབ་མོ་ཡོང༔ ལས་སྦྱོར་དུས་སུ་འབོད་རྦད་བསད་གསུམ་མ་དྲིལ་ན་དགྲ་མི་འཆིའོ༔ ཕྲིན་ལས་ཀྱི་གཞུང་མ་བསྲང་ན་ལས་སྦྱོར་གྱི་རྣོ་མི་ཐེབ༔ ཐེ་ཚོམ་ཟོས་ན་དོན་མི་འགྲུབ༔ གདུང་བ་མེད་ན་ཡལ་ནས་འགྲོ༔ ཞེ་སྡང་མེད་ན་སྒྲོལ་མི་ནུས༔ ཏིང་འཛིན་མི་གསལ་ན་འཁུ་ལྡོག་ཆེ༔ བསྟེན་ཐབས་མ་ཤེས་ན་འཁོར་ལ་གནོད༔ ལྟ་བ་མེད་ན་དབང་དུ་མི་འདུས༔ རིང་བ་རྣམས་བསྐྱལ་ལ་བསྒྲུབ༔ དགའ་བ་མེད་ན་ལས་མི་འགྲུབ༔ ཐེ་ཚོམ་ཅན་ལ་འབྲས་བུ་མེད༔ དམ་རྫས་ཆུང་ན་ཁྲོས་པར་འགྱུར༔ སྐོང་བཤགས་གསོལ་ཀ་ལོ་ཟླ་འདས་ན་ཉམས་པའི་གནས༔ དྲོད་ཚད་མེད་ན་ལས་མི་འགྲུབ༔ བླ་རྟགས་མེད་ན་ལས་སྦྱོར་སྟོང་པ་ཡིན༔ དབང་དུ་མ་འདུས་ན་མི་ནོར་ཀུན་ལ་གནོད༔ ཐུན་རྫས་མ་ཚོགས་ན་འགྲོར་མི་བཏུབ༔ བཟླས་པ་མ་རྫོགས་ན་ལས་སྦྱོར་སྟོང་པ་ཡིན༔ དང་པོ་འབོད་པའི་དུས་སུ་གྲུབ་ངེས་པ་བྱས་པས་སྒྲུབ་པ་ཆུད་མི་ཟའོ༔ དམ་ཚིག་གཙང་ན་རྣལ་འབྱོར་པ་ཚེ་རིང་བུ་ནོར་འཕེལ་ལོ༔ དབང་དུ་འདུས་ན་བུ་ནོར་འཁོར་ལ་བྱམས༔ གཉེན་པོ་གསལ་ན་རྦད་སླ་ཚུར་ལ་མི་ལྡོག༔ ཐུན་རྫས་རྣམས་ཚོགས་ན་རྦད་སླ༔ དེའང་ཡུངས་ཐུན་མདའ་ཐུན་ཁྲག་ཐུན་ཕུར་ཐུན་ནོ༔ བཟླས་པ་ཐེམས་ན་ལས་སྦྱོར་ཕྲིན་ལས་རྫོགས༔ ཡང༔ སེམས་ཀྱི་གནས་ལུགས་མ་རྟོགས་པར༔ སྤྱོད་པ་རྩིང་པོ་བྱེད་པ་དེ༔ རྐྱལ་མེད་ཆུ་བོར་མཆོངས་པ་འདྲ༔ རང་སེམས་ཆོས་སྐུར་མ་རྟོགས་པར༔ སངས་རྒྱས་ཡིན་ཞེས་ཁས་ལེན་པ༔ སེང་འབག་ཁྱི་ལ་བསྐོན་པ་འདྲ༔ རྟོགས་པའི་གདིང་དང་མ་ལྡན་ན༔ ལྷ་སྲིན་དྲག་པོའི་སྲོག་འཕྲོག་པ༔ བྱིས་པས་ནོར་རྫས་ཁས་ལེན་འདྲ༔ ཡི་དམ་བསྙེན་པ་མ་རྫོགས་པར༔ ཁ་ཚར་ལས་ལ་སྦྱོར་བ་དེ༔ མི་རྒན་དཔའ་བོར་ཁས་ལེན་འདྲ༔ བླ་རྟགས་མེད་པར་ལས་སྦྱོར་ན༔ དགྲ་མེད་མཚོན་ཆ་འདེབས་དང་འདྲ༔ རྦད་པའི་ནང་རྟགས་མེད་པར་ལས་སྦྱོར་ན༔ ཁྱི་མེད་ཤ་བར་རྦད་པ་འདྲ༔ སྲུང་མ་མ་འགྲུབ་ལས་སྦྱོར་ན༔ དཔོན་མེད་གཡོག་ལས་བཅོལ་བ་འདྲ༔ བཏང་བའི་སར་དེ་འགྲོ་མི་བཏུབ༔ ལིངྒ་མེད་པར་འགུགས་འདྲེན་བྱས་པ་ན༔ རི་དྭགས་མེད་པར་ཁྱི་ནི་འགྱེད་པ་འདྲ༔ དམ་རྫས་མ་ཚང་ལྷ་སྲིན་འབོད༔ རྒྱུ་མེད་མགྲོན་པོ་བོས་པ་འདྲ༔ ཕོ་མོ་མི་སྦྲགས་བཀྲ་མི་ཤིས༔་་་ཕོ་མོ་བསྡེབས་ནས་བསྒྲུབ་ན་ཤིས། ཟླ་བོ་མེད་པའི་ཡུགས་ས་ཕོ་མོ་འདྲ༔ ཕྱི་སྐོར་ནང་སྐོར་མི་ཤེས་པར༔ ཟ་འདྲེ་སྲོག་གི་འཁོར་ལོ་བསྐོར་བ་དེ༔་་་གཡས་བསྐོར་ལ། ཕྱེ་ལེབ་མེ་ལ་མཆོངས་པ་འདྲ༔ སྔགས་ཀྱི་བཟླ་ཐབས་མི་ཤེས་པར༔ མཐུ་ཡི་བཟླས་པ་བྱེད་པ་དེ༔ ཅོལ་ཆུང་གིས་འཇའ་ཚོན་དེད་པ་འདྲ༔ ལྷ་སྲིན་འཁོར་མེད་སྒྲུབ་པ་དེ༔ འཁོར་གཡོག་མེད་པའི་རྒྱལ་པོ་འདྲ༔ ཟློག་པའི་འཁོར་ལོ་མི་ཤེས་པར༔ སྔགས་པ་ནང་རྒྱས་བྱེད་པ་དེ༔ དམག་དཔོན་གཅེར་བུར་འཐབས་པ་འདྲ༔ དམ་མེད་རྣམས་ལ་མན་ངག་སྤེལ༔ སྤང་ལ་མེ་ལྕེ་མཆེད་པ་འདྲ༔ སྔགས་ཀྱི་བཟླ་ལུགས་མི་ཤེས་པར༔ མཐུ་ཡི་སྔགས་རྣམས་བཟླ་བ་དེ༔ རླུང་ནག་འཚུབ་མ་འཚུབ་པ་འདྲ༔ སྲུང་མ་དབང་དུ་མ་འདུས་པར༔ གནད་ལ་ཕབ་ཅིང་བསྐུལ་བ་ནི༔ ཡུས་མེད་ཤགས་ཁ་འདེབས་པ་འདྲ༔ དམ་ཚིག་མི་བསྲུང་འདྲེ་རྒོད་བསྟེན༔ དབུགས་མེད་མཚོན་ཆ་ཁྱེར་བ་འདྲ༔ བླ་མ་མཉེས་པར་མ་བྱས་པར༔ མན་ངག་ཉམས་སུ་ལེན་འདོད་པ༔ ཁ་གཉིས་ལམ་ལ་ཕྱིན་པ་འདྲ༔ མན་ངག་འདི་འདྲ་གཞན་ལ་སྤེལ་པ་དེ༔ སྤང་གི་ལོགས་ལ་མེ་ཤོར་འདྲ༔ སྡེ་བརྒྱད་གནས་ལུགས་མི་ཤེས་པར༔ མཐུ་ཤེས་ཟེར་བར་ཁས་ལེན་པ༔ རྒྱུས་མེད་མི་རབས་བཤད་པ་འདྲ༔ ཐམས་ཅད་གཅིག་ཏུ་མི་ཤེས་པར༔ གསང་སྔགས་ཤེས་པར་ཁས་ལེན་པ༔ མི་ལྟོགས་ནོར་རྫས་ཁས་ལེན་འདྲ༔ ལྷ་སྲིན་སྡེ་བརྒྱད་སེམས་ཀྱི་ཆོ་འཕྲུལ་ཡིན་པར་མི་ཤེས་པ༔ དངོས་པོ་གཟུགས་སུ་གཟུང་བ་ནི༔ ཕྱུག་པོ་སེར་སྣས་བཅིངས་པ་འདྲ༔ སེམས་ཀྱིས་བདེ་བ་ཆེན་པོའི་དོན་གཅིག་མ་རྟོགས་པར༔ ཁ་ཡིས་ལས་སྦྱོར་བྱེད་པ་དེ༔ ལས་ཀྱི་མུན་ནག་འཐིབས་པ་འདྲ༔ ལྟ་བ་ཐེག་ཆེན་གྱི་གདིང་མེད་པར༔ བསད་གསོ་གདབ་ལས་བྱེད་པ་དེ༔ གོ་མཚོན་མེད་པའི་དཔའ་བོ་འདྲ༔ སྲིད་པའི་གཏེར་ཁྱིམ་མི་ཤེས་པའི༔ སྔགས་ལ་ང་མཁས་ཟེར་བ་དེ༔ མུན་པའི་ནང་དུ་རྫས་འཚོལ་འདྲ༔ སྲིད་པའི་གཏེར་ཁྱིམ་ཤེས་པ་ནི༔ མུན་ལ་ཉི་མ་ཤར་བ་འདྲ༔ སྲིད་པའི་གཏེར་ཁྱིམ་མཐུའི་སྤྱི་སྡོམ་ཆེན་པོ༔ མན་ངག་རྣམས་ཀྱི་ལྡེ་མིག་ལགས༔ གྲུབ་ཐོབ་གོང་མ་རྣམས་ཀྱི་ཞལ་གདམས༔ ཕྱི་རབས་རྣལ་འབྱོར་རྣམས་ཀྱི་མ་རིག་མུན་སེལ༔ སྔགས་པ་རྣམས་ཀྱི་ཁོང་སྙིང༔ མན་ངག་རྣམས་ཀྱི་ཉིང་ཁུ་ཡིན༔ མན་ངག་འདི་རིགས་ནས་རིགས་སུ་བརྒྱུད་པར་ཤོག༔ སངས་རྒྱས་བསྟན་པ་དར་བར་ཤོག༔ དཀོན་མཆོག་དབུ་འཕང་མཐོ་བར་ཤོག༔ བུ་སློབ་རིགས་རྒྱུད་འཕེལ་བར་ཤོག༔ སྔགས་ཀྱི་བསྟན་པ་དར་བར་ཤོག༔ ནོར་དང་བསོད་ནམས་འཕེལ་བར་ཤོག༔ རིགས་དང་ལོངས་སྤྱོད་མཐའ་ནས་རྒྱས་པར་ཤོག༔ སློབ་དཔོན་གསང་ཞིང་རང་ཆེ་འདོད་པ་ཡི༔ དམ་ཉམས་རྣམས་ལ་བཀའ་རྒྱ་མང་དུ་ཐོབས༔ ཤོར་ར་རེ༔ བསྟན་སྲུང་རྣམས་ཀྱི་བཙས་སུ་ཤོག༔ མུ་སྟེགས་ལོག་ལྟ་ཐུལ་བར་ཤོག༔ སྔགས་འཆང་བསམ་པ་འགྲུབ་པར་ཤོག༔ རྣལ་འབྱོར་སྐུ་ཚེ་རིང་བར་ཤོག༔ ལྟ་སྒོམ་སྤྱོད་གསུམ་སེམས་ལ་དབང་ཐོབ་ཤོག༔ འབྱུང་བཞིའི་ནད་ཀྱི་བར་ཆད་སེལ་བར་ཤོག༔ ཏིང་འཛིན་སེམས་ལ་རང་དབང་ཐོབ་པར་ཤོག༔ རྒྱུད་སྡེ་བཞི་ཡི་དགོངས་པ་ཐུགས་ལ་ཤར་བར་ཤོག༔ ཨོ་རྒྱན་ཐུགས་ཀྱི་ཉིང་ཁུ་འདི༔ དམ་མེད་ལོག་ལྟ་ཅན་ལ་མ་སྟོན་གསང་བར་གཅེས༔ ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཟབ་རྒྱ༔ ཟབ་རྒྱ༔ ཟབ་རྒྱ༔ ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤིང༔ དགྲ་དང་བགེགས་ཀྱི་དཔུང་འཇོམས་ཤོག༔ བུ་རྒྱུད་རྣམས་ཀྱི་དཔལ་དུ་ཤར༔ ཤིན་ཏུ་གཅེས་པར་མཛད་འཚལ་ལོ༔ གཞན་ལ་ཟུར་ཙམ་ཡང་མ་སྟོན་པར་མཛོད་ཅིག༔
བླ་བསླུ་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་སྔ་འགྱུར་བཀའ་མའི་གཞུང་ལས་བྱུང་བར་གྲགས་པ་ས་ལུགས་ཀྱི་ཕྱག་ལེན་ (Volume 49, Text 37)
ཨོཾ་སྭསྟི། བླ་བསླུ་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་སྔ་འགྱུར་བཀའ་མའི་གཞུང་ལས་བྱུང་བར་གྲགས་པ་ས་ལུགས་ཀྱི་ཕྱག་ལེན་ལྟར་གཏང་བའི་སྐབས། ཡི་དམ་གང་བྱེད་ཀྱི་ཡར་གཞི་སྤྱི་ལྟར་བཤམས་པའི་མདུན། སྟེགས་བུའི་དབུས་སུ་ནས་དཀར་མོ་འབོ་གང་གི་རྒྱབ་ཏུ་མདའ་དར་སྣ་ལྔ་བཙུགས། དེའི་མདུན་དུ་ལི་སྡེར་ཞིག་གི་ནང་བླ་ལུག་སྐྱེ་མཆེད་དོད་པ་མར་ལ་བཅོས་པའི་མཐའ་སྐོར་དུ། བླ་ཤིང་ཤུག་པ་འཇག་མ་གཅིག །བླ་རྡོ་རྡིའུ་དཀར་པོ། དུང་ཤྭ །བླ་གཡུ། མཆོང་སྨུག་པོ། བྱེ་རུ། རྩ་མཁན་དཀར་ཆུན་པོ། བླ་ནས་སྦྱིན་བདག་གི་རྟགས་འབྱར། ཚོན་སྐུད་སྣ་ལྔ་རྡོར་མདུད་བྱས་པ་ལ་ཚེ་གཟུངས་ཀྱི་སྔགས་ཀྱིས་བཏབ་པ། རིན་ཆེན་སྣ་ལྔ་བཅས་ཀྱིས་བསྐོར་བ་ལ་སྟེང་ནས་སྦྱིན་བདག་གི་ཕོར་པས་བཀབ། དེའི་གཡས་སུ་སྦྱིན་བདག་སྐྱེས་པ་ཡིན་ན་ཕོ་ལུག་རྐང་པ་གཡས་པ་དང་། བུད་མེད་ལ་མོ་ལུག་གི་རྐང་པ་གཡོན་པ་རས་དཀར་གྱིས་དྲིལ་ནས་ཚོན་སྐུད་སྣ་ལྔས་བཅིངས་པ། གཡོན་དུ་སྣོད་གས་ཆག་མེད་པའི་ནང་བླ་མཚོ་མཚོན་བྱེད་ཆང་གིས་གཏམས་པ་མར་གྱི་ཟེ་པྲོག་གིས་བརྒྱན་པ། མདུན་དུ་དབུས་སུ་སྦྱིན་བདག་གི་འདྲ་གླུད་ལ་ཞྭ་གོས་ལྷྭམ་གསུམ་དྲི་མ་ཅན་གང་འབྱོར་གྱིས་བརྒྱན་ཅིང་། གླུད་རྫས་གཞན་ཡང་སྤྱི་ལྟར་བཤམ། དེའི་གཡས་སུ་ལྷ་གཟུགས་དཀར་པོ་འཕྱར་ཞིང་ངོ་སོ་མཐོ་བའི་རྣམ་པ་ཅན་གྱི་མདུན་ཤྭ་དཀར་པོ་ཤྭ་མིག་དྲུག་པ་གྱེན་བསྟན་དང་། གཡོན་དུ་འདྲེ་གཟུགས་ནག་པོ་བསྙལ་སྟབས་ཀྱིས་འཁོད་པ་གདོང་སྨད་པའི་རྣམ་པ་ཅན་གྱི་མདུན་དུ་ཤྭ་ནག་པོ་མིག་གཅིག་པ་བཞག །ལྷ་གཟུགས་ལ་འབྲུ་དཀར་དང་། འདྲེ་གཟུགས་ལ་འབྲུ་ནག་གིས་གཏམས། ཚེ་ཐར་ཚེ་ལུག་གཞོན་པ་ཞིག་ཉིན་དང་པོར་བདག་བསྐྱེད་ཚར་བའི་སྐབས་ཚེ་ཐར་བྱས་ནས་རང་གནས་སུ་ཅི་བདེར་གཏང་། བཅས་བཤམ་གྲུབ་ནས། ཕུར་ཆུང་ལྟ་བུའི་བདག་བསྐྱེད་གང་རུང་ཞིག་སྔོན་དུ་འགྲོ་བས། གཏོར་བསྔོ་སྐོང་གསོ་དང་སྦྲེལ་ནས་བྱེད་ན་རྡོར་གླུའི་བར་དཀྱུས་ལྟར་བྱ། དེ་ནས་སྔགས་ཕྱག་དྲུག་གིས་གླུད་ཡས་མས་བྱིན་གྱིས་བརླབ། བཅོམ་རོལ་ལྷ་བསང་བཞིན་བྱས་ལ། ཐོག་མར། ཧཱུྃ་ན་མོ། སངས་རྒྱས་རྐང་གཉིས་སོགས་ཤླཽ་ཀ་གཅིག་ལ་ཧཱུྃ་མཛད་སྒྲ་འབྱིན་མའི་དབྱངས་རོལ། དཀོན་མཆོག་བཀའ་ལ་མན་ཆད་འདུར་མ། ལྷ་ཡང་རྒྱལ་ལ་དྲེ་ཡང་ཕམ། །ཞེས་པར་ཚིག་རོལ་བྱས་ལ་བཞག །རྡོར་དྲིལ་དང་བཅས་ཧཱུྃ་མཛད་ཀྱི་རྒྱས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའྎ ཆོས་ཀྱི་བཀའྎ དགེ་འདུན་གྱི་བཀའྎ འཇམ་དཔལ་སྐུ །པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕྲིན་ལས་ཕུར་པ། མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད། འདུས་པ་མདོ། སྒྱུ་འཕྲུལ་རྒྱན། འཆི་མེད་ཚེ། ལྷུན་གྲུབ་རིག་འཛིན། སྙིང་པོ་ཕྱག་རྒྱ། གསང་སྔགས། རིག་སྔགས། གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའྎ བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ། དམ་ཅན་རྒྱ་མཚོ། རིག་འཛིན་རྣལ་འབྱོར། ཆོས་ཉིད་རྣམ་པར་དག་པའི་བཀའ་བདེན་པ་དང་། བདེན་པ་ཡང་དག་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེང་འདིར་སྦྱིན་པའི་བདག་པོའི་སྐུའི་བླ་ཚེ་སྲོག་གསུམ་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་བརྐུས་པ། ཁྱེར་པ། ཡར་པ། ཉམས་ཆག་ཏུ་གྱུར་པ་དང་། བན་བོན་མཐུ་བོ་ཆེ་རྣམས་ཀྱིས་སྔགས་དང་རྫས་དང་བསམ་གཏན་གྱི་སྦྱོར་བས་བླ་སྲོག་ཕྲོགས་པ་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཀཱི་ལ་ཡ་དང་། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་ཨཱ་བེ་ཤ་ཡ་ཧོཿ ཞེས་སྒོ་མ་བཞིའི་རྒྱས། བླ་སྲོག་ཚེ་གསུམ་བླ་གཟུགས་དང་འོད་དང་ཐིག་ལེ་དང་ནྲྀའི་རྣམ་པ་གཟི་བརྗིད་འབར་བ་བླ་རྟེན་ལ་ཐིམ་པར་གྱུར་པའི་དམིགས་པ་དང་། ཚེ་དཔག་མེད་ཀྱི་གཟུངས་རིང་བཟླས་པའི་གསོལ་བཏབ་བཅས་ལན་གསུམ་གྱི་བར་དུ་བྱ། དེ་ནས། ཀྱེ། བླ་ཡི་ལུ་གུ་སོགས་ནས། བླ་མཚོ་འདི་ལ་བླ་ཁུག་ཅིག །ཅེས་པའི་བར་ཀླུ་རྒྱལ་གྱི་གདངས། ནས་དཀར་བྲེ་གང་སོགས་ནས་ཤུར་མ། བསླུ་ཡང་གཅིག་ལ་བསླུ་ཡང་གཉིས།་་་ཚིག་རོལ། འབའ་ཚེག་གེ་འདིར་ཁུག་ཅིག །སྐབས་ཚིག་རོལ་དང་བཅས་ཆེམ་བརྡུང་གསུམ་གྱི་མཐར་སུམ་བརྡེག་ལེན་ཅན། དེ་ནས། ཀྱེ། ཁྱོད་འགོ་བའི་ལྷ་ལ་སོགས་ལ་ཀླུ་རྒྱལ་གྱི་གདངས། ཀྱེ། དང་པོ་སུ་དང་སུ་ཡི་ནས་ཀངྐ་དྷ་རའི་དབྱངས་རོལ། ལན་ཆགས་བུ་ལོན་བྱང་བར་གྱིས། །ཞེས་པར་ཚིག་རོལ་དང་། རོལ་མོ་བསྒྱུར་ཏེ་དཔང་གཟུག་གི་དབྱངས་རོལ་དང་བཅས། གཞན་ཡང་གསོན་བདུད་སོགས་ནས། བུ་ལོན་བྱང་བར་གྱིས། །བར་དུ་བཏང་རྗེས། རོལ་མོའི་མུ་ནས་ཆེམ་བརྡུང་གི་ཁོངས་སུ་ལྷ་གླུད་དཀར་པོ་དང་སྲུང་མའི་གཏོར་འབུལ་ཡོད་ན་བཅས་ཁང་སྟེང་དུ་བསྐྱལ་ནས་ཕྱོགས་བཞིར་ལྷ་རྒྱལ་ལན་གསུམ་འབོད། མདའ་དར་གཡབ། འདྲེ་གླུད་ནག་པོ་སྦྱིན་བདག་གི་གླུད་བཅས་སྒོ་ཕྱིར་བསྐྱལ་ནས་འདྲེ་ལྔ་བདུད་གཅོད་ཀྱི་ཕྱོགས་སུ་གཏང་། འདྲེ་ཕམ་ཞེས་དང་གི་ཤན་འུར་རྡོ་ཀི་སྒྲ་སོགས་བྱ། དེ་ནས་སུམ་བརྡེག་ལེན་ཅན་བྱས་ལ་སྐོང་གསོའི་འཕྲོས་རྣམས་རྫོགས་པར་བྱའོ། །ཡང་ཕྱག་ལེན་འགའ་རེར། ཡོན་བདག་གི་བླ་རྟེན་གང་རུང་གི་མདུན་དུ་ཁ་གཏད་དེ་བླ་ལུག་ཆུ་དང་བཅས་བཞག །དངོས་གཞིའི་མཇུག་ཏུ། ཨ་ཧ་རི་ནི་ས་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛ་ཛཿ ཞེས་པའི་སྔགས་བཟླ་བ་དང་། དམོད་བོར་ཏེ་བླ་ལུག་བསྐོར་བས་ལན་གཅིག་མ་ཡིན་པར་ཁ་བླ་རྟེན་ལ་ཕྱོགས་ཏེ་སྡོད་ན་བླ་ཁུག་པའི་རྟགས་སུ་བཤད། རྗེས་སུ། ཀྱེ། སྣང་ཞིང་སྲིད་པའི་ལྷ་འདྲེ་དང་། །སོགས་བླ་བསླུ་བཅུ་གསུམ་མའི་མཇུག་ནས་འབྱུང་བས་གཤེགས་གསོལ་བྱེད་པར་གསུངས། ཚར་གྲངས་བྱེད་ན་སྔགས་དྲུག་ཕྱག་དྲུག་ནས་གཟུང་སྟེ་བསྐྱར་ཞིང་། ཚར་གྲངས་རེ་རེ་བཞིན་བླ་གླུད་ལ་ཆངས་བུ། ཤ་དུམ། འབྲུ་སྣ་སོགས་སབ། དེ་ལྟར་དངོས་ཉམས་སུ་བླ་ཁུག་པའི་རྟགས་དང་། བླ་ལུག་རྟེན་ལ་གདོང་ཕྱོགས་པ་སོགས་མ་བྱུང་གི་བར་བྱའོ། །བླ་བསླུ་འདི་ཚེ་སྒྲུབ་ཀྱི་ཆ་ལག་ཡིན་པས་བླ་མ་ཞི་ཁྲོའི་ཚེ་སྒྲུབ་ལྟ་བུ་ཚེ་སྒྲུབ་གང་རུང་གི་བདག་བསྐྱེད་དང་འབྲེལ་བར་བྱས་ཀྱང་ཤིན་ཏུ་ལེགས་སོ། །མངྒ་ལཾ་བྷ་བ་ཏུ།། །།
གནམ་ཆོས་ཐུགས་གཏེར་ལས་སྟོབས་ཆེན་མ་ཧཱ་བ་ལའི་སྒྲུབ་ཐབས་ (Volume 40, Text 37)
གནམ་ཆོས་ཐུགས་གཏེར་ལས་སྟོབས་ཆེན་མ་ཧཱ་བ་ལའི་སྒྲུབ་ཐབས་ཡོད༔ ྈྈྈ ྈ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧཱུྃ༔ མ་ཧཱ་བ་ལ་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ རང་ཉིད་ཁྲོ་བོ་སྟོབས་པོ་ཆེ༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་ཐོ་བ་ལ༔ གཡོན་པས་སྡིགས་མཛུབ་ཞགས་པ་འཛིན༔ ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ ཨོཾ་མ་ཧཱ་བ་ལ་ཧཱུྃ༔ མདུན་དུ་མ་ཧཱ་བ་ལ་ནི༔ སྐུ་མདོག་དུད་ཁ་འཇིགས་པའི་གཟུགས༔ མ་ཧེའི་མགོ་བོ་རྭ་དམར་བ༔ སྟེང་ཞལ་མི་མགོ་མིག་གཅིག་སྔོ༔ ཁ་ནས་སྦྲུལ་ཟ་སྦྲུལ་མགོ་བདུན༔ སྐྲ་ནི་ཐོར་ཅོག་དར་སྔོན་བཅིངས༔ ཕྱག་གཉིས་ལྟེ་ཐད་ཕུར་པ་འདྲིལ༔ ལྟེ་བ་གྲུ་གསུམ་ཧོམ་ཁུང་ན༔ དགྲ་བགེགས་གནོད་བྱེད་འདྲེ་ཀུན་བཙུད༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ བ་ལང་སྤྱོད་ནས་སྤྱན་དྲངས་ནས༔ མདུན་དུ་བསྐྱེད་པ་དེ་ལ་བསྟིམ༔ ཨོཾ་མ་ཧཱ་བ་ལ་ཀྲོ་དྷ་ཡ་བ་ལ་བ་ལ་ཡེ་ཧཱུྃ་ཕཊ་སྭཱ་ཧཱ༔ དེ་ཡིས་མ་ཧཱ་བ་ལ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དམིགས་པའི་དགྲ་བགེགས་འདྲེ་གནོན་ཐབས༔ དམིགས་བྱའི་དགྲ་བགེགས་འདྲེ་ཀུན་ནི༔ ལྟེ་བ་ཧོམ་ཁུང་ནང་བཙུད་དེ༔ བ་ལང་སྤྱོད་དམ་རྒྱ་མཚོའི་བར༔ ཁྱེར་ཏེ་ཟོས་བསད་བསྐྲད་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཟུགས་ཀྱིས་མནན་པ་ནི༔ དུག་ཤོག་གྲུ་ནི་བཞི་པ་ལ༔ གནོད་བྱེད་གང་ཡིན་དེ་ཡི་གཟུགས༔ བྲིས་ཏེ་ཡང་ནི་དུག་ཤོག་ལ༔ མ་ཧཱ་བ་ལ་མངོན་རྟོགས་ལྟར༔ བྲིས་ཏེ་དེ་ཡི་ལྟེ་བའི་ནང༔ ནྲྀ་ཏྲི་དཔེའུ་རིས་ལྟར་དུ་བྲིས༔ དེ་ནས་དེ་ཡི་རྒྱབ་ཏུ་ནི༔ སྔགས་ནི་དཔེའུ་རིས་ལྟར་བྲིས་ནས༔ མནན་པའི་གནས་ནི་གང་ཡིན་པར༔ གནོད་བྱེད་གཟུགས་ནི་གན་རྐྱལ་བསྙལ༔ དེ་སྟེང་མ་ཧཱ་བ་ལ་སྦུབ༔ དེས་ནི་ངེས་པར་ནོན་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ྈྈྈ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་ཉེར་དགུ་ལ་མ་ཧཱ་བ་ལ་འཇིག་རྟེན་པ་དེས་དངོས་སུ་ཕུལ་ལོ༔ མ་ཧཱ་བ་ལའི་སྐུ་མངོན་རྟོགས་ལྟར་ཡིན།་་་རྒྱབ་ཏུ་བྲི་རྒྱུ།་་་ྈྈྈྈྈྈྈྈྈྈྈྈ འདིའི་བཀའ་གཏད་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བྱའོ།། །།
འཇིག་རྟེན་དབང་ཕྱུག་མི་ཏྲ་སྙིང་ཐིག་གི་དབང་བསྐུར་ཁྱེར་བདེ་བཀླག་ཆོག་ཏུ་བཀོད་པ་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ (Volume 24, Text 37)
༄༅། །འཇིག་རྟེན་དབང་ཕྱུག་མི་ཏྲ་སྙིང་ཐིག་གི་དབང་བསྐུར་ཁྱེར་བདེ་བཀླག་ཆོག་ཏུ་བཀོད་པ་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། མཁའ་མཉམ་འགྲོ་ལ་གཟིགས་པ་མཐའ་ཡས་ཀྱང་། ཁྱད་པར་གདོང་དམར་བོད་ལ་བརྩེར་དགོངས་པ། །རྒྱལ་ཀུན་བརྩེ་ཆེན་གཅིག་བསྡུས་པད་དཀར་འཆང་། །སྤྱི་བོའི་རྒྱན་དང་སྙིང་གི་དཔྱིད་དུ་བསྟི། །གང་དེའི་སྒྲུབ་ཐབས་བཀའ་སྲོལ་རྒྱ་མཚོ་ལས། །མི་ཏྲའི་ཐུགས་ཐིག་རྨད་བྱུང་བདུད་རྩིའི་ཀླུང་། །གཏེར་འབྱིན་རྒྱལ་པོ་ནུས་ལྡན་རྗེར་བབས་པ། །ཐར་པའི་སྲོག་འཚོ་ཉིད་ཕྱིར་དང་བས་སྤྱོད། །རྨད་དུ་བྱུང་བའི་ཐུགས་ཏིག་འདིའི་སྨིན་བྱེད་རྩ་གཞུང་གི་དགོངས་པ་ལྟར་ས་ཆོག་སོགས་རྒྱས་པར་བྱེད་སྐབས་གཏེར་གཞུང་ཉིད་དུ་རྟོགས་པར་བྱ་དགོས་ཤིང་། འདིར་སྒྲུབ་གནས་རྙིང་པར་རས་བྲིས་ཀྱི་དཀྱིལ་འཁོར་ཙམ་ལ་བརྟེན་ནས་མགྱོགས་དབང་ཁྱེར་བདེའི་ལུགས་སུ་བཀོད་པ་ལ་དོན་གསུམ། སྔོན་འགྲོ་སྟ་གོན། དངོས་གཞི་སྒྲུབ་མཆོད་དང་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ལ་གསུམ། ལྷ། བུམ་པ། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི། སྟེགས་གཙང་མར་མཎྜལ་ལ་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་སྟེང་མེ་ཏོག་ཚོམ་བུ་བཀོད། མདུན་དུ་ཕྱི་མཆོད་ཕྲེང་ཚར། དཀར་གཏོར་བཅས་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས་རྩ་སྒྲུབ་ལྟར་བསྐྱེད་བཟླས་བྱ། སྔོན་གཏོར། རཾ་ཡཾ་ཁཾ་དང་། ཨ་ཀཱ་རོས་བྱིན་བརླབ། པྲྀ་ཐི་བཱི་དེ་བཱི་བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་འགུགས། ཨོཾ་པྲྀ་ཐི་བཱི་སོགས་ཀྱི་མཐར། གྲྀཧྞ་ཨི་དཾ་བ་ལིཾ་ཏ་སྭཱ་ཧཱ། བཏགས་པ་ལན་གསུམ་གྱིས་ཕུལ། ཧཱུྃ༔ ས་ལས་བྱུང་བའི་ལྷ་ཀུན་དང༔ གང་ཡང་ས་ལ་བརྟེན་པ་རྣམས༔ མ་ལུས་ཀུན་ལ་དགེ་དོན་དུ༔ བྱམས་པའི་སེམས་ཀྱིས་གནང་བར་མཛོད༔ ཅེས་གསོལ་བ་བཏབ་པས་གནང་བར་བསམ་ལ་གཏོར་མ་ཕྱིར་ཕུལ། མཆོད་པ་ལ་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་པོ་ཆེ་ཡི་སྣོད་རྣམས་སུ། །འབྲུ་གསུམ་ལས་བྱུང་མཆོད་པའི་སྤྲིན། །དཔག་མེད་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། མཎྜལ་གྱི་ཚོམ་བུ་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཏེ་པདྨ་དཀར་པོ་ཧྲཱིཿས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ། ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་ཕྲེང་དང་གཡོན་འོག་མས་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་རི་དྭགས་ལྤགས་པས་ནུ་གཡོན་བཀབ་པ། འོད་དཔག་མེད་པའི་དབུ་རྒྱན་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཡུམ་ཡི་གེ་དྲུག་མ། གཡས་སུ་སྲས་ནོར་བུ་འཛིན་པ། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ་སོགས་འཁོར་གྱི་ཚོགས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་རང་བྱུང་ལྷུན་གྲུབ་ཆེན་པོར་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧྲཱིཿ བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་འཕགས་པ་སྤྱན་རས་གཟིགས། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨ་ཏི་པཱུ་ཧོཿ ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བླ་མེད་མཆོད་པའི་སྤྲིན་ཚོགས་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ཨོཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡ་པཉྩ་ཀཱ་མ་གུ་ཎ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །དེ་ནས་ལྷ་ལ་དམིགས་ཏེ་ཐུགས་རྒྱུད་བསྐུལ་བའི་ཚུལ་གྱིས་ཡིག་དྲུག་བཟླས་པ་བརྒྱ་རྩ་ཙམ་བྱས་ལ། སྤོས་དང་རྡོར་དྲིལ་ཐོགས་ལ། ཨེ་མ་ཧོ༔ བཅོམ་ལྡན་འཇིག་རྟེན་གསུམ་གྱི་མགོན༔ ཐུགས་རྗེའི་བདག་པོ་དགོངས་སུ་གསོལ༔ སློབ་མ་རྣམས་ལ་བརྩེ་བ་དང༔ ཁྱོད་ཉིད་ལ་ཡང་མཆོད་པའི་ཕྱིར༔ མགོན་པོ་ཐུགས་རྗེ་འབྱུང་བ་ཡི༔ སང་ནི་དཀྱིལ་འཁོར་བྲི་བར་འཚལ༔ དེ་བཞིན་བདག་ཅག་གུས་པ་ལ༔ བཅོམ་ལྡན་བཀའ་དྲིན་མཛད་དུ་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ་པས་ལྷས་ཀྱང་གནང་བ་བྱིན་པར་བསམ་མོ། །གཉིས་པ་ནི། བུམ་པ་ཉེར་ལྔའི་བཅུད་དང་མགུལ་ཆིངས་དཀར་པོ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་གསེབ་ཏུ་ཕྱག་མཚན་པད་དཀར་ཡོད་པ་དང་། ལས་བུམ་མགུལ་ཆིངས་དམར་པོ་བཅུད་ལྡན་སྟེགས་བུར་བཀོད། མཆོད་པ་སྔར་ལྟར་བཤམ། བུམ་པ་ལ་གུ་གུལ་བདུག །ཡུངས་དཀར་བྲབ། རྟ་སྔགས་དང་སུམྦྷ་ནིས་བགེགས་བསྐྲད། མཆོད་པ་བྱིན་རླབས་གོང་གསལ་བྱ། ལས་སྔགས་དང་། སྭ་བྷཱ་བས་བསང་སྦྱང་། སྟོང་པའི་ངང་ལས། ཏྲཱཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཾ་ལས་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་པཾ་ལས་པདྨའི་སྡོང་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་སོགས་ནས་བསྟོད་པའི་བར་གོང་སྨོས་ལྟར་བྱ། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད། བུམ་ལྷའི་ཐུགས་རྒྱུད་བསྐུལ། དེ་ལས་འོད་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐིམ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་ཡིག་དྲུག་བཟླ། མཐར་བུམ་པའི་ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་ཆུར་གྱུར་པར་བསམ། ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་དབང་ཆེན་རྟ་མཆོག་དམར་པོ་ཁྲོ་བོའི་ཆས་རྫོགས་པ། དབྱུག་ཏོ་སྡིགས་མཛུབ་མཛད་པའི་སྐུར་གྱུར། ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅེས་བཟླ། ལྷ་འོད་དུ་ཞུ་ནས་དག་བྱེད་རྡོ་རྗེའི་ཆུ་རྒྱུན་དུ་གྱུར། ཅེས་དམིགས། གསུམ་པ་སློབ་མ་སྟ་གོན་ནི། ལས་བུམ་གྱིས་ཕྱི་རོལ་དུ་ཁྲུས་བྱ། བདེན་སྟོབས་སྤྱི་མཐུན་དང་། རྟ་སྔགས་སུམྦྷ་ནི་བརྗོད། ཡུངས་ཐུན་དང་གུ་གུལ་དུད་པས་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ། དེ་ལ་སྐབས་སུ་བབས་པ། གངས་ཅན་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཕུལ་དུ་བྱུང་བ། གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ཨོ་རྒྱན་བསམ་གཏན་གླིང་པའི་ཟབ་གཏེར་ལས་བྱོན་པའི་དབང་བསྐུར་བ་ལ་རིམ་པ་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་གཞུག །དེ་ནས་ཆོས་སྤྱོད་ལྟར་ཕྱག་འཚལ་བྱ་བར་གསུངས་པས་ནུས་ཤིང་སྤྲོ་ན་དེ་ལྟར་བྱ། མགྱོགས་དབང་སྐབས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་ཏེ་བཞུགས་པ་ལ་མི་ཕྱེད་པའི་དད་གུས་ཆེན་པོས་གནས་ལྔ་ས་ལ་འདུད་པའི་ཕྱག་འཚལ་བཞིན་དུ་འདི་གསུང་བར་ཞུ། གང་གི་དྲིན་གྱིས་སོགས། སྐྱོན་གྱིས་མ་གོས་སོགས། ཕྱག་བྱར་འོས་པ་སོགས་བརྗོད། དེ་ལ་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ཅི་བྱས་ཐར་པའི་ལམ་དུ་འགྱུར་བའི་ཕྱིར་སྐྱབས་སུ་འགྲོ་བ་ལ། སྔར་གསལ་བཏབ་པའི་ཡུལ་མཆོག་དེ་དག་གི་སྤྱན་སྔར་བདག་དང་མར་གྱུར་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཅི་མཛད་ཁྱེད་ཤེས་ཀྱིས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ། ཐེག་པ་དམན་པ་ལས་ལྡོག་སྟེ་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་སེམས་བསྐྱེད་པ་ལ། ཕ་མ་ཁོ་ནར་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་དཀྱིལ་འཁོར་འདིར་ཞུགས་ཏེ་ལམ་ཉམས་སུ་བླངས་ལ་འཕགས་པའི་གོ་འཕང་ཐོབ་པར་བྱས་ནས་འགྲོ་བ་འདྲེན་པའི་ཕྲིན་ལས་ལ་འཇུག་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ། སྐྱབས་སེམས་འདི་གཉིས་ཀྱང་རྒྱས་པར་ལྕོགས་ན་གཞུང་ལས་ཟུར་དུ་འབྱུང་བ་ལྟར་བྱ་དགོས་སོ། །སྤྲོོ་བ་བསྐྱེད་པའི་ཕྱིར་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་པར་ཞུ། ཧོ༔ འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས༔ ཨུ་དུམྦཱ་རའི་མེ་ཏོག་ལྟར༔ བརྒྱ་ལམ་ཡང་ནི་རེས་འགའ་ཞིག༔ འབྱུང་ངམ་ཡང་ན་འབྱུང་མི་འགྱུར༔ གསང་སྔགས་སྤྱོད་པའི་ཚུལ་མཆོག་འདི༔ དེ་བས་ཀྱང་ནི་དཀོན་པ་འོ༔ བསྐལ་པ་བྱེ་བ་སྟོང་དུ་ཡང༔ སྡིག་པ་མི་བཟད་བགྱིས་པ་རྣམས༔ དེ་ཀུན་དཀྱིལ་འཁོར་འདི་འདྲ་བ༔ མཐོང་བས་བྱང་བར་འགྱུར་ལགས་ན༔ གྲགས་པ་མཐའ་ཡས་སྔགས་སྤྱོད་པའི༔ ཚུལ་ལ་གནས་རྣམས་སྨོས་ཅི་དགོས༔ བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས༔ རྙེད་པ་མཉམ་མེད་དེ་རིང་རྙེད༔ ཅེས་བརྗོད། སྲུང་སྐུད་དམར་པོ་མདུད་པ་གསུམ་ལྡན་ལས་སྔགས་ཀྱིས་བཏབ། རྡོ་རྗེའི་སྔགས་མདུད་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་པས་སྒོ་གསུམ་བར་ཆད་ཐམས་ཅད་ལས་བསྲུང་བར་མོས་ཤིག །རྟ་སྔགས་བརྗོད་བཞིན་དུ་དཔུང་སྐུད་བཅིང་། ཚོམ་བུ་བཀོད་པའི་མཎྜལ་དང་སོ་ཤིང་ཐོགས་ལ། དངོས་གྲུབ་ཀྱི་པྲ་ལྟས་བརྟག་པའི་སླད་དུ་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཐལ་མོ་སྦྱར་བའི་བར་དུ་ཟུངས་ལ་སོ་ཡི་དྲི་མ་འཁྲུད་པའི་ཚུལ་དང་བཅས་ཏེ་མཎྜལ་དུ་འདོར་བར་ཞུ། ཨོཾ་ཨཱཿཧཱུྃ། ཞེས་བཟླ་བཞིན་དུ་གཏད་ལ་འདོར་དུ་གཞུག །རྩེ་མོ་ཕྱོགས་བཞིར་བསྟན་ན་ལས་བཞི། མཚམས་སུ་ཕྲན་ཚེགས། སྟེང་དུ་མཆོག་འགྲུབ་པར་གསུངས་པ་ལགས་སོ། །ཀུ་ཤའི་ཆུན་པོ་ཆེ་ཆུང་ལ་འོག་གི་སྔགས་བཏབ་ལ། དགེ་དང་མི་དགེའི་ལྟས་རྨི་ལམ་དུ་བརྟག་པའི་ཕྱིར་ཀུ་ཤའི་ཕོན་པོ་ཆུང་བ་སྔས་དང་ཆེ་བ་སྟན་དུ་གྱིས་ལ་སྔགས་འདི་ཉིད་བཟླ་བ་དང་བླ་མ་དཀྱིལ་འཁོར་པ་ལ་མོས་གུས་དང་ལྡན་པས་ཉལ་བའི་ཚེ་རྨི་ལམ་གང་བྱུང་ནངས་པར་ངེད་ལ་སྨྲ་དགོས་པ་ལགས་སོ། །ཨོཾ་མུ་ཙི་ནི་སྭཱ་ཧཱ༔ མུ་ཁ་ལེ་སྭཱ་ཧཱ༔ མོ་ཧཱ་ནི་སྭཱ་ཧཱ༔ ད་ན་ཏི་ལི་སྭཱ་ཧཱ༔ ཞེས་བརྗོད་བཞིན་དུ་ལག་གཡས་གཡོན་དུ་སྦྱིན། དེས་སྟ་གོན་གྱི་རིམ་པ་གྲུབ་པ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་མཛོད་ཅིག །བསོད་ནམས་འདི་ཡིས་སོགས་བརྗོད། སློབ་དཔོན་གྱིས་འདེགས་པའི་རྒྱ་དང་། ཨོཾ་བཛྲ་ཨུཏྟིཥྛ། སྟ་གོན་གྱི་དཀྱིལ་འཁོར་པ་ནམ་མཁའི་དབྱིངས་སུ་བཞུགས་པར་གྱུར། ཅེས་མོས། ཚོམ་བུ་སོགས་བསྡུ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་བྱའོ། །གཉིས་པ་དངོས་གཞི་ལ། དང་པོ་དབང་དོན་སྒྲུབ་མཆོད་བྱ་བ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ་མ་འཛོམ་ན་ལྷ་གྲངས་ཀྱི་འབྲུ་ཚོམ་བཀོད་པའི་དབུས་སུ་ཁྲིའུ་ལ་སྟ་གོན་བྱས་པའི་རྣམ་བུམ། མདུན་ངོས་སུ་གཙོ་འཁོར་ལྷ་ཙཀ་བཅོ་ལྔ། གཡས་སུ་ཡིག་དྲུག་གསེར་བྲིས་ཀྱི་སྔགས་བྱང་། གཡོན་དུ་ཕྱག་མཚན་ཤེལ་ཕྲེང་དང་པད་དཀར། རྒྱབ་ཏུ་རིགས་ལྔའི་སྐུ་དང་ས་བོན་སོ་སོར་ཕྲལ་བ། རིགས་ལྔའི་ས་བོན་ཕྱོགས་བསྡུས་འཇའ་འོད་ཀྱིས་བསྐོར་བ་དང་ཤེལ་རྡོ་རྨ་བྱའི་སྒྲོ་རྣམས་བཀོད། བར་མཚམས་སོགས་གང་བདེར་རྗེས་གནང་ཆས། གཞུང་གི་གླེགས་བམ། བཟླས་ཕྲེང་། དགང་བླུགས། ཁྲི་བེར་དབང་ཞྭ་རྣམས་ཕྱོགས་བསྡུས་ཙཀླི། དུང་། རྡོར་དྲིལ། རྟགས་བརྒྱད། རྒྱལ་སྲིད་ཀྱི་ཙཀ་ལི་རྣམས་བཞག །མདུན་དུ་ཆུ་གཉིས་ཉེར་སྤྱོད་བཤམ། ལས་བྱང་ལ་མཁོ་བའི་དཀར་གསུམ་གཏོར་ཚོགས་སོགས་འདུ་བྱའོ། །དེ་ནས་གཞུང་གི་དགོངས་པ་ལྟར་ན་དང་པོ་བདག་བསྐྱེད་ཕྲིན་ལས་བཟླས་པ་ཚོགས་བཅས་རྒྱས་པར་བཏང་། སླར་མདུན་བསྐྱེད་ཕྲིན་ལས་བཟླས་པ་སོགས་ཚར་གཅིག་བཏང་བར་གསུངས་ཀྱང་། མི་ལྕོགས་ན་ད་ལྟ་ཕལ་ཆེར་གྱི་ཕྱག་བཞེས་ལ་འབྱུང་བ་བཞིན་ཚིག་རིས་གཅིག་གིས་བདག་མདུན་སོ་སོར་སྒྲུབ་ན་དོན་ལ་ཁྱད་པར་མེད་པས་ཁྲུས་དང་གཙང་སྦྲ་བྱས་ལ། བྲམ་ཟེའི་ལུགས་ཀྱི་ཕྲིན་ལས་ཚོགས་གཉིས་རྒྱ་མཚོ་ལྟར་མཐར་ཆགས་སུ་བཏང་། སྤྱན་འདྲེན་སྐབས་ནམ་མཁའི་སྟ་གོན་གྱི་ལྷ་དཀྱིལ་འཁོར་ལ་བསྟིམ། བཟླས་པའི་སྐབས་བདག་མདུན་གཉིས་ཀར་དམིགས་པའི་འཕྲོ་འདུ་བྱས་ལ་ཡིག་དྲུག་ཅི་འགྲུབ་བཟླ། འགྲུབ་ན་བུམ་བསྐྱེད་བཟླས་པ་བཅས་སྔར་ལྟར་ཟུར་དུ་བྱ། མི་འགྲུབ་ན་བཟླས་པའི་སྐབས་དམིགས་རྣམ་ཕྱེས་པས་ཀྱང་རུང་། གང་ལྟར་ཚོགས་མཆོད་བཅས་གྲུབ་ནས་བདག་འཇུག་ལེན་དགོས་ཀྱང་མ་ལྕོགས་ན་ཏིང་ངེ་འཛིན་གྱི་དབང་ལེན་ཙམ་བྱས་ལ་གནང་བ་ནོད། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དེ་ནས་དབང་ལ་འཇུག་པ་དང་དབང་དངོས་གཉིས་སུ་ཡོད་པ་ལས། དང་པོ་ནི། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། མིག་དར་དང་མེ་ཏོག་གཏད། ནང་དུ་འོང་ནས་གྲལ་དུ་མ་འཁོད་པ་ལ། འོ། ཁྱེད་རང་རྣམས་ལ་རིགས་དང་སྐལ་པ་དྲི་བ་ཡིན་པས་གསོན་ཅིག ཀྱེ༔ ཁྱོད་ནི་སུ་ཡིན་ཅི་ལ་དགའ༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། ཧོ༔ བདག་ནི་རིགས་ཀྱི་བུ་མཆོག་སྟེ༔ འཕགས་པ་ཐུགས་རྗེ་ཅན་ལ་མོས༔ སྐལ་པ་བཟང་ལ་བདག་དགའ་འོ༔ ཞེས་དྲི་བ་དང་ལན་བཅས་ཚར་གསུམ་བྱས་ལ། དེ་ལྟར་ན་དཀྱིལ་འཁོར་དུ་འཇུག་པའི་སྐལ་པ་དང་ལྡན་པར་འདུག་པས་རང་གྲལ་དུ་འཁོད་པར་མཛོད་ཅིག །ཅེས་གྲལ་ལ་འཁོད། ཐམས་ཅད་ལ་ཟན་དུམ་རེ་གཏད་ལ་ཆངས་བུ་བྱས་པ་བསྡུས་ལ། བགེགས་གཏོར་གཏང་། མཚམས་གཅོད་དང་སྲུང་འཁོར་བཅས་བྱ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་ངེས་པའི་དོན་དུ་ཆོས་སྐུ་གཟི་བརྗིད་འོད་དཔག་མེད་མགོན་ལས་མ་གཡོས་པར། ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ་རིགས་ལྔར་སྣང་བས་སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་བཀོད་ཅིང་། བསྐལ་བཟང་འདི་ཉིད་ཀྱི་སངས་རྒྱས་རྣམས་ཀྱང་སྤྲུལ་པའི་གཞིར་གྱུར་པ་ཡིན་ལ། རྣམ་པ་ཙམ་དུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བདེ་བ་ཅན་དང་པོ་ཏ་ལ་ན་སྐུ་དངོས་སུ་བཞུགས་ཤིང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རྒྱུན་ཆད་མི་མངའ་བ་དེ་ཉིད་ཀྱི། མདོ་རྒྱུད་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་འཕགས་བོད་ཀུན་ཏུ་མཐའ་ཡས་པ་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི། རྗེ་བཙུན་སྤྱན་རས་གཟིགས་ཉིད་ཀྱིས་བདེ་ཆེན་རལ་པ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བསྩལ་པས་ས་བརྒྱད་པའི་རྟོགས་པ་མངོན་དུ་གྱུར་ཅིང་འཆི་མེད་འཇའ་ལུས་རྡོ་རྗེའི་སྐུར་བཞུགས་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་བཅོ་བརྒྱད་མངའ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཨཱ་ནནྡའི་ཞལ་སྔ་ནས། སངས་རྒྱས་གཉིས་པ་པདྨཱ་ཀ་རས་གསན་ཏེ། བོད་ཡུལ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ཨཱརྻ་ས་ལེ་སོགས་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་མི་བཞི་ལ་གདམས་ནས་ཕྱི་རབས་ཀྱི་དོན་དུ་ཟབ་མོའི་གཏེར་དུ་སྦས་པ། སྨོན་ལམ་ལས་འཕྲོ་དང་གདུལ་བའི་དུས་ལ་བབས་པའི་ཚེ་ཨཱརྻ་ས་ལེའི་སྐྱེ་བ་སྤྲུལ་པའི་གཏེར་འབྱིན་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་བསམ་གཏན་གླིང་པའམ་སྟག་ཤམ་རྡོ་རྗེ་དྲི་མེད་སྙིང་པོས། སྤུ་བོ་འདོངས་ཆུ་བྱམས་པའི་ལྷ་ཁང་ནས་སྤྱན་དྲངས་པའི་འཇིག་རྟེན་དབང་ཕྱུག་མི་ཏྲ་སྙིང་ཐིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དགའ་ཆེན་ཁྱོད་བདག་སྟོན་པ་པོ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི༔ དམ་ཚིག་དེ་ཉིད་བསྩལ་དུ་གསོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ ལན་གསུམ། དེ་ནས་ལྷ་ལ་གནང་བ་ཞུ་བ་ནི། སློབ་དཔོན་ཞྭ་ཕུད། བཞེངས་ལ་སྤོས་དང་རྡོར་དྲིལ་ཐོགས་ཏེ། ཧོ༔ བཅོམ་ལྡན་གཙོ་བོ་དགོངས་སུ་གསོལ༔ ཡེ་ཤེས་ལྷ་ཡི་གྲོང་ཁྱེར་མཆོག༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ དད་ལྡན་སློབ་མ་འཇུག་པར་འཚལ༔ འཇིག་རྟེན་གསུམ་ལ་ཕན་མཛད་པའི༔ འགྲོ་བའི་མགོན་པོས་གནང་བར་མཛོད༔ ཅེས་ལན་གསུམ་གསོལ་བས་ལྷས་གནང་བར་བསམ་མོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་གནང་བ་སྦྱིན་པ་ནི། ཧོ༔ ཁྱོད་ནི་ཚུལ་ཅན་སྣོད་ཡིན་ཏེ༔ བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི༔ གསང་སྔགས་སྤྱོད་ཚུལ་ཆོ་ག་འདི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ རྫོགས་པའི་སངས་རྒྱས་གང་འདས་དང༔ དེ་བཞིན་གང་དག་མ་འབྱོན་དང༔ ད་ལྟར་བྱུང་བའི་མགོན་པོ་རྣམས༔ འགྲོ་ལ་ཕན་ཕྱིར་བཞུགས་པ་དག༔ ཆོ་ག་བཟང་པོ་འདི་མཁྱེན་ནས༔ དཔའ་བོས་བྱང་ཆུབ་ཤིང་དྲུང་དུ༔ ཐམས་ཅད་མཁྱེན་པའི་མཚན་མ་བརྙེས༔ གསང་སྔགས་སྦྱོར་བ་གཉིས་མེད་པ༔ སྐྱོབ་པ་ཤཱཀྱ་སེང་གེ་ཡིས༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ༔ དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར༔ བུ་ཡི་བློ་གྲོས་འདི་གྱིས་ཤིག༔ ཅེས་བརྗོད་ལ་ཡོལ་བ་ཕྱེ། སྒྲིབ་པ་བཀྲལ་བ་ནི། སློབ་དཔོན་གྱིས་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་བཛྲ་བྷནྡྷ་ཏྲ་ཐ༔ ཞེས་བརྗོད་ཅིང་བསྐོར་ནས་ཕྱག་རྒྱ་ཕྱིར་བཀྱེད་པས། སོར་མོ་རྣམས་ཡེ་ཤེས་ཀྱི་ལྕགས་ཀྱུ་འབར་བས་སློབ་མའི་སྡིག་སྒྲིབ་ཐམས་ཅད་ནག་ཐ་ར་ར་གཏོར་བར་བསམ། བྱིན་གྱིས་བརླབ་པ་ནི། རང་གི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བསམ་སྟེ༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་བརླབ་རྣམས་བསྡུས་ནས༔ སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསམ་ལ་མེ་ཏོག་ཀྱང་འཐོར་རོ། །དམ་ཚིག་བསྒྲག་པ་ནི། ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འདི༔ དམ་མེད་རྣམས་ལ་སྨྲ་མ་བྱེད༔ ཐེག་ཆེན་གསང་བ་སྟོན་བྱེད་པ༔ ང་ལ་བརྙས་པར་མ་བྱེད་ཅིག༔ དཀྱིལ་འཁོར་གསུམ་ལ་རྟག་གནས་ཤིང༔ མ་ལུས་སེམས་ཅན་དོན་བརྩོན་མཛོད༔ དུང་ཞལ་ནས་དྲི་བཟང་གི་དམ་ཆུ་སྦྱིན་ལ། ཧཱུྃ༔ ཐུངས་ཤིག་རྡོ་རྗེ་འབར་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ ཇི་སྐད་བསྒོས་པའི་དམ་ཚིག་ལས་སྐད་ཅིག་ཀྱང་འདའ་མི་རུང་བ་ཡིན་པས་ངེས་པར་མཛོད་ཅིག །དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས། གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་སྙིང་གར་ཡི་གེ་ཧྲཱིཿདཀར་པོ་ཡོད་པར་བསམ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ། འཇིག་རྟེན་དབང་ཕྱུག་ཡབ་ཡུམ་སྲས་གསུམ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་དཀར་ལ་འཚེར་བ་ཉི་མའི་འོད་ཟེར་ལྟ་བུར་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྙིང་ལ་ཞུགས་པར་མོས་ཤིག །ཡི་གེ་དྲུག་པའི་མཐར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་བརྗོད་ལ་སྤོས་དང་རོལ་མོ་བྱའོ། །དེ་ནས་ཁྱེད་རང་རྣམས་ཀྱིས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། ཤར་སྒོ་ནས་ནང་དུ་ཕྱིན་པས་ལྷའི་ཞལ་མཐོང་བ་ལ་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སངྒྷཱ་ཡ༔ ན་མོ་ལོ་ཀི་ཤྭ་ར་ཡ༔ ལན་གསུམ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་པས་འདོར་བར་ཞུ། ཧོ༔ མེ་ཏོག་རིན་ཆེན་ཕྲེང་བ་འདི༔ སྔོན་ཚེ་བསྙེན་པའི་ཡེ་ཤེས་ལྷ༔ འགྲོ་ལ་ཕན་པའི་གཙོ་ཆེན་གྱིས༔ སྨིན་པར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་དུ་འདོར་གཞུག །སློོབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧཱུྃ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མི་ཤེས་པའི༔ མ་རིག་ལིང་ཏོག་བསལ་བར་བྱ༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། མིག་དར་བསལ་བས་དག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་གྱུར་ཏེ་རྟེན་དང་བརྟེན་པར་བཅས་པའི་ལྷའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བའི་མོས་པས་དད་གུས་སྐྱེད་ཅིག །ཧོ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ཀྱི་ཡི་དམ་འདི་ཡིན་གྱིས༔ རྟག་ཏུ་ཡི་དམ་འབྲལ་མེད་མཛོད༔ འཇིག་རྟེན་འདས་དང་འཇིག་རྟེན་པའི༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ ཀྱེ་ཁྱེད་རྣམས་ཀྱི་གསང་བའི་མཚན་འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་ཅེས་བྱ་བ་ཡིན་ནོ། །སྔར་ཕུལ་བའི་ཅོད་པན་སྤྱི་བོར་བཞག་ལ། ལྷག་པའི་ལྷ་སྤྱི་བོར་ཐིམ་པར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་ཧཱུྃ༔ དེ་ལྟར་མཇལ་བའི་དཀྱིལ་འཁོར་གྱི་རྣམ་དག་བཤད་པ་འདི་ལ་གསན་འཚལ། ཨེ་མ་ཧོཿངོ་མཚར་བསྟན་པའི་དཀྱིལ་འཁོར་འདི༔ ཡང་དག་ཏུ་ནི་འདི་ལྟ་སྟེ༔ ཕོ་བྲང་ཟླུམ་ཞིང་འཁྱིལ་བ་ནི༔ ཆོས་དབྱིངས་སྤྲོས་དང་བྲལ་བ་སྟེ༔ ཡེ་ཤེས་ལྷ་ཡི་སྐུར་བཞུགས་པ༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད༔ པདྨ་དམར་པོ་ཆགས་མེད་གསུང༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ འོད་ཀོར་ཐུགས་མཆོག་ཡེ་ཤེས་ལྔ༔ པདྨ་འདབ་བརྒྱད་འཁོར་ལྷ་བརྒྱད༔ བར་ཁྱམས་སྒོ་བཞི་ཕྲིན་ལས་བཞི༔ བུམ་པ་དྲི་མ་སེལ་བྱེད་དོ༔ རྒྱལ་མཚན་མི་མཐུན་ཕྱོགས་རྣམས་གཅོད༔ པན་རག་ཆེན་པོ་རྣམ་ལྔ་ལ༔ ཡོན་ཏན་རྒྱས་བྱེད་ཕ་གུ་སེར༔ ཐབས་དང་ཤེས་རབ་དྲྭ་བས་སྦྲེལ༔ ཆགས་མེད་ལོངས་སྤྱོད་འདོད་ཡོན་དམར༔ མ་འདྲེས་ཆོས་ལྔར་མདའ་ཡབ་དཀར༔ ཐུགས་རྗེ་སྣ་ཚོགས་ད་རུ་ཀད༔ ཀུན་རྫོབ་ཐབས་ཆེན་ཀ་བ་ལ༔ དོན་དམ་མི་འགྱུར་གཡུ་གདུང་ངོ༔ ཐེག་པ་བཞི་ལྡན་རྟ་བབས་ལ༔ སྤྲུལ་སྐུ་དོན་ཆགས་པདྨ་དམར༔ ལོངས་སྐུ་ཆོས་འཁོར་རྒྱས་བྱེད་སེར༔ ཆོས་སྐུ་དྲི་བྲལ་གདུགས་དཀར་སྐྱོབ༔ ཆོས་དབྱིངས་ཀུན་ཁྱབ་གཙང་ཁང་སྟེ༔ དབྱིངས་ཡེ་མི་མངོན་དབུས་མཐོ་བར༔ ཆོས་སྐུ་རྟོག་པ་མེད་བཞིན་དུ༔ གཞན་དོན་འབྱུང་བས་རིན་ཆེན་བཟང༔ འདུས་མ་བྱས་ཤིང་མི་འགྱུར་བས༔ འོག་གཞི་སྣ་ཚོགས་རྡོ་རྗེའོ༔ མི་མཐུན་དུག་གསུམ་སྤངས་པའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་ར་བས་བསྐོར༔ བདེ་བ་འབྱུང་བ་པདྨའི་ཕྲེང༔ མེ་ཏོག་རྡོ་རྗེ་ར་བ་ལ༔ སྣ་ཚོགས་སྤྲུལ་སྐུ་མེ་རི་དཀར༔ སྒྲིབ་མེད་གསལ་བ་ཡེ་ཤེས་ཏེ༔ དཔག་མེད་གཞལ་ཡས་ཆོས་དབྱིངས་སོ༔ ཕྱི་ནང་སྣོད་བཅུད་རྣམ་དག་པས༔ དངོས་པོ་མ་ཡིན་དངོས་མེད་མིན༔ རྟག་པ་མ་ཡིན་ཆད་པ་མིན༔ མེད་བཞིན་ཤར་བ་རྟེན་འབྲེལ་ཏེ༔ མཁའ་ལ་འཇའ་སྣང་ཅི་བཞིན་ནོ༔ འཇའ་སྣང་རྟེན་འབྲེལ་རྒྱུ་རྐྱེན་ལས༔ ལྟོས་བཞིན་ཤར་བ་ཆོས་ཉིད་དེ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཡང༔ དད་པའི་སྟོབས་ཀྱི་རྟེན་འབྲེལ་ལས༔ སྙིང་རྗེའི་མདངས་ལས་དཀྱིལ་འཁོར་ཤར༔ གདུལ་བྱ་མ་རྫོགས་དེ་ཡི་བར༔ བྱང་ཆུབ་སེམས་ཀྱི་འོད་གསལ་བརྡལ༔ དད་ལྡན་འགྲོ་བ་མ་ལུས་པ༔ བྱང་ཆུབ་ལམ་གྱི་གནས་སུ་བཀོད༔ གདུལ་བྱ་འགྲོ་དོན་རྫོགས་པའི་ཚེ༔ ཆོས་ཀུན་ཆོས་ཉིད་པདྨོའི་ཀློང༔ བཟླུམས་ནས་སྣང་བ་མཐའ་ཡས་སུ༔ མངོན་པ་ལས་ནི་བྱང་ཆུབ་པས༔ བུ་རྣམས་དད་པ་རབ་ཏུ་བྱོས༔ དེ་དག་རྣམས་ཀྱིས་འཇུག་པའི་ཆོས་བཅོ་ལྔ་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཧོ༔ འཇིག་རྟེན་མགོན་པོ་དགོངས་སུ་གསོལ༔ འཁོར་བ་རྒྱ་མཚོ་མཐའ་མེད་དུ༔ བྱིང་བ་བདག་ལ་སྐྱབས་མཛོད་ཅིག༔ སྒོ་གསུམ་དྲི་མ་གསུམ་སྤངས་ཏེ༔ རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས་དབང་རྣམས་རིམ་པར་བསྐུར་བ་ལ། དངོས་གཞིའི་དབང་དང་ཡན་ལག་རྗེས་གནང་དམ་ཚིག་འབོགས་པ་གཉིས་ཡོད་ཅིང་། དབང་བསྐུར་དངོས་ལའང་། ཡོན་ཏན་ཀུན་ལྡན་བུམ་པའི་དབང་། ཕྱི་རྫས་ལ་བརྟེན་པའི་དབང་བཞི། ནང་ཏིང་ངེ་འཛིན་ལ་བརྟེན་པའི་དབང་བདུན། གསང་བ་ཡེ་ཤེས་ཆེན་པོའི་དབང་བཅས་རྣམ་གྲངས་བཞིར་ཡོད་པ་ལས་དང་པོ་བུམ་པའི་དབང་སྦྱིན་པ་ཡིན་པས་དམིགས་འདུན་རྣམས་རིམ་བཞིན་མཛད་འཚལ། ཞེས་མཚམས་སྦྱར་ལ། ལས་སློབ་ཀྱིས་བུམ་པ་མདུན་དུ་བཏེགས། སློབ་དཔོན་གྱིས་བུམ་ནང་དུ་དཀྱིལ་འཁོར་ཡོངས་རྫོགས་སྐད་ཅིག་གིས་གསལ། གོང་སྟ་གོན་སྐབས་སུ་བཤད་པའི་མཆོད་བསྟོད་བསྡུས་པ་བྱེད། ཐལ་མོ་སྦྱར་ལ། ཨོཾ༔ བཅོམ་ལྡན་ཡེ་ཤེས་ལྷ་ཡི་ལྷ༔ ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་རབ་ཏུ་བསྒྲལ་བའི་ཕྱིར༔ དངོས་གྲུབ་དབང་མཆོག་གནང་བར་མཛོད༔ ཅེས་གསོལ་བས༔ བཅོམ་ལྡན་འདས་ཀྱིས་གནང་བ་སྦྱིན་པའི་བརྡར་ཞལ་འཛུམ་པར་མཛད་པར་བསམ་ལ༔ སླར་ཡང་། ཨརྒྷཾ་སོགས་ཀྱིས་མཆོད་པས། བུམ་པའི་ལྷ་ལས་འོད་ཟེར་འཕྲོས་པས༔ སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས༔ བུམ་པའི་ལྷ་ལ་ཐིམ་པས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ༔ སློབ་དཔོན་ཉིད་སྐད་ཅིག་གིས་བཅོམ་ལྡན་སྣང་བ་མཐའ་ཡས་སུ་གསལ་བས་དབང་བསྐུར་བའི་ཕྲིན་ལས་མཛད༔ ཁྱེད་རང་རྣམས་འགྲོ་འདུལ་ཐུགས་རྗེ་ཆེན་པོ་དཀར་གསལ་ཞལ་གཅིག་ཕྱག་བཞི་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གྱུར་པ་ལ་དབང་རྣམས་རིམ་པར་བསྩལ་བའི་མོས་པ་མཛོད་ཅིག༔ རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ སྒྲིབ་པ་མྱུར་སེལ་བདུད་རྩི་མཆོག༔ ཡེ་ཤེས་བུམ་པའི་དབང་བསྐུར་བས༔ སྒོ་གསུམ་རྒྱུད་ལ་གནས་པ་ཡི༔ དྲི་མ་མ་ལུས་བསལ་ནས་ནི༔ ཡོན་ཏན་ཀུན་གྱི་གཞིར་གྱུར་པ༔ རྣམ་དག་ཡེ་ཤེས་དབང་ཐོབ་ཤོག༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཏདྱ་ཐཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛྙཱ་ན་ཨ་མྲྀཏེ་ཀ་ལ་ཤ་ཨ་བྷི་ཥིཉྩ་མཱཾ༔ རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་སྟེ༔ སློབ་མའི་ཚངས་བུག་ནས་མར་སོང་བས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་དག་ནས་ཤེལ་སྒོང་ཕྱིས་པ་ལྟར་དཀར་སངས་ཀྱིས་སོང༔ ཆུའི་ལྷག་མ་སྤྱི་བོར་འཁྱིལ་བས༔ འོད་དཔག་མེད་ལ་སོགས་པའི་སངས་རྒྱས་རིགས་ལྔས་དབུར་བརྒྱན་པར་བསམ་ལ༔ བུམ་ཆུ་བླུད། ཧཱུྃ༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཅེས་ཧུབ་གསུམ་འཐུང་དུ་གཞུག །གཉིས་པ་ཕྱི་ལྟར་རྫས་ལ་བརྟེན་པའི་དབང་བཞིའི་དང་པོ་ཕྱག་རྒྱ་ལྷའི་དབང་བསྐུར་བ་ལ། དཀྱིལ་འཁོར་པ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་གནས་རྣམས་སུ་འཁོད་པས་ལུས་སྒྲིབ་དག །ཕུང་ཁམས་ལྷའི་ཕོ་བྲང་དུ་གསལ་ལ་རྫོགས་པར་མོས་ཤིག །གཙོ་འཁོར་རྣམས་ཀྱི་ཙཀླི་འདོན་ཚིག་དང་བསྟུན། སྤྱི་བོར་རིམ་པར་བཞག་ལ། ཧཱུྃ༔ ཐུགས་རྗེ་འགྲོ་མགོན་ཡེ་ཤེས་ཀྱི༔ ཕྱག་རྒྱ་ལྷ་ཡི་དབང་བསྐུར་བས༔ མཐའ་གཉིས་ལས་གྲོལ་ལྷ་ཡི་སྐུ༔ སྒྱུ་མ་ལྟ་བུའི་དབང་ཐོབ་ཤོག༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཀཱ་ཡ་ཨ་བྷིི་ཥིཉྩ་མཱཾ༔ ཧཱུྃ༔ ཡི་གེ་དྲུག་མ་རྒྱལ་བ་ཀུན་གྱི་ཡུམ༔ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་བྱེད་པའི༔ བདེ་བ་ཆེན་པོ་སྟོང་ཉིད་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དབང་ཐོབ་ཤོག༔ ཨོཾ་ཥ་ཌ་ཀྵ་ར་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་ཡི༔ ཐབས་ལས་སྤྲུལ་པ་ནོར་བུ་འཛིན༔ གསལ་བའི་རྟོགས་པ་བླ་ན་མེད༔ ཡེ་ཤེས་ཆེན་པོའི་དབང་བསྐུར་བས༔ བསྐྱེད་རིམ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་དྷ་ར་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་ཡི༔ ཤེས་རབ་ལས་སྤྲུལ་རིག་སྔགས་འཛིན༔ སྟོང་པའི་ལྟ་བ་ཆོས་ཉིད་ཆེ༔ བདེ་སྟོང་ཆེན་པོའི་དབང་བསྐུར་བས༔ ཟག་མེད་བདེ་བའི་དབང་ཐོབ་ཤོག༔ ཨོཾ་གྷུ་ཧྱ་དྷ་ར་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྣང་བ་མཐའ་ཡས་འོད་དཔག་མེད༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ ཚེ་དཔག་མེད་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་སྭཱ་ཧཱ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ འཁོར་བ་དོང་སྤྲུགས་སྤྱན་རས་གཟིགས༔ སྙིང་རྗེ་ཆེན་པོ་བླ་ན་མེད༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ བྱང་ཆུབ་སེམས་དཔར་འགྱུར་བར་ཤོག༔ ཨོཾ་པདྨ་ནཱིར་ཏེ་ཤྭ་ར་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ གསལ་བའི་ཐུབ་དྲུག་རིགས་དྲུག་ཡབ༔ སྟོང་པའི་ཡིག་དྲུག་རིགས་དྲུག་ཡུམ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་བས༔ རིགས་དྲུག་གནས་དྲུག་སྟོངས་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་སུ་ནྲྀ་ཏྲི་པྲེ་དུ་སྭཱ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ བདུད་དང་འཆི་བདག་འཇོམས་པ་ཡི༔ ཁྲོ་བོའི་གཟུགས་ཅན་སྟོབས་པོ་ཆེ༔ མི་གཡོ་མགོན་པོའི་དབང་བསྐུར་བས༔ འཆི་བདག་བདུད་ལས་རྒྱལ་གྱུར་ཅིག༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ དབང་གི་བདག་ཉིད་རྟ་མགྲིན་དབང༔ ཐུགས་རྗེ་ཁྲོས་པས་ལོག་འདྲེན་འདུལ༔ ཧྱ་གྲཱི་ཝའི་དབང་བསྐུར་བས༔ བར་ཆད་མ་ལུས་ཞི་བར་མཛོད༔ ཨོཾ་ཧྱ་གྲཱི་ཝ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ དབང་གི་ལྷ་མོ་ཁམས་གསུམ་དབང་སྡུད་མ༔ རིག་སྔགས་གྲུབ་པས་འདོད་པ་དབང་དུ་སྡུད༔ ལྷ་མོ་ཀུ་རུ་ཀུལླེའི་དབང་བསྐུར་བས༔ སྣང་སྲིད་བརྟན་གཡོ་དབང་དུ་འདུས་གྱུར་ཅིག༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཕྱིར༔ ཐུགས་རྗེ་ཆེན་པོ་ཁྲོས་པ་ཁྲོ་བོའི་གཟུགས༔ དཔལ་ལྡན་ཡེ་ཤེས་མགོན་པོའི་དབང་བསྐུར་བས༔ ནུས་མཐུ་མཐར་ཕྱིན་འབྲས་བུའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རྣམ་ཐོས་བུ་དང་ཡང་སྲས་ཆུ་གཏེར་དང༔ ཚོགས་བདག་དམར་ནག་གཞན་གྱིས་མི་ཐུབ་པ༔ གཏེར་བདག་གནོད་སྦྱིན་ཡོངས་ཀྱི་དབང་བསྐུར་བས༔ ཚོགས་རྫོགས་གཏེར་ཆེན་ནོར་ལ་དབང་བསྒྱུར་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་ཤྲ་མ་ཎ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ མིག་མི་བཟང་དང་རྣམ་ཐོས་སྲས༔ རྒྱལ་ཆེན་བཞི་ཡི་དབང་བསྐུར་བས༔ ཕྲིན་ལས་བཞི་ལ་མངའ་བརྙེས་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྙིང་རྗེའི་མདངས་ལས་འཁྲུངས་པའི་ཡབ་ཡུམ་གཉིས༔ གསང་བའི་དངོས་གྲུབ་བརྙེས་ནས་མཁའ་སྤྱོད་གྲུབ༔ མི་ཏྲ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས༔ ཚེ་གཅིག་གསང་སྔགས་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་གུ་རུ་མི་ཏྲ་ཨཱ་ནན་ཏ་ཛོ་ཀི་དྷེ་བ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྣང་བ་མཐའ་ཡས་འགྲོ་བའི་དོན་ལ་བྱོན༔ རྒྱ་བོད་འཛམ་གླིང་ཀུན་ཏུ་ཁྱབ་པར་སྤྲུལ༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་བསྟན་པ་སྤེལ༔ ཨོ་རྒྱན་ཆེན་པོས་དབང་སྐུར་བྱིན་གྱིས་རློབས༔ རིག་འཛིན་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨོཾ་གུ་རུ་པདྨ་སམྦྷ་བ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་སྙིང་པོ་སྔགས་ཀྱི་དབང་བསྐུར་བ་ལ། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་ཡི་གེ་དྲུག་མའི་སྔགས་ཕྲེང་གསེར་གྱི་མདངས་ཅན་བྱུང་། ཁྱེད་རང་རྣམས་ཀྱི་ལྕེ་ལ་ཐིམ་པས་ངག་སྒྲིབ་དག་ངག་གསང་སྔགས་རྡོ་རྗེའི་རང་སྒྲར་གྱུར་པར་མོས་ཤིག །ཡིག་དྲུག་སྔགས་བྱང་གསེར་བྲིས་མགྲིན་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བདེ་གཤེགས་ཀུན་གྱི་སྙིང་པོའི་གཙོ༔ ཡི་གེ་དྲུག་གི་དབང་བསྐུར་བས༔ ཆོས་ཉིད་རང་སྒྲ་སྔགས་ཀྱི་གསུང༔ བྲག་ཆ་ལྟ་བུའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་ཕྱག་མཚན་གྱི་དབང་བསྐུར་བ་ལ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཤེལ་དཀར་ཕྲེང་བ་དང་པདྨ་དཀར་པོ་འོད་འབར་བ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་དང་སེམས་ཀྱི་སྒྲིབ་པ་དག །སེམས་ཟུང་འཇུག་ཡེ་ཤེས་ཆེན་པོའི་རང་བཞིན་དུ་གྱུར་པར་མོས་ཤིག །ཤེལ་ཕྲེང་སྙིང་གར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་ཕྲེང་བ་འདི༔ རིན་ཆེན་གཟུངས་ཀྱི་དབང་བསྐུར་བས༔ བདེ་ཆེན་རྒྱུན་ཆད་མི་མངའ་བའི༔ ཐབས་མཆོག་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་རཏྣ་མཱ་ལེ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ པད་དཀར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ འདམ་གྱི་སྐྱོན་གྱིས་མ་གོས་པའི༔ པདྨ་དཀར་པོའི་དབང་བསྐུར་བས༔ སྟོང་ཉིད་གཟུང་འཛིན་མ་རེག་པའི༔ ཤེས་རབ་དབྱིངས་ཀྱི་དབང་ཐོབ་ཤོག༔ ཨོཾ་པདྨ་དྷཱ་ཏུ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་ཐུགས་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་ཐུགས་ཀར་ཐལ་མོ་སྦྱོར་ལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས་ལ་དད་མོས་སྐྱེད་པས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པར་མོས་ཤིག །ཨོཾ་མ་ཎི་པདྨེ་ཧཱུྃ༔ དུག་ལྔའི་སྐྱོན་གྱིས་མ་གོས་པའི༔ སངས་རྒྱས་ཀུན་ལ་དད་པའི་སྟོབས༔ ཕྱག་རྒྱ་ཐལ་མོ་སྦྱར་བ་ཡིས༔ བླ་མེད་རྫོགས་པའི་དབང་ཐོབ་ཤོག༔ ན་མོ་མུ་དྲ་ཨ་བྷི་ཥིཉྩ་མཱཾ༔ དོན་གསུམ་པ་ནང་ལྟར་ཏིང་ངེ་འཛིན་ལ་བརྟེན་པའི་དབང་རྣམས་རིམ་པར་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་མཛོད། དང་པོ་རྣམ་སྣང་སྐུ་དང་ཨོཾ་ཐོགས། ཚིགས་བཅད་མཐར་དཔྲལ་བར་བཞག་པས་མཚོན། རིགས་བཞི་ཀར་འགྲེ །བུའི་སྤྱི་བོར་ཨོཾ་དཀར་པོ་གཅིག་བསྒོམ༔ ཨོཾ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས་ནས་ཨོཾ་ལ་ཐིམ་པས༔ ཨོཾ་འོད་དུ་ཞུ་བ་ལས་སྐུའི་ལྷ་རྣམ་པར་སྣང་མཛད་དུ་ཀྲོང་གིས་གྱུར་པར་བསམས་ལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་སྐུ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་བསལ་ཏེ༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྣམ་པར་སྣང་མཛད་འོད་དུ་ཞུ་ནས་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གྱུར་པར་བསམ༔ དབང་རྟགས་སུ་རྣམ་པར་སྣང་མཛད་དཔྲལ་བར་བཞུགས་པར་བསྒོམ༔ གཉིས་པ་གསུང་གི་དབང་བསྐུར་བ་ནི༔ བུའི་མགྲིན་པར་ཨཱཿདམར་པོ་གཅིག་བསམ་སྟེ༔ དེ་ལས་འོད་འཕྲོས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་ཨཱཿལ་ཐིམ་པས༔ ཨཱཿའོད་དུ་ཞུ་ནས་གསུང་གི་ལྷ་སྣང་བ་མཐའ་ཡས་སུ་གྱུར་པར་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་གསུང་གི་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་བསལ་ཏེ༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ སྣང་བ་མཐའ་ཡས་འོད་དུ་ཞུ་ནས་ལྕེ་ལ་ཐིམ་པས༔ ངག་གི་སྒྲིབ་པ་དག༔ ངག་སྣང་བ་མཐའ་ཡས་སུ་གྱུར་ཏེ༔ དབང་རྟགས་སུ་སྣང་བ་མཐའ་ཡས་རྣ་ལྟག་གཡས་སུ་བཞུགས་པར་སྒོམས་མཛོད༔ གསུམ་པ་ཐུགས་ཀྱི་དབང་བསྐུར་བ་ནི༔ བུའི་སྙིང་གར་ཡི་གེ་ཧཱུྃ་སྔོན་པོ་གཅིག་བསམ་སྟེ༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་བསྡུས་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་འོད་དུ་ཞུ་ནས་ཐུགས་ཀྱི་ལྷ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་ཐུགས་ཀྱི་དབང་བསྐུར་བས༔ སེམས་ཀྱི་སྒྲིབ་པ་ཀུན་བསལ་ཏེ༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་སྙིང་གར་ཐིམ་པས་སེམས་ཀྱི་སྒྲིབ་པ་ཐམས་ཅད་དག༔ རང་སེམས་རྡོ་རྗེ་སེམས་དཔར་གྱུར་ཏེ༔ དབང་རྟགས་སུ་དབུ་གཙུག་ཏུ་རྡོ་རྗེ་སེམས་དཔའ་བཞུགས་པར་སྒོམས་མཛོད༔ བཞི་པ་ཡོན་ཏན་གྱི་དབང་བསྐུར་བ་ནི༔ བུ་ཡི་ལྟེ་བར་ཡི་གེ་ཏྲཱཾ་སེར་པོ་གཅིག་བསམ་སྟེ༔ དེ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་བསྡུས་ནས་ཏྲཱཾ་ལ་ཐིམ༔ ཏྲཱཾ་འོད་དུ་ཞུ་བ་ལས་ཡོན་ཏན་གྱི་ལྷ་རིན་ཆེན་འབྱུང་ལྡན་དུ་བསམ་མོ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཏྲཱཾ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་དབང་བསྐུར་བས༔ ཉོན་མོངས་སྒྲིབ་པ་ཀུན་བསལ་ཏེ༔ ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ རིན་ཆེན་འབྱུང་ལྡན་འོད་དུ་ཞུ་ནས་ལྟེ་བར་ཐིམ་པས་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་གནས་སུ་གྱུར་ཏེ་དབང་རྟགས་སུ་རྣ་ལྟག་གཡོན་དུ་རིན་ཆེན་འབྱུང་གནས་བཞུགས་པར་སྒོམས་མཛོད༔ ལྔ་པ་ཕྲིན་ལས་ཀྱི་དབང་ནི༔ བུའི་གསང་གནས་སུ་ཡི་གེ་ཧཱ་ལྗང་གུ་གཅིག་བསམ་སྟེ༔ དེ་ལས་འོད་འཕྲོས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་ཧཱ་ལ་ཐིམ༔ ཧཱ་འོད་དུ་ཞུ་ནས་ཕྲིན་ལས་ཀྱི་ལྷ་དོན་ཡོད་གྲུབ་པར་གྱུར་པར་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀརྨ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་ཕྲིན་ལས་དབང་བསྐུར་བས༔ ཤེས་བྱའི་སྒྲིབ་པ་ཀུན་བསལ་ཏེ༔ ཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ དོན་ཡོད་གྲུབ་པ་འོད་དུ་ཞུ་ནས་གསང་བར་ཐིམ་པས༔ ཤེས་བྱའི་སྒྲིབ་པ་དག་ནས་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གྱུར་ནས༔ དབང་རྟགས་སུ་ལྟག་པར་སངས་རྒྱས་དོན་ཡོད་གྲུབ་པས་བརྒྱན་པར་སྒོམས་ཤིག༔ དྲུག་པ་རྒྱལ་བ་རབ་འབྱམས་ཀྱི་དབང་སྤྱི་བླུགས་སུ་བསྐུར་བ་ནི༔ སློབ་མའི་གནས་ལྔར་དཔའ་བོ་འབྲུ་ལྔ་བསམ་སྟེ༔ དེ་དག་ལས་འོད་ཟེར་འཕྲོས་ཏེ༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་གནས་སོ་སོའི་ཡིག་འབྲུ་ལ་ཐིམ་པས་དེ་དག་རྒྱལ་བ་རིགས་ལྔར་གྱུར་ཏེ་གནས་ལྔ་ལ་བཞུགས་པར་མོས་ཤིག །ཙཀ་ལི་བསྡམས་པ་གནས་སོ་སོར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ སངས་རྒྱས་ཀུན་གྱི་སྐུ་ལ་གནས༔ ཨཱ༔ སངས་རྒྱས་ཀུན་གྱི་གསུང་འཆང་བ༔ སངས་རྒྱས་ཀུན་གྱི་གསུང་ལ་གནས༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་འཆང་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ ཏྲཱཾ༔ སངས་རྒྱས་ཀུན་གྱི་ཡོན་ཏན་འཆང༔ སངས་རྒྱས་ཀུན་གྱི་ཡོན་ཏན་གནས༔ ཧཱ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་འཆང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་གནས༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧཱ༔ དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ སྒོ་གསུམ་དྲི་མ་ཀུན་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ བདུན་པ་ཐུགས་ཡེ་ཤེས་ལྔའི་རང་བཞིན་དུ་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། རིགས་ལྔའི་ས་བོན་འཇའ་ལྔས་བསྐོར་བ་དང་ཤེལ་རྡོ་རྨ་བྱའི་སྒྲོ་རྣམས་ཐོགས་ལ། བུའི་སྤྱི་བོར་ཧཱུྃ་མཐིང་ག༔ དཔྲལ་བར་ཨོཾ་དཀར་པོ༔ རྣ་ལྟག་གཡས་སུ་སྭཱ་སེར་པོ༔ རྣ་ལྟག་གཡོན་དུ་ཧཱ་ལྗང་གུ༔ ལྟག་པར་ཨཱཾཿདམར་པོ་གསལ༔ དེ་ལས་འོད་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས་ནས་ས་བོན་ལྔ་ལ་ཐིམ༔ ས་བོན་ལྔ་འོད་དུ་ཞུ་བ་ལས་རིགས་ལྔའི་སྐུར་གྱུར་ཏེ༔ ཡེ་ཤེས་ལྔ་ཡི་དོན་རྟོགས་ཏེ༔ དུག་ལྔ་དག་པར་བསམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱ་ཨ་ནུཥྠཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་ཆེ༔ མེ་ལོང་ཡེ་ཤེས་རྣམ་སྣང་མཛད༔ མཉམ་ཉིད་ཡེ་ཤེས་རིན་འབྱུང་ལྡན༔ སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ ནན་ཏན་ཡེ་ཤེས་དོན་ཡོད་གྲུབ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་ཤེས་སྐུ་ལྔས་དབང་བསྐུར་བས༔ ཆགས་སྡང་རྨོངས་དང་ང་རྒྱལ་དང༔ ཕྲག་དོག་ཉོན་མོངས་ལྔ་དག་ནས༔ སྐུ་ལྔ་ཡེ་ཤེས་དབང་ཐོབ་ཤོག༔ དེ་ལྟར་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ལྔ་དག༔ ཡེ་ཤེས་ལྔ་རྟོགས༔ དབང་རྟགས་སུ་རིགས་ལྔས་དབུར་བརྒྱན་པའི་ཐུགས་རྗེ་ཆེན་པོ་དངོས་སུ་གྱུར་པར་མོས་ཤིག༔ སྤྱི་དོན་བཞི་པ་ཡེ་ཤེས་སྤྱི་བླུགས་རབ་འབྱམས་སེམས་ཀྱི་དབང་བསྐུར་བ་ཡིན་པས་ཐམས་ཅད་ཀྱང་ལུས་གནད་རྣམ་སྣང་གི་ཆོས་བདུན་ལྡན་དུ་གྱིས་སེམས་ཀྱི་འཇོག་ཚུལ་འདི་ལྟར་དུ་མཛོད་ཅིག །ཧོ༔ རང་སེམས་ཀྱི་གནས་ལུགས་རང་འཐག་ཆུ་བཅད་པ་བཞིན་དུ༔ རྣམ་རྟོག་གི་འགྱུ་བ་རྦད་ཀྱིས་ཆོད་ལ༔ མར་མེ་རླུང་གིས་མ་བསྐྱོད་པ་ལྟར༔ རིག་པ་གསལ་ལ་མི་རྟོག་པའི་ངང་དུ་ཙེན་ནེར་ཞོག་ཅིག༔ བྱས་ལ་དར་གཅིག་འཇོག །དེ་ནས་ཚིག་དབང་བསྐུར་བ་ནི། ཧོ༔ མ་བཅོས་གཉུག་མའི་ཏིང་ངེ་འཛིན༔ དབྱེར་མེད་རང་བྱུང་ཡེ་ཤེས་ཆེ༔ སྤྲོས་བྲལ་རྣམ་དག་ཆོས་ཀྱི་དབྱིངས༔ སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན༔ ཞེས་ངོ་སྤྲད་དོ། །དེ་རྣམས་ཀྱིས་དབང་བསྐུར་དངོས་གཞི་གྲུབ་པ་ལགས། གཉིས་པ་མཐའ་རྟེན་རྗེས་གནང་སྦྱིན་པ་སོགས་འབྱུང་བ་ལས། ཐོག་མར་རང་དོན་ཇི་ལྟར་སྒྲུབ་པའི་རྗེས་སུ་གནང་བ་སྦྱིན་པ་ཡིན་ཏེ། གླེགས་བམ། སྔགས་ཕྲེང་། ཕྱི་མཆོད་དང་། སྨན་རཀ་གཏོར་གསུམ་སྣོད་གཅིག་ཏུ་བསྡུས་པ་གཏད་ལ། ཧོ༔ རང་དོན་ཐུགས་རྗེ་ཆེན་པོ་སྒྲུབས༔ བསྐྱེད་རྫོགས་བླ་མེད་དོན་ལ་སྦྱོངས༔ སྔགས་བཟླས་ཆུ་བོའི་རྒྱུན་ལྟར་སྒྲོངས༔ ཚོགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་མཆོད༔ ཐུགས་དམ་སྨན་རཀ་གཏོར་མས་སྐོངས༔ ཉ་སྟོང་ཚེས་བརྒྱད་ཚེས་བཅུའི་དུས༔ ཚོགས་ཀྱི་འཁོར་ལོས་ལྷ་མཆོད་དོ༔ ཞེས་རྗེས་སུ་གནང་བ་དེ་དག་ཚུལ་བཞིན་བྱ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱིད༔ ལན་གསུམ་བྱ། གཉིས་པ་གཞན་གྱི་དོན་རྒྱ་ཆེར་སྒྲུབ་པའི་རྗེས་སུ་གནང་བ་སྦྱིན་པ་ཡིན་ཏེ། གཞུང་པོད་གླེགས་བམ། དགང་གཟར་བླུགས། དབང་ཆས་བུམ་ཙཀ །མཆོད་རྫས། ཁྲི་ཞྭ་དབང་བེར་སོགས་ཙཀླིར་བྲིས་པ། རྡོར་དྲིལ་དུང་དཀར་རྣམས་གཏད་ལ། ཧོ༔ ཐུགས་རྗེ་ཆེན་པོའི་དམ་ཆོས་འདིས༔ སྒྲིབ་སྦྱོང་ཆོ་ག་ལ་སོགས་པ༔ ཕྲིན་ལས་སྣ་ཚོགས་ཁྱོད་ཀྱིས་སྤྱོད༔ ཅེས་ཇི་སྐད་གནང་བ་བསྩལ་པ་ལྟར་རྒྱ་ཆེར་བསྒྲུབ་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། གཟེངས་བསྟོད་པ་ནི། དེང་ནས་བུ་ཁྱོད་ས་བཅུར་གནས༔ ཐུགས་རྗེ་ཆེན་པོའི་སྲས་ཡིན་པས༔ རྡོ་རྗེ་སློབ་དཔོན་བྱ་བའི་ལས༔ ཁྱོད་ཀྱིས་གྱིས་ལ་རྒྱལ་བ་ཡི༔ བསྟན་པ་འཛིན་དང་བསྟན་པ་སྐྱོང༔ བསྟན་པ་སྤེལ་བའི་ཕྲིན་ལས་མཛོད༔ བསྟན་འཛིན་སློབ་བུའི་ཚོགས་རྣམས་སྐྱོངས༔ གདུལ་བྱ་གཞན་དོན་རྒྱ་ཆེར་མཛོད༔ དེ་ལྟར་དོན་གཉིས་མཐར་ཕྱིན་པའི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་དུ་འཁོད་པ་ལ་བཀྲ་ཤིས་པའི་རྟགས་བརྒྱད་དང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་ཀྱང་མངའ་གསོལ་བར་མོས་ཤིག །རྟགས་བརྒྱད་དང་རྒྱལ་སྲིད་རིམ་པར་གཏད་ལ། སྭསྟི༔ དབུ་ལ་བཀྲ་ཤིས་ཚ་གདུང་སྐྱོབ་པའི་གདུགས༔ སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཐོ༔ ལྗགས་ལ་བཀྲ་ཤིས་པདྨོའི་ལོ་འདབ་རྒྱས༔ གསུང་ལ་བཀྲ་ཤིས་དུང་དཀར་ཚངས་དབྱངས་སྒྲོག༔ ཐུགས་ལ་བཀྲ་ཤིས་དཔལ་གྱི་བེ་འུ་འབར༔ སྤྱན་ལ་བཀྲ་ཤིས་གསེར་ཉ་གཡས་སུ་འཁྱིལ༔ མགྲིན་པར་བཀྲ་ཤིས་བུམ་བཟང་དཔག་བསམ་ཤིང༔ ཕྱག་ཞབས་བཀྲ་ཤིས་ཡིད་བཞིན་ནོར་བུ་འབར༔ བཀྲ་ཤིས་རྟགས་བརྒྱད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་རིགས་ཀྱི་བུ་ལ་མྱུར་འགྲུབ་ཤོག༔ སྭསྟི༔ ཐེག་ཆེན་གླང་ཆེན་ཡིད་བཞིན་ནོར་བུ་འབར༔ དགའ་བཞིའི་བཙུན་མོ་གཡུལ་ཟློག་དམག་དཔོན་ཆེ༔ ཅང་ཤེས་རྟ་མཆོག་བློ་གྲོས་བློན་པོ་དང༔ ཆོས་ཀྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཡི༔ བཀྲ་ཤིས་དེས་ཀྱང་བུ་ལ་མྱུར་འགྲུབ་ཤོག༔ མངྒ་ལཾ་སྭསྟི༔ སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་དང་ཞལ་ནས་གསུངས་པའི་ཚིགས་བཅད་སོགས་ཀྱིས་ཤིས་པ་བརྗོད་ལ་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བྱའོ། །དེ་ནས་རྗེས་ཀྱི་བྱ་བ་དམ་ཚིག་འབོགས་པ་ཡིན་པས་འདི་ལ་གསན་འཚལ། ཧོ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱིས༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་རིན་ཆེན་ཐོད་བཞིན་ཁུར༔ གཞན་ལ་གནོད་པ་སྤང་བྱ་ཞིང༔ ཕན་པ་ཐམས་ཅད་སྒྲུབ་པ་དང༔ རྨི་ལམ་སྒྱུ་མ་ལྟ་བུའི་བློས༔ སེམས་ཅན་དོན་ལ་བརྩོན་པར་གྱིས༔ ལྷ་ཡི་རྣལ་འབྱོར་བསྒོམ་པ་དང༔ རྫོགས་པའི་སེམས་ཀྱིས་གནས་པར་གྱིས༔ གསང་སྔགས་རྡོ་རྗེའི་སྙིང་པོ་ནི༔ བརྩོན་པས་འབད་དེ་བཟླ་བར་གྱིས༔ ཉ་སྟོང་བརྒྱད་སོགས་དུས་ཀུན་ཏུ༔ མཆོད་པ་ཅི་ནུས་འབུལ་བར་གྱིས༔ བླ་མ་སངས་རྒྱས་ཀུན་བས་ཀྱང༔ ལྷག་པའི་སེམས་ཀྱིས་རྟག་ཏུ་མཆོད༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཁྱོད་ཀྱིས་མ་ཉམས་བསྲུང་བར་གྱིས༔ རྟག་ཏུ་དམ་ཚིག་ལ་གནས་ན༔ དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར༔ དེ་ལྟར་བསྒོས་པའི་རྩ་བ་ཡན་ལག་གི་དམ་ཚིག་ཐ་དག་ཚུལ་བཞིན་བསྲུང་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། མཚམས་སྦྱོར་སྤྱི་ལྟར་བྱས་ལ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཕྲིན་ལས་ལྟར་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། བཀའ་གཏེར་སྲུང་མའི་གཏོར་འབུལ་སྔར་མ་གྲུབ་ན་འདིར་བྱ། གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་གསང་བ་སྤྱིའི་འགྲོས་ལྟར་བྱས་པས་འགྲུབ་བོ། །དེང་དུས་སྐལ་དམན་བསྟན་ཞབས་སྡུད་པའི་ལྟས། །བཀའ་གཏེར་ཟབ་རྒྱས་ཐམས་ཅད་བག་ལ་ཞ། །ཉི་ཚེའི་གཞུང་ཆུང་ཡོ་ལང་འགྱེད་པ་ལ། །ཕན་པར་དཀའ་ཡང་ལྷག་པའི་བསམ་པས་སྦྱར། །འབྲེལ་ཚད་འཕགས་ཞལ་ཟླ་བའི་བདུད་རྩི་འཐུང་། །དེས་ཀྱང་འགྲོ་དྲུག་སྙིང་གི་མུན་པ་བསལ། །ཕྱམ་གཅིག་འཁོར་བ་དོང་སྤྲུགས་བདེ་ལྡན་ཞིང་། །ས་བཅུའི་དབང་ཕྱུག་ཕྱིར་མི་ལྡོག་གྱུར་ཅིག །འདི་ལ་བརྒྱུད་པ་གོང་མས་མཛད་པའི་ལག་ལེན་ཡིག་ཆ་ཁ་གསལ་སྟབས་བདེ་མ་བཞུགས་ཤིང་། གཏེར་གཞུང་ཉིད་སྤྱི་ཁོག་རྒྱ་ཆེ་ལ་ལག་ལེན་ཁ་འཕང་མང་བས་འདིར་དབང་རྒྱུན་ཙམ་ལ་ཕྱག་ལེན་ཁྱེར་བདེར་དམིགས་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་དབང་བསྐུར་ཆེན་མོ་ཁྱེར་བདེར་བཀོད་པ་ཕྲིན་ལས་རྣམ་པར་རོལ་པ་ (Volume 31, Text 37)
༄༅། །རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་དབང་བསྐུར་ཆེན་མོ་ཁྱེར་བདེར་བཀོད་པ་ཕྲིན་ལས་རྣམ་པར་རོལ་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། གདོད་ནས་མི་འགྱུར་སྟོང་ཉིད་རྡོ་རྗེའི་དབྱིངས། །རིག་པ་རང་སྣང་གཞོན་ནུ་འབར་བའི་གར། །རྒྱལ་ཀུན་ཕྲིན་ལས་སྟོབས་སུ་བསྒྱུར་མཛད་པ། །མི་ཤིགས་ཐིག་ལེའི་སྲོག་ཏུ་རྟག་བཞུགས་གསོལ། །རིག་མཆོག་འབུམ་སྡེའི་སྙིང་པོའི་དབྱིག །གནམ་ལྕགས་སྤུ་གྲིའི་རྣོ་མཚོན་གྱིས། །བདུད་སྡེ་གཞོམ་འདོད་རིག་སྔགས་འཆང་། །ཐོག་མར་འཇུག་པའི་སྒོ་འདི་དབྱེ། །ཕུར་པ་ཡང་གསང་བླ་མེད་ཀྱི་རྩ་བའི་དབང་ཆོག་ཆེན་མོ་དང་གུད་སྦས་མཚོན་ཆ་འཁོར་ལོ་བཅས་བསྟན་པ་ལ་ཕན་ཞིང་བརྒྱུད་པ་འཛིན་ངེས་སློབ་མ་ཐུན་མོང་མ་ཡིན་པ་ལ་ལྷན་ཅིག་ཏུ་བསྐུར་བ་ན། གཞུང་གི་དགོངས་པ་སྒྲུབ་ཆེན་དང་སྦྲེལ་བའི་ཚུལ་གཙོ་བོར་བསྟན་པས་ལག་ལེན་གྱི་འགྲོས་དེ་མཚུངས་དགོས་པ་གཞིར་བཅས་ཀྱང་། དེང་སང་དབང་རྒྱུན་ཙམ་ལ་མགྱོགས་དབང་དཀྱུས་འགྲེའི་ཚུལ་དུ་བསྐུར་བའི་ཕྱག་སྲོལ་ལྟར་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས་ལས་ཐོག་མར་དཀྱིལ་འཁོར་བཤམ་བཀོད་ནི། གནས་ཁང་བྱི་དོར་དང་རྒྱན་ལེགས་པར་བསྟར། དམ་ཚིག་གི་བྲིས་སྐུ་སོགས་རྟེན་ཅི་འབྱོར་བཀྲམ་པའི་མདུན་དུ་སྟེགས་བུ་བྱ། གནས་ཁང་རྙིང་པ་ལ་ས་ཆོག་རྒྱས་པ་མི་དགོས་ཀྱང་བདག་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུའི་སྐུ་གསལ་བའི་ང་རྒྱལ་གྱིས་གཞི་གནས་བདག་པོ་ལ་དཀར་གཏོར་སྤྱི་ལྟར་བསྔོ། སྙན་གསན་དབབ་པ་ནི། ཧཱུྃ༔ རྡོ་རྗེའི་རང་བཞིན་ཁྲོས་པས་ཞེ་སྡང་གཅོད༔ ཆོས་དབྱིངས་སྐྱེ་མེད་སྟོང་པའི་ངང་ཉིད་ལས༔ རང་བྱུང་སྲིད་པའི་ཕུར་པ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཐམས་ཅད་དབྱིངས་ནས་གནས་འདིར་བྱིན་ཆེན་ཕོབ༔ ཀཱི་ལ་ཡ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཛ༔ བཛྲ་ས་མ་ཡ་སཏྭཾ༔ ཞེས་བསྐུལ་པ་ལུགས་འདིའི་ཁྱད་ཆོས་སོ། །དེ་ནས་སྟེགས་བུ་ལ་ཁྲག་ཆང་དང་དྲི་བཟང་གི་ཆབ་ཀྱིས་བྲན་ལ། དབང་གཞུང་དང་མཐུན་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཏིང་། རྣམ་བུམ་གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད། བུམ་རྫས་སོ་ལྔ། མགུལ་ཆིངས། ཁ་རྒྱན། རིགས་ལྔའི་པྲོག་ཞུ་རྣམས་ཀྱིས་བརྒྱན་ལ། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་པུཥྤེ་སིདྡྷི༔ གར་པ་ཏ་ནི༔ རད་ན་ནེ་ད་པ༔ པཉྩ་ཤཱུ་ལན་དྷ་རི༔ བཛྲ་པླག་ཤ་པྲ་ཏི༔ ཨོཾ་ཨཱཿཧཱུྃ༔ ཞེས་པའི་སྔགས་བརྗོད་ལ་དཀྱིལ་འཁོར་དབུས་ཀྱི་ལྡིང་ཁྲིར་བཀོད། ཕུར་ཁྲོམ་ཡོད་ན་གཙོ་བོ། སྲས་བཞི། ཁྲོ་བཅུ་ཁྲ་ཐབས། ཕྲིན་ལས་བཞི། སྒོ་མ་བཞི། དམ་ཅན་བཅུ་གཉིས། གིང་བཞི། དགེ་བསྙེན་ཉེར་གཅིག །དབང་ཕྱུག་ཉེར་བརྒྱད་གཙང་ཕུར་རྣམས་ལྷ་གནས་སོ་སོར་ཨེ་ཁྲོམ་དང་ཐོད་གདན་ལ་བཀྲམ། མེད་ན་གཙོ་ཕུར་ཚད་ལྡན་དར་ནག་གི་ཅོད་པན་དང་བཅས་པ་དཀྱིལ་འཁོར་དབུས་སུ་ཨེ་ཁྲོམ་ལ་བཙུགས། གཞན་རྣམས་གྲངས་ཚད་ཙཀླི་ཚོ་བརྒྱད་དུ་བྱས་ན། ཕུར་པ་བརྒྱད་ཙམ་བཀོད། མདུན་ཕྱོགས་སུ་གཙོ་བོ། ཁྲོ་བཅུ། ཁྲ་ཐབས་ཉི་ཤུ་སོ་སོར་བྲིས་པའི་ཙཀླི། རྡོ་རྗེ། ཕུར་པ། ཁ་ཊྭཱཾ། མེ་ཕུང་། ཐལ་ཕུང་། ཐལ་རཀ་ཞག་གསུམ། དྲིལ་བུ། ཐོད་ཁྲག །ཡེ་ཤེས་སེམས་དཔའ་རྣམས་ཀྱི་ཙཀླི། སྔགས་བྱང་གསེར་བྲིས། རྒྱབ་ཏུ་དཔལ་གཏོར་སྐུ་ཙཀ་དར་གདུག་དང་བཅས་པ། རྒྱུད་དམ་སྒྲུབ་པོད། གཡས་གཡོན་གང་བདེར་ཐོད་པའི་བདུད་རྩི། བྱང་སེམས་དཀར་དམར། ཙནྡན་ག་པུར་བུ་རམ་རྣམས་སྦྱར་བའི་རིལ་བུ་ཕྱེ་མ་གང་བདེ། རིག་ཙཀ །རྔ་དུང་རོལ་མོ། ཚེ་འབྲང་། བཟའ་བཏུང་ཚོགས་རྫས་རྣམས་བཞག །སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་སྤྱི་ལྟར་བཤམ། ལས་བུམ། གདབ་ཕུར། ཐོ་བ། ཐུན་རྫས། ལྕགས་ཧོམ་ལངྒི། སོ་ཤིང་། སྲུང་སྐུད་སྣ་ལྔ། ཀུ་ཤ །མིག་དར། མེ་ཏོག །འཛོམ་ན་ཕུར་ཆུང་སློབ་མའི་གྲངས་མཉམ། གཞན་ཡང་ལས་བྱང་ལ་མཁོ་བའི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད་སོགས་ཚང་བར་བསྡོགས། གཉིས་པ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་པའི་གསོལ་འདེབས། སྐྱབས་སེམས་ཚོགས་གསོག །དཀར་བགེགས་བསྔོ་བ་དང་བཀའ་བསྒོ་མཚམས་གཅོད་ནས་བཟུང་ལས་བྱང་གི་དཀྱུས་ལྟར་སྔོན་འགྲོའི་རིམ་པ་རྣམས་དང། དངོས་གཞི་གྱེར་ཚིག་གཅིག་གིས་བདག་དང་མདུན་རྟེན་སོ་སོར་དཀྱིལ་འཁོར་རྣམ་གསུམ་མདུན་དུ་གསལ་འདེབས་པ་ལུགས་འདིའི་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་བྱས་ལ། སྤྱན་འདྲེན་མཆོད་བསྟོད་ཀྱི་བར་བཏང་། འཕྲོ་འདུའི་ཏིང་འཛིན་སོ་སོར་གསལ་བས་རྩ་བསྙེན་བཅུ་བཞི་པ་ཅི་ནུས། བཞི་སྙིང་གཅིག་དྲིལ་ཡང་ཅུང་ཟད་བཟླ། དེའང་གསལ་བ་རྣམ་གསུམ་དང་དོན་གཉིས་སྒྲུབ་པའི་དམིགས་པ་སྤྱི་ལྟར་ལ། ཁྱད་པར་རྒྱལ་བ་རྣམས་ཀྱི་བྱིན་རླབས་འབྲུ་གསུམ་གྱི་རྣམ་པ་དང་གཙོ་བོ་ཁྲོ་བཅུའི་སྐུའི་རྣམ་པར་བསྡུ་ཞིང་། ལུས་དཀྱིལ་རྣམས་ཀྱིས་ཀྱང་སྔགས་སྒྲ་དིར་དིར་བཟླ་བར་མོས། སྔགས་ཕྲེང་ཡབ་ཡུམ་གྱི་ཞལ་དང་གསང་བར་བརྒྱུད་དེ་འཁོར་བའི་དོ་ལིའི་བཟླས་པ་དང་། དེ་ལས་འོད་ཟེར་ལས་མདོག་ཏུ་སྤྲོ་བས་ཕྲིན་ལས་བཞི་བསྒྲུབ་པར་མོས་ལ། མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བཟླ། མཐར་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ། ལྷ་རྣམས་ཆགས་པ་ཆེན་པོས་རྡོ་རྗེ་བདུད་རྩིའི་ངོ་བོར་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་མོས། ལས་བུམ་གྱི་ནང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་ཅི་རིགས་བཟླས་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། དེ་ནས་སྲུང་མའི་མཆོད་གཏོར་དང་། ཚོགས་མཆོད་བསྒྲལ་བསྟབ་ཡན་བྱས་ལ་རོལ་མོ་དང་བཅས་ཏེ་སྙན་གསན་དབབ་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུ་སྟོན་པ༔ རྡོ་རྗེ་གཞོན་ནུ་རིག་འཛིན་སྲས་དང་འཁོར༔ སྤྲུལ་པའི་ཁྲོ་ཚོགས་ཡབ་ཡུམ་སྲས་དང་བཅས༔ གསང་བའི་དཀྱིལ་འཁོར་རྣལ་འབྱོར་བདག་ཅག་ལ༔ དབྱིངས་ནས་སྐུར་བཞེངས་དབང་ཆེན་བསྐུར་དུ་གསོལ༔ ཐུགས་རྗེ་ཆེན་པོའི་བྱིན་ཆེན་དབབ་ཏུ་གསོལ༔ རྡོ་རྗེ་ཕུར་པ་ཡེ་ཤེས་མཆོག་གི་ངང༔ བསྐལ་པ་སྔོན་ནས་བདག་དང་གཡར་དམ་གཅིག༔ དུས་འདིར་བདག་དང་དབྱེར་མེད་བསྒྲུབ་པའི་ཕྱིར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐུགས་དམ་ཅན༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ སྙིང་པོ་བྱང་ཆུབ་མཆོག་ནི་མ་ཐོབ་བར༔ རྩེ་གཅིག་ཡིད་ཀྱིས་གུས་པས་དམ་བཅའ་སྟེ༔ སྐྱེ་བ་ཇི་སྲིད་བར་དུ་མི་གཏང་ངོ༔ ཞེས་བརྗོད་ཅིང་རིག་པའི་མེ་ཏོག་དོར་རོ། །འདི་ནི་དོན་དབང་ནས་གསུངས་པ་ལྟར་བཀོད་ཀྱི་རིག་པའི་མེ་ཏོག་དོར་བ་དང་གནང་བ་ནོད་པ་སྤྱི་ལྟར་བྱས་ཀྱང་ཆོག་གོ །དེ་ནས་དབང་བསྐུར་དངོས་གཞི་ལ་གཉིས། སྟ་གོན་འཇུག་པའི་ཆོས་དང་། དབང་བསྐུར་དངོས་གཞིའི་རིམ་པའོ། །དང་པོ་ནི། སྒྲུབ་ཆེན་ལུགས་སུ་བྱ་བ་དང་སྤྲོས་པ་རྒྱས་པའི་ཚེ་དངོས་སྟ་སོ་སོར་ཕྱེ། དངོས་གཞིའི་དབང་བསྐུར་ཡང་སྤྱི་ལུགས་ལྟར་གསོལ་གདབ་སྐྱབས་སེམས་སོགས་སྦྱོར་ན་འཐད་ཀྱང་། མགྱོགས་དབང་དཀྱུས་འགྲེའི་སྐབས་གཞུང་གི་དངོས་བསྟན་མཐར་ཆགས་སུ་བསྐུར་བའི་སྲོལ་ལྟར་བཀོད་པ་ལ། དང་པོ་སློབ་བུ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ་ཞིང་། ཧཱུྃ༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བག་ཆགས་སྒྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀ་ཤུདྡྷོ྅་ཧཾ༔ ཞེས་ངག་ཏུ་ཡིག་རྒྱ་བཟླ། བགེགས་གཏོར་ཆབ་བྲན། རཾ་ཡཾ་ཁཾ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབ། སརྦ་བིགྷྣཱན་ཨ་ཀརྵཱ་ཡ་ཛཿས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ནས། ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ འབྱུང་པོའི་ཚོགས་རྣམས་འདའ་བྱེད་པ༔ ཁྲོ་ཆེན་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་ཆུང་འབར་བའི་མཚོན་ཆའི་ཆར༔ མེ་ལྟར་འབར་ཞིང་རླུང་ལྟར་འཚུབས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་ཤམ་བུར། བཛྲ་བཛྲ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཧ་ན་ཧ་ན༔ ཨུཙྪ་ཏ་ཡ་ཕཊ༔ ཅེས་བརྗོད་ལ་ཐུན་དང་རོལ་མོ་སོགས་ཀྱིས་བགེགས་བསྐྲད། ལས་བྱང་ལྟར། ཧཱུྃ༔ ང་ནི་རང་བྱུང་ཁྲོ་རྒྱལ་སོགས་དང་ཁྲོ་བཅུའི་སྔགས་རྣམས་བརྗོད་ལ་སྲུང་འཁོར་བརྟན་པོ་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དབང་བཤད་དོན་དབང་དུ་བཀོད་པ་ལྟར། འདིར་ཐེམ་བྱང་ལས། ཞེས་པའི་བར་བྱས་ལ། དབང་ཆོག་རྒྱས་པ་ཕྲིན་ལས་གཏེར་མཛོད་དང༔ སྲུང་མའི་དབང་ཆོག་གནམ་ལྕགས་འཁོར་ལོ་གཉིས༔ ཤེས་རབ་བློ་ལྡན་སྤྲོས་ལ་དགའ་བ་དང༔ བརྒྱུད་འཛིན་བུ་ལ་གཏད་པས་བསྟན་པ་དར༔ ཞེས་གསུངས་པའི་དབང་བསྐུར་ཟབ་གནད་ཞལ་སྤྲོད་ཀྱི་སྨིན་བྱེད་ཟབ་མོ་བསྐུར་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་སྟ་གོན་འཇུག་པའི་རིམ་པ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། མཚམས་སྦྱོར་སྤྱི་མཐུན་དང་། ཨོཾ་ཙཀྵུརྦནྡྷ་ཝཱ་ར་མ་ཎ་ཡ་ཧཱུྃ་གིས་མིག་དར། ཨ་ཁཾ་བི་ར་ཧཱུྃ་གིས་མེ་ཏོག་སྦྱིན། དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་འདུ་ཤེས་པའི་གུས་པ་ཉེ་བར་བཞག་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ གསང་བའི་དཀྱིལ་འཁོར་བླ་ན་མེད༔ དངོས་གྲུབ་ཆེན་པོ་འབྱུང་བའི་གནས༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་འདིར༔ ཧེ་རུ་ཀ་དཔལ་ལས་ཀྱི་བདག༔ ཁྱོད་ཀྱིས་བདག་ཉིད་སྨིན་པར་མཛོད༔ སྲིད་པའི་རྡོ་རྗེ་བདག་ལ་སྩོལ༔ ཅེས་ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས། རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ ཉམས་ན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ མ་ཉམས་ན་ནི་དངོས་གྲུབ་མཆོག༔ གསང་བའི་དཀྱིལ་འཁོར་འདི་མཐོང་བས༔ དངོས་གྲུབ་མ་ལུས་ཐོབ་པ་དང༔ ཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་འགྲུབ༔ ཅེས་བརྗོད། དེ་ལ་ཐོག་མར་རྒྱུད་དག་ཅིང་སྣོད་དུ་རུང་བར་དགོས་པས། དཀྱིལ་འཁོར་རྣམ་པ་གསུམ་གྱི་ལྷ་ཚོགས་ལ་ཕྱོགས་དུས་ཀྱི་རྩ་གསུམ་དཀོན་མཆོག་མ་ལུས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བཞུགས་པ་ལ། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དང་ལྷན་ཅིག་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློ་དང་ལྡན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སྲིད་པར་འཁྱམས་པའི་མ་རྒན་མཐའ་དག་གི་སླད་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་བསྒྲུབ་པར་བྱ། དེའི་ཕྱིར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བ་དང་ལམ་རིམ་པ་གཉིས་ལ་སློབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྙིང་པོར་གྱུར་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་གཞིར་གྱུར་པ་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །གསང་སྔགས་ཀྱི་གཞི་རྟེན་སོ་སོ་ཐར་པའི་སྡོམ་པ། གཞུང་ལམ་བྱང་ཆུབ་སེམས་ཀྱི་བསླབ་པ། སྙིང་པོ་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོ་དཔག་མེད་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་ནས་སོ་ཤིང་མཐོ་གང་རྒྱ་མདུད་དང་བཅས་པ་མགོ་མཇུག་མ་ལོག་པ་མེ་ཏོག་དང་བཅས་པ་གཏད་ཅིང་མཎྜལ་ལ་རིགས་ལྔའི་སྐུ་བཀྲམ་པའམ་ནས་ཀྱི་ཚོམ་བུ་ལྔ་བཀོད་པ་མདུན་དུ་བཞག་སྟེ། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སོ་ཤིང་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བར་ཞུ། ཧཱུྃ༔ ཡེ་ཤེས་རྡོ་རྗེ་མཆོག་གི་ནི༔ རྟགས་དང་མཚན་མ་བརྟག་པའི་ཕྱིར༔ བསྒྲུབ་པའི་སོ་ཤིང་འདི་དོར་བས༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ རྟགས་དང་མཚན་མ་བསྟན་པ་དང༔ དངོས་གྲུབ་བཟང་པོ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཧ་ས་ཧཱ༔ ཞེས་དོར་རོ། །དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཕྱོགས་བཞིར་བསྟན་པ་ལས་བཞི། མཚམས་སུ་དངོས་གྲུབ་ཕྲན་ཚེགས། སྟེང་དང་འོག་ཏུ་བསྟན་ན་མཁའ་སྤྱོད་དང་ས་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་གསུངས་སོ། །དེ་ནས་སྲུང་སྐུད་ལ་རྡོ་རྗེའི་མདུད་པ་བྱས་ཏེ། རྩ་སྔགས་ཀྱིས་བྱིན་བརླབ། བར་ཆད་སྲུང་བའི་རྡོ་རྗེའི་སྲད་བུ་འདི་ཉིད་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་འཆིང་བར་ཞུ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ འགྱུར་མེད་རྡོ་རྗེ་གསུམ་དང་ལྡན༔ ཁྱོད་ཀྱི་དཔུང་པར་བཅིངས་པ་ཡིས༔ བར་ཆད་བདུད་ལས་རྒྱལ་བར་ཤོག༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཅེས་རྡོ་རྗེའི་རྒྱས་གདབ་བོ། །དེ་ནས་བླ་མས་རྡོ་རྗེ་གནས་གསུམ་དུ་བཞག་ཅིང་། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ གསང་བ་གསུམ་གྱི་དམ་ཚིག་ནི༔ ཁྱོད་ཀྱིས་རབ་ཏུ་མངོན་གྱུར་ཏེ༔ འདི་ཀུན་ཉམས་ན་ཉེས་ཆེན་པོ༔ ལྟུང་བ་ཆེན་པོར་ཁྱོད་འགྱུར་བས༔ དམ་ཚིག་སྲོག་བཞིན་བཙའ་བར་བྱ༔ བླ་མ་དཔལ་ཆེན་པོས་ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་རྡོ་རྗེའི་ཐ་ཚིག་ལ་རབ་ཏུ་གནས་པར་བགྱིའོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ན་ར་ཀན༔ ཞེས་བརྗོད་དུ་གཞུག་ལ། ཀུ་ཤ་གཙང་མ་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཀ་བ་ཙི་ཤུདྡྷོ྅་ཧཾ༔ ཞེས་བཟླས་པས་བྱིན་བརླབས་ལ་སྦྱིན་པ་ནི། ཀྱེ༔ སྔོན་གྱི་སྟོན་པ་ཤཱཀྱ་ཐུབ༔ རྩྭ་མཆོག་ལ་ནི་སྟན་བྱས་ཏེ༔ བྱང་ཆུབ་མངོན་དུ་མཛད་པ་ལྟར༔ ཁྱོད་ཀྱི་རྟེན་འབྲེལ་བཟང་པོར་འགྱུར༔ ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ལ་རྨི་ལམ་གྱི་མཚན་མ་བརྟག་པར་བྱ་དགོས་པ་ལགས་སོ། །མེ་ཏོག་འདོར་གཞི་ཚོམ་བུའམ་ཕྱག་རྒྱ་སོགས་བཀོད་ལ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ཐལ་མོའི་བར་དུ་བཟུང་ལ། རང་རང་གི་ཚེ་རབས་སྔོན་ནས་འབྲེལ་པའི་རིགས་ཀྱི་ལྷ་ལ་འབུལ་བའི་འདུན་པས་ཚིག་འདིའི་རྗེས་ཟློས་དང་ལྷན་ཅིག་དཀྱིལ་འཁོར་ཆེན་པོར་དོར་བར་མོས་ལ་འདིའི་རྗེས་ཟློས། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ སྒྲུབ་པའི་མེ་ཏོག་འདི་དོར་བས༔ བྱང་ཆུབ་འདི་ནི་མངོན་དུ་བསྟན༔ ཚེ་རབས་སྔོན་ནས་འབྲེལ་བའི་ལྷ༔ གུས་པའི་ལྷ་ལ་མེ་ཏོག་འབུལ༔ ལས་དང་སྐལ་པ་མཐུན་པར་ཤོག༔ ཨོཾ་བཛྲ་པུཥྤ་སིདྡྷི་སཏྭཾ༔ དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབས་ན་རྡོ་རྗེ་འདུས་པ་རྩལ། ཤར་དུ་ཞེ་སྡང་རྡོ་རྗེ། ལྷོར་རཏྣ་རྡོ་རྗེ། ནུབ་ཏུ་འདོད་ཆགས་དབང་ཆེན། བྱང་དུ་ལས་ཀྱི་རྡོ་རྗེ་རྩལ་ཞེས་གསང་བའི་མཚན་དང་ལྷན་ཅིག་དབང་རྟགས་ཅོན་པན་སྤྱི་བོར་བཅིངས་པར་མོས་ཤིག །ཅོད་པན་སྤྱི་བོར་བཞག་ཏེ་མེ་ཏོག་འཐོར་ཞིང་། ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ ཡི་དམ་ལྷ་དང་སྐལ་བ་མཉམ༔ འཁོར་ལོས་སྒྱུར་རྒྱལ་ཇི་བཞིན་དུ༔ ཆོས་ཀྱི་རྒྱལ་སྲིད་དབང་བསྐུར་རོ༔ ཞེས་ཤིས་པ་བརྗོད། དེ་ནས་ལས་ཀྱི་རྡོ་རྗེས་ཁྲིད་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པར་མོས་ཤིག །ལས་རྡོར་གྱིས་ཕྱག་བྱས་ལ་གསོལ་བ་གདབ་པ་ནི། ཧོ༔ རྡོ་རྗེ་གསང་བའི་རིགས་ཅན་རྣམས༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲོངས༔ རྡོ་རྗེའི་རྒྱལ་པོ་ཉིད་ལ་གཏད༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ཅེས་བརྗོད། མ་རིག་པའི་ལིང་ཏོག་དང་། མིག་གི་སྒྲིབ་གཡོགས་ལྷན་ཅིག་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཀྱེ༔ མི་ཤེས་དྲི་མ་དང་བྲལ་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ དག་པ་གསུམ་ལྡན་ཡེ་ཤེས་སྤྱན༔ དྲི་བྲལ་དོན་གྱི་སྤྱན་དབྱེ་འོ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། དེ་ལྟར་མ་རིག་པའི་རབ་རིབ་བསལ་བས་དྲི་མེད་ཡེ་ཤེས་ཀྱི་མིག་ཐོབ་སྟེ་བཅོམ་ལྡན་འདས་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་གྱུར་པའི་འདུན་པ་མཛོད། བརྡའ་དོན་བཤད་པ་ནི་ཕྱག་ཤིང་གིས་མཚོན་ལ། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་རྣ་བའི་དབང་པོ་མ་ཡེངས་པར་ཉོན་ལ༔ མིག་གི་དབང་པོས་ལེགས་པར་ལྟོས་ཤིག༔ དཀྱིལ་འཁོར་འདིའི་རྣམ་དག་བཤད་པ་ནི༔ བརྡའི་དོན་ཕྱི་ནས་ནང་དུ་བཤད་པ་དང༔ དོན་གྱི་རྣམ་དག་ནང་ནས་ཕྱིར་བཤད་པ་གཉིས་ལས༔ འདིར་ནི་དོན་གྱི་རྣམ་དག་བཤད་པར་བྱ་སྟེ༔ དབུས་སུ་ཨེ་མཐིང་ནག་ཆོས་འབྱུང་ཟླ་གམ་སྒོ་གཅིག་པར་འདུག་པ་ནི༔ གཙོ་བོ་རྡོ་རྗེ་གཞོན་ནུ་བཞུགས་དོན་ནོ༔ དེའི་མཐར་ཟླ་གམ་གསུམ༔ མུ་ཁྱུད་ཐོད་པས་བསྐོར་བ་ནི༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་མཚོན་པའི་རྟགས་སོ༔ དེའི་ཕྱི་འཁོར་ལོ་རྩིབས་བཞི་ནི༔ སྐུ་བཞི་ཕྲིན་ལས་བཞིའི་བདག་ཉིད་སྲས་མཆོག་བཞི་བཞུགས་པའི་དོན་ནོ༔ དེའི་ཕྱི་འཁོར་ལོ་རྩིབས་བཅུར་འདུག་པ་འདི་ནི༔ ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ཡབ་ཡུམ་ཟ་གསོད་ཁྲ་ཐབས་དང་བཅས་པ་བཞུགས་པའི་དོན་ནོ༔ དེའི་ཕྱི་ལ་ཐོད་པ་རྐམ་རློན་གྱིས་བརྩེགས་པ་ནི༔ ཆོས་ཀྱི་དབྱིངས་ལས་འགག་མེད་ཀྱི་རྩལ་ཤར་བའོ༔ རྣམ་ཐར་བཞིའི་དོན་མཚོན་པའི་གྲུ་ཆད་བཞིར་བྱུང་བའོ༔ པཉྩ་རེ་ཁཱའི་རྩིག་པ་རྣམ་པ་ལྔར་བྱུང་བ་ནི༔ ཡེ་ཤེས་ལྔའི་དོན་མཚོན་པའོ༔ ཕྱོགས་བཞིའི་ཁྱམས་བཞི་བྱུང་བ་ནི༔ ཆོས་ཐམས་ཅད་མཉམ་པ་ཉིད་དུ་བརྡལ་བའི་དོན་མཚོན་པའོ༔ དཀྱིལ་འཁོར་གྱི་སྒོ་བཞི་ནི་ཚད་མེད་པ་བཞི་དང་ལྡན་པའི་དོན་ནོ༔ འདོད་སྣམས་དམར་པོ་འཁོར་ཡུག་ཏུ་བྱུང་བ་ནི༔ འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས་མཆོད་པ་འབུལ་བའི་དོན་ནོ༔ རིན་པོ་ཆེའི་ཕ་གུ་སེར་པོའི་རྩིག་པ་ནི༔ ཆོས་ཐམས་ཅད་མ་སྐྱེས་མཉམ་པ་ཉིད་དུ་རྫོགས་པའི་དོན་ནོ༔ མུན་པའི་གྲིབ་སོ་ལ་མུ་ཏིག་དྲྭ་བ་དྲྭ་ཕྱེད་ཀྱིས་སྤྲས་པ་ནི༔ ཆོས་ཀྱི་སྐུ་ལ་དྲི་མས་མ་གོས་ཤིང༔ རྩལ་མ་འགགས་པའི་དོན་ནོ༔ པུ་ཤུའི་འཁོར་ཡུག་ཏུ་དྲི་མེད་ཤེལ་གྱི་མཆོད་རྟེན་བརྒྱ་དང་རྩ་བརྒྱད་ཀྱིས་བསྐོར་བ་ནི། ཆོས་ཀྱི་སྐུ་ལ་དྲི་མ་མེད་པ་ལ་རང་བྱུང་ཐུགས་རྗེའི་ཟེར་དུ་འཕྲོ་བའོ༔ ཕྱོགས་བཞིར་རྟ་བབས་བཞི་སྒོ་ཁང་རྒྱན་དགུ་དང་བཅས་པར་འདུག་པ་ནི༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞི་ཡོངས་སུ་རྫོགས་པའི་དོན་ནོ༔ ཨིནྡྲ་ནཱི་ལའི་ས་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ་ནི༔ མ་ཧཱ་ཡོ་གའི་ཁྲོ་བོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དོན་ནོ༔ དྲི་མེད་པདྨའི་ཕྲེང་བས་ཡོངས་སུ་བསྐོར་བ་ནི༔ བག་ཆགས་ཀྱི་དྲི་མས་མ་གོས་པའི་དོན་ནོ༔ འཁོར་ཡུག་རྡོ་རྗེའི་ཕྲེང་བ་ནི༔ གང་གིས་ཀྱང་གཞིག་ཅིང་གཞོམ་པ་དང༔ གནོད་དུ་མེད་པའི་དོན་ནོ༔ ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་དང་ལྡན་པར་འབར་བ་ནི་ཉོན་མོངས་པའི་རྣམ་རྟོག་དང་བག་ཆགས་སྲེག་ཅིང་བགེགས་འབྱུང་པོ་ཐམས་ཅད་སྲེག་པའི་དོན་ནོ༔ གྲུ་བཞི་གཏེར་གྱི་བུམ་པས་མཚན་པ་ནི༔ དགོས་འདོད་རེ་བ་ཡིད་བཞིན་སྐོང་བའི་དོན་ནོ༔ གཞན་ཡང་དཀྱིལ་འཁོར་འདི་ཉིད་ཀྱི་ལོངས་སྤྱོད་དུ༔ དཀྱིལ་འཁོར་གསུམ་ཡོངས་སུ་རྫོགས་པའི་ཕུར་སྒྲོམ༔ གཞལ་ཡས་ཁང་སྣོད་བཅུད་ལྡན་པའི་བུམ་པ༔ དབང་བསྐུར་དངོས་གྲུབ་འབྱུང་བའི་གཏོར་ཆེན༔ ལྷ་ཚོགས་ཐམས་ཅད་སྐོང་བའི་སྨན་རཀ༔ ཐབས་ཤེས་ཟུང་དུ་འཇུག་པའི་རྡོར་དྲིལ༔ བྱིན་རླབས་ཡོངས་རྫོགས་བསྐུར་བའི་དབང་ཙཀ༔ ལོངས་སྤྱོད་ཡོངས་སུ་རྫོགས་པའི་རྒྱལ་མཚན༔ དར་འཕན་ཅོད་པན༔ ཡོན་ཏན་ཕུན་སུམ་ཚོགས་པའི་མདའ་དར་མེ་ལོང༔ བདུད་བཞིའི་གཡུལ་ལས་རྒྱལ་བའི་གྲི་བཞི༔ མཚམས་གཅོད་འཁོར་ཡུག་སྲུང་བའི་མདའ་བརྒྱད༔ མཚོན་ཆ་ལྔའི་སྲུང་བ༔ ཚོན་སྐུད་སྣ་ལྔའི་དྲྭ་ཐག༔ རྟོག་མེད་རོལ་པའི་རྒྱན་དུར་ཁྲོད༔ བདུད་བཞིའི་གཡུལ་ལས་རྒྱལ་བའི་སྟག་ཤམ་སྒབ་སྐོར༔ དྲི་མེད་ཡེ་ཤེས་མཚོན་ཕྱིར་མར་མེ་བཅུ་གཉིས༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་ཕྱིར་དར་ཁང་སུམ་རིམ༔ མདོར་ན་བཀོད་པའི་བྱེ་བྲག་མ་ཚང་བ་མེད་པ༔ འདི་དག་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་རྣམ་པར་བཀོད་པ་ཡིན་ཅིང༔ མདོར་ན་ཆོས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་པ་དང༔ སྤྲུལ་པས་འགྲོ་བའི་དོན་གང་ལ་གང་འདུལ་དུ་མཛད་པ་ཡིན་ཅིང༔ མདོར་ན་སྐྱེ་མེད་ཆོས་ཀྱི་ཀློང་ནས་འགག་མེད་ཐུགས་རྗེའི་རྩལ་ཟེར་དུ༔ ཐུགས་རྗེས་འགྲོ་བའི་དོན་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར༔ བརྡའ་དང༔ དོན་དང༔ རྟགས་གསུམ་དུ་མཚོན་པ་ཡིན་པས༔ སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱིས་དེ་ལྟར་ཤེས་པར་བྱའོ༔ ཞེས་ངོ་སྤྲད། དེ་དག་གིས་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ལགས། གཉིས་པ་དབང་སྐུར་དངོས་གཞིའི་རིམ་པ་ལ་གཞུང་དང་ཟུར་འདེབས་བསྡེབས་ནས་ལྷན་ཅིག་ཏུ་བསྐུར་བ་ནི། ཞུགས་པ་ལ་མངོན་པར་དབང་བསྐུར་བ་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་འདིའི་རྗེས་ཟློས། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ཅེས་ལན་གསུམ་ཞུའོ། །དམ་ཆུ་ཆང་དང་ཨ་མྲྀཏ་སྦྱར་བ་བླུད་ལ། ཧཱུྃ༔ གསང་བ་རྡོ་རྗེ་ལས་བྱུང་བ༔ འདི་ནི་དམ་ཚིག་སྲོག་གི་ཆུ༔ ཁྱོད་ཀྱི་སྙིང་ལ་ཞུགས་ནས་ནི༔ གལ་ཏེ་ཉམས་ན་བསྲེག་འགྱུར་ཞིང༔ མ་ཉམས་ན་ནི་ཡེ་ཤེས་མཆོག༔ རྡོ་རྗེ་ལས་ཀྱི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨུ་ད་ཀ་ཏྲ་ཐ་ཡ་ཧཱུྃ༔ དེང་ཕྱིན་ཆད་བླ་མེད་རྡོ་རྗེ་ཐེག་པའི་དམ་ཚིག་རྒྱུད་ལས་ཇི་སྐད་གསུངས་པ་ཐམས་ཅད་ཚུལ་བཞིན་དུ་བསྲུང་བར་བྱ་དགོས་སོ། །ཀྱེ༔ ལེགས་འོངས་རིག་ཀྱི་བུ་རྣམས་གུས་པས་ཉོན༔ གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར༔ དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན༔ གྲུ་ཡིས་ཕ་རོལ་བགྲོད་པར་ག་ལ་ནུས༔ གོ་འཕང་རིམ་པར་དབང་གིས་བགྲོད་པའི་ཕྱིར༔ རིམ་པ་བཞིན་དུ་བདག་གིས་བསྐུར་བར་བྱ༔ ཞེས་གནང་བ་སྦྱིན། དེ་ནས་རྒྱུད་སྦྱོང་ཞིང་ཡེ་ཤེས་པའི་བྱིན་རླབས་རྒྱུད་ལ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་། སྭཱ་བྷཱ་བས་སྦྱང་། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་བདུད་བཞི་བསྣོལ་བའི་གདན་ལ་སེམས་ཉིད་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ནས་ཚུར་འདུས་པས་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་དམར་ཟླུམ་ཕྱོགས་བཅུར་གཟིགས་ཤིང་དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ལ་རིགས་ལྔའི་རྩེ་བྲན་ཅན་གྱི་ཐོད་སྐམ་ལྔས་བརྒྱན་པ། གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་མེ་དཔུང་དང་ཁ་ཊྭཱཾ་བསྣམས་ཤིང་། མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ། ཉི་མ་དང་ཟླ་བས་སྙན་གོང་བརྒྱན་ཅིང་སྦྲུལ་རིགས་ལྔ་དང་ཐོད་པ་ཚར་གསུམ་གྱི་ཕྲེང་བས་སྤྲས་པ། རྡོ་རྗེ་རིན་པོ་ཆེའི་གཤོག་པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན། ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་སུ་བཞུགས་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཆས་ཀྱིས་བརྒྱན་པ། གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ། དེའི་ཐུགས་ཀར་རྡོ་རྗེ་མཐིང་ག་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་མ་ལ་ཧཱུྃ་མཐིང་ནག་གི་མཐར་ཀཱི་ལ་ཡ་འབྲུ་བཅུ་བཞིས་བསྐོར་བ། མདུན་གྱི་ནམ་མཁར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་སྤྲིན་བཞིན་འཐིབས་ཏེ། སློབ་མའི་སྤྱི་བོ་ནས་མར་ལ་བྱིན་རླབས་ཁུ་འཕངས་ལྟར་ཤ་ར་ར་བབས་པས། སློབ་མའི་ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐིམས། ཁྱད་པར་སྙིང་གའི་ཡེ་ཤེས་སེམས་དཔའ་ཧཱུྃ་ཡིག་དང་བཅས་པ་ལ་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པར་ཐིམ་པའི་མོས་པ་མཛོད་ཅིག །འབེབ་པའི་རྫས་བསྲེག དབྱངས་རོལ་བཅས། ཧཱུྃ༔ སྐྱེ་མེད་རྣམ་དག་སོགས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་ལ་བྱིན་དབབ། དེ་ཉིད་བརྟན་པར་བྱ་བ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ནུས་པ་རྒྱུད་ལ་ཞུགས་པའི་སླད་དུ་དབང་རྣམས་རིམ་པར་བསྐུར་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་དཀྱིལ་འཁོར་པའི་ལྷ་ཚོགས་ལྷན་ཅིག་པས་དབང་བསྐུར་བའི་ཕྲིན་ལས་ལ་འཇུག་པར་མོས་ཤིག །བུམ་པའི་ཁ་རྒྱན་གྱི་རིགས་ལྔ་སྤྱི་བོར་བཞག་ལ། ཧཱུྃ༔ སྲིད་པ་གསུམ་ལ་དབང་བསྒྱུར་ཕྱིར༔ བྱང་ཆུབ་སེམས་ནི་མངོན་དུ་བསྟན༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ དབུ་ལ་རིགས་ལྔས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཛྙཱ་ན་པཉྩ་ཡ་རི་ཤ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་པས༔ འོག་མིན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྐལ་པ་མཉམ་པར་གྱུར་ཏེ༔ ཆོས་ཀྱི་རྒྱལ་སྲས་ཡེ་ཤེས་ལྔ་ལ་དབང་བསྒྱུར་ཞིང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ དེ་ནས་བུམ་པ་སྤྱི་བོར་བཟུང་སྟེ། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་ཡི་དབྱིངས་སུ་དབང་བསྐུར་རོ༔ གསུང་གི་དབྱིངས་སུ་དབང་བསྐུར་རོ༔ ཐུགས་ཀྱི་དབྱིངས་སུ་དབང་བསྐུར་རོ༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷྲཱུྃ་རཏྣ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག་གོ །བུམ་ཆུ་སྤྱི་བོར་བླུགས་ཏེ་ཁྲུས་བྱ། ངག་ཏུ་བླུད། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་བསྐུར་པས༔ རྡོ་རྗེ་ཕུར་པའི་དབང་མ་ལུས་པའི་དབང་ཡོངས་སུ་རྫོགས་པ་ཐོབ་སྟེ༔ འབྲས་བུ་སྐུ་བཞིའི་སངས་རྒྱས་ཐོབ་པར་གྱུར་ཅིག༔ དེ་ནས་ཉན་འཆད་ཀྱི་དབང་བསྐུར་བ་ནི། བྷནྡྷ་མགྲིན་པར་གཏུགས་ཤིང་དབང་བསྐུར། བདུད་རྩི་ངག་ཏུ་སྦྱིན་ལ། ཧཱུྃ༔ ཆོས་ཉིད་བདུད་རྩི་ཆོས་ཀྱི་ཆར༔ སྐལ་ལྡན་འདི་ལ་དབབ་པའི་ཕྱིར༔ མཐུན་པར་གསུང་སྒྲ་ཆོས་ཀྱི་དབང༔ བསྐུར་བས་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཉན་ཅིང་འཆད་པའི་དབང་བསྐུར་པས༔ ཐེག་མཆོག་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་དཀྱིལ་འཁོར་ལྷའི་དབང་བསྐུར་བ་ནི། ཕུར་སྒྲོམ་ཡོངས་རྫོགས་སམ། ཡང་ན་གཙོ་བོའི་ཕུར་པ་དཔྲལ་བར་བཞག །སྒྲོལ་ཕུར་ལག་ཏུ་གཏད་དེ། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ ལྷ་དབང་ལུས་ལ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་མཱཾ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཀྱི་ལྷ་དབང་ཡོངས་སུ་རྫོགས་པའི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་ཕྱོགས་བཅུའི་ཁྲོ་བོ་ཁྲ་ཐབས་དང་བཅས་པའི་ཕུར་པ་རྣམས་སྦམ་ཕུར་དུ་གཏད་ལ། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ འབར་བའི་ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ༔ སྤྲུལ་པའི་མགོ་བརྙན་ཁྲ་ཐབས་ཚོགས་བཅས་ཀྱིས༔ སྐུ་གསུང་ཐུགས་ཡོན་རྫོགས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཁྲོ་བོ་བཅུ་ཟ་གསོད་དང་བཅས་པའི་དབང་མཆོག་བསྐུར་པས༔ ཁྲོ་རྒྱལ་མ་ལུས་སྟོབས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ལས་ཕུར་ཉེར་གཅིག་གཏད་ལ། ཧཱུྃ༔ དམར་ནག་ཨེ་ཡི་དཀྱིལ་འཁོར་ནས༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཁམས་གསུམ་སྒྲོལ་ནུས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ལ་རཱུ་པ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པས་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཁམས་གསུམ་ཆོས་ཀྱི་དབྱིངས་སུ་སྒྲོལ་ནུས་པའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི། བླ་མ་ཡབ་ཡུམ་སྦྱོར་བའི་བྱང་སེམས་དང་། ཙན་དན། ག་པུར། བུ་རམ་སྦྱར་བ་ལྕེ་ལ་བཞག །ཧཱུྃ༔ རང་ཉིད་དཔལ་ཆེན་འབར་བའི་སྐུ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྦྱོར༔ འཁོར་བ་དབྱིངས་སུ་བསྒྲལ་བའི་ཕྱིར༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སིདྡྷི་ཧོ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་གསང་བ་བྱང་ཆུབ་སེམས་ཀྱི་དབང་འདི་བསྐུར་པས༔ རྩ་ཁམས་ཡོངས་སུ་རྫོགས་པ་བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་ཅིག༔ དེ་ནས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་བསྐུར་ཏེ། སྐུ་སྤྱི་བོར། སྒྲུབ་ཡིག་ཐུགས་ཀར། རྡོ་རྗེ་དང་ཁ་ཊྭཱཾ་ལག་ཏུ་གཏད་ལ། ཧཱུྃ༔ དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུ་གཙོ་དང་འཁོར༔ ཡབ་ཡུམ་སྲས་བཅས་ཐམས་ཅད་ཀྱི༔ ལྷ་དབང་ལུས་ལ་རྫོགས་གྱུར་ཅིག༔ གསུང་ནི་འགག་མེད་ཀཱི་ལ་ཡ༔ བསྙེན་སྒྲུབ་རྣམ་གསུམ་མཐར་ཕྱིན་ནས༔ རྟགས་དང་མཚན་མ་བསྟན་པ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔ ཧཱུྃ༔ ཐུགས་ནི་རང་བྱུང་སྲོག་དང་བཅས༔ རང་བྱུང་ཡེ་ཤེས་སྙིང་པོའི་ངང༔ སྨྲ་བརྗོད་བྲལ་བས་རྫོགས་པ་ཆེ༔ སྐྱེ་འགག་འགྱུར་མེད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་མཆོག་དམ་པ་བསྐུར་པས༔ སྐུ་གསུམ་ཡོངས་རྫོགས་ཆོས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་བརྒྱུད་འཛིན་གྱི་སློབ་མ་ལ་རྒྱས་པར་སྤྲོ་ན་ཁྲོ་བཅུ་ཁྲ་ཐབས་དང་བཅས་པའི་ཙཀ་ལི་རིམ་པར་ཐོགས་ལ་ཟུར་གསལ་མཚོན་ཆ་འཁོར་ལོ་ལྟར། ཧཱུྃ༔ སྟེང་གི་ཕྱོགས་ནས་འབེབ་མཛད་པ༔སོགས་ནས། གསོད་བྱེད་བྱི་བའི་མགོའི། མ་རག་མོ་ཡག་མོ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པའི་བར་དུ་བསྐུར། དེ་ནས་ཕྲིན་ལས་བཞིའི་དབང་བསྐུར་བ་ནི། གྲུ་ཆད་བཞིའི་ཕུར་པ་གཏད་ལ། ཧཱུྃ༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་དཔལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ ཕྲིན་ལས་རྣམ་བཞིའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ རུ་དྲ་པྲ་བེ་ཤ་ཡ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཞི་རྒྱས་དབང་དྲག་བཞིའི་ཕུར་པ་ལག་ཏུ་གཏད་པས༔ ཕྲིན་ལས་རྣམ་བཞི་བརྩམ་པས་འགྲུབ་པར་གྱུར་ཅིག༔ དེ་ནས་སྒོམ་ཞིང་སྒྲུབ་པའི་དབང་བསྐུར་བ་ནི། གཙོ་བོ་སྲས་བཞིའི་ཕུར་པ་ལག་ཏུ་གཏད་དེ། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ནས༔ བདེ་གཤེགས་རྒྱལ་བ་མ་ལུས་ཀུན་འདུས་པའི༔ སྲིད་གསུམ་ཕུར་པའི་ལྷ་རུ་བསྒྲུབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུ་གཙོ་དང་འཁོར་དུ་བཅས༔ རྟག་ཏུ་ཁྲོ་རྒྱལ་ལྷ་ཡི་ཏིང་འཛིན་སྒོམས༔ དྲགས་སྔགས་སྤུ་གྲི་མེ་ཡི་འཁོར་ལོ་ཟློས༔ ཐུགས་མཆོག་འགྱུར་མེད་སྙིང་པོ་ཧཱུྃ་དུ་གསལ༔ སྒོམ་སྒྲུབ་ཕྲིན་ལས་ནུས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨོཾ་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་སྒྲུབ་ཕུར་ཆེན་མོ་འདི་ལག་ཏུ་གཏད་པས༔ སྲིད་གསུམ་ཕུར་པའི་སྐུར་གྱུར་ཏེ༔ དཔལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཡོངས་སུ་རྫོགས་པ་ཕྱག་མཚན་གྱི་དབང་བསྐུར་བ་ནི། གཡས་སུ་རྡོ་རྗེ་ཕུར་པ། གཡོན་དུ་མེ་དཔུང་ཁ་ཊྭཱཾ་གཏད་དེ། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཕྱག་མཚན་འདི་ཡིས་དབང་བསྐུར་བས༔ ཐམས་ཅད་ཡོངས་རྫོགས་དབང་ཐོབ་ཤོག༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཛྭ་ལ་རཾ་ཏྲི་ཤཱུལ་སརྦ་ཨ་བྷི་ཥིཉྩ་ཨཱ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཕྱག་མཚན་ཡོངས་རྫོགས་ཀྱི་དབང་བསྐུར་པས༔ འཁོར་ལོས་སྒྱུར་པའི་རྒྱལ་པོ་ལྟར༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྲིན་ལས་ཐམས་ཅད་ཀྱི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་རྟགས་ཀྱི་དབང་བསྐུར་བ་ནི། ཐལ་ཆེན་ཚོམ་བུ་དཔྲལ་བ། རཀྟའི་ཐིག་ལེ་མཁུར་ཚོས། ཞག་གི་ཟོ་རིས་ཨོག་ཀོ །གཡས་སུ་དྲིལ་བུ། གཡོན་དུ་ཐོད་ཁྲག་གཏད་ལ། ཧཱུྃ༔ རབ་འཇིགས་བཛྲ་ཀཱི་ལ་ཡ༔ འགྱུར་མེད་ཐལ་ཆེན་ཚོམ་བུ་དང༔ དཔལ་ཆས་རཀྟའི་ཐིག་ལེས་མཚན༔ རྔམས་བྱེད་ཞག་གི་ཟོ་རིས་འཇིགས༔ མི་འགྱུར་ཁྲོ་བོའི་རྟག་གསུམ་གདབ༔ དྲིལ་བུ་ཐོད་ཁྲག་ཡུམ་གྱི་རྟེན༔ གར་དགུའི་ཁྲོ་བོའི་ཚུལ་སྟོན་པ༔ མངོན་རྫོགས་རྒྱལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་རཀྴ་ཀ་ར་མ་ཏྲི་ཧོ་ཨ་བྷི་ཥིཉྩ་ཧོ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་དཔལ་ཆེན་ཁྲོ་བོའི་རྟགས་གདབ་མི་འགྱུར་བའི་དབང་འདི་བསྐུར་པས༔ ཁྲོ་བོ་རིགས་འདུས་གར་དགུའི་དབང་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་བསྙེན་སྒྲུབ་ཛཔ྄་ཀྱི་དབང་བསྐུར་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་སྲོག་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་སྔགས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ། སྙིང་པོ་ལན་གསུམ་རྗེས་ཟློས་བྱར་གཞུག །ཡེ་ཤེས་སེམས་དཔའི་གཟུགས་དང་སྔགས་བྱང་གསེར་གྱིས་བྲིས་པ་གཏད་ལ། ཧཱུྃ༔ དབྱིངས་ནས་འབར་བའི་སྐུར་སྟོན་པ༔ ཕྲིན་ལས་ཡོངས་རྫོགས་གྲུབ་པའི་དཔལ༔ སྒྲུབ་པའི་ཡེ་ཤེས་ཚོན་གང་བ༔ གསང་བ་སྔགས་ཀྱིས་བསྐྱེད་པའི་ཕྱིར༔ རྒྱུན་ཆད་མེད་པ་བཟླས་དགོས་པས༔ ཛཔ྄་དབྱངས་སྔགས་ཀྱིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་མན་ངག་སྙིང་པོའི་ལུང་བྱིན༔ དབང་བསྐུར་བཀའ་རྟགས་གཏད་པས༔ དེ་རིང་ཕན་ཆད་དཔལ་ཆེན་པོ་གཙོ་དང་འཁོར་དུ་བཅས་པ༔ རབ་འབྱམས་རྒྱ་མཚོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་སྲས་ཕུར་བྱིན་རླབས་སྐབས་སུ་འབྱུང་བ་ལྟར་གདབ་ཕུར་ལ་བྱུགས་བདུག་བྲབ་གསུམ་བྱ། སློབ་བུའི་ལུས་ལ་དཔལ་གྱི་ཆས་བརྒྱད་བཀོན་པའི་ཚུལ་དང་། གདབ་ཕུར་འདྲིལ་ཞིང་གཏད་ལ། ཧཱུྃ༔ དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་འབར་བ་ཀཱི་ལ་ཡ༔ ཡབ་ཡུམ་ཕྱག་རྒྱས་བྱིན་བརླབས་ནས༔ ཁྱོད་ཀྱི་ལག་ཏུ་འདི་གཏད་པས༔ དཔལ་ཆེན་ཡོངས་རྫོགས་ཕྲིན་ལས་བདག༔ བྱིན་རླབས་ཆེན་པོའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧོ༔ སྐལ་ལྡན་ཁྱོད་ལ་དཔལ་གྱི་ཆས་བརྒྱད་བསྐོན་ཞིང༔ གདབ་ཕུར་གཏད་པས། རྫས་ཀྱི་ཕུར་པ་ལས་ཡེ་ཤེས་ཁྲོ་བོའི་རང་བཞིན་དུ་བྱིན་རླབས་ནུས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་གདབ་ལས་ཀྱི་དབང་བསྐུར་བ་ནི། ལྕགས་ཧོམ་དང་ལིང་ག་མདུན་དུ་བཀོད། དེ་ནས་དྲག་པོ་མངོན་སྤྱོད་ཀྱི་གཟེར་ཁ་གདབ་པའི་ལས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །བདག་མདུན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་ཕོ་ཉ་འཕྲོས་པས། བྱིའུ་ཁྲས་བཅུམ་པ་ལྟར་རང་དབང་མེད་པར་དགྲ་བོའི་རྣམ་ཤེས་བླ་དང་བཅས་པ་བཀུག་སྟེ་ལིང་ག་ལ་ཐིམ་པར་མོས་ཤིག །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ་དཀོན་མཆོག་རྩ་བ་གསུམ་དང་ཡི་དམ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདུན་བཅུ་རྩ་བརྒྱད་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཕྱག་རྒྱ་བཞི་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་གྲུ་གསུམ་ལྕགས་ཀྱི་ཁང་པར་ལིངྒ་དང་གཉིས་སུ་མེད་པར་ཐིམ་པར་མོས་ཤིག །ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བ་དང་། ཕུར་བུ་སྲས་མཆོག་ཀཱི་ལ་ཡ། ལིངྒ་དགྲ་བགེགས་དངོས་སུ་གསལ་བ་ལ་བཏབ་པས་ཚེ་བསོད་བཀྲག་མདངས་ཐམས་ཅད་འོད་ཀྱི་ཐིག་ལེའི་རྣམ་པས་རང་ལ་བསྡུས་ཏེ་རྡོ་རྗེའི་ཚེ་སྲོག་གི་སྟོབས་བསྐྱེད། རྣམ་ཤེས་ཨ་དཀར་པོའི་རྣམ་པས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་གཤེགས་པར་མོས་ལ་ཕུར་པ་འདྲིལ་ཞིང་ལིངྒའི་སྙིང་ག་སོགས་གནས་རྣམས་སུ་ཐོབས་ཤིག །སྲས་མཆོག་གི་ཕུར་པ་བླངས་ཏེ། རྡོ་རྗེ་སློབ་དཔོན་གྱིས་འདྲིལ་ཞིང་རྗེས་ལ་སློབ་མའི་ལག་ཏུ་གཏད་ཅིང་། ལིངྒའི་ལྟེ་བ་སྙིང་ག་ཡན་ལག་བཞི་ལ་གདབ་ཏུ་གཞུག་ལ། ཧཱུྃ༔ བདག་དང་ལག་པའི་མཆོག་རྣམས་ཀྱིས༔ རབ་ཏུ་འདྲིལ་ཞིང་གསོར་བྱེད་ནས༔ དུག་གསུམ་རྩ་བ་གཅོད་པའི་ཕྱིར༔ སྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཁམས་གསུམ་སྲིད་གསུམ་བསྒྲལ་བ་དང༔ མཐུ་རྩལ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཏྲཱཾ་རུ་ཏྲ་མཱ་ར་ཡ་ཕཊ༔ ཧོ༔ སྐལ་ལྡན་ཁྱོད་ལ་སྒྲོལ་བྱེད་དང་འདེབས་པའི་དབང་བསྐུར་པས༔ དུག་གསུམ་གྱིས་བསྐྱེད་པའི་དགྲ་བགེགས་ཐམས་ཅད་སྒྲོལ་ཞིང་ཚར་གཅོད་རྡུལ་དུ་རློག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་རྡུལ་དུ་བརླག་པའི་དབང་བསྐུར་བ་ནི། ལིངྒ་གོང་དུ་བསྒྲལ་པའི་རྗེས་ལ། རྡོ་རྗེའི་ཐོ་བ་དང་། མིའི་མཆོག་ཕུར་གཏད། ཐུན་གྱིས་ཀྱང་བྲབ་ཏེ། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདས་བྱེད་སྡིག་ཆེན་རྣམས༔ རྡོ་རྗེ་མེ་འབར་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ དྲག་པོ་སྒྲོལ་བྱེད་དབང་བསྐུར་བས༔ ཁམས་གསུམ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མུ་ཏྲི་གྷྲི་ན་མཱ་ར་ཡ་ཧཱུྃ་ཕཊ༔ ཧོ༔ སྐལ་ལྡན་ཁྱོད་ལ་དྲག་པོ་གདབ་ལས་ཀྱི་དབང་བསྐུར་པས༔ དགྲ་བགེགས་ཐམས་ཅད་སྒྲོལ་ཞིང་ཚར་བཅད་ནས༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྒྲོལ་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་དམ་ཅན་བྲན་དུ་འཁོལ་ནུས་པའི་དབང་བསྐུར་ཏེ། དབང་ཡོངས་རྫོགས་རྒྱས་པའི་སྐབས་འདིར་དམ་ཅན་ཕུར་པ་རྣམས་ལ་དམིགས་ཏེ་བདེན་སྟོབས་བརྗོད། བདེན་པས་ཕུར་སྲུང་དམ་ཅན་དགེ་བསྙེན་ཉེར་གཅིག་དབང་ཕྱུག་ཉེར་བརྒྱད་སྤྲུལ་པ་འཁོར་དང་བཅས་པ་ཐམས་ཅད་རང་རང་གི་རྟེན་གྱི་ཕུར་པ་རྣམས་ལ་ཐིམ་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ ཞེས་བཀུག གུ་གུལ་བདུག །ཤ་ཆེན་བསྲེག ཡུངས་དཀར་ནག་ལ་བཞི་སྙིང་གཅིག་དྲིལ་བཟླས་པ་འཐོར་ཞིང་གཟི་བརྗིད་བསྐྱེད། སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བས། ཁྱོད་རང་རྣམས་ངོ་བོ་རྡོ་རྗེ་གཞོན་ནུ་ལ་རྣམ་པ་གསང་བའི་བདག་པོ་དངོས་སུ་གྱུར་པ་ལ་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་བྲན་དང་འབངས་སུ་གཏད་པས་ཅི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །དམ་ཅན་བཅུ་གཉིས་སོགས་ཀྱི་ཕུར་པ་རིམ་བཞིན་གཏད་ལ་ཟུར་གསལ་ལྟར། ཧཱུྃ༔ བྲན་དང་བཀའ་ཉན་སོགས་ནས་དབང་ཕྱུག་ཉེར་བརྒྱད་མཇུག་གི། བསྲུང་བར་འགྱུར་རོ༔ བར་གཏང་། དབང་ཕྱུག་སྐབས་བསྐུལ་བྱང་གཏང་བར་གསུངས་པ་ལྕོགས་ན་བསྐུལ་བྱང་དུག་མདའ་ནག་པོ་ལྟར་སྦྱོར་དགོས་ཀྱང་མི་ལྕོགས་ན་དཀྱུས་ཉིད་ཀྱིས་འཐུས། དེ་ནས་གཞུང་གསལ་དམ་ཅན་བཀའ་གཏད་མདོར་བསྡུས་ནི། ཡོད་ན་དམ་ཅན་ཕུར་བུའམ་མེད་ན་ནི་ལས་ཕུར་རྣམས་གཏད་དེ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱིས་དམ་བཅའི་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུྃ་བཾ་ཧོ༔ ཧེ་ཧེ་ཧེ་ཧེ༔ བྷྱོ་བྷྱོ་བྷྱོ༔ མོ་ཧ་གྷཱ་ཏ་ཡ༔ དྷ་ཏི་མ་མ༔ ཤྲཱི་ཀྲང་ཀ་ར་ཡ༔ ཀརྨ་ཀ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་བཀའ་སྡོད་དམ་ཅན་བྲན་དུ་ཁོལ་ནུས་པའི་དབང་འདི་བསྐུར་པས༔ ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་ཅིང༔ མི་ནུབ་རྒྱལ་མཚན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་གཏོར་མའི་དབང་བསྐུར་བ་ནི། དཔལ་གཏོར་ཆེན་པོ་སྐུ་དང་བཅས་པ་གཙུག་ཏུ་བཞག་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་དམ་ཅན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩི་འོད་ཟེར་ཐིག་ལེའི་རྣམ་པར་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། གནས་གསུམ་དུ་ཐིམ་པས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་རྩལ་རྫོགས་སུ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫས་ཆེན་པོའི་དངོས་གྲུབ་སྩོལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་གནས་གསུམ་དུ་བཞག །ཧོ༔ སྐལ་ལྡན་ཁྱོད་རྣམས་ལ་གཏོར་ཆེན་ཡེ་ཤེས་འབར་བ་ཕྱག་རྒྱའི་དབང་འདི་བསྐུར་པས༔ བདེ་གཤེགས་ཀུན་གྱི་དབང་མཆོག་ཐོབ༔ ཐུགས་དམ་བསྐངས་ཏེ་བར་ཆད་ཞི་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཕྲིན་ལས་སྒྲུབ་ནུས་ཀྱི་དབང་བསྐུར་ཏེ། རྔ་དུང་རོལ་མོ་རྣམས་གཏད། སྒྲུབ་གཏོར་རྒྱུན་གཏོར་དང་བཅས་པ་ཡང་ལག་ཏུ་གཏད། སྒྲུབ་ཡིག་སྙིང་ཁར་བཞག །མགོ་ལ་པྲོག་ཞུ་བསྐོན་ཏེ། ཧཱུྃ༔ སངས་རྒྱས་སྲས་པོ་དམ་པའི་མཆོག༔ བསྐྱེད་དང་རྫོགས་དང་ཕྲིན་ལས་བཞི༔ ཆོས་རྣམས་ཀུན་ལ་དབང་བསྐུར་ཞིང༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ཅིང༔ རང་དང་གཞན་གཉིས་སྨིན་གྲོལ་ཕྱིར༔ ཕྲིན་ལས་ཡོངས་རྫོགས་བཀའ་གཏད་དབང༔ ཁྱོད་ལ་ཡོངས་རྫོགས་འདི་བསྐུར་བས༔ རབ་འབྱམས་བཀའ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཨོཾ་ཨཱཿཧཱུྃ༔ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་ཚེ་དང་དངོས་གྲུབ་ཞལ་ཟས་ཀྱི་དབང་བསྐུར་ཏེ། ཚེ་འབྲང་སྤྱི་བོར་བཞག །རྫས་རྣམས་གནས་གསུམ་དུ་གཏུགས་ཏེ་ལག་ཏུ་གཏད་ལ། ཧཱུྃ༔ སྲིད་པའི་ཕུར་པ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ཨཱ་ཡུ་ཤེ་སིདྡྷི་ཧཱུྃ༔ ཀཱ་ཡ་བཛྲ་སིདྡྷི་ཨོཾ༔ ཝཱ་ཀ་བཛྲ་སིདྡྷི་ཨཱ༔ ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ གུ་ཎ་བཛྲ་སིདྡྷི་ཧྲཱི༔ ཀརྨ་བཛྲ་སིདྡྷི་ཕཊ༔ ཤཱནྟིཾ་སིདྡྷི༔ པུཥྚིཾ་སིདྡྷི༔ བཱ་ཤཾ་སིདྡྷི༔ ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཚེ་དང་དངོས་གྲུབ་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱིས་དབང་བསྐུར་པས༔ བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཚོ་དཔལ་དང་ལོངས་སྤྱོད་ལ་མངའ་བརྙེས་ཤིང༔ མཆོག་ཐུན་མོང་ཕུན་སུམ་ཚོགས་པའི་དངོས་གྲུབ་ལ་ལོངས་སྤྱོད་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་དག་རྣམས་ཀྱིས་ཕྱི་བུམ་པའི་དབང་། ནང་གསང་བའི་དབང་། ཐུགས་ཡོངས་རྫོགས་ཕྲིན་ལས་དང་བཅས་པའི་དབང་བསྐུར་བ་རྣམས་གྲུབ་ནས། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་རིག་མ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་བྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཀྱཻ༔ བུ་ཁྱོད་ཐེག་དམན་བློ་མ་ཆུང༔ ཐབས་དང་ཤེས་རབ་མ་འབྲེལ་བའི༔ གསང་སྔགས་གྲུབ་པ་ག་ལ་ཐོབ༔ ཤེས་རབ་རང་བཞིན་བུད་མེད་ལ༔ བརྙས་ཤིང་སྤང་ན་ལྟུང་བར་འགྱུར༔ ལམ་མཆོག་དགའ་བཞིས་མ་བགྲོད་པའི༔ འབྲས་བུ་སྐུ་བཞི་ཐོབ་མི་འགྱུར༔ དེ་ཕྱིར་ཕྱག་རྒྱ་རྟག་ཏུ་ཟུངས༔ བདེ་སྟོང་ངོ་བོ་ཉམས་སུ་སྐྱོངས༔ རང་གི་དྭངས་མ་ཉམས་མི་རུང༔ ཉམས་ན་ལྟུང་བའི་གནས་སུ་འགྱུར༔ གཉེན་པོས་བཟུང་ལ་བདེ་སྟོང་སྐྱོངས༔ འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བས་ལྷན་སྐྱེས་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་མཛོད༔ དབང་བཞི་པ་རྩལ་དབང་གིས་ངོ་སྤྲོད་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་རིག་པ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་རྩེ་གཅིག་ཏུ་གཏོད་ཅིག །ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དེ་ལྟར་དབང་རིམ་མང་བསྐུར་ཀྱང༔ ཐབས་དང་ཤེས་རབ་འབྲེལ་བའི་ལམ༔ ཡང་དག་དོན་གྱི་ངོ་བོ་ནི༔ བསྐུར་དང་སྐུར་བྱེད་ཀུན་ལས་འདས༔ ཐམས་ཅད་མཉམ་རྫོགས་ཆེན་པོའི་ཀློང༔ འགྱུར་བ་མེད་པ་རྡོ་རྗེ་སྟེ༔ བསྒྲེས་རྒུད་མེད་པ་གཞོན་ནུའི་ཚུལ༔ ཕུར་ནི་ཆོས་ཀྱི་དབྱིངས་ཉིད་ལས༔ པ་ནི་རིག་པའི་ཡེ་ཤེས་ཏེ༔ ཕུར་དག་དོན་གྱི་ཕུར་པ་ཡིན༔ ཐུགས་ཁར་རང་སེམས་སྲོག་དང་བཅས༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཐུགས་རྗེའི་རྩལ་སྣང་མ་འགགས་པ༔ དོན་གྱི་རྡོ་རྗེ་གཞོན་ནུ་ཡིན༔ བུ་ཁྱོད་ངང་འདིར་མ་བཅོས་ཞོག༔ སྨྲ་བསམ་བརྗོད་ལས་འདས་པའི་དོན༔ འདི་ཡི་ངང་ལ་གནས་པར་གྱིས༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་སེམས་དབྱེར་མེད་དུ་བསྲེས་ལ་རྒྱུན་དུ་ཞོག་ཅིག༔ ཅེས་བརྗོད་ལ་གསལ་སྟོང་ལྷན་ནེ་བའི་ངང་ལ་ཡུད་གཅིག་བཞག །ཕཊ༔བརྗོད། དེ་ལྟར་ལན་གསུམ་བསྐྱར་བར་གསུངས། དེ་ནས་ཕྲིན་ལས་རྩལ་སྤྱོད་ཐོགས་པ་མེད་པ་གར་གྱི་དབང་བསྐུར་བ་ནི། དཀྱིལ་འཁོར་ལ་བསྐོར་བ་བྱེད་ཅིང་གར་ཐབས་སུ་འཁྲབ་པར་སྒོམས་ལ་གང་ཤར་གྱི་ཉམས་སྣ་མི་བསྐྱིལ་བར་ཛཔ྄་དབྱངས་གྱིས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བླ་མས་རིག་པ་ངར་དང་བཅས་ཏེ། གཟུང་བ་མེད་དོ༔ ཧཱུྃ་ཧཱུྃ༔་་་བརྗོད་པ་ཕྱི་མ་རྣམས་ལ་འགྲེས། འཛིན་པ་མེད་དོ༔ གཏད་པ་མེད་དོ༔ བརྗོད་དུ་མེད་དོ༔ བསམ་དུ་མེད་དོ༔ སྟོང་པ་ཡིན་ནོ༔ གཏད་མེད་ཡིན་ནོ༔ རང་བྱུང་ཡིན་ནོ༔ ལྷུན་གྲུབ་ཡིན་ནོ༔ རང་གསལ་ཡིན་ནོ༔ འཛིན་མེད་ཡིན་ནོ༔ རྗེན་པ་ཡིན་ནོ༔ ཟང་ཐལ་ཡིན་ནོ༔ གང་ཡང་སྟོང་ཉིད་རང་གྲོལ་ལ༔ འཁོར་འདས་དམིགས་མེད་སྤྲོས་དང་བྲལ༔ རིག་པ་ཡེ་ཤེས་རྩལ་དབང་ཡིན༔ རྟག་ཏུ་ཉམས་ཀྱི་སྣ་མི་བསྐྱིལ༔ གཏད་མེད་ངང་དུ་སྐྱོལ་ཅིག་ཀྱེ༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་སོགས་ནས། ཕཊ྄༔ བརྗོད་པའི་བར་གོང་ལྟར་བྱ། དེ་ནས་མཚམས་སྦྱོར་བཅས་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་ཐུགས་དམ་གསང་བའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་རྒྱུད་དང་མན་ངག་སྒྲུབ་ཐབས་ཐམས་ཅད་ལས། ཡང་ཟབ་སྙིང་པོའི་སྙིང་པོར་བསྔགས་པ་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དཀྱིལ་འཁོར་དུ་རྩ་བའི་སྨིན་བྱེད་རྒྱས་པ་སྲུང་མའི་དབང་བསྐུར་དང་བཅས་པ་ཚུལ་བཞིན་གྲུབ་པ་ཡིན་པས། དབང་གི་སྲོག་ནི་དམ་ཚིག་ཁོ་ནས་འཛིན་དགོས་པས་དམ་ཚིག་རྩ་བ་ཡན་ལག་གིས་བསྡུས་པ་རྣམས་ཚུལ་བཞིན་དུ་བསྲུང་བར་དམ་བཅའ་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་ཀྱིས་སློབ་མའི་བྱ་བ་གྲུབ། གསུམ་པ་རྗེས་ཀྱི་ཆོ་ག་ནི། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་གཏང་། གཏོར་སྐྱོང་རྟ་བྲོ་གཏང་རག་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་ཕུར་ཁྲོམ་སོགས་ལ་བརྟན་བཞུགས་དང་དམ་ཚིག་པ་རང་ལ་བསྡུ། མགྲོན་ཐབས་ཀྱི་ལྷ་གཤེགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ལས་བྱང་ལྟར་ཚང་བར་བྱའོ། །དབང་གཞུང་ལས། དེ་ལྟར་དབང་རྣམས་ཕར་བསྐུར་པའི་རྗེས་སུ་རྡོ་རྗེ་སློབ་དཔོན་རང་གི་དབང་མ་གསོས་ན་སྒྲུབ་པ་ཟག་པར་འགྱུར་བས༔ རྗེས་ཀྱང་བསྙེན་པ་ཁྲི་གསུམ་སོགས་ཀྱིས་རང་གི་དབང་གསོ༔་་་འདི་དབང་བསྐུར་ཙམ་ལ་སྦྱར་རོ། །རྒྱུན་དུའང་རབ་གཞུང་བསྲང་ནར་མའམ༔ འབྲིང་ཉ་སྟོང་བརྒྱད་གསུམ་ལ་སོགས་ལ་གཞུང་བསྲང་མ་ཆག་པར་བྱ་སྟེ༔ ཏིང་ངེ་འཛིན་གྱིས་དབང་བླང་བ་ནི༔ མན་ངག་གི་གནད་དུ་ཆེའོ༔ དེས་ཕར་ལ་བསྐུར་ཡང་རང་གི་སྒྲུབ་པ་ལ་མི་གནོད་དེ་བཀྲ་ཤིས་པ་ཡིན་ནོ༔ ཞེས་གསུངས་པ་འདི་དབང་བསྐུར་སྤྱི་ལ་གནད་གལ་ཆེ་བའི་ཞལ་གདམས་ཡིན་པས་ཆགས་མེད་རིན་པོ་ཆེས་ཀྱང་ཡང་ཡང་གསུངས་སོ། །གཞི་དབྱིངས་རྡོ་རྗེར་དབང་གིས་གསལ་བཏབ་ནས། །རིག་པ་གཞོན་ནུ་བུམ་པ་སྐུར་སྨིན་ཏེ། །ཕྱིར་སྣང་མཛད་པས་མཁའ་ཁྱབ་སྲིད་པ་གསུམ། །ཕུར་བུར་སྒྲུབ་པའི་མཐུ་སྟོབས་ཆེ་བརྙེས་ཤོག །འདིའང་རིན་ཆེན་གཏེར་གྱི་མཛོད་དུ་ཆོས་རྒྱལ་རཏྣ་གླིང་པའི་ཟབ་ཆོས་རྒྱུན་བཞུགས་རྣམས་ཡོངས་སུ་རྫོགས་པའི་ཆ་རྐྱེན་དུ་འཁོད་ན་གལ་ཆེ་བ་དམ་པའི་སྐྱེས་བུ་རྣམས་ཀྱིས་གསུང་བསྐུལ་གནང་བ་ལྟར། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཕྱིས་ཤིག་ཏུ་མཚམས་སྦྱོར་མདོར་བསྡུས་ཙམ་བྱས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྤེལ་བ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ་ (Volume 23, Text 37)
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ནང་སྒྲུབ་རྒྱུན་ཁྱེར་བྱིན་རླབས་རྒྱ་མཚོ་བཞུགས་སོ། ། བླ་མ་འཇིག་རྟེན་དབང་ཕྱུག་ཞབས། །སྙིང་གི་པདྨོར་རྟག་མཆོད་ནས། །ངན་སོང་རང་གྲོལ་ནང་སྒྲུབ་ཀྱི། །འདོན་འགྲིགས་རྒྱུན་ཁྱེར་སླད་དུ་སྤེལ། །སྐྱབས་སེམས་སྔོན་དུ་སོང་ནས། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་ནང་། །བྷྲཱུྃ་ལས་གཞལ་ཡས་མཚན་ཉིད་ཡོངས་རྫོགས་དབུས། །གསེར་གྱི་ས་གཞི་པད་ཉི་ཟླ་གདན་གསལ། །ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧྲཱི༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ རྣམ་དག་དྲི་མེད་སྐུ་མདོག་དཀར་ལ་འཚེར༔ རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར༔ ཡན་ལག་ལོངས་སྐུའི་ཕྱག་གི་དང་པོ་ནས༔ སྐྱོན་གྱིས་མ་གོས་པདྨ་དཀར་པོ་འཛིན༔ ཉོན་མོངས་དག་བྱེད་རིལ་བ་སྤྱི་བླུགས་ཐོགས༔ ཐབས་དང་ཤེས་རབ་དབྱེར་མེད་མདའ་གཞུ་བསྣམས༔ ཉིང་ལག་སྤྲུལ་སྐུའི་ཕྱག་གི་དང་པོ་ནས༔ འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན༔ ཡི་དྭགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་མཛད༔ འཕྲོ་གཅོད་དོན་ལྡན་གསེར་གྱི་འཁོར་ལོ་བསྐོར༔ ཞབས་གཉིས་པདྨའི་གདན་ལ་མཉམ་པར་བཞེངས༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་སྐུ་རུ་གསལ༔ གནས་ལྔར་ཁ་སརྤ་ཎི་དཀར་དམར་མཐིང་། །སེར་ལྗང་ཕྱག་གཡས་སྐྱབས་སྦྱིན་གཡོན་པདྨ། །པད་ཟླར་སེམས་སྐྱིལ་འོད་སྐུ་ནས་ཙམ་གསལ། །ཡུམ་མཆོག་གསང་ཡེ་ཞལ་གཅིག་ཁྲོ་འཛུམ་དམར། །ཕྱག་བཞིས་གྲི་ཐོད་རལ་གྲི་ཁ་ཊྭཱཾ་བསྣམས། །རུས་པའི་རྒྱན་སྤྲས་ཞབས་གཉིས་ཡབ་ལ་འཁྲིལ། །དབུ་གཙུག་སྣང་མཐའ་ཚེ་དཔག་ཡབ་ཡུམ་དམར། །མཉམ་གཞག་ཚེ་བུམ་འབྱུང་བཅུད་བདུད་རྩིས་གཏམས། །དེ་ཡི་ཤར་དུ་རིག་འཛིན་འཇའ་ཚོན་སྙིང་། །ལྷོ་རུ་མཉམ་མེད་སྙི་སྒོམ་འཛམ་གླིང་གྲགས། །ནུབ་ཏུ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ། །བྱང་དུ་རྒྱལ་བའི་དབང་པོ་ཀརྨ་པ།་་་བླ་མ་འདི་བཞི་འཇའ་ཚོན་པ་ཉིད་ཀྱིས་སྙན་བརྒྱུད་གཙུག་རྒྱན་ནོར་བུའི་གཤམ་དུ་གསུངས་པ་ལ་ཅུང་ཟད་བསྒྱུར་བ་རྒྱུན་ཁྱེར་ལྟ་བུའི་སྐབས་ལ་ལེགས་ཤིང་ནང་སྒྲུབ་རྐང་ཚུགས་བྱེད་ན་འདི་བཞི་མི་དགོས་སོ། །གཙོ་བོའི་ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང་། །ཤར་དུ་ཛཾ་དཀར་འབྲུག་ཞོན་རིན་ཆེན་བརྒྱན། །ཕྱག་གཡས་བགྲང་ཕྲེང་ནེའུ་ལེའི་རྐྱལ་པ་གཡོན། །གཡས་སུ་འཇམ་དཀར་མཆོད་སྦྱིན་ཨུཏྤལ་སྟེང་། །ཤེར་ཕྱིན་པོད་མཚན་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ནུབ་ཏུ་མི་གཡོ་དཀར་པོ་ཉི་དཀྱིལ་ལ། །པུས་གཙུགས་ཁྲོས་ཚུལ་རལ་གྲི་སྡིགས་མཛུབ་མཛད། །གཡོན་དུ་སྒྲོལ་དཀར་སྤྱན་བདུན་ཟླ་བ་ལ། རྒྱབ་རྟེནམཆོག་སྦྱིན་ཨུཏྤལ་སྐྱིལ་ཀྲུང་བཞུགས། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་ཆས་སྤྲས། །དེ་ཡི་རྒྱབ་ཏུ་པདྨ་ཟླ་གདན་ལ། །གཡས་སུ་ཤཱཀ་ཐུབ་ས་གནོན་མཉམ་གཞག་སེར། །རྒྱབ་ཏུ་མར་མེ་མཛད་དམར་མཉམ་གཞག་རྒྱ། །གཡོན་དུ་བྱམས་པ་ཐལ་སྦྱར་གུར་གུམ་མདོག །མདུན་དུ་གུ་རུ་པདྨ་རས་གཟན་ཅན། །དབུ་སྐྲ་ཐོར་ཅོག་རྡོ་རྗེ་ཐོད་པ་འཛིན། །ཟིལ་ཕྲུམ་འཇའ་འོད་འཁྱིལ་པའི་ཀློང་ན་བཞུགས། །སྒོ་བཞིར་སྟག་ཕག་སེང་གེ་སྤྱང་གདོང་མ། །དཀར་སེར་དམར་ལྗང་ཕྱག་གཡས་ལྕགས་ཀྱུ་ཞགས། །ལྕགས་སྒྲོག་དྲིལ་བུ་གཡོན་རྣམས་ཞགས་པ་འཛིན། །སྟངས་སྟབས་ཚུལ་བཞུགས་གཙོ་འཁོར་ཐམས་ཅད་ཀྱི། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ས་བོན་ལས། །འོད་འཕྲོས་དུས་གསུམ་རྒྱལ་བ་སྲས་དང་བཅས། །ཉི་ཟེར་རྡུལ་འཁྲིགས་ལྟ་བུར་སྤྱན་དྲངས་ཐིམ། །ཧྲཱི༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུར་སྤྲུལ་པ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ འཁོར་བཅས་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས༔ འགྲོ་བ་སེམས་ཅན་མ་ལུས་དོན་མཛད་ཕྱིར༔ བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ༔ ཐུགས་དམ་དབང་གིས་བཞུགས་ནས་བྱིན་གྱིས་རློབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱིཿ ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང༔ འགྲོ་བའི་དོན་ཕྱིར་ལོངས་སྤྱོད་རྫོགས་སྐུར་བསྟན༔ ཐུགས་རྗེས་ཅིར་སྣང་སྤྲུལ་སྐུས་འགྲོ་དོན་མཛད༔ སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི༔ མཆོད་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ༔ ཉོན་མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་གསག་ཕྱིར༔ པཱུ་ཛའི་ཚོགས་ཀྱིས་མཉེས་ཤིང་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་བཟའ་བཏུང་སྒྲ་སྙན་སོགས༔ ཕྱི་ཡི་མཆོད་པ་སྣ་ཚོགས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་དྷཱི་པཾ་གནྡྷེ་ནཻ་ཝིདྱཾ་ཤབྡ་སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཧྲཱི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བཀྲ་ཤིས་ལྷ་མོ་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པར་འབུལ༔ དགྱེས་ཤིང་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ལཱ་སྱེ༔ བཛྲ་ཤབྡ༔ བཛྲ་གནྡྷེ༔ བཛྲ་ནཻ་ཝིདྱཾ༔ བཛྲ་པཉྩ་ལཱི་ཀ༔ བཛྲ་དྷརྨ༔ སརྦ་པཱུ་ཛ་ཡ་མཎྜ་ལ་ཨ་ལ་ལ་ཧོ༔ གཉིས་མེད་བསྟིམ་པ་ནི། ཧྲཱིཿ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང༔ གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས༔ གཉིས་སུ་མེད་པར་བརྟན་པར་བཞུགས་ནས་ཀྱང༔ འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ དབང་བསྐུར་གསོལ་གདབ་ནི། ཧྲཱི༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་སྐུར་བཞུགས་ནས༔ རྒྱལ་བ་རིགས་ལྔ་འོག་མིན་གནས་ནས་བཞེངས༔ རིགས་ཀྱི་བདག་པོས་དབང་སྐུར་བྱིན་གྱིས་རློབས༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཨ་བྷི་ཥིཉྩ་ཨཱ༔ དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་གྱུར༔ སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ བྱིན་རླབས་དབང་བསྐུར་རྒྱས་གདབ་བོ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བསྟོད་པ་ནི་རྒྱས་པར་སྐུ་གསུང་ཐུགས་བསྟོད་སོགས་གཞུང་གསལ་ལ། བསྡུ་ན། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ སོགས་དང་། བསྟོད་པར་འོས་པ་སོགས་བྱའོ། །དེ་ནས་སྔགས་བཟླ་བ་ནི། ཐོག་མར་སྤྱི་བོའི་རིགས་བདག་གི་ཚེ་བུམ་ནས་བདུད་རྩི་ཁོལ་ཞིང་ལུད་པ་དང་། ཡབ་ཡུམ་སྦྱོར་བའི་བྱང་སེམས་དཀར་དམར་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་དབྱངས་གསལ་རྟེན་འབྲེལ་སྙིང་པོའི་རྒྱུན་ལྟ་བུ་ན་ར་ར་བབས་ནས་རང་གི་གནས་ལྔར་ཐིམ་པས་ཚེ་དབང་མཆོག་གི་དངོས་གྲུབ་ཐོབ་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་ཨ་མཱ་ར་ཎ་ཛཱི་བནྟི་ཡེ་སྭཱ་ཧཱཿ ཞེས་ཅུང་ཟད་བཟླ། ཚེ་གཟུངས་རིང་ཐུང་གཞན་རྣམས་ཀྱང་སྤྲོ་ན་བཟླ། དེ་ནས་གཟུངས་རིང་བཟླ་བར་སྤྲོ་ན། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་ཧྲཱིཿཡིག་དཀར་པོའི་མཐར་སྔགས་ཕྲེང་ཡིག་ངོ་ཕྱིར་བལྟས་སྦྲུལ་འཁྱིལ་བ་ལྟ་བུར་བསམ་ལ། ན་མོ་རཏྣ་སོགས་ཅི་ནུས་བཟླས་ལ་སྤྲོ་བསྡུ་འོག་ནས་འབྱུང་བ་ལྟར་བྱ། འོན་ཀྱང་འདི་ལ་གཙོ་བོར་ཡིག་དྲུག །ཡིག་བདུན། ཡིག་བཅུ་གསུམ་གང་འདོད་བཟླ་དགོས་པས་དམིགས་པ་ནི། གནས་ལྔའི་ཁ་སརྤ་ཎིའི་ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པ། དེ་རྒྱབ་ཡིག་བཅུ། དེ་རྒྱབ་དབྱངས་གསལ་རྟེན་འབྲེལ་སྙིང་པོས་བསྐོར་བ་བཅས་ཐམས་ཅད་ཀྱང་གནས་ལྔའི་རང་མདོག་ཅན། དེ་དག་ལས་འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་རྒྱལ་བ་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རང་གི་སྒོ་གསུམ་ལ་ཐིམ་པས་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བྱང་ཞིང་འཕགས་པའི་སྐུ་གསུང་ཐུགས་སུ་གྱུར། ཡང་འོད་ཟེར་མཁའ་ཁྱབ་ཀྱི་སེམས་ཅན་ལ་ཕོག་པས་འཁོར་བ་དོང་ནས་སྤྲུགས་པར་མོས། མཐར། ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ ཧ་རི་ནི་ས་ཧཱུྃ༔ ཞེས་པ་ཅི་རིགས་དང་། འཁོར་སྔགས་བཟླ་བར་སྤྲོ་ན། ས་བོན་སྤྲོ་བསྡུ་སོ་སོའི་ལུགས་དང་བསྟུན་ཏེ། ཛཾ་དཀར་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊཿ འཇམ་དཀར་ལ། ཨོཾ་ཝཱ་ཀྱེ་དཾ་ན་མ༔ མི་གཡོ་བ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། སྒྲོལ་དཀར་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་གསུམ་ལ་མུ་ནི་སོགས་སོ་སོའི་གཟུངས་སམ། ཡང་ན་སྤྱི་བསྡུས་སུ། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། བླ་མ་ལ། གུ་རུ་པདྨ་སིདྡྷི་ཧཱུྃ། མཐར་ཡིག་དྲུག་གཤམ་དུ། ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སིདྡྷི་སིདྡྷི་ཧཱུྃ། ཞེས་པའང་ཚར་ཁ་ཤས་དང་། དབྱངས་གསལ་རྟེན་སྙིང་ལན་གསུམ་རེ་བཟླའོ། །དེ་ནས་ཡན་ལག་བདུན་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ བླ་མ་དཀོན་མཆོག་ཐམས་ཅད་དགོངས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་བཞེས༔ སྒོ་གསུམ་སྡིག་སྒྲིབ་ཉམས་ཆག་མཐོལ་ལོ་བཤགས༔ ཕྱི་ནང་གསང་བའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་འགྲོ་བའི་དོན་དུ་བཞུགས༔ ཐུགས་རྗེ་རྒྱུན་ཆད་མེད་ལ་རྗེས་ཡི་རང༔ དུས་གསུམ་དགེ་བ་སེམས་ཅན་དོན་དུ་བསྔོ༔ བདག་གཞན་ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ། ཅེས་བདག་བསྐྱེད་འོད་གསལ་དུ་ཞུགས། ཕཊ་ཕཊ་ཕཊ། ཅེས་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ མགོན་པོ་སྤྱན་རས་གཟིགས་དབང་ནི༔ དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས༔ ལམ་ལྔ་ས་བཅུ་བགྲོད་བྱས་ནས༔ ཕ་རོལ་ཕྱིན་པ་བཅུ་རྫོགས་ཏེ༔ འགྲོ་བའི་དོན་དུ་སྐུར་བཞུགས་པ༔ བདག་ནི་འཆི་བའི་དུས་ཀྱི་ཚེ༔ རི་བོ་ཏ་ལར་སྐྱེ་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རི་བོ་ཏ་ལར་སྐྱེས་ནས་ཀྱང༔ སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ༔ སྐྱེ་འཆི་མེད་པའི་སྐུ་བརྙེས་ནས༔ ཆོས་ཀྱི་བདུད་རྩི་འཐུང་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བདག་གིས་སྨོན་ལམ་འདི་བཏབ་པས༔ འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ སོ་སོའི་སྡིག་སྒྲིབ་ཀུན་བྱང་ནས༔ སྡུག་བསྔལ་མ་ལུས་ཞི་གྱུར་ཏེ༔ བྱང་ཆུབ་ལམ་ལ་རབ་ཞུགས་ནས༔ ཁམས་གསུམ་འཁོར་བ་སྟོངས་པར་ཤོག༔ བཀྲ་ཤིས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བྱམས་དང་སྙིང་རྗེའི་ཐུགས་ཀྱིས་སྐྱོབ་མཛད་པ༔ འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང༔ ལོངས་སྤྱོད་རྒྱས་ཤིང་བསམ་དོན་འགྲུབ་པ་དང༔ ཆོས་ལ་བར་ཆད་མེད་ཅིང་སྒྲུབ་པ་མཐར་ཕྱིན་ནས༔ བརྒྱུད་འཛིན་བྱིན་གྱིས་བརླབ་པའི་བཀྲ་ཤིས་ཤོག༔ ཅེས་སམ། བསྡུ་ན་བསྔོ་སྨོན་སྤྱི་འགྲེ་ཙམ་བྱས་ནས་འདི་རིགས་བསྐྱུར་བས་ཀྱང་འཐུས་སོ། །རྒྱུན་ཁྱེར་ལྟ་བུར་ཤིན་ཏུ་བསྡུ་ན་མངོན་རྟོགས་ཀྱི་རྗེས་སུ་སྤྱན་འདྲེན་སོགས་སྔགས་ཙམ་ཁོ་ན་བརྗོད་པས་ཀྱང་ཆོག་ལ། ནང་སྒྲུབ་ཆེད་གཏད་བྱེད་ན་ནི། དམིགས་པ་དང་ཆོ་གའི་འགྲོས་འདི་ལྟར་ལ་འདོན་ཆ་གཏེར་གཞུང་གི་ཚིགས་བཅད་ལྷུག་རྣམས་གབ་སྤྲད་ནས་ཚང་བར་བཏོན་དགོས་ཀྱི་སླ་ཆོས་མི་རུང་ལ་འདི་ནི་རྒྱུན་ཁྱེར་ལྟ་བུ་སྟབས་བདེ་ཁོ་ནའི་ཆེད་དུ་བྲིས་མོད། ནང་སྒྲུབ་ཀྱི་ཟིན་བྲིས་ལྟ་བུར་ཡང་འགྱུར་བ་ཡོད་དོ། །དེའང་ཟབ་གཏེར་འདིའི་ཤློཀ་གཅིག་ཡན་ཆད་ལ་དབང་ལུང་མན་ངག་མཐའ་ཆོད་པར་བྱས་ཤིང་བསྙེན་སྒྲུབ་ཉམས་ལེན་ཅི་ནུས་སུ་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་རང་སྐལ་དང་འཚམ་པའི་ངེས་ཤེས་ཕྲན་བུ་ཐོབ་པས་མི་ལྡོག་པའི་དད་མོས་ལྡན་པ་དང་། ཡིད་ཆེས་ཀྱི་གནད་མང་དུ་མཐོང་བའི་ཕྱིར། སྙན་བརྒྱུད་གཙུག་རྒྱན་ནོར་བུ་དང་ཆོ་ག་གཞུང་སོགས་ཀྱི་དགོངས་པ་བསྡེབས་ནས་བྲིས་པ་ལས་མཁས་འདོད་རང་བཟོ་མ་མཆིས་ཀྱང་འགལ་འཁྲུལ་མཆིས་ན་རྩ་བ་གསུམ་ལ་བཤགས་སོ། །མཚན་ཐོས་ཙམ་གྱིས་གྲོལ་གྱུར་ན། །བསྒྲུབས་པས་སྨོས་ཀྱང་ཅི་དགོས་པ། །འདི་བྲིས་དགེ་བས་མཁའ་ཁྱབ་འགྲོ །ཐུགས་རྗེའི་དབང་ཕྱུག་ཉིད་འགྱུར་ཤོག །ཅེས་པའང་མ་ཎི་པ་ཡོན་ཏན་རྒྱ་མཚོས་དབོ་ཟླའི་ཡར་ཚེས་བརྒྱད་ཀྱི་ཉིན་འོག་མིན་བླ་མའི་གདན་ས་དཔལ་སྤུངས་ཀྱི་ཡང་དབེན་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།
སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོས་པ་བདེ་ཆེན་ཆར་འབེབ་ (Volume 15, Text 37)
༄༅། །སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོས་པ་བདེ་ཆེན་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀཱ་ཡ། བཀའ་བརྒྱད་དྲེགས་འདུལ་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོ་ན། ཐོག་མར་ཕྱག་རྒྱ་གར་མཆོད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ ཕྱག་རྒྱ་བཞི་ལྡན་གར་གྱི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ནཱིརྟི་པཱུ་ཛ་ས་མ་ཡ་ཧོ༔ རྡོ་རྗེ་གླུ་མཆོད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ དགའ་བ་བཅུ་དྲུག་གླུ་ཡི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་གཱི་ཏི་པཱུ་ཛ་ས་མ་ཡ་ཧོ༔ ཕྱི་མཆོད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ ཀུན་བཟང་ཉེར་སྤྱོད་ཕྱི་ཡི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ལོ་ཀེ་ཨཱགནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ས་མ་ཡ་ཧོ༔ ནང་མཆོད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ འདོད་ཡོན་ལྔ་ལྡན་ནང་གི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཀ་མ་གུ་ཎ་པཱུ་ཛ་ས་མ་ཡ་ཧོ༔ གསང་མཆོད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ ཡེ་ཤེས་སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཏ་ན་ག་ཎ་པཱུ་ཛ་ས་མ་ཡ་ཧོ༔ དུག་གསུམ་མཆོད་པ་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ས་མ་ཡ་ཧོ༔ སྨན་མཆོད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་སཱ་པ་རི་ཝ་ར་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ བདུད་རྩི་ཐིགས་གཏོར་ནི། ཁྱབ་བདག་ཀུན་བཟང་རིགས་ལྔ་ཞི་དང་ཁྲོ །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །དཔལ་ཆེན་མངོན་གྲུབ་རིག་འཛིན་རྣམ་བརྒྱད་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཧི། བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །བཀའ་བབས་མི་དགུ་བསམ་གཏན་བདེ་ཆེན་གླིང་། །གསང་འཛིན་སྨུག་ནག་དབང་གི་མཁའ་འགྲོ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །རྩ་བརྒྱུད་བླ་མ་སྒྲུབ་པ་བཀའ་བརྒྱད་ལྷ། །གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། དངོས་གྲུབ་བླང་བ་ནི། ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་མཐེབ་སྲིན་ཉི་ཟླའི་གའུས་བདུད་རྩི་བླངས་ལ་གནས་གསུམ་དུ་རེག །སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་མྱོང་ངོ་། །གཏོར་མའི་མཆོད་པ་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ དམ་རྫས་རྨད་བྱུང་གཏོར་མའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ གདུག་པ་བསྒྲལ་པའི་རཀྟའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝ་ར་མ་ཧཱ་རཀྟ་ཁཱ་ཧི༔ ཛ་གད་ནི། ཧཱུྃ༔ ཞི་ཁྲོ་བདེ་གཤེགས་ཡོངས་རྫོགས་ལྷ་ཚོགས་ལ༔ ཛ་གད་དཔའ་བོ་ཕུད་ཀྱི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་ཛ་གད་ཁཱ་ཧི༔ ཞེས་ཁྱབ་བདག་བླ་མས་བཀའ་གནང་ལྟར་འཆི་མེད་བསྟན་གཉིས་གླིང་པས་གཏེར་གཞུང་བཅོས་མེད་དུ་བྲིས་པ་དགེ། །།
ཡང་ཟབ་རྩ་གསུམ་ཀུན་འདུས་ལས༔ ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དམ་གྲིབ་ཀུན་སེལ་ (Volume 47, Text 37)
༁ྃ༔ ཡང་ཟབ་རྩ་གསུམ་ཀུན་འདུས་ལས༔ ཁྲོ་བོ་སྨེ་བ་བརྩེགས་པའི་སྒྲུབ་ཐབས་དམ་གྲིབ་ཀུན་སེལ་བཞུགས་སོ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམ་གྲིབ་ཉམས་པ་དང༔ ནད་གདོན་བར་ཆད་ཀུན་སེལ་ཕྱིར༔ ཁྲོ་ཆེན་སྨེ་བརྩེགས་སྒྲུབ་འདོད་ན༔ སྐྱབས་སེམས་ཚད་མེད་རྣམ་བཞི་བསྒོམ༔ མཆོད་རྫས་བྱིན་རླབས་སྔོན་སོང་ནས༔ བདག་ཉིད་དམ་ཚིག་བསྐྱེད་པ་ནི༔ ཧཱུྃ༔ སྣང་སྲིད་ཆོས་ཀུན་སྟོང་པ་ཆེན་པོའི་ངང༔ ཡེ་ཤེས་རིག་རྩལ་པདྨ་ཉི་མའི་སྟེང༔ ཧཱུྃ་ཡིག་མཐིང་ནག་འོད་ཀྱི་འཕྲོ་འདུ་ལས༔ རྩ་གསུམ་རྒྱལ་བའི་བྱིན་རླབས་ནུས་སྟོབས་ཀུན༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་སྨེ་བ་བརྩེགས༔ ཞལ་གཅིག་ཕྱག་གཉིས་མི་ཟད་ཁྲོ་བོའི་ཉམས༔ དུར་ཁྲོད་ཆས་རྫོགས་སྡིགས་མཛུབ་ཐུགས་ཀར་བསྣོལ༔ གར་དགུའི་རོལ་པས་ཡེ་ཤེས་མེ་ཕུང་དབུས༔ ཞབས་གཉིས་དོར་སྟབས་པད་ཉི་དྲེགས་པ་བརྫིས༔ གནས་གསུམ་ཡི་གེའི་འོད་ཀྱི་ལྕགས་ཀྱུ་ཡིས༔ ཞི་ཁྲོ་རབ་འབྱམས་སྤྱན་དྲངས་དབྱེར་མེད་བསམ༔ ཡེ་ཤེས་སེམས་དཔའ་སྤྱན་འདྲེན་ནི༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་ཀྱི་སྲས༔ འབར་བའི་སྐུ་ཅན་སྟོབས་ཆེན་སྨེ་བ་བརྩེགས༔ རྣལ་འབྱོར་དད་པའི་གདུང་བས་སྤྱན་འདྲེན་ན༔ ཉམས་གྲིབ་བར་ཆད་སྦྱོང་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་ནི༔ ཧཱུྃ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དགྱེས་པར་བཞུགས༔ སྒོ་གསུམ་གུས་པའི་བརྡ་ཡིས་དད་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་སྤྲིན༔ འབུལ་ལོ་བཞེས་ནས་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ ཧཱུྃ༔ མཐིང་ནག་སྐུ་ནི་དུས་མཐའི་མེ་ལྟར་འབར༔ རྔམ་པའི་ང་རོས་བགེགས་ཚོགས་ཐལ་བར་བརླག༔ ཡེ་ཤེས་རོལ་པའི་མཐུ་རྩལ་རྨད་བྱུང་བ༔ སྟོབས་ཆེན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔ྄་དགོངས་གསལ་བ་ནི༔ ཐུགས་ཀར་ཕ་ལམ་རྡོ་རྗེའི་ལྟེར༔ ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་འཁོར༔ བཟླས་པས་ཡེ་ཤེས་མེ་འོད་འཕྲོས༔ ནད་གདོན་སྡིག་སྒྲིབ་བག་ཆགས་དང༔ ཉམས་གྲིབ་མི་གཙང་ཀུན་བསྲེགས་བསམ༔ ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་ཤ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་མ་ཎཱ་ཡ་བྷུར་ཙི་བྷུར་ཀི་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་ཏ་རཱ་ཛ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ སྨྲ་བ་བཅད་དེ་འབུམ་ཚོ་བཟླ༔ ནུས་པ་ཁྲོ་རྒྱལ་ཉིད་དང་མཉམ༔ ཐུན་མཐར་མཆོད་བསྟོད་ནོངས་པ་བཤགས༔ རྟག་ཆད་མཐའ་བསལ་བསྔོ་སྨོན་དང༔ བཀྲ་ཤིས་བརྗོད་ཅིང་སྤྱོད་ལམ་བྱ༔ ས་མ་ཡ༔ ལས་ཚོགས་བུམ་པ་བསྒྲུབ་འདོད་ན༔ རིན་ཆེན་བུམ་པ་བཅུད་ལྡན་ནི༔ ཆས་སུ་བཞུག་ཅིང་མཆོད་གཏོར་བཤམ༔ སྔགས་ཀྱིས་བསང་ཞིང་སྟོང་པར་སྦྱང༔ སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་བུམ་པ་བཟང༔ འདོད་ཁམས་ལྟོ་ལྡིར་གཟུགས་ཁམས་མགྲིན་པ་ཕྲ༔ གཟུགས་མེད་ཁ་གཡེལ་དཔག་བསམ་ཡལ་འདབ་རྒྱས༔ ནང་བཅུད་ཡན་ལག་བརྒྱད་ལྡན་བདུད་རྩིའི་དབུས༔ ཡེ་ཤེས་རིག་རྩལ་པདྨ་ཉི་མའི་སྟེང༔ ཞེས་སོགས་བདག་བསྐྱེད་ཇི་བཞིན་བྱ༔ བཟླས་པས་ཐུགས་དམ་བསྐུལ་བ་ནི༔ རང་གི་ཐུགས་ནས་སྔགས་ཕྲེང་རབ་འབར་བ༔ འོད་ཀྱི་ལམ་བརྒྱུད་བུམ་པའི་ནང་དུ་ཞུགས༔ བུམ་ནང་ལྷ་ཡི་སྐུ་དང་སྔགས་ཕྲེང་ལས༔ བདུད་རྩིའི་རྒྱུན་བབས་བུམ་ཆུར་གཉིས་མེད་ཐིམ༔ སླར་ཡང་འོད་འཕྲོས་རྩ་གསུམ་ཞི་ཁྲོ་ཡི༔ ཐུགས་རྗེ་བྱིན་རླབས་ནུས་རྩལ་ཐམས་ཅད་བསྡུས༔ བཅུད་ལ་ཐིམ་པས་ཁྲོ་བོའི་རང་བཞིན་གྱི༔ དག་བྱེད་ཡེ་ཤེས་རྒྱ་མཚོར་འཁྱིལ་བར་བསམ༔ རིག་པ་ཁྲིའམ་སྟོང་དུ་བཟླ༔ ཐུན་མཐར་མཆོད་བསྟོད་འོད་དུ་ཞུ༔ བུམ་ཆུའི་རང་གཞན་དོན་བྱ་འོ༔ ས་མ་ཡ༔ ལས་ཚོགས་ཁྲུས་ཀྱི་ཆོ་ག་ནི༔ བསྒྲུབ་བྱ་མདུན་དུ་འཁོད་པ་ལ༔ བགེགས་སྦྱང་བུམ་པའི་ཆུ་ཡིས་བཀྲུ༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཕྱི་ནི་བུམ་པའི་རང་བཞིན་ལ༔ ནང་ནི་ཡེ་ཤེས་བདུད་རྩིའི་ཆུ༔ སྨེ་བ་བརྩེགས་པའི་ནུས་སྟོབས་རྫོགས༔ དེང་འདིར་ཁྱོད་ལ་ཁྲུས་བགྱིས་པས༔ འདོད་ཆགས་ཞེ་སྡང་གཏི་མུག་སོགས༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ འཁོར་གསུམ་རྣམ་པར་རྟོག་པ་ཡི༔ ཤེས་བྱའི་དྲི་མ་དག་གྱུར་ཅིག༔ བསམ་གཏན་བདེ་ལ་ཆགས་པ་ཡི༔ སྙོམས་འཇུག་དྲི་མ་དག་གྱུར་ཅིག༔ སྒོ་གསུམ་ཉེས་པར་སྤྱོད་པ་ཡི༔ སྡིག་པའི་དྲི་མ་དག་གྱུར་ཅིག༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་ཉམས་ཆག་དག་གྱུར་ཅིག༔ གནས་གྲོགས་ཟས་དང་སྤྱོད་ལམ་སོགས༔ ཉམས་པའི་དྲི་མ་དག་གྱུར་ཅིག༔ རླུང་མཁྲིས་བད་ཀན་འདུས་པ་སོགས༔ ནད་རིགས་ཐམས་ཅད་དག་གྱུར་ཅིག༔ ཕོ་གདོན་མོ་གདོན་ཀླུ་གདོན་སོགས༔ གདོན་རིགས་ཐམས་ཅད་དག་གྱུར་ཅིག༔ བི་ནཱ་ཡ་ཀ་ལ་སོགས་པ༔ བགེགས་ཀྱི་འཚེ་བ་དག་གྱུར་ཅིག༔ དམེ་ཡུག་མཛེ་དང་བང་ནལ་སོགས༔ གྲིབ་དང་མི་གཙང་དག་གྱུར་ཅིག༔ ཕྱི་བཀྲུས་དུང་ལས་དཀར་གྱུར་ཅིག༔ ནང་བཀྲུས་མཆོང་ལས་དམར་གྱུར་ཅིག༔ བར་བཀྲུས་ཤེལ་ལས་གསལ་གྱུར་ཅིག༔ ཨོཾ་ཨིས་ཙ་ཊ་སོགས་སྔགས་དང་ནི༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་སྭཱ་ཧཱ༔ ཞེས་འབྱུང་ལྔའི་གྲིབ་སེལ་སྔགས་ཀྱི་མཐར༔ སརྦ་ཀརྨ་ཨཱ་བ་ར་ཎ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སརྦ་རོ་ག་ཤཱནྟིཾ༴ སརྦ་བིགྷྣཱན་ཤཱནྟིཾ༴ སརྦ་མ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་ནས་རྟེན་འབྲེལ་རྫས་ཀྱིས་བྱབ༔ སྔགས་མཐར་ཨ་པ་ན་ཡ་གདགས༔ རྡོ་རྗེས་གནས་བདུན་རེག་པས་བསྲུང༔ བཛྲ་རཀྵའི་སྔགས་ཤམ་སྤེལ༔ སངས་རྒྱས་བསོད་ནམས་མཐུ་དག་དང༔ ལྷ་རྣམས་ཀུན་གྱི་བསམ་པ་ཡིས༔ ཁྱེད་ཀྱི་འདོད་དོན་གང་ཡིན་པ༔ དོན་དེ་དེ་རིང་འགྲུབ་གྱུར་ཅིག༔ རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག༔ རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག༔ ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག༔ ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག༔ ཉིན་མོ་བདེ་ལེགས་མཚན་བདེ་ལེགས༔ ཉི་མའི་གུང་ཡང་བདེ་ལེགས་ཤིང༔ ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག༔ ཁྱེད་ལ་སྡིག་པར་མ་གྱུར་ཅིག༔ ཅེས་སོགས་བཀྲ་ཤིས་ཅི་རིགས་བརྗོད༔ རྒྱས་པར་གྲིབ་མདོས་གླུད་གཏོར་སོགས༔ གཞུང་གཞན་དག་དང་སྦྱར་དུ་རུང༔ ས་མ་ཡ༔ ལས་ཚོགས་མེ་ཡི་ཆོ་ག་ནི༔ ཞི་བའི་ཐབ་ལ་བུད་ཤིང་བརྩིགས༔ མེ་སྦར་ལྷ་བསྐྱེད་མཆོད་བསྟོད་བྱ༔ ཏིལ་ལ་སྡིག་སྒྲིབ་མི་གཙང་བསྟིམ༔ བདུད་རྩིར་བསྒྱུར་ལ་ཞལ་དུ་འབུལ༔ སྔགས་མཐར་ལས་ཀྱི་སྤེལ་ཚིག་ནི༔ སརྦ་ཀརྨ་ཨཱ་བ་ར་ཎ་སརྦ་པཱ་པཾ་མ་ལ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ བརྒྱ་རྩ་ལ་སོགས་ཅི་རིགས་ཕུལ༔ མཐར་ནི་མཆོད་བསྟོད་ནོངས་པ་བཤགས༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་པ༔ འབར་བའི་རྣམ་པས་ནད་གདོན་གྲིབ༔ སྡིག་སྒྲིབ་ལྷག་མེད་བསྲེགས་པར་བསམ༔ བསྒྲུབ་བྱས་མེ་ལ་ལན་བདུན་འགོང༔ ཐལ་བ་ཆུ་བོའི་གཞུང་དུ་བསྐྱལ༔ ས་མ་ཡ༔ རིག་པ་གཏད་པའི་དབང་བསྐུར་ནི༔ བདག་མདུན་ནུས་ལྡན་བསྒྲུབ་བྱས་ལ༔ སློབ་མས་མཎྜལ་གསོལ་བ་གདབ༔ རྒྱུད་སྦྱངས་ལྷ་བསྐྱེད་ཡེ་ཤེས་དབབ༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཕྱི་ནི་བུམ་པའི་རང་བཞིན་ལ༔ ནང་ནི་ཡེ་ཤེས་བདུད་རྩིའི་ཆུ༔ སྟོབས་ཆེན་རྡོ་རྗེ་ཁྲོ་བོའི་རྒྱལ༔ སྨེ་བརྩེགས་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་དང༔ གྲིབ་དང་མི་གཙང་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པའི་ཆུ་ཡིས་ཁྲུས་ཀྱང་བྱ༔ དེ་ནས་བུམ་པ་མགྲིན་པར་བཞག༔ གོང་ལྟར་འདོན་པ་བསྒྱུར་བྱས་ལ༔་་་གསུང་དང་ངག་གི །གསུང་དུ། ཝཱ་ཀ་ཅེས་སོ། །བུམ་ཆུ་ངག་ཏུ་སྦྱིན་པར་བྱ༔ སྔགས་ཀྱི་བཟླས་པའི་ལུང་ཡང་སྦྱིན༔ སླར་ཡང་བུམ་པ་སྙིང་གར་བཞག༔ འདོན་པ་བསྒྱུར་ཞིང་བུམ་ཆུ་འཐོར༔་་་ཐུགས་དང་ཡིད་ཀྱི། ཐུགས་སུ། ཙིཏྟ་སོགས་བསྒྱུར་རོ། །ཤིས་བརྗོད་ལ་སོགས་རྗེས་ཀྱི་རིམ༔ དབང་བསྐུར་སྤྱི་ལྟར་བྱས་པས་འགྲུབ༔ ས་མ་ཡ༔ མ་འོངས་ནད་གདོན་བགེགས་རིགས་དང༔ ཁྱད་པར་དམ་གྲིབ་མི་གཙང་བས༔ རྣལ་འབྱོར་ཀུན་ལ་འཚེ་བའི་ཚེ༔ གདམས་པ་འདིས་ཀྱང་དོན་ཆེན་འགྲུབ༔ པདྨ་ཐོད་ཕྲེང་ཁྱད་ཆོས་ཏེ༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པའང་རིག་འཛིན་ངག་དབང་རྡོ་རྗེས་མཁའ་འགྲོའི་བརྡ་བསྒྱུར་ལས་ཇི་ལྟར་བྱུང་བ་བཞིན་ནུབ་དགོན་བསམ་གཏན་བདེ་ཆེན་དགའ་ཚལ་དུ་གཏན་ལ་ཕབ་སྟེ་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཕྲིན་ལས་ཞབས་ཀྱི་སྐུའི་རིམ་གྲོར་དམིགས་ཏེ་ཕུལ་བ་དགེ །མངྒ་ལཾ།། ༈ འདིའི་བརྒྱུད་པ་ནི། ཁྲོ་རྒྱལ་སྨེ་བརྩེགས། མཁའ་འགྲོ་མ་སེང་གེའི་གདོང་ཅན། ཨོ་རྒྱན་པདྨ། ཡེ་ཤེས་མཚོ་རྒྱལ། ཨེ་ནི་རིང་ནུབ་དགོན་པ་མཁས་གྲུབ་ངག་དབང་རྡོ་རྗེ། སྦྱོར་ར་ཐམས་ཅད་མཁྱེན་པ་ཕྲིན་ལས་ལྷུན་གྲུབ། ཆོས་དབྱིངས་བདེ་ཆེན་འཚོ་མོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ།། །།
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། སྨིན་བྱེད་བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བའི་ཚུལ་ཡིད་བཞིན་དཔལ་སྟེར་ (Volume 10, Text 37)
༄༅། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། སྨིན་བྱེད་བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་བའི་ཚུལ་ཡིད་བཞིན་དཔལ་སྟེར་ཞེས་བྱ་བ་བཞུགས། ། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི། །འབྱུང་གནས་གུ་རུ་ཡིད་བཞིན་ནོར། །དད་པས་སྤྱི་བོར་མཆོད་ནས་འདིར། །ཡོངས་རྫོགས་གཏོར་མའི་དབང་བསྐུར་བཤད། །དབང་བསྐུར་བྱིན་རླབས་མཐའ་དག་གི་སྙིང་པོ། ཡོངས་རྫོགས་གཏོར་མ་ལ་བརྟེན་པའི་དབང་བསྐུར་འདི་ཉིད་གཞུང་དང་གྲུབ་པའི་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་ཤིང་། འདི་ཉིད་ཀྱི་གཞུང་ལས་ཀྱང། ཤིན་ཏུ་བསྡུ་ན་གཏོར་མའི་དབང་བསྐུར་ཞིང༔ དེ་ཡང་གསོལ་འདེབས་བསམ་པ་ལྷུན་གྲུབ་མ༔ ཡོངས་རྫོགས་བརྗོད་དང་ཡང་ན་བཅུ་གསུམ་པོའི༔ སྡུག་བསྔལ་སོ་སོར་ཞི་བའི་ཚིག་རྐང་རེ༔ གཅིག་ཏུ་བསྡམས་ནས་གཏོར་མའི་དབང་བསྐུར་བྱ༔ ཡང་ན་ལེ་ཚན་ཐ་མའི་གསོལ་འདེབས་སམ༔ ཁྱད་པར་ཐུགས་སྒྲུབ་ཀུན་གྱི་རྩ་བའི་གཞི༔ རྡོ་རྗེའི་ཚིག་རྐང་དྲུག་་་དུས་གསུམ་སངས་རྒྱས་སོགས་་་གིས་གསོལ་བ་གདབ༔ སྔགས་དབྱངས་འུར་དིར་སྒྲོག་ཅིང་མོས་གུས་བསྐྱེད༔ ཅེས་གསུངས་པ་ལྟར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་གཏོར་དབང་བྱིན་རླབས་ཀྱི་སྙིང་པོ་བགྱི་བ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དབང་དོན་སྒྲུབ་ཅིང་མཆོད་པ། དབང་བསྐུར་བའི་བྱ་བ་དངོས་སོ། །དང་པོ་ནི། སྟེགས་བུའི་ཁར་མཎྜལ་ལ་ཚོམ་བུ་ལྷ་གྲངས་མར་བཀོད་པའི་དབུས་ཀྱི་སྟེགས་ལ་བླ་མའི་གཏོར་ཆེན་རི་རབ་མ་རྒྱན་སོགས་གཟབ་སྤྲོས་ཅན་གྱི་མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། ལས་བུམ་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བའི་ཡོ་བྱད་གཞན་ཡང་འདུ་བྱའོ། །གཉིས་པ་ནི། ལས་བྱང་གཞུང་བསྲངས་ཏེ་གཏོར་ཆེན་ལ་ལྷག་པར་དམིགས་པའི་ཛཔ྄་ཁང་ཕྱེས་ལ་ཛཔ྄་བསྙེན་ཅི་རིགས་བྱ། ཆོས་སྲུང་གཏོར་འབུལ། ཚོགས་མཆོད་ཡོད་ན་བསྒྲལ་བསྟབ་ཡན་གྲུབ་པ་དང་། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །གསུམ་པ་ལ། སྡོམ་ནི། ཁྲུས་བྱ་བགེགས་ཕྲལ་སྲུང་འཁོར་བསྒོམ། །མཚམས་སྦྱར་གསོལ་གདབ་གནང་བ་སྦྱིན། རྒྱུད་སྦྱང་སྡོམ་བཟུང་ཡེ་ཤེས་དབབ། དབང་བསྐུར་དངོས་དང་རྗེས་རིམ་མོ། །ཞེས་པ་ལྟར་བཅུ་གཅིག་ཡོད་པ་ལས། དང་པོ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། གཉིས་པ་ནི། བགེགས་གཏོར་བཤམས་ལ། ལས་བྱང་ལྟར། རང་ཉིད་དབང་ཆེན་སྐུ་རུ་གསལ༔ ཞེས་པ་ནས་བྱིན་རླབས་འགུགས་བསྔོ་བསྐྲད་པ་རྣམས་བརྗོད་ཅིང་གུ་གུལ་ཡུངས་ཐུན་གྱིས་གཟིར་ལ། གསུམ་པ་ནི། ཧཱུྃ༔ བདག་ཉིད་དཔལ་གྱི་སོགས་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ། བཞི་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། སེམས་བསྐྱེད་གསལ་གདབ། དེ་ལ་འདིར་དང་པོའི་སངས་རྒྱས་ཁྱབ་བདག་པདྨ་བདེ་བ་ཆེན་པོ་ཉིད་གཞན་དོན་དུ་དམིགས་པ་མེད་པའི་ཐུགས་རྗེའི་ཤུགས་ཀྱིས། གདུལ་བྱའི་རྒྱུད་ལ་བྱིན་རླབས་འཇུག་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག །ཐབས་ལ་མཁས་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་སྟོན་པར་མཛད་པ་རྣམས་ཀྱི་ནང་ནས་མཆོག་དང་ཕུལ་དུ་གྱུར་པ་ནི། ཟབ་ལམ་བླ་མ་སྒྲུབ་པའི་སྐོར་རྣམས་ཡིན་ཅིང༔ དེ་ལའང་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དུ་སྒྲུབ་པའི་ཐབས་ཇི་སྙེད་ཅིག་མཆིས་པའི་ནང་ནས། སྙིང་པོ་བཅུད་དུ་འདྲིལ་ཞིང་དུས་དང་སྐལ་པའི་ཁྱད་པར་ལ་ཆེད་དུ་དགོངས་པའི་ཟབ་ཆོས། རྩོད་པ་དང་བྲལ་ཞིང་ཡོངས་སུ་གྲགས་པའི་འགྲོ་འདུལ་རིག་འཛིན་རྩལ་འཆང་རྣམ་པ་གཉིས་ཀྱིས་སྙིགས་མའི་བསྟན་འགྲོའི་རྒུད་པ་འཕྲོག་པའི་གཉེན་པོར། ཙིཏྟ་མ་ཎིའི་སྒྲོམ་ཆེན་ཁ་དབྱེ་བར་མཛད་པ་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལ་སྨིན་བྱེད་རྒྱས་་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། སྐབས་འདིར་ཆོ་གའི་བྱ་བ་བསྡུས་ཀྱང་དབང་བསྐུར་བྱིན་རླབས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས། དོན་གྱི་སྨིན་བྱེད་ཡོངས་སུ་རྫོགས་པ་བླ་མའི་གཏོར་ཆེན་ལ་བརྟེན་པའི་དབང་བསྐུར་སྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། འདྲེན་པ་སངས་རྒྱས་ཀུན་གྱི་གཙོ༔ སྐྱོབ་པ་བླ་མེད་ཐུགས་རྗེ་ཅན༔ རིག་འཛིན་འདུས་པའི་ཚོགས་ཀྱི་མཆོག༔ བདེ་གཤེགས་བླ་མ་དགོངས་སུ་གསོལ༔ པདྨ་གུ་རུ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོའི་བདག་ཉིད་དང༔ དབྱེར་མེད་བདག་གིས་ཁྱོད་འཚལ་བས༔ དབང་བསྐུར་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། དྲུག་པ་ནི། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་དེ་གནང་བ་བསྩལ་ཞིང་སྤྲོ་བ་སྐྱེད་པ་ནི་འདི་ལ་གསན་འཚལ། སློབ་དཔོན་དཀྱིལ་འཁོར་གྱིས་གཙོ་བོའི་ང་རྒྱལ་གྱིས་རྡོ་རྗེ་གདེངས་ཤིང་། བུ་ཁྱོད་སྐལ་པ་ཤིན་ཏུ་བཟང༔ བདེ་གཤེགས་ཀུན་གཙོ་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་པ་དང༔ དབང་དང་ལྡན་པར་བྱེད་པ་ནི༔ བསོད་ནམས་ཚོགས་ཆེན་བསགས་ལས་བྱུང༔ ཁྱད་པར་ལྷ་དང་དཀྱིལ་འཁོར་རྣམས༔ གཞན་དུ་བལྟ་བར་མི་བགྱིད་ཅིང༔ བླ་མའི་སྐུ་གསུང་ཐུགས་རྡོ་རྗེའི༔ ཡེ་ཤེས་ཚུལ་བཞིན་མཆོད་པ་ནི༔ བདེ་གཤེགས་ཀུན་གྱིས་ཡོངས་སུ་བསྔགས༔ དེ་ཕྱིར་བདག་ཉིད་དཀྱིལ་འཁོར་གཙོ༔ མཐོང་ནས་བཀའ་བཞིན་བསྒྲུབ་པ་ན༔ བུ་ཁྱོད་བསམ་པ་དེ་ཡིས་འགྲུབ༔ དགའ་དང་སྤྲོ་བ་སྐྱེད་པར་གྱིས༔ ཞེས་བསྒོ །བདུན་པ་ནི། དེ་ནས་སངས་རྒྱས་པའི་ཐེག་པ་མཐའ་དག་གི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སྡོམ་པ་བཟུང་བ་ལ་འདུན་པ་འདི་བཞིན་དུ་མཛོད། མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པ་ཐམས་ཅད་ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་ཆེན་པོར་རྫོགས་ཤིང་། དེའང་རྡོ་རྗེ་སློབ་དཔོན་གྱི་གསང་བ་གསུམ་དང་ཐ་མི་དད་པར་ཤེས་པ་ལ་སྐྱབས་ཀྱི་མཆོག་ཏུ་བཟུང་ནས། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྨང་རྡོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་འདུན་པ་འདི་བཞིན་དུ་མཛོད་ཅིག །མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རིགས་ཀུན་འདུས་པ་བླ་མའི་དཀྱིལ་འཁོར་དུ་ཞུགས་ཤིང་ལམ་རིམ་པ་གཉིས་ལ་སློབ་ནས་གང་འདུལ་ཕྲིན་ལས་རྣམ་བཞིས་འཁོར་བ་དོང་ནས་སྤྲུགས་པའི་འགྲོ་དོན་ལ་བརྩོན་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། སྐྱབས་ཡུལ་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། རྒྱུད་ཡོངས་སུ་དག་ཅིང་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་བྱེད་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་རྗེས་ཟློས་བྱར་གཞུག །བརྒྱད་པ་ནི། སངས་རྒྱས་པའི་ཐེག་པར་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་པར་བྱ་དགོས་པས། དེའི་སླད་དུ་རིགས་ཀུན་ཁྱབ་བདག་བླ་མའི་དཀྱིལ་འཁོར་གྱི་སྤྱན་སྔར། སོ་སོ་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ། རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་རིམ་པར་བླང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་གཅིག་ཆར་བསྲུང་། དུས་སྐབས་དགོས་པ་ཐ་དད་དང་བསྟུན་ཏེ་སྤྱད་ཅིང་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིང་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དགུ་པ་ནི། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་བཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་པདྨོ་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མ་ཧཱ་གུ་རུ་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་མཚན་དཔེའི་གཟི་བྱིན་འབར་ཞིང་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ། ཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བའི་རྦ་རླབས་བཾ་དཀར་པོར་འཁྱིལ་བ་འཛིན་པ། དབུ་ལ་བརྗིད་ལྡན་ཤེའུའི་སྙན་ཞུ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པ། སྐུ་ཡིས་ཞིང་ཁམས་ཡོངས་ལ་ཁྱབ་ཅིང་དཀྱིལ་འཁོར་རབ་འབྱམས་སྐུ་ལ་རྫོགས་པ། རིགས་ཀུན་གྱི་ཁྱབ་བདག་ཆེན་པོར་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཡང་དཀྱིལ་འཁོར་མངའ་བདག་གུ་རུ་བདེ་བ་ཆེན་པོར་གསལ་བ་ལ་མོས་གུས་དྲག་ཏུ་བསྐྱེད་པས། བླ་མའི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པ་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་གང་བའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་སྒྱུ་འཕྲུལ་བཀོད་པའི་རོལ་མོ་བསམ་གྱིས་མི་ཁྱབ་པར་སྣང་བའི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་ཆེན་པོའི་དགོངས་པ་བསྐུལ། ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་དེ་སྐད་ཅིག་གིས་ནམ་མཁའི་ཁྱོན་གང་བར་སྤྱན་དྲངས་ནས། ཁྱོད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ངེས་ཤེས་སྐྱེད་ཅིག །ཡེ་ཤེས་འབེབ་པའི་རྫས་སྦྱོར་གྱི་དུད་པ་བདུག །ཐོད་རྔ་སོགས་རོལ་མོའི་སྒྲ་དང་དབྱངས་བཅས་ལས་བྱང་ལྟར། ཧཱུྃ་ཧྲཱི༔ སྔོན་ཚེ་འཛམ་གླིང་འདི་དག་གི༔ སོགས་སྤྱན་འདྲེན་དང་སྔགས་དྲག་ཏུ་བཟླས་ལ་དབབ། དེ་ལྟར་དབབ་པའི་ཡེ་ཤེས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་གཉུག་མའི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཏིཥྛ་བཛྲ༔ ཞེས་བརྟན་པར་བྱའོ། །བཅུ་པ་ནི། ལས་རྡོར་གྱིས་གཏོར་ཆེན་བཏེགས་ལ། སློབ་དཔོན་གྱིས། དངོས་གཞི་བྱིན་རླབས་གཏོར་མའི་དབང་ཆེན་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་རིན་ཆེན་འབར་བའི་གཞལ་ཡས་ཁང་འོག་མིན་པདྨ་དྲྭ་བའི་ཕོ་བྲང་དང་ཐ་དད་མེད་པའི་ནང་དུ། རིགས་ཀུན་ཁྱབ་བདག་གུ་རུ་བདེ་ཆེན་རྒྱལ་པོ། བསམ་ཀུན་ལྷུན་གྱིས་འགྲུབ་བྱེད་རིག་འཛིན་རྩལ་འཆང་བཅུ་གསུམ། བདུད་འཇོམས་མཐར་བྱེད་ཆེན་པོ་བཞི་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་སྤྲིན་གཏིབས་པ་ལྟར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས། ངོ་བོ་རྡོ་རྗེའི་ཡེ་ཤེས་རྣམ་པ་བདུད་རྩིའི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་མདངས་ཅན་འཆར་ཁའི་ཟེར་ཐག་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞིའི་ཡེ་ཤེས་རྩོལ་མེད་དུ་སྐྱེས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་དུ་བསམས་ལ་ཡིད་ཆེས་མོས་གུས་རྩེ་གཅིག་ཏུ་སྐྱེད་ཅིག །ཅེས་བརྡ་སྤྲད་ལ། དབང་ཚིག་རྒྱས་པ་བསམ་པ་ལྷུན་གྲུབ་ཚང་མ་ལྷ་དབང་གི་སྐབས་ལྟར་ལ། བར་ཀྱི་སྔགས་རྣམས་བཞག་ནས་ཚིགས་བཅད་རྣམས་སྦྲེལ་བའི་མཐར་བཛྲ་གུ་རུ་དང་། ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་དང་བཅས་ཏེ་དབང་བསྐུར་བའམ། འབྲིང་པོ། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ ཛམྦུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ནས་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ༴ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན༴ བསམ༴ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་འཆིབ་སྟེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིགས་པའི་དམག་དཔུང་ཟློག་པར་ཤོག༔ དུས་མིན་འཆི་བའི་བར་ཆད་ཞི་བར་ཤོག༔ དབུལ་ཕོངས་སྡུག་བསྔལ་སེལ་བའི་དབང་ཐོབ་ཤོག༔ དངོས་གྲུབ་གཏེར་ལ་སྤྱོད་པའི་དབང་ཐོབ་ཤོག༔ ཕྱི་ནང་ལམ་སྣ་ཟིན་པའི་དབང་ཐོབ་ཤོག༔ ཐོགས་བཅས་བདུད་རྣམས་སྐྲོད་པའི་དབང་ཐོབ་ཤོག༔ འབྱུང་བཞི་འཁྲུགས་པའི་བར་ཆད་ཀུན་སེལ་ཤོག༔ མི་མཐུན་ཚོགས་ཀུན་འཆིང་བའི་དབང་ཐོབ་ཤོག༔ བར་ཆད་གཡུལ་ལས་རྒྱལ་བའི་དབང་ཐོབ་ཤོག༔ དབྱིངས་རིག་དབྱེར་མེད་འཕོ་བའི་དབང་ཐོབ་ཤོག༔ འཁྲུལ་སྣང་རང་སར་གྲོལ་བའི་དབང་ཐོབ་ཤོག༔ སྐྱེ་ཤི་རྩད་ནས་གཅོད་པའི་དབང་ཐོབ་ཤོག༔ སྡུག་བསྔལ་ཀུན་སེལ་བསམ་དོན་ལྷུན་གྲུབ་ཤོག༔ ཅེས་པའི་མཐར་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་ཛཔ྄་བརྗོད། བསྡུ་ན། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ གུ་རུའི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་སམ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་གསོལ་འདེབས་རྡོ་རྗེའི་ཚིགས་དྲུག་ཛཔ྄་དབྱངས་དང་བཅས་པས་དབང་བསྐུར་རོ། །བཅུ་གཅིག་པ་ནི། གཏོར་རྫས་འཆི་མེད་ཚེའི་བདུད་རྩི་དངོས་གྲུབ་སྣ་ཚོགས་པའི་རང་བཞིན་ཅན་མགྲིན་པར་མྱང་བས། འཕོ་མེད་རྡོ་རྗེའི་ཚེ་སྲོག་ཐོབ། ནད་མེད་བདེ་བའི་ལང་ཚོ་རྒྱས། ཟད་མེད་དངོས་གྲུབ་རྣམ་པ་གཉིས་ཡིད་བཞིན་དུ་ཐོབ་པར་མོས་མཛོད། ཅེས་བརྗོད་ལ་གཏོར་རྫས་ཀྱི་ཆ་ཤས་དང་བདུད་རྩི་ལྷན་ཅིག་སྦྱིན། མཐར་ལས་བྱང་གཞུང་ལས་འབྱུང་བ་ལྟ་བུའི་ཤིས་བརྗོད་བྱས་ལ་མངའ་གསོལ། རྗེས་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་དང་། རྗེས་ཀྱི་ལས་རིམ་ཡང་ཕྲིན་ལས་གཞུང་བཞིན་བྱའོ། །ཆོས་འདིས་མཐའ་ཆེན་ཀུན་ཏུ་ཁྱབ། །དེ་སྙེད་འགྲོ་རྣམས་གུ་རུ་རྗེའི། །བྱིན་རླབས་འཇུག་པའི་སྣོད་གྱུར་ནས། །པདྨོ་བདེ་བ་ཅན་མཚུངས་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་འགྲོ་བའི་མགོན་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་བཀའ་ཡིས་རྗེས་སུ་གནང་བ་ལྟར། ཞལ་ལུང་ཟིན་ཐུན་སོར་བཞག་ཏུ་སྙིགས་མའི་དགེ་སྦྱོང་ལྟར་སྣང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
སྙན་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གི་སྐོར༔ གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པ་ (Volume 9, Text 37)
༁ྃ༔ སྙན་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གི་སྐོར༔ གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པ་བཞུགས་སོ༔ སུས་ཀྱང་བཅོས་བསླད་མ་བསྲེ་ཞིག། མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ན་མོ༔ ྈ སྙན་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གི་སྐོར་ལས༔ གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པ་ནི༔ རྫས་དང་ཡོ་བྱད་མི་དགོས་སོ༔ རང་ཉིད་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་ཏུ༔ པདྨ་གེ་སར་འོད་དུ་འབར་བའི་སྟེང་དུ་ཉི་མ་ཤེས་རབ་ཀྱི་ངོ་བོ༔ དེ་སྟེང་ཟླ་བ་ཐབས་ཀྱི་རང་བཞིན༔ དེའི་སྟེང་དུ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས༔ གཞོན་ནུ་ལོ་བརྒྱད་ཀྱི་ཆ་ལུགས་འཆང་བ༔ དཀར་དམར་མདངས་ལྡན་འཛུམ་མཛེས་སྤྱན་གསུམ་ལྟ་སྟངས་ཧྲིག་གེ་བ༔ དབུ་ལ་པད་ཞྭ་སྒྲོ་དར་མེ་ལོང་དར་དཔྱང་གིས་བརྒྱན་པ༔ སྐུ་ལ་ཆོས་གོས་དམར་པོ་གསེར་གྱི་པ་ཏྲ་ཅན་དང༔ ཟ་འོག་གི་བེར་ཆེན་གསོལ་བ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་པས་ཀ་པཱ་ལ་བདུད་རྩིས་བཀང་བ་འཛིན་པ༔ ཁ་ཊྭཱཾ་ག་མཆན་གཡོན་འཆང་ཞིང་སྐྱིལ་ཀྲུང་གིས་བཞུགས་པ༔ འཇའ་འོད་ཟེར་གསུམ་གྱིས་སྣང་སྲིད་སྣོད་བཅུད་ཐམས་ཅད་མི་མངོན་པར་མེར་རེ་རེ་འཁྱིལ་བ༔ གཡས་སུ་དཔའ་བོ་ཕོ་རྒྱུད་ཐམས་ཅད་ཀྱིས་བྲོ་ཁྲབ་ཁྲབ་བྱེད་པ༔ གཡོན་དུ་མཁའ་འགྲོ་མོ་རྒྱུད་ཐམས་ཅད་ཀྱིས་གར་ཁྱུག་ཁྱུག་བྱེད་པ༔ མདུན་དུ་ཡི་དམ་ཞི་བ་དང་ཁྲོ་བོ་མ་ལུས་པ་ཐམས་ཅད་ཀྱིས་བྱིན་ཐིབ་ཐིབ༔ ནམ་མཁའ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་ཟེར་བཀྲ་ལམ་ལམ༔ རྒྱབ་ཏུ་བཀའ་སྲུང་དམ་ཅན་རྒྱ་མཚོ་ཕྲིན་ལས་སྒྲུབ་པ་ལ་འཚུབས་ཀྱི་ལི་ལི་ཡོད་པར་བསྒོམ༔ དེ་ནས༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སོགས་སྤྱན་འདྲེན་གསོལ་བ་གདབ་པས་རྔ་ཡབ་དང་ཕྱོགས་བཅུ་ནས་ཀྱང་དེ་དང་ཅི་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ༔ གུ་རུའི་དཔྲལ་མགྲིན་ཐུགས་ཀའི་འབྲུ་གསུམ་ལས་འོད་དཀར་དམར་མཐིང་གསུམ་བར་མཚམས་མེད་པར་རང་གི་གནས་གསུམ་ལ་དབང་བསྐུར་བའི་ཚུལ་དུ་ཐིམ་པར་བསམས་ལ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བསྙེན་ནོ༔ དེ་ནས་སྒྲུབ་པ་ནི༔ བླ་མའི་སྐུ་ལས་འོད་ཟེར་འཇའ་ཤར་བ་ལྟ་བུ་རང་གི་ཚངས་བུག་ནས་ཤར་གྱིས་བྱུང་བས༔ རྩ་དབུ་མའི་ལམ་བརྒྱུད་སྙིང་པདྨ་འདབ་བརྒྱད་སྡེར་གྱིས་ཁ་ཕྱེས་ནས༔ འཇའ་དེ་ཡི་ལམ་བརྒྱུད་ནས་བླ་མ་པདྨ་འབྱུང་གནས་སྙིང་པདྨ་འདབ་བརྒྱད་ནང་དུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་གྱུར་ནས་བྱོན༔ སྤྱི་བོའི་ལྷ་ཚོགས་འཁོར་དང་བཅས་པ་ཡང་དེ་རྗེས་འུབ་ཀྱིས་འདུས་ནས་སྔར་བཞིན་གུ་རུའི་འཁོར་དུ་བསྐོར་བར་བསམ༔ དེ་དག་གི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ཀྱང་འཇའ་འོད་ཀྱི་རྣམ་པར་བསྒྱུར༔ རང་ལུས་ཀྱང་འཇའ་འོད་ཀྱི་རང་བཞིན༔ མདོར་ན་འཇའ་འོད་ཀྱི་རང་བཞིན་མ་གཏོགས་སུ་ཡང་མི་དམིགས་པར་བསམས་ལ་འདི་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ ཞེས་མང་དུ་བཟླ༔ མཐར། བླ་མ་དང་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འོད་ཀྱི་རང་བཞིན་རང་དང་དབྱེར་མེད་དུ་ཐིམ་པར་བསམས་ལ་མཉམ་པར་གཞག༔ ལས་ལ་སྦྱར་བ་ནི༔ རང་གི་ཐུགས་ཀ་ནས་འོད་དཀར་སེར་དམར་ལྗང་འཇིག་རྟེན་ཁྱབ་པར་འཕྲོས༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་དེ་ཡི་རང་བཞིན་དུ་གྱུར༔ དཀར་པོས་བདག་སོགས་འགྲོ་བའི་མི་མཐུན་ཐམས་ཅད་ཞི༔ སེར་པོས་ཚེ་བསོད་རྒྱས༔ དམར་པོས་སྣང་སྲིད་ཐམས་ཅད་རང་ལ་མོས་པའི་ཚུལ་དུ་འདུས༔ ལྗང་ནག་དྲག་པོས་ལོག་རྟོག་ཐམས་ཅད་ཚར་བཅད་པར་བསམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བཟླས་སོ༔ དེ་ནས་སྣང་སྲིད་འཁོར་འདས་རང་དང་བཅས་པ་དམིགས་གཏད་མཚན་འཛིན་བྲལ་བའི་ཀློང་དུ་ཐིམ་པར་བསམས་ལ་མཉམ་པར་བཞག༔ འདི་རྣལ་འབྱོར་རབ་ཀྱིས་འཁོར་ཡུག་ཏུ་ཉམས་སུ་བླང་ངོ༔ འབྲིང་གིས་ཉིན་རེར་ཐུན་བཞིར་ཉམས་སུ་བླང་ངོ༔ ཐ་མས་ཀྱང་ཉིན་རེར་ལན་རེ་ཉམས་སུ་བླངས་པས་རབ་ཀྱིས་པདྨ་འབྱུང་གནས་དངོས་སུ་མཇལ༔ འབྲིང་གིས་ཚེ་འཕོས་མ་ཐག་ཏུ་པདྨ་འབྱུང་གནས་དང་མཇལ་ནས་ལམ་སྣ་འདྲེན༔ ཐ་མ་ཡང་ཨོ་རྒྱན་དྲུང་དུ་སྐྱེས་ནས་རྗེས་སུ་འཛིན་པར་ཐེ་ཚོམ་མེད་དོ༔ འོན་ཀྱང་ཁ་ཙམ་མ་ཡིན་པའི་བསྐྱེད་རྫོགས་དག་སྣང་མོས་གུས་ཡེངས་མེད་ཀྱི་ངང་དུ་དགོས་པ་དེ་བཞིན་ཀུན་གྱིས་ཤེས་པར་གྱིས༔ རང་གི་ཉམས་ལེན་རྩ་བ་མཁའ་འགྲོའི་སྙན་བརྒྱུད་འདི༔ ཤིང་ཕོ་སྤྲེལ་ལོར་ཆུ་བོ་གསེར་ལྡན་གྱི་ངོགས་སྐར་མདོ་ཞེས་བྱ་བར་ཚེས་བཅུའི་དུས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཉམས་སྣང་དུ་གསུངས༔ རང་གི་ཉམས་ལེན་མི་བརྗེད་ཙམ་རེ་བྱས་ནས་མེ་ཕག་ལོར་སྒྲུབ་ཁང་ཕྲིན་ལས་ལྷུན་གྲུབ་ཏུ་ཡི་གེར་བྲིས་པའོ༔ རོལ་པའི་རྡོ་རྗེས་སྨྲས་པའི་གདམས་པ་འདི་སྙིང་གི་བུ་ལ་སྟེར་སྲིད་དོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་རོལ་པའི་རྡོ་རྗེའི་ཙིཏྟ་དམར་པོའི་རྒྱ་རྒྱ་རྒྱ༔ འདིའི་བཀའ་སྲུང་གསོལ་མཆོད་ཤིན་ཏུ་གསང་བ་ནི༔ ཨོཾ་ཨཱཿཧཱུྃ་མ་མ་ཌཱ་ཀི་ཀ་ར་སིདྡྷི་མ་ཧཱ་སུ་ཁ་སུ་རི་ཝ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཛ་ཛ༔ ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨཱ་ཡུཿཔུཎྱེ་ཤྲཱི་མངྒ་ལ་སྭསྟི་པུཥྚིཾ་ཀུ་རུ་བྷྲཱུྃ་ཧྲཱིཿསྭཱ་ཧཱ༔ ཨེ་བཾ་སུ་ཁ་དྷ་ར་བྷྲཱུྃ་ཧྲིང་ཨ་ཧྲིང་ཛ་ཛ༔ ཧྲཱི༔ མཁའ་དབྱིངས་ཀློང་ནས་སྒྱུ་མའི་སྐུར་བཞེངས་པ༔ གསང་ཆེན་ཌཱ་ཀི་དངོས་གྲུབ་ཀུན་གྱི་བདག༔ སྣ་ཚོགས་ཅིར་ཡང་སྟོན་པའི་འཕྲུལ་མོ་ཆེ༔ སྒྲུབ་པའི་བུ་ལ་མ་གཡེལ་དུས་དྲུག་གཟིགས༔ བདེ་སྐྱིད་དབྱིངས་ནས་བདེ་ལེགས་མ་ལུས་སྟེར༔ འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ འཇིག་རྟེན་དང་ནི་འཇིག་རྟེན་ལས་འདས་པའི༔ དངོས་གྲུབ་སྣ་ཚོགས་བདག་ལ་བསྩལ་དུ་གསོལ༔ ཞེས་པ་འདི་ཁོ་བོ་རོལ་པའི་རྡོ་རྗེ་ལ༔ ཆུ་ལུག་ཟླ་ཚེས་ལ་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཞལ་ནས་གསུངས་ཏེ༔ འདི་ལ་རྟག་ཏུ་མཆོད་ན་དངོས་གྲུབ་གང་བསམ་ལྷུན་གྱིས་འགྲུབ་པ་ཞལ་གྱིས་བཞེས་པར་གསང་བའི་བཀའ་རྒྱའོ༔ ྈ ཧཱུྃ༔ ལྷན་སྐྱེས་ཡེ་ཤེས་མཁའ་འགྲོ་མ༔ ཐབས་ཀྱི་ཆ་ལུགས་སྣ་ཚོགས་ཀྱིས༔ མཁའ་འགྲོ་གསང་བའི་བརྡ་ཆོས་སྟོན༔ ལས་དང་སྐལ་བར་ལྡན་པ་ལ༔ དཀར་འཛིན་བདེ་ཆེན་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ སྒྲུབ་པའི་རིག་འཛིན་གྲོགས་མཛད་ཅིང༔ དམ་ཉམས་སྲོག་གི་དྭངས་མ་ནི༔ ཐབས་ཀྱི་སྒོ་ནས་ལེན་པར་མཛད༔ ཞི་དང་ཆགས་པའི་ཉམས་ལྡན་མ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ མི་འབྲལ་མ་བུ་ལྟ་བུར་འགྲོགས༔ སྐྱེ་འགྲོ་མོས་པའི་སྣང་བ་ནི༔ དཀར་པོའི་དགེ་ལ་བསྒྱུར་བ་དང༔ མཆོག་དང་ཐུན་མོང་རྣམ་གཉིས་ཀྱི༔ དངོས་གྲུབ་བདག་ལ་བསྩལ་དུ་གསོལ༔ རྗེས་འཇུག་སྐལ་ལྡན་བུ་སློབ་རྣམས༔ ལོག་པའི་ལམ་དུ་མ་གཏང་བར༔ དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ སྐད་ཅིག་ཉིད་ལ་ལམ་སྣ་དྲོངས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པ་འདི་ཁོ་བོ་རོལ་པའི་རྡོ་རྗེ་ལ་ལི་ཏ་བཛྲ་ལ་ ་བཅུ་ལ་སྤེལ་བའོ།། །།
སྟེང་འོག་བར་གསུམ་གྱི་འཁོར་ལོའི་དཔེའུ་རིས་ (Volume 53, Text 37)
མངོན་སྤྱོད་ཕྲིན་ལས་མཐའ་དག་གི་ནུས་འབྱིན་སྲེག་པ་ཧོམ་གྱི་གཟེར་ཁ་སྤྱི་འགྲོ་བསྐལ་པའི་མེ་ཆེན་ (Volume 54, Text 37)
༄༅། །མངོན་སྤྱོད་ཕྲིན་ལས་མཐའ་དག་གི་ནུས་འབྱིན་སྲེག་པ་ཧོམ་གྱི་གཟེར་ཁ་སྤྱི་འགྲོ་བསྐལ་པའི་མེ་ཆེན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ཡ། ཞི་ཡང་རྟག་ཏུ་སྙིང་རྗེས་འབར་བའི་ཞུགས། །བདུད་བགེགས་ལོག་འདྲེན་ཚང་ཚིང་ཆེས་ཟ་བ། །བླ་མ་ཧེ་རུ་ཀ་དཔལ་བྱིན་རླབས་ཀྱིས། །འཁྲུལ་རྟོག་ཡེ་ཤེས་མེ་འོད་རབ་གསལ་མཛོད། །ཉམས་པ་བདུན་ལྡན་དགྲ་དང་བགེགས། །བསྒྲལ་བའི་ལས་ཀྱི་ནུས་རྩལ་ཀྱང་། །སྲེག་པས་མྱུར་དུ་འབྱིན་བྱེད་ཕྱིར། །མེད་ཐབས་མེད་འདི་སྤྱི་འགྲོར་བཀོད། །དེའང་ལྷག་པའི་ལྷ་ཁྲོ་བོའི་དབང་པོ་རྣམས་ཀྱི་སྒོ་ནས་སྲུང་ཟློག་གསད་གསུམ་གྱི་ལས་སྦྱོར་སྒྲུབ་པའི་མཐའ་སྡུད་གནན་སྲེག་འཕང་གསུམ་དུ་གྲགས་པའི་ནང་ནས། གསད་པའི་མཐའ་སྡུད་དྲག་པོའི་སྲེག་བླུག་བྱ་བའི་ཚུལ་ལ་སྤྱི་དང་ཁྱད་པར་གཉིས་ལས། སྤྱིར་ལས་བཞིའི་སྦྱིན་སྲེག་གི་བྱེ་བྲག་དྲག་པོའི་སྦྱིན་སྲེག་སྔ་འགྱུར་བཀའ་གཏེར་གྱི་གཞུང་མང་པོ་དང་། བླ་མ་དགོངས་འདུས་སོགས་ ལས་ཤིན་ཏུ་རྒྱས་པར་འབྱུང་བའི་དོན་ལྟར་རིག་འཛིན་འགྱུར་མེད་རྡོ་རྗེ་སོགས་ཀྱིས་ཆོག་ཁྲིགས་སོ་སོར་མཛད་པ་ལས་ཤེས་པར་བྱ་དགོས་ཤིང་། འདིར་ཁྱད་པར་གྱི་མན་ངག་ལས་འབྱུང་བ་ལྟར་ཟབ་འདྲིལ་གྱི་ལག་ལེན་སྤྱི་ཁྱབ་ཏུ་སྦྱོར་བའི་ཚུལ་བཤད་པ་ལ་གསུམ། སྔོན་འགྲོ་ཡོ་བྱད་ཉེར་བསྡོག །དངོས་གཞི་སྲེག་པའི་ལས་རིམ། རྗེས་མཐའ་སྡུད་ཀྱི་བྱ་བ་འོ། །དང་པོ་ནི་དཀྱིལ་འཁོར་དང་འབྲེལ་ན་དེའི་ལྷོའམ་བྱང་ཕྱོགས་སུ་སྲེག་བླུག་བྱ། མ་འབྲེལ་ན་དུར་ཁྲོད་དང་ཕུང་ཤུལ་འཇིགས་ཤིང་སྐྱི་གཡའ་བའི་གནས་སོགས་དྲག་པོའི་ལས་ལ་བསྔགས་པའི་ས་གཞི་གནག་ལ་རྩུབ་པར། ལོ་ཟླ་རྩུབ་ཅིང་གཟའ་སྐར་འཕྲོད་སྦྱོར་ངན་པ་དང་དམར་ཕྱོགས་ཉེར་དགུ་སྲོད་དང་ནམ་ཕྱེད་ལ་སོགས་དུས་ཚོད་དྲག་པོ་ལ་བརྩམ་པར་བྱ་སྟེ། བརྩིག་ཐབ་དང་བརྐོས་ཐབ་མི་འགྲུབ་པའི་དབང་དུ་བྱས་ཏེ་གང་དུ་བྱ་བའི་གནས་སུ་གདུག་པའི་ས་སྣ་གསུམ་གྱི་སྟེག་བུ་རྒྱར་མདའ་གང་དཔངས་སུ་ཇི་ལྟར་འཚམ་པའི་ཁར། ཐལ་ཚོན་གྱིས་མ་ཏྲཾ་གཟུགས་ཀྱི་ལྟོ་བར་ཐབ་ཁུང་མཚོན་བྱེད་གྲུ་གསུམ་ཁ་ཁྱེར་སུམ་རིམ་གྱི་རྣམ་པ། རྒྱར་སོར་མོ་ཉི་ཤུ་པའི་དབུས་སུ་འཁོར་ལོ་མཐིང་ནག་རྩིབས་བརྒྱད་པའི་ལྟེ་བར་རལ་གྲིའམ། ཡང་ན་ཆོས་འབྱུང་མཐིང་ནག་རཾ་ཡིག་གིས་མཚན་པ་བྲི། ཐབ་ཀྱི་ནང་ངོས་ནས་དུག་ཤིང་དང་ཚེར་མ་ཅན་གྱི་བུད་ཤིང་དུག་ཁྲག་གིས་སྦགས་པའི་ཧོམ་གྲུ་གསུམ་འཚམ་པར་བརྩིགས་པའི་ནང་དུ་མེ་ཚངས་ཏིང་ལོ་དང་བཅས་པ་བཅའ། ཐབ་ཀྱི་གཡོན་སློབ་དཔོན་གྱི་གཡས་ངོས་སུ་མེ་སྲོག་འཛིན་པའི་རྫས་བུད་ཤིང་གི་རྒྱུ་ལས་ཡམ་ཤིང་ཟུར་གསུམ་སོར་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྦགས་པ། རྩ་བའི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཡིག་དང་བཅས་པ་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་མིང་རུས་ཅན། གནད་དབབ་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྡོའི་ཕྱེ་མ། མྱོས་པའི་རྫས་མར་ནག་དམེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ཚ་བ་གསུམ།་་་ལྕེ་ཚ་དབྱི་མོང་སྲུབ་ཀ །དེ་ལྟར་རྫས་བདུན་པོ་རྣམས་ལྕགས་སམ་བསེ་ཕོར་ཐོད་པ་ལ་སོགས་པའི་སྣོད་དུ་གྲལ་རིམ་གྱིས་བཀོད། རྩ་བའི་རྫས་ཤོག་ལིང་ཅིས་ཀྱང་མ་འབྱོར་ན་དགྲ་བགེགས་ཀྱི་རཱུ་པ་འབྲུ་ནག་གི་ཟན་ལ་བཟོས་པ་ཆེ་བ་གཅིག་གདབ་ལས་སྐབས་གཏུབ་པའམ། ཆུང་ངུ་མང་པོ་བཟོས་ཀྱང་རུང་། ཐབ་ཀྱི་གཡས་སློབ་དཔོན་གྱི་གཡོན་ངོས་སུ་གཏོར་མའི་རྒྱུ་ལྕགས་ཕྱེ་དུག་སྣ་རྡོ་ཕྱེ་ར་ཁྱི་ཤ་ཆེན་སྲན་ཆན་རྣམས་མར་ནག་ལ་བསྲེས་པ་གྲུ་གསུམ་མཐེབ་སྐྱུ་གསུམ་ལྡན། གཡས་གཡོན་དུ་སྨན་རཀ །མདུན་དུ་ཁྲག་གི་མཆོད་ཡོན་ སོགས་དྲག་མཆོད་ཕྲེང་ཚར་འཛོམ་ན་ཆ་གཉིས། མ་འཛོམ་ན་ཁ་གསོ་སྤྱད། མེ་ལྷའི་གཏོར་མ་ཟུར་གསུམ་སོགས་བཤམས། གཞན་ཡང་གདབ་ཁའི་ཡོ་བྱད་ལས་གཞུང་སོ་སོའི་བསྒྲལ་ལས་དང་འཚམ་པ་བྱ། ཚིལ་ཞུན་དང་མར་ནག་བསྲེས་པའི་མར་ཁུ། ཐུན་དང་རླུང་གཡབ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བྱ། སྣོད་དང་རྫས་དང་སྟེགས་ཐམས་ཅད་ཁ་དོག་ནག་པོ་དབྱིབས་གྲུ་གསུམ་ཤ་སྟག་བྱ། སློབ་དཔོན་མདུན་དུ་ལས་བུམ་རྡོར་དྲིལ་དགང་བླུག་ཁ་སྦྱར་འབྲུ་ནག་གི་མེ་ཏོག །ཐབ་དང་སློབ་དཔོན་གྱི་བར་དུ་མེ་ཡོལ་བཾ་ཡིག་དང་གངས་རི་བྲིས་པའང་བཞག་གོ། །།གཉིས་པ་དངོས་གཞི་སྲེག་པའི་ལས་རིམ་ནི། ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་ནས་གཟུང་། བདག་གི་རྣལ་འབྱོར་བཟླས་པ་ཚོགས་མཆོད་ལྷག་མའི་བར་ཕྲིན་ལས་སོ་སོའི་གཞུང་བསྲང་། རྒྱུ་དུས་ཀྱི་ཀུན་སློང་སྙིང་རྗེ་བྱང་ཆུབ་སེམས་གཞིར་བཞག །དེས་དྲངས་པའི་སེམས་ཞིང་བཅུ་སྒྲོལ་བའི་ཞེ་སྡང་གི་གཏུམ་རྔམས་ངར་དང་བཅས་པས་ཆས་གོས་ནག་པོ་གྱོན། རུས་པའི་རྒྱན་དང་ཐོད་པ་རཀྵའི་ཕྲེང་བ་སེ་རལ་ཁར་འཕྱང་། དུར་ཁྲོད་ཀྱི་རས་ལ་ཞིང་ཆེན་བྲིས་པའི་སྟན་ལ་ཙོག་པུའམ་མགར་བའི་འདུག་སྟངས་ཀྱིས་ཁ་ལྷོར་ཕྱོགས་པས་འཁོད་དོ། །ལས་བུམ་གྱི་ནང་དུ་སོ་སོའི་ལས་ཀྱི་ལྷ་དང་སྤྱི་ལ་བདུད་རྩི་འཁྱིལ་བ་བསྐྱེད་བཟླས་འོད་ཞུ་བྱ། སྒྲུབ་མཆོད་དང་མ་འབྲེལ་ན་རྡོར་དྲིལ་བྱིན་རླབས་ལ་འཇུག་པས་ཆོག །འབྲེལ་ན། ཡི་དམ་སོ་སོའི་སྙིང་པོའི་གཤམ་དུ། ཕཊ་ཛཿབརྗོད་པས་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ་ཨ་མྲྀཏས་བསང་། སྭཱ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་གསོར་ཞིང་ཐུགས་ཀར་གཟུང་། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། ཨོཾ་བཛྲ་གྷཎྜེ་ཨཱཿ གཡོན་པས་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན། ཐུགས་ཀར་འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ། ཆོ་ག་གྲུབ་ཀྱི་བར་དུ་ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ། ངག་སྨྲ་བ་གཅད་པ་དང་མ་བྲལ་བར་བྱའོ། །དགང་བླུག་བསང་སྦྱང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུག་ལ་ཐིམ་པས་མངོན་སྤྱོད་ཀྱི་ལས་ཐོགས་མེད་དུ་སྒྲུབ་པའི་དམ་ཚིག་གི་ཡོ་བྱད་དུ་གྱུར། དྲག་སྲེག་ཁྱད་པར་བའི་སྐབས་འདིར་རྡོར་དྲིལ་དང་དགང་བླུག་བྱིན་རླབས་འདི་མ་བྱས་ཀྱང་ཆོག་གོ །དེ་ནས་མཆོད་རྫས་བསང་སྦྱང་། སྟོང་པའི་ངང་ལས་ཐོད་པའི་སྣོད་དུ་ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཞལ་ཟས། ཐོད་རྔའི་རོལ་མོ། འདོད་ཡོན་ལྔ་ལ་སོགས་པ་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ནམ་མཁའི་མཐའ་ཀླས་པར་རྒྱས་པར་འགེངས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ། ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབ། སྲེག་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་སྲེག་རྫས་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པ་ནམ་མཁའི་ཁམས་གང་བར་གྱུར། ལྷ་སོ་སོའི་སྔགས་ཤམ་དུ། ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛཿཛཿ ལན་གསུམ་གྱིས་བརླབ་བོ། །དེ་ནས་གདོལ་བཤན་དམེ་ཡུགས་ལ་སོགས་པའི་མེས་ཏིང་ལོ་སྦར་ལ། ཨོཾ་ཨགྣ་ཡེ་ཧ་བྱ་ཛཿ དགྲ་བགེགས་དམ་སྲི་འབྱུང་པོ་མཱ་ར་ཡ་ཛྭ་ལ་རཾ། ཞེས་རླུང་གཡབ་དང་བཅས་ཏེ་སྦར། མར་ནག་བླུག་གཟར་བདུན་འབུལ་བ་དང་ལྷན་དུ་སོལ་མེས་ཏིང་ལོ་སྦར་ལ། ཨོཾ་ཨགྣ་ཡེ་དགྲ་བགེགས་དམ་སྲི་འབྱུང་པོ་ཛྭ་ལ་རཾ། ཞེས་མེ་གསོ་འོ། །མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ཐབ་ཁུང་མཐིང་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ར་སྐྱེས་ཁམ་ནག་ཞིང་གི་ཐོད་པའི་སྒ་དང་མིའི་པགས་པས་གཡོགས་ཤིང་སྦྲུལ་ནག་གི་གོང་སྨེད་བྱས་པའི་སྟེང་། རཾ་ཡིག་ཡོངས་སུ་གྱུར་པ་ལས་ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞིའི་དང་པོས་ཧོམ་གཟར་དང་མེ་ཕུང་། འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་དབྱུག་གུ་བསྣམས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཤར་ལྷོའི་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲང་བར་གྱུར། སྐྱབས་སྦྱིན་རྒྱས་མཐེ་བོང་རྣ་བའི་དྲུང་དུ་གཡབ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །དགྲ་བགེགས་གདུག་པ་ཚར་གཅོད་ཕྱིར། །དྲང་སྲོང་ཆེན་པོ་ད་ཚུར་གཤེགས། །ཆིབས་སུ་ར་སྐྱེས་ཁམ་པ་འཆིབ། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཀུ་ཤའི་ཆུན་པོ་ཟུང་ཐབ་ཏུ་འཕངས་ལ་བཞུགས་སུ་གསོལ་བ་ནི། འབར་བའི་རྒྱལ་པོ་ཆེན་པོ་ཁྱོད། །འདོད་པའི་བསམ་པ་བསྒྲུབ་བྱའི་ཕྱིར། །བདག་གི་གནས་མཆོག་དམ་པ་འདིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཁྲག་གི་མཆོད་ཡོན་དང་དུག་ཆུའི་ཞབས་བསིལ་ཕུལ་ལ། ཨོཾ་ཨགྣི་དེ་བ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། བཛྲ་པཱདྱཾ་སྦྱར་བས་ཕུལ། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །བདུད་དང་དགྲ་བགེགས་བརླག་མཛད་ཅིང་། །ཇི་ལྟར་འདོད་པའི་དོན་སྒྲུབ་པ། །གཟི་བརྗིད་རྒྱལ་པོར་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་འཚལ། མཆོད་པ་ནི། ཧཱུྃ། སྟོང་གསུམ་ཞིང་ཀུན་ཡོངས་གང་བའི། །རྨད་བྱུང་འདོད་ཡོན་ཉེར་སྤྱོད་ལྔ། །ཤ་ཁྲག་དབང་པོ་ཚིལ་རུས་དང་། །གཉིས་མེད་མཉམ་སྦྱོར་ཨ་མྲྀཏ། །བ་ལིང་གཏོར་མ་རཀྟ་སོགས། །ཟ་བྱེད་མེ་ལྷའི་ཚོགས་ལ་འབུལ། །དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ། །དབང་པོའི་མེ་ཏོག་སོགས་ཉེར་སྤྱོད་རེ་རེ་བཞིན་ཕུལ། ཨོཾ་ཨགྣི་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ། པུཥྤེ། པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། ཤབྡའི་བར་འགྲེས་སྦྱོར། ཨོཾ་ཨགྣི་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་ པཉྩ་ཀཱ་མ་གུ་ཎ། པཱུ་ཛ་ཁཱ་ཧི། སརྦ་པཉྩ་ཨ་མྲྀཏ། མ་ཧཱ་རཀྟ། མ་ཧཱ་བ་ལིཾ་ཏ། སོ་སོ་ལ་གོང་གི་སྔགས་དང་། མཇུག་ཏུ་པཱུ་ཛ་ཁཱ་ཧི་སྦྱར་བས་འབུལ། བསྟོད་པ་ནི། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་མཛད་ཕྱག་བཞི་པ། །ལས་ཀུན་སྒྲུབ་མཛད་འོད་པོ་ཆེ། །སྔོན་ཚེ་དུས་ན་ལྷ་ཡི་མཆེད། །ད་ལྟ་རྣལ་འབྱོར་སྒྲུབ་པའི་མཆེད། །གདུག་པ་ཀུན་སྒྲོལ་ཁྱོད་ལ་བསྟོད། །ཅེས་བསྟོད་ནས་བྱོན་ཟན་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར། ལག་གཉིས་མཐེ་བོང་ནང་དུ་བཅུག །མཐེའུ་ཆུང་སྒྲེང་བའི་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུག་གཡས་གཡོན་གོ་ལྡོག་ཏུ་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་དགང་བླུག་ཁ་སྦྱར་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་བཱ་ཧ་ན་ཡ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་། ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བགེགས་ཆེ་གེ་མོ་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་མཛད་དུ་གསོལ། ཞེས་བརྗོད། བསྲེག་རྫས་རྣམས་ཀྱང་ལག་གཡོན་གྱིས་འབུལ་ཏེ། ཡམ་ཤིང་ནི། ཨོཾ་ཨགྣ་ཡེ་བདག་ཅག་དཔོན་སློབ་སོགས་ནས། མཱ་ར་ཡ་རྦད། ཅེས་པའི་བར་གྱིས་འབུལ། མར་ཁུ། ཨོཾ་ཨགྣ་ཡེ་བདག་ཅག་དཔོན་སློབ་སོགས་སྤེལ་ཚིག་སྔ་མ་ལྟ་བུས་འབུལ། རྫས་གཞན་རྣམས་ལ། དམར་ནག་མེ་ཡི་ཀློང་དཀྱིལ་ནས། །ཟ་བྱེད་མེ་ལྷ་འཁོར་བཅས་ལ། །དགྲ་བགེགས་ཕུང་ཁམས་བླ་ཚེ་སྲོག །འདོད་དགུར་འཆར་བའི་མཆོད་པ་འབུལ། །དྲག་པོའི་གནད་འབེབ་གསོད་པའི་དུག །མྱོས་བྱེད་ཚ་བའི་རྫས་རྒོད་འདིས། །དམིགས་བྱ་དགྲ་བགེགས་བརླག་པར་མཛོད། །ཨོཾ་ཨགྣེ་ཀྲོ་དྷ་ཡེ་དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊཿ ཅེས་རྩ་བའི་རྫས་ནས་ཚ་རྫས་ཀྱི་བར་བདུན་ནམ་ཉེར་གཅིག་སོགས་སྐབས་དང་སྦྱར་ལ་འབུལ། དེ་ནས་སྔར་ལྟར་བསྟོད་པ་བྱས་ལ། འདོད་གསོལ་ནི། ན་མོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཁྱོད་ཀྱིས་བསྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་མཛད་པ་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་མི། གཟུགས་མེད་ཀྱི་བགེགས། ལོག་འདྲེན་འབྱུང་པོ། དམ་སྲི་སྒབ་འདྲེ། རྒྱ་འདྲེ་འགོང་པོ། མཐའ་བཞིའི་དམག་དཔུང་། བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་སྒྲོལ་ཞིང་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་ཞིང་། བདག་ཅག་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་མ་རུངས་གདུག་པ་ཅན་ཐམས་ཅད་སྐད་ཅིག་ཡུད་ཙམ་ཉིད་དུ་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛད་དུ་གསོལ། སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊཿ ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་གཙྪ་མུ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོ་མཛད་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། བུུད་ཤིང་ཁ་གསོས། ལས་བུམ་ཆུས་བྲན་ལ། སྒྲུབ་དཀྱིལ་དང་མ་འབྲེལ་བའི་སྲེག་རྐྱང་སྐབས་སུ། དམ་ཚིག་མེ་ལྷའི་ལྟོ་བའི་ནང་། །ཞེས་གསལ་གདབ་ལ་སོ་སོའི་མངོན་རྟོགས་ནང་གི་གཞལ་ཡས་ཁང་བསྐྱེད་ནས་ལྷ་གཙོ་འཁོར་ཡོངས་རྫོགས་བསྐྱེད། སྤྱན་འདྲེན་བཞུགས་གསོལ་ཡན་གྲུབ་མཚམས། ཨོཾ་ཤྲཱི་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། པཱ་དྱཾ་སྦྱར་བ་བཅས་ཀྱིས་དྲག་པོའི་ཆུ་གཉིས་ཕུལ། དེ་ནས་ཕྱག་འཚལ། མཆོད་ཕྲེང་གིས་དྲག་པོའི་ཉེར་སྤྱོད། སྨན་གཏོར་རཀྟ། སྦྱོར་སྒྲོལ་སོགས་རང་གཞུང་རྒྱས་བསྡུས་གང་ཡོད་ལྟར་ཕུལ་ལ་བསྟོད་པས་བསྟོད། གལ་ཏེ་སྒྲུབ་ཆེན་སོགས་དཀྱིལ་འཁོར་དང་འབྲེལ་བ་ཡིན་ན་མངོན་རྟོགས་སོ་སོའི་གཞལ་ཡས་ཁང་གདན་བསྐྱེད་པ་ཡན་སོང་མཚམས། དཀྱིལ་འཁོར་ནས་ཚོམ་བུ་མཐོང་བརྒྱུད་ལྟར་སྤྱན་དྲང་བ་དང་ཆབས་ཅིག་གཞུང་གི་སྤྱན་འདྲེན་དང་། སྔགས་ཙམ་གྱིས་བཞུགས་སུ་གསོལ། མངོན་རྟོགས་ལྟར་ལྷ་བསྐྱེད་འདོན་ལ་གསལ་གདབ། ཕྱི་མཆོད་ཁྲག་གི་མཆོད་ཡོན་དང་། དུག་ཆུའི་ཞབས་བསིལ་གཉིས་གོང་ལྟར་སྔགས་ཀྱིས་འབུལ། དེ་ནས་ཉེར་སྤྱོད་སོགས་མཆོད་བསྟོད་རྫོགས་པར་བྱའོ། །དེ་ནས། ལྷ་ཚོགས་ཐམས་ཅད་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དྲག་པོའི་བསྲེག་བྱ་ཟ་བའི་ལས་ལ་རྔམས་པར་བསམ་ལ་བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་མོ་གཅིག་པར་རཾ་དང་དགང་བླུག་གི་རྩེར་ཧཱུྃ་མཐིང་ནག་འབར་བ་རེས་མཚན་པར་གྱུར། ལག་གཉིས་མཐེ་བོང་ནང་དུ་བཅུག །མཐེའུ་ཆུང་སྒྲེང་བའི་ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུག་གཡས་གཡོན་གོ་ལྡོག་ཏུ་བཟུང་ལ། ཁྱད་པར་རྩ་སྔགས་བདུན་གྱིས་དགང་གཟར་བཀང་ནས། དགང་བླུག་ཁ་སྦྱར་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་དི་བྱ་དི་བྱ་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་བཱ་ཧ་ན་ཡ་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤྱི་དང་། ཁྱད་པར་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བགེགས་ཆེ་གེ་མོ་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད། ཅེས་ལན་གསུམ་གྱིས་ཕུལ་ལ། དེ་ནས་དྲག་བསྐུལ་རྒྱས་པར་བྱ། གསེར་སྐྱེམས་ནི་ཡོད་མེད་གང་བྱས་ཆོག །མཁྱེན་གསོལ་གཟུ་དཔང་། བྲུབ་ཁུང་བསྐྱེད་ཆོག་ནས་མཚོན་ཆས་གདབ་པའི་བར་བསྒྲལ་ལས་རྫོགས་པར་བྱས་ལ་ལིངྒ་རྣམས་དུམ་བུར་གཏུབས། སླར་ཡང་ལས་བྱང་གི་ཐུགས་དམ་བསྐུལ་བ་ཙམ་དང་། སོ་སོའི་ཧོམ་གྱི་ལས་སྦྱོར་ལས་འབྱུང་བའི་བསྐུལ་ཚིག་ཡོད་པ་བརྗོད། སྤྱི་ཁྱབ་ཏུ། ཛཿ སྲིད་པའི་བཙོན་ཁང་དྲག་པོའི་ཨེ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །གདུག་པའི་ཡམ་ཤིང་མར་ནག་ཚིལ། །དམིགས་པའི་གཟུགས་རྟེན་དྲག་པོའི་རྫས། །གནད་འབེབ་མྱོས་བྱེད་གསོད་པའི་མཚོན། །ཚ་བའི་ནད་སྐྱེད་རྫས་རྒོད་རྣམས། །བསྲེགས་པས་དགྲ་བགེགས་གདུག་པའི་ཚོགས། །ལུས་ངག་རྡུལ་དུ་བསྲེགས་ནས་ཀྱང་། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །ཅེས་བརྗོད། དེ་ནས་གཙོ་འཁོར་སོ་སོའི་སྙིང་པོའི་ཤམ་དུ། སརྦ་ཤ་ཏྲཱུཾ་བིགྷྣཱན་རཱུ་པ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་མེ་སྲོག་འཛིན་པ་ནས་ཚ་བའི་རྫས་ཀྱི་བར་གཙོ་བོ་ལ་བརྒྱ་རྩ། འཁོར་རྣམས་ལ་ཉེར་གཅིག་རེ་སོགས་འབུལ་ཞིང་། དོ་གལ་བྱེད་ན། རྫས་རེ་རེའི་མཇུག་ཏུ་བྱོན་ཟན་ལྟར་སྤེལ་ཚིག་དང་། རྫས་ཐམས་ཅད་རྫོགས་པའི་མཇུག་ཏུ་སྤེལ་ཚིག་རྒྱས་པ་གོང་ལྟར་སྦྱར། ལོངས་ཁྱབ་ཀྱིས་མི་ལྕོགས་པའི་སྐབས་སོགས་སུ་བསྡུ་ན་རྩ་སྔགས་ཤམ་དུ་སྔགས་ཤམ་བཏགས་པས་གཙོ་འཁོར་ཐམས་ཅད་ལ་ཐུན་མོང་དུ་འབུལ་བའི་ཕྱག་ལེན་ཡང་སྣང་ངོ་། །དེ་ལྟར་རྫས་ཐམས་ཅད་འབུལ་གྲུབ་ནས་དམིགས་བསལ་བགེགས་མི་བསྲུན་པ་སོགས་ལ་ལྕགས་སླང་དུ་མར་ནག་བཀོལ་བའི་མེ་ལྕེས་སླེབ་པའི་སར་ལིང་ག་བཀྲམ་ལ། དྲག་བསྐུལ་གསེར་སྐྱེམས་འགུགས་འདྲེན་རྣམས་བྱས་ནས་བཞེས་སྒྲ་དྲག་པོ་དང་བཅས་ཛ་གད་རྫས་ལྡན་གྱིས་མེ་སྦར་ཏེ་ཧོམ་མཆོད་བྱ་བ་ཡིན་ནོ། །མཐར་བྱོན་ཟན་ཇི་ལྟ་བའི་དགང་བླུག་གིས་གཤེགས་སྐྱེམས་ཕུལ། སྔགས་ཙམ་གྱིས་ཕྱི་ནང་གི་ཉེར་སྤྱོད་སྨན་རཀ་གཏོར་མར་བཅས་པས་མཆོད་ཅིང་། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱས་སོ་རྩི་དང་། ཨོཾ་བཛྲ་ཝསཏྲཾ་ཡ་སྭཱ་ཧཱས་གོས་ཟུང་ཕུལ་ནས་བསྟོད་པ་མདོར་བསྡུས་བྱ། མཐར་འདོད་དོན་གསོལ་བ་ནི། ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁྲག་འཐུང་ཁྲོ་བོ་ཐམས་ཅད་ཀྱི་སྤྱི་དཔལ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་དཔའ་བོ། བཅོམ་ལྡན་འདས་དཔལ་ཆེན་སོགས་ཡི་དམ་གཙོ་འཁོར་ཕོ་མོའི་མཚན་སྨྲོས། ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་རྒྱུ་སྦྱོར་བ་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་ཞི་བར་མཛོད་ཅིག །ཕས་ཀྱི་རྦོད་གཏོང་བྱད་སྟེམས་མནན་གཏད་སྲེག་འཕང་བྱས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག །ལྷ་འདྲེའི་ཟ་ཁ་གཏད་པ། གནོད་པའི་དབལ་ཟུག་པ། བྱད་ཀྱི་ཁྲམ་ཁ་བཏབ་པ་ཐམས་ཅད་དགྲ་ལ་སྒྱུར་ཅིག །ཞི་བ་དང་རྒྱས་པ་དང་བཀུག་པ་དང་དྲག་པོའི་ལས་ཐམས་ཅད་ལ་དབང་འབྱོར་བར་མཛོད་ཅིག །ཁྱད་པར་བསྒྲལ་བའི་ཞིང་དུ་གྱུར་པའི་དགྲ་བགེགས་ཆེ་གེ་མོ་གཟུགས་ལིང་ག་ལ་བྲིས་ཤིང་མིང་བྱང་དམར་གྱི་དཀྱུས་སུ་བཀོད་པ་འདི་རྣམས་ལོ་དང་ཟླ་བ་ཞག་དང་ཟ་མར་མ་འགྱང་བར་མྱུར་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་ཡང་མ་ལུས་པར་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་རྟེན་ནམ་དབྱིངས་སུ་གཤེགས། སྒྲུབ་དཀྱིལ་སྐབས་ཚོམ་བུ་སླར་སྤྱན་འདྲེན། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། གསུམ་པ་རྗེས་མཐའ་སྡུད་ཀྱི་བྱ་བ་ནི། བུད་ཤིང་བསྣན་ལ་བསང་ཆུས་བྲན་ཏེ། སླར་ཡང་འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མཆོད་བསྟོད་དང་བསྲེག་རྫས་བདུན་པོ་སྔར་བཞིན་དང་། གཤེགས་སྐྱེམས་བྱོན་ཟན་ལྟར་ཕུལ་རྗེས། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱས་སོ་རྩི་དང་། ཨོཾ་བཛྲ་ཝསཏྲཾ་ཡ་སྭཱ་ཧཱས་གོས་ཟུང་འབུལ། དམར་གཏོར་དགང་བླུག་ཁར་བཞག །བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། ཨོཾ་ཨགྣ་ཡ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ལ། འདོད་དོན་གོང་བཞིན་གསོལ། སླར་ཡང་ཉེར་སྤྱོད་རྣམས་སྔགས་ཙམ་གྱིས་མཆོད། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས་ནས། སྤྱན་འདྲེན་པའི་རྒྱ་ཕྱིར་བསྐྱེད་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ། མེ་ལོངས་སྐབས་ཡོད་ཀྱང་མི་བཞག་པར་དུག་ཁྲག་གི་ཆུས་བསད་པའི་ཐལ་བ་ཐུགས་དམ་བསྐུལ་ཞིང་ཟློག་པའི་ཐལ་རྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་རླུང་ལ་བསྐུར་བའམ། ཡང་ན་ཐལ་སོལ་རྣམས་སྣོད་ངན་དུ་བྲུབས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་གནན། གང་ལྟར་ལས་གསོར་མི་རུང་བའི་གཟིར་གནན་བྲོ་ཡིས་མཇུག་བསྡུ་བའང་སོ་སོའི་ལས་གཞུང་ལས་འབྱུང་བ་ལྟར་གྲུབ་ནས། བདག་བསྐྱེད་ཁོ་ནའམ་དཀྱིལ་འཁོར་དང་འབྲེལ་ན་དེའི་མཇུག་སྡུད་ཀྱི་རིམ་པ་རྣམས་དང་བསྔོ་སྨོན་ཤིས་པ་བརྗོད་པ་སོ་སོའི་ལས་གཞུང་ལྟར་བྱའོ། །དུས་མཐའི་མེ་ལྕེས་འཇིག་རྟེན་སྲེག་པ་བཞིན། །སུས་ཀྱང་ལྡོག་མེད་རྡོ་རྗེ་ཁྲོ་བོའི་མེས། །མི་བསྲུན་བདུད་བགེགས་ཆོས་ཀྱི་དབྱིངས་སུ་བསྲེགས། །ཞི་བདེའི་སྣང་བས་ཁམས་གསུམ་ཀུན་ཁྱབ་ཤོག །ཅེས་ཡི་དམ་ཁྲོ་བོའི་རིགས་ལ་སྲེག་བླུག་གི་ཆོ་ག་དཀྱུས་འགྲེ་ཙམ་གྱི་ལག་ལེན་སྦྱོར་བའི་ཡིག་ཆ་མང་ཡང་། ཟབ་གནད་ཁྱད་པར་ཅན་དང་འབྲེལ་བའི་ཧོམ་གྱི་གཟེར་ཁ་གདགས་པ་དཀོན་པས་ཕན་འདོད་ཀྱི་བསམ་པས་རིག་འཛིན་གོང་མའི་ལེགས་བཤད་ཁུངས་སུ་བྱས་ཏེ། དུས་མཐའི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུང་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་རིམ་པ་ཆུ་འབབས་སུ་བཀོད་པ་ཡེ་ཤེས་བདུད་རྩིའི་བཅུད་སྦྱིན་ (Volume 17, Text 37)
༄༅། །འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་རིམ་པ་ཆུ་འབབས་སུ་བཀོད་པ་ཡེ་ཤེས་བདུད་རྩིའི་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡ་མཱ་རི་ཡེ། ཡེ་ཤེས་ཀུན་གྱི་འབྱུང་གནས་ཆེ། །བླ་མ་དུས་དགྲའི་དབང་པོ་ལ། །བཏུད་ནས་རྡོ་རྗེའི་གཏོར་བླུགས་ཀྱི། །ཆོ་གའི་ལག་ལེན་གསལ་བཀོད་བྱ། །སྙན་བརྒྱུད་འཇམ་དཔལ་ཐུགས་ཏིག་གི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་ཅིང་དོན་གྱི་དབང་བསྐུར་བ་སྦྱིན་པ་ན། སྟེགས་བུར་དཀྱིལ་འཁོར་རས་བྲིས་སམ་མཎྜལ་ལ་འབྲུ་ནག་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་མགུལ་ཆིངས་མཐིང་ནག་བཅུད་བཀང་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་ལྡན་པ་བཀོད། མདུན་ཕྱོགས་སུ་གཙོ་བོ་དང་ཡེ་ཤེས་སེམས་དཔའི་སྐུ་ཙཀ །དཔལ་ཆས། ཕྱག་མཚན་དྲུག་ཕྱོགས་བསྡུས་ཀྱི་ཙཀླི་རྣམས་དང་། གཡས་སུ་ཐོད་སྣོད་དུ་བམ་ཆེན་ཕྱག་ལེན་ལྟར་བཞེངས་པ། རྒྱབ་ཏུ་སྔགས་བྱང་དང་ཐོད་པར་མངར་གསུམ་ཆོས་སྨན་སྦྱར་བའི་ཆང་། རིག་ཙཀ །གཡོན་དུ་མཆོད་རྟེན་ནམ་སཱཙྪ་དཀར་པོ་རབ་གནས་ལྡན་པ་དང་མེ་ལོང་འཇའ་ཤེལ། མདུན་མཚམས་གཡས་གཡོན་དུ་ཚེ་འབྲང་བུམ་གཟུགས་དང་། དྲེགས་པའི་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་རྣམས་བཀོད། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། གཞན་ཡང་ལས་བུམ་སྔོན་གཏོར། ཚོགས་ཆས་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། ཕྲིན་ལས་གྱེར་ཚིག་གཅིག་གིས་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ། དཀྱིལ་འཁོར། བུམ་པ། སྐུ་གཟུགས། བམ། པུ་རི་རྣམས་རེ་རེ་བཞིན་དཀྱིལ་འཁོར་གྱི་ལྷར་གསལ་བཏབ་ལ་འཕྲོ་འདུའི་ཏིང་ངེ་འཛིན་དང་ལྡན་པས་བཟླས་བརྗོད་ཅི་འགྲུབ་ཀྱི་མཐར་སྟོང་ཚིགས་འབུལ་ཞིང་། སྐབས་འདིར་ཚེ་འབྲང་ལ་དམིགས་ཏེ། བདག་མདུན་ལྷར་གསལ་སོགས་དམིགས་བཟླས་ཚེ་འགུག་དང་བཅས་པ་གཏེར་གཞུང་བཞིན་གྲུབ་ནའང་ལེགས་སོ། །སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་གྲུབ་པ་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་འཇུག་པ་དང་ཕྲིན་ལས་ལྟར་བགེགས་གཏོར་གཏང་ཞིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་གསང་སྔགས་སྔ་འགྱུར་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་འཇིག་རྟེན་ལས་འདས་པའི་རིགས་ལྔའི་ཡ་གྱལ། སྐུ་མཆོག་འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་ཀྱི་མཐར་ཐུག་འཁོར་འདས་ཐམས་ཅད་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པ་ཆེན་པོ་ཀུན་ཁྱབ་དེ་བཞིན་གཤེགས་པའི་རིགས་སུ་སྒྲུབ་པ་ཡིན་ལ། དེའི་སྒྲུབ་ཐབས་བཀའ་གཏེར་གྱི་བཀའ་སྲོལ་མཚན་དང་རྣམ་གྲངས་ཀྱི་བྱེ་བྲག་རྒྱས་བསྡུས་མི་འདྲ་བ་ཇི་སྙེད་ཅིག་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཉིད་གདུལ་བྱའི་སྣང་ངོར་མཁས་གྲུབ་རིག་པ་འཛིན་པའི་ཚུལ་དུ་སྣང་བ། གྲུབ་ཐོབ་གཏེར་སྟོན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཐུན་མོང་མ་ཡིན་པའི་བཀའ་བབས་ཆེན་པོ་དྲུག་ཏུ་བཞུགས་པའི་ནང་ཚན་ཟབ་མོ་སྙན་བརྒྱུད་ཀྱི་སྐོར་ལས་བྱོན་པ་སྟེ། རྩ་བ་རྡོ་རྗེའི་གསུང་ལས། དང་པོ་རང་བྱུང་སྔགས་ཀྱི་རྒྱུད༔ ཟླ་གསང་བྱེ་བ་འབུམ་ཕྲག་ལས༔ སྙིང་པོའི་སྙིང་པོ་མདོ་ཙམ་ཞིག༔ འཇམ་དཔལ་བཟང་པོས་གནད་བསྡུས་ཏེ༔ བརྟུལ་ཞུགས་སྤྱོད་པའི་དབང་པོར་གཏད༔ བདག་ཉིད་བློ་ལྡན་མཆོག་སྲེད་ཀྱིས༔ འགའ་ཞིག་ས་ཡི་བཅུད་དུ་གཏམས༔ ལ་ལ་ཀློང་ལྔའི་སྒྲོམ་བུར་བསྩལ༔ སྙན་བརྒྱུད་འདི་ནི་སྐལ་ལྡན་ལ༔ དགོངས་པ་བྱིན་རླབས་ཚུལ་དུ་བཤད༔ ཅེས་གསུངས་པ་ལྟར༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ། ཨོ་རྒྱན་གྱི་མཁན་པོ་བློ་ལྡན་མཆོག་སྲེད་རྩལ་གྱིས་སྙན་བརྒྱུད་ཟབ་མོར་གདམས་པའི་ཆོས་སྡེ། འཇམ་དཔལ་གཤིན་རྗེའི་ཐུག་ཏིག་གི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ། ཞེས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་འཇམ་དཔལ་ཧེ་རུ་ཀ་དབྱེར་མི་ཕྱེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཆོས་དབྱིངས་བདེ་བར་དགྱེས་རོལ་པའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་འཇུག་ཅིང་སྨིན་པར་འཚལ༔ ལན་གསུམ། བླ་མ་དང་མདུན་བསྐྱེད་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་ལ་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་བཞུགས་པའི་སྤྱན་སྔར། རང་གཞན་ནམ་མཁའི་མཐའ་མཉམ་གྱི་མར་གྱུར་སྐྱེ་དགུ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། རང་རིག་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་བཞིན་མ་རྟོགས་པས་འཁོར་བའི་འཁྲུལ་འཁོར་ལུ་གུ་རྒྱུད་དུ་འཕྱན་པའི་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་མི་གནས་པའི་མྱང་འདས་ཆེན་པོར་བསྒྲལ་བར་བགྱིའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་འཇམ་དཔལ་དུས་དགྲའི་དབང་པོའི་གཞིའི་སྨིན་བྱེད་སྔོན་དུ་འགྲོ་བས་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་སློབ་པར་བགྱིའོ་སྙམ་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་ཐབས་ཁྱད་པར་ཅན་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་མཛད་འཚལ། ལས་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཕྱི་སྣོད་ཀྱི་སྣང་བ་ལྷུན་གྲུབ་ཡེ་ཤེས་རོལ་པའི་གཞལ་མེད་ཁང་ཆེན་པོའི་དབུས་སུ། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་དང་ཕྱོགས་སྐྱོང་མ་ཧེ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ། སློབ་མ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཧེ་རུ་ཀ་མཐིང་ནག་འབར་བ་ཆེན་པོའི་སྐུ་ཅན། དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག་ཀླུ་གཉན་ས་བདག་དགྲ་བགེགས་ཟ་བ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་སྒྲེང་བ། ཐོད་སྐམ་རིགས་ལྔའི་དབུ་རྒྱན་གསོལ་ཞིང་དྲེགས་པའི་སྙིང་དང་ནཱ་གའི་མགོ་བོའི་དོ་ཤལ་འཕྱང་བ། གླང་ཀོ་ཞིང་ལྤགས་སྟག་ཤམ་སྦྲུལ་ཆུན་སོགས་དཔལ་དང་དུར་ཁྲོད་རོལ་པའི་ཆས་དང་རིན་པོ་ཆེས་བརྒྱན་ཅིང་། གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་བཞི་འདོར་ཐབས་དྲེགས་པ་ཕོ་མོའི་དཔྱི་ནས་བརྫིས་པ། ཡུམ་གཏུམ་མོ་བཻ་ཏཱ་ལཱི་མཐིང་ནག་སྙིང་དང་གྲི་ཐོད་འཛིན་ཅིང་ཁྲོ་མོའི་ཆས་དང་ལྡན་པས་འཁྱུད་པ། རྒྱན་དང་སྤྲུལ་པའི་ལྷ་ཚོགས་རྣམས་ཀྱང་ཉི་མ་དང་འོད་ཟེར་བཞིན་དུ་རང་བྱུང་ལྷུན་གྲུབ་ཆེན་པོར་རྫོགས་པའི་ཐུགས་སྲོག་ས་བོན་དང་། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དྲག་པོ་ཨེའི་གཞལ་ཡས་ཁང་ནས། དུས་གསུམ་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པར་ནམ་མཁའི་མཐའ་ཀླས་པར་བྱོན་ཏེ། མཚོ་ཆེན་པོ་ལ་ཆར་བབ་པ་ལྟར་སློབ་མའི་སྤྱི་བོ་དང་བ་སྤུའི་བུ་ག་ནས་ཞུགས་ཏེ་སྙིང་གར་ཐིམ་པར་མོས་ཤིག །གུ་གུལ་དུད་པ་དང་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ༔ རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས༔ སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བ༔ འཇམ་དཔལ་ཁྲོ་བོ་ཟིལ་གནོན་འཁོར་བཅས་ཀྱིས༔ དབང་དང་བྱིན་རླབས་མཐུ་དང་དངོས་གྲུབ་སྩོལ༔ ཅེས་དང་། སྙིང་པོའི་གཤམ་དུ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛྙཱ་ན་མཎྜ་ལ་ཨཱ་བེ་ཤ་ཡ། ཞེས་དང་རོལ་མོ་དྲག་ཏུ་བྱས་ལ་བྱིན་དབབ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་བརྗོད་དོ། །དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞི་ལ་བུམ་པ། གསང་བ། ཤེར་ཡེ། བཞི་པ་རང་བྱུང་ཡེ་ཤེས། མཐའ་རྟེན་གྱི་དབང་བསྐུར་བ་རྣམས་རིམ་པར་བསྒྲུབ་པར་བགྱི་བའི་ཐོག་མར་བུམ་དབང་བསྐུར་བ་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ནམ་མཁའ་གང་བར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ། ཡེ་ཤེས་རིན་པོ་ཆེའི་བུམ་པ་རིགས་ལྔ་འདུས་པའི་བདུད་རྩིའི་བཅུད་ཀྱིས་གང་བས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག ཨོཾ༔ ཡེ་ཤེས་དག་པ་བུམ་པའི་དབྱིངས༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་བཅུད༔ རིགས་ལྔ་འདུས་པའི་བདུད་རྩི་ཡིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ སྔགས་མཐར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་རྣམ་བུམ་གྱིས་དབང་བསྐུར་ཞིང་འཐོར་འཐུང་བྱ། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་ཉོན་མོངས་ལྔའི་སྒྲིབ་པ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་གྱུར། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པ་སྟེར་བར་བྱེད་པའི་དབང་བསྐུར་བ་ལ། དང་པོ་སྐུའི་ནུས་པ་སྟེར་བར་བྱེད་པ་ཕྱག་རྒྱའི་དབང་གི་སླད་དུ། ཁྱེད་རང་ཟིལ་གནོན་ཕྱག་རྒྱ་ཆེན་པོའི་སྐུར་གསལ་བ་ལ་འོག་མིན་དང་ཁྱད་པར་མདུན་གྱི་དཀྱིལ་འཁོར་པ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ཏེ། སྤྱི་བོ་ནས་ཐིམ་པས་སྐུའི་ནུས་མཐུ་ཡོངས་སུ་རྫོགས་པར་ཐོབ་པའི་མོས་པ་མཛོད། སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་ལྷ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔལ་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་ཁྲོ་རྒྱལ་ཡོངས་ཀྱི་རྗེ་བཙན་ཆེན་པོར་མངའ་གསོལ་བར་མོས་ཤིག །ཁྲོ་ཆས་བཀོན་ཚུལ་བྱས་ལ། ཧཱུྃ༔ དཔལ་ཆེན་འབར་བ་དབང་གི་ཆས༔ དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ཀྱིས༔ དྲེགས་པའི་སྟོབས་དང་སྲོག་འཕྲོག་པའི༔ རྗེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་ཨཱ་ལཾ་ཀ་ར་ཨ་བྷི་ཥིཉྩ་མི༔ ཡེ་ཤེས་དྲུག་གི་རང་བཞིན་འབར་བའི་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བས་འཁོར་འདས་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པའི་བརྟུལ་ཞུགས་གྲུབ་པར་མོས་ཤིག །ཕྱག་མཚན་དྲུག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ སྲིད་པའི་དྲྭ་བ་འཇོམས་ཤིང་གཅོད༔ ཉོན་མོངས་བདུད་འདུལ་བདུད་དགྲ་གསོད༔ གཟུང་འཛིན་ཚར་གཅོད་གདུག་པ་ཅན༔ བསྡིགས་ཤིང་ཟིལ་གནོན་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མི༔ གཉིས་པ་གསུང་གི་ནུས་པ་སྟེར་བར་བྱེད་པ་སྔགས་ཀྱི་དབང་གི་སླད་དུ། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་སློབ་དཔོན་གྱི་ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་ནཱ་ད་ལས་ཡི་གེ་དྲུག་པ་དང་། ཧཱུྃ་མཐར་ཁྲོ་བོའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལ་ཐིམ་ཞིང་ཧཱུྃ་མཐར་འཁོད་པའི་མོས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཞེས་པ་དང་། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཞེས་ལན་གསུམ། སྔགས་བྱང་མགྲིན་པར་བཞག་སྟེ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ དཔལ་ཆེན་གསང་སྔགས་རྡོ་རྗེའི་སྒྲ༔ རྟག་ཏུ་ཆུ་བོའི་གཞུང་བཞིན་ཟློས༔ རབ་འབྱམས་ཕྲིན་ལས་འགྲུབ་པ་དང༔ སྲོག་རྩོལ་དག་པའི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པའི་ཕྱིར་དགོངས་པ་ངོ་སྤྲོད་པ་ནི་རྡོ་རྗེའི་ཚིག་འདི་ལ་གསན་ཅིང་དོན་རིག་སྟོང་འོད་གསལ་མཐའ་དབུས་མེད་པའི་ངང་དུ་མཉམ་པར་འཇོག་པར་ཞུ། རྡོ་རྗེ་སྡིགས་མཛུབ་སློབ་མའི་སྙིང་གར་གཏད་ལ། ཧཱུྃ༔ ཨྱཻ་ཉིད་སྟོང་པ་ཆོས་འབྱུང་ལས༔ མ་སྐྱེས་གནས་པ་དྲན་པར་བྱ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ དབྱིངས་རིག་ཟུང་འཇུག་རྟོགས་པར་འགྱུར༔ ཨ་ཨ་ཨ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བརྟན་པའི་སླད་དུ་བླ་མ་དང་དཀྱིལ་འཁོར་པའི་ཐུགས་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་སྙིང་གར་ཞུགས་པར་མོས་མཛོད། འཇམ་དབྱངས་སྐུ་སྙིང་གར་བཞག་ལ། དྷཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ངག་གི་དབང་ཕྱུག་ནི༔ རྟག་ཏུ་སྙིང་ལ་ཡང་དག་གནས༔ བྱིན་རླབས་མཆོག་གིས་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཛྙཱ་ན་སཏྭ་ཨ་བྷི་ཥིཉྩ་མི༔ བཞི་པ་ཡོན་ཏན་གྱི་ནུས་པ་སྟེར་བའི་སླད་དུ་བམ་ཆེན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་གསལ་བ། སྤྱི་བོར་བཞག་པས་བམ་ཆེན་གསང་བ་རབ་འབྱམས་ཀྱི་དབང་ཐོབ་ནས་ཆོས་ཐམས་ཅད་བདག་མེད་པའི་དོན་ཁོང་དུ་ཆུད་དེ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མོས་ཤིག །བམ་སྤྱི་བོར་བཞག་ལ། ཧོ༔ དཔའ་བརྟུལ་སྔགས་ཀྱིས་བྱིན་བསྐྱེད་པའི༔ བམ་ཆེན་རྨེ་བའི་དོན་དང་སྦྱོར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ནས༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག༔ མ་ཧཱ་མཱཾ་ས་གུ་ཎ་སིདྡྷི་ཨ་བྷི་ཥིཉྩ་ཧོ༔ བམ་གྱི་ཕྱི་རྒྱུད་ཀྱི་ལྷ་ཐམས་ཅད་ཙིཏྟའི་དཀྱིལ་འཁོར་ལ་འདུས། དེའང་དྭངས་མ་ལྔའི་ཐིག་ལེ་ལ་འདུས། དེ་སློབ་མའི་སྙིང་གར་འུབ་ཀྱིས་ཐིམ། བམ་ཉིད་ཡེ་ཤེས་ལྔའི་ངོ་བོ་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་ཉིད་ཡུལ་དབང་རོ་གཅིག་པའི་དེ་ཁོ་ནའི་རྣལ་འབྱོར་གྱིས་རོལ་པར་གྱིས་ཤིག །ཅེས་བརྗོད་ལ་གདོང་པ། ཁ་མིག་མགོ་བོ། ལུས་ཀྱི་ཆ་ཤས་ཏེ་དམེ་བ་ལྔ་པོ་ཅུང་ཟད་རེ་འཇོག་ལ་འོག་གི་གསང་དབང་སྐབས་སྦྱིན། འཕྲོས་རྣམས་སློབ་མ་ལ་སྦྱིན་ནོ། །ལྔ་པ་ཕྲིན་ལས་ཀྱི་ནུས་པ་སྟེར་བའི་སླད་དུ་སྐུ་གསུམ་ཡོངས་རྫོགས་མཚོན་པའི་པུ་རི་མཆོད་རྟེན་གྱིས་དབང་བསྐུར་བས་ལས་དྲུག་གི་བྱ་བ་ལ་དབང་སྒྱུར་བའི་མཐུ་སྟོབས་ཐོགས་མེད་དུ་ཐོབ་པར་མོས་ཤིག །པུ་རི་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སྲུང་དང་བཤིག་དང་བསད་པ་དང༔ ཟློག་དང་མནན་དང་འགུགས་པ་སོགས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་བའི༔ ཡོངས་རྫོགས་མཆོད་རྟེན་དབང་བསྐུར་རོ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བགྲོད་པ་དང་པོ་བདེ་ཆེན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བུམ་དབང་བསྐུར་པས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་མཐོང། བམ་ཆེན་གསང་བ་དང་འབྲེལ་བའི་བུམ་དབང་ཐོབ། ལུས་ཀྱི་དྲི་མ་དག །གཙོ་བོར་སྐུའི་དམ་ཚིག་བསྲུང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་གི་སླད་དུ། བླ་མ་འཇམ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་ཆགས་པ་ཆེན་པོའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས། དེ་དག་སྙོམས་པར་ཞུགས་ཏེ་ཐིག་ལེར་ཞུ་བ་རྩ་གནས་ཀྱི་ལྷ་ལ་ཐིམ། དེ་དག་ཀྱང་སྦྱོར་བ་མཛད་ཅིང་ཐིག་ལེར་ཞུ་སྟེ་དབྱེར་མེད་དུ་འདྲེས། ཉི་ཟླ་ཁ་དོག་དཀར་དམར་ངོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དོན་དམ་བདེ་བ་ཆེན་པོ་ཉིད་པདྨ་བྷཉྫའི་སྣོད་དུ་གསང་རྫས་དང་རོ་གཅིག་ཏུ་བསྐྱིལ་བ་ཁྱེད་རང་རྣམས་ཀྱི་ལྗགས་ལ་བྱིན་པར་མོས་ཤིག །གསང་རྫས་བཀྲ་ཤིས་བུམ་པར་བམ་གྱི་དམེ་བ་ལྔ་བསྲེས་པ་སྦྱིན་ལ། ཨཱ༔ སྦྱོར་བ་དག་པའི་བྱང་ཆུབ་སེམས༔ མཚན་ལྡན་ཕྱག་རྒྱའི་པདྨོར་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོས་མཉམ་པར་རོལ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་པ་བདེ་བ་ཚད་མེད་པ་སྐྱེད་པས་ལུས་ཀྱི་རྩ་གནས་ཐམས་ཅད་གང་སྟེ་འཁོར་བ་སྐྱེད་བྱེད་ཀྱི་ས་བོན་ཐམས་ཅད་བཅོམ། ནང་གི་ལྷ་གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་བགྲོད་པ་གཉིས་པ་བམ་ཆེན་གསང་བའི་དཀྱིལ་འཁོར་དུ་གསང་དབང་བསྐུར་པས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གཙོ་བོར་གསུང་གི་དམ་ཚིག་དང་བདུད་རྩི་ལྔའི་རིལ་བུ་བརྟེན་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རིགས་དང་ལང་ཚོས་ཕྱུག་ཅིང་མཚན་ཉིད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་མོ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ ལྷན་ཅིག་སྐྱེས་དགའི་དབང་ཐོབ་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་གཏད་པའི་རིག་མ་དང་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་མཉམ་པར་སྦྱོར་བས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་བགྲོད་པ་གསུམ་པ་མཚན་ལྡན་གཟུངས་མའི་ལུས་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་བསྐུར་པས། བྷ་གའི་དཀྱིལ་འཁོར་མཐོང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །གཙོ་བོར་ཐུགས་ཀྱི་དམ་ཚིག་དང་བུད་མེད་ལ་མི་སྨད་པ་སོགས་བརྟུལ་ཞུགས་སྤྱོད་པ་ལ་དབང་། འབྲས་བུ་ཆོས་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རང་བྱུང་ཡེ་ཤེས་ཀྱི་དབང་གི་སླད་དུ། བརྡའི་རྫས་འདི་དག་གིས་མཚོན་བྱེད་དུ་བྱས་ཏེ་དོན་དབྱིངས་རིག་ཟུང་འཇུག་ཀ་དག་གི་དགོངས་པ་ནམ་མཁའ་དྲི་མ་མེད་པ་ལྟ་བུའི་རྩལ། ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་འཇའ་འོད་ཐིག་ལེར་ཤར་བ་རང་སྣང་གཞི་གྲོལ་ཆེན་པོ་དོན་དམ་གདོད་མའི་སངས་རྒྱས་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག །མེ་ལོང་ཤེལ་རྡོ་བསྟན་ལ། ཧོ༔ ཀ་ནས་དག་པའི་དགོངས་པ་ལས༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཟུང་འཇུག་ཟིལ་གནོན་ཕྱག་རྒྱ་ཆེ༔ རང་བྱུང་དོན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དེ་ལྟར་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚིག་གི་དབང་བསྐུར་པས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། བཞི་པ་བདེ་བ་ཆེན་པོའི་དབང་ཐོབ། སྒོ་གསུམ་གྱི་དྲི་མ་མཐའ་དག་དག །དམ་ཚིག་བསྲུང་དུ་མེད་པའི་དོན་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །ལྔ་པ་མཐའ་རྟེན་གྱི་དབང་ལ་གཉིས་ལས། ཐོག་མར་དྲེགས་པའི་བཀའ་གཏད་པའི་སླད་དུ། ཁྱེད་རང་གཉེན་པོ་སྟོབས་ཀྱི་ལྷ་དཔལ་ཆེན་པོ་འཁོར་འདས་ཐམས་ཅད་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ང་རྒྱལ་དང་ལྡན་པ་ལ། དམར་གྱི་གཏོར་མ་མ་གཤིན་བདུན་བརྒྱ་ཉི་ཤུ་སོགས་ལས་བྱེད་དྲེགས་པའི་ཚོགས་སུ་གསལ་བ་ལ། རྡོ་རྗེའི་ཐ་ཚིག་གི་བཀའ་བསྒོས་ཏེ་བྲན་དང་འབངས་སུ་གཏད་པས་ཅི་ལྟར་བཅོལ་བའི་ཕྲིན་ལས་གཡེལ་བ་མེད་པར་བསྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །དམར་གཏོར་ལག་ཏུ་གཏད་ལ། ཡ་བྷྱོ༔ ཆགས་སྡང་དབང་གིས་དྲེགས་པ་ནི༔ མ་མོ་གཤིན་རྗེའི་ཚོགས་ཡིན་ཏེ༔ དབང་སྡུད་བྲན་དུ་བཀོལ་ནས་ཀྱང༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གྱིས༔ ཡ་བྷྱོཿཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་བཀྲ་ཤིས་ཚེ་ཡི་དབང་སྦྱིན་པ་ནི། ཚེ་འབྲང་འཁོར་འདས་ཡོངས་ཀྱི་ཚེའི་བདག་པོ་འཇམ་དཔལ་ཧེ་རུ་ཀར་གསལ་བས་བྱིན་གྱིས་བརླབས་པས། ཚེའི་རྫིང་བུ་ཡོངས་སུ་གང་། བསོད་ནམས་ཉི་ཟླའི་དཀྱིལ་འཁོར་རྒྱས། ཡེ་ཤེས་ཀྱི་རིག་རྩལ་གོང་དུ་འཕེལ་ཏེ་མི་ཤིགས་རྟག་པ་དམ་པ་འཆི་མེད་རྡོ་རྗེ་ཚེའི་དངོས་གྲུབ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཚེ་འབྲང་སྤྱི་བོར་བཞག་ལ། བྷྲཱུྃ༔ སྙིང་པོའི་སྲོག་དང་བྱང་ཆུབ་སེམས༔ མི་འགྱུར་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ འཆི་མེད་རྟག་པའི་དབང་ཐོབ་ཤོག༔ ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་བྷྲཱུྃ༔ ཚེ་གལ་གྱི་ཆ་ཤས་སྦྱིན། ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར་རོ། །དེ་ལྟར་ཟབ་མོ་སྙན་བརྒྱུད་ཀྱི་ཆོས་སྡེ་ལས་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། ཕྲིན་ལས་ཀྱི་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་མཐར་ཆགས་སུ་བྱའོ། །སྲིད་ཞིའི་སྙིང་པོ་འཇམ་པའི་དཔལ། །ལམ་འདིས་རང་ལས་མངོན་གྱུར་ཏེ། །ཡེ་ཤེས་སྣང་བ་དྲི་མེད་པས། །གཉིས་སྣང་འཁྲུལ་པ་ཀུན་སངས་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་སྔ་ནས་རྗེས་སུ་བསྐུལ་ཞིང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ནས་ཁྲི་ཆེན་རྡོ་རྗེ་འཆང་འགྱུར་མེད་ཡིད་བཞིན་དབང་གི་རྒྱལ་པོས་ཐུགས་དམ་ཉམས་བཞེས་སུ་རྗེ་བླ་མར་བཀའ་བསྩལ་པ་དང་། གཏེར་སྲས་རིག་འཛིན་ཚེ་དབང་གྲགས་པས་བཀའ་ནན་ཡང་ཡང་ཕེབ་པར་བརྟེན། འཁོར་ལོའི་མགོན་པོ་གཏེར་ཆེན་བླ་མ་ཉིད་ལས་བཀའི་གནང་བ་ཞུས་ཏེ་སྔགས་རིག་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་ཛཔ྄་ཀྱི་བཀོལ་བྱང་ལྟར་རིགས་དྲུག་དོང་སྤྲུག་གི་དམིགས་པ་ཟུར་ཕྱུང་ (Volume 48, Text 37)
ཐུགས་སྒྲུབ་ཛཔ྄་ཀྱི་བཀོལ་བྱང་ལྟར་རིགས་དྲུག་དོང་སྤྲུག་གི་དམིགས་པ་ཟུར་ཕྱུང་ནི། འགྲོ་འདུལ་འཕགས་པ་ལ་བསྟེན་ནས༔ གཞན་དོན་རིགས་དྲུག་དོང་སྤྲུག་གི༔ ཏིང་འཛིན་རིམ་པ་འདི་ལྟར་བརྟག༔ འགྲོ་འདུལ་འཕགས་པའི་ཐུགས་ཀར་པད་ཟླའི་སྟེང༔ དབུས་སུ་ཧྲཱིཿཡིག་དཀར་འཚེར་འོད་འབར་ཞིང༔ འདབ་མ་དྲུག་ལ་ཡིག་དྲུག་སྔགས་ཀྱིས་མཚན༔ རྡོ་རྗེའི་སྒྲ་དབྱངས་ཛཔ྄་ཀྱིས་བསྐུལ་བའི་མཐུས༔ ཧཱུྃ་ལས་མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས༔ ཞེ་སྡང་ལས་བྱུང་ཚ་གྲང་སྡུག་བསྔལ་སྦྱངས༔ སྣོད་བཅུད་རྡོ་རྗེ་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མེ་ལས་མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་སེར་པོ་ཡི་དྭགས་ཡུལ་དུ་འཕྲོས༔ སེར་སྣ་ལས་གྱུར་བཀྲེས་སྐོམ་སྡུག་བསྔལ་སྦྱངས༔ སྣོད་བཅུད་རིན་ཆེན་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ པད་ལས་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་དཀར་པོ་དུད་འགྲོའི་ཡུལ་དུ་འཕྲོས༔ གཏི་མུག་ལས་བྱུང་གླེན་ལྐུག་སྡུག་བསྔལ་སྦྱངས༔ སྣོད་བཅུད་བདེ་གཤེགས་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཎི་ལས་སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་དམར་པོ་མི་ཡི་ཡུལ་དུ་འཕྲོས༔ འདོད་ཆགས་ལས་བྱུང་བྲེལ་འཕོང་སྡུག་བསྔལ་སྦྱངས༔ སྣོད་བཅུད་པདྨ་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་ལས་བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་ལྗང་གུ་ལྷ་མིན་ཡུལ་དུ་འཕྲོས༔ ཕྲག་དོག་ལས་བྱུང་འཐབ་རྩོད་སྡུག་བསྔལ་སྦྱངས༔ སྣོད་བཅུད་ལས་ཀྱི་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ལས་འོད་གསལ་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་དཀར་འཚེར་ལྷ་ཡི་ཡུལ་དུ་འཕྲོས༔ ང་རྒྱལ་ལས་བྱུང་འཕོ་ལྟུང་སྡུག་བསྔལ་སྦྱངས༔ སྣོད་བཅུད་རིགས་འདུས་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཧྲཱིཿལས་དབྱེར་མེད་ཡེ་ཤེས་ངོ་བོ་ཉིད༔ འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ མཁའ་མཉམ་འགྲོ་བའི་ལས་ཉོན་སྡུག་བསྔལ་སྦྱངས༔ ཀུན་ཀྱང་འགྲོ་འདུལ་འཕགས་པའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ༔ སྒྲར་གྲགས་ཡི་གེ་དྲུག་པའི་སྔགས་ཀྱི་དབྱངས༔ དྲན་རྟོག་སྟོང་ཉིད་སྙིང་རྗེ་དབྱེར་མེད་ངང༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དེ་ལྟར་རྩེ་གཅིག་ཉམས་བླངས་པས༔ བྱེ་བ་གཅིག་གིས་ལས་ཀུན་འགྲུབ༔ དངོས་ཉམས་འཕགས་པའི་ཞལ་མཐོང་ཞིང༔ གཞན་ཕན་སྙིང་རྗེ་རྩོལ་མེད་སྐྱེ༔ རྨི་ལམ་རྣག་ཁྲག་མི་གཙང་འབབ༔ ཁྲུས་བྱས་གོས་དཀར་གྱོན་པ་དང༔ མཁའ་ལ་འཕུར་དང་ཆུ་སྟེང་བགྲོད༔ ཉམ་ངའི་གནས་ལས་འགྲོ་མང་བསྒྲལ༔ དེ་སོགས་དགེ་བའི་མཚན་མ་རྣམས༔ སྒྲིབ་དག་གཞན་ཕན་ལྟས་སུ་ཤེས༔ ས་མ་ཡ༔ ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
སངས་གླིང་ཐུགས་ཆེན་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ཀྱི་གཟུངས་ (Volume 22, Text 37)
༄༅། །སངས་གླིང་ཐུགས་ཆེན་ནོར་བུ་སྐོར་གསུམ་ལས། ཕྱི་རྒྱལ་པོ་ལུགས་ཀྱི་གཟུངས་བཞུགས་སོ། ། ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བདག་གིས་ཤེས་རབ་སྤྱན་ནི་མྱུར་ཐོབ་ཤོག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བདག་གིས་སེམས་ཅན་མྱུར་དུ་བསྒྲལ་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བདག་གིས་ཐབས་མཁས་མྱུར་དུ་ཐོབ་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཤེས་རབ་གྲུ་ལ་མྱུར་དུ་ཞུགས་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སྡུག་བསྔལ་མཚོ་ལས་མྱུར་དུ་བརྒལ་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཚུལ་ཁྲིམས་ལམ་ལ་མྱུར་དུ་རྫོགས་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ མྱ་ངན་འདས་པའི་རི་ལ་འཛེགས་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ འདུས་མ་བྱས་ཀྱི་ཁང་པར་མྱུར་འདུག་ཤོག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ མྱུར་དུ་ཆོས་ཉིད་དང་ནི་མཐུན་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ གལ་ཏེ་མཚོན་གྱི་རི་ལ་ཕྱོགས་གྱུར་ན༔ མཚོན་གྱི་རི་བོ་རང་བཞིན་ཉིལ་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ གལ་ཏེ་ཆུ་ཚན་ཟངས་ལ་ཕྱོགས་གྱུར་ན༔ མེ་དང་ཆུ་ཚན་ཞི་ཞིང་མེད་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སེམས་ཅན་དམྱལ་བ་ཆེན་པོར་ཕྱོགས་གྱུར་ན༔ དམྱལ་བའི་སྡུག་བསྔལ་ཞི་ཞིང་ཟད་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཡི་དྭགས་བཀྲེས་སྐོམ་དག་ཏུ་ཕྱོགས་གྱུར་ན༔ བཀྲེས་སྐོམ་གྲང་བའི་སྡུག་བསྔལ་ཞི་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ གལ་ཏེ་ལྷ་མིན་གནས་སུ་ཕྱོགས་གྱུར་ན༔ ལྷ་མིན་ངན་སོང་ཡོངས་སུ་ཞི་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ གལ་ཏེ་བྱོལ་སོང་གནས་སུ་ལྷུང་གྱུར་ན༔ ཤེས་རབ་ཆེན་པོའི་རང་བཞིན་ཐོབ་གྱུར་ཅིག༔ ཐུགས་རྗེ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བདག་གི་རེ་འདོད་ཡོངས་སུ་བསྐང་གྱུར་ཅིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷུ་ཧ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨར་ཧ་ཏེ་བྷྱཿསམྱཀྶམྦུདྡྷེ་བྷྱ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧ་སཏྭཱ་ཡ༔ མ་ཧ་ཀཱ་རུ་ཎི་ཀ་ཡ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨིཊྚེ་བིཊྚེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ༔ ཀུ་སུ་མེ༔ བ་རེ༔ ཨི་ལི་མི་ལི༔ ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཛ་ཏ་ཛ་ཏ༔ ཛི་ཏི་ཛི་ཏི༔ ཛུ་ཏུ་ཛུ་ཏུ༔ ཏ་ར་ཏ་ར༔ ཏི་རི་ཏི་རི༔ ཏུ་རུ་ཏུ་རུ༔ ཀ་ལ་ཀ་ལ༔ ཀི་ལི་ཀི་ལི༔ ཀུ་ལུ་ཀུ་ལུ༔ ཙ་ཏ་ཙ་ཏ༔ ཙི་ཏི་ཙི་ཏི༔ ཙུ་ཏུ་ཙུ་ཏུ༔ ར་ལ་ར་ལ༔ རི་ལི་རི་ལི༔ རུ་ལུ་རུ་ལུ༔ ཙ་ལ་ཙ་ལ༔ ཙི་ལི་ཙི་ལི༔ ཙུ་ལུ་ཙུ་ལུ༔ བོ་དྷི་བོ་དྷི༔ ཨེ་ཧི་ཨེ་ཧི༔ བུ་དྷ་བུ་དྷ༔ དྷུ་ན་དྷུ་ན༔ བི་དྷུ་ན་བི་དྷུ་ན༔ མ་ཐཱ་མ་ཐཱ༔ པྲ་མ་ཐ་པྲ་མ་ཐཱ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ༔ མ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ༔ པདྨ་ཨཱ་ས་ནཱ་ཡ་སྭཱ་ཧཱ༔ ཤྭེ་ཏཱ་ཛྙཱ་ཨུ་པ་བཱི་ཏི་ཡ་སྭཱ་ཧཱ༔ ཀི་རི་ཏ་ནི་སྭཱ་ཧཱ༔ ཤཱུ་ལ་ནེ་སྭཱ་ཧཱ༔ ཙཀྲ་ནེ་སྭཱ་ཧཱ༔ བཛྲ་ནི་སྭཱ་ཧཱ༔ ཏྲི་ནེ་ཏྲེ་ཡ་པྲ་ཧཾ་རཱུ་པཱ་ཡ་སྭཱ་ཧཱ༔ ཨཱ་ཀཱ་ཤཱ་ཡ་སྭཱ་ཧཱ༔ ཤི་ནི་ཤི་ནི་སྭཱ་ཧཱ༔ པྲ་ཙ་བ་ཏ་ཡེ་སྭཱ་ཧཱ༔ ཡ་མ་ཡེ་སྭཱ་ཧཱ༔ ཡ་མ་བྷུ་ད་ཡ་སྭཱ་ཧཱ༔ ཨཎྜ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ ཛ་ར་ཡུ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ སཾ་སྭེ་ད་ཚེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ ཨ་པ་ཡུ་པ་བ་དུཿཁེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ བི་ཏི་ཀ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ༔ བཻ་དྷི་ཏ་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ༔ ྴྤ་ཥྞ་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ༔ ས་ན་ནི་བ་ཏི་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ༔ སརྦ་བུདྡྷོ་སྭཱ་ཧཱ༔ སརྦ་བྷྱ་ཏི་བྷྱཿསྭཱ་ཧཱ༔ བྷུ་མེ་ཨནྟ་རྀ་ཥི་ཙརྱེ་བྷྱོ་བྷྱཿསྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཏྲ་ཊ་ཏྲ་ཊ༔ ཏྲི་ཊྀ་ཏྲི་ཊྀ༔ ཏྲུ་ཊུ་ཏྲུ་ཊུ༔ མ་མ་རཀྵ༔ གྲ་ས་གྲ་ས༔ མ་ཐ་མ་ཐ༔ པྲ་མ་ཐ་པྲ་མ་ཐ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ན་མཿཨཱརྻཱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ པདྨ་བྷ་ཡ་སྭཱ་ཧཱ༔ མ་མ་རཀྵ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཙ་ར་ཙ་ར༔ ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ༔ ཙི་རི་ཙི་རི༔ མི་རི་མི་རི༔ ཙུ་རུ་ཙུ་རུ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ སི་རི་སི་རི༔ ཙི་རི་ཙི་རི༔ བི་རི་བི་རི༔ བི་རི་བི་རི༔ མ་ཧཱ་པདྨ་ཧཱསྟ༔ ཀ་ལ་ཀ་ལ༔ ཀི་ལི་ཀི་ལི༔ ཀུ་ལུ་ཀུ་ལུ༔ མ་ཧཱ་ཤུད་དྷ་སཏྭ༔ བུད་དྷྱ་བུད་དྷྱ༔ དྷཱ་བ་དྷཱ་བ༔ ཀ་ཎ་ཀ་ཎ༔ ཀི་ཎི་ཀི་ཎི༔ ཀུ་ཎུ་ཀུ་ཎུ༔ པ་ར་མ་ཤུད་དྷ་སཏྭ༔ ཀ་ར་ཀ་ར༔ ཀི་རི་ཀི་རི༔ ཀུ་རུ་ཀུ་རུ༔ མ་ཧཱ་སྡྱཱ་མ་པྲཱཔྟ༔ ཙ་ལ་ཙ་ལ༔ སཉྩ་ལ་སཉྩ་ལ༔ བི་ཙ་ལ་བི་ཙ་ལ༔ ཨེ་ཊ་ཊ༔ ཨེ་ཊ་ཊ༔ བྷ་ར་བྷ་ར༔ བྷི་རི་བྷི་རི༔ བྷུ་རུ་བྷུ་རུ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ༔ མ་ཧཱ་པ་ཤུ་པ་ཏི་བེ་ཤ་དྷ་ར༔ དྷ་ར་དྷ་ར༔ ས་ར་ས་ར༔ ཙ་ར་ཙ་ར༔ ཧ་ར་ཧ་ར༔ ཧ་ཧཱ་ཧ་ཧཱ༔ ཧི་ཧཱི་ཧི་ཧཱི༔ ཧུ་ཧཱུ་ཧུ་ཧཱུ༔ ཨོཾ་ཀཱ་ར་གྲཧྨ༔ བེ་ཥ་དྷ་ར༔ དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཏ་ར་ཏ་ར༔ ས་ར་ས་ར༔ པ་ར་པ་ར༔ ཙ་ར་ཙ་ར༔ རཤྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ༔ ཤ་རཱི་རཱ་ཡ༔ ཛྭ་ལ་ཛྭ་ལ༔ ཏ་པ་ཏ་པ༔ བྷ་ག་བཱན༔ སཽ་མ་ཨཱ་དི་ཏྱ༔ ཡ་མ་བ་རུ་ཎ༔ ཀུ་བེ་ར༔ བྲཧྨེནྡྲ་རྀ་ཥི་དེ་བ་ག་ཎ༔ ཨ་བྷྱརྩི་ཏ་ཙ་ར་ཎ༔ སུ་རུ་སུ་རུ༔ ཙུ་རུ་ཙུ་རུ༔ མུ་རུ་མུ་རུ༔ པུ་རུ་པུ་རུ༔ ས་ན་ད་ཀུ་མཱ་ར༔ རུ་དྲ༔ བཱ་ས་བ༔ བིཥྞཱུ་དྷ་ན་དཱ༔ དེ་བ་རྀ་ཥི་ནཱ་ཡ་ཀ༔ བ་ཧུ་བི་བི་དྷ༔ བེ་ཥ་དྷ་ར༔ དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཐ་ར་ཐ་ར༔ གྷ་ར་གྷ་ར༔ ཡ་ར་ཡ་ར༔ ལ་ར་ལ་ར༔ ཧ་ར་ཧ་ར༔ མ་ར་མ་ར༔ པ་ར་པ་ར༔ བ་ར་བ་ར༔ བ་ར་དཱ་ཡ་ཀ༔ ས་མནྟ་ཨ་བ་ལོ་ཀི་ཏ༔ བི་ལོ་ཀི་ཏ༔ ལོ་ཀེ་ཤྭ་ར་མ་ཧེ་ཤྭ་ར༔ མུ་ཧུ་མུ་ཧུ༔ མུ་རུ་མུ་རུ༔ མུ་ཡ་མུ་ཡ༔ མུཉྩ་མུཉྩ༔ མ་མ་རཀྵ་རཀྵ༔ ཀ་ཎ་ཀ་ཎ༔ ཀི་ཎི་ཀི་ཎི༔ ཀུ་ཎུ་ཀུ་ཎུ༔ ཙ་ར་ཙ་ར༔ ཨིནྡྲི་ཡ༔ བ་ལ་བོ་དྷྱཱཾ་ག༔ ཙ་ཏུ་རཱརྻ་སཏྱ་སཾ་པྲ་ཀཱ་ཤ༔ ཏ་པ་ཏ་པ༔ ད་མ་ད་མ༔ ས་མ་ས་མ༔ མ་ས་མ་ས༔ མ་ཧཱ་ཏ་མོ྅ནྡྷ་ཀཱ་ར༔ བི་དྷ་མ་ན་ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ༔ མི་ལི་མི་ལི༔ ཊ་ཊ་ཊ་ཊ༔ ཋ་ཋ་ཋ་ཋ༔ ཊི་ཊི་ཊི་ཊི༔ ཊུ་ཊུ་ཊུ་ཊུ༔ ཨེ་ནེ་ཡ་ཙརྨྨ་ཀྲིཏ་པ་རི་ཀ་ར༔ ཨེ་ཧྱེ་ཧི༔ ཨཱི་ཤྭ་ར་མ་ཧེ་ཤྭ་ར༔ མ་ཧཱ་བྷཱུ་ཏ་གྷ་ཎ་སཾ་བྷཉྩ་ཀ༔ ཀུ་རུ་ཀུ་རུ༔ བ་ར་བ་ར༔ ཀ་ར་ཀ་ར༔ ཀ་ཊ་ཀ་ཊ༔ མ་ཊ་མ་ཊ༔ བི་ཤུད་དྷ༔ བི་ཥ་ཡ༔ བཱ་སི་ན་མ་ཧཱ་ཀཱ་རུ་ཎི་ཀ༔ ཤྭེ་ཏ་ཡ་ཛྙོ་བ་བཱི་ཏ༔ རཏྣ་མུ་ཀུཊ༔ མཱ་ལཱ་དྷ་ར༔ སརྦ་ཛྙཱ་ཤི་ར༔ སི་ཀྲིཏ་མུ་ཀུཊ༔ མཱ་ལཱ་དྷ་ར༔ མ་ཧཱ་དྦྷཱུ་ཏ༔ ཀ་མ་ལཱ་ལཾ་ཀྲིཏ༔ ཀ་ར་དྷ་རཱ་ཡ༔ དྷྱ་ན་ས་མཱ་དྷི༔ བི་མོཀྵ༔ ཨ་པྲ་ཀཾ་སྱ༔ བ་ཧུ་སཏྭ་སནྟཱ་ཧི་པ་རི་བཱ་ཙ་ཀ༔ མ་ཧཱ་ཀཱ་རུ་ཎྀ་ཀ༔ སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭོ་དྷ་ཀ་སརྦ་བྱཱ་དྷི་པ་རི་མོ་ཙ་ཀ༔ སརྦ་ཨཱ་ཤྭ་པ་རི་པཱུ་ར་ཀ༔ སརྦ་སཏྭཱ་ཏྲ་མཱ་ཤྭ་ས་ན་ཀ་ར༔ ན་མཿསྟུ་ཏེ་སྭཱ་ཧཱ༔ ཨ་མོ་གྷཱ་ཡ་སྭཱ་ཧཱ༔ ཨ་མོ་གྷ་པཱ་ཤ་ཡ་སྭཱ་ཧཱ༔ ཨ་ཛི་ཏཱ་ཡ་སྭཱ་ཧཱ༔ ཨ་པ་ར་ཛི་ཏཱ་ཡ་སྭཱ་ཧཱ༔ ཨོཾ་ཛ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་སྭཱ་ཧཱ༔ ཨ་པྲ་ཏི་ཧ་ཏ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ནཱ་མོ་རཏྣ་ཏྲ་ཡཱ་ཡ༔ མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡཿམ་ཧཱ་སཏྭཱ་ཡཿམ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་བནྡྷ་ན་ཙྪེ་ད་ན་ཀ་རཱ་ཡ༔ སརྦ་པཱ་པ་ས་མུ་དྲོཙྪོ་ཥ་ཎ་ཀ་རཱ་ཡ༔ སརྦ་བྱཱ་དྷི་པྲ་ཤ་མ་ན་ཀ་རཱ་ཡ༔ སརྦ་ཨི་ཏྱུ་པ་དྲ་བ་བྱི་ནཱ་ཤོ་ན་ཀ་རཱ་ཡ༔ སརྦ་བྷ་ཡེ་ཥུ་ཏཱ་ར་ན་ཀ་རཱ་ཡ༔ ཏ་སྱ་ན་མ་སྐྲྀཏྭཱ༔ ཨི་དཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར༔ ཏ་བ་ནཱི་ལ་ཀཎྛ་ན་མ་པ་ར་མ་ཧྲྀ་ད་ཡ་མཱ་བརྟ་ཡི་ཥྱཱ་མི༔ སརྦ་ཨརྠ་སཱ་དྷ་ན༔ ཤུ་བྷ་ཙེ་ཏ་ནཾ༔ སརྦ་བྷུ་ཏཱ་ནཱཾ་པཱ་པ་མཱརྒ་བི་ཤོ་དྷ་ཀཾ༔ ཏདྱ་ཐཱ༔ ཨཱ་ལོ་ཀེ༔ ལོ་ཀ་མ་ཏི༔ ལོ་ཀཱ་ཏི་ཀྲཱནྟ༔ ཨེ་ཧྱེ་ཧི་མ་ཧཱ་བོ་དྷི་སཏྭ༔ ཧེ་བོ་དྷི་སཏྭ༔ ཧེ་མ་ཧཱ་བོ་དྷི་སཏྭ༔ ཧེ་ཏྲི་ཡ་བོ་དྷི་སཏྭ༔ ཧེ་མ་ཧཱ་ཀཱ་རུ་ཎི་ཀ༔ སྨ་ར་ཧྲྀ་ད་ཡཾ༔ ཨེ་ཧྱེ་ཧི༔ ཨཱརྻཱ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ པ་ར་མི་མེ་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ༔ ཀུ་རུ་ཀུ་རུ་ཀརྨ༔ སཱ་དྷེ་ཡ་སཱ་དྷ་ཡ་བི་དྱཱན༔ དེ་ཧི་དེ་ཧི༔ མེ་ཨ་རཾ་ག་མཾ་ག་མི་བི་ཧཾ་ག་མ༔ སིདྡྷི་ཡོ་གཱི་ཤྭ་ར༔ དུ་ཧུ་དུ་ཧུ་མ་ཧཱ་བཱིརྱནྟེ༔ དྷ་ར་དྷཱ་རེནྡྲེ་ཤྭ་ར་ཛྭ་ལ་ཛྭ་ལ་བི་མ་པ་མཱུརྟེ༔ ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར༔ ཀྲྀཥྞཱ་ཛི་ན་ཛ་ཊཱ་མུ་ཀུཊ༔ ཨ་ལཾ་ཀྲྀཏ༔ ཤྭ་རི་ར་ལམྦ་པྲ་ལམྦ་བི་ལམྦ༔ མ་ཧཱ་སིད་དྷ་བིདྱཱ་དྷ་ར༔ བ་ལ་བ་ལ༔ མ་ཧཱ་བ་ལ༔ མ་ལ་མ་ལ་མ་ཧཱ་མ་ལ༔ ཛྭ་ལ་ཛྭ་ལ་མ་ཧཱ་ཛྭ་ལ༔ ཀྲྀཥྞ་པཀྵ༔ ཀྲྀཥྞ་བརྞ༔ ཀྲྀཥྞ་པཱ་ཤཿ ནིརྒྷ་ཏ་ན༔ ཧེ་པདྨ་ཧསྟ༔ ཛ་ཡ་ཀ་ར༔ ནི་ཤཱ་ཙ་རེ་ཤྭ་ར༔ ཀྲྀཥྞ་སརྦ་ཀྲིཏ་ཡ་ཛྙོ་པ་བཱི་ཏ༔ ཨེ་ཧྱེ་ཧི་མ་ཧཱ་བི་ར༔ མ་ཧཱ་བ་ར་མ་ཧཱ་བཱ་ར་ཧ་མུ་ཁ༔ ཏྲི་པུ་ར་ད་ཧ་ནེ་ཤྭ་ར༔ ནཱ་རཱ་ཡཎ་རཱུ་པ༔ བ་ལ་བེ་ག་དྷཱ་རི༔ ཧེ་ནཱི་ལ་ཀཎྛ༔ ཨེ་ཧྱེ་ཧི༔ མ་ཧཱ་ཧ་ལ་ཧ་ལ༔ བི་ཥ་ནིརྫ་ཏ་ལོ་ཀ་སྱ་རཱ་ག་བི་ཥ་ནཱ་ཤ་ན༔ དྭེ་ཥ་བི་ཥ་བི་ནཱ་ཤ་ན༔ མོ་ཧ་བི་ཥ་བི་ནཱ་ཤ་ན༔ ན་ར་མོཀྵ་ཎ་ཧུ་ལུ་ཧུ་ལུ༔ མུཉྩ་མུཉྩ༔ མུ་ཧུ་མུ་ཧུ༔ ཧ་ལཱ་ཧ་ར༔ མ་ཧཱ་པདྨ་ནཱ་བྷི༔ ར་ས་ར་ས༔ སི་རི་སི་རི༔ སུ་རུ་སུ་རུ༔ བུ་དྷྱ་བུ་དྷྱ༔ བོ་དྷ་ཡ་བོ་དྷ་ཡ༔ བོ་དྷ་ཡཱ་མི༔ ཏ་བ་ནཱི་ལ་ཀཎྛ༔ ཨེ་ཧྱེ་ཧི༔ བ་ལ་སྡྱི་ཏ༔ མ་ཧཱ་སིང་ཧ་མུ་ཁ༔ ཧ་ས་ཧ་ས༔ མུཉྩ་མུཉྩ༔ མ་ཧཱ་ཊྚ་ཊྚ་ནིརྞཱ་དེ་ན༔ ཨེ་ཧྱེ་ཧི་བྷོ་བྷོ་མ་ཧཱ་སིད་དྷ་ཡོ་གཱི་ཤྭ་ར༔ བནྡྷ་བནྡྷ༔ བཱ་ཙ་ན་སཱ་དྷ་ཡ༔ སཱ་དྷ་ཡ༔ བིདྱཱན༔ སྨ་ར་སྨ་ར་སཏྭཾ༔ ཧེ་བྷ་ག་བཱན༔ ལོ་ཀི་བི་ལོ་ཀི་སཏྭཾ༔ ཏ་ཐཱ་ག་ཏ༔ དེ་ཧི་དེ་ཧི་མེ་དར་ཤ་ནཾ༔ ཀཱ་མ་སྱ་དར་ཤ་ནཾ༔ པྲ་སཱ་དྷ་ཡ་མ་སྭཱ་ཧཱ༔ སིད་དྷཱ་ཡ་སྭཱ་ཧཱ༔ མ་ཧཱ་སིད་དྷཱ་ཡ་སྭཱ་ཧཱ༔ སིད་དྷ་ཡོ་གཱི་ཤྭ་ར་ཡ་སྭཱ་ཧཱ༔ ནཱི་ལ་ཀཎྜཱ་ཡ་སྭཱ་ཧཱ༔ བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ མ་ཧཱ་ན་ར་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ བཛྲ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་བཛྲ་ཧསྟཱ་ཡ་སྭཱ་ཧཱ༔ སིད་དྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ༔ པདྨ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ༔ ཀྲྀཥྞ་སརྦ་ཀྲྀཏ་ཡ་ཛྙོ་པ་པཱི་ཏ་ཡ་སྭཱ་ཧཱ༔ མ་ཧཱ་མཱ་ལ་མ་ཀུཊ་དྷ་རཱ་ཡ་སྭཱ་ཧཱ༔ ཙཀྲཱ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ༔ ཤངྑ་ཤབྡ་ནིརྣཱཀ་རཱ་ཡ་སྭཱ་ཧཱ༔ བོ་དྷ་ན་ཀ་རཱ་ཡ་སྭཱ་ཧཱ༔ བ་མ་སྡྱི་ཏ་སྐནྡྷ་དེ་ཤ་ཀྲྀཥྞཱ་ཛི་ནཱ་ཡ་སྭཱ་ཧཱ༔ བཱ་མ་ཧསྟ་བྱཱ་གྷྲཱ་ཙརྨ་ནི་བཱ་ས་ནཱ་ཡ་སྭཱ་ཧཱ༔ ལོ་ཀེ་ཤྭ་ར་ཡ་སྭཱ་ཧཱ༔ སརྦ་སིཾ་ཧེ་ཤྭ་ར་ཡ་སྭཱ་ཧཱ༔ རཀྵ་རཀྵ་མཱཾ་སྭཱ་ཧཱ༔ ན་མོ་བྷ་ག་ཏེ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ་བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སིད་དྷྱན་ཏུ་མེ༔ མནྟྲ་པ་དཱི་ནི་སྭཱ་ཧཱ༔ ཨོཾ་ཧྲཱི་ཏྲཻ་ལོཀྱ་བི་ཛ་ཡ༔ ཨ་མོ་གྷ་པཱ་ཤ༔ ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་བན་དྷ་ན༔ ཙྪེ་ད་ན་ཀཱ་རཱ་ཡ༔ སརྦ་པཱ་པ་ས་མུ་དྲོཙྪ་ཥ་ཎ་ཀ་རཱ་ཡ༔ སརྦ་བྱཱ་དྷི་པྲ་ཤ་མ་ན་ཀཱ་རཱ་ཡ༔ སརྦ་ཨི་ཏྱུ་བ་དྲ་བ༔ བི་ནཱ་ཤ་ན་ཀ་རཱ་ཡ༔ སརྦ་བྷ་ཡེ་ཥུ་ཏཱ་ར་ཎ་ཀ་རཱ་ཡ༔ ཏ་སྱ་ན་མསྐྲྀཏྭཱ༔ ཨི་དཾ་ཨཱརྻཱབ་ལོ་ཀི་ཏེ་ཤྭ་ར་ཡ༔ ཏ་བ་ནཱི་ལ་ཀྠནྠ༔ ན་མ་པ་ར་མ་ཧྲི་ད་ཡཾ༔ ཨཱ་པརྟ་ཡི་ཥྱ་མི༔ སརྦ་ཨརྠ་སཱ་དྷ་ན་ན༔ ཤུ་བྷ་ཙེ་ཏ་ནཾ༔ ཡ་ན༔ སརྦ་བྷཱུ་ཏཱ་ནཾ༔ པཱ་པ་མརྒ་བི་ཤོ་དྷ་ཀཾ༔ ཏདྱ་ཐཱ༔ ཨཱ་ལོ་ཀེ༔ ཨཱ་ལོ་ཀེ༔ ཨཱ་ལོ་ཀ༔ ཨཱ་དྷི་པ་ཏི༔ ལོ་ཀཱ་ཏི་ཀྲཱན་ཏེ༔ ཨེ་ཧྱེ་ཧི་མ་ཧཱ་བྷོདྡྷི་སཏྭཱ༔ ཧེ་བོ་དྷི་སཏྭ༔ ཧེ་མ་ཧཱ་བྷོ་དྷི་སཏྭ༔ ཧེ་མ་ཧཱ་ཀཱ་རུ་ཎི་ཀ༔ མ་ཧཱ་སྨ་ར་ཧྲྀ་ད་ཡཾ་ཨེ་ཧྱེ་ཧི་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བ་ར་མ་མཻ་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ༔ ཀུ་རུ་ཀུ་རུ༔ ཀརྨ་སྭཱ་དྷ་ཡ༔ སཱ་དྷ་ཡ༔ བི་དྱཱན༔ དེ་ཧི་དེ་ཧི་མེ༔ རཾ་ག་མཾ་ག་མ༔ བི་ཧཾ་ག་མ༔ སིདྡྷི་ཡོ་གཱི་ཤྭ་ར༔ དྷུ་རུ་དྷུ་རུ་བཱིདྱཱན་ཏི༔ གཱ་ནཱ་བཱིརྱན་ཏེ༔ དྷ་ར་དྷ་ར༔ དྷ་རེནྡྲེ་ཤྭ་ར༔ ཙ་ལ་ཙ་ལ༔ བི་མ་ལ་མཱུརྟེ༔ ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར༔ ཀྲྀཥྞ་ཛི་ན༔ ཛ་ཊཱ་མུ་ཀུཊཱ༔ ཨ་ལི་ཀྲྀཏ༔ ཤ་རཱི་ར་ལམྦ༔ པྲ་ལམྲ་མྦ་བི་ལམྦ་བི་ལམྦ༔ མ་ཧཱ་སིད་དྷ་བིདྱཱ་དྷ་ར༔ བ་ལ་མ་ཧཱ་བ་ལ༔ མ་ལ་མ་ལ་མ་ཧཱ་མ་ལ༔ ཙ་ལ་ཙ་ལ་མ་ཧཱ་ཙ་ལ༔ ཀྲྀཥྞ་བརྞ༔ ཀྲྀཥྞ་པཀྵ་ཀྲིཥྞ་པ་ཤ་ནིརྒྷཱ་ཏ་ན༔ ཧེ་པདྨ་ཧཱསྟ༔ ཙ་ར་ཙ་ར་ནིཤྩ་རི་ཤྭ་རོ་ཀྲྀཥྞ་སརྦ་ཀྲྀ་ཏ་ཡ་ཛྙཱོ་པ་བི་ཏ༔ ཨེ་ཧྱེ་ཧཱི་མ་ཧཱ་བི་ར༔ མ་ཧཱ་བཱ་རཱ་མ་ཧཱ་པ་རི་པུ་ར་ད་ཧ་ནེ་ཤྲ་ར༔ ནཱ་རཱ་ཡཎ༔ རཱུ་པ་པ་ལ་བེ་ག་དྷ་རི༔ ཧེ་ནཱི་ལ་ཀཎྛ༔ ཨེ་ཧྱེ་ཧི་མ་ཧཱ་ཧ་ལ་ཧ་ལ༔ བི་ཥ་ནིརྫ་ཏ༔ ལོ་ཀ་སྱ་རཱ་ག་བི་ཥ་བི་ནཱ་ཤ་ན༔ དྭེ་ཥ་བི་ཥ་བི་ནཱ་ཤ་ན༔ མོ་ཧ་བི་ཥ་བི་ནཱ་ཤ་ན༔ ནི་ར་མོཀྵ་ན་ཧུ་ལུ་ཧུ་ལུ༔ མ་ཧཱ་ཧུ་ལུ་ཧ་རེ༔ མ་ཧཱ་པདྨ་ནཱ་བྷི༔ ས་ར་ས་ར༔ སི་རི་སི་རི༔ སུ་རུ་སུ་རུ༔ བུདྡྷ་བུདྡྷ༔ བོ་དྷ་ཡ་བོ་དྷ་ཡ༔ བོ་དྷ་ཡཱ་མི་ཏ་བ་ནཱི་ལ་ཀཎྛ༔ ཨེ་ཧྱེ་ཧི༔ བཱ་མ་སྡྱི་ཏ་མ་ཧཱ་སིཾ་ཧ་མུ་ཁ༔ ཧ་ས་ཧ་ས༔ མུཉྩ་མུཉྩ༔ མ་ཧཱ་ཊྚ་ཊྚ་ནིརྞཱ་དེ་ན༔ ཨེ་ཧྱ་ཧཱི་མ་ཧཱ་སིདྡྷི༔ ཡོ་གཱི་ཤྭ་ར༔ དྷ་ཎ་དྷ་ཎ༔ བ་ཙ་ན༔ སཱ་དྷ་ཡ་སཱ་དྷ་ཡ༔ བིདྡྷ༔ སྨ་ར་སྨ་ར་ཏྭམྦྷ་ག་བི་ཏ་ན༔ ལོ་ཀཱ་ནུ་བི་ལོ་ཀི་ཏ་ན༔ ཏ་ཐཱ་ག་ཏ་ན༔ དེ་ཧི་དེ་ཧི་མི་དིརྴ་ན་ཀཱ་མོ་སྱ༔ དརྴ་ནཾ༔ པྲ་སཱ་དྷ་ཡ་མེ་སྭཱ་ཧཱ༔ སིདྡྷི་ཡ་སྭཱ་ཧཱ༔ མ་ཧཱ་སིདྡྷཱ་ཡ་སྭཱ་ཧཱ༔ སིདྡྷཱ་ཡ་གཱི་ཤྭ་ར་ཡ་སྭཱ་ཧཱ༔ ནཱི་ལ་ཀཎྛཱ་ཡ་སྭཱ་ཧཱ༔ བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ མ་ཧཱ་ན་རཱ་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ བཛྲ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་བཛྲ་ཧཱསྟཱ་ཡ་སྭཱ་ཧཱ༔ སིདྡྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ༔ མ་ཧཱ་སིདྡྷི་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ༔ པདྨ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ༔ ཀྲྀཥྞ་སརྦ་ཀྲྀཏ་ཡ་ཛྙོ་དྷ་ར་བི་ཏཱ་ཡ་སྭཱ་ཧཱ༔ མ་ཧཱ་མཱ་ལ་མུ་ཀུཊ་དྷ་རཱ་ཡ་སྭཱ་ཧཱ༔ ཙཀྲཱ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ༔ ཤངྑ་ཤབྡ་ནིརྞཱ་བྲ་ན་ཀ་རཱ་ཡ་སྭཱ་ཧཱ༔ བོ་དྷ་ན་ཀ་རཱ་ཡ་སྭཱ་ཧཱ༔ བ་མ་སྡྱཱི་ཏ་སྐནྡྷ་དེ་ཤ་ཀྲྀཥྞཱ་ཛི་ནཱ་ཡ་སྭཱ་ཧཱ༔ བྱཱ་གྷྲ་ཙརྨ་ཎི་བ་ས་ནཱ་ཡ་སྭཱ་ཧཱ༔ ལོ་ཀེ་ཤྭ་ར་ཡ་སྭཱ་ཧཱ༔ མ་ཧཱ་ཡོ་གི་ནཱི་ཤྭ་ར་ཡ་སྭཱ་ཧཱ༔ སརྦ་སིདྡྷི་ཤྭ་ར་ཡ་སྭཱ་ཧཱ༔ རཀྵ་རཀྵ་མཾ་སྭཱ་ཧཱ༔ ཀུ་རུ་རཀྵ་མཱུརྟཱི་ནི་སྭཱ་ཧཱ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བྷོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ སིད་དྷཱནྟུ་མེ་མནྟྲ་པ་དཻ་ནི་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཛ་ཡེ་ཛ་ཡེ༔ མ་ཧཱ་ཛ་ཡེ༔ ཛ་ཡཱ་བ་ཧཱི་ནི༔ ཛ་ཡོ་ད་ཏ་རི༔ ཀ་ལ་ཀ་ལ༔ མ་ལ་མ་ལ༔ ཙ་ལ་ཙ་ལ༔ ཀྵི་ན་ཀྵི་ན་སརྦ་ཀརྨ་ཨཱ་བ་ར་ཎ༔ ནི་མེ་སརྦ་ཨཱ་ཛྙཱ་ཛྙཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ན་མོ་བྷ་ག་བ་ཏི་ས་ཧ་སྲ་བརྟེ༔ སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ་ཙཀྵུ༔ ཤྲོ་ཏྲ་གྷྲ་ཎ་ཛྲི་ཧྭཱ་གྷཱ་ཡ་མ་ནོ་བི་ཛྙཱ་ན་བི་ཤྭ་དྷ་ནི་སྭཱ་ཧཱ༔ མུ་རུ་མུ་རུ༔ སུ་རུ་སུ་རུ༔ ཕུ་རཱ་ཕུ་རཱ༔ པྲ་ཕུ་རཱ་པྲ་ཕུ་རཱ༔ སརྦ་བུད་དྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ༔ ཨ་བྷཱ་བ་སྭཱ་ཧཱ༔ སརྦ་དྷརྨ་ཨ་བ་བོ་དྷ་ནི་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨ་མྲྀཏེ་ཨ་ཤྭ་ཏེ༔ ཨ་ཤ་ཏང་ག༔ མ་མ༔ མ་ར་མ་ར༔ ན་མ་པྲ་ཤ་མ༔ ཨུ་བ་ཤ་མ༔ རུ་ནུ་བི་རུ་ནུ༔ རུ་ལེ་རུ་མུ་ལ་སྭཱ་ཧཱ༔ ན་མ་ཤ་བ་ར་ནཱ་ནཱ་ན༔ ཨོ་པི་ཤ་ཙ་པརྞ་ཤ་བ་རི༔ པི་ཤ་ཙི་སྭཱ་ཧཱ༔ ཨོཾ་པརྞ་ཤ་བ་རི་ཧཱུྃ་ཕཊ༔ ཨོཾ་ཨཾ་གུ་རེ་མཾ་གུ་རེ༔ པརྞ་ཤ་བ་རི་ཡེ་སྭཱ་ཧཱ༔ ཨོཾ་པི་ཤ་ཙི་པ་པརྞ་ཤ་པ་རི་སརྦ་མ་ར༔ པྲ་ཤ་མ་ནི༔ སརྦ་དུ་ཏ་ནི་བྷནྡྷ་མུ་ཁ་ཧཱུྃ༔ ན་མོ་རཏྣ་ཏྲ་ཡཱ་ཡཿ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ སརྦ་སཏྭ་བྱཱ་པ་ན་ག་ཏི་ནེ༔ ན་མཿསརྦ་སཏྭ་བྱཱ་པ་ན༔ ཨ་པ་ཧ་རི་ཎི༔ ན་མཿསརྦ་སཏྭཱ་ཡོཏྟ་ར་ཎཱ་ཡ༔ ན་མཿསརྦ་དྷེ་བ༔ པྲ་ཤ་མ་ཎ་ཀ་རཱ་ཡ༔ ན་མཿསརྦ་སཏྭ་བོ་དྷི༔ ཙི་ཀིཏྶ་ན་ཀ་རཱ་ཡ༔ ན་མཿསརྦ་བྷནྡྷ་ན༔ ཙྪེ་ད་ན་ཀ་རཱ་ཡ༔ ན་མཿསརྦ་དུཿཁ་པྲ་མོཀྵ་ཎ་ཀ་རཱ་ཡ༔ ན་མཿསརྦ་ཨནྡྷ་ཀ་ར་བོ་དྷི་མ་ན་ཀ་རཱ་ཡ༔ ན་མཿསརྦ་བིདྱཱ་རཱ་ཛ་བ་ཤ་པྲ་བ་ཏ་ཡེ༔ མ་ཧཱ་ཡོ་ག་ཡོ་གཱི་ཤྭ་ར་ཡ༔ ཏ་སྱ་ན་མ་སྐྲྀཏྭཱ༔ ཨི་དཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར༔ མུ་ཁོ་ད་གིརྣ༔ རི་ཤི་བིདྱཱ་དྷ་ར༔ དྷེ་བ་ནཱ་ག༔ ཡཀྴ་རཀྴ༔ ཤཀྱ་པྲ་མ༔ ལོ་ཀ་པ་ལ༔ བི་ཥ་མ་ཧེ་ཤྭ་ར༔ ན་ར་ཡན༔ གནྡྷ་ཀུ་བེ་ར༔ ཨ་སུ་རེནྡྲ༔ མ་གྷྲི་གྷ་ན༔ ན་མ་སྐྲྀཏ་ན༔ བཛྲ་ཁུ་ར་ས་ཧི་ཡན༔ ཧ་ཡ་གྲཱི་བ་ན་མ༔ བ་ར་མ་ཧྲཱིཿཡ༔ མ་བརྟ་ཡི་ནྱཱ་མི༔ ཨ་བ་པྲ་མ་ཡ༔ ཏ་པ་དྷ་ཀ་ན༔ ཨ་བ་ཧ་ན༔ སརྦ་བྷཱུ་ཏ་ན༔ སརྦ་བིགྷྣཱན༔ བི་ན་ཡ་ཀཿ ཨ་མོ་གྷ་སརྦ་ཀརྨཱ་ཎཱཾ༔ བི་ཤྭོ་ན་མ་ཙ༔ པ་ནི་ཡ་ཀ་ན༔ ཏདྱ་ཐཱ༔ ཨོཾ་ཏ་རུ་ལ༔ བི་ཏ་རུ་ལ༔ སརྦ་བྷི་ཤ་ག་ཏ་ཀ༔ སརྦ་བྷཱུ་ཏ་བི་ཏྲ་བ་ཛྭ་ལི་ཏ༔ ཨ་ན་མ༔ བིསྤུ་ལི་ཀ༔ ཨ་ཏ་ཧ་ས༔ ཀེ་པོ་ར༔ ཨ་ཏོ་བ་པྲ་བི་ཏ་ཀ་ཡཾ༔ བཛྲ་ཁུ་ར་ནི་ས་ག་ཏི་ཏ༔ ཙ་ལི་ཏ་བ་སུ་དཏྟ་ལ༔ བཛྲོད་ཤྭ་ས་ཏི༔ ཧི་སི་ཏ་མ་རུ༔ ཏོ་ཤྲི་ཏི༔ པྲ་ཤ་མ་ན་ཀ་ར༔ སརྦ་དུཥྚ་བི་དྷ་ག་ན༔ སཾ་བྷཀྵ་ཎ་ཀ་ར༔ སརྦ་བི་ད་དྷ་ས་ཏ༔ ཤ་ཀ་ར༔ པ་ར་མ་ཤཱནྟི་ཀ་ར༔ བུདྡྷ་བུདྡྷ༔ བོ་དྷ་ཡ་མི༔ ཏེ་བྷ་ག་བཱན་ཧ་ཡ་གྲཱི་བ༔ སརྦ་དྷིཏྟ་ཧྲཱི་ཡ་མ་བརྟ་ཡི་ཥྱཱ་མི༔ ཁ་ད་ཁ་ད༔ མ་ཧཱ་རུ་དྲ༔ མནྟྲ༔ མ་མ་རཀྵ་རཀྵ༔ ཨ་ད་མ་སྭ་ཧི་ཏྲན༔ མནྟྲ༔ སིད་དྷ་སིད་དྷ༔ སརྦ་ཀརྨེ་ཥུ་ཥྱ་མ༔ སིད་དྷེ༔ དེ་ཧི་དེ་ཧི༔ ཨ་བི་ཤ་ཨ་བི་ཤ༔ པྲ་བི་ཤ་པྲ་བི་ཤ༔ སརྦ་གྲ་ཧེ་པཱུ༔ དྷུ་ན་དྷུ་ན༔ བི་དྷུ་ན་བི་དྷུ་ན༔ མ་ཐ་མ་ཐ༔ པྲ་མ་ཐ་པྲ་མ་ཐ༔ སརྦ་བ་རོ་པྲ་ཀྲ་མ༔ ཀྲི་ཏ་ཀ་ཁོརྡི༔ དུར་མི་ཏེ་མུ་ཤི་ཀི་བ་ཤ༔ གརྦྷ་ཤ༔ དཾ་ཥྚཱ་བི་ཤ་ཙུརྞ་ཡོ་ཨ་བི་ཙ་ར༔ བི་ཤི་ཀ་ར་ཎ༔ སིད་དྷ་ཨཉྫ་ན༔ ཙཀྵུ་མོ་ཧ་ནི༔ སཏ་ཏ༔ བིྑླ་པ་ན་ཀ་ར་བིདྱཱ༔ ཨ་པ་ར་པྲཀྵེ་ན༔ ཏྲ་ས་ཡ་ཏྲ་ས་ཡ༔ མ་ཧཱ་བོ་དྷི་སཏྭ༔ དྲྀ་དྷ་དིཥྚ་ཎེ་ན༔ སརྦ་བྷ་ཡེ་བྷྱེཿ ས་ཏ་ཏ་ན༔ རཀྵ་རཀྵ༔ མ་མ་བུདྡྷ༔ དྷརྨ༔ སཾ་གྷ༔ ཨ་ནུ་ཛྙཱ་ཏ༔ མ་མ་ཀརྨ་ཤྲཱི་གྷྲཾ༔ ཀུ་རུ་ཀུ་རུ་ཕཊ༔ ཧ་ཡ་གྲཱི་བ་ཕཊ༔ བཛྲ་ཁུ་ར་ཡ་ཕཊ༔ བཛྲ་དཾ་ཥྚེ་ྞླ་ཏ་བྷ་ཡ་བྷི་ར་བཱ་ཡ་ཕཊ༔ པ་ར་མནྟྲ་ན༔ ན་ཤ་ཀ་རཱ་ཡ་ཕཊ༔ པ་ར་དུཥྚ་བིགྷྣཱན་བཾ་བག་ཤ་ཡ་ན་ཀ་རཱ་ཡ་ཕཊ༔ སརྦ་གྲ་ཧོ་པ་ད་ན་ཀ་རཱ་ཡ་ཕཊ༔ སརྦ་གྲ་ཧེ་ཥུ༔ ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ༔ བ་དེ་བ་མུ་ཁཱ་ཡ་ཕཊ༔ ཡོ་གེ་ཙི་ཏ༔ མ་མ་ཨ་ཛི་ཏེཥྛི་ཏ༔ ཀཱ་ཡ་ཀྲི་མི་ཏ་ནི༔ མནྟྲ་མནྟྲི༔ མ་མནྟི༔ ཀ་ཁོརྡི་ཀུརྦནྟི༔ ཏ་ན་སརྦ་ན་པད་མུ་ཁེ་ན༔ བ་ཀྲིཏ་ཡ་ཕཊ༔ ན་མཿསརྦ་སཏ་ཏ་ནན༔ ན་མཿསརྦ་དུཥྚ་ཀྲོ་དྷོཏྶ་ད་ན་ཡ༔ ཧ་ཡ་གྲཱི་བཱ་ཡ༔ སིདྡྷནྟུ་མནྟྲ་པ་ད་ཕཊ་སྭཱ་ཧཱ༔ ཨོཾ་ཨ་མྲྀཏེརྦྷ་བཱ་ཡ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་ན་མོ་ཧ་ཡ་གྲཱི་གཱ་ཡ་སྭཱ་ཧཱ༔ ཨོཾ་ན་མོ་བྷཾ་ཤ་མུརྟ་ཡེ་སྭཱ་ཧཱ༔ ན་མཿསརྦ་སཏྭཱ་ནཱཾ༔ སིདྡྷནྟུ་མནྟྲ་པཱ་དཱ་ཡ་སྭཱ་ཧཱ༔ ཧ་ཡ་གྲཱི་བ་མ་མ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཛ་ཏ་ཛ་ཏ༔ ཛི་ཏི་ཛི་ཏི༔ ཛུ་ཏུ་ཛུ་ཏུ༔ ཏ་ར་ཏ་ར༔ ཏི་རི་ཏི་རི༔ ཏུ་རུ་ཏུ་རུ༔ ཀ་ལ་ཀ་ལ༔ ཀི་ལི་ཀི་ལི༔ ཀུ་ལུ་ཀུ་ལུ༔ ཙ་ཏ་ཙ་ཏ༔ ཙི་ཏི་ཙི་ཏི༔ ཙུ་ཏུ་ཙུ་ཏུ༔ ར་ལ་ར་ལ༔ རི་ལི་རི་ལི༔ རུ་ལུ་རུ་ལུ༔ ཙ་ལ་ཙ་ལ༔ ཙི་ལི་ཙི་ལི༔ ཙུ་ལུ་ཙུ་ལུ༔ བོ་དྷི་བོ་དྷི༔ ཨེ་ཧི་ཨེ་ཧི༔ བུདྡྷ་བུདྡྷ༔ དྷརྨ་དྷརྨ༔ སཾ་གྷ་སཾ་གྷ༔ བི་དྷུ་ན་བི་དྷུ་ན༔ མ་ཐཱ་མ་ཐཱ༔ པྲ་མ་ཐ་པྲ་མ་ཐ༔ དྷུ་ན་དྷུ་ན༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ༔ མ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ༔ པདྨ་ཨ་པ་ནཱ་ཡ་སྭཱ་ཧཱ༔ ཤྭེ་ཏེ་ཛྙཱོ་པ་བཱི་ཏི་ཡ་སྭཱ་ཧཱ༔ ཀི་རི་ཏ་ནི་སྭཱ་ཧཱ༔ ཤཱུ་ལ་ནེ་སྭཱ་ཧཱ༔ ཙཀྲ་ནེ་སྭཱ་ཧཱ༔ བཛྲ་ནེ་སྭཱ་ཧཱ༔ ཏྲེ་ནེ་ཏྲེ་ནེ་ཡ་སྭཱ་ཧཱ༔ པྲ་ཧཾ་རཱུ་པཱ་ཡ་སྭཱ་ཧཱ༔ ཨཱ་ཀཱ་ཤཱ་ཡ་སྭཱ་ཧཱ༔ ཤི་ནི་ཤི་ནི་སྭཱ་ཧཱ༔ པྲ་ཛ་བ་ཏ་ཡེ་སྭཱ་ཧཱ༔ ཡ་མ་ཡེ་སྭཱ་ཧཱ༔ ཡ་མ་བྷུ་ད་ཡ་སྭཱ་ཧཱ༔ ཨཎྜ་ཛེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ ཛ་ར་ཡུ་ཛེ་བྷྱོ་བྷྱ་ཏེ་བྷྱཿསྭཱ་ཧཱ༔ སཾ་སྭ་དེ་ཚེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ ཨ་བ་ཡུ་པ་པ་དུ་ཁེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ བི་ཏི་ཀ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ ྴྤ་ཥྞ་ཀེ་བྷྱོ་བྷུ་ཏེ་བྷྱཿསྭཱ་ཧཱ༔ ས་ན་ནི་བ་ཏི་ཀེ་བྷྱོ་བྷྱ་དྷྱི་བྷྱཿསྭཱ་ཧཱ༔ སརྦ་སུ་ཏི་བྷྱཿསྭཱ་ཧཱ༔ སརྦ་བྱ་ཏི་བྷྱཿསྭཱ་ཧཱ༔ བྷུ་མི་ཨནྟ་རྀ་ཥི་ཙརྱེ་བྷྱོ་བྷྱཿསྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཏྲ་ཐ་ཏྲ་ཐ༔ ཏྲི་ཐི་ཏྲི་ཐི༔ ཏྲུ་ཐུ་ཏྲུ་ཐུ༔ མ་མ་རཀྵ་རཀྵ༔ གྲ་ས་གྲ་ས༔ མ་ཐ་མ་ཐ༔ པྲ་མ་ཐ་པྲ་མ་ཐ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཤྭ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མོ་སངྒྷཱ་ཡ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ ཤ་ར་ཏ་ཏེ༔ ཏུ་སུ་ཏེ་ཨཱ་ཛྙཱ་བ་ཏེ༔ ཨ་ཏུ་ཏེ༔ ཤཾ་ཁི་ཏེ༔ བ་ར་མ་ཏ་ནྱ་ཏེ༔ ཨ་ཏུ་ཏེ༔ ཀུ་ལི་ཏ་ཏེ༔ ཁི་མ་ཏེ་སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨ་དེ་ཨ་བྷ་ཏེ༔ བ་ར་བ་ཏེ་ཨེ་ཧྱེ་ཧི་སྭཱ་ཧཱ༔ ཏདྱ་ཐཱ༔ སརྦ་དྷ་ར་ཎི༔ མཎྜ་ལཱ་ཡ༔ ཨེ་ཧྱེཾ་ཧི༔ པ་ར་མ་ཤུདྡྷ་སཏྭཱ་ཡ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་བཱ་སརྦ་ཙ་ག་ར་ཡ་ད་ར་ནནྡྲི་ཡ་སྭཱ་ཧཱ༔ ན་མཿཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ ཏདྱ་ཐཱ༔ སརྦ་དུ་ཏ་ཨོཾ་ཧ་ཡ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་དེ་བ་ནཱ་ག་ཨ་ན་ལེ་སྭཱ་ཧཱ༔ ཨོཾ་མ་ཧཱ་པྲ་མ་ཡེ་ཨེ་ཧྱེ་ཧི་སྭཱ་ཧཱ༔ ཨོཾ་སརྦ་བུདྡྷེ་ས་མ་ཡ་ཧ་ཧི་པ་ར་མ་ཤུདྡྷ་སཏྭ་སྭཱ་ཧཱ༔ ན་མོ་རཏྣ་ར་མི་ཙནྡྲ༔ ཨ་ལཾ་ཀརྨ་ར་ག་ཏེ་ཛ་མུ་ནྱ་ཙཀྵུ་བི་ཤྭ་ཡ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཏདྱ་ཐཱ༔ རཏྣ་རཏྣ༔ ཏ་ཐ་ཤ་རཏྣེཿརཏྣ་པྲ་ཏི་མ་ཏི༔ རཏྣ་པྲ་བྷཱ་རཏྣ་ག་ཏེ་སྭཱ་ཧཱ༔ ན་མོ་བུདྡྷ་དྷརྨ་སཾ་གྷཱ་ཡ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡཿ བོ་དྷི་སཏྭཱ་ཡ༔ ན་མོ་བཛྲ་པཱ་ཎ་ཡེ༔ བོ་དྷི་སཏྭ་སྱ༔ ཏདྱ་ཐཱ༔ དུ་སི་དུ་སི་ཀཱ་ཡ༔ དུ་སི་པྲ་ཤ་མ་ཎི་སྭཱ་ཧཱ༔ བི་མ་ལེ་མ་ཧཱ་བི་མ་ལེ༔ ཨོཾ་ཧ་རེ་མ་ཧཱ༔ ཨོཾ་ཧ་རེ་ཧུ་ལ་རེ༔ མ་ཧཱ་ཧུ་མ་རེ་སྭཱ་ཧཱ༔ ཨོཾ་ཀུ་ཏེ་ཀུ་ཏེ་ཀུ་ན་སྟེ༔ ཙི་ལེ་ཙེ་ལ་ལེ་སྭཱ་ཧཱ༔ ན་མོ་རཏྣ་ཤ་པ་ན་སྭཱ་ཧཱ༔ ན་མོ་ནི་ར་ཛྭ་ལ་སྭཱ་ཧཱ༔ ཨོཾ་ཨ་རོ་ལྀཀ྄༔ ཏྲཻ་ལོཀྱ་བི་ཛ་ཡ་པ་ཤ་དྷཱ༔ པྲ་མ་ཐ་ན་ཀ་རཱ་ཡ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སྭཱ་ཧཱ༔ སྭཱ་ཧཱ༔ སྭཱ་ཧཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་དྷ་རི་ཧཱུྃ༔ ཨོཾ་མ་ཎི་ས་རི་ཧཱུྃ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ སརྦ་བྷནྡྷ་ན༔ ཙྪེ་ད་ན་ཀ་རཱ་ཡ༔ སརྦ་གཱ་བ་ས་མུ་དྲོཙྪོ་ཤ་ན་ཀ་རཱ་ཡཱ༔ སརྦ་བྱཱ་དྷི་པྲི་ཤ་མ་ན་ཀ་རཱ་ཡ༔ སརྦ་ཨི་ཏྱུ་བ་དྲ་བ༔ བི་ནཱ་ཤ་ཀ་རཱ་ཡ༔ སརྦ་བྷ་ཡེ་ཥུ་ཏཱ་ར་ཎ་ཀ་རཱ་ཡ༔ ཏ་སྱ་ན་མ་སྐྲྀཏྭཱ༔ ཨི་དཾ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ ཏ་བ་ནཱི་ལ་ཀཎྛ༔ ན་མ་པ་ར་མ་ཧྲྀ་ད་ཡཾ༔ ཨ་བརྟ་ཡི་ཥྱཱ་མི༔ སརྦ་ཨརྠ་སཱ་དྷ་ནཾ༔ ཤུ་བྷ་ཙེ་ཏ་ནཾ༔ སརྦ་བྷཱུ་ཏཱ་ནཱཾ༔ པཱ་པ་མཱརྒ་བི་ཤྭ་དྷ་ཀཾ༔ ཏདྱ་ཐཱ༔ ཨཱ་ལོ་ཀེ༔ ཨཱ་ལོ་ཀ༔ ཨ་ཏི་པ་ཏི༔ ལོ་ཀ་ཏི་ཀྲཱནྟི༔ ཧྲིཾ་ཧྲིཾ༔ ཧེ་མ་ཧཱ་བོ་དྷི་སཏྭ༔ ཧེ་མ་ཧཱ་བོ་དྷི་སཏྭ༔ ཧེ་པྲི་ཡཾ༔ བོ་དྷི་སཏྭ༔ ཧྲཱིཾ་མ་ཧཱ་ཀཱ་རུ་ཎི་ཀ༔ ཀུ་རུ་ཀུ་རུ༔ ཀརྨ་སཱ་དྷ་ཡ་སཱ་དྷ་ཡ༔ བིདྱན༔ དེ་ཧི་དེ་ཧི༔ མེ་ཨ་རཾ་ག་མཾ་བི་ཧང་ག་མ༔ སིདྡྷ་ཡོ་གཱི་ཤྭ་ར༔ དུ་རུ་དུ་རུ༔ བིདྱནྟེ༔ དྷ་ར་དྷ་ར༔ དྷ་རེནྡྲ་ཤྭ་ར༔ ཙ་ལ་ཙ་ལ༔ བི་མ་ལ་མཱུརྟི༔ ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར༔ ཀྲྀཥྞ་ཛི་ནཾ༔ ཛ་ཊཱ་མུ་ཀུཊ༔ ཨ་ལཾ་ཀྲྀཏ༔ ཤ་རཱི་ར༔ ལམྦ༔ པྲ་ལམྦ༔ མ་ཧཱ་སིདྡྷ་བིདྱ་དྷ་ར༔ བ་ལ་བ་ལ༔ མ་ཧཱ་བ་ལ༔ མ་ལ་མ་ལ་མ་ཧཱ་མ་ལ༔ ཙ་ལ་ཙ་ལ་མ་ཧཱ་ཙ་ལ༔ ཀྲྀཥྞ་པཀྵ༔ ནིརྒྷཱ་ཏ་ན༔ ཧེ་པདྨ་ཧསྟ༔ ཙ་ར་ཙ་ར༔ ཤྭ་ཙ་རེ་ཤྭ་ར༔ ཀྲྀཥྞ་སརྦ༔ ཀྲྀཏ་ཡ་ཛྙཱོ་བ་བི་ཏ༔ ཨེ་དྱེ་ཧི༔ མ་ཧཱ་བཱི་ར༔ མ་ཧཱ་བཱ་རཱ་ཧ་མུ་ཁ༔ ཏྲི་པུ་ར༔ ད་ཧ་ནེ་ཤྭ་ར༔ ནཱ་རཱ་ཡཎ་རཱུ་པ༔ བ་ལ་བེ་ག་དྷ་རི༔ ཧེ་ནཱི་ལ་ཀཎྛ༔ ཨེ་ཧྱེ་ཧི༔ མ་ཧཱ་ཧ་ལ༔ བི་ཥ་ནིརྫ་ཏི༔ ལོ་ཀ་སྱ༔ རཱ་ག་བི་ཥན་ཤ་ན༔ དྭེ་ཥ་བེ་ཥན་ཤ་ན༔ ནིརྨོཀྵ་ཎ་ཧུ་ལུ་ཧུ་ལུ༔ མ་ཧཱ་ཧུ་ལུ་ཧ་རེ༔ མ་ཧཱ་པདྨ་ནཱ་བྷི༔ ས་ར་ས་ར༔ སི་རི་སི་རི༔ སུ་རུ་སུ་རུ༔ བུ་དྷྱ་བུ་དྷྱ༔ བོ་དྷ་ཡ་བོ་དྷ་ཡ༔ བོ་དྷ་ཡཱ་མི༔ ཏ་བ་ནཱི་ལ་ཀ་ཎཱ༔ ཨེ་ཧྱེ་ཧི༔ བཱ་མ་སྡྱི་ཏ༔ མ་ཧཱ་སིཾ་ཧ་མུ་ཁ༔ ཧ་ས་ཧ་ས༔ མུཉྩ་མུཉྩ༔ མ་ཧཱ་ཊྚ་ཊྚ་ཧ་སི༔ ཨེ་ཧྱེ་ཧི༔ མ་ཧཱ་སིདྡྷ་ཡོ་གཱེ་ཤྭ་ར༔ བནྡྷ་བནྡྷ༔ པ་ཙ་ན་སཱ་དྷ་ཡ་སཱ་དྷ་ཡ༔ བི་དྱཱན༔ སྨ་ར་སྨ་ར༔ ཏཱཾ་བྷ་ག་བཱན༔ ལོ་ཀི་བི་ལོ་ཀི་ཏིཾ༔ ཏ་ཐཱ་ག་ཏ་ན༔ དེ་ཧི་དེ་ཧི༔ མེ་དརྴ་ནཾ༔ ཀཱ་མ་སྱ་དརྴ་ནཾ༔ པྲ་སཱ་དྷ་ཡ་མེ་སྭཱ་ཧཱ༔ སིད་དྷ་ཡ་སྭཱ་ཧཱ༔ མ་ཧཱ་སིད་དྷཱ་ཡ་སྭཱ་ཧཱ༔ སིད་དྷ་ཡོ་གཱི་ཤྭ་ར་ཡ་སྭཱ་ཧཱ༔ ནཱི་ལ་ཀཎྛ་ཡ་སྭཱ་ཧཱ༔ བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ མ་ཧཱ་ན་ར་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ༔ བཛྲ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་བཛྲ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་སེད་དྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ༔ པདྨ་ཧསྟཱ་ཡ་སྭཱ་ཧཱ༔ མ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ༔ ཀྲྀཥྞ་སརྦ་ཀྲིཏ་ཡ་ཛྙཱོ་བ་དྷ་ར་སཱི་ཏཱ་སྭཱ་ཧཱ༔ མ་ཧཱ་མཱ་ལ་མ་ཀུཊ་དྷ་རཱ་ཡ་སྭཱ་ཧཱ༔ ཙཀྲཱ་ཡུ་དྷ་རཱ་ཡ་སྭཱ་ཧཱ༔ ཤངྑ་ཤབྡ་ནིརྣཱ་ད་ན་ཀ་རཱ་ཡ་སྭཱ་ཧཱ༔ བོ་དྷ་ན་ཀཱ་རཱ་ཡ་སྭཱ་ཧཱ༔ བཱ་མ་སྡྱི་ཏ་སྐནྡྷ་དེ་ཤ་ཀྲྀཥྞཱ་ཛི་ནཱ་ཡ་སྭཱ་ཧཱ༔ བཱ་མ་ཧསྟ་བྱཱ་གྷྲ་ཙརྨ་ནི་བ་ས་ནཱ་ཡ་སྭཱ་ཧཱ༔ ལོ་ཀེ་ཤྭ་ར་ཡ་སྭཱ་ཧཱ༔ མ་ཧཱ་ལོ་ཀེ་ཤྭ་ར་ཡཱ་སྭཱ་ཧཱ༔ སརྦ་སིཾ་ཧ་ཤྭ་ར་ཡ་སྭཱ་ཧཱ༔ ན་མ་ཨཱརྻ་ཨ་བ་ལོ་ཀེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ སིདྡྷནྟུ་མཻ་མནྟྲེ་པ་དེ་སྭཱ་ཧཱ༔ ཨཱརྻ་ནཱི་ལ་ཀཎྛ་མངྒ་ལ༔ ཨཱརྻ་ལོ་ཀེ་ཏེ་ཤྭ་ར་ན་མ་དྷ་ར་མངྒ་ལ༔ ཧ་ཡ་གྲཱི་བ་ཧུ་ལུ་མ་མ་རཀྵ་རཀྵ་ཀུ་རུ་ཧཱུྃ༔ སྭསྟི་སརྦ་སིདྡྷི༔ མངྒ་ལ༔ མངྒ་ལ༔
རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་པ་ (Volume 38, Text 37)
༄༅། །རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བེ། པདྨའི་བསྟན་སྐྱོང་གནོད་སྦྱིན་གཙོ། །ཤིན་ཏུ་མི་བསྲུན་སྟོབས་པོ་ཆེ། །དགྲ་བགེགས་དཔུང་འཇོམས་གང་དེ་རྒྱལ། །ཉེར་མཁོ་བསྡེབ་ལ་གནང་བ་སྩོལ། །གུ་རུའི་བཀའ་གཏེར་སྲུང་མཛད་ཐུན་མོང་མ་ཡིན་པ་དྲག་རྩལ་ཐོག་དང་འདྲ་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འདི་ལ་སྒྲུབ་ཐབས་ཕྱི་ནང་གསང་བ་ཡང་གསང་ལས་སྦྱོར་གྱི་རིམ་པ་མང་དུ་ཡོད་པ་ལས། འདིར་བསྟན་བྱ་གཉིས། སྤྱི་ལ་མཁོ་བའི་ཕྲིན་ལས་དང་། རྗེས་གནང་ངོ་། །དང་པོ་ནི། སྟེགས་བུར་གོང་དུ་ཡི་དམ་གྱི་མཆོད་གཏོར་སོགས་བཤམས་པའི་མདུན་དུ། ཟངས་གཞོང་དུ་ཟན་ལ་ཁྲག་ཆང་གིས་སྦྲུས་པའི་ཟླ་གམ་སྟེང་དུ་དཔལ་གཏོར་ཟུར་གསུམ་བརྗིད་ལྡན་འཁོར་ཟུར་གསུམ་བརྒྱད་མཐེབ་ཀྱུས་བསྐོར། ཤ་ཁྲག་སྙིང་སྣས་བརྒྱན་ཅིང་སྐུ་ཙཀ་བཙུགས་ལ་དར་དམར་གྱི་གདུགས་ཕུབ་པ་བཀོད། དེ་མདུན་མཆོད་གཏོར་དང་སྨན་རཀ །དྲག་མཆོད་སྤྱི་མཐུན་བཤམ། དེ་ནས་ཆོས་སྡེ་འདི་ཉིད་ཀྱི་ཐུགས་སྒྲུབ་གཏུམ་པོ་ཡིན་ན་འབྲེལ་ཆགས་ཤིང་གཞན་ཕྱག་རྡོར་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ནས། མཆོད་གཏོར་རྣམས་སྤྱི་མཐུན་ལྟར་བྱིན་བརླབ། མདུན་བསྐྱེད་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། སྟོང་པའི་ངང་ལས། མདུན་གྱི་ས་གཞི་དུར་ཁྲོད་དྲག་པོའི་བཀོད་པ་འཇིགས་སུ་རུང་བ་དང་ལྡན་ཅིང་མེ་དུད་རླུང་སྤྲིན་འཁྲིགས་པའི་དབུས་སུ། དྲག་པོའི་ཕོ་བྲང་དུར་ཁྲོད་ཀྱི་ཆས་ཡོངས་སུ་རྫོགས་པ་རྔམ་ཞིང་བརྗིད་པ་ལྟར་མི་བཟོད་པའི་ནང་དུ་རང་གི་ཐུགས་ཀ་ནས་ཀྵ་ཡིག་དམར་ནག་འཕྲོས། དེ་ལས་འབར་བའི་འོད་ཟེར་གྱིས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ལྷ་སྲིན་དྲེགས་པ་ཅན་རྣམས་ཀྱི་ནུས་སྟོབས་བསྡུས་ནས་ཀྵ་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་པ། ཁྲག་གི་རལ་པས་བར་སྣང་ཁྱབ་ཅིང་ཤིན་ཏུ་ཁྲོས་པའི་ཚུལ་ཅན་ཞལ་གདངས་ལྗགས་འདྲིལ་མཆེ་བ་བཞི་གཙིགས་ཤིང་ཧ་ཧ་དྲག་ཏུ་དགོད་པ། ཕྱག་བཞི་གཡས་གཉིས་རལ་གྲི་དང་གྲི་གུག །གཡོན་གཉིས་ཀྱིས་སྙིང་དང་ཐོད་ཁྲག་ཐོགས་པ། ཞིང་གླང་གི་གོས་དང་སྟག་ཤམ་བེར་ཆེན་དམར་པོ་གསོལ་ཞིང་གསེར་རྐེད་བཅིངས་པ། ཟངས་ཀྱི་ཁྱུང་དམར་འཇིགས་རུང་ལ་ཞོན་ནས་མེ་འབར་བའི་ཀློང་ན་འགྱིང་བའོ། །དེའི་ཤར་དུ་རྒྱལ་པོ་སྟག་གི་མགོ་ཅན་དཀར་པོ། ལྷོར་གཤིན་རྗེ་གཟིག་གི་མགོ་ཅན་དམར་པོ། ནུབ་ཏུ་བཙན་རྗེ་དོམ་གྱི་མགོ་ཅན་དམར་པོ། བྱང་དུ་བདུད་ནག་འབྲོང་གི་མགོ་ཅན་ནག་པོ། ཤར་ལྷོར་སྲིན་པོ་ནེ་ཙོའི་མགོ་ཅན་ཁམ་ནག །ལྷོ་ནུབ་ཏུ་ལྷ་མོ་རྨ་བྱའི་མགོ་ཅན་ལྗང་གུ །ནུབ་བྱང་དུ་གཟའ་བདུད་ཤང་ཤང་མགོ་ཅན་དུད་ཁ། བྱང་ཤར་དུ་ཀླུ་བདུད་གསེར་མིག་མགོ་ཅན་མཐིང་ནག །ཐམས་ཅད་ཀྱང་གཡས་པས་རང་མདོག་གི་དར་མདུང་ཕྱར་ཞིང་གཡོན་པས་སྙིང་དང་རྒྱུ་ཞགས་ཐོགས་པ། རང་མདོག་དང་མཚུངས་པའི་དར་བེར་གྱོན་ཅིང་རྟ་ལ་ཞོན་པ་ཞུབ་ཆས་ཀྱིས་བརྒྱན་ཅིང་སྟག་རལ་གཟིག་ཤུབས་བཀྲ་བ། སྡེ་བརྒྱད་ཀྱི་དམག་ཚོགས་འབུམ་སྡེས་བསྐོར་བའོ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་གློག་གི་ཞགས་པ་ལྟ་བུ་འཕྲོས། ཧེ་ཆེན་བརྡལ་ལ་སོགས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་སྐད་ཅིག་གིས་བྱོན་པར་བསམ། བཤུགས་གླུ་གསུར་དུད་རོལ་མོ་བཅས་སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ དགྲ་བགེགས་བསྒྲལ་བར་ཞལ་བཞེས་པའི༔ དྲེགས་པའི་སྡེ་དཔོན་མཐུ་བོ་ཆེ༔ སྲོག་བདུད་ཆེན་པོ་གཤེགས་སུ་གསོལ༔ མཐུ་རྩལ་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ ཆེ་བཙན་དྲེགས་པ་བྲན་དུ་ཁོལ༔ ཤིན་ཏུ་མི་བསྲུན་དགྲ་བོའི་གཤེད༔ དམར་པོ་མི་བསྲུན་གཤེགས་སུ་གསོལ༔ ཨེ་ཧེ་དམར་རུ་ཙེ་ཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི། ཧཱུྃ༔ དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ དྲེགས་པ་ཕོ་མོ་དམག་ལྟར་ཚོགས༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ དགྱེས་པའི་གནད་ལ་བཞུགས་སུ་གསོལ༔ ཧྲི་ཏྲི་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ གསེར་ལྟར་གཏམས་པའི་རི་བོ་ལགས༔ མཐུ་སྟོབས་བདག་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ གནོད་སྦྱིན་འཁོར་དང་བཅས་པ་ལ༔ ཕྱི་མཆོད་རིན་ཆེན་སྣ་ལྔ་དང༔ དར་ཟབ་སྤྱན་གཟིགས་དཀོར་དང་བཅས༔ ནང་མཆོད་སྨན་གཏོར་རཀྟ་དང༔ མཐུན་པའི་ཞལ་ཟས་ཚོགས་ཀྱིས་མཆོད༔ གསང་མཆོད་དགྲ་བོའི་ཤ་ཁྲག་ཚོགས༔ སྙིང་སྣ་ཁྲག་སྣའི་ཚོགས་ཀྱིས་མཆོད༔ ཨེ་ཧེ་དམར་རུ་ཙེ་ས་པ་རི་བཱ་ར་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཧཱི། ལྷ་རྣམས་ཀྱི་ལྗགས་སོགས་དམིགས་པ་དང་ལྡན་པས། ཨེ་ཧེ་དམར་རུ་ཙེ་གྷུ་ན་ཧྲི་ཏྲི་ཧཱུྃ་ཛཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བར་ཁས་བླངས་པའི༔ དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གདོང༔ གནོད་སྦྱིན་སྲིན་པོ་འཚོགས་པའི་བུ་གཅིག་པོ༔ སྐུ་མདོག་དམར་ནག་ཁྲོས་པའི་ཚུལ་འཆང་བ༔ ཤིན་ཏུ་འཇིགས་པའི་མེ་འོད་ལུས་ལ་འཕྲོ༔ ཞལ་གདངས་ཁྲག་དང་དུག་གི་མཆེ་བ་གཙིགས༔ གློག་ལྟར་འཁྱུག་པའི་ལྗགས་ཀྱིས་སྙིང་ཁྲག་འཐུང༔ རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ༔ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་ཁུག་གིས༔ སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད༔ གཡོན་གཉིས་སྙིང་ཞགས་བན་དྷ་ཐོད་ཁྲག་གིས༔ དམ་ཉམས་དགྲ་བོའི་སྙིང་ཁྲག་ཞལ་དུ་གསོལ༔ གནོད་སྦྱིན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དར་དམར་འཇོལ་བེར་གསེར་རྐེད་རིན་ཆེན་བཅིངས༔ གླིང་བཞིར་རྒྱུག་ཅིང་མཚོན་ཆ་དགྲ་ལ་འདེབས༔ དམ་ཉམས་དགྲ་བོའི་བླ་སྲོག་འུབས་ཀྱིས་འདེབས༔ ཁྱུང་དམར་བཅིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་འཁོལ༔ དམ་ཉམས་སྒྲོལ་ཅིང་རྣལ་འབྱོར་ཕྲིན་ལས་མཛད༔ སྲོག་བདུད་ཤན་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཁའ་ལ་སྐྱོད་ཚེ་ཀུ་སྒྲས་སྟོང་གསུམ་གང༔ དུར་ཁྲོད་དམག་ཚོགས་གཡབ་ནས་དགྲ་བགེགས་སྒྲོལ༔ དྲག་པོའི་ང་རོ་འབྲུག་སྟོང་སྒྲ་སྒྲོག་པ༔ སྲིད་གསུམ་གཡོ་ཞིང་ཁམས་གསུམ་རབ་ཏུ་འཁྲུགས༔ གར་རྦད་ས་རུ་དམ་ཉམས་ཐལ་བར་རློག༔ གར་ཕེབ་ས་རུ་མི་རོ་རགས་སུ་རྩིག༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་གིས་དམ་ཉམས་དགྲ་ལ་རྦད་པའི་ཚེ༔ གནོད་སྦྱིན་བྱེ་བ་ས་ཡ་འབུམ་གྱིས་བསྐོར༔ སྤྲུལ་པ་ཕྱག་བརྙན་གར་བྱེད་གློག་ལྟར་འཁྱུག༔ བདུད་ཀྱི་བུ་སྐྱེས་གནོད་སྦྱིན་མཐུ་བོ་ཆེ༔ དཀའ་བ་དང་བླངས་རྟག་ཏུ་ཁྱོད་མཆོད་པས༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག༔ དགྲ་བགེགས་ཐམས་ཅད་མྱུར་དུ་བསྒྲལ་བ་དང༔ བཀྲ་ཤིས་བདེ་ལེགས་འདོད་རྒུ་བསྒྲུབ་ཏུ་གསོལ༔ ཞེས་པ་ཙམ་གྱིས་གསོལ་སྐོང་རྒྱུན་གྱི་ཕྲིན་ལས་འགྲུབ་པ་ཡིན་ནོ། །འདི་ལ་ཡུམ་ཅན་དུ་བྱེད་པའི་ཚེ་བསྐྱེད་ཆོག་དང་བསྟོད་པ་གཞུང་ནས་ལེན། དཀྱུས་ལ་འདི་ཙམ་གྱིས་ཆོག །སྒྲུབ་པ་དང་དབང་བསྐུར་སོགས་ཀྱི་སྐབས་བཟླས་པ་ནི། གནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་མའི་སྟེང་དུ་ཀྵ་དམར་ནག་སྔགས་ཕྲེང་མེའི་མདོག་ཅན་གྱིས་བསྐོར་བ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། དེ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་ལྟར་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར་པར་བསམ་ལ། གོང་གནོན་ཡི་དམ་གྱི་བཟླས་པ་དང་། ཨེ་ཧེ་དམར་རུ་རྩེ་གྷུ་ན་ཧྲི་ཏྲི་ཧཱུྃ་ཛ༔ ཞེས་སམ། ཧྲི་ཏྲི་ཡན་གྱི་ཤམ་དུ། ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛ༔ བཏགས་པ་བཟླ། འདི་ལ་རྦད་གསད་བཏགས་པའི་སྤུ་གྲི་གཅིག་ཤུར་ནི་རྒྱུན་བཟླས་ལ་མི་དགོས་ལ། མཐར་སྐོང་གསོ་དང་བསྐུལ་སོགས་དགོས་པའི་སྐབས་གཞུང་ནས་བླང་། རྗེས་མཆོད་བསྟོད་བྱ། ནོངས་བཤགས་བཟོད་པར་གསོལ། རྟེན་ཡོན་ན་བསྟིམ། མེད་ན་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་སྤྱི་དང་མཚུངས་སོ། །གཉིས་པ་རྗེས་གནང་ནི། འདིའི་སྲོག་དབང་སྤུ་གྲིའི་རྒྱ་ཅན་ནི་ལས་འབྲེལ་ལུགས་དང་མཚུངས་ཤིང་འདོད་བུམ་དཀྱུས་སུ་ཆུ་བོ་གཅིག་འདྲེས་སུ་འབྱུང་བས་འདིར་མ་སྨྲོས་ལ། ལུགས་འདིའི་རྗེས་གནང་ནི། མཎྜལ་གྲུ་གསུམ་དམར་ནག་ལྟེ་བར་ཨེ་ཡིག་གིས་མཚན་པ། ཕྱི་རོལ་མུ་ཁྱུད་ཟླུམ་པོ་ཐོད་སྐམ་ཕྲེང་བས་བསྐོར་ཞིང་གྲུ་ཆད་ལྗང་ཁུ་བྱས་པའི་དབུས་སུ་གོང་སྨྲོས་གཏོར་མ་སྐུ་ཙཀ་དང་བཅས་པ་བཀོད། རལ་གྲི་དང་གྲི་གུག །སྙིང་ཞགས་དང་བནྡྷའི་ཙཀླི། གཏོར་མཆོད་གཞན་ཕྲིན་ལས་ལྟར་ཚོགས་པར་བྱས་ནས། བདག་མདུན་སྒྲུབ་ཚུལ་ཕྲིན་ལས་ལྟར་ཚང་བ་བཏང་ལ་བཟླས་པ་ཅི་འགྲུབ་བྱ། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་ཆོས་སྐྱོང་ཆེན་པོ་འདི་ཉིད་ཕྱི་ལྟར་ན་ལྷ་སྲིན་སྡེ་བརྒྱད་ཀྱི་རྗེ་བོ། ནང་ལྟར་རྣམ་སྲས་མདུང་དམར་ཅན། གསང་བ་གཟའ་རྒོད་མིག་དམར་ཏེ་སྤྲུལ་པའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ཡིན་ལ། གསང་ཆེན་རྡོ་རྗེ་རྩེ་མོའི་བསྟན་པ་སྲུང་བའི་ཕྱིར་དུ་དྲེགས་པ་རང་རྒྱུད་པའི་ཚུལ་ཡང་བཟུང་བར་མཛད་དེ། གུ་རུ་རིན་པོ་ཆེ་ཉིད་དུར་ཁྲོད་བསིལ་བ་ཚལ་གྱི་ནུབ་བྱང་ཧེ་ཆེན་བརྡལ་བ་ན་ཤཱནྟ་རཀྵི་ཏ་ཞེས་བྱ་བའི་མཚན་བཟུང་ནས་སྦྱོར་སྒྲོལ་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་མཛད་པའི་སྐབས་སུ། འདི་ཉིད་གནོད་སྦྱིན་རཀྴ་གདོང་དམར་ཅེས་བྱ་བར་གྱུར་པ་དང་སྤུན་དང་གྲོགས་སུ་སྦྲེལ་བ་དེ་ཚེ་འཕོས་ནས་གནོད་སྦྱིན་རཀྴ་འབར་བྱེད་དང་སྲིན་མོ་དམར་ཤམ་མའི་བུ་ཕུང་བྱེད་ཤན་པ་དམར་ནག་བྱ་བར་སྐྱེས་ཏེ་མཐུ་སྟོབས་རྫུ་འཕྲུལ་ཤིན་ཏུ་ཆེ་བས་སྡེ་བརྒྱད་ཡོངས་ཀྱི་རྗེ་དཔོན་དུ་གྱུར་པའི་ཚེ། བཅོམ་ལྡན་འདས་གསང་བའི་བདག་པོས་སྲོག་སྙིང་བླངས་ཏེ་དམ་ལ་བཞག །སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཉེར་གཏད། གནོད་སྦྱིན་རང་གིས་ཀྱང་རྒྱུད་མདོངས་གསོལ་དུ་ཕུལ། ཕྱིས་སློབ་དཔོན་ཆེན་པོ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་པའི་ཚེ་ཁོ་རང་དངོས་སུ་འོང་ནས་སྲོག་སྙིང་དང་རང་གི་རྒྱུད་ཀྱང་ཕུལ་ནས་བསྟན་པ་སྲུང་བར་ཁས་བླངས། གུ་རུ་རིན་པོ་ཆེ་ཉིད་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་བསྟན་སྲུང་དུ་བསྐོས། སྒྲུབ་ཐབས་རྒྱས་བསྡུས་མང་དུ་མཛད་ནས་གཏེར་ཁ་རྣམས་སུ་སྦས་པ་ལས། འདི་ནི་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་རྟ་མགྲིན་གསང་བ་འདུས་པའི་སྐོར་ཏེ། འདིའི་ཡོན་ཏན་ཆོས་སྐྱོང་ཉིད་ཀྱིས་གུ་རུ་རིན་པོ་ཆེར་ཞུས་པ་ལས། རྒྱལ་པོ་དང་མི་འདྲ་འཁུ་ལྡོག་མི་བྱེད༔ མུ་སྟེགས་དང་མི་འདྲ་ཕུགས་སུ་བཀྲ་ཤིས༔ གཤིན་རྗེ་དང་མི་འདྲ་ལས་མྱུར༔ མ་མོ་དང་མི་འདྲ་འགྲོགས་བདེ༔ བཙན་དང་མི་འདྲ་རྒྱུན་རིང༔ ཐེའུ་རང་དང་མི་འདྲ་རྟགས་ཚན་ཆེ༔ ང་ཡི་སྟོབས་ནི་རི་རབ་ཐལ་བར་རློག་ནུས༔ རྒྱ་མཚོ་ཧུབ་ཀྱིས་འདེབས་ནུས༔ སྤང་ལེན་མེད་པར་རྟག་ཏུ་ཆོས་སྐྱོང་ང་རང་ལ་བྱེད་ན་མཐུ་མ་བསྒྲུབས་ཀྱང་འོང༔ ཞེས་པས་མཚོན་བསྔགས་པ་མང་དུ་འབྱུང་བ་འདིའི་ཆོས་སྐོར་ལས་སྲོག་དབང་དང་རྗེས་གནང་གཉིས་སུ་འབྱུང་བའི་ནང་ཚན། སྐབས་འདིར་རྗེས་སུ་གནང་བ་སྒྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་དད་གུས་གདུང་བས་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ནི་སྐལ་ལྡན་དམ་ཚིག་ཅན༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ མཐུ་རྩལ་དྲག་པོའི་རྗེས་གནང་ཞུ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། བླ་མ་གསང་བའི་བདག་པོ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་གསག་སྦྱོང་ཚུལ་བཞིན་བྱ་བའི་འདུན་པས་རྒྱུན་བཤགས་ཀྱི་དོན་རྣམས་གསལ་ཐོབས་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དེ་ནས་དམིགས་པ་འདི་ལྟར་དུ་གྱིས་ཤིག །ཁྱེད་རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེ་སྦྲུལ་གྱིས་བརྒྱན་ཅིང་ཁྲོས་པའི་ཉམས་ཅན། ཞབས་གཉིས་པད་ཉིའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བའི་སྐུར་གྱུར་པར་མོས་ཤིག །གཏོར་མ་འདིའང་ཆོས་སྐྱོང་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་འཁོར་ལྷ་སྲིན་སྡེ་བརྒྱད་བཀའ་སྡོད་སྤྲུལ་པའི་དམག་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་གསལ་བའི། གཙོ་བོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་གནོད་སྦྱིན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ། ལག་གཡས་སུ་རལ་གྲི་གྲི་གུག །གཡོན་དུ་སྙིང་ཞགས་བྷན་དྷ་རྣམས་གཏད་ནས་མངའ་གསོལ་བས་མཐུ་རྩལ་ནུས་པའི་སྟོབས་ཡོངས་སུ་རྫོགས་ནས་ཕྲིན་ལས་སྒྲུབ་པ་ལ་ཐོགས་པ་མེད་པ་གྱུར་པར་མོས་ཤིག །རྟེན་གཏོར་སྐུ་དང་བཅས་པ་སྤྱི་བོར་བཞག །ཕྱག་མཚན་བཞི་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་མཐུ་རྩལ་ཅན༔ སྔོན་གྱི་ཐུགས་དམ་ཅི་བཞིན་དུ༔ ལྷ་སྲིན་དམག་ཚོགས་ཁྲོམ་དང་བཅས༔ ཧ་ཧ་ཧཱུྃ་ཧཱུྃ་སྒྲ་སྒྲོག་ཅིང༔ གནས་མཆོག་འདི་རུ་བྱིན་ཆེན་ཕོབ༔ སྐལ་ལྡན་འདི་ལ་དབང་མཆོག་སྐུར༔ མཐུ་རྩལ་ནུས་མཐུའི་དངོས་གྲུབ་སྩོལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཨེ་ཧེ་དམར་རུ་ཙེ་གྷུ་ན་ཧྲི་ཏྲི་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྩ་སྔགས་ཚར་གསུམ་ལ་ཤམ་བུ་གསུམ་རེ་རེ་བཞིན་སྦྲེལ་ཏེ་གནས་གསུམ་དུ་གཏུགས། དེ་ནས་དབང་གཏོར་སྙིང་གར་གཏུགས། མཆོད་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ དྲེགས་པའི་ཚོགས་རྣམས་ཀུན་གྱི་གཙོ༔ གནོད་སྦྱིན་ཆེན་པོ་མཐུ་རྩལ་ཅན༔ རྡོ་རྗེ་འཛིན་པ་ང་ཉིད་ཀྱིས༔ སྐལ་ལྡན་སློབ་མ་འདི་ཉིད་དང༔ ཁྱོད་གཉིས་དམ་ཚིག་གཅིག་ཏུ་བསྲེ༔ དམ་ཚིག་གཉན་ལས་མ་འདའ་ཞིག༔ རྟག་ཏུ་ལུས་དང་གྲིབ་བཞིན་འགྲོགས༔ ཞི་རྒྱས་དབང་དང་མངོན་སྤྱོད་རྣམས༔ གང་བརྩམ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མའི་བཅུད་སློབ་མའི་ལྕེ་ལ་བཞག །ཁྱོད་ཀྱིས་མཆོད་བསྟོད་སྒྲུབ་ལ་བརྩོན༔ བསྙེན་བསྒྲུབ་རྫས་སོགས་མངའ་ཐང་སྐྱེད༔ བྲན་དང་བཀའ་ཉན་ཕོ་ཉའི་ཚུལ༔ རྟག་ཏུ་ཕྲིན་ལས་སྒྲུབ་པར་འགྱུར༔ ཤིན་ཏུ་གསང་བའི་དམ་ཚིག་སྲུངས༔ བཀྲ་ཤིས་བྱིན་ཆེ་ཕྲིན་ལས་མྱུར༔ ཨོ་རྒྱན་རྗེ་ལ་མོས་ཙམ་གྱིས༔ འདིས་ནི་རྟག་ཏུ་སྲུང་དང་སྐྱོབ༔ གདམས་པ་གཏད་དོ་ཐུབ་པར་ཆོངས༔ དམ་མེད་རྣམས་ལ་ཤིན་ཏུ་གསང༔ བརྒྱུད་འཛིན་སྙིང་གི་བུ་གཅིག་ལ༔ བཀའ་རྒྱས་ཐོབས་ལ་གཅིག་བརྒྱུད་སྤེལ༔ ཅེས་རྡོ་རྗེའི་གསུང་རྣམས་ཡིད་ལ་རབ་ཏུ་གཅགས་པས་སྤང་བླང་ཚུལ་བཞིན་དུ་བརྩོན་པར་བྱས་ན། དེང་ནས་གཟུང་སྟེ་ཆོས་སྐྱོང་ཆེན་པོ་ཁྱེད་རང་ལ་འབྲལ་མེད་དུ་འགྲོགས་ཤིང་རྟག་ཏུ་སྲུང་ཞིང་སྐྱོབ་པ་དང་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གདམས་ལ་ཤིས་བརྗོད་བྱའོ། །དེས་རཏྣའི་ཟབ་གཏེར་ཤན་པ་དམར་ནག་གི་རྗེས་གནང་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕུལ་བ་སོགས་ཀྱིས་མཐར་དབྱུང་། སློབ་དཔོན་གྱིས་གསོལ་ཁ་འགྲུབ་ན་གཏེར་གཞུང་ལྟར་བྱ། རྗེས་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་སུ་བཤད་པ་ལྟར་རོ། །བསྟན་སྲུང་མཚོན་རྣོན་འབར་བ་ཡིས། །བསྟན་འཛིན་སྐྱེས་བུའི་ཕྱག་ཆར་བརྗིད། །བསྟན་ལ་སྡང་བའི་དགྲ་བགེགས་དཔུང། །ཉི་མས་མུན་པ་ལྟར་བཅོམ་ཤོག །ཅེས་ཉེར་མཁོའི་ཆེད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཞུང་ལས་ཁོལ་དུ་ཕྱུང་སྟེ་གསལ་བྱེད་ཀྱིས་བརྒྱན་པ་བཅས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ་ (Volume 52, Text 37)
༄༅། །པདྨ་མཁའ་འགྲོ་རིག་བྱེད་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་མདོར་བསྡུས་སུ་བཤད་པ་ཨུཏྤལ་དམར་པོའི་ཕྲེང་བ་བཞུགས་སོ། ། གང་མཚན་ཨུཏྤལ་དམར་པོའི་ཞགས་པ་ཡིས། །སྲིད་ཞིའི་དགེ་མཚན་རང་དབང་མེད་འགུག་པ། །བླ་མ་མཆོག་དང་དབྱེར་མེད་རྗེ་བཙུན་མའི། །ཞབས་པད་བྱང་ཆེན་བར་དུ་གཙུག་ན་བསྟེན། །འདིར་རྣལ་འབྱོར་མའི་རྒྱུད་ཀྱི་མཐར་ཐུག་པདྨ་གར་དབང་མཁའ་འགྲོ་མའི་རྟོག་པ་ལས་ཕྱུང་བའི་ཁམས་གསུམ་དབང་དུ་བྱེད་པའི་མན་ངག །དུས་གསུམ་རྒྱལ་བའི་ངོ་བོ་གསུང་རྡོ་རྗེ་པདྨ་སཾ་བྷ་བའི་ཐུགས་བཅུད་རྗེ་འབངས་དྲུག་ལ་བརྩེ་བས་གདམས་པར་མཛད་པ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་མཁས་ཤིང་གྲུབ་པའི་གྲགས་སྙན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་ཅིང་འཇིགས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་༧རོང་ཟོམ་ཆོས་ཀྱི་བཟང་པོའི་ཟབ་གཏེར་ཉིད། སླར་ཡང་རྒྱལ་དབང་པདྨ་ཐོད་ཕྲེང་གི་རྒྱལ་ཚབ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་འདི་ནི། མན་ངག་གི་གནད་དང་བྱིན་རླབས་ཀྱི་ཚན་ཁ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཡིན་པས། འདིའི་བསྙེན་སྒྲུབ་ལས་གསུམ་གྱི་ཚུལ་གཏེར་ཆེན་བླ་མ་མཆོག་གི་ཞལ་གྱི་བདུད་རྩི་དངོས་སུ་ཐོབ་པའི་སྐལ་པ་བཟང་པོ་ལ་བརྟེན་ནས་དོན་གྱི་སྙིང་པོ་མདོ་ཙམ་བརྗེད་བྱང་དུ་བྱ་བ་ལ། ཐོག་མར་བསྙེན་པ། བར་དུ་སྒྲུབ་པ། མཐར་ལས་ལ་སྦྱོར་བའི་ཚུལ་བཤད་པའོ། །དང་པོ་ལ་བསྙེན་པའི་རྟེན་དང་། བསྙེན་པའི་ཐབས་གཉིས་ལས། དང་པོ་རྟེན་དམ་ཚིག་གི་བྲིས་སྐུ་འབྲི་བ་ནི། སྨད་འཚོང་མའི་འདོམས་དཀྲིས་སམ་དེའི་ལག་ནས་བྱུང་བའི་རས་ལ་བྲི་བར་བཤད་པས་རྒྱ་གར་སོགས་ཡུལ་ཆེན་པོ་ན་སྨད་འཚོང་མའི་གྲོང་ཁྱེར་ལྟ་བུར་ཞག་རེའི་བརྔན་པ་རིན་དུ་བཅད་པའི་སྨད་འཚོང་དངོས་སམ། གཞན་ཡང་དེ་དང་ཆ་འདྲ་བའི་བུད་མེད་དམ། ཡིད་དུ་འོང་བའི་གཞོན་ནུ་མ་དག་གི་འདོམས་དཀྲིས་སམ། རས་དེ་འདོམས་ལ་དཀྲིར་བཅུག་པས་ཀྱང་རུང་ལ། དེར་གཞོན་ནུ་མའི་རཀྟ་རབ་ནི་རྡོ་རྗེའི་མདའ་མ་ཕོག་པ་དང་པོར་བྱུང་བ་རྙེད་ན་རབ། མིན་ཡང་སྐྱེས་པས་མ་བསླད་ཅིང་སྐྱེ་མཆེད་གཙང་མའི་རྡུལ་ཇི་ལྟར་རྙེད་པ་དང་རྒྱ་སྐྱེགས་སྦྱར་བས་དམར་པོར་བྱས་ལ། གཞུང་ནས་བཤད་པ་སྐུ་འབྲི་བའི་རྫས་དང་བཅས་པས་ཌཱ་ཀི་ནཱིའི་སྐུ་ཆ་ཚད་དང་ལྡན་པ་རྔམས་ཤིང་མཚར་ལ་ཡིད་འཛིན་པ་ཞིག་འབྲི། འབྲི་བ་པོ་རང་ཉིད་དམ་ལྷ་གཟོ་གསོ་སྦྱོང་ལ་གནས་པས་བྱའོ། །དེར་ཡང་རྒྱུ་དང་ཚོན་སོགས་བྱིན་རླབས་སྤྱི་ལྟར་རམ། བསྡུ་ན་པདྨ་མཁའ་འགྲོའི་ང་རྒྱལ་ལ་གནས་ཤིང་རྩ་སྔགས་སོགས་བཟླས་པ་ཙམ་གྱིས་བདག་དང་རྫས་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབས་པར་བྱས་པས་འཐུས་སོ། །བྲིས་ཟིན་པ་དང་མེ་ཏོག་དམར་པོའི་ཕྲེང་བ་གདགས། རབ་ཏུ་གནས་ཤིང་མངའ་དབུལ། ཞལ་ཐང་གི་མཐའ་རྒྱན་སོགས་ཀྱང་ཁ་དོག་དམར་པོ་གཙོ་བོར་བྱ། གཞན་ལ་མི་བསྟན་པར་འཆང་བར་བྱའོ། །གཉིས་པ་བསྙེན་ཐབས་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ནི། གཞུང་ལས། སྐྱེ་མོས་ཚལ་དང་མེ་ཏོག་གི་ལྗོངས༔སོགས་ནས། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་བོ༔ ཞེས་པའི་བར་གྱི་གསལ་ལ། གཉིས་པ་དངོས་གཞི་ལས་ལྷ་སྒོམ་པས་བསྙེན་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ནས། དེ་ནི་ལྷ་བསྒོམས་པས་བསྙེན་པ་འོ༔ ཞེས་པའི་བར་གྱིས་གསལ་བས་རྒྱས་པར་བཤད་མི་དགོས་ལ། དམིགས་པ་མ་ཡེངས་པའི་ལྷ་སྐུའི་གསལ་སྣང་ལ་གནས་པ་དང་ང་རྒྱལ་དང་དག་དྲན་བརྟན་ཞིང་། སྟངས་ཀྱི་སེམས་སེམས་ཅན་ལ་རྗེས་སུ་ཆགས་ཤིང་བདེ་བ་ཆེན་པོའི་ཉམས་ཧུར་ཕྱུངས་ལ། གཙོ་བོའི་སེམས་བདེ་སྟོང་དབྱེར་མེད་མཉམ་པ་ཉིད་ཀྱི་ལྟ་བས་ཟིན་པར་བྱ་བ་ཀུན་ཏུ་གལ་ཆེའོ། །གཉིས་པ་སྔགས་ཟླ་བས་བསྙེན་པ་ནི། དེ་ནས་སྔགས་བཟླ་བ་ནི༔ ཞེས་པ་ནས། དེ་ནི་སྔགས་བཟླས་པས་བསྙེན་པ་འོ༔ ཞེས་པའི་བར་གྱིས་གསལ་བ་ལྟར། དམིགས་རྣམ་གསལ་བའི་སྒོ་ནས་སྔགས་ཀྱི་སྒྲ་སྐྱོན་དང་བྲལ་བར་བཟླ་འོ། །གསུམ་པ་རྗེས་ནི། ཐུན་ཐམས་ཅད་ཀྱི་མཐར་སོགས་ནས། སྨོན་ལམ་དང་བཀྲ་ཤིས་བྱ་འོ༔ ཞེས་པའི་བར་ལྟར་ཉམས་སུ་བླང་ངོ་། །དེ་ཡང་བསྙེན་པ་མ་ཐེམ་པའི་སྐྱོན་དང་ཐེམས་པའི་ཡོན་ཏན་ཤེས་པའི་སྒོ་ནས་སྤྲོ་བ་དྲགས་པོས་བསྙེན་པ་ཉིད་ཇི་ལྟར་ཡིན་པའི་གོ་དོན་ཕྱིན་ཅི་མ་ལོག་པར་བྱས་ནས། ཡེ་ཤེས་ལྷའི་ཐུགས་ཉེ་བར་གྱུར་པའི་མཚན་མ་མཐོང་གི་བར་དུ་བརྩོན་པ་མི་ལྷོད་པར་བྱའོ།། ༈ །།གཉིས་པ་བར་དུ་སྒྲུབ་པ་ལ། སྒྲུབ་པའི་རྟེན་བཅའ་བ་དང་། སྒྲུབ་པའི་ཐབས་རྗེས་རིམ་བཅས་གཉིས་ལས། དང་པོ་ནི། སྒྲུབ་པའི་རྟེན་བཅའ་བ་ནི༔ ཞེས་པ་ནས། རབ་ཏུ་གནས་ལ་ཐོད་པར་བླུག་གོ༔ ཞེས་པའི་བར་གྱིས་གསལ་ལ། སྲོག་འཁོར་མུ་ཁྱུད་བདུན་བསྐོར་བའི་ལྟེ་བ་སོར་བཞི་ཙམ་ལ་གཙོ་མོའི་སྐུ་གཞུང་གི་མངོན་རྟོགས་དང་མཐུན་པར་བྲི། དེའི་གོང་རས་མུ་ཁྱུད་དང་པོ་ལ་བསྙེན་པའི་སྔགས། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་པའི་འབྲུ་བཅུ་གསུམ་པ་འདི་གཙོ་མོའི་དབུ་ཡི་སྟེང་དུ་ཨོཾ་ནས་བརྩམ་སྟེ་གཡོན་སྐོར་ཡིག་ངོ་ནང་བསྟན་དུ་བྲི། ཚར་གཅིག་གམ་མུ་ཁྱུད་དང་བསྟུན་ཏེ་ཚར་ཅི་ཤོང་བྲིས་ཀྱང་རུང་ངོ་། །མུ་ཁྱུད་གཉིས་པར་ཕྱོགས་བཞིར་པདྨ་འདབ་མ་བཞིར་བྱས་ལ། སྐུའི་མདུན་ཕྱོགས་ཤར་དུ་བྱས་ནས་རིམ་བཞིན་གཡས་སྐོར་གྱིས། ཧ་བཛྲ་ཌཱ་ཀི་ནཱི་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ ལྷོར། རི་རཏྣ་སོགས་དེ་བཞིན་འགྲེའོ། །མཆན་བཞི་པོར། སརྦ་ཌཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་ཚར་བཞི་བྲི། མུ་ཁྱུད་གསུམ་པར་སྒྲུབ་སྔགས་དང་ལས་སྔགས་འདོད་གསོལ་བྲི་བར་གསུངས་པས། སྒྲུབ་སྔགས་ནི། ཨོཾ་པདྨ་ཌཱ་ཀི་ནཱི་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ལོ་ཀ་བཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཞེས་དང་། ལས་སྔགས་དངོས་ཆེ་གེ་མོ་ཙཱ་ལ་ཡ་སོགས་ཡིན་ཡང་དགུག་སྔགས་ཀྱང་བྲིས་ན་ལེགས་པར་གསུངས་པས། གོང་གི་སྒྲུབ་སྔགས་ཀྱི་རྗེས་སུ། སརྦ་ལོ་ཀ་ཙིཏྟ་རཾ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཡཾ་ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ ཧྲཱིཿཛཿཧཱུྃ་བཾ་ཧོ༔ སརྦ་ལོ་ཀ་ཙཱ་ལ་ཡ་ཙཱ་ལ་ཡ༔ ཧྲྀ་ད་ཡ་ཧྲྀ་ད་ཡ༔ ཨཱ་ཀརྵཱ་ཡ་ཨཱ་ཀརྵཱ་ཡ༔ བྷནྡྷ་ཡ་བྷནྡྷ་ཡ༔ བཱ་ཤཾ་མ་ན་ཡ་བཱ་ཤཾ་མ་ན་ཡ༔ སཉྩ་ཡ་སཉྩ་ཡ༔ མ་ད་ན་ཡ་མ་ད་ན་ཡ༔ སརྦ་ཀརྨ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་པའི་མཐར་འདོད་གསོལ་རྒྱས་བསྡུས་རང་གིས་ཇི་ལྟར་འདོད་པ་བྲི། དེ་ཡང་ཕྲེང་གཅིག་ལ་ཤོང་ན་དེ་དང་མ་ཤོང་ན་ཕྲེང་གཉིས་སོགས་ཅི་བདེ་བྱ། ཡི་གེའི་དབུ་དང་བསྐོར་ཕྱོགས་ནང་གི་བསྙེན་སྔགས་དང་འདྲ། སྔགས་ཐམས་ཅད་ཚེག་མེད་པ་དང་ཆད་ལྷག་མེད་པ་བྱ་ཞིང་ཕྲེང་གཉིས་སོགས་དགོས་ཚེ་སྔགས་མཇུག་ནང་དུ་འོང་ཞིང་ཐོག་མཐའ་འགྲིག་ངེས་ཀྱི་གོ་མཚམས་ཇི་འོས་བློ་ཡིས་དཔྱད། འདོད་གསོལ་བསྡུ་ན། འདི་འཆང་བ་པོ་ལ་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་འཁོར་འདས་ལམ་གསུམ་གྱི་དཔལ་ཡོན་ལེགས་ཚོགས་དགེ་མཚན་སྙན་གྲགས། ཟས་ནོར་ལོངས་སྤྱོད་སྟོབས་དཔལ་ནུས་པ་བདེ་སྐྱིད་ཆོས་གསུམ་ཚེ་བསོད་གཟི་བརྗིད་ལུང་དང་རྟོགས་པའི་ཡོན་ཏན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་དང་ཇི་ལྟར་འདོད་པའི་དོན་ཐམས་ཅད་ཡིད་བཞིན་ཐོགས་པ་མེད་པར་དབང་དུ་བྱེད་པའི་དངོས་གྲུབ་དམ་པ་བསྩལ་དུ་གསོལ། ཞེས་སོགས་དང་དེ་ལས་བསྡུ་ནའང་རང་བློས་དཔྱད་པར་བྱའོ། །མུ་ཁྱུད་བཞི་པར་དབྱངས་གསལ་རྟེན་སྙིང་གི་མཐར། ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་བཅས་ཚར་གཅིག་གམ་གཉིས་མུ་ཁྱུད་དང་འཚམ་པར་གང་བདེ་བྲི། མུ་ཁྱུད་ལྔ་པར། ཡུ་བ་དང་རྩེ་མོ་བཅས་པདྨ་དམར་པོ་ལས་བྱས་པའི་ལྕགས་ཀྱུ་རྩེ་མོ་ནང་དུ་བསྟན་ནས་གཡོན་སྐོར་དུ་བྲི། དྲུག་པར་རྡོ་རྗེའི་ར་བ། བདུན་པར་མེ་རི་འོད་ཟེར་འཁྱིལ་བ་གཡས་སུ་བསྐོར་བ་བྲི། འདིར་ཡིག་མགོ་ཐམས་ཅད་ཕྱིར་བསྟན་ཡིག་ངོ་ནང་དུ་བསྟན་པའི་གཡས་སྐོར་ཤ་སྟག་ཡིན་ཞིང་། དབྱངས་གསལ་གྱི་མགོ་འཛིན་པ་ཡང་སྒྲུབ་སྔགས་དང་འདྲའོ། །དེ་ལ་དབང་གི་རིལ་བུས་བྱུགས་ཤིང་སྦྱོང་ཁྲུས་བགེགས་བསྐྲད་སོགས་སྔོན་དུ་འགྲོ་བས་རབ་གནས་ལེགས་པར་བྱས་ལ་ལྟེ་བ་མ་ཉམས་པར་བལྟབས་ཏེ་ཟ་འོག་དམར་པོས་དྲིལ་བར་བྱའོ། །དངོས་གྲུབ་ཀྱི་འཁོར་ལོ་ནི། མུ་ཁྱུད་ལྔ་པའི་ལྟེ་བར་ཧྲཱིཿམཐར་བསྙེན་སྔགས་ཤམ་བུར། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་རཏྣ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་བསྐོར། འདིའི་དབུ་འཛིན་པ་ཧྲཱིཿཡིག་གི་མདུན་ནས་གཡས་སྐོར་བྱ། ཁ་ཅིག་གིས་ནང་གི་ས་བོན་གྱི་དབུ་ནས་བསྐོར་བའི་ཕྱག་སྲོལ་འདུག་པས་ལྟེ་བར་ལྷ་སྐུ་ཅན་ལ་དེ་ལྟར་དང་། ས་བོན་ལ་སྔགས་ཕྲེང་བཀོད་ལུགས་ལྟར་ཡོངས་གྲགས་བཞེད་པས་འདིར་ཡང་དེ་ལྟར་བྱ། མུ་ཁྱུད་གཉིས་པར། ཧཿསརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་རཏྣ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ རིཿསརྦ་སིདྡྷི་སོགས་དེའིི་རིགས་འགྲེ་ཕྲེང་གཅིག་གིས་འཁོར་བར་བྱ། མུ་ཁྱུད་གསུམ་པར། སྒྲུབ་སྔགས་དང་དབྱངས་གསལ་རྟེན་སྙིང་མཐར། སརྦ་སིདྡྷི་སོགས་གོང་གི་ཤམ་བུ་དང་འདོད་གསོལ་ཅི་རིགས་བྲི། བཞི་པར་རྡོ་རྗེའི་ཕྲེང་བ། ལྔ་པར་ནོར་བུ་འོད་ཟེར་དང་བཅས་པས་བསྐོར། དབང་དང་དཔལ་ཅན་དངོས་གྲུབ་ཀྱི་རྫས་བྱུག །སྦྱོང་ཁྲུས་དང་རབ་གནས་བྱས་ལ་དར་སེར་པོས་དྲིལ་ལོ། །དབང་གི་རིལ་བུའི་རྫས་ནི་གཞུང་གིས་གསལ། བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་མ་རྙེད་ན་གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཕབས་གཏར་ལྡན་པ་དང་སྨན་སྒྲུབ་སོགས་བཏབ་པས་འཐུས། གཉིས་པ་སྒྲུབ་པའི་ཐབས་ལ། བདག་གི་རྣལ་འབྱོར་ལ་གནས་པའི་བཟླས་པ་ཅི་རིགས་དང་མཆོད་བསྟོད་བྱས་ནས། མདུན་གྱི་རྟེན་རྣམས་ལ་དམིགས་ཏེ། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་དབྱིངས་ལས་སོགས། བདག་བསྐྱེད་ཀྱི་སྐབས་ནས་འབྱུང་བ་ལྟར་གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་བསྟིམས། དབང་བསྐུར་ཞིང་རྒྱས་གདབ་པའི་བར་བྱས་ལ། བཞུགས་གསོལ་ནི། ཧྲཱི༔ དབང་གི་ཕོ་བྲང་འོད་འབར་དབུས༔སོགས། སྒྲུབ་པའི་གཞུང་ནས་བསྟན་པ་ལྟར་བཟླས་པའི་བར་དུ་བྱ། ཐུན་མཐར་རྗེས་རིམ་གཏོར་མ་འབུལ་བ་དང་། མཆོད་བསྟོད་མཎྜལ་སོགས་བྱས་ལ་བསྡུ་ལྡང་སོགས་ཆོ་གའི་གཞུང་ལྟར་བྱ། ཚོགས་ཀྱི་མཆོད་པ་བྱེད་ན་ཟུར་དུ་བཀོལ་བ་ལྟར་ཤེས་པར་བྱའོ། །དེ་ལྟར་བརྩོན་པས་དངོས་གྲུབ་ཀྱི་རྟགས་གཞུང་ནས་བཤད་པ་ལྟར་རྫོགས་པ་ན་དངོས་གྲུབ་ལེན་ཞིང་རྫས་རྣམས་དངོས་གྲུབ་ཀྱི་རྟེན་དུ་འཆང་བ་སོགས་གཞུང་ན་གསལ་ལོ། །དེ་ཡང་སྒྲུབ་པ་ཐེམས་པའི་ཡོན་ཏན། མ་ཐེམ་པའི་སྐྱོན། སྒྲུབ་པའི་ཚུལ་ཇི་ལྟར་ཡིན་པའི་གནད་ཁོང་དུ་ཆུད་པའི་སྒོ་ནས་དུས་གྲངས་རྟགས་ཀྱི་བཟླས་པ་ཚད་དུ་འཁྱོལ་བར་བྱའོ།། ༈ །།གསུམ་པ་མཐར་ལས་སྦྱོར་ལ། གཙོ་བོ་དབང་གི་ལས་དང་། ལས་སྣ་ཚོགས་སྒྲུབ་པ་གཉིས་ལས། དང་པོ་ལའང་ཕལ་བ་དང་མཆོག་གཉིས་ལས། དང་པོ་ལས་སྦྱོར་གྱི་རྟེན་བཅའ་བ་ནི་གཞུང་ན་གསལ། བསྒྲུབ་བྱའི་གཟུགས་ལིང་རྣམས་ཆགས་ཤིང་སྐྲ་གྲོལ་བ་ཡིད་དུ་འོང་བར་བྱ་བ་ལས་དྲག་པོའི་ལིངྒ་ལྟར་ཉམ་ཐག་པ་མི་རུང་ངོ་། །དེའི་ཁོག་ཏུ་གཞུག་པའི་འཁོར་ལོ་ནི། ལྟེ་བ་དང་བཅས་པའི་མུ་ཁྱུད་གཉིས་པ་ཅན་གྱི་ལྟེ་བར་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་ཧྲཱི༔ འདབ་མ་བརྒྱད་ལ་ནྲྀ་བརྒྱད། གོང་རས་མུ་ཁྱུད་དང་པོ་ལ་དམིགས་བྱའི་མིང་རུས་མཐར། ནྲྀ་ཨཱ་ཀརྵཱ་ཡ་ཛཿབཱ་ཤཾ་མ་ན་ཡ་ཧོ༔དང་། མུ་ཁྱུད་ཕྱི་མར་བསྙེན་སྒྲུབ་ལས་སྔགས་སྦྲེལ་མར་བྲི། སྲོག་འཁོར་གྱི་སྐབས་སརྦ་ལོ་ཀ་ཞེས་པའི་ཚབ་ཏུ་དམིགས་བྱའི་མིང་བྲི། དེ་གཟུགས་ཀྱི་སྙིང་གར་བཅུག །ཟངས་ཁབ་སོར་བཞི་པའི་རྩེ་ལ་པདྨ་རཀྟས་བྱུག །དེ་ཕོའི་སྙིང་ག་དང་མོའི་གསང་གནས་སུ་གཟུག །ཁབ་མིག་ནས་སྲད་བུ་དམར་པོ་དྲངས་ཏེ་བྲིས་སྐུའི་ཕྱག་གི་མདེ་འུའི་ཐད་དུ་གདགས་པར་བྱའོ། །ལས་སྦྱོར་དངོས་ལ། མདུན་རྟེན་གྱིས་ལས་ལ་སྦྱར་བ། སྦྱིན་སྲེག་གིས་ལས་ལ་སྦྱར་བ། ཏིང་ངེ་འཛིན་ཁོ་ནས་ལས་ལ་སྦྱར་བ་གསུམ་ལས། དང་པོ་ནི། མདུན་རྟེན་དམིགས་བྱ་དངོས་སུ་གསལ་ཞིང་ཡེ་ཤེས་ཀྱི་ལྷ་རྣམས་ཐུགས་དམ་བསྐུལ་བའི་སྒོ་ནས་དགུག་པ་སྔོན་དུ་འགྲོ་བའི་ལས་སྦྱོར་གྱི་གཞི་བཅའ་བ་དང་། ལས་སྦྱོར་བརྟན་པར་བྱ་བ་དངོས་ཀྱི་དམིགས་པ་བཅས་ལས་སྔགས་ལ་གྲངས་གཟུང་སྟེ་རྟགས་མ་མཐོང་བར་བརྩོན་པ་བསྐྱེད་པར་བྱའོ། །གཉིས་པ་སྦྱིན་སྲེག་གི་ལས་སྦྱོར་ནི་གཞུང་དུ་གསལ་ལ། སྦྱིན་སྲེག་ལ་བརྟེན་ནས་ལས་དམིགས་བསལ་ཏེ་བསྒྲུབ་པ་མིན་ནའང་། དབང་གི་ལས་ལ་འོས་པའི་ས་སྣ་ལས་བསྐྲུན་པའི་མེ་ཐབ་ཟླ་གམ་ཚད་ལྡན་མཁྱིད་གང་བ་སོགས་འདུ་བྱས་ལ་ཐུན་མཐར་སྦྱིན་སྲེག་བྱས་ན་ལས་མྱུར་བས། ལས་སྦྱོར་གྱི་སྐབས་སུ་གཅེས་པ་ཡིན་པས་ཕྱག་ལེན་བླ་མ་དམ་པའི་ཞལ་ཁྲིད་ལས་ཤེས་པར་བྱའོ། །གསུམ་པ་ཏིང་འཛིན་གྱི་དབང་སྡུད་འདི་ནི་རྒྱུན་གྱི་ཉམས་ལེན་གྱི་སྐབས་སྐབས་སུའང་ཅི་རིགས་པར་བྱས་ན་དབང་གི་ལས་ལ་ཟབ་པར་བསྔགས་ཤིང་བསྙེན་སྒྲུབ་ཚད་དུ་ལོངས་པ་རྣམས་ཀྱིས་དེ་ཁོ་ནས་དོན་འགྲུབ་པར་འགྱུར་རོ། །གཞན་ཡང་དབང་གི་ལས་གློ་བུར་དུ་སྒྲུབ་པ་རྣམས་ནི་གཞུང་ཉིད་ན་གསལ་ལོ། །མཆོག་གི་ལས་སྦྱོར་ནི། དབང་བཞི་དང་འབྲེལ་བའི་ལམ་གྱིས་རྡོ་རྗེ་བཞིའི་ཡེ་ཤེས་དབང་དུ་བྱེད་པའི་གནད་ཁྱད་པར་ཅན་ཏེ་གཞུང་ཉིད་ན་གསལ་ཞིང་། བླ་མའི་ཞལ་ཁྲིད་དང་བྱིན་རླབས་འཕོ་བའི་གནད་དང་ལྡན་པས་བསྒོམས་ན་ཟུང་འཇུག་གི་སྐུ་སྒྲུབ་པའི་མན་ངག་ཁྱད་པར་ཅན་ཡིན་ཞིང་། ཅུང་ཟད་རེ་བསྒོམས་པར་བྱས་ནའང་ཐུན་མོང་གི་ལས་སྦྱོར་ལ་རང་བྱན་ཚུད་པའི་གནད་ཁྱད་པར་ཅན་ཡོད་པས། མཁོ་འདོད་ཀྱི་ཨུ་ཚུགས་ཁོ་ནས་འདོད་སྲེད་མེ་ལྟར་འབར་བའི་དབང་སྡུད་ལ་རེ་བ་མི་བཅའ་བར། རང་སེམས་དབང་དུ་བསྡུ་བའི་གནད་འདི་ལྟ་བུ་ལ་མྱོང་བ་ཅུང་ཟད་རེ་ཐོན་པར་བྱ་བ་ནི་དབང་སྡུད་མཁན་པོ་རྣམས་ཀྱི་བྱ་བ་གལ་པོ་ཆེ་ཡིན་ཞིང་། རང་འདོད་ནག་ཆང་དོན་གཉེར་གྱི་ཀུན་སློང་གཙོ་བོར་མི་བྱ་བར་བསྟན་འགྲོ་ལ་སྨན་པའི་ཀུན་སློང་དང་ལྡན་ན། ལས་ཀུན་གྱི་མཆོག་ནི་དབང་གི་ལས་ཡིན་ཏེ། གནོད་པ་མེད་པར་ལས་གཞན་གྱི་འབྲས་བུའང་འདིའི་ཞར་ལ་འགྲུབ་ནུས་པའི་ཕྱིར་རོ། །དེ་ལྟར་ལས་ལ་སྦྱར་པ་དང་མ་སྦྱར་བའི་ཡོན་ཏན་དང་སྐྱོན་ཤེས་ཤིང་། ལས་ཀྱི་སྦྱོར་བའི་ཚུལ་ལ་མ་རྨོངས་ཤིང་བརྩོན་འགྲུས་ལྷོད་པ་མེད་པས་ལས་ཀྱི་འབྲས་བུ་མངོན་དུ་མཐོང་བའི་རིག་སྔགས་ཀྱི་དགའ་སྟོན་ཉམས་སུ་མྱང་བར་བྱ་སྟེ། ཐོག་མར་དབང་དུ་འགྱུར་རུང་གི་ཕལ་བ་ལྟ་བུ་ཞིག་ལ་དངོས་གྲུབ་ལེན་པའི་ཚུལ་དུ་ལས་ལ་སྦྱར་ནས་རྟེན་འབྲེལ་གྱི་སོ་ཁ་མ་ལོག་པར་བྱས་ན་ཕྱིན་ཆད་བརྩམས་པའི་ལས་ཀུན་བདེ་བླག་ཏུ་འགྲུབ་པའི་གནད་ཡོད་པ་དང་། ནམ་མཁོ་བའི་དུས་སུ་རལ་གྲི་ཕྱུང་རྡེག་གི་དཔེ་བཞིན་འགྲུབ་ངེས་ཀྱི་གདིང་ཚོད་དང་ལྡན་པར་བྱ་སྟེ། གཞན་དུ་གནད་མེད་སྟོང་སྐད་ཀྱིས་དགོས་དུས་ཕན་དཀའ་བས་ཐོག་མར་རང་ཉམས་རང་གིས་ཆོད་པའི་གདིང་དང་ལྡན་པར་བྱའོ། །གཉིས་པ་ལས་སྣ་ཚོགས་ལ། ཤེས་རབ་འཕེལ་བ་དང་དུག་ཞི་བ། བསོད་ནམས་རྒྱས་པ། ཚེ་སྒྲུབ་པ། ཆར་དབབ་པ། ཡུལ་འཁོར་སྲུང་བ། གདོན་བགེགས་ཚར་གཅད་པ། ནད་ཞི་བ། སྲིད་སྤེལ་བ། ཡིད་འཕྲོག་པ། གཞན་གྱི་རིག་སྔགས་གཅོད་པ། ཐུན་མོང་གི་གྲུབ་པ་བརྒྱད་སྒྲུབ་པ་རྣམས་ནི་གཞུང་གིས་གསལ། འདིར་རིག་བྱེད་མ་ལ་བསྟེན་པའི་ཚེ་སྒྲུབ་ནི་ཤིན་ཏུ་ཟབ་པར་ཡོངས་སུ་གྲགས་ཤིང་། ཁྱད་པར་མན་ངག་གི་གཞུང་འདི་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་གཞུང་གི་བསྙེན་སྒྲུབ་གཏོང་བ་རྣམས་ཀྱིས་ཚེ་སྒྲུབ་རེ་བྱས་ན་ངེས་པར་ལེགས་ཤིང་། དེའི་དམིགས་བཟླས་རྫས་རྣམས་གཞུང་གིས་གསལ་ཞིང་འདོན་ཆ་ཟུར་དུ་ཤེས་པར་བྱའོ། །གདོན་སྲུང་གི་རྫས་ལ། བྱི་ཀུ་དམར་པོ་སྒོག་པ་ཤུན་པ་དམར་པོ་ཅན་ནོ། །སྔོ་འཆིང་བྱེད་དམར་པོ་ནི་འཆི་མེད་མཛོད་འགྲེལ་སོགས་སུ་བཤད་པའི་ཡིད་འཕྲོག་གི་རྫས་དེ་ཡིན་ཡང་བོད་དུ་འབྱོར་དཀའ། བོད་ཕྱོགས་གནས་ཆེན་རྣམས་སུ་སྔོ་དོན་ཡོད་ཞགས་པ་ཟེར་བ་ཞིག་ཡོད་སྐད་བཤད་ཀྱང་ལག་ལྡུམ་འཕྲོད་མཁན་དཀོན། དེའི་ཚབ་ཏུ་ལྕགས་ཀྱུ་ཅན་གྱི་མེ་ཏོག་གང་རུང་ལས་འོས་མེད་གསུངས། ཨུ་ལཱུ་ཀའིི་ཚིལ་ནི་འུག་པའི་ཚིལ་ལོ། །གྲྀ་ཌྷའི་མར་ནི་བྱ་རྒོད་ཀྱི་རྐང་ངམ་ཚིལ། པདྨ་ཧསྟའི་ལྷྭམ་ཞེས་པ་རྒྱ་གར་དུ་ཤིང་པདྨའི་ལག་པ་ཞེས་པའི་བར་ཤུན་གྱིས་མཆིལ་ལྷྭམ་བཟོས་པ་ཡིན། དེ་བོད་དུ་འབྱོར་དཀའ་བས་མཛོ་མོ་ཤིང་གི་བར་ཤུན་གྱིས་ཆོག་སྐད་འདུག་གསུངས་སོ། །རྨིགས་པ་ནི་བྱེ་མ་མྱུ་གུའོ། །དཔལ་གྱི་སྒོ་ཞེས་པ་ས་འོག་གི་བུག་པའི་མིང་སྟེ་དེར་འཇུག་ནུས་ན་ལྷ་མིན་དང་གནོད་སྦྱིན་གྱི་བུ་མོ་སོགས་ཀྱིས་བཅུད་ཀྱི་ལེན་དང་གཏེར་སྦྱིན་པར་བྱེད་པའི་ཕྱིར་རོ། ཁྭ་ཏའི་ཚང་ཤིང་མཚན་མ་དང་བཅས་པ་ཞེས་པ་ཚང་ཤིང་རྣམས་མ་གོད་པར་རེ་རེ་ནས་ཆུ་ལ་བསྐུར་ན་ཤིང་གཅིག་ཆུས་གྱེན་དུ་ཁྱེར་བའི་མཚན་མ་ཅན་དེ་སྒྲིབ་ཤིང་ཡིན་པར་བཤད་དོ། །དངུལ་ཆུ་དང་མུ་ཟི་འདྲེས་པར་སྦྱར། བྷྲིངྒ་རཱ་ཛ་དངོས་རྒྱ་གར་སོགས་ནས་འབྱུང་བ་བཅུད་ཆེན་པོར་བྱེད་པ་དེ་ཡིན་ལ་ཚབ་ར་མཉེའི་རུང་། མིག་སྨན་སྒྲུབ་པའི་རྫས་ནི་གོང་གི་མིག་སྨན་གྱི་སྐབས་ཀྱི་དེ་ཡིན་ནོ། །པདྨ་ཅན་ནི་བུད་མེད་རིགས་ལྔའི་ནང་ཚན་གྱི་པདྨ་ཅན་ཏེ་བརྟག་ཐབས་སོགས་གཞན་ན་གསལ་བ་བཞིན་ནོ། །དེའི་དང་པོའི་རྡུལ་ནི་ཐོག་མར་བབ་པའི་པདྨ་རཀྟའོ། །སྐྱེ་བ་བདུན་པ་ནི་མི་ནས་མིར་ལན་བདུན་སྐྱེས་པ་སྟེ། དེའི་བརྟག་ཐབས་རྒྱུད་རྣམས་སུ་གསལ་ཞིང་གནམ་སྟོང་གི་དུས་སུ་ཚིལ་ཆེན་གྱི་མེ་སྦར་ལ་བྱ་རྒོད་ཀྱི་རྐང་སྦུབས་ནས་བལྟས་པས་གྲིབ་མ་བདུན་འཆར་བ་དེའི་ལུས་ཀྱི་གནས་གང་རུང་དུ་གི་ཝཾ་ལྟར་ཆགས་པ་ནི་རོ་ཙ་ན་སྟེ་དེ་རྙེད་ན་མཁའ་སྤྱོད་ཀྱི་རྫས་མཆོག་ཡིན་ནོ། །མ་རྙེད་ན་སྐྱེ་བ་བདུན་པའི་ཀླད་པ་སོགས་ཀྱིས་ཚབ་རུང་ཙམ་བཤད། ཡུལ་དག་པའི་ཤ་ལྔ་ཞེས་པ་མི་རྟ་ཁྱི་བྱ་གླང་པོ་ལྔའི་ཤ་སྡིག་མེད་དུ་རྙེད་པའོ། །བདུད་རྩི་ལྔ་ཡོངས་གྲགས། རིལ་བུ་དེ་དག་ནང་དུ་གསེར་གྱིས་དྲིལ། ཕྱི་ནས་དངུལ། དེའི་ཕྱི་ནས་ཟངས་ཀྱི་སྒྲོམ་བྱས་པའོ། །རྫས་འདི་དག་གྲུབ་པའི་མཚན་མ་གསུམ་ནི། ཐ་མ་དྲོ་བ་དང་། འབྲིང་དུ་བ་འཐུལ་བ། རབ་མེ་འབར་བའོ། །དབང་གི་བདུག་རྫས་བསྡུ་ཐབས་རྒྱས་བསྡུས་སྣ་ཚོགས་འདུག་རུང་། དོན་དུ་དབང་གི་རྫས་དང་སྤོས་སྦྱོར་བསྲེས་པས་འཐུས། དེ་ཡང་རྒྱས་བསྡུས་འཚམ་པའི་དབང་དུ་བྱས་ན། པདྨ་རཱ་ག་དངོས་སམ་མ་འབྱོར་ན་ནལ་སྨུག་དང་། དེའང་མ་འཛོམ་ན་རྡོ་པདྨ་རཱ་ག །ཟངས་ཕྱེ་མཚོན་ཙམ། རྡོ་སྤོས། དྲིའི་རྫས་ནཱ་གི །གླ་རྩི། ཁ་ཆེ། གུར་གུམ་རྣམས་ཅི་འབྱོར། ཤིང་ཚ། ག་པུར། ཁྱད་པར་གྱི་རྫས་ཙནྡན་དམར་པོ། གླང་སྣ་དང་ལུག་རུ་དམར་པོ་ལྟ་བུའི་ལྕགས་ཀྱུ་ཅན་གྱི་མེ་ཏོག །ཨུག་ཆོས་དམར་པོ། ལ་ཕུག་དམར་པོ། ལན་ཚྭ་དམར་པོ་ཕྲན་བུ། ཤུ་དག་ནག་པོ། ཏོང་ཀུ་འདི་རྣམས་ཕྱེ་མར་བྱས་ཏེ་ཆང་ལ་པདྨ་རཀྟ་བཏབ་པས་སྦོལ། བྱང་སེམས་མཚོན་བྱེད་ཆོས་སྨན་བཏབ། དབང་ལག་གི་དམ་བཅས་རེང་བུའམ། རིལ་བུ། ཕུར་མ་གང་བདེར་བྱའོ་ཞེས་བླ་མའི་ཞལ་ནས་གསུངས་སོ། །འདིར་སྨྲས་པ། ཁྲོས་པའི་ཁྲོ་གཉེར་དང་བཅས་དཔུང་གི་ཚོགས། །དུས་ཀྱི་སྤྲིན་ལྟར་བསྡུས་ཀྱང་གདུལ་དཀའ་བའི། །ཆེ་བའི་རྒྱལ་ཐབས་མཐོན་པོར་འཛེགས་རྣམས་ཀྱང་། །རིག་སྔགས་ཨུཏྤལ་མདེ་འུས་སྙིང་རྨས་ནས། ཁེངས་པ་སྤངས་པས་སོར་བཅུའི་འདབ་མ་དག །ཞབས་སེན་ཟླ་བའི་དྲུང་དུ་ཟུམ་བྱེད་པའི། །ཐབས་འདི་མི་ཤེས་གྱི་ནའི་ཐབས་གཞན་གང་། །ཚོལ་བ་དེ་དག་བློ་མིག་ལྡན་ནམ་ཅི། །རྡོ་རྗེ་འཆང་གིས་རྗེས་སུ་གནང་བ་ཡི། །ཐབས་ཚུལ་འདི་འདྲར་སྨོད་པའི་ཟོལ་འཛིན་ཀྱང་། །འདོད་ཡོན་འདོད་པའི་འདོད་སྲེད་མེ་འབར་བ། །འདོད་ལྡན་ངོ་ཚ་མེད་རྣམས་སྨྲ་བ་སྐྱུངས། །ཆོས་ཉིད་ཀུན་གསལ་ལམ་དུ་སྙིང་རྗེའི་སྤྲིན། །མཐོན་མཐིང་ནོར་བུའི་རི་དབང་ལྟར་བཀྲམ་པར། །རིག་སྔགས་གློག་དམར་མཛེས་པའི་ཕྲེང་བ་འདི། །སྲིད་འདིར་ཡང་ནས་ཡང་དུ་རྩེན་པར་འདོད། །རྗེས་ཆགས་དགའ་བའི་འདབ་ལྡན་ཨུཏྤལ་མིག །འཛུམ་བཅས་སྙིང་རྗེའི་ཡུལ་ལ་རྟག་འཇུག་པ། །བདེ་ཆེན་ཆགས་པའི་བརྟུལ་ཞུགས་རྨད་བྱུང་འདིས། །གདུལ་དཀའི་འགྲོ་ཀུན་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་གངས་ཅན་ན་འགྲན་ཟླ་དང་བྲལ་བའི་མཁས་ཤིང་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་ཚུལ་འདིའི་སྨིན་གྲོལ་ལེགས་པར་ནོས་ཤིང་། འདི་ལྟ་བུ་བྲིས་ཤིག་པའི་གསུང་གི་རྗེས་སུ་གནང་བ་ལ་བརྟེན་ནས་བདག་མི་ཕམ་རྣམ་པར་རྒྱལ་བའམ་པདྨ་བཞད་པ་རྩལ་གྱིས་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འདིས། མཐའ་ཡས་པའི་འགྲོ་བ་ཀུན་གྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་གཟུགས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཌཱ་ཀི་ནཱིའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །མངྒལཾ།། །།
གསུར་མཆོད་དཀར་དམར་ཤིན་ཏུ་ཁྱེར་བདེ་ (Volume 43, Text 37)
གསུར་མཆོད་དཀར་དམར་ཤིན་ཏུ་ཁྱེར་བདེ་བཞུགས་སོ། །ན་མོ་གུ་རུ། སྔ་དྲོའི་ཆར་ཕྱེ་གཙང་ལ་དཀར་མངར་རིན་ཆེན་སྨན་སྣ་ཚོགས་བསྲེས་པ་དང་། དགོང་མོར་ཤ་ཆང་ཟས་སྣ་བསྲེས་པའི་ཕྱེ་འཕུར་དང་། བར་དོའི་འགྲོ་བ་ལ་ཕན་གདགས་གཙོར་བྱེད་ན་ནམ་ཡང་མྱང་གྲོལ་གྱི་དམ་རྫས་བསྲེ་བ་གནད་དུ་ཆེ་ཞིང་། དེ་ལྟ་བུའི་གསུར་རྫས་མེ་ལ་བཏབ། ཆབ་བྲན་ལ། བདག་དང་མཁའ་མཉམ་སེམས་ཅན་རྣམས༔ སྐྱབས་ཡུལ་ཀུན་འདུས་སྤྱན་རས་གཟིགས༔ མགོན་པོ་ཁྱོད་ལ་སྐྱབས་སུ་མཆི༔ ཁྱོད་ནི་བྱང་ཆུབ་ཐུགས་བསྐྱེད་ལྟར༔ མཁའ་ཁྱབ་འགྲོ་བ་བསྒྲལ་བའི་ཕྱིར༔ སངས་རྒྱས་མྱུར་དུ་འཐོབ་པར་བྱ༔ སེམས་ཅན་མ་ལུས་བདེ་དང་ལྡན༔ སྡུག་བསྔལ་ཐམས་ཅད་ཀུན་བྲལ་ནས༔ མཆོག་གི་བདེ་ལས་འབྲལ་མེད་པའི༔ ཉེ་རིང་བཏང་སྙོམས་ལ་གནས་ཤོག༔ ཅེས་སྐྱབས་སེམས་དང་ཚད་མེད་བསྒོམ། རང་ཉིད་སྐད་ཅིག་སྤྱན་རས་གཟིགས༔ ཁ་སྱྣ་ཎིའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། བསྲེག་རྫས་ཨོཾ་ཨཱཿཧཱུྃ་གསུམ་ལས༔ ཡེ་ཤེས་མཆོད་སྤྲིན་འཕྲོ་བར་བསམ༔ བསླུ་མེད་དཀོན་མཆོག་གསུམ་རྣམས་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བསྐྱབ་ཏུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བྱིན་གྱིས་རློབས༔ ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བར་ཆད་སོལ་ལ་ཕྲིན་ལས་སྒྲུབས༔ ཕ་མས་གཙོར་བྱས་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག༔ བར་དོར་གནས་པའི་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ འཁྲུལ་སྣང་སྡུག་བསྔལ་ཞི་བར་ཤོག༔ ལན་ཆགས་དགྲ་བགེགས་ཐམས་ཅད་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ བུ་ལོན་ཤ་མཁོན་བྱང་བར་ཤོག༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྦྱིན་པས་དོན་རྣམས་གྲུབ་པ་བཞིན༔ ཆོས་ཉིད་རྣམ་དག་བདེན་པ་ཡིས༔ སྨོན་ལམ་ཐམས་ཅད་འགྲུབ་པར་ཤོག༔ ཅེས་དང་སམྦྷ་ར་བདུན། ཡིག་དྲུག །ཀཾ་ཀ་ནི་སོགས་བརྗོད། བདག་གི་བསམ་པའི་སྟོབས་དག་སོགས་བདེན་བརྗོད་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས་ཆོས་སྦྱིན་བྱས་ལ་དགེ་བསྔོ་དང་སྨོན་ལམ་གང་འོས་བྱའོ།། ༈ །།ཡང་རྒྱུན་གྱི་འཆི་བསླུ་ལ་ཟབ་པའི་དམར་གསུར་ནི། སྲོད་དུས་སུ་ཕྱེ་མར་ལ་ཤ་ཁྲག་འབྲུ་སྨན་སྣ་ཚོགས་སྦྱར་བ་བསྲེག །སྐྱབས་སེམས་གང་རུང་བྱ། རང་ཉིད་སྤྱན་རས་གཟིགས་སུ་གསལ༔ ཨོཾ་ཨཱཿཧཱུྃ༔ གསུམ། གསུར་མཆོད་འདོད་ཡོན་ལྔ་ལྡན་པ༔ མཁའ་ཁྱབ་དབང་པོ་ཚིམས་བྱེད་གྱུར༔ སམྦྷ་རའི་སྔགས་ལན་བདུན་བརྗོད། ཨོཾ་ ཤ་ཁྲག་འབྲུ་སྨན་སྦྱར་པ་ཡི༔ གསུར་མཆོད་འདོད་ཡོན་ལྔ་ལྡན་འདི༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཚེ་དང་སྲོག་ལ་བར་གཅོད་པའི༔ འཆི་བདག་གཤིན་རྗེ་མ་མོའི་སྡེ༔ འབྱུང་པོ་ཤ་ཟ་གནོད་སྦྱིན་ཚོགས༔ སྲིན་པོ་ཤ་ཟ་ཡི་དྭགས་ཚོགས༔ མ་རུངས་གདུག་པའི་སེམས་འཆང་བ༔ འཁོར་དང་བཅས་པ་ཀུན་ལ་བསྔོ༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བུ་ལོན་ལན་ཆགས་བྱང་བ་དང༔ ཁྲོས་ཤིང་འཁྲུགས་པའི་སེམས་ཀུན་ཞི༔ དུས་མིན་འཆི་བའི་འཇིགས་པ་དང༔ ནད་དང་གནོད་པ་ཀུན་ལས་ཐར༔ ཕན་དང་བདེ་བའི་སེམས་སྐྱེས་ནས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཅེས་དང་ཡིག་དྲུག་བརྗོད། བསྔོ་སྨོན་གང་འོས་བྱས་པས་དུས་མིན་གྱི་འཆི་བ་ཟློག་ཅིང་གློ་བུར་བར་ཆད་ཞི་བར་གསུངས་སོ། །སྔ་མ་ནི་གཏེར་གསར་ཐུགས་རྗེ་ཆེན་པོའི་ཆོས་སྤྱོད་དང་། ཕྱི་མ་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་བྱུང་བའོ།། ༈ །།གསུར་བསྔོ་སོགས་ཀྱི་མཐར་སྨོན་ལམ་ཅུང་ཟད་རྒྱས་པར་སྤྲོ་ན། ཧོ༔ ཆོས་དབྱིངས་རྣམ་པར་དག་པ་ཡི༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད༔ རྟེན་ཅིང་འབྲེལ་བར་འབྱུང་བ་ཡི༔ དགེ་ཚོགས་དཔག་མེད་འདི་ཡི་མཐུས༔ རྒྱལ་བའི་བསྟན་པ་དར་གྱུར་ཅིག༔ དམ་ཆོས་ཡུན་དུ་གནས་པ་དང༔ དགེ་འདུན་ཆོས་ཀྱིས་འཚོ་བར་ཤོག༔ བླ་མའི་སྐུ་ཚེ་བརྟན་པ་དང༔ དགོངས་བཞེད་མ་ལུས་འགྲུབ་པར་ཤོག༔ ཡི་དམ་བསྙེན་ཅིང་འགྲུབ་པ་དང༔ དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ མ་མོ་མཁའ་འགྲོའི་མཁོན་པ་སྦྱང༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང༔ སྲུང་མའི་བཀའ་ཆད་མི་འབྱུང་ཞིང༔ བདག་དང་མཐའ་ཡས་སེམས་ཅན་གྱིས༔ ཚེ་རབས་ཐོག་མ་མེད་པ་ནས༔ བསགས་པའི་ལས་ངན་སྡིག་སྒྲིབ་དག༔ རྐྱེན་ངན་བར་ཆད་ཞི་བ་དང༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ དམྱལ་བའི་ཚ་གྲང་སྡུག་བསྔལ་ཞི༔ ཡི་དྭགས་བཀྲེས་སྐོམ་མེད་གྱུར་ཅིག༔ དུད་འགྲོ་འཇིགས་པ་ཆེ་ལས་ཐར༔ ལྷ་རྣམས་ཆོས་སྤྱོད་ཕམ་ལྟུང་བྲལ༔ ལྷ་མིན་འཐབ་རྩོད་ཞི་གྱུར་ཅིག༔ མི་རྣམས་ཆུ་བོ་བཞི་ལས་སྒྲོལ༔ བར་དོའི་སེམས་ཅན་རང་ངོ་འཕྲོད༔ མདོར་ན་སྐྱེ་དགུ་ཐམས་ཅད་ཀུན༔ ངན་འགྲོའི་འཇིགས་ལས་རབ་ཐར་ནས༔ བླ་མེད་བྱང་ཆུབ་གནས་ཐོབ་ཤོག༔ འདིར་གནས་ལུས་ཅན་ཐམས་ཅད་ཀུན༔ ཚེ་རིང་ནད་མེད་མཐུན་རྐྱེན་འབྱོར༔ ལས་དང་བྱ་བ་ཐམས་ཅད་ཀུན༔ ཕར་ཕྱིན་དྲུག་ལ་སྦྱར་ཏེ་སྤྱོད༔ རྟག་པར་དགེ་བ་འཕེལ་བར་ཤོག༔ བདག་གི་བྱ་བ་ཆེ་ཕྲ་ཀུན༔ དགེ་བའི་ལས་ལ་འཇུག་བཞིན་དུ༔ རྣམ་དཀར་ཤེས་རབ་ལས་བརྩམ་པའི༔ གཞན་ལ་སྙིང་རྗེས་ཕན་བདེ་སྦྱིན༔ དགེ་བ་དེར་གནས་བསམ་གཏན་དང༔ དེ་ཡི་ཐབས་ལ་འབད་པས་བརྩོན༔ གང་བྱའི་ཚུལ་ལས་མི་ལྡོག་ཅིང༔ དྲིན་མི་དྲན་འཁུ་རྣམས་ལས་བཟོད༔ བག་ཡོད་དེ་ལྟར་སྤྱད་བཞིན་དུ༔ ལོ་བརྒྱ་དག་ཀྱང་འཚོ་བར་ཤོག༔ སྤྱན་རས་གཟིགས་ཀྱི་སྨོན་ལམ་བཞིན༔ བདག་གི་སྨོན་ལམ་འགྲུབ་པར་ཤོག༔ ཅེས་བརྗོད་པར་བྱའོ། །སརྦ་མངྒ་ལཾ།། །།
དམ་ཆོས་སྙིང་པོ་སྐོར་ལྔ་ལས། ཡི་དམ་བཀའ་འདུས་སྙིང་པོའི་དབང་གི་ཆོ་ག་དངོས་གྲུབ་ཡང་སྙིང་ (Volume 16, Text 37)
༄༅། །དམ་ཆོས་སྙིང་པོ་སྐོར་ལྔ་ལས། ཡི་དམ་བཀའ་འདུས་སྙིང་པོའི་དབང་གི་ཆོ་ག་དངོས་གྲུབ་ཡང་སྙིང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་གརྦྷ་མཎྜ་ལཱ་ཡ། རྒྱལ་བ་ཞི་ཁྲོའི་ཚོགས་ཆེན་པོ། །གཅིག་བསྡུས་གསང་བའི་འཁོར་ལོར་འདུད། །གང་དེའི་དབང་བསྐུར་སྙིང་པོ་ཡང་། །ཇི་ལྟར་ནོད་བཞིན་རབ་གསལ་བྱ། །འདི་ལ་མདུན་བསྐྱེད་སྒྲུབ་ཆེན་གྱི་ལུགས་སུ་སྦྲེལ་བའི་དབང་བསྐུར་ན་སྔོན་འགྲོ་འཇུག་པའི་ཆོས་སོགས་རྡོ་རྗེ་བཀོད་པ་དང་བསྟུན་དགོས་ལ། འཇུག་བདེའི་དབང་བསྐུར་སྙིང་པོ་ནི་བཀའ་འདུས་རྩ་སྒྲུབ་ལས་ཁ་སྐོང་བ་ཕྱག་བཞེས་ཡིན་པས་དེ་ལྟར་བྱ་བ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། དབེན་པའི་གནས་སུ་དཀྱིལ་འཁོར་རས་བྲིས་ཡོད་ན་ཞི་ཁྲོ་སྟེང་འོག་བརྩེགས་མར་འགོད་དགོས་ལ། དཀྱུས་མཐུན་ཙམ་དུ། ཚོམ་བུ་དགུ་པའི་མཎྜལ་གྱི་སྟེང་དུ་རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡས་སུ་རིགས་ལྔའི་དབུ་རྒྱན་དར་དཔྱང་དང་བཅས་པ། གཡོན་དུ་རྡོར་དྲིལ། རྒྱབ་ཏུ་ཐོད་ཆང་དང་རིག་ཙཀ །ཚེ་བུམ་སྨན་ཐོད་ཕྱོགས་བསྡུས། མདུན་དུ་བཀྲ་ཤིས་རྫས་རྟགས་གཅིག་བསྡུས་ཀྱི་ཙཀ་ལི་རྣམས་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། མཆོད་ཚོགས་གཏོར་མའི་བྱེ་བྲག་སོགས་འཚོགས་པར་བྱས་ནས། ལས་བྱང་གི་སེམས་བསྐྱེད་ནས་བརྩམ་འདོད་གསོལ་གྱི་བར་དུ་གཏང་ཞིང་བདག་མདུན་དབྱེར་མེད་དུ་བསྒོམ། ཛཔ྄་ཀྱི་དགོངས་པ་གསལ་བཏབ་ནས་བཟླས་པ་ཅི་ནུས་བྱ། རྟོགས་པས་མ་ཆུན་ན་བུམ་བཟླས་སྤྱི་ལྟར་ཟུར་དུ་བྱས་ལ་མཆོད་བསྟོད་ནོངས་བཤགས་སྨོན་ལམ་གསོལ། ལས་བུམ་དབྱིངས་ཕྱུག་མའི་སྔགས་ཀྱིས་བྱིན་བརླབས། རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ལ་དང་པོ་འཇུག་པ་ནི། སློབ་བུ་རྣམས་ཁྲུས་ནས་དབྱུང། བགེགས་བསྐྲད། མཚམས་བཅད་ལ། མཚམས་སྦྱོར་དམིགས་གསལ། དེ་ལ་འདིར་ཁྱབ་བདག་དང་པོའི་མགོན་པོ་ཉིད་རྡོ་རྗེ་སློབ་དཔོན་གསང་བ་ཀུན་གྱི་བདག་པོའི་ཚུལ་དུ་བསྟན་པ་གུ་རུ་པདྨ་རྩལ་དེ་ཉིད་ཀྱིས་གངས་ཅན་གྱི་ལྗོངས་སུ་སྣོད་ལྡན་ཐུན་མོང་མ་ཡིན་པ་མངའ་བདག་རྗེ་འབངས་རྣམས་ལ་གསང་བ་ཟབ་མོ་ཇི་སྙེད་ཅིག་བསྩལ་པ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ། དམ་ཆོས་སྙིང་པོ་སྐོར་ལྔ་ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་སྐལ་བར་གནང་ནས་མདོ་ཁམས་རོང་རྨེ་དཀར་མོ་སྟག་ཚང་དུ་མི་འཇིག་པའི་གཏེར་རྒྱས་བཏབ་པ། དེང་སང་འདུལ་བའི་དུས་སུ་སོན་པ་ན་ལྷ་སྲས་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གནས་མཆོག་དེ་ཉིད་ཀྱི་གུ་རུའི་གསང་ཕུག་གོང་མའི་གཡས་གདོང་ནས་སྤྱན་དྲངས་ཏེ་གཏན་ལ་ཕབ་པའི་ནང་ཚན། རྩ་བ་གསུམ་གྱི་སྙིང་པོ་རྣམས་རྒྱུད་ལུང་མན་ངག་གི་རིམ་པ་དང་མཐུན་པར་བཞུགས་པ་ལས། འདིར་ལུང་ཨ་ནུ་དང་མཐུན་པར་བཀྲལ་པའི་ཡི་དམ་བཀའ་འདུས་སྙིང་པོའི་དབང་བསྐུར་བསྒྲུབ་པ་སྟེ། དེའང་ཇི་སྐད་དུ། ལུང་གི་སྒྲུབ་སྡེ་བཀའ་འདུས་ཀྱང༔ རྒྱས་པར་ཐེག་པ་རིམ་པ་དགུ༔ བསྡུ་ན་སུམ་ཅུ་རྩ་གཉིས་པ༔ དེ་ཡང་བསྡུ་ན་དབང་བཞི་འོ༔ ཞེས་གསུངས་པ་ལྟར་སྙིང་པོར་བསྡུས་པའི་དབང་བཞི་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བཅས། ཨོཾ་ཙཀྵུ་རྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ༔གིས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་སྤྲད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ བདག་ལ་ཐུགས་རྗེས་ཉེར་དགོངས་ནས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བཅུག་ཅིང་དབང་རྣམས་བསྐུར་དུ་གསོལ༔ ལན་གསུམ། ཐོག་མར་ཀུན་རྫོབ་བྱང་ཆུབ་སྙིང་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་དང་མཐའ་ཡས་སོགས་ལས་བྱང་ལྟར་ལན་གསུམ། དོན་དམ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མའོ་ངོ་མཚར་རྨད་ཀྱི་སོགས་གསུམ། སླར་ཡང་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཡེ་ཤེས་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་བཅུག་པར་མཛད་ནས་ཀྱང༔ ཐུགས་རྗེས་ལྷ་ཞལ་བསྟན་པ་དང༔ ཐར་པའི་ལམ་ལ་འགོད་དུ་གསོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་གནང་བ་བྱིན་པར་མོས་ཤིག ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་དུ༔ སྐལ་པ་ལྡན་པ་ཁྱོད་གཞུག་པས༔ བདེ་བ་བླ་ན་མེད་པ་ཐོབ༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ ཞེས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞུགས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ དམ་ཚིག་གི་ཆུ་ནན་ཡི་གེ་ཧཱུྃ་གི་རྣམ་པར་ཁྱེད་རང་རྣམས་ཀྱི་སྙིང་གར་ཡལ་གམ་བཅས་པའི་ཐ་ཚིག་གི་དཔང་པོར་བཞུགས་པར་མོས་ཤིག །བདུད་རྩིའི་དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་བ་ཆེན་པོར་ལྟུང༔ རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་རྒྱུད་བྱིན་གྱིས་རློབ་པའི་ཕྱིར་ལྷ་དབབ་པ་ལ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་བཅིངས་ཏེ་དམིགས་པ་འདི་ལྟར་དུ་མཛོད། སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་མཐིང་ག་རྡོར་དྲིལ་འཛིན་ཅིང་རང་འོད་ཀྱི་ཡུམ་དང་སྦྱོར་བ་དར་དང་རུས་པ་རིན་པོ་ཆེས་བརྒྱན་ཅིང་ཞབས་གཡས་བརྐྱང་གིས་བཞུགས་པའི་སྙིང་གར་ཆུ་ནན་དང་གཉིས་སུ་མེད་པའི་མི་ཤིགས་པའི་ཐིག་ལེ་ཧཱུྃ་ཡིག་འབར་བའི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་དཀྱིལ་འཁོར་བ་བསྐུལ། སངས་རྒྱས་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཧཱུྃ་ཡིག་གི་རྣམ་པར་ཆར་ལྟར་བབས་ནས་སྙིང་གའི་ཧཱུྃ་ལ་ཐིམ་པའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་གང་བས་བདེ་ཆེན་བཟོད་མེད་དུ་འབར་བའི་མོས་པ་མཛོད། སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ཞེས་རོལ་མོ་སྦྱར་སྤོས་དང་བཅས་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱས། སྔར་བྱིན་པའི་མེ་ཏོག་དེ་ཉིད་སྔོན་ནས་ལས་འབྲེལ་ཡོད་པའི་རིགས་ཀྱི་ལྷ་ལ་འབབ་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས། ཧཱུྃ༔ བསྐལ་པ་གོང་ནས་འབྲེལ་པ་ཡི༔ བདག་གི་ལྷ་མཆོག་གང་ཡིན་ལ༔ མེ་ཏོག་བཟང་པོ་འདི་འབུལ་གྱིས༔ ཐུགས་རྗེའི་བརྩེ་བས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །མེ་ཏོག་འཁོར་ལོའི་བདག་པོའི་དབུ་ལ་བབས་པས་ལྷག་པའི་ལྷར་གཏད་པར་མོས་ཤིག །པུཥྤེ་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཏིཥྛ༔ ཞེས་མེ་ཏོག་སླར་མགོར་བཀོད། ཡེ་ཤེས་ཀྱི་ཐུར་མས་མ་རིག་པའི་ལིང་ཏོག་བསལ་བར་མོས་ཤིག །ཧོ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་མཐོང༔ བསྐལ་པར་བསགས་པའི་སྡིག་སྒྲིབ་འདག༔ དངོས་གྲུབ་བཟང་པོ་ཐོབ་ནས་ཀྱང༔ མྱུར་དུ་རྒྱལ་བའི་སྲས་སུ་འགྱུར༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། དག་པ་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་པས་དཀྱིལ་འཁོར་པ་རྣམས་མངོན་སུམ་མཇལ་བར་མོས་ཤིག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། དབང་དངོས་གཞི་ཕྱི་ནང་སྒྲུབ་གསང་བཞིར་བཞུགས་པའི་དང་པོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། བུམ་པ་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དམ་ཡེ་དབྱེར་མེད་དུ་གསལ། ནམ་མཁའ་གང་བའི་དབང་གི་ལྷ་རྣམས་ཀྱིས་བུམ་པ་ཐོགས། བཀྲ་ཤིས་པའི་སྒྱུ་འཕྲུལ་དུ་མས་དབང་བསྐུར་བ་ཙམ་གྱིས། བུམ་ནང་གི་ལྷ་ཚོགས་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ལྔའི་ཆུ་རྒྱུན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཞུགས་པས་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་དག །བཀྲ་ཤིས་པའི་རྫས་ཀྱིས་མངའ་གསོལ་བས་གསང་བའི་བསྟན་པ་རྟག་ཅིིང་ཁྱབ་པའི་བཀྲ་ཤིས་ཀྱི་རྟེན་འབྲེལ་བསྒྲིགས་པར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་སྲས་བཅས་ཞུ་བའི་ཆུས༔ སྐལ་ལྡན་རྣམས་ལ་ཁྲུས་བགྱིས་ཤིང༔ བཀྲ་ཤིས་རྫས་ཀྱིས་མངའ་གསོལ་བས༔ སྒྲིབ་གཉིས་མ་ལུས་བྱང་གྱུར་ཅིག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རྫས་བརྒྱད་ལག་ཏུ་གཏད། མངྒ་ལ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ༔ དབུ་རྒྱན་རིགས་ལྔའི་རང་བཞིན་སྤྱི་བོར་བཅིངས་ཤིང་ཐབས་ཤེས་ཟུང་དུ་འབྲེལ་བའི་རྟགས་ཀྱི་རྒྱ་རྡོར་དྲིལ་ལག་ཏུ་གཏད་དེ་ཞིང་ཁམས་ཀུན་ཏུ་གྲགས་པའི་རྡོ་རྗེའི་མིང་བཏགས་པས་དམིགས་པ་འབྲས་བུ་སྐྱེ་བའི་ས་བདུན་པ་མན་ཆད་ལ་དབང་བསྒྱུར་བར་མོས་ཤིག །དབང་རྫས་སོ་སོ་སྦྱིན་ལ། ཧཱུྃ༔ སྙིང་པོ་ལྔ་དང་ཕྱག་མཚན་ལྔ༔ དེ་ལས་རིགས་ལྔས་དབུ་བརྒྱན་པ༔ རྡོ་རྗེ་དྲིལ་བུ་རིག་པ་འཛིན༔ རྡོ་རྗེའི་མིང་ནི་ཕྱོགས་བཅུར་གྲགས༔ ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་ཕྱི་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ཕྱི་ཕན་པའི་དབང་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་རགས་པ་འཁྲུད། རྣལ་འབྱོར་ཕྱི་པ་མན་ཆོད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་ནང་དབང་འབྱུང་བའི་ཆུ་བོ་བསྐུར་བ་ལ་འདུན་པ་འདི་བཞིན་མཛོད། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྒྱུན་ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས་པས་སྒྲིབ་པའི་དྲི་མ་བསལ་ནས་ཡེ་ཤེས་ཀྱི་རྩ་སྒོ་ཕྱེས། དབང་པོ་དང་ཡན་ལག་གི་གནས་བཅུའི་ཐིག་ལེ་ལ་ཐིམ་པས་གསང་རྒྱུད་ཟབ་མོ་རྣམས་འཆད་ཉན་སྒོམ་པའི་ཕྲིན་ལས་ཐོགས་མེད་དུ་སྤྱོད་ཅིང་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་། ས་བརྒྱད་པ་གནས་པ་མི་འགྱུར་བའི་ས་ནོན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ཅིང་གནས་རྣམས་ཐིག་ལེ་བྱས་ལ། ཧཱུྃ༔ བླ་མ་ལྷ་ཚོགས་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ བུ་ཡི་རྩ་སྒོ་ཐམས་ཅད་བྱེ༔ གནས་བཅུའི་ཐིག་ལེ་ལ་ཐིམ་པས༔ འཆད་ཉན་སྒོམ་དང་ལས་བྱེད་པ༔ རྡོ་རྗེ་སློབ་དཔོན་དབང་ཐོབ་ཤོག༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་ནང་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་ནང་དབང་འབྱུང་བའི་ཆུ་བོ་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་འབྲིང་པོ་འཁྲུད། མ་ཧཱ་ཡོ་ག་མན་ཆད་ཀྱི་ཐེག་པ་མཐའ་དག་བཤད་ཅིང་སྒྲུབ་པ་ལ་དབང་། མཐར་ལམ་དང་པོ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །གསུམ་པ་སྒྲུབ་དབང་གྲགས་པའི་ཆུ་བོ་བསྐུར་བ་ལ་འདུན་པ་འདི་ལྟར་མཛོད། བྱིན་གྱིས་རླབས་པའི་རིག་མ་གཏད་པ་དང་འདུ་ཤེས་སུམ་ལྡན་ཐབས་ཆེན་གྱིས་རོལ་པས་སེམས་ཉིད་འོད་གསལ་དུ་དྭངས་པའི་རྩལ་སྣང་བདེ་ཆེན་གྱི་རོལ་མོ་ཡོངས་སུ་འཕེལ། འཆི་མེད་རྡོ་རྗེའི་ཚེ་དང་དངོས་གྲུབ་བདུད་རྩིའི་སྨན་མཆོག་སོགས་ཐུན་མོང་དང་ཁྱད་པར་གྱི་སྒྲུབ་རྫས་རྣམས་ཀྱི་དབང་བསྐུར་ཡོངས་སུ་རྫོགས་ཏེ་བརྡལ་བ་ཆོས་ཉིད་ཀྱི་ས་དགུ་པ་ནོན་པའི་མོས་པ་མཛོད། རིག་ཙཀ་ཚེ་འབྲང་སྨན་ཐོད་རྣམས་གཏད་ལ། ཧཱུྃ༔ སྒྲུབ་པའི་རྫས་མཆོག་རིག་མ་ལ༔ ཐབས་ཀྱིས་རོལ་པས་བདེ་ཆེན་འཕེལ༔ རྡོ་རྗེའི་ཚེ་དང་བདུད་རྩི་སྨན༔ སྒྲུབ་རྫས་རྣམས་ཀྱི་དབང་ཐོབ་ཤོག༔ མ་ཧཱ་སུ་ཁ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་སྒྲུབ་པ་ཁྱད་པར་ཅན་གྱི་དཀྱིལ་འཁོར་དུ་སྒྲུབ་དབང་གྲགས་པའི་ཆུ་བོ་ཐོབ། གཙོ་བོར་ལས་སྒྲིབ་དང་ལུས་ཀྱི་དྲི་མ་ཕྲ་བ་འཁྲུད། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་བསྐྱེད་རིམ་དང་ཐུན་མོང་གི་རྫོགས་རིམ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གཉིས་པ་བདེ་བ་ཆེན་པོའི་རྣལ་འབྱོར་དང་། མི་སློབ་ལམ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །བཞི་པ་ཡང་གསང་རྫོགས་པའི་ཆུ་བོའི་དབང་བསྐུར་བ་ཡིན་ཏེ། དེའང་ཤེས་རབ་མའི་རྐྱེན་ལས་བྱུང་བའི་བདེ་སྟོང་སྒྱུ་མ་ལྟ་བུའི་དཔེས་མཚོན་ཏེ་རང་ངོ་ལ་བལྟས་པས་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད། སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ཉིད་དབང་གི་ངོ་བོ་ཡིན་པས་དེ་ཀའི་ངང་ལ་མཉམ་པར་བཞག་པས་ས་བཅུ་པ་རྫོགས་པ་སྤྱིར་ཆིབས་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མན་ཆད་ནོན་པར་སྒོམས་ཤིག །ཧཱུྃ༔ སེམས་ཉིད་ཡེ་ནས་སྟོང་པ་ཉིད༔ གདོད་ནས་ཡེ་ཤེས་འོད་གསལ་བ༔ དབྱེར་མེད་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ལ་སེམས་ཀྱི་དབང་ཐོབ་ནས༔ རྫས་དང་ཚིག་ལ་མ་བརྟེན་ཀྱང༔ རྒྱལ་བས་དེ་ལ་དབང་མཆོག་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གསུམ་ཐོབ། ཉོན་ཤེས་བག་ཆགས་ཀྱི་སྒྲིབ་པ་དང་། ངག་ཡིད་འཕོ་བའི་ཐིག་ལེའི་དྲི་མ་འཁྲུད། ཨ་ནུ་རང་ལུགས་ཀྱི་ཟབ་མོའི་སྒྲུབ་པ་རྣམས་ཉན་བཤད་སྒྲུབ་པ་ལ་དབང་། མཐར་ལམ་གསུམ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། མི་སློབ་ལམ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་སོ། །ཤིས་བརྗོད་ཅི་རིགས་བྱ། དེ་དག་རྣམས་ཀྱིས་དམ་ཆོས་སྙིང་པོ་སྐོར་ལྔ་ལས་ཡི་དམ་དགོངས་འདུས་སྙིང་པོའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་ཕྱིན་སྤྱི་མཐུན་བྱ། ལས་བྱང་གི་ཚོགས་མཆོད་ནས་བཀྲ་ཤིས་ཀྱི་བར་ཡང་ཆད་ལྷག་མེད་པར་བསྒྲུབ་བོ། །ཆུ་བོ་བཞི་འདུས་དབང་བཞིའི་ཀླུང་། །སྒྲིབ་བཞིའི་གཉེན་པོར་རྟག་ཏུ་འབབས། །དབྱིངས་ཡེ་ཟུང་འཇུག་བདེ་ཆེན་ཀློང་། །ཕྱམ་གཅིག་མངོན་པར་བྱང་ཆུབ་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་བཀས་རྗེས་སུ་གནང་ཞིང་། གང་དེའི་སྲས་ཡུམ་ལྷན་རྒྱས་ཀྱི་བཞེད་པ་སྐོང་བའི་སླད་དུ་འཆི་མེད་བསྟན་གཉིས་གླིང་པས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་ (Volume 21, Text 37)
༄༅། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཟིན་བྲིས་ཉུང་གསལ་སྙིང་པོར་དྲིལ་བ་བཞུགས་སོ། ། ཨོཾ་སྭསྟི། མི་འ༵གྱུར་བདེ་ཆེན་དབྱིངས་ལས་ཐུགས་རྗེའི་འཕྲུལ། །འཇིག་རྟེན་དབང་ཕྱུག་སྲོང་བཙན་པདྨ་འབྱུང་། །རྣམ་གསུམ་དབྱེར་མེ༵ད་རྡོ༵་རྗེ༵་སློབ་དཔོན་ལ། །ཕྱག་བྱས་སྐུ་གསུམ་སྙིང་པོའི་དོན་ཁྲིད་བརྩམ། །འདིར་གངས་ཅན་གྱི་ལྷ་གཅིག་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་ལས་འབྱུང་བའི་སྐུ་གསུང་ཐུགས་བསྐྱེད་བཟླས་འོད་གསལ་དང་འབྲེལ་བའི་ཁྲིད་ལ་དོན་གསུམ་སྟེ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། ཐུན་མོང་མ་ཡིན་པ་དངོས་གཞི་དང་འབྲེལ་བར་འབྱུང་བས། འདིར་ཐུན་མོང་པ་སྟེ། ཁྲིད་གསར་པ་ཡིན་ན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་སྨིན་ཚུལ། འཁོར་བའི་ཉེས་དམིགས་བསམ་པ་རྣམས་རྒྱུད་ལ་སྐྱེས་སྐྱེས་སུ་བསྒོམ་དུ་འཇུག་དགོས་མོད། འདིར་བློ་ཅུང་ཟད་འབྱོངས་ཟིན་པའི་དབང་དུ་བྱས་ནས། དམིགས་རྐང་བཞི་པོ་དེ་གསལ་འདེབས་ཀྱི་ཆེད་གཅིག་ཏུ་དྲིལ་ན། བདག་གིས་ད་རེས་རྙེད་དཀའ་ལ་དོན་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར་གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་ལྟར། དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་གཤའ་མ་ཞིག་བྱེད་དགོས་པར་འདུག །དེ་ཡང་ནམ་འཆི་ཆ་མེད་པས་ཕྱི་བཤོལ་དུ་མ་ལུས་པར་ཕྲལ་རང་དུ་བྱེད། འཆི་བའི་ཚེ་གནས་ལུས་དབང་ཐང་སོགས་གང་ཡང་རྗེས་སུ་མི་འབྲང་བས་ཚེ་འདིར་ལྟོས་ཀྱི་བཙན་ཕྱུག་ལོངས་སྤྱོད་སོགས་གང་ལའང་སྙིང་པོ་སྤུ་ཙམ་ཡང་མེད། དགེ་སྡིག་གཉིས་པོ་ནི་ཤི་ནས་ཀྱང་ངེས་པར་རྗེས་སུ་འབྲང་། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བ་འདི་གང་དུ་སྐྱེས་ཀྱང་རྒྱལ་པོའི་བཙོན་དོང་དུ་ཆུད་པ་ལྟར་སྡུག་བསྔལ་འབའ་ཞིག་མ་གཏོགས་སྐྱིད་མེད། ཁྱད་པར་ངན་སོང་དུ་སྐྱེས་ན་ཅི་ཙུག་བྱེད། མི་སྐྱེ་བའི་གདིང་ནི་མེད། མཐོ་རིས་སུ་སྐྱེས་ཀྱང་སྤྲིན་བར་གྱི་ཉི་མ་འདྲ་སྟེ་འགྱུར་ཞིང་འགྲོ་བའི་ཕྱིར་སྙིང་པོ་མེད་པས། དེང་ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་བྱེད། དགེ་བ་ནན་ཏན་དུ་བསྒྲུབ་པར་བྱ་སྙམ་ཞེ་དམ་དྲག་པོ་བྱ། དེས་ན་དམ་པའི་ཆོས་ལས་གཞན་པའི་བྱ་བྱེད་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་འཁོར་ལོར་ཤེས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བདེ་འབྱོར་ཡང་གྲོག་མའི་ཚང་དང་འདྲ་བར་མཐོང་ནས། འཁོར་བའི་བྱ་བ་ལ་སྐྱུག་ཤ་མར་ལོག་པ་གཅིག་བྱུང་ན་སྔོན་འགྲོ་གནད་དུ་ཐེབས་པ་ཡིན་ནོ། །དེ་ལྟར་རྒྱུད་འབྱོངས་ནས་སྐྱབས་འགྲོ་ལམ་དུ་བཏང་སྟེ། འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་བླ་མ་དཀོན་མཆོག་མ་གཏོགས་གཞན་མེད་པས། དེ་ལ་སྐྱབས་དང་ར་མདའ་ཞུ་སྙམ་དུ་བསམ་ནས། རང་གི་མདུན་གྱི་ནམ་མཁར་འཇའ་ཚོན་ཁ་དོག་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་རྩ་བའི་བླ་མ་དང་ཐ་མི་དད་པའི་འཕགས་པ་ཐུགས་རྗེ་ཆེན་པོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་པའི་སྤྱན་སྔར། དགྲ་གཉེན་ཕྱོགས་རིས་མེད་པའི་སེམས་ཅན་གྱིས་ས་ཆེན་པོའི་དྲེག་པ་ལྟར་གང་བའི་བྱང་རང་གིས་དྲངས་ཏེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་གྱིས། བླ་མ་བདེ་གཤེགས་འདུས་པའི་སྐུ །ཞེས་སོགས་ལྟ་བུའི་སྐྱབས་འགྲོ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱང་རང་ཉིད་ཀྱི་ཚེ་རབས་ཀྱི་ཕ་མ་ཡིན། འདི་ཐམས་ཅད་སྡུག་བསྔལ་གྱིས་མནར། བདེ་བའི་ཐབས་ནི་མི་ཤེས། བདེ་བ་འདོད་ཀྱང་སྡུག་བསྔལ་སྒྲུབ་པས་སྨྱོན་པ་དང་འདྲ། འདི་རྣམས་སྡུག་བསྔལ་ལས་དྲངས་ཏེ་བདེ་བ་བླ་ན་མེད་པའི་བྱང་ཆུབ་ལ་འགོད། དེའི་ཆེད་དུ་ལམ་ཟབ་མོ་བསྒོམ་པར་བྱའོ་སྙམ་པས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །ཞེས་སོགས་ཀྱིས་སེམས་བསྐྱེད་ནས། མཐར་སྐྱབས་ཡུལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་འུར་དིང་གིས་སོང་བར་མོས་ལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་དབྱེར་མི་ཕྱེད་པར་བལྟས་ལ་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། སྐུ་བསྐྱེད་རིམ་གྱི་ཁྲིད། གསུང་བཟླས་པའི་ཁྲིད། ཐུགས་འོད་གསལ་གྱི་ཁྲིད་དོ། །དང་པོ་ལ་གསུམ། སྐུ་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་སྣང་སྟོང་སྐུའི་ཁྲིད། མཐར་སྐུ་ཡུངས་འབྲུའི་ཚུལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། སྐུ་རྡོ་རྗེ་ལ་སྒྲིབ་པར་བྱེད་པ་ལུས་ཀྱི་མི་དགེ་བའི་ལས་སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྔར་བྱས་ལ་འགྱོད་པ་དྲག་པོས་བཤགས་ཤིང་ཕྱིན་ཆད་མི་བྱ་བར་བསྡམ། བླང་བྱ་སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚུལ་ཁྲིམས་ལ་གནས་པ་སྟེ་ལུས་ཀྱི་དགེ་བ་གསུམ་ལ་བསླབ་པའོ། །གཉིས་པ་སྣང་སྟོང་སྐུའི་ཁྲིད་ནི། ལུས་གནད་ཆོས་བདུན་བཅས་ལ། རང་ལུས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ལྷའི་སྐུ་ཡིན་པ་ལ། སྭ་བྷཱ་ཝའི་སྔགས་ཀྱིས་ཡིན་པར་ངེས་པའི་བློ་སད་པར་བྱས་ཏེ། སྟོང་པའི་ངང་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ཤེལ་ཕྲེང་དང་། གཡོན་འོག་མ་པདྨ་དཀར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རྒྱས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། སྐུ་ལས་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་འཕྲོ་བ་ཞིག་རིམ་གྱིས་གསལ་གདབ། ཡིད་ཡུལ་དུ་ལེགས་པར་གསལ་བ་དང་། བསྐྱེད་རིམ་བསྒོམ་ན་བར་སྣང་འཇའ་ལ་ལྟོས། ཞེས་གསུངས་པ་ལྟར། ལྷ་སྐུའི་རྣམ་པ་དེ་ཡང་སྣང་བའི་གཟུགས་སུ་གྲུབ་ལ། འཛིན་པའི་གཟུགས་སུ་མ་གྲུབ་པ། བར་སྣང་གི་འཇའ་ཚོན་ནམ་མེ་ལོང་གི་གཟུགས་བརྙན་གྱི་དཔེ་དང་བསྲེ་ཞིང་བསྒོམས་པས་གསལ་སྟོང་ཞེན་བྲལ་གྱི་ཉམས་བཟང་པོ་འཆར་རོ། །གསུམ་པ་ཡུངས་འབྲུའི་ཚུལ་དུ་འཕོ་བ་ནི། རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་ཡར་སྣ་ཚངས་བུག་ཏུ་ཧ་རེ་ཡོད་པ། སྙིང་གི་ཐད་ཀྱི་དབུ་མའི་ནང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་འོད་ཀྱི་གོང་བུ་ཅན། སྤྱི་བོའི་ཐད་ཀྱི་ནམ་མཁའ་ལ་བླ་མའི་ངོ་བོ་འོད་དཔག་མེད་ལྷའི་བུ་དང་བུ་མོའི་ཚོགས་ཀྱིས་བསྐོར་བ་གསལ་བཏབ་པ་ལ་མོས་གུས་དུང་བ་བྱས་པས་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང་། ཡེ་ཤེས་སེམས་དཔའ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་ཡེ་ཤེས་སེམས་དཔའ་དེ་དབུ་མའི་ལམ་བརྒྱུད། སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ། བླ་མ་འོད་དཔག་མེད་ཀྱི་ཐུགས་ཁར་སིབ་ཀྱིས་ཐིམ། འོད་དཔག་མེད་ཀྱང་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ལྷ་སྐུའི་སྣང་ཆ་ཡང་མི་དམིགས་པའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན་རང་ཉིད་ཇོ་བོའི་སྐུར་ལྷག་གིས་ལངས་ལ་བསྔོ་བ་བྱའོ། །གཉིས་པ་གསུང་བཟླས་པའི་ཁྲིད་ལའང་། གསུང་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང། དངོས་གཞི་གྲགས་སྟོང་གསུང་གི་ཁྲིད། མཐར་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། གསུང་རྡོ་རྗེ་ལ་སྒྲིབ་བྱེད་ངག་གི་ལས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་ལ་བཤགས་སྡོམ་བྱ། བླང་བྱ་བདེན་པར་སྨྲ་བ། མི་མཐུན་པ་བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ། ཞི་ཞིང་དེས་པར་སྨྲ་བ་ལ་བསླབ་བོ། །གཉིས་པ་གྲགས་སྟོང་གསུང་གི་ཁྲིད་ནི། རང་ཇོ་བོའི་སྐུར་གསལ་བས། ངག་གདོད་ནས་གྲགས་སྟོང་འགག་མེད་ལྷའི་གསུང་ཡིན་པ་ལ་ཡིན་པར་ངེས་པའི་བློས། བུང་བའི་ཚང་བཤིག་པའི་སྒྲ་ལྟར་རྩི་ཤིང་རི་བྲག་ས་རྡོ་འཐབ་པ་སོགས་བརྟན་གཡོ་སྣོད་བཅུད་ཀྱི་སྒྲར་གྲགས་ཚད་ཡིག་དྲུག་གི་སྒྲར་གྲགས་པར་མོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བར་མ་ཆད་པ་བྲག་ཅའི་སྒྲའི་དཔེ་དང་བསྲེས་ཤིང་བཟླས་པས་སྒྲ་ཐམས་ཅད་གྲགས་སྟོང་དུ་འཆར་བའི་ཉམས་བཟང་པོ་འབྱུང་ངོ་། །གསུམ་པ་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། ལྟེ་བའི་ཐད་ཀྱི་དབུ་མའི་ནང་དུ་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་ཧྲཱིཿཡིག་དཀར་པོ་སྲན་རྡོག་ཙམ་ཞིག་དང་། སྤྱི་བོའི་མཁའ་ལ་བླ་མ་འོད་དཔག་མེད་སྔར་ལྟར་བསྒོམས་ལ་དེའི་ཐུགས་ཀའི་ཟེར་ཐིག་གིས་ལྟེ་བའི་ཧྲཱིཿཡིག་དབུ་མའི་ལམ་ནས་དྲངས། སྤྱི་བོ་ནས་རྒྱངས་ཀྱིས་ཐོན་ཏེ་བླ་མའི་ཐུགས་ཀར་ཐིམ། བླ་མ་འོད་ཀྱི་འཇའ་ལམ་ལས་བདེ་བ་ཅན་དུ་གཤེགས་པར་བསམས་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ཐུགས་འོད་གསལ་གྱི་ཁྲིད་ལའང་། ཐུགས་ཁྲིད་དང་འབྲེལ་བའི་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང་། དངོས་གཞི་རིག་སྟོང་ཐུགས་ཀྱི་ཁྲིད། མཐར་ཐུག་འོད་གསལ་དུ་འཕོ་བའོ། །དང་པོ་ལ་སྤང་བླང་གཉིས་ལས། སྤང་བྱ་ནི། ཐུགས་རྡོ་རྗེ་ལ་སྒྲིབ་བྱེད་ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་ལ་བཤགས་སྡོམ་དང་། བླང་བྱ་ནོར་ལ་ཆོག་ཤེས་པ། བྱམས་པ་བསྒོམ་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པར་བྱའོ། །གཉིས་པ་རིག་སྟོང་ཐུགས་ཀྱི་ཁྲིད་ནི། སེམས་ཉིད་གདོད་ནས་ཆོས་ཀྱི་སྐུར་བཞུགས་པ་ལ་ཡིད་ཆེས་བསྐྱེད་དེ། ལུས་གནད་ཆོས་བདུན་བཅའ་ཞིང་མིག་ཧད་དེ་བཞག །ངག་རླུང་རང་སོར་གློད། སེམས་གནད་ལྷ་སྔགས་ཀྱིས་མཚོན་སྣང་བ་ཐམས་ཅད་རང་སེམས་སུ་ཐག་བཅད། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགག་གནས་གསུམ་དབྱིབས་དང་ཁ་དོག་ལ་སོགས་པའི་ངོ་བོ་གང་དུའང་མ་གྲུབ་པར་ཝལ་པོ་རྗེས་མེད་དུ་ཡལ་བའི་ངང་ལ་ཆེད་འཛིན་མི་བྱ་བར། གསལ་ལ་ཡེངས་པ་མེད་པ། ཐིམ་ལ་མ་རྨུགས་པ། གྲིམ་ལ་གཉེན་པོས་མ་བསླད་པ། རིག་ལ་རྟོག་པར་མ་འགྱུས་པར་སྟོང་གསལ་ཡུལ་མེད་དུ་ལྷོད་དེ་ཤིག་གེར་མཉམ་པར་འཇོག །དེས་གང་ཤར་རང་གྲོལ་དུ་གྱུར་ནས་རྣམ་རྟོག་སྒོམ་གྱི་གྲོགས་སུ་འཆར། གལ་ཏེ་རྣམ་རྟོག་གིས་གནོད་ན་རྟོག་པ་དེ་ཉིད་ལ་མ་ཡེངས་པར་ཅེར་ཅེར་ལྟོས། དེས་རྣམ་རྟོག་གཞི་མེད་རྩ་བྲལ་དུ་ཤེས་པའི་ཐག་ཆོད་སྐྱེ་ཞིང་། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ལ་ཚེགས་མེད་དོ། །གསུམ་པ་ཐུགས་འོད་གསལ་དུ་འཕོ་བ་ནི། འཕོ་བྱ་མ་དམིགས་ཏེ། རང་རིག་འོད་གསལ་དྲི་མ་དང་བྲལ་བའོ། །འཕོ་ཡུལ་མ་དམིགས་ཏེ། ཡུལ་བཟང་ངན་གྱི་བློ་ལས་འདས་པའོ། །འཕོ་བྱེད་མ་དམིགས་ཏེ། རྩོལ་རྟོག་གི་བློས་མ་བསླད་པའོ། །དེ་ལྟར་ཉམས་སུ་བླངས་པས་འོད་གསལ་མ་བུ་འཕྲོད་དེ་འཚང་རྒྱ་བའོ། །གསུམ་པ་རྗེས་གནས་སྐབས་ཀྱི་ཉམས་ལེན་ལ། ཉིན་མཚན་གྱི་རྣལ་འབྱོར་གཉིས་ཀྱི་ཉིན་མོའི་རྣལ་འབྱོར་ཁྱེར་སོ་གསུམ་ལས། དང་པོ་སྐུའི་ཁྱེར་སོ་ལ་ཡར་སྣང་བ་ལམ་དུ་ཁྱེར་བ་དང་། མར་དག་པའི་སྣང་བ་སྦྱང་བའོ། །དང་པོ་ནི། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ཇོ་བོའི་སྐུ་གསལ་སྟོང་འཛིན་མེད་དུ་ལྷག་ལྷག་འཆར་བར་མོས་ལ་ལམ་དུ་ཁྱེར་རོ། །གཉིས་པ་མར་དག་སྣང་སྦྱང་བ་ནི། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་རྗེ་ཆེན་པོ་ཡིན་སྙམ་དུ་སྦྱོང་ངོ་། །གཉིས་པ་གསུང་གི་ཁྱེར་སོ་ལའང་གཉིས་ཏེ། སྒྲ་སྐད་ཐམས་ཅད་ཡིག་དྲུག་གི་སྒྲ་གྲགས་སྟོང་ལམ་དུ་ཁྱེར་བ་དང་། སྒྲ་གྲགས་ཐམས་ཅད་ཡེ་ནས་གྲགས་སྟོང་གཞོམ་མེད་འཕགས་པའི་གསུང་དུ་དག་གོ་སྙམ་དུ་སྦྱོང་ངོ་། །གསུམ་པ་ཐུགས་ཀྱི་ཁྱེར་སོ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་མཐོང་ན་དད་པ། དམན་པ་མཐོང་ན་སྙིང་རྗེ། ཐད་སོར་གནས་ན་རང་ངོ་ལ་བལྟ་ཞིང་གཞི་མེད་རྩ་བྲལ་གྱི་ངང་བསྐྱང་ངོ་། །གཉིས་པ་མཚན་མོའི་རྣལ་འབྱོར་ལ་གཉིས་ལས། རྨི་ལམ་ལྷར་སྦྱོང་བ་ནི། གཉིད་དུ་འགྲོ་ཁར་རང་ཐུགས་རྗེ་ཆེན་པོར་བསྒོམས་པའི་སྙིང་ཁར་བླ་མ་འཕགས་པའི་རྣམ་པར་གསལ་ལ་ས་ལེར་མཉམ་པར་བཞག་ནས། གཉིད་དང་རྨི་ལམ་གྱི་བར་རྟོག་པས་མ་ཆོད་པར་འདུན་པ་དུང་ངེ་བའི་ངང་ལ་ཉལ་བས་རྨི་ལམ་རང་ཤུགས་ལ་ཟིན་ནས་ལྷའི་སྐུར་འཆར་བར་འགྱུར་རོ། །འོད་གསལ་ནི། ཉལ་བའི་ཚེ་སྣོད་བཅུད་འོད་དུ་ཞུ་ནས་མེ་ལོང་གི་རླངས་པ་ཡལ་བ་ལྟར་བསྡུས་པའི་ངང་ལ་སེམས་གཏད་མེད་དུ་ཆད་དེ་མཉམ་པར་བཞག་པས་གཉིད་འོད་གསལ་དུ་འཆར་རོ། །གཞན་ཡང་བཟའ་བཏུང་དང་གོས་དང་གནས་ཁང་སོགས་གང་ལ་ལོངས་སྤྱོད་ཀྱང་རང་རང་ཇོ་བོའི་སྐུར་བསྒོམས་ནས། སྤྱད་བྱ་རྣམས་ལྷའི་གོས་དང་དག་པའི་ཞིང་བཟང་པོར་བྱིན་གྱིས་བརླབས་ཏེ་ལོངས་སྤྱོད་ཅིང་། གནས་སྐབས་ཐམས་ཅད་དུ་ཚོགས་དྲུག་གི་ཡུལ་གང་སྣང་ལ་འཛིན་མེད་སྒྱུ་མ་ལྟ་བུའི་རྒྱས་བཏབ་སྟེ་ལམ་དུ་ཁྱེར་བས་ཀུན་ཏུ་དོན་ཡོད་པ་ལ་བསླབ་པར་བྱའོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི། ཁྱེར་སོ་གསུམ་གྱི་ཉམས་སུ་ལེན་པའི་ཐབས། །ཉུང་གསལ་སྙིང་པོར་དྲིལ་ལས་འགྲོ་ཀུན་གྱིས། །སངས་རྒྱས་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ཡང་རྒྱལ་མེ་ཏོག་ཐང་གི་མཁན་པོ་ཀུན་སྤངས་པ་བཤེས་གཉེན་ངག་དབང་དཔལ་མགོན་གྱིས་གསུང་ངོར་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཟིན་བྲིས་སུ་སྤེལ་བའོ། །དགེའོ།། །།
༔བླ་མ་དྲག་པོ་ཡང་གསང་མེའི་འཁོར་ལོའི་ལས་བྱང་ (Volume 12, Text 37)
༔བླ་མ་དྲག་པོ་ཡང་གསང་མེའི་འཁོར་ལོའི་ལས་བྱང་བཞུགས་སོ༔ ྈྈྈྈྈྈ མ་ཧཱ་གུ་རུ་པདྨ་སཾ་བྷ་བ་ཧཱུྃ༔ ཐུགས་ཉིད་མི་གཡོ་ཆོས་དབྱིངས་ངང་ཉིད་ལས༔ སྲིད་གསུམ་འདུལ་ཕྱིར་གང་ལ་གང་འདུལ་སྟོན༔ གདུལ་བྱའི་དོན་དུ་ཁྲོ་བོའི་སྐུར་སྟོན་པ༔ རྗེ་བཙུན་བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡི་སྒྲུབ་ཐབས་ཁ་སྐོང་གི༔ ལས་བྱང་རིན་ཆེན་ཕྲེང་བ་འདི༔ དབེན་གནས་ཏི་སྒྲོའི་ཚོགས་ཁང་དུ༔ བདག་འདྲ་མཚོ་རྒྱལ་ཉིད་ཀྱིས་བཀོད༔ མ་འོངས་རྩུབ་འགྱུར་ཡང་མཐའ་ལ༔ ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས༔ ྈྈྈྈྈྈྈ ྈྈྈ ྈྈྈྈྈྈྈ དང་པོ་གནས་དབེན་པར་དཀྱིལ་འཁོར་སྒྲུབ་ཐབས་བཞིན་ལེགས་པར་བཞེངས༔ བུམ་པ་བནྡྷ་སྒྲུབ་རྫས་སྨན་རཀ་གཏོར་གསུམ་སོགས་ཕྱི་ནང་གི་མཆོད་རྫས་རྣམས་སྒྲུབ་ཐབས་བཞིན་བཀོད་ལ༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ མདུན་གྱི་ནམ་མཁར་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་སྐད་ཅིག་གིས་སྤྱན་དྲངས་ལ༔ ན་མོ༔ བླ་མ་རིག་འཛིན་ཡི་དམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ དཔའ་བོ་ཌཱ་ཀི་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ བདག་གིས་འགྲོ་བ་ཀུན་དོན་དུ༔ རྩ་གསུམ་བླ་མ་བསྒྲུབས་ནས་ནི༔ ལས་བཞིས་འགྲོ་བའི་དོན་བྱས་ནས༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ དེ་ནས་ཡན་ལག་བཅུ་པ་ནི༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་རྩ་གསུམ་ལྷ་ཚོགས་གཤེགས༔ པད་ཉི་དགྲ་བགེགས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ དེ་ནས་བགེགས་གཏོར་བྱིན་གྱིས་བརླབས་ལ༔ རང་ཉིད་བླ་མ་དྲག་པོར་སྐད་ཅིག་གིས་བསྐྱེད་ལ༔ བགེགས་གཏོར་བསྔོ་ཞིང་རོལ་མོའི་སྒྲ་སྒྲོག་ཅིང༔ ཧཱུྃ༔ དཔལ་ཆེན་མི་བཟད་དབང་གི་དཀྱིལ་འཁོར་ནས༔ འབར་བའི་ཁྲོ་བོ་མེ་དཔུང་ཆེན་པོ་འབར༔ བླ་མ་གནམ་ལྕགས་མེ་ཡི་འཁོར་ལོ་ཅན༔ གདུག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ བགེགས་དང་ལོག་འདྲེན་བར་ཆད་རྡུལ་དུ་རློག༔ བདག་ཉིད་སྐུ་ལས་མེ་ཕུང་རབ་འབར་བས༔ གནོད་བྱེད་གདོན་བགེགས་མ་ལུས་གཞོབ་ཏུ་སྲེག༔ དབང་གི་མཚོན་ཆ་བྲག་ལྟར་གཏམས་པ་ཡིས༔ གང་ལ་བབས་ཀྱང་གཅོད་ཅིང་སྒྲོལ་བར་བྱེད༔ དཔལ་ཆེན་ཁྲོ་བོ་ཆེན་པོ་མི་བཟད་རྔམ༔ སྲིད་པའི་ཡེ་ཤེས་འཁོར་ལོ་རབ་འཁྲིགས་པས༔ དྲག་པོའི་མཚམས་ལས་འདའ་བར་བྱེད་པ་རྣམས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་གུ་རུ་དྷེ་བ་དྷཱ་ཀི་ནཱི་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་བཛྲ་རཀྵ་ཛྭ་ལ་རཾ༔ ཏཱིཀྵཱ་བི་ཤྭ་ཛྭ་ལ་རཾ་རཾ༔ ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྲུང་བའི་གུར་ཁང༔ རྡོ་རྗེ་དང་མཚོན་ཆའི་རང་བཞིན་གྱིས་བརྒྱན་པའི་རྡོ་རྗེའི་གུར་དུ་བསམ་པར་བྱའོ༔ བཤགས་པ་ནི༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ མདུན་གྱི་ནམ་མཁར་བླ་མ་དྲག་པོའི་ལྷ་ཚོགས་སྤྱན་དྲངས་ཏེ༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཞེས་བརྗོད་ཅིང་སྟོབས་བཞི་ཚང་བའི་སྒོ་ནས༔ ཧཱུྃ༔ བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་དབང་ཕྱུག་གོ་འཕང་དུ༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་ལ༔ འདའ་བར་མི་བགྱིད་བསྲུང་བར་དམ་བཅས་ཏེ༔ ལས་ངན་དབང་གྱུར་སྐྱེ་བོ་བདག་འདྲ་བ༔ འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཏེ༔ སྔགས་དང་བཟླས་བརྗོད་བསྙེན་པ་གྲངས་ཀྱིས་ཆག༔ བསྙེན་སྒྲུབ་སྐོང་བ་དུས་ཀྱི་ཆོ་ག་ཆག༔ ཉ་སྟོང་དུས་དྲུག་མཆོད་པ་ལོ་ཟླར་འདས༔ ཁས་བླངས་དམ་བཅས་བཞིན་དུ་མ་བགྱིས་ཏེ༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་ཐུགས་ཀྱི་དཀྱིལ་འཁོར་དུ༔ ལྟ་སྤྱོད་གསང་བའི་མན་ངག་གཉེར་གཏད་པ༔ མཆོད་པ་གཡེལ་བས་མན་ངག་གཉེར་མ་ཐུབ༔ ཉམས་ཤིང་ཚོགས་ཆག་ཉམས་པའི་ཚོགས་དང་འདྲེས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྣང་གསལ་སྒྲོན་མེ་རྡོ་རྗེ་སློབ་དཔོན་དང༔ དམ་ཚིག་གཟུང་གིས་འབྲེལ་བའི་ཡུམ་རྣམས་ལ༔ སྙིང་ནས་སྨད་ཅིང་ཐུགས་དང་འགལ་གྱུར་པ༔ བཀའ་ཆད་གནས་སུ་གྱུར་པ་མཐོལ་ལོ་བཤགས༔ དམ་ཚིག་གསུང་གིས་འབྲེལ་བའི་མཆེད་ལྕམ་ལ༔ རྐུ་བརྡུང་ངན་སེམས་ཞེ་སྡང་དྲེགས་ལ་སོགས༔ ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟོད་དེ༔ ལྟུང་བའི་ལུ་གུ་རྒྱུད་ཀྱིས་མཚོན་པ་གང༔ དབྱིངས་ཉིད་ནམ་མཁའི་ངང་དུ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ༔ དེ་ནས་བྱིན་དབབ་པ་ནི༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་གྱི༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ བླ་མ་དྲག་པོ་འཁོར་བཅས་རྣམས༔ གནས་འདིར་བྱོན་ལ་བྱིན་གྱིས་རློབས༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ དགྲ་བགེགས་གདུལ་བའི་དུས་ལ་བབ༔ མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བྱིན་ཆེན་ཕོབ༔ དངོས་གྲུབ་མཆོག་སྩོལ་བྱིན་ཆེན་ཕོབ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཨོཾ་ཨཱཿཧཱུྃ༔ གུ་རུ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོའི་སྒྲ་དང་བཅས་ནས་བྱིན་ཕབ༔ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོ྅་ཧཾ༔ ཨོཾ་ཨཱཿཧཱུྃ་ཞེས་པས་མཆོད་རྫས་ཀྱི་མ་དག་པ་སྦྱང༔ ཨོཾ་ཨཱཿཧཱུྃ་ཞེས་པས་བསམ་གྱིས་མི་ཁྱབ་པར་སྤེལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེེ་ཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་བཛྲ་གནྡྷེ་ཧཱུྃ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ བདུད་རྩི་དང་གཏོར་མ་རཀྟ་སྣ་ལྔ་རྣམས་ཀྱིས་མཆོད་པར་བསམས་ལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་པཱུ་ཙ་ཏེ་ཛོ་ཧཱུྃ༔ ཨོཾ་མ་ཧཱ་པདྨ་རཀྟ་ཧཱུྃ༔ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཙ་ཧཱུྃ༔ ཞེས་གསུམ་མམ་ལྔའམ་བདུན་གྱིས་བྱིན་གྱིས་བརླབ་བོ༔ གཉིས་པ་དངོས་བཞི་བསྐྱེད་པའི་རིམ་པ་ནི༔ ཧཱུྃ༔ ཆོས་ཅན་སྣ་ཚོགས་རང་ཤར་བ༔ རང་བཞིན་མེད་དེ་ཆུ་ཟླ་འདྲ༔ ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ༔ སྙིང་པོ་ཡེ་ཤེས་ཧཱུྃ་གི་དབྱིངས༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་ས་མཱ་ཏི་ཧཱུྃ༔ ཨོཾ་དྷརྨ་དྷཱ་ཏུ་ས་མཱ་ཏི་ཧཱུྃ༔ ཨོཾ་ཛྙཱ་ན་བཛྲ་ས་མཱ་དྷི་ཧཱུྃ༔ ཐམས་ཅད་ཁྱབ་གདལ་ཆོས་སྐུའི་ངང༔ རང་རིག་ཆོས་སྐུའི་ནམ་མཁའ་ལ༔ ཨེ་ལས་ཆོས་ཀྱི་འབྱུང་གནས་ཏེ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང༔ རཾ་ལས་མེ་ཡི་དཀྱིལ་འཁོར་དམར༔ བཾ་ལས་ཆུ་ཡི་དཀྱིལ་འཁོར་ཏེ༔ ལཾ་ལས་ས་ཡི་དཀྱིལ་འཁོར་སྟེང༔ སུཾ་ལས་ཞིང་གི་ས་གཞི་ལ༔ ར་ལས་རཀྟའི་རྒྱ་མཚོར་འཁྱིལ༔ ཀེཾ་ལས་རུས་པའི་རི་རབ་ལ༔ རཾ་ལས་བསྐལ་པའི་མེ་ཕུང་འབར༔ དེ་སྟེང་སྣ་ཚོགས་རྒྱ་གྲམ་སྟེང༔ ཡི་གེ་གསུམ་གྱི་འཕྲོ་འདུ་ལས༔ རབ་འཇིགས་རྡོ་རྗེའི་གཞལ་ཡས་ཁང༔ སྣ་ཚོགས་རྡོ་རྗེའི་རྩིག་པ་ལ༔ འགྱུར་མེད་རྡོ་རྗེའི་རྒྱ་ཡིས་གཏམས༔ ཐོད་པ་སྐམ་རློན་སྤེལ་མ་ལ༔ གནམ་ལྕགས་འབར་བའི་གཟེར་ཆེན་ཏེ༔ དྲེགས་པ་ལྷ་བརྒྱད་ཀ་བ་ལ༔ གདུག་པའི་ཀླུ་བརྒྱད་ཀ་གདན་བྱས༔ གཟའ་ཆེན་བརྒྱད་ཀྱི་ཀ་ཞུ་ལ༔ རྒྱུ་སྐར་ཉེར་བརྒྱད་དྲལ་ཕྱམ་ཚུལ༔ ཚད་མེད་བཞི་ལྡན་སྒོ་བཞིའི་སྟེང༔ རྟ་བབས་སྣམ་བུ་བཅུ་གསུམ་མཛེས༔ རྡོ་རྗེ་ཐོག་ནི་ཕྱོགས་མདོག་ལ༔ ཡིད་བཞིན་ནོར་བུའི་ཏོག་གིས་མཚན༔ འདོད་ཡོན་སྣམ་བུ་དམར་པོ་ལ༔ ཡེ་ཤེས་མཁའ་འགྲོ་གར་གྱིས་རོལ༔ ཀ་བ་ཀ་རྒྱན་རབ་མཛེས་ཤིང༔ རྟ་བབས་ཆོས་འཁོར་གདུགས་ཏོག་མཛེས༔ ཕོ་བྲང་གཞི་ཡང་འོད་དུ་འབར༔ དུར་ཁྲོད་བརྒྱད་སོགས་དཀྱིལ་འཁོར་རྫོགས༔ ཡེ་ཤེས་ལྔ་རྫོགས་མེ་ཕུང་དབུས༔ བདེ་གཤེགས་ཀུན་འདུས་ཕོ་བྲང་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ རུ་དྲ་ཀྲོ་ཏཱི་ཏི་ར་བཾ༔ མ་སཱུརྻ་མཎྜ་ལ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧོ༔ བདུད་བཞི་རྒྱལ་བསེན་པད་ཉིའི་གདན༔ ཧཱུྃ་ལས་བསྐྱེད་པའི་ཧེ་རུ་ཀ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ དབུས་ཞལ་སོར་རྟོག་ཡེ་ཤེས་ངང༔ དམར་པོ་ཁྲོ་ཞིང་གཏུམ་པའི་ཞལ༔ གཡས་ཞལ་དཀར་ཞིང་གཡོན་ཞལ་ལྗང༔ ཐེག་དགུའི་སྤྱན་དགུ་དབྱིངས་སུ་གཟིགས༔ ཚད་མེད་བཞི་ལྡན་མཆེ་བ་གཙིགས༔ ཞལ་གདངས་ལྗགས་ནི་འདྲིལ་བ་ཡིས༔ ཆོས་དབྱིངས་གྲགས་སྟོང་འབྲུག་སྒྲ་སྒྲོག༔ ཕར་ཕྱིན་དྲུག་ལྡན་ཕྱག་དྲུག་གིས༔ རྒྱུད་དྲུག་སྒྲོལ་མཛད་ཕྱག་མཚན་འཆང༔ སྣང་སྟོང་ཟུང་འཇུག་བདེ་ཆེན་ཡུམ༔ ཕག་མོ་ཡུམ་དང་གཉིས་མེད་སྦྱོར༔ ཕར་ཕྱིན་དྲུག་ལྡན་རྒྱན་དྲུག་བརྒྱན༔ དཔལ་གྱི་ཆས་བཅུས་རྣམ་པར་སྤྲས༔ འགྱིང་ཞིང་ཁྲོ་བོའི་ཚུལ་འཆང་བ༔ བརྐྱང་བསྐུམ་རྡོ་རྗེའི་གར་གྱིས་རོལ༔ ཁྲོ་ཆེན་གཏུམ་རྔམ་ཚུལ་དུ་བསྐྱེད༔ དེ་ཡི་སྤྱི་གཙུག་པད་ཉིའི་སྟེང༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་སྟོན་ཟླའི་མདངས་ལྟར་དཀར༔ ཞལ་གཅིག་ཕྱག་གཉིས་འཛུམ་པའི་ཞལ༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ལ༔ ཕྱག་གཉིས་ཐབས་ཤེས་རྡོར་དྲིལ་གྱིས༔ མཚོ་རྒྱལ་དམར་གསལ་ཡུམ་ལ་འཁྱུད༔ ཡབ་ཡུམ་གཉིས་ཀ་རིན་ཆེན་དང༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ སྣ་ཚོགས་དར་གྱི་ན་བཟསབ་ཀླུབས༔ འོད་ལྔའི་ཀློང་ན་བཞུགས་པར་བསྐྱེད༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང༔ པདྨའི་མགོན་པོ་འོད་དཔག་མེད༔ སྐྱིལ་ཀྲུང་མཉམ་གཞག་ལྷུང་བཟེད་འཛིན༔ སྐུ་མདོག་པདྨ་རཱ་གའི་མདོག༔ མཚན་དང་དཔེ་བྱད་སྤྲས་པར་བསྐྱེད༔ གཙོ་བོའི་ཕྱི་རིམ་རྩིབས་བཞིའི་སྟེང༔ པདྨ་ཟླ་བའི་གདན་སྟེང་དུ༔ ཤར་རྩིབས་གཤིན་རྗེ་བསྣོལ་བའི་སྟེང༔ ཡ་ལས་བསྐྱེད་པའི་གཤིན་རྗེ་གཤེད༔ སེར་ནག་ཁྲོ་གཏུམ་དཔའ་བའི་ཞལ༔ ཤེས་རབ་རལ་གྲི་མཁའ་ལ་ཕྱར༔ གསེར་གྱི་འཁོར་ལོ་གཡོན་ན་འཆང༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང༔ གཏུམ་རྔམ་ཁྲོ་བོའི་ཚུལ་དུ་བསྐྱེད༔ ལྷོ་རྩིབས་པདྨ་ཉི་ཟླའི་སྟེང༔ དྲེགས་པ་སྡེ་བརྒྱད་གདན་སྟེང་དུ༔ ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་འཛིན༔ སྐུ་མདོག་མཐིང་ནག་ཞལ་གཅིག་པ༔ རབ་ཏུ་ཁྲོ་ཞིང་གཏུམ་པའི་ཞལ༔ ཀླུ་བརྒྱད་སྐུ་ཡི་རྒྱན་དུ་ཆེ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ལ༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ གདུག་པའི་སྡེ་བརྒྱད་ཟིལ་གྱིས་གནོན༔ ཕྱག་གཡོན་སྡིགས་མཛུབ་འབར་བ་ལ༔ དུག་ལྔ་འཇོམས་མཛད་མེ་ཕུང་གིས༔ གདུག་པ་ཐམས་ཅད་སྲེག་པར་བྱེད༔ བདུད་འདུལ་དཔའ་བོའི་ཚུལ་དུ་བསྐྱེད༔ ནུབ་རྩིབས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལས་བསྐྱེད་པའི་དཔའ་བོ་ནི༔ རྟ་མགྲིན་དམར་ནག་ཁྲོས་པའི་སྐུ༔ ཕྱག་གཡས་རྡོ་རྗེ་ཐོད་དབྱུག་འཕྱར༔ གཡོན་པ་རྡོ་རྗེ་ཞགས་པ་འཛིན༔ དབུ་གཙུག་རྟ་མགོ་ལྗང་ཞུར་ནི༔ རྟ་སྐད་སྟོང་གསུམ་སྒྲོག་བྱེད་ཅིང༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཀླུ་བརྒྱད་སྟེང་ན་ཞབས་གཉིས་པོ༔ དོར་སྟབས་ཁྲོས་པའི་སྐུ་རུ་བསྐྱེད༔ བྱང་རྩིབས་པདྨ་ཉི་ཟླའི་སྟེང༔ ཧ་ལས་བསྐྱེད་པའི་ཁྲོ་བོ་ནི༔ ཡཀྴ་མེ་དབལ་གཏུམ་རྔམ་ཅན༔ སྐུ་མདོག་དམར་ནག་འཇིགས་པའི་སྐུ༔ སྐུ་ལས་ཡཀྴ་མེ་དབལ་འགྱེད༔ ཕྱག་གཡས་གནམ་ལྕགས་འབར་བ་ཡི༔ རལ་གྲི་ནམ་མཁར་ཀླད་ལ་བསྐོར༔ བདུད་དང་ལོག་འདྲེན་ཕྱེ་མར་གཅོད༔ གཡོན་པ་རྡོ་རྗེའི་ཞགས་པ་འཕྱར༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ སྡེ་བརྒྱད་སྟེང་ན་ཞབས་གཉིས་པོ༔ བརྐྱང་བསྐུམ་དོར་སྟབས་ལྡན་པར་བསྐྱེད༔ དེ་ཡི་ཕྱི་རིམ་པད་འདབ་ལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་ཀྱི་རིགས་དང་བུདྡྷའི་རིགས༔ སྐུ་མདོག་དཀར་སེར་དམར་ལྗང་མཐིང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་རོལ༔ བདེ་སྐྱོང་དཔའ་མོའི་ཚུལ་དུ་བསྐྱེད༔ གཞན་ཡང་བཀའ་ཉན་ལས་བྱེད་མ༔ འཇིག་རྟེན་མཁའ་འགྲོ་མི་སྲུན་མ༔ ཤིན་ཏུ་འཇིགས་པའི་གད་རྒྱངས་སྒྲོག༔ དུར་ཁྲོད་ཆས་དང་ཤིང་ཤུན་དང༔ རོ་རས་གོན་ཞིང་ཞུན་ཆེན་བྱུག༔ ལག་ན་མཚོན་ཆ་སྣ་ཚོགས་འཛིན༔ ཧ་ཧའི་སྒྲ་སྒྲོག་རྔམ་ཚུལ་བསྐྱེད༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་རིགས་དཔའ་བོ་རིགས་བཞི་པོ༔ ཐོད་སྐམ་དབུ་རྒྱན་རུས་རྒྱན་སྤྲས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་དཀྲུག༔ ཞི་ཁྲོ་འཛུམ་པའི་མདངས་ཅན་བསྐྱེད༔ ཤར་ལྷོར་གཤིན་རྗེ་ཁྲོས་པའི་སྐུ༔ ལྷོ་ནུབ་ཁྲོས་མ་ནག་མོ་ལ༔ ནུབ་བྱང་སིཾ་ཧ་མུ་ཁ་སྟེ༔ བྱང་ཤར་རྡོ་རྗེ་ཀཱི་ལ་ཡ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ གཏུམ་རྔམ་ཁྲོས་པའི་ཚུལ་དུ་བསྐྱེད༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཁྲོ་ཚུལ་རུས་པའི་རྒྱན་གྱིས་སྤྲས༔ ཞལ་ནས་ཧཱུྃ་ཕཊ་སྒྲ་ཆེན་སྒྲོག༔ གར་སྟབས་འགྱིང་བའི་ཚུལ་དུ་བསྐྱེད༔ ཕྱི་རོལ་བར་ཁྱམས་འཁོར་ཡུག་ལ༔ རྒྱལ་བའི་སྤྱན་སྔར་ཁས་བླངས་པའི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས༔ རྒྱན་དང་ཆ་ལུགས་ལྡན་པར་བསྐྱེད༔ དེ་ལྟར་དཀྱིལ་འཁོར་ལྷ་རྣམས་ཀྱི༔ སྐུ་གསུང་ཐུགས་རྣམས་བྱིན་བརླབས་ནས༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ༔ ཨོཾ་ཧྲཱིཿཥྚྀ་ཝཱི་ཀྲྀ་པདྨཱནྟ་ཀྲྀ་ཏ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་བཻ་རོ་ཙ་ན་ཧ་རི་ནི་ས༔ ཁྲོཾ་ག་རུ་ཌ་བཛྲ་རཏྣ་པདྨ་ཀརྨ་ཨ་ཀྲོ་ཏེ་ཀ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཧཱུྃ་རཀྵ་ཧཱུྃ་ཡཀྵ་ཧཱུྃ༔ ཨེ་ཨཱ་རལླི་ཕེཾ་ཕེཾ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང༔ གསང་ཆེན་རོལ་པའི་དཀྱིལ་འཁོར་དང༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་དང༔ དྲག་པོ་གནམ་ལྕགས་མེ་འཁོར་ཅན༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཡུམ་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ འཇམ་དཔལ་གཤིན་རྗེ་གཤེགས༴ དཔལ་ཆེན་རྟ་མགྲིན་གཤེགས༴ ཕྱག་ན་རྡོ་རྗེ་གཤེགས༴ ཡཀྴ་མེ་དབལ་གཤེགས༴ མཁའ་འགྲོ་སྡེ་ལྔ་གཤེགས༴ དཔའ་བོ་སྡེ་བཞི་གཤེགས༴ ཁྲོ་རྒྱལ་ཚེ་བདག་གཤེགས༴ ཁྲོས་མ་ནག་མོ་གཤེགས༴ མཁའ་འགྲོ་སེང་གདོང་གཤེགས༴ བཛྲ་ཀཱི་ལི་གཤེགས༴ དགྲ་བགེགས་འདུལ་ཕྱིར་གཤེགས༴ སྡེ་བརྒྱད་འདུལ་ཕྱིར་གཤེགས༴ རྒྱལ་བསེན་འདུལ་ཕྱིར་གཤེགས༴ དམ་སྲི་འདུལ་ཕྱིར་གཤེགས༴ མུ་སྟེགས་འདུལ་ཕྱིར་གཤེགས༴ སྲིན་པོ་འདུལ་ཕྱིར་གཤེགས༴ བྱད་མ་འདུལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཞེས་ལྷ་ཚོགས་རྣམས་ནམ་མཁར་བྱོན་པར་བསམས་ལ་ཕྱག་འཚལ་ཏེ༔ ཧཱུྃ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ དྲེགས་པ་འདུལ་མཛད་ཐོད་ཕྲེང་རྩལ༔ གནམ་ལྕགས་མེ་ཡི་འཁོར་ལོ་ཅན༔ ཡབ་ཡུམ་སྲས་འཁོར་བཅས་པ་ལ༔ རྣལ་འབྱོར་གདུང་བས་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་བསམ་ཞིང༔ ཧཱུྃ༔ ཆོས་དབྱིངས་དབང་གི་དཀྱིལ་འཁོར་ནས༔ བླ་མ་དྲག་པོའི་ལྷ་ཚོགས་རྣམས༔ ཕོ་བྲང་དམ་ཚིག་དཀྱིལ་འཁོར་འདིར༔ པད་ཉི་བདུད་བཞི་རྒྱལ་བསེན་སྟེང༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱིའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བདུག་སྤོས་སྣང་གསལ་མེ་ཏོག་སྒྲ༔ ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང༔ བླ་མ་དྲག་པོའི་དཀྱིལ་འཁོར་ལ༔ བདག་གིས་དད་པས་འབུལ་ལགས་ཀྱིས༔ ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་འགྲེ །བཛྲ་དྷཱུ་པེ་ བཛྲ་པུཥྤེ་ བཛྲ་ཨཱ་ལོ་ཀེ་ བཛྲ་གནྡྷེ་ བཛྲ་ནཻ་བིདྱ་ བཛྲ་ཤབྡ་ དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ བླ་མ་དྲག་པོ་ཡབ་ཡུམ་དང༔ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལ༔ བདག་ཅག་དད་པས་འབུལ་ལགས་ཀྱིས༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ བཞེས་ནས་བདག་ལ་དགྱེས་མཛོད་ལ༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་པཱུ་ཛ་ཁ་རཾ་ཁཱ་ཧི༔ དེ་ནས་བདུད་རྩི་མཐེབ་སྲིན་གྱིས་ལྕེ་དང་གནས་གསུམ་དུ་བཞག་ལ༔ དཀྱིལ་འཁོར་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ རཀྟའི་མཆོད་པ་ནི༔ ཧཱུྃ༔ ཁམས་གསུམ་དབང་དུ་སྡུད་བྱེད་པ༔ རཀྟ་དམར་ཆེན་མཆོད་པ་འདི༔ བླ་མ་དྲག་པོའི་དཀྱིལ་འཁོར་ལ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ བདེ་བ་ཆེན་པོའི་མཆོད་པས་ལྷ་རྣམས་མཉེས་པར་བསམ་ཞིང༔ ཧཱུྃ༔ གསང་བ་ཐབས་དང་ཤེས་རབ་ལས༔ པདྨ་ནོར་བུ་མཉམ་སྦྱར་ནས༔ དགྱེས་པ་ཆེན་པོ་བདེ་བའི་ངང༔ བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔ བླ་མ་དྲག་པོའི་དཀྱིལ་འཁོར་ལ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་བོ་དྷི་ཙིཏྟ་སྭཱ་ཧཱ༔ དེ་ནས་སྒྲོལ་བའི་མཆོད་པ་ནི༔ དགྲ་བགེགས་ཏིང་ངེ་འཛིན་གྱིས་བཀུག་ལ་སྙིང་ག་ནས་སྤྲུལ་པའི་ཁྲོ་བོ་རྣམས་ཀྱིས་དགྲ་བགེགས་རྣམས་བསྒྲལ་བར་བསམས་ལ༔ ཧཱུྃ༔ སྤྲུལ་པའི་ཁྲོ་རྒྱལ་འབར་བ་ཡིས༔ ཞིང་བཅུ་མ་ལུས་ཐམས་ཅད་དང༔ འཁོར་བའི་ཉོན་མོངས་རྒྱ་འདྲལ་ནས༔ དུག་ལྔ་དབྱིངས་སུ་བསྒྲལ་བར་བྱ༔ ཤ་ཁྲག་དབུགས་སོགས་མཆོད་པ་འདི༔ བླ་མ་དྲག་པོའི་ལྷ་ཚོགས་ལ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་མ་ཏྲཾ་རུ་དྲ་པྲ་བེ་ཤ་ཕཊ༔ དེ་ནས་གཏོར་མ་ཞལ་ཟས་རོ་བརྒྱ་དང་ལྡན་པར་དམིགས་ནས༔ ཧཱུྃ༔ དམ་རྫས་གཏོར་ཆེན་བ་ལིཾ་ཏཿ མཛེས་པའི་དཀར་དམར་རྒྱན་གྱིས་སྤྲས༔ རོ་བདའི་མཆོད་པ་ཆེན་པོ་འདི༔ བླ་མ་དྲག་པོའི་ལྷ་ཚོགས་ལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་དུག་ལྔའི་མཆོད་པ་ནི༔ ཧཱུྃ༔ ཤ་ཁྲག་རུས་པ་ནང་ཁྲོལ་མཁྲིས༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་མཆོད་པར་འབུལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ ཧཱུྃ༔ གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར༔ སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ༔ དྲི་ཡི་ལྷ་མོ་སྐུ་མདོག་སེར༔ རོ་ཡི་ལྷ་མོ་སྐུ་མདོག་དམར༔ རེག་བྱའི་ལྷ་མོ་སྐུ་མདོག་ལྗང༔ ཕྱག་ན་འདོད་པའི་ཡོན་ཏན་ལྔ༔ ཐོགས་མེད་གར་དང་ཕྱག་རྒྱ་སྒྱུར༔ བླ་མ་དྲག་པོའི་ལྷ་ཚོགས་ཀྱི༔ སྤྱན་ཤངས་ཐུགས་དང་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཙ་ཧོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན་འདུས་པ༔ སྲིད་གསུམ་གདུག་པའི་ཚོགས་རྣམས་འདུལ་བའི་རྗེ༔ བདུད་བཞི་རྒྱལ་བསེན་ཕོ་མོ་བྱི་ཆིངས་བསྣོལ༔ ཆགས་མེད་པདྨ་ཉི་ཟླའི་གདན་སྟེང་ན༔ དུས་གསུམ་དབང་སྒྱུར་ཡེ་ཤེས་ལྷ་ཡི་ལྷ༔ དྲག་པོ་གནམ་ལྕགས་མེ་ཡི་འཁོར་ལོའི་སྐུ༔ སྐུ་མདོག་དམར་པོ་དབུ་གསུམ་ཕྱག་དྲུག་པ༔ ཞབས་བཞི་བརྐྱང་བསྐུམ་རྔམ་འགྱིང་བརྗིད་པའི་སྐུ༔ སྤྱན་གསུམ་ཞལ་བགྲད་དབང་གི་མཆེ་བ་གཙིགས༔ སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ༔ གཡས་དཀར་གཡོན་ལྗང་དབུས་དམར་རྔམ་སྒྲ་སྒྲོག༔ སྐུ་སྟོད་གཡང་གཞི་གླང་ཆེན་ཀོ་རློན་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་བདུད་དཔུང་འདུལ༔ ཐོད་རློན་ཚར་གསུམ་ཕྲེང་བས་རྒྱན་དུ་མཛེས༔ སྦྲུལ་རིགས་བཞི་ཡིས་སྐུར་བརྒྱན་ཕྱག་ཞབས་སྤྲས༔ ཕྱག་དྲུག་དང་པོ་རྡོ་རྗེ་སྡིག་པ་འཛིན༔ བར་པ་གནམ་ལྕགས་རལ་གྲི་ལྕགས་ཀྱུ་དང༔ མཐའ་གཉིས་ཐོ་ལུམ་ལྕགས་སྒྲོག་བསྣམས་པ་ཡིས༔ དགྲ་བགེགས་རྒྱལ་བསེན་འགོང་པོ་རྡུལ་དུ་རློག༔ དབང་དྲག་མེ་ཕུང་ཀློང་དཀྱིལ་རིན་ཆེན་སྤྲས༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས་པར་ལྡན༔ དབང་ཆེན་གདུག་པའི་སྤྱན་རྩ་ཟློག་པ་ཡིས༔ སྣང་སྲིད་དྲེགས་པ་ཐམས་ཅད་དབང་དུ་སྡུད༔ ཤངས་ནས་རླུང་ནག་འཚུབས་པའི་བསྐལ་པ་འབྱུང༔ སྣང་སྲིད་ཀུན་འཐོར་རྒྱལ་བསེན་རྡུལ་དུ་རློག༔ སྙན་ནས་བསྐལ་པའི་འབྲུག་སྟོང་ལྡིར་བ་ཡིས༔ སྲིད་གསུམ་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན༔ ཚེམས་ལས་དྲག་པོའི་ཐོག་ཆེན་ཕབ་པ་ཡིས༔ འགོང་པོ་སྤུན་དགུ་ཐལ་བའི་རྡུལ་དུ་རློག༔ ཞལ་ནས་རཀྟའི་རྒྱ་མཚོ་འཁྲུགས་ཤིང་འཁྱིལ༔ བསྟན་པ་བཤིག་པའི་དགྲ་ལ་སྐྱིན་ཐང་འབེབ༔ བདུད་བཞི་རྒྱལ་བསེན་སྟེང་ན་ཞབས་བཞི་པོ༔ བརྐྱང་བསྐུམ་འགྱིང་བའི་ཚུལ་གྱིས་དོར་སྟབས་བཞུགས༔ བདེ་སྟོང་ཟུང་འཇུག་ཕག་མོ་ཡུམ་ལ་སྦྱོར༔ བླ་མ་དྲག་པོ་ཡབ་ཡུམ་སྐུ་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ རིགས་ཀྱི་བདག་པོ་རྒྱལ་བ་འོད་དཔག་མེད༔ མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས༔ སྐུ་མདོག་པདྨ་རཱ་གའི་མདོག་ལྟར་འཚེར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཅན༔ མཉམ་གཞག་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས༔ རིགས་ཀྱི་བདག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐྱེ་འཆི་མེད་པ་རྡོ་རྗེའི་རང་བཞིན་ལས༔ ཕྲིན་ལས་རྣམ་བཞིས་འགྲོ་རྣམས་ཐབས་ཀྱིས་འདུལ༔ སྐུ་མདོག་དཀར་པོ་ཞབས་གཉིས་སྐྱིལ་ཀྲུང་ལ༔ ཕྱག་གཉིས་ཟུང་འཇུག་རྡོ་རྗེ་དྲིལ་བུ་བསྣམས༔ དར་ཟབ་བེར་ཆེན་ལོངས་སྤྱོད་རྫོགས་རྒྱན་སྤྲས༔ གསང་བའི་ཡུམ་མཆོག་མཚོ་རྒྱལ་ཡུམ་དང་སྦྱོར༔ སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་སྐུ་ཡི་ཡོན་ཏན་རབ་རྫོགས་ཤིང༔ ཡེ་ཤེས་སྒྲོན་མེ་རྒྱས་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་གསུམ་གྱི་མ་རིག་མུན་འཇོམས་ཤིང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ སྐུ་མདོག་སེར་ནག་ཁྲོ་ཞིང་རྔམ་པའི་ཞལ༔ འཁོར་ལོ་རལ་གྲིས་དུག་གསུམ་རྩད་ནས་གཅོད༔ ཀླུ་ཆེན་བརྒྱད་དང་དཔལ་གྱི་ཆས་བཅུ་གསོལ༔ གཤིན་རྗེའི་གདན་ལ་ཞབས་གཉིས་དོར་སྟབས་བཞུགས༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་རྫོགས་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་གསུང་གི་དཀྱིལ་འཁོར་རབ་རྫོགས་ཤིང༔ བྱམས་པ་ཆེན་པོས་འགྲོ་བའི་དོན་མཛད་ཀྱང༔ ཁམས་གསུམ་པདྨ་དབང་གི་ཕྲིན་ལས་ཀྱིས༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ རྟ་མགྲིན་དམར་ནག་ཁྲོ་ཞིང་བཞད་པའི་ཞལ༔ རྟ་སྐད་འཚེར་ཞིང་ཁམས་གསུམ་དབང་དུ་སྡུད༔ དབྱུག་ཏོ་སྡིགས་མཛུབ་སྡེ་བརྒྱད་ཟིལ་གྱིས་གནོན༔ ཀླུ་རིགས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན༔ ཀླུ་བརྒྱད་སྟེང་ན་ཞབས་གཉིས་དོར་སྟབས་བཞུགས༔ བདེར་གཤེགས་གསུང་གི་དཀྱིལ་འཁོར་རྫོགས་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཤིང༔ ཆོས་དབྱིངས་ཡེ་ཤེས་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ གསང་བདག་མཐིང་ནག་གཏུམ་ཞིང་བཞད་པའི་ཞལ༔ རྡོ་རྗེ་མེ་ཕུང་བདུད་བཞི་འཇོམས་པར་བྱེད༔ དར་གྱི་ཆུན་དང་ཀླུ་བརྒྱད་སྦྲུལ་ཆུན་བརྒྱན༔ སྡེ་བརྒྱད་སྟེང་ན་ཞབས་གཉིས་དོར་སྟབས་བཞུགས༔ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་རྫོགས་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་ཡོན་ཏན་དཀྱིལ་འཁོར་རབ་རྫོགས་ཤིང༔ སྟོང་པའི་ངང་ལས་སྣང་བ་རྩལ་དུ་ཤར༔ བདེ་བ་རྒྱས་མཛད་བཅུ་དྲུག་ལང་ཚོ་ཅན༔ མཁའ་འགྲོ་རིགས་ལྔ་དཔའ་མོའི་ཚུལ་འཆང་བ༔ ཁ་ཊྭཱཾ་གྲི་གུག་བནྡྷ་ཐབས་ཤེས་ཚུལ༔ གཡས་བསྐུམ་གཡོན་བརྐྱང་བམ་རོའི་གདན་ལ་བཞུགས༔ བདེ་གཤེགས་ཡོན་ཏན་དཀྱིལ་འཁོར་རྫོགས་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་ཕྲིན་ལས་དཀྱིལ་འཁོར་རབ་རྫོགས་ཤིང༔ བྱ་གྲུབ་ཡེ་ཤེས་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ ཡཀྴ་མེ་དབལ་སྨུག་ནག་ཁྲོས་པའི་སྐུ༔ རྡོ་རྗེ་འབར་བ་མི་བཟད་མཚོན་ཆ་ཡིས༔ གདུག་པ་མ་ལུས་འདུལ་ཤིང་ཐལ་བར་རློག༔ དཔལ་གྱི་ཆས་བཅུ་ཀླུ་བརྒྱད་སྦྲུལ་ཆུན་བརྒྱན༔ བདུད་བཞིའི་སྟེང་ན་ཞབས་གཉིས་དོར་སྟབས་བཞུགས༔ བདེ་གཤེགས་ཕྲིན་ལས་དཀྱིལ་འཁོར་རྫོགས་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་སྟོབས་ཀྱི་དཀྱིལ་འཁོར་རབ་རྫོགས་ཤིང༔ ཚད་མེད་བཞི་ཡི་ངང་ལས་མ་གཡོས་ཀྱང༔ བདེ་ཆེན་དཔའ་མོ་བཞི་ཡི་སྐུར་སྟོན་པ༔ གྲི་གུག་བནྡྷ་གཡས་གཡོན་ཕྱག་རྒྱ་ཅན༔ རིན་ཆེན་རྒྱན་ཚོགས་མང་པོ་སྐུ་ལ་གསོལ༔ པདྨའི་གདན་ལ་ཞབས་གཉིས་དོར་སྟབས་བཞུགས༔ བདེ་གཤེགས་མཐུ་སྟོབས་དཀྱིལ་འཁོར་རྫོགས་ལ་བསྟོད༔ ཧཱུྃ༔ བདེ་གཤེགས་ནུས་མཐུའི་དཀྱིལ་འཁོར་རབ་རྫོགས་ཤིང༔ མི་འཇིགས་བཞི་ཡི་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་གང་འདུལ་སྐུར་སྟོན་པ༔ ཁྲོ་རྒྱལ་གཤིན་རྗེ་ཁྲོས་ནག་ཀཱི་ལ་ཡ༔ སིཾ་ཧ་མུ་ཁའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐུགས་རྗེའི་འོད་ཟེར་ལས༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ རང་རང་རྒྱན་དང་ཆ་ལུགས་སྣ་ཚོགས་འཆང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་གཉན་སྲུང་བ༔ སྒོ་སྐྱོང་མཁའ་འགྲོ་སྲུང་མའི་ཚོགས་ལ་བསྟོད༔ དེ་ནས་འཛབ་བཟླ་བ་ནི༔ རང་ཉིད་བླ་མ་དྲག་པོའི་ཐུགས་ཀར་གསང་བདག༔ དེའི་ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་དམར་ནག་གི་མཐར་སྔགས་ཕྲེང་གཡས་སྐོར་དུ་འཁོར་བ་ལས་འོད་འཕྲོས༔ ཕྱོགས་བཅུའི་བདེ་གཤེགས་རྣམས་དང༔ ལྷོ་ནུབ་རྔ་ཡབ་གླིང་ནས་བླ་མ་ཨོ་རྒྱན་ཞི་དྲག་གི་ལྷ་ཚོགས༔ རྩ་བ་གསུམ་གྱི་ངོ་བོ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་བསྩལ༔ སེམས་ཅན་གྱི་སྒོ་གསུམ་གྱི་སྡིག་སྒྲིབ་བྱང་བར་བསམས་ལ༔ དེ་ནས་འཛབ་བསྟོད་ནི༔ ཧཱུྃ༔ བླ་མ་དྲག་པོའི་ལྷ་ཚོགས་དགོངས༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོས༔ སྐུ་གསུང་ཐུགས་སུ་བསྙེན་ཅིང་བསྒྲུབས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཁྱེད་ཐུགས་ཉི་མའི་དཀྱིལ་འཁོར་གྱི༔ ཐུགས་སྲོག་ཧཱུྃ་ལ་སྙིང་པོས་བསྐོར༔ འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ༔ ཨཱཿཧཱུྃ༔ བཛྲ་ཧཱུྃ༔ རཀྴ་ཧཱུྃ༔ ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་པདྨཱནྟ་ཀྲྀཏ་བཛྲ་ཙནྡྷ་བཻ་རོ་ཙ་ན༔ ཧ་རི་ནི་ས༔ བཛྲ་ཡཀྵ༔ ཁྲོཾ་ག་རུ་ཌ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ༔ སོགས་སྐབས་དང་སྦྱར་ལ་སྒྲུབ་ཐབས་སྐབས་སོ་སོ་བཞིན་བཟླ༔ དེ་ནས་ཚོགས་བྱིན་གྱིས་རློབ་པ་ནི༔ ཚོགས་ལ་བདུད་རྩི་གཏོར་ལ༔ ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར་པའི་ངང་ལས༔ མདུན་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུའི་མཆོག་མ་ལ་བ་དན་ལྗང་གུ་གཡོ་བ་དང༔ ཆངས་ཟུང་ལ་ཡཾ་གིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བའི་ལྟེ་བར་རཾ་གྱིས་མཚན་པ༔ དེའི་སྟེང་དུ་ཀེཾ་ལས་ཐོད་པའི་སྐྱེད་བུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ༔ ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ལ་བསྟན་པའི་ནང་དུ༔ དབུས་སུ་མུ་ལས་དྲི་ཆུ་བཻཌཱུརྻ་ལྟ་བུ༔ ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ༔ ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ༔ ནུབ་ཏུ་ཤུ་ལས་བྱང་སེམས་དཀར་དམར་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ༔ བྱང་དུ་མ་ལས་ཀླད་པ་དུང་ལྟ་བུ༔ དབུས་སུ་ན་ལས་མིའི་ཤ༔ ཤར་ལྷོར་གྷོ་ལས་རྟའི་ཤ༔ ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ༔ ནུབ་བྱང་དུ་ད་ལས་བ་ལང་གི་ཤ༔ བྱང་ཤར་དུ་ཧ་ལས་གླང་པོ་ཆེའི་ཤ༔ དེ་ལྟར་ཤ་ལྔ་བདུད་རྩི་ལྔ་སྤུངས་པའི་འོག་ཏུ་ཉི་མའི་གདན༔ སྟེང་དུ་ཟླ་བའི་ཁ་ཆོད་བྱས་པའི་སྟེང་དུ༔ དབུས་སུ་འཁོར་ལོ་ཨོཾ་གྱིས་མཚན་པ༔ ཤར་དུ་རྡོ་རྗེ་ཧཱུྃ་གིས་མཚན་པ༔ ལྷོར་རིན་པོ་ཆེ་ཏྲཱཾ་གིས་མཚན་པ༔ ནུབ་ཏུ་པདྨ་ཧྲཱིཿས་མཚན་པ༔ བྱང་དུ་སྣ་ཚོགས་རྡོ་རྗེ་ཨཱཿས་མཚན་པར་གྱུར༔ བདག་གི་སྣ་བུག་གཡས་ནས༔ ཡཾ་ཧཱུྃ་ཡཾ༔ ཅེས་པའི་ཡིག་འབྲུ་འཕྲོས་པ་ལས་རླུང་བྱུང༔ གཞུའི་ཆངས་ཟུང་གི་ཡཾ་ལ་ཕོག༔ མཆོག་མའི་བ་དན་བསྐྱོད༔ རླུང་གཡོས༔ མེའི་དཀྱིལ་འཁོར་ལ་ཕོག་མེ་སྦར༔ ཐོད་པ་དྲོས་རྫས་རྣམས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་ཞུ་ཞིང་ཁོལ་བས༔ ཉེས་སྐྱོན་ཐམས་ཅད་ལྦུ་བའི་ཚུལ་དུ་ཕྱིར་ལུད༔ རླངས་པ་འོད་ཟེར་གྱི་ཚུལ་དུ་འཕྲོས་པས༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང༔ ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆར་ལྟར་བབས་པས༔ དམ་ཚིག་བདུད་རྩི་ལ་ཐིམ་ཞིང༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧ་ཧོཿཧྲཱི༔ ཞེས་པས་ཕྱག་མཚན་ལྔས་དཀྲུགས་པས༔ དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར༔ སླར་ཡིག་འབྲུ་ཕྱག་མཚན་དང་བཅས་པ་འོད་དུ་ཞུ་སྟེ༔ ཚོགས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་རོ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཧོཿཧྲཱི༔ ཞེས་བྱིན་གྱིས་བརླབས་པས་མཆོད་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པར་གྱུར་ནས༔ དཀྱིལ་འཁོར་ལྷ་ཚོགས་ལ་མཆོད་པ་ཕུལ་བར་བསམས་ལ༔ དེ་ནས་སྙན་པའི་དབྱངས་དང་བཅས་ཏེ༔ ཧཱུྃ༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་རྩལ༔ བླ་མ་དྲག་པོ་ཡབ་ཡུམ་དང༔ འཁོར་ཚོགས་དཔའ་བོ་མཁའ་འགྲོ་གིང༔ སྐུ་ལ་སྒྲིབ་བསལ་མི་མངའ་ཡང༔ འགྲོ་རྣམས་བསོད་ནམས་གསག་པའི་ཕྱིར༔ ཡེ་ཤེས་ཚོགས་ལ་གཤེགས་སུ་གསོལ༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེ་འཁོར་བཅས་གཤེགས༔ བདེ་གཤེགས་གསུང་གི་དཀྱིལ་འཁོར་ནས༔ པདྨ་དབང་ཆེན་འཁོར་བཅས་གཤེགས༔ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་འཛིན་པ་འཁོར་བཅས་གཤེགས༔ བདེ་གཤེགས་ཕྲིན་ལས་དཀྱིལ་འཁོར་ནས༔ ཡཀྴ་མེ་དབལ་འཁོར་བཅས་གཤེགས༔ ཡུལ་ཆེན་ཉི་ཤུ་རྩ་བཞི་ནས༔ མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ༔ དཔའ་བོ་གིང་ཆེན་གཤེགས་སུ་གསོལ༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་ཨེ་ཨཱ་རལླི་བཛྲ་ས་མཱ་ཛ༔ ཧོ༔ རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདིར༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལྷུན་གྲུབ་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྐལ་ལྡན་སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཧོ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ཆེ༔ ནམ་མཁའ་བར་སྣང་ས་གཞིའི་ཁྱོན་བཀང་ནས༔ མཆོད་རྫས་སྒྲུབ་རྫས་གཞུང་བཞིན་བཤམས་པ་འདི༔ བླ་མ་དྲག་པོ་ཡབ་ཡུམ་དཀྱིལ་འཁོར་ལྷ༔ འཇམ་དཔལ་རྟ་མགྲིན་ཕྱག་རྡོར་ཌཱ་ཀི་ལྔ༔ ཡཀྴ་མེ་དབལ་གིང་དང་བཀའ་སྡོད་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༔ རྣལ་འབྱོར་ཉམས་ཆག་ཐམས་ཅད་སོར་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ དེ་ནས་ཚོགས་ཟན་ལ་དགྲ་བགེགས་ཀྱི་རཱུ་པ་དབང་པོ་དོད་པ་བཟོས་ལ་དམིགས་བྱ་དགུག་ཅིང༔ ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ་བདེན་སྟོབས་བརྗོད༔ སྒོ་བ་བཞིའི་ཕྱག་རྒྱ་དང་བཅས་པས་བཀུག་ཅིང་ལིང་ག་དང་དབྱེར་མེད་དུ་བསྲེས་ལ༔ ཧཱུྃ༔ ང་ནི་བླ་མ་དྲག་པོའི་སྐུ༔ ཡབ་ཡུམ་འཁོར་ཚོགས་བསམ་མི་ཁྱབ༔ ཀུན་ཀྱང་མི་བཟད་འཇིགས་པའི་སྐུ༔ སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ༔ གཡས་ན་གནམ་ལྕགས་རྡོ་རྗེ་གདེངས༔ གཡོན་ན་ཕུར་བུ་འདྲིལ་ཞིང་འདེབས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཐམས་ཅད་ཐལ་བའི་རྡུལ་དུ་རློག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ༔ ཧྲཱིཿཥྚི་ཝཱི་ཀྲྀ་པདྨཱནྟ་ཀྲྀཏ་བཛྲ་ཙཎྜ་ཧ་རི་ནི་ས་ཁྲོཾ་ཨ་ཀྲོ་ཏེ་ཀ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ༔ བཛྲ་ཡཀྵ༔ བཛྲ་ཀཱི་ལི་ཀཱི་ལ་དགྲ་བགེགས་གནོད་བྱེད་སྟེང་དུ་མཱ་ར་ཡ༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་ནྲྀ་ཏྲི་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ལ་བསྟབ་པ་ནི༔ ཧཱུྃ༔ བླ་མ་དྲག་པོ་ཡབ་ཡུམ་འཁོར་ཚོགས་རྣམས༔ རྔམས་པའི་ཞལ་གདོངས་འཇིགས་པའི་ཚེམས་གཙིགས་ལ༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དུག་གསུམ་ཚོགས༔ ཞལ་དུ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དགྲ་བགེགས་སྒྲོལ་ལ་རྐྱེན་ངན་བར་ཆད་ཟློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ས་པ་རི་བཱ་ར་གནོད་བྱེད་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་བ་སུ་ཏ་ཁཱ་ཧི༔ ཞེས་གཏོར་མ་ལ་བྲན་ནོ༔ དེ་ནས་ཚོགས་ལ་རོལ་པ་ནི༔ ཚོགས་ཀྱི་ཕུད་ཀྱིས་ཐོག་མར་སློབ་དཔོན་མཆོད༔ དེ་ནས་རིམ་བཞིན་མཆེད་ལྕམ་རྣམས་ལ་དྲང༔ ཀྱེ་ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་རྣམ་རྟོག་ཐེ་ཚོམ་བྱར་མི་རུང༔ གལ་ཏེ་བྱས་ན་དངོས་གྲུབ་བར་ཆད་རྒྱུ༔ དེ་བས་བྲམ་ཟེ་ཁྱི་དང་གདོལ་པ་སོགས༔ གཙང་རྨེ་མེད་པར་རང་བཞིན་གཅིག་ཏུ་རོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་འགྱུར༔ མ་ཧཱ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ ལེན་པ་པོས་ཀྱང་སྤྲོ་བའི་ཚུལ་གྱིས་ནི༔ ཕྱག་རྒྱ་པད་ཀོར་དང་བཅས་འདི་སྐད་བླང༔ ཨེ་མ་ཧོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ བྱིན་གྱིས་བརླབས་པའི་དངོས་གྲུབ་བཅུད་ཆེན་པོ༔ བདག་ཅག་དགའ་ཞིང་གུས་པས་བླངས་བྱས་ནས༔ དུ་མ་རོ་གཅིག་ངང་དུ་རོལ་པར་བྱ༔ བྱིན་རླབས་མཆོག་དང་དངོས་གྲུབ་ཐུན་མོང་རྣམས༔ གཡེལ་བ་མེད་པར་དེང་འདིར་བསྩལ་དུ་གསོལ༔ ག་ཎ་གུ་ཧྱ་ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་པས་བླང་ཞིང་ཐ་མལ་ཚུལ་མ་ཡིན༔ དཀྱིལ་འཁོར་གསུམ་དང་ལྡན་པས་ལོངས་སྤྱོད་དོ༔ དེ་ནས་ལྷག་མའི་གཏོར་མ་བཏང་བ་ནི༔ དཀྱིལ་འཁོར་གྱི་བྱང་ཤར་དུ་ལྷག་གཏོར་བདུད་རྩིའི་ཁ་ཆུས་བྲན་པ་བཞག་ལ༔ རང་ཉིད་བླ་མ་དྲག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་ཚུལ་དུ་འཕྲོས་པས༔ ཡུལ་ཉི་ཤུ་རྩ་བཞི༔ གནས་སུམ་ཅུ་རྩ་གཉིས༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་མཁའ་འགྲོ་ལང་ཀ་དུར་ཁྲོད་ཀྱི་བདག་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་ལྷག་མའི་གཏོར་མ་ལེན་པ་ལ་བྱ་ཁྱུ་ཐང་ལ་བབས་པ་བཞིན་དུ༔ ཨེ་ཨཱ་རལླི་སརྦ་ཌཱ་ཀི་ནཱི་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་སྙན་པའི་དབྱངས་དང་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང༔ ཧཱུྃ༔ བླ་མ་དྲག་པོའི་དཀྱིལ་འཁོར་འདིར༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ བླ་མ་ཡི་དམ་ཕུད་ཀྱིས་མཆོད༔ བར་དུ་ཚོགས་ཀྱིས་མི་མཆོད་དུ༔ དཀྱིལ་འཁོར་ལྷ་ཚོགས་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་དུ༔ འཇིག་རྟེན་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག༔ ལྷག་མ་ཁ་ཆུས་མི་བྲན་དུ༔ ཁྱོད་དང་བདག་གཉིས་དམ་ཚིག་གཅིག༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན༔ མཁའ་འགྲོའི་ལུས་ལ་སྲིན་མོའི་གདོང༔ བམ་རོ་འདྲད་ཅིང་གཅེར་རྒྱུག་བྱེད༔ དུར་ཁྲོད་ཉུལ་ཞིང་རྣལ་འབྱོར་སྲུང༔ ཟས་བཟང་དེ་ནི་མཱཾ་ས་ཟ༔ སྐྱོགས་བཟང་དེ་ནི་བནྡྷ་ཐོགས༔ སྐྱེམས་བཟང་དེ་ནི་རཀྟ་འཐུང༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ ཤ་ཟ་མཁའ་འགྲོ་མི་སྲུན་མ༔ མཁའ་འགྲོའི་ལུས་ལ་ཅེ་སྤྱང་གདོང༔ གྲི་གུག་ཐོགས་ནས་དགྲ་སྲོག་གཅོད༔ སེམས་ཅན་ཀུན་གྱི་བླ་ཚེ་ཉུལ༔ གཅེར་བུ་མི་ལྤགས་རློན་པ་གོན༔ དགྲ་སྙིང་རྔམས་ཟས་འདྲད་ཚུལ་བྱེད༔ རྣལ་འབྱོར་ཀུན་གྱི་སྟོངས་གྲོགས་བྱེད༔ དམ་ཉམས་ཀུན་གྱི་སྲོག་རྩ་གཅོད༔ དུར་ཁྲོད་ཉུལ་ཞིང་རྣལ་འབྱོར་སྲུང༔ ཟས་བཟང་དེ་ནི་མཱཾ་ས་ཟ༔ སྐྱོགས་བཟང་དེ་ནི་བནྡྷ་ཐོགས༔ སྐྱེམས་བཟང་དེ་ནི་རཀྟ་འཐུང༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ ཤ་ཟ་མཁའ་འགྲོ་ཁྲོ་གཏུམ་ཅན༔ མཁའ་འགྲོའི་ལུས་ལ་དུར་བྱའི་གདོང༔ སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔ སྐྱེ་འགྲོ་ཀུན་གྱི་སྲོག་དབུགས་སྡུད༔ རྐན་སྒྲ་སྒྲོག་ཅིང་སྙིང་ཁྲག་འཐུང༔ དུར་ཁྲོད་ཉུལ་ཞིང་རྣལ་འབྱོར་སྲུང༔ ཟས་བཟང་དེ་ནི་མཱཾ་ས་ཟ༔ སྐྱོགས་བཟང་དེ་ནི་བནྡྷ་ཐོགས༔ སྐྱེམས་བཟང་དེ་ནི་རཀྟ་འཐུང༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས༔ མཁའ་འགྲོ་འབར་བ་མི་སྲུན་ཚུལ༔ འཇིག་རྟེན་ཁམས་ཀུན་ཉུལ་བྱེད་ཅིང༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ རྣལ་འབྱོར་ཀུན་གྱི་སྡོང་གྲོགས་བྱེད༔ དམ་ཉམས་དགྲ་བོའི་སྲོག་རྩ་གཅོད༔ དུར་ཁྲོད་ཉུལ་ཞིང་རྣལ་འབྱོར་སྲུང༔ ཟས་བཟང་དེ་ནི་མཱཾ་ས་ཟ༔ སྐྱོགས་བཟང་དེ་ནི་བནྡྷ་ཐོགས༔ སྐྱེམས་བཟང་དེ་ནི་རཀྟ་འཐུང༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲིཾ་ཧྲིཾ་ཁཱ་ཧི་ཁཱ་ཧི༔ ཞེས་དང༔ དམོད་བྱང་གང་འདོད་ཀྱང་བྱའོ༔ གསུམ་པ་བསྐུལ་བྱ་བ་ནི༔ ཧྲཱིཿཧྲཱིཿཧཱུྃ༔ མ་གཡེལ་དྲག་པོ་གནམ་ལྕགས་མེ་འབར་ཅན༔ མ་གཡེལ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷ༔ མ་གཡེལ་ཁྲོ་བོ་མཁའ་འགྲོ་གིང་གི་ཚོགས༔ མ་གཡེལ་བཀའ་སྡོད་ཆོས་སྐྱོང་སྲུང་མའི་ཚོགས༔ མ་གཡེལ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས༔ མ་གཡེལ་ལྷ་སྲིན་དྲེགས་པ་སྡེ་བརྒྱད་ཚོགས༔ ཀུན་ཀྱང་མི་བཟད་འབར་བའི་ཆ་ལུགས་ལས༔ རྣམ་འགྱུར་ཅིར་ཡང་སྟོན་པས་དགྲ་བགེགས་འདུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཉོན་མོངས་དགྲ་གདོན་བར་ཆད་བགེགས་ཀྱི་ཚོགས༔ ཐར་པའི་གེགས་བྱེད་ཐལ་བའི་རྡུལ་དུ་རློག༔ ཉེས་བྱེད་མི་མཐུན་ཕྱོགས་རྣམས་བཟློག་ཏུ་གསོལ༔ ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ་པར་མཛོད༔ ཧཱུྃ༔ བླ་མ་དྲག་པོ་མེ་ཡི་འཁོར་ལོ་ཅན༔ ཡབ་ཡུམ་འཁོར་ཚོགས་བཀའ་ཉན་བཅས་པ་རྣམས༔ བསྐུལ་ལོ་འགྲོ་བ་སེམས་ཅན་དོན་དུ་བསྐུལ༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་གདུག་པའི་དགྲ་བགེགས་རྡུལ་དུ་རློག༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ་གྲུ་ཡི༔ དུར་ཁྲོད་གསང་ཆེན་རོལ་པའི་ཕོ་བྲང་ནས༔ བླ་མ་དྲག་པོ་གནམ་ལྕགས་མེ་འཁོར་ཅན༔ སྐུ་མདོག་དམར་པོ་རབ་ཏུ་འབར་བ་ལ༔ སྐུ་གསུམ་ལྷུན་གྲུབ་འགྲོ་བའི་དོན་མཛད་ཕྱིར༔ ཞལ་གསུམ་སྤྱན་དགུ་རབ་བགྲད་འཇིགས་ལ་རྔམ༔ ཁམས་གསུམ་ཟིལ་གནོན་རྔམ་པའི་ང་རོ་སྒྲོག༔ ཕ་རོལ་ཕྱིན་དྲུག་ཕྱག་དྲུག་ཕྱག་མཚན་གྱིས༔ རྣམ་རྟོག་གཉིས་འཛིན་དགྲ་འདྲེ་དབྱིངས་སུ་སྒྲོལ༔ ཞབས་བཞི་དོར་སྟབས་བདུད་བཞི་རྒྱལ་བསེན་བརྫིས༔ དུར་ཁྲོད་ཆས་དང་དཔལ་ཆས་བརྗིད་པས་བརྒྱན༔ ཕག་མོ་ཡུམ་དང་འཁྲིལ་སྦྱོར་གར་གྱིས་རོལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོས་བསྐོར༔ རྔམ་པའི་གད་རྒྱངས་སྲིད་གསུམ་འདར་ཞིང་གཡོ༔ ཁྱེད་ཉིད་ཡབ་ཡུམ་འཁོར་ཚོགས་བཅས་པ་ཡིས༔ མཐུ་རྩལ་སྐུ་ཤུགས་ཕྱུང་བའི་དུས་ལ་བབ༔ ཁྱེད་ཀྱི་ཐུགས་རྗེ་ནུས་མཐུའི་དཔའ་སྐྱེད་ལ༔ སྡང་བའི་དགྲ་དང་ལོག་པར་འདྲེན་པའི་བགེགས༔ རྒྱལ་བསེན་འགོང་པོ་གནོད་བྱེད་བདུད་ཀྱི་ཚོགས༔ སྙིང་ཁྲག་ཐུངས་ལ་གཟུགས་ཕུང་ཐལ་བར་རློག༔ རྡུལ་ཕྲན་ཙམ་ཡང་མ་ལུས་རྡུལ་དུ་རློག༔ ཕ་རོལ་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་པ་ཡི༔ ཕྲིན་ལས་མ་ལུས་དུས་འདིར་འགྲུབ་པར་མཛོད༔ རྗེས་དངོས་གྲུབ་བླང་བ་ནི༔ བྱིན་རླབས་ཀྱི་རྩ་བ་བླ་མ༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ༔ ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའི་གནས་སུ་ན་བུན་དང་སྤྲིན་འཐིབས་པ་བཞིན་དུ་བྱོན་ནས༔ རང་རང་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བར་བསམས་ལ༔ གཏོར་མ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཐབས་ཤེས་དབྱེར་མེད་ནམ་མཁའི་དཀྱིལ་ཡངས་ནས༔ བླ་མ་དྲག་པོ་གནམ་ལྕགས་མེ་འཁོར་ཅན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དབྱིངས་ནས་སྐུལ༔ བུམ་པ་བཟང་དང་དཔག་བསམ་ནོར་བུའི་ཚུལ༔ དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་སྟེ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྲིན་ལས་དབང་མཆོག་དེ༔ སྒྲུབ་པའི་རྫས་ལ་བརྟེན་ཏེ་བསྩལ་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་དེ༔ སྒྲུབ་པའི་རྫས་ལ་བརྟེན་ཏེ་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་ངོ་བོ་དེ༔ སྒྲུབ་པའི་རྫས་ལ་བརྟེན་ཏེ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ གཏོར་མ་དངོས་གྲུབ་དུ་རོལ་ཅིང༔ དེ་ནས་བཀའ་སྲུང་གི་གཏོར་མ་རྣམས་སྤགས་ཏེ་བདུད་རྩི་བྲན་ལ་རོལ་མོའི་སྒྲ་དང་བཅས་ཏེ་ཆད་མདོས་གནད་ནས་བསྐུལ་བ་ནི༔ ཧཱུྃ་ སྔོན་ཚེ་འདས་པའི་བསྐལ་པའི་དང་པོ་ལ༔ འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་ཆེན་གྱིས༔ རྟ་སྐད་གསུམ་བསྒྲགས་མཁའ་འགྲོ་དབང་དུ་བསྡུས༔ ཐ་ཚིག་གསུམ་གྱིས་དམ་ལ་བཏགས་པའི་ཚེ༔ རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་ཆེན་མོ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ ཤེས་རབ་ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ མ་འོངས་འགྲོ་བའི་དོན་དུ་གསོལ་བཏབ་པས༔ དྲག་པོ་གནམ་ལྕགས་མེ་འབར་སྐུར་བཞེངས་ཚེ༔ སྣང་སྲིད་སྡེ་བརྒྱད་ཕོ་མོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ད་དུས་རྩུབ་འགྱུར་བསྐལ་པའི་ཡང་མཐའ་ལ༔ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རི་རུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ སློབ་མ་སྔགས་འཆང་ཞིག་པོ་གླིང་པ་ཡིས༔ བླ་མ་དྲག་པོའི་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ བཀའ་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོ་དང༔ ཁྱད་པར་མ་བདུན་ཀླུ་རྒྱལ་ཤིང་བྱ་ཡིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་བསྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་གཙང་སར་བཏང༔ དེ་ནས་བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ ཧཱུྃ༔ བཀའ་ཡི་ཚོགས་དང་བཅས་ཉིད་དུ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡར་མོ་སྐྱོང༔ གསང་བའི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་ཁྱེད་བཞི་ཡང༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན༔ འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་དང༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན༔ འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་ལ་རོག་རྡོ་རྗེ་སྨན་གཅིག་མ༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྨན་བཙུན་ཆེན་མོ་ཁྱེད་བཞི་ཡང༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན༔ འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད༔ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ སློབ་མ་རླངས་ཆེན་དཔལ་སེང་གིས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཞིང་ཆེན་འཁྲིགས་པའི་གདན་སྟེང་དུ༔ ལག་ཏུ་རྡོ་རྗེ་གཏད་ནས་ནི༔ སྒྲུབ་པ་པོ་ཡི་དམ་ལ་བཏགས༔ རྡོ་རྗེ་འཆང་གི་གྲལ་དུ་བཞག༔ ཐར་པ་ཐོབ་ཕྱིར་མིང་ཡང་བཏགས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་ཚིག་གཉན་ལས་མ་འདའ་བར༔ བོད་ཁམས་སྲུང་ཞིང་སྐྱོང་བ་དང༔ སྒྲུབ་པ་པོ་ཡི་སྟོངས་གྲོགས་མཛོད༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ སྤྱི་ལས་གྱུར་པའི་ནད་རྣམས་དང༔ རིམས་ནད་ཐམས་ཅད་ཟློག་པ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་གཏོར་གཞོང་ཁ་སྦུབས་ལ༔ རི་རབ་ཀྱི་འོག་ཏུ་དགྲ་བགེགས་མནན་པར་བསམས་ལ༔ ཧཱུྃ་ཧཱུྃ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་དམ་སྲི་རྣམས༔ མནན་ནོ་རི་རབ་ཆེན་པོའི་འོག་ཏུ་མནན༔ བཅིང་ངོ་རྒྱ་མཚོ་ཆེན་པོའི་གཏིང་དུ་བཅིང༔ བརྫང་ངོ་ཆུ་སྲིན་གདུག་པའི་གྲེ་བར་བརྫང༔ བསྡམ་མོ་འཁོར་ལོ་འབར་བའི་ཕྱག་རྒྱས་བསྡམ༔ གཉེར་རོ་ཕོ་ཉ་ལས་མཁན་རྣམས་ལ་གཉེར༔ གཏད་དོ་འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ བསྐྱུར་རོ་མནར་མེད་དམྱལ་བའི་དོང་རུ་སྐྱུར༔ ནམ་ཞིག་བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ བཅིངས་པ་ཡིན་པས་གྲོལ་བར་མ་བྱེད་ཅིག༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་ཨོཾ་ལཾ་ཧཱུྃ་ལཾ༔ ཐུཾ་ལཾ༔ སྟམྦྷ་ཡཱ༔ ན་ཤ་ཡཱ༔ བྷནྡྷ་ཡཱ༔ མཱ་ར་ཡ་ཧཱུྃ་ཕཊ༔ དེའི་སྟེང་དུ་བདེ་བར་གཤེགས་པའི་ཕོ་བྲང་བཏབ་པར་བསམས་ལ༔ ཧཱུྃ་ཧྲཱི༔ དཔལ་ཆེན་བརྟུལ་ཞུགས་ཆེན་པོ་ཡིས༔ དགྲ་བགེགས་བསྒྲལ་པའི་ཕུང་པོ་ལ༔ དུག་ལྔ་འཇོམས་ཕྱིར་རྔམ་སྒྲ་སྒྲོག༔ མ་མོ་ཕོ་ཉ་སྤྲིན་ལྟར་གཏིབས༔ ཁྲོ་བོ་ཁྲོ་མོ་རྒྱུག་ཅིང་འཕྱོང༔ རྡོ་རྗེའི་ཐོག་འབེབ་འོད་ཟེར་འཕྲོ༔ དྲག་པོའི་སྔགས་སྒྲ་དི་རི་རི༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ དགྲ་བགེགས་གཞོབ་ཏུ་ཆིལ་ཆིལ་བསྲེག༔ མཆེད་ལྕམ་འཆམ་སྟབས་ལིངས་སེ་ལིང༔ མནན་གཟིར་ལས་ཀྱིས་དོན་ཆེན་འགྲུབ༔ དགྲ་བགེགས་སྦྱོར་བ་རྒྱུན་བཅད་དོ༔ ཨོཾ་ལཾ་དགྲ་བགེགས་གནོད་བྱེད་ཤ་ཏྲཱུཾ་སཏྭམྦྷ་ཡ་ནན༔ དེ་ནས་དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་བྱ་ཞིང་ཡི་གེ་བརྒྱ་པས་ལྷག་ཆད་བསྐང༔ ཡེ་ཤེས་པ་གཤེགས་ལ༔ དེ་ནས་དཀྱིལ་འཁོར་བསྡུ་བ་ནི༔ དཀྱིལ་འཁོར་ལྷ་རྣམས་མཐའ་ནས་རིམ་གྱིས་དཀྱིལ་འཁོར་དབུས་ཀྱི་གཙོ་བོ་ལ་ཐིམ༔ རང་ཡི་དམ་དུ་གསལ་བའི་ཐུགས་སྲོག་ཧཱུྃ་དུ་གྱུར༔ ཧཱུྃ་ཟླ་ཚེས༔ ཟླ་ཚེས་ཐིག་ལེ༔ ཐིག་ལེ་ནཱ་ད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང༔ ལོངས་སྤྱོད་རྫོགས་སྐུའི་ཚུལ་དུ་དཀྱིལ་འཁོར་གསལ༔ ལོངས་སྐུས་འགྲོ་དོན་ལྷུན་གྲུབ་མཐར་ཕྱིན་ཞིང༔ ཡང་གསང་བླ་མའི་དཀྱིལ་འཁོར་ཆོས་དབྱིངས་གསལ༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་བཛྲ་མུ༔ ཞེས་དཀྱིལ་འཁོར་བསྡུ༔ སྨོན་ལམ་ནི༔ ན་མོ༔ བདག་ཅག་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོས༔ བླ་མ་རྩ་གསུམ་དཀྱིལ་འཁོར་བསྒྲུབས་ལ་སོགས༔ དུས་གསུམ་དགེ་བ་ཅི་དང་ཅི་བསགས་པས༔ ཡོན་ཏན་མ་ལུས་ཐམས་ཅད་ཀུན་རྫོགས་ནས༔ ཕྲིན་ལས་གང་བསམ་ལྷུན་གྱིས་འགྲུབ་པར་ཤོག༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ གདོད་ནས་རང་བཞིན་རྣམ་དག་པ༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་གསལ༔ མ་སྐྱེས་ལྷུན་གྱིས་གྲུབ་པའི་མཆོག༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ རང་རྩལ་མ་འགག་ཅིར་ཡང་སྣང༔ སྣ་ཚོགས་རོལ་པའི་འཕྲོ་འདུ་ཞིང༔ མཚན་དང་དཔེ་བྱད་དཔལ་འབར་བ༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་རྣམ་པ་བཞི་པོ་ཡིས༔ གང་ལ་གང་འདུལ་དོན་མཛད་པ༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ ཆོས་དབྱིངས་བྱང་སེམས་དབྱིངས་ཉིད་ལས༔ ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་འགྱེད༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ ཀུན་རྫོབ་ལྟར་སྣང་སྒྱུ་མ་ལ༔ ལེགས་ཉེས་སྟངས་འཛིན་བྱ་ར་མཛད༔ ཤན་འབྱེད་དྲོད་འཛིན་བསྟན་པ་སྲུང༔ དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་ཅིང༔ སྲུང་བའི་འཁོར་ལོ་བསྒོམ་ཞིང་རྒྱུན་སྤྱོད་ལ་འཇུག་པར་བྱའོ༔ ཨེ་མ༔ བདག་འདྲ་མཚོ་རྒྱལ་ཉིད་ཀྱིས་ནི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ ཞབས་འབྲིང་བཀའ་ཡི་བསྡུ་བ་བྱས༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ བླ་མའི་སྒྲུབ་པ་དཔག་མེད་ཞུས༔ གཏེར་ཁ་རེ་རེར་སྦས་ནས་བཞག༔ ཀུན་ལས་ཁྱད་འཕགས་ཟབ་པའི་མཐིལ༔ སྡེ་བརྒྱད་འཇོམས་པའི་ཐོ་བ་འདི༔ གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་དུ༔ མ་འོངས་འགྲོ་ལ་ཕན་དོན་དུ༔ འཛམ་བུའི་ཤིང་ཤུན་ཉིད་ལ་བཀོད༔ མཁའ་འགྲོ་ངང་གིས་འདུ་བའི་གནས༔ དབེན་གནས་ཕ་བོང་སྐྱོབ་ཆེན་དུ༔ མི་འགྱུར་རྒྱ་ཡིས་བཏབ་ནས་སྦས༔ མ་འོངས་རྩུབ་འགྱུར་བཞི་བཅུའི་དུས༔ ཆེ་བཙུན་དྲག་དགུ་ཐམས་ཅད་ཀྱི༔ རྒྱུད་ལ་རྒྱ་འདྲེ་འགོང་པོ་ཡི༔ བར་ཆད་ཞུགས་པའི་སྔ་ལྟས་སུ༔ བོད་ཁམས་དཀྲུག་ཅིང་ཕྱོགས་ལྷུང་གི༔ གྲུབ་མཐའ་བཟུང་ནས་རྩོད་ཅིང་སྨོད༔ དེ་དུས་མ་མོ་མཁའ་འགྲོ་ཡི༔ ཁ་རླངས་མཚོན་འཁྲུགས་མུ་གེ་ཡིས༔ སེམས་ཅན་སྡུག་བསྔལ་ཉམ་ཐག་འགྱུར༔ དེ་དུས་སྨོན་ལམ་མཐུ་བཙན་ན༔ ཨོ་རྒྱན་པདྨའི་གསུང་གི་སྲས༔ ཞིག་པོ་གླིང་པ་གར་དབང་ཕྱུག༔ དེ་དང་འཕྲད་ནས་འགྲོ་བ་རྣམས༔ ཕན་བདེའི་ལམ་ལ་འགོད་པར་ཤོག༔ དུས་ཀྱི་འཁྲུགས་པ་ཞི་བར་ཤོག༔ ནད་མཚོན་མུ་གེ་ཞི་བར་ཤོག༔ རྒྱལ་འགོང་མ་ལུས་འདུལ་བར་ཤོག༔ གསང་སྔགས་བསྟན་པ་དར་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་འཛམ་བུ་ཆུ་བོའི་ཤིང་ཤུན་ལེབ་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས་པའོ།། །།
རྣམ་འཇོམས་བ་རི་དང་སངས་རྒྱས་གསང་བའི་ལུགས་གཉིས་སོ་སོའི་རྗེས་གནང་བྱ་ཚུལ་ཟུང་ (Volume 61, Text 37)
ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི། །རྣམ་རོལ་རྡོ་རྗེ་ཁྲོ་བོའི་རྒྱལ། །དེ་ལ་བཏུད་ནས་རྗེས་གནང་གི །ཆོ་ག་མདོ་ཙམ་བཤད་པར་བྱ། །འདི་བ་རི་ལུགས།་་་དེ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་བ་བྱུང་དང་དྲི་བཟང་གིས་བྱུགས། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དང་བཅས་པའི་དབུས་སུ་བུམ་པ་ཆས་ལྡན་བཅུད་ཀྱིས་བཀང་བའི་ཁར་དུང་ཞལ་གཟུངས་རྡོར་དང་བཅས་པ་བཀོད། མཐའ་སྐོར་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་མཆོད་གཏོར་དང་བཅས་པ་བཤམ། མདུན་བུམ་ཐ་དད་དུ་སྒྲུབ་ན་མཆོད་བཀོད་ཀྱི་དབུས་སུ་མཎྜལ་དྲི་བཟང་གིས་བྱུགས་པར་ཚོམ་བུ་བཀོད་པ་གཞག །བུམ་པ་མཆོད་པ་དང་བཅས་པ་ལོགས་སུ་བྱ། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་ཡུངས་དཀར་རྣམས་དང་། ཇི་ལྟར་བདེ་བར་བཀྲ་ཤིས་ཀྱི་རྫས་རྣམས་དང་འཇིག་རྟེན་པའི་གཏོར་མ་ཆ་གསུམ་ཀྱང་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། སྐྱབས་སེམས་ནས་གཟུང་བདག་བསྐྱེད་བཟླས་པ་ཕན་ཡོན་བརྗོད་པ་ཡན་ཆད་གྲུབ་ནས། མདུན་བསྐྱེད་བསྒྲུབས་ཏེ་བུམ་བསྐྱེད་ལ་འཇུག་པའམ། མདུན་བསྐྱེད་དང་བུམ་བསྐྱེད་ལྷན་ཅིག་ཏུ་བྱས་ཀྱང་ཆོག་སྟེ། གང་ལྟར་ཡང་མཆོད་པ་བྱིན་གྱིས་བརླབ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་སོགས་ནས། འཇིག་རྟེན་པའི་གཏོར་མ་ཆ་གསུམ་གཏོང་བའི་བར་སྒྲུབ་ཐབས་བཞིན་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། ཁྲུས་དང་མེ་ཏོག་བཀྲམ་བསྡུ་བྱ། ཆོས་བཤད་ཅི་རིགས་པས་མཚམས་སྦྱར། མཎྜལ་ཕུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་སྤྱན་སྔར་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་འགྲོས་བྱང་ཆུབ་ཀྱི་སེམས་གཟུང་བ་ལ་སོགས་པ་བགྱིད་སྙམ་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ། ཁྱད་པར་ཅན་གྱི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་རྗེས་སུ་གནང་བ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། དངོས་གཞི་ལ་རྗེས་གནང་གི་གཞི་འགོད་པའི་སླད་དུ་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས་སློབ་མ་རྣམ་འཇོམས་སུ་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུའི་རྣམ་པར་སྤྱན་དྲངས་ཁྱེད་རང་ལ་ཐིམ་པར་མོས་མཛོད། ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བརྗོད་ཅིང་རོལ་མོ་བྱ། རྗེས་གནང་གི་གཞི་འགོད་པའོ། །རྗེས་གནང་དངོས་ལ་ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་ནི། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་བསམ་ལ་ཆེ་བ་བརྗོད་པ་ཚར་གཅིག་བཀླག །གཟུངས་དངོས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་བྱ། མཐར་ཕན་ཡོན་དྲན་པས་ཚར་གཅིག་བཀླག །གཉིས་པ་བྱིན་རླབས་ཀྱི་ལུང་ནི། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་ཞིང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་པ་སློབ་མའི་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སོགས་དང་། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །གསུམ་པ་དམ་བཅའ་བའི་ལུང་ནི། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ལན་གསུམ་བརྗོད། དེས་དངོས་གཞི་ལུང་གསུམ་སོང་། རྗེས་བྱིན་གྱིས་བརླབ་པའི་ཕྱིར། མདུན་བསྐྱེད་ལ་མོས་གུས་དུང་བྱས་པས་དེའི་ཐུགས་ཀ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་སོར་ཚད་ཙམ་ཞིག་རྒྱངས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་སྙིང་གའི་ས་བོན་ལ་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པར་བསམ། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་ཅིང་། མཐར་རྟོག་མེད་དུ་གཞག །གཙོ་བོས་ཇི་ལྟར་སོགས་དང་། མཎྜལ། དེང་ནས་སོགས་སྤྱི་དང་འདྲའོ། །རྗེས་གནང་དང་འབྲེལ་བར་ཁྲུས་ཆོག་བྱེད་ན་རྗེས་གནང་དངོས་གཞི་སོང་མཚམས་སུ་བཀྲུ་བྱབ་སྲུང་གསུམ་བྱ་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ནས་མཐར་བཀྲ་ཤིས་བརྗོད་པའི་བར་ཁྲུས་ཆོག་ཏུ་བཤད་པ་བཞིན་བྱའོ། །དེ་ནས་གཙོ་བོས་ཇི་ལྟར་སོགས་རྗེས་གནང་གི་མཇུག་དང་། མདུན་བསྐྱེད་ཀྱི་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །འདིའི་བཟླས་ལུང་དང་རྒྱུན་གྱི་ཉམས་ལེན་ལ་ལོང་སྐབས་མེད་ཅིང་མི་ལྕོགས་ན་ཉེ་སྙིང་ཁོ་ན་བཟླས་པས་ཀྱང་ཆོག་པར་གསུངས་ཤིང་། བཀྲུ་བྱབ་སྲུང་གསུམ་དང་བྲལ་བའི་རྗེས་གནང་ཁོ་ན་ཡང་སྐབས་སུ་བབ་པ་དག་ལ་སྦྱིན་པར་བྱའོ། །ཞེས་པ་ནི་ལག་ལེན་འཇུག་པ་བདེ་ཕྱིར་ཆོ་ག་སྤྱི་འགྲོས་སུ་སྨྲོས་པའོ།། །། ༄༅། །ཡང་སངས་རྒྱས་གསང་བའི་ལུགས་ཀྱི་ཆོ་གའི་རྗེས་སུ་འབྲང་ན། བཤམ་བཀོད་སྒྲུབ་ཐབས་ཁྲུས་ཆོག་དང་བཅས་པ་ཟུར་དུ་སྨྲོས་པ་ལས་ཤེས་པའི་དབང་དུ་བྱས་ནས། འདིར་སློབ་མ་རྗེས་འཛིན་གྱི་ཆིངས་ཙམ་བཤད་ན། སངས་རྒྱས་གསང་བས། མཚན་མ་ཕྱིས་ལ་ནུབ་ནས་གཞུག །དབུས་སུ་བཞག་སྟེ་བགེགས་བསྐྲད་ནས། །བྱབ་དང་སྲུང་བ་ཀུན་བྱས་ཏེ། །བུམ་ཆུ་སྔགས་དང་བཀྲ་ཤིས་སྒྲས། །དབང་བསྐུར་ཁྲུས་བྱས་ནད་སོགས་ཞི། །བསམ་སྟེ་རྫས་བརྒྱད་བྱིན་བྱས་ལ། །ནུབ་ནས་བཏོན་ཏེ་ལས་ཀྱང་བསླབ། །ཡོན་ཕུལ་ལན་གསུམ་གྱིས་རྫོགས་འགྱུར། །ཞེས་པ་དཀྱིལ་འཁོར་དང་འབྲེལ་བའི་དབང་དུ་གསུངས་པ་ལས། འདིར་སྐབས་དོན་འཇུག་པ་བདེ་བར་བྱེད་ན། བདག་མདུན་དང་བུམ་པ་སྒྲུབ་པ་གཏོར་མ་གཏོང་བ་རྣམས་སྔོན་དུ་འགྲོ་བས། བསྒྲུབ་བྱ་ཤུ་ཏི་སོགས་འདག་རྫས་ཀྱིས་ཕྱི་རོལ་དུ་ཁྲུས་བྱས། གཙང་སྦྲ་དང་ལྡན་པས་གོས་གསར་པ་བགོས། ཕྱག་བཙལ་ཏེ་སྟན་ལ་འཁོད་པ་ལ། མཚམས་སྦྱོར་ཅི་རིགས་བཤད་ནས་མཎྜལ་ཕུལ་ཏེ། རིག་སྔགས་འཆང་ཆེན་དགོངས་སུ་གསོལ། །བདག་ནི་སྡུག་བསྔལ་ལས་ཐར་ཕྱིར། །རྡོ་རྗེ་འཛིན་དེ་འཁོར་བཅས་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཞེས་གསོལ་བ་གདབ། བགེགས་བསལ་བ་དང་སྡིག་སྦྱོང་རྣམས་ཁྲུས་ཆོག་གི་དཀྱུས་བཞིན་བྱེད་པའམ། རྩ་བའི་གཞུང་ལྟར་ན། བཅོམ་ལྡན་འདས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་མཆོད་བསྟོད་བྱས་པའི་རྗེས་སུ། ཇི་ལྟར་སྔོན་ཚེ་བདེ་གཤེགས་ཕོ་བྲང་དུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་ཕྲིན་ལས་ཁྱད་པར་གང་བསྒོ་བ། །དམ་བཅས་ཕྲིན་ལས་དེ་ནི་གྲུབ་པར་མཛོད། །དེ་སླད་བགེགས་དང་ལོག་འདྲེན་ཚར་བཅད་ནས། །འགྲོ་བ་ཉམ་ཐག་འདི་ནི་གཟུང་བའི་ཕྱིར། །སྡུག་བསྔལ་ངེས་བསལ་བདེ་མཆོག་ལ་སྦྱོར་བའི། ཁྲོ་རྒྱལ་ཁྱོད་ཀྱིས་དེང་འདིར་བྱིན་རློབ་གསོལ། །ཞེས་ཕྲིན་ལས་གསོལ། བགེགས་སྐྲོད་གོང་དུ་མ་བྱས་ན། སྙིང་པོ་དང་ཡང་སྙིང་བཟླ་ཞིང་ཡུངས་དཀར་གྱིས་བྲབས་ཏེ་བགེགས་བསྐྲད། དེ་ནས་སྤྱན་དྲངས་པའི་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་སོགས་བཀྲུ་བྱབ་སྲུང་བ་གསུམ་གྱི་མཐའི་ཛ་ཡནྟུ་སྭཱ་ཧཱ་ཞེས་མེ་ཏོག་གི་ཆར་དབབ་པའི་བར་དཀྱུས་བཞིན་བྱས་ནས། སྐྱབས་སེམས་ཀྱི་དམིགས་པ་ཕོག་སྟེ། ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །དགེ་འདུན་ལ་ནི་བདག་སྐྱབས་མཆི། །ཞེས་དང་། ལུས་ཅན་རྣམས་ཀྱི་བྱང་ཆུབ་ཕྱིར། །ཡང་དག་བྱང་ཆུབ་སེམས་བསྐྱེད་ནས། །སེམས་ཅན་ཀུན་ལ་སྨན་འགྱུར་ཕྱིར། །བཟང་པོའི་སྤྱོད་པ་སྤྱད་པར་བགྱི། །ཞེས་པ་རྣམས་ལན་གསུམ་གྱིས་སྐྱབས་སེམས་བྱ། དེ་ནས་བསྒྲུབ་བྱ་སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་པ་ནས། སེམས་དཔའི་སྐྱིལ་ཀྲུང་གིས་རོལ་པའོ་ཞེས་པའི་བར་གྱིས་ལྷར་བསྐྱེད། དེ་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། གང་ལ་སེར་སྣ་རྣམ་ཆགས་པ། །སོགས་ཡངས་པའི་གྲོང་ཁྱེར་དུ་འཇུག་པ་དང་། དཀོན་མཆོག་གསུམ་གྱི་ཤིས་བརྗོད་སོགས་ཅི་རིགས་པ་བརྗོད་ནས་མེ་ཏོག་གི་ཆར་དབབ། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱའི་སྔགས་བཟླས་པའི་བདུག་པས་བདུགས། བུམ་པ་སློབ་མའི་སྤྱི་བོར་བཞག་ལ། ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་ཞིང་ཁྲུས་བྱས་པས་ལུས་གང་དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱ། ཞེས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་དབང་བསྐུར། རིག་སྔགས་ཀྱི་ལུང་སྦྱིན་པའི་དོན་དུ་གིའུ་ཝཾ་མམ་གུར་གུམ་གྱིས་བྲིས་པའི་གཟུངས་སློབ་དཔོན་དང་སློབ་མ་གཉིས་ཀས་མཉམ་པོར་ཀློག་ཅིང་བཟླས་ལུང་ཡང་སྤྱི་དང་མཐུན་པར་བྱིན། ཕྱག་མཚན་རྡོ་རྗེ་སློབ་མའི་ལག་ཏུ་བྱིན་ལ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ལག་ཏུ་གཏད་པས་སྐུ་གསུང་ཐུགས་ཀྱི་གསང་བ་དཔག་ཏུ་མེད་པའི་རྗེས་གནང་ཐོབ་པ་ཡིན་ནོ། །ཞེས་ཐུགས་ཀྱི་རིག་པ་གཏད། རྡོ་རྗེ་རྣམ་པར་འཇོམས་པའི་ལས་རྣམས་སྒྲུབ་པར་བྱོས་ཤིག །ཅེས་རྗེས་གནང་སྦྱིན་ལ། ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །ཞེས་སོགས་བཀྲ་ཤིས་པའི་རྫས་བརྒྱད་པོ་རིམ་པ་བཞིན་གཏད་ནས་ཤིས་པར་བྱས་ལ། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་གྱིས་ཕན་ཡོན་བཤད། མཐར་དམ་ཚིག་ཁས་བླང་། མཎྜལ་ཡོན་འབུལ་སོགས་སློབ་མའི་བྱ་བ་དང་། མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་སྤྱི་དང་འདྲའོ། །མི་འ༵གྱུར་ཐུགས་ཀྱི་གསང་བ་འཛིན། །ངོ་མཚར་ཟླ་མེ༵ད་ཆོ་གའི་ཁྲིགས། །རྡོ༵་རྗེ༵་འཛིན་པའི་ཞལ་ལུང་བཞིན། །འཇུག་བདེའི་ལག་ལེན་སྙིང་པོར་དྲིལ། །རྡོ་རྗེ་རྣམ་པར་འཇོམས་པའི་རྗེས་གནང་གི་ཆོ་ག་བརྒྱུད་པའི་ཁྱད་པར་གཉིས་ཀྱི་བཀའ་སྲོལ་བཞིན་བརྗོད་པའི་ལེའུ་ཚན་ནོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་བའི་སྒྲུབ་དབང་ (Volume 62, Text 37)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཞི་བའི་སྒྲུབ་དབང་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཞི་སྒྲུབ་དབང༔ ཚུལ་བཞིན་བསྐུར་ན་དཀྱིལ་འཁོར་བཤམས༔ རྒྱས་བསྡུས་རིག་པས་དཔག་ལ་བྱ༔ ཡེ་སངས་རྒྱས་པ་གདོད་མའི་ཀུན་ཏུ་བཟང༔ ཐོག་མའི་སྟོན་པ་ཆེན་པོ་བཅུ་གཉིས་ཀྱི༔ རང་བྱུང་དགོངས་པ་ཀློང་ཡངས་བསྟན་དུ་གསོལ༔ ཆོས་དབྱིངས་འུབ་ཆུབ་ཀློང་དུ་མི་འདའ་བའི༔ རྣལ་འབྱོར་ནམ་མཁའི་རྒྱལ་པོ་བལྟ་འདོད་ཀྱིས༔ ད་ལྟ་ཉིད་དུ་བླ་མས་བསྩལ་དུ་གསོལ༔ བླ་མས༔ ཨེ་མ་ཧོ༔ བདེ་གཤེགས་སྟོན་པ་རིག་འཛིན་ནི༔ བསྟན་པ་གཉིས་ཀྱི་བདག་པོ་སྟེ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ བོད་ཀྱི་རིག་འཛིན་ཡན་ཆད་དུ༔ འགྲོ་འདུལ་བདུན་ཅུ་རྩ་གཅིག་ནི༔ ཆོས་དབྱིངས་ཀློང་ལ་ཁྱབ་པ་ཉིད༔ ཐམས་ཅད་ནམ་མཁའི་རྣལ་འབྱོར་ཡིན༔ འཁོར་འདས་ཀུན་ལ་ཁྱབ་པའི་སྐུ༔ གློ་བུར་འཁྲུལ་པས་མ་བསྒྲིབ་ན༔ རང་ཡང་ནམ་མཁའི་ངང་དུ་རྫོགས༔ འགྲོ་འདུལ་རྣམས་དང་དགོངས་པ་གཅིག༔ ད་ལྟའི་ནམ་མཁའ་འདི་རྣམས་ཀྱང༔ བདུན་ཅུ་རྩ་གཅིག་འདུས་པ་ཡི༔ ཐུགས་རྗེའི་ཀློང་ཆེན་དམ་པ་འོ༔ དེ་ཕྱིར་མཆོད་པའི་སྤྲིན་ཚོགས་འབུལ༔ སློབ་མས༔ ཀུན་རྫོབ་རིག་པའི་ཀློང་ཡངས་ནམ་མཁའ་ཆེ༔ ཀུན་བཟང་ཀློང་དུ་རྟོགས་པའི་མཆོད་པའི་སྤྲིན༔ ཤར་དང་ཤར་ཡུལ་མེད་པར་མཆོད་པར་འབུལ༔ འཛིན་ཡུལ་མེད་པར་ངང་དུ་མཐོལ་ལོ་བཤགས༔ བཤགས་བྱ་བཤགས་བྱེད་བྲལ་བ་ངོ་མཚར་ཆེ༔ ཡེ་ཤེས་ཀློང་ཆུབ་ངང་དུ་མཛད་དུ་གསོལ༔ སློབ་དཔོན་གྱིས༔ རང་རིག་གཞི་ལུས་ཀུན་ཏུ་བཟང་པོ་ལ༔ ཞལ་ཕྱག་མཚན་མ་བྱིན་རླབས་མི་འཚལ་ཞིང༔ རྣལ་འབྱོར་ནམ་མཁའ་ཆེ་ལ་ལྟ་སྟངས་ཀྱིས༔ རང་གསལ་མ་བཅོས་ལྷུག་པར་གནས་པར་གྱིས༔ བླ་མས་བུམ་པ་ཐོགས་ལ༔ བུམ་པ་ཆོས་དབྱིངས་ཕྱི་ནང་མེད་པ་ལ༔ རང་བྱུང་ཡེ་ཤེས་ཁ་རྒྱན་བཅུད་ཀྱིས་གཏམས༔ བསྐུར་བྱ་བསྐུར་ཐོབ་མེད་པར་རང་ལ་རྫོགས༔ ཨེ་མ་ཧོ༔ ཆོས་ཀྱི་དབྱིངས་སུ་རྫོགས་པའི་དབང་ཐོབ་ཤོག༔ བདུད་རྩི་ཐོགས་ལ༔ གསལ་རིག་རྒྱུན་ཆད་མེད་པའི་ཐོད་པའི་ནང༔ ཡོངས་སུ་དེ་ཉིད་རྒྱས་པའི་བདུད་རྩིར་ཞུ༔ ཨེ་མ་ཧོ༔ མདངས་གསལ་གསལ་རྫོགས་ངང་དུ་དབང་བསྐུར་བས༔ སྣང་བ་མཐོང་མེད་མཐོང་བ་རབ་གསལ་ཤོག༔ རིག་མ་གཏད་ལ༔ བདེ་ཆེན་ཡེ་ཤེས་གང་བའི་ལང་ཚོ་ཡིས༔ རིག་པ་རང་གསལ་གཅིག་ཏུ་བདེ་བར་འཁྲིལ༔ གཉིས་མེད་སྣང་མེད་འཛིན་མེད་བདེ་བ་ཆེ༔ ཨེ་མ་ཧོ་བདེ་ཆེན་ཡེ་ཤེས་དབང་བསྐུར་བས༔ རྟོག་ཚོགས་བདེ་བ་ཆེན་པོའི་ངང་དུ་གྲོལ༔ རྡོ་རྗེ་སེམས་དཔའི་མེ་ལོང་འཕྱར་ལ༔ སེམས་དཔའི་མེ་ལོང་དྭངས་གསལ་རྙོག་པ་ཀུན་དང་བྲལ༔ སྣང་བ་ཅི་ཤར་འཇའ་ཚོན་བཞིན་དུ་དངོས་མེད་པར༔ གང་ནས་མ་བྱུང་ཕྱི་ནང་ཀུན་ཏུ་ཐལ་ལེར་གསལ༔ དབྱིངས་རིག་ཟུང་འཇུག་དགོངས་པས་དབང་བསྐུར་བསྐུར་ཐོབ་མེད༔ རྩིས་གདབ་བྲལ་བའི་ངང་དུ་གནས་པས་དབང་བསྐུར་ཡོངས་རྫོགས་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ལ་ལ་ཧོ༔ སྤྲོ་ན་སྐུ་རྣམས་བསྐུར་ཞིང་འདས་རྗེས་བཀླག༔ ནང་སྐོར་ཞི་བའི་དབང་ཆོག་རྫོགས༔ ས་མ་ཡ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །མངྒ་ལཾ། །ཞུས་སོ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པད་འབྱུང་གི་ཕྲིན་ལས་ངོ་མཚར་ཆོས་དྲུག་ལས་ཟབ་དོན་ཐོས་གྲོལ་ཁོལ་དུ་ཕྱུང་བ་ (Volume 42, Text 37)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་པད་འབྱུང་གི་ཕྲིན་ལས་ངོ་མཚར་ཆོས་དྲུག་ལས་ཟབ་དོན་ཐོས་གྲོལ་ཁོལ་དུ་ཕྱུང་བ་བཞུགས་སོ།། ན་མོ་གུ་ར་བེ། ཨོ་རྒྱན་སྣང་བ་མཐའ་ཡས་ལ། །གུས་པས་ཕྱག་འཚལ་རྡོ་རྗེའི་གསུང་། །ཐོས་ཚད་སྲིད་པའི་འཕྲང་སྒྲོལ་ནས། །དབུགས་ཆེན་འབྱིན་པར་བྱིན་གྱིས་རློབས། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞལ་གདམས་སྙིང་བྱང་ལས་རིག་འཛིན་པདྨ་འབྱུང་གནས་ཀྱི་ཕྲིན་ལས་མ་བསྒོམ་འཚང་རྒྱ་བའི་ཆོས་དྲུག་གི་ནང་ཚན། ཟབ་དོན་ཐོས་པས་གྲོལ་བའི་གདམས་ངག་འདེབས་པ་པོ། རབ་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པ། འབྲིང་བསླབ་པ་གསུམ་དང་ལྡན་པ། ཐ་མ་དམ་སྡོམ་ཉམས་པ་མ་ཡིན་ཞིང་སེམས་བསྐྱེད་བཟང་པོ་ཡོད་པ། གང་ལའང་གདབ་ཡུལ་དེས་དད་མོས་འགྲོ་ཞིང་སེམས་མི་མཐུན་པ་མ་ཡིན་པ་གལ་ཆེའོ། །གདབ་པའི་ཡུལ་བར་དོ་དང་པོ་ཉིན་མཚན་འོད་གསལ་གྱི་ཉམས་མྱོང་ཡོད་པ། གཉིས་པ་ཏིང་ངེ་འཛིན་ཅུང་ཟད་སྐྱེས་པའམ་རྫོགས་ཆེན་ལྟ་བུའི་ཁྲིད་ཐོབ་ནས་ངེས་ཤེས་བརྟན་པ། ཐ་མ་ནི་གང་ཟག་མཆོག་འགའ་རེ་ཙམ་ལས་དེང་དུས་ཕལ་མོ་ཆེ་ལ་དགོས་པའོ། །འདེབས་པའི་དུས་ནི། འོག་ཏུ་སོ་སོར་གསལ་བ་ལྟར་ལ། སྤྱིར་ཉམས་ལེན་ཡོད་པའི་རིགས་མ་གཏོགས་གཞན་ཕལ་མོ་ཆེ་ཐུང་མཐའ་སྐད་ཅིག་མ་ནས་རིང་མཐའ་ཞག་བདུན་ཚུན་ཅི་རིགས་པར་སྐྱེ་བ་གཞན་དུ་སྲིད་པར་སྦྱོར་བ་དང་། རྐྱེན་མ་རྙེད་པའམ་ལས་དང་འཁྲུལ་པའི་གཞན་དབང་ཅན་འགའ་ཞིག་ཞག་བདུན་གྱི་མཚམས་སུ་བར་སྲིད་སྔ་མ་འཆི་འཕོས་ཏེ་སླར་བར་སྲིད་གཅིག་འགྲུབ་པ་སོགས་ཤིན་ཏུ་རིང་མཐའ་ཞག་ཞེ་དགུ་ལ་གནས་པས་མཚོན་མ་ངེས་པའང་ཡོད་མོད། བར་དོ་སྔ་མ་གཉིས་ཕལ་པས་ངོས་ཟིན་དཀའ་བས་སྲིད་པ་བར་དོའི་ངོ་སྤྲོད་ཁོ་ན་ཡང་ཡང་བསྐྱར་བ་གལ་ཆེ། འོན་ཀྱང་དབུགས་ཆད་ཀར་སླེབ་ན་མཆོག་དམན་གང་ལའང་བར་དོ་གསུམ་ཀའི་ངོ་སྤྲོད་རིམ་པར་འདེབས་པ་ལེགས་ཏེ་ཐོས་གྲོལ་རྡོ་རྗེའི་གསུང་ཡིན་ཕྱིར་ཕན་ཡོན་ཆེ་བས་སོ། །འདེབས་པའི་ཚུལ་ནི། འགྲུབ་ཏུ་རུང་བ་རྣམས་ལ་དབང་པོས་བརྡ་འཕྲོད་པའི་སྐབས་ནས་མིག་སྔར་རྟེན་བྱིན་རླབས་ཅན། མཐོང་གྲོལ་འཁོར་ལོ། སོ་སོའི་རྩ་བའི་བླ་མ་དང་ཡི་དམ་གྱི་སྐུ་བརྙན་ནམ་ཐང་ཀ་བཀྲམ་ལ་མཆོད་པ་བཤམ། ཉམས་ལེན་ཡོད་པ་ལ་ཕྱག་རྫོགས། ལྷའི་རྣལ་འབྱོར། བློ་སྦྱོང་སོགས་རྒྱུད་ཚོད་དང་མཐུན་པར་ཡང་ཡང་གསལ་གདབ། ཐམས་ཅད་ལ་བླ་མ་དཀོན་མཆོག་ཞིང་ཁམས་ཀྱི་ཡོན་ཏན་སྨྲོས་པས་དད་མོས་བསྐྱེད། འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་དང་། བར་དོའི་གདམས་པ་གོ་སླ་བ་ཅི་རིགས་པ་བཤད། ཁྱད་པར་སངས་རྒྱས་སྲས་གཅིག །བཏགས་གྲོལ་རིགས། པདྨའི་སྙིང་པོ་སོགས་ཐོས་གྲོལ་གྱི་རྒྱུད་རྣམས་དང་། ཆེད་དུ་བསྔགས་པའི་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཁྱད་པར་ཅན་རྣམས་ཡང་ཡང་བཀླག །ཨོ་རྒྱན་སྣང་བ་མཐའ་ཡས་སོགས་ཀྱི་གསོལ་འདེབས་སྙིང་ཐག་པ་ནས་བྱ། ཞེ་སྡང་སྐྱེད་པའི་རྐྱེན་དུ་འགྱུར་བ་སོགས་ཡིད་ལ་མི་འཐད་པའི་བྱེད་སྤྱོད་སྨྲ་བརྗོད་ཤིན་ཏུ་འཛེམ། སེམས་ཆགས་པའི་ཡུལ་གང་ཡང་དྲུང་དུ་མི་བཞག །སྨྲེ་སྔགས་ཅ་ཅོ་རྣ་བར་གཟན་པའི་སྐད་ཕྲ་མོའང་མི་བསྒྲག །མྱང་གྲོལ་སངས་རྒྱས་ཀྱི་རིང་བསྲེལ་སྐྱེ་བདུན་ཚུལ་བཞིན་བསྒྲུབས་པའི་རིལ་བུ་སོགས་ཁར་སྦྱིན། བཏགས་གྲོལ་གླེགས་བམ་དང་ཙཀྲ་རྣམས་སྐྱེས་པ་ལ་མཆན་ཁུང་གཡོན། བུད་མེད་ལ་གཡས་སམ། ལུགས་འདི་ལྟར་ན་མགུལ་དུ་གདགས། ཚོར་གྲོལ་བདུག་སྤོས་མེར་བསྲེགས་པའི་དུད་པ་གཏང་། འཕོ་འདེབས་མི་དགོས་ངེས་པའི་རིགས་མ་གཏོགས་གཞན་སྤྱི་ལ་རེག་གྲོལ་འཕོ་རྫས་ཆང་གར་མར་བསྐ་བར་སྦྱངས་པའི་ལྡེ་གུ་བྱས་ལ་ཕྱི་དབུགས་ཆད་ཀར་སྤྱི་བོའི་ཚངས་བུག་ཏུ་བྱུགས། ཕུང་པོའང་མགོ་བྱང་། ཁ་ནུབ། གློ་ གཡས་འོག་ཏུ་བསྟན་ཏེ་བཞག་ན་ཕན་ཡོན་དགོས་པ་ཆེ། རྗོད་པ་པོའང་བློ་ཚབ་ཚུབ་ཏུ་མ་སོང་བར་མོས་གུས་སྙིང་རྗེ་རིག་རྩལ་གསལ་ངར་དང་ལྡན་པས། གདམས་པ་དངོས་ལ་གསུམ། དང་པོ་ཉམས་ལེན་ཡོད་པ་ལ་འཆི་ཀའི་བར་དོ་གསལ་འདེབས་པ་ནི། ཕྱི་དབུགས་ཆད་ནང་དབུགས་མ་ཆད་པའི་སྐབས་སུ་སྒུལ་བསྐྱོད་མི་བྱ་བར་རྣ་བ་གཡོན་ནས་ཚིག་གསལ་ལ་གདངས་སྙན་པོས་འདི་ལྟར། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ མ་ཡེངས་རྩེ་གཅིག་དྲན་པས་ཉོན༔ འཇིག་རྟེན་འདིར་སྣང་ཇི་སྙེད་ཀུན༔ རྨི་ལམ་བདུད་ཀྱི་བསླུ་བྲིད་ཡིན༔ ཐམས་ཅད་མི་རྟག་འཆི་བའི་རྒྱུ༔ སྡུག་བསྔལ་སྤོངས་ཤིག་རིགས་ཀྱི་བུ༔ དཀར་དམར་ནག་ལམ་སྣང་བ་ཀུན༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན༔ རང་ལས་གཞན་དུ་སྣང་བ་མེད༔ མ་འཇིགས་མ་སྔངས་རིགས་ཀྱི་བུ༔ ད་ལྟ་རིག་པ་བརྒྱལ་འདྲ་བ༔ ཕྱི་སྣང་ནམ་ལངས་མཁའ་དང་འདྲ༔ ནང་སྣང་བུམ་སྣང་མར་མེ་བཞིན༔ གསལ་ལ་མི་རྟོག་རྩེ་གཅིག་གནས༔ འདི་ནི་འཆི་བའི་འོད་གསལ་ཏེ༔ སངས་རྒྱས་དགོངས་པ་འདི་ཀ་རང༔ མ་བཅོས་མ་བསླད་ལྷུག་པར་ཞོག༔ ཆོས་སྐུར་གྲོལ་ལོ་རིགས་ཀྱི་བུ༔ ཞེས་ལན་གསུམ་བརྗོད། ཐུགས་དམ་ཟིན་པའི་རྟགས་བྱུང་ན་དེ་ཀར་བཞག་པས་དབང་པོ་རབ་དེ་ཡིས་གྲོལ། གཉིས་པ་དེ་ཡིས་ཕན་མ་ཐོགས་པའམ་ཐོགས་ཀྱང་བརླིང་ཁྱད་དུ། ཐུགས་དམ་གྲོལ་བའམ། ནང་དབུགས་ཆད་པའི་རྟགས་དྲོད་དང་མདངས་ཡལ་བ་སོགས་བྱུང་བའི་ཚེ། ཆོས་ཉིད་བར་དོ་གསལ་འདེབས་པ་ནི། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ མ་ཡེངས་རྩེ་གཅིག་དྲན་པས་ཉོན༔ ཁར་སང་རིག་པ་ངོས་མ་ཟིན༔ ད་ནི་ཞག་བདུན་ཚུན་ཆད་ལ༔ སྣང་བ་ཐམས་ཅད་འཇའ་འོད་ཟེར༔ ཐིག་ལེ་ལྷ་སྐུའི་རྣམ་པར་ཤར༔ ཐམས་ཅད་རིགས་ལྔའི་རྒྱལ་བ་ཡི༔ ཡེ་ཤེས་ཐབས་ཀྱི་ཆོ་འཕྲུལ་ཡིན༔ འོད་དང་འོད་ཟེར་བཀྲག་འཚེར་ཡང༔ དེ་ལ་མ་འཇིགས་མ་སྐྲག་པར༔ རང་སྣང་ཡིན་པར་ལ་ཟློས་ཤིག༔ དེ་དང་ལྷན་ཅིག་འོད་ཟེར་ནི༔ བཀྲག་མེད་ཡིད་ལ་འཐད་པར་འཆར༔ དེ་ལ་མ་ཆགས་འཁོར་བའི་ལམ༔ དུག་ལྔའི་རང་མདངས་སྣང་བ་ཡིན༔ དེ་ལྟར་ཁྱོད་ཀྱི་སྣང་བ་ལ༔ དག་དང་མ་དག་ལམ་ཤར་བས༔ ལམ་གྱི་འདམ་ཀ་མ་ནོར་བར༔ རིགས་ལྔ་ཡབ་ཡུམ་ཐུགས་ཀ་ནས༔ རྡོ་རྗེ་སེམས་དཔའི་གསེང་ལམ་ཆེ༔ འོད་ཀྱི་སྦུ་གུ་མིག་ལ་ཟུག༔ རིག་པ་ལྷན་གྱིས་གནས་པའི་ཚེ༔ བདག་ཉིད་ཐུགས་རྗེས་ཟུངས་ཤིག་ཅེས༔ འདུན་པ་དྲགས་པོས་གསོལ་བ་ཐོབས༔ རང་དང་ལྷར་སྣང་དབྱེར་མེད་དང༔ སྤང་བླང་བསལ་བཞག་མེད་པར་སྐྱོངས༔ དེ་ཚེ་ལྷ་ལ་ལྷ་ཐིམ་ནས༔ ལོངས་སྤྱོད་རྫོགས་སྐུར་གྲོལ་བར་འགྱུར༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ གལ་ཏེ་དུས་དེར་མ་གྲོལ་ན༔ དུས་མ་འགྱུར་ཀྱང་སྣང་བ་འགྱུར༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ འཇའ་འོད་མེ་དཔུང་འཁྲུགས་པའི་ཀློང༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་དང༔ འཇིགས་པའི་ཕྱག་བརྙན་དུ་མ་ཡིས༔ མཚོན་ཆ་རྣོ་བའི་ཆར་འབེབས་ཤིང༔ ཧཱུྃ་ཕཊ་གད་མོས་སྟོང་ཁམས་གཡོ༔ འབར་བའི་རྣམ་རོལ་ཅིར་ཡང་སྟོན༔ དེ་ལ་མ་སྐྲག་མ་སྔངས་པར༔ ཐམས་ཅད་རང་གི་རིག་རྩལ་དུ༔ ངོས་ཟུངས་ཐག་ཆོད་རང་བབས་ཞོག༔ འདུན་པ་གཏོད་ལ་དབྱེར་མེད་སྲེས༔ ལམ་སྣ་ཟིན་ནས་གྲོལ་བར་འགྱུར༔ ཞེས་ཡང་ཡང་བརྗོད་པས་དབང་པོ་འབྲིང་པོ་རྣམས་དེ་ཀས་གྲོལ་བར་གསུངས། གསུམ་པ་སྲིད་པ་བར་དོའི་ངོ་སྤྲོད་ཞག་བདུན་ཕན་ཆད་ལ་འདེབས་པར་གསུངས་ཀྱང་གཞུང་གི་ཞག་གྲངས་རྣམས་བསམ་གཏན་གྱི་ཞག་ལ་དགོངས་པས། གང་ཟག་སྤྱི་ལ་ཞག་གསུམ་ཕན་ཆད་ངོ་སྤྲོད་འདི་ཀ་ཁོ་ན་ཟབ་པས་བྱང་ཆོག་གི་ཞར་བྱུང་ཟས་བསྔོའི་རྗེས་སུ་ཚར་རེ་བཀླག་པ་དང་། འདི་ཉིད་ཁོ་ན་བརྗོད་ཀྱང་རུང་སྟེ་ལྷའི་གསལ་སྣང་སྙིང་རྗེའི་སེམས་དང་ལྡན་པས་མདུན་དུ་བཀུག་པར་བསམ་ལ་གསུར་བསྔོ་བྱས་པའི་རྗེས་སུ་གདངས་གསལ་ལ་སྙན་པས། ཀྱེ་མ་ཉོན་ཅིག་རིགས་ཀྱི་བུ༔ མ་ཡེངས་མ་ཡེངས་དྲན་པ་བརྟན༔ ད་ནི་རླུང་སེམས་འདུས་པའི་ལུས༔ སྲིད་པ་བར་དོའི་སྣང་བ་ཤར༔ འཆི་བར་ཤེས་ཤིང་གསོན་ལ་འཕྲེང༔ གཤིན་རྗེའི་ཕོ་ཉ་གཏུམ་པོས་ཟིན༔ འཇིགས་པའི་སྒྲ་དང་ཉམ་ངའི་འཕྲང༔ ངེས་དང་མ་ངེས་རྟགས་མང་ཤར༔ དེ་ཀུན་རང་གི་སེམས་ཀྱི་རྩལ༔ སེམས་ནི་སྟོང་པ་ནམ་མཁའ་འདྲ༔ ནམ་མཁས་ནམ་མཁའ་གླགས་མི་རྙེད༔ དེ་ཕྱིར་ཆོས་ཉིད་དཔའ་གདིང་སྐྱེད༔ བྱིན་གྱིས་བརླབས་པའི་གསུར་བསྔོ་འདི༔ ཟད་མི་ཤེས་པའི་ལོངས་སྤྱོད་དེ༔ ཟག་མེད་མྱོང་གྲོལ་ཞལ་ཟས་ཡིན༔ བཞེས་ཤིག་གསོན་ལ་མ་འཕྲེང་བར༔ འདུན་པ་ལྷ་དང་བླ་མར་གཏོད༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཡོད༔ མགོན་པོ་འོད་དཔག་མེད་པ་བཞུགས༔ སུ་ཞིག་དེ་ཡི་མཚན་འཛིན་པ༔ དེ་ནི་དེ་རུ་སྐྱེ་བར་འགྱུར༔ ཁྱོད་ཀྱང་མགོན་པོ་དེ་ཡི་མཚན༔ ཡིད་ལ་བཟུང་ནས་གསོལ་བ་ཐོབས༔ སྤྱན་རས་གཟིགས་དང་པདྨ་འབྱུང༔ མཁྱེན་ནོ་སྙམ་དུ་མོས་གུས་སྐྱེད༔ ཐེ་ཚོམ་མེད་པའི་ངང་ཉིད་ནས༔ རང་བྱུང་རྡོ་རྗེའི་འགྲོས་ཀྱིས་སོང༔ ཞིང་ཁམས་དེ་རུ་པདྨའི་སྦུབས༔ རྫུས་ཏེ་མྱུར་དུ་སྐྱེ་བར་འགྱུར༔ དེ་ཕྱིར་དགའ་ཞིང་སྤྲོ་བའི་ངང༔ དད་མོས་སྐྱེད་ཅིག་རིགས་ཀྱི་བུ༔ ཞེས་ཡང་ཡང་བརྗོད་པས་དབང་པོ་ཐ་མ་གྲོལ་བར་གསུངས། ཞག་བདུན་ཕན་ཆད་ནས་དེའི་རྗེས་སུ་སྐྱེ་བ་བརྒྱུད་ནས་གྲོལ་བའི་གདམས་པ་ནི། ཀྱེ་མ་ཉོན་ཅིག་རིགས་ཀྱི་བུ༔ ད་ནི་མངལ་སྒོ་མ་ཁེགས་པས༔ སྡོང་དུམ་གྲོག་ཕུག་མུན་ཁྲོད་དང༔ ནགས་ཚལ་གཞལ་ཡས་ཁང་མཐོང་ན༔ དེ་ལ་ཆགས་དང་ཞེན་པ་སྤོངས༔ ཛམ་གླིང་སྤྱི་དང་བོད་ཀྱི་ཡུལ༔ ཁྱོད་ཀྱི་བླ་མའི་ཞབས་དྲུང་དུ༔ སྐྱེ་བ་ལེན་པའི་འདུན་པ་གཏོད༔ ཆོས་ལྡན་རིགས་ཀྱི་ཕ་མ་གཉིས༔ པདྨ་འབྱུང་གནས་ཡབ་ཡུམ་སྒོམས༔ ཆགས་དང་སྡང་བའི་བློ་སྤོངས་ལ༔ དད་པས་བསམ་གཏན་ངང་དུ་ཞུགས༔ ཟབ་མོའི་ཆོས་ཀྱི་སྣོད་གྱུར་ནས༔ མྱུར་དུ་ཡེ་ཤེས་ཐོབ་པར་འགྱུར༔ ཞེས་ཞེ་དགུ་རྫོགས་ཀྱི་བར་ཉིན་རེ་བཞིན་བརྗོད་པའི་ཡོན་ཏན་ནི། གཞུང་ལས། དེ་ལྟར་རིམ་པར་གདམས་པ་ཡིས༔ ཇི་ལྟར་དབང་པོ་དམན་པ་ཡང༔ སྐྱེ་བ་བདུན་ནས་ངེས་པར་གྲོལ༔ ཞེས་དང་། འདི་ལྟའི་གདམས་པ་ཡང་ཟབ་ནི༔ བསྒོམ་མི་དགོས་ཏེ་ཐོས་གྲོལ་ལོ༔ ཞེས་གསུངས་པ་ཉིད་ཚུལ་བཞིན་ལག་ཏུ་བླངས་ན་བསླུ་བ་མ་མཆིས་སོ། །དེ་དག་གང་གི་མཐར་ཡང་བཟང་པོ་སྤྱོད་པ་དང་། བདེ་སྨོན། མངོན་དགའི་ཞིང་སྨོན་སོགས་ཐེག་པ་ཆེན་པོའི་སྨོན་ལམ་མང་དུ་གདབ། དགེ་རྩ་བྱང་ཆུབ་ཏུ་བསྔོས་ལ་ཀ་དག་གི་ངང་དུ་ཡུལ་སེམས་རོ་གཅིག་པར་མཉམ་གཞག་ཡུན་རིང་དུ་བསྐྱང་། རྗེས་སུ་ཕུང་པོ་ལ་རེག་གྲོལ་བྱེ་མའང་གདབ་ཅིང་ངན་སོང་སྦྱོང་བའི་སྔགས་སོགས་བརྗོད། བཏགས་གྲོལ་གྱི་ལག་ལེན་སོགས་ཚུལ་བཞིན་བྱས་ན་གདོད་མའི་མགོན་པོའི་གསུང་ལ་བསླུ་བ་མི་སྲིད་པས། ཟབ་མོའི་ཐབས་དེ་ཙམ་འཚོགས་པའི་བྱིན་རླབས་ཀྱིས་ངེས་པར་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་ཐར་ཅིང་རྣམ་པར་གྲོལ་བའི་དཔལ་ལ་དབུགས་འབྱིན་འཐོབ་པ་གདོན་མི་ཟའོ། །གཞན་དོན་མཛད་པ་ཁ་ཅིག་སྐུ་ཡུལ་གཉན། །བསྔོ་སྨོན་ཚར་གཅིག་འགྲུབ་ན་དྲིན་ཆེར་བརྩི། །གཞན་དག་དགོངས་སྤྱོད་རྩིང་པས་ཞིབ་ཆ་མེད། །འཕོ་འདེབས་འོལ་ཙམ་བྱས་པས་ཆོག་པར་རློམས། །ཕལ་ཆེར་རྨོངས་པས་འདི་བྱ་དེ་བྱེད་མེད། །དྲང་བྱ་ལས་ཀྱང་འདྲེན་བྱེད་སེམས་རྩ་འཐོར། །དེ་བས་ཀུན་ལ་ཕན་པར་འགྱུར་དཀའ་ཡང་། །སྙིང་རྗེའི་སེམས་ལྡན་དམ་པ་རེས་འགའ་ཙམ། །ཚུལ་འདིས་མ་རྒན་སྐྱབས་མེད་སྐྱོབ་པ་ཡི། །ཐབས་ཟབ་གཅིག་ཅར་ཕྱག་ཏུ་བཞེས་པ་ལ། །བསྙེལ་གསོས་ཙམ་དུ་འགྱུར་སྙམས་ཀུ་སཱ་ལི། །བློ་གྲོས་མཐའ་ཡས་གནས་ཆེན་རྫོང་ཤོད་དུ། །སྒྲུབ་པའི་སྐབས་བགྱིས་དགེ་བས་སྐྱེ་དགུ་ཀུན། །ཕྱམ་གཅིག་གདོད་མའི་ས་ལ་རྣམ་གྲོལ་ཤོག །དགེ་ལེགས་འཕེལ།། །།
དཔལ་རྟ་མགྲིན་བདེ་གཤེགས་ནུས་མཐུ་དྲིལ་བའི་དྲག་སྔགས་གཅོད་བྱེད་སྤུ་གྲིའི་མན་ངག་གསལ་བྱེད་སྒྲོན་མེ་ (Volume 25, Text 37)
༄༅། དཔལ་རྟ་མགྲིན་བདེ་གཤེགས་ནུས་མཐུ་དྲིལ་བའི་དྲག་སྔགས་གཅོད་བྱེད་སྤུ་གྲིའི་མན་ངག་གསལ་བྱེད་སྒྲོན་མེ་བཞུགས་སོ༔ ྈྈྈ དཔལ་རྟ་མགྲིན་དྲེགས་པ་ཐམས་ཅད་ཀུན་ནས་ཡོངས་སུ་སྒྲོལ་བར་མཛད་པ་ལ་ཕྱག་འཚལ་ལོ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ནུས་མཐུ་གཅིག་ཏུ་དྲིལ་བ༔ གཅོད་བྱེད་སྤུ་གྲི་ལྟ་བུ༔ སྲེག་བྱེད་མེ་ལྟ་བུ༔ མྱུར་བ་ཐོག་ལྟ་བུའི་གདམས་ངག་འདི་ལ་དོན་བདུན་ཏེ༔ རྟེན་རྫས་དང་དཀྱིལ་འཁོར་འདུ་བྱ་བ༔ བརྟེན་པ་ལྷ་བསྐྱེད་པ༔ ནུས་པ་སྔགས་བཟླ་བ༔ ལྷ་སྔགས་རྫོགས་རིམ་དུ་བསྡུ་བ༔ རྗེས་སྤྱོད་ལམ་དུ་ཁྱེར་བ༔ གྲུབ་པ་ལས་ལ་སྦྱར་བ༔ བསྒྲུབས་པའི་ཕན་ཡོན་བསྟན་པའོ༔ དང་པོ་རྟེན་རྫས་དང་དཀྱིལ་འཁོར་འདུ་བྱ་བ་ནི༔ ཐེག་པ་ཆེན་པོའི་རྣལ་འབྱོར་པ༔ དབང་དང་དམ་ཚིག་ལྡན་པས༔ གཡའ་རིའམ་གངས་རིའམ༔ མཚོ་གཉན་གྱི་འགྲམ་མམ༔ བཀྲ་ཤིས་པའི་གནས་སུ་ཕྱི་མཚམས་དང་ནང་མཚམས་བཅད༔ དམ་ཚིག་ཉམས་ཆག་ཡོད་ན་བཤགས༔ དཀོན་མཆོག་གསུམ་ལ་གསོལ་བ་གདབ༔ དགེ་བའི་ལས་ཅི་འགྲུབ་བྱ༔ དེ་ནས་ས་བདག་ལ་ས་སློང་བའི་ཆོ་གས་བསླངས་ལ༔ བཀྲ་ཤིས་པའི་ས་ལ་མ་རྡལ་ཁྲུ་གང་འདོམ་གང་ངོས་སྙོམས་པར་བྱ༔ དབུས་ནས་ཡར་ཆག་གང་གིས་མཐོ་བའི་ངོས་སུ་ཙནྡན་དང༔ གླ་བ་དང༔ ག་པུར་ལ་སོགས་པས་བྱུགས༔ དྲི་བཟང་དང་བདུད་རྩིའི་ཆུས་ཆག་ཆག་གདབ༔ གཞོན་ནུ་མས་བཀལ་བའི་སྲད་བུ་དམར་པོ་བྱིན་གྱིས་བརླབས་ཏེ་ཐོག་མར་སྒོ་རྐྱང་གི་ཐིག་གདབ་བོ༔ དེ་ནས་དཀྱིལ་འཁོར་བྲི་བ་ནི༔ ཕོ་བྲང་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ༔ ཕྱི་རིམ་འཁོར་ལོ་སེར་པོ་རྩིབས་བཅུ་པ༔ རྩིབས་མཆན་དམར་པོ༔ ལྟེ་བར་ཟླ་གམ་དམར་པོ་སྒོ་གཅིག་པ་ཐོད་པས་མཚན་པ༔ ལྷ་སྣམ་ཕྱོགས་ཚོན༔ སྒོ་དང་སྒོ་རྒྱན་གྱིས་མཛེས་པ༔ ལྷ་གནས་རྣམས་སུ་ལྷ་མཚན་ཅི་རིགས་དང༔ ཕྱི་རོལ་དུ་རྡོ་རྗེའི་ར་བ་མེ་དང་བཅས་པའི་བར་སྤྱི་ལྟར་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བྲིའོ༔ དེ་ནི་དཀྱིལ་འཁོར་འདུ་བྱ་བའོ༔ དེ་ནས་རྟེན་རྫས་བཤམ་པ་ནི༔ ལྕགས་སམ་སེང་ལྡེང་ངམ་ཙནྡན་གྱི་ཕུར་པ་ཁྲོ་ཞལ་རྟ་མགོས་མཚན་པ་ལ་དར་དམར་པོས་བརྒྱན་པ་དང༔ སྒྲུབ་པའི་རྫས༔ གུ་གུལ་གླ་བ་ཤིང་ཀུན་དང༔ མི་ཁྲག་ཁྱི་ཁྲག་ར་རྒོད་ཁྲག༔ བཙན་དུག་ར་དུག་སྤྱང་དུག་པ༔ ཐལ་ཆེན་ཐོག་ལྕགས་རྨ་བྱའི་སྒྲོ༔ ཡུངས་དཀར་ཡུངས་ནག་ཀེ་ཤང་ཚེ༔ གཅན་ཟན་མཆེ་བ་སྡེར་མོ་དང༔ ཁྱད་པར་སྤྱང་ཀིའི་མཆེ་བ་དང༔ ཁྲ་ཡི་སྡེར་མོ་ཆུ་གླག་མཆུ༔ ཟངས་ཕྱེ་ལྕགས་ཕྱེ་རྦབ་རྡོ་སོགས༔ དྲག་པོ་སྒྲུབ་པའི་རྫས་ཡིན་ནོ༔ དེ་ལྟར་ལེགས་པར་འདུ་བྱས་ནས་མདུན་དུ་བཞག༔ རང་ཉིད་རྟ་མགྲིན་གྱི་སྐུར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་སྨུག་ནག་གཅིག་འཕྲོས་ཕུར་བུ་ལ་ཐིམ་པས་ཕུར་བུ་སྐད་ཅིག་གིས་སྟོད་རྟ་མཆོག་རོལ་པ་ཁྲོ་བོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་རྟ་གདོང་རྔམས་པའི་ཞལ་ཅན༔ སྨད་རྣོ་དབལ་ཕུར་བུ་འབར་བ༔ སྐུའི་ཆ་ཐམས་ཅད་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ༔ ཁམས་གསུམ་སྒྲོལ་བའི་ནུས་པ་དང་ལྡན་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ༔ དབུ་རྒྱན་ལ་རིགས་ལྔའི་ས་བོན༔ ཕུར་བུའི་དབལ་ལ་ཧཱུྃ་གསུམ༔ ཟུར་གསུམ་ལ་ཕཊ་གསུམ་གྱིས་མཚན་པ༔ ཡེ་ཤེས་ལྔ་དང་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར༔ སླར་ཡང་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྤྱན་དྲངས༔ གནས་གསུམ་དུ་ཐིམ་པས་བྱིན་གྱིས་བརླབས༔ ལྷ་དང་སྔགས་དང་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཁམས་གསུམ་གྱི་རྟོག་པ་སྦྱངས༔ གཟི་བྱིན་བསྐྱེད་པའི་ཕྱིར་ཡུངས་དཀར་བྲབ༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་བེ་ཏ་ལེ་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གི་གོ་ཆས་གཏམས་པས་གཟི་བྱིན་མཆོག་ཏུ་འབར་བར་བསམ༔ གུ་གུལ་གྱིས་བདུག་ཅིང༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཁྲོས་འཁྲུགས་རྔམས་པར་བསམ༔ ཕུར་རྩེ་ལ་རཀྟས་བྱུགས་ཤིང༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་པས་གདུལ་བྱ་ལ་ཐུགས་རྗེས་ཆགས་པའི་མདངས་དང་ལྡན་པར་བསམ༔ ཕུར་གདན་གྲུ་གསུམ་དགྲ་བགེགས་བྱི་ཆིངས་སུ་བསྣོལ་བའི་གདན་དང་བཅས་པའི་དབུས་བཞུགས་སུ་གསོལ་ལ༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྗོད་པས་གར་དགུའི་ཉམས་དང་སྤྲུལ་པ་དང༔ སྒྲ་དང་འོད་ཟེར་གྱི་འཕྲོ་འདུ་དང་བཅས་དགྱེས་བཞིན་དུ་བཞུགས་པར་བསམ༔ གོང་གི་རྫས་རྣམས་ཁྲོལ་བུའམ༔ ཕྱེ་མའམ༔ མཆོག་ཏུ་བསྔགས་པ་མུ་ཟི་ནག་པོ་དང་གླ་རྩི་གི་ཝཾ་རྣམས་སྦྱར་བ་དྲི་ཆུ་བར་པས་རིལ་བུར་དྲིལ་བ་གཡག་རྒོད་ཀྱི་རྭ་ཅོར་བླུགས༔ ཕུར་པ་དང་སྦྲེལ༔ གཟུངས་ཐག་དམར་པོ་བཏགས༔ ཛཔ྄་དབྱངས་དང་བཅས་དཀྱིལ་འཁོར་ལ་བསྐོར་ཞིང་གྱེར་ཚིག་གིས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཁམས་གསུམ་སྒྲོལ་བའི་ཀཱི་ལ་ཡ༔ རྟ་མཆོག་དཀྱིལ་འཁོར་ཡོངས་སུ་རྫོགས༔ བསྙེན་སྒྲུབ་ཕྲིན་ལས་མཛད་པའི་ཕྱིར༔ དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔ དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང༔ སྒྲུབ་པའི་བར་ཆད་བསལ་བ་དང༔ དྲེགས་པ་དགྲ་བགེགས་བསྒྲལ་བ་དང༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜ་ལ་བྷྲཱུྃ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཏིཥྛ་ལྷན༔ ཞེས་བརྗོད༔ སླར་ཡང་ཡེ་ཤེས་ཀྱི་བྱིན་དབབ༔ སྤོས་ཀྱིས་བདུག༔ རོལ་མོ་འཁྲོལ༔ ཁྲོ་བོ་རོལ་པའི་སྟངས་སྟབས་ཀྱིས་མངའ་གསོལ༔ བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཕུར་བུ་ལ་ཐིམ་པས་དཀྱིལ་འཁོར་པ་རྣམས་ཀྱི་གཟི་བྱིན་མཆོག་ཏུ་འབར༔ རྫས་རྣམས་ཀྱང་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་ཐོགས་པ་ཏིལ་གྱི་གང་བུ་ཁ་བྱེ་བ་བཞིན་ཤིག་ཤིག་ཡམ་ཡམ་དུ་གྱུར་པར་བསམ་ལ༔ སྔགས་དབྱངས་བྱ༔ དེ་ལྟར་བྱས་པས་སྒྲུབ་རྟེན་དང་སྒྲུབ་རྫས་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་ལས་ཀ་བརྒྱ་རྩ་བརྒྱད་འགྲུབ་པར་འགྱུར་རོ༔ དེ་ནི་རྟེན་དཀྱིལ་འཁོར་དང་དམ་རྫས་འདུ་བྱ་བའི་རིམ་པའོ༔ གཞན་ཡང་དཔལ་གྱི་སྒྲུབ་གཏོར་དང༔ སྨན་རག་གཏོར་གསུམ་ཉེར་སྤྱོད་སོགས་མཆོད་སྐོང་གི་ཡོ་བྱད་རྣམས་མཛེས་ཤིང་རྔམ་ལ་བརྗིད་དང་ལྡན་པ་བཤམས་ལ་བྱིན་གྱིས་བརླབ་པའང་བྱའོ༔ གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ཏེ༔ ནང་ལུས་ཀྱི་དཀྱིལ་འཁོར་ལྷར་བསྐྱེད་པ་དང༔ ཕྱི་མཚན་མའི་དཀྱིལ་འཁོར་ལྷར་བསྐྱེད་པའོ༔ དང་པོ་ནི༔ བགེགས་ལ་གཏོར་མ་སྦྱིན་ཞིང་མཚམས་གཅད་པ་སོགས་སྔོན་འགྲོའི་ལས་རིམ་གྱི་ཕྲིན་ལས་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ༔ དངོས་གཞི་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་ཐམས་ཅད་དབྱིངས་དང་རིག་པ་གཉིས་སུ་མེད་པའི་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་ངང་ལས༔ རིག་རྩལ་འགག་མེད་ཆོས་ཉིད་ཀྱི་རང་སྒྲ་བྷྲཱུྃ་བཛྲ་མཎྜ་ལ་ཞེས་ནམ་མཁའ་ནས་སྒྲ་བརྙན་ལྟར་གྲགས་པའི་རྐྱེན་གྱིས་སྣོད་བཅུད་ཐམས་ཅད་ཁྲག་འཐུང་རོལ་པའི་ཞིང་དང་གཞལ་མེད་ཁང་རྡོ་རྗེ་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ཀྱི་ཆོས་ཐམས་ཅད་ཀྱིས་འཇིགས་པར་བྱས་པའི་དབུས་སུ༔ པཾ་པདྨ་མཎྜ་ལ༔ སྣ་ཚོགས་པདྨ་འདབ་མ་བརྒྱད་པ༔ ཨ་ཙནྡྲ་མཎྜ་ལ༔ པདྨའི་ཟེ་འབྲུའི་ལྟེ་བར་ཟླ་བའི་དཀྱིལ་འཁོར༔ རཾ་སཱུརྻ་མཎྜ་ལ༔ དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར༔ མ་ཧཱ་རུ་དྲ་མཎྜ་ལ༔ དེའི་དབུས་སུ་གནོད་སྦྱིན་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་དང་བཅས་པ་བསམ༔ ཧཱུྃ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་མཎྜ་ལ༔ ཞེས་བརྗོད་པས་བདག་ཉིད་དཔལ་ཆེན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཆེན་པོའི་དོར་སྟབས་སུ་བགྲད་པ༔ སྐུ་དང་རྩ་ཞལ་དམར་ཞིང་སྨུག་པའི་མདངས་འོད་རབ་ཏུ་འཚེར་བ༔ གཡས་ཞལ་དཀར་ལ་གཡོན་ཞལ་དམར་བ༔ ཕྱག་གཡས་གསུམ་ན་རྡོ་རྗེའི་ཐོ་བ་གདེངས་པ༔ གཡོན་གསུམ་གྱིས་སྡིགས་མཛུབ་སྒྲེང་བའི་རྩེ་ལས་བསྐལ་པའི་མེ་ཆེན་འབར་བ༔ དབུ་གསུམ་གྱི་སྟེང་དུ་རྟ་མགོ་ལྗང་གུ་རྟ་སྐད་དྲག་ཏུ་འཚེར་བ༔ རྟ་མགོ་དབུས་མའི་རྩེར་གསུང་གི་ཁྱུང་དམར་པོ༔ གཡས་པའི་སྟེང་སྐུའི་ཁྱུང་དཀར་པོ༔ གཡོན་པའི་སྟེང་ཐུགས་ཀྱི་ཁྱུང་མཐིང་ནག་རྔམ་ཞིང་བརྗིད་པས་མཚན་པ༔ རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར་བ༔ སྤྱན་དགུ་སྡང་མིག་ཉི་ཟླ་ལྟར་འཁྱིལ་ཞིང༔ སྨ་ར་དང་སྨིན་མ་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཡེ་ཤེས་ཀྱི་མེ་འོད་འཕྲོ་བས་ཁམས་གསུམ་གྱི་གདུག་པ་ཅན་ཐམས་ཅད་སྲེག་པར་མཛད་པ༔ སྐུའི་ཆ་རྣམས་སུ་ཁྲག་གི་ཐིག་ལེ༔ ཞག་གི་སོར་རིས༔ ཐལ་ཆེན་གྱི་ཚོམ་བུ་བཀོད་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་ཞིང་གི་སྐེ་རགས་ཀྱིས་བཅིངས་པ༔ ཐོད་སྐམ་ལྔས་དབུ་བརྒྱན་ཅིང༔ ཐོད་རློན་ལྔ་བཅུའི་དོ་ཤལ་སེ་རལ་ཁར་ཐོགས་པ༔ སྦྲུལ་དཀར་པོས་རྩ་ཆིངས༔ སེར་པོས་རྣ་ཆ༔ དམར་པོས་ཕྱག་གདུབ༔ ལྗང་གུས་མགུར་ཆུ༔ ནག་པོས་རྐང་གདུབ་དང་སྐེ་རགས་བཅིངས་པ༔ རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༔ གཏུམ་ཞིང་རྔམ་ལ་འཇིགས་པའི་བདག་ཉིད་ཅན་གྱི་པང་དུ་ཡུམ་པདྨ་གཟི་ལྡན་མ་དམར་མོ་ཕྱག་གཡས་འཁོར་ལོ་འཛིན་པས་ཡབ་ལ་འཁྱུད་ཅིང༔ གཡོན་ཐོད་པ་ཁྲག་གིས་གང་བ་ཡབ་ལ་སྟོབ་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་མཉམ་པར་སྦྱོར་བ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེའི་ཐུགས་དབུས་ཉི་མའི་དཀྱིལ་འཁོར་ཧཱུྃ་ཡིག་དམར་པོས་མཚན་པའི་མཐར་སྔགས་འབྲུ་རེ་རེ་བཞིན་མེའི་རང་བཞིན་གཡས་སུ་དམར་ཁྱིར་ཏེ་འཁོར་བ༔ སྐུའི་གནས་ལྔར་རིགས་ལྔའི་ཧེ་རུ་ཀ་ཡབ་ཡུམ༔ དེ་རྣམས་ཀྱང་སྤྱི་བོར་འཇམ་དཔལ་གཤིན་རྗེ་གཤེད༔ མགྲིན་པར་པདྨ་རྟ་མགྲིན༔ ཐུགས་དབུས་སུ་ཕྱག་ན་རྡོ་རྗེ༔ ལྟེ་བར་མགོན་པོ་ནག་པོ༔ གསང་གནས་སུ་རྡོ་རྗེ་གཞོན་ནུ་རྣམས་སོ་སོའི་ཡུམ་དང་བཅས་པ༔ སྐུའི་གནས་བཅུར་ཁྲོ་བོ་ཆེན་པོ་བཅུ༔ ཡན་ལག་བཞི་ལ་སྒོ་མ་བཞི༔ བ་སྤུའི་ཁུང་བུ་ཐམས་ཅད་ཁྲོ་བོ་དང་ཁྲོ་མོ་བཀའ་སྡོད་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་བསྡུ་བའི་བདག་ཉིད་ཆེན་པོ༔ གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པར་བསམ༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རྒྱལ་བ་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས༔ རིགས་ལྔའི་ཐུགས་ཀ་ནས་ལྷ་མོ་བུམ་པ་ཐོགས་པ་དཔག་ཏུ་མེད་པ་བྱུང་སྟེ༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ དུག་ལྔ་རྣམ་པར་དག་པ་ཡི༔ ཡེ་ཤེས་ལྔ་ཡི་དབང་མཆོག་འདིས༔ རྒྱལ་བའི་སྲས་པོ་ཁྱོད་དབང་བསྐུར༔ ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གསུངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར༔ དབང་གི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང༔ རྟོག་པའི་དྲི་མ་ཐམས་ཅད་དག༔ ལྷ་རྟོག་དབྱེར་མེད་ཀྱི་དབང་ཐོབ༔ བདུད་རྩིའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བསམ་ལ༔ སྤྱན་དྲངས་ཞིང་བཞུགས་སུ་གསོལ་བ༔ ཕྱག་འཚལ་ཞིང་མཆོད་པ་འབུལ་བ༔ བསྟོད་པ་བྱ་བའི་རིམ་པ་རྣམས་ཕྲིན་ལས་རྒྱས་བསྡུས་གང་འཐད་བྱའོ༔ གཉིས་པ་ཕྱི་མཚན་མའི་དཀྱིལ་འཁོར་བསྐྱེད་པར་འདོད་ན་མངོན་རྟོགས་དང་ཕྲིན་ལས་ཀྱི་གཞུང་རྒྱས་པར་བསྲང༔ རྩ་བའི་གསུམ་པ་ནུས་པ་སྔགས་བཟླ་བ་ལ༔ བསྙེན་པ་དང༔ སྒྲུབ་པ་དང༔ ལས་ལ་སྦྱར་བའོ༔ དང་པོ་ནི༔ ལུས་ཀྱི་དཀྱིལ་འཁོར་གསལ་སྣང་བརྟན་པོར་བསྒྲུབས་ནས༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེའི་ཐུགས་དབུས་ཉི་མའི་དཀྱིལ་འཁོར་ཧཱུྃ་ཡིག་དམར་པོས་མཚན་པའི་མཐར་སྔགས་འབྲུ་རེ་རེ་བཞིན་མེའི་རང་བཞིན་གཡས་སུ་དམར་ཁྱིར་ཏེ་འཁོར་བ༔ བདག་གིས་སྔགས་བཟླས་པས་ལུས་ཀྱི་ལྷ་རྣམས་ཀྱིས་ཀྱང་སྔགས་སྒྲ་དི་རི་རི་བསྒྲགས་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་གཟི་བྱིན་འབར༔ སྣང་སྲིད་ཐམས་ཅད་དབང་དུ་འདུས༔ ཟིལ་གྱིས་མནན༔ གདུག་པ་ཅན་ཐམས་ཅད་ཚར་བཅད༔ མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ལྷུན་གྱིས་གྲུབ་པར་བསམ་ལ༔ བསྙེན་པའི་སྔགས་འབུམ་ཕྲག་བཞིའམ་གཅིག་བཟླའོ༔ གཉིས་པ་སྒྲུབ་སྔགས་སོ་སོར་བཟླ་བར་སྤྲོ་ན༔ ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཀྲོ་དྷཱི་ཤྭ་རཱི་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གཙོ་བོ་ཡབ་ཡུམ་གྱི་སྔགས་སོ༔ ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཁྱུང་གིའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཕུར་པའི་འོ༔ ཨོཾ་ཤྲཱི་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ༔ གཤིན་རྗེའི་འོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཕྱག་རྡོར་གྱིའོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ མགོན་པོ་ནག་པོའི་འོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཁྲོ་བཅུའི་འོ༔ ཛཿཧཱུྃ་བཾ་ཧོ༔ ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་རྦད༔ དེེ་ལྟར་ལྷ་སོ་སོ་ལ་དམིགས་ནས་གཙོ་བོ་ཡབ་ཡུམ་ལ་འབུམ༔ གཞན་རྣམས་ལ་ཁྲི་རེ་བཟླའོ༔ གསུམ་པ་ལས་སྦྱོར་ནི༔ སྤྱི་དང་བྱེ་བྲག་གཉིས་ཏེ༔ སྔགས་ཐེམས་སུ་བཤད་པ་ལྟར་རོ༔ རྩ་བའི་བཞི་པ་ལྷ་སྔགས་རྫོགས་རིམ་དུ་བསྡུ་བ་ནི༔ ཐུན་གྱི་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་དང༔ གཏོར་ཚོགས་སོགས་ཇི་ལྟར་རིགས་པ་བྱས་ལ༔ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དཔལ་རྟ་མགྲིན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡས་ཁང་སྒོ་མ་བཞི་དང་བཅས་པ་ཁྲོ་བོ་བཅུ་ལ་བསྡུ༔ ཁྲོ་བོ་བཅུ་ཁྲོ་ཆེན་བཞི་ཡབ་ཡུམ་དང་བཅས་པ་གཙོ་བོ་ཡབ་ཡུམ་ལ་བསྡུ༔ གཙོ་བོ་ཡབ་ཡུམ་རིམ་བཞིན་ཐུགས་ཀའི་ཧཱུྃ་ལ་བསྡུ༔ ཧཱུྃ་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་བསམ་ལ་ལུས་གནད་བསྲང༔ རླུང་རོ་བསལ་ལ་རང་བབས་སུ་འཇོག༔ སེམས་རྟག་ཆད་གཟུང་འཛིན་གྱི་མཐའ་ལས་འདས་པ་སྐྱེ་འགག་མེད་པ་ནམ་མཁའ་ལྟ་བུ་ནི་དོན་དམ་པའི་དཔལ་རྟ་མགྲིན་གྱི་རང་ཞལ་མཇལ་བ་ཡིན་པས༔ དེའི་ངང་ལ་རྣམ་པར་རྟོག་པས་མི་བཅོས༔ མི་སྤྲོ༔ མི་བསྡུ༔ རྗེས་སུ་མི་འབྲང༔ སེམས་ཉིད་རིག་པ་གཅེར་བུ་མཚན་མ་དང་བྲལ་བ་ནམ་མཁའི་དབྱིངས་ལྟ་བུ་ལ་གཞག་བྱ་དང་འཇོག་བྱེད་མེད་པ་ནི་ཆོས་ཀྱི་སྐུའོ༔ དེ་ལྟར་ཤེས་པར་བྱས་ནས་ཉམས་ལེན་ཆུ་བོའི་རྒྱུན་བཞིན་དུ་བསྐྱང་ངོ༔ དེ་ནི་ལྷ་སྔགས་རྫོགས་རིམ་དུ་བསྡུ་བ་མཐར་ཐུག་ཡང་དག་པའི་མན་ངག་གོ༔ རྩ་བའི་མན་ངག་ལྔ་པ་རྗེས་སྤྱོད་ལམ་དུ་ཁྱེར་བ་ནི༔ དེ་ཉིད་ཀྱི་ངང་ལས་རོལ་པ་འགག་པ་མེད་པས་སྤྱོད་པར་བྱས་ཏེ༔ ཆོས་ཀྱི་སྐུའི་དབྱིངས་ནམ་མཁའ་ལྟ་བུ་ལས་གཞའ་ཚོན་ཤར་བ་ལྟར་བདག་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེའི་ཐོ་བ་དང༔ གཡོན་སྡིགས་མཛུབ་ཀྱི་རྩེ་ལས་བསྐལ་པའི་མེ་ཆེན་འབར་བར་ལམ་གྱིས་གསལ༔ དེར་མ་ཟད་སྣང་བ་ཐམས་ཅད་དཔལ་རྟ་མགྲིན་གྱི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ༔ དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རང་བཞིན༔ བྱེད་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་བསམ་ལ༔ དགེ་བ་བསྔོ༔ སྨོན་ལམ་གདབ༔ བཀྲ་ཤིས་བརྗོད༔ འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཅི་དང་ཅི་བྱེད་ཀྱང་ལྷ་སྔགས་ཡེ་ཤེས་ཀྱི་རྩིས་ཟིན་པར་བྱའོ༔ དེ་ནི་རྗེས་སྤྱོད་ལམ་དུ་ཁྱེར་བའོ༔ རྩ་བའི་དྲུག་པ་ལས་ལ་སྦྱར་བ་ནི༔ དེ་ལྟར་ཕྱི་ནང་གི་དཀྱིལ་འཁོར་གང་ཡང་རུང་སྟེ་ཐུན་བཞིར་བཅད་ལ་རྩེ་གཅིག་ཏུ་བསྒོམ༔ རྟགས་མཐོང་བའམ༔ བསྐྱེད་རིམ་གྱི་གསལ་སྣང་བརྟན་པ་དང༔ བཟླས་པའི་གྲངས་ཐེམས་ནས་ཚོགས་དང་གཏོར་མ་རྒྱ་ཆེར་བཤམས་ལ་མཆོད༔ དངོས་གྲུབ་ཚུལ་བཞིན་དུ་བླང༔ རྟེན་རྫས་དང་སྒྲུབ་རྫས་རྣམས་མི་འབྲལ་བར་འཆང༔ སྦྱིན་སྲེག་གིས་བོགས་དབྱུང༔ རྡོ་རྗེའི་གླུ་བྲོས་མཐའ་བསྡུ༔ དཀྱིལ་འཁོར་གཤེགས་གསོལ་སོགས་ཇི་ལྟར་རིགས་པ་བྱ༔ ཕྱི་ནང་གི་མཚམས་གྲོལ༔ བསྔོ་སྨོན་བཀྲ་ཤིས་རྒྱ་ཆེར་བྱ༔ རྒྱུན་གྱི་ཡི་དམ་ནར་མར་ཉམས་སུ་བླངས་པས༔ རྟགས་དང་ནུས་པ་བསམ་གྱིས་མི་ཁྱབ་པ་འབྱུང་ངོ༔ དེའང་རྟགས་ལ་གསུམ་སྟེ༔ རབ་དངོས་སུ་ཡི་དམ་ལྷའི་ཞལ་འཁུམ་པ་དང༔ གསུང་ཐོས་པ་དང༔ བྱིན་རླབས་ཞུགས་པ་དང༔ ཡི་དམ་གྱི་སྐུར་སྤྲུལ་སྒྱུར་ནུས་པ་དང༔ རྟ་སྐད་ས་གཡོ་བ་ཙམ་དུ་ཐོན་པ་སོགས་མཐོང་བའི་ཆོས་ལ་འབྱུང་ངོ༔ འབྲིང་དེ་ལྟ་བུ་ཉམས་བཟང་པོའི་སྐབས་སུ་འབྱུང་བ་དང༔ སྒྲུབ་རྫས་ལས་བདུད་རྩི་བབས་པ་དང༔ སྨན་རག་གཏོར་གསུམ་ཁོལ་བ་དང༔ སྤོས་དང་མར་མེ་རང་འབར་ཞིང་ཉིན་ཞག་མང་དུ་ཐུབ་པ་སོགས་ཡ་མཚན་པའི་ལྟས་ཅི་རིགས་པ་འབྱུང་ངོ༔ ཐ་མའང་རྨི་ལམ་དུ་གོང་གི་ལྟས་ཅི་རིགས་པ་མཐོང་བ་དང༔ ལུས་ལས་མེ་འབར་བ་དང༔ རྒྱ་མཚོ་སྐམ་པ་དང༔ ཉི་ཟླ་ལག་ཏུ་བཟུང་བ་དང༔ རི་བྲག་འུར་རྡོར་འཕེན་པ་དང༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན་པ་དང༔ མི་དང་མི་མ་ཡིན་མང་པོས་འདུད་བསྟོད་བྱེད་པ་དང༔ དཔའ་བོ་མཁའ་འགྲོ་རྣམས་དང་ཚོགས་ཀྱི་ལོངས་སྤྱོད་བྱེད་པ་སོགས་དང༔ དངོས་སུ་ཉམས་དགའ་བ༔ རིག་པ་དྭངས་པ༔ ཤེས་པ་ཀླུང་དུ་ཕེབ་པ༔ མི་དང་མི་མ་ཡིན་པ་དང་ཟས་ནོར་ལོངས་སྤྱོད་ཆེན་པོ་འདུ་བ་སོགས་འབྱུང་ངོ༔ དེ་ལྟར་གང་བྱུང་ཡང་རེ་དོགས་ཀྱི་བློས་མ་བཅིངས་པར་ཉམས་བྱུང་རྒྱལ་དུ་བསྐྱང་བ་གལ་ཆེའོ༔ དེ་ལྟར་རང་དོན་དངོས་གྲུབ་ཐོབ་པའི་རྟགས་བྱུང་ནས་གཞན་དོན་ཞི་རྒྱས་དབང་དྲག་གི་ལས་ཚོགས་རབ་འབྱམས་གང་བརྩམས་པ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་ཡིན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱིས་རང་གཞན་ལ་ཕན་གདགས་པ་ལ་བརྩོན་པར་བྱའོ༔ དེ་ནི་གྲུབ་པ་ལས་ལ་སྦྱར་བའོ༔ རྩ་བའི་བདུན་པ་བསྒྲུབས་པའི་ཕན་ཡོན་བསྟན་པ་ནི༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་མཆོག༔ ཡི་དམ་ཀུན་གྱི་མཐར་ཐུག་ཡིན༔ ཞི་དང་རྒྱས་དང་དབང་དང་དགུག༔ དབྱེ་བསྐྲད་སྲུང་ཟློག་བསད་པ་སོགས༔ ཐུན་མོང་ལས་ཀུན་འབད་མེད་འགྲུབ༔ བྱད་པར་ལྷ་སྲིན་སྡེ་བརྒྱད་དང༔ དྲེགས་པ་ཅན་རྣམས་ཟིལ་གྱིས་ནོན༔ གདུག་པའི་ཀླུ་དང་རྒྱལ་པོ་སོགས༔ སྐད་ཅིག་ཙམ་གྱིས་ཐལ་བར་རློག༔ མཐར་ཐུག་མཆོག་གི་དངོས་གྲུབ་ནི༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ དེ་ལྟར་བདེ་གཤེགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་གཅིག་དྲིལ་བ༔ དྲག་སྔགས་གདུག་ཅན་སྲེག་པའི་མེ༔ རྣོ་དབལ་ལས་ཀྱི་སྤུ་གྲི་ཆེ༔ དྲེགས་པ་གནད་དབབ་མཚོན་ཆའི་ངར༔ གདུག་བྱེད་ཁྲག་ཏུ་སྐྱུགས་པའི་རྒྱུད༔ འཇིག་རྟེན་གསུམ་ན་རྙེད་དཀའ་བ༔ ཡིད་བཞིན་ནོར་བུ་ལྟ་བུ་འོ༔ ཞེས་གསུངས་སོ༔ རྒྱ་རྒྱ་རྒྱ༔ འདི་ལྟ་བུའི་མན་ངག་ནི་རྒྱལ་བས་ཞབས་ཀྱིས་མ་བཅག་བོད་ཡུལ་སྲིན་པོ་གདོང་དམར་གྱི་རྒྱལ་ཁམས་སུ༔ སྔོན་གྱི་སྨོན་ལམ་གྱི་འཕེན་པས་སྐྱེས་པའི་བཙད་པོ་ཁྲི་སྲོང་ལྡེའུ་བཙན་རྗེ་བློན་གྱིས་ཨོ་རྒྱན་གྱི་མཁས་པ་གུ་རུ་པདྨ་སཾ་བྷ་ཝ་བསམ་ཡས་ཀྱི་ས་གཞི་བཏུལ་བའི་དོན་དུ་རྒྱ་གར་ནས་སྤྱན་དྲངས་ཏེ་བྲག་དམར་འོམ་བུའི་ཚལ་དུ་མཇལ༔ ཟབ་ཆེན་གྱི་དར་དང་འབོལ་བཏིང༔ གསེར་སྐྱོགས་དང་དངུལ་སྐྱོགས་འབྲས་ཆང་དང་འབྲུ་ཆང་གིས་བཀང་བ་དྲངས༔ ཕྱག་དང་བསྐོར་བ་ཞེ་ས་ཚུལ་བཞིན་དུ་ཕུལ༔ འདོད་ཡོན་དང་སྤྱན་གཟིགས་ཀྱིས་མཆོད༔ རིན་ཆེན་གསེར་གྱི་མཎྜལ་ཕོངས་མེད་དུ་ཕུལ་ནས་མ་འོངས་པའི་དུས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་དྲེགས་པ་གནད་ལ་དབབ་ཅིང་ལས་ལ་བཀོལ་བ༔ འབྱུང་པོ་གདུག་པ་ཅན་ཚར་བཅད་པ༔ དགྲ་བགེགས་བྱད་མ་གཏན་ནས་བརླག་པ༔ ཁྱད་པར་སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི་སྲོག་སྙིང་རང་དབང་མེད་པར་འདྲེན་ནུས་པའི་གདམས་ངག་ཟབ་མོ་འདི་ལྟ་བུ་ཞུས་པ་ན༔ གུ་རུས་ཀྱང་ཞལ་གྱི་འཛུམ་བསྟན༔ དགྱེས་པའི་གསུང་བསྒྲག༔ ཐུགས་ཀྱི་བརྣག་པ་ཁྱད་པར་ཅན་མནོག་ཆོས་སུ་བསྩལ་པ་ཡིན་པས་ཤིན་ཏུ་བཀའ་དམ་པར་བྱའོ༔ ྈྈྈྈ རྒྱ་རྒྱ་རྒྱ༔ ྀཨཚ༔ མངའ་བདག་བཙད་པོ་དང་པ་གོར་བཻ་རོ་ཙ་ན་ལ་གནང་བའི་གདམས་ངག་འདི་མངའ་བདག་ཁྲི་སྲོང་སྐུ་འདའ་ཁར་ལྷོ་ཕྱོགས་མོན་གྱི་ཡུལ་ཆུ་བཞི་འདུས་པའི་མགོ་བོ་སྤ་གྲོ་དཔྱད་དཀར་གྱི་བྲག་དམར་པོ་མེ་ལྕེ་དགུང་དུ་ཆད་པ་འདྲ་བ་ལ་རིན་ཆེན་གསེར་གྱི་སྒྲོམ་བུའི་ནང་དུ་བཅུག༔ དེའང་བསེ་སྒྲོམ་རུ་སྦལ་གྱི་དབྱིབས་ཅན་དུ་བཅུག་ནས་རྒྱ་བདུན་གྱིས་བཏབ་སྟེ༔ བདེ་གཤེགས་ཐུགས་དྲིལ་མན་ངག་འདི༔ མ་འོངས་སྐལ་པའི་ལས་འཕྲོ་ཅན༔ མངའ་བདག་སྐུ་ཡི་ཐུགས་སྤྲུལ་དང༔ འཕྲད་ནས་འགྲོ་དོན་བྱེད་པར་ཤོག༔ ཅེས་སྨོན་ལམ་དང་བཅས་གཏེར་བདག་མགོན་པོ་ནག་པོ་ལ་གཉེར་དུ་གཏད་ནས་སྦས་པའོ༔ གཏེར་རྒྱ༔ གབ་རྒྱ༔ གཏད་རྒྱ༔ ྀཨཚ༔ དེ་ཉིད་འདོན་པའི་དུས་ལ་བབས་པ་ན་གྲུ་གུའི་ཡུལ་དུ་འཁྲུངས་པའི་ལས་དང་སྨོན་ལམ་ཅན་རྡོ་རྗེ་ཡང་དབང་གཏེར་གྱིས་སྤྱན་དྲངས་ཤིང༔ སྐལ་ལྡན་ཆོས་བདག་རྣམས་ལ་སྤེལ་བ་ལགས་སོ༔ མངྒ་ལཾ།། །།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོའི་བསྙེན་ཡིག་རིམ་གཉིས་མཆོག་སྩོལ་ (Volume 34, Text 37)
༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོའི་བསྙེན་ཡིག་རིམ་གཉིས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོ་བསྙེན་ཅིང་སྒྲུབ་པའི་ཡི་གེ་རིམ་གཉིས་མཆོག་སྩོལ་ཞེས་བྱ་བ། བདེ་ཆེན་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་བདེ་ཆེན་རྡོ་རྗེ་སེམས་དཔའ་ཉིད། །རིགས་རྣམས་ཀུན་བདག་སྲིད་ཞིའི་གདུང་སེལ་བ། །དེ་ལ་དངོས་པོ་ཀུན་གྱིས་ཕྱག་བྱས་ནས། །རིམ་གཉིས་མཆོག་སྩོལ་གཏེར་མཛོད་དབྱེ་བར་བྱ། །དེ་ལ་འདིར་རྟེན་གྱི་གང་ཟག་འཁོར་བ་ལས་ངེས་པར་འབྱུང་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བ་དག་གིས་ཚུལ་འདི་ལ་འབད་པར་བྱའོ། །དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྔོན་འགྲོ་ལའང་། ཐུན་མོང་ཁྱད་པར་གཉིས་ཀྱི། དང་པོ་ཐུན་མོང་བ་ནི། དབང་གིས་སྨིན་ཅིང་དམ་ཚིག་དང་སྡོམ་པས་རྒྱུད་བསྡམས་པ། ཤེས་རབ་དང་སྙིང་རྗེར་ལྡན་ཅིང་གསང་བའི་བརྟུལ་ཞུགས་ལ་ཡང་དག་པར་གནས་པའི་གང་ཟག་གིས། སྒྲུབ་པའི་གནས་ནི་འདི་ཉིད་ཀྱི་གཞུང་དུ། ཤིང་གཅིག་དྲུང་ངམ་དུར་ཁྲོད་དམ༔ ནགས་ཚལ་དྲག་པོ་ཆུ་གླིང་ངམ༔ དབེན་པའི་ས་ཕྱོགས་ཡིད་འོང་ངམ༔ གྲོང་ཁྱེར་སྟོངས་པ་རི་ཡི་སྐྱིབས༔ བྲག་དམར་ལྷོ་ནུབ་མཚམས་ལྟ་བར༔ ཕྱི་ནང་བྱ་བ་བཏང་ནས་ནི༔ གནས་ཀྱི་སྒྲུབ་ཁང་དུ་ཤིས་པར༔ ཞེས་གནས་བརྒྱད་གསུངས་ཀྱང་། ལས་དང་པོ་པ་དབེན་པའི་གནས་སུ་ཡར་མར་གྱི་ཚེས་བཅུ་སོགས་དུས་ཁྱད་པར་ཅན་གྱི་ཚེ་བསྙེན་པ་ལ་འཇུག་ཅིང་། སྔོན་དུ་དཀོན་མཆོག་གི་རྟེན་ལ་མཆོད་པ། གསུང་སྒྲོག །དགེ་འདུན་ལ་བསྙེན་བཀུར། སཱཙྪ་གདབ་པ། སྲོག་བསླུ། ཉེའུ་འདོན་པ། ལམ་འཕྲང་གསོ་བ། ཆུ་གཏོར་སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ། མ་ལྕོགས་ན་གྲོགས་གཞན་ལ་བཅོལ་ཀྱང་རུང་སྟེ། རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་རྒྱབ་རིམ་གྱི་དགེ་དཔུང་ཅི་འགྲུབ་སྔོན་དུ་གཏོང་ཞིང་། གལ་ཏེ་ལོངས་སྤྱོད་ཆུང་ནས་མི་འགྲུབ་ནའང་ཆད་པའི་སྐྱོན་དུ་ནི་མི་འགྱུར་རོ། །གཉིས་པ་ཐུན་མིན་ཁྱད་པར་གྱི་སྔོན་འགྲོ་ལ། ཡིད་དུ་འོང་བའི་སྒྲུབ་ཁང་ལ་ཕྱགས་དར་བྱ། རྗེ་བཙུན་མའི་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་བཀྲམ། དེ་དང་ཁ་སྤྲོད་ཀྱི་ཚུལ་དུ་སྒྲུབ་པོ་རང་ཉིད་ཕྱོགས་པར་འདུག་པའམ། ཧྲཱིཿནག་སྒྲུབ་ཐབས་ལས། ཤིས་པའི་ཕྱོགས་སུ་ཁ་བལྟས་ནས༔ ཞེས་གསུངས་པས། ཨོ་རྒྱན་མཁའ་འགྲོའི་ཞིང་མཆོག་ཏུ་ཁ་བལྟས་པར་མོས་ནས་ནུབ་ཏུ་ཕྱོགས་པའམ། ཡང་ན་ནུབ་ཏུ་བལྟས་པར་མོས་ནས། འབྲས་སམ་ནས་དཀར་མོའི་གཡུང་དྲུང་ཆོས་བསྐོར་དུ་བྲི། ཞིང་ངམ་སྟག་གི་པགས་པ་ནང་ཚང་ཅན་གདིང་། མཚམས་གཡོག་དང་སྨན་པ་འཚོ་ཆས་བཟའ་བཏུང་སོགས་ཉེར་མཁོའི་ཡོ་བྱད་མཚམས་འོག་ཏུ་ཆུག་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་བྱ་ཞིང་། རྒྱུད་སྦྱོང་བའི་ཐུན་མོང་གི་སྔོན་འགྲོ་རྣམས་ལོང་སྐབས་ཡོད་ན་རེ་རེ་ནས་རྟགས་ཐོན་གྱི་བར་སྦྱང་དགོས་པས་གནས་ཁང་དེ་ཉིད་དམ་གཞན་དུའང་བཀག་པ་མེད་མོད། དེ་ཙམ་མི་ནུས་པས་ཕྱི་མཚམས་བཅད་ནས་ཞག་འགའ་ཡར་བློ་སྦྱང་ཞིང་ཚོགས་གསོག་གི་ཐབས་ལ་འབད་པ་གལ་ཆེ། དེ་ནས་བསྙེན་པ་དངོས་ལ་འཇུག་པའི་དགོང་ཐུན་ལ་བབས་པ་ན། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོའི་སྐུར་བསྐྱེད་ལ། ཞིང་སྐྱོང་གི་གཏོར་མ་སྔོན་གཏོར་ལྟར་བསྔོས་ལ་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བཀའ་བསྒོ་བ་ལས་བྱང་མཁའ་སྤྱོད་བདེ་ལམ་ལྟར་གྱིས་ཚམ་རྔམ་བཅས་པས་གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་ཕྱིར་བསྐྲད་ལ། སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེན་བཞིའི་སྐུའམ་སྔགས་བྱང་བཙུགས་པའི་མདུན་གྱི་མཆོད་གཏོར་དང་བཅས་པ་རྣམས་ལ་ཆུ་གཙང་འཐོར་ཞིང་ཧཱུྃ་བཞིས་བསང། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་སོགས་བྱིན་རླབས་སྤྱི་ལྟར་བྱ། ཐོ་བསང་སྦྱང་གོང་ལྟར་ནས་རྒྱལ་ཆེན་བཞིའི་བསྐྱེད་བསྟིམ་དང་དྷྲྀཥྚ་རཱཥྚ་སོགས་སོ་སོའི་སྔགས་ཅི་རིགས་བཟླས་རྗེས་མཆོད་གཏོར་ཕུལ་ལ་ཕྲིན་ལས་བཅོལ། དྷྲིཥྚ་རཱཥྚ་སོགས་སོ་སོའི་སྔགས་ལན་གསུམ་བཟླས་རྗེས་ཏིཥྛ་བཛྲ་སོགས་བརྟན་བཞུགས་མེ་ཏོག་འཐོར་བས་སྒྲུབ་ཁང་གི་ཕྱོགས་སོ་སོར་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་རྒྱལ་ཐབས་དཔུང་དང་བཅས་པས་བསྲུངས་པར་བསམ་ལ། དེ་ནས་ནང་དུ་འོངས་ཏེ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཨོཾ་བཛྲ་ཛྭ་ལ་རཾ༔ ཞེས་བརྗོད་པས་འོག་རྡོ་རྗེའི་ས་གཞིར་བརྡལ་བ། ལོགས་རྡོ་རྗེ་གྱེན་ལངས་ཀྱི་རྭ་བ་ཟླུམ་པོ་མཐོ་ཞིང་ཡངས་པ། དེའི་སྟེང་རྡོ་རྗེའི་གུར་ཟླུམ་པོ་མཐའ་བགས་ཀྱིས་གཞོལ་བས་བཀབ་པའི་རྭ་གུར་སྦྲེལ་མཚམས་ནས་ནང་དུ་རྡོ་རྗེའི་བླ་རེ། གུར་གྱི་མཐར་འཕྱར་བའི་སྣེ་ལས་རྡོ་རྗེའི་རྭ་བ། རྭ་བའི་རྐེད་པར་རྡོར་ཕྲེང་གིས་འཆིང་ཞིང་རྩེ་མོ་རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན་པ། དེ་ཐམས་ཅད་རྡོ་རྗེའི་ཞུ་ལུགས་ཀྱིས་བར་མ་ཆད་པར་གཏམས་པའི་རྡོ་རྗེའི་གུར་ཁང་ཅིས་ཀྱང་མི་ཤིགས་པ། ཁྲོ་ཆུང་དང་མཚོན་ཆའི་སྤྲིན་འཕྲོ་བ། དེ་ལས་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་བསྲུངས་པར་བསམ་ལ། དེ་ནས་ཁྱད་པར་མཚམས་གཅོད་ལས་གཞུང་ལྟར་བྱས་ལ། བསྲུང་བྱ་སྲུང་བྱེད་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་ངང་ལ་འཇོག་པ་ནི་སྲུང་འཁོར་གྱི་མཆོག་གོ །འདི་ནི་མཚམས་གྲོལ་རྒྱུའི་ཉིན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་འགོ་ཐམས་ཅད་དུ་གསལ་འདེབས་རེའང་དགོས་ཏེ་བར་ཆད་མི་འབྱུང་བའི་དགོས་པ་ཡོད་གསུངས། དེ་ཕྱིན་ཆད་སྔར་དམིགས་འོག་ཏུ་གང་བཅུག་ལས་ངོ་གསར་དང་མི་འཕྲད་ཅིང་། ཆས་ཀའི་གཏོང་ལེན་ཀྱང་སྤང་། དེ་ནས་བཤམ་བཀོད་ནི། རང་དང་ཁ་སྤྲོད་ཀྱི་ཚུལ་དུ་ཞལ་ཤར་དུ་ཕྱོགས་པར་འཐས་ཤིང་སྙོམ་པའི་ས་གཞིའམ་སྟེགས་བུ་ལ་ཆང་བཟང་པོ་དང་སྦྱར་བའི་བདུད་རྩིས་ཆག་ཆག་གདབ། ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་བྲི་བའམ། ཡང་ན་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་རས་བྲིས་སམ་ཚོམ་བུ་གང་རུང་གི་དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་མཚན་ལྡན་བདུད་རྩིས་གང་བ་དང་། དེའི་ཁར་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བསྣོལ་མ་དབུས་དང་ཕྱོགས་བཞིར་ཨ་ཧ་རི་ནི་ས་རྩ་སྔགས་ཀྱིས་བསྐོར་བས་བཀབ། སྟེང་ནས་དར་དམར་པོའི་གུར་ཕུབ། ཤ་ཆང་གིས་བརྒྱན་པའི་གཏོར་མ་གསུམ་དང་སྨན་རཀ་ཆུ་གཉིས་ཉེར་སྤྱོད་ལྔ། རང་གི་མདུན་དུ་རྡོར་དྲིལ་ཐོད་རྔ་ནང་མཆོད་དང་། ཁྱད་པར་རྐང་གླིང་ཤ་ཆེན་གུ་གུལ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དེ་ནས་ཐུན་ལ་འཇུག་པའི་སྔོན་འགྲོ་དང་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཏེ་བླ་མ་གོང་མའི་གསོལ་འདེབས་ཅི་ཤེས་བྱས་རྗེས། སྔོན་གཏོར་བཀའ་བསྒོ་མཚམས་གཅོད་རྣམས་གོང་དུ་སོང་གྲུབ་ནས། མཆོད་པ་བྱིན་རླབས་ནི། བསང་སྦྱང་། ཧཱུྃ༔ དུར་ཁྲོད་ཞིང་མཆོག་འོག་མིན་གནས་སུ་གསལ༔ སོགས་ནས་སྐྱབས་སེམས་བཤགས་པ་རྣམས་གཞུང་ལྟར་དང་། གཉིས་པ་དངོས་གཞི་ལ་ཁྱད་པར་སྦྱོར་བ་བླ་མའི་རྣལ་འབྱོར་དང་། དངོས་གཞི་སྐྱེད་ཟླས་རྫོགས་རིམ་བསྒོམ་པའོ། །དང་པོ་ནི། རང་གི་སྤྱི་བོར་སོགས་ནས། དར་གཅིག་བཞག་གོའི་བར། གཉིས་པ་དངོས་གཞིའི་སྐྱེད་ཟླས་ལ་གཉིས་ཀྱི། སྟན་ཐོག་གཅིག་ཏུ་སྐུ་གསུམ་ལམ་དུ་ཁྱེར་བ་མཉམ་གཞག་གི་རྣལ་འབྱོར་དང་། སྤྱོད་ལམ་གཞན་བསྲེས་ལམ་ཁྱེར་རྗེས་ཐོབ་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ལ་གསུམ་སྟེ། སྣང་བ་སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བ། གྲགས་པ་ལོངས་སྐུའི་ཕག་མོ་ལམ་དུ་ཁྱེར་བ། དོན་དམ་སྟོང་ཉིད་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་བའོ། །དང་པོ་ལ། བསྒོམ་དོན་དམིགས་གནད་བློ་ལ་འགོད་པ་དང་། ཤེས་ནས་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། སྣོད་དག་པ་སངས་རྒྱས་ཀྱི་ཞིང་དུ་བསྟན་པ་ནི། གྲོང་ཡུལ་ཚོང་འདུས་དགོན་པ་དང༔ ཞེས་སོགས་རྐང་པ་གསུམ་གྱིས་ལམ་བཟང་ངན་སྣང་ཞེན་གྱིས་བཅིངས་པའི་གཉེན་པོར་བསྒོམ་པ་སྟེ། ཕྱི་སྣོད་འཇིག་རྟེན་དག་པ་སངས་རྒྱས་ཀྱི་ཞིང་དང་། ནང་བཅུད་དག་པ་ཕག་མོའི་རང་བཞིན་དུ་བསྒོམ་པའོ། །ལུས་དག་པ་གཞལ་ཡས་ཁང་དུ་བསམ་པ་ནི། རང་ལུས་འདོམ་གང་སོགས་ཚིགས་བཅད་གཅིག་གིས་གཙང་རྨེ་ཡངས་དོག་ཏུ་བལྟ་བའི་གཉེན་པོར་ལུས་ཀྱི་འབྱུང་ལྔ་ཡེ་ནས་ཡུམ་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་བསྒོམ་པའོ། །རང་སེམས་དག་པ་ཕག་མོར་བསྒོམ་པ་ནི། རང་སེམས་དག་པ་ཕག་མོའི་སྐུ༔ ཞེས་སོགས་ཚིགས་བཅད་གཉིས་དང་རྐང་པ་གསུམ་གྱིས་འཁོར་བ་ཞེས་གདོད་ནས་མ་གྲུབ་ཀྱང་ལས་ཀྱིས་འཁོར་བར་འཁྲུལ་པའི་གཉེན་པོར་བསྒོམ་པ་སྟེ། རང་སེམས་ཡེ་ནས་རྡོ་རྗེ་ཕག་མོར་དག་པ་ཡིན་པའོ། །གསལ་འདེབས་ཙམ་ལས་ལོགས་ནས་བསྐྱེད་སྒྲུབ་མེད་པར་ཐག་བཅད་དེ་བསྒོམ་པར་བྱ་ཞིང་། རང་བྱུང་གི་ལྷ་དེ་དམ་ཡེ་གཉིས་མེད་དུ་གྲུབ་པའི་སངས་རྒྱས་ཀུན་འདུས་དེ་ལ་སྤྱན་འདྲེན་བསྟིམ་སོགས་མི་དགོས་ཏེ། རྨད་བྱུང་རྒྱལ་པོར། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་སོ། །གཉིས་པ་གནད་ཤེས་ནས་ཇི་ལྟར་སྒོམ་ཚུལ་ནི། སྟན་བདེ་བར་ལུས་གནད་ཆོས་བདུན་བཅའ་ཞིང་། སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་འགྲོས། སྟོང་པའི་ངང་ལས་ཞེས་པ་ནས། སྤྲུལ་སྐུའི་ཕག་མོ་ལམ་དུ་ཁྱེར་བའི་གདམས་པ་འོའི་བར་ལོ་ཆེན་རིན་པོ་ཆེའི་ཁྲིད་ཡིག་ལྟར་བྱའོ། །གཉིས་པ་གྲགས་པ་ལོངས་སྐུའི་ཕག་མོ་ལམ་ཁྱེར་ལ། བློ་ལ་འགོད་པ་དང་། ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ངག་དག་པ་འཁོར་ལོ་བཞི་སྦྲེལ་གྱི་རྫོགས་རིམ་བསྟན་པ་ནི། འཁོར་ལོ་ལྔ་ཡི་སོགས་ཚིགས་བཅད་གཅིག་གིས་ལུས་གནད་རྩ་ཡི་གེར་གྲུབ་པས་ཆོས་ཐམས་ཅད་ཡོན་ཏན་དུ་སྐྱེད་ནུས་པའི་ཕྱིར། དེའི་གཉེན་པོར་བརྗོད་པ་སྒྲའི་ཕག་མོ་ངག་དག་པ་འཁོར་ལོ་བཞི་སྦྲེལ་གྱི་ངང་དུ་རྫོགས་པར་བསྟན་ཏེ། འཁོར་ལོ་ལྔ་ལས་ཕྱི་ནང་གསང་གསུམ་ལས། ཕྱི་ས་འོག་སྤྱོད་པ་སྐུའི་འཁོར་ལོས་འདོད་ཁམས་དག་པར་བྱེད། ནང་ས་སྟེང་སྤྱོད་པ་གསུང་གི་འཁོར་ལོས་གཟུགས་ཁམས་དག་པར་བྱེད། གསང་བ་མཁའ་སྤྱོད་བདེ་ཆེན་འཁོར་ལོས་གཟུགས་མེད་ཁམས་དག་པར་བྱེད། སྙིང་དབུས་འདབ་བཞིར་ཧ་རི་ནི་ས་གཡོན་སྐོར་དུ་གནས་པའོ། །འཁོར་ལོ་བཞི་ལ་ཡིག་འབྲུ་བཞིས་རྒྱས་གདབ་པ་ནི། འཁོར་ལོ་ལྔའི་ལྟེ་བར་ཨ་ཡིག་རེ་རེ་དང་། གསང་འཁོར་མ་གཏོགས་པའི་འཁོར་ལོའི་འདབ་མ་རྣམས་ལ་བཞི་བཞི་སྟེ། བདེ་ཆེན་འཁོར་ལོར་བདེ་བ་སྐྱེད་པར་བྱེད་པ་སྐུའི་ཡི་གེ་བཞི། ལོངས་སྤྱོད་འཁོར་ལོར་ནུས་པ་སྐྱེད་པར་བྱེད་པ་གསུང་གི་ཡི་གེ་བཞི། ཆོས་ཀྱི་འཁོར་ལོར་རྟོགས་པ་འཆར་བྱེད་ཐུགས་ཀྱི་ཡི་གེ་བཞི། སྤྲུལ་པའི་འཁོར་ལོར་ཡེ་ཤེས་འབེབ་བྱེད་ཡོན་ཏན་གྱི་ཡི་གེ་བཞིའོ། །འཁོར་ལོའི་མུ་ཁྱུད་ལ་སྤྱི་བོ་དང་སྙིང་ག་ཕོ་འཁོར་ཡིན་པས་ཀཱ་ལི་གཡས་སྐོར་དང་། མགྲིན་པ་དང་ལྟེ་བ་མོ་འཁོར་ཡིན་པས་ཨཱ་ལི་གཡོན་སྐོར་དུ་བཤད་དོ། །དེ་ལྟར་ཨ་ཧ་རི་ནི་ས་ལྔའི་ཡོན་ཏན་ཀྱང་། མངོན་འབྱུང་གི་རྒྱུད་དུ། ཉོན་མོངས་པ་ལྔ་ཟད་བྱེད་དང་། ཡེ་ཤེས་ལྔ་འཕེལ་བྱེད་དང་། མཁའ་འགྲོ་ལྔ་སྣང་བྱེད་དང་། རིགས་ལྔ་ཐོབ་བྱེད་དང་། མཐར་ཐུག་སྐུ་ལྔ་ཐོབ་པ་དང་ལྔར་བཤད་དོ། །གཉིས་པ་བཟླས་པས་དངོས་གྲུབ་ཐོབ་པར་བསྟན་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ སྒོམ་དང་བཟླས་པས་འགྲུབ་པར་བྱེད༔ ཅེས་སྒོམ་པས་མཆོག་གི་དངོས་གྲུབ་འགྲུབ་སྟེ་འདིར་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པས་འདིའམ་བར་དོར་ཏིང་ངེ་འཛིན་གྱི་སྐུ་ཐོབ་ནས་ཕག་མོའི་སྐུར་གྲོལ་བར་འགྱུར་རོ། །དེ་ལ་གཉིས་ཀྱི་མཚན་མེད་ཆོས་སྐུའི་ལམ་ཁྱེར་དང་། མཚན་བཅས་རླུང་གི་རྣལ་འབྱོར་སྒོམ་པའི་ཐབས། ཕྱི་ལྟར་ལས་བཞིའི་བཟླས་པས་ལས་སོ་སོར་འགྲུབ། ནང་ལྟར་ལུས་ལྷ། ངག་བཟླས་པ། སེམས་ཆོས་ཉིད། སྤྱོད་ལམ་བརྟུལ་ཞུགས་ཀྱི་དཀྱིལ་འཁོར་བཞིའི་སྒོ་ནས་བཟླས་པ་དང་། གསང་བ་ལྟར་ན་ལྟ་བ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ། སྒོམ་པ་གསལ་ལ་མི་རྟོག་པ། སྤྱོད་པ་སྣང་བ་ཟིལ་གྱིས་གནོན་པས་རྣམ་རྟོག་ལ་ཐོག་བརྫིས་བྱེད་པ། འབྲས་བུ་རྣམ་པར་མི་རྟོག་པའི་ངང་ནས་གདུལ་བྱའི་དོན་མཛད་པ་སྟེ་ལྟ་སྒོམ་སྤྱོད་འབྲས་བཞིར་ལ་ཟླ་བ་ཡིན་ནོ། །གཉིས་པ་ཇི་ལྟར་བསྒོམ་པ་ནི། སྔོན་འགྲོ་སྤྲུལ་སྐུའི་སྐབས་ལྟར་རོ། །ཐོག་མར་དམིགས་པའི་གཞི་བཅའ་བ་ནི། རང་ལུས་ཕག་མོར་གསལ་བའི་སྐྲ་རྩེའི་བར་སྟོང་གསལ་སྒྲིབ་ཐོགས་མེད་པ། དེའི་དབུས་སུ་དབུ་མ་སྔོ་བསངས་མདའ་སྨྱུག་འབྲིང་པོ་ཙམ་པ། མཚན་ཉིད་བཞི་ལྡན་གྱི་གཡས་གཡོན་དུ་རོ་རྐྱང་རྡུལ་ཟླས་བརླན་པ་བཞི་འགྱུར་གྱིས་ཕྲ་བ་དང་སུམ་གཤིབས་མར་སྣ་གཉིས་དབུ་མར་ཆུད་པ། དེ་ལས་སྤྱི་བོར་རྩ་འདབ་སོ་གཉིས་དཀར་པོ་ཐུར་ལྟ། མགྲིན་པའི་རྩ་འདབ་བཅུ་དྲུག་དམར་པོ་གྱེན་ལྟ། སྙིང་གའི་བརྒྱད་སྔོ་སངས་ཐུར་ལྟ། ལྟེ་བའི་རྩ་དྲུག་ཅུ་རེ་བཞི་དམར་གསལ་དང་། གསང་བའི་སོ་གཉིས་ལྗང་སྔོན་གཉིས་གྱེན་ལྟ། ཀུན་ཀྱང་དྭངས་གསལ་སྦུབས་སྟོང་དུ་བསྒོམ་པའོ། །དེ་ལྟར་གསལ་ནས་རླུང་རོ་བསལ། དབུགས་རང་བཞིན་གྱིས་ཕྱི་ནང་དུ་རྒྱུ་བ་སྦྱང་། ཅུང་ཟད་འབྱོངས་ནས་དབུ་མ་སྟོང་སང་ངེ་བར་སེམས་གཏད། འཇམ་རླུང་བུམ་ཅན་ཞག་འགར་སྦྱང་བ་ལ་བསླབ་བོ། །དངོས་གཞི་ལ་གཉིས་ཀྱི། དང་པོ་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བཟླས་པ་བྱ་བ་ལ། ཕྲེང་བ་བྱིན་རླབས་བྱ་སྟེ། མི་ཐོད་ལ་སོགས་ལས་དེར་ཤིས་པའི་ཕྲེང་བ་དེ་ལག་གཡོན་དུ་སྦྲུལ་འཁྱིལ་བ་ལྟར་བཞག་ལ་གཡས་པའི་མཐེབ་སྲིན་གྱིས་ནང་མཆོད་འཐོར། མི་དམིགས་པར་སྦྱངས་ནས་ཕྲེང་རྡོག་རེ་རེ་བཞིན་ལྷར་བསྐྱེད་ནས་སྤྱན་འདྲེན་བསྟིམ་མཐར་ལྷ་འོད་ཞུ་ཕྲེང་བའི་རྣམ་པར་གྱུར་པ་ལ་ཕུས་འདེབས་ཤིང་། ལག་གཡོན་མཛུབ་མོ་བཞི་སྦྱར་བའི་སྟེང་ནས་དྲངས་ཏེ་མཐེ་བོང་རྡོ་རྗེའི་ལྕགས་ཀྱུར་བསམས་པས་བཟླས་པ་ལ་འཇུག་གོ །དེ་ཡང་དབུ་མའི་ནང་དུ་འཁོར་ལོ་ལྔའི་ལྟེ་བར་ཨ་ཡིག་སྔོན་པོ་རེ་རེ་དང་། འཁོར་ལོ་བཞིའི་ནང་འཁོར་གྱི་རྩ་འདབ་བཞི་བཞི་རིམ་པར་སྤྱི་བོར་བཛྲ་བྷ་ར་ཧེ། མགྲིན་པར་ཀྲོ་དྷཱི་ཀཱ་ལཱི། སྙིང་གར་ཧ་རི་ནི་ས། ལྟེ་བར་ཨཱ་བེ་ཤ་ཡ་རྣམས་ཀྱང་སྔོན་པོ་ཤ་སྟག་ཏུ་བསྒོམ། དེ་ནས་ཡི་གེ་རྣམས་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སྣོད་བཅུད་ཀྱི་འཇིག་རྟེན་ལ་རེག་པས་སྣོད་དག་པའི་ཞིང་། བཅུད་རྡོ་རྗེ་ཕག་མོར་སད། ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕོག་པས་ཐམས་ཅད་ཀྱང་རྡོ་རྗེ་ཕག་མོའི་སྐུར་གྱུར་ཏེ་སྔགས་སྒྲ་སྒྲོག་བཞིན་འོད་ཟེར་གྱིས་བདག་བྱིན་གྱིས་བརླབས་པར་བསམ་ལ། འཇམ་རླུང་ཁ་སྦྱོར་བཟུང་སྟེ་སྔགས་འབྲུ་བཅུ་དྲུག་པའམ། ཡང་ན་ཐུགས་འཁོར་ཁོ་ན་ལ་སེམས་གཏད་དེ་འབྲུ་ལྔའི་ཡིད་བཟླས་བྱ། དེས་སྐྱོ་ན་རླུང་དང་མ་སྦྱར་བའི་ཡིད་བཟླས་སམ་ངག་བཟླས་ཤུབ་བུར་བཟླ་བས་ངལ་བསོ་འོ། །དེ་ནི་སྤྲོ་བསྡུ་སྤྱིའི་མན་ངག་སྟེ་བྱེ་བྲག་པ་ནི་ཡི་གེ་དང་འོད་ཟེར་གཉིས་ཀ་ལས་སོ་སོའི་ཁ་དོག་དང་མཐུན་པའི་སྤྲོ་བསྡུས་ལས་དེ་དང་དེ་སྒྲུབ་པ་སོགས་ཕྱིའི་བཟླས་པ་དང་། ནང་ལྟར་ལུས་ལྷ་སྐུ་སྣང་སྟོང་། སེམས་ཆོས་ཉིད་སྐྱེ་བ་མེད་པ་ལ་མ་བཅོས་པའི་ཤེས་པ་ཆམ་མེ་རྒྱ་བསྐྱེད། སྤྱོད་ལམ་སྐྲག་པ་དང་དོགས་པ་མེད་པའི་བརྟུལ་ཞུགས་དང་ལྡན་པས། ངག་སྐྱེ་མེད་ངང་ནས་བྲག་ཅའི་སྒྲ་ལྟར་རང་བྱུང་བས་རྡོ་རྗེ་ཕག་མོའི་ཐུགས་ཡེ་ཤེས་དང་བདག་གི་སྲོག་རིག་པའི་ཡེ་ཤེས་གཉིས་མེད་དུ་བསྲེས་ལ་བཟླ་བ་དཀྱིལ་འཁོར་བཞིའི་བཟླ་ལུགས་དང་། གསང་བ་ལྟར་རྡོ་རྗེ་ཕག་མོའི་ལྟ་སྒོམ་སྤྱོད་གསུམ་གྱི་སྲོག་དང་ལྡན་པས་འབྲས་བུ་དངོས་སམ་རྗེས་མཐུན་གྱི་སྒོ་ནས་འགྲོ་དོན་ཐོགས་མེད་འགྲུབ་ནུས་པར་བསམ་པའི་མོས་པ་ཡིད་བྱེད་ཀྱི་ངང་ནས་བཟླ་བར་བྱེད་པ་སྟེ། མདོར་ན་ཕྱི་ནང་གསང་གསུམ་སོ་སོར་སྨྲོས་ཀྱང་གཅིག་ཏུ་དྲིལ་བའི་གནད་ཀྱིས་བཟླས་ན་ཆུན་ཆེ་བ་ཡིན་ནོ། །ཐུན་གྲོལ་ཁར་ཡིག་བརྒྱ་དང་དབྱངས་གསལ་བཟླ་ཞིང་སྔགས་ལྷག་ཆད་དང་ཏིང་ངེ་འཛིན་མི་གསལ་བ་སོགས་ཀྱི་ཉམས་ཆག་བཤགས་ཏེ། སྟོང་ཚིགས་ཀྱི་མཆོད་བསྟོད་གང་འགྲུབ་བྱས་ཏེ་ཉེར་བསྡུ་ལྷར་ལྡང་རྣམས་བྱའོ། །ཐུན་གྱི་གཅོད་ཚུལ་ནི། དྲུག་དང་། བཞི་དང་། གཉིས་བཅས་བཤད་པ་ལས། དེང་སང་ལག་ལེན་བདེ་ཕྱིར་ཐུན་བཞིར་བྱེད་པ་ཤས་ཆེ། དེ་ཡང་ཐོ་རངས་ནས་ནམ་སེང་ཡན་ཐོར་ཐུན་རེ་སྔོན་འགྲོ་རྣམས་རྒྱས་པར་བྱ་བ་དང་། སྔ་དྲོ་དང་ཕྱི་དྲོའི་ཐུན་གཉིས་ལ་བཟླས་པ་འགྲོ་གང་ཆེ། སྲོད་ཐུན་མཐར་གཏོར་བསྔོ། མཇུག་བསྔོ་སྨོན་རྣམས་མཐའ་རྒྱས་སུ་བྱའོ། །ཚུལ་དེས་གྲངས་བསྙེན་འབྲུ་འབུམ། དུས་བསྙེན་ཟླ་དྲུག །མཚན་བསྙེན་རབ་ལྷའི་ཞལ་མཐོང་བ། འབྲིང་ལུང་སྟོན་པ། ཐ་མ་སྣང་བ་འགྱུར་བ་འོང་། བསྙེན་པ་ཐེམས་ནས་སྒྲུབ་པ་ལ་འཇུག་པར་འདོད་ན། མཚོན་དཀྱིལ་ནི་མཁའ་སྤྱོད་བདེ་ལམ་གྱི་དཀྱིལ་འཁོར་བཤམ་བཀོད་དུ་གསལ་བ་ལྟར་བུམ་པ། ཐོད་པ། མེ་ལོང་གི་དཀྱིལ་འཁོར་རྣམས་དར་དམར་གྱི་ལྡིང་གུར་ཕུབ་པ། སྤྱི་སྒེར་མཆོད་པ་རྣམས་སྤྱི་འགྲོ་ལྟར་རམ། ཡང་ན་གཡོན་སྐོར་དུ་བྱ་བའི་ལུགས་ཀྱང་ཡོད་པས་གང་བདེ་བྱ་ཞིང་། གཞན་མཆོད་གཏོར་རྣམས་བསྙེན་དུས་ལྟར་བྱ་ཞིང་ཞལ་གསོས་ལེགས་པར་བརྒྱན་པར་བྱ། ཆོ་ག་དངོས་ནི། བདག་བསྐྱེད་བཟླས་པ་སོང་མཚམས་ནས། མདུན་བསྐྱེད་ཀྱི་བསྐྱེད་རིམ་བླངས་ནས་བསྟོད་པའི་རྗེས་ལྷ་ལ་བལྟ་ཞིང་ཡིད་དང་བསྲེ་བ། བརྡ་དོན་དྲན་པ། རླུང་དང་བསྲེ་བ་རྣམས་བསྙེན་དུས་ལྟར་ཐུན་བཞིར་བཅད་ནས་སེམས་གཟུང་ཞིང་ལྷ་ཁྲིད་བསྐྱང་། དེས་སྐྱོ་ན། ཧཱུྃ༔ བདག་ཉིད་རྡོ་རྗེ་ཕག་མོ་ཡི༔ འཁོར་ལོ་སོགས་ཤྭ་ལོ་ཀ་གཉིས་བརྗོད་ནས། ཡི་གེ་བཅུ་དྲུག་གི་ཛཔ྄་རླུང་དང་སྦྱར་བའི་ཡིད་བཟླས་དང་། ཡིད་བཟླས་རྐྱང་པ་དང་། ངག་བཟླས་གསུམ་ཅི་འགྲུབ་རེ་བཟླ། བདག་འཇུག་གི་དབང་ལེན་པར་སྤྲོ་ན་བུམ་བཟླས་ཀྱང་ཅུང་ཟད་བྱས་ཏེ་དབང་རྣམས་ལེན། དེ་ཡང་བདག་འཇུག་གི་དབང་འདི་རྣམས་ཐུན་རེ་བཞིན་ལེན་པའམ་ཉིན་རེར་ཚར་རེ་བྱས་ཀྱང་ཆོག་ལ། དེ་ལྟར་མི་བྱེད་ན་སྒྲུབ་པ་གྲོལ་རྒྱུའི་ཉིན་ཐ་མའི་ཚེ་དངོས་གྲུབ་ལེན་པ་དང་ཕྱོགས་མཚུངས་ཚར་གཅིག་བྱས་ཀྱང་ཆོག་གོ །གྲངས་ཚད་ནི། གོང་གི་བསྙེན་པ་དང་མཚུངས་པ་ལས་འདིར་ལོགས་སུ་བཤད་པ་མེད་དོ། །དེ་ལྟ་བུས་དུས་གྲངས་ལ་མ་ལྟོས་པའི་མཚན་བསྙེན་གྱི་རྟགས་མཐར་ཕྱིན་ན། འདིའི་གཞུང་ནས་བཤད་པའི་ཐུན་མོང་གི་ལས་ཚོགས་མི་སྣང་བ་སོགས་རྫུ་འཕྲུལ་ཕྲ་མོ་རྣམས་རྫས་དང་དམིགས་པའི་ཁ་སྒྱུར་ལ་བརྟེན་ནས་ཚེགས་མེད་དུ་འགྲུབ་པའོ། །གཉིས་པ་མཆོག་གི་དངོས་གྲུབ་ཀྱི་དོན་དུ་རླུང་གི་རྣལ་འབྱོར་སྒོམ་པའི་ཐུན་མོང་བ་ནི་གཞུང་དུ་མི་གསལ་ཡང་མཚན་ལྡན་ཧ་རི་རྡོ་རྗེའི་ཕྱག་བཞེས་གནང་ལུགས་དང་། ཐུན་མིན་གྱི་རླུང་ཁྱད་པར་བ་ནི། རང་བཞིན་གྱི་སྒྲིབ་པ་ཀུན་གཞིའི་བག་ལ་ཉལ་བའི་གཉེན་པོར་ལྷན་ཅིག་སྐྱེས་པའི་རླུང་དང་། ལྷན་སྐྱེས་སྒྲིབ་པའི་གཉེན་པོར་ཐོད་རྒལ་གྱི་རླུང་། འདོད་གཡེམ་གྱི་གཉེན་པོར་རང་སྐྱེས་ཀྱི་རླུང་། རྣམ་རྟོག་རགས་པ་གཅོད་པའི་གཉེན་པོར་སྦྱོང་བྱེད་ཡིད་ཀྱི་རླུང་། མངོན་གྱུར་སྒྲིབ་པའི་གཉེན་པོར་སྤོར་བྱེད་ལས་ཀྱི་རླུང་། ཤེས་སྒྲིབ་དྲུངས་ནས་འབྱིན་པའི་གཉེན་པོར་རྫོགས་བྱེད་ཡེ་ཤེས་ཀྱི་རླུང་སྒོམ་པ་བཅས་ས་བཅད་རྣམ་པ་དྲུག་གིས་བསྟན་པ་རྣམས་དང་། མཚན་མོའི་རྣལ་འབྱོར་འོད་གསལ་དང་འདའ་ཀ་འཕོ་བ། གསུམ་པ་དོན་དམ་སྟོང་ཉིད་ཆོས་སྐུའི་ཕག་མོ་ལམ་དུ་ཁྱེར་ཚུལ་དང་། དངོས་གཞིའི་གཉིས་པ་སྐུ་གསུང་ཐུགས་སྤྱོད་ལམ་རྣམ་བཞིའི་ལམ་ཁྱེར་རྣམས་སོགས་རྗེས་ཐོབ་ཀྱི་རྣལ་འབྱོར་རྣམས་ནི་འདིར་ཡི་གེས་འཇིགས་པས་མ་སྤྲོས་ལ། གལ་ཏེ་ཉམས་སུ་ལེན་པར་སྤྲོ་ན་མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱིས་མཛད་པའི་ཁྲོས་ནག་སྐུ་གསུམ་ལམ་ཁྱེར་གྱི་ཁྲིད་ལྟར་ཉམས་སུ་ལེན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཀྱི། དང་པོ་དངོས་གྲུབ་ལེན་པའི་ཆོ་ག་ནི། བསྙེན་སྒྲུབ་རྫོགས་ནས་སང་ཉིན་དངོས་གྲུབ་ལེན་རྒྱུའི་དེ་རིང་གི་དགོང་ཐུན་གོང་དུ་མཆོད་གཏོར་བཟང་དུ་བཤམས་ཤིང་རྙིང་པ་ཁ་གསོས་ལ། དེ་ཡང་སྒྲུབ་པ་དང་འབྲེལ་ན་མདུན་བསྐྱེད་ཀྱི་ལྷ་དེ་ཀ་དངོས་གྲུབ་ལེན་གཞིར་བྱེད་པ་དང་། བསྙེན་རྐྱང་ཙམ་གྱི་ཚེ་བཟླས་པའི་འགོར་ཛཔ྄་ཁང་ཕྱེ་ནས་བཟླ་བའམ། ཡང་ན་བདག་བསྐྱེད་དུས་ནས་བདག་མདུན་མེ་ལོང་དང་བཞིན་ལྟར་ཚིག་གི་བརྗོད་དོན་འཇུག་པ་གཅིག་གི་སྒོ་ནས་གསལ་བཏབ་སྟེ། བཟླས་པའི་ཚེ་འོད་ཟེར་ཕར་མི་སྤྲོ་བར་མདུན་གྱི་དཀྱིལ་འཁོར་ལྷའི་གནས་གསུམ་ནས་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གའི་ཚུལ་དུ་བྱུང་བ། བདག་གི་གནས་གསུམ་དུ་ཐིམ་པས་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། རྩ་སྔགས་ཡིག་འབྲུ་བཅུ་དྲུག་པ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཏགས་པ་ནན་ཏར་བཟླ་ཞིང་། ཐུན་དེ་ལྟ་བུས་དགོང་ཐུན། སྲོད་ཐུན། ཐོར་ཐུན་དང་། སྔ་ཐུན་གོང་དུ་སླར་ཡང་མཆོད་གཏོར་རྒྱས་པར་བཤམས་ཤིང་གསོས་ལ། སྔ་ཐུན་མཇུག་སྨན་གཏོར་རཀྟ་ལ་སོགས་པས་མཆོད་ཅིང་། དངོས་གྲུབ་བླང་བ་ནི། ཧྲཱིཿ སྣང་སྲིད་ནམ་མཁའ་ཆོས་དབྱིངས་འབྱམས་ཀླས་པ། །ཟག་བཅས་ཟག་མེད་ཞི་རྒྱས་དབང་དྲག་གི། །དངོས་གྲུབ་འདོད་དགུའི་དཔལ་ཀུན་ད་ནི་འདིར། །འདུས་པ་རྡོ་རྗེ་ཕག་མོའི་སྐུ་དང་གསུང་། །ཐུགས་ཀྱིས་བདག་སོགས་འགྲོ་བ་སེམས་ཅན་ལ། །གཡེལ་བ་མེད་པར་ད་ལྟ་ཉིད་དུ་སྩོལ། ཁྱད་པར་རྩ་དང་རླུང་དང་ཐིག་ལེ་དང་། །བདེ་ཆེན་དྭངས་མ་འཇའ་ལུས་དངོས་གྲུབ་སྩོལ། །ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་རང་ལ་བསྟིམས་ནས་གཏོར་མ་ལ་སོགས་དངོས་གྲུབ་ཀྱི་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིར་དམིགས་ནས་ཅུང་ཟད་རོལ་པས་འཁོར་ལོའི་གནས་བཞིར་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ་མོ། །སླར་ཡང་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ། ཆོས་སྐྱོང་གི་གཏོར་བསྔོ་ཚོགས་སྐོང་སོགས་བྱས་ནས་ཉེར་བསྡུ་དང་། བསྔོ་སྨོན་ཤིས་བརྗོད་ཀྱི་བྱ་བ་རྣམས་བྱ་བའོ། །གཉིས་པ་རྗེས་མཐའ་རྒྱས་སུ་བྱ་བ་ནི། བསྙེན་པའི་ཁ་སྐོང་དུ་མཁའ་འགྲོའི་མེ་མཆོད་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་སྒྲུབ་པ་དང་། དེ་ལྟར་མ་གྲུབ་ཚེ། ཚོགས་དང་སྐོང་བཤགས་བརྒྱ་ཚར་གསོག་པ་དང་། མ་མཐའ་ཡང་ཡིག་བརྒྱ་གང་མང་འདྲེན་པས་ཁ་གསོ་བྱ། རྒྱལ་ཆེན་ཐོ་འགྲོལ་ཚིག་གཞན་འཛུགས་སྐབས་ལྟར་ལས་ཕྲིན་བཅོལ་དང། བརྟན་བཞུགས་དོད་དུ་བཛྲ་མུཾ་གྱིས་གཤེགས་གསོལ་རྣམས་བྱ་བ་ཁྱད་པར་རོ། །གཞན་ཡང་བསྙེན་སྒྲུབ་སྤྱིར་གཅེས་པའི་བྱ་བ་ལ། སྔགས་ནུས་ཉམས་པའི་ཟས་དང་སྤྱོད་ལམ་ལ་གཟབ་པ་དང་། རྒྱུན་གྱི་ངག་གཅད་མ་གྲུབ་ཀྱང་ཐུན་སྒང་ལ་སྔགས་ཀྱི་སྐྱོན་བཅུ་རྣམས་ངེས་པར་བྱས་ཏེ་སྤང་བླང་ཚུལ་བཞིན་བྱ་བ། ཐུན་མཚམས་སུ་ལྷའི་ང་རྒྱལ་དང་བཅས་བསྙེན་གྲངས་ལ་མི་ཐེ་བར་བཟླས་པ་ཅི་འགྲུབ་དང་། ཁམས་གསེང་དུས་ཕྲེང་བ་ལ་མདུད་པ་བརྒྱབས་ནས་ཁྲོ་ཞལ་དུ་དམིགས་ནས་འཇོག་པ། སྟན་གྱི་དྲོད་མ་ཡལ་བར་བྱེད་པ་དང་། ཕྲེང་ཐག་གསར་པ་སྤོ་དགོས་བྱུང་ཚེ་བྱིན་རླབས་བྱ་ཞིང་རྒྱུན་དུ་ཕྲེང་བ་མི་འགོམ། དྲོད་དང་མི་འབྲལ་བར་བཅང་། སྐྱོ་སྣང་འགྲོ་འདོད་སོགས་བྱུང་ན་ངེས་འབྱུང་གི་བློས་བསྐུལ་ཏེ་བླ་མ་དཀོན་མཆོག་ལ་གསོལ་འདེབས་དང་འཕྲོ་རྒོད་ཀྱི་སྐྱོན་སེལ་བ་མན་ངག་གི་གནད་དུ་ཤེས་པར་བྱ་ཞིང་། ཡར་མར་གྱི་ཚེས་བཅུ་དང་ཉེར་དགུ་གནམ་གང་རྣམས་ལ་ཚོགས་དང་སྐོང་བཤགས་རྒྱས་པ་གང་འགྲུབ་རྣམས་བྱ་བ་ཡིན་ནོ། །མཁའ་འགྲོ་ཡེ་ཤེས་བདེ་ཆེན་རྡོ་རྗེ་མ། །རིམ་གཉིས་རྣལ་འབྱོར་འདིར་འབད་མཁའ་མཉམ་འགྲོ །མ་ལུས་མཐའ་དག་མཉམ་རྗེས་མཐར་ཕྱིན་ཏེ། །གདོད་མའི་གནས་ལུགས་ཇི་བཞིན་རྟོགས་གྱུར་ཅིག །ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཁྲོས་མ་ནག་མོའི་བསྙེན་ཡིག་རིམ་གཉིས་མཆོག་སྩོལ་ཞེས་བྱ་བ་འདི་ནི་གཙང་སྒྲོལ་མ་ཕུག་གི་བླ་མ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ཞལ་སྔ་ནས་བསྐུལ་བའི་ངོ་མ་ཆོག་པར་ཤཱཀྱའི་དགེ་བསྙེན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་གྱིས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
འཇམ་དཔལ་གཤིན་རྗེ་ཀིང་ཀང་ནག་པོའི་སྲུང་ཟློག་བསད་མནན་གྱི་ལས་གཞུང་ཕྲིན་ལས་ཡིད་ཀྱི་འདོད་འཇོ་ (Volume 18, Text 37)
༄༅། །འཇམ་དཔལ་གཤིན་རྗེ་ཀིང་ཀང་ནག་པོའི་སྲུང་ཟློག་བསད་མནན་གྱི་ལས་གཞུང་ཕྲིན་ལས་ཡིད་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དུས་གསུམ་བཞུགས་ལ་ལུས་འབུལ་ལོ། །ཚེ་རབས་བགྲང་བའི་དགེ་བ་རྣམས། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཨེ། སྟོང་པའི་ངང་ལས་གནམ་ས་གནམ་ལྕགས་ཀྱི། །འཁོར་ལོ་སྤུ་གྲི་ལྟར་རྣོ་གཡས་གཡོན་འཁོར། །དེ་ནང་རྡོ་རྗེའི་རྭ་གུར་མེ་འབར་ནང་། །གནམ་ལྕགས་ལས་གྲུབ་རྡོ་རྗེ་རྩེ་དགུ་པ། །ཡར་རྩེ་ཚངས་གནས་མར་སྣེ་ན་རག་གནས། །བྱད་མ་གན་རྐྱལ་གནས་པའི་ལྕེ་སྙིང་གཟིར། །རྡོ་རྗེའི་ལྟེ་བར་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབ་རྒྱན་རྫོགས་དབུས། །འཁོར་ལོ་རྩིབས་བཞི་རྩིབས་བཅུ་ཉིས་རིམ་དབུས། །ཆོས་འབྱུང་ཆུ་གླང་པད་ཉི་དགྲ་བགེགས་སྟེང་། །རང་སེམས་ཧཱུྃ་ཡིག་མཐིང་ནག་འཕྲོ་འདུ་ལས། །གདོད་མའི་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་དང་། །གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་གར་དགུའི་ཉམས། །སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ། །འཇམ་དཔལ་རྟ་མགྲིན་གསང་བདག་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་པ་པང་དུ་བེ་ཏཱ་ལི། །གྲི་གུག་ཕུར་པ་ལྕགས་དྲྭ་བྷཉྫའི་ཕྱག །ཕྱོགས་བཞིའི་རྩིབས་སྟེང་རིགས་བཞིའི་གཤིན་རྗེ་གཤེད། །ནང་མའི་རྩིབས་བཅུར་ཕྱོགས་སྐྱོང་གཤིན་རྗེ་བཅུ། །ཕྱི་མའི་རྩིབས་བཅུར་བདུད་རྩི་འཁྱིལ་བ་བཅུ། །རྩིབས་མཆན་ཁྲོ་རྒྱལ་མ་ཧཱ་བ་ལ་བཅུ། །སྒོ་འཛིན་གིང་བདུད་རྩིས་ཤན་བཞི་བཞིའི་ཚོགས། །གཤིན་རྗེ་མ་མོ་བདུད་བཙན་མ་མགོན་ཟུང་། །གཟའ་ཀླུ་པེ་གཙང་རྒྱལ་ཆེན་ཕྱོགས་སྐྱོང་ཚོགས། །ཀུན་ཀྱང་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས། །ཡེ་ཤེས་རྣམ་ལྔས་དབང་བསྐུར་རྒྱ་ཡིས་བཏབ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ། ཀུན་བཟང་དགོངས་པ་སྐྱེ་མེད་ལས། །སྐྱེ་བའི་ཆོ་འཕྲུལ་སྐུ་མཆོག་ལྷ། །སྲིད་གསུམ་ལོག་འདྲེན་བསྒྲལ་བའི་ཕྱིར། །འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་ཨརྒྷཾ། པཱ་དྱཾ་སོགས། ཤབྡ་པྲ་ཏཱིཙྪ་ཧོཿ མ་ཧཱ་མཱཾ་ས། རཀྟ། ཀིཾ་ནི་རི་ཏི། བ་སུ་ཏ། བ་ལིཾ་ཏ་ཁཱ་ཧི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀཱ་ཡ་མ་རཱ་ཛ་ས་པ་རི་བཱ་ར། པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཕྱོགས་དུས་རྒྱལ་བའི་སྐུ་དངོས་འཇམ་པའི་དབྱངས། །ཤིན་ཏུ་འཇིགས་མཛད་དྲག་པོའི་སྐུར་སྟོན་པ། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པ། །བཅོམ་ལྡན་གཤིན་རྗེ་གཤེད་པོ་འཁོར་བཅས་བསྟོད། །སྔོན་ཚེ་རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས། །གང་དག་ཞི་བའི་ཐབས་ཀྱིས་མ་ཐུལ་བའི། །མ་རུངས་ཞིང་བཅུ་ལྡན་པའི་དགྲ་དང་བགེགས། ཁྱོད་ཀྱི་དྲག་པོའི་ལས་ཀྱིས་ཚར་གཅོད་མཛོད། །རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། །ཐུགས་ཀར་གསང་བདག་ཐུགས་དབུས་ཉི་མའི་སྟེང་། །ཡ་ཡིག་གདན་ཐབས་སྟེང་དུ་ཧཱུྃ་མཐིང་ནག །ཧ་ཁོག་ནང་དུ་མཱུྃ་ཡིག་དམར་སེར་མཚན། །དེ་མཐར་རྩ་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས། །རྒྱལ་དང་དེ་སྲས་ཁྲོ་རྒྱལ་མ་ལུས་མཆོད། །མཐུ་སྟོབས་བྱིན་རླབས་ཀུན་བསྡུས་རང་ལ་ཐིམ། །འགྲོ་བའི་ཉོན་མོངས་བདུད་བགེགས་ཐམས་ཅད་བཏུལ། །བསོད་ནམས་མཐུ་ནུས་ཀུན་བསྡུས་བདག་ལ་ཐིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཀཱ་ལ་རུ་པ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊཿ ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ། ནི་ར་མ་ཡ་ཧཱུྃ་ཕཊཿ ཞེས་དང་། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་དང་། ཐུགས་ཀའི་ཧཱུྃ་ནང་བསྲུང་བྱ་འཁོར་བཅས་སྦས། །གཡས་གཡོན་མདུན་རྒྱབ་བསྲུང་བྱ་ཐམས་ཅད་གསལ། །ཕྱི་རོལ་སྲུང་འཁོར་རྡོ་རྗེའི་རྭ་གུར་གསལ། །རྡོ་རྗེའི་གོ་ཁྲབ་ཞུ་ལུབ་གསོལ་བ་ལས། །རྡོ་རྗེའི་ཚྭ་ཚྭ་འོད་ཟེར་དཔག་ཡས་འཕྲོས། །ཕ་རོལ་སྲུང་བའི་རྭ་གུར་ཐམས་ཅད་ཀུན། །བསྡུས་ནས་རང་གི་སྲུང་འཁོར་ལ་ཐིམ་པས། །སྲ་མཁྲེགས་མི་འགྱུར་རབ་ཏུ་བརྟན་གྱུར་པ། །སྲེད་མེད་བུ་ཡི་སྟོབས་ཀྱིས་མི་བཟློག་ཅིང་། །རྩིབས་མཆན་མ་ཧཱ་བ་ལ་བཅུ་པོ་དང་། །རྩིབས་ནང་བདུད་རྩི་ཐབས་སྦྱོར་བཅུ་རྣམས་ཀྱིས། །ནང་དུ་ཞལ་གཟིགས་སྐྱབས་སྦྱིན་ཕྱག་རྒྱས་སྲུང་། །ལྷ་ཚོགས་ཀུན་གྱིས་སྲུང་སྔགས་སྒྲོག་པར་གྱུར། །རྩ་སྔགས་མཐར་མ་མ་རཀྵ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བ་བཟླ། ཐུགས་ཀའི་ཧཱུྃ་ལ་སྔགས་ཕྲེང་འོད་ཟེར་གྱིས། །དགྲ་བོའི་བླ་ཚེ་སྲོག་གི་དྭངས་མ་དང་། །སྟོབས་དང་བསོད་ནམས་ཁ་རྗེ་དབང་ཐང་རྣམས། །རང་གི་ཐུགས་ཀར་ཐིམ་པས་བཀྲག་མདངས་དང་། །མཐུ་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། །འོད་དེས་དགྲ་བོ་བཀུགས་ཏེ་འོག་གི་གཞིའི། །ལྕགས་ཁང་ལིང་གར་བསྟིམས་ནས་ལྕེ་སྙིང་གཟིར། །དགྲ་བགེགས་སྒོ་གསུམ་ནུས་མཐུ་བཅོམ་པར་གྱུར། ཨོཾ་ཡ་མ་ཀིང་ཀང་ཁ་ཏྲུན་ནྲི་མྱོག་དགྲ་བོ་ཝཱཀ་སཏྭམ་བྷ་ཡ་ནན། བིགྣཱཾ་ཏྲི་ཐུམ་ཏེ། ཏི་ཤན་ཏི་ཤན་སྤུར་ཐུམ་སྤུར་བྲུབ་བི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ་དགྲ་སྲི་སཏྭམྦྷ་ཡ་རཀྵ་ནན། དྲུན་དྲུན་ལམ་ལམ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན་ཡ་མ་ཡ་མ་དུན་ཏྲི་དུན་ཏྲི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་གདུག་རྩུབ་གནོད་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཐམ། ཅེས་བཟླའོ། །བཟློག་པ་ནི། རྩིབས་མཆན་མ་ཧཱ་བ་ལ་བཅུ་པོ་ཡིས། །ཕྱིར་གཟིགས་བ་དན་རླུང་གཡབ་གཡབ་པ་ལས། །བསྐལ་པའི་རླུང་ནག་འཚུབས་མ་དཔག་མེད་འཕྲོས། །བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་རྣམས། །དབང་མེད་བྱ་སྤུ་རླུང་གིས་གཏོར་བ་ལྟར། །སྟོང་གསུམ་ནམ་མཁའི་ཕ་མཐར་བསྐྲད་པར་གྱུར། །རྩ་སྔགས་ཤམ་དུ། ཨོཾ་མི་ཁ་ཧུར་ཐུམ་རྦད་རྦད་དྲིལ་དྲིལ་ཐུམ་ཐུམ་ཤིག་ཤིག་བྷྱོ་བྷྱོ་ཟློག་ཟློག་སྒྱུར་སྒྱུར། ཡང་ཀིང་ཀང་སྔགས་རིང་ཡང་བཟླ། བདག་ཉིད་ལྷར་གསལ་སྐུ་ཡི་འོད་ཟེར་ལས། །མེ་ཡི་ཁྲོ་བོ་མེ་ཡི་མཚོན་ཆ་དང་། །དམག་དཔུང་རྣམ་པ་དཔག་ཏུ་མེད་འཕྲོས་ནས། །བྱུར་དང་མི་ཁ་དགྲ་གྱོད་ཇག་རྐུན་རྣམས། ཁོ་རང་རང་གཤེད་རང་ལ་ཕབ་ནས་ཀྱང་། །གཞོབ་ཏུ་བསྲེགས་ནས་གཏན་ནས་བརླག་པར་གྱུར། །ཨོཾ་ཀིང་ཀང་ཁ་ཏྲུན་ནྲྀ་མྱོག་དགྲ་བོ་ཝཱཀ་སཏྭམྦྷ་ཡ་ནན་བིག་ནན་ཏྲི་ཐུམ་ཏི་ཤན་ཏི་ཤན་སྤུར་ཐུམ་སྤུར་བྲུབ་བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ས་མ་ཡ་དགྲ་སྲི་སཏྭམྦྷ་ཡ་རཀྵ་ནན། དྲུན་དྲུན་ལམ་ལམ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན་ཡ་མ་ཡ་མ་དུན་ཏྲི་དུན་ཏྲི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་ཟློག །བྱུར་མི་ཁ་དགྲ་གྱོད་ཇག་རྐུན་ཐམས་ཅད་མ་རཱ་ཡ་བྷྱོ་བྷྱོ་ཟློག་ཟློག ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །རཱ་ཙ་དུ་ན་ཟློག །ནཱ་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག སུམ་ཏྲི་རཀྴ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག །དེ་ནས་སྨད་ལས་ནི། ཨེ། གནོད་བྱེད་དགྲ་བགེགས་མ་ལུས་བྲུབ་པའི་ཁུང་། །དུག་གསུམ་ལས་གྲུབ་གཤིན་རྗེའི་གྲོང་ཁྱེར་ནི། །ལྕགས་རི་འོབས་ཆེན་བདུན་གྱིས་བསྐོར་བའི་དབུས། །ཐར་མེད་བཙོན་ཁང་གྲུ་གསུམ་འབར་བའི་ནང་། །ནྲི་ཏྲི་ལས་བྱུང་གནོད་བྱེད་དགྲ་དང་བགེགས། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །བསད་པའི་སྐབས་ཟུར་འདེབས་ནི། ཐུགས་ལས་ཛ་བཞི་འཕྲོས་པས་ཚིགས་ཆེན་བཞིར། །དྲི་ཟ་གཤིན་རྗེ་སྲིན་པོ་གནོད་སྦྱིན་གྱི། །མ་རུ་ཙེ་བཞི་ཐོ་བ་ལྕགས་ཀྱུ་འཛིན། །སྐུ་སྨད་རྡོ་རྗེ་རྩེ་གཅིག་ཚིགས་བཞིར་ཟུག །ཡ་ཡིག་བཞི་ལས་དགྲ་བོའི་ཕྱོགས་བཞི་རུ། །ཤར་དུ་ཆོས་རྒྱལ་དགྲ་བོ་ཁྲམ་ལ་འདེབས། །གཡས་སུ་ཡཀྴ་ཕག་མགོས་སོག་ལེ་ཡིས། །དགྲ་བོའི་ཚེ་སྲོག་སྐྱེ་རྒྱུད་རྩད་ནས་གཅོད། །འཆར་ཀས་ནུབ་ནས་རི་རབ་ནག་པོས་གནོན། །རྔམ་པ་དྲེད་མགོས་ཤལ་སྡོང་ལ་བསྐྱོན་བྱ། །ཞེས་དང་། བདག་དང་མདུན་བསྐྱེད་རྣམས་ལས་སྤྲུལ་པ་དང་། །ཡང་སྤྲུལ་ཕོ་ཉ་དཔག་ཏུ་མེད་པ་སྤྲོས། །དམ་ཉམས་དགྲ་བོའི་རྣམ་པར་ཤེས་པ་ནི། །མགོན་སྐྱབས་མེད་པ་རང་དབང་དང་བྲལ་ཏེ། །འགུགས་བྱེད་ལྕགས་ཀྱུས་སྙིང་ཁའི་ནྲྀ་ནས་བཟུང་། །ལས་ཀྱི་རླུང་དམར་ཞགས་པས་རྐེ་ནས་བཅིངས། །འཇིགས་པའི་མུན་པ་ནག་པོས་མདུན་ནས་བསུས། །ལས་བྱེད་ཕོ་ཉས་ཧབ་སྒྲ་དི་རི་རི། །རང་དབང་མེད་པར་བཙོན་བཞིན་ཁྲིད་ནས་ཀྱང་། །ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་བསྐོར། །བདག་མདུན་བྲུབ་ཁུང་མཐར་བསླེབས་འཁོར་རྣམས་ཀྱིས། །ཀླད་ལ་གཡུག་ཅིང་ལྕགས་བསྲེག་ས་གཞིར་བརྡབས། ཁོ་ཡི་ཁོང་པའི་ནང་གི་ཚེ་དང་བཅུད། །ཐམས་ཅད་ཡར་སྐྱུགས་བདག་ལ་ཚུར་ཐིམ་པས། །དངོས་གྲུབ་གསོས་གྱུར་བཀྲག་དང་གཟི་མདངས་རྒྱས། །བཅུད་བྲལ་སྒྱེ་སྟོང་ལྟར་གྱུར་དགྲ་བོ་ནི། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་དང་བྲལ་ཏེ། །ལུས་རིད་ནག་པོ་སྐེམ་སྐེམ་གྱུར་པ་དང་། །རྣམ་ཤེས་མར་མེ་འཆི་ཁའི་འོད་ཙམ་དང་། །བཅས་ཏེ་བྲུབ་ཁུང་ནང་གི་ལིང་གར་ཐིམ། །ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང་། །ཕྲིན་ལས་འཇམ་དཔལ་གཤོར་སང་ཉི་མ་ཁྲོས། །གཤིན་རྗེ་གཤེད་པོ་ཀིང་ཀང་དམར་ནག་དང་། །ལས་ཀྱི་མཐའ་སྡུད་འཆི་བདག་གཤིན་རྗེའི་རྗེ། །མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་སྨོད་པ་དང་། །དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙེག །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །གནོད་པར་བྱེད་པའི་དགྲ་བོ་གང་ཡིན་གྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་ན་འདུག་ཀྱང་ལིང་ག་འདི་ཉིད་ལ། ཁུག་ཅིག་བཛྲ་ཨང་ཀུ་ཤ་ཡ་ཛཿ །རྐེ་ནས་ཆིངས་ཤིག་བཛྲ་པ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྤོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གྷཱཎྜེ་ཧོ། །ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊཿ དབྱེར་མེད་སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཨཱཿ རྩ་སྔགས་དང་། དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ་མྱོག་མྱོག་ཡེད་ཡེད། ཤ་མ་རུ་ཏི་ཁུག །ལིང་མྱོག །ལིང་ཤག །ལིང་ཐུམ་ཛཿམུནྟི་ཛཿཧཱུྃ་བཾ་ཧོཿ ཡང་། དགྲ་བོ་ཆེ་གེ་ཨཱ་ཀརྵ་ཡ་ཧཱུྃ་ཛ་ཛཿ ཡིད་འགུག་པའོ། །ཆེ་གེའི་རཱུ་པ་ཀནྟ་ཨཱ་ཀརྵ་ཡ་ཛ་ཛཿ རྩ་སྔགས་དང་། ཤེལ་ཤེལ་དགྲ་བོའི་བླ་ལ་ཤེལ། ཤག་ཤག་དགྲ་བོའི་བླ་ལ་ཤག །ཕུང་ཕུང་དགྲ་བོའི་བླ་ལ་ཕུང་། །ཆེ་གེའི་བླ་ཁུག་ཨཾ་ཀུ་ཤ་ཛ་ཛཿ ཛཿ ལིང་གར་བླ་སྲོག་ཁུག་པས་དགྲ་བོ་དངོས། །ཕྱིན་ཆད་འཆོར་བ་མེད་པ་དེ་ལུས་ལ། །སྐད་ཅིག་ཉིད་ལ་གཡས་སུ་སྦྲུལ་དཀར་པོ། །ལྷན་ཅིག་སྐྱེས་པ་དགྲ་བོའི་ལྷ་ཡིན་ཏེ། །དམ་ཚིག་ཉམས་པས་ཁོ་ཡི་བདུད་དུ་བབ། །སྤྱི་བོར་ཚངས་པའི་བུ་ག་ནས་ཡར་འཇིབས། །སྙིང་ག་ཡན་ཆད་ཁོང་ཁྲག་ཐམས་ཅད་དྲངས། །དེ་བཞིན་གཡོན་དུ་དུག་སྦྲུལ་ནག་པོ་ཞིག །བྱུང་བ་མཉམ་པོར་འོང་བའི་འཆི་བདག་བདུད། །ཡིན་ཏེ་ཁོ་ཡི་ལས་དབང་རང་གཤེད་གྱུར། །གསང་བའི་གནས་ནས་མར་ལ་ཁོང་ཁྲག་རྣམས། །དྲངས་ཏེ་མཆིན་ཁྲི་མན་ཆད་འཇིབ་ཅིང་དྲངས། །སྦྲུལ་དཀར་གཡས་དང་གཡོན་གྱི་ནག་པོ་གཉིས། །འཛིང་ཞིང་འཐབ་ཅིང་དགྲ་བོའི་སྙིང་ཁྲག་ལ། །ཟ་ཁ་མ་མཐུན་ལུས་ཀྱི་གཡས་གཡོན་དུ། །འཁྲིལ་ཞིང་མཇུག་གཉིས་གསང་བའི་གནས་སུ་མདུད། །མགོ་གཉིས་སྤྱི་བོར་མགུལ་པ་མདུད་བྱས་ནས། །ལུས་ལ་འཁྱུད་ཅིང་ཀླད་ཁུང་གཡས་གཡོན་དང། །རྣ་བར་ཁ་གདངས་ལྕེས་ལྡག་སོ་ཡིས་འདེབས། །དེ་ཚེ་སྤྱི་བོར་སྣ་ཚོགས་རྡོ་རྗེ་ནི། ཁ་གདེངས་ལུས་ལས་རླུང་གིས་ཤུགས་དྲག་འཁོར། །གསོར་ལྟར་བསྣུན་པས་ཀླད་ཁྲག་སྙིང་ཁྲག་རྣམས། །ཞོ་ལྟར་དཀྲུགས་པ་སྦྲུལ་ཆེན་གཉིས་ཀྱིས་འཇིབས། །དཀར་ནག་སྦྲུལ་གཉིས་ཇེ་ཆེར་སྟོབས་ལྡན་གྱུར། ཨོཾ་ཀིང་ཀང་ཁ་ཏྲུན་སོགས་ནས། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཡང་ན། ཨོཾ་ཀིང་ཀང་ཐུམ་རིལ་ནྲྀ་མྱོག་སྒྲིབས་དགྲ་བོ་ཝཱཀ་སཏྭམ་བྷ་ཡ་ནན། །བིགྷྣཱན་དགྲ་ཐུམ་དེ་ཤོ་དེ་ཤམ། བྱུར་བྲུབ་བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ཧལ་ཏ་ཧལ་ཏ་ཧཱུྃ་ས་མ་ཡ་སྒྲིབ་ཧྲིང་དགྲ་བོ་སཏྭམ་བྷ་ཡ་རཀྵ་ནན། ཧཱུྃ་ཧཱུྃ་ལམ་ལམ་ཧཱུྃ་ལམ་ཐུམ་ལམ་དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག །མཐར། སྦྲུལ་གཉིས་དུག་གི་སོག་ལེར་གྱུར། །ཚངས་བུག་ནས་ཞུགས་ནང་ཁྲོལ་རྣམས། །བཤང་སྒོར་དྲངས་ཏེ་འདྲེ་སྲིན་གྱི། །ཚོགས་པས་ཧབ་ཐོབ་ཟོས་པར་གྱུར། །གླང་རུའི་ཚེ། རང་ཉིད་ཀིང་ཀང་ཕུར་ཤམ་ཅན། །དགྲ་བོའི་སྙིང་གར་ཟུག་པ་དང་། །ཕྱག་གཡས་ལྕགས་ཀྱུས་བསྒྲུབ་བྱ་བཀུག །གཡོན་པ་ཐོ་ལུམ་རྐང་ལག་དང་། །མགོ་བོ་རྣམས་ནི་བརྡུང་ཞིང་བཅོམ། །ཀླད་པའི་ནང་དུ་མུན་ནག་གི །གཡུང་དྲུང་གཡོན་འཁོར་ལུས་སེམས་མྱོས། སྔགས་རིང་གཤམ་དུ། ཟ་དགོས་བརྡུང་དགོས་ཕྲོག་དགོས་རྐུ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག་ཁ་ཐམ། དེ་དག་གི་སྐབས་སུ་དམོད་བཅོལ་ཡང་བྱའོ། །བསད་པ་ནི། ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི། །ལུས་ཀྱི་སྟེང་དུ་དྲག་པོའི་ཐུན་གྱི་རྫས། །བརྒྱབས་པ་ཐམས་ཅད་མཚོན་ཆའི་གུར་དུ་གྱུར། །ཚལ་པ་ཚལ་པ་དུམ་བུ་དུམ་བུར་གཏུབས། །ཞེས་དང་། སྤྱི་བོར་ཡ་མ་རཱ་ཛ་རལ་གཅིག་མ། །མགྲིན་པར་མྱོས་བྱེད་འབར་བ་ཙཎྜ་ལི། །སྙིང་གར་ཨཱརྱ་མ་རུ་འོད་ཟེར་སྤྱན། །ལྟེ་བར་རལ་པ་ཚར་དགུ་རེ་བ་ཏི། །ཡབ་རྣམས་ཡར་གཟིགས་ཡུམ་རྣམས་ཐུར་ལ་གཟིགས། །རིམ་བཞིན་གསེར་དངུལ་ཟངས་ལྕགས་འཁོར་ལོ་རྣམས། །ཡབ་རྣམས་ཡར་བསྐོར་ཡུམ་རྣམས་ཐུར་དུ་བསྐོར། །རྩ་འདབ་ཀླད་པ་དོན་སྙིང་ཤ་རུས་གཏུབ། །ཡང་སྔགས་ཀྱི་གཤམ་དུ། ཨོཾ་རུ་རུ་རཀྨོ་ཏི་ཙ་སྙིང་ལ་རྦད། ཐུམ་རིལ་ཁ་ཁུག་ཡཀྴ་རྦད། ཐུམ་རིལ་བྷྱོ། ཤ་སི་ར་དྷ་ཁ་ཏྲི་མི་ཁ་ཐུམ་རིལ། ག་དུ་ནམ་ཀུམ་ཡཀྴ་ནམ་དགྲ་བགེགས་ཁ་ཐམ། ནཱ་ཤ་ཡ་ནཱ་ཤ་ཡ་གནོད་བྱེད་ངག་སཏྭམ་བྷ་ཡ་ནན། མཱ་ར་ཡ་རྦད། རུ་རུ་རཀྨོ་ཧུར་ཐུམ་ཛཿ དགྲ་བོའི་སྲོག་རྩ་ལ་མཱ་ར་ཡ་རྦད། ཅེས་དང་དཀྱུས་ན་ནི་སྔགས་རིང་གཤམ་དུ། དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ནན་སོད། ཏདྱ་ཐཱ། དུ་ཤན་དུ་ཤན་རཀྴ་རཀྴ་དགྲ་བོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་འདུས་འདུས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་རྦད་རྦད། དགྲ་བོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཆོད་ཆོད། མཱ་ར་ཡ་རྦད་སོད། ཅེས་སོ། ལོ་ཟླ་ཞག་དུས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་མེ་ལྟར་དུ་འབར་ཞིང་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་ཅིང་ས་ལྟར་གཡོ་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ངོ་ལ་གདོང་ཐུག་བྱེད་ཅིང་ལྐོག་ན་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གསོད་ཤོམ་རྐུ་ཤོམ་ཕྲོག་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན། ལུས་ལ་ན་ཚ་དང་སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཟས་ནོར་ལ་གོད་ཀ་དང་བསམ་པ་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྔ་དགྲ་ལག་ལ་བདར་བ་ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་ཐད་དུ་ལང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཨོཾ་ལམ་ཧཱུྃ་ལམ་སཏྭམ་བྷ་ཡ་ནན། སརྦ་ཤ་ཏྲུན་མཱ་ར་ཡ་རྦད་ནན་ཆིངས་ཤིག །ཁུག་རྟགས་བྱུང་ནས། མདུན་བསྐྱེད་འཁོར་བཅས་ཕུར་ཞབས་གྱུར། །བསྒྲུབ་བྱའི་སྙིང་གར་གཤིན་རྗེ་གཤེད། །དེ་མདུན་ཡུམ་དང་ཕྱོགས་བཞི་རུ། །སྲས་བཞི་མ་སྲིན་བདུད་བཙན་བཞི། །མདོར་ན་མཐིལ་བཞི་ཚུན་གྱི་ལུས། །འཁོར་དང་བཅས་པས་ས་གཞི་ལ། །ཐུག་བར་བཏབ་པ་ཉིད་དུ་གྱུར། །ཧཱུྃ། གཉིས་མེད་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས། །འགྲོ་དོན་མ་ལུས་རང་བྱུང་ལྷུན་གྲུབ་ལྷ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང། །ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། ཁྱད་པར་ལྷག་པའི་ལྷ་མཆོག་གཤིན་རྗེ་གཤེད། །མི་བཟད་རབ་འཇིགས་ཁྲོ་གཏུམ་འབར་བའི་སྐུ །འཁོར་དང་བཅས་པ་འགྲོ་བའི་དོན་ལ་བསྐུལ། ཁྱེད་ཀྱི་ཐུགས་དམ་གཉན་པོའི་དུས་ལ་བབས། །ཡིད་ལ་བརྣག་པའི་དམ་ཉམས་དགྲ་དང་བགེགས། །དུག་ཁྲག་ཐུན་མཚོན་ནད་ཀྱི་ཆར་ཕབ་ནས། །གཟུགས་ཕུང་བླ་སྲོག་རྣམ་ཤེས་རྡུལ་དུ་རློགས། །མྱུར་སྒྲོལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ཅེས་པས་བསྐུལ་ལོ། །ཕུར་པ་བརྡེག་ཅིང་། ཧཱུྃ། དུས་གསུམ་སངས་རྒྱས་ཀུན་འདུས་དཔལ། །སྲས་མཆོག་བཛྲ་ཀཱི་ལ་ཡ། །སྐུ་སྟོད་རབ་འཇིགས་ཁྲོ་བོའི་སྐུ །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོས། །ཀཱི་ལ་ཡ་ཡི་སྒྲ་ཆེན་སྒྲོག །ཕྱག་དྲུག་མཚོན་ཆའི་ཆར་པ་འབེབ། །སྐུ་སྐེད་ཆུ་སྲིན་རྔམ་པའི་ཞལ། །སྦྲུལ་ནག་ཞགས་པ་གློག་ལྟར་འཁྱུག །སྐུ་སྨད་ཕུར་བུ་ཟུར་གསུམ་ལ། །ལྕགས་སྲེག་ཚྭ་ཚྭ་སྐར་ལྟར་འཁྲུགས། །གང་ལ་བཏབ་ཀྱང་རྡུལ་དུ་བརླག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི། །གཟུགས་ཕུང་ཐལ་བ་རྡུལ་དུ་རློགས། །དུག་གསུམ་མ་རིག་གཞི་རྩ་ཆོད། །སྡང་བྱེད་དམ་ཉམས་དགྲ་དང་བགེགས། །མིང་ཙམ་མེད་པར་རྡུལ་དུ་རློགས། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ནྲི་ཏྲི་ཤ་ཏྲུན་མཱ་ར་ཡ་ཧཱུྃ་ཕཊཿ རལ་གྲིས་གཏུབ་ཅིང་། ཧཱུྃ། ཤེས་རབ་རལ་གྲི་མེ་ལྟར་འབར། །གྲི་ཐུན་དྲག་པོ་ཆུ་ལྟར་འབྲུབ། །གང་ལ་དམིགས་པའི་དགྲ་བགེགས་ཀྱི། །གཏི་མུག་ཤ་ཡི་ཕུང་པོ་གཏུབ། །དེ་ནས་ཞལ་བསྟབ་ནི། ཧཱུྃ། གྲུ་གསུམ་བྷཉྫ་འབར་བ་ཡངས་པའི་སྣོད། །ཕྱི་ནང་དབང་པོ་ལྔ་དང་དོན་སྙིང་ལྔ། །ཀླད་རུས་རྐང་མར་ཁོང་ཁྲག་བླ་ཚེ་དབུགས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞལ་དུ་བསྟབ། །ཡུམ་མཆོག་བེ་ཏཱ་ལི་ཡི་ཞལ་དུ་བསྟབ། །གོ་ཆའི་ཁྲོ་རྒྱལ་ལྔ་ཡི་ཞལ་དུ་བསྟབ། །སྲས་མཆོག་རིགས་བཞི་ཡབ་ཡུམ་ཞལ་དུ་བསྟབ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ཞལ་དུ་བསྟབ། །གིང་བདུད་རྩིས་ཤན་བཅུ་དྲུག་ཞལ་དུ་བསྟབ། །གཤིན་རྗེ་མ་མོ་བདུད་བཙན་ཞལ་དུ་བསྟབ། །མ་མགོན་གཟའ་ཀླུ་པེ་གཙང་ཞལ་དུ་བསྟབ། །རྒྱལ་ཆེན་ཕྱོགས་སྐྱོང་རྣམས་ཀྱི་ཞལ་དུ་བསྟབ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཞལ་དུ་བསྟབ། །གཏི་མུག་ཤ་ལ་ཆེམས་ཆེམ་དགྱེས་པར་རོལ། །འདོད་ཆགས་ཁྲག་ལ་ལྗིབ་ལྗིབ་དགྱེས་པར་རོལ། །ཞེ་སྡང་རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁཱ་རམ་ཁཱ་ཧི། །མགུལ་དུ་བསྟིམ་མོ་བཛྲ་ཨཱ་རལླི་ཧོཿ ལྷག་མེད་དབྱིངས་སུ་རོལ་ཅིག་ས་མ་ཡ། །དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ནི། རྒྱས་པར་རྟགས་ཟློག་དང་བསྡུས་པའི་ཚེ་ན། བྷྱོཿ སྔོན་ཚེ་བཟློག་པ་གང་ནས་བྱུང་། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ལ། །ལྷས་བྱིན་བདུད་ཀྱི་ཆད་པ་བྱུང་། ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློག །དེ་འོག་ཟ་ཧོར་རྒྱལ་པོ་ལ། །བན་བོན་སྔགས་ཟོར་འདུས་པ་རྣམས། ཁྲག་ཀོང་བྱོལ་ཟོར་འདི་ཡིས་བཟློག །སྔོན་དུས་དེ་ལྟར་བཟློག་པ་ལྟར། །བྷྱོཿ མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་དཔོན་སློབ་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །བན་དྷེའི་སྔགས་ཟོར་འདུས་པ་ཟློག །མུ་སྟེགས་བོན་པོའི་ཛོ་དམར་ཟློག ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག །རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག །བློན་པོ་ཟླ་བའི་དབང་བཙན་ཟློག །དམག་མི་ཞག་གི་དཔུང་དགྲ་ཟློག །མཚོན་ཆ་དུས་ཀྱི་རྣོ་ངར་ཟློག །སྤར་ཁའི་སྐྱ་མདའ་ཟུག་པ་ཟློག །སྨེ་བ་དུར་དུ་ཚུད་པ་ཟློག །ས་བདག་ཀོ་ལོང་བསྡོམས་པ་ཟློག །འབྱུང་བའི་དགྲ་གཤེད་འཐབས་པ་ཟློག །གཟའ་སྐར་དུས་ཚེས་ངན་པ་ཟློག །ལོ་ཟླ་ཞག་དུས་སྐག་བབ་ཟློག །ཁྲོམ་དང་བྱད་དུ་བཅུག་པ་ཟློག །ཧོམ་དང་པར་བུ་བསྐོར་བ་ཟློག །དགྲ་ཆེན་བདུད་དུ་ལངས་པ་ཟློག ལྟས་ངན་གློ་བུར་ཡེ་འདྲོག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །མི་ཁ་བྲ་མཆུ་ཐམས་ཅད་ཟློག །ཆག་ཆེ་ཉམ་ང་ཐམས་ཅད་ཟློག །སྔོན་སྒུག་ཕྱི་ནས་འདེད་པ་ཟློག །དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག །ནད་སྣ་ཡམས་སྣ་རིམས་སྣ་ཟློག །དགྲ་སྲི་མོ་རྨི་ངན་པ་ཟློག །ཆེ་སྲི་ཆུང་སྲི་རྒན་སྲི་ཟློག །གཞོན་སྲི་དར་སྲི་གོད་སྲི་ཟློག །དགྲ་སྲི་མཚོན་སྲི་ནད་སྲི་ཟློག །མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་གནོད་པའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་ཡི་སྟེང་དུ་བྷྱོཿ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོཿ །བར་ཆད་བདུད་ཀྱི་སྟེང་དུ་བྷྱོཿ །ཟ་འདྲེ་ཕུང་སྲིའི་སྟེང་དུ་ཟོར། །དམ་ཉམས་བྱད་མའི་སྟེང་དུ་བྷྱོཿ ཀིང་ཀང་གི་སྔགས་རིང་དང་། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ནན་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ནཱ་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །རཱ་ཛ་དུ་ན་ཟློག །སུམ་ཏྲི་རཀྴ་དུ་ན་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོཿ ཟློག་ཟློག་ཨེ་ས་བྷྱོ་ཟློག །དེ་ནས་ཟོར་གྱི་ཕོ་ཉ་བསྐུལ་བ་ནི། བྷྱོཿ ཉི་མ་ལྷོ་ཕྱོགས་ཕ་གི་ན། །རིམ་པ་བདུན་གྱི་ས་འོག་ན། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་ཀོང་ཟོར་ཐོགས། །རང་རྟགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་ཟློག་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་ཟློག་པའི་དཔུང་ལ་ཆོས། །དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད། །ཡ་མཱ་ར་ཛ་དགྲ་བགེགས་ཀྱི་སྙིང་ལ་བྷྱོ་བྷྱོཿ ཐུན་མཚམས་སུ་ཆངས་རིལ་བཤམས་ནས་གཟི་བརྗིད་ཚད་མེད་སྔགས་ཀྱིས་ཡོངས་སུ་སྤེལ་ཏེ། དམ་ཉམས་ཁྱོད་ལ་ལན་ཆགས་འཇལ་བ་ནི། རྣལ་འབྱོར་པ་བདག་གི་ཚེ་རབས་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་བསད་པ་ཚེ་ཐུང་བའི་ལན་ཆགས་འཇལ་ལོ། །བརྡུང་བ་ནད་མང་བའི་ལན་ཆགས་འཇལ་ལོ། །བརྐུས་ཕྲོགས་ལོངས་སྤྱོད་ནོར་དབུལ་བའི་ལན་ཆགས་འཇལ་ལོ། །མི་རྟ་གྲི་རུ་བསད་པའི་ལན་ཆགས་འཇལ་ལོ། །མཐོ་བ་མཁར་སོགས་ནས་ཕབ་པའི་ལན་ཆགས་འཇལ་ལོ། །དམའ་བ་ཡུལ་ཞིང་བཅོམ་པའི་ལན་ཆགས་འཇལ་ལོ། །གསེར་དངུལ་བྱེ་རུའི་ལན་ཆགས་འཇལ་ལོ། །བོང་ཁང་འབྲུ་ཡི་ལན་ཆགས་འཇལ་ལོ། །ལྷབ་ལྷུབ་གོས་ཀྱི་ལན་ཆགས་འཇལ་ལོ། །དེ་ལ་སོགས་པའི་ལན་ཆགས་བྱང་བུ་ལོན་ཐམས་ཅད་སོད་པ་ཡིན་ནོ། །ཞེས་བརྗོད་དོ། །ཆངས་རིལ་འདོད་ཡོན་ལྔའི་ཕུང་པོ། །བསྔོས་པས་སྔར་ནས་ད་ཕན་གྱི། །ཟས་ནོར་སྲོག་གི་ལན་ཆགས་བྱང་། །བུ་ལོན་ཤ་མཁོན་བྲལ་བར་བསམ། །ཕྱག་འཚལ་བ་ནི། རང་ཉིད་ཤཱཀ་ཐུབ་སྐུ་མདོག་ནག །དར་ནག་ཆོས་གོས་རྣམ་གསུམ་བཀླུབས། །རྒྱལ་བ་སྲས་བཅས་ཀུན་གྱིས་བསྐོར། །དབུ་སྐྲ་རལ་གྲི་སྤུ་གྲི་ཡིས། །དགྱེ་དང་རྒུ་དུས་ཡར་མར་གཤགས། །ཕྱག་སྣ་མ་ཐུབ་དགྲ་དེ་ཡི། །སྟོབས་ནུས་ཚེ་བསོད་ཐམས་ཅད་ཟད། །ས་འོག་རིམ་དགུར་ལྷུང་བར་བསམ། །བསད་མནན་གྱི་སྔགས་བཟླ་བཞིན་པར་ཕྱག་བྱེད་དོ། །དེ་ནས་ཟོར་གྱི་ས་མཱ་དྷི་ནི། མདུན་བསྐྱེད་དཔལ་ཆེན་མདུན་རྒྱབ་གཡས་གཡོན་ནས། །བདུད་བཙན་མ་གཤིན་སྡེ་བརྒྱད་དམག་དཔུང་སྤྲོས། །དཔལ་གྱི་སྐུ་གསུང་ཐུགས་སྤྲུལ་ཁྲོ་བོ་དང་། ཁྲོ་མོའི་ཚོགས་ཀྱིས་དགྲ་ཡི་ཡུལ་དུ་བརྡས། །དགྲ་མཁར་བཤིག་བསད་ཤ་ཁྲག་ཧབ་ཐོབ་ཟོས། །དགྲ་བོའི་སྟོབས་ནུས་ཞེ་སྡང་སྦྱོར་ངན་རྣམས། །བསྐལ་མེས་བསྲེགས་རྗེས་ཆུས་བཤལ་རླུང་གིས་གཏོར། །མིང་ཡང་མེད་པར་དམིགས་མེད་སྟོང་ཉིད་གྱུར། །ཞེས་སོ། །མནན་པའི་ས་མཱ་དྷི་ནི། ཨེ། ཕྱག་གཡས་རལ་གྲིས་བསྣུན་པས་ས་གཞི་གས། །ཆུ་མེ་རླུང་གི་དཀྱིལ་འཁོར་བཀས་འོག་ནས། །ལས་ཀྱི་གཤིན་རྗེ་མ་ཧེ་ཁྲོས་པའི་གདོང་། །གནམ་ས་ཙམ་གྱི་ཁ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །དགྲ་ཇག་གྱོད་རྐུན་མི་ཁ་གདོན་བགེགས་རྣམས། །དབང་མེད་དེད་ནས་ལས་གཤིན་ཞལ་དུ་བསྟབས། །བྷྱོཿ ཉི་མ་ལྷོ་ཕྱོགས་ཕ་གི་ན། །ཞེས་སོགས་མནན་བསྐུལ་གང་རིགས་བཏང་ནས། ལིངྒ་དགྲ་བོ་ཉིད་དང་དབྱེར་མེད་པ། །ལས་གཤིན་ཞལ་དུ་འཕངས་པས་འཛུམ་མདངས་ཤོར། ཁ་བསྡམས་འོག་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །དེ་སྟེང་རླུང་མེ་ཆུ་སའི་དཀྱིལ་འཁོར་ཆགས། །རི་རབ་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འཇམ་དཔལ་སྲས་བཅས་ཀུན་གྱིས་མནན་པར་གྱུར། །ལོ་ཟླ་ཞག་དུས་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་སོགས་དམོད་པ་བརྗོད། རང་ཉིད་ལྷར་གསལ་ཞབས་སུ་དགྲ་བོ་ཚུད། །ལྕགས་ཁང་སྒོ་མེད་ནང་དུ་དགྲ་བགེགས་རྣམས། །གནམ་ལྕགས་འཛེར་བཏབ་རྡོ་རྗེ་རྒྱ་གྲམ་དང་། །དེ་སྟེང་རི་རབ་ཀྱིས་མནན་ཐར་མེད་གྱུར། །ཀིང་ཀང་གི་སྔགས་རིང་དང་། གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན། དགྲ་བོ་ས་ཡི་ཁམས་སུཾ་ནན། མེ་ཡི་ཁམས་རཾ་ནན། ཆུ་ཡིི་ཁམས་བཾ་ནན། རླུང་གི་ཁམས་ཡཾ་ནན། ནམ་མཁའི་ཁམས་ལཾ་ནན། རྣམ་པར་ཤེས་པའི་ཁམས་སྟམྦྷ་ཡ་ནན། ཞེས་བརྗོད་དོ། །དགྲ་བགེགས་ཚིནྡྷ་ཚིནྡྷ། ཚིནྡྷ་ཡ་ཚིནྡྷ་ཡ། བྷིནྡྷ་བྷིནྡྷ། བྷིནྡྷ་ཡ་བྷིནྡྷ་ཡ། ཏ་ཌ་ཏ་ཌ། ཏ་ཌ་ཡ་ཏ་ཌ་ཡ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། སཏྭམ་བྷ་སཏྭམ་བྷ། སཏྭམ་བྷ་ཡ་སཏྭམ་བྷ་ཡ། མ་ར་ཀ་ཡ་ཧ་ས་ནཱ་ཡ། དྷྱ་བརྟ་ནཱ་ཡ། མ་ཙི་ར་ན། མཱ་ར་ཡ་ནན། སཏྭམ་བྷ་ཡ་ནན། ཅེས་བརྒྱ་རྩ་བརྒྱད་བརྗོད། སྟེང་དུ་ཁྲོ་བཅུ་ཞལ་བསྒྲད་ཕྱིར་གཟིགས་མནན། །དེ་སྟེང་ཧཱུྃ་མཐིང་ལས་བྱུང་རྒྱ་གྲམ་ལྗང། །མེ་ལྕེའི་ཕྲེང་བསྐོར་ཁྲོ་བཅུས་སྟོབས་བསྡུས་མནན། །ལྟེ་བར་སུམ་སེར་ལས་བྱུང་ས་དཀྱིལ་སེར། །ཨོཾ་བཛྲ་སུ་མེ་རུ་ཧཱུྃ་ཧཱུྃ་ས་མ་ཡ་སཏྭམ། དེ་སྟེང་གསེར་གྱི་ལྷུན་པོས་མནན་པའི་སྟེང་། །དོན་གྲུབ་ལྗང་གུ་དབུ་གསུམ་ཕྱག་དྲུག་པ། །གཡས་གསུམ་འཁོར་ལོ་ཏྲི་ཤུལ་ཐོད་ཁྲག་དང་། །རྒྱ་གྲམ་དགྲ་སཏྭ་ཕུར་བུ་གཡོན་ན་འཛིན། །འཁོར་དང་བཅས་པས་ལྡང་མེད་མནན་པར་བསམ། །ཨོཾ་བཛྲ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཧཱུྃ་མཛད་ཕྱག་རྒྱ་མཁར་འཕྱར་ཏེ། ཧཱུྃ། རྡོ་རྗེ་གནོད་སྦྱིན་སྔགས་རྒྱས་བཏབ། །དོན་གྲུབ་འཁོར་བཅས་ཕོ་བྲང་བཏབ། ཁྱོད་ནི་བྱང་ཆུབ་མ་སྐྱེས་བར། །ནམ་ཡང་ལྡང་བ་མེད་པར་ཤོག །ཅེས་བརྗོད་དོ། །དེ་ནས་བགེགས་སོགས་གཟིར་ན། ཕྱི་རོལ་གནམ་ས་གཉིས་པོ་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་སྟོང་སྤུ་གྲི་ལྟར་རྣོ་བ། །གཡས་གཡོན་དྲག་ཏུ་འཁོར་བའི་རྩིབས་བར་དུ། །གནོད་བྱེད་གང་དག་མྱལ་མྱལ་ཧྲུག་ཧྲུག་གཏུབ། །རྩིབས་ནང་གཤིན་རྗེ་རྣམས་ཀྱིས་གསོལ་བར་གྱུར། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ། བཛྲ་སརྦ་དུཥྚཱན་ཨེ་ཏྲིག་ནན་ནྲི་ཏྲི་ཧུར་ཐུམ་ཛཿ བྱད་མ་མཱ་ར་ཡ་ཧཱུྃ་ཕཊ། རླུང་གི་རྣལ་འབྱོར་ནི། ལྟེ་བའི་ཉི་བུའི་གསུས་ཁྱིམ་ནང་། །སྲིད་པ་ལས་ཀྱི་འཁོར་ལོ་འབར། །རོ་རྐྱང་ལམ་ནས་རླུང་སྦྱོར་གྱིས། །ཕོ་ཉའི་དཔུང་གིས་བཀུག་ནས་དེ། །ཉི་བུའི་ཞལ་བསྟབས་འཁོར་ལོར་བསྐྱོན། །ཞེས་སོ། །མདུན་བསྐྱེད་གནས་ལྔའི་འོད་ཟེར་ཁ་དོག་ལྔ། །རང་གི་གནས་ལྔར་ཐིམ་པས་དབང་བཞི་ཐོབ། །རྩ་སྔགས་ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ སྲུང་འཁོར་ལྷར་བཅས་ཐུགས་སྲོག་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་ཀ་དག་གདོད་མའི་ཀློང་། །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །སོགས་ཤྭ་ལོ་ཀ་དང་། གང་ཚེ་བལྟ་བར་འདོད་པ་འམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །འཇམ་དཔལ་ཁྲོ་བོ་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །སེམས་ཀུན་དོན་བསྒྲུབ་བྱའི་ཕྱིར། །འཇམ་དཔལ་ཁྲོ་བོས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །བཀྲ་ཤིས་བརྗོད་པ་སོགས་གསང་བ་སྤྱི་ལྟར་བྱའོ། །གཤིན་རྗེ་གཤེད་ཀྱི་དྲག་སྔགས་ཀྱི། །གལ་མདོ་འདི་ཤེས་མངོན་སྤྱོད་ཀྱི། །གསང་བ་སྤྱི་འདོམ་ཆོ་ག་སྟེ། །ཚེ་དབང་ཀུན་ཁྱབ་བློ་མཚོ་ལས་སོ། །ཛ་ཡནྟུ།། །།
མངའ་དབང་རིན་ཆེན་འབར་བ་ (Volume 51, Text 37)
སྲོག་གི་ཡི་གེ་བྲི་བར་བྱ་བའི་ལེའུ་སྟེ་གསུམ་པའོ༔ དང་པོ་ཡི་གེ་ཞེས་བྱ་བ༔ གཞི་མེད་རང་གདངས་མཚོན་པ་སྟེ༔ རྒྱུ་མེད་ངོ་བོ་ཡི་གེར་ཤར༔ དེ་ཡི་གཟུགས་མཐོང་རང་སྒྲ་སྒྲོག༔ དུས་གསུམ་བདེ་བར་གཤེགས་པ་ནས༔ འཇིགས་ཚོགས་དམྱལ་བ་ཡན་ཆད་ཀྱི༔ སྲོག་སྙིང་ཡི་གེའི་རྣམ་པར་ཤར༔ རི་རྒྱལ་ལྷུན་པོའི་རྩེ་མོ་ནས༔ སྲིད་པ་གསུམ་གྱི་ཚེ་སྲོག་བཅུད༔ ཁ་དོག་ལྔར་གསལ་ཡི་གེ་ཤར༔ རང་བྱུང་ཡི་གེ་རྒྱུད་གཅིག་འདིའོ༔ ྈ རི་རབ་ཁ་ཁྱེར་ཐ་མ་ན༔ པདྨའི་འོད་ཟེར་བརྒྱད་ཀྱི་ནང༔ ཡོན་ཏན་ཀུན་འདུས་ཡི་གེ་ནི༔ སུམ་ཅུ་རྩ་རེ་འོད་དུ་འཁྱིལ༔ ྈྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈྈ ྈྈྈྈ ྈྈྈྈ ྈྈྈྈ རི་རབ་བང་རིམ་གསུམ་པ་ལ༔ སྲིད་གསུམ་ནོར་སྡུད་ཡི་གེ་ནི༔ བཅུ་དྲུག་རང་འོད་འབར་ཞིང་འཁྱིལ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཀཱ་ཡ་བཱཀྩིཏྟ་སིདྡྷི་ཧཱུྃ༔ རི་རབ་བང་རིམ་བར་མ་ལ༔ རྒྱལ་པོ་སྲོག་གི་ཡི་གེ་དགུ༔ རང་སར་མདངས་ལྡན་འོད་དུ་འཁྱིལ༔ ྈྈྈྈྈྈྈྈྈྈྈྈྈ་་་་་ཨཱོྃ་བྷེ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ བང་རིམ་དང་པོ་གནོད་ སྦྱིན་གྱི༔ སྲོག་གི་ཡི་གེ་བཅུ་དགུ་འཕྲོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་ཨཱཿཧཱུྃ་ཛཾ་ལུཾ་སྭཱ་ཧཱ༔ རི་རབ་རྨང་གི་ཐ་མ་ལ༔ འདོད་པ་ཚིམ་བྱེད་ཡི་གེ་ནི༔ ལྔ་བཅུ་རྩ་གཅིག་འོད་ཟེར་འཕྲོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་བཛྲ་ཡཀྵ་ཀཱ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་པཱུ་ཛ་བ་ལིཾ་ཏ་ཁཱ་ཧི༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་བཛྲ་ཡཀྵ་ནིར་གྷ་ཤ་ར་འདའ་ན༔ ྈྈྈྈྈྈྈྈྈྈ་་་བཱ་སུ་དྷཱ་རི་དུང་དུང༔ ྈྈྈྈྈྈ་་་་་འདུས་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈ་་་མི་སེམས་དཀྲུགས་ཡ༔ ྈྈྈྈྈྈ་དཀྲུགས་ཁུག༔ ྈྈྈྈྈྈྈ་་་ས་མ་ཡ་ཛ་ཛ༔ ྈྈྈྈྈྈྈྈ་་་མི་སྙིང་སྒུལ་སྒུལ༔ གསེར་གྱི་རི་བདུན་འོད་འདུའི་ནང༔ ནོར་བུ་དབང་གི་ཡི་གེ་ནི༔ ལྔ་བཅུ་རྩ་གསུམ་མདངས་དང་ལྡན༔ ྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་ཡཀྵ་ཛམ་བྷ་ལ་ཛ་ལེནྡྲ་ཡ༔ ྈྈྈྈྈྈྈ་་་་་མ་ཧཱ་ཡཀྵ༔ ྈྈྈྈྈྈྈ་་་་་སེ་ནཱ་པ་ཏ་ཡ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་སརྦ་སིདྡྷི་དྷ་ནཾ་ནཱ་ ནཱ་ཁ་དྷེ་སརྦ་སིདྡྷི་ཕ་ལ་ཨཱ་ཡུ་ཥེ༔ ྈྈྈྈྈྈྈྈྈྈྈྈྈྈ་་་་སྭསྟི་ཛ་ཡ་ཨ་བྷི་ཥིཉྩ་ཡ༔ ྈྈྈྈྈྈྈྈྈྈ་་་་་ས་མ་ཡ་ཛཿཛཿབྷྱོ་བྷྱོ༔ རོལ་པའི་མཚོ་བདུན་འོད་ཟེར་ལ༔ སྲོག་མང་ཡི་གེ་བརྒྱད་ཅུ་གཉིས༔ སྲོག་གི་ཡི་གེའི་ངོ་བོ་ཤར༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་ཛམ་བྷ་ལ་ཛ་ལེནྡྲ་ཡ་མ་ཧཱ་ཡཀྵ༔ ྈྈྈྈྈྈྈྈྈྈྈྈ་་་་མ་ཧཱ་ཀཱ་ལ་ཨ་པ་རཱ་ཙིཏྟ༔ ྈྈྈྈྈྈྈྈ་་་མཱ་ར་ཡ་དུནྟིཾ༔ ྈྈྈྈྈྈྈྈྈ་རཏྣ་འུབས་འུབས༔ ྈྈྈྈྈྈྈྈྈྈྈྈྈྈ་་་ཤཾ་ཀཿར་ངའི་སྣོད་ཁོངས་ཁོངས༔ ྈྈྈྈྈྈྈྈྈྈྈྈ་་མ་ཧཱ་ར་ཏི་ཏི་ཡེ་ཙི་ལི༔ ྈྈྈྈ་་་་རྦད་ཡ༔ ྈྈྈྈྈྈྈྈྈྈྈྈ་་་ཨུ་ཙུས་མས་གཞན་ལས་ཆོད་ཆོད༔ ྈྈྈྈྈྈྈ་་་་བྷོ་ཏོ་བྷ་ཤིག༔ ྈྈྈྈྈྈྈྈྈ་་་་་་ཁྱེ་ཐོད་ཐུབ་ཐུབ༔ ྈྈྈྈྈྈྈ་་་་་ཁྱེ་སྟོང་སྟོང༔ ྈྈྈྈྈྈྈྈྈ་་་་་ཤ་མ་བྷ་རྫ་གྱེ་གྱེ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་་་་ཡཀྵ་ནག་པོ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿབྷྱོ་བྷྱོ༔ གླིང་བཞི་གླིང་ཕྲན་མི་ལ་སོགས༔ བསོད་ནམས་ལྡན་པ་ཐམས་ཅད་ཀྱི༔ སྲོག་དང་ལོངས་སྤྱོད་སྙིང་པོ་ནི༔ ཡི་གེ་བརྒྱ་དང་བདུན་དུ་གནས༔ ྈྈྈྈྈྈྈྈྈྈྈ་་་་་་ཨཱོྃ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་ཙནྡྲ་ཀཱེནྟྱེ་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་ཨཱོྃ་དཱ་ཏཱ་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་་་ཨཱོྃ་དྷ་ན་དཱ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈ་་་་ཨཱོྃ་སུ་དཱ་ཏཱ་་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈ་་་་་ཨཱོྃ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་ཨཱོྃ་ཨཱརྻ་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈ་་་་་་་་་ཨཱོྃ་ཀེ་ལི་མཱ་ལི་ནཱ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་་་ཨཱོྃ་་སུ་བྷ་དྲ་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་པི་ཙུ་ཀུཎྜ་ལཱི་ནཱ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་་་ཨཱོྃ་གུཔྟ་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈ་་་་ཨཱོྃ་མུ་ཁེནྡྲཱ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈ་་་་་ཨཱོྃ་དྷེ་བྷི་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈྈ་་་ཨཱོྃ་ཙརྻེནྡྲཱ་ཡ་སྭཱ་ཧཱ༔ ྈྈྈྈྈྈྈྈྈྈྈ་་་་ཨཱོྃ་སྭ་ར་སྭ་ཏི་ཡེ་སྭཱ་ཧཱ༔ ྈྈྈྈྈྈྈྈྈ་་་་་ཨཱོྃ་རཏྣ་སིདྡྷི་ཧཱུྃ༔ དེ་ལྟར་ཁམས་གསུམ་མ་ལུས་པའི༔ སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང༔ བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི༔ ཚེ་བཀྲག་སྲོག་དབུགས་དབང་པོའི་མདངས༔ བསོད་ནམས་མངའ་ཐང་ལོངས་སྤྱོད་ཀྱི༔ རྣམ་ཤེས་སྙིང་པོ་ཡི་གེར་ཤར༔ གནད་ཀྱི་ཡི་གེ་འདུས་པ་དེ༔ ཕྱག་ན་རྡོ་རྗེས་འདི་ ལྔ་གཟིགས༔ ཐུགས་ཀའི་རཏྣ་ཟུར་བརྒྱད་ནས༔ སྤྲུལ་པའི་འོད་ཟེར་བརྒྱ་ཕྲག་བཀྱེ༔ འོད་ཟེར་དབུས་ནས་དབང་བྱེད་ཀྱི༔ ཡི་གེ་ཉིས་བརྒྱ་བཞི་བཅུ་བཞི༔ བུང་བས་མེ་ཏོག་ལེན་པ་ལྟར༔ ཁམས་གསུམ་ཀུན་དཀྲུགས་སྲོག་ཡིག་བླང༔ ྈྈྈྈྈྈྈྈྈྈ་་་ཨ་མུ་ཁེ་མ་མུས་དྷ་ར༔ ྈྈྈྈྈྈྈྈྈྈྈྈ་་་སྭསྟི་མུ་མ་ཧཱ་ཀྵེ་མ་ནེ་མ་ནེ༔ ྈྈྈྈྈ་་་འདུ་ར་ནེ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཨཀྵེ་མཀྵེ་མ་ར་ཀྱེ་མ་ར་ཀེ་པ་ནསྟི༔ ྈྈྈྈྈྈྈྈྈ་་་གྷུར་ཡན་སརྦ་སི་སྟི༔ ྈྈྈྈྈྈྈྈྈྈྈྈྈ་་་བྲུཾ་འབྲུཾ་བྲུཾ་སི་སྟི་སི་སྟི་ཡ་སྤ༔ ྈྈྈྈྈྈ་་་མུ་ལེ་མུ་ལེ༔ ྈྈྈྈྈྈ་་་ཀྱེ་ཤེ་ཀྱེ་ཤེ༔ ྈྈྈྈྈྈྈྈྈྈྈ་་་་ཙུརྣ་ཙུརྣ་བྷི་མ་ལེ་སྭཱ་ཧཱ༔ ྈྈྈྈྈྈྈ་་ཨཱོྃ་ཀང་ཀ་ར༔ ྈྈྈྈྈ་་་ཀང་ཀ་ར༔ ྈྈྈྈྈ་་་ནིར་གྷ་ན༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་ཙ་ནིར་ག་ན་ཙ་ན་སིདྡྷི་སིདྡྷི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈྈ་་་རཏྣ་པུན་རྣེ་སིད་འདི་སིད་འདི་ཧཱུྃ༔ ྈྈྈྈྈྈྈྈ་་་་་ཧི་ལ་སི་ཨ་ཡཾ༔ ྈྈྈྈྈྈྈྈྈྈྈ་་་་སིད་འདི་སིདྡྷི་ཧཱུྃ་ཛཿཛ༔ ྈྈྈྈྈྈྈྈྈྈྈྈྈྈྈ་་་་ནཱ་ནཱ་ཁ་ཏེ་སིད་འདི་སིད་འདི་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈ་་་དྷ་ ལ་སམ་བྷོ་སིད་འདི་སིད་འདི་ཧཱུྃ༔ ྈྈྈ་་་་ཛ་ཛ༔ ྈྈྈྈྈྈྈྈྈྈྈྈྈ་་་་་ཨཱོཾ་ཙཀྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈ་་་ཨཱོྃ་མ་ཎི་རཏྣ་སིད་ཏི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་མ་ཧཱ་ཏ་རཏྣ་སིད་ཏི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་བྷསཏྲི་རཏ་ན་སིད་ཏི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་ཧསྟི་རཏ་ན་སིད་ཏི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་ཏུ་རཾ་ཀ་ཨ་ཤྭ་རཏ་ན་སིད་ཏི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈ་་་་ཨཱོྃ་གྷཱ་ཏ་རཏ་ན་སིད་ཏི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་འདི་རུ་བ་ས་ཀེ་ཏ་བྷ་ཧ་བྷེ་ཀེ་ནི་ར་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈ་་་་བྷ་ལིན་ན་ཏ་ན་ཀ་ལེ་ནི༔ ྈྈྈྈྈྈྈྈྈྈྈྈ་་་་བྷ་སི་མུ་ཏམ་ཀཾ་བྷ་ཏི་ཧཱུྃ༔ ྈྈྈྈྈྈྈྈྈྈྈ་་་་ཨཱོྃ་ག་སིད་འདི་ཕ་ལ་ཧཱུྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་བྷི་ཙ་ཡ་བྷི་ཙ་ཡ་ཨུ་ཧ་སི་སྟ་ཛ་ས་ནི༔ དེ་ལྟར་འགུགས་བྱེད་ཡི་གེས་ནི༔ སྲིད་གསུམ་བཅུད་བསྡུས་དབང་སྒྱུར་ཐོབ༔ བཅུད་ཀྱི་སྙིང་པོ་ཐུགས་ཀར་ཐིམ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་ནོར་བུ་སྔགས་
རྫས་སྲུང་གཏེར་གཞུང་ (Volume 44, Text 37)
༄༅༔ རྫས་སྲུང་གཏེར་གཞུང་བཞུགས་སོ༔ གུ་རུ་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་ཞུས་པ༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ ད་ལྟ་དུས་བཟང་སྤྱོད་པ་བཟང༔ ལན་གཅིག་དུས་ཀྱི་མཐའ་མ་ལ༔ རྣལ་འབྱོར་རང་ལུས་མ་སྨིན་པས༔ གློ་བུར་དྲག་པོའི་ལས་ལ་འཇུག༔ རང་གི་སྦྱོར་བས་རང་ཉིད་ཕུང༔ འདི་ལ་གུ་རུས་བཀའ་བསྩལ་ཞུ༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ གང་ཞིག་རྣལ་འབྱོར་དབང་ཆུང་ལ༔ སྙིང་དང་འདྲ་བ་དགྲར་ལངས་ནས༔ བསྙེན་སྒྲུབ་བྱེད་པའི་ལོང་མེད་ནས༔ གློ་བུར་ཐོག་ཏུ་དགྲ་ལངས་ནས༔ བསྟན་པ་གཉན་པོ་འཇིག་གྱུར་པས༔ མྱུར་དུ་དྲག་ལས་བྱ་དགོས་ན༔ དགྲ་བོ་ཀླུ་ལ་གཏད་པ་དང༔ མནའ་སྐྱེལ་སེར་བ་ཆེན་པོ་གཏོང༔ རྡོ་བཤིག་ཕ་བོང་ས་སློག་དང༔ གློ་བུར་གཉན་ཁ་བྲལ་དགོས་ན༔ གསང་བ་རྫས་ཀྱི་སྲུང་བ་བསྟན༔ འདི་ནི་་་དམ་ཚིག་ཅན་གྱིས།བསྟན་པ་བསྲུང་བ་དང༔ ཉེ་མིག་གིས།་་་བཤིག་དང་འཕེལ་འགྲིབ་འདིས་བྱེད་པས༔ བུམ་ཐང་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་དུས་ཀྱི་མཐའ་མ་ལ༔ ཕོངས་པ་ཁ་ཞན་གཅིག་དང་འཕྲད༔ བདག་གི་སྨོན་ལམ་མཐུ་བཙན་པས༔ སངས་རྒྱས་བསྟན་པ་རྒྱས་གྱུར་ཅིག༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ སྤྱིར་ནི་འགྲོ་བ་མཐའ་དག་ལ༔ མཐུན་པའི་རྫས་དང་མི་མཐུན་རྫས༔ ཐིག་གུ་དཀར་ནག་སྒྲིལ་བ་འདྲ༔ མཐུན་པའི་རྫས་ཀྱིས་མཆོད་ཅིང་བརྟེན༔ མི་མཐུན་རྫས་ཀྱིས་བསྲེག་ཅིང་བསྲུང༔ དེ་ལ་གཉེན་པོར་གྱུར་པའི་རྫས༔ ཤིན་ཏུ་གྲངས་མང་བསམ་འདས་ཀྱང༔ རྒྱ་གར་རྒྱ་ནག་བལ་པོ་ན༔ འདི་ལས་ལྷག་པ་གང་ཡང་མེད༔ སྲུང་བ་འདི་ལས་ལྷག་པའི་ཆོས༔ བཙལ་ཀྱང་རྒྱལ་པོས་མི་རྙེད་དོ༔ གཉེན་པོ་རྫས་འདི་སུས་འཆང་བ༔ ཀླུ་ཡི་ཕོ་བྲང་མེས་བསྲེགས་ཀྱང༔ རྣལ་འབྱོར་བདག་ལུས་རྡོ་རྗེར་འགྱུར༔ གཉེན་པོར་གྱུར་པའི་སྔགས་འདི་ནི༔ བྱེ་བ་ས་ཡ་བརྗོད་མི་ལང༔ བཀླགས་པས་འགྲུབ་པའི་རིག་སྔགས་འདི༔ གནམ་ལྕགས་ཀླུ་འདུལ་རྒྱུད་དང་ནི༔ གཏུམ་པོ་ཐུགས་ཀྱི་རྒྱུད་ལས་བཏུས༔ ཁྲིའམ་སྟོང་ངམ་རྩ་བརྒྱད་འདོན༔ དུག་ཁྲག་སྦྱར་བའི་རྫས་རྣམས་ནི༔ ཤེའུ་ཨོཾ་བྷི་རུ་དོང་བླུག༔ སྔགས་དེ་དགོས་པ་བྱུང་བའི་ཚེ༔ གདོང་དང་ལུས་བྱུགས་ཕུར་པ་བཏགས༔ མི་བཟད་དྲག་པོའི་ལས་གསུམ་འདི༔ གློ་བུར་མནའ་དང་སེར་བ་འབེབ༔ ཕུར་མ་བྱ་དང་སྐེ་རུ་བཏགས༔ འདིས་ནི་རང་ལུས་རྡོ་རྗེར་གྱུར༔ འཁོར་དང་གཡོག་ལའང་དེ་བཞིན་ནོ༔ དེས་ནི་མནའ་དང་སེར་བ་དང༔ ཕྲུ་སློག་ལས་དང་ཐབ་གཞོབ་་་མགོ་ནད།དང༔ ཤན་དམར་ལ་སོགས་གློ་བུར་དུ༔ བསྲུང་བ་འདི་ལས་ལྷག་པ་མེད༔ མངའ་བདག་རྒྱལ་པོ་མངའ་ཐང་རྒྱས་པ་དང༔ བན་བོན་སྙིང་རུས་ཆེ་བ་ཡིས༔ རྒྱ་གར་རྒྱ་ནག་བལ་པོ་དང༔ སིཾ་ཧའི་ཡུལ་དང་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཥའི་ཡུལ་དང་ཁ་ཆེ་ཡི༔ ཡུལ་ནས་ཇི་ཙམ་བཙལ་གྱུར་ཀྱང༔ འདི་ལས་ལྷག་པ་ཡོངས་མི་རྙེད༔ དུག་ཁྲག་སྦྱར་བའི་སྲུང་བ་བསྟན་པ་ནི༔ བཙན་དུག་བོང་དུག་བོང་ང་རེ་ལྕག་པ༔་་་ནག་པོ། ཐར་ནུ་ཐང་ཕྲོམ་ཀ་ཤོ་གནྡྷ་དང༔ ཤང་ལང་སྤྱང་ཚེར་རྭ་དུག་པ༔་་་ནག་པོ། དེ་ལ་སོགས་ཏེ་དུག་སྣ་རྙེད་ཚད་བསགས༔ སྤྲུ་ནག་ཡིན།་་་བཙན་དུག་ཤང་ལང་མེད་མི་རུང༔ མི་ཁྱི་རྟ་དང་གཅན་གཟན་ཁྲག༔ ཡུག་ས་མོ།་་་པད་ཁྲག་མི་གྲིར་ཤི་བའི་ཁྲག༔ གཅན་ཟན་བྱ་ཡི་ཁྲག་ནི་གཅེས་པ་ཡིན༔ དེ་ལ་སོགས་ཏེ་ཁྲག་སྣ་མང་དུ་བསགས༔ རྩི་མ་གི་ཏ་མཚལ་ཆེན་དང༔ མུ་ཟི་ལ་སོགས་དྲི་མི་ཞིམ་པའི་རྫས༔ ཅི་མང་བསགས་ཏེ་གོང་གི་ཁྲག་དང་སྦྱར༔ དུག་དང་ཁྲག་སྣ་རྭ་དོང་ནང་དུ་བླུག༔ ལེགས་པར་བསྲེས་ལ་ཞིབ་པར་བཏགས་པ་དང༔ གནམ་ལྕགས་དྲག་པོའི་སྔགས་འདི་བཟླ༔ ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཡིག་འབྲུ་སོ་གཅིག་གནམ་ལྕགས་དྲག་པོའི་སྔགས༔ ཨོཾ་དང་ཡ་ཡི་བར་ན་ཡིག་འབྲུ་བཞི༔ དེ་འོག་བཛྲ་ཡའི་བར་ན་ཡིག་འབྲུ་བཞི༔ རྡོ་རྗེ་ཕུར་པའི་སྔགས་སུ་འདོད་པ་ཡིན༔ ནཱ་དྷེ་ཐོག་མཐའི་བར་ན་ཡིག་འབྲུ་ལྔ༔ མི་དང་ལི་ཡི་བར་ན་ཡིག་འབྲུ་གཉིས༔ བྷནྡྷའི་ཡི་གེ་བཞི་པོ་དང༔ ནཱ་དང་ཧཱ་ཡི་བར་ན་ཡིག་འབྲུ་གསུམ༔ ལྷ་མོ་ཙིཏྟས་ནཱ་ག་ཟེར་བ་སྟེ༔ ལར་ནི་གྲོང་ཁྱེར་དྲུག་ཏུ་འདོད་པ་ཡིན༔ དུག་ཁྲག་དོང་བུ་རྟག་ཏུ་ལུས་དང་འགྲོགས༔ བར་བར་དག་ཏུ་སྔགས་ཤིང་དྲི་དང་འགྲོགས༔ ཡང་ན་རང་ཉལ་སྔས་དང་མི་འབྲལ་ལོ༔ དུས་དང་ཚེས་གྲངས་བཟང་པོ་ལ༔ སྐབས་སུ་གསང་སྔགས་བརྒྱ་རྩ་ཡིས༔ སྲུང་རྫས་གསོས་ལ་བདག་གཞན་སྲུང༔ འཁོར་གཡོག་སྲུང་དང་གཞན་སྲུང་བ༔ ཕུར་བུ་རྡོ་རྗེའི་མདུད་པས་སྲུང༔ དུག་ཁྲག་སྦྱར་བའི་ཐུམ་བུ་ལུས་ལ་བཏགས༔ སེར་བ་སྲུང་ན་དེ་སྟེང་ཕུར་བུ་བཅུ༔ སྟེང་འོག་ཕྱོགས་མཚམས་བརྒྱད་དུ་གཟུག་པར་བྱ༔ གཅིག་ནི་བྱུང་ཚེ་སྒྲིལ་ཞིང་གདོང་དུ་བརྡེག༔ ཕུར་པའི་རྩེ་ལ་དུག་ཁྲག་ཐུམ་བུ་བཏགས༔ ཕུར་བུ་ཕྱོགས་སྒྲིལ་གཡས་ཀྱི་སྤྱི་རྡེག་བྱ༔ དུག་ཁྲག་ཡུངས་དཀར་སེར་བའི་གདོང་དུ་བརྡེག༔ རྩེ་ལས་འོད་ཟེར་གནམ་ལྕགས་ཐོག་བཞིན་འཕྲོ༔ རང་ལུས་རྟག་ཏུ་དྲི་དང་འགྲོགས་པས་ཐུབ༔ སྔས་སུ་བཅུག་ལ་རྟག་ཏུ་དྲི་དང་འགྲོགས༔ དྲག་ལས་བྱེད་ན་གནས་ལྔར་ཐིག་ལེ་བྱ༔ ལམ་འཕྲང་གཅོད་ན་དུག་ཁྲག་གསུམ་སྒྲེང་བྱ༔ གཅིག་ནི་ལམ་གྱི་སྣ་རུ་བཏབ་ལ་བཞག༔ དུག་ཁྲག་གཏོར་བས་རང་བཞིན་དག་ཏུ་འབྲོས༔ དྲི་ཚོར་ཙམ་གྱིས་ཀླུ་གཉན་ལུས་སེམས་བརླག༔ ཕུར་བུ་བཏབ་ན་མི་ཐར་ལུས་སེམས་བརླག༔ ཕྱུང་ན་ཐར་ཏེ་གསོ་བའི་ཆོ་ག་བྱ༔ རྒྱལ་པོ་ཆེན་པོ་གཞན་ལ་མ་སྤེལ་ཅིག༔ དམ་མེད་མི་ལ་མ་སྤེལ་ཅིག༔ ས་མ་ཡ༔ ྀཨཚ༔ སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་འདི་སྐད་ཞུས༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ གོང་གི་དུག་ཁྲག་རྫས་སྲུང་ལ༔ ཏིང་འཛིན་རིམ་པ་མི་འཚལ་ལམ༔ རྫས་ལ་སེལ་བ་མི་འཚལ་ལམ༔ རྫས་ལ་སྦྱོར་ཐབས་མ་མཆིས་སམ༔ དམ་ཉམས་རྣམས་ལ་གབ་པའི་ཕྱིར༔ གསང་བའི་རྫས་ནི་མི་བདོག་གམ༔ སྣོད་ལ་ཁྱད་པར་མ་མཆིས་སམ༔ སྔགས་ལ་ངར་གསོ་མི་འཚལ་ལམ༔ འཁོར་ལོ་བསྐོར་ཐབས་མ་མཆིས་སམ༔ ལས་ཀྱི་མཐའ་བསྒྱུར་ཇི་ལྟར་བགྱི༔ འདི་རྣམས་གུ་རུས་བཀའ་བསྩལ་འཚལ༔ ཞེས་ཞུས་ནས༔ གསེར་དང་གཡུ་ཡི་མཎྜལ་དང༔ འབྲས་དང་ནས་ཀྱི་ཆང་ཞུས་པས༔ གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ སྲུང་བའི་མཆོག་ཏུ་གྱུར་པ་ནི༔ བསྟན་པ་ཙམ་གྱིས་མི་ཆོག་ལགས༔ ནན་ཏན་བྱེད་པ་ཤིན་ཏུ་ལེགས༔ ང་ནི་མངོན་ཤེས་ཆེ་དང་ལྡན༔ ཕྱི་མའི་དུས་ཀྱི་རྣལ་འབྱོར་རྣམས༔ ཐེ་ཚོམ་སོམ་ཉི་བསལ་བའི་ཕྱིར༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ བྱ་ཐབས་རིམ་པ་མ་ལུས་པ༔ སྣོད་ལྡན་རྒྱལ་པོ་ཁྱོད་ལ་གཏད༔ གཞན་ལ་མ་བསྟན་ཐུགས་ལ་འཆང༔ ཀུན་ལ་བསྟན་ན་རྒྱལ་པོ་དམ་ཚིག་ཉམས༔ རང་དོན་གྱིས་ལ་མཐའ་མ་གཏེར་དུ་སྦོས༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ ཏིང་འཛིན་རིམ་པ་བསྟན་པ་ནི༔ དང་པོ་སྟོང་པ་ཉིད་དུ་བསམ༔ དེ་ལ་ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ ཅིས་ཀྱང་མི་འཇིག་ནམ་མཁའ་ལྟ་བུའོ༔ ༈ དེ་ནས་རྫས་དང་སྣོད་བཅས་ལས༔ བསྐལ་པའི་མེ་དཔུང་འབར་བར་བསམ༔ མགར་བའི་ཚྭ་ཚྭ་ལྟ་བུ་ཡིས༔ གནོད་བྱེད་མ་ལུས་བསྲེགས་པར་བསམ༔ དེ་ལ་སྔགས་རྣམས་བཏབ་པ་ཡིས༔ མེ་ལ་སྦུད་པ་བུས་པ་ལྟར༔ མེ་ཆེན་འབར་བས་བསྲེགས་པར་བསམ༔ རང་ཉིད་ཡི་དམ་ལྷར་བསྐྱེད་ལ༔ དེ་ནི་རྗེ་དང་དཔོན་དུ་བསམ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བསམ༔ རྗེ་བོས་བྲན་ལ་བཀའ་བསྩལ་བཞིན༔ ཐམས་ཅད་མ་ལུས་ཉན་པར་བསམ༔ དེ་ནི་ཏིང་འཛིན་རིམ་པ་འོ༔ ༈ རྫས་ཀྱི་སེལ་བ་བསྟན་པ་ནི༔ དུག་སྣ་ཐམས་ཅད་བཏང་བ་ལ༔ སྤྱང་དུག་དབྱིག་དུག་མི་གཏང་ངོ༔ སྤྱང་དུག་དུག་གི་སྤྱང་ཀི་ཡིན༔ རཏྣ་དབྱིག་དུག་གཡའ་དང་ལྡན༔ གཡའ་ཡིས་ཁྲག་དྲི་གསོད་པའི་ཕྱིར༔ དུག་སྣ་དེ་རྣམས་མི་གཏང་ངོ༔ ཁྲག་སྣ་ཐམས་ཅད་བཏང་བ་ལ༔ ཕུག་རོན་ཁྲག་དང་ཕྱི་བའི་ཁྲག༔ མཛེ་ཅན་ལུག་དང་ཕྲེང་ཐོགས་ཁྲག༔་་་ཤིན་ཏུ་སྤངས་པས་ལེགས་པ་ཡིན། ཕུག་རོན་ལྐུགས་པས་ཁྲག་ངར་མཆི༔ ཕྱི་བ་ཉལ་བས་རླངས་པ་ཆུང༔ ལུག་་་རུས་སྦལ།དང་ཕྲེང་ཐོགས་་་ཆོས་བྱེད་སྔགས་པ།དམ་ཚིག་ཉམས༔ མཛེ་ཡེ་རུལ་བས་ནུས་པ་གསོད༔ དེ་ཕྱིར་དེ་རྣམས་མི་གཏང་ངོ༔ གཞན་རྣམས་ཁྲག་སྣ་ཚོགས་ཚད་གཏང༔ ཚྭ་དང་མུ་ཟི་མི་བརྟེན་ཏེ༔ དུག་དང་ཁྲག་གི་ནུས་པ་འཆི༔ དེ་ཕྱིར་དེ་དག་མི་གཏང་ངོ༔ མི་ཡིས་འགོམ་དུ་མི་གཞུག་གོ༔ ཚུལ་ཁྲིམས་དམ་ཚིག་གཙང་བ་་་དགེ་སློང་ངམ་སྔགས་པ་དྲང་སྲོང་།འམ༔ རང་གི་དྲི་ཆུ་བར་པས་གསོ༔ རྫས་ནི་མི་ལག་མི་བརྒྱུད་དེ༔ དམ་ཉམས་ལག་སོང་ནུས་པ་འཆི༔ དེ་ཕྱིར་སྦས་ཀྱིན་བཅང་བ་གཅེས༔ དེ་རྣམས་རྫས་ཀྱི་སེལ་བ་འོ༔ ༈ རྫས་ཀྱི་སྦྱོར་ཐབས་བསྟན་པ་ནི༔ རྫས་རྣམས་ཐམས་ཅད་ཚོགས་པ་དང༔ ཐོད་པ་མཚན་ངན་ནང་དུ་ནི༔ རྫས་རྣམས་ཐམས་ཅད་སྦྱར་བྱས་ནས༔ ཕུར་པ་གསུམ་པོ་་་དུག་ཁྲག་བྱུགས།ལྷ་རུ་བསྐྱེད༔ ཞག་གསུམ་ལེགས་པར་མཚམས་བཅད་ལ༔་་་ཡང་ན་སྟོང་པ་བསྐྱེད། བུདྡྷ་ཡ་ནི་ཁྲི་ཚོ་གཅིག༔ བཟླས་པས་བྱིན་རླབས་ནུས་པ་རྫོགས༔ དེ་རྣམས་རྫས་ཀྱི་སྦྱོར་ཐབས་སོ༔ ༈ གསང་བའི་རྫས་རྣམས་བསྟན་པ་ནི༔ རྨ་བྱ་གཟུགས་མོ་སྒྲོ་སྣ་གསུམ༔ གསང་བའི་རྫས་སུ་བསྟན་པ་ནི༔ སེང་ལྡེང་ཤེར་ཤིང་ལ་སོགས་ཕུར་པ་གསུམ༔ གླ་རྩི་གུ་གུལ་ལ་སོགས་དྲི་སྣ་གསུམ༔ ཚིལ་ཆེན་ཕག་ཚིལ་ལ་སོགས་ཚིལ་སྣ་གསུམ༔ མ་ཧཱ་མཱཾ་ས་ལ་སོགས་ཤ་སྣ་གསུམ༔་་་མི་རྟ་ཁྱི། ཐིག་ལེ་དཀར་དམར་ལ་སོགས་བདུད་རྩི་གསུམ༔་་་དྲི་ཆེན་དྲི་ཆུ་མི་ཀླད། ༈ སྣོད་ཀྱི་ཁྱད་པར་བསྟན་པ་ནི༔ གནས་སུ་འཆང་ན་ཨོཾ་བྷིར་བསགས༔ རླངས་པ་འཁྱིལ་ཕྱིར་ནུས་པ་ཆེ༔ དེ་ཕྱིར་ཨོཾ་བྷིར་གསག་པ་གཅེས༔ རྒྱལ་ཁམས་བསྐོར་ན་ཤེའུར་བླུག༔ སྦ་བ་བདེ་ལ་ནུས་པ་ཆེ༔ དེ་ཕྱིར་རྐང་དུ་་་གྲི་རྐང་།བླུག་པ་ཡིན༔ དྲག་ལས་བྱེད་ན་གཡག་རུར་བླུག༔ རླངས་པ་འཁྱིལ་ཕྱིར་ངར་ལྡན་པ༔ དེ་ཕྱིར་ཁྱུ་བའི་རྭ་ལ་སྔགས༔ རྭ་ལ་སྒོ་ང་སྤྲ་ཚིལ་བྱུག༔ སྲ་ལ་ནུས་པ་ཆེ་བ་ཡིན༔ སྣོད་ཀྱི་ཁྱད་པར་བསྟན་པའོ༔ ༈ སྔགས་ཀྱི་ངར་གསོ་བསྟན་པ་ནི༔ བུདྡྷ་ཡ་ཡི་སྔགས་གཞུག་ཏུ༔ རཱ་ཙ་མཱ་ར་ཡ་ཀྲི་རྦད༔ རཱ་ཙ་སིདྡྷི་མཱ་ར་ཡ་གཏུབས༔ རཱ་ཙ་སིདྡྷི་མཱ་ར་ཡ་ཐིབས་ཛ༔ ཞེས་ཕོ་གདོན་གནོད་ན་གདགས༔ མ་ཞུ་ཏྲི་མཱ་ར་ཛ༔ མ་ན་ཏྲི་ཛ༔ མཱ་ར་ཡ་རྦད༔་་་ལུགས་གཅིག་ཡིན། མ་མ་ཞུ་ཏྲི་མཱ་ར་ཡ་ཛ༔ མ་མ་ཏྲི་ཛ་མཱ་ར་ཡ་ཛ༔ མ་མ་དུ་ཏྲི་མཱ་ར་ཡ་རྦད༔ མོ་གདོན་གནོད་ན་གདགས༔ ཏྲིའུ་ཏྲིའུ་མཱ་ར་ཡ་ཛ༔ ཏྲི་ཤོ་མཱ་ར་ཡ་ཛ༔ ཏྲི་དུ་མཱ་ར་ཡ་རྦད༔ འགོང་པོ་གནོད་ན་གདགས༔ གལ་ཏེ་ཞོ་སྲུང་བ་ན༔ རྒྱུན་སྔགས་ཞབས་སུ་འདི་ལྟར་གདགས༔ ཨོཾ་སར་སར་བྱི་སར་སར་ཧཱུྃ་ཕཊ༔ ཅེས་པ་གདགས༔ གལ་ཏེ་རྦོད་གཏོང་ཟློག་ན་ཡང༔ རྒྱུན་སྔགས་ཞབས་སུ་འདི་བཏགས་སོ༔ ཨོཾ་བྷ་ཏ་ཡ་བྷ་ཏ་ཡ་ལོ་ཀ་བྷ་ཏ་ཡ་ཧཱུྃ་ཟློག༔ ཅེས་པ་བཏགས༔ སེར་བ་སྲུང་ན་ཡང༔ རྒྱུན་སྔགས་ཞབས་སུ་སྔགས་འདི་བཟླ༔ ཨོཾ་ཏདྱ་ཐཱ་ཏིག་གུ་ལི་ཏིག་གུ་ལི༔ ཨུ་ལི་ཤ་ཤུ་གི་གུསྟི་ཧི་རི༔ ཧུ་ཡ་ཧུ་ཡ་ཧི་རི་ཧི་རི་ཧི་རི་སྭཱ་ཧཱ༔ ཞེས་པ་བཏགས༔ ནད་རིགས་སྲུང་ན་རྒྱུན་སྔགས་གཞུག༔ ཨོཾ་ཀ་ཤ་ཀ་ཤ་ཏྲ་ཚལ་ཤག་ནན༔ ནད་ཀྱི་སྙིང་མགོ་དཀར་པོ་ཆོད་སྭཱ་ཧཱ༔ ཞེས་པ་བཏགས༔ དམ་སྲིས་གནོད་ན་འདི་བཏགས་སོ༔ མ་མ་ཞུང་ཏི་མཱ་ར་ཡ་ཛ༔ ཞེས་སོ༔ ཀླུ་སྲིན་གནོད་ན་འདི་བཏགས་སོ༔ ཨོཾ་ར་སུ་ལི་ནཱ་ག་རཱ་ཛ་མཱ་ཡ་ཛ༔ ཏཾ་ནད་ཤད་རྦུད༔ ཅེས་སོ༔ ལྷ་སྲིན་སྡེ་བརྒྱད་ས་བདག་ཀླུ་གཉན་གང་ཡང་རུང༔ རྒྱུན་སྔགས་མཇུག་ཏུ་བཟླས་པས་མཆོག༔ དེ་རྣམས་སྔགས་ཀྱི་ངར་གསོ་བསྟན་པའོ༔ ༈ འཁོར་ལོ་བསྐོར་ཐབས་བསྟན་པ་ནི༔ འཁོར་ལོ་རིམ་པ་བཞི་རུ་བསྐོར༔ དབུས་སུ་ཡི་དམ་སྙིང་པོ་བྲི༔ ཕྱི་རོལ་འཁོར་ལོ་རྩིབས་དྲུག་བྱ༔ འཁོར་ལོ་རེ་ལ་སྔགས་རེ་བཀོད༔ ཕྱི་ཡི་མུ་ཁྱུད་དག་ལ་ཡང༔ གང་བྱེད་ལས་ཀྱི་སྔགས་ཀྱིས་བསྐོར༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྡོ་རྗེ་རྭ་བས་གཏམས་པ་བྲི༔ ནང་གི་ཕྱི་རིམ་ལས་སྔགས་གསལ༔ མེ་རིས་མཚན་པ་འབྲི་བར་བྱ༔ ཕོ་འཁོར་གཡས་སུ་བསྐོར་བར་བྱ༔ མོ་འཁོར་གཡོན་དུ་བསྐོར་བར་བྱ༔ ཡབ་ཀྱི་འཁོར་ལོ་སེར་པོ་བྱ༔་་་གི་ཧང་དང་སྡོང་རོས་བྱུགས། ཡུམ་གྱི་འཁོར་ལོ་དམར་པོ་བྱ༔་་་ཚོས་བྱུགས། ལག་པ་གཡས་གཡོན་དག་ལ་བཏགས༔ བསྐོར་བ་རང་འཐག་ལྟ་བུའམ༔ འཁོར་ཞིང་ཏིང་འཛིན་རིམ་པ་རུ༔ བར་དུ་གནོད་བྱེད་ལིང་ག་གཞུག༔ གཏུབ་ཅིང་གང་ཡིན་བརླག་པར་བསམ༔ འཁོར་ལོ་བསྐོར་བ་ཚར་བ་དང༔ སྲུང་བའི་མིང་སྤེལ་བཅུག་བྱས་ལ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཕོ་འཁོར་དཔུང་པ་གཡས་ལ་གདགས༔ མོ་འཁོར་དཔུང་པ་གཡོན་ལ་གདགས༔ དེ་ནི་སྲུང་བ་ཆེན་པོ་འོ༔ འཁོར་ལོའི་སྐོར་ཐབས་བསྟན་པའོ༔ ༈ ལས་ཀྱི་མཐའ་བསྒྱུར་བསྟན་པ་ནི༔ སྲུང་བ་བྱེད་ན་གཞུང་བཞིན་བྱ༔ གལ་ཏེ་ཕོ་གདོན་གནོད་པ་ལ༔ ཁྱི་དཀར་སྣ་དམར་ཐོད་པར་ལིངྒ་བཅུག༔ བཙུན་པ་ཁྲིམས་ཉམས་དུག་པོས་དྲིལ༔ བྲུབ་ཁུང་ནང་དུ་བཅུག་བྱས་ལ༔ ཡུངས་དཀར་ཡུངས་ནག་གུ་གུལ་གྱིས༔ ཐུན་གྱིས་བྲབས་ལ་རྒྱ་གྲམ་མནན༔ ༈ མོ་གདོན་ཁྱི་མོ་ནག་མོ་ཡི༔ ཐོད་པར་ལིངྒ་བཅུག་བྱས་ལ༔ ཡུགས་ས་མོ་ཡི་གོས་ཀྱིས་དྲིལ༔ ཡུངས་དཀར་ཡུངས་ནག་ཏིལ་ནག་དང༔ ཟི་ར་ནག་པོའི་ཐུན་གྱིས་བྲབ༔ མཐའ་མར་ཐེམ་པ་དག་ལ་མནན༔ ༈ འགོང་པོ་གནོད་ན་རི་བོང་གི༔ ཐོད་པའི་ནང་དུ་ལིངྒ་གཞུག༔ མི་ཡི་པགས་པས་དྲིལ་བྱས་ལ༔ ཡུངས་དཀར་ཡུངས་ནག་ཀེ་ཚེ་དང༔ ཐུན་གྱིས་དེ་ལ་བྲབ་པར་བྱ༔ མཐའ་མ་མལ་གྱི་འོག་ཏུ་མནན༔ རྡོ་རྗེ་རྒྱ་གྲམ་དང་རི་རབ་ཀྱིས་མནན༔ གང་ལ་བྱེད་ཀྱང་ཞག་གསུམ་བྲབ༔ ༈ ཞོ་ཆང་བསྲུང་ན་ནས་ནག་བསྔགས༔་་་རྡེའུ་དཀར་ནག་སྔགས། རྫ་མ་ཞོ་སྣོད་གང་ཡིན་ལ༔ དུག་དང་ཁྲག་གིས་ཕྱི་ནས་བྱུག༔ ༈ རྦོད་གཏོང་ཟློག་ན་དམར་གཏོར་ལ༔ སྔགས་གདབ་གང་ཡིན་དགྲ་ཡི་ཕྱོགས་སུ་འཕང༔ ༈ སེར་སྲུང་ཕུར་པ་བཅུ་ལ་སྔགས༔ ཕྱོགས་མཚམས་དབུས་སུ་བཙུག་པར་བྱ༔ ཀེ་ཚེ་ཐལ་ཆེན་ཉུངས་དཀར་ནག༔ སྔགས་བཟླས་བྱུང་བའི་གདོང་དུ་བརྡེག༔ ཕུར་པ་གསོར་ཞིང་སྡིགས་པར་བྱ༔ འཁོར་ལོ་བརྟན་ཅིང་གཞན་དུ་བསྒྱུར༔ དེས་ནི་སེར་བ་ཐུབ་པར་ངེས༔ ༈ ནད་རིམས་སྲུང་བར་འདོད་པ་ན༔ ཚོན་སྐུད་ལྔ་ལ་སྲུང་སྔགས་བཟླ༔ དུག་ཁྲག་ཐུམ་པོ་བཏགས་པས་ཐུབ༔ ནད་དང་རིམས་ཀྱིས་ཚུགས་མི་འགྱུར༔ ༈ གལ་ཏེ་སྨྱོ་འབོག་འདུལ་བ་ན༔ དུག་ཁྲག་བསྲེས་པས་ནད་པའི་གདོང་པར་བྱུག༔ དྲག་སྔགས་བཟླས་ཤིང་རང་སྲུང་རིལ་བུ་ཁོག་ཏུ་གཏང༔ དེས་ནི་སྨྱོ་འབོག་ཐུལ་བར་འགྱུར༔ ༈ ཞིང་གི་ཤྭ་ལམ་སྒྱུར་བ་ན༔ མོན་ནམ་རབས་ཆད་ཐོད་པ་རུ༔ ཉུངས་དཀར་རྭ་སྲུང་སྔགས་ལ་ནང་དུ་བླུག༔ ཤྭ་རགས་དག་ལ་མནན་པ་བྱ༔ དེས་ནི་ཤྭ་ལམ་ཐུབ་པར་ངེས༔ ༈ སྲིའུ་གསོ་ན་འདི་ལྟར་བྱ༔ སྐར་མ་རྒྱལ་ལམ་གནམ་སྟོང་ངམ༔ རང་སྲུང་བྱས་ལ་དབང་བསྐུར་བྱ༔ སྐྱེས་ནས་བུ་ལ་བསྐུར་བ་ཡིས༔ གནས་སུ་ཆགས་པ་མེད་པར་བསྐུར༔ དེས་ནི་སྲིའུ་ཐུབ་པར་འགྱུར༔ ༈ ལྷ་ཀླུ་དགྱེས་ཐབས་བསྟན་པ་ནི༔ བཟང་དྲུག་ཙནྡན་གུ་གུལ་དཀར་པོ་དང༔ རིན་ཆེན་སྣ་ལྔ་རང་སྲུང་དག་ལ་བཏབ༔ དེས་ནི་ལྷ་རྣམས་དགྱེས་པར་འགྱུར༔ ༈ ཕྱོགས་ངན་དང་ནི་སྐར་མ་ངན་པ་དང༔ གཟའ་ཡི་གྱོ་གུད་ལ་སོགས་པ༔ རང་སྲུང་འདི་དང་འགྲོགས་པས་ཐུབ༔ གཞན་རྣམས་སྲུང་བ་གོང་བཞིན་ནོ༔ ལས་ཀྱི་མཐའ་སྡུད་བསྟན་པ་ཡིན༔ སྤྱིར་ནི་རྒྱལ་པོ་ཆེན་པོ་ལགས༔ སྲུང་བ་འདི་ལས་ལྷག་པའི་ཆོས༔ བཙལ་ཀྱང་རྒྱལ་པོས་མི་རྙེད་དོ༔ རང་ལ་ཅི་རི་འདི་ལ་རི༔ སྲ་བའི་གོ་ལ་རྣོ་བའི་མཚོན༔ ངན་སྦྱོར་གདུག་པའི་སྲུང་བ་འདི༔ སྟེར་ཐེབས་གཅིག་ལས་མང་ཏ་རེ༔ གཞན་ལ་བསྟན་ན་དམ་ཚིག་ཉམས༔ ཞེས་གུ་རུས་བཀའ་བསྩལ་ནས་རྒྱལ་པོ་དང་བློན་པོ་ལ་གདམས་ནས་བུམ་ཐང་གི་གཏེར་དུ་སྦས་སོ༔ དུག་ཁྲག་གདུག་པའི་སྲུང་བ་འདི༔ ཞེས་པའི་ཡིག་ཆུང་གུད་དུ་བཀོལ་བ་ཡིན༔ མན་ངག་གདམས་པ་གུང་ཐང་གི་གཏེར་མ༔ མན་ངག་གཞན་ལས་ཁྱད་དུ་འཕགས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ སྲུང་བ་འདི་ནི་གནམ་ལྕགས་ཀླུ་འདུལ་དང༔ གཏུམ་པོ་ཐུགས་ཀྱི་རྒྱུད་ལས་བཏུས༔ ས་གཉན་སློག་དང་རྡོ་གཉན་བརྡེག༔ ཆུ་གཉན་དཀྲུག་དང་ཤིང་གཉན་གཅོད༔ མནའ་དང་སེར་བ་གཏད་ཁྲམ་དང༔ ཐབ་གཞོབ་ཟོར་ལ་སོགས་པ་ཡི༔ དྲག་པོའི་ལས་ནི་གང་བྱེད་ལ༔ སྲུང་བ་འདི་དང་མ་ལྡན་ན༔ གོ་མེད་དཔའ་བོ་བྱེད་པ་འདྲ༔ རང་གི་སྲོག་ལ་འཇོམས་པ་ཡིན༔ གཉན་པོའི་རྫས་འདི་སུས་འཆང་བ༔ ཀླུ་ཡི་ཕོ་བྲང་མེར་བསྲེགས་ཀྱང༔ རང་ལུས་རྡོ་རྗེའི་བྲག་དང་འདྲ༔ དེས་ན་འདི་ལ་ནན་ཏན་མཛོད༔ དུག་ཁྲག་སྦྱར་བའི་སྲུང་བ་བསྟན་པ་ནི༔ བཙན་དུག་བང་དུག་རེ་ལྕག་པ༔ ཐང་ཕྲོམ་སྤྲུ་ནག་ར་དུག་པ༔ ཤང་ལང་གུ་གུལ་སྤྱང་ཚེར་བ༔ དེ་སོགས་དུག་སྣ་ཅི་རྙེད་གསག༔ ཤ་ཟན་བྱ་ཡི་ཁྲག་ནི་རབ་ཏུ་གཅེས༔ ལེགས་པར་བསྲེས་ཏེ་ཞིབ་པར་བཏགས་ནས་ནི༔ ཨོཾ་བྷི་རྐང་ངམ་ར་རུར་བླུག༔ དྲག་པོའི་སྔགས་བཟླས་མཆིལ་མ་བཏབ༔ ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཡིག་འབྲུ་སོ་གཉིས་དྲག་པོའི་སྔགས༔ གྲོང་ཁྱེར་དྲུག་ཏུ་གནས་པ་ཡིན༔ ཏིང་འཛིན་རིམ་པ་བསྟན་པ་ནི༔ དང་པོ་སྟོང་པ་ཉིད་དུ་བསམ༔ དེ་ནི་ཤེས་རབ་ལྟ་བའི་ལྷ༔ གཉིས་པ་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནི་བྱམས་པ་ཐབས་ཀྱི་ལྷ༔ གསུམ་པ་ཡི་དམ་ལྷ་རུ་བསྒོམ༔ དེ་ནི་སྙིང་རྗེ་སྟོབས་ཀྱི་ལྷ༔ རང་ཉིད་དཔོན་ནམ་རྗེ་རུ་བསམ༔ སྡེ་བརྒྱད་གཡོག་གམ་བྲན་དུ་བསམ༔ བདག་གི་བཀའ་ཉན་གསུང་སྡོད་པས༔ རྫས་དང་སྣོད་དུ་བཅས་པ་ལས༔ བསྐལ་པའི་མེ་དཔུང་འབར་བར་བསམ༔ མགར་གྱི་ཚྭ་ཚྭ་ལྟ་བུ་ཡིས༔ གནོད་བྱེད་མ་ལུས་བསྲེགས་པར་བསམ༔ དེ་ལ་དྲག་པོའི་སྔགས་བཏབ་པ༔ མེ་ལ་སྦུད་པ་བུས་པ་ལྟར༔ འོད་ཟེར་མེ་སྟག་འཕྲོས་པ་ཡིས༔ གནོད་བྱེད་མ་ལུས་བསྲེགས་པར་བསམ༔ དེ་དག་ཏིང་འཛིན་རིམ་པ་ཡིན༔ བར་བར་སྐབས་སུ་རིགས་སྔགས་ནི༔ བརྒྱ་བརྒྱ་བཏབ་ལ་ངར་བཏགས་སོ༔ རྭ་དོང་རང་གི་ལུས་དང་འགྲོགས༔ ཡང་ན་རང་ཉལ་སྔས་སུ་བཏག༔ རང་སྲུང་དྲི་དང་འགྲོགས་པས་ཐུབ༔ དྲག་ལས་བྱེད་ན་གསང་སྒོར་བྱུག༔ གཞན་སྲུང་སྔགས་མདུད་ཕུར་པ་དང༔ དུག་ཁྲག་སྦྱར་བའི་ཐུམ་པོ་མགུལ་དུ་བཏགས༔ གསང་སྒོ་རྣམས་སུ་བྱུག་པར་བྱ༔ དྲག་པོ་བྱེད་ན་གནས་གསུམ་ཐིག་ལེ་བྱ༔ རྗེས་ལམ་གཅོད་ན་དུག་ཁྲག་གསུམ་སྦྲེང་བྱ༔ དུག་ཁྲག་གཏོར་ཞིང་རང་སར་གྲོལ༔ དྲི་ཚོར་ཙམ་གྱིས་ཀླུ་གཉན་ས་བདག་འཆི༔ སེར་བ་བསྲུང་ན་ཕྱོགས་མཚམས་དབུས་སུ་ནི༔ ཕུར་པ་རྫས་རྒོད་བཏགས་པ་གཟུག༔ གཅིག་ནི་བྱུང་བའི་གདོང་དུ་དྲིལ་ཤིང་བརྡེག༔ གནད་ཀྱི་གདམས་ངག་འདི་ཡིན་ནོ༔ སྤེལ་བའི་གནས་མེད་བུམ་ཐང་གཏེར་དུ་སྦོས༔ ཞེས་མངའ་བདག་ལ་གདམས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ རང་སྲུང་བའི་རྫས་བསྟན་པ༔ ཙནྡན་གུ་གུལ་དཀར་པོ་ལ༔ རིན་ཆེན་སྣ་ལྔ་བརྡར་བ་འདི༔ རང་ཉིད་དག་ལ་གདགས་པར་བྱ༔ ལྷ་ཀླུ་གཙང་རིགས་མི་རྣམས་དགྱེས༔ རྨ་བྱ༔ ཟུང་མོ༔ སྲིན་བྱ༔ འུག་པ༔ པུ་ཤུད་སྒྲོ་ལྔ་པོས་མཁའ་ལ་རྒྱུ་བ་སྒྲིབ༔ སེང་ལྡེང་ཤེར་ཤིང་སྐྱེར་པའི་ཕུར་པས་ལུས་ངག་ཡིད་གསུམ་སྒྲིབ༔ རིགས་གསུམ་མགོན་པོའི་སྲུང་བ་ཡིན༔ གུ་གུལ་ཤིང་ཀུན་བ་བླ་ཡིས༔ དྲི་གསུམ་དབང་པོ་སྒོ་གསུམ་སྲུང༔ མི་ཕག་རྟ་ཡི་ཚིལ་བུ་གསུམ༔ མི་རྟ་ཁྱི་ཡི་ཁྲག་དང་གསུམ༔ དམ་རྫས་བདུད་རྩི་ལྔ་རྣམས་བཏང༔ འོག་གདོན་ལ་སོགས་ཐམས་ཅད་སྲུང༔ རྫས་ཀྱི་སྦྱོར་ཐབས་བསྟན་པ་ནི༔ ཞིབ་པར་བཏགས་ལ་འདྲེས་པར་བསྲེ༔ བསྐ་སླ་ར་ལུག་ཞོ་ཙམ་བྱ༔ རྫས་ཚགས་ཐོད་པ་མཚན་ངན་དུ༔ ཕུར་པ་གསུམ་གྱི་སྒྱེད་བུ་ལ༔ ཞག་གསུམ་མཚམས་བཅད་བསྙེན་པ་ནི༔ འབུམ་ཕྲག་བསྐྱལ་བས་བསྙེན་པ་རྫོགས༔ རྫས་ཀྱི་སྦྱར་ཐབས་གསང་བའི་རྫས་བསྟན་པ་ཡིན༔ ྀཨཚ༔ ༈ ཉམས་སུ་ལེན་པ་འདི་གཙོ་ཆེ༔ དཀར་པོ་ཙམ་གྱིས་ཁྲག་རང་དུ་མི་འདོད༔ ཟལ་ལྕགས་ཁྲག་ལ་ཕན་གནོད་མེད༔ བྱུགས་པའི་ཐབས་ལ༔ སྐྲངས་ལ་བྱེད་ན་མཐའ་མ་བསྐོར༔ ཤུ་འབྲས་ལ་བྱེད་ན་ཐོག་ཏུ་བྱུག༔ ཕྱོགས་ངན་བསྲུང་ན་ཕྱོགས་ངན་སར་རྭའི་ཁ་བསྟན༔ འགྲོ་བའི་ནད་སྲུང་ན༔ སྨིན་ཕྲག་སྣ་རྩེ་མགྲིན་པ་སྙིང་ག་གསུམ་དུ་ཐིག་ལེ་བྱ༔ ས་གདོན་གནོད་པ་ལ་རིལ་བུ་སྲན་མ་ཙམ་རེ་ལྟོ་སྟོང་ལ་བཏང༔ རོ་ཁུར་ན་གསང་བའི་སྒོ་བཞིར་བྱུག༔ རང་ལ་འདྲེ་གནོད་ན་ལུས་དང་མི་འབྲལ་བར་བྱའོ༔ རླངས་པས་སྣ་བུག་བདུག༔ ཀུན་ལ་ཡོད་ན་ངོ་མཚར་ཆུང༔ ྀཨཚ༔ ༈ ཡང་ལུགས་གཅིག་ལ༔ འཁོར་ལོའི་མན་ངག་འདི་ལྟར་བཀོད༔ ཨོཾ་སུ་དྷ་ར་ནི་མ་ཧི་བུདྡྷ༔ རཱ་ག་དྷ་ན༔ དུ་མ་མ་རཀྵ༔ ཧེ་དུ་མ་མ་ཏ་ཙ་ཏྱ༔ བཛྲ་བཛྲ་སུ་བཛྲ༔ པདྨ་རཀྵ་ནི༔ རཀྵ་ནི་སྭཱ་ཧཱ༔ རྩིབས་དང་འདབ་མའི་སྔགས་སོ༔ ཨོཾ་བཛྲ་བྷིདྡྷ་མ་ཧཱ་སུ་བཛྲ་ཡ༔ ཙ་མ་ལ་ཨ་ཀ་ཛ་ན་ཡ་ཧཱུྃ༔ མ་མོ་སནྡྷ་ཡ༔ ཨ་པ་ར་པ་ཀྲུཾ་ཡ༔ སྔགས་གསུམ་པའོ༔ ཨོཾ་ཨཱཿབདག་ལ་རཀྵ་རཀྵ་སྲུངས་ཤིག་རཀྵ་སྭཱ་ཧཱ༔ སྲུང་བའི་རིམ་པ་ཤིན་ཏུ་གྲངས་མང་ཡང༔ ཁྱད་པར་མཆོག་ཏུ་གྱུར་པ་གསུམ་བཀོད་དོ༔ དུག་ཁྲག་བསྲེས་དང་རྫས་དང་རིལ་བུའོ༔ གདུག་པ་རབ་ཏུ་འཇོམས་པའི་ནད་གསུམ་ལ༔ འགོ་བ་དང་ནི་འཁྲུག་དང་རབ་ཏུ་འགོ༔ དུག་ཁྲག་བསྲེས་དང་འགོ་བའི་ནད་རིམས་དང༔ གདུག་པ་ཀླུ་ཡི་ནད་གདོན་སྲུང་བར་བྱེད༔ རྫས་སྦྱོར་སྲུང་བས་འཁྲུགས་པའི་ནད་དང་ནི༔ སྟོང་ཕྲག་བརྒྱད་ཅུ་སྤྱི་ཡི་ནད་གདོན་སྲུང༔ རིལ་བུས་རབ་ཏུ་འགོ་བའི་ནད་རྣམས་དང༔ སྡེ་བརྒྱད་ལ་སོགས་འབྱུང་པོ་མ་རུངས་པ༔ ཁྱད་པར་རྒྱལ་པོའི་གདོན་རྣམས་སྲུང་བར་བྱེད༔ གོང་གི་སྲུང་བ་འདི་གསུམ་སུས་འཆང་བ༔ དེ་ལ་ནད་དང་གདོན་གྱིས་མི་ཚུགས་ཤིང༔ རྦོད་གཏོང་གནོད་པ་དག་ཀྱང་དེ་ཡིས་ཐུབ༔ དེ་ལ་དུག་ཁྲག་སྲུང་བ་ནི༔ རང་སྲུང་སྔགས་དང་བཅས་པའོ༔ དེ་ལ་རྫས་ཀྱི་སྲུང་བ་ནི༔ རྫས་སྲུང་འཁོར་ལོ་དང་བཅས་པའོ༔ དེ་ལ་རིལ་བུའི་སྲུང་བ་ནི༔ རིལ་བུ་སྦྱོར་ཚད་དང་བཅས་པའོ༔ དེ་ལ་རྫས་ལ་སྔགས་མེད་ན་དུག་ཁྲག་ལ་ནུས་པ་མི་འབྱུང༔ མི་སྐྱ་ལྟ་བུ་ལ་ལྷ་བསྐྲད་པའི་རྫས་སུ་འགྲོ༔ དེ་ལ་རྫས་རྣམས་ཚང་བ་དང༔ སྔགས་ཀྱི་བཟླས་པ་གལ་ཆེའོ༔ སྲུང་བ་འཁོར་ལོ་མེད་ན་རྫས་ལ་ནུས་པ་མི་འབྱུང་བས་རྫས་དང་འཁོར་ལོ་འཛོམ་པ་གལ་ཆེའོ༔ རིལ་བུ་ལ་སྦྱོར་ཚད་མེད་ན་ནུས་པ་མི་འབྱུང་བས་སྦྱོར་བའི་ཚད་གལ་ཆེའོ༔ དེ་ལས་སྲུང་བ་གོང་དུ་བསྟན་པའོ༔ རྫས་སྲུང་ལ༔ དྲག་པོའི་རྫས་རྒོད་བཅོ་ལྔ་འབྱུང་སྟེ༔ ནག་པོ་ཆིག་ཐུབ༔ བོང་ང་ཤུ་དག་མུ་ཟི་གུ་གུལ་བཞི༔ ན་བུན་བུ་མོ་སྦལ་སྦྲུལ་སྲེ་མོ་བཞིའི་ཤ༔ རྟ་བོན༔ ར་དུག༔ ལུག་ཐུག་སྦྲེ༔ རྒྱ་ཚིལ༔ རྨ་བྱའི་མདོངས༔ གླ་རྩི༔ ལྡོང་རོས་ཤིང་ཀུན་གསུམ་མོ༔ འཁོར་ལོ་དཔེ་ཆུང་ལྟར་བཏགས་སོ༔ དེ་ཡང་རྫས་རྣམས་ཚོགས་པ་དང༔ བསྲེས་ལ་ཐུམ་པོ་ལུས་ལ་བཏགས༔ མཐེབ་མོས་མཉེས་ལ་སྣ་ནང་བདུག༔ ར་དུག་མེད་པར་མེ་ལ་བསྲེག༔ དུད་པ་ལུས་དང་ཁྱིམ་སོགས་བདུག༔ དེ་རྣམས་སྲུང་བ་ཁྱད་པར་ཅན་ལགས༔ ༈ གསུམ་པ་རིལ་བུའི་སྲུང་བ་ནི༔ བྱ་ཁྱུང་གི་སྙིང༔་་་བཙན་དུག །སེང་གེའི་ཤ༔་་་ཨ་རུ་ར་སུམ་འགྱུར། ཆུ་སྲིན་ཁྲག༔་་་གླ་བ་ཨ་རུ་ར་ཙམ། རི་རབ་ལས་སྐྱེས་པའི་རྩྭ༔་་་ཤུ་དག་ནག་པོ་གོང་མཚུངས། སྲིན་པོའི་རུས་པ༔་་་རུ་རྟ་གོང་མཚུངས། རྫས་དེ་རྣམས་དབྱར་གསུམ་གངས་ཀྱི་སྟོད་དུ་བསྒྲུབ༔་་་ཉི་གུང་གཏུན་དུ་བརྡུང་། དགུན་གསུམ་བདུད་རྩིའི་ཆུ་ལ་སྦྱང༔་་་ནམ་ཕྱེད་བྱིས་པ་ལོ་བརྒྱད་པའི། རིལ་བུ་སྲན་མ་ནས་ཙམ་མོ༔ ཚད་དང་ལྡན་པ་བྱས་པ་དེ༔ ལྟོ་སྟོང་དག་ལ་གཏང་བར་བྱ༔ དེས་ནི་ནད་ཀྱི་རྩ་སྒོ་སྲུང༔ དོན་སྙིང་དག་གི་ནད་རྣམས་སེལ༔ རྩ་སྒོ་སྙིང་ལ་ཐུག་པ་ཡིས༔ ཁྱད་པར་འབྱུང་བའི་ནད་རིམས་སྲུང༔ ཁྱད་པར་ཟས་ངན་ཤ་དུག་ཐུབ༔ ྀཨཚ༔ སྐོར་གསུམ་སྲུང་བ་འདི་མེད་ན༔ དྲག་པོའི་ལས་རྣམས་བྱེད་པ་དང༔ ས་བདག་གཉན་ལ་བསྡོ་བ་དང༔ འགོ་བའི་ནད་ལ་འབགས་བྱེད་པ༔ སྦྲང་མ་མེ་ལ་མཆོངས་པ་འདྲ༔ སྐོར་གསུམ་སྲུང་བའི་གདིང་ལྡན་ན༔ སྲ་བའི་གོ་དང་རྣོ་བའི་མཚོན༔ རང་ལུས་རྡོ་རྗེ་ལྟ་བུར་འགྱུར༔ ཀུན་གྱི་ཐུན་མོང་མ་ཡིན་དུས༔ བུམ་ཐང་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ སྣོད་ལྡན་གཅིག་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ ༈ བུདྡྷ་ཡ་ཡི་སྔགས་གཞུག་ཏུ༔ དུག་གི་ནུས་པ་བསྐྱེད་པ་ནི༔ ཨོཾ་ར་ག་དུ་ས་མ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་སོ༔ ཁྲག་གི་ནུས་པ་བསྐྱེད་པ་ལ༔ ཨོཾ་བྷརླཾ་བྷེརླཾ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་སོ༔ ༈ སྔགས་ཀྱི་ཐེམ་ཡིག་བསྟན་པ་ནི༔ ཨོཾ་དང་ཡ་ཡི་བར་ལ་ཚེག་བར་བཞི༔ དུས་གསུམ་སངས་རྒྱས་རྣམས་ལ་མཆོད་པར་བརྗོད་པ་ཡིན༔ དེ་འོག་བཛྲ་ཡ་ཡི་བར་ན་ཡིག་འབྲུ་བཞི༔ ཀཱི་ལི་ཀཱི་ལའི་རྒྱུད་ནས་བཏུས་པ་ཡིན༔ ནཱདྷེའི་བར་ན་ཡིག་འབྲུ་ལྔ༔ ནཱ་ག་ཀླུ་ཡི་རྒྱུད་ནས་བཏུས་པ་ཡིན༔ མི་དང་ལི་ཡི་བར་ན་ཡིག་འབྲུ་གཉིས༔ གཏུམ་པོ་ཐུགས་ཀྱི་རྒྱུད་ནས་བཏུས་པ་ཡིན༔ བྷན་དང་དྷ་ཡི་བར་ན་ཡིག་འབྲུ་གཉིས༔ རྒྱལ་པོ་སྲུང་བའི་རྒྱུད་ནས་བཏུས་པ་ཡིན༔ ནཱ་དང་ཧ་ཡི་བར་ན་ཡིག་འབྲུ་གསུམ༔ གནམ་ལྕགས་སྤུ་གྲིའི་རྒྱུད་ནས་བཏུས་པ་ཡིན༔ ལྷ་མོ་ཙན་དྷེ་ནཱ་ག་ཟེར་བ་སྟེ༔ ལར་ནི་གྲོང་ཁྱེར་དྲུག་ཏུ་འདོད་པ་ཡིན༔ སྲུང་བའི་རྫས་རྣམས་བསྟན་པ་ནི༔ ཐར་ནུ་བོང་ང་རེ་ལྕག་ནག་པོ་དང༔ སེ་ཤིང་ནག་པོའི་ཞོ་ནི་ཤིན་ཏུ་གཅེས༔ དེ་ལ་སོགས་པ་དུག་སྣ་རྙེད་ཚད་སོགས༔ བཙན་དུག་ཤང་ལང་མེད་དུ་མི་རུང་ངོ༔ མི་ཁྲག་ཁྱི་ཁྲག་ནག་པོ་དང༔ གྲི་ཁྲག་གླང་ཁྲག་ར་ཁྲག་ནག་པོ་དང༔ རྟ་ཁྲག་བོང་ཁྲག་འབྲོང་ཁྲག་ནག་པོ་དང༔ གཙོད་ཁྲག་སྟག་ཁྲག་དོམ་ཁྲག་ནག་པོ་དང༔ ཤ་ཟན་བྱ་ཡི་ཁྲག་ནི་ཤིན་ཏུ་གཅེས༔ དེ་ལ་སོགས་པ་ཁྲག་སྣ་རྙེད་ཚད་སོགས༔ པདྨ་རཀྟ་མེད་དུ་མི་རུང་ངོ༔ དེ་རྣམས་རྩ་བའི་རྫས་སྣ་ཉེར་བརྒྱད་དོ༔ ལེགས་པར་སོ་སོར་ཕྱེ་ན་འདི་ལྟར་རོ༔ ཐར་ནུ་དུག་ཤོག་གི་བར་ན་རྫས་གནད་བཅུ་དང་གཉིས༔ མི་དང་དོམ་གྱི་བར་ན་ཁྲག་སྣ་བཅུ་དང་གཉིས༔ རྫས་གཞན་ཉི་ཤུ་རྩ་བཞི་ཕྱིར་བཀོད་ལུས་དང་འདྲ༔ སྣ་གཅིག་ཉམས་པར་གྱུར་ཀྱང་སྐྱོན་ཆེར་གྱུར་པ་ཡིན༔ སོ་ཞོ་ནག་པོ་ཅན་ཟན་བཅས།་་་ཤིན་ཏུ་གཅེས་པའི་རྫས་གཉིས་ནང་དཀར་མིག་དང་འདྲ༔ གལ་ཏེ་མེད་པར་གྱུར་ན་གཞོག་ཕྱེད་རལ་བ་ཡིན༔ མེད་ཐབས་མེད་པའི་རྫས་་་བཙན་དུག་དང་ཕུར་མང་།གཉིས་གསང་སྐོར་མིག་དང་འདྲ༔ གལ་ཏེ་མེད་པར་གྱུར་ན་ཤི་བའི་རོ་དང་མཚུངས༔ གནམ་ལྕགས་དྲག་པོའི་སྔགས་་་བུདྡྷ་ཡ།ནི་མཚོན་གྱི་ངར་ཆུ་འདྲ༔ མཚོན་ལ་ངར་མ་བླུད་ན་བརྒྱབས་ཀྱང་རྡུགས་ནས་འགྲོ༔ ངར་ཚད་ལྡན་པའི་མཚོན་ནི་གང་ལ་བརྒྱབས་ཀྱང་འགྲོ༔ རྩ་བའི་རྫས་རྣམས་བསྟན་པ་དེ་ལྟར་ལགས༔ གདོན་གྱི་འཇུག་པ་བསྟན་པ་ནི༔ རྒྱ་མཚོའི་སྟེང་་་རྐང་མཐིལ་གཉིས།དང་བྲག་དམར་ངོས༔་་་ལག་མཐིལ་གཉིས། ས་བདག་ཀླུ་གཉན་འཇུག་པ་ཡིན༔ ནམ་མཁའི་དགུ་ཚིགས་་་རྒལ་ཚིགས།མཐོ་དམའ་ནས༔ པེ་ཀར་རྒྱལ་པོ་འཇུག་པ་ཡིན༔ མུན་རིའི་ཁུང་བུ་གཡས་གཡོན་་་མཆན་ཁུང་གཉིས།ནས༔ བདུད་དང་བཙན་གཉིས་འཇུག་པ་ཡིན༔ རྒྱ་མཚོའི་ཆུ་རྐང་གོང་འོག་ནས༔་་་ཆུ་སོ་དང་སྲིན། ཐེའུ་མོ་འབའ་མོ་འཇུག་པ་ཡིན༔ རི་གསུམ་འདུས་པའི་སུམ་སྣ་ནས༔་་་བརླ་ཁུག །གོད་འདྲེ་ཆག་སྒོ་འཇུག་པ་ཡིན༔ རླུང་སྒོ་གཡས་དང་གཡོན་པ་་་སྣ་བུག་གཉིས།ནས༔ རིམས་ཀྱི་བདག་མོ་འཇུག་པ་ཡིན༔ བདེ་བྱེད་སྐྱིད་པའི་ཁུང་བུ་་་ལྟེ་བ།ནས༔ དམ་སྲི་ཕོ་མོ་འཇུག་པ་ཡིན༔ རྒྱལ་པོའི་ཕོ་བྲང་དབུ་རྩེ་་་སྙིང་བཅས།ནས༔ མ་མོ་སྨན་མོ་འཇུག་པ་ཡིན༔ དགོན་ས་ཉི་ཁྲི་ཆིག་སྟོང་་་བ་སྤུ།ནས༔ ས་སྲིན་ཕོ་མོ་འཇུག་པ་ཡིན༔ འཇུག་པའི་སྒོ་དགུ་དེ་ལྟར་ལགས༔ གདོན་གྱི་འཇུག་པ་བསྟན་པའོ༔ སྲེག་པའི་རྫས་རྣམས་འདི་ལྟར་ཡིན༔ བྱ་རོག་གཡག་རོག་ལྕེ་དང་ནི༔ རྟ་ནག་སྙིང་གིས་གཤིན་རྗེ་སྲེག༔ ཟྭ་ལེ་ལོ་མ་སྲན་མ་དང༔ གྲོ་མོ་ལུག་ནག་སྙིང་རྣམས་ཀྱིས༔ མ་མོའི་གདོན་རྣམས་སྲེག་པར་བྱེད༔ མུ་ཟི་གུ་གུལ་ནག་པོ་དང༔ སྡོམ་དང་སྡིག་པ་སྦྲུལ་གྱི་ཤས༔ ཀླུ་དང་ས་བདག་བཅས་པ་སྲེག་པར་བྱེད༔ མཱུ་ལ་རཀྟའི་ཐིག་ལེ་དང༔ ཤུ་དག་གཡེར་མ་གསུམ་པོ་ཡིས༔ ཐེལ་མོ་བསྲེ་རག་སྲེག་པར་བྱེད༔ གུ་གུལ་དང་ནི་ཐང་ཆུ་དང༔ སྤྲ་ཚིལ་དང་ནི་གསུམ་པོ་ཡིས༔ བདུད་དང་གནོད་སྦྱིན་བཙན་རྣམས་སྲེག༔ ལུ་གུ་དམར་པོའི་ལྟག་སྤུ་དང༔ ཤ་རུ་རྒྱ་ཚིལ་ནག་པོ་ཡིས༔ དཔེ་ཀར་རྒྱལ་འགོང་སྲེག་པར་བྱེད༔ རང་རང་སྲེག་རྫས་མ་འབྱོར་ན༔ བགེགས་རྣམས་གཅིག་ཏུ་སྲེག་པ་ནི༔ བོང་ང་རྒྱ་ཚིལ་ནག་པོ་་་ཁྱི་ལི་ལིའི་བྲུན།དང༔ རྟ་བོན་གུ་གུལ་ནག་པོ་དང༔ སྤྲུ་ནག་སྤྱང་ཀིའི་ལག་རྣམས་ཀྱི༔ དྲུག་པོ་དག་གིས་གདོན་བགེགས་སྲེག༔ སྲེག་པའི་ལས་སྦྱོར་བསྟན་པའོ༔ གདོན་གྱི་འཇུག་སྒོ་བསྟན་པ་དང༔ སྲེག་པའི་རྫས་རྣམས་བསྟན་པ་གཉིས༔ ལུགས་གཅིག་ཡིན་ནོ་ལེགས་པར་ཟུངས༔ མན་ངག་འདི་དང་མ་ལྡན་ན༔ ཡིད་དགའ་བྱེད་པའི་སྔགས་པ་ཀུན༔ མུན་པའི་ནང་དུ་མདའ་འཕེན་འདྲ༔ དེས་ན་འདི་ལ་ནན་ཏན་བྱ༔ རྩ་བརྒྱད་པ་རྡོ་རྗེ་སེངྒེའི་གསུང་རྩ་བརྒྱད་པ་སེངྒེ་རྒྱལ་མཚན་གྱིས་ཟིན་བྲིས་སུ་བཀོད་པའོ། །ྀཨཚ།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གདོན་བགེགས་བསྐྲད་ཅིང་བྱིན་རླབས་བྱ་ཚུལ་ཁྲོ་ཆུང་ཐོག་འབེབ་ (Volume 45, Text 37)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། གདོན་བགེགས་བསྐྲད་ཅིང་བྱིན་རླབས་བྱ་ཚུལ་ཁྲོ་ཆུང་ཐོག་འབེབ་ཅེས་བྱ་བའོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷ་ལོ་ཀོཏྟ་རཱ་ཡ། བླ་མ་དྲག་པོའི་བསྐྱེད་རྫོགས་ཉམས་སུ་ལེན་པའི་རྣལ་འབྱོར་པའམ་གྲངས་བསྙེན་ཐེམས་པ་སོགས་ཀྱིས་རྡོ་རྗེ་གྲོ་ལོད་ལ་བསྟེན་པའི་བཀའ་བསྒོ་བགེགས་བསྐྲད་དང་བྱིན་རླབས་བྱ་བ་ལ། ནད་གདོན་ཅན་སོགས་ལོངས་སྐབས་ཡོད་པ་ལ། བདག་བསྐྱེད་སྔོན་དུ་གཏང་ན་ལེགས་པས། ཐོག་མར་སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །པདྨ་དྲག་པོ་བསྒོམ་པར་བགྱི། །ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ༔ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྲུབ་ཀུན་སྣང་ཡེ་ཤེས་སྤྲིན༔ ཟུང་འཇུག་ཧཱུྃ་གི་ཡི་གེར་ཤར༔ དེ་ལས་རྡོ་རྗེའི་སྒྲ་བསྒྲགས་པས༔ གདུག་པ་ཅན་རྣམས་སྔངས་ཤིང་འདར༔ སྣོད་བཅུད་ཐམས་ཅད་ཤིག་ཤིག་རྡེག༔ སྣང་སྲིད་དངོས་འཛིན་དབྱིངས་སུ་སྦྱངས༔ ཁམས་གསུམ་ཨེ་ཡི་དབྱིངས་ཉིད་དུ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཉེར་སྤྱན་གསུམ་མཆེ་བ་གཙིགས༔ སྨར་སྨིན་འབར་ཞིང་ཨམ་གཙིགས་བསྡམས༔ རབ་བྱུང་ཆ་ལུགས་རུས་རྒྱན་འཕྱང༔ མི་མགོའི་ཕྲེང་བ་ག་ཤལ་བྱས༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་ཕུར་པ་བགེགས་ལ་གཟིར༔ ཞབས་ཟུང་གྱད་ཀྱི་དོར་སྟབས་ཀྱིས༔ པད་ཉི་དྲེགས་པ་གཏུམ་པོ་དང༔ སྟག་ཆེན་གྲུས་མའི་སྟེང་ན་འགྱིང༔ སྐུ་ལས་བསྐལ་པའི་མེ་ཆེན་འབར༔ རབ་འབྱམས་ཁྲོ་བོའི་ཚྭ་ཚྭ་འཕྲོ༔ གསུང་ནི་དྲག་སྔགས་ཧཱུྃ་སྒྲ་སྒྲོག༔ དྲེགས་པ་སྡེ་བརྒྱད་ལས་ལ་བཀོལ༔ ཐུགས་ནི་ཀ་དག་གཏིང་གསལ་ངང༔ མ་བཅོས་རིག་པ་ཟང་ཐལ་ཤར༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ མི་ཟད་རྒྱན་གྱི་འཁོར་ལོར་རྫོགས༔ རང་ལུས་གདོད་ནས་དམ་ཚིག་པར༔ རང་སེམས་གཉུག་མ་ཡེ་ཤེས་ལྷ༔ འདུ་འབྲལ་མེད་པར་རོ་གཅིག་པའི༔ ཐུགས་ཀར་པདྨ་ཉི་མའི་སྟེང༔ གནམ་ལྕགས་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་གསལ་ཧཱུྃ་ལྔའི་སྣང་གླུ་ཡིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་མཆོད༔ སྡེ་བརྒྱད་འབྱུང་པོ་ལས་ལ་གཟིར༔ སྲིད་གསུམ་བརྟན་གཡོའི་སྣང་ཆ་ཀུན༔ ཐམས་ཅད་མ་བཅོས་རྩ་བའི་ལྷ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོར་བཞེངས༔ སྒྲ་གྲགས་ཧཱུྃ་གི་རང་སྒྲ་དང༔ དྲན་རྟོག་ཀ་དག་སྤྲོས་བྲལ་དབྱིངས༔ རིག་པ་ཡེ་ཤེས་ཐིག་ལེར་འཁྱིལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་ཡིག་ལྔ་སྦྲེལ་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ སྒྲུབ་སྔགས་ཅི་འགྲུབ་མཐར༔ ཧཱུྃ་བཛྲ་ཡཀྴ་ཕཊ་རྒྱལ་བསེན་དཀོར་སྲི་དམ་སྲི་འབྱུང་པོ་མཱ་ར་ཡ་རྦད་རྦད་ནན༔ ཤི་ཤི་སྲོག་དམར་པོ༔ སྙིང་རྩ་ལ་ཁྲིལ་ཁྲིལ༔ ཤ་མ་རུ་གྲིམ་གྲིམ་ཐུམ་ཐུམ་མྱོག་མྱོག་ཕཊ༔ རཀྨོ་རཀྨོ་ཁ་རག་མ་སྨ་ཤ་ནི་རྦད་རྦད༔ ཅེས་ལས་སྔགས་བཏགས་པའང་ཅི་འགྲུབ་བཟླས་ལ་ཏིང་ངེ་འཛིན་དང་སྔགས་ཀྱིས་ངར་བསྐྱེད། གློ་བུར་བཀའ་བསྒོ་བྱ་དགོས་པ་སོགས་ལོངས་ཁོམས་མེད་ན། བདག་ཉིད་སྐད་ཅིག་གིས་པདྨ་ཐོད་ཕྲེང་རྩལ་དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་གྱུར། ཧཱུྃ་ལྔ་སྦྲེལ་ཅུང་ཟད་བཟླ། འཛོམ་ན་རྫས་སྲུང་ནག་པོ་ཀུན་ཐུབ་དང་མ་འཛོམ་ན་གུ་གུལ་བདུག །ཡུངས་དཀར་གྱིས་བྲབ་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྫུ་འཕྲུལ་མཐུ་སྟོབས་བསམ་མི་ཁྱབ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ཡིན༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གདུག་ཅིང་གཏུམ་པའི་དྲེགས་པ་ཅན༔ གནོད་འཚེའི་བསམ་སྦྱོར་འཆང་བ་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ བཛྲ་ཡཀྴ་ཀྲོ་དྷ་ཡིས༔ རྡོ་རྗེ་མེ་ཡིས་སྙིང་བསྲེག་ཅིང༔ མཚོན་ཆའི་ཆར་འབེབ་དུམ་བུར་གཅོད༔ ཆོས་ཉིད་ཆུ་ཡིས་རྒྱང་རིང་ཁྱེར༔ བསྐལ་པའི་རླུང་གིས་རྗེས་མེད་གཏོར༔ བདུན་རྒྱུད་རིགས་ནི་ཐམས་ཅད་ཀྱང༔ མིང་ཡང་གྲགས་པར་མི་འགྱུར་ཕྱིར༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཅེས་དང་ཧཱུྃ་ལྔ། སྒྲུབ་སྔགས་ལ་ལས་སྔགས་བཏགས་པ་མང་དུ་བརྗོད། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག༔ སྲིད་པ་སྤྱི་ནས་ཤིགས་ཤིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་གི་དམོད་པས་སྡིགས་ཤིག༔ བཀའི་ཆད་པས་ཆོད་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་གནོད་བྱེད་གདོན་བགེགས་འབྱུང་པོ་མ་རུངས་པ་རྣམས་ཀྱི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ ཅེས་བརྗོད་ལ་བསྐྲད། དེ་ནས་བྱིན་རླབས་བྱ་བ་ནི། བསྡུ་ན་བསྲུང་བྱའི་སྤྱི་བོར་སྐད་ཅིག་གིས་པདྨ་ཐོད་ཕྲེང་རྡོ་རྗེ་གྲོ་ལོད་གསལ་གདབ། སྤྲོ་ན། བསྲུང་བྱའི་སྤྱི་བོར་སྐད་ཅིག་གིས། །གུ་རུ་པདྨ་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ༔ སོགས་གོང་གི་མངོན་རྟོགས་ལྟར་ལ། མི་ཟད་རྒྱན་གྱི་འཁོར་ལོར་རྫོགས༔ རྔ་ཡབ་གླིང་ནས་དྲག་པོའི་སྐུ༔ ཉི་ཟེར་རྡུལ་ལྟར་སྤྱན་དྲངས་ནས༔ སྤྱི་བོའི་སྟེང་གི་བླ་མར་ཐིམ༔ བྱིན་རླབས་གཟི་བྱིན་དཔལ་དུ་འབར༔ ཅེས་པའི་དམིགས་པ་རྩེ་གཅིག་པས། ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་བོའི་སྐུར་བཞེངས་ལ༔ བར་ཆད་གདོན་བགེགས་ཚར་གཅོད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་ནུས་པ་སྩོལ༔ ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབ༔ བདག་དང་མོས་པའི་བུ་རྣམས་ཀྱི༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མི་མཐུན་འགལ་རྐྱེན་ཐམས་ཅད་སྲུངས༔ སྐུ་གསུང་ཐུགས་ཀྱི་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཧཱུྃ་ལྔའི་གླུ་དང་སྒྲུབ་སྔགས་ལན་མང་དུ་བརྗོད་ལ། མཐར་ནི་འོད་ཞུ་གཉིས་མེད་ངང༔ བསྒྲུབ་བྱ་ཁྲོ་རྒྱལ་ཆེན་པོའི་སྐུ༔ གསལ་སྟོང་འཇའ་ཚོན་བཞིན་དུ་ཤར༔ ཐུགས་ཀར་ཕ་ལམ་ལས་གྲུབ་པའི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ རླུང་སེམས་གཉིས་མེད་ཧཱུྃ་དམར་པོ༔ མར་མེ་འབར་བ་ལྟ་བུར་བསམ༔ དེ་ལས་འཕྲོས་པའི་འོད་ཟེར་སྤྲིན༔ རྡོ་རྗེའི་རྡུལ་གྱིས་ལུས་ཀུན་གྱི༔ བ་སྤུའི་བུ་ག་ཚུན་ཆད་གཏམས༔ གཞོམ་མེད་རྡོ་རྗེའི་ངོ་བོར་གྱུར༔ ཅེས་དང་བཛྲ་རཀྵ་རཀྵ༔ ཅེས་བརྗོད་ལ་བརྟན་པར་བྱ། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ གདོན་བགེགས་བར་དུ་གཅོད་པ་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་དང་། བཀྲ་ཤིས་པའི་ཚིགས་གཅད་བརྗོད་ལ་དགེ་ལེགས་སུ་བྱའོ། །ཞེས་པ་འདིའང་ཉེར་མཁོའི་ཆེད་དུ་པདྨ་གར་དབང་རྩལ་གྱིས་རྩ་བའི་གཞུང་ལས་ཁོལ་ཕྱུང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་སྦྱིན་སྲེག་གྲུབ་གཉིས་ཆར་འབེབ་ (Volume 27, Text 37)
༄༅། །སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་སྦྱིན་སྲེག་གྲུབ་གཉིས་ཆར་འབེབ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ཡེ། རང་བྱུང་ཟག་མེད་ཡེ་ཤེས་མེས། །གཉིས་འཛིན་འཁྲུལ་པའི་བུད་ཤིང་ཚོགས། །སྲེག་མཛད་བླ་མ་ལྷག་པའི་ལྷར། །བཏུད་ནས་སྲེག་བླུགས་ཆོ་ག་སྤེལ། །འདིར་སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་གི་ཞི་བའི་སྲེག་བླུགས་འབུལ་བ་ལ། ཐོག་མར་གང་དུ་བྱ་བའི་གནས་དེར་འབྲུ་ཚོམ་ལ་ས་ལྷའི་ཟླུམ་གཏོར་བཀོད། རང་ཉིད་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་ཀཱི་ལ་ཡ་བརྒྱ་རྩ་ཙམ་བཟླས་ནས། རཾ་ཡཾ་ཁཾ་གིས་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿཞེས་བྱིན་གྱིས་བརླབས། ས་གཞིའི་བདག་པོ་རྣམས་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཾ་ཨདྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ་ཀཱི་ལ་ཡ་བརྒྱ་རྩ་བརྗོད་པ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་གྱིས་སྦྱང་བའོ། །དེ་ནས་གཞི་དེར་བ་བྱུང་དང་དྲིའི་ཆག་ཆག་བཏབ་ལ། ཐབ་སྟེགས་གྲུ་བཞི་རྒྱར་མདའ་གང་དཔངས་སུ་དེའི་ཕྱེད་ཆ་ཅན་བ་བྱུང་གིས་བྱུགས་པ་བརྩིགས་པའི་ཁར། བྲིས་ཐབ་ལ་ཚང་ཟུར་གྱི་ཐིག་བཏབ། རྒྱར་གྲུ་གང་། མཆུ་དང་ཁ་ཁྱེར་ལ་སོར་བཞི་རེ། ནང་དུ་ཆ་ཕྲན་གཅིག་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་སྤྲས་པ། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོ་བྱ། བ་བྱུང་དང་ཙན་དན་དཀར་པོ་དྲི་བཟང་དང་བཅས་པས་བྱུགས། མེ་ཏོག་དཀར་པོ་གཅལ་དུ་བཀྲམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་དྲི་ཞིམ་པོའམ། བ་ལྕིས་ཇི་ལྟར་རིགས་པ་བརྩིགས། སློབ་དཔོན་གྱི་གཡོན་ཕྱོགས་སུ་ཐབ་དང་ཉེ་བར་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་དང་། ཁྱད་པར་གྱི་མཆོད་ཡོན་ཞབས་བསིལ་མེ་ལྷའི་གཏོར་མ་གཉིས་སོགས་མཆོད་རྫས་དང་། གཡས་ཕྱོགས་སུ་བལ་བུ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱས་པའི་ཡམ་ཤིང་སོར་བཅུ་གཉིས་པ་དྲིས་བྱུགས་ཤིང་མར་ཁུས་ཉུག་པ་དང་། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ། ཞོ་ཟན། འབྲས། སོ་བ། ནས། སྲན་མ། གྲོ །དཱུར་བ། ཀུ་ཤ་རྣམས་སོ་སོ་དང་། གཤལ་སྨན་མིན་པའི་སྨན་སྣ་དང་རིན་པོ་ཆེ་འབྲུ་གོས་དར་ཟབ་སྣ་ཚོགས་གཅིག་ཏུ་བསྲེས་པ། སྲེག་རྫས་རྣམས་རིམ་པ་ཇི་ལྟ་བར་འདས་མ་འདས་ཀྱི་ཁྱད་པར་གྱི་ཉིས་རིམ་དུ་འགོད། སོ་རྩི། གོས་ཟུང་། ཀུ་ཤ་ཆེ་ཆུང་ལྔ་དང་། རླུང་གཡབ། ཡུངས་དཀར་སོགས་ཀྱང་འདུ་བྱ། མདུན་དུ་ནང་མཆོད། རྡོར་དྲིལ། དགང་བླུགས། ཐོད་རྔ། ནས་ཟེ། ལས་བུམ་རྣམས་བཤམས། སློབ་དཔོན་ཆས་གོས་དཀར་པོ་རིན་པོ་ཆེས་བརྒྱན་པ་འཇམ་པའི་སྟན་ལ་ཞི་བའི་སེམས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་པ་རྣམས་སྦྱོར་བ་དང་། ཆོ་ག་དངོས་ལ། རྗེ་བླ་མས་མཛད་པའི་ཕྲིན་ལས་གྲུབ་གཉིས་ཡོངས་འདུ་ལྟར་བཟླས་པའི་མཐའི་སྟོང་ཚིགས་ཀྱི་མཆོད་པའི་བར་སོང་བ་དང་། བསང་གཏོར་གྱི་དོན་དུ་ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་བསྐྱེད་ནས། ཨ་མྲྀཏ་ཁ་ཤས་བཟླ། དེ་ནས་རྡོ་རྗེ་ཐབས་ཀྱི་རང་བཞིན་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ནས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུག་ཀར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་འཁྱུད་རྒྱ་བྱ་ཞིང་། འདི་ནས་བཟུང་ཆོ་ག་མ་རྫོགས་ཀྱི་བར་རྡོར་དྲིལ་དང་མི་འབྲལ་ཞིང་། ལག་གཉིས་རླ་གཡས་གཡོན་གྱི་ཕྱིར་མི་འདའ་འོ། །དེ་ནས་མཆོད་རྫས་རྣམ་ལས་བྱང་བཞིན་བྱིན་གྱིས་བརླབ། སྲེག་རྫས་རྣམས་ལ་བདུད་རྩིའི་བྲན་ཏེ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱ། ཞེས་རྫས་རྣམས་བཀྲུ །ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་སྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་ཡམ་ཤིང་དང་། མར་ཁུ་ལ། ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་མཚོན་རྫས་སོ་སོའི་འབུལ་སྔགས་འོག་ཏུ་འབྱུང་བ་རྣམས་ཀྱི་མགོར་འབྲུ་གསུམ་སྦྱར་བ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་དུ་བ་མེད་པར་འབར་བའི་མེ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་གྱིས་མར་ཁུའི་ཐིགས་པས་གསོ། ཨོཾ་བཛྲ་སཏྭ་ཨཱཿ ཞེས་བཟླས་པའི་ཀུ་ཤ །ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་གཡོན་ནས་བརྩམ་སྟེ་གཡས་སྐོར་དུ་བཀྲམ། ཐབ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་ཞིང་དཀར་བ་མཚན་ཉིད་ཐམས་ཅད་ཚང་བའི་དབུས་སུ། པད་ཟླ་ལ་གནས་པའི་རཾ་ལས་ཞི་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ། དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨ་ཀརྵ་ཡ་ཛཿ ཞེས་སྤྱན་དྲངས། ལས་སྔགས་དང་ལས་བུམ་གྱི་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣ་ཡེ་དེ་ཝཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། མཆོད་ཡོན། ཨརྒྷཾ་གྱི་གནས་སུ། པཱ་དྱཾ་བཅུག་ལ་ཞབས་བསིལ་ཕུལ། ཨོཾ་ཨགྣ་ཡེ་ས་མ་ཡ་སཏྭཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུགས་གཟར་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམ་ལ། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གཟར་བུ་ཁ་སྦྱར་པུས་མོ་ལས་ཕྱིར་མི་འདའ་བར་གཡས་སུ་བསྐོར་ཞིང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ་བ་བཅས་ལན་གསུམ་དུ་འབུལ་བའི་མེ་པྲ་བརྟག །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཡམ་ཤིང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། སྤེལ་ཚིག་གོང་བཞིན་འགྲེའོ། །ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བཱི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གསྨ་རི་སྭཱ་ཧཱ། དཱུར་བ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཞེས་དབུལ། གཞན་ཡང་སྲེག་རྫས་ཅི་འབྱོར་གཅིག་ཏུ་བསྲེས་ནས། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་སོགས་ཀྱིས་དབུལ། དེ་ནས་ཡུངས་དཀར་ཐབ་ཏུ་གཏོར་ཏེ། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་སྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས། བདག་གི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ་ཞེས་གསོལ་ལ། ཨོཾ་བཛྲ་ཛྭ་ལ་རཾ། ཞེས་མེ་ལྷ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །འདས་པའི་མེ་ལྷ་མཆོད་པ་ནི། མེ་སྔར་ལྟར་བསང་སྦྱང་། ཨ༔ གདོད་ནས་ཀ་དག་དབྱིངས་ཀྱི་ངང༔ སོགས་ནས་ཁྲག་འཐུང་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བར་ལས་བྱང་གཞུང་བཞིན་ལ། མཆོད་པའི་སྔགས་ནང་། གཏོར་ཟླུམ་དང་པོ་སྨན་རག་གིས་བྲན་ནས་ཐབ་ཏུ་དབུལ། སྒྲུབ་མཆོད་དང་འབྲེལ་བ་ལ། བསྒྲུབ་དཀྱིལ་གྱི་ལྷ་རྣམས་མེ་ཏོག་གིས་མཚོན་པར་སྤྱན་དྲངས་ནས་ཐབ་ཏུ་བཞུགས་སུ་གསོལ་བའི་ཁྱད་པར་ཙམ་མོ། །དེ་ནས་དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར་པར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམ་ལ། གཟར་བུ་ཁ་སྦྱར་གཡས་སུ་བསྐོར་ཞིང་། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བདག་གི་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་འབུལ། སྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་དྭངས་མར་གསོལ་བར་བསམ་ལ་འབུལ་བ་ནི། རྩ་སྔགས་གཉིས་ཀྱི་མཐར། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། སོགས་རྫས་སྔགས་དང་སྤེལ་ཚིག་སྦྱར་བ་ཙམ་གྱི་ཁྱད་པར་མ་གཏོགས་ཡམ་ཤིང་ནས་བསྲེག་རྫས་སྣ་ཚོགས་བསྲེས་པའི་བར། འབུལ་སྔགས་སྤེལ་ཚིག་རྣམས་སྔར་འཇིག་རྟེན་པའི་སྐབས་བཞིན་ལས། གྲངས་བརྒྱ་རྩ་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། ཡུངས་དཀར་ཡིག་བརྒྱ་བཟླས་པ་ཐབ་ཏུ་གཏོར་ལ། བཅོམ་ལྡན་འདས་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་དང་རྡོ་རྗེ་ཕུར་བུའི་ལྷ་ཚོགས་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། དེ་ནས། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་གིས་མཚན་པར་གྱུར། ཅེས་སོགས་ཀྱིས་དགང་བླུགས་ལན་གསུམ་སྔར་ལྟར་ཕུལ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་བཛྲ་ཝསཏྲ་ཡ་སྭཱ་ཧཱས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱས་སོ་རྩི་འབུལ། བསྟོད་པ་ནི། ཧཱུྃ༔ སྒེག་དཔའ་འཇིགས་རུང་རྡོ་རྗེའི་གཟི་བྱིན་འབར༔ སོགས་བརྗོད། ཡིག་བརྒྱ་ལན་གསུམ་བཟླས་པས་ནོངས་པ་བཟོད་པར་གསོལ། སྒྲུབ་དཀྱིལ་དང་འབྲེལ་ན། ཡེ་ཤེས་པ་རྣམས་བསྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་མོས་ལ་དམ་ཚིག་པ་རང་ལ་བསྡུ། མ་འབྲེལ་ན། རླུང་རྔུབ་པའི་སྦྱོར་བས་ལྷ་ཚོགས་རྣམས་རང་གི་སྙིང་གར་བསྡུས་ནས། མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་གྱུར་པར་བསམ་ལ་རྡོ་རྗེ་བསྡུ་བའི་རྒྱ་བཅའ། དེ་ནས་བླུགས་གཟར་གྱིས། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་པས་སླར་ཡང་འཇིག་རྟེན་པའི་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་ལ། དགང་བླུགས་འབུལ་བ་ནི། མེ་ལྷ་ཅུང་ཟད་མཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་ཁུ་བླུགས་གཟར་བདུན་འབུལ་བའི་མཐར་གཟར་བུ་ཁ་སྦྱར། ཨོཾ་ཨགྣ་ཡེ་དཱི་བྱ་དཱི་བྱ་སོགས་ཀྱིས་བསྐོར་ལ་སྔར་ལྟར་ལན་གསུམ་འབུལ། སོ་རྩི་དང་གོས་ཟུང་སྔར་ལྟར་དང་། སྲེག་རྫས་ཡམ་ཤིང་ནས་བཟུང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བདག་གི་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་སྤེལ་ཚིག་དང་བཅས་ཚར་རེའི་མཐར་རྫས་སོ་སོའི་ལྷག་མ་རྣམས་ཕུལ། གཏོར་མ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པའི་མཐར། ཨ་ཀཱ་རོ་མུ་ཁཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་གསོལ། ཡིག་བརྒྱ་བཟླ་ཞིང་ནོངས་པ་བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་འབྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪ། ཞེས་རང་གནས་སུ་གཤེགས་སུ་གསོལ། ཨ་ཀཱ་རོ་བརྗོད་ཅིང་དྲི་བཟང་གི་ཆུས་མེ་བཏུལ་ནས་རྗེས་མི་མངོན་པར་བྱས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ། །ཡང་བསྙེན་པའི་ཁ་གསོ་ལྟ་བུ་ལ། གྲངས་ཀྱི་བཅུ་ཆ་ལོངས་ངེས་བྱ་དགོས་པས། དེའི་ཚེ་སྔར་གྱི་ཆོ་ག་སོར་བཞག་གིས་སྲེག་རྫས་གཞན་རྣམས་ཅི་རིགས་སྔོན་དུ་སོང་རྗེས། ཏིལ་ཁོ་ན་གྲངས་གསག་སྟེ། དེ་ཡང་རྩ་སྔགས་གཉིས་སྦྲེལ་དང་ཏིལ་རྫས་རེ་རེ་སྦྲགས་པ་ཕྲེང་སྐོར་རེའི་མཇུག་ཏུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཚར་རེ་སྦྱར་ཞིང་། སྤེལ་ཚིག་ཀྱང་། བདག་སྒྲུབ་པ་པོ་བྱིང་རྒོད་ཀྱི་དབང་དུ་གྱུར་པས། ཏིང་ངེ་འཛིན་མ་གསལ་བ་དང་། སྔགས་ཆད་ལྷག་གི་ཉེས་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྦྱར། ཚུལ་འདི་ལྟ་བུའི་རྣལ་འབྱོར་ལ་བརྩོན་པར་བྱས་ན་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་འོ། །ཚུལ་འདི་སྔོན་བྱོན་དམ་པའི་གཞུང་། ཁ་བསྒྱུར་ཕྲན་བུ་དང་བཅས་གླེང་། །འདིས་ཀྱང་འགྲོ་ཀུན་དཔལ་ཆེན་པོའི། །གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པའང་ཟབ་མོའི་ལམ་འདི་ལ་རྣལ་འབྱོར་དུ་བྱེད་པ་བྲག་ཡབ་བླ་མ་ཞིང་སྐྱོང་ལགས་ཀྱི་ཐུགས་བཞེད་བཞིན། སྙོམས་ལས་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ལྷ་སྔགས་འབྱིན་འཇུག་ཙམ་མ་གཏོགས་ཀུན་མཁྱེན་སྨིན་གླིང་པ་ཡབ་སྲས་ཀྱི་བཞེད་སྲོལ་སོར་བཞག་ཏུ་བྱས་པ་དགེ། །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
དཔལ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨད་ལས་ཨེ་ཁྲོམ་གྱི་ཕྲིན་ལས་གཏོར་ཟློག་དང་འབྲེལ་བའི་གདབ་ཁ་བདུད་དཔུང་འཇོམས་པའི་མཚོན་ཆ་ (Volume 32, Text 37)
༄༅། །དཔལ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨད་ལས་ཨེ་ཁྲོམ་གྱི་ཕྲིན་ལས་གཏོར་ཟློག་དང་འབྲེལ་བའི་གདབ་ཁ་བདུད་དཔུང་འཇོམས་པའི་མཚོན་ཆ་ཞེས་བྱ་བ་ཕྱག་ལེན་ཁྲིགས་སུ་བཀོད་པ་བཞུགས། ། དཔལ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨད་ལས་ཨེ་ཁྲོམ་གྱི་ཕྲིན་ལས་གཏོར་ཟློག་དང་འབྲེལ་བའི་གདབ་ཁ། བདུད་དཔུང་འཇོམས་པའི་མཚོན་ཆ་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །བདེ་སྟོང་དབྱེར་མེད་དཔལ་ཆེན་ཧེ་རུ་ཀ །སྙིང་རྗེའིཡུལ་ལ་ཐུགས་རྗེ་ཆེར་ཁྲོས་པ། །མི་བཟད་གཏུམ་ཆེན་བཛྲ་ཀུ་མཱ་ར། །བདུད་དཔུང་འདུལ་མཛད་དེ་ལ་ཕྱག་བགྱི་འོ། །ཡང་ཕུར་རྒྱུད་གཞུང་རྣམས་ཀྱི་བཀའ་བབས་པ། །སྔོན་གྱི་གྲུབ་པའི་སློབ་དཔོན་རྣམ་གསུམ་གྱི། །བཞེད་གཞུང་དོན་བསྡུས་ཐུགས་ཀྱི་ཕུར་གཅིག་གི །མན་ངག་ཕྱག་ལེན་ཁྲིགས་སུ་བསྡེབས་པ་འབྲི། །དེའང་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ་ནས་དཀྱིལ་འཁོར་འཛིན་པའི་སློབ་དཔོན་དག་གི་བར་བརྒྱུད་པའི་ཟམ་མ་ཆད་ཅིང་མན་ངག་གི་དྲོད་མ་ཡལ་ལག་ལེན་གྱི་སྲོལ་མ་ཉམས་པའི་སློབ་དཔོན་ལས་དབང་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་རྣམས་མ་ཉམས་པ། ཕུར་པའི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་མཐར་ཕྱིན་ཏེ་སྒྲུབ་ལོ་ཙམ་མ་ཡིན་པ། མཚན་མ་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་གྱི་ཕུར་པས་མ་དག་པའི་རྟོག་ཚོགས་བསྒྲལ་ཏེ་སྣང་བ་ལྷར་དག་པ། ཐིག་ལེ་བདེ་བའི་ཕུར་པ་ཡུམ་གྱི་མཁའ་ལ་བཏབ་པས་གཉིས་འཛིན་གྱི་ཞེན་པ་བསྒྲལ་ནས་སོ་སོར་རྟོག་པའི་ཡེ་ཤེས་བདེ་བ་ཆེན་པོའི་ཀློང་དུ་ཆུབ་པ། རིག་པ་ཀ་དག་གི་ཕུར་པས་དབྱིངས་ལ་བག་ཉལ་གྱི་རྟོག་པ་བསྒྲལ་ཏེ་དབྱིངས་ཡེ་ཟུང་འཇུག་གི་དགོངས་པ་དང་ལྡན་པ། རྩོལ་མེད་སྙིང་རྗེའི་ཕུར་པ་འགྲོ་བ་དྲུག་གི་གཡང་སར་གདབ་པས་བླ་མེད་ཀྱི་གནས་སུ་བསྒྲལ་ནུས་པ། མདོར་ན་རྫོང་འཕྲང་སྲོག་གསུམ་གྱི་དགོངས་པ་ལོན་པའི་སྔགས་པས། མར་ངོའི་དུས་སུ་དུར་ཁྲོད་ཀྱི་ས་ལ་སྟེགས་བུ་གྲུ་གསུམ་པ་རོ་སོལ་གྱིས་བྱུགས་པའི་སྟེང་དུ་ཁྲག་གི་ཆག་ཆག་གདབ་ལ། སྤྲོ་ན་མ་ཏྲཾ་བསྒྲལ་བ་ཚུལ་བཞིན་དུ་བྱས་ནས། ལྟེ་བ་ཨེ། དེ་རྒྱབ་ཟླ་གམ། དེ་རྒྱབ་འཁོར་ལོ་རྩིབས་བཅུའི་རྣམ་པར་བྲིས་པ། དྲག་པོའི་གཞལ་ཡས་ཁང་ཕྱི་ནང་། བཀའ་སྡོད་ཀྱི་ཁྱམས་རྡོར་རྭ་མེ་རི་དང་བཅས་པ་བྲི། མ་ཏྲཾ་གི་ཡན་ལག་དུར་ཁྲོད་ཀྱི་ནང་དུ་བཀོད་པའམ་ཕྱི་རོལ་དུ་བྲིས་ཀྱང་རུང་། ལྷ་གནས་རྣམས་སུ་གདབ་ཕུར་རྣམས་གཟི་བྱིན་བསྐྱེད་དེ་བཀོད། ལྷོ་ནུབ་ཏུ་ཕུང་ཤུལ་གྱི་ས་ལ་བྲུབ་ཁུང་ཁ་དོག་ཅིང་མཐིལ་ཡངས་པ་བང་རིམ་གསུམ་དང་ལྡན་པ། ནང་ཁྲག་གིས་བྱུགས་ཤིང་ཕྱི་མེ་རི་བྲིས་པ། ནང་དུ་ཟས་ལྔ་དང་ཟག་རྫས་བསྲེས་པའི་དགྲ་བགེགས་ཀྱི་ཉ་བོ་ཁྲུ་གང་བ། སྙིང་གར་སྤུ་གྲིའི་འཁོར་ལོ་བཅུག་ནས་ཁྲག་གིས་སྦགས་པ། ཁེབས་ནག་པོ་ཐུན་ཁུང་ཅན་ཕུར་པ་སོར་བཞིས་བཀག་པ་ལ་ཐུན་ཐག་བཏགས་ནས་མི་གཡོ་བའི་ཕུར་པ་ལ་བཏོད། དེའི་མཐར་དྲག་པོའི་མཆོད་གཏོར་རྒྱས་པར་བཤམ་ཞིང་། སྟོད་ལས་བདག་མདུན་གཅིག་རྫོགས་སུ་བསྐྱེད་པས་ཕྲིན་ལས་གཞུང་བཞིན་གཏང་། བཀའ་སྲུང་དང་ཚོགས་བར་པ་སྐོང་བ་བཅས་བྱའོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ གནོད་བྱེད་ཐམས་ཅད་བཀུག༔ མ་ཏྲཾ་ལ་ཐིམ༔ ཏྲི་ལས་མ་ཏྲཾ་སྔོ་སྐྱ་མགོ་བོ་ལྷོ་ནུབ༔ རྐང་པ་བྱང་ཤར༔ གན་རྐྱལ་དུ་གནས་པ༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མ་ཏྲཾ་གི་ཏྲིཿལ་ཕོག༔ དེའི་འོད་ཟེར་ནག་པོ་ཕྱོགས་བཅུར་འཕྲོས༔ ཁམས་གསུམ་རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྡུས་ནས་མ་ཏྲཾ་ལ་ཐིམ༔ ཧཱུྃ་ལས་མཚོན་ཆའི་ཆར་འཕྲོས་ནས་མ་ཏྲཾ་བསྒྲལ་པའི་ཁོག་པ་ཨེ་ཁྲོམ་དཀྱིལ་འཁོར་དུ་གྱུར་པ་ནི༔ དབུས་མཐིང་ནག་གྲུ་གསུམ་ཁྱམས་ནག་པོ༔ ལྕགས་བསྲེགས་དང་མེ་ཡིས་ཁྲོམ་རིས་སུ་བཅད་པའི་དབུས་ཨེ་མཐིང་ནག༔ ཕྱི་རོལ་དུ་དུར་ཁྲོད་ཀྱི་གཞལ་ཡས་ཁྲག་མཚོ་དང༔ དུར་ཁྲོད་ཀྱི་ས་གཞི་དང་བཅས་པར་གྱུར༔ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས་ལྷ་ཆེན་སོགས་ཕྱོགས་བཅུའི་འབྱུང་པོ་དགྲ་བགེགས་ཐམས་ཅད་བཀུག་ནས་གདན་དུ་བྱས༔ དེའི་སྟེང་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྲས་མཆོག་ཉེར་གཅིག །ཁྲོ་བོ་བཅུ་ཡབ་ཡུམ། ཕྲ་མེན་ཕྱག་བརྙན་དང་བཅས་པ། སྒོ་བཞིར་སྒོ་མ་བཞི། བར་ཁྱམས་སུ་ཕུར་སྲུང་བཅུ་གཉིས། ཕྱི་སྒོ་རུ་སྐྱེས་བུ་གིང་བཞི། ཕྱི་ཁྱམས་སུ་དབང་ཕྱུག་ཉེར་བརྒྱད་དགེ་བསྙེན་ཉེར་གཅིག་སོགས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་ཞིང་། ཕྲིན་ལས་འདོད་དགུར་སྒྱུར་བའི་རང་བཞིན་ཅན། དཀྱིལ་འཁོར་གྱི་བར་མཚམས་ཐམས་ཅད་དུ་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བའི་བདག་ཉིད་ཅན་དུ་གྱུར། འདིར་སྒྲུབ་ཆེན་སྐབས་སྟོད་ལས་བདག་མདུན་གཅིག་རྫོགས་ཀྱི་ཕྲིན་ལས་བཏང་ཞིང་། སླར་སྨད་ལས་མདུན་བསྐྱེད་ཨེ་ཁྲོམ་གྱི་དཀྱིལ་འཁོར་དུ་ཞལ་བསྒྱུར་དགོས་པ་དང་། གཏོར་ཟློག་ཙམ་ལ་བདག་བསྐྱེད་ཀྱི་ཕྲིན་ལས་གྲུབ་མཚམས། མདུན་དཀྱིལ་གསལ་འདེབས་ལས་སྦྱོར་གྱི་ཛཔ྄་བཅས་བྱ་བ་གཏེར་གཞུང་གི་དགོངས་པར་སྣང་ཞིང་། དེ་གཉིས་ཀར་ཡང་སྟོད་ལས་ཀྱི་ཕྲིན་ལས་བསྙེན་པ་སྟོང་ཚིགས་ཡན་གཞུང་བཞིན་གྲུབ་མཚམས། སྨད་ལས་མངོན་སྤྱོད་ཀྱི་དཀྱིལ་འཁོར་ཚིག་ལྷུག་འདིས་གསལ་གདབ་ལ། སླར་ཡང་ལྷ་བསྐྱེད་ནས་ལས་སྦྱོར་ཀྱི་ཛཔ྄་གྲུབ་ཀྱི་བར་ལས་བྱང་ཚང་བར་བཏང་། དེ་ནས་བཀའ་སྲུང་སྤྱི་སྒོས་ཀྱི་གཏོར་འབུལ། ཚོགས་བྱིན་རླབས་ནས་བར་པའི་དབུར་སྒེར་སྐོང་རྒྱས་པ། བཤགས་པ་ཡན་གྲུབ་མཚམས་འདིར་འཇུག །ཉིན་རྫོགས་ལྟ་བུའི་ཟློག་རྐྱང་ཡིན་ན་གོང་དུ་ཕྲིན་ལས་བདག་མདུན་གཅིག་རྫོགས་སུ་བཏང་ལ། འདིར་ཕྲིན་ལས་མ་བསྐྱར་རུང་ཆད་པའི་སྐྱོན་མེད་པས། ཚིག་ལྷུག་གིས་གསལ་གདབ་འདི་ཙམ་གྱི་རྗེས་སུ། མངོན་སྤྱོད་ཀྱི་འཕྲུལ་འཁོར་དང་ལྡན་པས་ཛཔ྄་བཟླས་ཅི་འགྲུབ་མཐར། གཏོར་མ་ལ་སྨན་རཀ་སྦྲེང་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཨེ་ཁྲོམ་འབར་བའི་རང་བཞིན། ནང་བཅུད་རྣམས་རྡོ་རྗེ་ཕུར་པ་རིག་འཛིན་དང་བཅས་པའི་ལྷ་ཚོགས་ཐམས་ཅད་པའི་སྐུར་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་སྒྲོག་ཅིང་ལས་ལ་ཆས་པར་གྱུར། ཧཱུྃ༔ རྡོ་རྗེ་ཕུར་བུའི་རིག་འཛིན་རྣམས༔ སྲིད་པའི་ཕུར་བུ་བདག་བསྒྲུབ་ཀྱིས༔ སྔོན་གྱི་ཇི་ལྟར་རྟགས་བསྟན་བཞིན༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པྲ་བྷ་ཧསྟི་ཡིས༔ གསེར་གླིང་མུ་སྟེགས་བསྒྲལ་བའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ ལྷ་ཆེན་གནས་པའི་རྟེན་རྣམས་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔ གནམ་ལྕགས་ཡོད་པའི་རི་རྩེ་ནས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཡིས༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙནྡན་ནགས་ཁྲོད་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ གངྒཱ་ལ་ཡི་ཆུ་བོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བལ་འབངས་ཀཱ་ལ་སིདྡྷི་ཡིས༔ མནྟྲ་ལ་ཡི་མཁར་གོང་དུ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ དགུང་གི་ཕོ་རོག་ནག་ཆུང་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཆོས་རྒྱལ་ཡབ་སྲས་རྣམ་བཞི་ཡིས༔ ཕྱི་ནང་བདུད་དགྲ་བཏུལ་བའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སྔོན་གྱི་རིག་འཛིན་ཐམས་ཅད་ཀྱིས༔ ཇི་ལྟར་བསྒྲུབས་བཞིན་དེང་སྒྲུབ་ཀྱིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཧཱུྃ༔ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ན༔ མི་གནས་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་མཚོན་ཆ་སྣ་ཚོགས་འཕྲོ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་མཉམ་པའི་ངང་དུ་སྦྱོར༔ དུར་ཁྲོད་ཆས་ཀྱིས་འཇིགས་པར་བརྒྱན༔ གཙོ་བོ་ཡབ་ཡུམ་སྐུ་ལ་བསྟོད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ སྟེང་ཕྱོགས་ཚངས་པའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་མདའ་བཀང་དགྲ་ལ་འཕེན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྔོ་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ སྟེང་ཕྱོགས་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ གཡས་མཐིང་གཡོན་དམར་དབུས་དཀར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་ཏྲི་ཤུལ་བསྣམས༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྙེམས་མ་ནི༔ དཀར་དམར་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཤར་ཕྱོགས་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད༔ གཡས་མཐིང་གཡོན་དམར་དབུས་སེར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་བེ་ཅོན་གཏུན་ཤིང་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་དུར་ཁྲོད་བདག་མོ་ནི༔ དམར་སེར་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལྷོ་ཕྱོགས་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ནུབ་ཕྱོགས་ཀླུ་དབང་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི༔ གཡས་དཀར་གཡོན་མཐིང་དབུས་དམར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་ཞགས་པ་སྤུ་གྲི་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་ནི༔ དམར་གསལ་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ ནུབ་ཕྱོགས་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་རྒྱ་གྲམ་བ་དན་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ ལྗང་ནག་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ བྱང་ཕྱོགས་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ཤར་ལྷོ་མེ་ལྷའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ནི༔ གཡས་ལྗང་གཡོན་སེར་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་མེ་དཔུང་དབྱུག་ཐོ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་ནི༔ སྔོ་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ཤར་ལྷོ་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་མི་གཡོ་བ༔ གཡས་སེར་གཡོན་ནག་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་རལ་གྲི་ཞགས་པ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྔོ་ནག་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ལྷོ་ནུབ་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ནུབ་བྱང་རླུང་ལྷའི་གདན་སྟེང་ན༔ ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ༔ གཡས་སེར་གཡོན་མཐིང་དབུས་དམར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་བྷནྡྷ་རྔ་ཡབ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ དམར་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ ནུབ་བྱང་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ བྱང་ཤར་བགེགས་ཀྱི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ གཡས་ནག་གཡོན་དཀར་དབུས་ལྗང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་དྲིལ་བུ་ལྕགས་སྒྲོག་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིསབརྒྱན༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ ལྗང་སེར་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ བྱང་ཤར་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ འོག་ཕྱོགས་ས་བདག་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ གཡས་ནག་གཡོན་མཐིང་དབུས་དུད་ཀ༔ དང་པོས་རྡོ་རྗེས་བྷན་དམར་སྟོབ༔ བར་པས་འཁོར་ལོ་ཕུར་པ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྐུལ་བྱེད་མ༔ ནག་མོ་རྡོ་རྗེ་བྷན་དམར་སྟོབ༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ འོག་ཕྱོགས་ཁྲོ་བོ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཛ༔ སྒོ་བཞིར་ཞིང་གི་གདན་སྟེང་ན༔ པུ་ཤུད་ཀཾ་ཀ་སྲིན་བྱ་དང༔ ཁྲ་ཡི་མགོ་ཅན་རྣམ་པ་བཞི༔ སྐུ་མདོག་དཀར་སེར་དམར་ལྗང་ལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕྲིན་ལས་བཞི་ཡི་ཕུར་པ་འདྲིལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས༔ གཉིས་མེད་ཕྱག་བགྱི་བཞེས་སུ་གསོལ༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ སྔོན་ཚེ་ཨོ་རྒྱན་པདྨ་ཡིས༔ སྒྲུབ་པའི་གནས་མཆོག་ཆེན་པོ་རུ༔ རྡོ་རྗེ་གཞོན་ནུ་བསྒྲུབས་པའི་ཚེ༔ ཁས་བླངས་དམ་བཅས་མ་མོ་ནི༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ དེ་ལ་འཇིགས་པའི་མི་མོས་ཞོན༔ ཤིན་ཏུ་མི་སྲུན་ཁྲོས་པའི་ཚེ༔ མགོ་བརྒྱ་སྤྱན་ནི་ཉི་ལྟར་འབར༔ ཟ་བྱེད་ཁ་བརྒྱ་མཆེ་བ་གཙིགས༔ བསྙབ་པའི་ལག་སྟོང་སྡེར་མོ་བགྲད༔ འཇིགས་པའི་ང་རོ་ཕྱོགས་བཅུར་ཟུག༔ ཧཾ་ཧཾ་འབྲུག་ལྟར་སྒྲོག་བྱེད་ཅིང༔ རྒྱུག་པའི་རྐང་བརྒྱས་ས་གཞི་གཡོ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ བསེ་ཡི་འཕར་བ་ལྕེ་བརྒྱད་མ༔ དེ་ལ་འཇིགས་པའི་མི་མོས་ཞོན༔ ཤིན་ཏུ་མི་སྲུན་ཁྲོས་པའི་ཚེ༔ མགོ་བརྒྱ་སྤྱན་ནི་ཉི་ལྟར་འབར༔ ཟ་བྱེད་ཁ་བརྒྱ་མཆེ་བ་གཙིགས༔ བསྙབ་པའི་ལག་སྟོང་སྡེར་མོ་བགྲད༔ འཇིགས་པའི་ང་རོ་ཕྱོགས་བཅུར་ཟུག༔ ཧར་ཧར་འབྲུག་ལྟར་སྒྲོག་བྱེད་ཅིང༔ རྒྱུག་པའི་རྐང་བརྒྱས་ས་གཞི་གཡོ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ཟངས་ཀྱི་ཝ་མོ་མཆེ་བརྒྱད་མ༔ དེ་ལ་འཇིགས་པའི་མི་མོས་ཞོན༔ ཤིན་ཏུ་མི་སྲུན་ཁྲོས་པའི་ཚེ༔ མགོ་བརྒྱ་སྤྱན་ནི་ཉི་ལྟར་འབར༔ ཟ་བྱེད་ཁ་བརྒྱ་མཆེ་བ་གཙིགས༔ བསྙབ་པའི་ལག་སྟོང་སྡེར་མོ་བགྲད༔ འཇིགས་པའི་ང་རོ་ཕྱོགས་བཅུར་ཟུག༔ ཁཾ་ཁཾ་འབྲུག་ལྟར་སྒྲོག་བྱེད་ཅིང༔ རྒྱུག་པའི་རྐང་བརྒྱས་ས་གཞི་གཡོ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ དེ་ལ་འཇིགས་པའི་མི་མོས་ཞོན༔ ཤིན་ཏུ་མི་སྲུན་ཁྲོས་པའི་ཚེ༔ མགོ་བརྒྱ་སྤྱན་ནི་ཉི་ལྟར་འབར༔ ཟ་བྱེད་ཁ་བརྒྱ་མཆེ་བ་གཙིགས༔ བསྙབ་པའི་ལག་སྟོང་སྡེར་མོ་བགྲད༔ འཇིགས་པའི་ང་རོ་ཕྱོགས་བཅུར་ཟུག༔ ཀཾ་ཀཾ་འབྲུག་ལྟར་སྒྲོག་བྱེད་ཅིང༔ རྒྱུག་པའི་རྐང་བརྒྱས་ས་གཞི་གཡོ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཧཱུྃ༔ དབྱིངས་ཀྱི་མཚོ་ལ་གནས་བཅས་ཤིང༔ རླུང་ནག་འཚུབ་མའི་སྣ་འདྲེན་མ༔ དཔལ་ལྡན་རྡོ་རྗེ་རེ་མ་ཏི༔ མཐིང་ནག་མི་ལྤགས་གཡང་གཞི་གསོལ༔ སྤུ་གྲི་ནད་རྐྱལ་ཕྱག་ན་བསྣམས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སྟོང་གསུམ་སྐད་ཅིག་སྐོར་མཛད་མ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ བར་སྣང་ཁམས་ལ་གནས་བཅས་པའི༔ ཐོག་འབྲུག་གློག་གི་བདག་མོ་སྟེ༔ དཔལ་ལྡན་རྡོ་རྗེ་རེ་བ་ཊི༔ སེར་ནག་གཙོད་དམར་ལ་འུ་གསོལ༔ ལྕགས་ཀྱུ་མི་ལག་ཕྱག་ན་བསྣམས༔ ཆིབས་སུ་ཆུ་གླང་ནག་པོ་འཆིབ༔ སྟོང་གསུམ་བླ་འོག་སྒྱུར་མཛད་མ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ རི་རབ་སྟེང་ན་གནས་བཅས་ཤིང༔ སད་དང་སེར་བའི་སྣ་འདྲེན་མ༔ དཔལ་ལྡན་རྡོ་རྗེ་རེ་མ་ཛ༔ དམར་ནག་གཡི་དཀར་སློག་པ་གསོལ༔ བ་དན་མཆོག་ཕུར་ལག་ན་ཐོགས༔ ཆིབས་སུ་ཤ་བ་ཡུ་མོ་འཆིབ༔ སྟོང་གསུམ་སྐོས་ལ་འདེབས་པ་མོ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ས་ཡི་གླིང་ལ་གནས་བཅས་ཏེ༔ ཁ་བ་བུ་ཡུག་སྣ་འདྲེན་མ༔ དཔལ་ལྡན་རྡོ་རྗེ་རེ་མ་ཛུ༔ ལྗང་ནག་རྨ་བྱའི་ཐུལ་པ་གསོལ༔ ཕྱག་ན་སྤུ་གྲི་མེ་ལོང་འཛིན༔ ཆིབས་སུ་རྔ་མོང་གྭ་པ་འཆིབ༔ སྟོང་གསུམ་ཐམས་ཅད་བརླག་མཛད་མ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ མ་མ་ཝ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲཾ་ཀཱ་ར་ཡེ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧཱུྃ༔ བལ་ཡུལ་ཡ་བྱིན་གནས་དག་ན༔ མར་ཁུའི་མཚོ་ལ་གནས་བཅས་མ༔ རྡོ་རྗེ་ཡ་བྱིན་རྩལ་མོ་ཆེ༔ མཐིང་ནག་རྡོ་རྗེ་བྷནྡྷ་འཛིན༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ བདུད་རྟ་ནག་པོ་ཆིབས་སུ་འཆིབ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ མང་ཡུལ་དེ་བྱིན་ཡུལ་ལ་བརྟེན༔ ཞག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་དེ་བྱིན་རྩལ་མོ་ཆེ༔ སེར་ནག་སྤུ་གྲི་ཞགས་པ་འཛིན༔ གསེར་དར་སེར་པོའི་བེར་ཆེན་གསོལ༔ ཆིབས་སུ་གཉན་རྟ་སེར་པོ་འཆིབ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ རོང་གི་བསྭེ་བྱིན་ཡུལ་ལ་བརྟེན༔ ཁྲག་གི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་བསྭེ་བྱིན་རྩལ་མོ་ཆེ༔ དམར་ནག་རྡོ་རྗེ་ཐོད་ཁྲག་འཐུང༔ དར་དམར་བེར་ཆེན་སྐུ་ལ་གསོལ༔ བཙན་རྟ་དམར་པོ་ཆིབས་སུ་འཆིབ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ སྙེ་ནམ་ཕག་བྱིན་ཡུལ་ལ་བརྟེན༔ འོ་མའི་མཚོ་ལ་མངའ་ཡང་མཛད༔ རྡོ་རྗེ་ཕག་བྱིན་རྩལ་མོ་ཆེ༔ ལྗང་ནག་བ་དན་ཕུར་པ་བསྒྲིལ༔ དར་ལྗང་བེར་ཆེན་སྐུ་ལ་གསོལ༔ ཆིབས་སུ་ཀླུ་རྟ་ལྗང་གུ་འཆིབ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཧཱུྃ༔ ཤར་ཕྱོགས་ནམ་མཁའ་ཡངས་པ་ན༔ དཀར་པོ་དུང་གི་གཞལ་ཡས་ནས༔ དེ་བ་རཱ་ཛ་ལྷ་ཡི་གིང༔ དུང་གི་སྐྱེས་བུ་དུང་ཁྲབ་ཅན༔ དཀར་པོ་ཟངས་ཡག་ལག་ན་འཛིན༔ དུང་གི་སེང་གེ་ཆིབས་སུ་འཆིབ༔ དཀར་པོ་འབུམ་ནི་ཕོ་ཉར་འགྱེད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ལྷོ་ཕྱོགས་ནམ་མཁའ་ཡངས་པ་ན༔ སྔོ་ནག་ལྕགས་ཀྱི་གཞལ་ཡས་ནས༔ དྷ་ཤ་གྷྲཱི་བ་བདུད་ཀྱི་གིང༔ ལྕགས་ཀྱི་སྐྱེས་བུ་ལྕགས་ཁྲབ་གསོལ༔ ལྕགས་ཀྱི་རལ་གྲི་ཀླད་ལ་བསྐོར༔ ལྕགས་ཀྱི་སྤྱང་མོ་འོག་ཏུ་ཞོན༔ སྔོ་ནག་འབུམ་ནི་ཕོ་ཉར་འགྱེད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ ནུབ་ཕྱོགས་ནམ་མཁའ་ཡངས་པ་ན༔ དམར་ནག་ཟངས་ཀྱི་གཞལ་ཡས་ནས༔ པྲ་མ་རཱ་ཛ་སྲིན་པོའི་གིང༔ བསེ་ཡི་སྐྱེས་བུ་བསེ་ཁྲབ་གསོལ༔ བསེ་ཡི་ཟངས་ཡག་ཀླད་ལ་བསྐོར༔ བཙན་རྟ་དམར་པོ་འོག་ཏུ་ཞོན༔ དམར་པོ་འབུམ་ནི་ཕོ་ཉར་འགྱེད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ བྱང་ཕྱོགས་ནམ་མཁའ་ཡངས་པ་ན༔ ཐོད་རུས་འབར་བའི་གཞལ་ཡས་ནས༔ ཡཀྴ་གྷྲཱི་བ་གནོད་སྦྱིན་གིང༔ ཊཱ་ཀི་ནག་པོ་གཡང་གཞི་གསོལ༔ གྲི་གུག་ཐོད་པ་ཕྱག་ན་བསྣམས༔ ལྕགས་ཀྱི་སྤྱང་ཀི་འོག་ཏུ་ཞོན༔ ཊཱ་ཀི་འབུམ་ནི་ཕོ་ཉར་འགྱེད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ དེ་ཝ་རཱ་ཛ་དྷ་ཤ་གྷྲཱི་ཝ་པྲ་མ་རཱ་ཛ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧཱུྃ༔ ཤར་ནས་ཞི་བྱེད་དབང་ཕྱུག་བདུན༔ ལྷོ་ནས་རྒྱས་བྱེད་དབང་ཕྱུག་བདུན༔ ནུབ་ནས་དབང་མཛད་དབང་ཕྱུག་བདུན༔ བྱང་ནས་བརླག་མཛད་དབང་ཕྱུག་བདུན༔ སྐུ་མདོག་སྣ་ཚོགས་གར་སྟབས་སྒྱུར༔ འཇིགས་པའི་མགོ་བརྙན་སྣ་ཚོགས་ཅན༔ མཚོན་ཆ་སྣ་ཚོགས་དགྲ་ལ་རྡེག༔ རྒྱུག་པའི་ཤུགས་ཀྱིས་སྟོང་གསུམ་བསྐོར༔ རི་རབ་རྡེག་ཅིང་རྒྱ་མཚོ་ཁྱོམས༔ མ་མོ་ཆེན་མོ་ཁྱེད་རྣམས་ཀྱང༔ དཔལ་གྱི་སྤྱན་སྔར་ཁས་བླངས་བཞིན༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ གཏུམ་ཞིང་དྲེགས་པའི་ཚོགས་རྣམས་ཀྱིས༔ རལ་གྲི་ཟངས་ཡག་ཀླད་ལ་བསྐོར༔ ཕུར་པས་དགྲ་བོའི་སྙིང་ལ་གཟིར༔ དྲེགས་པ་ཐམས་ཅད་ལས་ལ་འགྱེད༔ དགེ་བསྙེན་ཉེར་གཅིག་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ མ་གཡེལ་དམ་ཅན་སྲུང་མའི་ཚོགས༔ བདག་གིས་ཡི་དམ་སྲོག་ལྟར་བཟུང༔ སྲུང་མ་ཁྱེད་རྣམས་རྟག་ཏུ་མཆོད༔ སྒྲུབ་པ་སྙིང་པོར་ལེན་པ་ལ༔ བར་ཆད་འཚེ་བ་དགྲ་ཡིས་བྱས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བོ་འདི༔ དབང་དུ་སྡུས་ལ་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་གསེར་སྐྱེམས། རཾ་ཡཾ་ཁཾ་གིས་མ་དག་པ་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། འདོད་ཡོན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །མདོ་སྒྱུ་སེམས་གསུམ་སྒྲུབ་སྡེ་ཆེན་པོ་བརྒྱད། ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ཕུར་པའི་སྲུང་མའི་ཚོགས། །དྲེགས་ཆེན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་། །ཕྱི་ནང་གསང་བ་གབ་སྦས་སྡེ་བརྒྱད་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་དང་རྒྱུད་ཀྱི་སྲུང་། །ཡུལ་རིས་གནས་ཀྱི་ལྷ་སྲུང་དཀོར་གྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པས་གསེར་སྐྱེམས་འབུལ་ཞིང་དཔང་གཟུག་པ་ནི། ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་སློབ་དཔོན་གཟུ་དང་དཔང༔ ཆོས་ཉིད་དབྱིངས་ལས་སྐུར་བཞེངས་པ༔ རྡོ་རྗེ་གཞོན་ནུ་གཟུ་དང་དཔང༔ དགེ་བཅུའི་དབྱིངས་ལས་བཞེངས་པ་ཡི༔ ཁྲོ་བོ་བཅུ་པོ་གཟུ་དང་དཔང༔ ཕར་ཕྱིན་དབྱིངས་ལས་བཞེངས་པ་ཡི༔ ཁྲོ་མོ་བཅུ་རྣམས་གཟུ་དང་དཔང༔ སྙིང་རྗེའི་དབྱིངས་ལས་བཞེངས་པ་ཡི༔ སྲས་མཆོག་ཉེར་གཅིག་གཟུ་དང་དཔང༔ ཐབས་ཀྱི་དབྱིངས་ལས་བཞེངས་པ་ཡི༔ ཟ་བྱེད་ཕ་བཅུ་གཟུ་དང་དཔང༔ ཤེས་རབ་དབྱིངས་ལས་བཞེངས་པ་ཡི༔ གསོད་བྱེད་མ་བཅུ་གཟུ་དང་དཔང༔ ཚད་མེད་བཞི་ལས་སྐུར་བཞེངས་པའི༔ སྒོ་མ་བཞི་པོ་གཟུ་དང་དཔང༔ སངས་རྒྱས་བསྟན་པ་སྲུང་མཛད་པའི༔ མ་མགོན་ལྕམ་དྲལ་གཟུ་དང་དཔང༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ཕུར་སྲུང་བཅུ་གཉིས་གཟུ་དང་དཔང༔ གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ སྐྱེས་བུ་གིང་བཞི་གཟུ་དང་དཔང༔ མཐུ་དང་དྲག་རྩལ་ཐོགས་པ་མེད༔ དབང་ཕྱུག་ཉེར་བརྒྱད་གཟུ་དང་དཔང༔ དགྲ་བགེགས་སྲོག་ལ་མངའ་མཛད་པའི༔ དགེ་བསྙེན་ཉེར་གཅིག་གཟུ་དང་དཔང༔ འཇིག་རྟེན་མཐུ་དང་རྩལ་གྱི་བདག༔ སྡེ་དཔོན་སུམ་ཅུ་གཟུ་དང་དཔང༔ ཆོས་འཁོར་གཉན་པོ་སྐྱོང་མཛད་པའི༔ བསྟན་སྲུང་རྣམས་ཀྱང་གཟུ་དང་དཔང༔ སྒྲུབ་གནས་རྣམས་ཀྱང་སྲུང་མཛད་པའི༔ གནས་སྲུང་རྣམས་ཀྱང་གཟུ་དང་དཔང༔ ཆོས་བཀའ་རིམ་བརྒྱུད་གཉེར་གཏད་པའི༔ རིགས་བརྒྱུད་སྲུང་མ་གཟུ་དང་དཔང༔ ཡུན་རིང་དུས་ནས་བསྙེན་པའི་ལྷ༔ བན་གྱི་བཀའ་སྲུང་གཟུ་དང་དཔང༔ མཆོད་འོས་རྟག་ཏུ་གྲོགས་མཛད་པའི༔ བོན་གྱི་ལྷ་སྲུང་གཟུ་དང་དཔང༔ སྐྱེ་བོ་རྣམས་ཀྱི་གྲོགས་མཛད་པའི༔ འགོ་བའི་ལྷ་ལྔ་གཟུ་དང་དཔང༔ ཆོས་རྒྱལ་རྣམས་ཀྱི་སྐུ་ལྷ་སྟེ༔ མགུལ་ལྷ་བཅུ་གསུམ་གཟུ་དང་དཔང༔ བོད་ཁམས་སྟོད་སྨད་བར་ཀུན་སྲུང༔ ལྷ་སྲིན་ཐམས་ཅད་གཟུ་དང་དཔང༔ སོ་མཚམས་སྲུང་ཞིང་སྐྱོང་མཛད་པའི༔ བརྟན་མ་བཅུ་གཉིས་གཟུ་དང་དཔང༔ ཧཱུྃ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ རྡོ་རྗེ་ཐེག་པའི་བསྟན་པ་ལ༔ མི་ཕྱེད་དད་པས་རབ་ཞུགས་ཏེ༔ སྒྲུབ་པ་སྙིང་པོར་ལེན་པ་དང༔ ཀློག་དང་སྤོང་བའི་སྡེ་བཙུགས་ཤིང༔ ཐོས་བསམ་བསྟན་པ་བཙུག་པ་ལ༔ དགྲ་དང་བགེགས་ཀྱི་བར་ཆད་བྱུང༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ད་དུས་བསྐལ་པའི་སྙིགས་མ་ལ༔ རྣལ་འབྱོར་མགོན་སྐྱབས་མ་མཆིས་པས༔ ལྷ་དང་སྲུང་མ་གྲོགས་ལ་བྱོན༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ བདག་ནི་མ་ཉེས་མ་ལན་ནོ༔ མ་ཡོ་མ་བཅོས་གཟུ་དང་དཔང༔ དམ་ཉམས་དགྲ་བོ་སྡིག་ཆེན་གྱིས༔ ལྷ་དང་སློབ་དཔོན་བརྙས་པ་དང༔ རྡོ་རྗེ་མཆེད་ལ་འཁུ་བ་དང༔ སྲུང་མ་རྣམས་ལ་མཐུ་མེད་ཟེར༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ སེམས་ཅན་ཡོངས་ལ་འཚེ་བ་དང༔ ཆོས་འཁོར་སྲིད་ལ་རྔམས་པ་དང༔ དགེ་འདུན་སྡེ་ལ་འཚེ་བ་དང༔ བསྟན་པའི་གཞི་ལ་ཕྲག་དོག་བྱས༔ མི་དགེ་བཅུ་ནི་དང་ལེན་པའི༔ དམ་ཉམས་སྡིག་ཆེན་དགྲ་བོ་འདི༔ མྱུར་དུ་བསྒྲལ་བར་མ་བྱས་ན༔ སྙིང་པོའི་སྒྲུབ་པ་བཤོལ་ལ་ཐུག༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ༔ ད་ནི་ལྷ་དང་སྲུང་མ་རྣམས༔ མངོན་སྤྱོད་དྲག་པོའི་ལས་ལ་བསྐུལ༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཛཿཧཱུྃ་བཾ་ཧོཿའཕྲོས་པ་ཕུར་སྐྱོང་དམ་ཅན་སྲུང་མར་ཕོག་པ་ཐམས་ཅད་ལས་ལ་རྔམས་པར་གྱུར། ཧོམ་བསྐྱེད་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་ཕུར་སྲུང་དམ་ཅན་ལས་ལ་རྔམས་པ༔ དེའི་ནང་དུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན་ནག་ལ་ཧམ་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་ཐམས་ཅད་ནས་ཁྲག་འཛག་པ༔ ཁ་ངུ་བ༔ མིག་ཤི་མིག༔ འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར༔ ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བླ་མ་བསྟན་གཉིས་སྐོར་གསུམ། ཡི་དམ་ཞི་ཁྲོ་རབ་འབྱམས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་དང་བཅས་པའི་བདེན་པ་དང་། ལེགས་ལྡན་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ། ཡུན་གྱི་བྱང་ཆུབ་ལ་བར་དུ་གཅོད་པ། བསྟན་པ་དང་སེམས་ཅན་ཉེས་མེད་ལ་གནོད་ཅིང་འཚེ་བ། མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་དགྲ་བགེགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག །དགྲ་བགེགས་ནྲྀ་ཏྲི་ཨཾ་གུ་ཤ་ཛཿ ལན་གསུམ། ཕོ་ཉ་བཞི་བསྐུལ་ནི། ཧཱུྃ༔ ཁྲག་འཐུང་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས༔ ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ ལྕགས་སྒྲོག་དམར་མོའི་ཚོགས་ནི་རླུང་ལྟར་འཚུབས༔ དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབ༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ འགུགས་འཆིང་སྡོམ་མྱོས་ཁྱོད་ཀྱིས་མཛོད༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ དབང་དུ་སྡུས་ལ་འདིར་ཁུག་ཅིག༔ ཕོ་ཉ་རྣམས་ཀྱིས་ལྕགས་ཀྱུས་དགྲ་བགེགས་རྣམས་བཟུང་སྟེ་ལིངྒ་ལ་བསྟིམ༔ ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་སུ་བཅུག་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ མཐུ་དང་རྫུ་འཕྲུལ་འཕྲོག་པ་ནི། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དམིགས་བྱ་ལ་ཕོག༔མཐུ་དང་རྫུ་འཕྲུལ་ཚེ་དང་བསོད་ནམས་དབང་དང་དམ་ཚིག་ཐམས་ཅད་སྙིང་གར་འདུས་ཏེ་ལྷའི་ངོ་བོར་རང་གི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་གྱུར༔ དུག་གིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་ཧ་ད་ཧ་ཧཱུྃ་ཕཊ྄༔ ལྷ་དང་ཕྲལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ མགོན་སྐྱོབ་གྲོགས་དང་བྲལ་བར་གྱིས༔ དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉ་འཕྲོས༔ རྫས་ངན་གྱི་ཆར་ཕབ་པས་ལྷ་སྲུང་ཐམས་ཅད་བྲོས་ཤིང་སྲུང་བ་ཁ་སྦྱོར་ཕྱེ་བར་གྱུར༔ བྱ་རོག་འུག་པའི་དང་རུ་དབྱེ་རྫས་ཀྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་ལྷ་སྲུང་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ྄༔ ཧཱུྃ༔ ཁ་ཁྭ་མུ་ཁ་མཐུ་མོ་ཆེ༔ ཆར་སྤྲིན་ནག་པོ་བྱ་རོག་དབུ༔ སྤྲུལ་པའི་བྱ་ནག་ནམ་མཁའ་གང༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྷ་དང་དགྲ་གཉིས་ཕྲོལ་ལ་ཤོག༔ ཧཱུྃ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ སྤྲུལ་པའི་ཕོ་ཉ་ནམ་མཁའ་གང༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྷ་དང་དགྲ་གཉིས་ཕྲོལ་ལ་ཤོག༔ ཧཱུྃ༔ ང་ནི་དུས་གསུམ་བཞུགས་པ་ཡི༔ དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ དགྲ་འདི་མ་སྐྱོབས་གཞན་དུ་དེངས༔ ཧཱུྃ༔ གལ་ཏེ་མི་འགྲོ་འདི་ཡི་སྐྱབས་མཛད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ནི་རྡུལ་དུ་བརླག་པར་བྱེད༔ དེ་བས་དགྲ་འདི་མ་སྐྱོབས་གཞན་དུ་དེངས༔ ཁ་ཁ་མུ་ཁ་ཧཱུྃ་ཕཊ྄༔ ཧུ་ལུ་མུ་ཁ་ཧཱུྃ་ཕཊ྄༔ དགྲ་བགེགས་ལ་མགོན་སྐྱབས་བྱེད་པའི་ལྷ་རྣམས་པྲ་བེ་ཤ་ཡ་ཕཊ྄༔ གཟུགས་ལ་དབབ་པ་ནི། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ ད་ལྟ་ཉིད་དུ་གཟུགས་ལ་ཕོབ༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉའི་ཚོགས་གྲངས་མེད་པ་འཕྲོས་ནས་གནོད་བྱེད་ཐམས་ཅད་བཀུགས་ཏེ་རྣམ་ཤེས་གཟུགས་ལ་བསྟིམས་ཤིང་དབྱེར་མེད་དུ་གྱུར༔ ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ༔ བྱད་དུ་བཅུག་པ་ནི། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ རྣམ་པར་ཟུངས་ལ་འཆིང་བར་གྱིས༔ དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉའི་ཚོགས་ཀྱིས་དགྲ་བགེགས་བྱད་དུ་བཅུག་པར་གྱུར༔ བྱད་ཐག་གིས་འཆིང་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ྄༔ སྨྱོར་གཞུག་པ་ནི། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་མོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུགས་ཤིག༔ དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་ཕོ་ཉ་སྤྲོས་པ་རྣམས་ཀྱིས་སྨྱོ་ཁྲག་གི་ཆར་ཕབ་པས་དགྲ་བགེགས་ཐམས་ཅད་དྲན་མེད་དུ་གྱུར༔ སྨྱོ་ཁྲག་བཏབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄༔ ཕུར་པས་བསྒྲལ་བ་ནི། རང་གི་ལག་གཡས་ཉི་མ་དང་། གཡོན་ཟླ་བར་གསལ་བའི་བར་དུ་ཧཱུྃ་ཡིག་མཐིང་ག་འབར་བར་གྱུར། ཕུར་པ་འཛིན་ཅིང་། རང་བཞིན་ཆོས་ཉིད་དུ་དག་པ་ཆོས་སྐུ༔ དེའི་ངང་ལས་ལོངས་སྤྱོད་རྫོགས་སྐུར་གསལ་བ༔ སྤྲུལ་པའི་སྐུ་ཕུར་པ་ཡཀྴ་ཀྲོ་དྷ༔ རྒྱ་མདུད་དུ་ཁྲོ་བོ་ཡབ་ཡུམ༔ འཆང་བཟུང་དུ་ཕྱོགས་བཅུའི་དཀྱིལ་འཁོར༔ རྒྱ་མདུད་འོག་མ་དང་དབལ་རྣམས་ལ་སྤྲུལ་པའི་སྲས་མཆོག༔ ཕུར་བུའི་རྩེ་མོ་ལ་དམ་ཅན་སྤྲུལ་པའི་དཀྱིལ་འཁོར་ཏེ༔ དེ་ཉིད་ཡཀྴ་ཀྲོ་དྷའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ སྙིང་གར་ཡེ་ཤེས་སེམས་དཔའ་ཡབ་ཡུམ༔ ལྟེ་བར་ཧྲཱི༔ དེ་རྣམས་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས༔ རྒྱལ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྣམས་དེ་ཉིད་ལ་ཐིམ་པས་མཐུ་ནུས་དང་ལྡན་པར་གྱུར༔ ཕུར་པ་བསྒྲིལ་ཞིང་། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་ཝཱན་ཧྲི་བྷྲི་བི་ཀྲི་ཧཱུྃ་ཀཱ་ར་ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄༔ ཧཱུྃ་ཀཱ་ར་ཨ་ཕཊ྄༔ ཁྲུས་ལུང་དང་ཚེ་ལུང་ནི། བདག་གི་ཐུགས་ཀར་ཨ་ དེའི་འོད་ཟེར་གྱིས་རང་གི་སྡིག་སྒྲིབ་སྦྱངས༔ རྒྱལ་བ་མཆོད༔ བྱིན་རླབས་བསྡུས༔ གནོད་བྱེད་ལ་ཕོག་པས་བསྒྲལ་བའི་སྐལ་ལྡན་དུ་གྱུར༔ ཐུགས་ཀ་ནས་ཨ་ཞིག་འཕྲོས༔ ཕུར་པའི་སྤྱི་བོ་ནས་ཐིམ༔ དབལ་གྱི་ནང་དུ་གནས་པ་ལས་འོད་ཟེར་འཕྲོས༔ དེ་ཉིད་དགྲ་བགེགས་ཀྱི་སྙིང་ནང་དུ་ཤའི་དྭངས་མ་བྱེའུ་ཅོ་གའི་མགོ་ཙམ༔ དེའི་ནང་དུ་ཁྲག་གི་དྭངས་མ་རྒྱ་གྲོག་ཙམ༔ དེའི་ནང་དུ་རྩའི་དྭངས་མ་དཀར་པོ་སོག་ཚིགས་ཙམ༔ དེའི་ནང་དུ་ཚེའི་དྭངས་མ་བ་ཐག་གཟིང་བ་འདྲ་བ༔ དེའི་ནང་དུ་རླུང་གི་དྭངས་མ་ལྗང་གུ༔ འོད་ཀྱི་དྭངས་མ་ཐིག་ལེ༔ རྣམ་ཤེས་ཀྱི་ངོ་བོ་ནྲྀ་ ཀུན་གཞིའི་ངོ་བོ་ཨ་རྣམས་གསལ༔ དེ་རྣམས་ལ་ཕུར་པ་བཏབ་པས༔ ཤ་དང་རྩ་བསྲེགས༔ ཁྲག་སྐམ༔ ཚེ་སྲོག་རྦད་ཀྱིས་བཅད༔ རླུང་གཏོར༔ ཐིག་ལེ་ཨ་ནྲྀ་དང་བཅས་པ་ཕུར་རྩེས་ཡེ་རེ་བླང༔ ཚེ་བསོད་ནམས་དེ་ལ་བསྟིམ༔ ཕུར་པ་གདབ་པ་ཕྱུང་ལ། ཐིག་ལེ་ཨ་ནྲྀ་དེ་རང་ལ་བསྟན་པས་འོད་ཙེ་རེ་བ་དེས་བདག་གི་ལུས་གསལ༔ འོད་དང་ཐིག་ལེ་ཚེ་སྲོག་བསོད་ནམས་འདུས་པའི་ངོ་བོ་དེ་རང་གི་ཡེ་ཤེས་སེམས་དཔའ་ལ་བསྟིམས་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ དབལ་ལ་ཨ་ཡིག་གསལ་ལ༔ ཕུར་པ་ཀླད་ལ་བསྐོར་བས་སྟོང་གསུམ་ཕུར་བུས་གང༔ བདག་གི་ཐུགས་ཀ་ནས་ཧཱུྃ་གྲངས་མེད་པ་འཕྲོས༔ ཕུར་བུ་རྣམས་ལ་ཐིམ༔ དོན་གཉིས་བྱས༔ སླར་བདག་དང་ཕུར་པ་ལ་ཐིམ་པས་མཐུ་ནུས་དང་ལྡན་པར་གྱུར༔ སླར་ཡང་ཕུར་པ་བསྒྲིལ་ཞིང་སྙིང་གར་བཏབ་པས༔ ཨ་ལས་འོད་ཟེར་འཕྲོས༔ ནྲྀ་དུད་ཁ་སྦྱངས༔ འོད་དཀར་པོར་གྱུར་པ་ཨ་ལ་ཐིམ༔ ཨ་ཕུར་རྩེས་ཡེ་རེ་བླངས་པས་ཕུར་པའི་ཡེ་ཤེས་སེམས་དཔའ་ལ་ཐིམ༔ ཕུར་པ་འོད་དུ་ཞུ་བ་ཡེ་ཤེས་སེམས་དཔའི་ཧཱུྃ་ཡིག་གི་བར་དུ་བསྡུས་ནས་ཨ་རུ་གྱུར༔ དེ་ཉིད་བདག་གི་ཞལ་ནས་བརྒྱུད་སྦྱོར་མཚམས་སུ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ་འོག་མིན་དུ་རྩལ་ཆེན་གྱིས་མདའ་འཕངས་པ་ལྟར་སོང་བར་གྱུར། ཕཊ྄་དྲག་པོ་བརྗོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཕཊ྄༔ བོ་དྷི་ཙིཏྟ་སཾ་ཧ་ར་ན་ཧཱུྃ༔ སྥ་ར་ཎ་ཕཊ྄༔ དེ་ལྟར་བརྟེན་པ་དབྱིངས་སུ་བསྒྲལ་ནས་རྟེན་གཞི་བག་ཆགས་སྦྱོང་བ་ནི། སླར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གདབ་ཕུར་ལ་ཐིམ༔ ངོ་བོ་གཙོ་བོ་ཁྲོ་བོ་བཅུ་ཡབ་ཡུམ་ལ༔ རྣམ་པ་སྲས་མཆོག་གི་རང་བཞིན་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་ལ་གདབ་པས་བསྒྲལ་བྱ་སྒྲོལ་བྱེད་དབྱེར་མེད་པར་ཕུང་ཁམས་སྐྱེ་མཆེད་ལ་ཁྲོ་བོ་རོལ་པའི་ཕོ་བྲང་བཏབ་པར་གྱུར༔ ཨེ་ཛ༔ ཨེ་མ་ང་ནི་རང་བྱུང་གི༔ དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ ཁྲོ་རྒྱལ་ཀུན་གྱི་དབུས་ན་འགྱིངས༔ སྤྲུལ་པ་ཕྱག་བརྙན་ལས་ལ་འགྱེད༔ དབུ་ལ་ཡེ་ཤེས་ལྔ་ཡིས་བརྒྱན༔ ཐུགས་ལ་འབར་བའི་སྲོག་ཀྱང་བཞུགས༔ སྲས་མཆོག་ཕུར་པ་ཕྱོགས་བཅུར་བསྒྲིལ༔ ཁམས་གསུམ་རུ་ཏྲ་ཨེ་རུ་བཙུད༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ དབང་དུ་སྡུས་ལ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ འཕྱང་དྲུག་གི་གསོ་བ་གསུམ་ལྡན་གྱི་དགོངས་པའོ། །དེ་བཞིན་དུ། ཨེ་ཛ༔ ཨེ་མ་འབར་བའི་ཁྲོ་རྒྱལ་བཅུ༔ དབྱིངས་ནས་བཞེངས་ཤིག་ལས་མཛོད་ཅིག༔ བག་ཆགས་བཅུ་པོ་རབ་སྦྱངས་ཏེ༔ སྟོབས་བཅུའི་དབྱིངས་སུ་བསྒྲལ་བར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ སྤྱི་བོར་གདབ་བོ། །ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ དཔུང་གཡས་སོ། །ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ དཔུང་གཡོན་ནོ། །ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ སྙིང་གར་རོ། །ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ རྐེད་པར་རོ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ མགྲིན་པར་རོ། །ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ བརླ་གཡས་སོ། །ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ལྟེ་བར་རོ། །ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ བརླ་གཡོན་ནོ། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ གསང་གནས་སུ་གདབ་བོ། །ཨེ་ཛ༔ ཨེ་མ་འབར་བའི་ཁྲོ་མོ་བཅུ༔ ཐུགས་རྗེའི་ཐབས་ཀྱི་དབྱིངས་ནས་བཞེངས༔ མི་དགེ་བཅུ་པོ་བསྒྲལ་ནས་སུ༔ དགེ་བཅུའི་དབྱིངས་སུ་གནས་སྤོར་ཅིག༔ གརྫ་གརྫ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧ་ན་ཧ་ན་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ད་ཧ་ད་ཧ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ པ་ཙ་པ་ཙ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ བྷནྡྷ་བྷནྡྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧུ་ལུ་ཧུ་ལུ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཏིཥྛ་ཏིཥྛ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཚིནྡྷ་ཚིནྡྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ བྷིནྡྷ་བྷིནྡྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ སྥོ་ཊ་སྥོ་ཊ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཁྲོ་བཅུའི་ཕུར་པ་གདབ་པའི་མདུན་དུ་སོ་སོའི་ཡུམ་བཅུའི་ཕུར་པ་གདབ་བོ། །ཧཱུྃ༔ བྱང་ཆུབ་སེམས་བཅུའི་ཐབས་དང་ཤེས་རབ་ལས༔ འབར་བའི་ཁྲོ་རྒྱལ་གཅན་གཟན་མགྲིན་པ་ཅན༔ ཁྲོ་མོ་དབང་ཕྱུག་མཆེ་ཅན་རྣམས་ཀྱི་དབུ༔ ལོག་རྟོག་འདུལ་བའི་ཐུགས་དམ་དུས་ལ་བབ༔ པ་ར་བྷི་དན་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ གྷྲྀཧྣ་གྷྲྀཧྣ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧ་ན་ཧ་ན་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ པྲ་ཤ་ཡ་པྲ་ཤ་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧ་ས་ར་ཡ་ཧ་ས་ར་ཡ་ཧྲྀ་དནྟྲ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཛྭ་ལ་བྷ་ཡ་ཛྭ་ལ་བྷ་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཟ་བྱེད་ཀྱི་ཕུར་པ་རྣམས་ཁྲོ་བོ་རྣམས་ཀྱི་གཡས་སུ་གདབ་བོ། །ཧཱུྃ༔ བྱང་སེམས་ཞི་བས་འདུལ་བར་མི་འགྱུར་ན༔ དྲག་གཏུམ་ཁྲོ་རྔམས་འབར་བའི་ཚུལ་སྟོན་ཏེ༔ གདུག་པ་འདུལ་མཛད་དུས་ལས་མི་གཡེལ་བའི༔ ཁྲོ་མོ་ཉེར་གནས་རྣམས་ཀྱིས་ཕྲིན་ལས་མཛོད༔ ཧ་ན་ཧ་ན་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ད་ཧ་ད་ཧ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ པ་ཙ་པ་ཙ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ མ་ཐ་མ་ཐ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཛྭ་ལ་ཛྭ་ལ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ སུ་རུ་སུ་རུ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ མུ་རུ་མུ་རུ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཀ་ཊ་ཀ་ཊ་བཛྲ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ དཔུང་པ་གཡས་ནས་བརྩམ་སྟེ་ཁྲོ་བོ་རྣམས་ཀྱི་གཡོན་དུ་གདབ། འཁོར་འདས་ཀྱི་མཐའ་བསལ་ཕྱིར། ཧཱུྃ༔ རིག་པའི་ཡེ་ཤེས་འཁོར་འདས་རོ་གཅིག་པའི༔ འབར་བའི་འོད་ཟེར་སྤྲུལ་པའི་ཆོ་འཕྲུལ་ནི༔ ཚངས་དང་ས་ལ་དབང་མཛད་མྱུར་ཤུགས་ཅན༔ མཐའ་གཉིས་མི་གནས་དབྱིངས་སུ་རྣམ་པར་སྒྲོལ༔ སརྦ་ཨ་ན་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ རྨིགས་བུའི་མགོ་ཅན་གྱི་ཕུར་པ་སྤྱི་བོར་གདབ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ བྱི་བའི་གདོང་པ་ཅན་གྱི་ཕུར་པ་གསང་གནས་སུ་གདབ། །སྒོ་མ་བཞིའི་ཕུར་པ་མཚོ་བཞི་ལ་གདབ། དམ་ཅན་བཅུ་གཉིས་ཀྱི་ཕུར་པ་ལྷུ་ཚིགས་བཅུ་གཉིས་ལ་གདབ། གིང་བཞིའི་ཕུར་པ་མཐིལ་བཞི་ལ་གདབ། དབང་ཕྱུག་ཉེར་བརྒྱད་ཀྱི་ཕུར་པ་རྒལ་ཚིགས་ལ་གདབ། དགེ་བསྙེན་ཉེར་གཅིག་གི་ཕུར་པ་ལྟག་པ་དང་སོར་མོ་ཉི་ཤུ་ལ་གདབ། སྲས་མཆོག་ཉེར་གཅིག་གི་ཕུར་པ་དབང་པོ་སོགས་གནས་ཕྲན་ཚེགས་སུ་གདབ་སྟེ། ཛ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སེ་ན་པྲ་མརྡྡ་ན་ཡ་ཧཱུྃ་ཕཊ྄༔ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ སྤུ་གྲིའི་སྔགས་རྒོད་ནི། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་གནོད་བྱེད་གང་ཡིན་པའི་མིང་བཅུག་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཏུང་ཏུང༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་དྲིལ་དྲིལ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད༔ ཐུམ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ ཌཱ་ཀི་མ་མ་ཤཱི་གྷྲཾ་ཀ་ར་མཱ་ར་སེ་ན་པྲ་མརྡྷ་ནཱ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ྄༔ སྲིད་པ་ཕུར་བུས་བསྒྲལ་བ་ནི། སྟོང་ཁམས་གང་བའི་ཕུར་པའི་དབལ་རྣམས་ལས་ཐུན་རྫས་མཚོན་ཆའི་ཆར་ཕབ་པས་འཇིག་རྟེན་གང་བའི་བདུད་ཚོགས་དུས་གཅིག་ལ་གཞོམ་པར་གྱུར། ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སྲིད་པ་ཕུར་བུ་དབྱིངས་ནས་བཞེངས༔ ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཡུངས་དཀར་རྒྱལ་པོ་ཤ་རཱི་རཾ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ ཁྲོ་ཆུང་མང་པོ་ལས་ལ་འགྱེད༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧ་ལ་ནག་པོ་དུག་གི་ཚོགས༔ གདུག་པའི་དུག་སྣ་ཡོངས་རྫོགས་འདུས༔ འཇིག་པའི་དུག་རླངས་ཕྱོགས་བཅུར་གཡོ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ གདུག་པའི་ནད་སྤྲིན་ཕྱོགས་བཅུར་གཡོ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མཚེ་མདའ་དྲག་པོ་སེར་ལྟར་འཁྲིགས༔ བཙན་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ མཚེ་ཡི་མདའ་འཕེན་ཤ་ར་ར༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ གདུག་པའི་ཐོག་མདའ་དྲག་པོ་ནི༔ གཟའ་རྒོད་ཡོངས་རྫོགས་གྱད་ཀྱི་སྐུ༔ གྲི་འཐབ་གཟེར་ནད་སྐར་ལྟར་འཁྲུགས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྡོ་ཐུན་དྲག་པོ་རྦབ་ལྟར་འགྲིལ༔ གནོད་སྦྱིན་ཡོངས་རྫོགས་གྱད་ཀྱི་སྐུ༔ རྡོ་ཐུན་ནག་པོ་སེར་ལྟར་འཁྲིགས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཞེས་ཕུར་ཐུན། ཡུངས་དཀར། དུག །ཁྲག །མཚེ། མདའ། རྡོ་རྣམས་ཀྱི་ཐུན་རྡེག་ཅིང་སྤུ་གྲིའི་སྔགས་བཟླ། རལ་གྲིས་གཏུབ་སྟེ། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡ་དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་ཕཊ྄༔ ཕོ་ཉ་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་པས་དགྲ་བགེགས་ཀྱི་ལུས་རྡུལ་ཕྲན་དུ་བཤིགས་པར་གྱུར། གཏུན་དུ་བརྡུང་བ་ནི། གཏུན་ཁུང་ཡུམ་གྱི་ཨེ༔ གཏུན་བུ་རྡོ་རྗེའི་ཐོ་བ་མེ་འབར་བས་བརྡུངས་ནས་རྡུལ་ཙམ་ཡང་མེད་པར་གྱུར༔ ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ ཏ་ཐཱ་ཡ་ཏ་ཐཱ་ཡ་དགྲ་བགེགས་པདྨ་ཨ་ཀོ་ཊ་ཡ་ཁ་ཐམ་ཁ་ཐམ་ཧཱུྃ་ཕཊ྄༔ ཀ་དག་གི་ངང་དུ་བཞག༔ དེ་ནས་ཞལ་དུ་བསྟབ་པ་ནི། སླར་ཡང་རྣམ་པ་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རང་བཞིན་ཁྲོ་ཚོགས་སྲུང་མ་དང་བཅས་པའི་ཞལ་དུ་བསྟབས་པས་ལྷག་མ་མེད་པར་བཞེས་པས་དགྱེས་པའི་ཧ་ཧ་བཞད༔ ཧཱུྃ་ཧཱུྃ་གིས་ཆོས་ཀྱི་དབྱིངས་སུ་བསྒྲལ་ཅིང་དངོས་གྲུབ་བསྩལ༔ ཕཊ་ཕཊ་ཀྱིས་ཀ་དག་གི་ངང་དུ་བཞུགས་པར་གྱུར༔ ཧཱུྃ༔ དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས༔ རི་རབ་ཙམ་གྱི་སྐུར་བཞེངས་ལ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་རྐྱོངས་ལ༔ དགྲ་བགེགས་དམ་ཉམས་བསྒྲལ་པ་ཡི༔ ཤ་ཁྲག་ཕུང་པོ་ནང་རོལ་བཅས༔ དབང་པོ་དོན་སྙིང་རུས་པ་རྣམས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ དཔལ་ཆེན་འཁོར་དང་བཅས་པ་ཡི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྒྲིམ་མོ་ཨཱ་རལླི་ཧོ༔ བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ༔ ཉི་མ་སྟོང་གི་འོད་ཟེར་གདལ་བ་བཞིན༔ སེམས་དཔའ་སྔོན་པོ་ཉི་མའི་དཀྱིལ་འཁོར་ཅན༔ དཔལ་ལྡན་གཟི་བྱིན་འབར་ལ་ཕྱག་འཚལ་ལོ༔ འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པ་ཡི༔ འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས༔ ཟ་བྱེད་བསྐལ་པའི་མེ་ལྟར་འབར་བ་སྟེ༔ གདུག་པ་ཐམས་ཅད་རྡོ་རྗེའི་ཞལ་དུ་འདྲེན༔ མི་བཟད་མཆེ་བ་གཙིགས་པའི་ཞལ་གདངས་ཤིང༔ ཁམས་གསུམ་ཟ་བར་ཆས་པའི་རྐན་སྒྲ་ཅན༔ ཉི་ཟླ་རབ་ཏུ་འབར་བའི་སྡང་མིག་གིས༔ བདུད་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ༔ འབྱུང་པོ་བསྒྲལ་པའི་དུག་གསུམ་ཤ་ཁྲག་རུས༔ རྣམ་ཐར་སྐུ་གསུམ་ཞལ་དུ་འབུལ་ལགས་ན༔ འཁོར་འདས་མཉམ་ཉིད་ངང་དུ་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ལ་དངོས་གྲུབ་རྣམ་གསུམ་སྩོལ༔ འཁོར་བ་ཐམས་ཅད་མི་གནས་དབྱིངས་སུ་སྒྲོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ བཅོལ་བསྐུལ་བྱ་བ་ནི། སླར་ཡང་བཀའ་ལ་མི་ཉན་པ་ཐམས་ཅད་འདི་ལྟ་བུའི་སྦྱོར་བས་བསྒྲལ་བར་བྱ་བ་གདོན་མི་ཟའོ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱར་ཁོས་ལ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ སྤྱི་ཁྱབ་ལ་འདི་ཙམ་གྱིས་འགྲུབ་པར་འགྱུར་གྱི། ཆེད་དུ་དམིགས་པའི་ལས་སྦྱོར་སོགས་ནི་གཞན་དུ་ཤེས། ཚོགས་ལ་རོལ་ཞིང་ཕྲིན་ལས་ཀྱི་མཇུག་བསྡུ་བ་ནི་ཨེ་ཁྲོམ་གྱི་ལས་སྦྱོར་ཁོ་ན་ལགས་སོ།། ༈ །།དེ་ནས་གཏོར་ཟློག་དང་འབྲེལ་ན་གདབ་ཕུར་རྣམས་བསྡུས་ལ་ཨེ་གཅིག་ཏུ་བཀོད་དེ་སློབ་དཔོན་གྱི་ཉེ་ལོགས་སུ་བཞག །བཅས་གཤོམ་རྒྱས་འབྲིང་བསྡུས་གསུམ་སྐབས་དང་བསྟུན་པའི་གཏོར་ཆེན་དཀྱིལ་འཁོར་དུ་བཀོད། སྔར་བཞིན་སྟོད་སྨད་ཀྱི་ཕྲིན་ལས་གཞུང་བཞིན་དུ་བཏང་ཞིང་སྨད་ལས་གདབ་པའི་རིམ་པ་ཡན་རྫོགས་པར་བྱས། ཞལ་བསྟབ་ཕྱི་མའི་མཐར་སོན་ནས་རཀྟ་སྦྲེང་ཞིང་། ཧཱུྃ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཞེ་སྡང་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཞེ་སྡང་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ གཏི་མུག་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ གཏི་མུག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ང་རྒྱལ་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ང་རྒྱལ་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཕྲག་དོག་ཁྲག་གི་རྒྱ་མཚོ་ཆི་ལི་ལི༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་འདིར་གཤེགས་ལ༔ ཕྲག་དོག་ཁྲག་གི་རྒྱ་མཚོ་འདི་ལ་རོལ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ བར་ཆད་བདུད་རྣམས་བསྒྲལ་པའི་ཁྲག་མཚོ་འཁྱིལ༔ དཔལ་ཆེན་ཕུར་བུའི་ལྷ་ཚོགས་འདིར་གཤེགས་ལ༔ བར་ཆད་བདུད་རྣམས་བསྒྲལ་པའི་ཁྲག་ལ་རོལ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་མཁའ་དང་མཉམ༔ མ་མོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ མཁའ་དབྱིངས་པདྨའི་རཀྟ་ཤ་ར་ར༔ དམར་ཆེན་ཁྲག་གི་སྦྲེང་མོ་ཆི་ལི་ལི༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་ཏི་རར་བཅས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་འཁྱིལ༔ མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས༔ མ་ལུས་བཞེས་ཤིང་བསྣམ་དུ་གསོལ༔ དང་པོ་སྦྲེངས་པས་རཀྟའི་དྭངས་མ་བདུད་རྩིའི་ངོ་བོར་སུམ་ཆ་གསོལ་བར་གྱུར༔ ཧཱུྃ༔ ང་ནི་ཁྲག་འཐུང་ཆེན་པོ་སྟེ༔ འཁོར་བའི་དྲྭ་བར་ཆས་པ་ཡི༔ དམར་ཆེན་བསྐྱིལ་བའི་རྒྱ་མཚོ་ལ༔ འཁོར་གྱི་མཁའ་འགྲོ་རྣམས་དང་རོལ༔ མ་རུངས་འདོད་ལ་རབ་ཆགས་ཤིང༔ དམ་ཚིག་ལ་སྡང་དགྲ་ཆེན་རྣམས༔ ཐུགས་རྗེ་བྱམས་སེམས་ལྡན་པ་ཡིས༔ ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་གྱུར༔ གཉིས་པ་སྦྲེངས་པས་རཀྟ་དགྲ་བགེགས་ཀྱི་ངོ་བོར་སུམ་གཉིས་རོལ་པར་གྱུར༔ ཧཱུྃ༔ ང་ནི་ཟ་བྱེད་ཆེན་པོ་སྟེ༔ ཁམས་གསུམ་མ་ལུས་བསྒྲལ་བ་དང༔ གདུལ་དཀའ་མ་ལུས་འདུལ་བའི་ཕྱིར༔ ཤ་རུས་ལ་སོགས་བཟའ་བར་བྱའོ༔ གསུམ་པ་སྦྲེངས་པས་རཀྟའི་སྙིགས་མ་ཞིང་བཅུའི་དུག་གསུམ་བར་ཆད་ཆག་ཆེན་གྱི་ངོ་བོར་ལྷག་མེད་དུ་གསོལ་བར་གྱུར༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་མཉམ་པ་ཆེན་པོའི་གཏོར་གཞོང་དུ༔ རིག་པ་ཡེ་ཤེས་དཔལ་གྱི་གཏོར་ཆེན་བཤམས༔ དབྱིངས་རིག་གཉིས་སུ་མེད་པའི་གཏོར་མ་འདི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་ལ་འབུལ༔ རྩོལ་བཅས་བག་ཉལ་ངན་རྟོག་ཟློག་ཏུ་གསོལ༔ སྐྱེ་མེད་ཡུམ་གྱི་མཁའ་དབྱིངས་གཏོར་གཞོང་དུ༔ འགག་མེད་བདེ་བ་ཐིག་ལེའི་གཏོར་མ་བཤམས༔ བདེ་སྟོང་གཉིས་སུ་མེད་པའི་གཏོར་མ་འདི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་ལ་འབུལ༔ གཉིས་སྣང་འཛིན་པའི་བག་ཆགས་ཟློག་ཏུ་གསོལ༔ འབྱུང་ལྔ་དག་པ་ཕུང་པོའི་གཏོར་གཞོང་དུ༔ དཀར་དམར་བྱང་ཆུབ་སེམས་ཀྱི་གཏོར་མ་བཤམས༔ ཕུང་ཁམས་ལྷ་རུ་དག་པའི་གཏོར་མ་འདི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་ལ་འབུལ༔ འཛིན་པའི་སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་ཟློག༔ ཕྱི་སྣོད་གཞལ་ཡས་ཁང་གི་གཏོར་གཞོང་དུ༔ ནང་བཅུད་ལྷ་དང་ལྷ་མོའི་གཏོར་མ་བཤམས༔ སྣོད་བཅུད་ཡེ་རྫོགས་ཆེན་པོའི་གཏོར་མ་འདི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་ལ་འབུལ༔ གཟུང་ཡུལ་འཁྲུལ་སྣང་ངན་རྟོག་ཟློག་ཏུ་གསོལ༔ དུར་ཁྲོད་འཇིགས་པའི་གཞལ་ཡས་མཛེས་པ་འདིར༔ བྷནྡྷ་ལྕང་ལོ་འབྲུ་བཅུད་གཏོར་མས་བཀང༔ ཕྱི་ནང་གསང་བའི་མཆོད་སྤྲིན་བཤམས་པ་འདི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས་ལ་འབུལ༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག་ཏུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བར་བྱ་སྟེ། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ དྲག་པོ་ཨེ་ཡི་ཕོ་བྲང་ན༔ རྡོ་རྗེའི་བྲག་སྟེང་ཉི་ཟླའི་སྟེང༔ ལྷ་ཆེན་ཕོ་མོ་བསྒྱེལ་བའི་གདན༔ མཐིང་ནག་ཧཱུྃ་ལས་སྐྱེས་པའི་ལྷ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ནམ་མཁའི་ཁམས་མཉམ་སྐུ་མདོག་མཐིང༔ རྣམ་རྟོག་མཚན་འཛིན་དགྲ་བགེགས་ཟློག༔ གཡས་ཞལ་དཀར་ལ་བཞད་པ་ཡིས༔ ལྷ་ཡི་ཆད་པ་དགྲ་ལ་ཟློག༔ གཡོན་ཞལ་དམར་ལ་གཤེ་བ་ཡིས༔ ཀླུ་ཡི་ཆད་པ་དགྲ་ལ་ཟློག༔ དབུས་ཞལ་མཐིང་ལ་རྔམ་པ་ཡིས༔ བདུད་ཀྱི་ཆད་པ་དགྲ་ལ་ཟློག༔ སྐུ་ལ་སྦྲུལ་གྱིས་བརྒྱན་པ་ཡིས༔ ཀླུ་ཡི་ཆད་པ་དགྲ་ལ་ཟློག༔ སྤྱན་དགུ་སྡང་མིག་བགྲད་པ་ཡིས༔ གཟའ་དགུའི་གདུག་པ་དགྲ་ལ་ཟློག༔ ཞལ་གསུམ་འཇིགས་པར་གདངས་པ་ཡིས༔ འཇིགས་བྱེད་ཚོགས་ཀྱི་གནོད་པ་ཟློག༔ མཆེ་གཙིགས་ལྗགས་ནི་རྣམ་པར་འདྲིལ༔ ཟ་བྱེད་ཚོགས་ཀྱི་ཆད་པ་ཟློག༔ སྨ་ར་སྨིན་མ་འབར་བ་ཡིས༔ འབར་བའི་ཆད་པ་དགྲ་ལ་ཟློག༔ དབུ་སྐྲ་གྱེན་འཁྱིལ་རྡོ་རྗེས་མཚན༔ རིག་འཛིན་རྣམས་ཀྱི་ཆད་པ་ཟློག༔ སྙན་ནས་འབྲུག་སྟོང་སྲིད་གསུམ་གཡོ༔ སྲིད་གསུམ་གཡོ་འཁྲུགས་དགྲ་ལ་ཟློག༔ ཤངས་ནས་འཇིག་རྟེན་འཐོར་རླུང་གཡོ༔ འཇིག་རྟེན་ཀུན་གྱི་གདུག་པ་ཟློག༔ གཡས་ཕྱག་དང་པོས་རྩེ་དགུ་བསྣམས༔ ཐེག་དགུར་གནས་པའི་དམོད་པ་ཟློག༔ བར་པས་རྡོ་རྗེ་རྩེ་ལྔ་བསྒྲིལ༔ མཁའ་འགྲོ་རིགས་ལྔའི་དམོད་པ་ཟློག༔ གཡོན་ཕྱག་དང་པོས་མེ་དཔུང་འཛིན༔ འབྱུང་ལྔའི་ལྷ་ཡི་གནོད་པ་ཟློག༔ བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན༔ རིགས་གསུམ་ལྷ་ཡི་གནོད་པ་ཟློག༔ ཐ་མ་གཉིས་ཀྱིས་ཕུར་པ་བསྒྲིལ༔ བྱད་དང་དམོད་པ་ཐམས་ཅད་ཟློག༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ མ་མོ་རྣམས་ཀྱི་ཆད་པ་ཟློག༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ དུར་ཁྲོད་མཁའ་འགྲོའི་ཆད་པ་ཟློག༔ ཞབས་བཞི་ཐུར་དུ་བགྲད་པ་ནི༔ བདུད་བཞིའི་གཡོ་འཁྲུགས་གནོད་པ་ཟློག༔ མེ་དཔུང་ཀློང་དུ་བཞུགས་པ་ཡིས༔ དམ་ཅན་དམོད་པ་ཐམས་ཅད་ཟློག༔ ཧཱུྃ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཨུཏྤལ་བྷནྡྷ་འཛིན༔ དུར་ཁྲོད་ཆས་ལྡན་ཡབ་དང་འཁྲིལ༔ སྲིད་པ་མོ་རྒྱུད་གནོད་པ་ཟློག༔ ཧཱུྃ༔ སྟེང་ཕྱོགས་ཚངས་པའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་མདའ་བཀང་དགྲ་ལ་འཕེན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ སྟེང་ཕྱོགས་ཚངས་པའི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྔོ་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཚངས་པ་མོ་ཡི་གནོད་པ་ཟློག༔ ཕྲ་མེན་ཕག་གི་མགོ་བོ་ཅན༔ མདའ་ཆེན་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ མདའ་ཆེན་འཛིན་པའི་ཕོ་ཉ་ཟློག༔ ཕྲ་མེན་རྨིགས་བུའི་མགོ་བོ་ཅན༔ གཞུ་ཆེན་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཞུ་ཆེན་འཛིན་པའི་ཕོ་ཉ་ཟློག༔ ཧཱུྃ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ གཡས་མཐིང་གཡོན་དམར་དབུས་དཀར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་ཏྲི་ཤུལ་བསྣམས༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཤར་ཕྱོགས་དྲི་ཟའི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་སྙེམས་མ་ནི༔ དཀར་དམར་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དྲི་ཟ་མོ་ཡི་གནོད་པ་ཟློག༔ ཕྲ་མེན་སྟག་གི་མགོ་བོ་ཅན༔ འཁོར་ལོ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ འཁོར་ལོ་འཛིན་པའི་ཕོ་ཉ་ཟློག༔ ཕྲ་མེན་བྱ་རྒོད་མགོ་བོ་ཅན༔ ཏྲི་ཤུལ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཏྲི་ཤུལ་འཛིན་པའི་ཕོ་ཉ་ཟློག༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད༔ གཡས་མཐིང་གཡོན་དམར་དབུས་སེར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་བེ་ཅོན་གཏུན་ཤིང་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷོ་ཕྱོགས་གཤིན་རྗེའི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་དུར་ཁྲོད་བདག༔ དམར་སེར་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཤིན་རྗེ་མོ་ཡི་གནོད་པ་ཟློག༔ ཕྲ་མེན་ཤ་བའི་མགོ་བོ་ཅན༔ བེ་ཅོན་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བེ་ཅོན་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་འུག་པའི་མགོ་བོ་ཅན༔ གཏུན་ཤིང་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གཏུན་ཤིང་ཐོགས་པའི་ཕོ་ཉ་ཟློག༔ ཧཱུྃ༔ ནུབ་ཕྱོགས་ཀླུ་དབང་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི༔ གཡས་དཀར་གཡོན་མཐིང་དབུས་དམར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་ཞགས་པ་སྤུ་གྲི་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ནུབ་ཕྱོགས་ཀླུ་ཡི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་ནི༔ དམར་གསལ་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཀླུ་གདོན་མོ་ཡི་གནོད་པ་ཟློག༔ ཕྲ་མེན་བྱི་ལའི་མགོ་བོ་ཅན༔ ཞགས་པ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཞགས་པ་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་པུ་ཤུད་མགོ་བོ་ཅན༔ སྤུ་གྲི་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ སྤུ་གྲི་ཐོགས་པའི་ཕོ་ཉ་ཟློག༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་རྒྱ་གྲམ་བ་དན་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བྱང་ཕྱོགས་གནོད་སྦྱིན་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ ལྗང་ནག་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་སྦྱིན་མོ་ཡི་གནོད་པ་ཟློག༔ ཕྲ་མེན་སེང་གེའི་མགོ་བོ་ཅན༔ རྒྱ་གྲམ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ རྒྱ་གྲམ་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་ཕ་ཝང་མགོ་བོ་ཅན༔ བ་དན་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བ་དན་ཐོགས་པའི་ཕོ་ཉ་ཟློག༔ ཧཱུྃ༔ ཤར་ལྷོ་མེ་ལྷའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ནི༔ གཡས་ལྗང་གཡོན་སེར་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་མེ་དཔུང་དབྱུག་ཏོ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཤར་ལྷོ་མེ་ལྷའི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་ནི༔ སྔོ་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ མེ་ལྷ་མོ་ཡི་གནོད་པ་ཟློག༔ ཕྲ་མེན་གཡག་གི་མགོ་བོ་ཅན༔ མེ་དཔུང་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ མེ་དཔུང་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་བྱ་རོག་མགོ་བོ་ཅན༔ དབྱུག་ཐོ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དབྱུག་ཐོ་འཛིན་པའི་ཕོ་ཉ་ཟློག༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་མི་གཡོ་བ༔ གཡས་སེར་གཡོན་དམར་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་རལ་གྲི་ཞགས་པ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྷོ་ནུབ་སྲིན་པོའི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྔོ་ནག་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ སྲིན་པོ་མོ་ཡི་གནོད་པ་ཟློག༔ ཕྲ་མེན་གཟིག་གི་མགོ་བོ་ཅན༔ རལ་གྲི་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ རལ་གྲི་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་ཁྭ་ཏའི་མགོ་བོ་ཅན༔ ཞགས་པ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཞགས་པ་ཐོགས་པའི་ཕོ་ཉ་ཟློག༔ ཧཱུྃ༔ ནུབ་བྱང་རླུང་ལྷའི་གདན་སྟེང་ན༔ ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ༔ གཡས་སེར་གཡོན་མཐིང་དབུས་དམར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་བྷནྡྷ་རྔ་ཡབ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ནུབ་བྱང་རླུང་ལྷའི་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ དམར་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ རླུང་ལྷ་མོ་ཡི་གནོད་པ་ཟློག༔ ཕྲ་མེན་སྤྱང་ཀིའི་མགོ་བོ་ཅན༔ བྷནྡྷ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བྷནྡྷ་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་ཁྲ་ཡི་མགོ་བོ་ཅན༔ རྔ་ཡབ་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ རྔ་ཡབ་ཐོགས་པའི་ཕོ་ཉ་ཟློག༔ ཧཱུྃ༔ བྱང་ཤར་བགེགས་ཀྱི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྒྱལ༔ གཡས་ནག་གཡོན་དཀར་དབུས་ལྗང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་དྲིལ་བུ་ལྕགས་སྒྲོག་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བྱང་ཤར་དབང་ལྡན་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ ལྗང་སེར་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དབང་ལྡན་མོ་ཡི་གནོད་པ་ཟློག༔ ཕྲ་མེན་དོམ་གྱི་མགོ་བོ་ཅན༔ དྲིལ་བུ་ཐོགས་ཤིང་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དྲིལ་བུ་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་སྲེ་མོང་མགོ་བོ་ཅན༔ ལྕགས་སྒྲོག་ཐོགས་ནས་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྕགས་སྒྲོག་ཐོགས་པའི་ཕོ་ཉ་ཟློག༔ ཧཱུྃ༔ འོག་ཕྱོགས་ས་བདག་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ གཡས་ནག་གཡོན་མཐིང་དབུས་དུད་ཁ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་ཕུར་པ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ འོག་ཕྱོགས་ས་བདག་གནོད་པ་ཟློག༔ ཡུམ་ཆེན་རྡོ་རྗེ་སྐུལ་བྱེད་མ༔ ནག་མོ་རྡོ་རྗེ་བྷན་དམར་སྟོབ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ས་བདག་མོ་ཡི་གནོད་པ་ཟློག༔ ཕྲ་མེན་དྲེད་ཀྱི་མགོ་བོ་ཅན༔ འཁོར་ལོ་ཐོགས་ཤིང་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ འཁོར་ལོ་ཐོགས་པའི་ཕོ་ཉ་ཟློག༔ ཕྲ་མེན་བྱི་བའི་མགོ་བོ་ཅན༔ ཕུར་པ་ཐོགས་ཤིང་ཕུར་བུ་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཕུར་པ་ཐོགས་པའི་ཕོ་ཉ་ཟློག༔ སྤྲུལ་པའི་སྲས་མཆོག་ཉེར་གཅིག་ནི༔ སྐུ་སྟོད་ཁྲོ་བོ་སྨད་ཕུར་པ༔ འཁོར་ལོ་པདྨ་རྡོ་རྗེ་དང༔ རྒྱ་གྲམ་དགྲ་སཏྭ་མེ་དཔུང་དང༔ ཕུར་བུ་བསྒྲིལ་ཞིང་འཇིགས་པའི་གཟུགས༔ ཐབས་ཀྱིས་སྒྲོལ་བའི་སྐལ་མེད་རྣམས༔ ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དགྲ་བགེགས་གདུག་པའི་གནོད་པ་ཟློག༔ ཤར་སྒོར་སྒོ་མ་པུ་ཤུད་གདོང༔ ལྕགས་ཀྱུ་འཛིན་ཅིང་དུང་ཕུར་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྕགས་ཀྱུ་འཛིན་པའི་ཕོ་ཉ་ཟློག༔ ལྷོ་སྒོར་སེར་མོ་ཀཾ་ཀའི་གདོང༔ ཞགས་པ་འཛིན་ཅིང་གསེར་ཕུར་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ཞགས་པ་ཅན་གྱི་ཕོ་ཉ་ཟློག༔ ནུབ་སྒོར་དམར་མོ་སྲིན་བྱའི་མགོ༔ ལྕགས་སྒྲོག་འཛིན་ཅིང་ཟངས་ཕུར་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ལྕགས་སྒྲོག་ཅན་གྱི་ཕོ་ཉ་ཟློག༔ བྱང་སྒོར་ལྗང་མོ་ཁྲ་ཡི་མགོ༔ དྲིལ་བུ་དཀྲོལ་ཞིང་ལྕགས་ཕུར་བསྒྲིལ༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དྲིལ་བུ་ཅན་གྱི་ཕོ་ཉ་ཟློག༔ བཀའ་སྲུང་ཤྭ་ན་ཆེན་མོ་བཞི༔ གཏུམ་པའི་སྐུ་ལ་འཇིགས་པའི་སྒྲ༔ ཕོ་ཉ་དཔག་མེད་སྟོང་གསུམ་གང༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བསྟན་པའི་དགྲ་བགེགས་ཐམས་ཅད་ཟློག༔ བདག་ཉིད་ཆེན་པོ་རྣམ་བཞི་ནི༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ ཕོ་ཉ་ཐམས་ཅད་དགྲ་ལ་འགྱེད༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བསྟན་པའི་དགྲ་བགེགས་ཐམས་ཅད་ཟློག༔ ས་བདག་ཆེན་མོ་རྣམ་བཞི་ནི༔ འཇིག་རྟེན་ཀུན་ལ་དབང་མཛད་ཅིང༔ དྲེགས་པ་སྡེ་བཞི་ལས་ལ་འགྱེད༔ དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ བསྟན་པའི་དགྲ་བགེགས་ཐམས་ཅད་ཟློག༔ བཀའ་སྲུང་གིང་ཆེན་སྡེ་བཞི་དང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ དགེ་བསྙེན་ཉི་ཤུ་རྩ་གཅིག་དང༔ མ་ཡམས་བརྟན་མའི་ཚོགས་རྣམས་ཀྱིས༔ ཤ་ཁྲག་མཆོད་པ་འདི་བཞེས་ལ༔ དགྲ་དང་བགེགས་ཀྱི་གནོད་པ་ཟློག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོམ་ཁྲོམ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ རྦད་དགུའི་སྔགས་འདི་ཅི་ལྕོགས་བཟླ། རང་བཞིན་གྱི་དབྱིངས་ལས་དཔལ་ཆེན་པོས་སྤྲུལ་པའི་ཁྱུང་ཆེན་གྱིས་གཙོ་བོའི་དབུ་བརྒྱན་ཏེ་ཟློག་པའི་ལས་མཛད་པར་གྱུར། ཧཱུྃ༔ དཔལ་གྱི་སྐུ་ལས་སྤྲུལ་པ་ཡི༔ ཡེ་ཤེས་བྱ་ཁྱུང་ག་རུ་ཊ༔ གསེར་མིག་འཁྱིལ་བ་མཁའ་ལ་འཕྲོ༔ ཀཾ་ཀཾ་སྒྲ་སྒྲོག་གནམ་ལྕགས་མཆུ༔ སྤུ་གྲིའི་གཤོག་བརྒྱངས་འཇིག་རྟེན་གཏོར༔ སྐུ་ལ་སྲིད་པའི་མ་མོ་རྫོགས༔ ཁྲོ་རྒྱལ་ཁམས་གསུམ་ཧཱུྃ་སྒྲ་ཅན༔ སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་རྩེ་གསུམ་གཡབ་མོ་རྡེབ༔ གཡས་ནས་བསྐོར་བས་ལྷ་སྲིན་འདུལ༔ གཡོན་ནས་བསྐོར་བས་ཀླུ་སྲིན་སྡུད༔ ཀླད་ལ་བསྐོར་བས་དྲེགས་པ་འདུལ༔ རྭ་ཡིས་རྭ་ཅན་ལྟས་ངན་ཟློག༔ མཆུ་ཡིས་མཆུ་ཅན་ལྟས་ངན་ཟློག༔ གཤོག་པས་གཤོག་ཆགས་ལྟས་ངན་ཟློག༔ སྡེར་མོས་སྡེར་ཅན་ལྟས་ངན་ཟློག༔ མཆེ་བས་མཆེ་ཅན་ལྟས་ངན་ཟློག༔ ཁྱོད་ཀྱིས་ཐུགས་དམ་དུས་ལ་བབ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ལྟས་ངན་ཐམས་ཅད་ཟློག་ཏུ་གསོལ༔ ཟློག་བྱང་ནི། ཧཱུྃ༔ སྣང་སྲིད་འཁོར་ལོའི་རྩིབས་སྟེང་ན༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་འབར༔ དུར་ཁྲོད་ཆས་ཅན་མཚོན་ཆ་འཕེན༔ འཁོར་ལོ་རྒྱས་འདེབས་ཡུམ་དང་སྦྱོར༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཁྲོ་བོ་རྣམས་ཀྱི་དབུས་ན་འགྱིངས༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང༔ སྒོ་བ་བཞི་དང་སྲུང་མའི་ཚོགས༔ འཁོར་དང་ཕོ་ཉ་ལས་ལ་འགྱེད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཀུན་ཀྱང་ཐུགས་དམ་གནད་ནས་བསྐུལ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྐྱེན་དང་བར་དུ་གཅོད་པ་དང༔ རྦོད་གཏོང་དྲག་པོས་གནོད་པ་དང༔ ཆག་ཆེན་གང་འབྱུང་ཐམས་ཅད་ཟློག༔ ལྷ་ཆེན་དམོད་པ་གཏོར་མས་ཟློག༔ ཀླུ་ཡི་མཛེ་གཏད་གཏོར་མས་ཟློག༔ བཙན་གྱི་གྲི་འཐབ་གཏོར་མས་ཟློག༔ རྒྱལ་པོའི་སྨྱོ་འབོག་གཏོར་མས་ཟློག༔ བདུད་ཀྱི་ཞགས་པ་གཏོར་མས་ཟློག༔ གཤིན་རྗེའི་ཁྲམ་ཁ་གཏོར་མས་ཟློག༔ མ་མོའི་ནད་རྐྱལ་གཏོར་མས་ཟློག༔ གཟའ་ཡི་གཟེར་ཐབས་གཏོར་མས་ཟློག༔ ཐེའུ་རང་སྲི་རྐུན་གཏོར་མས༴ གནོད་སྦྱིན་གདུག་པ་གཏོར་མས༴ མེ་ལྷའི་ཧོམ་སྦྱོར་གཏོར་མས༴ སྲིན་པོའི་ཟ་ཁ་གཏོར་མས༴ རླུང་ལྷའི་འཁོར་ལོ་གཏོར་མས༴ དབང་ལྡན་བར་ཆད་གཏོར་མས༴ ཕུར་པའི་དབལ་ཟོར་གཏོར་མས༴ གཤིན་རྗེའི་མཆོད་རྟེན་གཏོར་མས༴ མགོན་པོའི་སྤར་བུ་གཏོར་མས༴ མ་མོའི་མདོས་སྦྱོར་གཏོར་མས༴ གཙུག་ཏོར་ཕྱིར་ཟློག་གཏོར་མས༴ ནག་པོའི་གཏོ་སྦྱོར་གཏོར་མས༴ རྟ་ཡི་ཆུ་བསྐོལ་གཏོར་མས༴ བོན་པོའི་ཛོ་དམར་གཏོར་མས༴ སྡེ་བརྒྱད་ཀིང་ཀང་གཏོར་མས༴ དམ་སྲིའི་ཆོ་འཕྲུལ་གཏོར་མས༴ སྲོག་ལ་བར་ཆད་གཏོར་མས༴ ཚེ་ལ་འཇབ་པ་གཏོར་མས༴ བླ་ལ་རྐུ་བ་གཏོར་མས༴ རྗེ་ཡི་བཀའ་ཆད་གཏོར་མས༴ བློན་གྱི་ངན་གཡོ་གཏོར་མས༴ འབངས་ཀྱི་མི་ཁ་གཏོར་མས༴ མཐའ་དམག་དབུས་འཐིབ་གཏོར་མས༴ དུས་ངན་ལྟས་འབྱུང་གཏོར་མས༴ ནད་ཡམས་འཁྲུག་རྩོད་གཏོར་མས༴ བཙའ་སད་སེར་གསུམ་གཏོར་མས༴ ནོར་གྱི་གོད་ཁ་གཏོར་མས༴ འགོང་པོའི་བསེ་རག་གཏོར་མས༴ ཕ་ཚན་རྒྱབ་འདྲེ་གཏོར་མས༴ མ་ཚན་བྱུར་འདྲེ་གཏོར་མས༴ བྱིས་པའི་ཆུང་སྲི་གཏོར་མས༴ དུར་སྲིའི་ཤི་ཁ་གཏོར་མས༴ བྱེས་ཀྱི་བྱུར་འདྲེ་གཏོར་མས༴ ཀག་དང་སྲི་ངན་གཏོར་མས༴ འབྱུང་བའི་དགྲ་གཤེད་གཏོར་མས༴ གློ་བུར་ཡེ་འདྲོག་གཏོར་མས༴ ལུས་ལ་ན་ཚ་གཏོར་མས༴ སེམས་ལ་སྡུག་བསྔལ་གཏོར་མས༴ མ་ཉེས་ཁ་ཡོག་གཏོར་མས༴ བྲན་གྱི་དམོད་མཆུ་གཏོར་མས༴ སྤྱི་ཆག་ཐམས་ཅད་གཏོར་མས་ཟློག༔ སྒོས་སུ་ལྟས་ངན་ཁྱུང་གིས་ཟློག༔ གཡས་ནས་ཕོ་བརྒྱས་མདའ་འཕེན་ཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་ཟློག༔ མདུན་ན་རྩང་བཞིན་འཛུག་པ༴ ངོས་ལ་སྤྲེལ་ལྟར་འཛེགས་པ༴ རྒྱབ་ནས་ཁྱི་བཞིན་འབྲང་བ༴ ལྐོག་ནས་འབུ་བཞིན་གཡེངས་པ༴ ཟས་ཀྱི་དུག་སྦྱོར་བྱེད་པ༴ གཡས་ཀྱི་ཕོ་བདུད་གཡས་སུ༴ གཡོན་གྱི་མོ་བདུད་གཡོན་དུ༴ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ རྩང་འཕྱང་རྩང་གྱེར་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ དྲག་པོ་དཔལ་གྱི་གཏོར་ཆེན་གྱི༔ གདུག་པའི་ལྕགས་རི་ནག་པོ་ལ༔ དམར་ནག་རྩང་ཕུར་སྲིན་མོ་འགྲོས༔ ལས་མཁན་ཕོ་ཉའི་རྟེན་དུ་བཙུགས༔ ཡར་གྱི་རྩེ་མོས་སྲིད་རྩེ་སྙེགས༔ མར་གྱི་རྩེ་མོས་དམྱལ་ཁམས་གཟིར༔ སྐེད་པ་གཞལ་ཡས་སྟོང་གསུམ་ཙམ༔ དུར་ཁྲོད་དྲག་པོའི་མཆོད་སྤྲིན་གཏིབས༔ ལས་མཁན་ཚོགས་རྣམས་འདིར་བཞུགས་ལ༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ ཕྲིན་ལས་རྣམ་བཞི་མཛད་དུ་གསོལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ ཉོན་མོངས་དགྲ་བགེགས་ཞི་བར་མཛད༔ ཞི་བར་མ་གྱུར་གང་ཡང་མེད༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ ཞི་བའི་རྩང་ཕུར་ཟླུམ་པོ་རིས༔ ཡར་གྱི་རྩེ་ལ་དུད་སྤྲིན་འཁྲིགས༔ མར་གྱི་རྩེ་ལ་མེ་ཆེན་འབར༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ ཞི་མཛད་སྤྲུལ་པ་བསམ་མི་ཁྱབ༔ ནད་ཡམས་འཁྲུག་རྩོད་ཐམས་ཅད་ཀུན༔ ད་ལྟ་ཉིད་དུ་ཞི་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནད་མུག་འཁྲུག་རྩོད་ཐམས་ཅད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ ཚེ་དང་བསོད་ནམས་རྒྱས་པར་མཛད༔ རྒྱས་པར་མ་གྱུར་གང་ཡང་མེད༔ གསེར་རམ་སེར་པོའི་ཤིང་རྣམས་ལ༔ རྒྱས་པའི་རྩང་ཕུར་གྲུ་བཞི་པ༔ ཡར་གྱི་རྩེ་ལ་ལྷོ་སྤྲིན་གཏིབས༔ མར་གྱི་རྩེ་ལ་རྒྱ་མཚོ་འཁྲུགས༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ རྒྱས་མཛད་སྤྲུལ་པ་བསམ་མི་ཁྱབ༔ ཚེ་དང་བསོད་ནམས་མ་ལུས་པ༔ ད་ལྟ་ཉིད་དུ་རྒྱས་པར་མཛོད༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཚེ་དང་བསོད་ནམས་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ རྒྱལ་བློན་འབངས་ནོར་ཕོ་མོ་འབྲུ༔ དབང་དུ་མ་བསྡུས་གང་ཡང་མེད༔ ཟངས་སམ་དམར་པོའི་ཤིང་རྣམས་ལ༔ དབང་གི་རྩང་ཕུར་ཟླ་གམ་དབྱིབས༔ ཡར་གྱི་རྩེ་ལ་འོད་དམར་འཁྲུགས༔ མར་གྱི་རྩེ་ལ་ཕོ་ཉ་འཕྲོ༔ རྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ དབང་མཛད་སྤྲུལ་པ་བསམ་མི་ཁྱབ༔ རྒྱལ་བློན་འབངས་ནོར་ཕོ་མོ་འབྲུ༔ སྐད་ཅིག་ཉིད་ལ་དབང་དུ་སྡུས༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་རྒྱལ་བློན་རྗེ་འབངས་ཕོ་མོ་འབྲུ་ནོར་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ འཇིག་རྟེན་ཁམས་རྣམས་མ་ལུས་པའི༔ དགྲ་བགེགས་ལོག་འདྲེན་དམ་སྲི་རྣམས༔ བརླག་པར་མ་མཛད་གང་ཡང་མེད༔ ལྕགས་སམ་ནག་པོའི་ཤིང་རྣམས་ལ༔ དྲག་པོའི་རྩང་ཕུར་གྲུ་གསུམ་པ༔ ཡར་གྱི་རྩེ་ལ་དུག་རླངས་འཕྱོ༔ མར་གྱི་རྩེ་ལ་མཚོན་ཆ་འཁྲུགས༔ སྐེད་པ་རྒྱ་མདུད་གཞལ་ཡས་ཁང༔ ཧེ་རུ་ཀ་ཡི་སྐུར་གྱུར་ནས༔ བརླག་མཛད་སྤྲུལ་པ་བསམ་མི་ཁྱབ༔ དགྲ་བགེགས་ལོག་འདྲེན་དམ་སྲི་རྣམས༔ སྐད་ཅིག་ཉིད་ལ་བརླག་པར་མཛོད༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ལོག་འདྲེན་དམ་སྲི་ཐམས་ཅད་མཱ་ར་ཡ་ཕཊ྄༔ ཧཱུྃ༔ འདུལ་བྱེད་དྲག་པོའི་རྩང་ཕུར་གྱི༔ ཡར་གྱི་རྩེ་ལ་ཁྱུང་ཆེན་ལྡིང༔ ཁྱུང་རུ་གནམ་དུ་ཟངས་སེ་ཟང༔ མར་གྱི་རྩེ་ལ་ཆུ་སྲིན་འཕྱོ༔ རལ་པ་ནག་པོ་སྤྲིན་ལྟར་གཏིབས༔ སྐེད་པར་དུང་གི་སེང་གེ་འགྱིང༔ གཡུ་ཡི་རལ་པ་ཉི་ལི་ལི༔ ཡར་གྱི་རྩེ་ལ་གཡུ་འབྲུག་གྲགས༔ འབྲུག་སྒྲ་ཆེམས་ཆེམ་གློག་འོད་འཕྲོ༔ མར་གྱི་རྩེ་ལ་སྦྲུལ་ནག་འཁྱུགས༔ དུག་རླངས་ནག་པོ་སྤྲིན་ལྟར་གཏིབས༔ སྐེད་པར་ལྕགས་ཀྱི་སེར་ཆེན་འབེབ༔ ཐོག་རྒོད་དྲག་པོ་སྐར་ལྟར་འཕེན༔ ཡར་གྱི་རྩེ་ལ་རྒྱ་སྟག་འཕྱོ༔ སྟག་མོ་འཛུམ་མདངས་ཤིགས་སེ་ཤིག༔ མར་གྱི་རྩེ་ལ་གཟིག་ཆེན་ངར༔ གཟིག་ཆེན་ངར་སྒྲ་འུ་རུ་རུ༔ སྐེད་པར་དོམ་ནག་སྨྱོན་པ་རྒྱུག༔ དོམ་ནག་ངར་སྒྲ་ཁྲ་ལ་ལ༔ ཡར་གྱི་རྩེ་ལ་བྱ་ཀླག་འཇུམ༔ བྱ་ཀླག་འཇུམ་མདངས་ཤིགས་སེ་ཤིག༔ མར་གྱི་རྩེ་ལ་བྱ་རོག་གྲགས༔ བྱ་རོག་འགྱེད་སྒྲ་ཆེམས་སེ་ཆེམ༔ སྐེད་པར་གསེར་གྱི་འུག་པ་གྲགས༔ འུག་པས་ཧཱུྃ་སྒྲ་དི་རི་རི༔ གསེར་མིག་འཁྱིལ་པ་ཆི་ལི་ལི༔ ལས་མཁན་ཚོགས་ནི་སྤྲིན་ལྟར་གཏིབས༔ དགྲ་བགེགས་བྱད་མའི་ཤ་ལ་ཟོ༔ དཔལ་གྱི་གཏོར་ཆེན་ལྕགས་རི་ལ༔ བཙུགས་པས་དགྲ་བགེགས་བརླག་པར་མཛོད༔ བྱད་མ་གསོད་པའི་མཚོན་ཆར་བརྡུངས༔ ཆོས་སྐྱོང་ཕོ་ཉའི་རྟེན་ཏུ་འཛུགས༔ བར་ཆད་སོལ་ལ་རྐྱེན་རྣམས་ཟློག༔ སོད་ཅིག་དགྲ་བགེགས་བྱད་མ་སོད༔ ཟློག་ཅིག་བྱད་མའི་དམག་དཔུང་ཟློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ འདི་ནས་ལྷག་མ་གཏང་ཞིང་ཕྲིན་ལས་རྗེས་ཆོག་རྣམས་བྱའོ།། ༈ །།ཉིན་ཐ་མའི་ཚེ་སློབ་དཔོན་ཆས་སུ་ཞུགས་ལ་རྡོ་རྗེ་འདེགས་པའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཛཿཧཱུྃ། ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་ཐིམ། དམ་ཚིག་པ་རྣམས་ཁྲོས་འཁྲུགས་འབར་ཞིང་དམག་དཔུང་ལས་ལ་ཆས་པ་ལྟར་ཕྲིན་ལས་དྲག་པོའི་ལས་ལ་རྔམས་པའི་ཚུལ་དུ་བཞེངས་པར་གྱུར། ཧཱུྃ༔ ཤར་ཕྱོགས་སྒོ་མ་པུ་ཤུད་མགོ༔ ཐུགས་རྗེའི་ཐབས་ཀྱི་ལྡེ་མིག་གིས༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ དགྲ་དང་བགེགས་ལ་དམག་དྲོངས་ཤིག༔ ཧཱུྃ༔ ལྷོ་ཡི་སྒོ་མ་ཀང་ཀའི་མགོ༔ ཐུགས་རྗེའི་ཐབས་ཀྱི་ལྡེ་མིག་གིས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ དགྲ་དང་བགེགས་ལ་དམག་དྲོངས་ཤིག༔ ཧཱུྃ༔ ནུབ་ཀྱི་སྒོ་མ་སྲིན་བྱའི་མགོ༔ ཐུགས་རྗེའི་ཐབས་ཀྱི་ལྡེ་མིག་གིས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ དགྲ་དང་བགེགས་ལ་དམག་དྲོངས་ཤིག༔ ཧཱུྃ༔ བྱང་གི་སྒོ་མ་ཁྲ་ཡི་མགོ༔ ཐུགས་རྗེའི་ཐབས་ཀྱི་ལྡེ་མིག་གིས༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ དགྲ་དང་བགེགས་ལ་དམག་དྲོངས་ཤིག༔ གཏོར་མ་ཕྱིར་སྤགས་ལ། ཧཱུྃ༔ དམར་ཆེན་གཏོར་མ་ཕུར་བུའི་ཚོགས༔ དགྲ་དང་བགེགས་ལ་རྦད་པའི་ཚེ༔ ཐོག་སེར་འབེབ་པའི་ཆོ་འདྲ་ཞིང༔ སྟོང་གསུམ་ཐམས་ཅད་ལྡེགས་ཤིང་ཁྱོམ༔ སྐར་མདའ་འབེབ་པའི་ཆོ་འདྲ་ཞིང༔ རི་རབ་ཐམས་ཅད་གཡོ་ཞིང་འགུལ༔ སེང་ཆེན་འགྱིང་བའི་ཆོ་འདྲ་ཞིང༔ ངར་སྐད་དྲག་པོས་སྟོང་གསུམ་འཁྲུགས༔ བདུད་དམག་ཆས་པའི་ཆོ་འདྲ་ཞིང༔ རུ་དར་ནག་པོ་ཟངས་སེ་ཟང༔ རྡོ་རྗེ་གཞོན་ནུས་དམག་དཔོན་མཛོད༔ སྒོ་མ་བཞི་ཡིས་དམག་སྣ་དྲོངས༔ ཕྱོགས་བཅུའི་ཁྲོ་བོས་མཐའ་ནས་སྡུས༔ ཕུར་སྲུང་རྣམས་ཀྱིས་རུ་དར་ཕྱོར༔ ཕ་རོལ་བདུད་ཀྱི་དམག་དཔུང་ལ༔ གཡུལ་ངོ་ཆེན་པོ་དེར་སྤྲོད་ཅིག༔ མཐུ་དང་རྩལ་གྱི་ནུས་པ་ཕྱུངས༔ ཐུགས་དམ་མ་གཡེལ་དགྲ་ལ་ཡ༔ ཐུགས་དམ་བསྐུལ་ཞིང་ཆད་ཐོ་བྱ། དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས། རྡོ་རྗེ་ཕུར་པའི་ལྷ་ཚོགས་འཚུབས་ཆིལ་གྱིས་བྱོན་པར་གྱུར། གོམ་པ་བདུན་ཅུའི་སར་ཕྱིན་པ་ན་གསེར་སྐྱེམས་གཏང་། སྤྲོས་བཅས་རྔ་འཆམས་སོགས་བྱེད་ན་ཆད་མདོ་འདིར་འདོན། ཟ་ལམ་གྱེར་ཞིང་འཕེན་པའི་སར་ཕྱིན་པ་ན་གསེར་སྐྱེམས་གཏང་། ཕུར་པ་བསྒྲིལ་ཞིང་། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་སྟེ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ དཀར་ལ་དེ་ནི་ཡེ་རེ་རེ༔ ལྷ་རྣམས་ཀུན་གྱིས་གྲོགས་མཛོད་ཅིག༔ ཀླུ་གཤེགས་རྒྱ་མཚོའི་གཏིང་དུ་གཤེགས༔ སྔོ་ལ་དེ་ནི་ཐིབས་སེ་ཐིབ༔ ཀླུ་རྣམས་ཀུན་གྱིས་གྲོགས་མཛོད་ཅིག༔ བཙན་གཤེགས་བྲག་དམར་ལོགས་ལ་གཤེགས༔ དམར་ལ་དེ་ནི་སྤྲིངས་སེ་སྤྲིང༔ བཙན་རྣམས་ཀུན་གྱིས་གྲོགས་མཛོད་ཅིག༔ མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཁུག་ཅིག༔ བར་པ་རྣམས་ཀྱིས་སྐུ་ཟུར་ཅིག༔ ཟོར་གྱི་གདོང་ལ་མ་བཞུགས་པར༔ སོ་སོ་རང་རང་གནས་སུ་གཤེགས༔ འགུགས་གཞུག་བྱ་ཞིང་དམིགས་པའི་འབེན་བཟུང་ལ། ཀོང་ཟོར་ཐོགས་ནས། ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ དྲེགས་པ་ཐམས་ཅད་བདག་ལ་དགོངས༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིན༔ སྣང་སྲིད་ཀུན་གྱི་བདག་པོ་སྟེ༔ ང་ཡི་བཀའ་ལ་ཐམས་ཅད་ཉོན༔ དེ་རིང་གྲོགས་དང་ལས་ལ་བྱོན༔ ཛ༔ འཇིག་རྟེན་རི་བོའི་ཁོང་གསེང་ནས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་རྣམས༔ དམ་ཉམས་དགྲ་ཡི་སྟེང་དུ་ཡཱ༔ ཕྱག་ན་གདུག་པའི་ཀོང་ཟོར་ཐོགས༔ གློག་ལྟར་འཁྱུག་ཅིང་དགྲ་ལ་རྒྱོབ༔ དགྲ་བོ་གྲི་འཐབ་ཕུང་གྱུར་ཅིག༔ བཛྲ་ཙཎྜ་དགྲ་བགེགས་མཱ་ར་ཡ་རྦད༔ ཐོད་ཟོར་ཐོགས་ལ། ཛ༔ སྐར་མདའ་ལྟུང་བའི་བར་སྣང་ནས༔ དབང་ཕྱུག་ཉེར་བརྒྱད་འཁོར་བཅས་རྣམས༔ གདུག་པའི་དགྲ་བགེགས་སྟེང་དུ་ཡཱ༔ ལག་ན་གདུག་པའི་ཐོད་ཟོར་ཐོགས༔ རྦབ་ལྟར་འགྲིལ་ཞིང་དགྲ་ལ་རྒྱོབ༔ དགྲ་བོ་ཕུང་ཐལ་ཕྱགས་མས་ཐོབས༔ སརྦ་ཡཀྴ་ཌཱ་ཀི་དགྲ་བགེགས་མཱ་ར་ཡ་རྦད༔ རྡོ་ཟོར་ཐོགས་ལ། ཛ༔ སྟོང་གསུམ་བྲག་རིས་བསྐོར་བ་ནས༔ ཊཱ་ཀི་རཱ་ཙ་གནོད་སྦྱིན་གིང༔ གདུག་པའི་དགྲ་བགེགས་སྟེང་དུ་ཡཱ༔ ལག་ན་གདུག་པའི་རྡོ་ཟོར་ཐོགས༔ རི་བོ་ཉིལ་བཞིན་དགྲ་ལ་རྒྱོབ༔ དགྲ་བོ་བདུན་རྒྱུད་རྩད་ནས་ཆོད༔ སརྦ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་རྦད༔ བསྭེ་མདའ་ཐོགས་ལ། ཛ༔ སྟོང་གསུམ་ཟངས་རིས་བསྐོར་བ་ནས༔ བསྭེ་ཡི་སྐྱེས་བུ་རབ་འཇིགས་པ༔ གདུག་པའི་དགྲ་བགེགས་སྟེང་དུ་ཡཱ༔ ལག་ན་གདུག་པའི་མདའ་ཟོར་ཐོགས༔ ཐོག་ལྟར་འབེབས་ཤིང་དགྲ་ལ་རྒྱོབ༔ དགྲ་བགེགས་སྲོག་རྩ་ཐལ་བར་གཏོར༔ སརྦ་པྲ་མ་རཱ་ཛ་དགྲ་བགེགས་མཱ་ར་ཡ་རྦད༔ རྭ་ཟོར་ཐོགས་ལ། ཛ༔ སྟོང་གསུམ་ལྕགས་རིས་བསྐོར་བའི་ནང༔ ལྕགས་ཀྱི་སྐྱེས་བུ་རབ་འཇིགས་པ༔ ཕྱག་ན་གདུག་པའི་རྭ་ཟོར་ཐོགས༔ རླུང་ལྟར་འཚུབས་ཤིང་དགྲ་ལ་རྒྱོབ༔ དགྲ་བགེགས་ཕུང་བའི་རླུང་གིས་གཏོར༔ སརྦ་ད་ཤ་གྲཱི་ཝ་དགྲ་བགེགས་མཱ་ར་ཡ་རྦད༔ གཏོར་ཟོར་ཐོགས་ལ། ཛ༔ སྟོང་གསུམ་གངས་རིའི་ནང་ཤེད་ན༔ དུང་གི་སྐྱེས་བུ་རབ་འཇིགས་པ༔ གདུག་པའི་དགྲ་བགེགས་སྟེང་དུ་ཡཱ༔ ལག་ན་གདུག་པའི་གཏོར་ཟོར་ཐོགས༔ འཁྱུགས་ལྟར་རྒྱུག་ཅིང་དགྲ་ལ་རྒྱོབ༔ དམ་སྲི་འདྲེ་ཡི་སྙིང་ལ་རྒྱོབ༔ སརྦ་དེ་བ་རཱ་ཛ་དགྲ་བགེགས་མཱ་ར་ཡ་རྦད༔ མདའ་སྟོང་དམར་ཐོགས་ལ། ཛ༔ སྟེང་གི་ཡེ་དྷར་དགྲ་ལ་བྷྱོ༔ འོག་གི་ཕུང་བྱེད་དགྲ་ལ་བྷྱོ༔ བར་གྱི་གདུག་པའི་གློག་མ་སྤྲིན༔ གཟའ་ཆེན་ཐམས་ཅད་དགྲ་ལ་ཡཱ༔ མཱ་ར་ཡ་རྦད༔ མདའ་པུ་ཤུད་ཀྱི་སྒྲོ་ཅན་ཐོགས་ལ། ཛ༔ ཤར་ཕྱོགས་དུང་གི་གཞལ་ཡས་ནས༔ པུ་ཤུད་མགོ་ཅན་དུང་མདའ་བཀང༔ ཧེ་ཧེ་ལན་གསུམ་བརྗོད་བྱས་ཏེ༔ དགྲ་དང་བགེགས་ལ་མདའ་ཟོར་ཡཱ༔ ཧེ་ཧེ་དགྲ་བགེགས་མཱ་ར་ཡ་རྦད༔ སྐྱུང་སྒྲོ་ཅན་ཐོགས་ལ། ཛ༔ ལྷོ་ཕྱོགས་གསེར་གྱི་གཞལ་ཡས་ནས༔ ཀཾ་ཀའི་མགོ་ཅན་གསེར་མདའ་བཀང༔ ཀཾ་ཀ་ལན་གསུམ་བརྗོད་བྱས་ནས༔ དགྲ་དང་བགེགས་ལ་མདའ་ཟོར་ཡཱ༔ ཀཾ་ཀ་ཀཾ་ཀ་དགྲ་བགེགས་མཱ་ར་ཡ་རྦད༔ འུག་སྒྲོ་ཅན་ཐོགས་ལ། ཛ༔ ནུབ་ཕྱོགས་ཟངས་ཀྱི་གཞལ་ཡས་ནས༔ སྲིན་བྱའི་མགོ་ཅན་ཟངས་མདའ་བཀང༔ ཧུ་ཧུ་ལན་གསུམ་བརྗོད་བྱས་ཤིང༔ དགྲ་དང་བགེགས་ལ་མདའ་ཟོར་ཡཱ༔ ཧུ་ལུ་ཧུ་ལུ་དགྲ་བགེགས་མཱ་ར་ཡ་རྦད༔ ཁྲ་སྒྲོ་ཅན་ཐོགས་ལ། ཛ༔ བྱང་ཕྱོགས་གཡུ་ཡི་གཞལ་ཡས་ནས༔ ཁྲ་ཡི་མགོ་ཅན་ལྕགས་མདའ་བཀང༔ ཀུཾ་ཀུཾ་ལན་གསུམ་བརྗོད་བྱས་ཤིང༔ དགྲ་དང་བགེགས་ལ་མདའ་ཟོར་ཡཱ༔ ཀུཾ་ཀུཾ་དགྲ་བགེགས་མཱ་ར་ཡ་རྦད༔ ཟོར་ཐམས་ཅད་བཏེགས་ལ། ཧཱུྃ་བྷྱོ༔ རྡོ་རྗེ་གཞོན་ནུའི་དམག་དཔུང་རྣམས༔ ཐུགས་དམ་མ་གཡེལ་ཕྲིན་ལས་མཛོད༔ གདུག་པའི་དགྲ་དང་གནོད་པའི་བགེགས༔ ཟ་བའི་འདྲེ་དང་ཕུང་བའི་སྲི༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང༔ གྲུ་གསུམ་བསད་པའི་ཧོམ་དུ་ཆུགས༔ གཏོར་ཆེན་མཚོན་ཆའི་རི་རབ་ཀྱིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་གནོད་པའི་བགེགས་ལ་བྷྱོ༔ ཟོར་ཟོར་དམིགས་པའི་འབེན་ལ་ཟོར༔ དགྲ་བོ་བདུན་རྒྱུད་རྩད་ནས་ཆོད༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ གཞིག་དང་སྤར་བར་མཛད་དུ་གསོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཚིག་པ་རང་ལ་བསྟིམ། སླར་ཡང་གཏོར་མ་ནད་དུག་མཚོན་གསུམ་གྱི་ཕུང་པོར་བསམ་ལ། སྤུ་གྲིའི་དྲག་སྔགས་དང་བཅས་གཏོར་མ་རྣམས་རིམ་བཞིན་འཕང་། དགྲ་བགེགས་རྣམས་བྱེ་མའི་ཕུང་པོ་ལ་ཐོག་བརྒྱབ་པ་ལྟར་རྡུལ་ཆ་ཙམ་ཡང་མེད་པར་བྱས་པར་བསམ། ཕྱི་སྙེགས་གཅོད་ཅིང་སྲུང་འཁོར་ཡང་ཡང་བསྒོམ། ཕྱི་མིག་མི་བལྟ་བར་སྒྲུབ་ཁང་དུ་ལོག །སྒོ་དྲུང་དུ་བརྟན་མ་སྐྱོང་ཞིང་རྟ་བྲོ་བྱ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླ་ཞིང་གྲལ་དུ་འཁོད། ཚེ་འགུགས་གཏང་རག་དཀྱིལ་འཁོར་གཤེགས་བསྡུ་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འདི་ནི་རྒྱུན་གྱི་གཏོར་ཟློག་གཙོར་བཏོན་པ་སྟེ། སྒྲུབ་ཆེན་སོགས་ལ་ལག་ཁྲིད་ཡིག་ཆ་གཞན་དང་བསྟུན་དགོས་པ་ཡོད་དོ། །འདིར་སྨྲས་པ། འབྲས་བུ་ལམ་བྱེད་མ་ནོར་སྙིང་པོའི་དོན། །ལེགས་པར་འཛིན་རྣམས་བདུད་དགྲ་ལས་རྒྱལ་ཕྱིར། །པདྨའི་མན་ངག་ཆེས་ཆེར་གསལ་བའི་བློ། །རྙེད་པ་འདི་ཡང་དོན་དང་ལྡན་པ་ཉིད། །ཟབ་གནད་མང་པོ་འདུས་པའི་གོ་ཆ་ཡིས། །རབ་བགོས་རྫོང་འཕྲང་སྲོག་ལྡན་གཡུལ་དུ་འགྱེད། །བདུད་སྡེའི་རུ་དར་དུས་གཅིག་ཕྱིར་བསྙིལ་ནས། །རྒྱལ་བསྟན་མཛེས་པའི་རྒྱན་དུ་གྱུར་ཅིག་གུ །དེ་མཐུས་བདེ་གཤེགས་སྙིང་པོས་ཁྱབ་པའི་འགྲོ། ཁ་སྦྱོར་བདེ་ཆེན་ཀུན་བཟང་རྔ་ཡབ་པ། །རྡོ་རྗེ་གཞོན་ནུ་དབྱེར་མེད་ཀློང་ཆེན་པོར། །རང་རིག་དབྱིངས་ཡེ་ཟུང་འཇུག་སྐུ་ཐོབ་ཤོག །དེ་ལྟར་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨད་ལས་ཀྱི་ཆོ་ག་ཁྲིགས་སུ་བསྡེབས་པ་འདི་ནི། མཁན་ཆེན་ཟླ་བཟང་རིན་པོ་ཆེ་ཁུ་དབོན། ཟུར་མང་རྟོགས་ལྡན་དཀོན་རྒྱལ་བཅས་ཀྱིས་ཆེད་དུ་བསྐུལ་བ་མཛད་ངོར། ཤཱཀྱའི་སྔགས་འཆང་མཆོག་གྱུར་གླིང་པས་འོག་མིན་ཀརྨའི་རི་ཁྲོད་བདེ་ཆེན་གླིང་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་བཙུན་ཀརྨ་ཚེ་དཔལ་གྱིས་བགྱིས་པ། ཟབ་ཆོས་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་རྣམས་བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་བའི་ཆ་རྐྱེན་དུ་གྱུར་ཅིག །དགེ་ལེགས་འཕེལ།། །།
ཚོགས་བརྒྱ་གཏོང་བའི་ལག་ལེན་ (Volume 41, Text 37)
ཚོགས་བརྒྱ་གཏོང་བའི་ལག་ལེན་བཞུགས་སོ། །གུ་རུ་ཞི་དྲག་ལྟ་བུའི་ལས་གཞུང་དང་འབྲེལ་བར་ཚོགས་བརྒྱ་གཏོང་བར་འདོད་ན། མཆོད་གཏོར་ལས་གཞུང་གང་ལ་བརྟེན་པ་དེའི་སྐབས་དང་མཐུན་པར་ཆོ་ག་ངོ་བོ་བརྒྱ་དང་རྗེས་འབྲེལ་ཚོགས་བརྒྱ་གསོག་ན་ནི། སྒྲུབ་པ་པོ་བཅུའི་ཆོ་ག་ཚར་བཅུ་གཅིག་གི་དབང་དུ་བྱས་པས་བརྒྱ་དང་བཅུའི་ཁ་བསྐང་ཅན་དུ་འགྱུར་ཞིང་། དེ་ཡང་ཉིན་རེ་བཞིན་ཆོ་གའི་སྔོན་འགྲོ་ནས་གཟུང་རྗེས་ཀྱི་ཚོགས་ལྷག་གཏོང་བའི་བར་གྲངས་གསག་ཅིང་། དགོང་མོ་ཆོ་ག་རྗེས་མ་དེའི་མཐར་བསྐུལ་དང་ཆད་ཐོ་གཏོར་སྐྱོང་བྲོ་བརྡུང་ཤིས་བརྗོད་སྨོན་ལམ་ལ་སོགས་པས་མཐའ་རྒྱས་སུ་བྱེད་ཅིང་། ཡང་ཚོགས་མཆོད་རྐྱང་པས་ཚོགས་བརྒྱ་གསོག་ན་ལས་བྱང་གང་གཏོང་དེའི་ཆོ་གའི་ཁོག་འབུབས་སྔར་དང་འདྲ་བ་ལས་ཚོགས་འཁོར་གྱི་སྐབས་སུ་མི་བཅུ་ཡོད་ན། ཚོགས་ཟན་ཚོགས་རྫས་དང་བཅས་པ་བཅུ་ཚར་བཤམས་པའི་དང་པོ་ལ་ཚོགས་བྱིན་རླབས། ཚོགས་ཞིང་སྤྱན་འདྲེན་དང་མཆོད་པ་བྱ། ཚོགས་ཟན་བཅུ་པོའི་རྩེ་ནས་ཅུང་ཟད་བཅད་པ་དུམ་བུ་གཉིས་སྣོད་སོ་སོར་བླུགས་པའི་ཁར་ཚོགས་རྫས་སྣེ་མཚོན་ཀྱང་བྲན་པ་ཕུལ་ལ། དང་པོ་མཆོད་པའོ། །དེ་ནས་ཚོགས་ཟན་དུམ་བུ་གཅིག་ཚོགས་རྫས་ཀྱིས་བྲན་པ་ཕུལ་ལ་བར་པ་བཤགས་པ་བྱེད་ཅིང་། དེའི་མཐར་རྩ་གསུམ་བསྐང་གསོ་གཏང་། དེ་ནས་ཚོགས་ཟན་ནམ་ལིངྒ་ལ་ཚོགས་ཐ་མ་བསྒྲལ་བསྟབ་བྱས་ནས། ཚོགས་ཟན་བཅུ་པོ་བརྡའི་འབུལ་ལེན་དང་བཅས་པས་སྒྲུབ་པ་པོ་བཅུ་ལ་རེ་རེ་བཞིན་འགྱེད་པ་རོལ་རྗེས་སྨོན་ལམ་བཏབ། ལྷག་མ་བསྡུས་ནས་ཚོགས་ལྷག་ཆོ་གའི་དཀྱུས་བཞིན་བཏང་བས་ཚར་བཅུ་སོང་། དེ་འདྲ་བ་ཚར་བཅུ་གཅིག་གི་བར་དུ་བསགས་པས་བརྒྱ་དང་བཅུ་ཡི་ཁ་སྐོང་ཡོང་བ་ཡིན། ༈ ཡང་བླ་མ་གསང་འདུས་ཀྱི་ལས་བྱང་འདི་དང་སྦྲེལ་ནས་ཚོགས་བརྒྱ་གཏོང་ན། མཆོད་པའི་སྐབས་ཀྱི་ཚོགས་མཆོད་དེ་ཚོགས་རྫས་གཅིག་ལ་བརྟེན་པ་སྤྱི་མཆོད་དུ་བྱས་ལ། དེའི་རྗེས་ཀྱི་ཛཔ྄་བསྟོད་བསྐུལ་རྣམས་ནས་དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཅེས་པའི་བར་དཀྱུས་བཞིན་བཏང་རྗེས། གསུམ་པ་མཐའ་རྒྱས་ཀྱི་སྐབས་སུ་སླེབ་པ་ན། ཚོགས་ཟན་ཡོ་བྱད་རྣམས་བཅུ་ཚར་དུ་བཤམ། ཨོཾ་སརྦ་དྲ་བྱཾ་སོགས་དང་། རང་ཉིད་ལྷ་ཡི་ཐུགས་ཀ་སོགས་ཀྱིས་བྱིན་གྱིས་བརླབ། དེ་རྗེས་ཚོགས་རྫས་བཏེགས་ནས་མཆོད་གཡོག་གིས། ཧོ༔ གཟིགས་ཤིག་མཛེས་ལྡན་སོགས་དམ་བསྲེ། ཆོ་ག་པ་རྣམས་ཀྱིས། རིན་ཐང་མེད་ལས་སོགས་ཀྱིས་ལན་བྱིན། དེ་ནས་ཚོགས་རྫས་བཅུ་པོའི་རྩེ་མོ་ཕུད་དུ་ཕུལ་ལ། བདེ་བར་གཤེགས་སོ་སོགས་ཀྱིས་མཆོད། དེའི་འོག་ནས་ཕུལ་ལ། སྔོན་བྱུང་དུས་ནས་སོགས་ཀྱིས་བཤགས། ཚོགས་ཟན་དུམ་བུའམ་ལིངྒ་ལ། ཆེ་མཆོག་པདྨ་ཐོད་ཕྲེང་སོགས་བསྒྲལ་བསྟབ་བྱ། དེ་རྗེས་སུ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་སྒྲུབ་པ་པོ་རྣམས་ལ་འདྲེན། དེ་ནས་ཚོགས་ལོངས་སྤྱོད་ལ་ལྷག་མ་བསྡུས་ནས་ལྷག་མ་བཏང་། དེ་འདྲ་བ་མི་དང་ཚོགས་རྫས་ཆོ་ག་གྲངས་མཚུངས་སུ་སྦྱར་ནས་བརྒྱ་རྩ་ཁ་སྐོང་བཅས་སྔར་བཞིན་བསགས་ལ། རྗེས་ཆད་ཐོ་སོགས་རྗེས་ཀྱི་བྱ་བ་རྣམས་སྦྲེལ་བ་ཡིན་ནོ། །གསང་འདུས་ལ་རྩ་གསུམ་སྐོང་གསོ་ཟུར་པ་མི་འདུག་པས་མ་གཏང་ཡང་ཆོག །གཏོང་ན་རྡོར་གླིང་དང་པད་གླིང་པའི་གཏེར་མ་གཉིས་ཚིག་རིས་ཕལ་ཆེར་འདྲ་བ་དེའམ། གཏེར་གསར་སྐོང་བ་ཀུན་བཟང་མཆོད་སྤྲིན་མ་གང་འོས་གཏང་ཆོག །གཏོང་མཚམས་ཚོགས་བར་པ་དང་ཐ་མའི་རྗེས་གང་འོས་ཤིག་ལ་གཏང་བས་འཐུས། ཡང་ཆོ་ག་གཏང་ཐབས་བདེ་བར་ཕན་ན་རྩ་གསུམ་སྐོང་གསོ་དང་། ཆོས་སྐྱོང་གི་སྐོང་གསོ་ཚོགས་བྱིངས་འབུལ་བའི་གོང་དུ་གཏང་ཡང་འཐུས་པ་ཕྱག་ལེན་དུ་འདུག །ཅེས་འགྱུར་མེད་རྡོ་རྗེས་སོ།། །།
རྗེ་སྒམ་པོ་པའི་ཞལ་གདམས་བླ་སྒྲུབ་ཀྱི་དབང་ཆོག་སྨིན་བྱེད་ཉི་མའི་འོད་ཕྲེང་ (Volume 11, Text 37)
༄༅། །རྗེ་སྒམ་པོ་པའི་ཞལ་གདམས་བླ་སྒྲུབ་ཀྱི་དབང་ཆོག་སྨིན་བྱེད་ཉི་མའི་འོད་ཕྲེང་བཞུགས། ། རབ་འབྱམས་རྒྱལ་བ་ཀུན་གྱི་དངོས། །དཔལ་ལྡན་བླ་མའི་ཞབས་པད་ལ། །བཏུད་ནས་གང་གི་སྨིན་བྱེད་དབང་། །སྐལ་བཟང་དགའ་སྟོན་ཉིད་དུ་སྤྲོ། །དེ་ལ་འདིར་རྗེ་སྒམ་པོ་པའི་གསང་ལམ་བླ་མ་སྒྲུབ་པའི་དབང་བསྐུར་གྱི་རིམ་པ་བྱ་བར་འདོད་ན་དམ་ཚིག་ལ་གནས་ཤིང་བསྙེན་སྒྲུབ་ཚུལ་བཞིན་བགྱིད་པའི་སློབ་མས་གསོལ་བ་བཏབ་པའི་ངོར། དབང་གདམས་ངག་ལེགས་པར་ཐོབ་ཅིང་ཉམས་ལེན་སྔོན་དུ་སོང་བའི་བླ་མས། དབེན་པའི་གནས་སུ་སྟེགས་བུའི་ཁར་སིནྡྷུ་རའི་མཎྜལ་ཆོས་འབྱུང་བསྣོལ་མའམ། རྒྱས་པར་པད་འདབ་བཞིའི་དབུས་སུ་བཾ། ཆོས་འབྱུང་གི་མཐར་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བ། རིན་པོ་ཆེའི་བུམ་པར་ཆུ་གཙང་ལ་བུམ་རྫས་སོ་ལྔ་བཏབ་པ་མགུལ་ཆིངས་དམར་པོ་ཁ་རྒྱན་དུང་ཆོས་གཟུངས་རྡོར་དང་བཅས་པ། ཀ་པཱ་ལར་མྱོས་བྱེད་གཙང་མ་ལ་བདུད་རྩི་རིལ་བུ་བཏབ་པ། བླ་མ་ཡི་དམ་མཁའ་འགྲོ་གཏེར་བདག་གི་གཏོར་མ་ཚོགས་དང་མཆོད་པའི་ཡོ་བྱད་ཚུལ་བཞིན་དུ་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་དང་བསང་ཆུ་མེ་ཏོག་གི་སྣོད་སོགས་འདུ་བགྱིས་ཏེ། གང་ཡང་རུང་བའི་སྒོ་ནས་སྔོན་འགྲོ་གཏོར་མ་བསྔོ། ཚོགས་གསག་ནས་བཟུང་ལྷ་དང་བླ་མ་དབྱེར་མེད་དུ་བསྒོམས་ནས་ཡིད་བཟླས་བྱ་བའི་བར་སྒྲུབ་ཐབས་ནས་བྱུང་བ་བཞིན་བདག་བསྐྱེད་བསྒྲུབས་ལ། བུམ་པ་དང་མདུན་བསྐྱེད་ཀྱི་སིནྡྷུ་རའི་དལ་སོ་སོར་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་ཆོག་དང་བཟླས་པ་ནན་ཏན་བྱ། བསང་ཆུའི་སྣོད་དུ་བདུད་རྩི་འཁྱིལ་བའི་སྒོམ་བཟླས་རྒྱས་པ་གཞན་ནས་འབྱུང་བའམ་བསྡུ་ན། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་པད་ཉིའི་སྟེང་། །ཧཱུྃ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ། །ལྗང་སྔོན་བེ་ཅོན་ཞགས་པ་འཛིན། ཁྲོ་བོའི་ཆས་ལྡན་ཐུགས་སྲོག་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས། རྒྱལ་བ་ཀུན་གྱི་ཐུགས་རྗེ་ནི། །འཇིགས་བྱེད་འཇིགས་པའི་སྐུར་སྟོན་པ། ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །བགེགས་ཞི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿབིགྷྣཱནྟཱ་ཀྲྀཏ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། འོད་ཞུ་བསང་ཆུར་རོ་གཅིག་གྱུར། །ཅེས་མོས། སློབ་དཔོན་རང་ཉིད་ཏིང་ངེ་འཛིན་གྱི་དབང་བླངས་ཏེ། སློབ་མ་རྣམས་ཕྱག་དང་མཎྜལ་གྲུབ་ནས་བགེགས་ལ་གཏོར་མ་སྔོན་དུ་འགྲོ་བས་བསྐྲད་དེ་སྲུང་འཁོར་བསྒོམ། ཐུན་མོང་གི་ཆོས་བཤད་སྤྲོ་ན་ཅི་རིགས་བྱས་རྗེས། དེ་ཡང་འོ་སྐོལ་གྱི་སྟོན་པ་བླ་ན་མེད་པའི་བསྟན་པ་འདི་ལ་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས་དོན་གྱི་སྙིང་པོ་ནི་ཕྱི་མ་ཉིད་ཡིན་ཞིང་། དེ་ལའང་གདུལ་བྱའི་དབང་གིས་བྱ་སྤྱོད་སོགས་རྒྱུད་སྡེ་དམན་པ་གཉིས་དང་། རྣལ་འབྱོར་བླ་མེད་དེ་གོང་མ་གཉིས་ལས་འདིར་རྣལ་འབྱོར་བླ་ན་མེད་པ་ཤེས་རབ་མའི་རྒྱུད་ཀྱི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་དང་སྐྱབས་ཡུལ་ཀུན་འདུས་ཡིད་བཞིན་ནོར་བུ་བླ་མ་དབྱེར་མེད་ཀྱི་བྱིན་རླབས་དབང་བསྐུར་ཟབ་མོ་སྟོན་པ་ཡིན་ཞིང་། དེ་ལའང་དང་པོ་ཡིད་ཆེས་ཀྱི་ངེས་པ་བསྐྱེད་ཕྱིར་བརྒྱུད་པའི་ལོ་རྒྱུས་ཅུང་ཟད་ཅིག་སྤྲོ་བའི་དབང་དུ་བགྱི་ན། ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་གིས་འོག་མིན་རྡོ་རྗེ་བཙུན་མོའི་གསང་བར་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཟབ་མོའི་ཆོས་མཐའ་ཡས་པར་སྟོན་པར་མཛད་ལ། མི་ལས་འདས་པའི་གྲུབ་ཆེན་ཏཻ་ལོ་པ་དེ་ཉིད་བཅོམ་ལྡན་འདས་ཉིད་ཀྱི་སྤྲུལ་པ་གསང་སྔགས་སྔ་འགྱུར་བའི་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་པ་དེས་སྒྱུ་མའི་སྐུ་དངོས་ཀྱིས་འོག་མིན་དུ་བྱོན་ནས་སྟོན་པ་ཉིད་ལས་ཆོས་ནོད། དེ་དག་ཡན་ལག་དྲུག་དང་རིམ་པ་ལྔ་ཕྱག་རྒྱ་བཞིར་བསྡུས་ཏེ། ཏཻ་ལོ་ང་ལ་མི་ཡི་བླ་མ་མེད། །ཅེས་གསུངས་ལ། ཐེ་ཚོམ་གྱི་གནས་སེལ་ཕྱིར་བཀའ་བབས་བཞིའི་བླ་མ་བསྟེན་ཚུལ་བསྟན། དེ་ལ་མཁས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ནཱ་རོ་པས་བྱ་དཀའ་བ་བཅུ་གཉིས་ལ་སོགས་པའི་རིམ་གྲོས་མཉེས་པར་མཛད་པས་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། དེ་ལ་མངའ་བདག་མར་པ་ལོ་ཙཱ་དེ་ཉིད་ཀྱིས་རྒྱ་གར་དུ་ལན་གསུམ་བྱོན་ཏེ་རྗེ་ནཱ་རོ་པ་ཉིད་ཡུན་རིང་དུ་བསྟེན། གདམས་ངག་ཟབ་དགུ་ཐམས་ཅད་ཐུགས་ཉམས་སུ་བཞེས་ནས་སྒྲོ་འདོགས་བཅད། ཁྱད་པར་གུང་ཐང་གི་མི་ལ་བཞད་པ་རྡོ་རྗེ་དེས་མངའ་བདག་ཆེན་པོ་དེ་ཉིད་ལུས་ཐོག་ནས་དཀའ་བ་དང་དུ་བླངས་པའི་ཚུལ་མཐའ་ཡས་པས་མཉེས་པར་མཛད་པ་ལས། སྙིང་པོ་དོན་གྱི་མན་ངག་ཕྱག་རྒྱ་ཆེན་པོ་དང་ཟབ་མོ་སྙན་བརྒྱུད་ཀྱི་གདམས་པ་ཁྱད་པར་ཅན་གནང་། ངོ་མཚར་རྨད་དུ་བྱུང་ཞིང་ཐོས་ཀྱང་ཡིད་གནོང་པར་འགྱུར་བའི་དཀའ་བ་མང་པོ་སྤྱད་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། རྗེ་དེའི་ཐུགས་ཀྱི་སྲས་དམ་པར་གྱུར་ཅིང་རྒྱལ་བའི་རྒྱལ་ཚབ་ཏུ་གྱུར་པ་རྗེ་སྒམ་པོ་པ་དེ་ཉིད་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་འཁོར་དུ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཞེས་བྱ་བར་གྱུར་པ་ན། སྟོན་པས་མདོ་སྡེ་ཏིང་འཛིན་རྒྱལ་པོ་གསུངས་པའི་དུས་ཞིག་གི་ཚེ། བྱང་ཆུབ་སེམས་དཔའི་འཁོར་ཚོགས་མང་པོ་ལ། མི་བཟད་པའི་ཕྱི་དུས་དམ་པའི་ཆོས་འཇིག་པའི་ཚེ། མདོ་སྡེ་འདིའི་དོན་བཤད་པ་དང་རྒྱས་པར་བྱེད་པ་སུ་ཞིག་ཡོད་ཅེས་བཀའ་བསྩལ་པ་ལ། ཟླ་འོད་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་ཁས་བླངས་ཤིང་དམ་བཅས་པ་ན། སྟོན་པས་དེའི་སྤྱི་བོར་ཕྱག་བཞག་ཅིང་མ་ཕམ་པ་ལ་སོགས་པ་བྱང་སེམས་ཀྱི་འཁོར་རྣམས་དང་། ལྷ་དང་བཅས་པའི་འཇིག་རྟེན་དག་ཀྱང་དབང་དུ་བཀོད་དེ། མ་འོངས་ཕྱི་དུས་འཇིགས་པ་ཆེན་པོ་ལ་ཟླ་འོད་གཞོན་ནུར་གྱུར་པས་རྟག་ཏུ་ཚངས་པར་སྤྱོད་པ་ལ་གནས་པ་དང་། ཏིང་ངེ་འཛིན་དམ་པ་རྒྱས་པར་བྱེད་པ་དང་། བདེ་བར་གཤེགས་པའི་ཆོས་ཀྱི་གཏེར་འབྱེད་པ་དང་། འཁོར་ལྔ་བརྒྱ་ལས་མི་ཉུང་བ་འབྱུང་བ་དང་། དེ་ནས་རྒྱལ་བ་འོད་དྲི་མེད་དུ་འཚང་རྒྱ་བ་ལ་སོགས་པར་ལུང་བསྟན་ཅིང་དེ་དག་ལ་བར་ཆད་མི་འབྱུང་བར་བྱིན་གྱིས་བརླབས་པ་དང་། དེ་བཞིན་དུ་ཆོས་སྨྲ་བ་བརྒྱད་བརྒྱ་དག་ཀྱང་ལངས་ཏེ་སྔར་བཞིན་དུ་ཏིང་ངེ་འཛིན་རྒྱལ་པོའི་དོན་འཛིན་པར་དམ་བཅས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་སོགས་བྱེ་བ་བརྒྱད་ཅུ་ལ་སོགས་པས་ཀྱང་སྐྱེས་བུ་དམ་པ་དེ་རྣམས་བསྲུང་བར་དམ་བཅས་པའི་ཚུལ་རྣམས་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོར་གསུངས་ལ། ཡང་སྟོན་པ་མྱ་ངན་ལས་འདས་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ་འབྱོན་པ་དང་། དེ་ལ་བསྔགས་པ་མང་པོ་བརྗོད་པ་དང་། དེས་སྟོན་པའི་བསྟན་པ་ཡངས་ཤིང་རྒྱས་པར་བྱེད་པར་འགྱུར་ཞེས་ཀུན་དགའ་བོ་དབུགས་དབྱུང་བར་མཛད་པ་དང་། དེ་འཆི་བའི་དུས་བྱས་མ་ཐག་འོད་དཔག་མེད་ཀྱི་ཞིང་བདེ་བ་ཅན་དུ་འཇིག་རྟེན་གྱི་ཁམས་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་འཚང་རྒྱ་བར་འགྱུར་བ་སོགས་མདོ་སྙིང་རྗེ་པད་དཀར་དུ་བཤད་པ་དང་། གཞན་ཡང་། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་ཆུ་བོ་མ་ཧཱ་ལོ་ཧི་ཏའི་ཀླུང་འགྲམ་རི་བྲག་ཚང་ཚིང་ཅན་དུ་ཆོས་སྨྲ་བ་དགེ་སློང་འཚོ་བྱེད་ཅེས་བྱ་བ་འཁོར་ལྔ་བརྒྱ་ལས་མི་ཉུང་བ་དང་ལྷན་ཅིག་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ལོངས་སྤྱོད་པར་འགྱུར་བ་སོགས་དང་། ཐང་ཡིག་རྣམས་ལས། ཨོ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ། །དྭགས་སྒོམ་སྙིང་པོའི་དོན་སྒོམ་ཁྱུ་གཅིག་འབྱུང་། །ཞེས་སོགས་ཚད་ཐུབ་ཀྱི་གཏེར་ལུང་དུ་མ་ནས་བསྟན་པ་དང་མཐུན་པར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་དཔལ་དྭགས་ལྷ་སྒམ་པོའི་གནས་རི་ཚང་ཚིང་ཅན་དུ། རྗེ་སྒམ་པོ་པ་དགེ་སློང་འཚོ་བྱེད་དུ་གྲགས་པ་འཁོར་ལྔ་བརྒྱ་ལས་མི་ཉུང་བ་དང་བཅས་པ་བྱོན་ཏེ་མདོ་ཏིང་འཛིན་རྒྱལ་པོའི་དགོངས་དོན་སྙིང་པོའི་གདམས་པ་ཕྱག་རྒྱ་ཆེན་པོ་ཉིད་ཐུགས་ཉམས་སུ་བཞེས་ཤིང་། སྔོན་གྱི་བྱང་ཆུབ་སེམས་དཔའ་བརྒྱད་བརྒྱས་དམ་བཅས་པའི་ལུང་དང་མཐུན་པར་སློབ་མ་ཡང་སློབ་བརྒྱུད་པར་བཅས་པས་སྙིང་པོའི་བསྟན་པ་ཆེས་ཆེར་སྤེལ་བར་མཛད་ཅིང་། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པར་གྱུར་ལ། སྙིགས་མའི་དུས་འདིར་ཡང་ཚེ་འདིའི་ཞེན་ཆགས་བསྐྱུངས་ནས་འཇིགས་པའི་དུར་ཁྲོད་དང་། རི་བོའི་བྱ་སྐྱིབས་དང་། མི་མེད་ཀྱི་ལུང་སྟོང་དང་། དབེན་པའི་བས་མཐའ་ལ་སོགས་པར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ་ཡང་བརྒྱུད་པ་གཞན་ལས་ཆེས་མང་བ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བབས་པར་གྱུར་པ་འདི་བཞིན་ཡིན་ལ། དེ་ལྟ་བུའི་སྐུ་ཆེ་བའི་ཡོན་ཏན་མཚུངས་པ་མེད་པ་དང་ལྡན་པའི་མཉམ་མེད་སྒམ་པོ་པ་ཆེན་པོ་དེ་ཉིད་ཀྱིས་སྙིགས་མ་ལྔ་བདོའི་དུས་ངན་གྱི་འགྲོ་བ་རྣམས་ལ་ལྷག་པར་བརྩེ་བས། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དཔལ་ལྡན་བླ་མ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་ཡེ་ཤེས་ཌཱ་ཀི་དབྱེར་མེད་དུ་སྒྲུབ་པའི་ཐབས་ལས་ཅན་གསེང་ལམ་བཙན་ཐབས་སུ་འཚང་རྒྱ་ཞིང་ཐོས་པ་དང་དྲན་པ་ཙམ་གྱིས་གྲོལ་བར་བྱེད་པ་ཟབ་ཆོས་དམ་པ་འདི་ཉིད་དང་། མཐོང་གྲོལ་རང་བྱུང་ཌཱ་ཀིའི་སྐུ་བརྙན། མྱང་གྲོལ་ཁྱད་འཕགས་དམ་རྫས་ཕབ་རྒྱུན། མཐོང་གྲོལ་ཡིག་ཆུང་ལ་སོགས་པ་ཐེམ་རྒྱ་སྨོན་ལམ་དང་བཅས་ཏེ་བྲག་སྒོམ་ཞྭའི་མགུལ་དུ་གཏེར་དུ་བསྡམས་ནས་བཞུགས་སུ་གསོལ་བ། ལུང་བསྟན་དུས་བབས་བཞིན་སྐྱེ་སྒོམ་ཡེ་ཤེས་རྡོ་རྗེའི་རྣམ་པར་སྤྲུལ་པ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་གདན་དྲངས་ཏེ། སྨིན་གྲོལ་བདུད་རྩིའི་གྲུ་ཆར་ཕབ་པས་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་རྫིང་བུ་ཡོངས་སུ་གང་བར་གྱུར་ལ། རིག་འཛིན་དེ་ཉིད་ནས་བརྒྱུད་པ་བདུན་གྱི་བར་དུ་དབང་ལུང་མན་ངག་ཐོབ་པ་ཙམ་གྱིས་གྲོལ་ནས་ཕྱིར་མི་ལྡོག་པའི་གོ་འཕང་ལ་རེག་འགྱུར་དུ་གསུངས་ཤིང་། དེ་ལྟ་བུའི་དབང་བསྐུར་ཟབ་མོ་ཞུ་བར་བྱེད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལེགས་པར་གསག་དགོས་ཕྱིར། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་ཡིད་བཞིན་ནོར་བུ་བླ་མ་ལ་སྐྱབས་ཡུལ་མཐའ་དག་སྤྲིན་བཞིན་གཏིབས་ཏེ་བཞུགས་པའི་མོས་པ་དང་ལྡན་པས་སྐྱབས་སུ་འགྲོ་བ་དང་བདུན་རྣམ་དག་མཛད་པར་ཞུ། སངས་རྒྱས་ཆོས་ཚོགས་དང་། ཇི་སྙེད་སུ་དག་སོགས་ཚར་གཅིག་བརྗོད་དུ་བཅུག །འོ་དེ་ཡང་རིགས་ཀྱི་བུ་ཁྱོད་རྣམས་སྔོན་ནས་བསོད་ནམས་ཀྱི་ཚོགས་དང་སྨོན་ལམ་རྣམ་དག་གི་མཐུས་དེང་གསང་སྔགས་ཐེག་ཆེན་གྱི་ཆོས་དང་མཇལ་ཞིང་བྱིན་རླབས་འཇུག་པའི་ཡུལ་དང་སྣོད་དུ་གྱུར་པའི་དུས་འདིར་གཏན་གྱི་འདུན་མ་སྒྲུབ་པའི་ཐབས་ལ་འབད་དགོས་ཤིང་། དེ་སྒྲུབ་པར་བྱེད་པ་ཡང་བླ་མ་ཚད་ལྡན་གྱི་དྲིན་ལ་ལྟོས་དགོས་ཏེ། དཔེར་ན་ཉི་མ་ལས་མེ་འབྱུང་བར་འདོད་ན་མེ་ཤེལ་གྱི་རྟེན་འབྲེལ་ཚོགས་དགོས་པའི་ཕྱིར་སློབ་དཔོན་ལ་ཐ་མལ་མིའི་འདུ་ཤེས་སྤངས་ཏེ་སངས་རྒྱས་ཐམས་ཅད་གཅིག་བསྡུས་ཀྱི་ངོ་བོར་ཐག་ཆོད་པའི་དད་མོས་ཀྱིས་ཀུན་ནས་བསླངས་ཏེ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། དཔའ་བོ་མཁའ་འགྲོ་རྣམས་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མིང་འདི་ཞེས་བྱ་བའི་རྒྱུད་ལ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུས་གང་བར་མཛད་དུ་གསོལ། སྨིན་པར་མཛད་དུ་གསོལ། ཡོངས་སུ་སྨིན་པར༴ ཤིན་ཏུ་སྨིན་པར༴ དེ་བཞིན་ཉིད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུས་གང༴ ནོར་བུ་ལྟ་བུས་གང་བར༴ ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་དངོས་གཞི་དབང་བསྐུར་བའི་རིམ་པ་ལའང་སྣང་སྲིད་ཐམས་ཅད་གདོད་ནས་རྒྱལ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉག་གཅིག་ཡིན་ཡང་དེ་ཉིད་མ་རྟོགས་པ་རྣམས་ཀྱི་ཤེས་སྒྲིབ་སྦྱང་ཕྱིར་སྣོད་བཅུད་ལྷར་གསལ་གདབ་དགོས་པས་དམིགས་པ་འདི་བཞིན་མཛོད། སློབ་མ་ལ་བསང་ཆུ་འཐོར་ཞིང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རཾ་ཡཾ་ཁཾ་བརྗོད་པས་དངོས་འཛིན་ཨ་འཐས་ཀྱི་ཉེས་སྐྱོན་ཐམས་ཅད་དག །ཁྱེད་རང་རྣམས་ཀྱི་སེམས་ཉིད་སྐྱེ་མེད་བསམ་བརྗོད་དང་བྲལ་བ་ལས་རང་མདངས་འགག་མེད་ཅིར་ཡང་འཆར་བ་སྣང་སེམས་དབྱེར་མེད་ཀྱི་ངོ་བོ་དུས་གསུམ་རྒྱལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ་མེའི་མདོག་ཅན། རྩ་ཞལ་ཁྲོ་འཛུམ་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ། དབུ་སྐྲ་ཁམ་ནག་གྱེན་དུ་ལངས་པའི་དབུས་སུ་ཕག་ཞལ་རྔམ་ལ་བརྗིད་པ། ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་འཕྱང་བ། ཕྱག་རྒྱ་ལྔ་དང་དར་དཔྱང་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ལང་ཚོ་རྒྱས་པའི་གཅེར་མོ་བྷ་ག་དང་ནུ་མ་འབུར་ཞིང་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་ཅིང་ཞབས་གཡས་བསྐུམ་གཡོན་བརྐྱང་པས་བམ་རོའི་སྙིང་གར་མནན་ཏེ་ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་དབུས་སུ་བཞུགས་པ། སློབ་དཔོན་དང་མདུན་བསྐྱེད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་ཡང་དེ་ལྟར་དུ་གསལ་བའི་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ལྟེ་བར་བཾ། དེ་ལས་འོད་ཟེར་འཕྲོས་པས། བཀའ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་ཕྱོགས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུར་སྤྱན་དྲངས། ཌཱ་དྲིལ་དྲག་ཏུ་འཁྲོལ་ཞིང་ཡེ་ཤེས་འབེབ་སྦྱོར་གྱི་སྤོས་དུད་བདུག །ཕེཾ་ཕེཾ་ཕེཾ། ཨོཾ་གུ་རུ་ཤྲཱི་བཛྲ་ཡོ་གི་ནཱི། ཨ་ཀཌྜྷ་ཡ་ཨ་ཀཌྜྷ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ཡཻ། ཧྲྀ་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ་སརྦ་ཝཱི་ར་ཡོ་གི་ནཱི། སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་དུ་བསྟིམས་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་དུ་སྤྱི་གཙུག་ཏུ་གསེར་གྱི་རྡོ་རྗེས་རྒྱས་གདབ་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་སྤྱི་བོར་བཀོད་པ་དང་ལྷན་ཅིག །ཏིཥྛ་བཛྲ་ཞེས་བརྗོད། དེ་ལྟར་ཡེ་ཤེས་ཕབ་ཅིང་རྒྱས་བཏབ་པ་དེ་ཉིད་དབང་དོན་གྱི་གཙོ་བོ་ཡིན་ཞིང་། སླར་ཡང་དེ་ལས་མི་འདའ་བ་དང་མི་འགྱུར་བའི་ཕྱིར་དུ་བུམ་གསང་ཤེས་རབ་བཞི་པའི་དབང་གིས་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་འཁོར་ལོར་སྒྲུབ་ཅིང་འབྲས་བུ་སྐུ་བཞི་འགྲུབ་པའི་སླད་དུ་དབང་བཞི་རིམ་ཅན་གྱིས་བསྐུར་བ་ཡིན་པས་དམིགས་པ་འདི་བཞིན་མཛད་པར་ཞུ། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིས་བུམ་པ་གང་བས་དབང་བསྐུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་བརྗོད་བཞིན་པས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་འཐོར། དེ་ལྟར་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་དབྱིངས་ཡེ་ཤེས་སྐྱོན་བྲལ་བ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལའོ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། བླ་མ་རྡོ་རྗེ་རྣལ་འབྱོར་མ་དང་འཁོར་ལོ་སྡོམ་པ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། བདེ་བའི་ངོ་བོར་ཞུ་བའི་བྱང་ཆུབ་ཀྱི་སེམས་སྦྱོར་མཚམས་ནས་བྱུང་བ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་སོགས་རྩ་སྔགས་དང་བདུད་རྩི་སྦྱིན་ལ་མཉམ་དུ་སློབ་མས། ཨ་ཧོཿམ་ཧཱ་སུ་ཁ། ཞེས་བརྗོད་དུ་བཅུག །དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། སིནྡྷུ་རའི་མེ་ལོང་ལྟེ་བར་བཞག་ཅིང་ཨོཾ་གསུམ་མའི་སྔགས་བརྗོད་དེ། མེ་ལོང་གི་དཀྱིལ་འཁོར་ལས་དལ་གཉིས་པ་འཕྲོས་ལྟེ་བར་ཐིམ་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་བས་སྤྱི་བོའི་ཧཾ་བྱང་ཆུབ་ཀྱི་སེམས་ཞུ་ནས་རྩ་གནས་ཐམས་ཅད་དུ་སོང་བས་ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམས་ལ་རླུང་བུམ་པ་ཅན་ཅི་རིགས་ཤིག་སྒོམས་མཛོད། ཤེས་རབ་སྦྱོར་བས་དཔལ་ལྡན་ཉིད། །དེ་ཉིད་ཡང་དག་རིག་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པར་བལྟ། །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་དགའ་བ་བཞིའི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། དེ་ནས་ལག་མཐིལ་སྟོང་པ་བསྟན་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ། རྡོ་རྗེ་དང་བཅས་པས་ཆོས་ཐམས་ཅད་གློ་བུར་བ། སེ་གོལ་གསུམ་གཏོགས་པས་དུས་གསུམ་གྱི་རྟོག་པ་དང་བྲལ་བ་ངོ་སྤྲད། ཕྱག་རྒྱ་ཆེན་པོའི་གནས་མཆོག་ན། །བྱང་ཆུབ་སེམས་དཔའ་སྤྱོད་པའི་བློ་གྲོས་བཞུགས། །དེ་ནི་མིང་ཙམ་བརྡའ་ཙམ་བཏགས་པ་ཙམ། །དེ་ལྟར་ཆོས་ཐམས་ཅད་དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ། རང་གི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རིག་པ་གཞི་མེད་རྩ་བྲལ་ངོ་བོ་ངོས་བཟུང་མེད་པ་སྣང་སེམས་དབྱེར་མེད་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ཤིག །དེས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་གྱི་དྲི་མ་སྦྱངས། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་བ་ཆེན་པོ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་བྱས། དེ་ནས་མེ་ལོང་སིནྡྷུ་རའི་དལ་གྱི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཀོད་པ་དང་ལྷན་ཅིག་བདག་གིས་གསོལ་བ་བཏབ་པའི་མཐར་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་དུ་ཁྱེད་རང་རྣམས་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། སིནྡྷུ་རའི་མཎྜལ་སློབ་མའི་སྤྱི་བོར་བཞག་ལ། རྡོ་རྗེའི་སློབ་མ་འདི་དག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། སོགས་ནས། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་དེ་གཡོན་པའི་སྲིན་ལག་གིས་སིནྡྷུ་ར་བླངས་ཏེ་སློབ་མའི་གནས་གསུམ་དུ་ཐིག་ལེ་བཀོད། དེ་ནས་ཁྱེད་རང་རྣམས་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀར་བླ་མ་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་རབ་བྱུང་གི་ཆ་ལུགས་ཞེས་པ་ནས། ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། དེ་ལ་གསོལ་བ་དྲག་པོ་སྙིང་ཁོང་རུས་པའི་གཏིང་ནས་དད་པའི་ཤུགས་བསྐྱེད་དེ་གདབ་པ་འདིའི་རྗེས་ཟློས་མཛོད། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སོགས་ནས། ཐུན་འདི་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་གྱི་བར་རྗེས་ཟློས་བྱེད་དུ་གཞུག །དེ་ནས་ཡང་ལྷ་དང་བླ་མའི་སྣང་ཆ་གསལ་བ་དེའི་ངང་ནས་ཨོཾ་ཨཱཿཧཱུྃ་ལྕེ་མི་བསྐྱོད་པ་ཡིད་ཀྱིས་བཟླས་པ་བརྒྱ་རྩ་ལ་སོགས་པར་ཇི་ལྟར་འོས་པ་མཛད་པར་ཞུ། སློབ་མས་ཡིད་བཟླས་གྲུབ་པ་དང་། སླར་ཡང་སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། དགེ་བ་འདི་ཡིས་མྱུར་དུ་བདག །འཛམ་གླིང་གྲགས་པ་འགྲུབ་གྱུར་ནས། །སོགས་བྱ། དེ་དག་གིས་ཟབ་མོ་དབང་གི་སྔོན་འགྲོ་དང་དངོས་གཞིའི་རིམ་པ་རྣམས་ལེགས་པར་གྲུབ་ནས་རྗེས་ཀྱི་བྱ་བ་ལ། སྤྱིར་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་གི་ཚུལ་རྣམས་ཉམས་པ་མེད་པར་བསྲུང་བར་བགྱིད་དགོས་ལ། ལྷག་པར་ལམ་ཟབ་མོའི་ཚུལ་སྟོན་པར་བྱེད་པའི་བླ་མ། བདེ་བར་གཤེགས་པ་ཀུན་འདུས་ཀྱི་ངོ་བོར་མོས་པའི་གསོལ་འདེབས་དང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཟབ་མོའི་དགོངས་པ་སྐོང་བ་ལ་ནམ་ཡང་སྐྱོ་དུབ་མེད་པ་དང་། ལྷ་དང་བླ་མ་དབྱེར་མེད་ཀྱི་བསྐྱེད་རྫོགས་ཟུང་འཇུག་རིག་སྟོང་ཡེ་ཤེས་ཀྱི་འཁོར་ལོར་ནམ་ཡང་འདུ་འབྲལ་མེད་པ་ནས། རང་ཉིད་གཅིག་པུ་ཞི་བདེའི་བློ་སྤངས་ཏེ་མཁའ་མཉམ་གྱི་འགྲོ་བ་མཐའ་དག་གཏན་བདེར་འགོད་པའི་བསམ་པ་བཟང་པོ་དང་དེ་དོན་སྒྲུབ་པ་གལ་ཆེ་ཞིང་། ཇི་ལྟར་བསྒོས་པ་དེ་དག་ནམ་དུ་ཡང་ཡལ་བར་མི་དོར་བར་བསྒྲུབ་བོ་སྙམ་པ་དང་ལུས་ལོངས་སྤྱོད་མཐའ་དག་མཎྜལ་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་བྱ། དེས་ལས་ཅན་གསང་ལམ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་ངག་བླ་མ་སྒྲུབ་པའི་དབང་གི་རིམ་པ་ལེགས་པར། གྲུབ་པ་ཡིན་པས་ལྷ་དང་བླ་མ་དབྱེར་མེད་ཀྱི་དཀྱིལ་འཁོར་ལས་མི་འདའ་བའི་ངང་ནས་རང་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གི་དོན་རྒྱ་ཆེན་པོར་འབད་པར་ཞུ། ཞེས་གདམས་ཤིང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། སློབ་མས་ཡོན་དང་མཎྜལ་ཕུལ་རྗེས་མཆོད་བསྟོད་དང་ཚོགས་འཁོར་བྱ། གཏེར་སྲུང་ལ་གཏོར་མ་ཕུལ། བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་ལ་སོགས་པས་ཞབས་བརྒྱན་པར་བྱའོ། །དེ་ལྟར་བླ་སྒྲུབ་ཀྱི་དབང་གི་རིམ་པ་འདི་ནི་སྒམ་པོ་པ་དཔལ་ནོར་བུ་བརྒྱན་པས་མཛད་པའི་དབང་ཆོག་ཧ་ཅང་བསྡུས་དྲགས་པ་བློ་ལྡན་རྣམས་ལ་དེ་ཙམ་གྱིས་གོ་བར་འགྱུར་ནའང་། བློ་དམན་རྣམས་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་འཁྲུལ་པ་མི་ལྡང་བའི་ཆེད་དང་། ཉེ་ལམ་དགེ་བའི་བཤེས་གཉེན་གུང་ཐང་པ་ཆོས་བཟང་དབང་པོས་གཅིག་ཏུ་བརྩོན་པའི་བསྐུལ་མ་མཛད་པར་བརྟེན། ཁྱབ་བདག་བཟང་པོ་རྡོ་རྗེའི་ཕྱག་བཞེས་དང་དབང་གི་སྤྱི་འགྲོས་རང་གིས་རིག་པ་སོགས་ཀྱིས་བརྒྱན་ཏེ། འཛམ་གླིང་རྡོ་རྗེས་ལྷོ་ཕྱོགས་ཀྱི་རི་བོའི་རྒྱུད་དཔལ་ལྡན་རས་ཆུང་ཕུག་གི་དགོན་པར་སྦྱར་བའོ།། །།
ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ དབང་དྲག་ཁྱུང་གི་ལས་མཐའ་ཕ་ལམ་བདུན་པ་རྡོ་རྗེ་རལ་གྲིའི་རྒྱ་ཅན་ (Volume 46, Text 37)
༁ྃ༔ ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས༔ དབང་དྲག་ཁྱུང་གི་ལས་མཐའ་ཕ་ལམ་བདུན་པ་རྡོ་རྗེ་རལ་གྲིའི་རྒྱ་ཅན་བཞུགས་སོ༔ ྈྈྈྈྈྈྈྈ དབང་དྲག་ཁྱུང་གི་ལྷ་ལ་ཕྱག་འཚལ་ལོ༔ དབང་དྲག་ཁྱུང་གི་ལས་མཐའ་རྡོ་རྗེའི་ཕ་ལམ་བསྟན་པ་ནི༔ དང་པོ་རྫས་སྦྱོར་རྡོ་རྗེའི་ཕ་ལམ་བསྟན༔ གུ་གུལ་གླ་རྩི་ཤིང་ཀུན་མུ་ཟི་ནག༔ བོང་ང་སྤྱང་བྲུན་ཟ་འོག་སྟག་སྡེར་མོ༔ དོམ་དྲེད་སྡེར་མོ་ཕོ་རོག་ཤ་དང་ཕ་བོང་དྲེག༔ ཀེ་ཚེ་ར་རྩིད་གཞོབ་དང་རྒྱ་རུའི་གཞོབ༔ སྐྱེར་ཚེར་གླང་རྭ་ཐལ་ཆེན་སྒོག་སྐྱ་དང༔ སླེ་ཏྲེ་རིམས་ཀྱིས་ཤི་སྐྲ་ལྡོང་རོས་དང༔ སྤྲུ་ནག་མཁན་དམར་རྩ་བ་ཡུངས་དཀར་ནག༔ སྡིག་པ་ཆུ་དག་ནག་པོ་བ་བླ་ཉ་ཡི་མགོ༔ ཤ་ཆེན་ཚིལ་ཆེན་སྲེ་མོང་ཏེ་ལོའི་ཤ༔ དྲི་ཆེན་རྭ་གཞོབ་་་ར་རུ་གླང་རུ།རྟ་དྲེའུ་སྤུ་ཡི་གཞོབ༔ རྟ་ཡི་རྨིག་གཞོབ་རྟ་བོན་སྦྲུལ་ཤ་དང༔ ཙནྡན་ཡུང་བ་མཛེ་དུག་ལྷོག་དུག་ར་དུག་པ༔ རེ་ལྕག་ཕག་སྣ་ཕག་མཆེ་ཐང་ཕྲོམ་དང༔ ཕྱི་ཤ་སྤྲེལ་ཤ་བྱ་ནག་མགོ་དང་སྟག་ཤ་བ༔་་་སྡུམ་བུ། དུར་བྱིད་ཨ་རུ་ར་དང་བཅས་པ་བསགས༔ ལེགས་པར་བཏུལ་ཅིང་ནུས་ལྡན་དྲི་ཆུ་འམ༔ ཁྱེ་འུའི་ཆུ་སྦྱར་རིལ་བུ་ཚད་ལྡན་དྲིལ༔ གླང་རྭ་གཡས་པར་བླུགས་ནས་དལ་དབུས་བཞག༔ དབང་དྲག་ཁྱུང་བསྒོམ་བསྙེན་སྒྲུབ་རྟགས་ལྡན་བྱ༔ རྟགས་ནི་དུ་བ་མེ་སྟག་འཇའ་ཚོན་འཁྲུགས༔ ས་གཡོས་འབྲུག་ལྡིར་ཁྱུང་དང་རྟ་མགྲིན་མཇལ༔ མང་དུ་འཕེལ་དང་རླངས་པ་དྲི་ངད་ལྡང༔ དེ་ཚེ་རྗེས་ཆོག་བྱ་ཞིང་རིལ་བུ་བཅང༔ བྱུག་བདུག་ཁོང་གཏོང་གཏོར་དང་སྒོ་དགུར་བསྐུ༔ ལས་སྦྱར་གང་ལ་ཐོགས་མེད་ཕ་ལམ་ཡིན༔ གདོན་བགེགས་ནད་རིགས་བརྒྱལ་ནད་གཟའ་ཀླུའི་དུག༔ གཉན་མཛེ་ལྷོག་པ་གག་པ་གཟེར་བུ་དང༔ སྐྲན་དང་དམུ་ཆུ་སྐྱ་བཤལ་འབྲས་འབམ་དང༔ འབྲུམ་བུ་ཕོལ་མིག་སྲིན་དང་ཤ་འབྲུམ་རྒྱབ་རྡོལ་གློ་ཧོན་དང༔ གདོལ་བ་ཐབས་འདྲེ་ཀླུ་གདོན་སྦྲུལ་གྱི་དུག༔ ཐབ་ནག་གྲིབ་དང་རྦད་འདྲེ་ཆང་འདྲེ་དང༔ ཆུ་བྱི་རྨ་རྒན་ཁྱི་རྨ་ཁྱི་སྨྱོན་དུག༔ སེར་བ་ཆར་པ་ཤྭ་འུད་གདོན་ཆེན་འདུལ༔ སྨྱོ་འདྲེ་འགོ་ནད་རིམས་ཀྱི་རིགས་ཀུན་ཐུབ༔ གང་བརྩམས་དེ་ལ་མི་འདུལ་མི་ཐུབ་མེད༔ ལྟོ་བྱུག་བདུག་པ་ཕ་རོལ་ཡུལ་དང་བསྟུན༔ གཉིས་པ་སྔགས་ཀྱི་ངར་འདོགས་སྒྲུབ་པའི་བསྙེན་པ་ནི༔ བདག་ཉིད་དབང་དྲག་རིལ་བུ་ཁྱུང་དུ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཁྲོཾ་ག་རུ་ཎཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་པྲ་ཛྙཱ་ཧ་ར༔ ཨོཾ་ཁྲོཾ་ག་རུ་ཎ་ཧཱུྃ༔ རྨ་བྱ་ཁྱུང་ཁྱུང༔ ཧ་ལ་ཧ་ལ༔ ཕྱུང་ཕྱུང༔ ཤིག་ཤིག༔ སརྦ་སཏྭམྦྷ་ཡ་ནན༔ ཨོཾ་སི་ལི་སི་ལི་ནན༔ བཛྲ་ཏི་ཤི་ནན༔ བར་ཞུམ་ཧ་རི་ནན༔ ཙི་ལི་ཙི་ལི༔ ཡཾ་ཡཾ་ནན༔ ལཾ་ལཾ༔ སད་སད༔ སོད་སོད༔ ཧུབ་ཕྱུང་ཧུབ་ཕྱུང༔ ནན་ནན་སོད༔ ཕུག་ཕུག་སོད༔ ཕཊ་ཕཊ་སོད༔ ཕཊ་ཕཊ་སྭཱ་ཧཱ༔ ཁྲོལ་ཁྲོལ༔ འབུམ་ཕྲག་གཅིག་བསྙེན་པའི་ཚད་དོ༔ ྀཨཚ༔ ཁྱད་པར་གསང་རྫས་ནོར་བུའི་ཕ་ལམ་ནི༔ ཨ་རུ་ར་ཞོ་བརྒྱད༔ བཙན་དུག་བཟང་པོ་ཞོ་གང༔ རུ་རྟ་ཞོ་དོ༔ ཆུ་དག་ཞོ་གསུམ༔ གླ་རྩི་ཞོ་གསུམ༔ དེ་རྣམས་བྱིས་པ་ནུ་ཞོ་འཐུང་བའི་ཆུ་དང༔ དགེ་སློང་ཡང་དག་པའི་དྲི་ཆུས་སྦྲུས་ལ་རིལ་བུ་སྲན་མ་ཙམ་བྱ༔ ཟངས་བུམ་ཚད་ལྡན་དུ་བླུག༔ རིལ་བུ་རེ་ལ་སྔགས་འདི་བརྒྱ་རྩ་རེ་བཏབ༔ ཨོཾ་ཕེ་ལཾ་ཧཱུྃ་ཕཊ༔ ཙིཏྟ་ཀྱི་ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ ཕུ་ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ སྭ་སྟི་ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ ཏྲི་ཏྲག་ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ བཟླས་པའི་རྟགས་ནི༔ སྦྲུལ་སྡོམ་སྡིག་པ་སྦལ་ལྕོང་བསད་པ་ལུས་ནས་དོན་སོང་བ་རྨི༔ ཆུ་སྐམ་པ་མེ་མཆེད་པ་སོགས་གྲུབ་པའི་རྟགས་སོ༔ དེ་ལྟར་བྱུང་ན་ནངས་མ་རེ་ལ་རིལ་བུ་རེ་ཟོས་ན་མཛེ་ཆུ་བུར་དུ་སོང་ཡང་སོས་པར་ཐེ་ཚོམ་མེད་དོ༔ རྨ་སོགས་ཤ་རོ་ལ་བྱུག་པར་བྱའོ༔ བསྲུང་ན་ལུས་ལ་རེ་རེ་བཏགས་པས་ཀླུ་དང་ས་བདག་གི་ཕོ་བྲང་བཤིག་ཀྱང་མི་སྐྱོན་བསྲུང་བར་ངེས་སོ༔ ྀཨཚ༔ ཡང་འབྱུང་པོ་མི་མ་ཡིན་དང་སྨྱོ་འདྲེ་འདུལ་བ་ནི༔ གོང་གི་རྫས་ཆེན་དེ་བདུག་ལ༔ དྲག་སྔགས་འདི་བཟླས་སོ༔ ཧྲཱིཿཧྱ་གྲཱི་བ་ནཱ་ག་རཱ་ཙ་ཨུ་ཙ་ཏ་ཡ་ཕཊ༔ སུ་མ་མ་རཱ་ཙ༔ སུ་ནི་རཱ་ཙ༔ མ་ཙ་མ་ཙ༔ ཟ་ཟ་ཏྲིག་ཤག༔ ཧྲིང་ཧྲིང༔ དུང་དུང༔ མ་མ་རག་མོ་སརྦ་བིགྷྣཱན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ དབང་དྲག་ཁྱུང་གི་སྤྲུལ་པ་དང་མེ་ཡི་ཚྭ་ཚྭས་སྲེག་ཅིང་གཟིར་བར་བསམ་པས་སྨྱོ་འདྲེ་ཇི་ལྟར་གདུག་པ་ཆེ་ཡང་ཞག་བདུན་མི་འགྱང་ངེས་པར་གྲོལ༔ ྀཨཚ༔ ཡང་གདོན་ཆེན་གསད་པའི་མན་ངག་ནི༔ བྲུབ་ཁུང་དུ་གདོན་གཟུགས་ཀྱི་ལིངྒའི་སྙིང་གར་ཏྲི་བུ་ཏྲི་ཛཿབྲིས་ལ་བཅུག༔ གོང་དེའི་སྔགས་ཤམ་འདི་གདགས་ལ་ཐུན་གྱིས་བྲབ༔ ན་མོ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ནཱ་ག་ཙནྡྷ་ཙནྡྷ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཛྭ་ལ་རཾ༔ མཱ་ར་ཡ་ཕཊ་ཕཊ༔ སོད་རྟགས་བྱུང་ན་དུག་ཤིང་མེ་ལ་བསྲེག༔ ཐལ་བ་མཆོད་རྟེན་འོག་ཏུ་གནོན་ནོ༔ དེས་གདོན་རྩད་ཆད་པར་འགྱུར་རོ༔ ས་མ་ཡ༔ ྀཨཚ༔ ཡང་སེར་བ་བསྲུང་བར་འདོད་ན༔ གོང་གི་རྫས་དུད་བཏང༔ རྫས་ཐུན་ལ་བྱུགས་ནས་བརྡེག་སྟེ༔ བྱང་བུ་ལ་སྔགས་དང་བྱ་ཁྱུང་བྲིས་ནས་རྫས་བྱུག༔ ཡུལ་དེའི་དབུས་དང་ཕྱོགས་བཞིར་འཛུག༔ རྩ་སྔགས་ཤམ་དུ༔ ཨོཾ་ཁྲོཾ་ག་རུ་ཊཿབཛྲ་ཀཱི་ལི་ཀཱི་ལ་ཡ་མུན་ནན༔ མུན་ཏི་ནན༔ ཡཾ་ཏི་ནན༔ ནུབ་ཏི་ནན༔ ཁ་ན་ལ་ཡར་ཡར་ནན༔ སྤུ་ཏ་སྤུ་ཏ་ཟློག་ཟློག༔ སཏྭཾ་བྷ་ཡ་བྱེར་བྱེར༔ ཟློག་མོ་ཧ་ཡ་བྱེར་བྱེར་ཟློག་ཟློག༔ ན་ཤ་ཡ་ཧཱུྃ་རཾ་རཾ༔ ཕཊ་རཾ་རཾ༔ བྷྱོ་རཾ་རཾ༔ དྲག་ཏུ་རཾ་རཾ༔ ཛྭ་ལ་རཾ་རཾ༔ སེར་བ་སེར་བྱེད་ཐམས་ཅད་ཛྭ་ལ་རཾ་རཾ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ྀཨཚ༔ དེ་བཞིན་ཆར་པ་གཅོད་པར་འདོད་ན༔ རྫས་དེ་ཡུངས་དཀར་ལ་བྱུགས་ནས་ཁྱུང་ཚོགས་སུ་བསྒོམས་ལ་ཆར་གདོང་ལ་གཏོར༔ དུད་པ་བདུག༔ ཚྭ་བསྲེག་ནས་སྔགས་བཟླས་པས་ཆད་དོ༔ ྀཨཚ༔ ཤྭ་འུད་ཀྱང་གོང་ལྟར་བྱ༔ ལྷོག་པ་ལ་རྫས་ཁོང་དུ་བཏང༔ སྔགས་ཆུ་བྱས་པས་ཆོག༔ ས་བདག་གཉན་རིགས༔ གྲུམ་བུ༔ འབྲས༔ སྲིན༔ གག་པ༔ ཕོལ་མིག་སོགས་ལ་ཁོང་དུ་བཏང་བས་ཐུབ༔ ལྦ་བ་ལ་ཕན་པར་འདོད་ན་རྫས་བྱུག་པ་དང་ཁོང་དུ་བཏང༔ ལྦ་བའི་དཀྱིལ་དུ་བྱ་ཁྱུང་མེ་སྟག་ཙམ་ཞིག་བསམ་པས་ཞིའོ༔ འགོ་ཡམས་ལ་བུ་གར་བྱུག༔ གཏད་ཟློག་ན་ཁོང་དུ་བཏང༔ གདོང་ལ་གཏོར༔ སྐྱ་བཤལ་དང་དམུ་ཆུ་ལ་མེའི་རང་བཞིན་དུ་བསྒོམས་ལ་བྱུག༔ དུག་ལ་རང་བྱ་ཁྱུང་དང་བྱ་ཁྱུང་རྨ་བྱའི་རྣམ་པར་བསྒོམ༔ གནས་ལྔ་དང་ལྟེ་བའི་ནང་དུ་བྱ་ཁྱུང་དམིགས་ལ་དུག་ནད་ཐམས་ཅད་ལྗིབ་ལྗིབ་རྔུབ་ཅིང་ཟ་བར་བསྒོམ༔ སྲིན་དང་བས་ལྡག་ལ་བྱུག༔ འགོ་ཧོན་གློ་སོགས་ཕྱུགས་ནད་ཐམས་ཅད་ལ་དུད་པ་བཏང༔ སྔགས་ཆུ་རྫས་འཐོར་ཞིང་ཁོང་དུ་བཏང་བས་ཐུབ༔ རྒྱབ་ཆོད་རྨ་རྒན་ལ་སྔགས་བཏབ་རྫས་བྱུག༔ ཆང་འདྲེ་ལ་བདུག༔ སྦྲུལ་གདུག་དང་ཐབ་ལ་བདུག་བལྡག་ཅིང་བྱུག་གོ༔ ཀླུ་གཉན་དུག་ལ་དེ་ལྟར་བྱ༔ སྐྲངས་མཁྲེག་ལ་སྔགས་བཏབ་རྫས་བྱུག༔ གདོན་བགེགས་ལ་བདུག༔ དེ་དང་དེ་བཞིན་ལས་གང་བྱེད་དབང་དྲག་ཁྱུང་གི་དམིགས་པས་རིག་པའི་མདས་གཟིར༔ བདུག་བྱུག་གཏོར་གསུམ་གང་དགོས་ཕ་རོལ་འབེན་ལ་གཟིར༔ ནུས་པ་མྱུར་བ་སྔགས་དང་རྫས་ཀྱི་ཆ་འཛོམ་པས་ལས་སྦྱོར་རིག་པས་དཔྱད༔ རིག་པས་གཟིར༔ གཟིར་བར་བྱས་པས་ཀླུ་བདུད་རྒྱལ་པོ་ཡང་སྙིང་འགས་ནུས་པས་གཞན་ལྟ་སྨྲོས་མི་དགོས་སོ༔ ྀཨཚ༔ ཡང་གདོན་ཁྲོལ་གྱི་མན་ངག་ནི༔ ཟངས་གཞོང་དམར་པོའི་ནང་དུ་ཁམ་སའམ༔ ཟན་ལ་བྱ་ཁྱུང་ལེགས་པར་བཞེངས༔ ཞལ་གདངས་པར་བྱས་ལ༔ ཡེ་ཤེས་པ་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་གཞུང་ལྟར་བྱས༔ གོང་གི་སྔགས་བརྒྱ་ཕྲག་བཟླ༔ དེ་ནས་ནད་པ་ལ་སྔགས་ཀྱི་ཆུས་ཁྲུས་བྱས་ནས༔ ཁྲུས་ཆུ་ཟན་དུ་བྱས་ལ༔ སྦལ༔་་་ས་བདག །སྦྲུལ༔་་་ཀླུ། སྡོམ༔་་་བསེན་མོ། སྡིག་་་རྒྱལ་པོ།བརྒྱ་རྩ་བརྒྱད་བཟོ༔ ཆངས་བུ་ལོ་གྲངས་སུམ་འགྱུར་བརྒྱ་རྩ་སོགས་བྱ༔ ཡང་ཟན་ཀོང་མར་མེ་ལོ་གྲངས་བཅས་པ་སྔགས་སམྦྷ་རས་བྱིན་གྱིས་བརླབས་ལ༔ ནད་པ་ལ་གཡས་གཡོན་བསྐོར་ཞིང་བྱ༔ ཁྱུང་ཞལ་དུ་བསྟབས་ཏེ༔ ནད་པའི་ངོ་བོ་སྦལ་སྦྲུལ་སྡོམ་སྡིག་ཏུ་གྱུར་པར་བསམ༔ དེ་དག་ཐམས་ཅད་སྔོན་དམར་ནག་ལང་ལང་དུ་གྱུར་ནས་བྱ་ཁྱུང་གིས་ལྗིབ་ལྗིབ་ཟོས་ནས་རྗེས་མེད་དུ་བསམ་ལ༔ སྔགས་འདི་དང་སྤྲད་ནས་ཞལ་དུ་འབུལ་ལོ༔ ཨོཾ་ཧྱ་གྲཱི་བ་བཛྲ་ག་རུ་ཊཿཙ་ལེ་ཙ་ལེ་ཧཱུྃ༔ ཀྱེ་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔ ཕུ་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔ སུ་སཏྭཾ་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔ པྲི་བྲག་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔ ཞེས་གླུད་ཚན་བཞི་པོ་མ་རྫོགས་བར་བསྟབས་ནས་བྱ་ཁྱུང་ཡེ་ཤེས་པ་གཤེགས༔ གཟུགས་དེ་ས་བདག་གདོན་གྱི་ཕོ་བྲང་དུ་དམིགས་ལ་དགྲ་ཕྱོགས་སུ་གཏོང༔ ཡང་ན་ཆུ་ཆེན་ལ་དོར༔ མཚམས་གཅོད་དྲག་ཏུ་བཏང༔ ནད་པ་ལ་དབང་དྲག་ཁྱུང་གི་དབང་བསྐུར་རོ༔ གདོན་ཁྲོལ་ཤིན་ཏུ་ཟབ་བོ༔ ས་མ་ཡ༔ ྀཨཚ༔ ྈྈྈྈྈྈྈ གནམ་ལྕགས་རལ་གྲིའི་ཕ་ལམ་སྲུང་བ་གོ་ཆ་ཀུན་ཐུབ་ཆེན་མོ་བསྟན་པ་ནི༔ གཟར་སྐར་བཟང་བར་བྱ་ཡི་ཉི་མ་ལ༔ དར་དང་ཤོག་ཤོག་བཟང་པོ་ལ༔ གོང་གི་རྫས་སྦྱོར་ཆེན་མོས་བྱ་ཁྱུང་རྟ་མགྲིན་གྱི་སྐུ་མངོན་རྟོགས་ལྟར་བྲིས༔ དེའི་གནས་ལྔར་ཁྱུང་ལྔ་བྲིས་པའམ༔ སོ་སོར་བྲིས་ཏེ༔ ཁྲོ་བོའི་སྤྱི་བོར་ཁྱུང་དཀར་གྱི་ལྟེ་བར་ཁྲོཾ་དང་ཨོཾ་གྱིས་མཚན་པ༔ རྩིབས་ལྔར་བྷི་ནཱ་ག་ནི་ཧཱུྃ་ཕཊ༔ མགྲིན་པར་ཁྱུང་དམར་བྲིས་པའི་ལྟེ་བར་ཁྲོཾ་ཨཱཿས་མཚན་པར་རྩིབས་ལྔ་ལ་ཛྷ་ཧཾ་ཀ་རི་ནི་ཧཱུྃ་ཕཊ༔ ཐུགས་ཀར་ཁྱུང་མཐིང་གི་ལྟེ་བར༔ ཁྲོཾ་ཧཱུྃ་གིས་མཚན་པར་རྩིབས་ལྔར་ཡ་མ་རུ་ཏི་ནི༔ ལྟེ་བར་ཁྱུང་སེར་གྱི་ལྟེ་བར་ཁྲོཾ་ཏྲཱྃ་གིས་མཚན་པར་རྩིབས་ལྔར་ག་རུ་ཊཿནཱ་ག་སོད་སོད༔ གསང་གནས་ཀྱི་ཕྲིན་ལས་ཀྱི་ཁྱུང་ལྗང་གི་ལྟེ་བར་ཁྲོཾ་ཨཿས་མཚན་པར་རྩིབས་དྲུག་ལ་ག་རུ་ཊ་ནཱ་ག་ཁྲོལ་ཁྲོལ་ཆིངས་ཆིངས་ཤིག་ཤིག་བྲིས༔ ཀུན་གྱི་རྩིབས་མཆན་དུ་ཕཊ་ཕཊ་བྲི༔ སྐུའི་ཁྱུང་གི་མུ་ཁྱུད་ཕྱི་མ་ལ་གོང་གི་སྔགས་རིང་བཀོད༔ གསུང་གི་ཁྱུང་གི་མུ་ཁྱུད་ལ་འབྱུང་པོ་སྨྱོ་འདྲེ་འདུལ་བའི་སྔགས་རིང་བཀོད༔ ཐུགས་ཀྱི་ཁྱུང་གི་མུ་ཁྱུད་ལ་ཕེ་ལཾ་སོགས་མཛེ་ནད་འདུལ་བའི་སྔགས་བཀོད༔ ཡོན་ཏན་གྱི་ཁྱུང་གི་མུ་ཁྱུད་ལ་ན་མོ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་སོགས་འབྱུང་པོ་གསོད་པའི་སྔགས་བཀོད༔ ཕྲིན་ལས་ཀྱི་ཁྱུང་གི་མུ་ཁྱུད་ལ་ཁྲོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སེར་བ་ཟློག་པའི་སྔགས་རིང་བཀོད༔ རང་རང་གི་ལྟེ་བའི་ཐ་མར་འདོད་གསོལ་གང་བསྲུང་བྲི༔ ཁྱུང་གི་མུ་ཁྱུད་ཕྱི་མ་ལ་གཡས་སུ་ཀཱ་ལི༔ གཡོན་དུ་ཨཱ་ལི༔ གཉིས་ཀ་ལ་རྟེན་འབྲེལ་སྙིང་པོ་བྲི༔ ར་གཡས་ལ་ག་རུ་ཊཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ རཾ་རཾ་དྲག་ཏུ་རཾ༔ རྭ་གཡོན་དུ༔ ག་རུ་ཊཿཙནྡྷ་སརྦ་སུ་ར་ན་ཧབ་ཤ་ཏྲཾ་སརྦ་པུ་ར་ཙིཏྟ་རྦད་ནན༔ ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཅེས་བྲི༔ ལྟེ་བའི་བསྲུང་བྱའི་ཁ་བསྒྱུར་ནི༔ རྒྱལ་པོ༔ ཀླུ༔ ས་བདག༔ བསེན་མོ༔ གཟའ༔ མཚོན༔ ནད༔ གཉན༔ དུག༔ མདའ༔ རྡོ༔ གྲི༔ ལྷོག་པ༔ སྲིན༔ དམུ་ཆུ༔ སྐྱ་བཤལ༔ འབྲས༔ གག་པ༔ ལྦ་བ༔ གྲུམ་བུ༔ ཆུང་སྲི༔ མོ་འདྲེ༔ ས་སྲི༔ དམ་སྲི༔ འགོ་ཧོན༔ དུག༔ སྦྲུལ༔ གཅན་གཟན༔ གཏད་ཁྲམ༔ སྡེ་བརྒྱད༔ སྨྱོ་འདྲེ༔ བྱད་ཁ༔ རྦོད་གཏོང༔ ཐེའུ་རང༔ ཕོལ་མིག༔ སྡེ་དཔོན༔ ཟ་འདྲེ༔ མི་ཁ༔ དགྲ་ཆོམ༔ གོད་ཁ༔ ཆུ་འདྲེ༔ རྦབ་རྒོད༔ སེར་བ༔ ལོ་ནད༔ བདུད་བཙན༔ གྲི་བོ༔ གྲི་མོ༔ འགབ་འདྲེ༔ འདྲེ་ལྔ༔ བདུད་གཅོད་སོགས་མདོར་ན་ཡ་ཀི་མགོན་པོ་ནག་པོ་མན་ཆོད་ནས་མ་ཀི་ཐེའུ་རང་ཡན་ཆད་བསྲུང་གང་དགོས་དེའི་མིང་མཐར་ཆེ་གེའི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ༔ ཞེས་བྱའོ༔ མི་བསྲུང་བ་མེད་པས་རིག་པས་གང་དགོས་ཆོག་པས་ཀུན་ཐུབ་ཅེས་བྱའོ༔ ཁྱུང་ལྔ་སོ་སོར་བྱེད་ན༔ གཙོ་བོ་རྟ་མགྲིན་གྱི་འཁོར་ལོ་ལྟེ་བར་ཧྲཱི༔ རྩིབས་ལྔར་ཁྱུང་ལྔའི་སྔགས༔ མུ་ཁྱུད་བཞི་ལ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་སྒྲུབ་སྔགས་དང་བཅས་པ་དགོད༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་ལ༔ ནང་མ་དབྱངས་གསལ༔ རྟེན་འབྲེལ་སྙིང་པོ༔ དེ་རྒྱབ་རྡོ་རྗེའི་ར་བ༔ དེ་རྒྱབ་མེ་རི་བྱའོ༔ ཁྱུང་ལྔ་སྐུ་ལ་བཀོད་ན་གཞན་མི་དགོས༔ སྐུའི་ཕྱི་རིམ་རྡོ་རྗེ་མེ་རི་ཙམ་བྱས་པས་ལེགས་སོ༔ དེ་ལྟར་གྱི་སྲུང་འཁོར་ཟབ་མོ་དེ༔ དཀྱིལ་པདྨ་འདབ་བཞིར་བཞག༔ དབང་དྲག་ཁྱུང་གི་དཀྱིལ་འཁོར་དུ་བསམ་ལ་སྔགས་རིང་གོང་མ་བརྒྱ་རྩ་དང༔ གཞན་གང་ལྕོག་གི་མཐར་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྗོད་ལ་ལྷ་ཡང་ཡང་བསྟིམ༔ གཉིས་མེད་དུ་བསམས་ནས་གདགས་སོ༔ རབ་རྫས་བསྒྲུབ་མཉམ་དུ་མཉམ་སྒྲུབ་བྱུང་ན་མཆོག་ཡིན་ནོ༔ ཤིན་ཏུ་ཟབ༔ དབང་དྲག་ཁྱུང་གི་ལས་མཐའ་ཕ་ལམ་གཉིས་ཏེ༔ ཡབ་འཁོར་ལོ་གནམ་ལྕགས་ཀྱི་ཕ་ལམ༔ ཡུམ་རྫས་བསྲུང་རྡོ་རྗེའི་ཕ་ལམ༔ གཉིས་མེད་ཐབས་ཤེས་སྦྱོར་བའི་སྲས་མཆོག་མཛེ་འདུལ་ནོར་བུའི་ཕ་ལམ༔ སྨྱོ་འདུལ་ལྕགས་སྡིག་གི་ཕ་ལམ༔ སེར་སྲུང་མེའི་ཕ་ལམ༔ གདོན་ཁྲོལ་ཆུ་ཡི་ཕ་ལམ༔ སྣ་ཚོགས་ཁ་བསྒྱུར་ལས་ཀྱི་ཕ་ལམ་དང་ལྔའོ༔ ཡབ་ཡུམ་གཉིས་དང་བདུན་པོ་གསང་བའི་ནང་ནས་མན་ངག་ཟབ་མོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་པདྨའི་མན་ངག་དབང་ཆེན་རྒྱུད་ཀུན་གྱི་ནང་ནས་བཅུད་དུ་དྲིལ་བ་ཟབ་རྒྱ་རྒྱ་རྒྱ༔ གསང་བའི་ནང་ནས་མན་ངག་རྣལ་འབྱོར་པའི་ལག་ཆ༔ དཔའ་བོའི་གོ་མཚོན་ལྟ་བུ་ཡིན་པས་གསང་བར་འགྱུར་རོ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ མ་འོངས་ལྷ་མེད་བསྒྲུབ་མི་ནུས༔ བདུད་ཚོགས་ཁས་དྲག་སྡེ་བརྒྱད་ཁ་རྒྱལ་ནས་ཆོས་བྱེད་ལ་བར་ཆད་སྣ་ཚོགས་གཏང་བས་དེའི་གཉེན་པོ་རྒྱས་པ་ལས་བསྡུས་ནས་མི་འགྲུབ་པ་མེད་པ་ལག་ལེན་ནུས་ན་དེས་ཆོག་པའི་ཟབ་ཏིག་ྀཨཚ༔ རྒྱ་རྒྱ་རྒྱ༔ དགོས་དོན་བཅུད་བསྡུས་གསང་སྔགས་ཁྱད་ཆོས་ལས་ཚོགས་ཕ་ལམ་གྱི་རིམ་པ་ས་མ་ཡ༔ དམ་རྒྱ་རྒྱ་རྒྱ༔ བལ་ཕུ་བྱང་ཆུབ་རི་ལ་ལྕགས་ལུག་ཧོར་ཟླ་གཉིས་པའི་ཚེས་དགུ་ལ་ཁྱུང་གི་ལས་དབང་། ལས་བྱང་ལས་མཐའ་ཕ་ལམ་བདུན་པ་བཅས་པ་འདི་གནམ་གང་དེ་ལ་ཚང་བར་བྱས་ནས་ཤོག་སེར་ལས་བཤུས་པས་འགྲོ་བ་ཐམས་ཅད་ཀླུ་དང་ས་བདག་རྒྱལ་བསེན་གྱི་གནོད་པ་ལས་གྲོལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ འོད་གསལ་ཤེས་བྱ་བུམ་འཇུག་ (Volume 56, Text 37)
རྫོགས་ཆེན་སྙིང་པོ་ཧཱུྃ་སྐོར་ལས༔ འོད་གསལ་ཤེས་བྱ་བུམ་འཇུག་བཞུགས་སོ༔ ཤུ་བྷཾ༔ ྈྈྈྈྈྈྈྈྈྈ གསལ་སྟོང་གཡོ་བ་མེད་པའི་ཉམས༔ དྲན་སྟོང་བག་ཆགས་གྲོལ་བའི་སྐུ༔ རང་བབས་གཉུག་མའི་ཟང་ཐལ་ཉིད༔ འོད་གསལ་ཆེན་པོའི་གདམས་པ་བསྟན༔ ཕྱི་རབས་ཀྱི་གང་ཟག་ཉོན་མོངས་པ་གཏི་མུག་གཉིད་འོད་གསལ་དུ་འཆར་བར་བྱེད་པའི་གདམས་པ་ལ་དོན་རྣམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་གསུམ་མོ༔ སྔོན་འགྲོ་ནི༔ དང་པོར་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་སྐྱབས་སུ་འགྲོ་བ་དང༔ སེམས་བསྐྱེད་པ་གསོལ་བ་གདབ་པ་བྱས་ལ༔ རང་བཞིན་གྱི་བབས་ལ་བཞག་གོ༔ དེ་ནས་རང་གི་ལུས་སྟོང་པ༔ ནང་ཤ་ཐམས་ཅད་མེད་པ༔ རྟའི་ཕྲུ་མ་ཕུས་བཏབ་པ་ལྟ་བུ༔ སྟོང་སང་ངེ་བ་གཅིག་གི་ནང་ནས་ཡར་ལ་རྩ་དབུ་མ་ཡར་སྣ་སྤྱི་བོ་ལ་གཏད་པ༔ མར་སྣ་གསང་བ་ལ་ཟུག་པ་ཞིག་ཐལ་ལེ་འདུག་པར་བསམ༔ དེའི་ངང་དུ་རྣལ་བསྡད་པས༔ གསལ་སྟོང་དུ་ལྷང་ངེ་གནས་པར་འདུག་གམ་བལྟ་བ་ལ་ཞག་གསུམ་བསྒོམ༔ དེ་ནས་རྩ་ནང་དེར་ཐིག་ལེ་དཀར་པོས་ཁྲིག་གིས་གང་འདུག་པ་ལ༔ སྙིང་གི་ཐད་ནས་མེ་ཏོག་དམར་སལ་ལེ་བ༔ ཁ་ཟུམ་ལ་ཁད་པ་གཅིག་གི་ནང་ན༔ ཨ་དཀར་པོ་གཅིག་བསམ་ལ༔ དེ་ནས་རྣལ་ཁར་ཡར་མར་གྱི་ཐིག་ལེ་རྣམས་ཨ་དེ་ལ་ཧྲིལ་འདུས་པས༔ ཨ་དེ་ནི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ མཚན་ཉིད་མི་གཡོ་བ༔ ལྷམ་མེ༔ ལྷན་ནེ༔ བུན་ནེ༔ སང་ངེ་བ༔ བུམ་པ་ནང་གི་མར་མེ་ལྟ་བུའི་ངང་ལ་ཉལ་བས༔ རབ་རྨི་ལམ་མེད་པར་འོད་གསལ་ངང་དུ་ལྷང་ངེ༔ འབྲིང་མངོན་ཤེས་སུ་སལ་ལེ༔ ཐ་མ་རྨི་ལམ་དུ་ངོ་ཤེས་ཏེ༔ བདེ་ཕྲིལ་བ་འབྱུང་ངོ༔ དེ་རྒྱུན་དུ་མ་ཡེངས་པར་བསྐྱངས་པས་ཞག་ཉི་ཤུ་རྩ་གཅིག་ན་རྨི་ལམ་འོད་གསལ་དུ་ཤར་ཏེ༔ རྟགས་དང་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ༔ རྗེས་ནི༔ འདི་ཉིད་རྒྱུན་དུ་བསྐྱང༔ གསལ་སྟོང་ངང་དུ་རྒྱུན་དུ་གནས༔ ཨེ་མ༔ འདི་འདྲའི་གདམས་པ་ཁྱད་པར་ཅན༔ རྨི་ལམ་འོད་གསལ་འཆར་བའི་གནད༔ ཨོ་རྒྱན་ང་ཡི་ཟབ་པའི་ཁྱད༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དམ་རྒྱའོ༔ ༄༅། །ཨོཾ་མ་ཎི་པདྨེ་ཧཱུྃ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་ལ་གསོན་ཅིག་སྐལ་ལྡན་ཕོ་མོ་ཚོ། །གཏེར་སྟོན་རྒྱལ་པོ་རྡོ་རྗེ་གླིང་པ་ང་། །སྐྱེ་བོས་བལྟས་ན་བྱིས་པ་རྣ་ཡངས་འདྲ། །ལས་ཅན་བལྟས་ན་གཏད་མེད་ཞིག་པོ་འདྲ། །རང་གིས་བལྟས་ན་སྨིག་རྒྱུ་ཆུ་ཟླ་འདྲ། ཁྲིད་ཡིག་བལྟས་ན་ལྷག་མེད་འགྲོ་འགྲོ་འདྲ། །གཟུང་འཛིན་བལྟས་ན་འཁོར་བར་ཞུགས་ཞུགས་འདྲ། །འཁོར་བ་བལྟས་པས་གཞི་མེད་རྩ་བྲལ་འདྲ། །སྒོམ་པ་བལྟས་པས་སྒོམ་མཁན་ངོ་བོ་སྟོང་། །སྐུ་གསུམ་ངང་རྫོགས་ཡན་པ་བློ་རེ་བདེ། །ཨོ་རྒྱན་ཐུགས་བཅུད་ཁྲིད་ཡིག་གཅེར་སྟོན་འདི། །ལྷག་ཆད་མེད་པར་བདག་གིས་ཕབ་ཡོད་དོ། །རང་གི་བུ་སློབ་ཐམས་ཅད་གོ་བ་ལོངས། །ཞེས་ཐུགས་ཁྲིད་རིག་པ་གཅེར་མཐོང་གཤམ་དུ་གསུངས་སོ།། །། ༄༅། །ཨེ་མ་ཧོ། སྐུ་ལྔ་མཐར་ཕྱིན་ཀུན་སྐྱོང་གླིང་། །གདུལ་བྱ་མཐའ་རྒྱས་རྡོ་རྗེ་གླིང་། །རིག་གནས་མཐར་ཕྱིན་ཆོས་ཀྱི་བཤེས། །ཐུགས་གཏེར་མཐར་ཕྱིན་འགྲོ་བའི་མགོན། །མི་འབྲལ་གཙུག་གི་རྒྱན་དུ་བཞུགས། །ལུང་བསྟན་མཐར་འདུག་པས་ཞལ་གསུང་ཡིན་འདྲའོ།། །། ༄༅། །འཛམ་གླིང་ཡངས་པའི་རྒྱལ་ཁམས་འདིར། །གསང་སྔགས་ཐེག་པ་རྒྱ་མཚོའི་བཅུད། །རྡོར་གླིང་ཡབ་སྲས་བསྟན་པ་འདི། །དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །མངྒ་ལཾ།། །།
གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་རྗེས་གནང་གི་ཆོ་ག་ཡེ་ཤེས་ཐིག་ལེ་ (Volume 13, Text 37)
༄༅། །གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་རྗེས་གནང་གི་ཆོ་ག་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ཁྱབ་བདག་བླ་མ་དྲག་པོ་ལ། །གུས་པས་ཕྱག་འཚལ་གསང་བ་འདིར། །འབྲེལ་འཇོག་ཙམ་གྱིས་འཇུག་འདོད་ལ། །བྱ་སླའི་རྗེས་གནང་འདི་ལྟར་སྦྱིན། །གང་ཟག་སྤྲོས་ཆུང་སྙིང་པོའི་བསྐྱེད་རྫོགས་ཙམ་དོན་དུ་གཉེར་བ་ལ་རྗེས་གནང་སྤྲོ་ན། སྟེགས་བུར་མཎྜལ་ལ་འབྲུ་ཚོམ་བཀོད་པའི་སྟེང་མཉྫིར་རྣམ་རྒྱལ་བུམ་པ་བཅུད་ལྡན། གཡས་གཡོན་དུ་རཀྴའི་ཕྲེང་བ། མེ་ལོང་། སྒྲུབ་ཐབས་ཀྱི་གླེགས་བམ། མདུན་ངོས་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། བསྐྱེད་རྫོགས་ཆུང་བའི་ལས་བྱང་གིས་བདག་མདུན་དབྱེར་མེད་བསྐྱེད་ཅིང་། བཟླས་པ་ཅི་འགྲུབ། བུམ་བཟླས་ཀྱང་སྤྱི་ལྟར་བྱ། མཆོད་བསྟོད་དང་འགྲུབ་ན་ཚོགས་མཆོད་ཀྱང་བྱ། ལས་བུམ་འཁྱིལ་པའམ་རྟ་སྔགས་ཀྱིས་བྱིན་བརླབ། དེ་ནས་སློབ་མ་རྣམས་ལ་ཁྲུས། བགེགས་བསྐྲད་སྲུང་འཁོར་སྔོན་དུ་འགྲོ་བས། སེམས་བསྐྱེད་གསལ་གདབ། དེའང་ཨོ་རྒྱན་གྱི་སློབ་དཔོན་པདྨ་ཧེ་རུ་ཀ་ཉིད་ཀྱིས་སྙིགས་དུས་ཤིན་ཏུ་གདུལ་དཀའ་བའི་འབྱུང་གདོན་མ་རུངས་པ་རྣམས་ཀྱི་གཉེན་པོར་ཆེད་དུ་དགོངས་པའི་གུ་རུ་དྲག་པོའི་་གདམས་སྐོར་མང་པོ་ཟབ་མོའི་གཏེར་དུ་སྦས་པའི་ནང་ནས་ཁྱད་པར་དུ་འཕགས་པའི་ཟབ་གཉན་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ། སྡེ་བརྒྱད་ལྷ་སྲིན་གདུག་རྩུབ་ཅན་རྣམས་ཀྱིས་བརྩིགས་པའི་ཁྲི་ལ་བཞུགས་ཤིང་པདྨ་དྲག་པོ་དང་རྣམ་དབྱེར་མེད་པའི་གཏེར་སྟོན་གྲུབ་ཐོབ་ཀྱི་རྒྱལ་པོ་ཀློང་གསལ་སྙིང་པོའི་ཟབ་གཏེར་ལས་བྱོན་པའི་གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་རྗེས་གནང་སྒྲུབ་་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་དགོངས་སུ་གསོལ༔ བདག་ལ་ཡེ་ཤེས་རབ་འབར་གྱི༔ སྨིན་གྲོལ་་ཐེག་པའི་རྗེས་གནང་སྩོལ༔ རྗེས་སུ་གནང་བ་བླ་མས་སྩོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཆེ་མཆོག་པདྨ་དྲག་པོའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པ་ལ། བདག་གཞན་ནམ་མཁས་ཁྱབ་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པའི་མོས་གུས་དང་བཅས་ཏེ་འདིའི་རྗེས་ཟློས། ན་མོ༔ བདག་དང་མཐའ་ཡས་སོགས་ལན་གསུམ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་མ་རྒན་སེམས་ཅན་མཐའ་དག་དཔལ་ཆེན་པདྨ་དྲག་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོར་འཇུག་ཅིང་སྨིན་གྲོལ་གྱི་རིམ་པ་མཐར་ཕྱིན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ མ་གྱུར་འགྲོ་བ་སོགས་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།སོགས། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཉི་མའི་གདན་ལ་གཏུམ་དྲག་དམར་ནག་མེའི་ཕྲེང་བ་ཅན་རྡོ་རྗེ་དང་སྡིག་པ་འཛིན་ཅིང་དྲག་པོའི་ཆ་ལུགས་རྫོགས་པའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར་པའི་མོས་པ་མཛོད། སྤྱན་འདྲེན་དང་སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔བཏགས་པ་བརྗོད། སྤོས་རོལ་བཅས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱས། དེ་རྣམས་ཀྱིས་རྗེས་གནང་གི་གཞི་འགོད་པ་སོང་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོངས་རྫོགས་རྣམས་སུ་ཡོད་པ་ལས་དང་པོ་སྐུ་ལྷ་སྒོམ་པའི་རྗེས་གནང་སྩོལ་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧྲཱི༔ བུམ་པ་མཚན་ལྡན་དཀྱིལ་འཁོར་ན༔ ཡེ་ཤེས་རབ་འབར་དྲག་པོ་ཡི༔ ཕྱི་ནང་དཀྱིལ་འཁོར་མ་ལུས་རྫོགས༔ དཀྱིལ་འཁོར་ཀུན་གྱི་རྗེས་སུ་གནང༔ བསྐྱེད་པ་ལྷ་ཡི་ཏིང་ངེ་འཛིན༔ པདྨ་དྲག་པོའི་སྐུར་བསྒོམ་པའི༔ སྐུ་ཡི་རྗེས་སུ་གནང་བ་སྦྱིན༔ བསྐྱེད་ལྷ་འོད་ཞུ་བདུད་རྩིའི་རྒྱུན༔ མྱང་བས་རྒྱུད་ལ་འཇུག་པར་གྱུར༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་རྗེས་སུ་གནང་བ་ཐོབ་པས་དེང་ཕྱིན་ཆད་སྣང་སྟོང་འཇའ་ཚོན་ལྟ་བུའི་ལྷ་སྐུ་ཕྱག་རྒྱའི་བསྐྱེད་རིམ་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །གསུང་གི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས། ཨེ་མ་བླ་མ་དགོངས་སུ་གསོལ༔ ཐེག་པའི་སྒོ་འབྱེད་དགོངས་སུ་གསོལ༔ ཐར་པའི་ལམ་སྟོན་དགོངས་སུ་གསོལ༔ སྙིང་པོའི་དོན་སྟོན་དགོངས་སུ་གསོལ༔ བདག་ལ་ཡེ་ཤེས་རབ་འབར་གྱི༔ སྨིན་གྲོལ་ཐེག་པའི་རྗེས་གནང་སྩོལ༔ གསུང་གི་རྗེས་གནང་བླ་མས་སྩོལ༔ ཕྲེང་བ་ཐོགས་ལ། ཧྲཱི༔ རིན་ཆེན་ཕྲེང་བ་གསུང་རྟེན་ལ༔ ཡེ་ཤེས་རབ་འབར་དྲག་པོ་ཡི༔ སྔགས་ཀྱི་ཕྲེང་བ་མཚན་ཉིད་རྫོགས༔ བཟླས་པ་ཀུན་གྱི་རྗེས་སུ་གནང༔ བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན༔ ངག་གི་སྒྲ་ལ་སྤྱོད་པ་ཡིས༔ དོན་གྱི་མྱོང་བ་རྒྱུད་ལ་འཇུག༔ དོན་བཞིན་སྤྱོད་པ་མན་ངག་ཡིན༔ རྩ་སྔགས་ཤམ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་རྗེས་སུ་གནང་བ་ཐོབ་པས། དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་ལ་བརྩོན་པར་མཛོད་ཅིག །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། ཨེ་མ་བླ་མ་དགོངས་སུ་གསོལ༔ ཐེག་པའི་སྒོ་འབྱེད་དགོངས་སུ་གསོལ༔ ཐར་པའི་ལམ་སྟོན་དགོངས་སུ་གསོལ༔ སྙིང་པོའི་དོན་སྟོན་དགོངས་སུ་གསོལ༔ བདག་ལ་ཡེ་ཤེས་རབ་འབར་གྱི༔ སྨིན་གྲོལ་ཐེག་པའི་རྗེས་གནང་སྩོལ༔ ཐུགས་ཀྱི་རྗེས་སུ་གནང་བ་སྩོལ༔ མེ་ལོང་གཏད་ལ། ཧྲཱི༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས༔ ཡེ་ཤེས་རབ་འབར་དྲག་པོ་ཡི༔ ཐུགས་ཀྱི་དཀྱིལ་འཁོར་མཚོན་བྱེད་རྫོགས༔ རྫོགས་རིམ་བསྒོམ་པའི་རྗེས་སུ་གནང༔ མེ་ལོང་གསལ་ལ་མ་འགགས་པས༔ རྐྱེན་རྣམས་ཀུན་གྱི་འཆར་གཞི་བྱེད༔ དོན་ལ་དངོས་པོ་མ་གྲུབ་པ༔ སྣང་སྟོང་ཆེན་པོའི་དོན་ལ་སྤྱོད༔ རྟོགས་ཤིང་གོ་བ་མྱོང་བར་གཅེས༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་པས། དེང་ཕྱིན་ཆད་རིག་སྟོང་ཀ་དག་སྤྲོས་བྲལ་འོད་གསལ་ནམ་མཁའ་ལྟ་བུའི་ལྟ་སྒོམ་ལ་གནས་པར་གྱིས་ཤིག །ཆོས་བཀའ་ཡོངས་རྫོགས་ཀྱི་གླེགས་བམ་གཏད་པས་སྨིན་བྱེད་དབང་དང་གྲོལ་བྱེད་རིམ་གཉིས་ལས་རབ་འབྱམས་བཅས་སྒྲུབ་པར་དབང་བའི་རྗེས་གནང་ཐོབ་པར་མོས་ཤིག །གླེགས་བམ་གཏད་ལ། ཧྲཱི༔ དྲག་པོ་ཡེ་ཤེས་རབ་འབར་གྱི༔ སྨིན་པའི་དབང་དང་གྲོལ་བའི་ལམ༔ བསྐྱེད་དང་རྫོགས་པའི་རིམ་གཉིས་དང༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི༔ རྗེས་སུ་གནང་བ་ཁྱོད་ལ་སྦྱིན༔ འགྲོ་འདུལ་ཐབས་ལ་མཁས་པར་སྤྱོད༔ དབྱངས་གསལ་དང་རྟེན་སྙིང་བརྗོད། དེང་ཕྱིན་ཆད་དྲག་པོ་ཡེ་ཤེས་རབ་འབར་གྱི་བསྐྱེད་བཟླས་རྫོགས་པའི་རིམ་པ་ལ་བརྩོན་ཞིང་ཕྲིན་ལས་རབ་འབྱམས་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛོད་ཅིག །ཅེས་གདམས། ཤིས་པ་བརྗོད། དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་བཏང་ན་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་དཀྱུས་ལྟར་བྱས་པས་འགྲུབ་བོ། །རྗེས་གནང་འདི་དབང་ཆེན་གྱི་ནང་དུ་བཙུད་ན་ཐོག་མའི་མཎྜལ་དང་གསོལ་གདབ་འཕྲོས་སུ་བྱིན་འབེབས་ལ་འཇུག་པས་ཆོག་གོ །པདྨ་དྲག་པོའི་ཡེ་ཤེས་བྱིན། །བདག་སོགས་རྒྱུད་ལ་རྩོལ་མེད་ཞུགས། །དབང་དྲག་ལས་ཀྱིས་ཁམས་གསུམ་པོ། །དཔལ་གྱི་ཕྱག་རྒྱར་སྒྲོལ་གྱུར་ཅིག །ཅེས་པའང་ཉེར་མཁོའི་ཆེད་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་ཟབ་ལུང་གཉིས་པའི་དབེན་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས༔ འདོད་རྒུའི་སྤྲིན་གྱི་ཏིང་འཛིན (Volume 50, Text 37)
༁ྃ༔ རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས༔ འདོད་རྒུའི་སྤྲིན་གྱི་ཏིང་འཛིན་བཞུགས༔ ྈྈྈྈྈྈྈ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ ཀུན་བཟང་པདྨ་འབྱུང་གནས་ཀྱིས༔ ཡོ་བྱད་དབང་བའི་ཆོ་འཕྲུལ་ནི༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ འདོད་རྒུའི་ཆར་འབེབ་ལྷ་མོ་བཤད༔ བཅོམ་ལྡན་ནོར་གྱི་རྒྱུན་མ་ཞེས༔ མཚན་ཙམ་འཛིན་དང་དྲན་པས་ཀྱང༔ བར་ཆད་སྡུག་བསྔལ་ཀུན་ཞི་ཞིང༔ སྲིད་ཞིའི་འབྱོར་པ་འབད་མེད་ཐོབ༔ ས་མ་ཡ༔ དེ་ཉིད་ཉེ་བར་བསྙེན་འདོད་པས༔ ནགས་ཚལ་མཚོ་གླིང་བྲག་སྐྱིབས་སོགས༔ དབེན་ཞིང་ཉམས་དགའ་འབབ་ཆུ་དང༔ མེ་ཏོག་དཀར་པོས་བརྒྱན་པའི་གཞིར༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ བྱི་དོར་བྱ་ཞིང་ཆག་ཆག་གདབ༔ དམ་ཚིག་རྟེན་དུ་བྲིས་སྐུའི་མདུན༔ བདུག་སྤོས་བཟང་པོ་ལེགས་པར་འབུལ༔ སྐྱབས་སེམས་ཚོགས་གསག་སྔོན་འགྲོ་བས༔ དངོས་གཞིའི་རིམ་པ་འདི་ལྟར་བརྟག༔ ཨ༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ ཟུང་འཇུག་འདུས་མ་བྱས་པའི་དབྱིངས༔ རིག་གདངས་བརྩེ་བའི་སྙིང་རྗེའི་རྩལ༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ རྒྱུ་ཡི་ས་བོན་བཾ་སེར་པོ༔ གསེར་མདོག་ཉི་མ་ལྟ་བུར་ཤར༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ སྟོང་གསལ་ངང་ལས་འབྱུང་རིམ་སྟེང༔ ལྷ་དང་མི་ལས་ཁྱད་འཕགས་པའི༔ བྱང་ཆུབ་སེམས་དཔའི་ནོར་བུའི་མཆོག༔ རིན་ཆེན་ཏོག་གི་བློ་གྲོས་ཀྱི༔ གཞལ་མེད་ཁང་ཆེན་ཉམས་དགའ་བ༔ བཀོད་པ་དུ་མས་འཕགས་པའི་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ བཾ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཕགས་མ་ནོར་རྒྱུན་ལྷ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ དགོས་འབྱུང་གང་བའི་འབྲས་བུ་དང༔ གཡོན་པས་སྐྱབས་སྦྱིན་འབྲས་སྙེ་ནི༔ འདོད་རྒུའི་ཆར་འབེབ་རབ་ཏུ་བསྣམས༔ སྣ་ཚོགས་དར་གྱི་ན་བཟའ་དང༔ རྣམ་མང་རིན་ཆེན་རྒྱན་གྱིས་བརྒྱན༔ མཆོག་ཏུ་སྒེག་ཅིང་འཛུམ་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ རང་འོད་ཐབས་མཆོག་ཛམྦྷ་ལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཡུམ་གྱི་མགུལ་ནས་འཁྱུད༔ བི་ཛ་པཱུ་རའི་འབྲས་བུ་བསྣམས༔ གཡོན་པས་ནོར་གྱི་རྒྱུན་སྩོལ་བའི༔ ནེ་འུ་ལེ་ཡི་མགྲིན་པ་གཟུང༔ ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་རྗེས་ཆགས་གཏུམ་པའི་ཉམས༔ ཡབ་ཡུམ་མཉམ་སྦྱོར་མཁའ་གསང་ནས༔ བཾ་དང་ཛཾ་ཡིག་ཕྱོགས་མཚམས་འཕྲོས༔ སོ་སོའི་གདན་སྟེང་ཡོངས་གྱུར་ལས༔ ཤར་དུ་ཟླ་འོད་ནོར་བུ་བཟང༔ ལྷོ་རུ་སྦྱིན་མ་གང་བ་བཟང༔ ནུབ་ཏུ་རབ་སྦྱིན་ནོར་སྦྱིན་ཆེ༔ བྱང་དུ་འཕགས་མ་རྣམ་ཐོས་སྲས༔ ཤར་ལྷོ་རབ་བཟང་རོལ་པའི་ཕྲེང༔ ལྷོ་ནུབ་སྦས་མ་འཇམ་པོ་འཁྱིལ༔ ནུབ་བྱང་མཛེས་མ་གདོང་གི་དབང༔ བྱང་ཤར་དབྱངས་ཅན་སྤྱོད་པའི་དབང༔ ཀུན་ཀྱང་གསེར་མདོག་རྒྱན་ཆ་ལུགས༔ གཙོ་བོ་ཡབ་ཡུམ་རིགས་སུ་བཞེངས༔ སྒོ་བཞིར་འཇིག་རྟེན་སྐྱོང་བ་དང༔ བར་མཚམས་ནོར་ལྷ་རབ་འབྱམས་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་འཕྲོ་ཞིང་འདུ༔ འགྲོ་ཀུན་དབུལ་བའི་གདུང་སེལ་ཞིང༔ འདོད་རྒུའི་དངོས་གྲུབ་ཆར་བཞིན་འབེབ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ བྱང་སེམས་བདུད་རྩིའི་དབང་བསྐུར་བས༔ ཡེ་ཤེས་རིགས་ལྔའི་ཕྱག་རྒྱས་བཏབ༔ ཨོཾ་ཨཱཿཧཱུྃ༔ ཏྲཱཾ་ཧཱུྃ་ཨོཾ་ཧྲཱིཿཨཱ༔ ཨོཾ༔ འཕགས་མ་ཀུན་གཤེགས་སྙིང་རྗེའི་བདག༔ སྙིགས་མ་ལྔ་ཡི་མཐར་སྐྱེས་པའི༔ འགྲོ་རྣམས་དབུལ་ཕོངས་བསལ་བ་དང༔ འདོད་རྒུའི་དངོས་གྲུབ་སྩོལ་བའི་ཕྱིར༔ བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྤྲུལ་པའི་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་ཤྲཱི་སརྦ་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧོ༔ སྙིང་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་རྟེན་དང་བསྲེ༔ དགའ་བ་ཆེན་པོའི་སྒྲོག་གིས་བཅིང༔ བཏང་སྙོམས་དྲིལ་བུས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བཾ་ཧོ༔ ཧོ༔ ཆོས་ཀུན་རང་བཞིན་མཉམ་ཉིད་དབྱིངས༔ ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ༔ འདོད་རྒུ་ཆར་འབེབ་ལྷ་མོ་ལ༔ མི་ཕྱེད་གུས་པས་ཕྱག་གིས་འདུད༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོཾ་ཤྲཱི་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨ༔ པཱ་དྱཾ་པཾ༔ པུཥྤེ་ཏྲཱཾ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ནཻ་བིདྱཱ་ཨཾ༔ ཤབྡ་ཧོ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ དྷརྨ་དྷཱ་ཏུ་ཧོ༔ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡེ་ཧཱུྃ༔ ཨོཾ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེར་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེས༔ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ ཨཱ༔ སྐྱེ་བ་མེད་པའི་ཡི་གེའི་སྤྲིན༔ འགག་མེད་གཟུངས་ཀྱི་སྒྲ་རུ་ཤར༔ དྲན་པས་དངོས་གྲུབ་མཆོག་སྩོལ་བའི༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ༔ ཧཱུྃ༔ མི་གནས་མི་དམིགས་འོད་གསལ་ངང༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ཅན༔ འཕོ་མེད་ཐིག་ལེ་ཆེན་པོར་འདུད༔ ཏྲཱཾ༔ དཔག་བསམ་ཤིང་ཆེན་རྒྱས་པ་སྟེ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པོ་སེམས་ཅན་ཀུན་དོན་བྱེད༔ ཡོན་ཏན་ཕ་མཐའ་ཡས་ལ་བསྟོད༔ ཧཱ༔ གང་གིས་ཁྱོད་ལ་བསྙེན་པའི་མོད༔ ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད༔ དབང་བཅུའི་དངོས་གྲུབ་འདོད་རྒུའི་གཏེར༔ ཕྲིན་ལས་བསམ་མི་ཁྱབ་ལ་འདུད༔ ཧོ༔ ཡེ་ཤེས་དགུ་ཡི་ཆོ་འཕྲུལ་ལས༔ གཙོ་འཁོར་སྤྲུལ་པ་ཅིར་ཡང་སྟོན༔ གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཅེས་བསྟོད་ལྷ་སྐུའི་གསལ་སྣང་ལ༔ རྩེ་གཅིག་སེམས་གཟུང་དབྱེར་མེད་བསྲེ༔ སྣང་བ་ལྷ་སྐུར་རང་ཤར་ན༔ ནམ་མཁའི་མཛོད་ལ་དབང་བསྒྱུར་འགྱུར༔ ས་མ་ཡ༔ ཡན་ལག་བཟླས་པའི་རྣལ་འབྱོར་ནི༔ གཙོ་མོའི་ཐུགས་ཀའི་དཔལ་བེ་འུར༔ བརྟན་གཡོའི་དྭངས་མ་འོད་ལྔའི་ཀློང༔ མི་འགྱུར་ཐུགས་སྲོག་བཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་བསལ༔ འཁོར་འདས་འདོད་རྒུའི་དགེ་མཚན་ཀུན༔ ཉི་མ་འཆར་ཀའི་མདངས་ལྟར་བསྡུས༔ ནམ་མཁའི་མཛོད་ལ་དབང་བསྒྱུར་བའི༔ ཡིད་བཞིན་དངོས་གྲུབ་མཆོག་ཐོབ་གྱུར༔ ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སྤྲོ་ན་འཁོར་གྱི་སྔགས་ཀྱང་བཟླ༔ འབུམ་ཕྲག་གསུམ་གྱིས་ལས་ཀུན་བྱེད༔ དངོས་ཉམས་རྨི་ལམ་ཞལ་མཐོང་དང༔ རིན་ཆེན་ཆར་འབེབ་གཏེར་རྙེད་སོགས༔ དངོས་གྲུབ་ཡ་མཚན་ལྟས་མང་འབྱུང༔ ཟླ་བ་དྲུག་ཏུ་གོམས་པ་ཡིས༔ འཕགས་མ་ཉིད་དང་མཚུངས་པར་འགྱུར༔ ས་མ་ཡ༔ བསྙེན་པ་སྔོན་སོང་རྣལ་འབྱོར་པས༔ དངོས་གྲུབ་སྒྲུབ་པའི་མན་ངག་ནི༔ མདུན་གྱི་དཀྱིལ་འཁོར་ཚུལ་བཞིན་བཞེངས༔ བདག་མདུན་དབྱེར་མེད་ཏིང་འཛིན་གསལ༔ ཛཔ྄་ཁང་ཕྱེ་ཞིང་བཟླས་པས་བསྐུལ༔ ཐུན་མཚམས་མཎྜལ་གཏོར་ཚོགས་འབུལ༔ ས་བཅུའི་མདོ་སྡེ་་་གསེར་འོད་དམ་པ།ལ་སོགས་བཀླག༔ ཁྱད་པར་མེ་ཏོག་སེར་པོ་དང༔ རིན་ཆེན་འབྲུ་སྨན་བསྲེག་བླུག་བྱ༔ དེས་ནི་གྲུབ་པའི་ཡེ་ཤེས་དབྱིག༔ བརྟན་ཅིང་ནུས་པ་ལྡན་པར་འགྱུར༔ ས་མ་ཡ༔ ལས་སྦྱོར་གཏེར་གྱི་བུམ་པ་བཟང༔ རིན་ཆེན་འབྲུ་སྨན་ཕྱུར་བུར་གཏམས༔ དབུས་སུ་སྐུ་དང་སྔགས་ཕྲེང་དང༔ ཁྱད་པར་འཁོར་ལོ་འདབ་བརྒྱད་ཟུང༔ དབུས་དང་ཕྱོགས་མཚམས་ས་བོན་མཐར༔ གཙོ་འཁོར་སོ་སོའི་སྔགས་ཀྱིས་བསྐོར༔ མུ་ཁྱུད་དབྱངས་གསལ་འདོད་གསོལ་བཀོད༔ སྦྲང་རྩིས་ཁ་སྦྱར་སྐུད་པས་བསྡམས༔ མར་དང་མངར་གསུམ་ཞུན་མའི་དབུས༔ བཞུགས་སུ་གསོལ་ཞིང་ལྷར་བསྐྱེད་ལ༔ མཆོད་བསྟོད་བཟླས་པས་ཐུགས་དམ་བསྐུལ༔ བརྟན་བཞུགས་ཤིས་པ་རྒྱ་ཆེན་བརྗོད༔ གང་དུ་བཞུགས་པའི་ས་ཕྱོགས་ཀུན༔ འོག་མིན་ལྕང་ལོས་བརྒྱན་པར་མཚུངས༔ རིན་ཆེན་འབྲུ་ནོར་རིགས་རྒྱུད་དང༔ རྐང་བཞི་ཕྱུགས་དང་ཅང་ཤེས་རྟ༔ དར་གོས་བཟའ་བཏུང་ལ་སོགས་པ༔ འདོད་རྒུའི་འབྱོར་པ་འབད་མེད་འདུ༔ ཚེ་རིང་ནད་མེད་སྙན་གྲགས་འཕེལ༔ མཐར་ཐུག་བསོད་ནམས་ཚོགས་རྫོགས་པས༔ ཡེ་ཤེས་སྣང་བ་ལྷུག་པར་ཤར༔ ས་མ་ཡ༔ དབང་བསྐུར་བྱེད་ན་སྣོད་ལྡན་པའི༔ སློབ་མས་མཎྜལ་འབྱོར་ཚོགས་བཅས༔ གུས་པས་བཏུད་དེ་གསོལ་བ་གདབ༔ ཧོ༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ ཡེ་ཤེས་འདོད་རྒུར་འཆར་བའི་སྐུ༔ བླ་མ་ནོར་རྒྱུན་ལྷ་མོ་ཡིས༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ སྐྱབས་སེམས་ཚོགས་གསག་སྡོམ་པ་སྦྱིན༔ ཡེ་ཤེས་དབབ་བསྟིམ་བརྟན་པར་བྱ༔ དེ་ནས་བུམ་པའི་དབང་བསྐུར་ནི༔ བཾ༔ གཏེར་གྱི་བུམ་པ་བཟང་པོ་ན༔ འཕགས་མ་ནོར་རྒྱུན་ལྷ་མོ་བཞུགས༔ དཀྱིལ་འཁོར་ཡོངས་རྫོགས་དབང་བསྐུར་བས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ སྔགས་མཐར༔ མ་ཧཱ་ནི་དྷི་ཀ་ལ་ཤཿཨ་བྷི་ཥིཉྩ་ཧཱུྃ༔ གསང་གསུམ་ཕྱག་རྒྱ་སྤྲོས་ཏེ་བསྟིམ༔ ཨོཾ༔ བཅོམ་ལྡན་ནོར་རྒྱུན་ཡབ་ཡུམ་གྱི༔ རྡོ་རྗེ་སྐུ་ཡི་དབང་བསྐུར་བས༔ གཟི་བརྗིད་མཚུངས་པ་མེད་པ་ཡིས༔ བརྟན་གཡོའི་དགེ་མཚན་རྒྱས་པར་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ བཅོམ་ལྡན་ནོར་རྒྱུན་ཡབ་ཡུམ་གྱི༔ ནུས་པ་སྔགས་ཀྱི་དབང་བསྐུར་བས༔ རྡོ་རྗེའི་སྒྲ་དབྱངས་ཆེན་པོ་ཡིས༔ སྲིད་གསུམ་ཟིལ་གྱིས་ནོན་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བཅོམ་ལྡན་ནོར་རྒྱུན་ཡབ་ཡུམ་གྱི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་བས༔ དྲན་པས་སྲིད་ཞིའི་དྭངས་བཅུད་ཀུན༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རྟེན་དུ་སྒྲུབ་རྫས་སྦྱིན༔ ཏྲཱཾ༔ ཡིད་བཞིན་ནོར་བུ་བུམ་པ་བཟང༔ འདོད་འཇོའི་བ་དང་དཔག་བསམ་བཞིན༔ གཞན་དོན་ཚུལ་བཞིན་སྒྲུབ་ནུས་པའི༔ ཡོན་ཏན་ཕ་མཐའ་ཡས་པར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཕྲིན་ལས་གཏོར་མའི་རྗེས་གནང་བྱ༔ ཧཱ༔ གཏོར་མ་རིན་ཆེན་འདོད་རྒུའི་དབྱིག༔ ཞི་རྒྱས་དབང་དྲག་ལས་ཀུན་རྫོགས༔ གྲུབ་ཆེན་བརྒྱད་དང་དབང་བཅུ་སོགས༔ ཕྲིན་ལས་འབད་མེད་འགྲུབ་པར་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་ཤིས་པ་རྒྱ་ཆེར་བརྗོད༔ ས་མ་ཡ༔ ཟབ་མོ་དོན་གྱི་རྣལ་འབྱོར་ནི༔ རང་ཉིད་འཕགས་མ་ཡབ་ཡུམ་གྱི༔ ཐུགས་ཀར་བཾ་དང་ཛཾ་སེར་པོ༔ ཤིན་ཏུ་ཕྲ་བའི་ཡི་གེར་བརྟག༔ དེ་ལ་རྩེ་གཅིག་སེམས་ཟིན་ན༔ འོད་ཀྱི་སྣང་བ་ཆེན་པོའི་སྤྲིན༔ ནམ་མཁའི་ཁམས་ཀུན་གང་བར་སྤྲོས༔ འདོད་རྒུའི་ཆར་ཆེན་འབབ་པ་ཡིས༔ སེམས་ཅན་དབུལ་བའི་སྡུག་བསྔལ་བསལ༔ ཚུར་འདུས་སྣོད་བཅུད་ཐམས་ཅད་ཀུན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དབྱིག༔ གསེར་ཞུན་མདངས་སུ་རབ་ཏུ་ཞུ༔ ཐུགས་ཀྱི་ཐིག་ལེ་མཉམ་པར་བསྟིམ༔ ཁ་སྦྱོར་རླུང་གཟུང་ཡིད་བཟླས་བྱ༔ དེ་ལྟར་ཡང་ཡང་སྤྲོ་བསྡུའི་མཐར༔ ས་བོན་ཉིད་ཀྱང་མི་དམིགས་པར༔ སྲིད་ཞི་མཉམ་པའི་ངང་དུ་བཞག༔ སྣང་གྲགས་རྟོགས་པའི་ཆོས་ཇི་སྙེད༔ འཕགས་མའི་གསང་གསུམ་རང་ཤར་ན༔ ཡེ་ཤེས་རིན་ཆེན་ཏིང་འཛིན་གྱིས༔ གང་འདུལ་ཕྲིན་ལས་རྩོལ་མེད་འཆར༔ ས་མ་ཡ༔ ཞེས་པའང་པདྨ་འོད་གསལ་མདོ་སྔགས་གླིང་པས་སེང་རྒོད་གཡུ་མཚོ་ནས་སྤྱན་དྲངས་པའོ།། །།
ཀུན་བཟང་ཐུགས་གཏེར་གྱི་བླ་སྒྲུབ་བྱིན་རླབས་སྒྲོན་མ་ལས་འབྱུང་བའི་དོན་དབང་བསྐུར་བའི་ཚུལ་ནོར་བུའི་སྒྲོན་མེ་ (Volume 6, Text 37)
༄༅། །ཀུན་བཟང་ཐུགས་གཏེར་གྱི་བླ་སྒྲུབ་བྱིན་རླབས་སྒྲོན་མ་ལས་འབྱུང་བའི་དོན་དབང་བསྐུར་བའི་ཚུལ་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་ཀཱ་ཡ་སཾ་པཱུརྞཱ་ཡ། ཡིད་བཞིན་དབང་གི་རྒྱལ་ལས་ཆེས་ལྷག་པའི། །དགོས་འདོད་ཀུན་སྩོལ་གུ་རུ་རིན་པོ་ཆེར། །གུས་པས་བཏུད་ནས་སྙིང་པོ་དོན་གྱི་དབང་། །འབྲེལ་ཚད་ཐར་པའི་སྒོ་ཆེན་འབྱེད་ཕྱིར་དགོད། །དེའང་བླ་སྒྲུབ་བྱིན་རླབས་སྒྲོན་མ་དང་ལས་བྱང་གཉིས་ཀ་ནས་བདག་འཇུག་དང་སློབ་མ་རྗེས་བཟུང་གི་སྙིང་པོར་གསུངས་པའི་དོན་དབང་ཉིད་ཇི་ལྟར་བསྐུར་བའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་ཅིང་དབང་བསྐུར་བ། རྗེས་ཀྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། སྟེགས་བཟང་པོར་མཎྜལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་བནྡྷ་མཚན་ལྡན་ཆང་དང་བདུད་རྩི་ཆོས་སྨན་སྦྱར་བས་བཀང་བའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཧཱུྃ་ཡིག་རྩ་སྔགས་ཀྱིས་བསྐོར་བ་བྲིས་པས་དགབ། དེ་སྟེང་འཕྲུལ་སྟེགས་ལ་རིན་པོ་ཆེའི་སྣོད་དུ་དཔལ་གཏོར་རིན་ཆེན་འབར་བ་པད་འདབ་བརྒྱད་ལྡན་རྒྱན་སྤྲོས་དར་གདུགས་དང་བཅས་པ་བཟའ་བཅའ་བཏུང་བའི་རིགས་ཀྱིས་བསྐོར་བ་བཞག །ཕྱོགས་བཞིར་གཏོར་མ་བཞི་བཤམ་པར་གསུངས་པ་འགྲུབ་ན་དེ་ལྟར་དང་འཕྲལ་བདེ་ལྟ་བུར་གོང་གི་དཔལ་གཏོར་གྱི་ཕྱོགས་བཞིར་གཏོར་ཆུང་ངམ་ཀྱུ་གུ་བཞིས་བསྐོར། སྨན་རཀ་མཆོད་པ། ཕྲིན་ལས་ལ་དགོས་པའི་ཚོགས་གཏོར་སོགས་སྤྱི་ལྟར་བཤམ་ཞིང་ཚོགས་པར་བྱའོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། གཞུང་གི་དགོངས་པས་བླ་སྒྲུབ་བྱིན་རླབས་སྒྲོན་མ་ལས་འབྱུང་བའི་ཕྲིན་ལས་གཞིར་བཞག །བླ་མའི་སྒྲུབ་ཐབས་ཕྱི་ནང་གསང་བ་སྐུ་བཞི་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དང་སྦྲེལ་བར་སྣང་བས་རྒྱས་ཤིང་དབང་གི་རྣམ་གྲངས་བཞིར་ཡང་འགྱུར་མོད། རྗེ་བླ་མའི་ཕྱག་བཞེས་སུ་ལས་བྱང་ཡིད་བཞིན་ནོར་བུ་དང་སྦྲེལ་བར་མཛད་པ་ཉིད་ལ་དོན་ཚང་ཞིང་སྟབས་བདེ་བས་ལས་བྱང་གཞུང་བསྲང་། གཏོར་མ་དཀྱིལ་འཁོར་ཀུན་བདག་གུ་རུ་རིན་པོ་ཆེ་དགོས་འདོད་མ་ལུས་པ་འབྱུང་བའི་དབྱིག་གི་སྙིང་པོར་བསམ། བཟླས་པའི་སྐབས་སུ། དེ་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་ཚུར་བསྡུས་ཏེ་ཐིམ་པས་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཀྱི་བཅུད་ཡོངས་སུ་རྫོགས་པ་འདུས་པའི་བདག་ཉིད་དུ་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིན་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་ཅི་འགྲུབ་བཟླ །དེ་ནས་གཏེར་སྲུང་གཏོར་འབུལ་ཚོགས་མཆོད་བཅས་པ་གྲུབ་ནས་བདག་ཉིད་འཇུག་པའམ་ཏིང་ངེ་འཛིན་གྱི་དབང་བླང་ངོ་། །དབང་དངོས་ལ། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ནས་བསྐྲད་ཅིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་མྱུར་ལམ་ཐམས་ཅད་ཀྱི་རྩ་བ། བྱིན་རླབས་དངོས་གྲུབ་མ་ལུས་པའི་འབྱུང་གནས། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག་གི་རྡོ་རྗེ་ཅན་དཔལ་ལྡན་བླ་མ་དམ་པ་བསྙེན་ཅིང་སྒྲུབ་པའི་ཐབས་ཚུལ་ཇི་སྙེད་ཅིག་མཆིས་པ་རྣམས་ཀྱི་ནང་ནས་འགྲན་གྱི་ཟླ་དང་བྲལ་བ་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཀྱི་ཐུགས་སྒྲུབ་ཟབ་མོ་རྣམས་ཡིན་ཏེ། རྗེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ འགྲོ་བའི་དོན་ཕྱིར་བརྩེར་དགོངས་ནས༔ སེམས་ཅན་དོན་དུ་སྐུར་སྤྲུལ་པའི༔ བླ་མའི་སྒྲུབ་ཐབས་དཔག་མེད་ཀྱང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་རྗེས་གནང་གསོལ་བ་བཏབ༔ མ་འོངས་སྙིགས་མའི་དུས་དག་ཏུ༔ འགྲོ་དོན་བྱེད་པར་རྗེས་གནང་བའི༔ སྨོན་ལམ་མཐུ་ལྡན་ང་ཉིད་ལ༔ བསྟེན་ནས་བླ་མའི་སྒྲུབ་ཐབས་བཤད༔ ཅེས་གསུངས་པ་ལྟར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་འགྲོ་བའི་དོན་མཛད་པར་གསོལ་བ་བཏབ། དབང་བསྐུར་ཅིང་རྗེས་སུ་གནང་། སྙིགས་དུས་གདུལ་དཀའ་འདུལ་བར་ཆེད་དུ་བསྐུལ་ཅིང་བསྔགས། སངས་རྒྱས་གཞན་ལས་ཁྱད་པར་དུ་ལྷག་པའི་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཆེན་པོ་དང་ལྡན་པར་མ་ཟད། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གུ་རུ་ཉིད་ཀྱི་རྣམ་པར་རོལ་པ་ལས་གཞན་དུ་མེད་དེ། ཇི་སྐད་དུ། ང་ཉིད་རྒྱལ་བ་ཀུན་དངོས་ཡིན༔ འདས་པའི་སངས་རྒྱས་ང་ཡི་ཡབ༔ མ་བྱོན་སངས་རྒྱས་ང་ཡི་སྲས༔ ད་ལྟའི་སངས་རྒྱས་ང་ཡི་མཆེད༔ དུས་གསུམ་སངས་རྒྱས་ང་ཡིན་པས༔ ཐེ་ཚོམ་མེད་པར་གསོལ་བ་ཐོབ༔ ཅེས་བདེན་གསུང་བསླུ་བ་མེད་པས་ཞལ་གྱིས་འཆེས་པ་དང་། གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་ཐམས་ཅད་ལས་ཀྱང་ངེས་པར་ལྷག་པའི་བཀའ་དྲིན་ཅན་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་རྒྱས་བསྡུས་མཐའ་ཡས་པར་བྱོན་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ། གནུབས་ཀྱི་དགེ་སློང་ནམ་མཁའི་སྙིང་པོ་ལ་ཐུགས་དམ་དུ་བསྩལ་པའི་བླ་སྒྲུབ་བྱིན་རླབས་སྒྲོན་མ་ཞེས་བྱ་བ་གང་དེའི་ཐུགས་སྤྲུལ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་སྤྱན་དྲངས་པའི་ཀུན་བཟང་ཐུགས་གཏེར་འཁོར་འདས་རང་གྲོལ་གྱི་ཆོས་སྡེ་ལས་ནང་གཏེར་རྭ་སྐོར་སྒྲོན་མ་དྲུག་གི་ཐོག་མར་བྱུང་བའི་བྱིན་རླབས་དོན་གྱི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྒྱལ་བ་སྲས་བཅས་སྲུང་མ་ཐུགས་དམ་ཅན༔ སྐུ་གསུང་ཐུགས་མཉམ་གཉིས་མེད་དངོས་གྲུབ་མཆོག༔ ཚེ་ཆོས་སྣ་ཚོགས་ཅི་འདོད་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སློབ་དཔོན་དང་ཐ་དད་མེད་པར་སངས་རྒྱས་ཀུན་འདུས་མ་ཧཱ་གུ་རུ་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་ཤིང་དགེ་བ་ལ་ཡི་རང་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དམ་ཚིག་དང་སྡོམ་པ་མཐའ་དག་ཡོངས་སུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་མ་ལུས་དགོངས༔ བདག་གིས་ཐོག་དྲངས་འགྲོ་བ་མ་ལུས་པས༔ སྡིག་པ་མི་དགེ་གང་བགྱིས་པ༔ གནོང་ཞིང་འགྱོད་པས་སོ་སོར་བཤགས༔ སླན་ཆད་བདག་གིས་བསྡམ་པར་བགྱི༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ དགེ་བའི་རྩ་བ་རྒྱ་ཆེན་ལ༔ ལྷག་པར་རབ་དགའ་རྗེས་ཡི་རང༔ མྱ་ངན་མི་འདའ་ཐུགས་རྗེ་ཡིས༔ སེམས་ཅན་དོན་མཛད་བརྟན་པར་བཞུགས༔ ཕྱོགས་བཅུ་དུས་བཞིར་ཐེག་ཆེན་གྱི༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ བླ་མ་རྒྱལ་བ་སྲས་བཅས་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ འདས་དང་མ་བྱོན་ད་ལྟར་གྱི༔ རྒྱལ་བ་སྲས་བཅས་མ་ལུས་པའི༔ བསླབ་བྱ་གང་ཡིན་བདག་སློབ་ཅིང༔ སྤང་བྱ་གང་ཡིན་སྤང་བར་བགྱི༔ བྱང་ཆུབ་སེམས་མཆོག་དམ་པ་དག༔ བརྟན་པར་བདག་གིས་རབ་ཏུ་བསྐྱེད༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཕྱི་ནང་གསང་བའི་སྡོམ་པ་རྣམས༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ལན་གསུམ། དབང་གི་གཞི་དགོད་པ། ཡེ་ཤེས་པ་དབབ་པ་ཡིན་པས་ལུས་ངག་གི་གནད་གཅུན་ཏེ་ཡིད་རྩེ་གཅིག་པས་དམིགས་པ་འདི་ལྟར་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་སྡོང་འདབ་མ་རྒྱས་པའི་སྟེང་དུ་ཉི་ཟླ་དང་བམ་རོའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་དཀར་ལ་དམར་བའི་མདངས་འབར་ཞིང་བརྗིད་པའི་ཞལ་རས་སྤྱན་ཟུང་ཉི་ཟླ་ལྟར་འཁྱིལ་བ། འཛུམ་པའི་ཞལ་སྒྲོས་འོད་དུ་འཚེར་ཞིང་དབུ་ལ་པད་ཞྭ་དར་སྣ་མེ་ལོང་རིན་པོ་ཆེ་རྒོད་ཀྱི་རྩེ་རྒྱལ་གྱིས་སྤྲས་པ་གསོལ་བ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་མཉམ་གཞག་ཐོད་པ་བདུད་རྩིས་གང་བ་བསྣམས་པ། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་རྣམ་གསུམ་ཟ་འོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་ཞིང་ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་དུ་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་རི་རྒྱལ་ལྟ་བུར་བརྟན་བརྗིད་དུ་བཞུགས་པའི་གཡོན་ཕྱོགས་སུ་ཡུམ་ཡེ་ཤེས་མཁའ་འགྲོ་བཅུ་དྲུག་ལོན་པའི་མདངས་ལྡན་མཛེས་སྡུག་ཡིད་དུ་འོང་བ། རུས་པ་དང་རིན་པོ་ཆེ་དར་གྱི་ན་བཟས་བརྒྱན་ཅིང་ཌཱ་རུ་འཁྲོལ་ཞིང་བདུད་རྩི་སྟོབ་པ། སྒེག་ཅིང་འགྱིང་བའི་གར་གྱིས་རོལ་པར་གསལ་བར་གྱུར། དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་དབྱེར་མ་མཆིས་པའི་ཐུགས་སྲོག་ས་བོན་ལས་འོད་ཟེར་ནམ་མཁའི་ཁམས་གང་བར་འཕྲོས། ཕྱོགས་བཅུའི་བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ་དད་པ་དང་མོས་གུས་ཀྱི་ཤུགས་དྲག་ཏུ་སྐྱེད་ཅིག །བྱས་ལ་ཌཱ་དྲིལ་འཁྲོལ་ཞིང་ཚིག་བདུན་གསོལ་འདེབས་དབྱངས་སུ་གྱེར། བཛྲ་གུ་རུའི་མཐར། གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བཏགས་པ་དང་ཐོད་ཕྲེང་རྩལ་སོགས་བརྗོད། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲས་བརྟན། དེ་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་རིམ་པར་བསྐུར་བའི་དང་པོ་དཔལ་གྱི་གཏོར་མ་ལྷར་གསལ་བ་སྤྱི་བོར་བྱོན་ཏེ་བྱིན་གྱིས་རློབ་པར་མོས་ཤིག །བླ་མའི་གཏོར་མ་སྤྱི་བོར་བཞག་ལ། ཨོཾ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ གོང་གསལ་བཟླས་སྔགས་ཀྱི་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་གཏོར་མ་སྤྱི་བོར་བཞག་པས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ནས་ལུས་སྣང་སྟོང་ལྷའི་སྐུར་གྱུར་པར་མོས་ཤིག །གཉིས་པ་བྷནྡྷའི་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་ལྗགས་ལ་བྱིན་པར་མོས། བྷནྡྷ་མགྲིན་པར་གཏུགས་ཤིང་བདུད་རྩི་སྦྱིན་ལ། ཨཱ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ ངག་ལ་ནུས་པ་དབྱུང་དུ་གསོལ༔ གསུང་གི་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་བདུད་རྩི་མགུལ་དུ་དྲངས་པས་བྱང་སེམས་བདེ་བས་ལུས་གང་། གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག་ནས་ངག་གཞོམ་མེད་རྡོ་རྗེའི་སྔགས་རྒྱུན་དུ་གྱུར་པར་མོས། གསུམ་པ་མེ་ལོང་བདེ་སྟོང་དབྱེར་མེད་ཀྱི་བརྡ་མཚོན་སྙིང་གར་བཞག་པར་མོས། མེ་ལོང་སྔགས་ལྡན་སྙིང་གར་བཀོད་ལ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཡིད་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མེ་ལོང་སྙིང་གར་བཞག་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ནས་ཡིད་ཀ་དག་རང་བྱུང་འོད་གསལ་ཆེན་པོའི་ངང་དུ་འདྲེས་པར་མོས་ཤིག །བཞི་པ་སིནྡྷུ་རའི་ཐིག་ལེ་གནས་གསུམ་དུ་བཀོད་པས་དོན་དམ་པའི་དབང་བསྐུར་ཐོབ་པར་མོས། སྔགས་བརྗོད་ཅིང་ཐིག་ལེ་གནས་གསུམ་དུ་བཀོད། དེ་ལྟར་ཐིག་ལེ་བྱས་པས་བདེ་སྟོང་ཟུང་འཇུག་གི་རྟོགས་པ་སྐྱེས། བཞི་པའི་དབང་ཐོབ། སྐུ་གསུམ་རང་རིག་ཏུ་རྫོགས་པར་ཤེས་པས་འཁོར་བ་ལས་གྲོལ་ཏེ་མངོན་པར་བྱང་ཆུབ་ཐོབ་པའི་སྐལ་པ་ཅན་ཏུ་གྱུར་པར་མོས་ཤིག །གསུམ་པ་རྗེས་རིམ་ནི། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ། གཏོར་རྫས་བདུད་རྩིའི་བཅུད་དུ་འཁྱིལ་པ་མྱང་བ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཞེས་བརྗོད་པ་དང་ལྷན་ཅིག་བླ་གཏོར་གྱི་ཆ་ཤས་བཟའ་བཏུང་མྱོང་དུ་གཞུག་ལ་ཤིས་པ་བརྗོད། དམ་ཚིག་ཁས་བླང་། གཏོང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལྷག་ནས་ཤིས་བརྗོད་ཀྱི་བར་ཡང་བླ་ཕྲིན་ལས་འབྱུང་བ་རྣམས་ཚང་བར་བྱའོ། །དོན་གྱི་དབང་བསྐུར་བདུད་རྩིའི་ཉིང་ཁུའི་བཅུད། །མྱང་བའི་སྐལ་པས་སྐྱེ་དགུ་མི་ཕོངས་པར། །བྱིན་རླབས་ལམ་ལས་རྡོ་རྗེའི་སྐུ་མཆོག་གྲུབ། །མཁའ་སྤྱོད་གྲོང་ཁྱེར་ཤིན་ཏུ་མཛེས་བྱེད་ཤོག །ཅེས་དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་ཀུན་མཁྱེན་བླ་མ་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོའི་ཞལ་སྔ་ནས་བཀའ་དྲིན་ཇི་ལྟར་བསྩལ་པ་བཞིན་དུ། ཟབ་ལམ་གྱི་རྒྱུན་ལ་ཕན་དུ་རེ་བའི་ལྷག་བསམ་གྱིས་དྲངས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དཔལ་དེ་བཱི་ཀོ་ཊིའི་སྒྲུབ་གནས་ཀྱི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་དབང་ཆོག་དུག་གསུམ་གཡུལ་ལས་རྣམ་རྒྱལ་ (Volume 28, Text 37)
ྈ བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་དབང་ཆོག་དུག་གསུམ་གཡུལ་ལས་རྣམ་རྒྱལ་བཞུགས་སོ༔ ྈྈྈྈྈྈྈྈྈ བདེ་འདུས་རྡོ་རྗེ་དབྱིངས་ཀྱི་ལྷ་ལ་འདུད༔ དཔལ་ཆེན་བདེ་འདུས་ཐུགས་ཀྱི་སྒྲུབ་པ་ལས༔ དབང་མཆོག་དུག་གསུམ་གཡུལ་ལས་རྣམ་རྒྱལ་བསྟན༔ གདན་གསུམ་མཚན་ཚང་སློབ་དཔོན་གྱིས༔ སྣོད་ལྡན་བུ་མཆོག་རྗེས་འཛིན་ན༔ གཞུང་བཞིན་དཀྱིལ་འཁོར་སྐབས་ཤེས་བྱ༔ སློབ་བུ་ཁྲུས་བྱས་བགེགས་བསྐྲད་ལ༔ སྲུང་འཁོར་བསྒོམ་ལ་མ་དལ་དབུལ༔ ངེས་ཤེས་ཕྱིར་དུ་ལོ་རྒྱུས་བརྗོད༔ འཇུག་པའི་ཕྱིར་དུ་གསོལ་བ་གདབ༔ བདེ་གཤེགས་ཡོངས་རྫོགས་འདུས་པའི་སྐུ༔ རིགས་ཀྱི་བདག་པོ་བདག་ལ་དགོངས༔ གསང་ཆེན་ངེས་པའི་དཀྱིལ་འཁོར་དུ༔ མོས་པའི་སྐལ་ལྡན་བཅུག་ཏུ་གསོལ༔ བླ་མས༔ ཧོ༔ རབ་ཁྲོས་ཐུགས་ཀྱི་དཀྱིལ་འཁོར་འདིར༔ འཇུག་སྐབས་ཁེ་ཉེན་ཤིན་ཏུ་ཆེ༔ སྲོག་དང་བསྡོས་ནས་དམ་ཚིག་རྣམས༔ ངོ་ལྐོག་ཟོལ་མེད་བསྲུང་ནུས་སམ༔ སློབ་བུས༔ ཀྱཻ་ལགས༔ སྔོན་ནས་དད་པའི་ལས་ཅན་བདག༔ ལུས་སྲོག་ལྟོས་པ་མེད་པར་འབུལ༔ སྐུ་གསུམ་གོ་འཕང་མྱུར་བའི་ལམ༔ ཟབ་གསང་བདག་ལ་བསྩལ་དུ་གསོལ༔ བླ་མས༔ ཧོ༔ ཚུར་ཤོག་སྐལ་ལྡན་སྙིང་སྟོབས་ཅན༔ རྨད་བྱུང་དཀྱིལ་འཁོར་འདིར་བཅུག་ནས༔ ཉོན་མོངས་དུག་ལྔ་རབ་སྦྱངས་ཏེ༔ གོ་འཕང་ཆེན་པོར་དེང་ཁྱོད་འགོད༔ མནའ་ཆུ་སྦྱིན༔ ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཉམས་ན་དུག་ཡིན་བསྲུང་ན་རྩི༔ ཁེ་ཉེན་ཤེས་པས་འདི་ལོངས་སྤྱོད༔ ས་མ་ཡ་ཨི་དན་ན་ར་ཀན༔ ཧོ༔ གསང་ཆེན་ངེས་པའི་དཀྱིལ་འཁོར་འདིར༔ འཇུག་པའི་སྒོ་ནི་དད་པ་ཡིན༔ དད་པ་ཅན་གྱི་མི་རྣམས་ཀྱིས༔ བརྒྱད་ཁྲི་བཞི་སྟོང་སྙིང་པོ་འགྲུབ༔ འདི་ནི་འཕགས་པའི་ནོར་ཡིན་པས༔ ཕལ་གྱི་སྐྱེ་བོའི་ཡུལ་ལས་འདས༔ དང་པོ་སྐྱབས་སེམས་འདུན་པ་རྣམ་དག་གི་དམིགས་པ་ནི༔ འོ༔ ཁྱེད་རང་རྣམ་པའི་མདུན་གྱི་ནམ་མཁར་གཏུམ་དྲག་ཁྲོ་བོའི་རྒྱལ་པོ་ལག་ན་རྡོ་རྗེའི་ལྷ་ཚོགས་སྤྲིན་ཕུང་གཏིབས་པ་བཞིན་གསལ་བའི་དྲུང་དུ༔ ཆོས་ཐམས་ཅད་ཀྱི་སྔོན་འགྲོ་གཞི་རྟེན་སྐྱབས་འགྲོ་དང༔ རྒྱལ་སྲས་དམ་པའི་སྤྱོད་པ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ༔ རྒྱུད་དག་ཕྱིར་ཚོགས་གསག་པ་དང་གསུམ༔ སོ་སོའི་ཚིག་དོན་ཡིད་ལ་བཅངས་ཏེ་འདིའི་རྗེས་ཟློས་མཛོད༔ ཧཱུྃ༔ གདོད་ནས་དག་པ་གཞོན་ནུ་བུམ་སྐུའི་ཀློང༔ མ་འགགས་རང་ཤར་ཞི་ཁྲོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་རང་གྲོལ་དཔལ་ཆེན་དཀྱིལ་འཁོར་ལྷར༔ སྙིང་ནས་དད་པ་གསུམ་གྱིས་སྐྱབས་སུ་མཆི༔ ལན་གསུམ༔ སེམས་བསྐྱེད༔ ཧཱུྃ༔ སྲིད་པའི་རང་བཞིན་སྡུག་བསྔལ་མེ་འོབས་ལ༔ དགའ་བའི་ཚལ་ལྟར་ཆགས་པའི་འགྲོ་བ་ཀུན༔ མངོན་གྱུར་ཀུན་བཟང་དགོངས་ཀློང་མ་སྒྲོལ་བར༔ དཔལ་ཆེན་སྲོག་ལྟར་སྒྲུབ་པར་དམ་བཅའ་འོ༔ ལན་གསུམ༔ ཚོགས་གསག་ཡན་ལག་བརྒྱད་པ་ནི༔ ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ༔ སློབ་བུར་ལས་བུམ་ཆུ་འཐོར་ཞིང༔ ཨོཾ་བཛྲ་ཨ་མྲྀཏས་བསངས༔ སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་རང་གནས་འདི་ཉིད་ལྕང་ལོ་ཅན་གྱི་ཞིང་དང་གཞལ་ཡས་ཁང༔ ཨེ་དབྱིངས་རྩུབ་འགྱུར་གྱི་ཚལ་དུ་གསལ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས༔ བདག་ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འོད་སྣ་ལྔ་རྣམ་པ་ཁྱུང་འདྲ་བ་ལྷབ་ལྷབ་ཏུ་འཕྲོས༔ སློབ་བུའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་དག་སྟེ་དང་པོའི་ཡིན་ལུགས་ངང་དུ་སྦྱངས་པའི་རིག་པ་འོད་ཀྱི་གོང་བུ་དེ་ཧཱུྃ་ཡིག་མཐིང་ཀ་འོད་ཟེར་འབར་བ་ཞིག་ཏུ་གྱུར༔ ཧཱུྃ་དེ་ལས་འོད་འཕྲོས་དོན་གཉིས་བྱས༔ སྐད་ཅིག་ལས་པད་ཉི་སྡེ་བརྒྱད་བརྫིས་པའི་སྟེང་དུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ༔ གཏུམ་དྲག་ཁྲོ་བོའི་རྒྱལ་པོ་ལག་ན་རྡོ་རྗེ་མཐིང་ནག་མེའི་ཚྭ་ཚྭ་འཕྲོ་བ་སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས་པ༔ རྔམས་པའི་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ༔ སྐུ་ལས་འོད་འཕྲོས་པས་བར་གཅོད་གདོན་བགེགས་ཐམས་ཅད་འཇོམས་པ༔ ཕྱག་གཡས་ཀྱི་ཁྱུང་ཆེན་གྱིས་སྟེང་གདོན་ཟ་ཞིང་རྡོ་རྗེས་བར་གདོན་འཐག་པ༔ གཡོན་པ་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་འཛིན་པས་འོག་གདོན་འདུལ་ཞིང་བྱད་ཕུར་འཇོམས་པ༔ དཔལ་གྱི་ཆས་བཅུས་བརྒྱན་ཅིང༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་སྟབས་སུ་བཞུགས་པའི་གནས་བཅུར་ཁྲོ་བོ་ཆེན་པོ་བཅུ་དང་བཅས་པ་གསལ་བ་དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་བཅས་བསམ་གྱིས་མི་ཁྱབ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད༔ སྤྱན་འདྲེན་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་རབ་བཏུལ་ཏེ༔ ཡེ་ཤེས་དབྱིངས་སུ་སྦྱོར་བའི་ཕྱིར༔ རྡོ་རྗེ་གཏུམ་པོའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ ད་ལྟ་སྙིགས་མ་ལྔ་བདོའི་དུས༔ མི་མཐུན་གདུག་པ་ཁ་དར་ཞིང༔ ལོག་བྱས་ངན་དབང་མཐུ་བཙན་དུས༔ བརྩེ་བས་དགོངས་ལ་བྱིན་ཆེན་ཕོབ༔ ལྔ་བདོའི་བདུད་དཔུང་མི་ཆོམ་ན༔ དཔལ་ཆེན་ཁྱེད་ཀྱི་ཐུགས་བསྐྱེད་གང༔ མཐུ་དང་ནུས་པས་ཅི་ཞིག་བྱ༔ འདིར་གཤེགས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ས་མ་ཡ་ཛཿཛ༔ ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨཱ༔ ཞེས་བཟླས༔ སུ་པྲ་ཏིཥྛ་བཛྲས་བརྟན་པར་བྱས༔ སྐུ་དང་བུམ་པ་སྤྱི་བོར་བཞག༔ ཨོཾ༔ ཆོས་དབྱིངས་རྣམ་དག་མཁའ་ཀློང་ནས༔ འགག་མེད་འགྲོ་དོན་སྐུར་སྣང་བ༔ སངས་རྒྱས་ཐུགས་མཆོག་རྡོ་རྗེ་འཆང༔ སྐུ་ཡི་བྱིན་རླབས་དབང་བསྐུར་བས༔ ལུས་ལ་ལྷ་སྐུར་སྨིན་གྱུར་ཅིག༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གནས་བཅུར་ཁྲོ་བཅུའི་ཧཱུྃ་བཅུ་བསྐུར༔ ཧཱུྃ༔ དུག་གསུམ་ལས་སྐྱེས་མི་དགེ་བཅུ༔ སྦྱོང་མཛད་དཔལ་ཆེན་ཁྲོ་རྒྱལ་བཅུ༔ རྔམ་བརྗིད་རྒྱན་རྫོགས་དབང་བསྐུར་བས༔ ཕྱོགས་བཅུའི་གདོན་རྣམས་ཀུན་བཅོམ་སྟེ༔ ཕ་རོལ་ཕྱིན་བཅུ་ཐོབ་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གརྫ་གརྫ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷནྡྷ་བྷནྡྷ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ སྥོ་ཊ་སྥོ་ཊ༔ ཛཿཧཱུྃ་བཾ་ཧོ༔ སརྦ་དུཥྚཱན་དགྲ་བགེགས་ཤ་ཏྲུམ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ དཔལ་ཆས་གཏད༔ ཧཱུྃ༔ ཐལ་ཆེན་ཁྲག་ཞག་བྱུག་པའི་རྫས༔ གླང་ཀོ་ཞིང་ལྤགས་སྟག་ཤམ་གོས༔ ཐོད་ཕྲེང་སྦྲུལ་ཆུན་གདུབ་བུའི་རྒྱན༔ རྔམ་བརྗིད་དཔལ་ཆེན་ཆས་རྫོགས་ཤོག༔ ཨོཾ་བཛྲ་པཱ་ཎི༔ གྷ་ཡ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཧ་ཧྱ་ཕཊ༔ ཞེས་དབང་བསྐུར་པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་བསྡུས༔ སློབ་མའི་སྤྱི་བོའི་ཨོཾ་ལ་ཐིམ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས༔ ལུས་དྲག་སྔགས་ཀུན་འདུས་ཀྱི་རྡོ་རྗེའི་ངོ་བོར་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ བྷནྡྷ་མགྲིན་པར་བསྐུར་ལ༔ ཨཱ༔ ཟག་མེད་བདེ་སྐྱོང་སྣོད་མཆོག་ཏུ༔ མཉམ་སྦྱོར་ཡེ་ཤེས་བདུད་རྩིར་བསྐྱིལ༔ རླུང་སྔགས་གྲགས་སྟོང་ལོངས་སྐུའི་དབང༔ སྐལ་ལྡན་བུ་ཡིས་ཐོབ་གྱུར་ཅིག༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བཟླས་ལུང་སྟེར་བ་ནི༔ འོ༔ ཁྱེད་རང་རྣམས་དང་མདུན་གྱི་གསང་བདག་གཉིས་ཀའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ༔ མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་ཀའི་སྔགས་ཕྲེང་བར་མེད་ཞལ་ནས་ཐོན༔ རང་གི་ཞལ་དུ་ཞུགས༔ ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་མོས་ལ་སྔགས་ཀྱི་རྗེས་ཟློས་མཛོད༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་དབང་བསྐུར་པས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་བསྡུས༔ སློབ་བུའི་མགྲིན་པའི་ཨཱཿལ་ཐིམ༔ ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས༔ ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་གསུང་རྡོ་རྗེའི་ངོ་བོར་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ རིག་མ་གཏད་ལ༔ ཧཱུྃ༔ གསང་བ་བས་ཀྱང་ཆེར་གསང་བ༔ གསང་ཆེན་ཡེ་ཤེས་ཁྱབ་གདལ་ཆེ༔ དགའ་བཞི་བདེ་སྟོང་བསྐྱེད་མཛད་ཡུམ༔ ཟབ་ལམ་ཆོས་སྐུའི་དབང་བསྐུར་རོ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་བསྡུས༔ སློབ་བུའི་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས༔ ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་ཐུགས་རྡོ་རྗེའི་ངོ་བོར་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཤེལ་རྡོ་མཛོད་སྤུར་གདེངས༔ ཨ༔ བསྐུར་བྱ་སྐུར་བྱེད་ལས་འདས་པའི༔ རྣམ་ཐར་སྒོ་གསུམ་བླ་ན་མེད༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་དབང༔ སྐལ་ལྡན་མཆོག་ལ་དོན་དབང་བསྐུར༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ དབུགས་ཐེངས་གཅིག་ལ་ཨ་ཉེར་གཅིག་བརྗོད་ལ་གསལ་སྟོང་ནམ་མཁར་བལྟ༔ ཕྱི་རོལ་དཔེ་ཡི་ནམ་མཁའ་དང༔ ནང་དབྱིངས་ཆོས་དབྱིངས་ནམ་མཁའ་སྟེ༔ ནམ་མཁའ་གསུམ་པོ་གཅིག་ཏུ་བསྒོམ༔ ཀ་དག་རིག་པའི་རྩལ་དབང་ཐོབ༔ ལག་ན་རྡོ་རྗེའི་ངོ་བོ་མཇལ༔ གུ་ཧྱ་ཙིཏྟ་རྒྱ༔ ཞེས་དབང་བསྐུར་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྡུས༔ སློབ་བུའི་གནས་གསུམ་གྱི་འབྲུ་གསུམ་ལ་ཐིམ༔ སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས༔ ལུས་ངག་ཡིད་གསུམ་དྲག་སྔགས་ཀུན་འདུས་ཀྱི་དག་ཆེན་ཡེ་ཤེས་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ གཏོར་དབང་ནི༔ གཏོར་མ་འདི་ཉིད་ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་གཙོ་འཁོར་དུ་མོས་ལ༔ དེ་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན༔ གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད༔ སྐུ་ལས་བྱུང་བའི་བདུད་རྩི་དཀར་དམར་མཐིང་གསུམ་གྱིས་ལུས་ངག་ཡིད་གསུམ་གང༔ ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ཕྱུག་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ བྱིན་རླབས་གཏོར་མས་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཕྲིན་ལས་བཞིས༔ འགྲོ་བའི་དོན་རབ་བྱེད་པར་ཤོག༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་ཟན་བདུད་རྩི་བསྲེས་ཏེ་སྦྱིན༔ གཏོར་མའི་ལྷ་འོད་ཞུ་སློབ་བུར་ཐིམ༔ ྈྈྈྈྈྈྈྈ ༈ དེ་ནས་བཀའ་སྡོད་སྲོག་དབང་ནི༔ ཐུན་མོང་མ་ཡིན་སྐྱེས་བུ་མཆོག༔ འགྲོ་དོན་ནུས་པའི་སློབ་བུ་ལ༔ གུ་རུ་ཡིད་བཞིན་ནོར་བུ་སྦྱིན༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཀྱེ༔ བླ་མ་དཔལ་ཆེན་གསང་བའི་བདག༔ སྐུ་གསུང་ཐུགས་ཀྱི་སྒོ་ཕྱེས་ལ༔ ཡིད་བཞིན་ནོར་བུ་རིན་པོ་ཆེ༔ དབུལ་ཕོངས་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་གདབ༔ སློབ་དཔོན་དྲག་སྔགས་འདུས་པར་གསལ་བའི་ཐུགས་ཀ་ནས་ཧཱུྃ་དང་ཡི་གེ་བཻཿསེར་པོ་འཕྲོས༔ སློབ་བུའི་སྙིང་ཁར་ཕོག༔ དེ་སྐད་ཅིག་གིས་ཡི་གེ་བཻཿསེར་པོ་ལས་བྱུང་བའི་མགོན་པོ་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས༔ འཁོར་རྟ་བདག་བརྒྱད༔ གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར་བར་བསམ༔ བདག་དང་སློབ་བུའི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་སེར་པོ་ཛཿཡིག་གིས་མཚན་པ་དཔག་མེད་འཕྲོས༔ བྱང་ཕྱོགས་ལྕང་ལོ་ཅན་ནས་མགོན་པོ་ཡིད་བཞིན་ནོར་བུ་འཁོར་བཅས་སྤྲིན་གསེབ་ནས་མུ་ཏིག་གི་ཁུ་འཕངས་འགྲིལ་བ་ལྟར་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྟིམ༔ སྤྱན་འདྲེན་པ་ནི༔ ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ གསལ་བའི་སྐུ་ལས་འོད་འཕྲོས་པས༔ ལྕང་ལོ་ཅན་གྱི་ཞིང་ཁམས་ནས༔ བཻ༔ མགོན་པོ་ཆེན་པོ་སྟོབས་པོ་ཆེ༔ ཕོངས་པ་ཀུན་ལས་རབ་སྒྲོལ་ཕྱིར༔ ཐུགས་རྗེས་འགྲོ་བའི་དོན་ལ་དགོངས༔ བྱང་ཕྱོགས་སྐྱོང་མཛད་གཤེགས་སུ་གསོལ༔ སྐྱབས་གསུམ་ངོ་བོའི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་ལ་དགོངས་ཏེ༔ སྙིགས་མའི་འགྲོ་བ་སྐྱོབ་སླད་དུ༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ དུས་ངན་དབང་གྱུར་སེམས་ཅན་རྣམས༔ མགོན་པོའི་ཐུགས་རྗེས་གཡེལ་ལམ་ཅི༔ དམ་བཅས་གཡེལ་བ་མེད་པ་རུ༔ སྒྲུབ་པའི་འབྲས་བུ་བསྩལ་དུ་གསོལ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བཻ་ཤྲ་མ་ཎ་ཡེ་མ་ཧཱ་རཱ་ཛ་ཨཱ་ཀརྵཱ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ གནམ་ལྕགས་རྡོ་རྗེ་སྤྱི་བོར་བསྐུར༔ ཧཱུྃ༔ དབང་བསྐུར་རྡོ་རྗེ་ཆེན་པོ་ནི༔ ཁམས་གསུམ་ཀུན་གྱིས་ཕྱག་བྱ་བ༔ སངས་རྒྱས་ཀུན་གྱི་གསང་གསུམ་གྱི༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དབང་བསྐུར་པས་སྐུ་གང་དྲི་མ་དག༔ ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར༔ ཞེས་དྲེགས་པ་སྤྱི་འདུལ་གྱི་རྗེས་གནང་ངོ༔ བཟླས་པ་སྔགས་ཀྱི་རྗེས་གནང་སྦྱིན༔ དཔོན་སློབ་གཉིས་ཀ་དྲག་སྔགས་ཀུན་འདུས་སུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ༔ བླ་མའི་ཐུགས་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་རྣམ་སྲས་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས༔ དོན་གཉིས་བྱས༔ འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ༔ དེ་ཉིད་སློབ་བུའི་ཁར་ཞུགས༔ སྙིང་གའི་ཧཱུྃ་མཐར་ལན་གསུམ་འཁོད་པར་བསམ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦ་སིདྡྷི་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཛམ་བྷ་ལ་ཡེ་སྭཱ་ཧཱ༔ ཨོཾ་པུརྞ་བྷ་དྲཱ་ཡེ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲཱ་ཡེ་སྭཱ་ཧཱ༔ ཨོཾ་ཀུ་བེ་རཱ་ཡེ་སྭཱ་ཧཱ༔ ཨོཾ་སཾ་ཐ་ཛ་ན་ཡེ་སྭཱ་ཧཱ༔ ཨོཾ་གུ་ཧྱ་ཐ་ན་ཡེ་སྭཱ་ཧཱ༔ ཨོཾ་པཉྩི་ཀ་ཡེ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལི་ཡེ་སྭཱ་ཧཱ༔ ཞེས་རྗེས་ཟློས་ལན་གསུམ་བྱ༔ སློབ་དཔོན་ལ་མེ་ཏོག་འཐོར་ཞིང༔ སྔགས་བདག་བདག་ལ་བསྩལ་ལགས་ཀྱིས༔ སྔགས་བདག་བདག་ལ་བྱིན་གྱིས་རློབས༔ ལན་གསུམ༔ སློབ་དཔོན་གྱིས་བགྲང་ཕྲེང་སྤྱི་བོར་བཞག་སྟེ་མེ་ཏོག་འཐོར༔ སྔགས་བདག་འདི་ལ་བསྩལ་ལགས་ཀྱིས༔ སྔགས་བདག་འདི་ལ་བྱིན་གྱིས་རློབས༔ སློབ་བུའི་ལག་གཡས་སུ་རྒྱལ་མཚན་དང་གཡོན་དུ་ནེའུ་ལེ་གཏད༔ ཧཱུྃ༔ དགོས་འདོད་ཀུན་འབྱུང་རྒྱལ་མཚན་དང༔ གཏེར་ཆེན་མི་ཟད་ནེའུ་ལེ་འདི༔ སྦྱིན་པས་ཁམས་གསུམ་ཡོངས་ཁེངས་པའི༔ དངོས་གྲུབ་འདོད་པ་འཇོ་གྱུར་ཅིག༔ ཨོཾ་རཏྣ་སིདྡྷི་ཕ་ལ་ཨཱཿཧཱུྃ༔ སློབ་མ་དྲག་སྔགས་ཀུན་འདུས་སུ་གསལ་བའི་སྙིང་གར་རྣམ་སྲས་ཀྱི་གཏོར་མ་དང༔ ཨོཾ་བཻཿསྭཱ་ཧཱཿ་་་ཛཾཿགསེར་གྱི་བྲིས་པ་སྟེར་བ་གསང་སྒྲུབ་བོ༔ ཞེས་པ་གསེར་གྱི་བྲིས་པའི་སྲོག་སྙིང་སྦྱིན༔ རྣམ་སྲས་སློབ་བུའི་སྙིང་གར་ཐིམ༔ ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་མོས༔ ཧོ༔ མགོན་པོ་ཆེན་པོ་འཁོར་བཅས་རྣམས༔ སངས་རྒྱས་སྟོང་གི་ཕྲིན་ལས་སུ༔ འཇིག་རྟེན་སྐྱོང་བར་ཞལ་བཞེས་བཞིན༔ ད་ལྟ་སྙིགས་མ་ལྔ་བདོ་འདིར༔ ཐུགས་རྗེས་དགོངས་པའི་དུས་ལ་བབ༔ སྔོན་གྱི་དམ་ཚིག་མ་གཡེལ་བར༔ རྟགས་དང་མཚན་མ་སྟོན་པ་དང༔ སྐལ་ལྡན་སློབ་བུ་འདི་རྣམས་ཀྱི༔ ལུས་དང་གྲིབ་བཞིན་འགྲོགས་ནས་སུ༔ དཔལ་བཅུ་གྲུབ་པ་བརྒྱད་ལ་སོགས༔ ཁམས་གསུམ་དབང་བསྡུས་དངོས་གྲུབ་སྩོལ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦ་སིདྡྷི་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཡིད་ལ་བསམ་པའི་དཔལ་གཏེར་ཞིང༔ དཔལ་འབྱོར་ཉམས་རྟོགས་གཟི་འོད་རྒྱས༔ སྣང་སྲིད་ཆོས་ཀུན་དབང་དུ་བསྡུས༔ བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག༔ རྫས་བརྒྱད་བསྐུར་བ་ནི༔ དུརྺས་ཚེ་ནི་འཕེལ་བར་བྱེད་པ་སྟེ༔ རྡོ་རྗེ་སེམས་དཔའི་ཚེ་ཡང་རབ་གྲུབ་ཅིང༔ ཉོན་མོངས་སྐྱེ་འཆི་རྒྱུན་ཆད་དུརྺ་ཡི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་པ༔ རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པ༔ བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག༔ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ༔ ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ༔ སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཐོབ་ནས༔ བཀྲ་ཤིས་དེས་ཀྱང་ཆོས་སྒྲ་སྒྲོག་པར་ཤོག༔ གྷི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན༔ སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས༔ ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི༔ བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག༔ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ༔ ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ནི༔ ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི༔ བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་ཐོབ་གྱུར་ཅིག༔ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས༔ འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན༔ བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི༔ བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་པར་ཤོག༔ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ༔ སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཐོབ་ནས༔ ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི༔ བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག༔ ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་འགྲུབ༔ བགེགས་རྣམས་མ་ལུས་རབ་ཏུ་འཇོམས་བྱེད་ཅིང༔ མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པ༔ བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག༔ རྟགས་བརྒྱད་བསྐུར་བ་ནི༔ དབུ་ལ་བཀྲ་ཤིས་མི་ནུབ་གདུགས་ལྟར་སྐྱོབ༔ སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ༔ ལྗགས་ལ་བཀྲ་ཤིས་པདྨ་ལོ་འདབ་རྒྱས༔ ཚེམས་ལ་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ༔ མགུལ་ལ་བཀྲ་ཤིས་བུམ་པ་བཟང་པོ་མཆོག༔ ཐུགས་ལ་བཀྲ་ཤིས་དཔལ་བེའུ་འོད་ཟེར་འཕྲོས༔ སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་འཛིན༔ ཞབས་ལ་བཀྲ་ཤིས་འཁོར་ལོ་རྩིབས་སྟོང་ལྡན༔ བརྒྱད་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ སྣ་བདུན་བསྐུར་བ་ནི༔ ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ༔ རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༔ སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི༔ འཁོར་ལོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ༔ ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༔ དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན༔ ནོར་བུ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་བ༔ པགས་མདོག་ལེགས་པ་འཇམ་ཞིང་དྲི་མཆོག་ལྡན༔ ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི༔ བཙུན་མོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པའི༔ གསེར་སོགས་མང་པོ་ཐུགས་ལ་ཕུལ་བ་ལྟར༔ བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ༔ བློན་པོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི༔ རབ་གནས་རི་འདྲ་གངས་ཆེན་གླང་པོ་ཆེ༔ རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི༔ གླང་པོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ ཐོ་རེངས་དུས་སུ་ཕྱོགས་རྣམས་མ་ལུས་པ༔ ཡོངས་སུ་བསྐོར་ཞིང་སླར་ཡང་ལྡོག་གྱུར་ཅིང༔ རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི༔ རྟ་མཆོག་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ འགྲོ་དང་ལྡོག་དང་ཀུན་ནས་འོངས་གྱུར་པ༔ དཔའ་བརྟན་འབྱོར་པའི་དཔུང་གི་ཚོགས་དང་བཅས༔ མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ཡི༔ དམག་དཔོན་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག༔ ཤིས་བརྗོད་དམ་ཚིག་མཎྜལ་བསྔོ༔ རྗེས་ཆོག་སྤྱི་ལྟར་ཤེས་པར་བྱ༔ ཨེ་མ་ཡིད་བཞིན་བསམ་འཕེལ་རྒྱལ༔ ཐུགས་སྒྲུབ་འདི་ཡི་བྱིན་རླབས་ཀྱིས༔ འཛམ་གླིང་བདེ་ཞིང་དགེ་བཅུ་འཕེལ༔ ཕྱི་ཡི་དམག་འཁྲུགས་མུ་གེ་ཞི༔ ནང་དུ་ནད་གདོན་བགེགས་མི་ཚུགས༔ གསང་བ་རིག་རྩལ་ཉམས་རྟོགས་རྒྱས༔ སུས་བསྒྲུབས་འཁོར་འདས་སྤྱི་དཔལ་ཆེ༔ ཐུགས་ཀྱི་རྡོ་རྗེ་ཐོབ་པར་འགྱུར༔ གསང་ཞིང་རྒྱ་ལྡན་ཆོས་འདི་ཡིས༔ སྙིགས་མའི་སྡུག་བསྔལ་སྐྱོབ་པར་ཤོག༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ཆོས་འདི་དཔལ་མགོན་སྡེ་ལྔས་སྲུངས༔ ཙིཏྟ་རྒྱ༔ ཙིཏྟ་རྒྱ༔ ཙིཏྟ་རྒྱ༔ གུ་ཧྱ་རྒྱ༔ ཁ་ཐཾ༔ བདག་འདྲ་སུརྻའི་མིང་འཛིན་པས་དབུས་རི་ནག་པོའི་རྩེ་ནས་གདན་དྲངས་པའོ། །དགེའོ།། །།
འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་ཕྲིན་ལས་བདུད་རྩིའི་བུམ་བཟང (Volume 26, Text 37)
ྈ འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་ཕྲིན་ལས་བདུད་རྩིའི་བུམ་བཟང་བཞུགས༔ ྈྈྈ བཅོམ་ལྡན་ཚེ་དཔག་མེད་པ་དང༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་ལོ༔ བཀྲ་ཤིས་ཡིད་དང་མཐུན་པའི་གནས་སུ་བཀྲ་ཤིས་པའི་ས་ལ་མཎྜལ་གྲུ་བཞི་བྱས་ཏེ་ཕོ་བྲང་སྤྱི་མཐུན་བྲིས་པའི་ལྷ་གནས་པདྨ་འདབ་བརྒྱད་མཛེས་ཚོན་བྱ༔ དབུས་སུ་རྟ་མགྲིན་དབང་གི་སྐུ་མངོན་རྟོགས་དང་མཐུན་པའམ༔ ཡང་ན་ཧྲཱིཿདམར་པོ་བྲི༔ རིན་པོ་ཆེའི་བུམ་པ་ཆག་གས་མེད་པའི་ནང་དུ་རྒྱུན་འབབ་ཀྱི་ཆུ་དང་བ་དམར་གྱི་འོ་མ༔ བུམ་རྫས་ཉེར་ལྔ་དང་བདུད་རྩི་ལྔ་རྣམས་ཀྱིས་སུམ་གཉིས་བཀང༔ མགུལ་ཆིངས་དར་ལེ་བརྒན་གྱིས་བྱ༔ འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན༔ གཟུངས་ཐག་སེར་པོའམ་སྣ་ལྔ་བཏགས་ལ་དལ་གྱི་དབུས་སུ་བཀོད༔ གཏོར་མ་རིན་ཆེན་འབར་བ་དང༔ ཚེ་འབྲང་དམར་པོ༔ ཚེ་རིལ་ཚེ་ཆང་དང་བཅས་པ་བཀོད༔ ཕྱི་ནང་གསང་མཆོད་ཀྱིས་ལེགས་པར་བསྐོར༔ ཚེ་འགུགས་པའི་རྟེན་དུ་མདའ་མ་ཉམས་པ་ལ་དར་སྣ་ལྔ་དང༔ གསེར་དངུལ་གཡུ་གསུམ་གྱིས་བརྒྱན་པ་བཤམ༔ སྒྲུབ་པ་པོ་སྟན་བདེ་བ་ལ་འདུག་ནས་སྒྲུབ་པའི་བྱ་བ་ལ་འཇུག་གོ༔ ས་མ་ཡ༔ ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་མོ༔ སྦྱོར་བ་ལ་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ བདག་གཞན་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོ་མ་འཐོབ་བར༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ནི༔ ན་མོ༔ འདི་བཟུང་འཁོར་བ་མ་སྟོངས་བར༔ སེམས་ཅན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་གོ་འཕང་བསྒྲུབ་པར་བགྱི༔ གསུམ་པ་ཚོགས་གསོག་ནི༔ ན་མོ༔ བདེ་གཤེགས་རྒྱལ་བ་མ་ལུས་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་མཆོད་བདག་ལུས་ལོངས་སྤྱོད་འབུལ༔ སྡིག་སྒྲིབ་ཉེས་པའི་ཚོགས་རྣམས་མ་ལུས་བཤགས༔ བསོད་ནམས་དགེ་ཚོགས་ཀུན་ལ་རྗེས་ཡི་རང༔ འགྲོ་རྣམས་སྒྲོལ་ཕྱིར་ཆོས་འཁོར་བསྐོར་དུ་གསོལ༔ མགོན་པོ་མྱ་ངན་མི་འདའ་གཞན་དོན་བཞུགས༔ དུས་གསུམ་དགེ་བའི་རྩ་བ་གང་ལགས་པ༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ བཞི་པ་མཎྜལ་འབུལ་བ་ནི༔ ཨོཾ༔ སྟོང་གསུམ་འཇིག་རྟེན་བཀོད་པའི་ཞིང་ཁམས་སུ༔ ལྷ་མིའི་ལོངས་སྤྱོད་འདོད་ཡོན་ཕུང་པོར་སྤུང༔ ཨཱ༔ རང་བཞིན་དག་པ་ལོངས་སྐུའི་ཕོ་བྲང་དུ༔ འདོད་ཡོན་ལྷ་མོ་ཞིང་གི་རྡུལ་སྙེད་གཏིབས༔ ཧཱུྃ༔ དགོངས་ཀློང་མཉམ་ཉིད་ཆོས་སྐུ་གདལ་བའི་ངང༔ སྣང་སྲིད་ཐམས་ཅད་ཀུན་བཟང་རྒྱན་དུ་ཤར༔ ཧྲཱི༔ ཕྱི་ནང་གསང་བའི་མཎྜལ་རྒྱ་ཆེན་པོ༔ སྐྱབས་གནས་དམ་པ་རྣམས་ལ་འབུལ་བར་བགྱི༔ བཞེས་ནས་བདག་གཞན་ཚོགས་གཉིས་རྫོགས་པ་དང༔ ཚེ་བསོད་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ལྔ་པ་བགེགས་བསལ་བ་ནི༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ ཐུགས་ལས་ཁྲོ་ཚོགས་ཕྱོགས་བཅུར་འགྱེད༔ བཀའ་གསང་སྒྲུབ་ལ་བར་གཅོད་བགེགས༔ ཐམས་ཅད་བསྐྲད་ཅིང་གཟིར་བར་བྱ༔ ཧཱུྃ་ཧཱུྃ༔ ལྷ་དང་ལྷ་མིན་གདུག་པ་ཅན༔ བཀའ་ལས་མ་འདའ་གཞན་དུ་དེངས༔ ཅི་སྟེ་མི་འགྲོ་འཚེ་བྱེད་ན༔ མཚོན་ཆ་འབར་བ་སྣ་ཚོགས་ཀྱིས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཨོཾ་སུཾ་བྷ་ནི་སོགས་དྲག་སྔགས་བརྗོད༔ ཐུན་གྱིས་བྲབ་པར་བྱའོ༔ དྲུག་པ་མཚམས་གཅོད་ནི༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ཀུན༔ མཚོན་ཆ་སྣ་ལྔའི་གུར་ཁང་འཁྲིགས༔ ཁྲོ་ཚོགས་མང་པོས་ཕྱོགས་མཚམས་གང༔ བགེགས་རྣམས་འདའ་བའི་གནས་མེད་དོ༔ བཛྲ་རཀྵ་རཀྵ་ཧཱུྃ༔ བདུན་པ་བྱིན་འབེབ་ནི༔ ཧཱུྃ༔ བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ གར་གྱི་དབང་ཕྱུག་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ དཔའ་བོ་མཁའ་འགྲོའི་འཁོར་དང་བཅས༔ རང་བཞིན་དབྱིངས་ནས་སྐུ་སྐྱོད་ལ༔ སྒྲུབ་པའི་གནས་འདིར་བྱིན་ཆེན་ཕོབ༔ རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཧོ༔ བརྒྱད་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ སྣང་སྲིད་སྣོད་བཅུད་དངོས་པོ་ཀུན༔ ཀུན་བཟང་མཆོད་པའི་ཕྱག་རྒྱ་ཆེ༔ སྨན་གཏོར་རཀྟ་དམ་ཚིག་རྫས༔ ཡེ་ཤེས་བདུད་རྩིར་རྣམ་པར་དག༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋཱ༔ དངོས་གཞི་ལས་དང་པོ་ལྷ་བསྒོམ་པ་ནི༔ ཧྲཱི༔ རང་བྱུང་ཡེ་ཤེས་ལྔ་ཡི་དངོས༔ སྟོང་གསུམ་འཇིག་རྟེན་རྣམ་པར་དག༔ རྣམ་དག་རྒྱལ་བའི་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་ལྡན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ ཕྱི་ནང་མཉམ་ཡངས་འོད་འབར་དབུས༔ འཆི་བདག་ཉི་ཟླ་པདྨའི་སྟེང༔ ཧྲཱིཿལས་བདག་ཉིད་གར་གྱི་དབང༔ རྟ་མགྲིན་པདྨ་ཧེ་རུ་ཀ༔ དམར་གསལ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་རབ་ཏུ་ཁྲོས༔ ཞལ་གདངས་མཆེ་གཙིགས་སྤྱན་དགུ་རྔམ༔ རལ་པ་ཁམ་ནག་འབར་བའི་དབུས༔ རྟ་མགོ་ལྗང་གུ་རབ་ཏུ་འཇིགས༔ རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག༔ པདྨ་ཁ་ཊྭཱཾ་དབྱུག་ཏོ་གཡས༔ བྷནྡྷ་ལྕགས་སྒྲོག་མདུང་ཐུང་གཡོན༔ ཞབས་བཞི་གར་གྱིས་གདན་ལ་རོལ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ༔ གར་གྱི་ཉམས་དགུ་དག་དང་ལྡན༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དམར༔ གཡས་པས་གྲི་གུག་ཡབ་ལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ དབུ་གཙུག་ཕག་ཞལ་ནག་པོ་ངུར༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ ཞབས་གཉིས་བརྐྱང་བསྐུམ་བདེ་བར་རོལ༔ ཡེ་ཤེས་མེ་འབར་ཀློང་ན་གསལ༔ ཡབ་ཀྱི་ཐུགས་ཀར་འོད་ལྔའི་ཀློང༔ བཅོམ་ལྡན་ཚེ་དཔག་ཡབ་ཡུམ་དང༔ ཚེ་བདག་རིགས་བཞི་ཡུམ་དང་བཅས༔ ལྷ་མོ་བཞི་དང་མགྱོགས་མ་བཞི༔ སྒོ་མ་བཞི་བཅས་ཡོངས་རྫོགས་གསལ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧྲཱི༔ འོག་མིན་གནས་སུ་ཀུན་བཟང་ཚེ་དཔག་མེད༔ བདེ་ཆེན་ཞིང་ན་མགོན་པོ་འོད་མི་འགྱུར༔ ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ཀྱང༔ ཐུགས་རྗེས་འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཁྲོ་བོའི་སྐུ༔ གར་གྱི་དབང་ཕྱུག་རྟ་མགྲིན་དབང་གི་ལྷ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས་པ་ཡང༔ འགྲོ་བའི་དོན་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་གསོལ་ནི༔ ཧྲཱི༔ གདོད་ནས་འགྱུར་མེད་བདེ་ཆེན་དག་པའི་ལྷ༔ འགྲོ་འོང་གཉིས་མེད་རང་སྣང་ལྷུན་གྲུབ་སྐུ༔ འཁྲུལ་པའི་དབང་གིས་ཐ་དད་སོ་སོར་བཟུང༔ དེང་ནས་གཉིས་མེད་ངང་དུ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་ནི༔ ཧྲཱི༔ རྒྱལ་བ་ཀུན་གྱི་དབང་ཕྱུག་བཅོམ་ལྡན་དཔལ༔ དབང་ཆེན་ཡབ་ཡུམ་འཆི་མེད་ཚེ་ཡི་ལྷ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཚེ་དབང་དངོས་གྲུབ་དེང་འདིར་བདག་ལ་སྩོལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ དག་བྱེད་གཙང་མའི་ཞབས་བསིལ་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ ཡིད་འོང་མཛེས་ལྡན་མེ་ཏོག་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ དྲི་ཞིམ་སྦྱར་བའི་བདུག་སྤོས་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ རིན་ཆེན་སྣང་གསལ་སྒྲོན་མེ་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ དྲི་ལྡན་བསིལ་བའི་ཆབ་རྒྱུན་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ རོ་བཅུད་ནུས་ལྡན་ཞལ་ཟས་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝིདྱཱ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ ཡིད་འཕྲོག་སྒྲ་སྙན་རོལ་མོ་ཀུན༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ སྣ་ཚོགས་གཟུགས་ཀྱི་བྱེ་བྲག་རྣམས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་རཱུ་པ་པྲ་ཏིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ སྣ་ཚོགས་སྒྲ་ཡི་བྱེ་བྲག་རྣམས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ སྣ་ཚོགས་དྲི་ཡི་བྱེ་བྲག་རྣམས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ སྣ་ཚོགས་རོ་ཡི་བྱེ་བྲག་རྣམས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ར་ས་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ སྣ་ཚོགས་རེག་བྱའི་བྱེ་བྲག་རྣམས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧྲཱི༔ དུག་ལྔ་རང་གྲོལ་ཡེ་ཤེས་ལྔ་དང་ལྡན༔ རིགས་ལྔ་ཡབ་ཡུམ་སྦྱོར་བའི་བདུད་རྩི་འདི༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧྲཱི༔ རྒྱུད་དྲུག་འཁོར་བ་བསྒྲལ་པའི་དམར་ཆེན་པོ༔ བདག་འཛིན་ཚར་གཅོད་ཁམས་གསུམ་དབང་སྡུད་ཕྱིར༔ རྟ་མགྲིན་དབང་གི་སྐུ་ལ་མཆོད་པ་འབུལ༔ དབང་དང་དྲག་པོའི་ལས་རྣམས་མྱུར་འགྲུབ་མཛོད༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ དམ་རྫས་རྨད་བྱུང་རྒྱན་གྱི་གཏོར་ཆེན་པོ༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་ཡོན་ལྔ་ཡི་ལྷ་མོ་དཔག་མེད་བཅས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་བསྟོད་པ་ནི༔ ཧྲཱི༔ བདེ་ཆེན་དབང་གི་དཀྱིལ་འཁོར་དུ༔ གར་གྱི་དབང་ཕྱུག་ལྷ་ཡི་ལྷ༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་དཔལ༔ རྟ་མགྲིན་དབང་གི་སྐུ་ལ་བསྟོད༔ སྐྱེ་བ་མེད་ལས་སྐྱེ་བའི་ཚུལ༔ བདེ་སྟོང་ཀློང་ཡངས་དོན་གྱི་ཡུམ༔ དབང་གི་ཐུགས་དམ་བསྐང་མཛད་མ༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ རྒྱལ་བ་རྒྱ་མཚོ་འདུས་པའི་དཔལ༔ འཆི་མེད་མཆོག་སྩོལ་བཅོམ་ལྡན་འདས༔ བདེ་ཆེན་མགོན་པོ་འོད་མི་འགྱུར༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ གསང་བ་བདེ་ཆེན་གོས་དཀར་མོ༔ ཚེ་བདག་རིགས་བཞི་སོ་སོའི་ཡུམ༔ ཚེ་ཡི་ལྷ་མོ་མགྱོགས་མ་བཞི༔ སྒོ་མ་བཞི་དང་བཅས་ལ་བསྟོད༔ བདུན་པ་བཟླས་པ་ནི༔ ཚེ་དཔག་མེད་ཀྱི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿདམར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཐམས་ཅད་མཆོད་ཅིང་ཐུགས་རྒྱུད་བསྐུལ༔ སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྦྱང༔ ཀུན་ཀྱང་མགོན་པོ་ཚེ་དཔག་མེད་པའི་གོ་འཕང་ལ་བཀོད༔ འཁོར་འདས་ཀྱི་ཚེ་ཡི་དྭངས་བཅུད་དངོས་གྲུབ་མ་ལུས་པ་བསྡུས་ནས་ཐུགས་ཀར་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམ་ལ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱི༔ ཨ་མཱ་ར་ཎི་ཛཱི་བནྟཱི་ཡེ་སྭཱ་ཧཱ༔ མང་དུ་བཟླ༔ གཟུངས་ཐག་ལ་བཟུང་སྟེ༔ བུམ་ནང་ཚེ་ཡི་ལྷ་ཚོགས་རང་འདྲ་བ་མངོན་སུམ་དུ་བཞུགས་པའི་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབ༔ གཟུངས་ཐག་ལ་བརྒྱུད་དེ་རང་གི་སྙིང་གར་ཐིམ་པས་ཚེ་དབང་དངོས་གྲུབ་ཐོབ་པར་བསྒོམ་ལ་བཟླས་པ་བྱ༔ བརྒྱད་པ་ཚེ་འགུགས་ནི༔ མདའ་དར་གཡབ་ལ༔ ཧྲཱི༔ འཁོར་འདས་དབང་བསྒྱུར་ཚེ་ཡི་བདག༔ རྟ་མགྲིན་དབང་གིས་ཚེ་ཁུག་ཅིག༔ སྐྱེ་འགག་འགྱུར་མེད་དོན་གྱི་ཡུམ༔ རྡོ་རྗེ་ཕག་མོས་ཚེ་ཁུག་ཅིག༔ འཆི་མེད་མཆོག་སྩོལ་བཅོམ་ལྡན་འདས༔ ཚེ་དཔག་མེད་པས་ཚེ་ཁུག་ཅིག༔ བདེ་ཆེན་གོས་དཀར་གསང་བའི་ཡུམ༔ མཁའ་དབྱིངས་ཀློང་ནས་ཚེ་ཁུག་ཅིག༔ ཚེ་བདག་རིགས་བཞི་ཡབ་དང་ཡུམ༔ གཉིས་མེད་བདེ་བའི་ཚེ་ཁུག་ཅིག༔ ཤར་གྱི་ཚེ་བདག་ལཱ་སྱེ་དཀར༔ རྡོ་རྗེ་སྒེག་མོས་ཚེ་ཁུག་ཅིག༔ ལྷོ་ཡི་ཚེ་བདག་མ་ལྱེ་སྔོ༔ རིན་ཆེན་དཔལ་ཕྲེང་ཚེ་ཁུག་ཅིག༔ ནུབ་ཀྱི་ཚེ་བདག་གཱིརྟི་དམར༔ པདྨ་དབྱངས་མཁན་ཚེ་ཁུག་ཅིག༔ བྱང་གི་ཚེ་བདག་ནཱིརྟི་ལྗང༔ ལས་ཀྱི་གར་མཁན་ཚེ་ཁུག་ཅིག༔ རྡོ་རྗེ་དཀར་མོ་མྱུར་མགྱོགས་མས༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ཅིག༔ རྡོ་རྗེ་སེར་མོ་དཔལ་དང་ལྡན༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ཅིག༔ རྡོ་རྗེ་དམར་མོ་རྫུ་འཕྲུལ་བདག༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ཅིག༔ རྡོ་རྗེ་ལྗང་མོ་དྲག་རྩལ་ཅན༔ བྱང་གི་ཕྱོགས་ནས་ཚེ་ཁུག་ཅིག༔ སྙིང་རྗེའི་ལྕགས་ཀྱུས་ཁམས་གསུམ་འགུགས༔ ཤར་གྱི་སྒོ་མས་ཚེ་ཁུག་ཅིག༔ བྱམས་པའི་ཞགས་པས་འཇིག་རྟེན་འདྲེན༔ ལྷོ་ཡི་སྒོ་མས་ཚེ་ཁུག་ཅིག༔ དགའ་བའི་ལྕགས་སྒྲོག་ཉོན་མོངས་བསྡམ༔ ནུབ་ཀྱི་སྒོ་མས་ཚེ་ཁུག་ཅིག༔ བཏང་སྙོམས་དྲིལ་བུས་འཁོར་བ་འཇོམས༔ བྱང་གི་སྒོ་མས་ཚེ་ཁུག་ཅིག༔ ལྷ་ཚོགས་མ་ལུས་དུས་ལ་བབ༔ སྐུ་ཡི་སྤྲུལ་པས་འཇིག་རྟེན་ཁྱབ༔ འབྱུང་བ་ལྔ་ཡི་ཚེ་བཅུད་སྡུས༔ ཕུང་པོ་ལྔ་ཡི་ནུས་པ་སྐྱེད༔ ཡེ་ཤེས་ལྔ་རུ་བདག་གྲུབ་མཛོད༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ༔ མ་མ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཛ༔ རྗེས་ཀྱི་རིམ་པ་ལས་དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཚོགས་རྫས་མ་དག་བསྲེགས་གཏོར་བཀྲུས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས༔ འདོད་ཡོན་ཟག་མེད་བདུད་རྩིའི་གཏེར༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་སྤྱན་འདྲེན་ནི༔ ཧྲཱི༔ བདེ་ཆེན་དབང་གི་ཕོ་བྲང་ནས༔ བཅོམ་ལྡན་གར་དབང་རྟ་མགྲིན་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་བདེ་ཆེན་ཞིང་མཆོག་ནས༔ འཆི་མེད་མགོན་པོ་ཚེ་དཔག་མེད༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྒྱལ་བའི་ཞིང་ཀུན་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་དམ་ཅན་ཕོ་མོ་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཧྲཱི༔ རྩ་གསུམ་རྒྱལ་བ་སྲས་འཁོར་བཅས༔ འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཞི་པ་བཤགས་པ་ནི༔ ཧོ༔ བདག་གཞན་ཉོན་མོངས་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་ཀུན༔ ཚོགས་ཀྱི་མཆོད་པས་སྐོང་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ལྔ་པ་བསྒྲལ་བ་ནི༔ ཧཱུྃ༔ བདག་འཛིན་དགྲ་བགེགས་འབྱུང་པོའི་ཚོགས༔ ཐུགས་རྗེ་ཁྲོས་པའི་ཤུགས་ཀྱིས་སྒྲོལ༔ ཤ་ཁྲག་བདུད་རྩིའི་ཚོགས་མཆོད་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཧ་ལ་པཱུ་ཛ་ཁཱ་ཧི༔ དྲུག་པ་ལྷག་མ་ནི༔ བྷྱོ༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དཔལ་གྱི་བཀའ་ཉན་ལྷག་སྡུད་ནི༔ མཁའ་འགྲོ་དཔའ་བོ་དཔའ་མོའི་ཚོགས༔ གིང་དང་ལངྐ་དུར་ཁྲོད་བདག༔ དབང་ཕྱུག་འབར་མ་ཡང་འཁོར་རྣམས༔ འདིར་གཤེགས་བཀའ་ཡི་ལྷག་གཏོར་བཞེས༔ བསྟན་སྲུང་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ བདུན་པ་དཀྱིལ་འཁོར་གྱི་ལྷ་རྣམས་ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ མི་གནས་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ འགྲོ་འདུལ་ཐུགས་རྗེ་ཐབས་དང་ལྡན་པའི་སྐུ༔ དུས་གསུམ་བདེ་གཤེགས་དཀྱིལ་འཁོར་འདུས་པའི་ལྷ༔ ཐུགས་དམ་རྒྱུད་བསྐུལ་དངོས་གྲུབ་ཆར་ལྟར་ཕོབ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ བུམ་པ་བཟང་དང་འདོད་འབྱུང་ནོར་བུའི་ཚུལ༔ མ་ལུས་འགྲོ་བའི་རེ་བ་ཡོངས་བསྐང་ཕྱིར༔ དུས་ལས་མི་འདའ་ད་ལྟ་འདིར་སྩོལ་ཅིག༔ བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སྒྲུབ་རྫས་རྣམས་སྤྱི་བོར་བླངས་ཤིང༔ བདུད་རྩི་སོགས་ལ་རོལ༔ དངོས་གྲུབ་ཡིད་བཞིན་དུ་ཐོབ་པའི་མོས་པ་བྱའོ༔ བརྒྱད་པ་བསྡུ་ལྡང་ནི༔ ཧྲཱི༔ ཆོས་ཉིད་སྐྱེ་བ་མེད་པའི་ངང༔ ལྷ་དང་གཞལ་ཡས་གཉིས་མེད་ཐིམ༔ སླར་ཡང་སྐྱེ་བའི་ཆོ་འཕྲུལ་ཆེ༔ ལྷ་སྔགས་ཕྱག་རྒྱའི་རོལ་པར་བཞེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄་ཕཊ྄་ཕཊ྄༔ དགུ་པ་བསྔོ་སྨོན་ནི༔ ཧྲཱི༔ བདག་གཞན་དུས་གསུམ་དགེ་བའི་ཚོགས༔ མ་ལུས་བློ་ཡིས་གཅིག་བསྡུས་ཏེ༔ བྱང་ཆུབ་མཆོག་གི་རྒྱུ་རུ་བསྔོ༔ ཀུན་ཀྱང་རྫོགས་སངས་རྒྱས་ཐོབ་ཤོག༔ བཅུ་པ་བཀྲ་ཤིས་བརྗོད་པ་ནི༔ ཧྲཱི༔ བཅོམ་ལྡན་པདྨ་དབང་གི་ལྷ༔ དངོས་གྲུབ་མཆོག་སྩོལ་བཀྲ་ཤིས་ཤོག༔ ཚེ་དང་ཡེ་ཤེས་ཀུན་གྱི་བདག༔ ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ དེ་བཞིན་གཤེགས་པ་ཀུན་གྱི་གཙོ༔ ཚེ་བདག་ཡབ་ཡུམ་བཀྲ་ཤིས་ཤོག༔ གང་འདུལ་འགྲོ་དོན་མཛད་པའི་བདག༔ འཁོར་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པའི་མཐུས༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་རོལ་མོའི་སྒྲ་སྒྲོག་པར་བྱའོ༔ སློབ་དཔོན་པདྨ་དང་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཟབ་ཆོས་འདི་ད་ལྟ་རིན་ཆེན་གཏེར་དུ་སྦས༔ ཕྱི་རབས་སྐལ་ལྡན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ༔༁ཻཾ༔ ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་རིན་པོ་ཆེའི་ཕྲེང་བ་བཞུགས་སོ༔ ༔ྈྈྈ གར་དབང་འཆི་མེད་ལྷ་ལ་ཕྱག་འཚལ་ལོ༔ དང་པོ་ཕྱི་སྒྲུབ་ནི༔ རང་བདེ་བའི་གདན་ལ་འདུག་ནས་སྐྱབས་འགྲོ་སེམས་བསྐྱེད་དང་ཚོགས་གསག་མཎྜལ་རྣམས་བྱས་ལ༔ ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ངང་ལས་པད་ཉིའི་གདན་ལ་རང་སེམས་ཡི་གེ་ཧྲཱིཿདམར་པོ་འོད་དང་བཅས་པ་བསྒོམ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཞེས་བརྗོད་པས་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་མཆེ་བ་བཞི་གཙིགས་པ༔ དབུ་སྐྲ་དང་སྨ་ར་སྨིན་མ་ཐམས་ཅད་མེ་ལྟར་འབར་བ༔ གཡས་གྲི་གུག་དང་གཡོན་ཐོད་པ་ལྕང་ལོ་ཅན་ཁྲག་གིས་གང་བ་བསྣམས་པ༔ རལ་པའི་གསེབ་ནས་རྟ་མགོ་ལྗང་གུའི་རྟ་སྐད་དྲག་པོ་ཕྱོགས་བཅུར་སྒྲོག་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རུས་པ་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བཞེངས་པ༔ སྐུ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་བསྒོམ༔ དེའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་ཐུགས་སྲོག་ཧྲཱིཿདམར་པོ་སྔགས་ཀྱིས་བསྐོར་བ་རྣམས་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ༔ ཅུང་ཟད་བཟླ༔ རང་གི་སྤྱི་བོར་པད་ཟླའི་སྟེང་དུ་ཚེ་དཔག་མེད་སྐུ་མདོག་དམར་པོ་ལོངས་སྐུའི་རྒྱན་དང་ཆ་ལུགས་ཅན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པ་སྣང་ལ་རང་བཞིན་མེད་པའི་སྐུར་བསྒོམ༔ དེའི་གནས་གསུམ་འབྲུ་གསུམ་དང་ཐུགས་སྲོག་ཧྲཱིཿདམར་པོ་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་མགོན་པོ་ཚེ་དཔག་མེད་ཀྱིས་བདག་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་དམ་པ་ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པས་ཚེ་དཔག་མེད་ཀྱི་ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང༔ རང་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསམ་ལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟཱི་ཡེ་སྭཱ་ཧཱ༔ འབུམ་ཕྲག་བདུན་བཟླས་པས་ཚེ་ཡི་བར་ཆད་ཞི་ཞིང་དངོས་གྲུབ་ཐོབ་པར་འགྱུར་རོ༔ མཐར༔ བླ་མ་ཚེ་དཔག་མེད་རང་ལ་ཐིམ་པས་གཉིས་སུ་མེད་པར་བསྒོམ༔ གཉིས་པ་ནང་སྒྲུབ་ནི༔ ལྷ་རྣམས་ཕྲིན་ལས་བདུད་རྩིའི་བུམ་བཟང་ལྟར་བསྒོམས་ལ་བཟླས་པ་སོགས་བྱ༔ བཟླས་དམིགས་ཀྱི་ཁྱད་པར་འདི་ཡང་བྱ༔ གཙོ་བོ་ཡབ་ཡུམ་རྣམས་ཀྱི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་བབ༔ འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་བདུད་རྩི་འོ་མ་ལྟ་བུ་བྱུང་བས་རང་ལུས་འཁོར་ལོ་ལྔ་ཡི་གནས་ཐམས་ཅད་བདུད་རྩིས་གང༔ བདེ་བའི་སྒྲ་དང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་འདས་བརྟན་གཡོ་ཀུན་གྱི་དྭངས་བཅུད་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླང་བ་བཞིན་རང་དབང་མེད་པར་བཀུག་ནས་རང་གི་སྙིང་གར་ཐིམ་པས་འཆི་མེད་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ༔ ཨོཾ་ཧྱ་གྲཱྀ་བ་གུ་རུ་ཨཱ་ཡུ་སིདྡྷི་མ་ཧཱ་སུ་ཁ་ས་མ་ཡ་མ་མ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ འབུམ་ཕྲག་ལྔ་བཟླས་པས་བདེ་སྟོང་ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར་རོ༔ གསུམ་པ་གསང་སྒྲུབ་ནི༔ རི་རྩེར་ཕྱིན་ལ་སྔ་དྲོའི་དུས་སུ་ཤར་གྱི་ནམ་མཁའ་ལ་བལྟས་ཏེ་དྲང་པོར་འཁོད༔ སྐྱབས་འགྲོ་སེམས་བསྐྱེད་བྱ༔ རང་ཚེ་དཔག་ཡབ་ཡུམ་མངོན་རྟོགས་ལྟར་བསྒོམ༔ དམ་ཡེ་དབྱེར་མེད་ཀྱི་ང་རྒྱལ་བཟུང༔ སྦྱོར་མཚམས་ནས་འོད་ཟེར་ནམ་མཁའ་གང་བ་འཕྲོས༔ ཤར་ཕྱོགས་མཐོང་ཚད་ཀྱི་ནམ་མཁའ་སོགས་འཇིག་རྟེན་གྱི་ཁམས་མུ་མེད་པའི་ནམ་མཁའ་ཐམས་ཅད་འོད་ཟེར་དཀར་པོ་སྟོན་ཀའི་སྤྲིན་གྱི་རྣམ་པ་ལྟ་བུ་འུབ་འུབ་ཚུར་བསྡུས་ཏེ་རང་གི་ཞལ་དུ་ཞུགས༔ སྙིང་གར་ཐིམ་པས་ནམ་མཁའི་རྡོ་རྗེ་ཚེ་ཐོབ་པར་བསམ་ལ༔ དམིགས་པ་རྩེ་གཅིག་ཏུ་བསྒོམ༔ སྔགས་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཞེས་ཡི་གེ་འབྲུ་ལྔ་ཁོ་ན་བཟླ༔ སྐབས་སུ་ཕྱོགས་བཅུའི་ཞིང་ཐམས་ཅད་ནས་རྟ་མགྲིན་ཡབ་ཡུམ་གྱི་སྐུ་གཅིག་ཏུ་མ་ངེས་པ་ཁ་བ་བུ་ཡུག་བཞིན་དུ་བྱོན་ནས་རང་ལ་སིབ་སིབ་ཐིམ་པར་བསྒོམ་ལ༔ རིག་པ་གཟེངས་བསྟོད་དེ་ངག་ཏུ་ཧཱུྃ་རིང་བཟླ༔ དེ་ལྟར་ཉིན་རེ་བཞིན་དུ་ཉི་ཤར་ནས་ཉི་མ་ཕྱེད་ལ་ཐུག་གི་བར་དུ་བརྩོན་པས་ཟླ་བ་གཅིག་གིས་ཚེ་རིང་བའི་དངོས་གྲུབ་དམ་པ་ཐོབ་པར་གདོན་མི་ཟའོ༔ རྗེས་སུ་ལྷ་སྣང་མི་དམིགས་པའི་ངང་ནས་བསྔོ་བ་དང་སྨོན་ལམ་བྱའོ༔ སློབ་དཔོན་པདྨས་ཕྱི་རབས་རྣམས་ཀྱི་དོན་དུ་མན་ངག་མདོར་བསྡུས་ཏེ་གབ་པ་མངོན་དུ་ཕྱུངས་པའོ༔ ཕྱི་རབས་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ྈ ༔ལུས་དཀྱིལ་གྱི་མངོན་རྟོགས་རབ་གསལ་མེ་ལོང་བཞུགས་སོ༔ ༔ྈྈྈ འཆི་མེད་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལུས་དཀྱིལ་གྱི་མངོན་རྟོགས་ནི༔ བདག་རྟ་མགྲིན་ཡབ་ཡུམ་དུ་བསྒོམས་ལ༔ ཡབ་ཀྱི་ཐུགས་ཀ་ཆོས་ཀྱི་འཁོར་ལོ་རང་བཞིན་འོད་ལྔ་འབར་བའི་ཀློང་དུ་རྨ་བྱ་ཉི་ཟླ་པདྨ་བརྩེགས་པའི་གདན་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ ཕྱག་གཡས་ཚེ་ཡི་མདའ་དར་དང་གསེར་གྱི་རྡོ་རྗེ་རྩེ་ལྔ་འཛིན་ཅིང་གཡོན་མཉམ་གཞག་གི་སྟེང་དུ་ཚེ་བུམ་བདུད་རྩིས་གང་བ་བསྣམས་པ༔ སྐུ་ལ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ༔ སྣང་ལ་རང་བཞིན་མེད་པའི་པང་དུ་ཚེ་ཡི་ཡུམ་མཆོག་གོས་དཀར་མོ་སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་བ༔ ཕྱག་གཡས་ཚེ་ཡི་མདའ་དར་དམར་པོ་དང༔ གཡོན་པདྨ་རཱ་གའི་ཚེ་བུམ་བསྣམས་པ༔ སྐུ་ལ་དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ༔ ཞལ་འཛུམ་པའི་མདངས་དང་ལྡན་པ༔ ཡབ་ཡུམ་གཉིས་རྗེས་སུ་ཆགས་པའི་ཚུལ་གྱིས་བཞུགས་པའོ༔ དེ་རྒྱབ་རྩ་འདབ་བཞི་ལ༔ ཤར་དུ་མི་བསྐྱོད་ཚེ་དཔག་མེད་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་ཚེ་བུམ་བསྣམས་པ༔ ལྷོ་རུ་རིན་འབྱུང་ཚེ་དཔག་མེད་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང་གཡོན་ཚེ་བུམ་བསྣམས་པ༔ ནུབ་ཏུ་རྣམ་པར་སྣང་མཛད་ཚེ་དཔག་མེད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང་གཡོན་ཚེ་བུམ་བསྣམས་པ༔ བྱང་དུ་དོན་གྲུབ་ཚེ་དཔག་མེད་སྐུ་མདོག་ལྗང་གུ་ཕྱག་གཡས་རྒྱ་གྲམ་དང་གཡོན་ཚེ་བུམ་བསྣམས་པ༔ དེ་དག་ཀྱང་ཡུམ་སྤྱན་མ་དང༔ མཱ་མ་ཀཱི་དང༔ གཙོ་མོ་དབྱིངས་ཕྱུག་དང༔ སྒྲོལ་མ་རྣམས་སྐུ་མདོག་རང་རང་གི་ཡབ་དང་མཚུངས་པ༔ ཆགས་པའི་ཚུལ་གྱིས་དགྱེས་པར་འཁྲིལ་བའོ༔ ཡབ་རྣམས་ཀྱང་རྣམ་འགྱུར་དང་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པ༔ ཡུམ་རྣམས་རྒྱན་ཕྱག་མཚན་གཙོ་མོ་དང་མཚུངས་པའོ༔ སོ་སོའི་གདན་གྱི་ཁྱད་པར་ཤར་དུ་སེང་གེ༔ ལྷོར་རྟ་མཆོག༔ ནུབ་ཏུ་གླང་ཆེན༔ བྱང་དུ་མཁའ་ལྡིང༔ ཉི་ཟླ་པདྨ་བརྩེགས་པའི་སྟེང་ན་རང་བཞིན་འོད་ལྔ་འབར་བའི་ཀློང་དུ་བཞུགས་པའོ༔ དེ་རྒྱབ་རྩ་འདབ་བརྒྱད་ལ༔ ཤར་དུ་ལ་སྱེ་དཀར་མོ༔ ལྷོ་རུ་མ་ལྱེ་སྔོན་མོ༔ ནུབ་ཏུ་གཱིརྟི་དམར་མོ༔ བྱང་དུ་ནཱིརྟི་ལྗང་མོ༔ ཤར་ལྷོར་དཀར་མོ་མགྱོགས་མ༔ ལྷོ་ནུབ་ཏུ་སེར་མོ་མགྱོགས་མ༔ ནུབ་བྱང་དུ་དམར་མོ་མགྱོགས་མ༔ བྱང་ཤར་དུ་ལྗང་མོ་མགྱོགས་མ༔ དེ་དག་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཞབས་པདྨའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ༔ མཛེས་འཛུམ་ཞི་ཞིང་ཆགས་པའི་ཉམས་ཅན༔ སྐུ་ལ་དར་དང་རིན་པོ་ཆེ་དུ་མས་བརྒྱན་པ༔ གཡས་ཐམས་ཅད་མདའ་དར་དམར་པོ་གཡོབ་པས་ཚེ་བཅུད་འགུགས་པ༔ གཡོན་རྣམས་ཚེ་བུམ་བསྣམས་ནས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའོ༔ དེ་རྒྱབ་ཕྱོགས་བཞིའི་རྩ་འདབ་ལ་ཤར་དུ་སྒོ་མ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་ཕྱག་གཡས་ལྕགས་ཀྱུ་བསྣམས་པ༔ ལྷོར་སྒོ་མ་ཞགས་པ་མ་སྐུ་མདོག་སེར་མོ་ཕྱག་གཡས་ཞགས་པ་བསྣམས་པ༔ ནུབ་ཏུ་སྒོ་མ་ལྕགས་སྒྲོག་མ་སྐུ་མདོག་དམར་མོ་ཕྱག་གཡས་ལྕགས་སྒྲོག་བསྣམས་པ༔ བྱང་དུ་སྒོ་མ་དྲིལ་བུ་མ་སྐུ་མདོག་ལྗང་མོ་ཕྱག་གཡས་དྲིལ་བུ་བསྣམས་པ༔ ཀུན་ཀྱང་གཡོན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ༔ ལྷ་མོའི་གཟུགས་འཆང་ཞིང་དར་དང་རིན་པོ་ཆེའི་རྒྱན་ཆ་ཅན༔ པད་ཟླའི་གདན་ལ་བརྐྱང་བསྐུམ་གར་ཐབས་སུ་བཞེངས་པའོ༔ གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ འོག་མིན་རྣམ་པར་དག་པའི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པར་བསམ་མོ༔ ལྷ་ཡི་མངོན་རྟོགས་རབ་ཏུ་གསལ་བ་འདི་ཡང་བདག་འདྲ་སློབ་དཔོན་པདྨས་ཕྱི་རབས་ལས་ཅན་གྱི་དོན་དུ་བཀོད་པའོ༔ མ་འོངས་སྐལ་ལྡན་རྣམས་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ྈ ༔ཚེ་དབང་ཟབ་མོ་རིན་ཆེན་གཏེར་བུམ་བཞུགས་སོ༔ ༔ྈྈྈ ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ དབང་གི་རིམ་པ་ནི༔ གསོལ་བ་འདེབས་པ་འདི་ལྟར་བྱ༔ ཧོ༔ འཆི་མེད་མཆོག་སྩོལ་ལྷ་ཡི་ལྷ༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས༔ བདག་ལ་འཆི་མེད་དབང་མཆོག་སྩོལ༔ བཀའ་བཞིན་རྗེས་སུ་བསྒྲུབ་པར་བགྱི༔ ལན་ནི༔ ཧོ༔ ཡང་གསང་ཚེ་ཡི་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་འཐོབ་བྱའི་ཕྱིར༔ དབང་མཆོག་དམ་པ་བདག་གིས་སྦྱིན༔ བསྙེན་སྒྲུབ་དམ་ཚིག་རྒྱུན་དུ་ཟུངས༔ དེ་ནས་སྐྱབས་འགྲོ་ལ་སོགས་བྱ༔ དམ་ཚིག་སྤྱི་ལྟར་བཟུང༔ སློབ་མ་སྐད་ཅིག་གིས་རྟ་མགྲིན་ཡབ་ཡུམ་དུ་བསྒོམ༔ དེ་ཡི་ཐུགས་ཀར་ཚེ་ཡི་ལྷ་ཚོགས་བསྒོམ༔ ཕྱོགས་བཅུའི་ཞིང་ནས་ཚེ་བཅུད་ཐམས་ཅད་འུབ་ཀྱིས་བསྡུས་ནས་སློབ་མ་ལྷར་གསལ་བ་ལ་ཐིམ་པས་ཚེ་ཡི་དབང་དང་དངོས་གྲུབ་ཐོབ་པར་བསམ་ལ་ཚེ་འགུགས་བྱ༔ དེ་ནས་བུམ་དབང་ནི༔ ཧྲཱི༔ རིན་ཆེན་དབང་གི་བུམ་པ་རུ༔ བདེ་གཤེགས་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྲེང་བ་གཏད་ལ༔ ཧྲཱི༔ གང་ཞིག་རབ་ཏུ་བཟླས་པ་ན༔ དངོས་གྲུབ་འདོད་པ་རྫོགས་པའི་ཐབས༔ གསུང་དབྱངས་སྔགས་ཀྱིས་དབང་བསྐུར་བས༔ ངག་ལ་ནུས་པ་མཆོག་ཐོབ་ཤོག༔ རྩ་སྔགས་མཐར་ཝཱ་ཀ་ཨ་བྷི་ཥཱིཉྩ་ཨཱ༔ རྡོ་རྗེ་གཏད་ལ༔ ཧྲཱི༔ རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་ཐུགས༔ ཡེ་ཤེས་ལྔ་རུ་རྣམ་པར་དག༔ རྣམ་དག་བདེ་ཆེན་ཐུགས་ཀྱི་དབང༔ བུ་ཁྱོད་ཡིད་ལ་རབ་རྫོགས་ཤོག༔ རྩ་སྔགས་མཐར་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ༔ ཚེ་རིལ་གཏད་ལ༔ ཧྲཱི༔ སྙིང་པོ་ཡེ་ཤེས་ལྔ་རྫོགས་པའི༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་དཔལ༔ འབད་མེད་ལྷུན་གྱིས་གྲུབ་པའི་གཏེར༔ བུ་ཁྱོད་ལ་ནི་ཡོངས་རྫོགས་ཤོག༔ རྩ་སྔགས་མཐར་གུ་ཎ་ཨ་བྷི་ཥཱིཉྩ་ཏྲཱཾ༔ ཚེ་ཆང་གཏད་ལ༔ ཧྲཱི༔ རྒྱལ་ཀུན་ཐུགས་རྗེ་མ་འགགས་པའི༔ ཕྲིན་ལས་འབད་མེད་ཆུ་རྒྱུན་བཞིན༔ མི་ཟད་དངོས་གྲུབ་གཏེར་ཆེན་པོ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར་ཀརྨ་ཨ་བྷི་ཥཱིཉྩ་ཨཱ༔ སླར་ཡང་ཚེ་འབྲང་སྤྱི་བོར་བཀོད༔ ཧྲཱི༔ ཟླ་གམ་དབང་གི་གཞལ་ཡས་འདིར༔ མ་ཆགས་ཐབས་ཀྱི་རོལ་པ་ཆེ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ མ་འདྲེས་གསལ་རྫོགས་ཆེན་པོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་ནད་གདོན་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་གྲུབ་པར་ཤོག༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་གསུང་དུ་གྲུབ་པར་ཤོག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ སེམས་རྟོག་ཉོན་མོངས་ཀུན་དག་ནས༔ རྡོ་རྗེའི་ཐུགས་སུ་གྲུབ་པར་ཤོག༔ རང་བཞིན་རྣམ་དག་སྐུ་གསུང་ཐུགས༔ མི་ཟད་རྒྱན་གྱི་འཁོར་ལོ་ཉིད༔ གློ་བུར་སྒྲིབ་ལས་རབ་གྲོལ་ནས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥཱིཉྩ་ཨཱ༔ མདའ་དར་སྤྱི་བོར་བསྣོལ་མར་བཞག༔ ཨོཾ༔ རྡོ་རྗེའི་སྐུ་སྟེ་སྐྱེ་འཆི་མེད༔ འགྱུར་མེད་སྐུ་ཡིས་རྒྱས་བཏབ་བོ༔ ཨཱ༔ རྡོ་རྗེའི་གསུང་སྟེ་འགག་པ་མེད༔ འགག་མེད་གསུང་གིས་རྒྱས་བཏབ་བོ༔ ཧཱུྃ༔ རྡོ་རྗེའི་ཐུགས་ཏེ་འཁྲུལ་པ་མེད༔ འཕོ་མེད་ཐུགས་ཀྱིས་རྒྱས་བཏབ་བོ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ ཕྱག་རྒྱ་བཞི་ཡིས་རབ་ཏུ་བཏབ༔ གང་གིས་མི་ཚུགས་མི་ཤིགས་པའི༔ ཡང་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ བཛྲ་རཀྵ་ཧཱུྃ་ཧཱུྃ༔ དྷརྨ་རཀྵ་ཧཱུྃ་ཧཱུྃ༔ ཛྙཱ་ན་རཀྵ་ཧཱུྃ་ཧཱུྃ༔ དེ་ནས་བཀྲ་ཤིས་རྒྱ་ཆེར་བརྗོད༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པར་བྱའོ༔ ས་མ་ཡ༔ སློབ་དཔོན་ཆེན་པོ་པདྨས་ཕྱི་རབས་ལས་ཅན་གྱི་དོན་དུ་བཀོད་པའོ༔ སྐལ་ལྡན་རྣམས་དང་འདི་འཕྲད་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ྈ ལས་སྦྱོར་འཆི་བསླུའི་མན་ངག་འཆི་བདག་བདུད་འཇོམས་བཞུགས་སོ༔ ྈྈྈ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་ལོ༔ རང་ཉིད་ལོ་ཀེག་གི་ཐོག་ཏུ་ཕྱིན་པའམ༔ གནམ་ལོ་གང་རུང་གི་ལོ་མཇུག་རྣམས་སུ་རྣལ་འབྱོར་པ་དུས་མིན་གྱི་འཆི་བ་བསླུ་བའི་ཐབས་འདི་ལ་བརྩོན་པར་བྱའོ༔ རང་གི་ལུས་ལ་དྲུད་པའི་ངར་ཟན་ལ་དུར་ཁྲོད་གསུམ་གྱི་ས་སྣ་ཅུང་ཟད་བསྲེས་ཏེ་ངར་གླུད་གཅིག་དང༔ ཆང་བུའམ་རིལ་བུ་ལོ་གྲངས་སམ་བརྒྱ་རྩ་བརྒྱད་བྱ༔ སྐབས་སུ་ནམ་མཁའ༔ མདའ་འཕང༔ དར་ཟབ༔ འབྲུ་སྨན༔ རིན་ཆེན་སྣ་ཚོགས༔ ཟས་སྣ་སོགས་ཡས་གླུད་ཅི་འཛོམ་བཤམ་ཀྱང་ལེགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ༔ ཅེས་རང་ཉིད་དཔའ་བོ་རྟ་མགྲིན་གྱི་ང་རྒྱལ་ལ་གནས་པས་གླུད་གཏོར། རཾ་ཡཾ་ཁཾ་དང་ཨོཾ་ཨཱཿཧཱུྃ་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱི་བཀའ་བདེན་པ་དང༔ བསླུ་བ་མེད་པ་དཀོན་མཆོག་གསུམ་དང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་བཀའ་བདེན་པ་དང༔ རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་སྟོབས་ཀྱིས་བདག་གི་ཚེ་དང་སྲོག་གི་གླུད་གཏོར་འདི་དག༔ འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང༔ བྱིས་པའི་གདོན་ཆེན་པོ་བཅོ་ལྔ་དང༔ འཕྲོག་མ་ཆེན་མོ་བུ་ལྔ་བརྒྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང༔ བགེགས་ཀྱི་རྒྱལ་པོ་ཆེན་པོ་ལ་སོགས་ཏེ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་དང༔ མདོར་ན་བདག་འཁོར་དང་བཅས་པའི་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་མ་རུངས་པའི་ཚོགས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འདོད་ཡོན་ལྔ་དང་ལྡན་པའི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ་རྟག་པ་རྒྱུན་དུ་འབྱུང་ཞིང་ཚིམས་པར་གྱུར་ཅིག༔ ཚིམས་ནས་ཀྱང་སྔོན་གྱི་ལན་ཆགས་ངན་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག༔ འཕྲལ་གྱི་རྐྱེན་ངན་བར་དུ་གཅོད་པའི་ཕྱོགས་མ་ལུས་པ་ཐམས་ཅད་མྱུར་དུ་ཞི་བར་གྱུར་ཅིག༔ ནད་དང་གནོད་པ་ཐན་དང་ལྟས་ངན་བྱད་ཁ་ཕུར་ཁ་ལ་སོགས་ཏེ་མདོར་ན་མི་མཐུན་པ་དང་བཀྲ་མི་ཤིས་པའི་ཕྱོགས་སུ་གྱུར་པ་ཐམས་ཅད་མྱུར་དུ་ཞི་བར་གྱུར་ཅིག༔ བདག་འཁོར་དང་བཅས་པ་ཐམས་ཅད་དུས་མིན་འཆི་བའི་འཇིགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག༔ གདོན་དང་བགེགས་ཀྱི་ཚོགས་དེ་དག་ཀྱང་འདོད་ཡོན་གྱི་སྦྱིན་པ་མི་ཟད་པའི་གཏེར་གྱིས་རྟག་ཏུ་ཚིམ་པར་གྱུར་ཅིག༔ འདོད་ཡོན་གྱི་སྦྱིན་པ་ཐོབ་པ་དེ་སྲིད་དུ་དམ་པའི་ཆོས་ཡང་དག་པའི་སྦྱིན་པ་ཚུལ་བཞིན་དུ་ཐོབ་པར་གྱུར་ཅིག༔ ཆོས་ཡང་དག་པའི་སྦྱིན་པ་ཐོབ་པ་དེ་སྲིད་དུ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་རྒྱུད་ལ་སྐྱེ་བར་གྱུར་ཅིག༔ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བ་དེ་སྲིད་དུ་བྱང་ཆུབ་ཀྱི་སེམས་དེ་ལས་ཕྱིར་མི་ལྡོག་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་ལ་སཾ་བྷ་རའི་སྔགས་རེ་དང་བསྟུན་ཆང་བུའམ་རིལ་བུ་བདུན་རེ་བསྔོ༔ སླར་ཡང་བདེན་པའི་སྟོབས་ཆེན་པོ་དེ་བཞིན་དུ་བརྗོད༔ ཐམས་ཅད་རྫོགས་པ་དང༔ གླུད་གཏོར་ཁ་ཕྱིར་བསྟན་ལ༔ ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ སྣང་སྲིད་མ་ལུས་ང་ཡི་དབང༔ འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཀུན༔ བདག་གི་བཀའ་ལས་འདའ་མི་འཚལ༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ གཙང་མའི་ལྷ་ཡི་སྡེ་ཚོགས་དང༔ དེ་དག་འཁོར་གྱི་གདོན་ཆེན་པོ༔ མིང་དང་རྣམ་འགྱུར་སྣ་ཚོགས་བདག༔ ལྷ་ཡི་གདོན་དང་ཀླུ་ཡི་གདོན༔ ལྷ་མིན་དྲི་ཟ་མི་འམ་ཅི༔ གཤིན་རྗེ་མ་བདུད་གཟའ་དང་བཙན༔ གནོད་སྦྱིན་ལྟོ་འཕྱེ་རྒྱལ་པོའི་གདོན༔ དམ་སྲི་འབྱུང་པོ་ཐེའུ་རང་སོགས༔ སྣ་ཚོགས་ནད་དང་གདོན་གྱི་བདག༔ ཚེ་དང་སྲོག་དང་དབང་ཐང་དང༔ ལས་རྣམས་ཀུན་ལ་བར་དུ་གཅོད༔ མི་མཐུན་ཕྱོགས་ཀུན་སྦྱོར་བྱེད་པའི༔ མ་རུངས་གདུག་པ་ཅན་གྱི་ཚོགས༔ དེ་དག་འཁོར་བཅས་མ་ལུས་དང༔ ཁྱད་པར་འཆི་བདག་གཤིན་རྗེ་དང༔ ཁྲམ་ཁ་སྟོང་གི་བདག་མོ་སོགས༔ ཁམས་གསུམ་སྲོག་ལ་དབང་བ་རྣམས༔ བཤམས་པའི་གླུད་གཏོར་འདི་ལོངས་ལ༔ གནོད་པའི་བསམ་ངན་ཞི་བ་དང༔ ཚེ་ཡི་བར་ཆད་བཟློག་པར་མཛོད༔ གླུད་ཆེན་ནམ་མཁའ་མཛོད་ཀྱི་གཏེར༔ ནམ་ཡང་འཛད་པ་མེད་པ་འདི༔ ལྷ་འདྲེས་བཞེས་ལ་ཚེ་བདུད་ཟློག༔ དུས་མིན་འཆི་བ་མྱུར་དུ་སོལ༔ དུས་ལ་བབས་ཀྱང་བཤོལ་ཐོབ་ཅིག༔ རྒྱུ་འབྲས་བསླུ་བ་མེད་པའི་གླུད༔ རྣལ་འབྱོར་ཤ་ཁྲག་དྲོད་དབུགས་དང༔ སེམས་ཀྱི་གླུད་དུ་གྱུར་པ་འདི༔ འབྱུང་བ་ལྔ་ཡི་ཁམས་ལ་བཏང༔ འབྱུང་ལྔའི་ཁམས་ལ་དབང་སྒྱུར་ཞིང༔ འབྱུང་ལྔའི་ཁམས་ལ་རྟེན་བཅས་པའི༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ གླུད་གཏོར་འདི་ཡིས་མགུ་བྱོས་ལ༔ ཕྱིན་ཆད་འཁོར་འདིར་མ་གནོད་ཅིག༔ ཆོས་སྦྱིན་སྤྱི་དང་མཐུན་པར་བྱས་ལ༔ ཁྱེད་རྣམས་འདུག་པའི་གནས་མེད་ཀྱིས༔ དཔག་ཚད་རྒྱང་གྲགས་ཚུན་ཆད་དུ༔ མ་ཉེ་མ་འཁོར་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་གྱུར་ན༔ དབང་ཆེན་ཁྲོ་རྒྱལ་འབར་བ་ཡིས༔ རྡོ་རྗེ་ཅན་ཡང་འཇིག་བྱེད་ན༔ ཟག་བཅས་ལུས་རྣམས་སྨོས་ཅི་དགོས༔ མགོ་ལུས་མེ་འབར་སྙིང་ཡང་གཏུབ༔ སྡུག་བསྔལ་དཔག་མེད་མྱོང་འགྱུར་བས༔ འདི་རུ་མ་འདུག་ཕྱིར་དེངས་ཤིག༔ དྲག་སྔགས་བརྗོད༔ ཐུན་གྱི་ཆར་དབབ༔ གླུད་གཏོར་ལོ་བདུད་སོགས་ཡས་ལམ་གཙང་བའི་ཕྱོགས་སུ་བསྐྱལ༔ སྲུང་འཁོར་བསྒོམ༔ ཚེ་འགུགས་མང་དུ་བྱ༔ བཀྲ་ཤིས་བརྗོད༔ དེས་འཆི་བའི་འཇིགས་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ༔ བདག་འདྲ་སློབ་དཔོན་པདྨ་ཡིས༔ སྙིགས་དུས་དུས་མིན་འཆི་བའི་དཔུང༔ འཇོམས་བྱེད་མན་ངག་ཟབ་མོ་འདི༔ སྐལ་ལྡན་དོན་ཕྱིར་ལག་ལེན་བཀོད༔ ལན་གཅིག་ཕྱི་མའི་དུས་ཀྱི་ཚེ༔ ཐུགས་ཀྱི་སྲས་དང་འདི་འཕྲད་ནས༔ འགྲོ་དོན་ཕྲིན་ལས་མཐར་རྒྱས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ༔ ༈ འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།
བླ་མ་སྐུ་གསུམ་གྱི་ཁྲིད་ཀྱི་ཟིན་བྲིས་ (Volume 5, Text 37)
༄༅། །བླ་མ་སྐུ་གསུམ་གྱི་ཁྲིད་ཀྱི་ཟིན་བྲིས་བཞུགས། ། རབ་འབྱམས་ཞིང་གི་རྡུལ་སྙེད་རྒྱལ་བ་ཡི། །རབ་དཀར་ཐུགས་རྗེའི་ཕུང་པོ་གཅིག་བསྡུས་ཏེ། །རབ་རྨོངས་འགྲོ་བློའི་མུན་པ་སེལ་བའི་མགོན། །རྒྱལ་དབང་པདྨཱ་ཀ་ར་དེར་ཕྱག་འཚལ། །གང་དེའི་ཐུགས་ཀྱི་སྲས་མཆོག་སྣ་ནམ་པ། །བསམ་བཞིན་འགྲོ་བའི་དོན་དུ་ལེགས་བྱོན་པ། །གསང་ཆེན་ཆོས་ཀྱི་སྒྲོན་མེ་འཛིན་པའི་དཔལ། །ལེགས་ལྡན་བདུད་འཇོམས་རྡོ་རྗེས་བདག་སྐྱོངས་ཤིག །དེ་ལ་འདིར་རྣལ་འབྱོར་གྲུབ་པའི་དབང་ཕྱུག་བདུད་འཇོམས་སྐྱེ་སྤྲུལ་ལྷ་བཙུན་ཉི་ཟླ་འོད་ཟེར་དེ་ཉིད་ཀྱིས་དཔལ་ཆེན་ཆུ་བོ་རི་མཚོ་རྒྱལ་ཕུག་ནས་གདན་དྲངས་པའི་ཟབ་ལམ་བླ་མ་སྐུ་གསུམ་གྱི་ཁྲིད་ཀྱི་རིམ་པ་ལ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་སྔོན་འགྲོའི་དུས་བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་བརྒྱུད་འདེབས་ཆུང་བ་བྱ། རང་ཉིད་གནས་པའི་ས་ཕྱོགས་འདི་ཡང་ཐ་མལ་པའི་གནས་ཁང་མ་ཡིན་ཞིང་། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། སྐུ་ལ་ཆོས་གོས་ངུར་སྨྲིག་དང་མཐིང་ནག་དར་གྱི་ཕོད་ཀ་དང་ཟ་འོག་གི་བེར་གསོལ་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། ཡུམ་དཔའ་མོ་སྦས་ཚུལ་ཁ་ཊྭཱཾ་ག་གཡོན་དུ་འཆང་བ་གཅིག་ཏུ་གསལ་བའི་མདུན་དུ། ཉན་པ་པོ་རྣམས་ཀྱང་རང་རང་གི་ཡི་དམ་ལྷའི་ང་རྒྱལ་བརྟན་པ་དང་བཅས་པའི་ངང་ནས་ཆོས་ཐམས་ཅད་གྲགས་སྟོང་སྐྱེ་བ་མེད་པའི་སྒྲར་ལྷང་ལྷང་སྒྲོག་པར་མོས་ནས་གསན་འཚལ་ཞེས་མཚམས་སྦྱར་ལ། དེ་ནས་དང་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། ཐོག་མར་ནི་དལ་འབྱོར་རྙེད་པར་དཀའ་བ་་་འདིའི་ཁོངས་སུ་ལས་རྒྱུ་འབྲས་ཀྱང་བསམ་པར་བྱའོ། །ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་དང་བཅས་པ་ལས། དང་པོ་ལ། དཔེ་གྲངས་ཐ་སྙད་གཏན་ཚིགས་རྒྱུའི་སྒོ་ནས་སོ། །གཉིས་པ་ལ་རང་གཞན་ཕྱི་ནང་མི་རྟག་པའོ། །གསུམ་པ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་བསམ་པའོ། །བཞི་པ་ཐར་པའི་ཕན་ཡོན་ནི་སྤྲོ་དགའ་དང་བཅས་པའི་སྒོ་ནས་བསམ་པའོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་སྒྲིབ་སྦྱོང་བླ་མའི་རྣལ་འབྱོར་དང་ལྔ་ལས། དང་པོ་སྐྱབས་སུ་འགྲོ་བ་ལ་ཡང་གཉིས་ཏེ། རྒྱུ་དང་འབྲས་བུའོ། །དང་པོ་རྒྱུའི་སྐྱབས་འགྲོ་ལ་བརྒྱད་དེ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་སྐྱབས་སུ་འགྲོ་བའི་མཁན་པོ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། ལྟ་བ། སྒོམ་པ། སྤྱོད་པ། དབང་། དམ་ཚིག་གོ །དང་པོ་སྐྱབས་ཡུལ་ནི། རང་ཉིད་གནས་པའི་མདུན་དུ་འོ་མའི་རྒྱ་མཚོ་དྭངས་ཤིང་ཡངས་པ་དྲི་མ་མེད་པ་དེའི་དབུས་སུ་པདྨའི་སྡོང་པོ་ཁྲི་འཕང་གསུམ་པ་འོག་ཏུ་དཀར་པོ་སྟོང་ལྡན། བར་དུ་དམར་པོ་སྟོང་ལྡན། དེ་སྟེང་མཐིང་ག་སྟོང་དང་ལྡན་པའི་སྟེང་དུ་ཉི་ཟླ་འོད་ལྔའི་ཐིག་ལེའི་དབུས་སུ། ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་མཉམ་གཞག་གི་སྟེང་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལངས་སྟབས་སུ་འཛིན་པ། ཡུམ་ཀུན་ཏུ་བཟང་མོ་མཐིང་ག་གྲི་ཐོད་འཛིན་པ་དང་འཁྲིལ་བ། དེའི་ཤར་དུ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ། ཡབ་ཡུམ་སོགས་ཆོས་སྐུའི་སངས་རྒྱས་རྣམས་འོད་ཀློང་གི་དབུས་ན་བཞུགས་པ་ནི། འོག་མིན་ཆེན་པོའམ་རང་སྣང་ལོངས་སྐུའི་ཞིང་ཁམས། ཁྲི་འཕང་བར་པར་པད་ཉི་འོད་ལྔའི་ཐིག་ལེའི་དབུས་སུ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་ཐལ་སྦྱར་གྱི་དབུས་སུ་འཆི་མེད་བདུད་རྩིས་གང་བའི་བུམ་པ་འཛིན་པ། གཡས་འོག་མ་པདྨའི་ཕྲེང་བ་དང་གཡོན་གྱི་འོག་མ་ན་པདྨ་དཀར་པོ་མཐེབ་སྲིན་གྱིས་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་ཀར་མེ་ཏོག་ཁ་བྱེ་བསྣམས་པ། དེའི་མཐའ་སྐོར་དུ་ལོངས་སྐུའི་སངས་རྒྱས་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ། འོག་མིན་ཆུང་ངུའི་གཞན་སྣང་ལོངས་སྐུའི་ཞིང་ཁམས། ཁྲི་འཕང་འོག་མར་ཉི་ཟླ་འོད་ལྔའི་ཐིག་ལེའི་དབུས་སུ་སློབ་དཔོན་པདྨ་འབྱུང་གནས་སྐུ་ལ་རྟགས་གསུམ་དང་ལྡན་པ། དབུ་ལ་སྙན་ཞུ་གསོལ་བ་ཕྱག་གཉིས་མཉམ་གཞག་གི་དབུས་ན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། གསང་རྟེན་ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པ། དེའི་མཐའ་སྐོར་དུ་སྤྲུལ་པའི་མཚན་བརྒྱད། རྒྱ་གར་གྱི་རིག་འཛིན་བརྒྱད། བོད་ཀྱི་གྲུབ་ཆེན་བརྒྱད་ལ་སོགས་པའི་སྤྲུལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་བ་སྤྲུལ་སྐུའི་ཞིང་དུ་བསམ་ཞིང་། དེ་དག་ཐམས་ཅད་ཀྱང་ཁྲལ་ལམ་ལམ་འོད་ཕུང་ཕུང་འོད་ཀློང་གི་དབུས་ན་དགྱེས་ཉམས་སུ་བཞུགས་པར་མོས་པ་དང་། གང་གིས་སྐྱབས་སུ་འགྲོ་བའི་མཁན་པོ་ནི། དེ་དག་གི་མདུན་དུ་རང་ཉིད། གཡས་སུ་ཕ། གཡོན་དུ་མ། མདུན་དུ་དགྲ་གཉེན། རྒྱབ་ཏུ་རིགས་དྲུག་གི་སེམས་ཅན་རྣམས་འདྲེན་དཔོན་བདག་གིས་བྱས་ཏེ་མགྲིན་གཅིག་ཏུ། སྐྱབས་སུ་འགྲོ་བའི་ཚུལ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དེ་བཞིན་དུ། བླ་མ་བདེ་གཤེགས་འདུས་པའི་གསུང༔ བླ་མ་བདེ་གཤེགས་འདུས་པའི་ཐུགས༔ ཞེས་སོགས་གཞུང་ནས་འབྱུང་བ་ལྟར་ལན་བརྒྱ་སྟོང་དུ་སྐྱབས་སུ་འགྲོ་བར་བྱའོ། །སྐྱབས་སུ་འགྲོ་བའི་དབང་ནི། སྐྱབས་ཡུལ་རྣམས་ཀྱི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་ཐིམ། ལུས་སྒྲིབ་དག །སྐུའི་བྱིན་རླབས་ལུས་ལ་ཞུགས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་མེད་འཕྲོས། མགྲིན་པར་ཐིམ། ངག་སྒྲིབ་དག །གསུང་གི་བྱིན་རླབས་ངག་ལ་ཞུགས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག་འཕྲོས། སྙིང་ཁར་ཐིམ། ཡིད་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། སྐྱབས་ཡུལ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་འདྲེས། དེའི་ངང་ལས་དོན་ལ་བསྐྱོབ་བྱ་སྐྱབ་བྱེད་ཐམས་ཅད་རང་རིག་པའི་ངོ་བོ་ལས་མ་འདས་པ་ནི་ལྟ་བ། དེའི་ངང་ལས་མ་ཡེངས་པ་ནི་སྒོམ་པ། གང་སྣང་ལམ་དུ་སློང་བ་ནི་སྤྱོད་པ། དམ་ཚིག་ནི་ཕྱིའི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས། འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱ། ནང་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་སོང་བས་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་སོགས་བྱ། གསང་བ་ཆོས་ལོངས་སྤྲུལ་གསུམ་ལ་སྐྱབས་སུ་འགྲོ་བས་བསྐྱེད་རྫོགས་ཀྱི་དོན་ལ་ལྟ། སྟོང་ཉིད་བསྒོམ་པར་བྱ། ཕྱི་ལ་སྐྱབས་སུ་སོང་བས་ཉན་ཐོས་ཀྱི་བསླབ་བྱ་ནོས། ནང་ལ་སྐྱབས་སུ་སོང་བས་བྱང་སེམས་ཀྱི་བསླབ་པ་ནོས། གསང་བར་སྐྱབས་སུ་སོང་བས་ཀྲི་ཡོག་སོགས་གསང་སྔགས་ནང་པའི་བསླབ་བྱ་ནོས་པ་དམ་ཚིག་གོ །དེ་ནས་སྐྱབས་ཡུལ་རྣམས་མི་དམིགས་པར་བཞག །རིགས་དྲུག་གི་སེམས་ཅན་རྣམས་བྱ་མ་བུ་འཕུར་པ་ལྟར་དག་པ་མཁའ་སྤྱོད་ཀྱི་གནས་སུ་འུར་དིང་གིས་སོང་བར་བསམ། དེའི་ངང་ནས་ཀ་དག་སྤྲོས་བྲལ་ཆེན་པོར་མཉམ་པར་འཇོག་པ་ནི་སྐྱབས་སུ་འགྲོ་བའི་རིམ་པའོ། །གཉིས་པ་སེམས་བསྐྱེད་ནི། སེམས་བསྐྱེད་བྱའི་ཡུལ་གོང་གི་སྐྱབས་ཡུལ་རྣམས་གསལ་གདབ། དེའི་མདུན་དུ་རང་གིས་གཙོར་བྱས་གཡས་སུ་ཕ། གཡོན་དུ་མ། མདུན་དུ་དགྲ་གཉེན། རྒྱབ་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གསལ་བཏབ་ལ། འདི་དག་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་མེད་པས་དུས་དེང་ནས་བཟུང་སྟེ་རྩ་གསུམ་རིག་འཛིན་བླ་མའི་གོ་འཕང་ལ་འགོད་པར་བྱ་སྙམ་པ་ནི་སྨོན་པ་སེམས་བསྐྱེད། དེའི་རྗེས་སུ་འཇུག་པ་ནི་འཇུག་པ་སེམས་བསྐྱེད་དེ་དེ་ལྟ་བུའི་སྒོ་ནས་ཞེ་ཐག་པས་ངག་ཏུ། ན་མོ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ དཀོན་མཆོག་གསུམ་པོ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ དེ་བཞིན་དུ། རྩ་བ་གསུམ་པོ་བསྒྲུབས་ནས་ནི༔ སྐུ་གསུམ་བླ་མ་བསྒྲུབས་ནས་ནི༔ ཞེས་སོགས་ཀྱིས་ལན་བརྒྱ་སྟོང་དུ་སེམས་བསྐྱེད་དོ༔ དོན་ལ་སེམས་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་རང་རིག་པའི་ངོ་བོ་ལས་མ་འདས་པ་ནི་ལྟ་བ། དེའི་ངང་ལས་མ་ཡེངས་པ་ནི་སྒོམ་པ། སེམས་ཅན་གྱི་དོན་སྤྱོད་པ་ནི་སྤྱོད་པའོ། །གསུམ་པ་ཚོགས་གསག་པ་ལ་གཉིས་ལས། ཡན་ལག་བཅུ་པའི་སྒོ་ནས་གཙོ་བོར་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གསག་པ་དང་། མཎྜལ་གྱི་སྒོ་ནས་རྒྱུ་བསོད་ནམས་ཀྱི་ཚོགས་གསག་པའོ། །དང་པོ་ནི། ཚོགས་གསག་ཡུལ་གོང་ལྟར་ལས། བདག་གིས་གཙོ་བྱས་མ་རྒན་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པ་སོགས་ཚིག་གི་དོན་བསམ་ཞིང་ངག་ཏུ། ན་མོ། དཀོན་མཆོག་གསུམ་པོ་གཤེགས་སུ་གསོལ༔ རྩ་བ་གསུམ་པོ་གཤེགས་སུ་གསོལ༔ སྐུ་གསུམ་བླ་མ་གཤེགས་སུ་གསོལ༔ ཞེས་སོགས་སྙིང་ཐག་པ་ནས་བྱའོ༔ གཉིས་པ་རྒྱུ་བསོད་ནམས་ཀྱི་ཚོགས་གསོག་པ་ནི། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ ཅེས་སོགས་མཎྜལ་ཕུལ་ལ། བདག་གི་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་ལིང་གིས་ཕུལ་ནས། འདི་ལྟར་ཚོགས་གསག་པས་བླ་མ་རིག་འཛིན་གྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག་བསམ་པའོ། །དེ་ནས་ཚོགས་ཡུལ་གྱི་བླ་མ་སྐུ་གསུམ་གྱི་ལྷ་ཚོགས་རྣམས་རིམ་པ་བཞིན་དུ་ཆོས་སྐུ་ལོངས་སྐུ་ལ་ཐིམ། ལོངས་སྐུ་སྤྲུལ་སྐུ་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱང་། མཁའ་སྤྱོད་དུ་སོང་། འོད་ཟེར་སླར་ཡང་དེ་ཉིད་ལ་འདུས་ནས་འོད་དུ་ཞུ་ནས་བདག་ལ་ཐིམ་པས། ཐུགས་རྗེའི་ནུས་མཐུ་ཐམས་ཅད་བདག་ལ་ཞུགས་བྱུང་སྙམ་པའི་ངང་ནས་བདག་སྤྲོས་པའི་མཐའ་དང་བྲལ་བར་མཉམ་པར་འཇོག་པ་ནི་ཚོགས་གསག་པའི་རིམ་པའོ། །བཞི་པ་སྒྲིབ་པ་སྦྱོང་བ་ནི། སྒྲིབ་སྦྱོང་འདི་ལ་བླ་མའི་གསུང་རྒྱུན་མི་འདྲ་བ་ཅུང་ཟད་འདུག་ཀྱང་། གཞུང་ཚིག་རང་གི་དབང་དུ་བཏང་ན། མདུན་བསྐྱེད་ཀྱི་གནས་གསུམ་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། འོད་ཟེར་ཚུར་འདུས་བདག་ལ་ཐིམ་སྒོ་གསུམ་གྱི་ལས་ཉོན་སྦྱངས། བདག་ལས་ཕར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད། སླར་ཡང་ཚུར་འདུས་བདག་ལ་ཐིམ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་དམིགས་པའི་ངང་ནས། ཨོཾ་ཨཱཿཧཱུྃ༔ ཞེས་བཟླས་པར་བྱའོ། །ཡང་རང་གི་མདུན་དུ་སྒྲིབ་པ་སྦྱོང་བར་བྱེད་པའི་ཡུལ་གོང་ལྟར་གསལ་གདབ། དེ་དག་གི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་མེའི་ཚྭ་ཚྭ་ལྟ་བུ་འཕྲོས། བདག་གི་སྤྱི་མགྲིན་སྙིངཁ་ལྟེ་གསང་རྐང་མཐིལ་སོགས་གནས་དྲུག་ཏུ་འཕྲོས་པ་ལས། རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐུལ་གྱིས་བསྲེགས། བདག་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་ཐུལ་གྱིས་བསྲེགས་པར་དམིགས་པའི་ངང་ནས། ཨོཾ་ཨཱཿཧཱུྃ༔ ཞེས་དལ་བུས་བཟླ་བར་བྱའོ། །དེ་ནས་སྒྲིབ་པ་སྦྱོང་བ་དངོས་ནི། མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྤྱི་མགྲིན་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ལ་ཡི་གེ་བརྒྱ་པའི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས་པར་བསམས་ལ་དེའི་ངང་ནས་ཡི་གེ་བརྒྱ་པ་བཟླ་བར་བྱའོ། །ཐུན་མཇུག་ཏུ་བླ་མ་རྣམས་ཐིམ་རིམ་གོང་དང་འདྲ་བའོ། །མཇུག་ཏུ་ཀ་དག་སྤྲོས་པའི་མཐའ་དང་བྲལ་བའི་ངང་དུ་མཉམ་པར་གཞག་པར་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། ཁྲིད་གཞན་དུ་སྔོན་འགྲོ་ཡིན་ཡང་ལམ་འདིར་དངོས་གཞིའི་ཐ་སྙད་དུ་མཛད་འདུག་པས། དེ་ལ་ཡང་ཁྲོམ་ཚོགས་དང་། ནོར་བུ་ལུགས་དང་། ཐོ་བརྩེགས་སུ་བསྒོམ་པར་བྱ་དགོས། དེ་ལ་ཡང་མདུན་བསྐྱེད་སྐབས་ཡས་ནས་མར་བསྐྱེད་དགོས་ཀྱང་། འདིར་མས་ནས་ཡར་ཚུལ་མདུན་བསྐྱེད་ཀྱི་སྐབས་ལྟར་བསྐྱེད་པ་ལ་གསོལ་བ་འདེབས་པ་ནི། བླ་མ་སངས་རྒྱས་ཆོས་སྐུ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཞེས་སོགས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན། སྤྱི་བོ་དང་སྐུའི་གནས་ནས་སོ་སོའི་སྐུ་མཚོན་གང་བ་དཔག་ཏུ་མེད་པ་བྱོན། བདག་གི་ལུས་ལ་ཐིམ། ཚེ་ཐོག་མེད་ནས་ད་ལྟའི་བར་དུ་ལུས་ཀྱི་སྒོ་ནས་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་པ་སོགས་ཀྱི་སྡིག་པ་དག །སྐུའི་བྱིན་རླབས་ལུས་ལ་ཞུགས། བུམ་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་དང་ལྡན་པར་བྱས་པའི་འདུན་པ་བྱེད། དེ་ནས་སླར་ཡང་མགྲིན་པའི་གནས་ནས་ཨཱ་ལི་ཀཱ་ལི་དང་ཧྲཱིཿཧཱུྃ་ཕཊ་སོགས་ཡིག་འབྲུའི་ཚོགས་རང་སྒྲ་དང་བཅས་དཔག་ཏུ་མེད་པ་བྱུང་། མགྲིན་པར་ཐིམ། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སོགས་ཀྱི་སྡིག་པ་དག །གསུང་གི་བྱིན་རླབས་ངག་ལ་ཞུགས། གསང་དབང་ཐོབ། ལམ་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་དང་ལྡན་པར་བྱས་པའི་འདུན་པ་བྱེད། དེ་ནས་སླར་ཡང་ཐུགས་ཀ་ནས་ཌཱ་མ་རུ་དྲིལ་བུ་རྡོ་རྗེ་གྲི་གུག་ཁ་ཊྭཱཾ་ཐོད་ཁྲག་ལ་སོགས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་བྱོན། རང་གི་སྙིང་ཁར་ཐིམ། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སོགས་ཀྱི་སྡིག་པ་དག །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་གཏུམ་མོ་དང་སྒྱུ་ལུས་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་དང་ལྡན་པར་བྱས་བྱུང་སྙམ་པའི་མོས་པ་བྱེད། དེ་ནས་བླ་མ་རྣམས་ཡས་མར་གཅིག་ལ་གཅིག་ཐིམ་ཐམས་ཅད་འོད་དུ་མེར་གྱིས་ཞུ་བ་བདག་ལ་ཐིམ། བཞི་པ་ཚིག་དབང་ངམ་རིག་པའི་རྩལ་དབང་ཐོབ། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་དང་ལྡན་པར་བྱས་བྱུང་སྙམ་པའི་འདུན་པ་བྱེད། དེའི་ངང་ལ་ཤེས་པ་མ་བཅོས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་ལ་མཉམ་པར་འཇོག་པར་བྱའོ། །འདིའི་མཚམས་སུ་སེམས་ཀྱི་བྱུང་གནས་འགྲོ་གསུམ་སོགས་སེམས་ཚོལ་གཏང་། གནས་པ་རབ་འབྲིང་ཐ་མ་གསུམ་གྱི་གནས་ཚུལ་ངོ་སྤྲད་པར་བྱའོ། །དེ་ནས་ལམ་དངོས་གཞིའི་རིམ་པ་ནི། ཁྱེར་སོ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་དགོས་ཏེ། དེ་ཡང་དང་པོ་སྣང་བ་སྐུའི་ཁྱེར་སོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་པདྨ་འོད་གཞལ་ཡས་ཁང་སོགས་བདེ་ལྡན་དག་པའི་ཞིང་ཁམས་འབའ་ཞིག་ཏུ་བསམ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་། རྒྱལ་བའི་སྐུའམ་བླ་མའམ་ལྷ་དང་ལྷ་མོའི་རྣམ་པར་གསལ་ལ་ངག་ཏུ། འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔ ཞེས་སོགས་ཀྱིས་གསོལ་བ་གདབ། དེ་ཡང་མིག་ཡུལ་དུ་གཟུགས་མཛེས་པ་ལྷའི་བུ་བུ་མོ་དང་། དེ་བཞིན་དུ་དྲི་ཟ་གྲུལ་བུམ་མིའམ་ཅིའི་བུ་མོ། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ལ་ཡང་དགའ་བ་དང་ཆགས་པ་དང་དང་དུ་བླང་བའི་འདུ་ཤེས་མི་བྱེད། ངན་སློང་མཛེ་ཕོ་ཀེང་རུས་ལོང་སྤྲང་སོགས་མི་སྡུག་པའི་རྣམ་པ་དུ་མ་མཐོང་ཡང་སྐྱུག་བྲོ་དང་སྤང་བའི་འདུ་ཤེས་མི་བྱེད། མདོར་ན་དག་མ་དག་གི་སྣང་བ་ཐམས་ཅད་རང་སེམས་ལས་ལོགས་སུ་གྱུར་པ་དང་། དགག་སྒྲུབ་སྤང་བླང་སྤྲོས་མཐའ་དང་བྲལ་བར་བཞག་པ་ནི་ལྟ་བ། དེ་ལས་མ་ཡེངས་པ་ནི་སྒོམ་པ། དོན་དྲན་ཞིང་འགྲོ་དོན་བྱེད་པ་ནི་སྤྱོད་པ། སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོར་བསྒོམ་པ་ནི་དབང་། དེའི་ངང་ལ་གནས་པ་ནི་དམ་ཚིག་གོ །མདོར་ན་སྣང་བ་སྟོང་པ། སྟོང་པ་སྣང་བ། སྣང་སྟོང་དབྱེར་མེད་ཀྱི་ངང་ལ་མཉམ་པར་འཇོག་ཅིང་། གཟུགས་སྟོང་པའོ༔ ཞེས་སོགས་སྟོང་ཉིད་བཞི་སྦྱོར་གྱི་དོན་བསྒོམ་པར་བྱའོ། །གྲགས་པ་གསུང་གི་ཁྱེར་སོ་ནི། རྣ་བའི་ཡུལ་དུ་གྲགས་པའི་སྒྲ་སྙན་པ་དང་མི་སྙན་པ་ཐམས་ཅད་གྲགས་སྟོང་སྐྱེ་བ་མེད་པར་བལྟ་ཞིང་། དེ་དག་ཀྱང་ཨཱ་ལི་ཀཱ་ལི་སོགས་སྔགས་ཀྱི་སྒྲར་ལྷང་ལྷང་དུ་གྲགས་ཤིང་ངག་ཏུ། འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔ ཞེས་སོགས་ཀྱིས་གསོལ་བ་གདབ། སྒྲ་སྟོང་པའོ༔ ཞེས་སོགས་སྟོང་ཉིད་བཞི་སྦྱོར་གྱི་དོན་ལ་བསམ། མདོར་ན་ཚོར་བ་ཐམས་ཅད་སྟོང་པ། སྟོང་པ་ཐམས་ཅད་ཚོར་བ་སྟེ། ཚོར་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག་ཅིང་། སྒྲ་སྙན་མི་སྙན་ཐམས་ཅད་རོ་གཅིག་དགག་སྒྲུབ་སྤང་བླང་འཛིན་ཞེན་བྲལ་བ་ནི་ལྟ་བ། དེ་ལས་མ་ཡེངས་པ་ནི་སྒོམ་པ། དེས་སེམས་ཅན་གྱི་དོན་བྱེད་པ་ནི་སྤྱོད་པ། ལོངས་སྤྱོད་རྫོགས་སྐུའི་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་ངག་ལ་སྨིན་བྱུང་སྙམ་པ་ནི་དབང་། དེའི་ངང་ལ་གནས་པ་ནི་དམ་ཚིག་གི་རིམ་པའོ། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ནི། ཐོག་མར་ཆོས་ཉིད་ཟབ་མོའི་དོན་བལྟ་བ་ལ་གྲིབ་དང་མི་གཙང་བ་རྣམས་རྩའི་ནང་ནས་ཕྱིར་སོང་བར་བསམས་ལ། སྣ་བུག་གཡས་ནས་རླུང་རོ་གསུམ་འབུད། གཡོན་ནས་རླུང་རོ་གསུམ་འབུད། གཉིས་ཀ་ནས་མཉམ་དུ་གསུམ་འབུད། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཞེས་སོགས་ཀྱིས་གསོལ་བ་གདབ། དེ་ཡང་སེམས་སྟོང་པའོ། ཞེས་སོགས་སྟོང་ཉིད་བཞི་སྦྱོར་གྱི་དོན་བསམ། དེའང་ཡིད་ཡུལ་དུ་ཤར་བའི་འདོད་ཆགས་ཞེ་སྡང་གཏི་མུག་དང་ང་རྒྱལ་ཕྲག་དོག་སོགས་དུག་ལྔའི་རྟོག་པ་ཅི་ཤར་བ་དང་། ཡིད་ཡུལ་དུ་འགྱུ་བའི་དྲན་རྟོག་ཅི་ཤར་ཡང་། དེ་གའི་ངོ་བོར་ཆེར་རེ་བལྟས་པས་ཤར་གྲོལ་དུས་མཉམ་དུ་འགྱུར་ཞིང་། ཡུལ་སྣང་ཐམས་ཅད་བླ་མའི་སྐུའི་ངོ་བོ། སྒྲ་གྲགས་ཐམས་ཅད་བླ་མའི་གསུང་གི་ངོ་བོ། ཡིད་ཡུལ་འགྱུ་བ་ཐམས་ཅད་བླ་མའི་ཐུགས་ཀྱི་ངོ་བོ་ལས་མ་འདས། དེ་ཡང་རང་རིག་ལས་ལོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐག་རྦད་ཀྱིས་བཅད། ཡིད་ཡུལ་དྲན་རྟོག་ཐམས་ཅད་བླ་མ་ཆོས་སྐུའི་ངོ་བོར་ལྷམ་མེ་བར་ལྟ་བ་དེ་ལྟ་བ། དེ་ལས་མ་ཡེངས་པ་ནི་སྒོམ་པ། དེའི་ངང་ནས་འགྲོ་དོན་བྱེད་པ་སྤྱོད་པ། ཐུགས་རྗེའི་ཆོས་ཉིད་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་བྱིན་རླབས་མ་ལུས་པ་བདག་ཡིད་ལ་ཞུགས་བྱུང་སྙམ་པ་ནི་དབང་། དེའི་ངང་ལ་གནས་པ་དམ་ཚིག་གོ། །མདོར་ན་བདེ་ཞིང་སྟོང་པ། སྟོང་ཞིང་བདེ་བ། བདེ་སྟོང་དབྱེར་མེད་དྲན་རིག་ཐམས་ཅད་སྟོང་ཉིད་ཀྱི་ངོ་བོར་ཆམ་མེ། སལ་ལེ། ཧྲིག་གེ །རྗེན་ནེ། བུན་ནེ། སྟོང་ཉིད་ཁྱབ་བརྡལ་ཆེན་པོ་སྤྲོས་མཐའ་བྲལ་བ་ཡེ་གྲོལ་གནས་ལུགས་མ་བཅོས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་ལ་མཉམ་པར་འཇོག་པར་བྱའོ། །རྗེས་ཐུན་མཇུག་ཐམས་ཅད་དུ་དེ་དག་གི་དགེ་རྩ་ཐམས་ཅད་ཀྱང་མི་ཟད་པའི་བྱང་ཆུབ་ཆེན་པོར་བསྔོ་བར་བྱའོ། །ཨེ་མ་ཟབ་མོའི་ཆོས་ཚུལ་འདི། །མ་ནོར་བླ་མའི་གསུང་བཞིན་དུ། །ཡི་གེར་བཀོད་པའི་དགེ་བ་གང་། །མ་གྱུར་སེམས་ཅན་དོན་དུ་བསྔོ། །འདི་ལ་འགལ་འཁྲུལ་ནོངས་མཆིས་ཀུན། །ཆོས་སྲུང་རྒྱ་མཚོའི་སྤྱན་སྔར་བཤགས། །ཞེས་པ་འདི་ཡང་ཤཱཀྱའི་དགེ་ཚུལ་པདྨ་ཕྲིན་ལས་བདག་གིས་ཞང་གི་གདན་ས་གུང་ཐང་གི་ཆོས་གྲ་ཆེན་པོར་རང་ལོ་བཅུ་དྲུག་པར་བཀོད་པའོ། །བླ་མའི་གསུང་འཕྲོས་ཁྲིད་འདིས་ཁྲིད་ཆེ་བ་གཞན་གྱི་སྔོན་འགྲོ་བྱས། གཞན་ཁྲིད་ཆེ་བ་རེ་བྱས་ཀྱང་ཡོང་། འདི་ཀ་དག་བྱས། ལྷུན་གྲུབ་གཞན་བྱེད་པའམ། འདི་རང་གིས་ལྷུན་གྲུབ་བྱས་ཀྱང་ཆོག །གང་ལྟར་འདི་རྒྱབ་ཆོས་ཀྱི་ཚུལ་དུ་བྱས་ན་ཡོང་། ཞེས་བླ་མའི་གསུང་རྒྱུན་འཁྲུལ་མེད་ལས་བྱུང་བའོ། །དགེའོ།། །།
དཀོན་མཆོག་གསུམ་གྱི་གསང་སྒྲུབ་བཞུགས་སོ༔ ༔ རིག་འཛིན་ཡོངས་འདུས་ཀྱི་ཆོས་སྡེ་ (Volume 4, Text 37)
༔ དཀོན་མཆོག་གསུམ་གྱི་གསང་སྒྲུབ་བཞུགས་སོ༔ ༔ རིག་འཛིན་ཡོངས་འདུས་ཀྱི་ཆོས་སྡེའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བྱས་ཏེ༔ ཚད་མེད་བཞི་ཡིས་སངས་རྒྱས་ས་བོན་བསྒྲུབ༔ ཡན་ལག་བདུན་གྱིས་ཚོགས་གཉིས་བསགས་བྱས་ནས༔ སྟོང་པའི་ངང་ལས་གླང་ཆེན་བརྒྱད་ཀྱི་ཁྲི༔ རིན་ཆེན་བརྒྱད་ཀྱིས་སྤྲས་པའི་པདྨ་ཉི་ཟླའི་སྟེང༔ རང་སེམས་ཧཱུྃ་ལས་རྡོ་རྗེ་མཐིང་ཤུན་མདོག༔ དེ་ལས་འོད་འཕྲོས་སེམས་ཅན་སྡིག་སྒྲིབ་སྦྱངས༔ སངས་རྒྱས་མཆོད་དེ་རྡོ་རྗེ་ལ་ཞུགས་པས༔ རྡོ་རྗེ་གནས་གྱུར་སངས་རྒྱས་མི་བསྐྱོད་པ༔ ནམ་མཁའི་མདོག་ཅན་ས་གནོན་མཉམ་གཞག་ཅན༔ རྡོ་རྗེ་རྩེ་ལྔ་གཡོན་པའི་ཕྱག་གི་མཐིལ༔ གྱེན་དུ་ལངས་ཤིང་དར་དང་རིན་ཆེན་བརྒྱན༔ སངས་རྒྱས་བྱང་སེམས་རང་རིགས་འཁོར་གྱིས་བསྐོར༔ དེ་ཡི་ཐུགས་ཀར་ཟླ་སྟེང་ཡི་གེ་ལྔ༔ ཡོངས་སུ་གྱུར་པས་རིགས་ལྔ་འོད་དུ་གསལ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་དགུག༔ མཆོད་བསྟོད་བྱ་སྟེ་འདི་ཉིད་བཟླ་བར་བྱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱ་ས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སྭཱ་ཧཱ༔ ཟླ་བའི་འོད་ལྟར་དཀར་བས་ངན་སོང་སྦྱོང༔ ཀུན་ཏུ་བཟང་པོའི་སྨོན་ལམ་ཇི་བཞིན་དུ༔ ཕྱག་དང་མཆོད་པ་ཡན་ལག་བདུན་པ་བྱ༔ དེ་ཡི་ཕན་ཡོན་བསྟན་པར་བྱ་བ་ནི༔ རྟག་ཏུ་བཟླས་བརྗོད་བྱས་ན་ལས་ཀྱི་མཐའ༔ གཅིག་ནས་གཅིག་ཏུ་བརྒྱུད་པའང་དག་འགྱུར་ཞིང༔ དུས་གསུམ་བཟླས་བརྗོད་བྱས་ན་ལས་ཀྱི་མཐའ༔ གང་གིས་སྔོན་དུ་བྱས་པའང་བྱང་བར་འགྱུར༔ ལན་གཅིག་བརྗོད་པས་ལྟས་ངན་རྨི་ལམ་དང༔ བཀྲ་མི་ཤིས་པའི་དངོས་པོ་བཟློག་པར་འགྱུར༔ ལུས་ལ་བྲིས་ཤིང་འཆང་སྟེ་མགུལ་དུ་གདགས༔ དེས་ནི་དུས་མིན་འཆི་དང་བར་ཆད་སྲུང༔ གང་ཞིག་སྙིང་རྗེས་ཟིན་པའི་སེམས་ཀྱིས་སུ༔ རི་དྭགས་བྱ་དང་མི་དང་མི་མ་ཡིན༔ གང་ཡང་རུང་བ་འཆི་བའི་རྣ་ལམ་དུ༔ བརྗོད་པ་དེ་ནི་ངན་སོང་འགྲོ་མི་འགྱུར༔ ཤི་བའི་དུས་བྱས་གཤིན་གྱི་མིང་སྨྲོས་ཏེ༔ བྱམས་དང་སྙིང་རྗེས་བཟུང་བའི་ཡིད་དགའ་དང༔ བཅས་ཏེ་བརྒྱ་སྟོང་འབུམ་བརྗོད་སེམས་ཅན་དེ༔ དམྱལ་བར་སྐྱེ་བའི་ལས་ཀྱང་ཐར་བར་འགྱུར༔ བྱེ་མའམ་ཏིལ་ལམ་ཡུངས་ཀར་ཆུ་ཡང་རུང༔ དེ་ལ་བཟླས་བརྗོད་བྱས་པས་རུས་པ་འམ༔ ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ཏེ༔ དེ་ཡི་རྗེས་སུ་རིག་སྔགས་འདི་བྲིས་ལ༔ ལུས་དེར་བཏགས་སམ་བསྲེག་གམ་ཆུ་བོའི་ནང༔ བསྐྱལ་བས་སེམས་ཅན་ངན་སོང་སྐྱེ་བ་ཡང༔ ཞག་བདུན་གྱིས་ནི་གདོན་མི་ཟ་བར་ཐར༔ དེ་ནས་བདེ་འགྲོའི་འཇིག་རྟེན་སྐྱེ་བར་འགྱུར༔ དེ་ཡང་སྨོན་ལམ་དབང་གིས་སྐྱེ་འགྱུར་ཞིང༔ གང་ཞིག་ཟླ་བ་ཉ་བའི་དུས་ཀྱི་ཚེ༔ ཁྲུས་བྱས་གཙང་སར་བསྡད་དེ་དུས་གསུམ་དུ༔ གོས་བརྗེས་ཁ་ཟས་མི་ཟ་སྡོད་པ་འམ༔ ཡང་ན་དཀར་གསུམ་མངར་གསུམ་བརྟེན་བྱེད་ཅིང༔ སྐུ་གདུང་ལྡན་པའི་མཆོད་རྟེན་ཉིད་ལ་ནི༔ བསྐོར་བ་བྱེད་ཅིང་གང་གི་མིང་ལྡན་པས༔ ལན་བདུན་བཟླས་པས་དེ་ནི་ངན་སོང་ལས༔ ངེས་པར་ཐར་ཏེ་གཙང་མའི་རིགས་སུ་སྐྱེ༔ སྒྲུབ་པ་པོ་ཡི་མདུན་དུ་འོང་ནས་ནི༔ ལྷ་ཡི་མཆོད་རྫས་དག་གིས་མཆོད་བྱེད་ཅིང༔ ལུས་ཀྱང་ལེགས་པར་སྟོན་ཅིང་ལེགས་སོ་ཞེས༔ དྲིན་གཟོ་བ་ཡི་ཚིག་ཀྱང་སྦྱིན་བྱས་ཏེ༔ ལན་གསུམ་བསྐོར་ནས་མི་སྣང་བར་འགྱུར་རོ༔ དེ་ཡི་མིང་བྲིས་གཟུངས་སྔགས་ཟློས་བྱེད་ཅིང༔ སཱཙྪ་བྱས་ཏེ་རབ་ཏུ་གནས་བྱས་ནས༔ མཆོད་པ་བྱས་ཏེ་གདུགས་དང་རྒྱལ་མཚན་དང༔ བ་དན་ལ་སོགས་མཆོད་པས་མཆོད་བྱས་ཏེ༔ རྒྱ་མཚོར་འབབ་ཆུའི་རྒྱུན་ལ་བཏང་བྱས་ན༔ བསོད་ནམས་དེ་ནི་རྡུལ་ཕྲ་རབ་གང་ལ༔ ཕོག་པ་དེ་དག་སེམས་ཅན་དམྱལ་བ་སོགས༔ ངན་འགྲོའི་གནས་ནས་ཐར་ཏེ་སྡུག་བསྔལ་ཞི༔ ཡང་ན་དེ་ལྟར་མཆོད་རྟེན་བྱས་པ་ལ༔ གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པས༔ ལེགས་པར་མཆོད་ལ་འཕགས་པའི་དགེ་འདུན་ལ༔ ཆོས་སྟོན་བྱས་ལ་ཡོན་ཡང་ཕུལ་བྱས་ཏེ༔ ལེགས་པར་མཆོད་ལ་གང་དང་གང་དག་གི༔ དགེ་བའི་རྩ་བར་གྱུར་ཅིག་འདི་ཁོ་ནས༔ བདེ་འགྲོའི་གནས་སུ་སྐྱེ་བར་གྱུར་ཅིག་ཅེས༔ སྨོན་ལམ་བཏབ་ན་དེ་ཉིད་ལྷར་སྐྱེས་ནས༔ ལེགས་པའི་ལུས་ཀྱང་སྟོན་བྱས་ནས༔ ལེགས་སོ་ལེགས་སོ་ཞེས་པ་རྨི་ལམ་དུ༔ སྦྱིན་པར་བྱས་ཏེ་མི་སྣང་བར་འགྱུར་རོ༔ མཚམས་མེད་ལྔའམ་དམ་པའི་ཆོས་སྤངས་ཤིང༔ འཕགས་པ་རྣམས་ལ་སྐུར་པ་བཏབ་ཀྱང་རུང༔ སྡིག་པ་ཚབ་ཆེན་བསགས་པ་གང་ཞིག་ཀྱང༔ འཆི་བའི་དུས་ཀྱི་ཚེ་ན་གཟུངས་འདི་ཉིད༔ རྩིག་པའི་ངོས་སུ་བྲིས་པ་མཐོང་ན་ཡང༔ གང་དེའི་ལས་ཀྱི་སྒྲིབ་པ་ཀུན་ཟད་འགྱུར༔ ཕན་ཡོན་བཅས་པ་འདོན་དང་བཟུང་བ་དང༔ སྒྲུབ་ཐབས་ལེགས་པར་ཤེས་པ་དེ་ཉིད་ལ༔ དེ་བཞིན་གཤེགས་པ་སྒྲུབ་པོའི་མདུན་བྱོན་ནས༔ རིགས་ཀྱི་བུ་ཁྱོད་ང་ཡི་གམ་དུ་ཚུར༔ ཤོག་ཅེས་བར་དོར་ལུང་བསྟན་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཞན་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་ནི༔ རྒྱུད་བཞིན་གསོ་སྦྱོང་ལྡན་པས་བྲིས་སྐུའི་མདུན༔ ལྕེ་ལག་བྱིན་རླབས་གཟུགས་བརྙན་སྦྱོར་བ་ལ༔ རང་ཉིད་རྣམ་སྣང་སྐུ་མདོག་དཀར་པོ་ཞལ༔ ཕྱོགས་བཞིར་གཟིགས་པ་ཕྱག་རྒྱ་མཉམ་གཞག་ཅན༔ བསྐྱེད་དང་བྱིན་རླབས་དབང་བསྐུར་ལྷ་བསྒོམ་པའི༔ ཐུགས་ཀར་ཟླ་སྟེང་ཆོས་ཀྱི་ཡི་གེ་ལས༔ འོད་ཟེར་དཔག་མེད་སྨིན་མཚམས་ནས་འཕྲོས་ཏེ༔ ངན་སོང་གནས་པའི་སེམས་ཅན་དོན་བྱས་ཏེ༔ ཐུགས་ཀར་ཐིམ་པར་བསྒོམ་དུས་སྔགས་འདི་བཟླ༔ ཨོཾ་ན་མོ་ཕྱག་འཚལ་ལོ་བྷ་ག་ཝ་ཏེ་བཅོམ་ལྡན་འདས་སརྦ་དུརྒ་ཏི་ངན་སོང་ཐམས་ཅད་པ་རི་ཤོ་དྷ་ནེ་ཡོངས་སུ་སྦྱོང་བའི་རཱ་ཛཱ་ཡ་རྒྱལ་པོ་ཏ་ཐཱ་ག་ཏཱ་ཡ༔དེ་བཞིན་གཤེགས་པ་ཨརྷ་ཏེ༔དགྲ་བཅོམ་པ་སམྱཀྶཾ་བུདྡྷཱ་ཡ༔ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཏདྱ་ཐཱ༔འདི་ལྟ་སྟེ་ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སྦྱོངས་སྦྱོངས་ཤུདྡྷེ་བི་ཤུདྡྷེ་དག་པ་རྣམ་པར་དག་པ་སརྦ་ཀརྨ་ཨ་ཝཱ་ར་ཎ༔ལས་དང་སྒྲིབ་པ་ཐབས་ཅད་བི་ཤོ་དྷ་ནེ་རྣམ་པར་སྦྱོངས་སྭཱ་ཧཱ་གཞི་ཚུགས༔ བརྒྱ་སྟོང་ལ་སོགས་བཟླས་ཤིང་ཚེ་འདས་སོགས༔ སེམས་ཅན་རྣམས་ཀྱི་ངན་སོང་སྦྱངས་པར་བྱས༔ མཆོད་བསྟོད་བྱས་ཏེ་གཏོར་མ་རྒྱ་ཆེར་བཏང༔ འདིས་ནི་དཔག་ཏུ་མེད་པའི་ཡོན་ཏན་ཐོབ༔ ས་མ་ཡ༔ གཞན་ཡང་རང་གི་མདུན་དུ་འོད་དཔག་མེད༔ འཁོར་དང་བཅས་པ་གསལ་བར་དམིགས་བྱ་སྟེ༔ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་མདོ༔ ལན་བདུན་བཟླས་ཏེ་ཡན་ལག་བདུན་པ་བྱ༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨ་པ་རི་མི་ཏ༔ ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏྟ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ༔ སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ༔ ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷེ༔ དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ༔ སྭ་བྷཱ་ཝ་བི་ཤུདྡྷེ༔ མ་ཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ བརྒྱའམ་སྟོང་སོགས་བརྗོད་པའི་ཡོན་ཏན་ནི༔ མཚམས་མེད་ལྔ་དང་མི་དགེ་བཅུ་སོགས་བྱང༔ བྱ་དང་རི་དྭགས་གང་གི་རྣ་བར་ཡང༔ ཐོས་སམ་བསྒོམ་དང་བཟླས་པས་རྒྱལ་བའི་ཞིང༔ བདེ་བ་ཅན་དུ་སྐྱེ་ཞིང་རྒྱལ་པོ་བཞི༔ འཁོར་དང་བཅས་པས་སྲུང་ཞིང་བདེ་ལེགས་འགྱུར༔ དེ་ནི་རང་དང་དེ་མཐུན་གཞན་ལ་ཡང༔ གསལ་བར་བུམ་པའི་ནང་དུ་པདྨའི་དབུས༔ ཕྱོགས་མཚམས་བཅས་པ་ཚེ་དཔག་མེད་ཀྱི་སྐུ༔ ཞལ་གཅིག་ཕྱག་གཉིས་བུམ་བཟང་བཅུད་ལྡན་ནི༔ མཉམ་གཞག་ལ་གནས་ཡོན་ཏན་ལོངས་སྤྱོད་རྫོགས་པའི་སྐུ༔ སྤྱན་དྲངས་དབང་བསྐུར་མཆོད་བསྟོད་སྔར་ལྟར་བཟླ༔ བུམ་པར་ཡང་ནི་དེ་བཞིན་ལེགས་བྱས་ཏེ༔ མཆོད་སྦྱིན་གཏོར་མ་བཏང་ཞིང་ཁྲུས་བྱས་ནས༔ རང་དང་གཞན་གྱིས་དེ་བཞིན་གཤེགས་པ་ལས༔ ཆུ་དང་ཅོད་པན་ཕྱག་རྒྱའི་དབང་བླངས་ཏེ༔ བཀྲ་ཤིས་སྨོན་ལམ་བཏབ་ཅིང་དམ་ཚིག་ལ༔ རྟག་ཏུ་གནས་བྱས་དེ་ཡི་བསོད་ནམས་ནི༔ བསྐལ་པ་དག་གིས་བརྗོད་ཀྱང་འཛད་མེད་ཀྱི༔ ཚེ་རིང་ནད་མེད་སྡིག་སྒྲིབ་ལས་རྒྱལ་འགྱུར༔ དེ་ལས་གཞན་ཡང་མདོ་སྡེ་བརྗོད་པའམ༔ དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི༔ གདུགས་དཀར་ཅན་ཡང་དེ་བཞིན་བསྒོམ་བཟླས་ན༔ མེ་ཆུ་རིམས་སོགས་མཚམས་མེད་སྡིག་ལས་གྲོལ༔ དེ་བཞིན་རྣམ་པར་རྒྱལ་བའི་མདོ་བཞིན་དུ༔ བསྒོམ་དང་བཟླས་དང་མཆོད་རྟེན་བཏབ་བྱས་ན༔ ཚེ་རིང་བ་སོགས་མཐུན་པ་ཀུན་འགྲུབ་ཅིང༔ ནད་གདོན་སྡིག་དང་ངན་འགྲོའི་གནས་ལས་ཐར༔ དྲི་མ་མེད་པའི་མདོ་ལས་བྱུང་བ་བཞིན༔ འོད་ཟེར་མཐའ་ཡས་བསྒོམ་དང་བཟླས་བརྗོད་དང༔ དེ་བཞིན་སངས་རྒྱས་རྣམས་དང་བྱང་ཆུབ་སེམས༔ གང་གི་མཚན་ནི་བསྐལ་བཟང་ཇི་བཞིན་ནོ༔ པདྨ་དཀར་པོ་གསེར་འོད་དམ་པ་དང༔ སྤང་སྐོང་ཇི་བཞིན་བཏོན་པའི་བསོད་ནམས་ནི༔ མདོ་ལས་བཤད་པ་དེ་དག་ཐོབ་པར་འགྱུར༔ གལ་ཏེ་འདུས་པ་རིན་ཆེན་ཏོག་སོགས་ཀྱི༔ སྔགས་དང་ཕྱག་རྒྱ་བསྒོམ་དང་བཟླས་པ་དང༔ སྟོང་ཆེན་རབ་འཇོམས་རྨ་བྱ་ཆེན་མོ་དང༔ བསིལ་བའི་ཚལ་དང་གསང་སྔགས་ཆེན་མོ་དང༔ སོ་སོར་འབྲང་མ་བསྒོམ་དང་མཆོད་བསྟོད་ནི༔ གང་གིས་བྱས་པ་དེ་ནས་བཤད་བཞིན་དུ༔ འབྲས་བུ་མ་ལུས་དོན་དང་ལྡན་པར་འགྱུར༔ ཁྱད་པར་མཆོག་ཏུ་རྒྱལ་བས་རབ་བསྔགས་པ༔ ཟ་མ་ཏོག་དང་ཆོ་ག་སྔགས་ཀྱི་མདོ༔ པདྨ་ཅོད་པན་དོན་ཡོད་ཞགས་པ་དང༔ མཚན་བརྒྱ་རྩ་བརྒྱད་མཚན་བརྒྱད་བསྟན་པ་དང༔ པུཎྜ་རཱི་ཀ་ཆུ་ཀླུང་སྣ་ཚོགས་དང༔ སེང་གེ་སྒྲ་དང་གདོང་པ་བཅུ་གཅིག་པ༔ ཡི་གེ་དྲུག་པ་བཅུ་གཅིག་ཞལ་གྱི་གཟུངས༔ མི་འཁྲུགས་པ་དང་བདེ་བ་ཅན་གྱི་མདོ༔ དེ་དག་རྣམས་ལ་ཆོ་ག་གང་དང་གང༔ ཚུལ་བཞིན་བྱས་དང་བཀླགས་པའི་སེམས་ཅན་དེས༔ བསོད་ནམས་དེ་དག་རྒྱལ་བས་གསུངས་བཞིན་འཐོབ༔ དེ་ལྟ་བས་ན་སྙིགས་མའི་འགྲོ་བའི་དོན༔ ཕྱོགས་རིས་མེད་པས་རྟག་ཏུ་བརྩོན་པར་བྱ༔ དེ་ཡི་བསོད་ནམས་རྒྱལ་བས་བརྗོད་མི་ནུས༔ དུས་ཀྱི་ཐ་མར་ཉོན་མོངས་སྡུག་བསྔལ་གྱིས༔ རབ་ཏུ་མནར་བའི་སེམས་ཅན་ཐམས་ཅད་ལ༔ སངས་རྒྱས་གསུང་དང་རྗེས་སུ་མཐུན་པར་དྲོངས༔ དེ་དག་མ་ལུས་སྙིང་པོ་མཆོག་ས་ཐོབ༔ དེ་ཡིས་གང་དང་གང་ལ་ཕན་བཏགས་ན༔ འགྲོ་བ་བདེ་བ་དམ་པ་ཐོབ་བྱེད་པ༔ སྐུ་གསུང་ཐུགས་ཀྱི་མན་ངག་འདི་བསྟན་གྱིས༔ ཉོན་མོངས་དུག་ལྔ་རང་གྲོལ་ཆོས་སྐུར་རྟོགས༔ ཕྱི་མའི་གང་ཟག་རྣ་བར་འདི་སྒྲོགས་ལ༔ སྒོ་གསུམ་སྲང་དུ་ཚུད་པའི་ཐབས་ལ་འབུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཡན་ལག་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་ཡང་གསང་སྨིན་བྱེད་ཟབ་མོ་མདོར་དྲིལ་བཀོད་པ་བདུད་རྩིའི་བུམ་བཟང་ (Volume 20, Text 37)
༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཡན་ལག་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་ཡང་གསང་སྨིན་བྱེད་ཟབ་མོ་མདོར་དྲིལ་བཀོད་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་འགྱུར་མེད་རྟག་པ་དམ་པའི་སྐུ །ཚེ་དང་ཡེ་ཤེས་སྣང་བའི་གཟི་བརྗིད་ཀྱིས། །འདོད་པའི་དཔལ་སྟེར་འཇིགས་པ་ཆེ་ལས་སྐྱོབ། །འཆི་མེད་མགོན་པོར་འདུད་དོ་ཚེ་དབང་སྩོལ། །རྨད་བྱུང་ཟབ་གཏེར་མཛོད་བརྒྱའི་ཡང་སྙིང་བཅུད། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་རྣལ་འབྱོར་པ། །འཆི་མེད་བཙན་རྫོང་ཉིད་དུ་བདེར་འཇུག་ཐབས། །སྨིན་བྱེད་སྙིང་པོར་དྲིལ་བ་འདིར་གསལ་བྱ། །རང་དོན་བསྙེན་སྒྲུབ་མཐར་ཕྱིན་པའི་སློབ་དཔོན་གྱིས་གཞན་དོན་ཚེའི་དབང་བསྐུར་འདི་ཉིད་བསྒྲུབ་པ་ལ་གསུམ། སྔོན་འགྲོ་བཅའ་གཞི། སྒྲུབ་མཆོད། བདག་འཇུག །དབང་བསྐུར་གྱི་ལས་རིམ་རྗེས་དང་བཅས་པའོ། །དང་པོ་ནི། རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ཕྲིན་ལས་ཀྱི་མདུན་བསྐྱེད་སྐབས་སུ་འབྱུང་བ་ལྟར་དཀྱིལ་འཁོར་དབང་རྫས་རྣམས་དང་། དབུ་རྒྱན། མཐའ་རྟེན་རྒྱས་པར་སྤྲོ་ན་བཀྲ་ཤིས་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་བདུན་རྣམས་སོ་སོར་འབུར་དུ་བྱས་པའམ་ཙཀླི་བཀོད། མཆོད་གཏོར་བླ་མེད་སྤྱི་མཐུན་བཤམ། ལས་བུམ། མིག་དར་མེ་ཏོག་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་ནི། རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་ལས་བྱང་ཉིད་གཏང་ཆོག་ཀྱང་། རྒྱས་པར་སྤྲོ་ན་སྐྱབས་སེམས་ཀྱི་འཕྲོས་སུ། བགེགས་གཏོར་གཏང་། བཀའ་བསྒོ། སྲུང་འཁོར། བྱིན་འབེབ་མཆོད་རླབས་སོགས་ཆོས་སྡེ་འདིར་གཏོགས་གཞན་ནས་འབྱུང་བ་ལྟར་བྱ། བདག་བསྐྱེད་དང་མདུན་བུམ་ཕྲིན་ལས་བཟླས་པ་ཅི་འགྲུབ། ཚེ་བསྐུལ་སྦ་བསྟིམ། བདག་འཇུག་བླང་བའི་བར་གཞུང་ལྟར་གྲུབ་ནས་ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱའོ། །གསུམ་པ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་བསྐྲད་པ་ནི། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཕཊ༔ སྐད་ཅིག་རིག་པ་ཧྲཱིཿལས་རྟ་མཆོག་དཔལ༔ དམར་གསལ་ཐོད་དབྱུག་གཡས་ལ་དུང་ཁྲག་གཡོན༔ དུར་ཁྲོད་ཆས་བརྒྱད་སྤྱི་གཙུག་རྟ་སྐད་འཚེར༔ མེ་དཔུང་དབུས་སུ་རང་སྣང་ཡུམ་བཅས་གསལ༔ བགེགས་གཏོར་བྲན་ལ། རཾ་ཡཾ་ཁཾ༔ གཏོར་མའི་དངོས་འཛིན་དྲི་མ་ཡོངས་སྦྱངས་ཏེ༔ རཏྣའི་སྣོད་ཡངས་རྒྱ་ཆེར་ཁ་དོག་དྲི༔ ནུས་པ་ཕུན་ཚོགས་འདོད་དགུ་ཡིད་བཞིན་འབྱུང༔ བགེགས་རྣམས་ཚིམས་བྱེད་ལོངས་སྤྱོད་མང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ལན་གསུམ། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། སམྦྷཱ་རའི་སྔགས་ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་མི་མིན་བདུད༔ ཐམས་ཅད་ང་ཡི་བཀའ་ལས་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན༔ བདག་ཁྲོས་ལྷ་ཡི་ང་རྒྱལ་ཏིང་འཛིན་བསྐྱེད༔ ཁྲོ་ཚོགས་རབ་སྤྲོས་དཔག་མེད་སྟོང་གསུམ་གང༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ལྟ་ཅི་སྨོས༔ ཁམས་གསུམ་སྐད་ཅིག་ཡུད་ཙམ་དེ་ཉིད་ལ༔ མ་ལུས་གཏན་ནས་བརླག་པར་ཐེ་ཚོམ་མེད༔ དེ་བས་མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལ༔ གནས་འདིར་མ་འདུག་རང་རང་གནས་སུ་དེངས༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་དང་། སུམྦྷ་ནི་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་རོལ་མོ་བཅས་ཀྱིས་བསྐྲད། སྲུང་འཁོར་ནི། ཧཱུྃ༔ བདག་ཉིད་དབང་ཆེན་རྟ་མཆོག་ཐུགས་ཀ་ནས༔ ཁྲོ་བོ་ཁྲོ་མོ་ཕྱག་མཚན་ཡིག་འབྲུ་དང༔ ཡེ་ཤེས་མེ་འོད་འཇའ་ཟེར་མཚོན་ཆའི་ཚོགས༔ རབ་སྤྲོས་ཕྱོགས་བཞིར་ཟུག་ཅིང་མཚམས་བཞིར་བཀྲམ༔ སྟེང་འོག་ཁ་སྦྱོར་སྲུང་བའི་འཁོར་ལོའི་གུར༔ སྲ་བརྟན་འགྱུར་མེད་ལྷུན་གྱིས་གྲུབ་པར་གཏམས༔ བཛྲ་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཁྱད་པར། དེའང་སངས་རྒྱས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་ཆོས་ལྡན་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ཡང་། ཛམྦུ་གླིང་པའི་ཚེ་ལ་ངེས་པ་མེད་པ་མ་ཟད་སྙིགས་མའི་མཐར་ཐུག་ཚེ་ཐུང་ཞིང་དེ་ལའང་གློ་བུར་གྱི་བར་ཆད་མང་བའི་སྐབས་འདིར་རིང་པོར་འཚོ་བའི་ཆོ་ག་ལ་བརྩོན་པ་ཉིད་གལ་ཤིན་ཏུ་ཆེ་བ་ཡིན། དེ་ཉིད་སྒྲུབ་བྱེད་ཐབས་ཀྱི་རྣམ་གྲངས་མང་དུ་འབྱུང་ཡང་གནས་སྐབས་འཆི་མེད་ཚེའི་དངོས་གྲུབ་དང་མཐར་ཐུག་རྟག་པ་དམ་པའི་མཆོག་ལ་སྦྱོར་བ་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བརྟེན་པའི་རིམ་གཉིས་ཀྱི་རྣལ་འབྱོར་དང་ལས་ཀྱི་བྱེ་བྲག་རྣམས་ཡིན་ལ། དེའི་གདམས་ངག་གི་བཀའ་སྲོལ་འཕགས་བོད་གཉིས་སུ་བྱོན་པ་ཇི་སྙེད་ཅིག་མཆིས་པའི་ནང་ནས་ཁྱད་པར་དུ་འཕགས་པ་སྣང་བ་མཐའ་ཡས་ཉིད་འཆི་མེད་གྲུབ་པའི་རིག་འཛིན་གྱི་སྐུར་བཞེངས་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་གདམས་ངག་ཟབ་མོ་རྣམས་སུ་གྲགས་ཤིང་གྲུབ་པ་སྟེ། དེ་ལས་སྐབས་སུ་བབས་པ་འདི་ནི། གངས་ཅན་བོད་ཀྱི་ཡུལ་དབུས་གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་དུ་ཀློང་གསལ་ཌཱ་ཀི་སྙིང་ཐིག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་ཐུན་མོང་མ་ཡིན་པའི་འདུས་པ་རྣམས་སྨིན་གྲོལ་དུ་མཛད། དབང་བསྐུར་བཀའ་གཏད་ཡོངས་རྫོགས་ལོ་ཆེན་བཻ་རོ་ཙ་ན་ལ་བསྩལ་ནས་མ་འོངས་པའི་དུས་ལ་བབས་པའི་ཚེ་ཕྲིན་ལས་འགྲོ་བ་འདུལ་བར་སྨོན་ལམ་གྱི་རྒྱས་བཏབ་ནས། ཁམས་ཀྱི་མདོ་སྨད་གསེར་ཆུའི་རྒྱུད་དམུ་རྡོ་ཕ་བོང་མཁའ་འགྲོ་འབུམ་འདུས་སུ་གཏེར་དུ་སྦས་པ་སྨོན་ལམ་ལས་འཕྲོའི་དུས་ལ་བབས་པ་ན་ལོ་ཆེན་བཻ་རོའི་ཐུགས་ཀྱི་སྤྲུལ་པ། རྩོད་པ་དང་བྲལ་བའི་གཏེར་སྟོན་ཆེན་པོ་པདྨ་བདེ་ཆེན་གླིང་པས་སྤྱན་དྲངས་པ་ལ་ཐེམ་ཅན་གྱི་ཆོས་སྡེ་བརྒྱ་རྩ་དང་ཐེམ་མེད་མང་དུ་བྱོན་པ་ལ་རྩ་བའི་སྒྲུབ་སྐོར་དང་། ཡན་ལག་གི་སྒྲུབ་སྐོར་གཉིས། དེ་རེ་རེ་ལའང་རྣམ་གྲངས་མང་དུ་བཞུགས་པ་ལས་འདིར་རིམ་གཉིས་ཉམས་སུ་ལེན་པའི་ཆ་ལག་ཏུ་ཉེ་བར་མཁོ་བ་རྡོ་རྗེ་ཚེ་སྒྲུབ་པའི་སྐོར་ཏེ། གཞུང་ལས། བདག་འདྲ་འཆི་མེད་པདྨ་འབྱུང་གནས་ཀྱིས༔ ཚེ་སྒྲུབ་ཟབ་མོའི་གཏེར་ཁ་མང་སྦས་ཀྱང༔ ཡང་སྙིང་བཅུད་དྲིལ་འདི་ཉིད་མིན་རེ་ཀན༔ ཟབ་ཕྱིར་དམུ་རྡོའི་བྲག་ལ་གསང་གཏེར་རྒྱ༔ ཞེས་དང་། གསང་སྒྲུབ་ཐེམ་མེད་ལས། འཆི་བདག་གཤིན་རྗེའི་ཁར་ཚུད་ཀྱང༔ འདིས་ནི་ངེས་པར་ཐོན་པར་འགྱུར༔ ཅེས་བསྔགས་པར་མཛད་པ་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་ལྡན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པའི་དྲུང་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་ཚེ་དཔག་མེད་དང་དབྱེར་མེད་པས༔ བདག་ཅག་དུས་མིན་འཆི་བ་ལས་སྒྲོལ་ཕྱིར༔ འཆི་མེད་ཀ་དག་མི་འགྱུར་རྡོ་རྗེའི་ཚེ༔ དེ་རིང་མགོན་པོ་ཁྱེད་ཀྱིས་བསྩལ་དུ་གསོལ༔ ལན་གསུམ། མཚམས་སྦྱོར་སྤྱི་མཐུན་བྱ་ཞིང་མིག་དར་དམར་པོ་གཏད་ལ། ཨོཾ་ཙཀྵུརྦནྡྷ་ཝཱ་ར་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་བཅིང་། ཨཱ་ཁཾ་བཱི་ར་ཧཱུྃ༔གིས་མེ་ཏོག་སྦྱིན། ཁྱེད་རང་རྣམས་ཀྱི་རྒྱུད་དག་པའི་སླད་དུ། མདུན་གྱི་ནམ་མཁར་མཆོག་གསུམ་སྐུ་གསུམ་རྩ་གསུམ་ཐམས་ཅད་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི་སྤྱན་སྔར་བདག་དང་སེམས་ཅན་ཐམས་ཅད་དུས་དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་དང་སེམས་བསྐྱེད་པ་སོགས་ཡན་ལག་བཅུ་པོ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་སྒྲུབ་བྱའོ༔ ཞེས་ལན་གསུམ་གྱིས་ཚོགས་གསག །ཁྱད་པར་གྱི་དམ་ཚིག་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པ་སོགས་ཚུལ་བཞིན་བླངས་ནས་བསྲུང་བའི་མོས་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་ཏུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་གསུམ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་བཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་བ་རྣམས་གྲོལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་མོས་པས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ཞེས་གསུམ་བརྗོད་དུ་བཅུག །དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ མི་ཤིགས་མི་འགྱུར་གསང་བ་མཆོག་གི་ནི༔ རྡོ་རྗེ་ལྟ་བུའི་སྐུ་ནི་ཁྱོད་ཐོབ་འགྱུར༔ དེ་ཕྱིར་འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་མ་ཉམས་ཚུལ་བཞིན་གནས་པར་མཛོད༔ བཛྲ་ས་མ་ཡ་ཨི་དནྟུ་ཧཱུྃ༔ དེ་ནས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ལྷ་སྣམ་ལ་གནས་ནས་ཕྱག་འཚལ་བར་མོས་ཏེ་ཐལ་མོ་གནས་གསུམ་དུ་སྦྱར་བས་འདིའི་རྗེས་ཟློས་མཛོད། ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ་སྭཱ་ཧཱ༔ མི་བསྐྱོད་ཚེ་དཔག་མེད་ལས་གཉིས་པ་ཞིག་འཕྲོས་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག །དེ་ནས་གཡས་སུ་བསྐོར་ཏེ་ལྷོ་སྒོ་ནས་ཞུགས་སོགས་གོང་བཞིན་སྔགས་བཅས་བརྗོད། རིན་འབྱུང་ཚེ་དཔག་མེད་ལས་གཉིས་པ་སོགས་གོང་ལྟར་བརྗོད་པ་འགྲེ །དེ་ནས་གཡས་སུ་བསྐོར་ཏེ་ནུབ་སྒོ་ནས་ཞུགས་སོགས། རྣམ་སྣང་ཚེ་དཔག་མེད་ལས་སོགས། དེ་ནས་གཡས་སུ་བསྐོར་ཏེ་བྱང་སྒོ་ནས་སོགས། དོན་གྲུབ་ཚེ་དཔག་མེད་ལས་སོགས། དེ་ནས་གཡས་སུ་བསྐོར་ཏེ་སླར་ཡང་ཤར་སྒོར་འཁོད་པར་མོས་ཤིག །རྡོ་རྗེ་སྙིང་གར་གཏད་དེ། ཧོ༔ དེ་རིང་བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཁྱོད་ཀྱི་སྙིང་གར་ཡང་དག་ཞུགས་པ་སྟེ༔ ཚུལ་མིན་སྨྲས་ན་ཉམས་ཏེ་ལྟུང་བར་འགྱུར༔ དེ་ཕྱིར་ཁྱོད་ཀྱིས་ཤིན་ཏུ་གསང་བར་བྱ༔ ས་མ་ཡ་ན་ར་ཀན༔ དེ་ནས་རྣམ་རྒྱལ་གྱི་བུམ་ཆུ་དུང་ཞལ་དུ་བླུགས་པ་བྱིན་ལ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང༔ དམ་ཚིག་སྲུང་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་འདིས་འགྲུབ༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋཿཧཱུྃ༔ སླར་རྡོ་རྗེ་སྤྱི་བོར་བཞག་ལ། ཧོ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ ཧེ་རུ་ཀ་དཔལ་ཚེ་དཔག་མེད༔ ང་ཉིད་ཡིན་གྱིས་ང་ཡི་བཀའ༔ ཁྱོད་ཀྱིས་འདའ་བར་མ་བྱེད་ཅིག༔ ང་ཡིས་བསྒོས་པའི་བཀའ་འདི་ནི༔ ཁྱོད་ཀྱིས་བཅག་པར་མི་རུང་ངོ༔ ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ ཞེས་བརྗོད། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བདག་ནི་འགྲོ་ལ་ཕན་ཕྱིར་དུ༔ དེ་བཞིན་གཤེགས་ཀུན་བྱིན་གྱིས་རློབས༔ བདག་ལ་འཆི་མེད་ཚེ་དབང་སྩོལ༔ ལན་གསུམ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམ་འཚལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས། ཁྱེད་རང་རྣམས་ཀྱི་རིག་པ་སྙིང་རྗེ་སྒྱུ་མ་ལྟ་བུའི་རྐྱེན་ལ་བརྟེན་ནས་རྒྱུའི་ས་བོན་ཧྲཱིཿདམར་དུ་གྱུར། དེ་ཉིད་སྐད་ཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུ་ཁ་དོག་དམར་པོ་པདྨ་རཱ་གའི་ལྷུན་པོ་བྱེ་བའི་འོད་འཕྲོག་ཅིང་ཉི་ཟླ་ཁྲག་ཁྲིག་ཟིལ་གྱིས་གནོན་པ། མཚན་དཔེ་མཆོག་ཏུ་འབར་བ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པདྨ་དང་ཉི་ཟླའི་གདན་ལ་བཞུགས་ཤིང་། ཕྱག་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ལྗོན་ཤིང་ཡིད་བཞིན་ནོར་བུའི་འབྲས་བུ་ཅན་གྱིས་ཁ་བརྒྱན་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་ཡོངས་སུ་མཛེས་ཤིང་རང་འོད་ཀྱི་ཡུམ་དང་བཅས་པ་ཟླ་བའི་རྒྱབ་ཡོལ་བྱས་པའི་སྐུར་གསལ། དེའི་སྙིང་གར་ཟླ་བ་སེན་གང་བའི་ལྟེ་བར་ཧྲཱིཿགསེར་ཞུན་མ་ལྟ་བུར་འོད་འབར་བ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷ་དང་དྲང་སྲོང་རིག་འཛིན་གྲུབ་ཐོབ་རྣམས་ཀྱང་ཚེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། ཁྱད་པར་ནུབ་ཕྱོགས་པདྨ་བཀོད་པའི་ཞིང་ཁམས་ནས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཆར་བབས་པ་ལྟར་སྤྱན་དྲངས་ནས་ཁྱེད་རང་ལ་གཉིས་མེད་དུ་ཐིམ་བྱུང་སྙམ་པའི་མོས་པ་མཛོད། རྩ་སྔགས་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་སྦྱར་སྤོས་དུད་པ་རོལ་མོ་དང་བཅས་བྱིན་དབབ། ཡེ་ཤེས་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་བརྟན་པར་བྱས་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱཿ རྒྱས་པར་སྤྲོ་ན་སྐབས་འདིར་དཀྱིལ་འཁོར་གྱི་སྣང་བ་དྲི་བ་སྤྱི་ལྟར་བྱ། རིགས་ཀྱི་གཙོ་བོའི་ལྷ་ལ་མེ་ཏོག་མཇལ་རྟེན་དུ་ཕུལ་བར་བསམ་པས་འདིའི་རྗེས་ཟློས་མཛོད། པུཥྤེ་པྲ་ཏི་བཛྲ་ཧོཿ ཞེས་དཀྱིལ་འཁོར་ལ་འདོར་བའམ་འདོར་ཚུལ་བྱར་གཞུག །སླར་ཡང་དཀྱིལ་འཁོར་གྱི་གཙོ་བོས་ཕུལ་བའི་མེ་ཏོག་དེ་ཉིད་ཁྱེད་རང་ལ་དབང་རྟགས་ཅོད་པན་དུ་གནང་བར་མོས་ཤིག །མེ་ཏོག་དེ་ཉིད་སྤྱི་བོར་བཀོད་དེ། པྲ་ཏི་གྲྀཧྞ་སྭ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ མ་རིག་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ༔ བླ་མ་ཀུན་བཟང་ཚེ་དཔག་མེད༔ བདག་ཅག་འཁོར་བར་མ་རིག་པའི༔ དམུས་ལོང་ལྡོངས་པའི་ཆུ་བུར་མིག༔ དེ་རིང་མགོན་པོས་བསལ་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་སྟེ་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །ཀྱཻ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཇི་ལྟར་མ་རིག་ལྡོངས་བསལ་ལྟར༔ བདག་གིས་ཐབས་ཤེས་གསེར་ཐུར་གྱིས༔ ཁྱོད་ཀྱི་མ་རིག་བསལ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཡེ་ཤེས་པའི་དཀྱིལ་འཁོར་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་ཚོགས་ཀྱི་སྐུ་དང་བཅས་པ་མངོན་སུམ་དུ་མཐོང་བར་མོས་ཤིག །དེ་ནས་སྤྲོ་བ་བསྐྱེད་པ་ནི། བུ་རྣམས་ཉོན་ཅིག་སྐལ་ལྡན་ཀུན༔ བརྩེ་སེམས་མ་ཞན་སྤྲོ་དགའ་ཡིས༔ ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལྟོས༔ མཐར་ཐུག་ཞིང་འདིར་སངས་རྒྱས་འགྲུབ༔ དེ་ནས་ཚེ་འགུགས་པའི་སླད་དུ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་གུས་དུང་བ་བྱས་པས། དེ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས། སྣོད་བཅུད་ཚེའི་དྭངས་མའི་རང་བཞིན་དུ་མེར་གྱིས་གང་བར་གྱུར་པ་ལ། སླར་ཡང་སེམས་མ་བཞི་དང་མགྱོགས་མ་སྒོ་མ་བཅས་སྤྲོས་པས་རང་རང་གི་བུམ་པར་ཚེ་ཡི་བཅུད་ཐམས་ཅད་བསྡུས་ཤིང་དཀྱིལ་འཁོར་གྱི་བུམ་པར་བླུགས་ཏེ་ཆིལ་གྱིས་གང་ནས་ཁྱེད་རང་ལ་དབང་བསྐུར་བས་ལུས་དཀར་ལྟེམ་གྱིས་གང་། དྭངས་མ་ཐམས་ཅད་སྙིང་གའི་ནྲྀ་ལ་ཐིམ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ གསང་བ་ཐུགས་ཀྱི་གྭ་འུ་ནས༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿསྩོལ༔ བདག་ཅག་རྡོ་རྗེའི་ཚེ་ཐོབ་ཤོག༔ ཕྱོགས་བཞི་མཚམས་བཞིའི་གཞལ་ཡས་ནས༔ མགྱོགས་མ་ཚེ་ཡི་ལྷ་མོ་བཞི༔ དཀར་སེར་དམར་མཐིང་ལྗང་ཁུའི་མདོག༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ཁུག་ཅིག་རྡོ་རྗེའི་ཚེ་ཁུག་ཅིག༔ སྒོ་སྲུང་ལྷ་མོ་ཕྱག་རྒྱ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མགྱོགས་མ་ཚེ་བདག་ཚེ་ཁུག་ཅིག༔ མི་འགྱུར་སྙིང་པོ་རྡོ་རྗེའི་ཚེ༔ རིགས་ཀྱི་བདག་པོའི་ཚེ་གཡང་ཁུག༔ སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔ བསྡུས་པས་ཐུགས་སྲོག་ནྲྀ་ལ་ཐིམ༔ མི་འགྱུར་གཡུང་དྲུང་རྡོ་རྗེ་འབར༔ བདག་ཅག་རྣམས་ལ་ཚེ་དབང་སྐུར༔ ཅེས་དབྱངས་བཅས་གྱེར་ལ། འཁོར་འདས་ཀྱི་ཚེ་དཔལ་བྱིན་རླབས་ནུས་སྟོབས་ཐམས་ཅད་སྙིང་གར་ཐིམ་པས། ཚེ་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་སྲོག་ཤིང་། ལུས་རྡོ་རྗེ་ཕ་ལམ་ལྟར་སྲ་ཞིང་ཚེ་ཉི་ཟླ་ལྟར་བརྟན་པའི་མོས་པ་མཛོད་ཅིག དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་རྡོ་རྗེ་འཛིན་རྒྱལ་ཆེ༔ གཙོ་བོ་འོད་དཔག་མེད་པ་ལ༔ ཡང་གསང་ཚེ་ཡི་དབང་བསྐུར་ཞུ༔ ཡོངས་རྫོགས་གནང་བར་མཛད་དུ་གསོལ༔ ཞེས་ཞུས་པས་གནང་བ་སྦྱིན་པ་ནི༔ ཀྱེ་ཧོ༔ སྐལ་ལྡན་རིགས་བཟང་རྣམས༔ དེ་རིང་བུ་ཁྱོད་ཚེ་དཔག་མེད༔ མགོན་པོ་ཉིད་དང་མཉམ་པར་འགྱུར༔ རྩེ་གཅིག་མ་ཡེངས་གུས་པར་གྱིས༔ ཞེས་གདམས། དབང་དངོས་ལ་སྤྲོས་བཅས་སྤྲོས་མེད་མཐའ་རྟེན་རྣམས་རིམ་པར་འབྱུང་བའི་ཐོག་མར་ཕྱི་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་བཅོམ་ལྡན་འདས་འཆི་མེད་མགོན་པོའི་སྐུར་གསལ་བ་ལ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པ་རིགས་ལྔ་ཡབ་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རིན་པོ་ཆེའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བས་ཁྱེད་རང་རྣམས་ཀྱི་མགོ་བོའི་གནས་ལྔར་དབང་བསྐུར་བས། བདུད་རྩིའི་ཆུ་རྒྱུན་དྲི་མ་མེད་པས་རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་གང་བར་གྱུར་པའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་ལྷ་མོ་ལྔ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དབང་སྐུར་ཅིག༔ གསང་བ་ཐུགས་ཀྱི་གྭ་འུ་ནས༔ མི་འགྱུར་ཨཱ་ཡུཿཚེ་ཡི་བཅུད༔ སྐལ་ལྡན་བུ་ལ་བསྩལ་དུ་གསོལ༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ ཨོཾ་གུ་རུ་ཧཱུྃ༔ ཨོཾ་སྭཱ་ཨཱཾ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་མགོ་བོའི་གནས་ལྔར་བཞག་ཅིང་བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་པས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང། ཁྱད་པར་ཉོན་མོངས་པ་དུག་ལྔའི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བ་སོགས་མི་དགེའི་ལས་སྒྲིབ་ཐམས་ཅད་བྱང་། ཕུང་པོ་ལྔ་གནས་སུ་དག་ནས་རིགས་ལྔ་ཚེ་དཔག་མེད་པའི་ངོ་བོར་གྱུར། ལུས་ཐམས་ཅད་བརྟན་གཡོའི་དྭངས་བཅུད་ལྷ་ཀླུ་མིའི་སྲོག་དང་བཅས་པས་ཡོངས་སུ་གང་། ཆུའི་ལྷག་མ་གྱེན་དུ་ལུད་པ་མགོ་བོའི་གནས་ལྔར་འཁྱིལ་བ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རྒྱལ་བ་རིགས་ལྔས་དབུར་བརྒྱན་པར་མོས། དབུ་རྒྱན་གྱིས་དབང་བསྐུར་ལ། ཨོཾ་པདྨ་ཨུདྦྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བར་མོས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ་ནས། ཤབྡའི་བར་བརྗོད། སྒོ་མ་བཞིས་རྡོ་རྗེས་གླུས་བསྟོད་དེ། ཨོཾ་བཛྲ་སཏྭ་སུ་སཾ་གྲ་ཧ་ད་བཛྲ་རཏྣ་མ་ནུཏྟ་ར་དྷརྨ་གཱ་ཡ་ནཱི་བཛྲ་ཀརྨ་ཀ་རོྞབྷ་བེ་དྷེ་ཝ་ཤཱནྟི་ཀྲོ་ཏ་རཱ་ཛ༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། སརྦ་བིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཕཊ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་སྙིང་ལ་གནས། །སེམས་ཅན་མ་ལུས་རང་བཞིན་མཆོག་གྱུར་པ། །སྐྱེད་བྱེད་ཀྱིས་བསྐྱེད་བདེ་འབྱུང་ཇི་ལྟ་བུ། །དེང་འདིར་དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། མེ་ཏོག་འཐོར་རོ། །དེ་ལྟར་སྤྲོས་བཅས་བུམ་པའི་དབང་བསྐུར་པས་ལུས་ཀྱི་དྲི་མ་དག །ལུས་ལྷ་སྐུ་བསྒོམ་པ་ལ་དབང་། ལྷའི་རྒྱན་ཆ་ལུགས་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས་སུ་ཤར་བའི་དག་པ་དྲན་པར་གྱིས་ཤིག །གཉིས་པ་ནང་སྤྲོས་མེད་གསང་བའི་དབང་བསྐུར་བ་ལ། བླ་མ་ཚེ་དཔག་མེད་པ་རིགས་ལྔ་ཡབ་ཡུམ་རྣམས་སྦྱོར་བ་མཛད་པའི་མཁའ་གསང་ནས་ཀུནྡ་བྱང་ཆུབ་སེམས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས། ཐོད་པའི་བཅུད་དང་དབྱེར་མེད་དུ་འདྲེས་པ་ཁྱེད་རང་རྣམས་ཀྱི་ལྗགས་ལ་བསྩལ་བར་མོས་ཤིག །ཐོད་ཆང་བྱིན་ལ། ཧཱུྃ༔ ཚེ་དཔག་མེད་མགོན་ཡབ་ཡུམ་མཁའ་གསང་ནས༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས༔ གསང་བ་ངག་ལ་དབང་སྐུར་བས༔ མི་འགྱུར་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་མྱང་བས་རྩ་ཁམས་ཐམས་ཅད་འཆི་མེད་བདུད་རྩིའི་བཅུད་ཀྱིས་ཁྱབ་པས་ཉོན་མོངས་པ་དུག་གསུམ་གྱི་རྣམ་རྟོག་འགགས་བདེ་བའི་ཡེ་ཤེས་སྐྱེས་པའི་མོས་པ་མཛོད། དེ་ནས་བཟླས་ལུང་སྦྱིན་པ་ནི། ཕྲེང་བའི་ཕྱེད་སློབ་མའི་ལག་ཏུ་གཏད་ནས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་གཉིས་སུ་མེད་པའི་ཐུགས་ཀར་ཟླ་གདན་ལ་གནས་པའི་ཧྲཱིཿམཐར་སྔགས་ཕྲེང་ལས་གཉིས་པ་ཞིག་མཆེད་དེ་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་མགྲིན་པ་ནས་བརྒྱུད་དེ་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པར་གྱུར་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ བཅོམ་ལྡན་ཡེ་ཤེས་ཚེ་དཔག་མེད༔ སྙིང་པོ་འཆི་མེད་ཚེ་ཡི་སྒྲ༔ སྔགས་ཕྲེང་བུ་ལ་དབང་བསྐུར་བས༔ འགག་མེད་གསང་སྔགས་དོན་རྟོགས་ནས༔ སྙིང་པོ་ལུང་གི་དབང་ཐོབ་ཤོག༔ སྙིང་པོའི་རྗེས་ཟློས་ལན་གསུམ་བྱར་གཞུག །མཐར་མེ་ཏོག་འཐོར་བས་བརྟན་པར་བྱའོ། །དེ་ལྟར་གསང་བ་སྤྲོས་པ་མེད་པའི་དབང་སྔགས་ཀྱི་རྗེས་གནང་དང་བཅས་པ་ཐོབ་པས་ངག་གི་དྲི་མ་དག །ངག་སྔགས་བཟླ་བ་ལ་དབང་། རྩ་ཁམས་ཡེ་ཤེས་སུ་སྨིན། རྩ་འཁོར་ལོ་ལྔ་པོ་རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་དུ་རྣམ་པར་དག་པར་དྲན་པར་གྱིས་ཤིག །གསུམ་པ་གསང་བ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། རྡོ་རྗེ་ནི་ཐབས་བདེ་བ་ཆེན་པོ། མེ་ལོང་ནི་ཤེས་རབ་སྟོང་པ་ཉིད་དེ་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དགའ་བ་བཞིའི་དོན་མངོན་དུ་གྱུར་པར་མོས་པ་མཛོད། རྡོ་རྗེ་དང་མེ་ལོང་གཏད་ལ། ཧཱུྃ་ཧྲཱི༔ མི་འགྱུར་མི་ཤིགས་ཐོག་མཐའ་མེད༔ ཀ་དག་ངེས་དོན་ཕྱག་རྒྱ་ཆེ༔ རྡོ་རྗེ་མེ་ལོང་ངོ་སྤྲོད་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་སྟོང་ཕྱག་རྒྱའི་དོན་རྟོགས་ནས༔ འཁྲུལ་བྲལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས། ཡིད་ཀྱི་དྲི་མ་དག །བདེ་སྟོང་གི་ཡེ་ཤེས་བསྒོམ་པ་ལ་དབང་། སྐྱེ་མཆེད་དྲུག་ལྷ་དང་ལྷ་མོར་དག་པའི་དོན་དྲན་པར་གྱིས་ཤིག །བཞི་པ་རབ་ཏུ་སྤྲོས་མེད་ཡེ་ཤེས་ཕྱག་རྒྱའི་དབང་བསྐུར་བ་ལ། གཏོར་མ་འདི་ཉིད་ཕྱི་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་དུ་ནང་བཅུད་བཅོམ་ལྡན་འདས་འཆི་མེད་ཚེའི་ལྷ་ཚོགས་རྣམས་གསལ་བ། དེ་དག་སྐུ་དགྱེས་པའི་ཞལ་མདངས་ཡ་ལ་ལ་འབར་ཞིང་། གསུང་སྔགས་སྒྲ་འུར་འུར། ཐུགས་ཟབ་གསལ་གཉིས་མེད་བདེ་བ་ཆེན་པོས་ཁྱེད་རང་རྣམས་ལ་བརྩེ་བར་དགོངས་ཏེ་སྒོ་གསུམ་བྱིན་གྱིས་བརླབ་པར་མཛད་པས། ཐུན་མོང་དུ་ཚེ་དཔལ་ཚོགས་གཉིས་རྒྱ་མཚོ་ལྟར་འཕེལ་ཞིང་། ཁྱད་པར་རང་རིག་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མོས་མཛོད། དབང་གཏོར་ཐོགས་ལ། ཧཱུྃ་ཧྲཱི༔ ཀུན་འདུས་སྐྱེ་མེད་འཆི་མེད་ངང༔ འཁོར་འདས་དབང་སྡུད་ཡིད་བཞིན་ནོར༔ གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་དང་བསོད་ནམས་སྟོབས་འཕེལ་ནས༔ འདོད་ཡོན་ཕུན་ཚོགས་དབང་ཐོབ་ཤོག༔ གཏོར་མ་སྤྱི་བོར་བཞག །སྤྱི་ལྟར་བརྒྱུད་པའི་གཤར་འདེབས་དང་འདོད་གསོལ་བརྗོད་ཀྱང་ལེགས། ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་ཚོགས་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ། ཁྱེད་རང་ལྷའི་གསལ་སྣང་དེ་ཉིད་ཐུགས་སྲོག་ཧྲཱིཿདང་། དེ་ཉིད་ནཱ་དའི་བར་དུ་འདུས། དེའང་མི་དམིགས་པ་སྤྲོས་བྲལ་ཆོས་སྐུ་ཀ་དག་གི་ངོ་བོ་གཡོ་མེད་གཡུང་དྲུང་གི་ཚེ་རང་རིག་འོད་གསལ་གཉུག་མའི་གནས་ལུགས་ལ་མཉམ་པར་འཇོག་པར་ཞུ། ཞེས་ཅུང་ཟད་བསྐྱང་དུ་གཞུག །སླར་ལྷའི་སྐུར་ཆུ་ལས་ཉ་ལྡངས་པ་ལྟར་གསལ་ཐོབ་ཅིག །དེས་རབ་ཏུ་སྤྲོས་པ་མེད་པའི་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་གདོད་ནས་སྐྱེ་འཆི་འཕོ་འགྱུར་དང་བྲལ་བ་ཀུན་ཁྱབ་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་རྣམ་པར་དག་པའི་དོན་དྲན་པར་གྱིས་ཤིག །ལྔ་པ་མཐའ་རྟེན་བཀྲ་ཤིས་པའི་རྫས་ལ་བརྟེན་ནས་མངའ་གསོལ་བ་ལ། འཁོར་འདས་བརྟན་གཡོའི་དྭངས་བཅུད་བསྡུས་པའི་ཐབས་ཤེས་ཀྱི་རྫས་ལ་ལོངས་སྤྱད་པས་རྩ་རླུང་ཐིག་ལེ་དྭངས་མ་སྒྲིབ་བྲལ་དུ་སྨིན། ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་རྡོ་རྗེ་གསུམ་དུ་བརྟན་པར་མོས་ཤིག །ལག་པ་གཡས་སུ་ཚེ་རིལ་དང་། གཡོན་དུ་ཚེ་ཆང་སྦྱིན་ལ། ཧཱུྃ་ཧྲཱི༔ སྟོང་གསུམ་སྲིད་པ་ཀུན་གྱི་བཅུད༔ ཐབས་མཆོག་ཚེ་རིལ་ཤེས་རབ་ཆང༔ འཆི་མེད་ཚེ་ཡི་དམ་རྫས་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་ཐིག་ལེའི་སྟོབས་འཕེལ་ནས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་སྭཱ༔ ཞེས་མྱང་དུ་གཞུག །དེ་ལྟར་རྡོ་རྗེ་ཚེ་ཡི་དབང་བསྐུར་པ་དེ་ཉིད་མི་ཉམས་ཤིང་བརྟན་པའི་ཕྱིར་ཚེ་བསྟིམ་ཞིང་སྦ་བ་ལ་འདུན་པ་འདི་བཞིན་དུ་མཛོད། ཕྱི་ལྟར་འབྱུང་ལྔའི་ལྷ་མོ། ནང་ལྟར་རིགས་ཀྱི་ཡུམ་ལྔ་ལས་རང་འདྲའི་སྤྲུལ་པ་འཇིག་རྟེན་གྱི་ཁམས་ཁྱབ་པར་སྤྲོས་ཏེ་ཚེ་ལྷ་རིགས་ལྔའི་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་བྱིན་རླབས། ལྷ་དབང་ཀླུ་དབང་དྲང་སྲོང་རིག་འཛིན་འགྲོ་བ་མིའི་སྲོག་ནྲྀ་དང་ནམ་མཁའ་ཉི་ཟླ་འབྱུང་བཞིའི་བཅུད་ཐམས་ཅད་འོད་དུ་མེ་རེ་རེ་བསྡུས་ནས། ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་གར་ཐིམ་པས་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་ཐོབ་པར་མོས་ཤིག །ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་འཇོག་ཅིང་། ཕྲག་པ་གཉིས་དང་དཀུ་གཡས་གཡོན་དུ་རེག་ལ། ཧཱུྃ་ཧྲཱི༔ རིགས་ལྔ་བདེ་གཤེགས་ཚེ་དཔག་མེད༔ ཉོན་མོངས་གསལ་དག་ཡེ་ཤེས་ངང༔ ཚེ་འདིར་བསྟིམ་མོ་བསོད་ནམས་དཔལ་སྐྱེད་ཅིག༔ མི་འུ་རྣམས་ལ་བཀྲ་ཤིས་ཤོག༔ འབྱུང་བ་ལྔ་ཡི་བདག་ཉིད་ཡུམ༔ འབྱུང་བཞིའི་ཁམས་ནས་ཚེ་ཉམས་ན༔ ཡུམ་ཆེན་ལྔ་ཡིས་དཔལ་སྐྱེད་ཅིག༔ སྐལ་ལྡན་བུ་ཡི་སྒོ་གསུམ་ལ༔ ཚེ་དཔག་མེད་མགོན་རིགས་ལྔ་ཡིས༔ སྐུ་གསུང་ཐུགས་ཀྱི་རྒྱས་ཐོབས་ལ༔ བླ་ཚེ་ཉམས་པ་སོར་ཆུད་ཅིག༔ པདྨ་འཁོར་ལོ་རིན་ཆེན་དང༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ལས༔ མི་འགྱུར་གསང་བའི་རྒྱས་ཐོབ་ཅིག༔ འབྱུང་བ་ཚེ་སྲོག་དཔལ་སྐྱེད་ལ༔ མི་འགྱུར་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་བནྟི་བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱ༔ ནང་ཕུང་པོ་ཁམས་ལྔའི་ཚེ་ཉམས་པ། ཕྱི་རོལ་གྱི་འབྱུང་ལྔའི་བཅུད་བསྡུས་ནས་རིགས་ལྔའི་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད་ཅིག །འདིར་ཤིན་ཏུ་རྒྱས་པར་སྤྲོ་ན། རྫས་བརྒྱད་བྱིན་བརླབ། ཚིག་ལྷུག་དང་། མེ་ལོང་ཡེ་ཤེས་སོགས་ཚིགས་བཅད་ཀྱིས་རྫས་བརྒྱད། བཀྲ་ཤིས་གང་ཞིག་སོགས་ཀྱིས་རྟགས་བརྒྱད། ལྷ་རྫས་ལས་བྱས་སོགས་ཚིག་ལྷུག་བཅས་པས་རྒྱལ་སྲིད་བདུན་པོ་གཏད། བསྡུ་ན་རྫས་བརྒྱད་ཕྱོགས་བསྡུས་སྦྱིན་ལ། སྔོན་ཚེ་རྫོགས་སངས་རྒྱས་ལ་མེ་ལོང་སོགས། །ཕུལ་བ་བཀྲ་ཤིས་རྫས་སུ་བྱིན་བརླབས་མཐུས། །དེང་འདིར་རྫས་མཆོག་བརྒྱད་པོས་མངའ་གསོལ་བས། །དགེ་ལེགས་རྟག་པ་དམ་པ་ཀུན་ཁྱབ་ཤོག །ཨོཾ་ཨཥྚ་མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ། རྟགས་བརྒྱད་གཏད་ལ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །དབང་ཐོབ་འཁོར་བའི་གཡུལ་ལས་རྒྱལ་ཁྱོད་ལ། །རྟགས་བརྒྱད་མངའ་གསོལ་བཀྲ་ཤིས་གོང་འཕེལ་ཤོག །ཨོཾ་ཨཥྚ་མངྒ་ལཾ་ཙིྞྜྷ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་སྲིད་གཏད་ལ། འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་འབྱུང་བའི་ཚེ། །རིན་ཆེན་བདུན་ལྡན་གླིང་བཞིར་དབང་སྒྱུར་ལྟར། །རྡོ་རྗེ་འཛིན་ལ་རིན་ཆེན་རྣམ་བདུན་སྦྱིན། །ཆོས་ཀྱི་རྒྱལ་སྲིད་ཆེ་ལ་མངའ་བརྙེས་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་ཤིས་བརྗོད་ཅི་ལྟར་འོས་པ་བྱའོ། །དེ་རྣམས་ཀྱི་སྒོ་ནས་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་བཞི་མཐའ་རྟེན་དང་བཅས་ཡོངས་རྫོགས་གྲུབ་པ་ལགས་པས། རྗེས་ཀྱི་དམ་ཚིག་ཏུ། གཞུང་ལས། ཚེ་སྒྲུབ་འདི་ཡི་ཁ་སྐོང་དུ༔ རབ་ནི་སཱཙྪ་ནར་མ་རུ༔ ཐེབས་ཚད་གདབ་སྟེ་འབུམ་ཐེར་རམ༔ ཐ་མ་ལོ་རེར་སྟོང་ཚོ་ཙམ༔ གང་ཐོན་ཤིན་ཏུ་གནད་ཆེ་འོ༔ གཞན་ཡང་མཆོད་རྟེན་ན་བཟའ་གསོལ༔ སེམས་ཅན་སྲོག་བསླུ་ཚེ་ཐར་གཏང༔ ཚེ་དཔག་མེད་ཀྱི་གཟུངས་སྔགས་འདོན༔ ལམ་འཕྲང་ཟམ་པ་བཅོས་ལ་སོགས༔ མདོར་ན་དཀར་པོའི་དགེ་ལ་འབད༔ ཅེས་གསུངས་པས་མཚོན་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་ཅི་ནུས་སུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་བསྟོད་འབུལ་བ་ནས་སྨོན་ལམ་ཤིས་བརྗོད་བར་གྱི་རྗེས་རིམ་རྣམས་ལས་གཞུང་ལྟར་བྱས་པས་འགྲུབ་བོ། །འདི་ནི་རྩ་དབང་རྒྱས་པར་བསྐུར་བའི་ཚུལ་སློབ་མ་ཐུན་མོང་མ་ཡིན་པ་ལ་བྱ་བ་ཡིན་ཞིང་། ཐུན་མོང་ལ་ཚེ་དབང་སྤྱི་འགྲོ་དང་དེའང་གྲངས་གསོག་དགོས་ན་དེའི་ཚུལ་འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བའི་གསུང་རབ་ལས་ཤེས་པར་བྱའོ། །འདིར་འབྲེལ་སྐྱེ་དགུའི་སྲོག་རྩར་འཆི་མེད་ཀྱི། །རྡོ་རྗེའི་རྒྱ་མདུད་ཐེབས་ནས་ཚེ་མཆོག་ལ། །དབང་ཐོབ་ལྷུན་གྲུབ་རིག་པ་འཛིན་པའི་སྐུས། །ནམ་མཁའ་ཇི་སྲིད་གཞན་དོན་སྒྲུབ་གྱུར་ཅིག །ཅེས་པའང་དོན་གསལ་ཁྱེར་བདེ་བཀླག་ཆོག་གི་སླད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་བསྡེབས་ཏེ་རིན་ཆེན་གཏེར་གྱི་མཛོད་ཁང་ཆེན་པོར་བཞུགས་སུ་གསོལ་བ་དགེ་ལེགས་འཕེལ།། །།
བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་རྒྱུད་ཀུན་ཉིང་ཁུ་ངེས་དོན་སྙིང་པོ་ (Volume 3, Text 37)
༁ྃ༔ བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་རྒྱུད་ཀུན་ཉིང་ཁུ་ངེས་དོན་སྙིང་པོ་བཞུགས་སོ༔ ཨེ་མ་ཧོ༔ བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་རྒྱུད་ཐམས་ཅད་ཀྱི་ཉིང་ཁུ་ངེས་དོན་སྙིང་པོ་ཞེས་བྱ་བ༔ དཔལ་ཀུན་ཏུ་བཟང་པོ་ཞི་ཁྲོ་རབ་འབྱམས་གྱི་ཚོགས་ལ་ཕྱག་འཚལ་ལོ༔ འདི་ལྟ་བུའི་གདམས་པ་ཟབ་མོ་ནི་སྐལ་ལྡན་ལས་འཕྲོ་ཅན་མ་གཏོགས་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ༔ མ་འོངས་ཕྱི་མའི་དུས་སུ་རྣལ་འབྱོར་པ་གང་ཞིག་ཚེ་འདི་བློས་བཏང་ནས་ཕྱི་མ་དོན་དུ་གཉེར་བས་ཐ་སྙད་སྤྲོས་པའི་ཚིག་ཚོགས་སྤངས་ཤིང༔ སྤྲོས་མེད་དོན་གྱི་ཆོས་ཐེག་པའི་ཡང་རྩེ་ཨ་ཏི་སྙིང་ཐིག་གི་དོན་བསྒོམ་པར་འདོད་པ་རྣམས་ཀྱིས་རང་གསལ་འགག་མེད་སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་གྱིས་ཨ་འཐས་མངོན་ཞེན་ཟློག་པའི་གདམས་པ་ཟབ་མོ་འདི་ལ་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་མོ༔ དེ་ལ་དང་པོ་རང་ཡིད་དང་མཐུན་ཞིང་དབེན་པའི་གནས་ལ་དཀྱིལ་འཁོར་ས་སྟེགས་ཐིག་ཚོན་ལ་སོགས་པ་ཁོག་དབུབ་ལྟར་བྱ་ཞིང༔ བུམ་པ་མཆོད་གཏོར་སྐུ་གསུང་ཐུགས་རྟེན་ད་ལའི་རྒྱན་དང་བཅས་པ་བཀྲམ་པའམ༔ ཡང་ན་འབྱོར་ཚོགས་ལོངས་སྐབས་བསྟུན་ལ་དཀྱིལ་འཁོར་མཆོད་པ་རང་གིས་ཅི་འབྱོར་ཙམ་བཤམས་པ་དང༔ དཀྱིལ་འཁོར་གྱི་མཐའ་ལ་ཞི་ཁྲོའི་བརྒྱ་མཆོད་ནི༔ བྷནྡྷ་བརྒྱ་རྩ་བརྒྱད༔ དེ་བཞིན་དུ་རཀྟ་བརྒྱ་རྩ་བརྒྱད༔ གཏོར་མ་བརྒྱ་རྩ་བརྒྱད༔ ལྷ་བཤོས་བརྒྱ་རྩ་བརྒྱད༔ ཚོགས་གཏོར་བརྒྱ་རྩ་བརྒྱད༔ མར་མེ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ཞིང༔ གཞན་ཡང་ཕྱི་ནང་གསང་བའི་མཆོད་པ་རྒྱས་པར་མཛེས་ཤིང་བག་དྲོ་ཆིལ་ལེ་བ་བཤམས་ནས་བསང་སྦྱང་བྱིན་རླབས་དང་ལྡན་པར་བྱའོ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་ཐུན་མོང་གི་སྔོན་འགྲོ་སྤྱི་ལྟར་སོང་ནས༔ ལྟ་བས་མཚམས་བཅད་པ་ནི༔ ཧཱུྃ༔ ཡེ་ནས་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྣོད་བཅུད་སྣང་གྲགས་གསལ་སྟོང་ཡེ་ཤེས་ངང༔ རུ་དྲ་དགྲ་བགེགས་གཉིས་འཛིན་ཀ་ནས་དག༔ ལྷ་དང་འདྲེ་གཉིས་མ་གྲུབ་རང་གི་སེམས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལ་ཡུན་ཅི་རིགས་སུ་བཞག༔ ཧཱུྃ༔ ཆོས་དབྱིངས་སྟོང་ཉིད་དག་པའི་ཡེ་ཤེས་མཁའ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་གནས་མཆོག་འདིར༔ ཆོས་སྐུ་གཏིང་གསལ་བཀྲག་མདངས་ཉི་འོད་བཞིན༔ ཕྱི་ནང་མེད་པར་ཁྱབ་བརྡལ་གཞལ་ཡས་ཁང༔ རིག་པ་རང་བྱུང་ཡེ་ཤེས་འོད་གསལ་གྱི༔ རང་གདངས་ལྷུན་གྲུབ་ཕོ་བྲང་འོད་གུར་འཁྱིལ༔ སྐུ་གསུམ་རིམ་གྱིས་བརྒྱན་པའི་དཀྱིལ་འཁོར་མཛེས༔ ཀུན་ཀྱང་རང་རིག་གཟི་བརྗིད་འོད་འབར་ཀློང༔ སྣང་སྲིད་དག་སྣང་ཞི་ཁྲོའི་རོལ་པ་ལས༔ མ་རིག་གཉིས་འཛིན་འཁྲུལ་རྟོག་བགེགས་དང་བྲལ༔ མཚམས་ཀྱི་དཀྱིལ་འཁོར་ཡེ་ནས་ངང་གིས་གསལ༔ མ་རྟོགས་བགེགས་ཀྱང་སླར་ཡང་རང་གྲོལ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛྙཱ་ན་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲཱུྃ༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བླ་མ་ཀུན་བཟང་རིགས་ལྔ་འཁོར་དང་བཅས༔ ཡི་དམ་ཞི་ཁྲོ་དྷཱ་ཀི་ཆོས་སྐྱོང་དགོངས༔ བདག་ཅག་མ་རིག་དབང་གིས་བག་མེད་ཚུལ༔ སྐུ་གསུང་ཐུགས་དང་ཡན་ལག་དམ་ཚིག་རྣམས༔ ཉམས་གྱུར་མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ ས་མ་ཡ༔ ཨ་ཨ་ཨ༔ དེ་ནས་བྱིན་དབབ་ཅིང་མཆོད་པ་བྱིན་རླབས་ནི༔ སྤོས་རོལ་དབྱངས་དང་བཅས་ཏེ༔ ཧཱུྃ༔ རང་སྣང་སྒྲིབ་མེད་ཆོས་དབྱིངས་ཞིང་ཁམས་ནས༔ ཆོས་སྐུ་རྣམ་དག་དམ་ཚིག་དཀྱིལ་འཁོར་འདིར༔ རིག་པ་ཡེ་ཤེས་ལྷ་མཆོག་གཤེགས་སུ་གསོལ༔ དུས་ཀུན་དབྱེར་མེད་ཟང་ཐལ་བྱིན་དབང་སྐུར༔ ཡུལ་དང་ལུས་སེམས་འཁྲུལ་པའི་བར་ཆད་སོལ༔ སྟོང་གསལ་འཛིན་མེད་གདིང་ཐོབ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ འཇིག་རྟེན་དག་པའི་གཞལ་ཡས་ཕོ་བྲང་འདིར༔ འདོད་ཡོན་ལྔ་རྣམས་དངོས་འབྱོར་ཡིད་སྤྲུལ་ཏེ༔ ཕྱི་ནང་གསང་སོགས་མཆོད་པའི་བྱེ་བྲག་ཀུན༔ ལྷ་ཚོགས་དགྱེས་སྐོང་མཆོད་སྤྲིན་བྱིན་གྱིས་རློབས༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ སརྦ་པཱུ་ཙ་ཨཱཿཧཱུྃ༔ ཞེས་བརླབ་བོ༔ སྤྱི་དོན་གཉིས་པ་དངོས་གཞིའི་ལས་རིམ་ནི༔ བདག་མདུན་བུམ་གསུམ་་་་རང་དོན་དུ་བདག་བསྐྱེད།་་གཞན་དོན་དུ་མདུན་བསྐྱེད།་་གཉིས་ཀའི་དོན་དུ་བུམ་བསྐྱེད།་་དེ་བཞིན་ཉིད་ཟང་ཐལ་དུ་བསྐྱེད་པའོ།མཆན་་་་གང་ཡང་རུང་ལ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཆོས་དབྱིངས་རྣམ་པར་དག་པའི་ངང་གདངས་ལས༔ རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཐིག་ལེ་འོད་གོང་ཁྱབ་གདལ་ཆེན་པོའི་ཀློང་ཡངས་ལས་རང་གསལ་རིག་པའི་ངོ་བོ་བདག་ཉིད་ཀུན་བཟང་ཡབ་ཡུམ་ཆོས་སྐུ་མཚན་མ་མེད་པའི་ངང་ནས་ཞལ་ཕྱག་གི་རྣམ་པ་ཅན་གསལ་བའང་བུམ་སྐུའི་ཚུལ་མཁྱེན་པ་མ་འགགས་པ་ས་ལེར་བཞུགས་པའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དུ་ཞི་བ་བཞི་བཅུ་རྩ་གཉིས༔ མགྲིན་པར་རིག་འཛིན་ཡབ་ཡུམ༔ སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༔ ལྟེ་བར་མཁའ་འགྲོ་སྡེ་ལྔ༔ གསང་གནས་སུ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཡེ་ཤེས་ཀྱི་རང་འོད་འཁྲིགས་པའི་ཀློང་དུ་སྣང་ལ་རང་བཞིན་མེད་པ་ཆུ་དང་འོད་ཀྱི་ཚུལ་དུ་ལམ་མེར་གསལ་བར་གྱུར༔ དེ་ཡང་རང་སྣང་རྣམ་པར་དག་པའི་དབྱིངས་སུ་རང་གསལ་རིག་པའི་ལྷ་སྐུ་དང་ཡེ་ཤེས་དབྱེར་མེད་གདོད་ནས་ཡེ་བཞུགས་ཆེན་པོར་ཡོད་པ་ལ༔ སྤྱན་འདྲེན་མཆོད་བསྟོད་ལ་སོགས་མི་འཚལ་ཡང༔ ལྟར་སྣང་སྒྱུ་མ་ཙམ་གྱིས་ལྷ་ཚོགས་དེ་དག་གསལ་གདབ་ཅིང༔ སྤྱན་འདྲེན་བཞུགས་གསོལ༔ བརྡ་སྒོ་དབྱེ་བ་ཕྱག་འཚལ༔ མཆོད་བསྟོད་འཛབ་བཟླས༔ ཚོགས་མཆོད་བཤགས་སྐོང་གི་རིམ་པའི་དང་པོ་ནི༔ རང་བཞིན་རྫོགས་པ་ཆེན་པོ་མ་བཅོས་ལྷུག་པའི་ངང་ལས་བསྐྱེད་ཅིང་བསྒོམ་པ་ནི༔ ཧཱུྃ༔ འཁོར་འདས་གཉིས་མེད་ཆོས་དབྱིངས་མཁའ་ལྟར་གདལ༔ མཆོག་གི་འོད་གསལ་རྒྱ་ཆད་ཕྱོགས་ལྷུང་བྲལ༔ རང་བྱུང་ཡེ་ཤེས་ལྷུན་གྲུབ་གཞལ་མེད་ཁང༔ མི་འགྱུར་ཆོས་སྐུའི་ཕོ་བྲང་ཉིད་དུ་གསལ༔ རྣམ་དག་སྒྲིབ་མེད་ཟང་ཐལ་རིན་པོ་ཆེ༔ མ་སྐྱེས་གསང་བའི་དཀྱིལ་འཁོར་རྫོགས་པའི་ཀློང༔ སངས་རྒྱས་ཀུན་མེས་རང་རིག་ཆོས་ཀྱི་སྐུ༔ ཀུན་ཏུ་བཟང་པོ་ཞལ་ནི་ཕྱོགས་བཅུར་གཟིགས༔ ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ༔ སྐུ་མཆོག་ཡིད་བཞིན་ནོར་བུ་རིན་པོ་ཆེ༔ ཤེས་རབ་འགག་མེད་རང་བཞིན་འོད་གསལ་བ༔ དང་པོའི་མཚན་མ་བྲལ་བའི་ཕྱག་རྒྱ་ཅན༔ སྟོང་གསལ་བཀྲག་མདངས་ཐིག་ལེའི་གོང་བུར་སྨིན༔ རང་བྱུང་འོད་སྐུ་ཁྱབ་གདལ་མཁའ་དབྱིངས་སུ༔ རིག་རྩལ་མ་འགག་ལྔ་ལྡན་དཀྱིལ་འཁོར་ཤར༔ ཧཱུྃ༔ བདག་ཉིད་ཀུན་བཟང་ཐུགས་ཀློང་ཆོས་ཀྱི་གནས༔ ཙིཏྟ་རིན་ཆེན་འོད་འབར་བརྡལ་སྟེངས་སུ༔ དྭངས་མ་ལྔ་ལྡན་འོད་ལྔའི་ཐིག་ལེའི་ཀློང༔ ཡེ་ཤེས་ལྔ་ལྡན་གསལ་འཚེར་དཀྱིལ་འཁོར་དབུས༔ མི་འཇིགས་སེང་ཁྲི་ཉི་ཟླ་པདྨའི་སྟེང༔ རིག་པ་ཡེ་ཤེས་ངོ་བོ་ཆོས་ཀྱི་སྐུ༔ ཀུན་བཟང་ཡབ་ཡུམ་མཐིང་དཀར་མཉམ་གཞག་སྐྱིལ༔ དེ་ཡི་མདུན་དུ་བཅོམ་ལྡན་རྣམ་སྣང་དཀར༔ འཁོར་ལོ་དྲིལ་འཛིན་དབྱིངས་ཕྱུག་མ་དང་འཁྲིལ༔ ཤར་དུ་གླང་ཆེན་ཉི་ཟླ་པདྨའི་སྟེང༔ རྡོར་སེམས་སྤྱན་མ་རྡོ་རྗེ་དྲིལ་འཛིན་མཐིང༔ གཡས་སུ་ས་སྙིང་གཡོན་དུ་བྱམས་པ་དང༔ མདུན་དུ་ལཱ་སེ་རྒྱབ་ཏུ་པུཥྤེ་དཀར༔ ལྷོ་རུ་རྟ་མཆོག་ཉི་ཟླ་པདྨའི་སྟེང༔ རིན་འབྱུང་མཱ་ཀི་རིན་ཆེན་དྲིལ་འཛིན་སེར༔ གཡས་སུ་ཀུན་བཟང་གཡོན་དུ་ནམ་སྙིང་དང༔ མདུན་དུ་མཱ་ལེ་རྒྱབ་ཏུ་དྷཱུ་པེ་སེར༔ ནུབ་ཏུ་རྨ་བྱ་ཉི་ཟླ་པདྨའི་སྟེང༔ མཐའ་ཡས་གོས་དཀར་པདྨ་དྲིལ་འཛིན་དམར༔ གཡས་སུ་སྤྱན་གཟིགས་གཡོན་དུ་འཇམ་དབྱངས་དང༔ མདུན་དུ་གཱིརྟི་རྒྱབ་ཏུ་ཨཱ་ལོ་དམར༔ བྱང་དུ་ཤང་ཤང་ཉི་ཟླ་པདྨའི་སྟེང༔ དོན་གྲུབ་སྒྲོལ་མ་རྒྱ་གྲམ་དྲིལ་འཛིན་ལྗང༔ གཡས་སུ་སྒྲིབ་སེལ་གཡོན་དུ་ཕྱག་རྡོར་དང༔ མདུན་དུ་གནྡྷེ་རྒྱབ་ཏུ་ནཱིརྟཱི་ལྗང༔ ཀུན་ཀྱང་སྐྱིལ་ཀྲུང་མཚན་དཔེ་ལོངས་སྤྱོད་རྫོགས༔ སྟོད་གཡོགས་སྨད་དཀྲིས་འོད་ཀྱི་ན་བཟའ་མཛེས༔ དབུ་རྒྱན་ཅོད་པན་སྙན་ཆ་མགུར་ཆུ་དང༔ དོ་ཤལ་དཔུང་རྒྱན་དང་ནི་སེ་མོ་དོ་༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་རྒྱན་གྱིས་བཀླུབས༔ གསལ་འཚེར་ལྷུན་ཆགས་གཟི་བརྗིད་འོད་ཟེར་འཕྲོ༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་སྒེག་བཞད་ལྡན༔ དཀྱིལ་འཁོར་དེ་ཡི་ཕྱི་རིམ་འདབ་དྲུག་ཏུ༔ བཅོམ་ལྡན་ཐུབ་དྲུག་སྐུ་མདོག་སྣ་ཚོགས་འབར༔ སྤྲུལ་སྐུའི་ཆས་ལ་རང་རྟགས་ཕྱག་མཚན་འཛིན༔ པདྨའི་གདན་ལ་བཞེངས་པའི་སྟབས་སུ་བཞུགས༔ ཕྱོགས་བཞིའི་སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་རྒྱ་གྲམ་དྲིལ༔ གར་དགུའི་ཉམས་ལྡན་འདོར་སྟབས་འགྱིང་བག་ཅན༔ རིན་ཆེན་སྣ་ཚོགས་རྒྱན་དང་ལྡན་པར་བསྐྱེད༔ ཞི་བའི་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང༔ སྣང་ལ་རང་བཞིན་མ་གྲུབ་ཆུ་ཟླ་བཞིན༔ སྟོང་གསལ་མ་འགག་འོད་ལྔའི་སྐུ་རུ་གསལ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཧཱུྃ༔ བདག་ཉིད་ཀུན་བཟང་མགྲིན་པ་ལོངས་སྤྱོད་དལ༔ འཇའ་འོད་སྣ་ལྔ་འཁྲིགས་པའི་ཀློང་དཀྱིལ་དབུས༔ རྣམ་སྨིན་རིག་འཛིན་པདྨ་གར་གྱི་དབང༔ འོད་ལྔའི་མདངས་ལྡན་མཁའ་འགྲོ་དམར་གསལ་འཁྲིལ༔ ཡབ་ཡུམ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ སྐུ་ཡི་རིག་འཛིན་རྣམས་ཀྱིས་བསྐོར་བར་བསྐྱེད༔ ཤར་དུ་ས་ལ་གནས་པའི་རིག་འཛིན་ནི༔ དཀར་གསལ་འཛུམ་ལྡན་མཁའ་འགྲོ་དཀར་མོ་འཁྲིལ༔ ཡབ་ཡུམ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ཐུགས་ཀྱི་རིག་འཛིན་རྣམས་ཀྱིས་བསྐོར་བར་བསྐྱེད༔ ལྷོ་རུ་ཚེ་ལ་དབང་བའི་རིག་འཛིན་ནི༔ སེར་གསལ་འཛུམ་ལྡན་མཁའ་འགྲོ་སེར་མོ་འཁྲིལ༔ ཡབ་ཡུམ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ཡོན་ཏན་རིག་འཛིན་རྣམས་ཀྱིས་བསྐོར་བར་བསྐྱེད༔ ནུབ་ཏུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི༔ དམར་གསལ་འཛུམ་ལྡན་མཁའ་འགྲོ་དམར་མོ་འཁྲིལ༔ ཡབ་ཡུམ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ གསུང་གི་རིག་འཛིན་རྣམས་ཀྱིས་བསྐོར་བར་བསྐྱེད༔ བྱང་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ ལྗང་གསལ་འཛུམ་ལྡན་མཁའ་འགྲོ་ལྗང་མོ་འཁྲིལ༔ ཡབ་ཡུམ་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ཕྲིན་ལས་རིག་འཛིན་རྣམས་ཀྱིས་བསྐོར་བར་བསྐྱེད༔ རིག་འཛིན་དཔའ་བོ་མཁའ་འགྲོ་དེ་དག་ཀྱང༔ ཚོམ་བུ་འོད་ལྔའི་དྲ་བ་རབ་འཁྲིགས་ཤིང༔ རྒྱན་དང་ཆ་ལུགས་བསམ་གྱིས་མི་ཁྱབ་སྐུ༔ སྣང་སྟོང་འཇའ་འོད་ཐིག་ལེ་ཤིག་གེར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཙིཏྟ་ཧྲིཾ་ཧྲིཾ་ཛ༔ ཧཱུྃ༔ བདག་ཉིད་ཀུན་བཟང་སྤྱི་བོ་དུང་ཁང་ནང༔ འཇའ་འོད་མེ་དཔུང་ཐིག་ལེའི་འོད་ཀློང་དུ༔ སྙིང་གའི་ཞི་བའི་ལྷ་ཚོགས་རང་མདངས་ལས༔ ཉི་དང་ཟེར་བཞིན་ཁྲག་འཐུང་ཁྲོ་བོ་ནི༔ དབུས་སུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ ཡུམ་ཆེན་ཁྲོ་མོ་གནམ་ཞལ་གཉིས་མེད་འཁྲིལ༔ གཙོ་མདུན་སྐུ་མཆོག་བུདྡྷ་ཧེ་རུ་ཀ༔ ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་གཉིས་མེད་འཁྲིལ༔ ཤར་དུ་ཐུགས་མཆོག་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་ཏཱི་ཡུམ་དང་གཉིས་མེད་འཁྲིལ༔ ལྷོ་རུ་ཡོན་ཏན་རཏྣ་ཧེ་རུ་ཀ༔ རཏྣ་ཀྲོ་ཏཱི་ཡུམ་དང་གཉིས་མེད་འཁྲིལ༔ ནུབ་ཏུ་གསུང་མཆོག་པདྨ་ཧེ་རུ་ཀ༔ པདྨ་ཀྲོ་ཏཱི་ཡུམ་དང་གཉིས་མེད་འཁྲིལ༔ བྱང་དུ་ཕྲིན་ལས་ཀརྨ་ཧེ་རུ་ཀ༔ ཀརྨ་ཀྲོ་ཏཱི་ཡུམ་དང་གཉིས་མེད་འཁྲིལ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ སྐུ་མདོག་སྣ་ཚོགས་རང་རང་ཕྱག་མཚན་འབར༔ དེ་ཡི་ཕྱི་རིམ་ཀཽ་རཱི་མ་བརྒྱད་དང༔ སིཾ་ཧ་ཕྲ་མེན་བརྒྱད་དང་སྒོ་མ་བཞི༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་རྣམས༔ སྐུ་མདོག་ཕྱག་མཚན་མ་འདྲེས་ཡོངས་རྫོགས་གསལ༔ ལྔ་བཅུ་རྩ་བརྒྱད་ལྷ་ཚོགས་དེ་དག་ཀྱང༔ སྒྲ་འོད་ཟེར་གསུམ་ཀློང་ན་ཁྲོ་བོའི་སྐུ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ གསུང་ནི་དགོད་གཤེ་རྔམ་པའི་ང་རོ་སྒྲོག༔ ཐུགས་ནི་སྙིང་བརྩེ་ཁྲོ་གཏུམ་ཞེ་སྡང་འབར༔ ཐལ་ཆེན་ཁྲག་ཐིག་ཞག་གི་ཟོ་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་བརྒྱན་ཅིང་མེ་དཔུང་འབར༔ ཧ་ཧ་ཧཱུྃ་ཕཊ་སྟོང་གསུམ་ཟིལ་གྱིས་གནོན༔ སྣང་ལ་རང་བཞིན་མེད་པར་ཁྲ་སྤུང་ངེ་༔ མ་ཡེངས་ཡིད་ཡུལ་ཅེ་རེར་གསལ་བར་བསྒོམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ བདག་ཉིད་ཀུན་བཟང་ལྟེ་བ་སྤྲུལ་པའི་གནས༔ འཇའ་འོད་མེ་དཔུང་རབ་འཁྲིགས་གུར་ཁང་དབུས༔ རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་དམར༔ གཅེར་བུ་རུས་རྒྱན་ཕྱག་གཉིས་གྲི་ཐོད་བསྣམས༔ བམ་སྟེང་ཞབས་གཉིས་བརྐྱང་བསྐུམ་ཁ་ཊྭཱཾ་འཁྱུད༔ བདེ་དྲོད་མེ་དཔུང་འབར་བའི་དབུས་ན་འགྱིང༔ མདུན་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ་དང༔ གཡས་སུ་རིན་ཆེན་མཁའ་འགྲོ་སེར་མོ་དང༔ རྒྱབ་ཏུ་པདྨ་མཁའ་འགྲོ་དམར་མོ་དང༔ གཡོན་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་རྣམས༔ རང་རྟགས་ཕྱག་མཚན་ཡུ་བ་གྲི་ཐོད་བསྣམས༔ གཅེར་བུ་རུས་རྒྱན་ཡབ་ཚུལ་ཁ་ཊྭཱཾ་ག༔ གཞོན་ནུ་བཅུ་དྲུག་ནུ་འབུར་བྷ་ག་རྒྱས༔ ཞབས་རྣམས་བརྐྱང་བསྐུམ་གར་སྟབས་ལིང་ལིང་བཞུགས༔ དྷཱ་ཀི་གྲངས་མེད་འཁོར་བཅས་གསལ་བར་བསྒོམ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ༔ ཧ་རི་ནི་ས་ཧཱུྃ་ཕཊ༔ ཧཱུྃ༔ བདག་ཉིད་ཀུན་བཟང་གསང་གནས་བདེ་སྤྱོད་ཀྱི༔ འཁོར་ལོའི་དབུས་སུ་རང་མདངས་འོད་ལྔའི་ཀློང༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་བསྒྲད༔ ཕྱག་གཡས་དང་པོས་རྡོ་རྗེ་རྩེ་དགུ་དང༔ བར་པས་རྩེ་ལྔ་གཡོན་གཉིས་མེ་དཔུང་དང༔ ཁ་ཊྭཱཾ་ག་བསྣམས་མཐའ་གཉིས་ཕུར་པ་འདྲིལ༔ ཞབས་བཞི་རུ་དྲ་ཕོ་མོའི་སྟེང་དུ་བརྫིས༔ སྐུ་སྨད་ཁྲོ་ཕུར་རང་བཞིན་དཔལ་ཆས་བརྒྱན༔ དབུ་སྐྲ་གྱེན་བརྫེས་ཁྲག་འཐུང་རིགས་ལྔས་བརྒྱན༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་ནག་རྔམ༔ ཕྱག་གཉིས་རྡོ་རྗེ་ཐོད་པ་ཡབ་ལ་འཁྱུད༔ རྒྱན་ཆ་ཡབ་མཐུན་ཡབ་ཡུམ་མེ་དབུས་བཞུགས༔ དེ་ཡི་ཕྱི་རིམ་ཁྲག་འཐུང་བཞི་བཅུ་བཞི༔ སྲུང་མ་བཅུ་གཉིས་ཕོ་བདུད་ཉི་ཤུ་གཅིག༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་དང་བཅས༔ མདོར་ན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ འཇིགས་རྔམ་འོད་ཟེར་འབར་བའི་སྐུར་གསལ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང༔ ཐུགས་སྲོག་ཧཱུྃ་མཐར་སྔགས་ཕྲེང་བསྐོར་བ་ལས༔ འོད་འཕྲོས་མ་རུངས་གདུག་པ་ཚར་གཅོད་བསྒོམ༔ གཞན་ཡང་སྐུ་ཡི་བ་སྤུ་རྩ་འཁོར་ཀུན༔ དཔའ་བོ་དཔའ་མོ་དཔག་མེད་གསལ་བར་བསྒོམ༔ བདག་ཉིད་དེ་ལྟར་གསལ་བའི་ཕྱི་རིམ་ཡང༔ འདབ་བརྒྱད་སྟེང་དུ་སྤྲུལ་སྐུ་རིག་འཛིན་བརྒྱད༔ དགའ་རབ་འཇམ་དཔལ་ཤྲཱི་སིཾ་པདྨ་འབྱུང༔ བི་མ་མི་ཏྲ་བཻ་རོ་ཙ་ན་དང༔ ཡེ་ཤེས་མཚོ་རྒྱལ་སྤྲུལ་པའི་གཏེར་སྟོན་རྣམས༔ རང་རང་ཡབ་ཡུམ་སྲས་འཁོར་ལྷ་དང་བཅས༔ ན་བཟའ་རྒྱན་དང་ཆ་ལུགས་མ་ངེས་ཤིང༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་འབར་བསྐྱེད༔ ཕྱོགས་མཚམས་པད་འདབ་བུམ་ཐོད་ཡེ་ཤེས་ཀྱི༔ བཅུད་ཀྱིས་ཡོངས་བཀང་བདེ་སྟོང་མཆོད་པས་བསྐོར༔ བར་ཁྱམས་ཕྱི་ནང་མུ་ཁྱུད་སྒོ་རྣམས་དང༔ འཁོར་ཡུག་ཀུན་ཏུ་དཔའ་བོ་མཁའ་འགྲོའི་ཚོགས༔ བསྟན་སྲུང་དམ་ཅན་གནས་སྲུང་གཞི་བདག་སོགས༔ བཀའ་ཉན་དཀར་ཕྱོགས་མཆོད་འོས་སྒྲུབ་འོས་ཀུན༔ མ་ལུས་ཏིལ་གྱི་གང་བུ་རྒྱས་ལྟར་ཁེངས༔ མཆོག་ཐུན་དངོས་གྲུབ་བྱིན་འབེབས་ཚུལ་དུ་བཞུགས༔ གཞན་ཡང་ཕྱོགས་དུས་བདེ་གཤེགས་མ་ལུས་ཀུན༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་སྤྲིན་བཞིན་གཏིབས༔ མདོར་ན་ཕྱི་ནང་གསང་བའི་དཀྱིལ་འཁོར་ནི༔ རབ་འབྱམས་དཔག་མེད་ནམ་མཁའི་མཐའ་ཀླས་པའི༔ ཟང་ཐལ་ཆེན་པོར་མཁའ་ལ་འཇའ་འོད་བཞིན༔ སྣང་ལ་རང་བཞིན་མེད་པར་བཀྲག་མདངས་གསལ༔ བཀྲ་སྤུངས་འཇའ་འོད་ཐིབས་སེ་གསལ་བར་བསྒོམ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་སྲོག་ཡིག་དང༔ གནས་ལྔའི་ས་བོན་ལྔ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུར་ཟེར་ཐག་བསྒྲེངས་པའི་སྣ་ལ་སྤུངས་སྤུངས་བྱོན་པར་གྱུར༔ སྤོས་རོལ་དབྱངས་དང་བཅས་པས་འདི་སྐད་བསྐུལ༔ ཧཱུྃ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ སྐྱབས་གནས་དཀོན་མཆོག་མ་ལུས་སྐུ་བཞེངས་ཤིག༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རང་མདངས་རོལ་པའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས༔ འགྲོ་བའི་དོན་དུ་སོ་སོའི་སྐུར་སྤྲུལ་ནས༔ ཡབ་ཡུམ་སྲས་དང་བཅས་ཏེ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང༔ ཡེ་ནས་མ་བཅོས་རང་བབ་དཀྱིལ་འཁོར་འདིར༔ གླང་ཆེན་ལ་སོགས་བམ་དང་ཉི་ཟླའི་སྟེང༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས༔ གཉིས་མེད་རང་བཞིན་བརྟན་པར་བཞུགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱིས་འགྲོ་ཀུན་སྨིན་གྲོལ་འཚལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ ལྷུན་གྲུབ་གཞལ་ཡས་ཕྱོགས་བཞིའི་ཡེ་ཤེས་སྒོ༔ རིག་པ་རང་གསལ་མེ་ལོང་ལྟ་བུ་དང༔ དགོངས་པ་མཉམ་ཉིད་མ་འདྲེས་སོ་སོར་གསལ༔ ལས་གྲུབ་ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག༔ ཡེ་བཞུགས་རང་རིག་འོད་གསལ་དཀྱིལ་འཁོར་དབྱིངས༔ ཡེ་ཤེས་སྐུ་མཆོག་རང་ཞལ་མཇལ་བར་གྱུར༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཅེས་རང་སྣང་རྒྱལ་བའི་དཀྱིལ་འཁོར་བཀྲ་ལམ་གྱིས་མཇལ་བར་བསམ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ སྣང་སྟོང་གྲགས་སྟོང་གསལ་སྟོང་རིག་སྟོང་དང༔ བདེ་སྟོང་དབྱེར་མེད་ཨ་འཐས་སྡུག་བསྔལ་བྲལ༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ཡ་མི་ན་མོ༔ ཧོ་དགོངས་སུ་གསོལ་ལོ༔ སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དགོངས་པའི་ངང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ བདག་རྡོ་རྗེ་མིང་འདི་ཞེས་བགྱི་བས་དམ་ཚིག་གི་ཕྱག་རྒྱས་ཡེ་ཤེས་རྟགས་ནོད༔ རྣལ་འབྱོར་གྱི་གྲལ་དུ་མཆི་བའི་བཀའ་གནང་དུ་གསོལ༔ ཨ་ལ་ལ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡོན་བརྒྱད་དང་རྒྱལ་སྲིད་རིན་ཆེན་བདུན༔ འདོད་ཡོན་ལྔ་དང་ཕྱི་མཆོད་སྣ་ཚོགས་འབུལ༔ ལྷ་མོ་བཅུ་དྲུག་སྨན་རཀ་བདུད་རྩི་དང༔ དུག་ལྔ་ཡེ་ཤེས་སྦྱོར་སྒྲོལ་ནང་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་ཧོ༔ ཧཱུྃ༔ རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ཕྱི་གཏོར་དང༔ དུག་ལྔ་ཕུང་པོ་ཤ་ལྔ་ནང་གཏོར་དང༔ ཡེ་ཤེས་ལྔ་ལྡན་ཏིང་འཛིན་གསང་གཏོར་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ སྔགས་ཀྱིས་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་ཐུགས་རྗེའི་སྤྲུལ་པ་ནི༔ རྡོར་སེམས་སྤྱན་མ་ལ་སོགས་རིགས་ལྔ་དང༔ སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་བཅས༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས༔ ཞི་བ་བཞི་བཅུ་གཉིས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆེ་མཆོག་ལ་སོགས་ཁྲག་འཐུང་ཡབ་ཡུམ་དང༔ ཀཽ་རཱི་སིཾ་ཧ་ཕྲ་མེན་བརྒྱད་རྣམས་དང༔ སྒོ་མ་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད༔ ཁྲག་འཐུང་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཞི་བའི་ལྷ་ཚོགས་མཚན་དཔེའི་གཟི་བརྗིད་འབར༔ ཁྲག་འཐུང་ལྷ་ཚོགས་གར་དགུའི་ཆས་ཀྱིས་བརྒྱན༔ རིག་འཛིན་དཔའ་བོ་མཁའ་འགྲོ་འཇའ་འོད་འཐིབ༔ བཀའ་སྡོད་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཀུན་བཟང་སྐུ་དབྱིངས་ལྔ་ལྡན་དཀྱིལ་འཁོར་མཛེས༔ དམ་པ་རིགས་བརྒྱ་རིག་འཛིན་དཔའ་བོ་དང༔ མཁའ་འགྲོ་སྡེ་ལྔ་ཕུར་པའི་ལྷ་ཚོགས་རྣམས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གཞན་ཡང་བསྟོད་བྱར་འོས་པ་སྐྱབས་གནས་ཚོགས༔ མ་ལུས་ཕྱོགས་དུས་ཀུན་ན་བཞུགས་པ་ཡི༔ རྒྱལ་བ་རབ་འབྱམས་སྲས་དང་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དགོངས་སུ་གསོལ༔ ཐམས་ཅད་ཆོས་ཉིད་ཀློང་ཡངས་ཡིན་པ་ལ༔ མ་རིག་དབང་གིས་ཕྱོགས་རིས་སོ་སོར་བཟུང༔ དེ་བས་མཉམ་ཉིད་ངང་དུ་བཤགས་པར་བགྱི༔ བཛྲ་ས་མ་ཡ་ཧོ༔ དེ་ནས་འཛབ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས༔ བསྒྲུབ་དང་སྤྱོད་ཡུལ་སྐུ་དང་ཡེ་ཤེས་ནི༔ བཙལ་བས་མི་རྙེད་རང་བྱུང་ཡེ་ཤེས་ཆེ༔ ཆོས་ཉིད་སྣང་བ་ཆེན་པོ་སུམ་བརྩེགས་ལ༔ ལྷུན་གྱིས་གྲུབ་པ་སྐུ་དང་ཡེ་ཤེས་རྒྱས༔ ཡེ་ཤེས་རྡོ་རྗེའི་གསུང་གི་བརྡ་སྐད་ཀྱིས༔ གྲགས་སྟོང་གསང་སྔགས་འཛབ་སྙིང་དབྱངས་སུ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད་སྩོལ་ཅིག༔ བདག་གི་ཐུགས་ཀ་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཕོག༔ དེ་དག་གི་་་་བདག་བསྐྱེད་ལས་མི་བྱེད་ན་བདག་གི་ཐུགས་ཀ་ནས་ཐུགས་ཀ་ནས་་་་འོད་ཟེར་ཕྱོགས་བཅུར་འཕྲོས༔ དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཕུང་གི་རྣམ་པར་བྱུང་ནས་སྔགས་ཕྲེང་ལ་ཐིམ༔ འོད་ཟེར་འབར༔ སླར་ཡང་ཐུགས་ཀའི་འོད་ཟེར་བཀའ་སྲུང་དམ་ཅན་རྣམས་ལ་ཕོག༔ སྔོན་གྱི་དམ་བཅའ་དྲན་ནས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་བསམ་ཞིང༔ དེ་ལྟར་བདག་མདུན་གྱི་འོད་ཟེར་སྤྲོ་བསྡུ་ལ་རིག་པ་འཛིན་ཕུར་གདབ་སྟེ༔ གནས་ལྔའི་དཀྱིལ་འཁོར་རྣམས་རིམ་པར་བཟླ་བ་ནི༔ ཞི་ཁྲོའི་སྙིང་པོ་ནི་ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རིག་འཛིན་ཡབ་ཡུམ་གྱི་སྙིང་པོ་ནི་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ༔ མཁའ་འགྲོ་སྡེ་ལྔའི་སྙིང་པོ་ནི་ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ༔ ཧ་རི་ནི་ས་ཧཱུྃ་ཕཊ༔ ཕུར་པའི་སྙིང་པོ་ནི་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་པ་མང་ཉུང་སྐབས་དང་བསྟུན་ཏེ༔ རེ་རེ་བཞིན་བཟླས་པ་ཅི་ནུས་སུ་བྱ་ཞིང་མཐར་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དང་བཅས་པ་བཟླས་ལ༔ མཆོད་བསྟོད་ཚོགས་བསྐང་རྒྱས་པར་བྱའོ༔ རྫོགས་རིམ་ནི༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་ཡེ་ནས་གཞལ་ཡས་ལྷ༔ བདག་གི་ལུས་ངག་ཡིད་ཀྱང་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་སུ་ཡེ་ནས་གནས་པ་ལ༔ སྒྲུབ་དང་བསྒྲུབ་བྱ་ལས་འདས་དོན་གྱི་དབྱིངས༔ དབྱེར་མེད་ཡེ་ཤེས་དཀྱིལ་འཁོར་རང་གསལ་ངང༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་ཕྱི་ཀུན་བཟང་ཡབ་ཡུམ་ལ༔ ནང་དེའི་གནས་ལྔ་རུ་དཀྱིལ་འཁོར་རིགས་ལྔ་ཐོ་བརྩེགས་སུ་བཀོད་པ་གཅིག་དྲིལ་གྱི་བསྙེན་སྒྲུབ་ཡང་ཟབ་དམ་པ་ཀུན་གྱི་ཐུན་མོང་མ་ཡིན་པ་གསང་རྒྱ༔ གསང་བ་སོ་སོར་བྱེ་བྲག་ཏུ་བསྒྲུབ་པར་འདོད་ན༔ བདག་ཉིད་ཀུན་བཟང་ཞེས་པ་ཡན་ཆད་སྤྱི་དྲིལ་དང་བྱེ་བྲག་ཏུ་སྒྲུབ་པ་ཇི་ལྟར་བྱས་ཀྱང་ཀུན་ལ་འདྲ༔ བདག་ཉིད་ཀུན་བཟང་ནས་གོང་ལྟར་སྒྲུབ་པ་ཁ་བསྒྱུར་ཤེས་པར་བྱ་སྟེ༔ ཧཱུྃ༔ བདག་ཉིད་ཀུན་བཟང་འོད་དུ་ཞུ་བ་ལས༔ དབུས་སུ་སེང་ཁྲི་ཉི་ཟླ་པདྨའི་སྟེང༔ བཅོམ་ལྡན་རྣམ་པར་སྣང་མཛད་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་དབྱིངས་ཕྱུག་མ་དང་འཁྲིལ༔ ཤར་དུ་གླང་ཆེན་སོགས་ནས་ དྷཱ་ཏུ་ཨཱཿ ཞི་བ་དང༔ དེ་བཞིན་དུ༔ རྣམ་སྨིན་རིག་འཛིན་པདྨ་གར་གྱི་དབང༔ སོགས་ནས། ཧྲིཾ་ཧྲིཾ་ཛ༔ བར་དུ་རིག་འཛིན་དང༔ དབུས་སུ་སྐུ་མཆོག་བུདྡྷ་ཧེ་རུ་ཀ༔ སོགས་ནས༔ ཧཱུྃ་བྷྱོ་ཧཱུྃ༔ བར་དུ་ཁྲོ་བོ་དང༔ རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་དམར༔ ཞེས་པ་ནས༔ ཧཱུྃ་ཕཊ༔ བར་དུ་མཁའ་འགྲོ་དང༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སོགས་ནས༔ བཾ་ཧཱུྃ་ཕཊ༔ བར་དུ་ཕུར་པ་སྟེ༔ དེ་རྣམས་བདག་མདུན་གང་ཡང་རུང་བར་རང་རང་གི་མངོན་རྟོགས་ཁོལ་འདོན་དུ་བྱས་པའི་ལྷུ་མཚམས༔ ཕྱོགས་མཚམས་པད་འདབ་བུམ་ཐོད་ཡེ་ཤེས་ཀྱི༔ བཅུད་ཀྱིས་ཡོངས་བཀང་སོགས་ཡོངས་རྫོགས་ཀུན་སྤྱི་མཐུན་ཡིན་ནོ༔ སྤྱན་འདྲེན་མཆོད་བསྟོད་ཀྱི་སྐབས་སུ་བསྒྱུར་འོས་པ་རྣམས་ཚིག་འཕྲད་ཅུང་ཟད་བསྒྱུར་ཤེས་པར་བྱའོ༔ བཟླས་པ་ནི་རང་རང་སོ་སོའི་མངོན་རྟོགས་སྐབས་སུ་འབྱུང་བ་ལྟར་རོ༔ འཛབ་མཆོད་དང་སྔགས་ཀྱི་འཕྲོ་འདུ་ལ་སོགས་གོང་ལྟར་རམ༔ གང་འདོད་འཕྲུལ་ཤེས་པར་བྱའོ༔ ཅི་ནུས་སུ་བཟླས་ཤིང་རྗེས་ལ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང༔ མཆོད་བསྟོད་རྣམས་ཀྱང་གོང་བཞིན་ནོ༔ དེ་ལྟར་སྤྱི་དང་བྱེ་བྲག་བསྙེན་སྒྲུབ་ལ་འབད་པས་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་ཕྱི་ནང་གསང་བའི་འགྲུབ་རྟགས་རྣམས་སྤྱི་གཞུང་དང་མཐུན་པར་འབྱུང་ངོ་༔ ཟབ་རྒྱ༔ དེ་ནས་དེ་ལྟར་ཚོགས་ཞིང་གི་དཀྱིལ་འཁོར་ལ་ཚོགས་སྐོང་འབུལ་བ་ནི་གསུམ་སྟེ༔ ཚོགས་མཆོད་ཕུལ་ཞིང་བཤགས་སྐོང་གི་རིམ་པ་དང༔ རྣལ་འབྱོར་པས་ཚོགས་ལ་རོལ་ཞིང་གླུ་ལེན་པ་དང༔ ལྷག་མའི་ཆོ་ག་དང་གསུམ་མོ༔ དེ་ནས་དང་པོ་ཚོགས་རྫས་ཤ་མར་ཐུད་དང་ཆང་ལ་སོགས་ཏེ༔ རྣལ་འབྱོར་པས་བཟའ་བཏུང་ལོངས་སྤྱོད་དཔག་ཏུ་མེད་པ་གཙང་མ་དངོས་པོ་དག་པ་རྣམས་བཤམ་མོ༔ དེ་ནས་ལྷའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཀུན་བཟང་ཆེ་མཆོག་རིགས་ལྔའི་གཙོ༔ དུས་གསུམ་རྒྱལ་བ་མ་ལུས་ཀུན་མཆོད་ཀྱིས༔ མཆོད་པའི་མདངས་འཕྲོག་ཉོན་མོངས་བར་ཆད་བགེགས༔ གནས་འདིར་སྐད་ཅིག་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བསྐྲད་དོ༔ མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་ཐམས་ཅད་འདུས་པའི་སྐུ༔ དཔལ་ཆེན་རབ་འཇིགས་བདུད་འདུལ་རྡོ་རྗེ་འཆང༔ སངས་རྒྱས་ཀུན་གྱིས་བྱིན་བརླབས་དབང་བསྐུར་ཅིང༔ གདུག་པ་ཐམས་ཅད་འདུལ་བར་རབ་བསྔགས་པ༔ མེ་རི་མཚོན་ཆ་རྡོ་རྗེའི་ར་བ་དང༔ ཁྲོ་ཚོགས་རབ་ཏུ་འབར་བས་མཚམས་ཆོད་ཅིག༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་ཚོགས་བསང་སྦྱང་ནི༔ ཨ་མྲྀཏས་ཆུ་འཐོར་ལ༔ སྭ་བྷཱ་བས་སྟོང་པར་སྦྱང༔ ཧཱུྃ༔ བདག་ཉིད་ཀུན་བཟང་ཆེ་མཆོག་ཐུགས་ཀ་ནས༔ ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ མེ་རླུང་ཆུ་ཡིས་ཚོགས་ཀྱི་དངོས་འཛིན་དྲི༔ བསྲེག་གཏོར་བཀྲུས་ནས་གཙང་ལ་རྙོག་མེད་གྱུར༔ རཾ་ཡཾ་ཁཾ༔ ཞེས་ལན་གསུམ་བརྗོད་པས་ཚོགས་ཀྱི་ཉེས་སྐྱོན་ཐམས་ཅད་དག་པར་བསམ༔ དེ་ནས་བྱིན་རླབས་ནི༔ ཧཱུྃ༔ སླར་ཡང་དཔའ་བོ་འབྲུ་ལྔ་ཚོགས་ལ་འཕྲོས༔ སྒྲ་དང་བཅས་པར་ཚོགས་རྣམས་འོད་དུ་ཞུ༔ ཡེ་ཤེས་བདུད་རྩི་འོད་ཕུང་ལྡེམས་སེ་ལྡེམ༔ འདོད་ཡོན་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཞེས་བརྗོད་པས་ཚོགས་རྫས་བདུད་རྩིའི་རང་བཞིན་དུ་བསམ༔ ཚོགས་ཀྱི་ཡུལ་སྤྱན་དྲང་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་ཀུན་བཟང་ཀློང་ཡངས་ནས༔ མ་འགག་གཟུགས་ཀྱི་སྐུར་བཞེངས་ཞི་ཁྲོའི་ཚོགས༔ རིག་འཛིན་བརྒྱད་བཅས་གཞན་ཡང་བསྐང་འོས་མགྲོན༔ མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འདོད་པའི་ཡོན་ཏན་ལྷུན་གྲུབ་ཚོགས་ཁང་འདིར༔ ཚོགས་མཆོད་བདུད་རྩི་བཞེས་སླད་བཞུགས་སུ་གསོལ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་ཚོགས་ཕུད་རིམ་གསུམ་དུ་བཅད་ལ་དང་པོ་ཕུལ་ལ༔ ཧཱུྃ༔ ཀུན་བཟང་ཞི་ཁྲོ་རིག་འཛིན་མཁའ་འགྲོ་ཕུར༔ གཞན་ཡང་བཀའ་བརྒྱད་དཔལ་མགོན་བཅས་རྣམས་ལ༔ ཕྱི་ནང་གསང་མཆོད་བདུད་རྩི་སྨན་རཀ་གཏོར༔ རྣལ་འབྱོར་ལོངས་སྤྱོད་འདོད་ཡོན་ཚོགས་མཆོད་འབུལ༔ ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་ནས་ཀྱང༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ བར་པ་ཚོགས་བཤགས་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ ག་ཎ་ཙཀྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ག་ཎ་ཙཀྲ་མཱ་མེ་མུཉྩ་ག་ཎ་ཙཀྲ་བྷ་ཝ༔ མ་ཧཱ་ས་མ་ཡ་ག་ཎ་ཙཀྲ་སཏྭ་ཨཱ༔ ཞེས་བརྗོད༔ ཐ་མ་བསྒྲལ་བསྟབ་ནི༔ བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་ཚོགས་སྣོད་དེ་ཉིད་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ༔ ཚོགས་རྫས་དགྲ་བགེགས་དངོས་སུ་གསལ་བ་ལ༔ བདག་ཅག་གི་སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་སྟེ༔ ལུས་ངག་ཡིད་ལ་གནོད་འཚེ་བར་ཆད་དགྲ་བགེགས་ཐམས་ཅད་གཅིག་ཏུ་དྲིལ་ནས་གཟུགས་ལིང་ལ་ཐིམ་པར་གྱུར༔ བདེན་སྟོབས་ཀྱིས་བཀུག་ལ༔ ཧཱུྃ༔ བདག་ཅག་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན༔ བླ་མ་དཀོན་མཆོག་རྩ་གསུམ་བདེན་པའི་མཐུས༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ ཛཿཧཱུྃ་བཾ་ཧོ༔ བསྒྲལ་བ་ནི༔ ཧཱུྃ༔ དུག་ལྔའི་ལས་ཀྱིས་བསགས་པའི་བག་ཆགས་རྣམས༔ སྐུ་གསུམ་སྐུ་ལྔའི་ཀློང་དུ་ད་ལྟ་སྒྲོལ༔ མ་རིག་བདག་འཛིན་ཨ་འཐས་རུ་དྲ་འདི༔ རང་ཤེས་རིག་པའི་དབྱིངས་སུ་མཱ་ར་ཡ་ཕཊ༔ ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཉོན་མོངས་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ ཕུང་ཁམས་སྐྱེ་མཆེད་བླ་ཚེ་རྣམ་ཤེས་བཅས༔ ཞལ་དུ་སྟོབས་ཤིག་ཞི་ཁྲོའི་ལྷ་ཚོགས་ཀྱི༔ ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐུགས་སུ་སྟིམས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཨ་མུ་ཀ་ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ སྐབས་འདིར་རུ་ཟུང་བཞིའི་བཤགས་པ་རྣམས་བྱ༔ གཉིས་པ་རྣལ་འབྱོར་པས་ལྟ་བའི་ངང་ནས་ལོངས་སྤྱོད་ཚོགས་ལ་རོལ་པ་ནི༔ ཧཱུྃ༔ རང་གི་གཟུགས་ནི་འཁོར་འདས་གཉིས་ཀྱི་ཡུལ༔ དང་པོ་རྒྱུ་དྲུག་འཁོར་བ་སྦྱང་བར་བྱ༔ ལུས་ལ་ཉོན་མོངས་རིགས་དྲུག་ས་བོན་ཡོད༔ ཚོགས་ཀྱི་འོད་ཟེར་གདངས་འོད་ཟེར་གསུམ་གྱིས༔ འབྲུ་དྲུག་བག་ཆགས་བཅས་པ་དག་པར་གྱུར༔ ཧཱུྃ༔ རྒྱུ་དྲུག་གནས་སྦྱངས་འདས་པའི་སངས་རྒྱས་ཡིན༔ ཕུང་ལྔ་ཡབ་ལྔ་འབྱུང་ལྔ་ཡུམ་ལྔའི་ངང༔ འཁོར་ལོ་ལྔ་ལ་རིགས་ཀྱི་མཁའ་འགྲོ་ལྔ༔ རྩ་ཕྲན་དཔའ་བོ་མཁའ་འགྲོ་ཏིལ་གོང་རྒྱས༔ ཧཱུྃ༔ སྙིང་གར་ཞི་བ་མགྲིན་པར་རིག་འཛིན་དང༔ སྤྱི་བོར་ཁྲག་འཐུང་ལྟེ་བར་མཁའ་འགྲོ་མ༔ གསང་གནས་རྡོ་རྗེ་ཕུར་པའི་ལྷ་ཚོགས་བཞུགས༔ བདེར་གཤེགས་རྒྱལ་བའི་ཕོ་བྲང་དམ་པ་འདིར༔ ཟག་མེད་ཡེ་ཤེས་ཆེན་པོའི་མཆོད་པ་འབུལ༔ ཨ་ལ་ལ་ཧོཿབཞེས་ཤིང་དགྱེས་པར་རོལ༔ དེ་ལྟར་དགོངས་པ་གསལ་བའི་ངང་ནས༔ སརྦ་སིདྡྷི་ཧཱུྃ༔ ཞེས་ལག་གཉིས་པད་སྐོར་དང་བཅས་པས་ཞལ་ཟས་བླངས་ཏེ༔ ཧཱུྃ༔ ང་ཉིད་ཡེ་ནས་སངས་རྒྱས་རིགས་ལྔ་ཡིན༔ ལག་གཡས་དཔའ་བོ་ལག་གཡོན་མཁའ་འགྲོ་ལྔ༔ ཡར་རྐན་སྣང་མཐའ་མར་རྐན་གོས་དཀར་མོ༔ ལྗགས་ནི་མེ་ལྷའི་གུནྡེ་མིད་པ་ནི༔ བྱང་ཆུབ་སེམས་ལམ་ཞལ་ཟས་འབྱུང་ལྔའི་བཅུད༔ ཁ་དོག་དཀར་ལ་དྭངས་པ་རོ་ཉིད་བདའ༔ རྒྱུ་ཉིད་བདུད་རྩི་འོད་མདངས་སི་ལི་ལི༔ ལྟ་བ་ཆོས་ཉིད་ཀློང་དུ་རབ་ཏུ་ཐིམ༔ རྩ་གསུམ་ནང་ནས་གྱེན་དུ་མེ་ལྷ་ཡེ་ཤེས་སྦར༔ ཡེ་ཤེས་ལྷ་རྣམས་ཡེ་ཤེས་ཆེན་པོར་རོལ༔ ཞེས་སྤྱོད་དོ༔ དེ་ནས་རྡོ་རྗེའི་གླུ་འདི་སུ་ཐུག་གིས་གར་ཐོད་དུ་བླང་མི་རུང་སྟེ༔ གནས་དུར་ཁྲོད་ཆེན་པོ༔ རྒྱལ་བས་བྱིན་གྱིས་བརླབས་པའི་གནས་ཆེན༔ གཏེར་གནས་སྒྲུབ་གནས་ལ་སོགས་གནས་ཁྱད་པར་ཅན༔ མདོར་ན་འཇིག་རྟེན་པའི་གནས་ལས་འདས་པའི་རི་ཁྲོད་དབེན་པའི་གནས་སུ༔ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཁྲུལ་པ་དག་ནས་རང་རིག་ལྟ་བའི་གདིངས་དང་ལྡན་པས༔ དགོས་པ་དྲུག་ཏུ་བབ་པའི་དུས་སུ་རྡོ་རྗེའི་གླུ་དྲུག་མགུར་དུ་བླང་བ་ནི༔ དུར་ཁྲོད་བརྟུལ་ཞུགས་སྤྱོད་པ་ལ་འགྲོ་ན་འགྲོ་བའི་དུས་སུ་ཡན་ལག་མཐིལ་བཞི་ས་ལ་བཙུགས་ལ་གཅན་སྤྱང་རི་ཟུར་འགྲིམ་པ་ལྟ་བུར་བྱས་ཏེ་བླང་ངོ༔ ཚོགས་ཀྱི་དུས་སུ་ལུས་ལ་རུས་པའི་རྒྱན་བཏགས་རྒྱུག་པ་དང་མཆོང་པ་དང་གྱད་ཀྱི་འདོར་ཐབས་སུ་བྱས་ཏེ་བླང་ངོ༔ མི་རྟོག་པ་རྒྱུད་ལ་བརྟེན་པའི་དུས་སུ་ལུས་དྲང་སྲོང་ལྟ་བུ་ཐལ་མོ་འགྲམ་པ་ལ་སྦྱར་ཏེ་བླང་ངོ༔ ལྟ་སྒོམ་སྤྱོད་པའི་དུས་སུ་ལུས་དྲང་པོར་བསྲངས་ཏེ་ཐལ་མོ་སྙིང་གར་སྦྱར་ནས་བླང་ངོ༔ ཨེ་མ་ཀི་རི་ཀི་རི༔ སྨས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་རུ༔ ཀུ་དྷ་ལི་མ་སུ་མ་སུ༔ ཨི་ཀ་རི་ལི་སུ་བྷསྟ་ཡེ༔ ཙ་ཀ་ར་བྷ་ལི་ཏ་ལྕེ་ཡེ་ས་མུན་ཏ༔ ཙ་ཏྱ་སུ་གྷ་ཡེ༔ བྷི་ཏི་ས་ན་བྱ་གྷུ་ལི༔ ཀེར་ཀེར༔ དུ་ཁ་ན་མ་ཏ་ལེ་བེ་ཏ་ནི༔ པ་ར་ལི་ཧ་སཾ་ན་སཾ་བྷུ་ར་ཏ༔ མེ་གྷ་ཙ་ར་ཏ་པ་ས་ཏྱ་བྷྱ་ཏ་ར༔ ཨེ་བྷ་ཤ་ན་ས༔ ར་ན་པ་ཏི་བ་གུ་ལི་ཡ༔ གྷུ་ར་གྷུ་ར༔ སག་ག་ར་ད་ན་ལཾ༔ ན་ར་ན་ར་ཨི་ཐར་བྷུ་ཐ་ཆི༔ ཤ་ས་ཀྱེ་གཾ་པ་ར་རི་རི་མ་ལེ་སད་ཏྲ༔ མ་སིཾ་ན་བྷེ་ས༔ བྷེ་ས་རས་པ་ལཾ༔ ཨི་ཨེ་མ་མ་ར་ར་ཨ༔ ཨོཾ་ཨཱཿཧཱུྃ༔ མ་མ་ཀི་རི་ཀི་རི༔ སྨས་ཏ་ས་ལི་ས་མི་ཏ་སུ་རུ་སུ་རུ༔ ཀུ་དྷ་ལི་མ་སུ༔ ཨི་ཀ་རི་བ་ལེ་ཙ་ཁ་བྷུ་ལི་ཏ་ལྕེ་ཡེ་ས་མུན་ཏ༔ ཙ་ཏྱ་སུ་གྷ་བྷི་ཏི་ས་ན་བྱཾ་གྷུ་ཡེ༔ ཀེ་ར་དྷཱ་ཀཱི་དྷཱ་ཀ་མ་ཧཱ་རི་སེ་དྷ་ན་པ་ར་ལི་ཧེ༔ ས་ནཾ་ཁ་ར་ཏ་ཁེ་ལ་ས་ན་བྷུ་ད་ར་ཏ་ཀ་ཙ་ར་ཏཾ་མ་ཧཱ་བ་སུ་ཏྱ་གྷ་ཧ་ར་ཨ༔ ས་ན་མ་ས་ན་ས་ར་བྷི་ཧི་ཏིས༔ གྷུ་ར་ལ་མ་སྨིན་ས་གྷུ་ཏིས་ཏ་ཡ་གྷུ་ར་གྷུ་ར༔ གླང་ཁ་ལ་ར་ན་ལཾ་ན་ར་པ་ལཾ༔ ཨི་ཏ་ར་ལ་ཏ་ལཾ༔ སིར་རྣ་བེ་ས་ར་ལཾ་བྷ་ས་གེ་ལཾ་པ༔ ས་ས་རི་རི་ལི་ལི༔ ཨི་ཨི་མ་མ་ར་ར༔ ཞེས་ཐ་མལ་གྱི་ཚུལ་མ་ཡིན་པས་སྐབས་སུ་བབ་པའི་དུས་སུ༔ གནས་ཁྱད་པར་ཅན་དུ་རྣལ་འབྱོར་པས་ལྟ་བའི་ངང་ནས༔ སྒྲ་དག་པ༔ ཚིག་གསལ་བ༔ དབྱངས་སྙན་པོས་བླང་ངོ་༔ གསུམ་པ་ལྷག་མའི་ཆོ་ག་ནི༔ ཡར་གནས་མར་གནས་གཉིས་ལས༔ ཡར་གནས་གཙང་ལྷག་གཏོར་མར་བྲན་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་རྣམས༔ ཚོགས་ཕུད་དགྱེས་པ་ཆེན་པོས་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཞི་རྒྱས་དབང་དྲག་ཐོགས་མེད་སྒྲུབ་པར་མཛོད༔ ཧཱུྃ༔ དང་པོར་རྒྱལ་བ་ཞི་ཁྲོ་ཕུད་ཀྱིས་མཆོད༔ བར་དུ་རྣལ་འབྱོར་ཕོ་མོས་ཚོགས་ལ་རོལ༔ ཐ་མར་ལྷག་ལ་དགྱེས་པས་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ནས་ཕུད་ལྷག་བསྲེས་ནས་འདི་སྐད་དོ༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རུ༔ ཆོས་དབྱིངས་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ ཚོགས་ལྷག་ལ་རྡོ་རྗེ་སློབ་དཔོན་ལྷར་གསལ་བས་བདུད་རྩིའི་ཞལ་ཕྲུས་བཏབ་ནས༔ ཧཱུྃ༔ ཐ་མ་ཚོགས་ལྷག་ཁ་ཆུས་མི་འདེབས་སུ༔ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ན་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ ཅི་བགྱིའི་བཀའ་ཉན་བསྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་བཤལ་ཆུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་ཚོགས་ལྷག་མར་གནས་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་རོལ་པའི་ལྷག་སྡུད་མ༔ དབང་ཕྱུག་གིང་དང་ལང་ཀ་མཁའ་འགྲོ་མ༔ འབར་མ་མ་བདུན་སྲིང་བཞི་ཕོ་ཉའི་ཚོགས༔ གནས་བཟང་དུར་ཁྲོད་འགྲིམ་ཞིང་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་རྔམས༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དོར་རོ༔ སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལས༔ བསྐུལ་པ༔ ཆད་མདོ་བརྟན་སྐྱོང༔ གཏོར་བྲོ༔ ལྷག་ཆད་ཁ་སྐོང༔ དངོས་གྲུབ་བླང་བ༔ བཀྲ་ཤིས་བརྗོད་པ༔ བསྡུ་རིམ༔ བསྔོ་བ་སྨོན་ལམ་རྣམས་ལས༔ བསྐུལ་པ་ནི༔ ཧཱུྃ༔ མ་བཅོས་ལྷུན་གྲུབ་དབྱིངས་རིག་དབྱེར་མེད་ལས༔ རིག་རྩལ་ཆོ་འཕྲུལ་དམ་པ་རིགས་བརྒྱའི་ཚོགས༔ སྤྲུལ་པ་དམ་ཅན་སྲུང་མར་བཅས་པ་རྣམས༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྐུ་བཞེངས་ཤིག༔ ཧཱུྃ༔ རིག་འཛིན་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ མ་རུངས་གདུག་པའི་དགྲ་བགེགས་ཚར་གཅོད་ལ༔ དུས་ངན་སེམས་ཅན་འདུལ་བའི་དུས་ལ་བབས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་གྲུབ་པར་མཛོད༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཆད་མདོ་བརྟན་སྐྱོང་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང༔ སྙིགས་མ་རྩོད་ལྡན་དུས་དང་ལྷ་མིའི་གནས༔ སྐུ་གསུམ་བཀའ་བརྒྱུད་རྣམས་ཀྱིས་རིམ་བཞིན་དུ༔ རྒྱུད་གསུང་གཏེར་དུ་སྦས་བཏོན་ཞལ་ཕྱེས་ཚེ༔ སྤྱི་དང་བྱེ་བྲག་སྲུང་མ་ཐམས་ཅད་ཀྱིས༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ འདས་དང་མ་བྱོན་ད་ལྟའི་མཚམས་ཤེད་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་དབང་མོ་མཛད༔ གདོས་བཅས་གཟུགས་སྤངས་འོད་ལུས་འཕྲུལ་མོ་ཆེ༔ འཁོར་བའི་ཚིགས་སྤངས་རང་རང་བརྡ་སྐད་འདོན༔ དྲན་རྟོག་སེམས་སྤངས་དཀྱིལ་འཁོར་མུ་རན་སྐྱོང༔ ཀཽ་རཱི་སིཾ་ཧ་ཕྲ་མེན་དབང་ཕྱུག་སོགས༔ བརྟན་མ་བཅུ་གཉིས་གིང་དང་ལང་ཀ་དང༔ མ་བདུན་སྲིང་བཞི་ཉུལ་ལེ་གཞི་བདག་རྣམས༔ སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཁྱེད་རྣམས་འཁོར་བཅས་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་སྦུབས་པའི་འོག་ཏུ་དགྲ་བགེགས་བཀུག་ནས་འདི་སྐད་དོ༔ ཧཱུྃ༔ རང་བྱུང་རང་ཤར་རང་གྲོལ་དཀྱིལ་འཁོར་འདིར༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རོལ་པའི་བྲོ༔ མ་རིག་ཉོན་མོངས་དུག་ལྔའི་མགོ་ལ་བརྡུངས༔ རྒྱུ་དྲུག་འཁོར་བའི་སྡུག་བསྔལ་དབྱིངས་སུ་དག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བར་ཆད་དམ་སྲི་སཏྭམྦྷ་ཡ་ནན༔ སྲུང་འཁོར་བསྒོམ༔ ལྷག་ཆད་ཁ་སྐོང་ནི༔ ཧོ༔ བདག་རྨོངས་ལེགས་སྤྱད་འདི་ལ་ཉེས་གྱུར་གང༔ བསྐྱེད་རིམ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གཡེལ༔ ལྷག་ཆད་ནོར་འཁྲུལ་རྒྱུ་ཆུང་ཕུད་ཉམས་རྣམས༔ ལྷ་ཚོགས་དྲུང་བཤགས་བཟོད་གསོལ་ཚངས་པར་སྩོལ༔ ཅེས་ཡིག་བརྒྱ་སོགས་ཀྱིས་ཁ་བསྐང་ངོ་༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ ཡེ་ནས་རྣམ་དག་རང་བྱུང་རང་ཤར་དབང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་ནི༔ སྒྲིབ་གཉིས་དག་ཅིང་སྐུ་གཉིས་ལྷུན་གྱིས་གྲུབ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དབང་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ་ཧོ༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་ན༔ དུས་གསུམ་མི་འགྱུར་ལྷུན་གྲུབ་བཀོད་པའི་རྒྱན༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ནས་བཀྲ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ བསྡུ་རིམ་ནི༔ ཧཱུྃ༔ སྣང་སྲིད་འོད་ཞུ་སྒྱུ་ལུས་དཀྱིལ་འཁོར་ཐིམ༔ དཀྱིལ་འཁོར་རིམ་བཞིན་གནས་ལྔའི་གཙོ་བོར་ཐིམ༔ གཙོ་ལྔ་རང་རང་ཐུགས་ཀར་ས་བོན་ཐིམ༔ ས་བོན་དམིགས་མེད་ཆོས་དབྱིངས་ཀློང་དུ་ཨ༔ ཞེས་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་བཅས་བཅོས་མེད་པར་ཅི་གནས་སུ་བཞག་གོ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ན་མོ༔ རྒྱལ་བ་རྒྱ་མཚོ་གསན་ཅིང་དགོངས་སུ་གསོལ༔ འདི་ལྟར་ལྷ་མཆོད་བསྙེན་སྒྲུབ་བགྱིས་པ་ཡི༔ དགེ་བའི་རྩ་བར་གྱུར་པ་ཅི་མཆིས་པ༔ བདག་གཞན་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཧོ༔ བདག་གཞན་དགེ་བ་འདི་དང་དུས་གསུམ་དུ༔ བསགས་པའི་མཐུ་ཡིས་འཁོར་བ་དོང་སྤྲུགས་ཏེ༔ འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་དཀྱིལ་འཁོར་དུ༔ ཡེ་གྲོལ་ཁྱབ་བདལ་ཀློང་དུ་ལྷུན་གྲུབ་ཤོག༔ གཞན་ཡང་སྨོན་ལམ་ཅི་རིགས་བཏབ་བོ༔ ཞེས་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་གི་རིམ་པ་རྒྱུད་ཀུན་གྱི་ཉིང་ཁུ་ཡང་ཟབ་ངེས་དོན་སྙིང་པོ་ཞེས་བྱ་བ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་སྲོག་བདུད་ནག་པོས་སྲུངས་ཤིག༔ མ་མོ་ཨེ་ཀ་ཙཱ་ཏིས་གཉེར་ཅིག༔ སྐལ་མེད་ལོག་ལྟ་ཅན་ལ་སྒྲིབས་ཤིག༔ སྐལ་ལྡན་ལས་འཕྲོ་ཅན་ལ་སྤྲོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ནག་བདེ་གཤེགས་སྙིང་པོ་རྩལ་གྱིས་བཙན་རྒོད་རི་བོ་བཀྲ་བཟང་ནས་ཕྱུང་། སརྦ་མངྒ་ལཾ།། །།
རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་ལས་བྱང་དངོས་གྲུབ་རོལ་མཚོའི་རྗེས་འབྲང་གི་ཕྲིན་ལས་བྱེ་བྲག་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ (Volume 39, Text 37)
༄༅། །རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་ལས་བྱང་དངོས་གྲུབ་རོལ་མཚོའི་རྗེས་འབྲང་གི་ཕྲིན་ལས་བྱེ་བྲག་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས་སོ། ། གཏེར་སྲུང་ཞིང་སྐྱོང་གི་གཏོར་ཆོག་ནི། ན་མཿཔདྨ་སམྦྷ་ཡ། གཏེར་སྲུང་ཞིང་སྐྱོང་ཆེན་པོའི་གཏོར་མ་བྱ་བར་འདོད་པས་སྣོད་གཙང་མར་འབྲུ་སྣའི་གཏོར་མ་ཟུར་གསུམ་ཆེ་བ་གཅིག་ལ་རང་འདྲའི་བཤོས་ཕྲན་གསུམ་གྱིས་བསྐོར་བ་ཤ་ཁྲག་གིས་བརྒྱན། དར་ནག་གི་བ་དན་གཟུག །མཆོད་པ་སྤྱན་གཟིགས་སོགས་ཀྱང་ཅི་འབྱོར་པ་བཤམ། རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་མཆོད་གཏོར་བསང་སྦྱང་། ཨཱོྃ་ཨཱཿཧཱུྃ་ལན་གསུམ་ཕྱག་རྒྱར་བཅས་པས་བྱིན་གྱིས་བརླབ། རང་ཉིད་ཡི་དམ་ལྷ་རུ་གསལ་བའི་མདུན༔ དུར་ཁྲོད་དབུས་སུ་ཞིང་སྐྱོང་སེང་གདོང་ཅན༔ མདུང་དང་དམར་གཏོར་འཛིན་ཅིང་རྟ་ནག་ཞོན༔ འབར་བའི་ཆས་སྤྲས་སྣ་ཚོགས་འཁོར་གྱིས་བསྐོར༔ དེ་ཡི་ཐུགས་ལས་འོད་འཕྲོས་སྤྱན་དྲངས་གྱུར༔ ཧཱུྃ་བྷྱོ། ཕོ་བྲང་མཁའ་སྤྱོད་ཙ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་དང་། །མི་བསྲུན་གྲོགས་བམ་འཁོར་དང་བཅས། །སྔོན་གྱི་ཁས་བླངས་དམ་ལ་འདུ། །བདུད་ཀྱི་དམག་ཚོགས་སྐུ་སྐྱོད་ལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨཱོྃ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊཿ ཏྲི་ཧྲིཾ་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊཿ བཛྲ་ས་མཱ་ཛ༔ ཏིཥྛ་ལྷན༔ ས་མ་ཡ་རཀྵནྟུ༔ ཞེས་དམ་ཚིག་པ་དང་གཉིས་མེད་དུ་གྱུར་པ་དམ་ལ་བཞག །ཧཱུྃ༔ ཞིང་སྐྱོང་ཁྱོད་ལ་མཆོད་པའི་དམ་རྫས་ནི༔ ཕྱི་ནང་གསང་གསུམ་སྨན་རཀ་གཏོར་མ་དང༔ དགྲ་བགེགས་ཤ་ཁྲག་ལ་སོགས་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བར་སྤེལ་ཏེ་མཆོད༔ ཨཱོྃ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། མ་ཧཱ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་དང་། ཨཱོྃ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་བས་ཚིམ་ཞིང་དགྱེས་པར་བསམ་ལ། བསྟོད་པ་ནི། ཧཱུྃ༔ སངས་རྒྱས་བསྟན་སྐྱོང་དྲེགས་པ་ཡོངས་ཀྱི་རྗེ༔ མི་སྡུག་མི་བསྲུན་རྣལ་འབྱོར་དགྲ་བླ་ཆེ༔ དམ་ཉམས་འཇོམས་ཕྱིར་སྣ་ཚོགས་སྤྲུལ་པ་འགྱེད༔ ཞིང་སྐྱོང་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ འཇིགས་གཟུགས་ཞལ་གདངས་མཆེ་གཙིགས་སྤྱན་དམར་འཁྲུག །དར་ནག་བེར་གསོལ་གཡུ་རལ་སེང་ཆུང་སྤྲོ། །རུ་དར་དམར་གཏོར་བདུད་དམག་གཡབ་ཅིང་སྡུད། །རྟ་ནག་ཞོན་ནས་སྟོང་གསུམ་ཡུད་ཀྱིས་བསྐོར། །ཡུམ་ཆེན་བདུད་མོ་དམར་ནག་ཁྲག་རལ་ཅན། །ལས་མཛད་དུས་མཚན་ཕོ་མོ་དགྲ་བོའི་གཤེད། །བཀའ་ཉན་དྲེགས་པ་སྡེ་བརྒྱད་དྲག་རྩལ་ཅན། །ཡང་འཁོར་ཕོ་ཉར་བཅས་ལ་བསྟོད་པར་བགྱི། ཁྱོད་ལ་གསོལ་དང་མཆོད་བསྟོད་བགྱིས་པའི་མཐུས༔ བསྟན་དགྲ་འཇོམས་ཤིང་ཁྱོད་ཐུགས་དགྱེས་པ་དང༔ བསྟན་པ་དར་ཞིང་བདག་ཅག་བསམ་དོན་སྒྲུབས༔ མི་མཐུན་སེལ་ཞིང་ལས་བཞིའི་ཕྲིན་ལས་མཛོད༔ གཏོར་མགྲོན་རང་གནས་སུ་གཤེགས་ཤིང་གཏོར་མ་གཙང་སར་བསྐྱལ། ཆོ་གའི་མཇུག་བསྡུ་རྣམས་ཇི་ལྟར་རིགས་པར་བྱའོ། །ཞེས་པ་འདི་ཡང་རྩིས་རིག་འཛིན་པའི་སྔགས་འཆང་ཕྲིན་ལས་དབང་དྲག་གིས་བསྐུལ་བའི་ངོར་འགྱུར་མེད་རྡོ་རྗེས་གཏེར་གཞུང་གི་ཚིག་ལས་ཆ་ཙམ་སྤྲོས་ཏེ་བརྗོད་པའོ།། ༈ །།དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་མཆོད་ནི། ན་མོ་བཛྲ་ཀྲོ་དྷཱ་ཡ། འདིར་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་མཆོད་བྱ་བར་འདོད་པས། སྣོད་གཙང་མར་དཔལ་བཤོས་འཁོར་སུམ་ཅུ་མཐེབ་ཀྱུས་བསྐོར་བ་ཤ་ཁྲག་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན་པ་བཤམས་ལ། རང་ཉིད་དཔལ་ཆེན་པོའི་སྙེམས་པས་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། གསུར་ཆེན་གྱི་སྤོས་དང་རྐང་གླིང་གི་སྒྲས་མཚོན་པར་སྤྱན་དྲང་བ་ནི། ཧཱུྃ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུ་པོ། །སོ་སོའི་བཀའ་ཉན་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་རིངས་པའི་ཚུལ་གྱིས་ནི། །ཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ། །ཨཱོྃ་བཛྲ་སརྦ་དུཥྚཱཾ་ཨེ་ཛ་བྷྱོཿ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲང་། ཨཱོྃ་བཛྲ་སརྦ་དུཥྚཱཾ་ཨེ་ཛ་བྷྱོཿས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཕྱི་མཆོད་ཕུལ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་སྟོབ། ཨཱོྃ་བཛྲ་སརྦ་དུཥྚཱཾ་ཨེ་ཛ་བྷྱོཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། མཐུ་སྟོབས་ཀྱི་དབང་ཕྱུག་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་རྣམས་ཀྱིས། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། བདེ་གཤེགས་བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །མཐུ་ཆེན་སྡེ་དཔོན་སུམ་ཅུའི་ཚོགས་ལ་བསྟོད། །དབང་ཕྱུག་ཨུ་མ་གཤིན་རྗེ་གསོད་བྱེད་ནག །སྲིད་རྒྱལ་རལ་གཅིག་བསྐོས་རྗེ་རེ་མ་ཏི། །པེ་ཧར་ཚངས་པ་སྐུ་ལྷ་རཱ་ཧུ་ལ། །གློག་ཕྲེང་ཁྲག་མིག་མེ་དབལ་མོན་མོ་ནག །མ་ཧཱ་ཀཱ་ལ་རྡོ་རྗེ་བདུད་འདུལ་ཆེ། །ནག་པོ་བཀྲག་མེད་ཀཱ་ལ་ཡཀྴ་དང་། །ཤམ་པོ་ཐོག་གི་བུ་ཡུག་གུ་རུམ་ཙེ། །བྲག་བཙན་གནམ་ཐེ་ཡམ་ཤུད་བི་ནཱ་ཡ། །ནག་མོ་མགྱོགས་བྱེད་ཀླུ་བདུད་ཡཀྴ་ནག །སྡེ་དཔོན་སུམ་ཅུ་རང་རང་ཕོ་ཉར་བཅས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འདོད་པའི་ལས་འབྲས་མྱུར་དུ་མཆིས་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། གཙྪས་གཏོར་མགྲོན་རང་གནས་སུ་གཤེགས། གཏོར་མ་གཙང་སར་འབུལ་ལོ། །ཞེས་པ་འདི་འགྱུར་མེད་རྡོ་རྗེས་སོ།། ༈ །།ཕུར་སྲུང་གི་གསོལ་མཆོད་ནི། ཕུར་སྲུང་དམ་ཅན་བཅུ་གཉིས་ལ་གཏོར་མ་འབུལ་བར་འདོད་ན། བསང་སྦྱང་། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱི་ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ལ། རྐང་གླིང་དང་སྤྱུགས་པས་དྲངས་པའི་རོལ་མོའི་སྒྲ་དང་བཅས་པས། བྷྱོཿ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པའི། །ཤྭ་ན་བདག་ཉིད་ས་བདག་བསེ་མོ་བཞི། །གྱད་ཆེན་གིང་བཞི་མ་སྲིང་འབར་མ་སོགས། །དཔལ་གྱི་ཕོ་ཉ་གྲངས་མེད་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨཱོྃ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཉེར་སྤྱོད་སྨན་ཕུད་རཀྟར་བཅས་པས་མཆོད་ཅིང་། ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། ཕུར་སྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། དཔལ་ཆེན་ཁྲག་འཐུང་ཀཱི་ལ་ཡའི། །བཀའ་ཉན་སྲུང་མ་དམ་ཚིག་ཅན། །ཤྭ་ན་བདག་ཉིད་ས་བདག་མ། །གིང་ཆེན་མ་སྲིང་ཕོ་ཉར་བཅས། །རྔམ་བརྗིད་དུར་ཁྲོད་རྒྱན་ཆ་ཅན། །ཐོགས་མེད་དྲག་རྩལ་ཕྲིན་ལས་བདག །གྲངས་མེད་འཁོར་དང་བཅས་ལ་བསྟོད། །བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད། །ཅེས་པ་འདི་འགྱུར་མེད་རྡོ་རྗེས་སོ།། ༈ །།གཏེར་སྲུང་སྨན་བཙུན་མའི་མཆོད་སྤྲིན་སྒྲུབ་པོའི་རེ་སྐོང་ཞེས་བྱ་བ་ནི། ན་མཿཔདྨཱ་ཀ་ར་ཡ། ཤ་འུག་གཏེར་སྲུང་སྨན་བཙུན་མའི་གཏོར་འབུལ་ནི། བཤོས་བུ་ལྔ་ཚོམ་རྒྱན་ལྡན་བཤམས་པ་གཙང་ཕུད་ཀྱིས་བྲན་ལ། རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ནས། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྨན་བཙུན་མཆེད་ལྔ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིན་ཆེན་བྲག་རིས་གཏམས་པའི་ཞིང་། །སྨན་ལྗོངས་ནགས་ཚལ་རྒྱས་པའི་དབུས། །གཡུ་མཚོ་འཁྱིལ་བའི་ཕོ་བྲང་ནས། །སྨན་བཙུན་ལྷ་མོ་གཡུ་སྒྲོན་མ། །ཡིད་འོང་མཛེས་མ་མཆེད་ལྔ་དང་། །འཁོར་ཚོགས་འབུམ་ཕྲག་དུ་མར་བཅས། །དགྱེས་ཤིང་བརྩེ་བས་ད་ཚུར་བྱོན། །དམ་ཚིག་སྟན་ལ་བག་ཕོབ་ཅིག །པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ མ་གཅིག་དགྱེས་པས་བྱོན་ལགས་སམ། །ཞབས་བསིལ་སྨན་ཆབ་ཨརྒྷའི་རྒྱུན། །མེ་ཏོག་ཕྲེང་མཛེས་སྤོས་སྤྲིན་གཏིབས། །སྣང་གསལ་སྒྲོན་མེ་བྱུག་པའི་ཀླུང་། །རོ་བརྒྱའི་བཟའ་བཏུང་སྙན་འཇེབས་སྒྲ །གཙང་སྦྱར་གསེར་སྐྱེམས་དཀར་མངར་ཕུད། །ཕྱེ་མར་འོ་སྐོལ་རྩི་སྨན་སྤོས། །སྤྱན་གཟིགས་ཡོ་བྱད་མཁོ་རྒུར་བཅས། །འབུལ་ལོ་དགྱེས་པའི་ཞལ་སྟོན་ལ། །དམ་ཚིག་གནས་ལ་ངོ་འཐོན་མཛོད། །ཨཱོྃ་ཨཱཿཧཱུྃ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨཱོྃ་ཨཱཿཧཱུྃ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་མྨེ་པྲ་ཡཙྪ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་བས་ཚིམ་ཞིང་དགྱེས་པར་བསམ་མོ། །ཀྱཻ། འགྱུར་མེད་ཡེ་ཤེས་ལྔ་ཡི་དངོས། །རིགས་ལྔའི་རྣམ་རོལ་ཌཱ་ཀི་ནི། །མཐུ་ཆེན་སྨན་བཙུན་མཆེད་ལྔ་ལ། །ཕྲིན་ལས་དོན་དུ་བསྟོད་པར་བགྱི། །སྣ་ཚོགས་རྒྱན་ལྡན་གཏོར་མ་དང་། །མཐུན་པའི་སྤྱན་གཟིགས་དཀོར་ནོར་སོགས། །ཕྱི་ནང་གསང་བའི་འདོད་ཡོན་གྱིས། །འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ནས། །པདྨ་ཐོད་ཕྲེང་བཀའ་བཞིན་དུ། །རིག་འཛིན་བདག་ཅག་འཁོར་བཅས་རྣམས། །བུ་གཅིག་པ་ཡི་མ་བཞིན་དུ། །རྟག་ཏུ་བསྲུང་ཞིང་སྐྱོང་བ་དང། །ནད་གདོན་བར་ཆད་ཀུན་ཞི་ཞིང་། །ཚེ་དཔལ་ལོངས་སྤྱོད་འཁོར་སློབ་སྤེལ། །ཅི་འདོད་ཕྲིན་ལས་མྱུར་བསྒྲུབས་ནས། །དོན་གཉིས་ཕུན་སུམ་ཚོགས་པར་མཛོད། །ཅེས་བསྐུལ་པས་དེ་ལྟར་བགྱིའོ་ཞེས་སྤྲོ་བ་དང་བཅས་པས་ཞལ་གྱིས་བཞེས་ནས། སླར་ཡང་ནམ་དགོས་སུ་འབྱོན་པར་དགྱེས་ཤིང་ཐུགས་ལ་བཅགས་པས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་ལ་གཙྪ་གཙྪ་ཞེས་གཤེགས་སུ་གསོལ་ལོ། །གཏེར་སྲུང་སྨན་བཙུན་མཆེད་ལྔ་ཡི། །མཆོད་འཕྲིན་ཅུང་ཟད་སྤྲོས་པ་འདི། །ཆོས་ཉིད་ཉམས་ལེན་རྗེས་འཇུག་ལ། །ཕན་ཕྱིར་འགྱུར་མེད་རྡོ་རྗེས་བྲིས།། ༈ །།གཤིན་རྗེ་དྲེགས་པ་འཇོམས་བྱེད་ལས༔ གཏེར་བདག་གི་གསོལ་ཁ་བཞུགས་སོ༔ གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ཟབ་མོའི་གཏེར་འདི་བཏོན་བྱས་ནས༔ འཆད་སྤེལ་ཉམས་ལེན་བྱེད་པའི་ཚེ༔ གཏེར་བདག་མཆོད་པ་མ་གཟུང་ན༔ རྣལ་འབྱོར་སྲོག་ལ་ཧུར་ཐུམས་འབྱུང༔ དེ་ཕྱིར་འདི་ལ་བརྩོན་པར་བྱ༔ གཏོར་མ་ཤ་ཁྲག་ཕུད་ཀྱིས་བྲན༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་སྤེལ༔ ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་ཟབ་མོ་གཏེར་གྱི་བདག༔ དགྲ་བླའི་རྒྱལ་པོ་རྫུ་འཕྲུལ་ཅན༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ བཀའ་ཉན་འཁོར་དང་བཅས་པ་རྣམས༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ ཏྲི་བཛྲ་སཱ་དྷུ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ སྟོང་གསུམ་ནམ་མཁའི་ཁམས་གང་བའི༔ ཕྱི་ནང་གསང་དང་དེ་ཁོ་ན༔ སྨན་རཀ་བ་ལིཾ་གཏོར་མ་སོགས༔ མཁོ་དགུའི་ལོངས་སྤྱོད་བསམ་མི་ཁྱབ༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ དགྱེས་པར་རོལ་ལ་ཕྲིན་ལས་མཛོད༔ མ་ཧཱ་པཉྩ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྐྱེ་མེད་དབྱིངས་ལས་བསྟན་སྲུང་ཕྱིར༔ སྙིང་རྗེས་བཞེངས་པའི་དམ་ཚིག་ཅན༔ སྲིད་པའི་རྒྱལ་པོ་རྡོ་རྗེ་ལེགས༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ དར་དམར་བེར་གསོལ་ཁྲོ་ཆས་ཅན༔ ཕྱག་གཡས་རྡོ་རྗེས་དགྲ་དཔུང་འཇོམས༔ གཡོན་པས་དམ་ཉམས་ཙིཏྟ་བསྣམས༔ ཆིབས་སུ་སྟོབས་ལྡན་སེང་གེ་འཆིབ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར༔ བསྟན་པའི་བཀའ་སྲུང་མཐུ་སྟོབས་ཅན༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དམ་རྫས་མཆོད་པ་འདི་བཞེས་ལ༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ གདུག་པའི་དགྲ་བགེགས་དབྱིངས་སུ་སྒྲོལ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་ཡར་ཀླུངས་ཤེལ་ཕུག་གི་བྱང་འདབས་རྒྱལ་མཚན་འདྲ་བའི་ངོས་ནས་སྤྱན་དྲངས་པའོ།། ༈ །།བྲག་བཙན་སྲོག་གི་བཤན་པའི་གསོལ་ཁ་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ་ནི། སངས་རྒྱས་ཀུན་གྱི་གསང་བ་འཛིན། །པདྨ་འབྱུང་གནས་ལ་བཏུད་དེ། །གང་གི་ཟབ་གཏེར་སྲུང་མའི་གཙོ། །དགྱེས་བྱེད་ནམ་མཁའི་མཛོད་འདི་སྤྲོ། །གནས་གཙང་མར་གཏོར་མ་གསེར་སྐྱེམས། ཕྱེ་མར་རྟེན་དང་མཐུན་པའི་སྤྱན་གཟིགས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་བཟླས་པ་དང་བཅས་པ་ཆོ་ག་བཞིན་དུ་གྲུབ་ནས། མཆོད་གཏོར་བྱེ་བྲག་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་རྣམས་ལྷ་དང་མིའི་ལོངས་སྤྱོད་བཟང་ཞིང་མཁོ་དགུར་ཚོགས་པས་ནམ་མཁའ་གང་བར་དམིགས་ལ་ནམ་མཁའ་མཛོད་ཀྱི་རིག་པ་ལན་བདུན་སོགས་བརྗོད་པས་བྱིན་གྱིས་བརླབས་ལ། སྤོས་བཏུལ་ཞིང་རོལ་མོ་དང་བཅས་པའི་གདུང་དབྱངས་ཀྱིས། ཧཱུྃ། ཁྲོ་གཏུམ་དྲེགས་པ་ཀུན་གྱི་གཙོ། །དགྲ་བོའི་སྲོག་གི་ཇག་པ་སྟེ། །བསྟན་པའི་སྲུང་མ་ཐུགས་དམ་ཅན། །མཐུ་ཆེན་བཙན་རྒོད་དྲེགས་པའི་ཚོགས། །མཆིམས་ཕུའི་ནགས་འདབས་བདེ་ཆེན་འབངས། །པུ་རིའི་བྲག་རྫོང་ཀོང་རོང་ནས། །རིག་འཛིན་པདྨའི་བཀའ་ཉན་པའི། །བཙན་རྒོད་མཆེད་བདུན་སྤྱན་འདྲེན་ནོ། །སྟོབས་ཆེན་མ་རུངས་དྲེགས་པའི་དཔུང་། །ཕོ་ཉ་བྲན་དང་གཡོག་འཁོར་བཅས། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །འདིར་གཤེགས་འདིར་བྱོན་ཕྲིན་ལས་མཛོད། །ཙཿཏྲིག་ནན་བཛྲ་ས་མཱ་ཛཿ ཀྱཻ། བཙན་རྒོད་དྲེགས་པའི་དཔུང་ཚོགས་རྣམས། །དམ་ཚིག་གཙང་མའི་གནས་མཆོག་འདིར། །ཡིད་སྤྲུལ་མཐུན་པའི་གདན་ཁྲི་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཨཱ་ས་ན་ཏིཥྛནྟུ། ཁྱེད་ལ་དགྱེས་པའི་མཆོད་སྤྲིན་ནི། །མེ་ཏོག་ཚལ་དང་བདུག་པའི་སྤྲིན། །སྣང་གསལ་སྒྲོན་མེ་བྱུག་པའི་མཚོ། །བཟའ་བཅའི་འདོད་ཡོན་རོ་བརྒྱའི་བཅུད། །རྔ་སིལ་གདུང་བའི་དབྱངས་སྙན་གླུ། །འཆི་མེད་བདུད་རྩི་རཀྟའི་སྐྱེམས། །བ་ལིཾ་ཤ་ཁྲག་བཞེད་རྒུའི་གཏེར། །འབུལ་ལོ་དགྱེས་པའི་ཞལ་སྟོན་ཅིག །ཨཱོྃ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཧཱུྃ། བརྗིད་པའི་གཡག་རྒོད་མྱུར་མགྱོགས་རྟ། །དགྲ་བོའི་རྗེས་གཅོད་བྱ་དང་ཁྱི། །མཐུན་པའི་ལོངས་སྤྱོད་རྒྱ་མཚོ་ཡིས། །བཙན་རྒོད་མཆེད་བདུན་ཐུགས་དམ་བསྐང་། །རྣོ་བའི་རལ་གྲི་མདའ་གཞུ་མདུང་། །སྲ་བའི་གོ་ཆ་རྨོག་དང་ཕུབ། །བཟང་དགུའི་སྤྱན་གཟིགས་སྣ་ཚོགས་ཀྱིས། །བཙན་རྒོད་མཆེད་བདུན་ཐུགས་དམ་བསྐང་། །དམ་ཚིག་གསེར་སྐྱེམས་ཕྱེ་མར་སྤོས། །དག་བྱེད་བསང་གི་དུད་སྤྲིན་གཏིབས། །མཛེས་པའི་བ་དན་ལྷབ་ལྷུབ་སྒྲེང་། །བཙན་རྒོད་མཆེད་བདུན་ཐུགས་དམ་བསྐང་། །ཧཱུྃ། འགྱུར་མེད་ཀ་དག་རིག་པའི་རྩལ། །ལྷུན་གྲུབ་ཡེ་ཤེས་འཆར་སྒོའི་མདངས། །སྤྲུལ་པའི་སྒྱུ་འཕྲུལ་དམ་ཚིག་ཅན། །རིག་འཛིན་བཀའ་སྡོད་ཁྱོད་ལ་བསྟོད། ཁྲག་མདོག་བཟོད་པར་དཀའ་བའི་གཟུགས། །སྲིད་གསུམ་འཇིགས་པའི་ཤུགས་འཆང་བ། །དཔའ་བ་བསེ་ཡི་ཡ་ལད་ཅན། །དྲག་ཤུལ་སྟོབས་ལྡན་ཁྱོད་ལ་བསྟོད། །ཕྱག་གཡས་མདུང་དམར་སྒྲེང་བའི་དབལ། །ཉམས་པའི་སྙིང་ལ་བཏབ་ནས་གསོད། །གློག་ལྟར་འཁྱུག་པའི་ཞགས་པ་ཡིས། །དགྲ་བགེགས་འཆིང་ཞིང་སྡོམ་ལ་བསྟོད། །གཞན་ཡང་སྤྲུལ་པའི་ཆོ་འཕྲུལ་ནི། །གཅིག་ཏུ་ངེས་པ་མ་མཆིས་ཏེ། །རེས་འགའ་བཙན་རྒོད་དྲག་པོའི་ཆས། །བསྟན་དགྲའི་དཔུང་ཚོགས་འཇོམས་ལ་བསྟོད། །སྐབས་འགར་དགེ་བསྙེན་གཞོན་ནུའི་ཚུལ། །སྒྲུབ་པ་པོ་ཡི་སྟོངས་གྲོགས་བྱེད། །གནོད་སྦྱིན་བརྗིད་པའི་ཆ་ལུགས་ཅན། །འདོད་དགུའི་ཆར་ཆེན་འབེབ་ལ་བསྟོད། །དམ་ཅན་བཙན་རྒོད་མཐུ་བོ་ཆེ། །བཀའ་སྡོད་ཕོ་ཉར་བཅས་པ་རྣམས། །མཆོད་དོ་བསྟོད་དོ་རྗེས་དགོངས་ལ། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ལ་རང་གནས་སུ་གཤེགས། གཏོར་མ་གཙང་སར་འབུལ་ལོ། །བཙན་རྒོད་བྲག་བཙན་དམར་པོའི་གསོལ་མཆོད་ཉུང་ངུར་བསྡུས་པ་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ་འདི་ནི་འདོད་པའི་ཕྲིན་ལས་བསྐུལ་ཕྱིར་འགྱུར་མེད་རྡོ་རྗེས་བྲིས་པ་ཛ་ཡནྟུ།། ༈ །།རྒྱལ་གསོལ་དཔག་བསམ་ཡོངས་འདུ་ནི། ཀྱཻ། སྲིད་པའི་བདག་པོ་མཐུ་བོ་ཆེ། །ཆོས་འཁོར་སྐྱོང་བའི་དམ་ཚིག་ཅན། །ཚངས་པའི་གིང་ཆེན་པེ་ཧ་ར། །རྣམ་རོལ་སྐུ་ལྔར་འཆར་བའི་འཕྲུལ། །བཙུན་མོ་བཀའ་ཡི་བློན་པོ་དང་། །མངགས་གཞུག་མཛད་པ་བསམ་མི་ཁྱབ། །དྲེགས་པའི་དམག་གི་སྡེར་བཅས་པ། །འདིར་སྤྱོན་དམ་ཚིག་སྟན་ལ་བཞུགས། །དགྱེས་པའི་མཆོད་སྤྲིན་འདོད་དགུའི་དཔྱིད། །དྭངས་བསིལ་ཞལ་སྐྱེམས་ཞབས་བཀྲུའི་རྫིང་། །རྣམ་བཀྲའི་ཉེར་སྤྱོད་རྒྱལ་སྲིད་བདུན། །དཔའ་བོའི་ཛ་གད་རཀྟའི་མཚོ། །འདོད་དགུའི་གཏོར་ཆེན་མཐུན་པའི་རྟེན། །སྤྱན་གཟིགས་དཀོར་ཆ་ནོར་དབྱིག་སོགས། །སྲིད་ཞིའི་འབྱོར་པ་ཇི་སྙེད་ཀུན། །མི་འཛད་ནམ་མཁའི་མཛོད་དུ་འབུལ། །ཀྱཻ། ཆོས་འཁོར་སྐྱོང་བའི་རྒྱལ་པོ་ཆེ། །རིག་འཛིན་ཡོངས་ཀྱི་འབངས་གཅིག་པུ། །མཐིང་ནག་མི་སྡུག་ཁྲོས་པའི་གཟུགས། །ཞི་ཁྲོའི་ཉམས་བརྒྱར་འཆར་ལ་བསྟོད། །དོམ་ནག་སློག་པ་ཟབ་བེར་དང་། །དར་ནག་འཐིབས་ཞུ་མཛེས་པར་གསོལ། །ཞགས་པས་འཆིང་ཞིང་སྤུ་གྲི་འཕྱར། །བ་ལང་སྣ་རིང་བཅིབས་ལ་བསྟོད། །ངོ་བོ་ཆུ་ཟླའི་རོལ་གར་བཞིན། །སྐུ་ལྔར་འཆར་བའི་ལི་བྱིན་ཧར། །སྡེ་བརྒྱད་ཀུན་གྱི་སྡེ་དཔོན་ཏེ། །ཤཱནྟི་རོ་ཟན་མ་དང་རྩེ། །ནང་བློན་པུ་ཏྲ་བྷ་ཏྲ་དང་། །སྲིང་མོ་གནོད་སྦྱིན་ཙི་མ་ར། །རུ་འདྲེན་གར་མཁན་སྐྱོ་སངས་འབག །དྲེགས་པའི་དཔུང་དང་བཅས་ལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨ་ཡིས། །བྲག་དམར་དཔལ་གྱི་ཟན་ཡང་གི །སྲུང་མར་སྤྱན་དྲངས་དམ་ལ་བཞག །ཆོས་འཁོར་ཀུན་གྱི་སྲུང་མར་གཏད། །རིག་འཛིན་ཡོངས་ཀྱི་འབངས་སུ་བསྐོས། །བསྟན་པ་སྲུང་བའི་ཕོ་ཉར་མངགས། །ཞིང་བཅུ་སྒྲོལ་བའི་ཤན་པར་བྱས། །སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྤེལ། །གཉེར་བ་སྐྱོངས་ལ་བཅོལ་བ་སྒྲུབས། །འདོད་པའི་ལས་འབྲས་མཆིས་པར་མཛོད། །ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོའི་གསོལ་ཁ་ཤློ་ཀར་བཅད་པ་བཅུ་གཅིག་པ་འདི་ནི་འགྱུར་མེད་རྡོ་རྗེས་ཆོས་སྐྱོང་ཉིད་དགྱེས་པའི་སྣང་བ་མཐོང་ནས་བྲིས་པའོ།། ༈ །།གནོད་སྦྱིན་ཆེན་པོའི་གསོལ་ཁའི་སྒྲུབ་ཐབས་ནི། ཧྲཱིཿཔདྨ་ཙཎྜ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མཆོད་གཏོར་ལེགས་པར་བཤམས་ནས་བྱིན་བརླབས་ཏེ༔ རོལ་པ་རྐྱ་བདུན་གྱི་ལས་བྱང་ནི༔ དྲེགས་པ་རང་རྒྱུད་པ་ཡིན་པས་བསྐྱེད་མི་དགོས༔ བདག་ཉིད་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ་སོ་སོའི་གནས་ནས་སྤྱན་དྲང་བ་ནི༔ སྤོས་དང་ཕྱེ་མར་བསྲེག་ཅིང་དར་དམར་པོས་གཡབ་ལ༔ གདུང་བའི་ང་རོས་འབོད་པ་ནི༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤཱུ་ལ་ཏྲཱི་བཛྲ་ས་མ་ཡ་ཛ༔ བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ སྐྱེས་བུ་རོལ་པ་མཆེད་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པ༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་ཆབ་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཙ་ཧོ༔ ཀྱཻ༔ སྐྱེས་བུའི་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་སྡོང་ཟླའི་ཐུགས་དམ་བསྐང༔ དཀོར་སྲུང་དམ་ལྡན་ཐུགས་དམ་བསྐང༔ ལས་བཞིའི་ཕོ་ཉའི་ཐུགས་དམ་བསྐང༔ བྷྱོ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང༔ ལས་བྱེད་བཤན་པ་རོལ་ལོ་ལོ༔ བཤུགས་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང༔ སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆོམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་འདྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་སྐྱེད༔ ཡལ་ཡོལ་བྲི་གང་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་ཕུད་གཙང་ཕྱོགས་བཅུར་གཏོར་ཞིང་གསོལ་ལོ༔ བྲག་བཙན་མཆེད་བདུན་གྱི་གསོལ་ཀའི་ལས་བྱང་པདྨ་ཐོད་ཕྲེང་རྩལ་གྱིས་མཛད་པ་རྗེའི་སྐུ་ལྷར་བསྔགས་པའོ༔ སྱ།མྱ།མྱ༔ རྒྱ།རྒྱ།རྒྱ༔ པདྨ་དབང་ཆེན་གྱི་བཀའ་སྲུང་ངོ་།། ༈ །།གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་མཆོད་ནི། ན་མཿཔདྨ་བཛྲཱ་ཡ། གཏེར་སྲུང་བདུད་བཙན་ཀླུ་གསུམ་མཆོད་པར་འདོད་པས་སྣོད་གཙང་མར་བདུད་བཤོས་རྩེ་གུག །བཙན་བཤོས་གྲུ་གསུམ། ཀླུ་བཤོས་ཟླུམ་པོ་སྦྲུལ་འཁྱུད་ཅན་རྣམས་སོ་སོའི་མཐུན་རྫས་ཀྱིས་བརྒྱན་པ་བཤམས་ལ། བསང་སྦྱང་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་གཏེར་སྲུང་བདུད་བཙན་ཀླུ་གསུམ་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ལ། ཧཱུྃ། ཁྲག་འཐུང་པདྨ་དྲག་པོ་ཡི། །སྤྱན་སྔར་ཁས་བླངས་དམ་ནོས་པའི། །གཏེར་སྲུང་བདུད་བཙན་ཀླུ་གསུམ་པོ། །དམ་ཚིག་གནས་འདིར་གཤེགས་སུ་གསོལ། །ཨཱོྃ་བདུད་ཏྲི་མཱ་ར་དུ་ཛ༔ ཨཱོྃ་ཤཱུ་ལ་རཱ་ཙ་ཡཾ་ཛ༔ ཨཱོྃ་ནཱ་ག་དུ་ན་ཕུ་ཛ༔ ཞེས་པས་སྤྱན་དྲངས། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པའི་བར་གྱིས་མཆོད། ཨཱོྃ་བདུད་ཏྲི་མཱ་ར་དུ་ཛ༔ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་བཞིན་དུ། ཨཱོྃ་ཤཱུ་ལ་རཱ་ཙ་ཡཾ་ཛ༔ ཨཱོྃ་ནཱ་ག་དུ་ན་ཕུ་ཛ༔ ཞེས་སོ་སོའི་སྔགས་མཐར་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ་བསྟོད་བསྐུལ་ནི། བྷྱོ༔ བདུད་ཡུལ་ཁ་རག་མགོ་དགུ་ན༔ སྲོག་བདག་བདུད་ཀྱི་རྒྱལ་པོ་ནི༔ འཁོར་དུ་བདུད་དམག་འབུམ་གྱིས་བསྐོར༔ དམ་ཚིག་ཅན་གྱི་གྲོགས་མཛོད་ཅིག༔ དམ་ཉམས་རྣམས་ཀྱི་རྩ་བརྒྱུད་ཆོད༔ དགྲ་བོའི་བདུད་དུ་ཁྱོད་བསྐོས་ཀྱིས༔ དགྲ་བོའི་སྲོག་ལ་ཧུར་ཐུམས་ཕོབ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ བྷྱོ༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ བཙན་རྗེ་ཡམ་ཤུད་དམར་པོ་ནི༔ འཁོར་དུ་བཙན་དམར་སྟོང་སྡེས་བསྐོར༔ སྤྲུལ་པ་མི་དམར་རྟ་དམར་འགྱེད༔ བདག་ལ་སྡང་བའི་དགྲ་བོ་འདིའི༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐུངས༔ དུས་ལ་བབ་བོ་རྩལ་མ་ཞན༔ བྷྱོ༔ ཀླུ་ཡུལ་ན་ཁྲ་ཟེ་སྔོན་ན༔ ཀླུ་བདུད་མི་སྔོན་རྟ་སྔོན་ནི༔ འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར༔ སྦལ་སྦྲུལ་སྡོམ་སྡིག་ཕོ་ཉར་འགྱེད༔ སྡིག་ཅན་དགྲ་བོ་ལས་ངན་ལ༔ ཀླུ་ནད་སྣ་ཚོགས་ཆར་ལྟར་ཕོབ༔ མཛེ་རིགས་བཅོ་བརྒྱད་ཕོ་བྲང་ཐོབས༔ བཞེས་ཤིག་ཐོགས་མེད་ཕྲིན་ལས་མཛོད༔ ཅེས་བསྟོད་ཅིང་བསྐུལ་ལ་གཏོར་མ་གཙང་སར་འབུལ་ལོ། །ཞེས་པའང་འགྱུར་མེད་རྡོ་རྗེས་སོ། །སརྦ་དཱ་མངྒ་ལཾ།། །།
ཚོགས་མཆོད་བདུད་རྩིའི་སྙིང་པོ་ (Volume 41, Text 38)
༄༅། །ཚོགས་མཆོད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཚོགས་མཆོད་བདུད་རྩིའི་སྙིང་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་སཏྭ་ཧཱུྃ། བདག་ཉིད་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བ་ལྟ་བུར་རྡོ་རྗེ་སེམས་དཔའི་སྐུར་གྱུར། ཡི་གེ་དྲུག་པ་ཅི་ནུས་བཟླ། རཾ་ཡཾ་ཁཾ། ཚོགས་རྫས་མ་དག་པའི་དྲི་མ་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཚོགས་རྫས་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ས་པ་རི་ཝཱ་ར་ས་མཱ་ཛཿ ཞེས་པས་ཚོགས་མགྲོན་དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་མ་ལུས་ལུས་པ་མེད་པ་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སཏྭཾ། གདན་ལ་བཞུགས་སུ་གསོལ། ན་མོ་པུ་རུ་ཤཱ་ཡ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿས་ཕྱག་འཚལ། དེ་ནས་སྤུངས་ལ་ལྔ་རེར་བདུད་རྩི་བྲན་ཞིང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ས་པ་རི་ཝཱ་ར་བྷྱཿ ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ དེ་ལ་མང་ཉུང་ཇི་ལྟར་འོས་པ་དང་། དེ་ནས། ཨོཾ་བཛྲ་སཏྭ་ཧཱུྃ་ཨཱཿ ས་པ་རི་ཝཱ་ར་བྷྱཿ ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ འདི་ལ་སྟོང་ཕྲག་ལྔ་མ་སོང་གི་བར་ནན་ཏན་དུ་འབུལ། མཐར། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ས་པ་རི་ཝཱ་ར་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཕྱག་རྒྱ་དང་བཅས་ཏེ་ཚར་གང་རུང་ཞིག་འབུལ། དེ་རྗེས། ཨོཾ་ཨཱཿཧཱུྃ། བླ་མ་རྒྱ་མཚོ་ཚོགས་ལ་རོལ། །ཡི་དམ་རྒྱ་མཚོ་ཚོགས་ལ་རོལ། །མཁའ་འགྲོ་རྒྱ་མཚོ་ཚོགས༴ ཞིང་སྐྱོང་རྒྱ་མཚོ་ཚོགས༴ ཆོས་སྐྱོང་ཕོ་རྒྱུད་ཚོགས༴ སྲུང་མ་མོ་རྒྱུད་ཚོགས༴ དམ་ཅན་རྒྱ་མཚོ་ཚོགས༴ གནས་སྲུང་གཏེར་བདག་ཚོགས༴ ནོར་ལྷ་རྒྱ་མཚོ་ཚོགས༴ སྣང་སྲིད་ལྷ་འདྲེ་ཚོགས༴ ཡུལ་ལྷ་གཞི་བདག་ཚོགས༴ དབེན་གནས་སྲུང་མ་ཚོགས༴ རིགས་དྲུག་ཕ་མ་ཚོགས༴ ལན་ཆགས་བགེགས་རིགས་ཚོགས༴ ལ་ལ་ཕྱི་ཡི་ཚོགས༴ ལ་ལ་ནང་གི་ཚོགས༴ ལ་ལ་གསང་བའི་ཚོགས་ལ་རོལ། །དེ་ཁོ་ན་ཉིད་ཀྱི་ཚོགས་མཆོད་བདེ་བ་ཆེན་པོ་ལ་རོལ་ཅིག །སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་གནམ་ཕུད་སྤྱི་ལྟར་ཕུལ། དེ་ནས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལའོ། །ཞེས་པས་བསྟོད། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཧོཿ དགོངས་སུ་གསོལ་ལོ་རྡོ་རྗེ་སེམས། །རྒྱལ་བའི་བཀའ་དང་བླ་མའི་ལུང་། །ཇི་བཞིན་མ་སྤྱད་སློབ་དཔོན་སྨད། །རྩ་བ་ཡན་ལག་དམ་ཚིག་ཀུན། །མི་འཆབ་མི་སྦེད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །སྤྱད་པར་བྱ་བའི་དམ་ཚིག་དང་། །དེ་བཞིན་མི་སྤང་དམ་ཚིག་ལྔ། །དང་དུ་བླང་དང་ཤེས་པར་བྱ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ། །ཉི་ཤུ་རྩ་བརྒྱད་དམ་ཚིག་རྣམས། །མི་འཆབ་མི་སྦེད་མཐོལ་ལོ་བཤགས། །གཞན་ཡང་ཕ་མ་མཁན་སློབ་དང་། །མཆེད་ལྕམ་ཁམས་གསུམ་སེམས་ཅན་ལ། །མཚམས་མེད་ལྔ་ཡི་ཉེས་བྱས་རྣམས། །མི་འཆབ་མི་སྦེད་མཐོལ་ལོ་བཤགས། །ཉ་སྟོང་ཚེས་བརྒྱད་དུས་ལས་འདས། །བསྙེན་སྒྲུབ་ཏིང་འཛིན་ལྟ་ལོག་དང་། །ཕུད་དང་གཙང་སྦྲ་མ་བྱས་པ། །ལེ་ལོས་ཉམས་པ་མཐོལ་ཞིང་བཤགས། །ཉམས་གྲིབ་ཚོགས་འདྲེས་བགྱིས་པ་དང་། །ཤེས་བཞིན་བག་མེད་འབྱོལ་ཉོག་སོགས། །སྡོམ་པ་གསུམ་དང་འགལ་བ་རྣམས། །དེ་རིང་ཉིད་ནས་བྱང་གྱུར་ཅིག །ཅེས་པས་བཤགས། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཅེས་དང་། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བའི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁ། ཞེས་པས་རྣལ་འབྱོར་ཕོ་མོ་རྣམས་ཚོགས་རྫས་རྣམས་ནང་གི་ཚོགས་འཁོར་གྱི་ཚུལ་དུ་རོལ། དེ་རྗེས་ལྷག་མ། རཾ་ཡཾ་ཁཾ་དང་། ཨོཾ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ཞེས་པས་བདུད་རྩིར་བྱིན་གྱིས་བརླབ། ཨོཾ་ཨེ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སཏྭཾ་དྲྀ་ཤྱ་ཧོཿ ཡར་ལྷག་ཕུལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་དཱ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་མཾ་བ་ལིཾ་གྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦཱ་སཱ་ར་ཏ་ཡཱ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཾ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལྷག་མ་བར་པ་དང་། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་མར་ལྷག་གཏང་། དེ་ནས་ནོངས་པ་བཤགས། ཚོགས་མགྲོན་ཡེ་ཤེས་པ་བཛྲ་མུཿས་རང་གི་དཔྲལ་བར་བསྟིམ། འཇིག་རྟེན་པ་སརྦ་ལོ་ཀ་གཙྪཿས་གཤེགས་སུ་གསོལ། བསྔོ་སྨོན་དང་བཀྲ་ཤིས་ཇི་ལྟར་མང་བཞིན་བཟང་བས་རྒྱ་ཆེར་བྱའོ། །དེ་སྐད་སྔགས་བདག་རལ་གཅིག་མས། །བདག་ཉིད་ངན་འགྲོ་ལས་བཟློག་ཕྱིར། །བཀའ་བསྩལ་ཐོབ་པའི་མོད་ཉིད་དུ། །ཚོགས་འབུམ་གསག་པའི་ཐབས་འདི་བྲིས། །ཉམས་སྣང་ཇི་ལྟར་བྱུང་བཞིན་ལས། །མི་ཆོས་རྫུན་གྱིས་འདྲེས་སྲིད་ན། །དེ་ལ་བཀའ་ཆད་དྲག་པོ་ཕོབ། །རྫུན་མེད་སྨྲ་ལ་དགེ་ལེགས་སྩོལ། །བདག་འདྲ་སྔགས་ཀྱི་རྣལ་འབྱོར་པ། །རྒན་ཡང་དམ་ཚིག་ཕྲ་བའི་གནད། །མ་ཤེས་སྙིང་ནས་སྐྱོ་བ་སྐྱེས། །སླད་ནས་དེ་ལྟར་མ་གྱུར་ཅིག །ཅེས་གྲྭ་ཕུ་ཆོས་གླིང་གི་དགོན་པར་རབ་བྱུང་བཅུ་གསུམ་པ་ས་འབྲུག་གི་ལོར་བཤོལ་འདོན་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་ཚེ་ཤིན་ཏུ་སྤྲོས་མེད་དབང་གོང་མ་གཉིས་བསྐུར་བའི་བར་སྐབས་འཕྲོས་སུ། ངོས་ནས་རྗེ་ནུབ་དགོན་པ་ཆེན་པོ་རིག་འཛིན་དབང་རྒྱལ་ཞབས་ལས་གསང་བ་སྙིང་ཐིག་གི་དབང་བསྐུར་ལས་ཁྲིད་རྒྱུན་མ་ཐོབ་གཤིས་དེས་ན་རྩ་བའི་བླ་མ་དང་རྗེས་མཐུན་གྱི་ཡུལ་གཉན་པོ་ཉིད་ལས་གཙོ་ཁྲིད་རྒྱུན་ལ་བྱེད་པ་ཡིན་སྨྲས་ཤིང་། རང་གི་བྱ་བ་གྲུབ་ནས་རང་གི་མལ་སར་སླེབ་སྐབས་སྔགས་ཀྱི་སྲུང་མ་ཡིན་སྙམ་པའི་བུད་མེད་ཞིག་དངོས་སུ་བྱོན་ནས། ཁྱོད་ཀྱི་མངོན་པའི་ང་རྒྱལ་སྔར་ནས་ཀྱང་ལོག་ལྟ་འདི་ལྟས་དངོས་གྲུབ་མང་པོ་ཞིག་ཕྱིར་ཕྱོགས་པ་ཡིན། ཁྱད་པར་ད་ལམ་དབང་བསྐུར་བའི་དུས་སངས་རྒྱས་ཐམས་ཅད་བླ་མའི་སྐུ་ལ་འཇུག་སྟེ་སློབ་མ་ལ་དངོས་གྲུབ་བྱིན་རླབས་ཁྱད་པར་སྦྱིན་པའི་དུས་ཏེ། དེ་དུས་རྡོ་རྗེ་སློབ་དཔོན་ཡང་ཐ་མལ་རང་རྒྱུད་ཀྱི་རྟོག་པས་མ་བསླད་པར་དག་པ་ཡེ་ཤེས་ཀྱི་འཁོར་ལོར་རྩེ་གཅིག་ཏུ་མཉམ་པར་བཞག་རྒྱུ་ལ། ཁྱོད་ཀྱིས་ཡིད་ལོག་ལྟ་འཁྲུལ་སྣང་གིས་བསླད་པར་མ་ཟད། ངག་ཏུ་ཡང་སྨྲ་བ་འདི་ལ་སྒོ་གསུམ་འགྱོད་བཤགས་སྟོབས་བཞི་ཚང་བའི་ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་གཅིག་འཕྲལ་དུ་མ་གྲུབ་ན། མནར་མེད་པའི་དམྱལ་བར་ཡང་བསྐལ་ཕྱེད་ཀྱི་བར་དུ་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་གྱི། དེ་ལ་ཐེ་ཚོམ་ཡོད་རེ་ཀན། དེས་ན་ཚོགས་འཁོར་འབུམ་ཕྲག་གཅིག་འཕྲལ་དུ་སྒྲུབས་ཤིག །དེས་དག་གཙང་དུ་འགྱུར་རོ། །གསང་བ་སྙིང་ཐིག་གི་དབང་བསྐུར་རྣམ་པར་དག་པ་གང་ལས་ནོས་པའི་ཡུལ་དེ་རྩ་བའི་བླ་མ་དང་ཁྱད་པར་མེད་པ་ཉིད་དུ་གནས་པ་ཡིན་ནོ། །ཞེས་གསུངས་ཏེ་ཁྲོ་བའི་ཚུལ་གྱིས་རྒྱབ་ཕྱོགས་ནས་ཡལ་སོང་། ཚོགས་འབུམ་ཕྲག་འཕྲལ་དུ་འགྲུབ་པར་དཀའ་གཤིས་ཚོགས་མཆོད་ཉུང་ངུ་འདི་ཡང་དེ་འཕྲལ་ཉིད་དུ་རྣལ་འབྱོར་དང་པོའི་ལས་ཅན་ལ་རིག་པ་འཛིན་པར་སྒྲོ་བཏགས་པ་ཚེ་དབང་ནོར་བུས་རང་གིས་རང་ལ་མཆི་མ་འཁྲུགས་བཞིན་པར་བྲིས་སོ། །མངྒ་ལཾ།། །།
དྭགས་པོ་གསང་ལམ་བླ་སྒྲུབ་ཀྱི་ཟིན་བྲིས་ཉུང་གསལ་གོ་བདེར་བཀོད་པ་ཡེ་ཤེས་རང་གསལ་ (Volume 11, Text 38)
༄༅། །དྭགས་པོ་གསང་ལམ་བླ་སྒྲུབ་ཀྱི་ཟིན་བྲིས་ཉུང་གསལ་གོ་བདེར་བཀོད་པ་ཡེ་ཤེས་རང་གསལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པུཎྱ་རཏྣཱ་ཡ། རྒྱལ་བས་ལུང་གིས་བསྔགས་པའི་ཉིན་མོར་བྱེད། །བསྟན་འཛིན་རྒྱུ་སྐར་ཕྲེང་བ་ཟིལ་གྱིས་གནོན། །སྙིང་པོའི་བསྟན་བདག་སྲིད་ཞི་ཡོངས་ཀྱི་མགོན། །དགེ་སློང་འཚོ་བྱེད་ཞབས་ལ་གུས་ཕྱག་འཚལ། །གང་གི་ཟབ་རྒྱས་ཆོས་འཁོར་ལས། །གྲོལ་བ་བཞི་ལྡན་གསེང་ལམ་མཆོག །ལོ་ཟླས་ཆོས་སྐུ་དྲི་མེད་ཞལ། །མཐོང་བར་འདོད་ན་འདིར་འབད་འཚལ། །དེ་ལ་ཆོས་རྒྱལ་ཟླ་འོད་གཞོན་ནུས་མ་འོངས་སྙིང་པོའི་ལམ་བཟང་དོན་དུ་གཉེར་བ་རྣམས་ལ་བརྩེ་བས་དགོངས་ཏེ་གསེང་ལམ་བླ་མ་སྒྲུབ་པའི་མན་ངག་ཐོས་གྲོལ་ཁྱད་པར་འཕགས་པ་འདི་ཉིད་སྒམ་པོ་གདར་རིའི་བྲག་སྒོམ་ཞྭའི་མགུལ་ན་གཏེར་དུ་སྦས་པ། རྗེ་ཉིད་ཀྱི་ཞལ་སློབ་སྐྱེས་སྒོམ་ཡེ་ཤེས་རྡོ་རྗེའི་རྣམ་འཕྲུལ་རིག་འཛིན་འཇའ་ཚོན་སྙིང་པོས་སྤྱན་དྲངས་ཏེ་སྐལ་ལྡན་མང་པོ་ལ་མཆོག་གི་དངོས་གྲུབ་བསྩལ་བར་མཛད་པའི་ཟབ་ཆོས་ཉམས་སུ་ལེན་པའི་ཚུལ་ལ་གཉིས། གཞུང་དོན་རྒྱས་པའི་ལུགས། མན་ངག་མདོར་བསྡུས་པའི་ཚུལ་ལོ། །དང་པོ་ནི། ཐུན་མོང་བློ་ལྡོག་རྣམ་བཞི་རྒྱུད་ལ་འབྱོངས་ནས། ཐུན་མིན་སྔོན་འགྲོ་གསག་སྦྱོང་རྣམས་འབུམ་ཐེར་རམ་རྟགས་ཐོན་བར་དུ་འབད། དེ་ནས་གནས་འགྱུ་གཏན་ལ་དབབ་པ་སོགས་ཀྱི་དགོངས་དོན་ལྟར་ཞི་གནས་ཀྱིས་གཞི་བཏིང་། ལྷག་མཐོང་རང་ངོ་འཕྲོད་པར་བྱས་ཏེ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ལེན་གཅིག་རྐྱ་ཕེར་བ་བྱ། བོགས་འདོན་དུ་རྡོ་རྗེ་རྣལ་འབྱོར་མའི་སྒོམ་བཟླས་ལ་འབད་པས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་འགྱུར་བ་དང་། བར་དོ་དྲུག་གི་ཁྲིད་རིམ་སོ་སོར་བརྟན་པ་ཐོབ་པ་ལ་སྦྱང་། རྒྱུན་གྱི་ཉམས་ལེན་དང་མཐར་ཐུག་གི་སྐྱེལ་སོ་བླ་མ་གསང་སྒྲུབ་ལ་མི་ཚེ་དྲིལ་ཏེ་སྒོམ་མེད་ཆེན་པོ་མི་སློབ་པའི་ཟུང་འཇུག་ཚེ་འདིར་མངོན་དུ་འགྲུབ་པར་བྱ་བ་ཡིན་འདུག་ཀྱང་། དེང་སང་དུས་སྐལ་བརྩོན་འགྲུས་ཀུན་གྱི་དབང་ལས་སྐལ་བཟང་རེ་རེ་ཙམ་གྱི་སྤྱོད་ཡུལ་དུ་ཟད་དོ། །གཉིས་པ་མན་ངག་མདོར་བསྡུས་པའི་ཚུལ་ལའང་། རབ་ལོ་སྒྲུབ་སྦྲེལ་མ། འབྲིང་ཟླ་གསུམ་མ། ཐ་མ་བདུན་ཕྲག་གསུམ་དུ་ཉམས་སུ་ལེན་པ་སྟེ། དེའང་ཆོས་རྒྱལ་དྭགས་པོ་ལྷ་རྗེས་འཇའ་ཚོན་སྙིང་པོ་ལ་དག་པའི་སྣང་བར་ཞལ་གདམས་བསྩལ་པ་ལས། འདིར་ཕྱི་ནང་གསང་གསུམ་ཕྱེས་ལ། ཕྱི་སྒྲུབ་ཀྱི་དུས་སུ་བླ་མ་དཀོན་མཆོག་སྤྱི་གཙུག་གམ་མདུན་དུ་དམིགས་ཏེ་མཎྜལ་དང་གསོལ་འདེབས་བྱ། ནང་སྒྲུབ་ལ་ཕག་མོའི་བསྙེན་པ་བྱེད། གསང་སྒྲུབ་ལ་བླ་མ་ཐུགས་ཀར་བསྒོམ་ཞིང་འབྲུ་གསུམ་ཡིད་བཟླས་བྱེད། ཡང་གསང་དེ་ཁོ་ན་ཉིད་ཤིན་ཏུ་སྤྲོས་མེད་ཀྱི་མཐར་ཐུག་བྱ་བྱེད་དང་བྲལ་བ་སྒོམ་ཆེན་ཅེས་ཐ་སྙད་ཙམ་ཚིག་ཙམ་དུ་ཟད་པའོ། །ཞེས་པའི་དོན་བཞིན་ལག་ཏུ་བླང་བ་ལའང་། ཐོག་མར་དལ་འབྱོར་རྙེད་དཀའ། མི་རྟག་འཆི་བ། ལས་འབྲས་བསླུ་མེད། འཁོར་བའི་ཉེས་དམིགས་དྲན་པས་སྐྱོ་ཤས་ངེས་འབྱུང་གིས་བློ་ཆོས་སུ་འགྲོ་བ་གཞིར་བྱས་ཏེ། བསྙེན་སྒྲུབ་བདུན་གསུམ་མ་ལ་དཔེར་མཚོན་ན། བདུན་དང་པོར་ཕྱི་སྒྲུབ་ནི། གོང་མའི་སྒྲུབ་གནས་བྱིན་རླབས་ཆགས་པའམ། ཡིད་མཐུན་དབེན་པའི་གནས་བྱི་དོར་བྱས་ལ་བཀའ་བརྒྱུད་བླ་མའི་སྐུ་བརྙན་གཙོར་བྱས་རྟེན་བཀྲམ་པའི་མདུན་དུ། སྟེགས་གཙང་མ་ལ་མཎྜལ་གཉིས་འཛོམ་ན་ཆེ་ཞིང་ལེགས་པ་ལ་སྒྲུབ་པའི་རྟེན་དུ་བྱ་སྟེ། དྲི་བཟང་དང་བ་བྱུང་གིས་ཆག་ཆག་བཏབ། མེ་ཏོག་གམ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ལྔ་བཀོད། དེའི་མདུན་དུ་མཆོད་པའི་མཎྜལ་གྱི་ཆས་དང་། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་གང་རྒྱས་བཤམ། འབྲུག་ལུགས་སུ་དགོང་མོར་གཏོར་འབུལ་ཆགས་མེད་མཛད་སྲོལ་ཡོད་འདུག་པ་དེ་ལྟར་བྱེད་ན་ནང་སྒྲུབ་སྐབས་སུ་བཤད་པའི་གཏོར་འབུལ་དང་། ནུབ་དང་པོར་འདིར་ཚོགས་ཆས་ཀྱང་བསྡོག །ལྷའི་རྣལ་འབྱོར་དང་སྔོན་རྗེས་ཀྱི་འདོན་བྱ་དགོས་རིགས་ཕག་མོ་ཤེས་ན་ལེགས། དེ་མིན་རྣལ་འབྱོར་མའི་རིགས་གང་རུང་ཞིག་ལ་བསྟེན་དགོས་པས། ཐོག་མར་དེའི་ལུགས་ཀྱི་སྔོན་འགྲོ་གཏོར་མ་བཏང་ལ་བགེགས་བསྐྲད། མཚམས་ཐོ་བརྩེགས་ལ་སྲུང་འཁོར་བསྒོམ། དེ་ནས་མི་འགྲུལ་གཏོང་ལེན་སོགས་སྤངས་ལ་འགྲུབ་ན་སྨྲ་བའང་བཅད། དགོང་ཐུན་གྱི་ཆ་ཕྱི་དྲོར་བབས་པ་ན་སྟན་བདེ་བར་འདུག །དྲན་པ་མི་གཡེང་བའི་དམ་བཅའ་བྱས་ཏེ་སྐྱབས་ཡུལ་གསལ་འདེབས་པའི་ཚིག །རང་ཉིད་ལྷའི་གསལ་སྣང་ཝལ་ཙམ་གྱི་སྤྱི་བོར་སོགས་བརྗོད་པའི་སྐབས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ལྟ་བུའི་ལྷར་དྲན་ཙམ་བྱ། སྤྱི་བོར་དམིགས་པ་སྟབས་མི་བདེ་ན་མདུན་གྱི་བར་སྣང་ནས་ཞལ་ཚུར་གཟིགས་སྒོམ་ཡང་རུང་བས། པད་ཟླའི་གདན་ལ་རྩ་བའི་བླ་མ་ཉིད་འཛམ་གླིང་གྲགས་པའི་རྣམ་པ་ཅན། དེའི་དབུ་ཐོག་ནས་ཡར་ལ་བརྒྱུད་པའི་བླ་མ་རྣམས་རྡོ་རྗེ་འཆང་ལ་ཐུག་གི་བར་དུ་ཐོ་བརྩེགས་དང་། མཐའ་སྐོར་དུ་བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་སྤྲིན་འཁྲིགས་པ་ལྟར་བཞུགས་པ་ལ། བདག་སོགས་རིགས་དྲུག་གིས་བསྡུས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གུས་པ་ཆེན་པོས་སྐྱབས་འགྲོ་འུར་དི་རེ་བརྗོད་པར་མོས་ལ། སངས་རྒྱས་ཆོས་ཚོགས་ཉེར་གཅིག་ཙམ་དང་། ཇི་སྙེད་སུ་དག་མ་ལན་གཅིག་བརྗོད། ཚིག་ལྷུག་པའི་སྐྱབས་འགྲོ་ཉིད་གསག་བྱ་དངོས་ཡིན་པས། བླ་མ་ལ་སྐྱབས་སུ་མཆིའོ་མན་ཆད་དྲུག་སྐོར་བརྒྱ་རྩ་ཙམ་བརྗོད། བདག་དང་སྣང་བ་ཐམས་ཅད་སོགས་བརྗོད་པས་སྨོན་འཇུག་གིས་སེམས་བསྐྱེད་དང་ཚད་མེད་བཞི་གསལ་བཏབ་པ་ལན་གསུམ་བྱ། དེ་རྗེས་སྐྱབས་ཡུལ་ཁྲོམ་ཚོགས་ཐོ་བརྩེགས་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། ནང་གསང་དང་སྦྲེལ་བ་སོགས་བསྡུས་པའི་སྐབས། འདིར་སྐྱབས་ཡུལ་མི་བསྡུ་བར་དེ་ཀ་ལ་ཚོགས་མགྲོན་བསྣན་པས་ཀྱང་ཆོག །རིག་འཛིན་འཇའ་ཚོན་ཞལ་ཤེས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ནས་གསན་པ་ལྟར་ན། སྐྱབས་ཡུལ་རྒྱས་པ་བརྒྱུད་པ་ཡོངས་རྫོགས་ཐོ་བརྩེགས་སུ་བཞུགས་པའང་ཏཻ་ལོ་པའི་ཕྱོགས་བཞིར་བཀའ་བཞི་བརྒྱུད་པ་ཚང་བར་གསལ་གདབ། འབྲིང་པོར་བཀའ་བཞི་བརྒྱུད་པ་མི་དགོས། བསྡུས་པར་རྩ་བརྒྱུད་བླ་མ་ཀུན་འདུས་འཇའ་ཚོན་སྙིང་པོའི་སྤྱི་བོར་དྭགས་པོ་ལྷ་རྗེ་གསལ་བཏབ་ལ་དྭགས་པོའི་སྤྱི་བོར་རྡོ་རྗེ་འཆང་བསྒོམ་པས་ཆོག་པར་གསུངས་སོ། །དེ་ནས་ཚོགས་གསག་པ་ལ་ཚོགས་ཞིང་ནི། མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་བཀོད་པ་ལྟ་བུའི་ས་ཕྱོགས། ཕོ་བྲང་། ཁྲི་གདན། མཆོད་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་མོས་ལ། ཐམས་ཅད་དུ་ནི་སོགས་བྱིན་རླབས་བཞི་སྐོར་དང་། མ་ལུས་སེམས་མགོན་སོགས་ཕྱོགས་བཅུའི་ཞིང་ཁམས་ནས་ཚོགས་ཞིང་རྣམས་སྤྱན་དྲངས་ཏེ་སྔགས་བརྗོད་པས། དབུས་སུ་རྩ་བའི་བླ་མ་ཉིད་ཆོས་རྗེ་སྒམ་པོ་པའི་རྣམ་པ། དབུ་ཐོག་ནས་བརྒྱུད་པའི་བླ་མ་ཐོ་བརྩེགས། མཐའ་སྐོར་རྩ་བརྒྱུད་བླ་མ་གཞན་དང་ཡི་དམ་རྒྱལ་བ་སྲས་དང་སློབ་མའི་ཚོགས། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་རིམ་པས་བསྐོར་ཏེ་བཞུགས་པ་ལ་ལྷ་མོའི་ཚོགས་ཀྱིས་སྐུ་ཁྲུས་གསོལ་བར་མོས་ལ་ཁྲུས་སྔགས་ཁོ་ནའམ། སྤྲོ་ན་ཇི་ལྟར་བལྟམས་པ་སོགས་ཤློ་ཀ་གཅིག་བརྗོད། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ལ་གང་གི་དྲིན་གྱིས་སོགས་ཤློ་ཀ་གཉིས་པོ་བརྗོད་པ་དང་སྦྲགས་ལ་དངོས་སུ་ཕྱག་བརྒྱ་རྩ་འཚལ་གཞན་ཡང་ཕྱག་འཚལ་བའི་ཚིག །ཇི་སྙེད་སུ་དག་སོགས་ཤློ་ཀ་བཞི་དང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་གང་འོས་བརྗོད་ཀྱང་ཆོག །དེ་ནས་མཆོད་པའི་མཎྜལ་ལག་ལེན་སྤྱི་ལྟར་བྱ་བ་བཞིན་དུ་ཚིག་ལྷུག་པས་ཚོམ་བུ་སོ་བདུན་མ་བཀོད། ས་གཞི་སྤོས་བྱུགས་ཤློ་ཀས་ཚར་བརྒྱ་འབུལ། མཉེས་བྱེད་མཎྜལ་སོགས་དང་། མེ་ཏོག་དམ་པ་ནས། ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་ཡང་བརྗོད། ཕྱི་ནང་གསང་མཆོད་རྒྱས་པར་སྤྲོ་ན། རབ་འབྱམས་རྒྱ་མཚོ་དང་། ཁ་དོག་དབྱིབས་ལེགས་སོགས་ཚིགས་བཅད་སྤྱི་འགྲོ་སྦྱར་ཆོག་ལ། བསྡུ་ན་སྔགས་མཆོད་ཁོ་ན་བྱ། འབྲིང་དུ་བྱེད་ན་ཆོས་གླིང་གསུང་། རྒྱལ་བ་དངོས་བྱོན་ཆོས་རྗེ་སྒམ་པོ་པ། །རབ་འབྱམས་ཚོགས་ཞིང་རྒྱ་མཚོར་བཅས་པ་ལ། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་བཤོས། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་སྤྲིན་དང་། །སྣང་སྟོང་དབྱེར་མེད་ཟུང་འཇུག་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་འཁོར་ལོར་རྟག་རོལ་པའི། །མཁའ་ཁྱབ་བློ་ལས་འདས་པའི་ངང་དུ་འབུལ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་གནས་དག་སྟེ། །དཀོན་མཆོག་བླ་མའི་གོ་འཕང་ཐོབ་པར་ཤོག །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ནས། ཤབྡའི་བར། བཛྲ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། མ་ཧཱ་སུ་ཁ་རྣམས་སྦྱར་བས་མཆོད། འདོད་ཆགས་ཞེ་སྡང་སོགས་ཀྱིས་བཤགས་པ་མན་ཆད་ཡན་ལག་ལྷག་མ་རྣམས་ཀྱང་སྦྱར། དེ་ནས་གསོལ་བ་གདབ་པ་ནི། རང་ཉིད་དུས་གསུམ་རྒྱལ་ཡུམ་སོགས་བརྗོད་ལ། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་དར་ཟབ་བརྩེགས་པའི་གདན་ལ་རྩ་བའི་བླ་མ་ཉིད་འཛམ་གླིང་གྲགས་པའི་རྣམ་པར་བཞུགས་པ་དང་། སྔར་གྱི་ཚོགས་ཞིང་རྣམས་ཀྱང་མོས་གུས་ཀྱི་རྟེན་དང་གསོལ་བ་འདེབས་པའི་ཡུལ་དུ་བྱས་ཏེ། མ་ནམ་བཞི་སྐོར་སྟོང་ཕྲག་ནས་བརྒྱ་རྩ་ཡན་ཅི་འགྲུབ་དང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། སོགས་འདོད་དོན་གསོལ་བའང་སྐབས་སྐབས་བརྗོད་དེ་གསོལ་འདེབས་བརྒྱ་རྩ་ལ་འདོད་གསོལ་ཉེར་གཅིག་བརྗོད་པའམ། འགྲུབ་ན་གཉིས་ཀ་སྦྲེལ་ནས་བསགས་ཀྱང་ཤིན་ཏུ་ལེགས་སོ། །མཐར་མདུན་གྱི་ནམ་མཁར་བཞུགས་པའི་མཐའ་སྐོར་ཐམས་ཅད་རིམ་པར་ནང་མ་ལ་ཐིམ་ནས་ཐམས་ཅད་གཙོ་བོ་ལ་འདུས། དེ་འོད་དུ་ཞུ་ནས་སྙིང་གའི་བླ་མ་ལ་ཐིམ། མོས་གུས་དྲག་ཏུ་བསྐྱེད། བླ་མ་འོད་དུ་ཞུ། སྐུའི་ཆ་འོད་ཟེར་དཀར་པོའི་རྣམ་པས་རང་གི་ལུས། གསུང་གི་ཆ་འོད་ཟེར་དམར་པོའི་རྣམ་པས་ངག །ཐུགས་འོད་ཟེར་སྔོན་པོའི་རྣམ་པས་རང་གི་སེམས་ལ་ཐིམ་པས་བླ་མའི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་པར་མོས་ལ་ཐུགས་ཡིད་བསྲེས་ཏེ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན། སྐྱེ་ཞིང་སྐྱེ་བ་སོགས། དགེ་བ་འདི་ཡིས་སོགས་བརྗོད་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་སྤྱི་མཐུན་བྱས་ལ་ཐུན་གྲོལ། སླར་སྲོད་ཐུན་ལ་སྐྱབས་ཡུལ་གསལ་གདབ་ནས་བརྩམ། གསོལ་འདེབས་བསྡུ་ལྡང་ཡན་སོང་ནས་གཏོར་འབུལ་སྤྲོ་ན་ནང་སྒྲུབ་ལྟར་བྱ། ནུབ་དང་པོ་ལ་ཕག་མོ་ལྟ་བུའི་ཚོགས་མཆོད་ཀྱང་ཕུལ་ལ་བསྔོ་སྨོན་ཤིས་བརྗོད་སོགས་གསང་བ་སྤྱིའི་འགྲོས་ལྟར་རོ། །ཕྱིར་ནངས་ནས་ཐུན་བཞིར་གཅོད་པའི་རེ་རེ་བཞིན་མཆོད་པ་གསར་དུ་བརྗེ་གྲུབ་ན་ཤིན་ཏུ་ལེགས། མ་འབྱོར་ནའང་ཁ་གསོ་སོགས་ཅི་འབྱོར་ཚོགས་རྫོགས་པའི་ཆེད་ཡིན་པས་གལ་ཆེ། དེ་དག་ནི་ཕྱི་སྒྲུབ་ཀྱི་རིམ་པ་སྟེ་འདི་ལ་སྐྱབས་སེམས། ཕྱག་མཆོད། མཎྜལ། གསོལ་འདེབས་རྣམས་གཙོ་བོར་བྱ་དགོས་པ་ཡིན་ནོ། །བདུན་གཉིས་པར་ནང་སྒྲུབ་ནི། སྟེགས་བུའི་སྟེང་སྒྲུབ་པའི་མཎྜལ་གྱི་མདུན་དུ་བླ་གཏོར་ཟླུམ་པོ་རྒྱན་ལྡན། གཡས་གཡོན་གང་བདེར་གཏེར་བདག་གཏོར་འབུལ་དཀར་བཤོས་ཟླུམ་པོ་ལ་མདུན་དང་གཡོན་དུ་ཟླུམ་པོ། གཡས་དང་རྒྱབ་ཏུ་ཟུར་གསུམ་སྟེ་འཁོར་བཞི་དང་མཐེབ་ཀྱུས་བསྐོར་བ་བཤམ། མཆོད་པ་སོགས་གསར་དུ་བརྗེ། རང་གི་མདུན་དུ་བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ། ཐོད་པའི་ཌཱ་རུ་དང་རྐང་གླིང་། དམར་གསུར་ཚིལ་བུ་རྣམས་བསྡོགས། ཚོགས་ཀྱི་ཡོ་བྱད། གསེར་སྐྱེམས་སོགས་ཀྱང་འདུ་བྱས་ལ། དགོང་ཐུན་སྐབས། ཉམས་ལེན་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཡོད་པ་ལས། དང་པོ་ནི། ཕྱི་སྒྲུབ་སྐྱབས་ཡུལ་གསལ་འདེབས་ནས། བླ་མ་རང་ལ་བསྡུ་བའི་བར་ཚང་བ་བཏང་། གྲངས་བརྒྱ་ཕྲག་དགོས་པ་རྣམས་ཚར་བདུན་རེ་ཙམ་ལ་བསྡུ། དེ་ནས་གཉིས་པ་ལ་བསྐྱེད་བཟླས་གཉིས་ཀྱི་དང་པོ་བདག་བསྐྱེད་ནི། སྭ་བྷཱ་བ་སོགས་དང་། རཾ་ཡཾ་ཁཾ་གིས་གཟུང་འཛིན་ཐམས་ཅད་སྟོང་པར་སྦྱང་། དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་ལྡངས་པའི་ཚུལ་དུ་རང་ཉིད་རྡོ་རྗེ་ཕག་མོ་གནས་བཞིར་ཡི་གེ་བཅས་གསལ་གདབ། དེའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་སྤྲིན་འཁྲིགས་པ་ལྟར་བཞུགས་པར་བསམས་ལ། དམར་གསུར་བཏང། ཌཱ་མ་རུ་འཁྲོལ་ཅིང་སྔགས་བརྗོད་པའི་མཐར་རྐང་གླིང་འབུད། ས་བོན་གྱི་ཡིག་འབྲུ་ལས་འཕྲོས་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་ཅིང་བསྟོད་པར་དམིགས་ལ་མཆོད་བསྟོད་ཀྱི་ཚིག་བརྗོད་པའི་མཐར་དམ་ཡེ་བསྲེ། སླར་ཡང་དབང་ལྔ་རིགས་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་ཅིང་རྣམ་སྣང་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་རྒྱས་གདབ། དམིགས་པ་གོང་དང་མཚུངས་པས་རང་ཉིད་ལ་མཆོད་ཅིང་བསྟོད་ལ་ལྷའི་ང་རྒྱལ་དྲག་ཏུ་བསྐྱེད། གསལ་སྣང་ཐོན་ངེས་སུ་སེམས་བཟུང་། སྣང་སེམས་སྟོང་ཉིད་གསུམ་རོ་མཉམ་པའི་དག་སྦྱོར་ལ་བསླབ་བོ། །གཉིས་པ་བཟླས་པའི་སྐབས་འདིར། གཞུང་དང་རྒྱལ་ཚབ་གསུང་མཐུན་པར་སྣང་གྲགས་ལྷ་སྔགས་སུ་གསལ་བཏབ་པ་ཙམ་གསུངས། དྭགས་པོ་ལུགས་སུ་སྙིང་ཁར་པད་ཉིའི་སྟེང་ས་བོན་སྔགས་ཕྲེང་དང་། འབྲུག་ལུགས་སུ་ལྟེ་བར་ཉི་མའི་སྟེང་ས་བོན་སྔགས་ཕྲེང་བསྒོམ་པར་བཞེད། ལས་དང་པོ་པ་ལ་ཕྱི་མ་གཉིས་ལྟར་ལེགས་པར་སྣང་བས། ས་བོན་བཾ་ཡིག་གི་མཐར་ཨོཾ་གསུམ་མའི་སྔགས་ཕྲེང་གཡས་སྐོར་ཡིག་ངོ་ནང་བསྟན་དུ་བཀོད་ནས་གཡོན་དུ་འཁོར་བ། ཐམས་ཅད་ཀྱང་ཁ་དོག་དམར་སེར་མར་མེ་ལྟར་གསལ་ལ་འོད་འབར་བ་བསྒོམས་ཏེ་བཟླས་པའི་གཞི་གསལ་ཐེབས་ནས་སྔགས་ཕྲེང་ཉིད་ཀློག་པའི་ཚུལ་གྱིས་བཟླ། དེ་ལ་སེམས་བརྟན་ནས་སྔགས་ཕྲེང་གཡོན་སྐོར་དྲག་ཏུ་འཁོར་བ་ལས་དམར་པོ་ཤས་ཆེ་བའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུས། སྣོད་བཅུད་ཀྱི་དངོས་འཛིན་དང་ཉེས་སྐྱོན་སྦྱངས། སྣོད་ཀྱི་འཇིག་རྟེན་རང་བྱུང་ཆོས་འབྱུང་གི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་རྡོ་རྗེ་རྣལ་འབྱོར་མའི་སྐུ་འབའ་ཞིག་པར་གྱུར་ནས་རྡོ་རྗེའི་སྔགས་སྒྲས་ཞིང་ཀུན་ཁྱབ། དེ་ཐམས་ཅད་ཀྱང་རང་སེམས་སྟོང་པ་ཉིད་ཀྱི་རང་བཞིན་ལས་མ་གཡོས་པར་ཤེས་པའི་དྲན་པ་དང་མ་བྲལ་བའི་ངང་། བཟླས་པའི་སྐྱོན་རྣམས་སྤངས་ལ་སྙིང་པོ་ངག་བཟླས་ཐུན་རེ་ལ་སྟོང་ཕྲག་རེ་ལས་མི་ཉུང་བ་བྱའོ། །གསུམ་པ་རྗེས་ཐུན་མཚམས་ལ་བབས་པའི་ཚེ། ནང་མཆོད་བསང་སྦྱང་། ཤ་ལྔ་བདུད་རྩི་ལྔ་སྦྱང་རྟོགས་སྦར་གསུམ་གྱི་དགོངས་པས་དམ་ཚིག་གི་རྫས་སུ་བྱིན་གྱིས་བརླབ་པ་སོགས་འདོན་ཆ་རྣམས་གཞུང་གསལ་ལྟར་ལ། འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་གཡོན་སྐོར་བྱས་ལ། ཕེཾ་སོགས་གོང་གི་སྤྱན་འདྲེན་གྱི་སྔགས་བརྗོད་པས། རང་དང་འདྲ་བའི་རྗེ་བཙུན་མ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྲུང་ནོར་ལྷ་གཏེར་བདག་གི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་གང་བ་ཙམ་བྱོན། ཐམས་ཅད་ཀྱང་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སད་ནས་བར་སྣང་དུ་བཞུགས་པར་མོས་ལ་མཆོད་པ་དང་བསྟོད་པ་འབུལ། བདུད་རྩི་ཀ་པཱ་ལ་ལག་གཡས་སུ་ཐོགས་ལ། ཆང་སྣ་བཞི་ཡི་ཆང་ཕུད་སོགས་བརྗོད་པའི་མཐར་སྟེགས་སུ་བཞག །ལག་གཡས་པས་ཌཱ་མ་རུ་འཁྲོལ། གཡོན་པའི་མཐེབ་སྲིན་སྦྱར་བས་བདུད་རྩི་འཐོར་ཚུལ་གཞུང་གསལ་ལན་གསུམ་ལ། སྔགས་ཚར་རེ་བརྗོད་ཅིང་དམིགས་པ་དང་སྤྲད་དེ་ཕྱི་ནང་མཆོད་རྫས་བཅས་བྱིན་བརླབ་གསུམ་བྱ། བརྒྱུད་མཆོད་ཚིག་ལྷུག་པ་ལྟར་བྱས་ཀྱང་ལེགས་མོད། ཚིགས་བཅད་ཆོས་གླིང་གསུང་ལྟར། ཨོཾ་གསུམ་མ་ཚར་གཅིག་དང་། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མར། །རྣམ་དག་ཡེ་ཤེས་བདུད་རྩིའི་མཉེས་མཆོད་འབུལ། །ཨོཾ་ཨཱཿཧཱུྃ། བརྩེ་བས་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཚིག་རྐང་གཉིས་དང་འབྲུ་གསུམ་རིགས་འགྲེའོ། །གྲུབ་ཆེན་ཏཻ་ལོ་མཁས་མཆོག་ནཱ་རོ་པར། །མངའ་བདག་ལོ་ཙཱ་རྗེ་བཙུན་རས་ཆེན་ལ། །འཛམ་གླིང་གྲགས་པ་འཇའ་ཚོན་སྙིང་པོ་ལ། །མི་ཕམ་བློ་གྲོས་ཀུན་དགའ་ལྷུན་གྲུབ་ལ། །ཆོས་ཀྱི་དབང་ཕྱུག་ཐུགས་ཀྱི་རྡོ་རྗེ་ལ། །བདེ་ཆེན་རྡོ་རྗེ་འཇམ་དཔལ་དཔའ་བོ་ལ། །ཆོས་ཀྱི་སྣང་བ་པདྨ་ཉིན་བྱེད་ལ། །དྲིན་ཅན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལྷ་ཚོགས་ལ། །མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གཞི་བདག་ལ། །ཞེས་བརྗོད། རང་ཉིད་ཀྱང་བདུད་རྩི་ཅུང་ཟད་མྱངས་ལ་འབྲུ་གསུམ་བརྗོད་པས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་མོས། དགོང་ཐུན་སྐབས་གཏོར་འབུལ་སྤྲོ་ན་འདིར་སྦྱར་ཆོག །དེ་ནས་འཁོར་གྱི་རྣལ་འབྱོར་མ་ཐམས་ཅད་གཙོ་མོ་ལ་འདུས། དེའི་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་ལས་འོད་ཟེར་རང་གི་གནས་གསུམ་ཐིམ་པ་སོགས་དབང་བཞི་བླང་བའི་མཐར་རང་གི་སྤྱི་བོར་བྱོན། འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར། རང་གི་ས་བོན་གྱི་འོད་ཀྱིས་ཕྱི་སྣོད་ནང་བཅུད་རྣམས་རིམ་པར་རང་ཉིད་ལ་བསྡུས། རང་ལྷར་གསལ་བ་ཡང་ཐུགས་ཀའི་ས་བོན་ལ་བསྡུས་ཏེ་ས་བོན་ཡང་ཟླ་ཕྱེད་ཐིག་ལེ་ནཱ་ད་ལ་རེག་པའི་བར་བསྡུས་ལ་དམིགས་མེད་ཀྱི་ངང་ལ་ཅི་གནས་བཞག །སླར་ཡང་སྔགས་ཀྱི་རང་སྒྲས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་དགེ་བསྔོ་ཤིས་བརྗོད་བྱ་ཞིང་སྤྱོད་ལམ་གྱི་ལམ་ཁྱེར་ལ་བསླབ་བོ། །སླར་ཡང་སྲོད་ཐུན་གྱི་འདོན་སྒོམ་སྔ་མ་ལྟར་ཚང་བར་བྱ། ཐུན་མཚམས་ནང་མཆོད་ཕུལ་ཟིན་པའི་རྗེས་སུ་ཚོགས་མཆོད་རེ་ངེས་པར་ཕུལ་ལ། དབང་ལེན་མཐར་རྫོགས་རིམ་དུ་བསྡུས་ཏེ་དམིགས་མེད་ཀྱི་ངང་ནས་མཚན་མོའི་སྤྱོད་ལམ་ལ་འཇུག །ཐོ་རེངས་དང་སྔ་ཐུན་གྱི་ཐུན་སོགས་ཀྱང་གོང་དང་འདྲ་ལ། ཐོར་ཐུན་ལ་སྔོན་འགྲོ་རྒྱས་པ་དང་། དགོང་ཐུན་མཐར་གཏོར་འབུལ། སྲོད་ཐུན་ལ་ཚོགས་འཁོར་རྒྱས་པར་བྱས་ན་འདོན་ཚུལ་སྟབས་བདེ་བར་འོང་ཞིང་། ཐུན་ཕྱི་མ་རྣམས་ལ་སྔོན་འགྲོ་གྲངས་ཉུང་ཙམ་རེས་ཆོག །གཞུང་དུ་ཚོགས་འཁོར་གྱི་གསལ་ཁ་མི་འདུག་ཀྱང་གསང་སྔགས་ཀྱི་ཆོ་གའི་ཁ་སྐོང་ཡིན་སྟབས་ཞག་བདུན་མ་ལ་ནུབ་རེ་བཞིན་དང་། ཡུན་རིང་སྐབས་མི་འཁྱོངས་ན་དབུ་མཐའ་བར་གསུམ་དུ་ངེས་པར་དགོས། བསྙེན་པའི་ཚད་ནི་སུམ་འབུམ་བཞི་ཁྲི་སྟེ་སྤྱི་ཁྱབ་ཡིན་ཡང་། བདུན་ཕྲག་གཅིག་ལ་ནི་ཅི་འགྲུབ་བཟླ་བ་ཙམ་མོ། །དེ་ལ་མཁོ་བའི་གཏོར་འབུལ་ནི། གཏོར་མ་རྣམས་ལ་ཆུ་གཙང་དང་ནང་མཆོད་བྲན་ལ། བསང་སྦྱང་བྱིན་བརླབ་གཞུང་གསལ་བདུད་རྩི་མཆོད་པ་ལྟར་བྱ། རང་གི་སྙིང་གའི་འོད་ཟེར་གྱི་སྣང་བས་འཁོར་འདས་བརྟན་གཡོ་ཐམས་ཅད་བླ་མ་ཡི་དམ་དབྱེར་མེད་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སད་པར་གྱུར་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བླ་མ། ཨོཾ་གསུམ་མ་ལ་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་ཡི་དམ། ཨ་ཀཱ་རོ་ལན་གསུམ་གྱིས་དཀོན་མཆོག་སོགས་སྤྱི་ཁྱབ་ཏུ་འབུལ་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་འབུལ་ལོ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་ཕྲིན་ལས་གསོལ། གཏེར་བདག་གཏོར་མ་དང་གསེར་སྐྱེམས་བསང་སྦྱང་། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨ་ཀཱ་རོ་སོགས་གསུམ་གྱིས་བསྔོས་ལ། འདོད་ཡོན་ལྔ་ལྡན་དམ་རྫས་གཏོར་མ་འདི། །ཟབ་གཏེར་སྲུང་མ་ལྷ་གཉན་འཁོར་བཅས་ལ། །འབུལ་གྱིས་དགྱེས་པར་བཞེས་ལ་བདག་ཅག་གི །འགལ་རྐྱེན་ཀུན་ཞི་ཚེ་དང་བསོད་ནམས་སྤེལ། །སྙིང་པོ་དོན་གྱི་བསྟན་པ་དར་བ་དང་། །བདག་ཅག་སྒྲུབ་པ་པོ་རྣམས་ཏིང་འཛིན་འཕེལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་ལ། །བར་གཅོད་བྲལ་ཞིང་རྒྱལ་ཁམས་ཀུན་ཏུ་ཡང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཕྲིན་ལས་མཛོད། །ཅེས་བརྗོད་པས་དབུལ་ཞིང་ཕྲིན་ལས་བཅོལ། སྭ་བྷཱ་ནཾ་གཙྪས་གཤེགས། འདིའི་གཏོར་འབུལ་རྒྱས་པར་སྤྲོ་ན་ཀར་གླིང་གཏེར་གཞུང་ལྟར་བྱའོ། །དེ་ནི་ནང་སྒྲུབ་སྟེ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་གཙོར་བྱ་བའོ། །བདུན་གསུམ་པར་གསང་སྒྲུབ་ནི། ནང་སྒྲུབ་སྔ་ཐུན་ལ་སོང་བའི་ཕྱི་ཐུན་དེ་ཀར། སྔོན་འགྲོ་ཚོགས་གསག །ཕག་མོའི་སྒོམ་བཟླས་བདུད་རྩི་མཆོད་པ་བཅས་ཁྱུག་ཙམ་རེ་བྱས་ལ་དབང་བླང་། མདུན་གྱི་ལྷ་རང་ལ་ཐིམ་པའི་རྗེས་དེར། རང་ཉིད་རྒྱལ་ཡུམ་དུ་གསལ་བའི་ཐུགས་ཀར་བླ་མ་འཛམ་གླིང་གྲགས་པ་ཞེས་པ་ནས་ཚད་མེད་བཞིའི་ཉམས་འུར་བ་ཞིག་ཏུ་གྱུར། ཅེས་པའི་བར་བརྗོད་ལ་གསལ་གདབ། ཕྱི་སྒྲུབ་སྐབས་སུ་ཡོད་པའི་མ་ནམ་བཞི་སྐོར་གྱི་གསོལ་འདེབས་འདོད་གསོལ་སྦྲེལ་མ་གྲུབ་ན་ལེགས། མི་ལྕོགས་ན་གསོལ་འདེབས་བརྒྱ་རྩ་ཙམ་དང་། འདོད་གསོལ་ཉེར་གཅིག་ཙམ་བརྗོད། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་ཏུ་གྱུར་པའི་རྡོ་རྗེའི་འབྲུ་གསུམ་པོ་ལྕེ་མི་བསྐྱོད་པར་ཡིད་ཁོ་ནས་བཟླ། བསྙེན་པའི་ཚད་འབུམ་ཕྲག་གསུམ་དུ་གསུངས་པས་ཐུན་རེ་ལ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་རེ་རེ་བཟླས་པས་ཞག་བདུན་ལ་སུམ་འབུམ་ལྷག་བཅས་འགྲོ །ཐུན་མཐར་སྒམ་པོ་ལུགས་སུ་བསྡུ་ལྡངས་ནང་སྒྲུབ་ལྟར་བྱ་བར་བཞེད། འབྲུག་ལུགས་བླ་མ་འོད་ལྔའི་རང་བཞིན་རང་ལ་ཐིམ་པར་མོས་པ་དང་། གཞུང་གི་དགོངས་པ་བླ་མ་རང་སེམས་དབྱེར་མེད་སྤྲོས་བྲལ་གཉུག་མའི་གཤིས་སུ་འཇོག་པར་གསུངས་ཤིང་གཏེར་སྟོན་ཉིད་ཀྱང་དེ་ལྟར་བཞེད་པར་གསལ་ལོ། །གང་ལྟར་གསང་སྒྲུབ་སྐབས་འདིར་ལྷ་དང་བླ་མ་གསལ་བཏབ་ནས་མོས་གུས་དྲག་པོས་གསོལ་བ་འདེབས་པ་བླ་མ་སྤྲུལ་སྐུར་སྒྲུབ་པ་སྐུ་རྡོ་རྗེའི་རྣལ་འབྱོར། འབྲུ་གསུམ་ཡིད་བཟླས་བྱ་བ་ལོངས་སྐུ་དང་གསུང་། ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པ་ཆོས་སྐུ་དང་ཐུགས་ཏེ་སྐུ་གསུམ་དང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པའོ། །ཐུན་མཚམས་དང་ཐུན་ལྷག་མ་རྣམས་ཀྱི་བྱ་བ་ནི་སྔ་མ་རྣམས་ཀྱིས་འགྲེ །འདིར་གཞུང་ལས་ལྷ་དང་བླ་མ་དབྱེར་མེད་གསུངས་པའི་གོ་དོན་ནི། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། རང་གི་སེམས་ཉིད་ལྷན་སྐྱེས་བདེ་བ་ཆེན་པོ་མི་ཤིགས་པའི་ཐིག་ལེ་ཉིད་བླ་མའི་རྣམ་པར་ཤར། ཁྱབ་བདག་ཀུན་བྱེད་རྒྱལ་པོ་དེའི་གསལ་མདངས་རང་ལུས་ཡི་དམ་ལྷའི་ཕྱག་རྒྱར་སྣང་། དེ་ལས་ཀྱང་སྣང་གྲགས་རྟོག་ཚོགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གདོད་ནས་སྣང་བ་ནི། རྒྱུད་ལས། གང་དུ་བདེ་ཆེན་ཅེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་རྟེན་དང་བརྟེན་པ་ཉི་མ་དང་འོད་ཟེར་བཞིན་ངོ་བོ་རྣམ་དབྱེར་མེད་པར་ཤེས་དགོས་པའི་དོན་ནོ། །བསྒོམ་དོན་ནི། རང་ལུས་རྡོ་རྗེ་རྣལ་འབྱོར་མ་སྣང་སྟོང་དབྱེར་མེད་ནང་སྒྲུབ་ལྟར་གསལ་བཏབ་པའི་སྙིང་པད་དཀར་དྲི་མེད་འདབ་མ་བརྒྱད་པས་ཉན་ཐོས། དེ་སྟེང་ཟླ་བའི་དཀྱིལ་འཁོར་ཉ་གང་བས་བྱང་སེམས། དེ་སྟེང་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་སྒམ་པོ་པ་འོད་སྐུར་བསྒོམ་པས་རྡོ་རྗེ་ཐེག་པ་མཚོན་ལ། དེའང་ཚུལ་ཁྲིམས་ཀྱི་ཕུང་པོ་རྫོགས་པས་རབ་བྱུང་གི་ཆ་ལུགས། ཏིང་ངེ་འཛིན་གྱི་ཕུང་པོ་རྫོགས་པས་དབུ་ལ་སྒོམ་ཞྭ་དང་ཕྱག་མཉམ་གཞག །ཤེས་རབ་ཀྱི་ཕུང་པོ་རྫོགས་པས་སྲིད་ཞིའི་མཐའ་སྤངས་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། རྣམ་གྲོལ་གྱི་ཕུང་པོ་རྫོགས་པས་མཚན་དཔེས་ཡོངས་སུ་སྤྲས་པ། ཡེ་ཤེས་ཀྱི་ཕུང་པོ་རྫོགས་པས་འོད་ཀྱི་དྲྭ་བས་སྲིད་ཞི་ཁྱབ་པ། དྲན་པ་དང་སྒོམ་པ་ཙམ་གྱིས་ཡོན་ཏན་སྐྱེ་བའི་ཚུལ་རྣམས་གཞུང་ལྟར་ཡང་ནས་ཡང་དུ་གསལ་གདབ། རྒྱལ་ཚབ་གྲགས་མཆོག་གིས་ཕྱི་སྒྲུབ་དང་འདི་གཉིས་ཀར་མཉམ་མེད་དྭགས་པོའི་སྐུ་མཁྱིད་གང་པའི་ཐུགས་ཀར་རང་གི་རྩ་བའི་བླ་མའི་སྐུ་ཚོན་གང་པ་བསྒོམ་པར་གསུངས་པ་གཏེར་སྟོན་ཞལ་ཁྲིད་དུ་ངེས་པ་དང་། མཁྱིད་གང་ལ་ཚོན་གང་བ་ཞེས་དཔེ་རྒྱུན་རྣམས་སུ་འདྲ་མིན་སྣང་མོད་སྔ་མ་ཉིད་དག་པར་མངོན་ནོ། །གསོལ་འདེབས་སྔ་ཕྱི་རྣམས་ཀྱི་སྐབས་སུ་བརྒྱུད་པའི་གསོལ་འདེབས་ཀྱང་བྱ་བའི་ལུགས་ལྟར་སྤྲོ་ན་བྱ་ཆོག་མོད། གཙོ་བོར་གཞུང་གསལ་ཉིད་སྐད་ཀྱི་གཟེངས་བསྟོད། སྒྲ་གསལ་ལ་དག་པར་མཆི་མ་འཁྲུགས་ཤིང་བ་སྤུ་གཡོ་བའི་མོས་གུས་དྲག་པོ་དང་མ་བྲལ་བའི་ཡིད་རྩེ་གཅིག་པས་འདོན་པ་ཁོ་ན་གལ་ཆེ། མི་བསྐྱོད་ཞབས་དང་ནོར་བུ་བརྒྱན་པས་མཛད་པ་སོགས་དྭགས་པོའི་གསོལ་འདེབས་བྱིན་རླབས་ཅན་རྣམས་འདོན་གྲུབ་ནའང་ལེགས་སོ། །ཡིད་བཟླས་སྐབས་གཞུང་གི་དགོངས་པ་དངོས་ནི། གསོལ་འདེབས་ཀྱིས་དྲངས་པའི་མོས་གུས་ཕྱག་རྒྱ་ཆེན་པོ་དང་བླ་མའི་ཐུགས་དབྱེར་མེད་དུ་འདྲེས་པ་དེའི་ངོ་བོ་རང་བབས་བཟོ་མེད་དུ་བསྐྱང་བ་ཁོ་ན་ཡིན་ལ། འོན་ཀྱང་གང་ཟག་ཐ་མལ་པ་མོས་གུས་ཀྱི་རྩལ་ཆུང་ལ་གནས་ལུགས་མ་བཅོས་པ་སྐྱོང་མ་ཤེས་ན་ཡེངས་འཁྲུལ་དབང་དུ་མི་ཤོར་བའི་ཐབས་གཞན་ལ་བརྟེན་དགོས་པས། རྒྱལ་ཚབ་གྲགས་མཆོག་གིས་རྔུབ་པ་ཧཱུྃ་ལ་གནས་པ་ཨཱཿ འགྲོ་བ་ཨོཾ་ལ་རབ་ཏུ་སྦྱར། ཞེས་རིམ་ལྔ་ལས་རྡོར་བཟླས་ཀྱི་རྣམ་གྲངས་བཞིར་བཤད་པའི་བྱེ་བྲག་བརྡར་གྱུར་རྡོར་བཟླས་བྱ་བར་བཞེད་པ་དང་། འབྲུག་ལུགས་ལྟར་ན། སྙིང་གའི་བླ་མའི་སྐུ་གསུང་ཐུགས་ཀྱི་ཆ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་འཁོར་འདས་ཁྱབ། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་སྤྱན་དྲངས་བླ་མ་ལ་ཐིམ། ཁམས་གསུམ་གྱི་སྣོད་བཅུད་མ་དག་པའི་མཚན་རྟོག་སྦྱངས་ནས་ཐམས་ཅད་ཀྱང་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྦྱངས་སྨིན་རྫོགས་པར་བྱས། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྲུ་གསུམ་རྣམ་པར་འཕྲོས་རང་གི་ལུས་ངག་ཡིད་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་དུ་དག་པའི་འཁོར་ལོར་འབྱམས་ཀླས་པར་དམིགས་ཏེ་ཐུན་གཅིག་ལ་ཆ་གསུམ་དུ་བགོས་པའི་ཆ་གཉིས་དམིགས་པ་བྱ་བ་ནི་བསྐྱེད་རིམ་དང་། ཆ་གཅིག་ལ་ཡིད་བཟླས་དང་དམིགས་མེད་བསྲེ་བ་རྫོགས་རིམ་གྱི་ཆ་གཙོར་བཏོན་པར་བཞེད། གང་ལྟར་ཐུན་མཐར་གནས་ལུགས་ཀྱི་ངང་དུ་མཉམ་གཞག་ཅི་ནུས་བྱ། གསང་སྒྲུབ་ཞག་བདུན་ཕྲག་གཅིག་རྫོགས་པའི་སྔ་ཐུན་ལ་མཆོད་བསྟོད་ཚོགས་མཆོད་སོགས་རྒྱས་པར་ཕུལ་ཏེ། མཚམས་གྲོལ་བར་བྱས་ལ་ཐོ་འགྲོལ། ཞག་བར་མི་དང་མི་འཕྲད་པ་སོགས་མཚམས་སྤྱི་མཐུན་བཞིན་ནོ། །ཟླ་བ་ཞག་གྲངས་སོགས་སྤར་དབྲིང་ཇི་ལྟར་བྱེད་ཀྱང་བསྒྲིག་རིམ་འདི་ཁོ་ན་དང་དུས་ལ་ཆ་བགོས་ཀྱི་བསྙེན་པའི་མང་ཉུང་སོགས་གོང་འོག་གི་རིགས་འགྲེ་ཤེས་པར་བྱའོ། །ཐུན་མཚམས་ཕྱི་སྒྲུབ་སྐབས་སུ་མོས་གུས་ཀྱི་ཤུགས་དང་མ་བྲལ་བས་ཚོགས་གསག་སྒྲིབ་སྦྱོང་ཅི་ཙམ་འགྲུབ་པ་ལ་ཆོག་ཤེས་མེད་པར་བྱ། ནང་སྒྲུབ་སྐབས་སུ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོས་སྤྱོད་ལམ་ཁྱེར་སོ་རྣལ་འབྱོར་མའི་སྤྱི་གཞུང་ལྟར་སྤྱད། གསང་སྒྲུབ་སྐབས་སུ་བླ་མའི་མོས་གུས་དང་གཉུག་མའི་རང་བབ་དབྱེར་མེད་དུ་འདྲེས་པའི་དྲན་ཤེས་ཆུ་བོའི་རྒྱུན་བསྐྱང་བ་རྣམས་གལ་ཆེའོ། །རྗེ་འདི་ཉིད་སྙིང་པོའི་བསྟན་པ་སྤེལ་བའི་མཆོག་ཏུ་མདོ་སྡེ་གསུམ་ནས་རྒྱལ་བས་ལུང་བསྟན་པ་ལ་བསྙོན་དོར་དང་ཀྱོག་བཤད་ཀྱིས་བསྒྲུབ་མ་དགོས་ཤིང་། བསྟན་པའི་དོན་བཞིན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་གྲུབ་ཐོབ་ཆུ་བོའི་རྒྱུན་ལྟ་བུ་སྤེལ་བ་དང་། ད་ལྟའང་གསོལ་བ་འདེབས་པ་རྣམས་ལ་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བ་མངོན་སུམ་གྱིས་གྲུབ་པ་མ་ཟད། ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པར་རྒྱལ་བ་འོད་དྲི་མ་མེད་པ་ཞེས་བྱ་བར་སངས་རྒྱས་ནས་འཚོ་ཞིང་གཞེས་ལ་མངོན་སུམ་དུ་བཞུགས་ཡོད་པར་སྣང་བས། སངས་རྒྱས་ཀྱི་སྤྱན་ལ་ཉེ་རིང་མི་མངའ་བས་མི་ལུས་དོན་ལྡན་མཛད་པ་པོ་མཆིས་ན་འདི་ལ་གཡར་དམ་དུ་བྱ་བར་རིགས་སོ། །འཇིག་རྟེན་གསུམ་མགོན་ཟླ་འོད་གཞོན་ནུ་ཡི། །གསང་གསུམ་བྱིན་རླབས་བདག་གཞན་རྒྱུད་ལ་ཞུགས། །ཡོན་ཏན་ཀུན་བརྒྱན་རྒྱལ་བའི་ཞིང་སྐྱེས་ནས། །བདེ་གཤེགས་འོད་ཟེར་དྲི་མེད་མཉེས་བྱེད་ཤོག །འདི་ལ་སྒམ་པོ་རྩ་བའི་ལུགས་སོགས་གཞུང་རྐྱང་སོར་བཞག་ཅུང་ཟད་བསྡུས་ཆེས་པ་དང་། འབྲུག་ལུགས་ལ་ལམ་ཟབ་ཁ་སྐོང་དང་དམིགས་པའི་འཕྲུལ་བཟོ་ཅུང་ཟད་མང་སྐྱོན་ལྟ་བུར་སྣང་བས། རྒྱས་བསྡུས་འཚམ་པའི་ཁུལ་དུ་རྒྱལ་དབང་པདྨཱ་ཀ་ར་དང་ཆོས་རྒྱལ་དྭགས་པོ་ལྷ་རྗེ་དབྱེར་མེད་པའི་རྗེས་འཇུག་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས། རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ལས་གསུང་མཆོག་པདྨའི་རྫོང་དབང་ཆེན་རོལ་པའི་ཕུག་པར་སྦྱར་བ་དགེ་ལེགས་འཕེལ།། །།
ཡི་དམ་དགོངས་པ་འདུས་པ་ལས། ཁྲོ་རྒྱལ་ཁྱུང་གི་ལས་བྱང་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བསྡེབས་པ་གདོན་འཇོམས་སྤུ་གྲི་ (Volume 46, Text 38)
༄༅། །ཡི་དམ་དགོངས་པ་འདུས་པ་ལས། ཁྲོ་རྒྱལ་ཁྱུང་གི་ལས་བྱང་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བསྡེབས་པ་གདོན་འཇོམས་སྤུ་གྲི་ཞེས་བྱ་བ་བཞུགས་སོ། ། འཁོར་འདས་དབང་མཛད་རྟ་མཆོག་དཔལ། །རྡོ་རྗེའི་མཁའ་ལྡིང་སྐུར་སྟོན་པ། །གདུག་པ་ཀུན་འདུལ་དེར་བཏུད་ནས། །ཕྲིན་ལས་དབང་བཅས་གསལ་བཀོད་བྱ། །འདི་ལ་གསུམ། སྦྱོར་བ་བཤམ་བཀོད། དངོས་གཞི་ཕྲིན་ལས། རྗེས་ཀྱི་བྱ་བའོ། །དང་པོ་ལ་བསྙེན་སྒྲུབ་དང་དབང་གི་སྐབས་སུ་དཀྱིལ་འཁོར་སྒོ་རྫོགས་དུར་ཁྲོད་དང་བཅས་པའི་ནང་དུ་པདྨ་འདབ་བཞིའི་ལྟེ་བར་གྲུ་གསུམ་མཐིང་ནག་ལ་ལྷ་མཚན་ཐིག་ལེ་སྔོན་པོའམ་ཁྲོཾ་ཡིག་གིས་མཚན་པ། མ་འབྱོར་ན་མཎྜལ་ཚོམ་བུ་ལྔ་པའི་སྟེང་དུ་མཉྫི་ལ་བུམ་པ་ཁ་རྒྱན་མགུལ་ཆིངས་ལྔ་པའི་ནང་དུ་ཁྱུང་ལྔའི་སྨན་དང་ཡུང་བའི་ཕྱེ་མ་བླུགས་པ། མདུན་དུ་རྡོ་རྗེ་དར་མཐིང་གི་ཅོད་པན་ཅན་དང་བུམ་སྨན་ཕྱེ་མ་ཆུ་ལ་སྦྱར་བ། གཡས་སུ་སེང་ལྡེང་ཕུར་པ་ཁྱུང་ཞལ་ཅན་ནམ། མ་འཛོམ་ན་ཕུར་པ་གང་རིགས། རྒྱབ་ཏུ་ཐོད་པའི་བདུད་རྩི། གཡོན་དུ་ཐུན་ར་དང་ཡུངས་དཀར་འབྲུ་དགུ་སློབ་མའི་གྲངས་མཉམ་ཐུམ་པོ་བྱས་པ། དེ་དག་གི་རྒྱབ་ངོས་སུ་འབྲུ་སྣའི་ཟན་ལ་རི་རབ་ཀྱི་སྟེང་དུ་དཔལ་གཏོར་ཟུར་གསུམ་འཁོར་རང་འདྲ་ལྔས་བསྐོར་བ་རྒྱན་ལྡན་གྱི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད་རྣམས་བཤམ། རྒྱུན་གྱི་ཕྲིན་ལས་དང་ཟློག་པའི་སྐབས་སོགས་སུ་གཏོར་མ་སྨན་རཀ་ཕྱི་མཆོད་ཙམ་ལས་དཀྱིལ་འཁོར་གྱི་ཆས་རྣམས་མི་དགོས་སོ། །གཉིས་པ་དངོས་གཞི་ཕྲིན་ལས་ནི། རྒྱས་པར་སྤྲོ་ན་དཀར་བགེགས་སྤྱི་ལྟར་གཏང་། བཀའ་བསྒོ་མཚམས་གཅོད་སོགས་ལས་བྱང་བསྡུས་པ་ནོར་བུ་པད་ཕྲེང་ལྟར་བྱ། དཀྱུས་ཙམ་ལ་ཁ་སྐོང་རྣམས་ལས་བྱང་གསང་བ་གཅིག་གྲུབ་ལྟར་བྱ་ཆོག་པས། སྐྱབས་ཡུལ་སྐུ་གསུམ་མདུན་དུ་དམིགས་ལ། ཧྲཱི༔ བདེ་གཤེགས་ཀུན་འདུས་སྐུ་གསུམ་གྲུབ་པའི་ལྷ༔ དོན་གཉིས་མཐར་ཕྱིན་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་བྱང་ཆུབ་སངས་རྒྱས་འཐོབ་བྱའི་ཕྱིར༔ བྱམས་དང་སྙིང་རྗེས་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། ན་མོ་དྷརྨ་ཀཱ་ཡ༔ ནིརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ཨཱ་བེ་ཤ་ཡ་ཧྲིང་ཧྲིང༔ ཅེས་བྱིན་དབབ། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མཆོད་རྫས་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ༔ ལྷ་མི་ལས་འདས་པའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ༔ ནམ་མཁའ་དང་མཉམ་ཞིང་དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ཟད་མི་ཤེས་པ་དབང་ཆེན་གསང་བའི་མཆོད་སྤྲིན་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཐཱ༔ མ་ཧཱ་སརྦ་པཱུ་ཛ་ག་ཎ་ཙཀྲ་ཧོ༔ ཞེས་མཆོད་པ་བྱིན་གྱིས་བརླབ་བོ། །དེ་ནས་མངོན་རྟོགས་ཕྱི་ནང་གསང་གསུམ་གང་འདོད་སྦྱོར་བར་གསུངས་པས་འདིར་གསང་སྒྲུབ་ལྟར་ན། ཧྲཱི༔ ཆོས་ཉིད་རྣམ་དག་བདེ་ཆེན་ངང་ལས་ནི༔ མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར༔ དྲག་པོའི་ཞེ་སྡང་ཧྲཱིཿཡིག་འཕྲོ་འདུ་འབར༔ འདུ་འཕྲོ་རྟོག་པའི་དུག་ལྔ་སེལ་བའི་ཕྱིར༔ ཞེ་སྡང་ཆོས་འབྱུང་གྲུ་གསུམ་ཨེ་ཡི་ངང༔ ཕྲག་དོག་རླུང་ནག་རྡོ་རྗེ་རྒྱ་གྲམ་འཚུབས༔ འདོད་ཆགས་རཀྟའི་རྦ་ཀློང་འཁྲུགས་པ་ལས༔ གཏི་མུག་མཱཾ་སའི་ས་གཞི་གཅལ་དུ་བཀོད༔ ང་རྒྱལ་རི་རབ་གྲུ་གསུམ་མེ་ཡིས་བརྗིད༔ རྒྱ་གྲམ་རྡོ་རྗེ་ར་གུར་འབར་བའི་དབུས༔ སྨུག་ནག་བྷྲཱུྃ་ལས་འབར་བའི་གཞལ་ཡས་ཁང༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ཆེན་པོ༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་མཛེས༔ རིན་ཆེན་སྣ་ལྔ་བརྩེགས་པའི་རཱ་ག་ལ༔ དབང་པོ་རྣམས་ཀྱི་དྲ་བ་དྲ་ཕྱེད་ལྡན༔ ཞིང་ཆེན་ཀ་གདུང་ཞིང་ཆུང་དྲལ་དྲབ་ཅན༔ ལྷུན་གྱིས་གྲུབ་པའི་ཉི་ཟླའི་རང་བཞིན་འབར༔ ཞིང་ལྤགས་བླ་རེ་སྦྲུལ་གྱི་ཟ་ར་ཚགས༔ ཞིང་གི་རྒྱལ་མཚན་མཛེས་པའི་འཕུར་ལྕེའུ་འབར༔ གཡེར་ཁའི་དྲ་བ་པདྨའི་དབྱུག་པས་མཛེས༔ སྤུ་གྲི་ཏྲི་ཤུལ་གཏུན་ཤིང་སྲིན་མོ་འགྲོས༔ དུར་ཁྲོད་བརྒྱད་དང་མེ་ཡི་དྲ་བ་རིས༔ དེ་དབུས་ཐོད་པ་ཚར་གསུམ་རྩིག་པར་བརྩེགས༔ གྲུ་གསུམ་ཕོ་བྲང་འབར་བའི་མཎྜལ་ལ༔ ཆོས་ཉིད་སྐྱེ་མེད་ཡེ་ཤེས་འཆར་བའི་སྒོ༔ རབ་འབྱམས་གཞལ་ཡས་རང་བཞིན་ལྷུན་གྱིས་གྲུབ༔ དབང་ཆེན་མཁའ་ལྡིང་ལྷ་ཚོགས་བཞུགས་པའི་གནས༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་ཨེ་བྷྲཱུྃ༔ པཾ་པདྨ་མཎྜལ༔ བ་རུ་ཎ༔ ཕུ་ཏི་ར་བཾ༔ མ་སཱུརྻ་མཎྜལ་ལ་ཧཱུྃ༔ དེ་ནས་ལྷ་གསལ་བ་ནི། ཧྲཱིཿལས་འདུ་འཕྲོ་བསྐུལ་དོན་གཉིས༔ ཚུར་འདུས་བདག་ཉིད་དཔའ་བོ་དབང༔ ཞལ་གསུམ་ཕྱག་ནི་དྲུག་པ་སྟེ༔ གཡས་དཀར་གཡོན་ལྗང་དབུས་མཐིང་ཞལ༔ ཕྱག་གཡས་དང་པོ་རྡོ་རྗེ་སྟེ༔ གཡོན་པའི་དང་པོ་ཞགས་པ་འོ༔ བར་མ་གཉིས་ཀྱིས་རིགས་ངན་ཟ༔ ཐ་མས་མཁའ་ལྡིང་ལྗང་གུ་འཕྱར༔ རྡོ་རྗེ་རིན་ཆེན་གཤོག་པ་བརྒྱངས༔ མཐིང་ནག་སྐུ་ལ་དུར་ཁྲོད་རྒྱན༔ ཞབས་ནི་ཀླུ་འབུམ་གཉན་ཁྲི་དང༔ ས་བདག་སྟོང་བསྣོལ་གདན་ལ་བགྲད༔ རི་རབ་ལྟ་བུའི་སྐུར་གསལ་བའི༔ སྙིང་གར་རཾ་ལས་ཉི་མའི་སྟེང༔ བཾ་ལས་རྒྱ་མཚོ་བསམ་པར་བྱ༔ དེ་རུ་མཁའ་ལྡིང་བསྒོམ་པར་བྱ༔ ཏྲཱཾ་ལས་སྣ་ཚོགས་རྡོ་རྗེ་སྟེ༔ བཾ་ཡིག་ལས་བྱུང་རྒྱ་མཚོའི་དབུས༔ ཏྲཱཾ་ལས་རི་རབ་ཆེན་པོ་སྟེ༔ གྲུ་བཞི་རིན་ཆེན་ངོ་བོ་ལ༔ དེ་སྟེང་ཁྲོཾ་ལས་ནམ་མཁའ་ལྡིང༔ སྐུ་ནི་ཤེལ་གྱི་མདོག་ཅན་ལ༔ བཻ་ཌཱུརྻ་ཡི་འདབ་གཤོག་ཅན༔ གནམ་ལྕགས་ར་ནི་འོད་དུ་འབར༔ སྤྱན་བགྲད་ཞལ་ནི་གཅིག་པ་སྟེ༔ ཕྱག་ན་ཞེ་སྡང་སྦྲུལ་བཟུང་ནས༔ ཞལ་དུ་གསོལ་བའི་དྲེགས་པ་ཅན༔ དཔྲལ་བར་རྡོ་རྗེའི་ཁྱུང་དཀར་དང༔ མགྲིན་པར་པདྨའི་ཁྱུང་དམར་དང༔ ཐུགས་ཀར་བུདྡྷའི་ཁྱུང་མཐིང་གསལ༔ ལྟེ་བར་ཡོན་ཏན་ཁྱུང་སེར་ལ༔ གསང་བར་ཕྲིན་ལས་ཁྱུང་ལྗང་རྣམས༔ ཆ་ལུགས་ཕྱག་མཚན་གཙོ་བོ་ལྟར༔ སྤྲུལ་པ་ཡང་སྤྲུལ་གྲངས་མེད་པས༔ རིགས་བཞིའི་ཀླུ་རྣམས་ཟ་བར་བསྒོམ༔ དེ་ནས་སྤྱན་འདྲེན་པ་ནི། ཁྲོཾ༔ འབྱུང་བ་ལྔས་བསྐྱེད་རི་རབ་རྩེ་མོ་ནས༔ རང་བཞིན་འོད་ཟེར་འབར་བའི་གཞལ་ཡས་ཁང༔ གང་འདུལ་ཁྲོ་རྒྱལ་སྤྲུལ་པ་དབང་དྲག་ཁྱུང༔ བདག་གིས་དད་པ་དམ་ཚིག་སྤྱན་འདྲེན་ན༔ ཚུར་གཤེགས་ཚུར་བྱོན་བྱ་ཁྱུང་ཁྲོ་རྒྱལ་ཚོགས༔ ཡེ་ཤེས་ཁྱུང་ཆེན་འབར་བ་གཤེགས་སུ་གསོལ༔ གདོན་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ཀླུ་བདུད་འདུལ་ཕྱིར་གཤེགས་སུ་གསོལ༔ ས་བདག་འདུལ་ཕྱིར་གཤེགས་སུ་གསོལ༔ དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་རིགས་འདུལ་ཕྱིར་གཤེགས་སུ་གསོལ༔ ས་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བསམ་དོན་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ས་བདག་ཀླུ་གཉན་བསྣོལ་བ་ཁྲི་ཡི་སྟེང༔ ཉི་ཟླ་པདྨ་འབར་བའི་གདན་སྟེང་དུ༔ སྟོབས་ལྡན་དབང་དྲག་ཁྱུང་ཚོགས་བཞུགས་སུ་གསོལ༔ ག་རུ་ཊཿཨེ་ཧྱེ་ཧི་ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་བྱ་བ་ནི། ཁྲོཾ༔ དུས་གསུམ་བདེ་གཤེགས་ཀུན་འདུས་ཡོན་ཏན་ལྷ༔ ཡེ་ཤེས་རྟ་མཆོག་དབང་དང་གཉིས་མེད་པའི༔ ཁྱུང་ལྔ་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ ག་རུ་ཊཿཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི། ཁྲོཾ༔ ཁྲོ་བོ་ཁྱུང་ཆེན་བདེ་གཤེགས་འདུས་པའི་ལྷ༔ ཁྱོད་ལ་ཕྱི་ནང་གསང་མཆོད་འབུལ་བ་ནི༔ ཕྱི་ནང་གསང་བ་དངོས་འབྱོར་ཡིད་སྤྲུལ་འབུལ༔ འདོད་ཡོན་རྣམ་ལྔ་བདུད་རྩིའི་མཆོད་པ་འབུལ༔ དཀར་གསུམ་མངར་གསུམ་སྨན་གྱི་མཆོད་པ་འབུལ༔ ཤ་ཁྲག་དམར་གྱི་གཏོར་མའི་མཆོད་པ་འབུལ༔ གནོད་བྱེད་འབྱུང་པོའི་ཤ་ཁྲག་ཕུང་པོ་འབུལ༔ ས་བདག་ཀླུ་གཉན་གདུག་པའི་དོན་སྙིང་འབུལ༔ གནོད་བྱེད་གདུག་པའི་ཕུང་པོ་ལྷག་མེད་རོལ༔ ཐུགས་རྗེས་དགོངས་ལ་རྣལ་འབྱོར་ཕྲིན་ལས་མཛོད༔ ཧྲཱིཿཧྱ་གྲཱི་བ་ག་རུ་ཌཿཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་གནོད་བྱེད་གདུག་པ་རྣམས་ཀྱི་གཏི་མུག་ཤ་ལ་ཁཱ་ཧི༔ ཞེ་སྡང་རུས་ལ་ཁཱ་ཧི༔ འདོད་ཆགས་ཁྲག་ལ་ཁཱ་ཧི༔ དེ་ནས་བསྟོད་བསྐུལ་ནི། ཧྲཱིཿཁྲོཾ༔ བདེ་གཤེགས་ཀུན་འདུས་རྟ་མཆོག་འབར་བའི་ཁྱུང༔ ཞལ་གསུམ་ཕྱག་ནི་དྲུག་པ་སྟེ༔ གཡས་དཀར་གཡོན་ལྗང་དབུས་མཐིང་ཞལ༔ སྐུ་མདོག་མཐིང་ནག་འདབ་གཤོག་མེ་ལྟར་འབར༔ གཡས་གཡོན་ཕྱག་གཉིས་དང་པོ་རྡོ་རྗེ་ཞགས༔ བར་མ་གཉིས་ཀྱིས་རིགས་བཞིའི་སྦྲུལ་ཞལ་ཟ༔ ཐ་མ་གཉིས་ཀྱིས་མཁའ་ལྡིང་ཁྱུང་ཁྲ་འགྱེད༔ སྤྱི་བོར་རྟ་དབུ་གསུམ་ནི་མེ་ལྟར་འབར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔར༔ གང་འདུལ་ཐབས་ཀྱི་ཕྱག་རྒྱ་སྐུ་རུ་སྤྲུལ༔ ཡེ་ཤེས་བྱ་ཁྱུང་རྒྱལ་པོ་ག་རུ་ཊ༔ སྐུ་ནི་ཤེལ་ལྟར་དྭངས་ཤིང་དཀར་བ་ལ༔ མེ་ཡི་ཚྭ་ཚྭས་གནོད་བྱེད་གཞོབ་ཐུལ་སྲེག༔ བཻ་ཌཱུརྻ་ཡི་འདབ་གཤོག་རལ་གྲི་ལྟར༔ ས་བདག་ཀླུ་གཉན་འབྱུང་པོ་བསྲེག་ཅིང་གཏུབ༔ སྒྲོ་ཕྲན་སྤུ་གྲི་རྣོ་བའི་ངར་ལྡན་པས༔ གནོད་བྱེད་གདོན་བགེགས་རྣམས་ཀྱི་སྲོག་རྩ་གཏུབ༔ གཤོག་གཡས་བརྡབས་པས་ཉི་ཟླ་ཐང་ལ་འབེབ༔ གཤོག་གཡོན་བརྡབས་པས་རི་རབ་ཕྱེ་མར་བསྙིལ༔ སྤྱན་གཡས་གསེར་ཆུ་ཁོལ་མས་རྒྱལ་པོ་འདུལ༔ སྤྱན་གཡོན་དངུལ་ཆུ་འཁྲུགས་པས་སྲིན་མོ་འདུལ༔ རྭ་གཡས་མེ་དཔུང་འབར་བས་གཟའ་ཀླུ་སྲེག༔ རྭ་གཡོན་བསྐལ་པའི་ཆུ་འབྲུབ་རྒྱུ་སྐར་འདུལ༔ ཡན་ལག་སྦྲུལ་ལྔས་བརྒྱན་པས་ཀླུ་གཉན་འདུལ༔ སྤུ་གསེབ་རྡོ་རྗེའི་ཚྭ་ཚྭ་ཁྲོ་ཆུང་འཕྲོ༔ ཕྱག་གཉིས་སྦྲུལ་ཆེན་ཁར་འཛུད་ཀླུ་གདོན་འདུལ༔ ཞལ་ནས་ཀྲང་ཀྲིང་འབྲུག་ལྡིར་ཀླུ་རྣམས་སྔངས༔ མཇུག་སྒྲོ་གཡུ་ཡི་རྡོ་རྗེས་ས་སྲི་འདུལ༔ ཁྱུང་སྐད་ཀྲང་ཀྲིང་ཀླུ་ཡི་སྙིང་རྩ་འདར༔ སྡེར་མོ་ལྕགས་ཀྱུ་འབར་བས་གནོད་བྱེད་འདྲེན༔ མཆུ་ནི་གནམ་ལྕགས་ཨུར་མོས་ཀླུ་རིགས་འདྲེན༔ ཁྲོ་ཆུའི་རལ་པས་རྡོ་རྗེའི་ཐོག་སེར་འབེབ༔ ཤངས་ལས་བསྐལ་པའི་མེ་དཔུང་གློག་སྟོང་འཁྲུགས༔ སྙན་ནས་འབྲུག་སྒྲ་འུར་ཆོམ་གནམ་ས་གཡོ༔ སྤྱན་རྩ་ཁྲག་གི་རྦ་རླབས་གྱེན་དུ་འཁྱིལ༔ སྟེང་གི་བརྒྱ་བྱིན་བསྔངས་ཤིང་འདར་བར་བྱེད༔ གཤོག་པས་བར་སྣང་བརླབས་པས་སྡེ་བརྒྱད་འདུལ༔ སྟོབས་ལྡན་དབང་ཆེན་ཁྲོ་རྒྱལ་ཁྱུང་ལ་བསྟོད༔ ཁྲོཾ༔ རྒྱལ་རིགས་འདུལ་ཕྱིར་སྐུ་ཡི་ཁྱུང་དཀར་སྤྲུལ༔ བྲམ་ཟེ་འདུལ་ཕྱིར་ཡོན་ཏན་ཁྱུང་སེར་སྤྲུལ༔ རྗེའུ་རིགས་འདུལ་ཕྱིར་གསུང་གི་ཁྱུང་དམར་སྤྲུལ༔ གདོལ་པ་འདུལ་ཕྱིར་ཐུགས་ཀྱི་ཁྱུང་མཐིང་སྤྲུལ༔ དམངས་རིགས་འདུལ་ཕྱིར་ཕྲིན་ལས་ཁྱུང་ལྗང་སྤྲུལ༔ རིགས་ལྔའི་ཁྱུང་ཆེན་ལྔ་ལ་ཕྱག་འཚལ་བསྟོད༔ སྔོན་གྱི་ཐུགས་དམ་ཐུགས་བསྐྱེད་མ་གཡེལ་ལ༔ ས་བདག་ཀླུ་གཉན་འདུལ་བའི་དུས་ལ་བབ༔ གག་ལྷོག་གཟེར་གསུམ་འདུལ་བའི་དུས་ལ་བབ༔ སྨྱོ་འབོག་མཛེ་ནད་འདུལ་བའི་དུས་ལ་བབ༔ བྱད་མ་རྦོད་གཏོང་འདུལ་བའི་དུས་ལ་བབ༔ གདུག་པའི་ཀླུ་ནད་འདུལ་བའི་དུས་ལ་བབ༔ དྲེག་དང་གྲུམ་བུ་འདུལ་བའི་དུས་ལ་བབ༔ འབྲས་དང་ཕོལ་མིག་འདུལ་བའི་དུས་ལ་བབ༔ གཉན་དང་སྐྲངས་འབམ་འདུལ་བའི་དུས་ལ་བབ༔ ལྷོག་པ་ས་སྲིན་འདུལ་བའི་དུས་ལ་བབ༔ ཀླུ་གདོན་ས་བདག་འདུལ་བའི་དུས་ལ་བབ༔ སྟེང་གི་གཟའ་གདོན་འདུལ་བའི་དུས་ལ་བབ༔ གློ་ཧོན་གོད་སྲི་འདུལ་བའི་དུས་ལ་བབ༔ སྐྲན་དང་དམུ་ཆུ་འདུལ་བའི་དུས་ལ་བབ༔ སྲིན་པོ་སྲིན་མོ་འདུལ་བའི་དུས་ལ་བབ༔ དམ་སྲི་སྤུན་དགུ་འདུལ་བའི་དུས་ལ་བབ༔ ནད་ཡམས་འགོ་རིམས་འདུལ་བའི་དུས་ལ་བབ༔ བགེགས་རིགས་སྟོང་ཕྲག་འདུལ་བའི་དུས་ལ་བབ༔ ཕོ་གདོན་འབྱུང་པོ་འདུལ་བའི་དུས་ལ་བབ༔ མོ་གདོན་བསེན་མོ་འདུལ་བའི་དུས་ལ་བབ༔ དམ་སྲི་ཐེའུ་རང་འདུལ་བའི་དུས་ལ་བབ༔ ཐོག་དང་སེར་བ་ཟློག་པའི་དུས་ལ་བབ༔ མཐུ་ཆེན་དབང་དྲག་ཁྱུང་གི་དུས་ལ་བབ༔ བར་ཆོད་ནད་གདོན་འབྱུང་པོ་གང་ཡིན་པ༔ དབང་དྲག་ཁྱུང་ཆེན་ཁྱོད་ཀྱིས་བསྒྲལ་བ་དང༔ བྱད་ཁ་རྦོད་གཏོང་མ་ལུས་ཟློག་ཅིང་སྒྱུར༔ བཅོལ་པའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ དེ་ནས་བཟླས་པ་ནི། ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་ལ་སྔགས་ཀྱི་ཕྲེང་བ་མེའི་མདོག་ཅན་གྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། གདུག་པ་ཅན་ཚར་བཅད་པར་མོས་ལ། ཨོཾ་བཛྲ་ག་རུ་ཊཿཧྱ་གྲཱི་བ་ཧཱུྃ་ཕཊ༔ ཅེས་འབུམ་ཕྲག་གསུམ་བསྙེན༔ དེ་ནས་བསྙེན་སྒྲུབ་ལས་གསུམ་དྲིལ་བ་ཀླུ་སྲོག་རྩ་བའི་བསྙེན་པ་ནི༔ གོང་དང་སྦྲེལ་ན། སྲོག་ཚིག་ནན་རྦད་ལུས་རྡུལ་རྦད༔ ནཱ་ག་མཱ་ར་ཡ་ཞི་ཞི་རཾ་རཾ་ལུས་རྡུལ་ཕུང་རྦད་སོད༔ ཅེས་གོང་གི་བཟླས་པའི་བཅུ་ཆ་ཙམ་བཟླས་སོ། །བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་སྤྲོ་བསྡུ་བྱས་ལ་སྙིང་པོ་ཅི་འགྲུབ་བཟླ། མཐར་སྟོང་ཚིགས་མཆོད་བསྟོད་དང་། བཤགས་པ་བྱ་བ་ནི། ཁྲོཾ༔ དབང་ཆེན་ཁྲོ་རྒྱལ་སྤྲུལ་པའི་ཚོགས་དང་བཅས༔ བདག་གི་དུག་གསུམ་དབང་གྱུར་མ་རིག་པས༔ ཉེས་ལྟུང་སྡིག་སྒྲིབ་དྲི་མ་ཅི་མཆིས་པ༔ བྱ་ཁྱུང་ཐུགས་དང་འགལ་བ་གང་བགྱིས་པ༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཞེས་བརྗོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་འོད་དུ་ཞུ་བ་བདུད་རྩིའི་རང་བཞིན་དུ་གྱུར། གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དབང་བསྐུར་བ་དང་། ཚོགས་མཆོད་ལ་སོགས་པའོ། །དང་པོ་ནི། ལས་བུམ་སྤྱི་ལྟར་བསྒྲུབ། སློབ་མ་རྣམས་གོས་དཀར་པོ་གོན་ལ་ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད་མཚམས་གཅོད་ལས་བྱང་ཆུང་བ་ལྟར་རམ་སྤྱི་འགྲོ་ལྟར་བཏང་། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྤྱིར་རྒྱལ་བ་རྣམས་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱ་གང་འདུལ་གྱི་ཕྲིན་ལས་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་ཅིང་ངོ་མཚར་བ་ཁོ་ན་ཡིན་ཅིང་། ཁྱད་པར་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོའི་གདུལ་ཞིང་སྙིགས་མ་ལྔའི་མཐར་ཐུག་པའི་སྐབས་སུ་གདུལ་བྱ་མི་བསྲུན་པ་མཐའ་ཡས་པ་ལ་འདུལ་བྱེད་གཉེན་པོ་གཞན་ལས་ཁྱད་པར་དུ་འཕགས་པ་ཤ་སྟག་བྱོན་པའི་ནང་ནས། ཀླུ་གཉན་ས་བདག་གཙོ་བོར་གྱུར་པའི་ལྷ་སྲིན་མ་རུངས་པ་འདུལ་བ་ལ་དཔལ་ཆེན་ཧེ་རུ་ཀ་རྣམས་འཇིགས་བྱེད་ནམ་མཁའ་ལྡིང་གི་སྐུར་སྟོན་པའི་སྒྲུབ་ཐབས་ལས་ཚོགས་མཐའ་ཡས་པ་རྒྱུད་དང་མན་ངག་རྣམས་ལས་བྱུང་ཞིང་། ཁྱད་པར་བོད་ཀྱི་ཡུལ་དུ་སངས་རྒྱས་གཉིས་པ་པདྨཱཀ་རས་ཀླུ་འདུལ་བསྐྱར་ནས་མཛད་པ་མ་གྲུབ་པའི་དབང་གིས། དུས་ཀྱི་མཐའ་མ་ལ་བཙའ་སད་སེར་གསུམ་ཀླུ་གཉན་གྱི་ནད་ཡམས་མི་གཅིག་པ་མང་པོས་སྐྱེ་དགུ་དམྱལ་ཐག་གཅོད་པར་མཁྱེན་ནས། དེ་འདུལ་བ་ལ་མཆོག་ཏུ་བསྔགས་པའི་གཉེན་པོ་ཁྱུང་གི་སྒྲུབ་ཐབས་མི་འདྲ་བ་མང་པོ་མཛད་ནས་གཏེར་ཁ་ཀུན་ལ་ཁྱབ་པར་སྦས་པའི་ནང་ཚན། འདིར་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་ཆོས་སྡེ་ལས་བྱོན་པ། གདུག་པ་འདུལ་བྱེད་ཁྲོ་བོའི་རྒྱལ་པོ། དཔའ་བོ་དབང་ཆེན་ནམ་མཁའ་ལྡིང་གི་དབང་བསྐུར་ཟབ་ཅིང་གཉན་པ་ཉིད་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ བླ་མ་དབང་དྲག་ཧེ་རུ་ཀ༔ ཡོན་ཏན་བྱིན་རླབས་རྨད་པོ་ཆེ༔ ས་བདག་ཀླུ་གཉན་འདུལ་བའི་ཕྱིར༔ ཁྲོ་རྒྱལ་མཁའ་འགྲོ་ཁྱུང་ཆེན་གྱི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། བླ་མས་བཀའ་བསྒོ་བ་ནི། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ དམ་ལ་གནས་ཤིང་བསྒྲུབ་ནུས་སམ༔ དམ་མེད་ལོག་ལྟ་གཡེང་བ་ཅན༔ རྟོག་གཉིས་ཅན་རྣམས་ཕྱིར་དེངས་ཤིག༔ ཅེས་དྲིས་ཤིང་བཀའ་བསྒོས་པའི་ལན་དུ་འདིའི་རྗེས་ཟློས། ཨེ་མ་བླ་མ་དབང་དྲག་ལྷ༔ བདག་ནི་དམ་ལྡན་སྙིང་རུས་ཅན༔ ཅི་གསུང་བཞིན་དུ་བདག་བསྒྲུབ་བགྱི༔ རྒྱུད་རྣམ་པར་དག་པར་བྱ་བའི་ཕྱིར་དུ་ཚོགས་གསག་ཡན་ལག་བདུན་པ་འདི་ཉིད་ཚིག་རྗེས་སུ་དོན་དྲན་པའི་ཏིང་འཛིན་གསལ་ཐོབས་ལ་རྗེས་ཟློས་མཛད་པར་ཞུ། ཧྲཱི༔ བླ་མ་སངས་རྒྱས་བྱང་ཆུབ་སེམས༔ རྒྱལ་སྲས་རང་རྒྱལ་མཁའ་འགྲོ་དང༔ ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་རྣམས༔ འདིར་གཤེགས་བཞུགས་ལ་བྱིན་གྱིས་རློབས༔ རྡུལ་སྙེད་སྤྲུལ་པའི་ལུས་ཀྱིས་སུ༔ ཕྱག་འཚལ་མཆོད་པའི་ཡོ་བྱད་རྣམས༔ ནམ་མཁའི་མཐའ་ཀླས་རབ་བཀང་སྟེ༔ སོ་སོར་དཔག་མེད་དམིགས་ཏེ་འབུལ༔ སྒོ་གསུམ་སྡིག་པའི་ལས་ལ་སོགས༔ རིག་དང་མ་རིག་ཉམས་ཆག་བཤགས༔ མྱ་ངན་འདའ་བཞེད་དམ་པ་རྣམས༔ སེམས་ཅན་མ་ལུས་ཀུན་དོན་དུ༔ ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས༔ སེམས་ཅན་དོན་མཛད་མགོན་པོ་རྣམས༔ རྗེས་སུ་ཡི་རང་མངོན་པར་བསྟོད༔ དུས་གསུམ་ཚོགས་གཉིས་གང་བསགས་པ༔ མ་གྱུར་སེམས་ཅན་དོན་དུ་བསྔོ༔ ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་གསལ་ཐོབས་ཤིག༔ ཧྲཱི༔ ཆོས་ཉིད་རྣམ་དག་བདེ་ཆེན་ངང་ལས་ནི༔ མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར༔ དྲག་པོའི་ཞེ་སྡང་ཧྲཱིཿཡིག་འཕྲོ་འདུ་འབར༔ ཧྲཱིཿལས་འདུ་འཕྲོ་བསྐུལ་དོན་གཉིས༔ ཚུར་འདུས་ཁྱེད་རང་དཔའ་བོ་དབང༔ ཞལ་གསུམ་ཕྱག་ནི་དྲུག་པ་སོགས་ལས་བྱང་མངོན་རྟོགས་ཚང་བ་བརྗོད་ལ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་ཁྲོ་བོའི་ཞིང་རབ་འབྱམས་དང་རི་རབ་རིའི་རྩེ་མོ་ཡེ་ཤེས་འོད་ཟེར་འབར་བའི་གཞལ་ཡས་ཁང་ནས་དབང་དྲག་ཁྲོ་རྒྱལ་ཁྱུང་ཆེན་རིགས་ལྔའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་བརྗོད་ལ་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ། ཀུན་འདུས་གཏོར་མའི་དབང་རྣམས་རིམ་པར་བསྐུར་བ་ལ། དབང་རྫས་རྣམས་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་ཁྲག་འཐུང་མཁའ་ལྡིང་རིགས་ལྔ། རྣམ་པ་དབང་གི་རྫས་སོ་སོར་སྣང་བས། ཁྱེད་རང་རྣམས་ཀྱི་གནས་ལྔར་བྱིན་གྱིས་བརླབས་པ་ཙམ་གྱིས་དུག་ལྔའི་རང་བཞིན་ཀླུ་གདོན་ལྔ་འདུལ་ཞིང་འཇོམས་པའི་ནུས་པ་ཐོབ། ཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད་ཅིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་སྐུ་ཡི་དབང༔ རྒྱལ་རིགས་འདུལ་བའི་དབང་བསྐུར་རོ༔ ཀླུ་རིགས་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་པཀྵྱི་ཁྲོཾ་ག་རུ་ཊཿཙ་ལེ་ཙ་ལེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུའི་དབང་བསྐུར་པས་རྒྱལ་རིགས་ཀྱི་ཀླུ་ཐམས་ཅད་དབང་དུ་འདུས་ཤིང་དམ་ལ་ཐོགས་པར་གྱུར་ཅིག །དེ་ནས་གཏོར། དེ་ནས་ཐོད་པ་མགྲིན་པར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་གསུང་གི་དབང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྲམ་ཟེ་དམར་པོ་འདུལ་བའི་དབང་ཐོབ་ཤོག༔ གོང་གི་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཀླུ་གཉན་ས་བདག་བྲམ་ཟེའི་རིགས་ཐམས་ཅད་འདུལ་བར་གྱུར་ཅིག །དེ་ནས་བུམ་རྫས་ཀྱི་སྨན་སྙིང་གར་བྱུག །རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡོན་ཏན་རབ་བསྔགས་པ༔ ཡེ་ཤེས་བྱ་ཁྱུང་ཐུགས་ཀྱི་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ གདོལ་པ་ནག་པོ་འདུལ་བའི་དབང་ཐོབ་ཤོག༔ སྔགས་ཤམ་དུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ཀླུ་གཉན་ས་བདག་གདོལ་རིགས་ཐམས་ཅད་འདུལ་བར་གྱུར་ཅིག །དེ་ནས་ཁྱུང་ལྔའི་སྨན་ལྕེ་ལ་བཞག་ཅིང་གནས་ལྔར་ཐིག་ལེ་བྱ། ཕུར་བུ་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་བྱ་ཁྱུང་རབ་བསྔགས་པའི༔ བྱ་ཁྱུང་སེར་པོ་ཡོན་ཏན་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ རྗེའུ་རིགས་འདུལ་བའི་དབང་ཐོབ་ཤོག༔ སྔགས་ཤམ་དུ་གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ སྐལ་ལྡན་བུ་ཡིས་རྗེའུ་རིགས་ཀྱི་ཀླུ་དང་ས་བདག་འདུལ་བར་གྱུར་ཅིག །དེ་ནས་ཡུངས་དཀར་འབྲུ་མིད་དུ་བཅུག །ལག་ཏུ་ཐུན་ར་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་ཡོན་ཏན་རབ་བསྔགས་པའི༔ ཡེ་ཤེས་བྱ་ཁྱུང་ཕྲིན་ལས་དབང༔ སྐལ་ལྡན་བུ་ལ་བསྐུར་བ་ཡིས༔ དམངས་རིགས་ལྗང་གུ་འདུལ་བའི་དབང་ཐོབ་ཤོག༔ སྔགས་ཤམ་དུ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ སྐལ་ལྡན་རིགས་ཀྱི་བུ་ཡིས་དམངས་རིགས་ཀྱི་ཀླུ་དང་ས་བདག་ཐམས་ཅད་འདུལ་བར་གྱུར་ཅིག །དེ་ནས་ཀུན་འདུས་གཏོར་དབང་ནི། གཏོར་སྣོད་དབང་དྲག་འབར་བའི་གཞལ་ཡས་ཁང་དུ་གཏོར་མ་ཡེ་ཤེས་ཁྱུང་ཆེན་རིགས་ལྔ་འཁོར་དང་བཅས་པ་བཞུགས་པ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། སྒོ་གསུམ་གྱི་ནད་གདོན་བར་ཆད་ཞི། གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །གཏོར་མ་གནས་ལྔར་བཞག་ལ། ཧཱུྃ་ཁྲོཾ༔ གཏོར་མ་ལྷ་ཡི་གཞལ་ཡས་ཁང༔ བཅུད་བསྡུས་རིགས་ལྔའི་ངོ་བོ་ནི༔ དབང་དྲག་ཡོན་ཏན་བྱ་ཁྱུང་ལྔ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀླུ་རིགས་ལྔ་དང་ས་བདག་ཚོགས༔ གཟའ་དང་འབྱུང་པོ་སྡེ་བརྒྱད་ཀྱི༔ གཉན་པོས་ཁྱོད་ལ་དབང་བསྐུར་པས༔ དབང་དྲག་ཁྱུང་གི་སྐུར་གྱུར་ནས༔ ཁྲོ་རྒྱལ་ཁྱུང་གི་དབང་ཐོབ་ཤོག༔ ཨོཾ་བཛྲ་ག་རུ་ཎཿཧྱ་གྲཱི་བ་ཧཱུྃ༔ པཀྵྱི་སྭཱ་ཧཱ༔ པཀྵྱི་ནཱ་མ་ག་རུ་ཊཿཁྲོཾ་ཁྲེཾ་ཁྲུཾ་ཁྲོཾ་ཁྲེཾ༔ ག་རུ་ཊཿམ་ཧཱ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་དང་བུམ་རྫས་བདུད་རྩི་ངག་ལ་སྦྱིན། ཁྱུང་ལྔའི་སྨན་གནས་ལྔར་བྱུག །ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་དབང་དྲག་བྱ་ཁྱུང་རིགས་ལྔས་དབང་བསྐུར་པས། ལུས་ངག་ཡིད་གསུམ་ཉོན་མོངས་ཤེས་བྱའི་སྡིག་པ་དག་ནས་རིགས་བཞིའི་ཀླུ་དང་ས་བདག་རྒྱལ་བསེན་གཟའ་སོགས་སྡེ་བརྒྱད་ཐམས་ཅད་དབང་དུ་འདུས་ཤིང་དམ་ལ་ཐོགས་པར་གྱུར་ཅིག །ཅེས་དང་། བཀྲ་ཤིས་ཅི་རིགས་པར་བརྗོད། བརྒྱ་རྩ་སོགས་ཚར་གྲངས་གསོག་ན་གཏོར་དབང་ཁོ་ན་གསག །རྐྱེན་སེལ་ལྟ་བུར་སྨིན་བྱེད་རྒྱས་པ་མི་དགོས་པའམ་མི་ལྕོགས་ནའང་བྱིན་འབེབ་ཡན་ཆད་གོང་ལྟར་ལ། དངོས་གཞི་གཏོར་དབང་ཁོ་ན་ཚར་གྲངས་གང་འདོད་བསྐུར་བས་འཐུས་སོ། །དེས་ཡི་དམ་དགོངས་འདུས་རྟ་མཆོག་རོལ་པ་ལས་བྱུང་བའི་དབང་དྲག་ཁྱུང་གི་སྨིན་བྱེད་ཟབ་མོ་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་ལེན་ཕྱིན་ཆད་སྤྱི་ལྟར་བྱའོ། །གཉིས་པ་ལས་བྱང་གི་རྗེས་ཆོག་ཚོགས་མཆོད་སོགས་ནི། གཏེར་སྲུང་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཚོགས་མཆོད་ཡོད་ན་བྱིན་གྱིས་བརླབ་པ་ནི། ཧྲཱི༔ སྐོང་རྫས་ཚོགས་ཀྱི་མ་དག་བསྲེགས་གཏོར་སྦྱངས༔ ཡི་གེ་གསུམ་གྱིས་བྱིན་རླབས་ཡེ་ཤེས་སྐྱེད༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྤྱན་འདྲེན་མཆོད་བཤགས་བསྟབ་པ་ནི༔ ཧྲཱི༔ ཡེ་ཤེས་ལྷ་ཚོགས་འདིར་བྱོན་ཚོགས་ལ་རོལ༔ རྩ་གསུམ་རྒྱལ་བས་ཚོགས་ཕུད་ཡར་བཞེས་ཤིག༔ ཟག་མེད་ག་ཎ་ཚོགས་ཀྱིས་བསྐང་ཞིང་བཤགས༔ བག་ཆགས་འཁོར་བའི་དགྲ་བགེགས་ཞལ་དུ་བསྟབ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ རྡོ་རྗེ་སློབ་དཔོན་ལ་དྲང་བ་ནི༔ ཧྲཱི༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་དང་ལྕམ༔ འདོད་ཡོན་མ་སྤང་ལོངས་སྤྱོད་རྒྱན་དུ་བཞེས༔ ལན་འདེབས་པ་ནི༔ ཧྲཱིཿཧོཿབདག་དང་དབྱེར་མེད་རྩ་གསུམ་དོན་གྱི་ལྷ༔ ཟག་མེད་བདེ་བའི་ཞལ་ཟས་ཚོགས་སུ་རོལ༔ མ་ནུ་སརྦ་ས་མ་ཡ་བཛྲ་ཙིཏྟ་ཧཱུྃ༔ ཞེས་སྨོན་ལམ་བཏབ༔ དེ་ནས་ལྷག་མ་བྱ་བ་ནི༔ ཨ་ཀཱ་རོ་སོགས་ཀྱི་སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ༔ ཧྲཱིཿབྷྱོ༔ རང་ངོ་མ་ཤེས་རྟོག་འཁྱམས་སྒྲིབ་ཅན་ཀུན༔ ཕུད་དང་དཔལ་གྱི་ཕ་འབབ་ལོངས་སྤྱོད་རོལ༔ གསང་སྔགས་བསྟན་དགྲ་ཁ་ཡི་ཟ་སྐལ་གྱིས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་བྷཀྵ་ཡེ་སྭཱ་ཧཱ༔ བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཐབས་ཤེས་སྒྱུ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དབྱིངས་རིག་ཀ་དག་རིག་པའི་ཐུགས་དམ་བསྐུལ༔ དུག་གསུམ་དགྲ་བགེགས་སྐུ་གསུམ་ཀློང་དུ་སྒྲོལ༔ མ་རིག་རྣམ་རྟོག་སྐྱེ་མེད་ངང་དུ་ཟློགས༔ སྭ་བྷཱ་བ་ཕཊ༔ ཆད་མདོ་བརྟན་སྐྱོང་ནི༔ ཧྲཱི༔ ཐོག་མེད་དུས་དང་ད་ལྟ་མ་འོངས་ཚེ༔ སྐུ་གསུམ་བདེ་གཤེགས་སྤྱན་སྔར་རང་མདངས་འཁོར༔ བརྗོད་བྲལ་བློ་འདས་ཆོས་འཁོར་རྟག་བསྐོར་ཚེ༔ རིག་རྩལ་མཁའ་འགྲོ་དམ་ཅན་ཁས་བླངས་བཞིན༔ འཁོར་བ་རུ་ཟློག་ཡེ་ཤེས་དབྱིངས་སྒྲོལ་བའི༔ ཕྲིན་ལས་སྒྲུབ་པའི་མ་མོ་བརྟན་མའི་ཚོགས༔ བཀའ་དང་དམ་ལ་མ་འདའ་ས་མ་ཡ༔ མ་མ་ཡོ་གི་ནི་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི༔ ཧྲཱི༔ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་མཁའ་དབྱིངས་སུ༔ གཉིས་འཛིན་རྟོག་ཚོགས་མ་ལུས་གནོན་པའི་ཕྱིར༔ ཞི་ཁྲོའི་གར་ནི་འཁོར་འདས་དབྱིངས་སུ་སྒྱུར༔ ཀུན་རྫོབ་འཁྲུལ་པའི་གདོན་ཚོགས་ཐལ་བར་རློག༔ སརྦ་སཏྭམྦྷ་ཡ་ནན༔ དབང་གི་སྐབས་སུ་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་བྱ་ཞིང་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་བྱ་ཞིང་མེད་ན་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་ནི༔ ཧྲཱི༔ འདུས་དང་འདུས་བྱས་ཀུན་རྫོབ་དོན་དམ་ཆོས༔ ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་འོ༔ འཁོར་བར་གནས་པའི་མ་གྱུར་སེམས་ཅན་ཀུན༔ མ་ལུས་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག༔ གཤེགས་བསྡུ་ནི༔ ཧྲཱི༔ བདག་དང་དམ་ཚིག་ཡེ་ཤེས་གཉིས་མེད་ལྷ༔ ནམ་ཡང་མི་གཏོང་ཡུན་དུ་བསྟེན་པར་བགྱི༔ ཧྲཱིཿཡིག་ཡེ་ཤེས་ལྔ་ཡི་དོན་ལ་བལྟ༔ སྟོང་གསལ་བརྗོད་བྲལ་རིག་སྐུ་མངོན་སུམ་མཐོང༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ བཀྲ་ཤིས་ནི༔ ཧྲཱི༔ སྐུ་གསུམ་ཡེ་ཤེས་མི་འགྱུར་དོན་གྱི་ལྷ༔ ཞི་དང་ཁྲོ་གར་གསང་སྔགས་རང་སྒྲ་ཅན༔ ཐུགས་རྗེས་མཐའ་ཁྱབ་ཡེ་ཤེས་དཀྱིལ་འཁོར་གྱི༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔ ཅེས་བརྗོད་དོ། །ཐན་ཟློག་སོགས་ལ་ལས་བྱང་གཏང་བར་འདོད་ན་བུམ་པ་སྒྲུབ་མི་དགོས་པ་དང་དབང་གི་བཅའ་གཞི་མི་དགོས་པའི་ཁྱད་པར་སོགས་ཤེས་པར་བྱའོ། །ཉོན་མོངས་རང་མདངས་དུག་གསུམ་གྱི། །གདུག་ཅན་བག་ཉལ་བཅས་པ་ཀུན། །ཡེ་ཤེས་སྟོབས་ཀྱི་ཕྱག་རྒྱས་བཅིལ། །དབང་སྒྱུར་ཆེན་པོའི་གནས་ཐོབ་ཤོག །ཅེས་པའང་དགོངས་པ་འདུས་པའི་ཆོས་མཛོད་ཆེན་པོ་ལ་ཅི་དགར་སྤྱོད་པའི་སྐལ་པ་བཟང་པོ་དང་ལྡན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཉེར་མཁོར་བསྡེབས་པ་དགེ་ལེགས་འཕེལ།། །།
གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་དོན་དབང་མདོར་བསྡུས་པའི་མཚམས་སྦྱོར་རྡོ་རྗེའི་ཕྲེང་བ་ (Volume 13, Text 38)
༄༅། །གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་དོན་དབང་མདོར་བསྡུས་པའི་མཚམས་སྦྱོར་རྡོ་རྗེའི་ཕྲེང་བ་བཞུགས་སོ། ། ན་མོ་གུ་ར་བེ། །དྲན་པས་ཡིད་སྲུབས་སྡེར་བཅས་པ། །འཆིང་མཛད་པདྨ་ཧེ་རུ་ཀ །དངོས་གྲུབ་རྒྱ་མཚོའི་དབྱིངས་ཆེན་པོར། །བཏུད་ནས་དེ་ཡི་དབང་བསྐུར་བྲི། །སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་ཅིང་མཆོད་པ་སོགས་སྔོན་དུ་སོང་ནས། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། མཚམས་སྦྱོར་ཇི་ལྟར་རིགས་པ་ལས་ལོ་རྒྱུས་ཀྱི་ཁྱད་པར། ད་ལམ་འདིར་སྐབས་སུ་བབས་པ་ནི། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའམ། པདྨ་མདོ་སྔགས་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་དུས་མཐར་མཚན་ཙམ་གྱིས་ཀྱང་རྒྱལ་འགོང་དྲེགས་པ་ཅན་ཐམས་ཅད་འདུལ་བ་ལ་པདྨ་དྲག་པོ་ཧེ་རུ་ཀ་དང་གཉིས་སུ་མེད་པ། སྡེ་བརྒྱད་དྲག་རྩལ་གདུག་རྩུབ་ཅན་རྣམས་ཀྱིས་བརྩིགས་པའི་ཁྲི་ལ་བཞུགས་པ། དེ་ཉིད་ཀྱིས་ལི་ཐང་གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་དཀྱིལ་འཁོར་ནས་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ཟད་མི་ཤེས་པས་སྤྱན་དྲངས་པར་མཛད་པའི་ཟབ་ཆོས་གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་དཀྱིལ་འཁོར་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པའི་ཆོས་རྣམས་སྔོན་དུ་སོང་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་འཇུག་ཅིང་སྨིན་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། མཎྜལ་ཕུལ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་དྲག་པོ་དགོངས༔ བདག་ཅག་སྐལ་ལྡན་སློབ་མ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་བྱའི་ཕྱིར༔ པདྨ་དྲག་པོའི་དབང་བསྐུར་སྩོལ༔ ཞེས་ཞུས་པས་དམ་ཆུ་སྦྱིན་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང༔ དེ་བས་གསང་ཆེན་ཐུབ་པར་གྱིས༔ བཛྲ་རཀྵ་སི་སརྦ་ཨི་དནྟེ་ན་ར་ཀན༔ ཞེས་པས་དམ་ལ་བཞག་ནས། སྤྲོ་ན། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ལས་གཞུང་གི་སྐྱབས་སེམས་ལན་གསུམ། དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་དབང་དྲག་རོལ་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡི་གེ་ཧཱུྃ་དམར་པོ་ཡོངས་སུ་གྱུར་པ་ལས་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་དབྱིངས་སུ་འཕྱར་བས་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་པ། གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལས་སྤྲུལ་པའི་ལྕགས་སྡིག་ནག་པོའི་ཕོ་ཉ་འགྱེད་པས་རྒྱལ་བསེན་དྲེགས་པ་ཅན་ཐམས་ཅད་ཚར་གཅོད་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་བཞི་གཙིགས་ཤིང་སྨིན་མ་དང་སྨ་ར་མེར་འབར་བ། ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུག་ཅིང་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། གླང་ཆེན་གྱི་ཀོ་བའི་སྟོད་གཡོགས། ཞིང་ལྤགས་ཀྱི་སྐེད་དཀྲིས། སྟག་ལྤགས་ཀྱི་ཤམ་ཐབས། གདུག་པའི་སྦྲུལ་གྱི་དོ་ཤལ་ལ་སོགས་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་པད་ཉི་དྲེགས་པ་རྒྱལ་བསེན་བསྣོལ་བའི་གདན་གྱི་སྟེང་ན་རོལ་པའི་སྤྱི་བོར་འཇམ་དཔལ་གཤིན་རྗེ་གཤེད། མགྲིན་པར་དབང་ཆེན་རྟ་མགྲིན། ཐུགས་ཀར་གསང་བའི་བདག་པོ། ལྟེ་བར་མཁའ་འགྲོ་སྡེ་ལྔ། གསང་གནས་སུ་ཡཀྴ་མེ་དབལ་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུའི་དབྱིངས་ན་རྫོགས་པར་སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་ཡེ་ཤེས་སེམས་དཔའི་ཚོགས་ཁ་ཆར་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་ཐུགས་མོས་མཛོད། ཧཱུྃ་ཧྲཱི༔ ཨོ་རྒྱན་ཆེ་མཆོག་པདྨ་དྲག་པོ་རྩལ༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ལ༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ བླ་མེད་གསང་ཆེན་རོལ་པའི་ཕོ་བྲང་འདིར༔ དྲག་པོའི་གཞལ་ཡས་ལྷ་རུ་བྱིན་ཆེན་ཕོབ༔ རྩ་སྔགས་མཐར། བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བ༔་ཧོ༔ ཞེས་པས་བྱིན་དབབ། ཏིཥྛ་བཛྲ་ས་མ་ཡས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་བདག་མདུན་དཀྱིལ་འཁོར་པ་རྣམས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པ་བཞིན་དུ་སྩོལ་བྱུང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ནས། བུམ་པ་ཐོགས་ལ། ཧཱུྃ༔ སྐྱེ་མེད་བུམ་པའི་གཞལ་ཡས་ན༔ པདྨ་དྲག་པོའི་ལྷ་ཚོགས་བཞུགས༔ ཐུགས་རྗེའི་ཆུ་ཡིས་དབང་བསྐུར་བས༔ དྲག་པོ་སྐུ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཐོད་པ་བདུད་རྩི་ཐོགས་ལ། ཧཱུྃ༔ ཐོད་པའི་བདུད་རྩི་དམ་རྫས་དང༔ མེ་ལོང་སྔགས་ཀྱི་ཕྲེང་བ་ལས༔ ནུས་པ་སྔགས་ཀྱི་དབང་བསྐུར་བས༔ དྲག་པོ་གསུང་གི་དབང་རྫོགས་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཤེལ་རྡོ་གཏད་ལ། ཧཱུྃ༔ སྟོང་གསལ་མ་འགག་ཤེལ་རྡོ་འདི༔ དྲག་པོ་ཐུགས་ཀྱི་ནུས་པ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྡོ་རྗེ་སྙིང་པོའི་དོན་རྟོགས་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་གཏད་ལ། ཧཱུྃ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ ཆུ་ཟླ་འཇའ་ཚོན་མ་འགགས་པ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་གཏད་ལ། ཧཱུྃ༔ འགྱུར་མེད་གནམ་ལྕགས་རྡོ་རྗེ་འདི༔ དྲག་པོ་པདྨའི་ཕྱག་མཚན་ཏེ༔ གཏད་པ་ཙམ་གྱིས་དྲེགས་པ་ཐུལ༔ སྐལ་ལྡན་འདི་ལ་བརྟན་པར་བཞུགས༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ལྕགས་སྡིག་ཕུར་པ་གཏད་ལ། ཧཱུྃ༔ གཉིས་མེད་རང་གྲོལ་ལྕགས་སྡིག་ནག་པོ་འདིས༔ ང་བདག་གཟུང་འཛིན་སྙིང་ལ་འགེམས༔ རྩལ་རྫོགས་གནམ་ལྕགས་ཕུར་པ་འདི༔ ལོག་འདྲེན་འགོང་པོ་འདུལ་ཕྱིར་གཏད༔ སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ གཙོ་བོའི་སྐུ་གཏད་ལ། ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དཀྱིལ་འཁོར་ལྷ༔ དྲག་པོའི་ལྷ་དབང་ལུས་ལ་བསྐུར༔ འཇིགས་པ་བརྒྱད་སོགས་དུས་མིན་བགེགས༔ ཚེ་ལ་བར་ཆད་མི་འབྱུང་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དུར་ཁྲོད་ཆས་བརྒྱད་གཏད་ལ། ཧཱུྃ༔ བདག་འཛིན་བསྒྲལ་བའི་སྟག་ཤམ་དང༔ ཐེག་ཆེན་གླང་ཆེན་ཀོ་རློན་དབང༔ སྐྱེ་ཤི་རྩད་གཅོད་མགོ་ཕྲེང་དབང༔ དུར་ཁྲོད་ཆས་རྣམས་ཁྱོད་ལ་གཏད༔ སྟོབས་རྩལ་ནུས་པ་ཡོངས་རྫོགས་ཤོག༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲུབ་གཏོར་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ དམ་ཚིག་དྲག་པོ་སྲུང་བའི་གུར༔ ཡེ་ཤེས་འཆི་མེད་བཅུད་དུ་བབ༔ དབང་དྲག་ཚེ་དཔག་མེད་མགོན་གྱི༔ ཡོན་ཏན་ལྷུན་རྫོགས་དབང་ཐོབ་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་མཐའ་རྟེན་དང་། དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱའོ། །རྡོ་རྗེ་དྲག་རྩལ་ཧེ་རུ་ཀའི། །རྡོ་རྗེ་གསུམ་གྱི་དབང་བསྐུར་འདིས། །རྡོ་རྗེ་ཐེག་པའི་སྣོད་ལྡན་རྣམས། །རྡོ་རྗེའི་ཡེ་ཤེས་འགྲུབ་གྱུར་ཅིག །ཅེས་པའང་གཏེར་གཞུང་རྩ་བར་བླ་མ་དམ་པའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་འཇུག་བདེ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །མངྒ་ལཾ།། །།ཛ་ཀ་མཆོག་སྤྲུལ་གསུང་ངོ་། །མཆན།། །།
འཕགས་མ་ནོར་རྒྱུན་ཡབ་ཡུམ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ (Volume 50, Text 38)
འཕགས་མ་ནོར་རྒྱུན་ཡབ་ཡུམ་གྱི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭསྟི། འཕགས་མ་ནོར་རྒྱུན་མའི་སྒྲུབ་ཐབས་འདོད་རྒུའི་སྤྲིན་གྱི་ཏིང་ངེ་འཛིན་ཆེན་པོའི་སྙིང་པོ་ཡབ་ཡུམ་གཙོ་རྐྱང་གི་རྣལ་འབྱོར་ཉམས་སུ་བླང་བར་འདོད་ན། དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོས་ཡིད་རང་དབང་མེད་པར་བསྐྱོད་དེ། ཕན་བདེ་བླ་ན་མེད་པའི་སྡེ་བཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་རང་དབང་བསྒྱུར་བར་འདོད་པའི་བསམ་པས། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞུགས་པའི་སྤྱན་སྔར། ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དཀོན་མཆོག་རྩ་གསུམ་ལྷ་ཚོགས་ལ༔ གུས་པས་སྐྱབས་མཆི་སེམས་ཅན་དོན༔ བླ་མེད་བྱང་ཆུབ་བསྒྲུབ་པར་བགྱི༔ ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་ཚད་མེད་བཞིས་བློ་སྦྱོང་། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལྷ་བསྐྱེད་པ་ནི། ཨ༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ ཟུང་འཇུག་འདུས་མ་བྱས་པའི་དབྱིངས༔ རིག་གདངས་བརྩེ་བའི་སྙིང་རྗེའི་རྩལ༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ རྒྱུ་ཡི་ས་བོན་བཾ་སེར་པོ༔ གསེར་མདོག་ཉི་མ་ལྟ་བུར་ཤར༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ རིན་ཆེན་བཀོད་པའི་ཞིང་ཁམས་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང༔ བཾ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཕགས་མ་ནོར་རྒྱུན་ལྷ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ དགོས་འབྱུང་གང་བའི་འབྲས་བུ་དང༔ གཡོན་པས་སྐྱབས་སྦྱིན་འབྲས་སྙེ་ནི༔ འདོད་རྒུའི་ཆར་འབེབ་རབ་ཏུ་བསྣམས༔ སྣ་ཚོགས་དར་གྱི་ན་བཟའ་དང༔ རྣམ་མང་རིན་ཆེན་རྒྱན་གྱིས་བརྒྱན༔ མཆོག་ཏུ་སྒེག་ཅིང་འཛུམ་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ རང་འོད་ཐབས་མཆོག་ཛམྦྷ་ལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཡུམ་གྱི་མགུལ་ནས་འཁྱུད༔ བཱི་ཛ་པཱུ་རའི་འབྲས་བུ་བསྣམས༔ གཡོན་པས་ནོར་གྱི་རྒྱུན་སྩོལ་བའི༔ ནཻ་འུ་ལེ་ཡི་མགྲིན་པ་གཟུང༔ ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་རྗེས་ཆགས་གཏུམ་པའི་ཉམས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ བྱང་སེམས་བདུད་རྩིས་དབང་བསྐུར་བས༔ ཡེ་ཤེས་རིགས་ལྔའི་ཕྱག་རྒྱས་བཏབ༔ ཨོཾ་ཨཱཿཧཱུྃ༔ ཏྲཱཾ་ཧཱུྃ་ཨོཾ་ཧྲཱིཿཨཱ༔ ཨོཾ༔ བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་ཤྲཱི་སརྦ་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོཾ་ཤྲཱི་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨ༔ པཱ་དྱཾ་པཾ༔ པུཥྤེ་ཏྲཱཾ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ནཻ་བིདྱཱ་ཨཾ༔ ཤབྡ་ཧོ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ དྷརྨ་དྷཱ་ཏུ་ཧོ༔ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡེ་ཧཱུྃ༔ ཨོཾ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེར་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེས༔ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་དཔལ་བེ་འུར༔ བརྟན་གཡོའི་དྭངས་མ་འོད་ལྔའི་ཀློང༔ མི་འགྱུར་ཐུགས་སྲོག་བཾ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་བསལ༔ འཁོར་འདས་འདོད་རྒུའི་དགེ་མཚན་ཀུན༔ ཉི་མ་འཆར་ཀའི་མདངས་ལྟར་བསྡུས༔ ནམ་མཁའི་མཛོད་ལ་དབང་བསྒྱུར་བའི༔ ཡིད་བཞིན་དངོས་གྲུབ་མཆོག་ཐོབ་གྱུར༔ ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱ༔ ཅི་ནུས་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་པའང་ཅི་ནུས་བཟླས། མཐར་བསྡུ་རིམ་ནི། ཐུགས་ཀའི་ས་བོན་འོད་ཟེར་གྱིས༔ འཁོར་འདས་འོད་ཞུ་རང་ལ་འདུས༔ ཐུགས་སྲོག་ནཱ་ད་འོད་གསལ་དབྱིངས༔ མི་དམིགས་སྟོང་པའི་ངང་དུ་ཐིམ༔ ཞེས་བརྗོད་ཅིང་བསམ་ལ་མཉམ་པར་གཞག །སླར་ཡང་རང་ཉིད་ལྷ་ཡི་སྐུ །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ཆེ། །སྣང་གྲགས་རྟོག་པའི་ཆོས་ཇི་སྙེད༔ འཕགས་མའི་གསང་གསུམ་རོལ་པར་ཤར༔ ཞེས་ཐུན་མཚམས་ཀྱི་ལྷ་སྐུར་ལྡངས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ནོར་རྒྱུན་ལྷ་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
བྱང་གཏེར་ནང་སྒྲུབ་བླ་མ་རིག་འཛིན་གདུང་སྒྲུབ་ཀྱི་ཕྲིན་ལས་ཆོག་ཁྲིགས་སུ་བསྒྲིགས་པ་ (Volume 6, Text 38)
༄༅། །བྱང་གཏེར་ནང་སྒྲུབ་བླ་མ་རིག་འཛིན་གདུང་སྒྲུབ་ཀྱི་ཕྲིན་ལས་ཆོག་ཁྲིགས་སུ་བསྒྲིགས་པ་བཞུགས་སོ། །གསུང་རྒྱུན་མ་འོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ནང་གཏོར་མ་ལ་བརྟེན་ཏེ་བླ་མ་མཆོད་པའི་ཕྲིན་ལས་བྱ་བ་ནི༔ གནས་དབེན་པར་མཎྜལ་པདྨ་འདབ་བརྒྱད་དམ་བཅུ་དྲུག་དང་ལྡན་པ་སྒོ་རྒྱན་རྫོགས་པར་བྲི༔ གཏོར་སྣོད་ཡངས་ཤིང་གཙང་བའི་ནང་དུ་གཏོར་མ་རིན་ཆེན་འབར་བ་བཅས་ལ་དཀར་གསུམ་གྱི་རྒྱན༔ མངར་གསུམ་གྱི་བཅུད༔ ཛ་གད་དཔའ་བོ༔ རཀྟ༔ བླ་བྲེ་འཕན་གདུགས་རོལ་མོ་རྣམས་བསག་གོ༔ ཞེས་གསུངས་པས་གཏོར་མ་འབྲིང་བསྡུས་གང་རུང་རྒྱན་དང་ཁ་ཟས་ཀྱིས་སྤྲས་པའི་གཡས་གཡོན་དུ་སྨན་རག །མདུན་དུ་ཉེར་སྤྱོད། གཞན་ཡང་སྲུང་མའི་གཏོར་འབུལ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད། ཆད་བརྟན་རྣམས་འདུ་བྱའོ། །དེ་ནས་རྒྱས་པར་སྒྲུབ་ན་དྲག་པོ་རྩལ་གྱི་སྔོན་འགྲོ་གཟེར་ལྔ་བླ་མའི་རྣལ་འབྱོར་གྱི་བར་དུ་བཏང༔ ཕྱིའི་མཚམས་བཞི་རྒྱལ་ཆེན་བཞི་རུ་བསྐྱེད་ལ་གཞག༔ ཅེས་གསུངས་པས་རྒྱལ་ཆེན་གཏོར་འབུལ་ཡང་དེ་ལྟར་རམ་བཀའ་བརྒྱད་རང་ཤར་གང་བདེ་བྱ། འོན་ཀྱང་བསྙེན་སྒྲུབ་ལྟ་བུའི་སྐབས་ལས་ཚེས་བཅུའི་ཚོགས་མཆོད་ཙམ་ལ་མ་གྲུབ་ཀྱང་རུང་ངོ་། གཟེར་ལྔ་མི་ལྕོགས་ན་རང་གཞུང་སྐྱབས་སེམས་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ལྔ་འཕྲོས་པས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་མོས་གདུང་གིས་བཏབས་འདི་སྐད་བརྗོད། ཧཱུྃ༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ༔ འོད་གསལ་ཆེན་པོའི་དགོངས་པ་ཅན༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ མི་འབྲལ་རྩེ་གཅིག་དགོངས་པ་ཅན༔ བྱིན་གྱིས་རློབ་ཅིང་བར་ཆད་སེལ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ བརྩེ་གདུང་བྱམས་པའི་དགོངས་པ་ཅན༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ་བྱ། ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་གྱུར། དེ་ནས་བགེགས་གཏོར་གཏང་བ་རང་ཤར་ལྟར་རམ་བསྡུ་ན། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་བས་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་བརླབ། སམྦྷ་ར་ལན་གསུམ་གྱིས་བསྔོ། ནང་གི་མཚམས་བཅད་པ་ནི༔ དང་པོ་ཧཱུྃ་ཞེས་བརྗོད་པས་སྟོང་པ་ཉིད་ཀྱི་ངང་ལ་ཐུན་གཅིག་བཞག༔ དེ་ནས་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས་འདི་སྐད་དོ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ཀུན༔ སངས་རྒྱས་སྤྲུལ་པའི་སྐུ་ཡིས་གང༔ རིག་འཛིན་བླ་མའི་རྣལ་འབྱོར་པས༔ སྔོན་ཚེ་དགྲ་བགེགས་བཏུལ་བ་བཞིན༔ ཕོ་ཉ་མང་པོ་བཀྱེས་ནས་ཀྱང༔ སྟེང་འོག་ཕྱོགས་མཚམས་མཚོན་ཆས་གང༔ བདུད་དང་དམ་སྲི་བསྒྲལ་བར་བྱ༔ གསང་བའི་དཀྱིལ་འཁོར་གཉན་པོ་འདིར༔ བར་ཆད་བྱེད་པའི་འབྱུང་པོ་རྣམས༔ མ་འདུག་རང་རང་གནས་སུ་དེངས༔ ཅི་སྟེ་བཀའ་ལས་འདས་གྱུར་ན༔ ཐལ་བ་བཞིན་དུ་བརླག་པར་བྱ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ སྒྲུབ་པའི་རིག་འཛིན་ཐམས་ཅད་དགོངས་སུ་གསོལ༔ མ་རིག་འཁྲུལ་པའི་ལས་ཀྱི་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང༔ སྒྲུབ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ༔ ལེ་ལོ་གཉིད་རྨུགས་གཡེང་བའི་ལས་ཀྱིས་མནར༔ རིག་འཛིན་གདུང་སོབ་རྣམས་ཀྱི་བརྒྱུད་མ་ཟིན༔ བཀའ་ལས་འདས་པའི་སྤྱོད་པ་ཅི་བྱས་རྣམས༔ བླ་མ་སྐུ་གསུམ་བརྒྱུད་པའི་སྤྱན་སྔ་རུ༔ ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ཞིང་བཤགས༔ བྱིན་དབབ་པ་ནི༔ ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་པ་རྒྱ་ཆེ་ཡངས༔ སེངྒེ་གླང་ཆེན་ཁྲི་བཤམས་དཔངས་རེ་མཐོ༔ ཞི་བ་པདྨའི་གདན་བཏིང་གཟི་བརྗིད་ཆེ༔ ཡེ་ཤེས་ལྷ་མཆོག་བསྒྲུབས་པས་འདུ་འབྲལ་མེད༔ མ་མོ་མཁའ་འགྲོ་མཆོད་པས་དམ་ལ་འདུ༔ རྡོ་རྗེ་སློབ་དཔོན་བཀུར་བས་བྱིན་རླབས་ཆེ༔ ཆོས་སྐྱོང་དམ་ཅན་བསྟེན་པས་མཐུ་སྟོབས་ཆེ༔ མ་གཡེལ་མ་གཡེལ་རིག་འཛིན་སྒྲུབ་པ་རྣམས༔ དཀྱིལ་འཁོར་སྒྲུབ་པའི་རྫས་ལ་བྱིན་གྱིས་རློབས༔ རྣལ་འབྱོར་བདག་ལ་དབང་དང་དངོས་གྲུབ་སྩོལ༔ ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ༔ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ ར་རཀྟ་ས་མནྟ་མཎྜལ་ཧཱུྃ༔ ཧཱུྃ༔ འབྲུ་བཅུད་སྟོང་ལ་སྦྱར་བའི་ཛ་གད་དང༔ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དང༔ ཉོན་མོངས་རྒྱུད་དྲུག་བསྒྲལ་པའི་རཀྟ་དང༔ ཐབས་དང་ཤེས་རབ་སྦྱར་བའི་ཟླ་གམ་དང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ མ་རིག་མུན་པ་སེལ་བའི་སྒྲོན་མེ་དང༔ རིག་འཛིན་སྒྲུབ་པ་རྣམས་ཀྱི་ཚེ་མཆོག་དང༔ ཞལ་ཟས་སྣ་ཚོགས་སྦྱར་བའི་མཆོད་པ་རྣམས༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དང༔ དམ་ཚིག་བསྐང་བའི་རྫས་སུ་བྱིན་གྱིས་རློབས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་ཧོ་སུ་ཁ་ས་མ་ཡ་ཧོ༔ དེ་ནས་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི༔ ཧཱུྃ༔ གཟུང་འཛིན་སྤྲོས་དང་བྲལ་བ་ལས༔ ཞེན་མེད་ཤེས་པ་རང་སོར་གནས༔ མ་བཅོས་རང་མདངས་དེ་བཞིན་ཉིད༔ རང་ལུགས་བསྟན་པ་ཆོས་ཀྱི་སྐུ༔ ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ དེ་ལྟར་གནས་པའི་གསལ་མདངས་ནི༔ རང་བཞིན་འོད་གསལ་ཡེ་ཤེས་ལྔ༔ སོ་སོར་མ་འདྲེས་ས་ལེར་མཐོང༔ རང་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཨ་དྷརྨ་དྷཱ་ཏུ་ཙཀྵུ་མཎྜལ་ཨ༔ ཧཱུྃ༔ མ་རིག་འཁྲུལ་སྣང་འཁོར་བའི་རྒྱུ༔ གཟུང་འཛིན་བརྟས་པས་སྙིང་རེ་རྗེ༔ འགྲོ་བ་རིགས་དྲུག་དྲང་བའི་ཕྱིར༔ ཐུགས་རྗེ་སྤྲུལ་པའི་སྐུ་རུ་བཞེངས༔ ཧཱུྃ་བོ་དྷི་ཙིཏྟ་བཛྲ་ཧཱུྃ༔ ཧཱུྃ༔ འཇིག་རྟེན་ཡུལ་སྣང་འབྱུང་བ་ལྔ༔ སྟེང་འོག་རིམ་པར་ཆགས་པ་ནི༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས༔ རཾ་ལས་བསྐལ་པའི་མེ་ཆེན་འབར༔ ལཾ་ལས་ཆུ་ཡི་རྒྱ་མཚོ་འཁྱིལ༔ སུཾ་ལས་སྲ་མཁྲེགས་གཞལ་ཡས་ཆགས༔ བཾ་ལས་རིན་ཆེན་རི་རབ་བརྗིད༔ ཨེ་ཡཾ་རཾ་བཾ་སུཾ་ལཾ༔ འོག་གི་འབྱུང་བ་ལྔ་ཡི་སྟེང༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང༔ རྣམ་དག་འོད་ལྔའི་ཕོ་བྲང་མཛེས༔ ལྷུན་གྲུབ་རིན་པོ་ཆེ་ཡི་དཀྱིལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཛྙཱ་ན་པདྨ་མཎྜ་ལ་ཧཱུྃ༔ ཧཱུྃ༔ དབུས་ན་པདྨ་འདབ་མ་བཞི༔ ཕྱི་རིམ་པདྨ་འདབ་བརྒྱད་བསྐོར༔ གྲུ་བཞི་སྒོ་བཞི་རྩིག་པ་ལྔ༔ འདོད་ཡོན་ཕ་གུ་དྲྭ་བས་མཛེས༔ དྲྭ་ཕྱེད་མདའ་ཡབ་རྟ་བབ་དང༔ ཆོས་ཀྱི་འཁོར་ལོ་གདུགས་དང་ཏོག༔ རྡོ་རྗེའི་ར་བ་མེ་རིས་བསྐོར༔ རིན་ཆེན་ཕོ་བྲང་གསལ་བར་བསྒོམ༔ རཏྣ་མཎྜལ་ཧཱུྃ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་རིག་འཛིན་ནི༔ པདྨ་འབྱུང་གནས་རྒྱལ་བའི་སྐུ༔ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛད༔ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ༔ སྔགས་པའི་ཆ་ལུགས་མཐིང་ནག་གོས༔ རབ་བྱུང་ཆ་ལུགས་ཆོས་གོས་དམར༔ རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་མཉམ་གཞག་ཀ་པཱ་ལ༔ དབུ་ལ་པདྨའི་སྙན་ཞུ་གསོལ༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ སྤྱི་གཙུག་པདྨ་འདབ་བཞི་ཡི༔ དབུས་སུ་འོད་ལྔའི་ཐིག་ལེ་ལ༔ འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཅན༔ དབུས་སུ་ཉི་ཟླའི་གདན་སྟེང་དུ༔ མགོན་པོ་འོད་མི་འགྱུར་བའི་སྐུ༔ མཐིང་ག་མཚན་དང་དཔེ་བྱད་ལྡན༔ སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ ཀུན་བཟང་ཡུམ་དང་གཉིས་སུ་མེད༔ གཡས་སུ་སངས་རྒྱས་རྡོ་རྗེ་འཆང༔ མཐིང་ག་རྡོ་རྗེ་དྲིལ་བུ་བསྣམས༔ བདག་མེད་ཡུམ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ གཡོན་ན་རྣམ་པར་སྣང་མཛད་མཐིང༔ འཁོར་ལོ་རྩིབས་བརྒྱད་དྲིལ་བུ་བསྣམས༔ དབྱིངས་ཕྱུག་ཡུམ་དང་གཉིས་སུ་མེད༔ ཤར་ཕྱོགས་ཐིག་ལེ་དཀར་པོའི་སྟེང༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར༔ རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམས༔ སངས་རྒྱས་སྤྱན་དང་གཉིས་སུ་མེད༔ ལྷོ་ཕྱོགས་ཐིག་ལེ་སེར་པོའི་སྟེང༔ རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ རིན་ཆེན་འབར་བ་དྲིལ་བུ་བསྣམས༔ མཱ་མ་ཀཱི་དང་གཉིས་སུ་མེད༔ ནུབ་ཕྱོགས་ཐིག་ལེ་དམར་པོའི་སྟེང༔ སྣང་བ་མཐའ་ཡས་སྐུ་མདོག་དམར༔ པདྨ་འདབ་བརྒྱད་དྲིལ་བུ་བསྣམས༔ གོས་དཀར་ཡུམ་དང་གཉིས་སུ་མེད༔ བྱང་ཕྱོགས་ཐིག་ལེ་ལྗང་གུའི་སྟེང༔ དོན་ཡོད་གྲུབ་པ་སྐུ་མདོག་ལྗང༔ རྡོ་རྗེ་རྒྱ་གྲམ་དྲིལ་བུ་བསྣམས༔ སྒྲོལ་མ་ཡུམ་དང་གཉིས་སུ་མེད༔ ཐམས་ཅད་རིན་ཆེན་རྒྱན་དང་ལྡན༔ སྐྱིལ་ཀྲུང་ཉི་ཟླའི་གདན་ལ་བཞུགས༔ དེ་ཡི་ཕྱོགས་བཞི་པདྨའི་སྟེང༔ ཉི་མ་ཟླ་བའི་གདན་སྟེང་དུ༔ ཤར་དུ་དགའ་རབ་རྡོ་རྗེ་དཀར༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམས༔ སྤྲུལ་སྐུའི་ན་བཟའ་ཆོས་གོས་གསོལ༔ རྒྱལ་བ་རིགས་ལྔས་དབུ་ལ་བརྒྱན༔ ཞབས་གཉིས་སྐྱིལ་ཀྲུང་མཛད་དེ་བཞུགས༔ ལྷོ་རུ་འཕགས་པ་འཇམ་དཔལ་ནི༔ དམར་སེར་རལ་གྲི་ཨུཏྤལ་བསྣམས༔ ནུབ་ཏུ་འཕགས་པ་སྤྱན་རས་གཟིགས༔ དཀར་པོ་པདྨ་ཕྲེང་བ་བསྣམས༔ བྱང་དུ་ཕྱག་ན་རྡོ་རྗེ་ལྗང༔ རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམས༔ ཐམས་ཅད་རིན་ཆེན་རྒྱན་དང་ལྡན༔ མོས་ཤིང་དད་པས་བསྒོམ་པར་བྱ༔ གཙོ་བོའི་ཤར་ཕྱོགས་པདྨའི་སྟེང༔ ཉི་མ་ཟླ་བའི་གདན་སྟེང་དུ༔ སྤྲུལ་སྐུ་སྐལ་ལྡན་རྒྱལ་པོ་ཛ༔ ཟབ་ཆེན་ལྗང་དམར་སྐུ་ལ་གསོལ༔ ཕྱག་གཉིས་ཐུགས་ཀར་གླེགས་བམ་བསྣམས༔ དབུ་ལ་དར་དང་རིན་ཆེན་བརྒྱན༔ སྐུ་མདོག་དཀར་པོ་སྐྱིལ་ཀྲུང་མཛད༔ བརྗིད་ལྡན་རྒྱལ་པོའི་སྐུ་རུ་བསྐྱེད༔ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེང༔ རྒྱལ་སྲས་ཨིནྡྲ་བྷཱུ་ཏི་ནི༔ དཀར་པོ་ཟབ་བེར་སྦྲགས་མ་གསོལ༔ དབུ་ལ་དར་སྣའི་ཐོད་དང་ལྡན༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ ཞབས་གཉིས་སྐྱིལ་ཀྲུང་མཛད་པར་བསྐྱེད༔ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེང༔ རིག་འཛིན་ཤྲཱི་སིཾ་ཧ་ནི༔ ཕྱག་གཉིས་མཉམ་གཞག་ཕྱག་རྒྱ་ཅན༔ དབུ་ལ་མཉེན་ཞུ་མཛེས་པར་བརྒྱན༔ སྐུ་ལ་དབང་གི་ཆོས་གོས་གསོལ༔ ཐུགས་རྗེ་ཅན་གྱི་སྐུ་རུ་བསྐྱེད༔ བྱང་ཕྱོགས་པདྨ་ཉི་མའི་སྟེང༔ མཁས་པ་བི་མ་མི་ཏྲ་ནི༔ ཕྱག་གཉིས་མཉམ་གཞག་བུམ་པ་འཛིན༔ སྐུ་ལ་མཉེན་ཞུ་ཆོས་གོས་གསོལ༔ ཨ་ཙརྻ་ཡི་ཆ་བྱད་ཅན༔ ཞབས་གཉིས་སྐྱིལ་ཀྲུང་མཛད་པར་བསྐྱེད༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ སྤྲུལ་པའི་རིག་འཛིན་ཆེན་པོ་བརྒྱད༔ ཐམས་ཅད་སྐུ་མདོག་དཀར་པོ་ལ༔ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལ༔ དབུ་ལ་མཛེས་པའི་མཉེན་ཞུ་གསོལ༔ ཞབས་གཉིས་སྐྱིལ་ཀྲུང་མཛད་པར་བསྐྱེད༔ ཤར་དུ་རིག་འཛིན་ཧཱུྃ་ཀཱ་ར༔ རྡོ་རྗེ་སེམས་དཔའ་གསང་གོས་ནི༔ དུང་མདོག་ཕྱག་རྒྱའི་ཕུ་དུང་ཅན༔ ཐུགས་ཀར་རྡོ་རྗེ་དྲིལ་བུ་བསྣམས༔ ལྷོ་རུ་འཇམ་དཔལ་བཤེས་གཉེན་ནི༔ གཤིན་རྗེ་གཤེད་པོ་གསང་བའི་གོས༔ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅན༔ བེ་ཅོན་ཕྱར་ནས་སྡིགས་མཛུབ་མཛད༔ ནུབ་ཏུ་ནཱ་གཱརྫུ་ན་ནི༔ པདྨ་དབང་གི་གསང་བའི་གོས༔ དམར་སྨུག་ཕྱག་རྒྱའི་ཕུ་དུང་ཅན༔ གསེག་ཤང་བདུད་རྩིའི་ལྷུང་བཟེད་བསྣམས༔ བྱང་དུ་པྲ་བྷ་ཧསྟི་ནི༔ ཕྲིན་ལས་ཕུར་པའི་གསང་གོས་ནི༔ ལྗང་གུ་ཕྱག་རྒྱའི་ཕུ་དུང་ཅན༔ རྡོ་རྗེ་རྒྱ་གྲམ་པུསྟི་བསྣམས༔ ཤར་ལྷོར་དྷ་ན་སཾསྐྲྀ་ཏ༔ དབྱིངས་དང་རིག་པའི་གསང་གོས་ནི༔ སྨུག་ནག་ཕྱག་རྒྱའི་ཕུ་དུང་ཅན༔ ཐོད་པའི་རྔེའུ་ཆུང་བདུད་རྩི་བསྣམས༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་ཆོས༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ དབུ་སྐྲའི་ཐོར་ཅོག་དར་གྱིས་བརྒྱན༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་མཛད༔ ཡུམ་ཆེན་རྣལ་འབྱོར་སྐུ་ལ་འཁྲིལ༔ ནུབ་བྱང་གུ་ཧྱ་ཙནྡྲ་ནི༔ འཇིག་རྟེན་དབང་སྡུད་གསང་བའི་གོས༔ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅན༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ བྱང་ཤར་ཤཱནྟིཾ་གརྦྷ་ནི༔ དྲག་པོ་སྒྲོལ་བའི་གསང་བའི་གོས༔ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅན༔ ཕྱག་མཚན་ཐོག་དང་གྲི་གུག་བསྣམས༔ ཕྱི་རིམ་པདྨའི་གོང་རས་ལ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་དང༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ ཚེ་ལ་དབང་བའི་རིག་འཛིན་དང༔ རྣམ་པར་སྨིན་པའི་རིག་འཛིན་དང༔ རིག་འཛིན་ཐམས་ཅད་བསྐྱེད་ཅིང་བསྒོམ༔ དཀྱིལ་འཁོར་དེ་ཡི་བར་ཁྱམས་ལ༔ དམ་ཚིག་དབང་གི་སློབ་དཔོན་དང༔ མན་ངག་ལུང་གི་སློབ་དཔོན་དང༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་དང༔ ཉམས་ཆག་སྐོང་བའི་སློབ་དཔོན་དང༔ མཁའ་འགྲོ་རིགས་ལྔ་དཔའ་བོ་ལྔ༔ རིགས་བཞི་གིང་བཞི་བསྐྱེད་པར་བྱ༔ དཀྱིལ་འཁོར་དེ་ཡི་ཕྱོགས་བཞི་རུ༔ ཏ་ཀྲྀཏ་བཞི་དང་སྒོ་མ་བཞི༔ ཕྱི་རུ་རྒྱལ་ཆེན་སྡེ་བཞི་བསྐྱེད༔ དེ་ནས་དབང་བསྐུར་བྱིན་བརླབ་བྱ༔ ཧཱུྃ༔ ཀུན་ཏུ་བཟང་པོའི་ཐུགས་ཀ་ནས༔ འོད་ལྔའི་ཟེར་ལས་ཡིག་འབྲུ་རྣམས༔ ཆར་བཞིན་བབས་པས་དབང་བསྐུར་རོ༔ ཆོས་སྐུའི་ས་བོན་ཡི་གེ་གསུམ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ལོངས་སྤྱོད་རྫོགས་སྐུའི་ཡི་གེ་ལྔ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ སྤྲུལ་སྐུའི་ཡི་གེ་ལྔ་བཅུ་ཡི༔ སྣ་ཚོགས་དོན་བྱེད་དབང་བསྐུར་རོ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨ་ཨཱཿ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྤྱན་དྲང་བ་ནི༔ སྙན་པའི་དབྱངས་དང་རོལ་མོ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཀུན་བཞི་མ་བཅོས་ཡེ་སངས་རྒྱས༔ ཡེ་ཤེས་ལྔ་ཡི་འོད་དང་ལྡན༔ ཐོག་མའི་སངས་རྒྱས་འོད་མི་འགྱུར༔ རིགས་བདག་ཆེན་པོ་རྡོ་རྗེ་འཆང༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་དང༔ ལྷུན་གྱིས་གྲུབ་པའི་རིག་འཛིན་རྣམས༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་དགའ་ལྡན་བརྩེགས༔ ཐུགས་རྗེའི་དབང་གིས་སྐུར་བཞེངས་པའི༔ འཕགས་པ་འཇམ་དཔལ་སྤྱན་རས་གཟིགས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ རིག་འཛིན་ཆེན་པོ་རྡོ་རྗེ་ཆོས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང༔ ལྷ་དང་ཀླུ་དང་གནོད་སྦྱིན་དང༔ མི་ཡི་རིག་འཛིན་འཁོར་དང་བཅས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་ཟ་ཧོར་ཡུལ༔ འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ༔ ཤཱཀྱ་ཐུབ་པའི་རྒྱལ་ཚབ་མཆོག༔ གསང་བའི་བདག་པོས་བྱིན་བརླབས་པའི༔ མཚན་མ་བདུན་མཐོང་ལུང་བསྟན་ཐོབ༔ གླེགས་བམ་པུསྟིའི་ཆར་པ་བབས༔ དེ་ཕྱིར་སྐལ་ལྡན་རྒྱལ་པོ་ཛ༔ བསྟན་པ་མཐའ་རྒྱས་མངོན་སངས་རྒྱས༔ བདག་ཀྱང་ཁྱེད་ཀྱི་གདུང་སོབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ སྤྲུལ་སྐུ་རྒྱལ་པོ་དེ་ཡི་སྲས༔ འཇིག་རྟེན་ཁམས་ལ་མངའ་མཛད་པའི༔ མཁའ་འགྲོ་སྡེ་ལྔས་དབང་བསྐུར་བའི༔ རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས༔ བསྟན་པའི་མངའ་བདག་འགྲོ་བའི་མགོན༔ རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས༔ བདག་ཀྱང་ཁྱེད་ཀྱི་གདུང་སོབ་ཀྱིས༔ བྱིན་གྱིས་རློབ༴ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བྷུདྡྷའི་ཕོ་བྲང་དགུ་རིམ་དུ༔ ཆོས་རྣམས་ཀུན་གྱི་སྙིང་པོའི་དོན༔ མ་ལུས་ཐུགས་སུ་ཆུད་པ་ཡི༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ ཤྲཱི་སིཾ་ཧ་ཞེས་སུ་གྲགས༔ སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ༔ གཤེགས་ནི་ཆོས་ཀྱི་དབྱིངས་སུ་གཤེགས༔ བདག་ཀྱང་ཁྱེད༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ༔ དཔལ་ཆེན་ཁྲག་འཐུང་ཐུགས་ཀྱི་སྲས༔ ཡབ་དང་ཡུམ་མེད་བརྡ་ཡིས་བྱོན༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཇིག་རྟེན་ཐམས་ཅད་འོད་ཀྱིས་བཀང༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད༔ འཆི་མེད་ཚེ་ཡི་རིག་འཛིན་མཆོག༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ ཕྱི་ནང་ཐེག་པ་མ་ལུས་པའི༔ ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུད༔ མཁས་པ་ཆེན་པོར་ཡོངས་སུ་གྱུར༔ བི་མ་མི་ཏྲ་ཞེས་སུ་གྲགས༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ སངས་རྒྱས་སྟོང་གི་ཕྲིན་ལས་མཛད༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ སློབ་དཔོན་ཆེན་པོ་ཧཱུྃ་ཀཱ་རས༔ ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་སིཾ་ཧའི་ཡུལ༔ སྐུ་ལ་རྫོགས་པའི་དུར་ཁྲོད་དུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས༔ གཤིན་རྗེ་གཤེད་ཀྱི་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་བལ་པོའི་ཡུལ༔ ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ༔ སློབ་དཔོན་ནཱ་གཱརྫུ་ན་ཡིས༔ པདྨ་དབང་གི་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་ཟ་ཧོར་ཡུལ༔ ལངྐ་བརྩེགས་པའི་དུར་ཁྲོད་དུ༔ སློབ་དཔོན་པྲ་བྷ་ཧསྟི་ཡིས༔ ཕྲིན་ལས་ཕུར་པའི་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་ས་ལའི་ཡུལ༔ གསང་ཆེན་རོལ་པའི་དུར་ཁྲོད་དུ༔ སློབ་དཔོན་དྷ་ན་སཾསྐྲྀ་ཏས༔ སྲིད་པ་མ་མོའི་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ༔ པདྨ་བརྩེགས་པའི་དུར་ཁྲོད་དུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ སློབ་དཔོན་གུ་ཧྱ་ཙནྡྲ་ཡིས༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཡུལ་གྱི་མིང་ནི་ལི་ཡི་ཡུལ༔ ལང་ཀ་བརྩེགས་པའི་དུར་ཁྲོད་དུ༔ སློབ་དཔོན་ཤཱནྟིཾ་གརྦྷ་ཡིས༔ བདུད་དཔུང་འདུལ་བའི་དངོས་གྲུབ་བརྙེས༔ བདག་ཀྱང༴ བྱིན་གྱིས༴ ཧཱུྃ༔ ཀ་དག་ལྷུན་གྲུབ་དགོངས་པ་ཡིས༔ དགོངས་པ་མཐར་ཕྱིན་དངོས་གྲུབ་བརྙེས༔ ཚེ་ལ་དབང་བའི་རིག་འཛིན་རྣམས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ རྒྱལ་བའི་བཀའ་བཞིན་སྒྲུབ་པ་ཡིས༔ ས་དང་ལམ་ལ་རབ་གནས་པའི༔ རྣམ་པར་སྨིན་པའི་རིག་འཛིན་རྣམས༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བཞིན་འོད་གསལ་ཆེན་པོའི་ཕོ་བྲང་འདིར༔ རྣམ་དག་པདྨ་འོད་ཀྱི་གདན་སྟེང་དུ༔ རིག་འཛིན་རྣམ་བཞི་བླ་མ་བརྒྱུད་པ་རྣམས༔ བདག་ལ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་བཛྲ༔ དེ་ནས་ཕྱག་མཆོད་ནི༔ ཧཱུྃ༔ རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ གཞི་ནས་རང་བྱུང་རིག་པའི་དོན་རྟོགས་པའི༔ རང་བཞིན་རྣམ་དག་བླ་མ་ཆོས་ཀྱི་སྐུ༔ ཀུན་བཟང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ རྒྱལ་བའི་ཐུགས་ལས་འགྲོ་དོན་མཛད་པའི་ཕྱིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ སྤྲུལ་པ་འཇིག་རྟེན་འདུལ་བའི་དོན་དུ་བསྟན༔ མཆོག་གི་སྤྲུལ་པ་ལྔ་ལ་ཕྱག་འཚལ་ལོ༔ ཐུགས་རྗེའི་དབང་གིས་འཇིག་རྟེན་འདིར་བྱོན་ནས༔ གདུལ་བྱའི་སྟོབས་ཀྱིས་ཕྲིན་ལས་སོ་སོར་མཛད༔ རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པའི༔ རྣལ་འབྱོར་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ༔ གྲུབ་པའི་གནས་ཆེན་བཞུགས་གནས་སོ་སོ་ནས༔ རྒྱལ་བའི་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ འབྲས་བུ་གྲུབ་པའི་ས་ལ་རབ་ཏུ་གནས༔ རིག་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ན་མ་ཡ་ཏི༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནི༔ སངས་རྒྱས་ཀུན་གྱི་ཐོག་མ་ཡིན༔ དེ་ལ་མཆོད་པ་འབུལ་བ་ནི༔ རིག་པ་རང་བྱུང་དྭངས་པ་ལ༔ ཡེ་ཤེས་ལྔ་ཡི་བཀྲག་མདངས་འཚེར༔ འཛིན་མེད་མཆོད་པ་ཆེན་པོ་འབུལ༔ ཀུན་བཟང་མཆོད་སྤྲིན་སྣ་ཚོགས་ཀྱིས༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན༔ བཞུགས་པའི་སངས་རྒྱས་མཉེས་གྱུར་ཅིག༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ རང་བཞིན་དག་པའི་ཞིང་ཁམས་ན༔ བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས༔ འགྲོ་དོན་མཛད་པ་ཐམས་ཅད་ལ༔ ཟུང་འཇུག་བདེ་ཆེན་མཆོད་པ་འབུལ༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ གདོད་ནས་དག་པའི་དམ་ཚིག་རྫས༔ ཡེ་ཤེས་ལྔ་ཡི་བདུད་རྩི་དང༔ འབྲུ་བཅུད་ཛ་གད་དཔའ་བོ་དང༔ བ་ལིཾ་ཏ་ཡི་གཏོར་མ་དང༔ དམར་མདངས་སྐྱེ་མེད་རཀྟ་དང༔ དངོས་གྲུབ་ཞལ་ཟས་སྣ་ཚོགས་ཀྱིས༔ བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཡི་ཐུགས་དམ་བསྐང༔ མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༔ དཔའ་བོ་རྣལ་འབྱོར་མ་རྣམས་ཀུན༔ ཐུགས་དམ་གཏོར་མས་བསྐངས་གྱུར་ཅིག༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་བདུད་རྩིའི་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ རྐྱེན་དང་བར་ཆད་ཕྱིར་ལ་ཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་རྟགས་བསྟོད་བྱ་བ་ནི༔ ཧཱུྃ༔ སྐུ་གསུང་ཐུགས་རྫོགས་པདྨ་འབྱུང་གནས་ནི༔ རྒྱལ་བའི་གདུང་སོབ་འཁོར་བའི་གཡུལ་ངོ་ཟློག༔ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་མཛད་པ༔ སྤྲུལ་སྐུ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ རྒོད་ཀྱི་རྩེ་ལྡེམ་དབུ་ལ་བཙུགས་པ་ནི༔ སྒྲུབ་པ་མཐར་ཕྱིན་ཡེ་ཤེས་རྒྱས་པའི་རྟགས༔ དཔལ་ཆེན་ཤྭ་བའི་དབྱིབས་ཞུ་གསོལ་བ་ནི༔ ཐེག་ཆེན་ལྟ་བའི་དོན་དང་ལྡན་པའི་རྟགས༔ དབུ་སྐྲའི་ཐོར་ཚུགས་གྱེན་དུ་བཅིངས་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྟགས༔ སྤྱན་གསུམ་དྲག་པོས་འགྲོ་ལ་གཟིགས་པ་ནི༔ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པའི་རྟགས༔ འཛུམ་པའི་ཞལ་རས་མདངས་དང་ལྡན་པ་ནི༔ བྱམས་དང་སྙིང་རྗེས་འགྲོ་བ་འདྲེན་པའི་རྟགས༔ ཟ་འོག་བེར་ཆེན་སྐུ་ལ་གསོལ་བ་ནི༔ སྒྲུབ་པ་བཀའ་བརྒྱད་སྐུ་ལ་རྫོགས་པའི་རྟགས༔ ལེ་བརྒན་དམར་པོའི་ཆོས་གོས་གསོལ་བ་ནི༔ ཚུལ་ཁྲིམས་རྣམ་དག་སྡོམ་དང་ལྡན་པའི་རྟགས༔ བརྗིད་པའི་བེར་ཆེན་སྐུ་ལ་གསོལ་བ་ནི༔ སྲིད་གསུམ་འགྲོ་བ་ཟིལ་གྱིས་གནོན་པའི་རྟགས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས་པ་ནི༔ ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་པའི་རྟགས༔ ཕྱག་གཡོན་བདུད་རྩིའི་ཐོད་པ་བསྣམས་པ་ནི༔ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགས༔ ཁ་ཊྭཱཾ་རྩེ་གསུམ་སྐུ་ལ་བརྟེན་པ་ནི༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགས༔ མི་འགྱུར་ཞབས་གཉིས་སྐྱིལ་ཀྲུང་མཛད་པ་ནི༔ ཆོས་ཀྱི་སྐུ་ལ་འདུ་འབྲལ་མེད་པའི་རྟགས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི༔ འཁོར་བའི་ཉོན་མོངས་གཡུལ་ངོ་ཟློག་པའི་རྟགས༔ དྲག་པོའི་ཧཱུྃ་རིང་ཧཱུྃ་ཐུང་སྒྲོག་པ་ནི༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས༔ འཇའ་ཡི་གུར་ཕུབ་འོད་ཟེར་འཕྲོ་བ་ནི༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་བ་འདྲེན་པའི་རྟགས༔ སངས་རྒྱས་འདུས་པའི་རྒྱལ་སྲས་པདྨ་འབྱུང༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་མཛད་པའི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔ྄་བཟླ་བའི་ཐོག་མར་གསོལ་འདེབས་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤར༔ རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངང༔ ཆོས་སྐུ་ཀུན་ཏུ་བཟང་པོས་བྱིན་གྱིས་རློབས༔ ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་འོད༔ སྐུ་ལྔ་གསལ་འཚེར་བཀྲག་དང་གཟི་མདངས་ལྡན༔ ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པ་པོ༔ ལོངས་སྐུ་རྒྱལ་བ་རིགས་ལྔས་བྱིན་གྱིས་རློབས༔ ཐུགས་རྗེ་རྒྱུན་ཆད་མེད་པར་ཐབས་ཀྱིས་བཞེངས༔ ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་དུ་གྱུར༔ སྲིད་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ རིགས་གསུམ་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབས༔ རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང༔ དམིགས་གཏད་མེད་པའི་ལྟ་བ་མཁའ་ལྟར་དག༔ སྐྱེ་འགག་མེད་པས་འཛིན་པ་རང་སར་གྲོལ༔ དགའ་རབ་རྡོ་རྗེའི་ལྟ་བས་བྱིན་གྱིས་རློབས༔ བློ་བྲལ་ཡངས་པའི་ཏིང་འཛིན་འཕེལ་འགྲིབ་མེད༔ ཉོན་མོངས་རླབས་དང་བྲལ་བའི་མི་གཡོ་བ༔ དམིགས་མེད་རང་རིག་ངོ་བོར་ཡེ་རེ་གནས༔ ཤྲཱི་སིཾ་ཧའི་སྒོམ་པས་བྱིན་གྱིས་རློབས༔ འཛིན་ཆགས་མེད་པས་སྣང་སྲིད་ཐམས་ཅད་གྲོལ༔ ཐོག་རྡུགས་མེད་པས་ཅི་ལའང་ཉམ་མི་ང༔ བླང་དོར་མེད་པས་རོལ་པ་ཆེན་པོའི་ངང༔ རྒྱལ་པོ་ཛ་ཡི་སྤྱོད་པས་བྱིན་གྱིས་རློབས༔ ཟག་མེད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལ༔ ཡེ་ཤེས་ལོངས་སྐུ་མཚན་དཔེས་རབ་བརྒྱན་པའི༔ འཁོར་འདས་གཉིས་མེད་རང་རིག་སེམས་ལ་རྫོགས༔ ཨིནྡྲ་བྷཱུ་ཏིའི་འབྲས་བུས་བྱིན་གྱིས་རློབས༔ མཉམ་ཉིད་དགོངས་པ་རྣམ་པར་དག་པ་ལས༔ ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་འོད༔ ཡེ་ཤེས་རང་གསལ་འགག་པ་མེད་པར་གསལ༔ པདྨ་འབྱུང་གནས་ཐུགས་རྗེས་བྱིན་གྱིས་རློབས༔ འཁོར་བ་ཐམས་ཅད་རིག་ན་སངས་རྒྱས་ཏེ༔ མ་རིག་འཁྲུལ་པའི་རྩོལ་བ་བྲལ་བས་སངས༔ གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང༔ མཁས་པ་བི་མ་མི་ཏྲས་བྱིན་གྱིས་རློབས༔ ཐུགས་ཀྱི་རིག་འཛིན་རྡོ་རྗེ་སེམས་དཔའི་སྲས༔ ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ༔ སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་མཛད་པ༔ སློབ་དཔོན་ཧཱུྃ་ཆེན་ཀཱ་རས་བྱིན་གྱིས་རློབས༔ སྐུ་ཡི་རིག་འཛིན་རྣམ་སྣང་མཛད་ཀྱི་སྲས༔ རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི༔ སློབ་དཔོན་འཇམ་དཔལ་བཤེས་ཀྱིས་བྱིན་གྱིས་རློབས༔ གསུང་གི་རིག་འཛིན་སྣང་བ་མཐའ་ཡས་སྲས༔ ཀ་ལ་པིངྐ་ལྟ་བུར་སྒྲ་དབྱངས་སྙན༔ ཞི་བ་བྱམས་པས་འགྲོ་བའི་དོན་མཛད་པའི༔ སློབ་དཔོན་ནཱ་གཱརྫུ་ནས་བྱིན་གྱིས་རློབས༔ ཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་སྲས༔ འཇའ་ཚོན་ལྟ་བུར་ཕྲིན་ལས་མ་འདྲེས་གསལ༔ ལས་བཞི་ལྷུན་གྱིས་གྲུབ་པས་འགྲོ་དོན་མཛད༔ སློབ་དཔོན་པྲ་བྷ་ཧསྟིས་བྱིན་གྱིས་རློབས༔ དབྱིངས་དང་རིག་པ་དབྱེར་མེད་བདེ་བའི་སྲས༔ ཐབས་ཀྱི་རང་བཞིན་རྩ་རླུང་རྣམ་པར་དག༔ ཤེས་རབ་རང་བཞིན་མཚན་མ་སྤྲོས་དང་བྲལ༔ དྷ་ན་སཾསྐྲྀཏ་ཡིས་བྱིན་གྱིས་རློབས༔ འཆི་མེད་གྲུབ་པ་ཚེ་དཔག་མེད་ཀྱི་སྲས༔ ས་དང་ལམ་ལ་སྦྱངས་ནས་འབྲས་བུ་ཐོབ༔ རང་བཞིན་ལྷུན་གྱིས་གྲུབ་པའི་དགོངས་པ་བརྙེས༔ ཚེ་དབང་རིག་འཛིན་ཆེན་པོས་བྱིན་གྱིས་རློབས༔ ནུས་པ་ཐོགས་མེད་ཕྱག་ན་རྡོ་རྗེའི་སྲས༔ རྫུ་འཕྲུལ་སྟོབས་ལྡན་སྡེ་བརྒྱད་བྲན་དུ་ཁོལ༔ ཀུན་ལ་དབང་བསྒྱུར་འཁོར་འདས་ས་ལེར་གཟིགས༔ རོམྦུ་གུ་ཧྱ་ཙནྡྲས་བྱིན་གྱིས་རློབས༔ དྲག་སྔགས་མངོན་གྱུར་སྟོབས་ལྡན་ནག་པོའི་སྲས༔ མཐུ་རྩལ་ཆེན་པོ་གནམ་ལྕགས་ཐོག་ལྟར་འབེབ༔ ཞིང་བཅུ་ཚར་གཅོད་སྒྲོལ་ལམ་ཐབས་ལ་མཁས༔ སློབ་དཔོན་ཤཱནྟིཾ་གརྦྷས་བྱིན་གྱིས་རློབས༔ པདྨ་འབྱུང་གནས་ཐུགས་རྗེས་བྱིན་བརླབས་པས༔ རྡོ་རྗེ་ཕག་མོ་ཡུམ་གྱི་སྲས་མཆོག་སྟེ༔ རྡོ་རྗེ་བདུད་འཇོམས་སྐུ་ཡི་སྤྲུལ་པ་པོ༔ སྤྲུལ་སྐུ་རིག་འཛིན་ཆེན་པོས་བྱིན་གྱིས་རློབས༔ རྒྱལ་བའི་གདུང་འཛིན་སྙིགས་དུས་འགྲོ་བའི་དཔལ༔ ལས་ཅན་རྣམས་ལ་གསང་སྔགས་སྙིང་པོའི་དོན༔ ཅིག་ཆར་སྟོན་མཛད་སྲས་ཡུམ་སློབ་བརྒྱུད་ཀྱི༔ རིག་འཛིན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས༔ སྐུ་གསུམ་བརྒྱུད་པའི་བླ་མ་དམ་པ་རྣམས༔ ཆོས་ཀྱི་དབྱིངས་ནས་བདག་ལ་བརྩེར་དགོངས་ལ༔ ཐུགས་རྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལ༔ མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་ཕྱི་ལྟར་གསོལ་འདེབས་ཀྱི་ཚུལ་དུ་བཟླ་བ་ནི༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་རྩེ་གཅིག་གུས་པས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པར་བསམས་ལ། ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང༔ རིགས་ལྔ་དགའ་རབ་རྡོ་རྗེ་དང༔ རིགས་གསུམ་མགོན་པོ་རྣམས་ཀྱི་ནི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ འོད་ཟེར་དཀར་དམར་མཐིང་ག་འཕྲོས༔ བདག་སོགས་སྤྱི་བོ་མགྲིན་པ་དང༔ སྙིང་གར་ཐིམ་པས་སྐུ་གསུང་ཐུགས༔ བྱིན་རླབས་ཞུགས་པས་ལུས་ངག་ཡིད༔ སྡིག་སྒྲིབ་ཉམས་ཆག་མ་ལུས་དག༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླའོ། །ནང་ལྟར་འཕྲོ་འདུའི་བཟླས་པ་ནི། ཨོ་རྒྱན་རིག་འཛིན་ལྷ་ཚོགས་ཀྱི༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཟླ་བ་པདྨ་ཉི་ཟླའི་སྟེང༔ སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ལས༔ འོད་ཟེར་དཀར་དམར་མཐིང་ག་འཕྲོས༔ འགྲོ་དྲུག་སེམས་ཅན་ཀུན་ལ་ཕོག༔ སྒྲིབ་གཉིས་མ་ལུས་ཀུན་དག་ནས༔ ཐམས་ཅད་བླ་མའི་སྐུ་རུ་གྱུར༔ ཚུར་འདུས་བླ་མ་ཡི་དམ་ལྷ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སྡིག་སྒྲིབ་མ་ལུས་དག་པར་གྱུར༔ ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླའོ། །གསང་བ་བདེ་ཆེན་གྱི་བཟླས་པ་ནི༔ འཁོར་གྱི་རིག་འཛིན་ཐམས་ཅད་ཀུན༔ ཨོ་རྒྱན་སྐུ་ལ་བསྡུས་ནས་ནི༔ སྐད་ཅིག་ངང་ལ་གནས་འགྱུར་ཚུལ༔ རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ མཐིང་ག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་རྡོར་དྲིལ་ཐུགས་ཀར་འཛིན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར༔ གཡས་པ་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པ་བདུད་རྩི་ཡབ་ལ་སྟོབ༔ ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན༔ འཁྲིལ་སྦྱོར་བདེ་བའི་ཉམས་དང་ལྡན༔ ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང༔ དབུས་སུ་ཧཱུྃ་ཡིག་དམར་པོ་ལ༔ མཐའ་མར་གསང་བའི་སྔགས་ཀྱིས་བསྐོར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ བདེ་སྟོང་ངང་ལས་བཟླས་པ་ཡིས༔ ཧཱུྃ་ལས་འོད་ཟེར་དམར་པོ་འཕྲོས༔ འཁོར་ལོ་བརྒྱུད་ནས་ར་ས་གཡས༔ ཐོན་ནས་ཡུམ་གྱི་གཡོན་དུ་ཞུགས༔ མཁའ་གསང་པདྨར་འོད་འཕྲོས་ནས༔ ཡབ་ཀྱི་གསང་གནས་བརྒྱུད་ནས་ནི༔ ཐུགས་ཀའི་ཧཱུྃ་ལ་ཐིམ་པ་ཡིས༔ བདེ་སྟོང་ངང་ལས་མ་གཡོས་པར༔ བཟླས་པ་བྱ་ཞིང་སྐབས་སུ་ནི༔ འབུད་པ་རླུང་གིས་ཡུམ་ལ་སྤྲོས༔ རྔུབས་དུས་ཡབ་ཀྱི་གསང་གནས་བསྡུ༔ འཛིན་དུས་སྙིང་གར་ཐིམ་པར་བསམ༔ དེ་ལྟར་རླུང་རིག་གཉིས་མེད་དུ༔ སྟེང་རླུང་མནན་ལ་འོག་རླུང་བསྡམ༔ བུམ་ཅན་རླུང་ལ་རབ་ཏུ་འབད༔ སྒྲུབ་གྲོགས་མཚན་ལྡན་ཕྱག་རྒྱ་གཅེས༔ དེ་ལྟར་ཉམས་སུ་བླངས་པ་ན༔ ཚེ་འདི་ཉིད་ལ་མཆོག་ཐོབ་བོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔ མི་མཇེད་འཇིག་རྟེན་ཁམས་སུ་བྱོན༔ མཛད་པ་མཐར་ཕྱིན་མངོན་སངས་རྒྱས༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་སྲས༔ སྐུ་ནི་རྒྱ་མཚོའི་ཀློང་ནས་འཁྲུངས༔ ཕྲིན་ལས་འཛམ་གླིང་ཁྱབ་པར་མཛད༔ ཐུགས་རྗེས་བོད་ཀྱི་ཡུལ་དུ་གཟིགས༔ སྤྱོད་པ་སྲིན་པོའི་ཡུལ་དུ་མཛད༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ སྤྲུལ་པའི་མཆོག་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སིང་ག་ལ་ཡི་ནགས་ཚལ་དུ༔ འཇམ་དཔལ་སྐུ་ཡི་དངོས་གྲུབ་ཐོབ༔ མ་ག་དྷ་ཡི་བྲག་ཕུག་ཏུ༔ པདྨ་གསུང་གི་དངོས་གྲུབ་ཐོབ༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ བདུད་རྩི་ཡོན་ཏན་དངོས་གྲུབ་ཐོབ༔ མ་མོ་རོལ་པའི་དུར་ཁྲོད་དུ༔ རྦོད་གཏོང་མ་མོའི་དངོས་གྲུབ་ཐོབ༔ དཀྱིལ་འཁོར་དྲུག་ལ་མངའ་བརྙེས་པའི༔ གྲུབ་ཐོབ་རྒྱལ་པོ་ཉིད་ལ་བསྟོད༔ ཧཱུྃ༔ དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ རིག་འཛིན་རྒྱལ་བ་རྣམས་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤར༔ རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངང༔ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཐམས་ཅད་མཉམ་ཉིད་ངོ་བོ་ཉིད་ཀྱི་སྐུ༔ གཉིས་མེད་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ གཉིས་སྣང་ཀུན་ཁྱབ་རང་རིག་བྱང་ཆུབ་སེམས༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་དུ་གྱུར༔ འཁོར་བ་ཐམས་ཅད་ཐར་པའི་ལམ་ལ་འདྲེན༔ བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང༔ མཉམ་ཉིད་ཀུན་ཁྱབ་ཕྱོགས་ལྷུང་འཛིན་པ་མེད༔ སྐྱེ་འགག་མེད་པས་རྣམ་རྟོག་རང་སར་གྲོལ༔ ལྟ་བ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ བློ་བྲལ་ཆེན་པོའི་ཏིང་འཛིན་འཕེལ་འགྲིབ་མེད༔ ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བ༔ དམིགས་མེད་ཡེངས་མེད་རང་རིག་ངོ་བོར་གནས༔ སྒོམ་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ འཛིན་ཆགས་མེད་པས་སྣང་སྲིད་ཐམས་ཅད་གྲོལ༔ ཐོགས་རྡུགས་མེད་པས་ཅི་ལའང་ཡ་མི་ང༔ བླང་དོར་མེད་པས་རོལ་པ་ཆེན་པོའི་ངང༔ སྤྱོད་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལ༔ མ་རིག་རྟོག་པའི་དབང་གིས་འཁོར་བར་འཁྱམས༔ རིག་པ་རང་ངོ་ཤེས་ནས་འཁྲུལ་པ་བྲལ༔ གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང༔ འབྲས་བུ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེ༔ ཀ་ལ་པིངྐ་ལྟ་བུར་སྒྲ་དབྱངས་སྙན༔ ཡིད་བཞིན་ནོར་བུ་ལྟ་བུར་དགོས་འདོད་འབྱུང༔ ཐུགས་རྗེ་ཕྱོགས་རིས་མེད་པར་འགྲོ་དོན་མཛད༔ ཕྲིན་ལས་ཐོགས་པ་མེད་པར་སྤྲུལ་པ་འགྱེད༔ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཐོད་ཕྲེང་རྩལ༔ འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲས༔ ད་ལྟར་བཞུགས་པའི་སངས་རྒྱས་སྐུ་ཡི་ཚབ༔ མ་འོངས་སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་བླ་མ་མཆོག༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ སྐབས་འདིར་བཀའ་སྲུང་མཆོད་པ་བཏང་། དེ་ནས་ཚོགས་ཀྱི་ཡོ་བྱད་བཤམས་ལ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་དག་པར་སྦྱང༔ རཾ་ཡཾ་ཁཾ་གིས་སྟོང་པར་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ༔ དེ་ནས་སྤྱན་དྲངས་པ་ནི༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པ་ཡི༔ སངས་རྒྱས་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱོགས་བཅུ་དག་པའི་ཞིང་ཁམས་སོ་སོ་ནས༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི༔ ཡེ་ཤེས་སྤྲུལ་པའི་ཚོགས་རྣམས་གཤེགས་སུ་གསོལ༔ གྲུབ་པའི་ས་དང་ལམ་ལ་རབ་གནས་པའི༔ རིག་འཛིན་རྩལ་འཆང་ཐམས་ཅད་གཤེགས་སུ་གསོལ༔ ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅན༔ བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཧྲཱིཾ་ཧྲཱིཾཿཛ༔ དེ་ནས་ཚོགས་གསུམ་དུ་བཅད་ལ༔ དང་པོ་མཆོད་དེ་འབུལ་བ་ནི༔ ཧཱུྃ༔ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ༔ ཡེ་ཤེས་ལྔ་ཡི་ཚོགས་མཆོད་འབུལ༔ སྤྲུལ་སྐུ་འགྲོ་དོན་མཛད་པ་ཡི༔ རིག་འཛིན་བླ་མའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ མ་མོ་མཁའ་འགྲོ་ཐམས་ཅད་ལ༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལ༔ ཚོགས་དང་གཏོར་མའི་མཆོད་པ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་མཱཾ་ས་ཁཱ་ཧི༔ ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་འབུལ༔ བར་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཆོས་སྐུ་དྲི་མེད་སྤྲོས་བྲལ་ངང་ཉིད་ལས༔ འགྲོ་དོན་སྒྲུབ་ཕྱིར་ཞི་ཁྲོ་གཙོ་དང་འཁོར༔ ཐུགས་རྗེའི་ངང་ལས་སྒྱུ་མའི་སྐུར་བཞེངས་པའི༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཐབས་ཤེས་བདེ་ཆེན་གཉིས་སུ་མེད་པ་ལས༔ མ་འགག་རང་རྩལ་ཡེ་ཤེས་ལས་གྲུབ་ཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ དམ་ཅན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ སེམས་ཅན་མ་རིག་འཁྲུལ་པའི་བློས༔ རྣམ་རྟོག་འཁྲུལ་པའི་དབང་དུ་ཤོར༔ གསང་སྔགས་དཀྱིལ་འཁོར་ཆེན་པོ་ཡི༔ སྒོ་རུ་ཞུགས་ཀྱང་དམ་ལས་འགལ༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ རྩ་གསུམ་བླ་མའི་སྤྱན་སྔར་བཤགས༔ ཚོགས་དང་གཏོར་མ་མ་དག་པ༔ མཁའ་འགྲོ་སྲུང་མའི་སྤྱན་སྔར་བཤགས༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དང༔ རྡོ་རྗེ་སློབ་དཔོན་རྒྱལ་བ་ཞི་ཁྲོའི་ལྷ༔ དུས་གསུམ་བདེ་གཤེགས་སྒྲུབ་པ་དམ་ཚིག་ཅན༔ སྐུ་གསུམ་གདུང་སོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ སློབ་དཔོན་མཆེད་སོགས་སྐུ་སྨད་ངན་སྨྲས་པ༔ ཡི་དམ་ལྷ་དང་ཕྱག་རྒྱ་མ་གསལ་བ༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ལོ་བཤགས༔ ཤེས་བྱ་ལྔ་དང་ཤེས་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རབ་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲོངས༔ ལོག་སྤྱོད་དབང་སོང་དུས་ཀྱི་མཆོད་པ་ཆག༔ སྡོམ་གསུམ་ཐུན་མོང་དམ་ཚིག་ཉམས་པ་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབ༔ ལེགས་བསམས་སྤྱད་ཀྱང་དོན་ལོག་ཐུགས་འགལ་འགྱུར༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགས༔ ཞེས་བཤགས་པར་བྱ་ཞིང་རྒྱུན་བཤགས་ནར་མར་ཡང་ཤིན་ཏུ་ཟབ༔ ཐ་མ་བསྟབ་པ་བྱ་བ་ནི༔ ཟན་ལ་དགྲ་བགེགས་ཀྱི་རུ་པ་བྱས་ལ་ཕྱག་རྒྱ་བཞིས་བཀུག༔ གྷཱ་ཏ་ཡས་གཏུབ༔ ཧཱུྃ༔ ཉོན་མོངས་ལོག་པའི་སེམས་ཅན་ཀུན༔ དགྲ་བགེགས་གཟུགས་ཕུང་ལས་ཀྱིས་གྲུབ༔ བསྟན་པའི་རུ་དྲ་བསྒྲལ་བའི་ཕྱིར༔ མྱུར་མགྱོགས་ཐུགས་རྗེའི་ལྕགས་ཀྱུས་ཁུག༔ རྣོ་མྱུར་ཡེ་ཤེས་མཚོན་གྱིས་བསྒྲལ༔ ཨོཾ་བཛྲ་ཀྲོ་ཏ་སརྦ་ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་རྦད༔ ཧཱུྃ༔ ཤ་ནི་གཏི་མུག་ཆེན་པོ་སྟེ༔ བསྒྲལ་པས་རིག་པའི་ཡེ་ཤེས་འཆར༔ ཁྲག་ནི་འདོད་ཆགས་རང་བཞིན་ཏེ༔ བསྒྲལ་པས་བདེ་བའི་མཆོད་པར་འགྱུར༔ རུས་པ་ཞེ་སྡང་རང་བཞིན་ཏེ༔ བསྒྲལ་པས་ཡེ་ཤེས་རང་ལ་གསལ༔ དུག་གསུམ་བསྒྲལ་པའི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ དམ་ཅན་སྲུང་མའི་ཞལ་དུ་སྟོབ༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་བསྟབས་ཏེ་འབུལ་ལོ༔ རང་ཉིད་ཚོགས་ལ་རོལ༔ དེ་ནས་ལྷག་མ་གཏང་སྟེ༔ བྱིན་གྱིས་བརླབས་ལ༔ ཧཱུྃ༔ སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་དང༔ བར་དུ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ ད་ལྟ་རིག་འཛིན་བདག་ཉིད་ཀྱི༔ བྲན་དང་ཕོ་ཉར་ཁས་བླངས་པའི༔ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང༔ གསང་སྔགས་ཐེག་པའི་བཀའ་སྲུང་རྣམས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ གསང་སྔགས་བསྟན་པ་རྒྱས་པར་མཛོད༔ བདུད་དང་དམ་སྲི་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵེ་བྷྱཿསྭཱ་ཧཱ༔ ཆད་མདོ་བསྒྲག་པ་ནི༔ གཏོར་མ་ཤོད་དུ་ཕབ་ལ་རང་སློབ་དཔོན་པདྨར་གསལ་བས་འདི་སྐད་དོ༔ ཧཱུྃ༔ རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ རྒྱལ་ཚབ་སྤྲུལ་སྐུ་མང་པོ་བྱོན་པ་ཡིས༔ བཀའ་དང་དམ་ལ་བཏགས་པའི་སྲུང་མ་རྣམས༔ དམ་ཚིག་ཚུལ་བཞིན་མཆོད་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྒྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས༔ དམ་ལ་བཏགས་པའི་སྲུང་མ་རྣམས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ༔ ནམ་མཁའི་གཟའ་རྣམས་དམ་ལ་བཏགས༔ རྒྱ་དང་བལ་པོའི་ས་མཚམས་སུ༔ བར་སྣང་ལྷ་རྣམས་དམ་ལ་བཏགས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ གཡའ་རི་གོང་གི་བྲག་ཕུག་ཏུ༔ བདག་ཉིད་ཆེན་མོ་དམ་ལ་བཏགས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཤྭ་ན་མཆེད་བཞི་དམ་ལ་གཏགས༔ བྱང་ཆུབ་རི་ཡི་ཆུ་མིག་ཏུ༔ བསེ་ཡི་ལྷ་མོ་དམ་ལ་བཏགས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མང་ཡུལ་བྱམས་སྤྲིན་ལྷ་ཁང་དུ༔ རྒྱལ་པོ་དཔོན་གཡོག་དམ་ལ་བཏགས༔ དཔལ་མོའི་ལྷ་མཚོ་སྲིན་མཚོ་རུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བྱང་རྒྱུད་བྱང་ལམ་བར་མ་རུ༔ གནོད་སྦྱིན་ཐང་ལྷ་དམ་ལ་བཏགས༔ བྱང་སྟོད་བྱང་སྨད་ས་མཚམས་སུ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང༔ འབྲོག་མོ་ཐམས་ཅད་དམ་ལ་བཏགས༔ གནམ་གྱི་ཤུ་ཐོམ་གུང་སྡོང་དུ༔ ཕོ་བདུད་ཉེར་གཅིག་དམ་ལ་བཏགས༔ མལ་གྲོ་གཟི་ཡི་མཚོ་འགྲམ་དུ༔ ཀླུ་རིགས་རྣམ་ལྔ་དམ་ལ་བཏགས༔ ཧས་པོ་རི་ཡི་རྩ་བ་རུ༔ བོད་ཀྱི་ལྷ་སྲིན་ཐམས་ཅད་ཀུན༔ དམ་ལ་མ་བཏགས་གཅིག་ཀྱང་མེད༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ རྒྱལ་པོ་ཐམས་ཅད་དམ་ལ་བཏགས༔ སྤ་གྲོ་གཅལ་གྱི་བྲག་དམར་དུ༔ སྐྱི་མཐིང་གཡུ་སྒྲོན་དམ་ལ་བཏགས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཁངས་བླངས་བཞིན་དུ་ཕྲིན་ལས་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཟ་ཧོར་ལང་ཀའི་ཡུལ༔ སིངྷ་པ་ལ་ཨོ་རྒྱན་ཡུལ༔ ཁ་ཆེ་བལ་པོ་ལི་ཡི་ཡུལ༔ དུར་ཁྲོད་བརྒྱད་ཀྱི་ལྷ་སྲིན་ཀུན༔ དམ་ལ་མ་བཏགས་གཅིག་ཀྱང་མེད༔ གུམ་གུམ་ཆུམ་ཆུམ་དམ་ལ་འདུས༔ དམ་ཚིག་གཏོར་མ་འདི་ལོངས་ལ༔ སློབ་དཔོན་པདྨའི་ཆོས་རྒྱུད་སྐྱོབས༔ གལ་ཏེ་དམ་ལས་འདས་གྱུར་ན༔ སློབ་དཔོན་པདྨ་འབྱུང་གནས་དེ༔ ཁྲོ་བོ་ཡཀྴ་མེ་དཔལ་ཡིན༔ ཁྱོད་རྣམས་སྙིང་ཁྲག་རྔུབས་ནས་ཀྱང༔ རི་རབ་འོག་ཏུ་གནོན་པར་འགྱུར༔ དེ་བས་དམ་ལ་མ་འདའ་བར༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ས་ནཱ་ག་ཕུ༔ རཀྨོ་ཡཀྨོ༔ ས་མ་ཡ་ན་ར་ཀན་བ་ལིཾ་ཏ་ཁཱ་ཧི༔ རཀྟ་ཁཱ་ཧི༔ ཨ་མྲྀཏ་ཁཱ་ཧི༔ བརྟན་མ་བསྐྱང་བ་ནི༔ ཧཱུྃ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བོད་ཡུལ་བརྟན་མ་བཅུ་གཉིས་དང༔ ཕྱི་གཏོར་དབང་བར་ཁས་བླངས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདུད་དཔུང་ཐུལ་ལ་ཞིང་བཅུ་སྒྲོལ༔ དལ་ཁ་ཆིངས་ལ་འབྲུ་བཅུད་སྤེལ༔ དམག་དཔུང་ཆོམས་ལ་མཚོན་རྩེ་རྟུལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མཱ་ཁ་ཁཱ་ལ་ལཱ་ལེ་ལཻ་ཏ་ཏཱ་ཏེ་ཏཻ་མཱཾ་ས་རཀྟ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ དེ་ནས་དངོས་གྲུབ་བསྐུལ་བ་རྒྱས་པར་ན་དྲག་པོ་རྩལ་ལས། བསྟན་པ་འདི་ལ་སོགས་གཙོ་བོ་ཁོ་ནའི་རྗེས་སུ་རང་གཞུང་ཨིནྡྲ་བྷཱུ་ཏིའི་ཕྲིན་ལས་བཞི་སྦྱོར་གྱི་བསྟོད་པ་སྦྲེལ་བར་སྣང་ཡང་། དཀྱུས་ཙམ་ལ། ཧཱུྃ། རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་སྩོལ༔ འཆི་མེད་ཚེ་དང་མཆོག་གི་དངོས་གྲུབ་སྩོལ༔ ཐུན་མོང་དངོས་གྲུབ་སྣ་ཚོགས་སྒྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཏྣ་གུ་རུ་བཛྲ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་བརྗོད། དེ་ནས་མཆོད་བསྟོད་ནོངས་བཤགས་སྤྱི་མཐུན་བྱས་ལ། བསྡུ་སྡང་ནི༔ ཧཱུྃ༔ ད་ནི་དཀྱིལ་འཁོར་གསལ་བཏབ་ལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ ཡིག་འབྲུ་ཧཱུྃ་ལ་ཧྲིལ་གྱིས་བསྡུ༔ ཧཱུྃ་ཡང་མི་དམིགས་འཇའ་ལྟར་ཡལ༔ དེ་ནས་བདག་ཉིད་ལྷ་རུ་གསལ༔ རྟག་ཆད་གཉིས་ཀྱི་མཐའ་བསལ་ལོ༔ སྨོན་ལམ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་མཆེད་ལ་སོགས༔ སྤྱད་དང་བསྐུལ་དང་ཡི་རང་ལས་བྱུང་བའི༔ བསོད་ནམས་དགེ་ཚོགས་དཔག་མེད་དེ་དག་གིས༔ ཚེ་འདིར་བླ་མེད་བྱང་ཆུབ་འབྲས་ཐོབ་ནས༔ སྐུ་གསུམ་བདེ་ཆེན་ཞིང་དུ་སྤྱོད་བྱེད་ཅིང༔ གཟུགས་སྐུས་འགྲོ་དོན་རླབས་ཆེན་སྤྱོད་པར་ཤོག༔ ཤིས་བརྗོད་ནི༔ ཧཱུྃ༔ དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅན༔ དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོག༔ ཐབས་ཤེས་དབྱེར་མེད་ཟུང་འཇུག་ཡི་དམ་ལྷ༔ དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ འཁོར་འདས་ཆོས་ལ་དབང་བསྒྱུར་མཁའ་འགྲོའི་ཚོགས༔ ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོག༔ ཨེ་མ་ཧོ༔ གདོད་ནས་མ་སྐྱེས་སྤྲོས་དང་བྲལ་བའི་སྐུ༔ སྲིད་ཞི་མཉམ་ཉིད་འཁོར་འདས་ཀུན་གྱི་དཔལ༔ ཀ་དག་སྙིང་པོ་ཆོས་སྐུའི་བཀྲ་ཤིས་ཤོག༔ བྷུདྡྷ་ཐོད་ཕྲེང་སངས་རྒྱས་འདུས་པའི་སྐུ༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང༔ ཐམས་ཅད་ཡོངས་རྫོགས་གྲུབ་པའི་བཀྲ་ཤིས་ཤོག༔ པདྨ་ཐོད་ཕྲེང་སངས་རྒྱས་འདུས་པའི་གསུང༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང༔ སྣང་སྲིད་དབང་དུ་སྡུད་པའི་བཀྲ་ཤིས་ཤོག༔ རྡོ་རྗེ་ཐོད་ཕྲེང་སངས་རྒྱས་འདུས་པའི་ཐུགས༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང༔ མི་མཐུན་རྐྱེན་རྣམས་ཞི་བའི་བཀྲ་ཤིས་ཤོག༔ རཏྣ་ཐོད་ཕྲེང་སངས་རྒྱས་ཡོན་ཏན་དཔལ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག༔ ཀརྨ་ཐོད་ཕྲེང་སངས་རྒྱས་ཕྲིན་ལས་བདག༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང༔ དགྲ་བགེགས་ཚར་གཅོད་དྲག་པོའི་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་རྒྱལ་ཐེབས་ཀརྨ་དང༔ མཆེད་དང་ལྕམ་དྲལ་སྔགས་དང་ཕྱག་རྒྱའི་མཐུས༔ སྤྲུལ་སྐུའི་འགྲོ་འདུལ་ཡོངས་རྫོགས་བཀྲ་ཤིས་ཤོག༔ སརྦ་སིདྡྷི་ཕ་ལ་བྷྲཱུྃ༔ དེ་ནས་དཀྱིལ་འཁོར་བསྡུའོ༔ རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ༔ རིག་འཛིན་གདུང་སྒྲུབ་ཀྱི་ཕྲིན་ལས་རྡོ་རྗེ་གདན་དུ་རིག་འཛིན་རྣམས་བཀའ་བགྲོས་མཛད༔ བོད་ཡུལ་དུ་སློབ་དཔོན་པདྨས་རྒྱལ་པོ་རྗེ་འབངས་བདུན་ལ་གཏད༔ མ་འོངས་པའི་དོན་དུ་ཟང་ཟང་ལྷ་བྲག་གི་སྐད་ལ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ། །མངྒ་ལཾ། ཞེས་རྩ་བའི་གཏེར་གཞུང་མ་བུ་སྤྲད་པའི་ཆོག་ཁྲིགས་མར་གྲགས་པ་ལ་སླར་ཡང་བརྒྱུད་པའི་རིག་འཛིན་རྣམས་ཀྱི་གསུང་སྒྲོས་ལྟར་བསྣན་འོས་རྣམས་དཀྱུས་སུ་བཀོད་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ སྡེ་ལྔ་ལྕམ་དྲལ་གྱི་མཆོད་འཕྲིན་བསམ་དོན་ལྷུན་གྲུབ་ (Volume 28, Text 38)
ྈ བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ སྡེ་ལྔ་ལྕམ་དྲལ་གྱི་མཆོད་འཕྲིན་བསམ་དོན་ལྷུན་གྲུབ་བཞུགས༔ ྈྈྈྈྈྈྈྈྈ སྡེ་ལྔའི་མཆོད་ཐབས་ལ༔ རིན་པོ་ཆེའི་སྣོད་དུ་དཀར་གསུམ་མངར་གསུམ་དང་རིན་པོ་ཆེ་བརྡར་བའི་ཕྱེ་མར༔ དབུས་སུ་དཔལ་མགོན་ཟུར་གསུམ༔ གཡས་སུ་མ་མོའི་གཏོར་མ་ཟུར་གསུམ༔ གཡོན་དུ་གཟའ་གཏོར་ཟུར་གསུམ་གཡས་གཅུས༔ མདུན་དུ་དམ་ཅན་ཟུར་གསུམ་ར་མགོས་མཚན་པ༔ རྒྱབ་ཏུ་རྒྱལ་པོར་གསང་ཕྱི་བཅས་མཐེབ་ཀྱུ་བཞི་གསུམ་གྱིས་བསྐོར་བར་རྒྱན་སྤྲོས་མཛེས་པར་བྱས་པ་བཤམ༔ རང་དཔལ་ཆེན་པོའི་ང་རྒྱལ་གྱིས༔ ཧཱུྃ༔ རྣམ་ཀུན་མཆོག་ལྡན་མཁའ་ཀློང་ནས༔ གདོད་མའི་མགོན་པོ་ཀུན་ཏུ་བཟང༔ རྩལ་མདངས་རིགས་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྒྱུ་འཕྲུལ་རྩ་གསུམ་ལྷ༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ནི༔ གནས་མཆོག་འདིར་གཤེགས་བརྟན་པར་བཞུགས༔ དད་པ་རབ་ཀྱིས་ཕྱག་འཚལ་ལོ༔ བདེ་མཆོག་བདེ་བའི་མཆོད་པ་བཞེས༔ བཀོད་པ་ལུས་ཀྱི་གཞལ་ཡས་འདིར༔ རྩ་རླུང་ཉམས་རྟོགས་ཡེ་ཤེས་སྦོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གྷུ་རུ་དེ་ཝ་ཌཱཀྐི་ནི་ཨརྒྷཾ་ནས༔ ཤབྡ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ འོག་མིན་གཏུམ་དྲག་ཚལ་ཆེན་ནས༔ ཐུགས་རྗེ་དྲག་པོར་རོལ་པའི་ལྷ༔ དཔལ་མགོན་མ་ནིང་ནག་པོ་ཆེ༔ མཐིང་ནག་རབ་ཏུ་ཁྲོས་པའི་སྐུ༔ ཞལ་བསྒྲད་མཆེ་གཙིགས་སྤྱན་གསུམ་གཟིགས༔ ཐོད་སྐམ་རིགས་ལྔའི་དབུ་རྒྱན་རྫོགས༔ སྦྲུལ་ནག་རལ་པ་ས་ལ་བསྙིལ༔ ཕྱག་གཡས་རུ་དར་ནག་པོ་དང༔ གཡོན་པ་སྙིང་ཞགས་དགྲ་ལ་འདེབས༔ དར་ནག་བེར་དང་ཆས་ཀུན་རྫོགས༔ ཙན་དན་བེང་ཆེན་སྐེད་ལ་གཟེར༔ མི་མགོའི་ཕྲེང་བའི་དོ་ཤལ་ཅན༔ པད་ཉི་རུ་ཏྲའི་སྟེང་དུ་འགྱིངས༔ འཁོར་དུ་མགོན་པོ་སྡེ་ལྔས་བསྐོར༔ འདིར་གཤེགས་དམ་ཚིག་རྟེན་ལ་བཞུགས༔ ཕྱི་ནང་གསང་གསུམ་མཆོད་པ་བཞེས༔ བྱང་ཆུབ་སྒྲུབ་པའི་སྟོངས་གྲོགས་མཛོད༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་སྒྲུབས༔ སངས་རྒྱས་བསྟན་པ་རྒྱས་པར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་པཱུ་ཛ་ལ་ཁཱ་ཧི༔ ཧཱུྃ༔ དབུས་ཕྱོགས་མེ་རི་འབར་བ་ནས༔ ཨེ་ཀ་ཙཱ་ཊི་ཁྲོས་མ་ཡུམ༔ སྲོག་སྒྲུབ་མ་དང་རེ་ཏི་མ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ རྫོགས་པ་ཆེན་པོའི་བསྟན་པར་སྲུངས༔ ཚེ་འདིའི་བྱ་བར་ཡིད་ཕམ་ནས༔ ཕྱི་མའི་དོན་སྒྲུབ་རྣལ་འབྱོར་ལ༔ སྒྲུབ་ལ་བར་གཅོད་གདོན་བགེགས་རྣམས༔ ཁྱེད་ཀྱིས་མིང་ཙམ་མེད་པར་བཞེས༔ མ་མ་ཏྲག་རཀྴ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ ཧཱུྃ༔ བར་སྣང་ཡངས་པའི་དཀྱིལ་འཁོར་ནས༔ གཟའ་བདུད་ནག་པོ་དུག་གདོང་ཅན༔ གཟའ་བརྒྱད་གདོང་བཞི་དྲེགས་པའི་ཚོགས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བསྟན་པ་གཉན་བསྲུང་དམ་ཉམས་སྒྲོལ༔ ཟབ་ཆོས་བཀའ་གསང་གཉན་པོ་འདི༔ ཁྱེད་ལ་གཏད་དོ་ཕྲིན་ལས་མཛོད༔ ཨ་རཱ་ཧུ་ལ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧཱི༔ ཧཱུྃ༔ མ་ལ་ཡ་དང་འུ་ཡུག་གླིང༔ དབུ་རུ་ཞྭ་ཡི་ལྷ་ཁང་ནས༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་རྩལ༔ དགེ་བསྙེན་ཉེར་གཅིག་འཁོར་དང་བཅས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བསམ་དོན་མ་ལུས་སྒྲུབ་པར་མཛོད༔ མཆོག་གསང་འོད་གསལ་རྫོགས་པ་ཆེའི༔ རིང་ལུགས་སྨད་ནས་ཐེག་དམན་བསྟོད༔ ཟབ་མོའི་འཇའ་ལུས་ཤིང་རྟའི་སྲོལ༔ སྣུབ་བྱེད་དགྲ་བོ་རྡུལ་དུ་རློགས༔ ཏྲི་བཛྲ་སཱ་དྷུ་ས་མ་ཡ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཚངས་པ་འཕྲུལ་གྱི་གཞལ་ཡས་ནས༔ པེ་ཧར་ཡུམ་མཆོག་ཤཱནྟིང་མ༔ རོལ་པ་རྐྱ་བདུན་རུ་འདྲེན་བཞི༔ འཁོར་ཚོགས་དྲེགས་པའི་དཔུང་དང་བཅས༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད༔ མ་ཧཱ་རཱ་ཛ་པཉྩ་རཀྟ་མ་ཧཱ་བྷ་ལིཾ་ཏ་ཁཱ་ཧི༔ རྡོ་རྗེའི་ཆོས་སྲུང་ཁྱེད་རྣམས་ནི༔ བདག་ཅག་ཡོན་བདག་འཁོར་བཅས་ཀྱིས༔ རེ་ཞིང་ལྟོས་པའི་གཉེན་ཡིན་པས༔ ནད་གདོན་བར་གཅོད་ཀུན་ཞི་ཞིང༔ ཚེ་བསོད་དཔལ་དང་ཉམས་རྟོགས་རྒྱས༔ ལྷ་འདྲེ་མི་གསུམ་དབང་དུ་བསྡུས༔ གནོད་བྱེད་དགྲ་བགེགས་ཆམས་ལ་ཕོབ༔ སྙིང་ཐིག་འཛིན་པའི་སྐྱེས་བུ་ཡི༔ བསམ་དོན་མ་ལུས་ཁྱེད་ཀྱིས་སྒྲུབས༔ མི་ནོར་ཟས་གསུམ་ཁྱེད་ལ་གཉེར༔ སྲུང་སྐྱོབ་མཛོད་ལ་མཐུ་མ་ཆུང༔ ཟབ་གསང་མི་ནུབ་ཕྱོགས་བཅུར་སྤེལ༔ རྒྱལ་ཁམས་བདེ་ཞིང་དུས་དབང་གི༔ མི་མཐུན་རྐྱེན་ངན་ཀུན་ཞི་ནས༔ རྟག་ཏུ་བདེ་ཞིང་སྐྱིད་པ་ཡི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ ཅེས་གཏོར་མ་འབུལ༔ རིག་འཛིན་སྲུང་མ་ཁྱོད་རྣམས་ནི༔ མ་འོངས་བརྒྱུད་འཛིན་སྲུང་མར་བཞུགས༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ མཐུ་དཔུང་སྟོངས་གྲོགས་དཔལ་སྐྱེད་ཅིག༔ ཟབ་གསང་གཉན་རྒྱའི་རྒྱ་རྟགས་བཅས༔ མི་ནུབ་རྡོ་རྗེའི་བྲག་ལ་སྦོས༔ དུས་ལ་བབ་ཚེ་ཟབ་གཏེར་རྣམས༔ བུ་ལ་སྤྲོད་པའི་གྲོགས་མཛོད་ཅིག༔ ས་མ་ཡ༔ ཙིཏྟ་རྒྱ༔ རྒྱ༔ མཆིམས་ཕུ་གུར་དཀར་ཕུག་ནས་མེ་སྟག་ཟླ་བ་བདུན་པའི་ཚེས་བཅོ་བརྒྱད་ལ་སྤྱན་དྲངས་པའོ།། །།
གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་དབང་བསྐུར་བའི་རིམ་པ་རིན་ཆེན་གཏེར་བུམ (Volume 26, Text 38)
༄༅། །གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་དབང་བསྐུར་བའི་རིམ་པ་རིན་ཆེན་གཏེར་བུམ་ཞེས་བྱ་བ་བཞུགས། ། རྟ་སྐད་ཀྱིས་མཚོན་གཞི་ལམ་འབྲས། །དབང་ཆེན་འབར་བའི་དཀྱིལ་འཁོར་དུ། །མངོན་སྣང་བླ་མ་དབང་ཆེན་ལ། །བཏུད་དེ་སྨིན་བྱེད་མདོར་བསྡུས་བཀོད། །དེ་ལ་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི་འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་སྨིན་བྱེད་བསྒྲུབ་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཕྲིན་ལས་བདུད་རྩིའི་བུམ་བཟང་གི་དབུར་འབྱུང་བ་ལྟར་བཤམ་བཀོད་ཚད་ལྡན་དང་། དེ་སྟེང་དབང་ལ་ཉེ་བར་མཁོ་བའི་ཕྲེང་བ་དམར་པོ་དང་རྡོ་རྗེ་རྩེ་ལྔ་པ་རྣམས་བཀོད། གཉིས་པ་དངོས་གཞི་ལ། དབང་དོན་སྒྲུབ་མཆོད་དང་། དབང་དངོས་བསྐུར་བའོ། །དང་པོ་ནི། བརྒྱུད་འདེབས་སོགས་གསོལ་འདེབས་སྔོན་དུ་བཏང་ནས། སྐྱབས་སེམས་ཚོགས་གསག་མཎྜལ་བཅས། སྒྲུབ་གནས་གསར་པ་ཡིན་ན་དཀར་གཏོར་སྤྱི་ལྟར་བསྔོ། གང་ལྟར་ཡང་བགེགས་གཏོར་བྱིན་གྱིས་བརླབས་ལ་སྔགས་ཀྱིས་བསྔོས་ལ། བཀའ་བསྒོ་བགེགས་བསྐྲད་ནས་བཟུང་ལས་བྱང་མཐར་ཆགས་སུ་བཏང་ལ་བདག་མདུན་དབྱེར་མེད་དུ་བསྐྱེད་པ་ལས་ལྷ་བསྐྱེད་སྐབས། ཡེ་ཤེས་མེ་འབར་ཀློང་ན་གསལ༔ ཞེས་པའི་མཚམས་སུ་ལུས་དཀྱིལ་སྦྱར་ཏེ། ཡབ་ཀྱི་ཐུགས་ཀ་ཆོས་ཀྱི་འཁོར་ལོ་སོགས་ལྟར་གསལ་བཏབ་ཅིང་། གཙོ་འཁོར་ཐམས་ཅད་ཀྱི་སོགས་གནས་གསུམ་བྱིན་གྱིས་བརླབ་པའི་བར་སྦྱར་དགོས། བཟླས་པའི་དབུར་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་དང་བཟླས་པ་ཅི་འགྲུབ་དང་། ནང་སྒྲུབ་ལྟར་ཁྱད་པར་གྱི་དམིགས་བཟླས་ཡང་སྦྱར་ལ་དེའི་སྔགས་ཅི་འགྲུབ་བཟླ། བུམ་ལྷ་གསལ་བཏབ་དང་བདུད་རྩི་འབེབ་པའི་དམིགས་པ་ནི། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་དབུས་སུ་ལྷ་ཚོགས་ཐམས་ཅད་རང་འདྲ་བ་ལྟ་བུ་མངོན་སུམ་དུ་བཞུགས་པའི་སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས། གཟུངས་ཐག་ལ་བརྒྱུད་དེ་རང་གི་ཐུགས་ཀར་ཐིམ་པས་ཚེ་དབང་དངོས་གྲུབ་ཐོབ་པར་བསྒོམ་ལ་གཟུངས་ཐག་བཅས་རྩ་བའི་བཟླས་པ་ཡང་ཡང་བྱས་ཏེ་ནུས་ལྡན་དུ་བསྒྲུབས། ཚེ་འགུགས་པའི་དམིགས་པ་དྲག་ཏུ་གཅུན་ཏེ་མདའ་དར་གཡབ་ལ་ཚེ་འགུགས་གྱེར་ཞིང་བདག་མདུན་བསྒྲུབ་རྫས་རྣམས་ལ་ཚེ་བཅུད་བསྡུ། མཆོད་བསྟོད་དང་ནོངས་བཤགས་བྱས་ལ་བུམ་ལྷ་དེ་གར་བཞག །ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་བྱིན་གྱིས་བརླབས། སྲུང་མའི་གཏོར་འབུལ་དང་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་བཏང་ལ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་པར་བྱའོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་ལ་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བཏང་ལ་བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས་ཆོས་བཤད་ཅི་ལྟར་རིགས་པ་རྒྱས་པར་བྱ་བའམ། མཚམས་སྦྱོར་གྱི་ཁྱད་པར་མདོར་བསྡུས་པ་ནི། འོ་ན་ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་རྟ་སྐད་ཐེངས་གསུམ་གྱིས་གཞི་ལམ་འབྲས་གསུམ་དབྱེར་མེད་དུ་སྦྱོར་བའི་དཔལ་རྟ་མཆོག་རྒྱལ་པོའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་མྱུར་ལམ་རྡོ་རྗེ་ཐེག་པའི་འཇུག་སྒོ་དང་པོར་གྱུར་པ་རྡོ་རྗེ་བཞིའི་ས་བོན་གདབ་པའི་ཐབས་མཁས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཚུལ་བཞིན་དུ་གསན་ནས་གྲོགས་སྡོམ་པའི་ཀུན་སྤྱོད་དག་པར་བྱས། དབང་དོན་གྱི་ཡེ་ཤེས་རང་རྒྱུད་ལ་སྒྲུབ་པའི་བསྐྱེད་རྫོགས་ལ་བརྩོན་པས་ཉམས་སུ་བླང་སྟེ་རིང་པོར་མི་ཐོགས་པར་དོན་གཉིས་འགྲུབ་པའི་མཐར་ཐུག་གི་འབྲས་བུ་མཆོག་ལ་སྦྱོར་བར་བྱའོ་སྙམ་པའི་ཐུགས་བསྐྱེད་རྣམ་དག་དང་། ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཉེ་རྒྱུ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཀུན་སློང་ཁྱད་པར་བ་དང་། ཆོས་གསན་པའི་ཀུན་སྤྱོད་ཚུལ་མཐུན་དང་བཅས་ཏེ་གསན་པར་འཚལ། དེ་ལ་འདིར་གང་ཞིག་གསན་པར་བྱ་བ་ནི། དེའང་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་གཅིག་ཏུ་བསྡུས་པ་པདྨའི་རིགས་མཆོག་ཀུན་གྱི་མགོན་པོ། བཅོམ་ལྡན་འདས་ཆོས་སྐུ་འོད་སྣང་མཐའ་ཡས་ཉིད་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུར་བཞེངས་པ་འཇིག་རྟེན་དབང་ཕྱུག་པདྨའི་སྣང་བ་རབ་ཏུ་རྒྱས་པ་ཉིད། གདུལ་བྱ་མི་སྲུན་པ་སྤྱི་དང་ཁྱད་པར་སྔོན་གྱི་དུས་སུ་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དོན་ལོག་པར་སྤྱད་པའི་རྣམ་སྨིན་གྱི་རང་གཟུགས་མ་ཏྲཾ་རུ་དྲ་འཇིགས་བྱེད་དྲག་པོ་དབང་ཕྱུག་ཆེན་པོ་ཞེས་བྱ་བ། སྲིད་གསུམ་ལ་དབང་བྱེད་ཅིང་འགྲོ་བ་རྣམས་དམྱལ་ཐག་གཅོད་པར་བྱེད་པའི་དྲེགས་པ་སྟོབས་ལྡན་ཞིག་བྱུང་བ་དེ་འདུལ་བའི་ཕྱིར། རྒྱལ་བ་རྣམས་བཀའ་བགྲོས་ཏེ་རྒྱལ་བའི་གསུང་གི་དབང་ཕྱུག་ཉིད་སྤྲུལ་པའི་སྐུ་དྲག་པོར་ཁྲོས་པའི་ཚུལ་བསྟན་ཏེ་པདྨ་ཧེ་རུ་ཀ་དབང་ཆེན་རྟ་མཆོག་རོལ་པའི་རྣམ་པར་སྣང་སྟེ། འགྲོ་བའི་དོན་ཁམས་དབང་དང་མཐུན་པར་མཛད་ནས་དཀྱིལ་འཁོར་གཅིག་ཏུ་སྦྱོར་བར་མཛད་ཅིང་། རྗེས་འཇུག་གི་དོན་དུ་རྒྱུད་ལུང་མན་ངག་གི་བྱེ་བྲག་ཟབ་ཅིང་རྒྱ་ཆེ་བར་བསྟན་ཅིང་བཞུགས་པ་རྣམས་ལ་བརྟེན་ནས། རྩོད་པའི་དུས་མཐར་དབང་ཆེན་གསུང་གི་བཀའ་བབས་སློབ་དཔོན་ཀླུའི་དབང་པོ་གཙོར་གྱུར་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་རིག་འཛིན་རྣམས་ཀྱིས་མན་ངག་གི་བཀའ་སྲོལ་རྒྱས་བསྡུས་མང་དུ་བཀྲལ་བ་རྣམས་དང་། ཁྱད་པར་དུ་དབང་ཆེན་ཁྲོས་པ་དངོས་དང་རྣམ་དབྱེར་མེད་པ་རྡོ་རྗེའི་སློབ་དཔོན་པདྨཱ་ཀ་རས་གདུལ་ཞིང་ཐམས་ཅད་དང་། དམིགས་སུ་བཀར་ཏེ་ལས་སྨོན་དུས་སུ་སྨིན་པའི་གངས་ལྗོངས་སུ་གདུལ་བྱ་མཆོག་རྣམས་ཀྱི་མོས་བློ་དང་ཡུལ་དུས་གནས་སྐབས་ལ་དགོངས་ཏེ་དབང་ཆེན་རྟ་མགྲིན་དམར་ནག་གི་སྒྲུབ་ཐབས་མན་ངག་ཆེ་ཕྲ་དུ་མ་མཛད། ཕལ་ཆེར་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་གདུལ་དཀའ་བ་རྣམས་ཀྱི་དོན་དུ་གཏེར་གྱི་བྱེ་བྲག་དུ་མར་སྦས་པ་ལས་སྐབས་སུ་བབས་པའི་གདམས་སྐོར་འདི་ནི། སློབ་དཔོན་ཆེན་པོ་པདྨ་དང་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཟབ་ཆོས་ལོ་ཆེན་བཻ་རོ་ལ་མནོག་ཆོས་སུ་བསྩལ་པ་ཉིད་དུས་ཀྱི་མཐའ་ལ་དགོངས་ཏེ། གཞུང་ལས། བདག་འདྲ་སློབ་དཔོན་པདྨ་ཡིས༔ སྙིགས་དུས་དུས་མིན་འཆི་བའི་དཔུང༔ འཇོམས་བྱེད་མན་ངག་ཟབ་མོ་འདི༔ སྐལ་ལྡན་དོན་ཕྱིར་ལག་ལེན་བཀོད༔ ལན་གཅིག་ཕྱི་མའི་དུས་ཀྱི་ཚེ༔ ཐུགས་ཀྱི་སྲས་དང་འདི་འཕྲད་ནས༔ འགྲོ་དོན་ཕྲིན་ལས་མཐའ་རྒྱས་ཤོག༔ ཅེས་གསུངས་པ་ལྟར། ཕྱི་དཀྱིལ་རྟ་མགྲིན་དང་ནང་དཀྱིལ་སྤྲུལ་གཞི་ཚེའི་དཀྱིལ་འཁོར་ཡོངས་སུ་སྒྲུབ་པའི་རིམ་པ་ཟབ་འདྲིལ་རྨད་དུ་བྱུང་བ། ཕྱི་ནག་ཕྱོགས་ཀྱི་བདུད་རིགས་དང་གཟའ་ཀླུ་རྒྱལ་གསུམ་གྱི་གཉེན་པོ་དང་། ནང་ཚེའི་བར་ཆད་ཞི་ཞིང་། གསང་བ་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འཐོབ་པར་བྱེད་པ་ཉིད། གནས་ཀྱི་མཆོག་གྱུར་ཙ་རི་དྲ་གཉིས་པ་རིན་ཆེན་བྲག་གི་གནས་ཀྱི་སྙིང་པོར་གྱུར་པ་དཔལ་གྱི་དེའུའི་ཨོ་རྒྱན་མཁའ་འགྲོའི་གསང་ཕུག་ཤིན་ཏུ་གཉན་པར་གཏེར་དུ་སྦས་པ་ཉིད། གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་བསྟན་པ་རྒྱ་མཚོའི་མངའ་བདག་ལོ་ཆེན་བཻ་རོ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོར་ཡོངས་སུ་གྲགས་ཤིང་བསྔགས་པའི། སྐུའི་སྐྱེས་རབས་ཇི་སྙེད་བསྟན་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་ཕྲིན་ལས་ཟླ་དང་བྲལ་བ། རྒྱལ་བས་ལུང་བསྟན་བརྙེས་པའི་གྲུབ་དོན་ཡོངས་སུ་རྫོགས་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་༧པདྨ་གར་དབང་བློ་གྲོས་མཐའ་ཡས་པས་གཏེར་གནས་དེ་ཉིད་ནས་གསང་གཏེར་དུ་སྤྱན་དྲངས་ཤིང་སྐལ་ལྡན་མཆོག་གི་འདུས་པ་རྣམས་རྗེས་སུ་བཟུང་པ་ལས། སྨིན་གྲོལ་གྱི་བྱིན་རླབས་གཟི་བྱིན་དང་ལྡན་པའི་གསང་ཐིག་སྙིང་པོའི་སྐོར་ལས་བྱུང་བའི། འཆི་མེད་དབང་གི་ཚེ་སྒྲུབ་ཀྱི་ཕྲིན་ལས་བདུད་རྩིའི་བུམ་བཟང་དང་འབྲེལ་བའི་སྨིན་བྱེད་ཚེ་དབང་ཟབ་མོ་རིན་ཆེན་གཏེར་བུམ་སྒྲུབ་པ་ལ་བདག་ཉིད་ཀྱིས་བྱ་བ་རྣམས་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་རྣམས་ཀྱིས་བླ་མ་དང་དབང་ཆེན་དབྱེར་མེད་པ་ལ་དེ་ལྟ་བུའི་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཞེས་བརྡ་སྤྲད་ལ་འབུལ་དུ་གཞུག །དེ་ནས་སློབ་དཔོན་དབང་ཆེན་རྟ་མཆོག་རོལ་པར་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ འཆི་མེད་མཆོག་སྩོལ་ལྷ་ཡི་ལྷ༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས༔ བདག་ལ་འཆི་མེད་དབང་མཆོག་སྩོལ༔ བཀའ་བཞིན་རྗེས་སུ་བསྒྲུབ་པར་བྱ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་དཀྱིལ་འཁོར་གྱི་བདག་པོ་དང་དབྱེར་མེད་པའི་རྡོ་རྗེའི་སློབ་དཔོན་གྱིས་མཁྱེན་བརྩེའི་སྒོ་ཕྱེས་ཏེ་གསུང་གི་གནང་བ་སྦྱིན་ཞིང་བསླབ་བྱའི་གནས་ལ་གདམས་པ་བྱ་བ་ཡིན་པས་སྙན་གཏོད་འཚལ། ཞེས་སྐྱབས་སྦྱིན་བཅས། ཧོ༔ ཡང་གསང་ཚེ་ཡི་དཀྱིལ་འཁོར་དུ༔ དངོས་གྲུབ་རྣམ་གཉིས་འཐོབ་བྱའི་ཕྱིར༔ དབང་མཆོག་དམ་པ་བདག་གིས་སྦྱིན༔ བསྙེན་སྒྲུབ་དམ་ཚིག་རྒྱུན་དུ་ཟུངས༔ ཞེས་བཀའ་བསྒོ། དབང་ཆེན་རྟ་མཆོག་རོལ་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་བླ་མ་དང་དབྱེར་མེད་པ་མཁའ་ཁྱབ་ཏུ་བཞུགས་པ་ལ་ཁྱད་པར་གསུམ་ལྡན་གྱིས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་གཞན་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོ་མ་འཐོབ་བར༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་བྱ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་པདྨ་དབང་ཆེན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོར་ཞུགས་ཏེ་སྨིན་གྲོལ་གྱི་ཐབས་མཁས་ཟབ་མོ་ལ་བརྟེན་ཏེ་རྡོ་རྗེ་འཆང་གི་གདུང་འཚོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས་མཛོད། ན་མོ༔ འདི་བཟུང་འཁོར་བ་མ་སྟོངས་བར༔ སེམས་ཅན་དོན་ཀུན་བསྒྲུབ་བྱའི་ཕྱིར༔ འཆི་མེད་ཚེ་ལ་དབང་བ་ཡི༔ རིག་འཛིན་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཞིང་མཆོག་དེ་དག་གི་སྤྱན་སྔར་ཚོགས་གསག་པའི་ཐབས་མཁས་ཀྱི་སྒོ་ཁྱད་པར་ཅན་གསག་སྦྱང་སྤེལ་གསུམ་གྱི་དམིགས་གནད་ཚིག་གི་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས། ན་མོ༔ བདེ་གཤེགས་རྒྱལ་བ་མ་ལུས་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་མཆོད་བདག་ལུས་ལོངས་སྤྱོད་འབུལ༔ སྡིག་སྒྲིབ་ཉེས་པའི་ཚོགས་རྣམས་མ་ལུས་བཤགས༔ བསོད་ནམས་དགེ་ཚོགས་ཀུན་ལ་རྗེས་ཡི་རང༔ འགྲོ་རྣམས་སྒྲོལ་ཕྱིར་ཆོས་འཁོར་བསྐོར་དུ་གསོལ༔ མགོན་པོ་མྱ་ངན་མི་འདའ་གཞན་དོན་བཞུགས༔ དུས་གསུམ་དགེ་བའི་རྩ་བ་གང་ལགས་པ༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་བསྒྲུབ་གཞི་གཞི་འབྲས་དབྱེར་མེད་པ་དབང་ཆེན་གྱི་གསང་བ་གསུམ་གྱི་ཡེ་ཤེས་སྐུ་ཐུགས་ཟུང་འཇུག་ཏུ་བཞུགས་པ་གློ་བུར་ཀུན་བརྟགས་ཀྱི་སྒྲིབ་པས་བསྒྲིབས་ཙམ་པ་ཉིད། སྒྲུབ་བྱེད་རྡོ་རྗེ་ཐེག་པའི་རྨད་དུ་བྱུང་བའི་དགོངས་སྤྱོད་སངས་རྒྱས་ཀྱི་མཛད་པ་ཟབ་མོས། བསྒྲུབས་འབྲས་བསལ་བཞག་མེད་པའི་འབྲས་བུ་ལྷུན་གྱིས་གྲུབ་པ་ཉིད་མྱུར་དུ་འགྲུབ་པར་བྱ་སྙམ་པའི་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བ་འདིའི་རྗེས་ཟློས་མཛོད། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དེ་རྣམས་ཀྱིས་དབང་གི་སྔོན་དུ་བྱ་བའི་རིམ་པ་རྣམས་གྲུབ་ནས་དངོས་གཞིའི་ཐོག་མར་དབང་གི་གཞི་འགོད་ཅིང་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ། ཁྱེད་རང་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསངས་ལ། སྭ་བྷཱ་ཝས་སྦྱང་། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་འོད་གསལ་ཀ་དག་ཆེན་པོའི་དབྱིངས་སུ་ཐིམ་པར་གྱུར། དེའི་ངང་ལས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སྣོད་རྣམ་པར་དག་པ་ཟླ་གམ་དབང་ཆེན་རོལ་པའི་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ་འཆི་བདག་ཕོ་མོ་བསྣོལ་བའི་གདན་ལ། བཅུད་རྣམ་པར་དག་པ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་འོད་འབར་བ་གསལ་བར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཡེ་ཤེས་ཀྱི་ངོ་བོ་དཔལ་ཆེན་རྟ་མཆོག་གར་གྱི་དབང་པོ་པདྨ་ཧེ་རུ་ཀ་སྒེག་ཅིང་དཔའ་ལ་འཇིགས་སུ་རུང་བའི་ཉམས་ཅན། སྐུ་མདོག་དམར་གསལ་འབར་བའི་གཟི་བྱིན་ཅན། སྐུ་གསུམ་མཚོན་པའི་ཞལ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ནག་རབ་ཏུ་ཁྲོས་པ། ཞལ་གདངས་ཤིང་མཆེ་བ་གཙིགས་ཏེ་ལྗགས་འདྲིལ་བ། འབར་བའི་སྤྱན་དགུ་རྔམ་པ། རལ་པ་ཁམ་ནག་གྱེན་དུ་འབར་བའི་དབུས་སུ་རྟ་མགོ་ལྗང་གུ་རབ་ཏུ་འཇིགས་ཤིང་རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱག་དྲུག་གི་གཡས་གསུམ་ན་པདྨ་དམར་པོའི་སྡོང་པོ་དང་། ཁ་ཊྭཱཾ་ག །དབྱུག་ཏོ་ཕྱར་ཞིང་། གཡོན་གསུམ་ན་བྷནྡྷ་ཁྲག་གིས་གང་བ་དང་། ལྕགས་སྒྲོག །མདུང་ཐུང་བསྣམས་ཤིང་། ཚད་མེད་བཞིའི་ཞབས་བཞི་གར་གྱིས་གདན་ལ་རོལ་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་འཇིགས་པར་བརྒྱན་པའི་པང་དུ་དབྱིངས་ཀྱི་རང་བཞིན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་སྟོབ་པ་དབུ་གཙུག་ཕག་ཞལ་ནག་པོ་ངུར་བ་དང་འཁྲིལ་བ། སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ། ཞབས་གཉིས་བརྐྱང་བསྐུམ་གྱིས་བདེ་བར་རོལ་ཞིང་ཡེ་ཤེས་ཀྱི་རང་རྩལ་མེ་འབར་བའི་ཀློང་ན་གསལ་བའི། ཡབ་ཀྱི་ཐུགས་ཆོས་ཀྱི་འཁོར་ལོའི་རྩ་འདབ་ཀྱི་དབུས་སུ་རྨ་བྱ་པདྨ་ཉི་ཟླ་བརྩེགས་པའི་གདན་ལ་ཚེ་དཔག་མེད་དམར་པོ་ལོངས་སྤྱོད་རྫོགས་པའི་རྒྱན་ཅན་གཡས་གསེར་གྱི་རྡོ་རྗེ་དང་བཅས་པའི་མདའ་དར་དང་། གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པའི་པང་དུ་ཚེ་ཡུམ་གོས་དཀར་མོ་དམར་སྐྱ་གཡས་མདའ་དར་དང་། གཡོན་པདྨ་རཱ་གའི་ཚེ་བུམ་བསྣམས་པས་འཁྱུད་པ། དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཡབ་ཡུམ་གཉིས་ཞི་འཛུམ་རྗེས་ཆགས་ཀྱི་ཉམས་དང་ལྡན་པ། དེ་རྒྱབ་རྩ་འདབ་བཞི་ལ་རིགས་བཞིའི་ཚེ་དཔག་མེད་ཡབ་ཡུམ། དེ་རྒྱབ་རྩ་འདབ་བརྒྱད་ལ་ལྷ་མོ་བཞི་དང་མགྱོགས་མ་བཞི། དེ་རྒྱབ་ཕྱོགས་བཞིའི་རྩ་འདབ་ལ་སྒོ་མ་བཞི་རྣམས་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དབང་ཆེན་རྟ་མཆོག་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་རྟ་མཆོག་རོལ་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པ་དང་། གཞན་ཡང་ཕྱོགས་བཅུའི་ཞིང་ནས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འུབ་ཀྱིས་དྲངས་པ་དང་བཅས་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབ་པ་དང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་བཅས་ལས་བྱང་གི་བྱིན་འབེབ་བརྗོད་ལ། རྩ་སྔགས་ལ་འབེབ་པའི་སྔགས་བཏགས་པ་ཡང་ཡང་བརྗོད་པས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །དེ་ནས་ཐོག་མར་ཚེ་ཡི་བཅུད་འགུགས་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཚེའི་རྟེན་ཧྲཱིཿདམར་པོ་སྔགས་ཕྲེང་གིས་བསྐོར་བ་གསལ་ཐོབ་ལ་དེ་དང་། ཁྱད་པར་སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས། ཕོ་ཉ་མགྱོགས་མ་ལས་བྱེད་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པ་ཡང་སྤྲུལ་ནམ་མཁའ་གང་བར་སྤྲོས་པ་རྣམས་ཀྱིས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་དབང་མེད་དུ་བསྡུས། འཆི་མེད་ཚེ་ཡི་བདུད་རྩི་ཉི་མ་འཆར་ཁའི་མདངས་འོད་ལྟ་བུ་སྙིང་གའི་ཚེ་རྟེན་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་པ་དང་། མདུན་གྱི་ཚེ་རྫས་རྣམས་ལའང་ཐིམ་པས་རྡོ་རྗེའི་བཅུད་ལེན་གྱི་རྫས་སུ་གྲུབ་པའི་མོས་པ་མཛོད་ཅིག །མདའ་དར་གཡབ་ཅིང་ལས་བྱང་ལྟར། ཧྲཱི༔ འཁོར་འདས་དབང་བསྒྱུར་ཚེ་ཡི་བདག༔ སོགས་ཚེ་འགུགས་གཏང་། ཚེ་ཡི་བུམ་པ་ལྷ་དང་གཞལ་ཡས་ཁང་གི་རྣམ་པར་གསལ་བ་སྤྱི་བོར་བཞག་པས་སྣང་མཛད་ཚེ་དཔག་མེད་ཀྱི་སྐུ་མི་འགྱུར་རྟག་པ་དམ་པའི་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་བུམ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧྲཱི༔ རིན་ཆེན་དབང་གི་བུམ་པ་རུ༔ བདེ་གཤེགས་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྲེང་བ་གཏད་ལ། ཕྲེང་བ་དམར་པོ་སྔགས་ཀྱི་རང་བཞིན་ཅན་དངོས་གྲུབ་ཀྱི་རེ་བ་སྐོང་བའི་ཐབས་མཁས་ཀྱི་རྣམ་པ་མགྲིན་པར་བཞག་པས་སྣང་མཐའ་ཚེ་དཔག་མེད་ཀྱི་གསུང་མི་འགག་པ་ནཱ་ད་གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ གང་ཞིག་རབ་ཏུ་བཟླས་པ་ན༔ དངོས་གྲུབ་འདོད་པ་རྫོགས་པའི་ཐབས༔ གསུང་དབྱངས་སྔགས་ཀྱིས་དབང་བསྐུར་བས༔ ངག་ལ་ནུས་པ་མཆོག་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་གཏད་ལ། རྒྱལ་བ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་མཚོན་པའི་རང་གཟུགས་རྡོ་རྗེ་རྩེ་ལྔ་སྙིང་གར་བཞག་པ་ལ་བརྟེན་ནས། ཡེ་ཤེས་ལྔའི་རང་བཞིན་མངོན་དུ་གྱུར་པས་མི་བསྐྱོད་ཚེ་དཔག་མེད་ཀྱི་ཐུགས་མི་ཤིགས་པ་ཀ་དག་འོད་གསལ་ཆེན་པོའི་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་ཐུགས༔ ཡེ་ཤེས་ལྔ་རུ་རྣམ་པར་དག༔ རྣམ་དག་བདེ་ཆེན་ཐུགས་ཀྱི་དབང༔ བུ་ཁྱོད་ཡིད་ལ་རབ་རྫོགས་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྤྱིན་ལ། འཁོར་འདས་ཀྱི་དྭངས་བཅུད་གཅིག་ཏུ་འདྲིལ་བའི་རིལ་བུ་ལྟེ་བར་བཞག་ཅིང་ཞལ་དུ་གསོལ་བས་རིན་འབྱུང་ཚེ་དཔག་མེད་ཀྱི་ཡོན་ཏན་རེ་སྐོང་གི་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ སྙིང་པོ་ཡེ་ཤེས་ལྔ་རྫོགས་པའི༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་དཔལ༔ འབད་མེད་ལྷུན་གྱིས་གྲུབ་པའི་གཏེར༔ བུ་ཁྱོད་ལ་ནི་ཡོངས་རྫོགས་ཤོག༔ རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཚེ་ཆང་བླུད་ལ། བརྟན་གཡོའི་དྭངས་བཅུད་མ་ལུས་པ་འདུས་པའི་ཛ་གད་གསང་བར་གཏད་ཅིང་མགྲིན་པར་མྱོང་བས་དོན་གྲུབ་ཚེ་དཔག་མེད་ཀྱི་ཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཚེ་ཡི་དངོས་གྲུབ་ཐོབ་པར་མོས་ཤིག །ཧྲཱི༔ རྒྱལ་ཀུན་ཐུགས་རྗེ་མ་འགགས་པའི༔ ཕྲིན་ལས་འབད་མེད་ཆུ་རྒྱུན་བཞིན༔ མི་ཟད་དངོས་གྲུབ་གཏེར་ཆེན་པོ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར། ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཚེ་འབྲང་ཐོགས་ལ། ཚེའི་འབྲང་རྒྱས་འདི་ཉིད་རྡོ་རྗེ་རིན་ཆེན་འོད་ལྔ་འབར་བའི་གཞལ་མེད་ཁང་གི་དབུས་སུ་འཆི་མེད་ཚེ་ཡི་དབང་པོ་དཔལ་དབང་ཆེན་རྟ་མགྲིན་སྐུ་དཀྱིལ་ཚེའི་དཀྱིལ་འཁོར་ཡོངས་རྫོགས་བཅས་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། འཆི་བདག་གི་འཇིགས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་རུ་གྱུར་པར་མོས་ཤིག །ཧྲཱི༔ ཟླ་གམ་དབང་གི་གཞལ་ཡས་འདིར༔ མ་ཆགས་ཐབས་ཀྱི་རོལ་པ་ཆེ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ མ་འདྲེས་གསལ་རྫོགས་ཆེན་པོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ ལུས་ཀྱི་ནད་གདོན་ཀུན་དག་ནས༔ རྡོ་རྗེའི་སྐུ་རུ་གྲུབ་པར་ཤོག༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ རྡོ་རྗེའི་གསུང་དུ་གྲུབ་པར་ཤོག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས༔ སེམས་རྟོག་ཉོན་མོངས་ཀུན་དག་ནས༔ རྡོ་རྗེའི་ཐུགས་སུ་གྲུབ་པར་ཤོག༔ རང་བཞིན་རྣམ་དག་སྐུ་གསུང་ཐུགས༔ མི་ཟད་རྒྱན་གྱི་འཁོར་ལོ་ཉིད༔ གློ་བུར་སྒྲིབ་ལས་རབ་གྲོལ་ནས༔ ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཨཱ༔ ཞེས་གནས་གསུམ་དུ་བཞག་ལ་དབང་བསྐུར། དེ་ལྟར་དབང་བསྐུར་པས་ཚེའི་བཅུད་ཀྱིས་ལུས་ཀྱི་ནང་གང་བའི་དྭངས་བཅུད་ཐམས་ཅད་སྲོག་རྟེན་མི་ཤིགས་པའི་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། རྟག་ཏུ་བགྲེས་རྒུད་དང་བྲལ་བ་འཆི་མེད་ཚེའི་རིག་འཛིན་ཐོབ། ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་འོད་འབར་བས་ཞུ་ལུགས་སུ་བགོས་པས་ཅིས་ཀྱང་གཞོམ་གཞིག་དང་བྲལ་བ་འཇིག་མེད་རྟག་པ་དམ་པའི་སྐུ་གསུང་ཐུགས་ཀྱི་གོ་འཕང་མངོན་དུ་གྱུར་པར་མོས་ཤིག །མདའ་དར་སྤྱི་བོར་བསྣོལ་མར་བཞག་ལ། ཨོཾ༔ རྡོ་རྗེའི་སྐུ་སྟེ་སྐྱེ་འཆི་མེད༔ འགྱུར་མེད་སྐུ་ཡི་རྒྱས་བཏབ་བོ༔ ཨཱ༔ རྡོ་རྗེའི་གསུང་སྟེ་འགག་པ་མེད༔ འགག་མེད་གསུང་གིས་རྒྱས་བཏབ་བོ༔ ཧཱུྃ༔ རྡོ་རྗེའི་ཐུགས་ཏེ་འཁྲུལ་པ་མེད༔ འཕོ་མེད་ཐུགས་ཀྱིས་རྒྱས་བཏབ་བོ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ ཕྱག་རྒྱ་བཞི་ཡིས་རབ་ཏུ་བཏབ༔ གང་གིས་མི་ཚུགས་མི་ཤིགས་པའི༔ ཡང་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ བཛྲ་རཀྵ་ཧཱུྃ་ཧཱུྃ༔ དྷརྨ་རཀྵ་ཧཱུྃ་ཧཱུྃ༔ ཛྙཱ་ན་རཀྵ་ཧཱུྃ་ཧཱུྃ༔ མཚམས་སྦྱོར་སྤྱི་མཐུན་བཅས་མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ་ལ་རོལ་མོ་འཁྲོལ་བས་མངའ་གསོལ། དེ་དག་གིས་དབང་ཆེན་རྟ་མཆོག་རོལ་པ་འཆི་མེད་ཚེའི་དབང་བསྐུར་ལེགས་པར་གྲུབ་པས་དབང་དུས་སུ་ཐོབ་པའི་དམ་ཚིག་སྤྱི་དང་ལྷག་པར་ཚེ་ཡི་དངོས་གྲུབ་སྒྲུབ་པའི་བསླབ་བྱ་རྣམས་ཀྱང་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་གི་སླད་དུ་མཎྜལ་ལེགས་པར་ཕུལ་མཛོད། ཅེས་འབུལ་དུ་གཞུག །དེ་ཙམ་དུ་མ་ཟད་ལུས་ལོངས་སྤྱོད་བཅས་འཁོར་ལོས་སྒྱུར་བའི་འབྱོར་པ་ལྟར་དམིགས་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ནམ་ཡང་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པར་མཛད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས་ལན་གསུམ། དེ་ལྟར་དབང་ཐོབ་པའི་དགེ་བ་འདིས་མཚོན་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མཐའ་ཡས་པའི་སེམས་ཅན་རྣམས་དཔལ་པདྨ་དབང་ཆེན་གྱི་གོ་འཕང་མྱུར་དུ་འཐོབ་པའི་ཆད་དུ་བསྔོ་བ་དང་། ཐུགས་བསྐྱེད་རྣམ་པར་དག་པའི་སྨོན་ལམ་བཅས་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་སློབ་བར་བགྱིའོ་སྙམ་པས་བསྔོ་སྨོན་ལྷན་ཅིག་ཏུ་མཛད་འཚལ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་གྱེས་པས་དབང་བསྐུར་བའི་རིམ་པ་གྲུབ། གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སྲུང་མའི་གཏོར་འབུལ་གྱི་རིམ་པ་བྱ། གཏང་རག་གི་མཆོད་བསྟོད་བྱས་ལ་སྒྲུབ་རྫས་སྤྱི་བོར་གཏུག་ཅིང་རོལ་ལ་དངོས་གྲུབ་བླང་བ་ནི། ཧཱུྃ༔ མི་གནས་ཆོས་དབྱིངས་སོགས་བརྗོད། མ་རྙེད་ཡོངས་སུ་མ་ཚང་ཞིང་། །སོགས་དང་ཡིག་བརྒྱ་ཡང་ཡང་བརྗོད་པས་ནོངས་པ་བཤགས། རྟེན་ཡོད་མེད་དང་བསྟུན་མདུན་བུམ་གྱི་ལྷ་ཚོགས་གཤེགས་བསྟིམ་གང་འོས་བྱ། བསྡུ་ལྡང་དང་བསྔོ་སྨོན་ཤིས་བརྗོད་བཅས་ལེགས་པར་བྱའོ། །འདི་བསྟན་ཕན་བདེའི་དཔལ་སྟེར་པའི། །སྐྱེས་ཀུན་མི་ཤིགས་སྐུར་འགྲུབ་སྟེ། །སྙིགས་མའི་རྒུད་པ་ཡོངས་བསལ་ནས། །དོན་གཉིས་དཔལ་ལ་སྤྱོད་པར་ཤོག །རྟོག་སྒྲིབ་དོན་ལ་མི་གནས་ལྕགས་ཀྱི་ཁམས། །གདོད་ནས་སྐུ་དང་ཡེ་ཤེས་གསེར་གྱི་དངོས། །མངོན་འགྱུར་ཐབས་མཁས་ཟབ་མོའི་འགྱུར་རྩི་ཡིས། །ཐེབས་ནས་མེད་སྣང་ཁམས་གསུམ་དོང་སྤྲུགས་ཤོག །ཅེས་པ་འདིའང་རིན་པོ་ཆེ་གཏེར་གྱི་ཆོས་མཛོད་རྒྱ་མཚོ་ཆེན་པོ་རུ་འཇམ་མགོན་རྡོ་རྗེ་འཆང་གི་ཟབ་གཏེར་སྐོར་བཞུགས་རིགས་ཚང་བ་ཞིག་བྱུང་ན་དགོས་གལ་ཆེ་བར་བསམ་སྟེ། བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེ་བཀྲ་ཤིས་འོད་ཟེར་སོགས་རྡོ་རྗེ་འཆང་གི་ཐུགས་སྲས་རྣམས་ལ་གསོལ་བ་ཡང་ཡང་བཏབ་པས་དགྱེས་པའི་དབུགས་དབྱུང་དང་འཆད་ཕྲིན་གྱི་བཀའ་དྲིན་བསྐྱང་བ་ལ་བརྟེན་ནས། མཚུངས་པ་མེད་པའི་བླ་མ་རྣམས་ཀྱི་གསང་བ་གསུམ་གྱིས་རྗེས་སུ་བཟུང་བའི་བྱིན་གྱིས། བསྟན་པ་རིས་མེད་ལ་མི་ཕྱེད་པའི་དད་པས་ཞུགས་པའི་བཙུན་གཟུགས་དམན་པ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་དཔལ་བཟང་པོས་བླ་མའི་བཀའ་ལ་བརྟེན་ནས་དཔལ་སྤུངས་ཀྱི་ཆོས་གྲར་བྲིས་པ་དགེ་ལེགས་འཕེལ། ༈ །འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །།
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་མེད་པའི་ལམ་ཟབ་ཉམས་སུ་ལེན་ཚུལ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ་ (Volume 5, Text 38)
༄༅། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་མེད་པའི་ལམ་ཟབ་ཉམས་སུ་ལེན་ཚུལ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་རྩ་བའི་བླ་མ་དབྱེར་མེད་པའི་ལམ་ཟབ་ཉམས་སུ་ལེན་པར་འདོད་པས། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་འཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་སྒྲོལ་བར་དམ་བཅའོ། །ཞེས་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་ཕྱོགས་སུ་ཡིད་བཞིན་གྱི་རྒྱ་མཚོ་ཆེན་པོ་སྔོ་ཞིང་དྭངས་ལ་ཡངས་ཤིང་དྲི་མ་མེད་པའི་དབུས་སུ། སྣ་ཚོགས་པདྨའི་སྡོང་པོ་ལོ་འདབ་མེ་ཏོག་འབྲས་བུ་སྣ་ཚོགས་ཀྱིས་སྤྲས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། དེའི་དབུས་སུ་རང་གི་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མེད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཨ་ཙརྻ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་ཁྲོ་ལ་འཛུམ་ཞིང་ཡིད་དུ་འོང་བའི་སྤྱན་ཉི་ཟླ་ལྟར་འཁྱིལ་བ། ཞལ་ནས་གསང་སྔགས་ཟབ་མོའི་སྒྲ་སྒྲོག་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཐུགས་ཀར་འཛིན་པ། གཡོན་མཉམ་གཞག་གི་སྟེང་ན་མཚན་ལྡན་གྱི་ཀ་པཱ་ལ་འཆི་མེད་བདུད་རྩིས་གང་བ་འཛིན་པ། གཡོན་གྱི་གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། དབུ་སྐྲ་གནག་ཅིང་སྣུམ་པའི་ལྕང་ལོ་འཕྱང་བ། དབུ་ལ་ཤ་བའི་སྙན་ཞུ་གསོལ་བ། དེ་ལ་རྒོད་གྱི་རྩེ་རྒྱལ་བཙུགས་པ། དངུལ་དཀར་གྱི་མེ་ལོང་དང་། གསེར་གྱི་ཉི་ཟླ་དང་རྡོ་རྗེའི་ཏོག་གིས་བརྒྱན་པ། དར་ཆེན་སྣ་ལྔའི་ཕོད་ཀྱིས་བརྒྱན་པ། སྐུ་ལ་རྡོ་རྗེའི་གསང་གོས་མཐིང་ནག་དར་གྱི་ཕོད་ཀ་གསོལ་བ། དེའི་སྟེང་དུ་ཆོས་གོས་ངུར་སྨྲིག་གི་རྒྱལ་མཚན་དམར་པོ་ལ་གསེར་གྱི་པ་ཏྲ་རིས་ཡོད་པ་མནབས་པ། དེའི་ཕྱིར་ཁམས་གསུམ་དབང་དུ་སྡུད་པའི་ཟབ་བེར་སྨུག་ཁྲ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། འཁོར་དུ་རིག་འཛིན་བརྒྱུད་པ་དང་། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པ། མེ་ཏོག་གི་ཆར་འབེབས་ཤིང་རོལ་མོའི་སྒྲ་སྒྲོག་པ། སྣང་སྲིད་ཐམས་ཅད་བཀྲག་དང་མདངས་སུ་མེར་རེ་བ། འཇའ་དང་འོད་དུ་འཁྱིལ་བ་གཅིག་བསམ། བླ་མ་དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཁར་ཧཱུྃ་སྔོན་པོ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་། རྔ་ཡབ་དཔལ་རིའི་རྩེ་མོ་རིག་འཛིན་གྲུབ་པའི་གནས་མཆོག་དང་། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས་སློབ་དཔོན་ཆེན་པོ་འཁོར་དང་བཅས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཛཿཧཱུྃ་བཾ་ཧོཿ མདུན་གྱི་དེ་ཉིད་ལ་ཐིམ། དེ་དག་གིས་བདག་ལ་དགྱེས་པའི་སྤྱན་གྱིས་གཟིགས། བརྩེ་བའི་ཐུགས་རྗེས་དགོངས། འཛུམ་པའི་ཞལ་ནས། རིགས་ཀྱི་བུ་དང་བུ་མོ་ཁྱེད་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ངས་སྒྲོལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་ངས་འགོད། འདི་ཕྱི་བར་དོའི་སྐྱབས་གནས་ངས་བྱེད། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ངས་སྩོལ་ཞེས་གསུང་ལྷང་ལྷང་ཡོད་པར་བསམས་ལ། རང་གི་ལུས་དང་ལོངས་སྤྱོད་ལྟོས་མེད་དུ་ཕུལ། སྙིང་གི་དཀྱིལ་རྐང་གི་ཁོང་ནས་མོས་གུས་ཀྱི་གདུང་ཤུགས་དྲག་པོས་བློ་སྙིང་བྲང་གསུམ་སྤྱི་བོ་མཐིལ་བཞི་གཏད་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་གསོལ་བ་འདི་ལྟར་བཏབ་སྟེ། ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །འོད་དཔག་མེད་པ་ཆོས་སྐུ་བདེ་བ་ཆེ། །ལྷོ་ཕྱོགས་པོ་ཏ་ལ་ཡི་རི་བོའི་སྤོར། །སྤྱན་རས་གཟིགས་དབང་ལོངས་སྐུ་ཐུགས་རྗེ་ཅན། །ཨོ་རྒྱན་རྔ་ཡབ་དཔལ་རིའི་ཕོ་བྲང་ན། །པདྨ་འབྱུང་གནས་གྲུབ་དབང་སྤྲུལ་པའི་སྐུ། ད་ལྟ་བོད་ཡུལ་ཁ་བ་ཅན་ལྗོངས་ན། །བཀའ་དྲིན་མཉམ་མེད་དྲིན་ཅན་ཆོས་ཀྱི་རྗེ། །སྐུ་གསུམ་དབྱེར་མེད་བླ་མ་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ནམ་མཁའ་མཉམ་པའི་སེམས་ཅན་ཐམས་ཅད་དང་། །སྙིགས་དུས་ཉམ་ཐག་བོད་ཡུལ་སྐྱེ་དགུའི་ཚོགས། ཁྱད་པར་བདག་དང་བདག་ལ་ལྟོས་པ་རྣམས། །བརྩེ་ཆེན་ཐུགས་རྗེའི་སྤྱན་གྱིས་དབྱིངས་ནས་གཟིགས། །རྒྱལ་དབང་ཁྱོད་གསུང་བསླུ་མེད་རྡོ་རྗེའི་གསུང་། །དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེ། །རྟག་པར་བཞུགས་ཤིང་བྱིན་གྱིས་རློབ་པ་དང་། ཁྱད་པར་ཡར་ངོའི་ཚེས་བཅུའི་དུས་ཀྱི་ཚེ། །མངོན་སུམ་བྱོན་ནས་རྗེས་སུ་འཛིན་ནོ་ཞེས། །འགྱུར་མེད་བདེན་པའི་ཞལ་གྱིས་བཞེས་པ་ལྟར། །སྙིང་ནས་དད་པས་གསོལ་བ་འདེབས་ལགས་ན། །ད་ལྟ་ཉིད་དུ་རྗེས་སུ་བཟུང་དུ་གསོལ། །འདི་ཕྱི་བར་དོ་རྣམ་པ་ཐམས་ཅད་དུ། །ལེགས་ཉེས་སྐྱིད་སྡུག་མཐོ་དམན་ཅི་བྱུང་ཡང་། །སྐྱབས་མགོན་རེ་ས་གཞན་ནས་མི་འཚོལ་ན། །འདུ་འབྲལ་མེད་པར་ཐུགས་རྗེས་རྟག་ཏུ་སྐྱོངས། །འཁྲུལ་སྣང་མུན་པར་འཁྱམས་པའི་འཁོར་བ་འདི། །ཡེ་ཤེས་ཐུགས་རྗེའི་ཉི་འོད་ཀྱིས་བསལ་ཏེ། །ཀ་དག་བདེ་བ་ཆེན་པོའི་དབྱིངས་ཉིད་དུ། །ད་ལྟར་རང་ངོ་ཤེས་པར་བྱིན་གྱིས་རློབས། །ཞེས་དང་བླ་མ་སྐུ་གསུམ་གྱི་གསོལ་འདེབས་ལེའུ་བདུན་མ་སོགས་སྐབས་སུ་གང་བབས་ཀྱི་གསོལ་འདེབས་དང་། དེ་ནས་ཛཔ྄་བཟླ་བར་འདོད་པས། སླར་ཡང་གུ་རུ་རིན་པོ་ཆེ་དེ་ཉིད་ཀྱི་ཐུགས་ཀར་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད་ནས། བྱང་ཆུབ་མ་ཐོབ་བར་དུ་ཁྱེད་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཇའ་ཚོན་ཤར་བ་ལྟ་བུའི་སྣ་ལ་བཛྲ་གུ་རུའི་སྔགས་ཀྱི་ཕྲེང་བ་རང་སྒྲ་དྲག་པོ་འུ་རུ་རུ་སྒྲོག་པ་ཉི་ཟེར་གྱི་རྡུལ་བཞིན་དུ་བུན་གྱིས་འཕྲོས། རང་གི་སྤྱི་བོ་མགྲིན་པ་སྙིང་ཁ་ལ་སོགས་པའི་ལུས་ཀྱི་ཆ་ཤས་ཐམས་ཅད་ནས་མཚོ་ཆེན་པོ་ལ་ཆར་པ་བབ་པ་བཞིན་སིབ་སིབ་ཐིམ་པས། ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་སྐད་ཅིག་དེ་ཉིད་ལ་སངས་ཀྱིས་དག །བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས། གུ་རུའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པར་བསམས་ལ་སེམས་གཞན་དུ་མ་ཡེངས་པའི་ངང་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་འདི་བརྒྱ་སྟོང་ལ་སོགས་པ་ཅི་ནུས་བཟླ །སྐབས་འགར་ཛཔ྄་དབྱངས་དང་བཅས་པས་རིག་པ་བསྐུལ་ལོ། །ཐུན་གྲོལ་མཚམས། ཨོཾ་ཨཱཿཧཱུྃ། རྡོ་རྗེའི་བླ་མ་དྲིན་ཆེན་ཆོས་ཀྱི་རྗེ། །པདྨ་འབྱུང་གནས་རྒྱལ་བ་ཀུན་གྱི་དངོས། །གསོལ་བ་འདེབས་སོ་མཆོག་དང་ཐུན་མོང་གི །དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྩོལ། །ཞེས་ལན་གསུམ་བརྗོད་པས། གུ་རུ་དེ་ཉིད་བརྩེ་བའི་སྤྱན་ནམ་མཁའི་མཐོང་ལ་ཧྲིག་ཧྲིག་གཟིགས་པས་སྣང་སྲིད་ཐམས་ཅད་འཇའ་འོད་ཀྱི་རང་བཞིན་དུ་མེར་གྱིས་ཞུ་ནས་གུ་རུ་ཉིད་ལ་ཐིམ། དེ་ཉིད་འཇའ་དང་འོད་ཀྱི་རང་བཞིན་དུ་ཁྲ་མེར་གྱིས་རང་གི་སྤྱི་བོ་ནས་ཐིམ་པས་རང་དང་དབྱེར་མེད་རོ་གཅིག་ཏུ་གྱུར་ནས་གདངས་འགག་པ་མེད་པ་འཇའ་དང་འོད་དུ་གསལ་ལེ་བ། གཤིས་སྟོང་ཉིད་ཆོས་སྐུར་རྗེན་ནེ་བ། ངོ་བོ་བདེ་ཆེན་རྩོལ་སྒྲུབ་མེད་པའི་ངང་དུ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་གཞག་གོ །མཐར། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །སོགས་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །ད་ལྟའི་དུས་འདིར་ཁ་བ་ཅན་ལྗོངས་ཀྱི། །འགྲོ་བ་ཀུན་ལ་རྒྱལ་བ་ཐམས་ཅད་བས། །ཆེས་ཆེར་བྱིན་རླབས་མྱུར་བའི་གྲུབ་པའི་རྗེ། །པདྨ་འབྱུང་གནས་ཞབས་དང་བླ་མ་མཆོག །དབྱེར་མེད་སྒྲུབ་འདི་ཐར་ལམ་ཉིང་ཁུའ་ོ། །སྔོན་ཚེ་ཐུབ་དབང་ཞབས་སེན་ནོར་བུའི་འོད། །གཙུག་གི་པདྨོར་གུས་མཆོད་མ་ག་དྷཱ། །བཟང་མོ་ཞེས་གྲགས་བྱང་ཕྱོགས་འདིར་འོང་པ། །བསྟན་དང་བླ་མ་གཙུག་རྒྱན་ནོར་བུའི་སྤོར། །འདུ་འབྲལ་མེད་པར་གུས་མཆོད་མིའི་དབང་པོ། །གང་དེའི་གསུང་གིས་བསྐུལ་ནས་ཉམས་བཞེས་ཞུས། །པདྨས་རྗེས་བཟུང་བནྡེས་སྦྱར་བ་དགེ། ༈ ཨོ་རྒྱན་བླ་མའི་རྣལ་འབྱོར་གྱི་བརྒྱུད་པའི་གསོལ་འདེབས་ངོ་མཚར་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མཿཔདྨཱ་ཀ་ར་ཡ། རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཅུད། །འཆི་མེད་གྲུབ་པའི་དབང་པོ་མཚོ་སྐྱེས་རྗེ། །མགོན་དེས་རྗེས་བཟུང་བློ་གསལ་རྒྱ་མཚོའི་སྡེ། །སྙིགས་དུས་འདྲེན་པ་ཟུང་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་མཁྱེན་བརྩེའི་དབང་། །འཆི་མེད་སྐུ་བརྙེས་དབང་ཕྱུག་རབ་བརྟན་ཞབས། །ངེས་གསང་རྒྱུད་སྡེའི་བདག་པོ་བཀའ་འགྱུར་བ། །སྙན་བརྒྱུད་མངའ་བདག་གསུམ་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་མཁན་ཆེན་བི་ཛ་ཡ། །གྲུབ་པའི་གཙུག་རྒྱན་བསྟན་པ་རབ་རྒྱས་མཚན། །སྔགས་འཆང་བླ་མ་ཀུན་དགའ་བཀྲ་ཤིས་ཞབས། །མཁས་གྲུབ་དམ་པ་གསུམ་ལ་གསོལ་བ་འདེབས། །སྨིན་གྲོལ་གདམས་པའི་གཏེར་མཛོད་རྨོར་ཆེན་རྗེ། །མཁས་གྲུབ་མཚུངས་མེད་བྲག་རྩ་རྡོ་རྗེ་འཆང་། །གསང་ཆེན་རིགས་བརྒྱའི་བདག་པོ་གནས་གསར་བ། །རྩོད་དུས་རྒྱལ་བ་གསུམ་ལ་གསོལ་བ་འདེབས། །རིག་འཛིན་ཆེན་པོ་ཀུན་དགའ་རྣམ་གྲོལ་སྡེ། །རྡོ་རྗེ་འཆང་དབང་ནམ་མཁའ་ལེགས་པའི་མཚན། །རྗེ་བཙུན་བླ་མ་མཁྱེན་རབ་བདེ་ཆེན་ཞབས། །ཡོངས་འཛིན་དམ་པ་གསུམ་ལ་གསོལ་བ་འདེབས། །ཟབ་རྒྱས་གདམས་པ་རྒྱ་མཚོའི་མངའ་བདག་རྗེ། །སྐུ་དྲིན་མཚུངས་མེད་བསྟན་པ་རབ་རྒྱས་ཞབས། །གནས་གསར་བ།་་་མགོན་དེས་རྗེས་བཟུང་རྩ་བའི་བླ་མ་སྟེ། །དྲིན་ཅན་བླ་མ་ཟུང་ལ་གསོལ་བ་འདེབས། །དེ་ལྟར་རང་སེམས་དད་པའི་དྲི་བཞོན་གྱིས། །ཉེར་བསྐུལ་ཐུགས་རྗེའི་སྤྲིན་སྔོན་གསར་པ་ལས། །གྲུབ་གཉིས་བདུད་རྩིའི་ཆར་པ་འབེབས་བཞིན་དུ། །རྩ་བརྒྱུད་བླ་མས་རྗེས་སུ་འཛིན་པར་ཤོག །སྣང་སྲིད་དག་པ་རབ་འབྱམས་རྒྱལ་བའི་ཞིང་། །ཅིར་སྣང་རྩ་གསུམ་ཀུན་འདུས་བླ་མ་རྗེར། །ངེས་པ་རྙེད་ནས་རྩེ་གཅིག་གསོལ་བཏབ་པས། །ཐུགས་རྗེའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །སྒྲ་གྲགས་སྙན་མིན་དེ་རྗེས་མི་འབྲང་བར། །གྲགས་སྟོང་འཛབ་ཀྱི་དབྱངས་སུ་འཆར་བ་དང་། །གཉིས་འཛིན་འཁྲུལ་པའི་རྟོག་པ་ཅི་ཤར་ཡང་། །རང་རིག་བླ་མའི་ཞལ་བཟང་སྐྱོང་བར་ཤོག །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་གནས་ཀུན་འདུས་བླ་མ་ཨོ་རྒྱན་རྗེས། །འབྲལ་མེད་རྗེས་བཟུང་ཁྱོད་ཐུགས་རོ་གཅིག་པར། །ཀུན་བཟང་གདོད་མའི་ཀློང་དུ་གྲོལ་བར་ཤོག །ཅེས་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་ཞལ་སྔ་ནས་མཛད་པའི་ཨོ་རྒྱན་བླ་མའི་རྣལ་འབྱོར་གྱི་བླ་བརྒྱུད་གསོལ་འདེབས་ངོ་མཚར་པདྨའི་ཕྲེང་བ་ཞེས་བྱ་བ་འདི་ནི་ལམ་འདི་ལ་ཉམས་ལེན་རྩེ་གཅིག་ཏུ་བྱེད་པ་ཤཱ་ས་ན་དྷ་རེནྡྲ་རཱ་ཛས་ཡང་ཡང་བསྐུལ་བའི་ངོ་མ་ཆོག་པར་ཤཱཀྱའི་དགེ་སློང་མཻ་ཏྲི་ཀརྨ་གུ་ཎས་སུག་བྲིས་སུ་བགྱིས་པའོ།། སརྦ་དཱ་མངྒ་ལཾ། ༈ བརྒྱུད་པའི་ཁ་སྐོང་ནི། ཡོངས་འཛིན་དམ་པ་གསུམ་ལ་གསོལ་བ་འདེབས། །ཞེས་པའི་མཚམས། རབ་འབྱམས་སྨྲ་བ་བསྟན་པ་རབ་རྒྱས་དང་། །ངག་གི་དབང་ཕྱུག་ཕྲིན་ལས་ཡོན་ཏན་ཞབས། །བཀའ་དྲིན་མཉམ་མེད་བསྟན་འཛིན་སྙན་གྲགས་ཏེ། །རྣམ་འདྲེན་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །དེ་ལྟར་རང་སེམས་དད་པའི་སོགས་སྦྲེལ་ལོ། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེས་སོ།། །།
དམ་ཆོས་དགོངས་པ་ཡང་ཟབ་ལས། རྩ་གསུམ་གྱི་ལས་བྱང་དང་། གཏོར་དབང་གི་རིམ་པ་ (Volume 4, Text 38)
༄༅། །དམ་ཆོས་དགོངས་པ་ཡང་ཟབ་ལས། རྩ་གསུམ་གྱི་ལས་བྱང་དང་། གཏོར་དབང་གི་རིམ་པ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཡེ། རྩ་བ་གསུམ་གྱི་ལས་གཞུང་བསྲངས་ཏེ་བྱིན་རླབས་གཏོར་དབང་གི་རིམ་པ་བྱ་བར་འདོད་པས། ཐོག་མར་གནས་གང་དུ་དགོས་པའི་ཡོ་བྱད་ཚོགས་གཏོར་མཆོད་པའི་བྱེ་བྲག་མ་ལུས་བསགས་ལ། ཁ་ལྷོ་ནུབ་ཏུ་ཕྱོགས་པས་ཉམས་སུ་བླང་བ་ནི། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པའོ། དེ་ཡང་རྩ་ཐོ་ལས། རྩ་གསུམ་ལས་བྱང་སྦྱོར་དངོས་རྗེས༔ གཞི་བདག་བགེགས་ལ་བ་ལིཾ་སྦྱིན་ལ་བསྒོ༔ བགེགས་བསྐྲད་སྲུང་བའི་འཁོར་ལོས་མཚམས་བཅད་ཅིང༔ མཆོད་རྫས་བྱིན་རླབས་ཚོགས་བསགས་སྐྱབས་གསོལ་ཞིང༔ སེམས་བསྐྱེད་ཚད་མེད་བཞི་བསྒོམ་སྔོན་འགྲོའི་ལས༔ ཞེས་འབྱུང་བས་ཐོག་མར་གནས་བདག་གི་གཏོར་མ་བཤམས་ལ། ཆུ་གཙང་དང་བདུད་རྩིས་བྲན་ཅིང་། རང་ཉིད་དབང་ཆེན་ཡབ་ཡུམ་དུ་གསལ་བས། རཾ་ཡཾ་ཁཾ། ཞེས་གསུམ་གྱིས་གཏོར་མའི་ཉེས་སྐྱོན་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃཿ ཞེས་གསུམ་གྱིས་བྱིན་གྱིས་ཚུལ་བཞིན་དུ་བརླབས་ལ། སརྦ་བྷཱུ་ཏ་ས་མ་ཡ་ཛཿ ཞེས་གསུམ་གྱིས་མཆོད་མགྲོན་བགེགས་རིགས་འབྱུང་པོ་བཀུག་ལ། ཨོཾ་ཨ་ཀཱ་རོ་སོགས། སྭཱ་ཧཱ། སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཡིད་བཞིན་དུ་བསྔོས་ལ་ཕྲིན་ལས་བཅོལ་ཞིང་བཀའ་བསྒོ་བ་ནི། ཧཱུྃ། སྲིད་གསུམ་ཞིང་དུ་འཁོད་པའི་སྡེ་བརྒྱད་ཚོགས། །མ་ལུས་ཞིང་གི་རྡུལ་སྙེད་འཁོར་དང་བཅས། །འདིར་སྤྱོན་དངོས་དང་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་སྦྱིན་བདུད་རྩི་དཔལ་གྱི་གཏོར་མ་ལོངས། །འདི་དག་གསོལ་ཞིང་བདེ་བར་ལོངས་སྤྱོད་ལ། །ས་ཕྱོགས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ལ། །དེང་འདིར་སྒྲུབ་པའི་འབྲས་བུ་མ་ཐོབ་བར། །གནོད་འཚེ་གདུག་རྩུབ་སྦྱོར་བའི་བསམ་པ་སྤོངས། །ཞི་བ་བྱང་ཆུབ་སེམས་དང་ལྡན་པ་ཡིས། །དགེ་བའི་ས་ཕྱོགས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས། །གནོད་ཅིང་འཚེ་བའི་བར་གཅོད་སེམས་ལྡན་ན། །དཔལ་ཆེན་ཡབ་ཡུམ་སྤྲུལ་པའི་མཐུ་སྟོབས་ཀྱིས། །ལུས་ངག་ཡིད་གསུམ་གདུག་པའི་སེམས་ལྡན་གང་། །མ་ལུས་རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་གསང་བའི་བཀའ་ལས་མ་འདའ་ཞིག །ཅེས་བཀའ་བསྒོ་ཞིང་། ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་པར་མོས་ལ། ཧཱུྃ། བདག་ཉིད་དབང་ཆེན་ཁྲོ་རྒྱལ་ཡབ་ཡུམ་གྱི། །ཡེ་ཤེས་ཐུགས་ལས་སྤྲུལ་པའི་མཚོན་ཆ་མེ། །སྟེང་འོག་ཕྱོགས་མཚམས་བར་མེད་ཀུན་ཏུ་གཏམས། །འོད་ཟེར་སྣ་ལས་སྤྲུལ་པའི་ཁྲོ་ཆུང་ཚོགས། །ཐོ་བ་རལ་གྲི་མདའ་མདུང་ཕུར་བུ་གྲི །གྲངས་མེད་འཛིན་པས་བགེགས་དཔུང་རྡུལ་དུ་རློག །བསྐལ་མེ་དང་མཚུངས་འབར་ཞིང་ཀུན་ཏུ་འཕྲོ། །ཉོན་མོངས་བདུད་དང་ལོག་འདྲེན་སྲེག་པར་བྱེད། །གསང་བ་བྱང་སེམས་དོན་གྱི་དཀྱིལ་འཁོར་དུ། །དམ་སྲི་བདུད་དང་བགེགས་རིགས་མིང་ཡང་མེད། །ཆོས་ཉིད་བདེ་ཆེན་ཡེ་ཤེས་ངང་མཚམས་ལས། །ཡུན་དུ་མི་གཏོང་འདའ་བར་མི་འགྱུར་རོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཞེས་གསུམ་གྱིས་མཚམས་བཅད། ཨོཾ་ན་མཿསརྦ་ཀཱ་ཡ་གཱིརྟི་ནཱིརྟི་ཧཱུྃ། ཅེས་གསུམ་གྱིས་ཕྱག་རྒྱ་གར་གླུ་བྱིན་བརླབ། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ། གནྡྷཾ། ནཻ་ཝིདྱཱ། ཤབྡ་ཨཱཿཧཱུྃ། ཨོཾ་མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་ཀཱིཾ་ནི་རི་ཏི་ཤུ་ཀྲཾ་པཱུ་ཛ་ཨཱཿཧཱུྃ། ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ། ཞེས་གསང་མཆོད་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀཏ་ཧཱུཾ་ཧྲཱིཿཋཱ། ཞེས་གསུམ་གྱིས་བདུད་རྩི་བྱིན་བརླབ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ། ཞེས་གསུམ་གྱིས་རཀྟ་བྱིན་བརླབ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བྷ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ཞེས་གསུམ་གྱིས་གཏོར་མ་བྱིན་བརླབ། ཨོཾ་བཛྲ་པདྨ་བྷཉྫ་པཱུ་ཛ་ཨཱཿཧཱུྃ། ཞེས་གསུམ་གྱིས་སྦྱོར་མཆོད་དང་། ཨོཾ་སརྦ་དུཥྚཱན་རུ་དྲ་མཱ་ར་ཡ་ཨཱཿཧཱུཾ། ཞེས་སྒྲོལ་མཆོད་དང་། ཨོཾ་སརྦ་ཧ་ལ་པཉྩ་ཨཱཿཧཱུྃ། ཞེས་གསུམ་གྱིས་དུག་ལྔའི་མཆོད་པ་བྱིན་གྱིས་བརླབ་བོ། །ཧཱུྃ། རྩ་གསུམ་ཞི་ཁྲོ་དཀྱིལ་འཁོར་ལྷ་ཡི་ཚོགས། །རབ་གུས་དང་བས་གནས་འདིར་སྤྱན་འདྲེན་གཤེགས། །རིན་ཆེན་གཞལ་ཡས་མཛེས་པའི་གདན་ལ་བཞུགས། །བདག་སོགས་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །དམ་ཚིག་ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །དུས་གསུམ་རྒྱལ་བའི་སྤྱོད་ལ་རྗེས་ཡི་རང་། །བླ་མེད་བདེ་ཆེན་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་འགྲོ་བའི་དོན་ཕྱིར་བཞུགས། །འཁོར་འདས་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །འགྲོ་ཀུན་སྐུ་དང་ཡེ་ཤེས་ཡོངས་གྲུབ་ཤོག །དེ་ལྟར་ཚོགས་བསགས་ནས། ཧཱུྃ། བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱི་ནང་གསང་གསུམ་དབྱེར་མེད་དོན་གྱི་ལྷ། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ལ། །རྩེ་གཅིག་གུས་པས་མི་འབྲལ་སྐྱབས་སུ་མཆི། །ཞེས་གསུམ་གྱིས་སྐྱབས་སུ་འགྲོ། ཧཱུྃ། བདག་གཞན་འགྲོ་བ་མ་ལུས་ཀུན་དོན་དུ། །རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་བསྒྲུབས་ནས་ནི། །གང་འདུལ་ཐབས་ཀྱིས་འགྲོ་བ་ཡོངས་སྒྲོལ་ཕྱིར། །སྨོན་འཇུག་དོན་དམ་བྱང་ཆུབ་སེམས་བསྐྱེད་དོ། །གསུམ་གྱིས་སེམས་བསྐྱེད། ཧཱུྃ། མ་གྱུར་ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ་བ་དང་། །བདེ་བ་མཆོག་ལ་མངོན་པར་གནས་ལ་དགའ། །ཀུན་ནས་སྙོམས་པའི་བཏང་སྙོམས་ཆེན་པོར་གནས། །ཞེས་གསུམ་གྱིས་ཚད་མེད་བཞི་བསྒོམ། དེ་ལྟར་སྔོན་འགྲོའི་ལས་རིམ་བདུན་ནོ། །གཉིས་པ་དངོས་གཞི་ལ། རྩ་ཐོ་ལས། དངོས་གཞི་ཏིང་འཛིན་རྣམ་གསུམ་གཞལ་ཡས་ལྷ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་འབུལ༔ བསྟོད་པ་འཛབ་བཟླས་རྫོགས་པའི་རྣལ་འབྱོར་རོ༔ ཞེས་འབྱུང་བས་དང་པོ་ཏིང་ངེ་འཛིན་རྣམ་གསུམ་ནི། ཧཱུྃ། ཆོས་རྣམས་རང་བཞིན་སྟོང་གསལ་མཐའ་དབུས་བྲལ། །མི་གནས་མི་དམིགས་སྤྲོས་མེད་དེ་བཞིན་ཉིད། །དེ་ཉིད་མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །སྡུག་བསྔལ་གྱུར་པས་ཉམ་ཐག་སྙིང་རྗེའི་ཡུལ། །འགྲོ་ཀུན་བསྒྲལ་ཕྱིར་རྒྱུ་མཆོག་ཡི་གེ་ཧྲཱིཿ དམར་གསལ་རབ་འབར་འོད་ཟེར་ཀུན་ཏུ་འཕྲོ། །གཞལ་ཡས་ཁང་དང་ལྷ་བསྐྱེད་ནི། དེ་ལས་ནམ་མཁའ་རླུང་མེ་ཆུ་སའི་དལ། །རི་རབ་མེ་དཔུང་རྡོ་རྗེ་དུར་ཁྲོད་དབུས། །སྣ་ཚོགས་པད་འདབ་འབུམ་ལྡན་ལྟེ་བ་རུ། །བྷྲཱུྃ་ལས་ཕྱི་ནི་རིན་ཆེན་གཞལ་ཡས་ཁང་། །མཐའ་དབུས་མེད་པའི་ཡོན་ཏན་མཚན་ཉིད་རྫོགས། །དེ་དབུས་དུར་ཁྲོད་ཕོ་བྲང་རབ་འཇིགས་པ། །རྔམ་པའི་རྒྱན་འཆང་བརྗིད་ཅིང་ཡངས་པའི་དབུས། ཁྲག་ཞག་རྒྱ་མཚོ་པདྨ་ཉི་ཟླའི་སྟེང་། །རང་རིག་ཧྲཱིཿལས་སྐད་ཅིག་དཔའ་བོའི་སྐུ། །དབང་ཆེན་རྟ་མགྲིན་སྐུ་མདོག་རབ་དམར་འཚེར། །ཞལ་གཅིག་ཕྱག་གཉིས་སྤྱི་གཙུག་རྟ་མགོ་ནི། །ས་རྣམས་ཟིལ་གནོན་དབང་གི་རྟ་སྐད་སྒྲོག །ཕྱག་གཡས་སྲིད་གསུམ་དབང་སྡུད་གྲི་གུག་དང་། །གཡོན་པས་ཐོད་ཁྲག་བདུད་རྩི་ཞལ་དུ་གསོལ། །ཉི་ཟླ་པད་སྟེང་བརྗིད་ཅིང་འགྱིང་བའི་ཚུལ། །དེ་ཡི་གཡོན་ན་རྡོ་རྗེ་ཕག་མོ་ཡུམ། །མཐིང་དམར་མདོག་ཅན་སྤྱི་གཙུག་ཕག་ཞལ་ངུར། །གཞོན་ཚུལ་ནུ་མ་རབ་འབུར་བྷ་ག་རྒྱས། །ཡབ་ཡུམ་སྐུ་ལ་རུས་པའི་རྒྱན་དྲུག་དང་། །ཐོད་པ་སྐམ་རློན་ཁ་ཊྭཱཾ་དར་དཔྱངས་བཅས། །བདུད་བཞིའི་སྟེང་ན་བསྐལ་པའི་མེ་དཔུང་ཀློང་། །འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ་བཞིན་བཞུགས། །སྤྱི་གཙུག་པད་སྟེང་ཉི་ཟླའི་གདན་ཁྲི་ལ། །གསང་བའི་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ། །མཐིང་གསལ་རྡོར་དྲིལ་འཛིན་ཅིང་ཡུམ་ལ་འཁྱུད། །རྡོ་རྗེ་སྐྱིལ་ཀྲུང་གར་གྱིས་བཞུགས་པའི་པང་། །གསང་ཡུམ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དཀར། །གྲི་ཐོད་འཛིན་པས་ཡབ་འཁྱུད་པད་སྐྱིལ་འཁྲིལ། །ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ན་བཟའ་བཅས། །དེ་ཡི་སྤྱི་གཙུག་མཁའ་ལྡིང་ག་རུ་ཎ། །དཀར་པོ་གཟི་ལྡན་ཁམས་གསུམ་ཟིལ་གྱིས་གནོན། །ཧྲཱིཿ བདག་ཉིད་དཔའ་བོ་རྟ་མགྲིན་ཡབ་ཡུམ་གྱི། །དུང་ཁང་རྡོ་རྗེ་དཔའ་བོ་ཡབ་ཡུམ་འཁོར། །མགྲིན་པར་རཏྣ་དཔའ་བོ་ཡབ་ཡུམ་འཁོར། །སྙིང་གར་བུདྡྷ་དཔའ་བོ་ཡབ་ཡུམ་འཁོར། །ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ་འཁོར། །གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་འཁོར། །དཀར་སེར་མཐིང་དམར་ལྗང་མདོག་རང་རྟགས་ཀྱི། །ཕྱག་མཚན་གྲི་ཐོད་འཛིན་ཅིང་འཁྲིལ་སྦྱོར་ཚུལ། །རྒྱན་དང་ཆ་ལུགས་ཡོངས་རྫོགས་སྐུ་རུ་གསལ། །ཕྱོགས་མཚམས་པད་འདབ་བུམ་ཐོད་ཡེ་ཤེས་ཀྱི། །བཅུད་ཀྱིས་ཡོངས་གང་བདེ་སྟོང་མཆོད་པས་བསྐོར། །བར་ཁྱམས་ཕྱི་ནང་མུ་ཁྱུད་སྒོ་རྣམས་དང། ཁོར་ཡུག་ཀུན་ཏུ་དཔའ་བོ་མཁའ་འགྲོའི་ཚོགས། །མ་ལུས་ཏིལ་གྱི་གོང་བུ་ལྟ་བུར་ཁེངས། །མཆོག་ཐུན་དངོས་གྲུབ་བྱིན་འབེབས་ཚུལ་དུ་བཞུགས། །དེ་ནས་སྤྱན་དྲང་བ་དང་བཞུགས་སུ་གསོལ་བ་ནི། ཧྲཱིཿ གཙོ་འཁོར་ཐུགས་ཀར་རང་སྲོག་ཐིག་ལེ་དང་། །གནས་ལྔའི་ས་བོན་ལྔ་ཡི་འོད་ཟེར་གྱིས། །རང་བཞིན་དག་པ་ཨོ་རྒྱན་མཁའ་སྤྱོད་ཞིང་། །དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་གྱུར། །ཞེས་དམིགས་ལ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱིཿ སྐྱེ་མེད་ཆོས་དབྱིངས་བདེ་ཆེན་ཕོ་བྲང་ན། །མ་འདྲེས་ཡོངས་རྫོགས་རྩ་གསུམ་དཀྱིལ་འཁོར་ལྷ། །ཐུགས་རྗེའི་སྤྲུལ་པས་འགྲོ་བའི་དོན་མཛད་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་གཤེགས། །ཧྲཱིཿ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་གནས། །ཟངས་མདོག་དཔལ་རི་དཔལ་གྱི་གཞལ་ཡས་ནས། །འགྲོ་བའི་འདྲེན་མཆོག་རྗེ་བཙུན་ཐོད་ཕྲེང་རྩལ། །བདག་སོགས་འགྲོ་བའི་དོན་དུ་ཐུགས་བརྩེས་གཤེགས། །ཧྲཱིཿམཿ ཨོ་རྒྱན་མཁའ་སྤྱོད་དག་པ་མཁའ་འགྲོའི་ཞིང་། །དུར་ཁྲོད་མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །དབང་ཆེན་རྟ་མགྲིན་རྡོ་རྗེ་ཕག་མོ་ཡུམ། །མ་ལུས་འཁོར་བཅས་འགྲོ་དོན་གནས་འདིར་གཤེགས། །རཿཧཿ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྡོ་རྗེ་དཔའ་བོ་མཁའ་འགྲོ་གིང་དང་བཅས། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུ་སྤྲུལ་ལ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཙཿརིཿ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་མཆོག་ནས། །རཏྣ་དཔའ་བོ་མཁའ་འགྲོ་གིང་དང་བཅས། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུ་སྤྲུལ་ལ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཧྲིཿནིཿ ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་མཆོག་ནས། །པདྨ་དཔའ་བོ་མཁའ་འགྲོ་གིང་དང་བཅས། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུ་སྤྲུལ་ལ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཡཿསཿ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་མཆོག་ནས། །ལས་ཀྱི་དཔའ་བོ་མཁའ་འགྲོ་གིང་དང་བཅས། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུ་སྤྲུལ་ལ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཧཱུྃཿཧྲཱིཿ དབུས་ཕྱོགས་མེ་རི་འབར་བའི་ཞིང་མཆོག་ནས། །བུདྡྷ་དཔའ་བོ་མཁའ་འགྲོ་གིང་དང་བཅས། །འགྲོ་བའི་དོན་ཕྱིར་ཐུགས་རྗེས་སྐུ་སྤྲུལ་ལ། །མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། ཁྲོཾ། གླིང་རྣམས་ཀུན་གྱི་དབུས་གྱུར་ལྷུན་པོའི་རྩེར། །རབ་རྒྱས་དཔག་བསམ་ཤིང་ཆེན་ལྗོན་པའི་དབུས། །བདེ་གཤེགས་ཀུན་འདུས་མཁའ་ལྡིང་ག་རུ་ཎ། །སྙིགས་དུས་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཧཱུྃ། གཞན་ཡང་ཕྱོགས་མཚམས་སྟེང་འོག་ནམ་མཁའི་དབྱིངས། །རྒྱ་ཁྱོན་འདས་པའི་རང་བཞིན་གནས་མཆོག་ནས། །དཔའ་བོ་མཁའ་འགྲོ་སྲུང་མ་དམ་ཅན་ཚོགས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ་ཧྲཱིཿམཿ ཡེ་ཤེས་རིན་ཆེན་འཕྲུལ་གྱི་གཞལ་ཡས་ཁང་། །རྟོག་བྲལ་དུར་ཁྲོད་ཕོ་བྲང་ཡངས་པའི་ཀློང། །ཆགས་བྲལ་པདྨ་ཉི་ཟླ་རུ་ཏྲའི་གདན། །རྩ་གསུམ་ལྷ་ཚོགས་མི་གཡོ་དགྱེས་པར་བཞུགས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱིཿམཿ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཡི་ཚོགས། །བདག་དང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ། །རྣམ་དག་བདེ་ཆེན་འདུ་འབྲལ་མེད་པའི་ཀློང་། །དབྱེར་མེད་མཉམ་པ་ཆེན་པོར་ཕྱག་བགྱི་འོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཧཱུྃ་ཧྲཱིཿམཿ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །གདོད་ནས་མ་སྐྱེས་འདུ་འབྲལ་མེད་པའི་ཚུལ། །ལུས་ངག་ཡིད་ཀྱི་བརྡ་གར་ཕྱག་རྒྱ་གླུ། །དུས་གསུམ་མཉམ་ཉིད་མཆོད་པ་ཆེན་པོར་བཞེས། ཨོཾ་ཨཱཿཧཱུཾ་མ་ཧཱ་མུ་དྲ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿམཿ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ། །མེ་ཏོག་བདུག་སྤོས་ལ་སོགས་ཕྱི་མཆོད་དང་། །ཤ་ཁྲག་ཀླད་རུས་ལ་སོགས་ནང་མཆོད་ཚོགས། །གསང་བ་བྱང་ཆུབ་སེམས་ཀྱི་བདུད་རྩིས་མཆོད། ཨོཾ་ཨཱཿཧཱུྃ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱཱ། ཤབྡ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཤུ་ཀྲ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿམཿ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ། །རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན། །རྒྱུ་གཉིས་རྐྱེན་གསུམ་སྦྱར་བ་རཀྟའི་མཆོག །དམ་རྫས་རྨད་བྱུང་གཏོར་མས་མཆོད་པར་བགྱི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཧཱུྃ་ཧྲཱིཿམཿ རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ལ། །བདེ་སྟོང་ཟུང་འཇུག་ཐབས་ཤེས་སྦྱོར་མཆོད་དང་། །ཉོན་མོངས་འཁོར་བ་བསྒྲལ་བཔཤ་ཁྲག་ཚོགས། །དུག་ལྔ་མ་སྤངས་ཡེ་ཤེས་མཆོད་པ་འབུལ། ཨོཾ་ཨཱཿཧཱུྃ་ཨ་ནུ་རཀྟོ་མ་ཏྲཾ་རུ་ཏྲ་ཧ་ལ་པཉྩ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་ནི། ཧཱུྃ་ཧྲཱིཿམཿ བདེ་གཤེགས་སྐུ་ནི་འོད་གསལ་དབྱིངས་ལས་ཤར། །གཞོམ་མེད་གསུང་ནི་འགག་མེད་གསང་བའི་ཡུམ། །ཡེ་ཤེས་ཐུགས་ནི་འོད་གསལ་མཐའ་དབུས་བྲལ། །སྐུ་ལྔ་ཡོངས་རྫོགས་བླ་མ་རྗེ་ལ་འདུད། །སྣང་སྟོང་ལྷ་སྐུ་བདེ་ཆེན་ཆོས་དབྱིངས་ངང་། །རྒྱ་ཆད་ཕྱོགས་བྲལ་ནམ་མཁའ་གང་བར་སྟོན། །མ་བསྐྱེད་ལྷུན་རྫོགས་རིན་ཆེན་ཡོན་ཏན་གཏེར། །ཡི་དམ་ཞི་ཁྲོ་ཡབ་ཡུམ་སྐུ་ལ་བསྟོད། །སྐྱེ་མེད་ཆོས་དབྱིངས་མཉམ་ཡངས་བརྡལ་བའི་ཀློང་། །འགག་མེད་རིག་པ་ཡེ་ཤེས་ཀུན་ནས་གསལ། །རང་གྲོལ་མཚན་བྲལ་འོད་གསལ་སྙིང་པོའི་མཛོད། །རིག་རྩལ་མཁའ་འགྲོ་དམ་ཅན་ཚོགས་ལ་འདུད། །རང་སྣང་དག་པའི་དཀྱིལ་འཁོར་རབ་འབྱམས་ལ། །འཛིན་མེད་རང་ཤར་ཆེན་པོའི་ངང་དབྱིངས་ལས། །ངོ་མཚར་བསྟོད་པའི་དབྱངས་ཀྱིས་དུས་ཀུན་ཏུ། །རྩ་གསུམ་ཞི་ཁྲོ་སྲུང་མའི་ཚོགས་ལ་བསྟོད། །དེ་ནས་འཛབ་བཟླ་བ་ནི། བསྙེན་སྒྲུབ་ལས་གསུམ་གྱི་ཏིང་ངེ་འཛིན་དང་ལྡན་པས། ཧཱུྃ་ཧྲཱིཿམཿ རྗེ་བཙུན་བྱིན་རླབས་གཏེར་གྱུར་བླ་མའི་ཚོགས། །རྨད་བྱུང་ཏིང་འཛིན་འཛབ་ཀྱི་འཕྲོ་འདུ་ལས། །དགོངས་སྤྱོད་དག་པའི་ཡེ་ཤེས་རབ་བསྐུལ་ཏེ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿམཿཁྲོཾཿཧཿརིཿནིཿསཿརཿཙཿཧྲིཿཡཿཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་བཞིན་དུ་ཡི་དམ་དང་མཁའ་འགྲོའི་འཛབ་བསྐུལ་ཞིང་བཟླ་བ་ནི། ཧཱུྃ་ཧྲཱིཿམཿ དངོས་གྲུབ་མཆོག་སྩོལ་དབང་ཆེན་ཡི་དམ་ལྷ། །རྨད་བྱུང༴ དགོངས་སྤྱོད༴ མཆོག་དང༴ གོང་བཞིན་བཟླ། ཧཱུྃ་ཧྲཱིཿམཿ ཕྲིན་ལས་མཐར་ཕྱིན་དཔའ་བོ་མཁའ་འགྲོ་གིང་། །རྨད་བྱུང༴ དགོངས་སྤྱོད༴ མཆོག་དང༴ གོང་བཞིན་བཟླ། སྐབས་སུ་ཚོགས་མཆོད་ཀྱིས་བསྐང་ཞིང་བསྟོད་པ་ཡང་བྱའོ། །དེ་ནས་རྫོགས་རིམ་ནི། དེ་ལྟར་གསལ་ཞིང་བསྙེན་པའི་ལྷ། །དུ་མར་སྣང་ཡང་ངང་དུ་གཅིག །ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་སྟེ། །དམ་ཚིག་ཡེ་ཤེས་གཉིས་མེད་པས། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་ལས་བྱུང་ཞིང་རང་དབང་སྒྱུར། །རང་རིག་རྩ་བ་གསུམ་དུ་གནས། །དབང་དང་རབ་ཏུ་གནས་པ་ཅི། །འདོད་པའི་ཡོན་ཏན་མང་པོ་ཡང་། །རང་སེམས་ཡེ་ཤེས་རོལ་པའི་རྒྱན། །རང་ལས་སྤྲུལ་ཞིང་རང་མཆོད་པས། །མཆོད་རྫས་གཞན་གྱིས་བསྐང་མི་འཚལ། །སྣང་སྲིད་གཞལ་ཡས་བླ་མ་ལྷ། །ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ། །དཔེར་ན་ཆུ་ཟླའི་དཀྱིལ་འཁོར་ནི། །སྣང་ལ་རང་བཞིན་མེད་པ་ལྟར། །འཛིན་མེད་ངང་ནས་གསལ་བར་བསྒོམ། །ཞེས་སོ། །དེ་ལྟར་དངོས་གཞིའི་ལས་བདུན་རྫོགས་ནས་བསྙེན་སྒྲུབ་མཐར་ཕྱིན་པའི་རྟགས་ནི། རབ་བླ་མ་ཡི་དམ་མཁའ་འགྲོའི་ཞལ་དངོས་སུ་མཐོང་བ་དང་། ཆོས་ཐོབ་ཅིང་ལུང་སྟོན་པ་དང་། རང་གི་ལུས་ངག་ཡིད་གསུམ་ལ་བདེ་བ་དང་ཏིང་ངེ་འཛིན་སྐྱེ་ཞིང་། འཇིག་རྟེན་གྱི་ཁམས་སུ་སྙན་གྲགས་ཀྱིས་ཁྱབ་ལ། ལྷ་འདྲེ་མི་དང་ཟས་ནོར་འདུ། གདུག་པ་ཅན་རྣམས་བྲན་བཞིན་དུ་འགྱུར། ཁྱད་པར་དྲེགས་པ་ཅན་རྣམས་ཐུལ་ཞིང་། རྨིས་ལྟས་ངན་པ་ཀུན་ཞི་ཞིང་། གངས་དཀར་རི་ལ་འཛེགས་པ་དང་། ཉི་ཟླ་ཤར་བ་དང་། རང་གིས་ཆོས་འཆད་པ་དང་། དུང་འབུད་པ་དང་། རྔ་བརྡུང་ཞིང་དར་ཕྱར་བ་དང་། གོ་མཚོན་གྱོན་ཅིང་ཐོགས་པ། ཕ་རོལ་གྱི་གཡུལ་ངོ་བཟློག་པ་སོགས་རྨི་སྟེ། དེའི་ཚེ་ལས་ཚོགས་ཁ་བསྒྱུར་གང་བརྩམ་ཡང་འགྲུབ་པར་གསུངས་སོ། ༈ །སློབ་མ་རྗེས་སུ་བཟུང་བའི་ཕྱིར་རྩ་གསུམ་གྱི་བྱིན་རླབས་བྱ་བ་ལ། རྩ་ཐོ་ལས། དེ་ཡང་དབང་ཀུན་གྱི་སྔོན་དུ༔ བྱིན་རླབས་བླ་མའི་གཏོར་དབང༔ དངོས་གྲུབ་ཡི་དམ་གྱི་གཏོར་དབང༔ ཕྲིན་ལས་མཁའ་འགྲོའི་གཏོར་དབང་གསུམ་བསྐུར་བ་ནི༔ བྱིན་རླབས་འཇུག་ཅིང་དབང་གི་སྒོ་དབྱེ་བའི་དགོས་པ་ཡོད་དོ༔ ཞེས་འབྱུང་བས་གཏོར་དབང་གསུམ་པོ་འདིར་སོ་སོར་བསྐུར་བ་དང་། གཅིག་ཏུ་བསྐུར་བའི་ལུགས་གཉིས་བསྡམས་ཏེ་བྲི་བར་བྱའོ། དེ་ཡང་། སློབ་དཔོན་རང་ཉིད་ཏིང་ངེ་འཛིན་གྱི་དབང་བླང་ཞིང་། སློབ་བུ་རྣམས་གསང་སྔགས་བཟླས་པའི་ཆུས་ཁྲུས་བྱས་ལ་བགེགས་བསྐྲད་སྲུང་འཁོར་བསྒོམ། ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་དང་འཁོར་བ་ལས་ཡིད་འབྱུང་བའི་ཆོས་བཤད། མེ་ཏོག་བཀྲམ་ཞིང་བསྡུས་ལ། བླ་མ་དང་རྩ་གསུམ་གྱི་དཀྱིལ་འཁོར་དབྱེར་མ་མཆིས་པ་ལ། བྱིན་རླབས་བླ་མའི་གཏོར་དབང་ཞུ་བའི་དོན་དུ་མཎྜལ་འབུལ་བའམ། དེ་བཞིན་དུ། དངོས་གྲུབ་ཡི་དམ་གྱི་གཏོར་དབང་། ཞེས་དང་། ཕྲིན་ལས་མཁའ་འགྲོའི་གཏོར་དབང་། ཞེས་དང་། སྡོམ་ན། རྩ་བ་གསུམ་གྱི་གཏོར་དབང་ཟབ་མོ་ཞུ་བའི་དོན་དུ་མཎྜལ་འབུལ་ཞེས་འདོན་པ་བསྒྱུར་རོ། །དེ་ནས་སྙིམས་པ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་ནི། ཀྱེ་མ་མ་ཧཱ་གུ་རུ་རྗེ། །བདག་ཅག་སྐལ་ལྡན་རིགས་ཀྱི་བུ། །བྱིན་རླབས་བླ་མའི་དཀྱིལ་འཁོར་དུ། །ཞེས་དང་དེ་བཞིན་དུ། དངོས་གྲུབ་ཡི་དམ་དཀྱིལ་འཁོར་དུ། །ཕྲིན་ལས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཞེས་དང་། སྡོམ་ན། རྩ་བ་གསུམ་གྱི་དཀྱིལ་འཁོར་དུ། །ཇི་བཞིན་བར་ནི་འཇུག་པར་བགྱི། །མགོན་པོའི་ཐུགས་རྗེས་ཆེར་དགོངས་ལ། །བདག་གི་ལས་དང་ཉོན་མོངས་སྒྲིབ། །མ་ལུས་དག་པར་མཛད་དུ་གསོལ། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །བསྒྲལ་ཏེ་དབུགས་དབྱུང་གཟེངས་བསྟོད་གསོལ། །ཚེ་ཡི་རིག་འཛིན་ཐོབ་པ་དང་། །མཆོག་དང་ཐུན་མོང་ཀུན་འགྲུབ་ཅིང་། །འགྲོ་བ་འདྲེན་པའི་དེད་དཔོན་འཚལ། །ཅེས་པ་གསུམ་གྱིས་གསོལ་བ་བཏབ་ལ་ལས་བྱང་ལྟར་ཚོགས་གསག་པ་དང་། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བྱའོ། དེ་ནས་སློབ་བུས། སློབ་དཔོན་ལ་ཕྱོགས་ནས་འགྲེང་སྟེ། སྤྱི་བོར་ཐལ་མོ་སྦྱར་ལ་དམིགས་པ་འདི་ལྟར་བསྒོམ་དུ་གཞུག་གོ །སློབ་མ་རྟ་མགྲིན་ཡབ་ཡུམ། སྤྱི་བོར་གུ་རུ་ཐོད་ཕྲེང་རྩལ་ཡབ་ཡུམ་དང་རྡོ་རྗེ་བྱ་ཁྱུང་། གནས་རྣམས་སུ་རིགས་ལྔ་མཁའ་འགྲོ་ཡབ་ཡུམ་རྣམས་གསལ་བའི། བུདྡྷ་དཔའ་བོ་ཡབ་ཡུམ་གྱི་ཐུགས་ཀའི་དབུས་སུ་གཡུང་དྲུང་རིས་དམར་པོ་གཡས་སུ་འཁོར་བས་རྩ་གསུམ་ཕ་རྒྱུད་དཔའ་བོའི་ལྷ་ཚོགས། གཡོན་དུ་འཁོར་བས་རྩ་གསུམ་མ་རྒྱུད་དཔའ་མོའི་ལྷ་ཚོགས་ཀྱི་ཐུགས་དམ་རྒྱུད་སྐུལ་བ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཡཾ་སྔོ་སྐྱ་རླུང་གི་རང་བཞིན་གཡོ་ཞིང་བསྐྱོད་པ། གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ་ལ། བླ་མས་ཡཾ་ཞེས་བརྗོད་པས། ཡཾ་ལས་རླུང་གཡོས། གཡུང་དྲུང་འཁྱིལ་པ་འཁོར་བ་ལ་ཤེས་པ་གཏོད་དུ་གཞུག་གོ །བླ་མས་ཀྱང་རང་གི་སྨིན་ཕྲག་ཏུ། གཡུང་དྲུང་དཀར་པོ་གཡས་སུ་འཁོར་བ་ལ་ཤེས་པ་གཏད་དེ། བྱི་ལ་ནག་པོའི་བྲུན། རང་བྱུང་གི་མཚལ། ཤ་ཆེན། གུ་གུལ་ནག་པོ། གོ་རོ་ཙ་ན། བདུད་རྩི་ལྔ། རའི་ལྕེ་དང་ཉ་བཞིའི་ཤ །རང་རང་གི་སྐྲ་དང་སེན་མོ་རྣམས་སྦྱར་ཏེ། སོལ་མེར་བསྲེགས་པའི་དུད་པས་བདུག་ཅིང་། རོལ་མོའི་སྒྲ་ཆེར་སྦིར་རོ། །དེ་ནས་སླར་དམིགས་པ་བསྒྱུར་ཏེ་བྱིན་སོ་སོར་དབབ་པ་ནི། སླར་བླ་མས་ཡཾ་ཞེས་བརྗོད་པས་ཡཾ་ལས་རླུང་བྱུང་གཡུང་དྲུང་འཁོར་ཞིང་ཡི་གེ་བཞི་ལས་འོད་ཟེར་འཕྲོས། རྩ་བ་གསུམ་གྱི་དཀྱིལ་འཁོར་རྣམས་རིམ་པ་བཞིན་སྤྱན་དྲངས་ཏེ་སློབ་མ་ལ་ཐིམ་པར་བསམ་ཞིང་དབྱངས་དང་བཅས་ཏེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཧཱུྃ་ཧཱུྃ་ཧ་ཧཱུྃ། ཧཱུྃ། བཞེངས་ཤིག་བླ་མ་རྗེ་བཙུན་བཞེངས། །དགོངས་ཤིག་བླ་མ་རྗེ་བཙུན་དགོངས། །ཟངས་མདོག་དཔལ་རི་མཁའ་འགྲོའི་གནས། །རིག་འཛིན་འཁོར་བཅས་སྐུ་སྐྱོད་ཅིག །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག །རིན་ཆེན་སྙན་ཆ་ཁྲ་ལ་ལ། །གསེར་གྱི་གདུ་བུ་སི་ལི་ལི། །སིལ་སྙན་མང་པོའི་སྒྲ་དང་བཅས། །དུར་ཁྲོད་ཆས་བརྒྱད་ཁྲ་ལ་ལ། །དར་གྱི་ཅོད་པན་པུ་རུ་རུ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །རོལ་མོ་མང་པོ་དི་རི་རི། །རིག་འཛིན་བརྒྱུད་པའི་འཁོར་གྱིས་བསྐོར། །ཡི་དམ་ལྷ་ཚོགས་ནམ་མཁའ་གང་། །ཌཱ་ཀི་མ་ཚོགས་སྤྲིན་ལྟར་གཏིབས། །ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག །དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ། །དཔའ་མོའི་གར་བྱེད་ཤིགས་སེ་ཤིག །ལྷ་སྲིན་སྡེ་བརྒྱད་ཤ་ར་ར། །ཞུབ་ཆེན་ལྟོང་སྒྲ་སི་ལི་ལི། །གཡས་ན་ཕོ་རྒྱུད་ཐིབས་སེ་ཐིབ། །གཡོན་ན་མོ་རྒྱུད་ཐིབས་སེ་ཐིབ། །དར་གྱི་རུ་མཚོན་པུ་རུ་རུ། །དྲི་ཞིམ་ངད་པ་སི་ལི་ལི། །མཁའ་འགྲོའི་བརྡའ་སྐད་དི་རི་རི། །དཔའ་བོའི་བཤུག་གླུ་ཀྱུ་རུ་རུ། །ཧཱུྃ་གི་སྣང་གླུ་དི་རི་རི། །ཕཊ་ཀྱི་བརྡ་སྐད་སངས་སེ་སང་། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །སྒྲུབ་མཆོག་བུ་ལ་བྱིན་གྱིས་རློབས། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ། གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨཿ ཧྲཱིང་ཧྲཱིང་ཧྲཱིང་། ཛཿཛཿཛཿ ཧཱུྃ་ཧཱུྃ་ཧཱུྃ། དེ་བཞིན་དུ། བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས། །དགོངས་ཤིག་ཡི་དམ་ལྷ་ཚོགས་དགོངས། །དབང་ཆེན་འབར་བའི་གཞལ་ཡས་ནས། །དབང་ཆེན་རྟ་མགྲིན་སྐུ་སྐྱོད་ཅིག །དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན། །དེ་སོགས་གོང་མས་འགྲེའོ། །བཞེངས་ཤིག་མཁའ་འགྲོ་དམ་ཅན་བཞེངས། །དགོངས་ཤིག་མཁའ་འགྲོ་དམ་ཅན་དགོངས། །ནུབ་ཕྱོགས་ཨོ་རྒྱན་གནས་མཆོག་ནས། །རྡོ་རྗེ་ཕག་མོ་སྐུ་སྐྱོད་ཅིག །དབུ་ལ་ཐོར་ཚུགས༴ དེ་སོགས་འགྲེའོ། །ཐུན་མོང་དུ། ཨོཾ། སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ། །ལྷ་དབང་ལུས་ལ་བསྐུར་དུ་གསོལ། །སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། ཨཱཿ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །སྔགས་དབང་ངག་ལ་བསྐུར་དུ་གསོལ། །གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ། ཧཱུྃ། ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །སེམས་ལ་རྟོགས་པ་བསྐྱེད་དུ་གསོལ། །ཆོས་དབང་སེམས་ལ་བསྐུར་དུ་གསོལ། །ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །ཡེ་ཤེས་རྣམ་ལྔའི་དབང་བཞི་སྐུར། །བརྒྱུད་འཛིན་བུ་རྣམས་བྱིན་གྱིས་རློབས། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ཅེས་དང་། གོང་གི་སྔགས་དང་བཅས་པས་བྱིན་དབབ་བོ། ཡེ་ཤེས་ཕེབས་པའི་རྟགས་ནི། ལུས་གཡོ་ཞིང་ལྡེག །གར་དང་གླུ་ལེན་ཞིང་སྒྲ་བརྗོད་ལ། སེམས་རིག་པ་གསལ་སྟོང་དུ་འཆར་རོ། །དེ་ལྟར་བྱིན་ཕབ་ནས་དངོས་གཞི་གཏོར་མའི་དབང་ཞུ་བའི་དོན་དུ། གསོལ་བ་གདབ་པ་ནི། སློབ་མས་ཕྱག་བཙལ་ཙོག་པུར་འདུག་ཐལ་མོ་སྙིང་གར་སྦྱར་ཏེ། འདི་སྐད་ཞུ། ཧོཿ རྩ་གསུམ་བདེ་གཤེགས་ཀུན་འདུས་པའི། །བླ་མ་སངས་རྒྱས་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས། །བླ་མའི་རྗེས་གནང་དབང་ཐོབ་ནས། ཞེས་དང་། དེ་བཞིན་དུ། ཡི་དམ༴ མཁའ་འགྲོའི༴ ཞེས་སོ་སོའམ། བསྡུ་ན། རྩ་གསུམ་བྱིན་རླབས་དབང་ཐོབ་ནས། །རིག་འཛིན་ས་ལ་གཤེགས་པ་ལྟར། །དེ་རྗེས་བདག་ཀྱང་འཇུག་པར་འཚལ། །ཅེས་ལན་གསུམ་གྱིས་མེ་ཏོག་འཐོར་ཞིང་གསོལ་བ་གདབ། དེ་ནས་བླ་མས་གཏོར་མ་རྩ་བ་གསུམ་གྱི་དཀྱིལ་འཁོར་དུ་བསམས་ལ་ལག་ཏུ་ཐོགས་ཏེ། དབང་བསྐུར་ཚིག་འདི་སྐད་དོ། །ཧཱུྃ། གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །གུ་རུའི་སྐུ་དང་བདུད་རྩི་འདུ་འབྲལ་མེད། །དམ་རྫས་བདུད་རྩི་བླ་མ་མཆོད་པའི་རྫས། །གཉིས་མེད་དབྱིངས་སུ་དམ་ཚིག་མཉམ་པར་བསྲེ། །མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང་། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ། །སྤྲུལ་པ་སྣ་ཚོགས་ལས་ལ་འགྱེད་པའི་ཕྱིར། །དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མའི་ལྷ་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་བབས། སློབ་མའི་ལུས་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། ལུས་བླ་མའི་དཀྱིལ་འཁོར་དུ་སྒྲུབ་པ་ལ་དབང་། སྐུའི་དམ་ཚིག་ལུས་ལ་སྲུངས། ལུས་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས། ཞེས་ངོ་སྤྲོད། གཏོར་མ་དེ་ཉིད་མགྲིན་པར་གཏད་དེ། ཧཱུྃ། གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །གུ་རུའི་གསུང་དང་བདུད་རྩི་འདུ་འབྲལ་མེད། །སོགས་གོང་བཞིན་ལ་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མའི༴ སློབ་མའི་མགྲིན་པ་གང་། ངག་གི་སྡིག་སྒྲིག་དག །གསང་བའི་དབང་ཐོབ། ངག་བླ་མའི་གསུང་གི་དཀྱིལ་འཁོར་དུ་སྒྲུབ་པ་ལ་དབང་། གསུང་གི་དམ་ཚིག་ངག་ལ་སྲུངས། གསུང་ལོངས་སྤྱོད་རྫོགས་སྐུ༴ སོགས་གོང་བཞིན་ནོ། །ཡང་གཏོར་མ་སྙིང་གར་གཏུགས་ཏེ། ཧཱུྃ། གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །གུ་རུའི་ཐུགས་དང་བདུད་རྩི་འདུ་འབྲལ་མེད། །སོགས་སྔགས་ཤམ་དུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མའི༴ སློབ་མའི་སྙིང་ག་གང་། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པ་ལ་དབང་། ཐུགས་ཀྱི་དམ་ཚིག་ཡིད་ལ་སྲུངས། ཡིད་ཆོས་ཀྱི་སྐུ༴ སོགས་གོང་བཞིན། སླར་གཏོར་མ་དེ་ཉིད་སྤྱི་བོར་བསྐུར་ཏེ། ཧཱུྃ། གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །གུ་རུའི་སྐུ་གསུང་ཐུགས་དང་བདུད་རྩི་འདུ་འབྲལ་མེད། །སོགས་སྔགས་ཤམ་དུ། སརྦ་སིདྡྷི་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། གཏོར་མའི༴ སློབ་མའི་ལུས་ཀྱི་ནང་ཐམས་ཅད་གང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་སྒྲུབ་པ་ལ་དབང་། གསང་སྔགས་བརྡའི་དམ་ཚིག་བཞི་སྲུངས། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་ངོ་སྤྲོད་དོ། །དེ་དག་ནི་བྱིན་རླབས་བླ་མའི་གཏོར་དབང་བསྐུར་བའི་ཕྱག་བཞེས་ཀྱི་རིམ་པའོ། །དེ་བཞིན་དུ། དངོས་གྲུབ་ཡི་དམ་དང་། ཕྲིན་ལས་མཁའ་འགྲོའི་གཏོར་མ་ལའང་འགྲེ་ཤེས་པར་བྱ་ཞིང་། བསྡུས་པར་ན། ཧཱུྃ་ཧྲཱིཿམཿ གཏོར་སྣོད་བྷནྡྷ་གཞལ་ཡས་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །རྩ་གསུམ་སྐུ་དང་བདུད་རྩི་འདུ་འབྲལ༴ གསུང་དང༴ ཐུགས་དང༴ རྩ་གསུམ་སྐུ་གསུང་ཐུགས༴ ཞེས་འདོན་པ་བསྒྱུར་ལ། ལུས་རྩ་གསུམ་སྐུའི༴ ངག་རྩ་གསུམ་གསུང་གི༴ སེམས་རྩ་གསུམ་ཐུགས་ཀྱི༴ ཞེས་སྦྱར་ཏེ་ངོ་སྤྲོད་དོ། །དེ་ལྟར་རྩ་གསུམ་གྱི་དཀྱིལ་འཁོར་དུ་དབང་བཞི་གཏོར་མ་ལ་བརྟེན་ཏེ་ཐོབ་པས་གཞུང་ནས་བཤད་པ་བཞིན་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་བཟུང་ཞིང་། ཁྱད་པར་གྱི་དམ་ཚིག་ཡབ་ཀྱི་དབང་རྟགས་སུ་རྡོ་རྗེ་དང་བྲིས་སྐུ་བཅང་། ཡུམ་གྱི་དབང་རྟགས་སུ་ཀ་པཱ་ལ་གླིང་བཞི་པ་བཅང་། མཁའ་འགྲོའི་དབང་རྟགས་སུ་དར་སྣའི་ཅོད་པན་བཅང། གཉིས་སུ་མེད་པའི་དབང་རྟགས་སུ་ཚེས་བཅུའི་མཆོད་པ་མི་བཅག་གོ །དེ་ལྟར་བཤད་པའི་དམ་ཚིག་ཀུན་བསྡུས་ཏེ་བསྲུང་བར་ཁས་བླངས་ལ། ལས་གཞུང་རྗེས་ཀྱི་བྱ་བ་ནི། རྩ་ཐོ་ལས། རྗེས་ནི་ཚོགས་གཏོར་བྱིན་རླབས་བསྔོ་ཞིང་སྤྱད༔ ལྷག་མ་བསྐུལ་ཞིང་ཆད་མདོ་བརྟན་སྐྱོང་བྲོ༔ ཉམས་བཤགས་བླང་བཟུང་སྨོན་ལམ་ཤིས་བརྗོད་དོ༔ ཞེས་པས། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་པ་མདུན་དུ་བཤམས་ཏེ་བྱིན་བརླབས་ལ་བསྔོ་ཞིང་ལོངས་སྤྱོད་པ་ནི། བསང་ཆུ་གཏོར་ཞིང་བགེགས་བསྐྲད་ལ། ཧཱུྃ་ཧྲཱིཿམཿ རཾ་ཡཾ་ཁཾ་གི་འཕྲོ་འདུའི་མེ་རླུང་ཆུས། །ཐབས་ཤེས་ག་ཎའི་རྫས་ཀྱི་ཉེས་སྐྱོན་རྣམས། །བསྐལ་མེ་རླུང་དང་ཆུ་ཡིས་རབ་བསྲེགས་ཤིང་། །གཏོར་སྦྱངས་བཀྲུས་པས་རྣམ་དག་ཡེ་ཤེས་ངང་། །ཧཱུྃ་ཧྲཱིཿམཿ ཨོཾ་ཨཱཿཧཱུྃ་འབྲུ་ཏིང་འཛིན་རོལ་པ་ལས། །ཚོགས་རྫས་ཟག་མེད་ཡེ་ཤེས་བདུད་རྩི་མཆོག །འདོད་ཡོན་ལྔ་ལྡན་ལོངས་སྤྱོད་བསམ་མི་ཁྱབ། །ཏིང་འཛིན་དགོངས་སྤྱོད་དག་པས་བྱིན་གྱིས་རློབས། །ཧཱུྃ་ཧྲཱིཿམཿ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་གིང་དང་སྲུང་མར་བཅས། །དམ་ཅན་རྒྱ་མཚོ་བསྟན་སྲུང་བཀའ་ཉན་རྣམས། །ཡེ་ཤེས་ཚོགས་དང་གཏོར་མའི་མགྲོན་དུ་གཤེགས། །ཧཱུྃ་ཧྲཱིཿམཿ བདེ་ལྡན་པདྨོའི་ཞིང་མཆོག་ཉམས་རེ་དགའ། །ཚོགས་གཏོར་བརྗིད་ལྡན་འགྱིང་བ་བག་རེ་དྲོ། །འདིར་ཚོགས་སྐལ་ལྡན་ཕོ་མོ་དམ་རེ་གཙང་། །འདོད་ཡོན་རེ་སྐོང་ལོངས་སྤྱོད་ལྷུན་གྱིས་གྲུབ། །ཧཱུྃ་ཧྲཱིཿམཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འོག་མིན་ཆོས་དབྱིངས་དཔལ་གྱི་རི། །དག་པའི་ཞིང་མཆོག་གར་བཞུགས་ཀྱང་། །ཚོགས་ཁང་རིན་ཆེན་འབར་བ་འདིར། །ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་གཤེགས། །རཿཧཿ རྡོ་རྗེ་རིགས་ཀྱི་དཔའ་བོ་དང་། །རྡོ་རྗེ་ཌཱ་ཀི་འཁོར་དང་བཅས། །དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག །དར་གྱི་ཅོད་པན་པུ་རུ་རུ། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །གསེར་གྱི་གདུ་བུ་སི་ལི་ལི། །ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས། །མངོན་དགའི་ཞིང་ནས་གཤེགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་ཅིག་ཕོབ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་མཆེད་ལྕམ་ཉམས་རྟོགས་སྤོར། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཙཿརིཿ རིན་ཆེན་རིགས་ཀྱི་དཔའ་བོ་དང་། །རཏྣ་ཌཱ་ཀི་འཁོར༴ དབུ་སྐྲ༴ དར་གྱི་ཅོད་པན༴ རུས་པའི༴ གསེར་གྱི་གདུ་བུ༴ ཅང་ཏེའུ་དྲིལ་བུའི༴ དཔལ་ལྡན་ཞིང་ནས་གཤེགས་སུ་གསོལ། ཚོགས་ཁང༴ ཚོགས་གཏོར༴ འདིར་ཚོགས༴ མཆོག་དང་ཐུན༴ ཧྲཱིཿནིཿ པདྨ་རིགས་ཀྱི་དཔའ་བོ་དང་། །པདྨ་ཌཱ་ཀི༴ དབུ་སྐྲ༴ དར་གྱི་ཅོད་པན༴ རུས་པའི༴ གསེར་གྱི༴ ཅང་ཏེའུ་དྲིལ་བུའི༴ བདེ་ལྡན་ཞིང་ནས་གཤེགས་སུ་གསོལ། །ཚོགས་ཁང༴ ཚོགས་གཏོར༴ འདིར་ཚོགས༴ མཆོག་དང་ཐུན་མོང༴ ཡཿསཿ ལས་ཀྱི་རིགས་ཀྱི་དཔའ་བོ་དང་། །ཀརྨ་ཌཱ་ཀི༴ དབུ་སྐྲ༴ དར་གྱི༴ རུས་པའི༴ གསེར་གྱི༴ ཅང་ཏེའུ་དྲིལ་བུའི༴ ལས་རབ་ཞིང་ནས་གཤེགས་སུ་གསོལ། །ཚོགས་ཁང༴ ཚོགས་གཏོར༴ འདིར་ཚོགས༴ མཆོག་དང༴ ཧྲཱིཿམཿ སངས་རྒྱས་རིགས་ཀྱི་དཔའ་བོ་དང་། །བུདྡྷ་ཌཱ་ཀི༴ དབུ་སྐྲ༴ དར་གྱི༴ རུས་པའི༴ གསེར་གྱི༴ ཅང་ཏེའུ༴ རང་བཞིན་ཞི་ནས་གཤེགས་སུ་གསོལ། །ཚོགས་ཁང༴ ཚོགས་གཏོར༴ འདིར་ཚོགས༴ མཆོག་དང༴ ཧཱུྃཿཧྲཱིཿམཿ གནས་ཡུལ་དུར་ཁྲོད་བརྒྱད་ཀྱི་ཞིང་། །ཕྱོགས་མཚམས་སྟེང་འོག་བཀའ་འཁོར་ནས། །ལས་དང་ཡེ་ཤེས་ལས་གྲུབ་པའི། །མཁའ་འགྲོ་ཞིང་སྐྱོང་དམ་ཅན་ཚོགས། །མི་བཟད་རྔམ་པའི་ང་རོ་ཅན། །འཇིགས་པའི་བཤུགས་གླུས་སྟོང་གསུམ་འགེངས། །མགྱོགས་པའི་བང་གིས་ཁམས་གསུམ་བསྐོར། །རྫུ་འཕྲུལ་རི་རབ་ཐལ་བར་རློག །མི་བཟད་མེ་རླུང་འཚུབས་དབུས་བཞུགས། །དམ་ཅན་ཀུན་གྱི་གྲོགས་མཛད་ཅིང་། །དགྲ་བགེགས་ཞིང་བཅུ་སྐད་ཅིག་སྒྲོལ། །གཏུམ་ཆེན་དྲག་པོའི་སྡེ་དཔུང་བཅས། །གློག་ལྟར་མྱུར་དུ་གནས་འདིར་སྤྱོན། །ཚོགས་ཁང་འདི་ལ་བྱིན་ཅིག་ཕོབ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་མཆེད་ལྕམ་མ་ལུས་པའི། །ཕྱི་ནང་བར་ཆད་དབྱིངས་སུ་སོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛཿ པདྨ་སཱུརྻ་ཙནྡྲ་མཎྜ་ལ་སཏྭམ། ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་ལ་ཕྱག་འཚལ་ལོ། །ཧཱུྃ་ཧྲཱིཿམཿ སྟོང་གསུམ་རྣམ་དག་རིན་ཆེན་སྣོད་ནང་དུ། །ཏིང་འཛིན་བྱིན་བརླབས་རྨད་བྱུང་ཟག་མེད་རྫས། །མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས་ཀྱིས་མཆོད། །ཧཱུྃ་ཧྲཱིཿམཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་ཞིང་། །རེག་འཇམ་ཆོས་དབྱིངས་དགྱེས་བྱེད་ཚོགས་ཀྱི་རྫས། །བ་ལིཾ་གཏོར་མས་ནམ་མཁའི་ཁམས་བཀང་ནས། །རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿམཿ ཤ་ལྔ་བདུད་རྩི་པཉྩ་ཨ་མྲྀཏ། །ཆགས་ཆེན་རཀྟ་དམར་གྱི་རྒྱ་མཚོ་བསྐྱིལ། །ཏིང་འཛིན་དགོངས་ཀློང་དོན་གྱི་མཆོད་པ་རྣམས། །རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཐུགས་དམ་བསྐང་། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྐང་། ན་མོ་བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལུས་ངག་ཡིད་ནི་བག་མེད་དབང་གྱུར་ཏེ། །ནོངས་སྦྱོར་སྐུ་གསུང་ཐུགས་དང་ཅི་འགལ་བ། །ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཕུད་དང་ཚོགས་གཏོར་རྒྱུ་ཆུང་གཙང་སྦྲ་ཉམས། །ཏིང་འཛིན་མ་གསལ་སྔགས་དང་ཕྱག་རྒྱ་ནོངས། །འཁོར་བའི་རྒྱུར་གྱུར་འདོད་ཁྲོ་གཏི་མུག་དབང་། །བག་ཆགས་སྒྲིབ་པར་གྱུར་པ་མཐོལ་ཞིང་བཤགས། །རྩ་གསུམ་ཡེ་ཤེས་སྤྱན་ནི་སྒྲིབ་མི་མངའ། །བདག་ཅག་རྩ་བ་ཡན་ལག་དམ་ཚིག་འདས། །རྒྱལ་བའི་དགོངས་སྤྱོད་ཐུགས་དང་ཅི་འགལ་བ། །མཐོལ་ཞིང་བཤགས་སོ་ཚངས་པ་བསྩལ་དུ་གསོལ། །ཞེས་བཤགས་ཤིང་ཡི་གེ་བརྒྱ་པ་བརྗོད། ཚོགས་ཐ་མ་འགུགས་འདྲེན་བསྒྲལ་ལ་བསྟབ་སྟེ། ཧཱུྃ་ཧྲཱིཿམཿ རྩ་གསུམ་ཞི་ཁྲོ་དམ་ཅན་སྲུང་མའི་ཚོགས། །མི་མངོན་དབྱིངས་ནས་དྲག་པོའི་སྐུར་བཞེངས་ལ། །ཞིང་བཅུ་དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡ། །སློབ་དཔོན་སྨད་ཅིང་སེམས་ཅན་ཡོངས་ལ་འཚེ། །ཆོས་སྤྱོད་སྒྲུབ་ལ་བར་དུ་གཅོད་པ་དང་། །བཀའ་གསང་གཉན་པོ་སྨོད་ཅིང་ལོག་པར་བཟུང་། །གནོད་བྱེད་དགྲ་བགེགས་མ་ལུས་གནས་འདིར་ཁུག །བསྒྲལ་བའི་ཞིང་གྱུར་བསྒྲལ་པའི་ཤ་ཁྲག་རུས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམ་ཤེས་བཅས། །རྩ་གསུམ་ཞི་ཁྲོ་སྲུང་མའི་ཞལ་དུ་བསྟབ། །ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐུགས་སུ་བསྟིམ། གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སརྦ་ནྲི་ཏྲི་ཤཱ་ཏྲུན་མ་ཧཱ་མཱཾ་ས་ལ་ཁཱ་ཧི། རཀྟ༴ ཙིཏྟ༴ གོ་རོ་ཙ་ན༴ བ་སུ་ཏ༴ ཀིཾ་ནི་རི་ཏི་ལ་ཁཱ་ཧི། ཞེས་སྦྱར་རོ། དེ་ནས་དཔོན་སློབ་རྣམས་ལ་དྲང་ཞིང་། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་གདོལ་པ་ཁྱི་ཕག་རྗེ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཅེས་དབུལ་ཞིང་། ལེན་པ་པོ་རྣམས་ཀྱིས་ཀྱང་། བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་རྣམ་པར་དག །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོཿ ཞེས་བླང་ངོ་། དེ་ནས་ལྷག་མ་བསྡུས་ལ། རྡོ་རྗེ་རྒྱལ་པོའི་ཁ་ཆུས་བྲན་ཏེ། ཨོཾ་ཨཱཿཧཱུྃ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཧཱུྃ་ཧྲཱིཿམཿ དང་པོ་ཕུད་བདག་རིག་འཛིན་བླ་མའི་ཚོགས། །བར་དུ་ཚོགས་བདག་ཞི་ཁྲོ་དཀྱིལ་འཁོར་ལྷ། །ཐ་མར་ལྷག་སྡུད་བཀའ་ཉན་མཁའ་འགྲོ་གིང་། །ལང་ཀ་ཕོ་ཉ་མ་བདུན་སྲིང་མོ་བཞི། །འབར་མ་སྤོར་མ་ཤུགས་འགྲོ་འཁོར་བཅས་རྣམས། །སྔོན་གྱི་རྒྱལ་བའི་བཀའ་དང་དམ་དགོངས་ལ། །ལྷག་མའི་ལོངས་སྤྱོད་དཔལ་གྱི་ཕམ་ཕབ་ལོངས། །རྣལ་འབྱོར་རྐྱེན་སོལ་ཕྲིན་ལས་ཐོགས་མེད་སྒྲུབས། ག་ཎ་ཙཀྲ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་དབུལ་ཞིང་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱིཿམཿ དབུས་མཐའ་རྒྱ་ཁྱོན་འདས་པའི་ཞིང་ཁམས་ནས། །རྗེ་བཙུན་བླ་མ་རིག་འཛིན་ཐུགས་དམ་བསྐུལ། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛོད། །མི་མངོན་ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐུལ། །སྲིད་གསུམ་འཁྲུལ་པ་གཞིག་པའི་ཕྲིན་ལས་མཛོད། །སྟེང་འོག་ཕྱོགས་མཚམས་རྫུ་འཕྲུལ་ཞིང་ཁམས་ནས། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐུལ། །དུག་ལྔ་དུག་གསུམ་འཁྲུལ་འཛིན་ཞི་བ་དང་། །སྐུ་དང་ཡེ་ཤེས་ཞིང་ཁམས་རྒྱས་པར་སྤེལ། །མཉམ་ཡངས་རབ་འབྱམས་སྣང་སྲིད་དབང་དུ་སྡུས། །ཆོས་དབྱིངས་སྐྱེ་མེད་དྲག་པོར་བསྒྲལ་དུ་གསོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་མ་ཡ་ས་མ་ཡ་ཨ་ཨཿ དེ་ནས་ཚོགས་གཞོང་བཤལ་བ་སྨན་འབྲུ་གཏོར་མ་ཆང་གིས་བྲན་ལ། འདོད་ཡོན་དུ་བྱིན་གྱིས་བརླབས་ཏེ་ཆད་མདོ་བྱ་བ་ནི། ཧཱུྃ་ཧྲཱིཿམཿ སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ། །འོག་མིན་དགའ་ལྡན་ཞེས་བྱའི་གནས་མཆོག་ཏུ། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀས། །རྟ་སྐད་ཐེངས་གསུམ་སྣང་སྲིད་དབང་དུ་བསྡུས། །ཐ་ཚིགས་གསུམ་གྱིས་དམ་ལ་བཏགས་པའི་ཚེ། །བཀའ་སྲུང་དམ་ཅན་མ་ལུས་ཐམས་ཅད་ཀྱིས། །སོ་སོའི་གཟུགས་མཆོག་དངོས་སུ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ། །ཇི་ལྟར་སྔོན་གྱི་དམ་བཅའ་མ་གཡེལ་བར། །མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ་ཧྲཱིཿམཿ དེ་རྗེས་བསམ་ཡས་དབུ་རྩེའི་བར་ཁང་དུ། །སྟོན་པའི་ཞལ་སྐྱིན་པདྨ་སམྦྷ་ཝས། །ལྷ་སྲས་འགྲོ་འདུལ་ལ་སོགས་རྗེ་འབངས་ལ། །དགོངས་པ་ཡང་ཟབ་སྙིང་པོའི་བཅུད་བླུགས་ཚེ། །མ་མོ་གཟའ་དང་རྡོ་རྗེ་ལེགས་པ་ཡིས། །སོ་སོའི་གཟུགས་མཆོག༴ བཀའ་ཡི༴ བཅོལ་པའི༴ ཇི་ལྟར༴ མཆོད་གཏོར༴ ཧཱུྃ་ཧྲཱིཿམཿ དུས་མཐའ་བསྐལ་པའི་སྙིགས་མ་ལ་སྤྱོད་དུས། །དཔལ་རི་རིན་ཆེན་ཐོད་པའི་ཕོ་བྲང་དུ། །རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་གིས། །སློབ་མ་འགྲོ་འདུལ་སྣ་ཚོགས་རང་གྲོལ་ལ། །གསང་སྔགས་བཀའ་ལུང་གཏད་རྒྱ་བཀྲོལ་བའི་ཚེ། །བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོ་ཡིས། །སོ་སོའི༴ བཀའ་ཡི༴ བཅོལ་པའི༴ ཇི་ལྟར་སྔོན་གྱི༴ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བསྟན་པ་སྐྱོང་མཛད་དམ་ཅན་མ་དང་སྲིང་། །བདུད་མོ་དང་ནི་སྨན་བཙུན་གནོད་སྦྱིན་མོ། །ནག་མོ་རབ་འཇིགས་སྐྱེ་འགྲོའི་དབུགས་ཀྱི་བདག །དཀར་མོ་མཛེས་མ་ཞི་ཚུལ་སྒེག་པ་མོ། །དམར་མོ་རབ་བརྗིད་འབྱོར་བའི་དཔལ་ཡོན་ཅན། །རང་རང་སྡེ་འཁོར་སྤྲུལ་པ་འབུམ་སྡེར་བཅས། །འདིར་བྱོན་དམ་རྫས་བཀའ་ཡི་གཏོར་མ་ལོངས། །བོད་འདིར་མུ་སྟེགས་བདུད་དང་འགོང་པོ་ཡིས། །དུས་ངན་བློ་བསྒྱུར་ཆོས་ལོག་ནང་དུ་ཐུལ། །སྟོད་སྨད་མཐའ་ཡི་སོ་ཁའི་དམག་དཔུང་དང་། །དལ་ཡམས་འབྱུང་པོའི་འཚེ་བ་མཐའ་ནས་ཟློག །བསྟན་གནོད་དགྲ་བགེགས་བར་ཆད་ཞི་བར་མཛོད། །སརྦ་ཌཱ་ཀི་ནཱི་པཱུ་ཛ་ཁཱ་ཧི། ཞེས་བརྟན་མ་སྐྱོང་ངོ་། །དེ་ནས་གཏོར་གཞོང་ཁ་སྦུབ་པའི་འོག་ཏུ་དགྲ་བགེགས་མནན་པར་བསམས་ཏེ། ཨོཾ་ནནཿ ཨཱཿནནཿ ཧཱུྃ་ནནཿ སྟམ་བྷ་རཀྵ་ཀུ་རུ་ནན། ཞེས་བརྗོད་དོ། །ན་མོ། རྩ་བ་གསུམ་གྱི་དཀྱིལ་འཁོར་མ་གསལ་ཞིང་། །འཛབ་དང་བཟླས་བརྗོད་འཆལ་པའི་གཏམ་གྱིས་གཡེངས། །དོན་དམ་དགོངས་པའི་ཀློང་དང་འགལ་གྱུར་པ། །མཁྱེན་པའི་སྤྱན་ལྡན་ཀུན་ལ་བཟོད་པར་གསོལ། །ཞེས་དང་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། དེ་ནས་དངོས་གྲུབ་རྫས་རྣམས་ཀྱི་ཕུད་དང་པོ་རྩ་བ་གསུམ་གྱི་དཀྱིལ་འཁོར་ལ་སྦྱིན་སྲེག་ཏུ་ཕུལ། བར་པ་རྩ་གསུམ་ལྷ་ཚོགས་ཞུ་བ་ལས་བྱུང་བའི་བདུད་རྩིར་མོས་ཤིང་དངོས་གྲུབ་ཏུ་རོལ། ལྷག་མ་རྣམས་གཞན་དོན་དུ་ལོངས་སྤྱོད་པར་བྱའོ། །སྨོན་ལམ་གདབ་པ་ནི། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་པའི་དགེ་བ་མ་ལུས་ཀུན། །བླ་མེད་གསང་བའི་དཀྱིལ་འཁོར་འདིར་བསྡུས་ཏེ། །རྩ་གསུམ་ཞི་ཁྲོའི་དཀྱིལ་འཁོར་འགྲུབ་གྱུར་ཅིག །ཤིས་པ་བརྗོད་པ་ནི། ན་མོ། བྱིན་རླབས་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཏེ། །ཕྱོགས་དུས་མ་ལུས་ཀུན་ཏུ་མཐའ་ཀླས་པ། །བདེ་ལེགས་ཆར་རྒྱུན་ཡོངས་སུ་གང་གྱུར་པའི། །རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ། །དུས་གསུམ་མི་འགྱུར་ལྷུན་གྲུབ་བཀོད་པས་བརྒྱན། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ནས་བཀྲ །ཡི་དམ་ཞི་ཁྲོ་རབ་འབྱམས་བཀྲ་ཤིས་ཤོག །གནས་ཡུལ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ། །གང་འདུལ་ཐབས་ཀྱིས་འདུལ་བའི་གདུལ་བྱ་ལ། །དཔའ་བོ་མཁའ་འགྲོ་སྲུང་མར་སྐུ་སྤྲུལ་པ། །བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་ཡང་སྦྱར་རུང་ངོ་། །དེ་ལྟར་རྩ་བ་གསུམ་གྱི་ལས་བྱང་དང་། གཏོར་དབང་གི་རིམ་པ་འདི་ཉིད་ཀྱང་། དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆ་རྐྱེན་དུ། ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་གཏེར་ཁ་གོང་མ་དག་ལས་བླངས་ཏེ། འབྲི་གུང་པ་སྣ་ཚོགས་རང་གྲོལ་གྱིས་དབེན་གནས་ཆེན་པོ་གཏེར་སྒྲོམ་གྱི་འདབས་སུ་བྲིས་པ། ཟངས་ཤོག་དམར་པོའི་ཆོས་སྡེར་འདུའོ། །འདི་ལ་འཁྲུལ་པའི་དྲི་མ་མཆིས་ན་མཁྱེན་ལྡན་རྣམས་ཀྱིས་བཟོད་པར་གསོལ་ཞིང་། སླད་ནས་ལེགས་པར་བཅོས་སུ་རུང་ལགས།། །།
ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་སྒྲུབ་ཐབས་ཀུན་གྱི་ཡང་སྙིང་ (Volume 20, Text 38)
ྈ ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་སྒྲུབ་ཐབས་ཀུན་གྱི་ཡང་སྙིང་བཞུགས་སོ༔ ༔ ྈྈྈྈྈྈྈྈ གཞོམ་གཞིག་བྲལ་བའི་ཡེ་ཤེས་སྐུ༔ འོད་དཔག་མེད་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཱ་ར་ཏཱི་ཀའི་བྲག་ཕུག་ཏུ༔ ཚེ་ཡི་རིག་འཛིན་བསྒྲུབས་པའི་དུས༔ ཚེ་དཔག་ཡབ་ཡུམ་དངོས་སུ་བྱོན༔ དབང་བསྐུར་བྱིན་བརླབས་གྲུབ་པ་ཐོབ༔ སྐྱེ་འཆི་མེད་པའི་སྐུ་བརྙེས་ཏེ༔ མ་འོངས་འགྲོ་ལ་བརྩེ་ཕྱིར་དུ༔ ཚེ་སྒྲུབ་བརྒྱ་དང་རྩ་བརྒྱད་སྦས༔ ཁྱད་པར་ལྕགས་ཀྱི་བང་མཛོད་འདི༔ སྒྲུབ་ཐབས་ཀུན་གྱི་ཡང་སྙིང་ཡིན༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ དུས་མིན་འཆི་བ་མི་འབྱུང་སྟེ༔ དུས་ཟད་པ་ཡི་མི་ཡིན་ཡང༔ ལོ་གསུམ་འཆི་བ་བཟློག་པར་འགྱུར༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཉམས་སུ་བླང་བའི་རིམ་པ་ནི༔ སྒྲུབ་པའི་དཀྱིལ་འཁོར་འཛོམ་ན་ལེགས༔ ཚོམ་བུ་དག་ལ་བརྟེན་ཀྱང་རུང༔ གཏོར་མ་ཚེ་བུམ་རིལ་བུས་བསྐོར༔ གསང་བུམ་ཆང་དང་འོ་མས་གང༔ ཚེ་མདའ་ཚེ་དར་ཚེ་ནས་དང༔ མཆོད་པའི་བྱེ་བྲག་དཔག་མེད་བཤམ༔ སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་བྱས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ བར་ཆད་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ ཉོན་ཅིག་ཚེ་ཡི་བར་ཆད་བདུད༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་བགེགས་བྱེད་ན༔ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ སྣང་སྲིད་ཁྲོ་བོ་ཁྲོ་མོས་ཁེངས༔ མེ་རླུང་མཚོན་ཆ་ཐོག་སེར་འཕྲོ༔ ལོག་འདྲེན་བརླག་པར་གདོན་མི་ཟ༔ ཨོཾ་ཤྲཱི་པདྨ་ཀྲོ་དྷ་མ་ཧཱ་བྷཻ་ར་ཝ་ཧཱུྃ་ཕཊ༔ སརྦ་བིགྷྣཱནཾ་ཨུཙྪ་ཏ་ཡ་ཧཱུྃ་ཕཊ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབ༔ དེ་ནས་མཚམས་བཅད་བྱ་བ་ནི༔ ཧཱུྃ༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ སྤྲུལ་པའི་ཁྲོ་བོས་སྣང་སྲིད་ཁྱབ༔ ཕྱོགས་མཚམས་ཐམས་ཅད་མཚོན་ཆས་བསྐོར༔ མེ་དཔུང་རྡོ་རྗེའི་གུར་ཁང་འབར༔ ཨོཾ་ཤྲཱི་པདྨ་ཀྲོ་དྷ་མ་ཧཱ་བྷཻ་ར་ཝ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་ཡན་ལག་བདུན་པ་ནི༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བསོད་ནམས་ཀུན་ལ་ཡི་རང་ངོ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་རྩ་འགྲོ་དྲུག་ཡོངས་ལ་བསྔོ༔ སྐྱེ་འཆི་མེད་པའི་ལུས་ཐོབ་ཤོག༔ དེ་ནས་བྱིན་དབབ་བྱ་བ་ནི༔ ཧྲཱི༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ་ཨ་མི་དེ་ཝ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཔྲ་བེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ འདིར་བཤམས་ཟག་མེད་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའི་མཐའ་མཉམ་ནི༔ འདོད་པའི་ཡོན་ཏན་ལྔ་དང་ལྡན༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ པཉྩ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བིདྱ༴ ཤབྡ་ཨཱཿཧཱུྃ༔ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨོཾ་ཨཱཿཧཱུྃ༔ སྨྲ་བསམ་བརྗོད་འདས་དེ་བཞིན་ཉིད༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད༔ རང་རིག་མ་འགགས་ཡི་གེ་ཧྲཱི༔ བདེ་སྟོང་ཟུང་འཇུག་ཉམས་རྩལ་འབར༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཧྲཱིཿཙིཏྟ་བཛྲ་ས་མཱ་ཏི་ཧཱུྃ༔ དེ་ནས་གཞལ་ཡས་ལྷ་བསྐྱེད་ནི༔ བདག་མདུན་དབྱེར་མེད་འདི་ལྟར་བསྒོམ༔ ཧྲཱི༔ གཡོ་མེད་ཆོས་སྐུའི་མཁའ་དབྱིངས་སུ༔ འཁྲུལ་མེད་བདེ་སྟོང་དཀྱིལ་འཁོར་ཤར༔ སྲ་ཞིང་མཁྲེགས་པ་ལས་གྲུབ་པའི༔ རྡོ་རྗེ་རྒྱ་གྲམ་ལྟེ་བ་རུ༔ འོད་ལྔའི་རང་མདངས་གཞལ་ཡས་ཁང༔ ཕོ་བྲང་ཕྱི་ནང་མཚན་ཉིད་རྫོགས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་མཛེས༔ པད་འདབ་ཕྱི་ནང་ཐམས་ཅད་ཀྱང༔ དཀར་སེར་དམར་ལྗང་འོད་དུ་འབར༔ འཁོར་ཡུག་རྡོ་རྗེའི་ར་བས་བསྐོར༔ ཕྱི་ནང་སྒྲིབ་མེད་འཇའ་འོད་ཀློང༔ དབུས་སུ་རྨ་བྱ་བསྣོལ་བའི་སྟེང༔ ལྕགས་ཀྱི་པདྨ་སྲ་ཞིང་བརྟན༔ ཚ་གྲང་འོད་འབར་བརྩེགས་པའི་ཁྲིར༔ ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ མཚན་དང་དཔེ་བྱད་རྒྱན་གྱིས་མཛེས༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྤྱན་དཀྱུས་རིང་ཞིང་ཞལ་བཞད་འཛུམ༔ དབུ་སྐྲ་ཐོར་ཚུག་བཅིངས་ལྷག་གྲོལ༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ བ་སྤུའི་བུ་ག་ཐམས་ཅད་ན༔ ལོངས་སྐུའི་ཞིང་ཁམས་རེ་རེ་གནས༔ འཇའ་འོད་ཐིག་ལེ་ཐིག་ཕྲན་དབུས༔ ཚེ་བསོད་རྒྱས་པའི་ཚུལ་དུ་གསལ༔ གོས་དཀར་མོ་དང་དབྱེར་མེད་འཁྲིལ༔ ཧྲཱི༔ བཅོམ་ལྡན་མགོན་པོའི་མདུན་ཕྱོགས་གཡས༔ པདྨ་གེ་སར་གདན་སྟེང་དུ༔ རིག་འཛིན་པདྨ་ཚེ་དཔག་མེད༔ དཀར་གསལ་མདའ་དར་ཚེ་བུམ་བསྣམས༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ མནྡཱ་ར་དང་དབྱེར་མེད་འཁྲིལ༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ ཐམས་ཅད་སྡུད་པའི་ཚུལ་དུ་གསལ༔ ཧྲཱི༔ བཅོམ་ལྡན་མགོན་པོའི་མདུན་ཕྱོགས་གཡོན༔ ཤིང་ལོ་འབྲས་བུ་རྒྱས་པའི་དབུས༔ མཁའ་འགྲོ་ཚེ་བདག་དཀར་མོ་ནི༔ ཞལ་གཅིག་ཕྱག་གཉིས་ཚེ་བུམ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ སྐུ་ལས་འོད་ཟེར་སྔོན་པོ་འཕྲོ༔ ཚེ་ལ་དབང་བ་ཐམས་ཅད་ཀྱིས༔ མཐུ་སྟོབས་བྱིན་རླབས་སྡུད་པར་བྱེད༔ ཧྲཱི༔ དཀྱིལ་འཁོར་ཚོམ་བུའི་ཤར་ཕྱོགས་སུ༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐུ་མདོག་དཀར་པོ་ལོངས་སྤྱོད་རྫོགས༔ རྡོ་རྗེ་གཡས་ལ་ཚེ་བུམ་གཡོན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྐྱིལ་ཀྲུང་སངས་རྒྱས་སྤྱན་མ་འཁྲིལ༔ མེ་ལོང་ཡེ་ཤེས་རང་མདངས་ལས༔ ཞེ་སྡང་འཇོམས་པའི་ཚུལ་དུ་གསལ༔ ཧྲཱི༔ དཀྱིལ་འཁོར་ཚོམ་བུའི་ལྷོ་ཕྱོགས་སུ༔ བཅོམ་ལྡན་རིན་ཆེན་ཚེ་དཔག་མེད༔ སྐུ་མདོག་སེར་པོ་ལོངས་སྤྱོད་རྫོགས༔ རིན་ཆེན་གཡས་ལ་ཚེ་བུམ་གཡོན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྐྱིལ་ཀྲུང་མཱ་མ་ཀཱི་དང་སྦྱོར༔ མཉམ་ཉིད་ཡེ་ཤེས་རང་མདངས་ལས༔ ང་རྒྱལ་འཇོམས་པའི་ཚུལ་དུ་གསལ༔ ཧྲཱི༔ དཀྱིལ་འཁོར་ཚོམ་བུའི་ནུབ་ཕྱོགས་སུ༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས༔ པདྨ་གཡས་ལ་ཚེ་བུམ་གཡོན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྐྱིལ་ཀྲུང་པདྨ་མཁའ་འགྲོ་འཁྲིལ༔ སོར་རྟོག་ཡེ་ཤེས་རང་མདངས་ལས༔ འདོད་ཆགས་འཇོམས་པའི་ཚུལ་དུ་གསལ༔ ཧྲཱི༔ དཀྱིལ་འཁོར་ཚོམ་བུའི་བྱང་ཕྱོགས་སུ༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྐུ་མདོག་ལྗང་ཁུ་ལོངས་སྤྱོད་རྫོགས༔ རྒྱ་གྲམ་གཡས་ལ་ཚེ་བུམ་གཡོན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ སྐྱིལ་ཀྲུང་དམ་ཚིག་སྒྲོལ་དང་འཁྲིལ༔ བྱ་གྲུབ་ཡེ་ཤེས་རང་མདངས་ལས༔ ཕྲག་དོག་འཇོམས་པའི་ཚུལ་དུ་གསལ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་རྡོ་རྗེ་ཚེ་བདག་མོ༔ སྐུ་མདོག་དཀར་མོ་ཤེལ་བུམ་བསྣམས༔ ལྷོ་རུ་རིན་ཆེན་ཚེ་བདག་མོ༔ སྐུ་མདོག་སེར་མོ་གསེར་བུམ་བསྣམས༔ ནུབ་ཏུ་པདྨ་ཚེ་བདག་མོ༔ སྐུ་མདོག་དམར་མོ་ཟངས་བུམ་བསྣམས༔ བྱང་དུ་ལས་ཀྱི་ཚེ་བདག་མོ༔ སྐུ་མདོག་ལྗང་མོ་གཡུ་བུམ་བསྣམས༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་ཆགས་པའི་ཉམས་དང་ལྡན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་རྡོ་རྗེ་མགྱོགས་མ་དཀར༔ མདའ་དར་རྡོ་རྗེ་ལྕགས་ཀྱུ་འཛིན༔ ལྷོ་ནུབ་རིན་ཆེན་མགྱོགས་མ་སེར༔ མདའ་དར་རིན་ཆེན་ཞགས་པ་འཛིན༔ ནུབ་བྱང་པདྨའི་མགྱོགས་མ་དམར༔ མདའ་དར་པདྨ་ལྕགས་སྒྲོག་འཛིན༔ བྱང་ཤར་ལས་ཀྱི་མགྱོགས་མ་ལྗང༔ མདའ་དར་རྒྱ་གྲམ་དྲིལ་བུ་འཛིན༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ མེ་ཏོག་སྣ་ཚོགས་དོ་ཤལ་འཕྱང༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་བཞུགས༔ རང་རང་སྤྲུལ་པ་ཁྲི་འབུམ་འཕྲོ༔ ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར༔ ཁྲོ་བོའི་ཆས་རྫོགས་འགུགས་བྱེད་བསྣམས༔ རྡོ་རྗེ་མཁའ་འགྲོ་སྐུ་ལ་འཁྲིལ༔ གྱད་ཀྱི་དོར་སྟབས་ཚུལ་དུ་བཞུགས༔ ལྷོ་སྒོར་རིན་ཆེན་ཞགས་པ་སེར༔ ཁྲོ་བོའི་ཆས་རྫོགས་འཆིང་བྱེད་བསྣམས༔ རིན་ཆེན་མཁའ་འགྲོ་སྐུ་ལ་འཁྲིལ༔ གྱད་ཀྱི་འདོར་སྟབས་ཚུལ་དུ་བཞུགས༔ ནུབ་སྒོར་པདྨ་ལྕགས་སྒྲོག་དམར༔ ཁྲོ་བོའི་ཆས་རྫོགས་སྡོམ་བྱེད་བསྣམས༔ པདྨ་མཁའ་འགྲོ་སྐུ་ལ་འཁྲིལ༔ གྱད་ཀྱི་འདོར་སྟབས་ཚུལ་དུ་བཞུགས༔ བྱང་སྒོར་ལས་བྱེད་དྲིལ་བུ་ལྗང༔ ཁྲོ་བོའི་ཆས་རྫོགས་མྱོས་བྱེད་བསྣམས༔ ལས་ཀྱི་མཁའ་འགྲོ་སྐུ་ལ་འཁྲིལ༔ གྱད་ཀྱི་འདོར་སྟབས་ཚུལ་དུ་བཞུགས༔ ཕྱི་རིམ་འཁོར་ཡུག་ཆེན་པོ་ལ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ ཚེ་བདག་ཕོ་མོ་ཐམས་ཅད་དང༔ ཚེ་ལ་དབང་བའི་རིག་འཛིན་ཚོགས༔ དཔག་མེད་ནམ་མཁའི་སྤྲིན་ལྟར་གཏིབས༔ མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་ལྷ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྟོང་གསལ་ངང་དུ་གནས་པར་གྱུར༔ ཨོཾ་བྷྲཱུྃ་ཨཱ་ཡུཿཧཱུྃ་ནྲྀ་ཛ༔ ཨོཾ་ཨཱཿཧཱུྃ༔ ཨ་མི་དེ་ཝ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་སྤྱན་འདྲེན་བྱ་བ་ནི༔ ལྷ་རྫས་ལ་སོགས་དྲི་བཟང་བསྲེག༔ མདའ་དར་གཡབ་ཅིང་རོལ་མོ་སྒྲོག༔ གདུང་བ་དྲག་པོས་འདི་སྐད་དོ༔ ཧྲཱི༔ ཕྱོགས་བཅུའི་མུ་མེད་ཞིང་ཁམས་ནས༔ རྒྱལ་བ་རྒྱ་མཚོ་སྐུ་བཞེངས་ཤིག༔ རང་བཞིན་རྣམ་དག་ཞིང་ཁམས་ནས༔ ཞི་ཁྲོ་རབ་འབྱམས་སྐུ་བཞེངས་ཤིག༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ མ་རྒྱུད་མཁའ་འགྲོ་སྐུ་བཞེངས་ཤིག༔ སྤྱི་གཙུག་པད་ཟླའི་གདན་སྟེང་ནས༔ རྩ་བའི་བླ་མ་སྐུ་བཞེངས་ཤིག༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་མགོན་ལྕམ་དྲལ་སྐུ་བཞེངས་ཤིག༔ གནས་དང་ཡུལ་གྱི་ཞིང་ཁམས་ནས༔ ཞིང་སྐྱོང་ཕོ་མོ་སྐུ་བཞེངས་ཤིག༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ པདྨ་འབར་བའི་ནགས་ཚལ་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གོས་དཀར་མོ་ཡི་ཡུམ་དང་བཅས༔ ཚེ་དབང་རིག་འཛིན་ཐམས་ཅད་དང༔ པདྨ་རིགས་ཀྱི་འཁོར་གྱིས་བསྐོར༔ གདུང་བ་དྲགས་པོས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཧྲཱི༔ རྔ་ཡབ་ཟ་བྱེད་སྲིན་པོའི་ཡུལ༔ འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ནས༔ རིག་འཛིན་པདྨ་ཚེ་དཔག་མེད༔ མནྡཱ་ར་བ་ཡུམ་དང་བཅས༔ དཔའ་བོ་མཁའ་འགྲོ་གྲངས་མེད་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ གདུང་བ་དྲགས་པོས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཧྲཱི༔ བྲག་ཕུག་མཱ་ར་ཏི་ཀའི་གནས༔ མེ་ཏོག་ཤིང་ལོ་རྒྱས་པའི་དབུས༔ མཁའ་འགྲོ་ཚེ་བདག་དཀར་མོ་ནི༔ ཚེ་ལ་དབང་བའི་ལྷ་མོར་བཅས༔ གནས་གསུམ་མཁའ་འགྲོ་མང་པོ་དང༔ གྲུབ་པའི་ལྷ་མོ་རྣམས་ཀྱིས་བསྐོར༔ གདུང་བ་དྲགས་པོས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཧྲཱི༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ རྡོ་རྗེ་ཚེ་དཔག་གཤེགས་སུ་གསོལ༔ ལྷོ་ཕྱོགས་དཔལ་མཛེས་ཞིང་ཁམས་ནས༔ རིན་ཆེན་ཚེ་དཔག་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ པདྨ་ཚེ་དཔག་གཤེགས་སུ་གསོལ༔ བྱང་ཕྱོགས་ལས་རྫོགས་ཞིང་ཁམས་ནས༔ ཀརྨ་ཚེ་དཔག་གཤེགས་སུ་གསོལ༔ ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་ནས༔ ཚེ་བདག་བཞི་དང་མགྱོགས་མ་བཞི༔ སྒོ་བ་སྒོ་མ་རིག་འཛིན་ཚོགས༔ ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་བཅས༔ ཚེ་ལ་དབང་བ་ཐམས་ཅད་ཀུན༔ གདུང་བ་དྲགས་པོས་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ ཡེ་ཤེས་པ་དང་དམ་ཚིག་པ༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ ལྷན་ཅིག་འདྲེས་པའི་ངོ་བོ་ནི༔ བདེ་བ་ཆེན་པོར་ཨེ་མ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ པདྨ་ཉི་ཟླའི་གདན་སྟེང་དུ༔ འགྱུར་མེད་ཚེ་ལྷའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨ་མི་དེ་ཝ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན༔ གུས་པས་ལྷ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ རྡོ་རྗེ་ལྟ་བུའི་སྐུ་བརྙེས་ནས༔ ཚེ་ཡི་དངོས་གྲུབ་སྩོལ་མཛད་པའི༔ སྐྱེ་འཆི་མེད་པའི་ལྷ་ཚོགས་ལ༔ ཞིང་གི་རྡུལ་སྙེད་སྤྲུལ་ཕྱག་འཚལ༔ ཨ་མི་དེ་ཝ་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ་པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧོ༔ མཆོད་ཡོན་མེ་ཏོག་བདུག་སྤོས་མེ༔ དྲི་མཆོག་ཞལ་ཟས་རོལ་མོ་དབྱངས༔ འཆི་མེད་རྡོ་རྗེའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་འཆི་མེད་སྩོལ༔ ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཙ་ཧཾ༔ ཧོ༔ མཛེས་སྙན་དྲི་བཟང་མངར་བའི་རོ༔ རེག་འཇམ་མཆོག་གི་དགའ་བ་ཆེ༔ འཆི་མེད་རྡོ་རྗེའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་འཆི་མེད་སྩོལ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཨཱཿཧཱུྃ༔ ཧོ༔ ཐབས་ཤེས་ཟུང་འཇུག་གཉིས་མེད་སྦྱོར༔ འཁོར་འདས་རོ་གཅིག་ངང་དུ་བསྒྲལ༔ འཆི་མེད་རྡོ་རྗེའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་འཆི་མེད་སྩོལ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཙ་ཧོ༔ ཧོ༔ འཆི་མེད་སྨན་དང་ཆགས་པའི་ཁྲག༔ བརྗིད་ལྡན་གཏོར་མ་རི་ལྟར་སྤུངས༔ འཆི་མེད་རྡོ་རྗེའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་འཆི་མེད་སྩོལ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ བདེ་བར་གཤེགས་པ་བཅོམ་ལྡན་འདས༔ འགྲོ་བའི་མགོན་པོ་འོད་དཔག་མེད༔ ཐུགས་རྗེ་ཆེན་པོའི་རྗེས་ཆགས་མཛད༔ སྐྱོབ་པ་མཚུངས་མེད་ཁྱོད་ལ་བསྟོད༔ ཧྲཱི༔ སྐྱེ་འཆི་མེད་པ་ཡེ་ཤེས་ལུས༔ མཚན་དཔེས་རབ་བརྒྱན་བྱེ་རུའི་མདངས༔ བགྲེས་རྒུད་མི་མངའ་གཞོན་ཚུལ་ལྡན༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མ་འགགས་ཐབས་སྤྱོད་བདུད་རྩིའི་སྒྲ༔ ཡན་ལག་དྲུག་ཅུའི་དབྱངས་ལྡན་ཞིང༔ འཆལ་ཚིག་མི་མངའ་ཡིད་འོང་ཚིག༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས༔ ཤེས་བྱ་སྣ་ཚོགས་ཇི་བཞིན་མཁྱེན༔ སྤྲོས་པ་མི་མངའ་བདེ་སྟོང་རྒྱུན༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ ནམ་མཁའི་མཛོད་འཛིན་ཡེ་ཤེས་ཆེ༔ བདེ་ལེགས་ཕུན་ཚོགས་དངོས་གྲུབ་སྟེར༔ འཁྲུལ་པ་མི་མངའ་ལྷུན་གྱིས་གྲུབ༔ ཡོན་ཏན་རབ་རྫོགས་ཁྱོད་ལ་བསྟོད༔ ཧྲཱི༔ གང་ལ་གང་འདུལ་དེར་སྟོན་ཞིང༔ རྣམ་པ་བཞི་ཡིས་འགྲོ་ཀུན་འདུལ༔ སྐྱོ་ངལ་མི་མངའ་ཐུགས་རྗེའི་བདག༔ ཕྲིན་ལས་རབ་རྫོགས་ཁྱོད་ལ་བསྟོད༔ ཧྲཱི༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ དར་དང་རིན་ཆེན་མཛེས་པས་སྤྲས༔ གཟི་བརྗིད་རྒྱལ་པོའི་སྐུ་ལ་བསྟོད༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ དམར་སེར་གཞོན་ཚུལ་བདེ་བ་རྒྱས༔ མདའ་དར་ཚེ་བུམ་ཡབ་ལ་འཁྲིལ༔ དབང་མོ་ཚེ་བདག་ཁྱོད་ལ་བསྟོད༔ ཧྲཱི༔ དཀར་གསལ་མདའ་དར་ཚེ་བུམ་འཛིན༔ ལོངས་སྐུ་དར་དང་རིན་ཆེན་བརྒྱན༔ མངལ་སྐྱེས་མ་གོས་ལྷུན་གྱིས་གྲུབ༔ བསྟན་པའི་སྒྲོན་མེ་ཁྱོད་ལ་བསྟོད༔ གསང་བའི་ཡུམ་མཆོག་མནྡཱ་ར༔ མུ་ཏིག་མདངས་མཚུངས་ཡབ་ལ་འཁྲིལ༔ ལྕགས་ཕུར་ཚེ་བུམ་ཕྱག་ན་བསྣམས༔ སྤྱི་དཔལ་ཌཱ་ཀི་ཁྱོད་ལ་བསྟོད༔ ཧྲཱི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་བརྙེས༔ ཆུ་ཤེལ་མདངས་མཚུངས་ཚེ་བུམ་འཛིན༔ གྲུབ་པའི་ལྷ་མོ་ཀུན་གྱི་གཙོ༔ ཚེ་བདག་དཀར་མོ་ཁྱོད་ལ་བསྟོད༔ ཧྲཱི༔ མེ་ལོང་ཡེ་ཤེས་རྣམ་པར་དག༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས༔ དུང་མདོག་རྩེ་ལྔ་ཚེ་བུམ་འཛིན༔ ཐུགས་མཆོག་རྡོ་རྗེ་ཁྱོད་ལ་བསྟོད༔ གསང་བའི་ཡུམ་མཆོག་སངས་རྒྱས་སྤྱན༔ དཀར་མོ་གཞོན་ཚུལ་ཚེ་བུམ་འཛིན༔ བདེ་བ་ཆེན་པོས་ཡབ་ལ་འཁྲིལ༔ ས་ཁམས་རྣམ་དག་ཁྱོད་ལ་བསྟོད༔ ཧྲཱི༔ མཉམ་ཉིད་ཡེ་ཤེས་རྣམ་པར་དག༔ རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས༔ གསེར་མདོག་ནོར་བུའི་ཚེ་བུམ་འཛིན༔ ཡོན་ཏན་རྡོ་རྗེ་ཁྱོད་ལ་བསྟོད༔ གསང་བའི་ཡུམ་མཆོག་མཱ་མ་ཀཱི༔ སྔོན་མོ་གཞོན་ཚུལ་ཚེ་བུམ་འཛིན༔ བདེ་བ་ཆེན་པོས་ཡབ་ལ་འཁྲིལ༔ ཆུ་ཁམས་རྣམ་དག་ཁྱོད་ལ་བསྟོད༔ ཧྲཱི༔ སོར་རྟོག་ཡེ་ཤེས་རྣམ་པར་དག༔ པདྨ་ཚེ་ཡི་དངོས་གྲུབ་བརྙེས༔ ཟངས་མདོག་མེ་ཏོག་ཚེ་བུམ་འཛིན༔ གསུང་མཆོག་རྡོ་རྗེ་ཁྱོད་ལ་བསྟོད༔ ཡུམ་མཆོག་པདྨ་མཁའ་འགྲོ་ནི༔ དམར་མོ་གཞོན་ཚུལ་ཚེ་བུམ་འཛིན༔ བདེ་བ་ཆེན་པོས་ཡབ་ལ་འཁྲིལ༔ མེ་ཁམས་རྣམ་དག་ཁྱོད་ལ་བསྟོད༔ ཧྲཱི༔ བྱ་བ་གྲུབ་པའི་ཡེ་ཤེས་སྐུ༔ ཕྲིན་ལས་ཚེ་ཡི་དངོས་གྲུབ་བརྙེས༔ གཡུ་མདོག་རྒྱ་གྲམ་ཚེ་བུམ་འཛིན༔ ཀརྨ་རྡོ་རྗེ་ཁྱོད་ལ་བསྟོད༔ གསང་བའི་ཡུམ་མཆོག་དམ་ཚིག་སྒྲོལ༔ ལྗང་མོ་གཞོན་ཚུལ་ཚེ་བུམ་འཛིན༔ བདེ་བ་ཆེན་པོས་ཡབ་ལ་འཁྲིལ༔ རླུང་ཁམས་རྣམ་དག་ཁྱོད་ལ་བསྟོད༔ ཧྲཱི༔ ཚེ་བདག་དཀར་མོ་ཤེལ་བུམ་བསྣམས༔ འབྱུང་བ་ཆུ་བཅུད་སྡུད་མཛད་མ༔ ཁྲག་གི་ཁམས་ལ་སྩོལ་མཛད་མ༔ རྡོ་རྗེ་གསང་བའི་ཡུམ་ལ་བསྟོད༔ ཧྲཱི༔ ཚེ་བདག་སེར་མོ་གསེར་བུམ་བསྣམས༔ འབྱུང་བ་ས་བཅུད་སྡུད་མཛད་མ༔ ཤ་ཡི་ཁམས་ལ་སྩོལ་མཛད་མ༔ རིན་ཆེན་གསང་བའི་ཡུམ་ལ་བསྟོད༔ ཧྲཱི༔ ཚེ་བདག་དམར་མོ་ཟངས་བུམ་བསྣམས༔ འབྱུང་བ་མེ་བཅུད་སྡུད་མཛད་མ༔ དྲོད་ཀྱི་ཁམས་ལ་སྩོལ་མཛད་མ༔ པདྨ་གསང་བའི་ཡུམ་ལ་བསྟོད༔ ཧྲཱི༔ ཚེ་བདག་ལྗང་མོ་གཡུ་བུམ་བསྣམས༔ འབྱུང་བ་རླུང་བཅུད་སྡུད་མཛད་མ༔ དབུགས་ཀྱི་ཁམས་ལ་སྩོལ་མཛད་མ༔ ཀརྨ་གསང་བའི་ཡུམ་ལ་བསྟོད༔ ཧྲཱི༔ ཕོ་ཉ་དཀར་མོ་གཟི་བརྗིད་ཅན༔ མདའ་དར་ལྕགས་ཀྱུས་དྲི་ཟ་སྡུད༔ ཚེ་ཡི་དངོས་གྲུབ་གནད་ནས་འགུགས༔ རྡོ་རྗེ་མགྱོགས་མ་ཁྱོད་ལ་བསྟོད༔ ཧྲཱི༔ ཕོ་ཉ་སེར་མོ་གཟི་བརྗིད་ཅན༔ མདའ་དར་ཞགས་པས་གཤིན་རྗེ་སྡུད༔ ཚེ་ཡི་དངོས་གྲུབ་གནད་ནས་འགུགས༔ རིན་ཆེན་མགྱོགས་མ་ཁྱོད་ལ་བསྟོད༔ ཧྲཱི༔ ཕོ་ཉ་དམར་མོ་གཟི་བརྗིད་ཅན༔ མདའ་དར་ལྕགས་སྒྲོག་ཆུ་ལྷ་སྡུད༔ ཚེ་ཡི་དངོས་གྲུབ་གནད་ནས་འགུགས༔ པདྨའི་མགྱོགས་མ་ཁྱོད་ལ་བསྟོད༔ ཧྲཱི༔ ཕོ་ཉ་ལྗང་མོ་གཟི་བརྗིད་ཅན༔ མདའ་དར་དྲིལ་བུས་གནོད་སྦྱིན་སྡུད༔ ཚེ་ཡི་དངོས་གྲུབ་གནད་ནས་འགུགས༔ ལས་ཀྱི་མགྱོགས་མ་ཁྱོད་ལ་བསྟོད༔ ཧྲཱི༔ དཀྱིལ་འཁོར་ཤར་སྒོ་སྲུང་མཛད་པ༔ ལྕགས་ཀྱུ་དང་ནི་ལྕགས་ཀྱུ་མ༔ ཁྲོས་པའི་ཆ་ལུགས་འགུགས་བྱེད་བསྣམས༔ ལྷ་བདུད་འཇོམས་མཛད་ཁྱོད་ལ་བསྟོད༔ ཧྲཱི༔ དཀྱིལ་འཁོར་ལྷོ་སྒོ་སྲུང་མཛད་པ༔ ཞགས་པ་དང་ནི་ཞགས་པ་མ༔ ཁྲོས་པའི་ཆ་ལུགས་འཆིང་བྱེད་བསྣམས༔ འཆི་བདག་བདུད་འཇོམས་ཁྱོད་ལ་བསྟོད༔ ཧྲཱི༔ དཀྱིལ་འཁོར་ནུབ་སྒོ་སྲུང་མཛད་པ༔ ལྕགས་སྒྲོག་དང་ནི་ལྕགས་སྒྲོག་མ༔ ཁྲོས་པའི་ཆ་ལུགས་སྡོམ་བྱེད་བསྣམས༔ ཉོན་མོངས་བདུད་འཇོམས་ཁྱོད་ལ་བསྟོད༔ ཧྲཱི༔ དཀྱིལ་འཁོར་བྱང་སྒོ་སྲུང་མཛད་པ༔ དྲིལ་བུ་དང་ནི་དྲིལ་བུ་མ༔ ཁྲོས་པའི་ཆ་ལུགས་མྱོས་བྱེད་བསྣམས༔ ཕུང་པོའི་བདུད་འཇོམས་ཁྱོད་ལ་བསྟོད༔ གཞན་ཡང་དྲང་སྲོང་རིག་འཛིན་ཚོགས༔ ཚེ་ལ་དབང་བ་ཐམས་ཅད་ཀུན༔ རྒྱན་དང་ཆ་ལུགས་སྣ་ཚོགས་འཆང༔ ཚེ་བདག་ཕོ་མོ་ཁྱོད་ལ་བསྟོད༔ ༼བྲུྃ༽ དེ་ནས་བཤགས་པ་བྱ་བ་ནི༔ ཧོ༔ དགོངས་ཤིག་རྡོ་རྗེ་ཚེ་ཡི་ལྷ༔ བདག་ཅག་མ་རིག་དབང་གྱུར་པས༔ བསྐལ་པ་སྔོན་ནས་ད་ལྟའི་བར༔ འགལ་འཁྲུལ་ཉམས་ཆག་ཅི་བགྱིས་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་ཛཔ྄་ལ་འཇུག་པ་ནི༔ ཚེ་ལྷ་རྣམས་ཀྱི་ཐུགས་ཀ་རུ༔ པདྨ་འདབ་བརྒྱད་ལྟེ་བ་ལ༔ རྡོ་རྗེ་ནས་འབྲས་ཙམ་གྱི་དབུས༔ ཉི་ཟླ་ཡུངས་འབྲུ་ཕྱེད་གཤག་སྟེང༔ ཕོ་རྒྱུད་རྣམས་ལ་ཡི་གེ་ཧྲཱི༔ མོ་རྒྱུད་རྣམས་ལ་ཡི་གེ་ཨཱ༔ བ་སྤུས་བྲིས་པ་ལྟ་བུའི་མཐར༔ སྔགས་ཕྲེང་བསྐོར་བ་ལུ་གུ་རྒྱུད༔ མེ་ལོང་ནང་གི་གཟུགས་ལྟར་གསལ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དང༔ ཚེ་ལྷ་དྲང་སྲོང་རིག་འཛིན་སོགས༔ ཚེ་ལ་དབང་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ཀུན༔ འོད་ཟེར་དམར་པོའི་རྣམ་པར་བསྡུས༔ རང་གི་གནས་ལྔར་ཐིམ་པར་བསམ༔ སླར་ཡང་འོད་ཟེར་མཐིང་ག་འཕྲོས༔ འབྱུང་བ་ནམ་མཁའི་བཅུད་རྣམས་བསྡུས༔ ཡི་གེ་ཧཱུྃ་གི་རྣམ་པར་གྱུར༔ རང་གི་སེམས་ལ་ཐིམ་པར་བསམ༔ འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས༔ འབྱུང་བ་ས་ཡི་བཅུད་རྣམས་བསྡུས༔ ཡི་གེ་ལཾ་གྱི་རྣམ་པར་གྱུར༔ རང་གི་ཤ་ལ་ཐིམ་པར་བསམ༔ འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས༔ འབྱུང་བ་ཆུ་ཡི་བཅུད་རྣམས་བསྡུས༔ ཡི་གེ་བཾ་གྱི་རྣམ་པར་གྱུར༔ རང་གི་ཁྲག་ལ་ཐིམ་པར་བསམ༔ འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས༔ འབྱུང་བ་མེ་ཡི་བཅུད་རྣམས་བསྡུས༔ ཡི་གེ་རཾ་གྱི་རྣམ་པར་གྱུར༔ རང་གི་དྲོད་ལ་ཐིམ་པར་བསམ༔ འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས༔ འབྱུང་བ་རླུང་གི་བཅུད་རྣམས་བསྡུས༔ ཡི་གེ་ཡཾ་གྱི་རྣམ་པར་གྱུར༔ རང་གི་དབུགས་ལ་ཐིམ་པར་བསམ༔ སླར་ཡང་འོད་ཟེར་སྣ་ཚོགས་འཕྲོས༔ འཁོར་མང་དྲག་རྩལ་སྟོབས་ལྡན་སོགས༔ ཚེ་བསོད་ཅན་རྣམས་ཐམས་ཅད་དང༔ སྐྱེ་འགྲོ་སེམས་ཅན་ཀུན་ལ་ཕོག༔ ཚེ་བསོད་དཔལ་འབྱོར་དབང་ཐང་བསྡུས༔ ཡི་གེ་ནྲྀ་ཡི་རྣམ་པར་གྱུར༔ རང་གི་སྙིང་ལ་ཐིམ་པར་བསམ༔ འོད་ཟེར་དཀར་སེར་དམར་ལྗང་དང༔ ཛཿཧཱུྃ་བཾ་ཧོཿའི་ཡི་གེ་འཕྲོས༔ ཚེ་སྲོག་གདོན་གྱིས་ཁྱེར་བ་རྣམས༔ འོད་ཀྱིས་རང་དབང་མེད་པར་བཀུག༔ འཆི་མེད་བདུད་རྩིའི་རྣམ་པར་གྱུར༔ སྤྱི་བོའི་གཙུག་ནས་མར་ལ་ཐིམ༔ རང་གི་ལུས་རྣམས་མེར་གྱིས་ཁེངས༔ འཆི་མེད་སྲོག་རྩ་འགྲུབ་པར་བསམ༔ རང་ཉིད་ཚེ་དཔག་གསལ་བ་ཡི༔ སྲོག་རྩ་ལྕགས་ལས་གྲུབ་པ་དང༔ ལྕགས་ཀྱི་པད་འདབ་འབྲེལ་བར་དམིགས༔ ཡི་གེ་ཀཾ་ལ་རིག་པ་གཏད༔ སྲོག་གཅོད་སྤངས་ལ་སྔགས་འདི་བཟླ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་སྭཱ་ཧཱ༔ ཞེས་དང༔ ཨོཾ་བྷྲཱུྃ་ཨཱ་ཡུཿཧཱུྃ་ནྲྀ་ཛ༔ཨོཾ་ཧྲཱིཿཔདྨ་དྷ་ར་ཨཱ་ཡུཿསིདྡྷི་ཛ༔ ཨོཾ་མ་ཧཱ་གུ་རུ་པདྨཱ་ཀ་ར་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཛཿཧཱུྃ་ཏིཥྛ་བཛྲ་བྷྲཱུྃ༔ ཧྲཱི༔ཌཱ་ཀི་ནཱི་ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ༔ ཨོཾ་ཨཀྵོ་བྷྱ་བཛྲ་ཨཱ་ཡུཿསིདྡྷི་ཧཱུྃ༔ ཨོཾ་རཏྣ་སཾ་བྷ་ཝ་ཨཱ་ཡུཿསིདྡྷི་ཏྲཱཾ༔ ཨོཾ་པདྨ་དྷ་ར་ཨཱ་ཡུཿསིདྡྷི་ཧྲཱི༔ ཨོཾ་ཨ་མོ་གྷ་ཀརྨ་ཨཱ་ཡུཿསིདྡྷི་ཨཱ༔ ཨོཾ་དེ་ཝཱི་ཧ་རི་ནི་ས་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཛ༔ ནྲྀ་བྷྲཱུྃ་ཛཿཧཱུྃ་བཾ་ཧོ༔ རྩ་སྔགས་བྱེ་བ་གྲངས་དང་སྦྱར༔ གཞན་རྣམས་སྐབས་དང་བསྟུན་ཅིང་བཟླ༔ སྒྲུབ་ཅིང་ཉམས་སུ་བླངས་གྱུར་ན༔ དུས་མིན་འཆི་བ་བཟློག་པར་ངེས༔ ཚེ་ཟད་ཡིན་ཡང་ལོ་གསུམ་ཐར༔ མི་ལོ་བཅུ་གཉིས་བསྒྲུབས་གྱུར་ན༔ འཆི་མེད་འགྲུབ་པར་ཐེ་ཚོམ་མེད༔ ལྕགས་ཀྱི་སྲོག་རྩ་འགྲུབ་པ་ཡིན༔ གནས་སྐབས་བསྒྲུབས་པའི་འགྲུབ་རྟགས་ནི༔ སྣ་བུག་གཡས་ནས་དབུགས་མི་རྒྱུ༔ རྨི་ལམ་ལྕགས་ཀྱི་རྡོ་རྗེ་མཐོང༔ ལུས་ལ་གོ་ཁྲབ་གྱོན་པ་དང༔ ཆུ་ཆེན་བརྒལ་དང་གཡང་ལས་ཐར༔ སེངྒེ་ཞོན་དང་ཉི་ཟླ་བཟུང༔ ལྕགས་ཀྱི་ཁང་པར་འདུག་པ་སོགས༔ འགྲུབ་རྟགས་ཡིན་པས་དུས་མིན་གྱི༔ འཆི་བ་བཟློག་པར་ཐེ་ཚོམ་མེད༔ སྲོག་གཅོད་སྤང་བ་དམ་ཚིག་ཡིན༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཉིས་པ་ཚེ་འགུགས་བྱེད་པ་ནི༔ མཆེད་དང་ལྕམ་དྲལ་ཐམས་ཅད་འདུས༔ སྤོས་དང་དྲི་བཟང་ཤིང་རྣམས་བསྲེག༔ དབྱངས་སྙན་རོལ་མོའི་སྒྲ་ཡིས་བསྐུལ༔ མདའ་དར་གཡབ་ཅིང་འདི་སྐད་དོ༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསང་བའི་ཡུམ་མཆོག་གོས་དཀར་མོ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ སྲོག་གི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་བསྡུས་ཏེ༔ འོད་ཟེར་མཐིང་ཁའི་ཚུལ་དུ་སྩོལ༔ འཁོར་ལོ་ཧཱུྃ་གིས་རྒྱས་ཐོབ་ཅིག༔ ཧྲཱི༔ པདྨ་འབྱུང་གནས་ཚེ་དཔག་མེད༔ མནྡཱ་ར་བ་ཡུམ་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ ཧྲཱི༔ ལྷ་མོ་ཚེ་བདག་དཀར་མོ་ནི༔ གྲུབ་པའི་ལྷ་མོ་རྣམས་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ ཧྲཱི༔ བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སངས་རྒྱས་སྤྱན་མ་ཡུམ་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་བསྡུས་ཏེ༔ འོད་ཟེར་དཀར་པོའི་ཚུལ་དུ་སྩོལ༔ རྡོ་རྗེ་ཧྲཱིཿཡིས་རྒྱས་ཐོབ་ཅིག༔ ཧྲཱི༔ བཅོམ་ལྡན་རིན་ཆེན་ཚེ་དཔག་མེད༔ ཡུམ་ཆེན་མཱ་མ་ཀཱི་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་བསྡུས་ཏེ༔ འོད་ཟེར་སེར་པོའི་ཚུལ་དུ་སྩོལ༔ རིན་ཆེན་སྭཱ་ཡིས་རྒྱས་ཐོབ་ཅིག༔ ཧྲཱི༔ བཅོམ་ལྡན་པདྨ་ཚེ་དཔག་མེད༔ པདྨ་མཁའ་འགྲོ་ཡུམ་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་བསྡུས་ཏེ༔ འོད་ཟེར་དམར་པོའི་ཚུལ་དུ་སྩོལ༔ པདྨ་ཨཱཿཡིས་རྒྱས་ཐོབ་ཅིག༔ ཧྲཱི༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ དམ་ཚིག་སྒྲོལ་མ་ཡུམ་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བླ་ཚེ་སྲོག་ཚེ་དབུགས་ཚེ་སོགས༔ ཉམས་པ་ཐམས་ཅད་འགུགས་པར་མཛོད༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ མ་ལུས་བདག་ལ་གནང་དུ་གསོལ༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་བསྡུས་ཏེ༔ འོད་ཟེར་ལྗང་གུའི་ཚུལ་དུ་སྩོལ༔ རྒྱ་གྲམ་ཧཱ་ཡིས་རྒྱས་ཐོབ་ཅིག༔ ཧྲཱི༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ དཀར་མོ་ཚེ་བདག་དུས་ལ་བབ༔ ཤེལ་བུམ་རྡོ་རྗེ་ཚེ་ཡིས་བཀང༔ སྤྱི་བོའི་གཙུག་ནས་དབང་སྐུར་ཅིག༔ བླ་སྲོག་ཚེ་བསོད་མ་ལུས་ཀུན༔ ཡར་བ་ཁུག་ལ་ཉམས་པ་གསོས༔ གས་པ་སྦྱོར་ལ་ཆད་པ་མཐུད༔ རྡོ་རྗེ་རིགས་ཀྱི་ཚེ་ཁུག་ཅིག༔ ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ སེར་མོ་ཚེ་བདག་དུས་ལ་བབ༔ གསེར་བུམ་རྡོ་རྗེ་ཚེ་ཡིས་བཀང༔ སྤྱི་བོའི་གཙུག་ནས་དབང་སྐུར་ཅིག༔ བླ་སྲོག་ཚེ་བསོད་མ་ལུས་ཀུན༔ ཡར་བ་ཁུག་ལ་ཉམས་པ་གསོས༔ གས་པ་སྦྱོར་ལ་ཆད་པ་མཐུད༔ རིན་ཆེན་རིགས་ཀྱི་ཚེ་ཁུག་ཅིག༔ ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ དམར་མོ་ཚེ་བདག་དུས་ལ་བབ༔ ཟངས་བུམ་རྡོ་རྗེ་ཚེ་ཡིས་བཀང༔ སྤྱི་བོའི་གཙུག་ནས་དབང་སྐུར་ཅིག༔ བླ་སྲོག་ཚེ་བསོད་མ་ལུས་ཀུན༔ ཡར་བ་ཁུག་ལ་ཉམས་པ་གསོས༔ གས་པ་སྦྱོར་ལ་ཆད་པ་མཐུད༔ པདྨ་རིགས་ཀྱི་ཚེ་ཁུག་ཅིག༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལྗང་མོ་ཚེ་བདག་དུས་ལ་བབ༔ གཡུ་བུམ་རྡོ་རྗེ་ཚེ་ཡིས་བཀང༔ སྤྱི་བོའི་གཙུག་ནས་དབང་སྐུར་ཅིག༔ བླ་སྲོག་ཚེ་བསོད་མ་ལུས་ཀུན༔ ཡར་བ་ཁུག་ལ་ཉམས་པ་གསོས༔ གས་པ་སྦྱོར་ལ་ཆད་པ་མཐུད༔ ཀརྨ་རིགས་ཀྱི་ཚེ་ཁུག་ཅིག༔ ཧྲཱི༔ ཤར་ལྷོའི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་མགྱོགས་མའི་དུས་ལ་བབ༔ ཚེ་མདའ་གཡས་ལ་ལྕགས་ཀྱུ་གཡོན༔ རྒྱལ་རིགས་ཚེ་བསོད་དབང་ཐང་དང༔ དྲི་ཟས་ཕྲོགས་པའི་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་བསྩལ་ནས་ཀྱང༔ མི་འགྱུར་རྡོ་རྗེའི་རྒྱས་ཐོབ་ཅིག༔ ཧྲཱི༔ ལྷོ་ནུབ་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་མགྱོགས་མའི་དུས་ལ་བབ༔ ཚེ་མདའ་གཡས་ལ་ཞགས་པ་གཡོན༔ རྗེའུ་རིགས་ཚེ་བསོད་དབང་ཐང་དང༔ གཤིན་རྗེས་ཕྲོགས་པའི་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་བསྩལ་ནས་ཀྱང༔ བསམ་འཕེལ་ནོར་བུའི་རྒྱས་ཐོབ་ཅིག༔ ཧྲཱི༔ ནུབ་བྱང་ཕྱོགས་ནས་ཚེ་འགུགས་མ༔ པདྨ་མགྱོགས་མའི་དུས་ལ་བབ༔ ཚེ་མདའ་གཡས་ལ་ལྕགས་སྒྲོག་གཡོན༔ བྲམ་ཟེའི་ཚེ་བསོད་དབང་ཐང་དང༔ ཀླུ་ཡིས་ཕྲོགས་པའི་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་བསྩལ་ནས་ཀྱང༔ མ་ཆགས་པདྨའི་རྒྱས་ཐོབ་ཅིག༔ ཧྲཱི༔ བྱང་ཤར་ཕྱོགས་ནས་ཚེ་འགུགས་མ༔ ལས་ཀྱི་མགྱོགས་མའི་དུས་ལ་བབ༔ ཚེ་མདའ་གཡས་ལ་དྲིལ་བུ་གཡོན༔ དམངས་རིགས་ཚེ་བསོད་དབང་ཐང་དང༔ གནོད་སྦྱིན་ཕྲོགས་པའི་ཚེ་ཁུག་ལ༔ རྣལ་འབྱོར་བདག་ལ་བསྩལ་ནས་ཀྱང༔ ལྷུན་གྲུབ་རྒྱ་གྲམ་རྒྱས་ཐོབ་ཅིག༔ ཧྲཱི༔ ཚེ་བཅུད་སྲོག་བཅུད་འབྱུང་བའི་བཅུད༔ ཡི་གེ་ནྲྀ་ཡིག་རྣམ་པར་སྡུས༔ རང་གི་གནས་ལྔར་གཉིས་མེད་ཐིམ༔ ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་བོ༔ དྷརྨ་དྷཱ་ཏུ་མཱུ་དྲ་ཧཱུྃ་ཧཱུྃ༔ པྲ་ཛྙཱ་ཨུ་པ་མུ་དྲ་ཧཱུྃ་ཧཱུྃ༔ ཀརྨ་ཀཱ་ཡ་ཝཱ་ཀ་ཙིཏྟ་མུ་དྲ་ཧཱུྃ་ཧཱུྃ༔ ཛྙཱ་ན་ཙ་ཏུར་མུ་དྲ་ཧཱུྃ་ཧཱུྃ༔ བུདྡྷ་པཉྩ་མུ་དྲ་ཧཱུྃ་ཧཱུྃ༔ ཏ་ཀྲྀཏ་ཧྱ་གྷྲཱི་ཝ་མུ་དྲ་ཧཱུྃ་ཧཱུྃ༔ བཛྲ་མུ་དྲ་ཧཱུྃ་ཧཱུྃ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་བརྗོད་ཅིང་མེ་ཏོག་འཐོར༔ ལུས་ལ་རྡོ་རྗེའི་གོ་ཁྲབ་གྱོན་ནས་འོད་འཁྱིལ་བར་བསམ༔ ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ༔ དྲུག་པ་དབང་ཆེན་རྟ་མགྲིན་རྒྱ༔ བདུན་པ་འགྱུར་མེད་རྡོ་རྗེའི་རྒྱ༔ ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ༔ ྈ གཏོར་མ་རང་གི་སྤྱི་བོར་བཞག༔ ཚེ་ཟན་བརྟེན་ཅིང་ཚེ་ཆང་བཏུང༔ རྗེས་ཆོག་བླ་མའི་གཞུང་དུ་གསལ༔ མ་འོངས་སྐྱེས་བུ་དད་ལྡན་རྣམས༔ པད་འབྱུང་ཚད་མར་འཛིན་པ་དང༔ འཆི་མེད་རིག་འཛིན་བསྒྲུབ་འདོད་ན༔ ཚེ་སྒྲུབ་འདི་ལ་འབད་པར་རིགས༔ ས་མ་ཡཱ་རྒྱ་རྒྱ་རྒྱ༔ བཀའ་འདི་རཱ་ཧུ་ལ་ཡིས་སྲུངས༔ དུས་བབ་ལས་ཅན་བུ་ལ་སྤྲོད༔ རཀྴ་རཱ་ཧུ་ལ་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ༔ ཁོ་བོ་རོལ་པའི་རྡོ་རྗེས་གཏེར་ནས་སྤྱན་དྲངས་པའོ།། །།
བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་གི་ཁ་སྐོང་རུ་ཟུང་བཞིའི་བཤགས་པ་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རཀ་དོང་སྤྲུགས་ (Volume 3, Text 38)
༁ྃ༔ བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་གི་ཁ་སྐོང་རུ་ཟུང་བཞིའི་བཤགས་པ་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རཀ་དོང་སྤྲུགས་ཞེས་བྱ་བ་བཞུགས་སོ༔ བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས༔ ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་ལས་བྱང་གི་ཁ་སྐོང་རུ་ཟུང་བཞིའི་བཤགས་པ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་ཞེས་བྱ་བ༔ བཅོམ་ལྡན་འདས་ན་རཀ་དོང་སྤྲུགས་ངན་སོང་སྦྱོང་བའི་རྒྱལ་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དེ་ཡང་རུ་ཟུང་བཞིའི་བཤགས་པ་ནི༔ ལུས་ཀྱི་སྡིག་སྒྲིབ་སྦྱང་ཕྱིར་ཕྱག་འཚལ་གྱི་མན་ངག༔ ངག་གི་ཉེས་ལྟུང་དག་ཕྱིར་ཡིག་བརྒྱའི་སྒོམ་བཟླས༔ ཡིད་ཀྱི་ཉམས་ཆག་བསྐང་ཕྱིར་ལྟ་བའི་ཀློང་བཤགས༔ སྒོ་གསུམ་ཐ་མི་དད་ཀྱི་དམ་ཚིག་གསོ་ཕྱིར་རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་དང་བཞིའོ༔ དེ་ལ་དང་པོ་ཚོགས་ཞིང་གི་དཀྱིལ་འཁོར་སོང་ནས་ཚོགས་མཆོད་ཟིན་རྗེས་སུ༔ ལུས་ཀྱི་སྒོ་ནས་ཕྱག་འཚལ་གྱི་བཤགས་སྐོང་ལ༔ མདུན་གྱི་ནམ་མཁར་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཆོས་སྐུ་ཀུན་ཏུ་བཟང་པོའི་གནས་ལྔར་དཀྱིལ་འཁོར་བཀོད་ཅིང༔ གཞན་ཡང་དུས་གསུམ་བདེ་གཤེགས་ཐམས་ཅད་འཇའ་སྤྲིན་འཐིབས་པ་ལྟ་བུར་བཞུགས་པར་བསམས་ལ་ཡེ་ཤེས་སྤྱན་དྲངས༔ རང་གི་ལུས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ཏེ་འགྱོད་ཚངས་བཤགས་པའི་རིམ་པ་ཚུལ་བཞིན་དུ་ངག་སྙན་པོས་དབྱངས་དང་བཅས་ཏེ་འདི་ལྟར་བྱའོ༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ ཀུན་བཟང་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཉམས་ཆག་ན་རཀ་སྦྱོང་ཕྱིར་ཕྱག་མཆོད་བཞེས༔ ཧོ༔ ཀློང་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི༔ དོན་དམ་པ་ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་བྷ་ག་ཡངས་པའི་ཀློང༔ རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡབ་ཡུམ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཧཱུྃ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ༔ རིགས་ཀྱི་ཡུམ་གྱུར་རྣམས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྣམ་ཤེས་དབང་པོ་དག་པའི་ཐུགས་དང་གསུང༔ བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ ཧཱུྃ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན༔ མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ་མཆོད༔ བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཀྱིས༔ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ༔ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ༔ ཧཱུྃ༔ སྟེང་འོག་ཕྱོགས་བཞིར་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་༔ དེ་བས་ན་ད་ལྟ་གུས་པས་ཕྱག་འཚལ་ལོ༔ རང་བཞིན་སྒྱུ་འཕྲུལ་ལྷ་ཚོགས་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ ཅེས་དཔལ་ཀུན་ཏུ་བཟང་པོའི་ཞལ་ནས་གསུངས་པའོ༔ དེ་ནས་ཁྲོ་བོ་ཁྲག་འཐུང་གི་ཚོགས་ལ་ཕྱག་འཚལ་བ་ནི༔ ཧཱུྃ༔ འཇིགས་བྱེད་འདས་པའི་དུས་ན་མངོན་བྱུང་བ༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཁྲོ་མོ་དབྱིངས་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བཞུགས༔ ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་མཉམ་པར་རོལ་པ་ལས༔ འགྲོ་དོན་དབྱིངས་ནས་མཛད་པའི་ཐུབ་ཆེན་རྣམས༔ ལས་ངན་ཞི་བས་ཐུལ་བར་མི་འགྱུར་བས༔ རྒྱུད་དྲུག་སེམས་ཅན་རྣམས་ལ་དབང་རོལ་མཛད༔ སྤོར་བྱེད་མི་བཟད་བརྒྱད་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེངས་སུ༔ ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང༔ བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ ཀུན་བཟང་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཞི་བའི་ལྷ་ལ་ཕྱག་འཚལ་ལོ༔ ལོངས་སྐུ་ཁྲོ་བོའི་ལྷ་ལ་ཕྱག་འཚལ་ལོ༔ སྤྲུལ་སྐུ་རིག་འཛིན་ལྷ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་མཁའ་འགྲོའི་ལྷ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ༔ ཡོངས་རྫོགས་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱིས་བསྒྲུབ་པའི་གནས༔ ཚོགས་གཉིས་ཡོངས་རྫོགས་ཡོན་ཏན་མཐར་ཕྱིན་པའི༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ཆེན་པོ་ལྔ་ལས་བཞེངས་པ་མོ༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་གདོད་མའི་དབྱིངས་ལས་གྲུབ་པ་མོ༔ དབྱིངས་ཕྱུག་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ཎ་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་དབང་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ དེ་སྐད་ཅེས་ནི་བཀའ་བསྩལ་པ༔ གང་ཞིག་སྒྱུ་འཕྲུལ་ཁྲོ་བོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་གྱུར་ཏེ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང༔ ན་རཀ་གནས་ཀྱང་དོང་ནས་སྤྲུགས༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ ཞེས་གསུངས་སོ༔ ཧོ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ བདག་གི་སྡིག་སྒྲིབ་མ་ལུས་བྱང་གྱུར་ཅིག༔ དམ་པའི་ཆོས་དང་མི་མཐུན་ལས་རྣམས་དང༔ རྡོ་རྗེ་སློབ་དཔོན་མི་རུ་བཟུང་བ་དང༔ མཆེད་གྲོགས་སྤུན་ལ་དགྲ་རུ་བལྟ་བ་དང༔ ངན་སེམས་ལོག་ལྟ་མ་ཤེས་མ་རིག་སྟེ༔ གསང་སྔགས་གཞུང་དང་འགལ་བའི་ལས་བགྱིས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང༔ དུས་དྲུག་ལས་ཀྱི་མཆོད་པའི་ཁྱད་པར་དུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་ལྟར་རྔོ་མ་ཐོག༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས༔ སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་ནས་དམ་ཚིག་སྨོད༔ གསང་མཚམ་འདས་ནས་འཆོལ་བར་སྨྲ་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལུས་ངག་ཡིད་ཀྱི་བསྒྲུབ་བྱ་འདས་པ་ཡིས༔ སྒོ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སོ་སོར་ཐར་པའི་སྡོམ་པ་ཉམས་པ་བཤགས༔ བྱང་ཆུབ་སེམས་དཔའི་བསླབ་བྱ་ཉམས་པ་བཤགས༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་པ་བཤགས༔ རང་སེམས་སངས་རྒྱས་ཡིན་པར་མ་ཤེས་བཤགས༔ རང་ངག་འཁོར་ལོ་ཡིན་པར་མ་ཤེས་བཤགས༔ རང་ལུས་དཀྱིལ་འཁོར་ཡིན་པར་མ་ཤེས་བཤགས༔ ཀུན་ཀྱང་མཉམ་ཉིད་ཡིན་པར་མ་ཤེས་བཤགས༔ ཚེ་འདིའི་འགལ་རྐྱེན་སྒྲིབ་པར་མ་གྱུར་ཅིག༔ ཕྱི་མ་བྱང་ཆུབ་གེགས་སུ་མ་གྱུར་ཅིག༔ སླན་ཆད་སྒོ་གསུམ་བྱ་བྱེད་ལས་རྣམས་ཀུན༔ ཆོས་མིན་ལས་ལ་ནམ་ཡང་མི་འཇུག་ཅིང༔ ཐེག་ཆེན་བླ་མེད་ས་ལ་འགོད་གྱུར་ཅིག༔ གཉིས་པ་ངག་སྒྲིབ་སྦྱང་ཕྱིར་ཡིག་བརྒྱའི་སྒོམ་བཟླས་ནི༔ རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབ༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་ངང་ནས་བཟླ་བར་བྱ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ བརྒྱ་རྩ་རེ་བཟླས་ཤིང༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་ཕྱིའི་དྲི་མ་ཐམས་ཅད་དག༔ ནང་གི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་འཇའ་ཚོན་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན༔ ནད་ཐམས་ཅད་རྣག་ཁྲག་དང་ཆུ་སེར༔ གདོན་ཐམས་ཅད་སྡོམ་དང་སྡིག་པ་ཉ་སྦལ་སྦྲུལ་དང༔ ཤིག་དང་སྲོ་མ་ལ་སོགས་སྲོག་ཆགས་ཀྱི་རྣམ་པར་ཐོན༔ སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་ནས༔ ས་རིམ་པ་དགུའི་འོག་ཏུ་སོང༔ རང་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟ་བུར་གྱུར༔ ཡིག་བརྒྱ་དང་ཡང་སྙིང་བཟླའོ༔ སླར་ཡང་གསོལ་བ་གདབ་པ་ནི༔ བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ ཧོ༔ དགོངས་སུ་གསོལ་ལོ་རྡོ་རྗེ་སེམས༔ རྒྱལ་བའི་བཀའ་དང་བླ་མའི་གསུང༔ བཀའ་བཞིན་མ་སྤྱད་སློབ་དཔོན་སྨད༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ སྤྱད་པར་བྱ་བའི་དམ་ཚིག་དང༔ དེ་བཞིན་མི་སྤང་དམ་ཚིག་ལྔ༔ དང་དུ་བླངས་དང་ཤེས་པར་བྱ༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ༔ ཉི་ཤུ་རྩ་བརྒྱད་དམ་ཚིག་རྣམས༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ གཞན་ཡང་ཕ་མ་མཁན་སློབ་དང༔ མཆེད་ལྕམ་ཁམས་གསུམ་སེམས་ཅན་ལ༔ མཚམས་མེད་ལྔ་ཡི་ལས་བྱས་རྣམས༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཉ་སྟོང་ཚེས་བརྒྱད་དུས་ལས་འདས༔ བསྙེན་སྒྲུབ་ཏིང་འཛིན་ལྟ་ལོག་དང༔ ཕུང་དང་གཙང་སྦྲ་མ་བྱས་པ༔ ལེ་ལོས་ཉམས་པ་མཐོལ་ལོ་བཤགས༔ ཉམས་གྲིབ་ཚོགས་འདྲེས་བགྱིས་པ་དང༔ ཤེས་བཞིན་བག་མེད་བྱོལ་ཉོག་སོགས༔ སྡོམ་པ་གསུམ་དང་འགལ་བ་རྣམས༔ དེ་རིང་ཉིད་ནས་བྱང་གྱུར་ཅིག༔ ཅེས་བརྗོད་པས༔ དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས༔ རིགས་ཀྱི་བུ་ཁྱོད་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དུས་དེ་རིང་ནས་དག་གོ༔ ཞེས་གསུང་ལྷང་ལྷང་བྱོན་ནས་བདག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར༔ གསུམ་པ་ཡིད་སྒྲིབ་སྦྱོང་ཕྱིར་ལྟ་བའི་ཀློང་བཤགས་ནི༔ འོ་བདག་དང་སེམས་ཅན་ཐམས་ཅད་ཡེ་ནས་ཆོས་ཉིད་རོལ་པ་ཆེན་པོའི་ཀློང་དུ་ཕྱི་ནང་མ་གྲུབ༔ བདག་མདུན་དམིགས་མེད་ལྷ་དང་འདྲེ་ཞེས་བྱ་བའི་མིང་ཡང་མ་གྲུབ་ཅིང༔ དགེ་སྡིག་བླང་དོར་འཁོར་འདས་གཉིས་མེད༔ དངོས་པོའི་མཚན་མའི་ཆོས་ཐམས་ཅད་ཡེ་གྲོལ་ཟང་ཐལ༔ རང་རིག་སེམས་ཉིད་ངོས་བཟུང་མེད་པ་འདི་ཀ་ཡིན་པ་ལ༔ འདི་ཉིད་མ་རྟོགས་པས་འགྱུ་བ་བུན་པོ་ལས་རྣམ་རྟོག་རག་རིམ་ཨ་འཐས་དངོས་འཛིན་གྱི་དབང་གིས་ལས་ངན་བསགས་ཤིང་འབྲས་བུ་བདེ་སྡུག་སྣ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ནི་ཨ་ཐང་ཆད༔ དེ་བས་ན་མ་བཅོས་ལྷུན་གྲུབ་ཆེན་པོའི་ངང་ལ་ཅི་གནས་སུ་བཞག་པར་བྱའོ༔ ཨ་ཨ་ཨཿ དེ་ནས་དེ་ཁོ་ན་ཉིད་ཀྱི་བཤགས་པ་ནི༔ ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པས༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོའི་གསང་བའི་བྷ་ག་ལ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་ཀུན་རྣམ་དག་ཡེ་ནས་འོད་གསལ་ཞིང༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི༔ མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་པ་འདིར༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པར་གསང་བའི་དཀྱིལ་འཁོར་ནི༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༔ བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དག༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ རྡོ་རྗེ་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ་བྱའི་ཕྱིར༔ བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱི་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ༔ དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༔ གཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ ཚོར་དང་མ་ཚོར་མ་རིག་དབང་གིས་ན༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔ བཀའ་ལས་བྱུང་ཡང་དེ་ལྟར་མ་རྟོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༔ ཉམས་དང་སྣོད་མེད་རྣམས་ལ་ཆོས་བཤད་དང༔ ཉམས་ལ་མ་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཡུན་གྱིས་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང༔ བླ་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ དོན་དམ་དམིགས་མེད་སྤྲོས་ལས་འདས་པ་ལ༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ༔ གཉིས་པ་ཁ་སྐོང་བའི་རིམ་པ་ནི༔ ཐུན་མོང་རྫས་ཀྱིས་བསྐང་བ་དང༔ ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ་དང༔ ཁྱད་པར་གྱིས་བསྐང་བ་དང༔ དོན་དམ་བྱང་ཆུབ་སེམས་ཀྱིས་བསྐང་བ་དང་བཞི་ལས༔ དང་པོ་ནི༔ ཕྱི་ནང་གསང་བའི་མཆོད་པ་དང༔ ཚོགས་མཆོད་ཕུལ་ནས་འདི་སྐད་དོ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་བཟང་པོའི་ཕྱི་མཆོད་ནི༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ མཆོད་ཡོན་ཞལ་ཟས་རོལ་མོ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་བཟང་པོའི་ནང་མཆོད་ནི༔ རྡོ་རྗེ་གཟུགས་སྒྲ་དྲི་རོ་རེག༔ རྡོ་རྗེ་ཆོས་མའི་ཚོགས་སྤྲུལ་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་མཆོག་གི་བདུད་རྩི་ནི༔ དུག་ལྔ་ཡེ་ཤེས་ལྔ་ཡི་རྫས༔ སྐོང་བའི་རྫས་མཆོག་བླ་ན་མེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གཉིས་པ་ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ་ནི༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་བཟང་པོའི་སྨན་མཆོད་ནི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ རྒྱུ་རྐྱེན་རྣམ་པར་དག་པ་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་བཟང་པོའི་རཀྟ་ནི༔ འཁོར་བ་རྩད་ནས་བཅད་པའི་རྫས༔ གཉིས་མེད་གསལ་སྟོང་ཁྲག་མཆོད་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་བཟང་པོའི་གཏོར་མ་ནི༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཀུན༔ ཆགས་ཞེན་མི་དམིགས་རང་གསལ་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་བཟང་པོའི་མར་མེ་ནི༔ ཉི་ཟླ་འོད་མེའི་བཀྲག་མདངས་དང༔ རང་གསལ་རིག་པའི་བཀྲག་མདངས་མཆོག༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་སོགས་འཁོར་བའི་སེམས་ཅན་རྣམས༔ མར་མེ་འདི་ཡི་བསོད་ནམས་ཀྱིས༔ མ་རིག་མུན་པ་སེལ་བར་ཤོག༔ ཡེ་ཤེས་སྤྱན་དང་ལྡན་པར་ཤོག༔ ཤེས་རབ་རྩ་ཁ་བྱེ་བར་ཤོག༔ མཚན་དང་དཔེ་བྱད་ལྡན་པར་ཤོག༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གསུམ་པ་ཁྱད་པར་བསྐང་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་ཀུན་ཏུ་བཟང༔ སངས་རྒྱས་ཀུན་གྱི་སྤྱི་མེས་ཐུགས་དམ་བསྐང༔ མ་དག་ཕུང་པོ་ལྔ་དང་འབྱུང་བ་ལྔ༔ ཡེ་ནས་རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང༔ ཁམས་དང་སྐྱེ་མཆེད་རང་བཞིན་གནས་དག་པ༔ སེམས་དཔའ་སེམས་མ་བཅུ་དྲུག་ཐུགས་དམ་བསྐང༔ རྣམ་ཤེས་ཚོགས་བརྒྱད་རང་བཞིན་གནས་དག་པ༔ སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ཐུགས་དམ་བསྐང༔ ཉོན་མོངས་རིགས་དྲུག་རང་བཞིན་གནས་དག་པ༔ བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐང༔ བདེ་གཤེགས་ཞི་བའི་ལྷ་ཚོགས་རང་རྩལ་ནི༔ ཁྲག་འཐུང་ཡབ་ཡུམ་བཅུ་གཉིས་ཐུགས་དམ་བསྐང༔ དབང་པོ་རྣམ་ཤེས་ཚོགས་བརྒྱད་གནས་གྱུར་པ༔ གནས་ཀྱི་ཀཽ་རཱི་མ་བརྒྱད་ཐུགས་དམ་བསྐང༔ འདོད་ཡོན་བརྒྱད་ནི་རང་བཞིན་གནས་གྱུར་པ༔ ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་ཐུགས་དམ་བསྐང༔ རྟག་ཆད་མུ་བཞི་རང་བཞིན་གནས་གྱུར་པ༔ ཡེ་ཤེས་སྒོ་མ་བཞི་ཡི་ཐུགས་དམ་བསྐང༔ བག་ཆགས་དབང་གིས་ལས་ལུས་འཁོར་བ་ལས༔ སྤོར་བྱེད་ཆེན་མོ་བརྒྱད་ཀྱི་ཐུགས་དམ་བསྐང༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་མེད་སྒྲུབ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང༔ ཧཱུྃ༔ ཐུགས་དམ་སྐོང་བའི་དམ་རྫས་ནི༔ བདུད་རྩི་སྨན་གྱི་མཆོད་པ་དང༔ རཀྟ་དམར་གྱི་ཨརྒྷཾ་དང༔ རྨད་དུ་བྱུང་བའི་གཏོར་མ་དང༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང༔ སྣང་གསལ་ཞུན་ཆེན་མར་མེ་དང༔ ཤ་ཆེན་གསུར་གྱི་དུད་པ་དང༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་དང༔ རྐང་ཆེན་དུང་གི་གླིང་བུ་དང༔ ཐུན་མོང་མཆོད་པ་སྣ་ཚོགས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ༔ བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང༔ དཔལ་མགོན་མ་ནིང་འཁོར་བཅས་ཐུགས་དམ་བསྐང༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང༔ བཞི་པ་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱིས་བསྐང་བ་ནི༔ རྒྱན་དང་ཕྱག་རྒྱ་གར་སྟབས་དབྱངས་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང༔ དུག་ལྔ་ཀ་དག་ཆོས་ཉིད་ཀློང་དུ་བསྐང༔ ཀུན་རྫོབ་དོན་དམ་གཉིས་མེད་ཀློང་དུ་བསྐང༔ ཧཱུྃ༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཧོཿདགོངས་སུ་གསོལ་ལོ༔ རང་བཞིན་ལྷུན་གྲུབ་ཀྱི་དབྱིངས་ན་བཞུགས་ཤིང་དུས་གསུམ་འདུ་འབྲལ་མེད་པའི་ངང་ནས་བྱོན་པའི་བླ་མ་ཡི་དམ་མཁའ་འགྲོ་རང་རྩལ་རིག་པའི་ཀློང་ནས་རང་བྱོན་པ༔ བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྲུང་ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ འདི་ལྟར་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོའི་ཚོགས་རྣམས་ཀྱིས་བླ་མེད་ཡང་དག་མཆོག་གི་མཆོད་པ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་པ་ལ་བརྟེན་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་གི་དུཿཁ་ལ་སྤྱོད་པ་རྣམས་ཀྱི་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང༔ བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ མ་ཧཱ་སིདྡྷི་ས་མ་ཡ་ཨ༔ དེ་ལྟར་སྐོང་བཤགས་ཟབ་མོ་འདི་ཉིད་ཡང་ནས་ཡང་དུ་ཉམས་ལེན་ལ་འབད་ན་མཚམས་མེད་ལྔ་ཡི་སྡིག་ཀྱང་ངེས་པར་བྱང་ན༔ གནས་སྐབས་ཀྱི་དམ་ཚིག་ཉམས་ཆག་ནི་འཕྲལ་དུ་དག་ཅིང༔ མཆོག་ཐུན་མོང་གི་དངོས་གྲུབ་ཚེགས་མེད་པར་མྱུར་དུ་ཐོབ་པའོ༔ ཞི་ཁྲོའི་ལས་བྱང་གི་ཁ་སྐོང་དུ༔ རུ་ཟུང་བཞིའི་བཤགས་པ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་ཅེས་བྱ་བ་དཔལ་མགོན་སྲོག་བདུད་ནག་པོ་ལྕམ་དྲལ་ཚོགས་ཀྱིས་དམ་དུ་སྲུངས་ཤིག་བཛྲ་ས་མ་ཡ༔ སྐལ་ལྡན་ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་ཧཱུྃ་ནག་བདེ་གཤེགས་སྙིང་པོ་རྩལ་གྱིས་ཁམས་ཀྱི་བཙན་རྒོད་རི་ནས་དངོས་གྲུབ་ཐོབ་པའོ།། །།
གཏེར་སྲུང་ཞིང་སྐྱོང་ཆེན་པོའི་བསྐང་བ་ཕྲིན་ལས་མྱུར་འགྲུབ་ (Volume 39, Text 38)
གཏེར་སྲུང་ཞིང་སྐྱོང་ཆེན་པོའི་བསྐང་བ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ཧཱུྃ། མ་ལུས་བདུད་སྡེར་ཁྲོས་པ་དྲག་པོའི་སྐུ །འཇིགས་བྱེད་མི་བཟད་ཞིང་སྐྱོང་སེང་གདོང་ཅན། །ལྕམ་དྲལ་འཁོར་བཅས་ཐུགས་ཀྱི་མཁའ་དབྱིངས་ཁྱོན། །ཀུན་བཟང་མཆོད་པའི་སྤྲིན་གྱིས་སྐོང་གྱུར་ཅིག །དགྲ་བགེགས་དབང་པོའི་མེ་ཏོག་གསུར་ཆེན་སྤོས། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་ཀླུང་། །སྣ་ཚོགས་ཤ་སྣའི་ཞལ་ཟས་རྔ་ཆེན་སོགས། །སྙན་བརྗིད་རོལ་མོའི་སྒྲ་ཡིས་སྐོང་གྱུར་ཅིག །འཆི་མེད་བདུད་རྩི་དམར་ཆེན་རཀྟའི་མཚོ། །ཤ་རུས་བཟའ་བཅའི་གཏོར་མ་རི་བོར་བརྩིགས། །སྣ་ཚོགས་འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས། །བཞེད་རྒུའི་ཆར་ཆེན་འབེབ་པས་སྐོང་གྱུར་ཅིག །རླུང་ལྟར་མྱུར་མགྱོགས་རྟ་ནག་སྒ་སྲབ་ཅན། །འབྲོང་གཡག་སྤུ་ཞོལ་མཆེ་བརྗིད་རྭ་རྣོན་ལྡན། ཁྱི་ནག་གཏུམ་འཇིགས་མཆེ་སྡེར་རྣོ་ངར་འབར། །ལུག་ནག་རྒྱན་ལྡན་རྣམས་ཀྱིས་སྐོང་གྱུར་ཅིག །སྐུ་གཟུགས་གླེག་བམ་དར་ནག་རུ་མཚོན་དང་། །དུར་ཁྲོད་རྒྱན་ཆས་བརྗིད་པའི་བེར་ནག་གོས། །སྲ་བརྟན་གོ་ཆ་རྣོ་ངར་ལྡན་པའི་མཚོན། །རྣམ་མང་དམ་རྫས་ཚོགས་ཀྱིས་སྐོང་གྱུར་ཅིག །དོམ་ནག་ཙིཏྟར་སྲོག་འཁོར་ས་བོན་བལྟེམས། །ཕྱི་ནང་གསང་བའི་དམ་ཚིག་མཐུན་པའི་རྫས། །མ་ཚང་མེད་ཀུན་ཏིང་འཛིན་སྔགས་རྒྱ་ཡིས། །བཞེད་པ་ཇི་བཞིན་སྤེལ་བས་སྐོང་གྱུར་ཅིག །མདོར་ན་སོ་སོའི་ཐུགས་དང་གང་འཚམ་པའི། །ཕྱི་ནང་གསང་བའི་མཆོད་པའི་ཚོགས་རྣམས་ཀྱིས། །དམ་ཅན་ཞིང་སྐྱོང་ཡབ་ཡུམ་ལས་མཁན་སོགས། །འཁོར་དང་བཅས་པའི་ཐུགས་དམ་སྐོང་གྱུར་ཅིག །དགྱེས་པར་དགོངས་ནས་དམ་ཚིག་རྗེས་དགོངས་ཏེ། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་སོགས། །ཇི་ལྟར་བཞེད་པའི་དངོས་གྲུབ་མ་ལུས་པ། །ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་མཛོད། །ཅེས་གཏེར་སྲུང་ཞིང་སྐྱོང་ཆེན་པོའི་བསྐང་བ་འདི་ཡང་སྔགས་འཆང་ཕྲིན་ལས་དབང་དྲག་བདུད་འཇོམས་ཀྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་སྨྲས་པའོ།། །།
རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་ཆོག་བྱིན་རླབས་ཆར་འབེབ་ (Volume 36, Text 38)
༄༅། །རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་གྱི་དབང་ཆོག་བྱིན་རླབས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག ། ཨོཾ་སྭསྟི། དགེ་ལེགས་འཕགས་མའི་ཟླ་བ་ནི། །དད་བརྒྱའི་པད་མཚོར་རྟག་བསྙེན་ནས། །བྱིན་རླབས་ཆར་འབེབ་སྨིན་བྱེད་ཀྱི། །ཆོ་ག་བདུད་རྩིའི་སྤྲིན་ཆེན་དབྱེ། །འདི་ལ་བཞི། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས། བྱིན་རླབས་དབང་གི་རིམ་པ། འཕྲོས་དོན་གྱི་ཁྱད་པར་གཞན་ཅུང་ཟད་བཤད་པའོ། །དང་པོ་ནི། གནས་གཙང་ཞིང་བཀོད་པས་མཛེས་པར་སྟེགས་བུའི་དབུས་སུ་མཎྜ་ལར་རྡུལ་ཚོན་གྱི་པདྨ་དཀར་པོ་འདབ་མ་ཉི་ཤུ་པའི་ལྟེ་བར་ཟླ་གདན་ལ་ཚོན་ཕུང་ལྗང་གུ་དང་། འདབ་མ་རྣམས་ལ་ལྷ་སོ་སོའི་སྐུ་མདོག་དང་མཐུན་པའི་ཚོན་ཕུང་དགོད་པའམ། མི་ནུས་ན་ལྷ་གནས་སོ་སོར་དྲི་བཟང་གི་ཐིག་ལེ་བྱས་པར་མེ་ཏོག་གི་ཚོམ་བུ་རེ་བཀོད། གང་ལྟར་ཡང་དེའི་སྟེང་དུ་མཉྫིའི་ཁར་རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པའི་མདུན་དུ་མཉྫི་ཅུང་ཟད་དམའ་བའི་ཁར་དབང་གཏོར་ལྕོག་ཟླུམ་དཀར་པོ་རྒྱན་སྤྲོས་ཀྱིས་མཛེས་པ། དེའི་མདུན་དུ་འབུལ་གཏོར་དེ་ལས་ཆུང་བ་དཀར་གསུམ་མངར་གསུམ་སོགས་ཁ་ཟས་བཟང་དགུས་བསྐོར་བ། རྒྱབ་མདུན་གང་བདེར་སྐུ་བརྙན་བྲིས་འབུར་གང་རིགས། གཡས་གཡོན་དུ་སྔགས་ཕྲེང་དང་། ཕྱག་མཚན་ཨུཏྤ་ལའི་ཙཀླི། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་གཙང་ཞིང་བཀོད་པས་མཛེས་པར་བཤམ། རང་གི་མདུན་དུ་རྡོ་རྗེ་དང་དྲིལ་བུ་མེ་ཏོག་གི་སྣོད་ལས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། བདག་ཉིད་འཇུག་པའོ། །དང་པོ་ནི། གཞི་མ་དུལ་བ་ཡིན་ན་སྔོན་འགྲོ་གཏོར་མ་སྤྱི་ལྟར་བཏང་རྗེས། རང་གི་སྙིིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྗེ་བཙུན་སྒྲོལ་མ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་བྱ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་སེམས་བསྐྱེད། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱི་འོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་པ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གནས་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཡུལ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་སྤྲིན་རབ་འབྱམས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་པས་བྱིན་བརླབ། ཨ༔ སྟོང་གསལ་རང་རིག་གཉུག་མའི་དབྱིངས༔ ཡེ་ཤེས་རོལ་པའི་སྣང་ཆ་ལས༔ པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཏཱཾ་ཡིག་ལྗང་གུའི་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་ཀུན་བར་ཆད་བསལ༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་སྲུང་བའི་གུར་ཆེན་དབུས༔ བདག་ཉིད་རྗེ་བཙུན་སྒྲོལ་མ་ལྗང༔ ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད༔ གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས༔ སྣང་སྟོང་འོད་ལྔ་འཁྲིགས་པའི་ཀློང༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས༔ སྐུ་ལས་རང་འདྲའི་རྗེ་བཙུན་མ༔ ནམ་མཁའ་གང་བར་རབ་སྤྲོ་བས༔ འགྲོ་རྣམས་གནས་སྐབས་མཐར་ཐུག་གི༔ འཇིགས་པ་ཀུན་ལས་སྐྱོབ་མཛད་པའི༔ མཐའ་སྐོར་པད་འདབ་ཉི་ཤུ་ལ། །འབྱུང་བཞི་འཁྲུགས་དང་གནམ་ལྕགས་ལྷུང་། །མཚོན་ཆ་རྒྱལ་པོའི་ཆད་པ་དང་། །ཆོམ་རྐུན་ཤ་ཟ་གླང་ཆེན་ཁྲོས། །གཅན་གཟན་ཁྲོ་བོ་གདུག་པའི་སྦྲུལ། །ནད་གདོན་དུས་མིན་འཆི་བའི་རྐྱེན། །དབུལ་ཕོངས་འདོད་དོན་ཉམས་པ་སྟེ། །བཅུ་དྲུག་འཇིགས་ལས་སྐྱོབ་པ་དང་། །ཕྲིན་ལས་བཞི་མཛད་སྒྲོལ་མ་རྣམས། །སོ་སོའི་སྐུ་མདོག་ཕྱག་མཚན་དང་། །རྒྱན་དང་ཆ་ལུགས་རྣམ་འགྱུར་ཚོགས། །གསལ་ལ་མ་འདྲེས་ཡོངས་རྫོགས་པའི། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཏཱཾ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགག་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱརྻ་ཏཱ་རེ་ཛ༔ ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ནམ་མཁའ་གང་བའི་དབང་གི་ལྷས༔ དབང་བསྐུར་སྣང་མཐས་དབུར་བརྒྱན་གྱུར༔ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་རབ་བཀང་སྟེ༔ རྗེ་བཙུན་འཕགས་མ་འཁོར་བཅས་མཆོད༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བདག་ཅག་འཁོར་དང་བཅས་རྣམས་ཀྱི༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ རྟག་ཏུ་ཐུགས་རྗེས་བསྐྱང་མཛད་གསོལ༔ ཅེས་ལྷ་སྐུ་ཕྱག་རྒྱའི་རྣལ་འབྱོར་གསལ་གདབ། མཆོད་ཅིང་བསྟོད་ལ་ལྷའི་གསལ་སྣང་ལ་སེམས་གཟུང་། དེ་ནས་གསུང་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཏཱཾ་ཡིག་ལྗང་གུའི་མཐའ་སྐོར་དུ༔ རྡོ་རྗེའི་ཡི་གེ་བཅུ་པས་བསྐོར༔ བཟླས་པས་སྔགས་རྣམས་སྒྲར་བཅས་འཁོར༔ འོད་ཟེར་དཔག་ཡས་ཕྱོགས་བཅུར་འཕྲོས༔ འཕགས་མཆོད་བྱིན་རླབས་རང་ལ་ཐིམ༔ འགྲོ་ཀུན་འཇིགས་པ་ཀུན་བསལ་ནས༔ འཕགས་མ་སྒྲོལ་མའི་གོ་འཕང་བཀོད༔ བདག་གི་ལུས་ངག་ཡིད་གསུམ་དང༔ རྗེ་བཙུན་འཕགས་མའི་སྐུ་གསུང་ཐུགས༔ དབྱེར་མེད་སྲུང་བ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཞེས་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཡེ་ཤེས་སུ་བྱིན་གྱིས་བརླབས་ཏེ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་སྟོང་ཕྲག་སོགས་ཅི་ནུས་བཟླས་མཐར། རྗེ་བཙུན་མའི་ཐུགས་དང་རང་སེམས་དབྱེར་མེད་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་ཅུང་ཟད་རེ་མཉམ་པར་བཞག །གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཏཱཾ་ཡིག་ལྗང་གུའི་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་ཀུན་བར་ཆད་བསལ༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་སྲུང་བའི་གུར་ཆེན་དབུས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལྗང༔ ཞེས་སོགས་བདག་བསྐྱེད་ལྟར་ལ། བཟླས་པའི་སྐབས། འཕགས་མ་སྒྲོལ་མའི་གོ་འཕང་བཀོད༔ ཅེས་པའི་མཚམས། ཚུར་འདུས་བདག་ལ་ཐིམ་པ་ཡིས། །བདག་གི་ལུས་ངག་ཡིད་གསུམ་དང༔ ཞེས་སོགས་སྦྲེལ་ལ་ཡི་གེ་བཅུ་པ་ཅི་ནུས་དང་། སྤྲོ་ན་འཁོར་གྱི་ལྷ་མོ་རྣམས་ཀྱི་སྔགས་ཀྱང་ཅུང་ཟད་བཟླ། ཁྱད་པར་རྣམ་བུམ་ལ་དམིགས་ཏེ། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ལ་གཟུངས་ཐག་ནས་བཟུང་སྟེ་ཡི་གེ་བཅུ་པ་ཅི་རིགས་པ་བཟླས། ལས་བུམ་དུ་རྟ་མགྲིན་གྱི་བསྐྱེད་བཟླས་བྱ། མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་པའི་ཆུ་བདུད་རྩིར་གྱུར། འབུལ་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ༔ ཧེ་ཧེ་བྷ་ག་ཝ་ཏཱི༔ མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ༔ མཱ་བི་ལཾ་བ་མཱ་བི་ལཾ་བ༔ ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ༔ ལན་གསུམ་གྱིས་ཕུལ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྗེ་བཙུན་མྱུར་མ་དཔའ་མོ་དང༔ འཇིགས་པ་ཐམས་ཅད་སེལ་མཛད་མ༔ འཁོར་གྱི་ཚོགས་དང་བཅས་ལ་བསྟོད༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ འབྱུང་བཞི་འཁྲུགས་དང་གནམ་ལྕགས་ལྟུང༔ མཚོན་ཆ་རྒྱལ་པོའི་ཆད་པ་དང༔ ཆོམ་རྐུན་ཤ་ཟ་གླང་ཆེན་ཁྲོས༔ གཅན་གཟན་ཁྲོ་བོ་གདུག་པའི་སྦྲུལ༔ ནད་གདོན་དུས་མིན་འཆི་བའི་རྐྱེན༔ དབུལ་ཕོངས་འདོད་དོན་ཉམས་པ་སོགས༔ མི་བཟད་འཇིགས་པའི་ཚོགས་རྣམས་ཀུན༔ སྲུང་དང་ཞི་དང་ཟློག་པར་མཛོད༔ འཁོར་བ་ངན་སོོང་སྡུགས་བསྔལ་སྒྲོལ༔ ཚེ་དང་བསོད་ནམས་ཡེ་ཤེས་སོགས༔ མཆོག་ཐུན་ཕྲིན་ལས་རྒྱས་པར་མཛོད༔ ཅེས་བསྟོད་ཅིང་འདོད་དོན་གསོལ། གསུམ་པ་བདག་ཉིད་འཇུག་པ་ནི། སྤྲོ་ཞིང་ནུས་ན་འོག་ནས་འབྱུང་བ་ལྟར་ཁྲུས་དང་མཎྜལ་ནས་བརྩམ། དབང་གི་དངོས་གཞི་རྣམས་བདག་ཉིད་འཇུག་པའི་ཚུལ་དུ་བླང་། མི་ནུས་ན་རིག་པའི་མེ་ཏོག་དོར་བས་འཇུག་པ་སྔ་འགྱུར་བའི་གསང་བ་སྤྱིའི་ལུགས་བཞིན་དུ་བྱའོ། །གསུམ་པ་སློབ་མ་སྨིན་བྱེད་དབང་གི་ཆོ་ག་ལ། བསྒྲུབ་བྱ་རྣམས་དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་དུ་ཁྲུས་ནས་དབྱུང་། ནང་དུ་འཇུག་པ་དང་བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ཧཱུྃ་ཧྲཱི༔ སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་ལ༔ གཉིས་འཛིན་བགེགས་དང་ལོག་འདྲེན་མིང་མེད་ཀྱང༔ མ་རྟོགས་གློ་བུར་འཁྲུལ་པའི་གཞན་དབང་གིས༔ བྱང་ཆུབ་བསྒྲུབ་ལ་འཚེ་བའི་འབྱུང་པོ་ཀུན༔ ལན་ཆགས་འཇལ་བའི་གཏོར་མ་འདི་ལོངས་ལ༔ རང་རང་སོ་སོའི་གནས་སུ་བདེ་བར་དེངས༔ བདག་གིས་མཁའ་ཁྱབ་འགྲོ་བའི་དོན་སླད་དུ༔ ཡེ་ཤེས་ཕྱག་རྒྱའི་རྣལ་འབྱོར་བསྒྲུབ་པ་ལ༔ ཁྱོད་ཀྱང་མཁའ་ལས་མ་འདས་དེ་ཡི་ཕྱིར༔ ཕན་པའི་སེམས་ལ་ཉེ་རིང་མ་མཆིས་ཀྱང༔ ལས་ངན་དབང་གིས་དཀྱིལ་འཁོར་བལྟ་བ་ལ༔ སྐལ་བ་མེད་ཕྱིར་རེ་ཞིག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་རྡོ་རྗེའི་མཚོན་ཆར་གྱིས༔ ལུས་ངག་ཡིད་གསུམ་རྡུལ་ཕྲན་ཇི་བཞིན་དུ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པའི་ཕྱིར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ བདག་ཉིད་དབང་ཆེན་རྟ་མཆོག་རོལ་པའི་བཀའ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང༔ ཡི་དམ་རྩ་བ་གསུམ་གྱི་ཏིང་འཛིན་དང༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༔ རྒྱུ་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་གྱིས༔ བསྒོ་བའི་བཀའ་ལ་མི་ཉན་འབྱུང་པོའི་ཚོགས༔ དྲག་ཤུལ་རྡོ་རྗེའི་རོལ་པས་ཚར་བཅད་དོ༔ ཞེས་ཐུགས་སྒྲུབ་ཀྱི་ཕྲིན་ལས་སྔོན་འགྲོའི་སྐབས་ལྟར་མཐར། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ སུམྦྷ་དང་བཅས་གུ་གུལ་ཡུངས་ཐུན་རོལ་མོ་དང་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། གྲལ་ལ་འཁོད་པ་དང་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུ་ཅན་རྗེ་བཙུན་འཕགས་མ་སྒྲོལ་མའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་སྟེ། དེའང་འཕགས་མ་འདི་ཉིད་ངེས་པའི་དོན་དུ་གཟོད་མ་ནས་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་སུ་ཟིན་ཀྱང་། དྲང་དོན་ཐུན་མོང་བའི་གདུལ་བྱའི་སྣང་ངོར། སྔོན་ཐོག་མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་དུ་དེ་བཞིན་གཤེགས་པ་རྔ་སྒྲའི་སྤྱན་སྔར་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པ་གཡར་དམ་དུ་བཞེས་པ་ལྟར། ཉིན་རེ་བཞིན་དུ་སྔ་དྲོ་དང་ཕྱི་དྲོའི་དུས་ཀྱི་ཚེ་སེམས་ཅན་བྱེ་བ་ཕྲག་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མཛད་པས། འཕགས་མ་སྒྲོལ་མ་ཞེས་མཚན་དྲན་པ་ཙམ་གྱིས་ཀྱང་སྲིད་པ་དང་ཞི་བའི་གདུང་བ་མཐའ་དག་སེལ་བར་བྱིན་གྱིས་བརླབས། དེ་ནས་སངས་རྒྱས་དོན་ཡོད་གྲུབ་པའི་སྤྱན་སྔར་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཉེར་འཚེ་མཐའ་དག་ལས་སྲུང་ཞིང་སྐྱོབ་པར་དམ་བཅས། སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ལས་རྣམ་པར་འཕྲུལ་བའི་ཚུལ་གྱིས་འགྲོ་བ་སྒྲོལ་བའི་གྲོགས་མཛད་པ་སོགས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ། རྫོགས་ལྡན་གྱི་དུས་སུ་འཕགས་ཡུལ་གྲུ་འཛིན་གྱི་རི་བོར་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་པ་གསུངས། དེ་ནས་སུམ་ལྡན་དང་། གཉིས་ལྡན་དང་། རྩོད་ལྡན་གྱི་དུས་རྣམས་སུ་གདུལ་བྱ་སོ་སོའི་དབང་པོ་དང་མཐུན་པར་རྒྱུད་འབྲིང་པོ་དང་བསྡུས་པ་སོགས་ཇི་སྙེད་ཅིག་གསུངས་པས་སྒྲོལ་མའི་སྔགས་རིག་གྲུབ་པ་མཐའ་ཡས་པ་བྱོན་ཅིང་། ཐུན་མོང་དུ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་གི་ཚོགས་ཞི་བ་དང་། འདོད་རྒུའི་འབྱོར་པ་ཡིད་བཞིན་དུ་ཐོབ་པ་དང་། མཐར་ཐུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་སོགས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་བསམ་ལས་འདས་པ་འབྱུང་སྟེ། མདོར་ན་འཕགས་མ་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་ཕྱིར་ལྷག་པའི་ལྷ་གཞན་ལས་བྱིན་རླབས་ཆེས་ཆེར་མྱུར་བས་ན། འཕགས་བོད་དུ་བྱོན་པའི་མཁས་གྲུབ་ཕལ་མོ་ཆེས་ཐུགས་དམ་དུ་མཛད་ཅིང་དངོས་གྲུབ་བརྙེས་པའི་ཕྱིར་སྒྲུབ་ཐབས་མན་ངག་དང་བཅས་པའི་བཀའ་སྲོལ་ཀྱང་མཐའ་ཡས་པར་བཞུགས་པ་ལས་འདིར་སྐབས་སུ་བབ་པ་ནི། འཇམ་པའི་དབྱངས་དངོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་བར་པ་ས་བཅུའི་དབང་ཕྱུག་ཆེན་པོ་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། རྩོད་པ་ཐམས་ཅད་དང་བྲལ་ཞིང་ཚད་མ་གསུམ་གྱིས་ལེགས་པར་གྲུབ་པའི་སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་རྒྱུད་ཀྱི་ལུང་དང་འབྲེལ་བ། དངོས་སྟོབས་ཀྱི་རིགས་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་ཆེ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་ཟབ་ཆོས་ཇི་སྙེད་ཅིག་སྤྱན་དྲངས་པ་ལས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཐམས་ཅད་ཚང་ལ་མ་ནོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུའི་ཆོས་སྡེ། མདོ་ཁམས་ཤར་ཕྱོགས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དབང་གི་གནས་ཆེན་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་གྲགས་པ་ལས། ཕྱི་འཇིགས་པ་བཅུ་དྲུག་གི་བར་ཆད་སེལ་ཞིང་འདོད་པའི་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པ་འཕགས་མ་སྒྲོལ་མ་འཇིགས་པ་ཀུན་སེལ་ཞེས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་པདྨ་འབྱུང་གནས་ཉིད་ཀྱི་ཕྱག་གཡོན་པའི་ཁ་ཊྭཱཾ་གའི་ཕྱག་རྒྱ་ཆེན་པོའི་ཆོ་འཕྲུལ་ལས་རང་ཤར་བའི་ཚུལ་གྱིས་བྱུང་བ་སྟེ། གཞུང་རྩ་བ་ལས། ཤིན་ཏུ་གསང་བའི་གསང་བ་མཆོག༔ གཙོ་བོའི་སྦས་ཡུམ་ཁ་ཊྭཱཾ་ག༔ ཕྱི་ལྟར་རྗེ་བཙུན་སྒྲོལ་མ་སྟེ༔ ནང་ལྟར་བཛྲ་བྷ་ར་ཧི༔ གསང་བ་ཡེ་ཤེས་མཚོ་རྒྱལ་ཡུམ༔ ཡང་གསང་འཆི་མེད་མནྡཱ་ར༔ དོན་དམ་ཤེས་རབ་ཕ་རོལ་ཕྱིན༔ རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྣང༔ མཆོག་ཏུ་མི་འགྱུར་གསང་བའི་ལྕམ༔ སྲས་བཅས་རྒྱལ་ཀུན་སྐྱེད་པ་དང༔ བདེ་ཆེན་རོལ་པའི་བཙུན་མོ་ནི༔ མྱུར་མ་དཔའ་མོའི་སྒྲུབ་པའི་ཐབས༔ མ་འོངས་རྗེས་འཇུག་རྣལ་འབྱོར་རྣམས༔ ཕྱི་ཡི་བར་ཆད་ཀུན་སེལ་ཕྱིར༔ རང་བྱུང་པདྨ་བདག་གིས་བསྟན༔ ཞེས་དང་། དེ་ལྟར་རྒྱལ་བ་ཀུན་གྱི་ཡུམ༔ འཕགས་མའི་རྒྱུད་དང་མན་ངག་ཚོགས༔ རྒྱུད་སྡེ་བཞི་དང་རབ་སྦྱར་ནས༔ རྒྱས་པར་གཞན་དུ་བསྟན་པ་ཡིན༔ འདིར་ནི་ཟབ་ཅིང་འདྲིལ་བའི་དོན༔ བྱ་སླ་ཚེགས་ཆུང་བྱིན་རླབས་མྱུར༔ རིག་སྔགས་འཆང་བས་དོན་ཡོད་པའི༔ ཡང་གསང་སྙིང་གི་དུམ་བུར་བསྟན༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ འཇིགས་པའི་ཚོགས་ཀུན་ཞི་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ བར་ཆད་སྣ་ཚོགས་སེལ་བ་དང༔ བོད་ཁམས་མཐའ་དབུས་ཐམས་ཅད་ཀུན༔ ཕན་དང་བདེ་ལ་འགོད་པའི་སླད༔ ཆོས་ཉིད་རྡོ་རྗེའི་རང་སྒྲར་ཤར༔ མཚོ་རྒྱལ་མོས་པས་ཡི་གེར་ཐོབས༔ འགྲོ་ཕན་ཕྲིན་ལས་མཐའ་རྒྱས་འགྱུར༔ ཞེས་རྡོ་རྗེའི་གསུང་གིས་ལན་གཅིག་མ་ཡིན་པར་བསྔགས་པ་ལྟར་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཆོས་སྐོར་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་མཐའ་རྒྱས་སུ་བཞུགས་པ་ལས། འདིར་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་སྒྲུབ་པའི་སྐབས་སུ་བབ་པ་ཡིན། དེ་ལའང་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ། ཡན་ལག་བདུན་གྱིས་ཚོགས་གསག་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་རྗེ་བཙུན་སྒྲོལ་མ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་བདག་ཉིད་འཕགས་མ་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་སླད་དུ་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། རྒྱུན་བཤགས་སྔོན་དུ་འགྲོ་བས་སྐྱབས་སུ་འགྲོ་བ་དང་སྨོན་འཇུག་གི་སྡོམ་པ་གཟུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་སྤྱི་ལྟར། ཚོགས་གསག་པའི་སླད་དུ་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་ཚུལ་བཞིན་དུ་བསྒྲུབ་པར་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས། དངོས་གཞི་བྱིན་རླབས་ཀྱི་གཞི་དགོད་པ་དང་། དབང་བསྐུར་བ་དངོས་གཉིས་ལས། དང་པོ་བྱིན་རླབས་ཀྱི་གཞི་འགོད་པའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་ཁྲུས་བྱས་ཤིང་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཨོཾ༔ བཀྲ་ཤིས་བུམ་པའི་བདུད་རྩིའི་ཆུས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིས་པས༔ བག་ཆགས་དྲི་མ་ཀུན་བྱང་ནས༔ འཕགས་མའི་ཕྱག་རྒྱ་མངོན་གྱུར་ཤོག༔ རྩ་སྔགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་བརྗོད་ཅིང་སློབ་མ་ཉུང་ན་ཁྲུས་བྱ་ཞིང་བུམ་ཆུ་སྦྱིན། ཁྲོམ་ཚོགས་ལྟ་བུའི་ཚེ་བུམ་ཆུ་འཐོར་ཞིང་སྦྱིན་ནོ། །དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བའི་རྐྱེན་གྱིས་སྐད་ཅིག་གིས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མའི་དཀྱིལ་འཁོར་གྱི་འཁོར་ལོའི་སྐུར་གྱུར་པ་ནི། པདྨ་དཀར་པོ་འདབ་མ་ཉི་ཤུ་པའི་ལྟེ་བར་ཟླ་བའི་གདན་གྱི་སྟེང་དུ་རྗེ་བཙུན་སྒྲོལ་མ་མྱུར་མ་དཔའ་མོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། གཡས་མཆོག་སྦྱིན་དང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤལ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ། སྣང་སྟོང་འོད་ལྔ་འཁྲིགས་པའི་ཀློང་དུ་ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། མཐའ་སྐོར་གྱི་པད་འདབ་ཉི་ཤུ་ལ་ཕྱོགས་བཞིར་ཕྲིན་ལས་བཞིའི་སྒྲོལ་མ་དང་། བར་མཚམས་རྣམས་སུ་འཇིགས་པ་བཅུ་དྲུག་ལས་སྐྱོབ་པའི་སྒྲོལ་མ་བཅུ་དྲུག་སྟེ། ཐམས་ཅད་ཀྱང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་ཐམས་ཅད་ཡོངས་སུ་རྫོགས་པའི་ཡེ་ཤེས་སྒྱུ་མའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། དབང་བསྐུར་བ་དངོས་ལ། སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་བརྟན་བྱེད་དང་བཅས་པ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་འཕགས་མ་གཙོ་འཁོར་རྣམས་ཀྱི་སྨིན་མཚམས་ནས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་དམ་ཚིག་པར་གསལ་བ་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ༔ སྣང་སྟོང་དབྱེར་མེད་རྡོ་རྗེའི་སྐུ༔ རྗེ་བཙུན་འཕགས་མའི་སྐུ་ཡི་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་བསྐུར༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་ཞིང་དབང་བསྐུར་བའི་སླད་དུ་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་འཕགས་མ་གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་གྱི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འཕགས་མ་གཙོ་འཁོར་རྣམས་ཀྱི་སྐུ་ནམ་མཁའ་གང་བར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ཐམས་ཅད་ཡོངས་སུ་སྦྱངས། མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་ཡིད་བཞིན་དུ་འགྲུབ་པའི་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་བཛྲ་ཏཱ་རེ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ལཾ་ལཾ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་བཾ་བཾ་ཛ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་རཾ་རཾ་ཛྭ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཡཾ་ཡཾ་ཙ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་རཏྣ་ཏཱ་རེ་སརྦ་ལོ་ཀ་ཛྙཱ་ན་བིདྱཱ་དྷ་ར་དྷ་ར་དྷི་རི་དྷི་རི་ཧྲཱིང་ཧྲཱིང་ཛ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཨེ་ཨེ་མ་ཧཱ་ཧ་ན་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཏིག་ཏིག་ཏཱིཀྵྞ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་རཱ་ཛ་དུཥྚཱན་ཀྲོ་དྷ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཙཽར་བྷནྡྷ་བྷནྡྷ་ཏྲིག་ཐུཾ་སྭཱ་ཧཱ༔ ཨོཾ་པདྨ་ཏཱ་རེ་སནྟཱ་ར་ཧྲཱིཿསརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧོ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན་བིགྷྣཱན་བཾ་ཕཊ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཧཾ་ཧཾ་དུཥྚཱན་ཧ་ན་ཧ་ན་ཏྲ་ས་ཡེ་ཕཊ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཧེ་ཧེ་ཙ་ལེ་ཙ་ལེ་བྷནྡྷ་ཕཊ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཙ་ལ་ཡ་ཧ་ར་ཧ་ར་ཕཊ་སྭཱ་ཧཱ༔ ཨོཾ་ཀརྨ་ཏཱ་རེ་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་སེ་ན་ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཾ་ཧཾ་བྷིནྡྷ་བྷིནྡྷ་ཕཊ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཛྭ་ར་སརྦ་དུཿཁ་པྲ་ཤ་མ་ན་ཡ་ཕཊ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛམྦྷེེ་མོ་ཧེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སིདྡྷི་ཀུ་རུ་སྭཱ་ཧཱ༔ དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང༔ རྗེ་བཙུན་འཕགས་མའི་གསུང་གི་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་བསྐུར༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་འཕགས་མ་གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་ཨུཏྤ་ལའི་རྣམ་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་མཛོད། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ རིག་སྟོང་དབྱེར་མེད་རྡོ་རྗེའི་ཐུགས༔ རྗེ་བཙུན་འཕགས་མའི་ཐུགས་ཀྱི་དབང༔ དེང་འདིར་སྐལ་ལྡན་ཁྱོད་ལ་བསྐུར༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །བརྟན་པར་བྱ་བའི་སླད་དུ། གཏོར་མ་རྗེ་བཙུན་སྒྲོལ་མ་གཙོ་འཁོར་རྣམས་ཀྱི་ཡེ་ཤེས་སྒྱུ་མའི་སྐུར་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཏཱཾ༔ གཏོར་མ་ལྷ་ཡི་ཕྱག་རྒྱར་རྫོགས༔ ཐུགས་རྗེའི་འོད་ཕུང་ལམས་སེ་ལམ༔ རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས༔ སྐལ་ལྡན་སྨིན་ཅིང་གྲོལ་བར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་མེར་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། འཕགས་མ་གཙོ་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་བྱང་ཆུབ་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས་ཡོན་ཏན་དང་ཕྲིན་ལས་རྒྱ་མཚོར་དབང་འབྱོར་པ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་གཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་རྒྱས་བསྡུས་གང་རིགས་དང་བཅས་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་ཅིང་རྒྱུན་རིང་བར་འཁྲོལ། དེས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས། མཇུག་གི་བྱ་བ་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན། ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་བསམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམ་སྟེ་སོགས། དེས་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོ་འཕགས་མ་སྒྲོལ་མ་འཇིགས་པ་ཀུན་སེལ་རིགས་ཐམས་ཅད་བསྡུས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་རྒྱས་པར་གྲུབ་ཟིན་པ་ལགས་པས། དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་ཉིད་འཕགས་མ་གཙོ་འཁོར་དུ་གསལ་བ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་ཐིམ་པར་མོས་ཏེ་ཅུང་ཟད་མཉམ་པར་འཇོག །སླར་ཡང་སྐད་ཅིག་གིས་གཙོ་མོའི་སྐུར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །བཞི་པ་འཕྲོས་དོན་གྱི་ཁྱད་པར་ཅུང་ཟད་བཤད་པ་ལ། གཞུང་རྩ་བ་ལས། འཇིགས་པ་སོ་སོ་ཞི་བའི་ཕྱིར༔ ཞེས་སོགས་གསུངས་པ་ལྟར་གོང་དུ་ཇི་སྐད་སྨྲས་པའི་རིགས་བསྡུས་པའི་དབང་བསྐུར་བ་འདི་ཉིད་རྒྱས་པར་ཐོབ་པའི་གང་ཟག་གིས། ལས་སོ་སོ་ལ་དམིགས་ཀྱིས་བསལ་བ་ལྟ་བུའི་ཚེ་རིགས་ཐ་དད་པའི་དབང་བྱེ་བྲག་ཏུ་སྐུར་བའི་ཚུལ་ནི། ཐོག་མར་ས་ཡི་འཇིགས་པ་ལས་སྐྱོབ་པའི་རྡོ་རྗེ་སྒྲོལ་མའི་དབང་བསྐུར་བ་ལ་མཚོན་ན། སྦྱོར་བའི་སྐབས་སུ་མཎྜལ་པདྨ་འདབ་བརྒྱད་ཀྱི་དབུས་སུ་ཚོན་ཕུང་མཐིང་ག་དང་། འདིའི་སྐུ་བརྙན་བཤམ་པ་སོགས་ཁྱད་ཆོས་ཕྲ་མོ་མ་གཏོགས་གཞན་གོང་དང་འདྲ། དངོས་གཞི་སྒྲུབ་ཐབས་ལ་སྔོན་འགྲོ་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་འདྲ། ལྷ་བསྐྱེད་སྐབས། སྟོང་པའི་ངང་ལས་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ རང་ཉིད་རྡོ་རྗེ་སྒྲོལ་མ་མཐིང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔ རྡོ་རྗེ་རྩེ་ལྔས་མཚན་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་སོགས་ནས་བསྟོད་པའི་བར་འདྲ། བཟླས་དམིགས། ཐུགས་ཀར་ཟླ་སྟེང་ཏཱཾ་མཐིང་ག༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རྡོ་རྗེའི་རང་བཞིན་འཕྲོས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བྱས༔ ཁྱད་པར་ང་རྒྱལ་ལས་གྱུར་པའི༔ ས་ཡི་འཇིགས་པ་ཀུན་ཞི་གྱུར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ལཾ་ལཾ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས༔ མདུན་དུ་པདྨ་ཟླ་བའི་གདན༔ དེ་སྟེང་རྡོ་རྗེ་སྒྲོལ་མ་མཐིང༔ ཞེས་སོགས་སྦྲེལ་ལ་བཟླས་པའི་བར་གོང་ལྟར་དང་། རྣམ་རྒྱལ་དང་ལས་བུམ་སྒྲུབ་པ་སོགས་དཀྱུས་ནས་འབྱུང་བ་ལྟར་བྱ། བདག་འཇུག་རྒྱས་བསྡུས་གང་རིགས་བླང་། དབང་བསྐུར་ལ། མཚམས་སྦྱོར་སྐབས། དབང་བསྐུར་བའི་རིམ་པ་ཟབ་མོ་སྒྲུབ་པའི་སྐབས་སུ་བབ་པ་ཡིན། ཞེས་པ་ཡན་གོང་ལྟར་ལ། དེའང་རིགས་བསྡུས་གཙོ་འཁོར་ཡོངས་སུ་རྫོགས་པ་དང་། བྱེ་བྲག་ལས་སྒྲུབ་པའི་རིགས་སོ་སོའི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཕྱི་མ་ལའང་གཞུང་རྩ་བའི་རྡོ་རྗེའི་གསུང་ལས། འཇིགས་པ་སོ་སོ་ཞི་བའི་ཕྱིར༔ སྒྲོལ་མ་སོ་སོའི་དབང་བསྐུར་ན༔ ལྷ་སྔགས་བསྒྱུར་ལ་གོང་ལྟར་བསྐུར༔ བྱིན་རླབས་རྟགས་མཚན་མྱུར་དུ་འབྱུང༔ ཞེས་གསུངས་པ་ལྟར་ལས་ཀྱི་བྱེ་བྲག་གིས་རྣམ་པ་ཉི་ཤུར་འགྱུར་བའི་ནང་གསེས་ཕྱི་རོལ་དུ་ས་གཡོ་བ་དང་། ཐོག་བརྡིབ་པ་སོགས་འབྱུང་བ་ས་ལས་གྱུར་པའི་འཇིགས་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། ནང་དུ་ཉོན་མོངས་པ་ང་རྒྱལ་ལས་གྱུར་པའི་ནད་དང་གནོད་པ་སོགས་འཇིགས་པའི་ཕྱོགས་ཐམས་ཅད་ལས་དབུགས་འབྱིན་པ་བཅོམ་ལྡན་འདས་རྡོ་རྗེ་སྒྲོལ་མའི་དབང་བསྐུར་བ་སྟེ། དེ་ལའང་སློབ་དཔོན་གྱི་བྱ་བ་སོགས་སྦྲེལ། དེ་བཞིན་དུ་ལྷ་བསྐྱེད་སྐབས་རྡོ་རྗེ་སྒྲོལ་མར་གསལ་གདབ་པ་དང་། སྐུའི་དབང་གི་སྐབས། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་བཅོམ་ལྡན་འདས་རྡོ་རྗེ་སྒྲོལ་མའི་སྨིན་མཚམས་ནས་སོགས་ཁ་བསྒྱུར་ཞིང། བཟླས་ལུང་སྐབས་འདི་རང་གི་སྔགས་ལན་གསུམ་བཟླ་བ་སོགས་ཁྱད་པར་ཕྲ་མོ་རྣམས་ཤེས་སླ་བས་མ་འཁྲུལ་བར་སྦྱར་བར་བྱའོ། །རྗེས་ཆོག་སྐབས། རང་ཉིད་རྡོ་རྗེ་སྒྲོལ་མར་གསལ་བ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་ཐིམ། སླར་ཡང་རང་རྡོ་རྗེ་སྒྲོལ་མའི་སྐུར་གྱུར། ཅེས་བརྗོད་པ་མ་གཏོགས་འདྲའོ། །དེས་མཚོན་ཏེ་ཆུ་ཡི་འཇིགས་སྐྱོབ་པདྨ་སྒྲོལ་མའི་དབང་བསྐུར་བ་སོགས་ལའང་སོ་སོའི་ཁྱད་ཆོས་མ་འཁྲུལ་བར་སྦྱར་བས་དོན་འགྲུབ་པ་ཉིད་དོ། །གཞན་ཡང་རིགས་བསྡུས་ཀྱི་དབང་གི་སྐབས་སུ་མདུན་བསྐྱེད་ཆོ་ག་རྒྱས་པར་བསྒྲུབ་པར་སྤྲོ་ན། མཎྜལ་བཞི་ཆོག་གི་མདུན་བསྐྱེད་ལྟར་མཆོད་བསྟོད་རྒྱས་པར་བགྱིས་ཀྱང་རུང་ཞིང་། སློབ་མ་ལྷར་བསྐྱེད་པའང་རྒྱས་པར་ན་མཎྜལ་ཆོ་ག་ལྟར་བརྡ་སྤྲད་ན་ལེགས། ཤིན་ཏུ་བསྡུས་པའི་ཚེ་བདག་མདུན་ཆོ་ག་གཅིག་གིས་མཉམ་དུ་བསྒྲུབས་ཀྱང་རུང་མོད། དམིགས་བསལ་མ་གཏོགས་བདག་མདུན་སོ་སོར་དབྱེ་བ་འགལ་བ་མེད་པར་མ་ཟད། ལས་དང་པོ་པ་དམིགས་པ་འཆར་བདེ་བ་སོགས་ལེགས་པ་ལས། ལམ་མཐོན་པོ་དང་ཏིང་ངེ་འཛིན་ཅུང་ཟད་བརྟན་པའི་དབང་དུ་བྱས་པའི་ཆོ་ག་རྣམས་སེམས་གནས་ཅུང་ཟད་མ་ཐོབ་པས་འཆུན་པར་དཀའ་ཞིང་ལད་མོ་ཙམ་བགྱིས་ཀྱང་བྱས་ལ་མ་བསགས་པའི་ལས་སུ་འགྲོ་ཉེན་ཆེ་བས། ཆོ་ག་ཕྱག་ལེན་གང་ལའང་མདོ་རྒྱས་འཚམ་ཞིང་དབང་པོ་དང་མཐུན་པ་འདི་ཁོ་ན་ལེགས་པར་རྟོགས་སོ། །ཡང་དཀྱུས་སུ་མི་གསལ་བས་དབང་ལུང་སྤྱིར་བཏང་ལ་མ་བྱས་ཀྱང་རུང་མོད། ཁྲོམ་ཚོགས་ལྟ་བུ་མང་པོའི་སྐབས་གཏོར་དབང་གི་མགོར། བརྟན་པར་བྱ་བའི་སླད་དུ། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པ་འཕགས་མ་གཙོ་འཁོར་དུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་བསྟོད་པའི་རྒྱུད་ཀྱི་རྒྱལ་པོ་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་མཚམས་སྦྱར་ལ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སོགས་ནས། ཉི་ཤུ་རྩ་གཅིག །ཅེས་པའི་བར་ཚར་གསུམ་མམ་གཅིག་མཉམ་དུ་འདོན། ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས་གཏོར་མ་རྗེ་བཙུན་སྒྲོལ་མ་སོགས་མན་གོང་གི་མཚམས་སྦྱོར་དཀྱུས་ལྟར་བགྱིས་ན་བྱིན་རླབས་ཆེ་ཞིང་ཤིན་ཏུ་ལེགས་པ་ཡིན་ནོ། །འཕགས་མའི་ཐུགས་རྗེའི་ཟླ་བ་ལས། །བྱིན་རླབས་བདུད་རྩིའི་ཆར་འབེབ་པའི། །ཆོ་ག་རྫོགས་ལྡན་སྤྲིན་ཆེན་འདིས། །ས་གསུམ་དགེ་ལེགས་སྦྱིན་གྱུར་ཅིག །ཅེས་པའང་གཙང་གནུབས་ཡུལ་རོང་དུ་འཁྲུངས་པའི་ལང་གྲོ་ལོ་ཙཱ་བ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་དུ་གདོད་ནས་གྲུབ་ཅིང་། ཆོས་འདིའི་བདག་པོར་རྡོ་རྗེའི་ལུང་གིས་ཁྱད་པར་དུ་བསྔགས་པ་ཀུན་བཟང་པདྨའི་སྙིང་པོའི་ཕྲིན་ལས་པ་ཆེན་པོ་རྗེ་དབོན་མཆོག་གི་སྤྲུལ་པའི་སྐུ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱི་བཀའ་བསྩལ་ནོར་བུའི་ཕྲེང་བ་སྤྱི་བོར་མཆོད་དེ། གཏེར་ཆེན་བླ་མ་མཆོག་ལས་ཟབ་ཆོས་འདི་ཉིད་ཐོག་མར་ཐོབ་པའི་སྐལ་པ་བཟང་པོ་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཏེར་གནས་རི་བོ་དབང་ཞུའི་ནུབ་ཕྱོགས། བདེ་ཆེན་པདྨ་ཤེལ་ཕུག་གི་འདབས་འབྱོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་ལེགས་པར་སྦྱར་བའི་དགེ་བས་ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་འཇིག་རྟེན་གསུམ་ན་ཉི་ཟླ་ལྟར་རྟག་ཏུ་སྣང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ་བྷ་བ་ཏུ།། །།
གཏེར་ཁྱིམ་ནས་གསུངས་པའི་སྡེ་བརྒྱད་སྤྱི་སྒོས་ཀྱི་གསོལ་མཆོད་ཕྲིན་ལས་ཀྱི་རིམ་པ་ (Volume 33, Text 38)
༄༅། །གཏེར་ཁྱིམ་ནས་གསུངས་པའི་སྡེ་བརྒྱད་སྤྱི་སྒོས་ཀྱི་གསོལ་མཆོད་ཕྲིན་ལས་ཀྱི་རིམ་པ་བཞུགས་སོ། ། ན་མོ་ཡ་མཱནྟ་ཀཱ་ཡ། བསྟན་སྲུང་དྲེགས་བྱེད་སྡེ་བརྒྱད་ལ་རྒྱུན་གསོལ་དང་། དྲག་པོ་མངོན་སྤྱོད་ཀྱི་སྐབས་སུ་ལས་བྱེད་དམག་མི་སྦྲན་པའི་ཚེ། ཕྲིན་ལས་ཀྱི་རིམ་པ་ནི། ཐོད་པའམ་དྲག་པོའི་སྣོད་དུ་རྒྱས་པར་ན་སྡེ་བརྒྱད་ཀྱི་གྲངས་དང་མཉམ་པའི་བཤོས་བུའམ། བསྡུ་ན་སྡེ་བརྒྱད་ཚན་པ་རེ་ལ་བཤོས་བུ་རེའི་རྩིས་ཀྱི་མཐར་ཨོང་ཀྱུ་དང་རིལ་བུ་ཅི་མང་གིས་བསྐོར། ཤ་ཁྲག་གི་རྒྱན་དམར་ཙེ་རེ་བ་བྱས་པ་བཤམ། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་ཤ་ཆེན་གྱི་སྤོས་ཚིལ་ཆེན་གྱི་མར་མེ་མཁྲིས་ཆེན་གྱི་དྲི་ཆབ་ཤ་རུས་ཀྱི་ཞལ་ཟས་རྐང་གླིང་ཐོད་རྔའི་རོལ་མོ་སྨན་རག་ཆང་ཁྲག་རྣམས་བཤམ། བདག་ཡ་མཱནྟ་ཀའི་ང་རྒྱལ་ལ་གནས་པས། དྲེགས་པ་སྤྱི་སྲོག།་་་ཨཱེཿཕོ་རྒྱུད།་་་ཏྲི་མོ་རྒྱུད།་་་མ་ཀླུ་རྒྱུད།་་་ཕུ་ས་མཱ་ཛཿ བདག་ཡ་མཱནྟ་ཀར་གསལ་བའི་ཐུགས་ཀ་ནས་ལས་ཀྱི་གཤིན་རྗེ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་གྲངས་མེད་པ་སྤྲོས་པས། སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྙིང་ནས་ལྕགས་ཀྱུས་བཟུང་མགྲིན་པ་ནས་ཞགས་པས་བཅིངས་ཏེ་ཁ་བ་བུ་ཡུག་འཚུབས་པ་ལྟར་བདག་གི་མདུན་དུ་སྐད་ཅིག་གིས་བཀུག་པར་གྱུར་པར་བསམ་ལ་ཤ་ཆེན་གྱི་སྤོས་བསྲེག །དུར་ཁྲོད་ཀྱི་རོལ་མོའི་སྒྲ་དང་བཅས་ང་རོའི་དབྱངས་ཀྱིས་འབོད་པ་ནི། ཧཱུྃ་ཨཱེཿ རྡོ་རྗེ་འཆང་དང་ཤཱཀ་ཐུབ་ཐོད་ཕྲེང་རྩལ། །གསང་བའི་བདག་པོ་ཧ་ཡ་གྲཱི་ཝ་དང། །ཡ་མཱནྟ་ཀའི་སྤྱན་སྔར་ཁས་བླངས་ཤིང་། །དམ་བཅས་སྲོག་སྙིང་ཕུལ་པའི་སྲུང་མའི་ཚོགས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་ད་ཚུར་བྱོན། །ལྷ་དབང་བརྒྱ་བྱིན་ཐགས་བཟང་རིས་དང་ནི། །ཀླུ་རྒྱལ་དགའ་བོ་བདུད།་་་བྱ་རོག་མགོ་བརྩེགས་དང་། །ལྷ་་་ཚངས་པ་དང་ནི་མིའམ་ཅི།་་་ལྗོན་པ་རྟ་མགོ་ཅན། །སྲིན་པོ་་་ལངྐ་མགྲིན་བཅུ་བདུད་རྒྱལ་དམུ་རྗེ་བཙན། །ཕྱི༵་ཡི་ལྷ་སྲིན་སྡེ་བརྒྱད་མྱུར་དུ་ཤོག །ཀླུ་རྒྱལ་་་སོག་མ་མེད་དང་མ་མོ་ཙ་མུན་ཏྲི། །གཤིན་རྗེ་དམར་པོ་གཟའ་བདུད་རྒྱལ་པོ་དང་། །བཙན་བདུད་ནག་པོ་བདུད་མོ་གསེར་མིག་པ། །ཡུལ་ལྷ་མ་ཧཱ་དེ་བ་འབྲུག་སྒྲོག་སྨན།་་་མོ། ནང༵་གི་དྲེགས་པ་སྡེ་བརྒྱད་ལ་འུར་ཤོག །དབང་ཕྱུག་ལྷ་ཆེན་་་མ་ཧཱ་དེ་ཝ།འཆི་བདག་མགོ་དགུ་ཀླུ །གཤིན་རྗེ་ཆོས་རྒྱལ་མ་མོ།་་་ཨེ་ཀ་ཙཱ་ཏི་དང་། །བདུད་་་རོལ་པ་རྐྱ་གཅིག་སྲིན་པོ་རཀྴ་ནག །གནོད་སྦྱིན་ལོ་ཀ་ཙ་ར་གཟའ།་་་ཁྱབ་འཇུག་ཆེ། །གས༵ང་བའི་སྡེ་བརྒྱད་ད་ལྟ་འདུར་ལ་ཤོག །བི་ནཱ་ཡ་ཀ་དམུ་བདུད་ཧ་ལིངྐ། །མུ་ཁ་ལེ་དང་སྲིན་པོ་རཀྴ་ནག །མ་མོ་གསོད་བྱེད་་མ།་ཀླུ་བཙན།་་་རོལ་པོ་གློག་འཁྱུག་དང་། །གཤིན་རྗེ་་་ཡཀྴ་ཀཱ་ལ་བྱ་རོག་མགོ་བརྩེགས་བདུད། །སྦ༵ས་པའི་དྲེགས་པ་སྡེ་བརྒྱད་རྒྱུག་ཅིང་ཤོག །བདུད་་་ཡབ་རྗེ་ནག་པོ་སྲོག་བདག།་་་དཀར་པོ་སྙིང་འབྱིན་དང་། །ཡུལ་ལྷ་ཕྱ་སངས་དཔལ་མགོན་ནག་པོ་དང་། །དམ་ཅན་རྡོར་ལེགས་་་ནག་པོ།སྲིན་པོ་སྲོག་གི་བདག །གནམ་ཐེའུ་དཀར་པོ་སྒྲོལ་གིང་ཡམ་ཤུད་དམར། །མ་མོ་་་རེ་མ་ཏཱི་སོགས་བསྟན་པ་སྐྱོང་མཛད་པའི། །དྲེགས་པ༵་སྡེ་བརྒྱད་རིངས་པར་ད་ཤོག་ཅིག །སྦྲུལ་མགོ་ཅན་བཙན་དམུ་རྗེ་ཡ་བ་ཏི། །བདུད་་་ནག།པོ་བཀྲག་མེད་སྲིན་པོ་སྲོག་གཅོད་ནག །ནག་པོ་་་ཀླུ་བདུད་སྦྲུལ་ཞགས་་་ཅན།གནོད་སྦྱིན་སྲོག་གཅོད་ནག །མ་མོ་ནག་མོ་ཁྲག་འཛག་མ་ལ་སོགས། །དྲག་པོ་སྔགས་ཀྱི༵་སྡེ་བརྒྱད་ས་མཱ་ཛ། །གླིང་བཞི་གླིང་ཕྲན་གནམ་ས་བར་སྣང་དང་། །གནས་ཡུལ་དུར་ཁྲོད་མཚོ་གླིང་འབབ་ཆུ་དང་། །ས་རྡོ་རི་བྲག་ལྷ་ཁང་རྒྱལ་པོའི་ཁབ། །དེ་སོགས་ཡུལ་དང་གནས་དང་མིང་སྲོག་ལ། །བཏགས་ཤིང་ཆགས་པའི༵་སྡེ་བརྒྱད་གནས་འདིར་ཛཿ གཉན་ཆེན་ཐང་ལྷ་གཡའ་སྤང་སྐྱེས་གཅིག་དང་། །ཀྱེའུ་ཀླུང་བཙན་བན་ཆེན་རུ་ཏྲ་དང་། །ཧེ་ལེ་འབར་མ་ཟུར་ཕུད་ཅན་དང་ནི། །བྱ་རོག་པ་ཏི་རྒྱལ་པོ་ཤིང་བྱ་ཅན། །ལྷ་བདུད་སུམ་བརྒྱ་དྲུག་ཅུའི་སྡེ་ལ་སོགས། །བཏགས་ཆགས་མ་ཆགས༵་སྡེ་བརྒྱད་ད་ལྟ་ཤོག །སྦལ་མགོ་ཁྲག་མིག་ཡམ་ཤུད་དམར་པོ་དང་། །ལི་བྱིན་ཧར་ལེགས་ལིང་པ་དམར་པོ་དང་། །གནོད་སྦྱིན་ཐོད་དཀར་ཤན་པ་ནག་པོ་བདུད། །བགེགས་ཀྱི་གླང་པོ་སྨུག་པོ་ལྕགས་ཐོད་ཅན། །ལས་བྱེད་མྱུར་མགྱོགས༵་སྡེ་བརྒྱད་གནས་འདིར་ཤོག །འཆི་བདག་གཤིན་རྗེ་མ་མོ་ནག་མོ་དང་། །བདུད་ནག་ཚོགས་དང་དམར་པོ་བཙན་གྱི་ཚོགས། །རྒྱལ་པོའི་ཚོགས་དང་ཀླུ་རིགས་ལྔ་ཡི་ཚོགས། །གནོད་སྦྱིན་ཚོགས་དང་དྲེགས་པ་གཟའ་ཡི་ཚོགས། །བསྟན་སྲུང་༵སྡེ་བརྒྱད་ད་ལྟ་གནས་འདིར་གཤེགས། །ཕྱི་ནང་གསང་སྦས་བསྟན་སྐྱོང་དྲག་སྔགས་དང་། །བཏགས་ཆགས་མ་ཆགས་ལས་བྱེད་བསྟན་སྲུང་གི །དྲེགས་པ་སྡེ་བརྒྱད་ཡབ་ཡུམ་སྲས་སྤྲུལ་འཁོར། །ཕོ་ཉ་བཞོན་པ་རང་སྡེ་དཔུང་གི་ཚོགས། །མ་ཐོགས་གནས་འདིར་ད་ལྟ་མྱུར་དུ་ཤོག །གཞན་ཡང་སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི། །སྣང་སྲིད་དྲེགས་པ་འབྱུང་པོ་མཐུ་བོ་ཆེ། །ཡུལ་ལྷ་གཞི་བདག་འདྲེ་སྲིན་ཡུལ་འདྲེའི་ཚོགས། །ཕོ་རྒྱུད་མོ་རྒྱུད་ཀླུ་རྒྱུད་ཀྱིས་བསྡུས་པའི། །འབྱུང་པོ་འཁོར་བཅས་གནས་འདིར་ད་ཤོག་ཅིག །ཨཱེཿཏྲི་མ་ཕུ། ཨ་ཡ་མ་དུ་རུ་ཙ་ཤ་ན། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འབོད། བཞུགས་སུ་གསོལ་བ་ནི། ཧོཿ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྔགས་འཆང་བདག་གི་དོན་བསྒྲུབ་ཕྱིར། །རང་རང་མཐུན་པའི་གདན་སྟེང་དུ། །མ་གཡེལ་དགྱེས་ཤིང་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། དམ་ལ་གཞག་པ་ནི། རྡོ་རྗེ་དངོས་སམ་དེའི་ཕྱག་རྒྱ་སྡེ་བརྒྱད་ཀྱི་མགོ་བོར་བཞག །ལྕེ་ལ་ཨ་མྲྀཏ་བླུག་པར་མོས་ནས་གཏོར་མར་བྲན་ལ། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེ་གཤེད། །ལྷ་སྲིན་སྡེ་བརྒྱད་ང་ཡི་འབངས། །དེ་དག་ཐམས་ཅད་ང་ལས་བྱུང་། །དྲེགས་པའི་སྲོག་སྙིང་ང་ལ་ཡོད། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དམ་བཅས་དྲན་པར་གྱིས། །དམ་ཚིག་རྡོ་རྗེ་སྤྱི་བོར་བཞག །དམ་ཚིག་བདུད་རྩི་ཁར་བྱིན་གྱིས། ཁས་བླངས་དམ་ལས་ཁྱོད་མ་འདའ། །འདས་ན་ལུས་སེམས་རྡུལ་བརླགས་ནས། །རྡོ་རྗེའི་དམྱལ་བར་ཤི་ཏ་རེ། །དེ་བས་དམ་སྲུངས་ཕྲིན་ལས་སྒྲུབས། །བཛྲ་ས་མ་ཡ་པཉྩ་ཨ་མྲྀཏ་ན་ར་ཀན། མཆོད་པ་ནི། ཧོཿ ཨརྒྷཾ་མེ་ཏོག་སྤོས་མར་མེ། །དྲི་དང་ཞལ་ཟས་རོལ་མོར་བཅས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཕྱི་མཆོད་དྲེགས་པའི་ཚོགས་ལ་འབུལ། །དམར་ཆེན་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཞུན་ཆེན་མར་མེ་དང་། །མཁྲིས་ཆེན་དྲི་ཆབ་ཤ་རུས་ཞལ་ཟས་དང་། །དུར་ཁྲོད་རོལ་མོ་ནང་གི་མཆོད་པ་འབུལ། །ཡབ་ཡུམ་བདེ་སྦྱོར་དགའ་བདེའི་གསང་མཆོད་དང་། །སྨན་རག་གཏོར་མ་དམ་རྫས་ཁྱད་པར་ཅན། །ཕོ་རྒྱུད་མཉེས་ཕྱིར་མྱོས་བྱེད་ཆང་རྒོད་དང་། །མོ་རྒྱུད་མཉེས་ཕྱིར་རཀྟ་དམར་ཆེན་དང་། །ཀླུ་རྣམས་མཉེས་ཕྱིར་དཀར་མངར་རྩི་སྨན་སོགས། །རང་རང་རིགས་མཐུན་མཆོད་པ་འབུལ་གྱིས་བཞེས། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ། མ་ཧཱ་པཱུ་ཛ། ཨ་ནུ་རཱ་གཱ །ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་སུ་ར་རུ་དྷི་ར་ཏྲི་མ་དྷཱུ་ཨོ་ཥ་དྷི་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་། ཨཱེཿཏྲི་མ་ཕུ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཨཥྚ་སེ་ན་ས་པ་རི་ཝཱ་ར་ཨི་མཾ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཉེར་གཅིག་གིས་གཏོར་མ་འབུལ། ཐུགས་དམ་བསྐང་བ་ནི། ཨཱེཿ དྲེགས་པ་ལྷ་སྲིན་སྡེ་བརྒྱད་པོ། ཁྱེད་རྣམས་ཐུགས་དམ་བསྐང་བ་ནི། །ཕྱི་ནང་གསང་བའི་མཆོད་པ་དང་། །སྦྱོར་སྒྲོལ་ཚོགས་ཀྱི་མཆོད་པ་དང་། །སྨན་རཀ་གཏོར་མའི་མཆོད་པ་དང་། །སྤྱན་གཟིགས་དཀོར་ཆ་སྣ་ཚོགས་དང་། །རང་རང་རིགས་མཐུན་དགྱེས་པའི་སྤྱན་གཟིགས་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་བཀང་ནས། །དྲེགས་པ་སྡེ་བརྒྱད་འཁོར་བཅས་ཐུགས་དམ་བསྐང་། །ཕོ་རྒྱུད་ཚོགས་རྣམས་ཆང་གིས་བསྐང་། །མོ་རྒྱུད་ཚོགས་རྣམས་ཁྲག་གིས་བསྐང་། །ཀླུ་རྒྱུད་ཚོགས་རྣམས་སྨན་གྱིས་བསྐང་། །བསྐངས་གྱུར་བཅོལ་པའི་ཕྲིན་ལས་སྒྲུབས། །བཤགས་པ་ནི། ཧོཿ དྲེགས་པ་མཐུ་ཆེན་ཁྱོད་རྣམས་ཀྱི། །སྐུ་གསུང་ཐུགས་དང་འགལ་བ་དང་། །དམ་རྫས་མཐུན་རྫས་མ་ཚང་ཞིང། །འཛོལ་དང་སྐྱེང་དྲེད་འཛུར་བ་སོགས། །མདོར་ན་ཐུགས་དང་འགལ་བ་ཀུན། །གནོང་འགྱོད་སེམས་ཀྱིས་དེ་རིང་བཤགས། །ཚངས་པར་མཛོད་ལ་ལས་སྒྲུབས་ཤིག །ཅེས་དང་ཡིག་བརྒྱ་བརྗོད། བསྟོད་པ་ནི། ཨཱེཿ སྔོན་ཚེ་ལས་དང་ཞེ་སྡང་དྲག་པོ་ཡིས། །མཚམས་སྦྱར་སྨོན་ལམ་ལོག་པར་བཏབ་པ་ཡི། །དེ་ཡི་དབང་གིས་ད་ལྟ་ལུས་ངག་ཡིད། །དུག་ལྔ་མེ་འབར་ང་རྒྱལ་ཁྲོ་གཏུམ་ཆེ། །གཟུགས་ཆེ་འཇིགས་ཤིང་མི་སྡུག་ཡིད་ལྟར་རྒྱུ། ཁ་རླངས་དྲི་ཆུ་རྣམས་ཀྱང་ནད་དུ་སྤྲོ། ཁ་ནས་ངན་སྔགས་སྒྲོག་པས་གཞན་སྲོག་འཕྲོག །ལག་ན་དུག་དང་མཚོན་ཆ་སྣ་ཚོགས་ཐོགས། །སྲ་བའི་གོ་གྱོན་མགྱོགས་པའི་བཞོན་པ་ཅན། །ལུས་ཀྱི་བ་སྤུ་མཚོན་ཆར་རབ་སྐྱེས་པའི། །འཇིག་རྟེན་ཕུང་བྱེད་དྲེགས་པ་སྡེ་བརྒྱད་ཚོགས། །ཤ་ཁྲག་ལ་དགྱེས་སྲོག་གཅོད་ལས་ལ་བརྩོན། །གཞན་བས་ཚེ་རིང་སྤྲུལ་པ་སྣ་ཚོགས་སྟོན། །མཐུ་སྟོབས་དྲག་ཤུལ་ཆོ་འཕྲུལ་དུ་མའི་བདག །རང་སྡེ་དཔུང་བཅས་དྲེགས་པའི་ཚོགས་ལ་བསྟོད། །ཅེས་དང་། མངོན་སྤྱོད་ཀྱི་ལས་སྦྱོར་མི་བྱེད་པའི་ཚེ་གཏོར་མ་སྤགས་ལ་སྨན་རག་དང་ཁྲག་ཆང་སྦྲེང་ལ་དཔལ་འབར་བཙུག །ཧོཿ དྲེགས་པ་མིང་སྲིང་ཡབ་ཡུམ་སྲས་སྤྲུལ་འཁོར། །རང་སྡེ་དཔུང་བཅས་སྟོང་ཁམས་བདག་པོའི་ཚོགས། །ཐུགས་དང་མཐུན་པའི་གཏོར་མ་འདི་བཞེས་ལ། །སྔགས་འཆང་བདག་གི་ནད་གདོན་བར་གཅོད་དང་། །མི་མཐུན་ཕྱོགས་རྣམས་རབ་ཏུ་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །བསྟན་གནོད་ཕྱི་ནང་དགྲ་བགེགས་དྲག་པོས་སྒྲོལ། །བདག་གི་བསམ་དོན་ཡིད་སྨོན་རེ་འབྲས་རྣམས། །མ་ཐོགས་མྱུར་དུ་གེགས་མེད་འགྲུབ་པ་དང་། །བཅོལ་པའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད། །ཅེས་གཏོར་མ་ཁང་ཐོག་ཏུ་འབུལ། དྲེགས་པ་སྡེ་བརྒྱད་རྣམས་བདག་གི་བཀའ་ལ་ཉན་བཞིན་དུ་སྤྲིན་དེངས་པ་ལྟར་རང་རང་གི་གནས་སུ་སོང་བར་བསམ། དྲག་ལས་མངོན་སྤྱོད་ཀྱི་ཚེ། གཏོར་མར་སྨན་རག་དང་ཁྲག་ཆང་བྲན།་་་དཔལ་འབར་བཙུག །ཤ་ཆེན་གྱི་གསུར་དུད་བཏང་། རཀྟས་བརླབ། རྐང་གླིང་གི་བསྭོ་སྒྲ་དང་བཅས་དྲག་པོའི་ང་རོས་བསྐུལ་བ་ནི། གཏོར་མ་སྨན་རག་ཁྲག་ཆང་དང་བཅས་པ་དམག་ལྟོའི་ཚུལ་དུ་བྱིན་པས། སྡེ་བརྒྱད་རྣམས་གོ་ཆ་མཚོན་ཆ་རུ་མཚོན་ཀི་སྒྲ་དང་བསྭོ་སྒྲ་བཅས་དགྲ་བོའི་སྟེང་དུ་དམག་ལ་ཆས་ལ་ཁད་དུ་བསམ་ལ། ཧཱུྃ་ཨེ། ང་ནི་ཡ་མཱནྟ་ཀ་སྟེ། །ལག་ན་རྡོ་རྗེ་བེ་ཅོན་འཆང་། །ང་ལས་ཆེ་བ་སུ་ཡང་མེད། །སྣང་སྲིད་དྲེགས་པ་ང་ལས་བྱུང་། །དྲེགས་པ་སྡེ་བརྒྱད་ང་ཡི་འབངས། །སྔགས་འཆང་ཡིད་ལ་བརྣགས་པའི་དགྲ །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། །གཟུགས་ལིང་མིང་དང་མཚན་མ་རུ། །བཏབ་པའི་དམ་ཉམས་དགྲ་བོ་འདིས། །སངས་རྒྱས་བསྟན་པ་གཉན་པོ་བཤིགས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །བན་སྔགས་ཆོས་སྨྲའི་དཀོར་ལ་འབགས། །རྡོ་རྗེ་སློབ་དཔོན་ཐུགས་རྒྱུད་དཀྲུགས། །ཡི་དམ་ལ་སྨད་དེ་ལ་བརྙས། །ཆོས་སྐྱོང་རྣམས་ལ་མཐུ་མེད་ཟེར། །སྔགས་འཆང་བདག་ལ་དོ་ཡང་བསྡོས། །བསྙེན་སྒྲུབ་ཟབ་མོར་བར་གཅོད་བྱས། །མཆེད་ལ་འཁུ་ཞིང་དམ་ལས་ལྡོག །དམ་ཚིག་ཅན་རྣམས་ཁྱད་དུ་བསད། །དྲེགས་པ་སྡེ་བརྒྱད་ཁྱོད་རྣམས་ཀྱི། །རྟེན་གནས་ཕོ་བྲང་འཕྲོག་གོ་ཟེར། །ལྷ་རྟེན་ཤིང་བྲག་མཚོ་དང་རི། །གནས་གཞིས་བཅོམ་མོ་བཤིག་གོ་ཟེར། །ལུས་ངག་རྡུལ་དུ་བརླག་གོ་ཟེར། །སྡེ་བརྒྱད་མཐུ་རྩལ་རྫུན་ནོ་ཟེར། །དེ་འདྲའི་ཉེས་ཅན་དགྲ་བོ་འདི། །བདེ་བར་འཇོག་གམ་དྲེགས་པའི་ཚོགས། །འདི་ལ་མཐུ་རྩལ་མི་དབྱུང་ན། ཁྱོད་ཀྱི་མཐུ་རྩལ་རྫུན་དུ་ཆེ། །དེ་བས་དམིགས་པའི་དགྲ་བོ་འདི། །ལོ་དང་ཟླ་བ་ཞག་ཟ་མར། །མ་འགོར་མྱུར་དུ་སོད་ལ་ཤོག །དགྲ་བོའི་ཡུལ་དུ་རྒྱུགས་ལ་ཤོག །ཡུལ་ཁམས་དམག་གིས་ཁོངས་ལ་ཤོག །ཐན་དང་ལྟས་ངན་ཆོ་འཕྲུལ་ཐོངས། །ཐོག་སེར་ནད་མཚོན་བསྐལ་པ་ཕོབ། །ཡུལ་ཁམས་ལོ་ཐོག་ཆོམས་ལ་ཤོག །དགྲ་བོའི་ཕ་མ་བུ་ཕོ་མོ། །བླ་མ་སློབ་དཔོན་འོག་རྟ་ཁལ། །ཡུལ་མི་ཁྱིམ་མཚེས་གྲྭ་རོག་གྲོགས། །སྒོ་ཁྱི་ལྕགས་ཐག་ཡུལ་ཞིང་མཁར། །སྐད་ཅིག་ཉིད་ལ་ཐལ་བར་རློགས། །དམིགས་པའི་དགྲ་བོ་དམ་ཉམས་འདིའི། །བླ་དབུགས་སྲོག་གསུམ་ཁྱེར་ལ་ཤོག །སྲོག་རྩ་དམར་པོ་ཆོད་ལ་ཤོག །གྲི་ཐབས་སྣ་དགུས་སོད་ལ་ཤོག །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །དམ་ཉམས་དགྲ་འདི་བརླགས་ཟིན་ནས། ཁྱོད་ལ་ཡིད་དང་མཐུན་པ་ཡི། །དམ་རྫས་གཏང་རག་བདག་གིས་གཏོང་། །གལ་ཏེ་ལས་འདི་མི་སྒྲུབ་ན། །སྔགས་འཆང་བདག་གིས་ཁྱོད་རྣམས་ལ། །གསོལ་མཆོད་བསྟེན་པ་དོན་རེ་ཆུང་། །གལ་ཏེ་ལས་འདི་མི་བྱེད་ན། །སྔོན་ཚེ་ཁས་བླངས་དམ་བཅས་པའི། །དཔང་པོ་རྡོ་རྗེ་འཆང་དབང་དང་། །ཤཱག་ཐུབ་པད་འབྱུང་དྲེགས་འདུལ་དང་། །རྟ་མགྲིན་ཆེ་མཆོག་ཧེ་རུ་ཀ །མཁའ་ལྡིང་ཡ་མཱནྟ་ཀ་སོགས། ཁྲོས་པའི་རྡོ་རྗེའི་མཚོན་རྣོན་གྱིས། །དྲེགས་པ་འཁོར་བཅས་ཁྱོད་རྣམས་ཀྱི། །མགོ་དང་དོན་སྙིང་ཚལ་པར་འགེམས། །ལུས་ངག་རྡུལ་དུ་བརླགས་ནས་ཀྱང། །རྣམ་ཤེས་རྡོ་རྗེའི་དམྱལ་བ་རུ། །བསྐལ་པ་འབུམ་དུ་མནར་བར་བྱེད། །དེ་འདྲའི་ལས་ལ་མི་འཇིགས་སམ། །དེ་བས་དྲག་པོ་མངོན་སྤྱོད་ཀྱི། །བཅོལ་པའི་ལས་འདི་མྱུར་དུ་སྒྲུབས། །ད་ལྟ་ཉིད་དུ་འགྲུབ་པར་གྱིས། །མྱུར་བ་ཉིད་དུ་འགྲུབ་པར་གྱིས། །ཞེས་བརྗོད་ཅིང་གཏོར་མ་དགྲ་ཕྱོགས་སུ་ཐེབས་ཐོག་ཏུ་འཕང་། དྲེགས་པ་རྣམས་ཀྱི་སྐུ་དང་རྟེན་ཡོད་ན་བརྡབ། དྲེགས་པའི་དམག་རྣམས་ནམ་མཁའ་ལ་གློག་འགྱུ་བ་ལྟར་དགྲ་ཡུལ་དུ་སོང་ནས་དགྲའི་སྙིང་ནང་དུ་ཕོ་བྲང་བཏབ། ཤ་ཟོས་ཁྲག་འཐུང་དགྲ་བོ་འཁོར་བཅས་སྐད་ཅིག་ཉིད་ལ་ཐལ་བར་བརླག་པར་བསམ་ལ་ཞེ་སྡང་དྲག་པོ་ལྷའི་ང་རྒྱལ་དང་བཅས་པས་གཏོར་མ་འཕང་། དུལ་མོ་རྡུལ་བྲང་བརྡུང་ཆོ་ངེ་བཏབ་རལ་པ་སྤྲུགས་པ་སོགས་བྱའོ། །ལས་མ་འགྲུབ་རིང་དྲེགས་པ་རྣམས་ལ་གཏོར་མ་ཕུལ། ལས་བཅོལ། ལས་གྲུབ་ནས་གཏང་རག་རྒྱ་ཆེན་པོ་གཏང་། དམིགས་བསལ་གྱི་ལས་འཆོལ་དགོས་མེད་ཀྱང་དུས་རྒྱུན་དུ་དགུ་གསུམ་ལ་གཏོར་མ་གཏང་ན་དགོས་པའི་དུས་བསྐུལ་སླ་ཞིང་མྱུར་བའི་ཁྱད་ཆེ་བ་འབྱུང་ངོ་། །སྨྲས་པ། ཡེ་ཤེས་ལྷ་ཡི་ཕོ་ཉ་སྡེ་བརྒྱད་ཚོགས། །གཏེར་ཁྱིམ་གནད་ཀྱི་དགོངས་པ་ཅི་ལྟ་བར། །གཏོར་མས་བརྔན་པ་དགྲ་ལ་རྦད་པའི་ཐབས། །སྔགས་འཆང་ཆོས་ཀྱི་གྲགས་པའི་མན་ངག་ཡིན། །དྲེགས་པ་ཕོ་མོ་ཕྱོགས་རེའི་སྲུང་མ་ལ། །གསོལ་མཆོད་མཐུ་རྩལ་རེ་བའི་བན་སྔགས་འགས། །དལ་བར་འདུག་ཚེ་མཐུ་རྩལ་ཁས་བླངས་ནས། །དགོས་དུས་མི་ཕན་བསླུ་བ་འདི་ལ་ལྟོས། །ཞེས་པ་ཡང་གཏེར་ཁྱིམ་ནས་གསུངས་པའི་སྡེ་བརྒྱད་རྣམས་ལ་གསོལ་མཆོད་ཕྲིན་བཅོལ་སྔགས་འཆང་གི་ཕོ་ཉར་བསྐུལ་བའི་ཕྲིན་ལས་སུ། འབྲི་གུང་པ་དུས་མཐའི་སྔགས་འཆང་ཆོས་ཀྱི་གྲགས་པས་ས་སྟག་ནག་པ་ཟླ་བའི་དཀར་པོའི་རྫོགས་པ་དང་པོ་ལ་འབྲི་ཆོས་ཕྱུག་གི་ཀླུང་དུ་སྦྱར་བ་སངས་རྒྱས་བསྟན་པའི་སྲུང་བར་སྨོན་ལམ་བཏབ་བོ། །མངྒ་ལཾ།། །།
སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུས་མཛད་པའི་བླ་འགུགས་འཆི་མེད་རིག་འཛིན་ (Volume 49, Text 38)
༄༅། །སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུས་མཛད་པའི་བླ་འགུགས་འཆི་མེད་རིག་འཛིན་ཞེས་བྱ་བ་བཞུགས་སོ། ། ཨོཾ་བདེ་ལེགས་སུ་གྱུར་ཅིག །བླ་མ་ལྷ་དང་འཆི་མེད་ལྷ་ཚོགས་དང་། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ། །གཞན་ཡང་སྐྱབས་གནས་ཡོད་དོ་ཅོག་ཀུན་ལ། །སྙིང་ནས་འདུད་དོ་སྲིད་མཐའི་བར་དུ་སྐྱོངས། །དེ་ལ་འདིར་གཟུགས་ཅན་མིའི་བླ་ཚེ་དབང་ཐང་རྣམས་འཆི་བདག་བདུད་ལ་སོགས་པ་གཤིན་རྗེ་དང་བཙན་དང་མ་མོ་ཐེའུ་རང་རྒྱལ་འགོང་སོགས་མདོར་ན་མི་དང་མི་མ་ཡིན་པའི་ཕོ་ཉ་རྣམས་ཀྱིས་ཁྱེར་པ་དང་། ཕྲོགས་པ་དང་། བརྐུས་པ་དང་། རང་བཞིན་གྱིས་ཡར་པ་དང་། འཁྱམས་པ་དང་། ཉམས་པ་ལ་སོགས་པ་དེ་དག་ཐམས་ཅད་འགུགས་པའི་ཐབས་ལ་གཤོམ་དང་། ཆོ་ག་གཉིས་ལས། དང་པོ་ནི། བླ་མ་དཀོན་མཆོག་སོགས་སྐྱབས་གནས་ལ་མཆོད་གཏོར་བཤམས་པའི་མདུན་དུ་རས་གཞི་དཀར་པོ་དྲི་མ་མེད་པའི་དབུས་སུ་སད་སེར་གྱིས་མ་བཅོམ་པའི་འབྲས་སམ་ནས་གང་རུང་བྲེ་གསུམ་ཙམ་སྤུང་བའི་སྟེང་དུ། མདའ་མོ་རྒོད་སྒྲོ་མ་སྐྱོན་མེད་མ་དར་ཚོན་སྣ་ལྔ་དང་། སྣང་སྲིད་གསལ་བའི་མེ་ལོང་བཏགས་པ་བཙུགས། དེའི་ཕྱོགས་བཞི་དང་མཚམས་བཞིར་ནས་ཀྱི་གཡུང་དྲུང་གི་ཚོམ་བུ་དགོད། ཤར་དུ་རིན་པོ་ཆེ་དང་དར་སྣས་བརྒྱན་པའི་གསེར་སྐྱེམས། ལྷོར་དཀར་གསུམ་བཏབ་པའི་འབྲས་ཆན། ནུབ་ཏུ་མངར་གསུམ་བསྲེས་པའི་ཕྱེ་མར། བྱང་དུ་གཏོར་མ་དཀར་ཟླུམ་འདབ་བཞི་ཅན་ནས་ཕུད་ཆུ་གཙང་གིས་བཀང་བ། དེ་རྣམས་ནི་བཀྲ་ཤིས་གཙང་མའི་མཆོད་པ་འོ། །དེའི་དབུས་སུ་གཡང་དཀར་ལུ་གུའི་པགས་པའི་སྟེང་དུ་སྐྱེས་པ་ཡིན་ན་ལུག་ཕོའི་བརླ་གཡས་དང་། བུད་མེད་ཡིན་ན་ལུག་མོའི་གཡོན་གྱི་བརླ་ཤ་ལྷུ་ཚང་བ་དང་། བག་ཟན་མེ་མུར་བསྲེགས་པའི་གོར་རྣམས་བཞག །དེའི་གཡས་སུ་གསེར་འཕང་དང་། གཡོན་དུ་གཡུ་འཕང་བཙུགས། བརླ་ཤའི་སྟེང་དུ་ཡོན་བདག་གི་ཞྭ་སྲང་ལ་བཏེགས་ཏེ་བཞག །གཞན་ཡང་ཤིང་ཐོག་གི་རིགས་དང་། དཀར་གསུམ་དང་། ཤ་ཆང་བཟང་པོ་སོགས་ཟས་སྣ་ཚོགས་བསགས། རྒྱན་གོས་བཟང་པོ་ཡང་བཞག་གོ །གཉིས་པ་ཆོ་ག་ལ། གཟའ་སྐར་བཟང་པོ་སྔ་དྲོའི་དུས་སུ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སོགས་སྔོན་དུ་བླ་མ་མཆོད་པ་བྱའོ། །གཉིས་པ་དགོང་ཕྱོགས་ནས་ཡི་དམ་ཆོས་སྐྱོང་ལ་གཏོར་མ་འབུལ་ཞིང་འདོད་དོན་གསོལ་བ་གདབ། ཉི་མ་ནུབ་ཁར་གཞི་བདག་ལ་གཏོར་མ་བསྔོ། གསེར་སྐྱེམས་གཏོང་། བཀྲ་ཤིས་གཙང་མའི་མཆོད་པ་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། བསྔོ་ཞིང་ཕྲིན་ལས་བཅོལ་བ་འདི་སྐད་དོ། །ཀྱེ། དེ་རིང་གནམ་ལ་སྐར་མ་བཟང་། །ས་གཞི་དྲོ་ཞིང་འཕྲོད་སྦྱོར་ལེགས། །དོ་ནུབ་ནམ་གྱི་སྲོད་དུས་འདིར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྲུང་ཡུལ་ལྷ་གཞི་བདག་རྣམས། །རྣལ་འབྱོར་ཡོན་གྱི་བདག་པོ་ཡི། །མགོན་སྐྱབས་དཔུང་གཉེན་རབ་བརྟན་བཞུགས། །གསོལ་མཆོད་ཕྱག་འཚལ་སྐྱབས་སུ་མཆི། །མདོ་སྔགས་རིག་གནས་ལས་བརྒྱུད་པའི། །མཁས་ཤིང་གྲུབ་པ་ཐམས་ཅད་ཀྱི། །བླ་མ་རྣམས་ཀྱི་བྱིན་གྱིས་རློབས། །རྒྱུད་སྡེ་བཞི་དང་ཡང་འབྲེལ་བའི། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་གྱི། །ཡི་དམ་ལྷ་ཡིས་རྒྱབ་རྟེན་མཛོད། །ཡུལ་དང་གནས་དང་ཞིང་ལ་སོགས། །དུར་ཁྲོད་བརྒྱད་ན་བཞུགས་པ་ཡི། །དཔའ་བོ་མཁའ་འགྲོས་བྱིན་ཕོབ་ཅིག །ལུང་དང་རྟོགས་པའི་བསྟན་པ་སྲུང་། །དམ་ཅན་རྒྱ་མཚོའི་དམག་ཚོགས་ཀྱི། །ཆོས་སྐྱོང་སྲུང་མས་སྲུང་སྐྱོབ་མཛོད། །ཡུལ་ཕྱོགས་འདི་དང་ས་ཕྱོགས་གཞན། །སྲུང་ཞིང་རྟག་ཏུ་འཛིན་པ་ཡི། །ཡུལ་ལྷ་གཞི་བདག་མཐུན་རྐྱེན་སྒྲུབས། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །ཀྱེ། ཡོན་བདག་འདི་ཡི་བླ་ཚེ་ནི། །འཆི་བདག་གཤིན་རྗེ་རྒྱལ་གདོན་དང་། །འབྱུང་པོ་མི་དང་མི་མ་ཡིན། །གཙང་རིགས་མགོན་པོ་བདུན་ཅུ་ལྔ། །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཀྱིས། །ཕྲོགས་དང་བརྐུས་དང་འཇབས་པ་དང་། །རང་བཞིན་ཡར་དང་འཁྱམས་ལ་སོགས། །མཐོ་བ་སྲིད་པའི་རྩེ་མོ་ནས། །དམའ་བ་དམྱལ་ཁམས་བཅོ་བརྒྱད་ཡན། །བར་གྱི་སྟོང་གསུམ་འཇིག་རྟེན་གྱི། །སྟེང་འོག་ཕྱོགས་མཚམས་གར་གནས་ཀྱང་། །ད་ལྟ་བདག་གིས་བླ་འགུགས་སོ། །རྣལ་འབྱོར་བདག་གི་གྲོགས་ལྡན་མཛོད། །མི་མངོན་དབྱིངས་ཀྱི་ནམ་མཁར་བཞུགས། །སངས་རྒྱས་བྱང་སེམས་བྱིན་རླབས་དང་། །རྟེན་འབྲེལ་བསླུ་མེད་བདེན་པ་དང་། །ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །དོ་ནུབ་གནས་འདི་འགྲུབ་པར་ཤོག ༈ །ཀྱེ། ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །ཕྱོགས་སྐྱོང་ལག་ནས་མི་བླ་བསླུ། །དབང་ཕྱུག་ཆེན་པོ་ལ་སོགས་པའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །ལྷ་ཡི་ལག་ནས་མི་བླ་བསླུ། །དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །ཀླུ་ཡི་ལག་ནས་མི་བླ་བསླུ། །ཉི་མ་ཟླ་བ་ལ་སོགས་པའི། །གཟའ་ཆེན་བརྒྱད་པོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །གཟའ་ཡི་ལག་ནས་མི་བླ་བསླུ། །སྨིན་དྲུག་སྣར་མ་ལ་སོགས་པའི། །རྒྱུ་སྐར་ཉེར་བརྒྱད་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །རྒྱུ་སྐར་ལག་ནས་མི་བླ་བསླུ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །རྒྱལ་ཆེན་ལག་ནས་མི་བླ་བསླུ། །དྲི་ཟ་གྲུལ་བུམ་ཀླུ་དང་ནི། །གནོད་སྦྱིན་ལག་ནས་མི་བླ་བསླུ། །མ་ཧཱ་བྷཻ་ར་ལ་སོགས་པའི། །འཇིགས་བྱེད་དགུ་པོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །དེད་དཔོན་ལག་ནས་མི་བླ་བསླུ། །ཀྱེ། ས་ཆུ་མེ་རླུང་ནམ་མཁའ་ལ། །དབང་བའི་བདག་པོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །འབྱུང་བའི་ལག་ནས་མི་བླ་བསླུ། །མ་ཎི་བྷ་དྲ་ལ་སོགས་པའི། །རྟ་བདག་འཕྲོག་མ་སྡེ་བརྒྱད་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །མཐུ་ཆེན་ལག་ནས་མི་བླ་བསླུ། །སྲུང་ཞིང་བདག་ཏུ་འཛིན་པ་ཡི། །ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །གཞི་བདག་ལག་ནས་མི་བླ་བསླུ། །ཀྱེ། ཟུར་ཕུད་ལྔ་པ་ལ་སོགས་པའི། །གཤིན་རྗེ་ཕོ་མོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །གཤིན་རྗེའི་ལག་ནས་མི་བླ་བསླུ། །ཀྱེ། སྲིན་པོའི་རྒྱལ་པོ་རོ་ལངས་སོགས། །སྲིན་པོ་ཕོ་མོ་འཁོར་བཅས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །སྲིན་པོའི་ལག་ནས་མི་བླ་བསླུ། །ཀྱེ། བཙན་རྒོད་ཆེན་པོ་ལ་སོགས་པའི། །བཙན་གྱི་རིགས་གྱུར་ཐམས་ཅད་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །མ་མོའི་ལག་ནས་མི་བླ་བསླུ། །ཀྱེ། བདུད་རྗེ་ནག་པོ་ལ་སོགས་པའི། །བདུད་ཀྱི་རིགས་གྱུར་ཐམས་ཅད་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །བདུད་ཀྱི་ལག་ནས་མི་བླ་བསླུ། །ཀྱེ། མ་མོའི་རྒྱལ་པོ་ལ་སོགས་པའི། །མ་མོའི་རིགས་གྱུར་ཐམས་ཅད་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །མ་མོའི་ལག་ནས་མི་བླ་བསླུ། །ཀྱེ། རྐང་པ་གཅིག་པ་ལ་སོགས་པའི། །ཐེའུ་རང་རིགས་གྱུར་ཐམས་ཅད་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །ཐེའུ་རང་ལག་ནས་མི་བླ་བསླུ། །བི་ནཱ་ཡ་ཀས་གཙོ་བྱས་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །བགེགས་རིགས་ལག་ནས་མི་བླ་བསླུ། །མངལ་ཟ་ཁྲག་འཐུང་ལ་སོགས་པའི། །སུམ་བརྒྱ་དྲུག་ཅུའི་གདོན་བགེགས་ཚོགས། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །གདོན་རིགས་ལག་ནས་མི་བླ་བསླུ། །འཇམ་པ་པོ་ཡི་གཙོ་བྱས་པའི། །བྱིས་པའི་གདོན་ཆེན་བཅོ་ལྔ་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །བྱིས་གདོན་ལག་ནས་མི་བླ་བསླུ། །སྟེང་གི་ལྷ་དང་བར་གྱི་བཙན། །འོག་གི་ཀླུ་ལ་སོགས་པ་ཡི། །སྣང་སྲིད་ལྷ་འདྲེ་མ་ལུས་ཀུན། །འཁོར་དང་བཅས་པ་ཐམས་ཅད་ལ། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །སྟེང་འོག་བར་ནས་མི་བླ་བསླུ། །གྲི་བོ་གྲི་མོ་ལ་སོགས་པའི། །གཤིན་གསོན་ཆེ་ཆུང་འདྲེ་ཡི་རིགས། །བཀྲ་ཤིས་གཙང་མཆོད་འདི་འབུལ་གྱིས། །འདྲེ་ཡི་ལག་ནས་མི་བླ་བསླུ། །མདོར་ན་སྣང་སྲིད་འབྱུང་པོའི་ཚོགས། །བཀྲ་ཤིས་གཙང་མའི་མཆོད་པ་བཞེས། །ཞི་དང་བདེ་ལེགས་ཆེན་པོ་ཡིས། །མཉེས་ཤིང་ཚིམས་ནས་ཡི་རངས་ཏེ། །མི་ཡི་བླ་ཚེ་སླར་ལ་སྩོལ། །ཚེ་ཡི་རྫིང་བུ་མ་ཉམས་ཤིག །བླ་ཡི་ལྗོན་ཤིང་མ་འགྱེལ་ཅིག །སྲོག་གི་རྟེན་ཕུར་མ་བུད་ཅིག །ཚེ་བསོད་དཔལ་འབྱོར་དབང་ཐང་རྣམས། །ཡར་ངོའི་ཟླ་བ་ལྟ་བུར་རྒྱས། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ། །གྲངས་གསོག་ན་གཙང་མའི་མཆོད་པ་ཁ་གསོ། །སྔགས་དྲུག་ཕྱག་དྲུག་ནས་འདི་ཡན་བསྐྱར་རོ། །དེ་ནས་འབོད་པ་ནི། ལོ་དང་ཀླུང་རྟ་མ་བུ་རིགས་མཐུན་པའི་མི་ཞིག་གིས་ལག་གཡོན་པ་ལུ་གུའི་ཚ་རུ་དང་བཅས་པའི་བརླ་ཤ་དང་། གཡས་སུ་མདའ་དར་བཟུང་སྟེ། སྐྱེས་པ་ཡིན་ན་གསེར་འཕང་ནང་དུ་བཟུང་། གཡུ་འཕང་འགག་ཏུ་བཟུང་། བུད་མེད་ཡིན་ན་གོ་ལྡོག་བྱས་ལ་གསེར་འཕང་འགག་ཏུ་བཟུང་ངོ་། །དེ་ནས་ཕྱིན་ལ་མིང་ནས་འབོད་པ་དང་མདའ་དར་གཡབ་ཅིང་ཁྱིམ་གྱི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཕྱོགས་བཅུར་གཡས་སྐོར་དུ་ལན་གསུམ་འབོད་དོ། །དེ་ནས་བླ་གཡང་ལེན་པ་ནི། ཀྱེ། སྟེང་ཕྱོགས་ལྷ་ཡི་གཞལ་ཡས་ནས། །ལྷ་ཡི་རིག་འཛིན་ཐམས་ཅད་ཀྱི། །ལྷ་ཚེ་རིང་པོའི་བླ་གཡང་དེ། །དོ་ནུབ་འདི་རུ་གཡང་དུ་ལེན། །འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས། །ཀླུ་ཡི་རིག་འཛིན་ཐམས་ཅད་ཀྱི། །ཀླུ་ཚེ་རིང་པོའི་བླ་གཡང་དེ། །དོ་ནུབ་འདི་རུ་གཡང་དུ་ལེན། །བར་གྱི་སྟོང་གསུམ་འཇིག་རྟེན་ན། །མི་ཡི་རིག་འཛིན་ཐམས་ཅད་ཀྱི། །མི་ཚེ་རིང་པོའི་བླ་གཡང་དེ། །དོ་ནུབ་འདི་རུ་གཡང་དུ་ལེན། །དབང་ཕྱུག་བརྒྱད་ལྡན་ཡོན་ཏན་བདུན། །དོ་ནུབ་འདི་རུ་གཡང་དུ་ལེན། །བཀྲ་ཤིས་བརྒྱད་དང་རིན་ཆེན་བདུན། །དོ་ནུབ་འདི་རུ་གཡང་དུ་ལེན། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །འཁོར་དང་ལོངས་སྤྱོད་སྙན་གྲགས་སོགས། །བདེ་སྐྱིད་མ་ལུས་ཕུན་ཚོགས་པའི། །འདོད་རྒུའི་ཆར་ཆེན་བདག་ཅག་ལ། །དོ་ནུབ་གནས་འདིར་འབབ་པར་ཤོག །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །དེ་ནས་ཤིས་བརྗོད་ནི། རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །བྱིན་རླབས་ཆར་འབེབ་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །དངོས་གྲུབ་མཆོག་སྩོལ་བཀྲ་ཤིས་ཤོག །སངས་རྒྱས་བྱང་སེམས་བཀྲ་ཤིས་ཤོག །མཁྱེན་བརྩེ་ནུས་ལྡན་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །དམ་ཚིག་གཙང་མའི་བཀྲ་ཤིས་ཤོག །ནོར་ལྷ་དབང་ཕྱུག་བཀྲ་ཤིས་ཤོག །ཟས་ནོར་ལོངས་སྤྱོད་བཀྲ་ཤིས་ཤོག །ཡུལ་ལྷ་གཞི་བདག་བཀྲ་ཤིས་ཤོག །བསམ་དོན་རེ་སྐོང་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །དེ་ནས་བཀྲ་ཤིས་གཙང་མའི་མཆོད་པ་རྣམས་ཕྱོགས་གཙང་སར་བསྐྱལ། མདའ་དར་འཕང་དང་བཅས་པ་ཚགས་བྱེད་དུ་བཅུག །ཞྭ་མོ་ཕྱིར་མི་སྟེར་བར་དམ་བསྒྲགས། བླ་ཤའི་ཤ་དེ་ནད་པར་ཟ་རུ་བཅུག །བླ་ཁུག་མིན་གྱི་རྟགས་ལ་ཞྭ་མོ་དེ་སྔ་ཕྱིར་སྲང་འདེགས་ཞལ་ཤེས་མན་ངག་ལྟར་བྱེད། ཅེས་བླ་འགུགས་ཆོ་ག་འཆི་མེད་རིག་འཛིན་ཞེས་བྱ་བ་འདིའང་དོན་གཉེར་ཅན་མང་པོས་བསྐུལ་བའི་ངོར་ཡར་ཀླུངས་སྤྲུལ་སྐུ་ཆོས་ལྡན་པས་ཕོ་བྲང་ཡུམ་བུ་བླ་མཁར་དུ་སྦྱར་པའོ། །འདི་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཆོས་བདག་རྒྱལ་བ་རིགས་ལྔའི་རྣམ་འཕྲུལ་མྱང་སྟོན་ཡར་ཀླུངས་སྤྲུལ་སྐུ་མཆེད་ལྔར་གྲགས་པའི་ནང་ཚན། སྐལ་ལྡན་པ་ཞེས་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་བདག་པོ་དེས། སྔོན་གྱི་རིག་སྔགས་འཆང་བ་རྣམས་ཀྱི་ཕྱག་བཞེས་ལྟར་བསྡེབས་པ་སྟེ། དབུས་གཙང་དུ་དར་སྲོལ་ཆེ་ཞིང་། ཁྱད་པར་བྱང་པའི་བརྒྱུད་འཛིན་རྣམས་ཀྱིས་ཕྱག་ལེན་མཛད། ཞྭ་མོ་སྲང་ལ་གཞལ་བས་མངོན་སུམ་དུ་སྲང་གྲངས་འཕེལ་བ་སོགས་རྟགས་མཚན་དང་། ཕན་ཡོན་ཆེ་བ་མྱོང་བས་ཀྱང་གྲུབ་བོ། །མངྒ་ལཾ།། །། ༈ འདིའི་བརྒྱུད་པ། སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུ་ནས་རིམ་པར་བརྒྱུད། སྨན་ལུང་པ། པདྨ་ཕྲིན་ལས། གནུབས་སྟོན་བློ་བཟང་དོན་གྲུབ། ལེགས་པའི་འབྱུང་གནས། སློབ་དཔོན་འཇམ་དབྱངས། ནམ་མཁའ་ལེགས་པ། བསྟན་འཛིན་ཆོས་རྒྱལ། དཔལ་ལྡན་ཕྲིན་ལས། རྡོར་འཛིན་ཀུན་དགའ་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ། །བླ་བསླུ་འཆི་བདག་གི་གཡུལ་ལས་རྒྱལ་བའི་ལུང་རྒྱུན་གྱི་གཤམ་ཡང་འདི་དང་འདྲ།
གནམ་ཆོས་ཐུགས་གཏེར་ལས། སྒྲུབ་པ་སྤྱི་ཡི་དམ་སྲི་སྒབ་འདྲེ་མནན་ཐབས་སྟོབས་ཆེན་ཧ་ལ་འབར་བའི་རི་རབ་ (Volume 40, Text 38)
༄༅། །གནམ་ཆོས་ཐུགས་གཏེར་ལས། སྒྲུབ་པ་སྤྱི་ཡི་དམ་སྲི་སྒབ་འདྲེ་མནན་ཐབས་སྟོབས་ཆེན་ཧ་ལ་འབར་བའི་རི་རབ་བཞུགས་སོ། ། ྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ སྒྲུབ་པ་སྤྱི་ཡི་དམ་སྲི་སྒབ་འདྲེ་མནན་ཐབས་སྟོབས་ཆེན་མ་ཧཱ་བ་ལའི་སྒྲུབ་ཐབས་ནི། དུག་ཤོག་ལ་སྒྲུབ་གཞུང་སོ་སོའི་སྒབ་འདྲེ་སྤྱི་འཚམ་དབང་པོ་སྐྱེ་མཆེད་དོད་པར་བྲི། དེ་མནན་པའི་ཐབས་ལ་དུག་ཤོག་གྲུ་བཞི་ལ། མ་ཧཱ་བ་ལའི་མངོན་རྟོགས་ལྟར་སྐུ་གཟུགས་ཤིན་ཏུ་བརྗིད་དང་ལྡན་པར་བྲི། ལྟེ་བའི་ནང་དུ་གྲུ་གསུམ་བྲིས་པའི་དཀྱིལ་དུ་ཛཿཡིག་ཁ་སྤྲོད་ཀྱི་བར་དུ་ནྲྀ་ཏྲི་ཁུག་གསུམ་བརྩེགས་མར་བྱ། དེའི་རྒྱབ་ཏུ་རལ་གྲི་མེ་འབར་བ་དཔེའུ་རིས་ལྟར་བྲིས། དེའི་ནང་དུ་སྔགས་འདི་ཐུར་དུ་བརྩེགས་མར་ཕྲེང་གཅིག་གིས་ཤོང་བར་བྱ། ཨོཾ་ན་མ་ར་ན་པྲ་ཤ་མ་ཤག་དུན་ཧཱུྃ་ཧཱུྃ་ནན༔ དུལ་དུལ་ནན་རྦད་སོད་སྙིང་ལ་མཱ་ར་ཡ་སོད༔ ཅེས་བྲིས། ལྕགས་སྣོད་ཀྱི་ནང་དུ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་གཅིག་མདུན་དུ་བཤམ། རང་གཞུང་ཡི་དམ་སྒྲུབ་པ་གང་བྱེད་གནས་འགྱུར་ནས་འདི་སྐད་དོ། །དང་པོ་བདག་བསྐྱེད་ནི། རང་ཉིད་གནས་འགྱུར་སྟོབས་པོ་ཆེ༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་ཐོ་བ་དང༔ གཡོན་པས་སྡིགས་མཛུབ་ཞགས་པ་འཛིན༔ ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ རྩ་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཞེས་ལན་མང་བར་བཟླས། མདུན་བསྐྱེད་ནི། སྐུ་གཟུགས་དང་གཏོར་མ་བཤམས་ལ། གསལ་བར་བསྐྱེད་པ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་སྐུ་གཟུགས་མི་དམིགས་པ་ལས། མ་ཧཱ་བ་ལ་སྐུ་མདོག་དུད་ཀ་ཞལ་གསུམ་རྩ་ཞལ་གླང་གི་ཞལ་དམར་པོ་རྭ་ཅོ་དམར་ཟང་ངེ་གདེངས་པ། བར་པ་མི་མགོ་དམར་པོ་སྦྲུལ་ཟ་བ། སྟེང་མ་མི་མགོ་སྔོན་པོ་མིག་གཅིག་པ། མགོ་ལ་དར་སྔོན་པོའི་ཅོད་པན་བཅིངས་པ། སྦྲུལ་མགོ་དགུའི་གདེངས་ཀ་ཅན། སྐུ་སྨད་སྦྲུལ་དུ་འཁྱིལ་བ། ལྟེ་བ་ཟུར་གསུམ་ཧོམ་ཁུང་འབར་བའི་ནང་དུ། དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་ནས། ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས་ནས་གསོད་པར་བྱེད་པའི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ནུབ་བ་ལང་སྤྱོད་ནས་སྤྱན་འདྲེན་པ་ནི། ཧཱུྃ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །རི་རབ་ལྷུན་པོའི་ནུབ་ངོས་ནས། །ཉི་མ་ཟླ་བའི་གཤེགས་ལམ་ན། །ནམ་མཁའ་དམར་ལ་ས་གཞི་དམར། །རྒྱ་མཚོ་དག་ཀྱང་དམར་པོ་སྟེ། །དེ་ལ་མིང་དང་མཚན་བཏགས་པ། །བ་ལང་སྤྱོད་ཀྱི་གླིང་ཞེས་བྱ། །དེ་ལ་བཞུགས་པའི་སྟོབས་པོ་ཆེ། །འདྲེ་སྲིན་འདུལ་བའི་མཐུ་བོ་ཆེ། །མ་ཧཱ་བ་ལ་བདུད་ཀྱི་བུ། །གནོད་བྱེད་འདུལ་ཕྱིར་སྤྱན་འདྲེན་ནོ། །སྐད་ཅིག་ཡུད་ཀྱིས་འདིར་བྱོན་ལ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །དགྲ་བགེགས་འདུལ་ཕྱིར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་བ་ལ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཞེས་སྐུ་གཟུགས་དང་དབྱེར་མེད་དུ་བསྟིམ། མཆོད་པ་འབུལ་བ་ནི། གཏོར་མ་ལ་ཆུ་ཆང་གིས་བྲན་ལ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །ཧཱུྃ། སྟོབས་ཆེན་མ་ཧཱ་བ་ལ་ཁྱོད། །སྐུ་མདོག་དུད་ཁ་གླང་ཞལ་གདངས། །གསང་ཆེན་མཆོད་པ་འབུལ་བ་ནི། །རཀྟའི་ཁྲག་ལྦུ་འཁྲིགས་པ་ལ། །ཞིང་ཆེན་ལྷུ་དུམ་ཉི་ལི་ལི། །དམར་ཆེན་གཏོར་མ་རི་ལྟར་སྤུངས། །དགྲ་བགེགས་བླ་ཚེ་སྲོག་གསུམ་དང་། །དབང་པོ་རྣམ་ལྔ་ནང་རོལ་བཅས། །ཟས་སྐལ་ལྷག་མ་མེད་པར་བཞེས། །ཨོཾ་མ་ཧཱ་བ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ་གསུམ་སོགས་ཕུལ། ཨརྒྷཾ་སོགས་ནས་ཤབྡ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ། འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ། །ལས་ཀྱི་མཐུ་ལས་གྲུབ་པའི་བདུད་ཀྱི་བུ། །བ་ལང་སྤྱོད་ཀྱི་གླིང་ལ་དབང་བསྒྱུར་བ། །སྟོབས་ཆེན་མ་ཧཱ་བ་ལ་ཁྱོད་ལ་བསྟོད། །སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ། ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན། །སྟོབས་ཆེན་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཟླས་པ་ནི། ཨཱོྃ་་་སྐུ་ལྔ།མ་ཧཱ་བ་ལ་་་སྟོབས་ཆེན་པོ།ཀྲོ་དྷ་ཡ་་་ཁྲོ་བོ།བྷ་ལ་བྷ་ལ་་་སྟོབས་པོ་ཆེ།ཡ་་་བསྡུས་པ།ཧཱུྃ་ཕཊ་་་་ཚར་གཅོད།སྭཱ་ཧཱ།་་་གཞི་ཚུགས། ཅེས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །མཐར་སྐུ་གཟུགས་དེ་དང་དབྱེར་མེད་དུ་བསྟིམས་ལ་གནས་པར་བྱ། དེ་ནས་དོང་བྲུས་པའི་ནང་དུ་ལིངྒ་གན་རྐྱལ་དུ་མགོ་ཕྱིར་བསྟན་ལ་འགུགས་གཞུག་རྒྱས་པར་བྱ། ཨེ་མདུན་དུ་གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་པ། །གཏིང་ཟབ་ཁ་ཁྱེར་མཐོ་ཞིང་དུག་གསུམ་འཁྲིགས། །ལས་བྱེད་ཕོ་ཉའི་བཤན་ར་ཆེན་པོའི་ནང་། །ཞིང་བཅུའི་ལོག་འདྲེན་ཐམས་ཅད་རབ་ཏུ་ཚུད། །ན་མོ། དཀོན་མཆོག་གསུམ་དང་མ་ཧཱ་བ་ལའི་བདེན་པའི་མཐུས། །ལོག་འདྲེན་བར་ཆོད་དགྲ་བགེགས་དམ་སྲི་སྒབ་འདྲེ་རྣམས། །གང་ཞིག་དཀོན་མཆོག་གསུམ་ལ་དམོད་དང་བླ་མར་བརྙས། །སེམས་ཅན་འཚེ་ཞིང་དགེ་བཅུ་ཁྱད་གསོད་མི་དགེ་ལེན། །གཟུགས་ལིང་མིང་དང་མཚན་མར་བཏབ་པ་འདིར་ཁུག་ཅིག །ཨོཾ་མ་ཧཱ་བ་ལ་ཆེ་གེ་མོ་་་དམ་སྲི་ཆུང་སྲི་སྒོ་འདྲེ་རྟ་ནོར་གང་གནོད་ཁ་བསྒྱུར་བྱ།ཨཾ་ཀུ་ཤ་ཛ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་རྩ་བརྒྱད་བཟླས་པར་བྱ། རང་ཉིད་ཡི་དམ་ཁྲོ་བོའི་ཐུགས་ཀ་ཡི། །འོད་ཟེར་ལྕགས་ཀྱུས་ཡང་ཡང་བཀུག་ལ་བསྟིམ། ལིངྒ་དགྲ་བགེགས་དངོས་སུ་བསམ་ལ། སྐུ་ལག་ཏུ་བླངས་ནས་མ་ཧཱ་བ་ལ་དངོས་སུ་བསྐྱེད་ནས་དགྲ་བགེགས་མནན་པར་བསམ། ཧཱུྃ། འདྲེ་སྲིན་གདུག་པ་འདུལ་བའི་ཕྱིར། །སྟོབས་ཆེན་ཁྲོ་བོའི་སྤྲུལ་པ་སྟེ། །བ་ལང་སྤྱོད་ལ་དབང་བསྒྱུར་བའི། །མ་ཧཱ་བ་ལ་བདུད་ཀྱི་བུ། །སྐུ་ནི་དུད་ཁ་རི་རབ་ཙམ། །རྩ་ཞལ་དམར་པོ་གླང་གི་ཞལ། །གནམ་ལྕགས་མེ་ཡི་རྭ་ཅོ་གཟེངས། །བར་པ་ཁྲོ་ཞལ་ཀླུ་གདོན་ཟ། །སྟེང་ཞལ་སྔོན་པོ་མིག་གཅིག་པ། །དར་སྔོན་འབར་བའི་ཅོད་པན་བཅིངས། །སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །མཇུག་མ་ཞེ་སྡང་སྦྲུལ་དུ་འཁྱིལ། །ལྟེ་བ་ཟུར་གསུམ་ཧོམ་ཁུང་དུ། །དགྲ་བགེགས་བཀུག་ནས་བྲུབ་པར་བྱེད། །ཕྱག་གཉིས་གནམ་ལྕགས་ཕུར་པ་ནི། །འདྲིལ་ཞིང་གནོད་བྱེད་གསོད་པར་བྱེད། །ལས་ལ་གྲུབ་པའི་སྟོབས་པོ་ཆེ། །མིང་དང་གཟུགས་སུ་བྲིས་པ་ཡི། །གནོད་བྱེད་ཆེ་གེ་ཁྱོད་ལ་གཏད་དོ་མ་ཤོར་ཅིག །མནན་པ་ཡིན་ནོ་མ་ལྡང་ཞིག །མ་ཧཱ་བ་ལའི་ཞབས་སུ་མནན། །སྟོབས་པོ་ཆེ་ཡི་ཞབས་སུ་མནན། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཞེས་དམིགས་བྱ་དགྲ་བགེགས་འདྲེ་ཀུན་ནི། །ལྟེ་བ་ཧོམ་ཁུང་ནང་ཆུད་དེ། །བ་ལང་སྤྱོད་དམ་རྒྱ་མཚོའི་བར། ཁྱེར་ཏེ་ཟོས་བསད་བསྐྲད་པར་བསམ། ལིངྒའི་སྟེང་དུ་མ་ཧཱ་བ་ལའི་སྐུ་ཁ་སྦུབ་ལ་མགོ་ཕྱིར་བསྟན་ལ་མནན་ནོ། །དེའི་སྟེང་དུ་རོ་གཡམ་ལ་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པའི་ལྟེ་བར་ཧཱུྃ་རྭ་མཚམས་སུ་ལཾ་རེ་རེ་བྲི། དེ་རྒྱབ་ཏུ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་བྲི། དེ་སྟེང་མེ་ཆུ་ས་ལྕགས་ཤིང་རྣམས་བླུགས། རྒྱས་གདབ་འཁོར་ལོ་རྒྱ་གྲམ་རིམ་པ་དགུ་བྲིས་ལ་མནན། ཡི་དམ་གང་བསྒྲུབ་གཞུང་ལྟར་རྟ་བྲོ་བརྡུང་བར་བྱ། བླ་མ་དྲག་པོ་ཆོས་སྐྱོང་ཞལ་བཞི་སོགས་མི་འགྱུར་རྡོ་རྗེའི་དག་སྣང་མ་ཧཱ་བ་ལ་དེས་དངོས་སུ་ཕུལ་བ་དང་བསྟུན་ནས་ཞལ་གདམས་ཟིན་བྲིས་འདོན་ཆ་བཅས་ཚང་བར་རྟ་ལོ་འབྲུག་ཟླའི་མར་ངོའི་བཅུ་གཉིས་གུང་དུ་ཨ་རཱ་གས་ངག་ཁྲིད་ཚུལ་དུ་སྨྲས་སོ།། །།
འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུའི་ཕྲིན་ལས་ (Volume 24, Text 38)
༄༅། །འཇིག་རྟེན་དབང་ཕྱུག་ཡིད་བཞིན་ནོར་བུའི་ཕྲིན་ལས་བཞུགས་སོ། ། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །གཟུགས་སུ་བྱས་ཚེ་ངང་ཚུལ་འདི་འདྲ་ཞེས། །བཅོ་ལྔའི་གང་བ་རྒྱས་འདྲའི་སྤྱན་རས་གཟིགས། །ལྷག་པའི་ལྷ་མཆོག་ཁྱོད་ཀྱིས་ཀུན་དགེར་མཛོད། །མགོན་དེ་མི་ཡི་དབང་ཕྱུག་ཟོལ་བསྟན་ནས། །གངས་ཅན་ཕན་བདེར་མཛད་པོ་སྲོང་བཙན་ཞབས། །མཐུ་སྟོབས་ནུས་པ་མཆོག་བརྙེས་ཨོ་རྒྱན་རྗེ། །རྣམ་གཉིས་ཐུགས་ཀྱིས་བརྣག་པ་མཐར་ཐུག་པ། །ཡིད་བཞིན་འོད་མཆོག་ས་ཡི་སྙིང་པོ་གང་། །རྩ་གསུམ་བཀའ་རྟགས་རྒྱས་སྤྲས་ཟབ་མོའི་གཏེར། །རང་དབང་གྱུར་ལས་བདག་གཞན་ཕན་བདེའི་དཔྱིད། །སྐལ་བཟང་གསོས་སུ་ལེན་འདི་ཨེ་མ་མཚར། །དེ་ལྟར་ཆོས་ཚུལ་གཞོམ་མེད་ནཱ་དའི་དཔྱིད། །ལོངས་སྤྱོད་གཡས་སུ་འཁྱིལ་པ་འཁོར་ལོའི་མདུད། །མངོན་པར་གྲོལ་ལས་ཕྲིན་ལས་རང་གཞུང་གདངས། །ཚངས་པའི་དབྱངས་སུ་ལེན་འདི་ཉན་པར་གྱིས། །དེ་ལ་འདིར་ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ཚལ་གྱི་སའི་མེ་བཙའ་བུ་ཆུ་གཏེར་གྱི་ལྷ་ཁང་གི་རང་བྱུང་ཐུགས་རྗེ་ཆེན་པོའི་དྲུང་ནས་རང་ཉིད་ཀྱིས་ཟབ་གཏེར་དངོས་གྲུབ་ཀྱི་བགོ་སྐལ་དུ་ཐོབ་པ། འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་འོད་མཆོག་སའི་སྙིང་པོའི་ཕྲིན་ལས་རང་གཞུང་ཟབ་གཏེར་ལས་ཅུང་ཟད་འཁྲུགས་པར་སྣང་བ་ལྷན་ཐབས་ཀྱིས་བསྡེབས་ཏེ་དབང་དང་དམ་རྫས་ཚོགས་སྒྲུབ་སོགས་སྒྲུབ་ཆེན་དང་འབྲེལ་བ་མ་ཡིན་པར། ཉིན་ཆོག་རྐྱང་པ་ཙམ་དང་དགོས་པ་གཞན་གྱི་སླད་དུ་བྱ་བའི་རིམ་པ་ཁྲིགས་ཆགས་སུ་བཀོད་པར། གཏེར་གཞུང་ལས། བཀྲ་ཤིས་བྱིན་ཆགས་གནས་སུ་རྟེན་གསུམ་བཀྲམ༔ དཀྱིལ་འཁོར་མཆོད་ཚོགས་སྨན་གཏོར་རཀྟ་བཅས༔ བག་དྲོ་ལྷུན་ཆགས་བཀོད་ལེགས་མཛེས་པར་བརྒྱན༔ རོལ་མོ་དལ་སྦྱོར་སྙན་པའི་དབྱངས་ཀྱིས་གྱེར༔ ཞེས་གསུངས་པས་སྤྲོས་པ་ལ་དགའ་ན་སྟེགས་བུའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མཎྜལ་དྲི་བཟང་གིས་ཆག་ཆག་གདབ་པར་འབྲུ་དཀར་འོ་མས་བརླན་པའི་ཚོམ་བུ་ལྷ་བཀོད་དང་མཐུན་པ། དེའི་ཤར་དུ་དཔལ་གཏོར་རྒྱན་ལྡན་གཡས་གཡོན་དུ་སྨན་མཆོད་དང་རཀྟ། མཐར་མཚམས་འཛིན་གྱི་མེ་ཏོག་དང་བཅས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་གཡས་སྐོར་དུ་བཀོད་པ། ཇི་ལྟར་འོས་པར་བཀའ་སྲུང་གཏེར་སྲུང་གི་གཏོར་མ་དང་མཐུན་རྫས། གཞན་ཡང་ཐབས་ཤེས་ཀྱི་རྫས་ཀུན་ཚང་བའི་ཚོགས་ཀྱི་འཁོར་ལོ། རྡོ་རྗེ་དྲིལ་བུ་ཅང་ཏེའུ་རྔ་སིལ་སོགས་རོལ་མོའི་ཡན་ལག་སྟེ་མཆོད་རྫས་སུ་གྱུར་ཚད་བཀོད་པའི་ཁྱད་པར་གྱིས་བརྒྱན་ཏེ་བཤམས་པ་ནི་སྟ་གོན་ནོ། །དངོས་གཞི་གཏེར་གཞུང་ལས། གྱེར་གཞུང་བགེགས་བསྐྲད་སྲུང་འཁོར་མཆོད་བརླབ་དང༔ སྐྱབས་སེམས་ཏིང་འཛིན་དྲན་འདེབས་ལྷ་བསྐྱེད་དང༔ གཉིས་མེད་མཆོད་འབུལ་བསྟོད་འཛབ་ལྡེ་ཁར་བཅས༔ ཚོགས་མཆོད་ཐུགས་དམ་བསྐང་དང་དངོས་གྲུབ་བླང༔ བསྔོ་སྨོན་བཀྲ་ཤིས་རྫོགས་རིམ་བསྡུ་བ་འོ༔ ཞེས་ལས་རིམ་བཅུ་བདུན་གྱིས་བསྟན་པ་ལས་མེད་དུ་མི་རུང་བའི་ལས་རིམ་ཁ་ཅིག་གིས་བརྒྱན་ཏེ་བཀོད་པར། དང་པོ་བགེགས་གཏོར་ལག་ལེན་ལྟར་བཤམ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ། མགྲོན་རིགས་རྣམས་ཀྱི་ཡིད་ཁར་འབབས་པའི་འདོད་པའི་ཡོན་ཏན་དེ་དང་དེར་འཆར་བ་ཀུན་ཏུ་ཟད་མི་ཤེས་པ་ནམ་མཁའ་མཛོད་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། བསྔོ་ཞིང་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བདུད་ཀྱི་དཔུང༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་དེངས༔ སྔོན་ནས་འབྲེལ་པ་མེད་པའི་ཕྱིར༔ དཀྱིལ་འཁོར་སྔགས་རྒྱ་བལྟར་མི་དབང༔ དེ་ཕྱིར་སྲུང་བའི་གུར་ཁྱིམ་ལས༔ མ་འདའ་ཕྱི་རོལ་རང་གནས་དེངས༔ ཨུ་ཙ་ཏ་ཡ་ཕཊ༔ དྲག་པོའི་སྔགས་དང་སྤོས་ཐུན་ཚམ་རྔམ་དྲག་པོས་བགེགས་བསྐྲད། སྲུང་འཁོར་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་རང་ཤར་བ༔ ཡེ་ཤེས་ལྔ་རྫོགས་མེ་འོད་མཚོན་ཆ་འཁྲུགས༔ རྡོ་རྗེའི་ར་བ་འོད་ལྔའི་གུར་ཁྱིམ་ཆེ༔ སྣོད་བཅུད་ཡོངས་རྫོགས་དོག་པ་མ་མཆིས་གྱུར༔ བཛྲ་རཀྵ་མཱཾ༔ ཞེས་སྲུང་བའི་དྲྭ་གུར་གྱིས་ཕྱོགས་ཀུན་བཅིངས་པར་བསམ། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་འཆང་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བར་མོས་ལ་ཚིག་ཙམ་མ་ཡིན་པར། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བརྒྱུད་པ་བདུན་ལྡན་རྡོ་རྗེ་འཆང༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ ཆོས་དང་དགེ་འདུན་ཞི་ཁྲོ་རབ་འབྱམས་ལྷ༔ ཡོངས་རྫོགས་ཡིད་བཞིན་ནོར་བུར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། ཉམ་ཐག་གི་འགྲོ་བ་རྣམས་ལ་བཟོད་མེད་ཀྱི་སྙིང་རྗེས་ཡིད་དྲངས་པས། མཁའ་མཉམ་འགྲོ་བ་བདེ་འདོད་སྡུག་བསྔལ་གྱི༔ རྒྱ་མཚོར་བྱིང་ཀུན་བཟོད་མེད་སྙིང་རེ་རྗེ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་གྲོང་ཁྱེར་དུ༔ སྒྲོལ་ཕྱིར་བྱང་ཆུབ་སེམས་མཆོག་རྣམ་གསུམ་བསྐྱེད༔ བོ་དྷི་ཙིཏྟ་ས་མ་ཡ་ཧཱུྃ༔ ལས་བྱང་ལ་ཆེད་དུ་དགོས་པ་མིན་ཡང་ཁྲིད་སོགས་ཀྱི་སྐབས་སུ་འཇུག་པ་བདེ་ཕྱིར་རྡོར་སེམས་སྒོམ་བཟླས་ནི། ཨཱ༔ མ་བཅོས་ལྷུག་པར་སེམས་ཀྱི་འཛིན་སྟངས་གདངས༔ རང་བྱུང་ལྷུན་གྲུབ་བཅོམ་ལྡན་རྡོ་རྗེ་སེམས༔ དཀར་མཛེས་རྡོར་དྲིལ་ཕྱག་རྒྱ་ལོངས་སྤྱོད་རྫོགས༔ རྡོ་རྗེ་སྐྱིལ་ཀྲུང་པད་དཀར་ཟླ་དཀྱིལ་བཞུགས༔ ཙིཏྟའི་གུར་ཁང་དྲི་མེད་ཡི་གེ་ཧཱུྃ༔ དེ་ལ་ཡི་གེ་བརྒྱ་པ་གཡས་སྐོར་དུ༔ མར་མེ་ལྟ་བུར་འབར་ཞིང་གསལ་བ་ལས༔ འོད་ཟེར་ཟླ་བ་ལྟར་དཀར་འཕྲོས་པ་ཡིས༔ སྡིག་མུན་ཀུན་བསལ་རང་ལུས་ཕྱི་དང་ནང༔ སྒྲིབ་མེད་ཤེལ་བུམ་མར་མེ་འབར་ལྟར་གསལ༔ ཞེས་པའི་མོས་པ་དང་བཅས་ཏེ་ཡིག་བརྒྱ་བཟླ། སྐབས་འདིར་མཆོད་པ་རྣམས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་སྦྱང་རྟོགས་སྤར་གསུམ་བདུད་རྩི་བརླབ། བདག་གི་ཐུགས་ལས་མཆོད་པའི་ལྷ་མོ་སྤྲོས༔ རབ་འབྱམས་རྒྱལ་ཀུན་དགྱེས་སྐོང་མཆོད་སྤྲིན་ཕུང༔ མངོན་པར་གཡོ་བྱེད་མཁའ་དབྱིངས་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་སོགས། སརྦ་པཉྩ་མ་ཧཱ་རཀྟ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་ཏིང་ངེ་འཛིན་གྱི་སྦྱོར་བས་བྱིན་གྱིས་བརླབ། ནང་སྒྲུབ་ཁེར་རྐྱང་ལ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་འདི་བཞིན་མེད་མི་རུང་མིན་ཡང་འདིར་ཕྱི་ནང་གི་སྒྲུབ་པ་ཟུང་དུ་འཇུག་ཕྱིར་དང་། ཁྲིད་ཀྱི་སྐབས་སུ་འཇུག་པ་བདེ་ཕྱིར་ཕྱི་སྒྲུབ་ཆོས་རྒྱལ་ཨོ་རྒྱན་དབྱེར་མེད་དུ་བསྒྲུབ་པའི་བླ་མའི་རྣལ་འབྱོར་ནི། རྡོར་སེམས་འོད་ཞུ་རང་ཉིད་ཐ་མལ་ངང༔ སྤྱི་གཙུག་དག་པ་འོད་འབར་རཏྣའི་ཁྲིར༔ ཆོས་རྒྱལ་ཨོ་རྒྱན་དབྱེར་མེད་སྐུ༔ ཨ་མི་དྷེ་ཝའི་ཅོད་པན་ཅན༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་སྒེག༔ མཐིང་ནག་གོས་དང་ཟབ་བེར་བཀླུབས༔ གསང་གོས་ཆོས་གོས་རྣམ་གསུམ་དམར༔ གཡས་པ་རྡོ་རྗེ་པུས་སྟེང་སྡིགས༔ གཡོན་པ་དུང་ཆེན་བདུད་རྩིས་གང༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས༔ གཡས་གཡོན་གཟུངས་མ་དཀར་སྔོ་གཉིས༔ མཁའ་འགྲོའི་མཚན་ལྡན་འདོད་ཡོན་བསྣམས༔ གཞན་ཡང་བླ་མ་ཡི་དམ་དང༔ སངས་རྒྱས་སྲས་བཅས་སྤྲུལ་འཁོར་ཚོགས༔ སྤྲིན་ཕུང་གཏིབས་པ་ལྟ་བུར་བསྒོམ༔ ཞེས་པས་བླ་མའི་རྣལ་འབྱོར་གསལ་བཏབ། བདུན་རྣམ་དག་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། དངོས་བཤམས་ཡིད་བྱུང་མཆོད་པའི་སྤྲིན་ཕུང་གང་། །ཡིད་མཁར་ཡིད་རྩལ་བཀོད་པའི་འཆར་སྒོའི་ཚོགས། །ཀུན་བཟང་སྨོན་ལམ་དཔལ་ལ་འགྲན་བཟོད་པ། །དག་པ་རབ་འབྱམས་ཆོས་སྒོ་ཕྱེ་སྟེ་འབུལ། །འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ན། །བདག་པོས་བཟུང་དང་མ་གཟུང་དངོས་པོའི་ཚོགས། །བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ལྟོས་པ་མེད་པར་རྒྱལ་བའི་སྤྱན་སྔར་འབུལ། །ལུས་འདི་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། །རྒྱལ་བ་རྒྱ་མཚོའི་ཡོན་ཏན་མི་ཟད་པར། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་བཞིན་དུ། །གུས་པ་ཆེན་པོས་ཀུན་ཏུ་ཕྱག་བགྱི་འོ། །ཐོག་མེད་དུས་ནས་བླ་མེད་བྱང་ཆུབ་བར། །སྒྲིབ་གསུམ་མུན་པའི་སྨག་ཏུ་འཕྱན་གྱུར་པའི། །ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་པ། །སྟོབས་བཞིའི་སྒོ་ནས་རྒྱལ་བའི་སྤྱན་སྔར་འཆགས། །འཕགས་པ་ཉན་ཐོས་རང་རྒྱལ་བཅས་པ་ཡི། །དུས་གསུམ་དགེ་བའི་མཛད་པར་ཡི་རང་འབུལ། །འོད་གསལ་རྡོ་རྗེའི་ཆོས་ཀྱི་སྒྲོན་མེ་ཡིས། ཁམས་གསུམ་འགྲོ་བའི་རྨོངས་མུན་སེལ་མཛད་གསོལ། །ཟག་མེད་འཇའ་ལུས་རྡོ་རྗེའི་འོད་སྦུབས་སུ། །འཕོ་བ་མེད་པར་རྟག་པར་བཞུགས་སུ་གསོལ། །ཆོས་ཉིད་རང་བཞིན་མཉམ་ཉིད་དཀྱིལ་འཁོར་དུ། །བདག་གཞན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་ཀུན་ཕྱམ་གཅིག་བྱར་མེད་ཆོས་ཀྱི་སྐུའི། །གོ་འཕང་བདེ་བླག་འགྲུབ་པའི་ཕྱིར་བསྔོ་འོ། །ཞེས་དངོས་བཤམས་དང་ཡིད་བྱུང་གི་མཆོད་སྤྲིན་རྒྱ་མཚོའི་མཆོད་པ་གཙོ་བོར་གྱུར་པའི་ཡན་ལག་དྲུག་པོ་ཀུན་ཟག་མེད་ཀྱི་དགེ་བར་བསྔོ་བར་འདུན་པའི་ཡན་ལག་དང་བཅས་པ་དྲན་བཞིན་པས་ཕུལ་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་ཟུང་འཇུག་ཏུ་རྫོགས་པར་བྱས་ཏེ། དད་གདུང་གིས་གསོལ་བ་གདབ་པ་ནི། སྙན་པའི་རྟས་དྲངས་པའི་གདངས་ཀྱིས། མཐའ་ཡས་རིགས་ཀྱི་ཁྱབ་བདག་འོད་དཔག་མེད། ཁམས་གསུམ་འགྲོ་བའི་འདྲེན་པ་སྤྱན་རས་གཟིགས། །ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་སྤྲུལ་པའི་སྐུ །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བརྒྱུད་འདེབས་དང་། ཨོཾ་ཨཱཿཧཱུྃ༔ རང་བཞིན་སྤྲོས་བྲལ་འོད་དཔག་མེད་ཀློང་ལས༔ རྩལ་སྣང་འགག་མེད་ཡེ་ཤེས་ལྔ་རྫོགས་ཤར༔ ཐུགས་རྗེས་གང་འདུལ་དེར་སྟོན་སྤྲུལ་པའི་ཚོགས༔ ཆོས་རྒྱལ་ཨོ་རྒྱན་ཟུང་འཇུག་སྐྱབས་ཀྱི་མཆོག༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ འགྲོ་དྲུག་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས༔ སྙིགས་མ་ལྔ་བདོའི་སེམས་ཅན་དུག་ལྔ་ཧྲགས༔ དུག་ལྔས་བསྐྱེད་པའི་སྡུག་བསྔལ་བཟོད་ཐབས་མེད༔ ཐུགས་རྗེས་སྐྱོབས་དང་ཆོས་རྒྱལ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ཨོ་རྒྱན་ཐོད་ཕྲེང་རྩལ༔ གདུལ་དཀའ་འདུལ་བའི་ཐུགས་རྗེའི་དུས་ལ་བབས༔ ཞེས་པས་གསོལ་འདེབས་གདུང་ཤུགས་དྲག་པོས་བྱ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷརྨ་རཱ་ཛ་ནིརྨཱ་ཀཱ་ཡ་ཨ་ཙརྱ་པདྨ་ཐོད་ཕྲེང་རྩལ་ས་མ་ཡ་ཙིཏྟ་སིདྡྷི་མྨེ་པྲ་ཡཙྪ༔ ཞེས་པའི་འཛབ་འདི་གསོལ་འདེབས་ཐུགས་རྗེ་དངོས་གྲུབ་བསྐུལ་བའི་ཚུལ་གྱིས་ཅི་མང་བཟླ། དེ་ཡང་གཏེར་གཞུང་ལས། དེ་ལྟར་ཕྱི་སྒྲུབ་རིམ་པ་འདི༔ བླ་མའི་རྣལ་འབྱོར་ཚུལ་དུ་བསྒྲུབ༔ གསོལ་འདེབས་མཆོད་པ་གཙོ་བོར་བྱ༔ ཚོགས་གཉིས་རྫོགས་དང་སྡིག་སྒྲིབ་ཞི༔ བྱིན་རླབས་མྱུར་འཇུག་དགོས་པ་ཡོད༔ ཅེས་གསུངས་པ་ལྟར་མཆོད་པ་དང་གསོལ་འདེབས་གཙོ་བོར་བྱ་ཞིང་འདི་དང་རྗེས་སུ་འབྲེལ་བར་ཏིང་ངེ་འཛིན་གྱི་དབང་ལེན་པ་ནི་གཞུང་དུ་མི་གསལ་ཡང་ཁ་བསྐང་བ་སྟེ། ཡིད་བཞིན་ནོར་བུ་བླ་མའི་གནས་གསུམ་ལས། །གསང་བ་གསུམ་གྱི་བྱིན་རླབས་དཀར་དམར་མཐིང་། །མདངས་གསལ་འཇའ་འོད་ཐིག་ལེ་ཐིག་ཕྲན་འཕྲོས། །བདག་གི་གནས་གསུམ་ཐིམ་པས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྫོགས་པའི་བྱིན་རླབས་ཐོབ། །བླ་མ་འོད་ཞུ་བདག་ལ་ཐིམ་པ་ཡིས། །ཐ་དད་གཉིས་སུ་འཛིན་པའི་སྟངས་སྟབས་ཞིག །གཤིས་ལུགས་གཟོད་ནས་དག་པ་ཡེ་ཤེས་ཁམས། །ཅོག་གཞག་དོན་གྱི་བླ་མའི་རང་ཞལ་མཇལ། །ཞེས་དབང་བཞིའི་ཡེ་ཤེས་ཀ་དག་གི་ངང་དུ་ཉམས་བསྐྱང་ངོ་། །དངོས་གཞི་ནང་སྒྲུབ་ཡིད་བཞིན་འོད་མཆོག་ཉིད་དུ་སྒྲུབ་པའི་རིམ་པ་ནི། ཏིང་འཛིན་གསུམ་དྲན་ལས། དང་པོ། ཧཱུྃ༔ ཆོས་རྣམས་དམིགས་མེད་སྤྲོས་བྲལ་ངང༔ ཞེས་པ་རང་བཞིན་ཀ་དག་གི་ངོ་བོ་ཀུན་ལ་ཁྱབ་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེའི་ངང་ལས། གཉིས་པ། ངང་ལས་རྩལ་སྣང་སྙིང་རྗེའི་དཔྱིད༔ ཞེས་པ་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། དེ་ལྟ་བུའི། སྟོང་དང་སྙིང་རྗེ་ཟུང་འཇུག་ལས༔ རྒྱུ་ཡི་རིག་པ་ཡི་གེ་ཧྲཱི༔ ཞེས་ཟུང་འཇུག་ལས་བསྐྲུན་པའི་རྒྱུའི་ཏིང་ངེ་འཛིན་དང་དེ་ལས་རྩལ་སྣང་དག་པ་རབ་འབྱམས་ཀྱི་འཆར་སྒོ་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་དང་བཅས་པ་བསྐྱེད་པ་ནི། ཧྲཱི༔ དེ་ལས་ཕོ་བྲང་གཞལ་མེད་ཁང༔ གྲུ་བཞི་པ་ལ་སྒོ་བཞི་པ༔ རྟ་བབས་བཞིས་བརྒྱན་འདོད་སྣམ་དང༔ མདའ་ཡབ་ཡ་ཕུབ་ཏོག་གིས་མཛེས༔ དེ་དབུས་སྣ་ཚོགས་པདྨ་ནི༔ འདབ་དྲུག་ལྟེ་བར་སྤྱན་རས་གཟིགས༔ གསེར་མདོག་རྩ་བའི་ཞལ་གསུམ་དཀར༔ དེ་སྟེང་རྒྱས་པའི་ཞལ་གསུམ་སེར༔ དེ་སྟེང་དབང་གི་ཞལ་དམར་ཆགས༔ དེ་སྟེང་དྲག་པོ་དུད་ཁ་གཉིས༔ ཨ་མི་དྷེ་ཝའི་ཅོད་པན་ཅན༔ ཕྱག་བཅུའི་དང་པོ་ཐལ་སྦྱར་བར༔ དགོས་འདོད་ཀུན་འབྱུང་ནོར་བུ་བསྣམས༔ ལྷག་མ་བརྒྱད་ན་རིམ་པ་བཞིན༔ བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང༔ འོད་དཔག་མེད་བསྣམས་གཡོན་ཕྱག་རྣམས༔ རིམ་བཞིན་པད་དཀར་གུནྡྷེ་དང༔ རིན་ཆེན་མྱུ་གུ་མདའ་དང་གཞུ༔ ཞལ་རྣམས་ཀུན་ལ་སྤྱན་གསུམ་ལྡན༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ རི་དྭགས་ལྤགས་པས་ནུ་མ་བཀབ༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ འདབ་མ་རྣམས་ལ་ཐུབ་པ་དྲུག༔ ཤར་དུ་ཐུབ་པ་བརྒྱ་བྱིན་དཀར༔ ཕྱག་ན་རིན་ཆེན་རྒྱུད་མང་བསྣམས༔ ཤར་ལྷོ་ཐུབ་པ་ཐགས་བཟང་རིས༔ སྔོན་པོ་ཕྱག་ན་གོ་ཆ་བསྣམས༔ ལྷོ་ནུབ་ཐུབ་པ་ཤཱཀྱ་སེང༔ སེར་པོ་གསེག་ཤང་པར་བུ་བསྣམས༔ ནུབ་ཏུ་ཐུབ་པ་སེང་རབ་བརྟན༔ མཐིང་ག་ཕྱག་ན་པོ་ཏི་བསྣམས༔ ནུབ་བྱང་ཐུབ་པ་ཁ་འབར་དམར༔ ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས༔ བྱང་ཤར་ཐུབ་པ་ཆོས་རྒྱལ་ནག༔ ཕྱག་ན་མེ་ཕུང་ཆུ་སྣོད་བསྣམས༔ ཀུན་ཀྱང་མཚན་དང་དཔེ་བྱད་རྫོགས༔ ན་བཟའ་ཆོས་གོས་རྣམ་གསུམ་ལ༔ བཞེངས་སྟབས་འབྱོན་ཚུལ་ཀྲོང་ངེར་བཞུགས༔ གཞལ་ཡས་སྲུང་བའི་སྒོ་བ་བཞི༔ ཤར་དུ་མི་གཡོ་མགོན་པོ་དཀར༔ ལྷོ་རུ་འཇམ་དཔལ་གཤིན་རྗེ་སེར༔ ནུབ་ཏུ་དབང་ཆེན་རྟ་མགྲིན་དམར༔ བྱང་དུ་རྣམ་པར་འཇོམས་པ་ལྗང༔ གཡས་རྣམས་རལ་གྲི་བེ་ཅོན་དང༔ པད་དབྱུག་རྡོ་རྗེ་རྒྱ་གྲམ་ཕྱར༔ གཡོན་རྣམས་ཐུགས་ཀར་སྡིགས་མཛུབ་མཛད༔ རོལ་སྟབས་པད་ཉིར་བདུད་བཞི་བརྫིས༔ ཁྲོ་བོའི་ཆས་ལྡན་མེ་དཔུང་འཁྲིགས༔ ཞེས་པས་རང་བཞིན་དམ་ཚིག་པའི་དཀྱིལ་འཁོར་གསལ་བཏབ། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས༔ འོད་འཕྲོས་ཡེ་ཤེས་དཀྱིལ་འཁོར་པ༔ སྤྱན་དྲངས་དམ་ཚིག་འཁོར་ལོར་ཐིམ༔ ཞེས་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་སྤྱན་དྲངས་པར་མོས་ཤིང་། བདུག་སྤོས་ཀྱི་སྤྲིན་སྤྲོ་བ་དང་རོལ་མོ་དལ་སྦྱོར་དབྱངས་དང་བཅས་པས། ཧྲཱི༔ རང་བཞིན་ལྷུན་གྲུབ་ཆོས་སྐུའི་ཞིང་ཁམས་ནས༔ རྩལ་སྣང་མ་འགགས་ཡེ་ཤེས་འོད་ལྔའི་གུར༔ དབྱིངས་རིག་དབྱེར་མེད་དག་པའི་གཞལ་ཡས་ནས༔ ཟུང་འཇུག་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཞེས་ལྷ་ཚོགས་རྣམས་ཆོས་སྐུའི་ཀློང་ནས་སད་དེ་ཐུགས་རྗེས་བྱོན་པར་མོས། ཧྲཱི༔ ཡེ་ནས་རང་བྱུང་རང་ཤར་དཀྱིལ་འཁོར་འདིར༔ རྩལ་སྣང་སེམས་ཀྱི་འཕྲོ་འདུའི་དཀྱིལ་འཁོར་ལྷ༔ དམ་ཡེ་གཉིས་མེད་གཟོད་ནས་དག་པའི་ཀློང༔ ཆུ་ལ་ཆུ་བཞག་བཞིན་དུ་དབྱེར་མེད་བཞུགས༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་ཡེ་ཤེས་པའི་དཀྱིལ་འཁོར་རང་སྣང་དམ་ཚིག་པའི་འཁོར་ལོར་རོ་གཅིག་པར་བལྟ་ཞིང་། ལྷ་ལ་ལྷ་ཉིད་མཆོད་ཚུལ་ལམ། རང་ཉིད་ལས་མཆོད་བསྟོད་དབུལ་བ་པོ་ཞིག་ལོགས་སུ་འཛིན་སྟངས་ཀྱིས། ཕྱག་འཚལ་བ་ནི། ཧྲཱི༔ ཆོས་སྐུ་རང་བྱུང་རྒྱལ་བ་འོད་དཔག་མེད༔ ལོངས་སྤྱོད་རྫོགས་སྐུ་འཕགས་པ་སྤྱན་རས་གཟིགས༔ འགྲོ་འདུལ་སྤྲུལ་པ་བཅོམ་ལྡན་ཐུབ་པ་དྲུག༔ སྐུ་གསུམ་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཧྲཱི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་དང་རོལ་མོ་འདོད་ཡོན་ལྔ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས༔ ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱཱ༔ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧྲཱི༔ རང་བྱུང་ནང་མཆོད་རྣམ་ལྔ་དང༔ གསང་བ་མཆོག་གི་བདེ་ཆེན་སྤྲིན༔ སྨན་རཀ་གཏོར་མ་ཐབས་ཤེས་རྫས༔ གཉིས་སུ་མེད་པར་འབུལ་ལོ་བཞེས༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྨན་མཆོད་རྒྱས་པར་སྤྲོ་ན། ཆོས་སྐུ་རང་བྱུང་འོད་དཔག་མེད་མགོན་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ལོངས་སྤྱོད་རྫོགས་པ་སྤྱན་རས་གཟིགས་དབང་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །མཆོག་གི་སྤྲུལ་སྐུ་སྲོང་བཙན་སྒམ་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཡང་སྤྲུལ་ཨོ་རྒྱན་ཆེན་པོ་རྗེ་འབངས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཉིང་སྤྲུལ་ཟབ་གཏེར་སྐལ་ལྡན་ཆོས་བདག་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཐུགས་རྗེ་རོལ་པའི་དཀྱིལ་འཁོར་ཆེན་པོ་ལ། །སྨན་མཆོད་འབུལ་ལོ་དབང་དང༴ ཕྱི་ནང་གནས་ཡུལ་དཔའ་བོ་དྷཱ་ཀི་ལ། སྨན་མཆོད་འབུལ་ལོ་དབང་དང༴ བཀའ་སྡོད་གཏེར་སྲུང་དམ་ཅན་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་སིདྡྷི་ཧོཿ ཞེས་བདུད་རྩི་སྨན་གྱི་དངོས་གྲུབ་ཏུ་ཐིགས་པ་ལྕེ་ལ་མྱང་ངོ་། །བསྟོད་པ་ནི། རྒྱས་པར་སྤྲོ་ན། ཧྲཱིཿ ཆོས་སྐུ་སྟོང་པའི་ངང་ཉིད་ལས། །འགྲོ་བའི་དོན་དུ་བཞེངས་པའི་སྐུ །ཞི་བའི་ཞལ་བཞི་ཁྲོ་ཞལ་བདུན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་བསྟོད། །རྩ་བའི་ཞི་ཞལ་དཀར་པོ་གསུམ། །རབ་ཏུ་འཛུམ་ཞིང་མཛེས་པ་སྟེ། །ལས་དང་ཉོན་མོངས་ཞི་མཛད་པའི། །ཆོས་སྐུའི་ཞལ་ལ་ཕྱག་འཚལ་བསྟོད། །དེ་སྟེང་བཙོ་མ་གསེར་མདོག་ཅན། །རྔམ་ཞིང་བཞད་པའི་ཞལ་གསུམ་པོས། །ཚེ་དང་བསོད་ནམས་དཔལ་འབྱོར་སོགས། །རྒྱས་པར་མཛད་ལ་ཕྱག་འཚལ་བསྟོད། །དེ་སྟེང་བྱེ་རུ་ལྟར་དམར་བའི། །དབང་གི་ལས་མཛད་ཞལ་གཉིས་པོ། །རྣམ་པར་གཙིགས་པའི་ཁྲོ་གཉེར་ཅན། །ལོངས་སྐུའི་ཞལ་ལ་ཕྱག་འཚལ་བསྟོད། །དེ་སྟེང་དྲག་པོའི་ལས་མཛད་པའི། །དུད་སྤྲིན་མདོག་འདྲ་ཞལ་གཉིས་པོ། །འཇིགས་ཤིང་རྔམ་པའི་སྤྱན་གསུམ་བགྲད། །སྤྲུལ་སྐུའི་ཞལ་ལ་ཕྱག་འཚལ་བསྟོད། །དེ་སྟེང་བླ་མ་སྤྲུལ་པའི་སྐུ །སངས་རྒྱས་ཀུན་འདུས་ལི་ཁྲིའི་མདོག །འོད་དཔག་མེད་མགོན་རྒྱལ་བ་ཡི། །གཙུག་རྒྱན་ཅན་ལ་ཕྱག་འཚལ་བསྟོད། །པདྨའི་འདབ་འདྲ་དང་པོ་ཡི། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར། །དགོས་འདོད་ཀུན་འབྱུང་སའི་སྙིང་པོ། །ཡིད་བཞིན་བསྣམས་ལ་ཕྱག་འཚལ་བསྟོད། །གཡས་ཀྱི་ཕྱག་བཞི་རིམ་པ་བཞིན། །བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང། །དུས་གསུམ་སངས་རྒྱས་འོད་དཔག་མེད། །ལེགས་པར་བསྣམས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་ཕྱག་བཞི་རིམ་པ་བཞིན། །པད་དཀར་སྤྱི་བླུགས་རིན་པོ་ཆེ། །ཐབས་ཤེས་ཟུང་འཇུག་མདའ་དང་གཞུ། །ལེགས་པར་བསྣམས་ལ་ཕྱག་འཚལ་བསྟོད། །པདྨ་ལྟ་བུའི་ཕྱག་མཐིལ་ན། །ཨུཏྤལ་འདྲ་བའི་སྤྱན་མིག་ནི། །རྒྱུ་སྐར་བཞིན་དུ་རྣམ་བཀྲ་བའི། །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །དབུ་ལ་རྒྱལ་བའི་གཙུག་རྒྱན་ཅན། །ཕྱག་ཞབས་གསེར་གྱི་གདུ་བུ་འཁྲོལ། །སྐུ་ལ་དྲི་ཞིམ་སྤོས་ངད་ལྡན། །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །སྣ་ཚོགས་དར་གྱི་ན་བཟའ་གསོལ། །རིན་ཆེན་དུ་མའི་རྒྱན་གྱིས་མཛེས། །ལྟ་བས་མི་ངོམ་མཛེས་པའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །རི་དྭགས་ལྤགས་པས་ནུ་མ་བཀབ། །ཡན་ལག་རིགས་བཞིའི་སྦྲུལ་གྱིས་བརྒྱན། །མཚན་དཔེའི་གཟི་བརྗིད་འབར་བའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །གསེར་གྱི་རི་ལྟར་མཛེས་པ་ལ། །ཅུང་ཟད་དམར་བའི་མདངས་དང་ལྡན། །ཐུགས་རྗེའི་འོད་ཟེར་འཕྲོ་བའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །ལྷ་རྒྱལ་གཙུག་གི་ནོར་བུའི་སྟེང་། །ལེགས་པར་བཞེངས་པའི་ཞབས་གཉིས་པོ། །པད་ཟླའི་སྟེང་དུ་མཛེས་པའི་སྐུ །ནམ་མཁའི་རྒྱལ་པོ་ཁྱོད་ལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ། །ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱོད། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །འགྲོ་བ་ཀུན་གྱི་སྐྱབས་གནས་ཁྱེད། །སྡུག་བསྔལ་དུ་མས་གཙེས་པ་ཡི། །ཉམ་ཐག་ཕོངས་པའི་སེམས་ཅན་ལ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལས་ངན་བསགས་པས་ལུས་ངན་བླངས། །ངན་སོང་གསུམ་དུ་ལྷུང་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །བསྡུས་པར་མོས་ན། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་པ་རྣམས་ལ། འགྲོ་འདུལ་སྤྲུལ་པའི་ཐུབ་དྲུག་སྒོ་བ་བཞི༔ གང་ལ་གང་འདུལ་དེར་སྟོན་དཀྱིལ་འཁོར་ལྷ༔ ཆོས་ཉིད་མཉམ་རྫོགས་བྱང་ཆུབ་སེམས་ཀྱི་ཀློང༔ དམིགས་མེད་སྒྱུ་མ་ཙམ་དུ་བསྟོད་པར་བགྱི༔ ཞེས་པས་བསྟོད། བར་འདིར་འཛབ་ཀྱི་རིམ་པ་ནི། དབང་དང་སྒྲུབ་ཆེན་དམ་རྫས་ཚོགས་སྒྲུབ་དང་འབྲེལ་བའི་དགོས་ཛཔ྄་ཀྱི་དམིགས་པའི་ལྡེ་ཁ་ཟུར་དུ་གསལ་བ་ལྟར་ཉམས་སུ་བླངས་ལ། འདིར་སྤྱི་ཛཔ྄་ཙམ་དུ་བྱ་ལུགས་ལ། དང་པོ་ཛཔ྄་བསྐུལ་གསོལ་འདེབས་ནི། ཧྲཱི༔ དག་པ་ཆོས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་རྒྱལ་བ་འོད་དཔག་མེད༔ གསུང་གི་ཐུགས་དམ་གནད་ནས་བསྐུལ༔ གྲགས་སྟོང་རྡོ་རྗེའི་རང་གདངས་སྒྱུར༔ སེམས་ཅན་རྣམས་ཀྱི་དོན་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཤམ་བུ་དང་སྔགས་རིགས་འགྲེ་བས། ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་ལྔ༔ ༴༴ འགྲོ་དོན་ཐུགས་རྗེའི་ཕོ་བྲང་ནས༔ སྤྲུལ་པ་ཐུབ་པ་རྣམ་པ་དྲུག༔ ༴༴ འཕྲུལ་སྣང་སྤྲུལ་པའི་གཙུག་ལག་ནས༔ ཆོས་ཀྱི་རྒྱལ་པོ་སྤྲུལ་པའི་སྐུ༔ ༴༴ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེན་པོ་རྗེ་འབངས་རྣམས༔ ༴༴ བདེ་ཆེན་མཆོག་གི་འཁོར་ལོ་རུ༔ ཨོ་རྒྱན་གསུང་སྤྲུལ་ཆོས་ཀྱི་བདག༔ ༴༴ སྣང་སྟོང་ཐིག་ལེའི་གཞལ་ཡས་ནས༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ༴༴ བདེ་སྟོང་མཁའ་དབྱིངས་གཞལ་ཡས་ནས༔ ཡེ་ཤེས་དྷཱ་ཀིའི་ལྷ་ཚོགས་རྣམས༔ ༴༴ ཟུང་འཇུག་དབུ་མའི་གཞལ་ཡས་ནས༔ ཐུགས་རྗེ་མཆོག་གི་དཀྱིལ་འཁོར་རྣམས༔ ༴༴ ཕྲིན་ལས་ལྷུན་གྲུབ་གཞལ་ཡས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས༔ ༴༴ ཞེས་པས་གསུང་གི་ཐུགས་དམ་བསྐུལ་ཕྱིར་གདུང་ཤུགས་དྲག་པོ་བྱས་པའི་མཐར། ཛཔ྄་དམིགས་ནི། འཕགས་པའི་ཐུགས་ཀར་འདབ་དྲུག་ལྟེ་བར་ཧྲཱི༔ འདབ་མ་རྣམས་ལ་ཡང་སྙིང་ཡི་གེ་དྲུག༔ རང་གདངས་རྡོ་རྗེའི་སྔགས་ཀྱི་སྒྲ་དབྱངས་ནི༔ བུང་བ་ཚང་ཞིག་ཚུལ་དུ་སྒྲོག་པར་བསྒོམ༔ ཞེས་དམིགས་པའི་གནད་དང་ལྡན་པའི་ཛཔ྄་དབྱངས་ཀྱི་བརྡའི་བྱེ་བྲག་རྣམ་པ་མང་ཡང་རྒྱུན་ཁྱེར་རང་གདངས་རྡོ་རྗེའི་སྒྲ་དབྱངས་བུང་བ་ཚང་ཞིག་ལྟ་བུའི་ལམ་ནས་དྲངས་པའི། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པ་གཙོ་བོར་བཟླ་ཞིང་། སྒྲུབ་ཆེན་སོགས་ཀྱི་སྐབས་སམ་རང་བཞིན་སྤྲོས་པ་ལ་དགའ་ན། གཏེར་གཞུང་ལས། དམིགས་པའི་ལྡེ་ཁ་ཟུར་དུ་གསལ༔ ཞེས་གསུངས་པས། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རང་ཉིད་འཕགས་པའི་ཐུགས་ཀ་རུ༔ པད་འདབ་ལྟེ་བར་ཡི་གེ་ཧྲཱི༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་རྣམས་ཀྱི་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ཤར་གྱི་པད་སྟེང་དུ༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི༔ དཀར་པོ་རིན་ཆེན་རྒྱུད་མང་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཨོཾ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ཤར་ལྷོའི་པད་སྟེང་དུ༔ ལྷ་མིན་ཐུབ་པ་ཐགས་བཟང་རིས༔ སྐུ་མདོག་སྔོན་པོ་གོ་ཆ་འཛིན༔ ཐུགས་ཀར་ས་བོན་ཡི་གེ་མ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ལྷོ་ནུབ་པད་འདབ་སྟེང༔ མི་ཡི་སྟོན་པ་ཤཱཀ་ཐུབ་སེར༔ ཕྱག་ན་གསེག་ཤང་པར་བུ་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཎི༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ནུབ་ཀྱི་པད་སྟེང་དུ༔ བྱོལ་སོང་ཐུབ་པ་སེང་རབ་བརྟན༔ ཕྱག་ན་དམ་ཆོས་པུསྟི་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་པད༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་ནུབ་བྱང་པད་སྟེང་དུ༔ ཡི་དྭགས་ཐུབ་པ་ཁ་འབར་དམར༔ ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་མེ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདབ་དྲུག་བྱང་ཤར་པད་སྟེང་དུ༔ གཤིན་རྗེའི་ཐུབ་པ་ཆོས་རྒྱལ་ནག༔ ཕྱག་ན་མེ་ཆུ་སྲིད་འཁོར་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཤར་སྒོར་ཞི་བའི་ལས་མཛད་པའི༔ བྱམས་པ་ཚད་མེད་མི་གཡོ་མགོན༔ སྐུ་མདོག་དཀར་པོ་རལ་གྲི་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཛ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷོ་སྒོར་རྒྱས་པའི་ལས་མཛད་པའི༔ སྙིང་རྗེ་ཆེན་པོ་གཤིན་རྗེ་གཤེད༔ སྐུ་མདོག་སེར་པོ་བེ་ཅོན་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ནུབ་སྒོར་དབང་གི་ལས་མཛད་པའི༔ དགའ་བ་ཚད་མེད་རྟ་མགྲིན་རྒྱལ༔ དམར་པོ་ཕྱག་ན་པད་དབྱུག་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་བཾ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བྱང་སྒོར་ལས་རབ་རྫོགས་པའི་སྐུ༔ བཏང་སྙོམས་ལ་གནས་རྣམ་པར་འཇོམས༔ ལྗང་སྔོན་ཕྱག་ན་རྒྱ་གྲམ་བསྣམས༔ ཐུགས་ཀར་ས་བོན་ཡི་གེ་ཧོ༔ དེ་ལས་འོད་འཕྲོས་འགྲོ་དོན་བྱས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་གདུལ་བྱ་འགྲོ་དྲུག །འདུལ་བྱེད་ཐུབ་དྲུག །སྦྱང་གཞི་དང་སྦྱོང་བྱེད་གཉིས་ཀྱི་ཡི་གེ་ཐུགས་རྗེའི་ཟེར་ཐག །སྦྱངས་འབྲས་ཕྱིན་དྲུག་གི་ལམ་ལ་བཀོད་པའི་དམིགས་པའི་ཁྱེར་སོ་དང་བཅས་ཏེ་ཛཔ྄་རྣམས་དབྱངས་ཀྱི་རྟ་ལ་དྲངས་ཞིང་བསྙེན་པ་ཁོ་ན་འགྲོ་རིང་བྱ་བའི་ཚེ་ན་ནི་ཤུབ་བུར་བཟླའོ། །ཚོགས་ཀྱི་མཆོད་པ་ནི་ཐབས་དང་ཤེས་རབ་ཀྱི་རྫས་སུ་གྱུར་པའི་ཁ་ན་མ་ཐོ་བ་མེད་པའི་འདོད་ཡོན་རྣམས་མངོན་པར་འདུ་བྱས་ཏེ། བདུད་རྩིས་བསང་གཏོར་བྱས་ལ་ཏིང་ངེ་འཛིན་གྱིས་བརླབ་ཚིག་ནི། ཧཱུྃ༔ ཚོགས་གཞོང་པདྨ་ཡངས་པའི་ནང༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ གཞན་ཡང་འདོད་ཡོན་བསམ་མི་ཁྱབ༔ ནམ་མཁའ་ས་གཞི་བར་སྣང་གང༔ ཚོགས་ཀྱང་འོད་ཕུང་ལྡེམས་སེ་ལྡེམ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ འདོད་ཡོན་ལྔ་ལྡན་ཡེ་ཤེས་ལྔ༔ ལྷུན་རྫོགས་ཚོགས་ཀྱི་མཆོད་པ་བཞེས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་བརྗོད་ལས་ཀྱི་རྒྱལ་ཐེབས་བདེ་བ་ཡུམ་གྱི་ཏིང་ངེ་འཛིན་གྱིས་བཟའ་བ་དང་བཏུང་བ་བསྣོལ་མར་དཀྱིལ་འཁོར་པ་དང་སློབ་དཔོན་མཆེད་དང་ལྕམ་དྲལ་ལ་སྟོབ་བཞིན་པས། ཐབས་ཤེས་རྡོ་རྗེ་པདྨོར་མཉམ་སྦྱོར་བ༔ བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོའི་སྤྲིན༔ ཟག་མེད་ཚོགས་ཀྱི་འཁོར་ལོའི་འདུ་བ་རུ༔ རིག་འཛིན་འདུས་པའི་ཚོགས་རྣམས་དགྱེས་དགུར་རོལ༔ ཅེས་དྲང་། ལེན་པ་པོས་ཀྱང་། ཨ་ལ་ལ་ཧོ༔ ཞེས་སྟོང་ཉིད་དཔའ་བོའི་ང་རྒྱལ་གྱིས་ཟག་པ་མེད་པའི་བདེ་བ་ལ་རོལ་པའི་འདུན་པས་འཁྱུད་རྒྱ་དང་བཅས་པས་ལེན། འདུ་ཤེས་གསུམ་ལྡན་གྱིས་འདོད་ཡོན་ལ་རོལ་པའི་ལྷག་མ་རྣམས་གཅིག་ཏུ་བསྡུས་པ་རྡོ་རྗེ་སློབ་དཔོན་གྱིས་བདུད་རྩིའི་ཁ་ཕྲུས་སྦགས། ཕེཾ་གྱི་སྒྲ་དང་བཤུགས་པའི་སྒྲས་ལྷག་དབང་རྣམས་བོས་ལ། ཧཱུྃ༔ ལྷག་ལ་དབང་བའི་མཁའ་འགྲོ་རྣམས༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ རྐྱེན་ཟློག་དགྲ་ཐུལ་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུཙྪིཥྚ་བྷཀྵེ་བྷྱཿསྭཱ་ཧཱ་ས་བསྔོ། ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་དབྱིངས་དང་ཡེ་ཤེས་པའི་དཀྱིལ་འཁོར་རྣམས་ཐུགས་དམ་ཐུགས་རྗེ་བསྐུལ་བ་ནི། ཧྲཱི༔ ཐུགས་རྗེ་མཆོག་གི་དཀྱིལ་འཁོར་ནས༔ བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས༔ འགྲོ་དོན་ཐུགས་དམ་གནད་ནས་སྐུལ༔ འགྲོ་དྲུག་སེམས་ཅན་དོན་མཛོད་ཅིག༔ ཐུགས་རྗེ་ཐུབ་ཆེན་རྣམ་དྲུག་རྣམས༔ འགྲོ་དྲུག་སེམས་ཅན་འདུལ་དུས་བབ༔ འཕོ་ལྟུང་འཐབ་རྩོད་སྐྱེ་རྒ་འཆི༔ བཀོལ་སྤྱོད་བཀྲེས་སྐོམ་ཚ་གྲང་གི༔ སྡུག་བསྔལ་བདེ་བ་ཆེན་པོར་སྒྲོལ༔ ཕ་རོལ་ཕྱིན་དྲུག་ས་ཐོབ་མཛོད༔ གཞལ་ཡས་སྲུང་བའི་སྒོ་བ་བཞིས༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛོད༔ བར་འདིར་བཀའ་སྲུང་དང་གཏེར་སྲུང་སོ་སོའི་གསོལ་ཀ་བྱ་ཞིང་། དེ་རྣམས་ཀྱི་གཏོར་མ་དང་། ཆད་མདོའི་གཏོར་མ་ཟུར་དུ་ཡོད་ན་ཅུང་ཟད་སྤགས་ཏེ་སྨན་རཀ་གིས་བྲན་ལ་སྔོན་གྱི་ཕྱི་ཚིག་ཆད་མདོ་བྱས་པ་བསྒྲག་པ་ནི། ཧྲཱི༔ སྔོན་ཚེ་འདས་དུས་ནུབ་ཕྱོགས་བདེ་ཅན་དུ༔ ཆོས་སྐུ་ལྷུན་གྲུབ་འོད་དཔག་མེད་པ་ཡིས༔ རང་སྣང་རྣམ་དག་འདུས་པའི་ཚོམ་བུ་ལ༔ ངག་ཏུ་མ་བཏོན་དགོངས་བརྒྱུད་བསྟན་པའི་ཚེ༔ རིག་རྩལ་འཆར་སྒོའི་བཀའ་སྲུང་རྒྱ་མཚོ་ཡིས༔ གཟོད་མའི་ཀློང་ནས་འདར་མེད་དམ་བཅས་བཞིན༔ འོད་གསལ་འཕྲོ་འདུའི་གཏོར་མ་འདི་ལོངས་ལ༔ ཤར་གྲོལ་དུས་མཉམ་བཅོལ་བའི་ཕྲིན་ལས་མཛོད༔ དེ་འོག་བར་མ་རྒྱ་མཚོ་ཆེན་པོའི་རུམ༔ ལོངས་སྤྱོད་རྫོགས་པ་སྤྱན་རས་གཟིགས་དབང་གིས༔ བདུད་རྩིའི་སྤྲིན་གྱིས་ཀླུ་ཚོགས་བཏུལ་པའི་ཚེ༔ ཀླུ་ཡི་རིག་འཛིན་ཚོམ་བུར་བཅས་པ་རྣམས༔ ཟག་བཅས་མི་སྣང་འོད་སྐུར་གྲོལ་བའི་ཚེ༔ དམ་བཅས་དཔལ་མགོན་བདུན་ཅུ་རྩ་ལྔ་རྣམས༔ དམ་ཚིག་རྫས་ཀྱི་གཏོར་མ་འདི་ལོངས་ལ༔ སྔོན་གྱི་དམ་བཅས་ཕྲིན་ལས་སྒྲུབ་པར་མཛོད༔ དེ་འོག་མཐའ་མ་ར་སའི་གཙུག་ལག་ཁང༔ འཕྲུལ་སྣང་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་རུ༔ ཆོས་རྒྱལ་སློབ་དཔོན་དབྱེར་མེད་ལྷ་སྲས་བཅས༔ ཐུགས་རྗེ་རོལ་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་སྲུང་སོ་སོས་ཇི་ལྟར་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ སུམ་ཅུ་ཁ་རལ་དྲག་སྤྱོད་རྩོད་པའི་དུས༔ ཀོང་ཡུལ་ལྗོན་པའི་བུ་ཆུ་གཏེར་ཁང་ནས༔ པདྨའི་གསུང་སྤྲུལ་ཆོས་རྗེ་གླིང་པ་ཡིས༔ ཡིད་བཞིན་འོད་མཆོག་གདམས་པ་བཏོན་པའི་ཚེ༔ རྫོང་བཙན་ལ་སོགས་ཕྱི་ཡི་བཀའ་སྲུང་དང༔ དེ་མོ་ལ་སོགས་ནང་གི་བཀའ་སྲུང་དང༔ རྡོར་ལེགས་ལ་སོགས་གསང་བའི་བཀའ་སྲུང་གིས༔ རང་རང་གཟུགས་བསྟན་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་དེ་གཏོར་མ་གཙང་སར་འབུལ། བརྟན་མའི་གཏོར་མར་རཀྟས་གཏོར་སྣོད་རྣམས་བཤལ་བའི་ཆབ་ཀྱིས་བྲན་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། ཧྲཱི༔ འཕགས་མཆོག་འདུལ་ཞིང་སྤུ་རྒྱལ་བོད་ཀྱི་ཡུལ༔ བདེ་བར་སྐྱོང་མཛད་སྨན་བཙུན་བརྟན་མའི་ཚོགས༔ ལྷ་མོ་དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་རྡོ་རྗེ་གཡུ་བུན་མ༔ མེ་ཏོག་ཟླ་བའི་འོད་དང་བྱང་ཆུབ་རྒྱལ༔ གསེར་གྱི་ཐང་མང་ཀུན་བཟང་ཞི་བ་མ༔ ཀླུ་མོ་གཟི་འབར་འཁོར་དང་ཡང་གཡོག་རྣམས༔ ཆིབས་སུ་ཤ་བ་འབྲོང་དང་རྐྱང་ལ་འཆིབ༔ དར་གྱི་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ དགུང་སྔོན་དབྱིངས་དང་གཡའ་རི་གངས་ཁྲོད་དང༔ སྨན་ལྗོངས་ནགས་ཚལ་སོ་སོའི་གནས་ནས་གཤེགས༔ སྔོན་ཚེ་ཆོས་རྒྱལ་པདྨའི་སྤྱན་སྔ་རུ༔ དམ་བཅས་བཞིན་དུ་གཏོར་མཆོད་བཤལ་ཆུ་བཞེས༔ བོད་ཡུལ་སྤྱི་དང་ཁྱད་པར་སྦས་པའི་ཡུལ༔ སྣོད་བཅུད་ཀུན་བདེ་ཟབ་མོའི་ཆོས་རྣམས་སྤེལ༔ གང་གསོལ་ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་ས་མ་ཡ་ཧཱུྃ༔ ཞེས་པས་དབུལ། སྒྲུབ་པ་དང་འབྲེལ་ན་རྟ་བྲོ་འང་བྱ། མཐའ་རྒྱས་དང་འབྲེལ་བར་གཏེར་གཞུང་ལས། རྒྱས་པར་གཞན་དོན་དབང་བསྐུར་ཇི་ལྟ་འམ༔ དེ་ལས་བསྡུས་པར་ཏིང་འཛིན་སྤྲོ་བསྡུས་ལེན༔ ཞེས་པས་གཞི་དུས་སུ་ཡོད་པའི་དབང་གི་ས་བོན་དེ་ཉིད་རྒྱུ་དུས་ཀྱི་དབང་གིས་སད་པར་བྱས་ཏེ་དབང་དོན་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པས། འབྲས་དུས་ཀྱི་དབང་བཞིའི་ཡེ་ཤེས་སྒྲིབ་བྲལ་དུ་རྟོགས་པའི་ཆེད་དུ་བདག་འཇུག་གམ་ལམ་དབང་ལེན་པ་ནི་རང་རྒྱུད་ལ་ཡོད་པའི་སྔགས་སྡོམ་མི་ཉམས་ཤིང་གོང་འཕེལ་དུ་བྱ་ཕྱིར་སྤྲོས་པ་ལ་དགའ་ན་གཞན་དོན་དབང་བསྐུར་ཇི་བཞིན་པས་བླང་བའམ། མདོར་བསྡུ་ན་བླ་མའི་རྣལ་འབྱོར་གྱི་སྐབས་ལྟར་ཏིང་འཛིན་སྤྲོ་བསྡུས་ལེན་ཞིང་དབང་དུས་སུ་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་ནི་དབང་གི་དགོས་དོན་ནོ། །སླར་ཡང་དཀྱིལ་འཁོར་པ་རྣམས་ལ་སྔགས་ཙམ་གྱིས་མཆོད། ཡི་གེ་བརྒྱ་པ་ལན་གསུམ་བཟླ་བས་ཆོ་གའི་ཁ་བསྐང་ཞིང་། མ་འབྱོར་པ་དང་ཉམས་པ་དང་། །ཞེས་ཤོ་ལོ་ཀ་གཉིས་ཀྱིས་ནོངས་པ་འཆགས། དགེ་བ་བསྔོ་བ་ནི། འཕགས་པའི་དཀྱིལ་འཁོར་ཆེན་པོ་རུ༔ བདག་གཞན་སྨིན་གྲོལ་ཞུགས་པ་དེས༔ འགྲོ་ཀུན་ཐུགས་རྗེའི་དཀྱིལ་འཁོར་པར༔ ད་ལྟ་ཉིད་དུ་ཡོངས་གྲོལ་ཤོག༔ ཤིས་པའི་མེ་ཏོག་ཀུན་ཏུ་ཁྱབ་པར་འཐོར་བ་དང་བཅས་ཏེ། ཧཱུྃ༔ འདུས་པ་ཡོངས་ཀྱི་གཙོ་མཆོག་སྤྱན་རས་གཟིགས༔ འགྲོ་འདུལ་ཕྲིན་ལས་ཐུབ་དྲུག་སྒོ་བ་བཞི༔ སྐྱབས་གནས་དཀོན་མཆོག་ཚོགས་ཞིང་ཐམས་ཅད་ཀྱི༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ གཞན་ཡང་བཀྲ་ཤིས་པའི་ཚིག་ཇི་ལྟར་འོས་པས་བརྒྱན་ཅིང་། རྟག་པའི་མཐའ་བསལ་ཕྱིར་རྫོགས་རིམ་དུ་བསྡུ་བ་ནི། གཞལ་ཡས་ལྷ་ཀུན་མཁའ་ལ་འཇའ་བཞིན་དུ༔ དབྱིངས་ནས་ཤར་ཞིང་སླར་ཡང་དབྱིངས་སུ་ཐིམ༔ མ་བཅོས་ཅོག་གཞག་ཡིད་དཔྱོད་འཛིན་སྟངས་གཞིག༔ ཅེས་པས་སྟོང་ཉིད་ཀྱི་རྩལ་མདངས་དཀྱིལ་འཁོར་གྱི་སྒྱུ་འཕྲུལ་སྟོང་ཆེན་གྱི་ངང་དུ་བསྡུ་ཞིང་ཡིད་དཔྱོད་འཛིན་མེད་ཀྱི་ཀློང་དུ་ཆམ་བསྐྱུར་དུ་བཞག་ནས་སླར་ཡང་ཆད་པའི་མཐར་ལྷུང་བ་སེལ་ཕྱིར། སྟོང་པའི་གདངས་འགྲོ་ལ་བརྩེ་བའི་སྙིང་རྗེས་སྒྱུ་མ་ལྟ་བུར་རྗེས་ཐོབ་ཀྱི་ལྷར་ལྡང་སྟེ། དེ་ཡི་ངང་ལས་འགྲོ་དོན་བྱམས་པའི་སྤྲིན༔ གང་འདུལ་དེར་སྟོན་དཀྱིལ་འཁོར་ལྷ་རུ་ལྡང༔ ཞེས་དེའི་ངང་ལས་རང་གཞན་གྱི་དོན་རླབས་པོ་ཆེ་སྒྲུབ་པའི་ལས་ལ་འཇུག་གོ །དེ་ལྟར་ཡང་གཏེར་གཞུང་ལས། དེ་ལྟར་ནང་གི་སྒྲུབ་ཐབས་ནི༔ སྤྲོས་བཅས་བསྐྱེད་རིམ་ཛཔ྄་དབྱངས་གྱེར༔ བདག་གི་དོན་དང་གཞན་དོན་ཕྱིར༔ མཚན་མའི་དཀྱིལ་འཁོར་དམ་རྫས་ཀྱི༔ ཚོགས་དང་བཅས་ཏེ་བསྒྲུབས་ན་ལེགས༔ དངོས་ཉམས་རྨི་ལམ་ཐམས་ཅད་དུ༔ ལྷ་ཡི་བྱིན་རླབས་རྟགས་མཚན་འབྱུང༔ ཞེས་གསུངས་སོ། །རབ་འབྱམས་ཐུགས་རྗེ་རྒྱལ་བའི་འོ་མའི་མཚོ། །འགྲོ་དོན་ཐུགས་རྗེ་རླབས་ཆེན་གཡོས་པ་ལས། །སྤྱན་རས་གཟིགས་དབང་ཟླ་འོད་རྒྱས་པའི་ཞལ། །ལུས་ཅན་ཀུནྡའི་གཉེན་པོ་ཁྱོད་ལས་སུ། །གང་གི་གསང་གསུམ་དགའ་བའི་ཚལ་ཆེན་པོར། །འཇུག་ངོགས་བསྐྱེད་དང་རྫོགས་པའི་ལམ་པོ་ཆེ། །ཀུན་ནས་གསལ་བྱེད་ལས་གཞུང་ཉིན་མོར་བྱེད། །འདྲེན་པའི་ཤིང་རྟ་ཆོས་རྗེ་གླིང་པ་ཡིན། །དེ་ལྟའི་དགེ་ཚོགས་ཀཻ་ལ་ཤའི་ངོགས་ལས། ལེགས་འབབས་འཆད་པ་མེད་པ་པཀྵུའི་རྒྱུན། །ཟད་མེད་དབྱར་གྱི་ཀླུང་བཞིན་རབ་འཕྱུར་ཏེ། །བྱང་ཆུབ་སྤྱོད་པའི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་འཕགས་པ་ཐུགས་རྗེ་ཆེན་པོ་ཡིད་བཞིན་འོད་མཆོག་སའི་སྙིང་པོའི་ཕྱི་ནང་གི་ཕྲིན་ལས་ཁྲིགས་ཆགས་སུ་བསྡེབས་པ་འདི་ཉིད་ཟབ་ཆོས་འདི་ཉིད་ཀྱི་གསང་མཛོད་འཛིན་པ་དྷརྨ་སྭཱ་མཱིའམ། གཞན་དུ་ན་འཛམ་གླིང་རྡོ་རྗེར་འབོད་པས་གཏེར་སྒྲུབ་ཀྱི་སྐབས་ཉམས་སུ་བླངས་བདེ་ཕྱིར་སྦས་ཡུལ་པདྨ་སྦས་པའི་ཚལ་གྱི་བྱེ་བྲག་ཐུབ་བསྟན་འོད་གསལ་གླིང་དུ་བྲིས་པས་འགྲོ་བ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག། །།
ཁྲོ་བཅུ་སྲུང་མ་དང་བཅས་པའི་དབང་ཆོག་མཚོན་ཆའི་འཁོར་ལོ་ (Volume 31, Text 38)
<!TCC Tibetan character 3,182 undefined in unicode!>༔ ཁྲོ་བཅུ་སྲུང་མ་དང་བཅས་པའི་དབང་ཆོག་མཚོན་ཆའི་འཁོར་ལོ་བཞུགས་སོ༔ གནམ་ལྕགས་འཁོར་ལོ། ྈྈྈྈྈྈྈ དབང་གི་བདག་ཉིད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕུར་པའི་དབང་རྒྱས་པ་དབང་འབུམ་དུ་ཡོངས་སུ་རྫོགས་ཤིང་འདུས་ལ༔ གང་ཟག་སྤྲོས་པ་ལ་དགའ་བའམ༔ རྒྱས་པར་སྒྲུབ་དབང་དུ་བསྐུར་ན༔ ཁྲོ་བཅུ་ཟ་བསོད་དང་བཅས་པའི་དབང་ནི༔ དབང་ཙཀ་རྒྱབ་ཡིག་བཅས་ཏེ༔ གཙོ་བོའི་དབང་རྫོགས༔ ཕྲིན་ལས་ཀྱི་དབང་བསྐུར་མཚམས་སུ་བསྐུར་བར་བྱའོ༔ ཧཱུྃ༔ སྟེང་གི་ཕྱོགས་ནས་འབེབ་མཛད་པ༔ ཁྲོ་ཆེན་རྡོ་རྗེ་ཧཱུྃ་མཛད་དང༔ ཡུམ་ཆེན་ཤེས་རབ་སྒྲ་འབྱིན་མ༔ སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་ཟློག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་གཟིར་མཛད་པ༔ ཁྲོ་ཆེན་རྣམ་པར་རྒྱལ་བ་དང༔ ཡུམ་ཆེན་དབྱིངས་ཀྱི་སྙེམས་མ་སྟེ༔ ཤར་ཕྱོགས་དྲི་ཟའི་གདོན་ཟློག་ཅིང༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཤར་ལྷོ་མཚམས་ནས་འཇོམས་མཛད་པའི༔ ཁྲོ་ཆེན་དབྱུག་པ་སྔོན་པོ་དང༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་ནི༔ ཤར་ལྷོ་མེ་ལྷའི་གདོན་ཚོགས་ཟློག༔ དཔལ་ལྡན་དྲག་པོའི་དཀྱིལ་འཁོར་ནས༔ དབང་བསྐུར་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་གསོད་མཛད་པ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་དང༔ ཡུམ་ཆེན་དུར་ཁྲོད་བདག་མོ་ནི༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཟློག༔ རབ་འཇིགས་རྔམ་པའི་དཀྱིལ་འཁོར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་སྒྲོལ་མཛད་པ༔ ཁྲོ་ཆེན་མི་གཡོ་མགོན་པོ་དང༔ རབ་འཇིགས་རྡོ་རྗེ་གཏུན་ཁུང་མ༔ ལྷོ་ནུབ་སྲིན་པོའི་གདོན་ཟློག་ཅིག༔ དཔའ་བརྗིད་དྲག་པོའི་དཀྱིལ་འཁོར་ནས༔ དྲེགས་པ་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་འཆིང་མཛད་པའི༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་ནི༔ ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་ཟློག༔ དབང་ཆེན་རྔམ་པའི་དཀྱིལ་འཁོར་ནས༔ རབ་འཇིགས་དྲག་རྩལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ ནུབ་བྱང་མཚམས་ནས་འགུག་མཛད་པའི༔ ཁྲོ་ཆེན་འདོད་པའི་རྒྱལ་པོ་དང༔ ཡུམ་ཆེན་དབང་གི་སྙེམས་མ་ནི༔ ནུབ་བྱང་རླུང་ལྷའི་གདོན་ཚོགས་ཟློག༔ སྣང་སྲིད་འགུགས་པའི་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ བྱང་གི་ཕྱོགས་ནས་གནོན་མཛད་པ༔ ཁྲོ་ཆེན་བདུད་རྩི་འཁྱིལ་བ་དང༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ བྱང་ཕྱོགས་གནོད་སྦྱིན་གདོན་རྣམས་ཟློག༔ རྟོག་མེད་ཆོས་དབྱིངས་དཀྱིལ་འཁོར་ནས༔ དངོས་གྲུབ་ཡོངས་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་ཤར་མཚམས་ནས་སྟོབས་མཛད་པ༔ ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ བྱང་ཤར་བགེགས་ཀྱི་གདོན་རྣམས་ཟློག༔ གདུག་པ་ཚར་གཅོད་དཀྱིལ་འཁོར་ནས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འོག་གི་ཕྱོགས་ནས་སྡོམ་མཛད་པ༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ འོག་ཕྱོགས་ཀླུ་གདོན་ཟློག་བྱེད་པ༔ རབ་འཇིགས་ཁྲོས་པའི་དཀྱིལ་འཁོར་ནས༔ མཐུ་དང་ནུས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཟ་གསོད་ཁྲ་ཐབས་ཀྱི་དབང་བསྐུར་ཏེ༔ དབང་ཙཀ་རྒྱབ་ཡིག་ཏུ་བྱས་ཏེ༔ སློབ་མའི་གནས་གསུམ་དང་ལག་ཏུ་གཏད་ཅིང༔ ཧཱུྃ༔ ཟ་བྱེད་ཁྲོ་བོ་ཕག་གི་མགོ༔ རྡོ་རྗེ་ཐོག་ཆེན་འབེབ་མཛད་ཅིང༔ རྟོག་ཚོགས་རང་གྲོལ་ཆོས་དབྱིངས་སྦྱོར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་སེ་ན་པྲ་མར་དྷ་ན་ཡེ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟ་བྱེད་ཁྲོ་བོ་སྟག་གི་མགོ༔ ཤར་གྱི་ཕྱོགས་ནས་གཟིར་མཛད་ཅིང༔ འཇིགས་བརྒྱད་ཞི་བར་མཛད་པ་སྟེ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་འགྲེའོ། །ཧཱུྃ༔ ཟ་བྱེད་ཁྲོ་བོ་གཡག་གི་མགོ༔ ཤར་ལྷོའི་ཕྱོགས་ནས་འཇོམས་མཛད་པ༔ ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་ཤ་བའི་མགོ༔ ལྷོ་ཡི་ཕྱོགས་ནས་གསོད་མཛད་པ༔ འབྱོར་དྲུག་རྒྱས་པའི་ལས་མཛད་ཅིང༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་གཟིག་གི་མགོ༔ ལྷོ་ནུབ་མཚམས་ནས་སྒྲོལ་མཛད་ཅིང༔ སྐད་ཅིག་རྫུ་འཕྲུལ་སྟོབས་དང་ལྡན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་བྱི་ལའི་མགོ༔ ནུབ་ཀྱི་ཕྱོགས་ནས་འཆིང་མཛད་པ༔ རྫུ་འཕྲུལ་སྟོང་གསུམ་ཁྱབ་པར་རྒྱུག༔ ཁམས་གསུམ་དབང་དུ་སྡུད་པར་བྱེད༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་སྤྱང་ཀིའི་མགོ༔ ནུབ་བྱང་མཚམས་ནས་འགུགས་མཛད་ཅིང༔ དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་སེང་གེའི་མགོ༔ བྱང་གི་ཕྱོགས་ནས་གནོན་མཛད་ཅིང༔ དགྲ་སྲོག་སྟོབས་ཀྱིས་སྒྲོལ་ཞིང་གནོན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བོ་ཚར་གཅོད་དབང༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་དོམ་གྱི་མགོ༔ བྱང་ཤར་མཚམས་ནས་སྟོབ་མཛད་ཅིང༔ དགྲ་དང་བགེགས་ཀྱི་གཉེན་པོ་ཆེ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༴ ཧཱུྃ༔ ཟ་བྱེད་ཁྲོ་བོ་དྲེད་ཀྱི་མགོ༔ འོག་གི་ཕྱོགས་ནས་སྤོར་མཛད་ཅིང༔ དུག་གསུམ་ཁམས་གསུམ་བསྒྲལ་ནས་ནི༔ མི་ལྡོག་ཆོས་ཀྱི་དབྱིངས་སུ་སྤོར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ར་སེ་ན་པྲ་མར་དྷ་ན་ཡེ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ཟ་བྱེད་ཁྲོ་བོ་བཅུའི་དབང་འདི་ཁྱད་པར་ཕྲིན་ལས་དྲག་པོའི་དབང་ཡིན་པས༔ ཤིན་ཏུ་གཅེས་པ་ཡིན་ནོ༔ ད་ནི་གསོད་བྱེད་ཁྲོ་མོ་བཅུ་ཡི་དབང་བསྐུར་ཏེ༔ དབང་རྟེན་ནི་དབང་ཙཀ་གི་རྒྱབ་ཡིག་ཏུ་བྱས་ཏེ༔ གོང་ལྟར་གནས་གསུམ་དང་ལག་ཏུ་གཏད་དེ༔ ཧཱུྃ༔ གསོད་བྱེད་བུད་མེད་འཇིགས་པའི་གཟུགས༔ ཁྲོ་མོ་མི་བཟད་རྨིགས་བུའི་མགོ༔ ཚངས་པ་ལྷ་གདོན་ཟློག་མཛད་ཅིང༔ མངོན་སྤྱོད་ལས་མཛད་ཆེན་མོ་ཡིས༔ དབང་བསྐུར་ཕྲིན་ལས་འགྲུབ་པར་ཤོག༔ མ་རག་མོ་ཡག་མོ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ གསོད་བྱེད་བུད་མེད་འཇིགས་པའི་གཟུགས༔ ཁྲོ་མོ་མི་བཟད་བྱ་རྒོད་མགོ༔ དྲི་ཟའི་གདོན་ཚོགས་ཟློག་མཛད་ཅིང༔ གསོད་བྱེད་ལས་མཛད་ཆེན་མོ་ཡིས༔ དབང་བསྐུར་ཕྲིན་ལས་འགྲུབ་པར་ཤོག༔ མ་རག་མོ་སོགས་འགྲེའོ༔ ཧཱུྃ༔ གསོད་བྱེད་བུད་མེད་འཇིགས་པའི་གཟུགས༔ ཁྲོ་མོ་མི་བཟད་བྱ་རོག་མགོ༔ མེ་ལྷའི་གདོན་ཚོགས་ཟློག་མཛད་ཅིང༔ སྲོག་གཅོད་ལས་མཁན་ཆེན་མོ་ཡིས༔ དབང་བསྐུར་ཕྲིན་ལས་འགྲུབ་པར་ཤོག༔ མ་རག་མོ་ཡག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད༴ ཁྲོ་མོ་མི་བཟད་འུག་པའི་མགོ༔ གཤིན་རྗེའི་གདོན་ཚོགས་ཟློག་མཛད་ཅིང༔ ཁམས་གསུམ་འཇིགས་བྱེད་ཆེན་མོ་ཡིས༔ དབང་བསྐུར་ཕྲིན་ལས༴ མ་རག་མོ་ཡག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད་འཇིགས༴ ཁྲོ་མོ་མི་བཟད་ཁྭ་ཏའི་མགོ༔ སྲིན་པོའི་གདོན་ཚོགས་འདུལ་མཛད་ཅིང༔ དྲེགས་པ་འཇོམས་མཛད་ཆེན་མོ་ཡིས༔ དབང་བསྐུར༴ མ་རག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད༴ ཁྲོ་མོ་མི་བཟད་པུ་ཤུད་མགོ༔ ཆུ་ལྷའི་གདོན་ཚོགས་ཟློག་མཛད་ཅིང༔ སྲིད་གསུམ་གཡོ་བྱེད་ཆེན་མོ་ཡིས༔ དབང་བསྐུར༴ མ་རག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད༴ ཁྲོ་མོ་མི་བཟད་ཁྲ་ཡི་མགོ༔ རླུང་ལྷའི་གདོན་ཚོགས་ཟློག་མཛད་ཅིང༔ ཁམས་གསུམ་འཁྲུགས་བྱེད་ཆེན་མོ་ཡིས༔ དབང་བསྐུར༴ མ་རག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད༴ ཁྲོ་མོ་མི་བཟད་ཕ་ཝང་མགོ༔ བགེགས་ཀྱི་གདོན་ཚོགས་ཟློག་མཛད་ཅིང༔ སྲིད་གསུམ་ཁྲམ་འདེབས་ཆེན་མོ་ཡིས༔ དབང་བསྐུར་ཕྲིན་ལས་གྲུབ་པར་ཤོག༔ མ་རག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད༴ ཁྲོ་མོ་མི་བཟད་སྲེ་མོང་མགོ༔ བགེགས་ཀྱི་གདོན་ཚོགས་ཟློག་མཛད་ཅིང༔ དགྲ་བོའི་སྲོག་ལ་རྔམས་མཛད་མས༔ དབང་བསྐུར༴ མ་རག་མོ༴ ཧཱུྃ༔ གསོད་བྱེད་བུད་མེད་འཇིགས་པའི་གཟུགས༔ ཁྲོ་མོ་མི་བཟད་བྱི་བའི་མགོ༔ ས་བདག་གདོན་ཚོགས་ཟློག་མཛད་ཅིང༔ དགྲ་བོའི་བདུན་རྒྱུད་རྩད་གཅོད་མས༔ དབང་བསྐུར་ཕྲིན་ལས་འགྲུབ་པར་ཤོག༔ མ་རག་མོ་ཡག་མོ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བསྐུར་ཏེ༔ ཟ་གསོད་ཁྲ་ཐབས་ཀྱི་དབང་ནི༔ སྤྲུལ་པ་ལས་བྱེད་ཀྱི་དབང་ཡིན་ཏེ༔ ཕྲིན་ལས་དྲག་པོའི་སྒྲུབ་པ་ལ་གཅེས་པ་ཡིན་ནོ༔ སྱ་མྱ་ཡྱ༔ ཁ་ཐམ༔ སྤྱི་དོན་གསུམ་གྱི་ཐ་མ༔ དམ་ཅན་རྣམས་བྲན་དུ་བཀོལ་བ་དང༔ ཕོ་ཉ་གནད་ལ་དབབ་པའི་དབང་ནི་བསྡུས་པ་དབང་འབུམ་དུ་ཤེས་ལ༔ རེ་ཞིག་བརྒྱུད་འཛིན་སྙིང་གི་བུ་ལ་རྒྱས་པར་བསྐུར་ན༔ ཕུར་སྲུང་བཅུ་གཉིས་ཀྱི་ཕུར་པ་སྦམ་སྟེ་དར་གྱིས་བཅིངས་ལ་སླར་ཡང་དགུག་གཞུག་བྱ། ཞུན་ཆེན༔ འོ་མ༔ རཀྟའི་མཚོ་བཤམ༔ ཕུར་པ་ལ་བཞི་སྙིང་དྲིལ་བའི་སྔགས་ཉུངས་དཀར་ནག་ལ་བཟླས་ཤིང་གཏོར་ཏེ༔ གཟི་བརྗིད་བསྐྱེད༔ མངའ་གསོལ༔ གུ་གུལ་གྱིས་བདུག༔ ཤ་ཆེན་བསྲེག༔ རྡོ་རྗེ་སློབ་དཔོན་བཛྲ་ཀུ་མཱ་རའི་ང་རྒྱལ་གསལ་བར་བསྒོམ་ཞིང༔ སློབ་མ་རྣམས་གསང་བདག་ཏུ་གསལ་བས༔ ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ སྔོན་ཆད་ཇི་ལྟར་ཁས་བླངས་པའི༔ དམ་ཚིག་དེ་ལས་མ་འདའ་བར༔ བདག་ནི་གཞུང་བཞིན་སྒྲུབ་བྱེད་ན༔ དམ་ཅན་མ་གཡེལ་དམ་ལ་འདུས༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྦམ་ཕུར་རྣམས་ཐུན་གྱིས་བྲབ༔ རྡོ་རྗེ་སློབ་དཔོན་གྱིས་ཕྱག་ཏུ་བསྒྲིལ་ཞིང༔ སློབ་བུའི་སྙིང་ཁ༔ ལྟེ་བ༔ ལག་མཐིལ་དུ་གཏད་དེ༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཤྭ་ན་མཆེད་བཞིའི་དུས་ལ་བབ༔ བདག་ཉིད་མཆེད་བཞིའི་དུས་ལ་བབ༔ ས་བདག་མཆེད་བཞིའི་དུས་ལ་བབ༔ ལས་ཀྱིས་བཀལ་བའི་དགྲ་བོ་རྣམས༔ ལྔ་ཕུང་རྡུལ་དུ་བརླག་པའི་ཕྱིར༔ བསྟན་པ་འཛིན་པའི་སློབ་བུ་ལ༔ བྲན་དང་བཀའ་ཉན་ཕོ་ཉར་གཏད༔ འདི་ལ་འགོ་ཞིང་བསྲུང་བ་དང༔ བཅོལ་བའི་ཕྲིན་ལས་གྲུབ་པ་དང༔ བསྟན་པ་སྲུང་བའི་ལས་མཛོད་ཅིག༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་སེ་ན་པྲ་མར་ཏ་ན་ཡེ་དམ་ལས་མ་འདའ་ས་མ་ཡ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་ལ༔ སློབ་མས་ཕུར་པ་གཡས་གཡོན་དུ་ཕྱར་ཞིང་འདྲིལ༔ རྐེད་ལ་ལན་གསུམ་བསྐོར་ཞིང་འདེབས་ཚུལ་བྱ་ཞིང་བསྐོར་རོ༔ དེས་ནི་དཔའ་བོ་ལས་ལ་སྤྲད་པ་དང༔ ཁྱི་བཟང་བདག་པོ་ལ་སྤྲད་པ་འདྲ་སྟེ༔ ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ནས་དགེ་བསྙེན་ཉེར་གཅིག་དང་གིང་བཞིའི་ཕུར་པ་སྦམ་ཏེ་གཏད་ལ༔ ཧཱུྃ༔ རྡོ་རྗེ་ཕུར་པའི་སྲུང་མ་རུ༔ ཁས་བླངས་དམ་བཅས་བཀའ་ཉན་ཚོགས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་དང༔ བསེ་ལྕགས་དུང་དང་ཏཱ་ཀི་འཇིགས༔ ཕོ་ཉ་ལས་བྱེད་སྲོག་ལ་རྔམས༔ རལ་གྲི་ཟང་ཡག་ཀླད་ལ་བསྐོར༔ ཕུར་པ་དགྲ་བོའི་སྙིང་ལ་འདེབས༔ བྲན་དང་བཀའ་ཉན་ཕོ་ཉར་གཏད༔ བརྣག་པའི་ལས་ལ་མཐུ་མ་ཆུང༔ དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག༔ ཤཱི་ཏྲམ་ཀ་ར་ཡ་མ་ར་སེ་ན་པྲ་མར་ཏ་ན་ཡེ་ས་མ་ཡེ་ཨ་བྷི་ཥིཉྩ་ཨོཾ༔ ཅེས་ཕུར་པ་འདྲིལ་ཞིང་ཕྱོགས་བཅུར་གཟིར༔ རྐང་འོག་ལ་བསྐོར་ནས་ཞབས་སུ་གཏད་དོ༔ དེས་ནི་རྒྱལ་པོའི་བཀའ་བྲན་གཡོག་གིས་ཉན་པ་དང་འདྲའོ༔ དེ་ནས་སྒོ་ཕུར་བཞི་བླངས་ལ༔ ཧཱུྃ༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་མགོ་མ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་སྒོ་བཞི་ནས༔ འཛིན་འཆིང་སྡོམ་རྡེག་དགྲ་བོ་འཆིང་བར་མཛད༔ ཚད་མེད་ཕྱག་རྒྱ་བཞི་ཡིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ མངོན་སྤྱོད་དྲག་པོའི་དབང་ཆེན་ཐོབ་པར་ཤོག༔ ཛཿཧཱུྃ་བཾ་ཧོ༔ མ་ར་སེ་ན་པྲ་མར་ཏ་ན་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཕུར་པ་ཕྱོགས་བཞིར་འདྲིལ་ཞིང༔ དཀྱིལ་འཁོར་ཕྱོགས་བཞིར་འདེབས་ཚུལ་བྱའོ༔ དེས་ནི་རྒྱལ་པོས་དཔའ་བོ་ངར་བཏགས་ཏེ་མངའ་གསོལ་བ་དང་འདྲའོ༔ དེ་ནས་ཕུར་པའི་སྲུང་མ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ལས་དབང་བསྐུར་ཏེ༔ མུ་ཁྱུད་ཆེན་པོ་ནས་རྩང་ཕུར་ཉི་ཤུ་རྩ་བརྒྱད་ཕྱུངས་ཏེ༔ དར་མཐིང་ནག་གིས་སྦམ་སྟེ༔ འབྲུ་གཞོང་གི་དབུས་སུ་བཞག་ལ༔ གོང་གི་ཕུར་སྲུང་ལྟར༔ གུ་གུལ་བདུག༔ ཤ་ཆེན་བསྲེག༔ ཞིང་ལྤགས་ཕྱར༔ རྐང་གི་གཟའ་བུས་རཀྟ་ཕྱོགས་བཅུར་གཏོར༔ བཤུགས་པས་འབོད༔ ཉུངས་ཐུན་འཐོར་ཞིང་མངའ་གསོལ༔ སླར་ཡང་དབང་མོར་འགུག་བསྟིམ་བསྐུལ་བྱང་ལྟར༔ བསྐུལ་བཏང་ལ༔ རྡོ་རྗེ་སློབ་དཔོན་ཏིང་ངེ་འཛིན་དང་ལྡན་པས༔ སློབ་བུ་གསང་བདག་ཏུ་གསལ་བ་ལ༔ ཕོ་ཉ་ལས་བྱེད་བྲན་གཡོག་གི་ཚུལ་དུ་གཏད་དེ༔ སྦམ་ཕུར༔ སྙིང་ཁ༔ ལྟེ་བ༔ གསང་གནས། བརླ་གཡས་གཡོན་དང་ཞབས་སུ་གཏད་ཅིང༔ བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་ཚོགས༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མཚན་ཙམ་འཛིན་པར་བྱེད་པ་ཡང༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་བསྐུར་བར་བྱ༔ དེ་སྐད་ཁྱོད་ཀྱིས་བྲོ་བོར་ཏེ༔ དམ་བཅའ་བསྙེལ་དུ་མི་རུང་ངོ༔ སྐལ་ལྡན་འདི་ཡི་ལུས་གྲིབ་བཞིན༔ རྟག་ཏུ་མི་འབྲལ་སྲུང་མ་མཛོད༔ བརྣག་པའི་ལས་ལ་རྦད་པའི་ཚེ༔ གང་ལ་དམིགས་པ་ཤོར་ར་རེ༔ མཐུ་རྩལ་ཡོངས་རྫོགས་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཛཿཛ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཉེར་བརྒྱད་བཟླས་ལ༔ ཛཿབྷྱོ༔ སྔོན་ཆད་ཇི་ལྟར་ཁས་བླངས་པའི༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛད༔ སྲུང་མར་བཀོད་དོ་འབངས་སུ་གཏད༔ ལས་མཁན་ཕོ་ཉའི་ཚུལ་དུ་གཏད༔ བཀའ་དང་དམ་ལ་གནས་པར་མཛོད༔ ཧོ༔ སྐལ་ལྡན་ཁྱོད་ལ་དབང་ཕྱུག་ཉེར་བརྒྱད་ལས་བྱེད་ཕོ་ཉའི་བཀའ་འདི་གཏད་པས༔ འཁོར་ལོས་སྒྱུར་བའི་རྒྱལ་པོའི་མངའ་དབང་དང་ལྡན་པར་གྱུར་ཅིག༔ དེས་ནི་རྒྱལ་པོའི་བཀའ་བཞིན་ཕྲིན་ལས་ཐོགས་མེད་དུ་འགྲུབ་ཅིང༔ ཕྱི་ནང་གི་བར་ཆད་ཐམས་ཅད་ཁྱི་བཟང་བཞིན་དུ་བསྲུང་བར་འགྱུར་རོ༔ དེ་ནས་ཚོགས་ལ་རོལ༔ མངའ་གསོལ༔ གསེར་སྐྱེམས་གཏོང༔ རྗེས་ཀྱི་དབང་དང༔ ཁ་སྐོང་ནི་དབང་འབུམ་ལྟར་མཐའ་སྐྱོང་ངོ༔ ཁྲོ་བཅུ་ཁྲ་ཐབས་ཉི་ཤུ༔ ཕུར་སྲུང༔ དབང་ཕྱུག་བཀའ་གཏད་དང་བཅས་པ༔ དབང་རྒྱས་པ་ལ་མོས་སམ༔ བརྒྱུད་འཛིན་གྱི་བུ་ལ་གཏད་དོ༔ ཕོ་ཉ་ལས་ཀྱི་དབང་རིམ་མཁར་ཆེན་བཟས་ལྡང་ལུང་ཁྲ་མོ་བྲག་ཏུ་བྲིས་པའོ༔ སྤོ་ཏོ་བར་མའི་བྲག་ལ་རྒྱ་ཡིས་བཏབ༔ དགེ་བསྙེན་ལྡང་ལྷས་བཀའ་ཡི་བྱ་ར་གྱིས༔ ྈྈྈྈ ྈྈྈྈྈྈྈ ྈྈྈ ལྷོ་བྲག་གཏེར་སྟོན་རཏྣ་གླིང་པའི་ཐུགས་ཐིག་གོ །ཤོག་སེར་ཡང་བུ་བཤུས་ཏེ་དག་པར་ཡོད། ཤོག་སེར་བཻ་རོའི་ཕྱག་བྲིས། དྷ་ན་ཀོ་ཤའི་ཡི་གེ་ལས་བཤུས་སོ། །འདིའི་བརྒྱུད་པ་ནི། སྐུ་གསུམ་མཚོ་རྒྱལ། སྤྲུལ་སྐུ་རཏྣ་གླིང་པ། སྲས་ཚེ་དབང་གྲགས་པ།་་་ཨཱ་ཡུ་ཀཱིརྟི། སོ་བ་མགོན་པོ་རྡོ་རྗེ། དེས་བདག་རཏྣེ་ཤྭ་ར་ལའོ།། །།
ཐུགས་རྗེ་ཆེན་པོ་ཆོས་ལོངས་སྤྲུལ་གསུམ་གྱི་སྒོམ་བཟླས་རྒྱུན་ཁྱེར་ (Volume 23, Text 38)
ཐུགས་རྗེ་ཆེན་པོ་ཆོས་ལོངས་སྤྲུལ་གསུམ་གྱི་སྒོམ་བཟླས་རྒྱུན་ཁྱེར་བཞུགས་སོ། །ན་མོ་གུ་རུ། བོད་ཆོས་ཐམས་ཅད་ཀྱི་ཐོག་མ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་དམ་ཞལ་གྱི་གདམས་པ་རྒྱ་མཚོ་ལྟ་བུ་ལས། རྒྱུན་ཁྱེར་སྙིང་པོར་དྲིལ་བ་སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་ལས་འཕྲོ་གླིང་པའི་ཟབ་གཏེར་ལས་བྱོན་པ་འདི་ཉིད་གཡར་དམ་དུ་འཆའ་བར་འདོད་པས། ཐོག་མར་སྐྱབས་སེམས་ནི། བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལྷ་ཇོ་བོ་དཀོན་མཆོག་གསུམ་དང། བླ་མ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལན་གསུམ། མ་གྱུར་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཇོ་བོ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཡི་གེ་དྲུག་མའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་འདོན་བསྒོམ་བྱ། དངོས་གཞི་ཆོས་སྐུའི་རྣལ་འབྱོར་ནི། ཧྲཱི༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་གངས་ལ་ཉི་ཤར་ལྟར༔ དང་པོ་རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར༔ འོག་མའི་ཕྱག་གཉིས་ཤེལ་ཕྲེང་མེ་ཏོག་འཛིན༔ ཞལ་འཛུམ་ཤངས་དབྱིབས་དྲང་ལ་སྤྱན་དཀྱུས་རིང༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་ཁྲ་སྤུང་མཛེས༔ དབུ་སྐྲ་གྱེན་འཁྱིལ་ཅོད་པན་འོད་དཔག་མེད༔ སྣ་ཚོགས་པད་ཟླའི་སྟེང་དུ་སྐྱིལ་ཀྲུང་བཞུགས༔ འོད་དང་འོད་ཟེར་དྲྭ་བ་དཔག་མེད་དཀྱིལ༔ རང་ལུས་སྒྱུ་འཕྲུལ་ལྷ་མཆོག་དེ་ལྟར་གསལ༔ ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱི༔ མཐའ་སྐོར་ཡིག་དྲུག་རང་སྒྲ་སྒྲོག་བཞིན་འཁོར༔ སྣང་སྲིད་ཀུན་ཀྱང་འོད་ཀློང་སྒྱུ་མའི་སྐུ༔ བསྐྱེད་རྫོགས་དབྱེར་མེད་བླང་དོར་མེད་པར་བཟླས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་དམིགས་པ་མ་ཡེངས་པར་རྩེ་གཅིག་ཏུ་བཟླ། ཡང་ལོངས་སྐུའི་བཟླས་བསྒོམ་བྱ་བར་སྤྲོ་ན། ཧྲཱི༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ རྣམ་དག་དྲི་མེད་སྐུ་མདོག་དཀར་ལ་འཚེར༔ རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར༔ ཡན་ལག་ལོངས་སྐུའི་ཕྱག་གི་དང་པོ་ནས༔ སྐྱོན་གྱི་མ་གོས་པདྨ་དཀར་པོ་འཛིན༔ ཉོན་མོངས་དག་བྱེད་རིལ་བ་སྤྱི་བླུག་ཐོགས༔ ཐབས་དང་ཤེས་རབ་དབྱེར་མེད་མདའ་གཞུ་བསྣམས༔ ཉིང་ལག་སྤྲུལ་སྐུའི་ཕྱག་གི་དང་པོ་ནས༔ འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན༔ ཡི་དྭགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་མཛད༔ འཕྲོ་གཅོད་དོན་ལྡན་གསེར་གྱི་འཁོར་ལོ་བསྐོར༔ ཞབས་གཉིས་པདྨའི་གདན་ལ་མཉམ་པར་བཞེངས༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་སྐུ་རུ་གསལ༔ ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱི༔ མཐའ་སྐོར་ཡིག་དྲུག་རང་སྒྲ་སྒྲོག་བཞིན་འཁོར༔ སྣང་སྲིད་ཀུན་ཀྱང་འོད་ཀློང་སྒྱུ་མའི་སྐུ༔ བསྐྱེད་རྫོགས་དབྱེར་མེད་བླང་དོར་མེད་པར་བཟླས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡང་སྤྲུལ་སྐུའི་རྣལ་འབྱོར་བྱ་བར་འདོད་ན། ཧྲཱི༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ རྣམ་དག་དྲི་མེད་སྐུ་མདོག་དཀར་ལ་འཚེར༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པ༔ བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འདི་ལ་གཟུངས་རིང་ཡང་བཟླ་བར་སྤྲོ་ན་ཇི་ཙམ་ནུས་པ་བཟླའོ། །དེ་གསུམ་གང་ལའང་མཐར། སྣོད་བཅུད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པ་རང་ཉིད་ལ་ཐིམ། རང་ཉིད་ཐུགས་སྲོག་དང་བཅས་པ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་གྱུར། ཅེས་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག །ཨོཾ་མ་ཎི་པདྨེ་ཧཱུྃ༔ སླར་རང་ཉིད་སྤྱན་རས་གཟིགས་སུ་གསལ། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུའི་རོལ་པར་འབྱམས་ཀླས་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་དང་། འདི་ལྟར་བསྒོམ་བཟླས་བྱས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་དེ། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱི་རྒྱས་བཏབ་ནས་སྤྱོད་ལམ་ལ་འཇུག་གོ །ཞེས་པའང་དད་ལྡན་ནཱ་ཐ་སིདྡྷིའི་ཉམས་བཞེས་སུ་བློ་གྲོས་མཐའ་ཡས་ཀྱིས་སྦྱོར་དངོས་རྗེས་ཚང་དུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།གཟུངས་རིང་ནི། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨརྷ་ཏེ་བྷྱ༔ སམྱཀྶཾ་བུདྡྷེ་བྷྱ༔ ན་མ་ཨཱྱྰ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨིཊྚེ་ཝིཊྚེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ་ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལི༔ ཙི་ཏི་ཛྭ་ལ་མཱ་པ་ན་ཡ་སྭཱ་ཧཱ༔
བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས། དོན་གྱི་སྨིན་བྱེད་སྙིང་པོ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མཆོག་སྟེར་ (Volume 15, Text 38)
༄༅། །བཀའ་བརྒྱད་དྲེགས་པ་ཀུན་འདུལ་ལས། དོན་གྱི་སྨིན་བྱེད་སྙིང་པོ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མཆོག་སྟེར་བཞུགས།། ན་མོ་ཤྲཱི་ཧེ་རུ་ཀ་མཎྜ་ལ་བྷྱཿ བླ་མེད་རྒྱུད་སྡེ་རབ་འབྱམས་ཀྱི། ཁྱབ་བདག་ཡེ་ཤེས་ཀློང་དགུའི་གཟུགས། །བླ་མ་ཧེ་རུ་ཀ་དཔལ་ལ། །བཏུད་ནས་དབང་གི་ལས་རིམ་འཆད། །འདིར་ལོང་པོ་བསམ་གཏན་གླིང་པའི་ཡང་གཏེར་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་སྙིང་པོ་དོན་གྱི་དབང་བསྐུར་བགྱི་བ་ལ་དང་པོ་ཡོ་བྱད་ཀྱི་ཤོམ་ནི། གཞུང་མཐུན་དཀྱིལ་འཁོར་དང་། མ་འབྱོར་ན་ཚོམ་བུ་དགུའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་རྫས་སོ་ལྔ་ཅན། ཤར་དུ་དཔལ་གཏོར་གཙོ་འཁོར་དགུ་པ་དང་སྨན་རཀ །དཔལ་དགུ་ཁྱུང་བཅས་ཀྱི་ལྷ་ཙཀ །ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ། དུར་ཁྲོད་དཔལ་ཆས། བྱང་དུ་ཐོད་ཆང། རིག་ཙཀ །ཤེལ་རྡོ་བཅས་བཤམས་ལ་ཉེར་སྤྱོད་མཆོད་པས་བསྐོར། མིག་དར། མེ་ཏོག །ཚོགས་མཆོད། བཀའ་སྲུང་འབུལ་གཏོར། ཆད་བརྟན། དཀར་བགེགས་རྣམས་དང་། ལས་བུམ་སོགས་དགོས་པའི་ཡོ་བྱད་འདུ་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། སྔོན་དངོས་རྗེས་རིམ་ལས་བྱང་བདེ་ཆེན་སྙིང་པོ་ལས་ཇི་ལྟར་གསུངས་པ་བཞིན་ཁོག་ཕུབ་པས། དངོས་གཞིའི་སྐབས་སྒྲུབ་གཞི་བདག་དང་མདུན་དུ་བཀོད་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་བདག་མདུན་ཐ་མི་དད་པར་བདེ་ཆེན་ཡེ་ཤེས་གཅིག་གི་རོལ་པར་བལྟ་བས། བསྟོད་པའི་མཐར་ཛཔ྄་ཁང་སོ་སོར་ཕྱེས་ལ། བསྙེན་སྒྲུབ་ལས་ཀྱི་བཟླས་པ་ལས་སྒྲུབ་པ་གཙོར་བཏོན་མཐར། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བ་ལ། ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་བ་མཆོད་པའི་ཚུལ་དུ་སྤྲོས། ལྷ་རྣམས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རྒྱུན་བབ་པ་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅིས་ནུས་བཟླ། ལས་བུམ་དུ་ཨོཾ་བཛྲ་ས་ཏྭ་ཨཱ༔ བརྗོད་ཅིང་ཅུང་ཟད་བཟླས་པས་བྱིན་གྱིས་རླབས། བཀའ་གཏེར་སྲུང་མའི་གཏོར་བསྔོས་དང་། ཚོགས་མཆོད་བསྐང་བཤགས་བཏང་ལ། ཚོགས་དྲངས། བདག་འཇུག་གམ་རིག་པའི་མེ་ཏོག་དོར་བས་ནུས་ལྡན་དུ་བྱའོ། །དབང་གི་ལས་རིམ་དངོས་ལ། སྣོད་དུ་གྱུར་པའི་སློབ་མ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་སྲུང་འཁོར་གྲུབ་པ་དང་། དེ་ཡང་བདེ་ཆེན་ཡེ་ཤེས་རང་སྣང་འོག་མིན་གསང་བ་ཆེན་པོ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་རང་བྱུང་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཞི་ཁྲོ་རབ་འབྱམས་རྒྱལ་བའི་འཁོར་ལོའི་སྤྲིན་དང་བཅས་པས་བདེ་གཤེགས་སྒྲུབ་ཆེན་བཀའ་བརྒྱད་སྤྱི་རྒྱུད་ལྔ་དང་། བྱེ་བྲག་གི་སྒོས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་ཀྱི་རྒྱུད་སྡེ་རབ་འབྱམས་ཆོས་ཉིད་ཀྱི་རང་སྒྲས་དུས་གསུམ་རྒྱུན་མི་ཆད་པའི་ཆོས་འཁོར་བསྐོར་བ་ལས། གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ་རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་ཀྱིས་བཀའ་ཡི་བསྡུ་བ་དང་དགོངས་འགྲེལ་ལུང་ལྔའང་མཛད་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེ་ཉིད་ཀྱིས་དུར་ཁྲོད་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་བཀའ་བབ་རིག་འཛིན་བརྒྱད་ཀྱིས་སྒྲུབ་སྡེའི་སྒོས་བཀའ་རྣམས་སྤྱན་དྲངས། སྤྱི་རྒྱུད་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་ཐོད་ཕྲེང་རྩལ་ལ་བཀའ་བབ་སྟེ་རྒྱུད་ལུང་མན་ངག་གི་རིམ་པ་རྒྱས་བསྡུས་མཐའ་ཡས་པ་མཛད་ནས་ཆོས་འཁོར་རྒྱ་ཆེན་པོ་བསྐོར། ཁྱད་པར་གྱི་གདུལ་བྱ་བོད་ཡུལ་བསམ་ཡས་མཆིམས་ཕུར་རྗེ་འབངས་སྙིང་གི་བུ་དགུ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བར་མཛད། ཁྱད་པར་མངའ་བདག་ཚངས་པ་ལྷའི་མེ་ཏོག་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་སྤྱི་དྲིལ་གྱི་བཀའ་བབ་པས་མཚོན་སྒྲུབ་སྡེའི་དཀྱིལ་འཁོར་རྒྱས་བསྡུས་མཐའ་ཡས་པ་བོད་ཡུལ་མཐའ་དབུས་ཀུན་ཏུ་གཏེར་དུ་སྦས་པར་མཛད་ཅིང་། སྨོན་ལམ་དུས་སུ་བབ་པ་ན་སྔོན་གྱི་ལས་འཕྲོ་སད་པའི་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་སྣང་བར་མཛད་པའི་བྱེ་བྲག །ལོང་པོ་བསམ་གཏན་གླིང་པའི་ཟབ་གཏེར་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་ཤོག་སེར་སྨུག་ནག་དབང་གི་མཁའ་འགྲོས། མངའ་བདག་ཆོས་ཀྱི་རྒྱལ་པོ་དང་རྒྱལ་སྲས་ལྷ་རྗེ་ཁུ་དབོན་ཟུང་གི་རྣམ་འཕྲུལ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ། མཆོག་གི་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་མངོན་སུམ་དུ་ཕུལ་ཞིང་གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པས་བརྡ་བསྒྱུར་མཛད་ཀྱང་དབང་ཆོག་གཏན་ལ་ཕབ་མ་གྲུབ་པ་ལས། སླར་ཡང་རྗེ་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཚུལ་འདིའི་དབང་ཆོག་གཏེར་གཞུང་ཞིག་གི་དཔེ་ཕྱག་ཏུ་སོན་པ་ལས་དོན་དབང་སྙིང་པོའི་བཅུད་དྲིལ་འདི་ཉིད་ཁོལ་དུ་ཕྱུངས་ཏེ་དབང་རྒྱུན་གསར་སྤེལ་གནང་བ་ཉིད་གསན་པའི་ཡོན་དུ་མཎྜལ་ཕུལ། ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ མིག་དར་འཆིང་། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཔལ་ཆེན་ཡོངས་རྫོགས་དཀྱིལ་འཁོར་བདག༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ འཇུག་ཅིང་སྨིན་པར་མཛད་ནས་ཀྱང༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ལན་གསུམ། སློབ་དཔོན་གྱིས། སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཆེར༔ འཇུག་ཅིང་སྨིན་པ་སྐལ་བཟང་ཡང༔ དད་བརྩོན་བརྟུལ་ཞུགས་ལྡན་པ་ལས༔ གཞན་དུ་སྨྲས་ན་ཉམས་ཏ་རེ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། བདག་ནི་དངོས་གྲུབ་མཆོག་ལ་དད༔ ཟབ་མོའི་ལམ་ལ་བརྩོན་པ་དང༔ རྡོ་རྗེའི་བརྟུལ་ཞུགས་སྤྱོད་ནུས་ཕྱིར༔ ངེས་པར་ཐུགས་རྗེས་བཟུང་བར་འཚལ༔ དམ་ཆུ་སྦྱིན་ལ། དེ་ལྟར་ཡིན་ན་དཔལ་ཆེན་པོའི༔ ཡེ་ཤེས་གསང་བ་ཁྱོད་ལ་སྦྱིན༔ དམ་ཚིག་རྡོ་རྗེའི་ཆུ་འཐུངས་ལ༔ འདའ་དཀའི་དམ་ཚིག་འབད་པས་སྲུངས༔ ཨོཾ་བཛྲ་ས་མ་ཡ་ཨུ་ད་ཀ་ཋ༔ དམ་ཚིག་གནང་བཀག་ལས་མི་འདའ་བའི་ཕྱིར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ཨི་དཾ་ན་ར་ཀན༔ མདུན་བསྐྱེད་དང་དབྱེར་མེད་པའི་དཀོན་མཆོག་རྩ་གསུམ་རབ་འབྱམས་རྒྱ་མཚོ་ཏིལ་གོང་ཁ་ཕྱེ་བ་ལྟ་བུའི་མདུན་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་རང་དང་ལྷན་ཅིག་གནས་པས་མི་གནས་པའི་མྱང་འདས་ལ་འཁོད་ཕྱིར་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བ་དང་། སྲིད་མཚོར་བྱིང་བའི་མ་རྒན་སེམས་ཅན་གཅིག་ཀྱང་མ་ལུས་པ་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ལ་སྦྱོར་བའི་ཕྱིར་དབང་གིས་རྒྱུད་སྨིན་ཅིང་། ལམ་རིམ་པ་གཉིས་ཀྱིས་གྲོལ་བར་བྱས་ནས་གཞན་དོན་རླབས་པོ་ཆེ་ལ་འཇུག་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་དཔལ་ཆེན་ཡི་དམ་ཞི་ཁྲོའི་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི། འགྲོ་ཀུན་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས༔ ཧེ་རུ་ཀ་དཔལ་གོ་འཕང་བསྒྲུབ་པར་བགྱི༔ རྒྱུད་དག་པའི་ཕྱིར་གསག་སྦྱང་གི་ཚུལ་ཚིག་རྗེས་སུ་དོན་དྲན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཆོས་དབྱིངས་ཀློང་ནས་ཡེ་ཤེས་ལྷ་ཚོགས་གཤེགས༔ ཟུང་འཇུག་འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ རིག་རྩལ་རོལ་པ་དོན་གྱི་ཕྱག་མཆོད་བཞེས༔ གཟུང་འཛིན་འཁྲུལ་པའི་སྡིག་སྒྲིབ་མཐོལ་ཞིང་བཤགས༔ མ་འཁྲུལ་གནས་ལུགས་རྟོགས་ལ་རྗེས་ཡི་རང༔ འགག་མེད་རྡོ་རྗེའི་ཆོས་འཁོར་བསྐོར་བཞིན་དུ༔ སྐྱེ་མེད་གཉུག་མའི་དབྱིངས་སུ་བཞུགས་གསོལ་འདེབས༔ དགེ་ཚོགས་འཁོར་གསུམ་དམིགས་མཐའ་བྲལ་བར་བསྔོ༔ རང་བྱུང་གདོད་མའི་གོ་འཕང་མངོན་གྱུར་ཤོག༔ ཅེས་ལན་གསུམ། སྨིན་བྱེད་ཀྱི་སྲོག་རྩ་སྤྱི་དང་རྩ་བར་གྱུར་པ་སྤྱི་དང་ཁྱད་པར་གྱི་སྡོམ་པ་དང་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། མཁའ་ཁྱབ་རྒྱལ་བ་སྲས་བཅས་དགོངས༔ མཐའ་ཀླས་སེམས་ཅན་དོན་གྱི་ཕྱིར༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་པ་མ་ལུས་བཟུང་བར་བགྱི༔ ཁྱད་པར་རྩ་བ་སྐུ་གསུང་ཐུགས༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ སྒྲུབ་པ་ལྷག་པའི་དམ་ཚིག་རྣམས༔ ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱི༔ ལན་གསུམ། དེ་ནས་རིགས་དང་སྐལ་བ་བརྟགས་པའི་ཕྱིར་ཁྱེད་རང་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་སྙམ་པའི་བློས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་རིགས་ལྔའི་དཀྱིལ་འཁོར་འདིར་དོར་བར་ཞུ། པུཥྤེ་པྲ་ཏི་ཙྪ་ཧོ༔ མེ་ཏོག་རིགས་ཀྱི་གཙོ་བོས་བཞེས་ཏེ་དབང་རྟགས་སུ་སྤྱི་བོར་བཅིངས་པར་གསང་བའི་མཚན་རྡོ་རྗེ་ཆེ་མཆོག་འདུས་པ་རྩལ་ཞེས་བྱིན་པར་མོས་ཤིག །པྲ་ཏི་གྷྲྀ་ཧ་ན་ཧི་མཾ་སཏྭ་མ་ཧཱ་བཱ་ལ་ཧོ༔ མེ་ཏོག་སྤྱི་བོར་བཀོད། མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་བསལ་བར་མོས་མཛོད། གསེར་ཐུར་ཐོགས་ལ། ཧཱུྃ༔ མིག་མཁན་རྒྱལ་པོས་མིག་འབྱེད་ལྟར༔ འཁྲུལ་པ་མ་རིག་སྒྲིབ་པའི་མིག༔ ཡེ་ཤེས་ཐུར་མས་ཕྱེས་ནས་ཀྱང༔ རྒྱལ་བའི་དགོངས་པ་གསལ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དཀྲོལ། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་ལ་མཐོང་བ་བསྟན་པ་ནི། བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ཞེས་བརྗོད་ནས། འདི་ལྟར་མཚོན་བྱེད་དཔེའི་དཀྱིལ་འཁོར་བསྟན་ནས། མཚོན་བྱ་དོན་གྱི་དཀྱིལ་འཁོར་ཡེ་ཤེས་རང་སྣང་ལས་གྲུབ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྲུ་བཞི་སྒོ་བཞི་པ་རྟ་བབ་དང་བཅས་པའི་ནང་དུ། ཕོ་བྲང་དགུ་ཚོམ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དབུས་མའི་ལྟེ་བར་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་། ཕྱོགས་མཚམས་ཀྱི་དཀྱིལ་འཁོར་བརྒྱད་ཀྱི་སྙིང་པོར་དཔལ་ཆེན་ཡང་དག་ལ་སོགས་པ་བརྒྱད་རང་རང་གི་ཡུམ་དང་སོ་སོའི་འཁོར་དང་བཅས་པ། ཕྱིའི་ཁོར་ཡུག་ཏུ་མཁའ་འགྲོ་གིང་ལང་མ་སྲིང་འབར་མ་སོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ཆོས་ཀྱི་དབྱིངས་ཁྱབ་པར་བརྡལ་བ་ཟག་མེད་བདེ་བ་ཆེན་པོའི་བདག་ཉིད་མངོན་སུམ་པ་བཞིན་མཐོང་བར་གྱུར་སྙམ་པར་གྱིས་ཤིག །དེ་དག་གིས་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་སོང་ནས། ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་དོན་དུ་མཎྜལ་ཕུལ། མཎྜལ་འབུལ་དུ་གཞུག །དེ་ནས་དངོས་གཞི་དབང་བསྐུར་བ་ལ། སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་མངོན་དུ་བསྐྱེད་ནུས་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པ། ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་སྐལ་པ་འཇོག་པས་དབང་ངོ། །དེ་ཡང་སྤྱིར་སྦྱང་གཞི་ནི་ཐོབ་བྱ་རང་ལ་གནས་པ་ཤིན་ཏུ་ཕྲ་བ་མི་ཤིགས་པའི་བདག་ཉིད་ཅན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའོ། །སྦྱང་བྱ་ནི་རང་གནས་ཀྱི་ཡེ་ཤེས་དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སོ། །སྦྱོང་བྱེད་ནི་གདུལ་བྱའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་པས་དེ་དང་མཐུན་པའི་ལམ་སྒོམ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་དབང་ཐོབ་སྟེ་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པའོ། །བསྐུར་བྱའི་དབང་ལ་དབྱེ་ན། བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ན་ཉིད་དེ་རྩ་བའི་དབང་བཞི་དང་། མཐའ་རྟེན་སྒྲོལ་དབང་བཅས་ལྔར་མཆིས་པ་ལས། ཐོག་མར་བུམ་པའི་དབང་བསྐུར་བ་དེ་ལའང་། ཕྱི་དབང་རྫས་ལ་བསྟེན་ཏེ་བསྐུར་བ་དང་། ནང་ལྷ་ཡི་དབང་གཉིས་ལས། ཐོག་མར་རྫས་དབང་གི་སྔོན་དུ་འགྲོ་བ་གསོལ་བ་གདབ་པ་འདིའི་རྗེས་ཟློས་གནང་བར་ཞུ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཅིང་བསྙེན་བཀུར་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔ ལན་གསུམ། བུམ་པ་རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་ཞི་ཁྲོ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བྱང་སེམས་ཀྱི་བདུད་རྩིར་ཞུ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས། སྒོ་གསུམ་གྱི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་རྟོགས་པ་རྒྱུད་ལ་བཞག་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་བཞུགས༔ བདུད་རྩིར་ཞུ་བས་དབང་བསྐུར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་འགྲུབ་ཤོག༔ ཨོཾ་བཛྲ་ཀ་ལ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾཿཨ་ཧཾ༔ ཞེས་དབང་བསྐུར་ནས་བུམ་ཆུ་འཐུང་དུ་གཞུག །དབུ་རྒྱན་རིགས་ལྔ་རིན་པོ་ཆེའི་ཁང་བུ་ལྔ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་དྭངས་གསལ་སྒྲིབ་མེད་དུ་བཞུགས་པ་འདི་ཉིད་སྤྱི་བོར་བཞག་པས་རིགས་ལྔའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧཱུྃ༔ རིགས་ཀྱི་ཁྱབ་བདག་རྒྱལ་བ་ལྔ༔ རིན་ཆེན་དབུ་རྒྱན་རྣམ་པ་ཡིས༔ སྤྱི་བོར་དབང་བསྐུར་དབུར་བརྒྱན་པས༔ སྐུ་ལྔ་ཡེ་ཤེས་ལྔ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏ་སཏྭཾཿཨ་ཧཾ༔ ཞེས་དབུ་རྒྱན་མགོར་བཀོད། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་ཅིང་ཐབས་དང་ཤེས་རབ་ཟུང་འཇུག་གསང་སྔགས་ཀྱི་བརྡས་འགྲོ་དོན་སྤྱོད་པའི་མཐུ་ཐོབ་པར་མོས་ཤིག །རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ ཐབས་མཆོག་ཡེ་ཤེས་ལྔའི་རྡོ་རྗེ༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ གཉིས་མེད་བརྡ་ཡིས་དབང་བསྐུར་བས༔ ཟུང་འཇུག་རྡོ་རྗེའི་ལམ་རྫོགས་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཧཱུྃ༔ གཎྜེ་ཨ་ཨཱ༔ ཨོཾ་ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་མི༔ ཏིཥྛ་བཛྲ་ས་མ་ཡ༔ ཞེས་བརྗོད་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་གཞུག །དུར་ཁྲོད་ཀྱི་ཆས་བརྒྱད་བཀོན་ནས་དཔལ་ཆེན་པོ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་དབང་བསྒྱུར་བར་མོས་ཤིག །ཧཱུྃ༔ དཔལ་ཆེན་ལྷ་དང་སྐལ་མཉམ་ཕྱིར༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ བརྒྱན་པས་ཚོགས་བརྒྱད་རྣམ་དག་ཅིང༔ སྟོབས་བཅུའི་ཡོན་ཏན་ཡོངས་རྫོགས་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཨཱ་ལངྐ་ར་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ༔ ཞེས་ཆས་རྣམས་ཀྱིས་བརྒྱན་ཚུལ་བྱ། དེ་དག་ནི་ཕྱི་དབང་རྫས་ལ་བརྟེན་པའི་དབང་ངོ་། །གཉིས་པ་ནང་དབང་ལུས་ལ་བསྟེན་ཏེ་བསྐུར་བ་ལ། དཀྱིལ་འཁོར་དགུ་ཡི་ལྷ་ཚོགས་སོ་སོ་ལས་ལྷ་གཉིས་པ་རེ་བྱོན། སློབ་མའི་ལུས་ཀྱི་གནས་སོ་སོར་ཐིམ་པས་ལྷ་དེ་དང་དེ་ཡི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ཤིག །ཆེ་མཆོག་གི་སྐུ་སྤྱི་བོར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ གནམ་ཞལ་ཡུམ་དང་གཉིས་མེད་འཁྲིལ༔ ཡོན་ཏན་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ གཤིན་རྗེའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད༔ བཻ་ཏ་ཛ་ཊཱི་གཉིས་མེད་འཁྲིལ༔ གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་ཧྲཱིཿཥྚཱི་ཝཱི་ཀྲི་ཏཱ་ན་ན་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རྟ་མགྲིན་མགྲིན་པར་བཞག་ལ། ཧཱུྃ༔ དཔལ་ཆེན་རྟ་མགྲིན་དབང་གི་ལྷ༔ ཨེ་ཀ་ཛ་ཊཱི་ཡུམ་དང་འཁྲིལ༔ དབང་ཆེན་ལྷ་ཚོགས་འཁོར་དང་བཅས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གསུངས་དབང་ལྷུན་རྫོགས་ཐོབ་པར་ཤོག༔ ཨོཾ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཡང་དག་སྙིང་གར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཀྲོ་དྷཱི་ཤྭ་རཱི་ཡུམ་དང་འཁྲིལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཐུགས་མཆོག་ཡེ་ཤེས་ལྔ་རྫོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཕུར་པ་ལྟེ་བར་བཞག་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་ལོ་རྒྱས་འདེབས་གཉིས་མེད་འཁྲིལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ ཕྲིན་ལས་ལྷུན་རྫོགས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བླ་མེད་ཧེ་རུ་ཀ་གསང་བར་བཞག་སྟེ། ཧཱུྃ༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ ཀུན་བཟང་དབྱིངས་ཕྱུག་གཉིས་མེད་འཁྲིལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མ་མོ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ཀྲོ་དྷཱི་ཤྭ་རཱི་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ རིག་འཛིན་སྤྱི་བོར་བཞག་སྟེ། ཧཱུྃ༔ རིག་འཛིན་ཐོད་པ་རྩལ་ལ་སོགས༔ བརྒྱུད་པ་རྩ་བའི་བླ་མ་རྣམས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ མཐུ་དང་བྱིན་རླབས་ཕུན་ཚོགས་ཤོག༔ ཨོཾ་བཛྲ་གུ་རུ་སརྦ་ཡོ་གི་ནཱི་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དྲེགས་འདུལ་པུས་མོ་གཡས་པར་བཞག་སྟེ། ཧཱུྃ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་ནི༔ ཁམས་གསུམ་སྤྱི་འདུལ་གཉིས་མེད་འཁྲིལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ དྲེགས་པ་དབང་དུ་སྡུད་པར་ཤོག༔ སརྦ་རུ་དྲ་ཧྲཱིཾ་ཧྲཱིཾ་ཛཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྟོབས་ལྡན་པུས་མོ་གཡོན་དུ་བཞག་སྟེ། ཧཱུྃ༔ བཅོམ་ལྡན་སྟོབས་ལྡན་ནག་པོ་ནི༔ འབྱུང་ལྔའི་བདག་མོ་གཉིས་མེད་འཁྲིལ༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ བསྟན་པའི་དགྲ་བགེགས་སྒྲོལ་བར་ཤོག༔ སརྦ་དུཥྚཱན་ཨེ་ཛ་བྷྱོཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ བྱ་ཁྱུང་དཀར་ནག་དཔུང་པ་གཡས་གཡོན་དུ་བཞག་ལ། ཧཱུྃ༔ ཀླུ་འདུལ་བྱ་ཁྱུང་ག་རུ་ཊ༔ ཐབས་ཤེས་དཀར་ནག་རྣམ་པ་གཉིས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གདུག་པ་མ་ལུས་འདུལ་བར་ཤོག༔ ཁྲོཾ་ག་རུ་ཌ་ཧཱུྃ་ཕཊཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ལྷ་ཚོགས་རྣམས་གནས་སོ་སོར་བསྟིམས་པས་སྒྲུབ་སྡེ་དགུའི་སྐུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགག་མེད་སྣང་སྟོང་ཆུ་ཟླའི་གར་བཞིན་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེའི་རྗེས་འབྲེལ་དུ་བཟླས་ལུང་འབོགས་པ་ནི། བླ་མ་དཔལ་ཆེན་ཧེ་རུ་ཀའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རྣམས་སྒྲ་དང་བཅས་པ་འོད་འཕྲོ་བཞིན་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་ལ་ཐིམ་པར་མོས་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ལན་གསུམ་རེ་བྱ། དེ་དག་གིས་དཔལ་ཆེན་པོའི་གསུང་སྔགས་ཀྱི་རྣམ་པ་ཐམས་ཅད་པས་བསྙེན་སྒྲུབ་ལས་སྦྱོར་མཐའ་དག་ལ་དབང་ཞིང་། གྲགས་སྟོང་བྲག་ཅ་ལྟ་བུར་སྤྱོད་པའི་མཐུ་ཐོབ་པ་ཡིན་ནོ། །དེ་དག་ནི་ནང་ལྷ་ཡི་དབང་ངོ་། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱོར་ལམ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་དབང་བསྐུར་བ་ནི། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་ཞུ་བ་མཁའ་གསང་ལས་ཕྱུངས་ཏེ་ཐོད་པའི་ཛ་གད་དང་ལྷན་ཅིག་པར་ལྕེ་ལ་བསྟིམས་པའི་མོས་པ་བརྟན་པོ་མཛོད་ཅིག །ཧཱུྃ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་སཱུ་ཁ་ཨ་བྷི་ཥིཉྩ་ཨ་བཻ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་པ་དེ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ཡེ་ཤེས་ཀྱི་ངོ་བོར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སཱུ་ཁ༔ ཞེས་མྱངས་པས། ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་དང་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་བླ་མ་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་གསལ་སྟོང་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་ལ་དབང་། མཐོང་ལམ་ས་དང་པོའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། མཚན་ཉིད་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་གཏད་པར་མོས་ཤིག །ཧཱུྃ༔ རིགས་ཀྱི་མཚན་ཉིད་ཀུན་རྫོགས་པའི༔ ཕྱག་རྒྱ་མཆོག་འདི་བསྟེན་པར་གྱིས༔ འཁོར་ལོ་བཞིའི་དབྱིངས་དབབ་བཟུང་གིས༔ བདེ་ཆེན་དེ་ཉིད་རྟོགས་པར་གྱིས༔ ཨ་ཧོ་སཱུ་ཁ་བྷཉྫ་མོཀྵ་ཧོ༔ ཞེས་གཏད་ནས། སློབ་མ་ཆེ་མཆོག་ཧེ་རུ་ཀ་དང་ལས་རྒྱ་གནམ་ཞལ་དབྱིངས་ཕྱུག་མར་གསལ་བའི། མཁའ་གསང་རྡོ་རྗེའི་ལྟེ་བ་དང་པདྨའི་ཟེའུ་འབྲུར་ཧཱུྃ་གིས་མཚན་པ་མཉམ་པར་སྦྱོར་བའི་འདོད་ཡོན་ལྔས་སིམས་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་རོལ་པས་བྱང་སེམས་གཡོས་ཏེ་འཁོར་ལོ་བཞིའི་གནས་སུ་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱངས་པ་ལས། སླར་ཡང་ཧཱུྃ་གིས་སྦྱོར་བས་ཡུམ་གྱི་དྭངས་མ་དང་ལྷན་ཅིག་གྱེན་དུ་དྲངས། ལུགས་ལྡོག་གི་དགའ་བཞི་རིམ་གྱིས་སྤྱི་བོར་བརྟན་པ་ལས་སོ་སོ་རང་རིག་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་ཞོག་མཛོད། དེ་ལྟར་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ནི། དྭངས་གསལ་མན་ཤེལ་གྱི་བརྡ་ལ་བརྟེན་ནས། སྔར་ཤེར་དབང་གི་དུས་སུ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་མཚོན་པར་གྱིས་ལ་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་ཞོག་མཛོད། མན་ཤེལ་ཕྱར་ཏེ། ཧཱུྃ༔ སེམས་ཉིད་གནས་ལུགས་སྤྲོས་དང་བྲལ༔ རིག་སྟོང་ཟུང་འཇུག་ཡེ་ཤེས་ཆེ༔ གཉིས་མེད་འཛིན་བྲལ་ཆོས་ཀྱི་སྐུ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨ༔ ཞེས་པས་སེམས་ཀྱི་གཤིས་གང་དུ་ཡང་མ་གྲུབ་པའི་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད། གདངས་འགག་མེད་བདེ་བ་ཆེན་པོའི་རྣམ་རོལ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ། སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ངོ། །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་བདེ་བ་ཆེན་པོ་བརྗོད་བྲལ་དུ་རྟོགས། ལམ་རང་བྱུང་གི་ཡེ་ཤེས་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་མངོན་སྤྱོད་བསྒྲལ་བ་དྲག་པོ་ཕྲིན་ལས་ཀྱི་དབང་བསྐུར་བ་ནི། དེའང་བསྒྲལ་ལས་ཐམས་ཅད་ཀྱི་མཐར་ཐུག་རྟོགས་པས་བདག་བསྒྲལ་བ་དང་། ཐུགས་རྗེས་གཞན་སྒྲོལ་བ་གཉིས་སུ་འདུ་བས། དང་པོ་རྟོགས་པས་བདག་བསྒྲལ་བ་ནི། རང་རྒྱུད་ཀྱི་མ་རིག་པ་ངའམ་བདག་ཏུ་འཛིན་པ་འདི་ཁམས་གསུམ་འཁོར་བའི་རྩ་བ་ཡིན་ཞིང་། བྱང་ཆུབ་ཐོབ་ཏུ་མི་སྟེར་བའི་གེགས་བྱེད་འདི་ཁོ་ན་ཡིན་ལ། འདི་ཉིད་རིག་པ་ཡེ་ཤེས་ཀྱི་ཕུར་བུ་སྐུ་གསུམ་དབྱེར་མེད་ཀྱི་དབལ་དང་ལྡན་པས་ཆོས་ཉིད་གནས་ལུགས་ཀྱི་ཧོམ་ཁུང་དུ་མ་བཅོས་མཉམ་པ་ཉིད་ཀྱི་ཏིང་འཛིན་གྱིས་བསྒྲལ་པས་གཉིས་སྣང་གི་རྟོག་པ་ཟད་པ་འདི་དོན་ཆོས་ཉིད་ཀྱི་བསྒྲལ་ཚུལ་ཡང་ཡིན་པས་བསྒྲལ་ལས་ཐམས་ཅད་ཀྱི་ཐོག་མར་གནད་དུ་ཐེབས་དགོས། དེ་ལ་རང་དབང་ཐོབ་ནས་ཐུགས་རྗེས་གཞན་སྒྲོལ་བ་ལ་སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན། སྒོས་ལོག་རྟོག་གདུག་པ་ཅན་གྱི་གདུལ་བྱ་རྣམས་ལ། ཞེ་སྡང་ཁོང་ཁྲོ་གནོད་སེམས་མ་ཡིན་པར་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། ལྟ་བའི་རྫོང་ལ་གཞི་བཅའ། སྒོམ་པའི་འཕྲང་གིས་གནད་བཟུང་། སྤྱོད་པའི་སྲོག་གིས་མན་ངག་གཏན་ལ་ཕབ་ནས། ལོག་སྤྱོད་སྐྱེ་འགྲོ་རྣམས་ལས་ངན་གྱི་རྒྱུན་བཅད། ཚོགས་གཉིས་ཀྱི་ས་བོན་བསྐྲུན་ནས་ཐབས་མཁས་ཀྱི་ཆོ་གས་བྱང་ཆུབ་སྙིང་པོར་སྦྱོར་བ་ལ་རྟགས་ཆོ་གས་སྒྲོལ་བ་ཞེས་བྱའོ། །དེ་ལྟ་བུའི་གནད་དོན་ངེས་པའི་ངང་ནས་ལས་ཕུར་འདི་ཉིད་ཁྲོ་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་རྣམ་པ་ཅན་མཐིང་ནག་ཕུར་བུ་བསྒྲིལ་བ། ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བའི་ཕུར་པ་དབལ་གསུམ་དུས་མེའི་ཚྭ་ཚྭ་འཕྲོ་བའི་རང་བཞིན་དུ་གསལ་བ་ལག་ཏུ་གཏད་ཅིང་ཕྱོགས་བཅུར་འདྲིལ་བ་ཙམ་གྱིས། མ་རུངས་གདུག་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་ཅིང་རྣམ་ཤེས་བདེ་ཆེན་དུ་སྐྱེལ་ནུས་པའི་མཐུ་དབང་ཐོབ་པའི་མོས་པ་མཛོད་ཅིག །ལས་ཕུར་གཏད་ལ། ཧཱུྃ༔ ཁྲོ་ཆེན་སྟོབས་འདུལ་ཀཱི་ལ་ཡ༔ དྲག་པོ་ཁྲག་འཐུང་ཐམས་ཅད་རྫོགས༔ དགྲ་བགེགས་སྙིང་ལ་གཟིར་བ་ཡིས༔ ཕྲིན་ལས་མ་ལུས་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ སྤྲོ་ན་ལྕགས་ཧོམ་དུ་ལིངྒ་བཀོད་ལ་འགུགས་པ་ཕུར་གདབ་སོགས་སྤྱི་ལྟར་བྱ། དེ་ལྟར་དབང་བསྐུར་པས་ཁམས་གསུམ་གྱི་སེམས་ཅན་དུག་གསུམ་གྱིས་རྒྱུད་དཀྲུགས་པས་ངན་སོང་གསུམ་དུ་འཁྱམས་པ་ཐམས་ཅད། སྙིང་རྗེ་ཆེན་པོ་ཞེ་སྡང་དུ་ཤར་བས་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བ་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་དབང་བར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་དབང་དེ་དག་ཐོབ་པའི་ཕན་ཡོན་ནི། གཞུང་ལས། བླ་མ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་བདག་ཉིད་ཆེན་པོར་འགྱུར༔ ཞེས་གསུངས་པས་དགའ་སྤྲོ་རྒྱ་ཆེན་པོ་བསྐྱེད་པར་མཛོད་ཅིག །ཅེས་སྤྲོ་བ་བསྐྱེད། ཤིས་པ་བརྗོད། དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་སྨིན་བྱེད་དོན་གྱི་དབང་མཆོག་གྲུབ་པ་ཡིན་པས་དེ་དག་གི་སྐབས་སུ་ཞལ་གྱིས་བཞེས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་སྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། མཎྜལ། ལུས་འབུལ། སྨོན་ལམ་བཅས་བྱས་ལ་སློབ་མ་རྣམས་གྲོལ། ལྷག་མ་ནས་བཟུང་རྗེས་རིམ་སྤྱི་ལྟར་བྱའོ། །ཟབ་གཏེར་གསང་བ་ཀུན་གྱི་སྙིང། །བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི། །སྨིན་ལམ་སྒོ་འཕར་ལེགས་ཕྱེས་པས། །འགྲོ་ཀུན་ཧེ་རུ་ཀ་འགྲུབ་ཤོག །ཅེས་ལོང་པོ་བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་ལས་བྱང་གཏེར་མཛོད་དཀྱུས་སུ་སྔར་ནས་བཞུགས་ཤིང་འཇམ་མགོན་རིན་པོ་ཆེས་སྒྲུབ་ཆེན་མཛད་པའི་ལོ་རྒྱུས་རྣམ་ཐར་དུ་གསལ་ཡང་། དབང་རྒྱུན་མི་བཞུགས་པ་ཕྱིས་སུ་འདི་ཉིད་ཀྱི་དབང་ཆེན་དཔེ་རྙིང་ཁུངས་དག་ཞིག་ཐོབ་པ་ཁྱབ་བདག་འཇམ་པའི་རྡོ་རྗེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེར་སྤྱན་འབེབ་ཀྱིས་དབང་བསྩལ་གྲུབ་གསོལ་བ་བཏབ་པས། དོན་དབང་འདི་ཉིད་དགྱེས་བཞིན་བསྩལ་ཏེ་ཁྱོད་ནས་ཁྲིགས་བསྡེབས་གྱིས་ཞེས་རྡོ་རྗེའི་བཀའ་ལུང་བསྩལ་བ་བཞིན། འཕགས་ཡུལ་དུ་གཏེར་མཛོད་སྤར་གསར་བསྐྲུན་སྐབས་རྙིང་སྔགས་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས། དབང་ཚིག་གཏེར་གཞུང་ལ་བཀླག་ཆོག་ཁྲིགས་བསྡེབས་དང་བཅས་རིན་གཏེར་ཁ་སྐོང་དུ་བཞུགས་སུ་གསོལ་བས་གསང་ཆེན་བསྟན་པའི་སྙིང་པོའི་ཞབས་ཏོག་ཏུ་འགྱུར་བར་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ སྨེ་བ་བརྩེགས་པའི་སྒྲུབ་ཐབས་ཉམས་གྲིབ་ཀུན་སེལ་ (Volume 47, Text 38)
ྈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ སྨེ་བ་བརྩེགས་པའི་སྒྲུབ་ཐབས་ཉམས་གྲིབ་ཀུན་སེལ་བཞུགས་སོ༔ ཐུན་མོང་ཉམས་གྲིབ་ཀྱི་བར་ཆད་སེལ་བ། ྈྈྈ ཨེ་མ་ཧོ༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས༔ མི་གཙང་ཉམས་གྲིབ་དག་ལ་འཛེམ༔ གལ་ཏེ་གྲིབ་ཀྱིས་ཕོག་གྱུར་ན༔ བདག་ཉིད་པདྨ་ཐོད་ཕྲེང་གི༔ ཕྱག་གཡོན་བུམ་པའི་ཆོ་འཕྲུལ་ལས༔ ཕྱག་རྒྱ་རྟགས་ཀྱི་སྐུར་སྣང་བ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ སྨེ་བ་བརྩེགས་པ་བསྒོམ་པར་བྱ༔ ས་མ་ཡ༔ སྐྱབས་སེམས་ཚོགས་གསག་སྔོན་འགྲོ་བས༔ ཨོཾ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ འཁོར་འདས་ཆོས་ཀུན་ཀ་དག་ངང༔ རིག་པའི་ཡེ་ཤེས་ཧཱུྃ་སྔོན་པོ༔ འགག་མེད་མཁའ་ལ་འཇའ་ལྟར་ཤར༔ ཟུང་འཇུག་ཐུགས་རྗེའི་ཆོ་འཕྲུལ་ལས༔ རྡོ་རྗེ་གསུམ་གྱི་ཡི་གེར་གྱུར༔ ཨོཾ་ལས་རྣམ་པར་སྣང་མཛད་ཀྱི༔ རང་བཞིན་གཞལ་མེད་ཁང་ཆེན་དབུས༔ ཨཱཿལས་སྣང་བ་མཐའ་ཡས་པའི༔ ཡེ་ཤེས་རིག་རྩལ་པད་ཉིའི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ མི་བསྐྱོད་ཁྲོ་རྒྱལ་སྨེ་བ་བརྩེགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཤུལ་ཁྲོས་པའི་གཟི་བྱིན་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་འཇིགས་པའི་ལྟ་སྟངས་ཅན༔ དབུ་སྐྲ་གྱེན་བརྫེས་རྡོ་རྗེའི་ཏོག༔ རྡོ་རྗེའི་ཐོད་རིམ་ཉིས་བརྩེགས་བཅིངས༔ དྲག་པོའི་སྡིགས་མཛུབ་ཐུགས་ཀར་བསྣོལ༔ རིན་ཆེན་སྦྲུལ་དང་དུར་ཁྲོད་ཆས༔ རྡོ་རྗེའི་ཕྲེང་བའི་དོ་ཤལ་འཕྱང༔ ཡེ་ཤེས་མེ་ཕུང་ཆེར་འཁྲུགས་ཀློང༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསམ༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཁྲོ་བོའི་རྒྱལ༔ སྨེ་བ་བརྩེགས་པ་དབྱིངས་ནས་བཞེངས༔ མི་གཙང་ཉམས་གྲིབ་སྦྱོང་བའི་ཕྱིར༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨུ་ཙུཥྨ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ཨོཾ་བཛྲ་ཨརྒྷཾ་སོགས༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཁྲོ་བོའི་རྒྱལ་པོ་འཆོལ་བ་ཆེ༔ སངས་རྒྱས་ཀུན་ཀྱི་བྱིན་རླབས་བདག༔ ཉམས་གྲིབ་འཇོམས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་ནག༔ མཐའ་སྐོར་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས༔ གྲིབ་དང་མི་གཙང་ཀུན་བསྲེགས་བསམ༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ རྩ་བའི་བསྙེན་སྔགས་འབྲུ་དགུ་པོ༔ འབུམ་ཕྲག་གསུམ་གྱིས་ལས་ཀུན་བྱེད༔ དེ་ནས་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་སྒྲིབ་སྦྱངས་རྩ་གསུམ་ལྷའི༔ བྱིན་རླབས་བསྡུས་ཏེ་རང་ལ་ཐིམ༔ ནུས་པ་མཆོག་ཏུ་བསྐྱེད་པར་བསམ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ འབུམ་ཕྲག་གཅིག་གིས་ནུས་པ་སྨིན༔ ལས་སྦྱོར་འདི་བཏགས་ཁྲི་བཟླས་སོ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ༔ རྨི་ལམ་ཉི་ཟླ་ཤར་བ་དང༔ ཁྲུས་བྱས་གོས་དཀར་གཙང་མ་གྱོན༔ ལུས་ལས་རྣག་ཁྲག་སྲོག་ཆགས་ཐོན༔ དེ་སོགས་ཉམས་གྲིབ་དག་པའི་ལྟས༔ ཐུན་མཐར་མཆོད་བསྟོད་རིག་པའི་ལྷ༔ དབྱིངས་སུ་བསྡུ་ཞིང་སླར་ཡང་ལྡང༔ རྫོགས་རིམ་སྙིང་གར་འབར་བའི་ཧཱུྃ༔ མར་མེ་ལྟ་བུར་སེམས་བཟུང་སྟེ༔ དེ་ལ་ཅུང་ཟད་ཟིན་པ་ན༔ མེ་འབར་ལུས་དང་གནས་ཁང་དང༔ རིམ་གྱིས་ཡུལ་ཁམས་སྟོང་གསུམ་ཚུན༔ ཡེ་ཤེས་མེ་ཕུང་གཅིག་ཏུ་གྱུར༔ རང་ལུས་ཉིད་ཀྱང་མེ་རུ་འབར༔ མེ་ལྕེའི་དབུས་ནས་ཧཱུྃ་གི་སྒྲ༔ མཁའ་ལས་འབྲུག་གི་གདངས་ལྟར་བསམ༔ ཉམས་གྲིབ་མི་གཙང་མིང་མེད་སྦྱངས༔ སླར་ཡང་ཧཱུྃ་གི་བར་དུ་འདུས༔ དེ་ཡང་རིམ་ཡལ་ཀ་དག་ངང༔ འོད་གསལ་གཉུག་མའི་དགོངས་པ་བསྐྱང༔ རྗེས་ཐོབ་སྣང་སྟོང་ལྷ་སྐུར་བཞེངས༔ དེ་ལྟར་ཡང་ཡང་གོམས་པ་ལས༔ རྩོལ་མེད་ངང་གིས་འཆར་བ་ན༔ སྟོང་གསུམ་གང་བའི་གྲིབ་ཀྱིས་ཀྱང༔ མི་ཆོད་མི་ཤིགས་འགྱུར་བ་མེད༔ ཡང་ཟབ་རྩ་བའི་ཏིང་འཛིན་ནོ༔ ས་མ་ཡ་ཧཱུྃ་ཨ་རྒྱ་རྒྱ༔ སློབ་མ་རྗེས་འཛིན་ཆོ་ག་ནི༔ དཀྱིལ་འཁོར་སྒྲུབ་རྫས་ཚོགས་པ་ན༔ བསྐྱེད་བཟླས་བྱ་ཞིང་སྣོད་ལྡན་རྣམས༔ ཁྲུས་ནས་ཕྱུངས་ཤིང་བགེགས་བསལ་ཏེ༔ མཎྜལ་དང་བཅས་གསོལ་འདེབས་གཞུག༔ ཐུགས་རྗེའི་མངའ་བདག་སློབ་དཔོན་གྱིས༔ བདག་ཅག་ཉམས་གྲིབ་སྦྱོང་བ་དང༔ ཡེ་ཤེས་དངོས་གྲུབ་འཐོབ་བྱའི་ཕྱིར༔ ཁྲོ་རྒྱལ་ཆེན་པོའི་དབང་བསྐུར་སྩོལ༔ རྒྱུད་སྦྱངས་བུམ་པའི་བདུད་རྩིས་བཀྲུ༔ ཧཱུྃ༔ ཆོས་ཉིད་མཐུ་ལས་བྱུང་བ་ཡི༔ བཀྲ་ཤིས་བུམ་པའི་གཞལ་ཡས་སུ༔ རྒྱལ་བ་ཀུན་གྱི་ཐུགས་རྗེས་སྤྲུལ༔ ཡེ་ཤེས་སྨེ་བ་བརྩེགས་པ་ཤར༔ བྱང་ཆུབ་སེམས་སུ་ཞུ་བའི་བཅུད༔ དབྱིངས་ཡེ་ཟུང་འཇུག་བདུད་རྩིའི་ཆུས༔ སྐལ་ལྡན་རྣམས་ལ་ཁྲུས་བགྱིས་པས༔ མཉམ་དང་མི་མཉམ་རྣམ་རྟོག་བཀྲུས༔ མ་རིག་དྲི་མ་རབ་སྦྱངས་ནས༔ དག་པ་ཡེ་ཤེས་སྐུ་འགྲུབ་ཤོག༔ རྩ་སྔགས་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་པས་བཀྲུ་ཞིང་འཐོར་འཐུང་བྱ༔ བདུད་རྩིའི་རྒྱུན་གྱིས་ལུས་གང་བས༔ གྲིབ་དང་མི་གཙང་ཐམས་ཅད་བྱང༔ སློབ་མ་སྨེ་བརྩེགས་དམ་ཚིག་སེམས༔ སྣང་སྟོང་དབྱེར་མེད་སྐུ་རུ་བསམ༔ ཡེ་ཤེས་སྐུ་ནི་སྤྱི་བོར་བསྟིམ༔ ཨོཾ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ༔ རྒྱལ་བ་ཀུན་གྱི་ཕྱག་རྒྱ་འདིས༔ སྣང་སྟོང་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་ལུང་བྱ་ཞིང་བགྲང་ཕྲེང་གཏད༔ ཨཱ༔ བདེ་གཤེགས༴ གཅིག་ཏུ་བསྡུས་པའི་ཡེ་ཤེས་གསུང༔ རྒྱལ་བ་ཀུན་གྱི་གསང་བ་འདིས༔ གྲགས་སྟོང་གསུང་གི༴ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་རྩེ་ལྔ་སྙིང་ཁར་བསྟིམ༔ ཧཱུྃ༔ བདེ་གཤེགས༴ གཅིག་ཏུ་བསྡུས་པའི་ཡེ་ཤེས་ཐུགས༔ རྒྱལ་བ་ཀུན་གྱི་དགོངས་པ་འདིས༔ རིག་སྟོང་ཐུགས་ཀྱི༴ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ལྷར་གསལ་བྱིན་གྱིས་བརླབ༔ ཧཱུྃ་ཧྲཱི༔ བདེ་གཤེགས༴ གཅིག་ཏུ་བསྡུས་པའི་གསང་བ་གསུམ༔ སྨེ་བ་བརྩེགས་པར་གཉིས་སུ་མེད༔ དམ་གྲིབ་ཉམས་པའི་ཚོགས་འཇོམས་ཤིང༔ འོད་གསལ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་དང༔ དབྱེར་མེད་ཕྲིན་ལས་ཡོངས་རྫོགས་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་བསྟིམ་བརྟན་པར་བྱ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་སྤྱད༔ དབང་འདི་གང་གིས་ཐོབ་ཙམ་གྱིས༔ ཉམས་གྲིབ་མི་གཙང་གདུང་བ་ཀུན༔ ཉི་མ་ཤར་བས་མུན་སངས་ལྟར༔ སྐད་ཅིག་ཉིད་ལ་ཞི་བར་འགྱུར༔ ས་མ་ཡ༔ དེ་ནས་ལས་ཀྱི་སྦྱོར་བ་ལ༔ ཉམས་གྲིབ་ས་ལ་མནན་པ་ནི༔ རྫ་ཡི་གྭ་འུ་ཟུར་གསུམ་ནང༔ ཉམས་པ་ཅན་གྱི་རྫས་ཀུན་བཅུག༔ ཉམས་གྲིབ་ཐམས་ཅད་དེ་ལ་བསྟིམ༔ གོ་གསུམ་ཐལ་བས་རྒྱས་གདབ་ནས༔ མཆོད་རྟེན་ནག་པོའི་འོག་ཏུ་མནན༔ རང་ཉིད་དེ་སྟེང་ཁྲུས་བྱ་ཞིང༔ ཕྱོགས་མཚམས་བསྐོར་ལ་རྟ་བྲོ་བརྡུང༔ ཉམས་གྲིབ་ཐམས་ཅད་རྒྱུན་གཅོད་ཅིང༔ སླར་ཡང་ལྡང་བ་མེད་པར་འགྱུར༔ ས་མ་ཡ༔ ཉམས་གྲིབ་ཁྲུས་ཀྱིས་སྦྱོང་བ་ནི༔ རིན་ཆེན་བུམ་པ་ཆས་ལྡན་ནང༔ ལྔ་ཚན་ལྔ་ཡི་བཅུད་དང་ནི༔ རིལ་བུའི་རྫས་ཀྱི་ཆུས་བཀང་ལ༔ མཆོད་པས་བསྐོར་ཞིང་མདུན་དུ་བཞག༔ སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ཡིག་ཡོངས་གྱུར་བུམ་པ་ནི༔ མཚན་རྫོགས་བཅུད་ཀྱིས་གང་བའི་དབུས༔ པད་ཉིའི་གདན་ལ་སྐད་ཅིག་གིས༔ ཧཱུྃ་ལས་ཁྲོ་རྒྱལ་སྨེ་བ་བརྩེགས༔ འཁོར་དུ་འབྱུང་ལྔའི་དག་བྱེད་ཀྱི༔ ལྷ་མོ་དཀར་སེར་དམར་ལྗང་མཐིང༔ བདུད་རྩིའི་བུམ་པ་བསྣམས་པའི་ཚོགས༔ དཔག་མེད་སྤྲིན་ལྟར་འཕྲོ་བར་གསལ༔ བྱིན་རླབས་སྤྱན་འདྲེན་དགུག་གཞུག་བཅིངས༔ མཆོད་བསྟོད་བྱ་ཞིང་གསོལ་བ་གདབ༔ བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ཡིས༔ བདག་གི་སྡིག་སྒྲིབ་ཉེས་ལྟུང་དང༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཞིང་དག་པར་བྱིན་གྱིས་རློབས༔ རང་ཉིད་ལྷར་གསལ་ཐུགས་ཀ་ནས༔ སྔགས་ཕྲེང་སྒྲ་དང་བཅས་པ་འཕྲོས༔ བུམ་པའི་ལྷ་ཡི་ཐུགས་ཀར་ཕོག༔ གཉིས་མེད་ཡེ་ཤེས་རྒྱུད་བསྐུལ་ཏེ༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུས༔ བུམ་པ་ཡོངས་སུ་གང་བར་བསམ༔ བསྙེན་སྒྲུབ་ལས་ཀྱི་སྔགས་ཤམ་དུ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ༴ རཾ་ཧོ༴ བཾ་ཧོ༴ ལཾ་ཧོ༴ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཏགས་སྟོང་ཕྲག་ལ་སོགས་བསྙེན༔ ཐུན་མཚམས་མཆོད་བསྟོད་འོད་ཞུ་བྱ༔ བསྒྲུབ་བྱ་མདུན་དུ་འཁོད་པ་ལ༔ ཐོག་མར་བུམ་པའི་བདུད་རྩིས་བཀྲུ༔ ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཡེ་ཤེས་ཁྲོ་རྒྱལ་བདུད་རྩིའི་ཆུས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིས་པས༔ མི་གཙང་དྲི་མ་ཀུན་བྱང་ཤོག༔ སྔགས་མཐར་དམ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དམེ་གྲིབ་ཐམས་ཅད༴ ཉམས་གྲིབ་ཐམས་ཅད༴ མཁོན་གྲིབ་ཐམས་ཅད༴ ཟས་གྲིབ་ཐམས་ཅད༴ གོས་གྲིབ་ཐམས་ཅད༴ གནས་གྲིབ་ཐམས་ཅད༴ གདོན་གྲིབ་ཐམས་ཅད༴ འགོས་གྲིབ་ཐམས་ཅད༴ ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨ་བྱའི་སྒྲོ་དང་ཀུ་ཤས་བྱབ༔ ཧོ༔ རིག་པ་ཆེན་པོའི་བྱིན་རླབས་ཀྱིས༔ གྲིབ་དང་མི་གཙང་ལ་སོགས་པ༔ འགལ་རྐྱེན་བར་དུ་གཅོད་པ་ཀུན༔ རང་བཞིན་མེད་པར་དག་གྱུར་ཅིག༔ སྔགས་ཤམ་མཐར་ཨ་པ་ན་ཡེ་སྭཱ་ཧཱ༔ རྡོ་རྗེ་གནས་གསུམ་བཞག་ཅིང་བསྲུང༔ ཧཱུྃ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ སྨེ་བ་བརྩེགས་པའི་གསང་གསུམ་གྱིས༔ སྒོ་གསུམ་རྡོ་རྗེར་བྱིན་བརླབས་པས༔ དེང་ནས་རྟག་ཏུ་བསྲུང་གྱུར་ཅིག༔ སྔགས་མཐར༔ བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཾ༔ ལུས་ལ་རྡོ་རྗེའི་གོ་བགོས་བསམ༔ ནམ་མཁའ་མེད་པར་གྱུར་ན་སོགས།་་་བདེན་པའི་སྟོབས་དང་༼བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས།་་་བཀྲ་ཤིས་བརྗོད༔ ཟླ་བ་གཟའ་ལས་གྲོལ་བཞིན་དུ༔ གྲིབ་དང་མི་གཙང་ཀུན་ལས་ཐར༔ ས་མ་ཡ༔ ཉམས་གྲིབ་མེ་ཡིས་བསྲེག་པ་ནི༔ ཐབ་དང་རྫས་རྣམས་འདུ་བྱས་ལ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མིག་ནི་གྱེན་བལྟས་ཧཱུྃ་བརྗོད་པས༔ བདེ་གཤེགས་སྲས་བཅས་བྱིན་རླབས་ཀུན༔ ཧཱུྃ་གི་རྣམ་པས་ནམ་མཁའ་གང༔ གཅིག་ཏུ་འདུས་ནས་ཧཱུྃ་དུ་གྱུར༔ དེ་ཉིད་ས་གཞིར་བབས་པ་ལས༔ སྨེ་བ་བརྩེགས་པའི་སྐུ་རུ་གྱུར༔ ཐུགས་ཀའི་ཧཱུྃ་ལས་མེ་འབར་བས༔ འཇིག་རྟེན་ཁམས་ཀུན་བསྲེགས་ཤིང་སྦྱངས༔ ཁྲོ་བོ་འོད་ཞུ་ཨོཾ་ཨཱཿཧཱུྃ༔ ཨོཾ་ལས་ཁོར་ཡུག་ཤེལ་གྱི་གཞི༔ ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར༔ ཨཱཿལས་དཔག་ཚད་ཁྱབ་པའི་ཐབ༔ དཀར་གསལ་ཚད་དང་མཚན་ཉིད་རྫོགས༔ ཧཱུྃ་ལས་ཁྲོ་བོའི་རང་བཞིན་གྱི༔ འབར་བ་མེ་ཡི་དཀྱིལ་འཁོར་དབུས༔ མེ་ཡི་དྭངས་བཅུད་འདུས་པའི་དངོས༔ རཾ་ལས་མེ་ལྷ་སྐུ་མདོག་དཀར༔ ཕྱག་གཉིས་སྐྱབས་སྦྱིན་བགྲང་ཕྲེང་འཛིན༔ རིན་ཆེན་རྒྱན་ལྡན་ར་སྐྱེས་འཆིབ༔ འབར་བའི་ཀློང་ན་དྲང་སྲོང་ཚོགས༔ འབུམ་ཕྲག་ཡངས་པས་བསྐོར་བ་ཡི༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ མེ་ལྷ་འཁོར་བཅས་སྤྱན་དྲངས་བསམ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་འབྱུང་པོའི་རྒྱལ་པོ་ཆེ༔ ཨགྣི་རཱ་ཛ་འཁོར་དང་བཅས༔ མཆོད་སྦྱིན་བཞེས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨགྣི་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཕེཾ་ཕེཾ༔ ཡུངས་དཀར་བྲབ་ཅིང་རྡོ་རྗེ་གསོར༔ ཧཱུྃ་བཞིས་ཕྱིར་འབྲངས་བགེགས་བསྐྲད་དེ༔ མཆོད་ཡོན་ཕུལ་ལ་དམ་ཡེ་བསྲེ༔ ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ ཨོཾ་ཨགྣེ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས༔ དགང་བླུག་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེའི་ལྗགས་སྟེང་རཾ་དམར་པོས༔ བསྲེག་བླུག་བདུད་རྩི་དྲངས་ཤིང་གསོལ༔ མཉེས་ཚིམས་ཕྲིན་ལས་མཛད་པར་བསམ༔ ཧཱུྃ༔ རྣམ་དག་ཡེ་ཤེས་ཞལ་ཧོམ་དུ༔ རང་བཞིན་དག་པའི་བདུད་རྩིའི་ཚོགས༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ ཉམས་གྲིབ་སྦྱང་བའི་ཕྲིན་ལས་མཛོད༔ ཨོཾ་ཨགྣི་རཱ་ཛ་ཏིང་ངེ་འཛིན་ལ་དམ་གྲིབ་ཕོག་པ་དང་ཕོག་པའི་རྒྱུ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱོན་སྐྱེམས་སོ༔ ཨོཾ་ཨགྣི་རཱ་ཛ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡམ་ཤིང་ངོ༔ ཨོཾ་ཨགྣི་རཱ་ཛ་ཨགྣ་ཡེ་ཤྲཱིཾ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ༴ མར་ཁུའོ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་ལ༴ ཏིལ་ལོ༔ ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ༴ ཟས་མཆོག་གོ༔ ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ༔ བཀྲ་ཤིས་པ་ཕུན་སུམ་ཚོགས་པ་ལ༴ འབྲས་སོ༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཚེ་ཕུན་སུམ་ཚོགས་པ་ལ༴ དཱུརྦཱ་འོ༔ ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཕྱོགས་ལས་རྣམ་པར་རྒྱལ་བ་ཕུན་སུམ་ཚོགས་པ་ལ༴ སོ་བའོ༔ ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ༔ ཤུགས༴ ནས་སོ༔ ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས༴ སྲན་མ་དཀར་པོའོ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ སྲུང་བ༴ ཀུ་ཤའོ༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲོའོ༔ བརྒྱ་རྩ་ལ་སོགས་ཕུལ་བའི་མཐར༔ ཡུངས་དཀར་འཐོར་ཞིང་འདོད་དོན་གསོལ༔ ཧོ༔ དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བདག་ཅག་ལ་གྲིབ་དང་མི་གཙང་བ་དང་དམ་ཚིག་ཉམས་ཆག་གི་རྐྱེན་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་ལེགས་པའི་ལམ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༔ མེ་ཉིད་ཡེ་ཤེས་ཆེན་པོའི་མེར་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ མར་ཁུ་བླུག་གཟར་བཀང་སྟེ་ཕུལ༔ མེ་ལྷ་འབར་བའི་རྣམ་པའི་ཀློང༔ ཁྲོ་རྒྱལ་སྨེ་བ་བརྩེགས་པ་ལ༔ རྩ་གསུམ་རྒྱ་མཚོས་བསྐོར་བར་བསྐྱེད༔ བདུག་སྤོས་འཐུལ་ཞིང་དབྱངས་སྙན་པོས༔ ཧཱུྃ༔ ཆོས་ཉིད་དབྱིངས་ནས་སྐུར་བཞེངས་ཤིག༔ འགྲོ་དོན་དུས་ལ་ད་བབས་ཀྱིས༔ འཕགས་པའི་ཚོགས་བཅས་གཤེགས་སུ་གསོལ༔ བདག་གི་ལས་འདི་གྲུབ་པར་མཛོད༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ བྱོན་སྐྱེམས་ཕུལ་ལ་བཞུགས་གསོལ་ནི༔ ཧཱུྃ༔ བཀྲ་ཤིས་གནས་མཆོག་ཉམས་དགའ་བར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རིག་པ་ཡེ་ཤེས་ཕྱག་རྒྱའི་ལྷ༔ དགྱེས་ཤིང་ཕྲིན་ལས་མཛད་ཕྱིར་བཞུགས༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ སྒྲིབ་མེད་རོལ་པའི་སྐུ་གསུང་ཐུགས༔ སེམས་ཅན་ཁམས་ལ་རྗེས་བརྩེ་བས༔ གང་འདུལ་འགྲོ་བའི་དོན་མཛད་པའི༔ མགོན་པོ་ཁྱོད་ལ་བདག་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་ཅིང་དགང་བླུག་སྔར་བཞིན་ལ༔ ལྗགས་ལ་ཧཱུྃ་བསམ་བསྲེག་བླུག་འབུལ༔ དེ་ཡིས་རབ་ཏུ་མཉེས་ཤིང་ཚིམས༔ ཟླ་བ་ལྟ་བུའི་འོད་ཟེར་གྱིས༔ སྣོད་བཅུད་ཉམས་གྲིབ་ཀུན་སྦྱངས་བསམ༔ ལྷ་སྔགས་ཐ་མར་རྫས་སྔགས་སྤེལ༔ གྲངས་རྫོགས་ནས་ནི་གོས་ཟུང་དང༔ སོ་རྩི་ཕུལ་ཞིང་འདོད་དོན་གསོལ༔ ཧོ༔ བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཀྱིས༔ རང་གིས་ཉམས་དང་རྐྱེན་གྱིས་ཉམས༔ དམ་གྲིབ་ཕོག་པའི་ཉམས་པ་ཡིས༔ གནས་སྐབས་མཐར་ཐུག་ལེགས་ཚོགས་ལ༔ བར་དུ་གཅོད་པ་ཐམས་ཅད་ཀུན༔ ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་དང༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་གྱི༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི༔ ནུས་མཐུ་བསམ་གྱིས་མི་ཁྱབ་དང༔ ཁྱད་པར་བདེ་གཤེགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ བཅོམ་ལྡན་སྨེ་བ་བརྩེགས་པ་ཡི༔ བདེན་པའི་བྱིན་རླབས་ནུས་མཐུ་ཡིས༔ ཉམས་གྲིབ་ཟས་གྲིབ་གོས་ཀྱི་གྲིབ༔ གནས་གྲིབ་འགོས་གྲིབ་གདོན་གྱི་གྲིབ༔ དམེ་གྲིབ་ཡུགས་གྲིབ་ལ་སོགས་པ༔ གྲིབ་དང་མི་གཙང་རྒྱུར་བཅས་ཀུན༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེགས༔ ཆོས་ཉིད་རླུང་གིས་རྗེས་མེད་གཏོར༔ བྱང་སེམས་ཆུ་ཡིས་བག་ཆགས་བཀྲུས༔ འབྱུང་བ་ལྔ་ཡི་དབྱིངས་སུ་ཐིམ༔ ལྷག་མ་མེད་པར་དག་གྱུར་ཅིག༔ ཅེས་དང་ཁྲུས་ཀྱི་སྔགས་རྣམས་བཟླ༔ མེ་ཟེར་ཕྱོགས་མཚམས་ཀུན་ཏུ་གཏོར༔ བདག་གཞན་རྟེན་དང་བརྟེན་པ་ཡི༔ གྲིབ་དང་མི་གཙང་ལྷག་མེད་བསྲེགས༔ ཆོས་ཀྱི་དབྱིངས་སུ་དག་པར་བསམ༔ ལྷ་ལ་མཆོད་བསྟོད་ནོངས་པ་བཤགས༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་བསྡུ༔ སླར་ཡང་འབར་བ་མེ་ལྷ་བཞེངས༔ བསྲེག་བླུག་སྔར་བཞིན་ཕུལ་ནས་ཀྱང༔ མཆོད་གཏོར་འབུལ་ལ་ཕྲིན་ལས་གསོལ༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་གཟི་བརྗིད་ཅན༔ རྒྱལ་བ་ཀུན་གྱི་ཕྲིན་ལས་པ༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཉམས་གྲིབ་མི་གཙང་ཞི་བ་དང༔ ཚེ་དཔལ་འབྱོར་པ་རྒྱས་མཛད་གསོལ༔ ནོངས་བཤགས་གཤེགས་བསྡུ་དགེ་བ་བསྔོ༔ ཤིས་བརྗོད་མེ་ཏོག་ཀུན་ཏུ་འཐོར༔ རྣལ་འབྱོར་རྒྱུན་གྱི་གྲིབ་སེལ་ལ༔ རང་གི་སྐྲ་སེན་གོས་དུམ་སོགས༔ གྲིབ་དང་མི་གཙང་ངོ་བོར་མོས༔ འབར་བའི་དབུས་སུ་སྐད་ཅིག་གིས༔ ཁྲོ་བོའི་རྒྱལ་པོ་བསྐྱེད་བྱས་ལ༔ ཏིལ་ནག་དང་བཅས་སྔགས་འདིས་ཕུལ༔ སྒྲུབ་སྔགས་མཐར་སརྦ་པཱ་པཾ་མ་ལ་བི་ཤུདྡྷེ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་བདུད་རྩིའི་རྣམ་པར་བཞེས༔ དགྱེས་ཤིང་ཚིམས་པའི་འོད་ཟེར་གྱིས༔ ཉམས་གྲིབ་མི་གཙང་ཀུན་བསྲེགས་བསམ༔ ཁྲུས་ལྔའི་སྔགས་ཀྱང་བཟླས་པའི་རྗེས༔ ལྷ་ཉིད་རང་དང་དབྱེར་མེད་བསྟིམ༔ འདི་དག་གང་ཡང་བརྩམས་པའི་མོད༔ དུས་མཐའི་མེ་དང་རྩྭ་སྦུར་བཞིན༔ ཉམས་གྲིབ་མི་གཙང་ཀུན་སྦྱངས་ཤིང༔ དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ༔ ས་མ་ཡ༔ ཉམས་གྲིབ་རླུང་ལ་བསྐུར་བ་ནི༔ བསྒྲུབ་བྱའི་དྲི་མ་དང་བསྲེས་པའི༔ གྲིབ་གླུད་ནག་པོ་དཀོར་ཆ་བཅས༔ དེ་སྟེང་དམར་གཏོར་ཤ་དུམ་བཤམས༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ གླུད་གཏོར་ནམ་མཁའ་མཛོད་ཀྱིས་བརླབ༔ རང་གི་ཐུགས་ནས་འོད་འཕྲོས་པས༔ གྲིབ་བདག་ཐམས་ཅད་བཀུག་པར་བསམ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ མ་རིག་འཁྲུལ་པའི་རང་གཟུགས་ལས༔ གྲིབ་དང་མི་གཙང་བདག་པོ་ནི༔ གནོད་སྦྱིན་མ་མོ་ཤ་ཟའི་ཚོགས༔ སྒྱུ་མའི་གཟུགས་བརྙན་འཆར་བ་ཀུན༔ ཡས་དང་མགྲོན་ལ་སྤྱན་འདྲེན་ན༔ ཞི་ཞིང་ཕན་པའི་སེམས་བསྐྱེད་ནས༔ མ་ཐོགས་མྱུར་དུ་ད་ཚུར་བྱོན༔ ཏྲི་སརྦ་ས་མ་ཡ་ཛ༔ ཀྱེ༔ སྣང་ཞིང་སྲིད་པའི་གྲིབ་བདག་ཀུན༔ གཞི་ལ་འཁྲུལ་པའི་མིང་མེད་ཀྱང༔ ལམ་ལས་གཉིས་འཛིན་བློ་ཡིས་འཁྲུལ༔ གཉིས་སྣང་བག་ཆགས་བརྟས་པ་ལས༔ ཕན་གནོད་ལྷ་དང་འདྲེ་རུ་སྲིད༔ སྣང་ཆའི་རྟེན་འབྲེལ་མ་འགགས་པས༔ ལེགས་ཉེས་འབྲས་བུ་ཅིར་ཡང་འཆར༔ དེ་ཕྱིར་གྲིབ་བདག་ཕོ་མོའི་ཚོགས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རྒྱུ་འབྲས་བསླུ་མེད་དོན་ལ་སོམས༔ ཡས་གླུད་མཐུན་པའི་རྫས་བཞེས་ལ༔ བསྒྲུབ་བྱ་འདི་ལ་གནོད་འཚེ་སྤོངས༔ གྲིབ་དང་མི་གཙང་ཐམས་ཅད་ལོངས༔ མི་བས་གླུད་འདི་མི་དགའ་རྒྱུ༔ གཟུགས་མཛེས་སྐྱེ་མཆེད་འོད་དུ་འབར༔ སྨྲ་མཁས་མགྲིན་གླུ་ཀྱུ་རུ་རུ༔ རྣམ་ཤེས་རྟོག་དཔྱོད་ཧྲིག་གེ་ཧྲིག༔ ལོང་སྤྱོད་དཀོར་ཆ་སྤྲིན་ལྟར་གཏིབས༔ རྒྱན་དང་ཆ་ལུགས་བསམ་མི་ཁྱབ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པས༔ ཟད་མི་ཤེས་ཤིང་འདོད་རྒུ་འབྱུང༔ ཕམ་རྒྱལ་འཐབ་རྩོད་མེད་པའི་ཡས༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱོད་ཀྱིས་མ་ནོར་ལ༔ བསྒྲུབ་བྱའི་གྲིབ་དང་མི་གཙང་དང༔ སྐུ་གླུད་བཟང་པོ་མཉམ་དུ་བཞེས༔ དགའ་ཞིང་འཛུམ་པའི་མདངས་ཕྱུངས་ལ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་ཡིས༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ སམྦྷ་ར་བརྒྱ་རྩས་བསྔོ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་དཔལ་ཆེན་པོས༔ དྲེགས་པ་རུ་ཏྲ་བསྒྲལ་པའི་ཚེ༔ རྡོ་རྗེ་སྣམ་གྱི་ལམ་ནས་བྱུང༔ འཆོལ་བའི་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ སྨེ་བ་བརྩེགས་པ་དབྱིངས་ནས་བཞེངས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ནད་གདོན་བྱད་ཕུར་རྦོད་གཏོང་དང༔ གྲིབ་དང་མི་གཙང་ཟློག་པར་མཛོད༔ ཅེས་བསྐུལ་གླུད་ལ་ལམ་བསྟན་ཞིང༔ འདྲེ་ལྔ་ལ་སོགས་གནོད་ཕྱོགས་བསྐྱལ༔ གཏོར་མ་དགྲ་ཕྱོགས་ཟོར་དུ་འཕང༔ ཧཱུྃ་ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས༔ དྲག་ཤུལ་ཆེན་པོའི་དུས་ལ་བབ༔ ནད་གདོན་གྲིབ་དང་མི་གཙང་སོགས༔ མི་མཐུན་བར་དུ་གཅོད་པ་ཀུན༔ ཟློག་གོ་ཞིང་བཅུའི་དགྲ་ལ་ཟློགས༔ སྒྱུར་རོ་ནག་ཕྱོགས་བགེགས་ལ་སྒྱུར༔ དམར་ཆེན་ཟོར་གྱི་གཏོར་མ་དང༔ ལྷན་ཅིག་རླུང་གི་ཤུགས་ཀྱིས་བཏེག༔ འགལ་རྐྱེན་ནད་མཚོན་དུག་རླངས་ཀྱི༔ རྣམ་པས་དགྲ་བགེགས་སྟེང་དུ་ཟོར༔ བྷྱོ་བྷྱོ་ཟློག་ཟློག་ཨེ་ཧུར་ཐུམས་མ་ཧཱ་ཤ་རི་ཟློག་ཟློག༔ ཅེས་བརྗོད་ཐལ་མོ་བརྡབ་བྱས་ལ༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ ཆོས་ཉིད་རླུང་གི་ཤུགས་ཀྱིས་དེད༔ དགྲ་བོའི་ཡུལ་དུ་འཁྱིལ་བ་ཡིས༔ མུན་ནག་རུབ་པ་ལྟ་བུར་བསམ༔ མི་ལྡོག་ཕྱིར་དུ་མཚམས་བཅད་ལ༔ རྡོ་རྗེའི་རྟ་བྲོ་བརྡུང་བར་བྱ༔ འདིས་ནི་འགལ་རྐྱེན་བར་ཆད་དང༔ ཁྱད་པར་གྲིབ་དང་མི་གཙང་ཀུན༔ ཐལ་བ་རླུང་གིས་གཏོར་བ་ལྟར༔ མིང་ཙམ་མེད་པར་ཞི་བར་འགྱུར༔ ས་མ་ཡ༔ རྡོ་རྗེ་བདུག་པའི་སྦྱོར་བ་ནི༔ བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས༔ ལོ་མ་རྒྱས་དུས་བཏུས་པ་དང༔ ཙནྡན་དཀར་དམར་ཤེལ་་་ཆུ་ཤེལ།ག་པུར༔ སྤང་སྤོས་རྒྱ་སྤོས་ཤུ་དག་རྣམས༔ ལྷན་ཅིག་སྦྱར་ལ་བུམ་ཆུས་བྲན༔ བསྙེན་སྒྲུབ་ལས་དང་ཁྲུས་སྔགས་དང༔ ཁྱད་པར་སྔགས་འདིས་མངོན་པར་བསྔགས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ དྲི་ཙམ་གང་གིས་ཚོར་བས་ཀྱང༔ ནད་གདོན་གྲིབ་དང་མི་གཙང་སེལ༔ ས་མ་ཡ༔ རྡོ་རྗེ་རིལ་བུའི་སྦྱོར་བ་ནི༔ ག་པུར་ཤུ་དག་ཨ་རུ་ར༔ ཡུངས་དཀར་གུ་གུལ་རྩྭ་ཀུ་ཤ༔ མཁན་དཀར་སྤོས་དཀར་ཙནྡན་གཉིས༔ གླ་རྩི་རུ་རྟ་གི་ཝཾ་རྣམས༔ དྲི་ཆུ་བར་པས་རིལ་བུ་དྲིལ༔ བསྙེན་སྒྲུབ་ལས་དང་ཁྲུས་སྔགས་དང༔ ཁྱད་པར་སྔགས་འདིས་ཁྲི་འབུམ་སྔགས༔ ཨོཾ་བཛྲ་ཨ་མྲྀཏ་སརྦ་བི་ཤུདྡྷེ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ མགུལ་དུ་འཆང་ངམ་ཁོང་དུ་གཏང༔ ཟོས་བདུག་བྱུགས་པས་ནད་གདོན་དང༔ གྲིབ་དང་མི་གཙང་ཐམས་ཅད་སེལ༔ ས་མ་ཡ༔ རྡོ་རྗེ་ཙཀྲའི་རིག་པ་ནི༔ གྲོ་གའམ་ནི་ཤོག་བུ་གང་རིགས་ལ༔ འཁོར་ལོ་རྩིབས་ལྔ་མུ་ཁྱུད་བཅས༔ དབུས་སུ་ཧཱུྃ་མཐར་བསྙེན་སྔགས་དང༔ དེ་ཡི་གོང་རས་མུ་ཁྱུད་ལ༔ སྒྲུབ་སྔགས་སྤེལ་ཚིག་བཅས་པ་སྦྱར༔ རྩིབས་ལ་འབྱུང་ལྔའི་གྲིབ་སེལ་སྔགས༔ རྩིབས་མཆན་འབྱུང་ལྔའི་ཕྱག་རྒྱ་བྲི༔་་་ས་ཆུ་མེ་རླུང་ནམ་མཁའ་ཆོས་འབྱུང་ངོ་། །དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ སྒྲུབ་སྔགས་ལས་སྔགས་སྤེལ་ཚིག་ནི༔ རྒྱས་པར་སྤེལ་ཞིང་དེ་ཡི་ཕྱིར༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང༔ རྡོར་ར་མེ་རིས་མཛེས་པར་བསྐོར༔ རིལ་བུའི་རྫས་ཀྱིས་བྱུགས་བྱས་ལ༔ རྨ་བྱའི་མདོངས་དང་ཀུ་ཤའི་རྩྭ༔ དྭངས་པའི་ཤེལ་དང་ལྷན་ཅིག་ཏུ༔ རབ་གནས་དྲོད་དང་མ་བྲལ་བཅང༔ ཡི་དམ་ལྷ་ཡིས་བྱིན་བརླབས་པས༔ གྲིབ་དང་མི་གཙང་ཉེ་མི་ནུས༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་འཕེལ༔ དོན་ཀུན་ཡོངས་སུ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཁྲོ་ཆེན་སྨེ་བརྩེགས་ཀྱི༔ སྒྲུབ་ཐབས་ཕྲིན་ལས་དང་བཅས་པ༔ འདི་ནི་ཞི་བྱེད་ཀུན་གྱི་མཆོག༔ ངོ་མཚར་གདམས་པའི་སྙིང་པོ་སྟེ༔ དཀོན་མོད་འཇིག་རྟེན་ཉུལ་དང་གསལ༔ བྱིན་རླབས་ཉམས་སུ་བླངས་པས་ཤེས༔ ཕྲིན་ལས་ཏིང་འཛིན་ལྡན་པས་འགྲུབ༔ བདག་ཉིད་པདྨའི་ཐུགས་ཏིག་སྟེ༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ ཉམས་གྲིབ་མི་གཙང་སྦྱོང་བ་དང༔ མ་འོངས་ཆོས་བདག་སྐྱེས་མཆོག་གི༔ འཁོན་གྲིབ་བར་ཆད་སེལ་བ་དང༔ བོད་ཁམས་སྣོད་བཅུད་ཐམས་ཅད་ཀུན༔ དགེ་ཞིང་ཤིས་པར་བྱ་བའི་ཕྱིར༔ འོད་གསལ་དབྱིངས་ཀྱི་ཀློང་ནས་བཤད༔ དྷཱ་ཀི་གསང་བའི་ཡི་གེར་བྲིས༔ ཕྲིན་ལས་འགྲོ་འདུལ་གསུང་གི་གནས༔ རི་བོ་དབང་ཞུའི་བྲག་ལ་སྦོས༔ ལས་ཅན་ལྷ་སྲས་སྐྱེ་མཐའ་དང༔ འཕྲད་ནས་གངས་ཅན་བསྟན་འགྲོ་ལ༔ ཕན་བདེ་རྒྱ་ཆེར་འབྱུང་བར་ཤོག༔ ས་མ་ཡ༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ྈྈྈྈྈྈྈ དྷཱ་ཀི་མནྟྲ་གུ་ཧྱ་ས་མ་ཡ་ཤྲཱི༔ བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེ་ཤར་ཕྱོགས་ཀཿཐོག་རྡོ་རྗེ་གདན་དང་ཉེ་བའི་གནས་ཆེན་རི་བོ་དབང་ཞུ་ནས་ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པ་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ཤོག་སེར་གྱི་བུ་ཡིག་ཕྱག་བྲིས་དངོས་ལས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཞལ་བཤུས་པ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། །།
བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། འཆི་མེད་ཚེའི་དབང་སྐུར་བའི་ལག་ལེན་ཡིད་བཞིན་དཔལ་འཛིན་ (Volume 10, Text 38)
༄༅། །བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། འཆི་མེད་ཚེའི་དབང་སྐུར་བའི་ལག་ལེན་ཡིད་བཞིན་དཔལ་འཛིན་ཞེས་བྱ་བ་བཞུགས་སོ། ། རྡོ་རྗེའི་སྐུ་བརྙེས་བདེ་བ་ཆེ། །འཆི་མེད་དངོས་གྲུབ་སྦྱིན་མཛད་དེར། །བཏུད་ནས་ལས་ཀྱི་ཁ་ཚར་ནི། །ཀུན་ལ་ཉེར་མཁོའི་འཇུག་བདེར་སྤེལ། །དུས་མ་ཡིན་པར་འཆི་བའི་འཇིགས་པ་སེལ་ཞིང་རིང་འཚོའི་ཟིལ་དངར་ཅི་འདོད་དུ་འཇོ་བ་ནི་བླ་མའི་བྱིན་རླབས་ཁོ་ན་སྟོབས་ཆེ་ཞིང་། བླ་མ་རྒྱལ་བ་སྲས་བཅས་ཀྱི་ཁྱབ་བདག་འཆི་མེད་གུ་རུ་པདྨ་སཾ་བྷ་བའི་སྒོ་ནས་ཚེའི་དབང་བསྐུར་དོན་ཟབ་ལ་ཁྱེར་བདེ་བ་འདི་འཆད་པ་ལ་གསུམ། སྒྲུབ་པའི་རྫས་འདུ་བྱ་བ། དེ་ཉིད་ནུས་ལྡན་དུ་སྒྲུབ་པ། དེའི་འབྲས་བུ་ཕྲིན་ལས་ཀྱི་རིམ་པ་བརྩམ་པའོ། །དང་པོ་ནི། དཀར་ཕྱོགས་ཀྱི་དུས་ཚེས་དགེ་བར་བཀྲ་ཤིས་ཡིད་འོང་གི་གནས་སུ་སྟེགས་གཙང་མར་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར། མཉྫི་ལ་ཚེའི་འབྲང་རྒྱས་བུམ་གཟུགས་མ་རྒྱན་ལྡན་བཞག་པའི་གཡས་གཡོན་དུ་ཚེ་བཅུད་བདུད་རྩིའི་ཕུར་མ་བསྲེས་པའི་ཚེ་རིལ་དང་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། གཏོར་ཚོགས་ཀྱི་ཡོ་བྱད་ཉེ་བར་མཁོ་བ་རྣམས་དང་། ལས་བུམ་སོགས་འདུ་བྱའོ། །གཉིས་པ་ནི། ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཕྲིན་ལས་གཞུང་བསྲངས་ཏེ་བཟླས་པའི་བར་གྲུབ་ནས། བདག་མདུན་སྐད་ཅིག་གིས་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་བར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་བདག་དང་བསྲུང་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་་་དྲངས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར། ཅེས་པའི་ཏིང་ངེ་འཛིན་ལ་བློ་རྩེ་གཅིག་ཏུ་བཞག་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་པའི་ཚེ་འཛབ་ཅི་འགྲུབ་བཟླ། ཐུན་མཐར་ཚེ་འགུགས་པ་ནི་མདའ་དར་གཡབ་ལ། ཧྲཱི༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ འཆི་མེད་པདྨ་སཾ་བྷ་བ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་བསྐུལ། སྟོང་ཚིགས་ཀྱི་མཆོད་བསྟོད་གསོལ་འདེབས་སོགས་དང་། གཏེར་སྲུང་གཏོར་འབུལ། ཚོགས་མཆོད་ཡོད་ན་བསྒྲལ་བསྟབ་ཀྱི་བར་དུ་གྲུབ་པ་དང་། ལས་བུམ་ལ་དམིགས་ཏེ། ལས་བུམ་ནང་དུ་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ་ཅེས་ཕྲིན་ལས་བཅོལ་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །གསུམ་པ་ལ། སྡོམ་ནི། ཁྲུས་བྱ་བགེགས་སྲུང་མེ་ཏོག་དབུལ། །གསོལ་འདེབས་རྒྱུད་སྦྱོང་སྡོམ་པ་བཟུང་། །ཡེ་ཤེས་དབབ་ཅིང་ཚེ་བཅུད་འགུགས། །ཚེ་འབྲང་ཚེ་རིལ་ཚེ་ཆང་སྦྱིན། །རྒྱས་གདབ་བཅས་ཏེ་བཅུ་གསུམ་མོ། །ཞེས་པའི་དང་པོ་ནི། སློབ་མ་རྣམས་ལ་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱ། གཉིས་པ་ནི། ནང་དུ་འོངས་བ་ན། བགེགས་གཏོར་བཤམས་ལ། ལས་བྱང་ལྟར། རང་ཉིད་དབང་ཆེན་སྐུ་རུ་གསལ༔ སོགས་ནས་བྱིན་རླབས་དགུག་བསྔོ་བསྐྲད་པ་དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར་བ་རྣམས་བྱ། གསུམ་པ་ནི། གྲལ་དུ་འཁོད་ནས། ཧཱུྃ༔ བདག་ཉིད་དཔལ་གྱི་སོགས་བརྗོད་ལ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། བཞི་པ་ནི། མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་མ་གྱུར་སྐྱེ་བོ་མཐའ་དག་ཁྱབ་བདག་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་བའི་གོ་འཕང་ལ་བཞག་པར་བྱ། དེའི་སླད་དུ་གནས་སྐབས་ཆོས་ལྡན་གྱི་ཚེ་རིང་དུ་འཚོ་ཞིང་མཐར་ཐུག་འཆི་མེད་རྡོ་རྗེའི་གོ་འཕང་བསྒྲུབ་པའི་ཕྱིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་པ་གསལ་ཐོབ་མཛོད། དེ་ལྟ་བུའི་ཐབས་ཚུལ་ཟབ་མོ་མཐའ་ཡས་པ་རྒྱལ་བའི་གསུང་རབ་སྤྱི་དང་བྱེ་བྲག་རྡོ་རྗེ་ཐེག་པའི་རིང་ལུགས་རྣམས་སུ་རྒྱ་ཆེར་འབྱུང་བ་ཀུན་གྱི་ཡང་ཟབ་འཆི་མེད་བླ་མ་པདྨཱ་ཀ་རའི་བྱིན་རླབས་ཡེ་ཤེས་དྭངས་མ་བཅུད་དུ་སྨིན་པ་ལ་་་བརྟེན་ནས། དུས་མ་ཡིན་པའི་འཆི་བ་ཟློག་ཅིང་འཆི་མེད་ཚེའི་དངོས་གྲུབ་བདེ་བླག་ཏུ་བྱེད་པ་ནི་བརྒྱུད་པ་ནས་བརྒྱུད་པར་ཡོངས་སུ་གྲགས་ཤིང་། དངོས་སྟོབས་ཀྱི་རིགས་པ་དང་མྱོང་བས་ཀྱང་གྲུབ་པ་ཡིན་ལ། དེ་ལའང་བླ་མ་ལོངས་སྐུར་སྒྲུབ་པ་དང་སྤྲུལ་སྐུར་སྒྲུབ་པ་སོགས་ཀྱི་བཀའ་སྲོལ་མི་འདྲ་བ་དུ་མ་མཆིས་པའི་ནང་ནས། སྐབས་འདིར་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཆོས་སྡེ་ལས་བྱོན་པ་བདེ་བ་ཆེན་པོ་པདྨ་སཾ་བྷ་བའི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་བགྱིད་པ་སྟེ། གཞུང་ལས། གདམས་པ་སྣ་རེས་ལས་ཅན་སྡུག་བསྔལ་སེལ༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པར་བྱེད༔ ཅེས་གསུངས་པ་ལྟར་ཚེའི་བར་ཆད་ནད་གདོན་འཇིགས་བརྒྱད་གཙོ་བོར་གྱུར་པའི་སྡུག་བསྔལ་མཐའ་དག་སེལ་ཞིང་། འཆི་མེད་ཀྱི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བ་ལ་མཐུ་རྩལ་ལྷག་པར་ཆེ་བ། བྱིན་རླབས་ཀྱི་གཟི་བྱིན་མ་ཉམས། དངོས་གྲུབ་ཀྱི་ཚན་ཁ་མ་བྲི་བའི་དབང་བསྐུར་ཟབ་མོ་བགྱི་བ་ལ། སློབ་དཔོན་གྱི་བྱ་བ་རྣམས་སོང་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱིས་བགྱི་བར་འོས་པ་ལ་ཐོག་མར་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །ལྔ་པ་ནི། བླ་མ་དཀྱིལ་འཁོར་གྱི་བདག་པོ་དབྱེར་མི་ཕྱེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ མ་ཧཱ་གུ་རུ་པདྨ་འབྱུང༔ བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ འཆི་མེད་ཚེ་ཡི་དབང་མཆོག་སྩོལ༔ ཅེས་ལན་གསུམ་གྱིས་གསོལ་བ་གདབ། དྲུག་པ་ནི། ཕྱོགས་དུས་ཀྱི་སྐྱབས་གནས་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དང་བཅས་པ་དཔལ་ལྡན་བླ་མ་བདེ་བ་ཆེན་པོའི་གསང་བ་གསུམ་དུ་རྫོགས་པ་ལ། བདག་དང་འགྲོ་བ་ལྷན་ཅིག་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སོགས་ལས་བྱང་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་གི་དོན་དུ་བདག་གིས་འཆི་མེད་བླ་མ་པདྨ་སཾ་བྷ་བའི་གོ་འཕང་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་འཐོབ་པར་སྨོན་པ་དང་། དེའི་སླད་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ནོད་ཅིང་གྲོལ་བྱེད་རིམ་པ་གཉིས་བསྒྲུབ་པ་ལ་འཇུག་པར་དམ་བཅའ་བའི་བློས་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་ལན་གསུམ། ཚོགས་ཀྱི་ཞིང་ཁྱད་པར་འཕགས་པ་དེ་དག་གི་སྤྱན་སྔར། ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་བློས་སོ་སོའི་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་བྱ། བདུན་པ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྡོམ་པ་གསུམ་གྱིས་བསྡུས་པའི་བསླབ་བྱ་མཐའ་དག་བླངས་ནས་བསྲུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། སྡོམ་བཟུང་འདི་བསྡུ་ན་མ་བྱས་ཀྱང་ཆོག་གོ །བརྒྱད་པ་ནི། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། ངག་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཚོགས་དྲུག་གི་ཡུལ་ལ་སྐད་ཅིག་ཀྱང་མ་ཡེངས་པར་སྒོ་གསུམ་གྱི་གནད་བཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་གདོས་བཅས་ཕུང་ཁམས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ས་ཕྱོགས་པདྨོ་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པས་སྤྲས་པའི་དབུས་སུ་རབ་ཏུ་རྒྱས་པའི་ཆུ་སྐྱེས་དང་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མ་ཧཱ་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་མཚན་དཔེའི་གཟི་བྱིན་འབར་ཞིང་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་འཆི་མེད་ཚེའི་བུམ་པས་མཚན་པ་བསྣམས་པ། དབུ་ལ་བརྗིད་ལྡན་ཤེའུའི་སྙན་ཞུ་དང་། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པར་གསལ་ཐོབ་ཅིག །སློབ་དཔོན་ཡང་འཆི་མེད་གུ་རུ་པདྨ་སཾ་བྷ་བར་གསལ་བ་ལ་མོས་གུས་བསྐྱེད་པས། ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་དང་། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས། མ་ཧཱ་གུ་རུ་འཆི་མེད་པདྨ་སཾ་བྷ་བ་གྲུབ་པ་རིག་འཛིན་མཁའ་འགྲོའི་འཁོར་དང་བཅས་པ་སྐད་ཅིག་གིས་རྣམ་འགྱུར་བྱིན་རླབས་ཀྱི་རྩལ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད་ཅིག །སྤྲོ་ན་ལས་བྱང་གི་སྤྱན་འདྲེན་གྱེར། བསྡུ་ན་ཐོད་ཕྲེང་རྩལ་ཤམ་བུ་དང་བཅས་དྲག་ཏུ་བརྗོད། རོལ་མོ་བསྒྲག་པ་སོགས་བྱའོ། །མཐར། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་རྡོ་རྗེ་རྒྱ་གྲམ་དུ་བཞག །དགུ་པ་ནི། དེ་ནས་ཚེའི་དངོས་གྲུབ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་གུ་རུ་བདེ་བ་ཆེན་པོ་འཆི་མེད་པདྨ་སཾ་བྷ་བར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡབ་ལ། ཧྲཱི༔ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ སོགས་ཚེ་འགུགས་གོང་བཞིན་བྱེད། བཅུ་པ་ནི། ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས། ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་སཾ་བྷ་བ་གུ་རུ་བདེ་བ་ཆེན་པོའི་རྣམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བྷནྡྷ་དང་ཚེ་བུམ་བསྣམས་པར་གསལ་བའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཕྱག་གི་བྷནྡྷ་དང་བུམ་པའི་ནང་དུ་ཞུགས་ཤིང་འཁྱིལ་བ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་བྱང་། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་རྡོ་རྗེའི་སྲོག་གྲུབ་པའི་མོས་པ་མཛོད། ཅེས་དང་། ཨོཾ༔ བཀྲ་ཤིས་འོད་གསལ་གཞོན་ནུ་བུམ་པའི་དབྱིངས༔ ཡེ་ཤེས་རང་སྣང་པདྨ་སཾ་བྷ་བ༔ ཟུང་འཇུག་བདེ་བ་ཆེན་པོའི་དབང་བསྐུར་བས༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དབང་ཐོབ་ཤོག༔ སྔགས་མཐར། ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་འབྲང་རྒྱས་སྤྱི་བོར་བཞག །བཅུ་གཅིག་པ་ནི། ཚེ་ཆང་ཐོགས་ལ། འཁོར་འདས་བརྟན་གཡོའི་དྭངས་བཅུད་གཅིག་ཏུ་འདུས་པའི་འཆི་མེད་བདུད་རྩིས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་ནད་མེད་བདེ་བའི་ལང་ཚོ་ཐོབ་པར་མོས་ཤིག ཨཱ༔ རང་བྱུང་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ བརྟན་དང་གཡོ་བའི་བཅུད་ཀུན་གཅིག་ཏུ་འཁྱིལ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས༔ ནད་མེད་བདེ་བའི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྦྱིན། བཅུ་གཉིས་པ་ནི། ཚེ་རིལ་ཐོགས་ལ། སྲིད་ཞིའི་དྭངས་མ་འདུས་པའི་ཚེ་རིལ་འདི་ཉིད་ཡེ་ཤེས་སེམས་དཔའ་སྐུ་ཆུང་ལ་ཡན་ལག་རྫོགས་པའི་གཟུགས་ཀྱིས་ཁའི་སྒོ་ནས་བྱོན། སྙིང་དབུས་ཉི་ཟླའི་གའུར་རྟག་ཏུ་བཞུགས་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཧཱུྃ༔ ངོ་བོ་སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ རྣམ་པ་ལྷན་སྐྱེས་ཡེ་ཤེས་སེམས་དཔའི་གཟུགས༔ སྙིང་དབུས་ཉི་ཟླའི་གའུར་རྒྱས་གདབ་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཅུ་གསུམ་པ་ནི། ཚེ་མདའ་ཐོགས་ལ། ཚེ་མདའ་འདི་ཉིད་སྤྱི་བོར་བཀོད་པའི་རྐྱེན་གྱིས་དེ་ལས་འཕྲོས་པའི་སྣ་ཚོགས་རྡོ་རྗེའི་རྡུལ་ཕྲ་མོ་གྲངས་མེད་པས་ཁྱེད་རང་རྣམས་ཀྱི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ནས་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ང་རྒྱལ་དང་བཅས། གདོད་ནས་སྐྱེ་འཆིའི་མཚན་མ་མ་གྲུབ་པ་འཆི་མེད་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་ཚེ༔ བསྡུས་པས་འོད་གསལ་ཐིག་ལེའི་ཀློང༔ རྡོ་རྗེའི་སྲོག་ཏུ་ཡོངས་གྲུབ་པར༔ མི་འགྱུར་བརྟན་པའི་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་རཀྵ་རཀྵ་བྷྲཱུྃ༔ ཞེས་བརྗོད་ལ་སྤྱི་བོར་རྒྱ་གྲམ་དུ་བཞག །དེ་ནས་བཀྲ་ཤིས་རྒྱས་པར་བརྗོད། ཚེ་དབང་གྲངས་གསོག་ཏུ་བསྐུར་ན། མཎྜལ། གསོལ་འདེབས། བྱིན་འབེབ། ཚེ་འགུགས་ནས་འདི་བར་བསྐྱར་བ་རྒྱས་པ། ཚེ་འགུགས་མན་ཆད་བསྐྱར་བ་འབྲིང་པོ་དང་། དབང་གི་དངོས་གཞི་ཚེ་འབྲང་ཚེ་ཆང་ཚེ་རིལ་ཙམ་བསྐྱར་བ་བསྡུས་པའི་ཕྱག་བཞེས་ཏེ་སོ་སོའི་མོས་པའམ་ལོངས་ཁྱབ་དང་བསྟུན་པར་བྱའོ། །མཐར་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དཀྱིལ་འཁོར་རྗེས་རིམ་རྣམས་ལས་བྱང་ལྟར་བཏང་བས་འགྲུབ་བོ། །འཆི་མེད་པདྨ་སཾ་བྷ་དང་། །དབྱེར་མེད་རྡོ་རྗེའི་སྐུ་བརྙེས་ནས། །འགྲོ་རྣམས་དུས་ཀྱི་ཆད་པ་ལས། །བསྒྲལ་ཏེ་འཆི་མེད་ལ་སྦྱོར་ཤོག །ཅེས་པ་འདིའང་འཆི་མེད་བླ་མ་པདྨ་བདེ་བ་ཆེན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་རྡོ་རྗེའི་གསུང་གི་སྣང་བ་ལ་བརྟེན་ཏེ། པདྨའི་རྗེས་འཇུག་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་རྡོ་རྗེའི་རིའི་སྤོ་འཆི་མེད་བདེ་ཆེན་གྱི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།
སྙན་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པའི་དབང་བསྐུར་བྱིན་རླབས་འོད་ཀྱི་མྱུ་གུ་ (Volume 9, Text 38)
༄༅། །སྙན་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པའི་དབང་བསྐུར་བྱིན་རླབས་འོད་ཀྱི་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བེ། ནམ་ཟླ་དྲོས་པའི་རྩི་བཅུད་བཞིན། །བྱིན་རླབས་མཐུ་ཡིས་ལུས་ཅན་གྱི། །རིགས་ཁམས་ཡེ་ཤེས་སད་མཛད་པ། །གུ་རུའི་ཐུགས་རྗེས་བདག་སྐྱོང་མཛོད། །ཚུལ་འདིའི་སྨིན་བྱེད་བསྒྲུབ་པར་འདོད་པས་སྟེགས་གཙང་མར་མཎྜལ་ལ་པདྨ་འདབ་བརྒྱད་ལྟེ་བར་ལྷ་སྐུ་ཕྱག་རྒྱའི་མཚན་མའམ་འབྲུ་ཚོམ་གཅིག་བཀོད་པའི་ཁར་ཁྲིའུ་ལ་བུམ་པ་རིགས་ལྔའི་ཕྱག་རྒྱས་སྤྲས་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གསེབ་གུ་རུའི་སྐུ་ཙཀ་གིས་སྤྲས་པ་དང་རིགས་ལྔའི་ཕྱག་རྒྱ་སྤྱི་བསྡུས་ཀྱི་ཙཀླི་བཀོད། གཡས་སུ་ཕྲེང་བ་དང་བནྡྷར་ཆོས་སྨན་བཏབ་པའི་བདུད་རྩི། གཡོན་དུ་མེ་ལོང་ལ་སིདྡྷུ་རའི་ཐིག་ལེ་བྱས་པའི་སྟེང་ཤེལ་རྡོ་ཤེལ་གོང་གང་རུང་བཞག །རྒྱབ་ཏུ་ཟླུམ་གཏོར་པདྨ་འདབ་བཞིས་མཚན་པ་རྒྱན་སྤྲོས་ཅན། མདུན་དུ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། གཞན་ཡང་ལས་བུམ། སྔོན་གཏོར། ཚོགས་ཆད་བརྟན། བཀའ་སྲུང་གཏོར་འབུལ་སོགས་ཕྲིན་ལས་ལ་མཁོ་བ་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་རྩ་གསུམ་སྤྱིའི་ལས་བྱང་དུ་འདི་ཉིད་ཀྱི་བསྐྱེད་ཆོག་འཛུད་པས་བདག་མདུན་དབྱེར་མེད་དུ་བསྐྱེད། ཚིག་བདུན་ལན་གསུམ་གྱིས་སྤྱན་དྲངས། བཞུགས་གསོལ་ནས་མཆོད་བསྟོད་བར་དུ་བྱ། དམིགས་གནད་བཅས་བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་བཟླ། སྒྲུབ་པ་ལས་སྦྱོར་གྱི་དམིགས་བཟླས་ཀྱང་ཁྱུག་ཙམ་བྱས་ལ། སླར་དཀྱིལ་འཁོར་བསྙེན་པའི་སྐབས་ལྟར་གསལ་གདབ། བུམ་བཟླས་ཟུར་དུ་མ་བྱས་ཀྱང་རུང་ལ་སྤྲོ་ན། བུམ་ལྷ་སྐད་ཅིག་གིས་གསལ་བཏབ། སྤྲོ་བསྡུ་དང་བདུད་རྩི་འབེབ་པའི་དམིགས་པ་བཅས་བཟླས་པ་གཉིས་བྱས་ལ་འོད་དུ་བཞུ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་གཏེར་སྲུང་གཏོར་འབུལ་ཚོགས་མཆོད་བཅས་གྲུབ་ནས། སློབ་མ་ལས་ཆུས་ཁྲུས་བྱ། བགེགས་གཏོར་བཏང། བཀའ་བསྒོ་མཚམས་བཅད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། གསན་བྱའི་ཆོས་བླ་མེད་རྡོ་རྗེ་ཐེག་པའི་གསང་བ་ཐམས་ཅད་ཀྱི་ཡང་སྙིང་། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཐམས་ཅད་ཀྱི་རྩ་བ། རྡོ་རྗེའི་ཡེ་ཤེས་རྩོལ་མེད་དུ་འབེབ་པའི་ཐབས་ཀྱི་ཉེ་ལམ་རྨད་དུ་བྱུང་བ། ལམ་ཟབ་མོ་བླ་མའི་སྒྲུབ་ཐབས་ཐམས་ཅད་ཀྱི་གོང་ན་མེད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་མཛད་པ་དང་བཅས་པ་གཅིག་ཏུ་འདུས་པ་འཆི་མེད་གུ་རུ་པདྨཱ་ཀ་རའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་ཡང་བཅུད། གསང་བ་ཀུན་གྱི་བདག་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་ལ་རྩ་བའི་ཉམས་ལེན་སྙན་བརྒྱུད་དུ་གདམས་པ་གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རབ་འབྱམས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ༔ མཚུངས་བྲལ་རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ བདག་གི་རྒྱུད་སྨིན་སངས་རྒྱས་སར་གནས་ཕྱིར༔ དབང་མཆོག་དམ་པ་སྐུར་མཛོད་གསོལ་བ་འདེབས༔ ལན་གསུམ། སློབ་དཔོན་གྱིས། ཀྱེ་ཧོ་ལེགས་སོ་སྐལ་ལྡན་རིགས་ཀྱི་བུ༔ དེ་ལྟར་འདོད་ན་སྐྱབས་འགྲོ་སོགས་མཛོད་ལ༔ གསང་བ་སྔགས་ཀྱི་དམ་སྲུང་བདག་ཉིད་ཀྱིས༔ བསྒོས་པ་བཞིན་བྱོས་དངོས་གྲུབ་མྱུར་ཐོབ་འགྱུར༔ བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་སངས་རྒྱས་ཀུན་འདུས་གུ་རུ་རྩ་གསུམ་ཡོངས་རྫོགས་ཀྱི་ངོ་བོར་བཞུགས་པ་ལ། བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་མཆི་ཞིང་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཚོགས་གསག་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱི་བའི་བློས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐྱབས་འོས་ལ༔ བདག་ཅག་མི་འབྲལ་རྟག་ཏུ་སྐྱབས་སུ་མཆི༔ སྔོན་བྱོན་རྒྱལ་བ་རྒྱལ་སྲས་བྱང་ཆུབ་མཆོག༔ ཐུགས་བསྐྱེད་ཇི་བཞིན་མ་ནོར་བདག་གིས་བསྐྱེད༔ ཕྱག་འཚལ་མཆོད་འབུལ་མ་དག་འཁྲུལ་བྱས་བཤགས༔ ཐབས་ཤེས་ཆོས་ལ་ཡི་རང་འགྲོ་ཀུན་གྱི༔ དོན་ཕྱིར་ཐེག་དགུའི་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྐེམ་བར༔ དེ་སྲིད་རྒྱལ་བའི་སྤྲུལ་པ་གྲངས་མེད་ཀྱིས༔ འགྲོ་དོན་མཛད་གསོལ་དགེ་བ་གང་མཆིས་པས༔ བདག་སོགས་འགྲོ་ཀུན་ལམ་མྱུར་ཟབ་མོའི་ཆོས༔ མཐར་ཕྱིན་ཀུན་བཟང་ཡབ་ཡུམ་དང་མཚུངས་ཤོག༔ ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་དམ་ཚིག་གི་ལྷ་སྐུ་འདི་བཞིན་དུ་གསལ་ཐོབ་ཅིག །རང་ཉིད་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་ཏུ་སོགས་སྒྲུབ་ཐབས་ལྟར་ལ། འཚུབས་ཀྱི་ལི་ལི་ཡོད་པ། དེ་དག་དང་བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་མུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་། ཁྱད་པར་དཔལ་རི་པདྨ་འོད་ཕུང་འཁྱིལ་པ་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཐིམ་པར་གྱུར་པའི་མོས་པ་མཛོད། སྤོས་བཏུལ་ཞིང་དབྱངས་རོལ་བཅས་ཚིག་བདུན་དང་ཐོད་ཕྲེང་རྩལ་བརྗོད། སྤྱི་བོའི་ལྷ་ཁྱེད་རང་ལ་ཐིམ་པས་ཁྱེད་རང་གུ་རུ་རིན་པོ་ཆེ་དམ་ཡེ་དབྱེར་མེད་པའི་སྐུར་ལམ་གྱིས་གྱུར་པ་དེ་ཉིད་འབྲལ་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། མེ་ཏོག་འཐོར་ཞིང་ཡེ་དྷར་བརྗོད། དེ་དག་གིས་སྔོན་དུ་འགྲོ་བའི་ཆོ་ག་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ་རང་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རིམ་པ་བཞིར་འབྱུང་བ་ལས། ཐོག་མར་སྐུ་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་སྐུ་བརྙན་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་གསལ་བ་ལས་བདུད་རྩིའི་རྒྱུན་བབས་པས་སྒོ་གསུམ་གྱི་དྲི་མ་གཏོར་ཅིང་བཀྲུས། ལྷ་སྐུ་ཕྱག་རྒྱ་གཉིས་པ་འཕྲོས་པས་ལུས་སྒྲིབ་བྲལ་སྣང་སྟོང་འཇའ་ལུས་རྡོ་རྗེར་དངོས་སུ་གྱུར་པར་མོས་ཤིག བུམ་པ་ཐོགས་ལ། ཧཱུྃ༔ སྟོང་ཆེན་ཆོས་སྐུའི་དཀྱིལ་འཁོར་ནས༔ རང་བྱུང་ལོངས་སྐུ་མ་འགག་གསལ༔ གཉིས་མེད་སྤྲུལ་སྐུ་བདེ་བ་ཆེ༔ ཡོངས་རྫོགས་སློབ་མར་མྱུར་ཐོབ་ཤོག༔ ཧཱུྃ༔ ཡེ་ཤེས་བདུད་རྩིས་སྒྲིབ་གསུམ་སྦྱོང༔ དར་སྣའི་མགུལ་ཆིངས་ཡེ་ཤེས་ལྔ༔ གཟུངས་ཐག་རྡོ་རྗེ་བདེ་སྟོང་རྒྱས༔ ཁ་རྒྱན་འདི་ལས་དགོས་འདོད་འབྱུང༔ དཀྱིལ་འཁོར་ལྷ་ཚོགས་བུམ་པ་འདིས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུམ་ལྷུན་རྫོགས་ཡེ་ཤེས་ལྔ༔ རབ་ལྡན་འཇའ་ལུས་ཡེ་ཤེས་སེམས༔ གྱུར་ནས་ཕྲིན་ལས་ཐོགས་མེད་འགྲུབ༔ ཞིང་ཁམས་སྐུར་རྫོགས་སྐུས་ཞིང་ཁམས༔ ཁྱབ་པར་འགྱུར་བ་དེ་སོགས་སྨོན༔ མཆོག་གསུམ་བདེན་པས་འགྲུབ་པར་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ བུམ་པ་མགོར་བཞག་བུམ་ཆུ་བླུད་མེ་ཏོག་འཐོར། སླར་ཡང་རིགས་ལྔའི་ཕྱག་རྒྱ་འོད་ཟེར་འབར་བ་འཕྲོས་ནས་གནས་ལྔར་ཐིམ་པས་ཕུང་ཁམས་གནས་སུ་དག །དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པར་མོས་ཤིག །རིགས་ལྔའི་ཕྱག་རྒྱའམ་བུམ་པ་ཉིད་གནས་ལྔར་བཞག་ལ། ཧཱུྃ༔ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས༔ རིགས་ཀྱི་དཀྱིལ་འཁོར་གསལ་བ་སློབ་མར་ཐིམ༔ ཕུང་ལྔ་ཁམས་ལྔ་དུག་ལྔ་གནས་སུ་དག༔ ཡེ་ཤེས་ལྔ་ལྡན་སྒོ་གསུམ་རྒྱུ་རྐྱེན་རྣམས༔ ལྷ་ཡི་དཀྱིལ་འཁོར་ཡོངས་སྨིན་ཐེག་པ་དགུའི༔ མ་ནོར་ལམ་བཟང་མཐར་ཕྱིན་སངས་རྒྱས་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་གསུང་རྡོ་རྗེའི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧྲཱིཿཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདི་རྣམས་ཀྱི་རྗེས་ཟློས། ཕྲེང་བ་སྤེལ་ལ་སྔགས་རྣམས་རྗེས་ཟློས་ལན་གསུམ་རེ་བྱ། བྷནྡྷའི་བདུད་རྩི་རང་བྱུང་གི་སྔགས་ཕྲེང་། ཐབས་ཤེས་ཀྱི་རང་སྒྲ །བདེ་སྟོང་ཟུང་དུ་འཇུག་པའི་རང་བཞིན་ཅན་ཁྱེད་རང་རྣམས་ཀྱི་ལྕེར་རིགས་ལྔའི་ཕྱག་རྒྱར་གསལ་བ་ནས་བརྒྱུད་དེ་ལུས་གང་བས། ངག་སྒྲིབ་བྲལ་གྲགས་སྟོང་གཞོམ་མེད་རྡོ་རྗེའི་རང་སྒྲར་སྨིན་པའི་མོས་པ་མཛོད་ཅིག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བྷནྡྷའི་བདུད་རྩི་སྔགས་ཕྲེང་བླ་ན་མེད༔ བདེ་སྟོང་ཟུང་འཇུག་ཐབས་ཤེས་ཨ་ཧཾ་སྒྲ༔ ཕོ་རྒྱུད་མོ་རྒྱུད་ཡེ་ཤེས་ལྷ་ཚོགས་ཀྱིས༔ ཁྱོད་ལ་དབང་བསྐུར་རྩ་རླུང་ཐིག་ལེ་སོགས༔ སྐུ་གསུམ་ལྷ་ཡི་འཁོར་ལོ་གྱུར་ཁ་སྦྱོར༔ བཞི་ཡི་བདེ་ཆེན་གསང་ལམ་མཐར་ཕྱིན་ཤོག༔ ཁྱོད་ཀྱི་ལྕེ་ཡང་རིགས་ལྔའི་ཕྱག་རྒྱར་གྱུར༔ དམ་ཆོས་ཀུན་དང་སྔགས་ཀྱི་སྒྲ་སྒྲོགས་ཤིག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་ཐུགས་རྡོ་རྗེའི་དབང་གི་སླད་དུ། མེ་ལོང་དྲི་མེད་དབྱིངས་སྟོང་པ་ཉིད། ཤེལ་དཀར་གོང་བུ་རང་རིག་འོད་གསལ་ཟང་ཐལ། དེ་གཉིས་ཟུང་དུ་འཇུག་པ་ཐབས་ཤེས་དབྱེར་མེད་བདེ་ཆེན་ཕྱག་རྒྱ་ཆེན་པོའི་རང་བཞིན་མངོན་དུ་རྟོགས་པས་ཡིད་སྒྲིབ་བྲལ་རིག་སྟོང་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་དག་པར་མོས་ཤིག །མེ་ལོང་ཤེལ་བཅས་སྙིང་གར་བཞག་ལ། ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་ཐམས་ཅད༔ སྟོང་གསལ་གཉིས་ལས་མ་འཕྲོས་མེད༔ དེ་ནི་ཐབས་ཤེས་ཟུང་ལ་བྱ༔ མཚོན་བྱེད་སིནྡྷུ་ར་ཤེལ་གཟུགས༔ མེ་ལོང་ནང་དུ་ཤར་ཡང་སྟོང༔ ཡ་བྲལ་བྱས་ན་གྲོལ་མི་འགྱུར༔ དེ་ཕྱིར་ཟུང་འཇུག་ལྷ་ཡི་ཚོགས༔ སློབ་མ་ཁྱོད་ལ་ཡོངས་རྫོགས་བསྐུར༔ སྣང་སྲིད་འཁོར་འདས་བསྡུས་པའི་ཆོས༔ ཐ་དད་མེད་པར་རྟོགས་པར་བྱོས༔ ལྷ་ཡང་རང་ཡིན་རང་ཉིད་ལྷ༔ གཉིས་མེད་ཡེ་ནས་རོ་མཉམ་པ༔ ཟབ་རྒྱ་བླ་མེད་དོན་རྣམས་ཀུན༔ སློབ་མ་འདི་ལ་ཡོངས་རྫོགས་ནས༔ ཇི་ལྟ་ཇི་སྙེད་ཀུན་མཁྱེན་པ༔ མཆོག་གསུམ་བདེན་པས་མྱུར་འགྲུབ་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་ཡེ་ཤེས་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་སྐུ་གསུམ་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་འདུ་འཕྲོའི་ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཕེབས་པའི་མོས་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཕྱོགས་བཅུ་དུས་གསུམ་གཤེགས་བཞུགས་བྱོན༔ མཆོག་དང་རྩ་བ་སྐུ་གསུམ་སོགས༔ འགྲོ་བའི་དོན་མཛད་མཆིས་སོ་ཅོག༔ ཐམས་ཅད་ཐམས་ཅད་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདི་ལ་འདུས༔ དེ་རིང་བུ་ལ་དབང་བསྐུར་བས༔ མ་ལུས་སྒྲིབ་དག་དབང་ཀུན་རྫོགས༔ ཐེག་དགུའི་ས་ལམ་ཡོན་ཏན་མཆོག༔ མཐར་ཕྱིན་དག་པ་སྐུ་བཞི་དང༔ ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ༔ དེ་ཡང་ཆོས་སྐུ་ཉག་གཅིག་པུ༔ འུབ་ཆུད་འདུ་འཕྲོད་གང་བྱེད་ཀྱང༔ མ་འགག་སྒྱུ་འཕྲུལ་དྲྭ་བ་ཅན༔ རྟག་ཆད་མཚན་བདག་མཐར་མ་ལྷུང༔ ཀུན་ཁྱབ་མཉམ་ཉིད་བློ་ལས་འདས༔ བྱར་མེད་བདེ་ཆེན་དབང་ཐོབ་ཤོག༔ མ་ཧཱ་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་ལྷ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག །སྒོ་གསུམ་སྐུ་གསུང་ཐུགས་སུ་སྨིན། སྟོང་གསལ་ཀ་དག་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ དེ་ཡང་སྐྱེས་བུའི་ལོག་རྟོག་གི༔ འཁྲུལ་པ་བསལ་ཕྱིར་ཙམ་དུ་ཟད༔ ངས་ནི་ཅི་ཡང་བསྟན་དུ་མེད༔ དེ་ཕྱིར་བློ་འདས་ངང་ལ་ཞོག༔ ཨ༔ ཞེས་ཅུང་ཟད་འཇོག །མེ་ཏོག་འཐོར་ལ་ཤིས་བརྗོད་བྱ། དེས་སྙན་བརྒྱུད་ཟབ་མོ་གུ་རུ་སྤྲོས་མེད་དོན་གྱི་སྒྲུབ་པའི་དབང་བསྐུར་བརྒྱུད་པའི་ཕྱག་བཞེས་ལྟར་ཡོངས་སུ་རྫོགས་པར་གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བསྲུང་ཞིང་སྒོ་གསུམ་བྲན་དུ་འབུལ་བའི་མོས་པས་འདིའི་རྗེས་ཟློས༔ ཧོ༔ རྡོ་རྗེ་རྒྱལ་པོས་གང་བསྩལ་པའི༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ བདག་ཅག་ཁྱེད་ཀྱི་བྲན་དུ་མཆི༔ མ་ནོར་ལམ་མཆོག་མཐར་ཕྱིན་ཤོག༔ ལན་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་ཏུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་དང་དགེ་བསྔོ་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་ཕྱིན་ཆད་ལས་བྱང་དཀྱུས་ལ་རྟ་བྲོའི་རྗེས་སུ་མཆོད་བསྟོད་ནོངས་བཤགས། རས་བྲིས་དཀྱིལ་འཁོར་སོགས་ཡོད་ན་མདུན་བསྐྱེད་བརྟན་བཞུགས་དང་། གཤེགས་བསྡུ་ཤིས་བརྗོད་བསྔོ་སྨོན་སོགས་བྱའོ། །བླ་སྒྲུབ་པདྨའི་སྐྱེད་ཚལ་ལས། །ཨུ་དུམྦ་རའི་སྡོང་པོ་འདི། །སྐལ་བཟང་དཔྱིད་དུ་རབ་བསྟེན་ནས། །མཆོག་གྲུབ་བདུད་རྩིས་འཚོ་གྱུར་ཅིག །ཅེས་ཟབ་ཅིང་རྨད་དུ་བྱུང་བའི་གསང་བ་སྐལ་བཟང་ཀུན་ལ་རྣམ་པར་རྒྱས་པའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ མཁའ་འགྲོའི་ཡང་ཟློག་གནམ་ལྕགས་སྤུ་གྲི་ (Volume 53, Text 38)
<!TCC Tibetan character 3,182 undefined in unicode!>༔ ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ མཁའ་འགྲོའི་ཡང་ཟློག་གནམ་ལྕགས་སྤུ་གྲི་བཞུགས་སོ༔ རཏྣའི་གཏེར་ཕྲན། ྈྈྈྈྈྈྈྈ སངས་རྒྱས་ཀུན་གྱི་གསང་བའི་ཡུམ༔ མཐུ་དང་བྱིན་རླབས་བསམ་མི་ཁྱབ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་འདྲ་སྔགས་འཆང་པདྨ་ཡིས༔ མཁའ་འགྲོའི་ཡང་ཟློག་སྟོང་རྩ་བརྒྱད༔ གསང་བའི་རྒྱུད་ལས་བཏུས་ནས་ཀྱང༔ གཏེར་ཁ་དཔག་མེད་སྦས་ཏེ་བཞག༔ གསང་བའི་ཡིག་འབྲུ་ཉི་ཤུ་གཅིག༔ འདི་ཡི་ནུས་པ་བསམ་མི་ཁྱབ༔ གནམ་ལྕགས་འབར་བའི་ཐོག་དང་འདྲ༔ སྔགས་ནག་སྟོང་གི་ནུས་པ་ཡང༔ འདི་ཡིས་འཇོམས་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཟློག་སྤུ་གྲི་དང་འདྲ་བ་འདི་ཡི་བྱ་ཐབས་ལ༔ གྲོ་གའི་ཤོག་བུ་སྲབ་མོ་ལ་ཡི་གེ་གཟབ་མར་བྲིས་ཏེ༔ ཐལ་ཀར་རྡོ་རྗེ་དང༔ ཨ་རུ་རའི་ཕྱེ་མ་ནང་དུ་བཏུམས་ལ༔ སྔགས་ཚན་གསུམ་པོ་གྱུར་མིད་བྱ༔ དགུན་ཉི་མ་ལྡོག་མཚམས་ཀྱི་ལོ་མགོ་ལ་བྱ་འོ༔ དེས་ལོ་རེའི་བར་དུ་བྱད་ཁ་ངན་སྔགས་རྦོད་གཏོང་ཐམས་ཅད་ཐུབ༔ ལོ་དུས་སུ་བསྐྱར་རོ༔ མཁའ་འགྲོ་མའི་སྲུང་ཟློག་ཉི་ཤུ་རྩ་གཅིག་པ་ཞེས་བྱ་སྟེ༔ འདི་ལས་ཁྱད་པར་དུ་ཟབ་པ་མེད་དོ༔ ཁྱད་པར་ཀླུ་དང་གཏད་ཁྲམ་ལ་བསྔགས་སོ༔ ལུས་ལ་སྲུང་བ་འདོགས་ན༔ མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་མགུལ་ལམ་མཆན་ཁུང་དུ་བཅང་ངོ༔ ཤིན་ཏུ་ཟབ་ཕྱིར་ཐེམ་ཡིག་མེད་པའི་སྐོར༔ རྗེ་འབངས་རྒྱས་བཏབ་དགེ་རིའི་བྲག་ལ་སྦོས༔ བརྒྱུད་འཛིན་སྙིང་གི་བུ་མཆོག་འགའ་རེ་ལས༔ སུ་ལའང་མ་སྤེལ་སྙིང་གི་དཀྱིལ་དུ་བཅང༔ ལོག་ཆོས་སྤྱོད་ཅིང་སྔགས་ནག་འཛིང་པའི་དུས༔ སྐལ་ལྡན་ལས་ཅན་བུ་དང་འཕྲད་པར་ ཤོག༔ ས་མ་ཡ་ཁ་ཐམ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ༼དཔེའུ་རིས་ཡོདྈ༽ ༼དཔེའུ་རིས་ཡོདྈ༽ ༼དཔེའུ་རིས་ཡོདྈ༽ སྤྱི་འགྲོའི་རྫས་བདུན་ནི། སྤོས་དཀར་ནག །གླ་རྩི། བྱི་ཐུར། ཐལ་ཀར་རྡོ་རྗེ། ཀླུ་བདུད་རྡོ་རྗེ། ཨུཏྤལ་སྔོན་པོ། ཨ་རུ་ར་ གསེར་མདོག །ཀ་རའི་ཆུ་དང་སྦྱར་རོ། །འདི་རྣམས་འཛོམ་ནའང་ལེགས། དེ་མིན་གོང་གི་རྫས་གཉིས་ཀྱི་ཆོག་གོ །རིག་འཛིན་མཚན་ལྡན་མགོན་པོ་ནས་བརྒྱུད་དོ། །མཁའ་འགྲོའི་ཡང་ཟློག་གནམ་ལྕགས་སྤུ་གྲི་རཏྣ་གླིང་པས་དགེ་རིའི་བྲག་ནས་ཕྱུང་པའོ། །འདིའི་ལག་ལེན་ནི། སྔགས་ཚན་གསུམ་ཟ་བའི་དུས་མང་ན་ཟླ་བ་རེའི་ཚེས་གསུམ། བཅུ་གསུམ། ཉེར་གསུམ། ཐ་ནའང་དགུན་ཉི་ལྡོག་པའི་ལོ་མགོ་སོགས་ལ། སྔ་དྲོ། ཉིན་ཕྱེད། དགོང་ག་གསུམ་ལ་སྔགས་ཚན་འདི་གསུམ་རིམ་བཞིན་ཟ། ཉི་མ་གང་ཤར་ལ་ཁ་སྟོན། དང་པོ་ལ་ཁྱུང་སྔགས། གཉིས་པ་ལ་རྟ་མགྲིན། གསུམ་པ་ལ་ཕྱག་རྡོར། ཟ་དུས་གསང་སྔགས། གཟུངས་སྔགས། རིག་སྔགས་ལ་སོགས་ཨཱ་ལི་ཀཱ་ལིའི་རྣམ་པར་བསྟིམ། འབྲུ་གསུམ་གྱིས་རབ་ཏུ་གནས་པར་བྱེད་པ་བླ་མའི་གསུང་ངག་གོ །ཤུ་བྷཾ།། ༄༅༔ ཡང་ཟློག་དུག་གི་སྤུ་གྲི་བཞུགས་སོ༔་་་གུང་ཐང་མཁར་གྱི་གཏེར་ནས་རཏྣ་གླིང་པས་སྤྱན་དྲངས་པ། མཆན། ྈྈྈྈྈྈྈྈ ྈྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སློབ་དཔོན་དྷ་ན་སཾསྐྲྀ་ཏའི༔ ཐུགས་བཅུད་དྲག་སྔགས་བཅོ་བརྒྱད་ལས༔ ཡང་ཟློག་དུག་གི་སྤུ་གྲི་འདི༔ བསྐལ་པའི་མར་ཤམ་སྙིགས་མ་ལ༔ ཆོས་པ་ནང་འགྲས་སྡེ་བརྒྱད་འཁྲུག༔ ཡིག་ནག་སྦྱོར་བས་རྒྱལ་ཁམས་སྲེག༔ དེ་ཚེ་སྐལ་ལྡན་རྣལ་འབྱོར་པས༔ གསང་ཞིང་བཅང་བས་ལྕགས་མཁར་འདྲ༔ སྡེ་བརྒྱད་གང་གིས་འདའ་མི་ནུས༔ གསེར་སྲང་རེ་ཡི་ཡོན་མེད་ན༔ འདི་ཉིད་སྦྱིན་པའི་གནས་མེད་དོ༔ དེ་ནས་ཙཀྲ་བྲི་ཐབས་བསྟན༔ ཙཀྲ་དཔེ་ཆུང་ལྟ་བུ་ལ༔ ལོགས་གཅིག་གསེར་གྱིས་བྲི་བར་བྱ༔ གཞན་རྣམས་ཐ་མས་བྲི་བ་དང༔ ཡི་གེ་གཟབ་མ་དབུ་ཅན་བྲི༔ ཡིག་མགོ་རྣམས་ནི་ནང་དུ་བསྟན༔ དེ་ནས་རྩ་བ་གནོན་པའི་རྫས༔ གླ་རྩི་གུ་གུལ་ྈྈྈྈྈགསུམ༔ གྷི་ཧང་གུར་གུམ་ཤུ་དག་སྟེ༔ རྫས་དྲུག་མེ་ལོང་ནང་དུ་བླུག༔ དྲི་ཆུས་སྦྱངས་ ལ་ྈྈྈྈྈྈྈ སྲིན་ལག་གཡོན་པས་རྩ་བ་གནན༔ དྲི་ཆུ་ཁྱེ་འུ་ལོ་བརྒྱད་དམ༔ ཡང་ན་རང་གི་དྲི་ཆུས་སྦྱར༔ དེ་ནས་སྨྱུག་མར་དྲིལ་བྱས་ལ༔ མས་ནས་ཡར་དྲིལ་ལ་ཆས་ བཏུམ༔ མི་འབྲལ་རང་གི་མགུལ་དུ་གདགས༔ སྔགས་ནག་སྟོང་གི་ནུས་པ་ཡང༔ འདི་ཡིས་སྐད་ཅིག་ཉིད་ལ་འཇོམས༔ སྡེ་བརྒྱད་གང་གིས་འདའ་མི་ནུས༔ འདི་འདྲའི་ཡང་ ཟློག་མེ་དང་འདྲ༔ བདག་འདྲ་ཨོ་རྒྱན་པདྨ་ལ༔ འདི་ཟབ་ཟློག་ཐབས་ཡོད་རེ་ཀན༔ མི་ལ་གསང་ཞིང་ངག་མི་བརྗོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ གཞི་ནི་མཐིང་ཤོག་སོར་བཞི་ལ་བྲི༔ བྲི་ལུགས་མ་ནོར་ལྷག་ཆད་མེད་པ་གཅེས༔ ྈྈྈྈྈ ལ་དྲིལ་དུ་བཅུག་ལ་མི་ལག་མ་བརྒྱུད་པར་བཅང་བར་བྱའོ༔ ༼དཔེའུ་རིས་ཡོདྈ༽ འདི་ནི་སྲིད་པ་གསུམ་ན་རྙེད་པར་དཀའ་བའི་ཡང་ཟློག་སྟེ་ཁོ་བོ་རཏྣ་གླིང་པས་གུད་དུ་བྲིས་ཏེ་ལས་ལྡན་སྙིང་གི་བུ་ལ་གདམས་པ། གསེར་སྲང་རེའི་བཀའ་རྒྱ་ཡོད་པས་ཕྱིས་འབྱུང་གདམས་པ་འདི་འདོད་པ་རྣམས་ཀྱིས་ཞིང་སྤངས་གསེར་གྱི་མེ་ཏོག་དང་བཅས་བླ་མ་མཉེས་པའི་བྱ་བ་བགྱིས་ཏེ་ཞུ་ཞིང་། དེ་ལའང་སྲུང་བ་གདགས་ཙམ་ལས་གདམས་ངག་ལག་ལེན་དངོས་ནི་བསྟན་པར་བྱ་བ་མ་ཡིན་ནོ། །དམ་མེད་ཀྱི་ལག་ཏུ་ཤོར་ན་བསྐལ་པ་འཇིག་པས་དམ་པར་བཅང་ཞིང་། ཆོས་བདག་དྲང་སྲོང་སྨུག་ནག་འོད་འཕྲོས་དམ་པར་སྲུངས་ཤིག །ས་མ་ཡ། ྀཨཚ། ༄༅༔ ཡང་ཟློག་ཨ་ཐུང་ནག་པོ་བཞུགས་སོ༔་་་གནུབས་ལུགས། ཡ་མཱནྟ་ཀ་ན་མོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཟློག་པ་ཨ་ཐུང་ནག་པོ་འདི༔ སྨྱོ་འབོག་མཛེ་དང་ཐོར་པ་དང༔ རྦོད་རྦད་ཕྲ་མེན་མུ་སྟེགས་དང༔ སྔགས་པའི་ཐུན་ཟོར་རྦད་འདྲེ་དང༔ ལིངྒ་མཐུ་དང་བྱད་གཏད་ལ༔ ཡང་ཟློག་ནག་པོའི་བདེན་པའི་མཐུས༔ བྱད་མ་མཁན་པོ་རང་བརླག་པ༔ བདུད་ཟློག་ཡང་ཟློག་འདི་ལས་བྱུང༔ ཟློག་པ་གཞན་མ་རྩྭ་དང་འདྲ༔ ཡང་ཟློག་འདི་ནི་མེ་དང་འདྲ༔ མེ་ཡིས་རྩྭ་རྣམས་སྲེག་པ་བཞིན༔ རྦོད་གཏོང་མཁན་པོ་འཆི་བར་འགྱུར༔ འདི་ལས་ཟབ་པ་ས་སྟེང་མེད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུད་ཟློག་ནག་པོ་འབྲུ་བདུན་འདི༔ རྫས་ནི་གསེར་དངུལ་མཚལ་དང་ནི༔ རྒྱ་སྣག་ལ་སོགས་གང་འབྱོར་གྱིས༔ བྲིས་ལ་རབ་གནས་ལྡན་པས་བཏགས༔ སྲུང་བ་ཐོགས་ཆོག་མན་ངག་ཡིན༔ དགྲ་བོས་ཟློག་པ་བྱས་གྱུར་ན༔ ཇེ་ཕྱུང་ཇེ་ཕྱུང་བརླག་པར་འགྱུར༔ ཤིན་ཏུ་ཟབ་རྒྱ་ྀཨཚ༔ ༼དཔེའུ་རིས་ཡོདྈ༽ ཐིག་ལེ་ལྔ་དང་ཨ་ཡིག་བཅུ༔ ཨེ་ཀ་ཡ་མ་དུ་ཏྲི་རྦད༔ འབྲུ་བདུན་འཁོར་ལོའི་དག་ཡིག་སྟེ༔ བདུད་ཟློག་མན་ངག་ཡང་དག་གོ༔ ༄༅། །གུ་རུ་པདྨ་སིདྡྷིས་མཛད་པའི་ཡང་ཟློག་ སྔགས་ཀྱི་ཤན་པ་འདི་ལ་ལྷ་བསྒོམ་མི་དགོས། སྔགས་བཟླ་མི་དགོས། སྔགས་འདི་རྩིབ་ཤུན་ལ་བྲི། ྈ ཚེས་གསུམ་ནམ་བྱུང་ལ་མིད་པས་ཆོག །བྱད་མཁན་ཁོ་རང་ནུས་པ་ ཆེ་ན་ཞག་བདུན། ཆུང་ན་ཉེར་གཅིག་ནས་འཆི། དེས་མ་ཤི་ན་ཁོ་ལ་ནུས་པ་མེད་པས་འཇིགས་མི་དགོས། འདི་ཆིག་བརྒྱུད་ཡིན་པས་ཤིན་ཏུ་གསང་ངོ་། །ས་མ་ཡ། སྔགས་ ལ་ཡིག་འབྲུ་བཅུ། ན་རོ་གསུམ། ཀླད་ཀོར་ལྔ། གི་གུ་གཅིག །ཞབས་ཀྱུ་གཉིས། ར་བཏགས་ གཉིས་སོ། །སྔགས་ཀྱི་ཐེམ་ཡིག་གུ་ཧྱ། ནན་ལྟར་འགྲས་ཆེ་ན། ལིངྒ་ སྤྱི་ལྟར་བྲིས་པའི་སྤྱི་གཙུག་ཏུ་རལ་གྲིའི་ནང་སྔགས་བྲི། བྲི་བའི་རྫས་རྒྱལ་་་གསེར།བློན་་་ཟངས།འབངས་་་མཚལ། གསུམ་མོ། །ཤས་དྲིལ་ནས་མིད། རང་གཤིན་རྗེར་གསལ་བས་ཉི་ཤུ་དགུའི་ཉི་མ་ལ་ཐོག་འགྲོ་དུས་ཤར་དུ་གོམ་པ་དགུ་བོར། ནུབ་ཏུ་ལྡོག་སྟེ་ཟའོ།། ༄༅། །ཤྲཱི་སིཾ་ཧས་མཛད་པའི་གཤིན་རྗེ་ཡང་ཟློག་གི་ཟ་ཡིག་བཀའ་རྒྱ་མ་ཞེས་བྱ་བ་བཞུགས་སོ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་། བོད་ཀྱི་མངའ་བདག་རྒྱལ་པོ་དང་། གནུབས་བན་སངས་རྒྱས་ཡེ་ཤེས་ལ་གནང་བའི་བྱད་ཟློག་འདི། ལྷ་བསྒོམ་མི་དགོས། སྔགས་བཟླ་མི་དགོས། གསང་མཆོག་དམར་ནག་རྒྱུད་ལས་བསྡུས་པས་མཐུ་ཡིས་མི་ཚུགས། རླུང་ལྷ་ཁམ་ནག་དང་། མེ་ལྷ་དམར་སེར་དང་། ནགས་ལྷ་དམར་ནག་དང་། རང་ཟློག་ནག་པོ་དང་། འཇམ་དཔལ་ཁྲོས་པ་རྩ་བའི་རྒྱུད་དང་། འདི་རྣམས་ཀྱི་རྒྱུད་བསྡུས་པས་མཐུ་ཡིས་མི་ཚུགས་ཏེ། མི་གཅིག་གི་ལུས་ལ་བྱད་མ་ཕུར་ཐོགས་སྟོང་ཡོད་ཀྱང་ཉམ་མི་ང་། འདི་ནི་ལྷ་འདྲེ་སྟོང་ཟློག་ཅེས་ཀྱང་བྱ། ལྕགས་ཀྱི་ཁ་གནོན་ཞེས་ཀྱང་བྱ། འབྱུང་པོའི་ཁ་འཆིང་ཞེས་ཀྱང་བྱ། ཚེ་སྒྲུབ་གཏོང་ཆོག་ཅེས་ཀྱང་བྱ། ས་བདག་འདྲེ་འཆིང་ཞེས་ཀྱང་བྱ། ཐེའུ་རང་ནང་འཁོར་ཞེས་ཀྱང་བྱ། བསམ་གཏན་ཉལ་ཆོག་ཅེས་ཀྱང་བྱ། བྱད་མ་འབུམ་རྡུགས་ཞེས་ཀྱང་བྱ། ལྷ་འདྲེ་སྟོང་སྒྲིབ་ཅེས་ཀྱང་བྱ། གདམས་ངག་ཐམས་ཅད་ཀྱི་ཉིང་ཁུ། གཟུངས་སྔགས་ཐམས་ཅད་ཀྱི་སྙིང་ཕྱུང་བ། དུག་མདའ་ལྕགས་ཀྱི་སྤུ་གྲི། བྱད་མ་ཐམས་ཅད་ཀྱི་སྙིང་ཤུན། དཔལ་གྱི་མཚོན་ཆ། བསྒྲུབ་མི་དགོས། གདམས་པ་འདི་སྙིང་དང་འདྲ། གསོད་པ་ཁྲག་གི་མཐུ་ཡིན། ཤ་ཤུན་ལ་བྲིས། ཉི་ཤུ་དགུའི་ཉི་མ་ཟེར་ཁ་ལ་ཁ་ཕྱིར་བསྟན་དགུག་གཞུག་བྱ། ཁ་ནུབ་ཏུ་བལྟས་ནས་ ཟ་བ་ཡིན། འདི་ནི་ཟ་ཡིག་གི་ མཆོག་ཏུ་གྱུར་པ་ཡིན། ཟློག་པ་བར་སྣང་གི་ཐོག་ཆེན་ཡིན། བར་སྣང་ལ་ཁ་བལྟས་ ནས་མགོ་ནས་བསྒྲིལ་ཏེ་ཟན་དང་བཅས་ཟའོ། །ཟློག་པ་སྔགས་པའི་ཤན་པ་འདི་ལ། ལྷ་བསྒོམ་མི་དགོས། སྔགས་བཟླ་མི་དགོས། ཡི་གེ་དབུ་ཅན་དུ་བྲི། ཟློག་ ཐབས་ལག་ལེན་འདིས། བྱད་མ་ནུས་པ་ཆེ་ན་ཞག་བདུན་ནས་འཆི། དེ་བས་ནུས་པ་ཆུང་ན་ཞག་ཉེར་གཅིག་ནས་འཆི། དེས་མ་འཆི་ན་ཁོ་ལ་ནུས་པ་མེད་པས་འཇིགས་མི་ དགོས། འདི་ལས་ཟབ་པའི་བྱད་ཟློག་འཇིག་རྟེན་གསུམ་ན་མེད་ཐག་ཆོད། འདི་གཅིག་བརྒྱུད་ཡིན་པས་སློབ་མ་སྙིང་འདྲ་བའམ། རང་གི་བུ་མ་གཏོགས་གཞན་ལ་མི་ སྟེར་བའི་བཀའ་རྒྱ་ཡོད། ཟློག་པ་སྔགས་པའི་ཤན་པ་འདི་གུ་རུ་ཤྲཱི་སིཾ་ཧས་མཛད་པ་ཤིན་ཏུ་ཟབ་པར་ཡོད། ནན་ལྟར་འགྲས་ཆེ་ན་ལིང་ག་མི་གཟུགས་མ་འདི་མིད་པས། དགྲ་བོ་ནུས་པ་ཆེ་ན་ཞག་བདུན་ནས་འཆི། དེ་བས་ཆུང་ན་ཟླ་ཕྱེད་ནས་འཆི། དེ་བས་ཆུང་ན་ཞག་ཉེར་གཅིག་ནས་འཆི། རྒྱལ་བློན་འབངས་གསུམ་གྱིས་བྲིའོ།་་་གསེར་ཟངས་མཚལ་གསུམ། ཤས་དྲིལ་ལ་ལིངྒ་དང་སྦྲགས་ལ་མིད་དོ། །རང་ཟ་གཞན་ལ་མི་སྟེར་རོ། །དམིགས་པ་ནི། རང་ཉིད་གཤིན་རྗེ་སྐུ་མདོག་མུན་པ་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ། ཁྲོ་ཞིང་གཏུམ་པ་འཇིགས་སུ་རུང་བ་གཅིག་ཏུ་བསྒོམ། གཡས་གྲི་གུག་གིས་གཡོན་ཐོད་པའི་ཐད་དུ་བྱད་མ་གང་ཡིན་ཤ་ཁྲག་དུམ་བུར་བཏང་བར་བསམ་ཞིང་། དེ་གཤིན་རྗེའི་ཞལ་དུ་བསྟབ་པར་བསམ་ལ་ཟ་ཡིག་མིད། འདི་ལས་གསུངས་པའི་ལས་སྦྱོར་རོ། །ྀཨཚ། ཟབ། རྒྱ་རྒྱ་རྒྱ། གོང་འོག་གཉིས་ཀའི་ཞལ་ཤེས་ལ། ཟློག་པ་རྐྱང་པ་ལ་ཟ་ཡིག་རྒྱ་སྣག་གིས་བྲིས་ནས་མིད་པ་ཁོ་ནས་ཆོག །གསད་པ་ཟ་ཡིག་གསེར་ཟངས་མཚལ་གྱིས་བྲི། ལིངྒ་ལ་གྲི་ཁྲག་དང་ཟག་རྫས་རྙེད་ན་བྱུག །ཡུ་བ་ནས་མར་བསྒྲིལ་ལ་ཤ་དམར་གཙང་མའི་ནང་དུ་བཏུམ། ཉེར་དགུའི་ཉི་མ་རྒས་ཁར་ཁ་ཤར་དུ་ཕྱོགས་པས་གོམ་པ་དགུ་བོར་ལ་གཤིན་རྗེའི་བསྐྱེད་རིམ་གསལ་བཏབ། ཡང་ཟློག་བཟླ། ཤ་ལག་གཡོན་པའི་མཐིལ་བཞག །དགུག་གཞུག་ཡིད་ཆེས་པ་བྱ། གཡས་གྲི་གུག་གིས་དུམ་བུར་གཏུབས་པར་བསམ་ལ་ཉི་མ་ཟེར་གྱིས་འགྲོ་བ་དང་ནུབ་ཏུ་ཁ་ལྡོག་སྟེ་རང་གཤིན་རྗེར་གསལ་བས་མིད། ལྟོ་བ་ལས་གཤིན་གྱི་ཁར་ཚུད་པར་བསམ་ལ་སྟོང་ཉིད་ཀྱི་ལྟ་བའི་ངང་ནས་བདེན་སྟོབས་བརྗོད་དོ། །གཞན་ལ་བཤད་ན་ན་ར་ཀན། གུ་ཧྱ། ས་མ་ཡ། རྒྱ་རྒྱ་རྒྱ། ༈ རལ་གྲིའི་ནང་གི་སྔགས་ནི། ྈྈྈྈྈྈྈྈྈྈྈྈྈྈྈྈྈ ལིངྒའི་ལྟེ་བར། དམ་ཉམས་པའི་དགྲ་བོ་བྱད་མ་མཐུ་གཏད་སེལ་གསུམ་བྱེད་པའི་མགོན་སྐྱབས་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་ནན་སོད༔ བརླ་གཡས་སུ།་་་་བྱ་གླང་རྟ་རྐྱང་རྒོ་བ། བརླ་གཡོན་དུ།་་་་ར་ཤ་བ་ལུག་བོང་བུ། ཅེས་བྲིའོ།། །།
རླུང་འཁྲུག་འབུམ་གྱི་ཡང་སྙིང་གཤིན་རྗེའི་སྲོག་སྒྲུབ་མེ་ཡི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོ་ (Volume 54, Text 38)
༄༅༔ རླུང་འཁྲུག་འབུམ་གྱི་ཡང་སྙིང་གཤིན་རྗེའི་སྲོག་སྒྲུབ་མེ་ཡི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ སྲོག་དབུགས་བླ་ཚེའི་བདག་པོ་སྟེ༔ ཡ་མཱནྟ་ཀ་ལ་བཏུད་ནས༔ ངན་སྔགས་མཐར་ཐུག་སྤུ་གྲི་འདི༔ གཤིན་རྗེའི་སྲོག་སྒྲུབ༔ མགོན་པོའི་ལས་མཐའ༔ མ་མོའི་སྙིང་ཁྲག༔ གཟའི་འཁོར་ལོ༔ སྡེ་བརྒྱད་སྲོག་དྲིལ༔ པེ་སྲོག་གནན་འཁོར༔ དྲག་སྔགས་དུག་མདའ༔ སྔགས་སྲུང་མཚོན་ཆ༔ འདི་བཅས་པ་ཙམ་གྱིས་སྲིད་པ་འཁྲུག་ཅིང་རྡེག༔ རི་འགུལ་ཞིང་རྒྱ་མཚོ་འཁྲུག༔ དཔག་བསམ་གྱི་ཤིང་ཆག༔ གཟའ་སྐར་ཐང་ལ་འབྲུལ༔ མཐུ་དང་གྲགས་པ་ལྡན་པའི་འཁོར་ལོ་འདིས༔ ཚངས་དང་བརྒྱ་བྱིན་བརླག་བྱེད་ན༔ བསྟན་པའི་དགྲ་ལ་སྨྲོས་ཅི་དགོས༔ སྐལ་ལྡན་སྙིང་གི་བུ་དང་འདི་འཕྲད་ནས༔ དེས་ཀྱང་བསྟན་དགྲ་ཚར་གཅོད་ཤོག༔ ཕྱི་རབས་བརྒྱུད་འཛིན་གཅིག་མ་གཏོགས༔ ཀུན་ལ་སྤེལ་ན་དམ་ཚིག་ཉམས༔ ས་མ་ཡ༔ ྈྈྈ འདི་ཡི་བཅའ་ཐབས་ལག་ལེན་ནི༔ རྒྱུ་དང་བཅས་དང་ཁ་བསྒྱུར་དང༔ ལོག་གནོན་གོ་ལོག་ལྔ་རུ་གསུངས༔ རྒྱུ་ནི་རོ་རས་དུག་ཤོག་ལ༔ ཚད་ནི་མ་ངེས་རིགས་པས་སྦྱར༔ སྣག་ཚྭ་བཙན་དུག་ལྡོང་རོས་དང༔ གྲི་ཁྲག་མཚལ་སྣག་ལེགས་སྦྱར་ནས༔ ཙཀྲ་རྩིབས་དྲུག་མུ་ཁྱུད་བཞི༔ རྩིབས་དྲུག་ལྟེ་བར་སྣག་ཚྭས་བྲི༔ འཁོར་ལོ་བདུན་ནམ་བཅུ་བཞི་འམ༔ ཉེར་གཅིག་མན་ཆད་བྱ་བ་སྟེ༔ མང་ན་མྱུར་ཞེས་རྒྱུད་ནས་གསུངས༔ རཱུ་པ་ལག་གཉིས་སྐྲ་འབལ་བྲི༔ སྙིང་གར་ནྲྀ་ལ་དཔྲལ་བར་རུས༔ དཔུང་གཡས་ཛཿལ་དཔུང་གཡོན་ཧཱུྃ༔ པུས་གཡས་བཾ་ལ་པུས་གཡོན་ཧོ༔ རྐང་ཞབས་ཡཾ་བྲི་མིག་ལ་ལོང༔ རྣ་བར་འོན་དང་བརླར་བླ་དྭགས༔ ཁ་ན་བདུད་པོ་ང་ལོངས་དང༔ འདོམས་སུ་མཱ་ར་ཡ་ཕཊ་བྲི༔ དབུས་ཀྱི་ལིངྒའི་ཁོང་པ་རུ༔ ཧཱུྃ་ཧ་ཧོ་ཡཾ་ཤད་ཧཱུྃ་ཧབ་ཆེ་གེ་མོ་སོད་སོད་དཀྲུགས་ཕྱི་ཧབ་ཤད་ཕྱུང་མཱ་ར་ཡ་སྲོག་ལ་རྦད་དབུགས་ཆོད། ཆོས་སྐྱོང་སྲུང་མ་དྲེགས་པའི་སྡེ་དཔོན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་རྣམས་ཀྱིས་དགྲ་བོ་ཆེ་གེ་མོ་འདི་སོད་ཅིག་ཕྱེ་ཞིག་བཞེས་ཤིག༔ ཅེས་བྲི༔ རྩིབས་དྲུག་ལིངྒའི་ཁོང་པ་རུ༔ ཧཱུྃ་ཧ་ཧི་ཡཾ་ཆེ་གེ་མོ་ཧབ་ཤད་ཕྱུང་རྦད་སོད༔ ཅེས་བྲི༔ རྩིབས་མཆན་དྲུག་ལ༔ ཧཱུྃ་ཕཊ་རྦད་ཆེ་གེ་མོ་ཛཿསོད་ཧུར་ཆེ་གེ་མོ་སོད་དཀྲུགས་ཕྱེ་སྲོག་ལ་མཱ་ར་ཡ་རྦད་སོད་མྱགས་ཐུམ་རིལ་སྲོག་ལ་རྦད༔ ཅེས་བྲི༔ མུ་ཁྱུད་ནང་མ་ལ་ཆེ་གེ་མོ་ཏར་ནི་ཏྲ་ཏ་རྦད་ཛ༔ ཆེ་གེ་མོ་ཧོར་ནི་དུ་ཏྲི་རྦད་ཛ༔ ཆེ་གེ་མོ་ནང་ནི་ཏ་ཏྲི་རྦད་ཛ༔ ཆེ་གེ་མོ་ཏ་རྣྲི་ཏྲ་ར་རྦད་ཛ༔ ཆེ་གེ་མོ་ཧུར་ནི་ཏྲ་ར་རྦད་ཛ༔ ཆེ་གེ་མོ་ཧོར་ནི་དུ་ཏྲི་རྦད་ཛ༔ ཆེ་གེ་མོ་སོད་ཅིག༔ དཀྲུགས་ཤིག༔ ཕྱེས་ཤིག༔ མཱ་ར་ཡ་དཀྲུགས་ཤིག་རྦད་རྦད༔ ཅེས་བྲི༔ མུ་ཁྱུད་ཕྱི་མ་ལ༔ ཧེར་ནི་ཧེར་ཡཾ་རྨུག་ཐུན་ཡཾ་ཕྱེ་ཧ་ཡ་ཕྱེ༔ ཆེ་གེ་མོ་སྙིང་ཤད་ཤད་ཡཾ་རྦད༔ ཆེ་གེ་མོ་ཨུར་ན་ཏྲི་ཏོ་གཏུབས་ཛ༔ ཆེ་གེ་མོ་ཧ་རི་ཟངས་ཟངས་ཛ༔ ཆེ་གེ་མོ་ཤན་ནྲིར་ཤན་རྦད་ཛ༔ ཆེ་གེ་མོ་ཧ་ར་ནི་ཧ་ར་ས་མ་ཡ་ཕྱེ༔ ཆེ་གེ་མོ་མུན་ཐུན་ཡཾ་ཕྱེ་ཧ་ཡ་ཕྱེ༔ སྙིང་ཤད་ཤད་ཡཾ་རྦད༔ ཨུར་ན་ཏྲ་ཀྲོ་གཏུམས་ཛ༔ ཧ་རི་ཟང་ཟང་ཛ༔ ཤག་ནི་ཤག་རྦད་རྦད་ཛ༔ ཆེ་གེ་མོ་སོད་དཀྲུགས་སྲོག་ལ་ཡཱ༔ སྙིང་ལ་ཡཱ་རུ་ཏྲ་ཛ་ལ་ཡཱ༔ མཱ་ར་ཡ་བྷྱོ༔་་་སྟེང་འོག་རྣམས་མུ་ཁྱུད་རྩིབས་དང་སྔགས་མགོ་རྣམས་མ་འཛོལ་བར་གཅིག་ཐོག་ཏུ་གཅིག་འབབ་པ་གལ་ཆེའོ། །ཅེས་བྲི་་་ཟིན་ནས་སྔགས་དམིགས་འཁོར་ལོ་ལིངྒ་ལ།ཕུང་སྣ་དུག་སྣ་ཁྲག་སྣ་བྱུག༔ མིང་དང་ལིངྒ་དྲི་མ་སྦགས།་་་དྲུག་གང་རྙེད་བྱུག་ཁྱད་པར་ཟག་པ་རྙེད་ན་རབ་མེ་ལ་རླངས་ཐོན་ཙམ་སྲོས་ལ་བྱུག་གོ། ཁ་སྦྱོར་འབྱེད་ན་ལུག་དང་སྦྲུལ་གྱི་ཁྲག༔ དཀྲུག་ན་བྱ་རོག་འུག་པའི་ཁྲག༔ ནད་རིམས་འབེབ་ན་རིམས་ཁྲག་སྟེ༔ མཛེ་ཡིས་གསོད་ན་མཛེ་ཁྲག་དང༔ གློ་བུར་གསོད་ན་གྲི་རྒོད་ཁྲག༔ གཟའ་ནད་འབེབ་ན་དེས་ཤིའི་ཁྲག༔ དེ་སོགས་་་གང་བྱེད་དེའི།ཁ་བསྒྱུར་ཁྲག་བྱུག་གནད༔ ལོག་གནོན་ཙཀྲ་ཡུགས་ས་ཡི༔ ཕུ་དུང་ཁོལ་མིག་ནས་ལན་གསུམ་ཐུར་དུ་དྲང༔ མཱ་ར་ཡ་ནི་བརྒྱ་རྩ་གཅིག༔་་་འཁོར་ལོའི་སྔགས་རྣམས་བརྒྱ་སྟོང་ཅི་འགྲུབ་བཟླ་བ་ཡིན། བཟླས་ལ་མེ་ཏོག་བྲ་ནག་དང༔ ཡུངས་དཀར་ལ་བཏབ་འཁོར་ལོ་བྲབ༔ ལིང་གར་དགྲ་བོ་དགུགས་བསྟིམ་དབྱེ༔་་་མང་དུ་བྱ་ཞིང་ལྷ་དང་དབྱེ། ལྟེ་བ་མ་ཕུག་པར།་་་འཁོར་ལོ་བརྩེགས་ལ་རོ་རས་བཏུམ༔ རྒྱུས་ཆེན་ཡུགས་སའི་སྐྲ་ཡིས་བཙེམས༔ དུག་ཤིང་།་་་སྲོག་ཤིང་མཐོ་གང་གྲི་ལྕགས་མདེ་འུ༔ སྒྲོ་འདབ་ཙཀྲའི་ཟུར་དང་མཉམ༔ སྒྲོ་འདབ་བཞི་ལ་མ་མོ་བཞི༔་་་སྤྱན་མ། མཱ་ཀཱི །གོས་དཀར། སྒྲོལ་མ། ཐུགས་ཀར་ཧ་རི་ནི་ས་དང༔ འབྱུང་སྔགས་ཤམ་བུ་དག་ཀྱང་བྲི༔ རླུང་ཁང་རིག་པའི་མདའ་ཡིས་བསྣུན༔ ཉི་ནག་དགུ་སྟོང་ཟླ་སྨད་ལ༔ གཉན་ས་སྡེ་བརྒྱད་གནས་པའི་སར༔ དཀར་དམར་གཏོར་མ་གསུམ་བཤམས་ལ༔ གཞི་བདག་ལ་དབུལ་གཟུ་དཔང་བྱ༔ བསྐོར་ཕྱོགས་གཡས་སྐོར་ཁོ་ན་བྱ༔་་་ལག་ལེན་ལ་རང་འཐག་བསྐོར་ཡིན་ནོ། །ཙཀྲའི་མདུན་དུ་གསལ་ཤིང་གཟུག༔ ཟླ་གཅིག་གཡས་་་སུ།བསྐོར་་་ནས་བསད་པའི།རྟགས་མེད་ན༔ ཙཀྲ་སྟེང་འོག་གོ་བརྗེ་ནས༔ ལག་ལེན་ལ་སྤོག་ཆོག་ནང་སྐོར།་་་འཁོར་ལོ་གཡོན་དུ་ཟླ་གཅིག་བསྐོར༔་་་འཁོར་ལོ་རྣལ་ཟློག་གང་ལྟར་བསྐོར་ཀྱང་འཁོར་ལོ་བསྐོར་བའི་རིགས་ལ་སྡེ་བརྒྱད་དང་ཡུལ་ལྷ་གཞི་བདག་ལ་གསེར་སྐྱེམས་དང་གཏོར་མ་འབུལ་བཀའ་བསྒོ་གཉེར་བཅོལ་དང་དགྲ་ཕྱོགས་སུ་ཟོར་ཐུན་འཕང་པ་ཡང་ཡང་བྱའོ། །གོ་ལྡོག་ཞེས་ནི་དེ་ལ་བྱ༔ ཟླ་བ་གཅིག་ལས་མང་མི་རུང༔ སླར་ཡང་སྔར་བཞིན་གཡས་སུ་བསྐོར༔ དེས་ནི་ཚངས་པ་ཡིན་ཡང་སྒྲོལ༔ བསད་རྟགས་མཐོང་ནས་འཁོར་ལོ་བཤོལ༔ མིང་རུས་ཕྱིས་ལ་ཙཀྲ་བཞག༔ ཕྱིས་ནས་དགྲ་བྱུང་དེར་མིང་བཅུག༔་་་སྔར་མིང་ཡིག་ཤུལ་དུ་བྲི། སླར་ཡང་བསྐོར་བས་ཤིན་ཏུ་མྱུར༔ ཡང་ན་དུག་ཤིང་མེར་བསྲེགས་ལ༔ ཐལ་བ་རླུང་ངམ་གཉན་སར་གནན༔ བསྟན་སྲུང་གསང་བའི་སྤུ་གྲི་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྒྱུད་ཆེན་རླུང་ནག་འཁྲུགས་པ་འབུམ་ཏིག་གི༔ དྲག་པོའི་ལེ་འུ་ཁོལ་བུར་ཕྱུང༔ རླུང་ནག་མེ་ཡི་སྤུ་གྲི་ཟེར༔ སྡེ་བརྒྱད་སྲོག་ཟན་སྤུ་གྲི་ཟེར༔ གཤིན་རྗེ་དུག་གི་འཁོར་ལོ་ཟེར༔ མུ་སྟེགས་སྲོག་གི་དུག་མདའ་ཟེར༔ བོད་འབངས་ཡོངས་ལ་མ་སྤེལ་ཏེ༔ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ འདྲ་མིན་གཉིས་དང་དངོས་དང་གསུམ༔་་་བུམ་ཐང་གནམ་སྐས་བྲག །ལ་ལ་ཡེ་ྈྈྈ འདིའོ། །གཏེར་ཁ་གསུམ་དུ་སྦས་ལ་བཞག༔ ཕྱི་རབས་སྐལ་ལྡན་སྙིང་གི་བུ༔ ལས་ཅན་གཅིག་དང་འདི་འཕྲད་ནས༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ ཅེས་ཕ་ཝང་གཡུ་སྒོར་སྦས་པ་ལས་དང་སྐལ་པར་ལྡན་པའི་གཏེར་སྟོན་དུམ་པ་རྒྱ་མི་ཞང་ཁྲོཾ་རྡོ་རྗེ་འབར་གྱིས་བཏོན་པ་སྟེ་དངོས་གཞི་དང་གཞན་དེ་གཉིས་བསྲེ་བསླད་མ་བྱེད་ཅིག །ས་མ་ཡ། ༈ འཁོར་ལོ་འདི་དང་སྲོག་ཆན་པ་ནག་པོ་སྔགས་ཚིག་འདྲ་བ་ལྟར་ལ་མི་འདྲ་བའི་ཁྱད་པར་ཆེས་ཆེར་ཡོད་པས་རིགས་འགྲེ་འཕྲི་བསྣན་བསྲེ་བསླད་མི་བྱ་བར་གལ་ཆེ་བར་ཡོད། ༈ འདི་ཡང་བྲིས་ནས་གཞུང་དུ་རང་སྔགས་བརྒྱ་རྩ་བཟླས་པས་ཆོག་པར་གསུངས་ཀྱང་། འཁོར་ལོ་བྲུབ་ཁུང་དུ་བཅུག་ཁར་ཡ་མཱ་རི་དང་ལས་གཤིན་དང་སྡེ་བརྒྱད་སོགས་ཀྱི་གཏོར་མ་བཤམ། གསེར་སྐྱེམས་གཟུ་དཔང་སོགས་བྱ། འགུགས་གཞུག་ཉེར་གཅིག་ཙམ་དང་། བླ་འགུགས་ལྷ་དབྱེའི་རྫས་དུད་བཏང་། བྲུབ་ཁུང་དུ་བཅུག་ལ་འཁོར་ལོའི་སྔགས་རྣམས་བཟླ། དུས་དྲུག་ཏུ་ཡ་མཱ་རི་དང་མོན་པ་བཞི་སྡེ་བརྒྱད་སོགས་བསྐུལ་ཞིང་ཉེས་བྱས་དྲག་བསྐུལ་དང་། དགུག་གཞུག་བླ་འགུགས་ལྷ་དབྱེ་བྱ། ཐུན་མགོ་རྣམས་སུ་གཤིན་རྗེ་ཡང་ཟློག་དང་ལྕགས་སྡིག་དང་། རྡོ་རྗེ་གཙུག་ལག་སོགས་ནས་གསུངས་པའི་བླ་འགུགས་བརྒྱ་ཕྲག་རེ་ཙམ་དང་། ལྷ་དབྱེའི་སྔགས་ཅི་འགྲུབ་བཟླ། ཚུལ་དེ་ལྟར་བསྒྲུབས་པའི་བླ་འགུགས་རྟགས་མཐོང་ནས་ཐུན་དྲུག་ཏུ་ཐུན་བྲབ། བསད་རྟགས་ཐོན་ནས་འཁོར་ལོའི་ལིངྒ་རྣམས་ལ་དགུགས་དབྱེ་ཕུར་ཐུན་སོགས་རྦོད་གཏོང་གི་ལས་བྱས་ལ་འཁོར་ལོ་བསྐོར།།
སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྱག་རྒྱ་གསང་བའི་བཅུད་འདུས་ (Volume 17, Text 38)
༄༅། །སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་གྲོལ་འབོགས་པའི་ལག་ལེན་ཕྱག་རྒྱ་གསང་བའི་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བརྟན་གཡོ་ཀུན་ཁྱབ་འཇམ་པའི་དཔལ། །ཉོན་མོངས་བདུད་དགྲའི་གཤེད་དུ་བཞེངས། །ཟིལ་གནོན་སྟོབས་ཀྱི་ཕྱག་རྒྱ་ཆེ། །བླ་མའི་སྐུ་རུ་བསྟན་ལ་འདུད། །ཟབ་མོ་སྙན་བརྒྱུད་ཀྱི་ཆོས་སྡེ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་དབང་བསྐུར་ཐམས་ཅད་ཀྱི་རྩ་བའམ་སྙིང་པོར་གྱུར་པ་ཉིད་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་རམ་མཎྜལ་ལ་མེ་ཏོག་མཐིང་ནག་གི་ཚོམ་བུ་གཅིག་བཀོད་པའི་དབུས་སུ་མཉྫི་ལ་ཐོད་པའི་ནང་དུ་བམ་ཆེན་ལག་ལེན་ལྟར་བཅོས་པ། གཡས་སུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་དང་བཅས་པ། གཡོན་དུ་མཆོད་རྟེན་བཀའ་གདམས་ལུགས་མ་ལྟ་བུ། མདུན་དུ་ཞི་བ་དང་ཁྲོ་བོའི་སྐུ་ཙཀ་གཉིས། ཁྲོ་ཆས་ཕྱོགས་བསྡུས་དང་ཕྱག་མཚན་དྲུག་བསྡུས་པའི་ཙཀླི་གཉིས། ཐོད་ཕྲེང་། སྔགས་བྱང་། དྲེགས་པའི་དམར་གཏོར། རྒྱབ་ཏུ་གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མེ་ལོང་། ཚེ་འབྲང་ཆང་གིས་སྦྲུས་པའི་རིལ་བུས་བསྐོར་བ་རྣམས་དང་། སྨན་རཀ་གཏོར་གསུམ། དྲག་མཆོད་སྤྱི་ལྟར་བཤམ། ལས་བུམ་དང་ཕྲིན་ལས་ལ་མཁོ་བའི་གཏོར་མཆོད་སོགས་ཚོགས་པར་བྱའོ། །དེ་ནས་ཐུགས་ཏིག་རྩ་བ་གཏེར་གཞུང་ལ་མ་འཐུས་མེད་ཀྱང་ཡན་ལག་གཞན་ནས་ཅུང་ཟད་ཁ་སྐོང་དགོས་པས། སྤྲོས་པ་བསྡུ་ན། རྗེ་ཉིད་ཀྱིས་གནང་བའི་རྒྱུན་ཁྱེར་ལྟར་བདག་མདུན་དབྱེར་མེད་དམ། སོ་སོར་ཚར་གཉིས་བསྐྱེད་བཟླས་སོ་སོའི་བློ་ཚོད་དང་བསྟུན། སྤྲོས་པ་ཅུང་རྒྱས་པར་བྱེད་ན་ལས་བྱང་གསར་བསྒྲིགས་ལྟར་བཏང་ལ་ཞི་བསྙེན་ཅི་འགྲུབ། དེ་ལས་བལྡབ་འགྱུར་ལྷག་ཙམ་མང་བའི་ཁྲོ་བོར་སྒྲུབ་པའི་བཟླས་པ་བྱ། བམ་དང་པུ་རི། རྣམ་བུམ་རྣམས་ལའང་སོ་སོར་ལྷ་དང་སྤྲོ་བསྡུ་གསལ་བར་དམིགས་པའི་བཟླས་པ་གྲུབ་ནས། མཆོད་བསྟོད་དང་བུམ་ལྷ་འོད་ཞུ་བྱ། དེ་ནས་གཏེར་གཞུང་རྒྱས་པའི་ལས་སྒྲུབ་ལྟར། ཚེ་སྒྲུབ་དམིགས་པ་དང་བཟླས་པ་གང་འགྲུབ་བྱས་ལ་མཐར་ཚེ་འགུགས་གཏང་ཞིང་ཚེ་བཅུད་སྒྲུབ་རྫས་ལ་བསྟིམ། ལས་བུམ་དུ་ལས་གཤིན་བསྐྱེད་བཟླས་སམ་སྔགས་ཙམ་གྱིས་བྱིན་བརླབ། ལས་བྱང་བཏང་ན་ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ནི། སློབ་མ་ལ་ཁྲུས། བགེགས་བསྐྲད། མཚམས་གཅོད། སེམས་བསྐྱེད་གསལ་གདབ་བྱས་ལ། མཚམས་སྦྱོར་ཁྱད་པར། དེ་ལ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུའི་གསང་བ་གཅིག་ཏུ་བསྡུས་པ་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ་རྩ་བཤད་མན་ངག་གི་རྒྱུད་དང་། བཀའ་བབས་གྲུབ་བརྙེས་ཀྱི་སློབ་དཔོན་སོ་སོས་བཀྲལ་པའི་མན་ངག་གི་བཀའ་སྲོལ་མཐའ་ཡས་པ་བཞུགས་ཤིང་། གངས་ཅན་འདིར་ཡང་སྔ་འགྱུར་རྙིང་མའི་ཕྱོགས་ལ་ངོ་བོའི་དབྱེ་བས་གཤེད་སྐོར་རིགས་ལྔ་དང་། རྣམ་པའི་ཚུལ་ལས་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གསུམ། ཕྲིན་ལས་ཀྱི་བྱེ་བྲག་རྣ་ཆ་བརྒྱད་དུ་ཡོངས་སུ་གྲགས་པ་དང་། ཕྱི་འགྱུར་གསར་མའི་ཕྱོགས་ལ་དམར་ནག་འཇིགས་གསུམ་ནང་གསེས་དང་བཅས་པ་བྱོན་པ་ལས། འདིར་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་པོ་དེ་བཞིན་གཤེགས་པའི་རིགས་འཁོར་འདས་ཀུན་གྱི་ཕྱག་རྒྱ་ཟིལ་གྱིས་གནོན་པ་ཞི་ཁྲོ་དྲིལ་སྒྲུབ་གཤེད་སྐོར་རྒྱ་མཚོའི་བཅུད་དང་སྙིང་པོ་ཕྱུང་པ་འདི་ནི། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཉིད་རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་སྣང་བ་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པ་ལྷུན་གྲུབ་རིག་འཛིན་བློ་ལྡན་མཆོག་སྲེད་ཀྱིས་རྗེས་སུ་གདམས་ཏེ་སྙན་བརྒྱུད་དུ་བསྩལ་པ་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་འཇམ་དཔལ་གཤིན་རྗེ་གཤེད་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཆོས་དབྱིངས་བདེ་བར་དགྱེས་རོལ་པའི༔ འཇམ་དཔལ་ཁྲག་འཐུང་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ༔ བདག་ཅག་འཇུག་ཅིང་སྨིན་པར་འཚལ༔ ལན་གསུམ། དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་ཆེད་དུ་ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསོག་ཅིང་སྡིག་སྒྲིབ་སྦྱོང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་དོན་དང་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ཀླུ་འབུམ། གཉན་ཁྲི། ས་བདག་སྟོང་དང་ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན་ལ་རིག་པའི་ངོ་བོ་ཨེ་མཐིང་ནག །དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ། ཤིན་ཏུ་ཁྲོས་པའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་པ། ཞབས་བཞི་འདོར་ཐབས་མེ་ཕུང་འབར་བའི་ཀློང་ན་འགྱིང་ཞིང་ཡུམ་མཐིང་ནག་སྙིང་དང་གྲི་ཐོད་འཛིན་པས་འཁྱུད་པའི་སྐུར་གསལ་ཐོབ་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་གཤིན་རྗེ་གཤེད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར། ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་ཞི་དྲག་གི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་གསང་ཤེར་ཡེ་ཚིག་དབང་མཐའ་རྟེན་དང་ལྔར་ཡོད་པའི་དང་པོ་བུམ་དབང་ལའང་དངོས་དང་རྗེས་འབྲེལ་གཉིས་ལས། ཐོག་མར་བུམ་དབང་དངོས་ལ་འདུན་པ་འདི་ལྟར་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་དང་། དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ ཡེ་ཤེས་དག་པ་བུམ་པའི་དབྱིངས༔ ཕྱག་རྒྱ་ཟིལ་གནོན་ཞུ་བའི་བཅུད༔ རིགས་ལྔ་འདུས་པའི་བདུད་རྩི་ཡིས༔ ཡེ་ཤེས་ལྔ་རུ་དབང་བསྐུར་རོ༔ ཁྲོ་བོའི་སྔགས་མཐར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀ་ལ་ཤ་ཨ་བྷི་ཥིིཉྩ་ཨོཾ༔ བུམ་ཆུ་འཐོར་འཐུང་བྱ། བུམ་པའི་ཆུས་ལུས་ཀྱི་ནང་གང་། རྟོག་སྒྲིབ་བག་ཆགས་དང་བཅས་པའི་དྲི་མ་གཏོར་ཞིང་ཡེ་ཤེས་ལྔའི་ནུས་པ་རྒྱུད་ལ་བླུགས་པར་མོས་ཤིག །གཉིས་པ་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་སྦྱིན་པ་ལ། དང་པོ་སྐུ་ཕྱག་རྒྱའི་དབང་གི་སླད་དུ་དཔལ་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་གཟི་བརྗིད་བསྐལ་མེ་ལྟར་འབར་བཞིན་པར་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཧཱུྃ༔ རང་བྱུང་ཐིག་ལེ་ཉག་གཅིག་ལས༔ འཁོར་འདས་ཟིལ་གནོན་ལྷ་སྐུར་ཤར༔ གཉིས་མེད་ཕྱག་རྒྱའི་དབང་བསྐུར་བས༔ སྣང་ཞེན་གཟུང་འཛིན་རང་གྲོལ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥཱིཉྩ་ཨོཾ༔ རབ་འཇིགས་དུར་ཁྲོད་དྲག་པོའི་རྒྱན་ཆས་རྣམས་གནས་སོ་སོར་བགོས་ཏེ་མངའ་གསོལ་བས་འཁོར་འདས་ཟིལ་གྱིས་གནོན་པའི་སྟོབས་དང་གཟི་བརྗིད་ཀྱི་རྩལ་ཆེན་རྫོགས་པར་མོས་ཤིག །དུར་ཁྲོད་ཆས་རྣམས་བགོ་ཚུལ་བྱས་ལ། ཧཱུྃ༔ དཔལ་ཆེན་འབར་བ་དབང་གི་ཆས༔ དུར་ཁྲོད་ཆེན་པོའི་ལོངས་སྤྱོད་ཀྱིས༔ དྲེགས་པའི་སྟོབས་དང་སྲོག་འཕྲོག་པའི༔ རྗེ་བཙན་མཆོག་ཏུ་མངའ་གསོལ་ལོ༔ སྔགས་མཐར་ཤྲཱི་ཧེ་རུ་ཀ་ཨ་ལཾ་ཀཱ་ར་ཨ་བྷི་ཥཱིཉྩ་མི༔ འབར་བའི་ཕྱག་མཚན་རྣམས་སོ་སོར་བྱིན་པས་འཇིགས་པའི་བདུད་བཞི་དང་གསང་བའི་དགྲ་གསུམ་རྩད་ནས་གཅོད་པའི་མཐུ་སྟོབས་ནུས་པ་ཐོགས་མེད་དུ་ཐོབ་པར་མོས་ཤིག །ཕྱག་མཚན་རྣམས་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ སྲིད་པའི་དྲྭ་བ་འཇོམས་ཤིང་གཅོད༔ ཉོན་མོངས་བདུད་འདུལ་བདུད་དགྲ་གསོད༔ གཟུང་འཛིན་ཚར་གཅོད་གདུག་པ་ཅན༔ བསྡིགས་ཤིང་ཟིལ་གནོན་དབང་བསྐུར་རོ༔ སྔགས་མཐར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥཱིཉྩ་མི༔ དེ་རྣམས་ཀྱིས་ལྷ་དབང་ལུས་ལ་ཐོབ། གསལ་བརྟན་དག་གསུམ་དང་ལྡན་པའི་ལྷའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷའི་དཀྱིལ་འཁོར་བསྒོམ་པ་དང་མ་བྲལ་བས་ཐ་མལ་གྱི་སྣང་ཞེན་ཀུན་ལ་བསྐྱེད་པ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེའི་ནཱ་ད་ལས་ཞི་སྔགས་ཡི་གེ་དྲུག་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་གི་ནཱ་དར་ཐིམ་པ་ལས་སྔགས་ཀྱི་གཟུགས་དང་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་མཆོད་ཅིང་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་ཚུར་བསྡུས་ཏེ་ཐིམ། སླར་ཡང་འོད་ཟེར་གྱི་སྣང་བ་འབར་བས་སྒྲིབ་གཉིས་ཀྱི་མུན་པ་སང་གིས་བསལ་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཞི་སྔགས་ལན་གསུམ། སླར་ཡང་གུས་འདུད་བྱས་པའི་རྐྱེན་གྱིས་དཔལ་ཆེན་པོའི་ཐུགས་ཀའི་ཧཱུྃ་མཐར་ཁྲོ་བོའི་སྔགས་ཕྲེང་ལས་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་གི་ཞལ་དུ་ཞུགས། ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པ་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། སྣང་སྲིད་དག་པའི་འཁོར་ལོར་སྦྱངས། ཚུར་འདུས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ལ་རྗེས་ཟློས། ཁྲོ་སྔགས་གསུམ། སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་སྟེ་བརྟན་པར་བྱས་པར་མོས་ཤིག །ཧཱུྃ༔ དཔལ་ཆེན་གསང་སྔགས་རྡོ་རྗེའི་སྒྲ༔ རྟག་ཏུ་ཆུ་བོའི་གཞུང་བཞིན་ཟློས༔ རབ་འབྱམས་ཕྲིན་ལས་འགྲུབ་པ་དང༔ སྲོག་རྩོལ་དག་པའི་དབང་ཐོབ་ཤོགཿ སྔགས་མཐར་ཝཱ་ཀ་ཨ་བྷི་ཥཱིཉྩ་ཨཱ༔ དེས་སྔགས་དབང་ངག་ལ་ཐོབ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་བརྗོད་དང་། ཏིང་འཛིན་དམིགས་པའི་འཕྲོ་འདུ་བྱ་བ་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་གྲགས་སྟོང་སྒྲ་བརྙན་ལྟ་བུའི་གསང་སྔགས་ཀྱི་བཟླས་པ་དང་། དགོངས་པ་རྣམ་བཞིའི་སྤྲོ་བསྡུ་ཆུ་བོའི་གཞུང་བཞིན་ཆད་པ་མེད་པས་ཐ་མལ་གྱི་སྒྲ་བརྗོད་དང་འཛིན་རྟོག་ཀུན་ལ་བཟླས་པ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་ཐུགས་དགོངས་པ་དོན་གྱི་ངོ་སྤྲད་པ་ནི། རྡོ་རྗེའི་ཚིག་གི་དོན་དྲན་པས་དབྱིངས་རིག་ཟུང་འཇུག་གི་ངང་དུ་མཉམ་པར་འཇོག་པར་ཞུ། སྡིགས་མཛུབ་སྙིང་གར་གཏད་ལ། ཧཱུྃ༔ ཨྱེ་ཉིད་སྟོང་པ་ཆོས་འབྱུང་ལས༔ མ་སྐྱེས་གནས་པ་དྲན་པར་བྱ༔ རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར༔ དབྱིངས་རིག་ཟུང་འཇུག་རྟོགས་པར་འགྱུར༔ སྔགས་མཐར་ཨ་ཨ་ཨ་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ༔ དཔལ་ཆེན་པོའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་སྐུ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་མཁྱེན་གཉིས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཞི་སྐུ་སྙིང་གར་བཞག་ལ། དྷཱི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཇམ་དཔལ་ངག་གི་དབང་ཕྱུག་ནི༔ རྟག་ཏུ་སྙིང་ལ་ཡང་དག་གནས༔ བྱིན་རླབས་མཆོག་གིས་དབང་བསྐུར་རོ༔ ཨོཾ་ཝཱ་གཱི་ཤྭ་རི་མཱུྃ༔ ཛྙཱ་ན་སཏྭ་ཨ་བྷི་ཥཱིཉྩ་མི༔ དེས་ཆོས་དབང་སེམས་ལ་ཐོབ། འོད་གསལ་རྣམ་པར་མི་རྟོག་པའིི་འཇུག་ལྡང་ལ་དབང་བ་ཡིན་པས། དེང་ཕྱིན་ཆད་དབྱིངས་རིག་གཉིས་མེད་རང་བྱུང་གཉུག་མའི་གཤིས་ལ་རང་བབས་ཀྱི་བསམ་གཏན་དང་མ་བྲལ་བས་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་ཐེབས་པར་གྱིས་ཤིག །བཞི་པ་བམ་ཆེན་དཔལ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བས་བྱིན་གྱིས་བརླབས་པས་ཡོན་ཏན་གྱི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །བམ་ཆེན་སྤྱི་བོར་བཞག་ལ། ཧོ༔ དཔའ་བཏུལ་སྔགས་ཀྱིས་བྱིན་བསྐྱེད་པའི༔ བམ་ཆེན་རྨེ་བའི་དོན་དང་སྦྱོར༔ རྡོ་རྗེ་འཛིན་པའི་དབང་ཐོབ་ནས༔ ཡེ་ཤེས་ཡོན་ཏན་ཡོངས་རྫོགས་ཤོག༔ སྔགས་མཐར་མ་ཧཱ་མཱཾ་ས་གུ་ཎ་སིདྡྷི་ཨ་བྷི་ཥཱིཉྩ་ཧོ༔ བམ་གྱི་དཀྱིལ་འཁོར་པ་རྣམས་འོད་དུ་ཞུ། ཁྱེད་རང་རྣམས་ལ་ཐིམ། བམ་ཉིད་དམ་ཡེ་དབྱེར་མེད་པའི་བདུད་རྩིའི་བཅུད་དུ་འཁྱིལ་པ་མྱངས་པས་དངོས་གྲུབ་རྣམ་པ་གཉིས་རྩོལ་མེད་དུ་ཐོབ་པར་མོས་ཤིག །རྨེ་བའི་གནས་ལྔ་བསལ་ལ་བམ་བསིལ་ཏེ་དངོས་གྲུབ་ཏུ་སྦྱིན། དེས་བམ་ཆེན་གསང་བའི་དབང་བསྐུར་པ་ཐོབ། འཇམ་དཔལ་གཤིན་རྗེ་གཤེད་པོའི་ལས་དང་དངོས་གྲུབ་མཐའ་དག་བསྒྲུབ་པ་ལ་དབང་བ་ཡིན་པས། དེང་ནས་བརྩམ་སྟེ་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། ཁྱད་པར་ཟིལ་གནོན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བྱས་ནས་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཡོན་སྟེར་བ་ལ་བརྩོན་པར་གྱིས་ཤིག །ལྔ་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྲུང་བ་སྟོབས་ཆེན་པུ་རིའི་དབང་བསྐུར་བས་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །མཆོད་རྟེན་སྤྱི་བོར་བཞག་ལ། ཧཱུྃ༔ སྲུང་དང་བཤིག་དང་བསད་པ་དང༔ ཟློག་དང་མནན་དང་འགུགས་པ་སོགས༔ རབ་འབྱམས་ཕྲིན་ལས་དབང་བསྒྱུར་བའི༔ ཡོངས་རྫོགས་མཆོད་རྟེན་དབང་བསྐུར་རོ༔ སྔགས་མཐར་སརྦ་ཀརྨ་ཨ་བྷི་ཥཱིཉྩ་ཧཱུྃ༔ དེས་བཀའ་རྫོགས་མཆོད་རྟེན་གྱི་དབང་བསྐུར་པ་ཐོབ། གཤིན་རྗེ་གཤེད་པོའི་ཕྲིན་ལས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ལ་དབང་བ་ཡིན་པས། སྲུང་བ་དང་ཞི་བའི་ལས་ཀྱིས་རྗེས་སུ་འཛིན་པ་དང་། ཟློག་བསད་མནན་འགུགས་དབྱེ་བསྐྲད་རེངས་རྨོངས་ལ་སོགས་པས་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་རྟག་ཏུ་བསྒྲུབ་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ལ་འདུན་པ་འདི་ལྟར་དུ་མཛོད། སློབ་དཔོན་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་བ་ཁྱེད་རང་རྣམས་ཀྱིས་མྱངས་པས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ སྦྱོར་བ་དག་པའི་བྱང་ཆུབ་སེམས༔ མཚན་ལྡན་ཕྱག་རྒྱའི་པདྨོར་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོས་མཉམ་པར་རོལ༔ བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་ལ་བསྟེན་ནས་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོར་གྱུར་པ། ཁྱེད་རང་ལ་བྱིན་པ་དང་འདུ་ཤེས་སུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་ལུགས་འབྱུང་དང་ལུགས་ལྡོག་གི་ཐབས་ཤེས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བའི་མཐར་ཐུག་ལྷན་སྐྱེས་བདེ་བ་ཆེན་པོ་འཕོ་མེད་དུ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གསང་བའི་ཡུམ༔ སངས་རྒྱས་ཀུན་གྱི་འབྱུང་གནས་ཆེ༔ འདིར་ཞུགས་འདི་ལྟོས་འདི་དོན་སྤྱོད༔ ལྷན་ཅིག་སྐྱེས་དགའི་དབང་ཐོབ་ཤོག༔ ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཨ་བྷི་ཥཱིཉྩ་ཧཱུྃ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མེ་ལོང་དྭངས་པ་ནི་དབྱིངས་ཀ་དག་སྤྲོས་བྲལ་ནམ་མཁའ་ལྟ་བུ་མཚོན་ལ། འཇའ་འོད་དང་བཅས་པའི་ཤེལ་ནི་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་འཇའ་ཚོན་ལྟར་འཆར་བ་མཚོན་པ་ཡིན་ཅིང་། དབྱིངས་སྟོང་ཉིད་གཤིས་ཀྱི་ངོ་བོ་དང་ཡེ་ཤེས་སྣང་བ་རིག་པའི་རང་བཞིན་ཟུང་དུ་འཇུག་པ་ནི་གདོད་ནས་རང་བྱུང་དོན་གྱི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཆེན་པོ་སྟེ། དེ་ལྟ་བུའི་དོན་ལ་རྟག་ཏུ་མཉམ་པར་འཇོག་འཚལ། ཤེལ་རྡོ་མེ་ལོང་སྙིང་གར་བཞག་ལ། ཧོ༔ ཀ་ནས་དག་པའི་དགོངས་པ་ལས༔ ལྷུན་གྲུབ་ཡེ་ཤེས་སྣང་བ་ཤར༔ ཟུང་འཇུག་ཟིལ་གནོན་ཕྱག་རྒྱ་ཆེ༔ རང་བྱུང་དོན་གྱི་དབང་ཐོབ་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥཱིཉྩ་ཨ་ཨ་ཨ༔ ཞེས་དར་གཅིག་མཉམ་པར་བཞག །དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་པས། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་དབང་ལ་གཉིས་སུ་ཡོད་པ་ལས་དང་པོ་བསྟན་སྲུང་མཐུའི་དབང་གི་དོན་དུ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ང་རྒྱལ་བརྟན་པོས་འཁོད་པ་ལ། དམར་གཏོར་འདི་ཉིད་ལོ་ཟླ་ཞག་དུས་ཀྱི་འཆི་བདག་རྣམས་དང་། འཁོར་གྱི་མ་གཤིན་བདུན་བརྒྱ་ཉི་ཤུ། གཞན་ཡང་བཀའ་སྡོད་དྲེགས་པའི་ཚོགས་བཅས་དངོས་སུ་གསལ་བ། སློབ་དཔོན་དཔལ་ཆེན་གཤིན་རྗེ་གཤེད་པོས་བཀའ་བསྒོས་ཏེ་བྲན་དུ་གཏད་པས་གུས་འདུད་དང་བཅས་ཏེ་ཅི་བཅོལ་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་ཁས་བླང་བར་མོས་ཤིག །དྲེགས་པའི་དམར་གཏོར་ལག་ཏུ་གཏད། ཡ་བྷྱོ༔ ཆགས་སྡང་དབང་གིས་དྲེགས་པ་ནི༔ མ་མོ་གཤིན་རྗེའི་ཚོགས་ཡིན་ཏེ༔ དབང་སྡུད་བྲན་དུ་བཀོལ་ནས་ཀྱང༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གྱིས༔ སྔགས་མཐར་ཡ་བྷྱོཿཨ་བྷི་ཥཱིཉྩ་ཧཱུྃ༔ གཉིས་པ་བཀྲ་ཤིས་ཚེའི་དབང་བསྐུར་བ་ནི། འཁོར་འདས་བརྟན་གཡོའི་སྙིང་པོ་བྱང་ཆུབ་སེམས་ཀྱི་དྭངས་བཅུད་གཅིག་ཏུ་འཁྱིལ་པ་བཀྲ་ཤིས་ཚེའི་ཞལ་ཟས་ཀྱི་དབང་བསྐུར་བས། འཆི་མེད་རྟག་པ་དམ་པའི་གོ་འཕང་ལས་ནམ་ཡང་མི་འགྱུར་བ་འཇམ་དཔལ་རྡོ་རྗེའི་སྲོག་ཏུ་གྲུབ་པར་མོས་ཤིག །ཚེ་འབྲང་མགོར་བཞག །མཐའ་སྐོར་གྱི་རིལ་བུ་སྦྱིན་ལ། བྷྲཱུྃ༔ སྙིང་པོའི་སྲོག་དང་བྱང་ཆུབ་སེམས༔ མི་འགྱུར་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་ཚེ་ཡི་དབང་བསྐུར་བས༔ འཆི་མེད་རྟག་པའི་དབང་ཐོབ་ཤོག༔ སྔགས་མཐར་ཨཱ་ཡུརྫྙཱ་ན་ཨ་བྷི་ཥཱིཉྩ་བྷྲཱུྃ༔ དེ་ནས་མཚམས་སྦྱོར་དམིགས་པ་སྤྱི་འགྲེ་ལྟར་དང་། མེ་ཏོག་བྱིན་བརླབས་པ་འཐོར་ལ་བཀྲ་ཤིས་བརྗོད་ཅིང་རོལ་མོའི་སྒྲ་བྱ། དེ་རྣམས་ཀྱིས་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་བྱེད་དབང་བསྐུར་བའི་ཆོ་ག་ལེགས་པར་གྲུབ་པ་ལགས། །སྨིན་པ་གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་གསན་པའི་ཡོན་དུ་མཎྜལ་ཕུལ། ཞེས་འབུལ་དུ་གཞུག །དེའང་རྒྱུད་དང་མན་ངག་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ཕྱུང་པའི་ཁྲིད་ཚུལ་འདི་ལ། སྔོན་འགྲོ་སྣོད་རུང་དུ་བྱ་བ། དངོས་གཞི་འཁོར་ལོ་རྣམ་བཞིའི་དགོངས་པས་གྲུབ་མཐའ་དབྱིངས་སུ་སྐྱོལ་བ་གཉིས་སུ་ཡོད། དང་པོ་སྔོན་འགྲོ་སྣོད་རུང་དུ་བྱ་བ་ལ་ངེས་འབྱུང་གིས་བློ་བཅོས་པ། སྐྱབས་སེམས་ཀྱིས་གཞི་འདིང་བ། བླ་མའི་བྱིན་རླབས་ཀྱིས་ཡེ་ཤེས་འབེབ་པ་གསུམ་དུ་བསྟན། གཉིས་པ་འཁོར་ལོ་རྣམ་བཞིའི་དགོངས་པས་གྲུབ་མཐའ་དབྱིངས་སུ་སྐྱོལ་བ་ལ། དང་པོ་སྦྱང་གཞི་གནས་པའི་འཁོར་ལོ་འོད་གསལ་སྙིང་པོའི་གནས་ལུགས་ཐོས་པའི་ལྟ་བས་གཏན་ལ་འབེབས། གཉིས་པ་སྦྱང་བྱ་སྲིད་པའི་འཁོར་ལོ་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་བསམ་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། གསུམ་པ་སྦྱོང་བྱེད་འདུལ་ཐབས་སྤྲུལ་པའི་འཁོར་ལོ་ལ། བུམ་དབང་ལམ་བྱེད་དབྱིབས་ཀྱི་ལམ་ལ་བརྟེན་ནས་འཁྲུལ་པའི་སྣང་བ་སྦྱང་། གསང་དབང་ལམ་བྱེད་སྔགས་ཀྱི་ཐབས་ལ་བརྟེན་ནས་ཀུན་བརྟགས་ཀྱི་ཞེན་པ་སྦྱང་། ཤེར་དབང་ལམ་བྱེད་གསང་རྩའི་གནད་ལ་བརྟེན་ནས་ཉོན་མོངས་ཀྱི་རྩ་བ་གཅོད། ཚིག་དབང་ལམ་བྱེད་ཀ་དག་གི་དགོངས་པ་དང་ལྷུན་གྲུབ་སྣང་བའི་གདངས་ལ་བརྟེན་ནས་ཆོས་ཐམས་ཅད་ཟད་སར་བསྐྱལ་པས། བཞི་པ་སྦྱངས་འབྲས་གདོད་ནས་བཞུགས་པའི་འཇམ་དཔལ་ཡེ་ཤེས་ཀྱི་འཁོར་ལོ་མངོན་དུ་བྱེད་པའི་ཚུལ་རྣམས། དོན་རྒྱ་ཆེ་ལ་ཚིག་ཉུང་ངུས་བསྟན་པའི་རྩ་བའི་གཞུང་རྡོ་རྗེའི་གསུང་འདི་ལྟར་ལགས་པས་ཐུགས་ལ་ངེས་པར་ཞུ། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ སོགས་ནས། མཐར་ཐུག་འབྲས་བུ་ཆེན་པོ་འོ༔ ཞེས་པའི་བར་བརྡ་འཕྲོད་ངེས་དལ་བར་བཀླག །ནུས་ན་དོན་བཀྲོལ་ལ་བཤད། ཞེས་ཇི་སྐད་བསྟན་པའི་སྒོམ་དོན་རྣམས་རྒྱུད་ལ་སྦྱོར་བར་མཛད་འཚལ། དེ་རྣམས་ཀྱིས་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་སྨིན་གྲོལ་རིམ་པ་ཆ་ཚང་བ་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ། དབང་གི་རྗེས་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་མཐར་དབྱུང་། སློབ་དཔོན་གྱིས་ལས་བྱང་ལ་བརྟེན་ན་ཚོགས་ལ་རོལ། ལྷག་མ་གཏོར་སྐྱོང་བྱ། རྒྱས་བསྡུས་གང་ཡིན་ཡང་གཏང་རག་མཆོད་བསྟོད། ནོངས་བཤགས། མདུན་རྟེན་གཤེགས་བསྟིམ་གང་འོས། བདག་བསྐྱེད་འཇུག་ལྡང་། བསྔོ་སྨོན་བཀྲ་ཤིས་བཅས་བྱས་པས་འགྲུབ་བོ། །གདོད་ནས་དག་མཉམ་འཇམ་དཔལ་རྡོ་རྗེའི་སྲོག །སྙིང་ལ་ཞུགས་དེ་ཕྱག་རྒྱའི་རྩལ་རྫོགས་ནས། །འཁོར་འདས་གཉིས་སྣང་རོ་གཅིག་ཟིལ་གྱིས་གནོན། །མཐར་འཛིན་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པའི་ཚུལ་འདི་ཚིག་ཉུང་ཡང་གཤེད་སྐོར་རྒྱ་མཚོ་ཙམ་གྱི་སྨིན་གྲོལ་ལས་ཚོགས་ཀྱི་སྙིང་པོ་བསྡུས་པ་ལྟ་བུའི་དོན་ཟབ་ཅིང་རྒྱས་པར་སྣང་བས། ཟབ་མོ་དོན་དུ་གཉེར་བའི་བློ་ཅན་སྲིད་ན་ཕན་པའི་སེམས་ཀྱིས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།ཞེས་པའང་ཁ་སྐོང་དུ་པར་གསར་དུ་བསྒྲུབས་པའོ།། །།
བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ (Volume 48, Text 38)
༄༅། །བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག ། བློ་ཆོས་ལ་བསྐུལ་བའི་ཆེད་དུ་ཐོག་མ་ཁོ་ནར་འདི་སྐད་ཅེས་བྱ་སྟེ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས་སོ། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །མདོ་རྒྱ་ཆེ་རོལ་པ་ལས་སོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །རྒྱལ་པོ་ལ་གདམས་པའི་མདོ་ལས་སོ། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བ་འགྲོ་བ་རྟག་ཏུ་རྨོངས། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །འདུལ་བ་ལུང་ལས་སོ། །ཞེས་པ་རྣམས་ངག་ཏུ་བརྗོད་ཅིང་ཡིད་ལ་བསམ་མོ། །དེ་ལྟ་བུའི་ཚུལ་ལ་ངེས་འབྱུང་གི་བློས་དྲངས་ཏེ། དེ་ལྟའི་འཇིགས་རུང་སྲིད་པའི་སྡུག་བསྔལ་ལས། །མར་གྱུར་མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་དད་པས་སྐྱབས་སུ་འགྲོ་བར་བགྱི། །ཞེས་པས་མཚམས་སྦྱར། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སོགས་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པ་སྔོན་དུ་འགྲོ་བས་སྐྱབས་འགྲོ་དངོས་ལ་འཇུག་གོ། །། ༄༅། །བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཆོ་ག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། གང་མཚན་དྲི་མེད་ནོར་བུའི་དོ་ཤལ་ནི། །རྣ་ལུང་དཔྱངས་པའི་མོད་ནས་ཡིད་ཅན་ཀུན། །བྱང་ཆུབ་སྤྱོད་པའི་གྲོང་དུ་དབུགས་འབྱིན་པ། །བླ་མ་འོད་དཔག་མེད་པས་དགེ་ལེགས་མཛོད། །རིན་ཆེན་ཐེམ་སྐས་ལ་བརྟེན་ནས། །གཞལ་མེད་ཁང་བཟང་འཇུག་པ་ལྟར། །སངས་རྒྱས་ཞིང་ཁམས་ཡོངས་སྦྱོང་བའི། །ཆོ་ག་བདེ་ཅན་ཤིང་རྟ་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གཏེར་གཞུང་རྩ་བའི་རྡོ་རྗེའི་གསུང་ལས། སྣང་བ་མཐའ་ཡས་ལ་བརྟེན་ནས༔ སངས་རྒྱས་ཞིང་ཁམས་སྦྱོང་བ་ནི༔ རང་གི་མདུན་དུ་འོད་དཔག་མེད༔ འཁོར་དང་བཅས་པའི་ཞིང་བཀོད་དང༔ ཇི་ལྟར་འབྱོར་པའི་མཆོད་པ་བཤམ༔ ཞེས་གསུངས་པ་ལྟར། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་དར་དང་རྐྱང་ནུལ་ལེགས་པར་བརྡར། གནས་ཁང་གི་སྟབས་བདེ་ན་ནུབ་ཕྱོགས་སམ། དེ་མིན་གུང་གི་ཆར་དཀོན་མཆོག་གི་རྟེན་སྤྱི་དང་། ཁྱད་པར་འོད་དཔག་མེད་པའི་ཞིང་བཀོད་མཚན་ཉིད་དང་ལྡན་པ་དགྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། བྱེ་བྲག་ཏུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་མཛེས་སུ་བཤམ། ཉེ་ལོགས་ཅི་བདེ་བར་གཟུངས་བུམ་དང་། ཁྲུས་བུམ། མེ་ལོང་། སྐུ་ཕྱིས། གོས་ཟུང་། མཎྜལ། རོལ་མོའི་བྱེ་བྲག་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱ། གཉིས་པ་ཆོ་གའི་སྦྱོར་བ་ནི། གཞུང་ལས། སྐྱབས་སོང་བྱང་ཆུབ་སེམས་གཉིས་བསྐྱེད༔ ཅེས་པ་ལྟར་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཞར་བྱུང་གནས་ཡོ་བྱིན་གྱིས་བརླབ་པའོ། །དང་པོ་ནི། སྒྲུབ་པ་པོ་རྣམས་ཁྲུས་བྱས་གོས་གཙང་མ་གྱོན། རྟེན་ལ་ཞལ་ཕྱོགས་ཏེ། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་། གང་ལྟར་ཡང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་ངེས་འབྱུང་གི་བློ་བཅོས་པ་དང་། སྙིང་རྗེ་ཆེན་པོའི་ཡིད་ཀྱིས་མཚམས་སྦྱར་ཏེ། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་འོད་དཔག་ཏུ་མེད་པ་དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་མོས་ཏེ། ན་མོ༔ བླ་མ་མགོན་པོ་འོད་དཔག་མེད༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ་ལ་སོགས་པས་སྐྱབས་སུ་འགྲོ། གཉིས་པ་སེམས་བསྐྱེད་པ་ནི། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་ཚད་མེད་བཞིས་བློ་སྦྱང་། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། གསུམ་པ་གནས་ཡོ་བྱིན་རླབས་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། །གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་སྒྲུབ་པ། ཚོགས་གསག་པ། སྨོན་ལམ་གདབ་པའོ། །དང་པོ་ནི། སྦྱོར་བ་སྐྱབས་སེམས་བྱས་པས་བསོད་ནམས་ཀྱི་ཚོགས་དང་། འོག་ཏུ་འབྱུང་བ་བཞིན་སྭ་བྷཱ་བའི་སྔགས་ཀྱིས་གཟུང་འཛིན་ལྟར་སྣང་བའི་ཆོས་ཀུན་འོད་གསལ་དུ་སྦྱངས་པས་ཡེ་ཤེས་ཀྱི་ཚོགས་བསགས་ནས། ཚོགས་གཉིས་ཀྱི་རང་འབྲས་སྒྱུ་མ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དང་བདག་མདུན་ལྷའི་སྐུར་ལྡང་བའི་ཕྱིར། གཏེར་གཞུང་རྡོ་རྗེའི་གསུང་གིས་འདི་ལྟར་དུ་གསལ་གདབ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ས་ཕྱོགས་ཀུན༔ དག་པའི་ཞིང་ཁམས་བདེ་བ་ཅན༔ ངོ་མཚར་བཀོད་པ་བསམ་ཡས་དབུས༔ པདྨ་ཟླ་བའི་སྙིང་པོ་ལ༔ རང་ཉིད་འཕགས་པ་སྤྱན་རས་གཟིགས༔ དཀར་དམར་མདངས་ལྡན་ཐལ་མོ་སྦྱར༔ བྱང་ཆུབ་སེམས་དཔའ་གཞོན་ནུའི་ཚུལ༔ སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ མདུན་དུ་རྨ་བྱས་བཏེག་པ་ཡི༔ རིན་ཆེན་མཛེས་ཁྲིར་པད་ཟླའི་སྟེང༔ འོད་དཔག་མེད་མགོན་སྐུ་མདོག་དམར༔ མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས༔ མཚན་དཔེའི་དཔལ་འབར་ཆོས་གོས་གསོལ༔ བྱང་ཆུབ་ཤིང་ཆེན་རབ་རྒྱས་པ༔ ཡིད་འཕྲོག་གྲིབ་བསིལ་ལ་བརྟེན་ནས༔ མཐའ་ཡས་འོད་ཟེར་འཕྲོ་བའི་ཀློང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ གཡས་སུ་འཕགས་པ་སྤྱན་རས་གཟིགས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །པད་དཀར་རྒྱས་པའི་སྡོང་བུ་བསྣམས། །གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ༔ མཐིང་མདོག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་ནི། །སྐྱབས་སྦྱིན་ཕྱག་རྒྱས་དྲིལ་བུ་འཛིན། །མདུན་དུ་འཕགས་ཚོགས་འདུས་པ་དང༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ སངས་རྒྱས་དང་ནི་བྱང་ཆུབ་སེམས༔ འཇིག་རྟེན་སྐྱོང་བ་བསམ་མི་ཁྱབ༔ ཀུན་ཀྱང་ཆོས་ཀྱི་སྒྲ་སྒྲོག་ཅིང༔ ཐེག་མཆོག་བདུད་རྩིས་དགྱེས་པ་ཅན༔ མངོན་སུམ་བཞིན་དུ་གསལ་བར་གྱུར༔ ཅེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ་པ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་སྤྱན་འདྲེན་སོགས་ཀྱི་ངལ་བ་ལ་མི་ལྟོས་པ་གཞུང་རྩ་བར་གསུངས་ཀྱང་། ལས་དང་པོ་པའི་རིགས་ཅན་རྣམས་སྤྲོས་པ་ལ་དགའ་བས་བགྱིད་པར་སྤྲོ་ན། རང་གི་མོས་འདུན་རྩེ་གཅིག་པ་དང་། མདུན་གྱི་སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀའི་དཔལ་བེའུ་དང་། སྨིན་མཚམས་ཀྱི་མཛོད་སྤུ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དགྲ་བཅོམ་པ་ཆོས་སྐྱོང་འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྤོས་བཏུལ་ཞིང་དབྱངས་སྙན་པོ་དང་བཅས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་གསོལ་བས། བདེ་བ་ཅན་གྱི་ཞིང་ནས་སྔོན་གྱི་ཐུགས་དམ་ལས་བརྩམས་ཏེ། དེ་བཞིན་གཤེགས་པ་འོད་དཔག་མེད་འཁོར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན། དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ནས་མངོན་པར་གཤེགས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་བྱོན་ལེགས་གསོལ། དེ་ནས་སྐུ་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། གཙང་མ་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ན་སྭཱ་ཧཱ། ན་བཟའ་དང་རྒྱན་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསཏྲ་ཨ་ལཾ་ཀཱ་ར་སྭཱ་ཧཱ། བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །རཏྣ་ཨཱ་ས་ན་པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་གདན་ཕུལ་བས། ནོར་བུའི་གཞལ་མེད་ཁང་ཆེན་པོའི་དབུས་བྱང་ཆུབ་ཀྱི་ཤིང་རྣམ་པར་རྒྱས་པའི་གྲིབ་བསིལ་དུ། རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་ལ་མདུན་གྱི་ཚོགས་ཞིང་གསལ་གདབ་པ་རྣམས་དང་དབྱེར་མེད་པར་སངས་རྒྱས་འཁོར་དང་བཅས་ཏེ་བཞུགས་པར་བསམ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་དོ། །གཉིས་པ་ཚོགས་གསག་པ་ལ་གསུམ། ཡན་ལག་བདུན་པ་འབུལ་བ། །བཟླས་པས་ཐུགས་དམ་བསྐུལ་བ། ཞིང་སྦྱོང་གི་དམིགས་པ་ལ་བསླབ་པའོ། །དང་པོ་ནི། གཞུང་ལས། ཡན་ལག་བདུན་དང་མཎྜལ་འབུལ༔ ཞེས་པ་ལྟར་ཐོག་མར་ཕྱག་འཚལ་བ་ནི། མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་མཆོད་པའི་ལས་རིམ་ལ་འཇུག་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། འོད་དཔག་མེད་བཀོད་པའི་མདོ་ལས་གསུངས་པ་ལྟར། ལངས་ནས་ནུབ་ཀྱི་ཕྱོགས་སུ་གདོང་ཕྱོགས་པའམ་ཕྱོགས་པར་མོས་པས་མེ་ཏོག་འཐོར་བ་དང་བཅས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆི་འོ། །ཞེས་ལན་བདུན་བཟླ། དེ་ནས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པད་མ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོད་མདོ་ལྟར་རོ།་་་འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་པ། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་པ། །བྱང་ཆུབ་སེམས་དཔས་བསྐོར་ཞིང་མཛེས་གྱུར་པའི། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འོད་ནི་དཔག་མེད་བློ་ནི་མཐའ་ཡས་མཚུངས། །གཞན་གྱི་འོད་ནི་གང་ཡང་མི་གསལ་ཏེ། །ཉི་ཟླ་ནོར་བུའི་ཚོགས་ཀྱི་འོད་རྣམས་ནི། །འཇིག་རྟེན་ཀུན་ན་ལྷམ་མེ་ལྷན་མ་ལགས། །སེམས་ཅན་སྙིང་པོའི་གཟུགས་ནི་མཐའ་ཡས་ཏེ། །དེ་བཞིན་སངས་རྒྱས་གསུང་ནི་མཐའ་ཡས་དབྱངས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བརྩོན་འགྲུས་ཀྱང་། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཟབ་ཅིང་ཤིན་ཏུ་རྒྱས་པའི་ཆོས་བརྙེས་པ། །སངས་རྒྱས་མཆོག་གི་ཐུགས་ནི་རྒྱ་མཚོ་བཞིན། །དེས་ཀྱང་སྟོན་ལ་ཁེངས་པ་མི་མངའ་སྟེ། །ཐ་བ་ཞེ་སྡང་སྤངས་ནས་ཕ་མཐར་སྒྲོལ། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང་། །ཡེ་ཤེས་དཔག་མེད་ཤིན་ཏུ་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་རྣམས་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབ་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ྄་ཙིཏྟ་པྲ་ཎ་མེ་ན་བནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། གཉིས་པ་མཆོད་པ་འབུལ་བ་ལ། སྤྱིར་འབུལ་བ་ནི། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་སྔགས་ཀྱང་བརྗོད། བྱེ་བྲག་ཏུ་ཉེར་སྤྱོད་སོགས་འབུལ་བ་ནི། དངོས་སུ་བཤམས་པའི་མཆོད་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་རྒྱ་མཚོ་མཐའ་ཡས་པས་མཆོད་པར་བསམ་ལ། བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ བྱུགས་པས་བདེ་བ་བསྐྱེད་པ་བདུད་རྩིའི་ཆུ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ནཻ་བིདྱཱ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ འདོད་ཡོན་འབུལ་བ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ རྟགས་བརྒྱད་འབུལ་བ་ནི། བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་མཆོག་ལས། །རང་བྱུང་བཀྲ་ཤིས་རྟགས་ཀྱིས་ཕྱག་བརྒྱན་པ། །ཡིད་འོང་ལྷ་མོ་བརྒྱད་ཀྱིས་ནམ་མཁའི་ཁམས། །བཀང་སྟེ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཧྣ་པྲ་ཏཱིཙྪ་སྭཱ་ཧཱ། རྫས་བརྒྱད་ནི། སངས་རྒྱས་བསོད་ནམས་ཆེན་པོའི་གཟི་བརྗིད་ལས། །ལྷུན་གྲུབ་དགེ་ལེགས་བྱེད་པའི་རྫས་མཆོག་བརྒྱད། །བདེ་གཤེགས་སྲས་དང་བཅས་ལ་འབུལ་བར་བགྱི། །དོན་གཉིས་མཐའ་རུ་ཕྱིན་པའི་བཀྲ་ཤིས་སྩོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱལ་སྲིད་ནི། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་ཀྱི་བཅུད། །རྣམ་དཀར་བྱེ་བས་བསྐྲུན་པའི་རིན་ཆེན་བདུན། །ཞིང་ཁམས་རྒྱ་མཚོ་ཡོངས་སུ་བཀང་སྟེ་འབུལ། །འགྲོ་ཀུན་ཐར་པའི་རྒྱལ་སྲིད་ལ་སྤྱོད་ཤོག །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་སཔྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཙཱ་རུའི་བཟའ་བའི་ཞལ་ཟས་འབུལ་བ་ནི། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང་། ཞལ་ཟས་རོ་བརྒྱ་ལྡན་ཅིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ་ལོ། །མཎྜལ་འབུལ་བ་ནི། རིན་པོ་ཆེའི་མཎྜལ་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་གི་རླན་དང་བཅས་པ་ལ། རིན་པོ་ཆེ་དང་སྨན་དང་འབྲུ་སོགས་ཀྱི་ཚོམ་བུ་འགོད་ཅིང་། ཚོམ་བུ་སོ་བདུན་མ་སོགས་རྒྱས་པར་འབུལ་བའམ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ བླ་མ་མགོན་པོ་འོད་དཔག་མེད། །དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏ་བྷཱ་ས་པ་རི་ཝཱ་ར་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་། བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཞེས་བརྒྱ་སྟོང་སོགས་ཅི་ནུས་འབུལ། སྤྲོ་ན་སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨོ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་སྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་ཚིག་དོན་ཡིད་ལ་དྲན་བཞིན་པས་ཕུལ་བའི་མཐར། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱ༔ ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་པ་དང་བསྙེན་བཀུར་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་ནི་སྤྱོད་འཇུག་སོགས་ཀྱི་ཚིགས་བཅད་དང་སྤེལ་ཏེ་རྒྱས་པར་བྱ་བའམ། བསྡུ། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་བརྗོད། དེ་ནས་སྐབས་འདིར་འོད་དཔག་མེད་བཀོད་པའི་མདོ་ལས། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་གཏད་དེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་གཡར་དམ་ལེན་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་རྒྱུའི་གཙོ་བོར་ངེས་པས་ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཞེས་དགོངས་གསོལ་སྔོན་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱེ་རྒུ་རྒ་དང་འཆི་ལས་རབ་ཐར་བགྱི། །སྦྱིན་དང་དུལ་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཏིང་འཛིན་དེ་བཞིན་ཤེས་རབ་མཆོག །བརྟུལ་ཞུགས་འདི་དག་བདག་གིས་ཡང་དག་བླང་། །སེམས་ཅན་ཀུན་སྐྱོབ་སངས་རྒྱས་འགྱུར་བར་བགྱི། །བྱང་ཆུབ་ཞིང་མཆོག་མཚུངས་མེད་ཚོལ་བགྱིད་ཅིང་། །སངས་རྒྱས་བྱེ་བ་བརྒྱ་སྟོང་དུ་མ་ཕྲག །གངྒཱའི་བྱེ་མ་ལྟ་བུར་མཐའ་ཡས་པ། །མགོན་པོ་དེ་ཀུན་བདག་གིས་མཆོད་པར་བགྱི། །གངྒཱའི་རྡུལ་དང་མཉམ་པའི་འཇིག་རྟེན་ཁམས། །དེ་བས་གོང་དུ་མཐའ་ཡས་ཞིང་གི་རྣམས། །དེ་དག་ཀུན་ཏུ་འོད་ནི་རབ་འབྱིན་པ། །འདི་འདྲའི་བརྩོན་འགྲུས་སྟོབས་ནི་བརྩམ་པར་བགྱི། །བདག་གིས་ཞིང་ཡང་གཙོ་བོ་དམ་པ་མཆོག །འདུས་བྱས་འདིར་ནི་བརྒྱན་པ་བགྱིས་ནས་སུ། །མཚུངས་པ་མ་མཆིས་མྱ་ངན་འདས་དབྱིངས་བདེ། །དེ་ཡང་མ་མཆིས་པས་ནི་རྣམ་པར་སྦྱང་། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ཞེས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་དམ་བཅའ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་གྱུར། །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས་སྤྲོ་ན་འདོད་དོན་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ལྷུན་གྱིས་གྲུབ་པ་དང་། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། སེམས་ཅན་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཞིང་། ཁྱད་པར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ། དག་པའི་ཞིང་ཁམས་བདེ་བ་ཅན་དུ་པདྨའི་སྙིང་པོ་ལ་རྫུས་ཏེ་སྐྱེས་ནས་མྱུར་དུ་མངོན་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། གཉིས་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཐོག་མར་བཟླས་པའི་ཕྲིན་ལས་མཛད་པའི་སླད་དུ། དཀོན་མཆོག་གསུམ་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུན་དང་བྱིན་གྱིས་རླབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང་། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་དམ་ངེས་པའི་བདེན་པས། མཆོད་པའི་ཚོགས་སྦྱར་བའི་གནས་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་འཛོམ་པ་ཆེན་པོ་མཛད་དེ་མཆོད་པ་བཞེས་ཤིང་། གཟུངས་སྔགས་བཟླས་པ་ཚུལ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་པར་མཛད་ནས། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག །དེ་བཞིན་གཤེགས་པ་འོད་དཔག་མེད་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་། ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིག །འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག །ཡང་འོད་ཟེར་དེ་དག་གཅིག་ཏུ་འདུས་པ་བུམ་པའི་གཟུངས་ཆབ་ལ་ཁྱབ་སྟེ་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པ། དཔལ་དང་བདེ་ལེགས་སྐྱེད་པར་བྱེད་པའི་བདུད་རྩིའི་དག་བྱེད་དུ་གྱུར་ཅིག །བདག་ཅག་ལ་སོགས་པ་བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་ནི་བྲལ་ཏེ། ཆོས་ཀྱི་སྣོད་དུ་རུང་བར་གྱུར་ཅིག །བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་པ་ལྟ་བུར་དམིགས་ནས་གཟུངས་བཟླས་པས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་། ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་རློབ་པར་གྱུར་ཅིག །ཅེས་བདེན་པའི་ཚིག་གིས་བསྡོས་པས་འཕགས་པ་རྣམས་ཀྱིས་གནང་བ་བསྩལ་ཅིང་ཇི་ལྟར་བསྡོས་པ་བཞིན་མངོན་དུ་བྱུང་བར་བསམ་ལ། བཟླས་པའི་དམིགས་པ་ནི། གཞུང་ལས། རང་གི་ཐུགས་ནས་འོད་འཕྲོས་པས༔ སངས་རྒྱས་འཁོར་བཅས་ཐུགས་རྒྱུད་བསྐུལ༔ དེ་དག་ཐུགས་རྗེའི་འོད་ཟེར་གྱིས༔ བདག་དང་འགྲོ་བའི་སྒྲིབ་ཀུན་སྦྱངས༔ བདེ་ཅན་ཞིང་དུ་སྐྱེ་བ་ཡི༔ རྒྱུ་འབྲས་སྣོད་དང་ལྡན་པར་གྱུར༔ ཅེས་བརྗོད་ཅིང་བསམ་ལ། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་ཅི་ནུས་དང་། སྣང་མཐའ་རྗེས་དྲན་གཟུངས་ཀྱང་བཟླ༔ ཞེས་གསུངས་པས། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བིཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པ་འདི་ཅི་རིགས་པར་བཟླ། ཁྱད་པར་གཟུངས་བུམ་ལ་དམིགས་ཏེ། སླར་ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་བས་སྐུའི་ཆ་ཐམས་ཅད་ལས་བྱུང་བའི་འོད་ཟེར་གྱིས་བུམ་ཆུ་ལ་ཁྱབ་པས་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྙིང་པོ་དང་གཟུངས་ཅི་ནུས་སུ་བཟླའོ། །གསུམ་པ་ཞིང་སྦྱོང་གི་དམིགས་པ་ལ་བསླབ་པ་ནི། ཁྱད་པར་ཞིང་གི་བཀོད་པ་ལ༔ རྩེ་གཅིག་ཡིད་བཟུང་མོས་གུས་བསྐྱེད༔ ཅེས་དང་། མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས་དེ་བཞིན་གཤེགས་པ་དེ་རྣམས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་འདི་དག་འཆི་བའི་དུས་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་ འགྱུར་རོ། །ཞེས་གསུངས་པས། སྤྲོ་ཞིང་ནུས་ན་འོད་དཔག་མེད་ཀྱི་ཞིང་བཀོད་བསྟན་པའི་མདོ་གསལ་དག་སྙན་གསུམ་དང་ལྡན་པས་བཀླག་ཅིང་དོན་རྩེ་གཅིག་ཏུ་ཡིད་ལ་བྱ། གང་ལྟར་ཡང་བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ངོ་མཚར། མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་བསྐྱེད་དང་སྨོན་ལམ། འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་ཀྱི་རྣམ་ཐར་ལ་དྲན་པ་ཉེ་བར་བཞག་པས་ལུས་ཀྱི་བ་སྤུ་གཟིང་བ་དང་། མིག་ནས་མཆི་མ་འཁྲུགས་པ་སོགས་མོས་གུས་ཉམས་སྐྱེ་བ་ནི་དང་བའི་དད་པ། དེ་ལྟ་བུའི་ཞིང་ཁམས་དེར་རང་དང་སེམས་ཅན་ཐམས་ཅད་སྐྱེ་བར་འདོད་པ་འདོད་པའི་དད་པ། དེ་ལ་བློ་གཞན་ནམ་ཡང་མི་འགྱུར་བས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་ཡོངས་སུ་བསྔོ་བ་ནི་ཕྱིར་མི་ལྡོག་པའི་དད་པ་སྟེ། དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་བསྐྱེད་ཅིང་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་ལ་རྩེ་གཅིག་ཏུ་སེམས་གཟུང་བ་ལ་བསླབ་པ་ནི་ཞིང་སྦྱང་གི་དམིགས་པ་དངོས་གཞི་ཡིན་པས་བག་ཆགས་བརྟན་པོར་བཞག་པ་ཤིན་ཏུ་གལ་ཆེ་འོ། །གསུམ་པ་སྨོན་ལམ་གདབ་པ་ནི། གཞུང་ལས། དགེ་བའི་རྩ་བ་ཐམས་ཅད་ཀུན༔ ཞིང་དེར་སྐྱེ་བའི་རྒྱུ་རུ་བསྔོ༔ རྣམ་དག་སྨོན་ལམ་རྒྱ་ཆེར་གདབ༔ ཅེས་གསུངས་པས་སྟན་ཐོག་གཅིག་ཏུ་བསགས་སྦྱོང་སྤེལ་གསུམ་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད། བདག་གཞན་ཡིད་ཅན་མཐའ་དག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་སླར་ཡང་ཕྱག་མཆོད་སོགས་ཀྱིས་མཚམས་སྦྱར་ནས་སྨོན་ལམ་གདབ་པར་བྱ་སྟེ། ཡོངས་སུ་བསྔོ་བའི་མདོ་ལས།་་་ཕྱོགས་བཅུ་མཐའ་ཡས་པ་ན་ཤེས་བྱའི་དོན་མ་ལུས་པར་ཁྱབ་པའི་བློ་མངའ་བ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྙེད་ལ་ཕྱག་འཚལ་ལོ། །སེམས་ཀྱི་རྙོག་མ་ཡིད་གཉིས་བསལ་ནས་དང་པོར་ནི། །ཤཱཀྱའི་རྒྱལ་པོ་ཐུབ་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་བ་ཅན་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད། །བླ་མ་ལ་ཡང་དགའ་དང་གུས་པས་བཏུད་པར་བགྱི། །གང་ཞིག་ཕྱོགས་ཀུན་དག་ན་ད་ལྟར་བྱུང་བ་ཡི། །འགྲོ་ལ་བྱམས་པའི་སངས་རྒྱས་ངེས་པར་བཞུགས་རྣམས་དང་། །འདས་དང་ཕྱིས་འབྱུང་བ་ཡི་རྒྱལ་བ་ཐམས་ཅད་ལ། །བདག་ནི་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་དབུལ། ཐལ་མོ་སྦྱར་བ་དང་བཅས་ཏེ། ཡོན་ཏན་རྒྱ་མཚོ་དཔག་མེད་པ། །སངས་རྒྱས་དམ་ཆོས་འཕགས་པ་ཡི། །དགེ་འདུན་དུས་གསུམ་བཞུགས་པ་རྣམས། །མ་ལུས་པ་ལ་སྐྱབས་སུ་མཆི། །མི་དགེ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བར། །རྫོགས་སངས་རྒྱས་ལ་བསྐུལ་མ་འཚལ། །ཀུན་མཁྱེན་སྤྱན་གྱིས་གཟིགས་པ་ཡི། །བདག་དགེ་ཆུང་ངུ་གང་མཆིས་པ། །དེ་ནི་གཏན་དུ་བྲལ་བ་དག །ཐམས་ཅད་ཉེ་བར་ཞི་གྱུར་ཅིག །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོང་པ་ཤེས་པའི་ཏིང་ངེ་འཛིན། །བྱང་ཆུབ་བར་གྱི་ཚེ་རབས་སུ། །རྟག་ཏུ་བདེ་དང་ལྡན་པར་ཤོག །རྣམ་པར་མི་རྟོག་ལྷུན་གྱིས་གྲུབ། །རྟག་ཏུ་མཉམ་པར་གཞག་གྱུར་ཅིང་། །ཟླ་ཉི་ནོར་བུ་རོལ་མོ་ལྟར། །སེམས་ཅན་དོན་ལ་འཇུག་པར་ཤོག །ཇི་ལྟར་རྒྱལ་བ་མཁས་པ་རྣམས། །ཤེས་རབ་ཕ་རོལ་ཕྱིན་ཐབས་བསྔོ། །དེ་ལྟར་བདག་གིས་དཀར་པོ་རྣམས། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །དཀོན་མཆོག་གསུམ་ལ་དམིགས་པ་ཡི། །བདག་གི་ལུས་ངག་ཡིད་དགེ་དང་། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ལས་བྱུང་གང་། །དེ་དག་ཀུན་གྱིས་བདག་ཉིད་ནི། །ཚངས་པར་སྤྱོད་པ་ལྡན་པ་དང་། །འཇིག་རྟེན་མགོན་གྱི་བསྟན་པ་ལ། །རབ་བྱུང་མངོན་དགའ་དབང་ལྡན་ཞིང་། །སངས་རྒྱས་ཀུན་གྱི་གསུང་རབ་ཀྱི། །གཞུང་དོན་ཚིག་ལ་མཁས་གྱུར་ནས། །དམ་ཆོས་ཡོངས་སུ་འཛིན་པ་དང་། །ལུས་དང་སྲོག་ལ་དགའ་མེད་ཤོག །བདག་ནི་འགུམ་པའི་དུས་བགྱིད་ཚེ། །ཕྱིན་ཅི་མ་ལོག་ཡིད་ཀྱིས་སུ། །སངས་རྒྱས་ཚེ་དཔག་མེད་མཐོང་ནས། །འདི་ནས་བདེ་བ་ཅན་དུ་མཆི། །བདུད་ཀྱི་སྤྱོད་ཡུལ་མངོན་གྱུར་ཚེ། །དྲང་སྲོང་ཆེན་པོ་ཚེ་དཔག་མེད། །རྟག་ཏུ་སྟོན་པ་མཛད་གྱུར་ཅིང་། །ས་བཅུ་ཐོབ་ནས་དེ་དག་གི །རྣམ་པར་དག་པའི་རིམ་པ་ཡིས། །བྱང་ཆུབ་དམ་པ་ཐོབ་པར་ཤོག །སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཐོབ་ནས། །བག་ཆགས་བཅས་པ་ཉེས་བསགས་རྩ་ནས་བཏོན། །ཡེ་ཤེས་སྒྲིབ་མེད་སྙིང་རྗེར་ལྡན་ནས་སུ། །འགྲོ་བ་རྣམས་ལ་སྨན་དང་བདེ་བར་བགྱི། །དགེ་བའི་རྩ་བ་དེས་སེམས་ཅན་འགྲོ་བ་དྲུག་ལ་བརྟེན་པ་དེ་དག་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བགྱི་འོ། །དེ་བཞིན་ཏུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བགྱི་འོ། །དེ་བཞིན་དུ་ས་རབ་ཏུ་དགའ་བ་དང་། དེ་བཞིན་དུ་དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ས་བཅུ་ཆོས་ཀྱི་སྤྲིན་ལ་དགོད་པར་བགྱི་འོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་བཞིན་དུ་བརྟན་པར་གནས་པའི་ཐབས་ལ་མངོན་པར་བརྩོན་པ་མདུན་དུ་འགྲོ་བ་ཡོངས་སུ་བསགས་པའི་ཏིང་ངེ་འཛིན་དང་། ངེས་པར་འབྱུང་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་གསལ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རིན་ཆེན་ཏོག་གི་ཏིང་ངེ་འཛིན་དང་། རིན་ཆེན་ཟླ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་ཏོག་གི་ཏིང་ངེ་འཛིན་དང་། སྙིང་རྗེ་བསགས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པའི་ཏིང་ངེ་འཛིན་ལ་དགོད་པར་བགྱི་འོ། །དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་མི་ཟད་པར་སྒྲུབ་པའི་གཟུངས་དང་། དེ་བཞིན་དུ་སེམས་ཅན་གྱི་སྤྱོད་པ་ལ་འཇུག་པའི་གཟུངས་དང་། ཉི་མའི་ཏོག་སྣང་བ་མཐའ་ཡས་པའི་གཟུངས་དང་། ཟླ་བ་དྲི་མ་མེད་པའི་གཟི་བརྗིད་མངོན་པར་འཕགས་པའི་གཟུངས་དང་། ཀུན་ནས་དཀྲིས་པ་ཐམས་ཅད་རྣམ་པར་སེལ་བ་དང་། རྡོ་རྗེའི་སྙིང་པོ་བསྟན་པས་ཉོན་མོངས་པ་མཐའ་ཡས་པ་རྣམ་པར་འཐོར་བ་དང་། བརྗོད་དུ་མེད་པའི་དོན་དམ་པར་ཡང་དག་པར་འདུ་བ་དང་། ལྡེམ་པོའི་ཚིག་ཏུ་སྨྲ་བའི་སྒྲ་འཇུག་པ་དང་། ནམ་མཁའི་དཀྱིལ་ལྟར་དྲི་མ་མེད་པར་སྒྲུབ་པ་དང་། ཟད་མི་ཤེས་པའི་ཕྱག་རྒྱས་བཏབ་པ་དང་། སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ལ་དགོད་པར་བགྱི་འོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་དག་ནས་གཟུངས་ཀྱི་སྒོ་བཅུའི་བར་དག་ལ་བཀོད་ནས་དེ་རྣམས་དང་ལྷན་ཅིག་འདི་ནས་འགུམ་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞིང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དེ་དང་། བཅོམ་ལྡན་འདས་མཐུ་ཆེན་ཐོབ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་འཁོར་དེ་རྣམས་མཉེས་པར་བྱེད་པར་གྱུར་ཅིག །བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་དག་མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པདྨེ་པདྨ་ནི། པདྨ་ལོ་ཙ་ནི། པདྨ་སཾ་བྷ་བེ་སྭཱ་ཧཱ། ཅི་ནུས་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པའང་བཟླས་མཐར། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ་ཅིང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། ཚར་གྲངས་གསོག་ན། མཆོད་པ་གསར་དུ་བཤམ་པའམ་ཞལ་གསོ་ཞིང་མཆོད་པའི་སྤྲིན་གྱི་སྔགས་བརྗོད་པས་གཟི་བྱིན་བསྐྱེད་ལ། སླར་ཡང་མདུན་གྱི་ཚོགས་ཞིང་རྣམས་མངོན་སུམ་བཞིན་དུ་བཞུགས་པའི་ཞེས་སོགས། ཕྱག་འཚལ་ནས་གཟུང་འདི་ཡན་རྒྱས་བསྡུས་ཇི་ལྟར་རིགས་པ་བསྐྱར་ལ་གྲངས་གཟུང་ངོ་། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཉེར་བསྡུའི་རྣལ་འབྱོར། བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། མཆོད་པ་གསར་དུ་བཤམས་པའམ་ཞལ་གསོས་ལ། མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་རྒྱས་པར་སྤེལ་ནས། ཇི་སྙེད་སུ་དག་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་པའི་བར་གྱི་ཡན་ལག་བདུན་པ་ཚང་བར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་འཛོམ་པའི་སྤྱན་སྔར་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་གཙང་སྦྲས་མ་ཕྱེད་པ་དང་། མདོ་དང་རྒྱུད་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཅིང་ནོངས་པར་གྱུར་པ་ཐམས་ཅད། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་ཅི་གནང་། ཞེས་ནོངས་པ་བཟོད་པར་གསོལ། གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། གཞུང་ལས། མདུན་གྱི་སྣང་བ་མཐའ་ཡས་ཀྱི༔ ཐུགས་ཀའི་ཧྲཱིཿལས་གཉིས་པ་བྱུང༔ ཤངས་བུག་གཡས་ནས་རང་ཉིད་ཀྱི༔ སྣ་བུག་གཡོན་ཞུགས་སྙིང་གའི་དབུས༔ འོད་ཟེར་སྣང་བ་རབ་འཕྲོས་ནས༔ སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔ རླུང་ཕྱིར་སོང་དང་ལྷན་ཅིག་ཏུ༔ སྣ་བུག་གཡས་ནས་བཅོམ་ལྡན་གྱི༔ ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ༔ རྒྱལ་བའི་ཐུགས་དང་རང་གི་སེམས༔ དབྱེར་མེད་བློ་འདས་ངང་དུ་གྱུར༔ ཅེས་བརྗོད་ཅིང་བསམ་ལ། སླར་ཡང་དབུགས་ཀྱི་འགྲོ་འོང་དང༔ དམིགས་པ་ཡང་ཡང་སྤེལ་བའི་མཐར༔ ཞེས་གསུངས་པ་ལྟར་དམིགས་པའི་རྟེན་གོམས་ལན་མང་དུ་བསྐྱར་བའི་རྗེས་སུ། བླ་མ་འོད་དཔག་མེད་པ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཉིད་སངས་རྒྱས་སྐུར་གྱུར་ཏེ༔ འགྲོ་འདུལ་ཕྲིན་ལས་ཡོངས་རྫོགས་གྱུར། །ཅེས་བརྗོད་ཅིང་། ཞིང་གི་བཀོད་པ་ཁོ་ན་ལ༔ ཡང་དང་ཡང་དུ་བློ་བཞག་སྟེ༔ ཞེས་གསུངས་པ་ལྟར་དམིགས་པའི་རྩལ་སྦྱང་ངོ་། །གསུམ་པ་བསྔོ་ཤིས་ཀྱི་མཐའ་བརྒྱན་པ་ནི། སྤྲོ་ཞིང་ནུས་ན། རང་གཞན་གྱི་བླ་མ་གོང་མ་དག་གིས་མཛད་པའི་བདེ་བ་ཅན་གྱི་སྨོན་ལམ་ཇི་ལྟར་རིགས་པ་གདབ། དེ་ཙམ་མི་ནུས་ན། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཅེས་བསྔོ་སྨོན་དང་། ཆེ་བའི་ཆེ་མཆོག་དང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་མདོ་རྒྱུད་ལས་འབྱུང་བའི་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་མེ་ཏོག་གི་ཆར་ཕབ། སླར་ཡང་གཏེར་ཁ་འདི་ཉིད་ལས་གསུངས་པའི། ཕྱོགས་བཅུ་དུས་བཞིའི་སོགས་ཀྱི་སྨོན་ལམ་དང་བདེན་པའི་སྟོབས་བརྗོད་པས་ཀྱང་དགེ་ལེགས་སུ་བྱའོ། །དེ་ལྟར་ཉིན་བར་གྱི་དུས་སུ་ཆོ་ག་ཅི་ལྕོགས་སུ་འབད་ཅིང་། ནུབ་མོ་ཉལ་བའི་སྐབས་གོང་དུ་བཤད་པའི་ཉེར་བསྡུའི་མཐར་རྣམ་པར་མི་རྟོག་པའི་ངང་དུ་ཁམས་གསོ་བར་བྱ་སྟེ། གཞུང་ལས། མཐར་ནི་མི་རྟོག་བདེ་བའི་ངང༔ ཉལ་བས་ཁམས་བདེ་རིག་པ་དྭངས༔ རྨི་ལམ་ཞིང་ཁམས་བགྲོད་པ་སོགས༔ དགེ་བའི་མཚན་མ་ཅི་ཡང་འབྱུང༔ ཞེས་པའི་རྟགས་མཐོང་བའི་བར་གྱིས་མཚོན་དུས་དང་རྒྱུན་དུ་བརྩོན་པའི་ཕན་ཡོན་ནི། འོད་དཔག་མེད་བཀོད་པའི་མདོ་ལས། སེམས་ཅན་གང་དག་ཁ་ཅིག་གིས། བཅོམ་ལྡན་འདས་དེའི་མཚན་ཐོས་ལ། ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་བསམ་པ་ཐག་པ་ནས་དད་པ་དང་དགའ་བ་བསྐྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་དང་། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་ནས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག །ཅེས་སོགས་འོད་དཔག་མེད་ཀྱི་མཚན་ཐོས་ཤིང་དད་པ་བསྐྱེད་པ་ཙམ་ཡང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་བདེན་ཚིག་གིས་བཀའ་བསྩལ་ན། ཆོ་ག་རྣམ་པར་དག་པས་ཚུལ་བཞིན་དུ་བསྒྲུབས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། གཞུང་ལས། དེ་ལྟར་ཐུན་རེ་མ་ཆག་པར༔ བསྒོམས་ན་འཆི་བའི་དུས་ཀྱི་ཚེ༔ སངས་རྒྱས་མཐུ་ཡིས་སྒྲིབ་དག་ནས༔ བདེ་ཅན་ཞིང་དུ་ངེས་པར་སྐྱེ༔ ཞེས་གསུངས་པས་མཚོན་ཏེ་ཤེས་པར་བྱའོ།། ༈ །།འདིའི་བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་བཅས་གོང་དུ་བཤད་པའི་རིམ་པ་ཐུན་བཞིའམ་གསུམ་སོགས་གཅད་ལ། སྙིང་པོ་འབུམ་ཕྲག་དང་། གཟུངས་འབུམ་ཕྲག་བཞིའམ་གཅིག་སོགས་བཟླ། ཞིང་སྦྱོང་གི་དམིགས་པ་ལ་རྩེ་གཅིག་ཏུ་འབད་པས་གཞུང་ལས་གསུངས་པའི་རྟགས་རྣམས་ངེས་པར་མཐོང་བར་འགྱུར་རོ། ༈ །ཡང་འདིའི་སྒོ་ནས་སྨྱུང་བར་གནས་པ་བྱེད་ན། དུས་བཟང་སྤྱི་དང་། ཁྱད་པར་ཟླ་བ་གང་ཡང་རུང་བའི་ཚེས་བཅོ་ལྔ་ལ་ལྷག་པར་བསྔགས་པས། དོན་ཞགས་དང་བཅུ་གཅིག་ཞལ་གྱི་སྨྱུང་ཆོག་སོགས་ལས་འབྱུང་བ་ལྟར་གསོ་སྦྱོང་གི་སྡོམ་པ་བླངས་ཏེ། ཚེས་བཅུ་བཞི་ལ་རྐྱང་། བཅོ་ ལྔ་ལ་ཁུག །བཅུ་དྲུག་ལ་རྗེས་ཆོག་བྱ། གཞན་སྤང་བླང་གི་བྱ་བ་ཐམས་ཅད་སྤྱི་ལྟར་ཉམས་སུ་བླངས་པས་ཕན་ཡོན་ལྷག་པར་ཆེའོ། ༈ །གཞན་ཡང་གཟུངས་བུམ་གྱི་ཆུས་རང་གཞན་ལ་ཁྲུས་བྱ་བ་དང་། གཤིན་པོའི་རུས་བུ་དང་། དུར་ཁྲོད་ཀྱི་ས་གཞིར་གཏོར་བས་ཀྱང་དམིགས་ཡུལ་གྱི་སྡིག་སྒྲིབ་བྱང་ཞིང་། དག་པའི་ཞིང་དུ་དབུགས་འབྱིན་པ་སོགས་ཀྱི་ཕན་ཡོན་དང་ལྡན་པ་ཉིད་དོ། ༈ །ཞར་བྱུང་ཆོ་ག་མདོར་བསྡུས་ཏེ་བྱ་བའི་ཚུལ་ནི། འདི་ཉིད་གཙོ་བོར་བཟང་པོ་སྤྱོད་པའི་སྨོན་ལམ་དང་རྗེས་སུ་འབྲེལ་བས་ན། ཡན་ལག་བདུན་པ་བཟང་སྤྱོད་ཁོ་ན་ལྟར་བགྱིས་ཀྱང་རུང་བས། དེའི་ཚེ་མཆོད་པའི་ཡན་ལག་གི་རྗེས་སུ་མཆོད་སྤྲིན་གྱི་གཟུངས་བརྗོད་ཅིང་རོལ་མོ་བྱ། མཎྜལ་རྒྱས་བསྡུས་གང་རུང་འབུལ། སེམས་བསྐྱེད་བླང་གྲུབ་ན་ལེགས། འདོད་གསོལ་དང་། གཟུངས་ཀྱི་ཕྲིན་ལས་ལ་བསྐུལ་བ་རྣམས་མ་བགྱིས་ཀྱང་རུང་། སྨོན་ལམ་བཟང་པོ་སྤྱོད་པ་ཁོ་ནས་འཐུས་པ་སོགས་སྐབས་ཕྱེད་པར་བྱས་ལ་ཉམས་སུ་བླང་ངོ་། །དེ་ལྟར་ན་གཙོ་བོར་འོད་དཔག་མེད་བཀོད་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་ཅིང་། ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་པའི་རྒྱུད་སོགས་དང་མཐུན་པར་བཀྲལ་པའི་གཞུང་དོན་ཇི་ལྟ་བ་ལེགས་པར་བཤད་ཟིན་ཏོ། །འཕགས་རྣམས་ཡེ་ཤེས་གཟིགས་པ་ནི། །དམན་ལ་བརྩེ་བ་ཆོས་ཉིད་ཕྱིར། །སངས་རྒྱས་བྱིན་རླབས་མཐུའི་སྣང་བས། །བདག་གིས་འདི་ལྟར་བརྗོད་པ་སྙམ། །དེ་ལས་བྱུང་བའི་དགེ་བས་ཡིད་ཅན་ཀུན། །ཚེ་འདིར་མི་མཐུན་ཀུན་ཞི་ལེགས་ཚོགས་རྒྱས། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །སངས་རྒྱས་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཅེས་པའང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཐུགས་བཅུད་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི། ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ཆ་ལག་འོད་དཔག་མེད་ཀྱི་ཞིང་སྦྱོང་གི་ཆོ་ག་ཉུང་གསལ་སྙིང་པོར་དྲིལ་བ་འདི་ཡང་། ༧སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཞལ་སྔ་ནས་ཀྱིས་བསྐྱེད་ཡུམ་དམ་པ་སྐུ་གཤེགས་པའི་སྐབས་སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་སྦྱོང་བ་དང་། སེམས་ཅན་རྒྱ་མཚོ་སྨིན་པར་མཛད་པའི་ཆ་རྐྱེན་དུ་གཙོ་བོར་དམིགས་ཤིང་། རང་གཞན་ལ་ཉེ་བར་མཁོ་བས་ཀྱང་མཚམས་སྦྱར་ཏེ། ཟབ་མོའི་ཆོས་ཚུལ་འདི་ཉིད་ལ་མཚོ་སྐྱེས་བླ་མ་ཡབ་སྲས་དགྱེས་པའི་ཐུགས་རྗེས་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་བ་ཏུ།། །། ༄༅། །ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་ཞལ་གདམས་མན་ངག་བཅུ་གསུམ་ལས་གསུངས་པའི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ནི། ༁ྃ༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ མ་ལུས་འཁོར་དང་བཅས་པ་འདིར་གཤེགས་ལ༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་ཀུན་བཟང་མཆོད་པས་མཆོད༔ ཉོན་མོངས་སྡིག་སྒྲིབ་མ་ལུས་མཐོལ་ལོ་གཤགས༔ ཕྱིན་ཆད་མི་བགྱི་རབ་ཏུ་བདག་གིས་བསྡམ༔ འགྲོ་དོན་མཛད་པ་ཀུན་ལ་རྗེས་ཡི་རང༔ ཕན་བདེའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ འཇིག་རྟེན་འདི་ནས་གཞན་དུ་འཕོ་བའི་ཚེ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་འོད་དཔག་མེད་པའི་ཞབས་དྲུང་དུ༔ པདྨོ་དམ་པར་བརྫུས་ཏེ་སྐྱེ་བར་ཤོག༔ སྐྱེས་མ་ཐག་ཏུ་རྫོགས་པའི་སངས་རྒྱས་ཀྱི༔ ཞལ་མཐོང་ལུང་བསྟན་གདམས་པ་རབ་ཐོབ་སྟེ༔ ས་བཅུ་ལམ་ལྔའི་རང་བཞིན་ངང་གིས་རྫོགས༔ མགོན་པོ་མཆོག་གི་གོ་འཕང་ཐོབ་པར་ཤོག༔ སེམས་བསྐྱེད་དབང་གིས་འགྲོ་བའི་དོན་བརྩོན་ཕྱིར༔ སྤྲུལ་པ་མང་པོས་སེམས་ཅན་དོན་བྱེད་ཤོག༔ མགོན་པོ་འོད་དཔག་མེད་པའི་ཐུགས་བསྐྱེད་པའི༔ ཁྱེད་ཀྱི་མཚན་ཐོས་ཡོན་ཏན་དྲན་པ་ཡིས༔ བདག་གི་སྡིག་སྒྲིབ་བག་ཆགས་ཀུན་བྱང་ནས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཡོན་ཏན་གྱི༔ མཛད་པ་ཕྲིན་ལས་རྣམ་ཐར་རྫོགས་གྱུར་ཅིག༔ དུས་གསུམ་རྒྱལ་བ་རྣམས་ཀྱི་བདེན་པ་དང༔ འཇམ་དཔལ་དཔའ་བོའི་མཁྱེན་རབ་བརྩེ་བ་ཡི༔ སྟོབས་དང་གཟི་བརྗིད་དཔག་མེད་བྱིན་རླབས་ཀྱིས༔ བདག་གི་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག༔ གང་ཞིག་སྲིད་པ་བར་དོའི་སྐྱེ་སྲིད་སོགས༔ འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པ་ན༔ དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས་ཐོབ་སྟེ༔ དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་ནས༔ ཐོས་པའི་སྒོ་རྣམས་རིམ་པར་སྦྱངས་སྟོབས་ཀྱིས༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་སྨོན་ལམ་རྩེ་གཅིག་བཏབ་བོ༔ ས་མ་ཡ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་རྩི་ཀེའི་བྲག་རིན་ཆེན་འབར་བ་ནས་སྤྱན་དྲངས་པའི་ཞལ་གདམས་མན་ངག་བཅུ་གསུམ་ལས་ཁོལ་དུ་ཕྱུང་བའོ།། །། ༁ྃ༔ ཨེ་མ་ཧོ༔ ཆོས་དབྱིངས་ཡེ་ནས་དག་པའི་སྟོང་པ་ཉིད༔ མ་འགགས་རང་རྩལ་ཐུགས་རྗེས་ཅིར་ཡང་སྣང༔ སྣང་སྟོང་ཟུང་འཇུག་ཤར་གྲོལ་བདེ་ཆེན་ཀློང༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱི་དབྱིངས༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བདེན་པ་དང༔ འོད་དཔག་མེད་པ་སྤྱན་རས་གཟིགས་མགོན་གྱིས༔ ཐུགས་བསྐྱེད་སྨོན་ལམ་བཟང་པོའི་བདེན་སྟོབས་ཀྱིས༔ མཐའ་ཡས་སེམས་མ་ལུས་ཐམས་ཅད་ཀྱི༔ སྒྲིབ་གཉིས་བག་ཆགས་མ་ལུས་ཀུན་བྱང་ནས༔ བསོད་ནམས་ཡེ་ཤེས་འབྲས་བུ་རྒྱུད་ལ་སྨིན༔ གནས་སྐབས་འཁྲུལ་པའི་སྡུག་བསྔལ་ཀུན་བྲལ་ཞིང༔ བར་དོའི་གནས་ནས་སྤྱན་རས་གཟིགས་དབང་གིས༔ མ་རིག་མུན་པ་བསལ་ནས་ལམ་སྣ་དྲོངས༔ བདེ་བ་ཅན་གྱི་ཞིང་དུ་འོད་དཔག་མེད༔ སྤྱན་རས་གཟིགས་ཀྱི་ཞབས་དྲུང་དེར་སྐྱེས་ནས༔ སྐད་ཅིག་དེ་ལ་སྒྲིབ་པ་ཀུན་ཟད་ནས༔ ཡང་དག་དོན་གྱི་ཡེ་ཤེས་མཐོང་བར་ཤོག༔ དེ་མཐོང་ཕྱིར་མི་ལྡོག་པའི་ས་ནོན་ནས༔ སྤྲུལ་པས་འགྲོ་བ་འདྲེན་པའི་དེད་དཔོན་གྱུར༔ རྒྱལ་སྲས་སྤྱན་རས་གཟིགས་ཀྱི་མཁྱེན་པ་ལྟར༔ བདག་གིས་སྨོན་ལམ་འདི་དག་འགྲུབ་པར་ཤོག༔ ཅེས་པ་འདི་ནི་མཆོག་གླིང་གཏེར་མ་ཐུགས་ཆེན་པདྨ་གར་དབང་ལས་ཁོལ་དུ་ཕྱུང་བའོ།། །། ༄༅། །པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །འོད་གསལ་གཉུག་མའི་མཁའ་དབྱིངས་དྭངས་པའི་ངོས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་བའི། །རང་བཞིན་སྤྲུལ་པའི་ཞིང་མཆོག་པདྨ་འོད། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང་། །ཉམས་སྣང་གོང་འཕེལ་གཞལ་མེད་ཁང་ཆེན་པོར། །རིག་པ་ཚད་ཕེབས་དཔའ་བོ་ཌཱ་ཀིའི་ཚོགས། །ཆོས་ཟད་བློ་འདས་རྡོ་རྗེའི་གླུ་གར་བསྒྱུར། །དེ་དབུས་གདོད་མའི་མགོན་པོ་འོད་མཐའ་ཡས། །སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོ་དང་། །སྐུ་གསུམ་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ། །གང་འདུལ་སྤྲུལ་པའི་མཚན་མཆོག་བརྒྱད་ལ་སོགས། །མཚན་དང་སྐུ་ཡི་རྣམ་རོལ་མཐའ་ཀླས་པའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་འདུན་ས་དེར། །བདག་གཞན་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག །དེར་ཡང་རིག་འཛིན་རྣམ་བཞིའི་གསེང་ལམ་ལ། །བརྟེན་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །མཚོ་སྐྱེས་བླ་མའི་གོ་འཕང་མྱུར་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བརྗོད་པ་སིདྡྷི་རསྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས། ནང་ནོར་བུ་ལུགས་ཀྱི་སྒྲུབ་ཐབས་དབང་གི་ཕྲིན་ལས་དང་བཅས་པ་དྲི་མེད་པདྨའི་དཀྱིལ་འཁོར་ (Volume 22, Text 38)
༄༅། །ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས། ནང་ནོར་བུ་ལུགས་ཀྱི་སྒྲུབ་ཐབས་དབང་གི་ཕྲིན་ལས་དང་བཅས་པ་དྲི་མེད་པདྨའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ།། ན་མཿཤྲཱི་གུ་རུ་པདྨ་དྷཱ་ར་ཡ། རྒྱལ་ཀུན་འགྲོ་ལ་གཟིགས་པ་ཆོས་ཉིད་ཀྱང་། །སྙོག་ལྡན་ཞིང་དུ་འཇུག་པའི་ཕྲིན་ལས་ལ། །སུས་ཀྱང་མི་བསྒྲུན་སྙིང་རྗེའི་འཛུམ་མདངས་ཅན། །པད་དཀར་འཆང་བས་སྲིད་ལས་དབུགས་དབྱུང་མཛོད། །དཔལ་ལྡན་འཕགས་པའི་ཞབས་དང་བདེ་བ་ཆེའི། །དགོངས་པ་གཅིག་དྲིལ་སྒྲུབ་ཐབས་ཡིད་འོང་བ། །དེ་ཡི་ཉམས་ལེན་དབང་གི་ཕྲིན་ལས་བཅས། །འགོད་དོ་གཞན་ལ་ཕན་པའི་བྱིན་རླབས་སྩོལ། །སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་ལག་ལེན་སྙིང་པོར་བསྡུ་བ་ལ་དོན་གཉིས། སྒྲུབ་ཐབས་ཉམས་སུ་ལེན་པ། དབང་བསྐུར་ཕྲིན་ལས་དང་བཅས་པའོ། །དང་པོ་ནི། འཚེ་བས་དབེན་པའི་གནས་སུ་མཆོད་པ་ཅི་འབྱོར་བཤམ། བདེ་བའི་སྟན་ལ་འཁོད་དེ། ཁྲུས་བྱ་བ་ནི། སྤྲོ་ན་འོག་གི་ཕྲིན་ལས་སྐབས་ལྟར་ཆུ་གཙང་སྔགས་བཅས་ཀྱིས་ཉེ་རེག་འཐོར་འཐུང་བྱ། རྒྱུན་དུ་མི་དགོས་ཤིང་འདི་ཉིད་གལ་ཆེ་བས། ཨེ་མ། འཁོར་ལོ་བདུན་སྲིད་སྟེང་གི་ནམ་མཁའ་ལ། །སྤྱན་རས་གཟིགས་མགོན་ཡེ་ཤེས་ཆུ་རྒྱུན་གྱིས། །བདག་ལ་ཁྲུས་གསོལ་དྲི་མ་དག་པར་གྱུར། །ཅེས་མོས་ལ་གཟུངས་རིང་ངམ་ཡིག་དྲུག་བརྗོད། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི༔ བདག་གིས་སྦྱིན་སོགས་དགེ་བའི་རྩ་བ་འདི་དག་གིས༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག༔ ལན་གསུམ། བགེགས་བསྐྲད་པ་ནི། རང་སྐད་ཅིག་གིས་དཔའ་བོ་རྟ་མཆོག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དབུའི་རྟ་སྐད་ཀྱིས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་སརྦ་བིག་ནཱན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཅེས་བརྗོད་པས་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་ཐལ་བ་རླུང་གིས་བཏབ་པ་བཞིན་སོང་བར་བསམ། ཡང་རང་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས། ཨོཾ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊཿ ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་དང་མེ་རིའི་གུར་དུ་གྱུར་ཏེ་རླུང་ཡང་མི་ཐར་བར་གྱུར། དེ་ནས་བསོད་ནམས་ཀྱི་ཚོགས་གསག་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀར་ཧྲཱིཿདཀར་པོ། དེའི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་པར་གྱུར། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །དུས་གསུམ་བདེ་གཤེགས་འགྲོ་མགོན་ཕྱོགས་བཅུ་ཡི། །རྒྱལ་བ་སྲས་བཅས་དེ་དག་ཐམས་ཅད་ལ། །སྒོ་གསུམ་དང་བས་བཏུད་དེ་ཕྱག་འཚལ་ལོ། །ཉེར་སྤྱོད་འདོད་ཡོན་བླ་མེད་མཆོག་གྱུར་པ༔ དངོས་སམ་ཡིད་ལས་བྱུང་བ་མཆོད་པའི་སྤྲིན༔ རྒྱལ་བ་འཁོར་དང་བཅས་ལ་དད་པས་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བྱ། མ་རིག་ཉོན་མོངས་ལས་བྱུང་བའི༔ ཐོག་མཐའ་མེད་པའི་སྡིག་སྒྲིབ་རྣམས༔ ཞི་མཛད་ཐུགས་རྗེའི་ངང་ཉིད་དུ༔ ཐམས་ཅད་མ་ལུས་སོ་སོར་བཤགས༔ འཇིག་རྟེན་འཕགས་དང་བདེ་གཤེགས་དང༔ དེ་བཞིན་སློབ་དང་མི་སློབ་པའི༔ དགེ་བ་ཟག་བཅས་ཟག་མེད་པ༔ དེ་དག་ཀུན་ལ་རྗེས་ཡི་རང༔ འགྲོ་རྣམས་མ་རིག་ལིང་ཐོག་གིས༔ འཁོར་བའི་མུན་པར་འཁྱམས་པ་ལ༔ སེལ་མཛད་ཡེ་ཤེས་སྒྲོན་མེ་ཡི༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ དམིགས་མེད་ནམ་མཁའ་ལྟ་བུ་ཡི༔ ཡོངས་ལ་ཁྱབ་པའི་ཐུགས་རྗེ་ཡིས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ བགྱིས་དང་བགྱིད་དུ་བསྩལ་བ་དང༔ བགྱི་ལ་རྗེས་སུ་ཡི་རང་བའི༔ དུས་གསུམ་དགེ་བ་ཅི་བསགས་པ༔ ཀུན་དོན་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཡན་ལག་བདུན་པ་ཕུལ། གསོལ་བ་འདེབས་པ་ནི། ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་སུ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཕོ་བྲང་རི་བོ་ཏ་ལའི་རྩེར༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལྷོ་ནུབ་སྲིན་པོ་འདུལ་བའི་ས་ཕྱོགས་སུ༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མཁའ་འགྲོས་ལུང་བསྟན་གསང་བའི་ཕུག་པ་རུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ནགས་ཁྲོད་བདེ་ཆེན་དཔལ་གྱི་དབེན་གནས་སུ༔ གཏེར་ཆེན་སངས་རྒྱས་གླིང་པ་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྣ་ཚོགས་འགྲོ་བ་འདུལ་བའི་ཞིང་ཁམས་སུ༔ སྲས་སློབ་བརྒྱུད་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཀའ་དང་བསྟན་པ་སྲུང་བའི་ཕོ་བྲང་དུ༔ བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་འདེབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དངོས་དང་བརྒྱུད་པའི་བླ་མ་རིན་ཆེན་རྣམས༔ བདག་ཅག་མོས་པའི་བུ་ལ་བྱིན་གྱིས་རློབས༔ རྐྱེན་དང་བར་ཆད་ཐམས་ཅད་ཞི་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཀུན་རྫོབ་བྱང་སེམས་བསྒོམ་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་འབའ་ཞིག་ལ་སྤྱོད་ཅིང་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ན་ཉམ་ཐག་པ་འདི་རྣམས་སྙིང་རེ་རྗེ། དེ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བའི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཡི་དམ་གྱི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ལན་གསུམ། ཚོགས་རྟེན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཡེ་ཤེས་ཀྱི་ཚོགས་གསག་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ཞེས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ། ཆོ་ག་གསུམ་བསྐྱེད་ཀྱིས་ལྷ་བསྒོམ་པ་ནི། སྟོང་པའི་ངང་ལས་ལཾ་ལས་རིན་པོ་ཆེ་ལས་གྲུབ་པའི་རི་རབ་གྲུ་བཞི་པའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨའི་སྡོང་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་རང་སེམས་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་ཤིང་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་རྣམས་དག་ནས་ཐམས་ཅད་ལྷའི་སྐུ་འབའ་ཞིག་ཏུ་གྱུར་ཏེ་ཚུར་འདུས་ཧྲཱིཿལ་ཐིམ་པས་འོད་དུ་ཞུ་ནས་པདྨ་དཀར་པོའི་ལྟེ་བ་ལ་ཧྲཱིཿས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་པདྨ་ཧྲཱིཿདང་བཅས་པ་ལ་ཐིམ་པས་དེ་ཉིད་འོད་དུ་ཞུ་བ་ལས། བདག་ཉིད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འཛིན་པ། གཡོན་གྱི་འོག་མ་ན་པདྨ་དཀར་པོ་བསྣམས་པ། སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་ལ་འཚེར་བ། སྤྱན་ཡིད་ཙམ་དམར་བ། ཞལ་ཅུང་ཟད་འཛུམ་པ། ཤངས་ཀྱི་དབྱིབས་མཐོ་བ། སྙན་གྱི་ཤལ་རིང་བ། སྐུ་དྲང་པོར་གནས་ཤིང་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། དབུ་སྐྲ་ལྕང་ལོའི་ཐོར་ཚུགས་འཁྱིལ་བ། སྤྱི་བོའི་གཙུག་ལ་ཨ་མི་དྷེ་བ་བཞུགས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དར་དམར་པོའི་སྨད་གཡོགས་གསོལ་བ། འཇིག་རྟེན་གསུམ་ལ་ཐུགས་རྗེས་གཟིགས་པའི་ཚུལ་དུ་བཞུགས་པར་གྱུར། དེའི་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་དཀར་པོ་གཅིག་གཡོན་ངོས་སུ་འཕྲོས་པ་ལས་ཡུམ་ཡི་གེ་དྲུག་མ་སྐུ་མདོག་དཀར་མོ་རྒྱན་ཆ་ལུགས་ཕྱག་མཚན་གཙོ་བོ་དང་མཚུངས་ཤིང་། ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་ལ་གཟིགས་པ། ཞབས་གཉིས་བཙུན་མོ་རོལ་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཡང་ཡབ་ཀྱི་ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་སེར་པོ་གཅིག་གཡས་སུ་འཕྲོས་པ་ལས་སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱིས་ནོར་བུ་རིན་པོ་ཆེ་ཐུགས་ཀར་འཛིན་པ། གཡོན་པས་པདྨའི་བེའུ་དཔུང་པའི་ཁར་བསྣམས་པ། རིན་པོ་ཆེ་སྣ་ཚོགས་དང་དར་གྱི་ན་བཟས་བརྒྱན་པ། ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཐུགས་ཀར་གཟིགས་པ། ཞབས་གཉིས་སེམས་པའི་རོལ་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ། །གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བ་ལ་ཨཱཿདམར་པོ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྒྱ་གྲམ་པའི་ལྟེ་བ་ལ་ཧཱུྃ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་འོད་ཟེར་གྱིས་སྣང་བ་མཐའ་ཡས་ལ་སོགས་པའི་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བདེ་བར་གཤེགས་པ་ཐམས་ཅད་སྣང་བ་མཐའ་ཡས་ཀྱི་སྐུ་ལ་ཐིམ་སྟེ། དེའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ལྷ་མོ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་པ་བཞི་བྱུང་སྟེ་སྤྱི་གཙུག་ནས་བདུད་རྩིའི་རྒྱུན་དབབ་པར་གྱུར། ཨོཾ་ཛྙཱ་ན་ཨ་མྲྀཏ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། ཞེས་དབང་བསྐུར་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག །ཆུ་ལྷག་སྤྱི་གཙུག་ཏུ་འཁྱིལ་པ་ལས་གཙོ་འཁོར་རྣམས་ལ་རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་ཏེ་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། རྒྱལ་བའི་དབང་པོ་ཆོས་རྗེ་འོད་དཔག་མེད༔ པདྨའི་རིགས་མཆོག་མགོན་པོ་སྤྱན་རས་གཟིགས༔ ཕྱོགས་བཅུའི་དུས་གསུམ་བདེར་གཤེགས་འཁོར་བཅས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་ཝཱ་ར་ས་མ་ཡེ་ཧཱུྃ༔ མདུན་གྱི་ནམ་མཁར་བཞུགས་པ་ལ་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་བཞིན། ཤབྡའི་བར་དུ་སྦྱར། ཧྲཱིཿ སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་དང་ནི་ཤེས་རབ་གཉིས༔ ཐབས་ཀྱི་སྤྲུལ་པས་འགྲོ་བ་འདྲེན༔ རྒྱལ་ཡུམ་ཡི་གེ་དྲུག་མ་དང༔ ནོར་བུ་འཛིན་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཛཿཧཱུྃ་བཾ་ཧོ༔ དམ་ཡེ་གཉིས་སུ་མེད་པར་གྱུར༔ རང་སེམས་ལྷ་སྐུ་ཆུ་ཟླ་ལྟ་བུ་སྣང་སྟོང་ཟུང་དུ་འཇུག་པ་དེ་ལ་ཇི་སྲིད་མི་སྐྱོའི་བར་དུ་མཉམ་པར་བཞག །དེ་ནས་དངོས་གྲུབ་མྱུར་དུ་བསྐུལ་བའི་ཕྱིར་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀར་པདྨ་དམར་པོ་འདབ་མ་དྲུག་པའི་ལྟེ་བ་ལ་ཧྲཱིཿདཀར་པོ་ཟླ་བ་རྒྱས་པ་ལྟ་བུའི་འོད་ཟེར་ཅན། འདབ་མ་དྲུག་ལ་ཡི་གེ་དྲུག་སྐར་མའི་ཕྲེང་བ་ལྟ་བུས་བསྐོར་བར་མོས་ལ། བཟླས་པའི་སྐྱོན་རྣམས་སྤངས་ཏེ་དེ་ཉིད་ཀློག་པའི་ཚུལ་གྱིས་རྒྱུན་མ་ཆད་པར་ཡི་གེ་དྲུག་པ་བཟླ་བ་ནི་བསྙེན་པ་སྟེ་གཏན་ལ་མ་ཕེབས་ཀྱི་བར་དུ་འདི་ཉིད་གཙོ་བོར་བྱའོ། །ཐུགས་ཀའི་སྔགས་འཁོར་ལས་སྔགས་ཀྱི་འོད་ཟེར་དཀར་པོ་ཞལ་ནས་ཐོན་ཏེ། ལྟེ་བ་ནས་ཚུར་འཁོར་བ་འམ། ཡང་ན་ཡེ་ཤེས་སེམས་དཔའ་མདུན་དུ་གྱེས་པའི་ཞལ་དུ་ཞུགས། དེའི་ལྟེ་བ་ནས་རང་གི་ལྟེ་བར་བརྒྱུད་སྙིང་གར་ཐིམ་པའི་འཁོར་ལོ་རྒྱུན་མ་ཆད་པར་བསྒོམ་པ་ནི་ཉེ་བར་བསྙེན་པའོ། །ཐུགས་སྲོག་ལས་འོད་ཟེར་རེ་རེ་བཞིན་དམྱལ་བ་ལ་སོགས་པའི་གནས་དྲུག་ཏུ་སྤྲོས། སོ་སོའི་སྡུག་བསྔལ་ཞི་ཞིང་སྡིག་སྒྲིབ་སྦྱངས་ཏེ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་གྱུར། རིན་པོ་ཆེའི་གཞལ་ཡས་ཁང་ན་ཡི་གེ་དྲུག་པའི་ཆོས་སྒྲ་དི་རི་རི་སྒྲོག་པར་བསམ་པ་ནི་སྒྲུབ་པའོ། །ཐུགས་སྲོག་ལས་འོད་ཟེར་སྣ་ཚོགས་དཔག་ཏུ་མེད་པ་ནམ་མཁས་གར་ཁྱབ་ཏུ་འཕྲོས་ཏེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཐམས་ཅད་དུས་གཅིག་ལ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་གྱུར་ཏེ་ཡི་གེ་དྲུག་པའི་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་པར་བསམ་པ་ནི་སྒྲུབ་པ་ཆེན་པོའོ། །དཀྱིལ་འཁོར་བསྡུ་ཞིང་རྫོགས་རིམ་བསྒོམ་པ་ནི། ཡེ་ཤེས་སེམས་དཔའ་མདུན་དུ་ཕྱེས་ལ་གོང་བཞིན་མཆོད་བསྟོད་བྱ། གང་ཡང་བདག་བློ་གཏི་མུག་པས༔ ལེགས་སྤྱད་འདི་ལ་ཉེས་པ་གང༔ འདིར་ནི་བདག་གིས་གང་བགྱིས་པ༔ འགྲོ་མགོན་ཁྱེད་ལ་བཟོད་པར་གསོལ༔ ཞེས་བཟོད་པར་གསོལ། བཛྲ་མུཿས་གཤེགས་སུ་གསོལ་བ་གཞུང་གི་དགོངས་པ་ཡིན་ཡང་བླ་མེད་ཀྱི་རྣལ་འབྱོར་པས་གཤེགས་གསོལ་མི་བྱ་བར་སླར་ཡང་རང་ལ་བསྟིམ་པའི་ཕྱག་རྒྱུན་ཀྱང་འབྱུང་ངོ་། །དེ་ནས། འཁོར་གྱི་ལྷ་གཉིས་རང་གི་ཐུགས་ཀར་ཐིམ། རང་དམ་ཚིག་སེམས་དཔར་གནས་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རིམ་གྱིས་འདུས་ཏེ་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ། རང་ཐུགས་ཀའི་སྔགས་འཁོར། དེ་ཧྲཱིཿཡིག །ཧྲཱིཿཡང་རིམ་གྱིས་འདུས་ཏེ་ཐིག་ལེ་ཡུངས་འབྲུ་ཙམ་དུ་གྱུར། དེའང་ཇེ་ཕྲར་སོང་སྟེ་མཐར་སྟོང་ཉིད་དུ་གྱུར་པར་བསམ་ལ། མཚན་མའི་རྟོག་པ་རབ་ཏུ་ཞི་བ་ཆོས་ཉིད་ཀྱི་དབྱིངས་འོད་གསལ་བ་དེ་བཞིན་ཉིད་ཀྱི་ངང་དེ་ལ་རིག་པ་གནས་ལ་རྟག་ལྟ་བསལ། སྟོང་པའི་ངང་ལས་རང་སྐད་ཅིག་ཙམ་གྱིས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུར་གྱུར། ཅེས་ཟུང་འཇུག་གི་སྐུར་ལྡངས་ཏེ་ཆད་ལྟ་བསལ། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་དང་མ་བྲལ་བས་ཚོགས་སུ་བསྒྱུར། གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ །སྒྲ་རུ་གྲགས་པ་ཐམས་ཅད་སྙིང་པོའི་གསུང་། དྲན་པ་དང་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ཐུགས་སུ་ཤེས་པར་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། རིན་པོ་ཆེའི་སྣོད་དུ་ཁ་ཟས་བཟང་དགུ་གཙང་ཞིང་ཡིད་དུ་འོང་བ་ཅི་འབྱོར་པ་བཤམས་ལ་ཆུ་གཙང་གིས་བྲན་ལ། གཏོར་མའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་དབུས་སུ་ཡི་གེ་ཧྲཱིཿགསལ་བར་གྱུར། ཧཱུྃ་འོད་དུ་ཞུ་ནས་གཏོར་མ་ལ་ཐིམ་པས་གཏོར་མའི་དངོས་འཛིན་དང་འབག་བཙོག་ལ་སོགས་པའི་དྲི་མ་ཐམས་ཅད་སྦྱངས་ཏེ་དག་པར་གྱུར། ཨཱཿཞུ་བ་ལས་གཏོར་མའི་དངོས་པོ་ལྷའི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་དཀར་མེར་གྱིས་གྱུར། ཨོཾ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་མང་ཞིང་རྒྱ་ཆེ་བ་དཔག་ཏུ་མེད་པར་སྤེལ། ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ཏེ་ཐིམ་ཞིང་ཧྲཱིཿཡང་འོད་དུ་ཞུ་བ་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་སྡུག་ཅིང་རོ་མཆོག་ཏུ་ཞིམ་པ། འདོད་ཡོན་གྱི་ལོངས་སྤྱོད་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀའི་འོད་ཟེར་གྱིས་གཏོར་མགྲོན་རྣམས་སྤྱན་དྲངས། ཧཱུྃ༔ བླ་མ་དམ་པ་རྣམས་དང་ཡི་དམ་ལྷ་ཡི་ཚོགས༔ རྒྱལ་བ་དམ་ཅན་འཁོར་དང་བཅས་པ་རྣམས༔ མ་ལུས་འགྲོ་བའི་དོན་ལ་སྤྱན་འདྲེན་གྱིས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ་ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ མདུན་གྱི་ནམ་མཁར་བཞུགས་པར་མོས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་བཞིན་དུ། པཱ་དྱཾ་ནས། ཤབྡའི་བར་དུ་སྦྱར་བས་མཆོད། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གསུམ་པའི་ཧྲཱིཿཡིག་འོད་ཟེར་གྱི་སྦུ་གུ་ཅན་གྱིས་དྲངས་ཤིང་གསོལ་བས་ཚིམ་ཞིང་དགྱེས་པར་གྱུར། ཨོཾ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་དང་གཏོར་སྔགས་སྦྱར་བ་འགྲེས་སུ་ཤེས་པར་བྱས་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཨི་དཾ་སོགས། ཨོཾ་ཥ་ཌ་ཀྵ་ར༴ ཨོཾ་མ་ཎི་དྷ་ར༴ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྦྱར་བས་ཕུལ་ལ། བླ་མ་ལྷ་དང་དམ་ཅན་ཚོགས༔ ཁྱེད་རྣམས་ཀུན་ལ་གསོལ་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ ནད་མེད་ཚེ་དང་དབང་ཕྱུག་དང༔ དཔལ་དང་གྲགས་དང་སྐལ་པ་བཟང༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ལ་སྲུངས༔ དངོས་གྲུབ་ཅན་གྱིས་སྟོངས་གྲོགས་མཛོད༔ དུས་མིན་འཆི་དང་ནད་རྣམས་དང༔ གདོན་དང་བགེགས་རྣམས་མེད་པར་མཛོད༔ རྨི་ལམ་ངན་དང་མཚན་མ་ངན༔ བྱ་བྱེད་ངན་པ་མེད་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང༔ འབྲུ་རྣམས་རྒྱས་ཤིང་འཕེལ་བར་མཛོད༔ ལེགས་པ་ཐམས་ཅད་འགྲུབ་པ་དང༔ ཉེས་པ་ཐམས་ཅད་ཞི་བ་དང༔ ཡིད་ལ་བསམ་པ་ཀུན་འགྲུབ་ཤོག༔ ཅེས་འདོད་དོན་གསོལ། ཡི་གེ་བརྒྱ་པ་དང་། མ་འབྱོར་པ་དང་སོགས་ཀྱིས་ལྷག་ཆད་ཁ་བསྐངས་ལ་གཏོར་མགྲོན་རྣམས་གཤེགས་སུ་གསོལ་ལ་ཤིས་པ་བརྗོད་དོ། །དེས་རང་དོན་ཉམས་ལེན་གྱི་རིམ་པ་བསྟན་ཟིན་ཏོ། །གཉིས་པ་དབང་བསྐུར་ཕྲིན་ལས་དང་བཅས་བསྟན་པ་ལ་གསུམ། སྔོན་འགྲོ་སྟ་གོན་གྱི་བྱ་བ། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་མཇུག་ཆོག་གི་རིམ་པའོ། །དང་པོ་ལ་ས་ཆོག་དང་སྟ་གོན་གཉིས་སུ་གསུངས་ཀྱང་། འདིར་སྒྲུབ་གནས་རྙིང་པར་རས་བྲིས་དང་འབྲེལ་བའི་དབང་དུ་བྱས་ཏེ་མ་སྤྲོས་ལ་ས་བཅད་ཙམ་དུ། ཐོག་མར་དཀར་གཏོར་ལ་ཆབ་བྲན། རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་དྲང་། གོང་གི་སྔགས་ཀྱི་ཤམ་དུ། ཨོཾ་ཨ་ཀཱ་རོ་སྦྱར་བ་ལན་གསུམ་གྱིས་ཕུལ། ས་ལ་རྒྱུ་བའི་ལྷ་ཀུན་དང༔ གང་ཡང་ས་ལ་བརྟེན་པ་རྣམས༔ མ་ལུས་ཀུན་ལ་དགེ་དོན་དུ༔ བྱམས་པའི་སེམས་ཀྱིས་གནས་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལ་གཏོར་མ་གཤེགས། སྟ་གོན་ལ། ལྷ། བུམ་པ། སློབ་མ་སྟ་གོན་གསུམ་གྱི་ཐོག་མར་གོང་དུ་ཇི་སྐད་བཤད་པའི་བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་དུ་གཏང་། སྟེགས་བུའི་སྟེང་དུ་མཎྜལ་ལ་བ་བྱུང་དྲི་བཟང་གི་ཆུས་བྱུགས་པའི་དབུས་སུ་དྲིའི་ཐིག་ལེ་ཆེ་ཆུང་གསུམ་ལ་མེ་ཏོག་ཚོམ་བུ་དེ་མཚུངས་བཀོད། མཐའ་མཆོད་པས་བསྐོར་ལ། རང་ཉིད་སྐད་ཅིག་གིས་རིགས་ཀྱི་ཡུམ་བཞིའི་སྐུར་གསལ་བར་གྱུར། མཆོད་པ་བྱིན་བརླབ་ཕྲིན་ལས་ཀྱི་སྐབས་ལྟར་བྱ། མཎྜལ་གྱི་ཚོམ་བུ་པཾ་ལས་སྣ་ཚོགས་པདྨའི་སྡོང་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་ཧྲཱིཿདཀར་པོ་སོགས་བདག་བསྐྱེད་ཀྱི་སྐབས་ལྟར་ལ་བདག་དང་རང་གི་ཞེས་སོགས་ཀྱི་ཚིག་རྣམས་དོར། མཆོད་བསྟོད་སྤྲོ་ན་འོག་ནས་འབྱུང་བ་ལྟར་རྒྱས་པར་བྱ། མི་ལྕོགས་ན་དཀྱུས་བསྟན་གྱིས་འཐུས། ལྷ་ལ་སེམས་གཏད་དེ་ཡིག་དྲུག་ཀྱང་ཅི་ལྕོགས་བཟླ། དེ་ནས་སྙན་གསན་དབབ་པ་ནི། མོས་གུས་དང་ལྡན་པས་པུས་བཙུགས་ཐལ་སྦྱར་མེ་ཏོག་ཐོགས་ལ། བཅོམ་ལྡན་འཇིག་རྟེན་གསུམ་གྱི་མགོན༔ ཐུགས་རྗེའི་བདག་པོ་དགོངས་སུ་གསོལ༔ སློབ་མ་རྣམས་ལ་བརྩེ་བ་དང༔ ཁྱེད་ཉིད་ལ་ཡང་མཆོད་པའི་ཕྱིར༔ མགོན་པོ་ཐུགས་རྗེ་འབྱུང་བ་ཡི༔ སང་ནི་དཀྱིལ་འཁོར་བྲི་བར་འཚལ༔ དེ་བཞིན་བདག་ཅག་གུས་པ་ལ༔ བཅོམ་ལྡན་བཀའ་དྲིན་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། ལྷ་རྣམས་དགྱེས་བཞིན་དུ་གནང་བ་བསྩལ་ནས་བར་སྣང་འོད་ཀྱི་དཀྱིལ་འཁོར་དུ་བཞུགས་པར་བསམ་ལ་མཆོད་བསྟོད་མདོར་བསྡུས་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། རྣམ་བུམ་གོས་དཀར་པོ་དང་། ལས་བུམ་དམར་པོས་དཀྲིས་ཏེ་ཆས་སུ་བཅུག་པ་གཉིས་གུ་གུལ་གྱིས་བདུག །དྲག་སྔགས་བརྗོད་ལ་བགེགས་བསྐྲད། རྣམ་བུམ་དུ་ཉེར་ལྔའི་རྫས་དང་ལས་བུམ་སྤོས་ཆུས་བཀང་ཞིང་ཁ་རྒྱན་གཟུངས་རྡོར་སོགས་སྤྱི་ལྟར་བྱས་ལ་དཀྱིལ་འཁོར་དུ་བཀོད་ཅིང་མཆོད་པས་བསྐོར་ལ་བྱིན་བརླབ། བསང་སྦྱང་། སྟོང་པའི་ངང་ལས་ཏྲཱཾ་སེར་པོ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ནང་གཞལ་ཡས་ཁང་གི་རྣམ་པར་གྱུར་པ། དེའི་ནང་དུ་བཾ་དཀར་པོ་ལས་བདུད་རྩིའི་རྒྱ་མཚོའི་དབུས་སུ་པཾ་ལས་སྣ་ཚོགས་པདྨའི་སྡོང་པོ་སོགས་ལྷ་བསྐྱེད་པ་ནས། དམ་ཡེ་གཉིས་སུ་མེད་པར་གྱུར༔བར་གོང་ལྟར་ལ། མཆོད་བསྟོད་འོག་ནས་འབྱུང་བ་ཡོངས་རྫོགས་སམ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད་པ་ཅི་རིགས་བྱ། གཟུངས་ཐག་འཇུས་ལ། སྔགས་ཀྱི་འོད་ཟེར་རང་གི་ཞལ་ནས་ཐོན་བུམ་ནང་གི་ལྷའི་ཞལ་དུ་ཞུགས་ཏེ་མཆོད་པས་མཉེས་ཏེ་ཐུགས་ཀ་ནས་ཐོན་རང་གི་སྙིང་གར་ཞུགས་པས་སྡིག་སྒྲིབ་ནད་གདོན་དག །ཡང་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བུམ་ནང་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། ཅེས་མོས་ལ་ཡིག་དྲུག་ཅི་ནུས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཤུདྡྷེ་བི་ཤུདྡྷེ། ཤུདྡྷ་ཨདྒེ། ཤུདྡྷ་ཨཀྵི། ཤོ་དྷ་ནི། བི་ཤོ་དྷ་ནི། ག་ག་ན་བི་ཤོ་དྷ་ནི། ཙིཏྟ་བི་ཤོ་དྷ་ནི། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། ཨ་ནནྟརྻ་བི་ཤོ་དྷ་ནི། ཤུདྡྷེ་བི་ཤུདྡྷེ། ཀྵ་ཎེ་ཡ་བི་ཀྵ་ཎེ་ཡ། པུཥྤེ་སུ་པུཥྤེ། ཛ་ཡོ་ཧ་ར་ཎི། སརྦ་པཱ་པཾ་བི་ཤོ་དྷ་ནི། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། ཧ་ན་ཧ་ན་སརྦ་ཨཱ་བ་ར་ཎ་ནི། ད་ཧ་ད་ཧ་སརྦ་ཨཱ་བ་ར་ཎ་ནི། པ་ཙ་པ་ཙ་པཉྩ་ཨ་ནནྟརྻ་ནི། པདྨེ་པདྨེ་ཨཀྵི། པདྨེ་ནིརྨ་ལེ། ཌྷ་ཌྷ་ཌྷ་ཌྷ། ཧ་ཧ་ཧ་ཧ། སཉྩ་ལེ། པུཉྩ་ལེ། སིདྡྷི་བཱ་ལེ་སྭཱ་ཧཱ། ཞེས་པདྨའི་སྙིང་པོའི་གཟུངས་རིང་ཅི་འགྲུབ་བཟླ། མཆོད་བསྟོད་མདོར་བསྡུས་བྱ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་ལྷ་འོད་དུ་ཞུ་བའི་བདུད་རྩི་དཀར་དམར་གྱི་རྒྱུན་གྱིས་བུམ་པ་གང་བར་གྱུར། ལས་བུམ་ནང་དུ་པད་ཉིའི་གདན་ལ་སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་གཡས་རྡོ་རྗེའི་དབྱུག་ཏོ་ཕྱར་ཞིང་གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་གསལ་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཉེར་གཅིག་ཙམ་བཟླས་ལ། དཔལ་རྟ་མཆོག་རྒྱལ་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ལྷ་འོད་དུ་ཞུ་བས་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར་པར་མོས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ། གསུམ་པ་སློབ་མ་སྟ་གོན་ནི། རྫས་རྣམས་འདུ་བྱས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། རང་སྐད་ཅིག་གིས་དཔའ་བོ་རྟ་མཆོག་སོགས་སྒྲུབ་ཐབས་ལྟར་དྲག་སྔགས་གུ་གུལ་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། ནང་དུ་བོས་ལ། མདུན་གྱི་ནམ་མཁར་བཅོམ་ལྡན་འདས་སྤྱན་རས་གཟིགས་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་ཞིང་རྡུལ་གྲངས་སྙེད་ཀྱི་ལུས་སྤྲུལ་ཏེ་ཕྱག་བྱ་བའི་མོས་པས་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚོལ་ཅིག །སྤྲོ་ན་འོག་ནས་ཕྲིན་ལས་ནང་གི་ཕྱག་འཚལ་བླངས་ལ་རྗེས་ཟློས་བྱར་བཞུག །མི་ནུས་ན། ཇི་སྙེད་སུ་དག་ནས། ཐམས་ཅད་བདག་གིས་བསྟོད་བར་བྱས་ལ་མེ་ཏོག་ཀྱང་འཐོར་རོ། །ནུས་ན་རྒྱུ་འབྲས་ཀྱི་ཆོས་སྤྱི་དང་མཐུན་པར་བཤད། མི་ནུས་ན། ཐུགས་རྗེ་ཆེན་པོ་ནང་ནོར་བུ་ལུགས་ཀྱི་དབང་བསྐུར་གྱི་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །ཐོག་མར་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་བའི་སླད་དུ། བླ་མ་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་མོས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༔ རྐང་གཉིས་རྣམས་ཀྱི་མཆོག་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ༔ ཚོགས་རྣམས་ཀྱི་མཆོག་ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ༔ ལན་གསུམ། མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་སྒྲོལ་བའི་སླད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཕྱོགས་བཅུ་ན་སོགས་དགོངས་གསོལ་གོང་ལྟར། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༔ ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ༔ སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱིའོ༔ དབུགས་མ་ཕྱུང་པ་རྣམས་དབུགས་དབྱུང་བར་བགྱིའོ༔ མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདས་པ་ལ་བཀོད་པར་བགྱིའོ༔ ལན་གསུམ། སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས༔ ཨུ་དུམྦཱ་རའི་མེ་ཏོག་ལྟར༔ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ འབྱུང་ངམ་ཡང་ན་འབྱུང་མི་འགྱུར༔ གསང་སྔགས་སྤྱོད་པའི་ཚུལ་མཆོག་འདི༔ དེ་བས་ཀྱང་ནི་དཀོན་པ་འོ༔ བསྐལ་པ་བྱེ་བ་སྟོང་དུ་ཡང༔ སྡིག་པ་མི་བཟད་བགྱིས་པ་རྣམས༔ དེ་ཀུན་དཀྱིལ་འཁོར་འདི་འདྲ་བ༔ མཐོང་བས་འབྱངས་པར་འགྱུར་ལགས་ན༔ གྲགས་པ་མཐའ་ཡས་སྔགས་སྤྱོད་པའི༔ ཚུལ་ལ་གནས་རྣམས་སྨོས་ཅི་དགོས༔ བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས༔ རྙེད་པ་མཉམ་མེད་དེ་རིང་རྙེད༔ སྐུད་པ་དམར་པོ་མདུད་པ་སུམ་ལྡན་རྟ་སྔགས་ཀྱིས་བཏབ་པ་གཏད་ལ། བར་ཆད་སྲུང་བའི་ཕྱིར་རྡོ་རྗེའི་མདུད་པ་འདི་ཉིད་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་འཆིང་བར་ཞུ། སྔགས་བརྗོད་བཞིན་དུ་བཅིང་། སོ་ཤིང་དང་ར་བ་འདུ་བྱས་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་ཁྱེད་རྣམས་ཐལ་སྦྱར་གྱིས་སོ་ཤིང་བླངས་ལ་སོའི་དྲི་མ་དྲུད་པའི་ཚུལ་བྱས་པས་སྒོ་གསུམ་གྱི་སྡིག་སྒྲིབ་སྐྱུགས་པར་མོས་ཏེ་མཎྜལ་གྱི་སྟེང་དུ་འདོར་བར་ཞུ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ་གཏད། སོ་ཤིང་གི་རྩེ་མོ་ཕྱོགས་བཞིར་བསྟན་ན་ཕྲིན་ལས་བཞི། མཚམས་སུ་ལས་ཕྲན་ཚེགས། སྟེང་དུ་མཆོག་གི་དངོས་གྲུབ་སོགས་འགྲུབ་པར་གསུངས་པ་ཡིན་ནོ། །ཀུ་ཤ་ལ། ཨོཾ་མུ་ཙི་ནི་སྭཱ་ཧཱ༔ མུ་ཁ་ལེ་སྭཱ་ཧཱ༔ མོ་ཧ་ནི་སྭཱ་ཧཱ༔ ད་ན་དྷ་ལི་སྭཱ་ཧཱ༔ བཟླས་པ་གཏད་ལ། རྨི་ལམ་བརྟག་པའི་ཕྱིར་དུ་ཀུ་ཤའི་ཆུན་པོ་ཉུང་བ་སྔས་དང་ཆེ་བ་གདན་གྱི་དོན་དུ་ཟུངས་ལ་རྨི་ལམ་གྱི་མཚན་མ་རྟོགས་པར་བྱ་དགོས་པ་ཡིན་ཞིང་། དེས་སྟ་གོན་གྱི་བྱ་བ་གྲུབ་པ་ལགས། ཞེས་བརྗོད་ལ་དགེ་བ་བསྔོའོ། །གཉིས་པ་དངོས་གཞི་སྒྲུབ་མཆོད་དབང་བསྐུར་བ་ལ་གསུམ། དཀྱིལ་འཁོར་རྒྱན་རྫས་འགོད་པ། སྒྲུབ་ཅིང་མཆོད་པའི་ཕྲིན་ལས། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ནི། དཀྱིལ་འཁོར་ཞི་བ་སྤྱི་འགྲེ་ལ་ཕྱི་རོལ་ཁོར་ཡུག་ཏུ་པདྨ་དམར་པོའི་ཕྲེང་བ། རྡོར་ར་སྔོན་པོ། མེ་རི་དཀར་པོས་བསྐོར་བ། ཕོ་བྲང་ནང་དུ་པདྨ་དམར་པོ་འདབ་མ་དྲུག་པའི་ལྟེ་བར་ཟེའུ་འབྲུ་ལྗང་གུ་ལ་གཙོ་འཁོར་གསུམ་གྱི་སྐུ་ཕྱག་མཚན། འདབ་དྲུག་ལ་ཡིག་དྲུག་དཀར་པོ། མུ་ཁྱུད་ལ་འཇའ་རིས་སྣ་ལྔའི་འོད་འཁོར། སྒོ་བཞིར་གནམ་ལྕགས་ཀྱི་འཁོར་ལོ། གྲྭ་བཞིར་བུམ་པ་བཟང་པོ་བྲིས་པའི་དབུས་སུ་འཕྲུལ་སྟེགས་ལ་རྣམ་རྒྱལ་བུམ་པ། མདུན་དུ་གཙོ་འཁོར་གསུམ་ལ་གཙོ་བོའི་སྐུ །ཡིག་དྲུག །ཕྲེང་བ་དང་པད་དཀར་སོ་སོ་སྟེ་ཙཀླི་བཞི་བཞག མདུན་དུ་གཏོར་ཚོགས། མཐའ་ཕྱི་མཆོད་གཡས་སྐོར། འཛོམ་ན་ལོགས་བཞིར་རལ་གྲི་དང་། ཟུར་བཞིར་མདའ་དར་བཞི་བཙུགས་ལ་ཚོན་སྐུད་ཀྱིས་སྦྲེལ། གཞན་ཡང་སྤོས་དང་རོལ་མོ་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་བསྟར་རོ། །གཉིས་པ་སྒྲུབ་མཆོད་ཕྲིན་ལས་ལ་གསུམ། བདག་ལྷའི་རྣལ་འབྱོར་དུ་བྱ་བ། རྟེན་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ། ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པ་ཡན་ལག་དང་བཅས་པའོ། །དང་པོ་ནི། ལས་བུམ་གྱི་ཆུ་བསྲེས་པའི་དུང་ཞལ་གྱི་ཆུ་ལག་གཡོན་དུ་ཐོགས་ལ། ཨོཾ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་བཟླས་ཤིང་གཡས་པའི་སྲིན་ལག་གིས་ཆུ་བླངས་ཏེ་ལུས་ཀྱི་གནས་རྣམས་སུ་ཉེ་བར་རེག་པས་ལུས་དག་པར་བསམ། ས་གཞི་རྣམས་སུ་གཏོར་བས་གནས་དག་པར་བསམ། ཆུ་ལྷག་མ་དེ་ཁོང་དུ་འཐུང་བས་ཉེས་པ་ཐམས་ཅད་དག་པར་བསམ། དེ་ནས་ལྕེ་ལག་རྡོར་དྲིལ་བྱིན་གྱིས་བརླབ་པ་ནི། ལྕེའི་རྩ་བར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧྲཱིཿལས་བཛྲ་ཛི་ཧྭཱ། ལྕེ་རྡོ་རྗེ་རྩེ་གསུམ་པ་ཉལ་ཐབས་སུ་གནས་པར་གྱུར། ལག་པ་གཡས་པའི་མཐིལ་དུ་ཉི་མ་ལ་ཧཱུྃ། གཡོན་པའི་མཐིལ་དུ་ཟླ་བ་ལ་ཨཱཿ དེ་དག་ལག་པ་ལ་ཐིམ། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་ཡེ་ཤེས་ཀྱི་རྡོ་རྗེ་སེམས་ཅན་སྨིན་པར་བྱེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བར་བསམ་ཞིང་ལག་གཡས་ཀྱིས་གསོར་ལ། ཧཱུྃ༔ རྡོ་རྗེ་གསོར་བ་མཛེས་པ་སྟེ༔ སེམས་ཅན་ཐམས་ཅད་རབ་སྒྲོལ་ཕྱིར༔ རྣམ་ཐར་ཆོས་སུ་བྱེད་པ་ཡི༔ སྙིང་པོ་མཆོག་གི་རྡོ་རྗེ་གསོར༔ ཨོཾ་ཨཱཿམ་ཧཱ་བཛྲ་ཧཱུྃ༔ དྲིལ་བུ་སྟོང་པའི་ངང་ལས་ཨཱཿལས་དབྱིངས་ཀྱི་རང་བཞིན་དྲིལ་བུའི་རྣམ་པ་སེམས་ཅན་ཐམས་ཅད་སད་པར་བྱེད་པའི་ཆོས་སྒྲ་སྒྲོག་པ་རྒྱུན་མི་འཆད་པར་བསམ་ལ་གཡོན་གྱིས་ལན་གསུམ་དཀྲོལ་ཏེ། ཨཱ༔ ཤེས་རབ་ཐབས་ཀྱི་ཆོ་ག་ཡིས༔ འགྲོ་བ་རྣམས་ནི་སད་པའི་བདག༔ མི་ཤེས་འདམ་དུ་བྱིང་བ་ཡི༔ སེམས་ཅན་དོན་ཕྱིར་དཀྲོལ་བར་བྱ༔ ཨོཾ་ཨཱཿདྷརྨ་གྷཎྜེ་ཧོ༔ ཌཱ་མ་རུ་སོགས་རོལ་མོ་སྤྱིར་དམིགས་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས༔ མཉམ་པར་བཞག་པ་ཧཱུྃ་གི་ལུས༔ ཕྱོགས་བཅུ་ཀུན་ཏུ་སྒྲོག་བྱས་ཏེ༔ ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ༔ ཨོཾ་ཨཱཿམ་ཧཱ་དྷརྨ་གྷཎྜེ་ཧཱུྃ༔ དེ་ནས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ་པ་ནི། སྒྲུབ་ཐབས་ལྟར་རྟ་མགྲིན་བསྐྱེད་ལ་རྡོར་དྲིལ་བཅས། ཧཱུྃ༔ ཆོས་སྐུ་རྣམ་དག་མཚན་མ་ཀུན་སྤངས་ཀྱང༔ ཐུགས་རྗེའི་དབང་གིས་གདུག་པ་འདུལ་བའི་ཕྱིར༔ ཤིན་ཏུ་མི་བཟད་ཁྲོ་ཆེན་འབར་བའི་སྐུ༔ ཡིད་བཞིན་སྐུ་མཆོག་སྟོན་མཛད་དབྱིངས་ནས་བཞེངས༔ ཆོས་དབྱིངས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་ཉི་མ་གསལ་བའི་སྐུར་བཞེངས་པ༔ མ་རིག་འདོད་པའི་དབང་སྒྱུར་རྟ་མཆོག་དཔལ༔ དབང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་ལོ༔ དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི༔ ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག༔ རྒྱལ་བའི་ཕོ་བྲང་གཉན་པོ་འདིར་འདེབས་པས༔ བགེགས་རིགས་གདོན་གྱི་ཚོགས་རྣམས་ཕྱིར་དེངས་ཤིག༔ གལ་ཏེ་མི་འགྲོ་འདུག་པར་གྱུར་པ་ན༔ ཁྲོ་རྒྱལ་དཔའ་བོ་ཆེན་པོ་ཐུགས་ཁྲོས་ནས༔ ཡེ་ཤེས་མཚོན་ཆ་རབ་ཏུ་འབར་བ་ཡིས༔ མགོ་ལུས་སྙིང་ཡང་ཚལ་པར་འགེམས་པར་འགྱུར༔ ཞེས་དང་དྲག་སྔགས་བརྗོད། སྲུང་འཁོར་ནི། ཧཱུྃ༔ བདག་ཉིད་དབང་དྲག་ཁྲོ་བོའི་ཐུགས་ཀ་ནས༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས༔ ཡེ་ཤེས་མེ་དང་མཚོན་ཆའི་ཚྭ་ཚྭ་འབར༔ སྟེང་འོག་ཕྱོགས་མཚམས་ཁོར་ཡུག་གུར་ཁང་འཁྲིགས༔ རླུང་ཡང་རྒྱུ་བའི་སྐབས་མེད་རབ་ཏུ་གཏམས༔ ཨོཾ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི། བསང་ཆུ་འཐོར་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་བི་ཤུདྡྷེ་སྭཱ་ཧཱ༔ སྔགས་ཀྱི་སྒྲ་ལས་འོད་བྱུང་བས༔ འོད་ཟེར་འབར་བའི་བདུད་རྩི་ཡིས༔ དངོས་འཛིན་དྲི་མ་འབག་བཙོག་ཀུན༔ དག་པར་གྱུར་ཅིང་སྟོང་པའི་ངང༔ སྒྱུ་མ་ལྟ་བུའི་རྣམ་འཕྲུལ་ལས༔ ཟད་མེད་བཅུད་རྫས་མཁའ་མཉམ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ དེ་བཞིན་དུ། པཱ་དྱཾ་ནས་ཤབྡའི་བར་དུ་བསྐྱར། རོལ་མོ་བྱིན་འབེབ་ཀྱི་སྔགས་ཀྱང་བརྗོད། དེ་ནས་ཚོགས་གསག་ཡན་ལག་བདུན་པ་ནས་བརྩམ་བཟླས་པ་ཇི་ཙམ་ནུས་ཀྱི་བར་བདག་བསྐྱེད་གོང་དུ་བཤད་པ་ལྟར་བྱའོ། །གཉིས་པ་རྟེན་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་སྐྱ་ཟླ་གམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། བྷྲཱུྃ་ལས་རིན་པོ་ཆེའི་རི་རབ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྣམས་བརྩེགས་མར་གནས་པའི་རྡོ་རྗེའི་ལྟེ་བར་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ༔ དབུས་ཕོ་བྲང་ལྟེ་བ་དཀར་ཞིང་ཟླུམ་པ་ལ་པདྨ་དམར་པོ་འདབ་མ་དྲུག་དང་ལྡན་པ༔ དེའི་ཕྱི་རོལ་བར་ཁྱམས་སྒོ་བཞི་སོ་སོར་གསལ་བ་ཕྱི་རིན་པོ་ཆེ་སྣ་ལྔའི་རྩིགས་པ་ལ་གསེར་གྱི་ཕ་གུའི་ཁ་བད་ཀྱིས་མཛེས་པ༔ མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་དང་ཆུན་འཕྱང་ལ་ཤར་བུའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ རྨང་གཞིའི་ཕྱིའི་སྟེགས་ལ་ལྷ་སྣམ་དམར་པོ་ལ་འདོད་ཡོན་གྱི་ལྷ་མོ་མང་པོས་བསྐོར་བ༔ སྟེང་གི་ཁ་ཁྱེར་ལ་བ་སོའི་མདའ་ཡབ་དང༔ སྣ་ཚོགས་དར་ཁྲའི་སྐས་ཀྱིས་མཛེས་པ༔ ཕྱོགས་བཞིའི་སྟེང་ན་གསེར་ཀ་གཡུ་གདུང་གིས་བཏེག་པའི་རྟ་བབས་ཆ་བཞི་པདྨའི་འཁོར་ལོ་དང་གདུགས་ཀྱིས་ཕུབ་པ༔ ཕྱི་རོལ་གྱི་ཁོར་ཡུག་ལ་པདྨའི་ཕྲེང་བ་དང༔ རྡོ་རྗེའི་ར་བ་དང༔ ཡེ་ཤེས་ཀྱི་མེ་རིས་བསྐོར་བ༔ གཞལ་ཡས་ཁང་གི་སྟེང་ཐམས་ཅད་རིན་པོ་ཆེ་འོད་ཀྱི་ཚངས་ཁང་བྱི་རུ་དམར་པོས་བྱས་པ་ལ་ཤེལ་ལྟར་དྭངས་པ༔ དེའི་མཐའ་མཉམ་ཞིང་དབུས་མཐོ་བ༔ རྩེ་མོ་ལ་རིན་པོ་ཆེ་དབང་གི་རྒྱལ་པོས་མཚན་པ༔ གཞལ་ཡས་ཁང་དེ་ཡང་ཕྱི་ནང་མེད་པར་གསལ་བ༔ རྒྱ་ཁྱོན་དཔག་ཏུ་མེད་ཅིང་གཞལ་བའི་ཚད་ལས་འདས་པ༔ ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ༔ དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨའི་སྡོང་པོ་སོགས་སྒྲུབ་ཐབས་ལྟར་ལ། སེམས་དཔའི་རོལ་སྟབས་ཀྱིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ། །ཡང་གཙོ་བོའི་ཐུགས་ཀ་ནས་ཡི་གེ་དྲུག་པོ་ཕོ་བྲང་པདྨའི་འདབ་མ་དྲུག་ལ་འཕྲོས་ཏེ་གསུང་ཆོས་ཉིད་ཀྱི་རང་སྒྲ་དང་བཅས་པར་བསམ༔ ཡང་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་རྣམ་པ་ལྔ་པདྨའི་མུ་ཁྱུད་ལ་འཕྲོས་པས༔ ཐུགས་ཡེ་ཤེས་ལྔའི་འོད་དཀར་པོ་འཇའ་རིས་སུ་འཁྱིལ་ཞིང་བསྐོར་བར་བསམ༔ ཡང་དཀྱིལ་འཁོར་གྱི་སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང༔ གྲྭ་བཞིར་རིན་པོ་ཆེའི་བུམ་པ་བཞི་ཡང་སྐད་ཅིག་གིས་གསལ་བར་གྱུར༔ གཞན་ཡང་ཕྱོགས་མཚམས་སྟེང་འོག་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཏིལ་གྱི་གོང་བུ་བཞིན་དུ་གང་ནས་རང་བཞིན་གྱིས་བཞུགས་པའོ༔ གཙོ་འཁོར་རྣམས་ཀྱི་དཔྲལ་བར་ཨོཾ་ལས་ནས། དེ་ཉིད་ལ་ཐིམ་པར་གྱུར། གསུམ་པ་ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པ་ཡན་ལག་བཅས་ནི། སླར་ཡང་རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་ཏེ་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཧྲཱི༔ འོག་མིན་ཆོས་དབྱིངས་ཡངས་པའི་དཀྱིལ་འཁོར་ནས༔ ཐུགས་རྗེའི་དབང་གིས་ཡེ་ཤེས་སྐུར་བཞེངས་ཤིང༔ ཀུན་གྱི་མགོན་མཛད་ལྷ་ཡི་ལྷར་གྱུར་པའི༔ མགོན་པོ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ ཞིང་མཆོག་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཉོན་མོངས་རྣམ་དག་པདྨ་ལྟ་བུའི་སྐུ༔ འཇིག་རྟེན་ཀུན་ལ་ཐུགས་རྗེས་དབང་བསྒྱུར་བའི༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་ནས༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་མཛད་ཅིང༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱ་འདྲེན་མཛད་པའི༔ འཕགས་པ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ མ་རིག་དབང་གིས་འཁོར་བའི་སེམས་ཅན་རྣམས༔ ཉམ་ཐག་འཇིག་རྟེན་གསུམ་དུ་འཁྱམས་པ་ལ༔ ཡེ་ཤེས་ཐུགས་རྗེ་མཆོག་གིས་མགོན་མཛད་པའི༔ སྐྱོབ་པ་འཇིག་རྟེན་མགོན་པོ་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་ཝཱ་ར་ས་མ་ཡ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ མདུན་གྱི་ནམ་མཁར་བཞུགས་པར་མོས་ལ་མཆོད་ཡོན་འབུལ་བ་ནི། བདུད་རྩི་འཇམ་ཡང་འོ་མའི་རྒྱ་མཚོ་སྟེ༔ དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ༔ བཅོམ་ལྡན་ཁྱོད་ལ་མཆོད་ཡོན་འདི་འབུལ་གྱིས༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཨརྒྷཾ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ ཞབས་བསིལ་ནི། འཕགས་པའི་སྐུ་ལ་དྲི་མ་མི་མངའ་ཡང༔ འཇིག་རྟེན་པ་དང་མཐུན་འཇུག་མཛད་པའི་ཕྱིར༔ ཆུ་གཙང་སྤོས་དང་སྦྱར་བའི་ཁྲུས་ཆབ་འདིས༔ ཞལ་དང་ཕྱག་ཞབས་སྐུ་ཁྲུས་གསོལ་བར་བགྱི༔ སྔགས་སྔ་མ་ལྟར་ལ། ཨརྒྷཾ་གནས་སུ་པྲ་བ་ར་སཏྐཱར་ཞེས་སྦྱར། བདག་དང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ འཇའ་ཚོན་སྤེལ་ལེགས་བཀོད་འདྲའི་གཞལ་ཡས་འདིར༔ པདྨ་ཟླ་བ་མཛེས་པའི་གདན་སྟེང་དུ༔ བཅོམ་ལྡན་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ སྔགས་མཐར། ཨཱ་བེ་ཤ་ཏིཥྛ་བཛྲ་ས་མ་ཡེ་ཧཱུྃ༔ ཕྱག་འཚལ་བ་ནི། གང་གི་བྱིན་རླབས་འོད་ཟེར་རབ་འཕྲོས་པས༔ བདག་སོགས་རྨོངས་པ་མ་ལུས་ཐམས་ཅད་ཀྱི༔ སྙིང་གི་མུན་པ་རབ་ཏུ་སེལ་མཛད་པའི༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ སྐུ་གསུམ་བདག་ཉིད་མཁྱེན་ལྡན་བདེ་བར་གཤེགས༔ ཞི་བ་ཆགས་བྲལ་དུས་གསུམ་དགེ་བའི་ཆོས༔ ལྷ་མིའི་མཆོད་འོས་ཚོགས་མཆོག་དགེ་འདུན་ཏེ༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ༔ རྒྱ་ཆེ་རབ་ཟབ་ཆོས་དབྱིངས་རྒྱ་མཚོ་ལས༔ རིན་ཆེན་མཆོག་བརྙེས་བདེ་གཤེགས་པདྨོའི་ཞལ༔ གསུང་མཆོག་རྡོ་རྗེ་ཐམས་ཅད་མཁྱེན་པའི་གཙོ༔ རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ འཁོར་བའི་སྐྱོན་བྲལ་པད་ལྟར་དག་པའི་སྐུ༔ མཚན་དཔེས་རབ་བརྒྱན་ཉི་མ་འབུམ་གྱིས་བརྗིད༔ རིན་ཆེན་སྣ་ཚོགས་དར་གྱི་ན་བཟའ་མཛེས༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཡེ་ཤེས་དབྱིངས་ལས་ཐུགས་རྗེའི་སྤྲིན་བསྡུས་ཤིང༔ གསུང་དབྱངས་འབྲུག་སྒྲ་ཡངས་པས་འགྲོ་རྣམས་ལ༔ བདུད་རྩི་ཆོས་ཀྱི་ཆར་ཆེན་འབེབ་མཛད་པའི༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རོ་གཅིག་པ༔ ཞི་བ་སྤྲོས་མེད་འོད་གསལ་འདུས་མ་བྱས༔ མཁའ་ལྟར་དག་པའི་ཡེ་ཤེས་ཐུགས་མངའ་བ༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་གྱི༔ རིན་ཆེན་ལྟ་བུར་དགོས་འདོད་ཐམས་ཅད་འབྱུང༔ ཀུན་གྱི་དཔལ་མགོན་ཡོན་ཏན་བསམ་ཡས་པའི༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་གསུམ་མགོན་འགྲོ་བའི་གཉེན་གཅིག་པོ༔ སྔོན་གྱི་ཐུགས་དམ་ཡལ་བར་མི་འདོར་ཞིང༔ གང་ལ་ཅིས་འདུལ་ཕྲིན་ལས་ཐོགས་མེད་པའི༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་ཅན་ལ་སྙིང་རྗེས་རབ་ཁྲོས་པའི༔ བདུད་བཞིའི་དཔུང་འཇོམས་དཔའ་བོ་རྟ་མཆོག་སྐུ༔ གར་གྱི་དབང་ཕྱུག་སྐུ་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་རྣམ་དག་དུས་གསུམ་རྒྱལ་བའི་ཡུམ༔ ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་སྒྱུར་ཞིང༔ བདེ་ཆེན་དག་པའི་གནས་སུ་འདྲེན་མཛད་པའི༔ ལྷ་མོ་རིག་བྱེད་མ་ལ་ཕྱག་འཚལ་ལོ༔ འདས་དང་མ་འོངས་ད་ལྟར་བཞུགས་པ་ཡི༔ དུས་གསུམ་བདེར་གཤེགས་འགྲོ་མགོན་ཕྱོགས་བཅུ་ཡི༔ རྒྱལ་བ་སྲས་བཅས་དེ་དག་ཐམས་ཅད་ལ༔ སྒོ་གསུམ་དང་བས་བཏུད་དེ་ཕྱག་འཚལ་ལོ༔ ཞེས་བརྗོད་ཅིང་ནུས་ན་དངོས་སུ་ཕྱག་བྱའོ། །དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ཉོན་མོངས་ཚ་གདུང་མ་ལུས་སྤང་ཕྱིར་དང༔ བསིལ་ལྡན་ཞི་གནས་རྒྱ་མཚོ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་མཆོད་ཡོན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཨརྒྷཾ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གློ་བུར་དྲི་མ་མ་ལུས་སྤང་ཕྱིར་དང༔ དྲི་མེད་རྣམ་དག་ཡེ་ཤེས་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་ཞབས་བསིལ་འབུལ༴ སྔགས་ཐོག་མཐའ་གོང་ལྟར་ལ། པཱ་དྱཾ་སྦྱར། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གཟུགས་ངན་ཟུག་རྔུའི་སྐྱོན་རྣམས་སྤང་ཕྱིར་དང༔ མཚན་དང་དཔེ་བྱད་བཟང་པོ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་མེ་ཏོག་འབུལ༴ པུཥྤེ༴ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ འཆལ་བའི་དྲི་མ་མ་ལུས་སྤང་ཕྱིར་དང༔ ཟག་མེད་ཚུལ་ཁྲིམས་རྣམ་དག་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་བདུག་སྤོས་འབུལ༴ དྷཱུ་པེ༴ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གཏི་མུག་མ་རིག་མུན་པ་སྤང་ཕྱིར་དང༔ འོད་གསལ་ཡེ་ཤེས་སྣང་བ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་སྣང་གསལ་འབུལ༴ ཨཱ་ལོ་ཀེ༴ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ གཟུང་འཛིན་རྟོག་པའི་དྲི་མ་སྤང་ཕྱིར་དང༔ མི་རྟོག་ཏིང་འཛིན་དམ་པ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་དྲི་ཆབ་འབུལ༴ གནྡྷེ༴ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ བཀྲེས་སྐོམ་ལོག་འཚོའི་ཟས་ངན་སྤང་ཕྱིར་དང༔ ཡིད་བཞིན་ཟས་མཆོག་དམ་པ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་ཞལ་ཟས་འབུལ༴ ནཻ་བིདྱཱ༴ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ངན་སོང་འཁོར་བའི་གནས་ངན་སྤང་ཕྱིར་དང༔ ཞིང་ཁམས་རྣམ་པར་དག་པ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་མཎྜལ་འབུལ༴ རཏྣ་མཎྜ་ལ༴ མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ངན་འགྲོ་ལོག་པའི་སྒྲ་ངན་སྤང་ཕྱིར་དང༔ ཚངས་པའི་གསུང་དབྱངས་སྙན་པོ་ཐོབ་བྱའི་ཕྱིར༔ བདག་གིས་ཁྱེད་ལ་སིལ་སྙན་འབུལ༴ ཤབྡ༴ བསྟོད་པ་དང་པོ་ནི། རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི༔ ནམ་མཁའ་ལྟ་བུར་ཁྱབ་པའི་སྐུ་མངའ་བ༔ ཐུགས་རྗེ་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ༔ སྐུ་ཡི་གཟི་བརྗིད་ཉི་མ་སྟོང་བས་ལྷག༔ རིན་ཆེན་གསེར་གྱི་མཆོད་སྡོང་ལྟ་བུ་ཡི༔ འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་ཞེས༔ འདས་པའི་དུས་ནས་མངོན་པར་སངས་རྒྱས་ཀྱང༔ ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་འཛིན་པའི༔ འགྲོ་མགོན་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ སྟོང་ཉིད་ཆོས་སྒྲས་འཇིག་རྟེན་ལྟ་ངན་འཇོམས༔ མ་རྟོགས་ལོག་རྟོག་ཐེ་ཚོམ་བསལ་མཛད་པའི༔ བདག་མེད་བྱང་ཆུབ་རྡོ་རྗེའི་ལམ་སྟོན་པ༔ ཆོས་སྒྲོག་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་བསྟོད༔ བློ་གྲོས་རབ་མཆོག་དཔག་མེད་བསམ་ཡས་ཀྱིས༔ རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང༔ ཤེས་བྱ་མངོན་སུམ་མ་ལུས་གཟིགས་པ་པོ༔ ཀུན་མཁྱེན་ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད༔ མཚན་གྱི་མེ་ཏོག་རབ་ཏུ་རྒྱས་པ་ལ༔ དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ༔ གང་གིས་མཐོང་ཐོས་འདོད་པའི་དོན་རྫོགས་པའི༔ མཚན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་བསྟོད༔ འགྲོ་བ་རྒྱུ་དྲུག་འཁོར་བའི་དཀྱིལ་འཁོར་ན༔ སྡུག་བསྔལ་རྒྱ་མཚོར་བྱིང་བའི་སེམས་ཅན་རྣམས༔ ཐུགས་རྗེའི་ཐབས་ཀྱིས་མྱུར་དུ་འདྲེན་པ་ཡི༔ ཐོགས་མེད་མཐུ་སྟོབས་ལྡན་ལ་ཕྱག་འཚལ་བསྟོད༔ སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར༔ འཇིག་རྟེན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༔ ཆགས་པས་མ་གོས་པདྨ་ལྟར་གནས་པའི༔ ཡེ་ནས་རྣམ་དག་ཁྱེད་ལ་ཕྱག་འཚལ་བསྟོད༔ རྒྱལ་སྲིད་ནི། ཡིད་འོང་དབྱིབས་ལེགས་ལྟེ་བ་རབ་ཏུ་མཛེས༔ མུ་ཁྱུད་རྩིབས་སྟོང་འཁོར་ལོ་རིན་ཆེན་འདི༔ འགྲོ་ཀུན་སྲིད་པའི་སྡུག་བསྔལ་གཅད་བྱའི་ཕྱིར༔ བདག་གིས་འཁོར་ལོ་རིན་ཆེན་འབུལ་བར་བགྱི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཙཀྲ་རཏྣ་ཡེ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ༔ དགོས་འདོད་རྒྱ་ཆེན་བདེ་ལེགས་འབྱུང་བའི་དཔལ༔ ཡོན་ཏན་དཔག་མེད་ནོར་བུ་རིན་ཆེན་འདི༔ འགྲོ་ཀུན་འབྱོར་པ་ཕུན་སུམ་ཚོགས་བྱའི་ཕྱིར༔ བདག་གིས་ནོར་བུ་རིན་ཆེན་འབུལ་བར་བགྱི༔ སྔགས་ཐོག་མཐའ་སྔར་ལྟར་ལ། མ་ཎི་རཏྣ༴ གཟུགས་མཛེས་སྒེག་ཅིང་འགྱིང་ལྡེམ་ལྟ་ན་སྡུག༔ ཤེས་རབ་རིག་མ་བཙུན་མོ་རིན་ཆེན་འདི༔ འགྲོ་ཀུན་ཆོས་དབྱིངས་ཡེ་ཤེས་རྟོགས་བྱའི་ཕྱིར༔ བདག་གིས་བཙུན་མོ་རིན་ཆེན་འབུལ༴ ཝསྟཱི་རཏྣ༴ བློ་གྲོས་རབ་རྒྱས་དྲན་པའི་འོད་ཟེར་འགྱེད༔ སྣ་ཚོགས་སྒྱུར་མཛད་བློན་པོ་རིན་ཆེན་འདི༔ འགྲོ་ཀུན་ཕྲིན་ལས་དཔག་མེད་བསྒྲུབ་བྱའི་ཕྱིར༔ བདག་གིས་བློན་པོ་རིན་ཆེན་འབུལ༴ ཨིཊྚ་རཏྣ༴ སྟོབས་ཆེན་ལུས་རྒྱས་གོ་མཚོན་རྒྱན་གྱིས་བརྒྱན༔ གདུལ་དཀའི་དཔུང་འཇོམས་དམག་དཔོན་རིན་ཆེན་འདི༔ འགྲོ་ཀུན་ཉོན་མོངས་དགྲ་རྣམས་གཞོམ་བྱའི་ཕྱིར༔ བདག་གིས་དམག་དཔོན་རིན་ཆེན་འབུལ༴ བྷུ་ཤ་རཏྣ༴ ལུས་ཆེ་སྟོབས་རྩལ་རབ་རྒྱས་མཆེ་བ་རྣོ༔ ཐེག་ཆེན་ཡངས་པའི་གླང་པོ་རིན་ཆེན་འདི༔ འགྲོ་ཀུན་ཐེག་པ་མཆོག་གི་དོན་རྟོགས་ཕྱིར༔ བདག་གིས་གླང་པོ་རིན་ཆེན་འབུལ༴ ཧསྟི་རཏྣ༴ གཟུགས་མཛེས་ཤུགས་དྲག་མགྱོགས་པར་འགྲོ་བ་ཡི༔ ཡིད་འོང་ཅང་ཤེས་རྟ་མཆོག་རིན་ཆེན་འདི༔ འགྲོ་ཀུན་སངས་རྒྱས་ཞིང་དུ་བགྲོད་བྱའི་ཕྱིར༔ བདག་གིས་རྟ་མཆོག་རིན་ཆེན་འབུལ་བར་བགྱི༔ གྷོ་ར་རཏྣ༴ བསྟོད་པ་གཉིས་པ་ནི། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་དང་ནི་ཤེས་རབ་གཉིས༔ ཐབས་ཀྱི་སྤྲུལ་པས་འགྲོ་བ་འདྲེན༔ རྒྱལ་ཡུམ་ཡི་གེ་དྲུག་མ་དང༔ ནོར་བུ་འཛིན་ལ་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད། སྒྲུབ་ཐབས་ཚོགས་གསག་སྐབས་ལྟར། མ་རིག་ཉོན་མོངས་སོགས་ཡན་ལག་ལྷག་མ་རྣམས་ཀྱང་བྱའོ། །དེ་ནས་བདག་མདུན་འགལ་མེ་ཀླད་བསྐོར་གཙོ་བོར་གྱུར་པའི་ཛཔ྄་དགོངས་རྣམ་བཞི་གསལ་བཏབ་ལ་ཡིག་དྲུག་བཟླས་པ་ཅི་ནུས་བྱ། མཐར་གཏོར་མ་འབུལ་ཏེ་འདོད་པའི་དོན་ལ་གསོལ་བ་གདབ། སྐབས་འདིར་གཏོར་མགྲོན་དྲངས་གཤེགས་མི་དགོས་པས་བྱིན་བརླབ། འབུལ་བ་དངོས། མཆོད་བསྟོད་འདོད་གསོལ་ཙམ་བྱས་ལ་འོག་གི་དབང་བསྐུར་ཚང་བ་བདག་འཇུག་གི་ཚུལ་དུ་ལེན་པའམ། མི་ནུས་ན་རིག་པའི་མེ་ཏོག་དོར་བ་ཙམ་བྱའོ། །གསུམ་པ་དབང་བསྐུར་བ་ལ་གཉིས། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། དབང་བསྐུར་བ་དངོས་སོ། དང་པོ་ནི། ཡོལ་བའི་ཕྱི་རོལ་དུ་ཁྲུས་བྱ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའི་མཚོན་བྱེད་དུ་གདོང་གཡོགས་འཆིང་ཞིང་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་ཐོགས་པར་མོས་ཤིག་བྱས་ལ་དེ་དག་གཏད། ཀྱེ༔ ཁྱོད་ནི་སུ་ཡིན་ཅི་ལ་དགའ༔ ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བདག་ནི་རིགས་ཀྱི་བུ་མཆོག་སྟེ༔ སྐལ་པ་བཟང་ལ་བདག་དགའ་འོ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་ཆུང་མེ་མཚོན་གྱི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་བར་དུ་གཅོད་པའི་བགེགས་ཐམས་ཅད་ཚར་བཅད་པར་མོས་ལ་རྟ་སྔགས་བརྗོད། གུ་གུལ་བདུག །ཡུངས་ཐུན་བྲབ། དེ་ནས་སེམས་བསྐྱེད་གསལ་བཏབ་ལ། དེའང་གདོད་མ་ནས་པདྨ་གསུང་གི་རིག་འཛིན་འཕགས་པ་ཀླུ་སྒྲུབ་ཞབས་ལ་ཡེ་ཤེས་ཀྱི་དྷཱ་ཀི་རིག་བྱེད་མས་ལུང་བསྟན་ཅིང་རྗེས་སུ་གནང་བ་ལ་བརྟེན་ནས། ཨོ་རྒྱན་དྷ་ན་ཀོ་ཥའི་གླིང་རང་བྱུང་གཟིའི་མཆོད་རྟེན་ནས་དངོས་གྲུབ་ཀྱི་རྒྱུད་པདྨ་སྙིང་གུར་བརྩེགས་པ་སྤྱན་དྲངས་པ་ལས་དངོས་གྲུབ་བརྙེས་ཤིང་སྒྲུབ་ཐབས་དུ་མ་ཞིག་མཛད་པ་ནི་སྤྱན་རས་གཟིགས་ཀྱི་ཆོས་སྐོར་རྣམས་ཀྱི་རྩ་བ་ལྟ་བུ་ཡིན་ལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྙིང་རྗེའི་སྤྱན་ཆབ་བརྟོལ་བ་ལས་སྤྲུལ་པའི་གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་ལ་མཁའ་འགྲོ་མ་ཨེ་ཀ་ཙཱ་ཏིས་ལུང་བསྟན་པ་བཞིན། ཨོ་རྒྱན་ཀ་རུའི་ནང་དུར་ཁྲོད་རབ་ཏུ་འཇིགས་བྱེད་ཀྱི་དབུས་དཔལ་རང་བྱུང་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ནས་འཕགས་པའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་སྤྱན་དྲངས། གངས་ཅན་གྱི་ལྗོངས་སུ་སྤྱན་རས་གཟིགས་དབང་མི་རྗེའི་ཚུལ་བསྟན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྒྲུབ་ཐབས་དང་ཞལ་གདམས་ཀྱི་རིམ་པ་གང་ལ་གང་འདུལ་དུ་བསྟན། དེ་གསུམ་ཀ་ལས་གདུལ་བྱ་དྲང་བའི་དོན་དུ་འོད་དཔག་མེད་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ལྷག་མ་མ་ལུས་པར་གསན་པའི་ཚུལ་བསྟན་ཅིང་། ཆོས་སྐོར་དེ་རྣམས་གཅིག་ཏུ་བསྡམས་ནས་ཕྱི་དང་ནང་དང་གསང་བ་དང་ཡན་ལག་གི་རྒྱུད་བརྒྱ་རྩ་བརྒྱད་དེ། རྒྱུད་སྡེ་གསུམ་དང་བཞི་དང་རིམ་པ་དགུའི་ཚུལ་དུ་ཕྱེས་པ་དང་། ཕྱི་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་། ནང་ཕྱག་བཞི་པ། གསང་བ་རྒྱལ་བ་རྒྱ་མཚོ་དང་པདྨ་རྒྱལ་པོ་སོགས་དང་དྲག་པོའི་སྐོར་རྣམས་སུ་ཕྱེས་ཤིང་འགྲོ་བའི་དོན་རྒྱ་ཆེར་མཛད། བོད་དུ་རྗེ་འབངས་སྐལ་ལྡན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་སོ་སོའི་དབང་པོ་དང་འཚམ་པའི་སྤྱན་རས་གཟིགས་ཀྱི་གདམས་སྐོར་མཐའ་ཡས་པ་བསྩལ། དེ་རྣམས་ཀྱང་ཞི་དྲག་གཉིས་སུ་བསྡུས། ཞི་བ་ལའང་ཕྱི་རྒྱལ་པོ་ལུགས། ནང་ནོར་བུ་ལུགས། གསང་བ་སྔགས་བླ་མེད་ལུགས། ཡང་གསང་མཁའ་འགྲོའི་སྐོར་དྲུག་ལ་སོགས་པ་དང་། དྲག་པོ་ལ་ཕྱི་མ་ཧཱ། ནང་ཨ་ནུ། གསང་བ་ཨ་ཏིའི་སྐོར་སོགས་སུ་བསྡུས་པར་མཛད་པ་ལས། འདིར་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲོ་འདུལ་ཡི་གེ་དྲུག་པའི་རྩ་བའི་སྒྲུབ་ཐབས་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བ་ལ་བརྟེན་ནས། ཐུགས་རྗེ་ཆེན་པོ་ནོར་བུ་ལུགས་སུ་གདམས་པ་རྩ་བའི་ཆོས་སྡེ་ལྔ་ལ་ཡན་ལག་སུམ་ཅུ་རྩ་བཞིར་ཕྱེ་བའི་ཆོས་སྡེ་རྩ་བའི་སྐོར་རྣམས་བླ་མ་དགོངས་པ་འདུས་པ་དང་ལྷན་ཅིག་སྤུ་རི་ཕུག་མོ་ཆེར་སྦས་ཤིང་། ཡན་ལག་སྐོར་རྣམས་རྒྱལ་པོ་ལུགས་ཀྱི་གདམས་སྐོར་དང་ལྷན་ཅིག་བསམ་ཡས་མཆིམས་ཕུའི་བྲག་སེང་གེའི་གདོང་པ་འདྲ་བར་གཏེར་དུ་སྦས་པ་ལྷ་སྲས་དམ་འཛིན་གྱི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པས་སྤྱན་དྲངས་པ་དང་། གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས་གུ་རུ་ཉིད་ཀྱིས་སྒྲ་རང་འགྱུར་དུ་མཛད་པ་ལ་བརྟེན་ནས་མི་ཏྲ་སྙིང་ཐིག་གི་གདམས་སྐོར་ཚོ་བཞི་ལ་ལེ་ལག་སུམ་ཅུར་དབྱེ་བ། སྤུ་བོ་འདོངས་ཆུའི་གཙུག་ལག་ཁང་ནས་ཨ་ཙ་ར་ས་ལེའི་སྐྱེ་མཐའ་གཏེར་ཆེན་བསམ་གཏན་གླིང་པས་སྤྱན་དྲངས་པ་གཉིས་ཀ་ལྷ་སྔགས་ཚིག་དོན་མཚུངས་ཤིང་བཀའ་སྲོལ་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ལས། སྐབས་འདིར་སྔ་མ་ཉིད་གཙོར་བཏོན་པའི་སྨིན་བྱེད་ཀྱི་རིམ་པ་བསྒྲུབ་པར་བགྱི་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་པོ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི༔ དམ་ཚིག་འདི་ཉིད་བསྩལ་དུ་གསོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ ལན་གསུམ། དེ་ནས་སློབ་དཔོན་གྱིས་ཐལ་སྦྱོར་སྤོས་རེང་ཐོགས་ཏེ་ལྷ་ལ་གནང་བ་ཞུ་བ་ནི། བཅོམ་ལྡན་གཙོ་བོ་དགོངས་སུ་གསོལ༔ ཡེ་ཤེས་ལྷ་ཡི་གྲོང་ཁྱེར་མཆོག༔ ཐུགས་རྗེ་ཡངས་པའི་དཀྱིལ་འཁོར་དུ༔ དད་ལྡན་སློབ་མ་འཇུག་པར་འཚལ༔ འཇིག་རྟེན་ཀུན་ལ་ཕན་མཛད་པའི༔ འགྲོ་བའི་མགོན་པོས་གནང་བར་མཛོད༔ ལན་གསུམ་གྱིས་གསོལ་བ་གདབ་པས་དཀྱིལ་འཁོར་གྱི་ལྷས་གནང་བ་བསྩལ་བར་བསམ། དབང་གི་གནང་བ་སྦྱིན་པ་ནི་འདི་ལ་སྙན་གཏོད་འཚལ། ཁྱོད་ནི་ཚུལ་ཅན་སྣོད་ཡིན་ཏེ༔ བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི༔ གསང་སྔགས་སྤྱོད་ཚུལ་ཆོ་ག་འདི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ རྫོགས་པའི་སངས་རྒྱས་གང་འདས་དང༔ དེ་བཞིན་གང་དག་མ་བྱོན་དང༔ ད་ལྟར་བྱུང་བའི་མགོན་པོ་རྣམས༔ འགྲོ་ལ་ཕན་ཕྱིར་བཞུགས་པ་དག༔ དེ་ཀུན་གསང་སྔགས་ཟབ་མོ་དག༔ ཆོ་ག་བཟང་པོ་འདི་མཁྱེན་ནས༔ དཔའ་བོ་བྱང་ཆུབ་ཤིང་དྲུང་དུ༔ ཐམས་ཅད་མཁྱེན་པ་མཚན་མེད་བརྙེས༔ གསང་སྔགས་སྦྱོར་བ་མཉམ་མེད་པ༔ སྐྱོབ་པ་ཤཱཀྱ་སེང་གེ་ཡིས༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ༔ དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར༔ བུ་ཡི་བློ་གྲོས་འདི་གྱིས་ཤིག༔ སྡིག་སྒྲིབ་དྲལ་བའི་སླད་དུ་སློབ་དཔོན་གྱི་སོར་མོ་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་འབར་བས་སྡིག་སྒྲིབ་ཐམས་ཅད་ནག་ཐ་ར་ར་གཏོར་བར་མོས་ཤིག །རྡོར་བསྡམས་སློབ་མའི་སྤྱི་བོར་དྲལ་ལ། ཨོཾ་བཛྲ་བྷནྡྷ་ཏྲཊ༔ ལན་གསུམ། རྒྱུད་བྱིན་གྱིས་རློབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་སྦྱར། འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་པད་ཟླ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་བསྡུས་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པར་མོས་ཤིག །དམ་ཚིག་བསྒྲག་པ་ནི། སངས་རྒྱས་ཀུན་གྱི་གསང་བ་འདི༔ དམ་མེད་རྣམས་ལ་སྨྲ་མ་བྱེད༔ ཐེག་ཆེན་གསང་བ་སྟོན་བྱེད་པའི༔ ང་ལ་བརྙས་པར་མ་བྱེད་ཅིག༔ དཀྱིལ་འཁོར་གསུམ་ལ་རྟག་གནས་ཤིང༔ མ་ལུས་སེམས་ཅན་དོན་བརྩོན་མཛོད༔ དུང་ཞལ་དྲི་བཟང་གི་ཆུ་སྦྱིན་ལ། ཐུངས་ཤིག་རྡོ་རྗེ་འབར་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་བཛྲ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གར་ཡི་གེ་ཧྲཱིཿདཀར་པོ་འོད་ཟེར་ཏ་ལ་ལ་འབར་བ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་སྤྲོས་ཏེ། འཇིག་རྟེན་དབང་ཕྱུག་ཡབ་སྲས་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་དཀར་ལ་འཚེར་བ་ཉི་མའི་འོད་ཟེར་ལྟ་བུ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ལ་ཞུགས་པར་མོས་ཤིག །ཡིག་དྲུག་ཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ཅིང་སྤོས་རོལ་བྱས་པས་ཡེ་ཤེས་པ་ཕེབ་པའི་རྟགས་འབྱུང་ངོ་། །དེ་ནས་ཁྱེད་རང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཤར་གྱི་སྒོ་ནས་ནང་དུ་འཁོད་དེ་ལྷ་ལ་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས། ན་མོ་བུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མཿསང་གྷཱ་ཡ༔ ན་མོ་ལོ་ཀེ་ཤྭ་རཱ་ཡ༔ ལན་གསུམ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་དུ་ཕོ་བྲང་དུ་འདོར་བའི་མོས་པས་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། མེ་ཏོག་རིན་ཆེན་ཕྲེང་བ་འདི༔ སྔོན་ཚེ་བསྙེན་པའི་ཡེ་ཤེས་ལྷ༔ འགྲོ་ལ་ཕན་པའི་གཙོ་ཆེན་གྱིས༔ སྨན་པར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་ལ་ལྟས་སྤྱི་ལྟར་བརྟག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཐོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མི་ཤེས་པའི༔ མ་རིག་ལིང་ཐོག་བསལ་བར་བྱ༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ཐོབ་ནས་འགྲོ་འདུལ་ཐུགས་རྗེ་ཆེན་པོ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བའི་མོས་པ་མཛོད། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ཀྱི་ལྷ་ནི་འདི་ཡིན་གྱིས༔ རྟག་ཏུ་ཡི་དམ་འབྲལ་མེད་བྱོས༔ འཇིག་རྟེན་འདས་དང་འཇིག་རྟེན་པའི༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང༔ མེ་ཏོག་གཙོ་བོ་ལ་ཕོག་པ་སླར་སྤྱི་གཙུག་ཏུ་བཅིངས་པས་གཙོ་བོ་ལས་སྐུ་གཉིས་པ་འཕྲོས་ཏེ་སྤྱི་གཙུག་ཏུ་ཐིམ་པར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་ཧཱུྃ༔ ཞེས་མེ་ཏོག་སྤྱི་བོར་བཅིངས་ལ་སྤྲོ་ན་རིགས་མཐུན་གྱི་མིང་དང་། རྟེན་དང་བརྟེན་པའི་རྣམ་དག་བཤད་པའང་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་ཧོ༔ ངོ་མཚར་རྒྱལ་བའི་དཀྱིལ་འཁོར་འདིར༔ ཡང་དག་ཏུ་ནི་འདི་ལྟ་སྟེ༔ ཕོ་བྲང་ཟླུམ་ཞིང་འཁྱིལ་པ་ནི༔ ཆོས་དབྱིངས་སྤྲོས་དང་བྲལ་བ་སྟེ༔ ཡེ་ཤེས་ལྷ་ཡི་སྐུ་བཞུགས་པ༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད༔ པདྨ་དམར་པོ་ཆགས་མེད་གསུང༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ འོད་སྐོར་ཐུགས་མཆོག་ཡེ་ཤེས་ལྔ༔ བར་ཁྱམས་སྒོ་བཞི་ཕྲིན་ལས་བཞི༔ བུམ་པ་དྲི་མ་སེལ་བྱེད་དེ༔ རྒྱལ་མཚན་མི་མཐུན་ཕྱོགས་རྣམས་གཅོད༔ པཉ་རཀ་ཆེན་པོ་རྣམ་ལྔ་ལ༔ ཡོན་ཏན་རྒྱས་བྱེད་ཕ་གུ་སེར༔ ཐབས་དང་ཤེས་རབ་དྲྭ་བས་སྦྲེལ༔ ཆགས་མེད་ལོངས་སྤྱོད་འདོད་ཡོན་དམར༔ མ་འདྲེས་ཆོས་ལྔ་མདའ་ཡབ་བསྐོར༔ ཐུགས་རྗེ་སྣ་ཚོགས་དཱ་རུ་ཀད༔ ཀུན་རྫོབ་ཐབས་ཆེན་ཀ་བ་ལ༔ དོན་དམ་མི་འགྱུར་གཡུ་གདུང་ངོ༔ རྟ་བབ་ཆ་བཞི་ཐེག་པ་བཞི༔ སྤྲུལ་སྐུ་དོན་ཆགས་པདྨ་དམར༔ ལོངས་སྐུ་ཆོས་འཁོར་རྒྱས་བྱེད་སེར༔ ཆོས་སྐུ་དྲི་བྲལ་གདུགས་དཀར་སྐྱོད༔ ཆོས་དབྱིངས་ཀུན་ཁྱབ་ཚངས་ཁང་སྟེ༔ དབྱིངས་མི་མངོན་ཕྱིར་དབུས་མཐོ་བ༔ ཆོས་སྐུ་རྟོག་པ་མེད་བཞིན་དུ༔ གཞན་དོན་འབྱུང་བས་རིན་ཆེན་བཟང༔ འདུས་མ་བྱས་ཤིང་མི་འགྱུར་བས༔ འོག་གཞི་སྣ་ཚོགས་རྡོ་རྗེ་འོ༔ མི་མཐུན་དུག་གསུམ་སྤང་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་ར་བས་བསྐོར༔ སྒྲིབ་མེད་གསལ་བ་ཡེ་ཤེས་ཏེ༔ དཔག་མེད་གཞལ་ཡས་ཆོས་དབྱིངས་སོ༔ ཕྱི་ནང་སྣོད་བཅུད་རྣམ་དག་པས༔ དངོས་པོ་མ་ཡིན་དངོས་མེད་མིན༔ རྟག་པ་མ་ཡིན་ཆད་པ་མིན༔ མཁའ་ལ་འཇའ་སྣང་ཇི་བཞིན་ནོ༔ དེ་དག་རྣམས་ཀྱིས་འཇུག་པའི་ཆོས་མཐའ་དག་གྲུབ་པ་ཡིན་ནོ། །ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཇིག་རྟེན་མགོན་པོ་དགོངས་སུ་གསོལ༔ འཁོར་བ་རྒྱ་མཚོ་མཐའ་མེད་དུ༔ བྱིང་བ་བདག་ལ་བསྐྱབ་མཛོད་ཅིག༔ སྒོ་གསུམ་དྲི་མ་གསུམ་སྤངས་ཏེ༔ རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། གཉིས་པ་དབང་བསྐུར་བ་དངོས་ནི། དེ་ལྟར་གསོལ་བ་བཏབ་པ་སྔོན་དུ་སོང་ནས་དབང་བསྐུར་བ་དངོས་དང་ཡན་ལག་གཉིས་སུ་ཡོད་པའི། དང་པོ་ལ་ཡོན་ཏན་ཀུན་ལྡན་བུམ་པའི་དབང་། ཕྱི་རྫས་ལ་བརྟེན་པའི་དབང་བཞི། ནང་ཏིང་ངེ་འཛིན་ལ་བརྟེན་པའི་དབང་བཞི། གསང་བ་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་རྣམས་སུ་ཡོད་པ་ལས། དང་པོ་བུམ་པའི་དབང་གི་སླད་དུ་རྣམ་རྒྱལ་བུམ་པའི་ནང་དུ་སླར་ཡང་ལྷ་ཚོགས་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྐྱོན་གྱིས་མ་གོས་སོགས་ཤློ་ཀ་གསུམ་བརྗོད་ལ་མཆོད་བསྟོད་བྱ། གལ་ཏེ་སྒྲུབ་མཆོད་ཞག་སྦྲེལ་ཡིན་ན་བུམ་སྒྲུབ་སྐབས་ལྷ་མི་བཞུ་བར་བཞག་པས་ཆོག་གི །འདིར་གསལ་གདབ་མཆོད་བསྟོད་མི་དགོས་སོ། །གནང་བ་ཞུ་བ་ནི་ཐལ་སྦྱར་བཅས། བཅོམ་ལྡན་ཡེ་ཤེས་ལྷ་ཡི་ལྷ༔ ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་རབ་ཏུ་བསྒྲལ་བའི་ཕྱིར༔ དངོས་གྲུབ་དབང་མཆོག་གནང་བར་མཛོད༔ ཅེས་བརྗོད་པས་བཅོམ་ལྡན་འདས་ཀྱིས་གནང་བ་བྱིན་པའི་བརྡར་ཞལ་འཛུམ་པ་མཛད་པར་བསམ༔ དེ་ནས་བུམ་པའི་ལྷ་ལས་འོད་ཟེར་འཕྲོས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་བུམ་པའི་ལྷ་ལ་ཐིམ་པས་བུམ་པའི་ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར། སློབ་དཔོན་སྐད་ཅིག་གིས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སུ་གནས་གྱུར་ཏེ་ཁྱེད་རང་རྣམས་སྤྱན་རས་གཟིགས་སུ་གསལ་བ་ལ་བུམ་པའི་བདུད་རྩིས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་མགོར་བཞག་ལ། ཧཱུྃ༔ སྒྲིབ་པ་མྱུར་སེལ་བདུད་རྩི་མཆོག༔ ཡེ་ཤེས་བུམ་པས་དབང་བསྐུར་བས༔ སྒོ་གསུམ་རྒྱུད་ལ་གནས་པ་ཡི༔ དྲི་མ་མ་ལུས་བསལ་ནས་ནི༔ ཡོན་ཏན་ཀུན་གྱི་གཞིར་གྱུར་པ༔ རྣམ་དག་ཡེ་ཤེས་དབང་ཐོབ་ཤོག༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཏདྱ་ཐཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛྙཱ་ན་ཨ་མྲྀཏེ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་མཱཾ༔ བུམ་ཆུ་སྤྱི་བོར་བླུགས་ལ། རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་སྟེ། སློབ་མའི་སྤྱི་བོ་ནས་མར་སོང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་དག་ནས་ཤེལ་སྒོང་ཕྱིས་པ་ལྟར་དཀར་སངས་ཀྱིས་སོང་སྟེ་ལུས་ཐམས་ཅད་གང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་རིགས་ལྔ་དབུ་རྒྱན་དུ་རྫོགས་པར་གྱུར། སླར་བུམ་པ་ཐོགས་ལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔ ཡིག་དྲུག་དང་གཟུངས་རིང་བརྗོད་ལ་ཁྲུས་བྱ་ཞིང་ཧུབ་གསུམ་འཐུང་དུ་གཞུག །གཉིས་པ་ཕྱི་རྫས་ལ་བརྟེན་པའི་དབང་བཞིའི་ཐོག་མར་ཕྱག་རྒྱ་ལྷའི་དབང་བསྐུར་བས་མདུན་བསྐྱེད་ལས་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཐིམ། ལུས་ཀྱི་སྒྲིབ་པ་དག་པར་མོས་ཤིག །སྐུ་ཙཀ་མགོར་བཞག་ལ། ཐུགས་རྗེ་འགྲོ་མགོན་ཡེ་ཤེས་ཀྱི༔ ཕྱག་རྒྱ་ལྷ་ཡི་དབང་བསྐུར་བས༔ མཐའ་གཉིས་ལས་གྲོལ་ལྷ་ཡི་སྐུ༔ སྒྱུ་མ་ལྟ་བུའི་དབང་ཐོབ་ཤོག༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ཨ་བྷི་ཥིཉྩ་མཱཾ༔ སྙིང་པོ་སྔགས་ཕྲེང་མགྲིན་པ་ནས་ཐོན་ཁྱེད་རང་གི་ལྕེ་ལ་ཐིམ་པས་ངག་གི་སྒྲིབ་པ་དག་པར་མོས། ཡིག་དྲུག་མགྲིན་པར་བཞག་ལ། བདེ་གཤེགས་ཀུན་གྱི་སྙིང་པོའི་གཙོ༔ ཡི་གེ་དྲུག་གིས་དབང་བསྐུར་བས༔ ཆོས་ཉིད་རང་སྒྲ་སྔགས་ཀྱི་གསུང༔ བྲག་ཅ་ལྟ་བུའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ ཕྱག་མཚན་རིན་པོ་ཆེའི་ཕྲེང་བ་ཐུགས་ཀ་ནས་བྱོན་ཁྱེད་རང་གི་སྙིང་གར་ཐིམ་པས་ཀུན་གཞིའི་ཉོན་ཡིད་ཀྱི་སྒྲིབ་པ་དག་པར་མོས། ཕྲེང་བ་ལག་གཡས་སུ་གཏད་ལ། བྱང་ཆུབ་གཟུངས་ཀྱི་ཕྲེང་བ་ནི༔ རིན་ཆེན་ཕྲེང་བས་དབང་བསྐུར་བས༔ བདེ་ཆེན་རྒྱུན་ཆད་མི་མངའ་བའི༔ ཐབས་མཆོག་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་རཏྣ་མཱ་ལེ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ པདྨ་དཀར་པོ་ཐུགས་ཀ་ནས་བྱོན་ཁྱེད་རང་གི་སྙིང་གར་ཐིམ་པས་སེམས་དང་སེམས་བྱུང་གི་སྒྲིབ་པ་དག་པར་མོས། པདྨ་ལག་གཡོན་དུ་གཏད་ལ། འདམ་གྱི་སྐྱོན་གྱིས་མ་གོས་པའི༔ པདྨ་དཀར་པོའི་དབང་བསྐུར་བས༔ སྟོང་ཉིད་གཟུང་འཛིན་མ་རེག་པའི༔ ཤེས་རབ་དབྱིངས་ཀྱི་དབང་ཐོབ་ཤོག༔ ཨོཾ་པདྨ་དྷཱ་ཏུ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་ནང་ཏིང་ངེ་འཛིན་ལ་བརྟེན་པའི་དབང་བཞི་བསྐུར་བ་ལ་དམིགས་པ་འདི་རྣམས་རིམ་གྱིས་མཛད་པར་ཞུ། དེའང་ཐོག་མར་སྐུ་དབང་ལུས་ལ་བསྐུར་བའི་སླད་དུ། སློབ་མའི་སྤྱི་བོར་ཡི་གེ་ཨོཾ་དཀར་པོ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་བསྡུས་ནས་ཨོཾ་ལ་ཐིམ་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས་ཨོཾ་འོད་དུ་ཞུ་བ་ལས་སྐུའི་ལྷ་རྣམ་པར་སྣང་མཛད་དུ་གྱུར་པར་མོས་ཤིག །ཨོཾ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་སྐུ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་བསལ་ཏེ༔ སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྣམ་སྣང་འོད་དུ་ཞུ་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་སྒྲིབ་པ་མ་ལུས་པ་ཐམས་ཅད་སངས་ཀྱིས་དག་པར་མོས་ཤིག །གསུང་དབང་ངག་ལ་བསྐུར་བའི་སླད་དུ་སློབ་མའི་མགྲིན་པར་ཨཱཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་བསྡུས་ནས་ཨཱཿལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས། ཨཱཿའོད་དུ་ཞུ་བ་ལས་གསུང་གི་ལྷ་སྣང་བ་མཐའ་ཡས་སུ་གྱུར་པར་མོས་ཤིག །ཨཱ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་གསུང་གི་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་བསལ་ཏེ༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ སྣང་བ་མཐའ་ཡས་འོད་དུ་ཞུ་ནས་ལྕེ་ལ་ཐིམ་པས་ངག་གི་སྒྲིབ་པ་ཐམས་ཅད་མ་ལུས་པ་སངས་ཀྱིས་དག་པར་མོས་ཤིག །ཐུགས་དབང་སེམས་ལ་བསྐུར་བའི་སླད་དུ་སློབ་མའི་སྙིང་གར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས། ཧཱུྃ་འོད་དུ་ཞུ་བ་ལས་ཐུགས་ཀྱི་ལྷ་རྡོ་རྗེ་སེམས་དཔར་གྱུར་པར་མོས་ཤིག །ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཡེ་ཤེས་ཐུགས་ཀྱི་དབང་བསྐུར་བས༔ སེམས་ཀྱི་སྒྲིབ་པ་ཀུན་བསལ་ཏེ༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་སྙིང་གར་ཐིམ་པས་སེམས་ཀྱི་སྒྲིབ་པ་མ་ལུས་པ་སངས་ཀྱིས་དག་པར་མོས་ཤིག །ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ སངས་རྒྱས་ཀུན་གྱི་སྐུ་ལ་གནས༔ ཨཱ༔ སངས་རྒྱས་ཀུན་གྱི་གསུང་འཆང་བ༔ སངས་རྒྱས་ཀུན་གྱི་གསུང་ལ་གནས༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་འཆང་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ ཨོཾ་ཨཱཿཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ སྒོ་གསུམ་དྲི་མ་རྣམ་པར་དག༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ རྒྱལ་བ་རབ་འབྱམས་ཀྱི་སྤྱི་དབང་བསྐུར་བའི་སླད་དུ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཧཱུྃ་མཐིང་ཁ། དཔྲལ་བའི་ངོས་སུ་ཨོཾ་དཀར་པོ། རྣ་ལྟག་གཡས་ངོས་སུ་སྭཱ་སེར་པོ། ལྟག་པའི་ངོས་སུ་ཨཱཿདམར་པོ། རྣ་ལྟག་གཡོན་དུ་ཧཱཿལྗང་གུ་རྣམས་གསལ་བ་ལས་འོད་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་བསྡུས་ནས་དཔའ་བོ་འབྲུ་ལྔ་ལ་ཐིམ་པར་མོས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བཻཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛཱན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དཔའ་བོ་འབྲུ་ལྔ་འོད་དུ་ཞུ་སྟེ་སྤྱི་གཙུག་ཏུ་མི་བསྐྱོད་པ། དཔྲལ་བར་རྣམ་སྣང་། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་སྣང་བ་མཐའ་ཡས། རྣ་ལྟག་གཡོན་པར་དོན་ཡོད་གྲུབ་པའི་སྐུར་གྱུར། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་ཆེ༔ མེ་ལོང་ཡེ་ཤེས་རྣམ་སྣང་མཛད༔ མཉམ་ཉིད་ཡེ་ཤེས་རིན་འབྱུང་ལྡན༔ སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ ནན་ཏན་ཡེ་ཤེས་དོན་ཡོད་གྲུབ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་ཤེས་སྐུ་ལྔས་དབང་བསྐུར་བས༔ ཆགས་སྡང་རྨོངས་དང་ང་རྒྱལ་དང༔ ཕྲག་དོག་ཉོན་མོངས་ལྔ་དག་ནས༔ སྐུ་ལྔ་ཡེ་ཤེས་དབང་ཐོབ་ཤོག༔ རིགས་ལྔ་འོད་དུ་ཞུ་ནས་གནས་ལྔར་ཐིམ་པས་ཉོན་མོངས་ལྔའི་སྡིག་སྒྲིབ་མ་ལུས་པ་སངས་ཀྱིས་དག་པར་མོས་མཛོད། བཞི་པ་གསང་བ་ཡེ་ཤེས་སྤྱི་བླུགས་ཆེན་པོའི་དབང་གི་སླད་དུ་ལུས་གནད་ཆོས་བདུན་དང་ལྡན་པར་བྱ། ངག་རླུང་རང་བབ་ཏུ་བཞག །སེམས་རང་ཐག་ཆུ་བཅད་པ་བཞིན་དུ་རྣམ་རྟོག་གི་འགྱུ་བ་རྦད་ཀྱིས་བཅད་ལ། མར་མེ་རླུང་གིས་མ་བསྐྱོད་པ་ལྟར་རིག་པ་གསལ་ལ་མི་རྟོག་པའི་ངང་ལ་ཙེན་གྱིས་ཞོག་ཅིག །མ་བཅོས་གཉུག་མའི་ཏིང་ངེ་འཛིན༔ དབྱེར་མེད་རང་བྱུང་ཡེ་ཤེས་ཆེ༔ སྤྲོས་བྲལ་རྣམ་དག་ཆོས་ཀྱི་དབྱིངས༔ སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན༔ ཅེས་ངོ་སྤྲད་དོ། དེ་དག་རྣམས་ཀྱིས་དབང་གི་དངོས་གཞི་སོང་ནས་ཡན་ལག་ཏུ་རྗེས་གནང་སྦྱིན་པ་དང་དམ་ཚིག་འབོགས་པ་གཉིས་སུ་ཡོད་པ་ལས། དང་པོ་ནི་འདི་ལ་གསན་པས་ཁྱབ་སྟེ། ཁྱེད་རང་རྣམས་ཀྱིས་དེང་ནས་བརྩམ་སྟེ་རང་དོན་དུ་ཐུགས་རྗེ་ཆེན་པོའི་ཆོས་ཉན་པ་དང་། བསྐྱེད་རྫོགས་བསྒོམ་པ་དང་། སྔགས་བཟླ་བ་དང་། མཆོད་པ་བྱ་བ་ལ་སོགས་པ་རྣམས་དང་། གཞན་དོན་དུ་ཆོས་བཤད་པ་དང་། དབང་བསྐུར་བ་དང་། རབ་གནས་བྱ་བ་དང་། སྦྱིན་སྲེག་བྱ་བ་དང་། སྒྲིབ་སྦྱོང་གི་ཆོ་ག་དང་། ཕྲིན་ལས་བཞི་ལ་སོགས་པ་སྟེ་མདོར་ན་རང་དོན་གཞན་དོན་གྱི་ཆོས་དེ་རྣམས་ལ་ཇི་ལྟར་ནུས་པ་བཞིན་དུ་སྤྱོད་ཅིག །ཅེས་བརྗོད་ལ་ཤིས་བརྗོད་ཅི་རིགས་བྱའོ། །གཉིས་པ་དམ་ཚིག་འབོགས་པའང་འདི་ལ་སྙན་གཏོད་འཚལ། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱིས༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་རིན་ཆེན་ཐོད་བཞིན་ཁུར༔ གཞན་ལ་གནོད་པ་སྤང་བྱ་ཞིང༔ ཕན་པ་ཐམས་ཅད་བསྒྲུབ་པ་དང༔ རྨི་ལམ་སྒྱུ་མ་ལྟ་བུའི་བློས༔ སེམས་ཅན་དོན་ལ་བརྩོན་པར་གྱིས༔ ལྷ་ཡི་རྣལ་འབྱོར་བསྒོམ་པ་དང༔ རྫོགས་པའི་སེམས་ནི་གནས་པར་གྱིས༔ གསང་སྔགས་རྡོ་རྗེའི་སྙིང་པོ་ནི༔ བརྩོན་པས་འབད་དེ་བཟླ་བར་གྱིས༔ ཉ་སྟོང་བརྒྱད་སོགས་དུས་ཀུན་ཏུ༔ མཆོད་པ་ཅི་ནུས་འབུལ་བར་གྱིས༔ བླ་མ་སངས་རྒྱས་ཀུན་བས་ཀྱང༔ ལྷག་པའི་སེམས་ཀྱིས་རྟག་ཏུ་མཆོད༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ ཁྱོད་ཀྱིས་མ་ཉམས་སྲུང་བར་གྱིས༔ རྟག་ཏུ་དམ་ཚིག་ལ་གནས་ན༔ དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར༔ དེ་ལྟར་བཀའ་བསྒོས་ཤིང་ཡལ་གམ་དུ་བཅས་པ་ལས་ནམ་ཡང་མི་འདའ་བར་ཇི་ལྟར་ནུས་པ་བཞིན་དུ་སློབ་ཅིང་རྗེས་སུ་བསྒྲུབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། ཚོགས་མཆོད་དང་། རྗེས་བསྡུའོ། །དང་པོ་ནི། ཇི་ལྟར་འབྱོར་པའི་ཚོགས་རྫས་གཙང་ཞིང་དག་པ་འདུ་བྱས་ལ། ཞལ་ཟས་རྣམས་ཀྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་དབུས་སུ་ཡི་གེ་ཧྲཱིཿགསལ་བར་གྱུར། ཧཱུྃ་འོད་དུ་ཞུ་ནས་ཚོགས་གཏོར་ལ་ཐིམ་པས་ཚོགས་ཀྱི་དངོས་འཛིན་དང་འབག་བཙོག་ལ་སོགས་པའི་དྲི་མ་ཐམས་ཅད་སྦྱངས་ཏེ་དག་པར་གྱུར། ཨཱཿཞུ་བ་ལས་ཚོགས་ཀྱི་དངོས་པོ་ལྷའི་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པ་དཀར་མེར་གྱིས་གྱུར། ཨོཾ་ཞུ་བ་ལས་བདུད་རྩིའི་རྒྱ་མཚོ་མང་ཞིང་རྒྱ་ཆེ་བ་དཔག་ཏུ་མེད་པར་སྤེལ། ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ཏེ་ཐིམ་ཞིང་ཧྲཱིཿཡང་འོད་དུ་ཞུ་བ་ལས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་སྡུག་ཅིང་རོ་མཆོག་ཏུ་ཞིམ་པ། འདོད་ཡོན་གྱི་ལོངས་སྤྱོད་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ བླ་མ་དང་ནི་ཡི་དམ་མཁའ་འགྲོའི་ཚོགས༔ རྒྱལ་བ་དམ་ཅན་འཁོར་དང་བཅས་པ་རྣམས༔ མ་ལུས་ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གྱིས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ མདུན་བསྐྱེད་དང་གཉིས་མེད་དུ་གྱུར་པར་མོས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ༔ ནས། ནཻ་བིདྱཱའི་བར་གྱིས་མཆོད། དེ་ནས་ཚོགས་རྫས་བཏེགས་ལ། སངས་རྒྱས་ཀུན་དངོས་རིགས་བདག་རིགས་ཀྱི་གཙོ༔ སྐྱེས་མཆོག་བླ་མ་དམ་པ་དགོངས་སུ་གསོལ༔ རྒྱས་པར་ལྕོགས་ན་འོག་གི །འདོད་པའི་ཡོན་ཏན་ལྔ་ཡིས་སོགས་ཚིག་རྐང་གཉིས་རེའི་མཚམས་སུ་སྦྱར་ཞིང་། འདིར། བླ་མ་རྣམས་ཀྱི་ཐུགས་དང་ཞེས་དང། དམ་པ་ཁྱེད་ཀྱི་ཐུགས་རྗེའི་ཞེས་སོ་སོར་ཁ་བསྒྱུར་ཤེས་པར་བྱའོ། མི་ལྕོགས་ན་སྔ་མའི་འཕྲོས་སུ། རིག་པ་ཡེ་ཤེས་ཐུགས་རྗེ་ཆེན་པོའི་སྐུ༔ འཇིག་རྟེན་གསུམ་གྱི་མགོན་པོ་དགོངས་སུ་གསོལ༔ ཆོས་ཉིད་དབྱིངས་ཀྱི་རང་བཞིན་ཡུམ་གྱི་ཚུལ༔ གཟུང་ཡུལ་མཛེས་པའི་ལྷ་མོ་དགོངས་སུ་གསོལ༔ དབྱིངས་ཤེས་དབྱེར་མེད་བདེ་ཆེན་སྲས་ཀྱི་ཚུལ༔ རྒྱལ་སྲས་མ་ཎི་དྷ་ར་དགོངས་སུ་གསོལ༔ བདུད་བཞིའི་དཔུང་འཇོམས་དཔའ་བོ་རྟ་མཆོག་རྒྱལ༔ ཁྲོ་རྒྱལ་གར་གྱི་དབང་ཕྱུག་དགོངས་སུ་གསོལ༔ ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་སྒྱུར་བའི༔ ལྷ་མོ་རིག་བྱེད་མཁའ་འགྲོ་དགོངས་སུ་གསོལ༔ ཕྱོགས་བཅུའི་བདེ་གཤེགས་རིག་འཛིན་འཁོར་དང་བཅས༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ༔ རྒྱལ་བའི་བཀའ་སྡོད་འཇིག་རྟེན་སྐྱོང་བའི་ཚོགས༔ དམ་ཅན་ཆོས་སྐྱོང་སྲུང་མ་དགོངས་སུ་གསོལ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པའི༔ སྣ་ཚོགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ བདག་ཅག་དད་པས་ཁྱེད་ལ་འབུལ་ལགས་ཀྱིས༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྩ་གསུམ་ཆོས་སྐྱོང་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་མཐོལ་ལོ་བཤགས༔ རྩ་གསུམ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་ཀྱིས༔ བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ འདོད་པའི་དོན་རྣམས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཱུ་ཛ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བསྟབས་པས། འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ཤིང་ལྷ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་ཚིམས་པར་བསམ༔ ཚོགས་ཕུད་བཅད་དེ་དཀྱིལ་འཁོར་དུ་མཆོད་ལ། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གསུམ་པའི་ཧྲཱིཿའི་འོད་ཟེར་གྱི་སྦུ་གུ་ཅན་གྱིས་དྲངས་ཤིང་གསོལ་བས་ཚིམས་ཤིང་དགྱེས་པར་གྱུར༔ ཨོཾ་གུ་རུ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ག་ཎ་ཙཀྲ༴ ཥ་ཌཱ་ཀྵ་ར་གཎ༴ མ་ཎི་དྷ་ར་ག་ཎ༴ ཧ་ཡ་གྲཱི་བ་ག་ཎ༴ ཀུ་རུ་ཀུལླེ་ཧྲཱིཿག་ཎ༴ བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཞལ་དུ་ག་ཎ༴ དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་ག་ཎ༴ ལན་གསུམ་གྱིས་ཕུལ་ལ། བླ་མ་ཡི་དམ་རྒྱལ་བ་རྒྱ་མཚོ་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ཀྱི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ ཡུམ་ཡི་གེ་དྲུག་མའི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ སྲས་ནོར་བུ་འཛིན་པའི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ ཁྲོ་རྒྱལ་དཔའ་བོ་རྟ་མཆོག་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ ལྷ་མོ་རིག་བྱེད་མའི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོའི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཞལ་དུ་ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ གསོལ་ལོ༔ མཆོད་དོ༔ འདྲེན་ནོ༔ བཞེས་སུ་གསོལ༔ ཞེས་ཕུལ། ཕུད་ཀྱི་ལྷག་མ་བཅད་དེ་ལོགས་སུ་བཞག །ལས་རྡོར་གྱིས། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་དྲང་། ལེན་པ་པོས། ཨ་ལ་ལ་ཧོཿ ཞེས་བླངས་ཏེ། རྣལ་འབྱོར་པ་ལྷར་གསལ་བས་ཞལ་ཟས་བདུད་རྩིར་དམིགས་ཏེ་མཆོད་པའི་ཚུལ་གྱིས་ལོངས་སྤྱད། སྔར་གྱི་ཕུད་ལྷག །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃ། ཡེ་ཤེས་བདུད་རྩིའི་ཚོགས་ལྷག་འདི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་དང་། །ས་བདག་གཞི་བདག་གནས་ཀྱི་བདག །ཁྱད་པར་བསེ་རག་གཤིན་ལ་སོགས། །བཀྲེས་སྐོམ་ཡི་དྭགས་ཚོགས་ལ་བསྔོ། །རེ་བ་ཐམས་ཅད་ཚིམས་ནས་ཀྱང་། །མྱུར་དུ་སངས་རྒྱས་ས་ཐོབ་ཤོག །ཅེས་ཕྱི་རོལ་དུ་དོར་རོ། །གཉིས་པ་རྗེས་བསྡུ་ནི། མི་ཏྲ་སྙིང་ཐིག་ཏུ་བསྐུལ་དང་ཆད་བརྟན་རྟ་བྲོ་བཅས་འབྱུང་ཡང་ཚིག་ཚོགས་མང་བས་འདིར་མ་བླངས་ཀྱང་ལུགས་འདིར་དེ་དག་ངེས་པར་དགོས་པའང་མ་ཡིན་པས། སྐབས་འདིར་དམ་ཅན་སྤྱི་གཏོར། གཏེར་གཞི། རྗེས་ཆོག་བཅས་ཚང་བར་བཏང་པས་དགོས་དོན་འགྲུབ་ཅིང་དེ་ལྟར་གལ་ཡང་ཆེའོ། །དེ་ནས་དངོས་གྲུབ་ལེན་ཆོག་སྤྲོ་ན་གཞན་ནས་སྦྱར་ཆོག་ཀྱང་སྒྲུབ་ཆེན་དང་འབྲེལ་ན་མ་གཏོགས་དཀྱུས་སུ་མི་དགོས། མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་རྒྱས་བསྡུས་གང་རུང་། གང་ཡང་བདག་བློ་གཏི་མུག་པས༔ ལེགས་སྤྱད་འདི་ལ་ཉེས་པ་གང༔ འདིར་ནི་བདག་གིས་གང་བགྱིས་པ༔ འགྲོ་མགོན་ཁྱེད་ལ་བཟོད་པར་གསོལ༔ ཞེས་དང་ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་རྣམས་བརྗོད་ལ་ལྷག་ཆད་ཁ་བསྐང་། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་གཤེགས་པའམ་རས་བྲིས་ལ་སྤྱི་ལྟར་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་སྒྲུབ་ཐབས་ལྟར་བྱ་བའམ། ཡང་ན་དཀྱིལ་འཁོར་བསྡུ་བ་དང་རྒྱུན་སྤྱོད་ཆབས་ཅིག་ཏུ་བྱ་སྟེ། ཧོ༔ ཆོས་དབྱིངས་མཁའ་ལ་སྙིང་རྗེའི་དཀྱིལ་འཁོར་ཤར༔ འཇིག་རྟེན་དབང་ཕྱུག་འཁོར་བ་དོང་ནས་སྤྲུགས༔ འགྲོ་དོན་མཐར་ཕྱིན་ཐིག་ལེ་གཅིག་ཏུ་གྱུར༔ ཐིག་ལེ་མི་དམིགས་མཚན་མ་བྲལ་བར་བཞག༔ ཨོཾ་ཨཱཿཧཱུྃ་བཛྲ་མུ༔ ལམ་ཁྱེར་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ལས་ཕྱི་སྣོད་གཞལ་ཡས་ཁང༔ མ་ལས་ནང་བཅུད་ལྷ་ཡི་ཚོགས༔ ཎི་ལས་སྒྲ་གྲགས་ཡི་གེ་དྲུག༔ པད་ལས་དྲན་རྟོག་ཕྱག་རྒྱ་ཆེ༔ མེ་ལས་ཕྲིན་ལས་འགྲོ་དོན་རྫོགས༔ ཧཱུྃ་ལས་ཆོས་ཀུན་རྫོགས་པ་ཆེ༔ འགྲོ་བ་འདྲེན་པའི་དཔལ་དུ་ཤར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་སྨོན་ལམ་འདི་ཉིད་ནས་འབྱུང་བའི་བདེ་སྨོན་ནམ་མ་ལྕོགས་ན་སྨོན་ལམ་སྤྱི་ལྟར་བྱ། བསྔོ་བ་ནི། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱིས༔ སྒོ་གསུམ་གྱིས་བསགས་དགེ་བ་ཇི་སྙེད་པ༔ བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ་བར་བགྱི༔ བླ་མེད་དོན་གྱི་འབྲས་བུ་མཆོག་ཐོབ་ཤོག༔ ཤིས་བརྗོད་ནི། ཨོཾ༔ བཀྲ་ཤིས་དང་པོ་བྱང་ཆུབ་ཐུགས་བསྐྱེད་པས༔ བྱང་ཆུབ་སེམས་མཆོག་ཆོས་དབྱིངས་མཁའ་ལྟར་དག༔ ཀུན་ཁྱབ་སྟོང་ཉིད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སེམས་ཅན་སངས་རྒྱས་ཤོག༔ བཀྲ་ཤིས་གཉིས་པ་ས་བཅུའི་ལམ་ལ་གནས༔ ཐུགས་རྗེ་ཆེན་པོ་སྙིང་རྗེའི་ཉི་མ་ཤར༔ ཐེག་པ་མཆོག་གི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སྨོན་འཇུག་མཐར་ཕྱིན་ཤོག༔ བཀྲ་ཤིས་གསུམ་པ་གསང་སྔགས་ཆོས་སྒྲ་སྒྲོག༔ ཐེག་ཆེན་སྤྲིན་ཕུང་ནམ་མཁའི་ཁམས་ཀུན་ཁྱབ༔ བསྐྱེད་རྫོགས་ཆོས་ཆར་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སྨིན་གྲོལ་མཐར་ཕྱིན་ཤོག༔ བཀྲ་ཤིས་བཞི་པ་ཚད་མེད་བཞི་ཡི་ལམ༔ ཕྲིན་ལས་རྣམ་བཞིའི་རྩི་བཅུད་རྒྱས་པ་ཡིས༔ བསྡུ་བ་བཞི་ཡི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་སྐྱེས་བཞི་གྲོལ་བར་ཤོག༔ བཀྲ་ཤིས་ལྔ་པ་ཡེ་ཤེས་ལྔ་ཡི་འོད༔ རིགས་ལྔའི་སངས་རྒྱས་འབྲས་བུ་མངོན་གྱུར་པའི༔ སྐུ་ལྔ་ལྷུན་གྲུབ་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་ཉོན་མོངས་ལྔ་གྲོལ་ཤོག༔ བཀྲ་ཤིས་དྲུག་པ་ཡི་གེ་འབྲུ་དྲུག་ཤར༔ ཐུགས་རྗེ་དྲུག་གིས་འགྲོ་དོན་མཐར་ཕྱིན་པས༔ རིགས་དྲུག་བདེ་བའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེ་ཡིས་འཁོར་བ་དོང་སྤྲུགས་ཤོག༔ ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །ཡང་སློབ་མ་ལ་དབང་བསྐུར་བའི་ཆེད་ཙམ་མ་ཡིན་པར་འདི་སྒྲུབ་མཆོད་ཆེད་དུ་བྱེད་པར་སྤྲོ་ན། བཤམ་གྱི་རིམ་པ་གོང་སྨོས་ལྟར་རམ་མ་འཛོམ་ན་ཚོམ་བུ་དང་བུམ་པ་གཏོར་མཆོད་ཙམ་ལ་བརྟེན་ཆོག་ཅིང་། ཐོག་མར་སྔོན་གཏོར་གཏང་། ཁྲུས་ཕྱི་ནང་། བགེགས་བསྐྲད། ཚོགས་གསག །བདག་བསྐྱེད། མདུན་བསྐྱེད་ཀྱི་བཟླས་པའི་མཇུག་ཏུ་བུམ་བསྐྱེད་བཟླས་པ་དང་བཅས་པ་བྱ་ཞིང་གཏོར་མ་འབུལ། བདག་འཇུག་བྱེད་ན་སློབ་མ་ལ་བསྐུར་བའི་མཚམས་སྦྱོར་གྱི་ཚིག་ཟུར་བསྒྱུར་ལ་བླང་། ཚོགས་ཕྱིན་ཆད་སྔར་ལྟར་ལ། བདག་འཇུག་མི་བྱེད་ན། བུམ་བསྐྱེད་གྲུབ་མིན་སྐབས་དང་བསྟུན། གཏོར་འབུལ་དང་ཚོགས་གཉིས་ཀ་མ་ལྕོགས་ན་གང་རུང་གཅིག་གིས་ཆོག་པ་ཡིན་ནོ། །ཨུ་བྷ་ཡ་དང་སྒོ་མཐུན་ཞིང་། །བླ་མེད་དགོངས་པའང་དོན་གྱིས་ཚང་། །མཆོག་དམན་ཀུན་དང་འཚམ་པ་འདིར། །ཉམས་ལེན་སྙིང་པོར་ཅིས་མི་དྲིལ། །འཕགས་མཆོག་བྱིན་རླབས་བུམ་བཟང་ལས་བྱུང་བའི། །བྱང་ཆུབ་སེམས་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །བདག་གཞན་འགྲོ་བ་ཀུན་གྱི་རྒྱུད་སྨིན་ཏེ། །རྣམ་གྲོལ་ཡེ་ཤེས་དབྱིངས་སུ་སྦྱོར་བྱེད་ཤོག །ཅེས་པའང་ལྷ་དང་རིག་སྔགས་དང་སྒྲུབ་ཐབས་ཀྱི་ཚུལ་འདི་ལ་མཐའ་གཅིག་ཏུ་དད་ཅིང་བྱང་ཆུབ་སེམས་གཉིས་ཀྱི་རྣམ་པ་ལམ་དུ་བྱེད་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
མོན་བུ་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་མན་ངག་དང་བཅས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་ (Volume 38, Text 38)
༄༅། །མོན་བུ་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་མན་ངག་དང་བཅས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ་བཞུགས་སོ། །ལྷ་བཙུན་བྱང་ཆུབ་འོད་ཀྱི་གཏེར་བྱོན་སྒྲུབ་ཐབས་ཀ་བཀོལ་མར་གྲགས་པའོ། ། བསམ་ཡས་ར་མོ་ཆེ།་་་ལ་སོགས་འཕྲུལ་སྣང་།་་་གཙུག་ལག་ཁང་། །དབུས་དང་ཕྱོགས་བཞི་མཚམས་བཞི་རུ། །མེས་དབོན།་་་རྗེ་འབངས་ལྷ་ཆོས་མཐུན་བྱས་ཏེ། །བོད་ཀྱི་རིགས་ཀྱིས་འབད་ནས་བརྩིགས། །དེ་ལྟ་བུ་ཡི་དུས་བཟང་ཡང་། །ཐ་མར་དུས་ངན་འབྱུང་བར་ངེས། །སྙིགས་མ་ལྔ་བདོ་བྱུང་ཙམ་ན། །ཆོས་འཁོར་འཇིག་པ་འབྱུང་བའི་ཚེ། །སློབ་དཔོན་པདྨ་ལ་སོགས་པས། །བསྟན་པ་སྲུང་བའི་མཚོན་ཆར་བཞག །གསང་བར་གདམས་པ།་་་སྦས་སོ་གཏད་དོ་ཕྱི་རབས་པའི། །བསོད་ནམས་ལྡན་པས་འདི་རྙེད་ནས། །བསྟན་པ་མཚོན་འདིས་བསྲུང་བར་བྱ། །མཚོན་ཆ་ལ་ཡང་རྣམ་མང་སྟེ། །མོས་པར་མཐུན་པའི་མདེའུ་ཀ་འདི། །དེ་དུས་ལས་དང་ལྡན་པ་ཡིས། །ས་མ་ཡ་ནི་བསྒྲིམས་ཏེ་བསམ། །མན་ངག་གདིང་ལྡན་དོན་་་ཐེ་ཚོམ་མེད་ཚུར་མི་ལྡོག་བཏང་།ཞེས་བྱ། །ཚད་མེད་བཞི་ལྡན་སྔོན་འགྲོ་འོ། །ལས་ལ་སྦྱོར་ཁར་ཞེ་སྡང་གིས། །རང་སྐད་ཅིག་གིས།་་་གང་མོས་ལྷ་ཡི་གཉེན་པོ་བསྟེན། །བསམ་ཞིང་ཐུགས་ཀྱིས་སྤྲུལ་པ་ཡི། །སྒྲུབ་ལུགས་གཉིས་ལས།་་་གནད་ནས་བསྐུལ་བ་ཁྲོས་པས་བསྐུལ། །འཕྲལ་ལ་མྱུར་བའི་ལས་བྱེད་ན། །འཇིགས་རྟེན་པ་ལ་གཉེར་དུ་གཏད། །གདོན་མི་ཟ་སྟེ་མྱུར་བར་གསུངས། །ཡིད་གཉིས་མ་ཟ་རྡོ་རྗེ་ཐོད་ཕྲེང་གསུང་། །མོན་པ་ཕོ་མོ་གསུམ་དག་ལ། །བསྒྲུབ་པར་བྱ་བ་འདི་ལྟ་སྟེ། ཁྱད་པར་དམ་རྫས་གསོག་པ་ནི། །ཆང་ཕུད་བསེ་ཞལ་གང་བྱས་ཏེ།་་་འདི་བོད་ལུགས་ཡིན་རྒྱ་ལུགས་ལ་མེད། གསེར་དང་དངུལ་དག་བརྡར་བྱས་ལ། །བཤོས་བུ་ཟུར་བརྒྱད་བརྒྱན་པ་གཅིག །དེ་ཡི་ནང་དུ་བཞག་པར་བྱ། །དར་ཟབ་སྤྱན་གཟིགས་སྣ་ཚོགས་གསག་་་ལས་མྱུར་བས་ཕོ་གཉིས་མཉེས་པའི་དམ་རྫས། མིང་བྱང་བྲིས་ལ་དེ་་་སྨྱུག་མ།ལ་གདགས། །མདའ་རྒྱང་གང་དུ་དཔག་བྱས་ལ། །གཅེར་བུར་ཕྱུངས་ལ་སྐྲ་ཡང་བཤིག །གཡང་གཞི་བརྡབ་ཅིང་སྙིང་པོ་བཟླས། །ཆོ་ངེས་བརྡུང་ཞིང་འོ་དོད་འབོད། །ར་མདའ་བཟློག་ཅིང་་་འབོད་རྦད་གསད་གསུམ་དྲིལ་ཏེ་བཟླས།མ་ཉེས་པའི།་་་དཔང་ཡང་གཟུག །ཟླ་བ་གསུམ་པ་དག་ལ་ཡང་།་་་དང་པོ་སྒྲུབ་དུས་ནས་མར་ལ་ཟེར། དེ་ལྟར་བྱས་པས་ལས་ལ་གཟུད། །གྲུ་གསུམ་ཕྱག་གང་བརྐོས་པ་ལ། །དེ་ཡི་ནང་དུ་སྤྲེལ་ཐོད་དམ། །ཡང་ན་ཁྱི་ཐོད་ནང་དག་ཏུ། །ཕ་ཝཾ་ལོང་བུའི་རྡོ་བཅུག་ལ། །དེ་ཡི་ནང་དུ་མིང་རུས་གཞུག །རྡོ་ཡི་གསང་བའི་རྟེན་ཡིན་ནོ། །མིང་རུས་རྟེན་དང་བཅས་པ་དེ། །དོང་དུ་བཅུག་ལ་དེ་སྟེང་དུ། །བདག་ཉིད་འདུག་ལ་ཡི་དམ་ལྷའི་ཐུགས་ཀ་ནས།་་་སྙིང་པོ་བཟླ། །བདག་ཉིད་མོན་པ་ནག་པོ་སྟེ། །སྐབས་སུ་ཕྱུང་ཞིང་ཡུངས་དཀར་བརྡེག །སྲོག་སྙིང་་་ཕོའི་ཟེར་ཀྱང་།མིང་སྲིང་གསུམ་པོ་བཟླ། །ཨ་ལི་ཨ་ལི་མ་ཛ་ཛཿ ཤཾ་ཤཾ །ལི་ཤི་དེད། ཨ་ཤོ་དེད། མུ་སྨུག །སྤུ་གྲི་ཨ་ལི་མ་ཛ་ཛཿ ནག་མོ་ཤ་ལ་རུབས་ཛ་ཛཿ་་་ཤོ་ལམ་ཟེར། ཨ་ཐེམ་ཨ་ཐེམ། ཁ་ཐམ་ཁ་ཐམ། བོད་དེ་ཡང་ནི་རྦད་པའོ། །དྷྲིག་དྷྲིག་ཡ་དུ་པ་ཤ་ནི་སོད། དུམ་ཤིག་ཨཱ་གད་ཛ། མོན་བུ་ཨཱ་གད་ཛཿ ཡ་ནྲི་ཡ་ནྲི། མོན་བུ་ཛཿ མོན་བུ་ཁྲག་ལ་འཇིབས་ཛཿཛཿ བསད་པ་ལ་མཱ་ར་ཡ་ཅེས་པའོ། ནྲྀ་ན་རྦད།་་་བསད་པ་ནི། དུ་ན་རྦད། ཤི་ན་རྦད། ཤག་ཤིག །ཏྲི་ཏ་རྦད། ཏྲི་ན་རྦད། མོན་བུ་པུ་ཏྲ་ཤམ་རྦད།་་་མོན་བུ་རུ་དྲ་རྦད། མོན་བུ་ཤུ་ལ་རྦད། ཡམ་སྨུགས་ལིང་འདུས། ཁམ་ཤོད་པ་ཡ་མོ་ཛཿ་་་ཤང་ཟེར་ལིང་ག་ཟེར་། ཨ་མུ་ཀའི་རུས་ལ་ཁྲོལ་ཁྲོལ་རྦད། གསེར་གྱི་སྤུ་གྲིས་ཆེ་གེ་མོའི་སྲོག་ལ་ཡ་མ་རྦད། གསེར་གྱི་སྤུ་གྲི་ཆེ་གེ་མོ་ཨ་མ་རྦད། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿ སྲིང་མོའི་བོད་པའོ། །རྦད་པ་ནི། ཏྲག་རག་ཤ་ཁ་མུན་ཏྲ་རུ་ལུ་རུ་ལུ། ཏྲག་རག་ཤ་སྙིང་ཁྲག་སྙིང་བྷྱོ། སྤུ་ཏ་སྤུ་ཏ་བྷྱོ།་་་ཨ་མོ་རྦད་། ཤ་ཤ་ཏྲག །ཤ་ཤ་ཏྲག །སྙིང་ཁྲག་ཏྲག་མོ་ཏྲབ་ཆེ་གེ་མོ་མཱ་ར་ཡ། བསད་པ་ཡང་ནི་བཟླས་པར་བྱ། ཨོཾ་མ་ཧཱ་རག་ཤ་ཙིཏྟ་སྲོག་ཏུཾ་ཏུཾ། ཀ་མ་ལ་རག་ཤ་ཙིཏྟ་སྲོག་ཏུཾ་ཏུཾ། གུ་ཧྱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཧྲི་བཾ་རག་ཤ་ཙིཏྟ་སྲོག་ཏུཾ་ཏུཾ། མ་མ་རྩ་ཕུར་ཙིཏྟ་སྲོག་ཏུཾ་ཏུཾ། ཕུ་རུ་རྩ་ལྷུམས་ཙིཏྟ་སྲོག་ཏུཾ་ཏུཾ། མོན་བུ་པུ་ཏྲ་སྤུན་གཉིས་པའོ།་་་ཆེ་བ་བདུད་ཆུང་བ་རྒྱལ་པོ། གསེར་གྱི་སྤུ་གྲི་མ་ནི་སྲིང་མོ་སྟེ། །ལྕམ་དྲལ་གསུམ་གྱི་མན་ངག་སྦྱོར་ཁ་མཐུན། །གོང་གི་སྟེང་གི་མན་ངག་སྟེ། །སྦྱོར་བ་མཐུན་ན་དེ་ལྟར་གཅེས། །གྲུ་གསུམ་ནང་དུ་གཟུགས་མིང་གཞུག །མཐའ་མ་རྩང་གིས་བསྐོར་བ་ལ། །ཤ་སྣ་ཁྲག་སྣ་ཅི་མང་ལ། །གཏོར་མ་རྒྱུན་དུ་གཏང་བར་བྱ། །བནྡྷ་མཚན་ངན་ཐོད་པ་རུ། །མི་ཁྱི་ར་གསུམ་ཁྲག་བླུགས་ལ། །དུག་གི་རྣམ་པ་ཀུན་བླུག་ཅིང་། །འབྲུབ་ཁུང་ནང་དུ་གཞུག་པར་བྱ། །སྐབས་སུ་ཕྱུངས་ཤིང་འཕང་བར་བྱ། །ཉ་གསུམ་དག་ལ་་་ཟླ་བ་གསུམ་གྱི་ཉ་ལ། ཡང་ན་ཟླ་བ་རེ་རེའི་ཉ་དང་། ཚེས་བརྒྱད་དང་། བཅོ་ལྔ་བཅུ་བཞི། ཚེས་གསུམ། དགུ །གནམ་གང་།འཕང་བར་བྱ། །སུམ་ཏྲིག་རག་ཤ་བྷྱོ། ཐུན་སྔགས། རྦད་ཏྲི་ནན་སྟེ། རྦད་པའི་ཞབས་སུ་གདགས་པའོ།་་་ཐིབ་ཐིབ་ཙཀྲ་བྷྱོ། སྙིང་ཁ་རག་དུན་ཏྲི་བྷྱོ། རྦད་རྦད་ཏྲི་ན་ཤ་ཤིག །སེན་གཏུབས་གཏུབས། ཁ་རག་རྦད། དུཾ་བུ་བྷྱོ། བཛྲ་ཙཀྲ་རག་ཤ་ཙ་ཏེར་མཱ་ར་ཡ། བསྒྲུབས་ཏེ་་་གྱོ་མོ་ལ་ཁྲག་བསྒོས་ཏེ་ཐུན།འཕང་བ་ཁོ་ནའོ། །ཨེ་མ་ཨེ་མ། སྤྱན་གཟིགས་བཅས་ཏེ་གཏོར་མ་དེ། །གོང་དུ་ཡང་ཡང་དབུལ་ཞིང་འཕང་། །ཐུན་སྒྲུབ་སྙིང་པོ་འདི་ཁོ་ནའོ།་་་སྒྲུབ་ཐབས་ཟེར། འཕངས་ཀྱང་དེ་ཡིས་དགོས་པ་མེད། །བསྒྲུབས་ཏེ་་་གྱོ་མོ་ལ་ཁྲག་བསྒོས་ཏེ་ཐུན།འཕངས་པ་དེ་ཁོ་ནའོ། །གོང་དུ་བསྙེན་པ་རྫོགས་པར་བྱ། །ཡང་ཡང་ལས་ལ་སྦྱར་ཞིང་་་ཐུན།བརྡེག །རྟགས་བྱུང་བར་དུ་བསྐྱར་ཞིང་བསྒྲུབ། །རྟགས་དེ་མྱུར་དུ་འོང་བ་ཡིན། །རྟགས་བྱུང་ན།་་་ཚོགས་མཆོད་གཏོར་མ་གཏང་རག་གཏང་། །ཧཱུྃ། མོན་བུ་པུ་ཏྲ་ནག་པོ་་་ལྕམ་དྲལ་དེ་གཤིན་རྗེ།ཁྱེད། །མོན་ཏྲིའི་ག་ཤ་སྐུ་ལ་གསོལ། །ཤེར་ཤིང་་་དམ་ཤིང་།གསེག་ཤིང་ཕྱག་ན་བསྣམས། །པུ་ཏྲ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཏྲ་་་རྒྱལ་པོ།སྟག་སླག་བཀྲ། །དར་གྱི་ག་ཤ་སྐུ་ལ་གསོལ། །ཕྱག་ན་སྤུ་གྲི་རྣོན་པོ་བསྣམས། །མོན་བུ་བྷ་ཏྲ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བསྟོད་པ་འབུལ། །བུད་མེད་ནག་མོ་བརྒྱ། །གཤེགས་ཀྱི་ཤུལ་ཡང་འདྲེན། །གཡས་ན་རུ་འདྲེན་པ། །སྟག་ཆས་བརྒྱན་པ་བརྒྱ། །གཡོན་ནས་རུ་འདྲེན་པ། །ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་བ། །བན་དྷེ་ནག་པོ་བརྒྱ། །འཁོར་བཅས་ཀུན་ལ་བསྟོད་པ་འབུལ། །སྐབས་གསུམ་དག་ཀྱང་བསྟོད་པ་འབུལ། །དེ་ནས་ཐུན་དང་གཏོར་མ་དེ། །ལྷ་ཁང་མཆོད་རྟེན་གང་རུང་གི །རྨང་ཁུང་དག་ཏུ་བྲུས་བྱས་ལ། །གྲུ་གསུམ་གཏིང་དུ་ཁྲུ་གང་བརྐོས། །གཞན་དུ་དུར་ཁྲོད་སོལ་བས་བྱུག །དེ་སྟེང་ལིང་ག་མིང་བྱང་བཞག །ཁ་སྦུབ་དག་ཏུ་མནན་པ་ལ། །མཐའ་མར་རྦད་སྔགས་བསྐོར་ལ་བཞག །རྒྱབ་ཏུ་བསད་སྔགས་བྲིས་ལ་བཞག །དེ་སྟེང་མོན་པ་མིང་སྲིང་གསུམ། །ཤོག་བུའམ་རས་སམ་ཤིང་ཤུན་ལ། །དེ་གཟུགས་བྲིས་ལ་བསྐོར་ལ་བཞག །མགོ་ནས་མིང་པོ་ཆེན་པོས་མནན། །གཡས་སུ་ཆུང་ངུ་གཡོན་སྲིང་མོ། །དབུས་སུ་མགོ་གསུམ་ཡོང་བར་བྱ། །གཏོར་མ་བཏང་ཞིང་སྙིང་པོ་བཟླ། །དང་པོ་འབོད་རྦད་གསད་གསུམ་དང་། །ཐ་མ་ཐུན་སྔགས་མཇུག་བརྟུལ་ལ། །བར་བར་ནུས་ཚད་བཟླས་ཤིང་གཏད། །གཏད་དོ་མ་གཏང་ཤོར་ར་རེ། །བྱས་ཤིང་གཏད་དེ་གཏེར་ཚུལ་བཞིན། །མོན་པ་མིང་སྲིང་གསུམ་གྱི་ལས། །རྡོ་རྗེ་གདན་གྱི་འོག་ནས་བྱུང་། །དེ་ལ་བྲིས་ནས་གནས་འདི་རུ། །སློབ་དཔོན་དམ་པ་ཆེ་རྣམས་ཀྱིས། །བཀའ་བསྒོ་བསྟན་པ་བསྲུང་དུ་བཅུག །ཟླ་བ་ཕྱེད་ཀྱིས་རྩལ་ཆེན་རྫོགས། །གསེར་གྱི་སྤུ་གྲི་ཆེན་པོ་སྲོག་ལ་ཡམ་རྦད། །ཧེ་ཧེ། ཨ་ཏི་ཨ་ཏི། ཡ་གྲུ་ཡ་གྲུ །ཏན་ཏ་གའི་ཉ་གསུམ་དང་། ངོ་ཕྱི་མའི་སྦྱོར་ཁ་གཞུང་ཁར་སྦས་པ་ཡི། ཁྲམ་གྱིས་ཡར་མར་ནང་ནས་རྟོན་པ་ཡི། །རི་མོའི་ནང་ནས་མན་ངག་ཆེ། །ཤེས་རབ་ཅན་གྱིས་དཔྱད་པར་བྱ། །སྤྱིར་ན་ཀུན་ཀྱང་བརྟག་པར་གཅེས། །མན་ངག་ཤས་རེ་ཀུན་ལ་ཡོད། །ཡིད་དག་མི་དགོས་མི་སྲིད་དེ། །དགོས་ཤིང་ཤེས་ནས་་་གདགས་ལ།བསྟན་པ་ཡིན། །གལ་པོ་ཆེ་རྣམས་དཔྱད་པར་བྱ། །སྙིང་པོ་རྫོགས་དང་མཎྜལ་དང་། །དམ་ཤིང་ལ་སོགས་བཞི་པོ་ཡང་། །མན་ངག་ཡིན་པར་ཤེས་པར་བྱ། །དྷྲིག་དྷྲིག་ཡས་ནི་དམ་ཤིང་གདབ། །བསྟོད་པས་སྐབས་སུ་བསྟོད་པར་བྱ། །ཐེ་ཚོམ་མ་ཟ་བརྩོན་འགྲུས་བསྐྱེད། །ཡིད་གཉིས་མ་ཟ་རྡོ་རྗེ་ཐོད་ཕྲེང་གསུང་། །ཕྱི་རབས་པ་ཡི་རྣལ་འབྱོར་པ། །བསྟན་པ་བསྲུང་བར་འདོད་པ་ན། །བྱང་སེམས་སྣ་ལྔ་་་རང་སེམས་ཟེར།རྩ་བརྡར་གཅད། །རྒྱལ་བ་རྣམས་ལ་མཆོད་པ་གྱིས། །དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་། །བསྟན་པ་འཇིག་ལ་ཐུག་པ་འམ། །ཆོས་འཁོར་འཇིག་པ་བྱུང་བ་ན། །མཚོན་འདི་དབྱུང་བར་བླ་མས་གསུང། །དེ་ལྟ་བུ་ཡི་དུས་བྱུང་ན། །སྐལ་པ་ཅན་དང་འཕྲད་པར་ཤོག །དེ་དང་འཕྲད་པའི་རྣལ་འབྱོར་པས། །ཉེས་བྱུང་ཙམ་ལ་ཁར་མི་དབྱུང་། །ཟང་ཟིང་ངོ་དགར་མ་སྤེལ་ཅིག །ཐ་ཚིག་དྲག་པོ་སྙིང་ལ་དྲན་པར་གྱིས། །བསྟན་པ་འཇིག་ལ་ཐུག་པ་འམ། །རང་གི་སྲོག་ལ་ཐུག་པ་ན། །བུ་དང་འདྲ་བ་གཅིག་ཙམ་མམ། །དམ་ལས་མ་འདའ་གང་ཐུབ་གྱིས། ཁ་ཐམ་ཁ་ཐམ་སརྦ་གུ་ཧྱ། །བདག་འདྲ་པདྨ་འབྱུང་གནས་དང། །ཝ་ཤར་དེར་དཀར་དམ་པ་དང་། བོ་དྷི་སཏྭ་སློབ་དཔོན་གསུམ། ཁྲི་སྲོང་ལྡེའུ་བཙན་བཙན་པོ་བཞི། །བི་མ་མི་ཏྲ་སློབ་དཔོན་ལྔས། །ཉིན་གསུམ་མཚན་གསུམ་བགྲོ་བ་མཛད། །བསྟན་པ་སྲུང་བའི་ངན་སྔགས་ལེའུ་རྣམས། །བསེ་ཡི་སྒྲོམ་བུར་སྦས་ཏེ་བཅུག་པ་ཀུན། །དཔལ་གྱི་སེང་གེ་ལ་སོགས་མི་ལྔ་ཡིས། །གནས་ཁང་ཀུན་ཏུ་རིམ་པར་སྦས་ཏེ་བཞག །སྒྲུབ་པ་དག་ལ་སྙིང་རུས་ཕྱུངས་ལ་བྱིན་ཅིག །ས་མ་ཡ་ྀཨཚ། མོན་བུ་པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་མན་ངག་དང་བཅས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་དེ་དཔལ་བསམ་ཡས་ཀྱི་ཀ་བར་སྦས་པ། ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་གཏེར་ནས་སྤྱན་དྲངས་ཏེ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་གནང་བ་ནས་རིམ་པར་བརྒྱུད་པའོ། །མངྒ་ལཾ།། །།
མན་ངག་རིན་པོ་ཆེའི་བང་མཛོད་དབང་སྡུད་ནོར་བུ་སྐོར་གསུམ་གྱི་གདམས་པ་ (Volume 52, Text 38)
༄༅༔ མན་ངག་རིན་པོ་ཆེའི་བང་མཛོད་དབང་སྡུད་ནོར་བུ་སྐོར་གསུམ་གྱི་གདམས་པ་བཞུགས་སོ༔ ྈྈྈྈྈ ཟབ་བཏུས་མན་ངག་རིན་ཆེན་བང་མཛོད་ལས༔ ལྷ་འདྲེ་མི་གསུམ་འགྲོ་བ་དབང་དུ་སྡུད༔ ཕོངས་པ་མེད་པར་ནོར་གྱི་དངོས་གྲུབ་འབྱུང༔ དབང་སྡུད་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ བསམ་ཡས་མཆིམས་ཕུའི་གནས་སུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ རྒྱལ་བློན་འབངས་གསུམ་བཞུགས་པའི་དུས༔ ཡེ་ཤེས་མཚོ་རྒྱལ་གྱིས་སྣོད་དགུའི་ནང་དུ་བདུད་རྩི་ཆང་གིས་བཀང་སྟེ༔ སློབ་དཔོན་ལ་དྲངས་ནས་ཞུས་པ༔ ཀྱེ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་ཀྱི་གཏེར་ཆོས་ཐམས་ཅད་མ་འོངས་པའི་དུས་སུ་གཏེར་ནས་འདོན་ཞིང༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་བྱེད་པ་ལ༔ དད་པ་ཆུང་ལ་འཐབ་རྩོད་བྱེད་པའི་མི་རྣམས་ཀྱིས༔ དེ་ལ་སྐུར་པ་ཞུ༔ ནོར་རྫས་རྣམས་ནི་དགྲ་དང་གཉེན་ལ་བསྐུར༔ ཆོས་ཕྱོགས་སུ་མི་གཏོང༔ བློ་སྣ་སྡིག་ལ་བྱེད་པའི་དུས་སུ༔ འགྲོ་བ་སེམས་ཅན་རྣམས་ལ་དབང་སྡུད་ཟབ་ལ་མྱུར་བའི་མན་ངག་ཅིག་གནང་འཚལ༔ ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ཁྱོད་ཤིན་ཏུ་བདེན༔ སེམས་ཅན་འདི་རྣམས་ལ་དབང་སྡུད་མ་བྱས་ན༔ རང་ལ་དད་པ་དང་གུས་པ་བྱེད་དཀའ་བས༔ དེ་དུས་དབང་སྡུད་ཟབ་མོ་དགོས་པ་ཡིན༔ དེ་ལ་དང་པོ་བདག་གིས་བྱས་པའི་དབང་སྡུད་ལ༔ ཆེ་བ་དབང་ཕྱུག་ཆེན་པོ་རླུང་ཞགས་ཀྱི་སྒྲུབ་པ་ལ་རིགས་མི་འདྲ་བ་གསུམ་ཡོད༔ མཆིམས་སྣ་ནམ་རྡོ་རྗེ་སྤྲེལ་ཆུང་ལ་གདམས་པ་ཡིན༔ འབྲིང་ཤ་ཟ་རལ་པ་ཅན་གྱི་སྒྲུབ་པ་ལ་རིགས་མི་འདྲ་བ་གསུམ་ཡོད༔ མཁའ་འགྲོ་མ་ལྔའི་སྒྲུབ་པ་ཡང་ཡོད༔ ཆུང་བ་ནོར་བུ་སྐོར་གསུམ་འདི་དང༔ དབྱུ་གུ་མ་མཆེད་གསུམ་དང༔ ཚོགས་བདག་གི་སྒྲུབ་པ་དང༔ རྫས་ཀྱི་སྒྲུབ་པ་དང༔ སྔགས་ཀྱི་སྒྲུབ་པ་མན་ངག་གི་རིགས་མི་འདྲ་བ་མང་དུ་བྱས་ཏེ༔ དེ་རྣམས་ཐམས་ཅད་ཕྱིའི་སྒྲུབ་པ་ཡིན༔ འདི་ནི་ནང་གི་སྒྲུབ་པ་སྙིང་དང་འདྲ་བ་ཡིན༔ དེ་སྔ་གཞན་ལ་བསྟན་པ་མེད་ཅིང་གཏེར་དུ་སྦས་པའང་མེད་དོ༔ དེ་བས་ད་ལྟ་ཉིད་དུ༔ ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ གསུངས་ནས་མཚོ་རྒྱལ་ཉིད་སོགས་རྒྱལ་བློན་འབངས་གསུམ་ལ་རྒྱ་རིམ་པ་གསུམ་གྱིས་བཏབ་ནས་གནང་བ་འོ༔ ྀཨཚ༔ དེ་ནི་ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས་སོ༔ ད་ནི་གདམས་པ་དངོས་ལ་དོན་རྣམ་པ་བཅུས་བསྟན་ཏེ༔ དང་པོ་རྫས་གསག་པ་དང་གཅིག༔ སྔགས་བཟླ་ཞིང་བསྙེན་པ་དང་གཉིས༔ འཁོར་ལོ་དང་གསུམ༔ རླུང་འཁོར་དང་བཞི༔ དུང་ལ་སྔགས་པ་དང་ལྔ༔ བསང་དུད་བྱེད་པ་དང་དྲུག༔ བདུད་རྩི་ཆང་ལ་བཏབ་ནས་བླུད་པ་དང་བདུན༔ དམིགས་པ་ལ་གཏད་པ་དང་བརྒྱད༔ ཡུངས་དཀར་ལ་སྔགས་ནས་དགུག་པ་དང་དགུ༔ མི་ཁ་ལྡང་ན་ལོག་གནོན་བསྟན་པ་སྟེ་བཅུ་འོ༔ དེ་ལ་དང་པོ་རྫས་བསྟན་པ་ནི༔ གཞན་གྱི་སེམས་གཟེང་པར་བྱེད་པ་གོ་བོའི་བྲུན༔ ཡིད་དུ་འོང་བར་བྱེད་པ་སེ་བའི་མེ་ཏོག༔ ཡིད་འགྱུར་བར་བྱེད་པ་ཕུར་མང་གི་མེ་ཏོག༔ རྟག་ཏུ་རང་ལ་གུས་པར་བྱེད་པ་ཕོ་དུང༔ རྟག་ཏུ་སེམས་བརྩེ་བར་བྱེད་པ་ནས་ཟན་ཀླད་པ༔ ཁྲོམ་དབང་དུ་འདུ་བར་བྱེད་པ་བྱ་རྒོད་ཤ༔ ཕོ་དབང་དུ་འདུ་བར་བྱེད་པ་ལྕགས་ཀྱི་དྲེག་པ༔ མོ་དབང་དུ་འདུ་བར་བྱེད་པ་ཁུག་རྟའི་བྲུན༔ བླ་མ་དབང་དུ་འདུ་བར་བྱེད་པ་གསེར༔ མི་དཔོན་ལ་ཕ་བང་ལོང་བུ༔ བཙུན་མོ་ལ་ལ་ཆའི་ཕྱེ་མ༔་་་ཟངས་ཀྱི་ཕྱེ་མ་ཟེར་བའང་སྣང་། དགེ་བཤེས་ལ་ལི་ཁྲི༔ སྔགས་པ་ལ་མཚལ༔ ལྷ་འདྲེ་ལ་ཕ་བང་ལོང་བུ༔ དེ་རྣམས་ཞིབ་པར་བརྡུངས་ལ༔ རིལ་བུ་སྲན་མ་ཙམ་བྱས་ལ༔ དེ་དག་གི་ནང་དུ་ཡུངས་དཀར་ཅི་མང་བླུག་སྙུག་ཚིག་ནང་དུ་བཏབ་སྟེ་དར་དམར་པོས་ཁ་བཅད༔ ཤིང་གླང་མས་ཁ་འདན་བྱེད༔ ཕུག་རོན་དོང་རུའི་རྒྱུད་ནས་ཕུས་འདེབས་སོ༔ ཟངས་གཞུ་མཛུབ་གང་པ་གཅིག་ལ༔ བྱང་སེམས་དཀར་པོ་བྱུག༔ ཟངས་མདའ་མཁྱིད་གང་བ་གཅིག་ལ་པདྨ་རཀྟ་བྱུག༔ བྱ་རྒོད་དམ་གྲི་རྒྱུས་ཀྱི་གཞུ་རྒྱུད་བྱ༔ དར་དམར་པོས་དྲིལ༔ གཞན་གྱིས་མ་མཐོང་བར་ལུས་ལ་བཅང༔ དེ་ནི་རྫས་ཀྱི་རིམ་པ་འོ༔ ྀཨཚ༔ གཉིས་པ་ལྷ་བསྒོམ་ཞིང་སྔགས་བཟླ་བ་ནི༔ སྐད་ཅིག་གིས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན༔ ཞལ་གཅིག་ཕྱག་གཉིས་པ་གཡས་ཟངས་ཀྱི་ལྕགས་ཀྱུ་དམར་པོ་བསྣམས་པ་ལས་ལྕགས་ཀྱུ་གྲངས་མེད་པ་སྤྲོས༔ གང་དམིགས་པའི་མི་ནོར་ཐམས་ཅད་བཟུང་ནས༔ རང་གི་སྙིང་གར་ཐིམ་པར་བསམ༔ གཡོན་པའི་ཞགས་པ་ལས་ཞགས་པ་གྲངས་མེད་པར་སྤྲོས་པས༔ འགྲོ་བ་ཕོ་མོ་ཐམས་ཅད་བཟུང་ནས༔ བདག་གི་མདུན་དུ་བྱུང་བར་བསམ༔ སྐུ་མདོག་དམར་པོས་དབང་གི་ལས་ཐམས་ཅད་འགྲུབ་པར་བསམ༔ རལ་པ་དམར་སེར་ལས་འོད་ཟེར་འཕྲོ་བས་ཡུལ་ཁམས་ཀྱི་མི་ནོར་ཐམས་ཅད་དེ་ལ་སེམས་ཆགས་ནས་མིག་ཡང་ཡང་བལྟ་བར་བསམ༔ རང་གི་གསང་གནས་སུ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ༔ མདའ་གང་ཙམ་ལངས་པ་ལ༔ ཕྱག་གཉིས་ཀྱིས་ཟངས་ཀྱི་མདའ་གཞུ་བཀང་བར་བསྒོམ༔ རྡོ་རྗེ་དམར་པོ་གྱེན་དུ་ལངས་པ་ལ༔ ལྷ་འདྲེ་མི་གསུམ་ལྷ་མི་ཀླུ་གསུམ༔ འགྲོ་བ་ཕོ་མོ་ཐམས་ཅད་སེམས་ཆགས་པར་བསྒོམ༔ བ་སྤུ་དམར་པོ་མདའ་ལྟར་འཕྲོ་བ་ལས༔ འོད་ཟེར་འཕྲོས་པས་དམིགས་བྱ་ཐམས་ཅད་རང་དབང་མེད་པར་རང་ལ་ཚུར་འདུས་པར་བསམ་ལ༔ སྔགས་འདི་བཟླའོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཾ་སིངྷ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛ༔ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཕཊ༔ ཨུ་མཱཿདྷེ་ཝཱི་ཧྲཱིཾ༔ མ་ཧཱ་དྷེ་ཝ་ཨེ་མཉྫུ་ཀུྑྞ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཧ་རི་ནི་ས་ར་ནི་ཛཿཛ༔ ཧ་རི་ནི་སས་བདག་ལ་རཏྣ་སིདྡྷི་ཧཱུྃ་ཛཿཛ༔ ཆེ་གེ་མོའི་ཙིཏྟ་འདུས་འདུས༔ སིབ་སིབ་ཀུང་སེ་ཀུང་སེ༔ ཁུག་འདར་ཁུག་འདར་ཁུག༔ ནིག་ནལ་ནིག་ནལ༔ ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ པཱ་ཤཾ་ཀུ་རུ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་ཞག་བདུན་བསྒྲུབ༔ དེ་ནས་ལས་སྦྱོར་དུས་སུ༔ གཞུ་ཡི་ཡི་གེ་ཡཾ་གིས་མཚན་པ༔ མདའ་ཡི་ཡི་གེ་རཾ་གིས་མཚན་པ་ལ༔ ཡཾ་ལས་རླུང་བྱུང་ནས་རཾ་ལ་ཕོག༔ རཾ་ལས་མེ་འབར་བས༔ རཾ་དམར་པོ་གཅིག་མཆེད༔ ཕོ་མོའི་སྙིང་ནང་དུ་ཕོག་པས༔ སེམས་གཡོས་ལུས་འདར་ནས་ཁམས་དམར་ལྷད་ལྷད་བྱས་ནས་ལྷུད་ལྷུད་མར་བབས་ཏེ་རང་ལ་ཐིམ་པར་བསྒོམ༔ སྲིད་པ་ཕོ་རྒྱུད་ཐམས་ཅད་གཡས་སུ་སྒ་ར་ར་འཁོར་བ༔ མོ་རྒྱུད་ཐམས་ཅད་དམར་ལྷད་ལྷད་བྱས་ནས་གཡོན་སྐོར་དུ་སྒ་ར་ར་འཁོར་བར་བསྒོམ༔ དམིགས་བྱ་རྣམས་འདར་ཡེད་ཡེད་སྔངས་ཡེད་ཡེང་བྱུང་ནས༔ རང་དབང་མེད་པར་རང་ལ་དད་པ་དང༔ གདུང་བ་དང༔ གུས་པར་བསྒོམ༔ སྔགས་འདི་བཟླ་འོ༔ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མཱཿདྷེ་ཝཱི་ཧྲཱིཾ༔ བུད་མེད་ཀྱི་མངལ་གྱི་སྲིན་བུ་སློངས༔ ཨེ་མོ་ལོང་ལོང་སྟོད་དུ་ལོང༔ ཨ་ཏི་ཁོལ་ཁོལ་སྨད་དུ་ཁོལ༔ ཛ་བོ་སྤུངས་སྤུངས་སྨད་དུ་སྤུངས༔ སེམས་ཀྱི་འདོད་ཆགས་འབྱུང་བས་དཀྲུགས་ཤིག༔ རླུང་གི་ཞགས་པས་དེད་ལ་ཤོག༔ ནྲྀ་ཨཱ་ཀརྵཱ་ཡ་ཧྲཱིང་ཛ༔ ཞེས་ཞག་བདུན་བཟླ༔ རྫས་དེ་རྣམས་དང༔ མདའ་གཞུ་ལ་སྔགས་སོ༔ དབང་སྡུད་འདི་གཅིག་པུས་ཀྱང་ཆོག༔ རྣོ་ལ་མྱུར་བའི་གདམས་པ་འདི་ཁོ་ན་འོ༔ ྀཨཚ༔ གསུམ་པ་འཁོར་ལོ་ལ་བརྟེན་ནས་དབང་དུ་སྡུད་པ་ནི༔ ཟིལ་གནོན་སེང་གེའི་ཙཀྲ་དང་གཅིག༔ མཛེས་བྱེད་རྨ་བྱའི་ཙཀྲ་དང་གཉིས༔ སྙན་བྱེད་དུང་གི་ཙཀྲ་དང་གསུམ་ལས༔ རེ་རེ་ལ་མུ་ཁྱུད་བཞི་རུ་བསྐོར༔ སེང་གེའི་ཙཀྲའི་ལྟོ་བར༔ བུད་མེད་བསྣོལ་མའི་སྟེང་དུ༔ རང་ཉིད་ཀྱི་གཟུགས་བྲིས༔ ཕྱི་རིམ་མུ་ཁྱུད་ལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་དང༔ འགྲོ་བ་ཕོ་མོ་ཁྱད་པར་དུ་ཡང་ཆེ་གེ་མོ་འདི་ཞེས་བྱ་བ་སོགས་རང་གི་དམིགས་ཡུལ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ མྱུར་དུ་ཁུག་ཅིག༔ དེའི་ཕྱི་རིམ་དུ༔ ཨོཾ་ཙཀ྄་ཤུ་རྩེར་ལྡེམ་གུམ༔ བུད་མེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲི༔ དེའི་ཕྱི་རིམ་དུ་རྩིབས་བདུན་ལ༔ ཨ་ནྲྀ་ཡ་མ་དུ་ཧྲཱིཾཿཛ༔ ཞེས་བྲི༔ རྩིབས་མཆན་དུ་ཡང་བུད་མེད་ཡིད་དུ་འོང་བའམ༔ ཡུལ་དེའི་རྒྱལ་པོ་དང༔ བཙུན་མོ་རྣམས་ཀྱི་གཟུགས༔ རང་ལ་གུས་པ་དང་འདུད་པའི་ཚུལ་བྱའོ༔ དེའི་ཕྱི་རིམ་འདི་བྲི༔ ཨོཾ་ཤ་ཤ་པྲ་ཏི་ཙི་ཏྲ་ཙི་ཏྲཾ་ཤོག་མོས་ཤོག་ཤོག༔ ཙག་ཙག་ཙིག་ཙིག་མེ་འབར་ལྷམ་ལྷམ་ཆེ་གེ་མོ་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་རིམ་དུ༔ ཨཱ་ལི་ཀཱ་ལི་ཡེ་དྷརྨ་བྲིའོ༔ མཛེས་བྱེད་རྨ་བྱའི་ཙཀྲ་ལ་ལྟོ་བར༔ རང་དང་བསྒྲུབ་བྱ་དེ་ཁ་སྦྱོར་བྱས་པའི་གཟུགས་བྲིས་པ་ལ༔ དེའི་ཕྱི་རོལ་གྱི་སྔགས་གོང་དང་འདྲ༔ དེའི་ཕྱི་རོལ་དུ་ཙཀ྄་ཤུ་གོང་དང་འདྲ༔ རྩིབས་མཆན་ལ་ཡང་གོང་དང་འདྲ༔ དེའི་ཕྱི་རིམ་ལ་ཡང་ཨོཾ་ཤ་ཤ་ཚང་བར་བྲི༔ དེའི་ཕྱི་རོལ་ལ་ཡང་ཨཱ་ལི་ཀཱ་ལི་དང་ཡེ་དྷརྨ་བྲིའོ༔ སྙན་བྱེད་དུང་གི་ཙཀྲའི་ལྟོ་བར༔ རང་ལ་བུད་མེད་དང་རྒྱལ་པོ་གུས་པའི་གཟུགས་བྲིས༔ གཞན་ཐམས་ཅད་གོང་དང་འདྲ༔ བསྙེན་པ་གོང་མའི་གཤམ་དུ༔ ཨོཾ་ཙཀ྄་ཤུ་དང་ཨ་ནྲྀ་ཡ་མ་དང་ཨོཾ་ཤ་ཤ་དང་གསུམ་སྦྲེལ་ལ་སྔགས༔ རྫས་གོང་མ་རྣམས་འཁོར་ལོའི་ལྟོ་བར་བྱུག༔ སེང་གེ་གཡས༔ རྨ་བྱ་གཡོན༔ དུང་དབུས་སུ་བཏགས་པས༔ ལྷ་འདྲེ་མི་གསུམ་རང་དབང་མེད་པར་དབང་དུ་འདུ་འོ༔ འདི་ལ་སྔགས་གོང་མ་གཅིག་པུས་ཀྱང་འགྲུབ་བོ༔ བར་པ་གཅིག་པོས་ཀྱང་འགྲུབ་བོ༔ འོག་མ་གཅིག་པུས་ཀྱང་འགྲུབ་བོ༔ དབང་སྡུད་ལས་ཀྱི་ཡང་ཁོལ་འདི་ལས་ཟབ་པ་མེད་དོ༔ དབང་སྡུད་ཐམས་ཅད་ཀྱི་ཡང་སྙིང་འདི་གཅིག་པུས་ཀྱང་ཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་བོ༔ ྀཨཚ༔ བཞི་པ་འབྱུང་བ་རླུང་ལ་བཅོལ་ནས་རླུང་འཁོར་བྱེད་པ་ནི༔ འཁོར་ལོ་སྟེང་འོག་གཉིས་བྱས་ལ༔ མུ་ཁྱུད་གསུམ་རེ་བྱས་ནས༔ ལྟེ་བར་བུག་པ་བྱའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཙཀ྄་ཤུ་རྩེར་ལྡེམ་གུམ༔ འགྲོ་བ་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲི༔ ཕྱི་རོལ་རྩིབས་བདུན་ལ༔ ཨ་ནྲྀ་ཡ་མ་དུ་ཧྲཱིཾཿཛ༔ ཡི་གེ་འབྲུ་རེ་བཞིན་གཟབ་ནས་བྲིས༔ དེའི་ཕྱི་རོལ་དུ༔ ཨོཾ་ཤ་ཤ་པྲ་ཏི་སོགས་ཚང་བར་བྲིས༔ ཕོ་འཁོར་གཡས་སུ་བསྐོར་བ་བྲི༔ མོ་འཁོར་གཡོན་དུ་བསྐོར་བ་བྲི༔ ཕོ་མོ་སྟེང་ཞབས་བྱས་པའི་བར་དུ༔ འཁོར་ལོ་མང་ན་བརྒྱ་རྩ་བརྒྱད༔ འབྲིང་ལྔ་བཅུ༔ ཐ་མ་ཉི་ཤུ་རྩ་བདུན་བྱས་པའི༔ སྟེང་ཐམས་ཅད་ཡིག་མགོ་འམ་ངོ་ནང་དང་འོག་མ་ཐམས་ཅད་རྒྱབ་ཏུ་བསྟན་ལ༔ སྔགས་འདི་རྣམས་ཆད་ལྷག་མེད་པར་བྲིའོ༔ ཨོཾ་ཆུ་ལྷུད་ལྷུད་འདར་ཡེད་ཡེད་སྟོད་ལ་ཁུལ་ཁུལ་རྩ་ལ་གྲམ་གྲམ་འདར་རྒྱས་རྒྱས་ལ་སྭཱ་ཧཱ༔་་་མིང་བཅུག །ཨོཾ་ཨ་ཏི་ཁོལ་ཁོལ་སྟོད་ནས་ཁོལ༔ ཨ་མོ་ནན་ནན་སྨད་ནས་ནན༔ འདོད་ཆགས་ཀྱི་རྩ་བ་སྟེང་ནས་དཀྲུགས༔ གྷི་ཏི་ཆུག་ཙིཏྟ་ཕྱུངས༔ སྣང་རྒྱས་རྣམས་ཟེད་ཟེད་ཕུལ་ཕུལ་ལྷང་ལྷང༔ ལྷ་མོ་མྱུར་དུ་ཁུག༔ ཡུངས་དཀར་གྱིས་ཕོ་མོའི་དབང་པོ་ཤིགས༔་་་མིང་བཅུག །ཨོཾ་ཡ་ཁ་གཟིར་གཟིར་ན་རུང་རུང་དམ་ལ་ཤོག༔ ཆུ་ཁྲིད་འདོད་ཆགས་ཀྱི་མཚོ་མོ་གཏིང་ནས་དཀྲུགས༔ སྲིན་བུ་མགོ་མང་གི་ཚང་ཤིགས་ཕཊ༔ ཆེ་གེ་མོའི་དབང་ཐང་ལུས་ལ་ནད་ཕོབ་སྭཱ་ཧཱ༔ ཆེ་གེ་མོ་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཨོཾ་ཡ་མ་འཇུར་འཇུར་ཧྲིཾ་ཧྲིཾ་ལ་རྨ་ཧྲི་རྨ་ཧྲཱིཾ་ཧྲཱིཾ༔ ས་བདག་མོ་བུད་མེད་དམར་མོའི་ཙིཏྟ་ཁུག་ཁུག་སྭཱ་ཧཱ༔་་་མིང་བཅུག །ཆེ་གེ་མོ་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཧྲི་ཏྲི་སློངས་སློངས་བྷ་ཤག་ཁུག་སྭཱ་ཧཱ༔ ཨོཾ་ཏྲི་ལ་དཀར་པོ་ཆོ་ཆོ༔ ཏྲི་ལ་ས་ཤང་དུ་ན་ཁ་ལ་མྱང་མྱང་སྭཱ་ཧཱ༔ ཛུབ་ཛུབ་ཆེ་གེ་མོ་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ཨོཾ་ཛབ་ཛབ་ཛུབ་ཛུབ་ཧྲི་ཏྲི་སློངས་ནྲྀ་ཛ་སྭཱ་ཧཱ༔ བྷི་ཤ་བྷ་ཤ་ཁོལ་ཁོལ༔ ཙག་ཙག་དུང་དུང་ཡེད་ཡེད༔ ཆེ་གེ་མོ་བདག་གི་དབང་དུ་སྡུས་ཤིག༔ ཅེས་དབང་སྡུད་ཐམས་ཅད་ཀྱི་ཡང་སྙིང་ཟབ་པའི་མཐར་ཐུག་འདི༔ ཡི་གེ་ཕྱི་ནང་དུ་གང་ཤོང་ལྷག་ཆད་མེད་པར་བྲི༔ བར་བར་དུ༔ ཡུལ་ཁམས་སམ་དམིགས་བྱ་གང་ཡིན་གྱི་མིང་བཅུག་ལ༔ བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ འཁོར་ལོ་འདི་རྣམས་ལ་གོང་གི་རྫས་བྱུག༔ བཀྲ་ཤིས་པའི་ཉི་མ་ལ་ཐེབས་ཡོད་པའི་དུས༔ རང་གི་ཁྱིམ་གྱི་ཕྱོགས་ན་ཡུལ་ཁམས་དང་བསྟུན་ལ༔ མཐུན་ཕྱོགས་སུ་བཙུག་གོ༔ འཁོར་ལོའི་ཐོག་ཏུ་བྱིན་རླབས་ཅན་གྱི་གདུང་རིང་བསྲེལ་གོང་གནོན་དུ་བཞག༔ རླུང་ཁང་ཁང་སྒྲོམ་མའམ་འོ་རུམ་གང་བདེ་བྱའོ༔ ཚོགས་དང་གཏོར་མ་ལ་གཟབ་བོ༔ བཀྲ་ཤིས་བརྗོད༔ གཞི་བདག་ལ་བཀའ་བསྒོ༔ གཏོར་མ་སྦྱིན༔ གསེར་སྐྱེམས་མཆོད༔ གཞན་ལ་མེད་པའི་དབང་སྡུད་ཀྱི་རླུང་འཁོར་འདི་ལས་ཟབ་པ་རྒྱལ་ཁམས་ཀུན་ན་ཡོད་རེ་ཀན༔ གཞན་རྣམས་ཕྱིའི་དབང་སྡུད་ཡིན༔ འདི་ནི་ནང་གི་དབང་སྡུད་ཡིན་པས་ཤིན་ཏུ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་དུང་ལ་སྔགས་པ་ནི༔ དུང་སྐད་ཚོར་ཚད་ཐམས་ཅད་སེམས་སྟོང་སྟོང་ཞིང༔ རང་དབང་མེད་པར་དབང་དུ་འདུ་བའི་གདམས་པ་ལ་གོང་འོག་གི་སྔགས་ཐམས་ཅད་ཀྱིས་དུང་སྔགས་ལ༔་་་གོང་གི་རྫས་ཀྱིས་དུང་ཁ་ལ་བྱུགས། ཡུལ་ཕྱོགས་གང་དབང་དུ་འདུ་བར་འདོད་པའི་ཕྱོགས་སུ་ཁ་བསྟན་ལ་འབུད་དོ༔ དུང་གི་སྐད་གང་གིས་ཚོར་བ་ཐམས་ཅད་རང་དབང་མེད་པར་དབང་དུ་འདུ་འོ༔ དུང་ལ་མི་གཞན་གྱི་ཁ་གཏད་མི་བཅུག༔ དུང་གི་རིགས་གང་ཡིན་ཡང་ཉན༔ གླིང་བུ་ལ་སྔགས་ཀྱང་ཉན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དྲུག་པ་བསང་དུད་ལ་བརྟེན་ནས་ཡུལ་ཁམས་དབང་དུ་སྡུད་པ་ནི༔ གོང་གི་རྫས་རྣམས་ཕྱེ་མར་ལ་བླུག༔ དུག་གི་ཤིང་མ་ཡིན་པའི་ཤིང་སྣ་ཚོགས་ཀྱི་མེ་ལ་དྲི་བཟང་པོ་སྣ་ཚོགས་བསྲེས་ལ་བསང་དུད་བཏང་བས༔ དུད་པས་གང་ཕོག་གི་ལྷ་འདྲེ་མི་གསུམ་དབང་དུ་འདུ་འོ༔ ཁྱད་པར་དུའང་ཡུལ་ཁམས་ལྷ་འདྲེ་ཡུལ་ལྷ་ཐམས་ཅད་དབང་དུ་འདུ་འོ༔ རང་ལ་གུས་ཤིང་སྙན་གྲགས་སྒྲོག་གོ༔ ཟབ་པའི་མཐར་ཐུག་རྣོ་བའི་རལ་གྲིའོ༔ རྡུང་བའི་ཐོ་བའོ༔ འབྲེག་པའི་ཟོར་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ བདུན་པ་ཆང་གི་ནང་དུ་བཏབ་ནས་ཁར་རེག་ཚད་ཐམས་ཅད་བདག་གི་དབང་དུ་སྡུད་པར་བྱེད་པ་ལའང༔ གོང་གི་རྫས་རྣམས་སྔགས་ལ་ཐོད་པ་ལ་སོགས་པའི་ནང་དུ་བདུད་རྩི་དང་བསྲེས་ཏེ༔ གསོལ་འདེབས་ཉམས་མགུར་ཚོགས་འཁོར་སོགས་ཀྱི་སྐབས་དང་བསྟུན་ཏེ་ཐིགས་པ་ཁར་བླུད་པས༔ ངུ་སྐད་འདོན་ཅིང་ས་ལ་སྡོད་མི་ཚུགས་པར་ཆགས་པའི་ཉམས་སྐྱེ་བ་དང༔ ཕངས་སེམས་མེད་པར་ནོར་རྫས་ཐམས་ཅད་རང་དབང་མེད་པར་རང་ལ་འབུལ་ལོ༔ སྙེམས་པའི་རྟོག་པ་སྐྱེས་ན་དབང་དུ་བསྡུ་བའི་གདམས་པ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ བརྒྱད་པ་དམིགས་པས་ཐམས་ཅད་རང་དབང་མེད་པར་བཀུག་པ་ནི༔ རང་ཉིད་མཁའ་འགྲོ་སེང་གེའི་གདོང་པ་ཅན་བསྒོམ་པ་གོང་དང་འདྲ༔ སྔགས་རྒྱུན་པར་བརྒྱ་རེ་བཟླས་ལ་རྫས་ཀྱི་ཁ་གསོ༔ ཁྲོམ་ལ་ནས་འབྲུ་ལ་སྔགས་ནས་གཏོར་བས་དབང་དུ་གྱུར་པ་ཐམས་ཅད་ལྡོག་ཏུ་མེད་པར་མོས་པ་བརྟན་པར་འགྱུར་རོ༔ རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས་པས་དམིགས་བྱ་ཐམས་ཅད་ཀྱི་སྙིང་ནང་དུ་ཞུགས་པས་ལུས་སེམས་གཡོས་ཏེ༔ ལུས་ངག་ཡིད་གསུམ་རང་དབང་མེད་པར་འོད་ཟེར་དམར་པོའི་རྣམ་པར་བྱུང་ནས༔ རང་གི་གནས་གསུམ་དུ་ཐིམ་པར་བསྒོམ་པ་ནི་མན་ངག་དམ་པའོ༔ དམིགས་པའི་གདམས་པ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དགུ་པ་ཡུངས་དཀར་ལ་བརྟེན་ནས་ཡུངས་དཀར་རེ་རེས་བུད་མེད་རེ་རེ་འགུགས་པ་ནི༔ ཉུངས་དཀར་རེ་རེ༔ མོའི་སྙིང་གའམ་སྤྱི་བོ་གང་རུང་དུ་བརྡེགས་པས་ཐམས་ཅད་རང་དབང་མེད་པར་འགུགས་པར་འགྱུར་རོ༔ ལོག་གནོན་ལ་ཆུས་ཁ་བཀྲུ་བའམ༔ རང་དང་བར་ནས་ཆུས་ཆོད་ན༔ ལོག་གནོན་དུ་འགྱུར་རོ༔ ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ བཅུ་པ་རང་ལ་མི་ཁ་བྱམས་ཤིང༔ རང་ལ་མི་སྡང་བ་དང༔ དུས་རྟག་ཏུ་དབང་དུ་འདུ་བ་དང༔ གཞན་གྱི་དབང་དུ་མི་འགྲོ་བའི་གདམས་པ་ནི༔ མི་ལྤགས་ཀྱི་ལྷྭམ་བུ་བྱས་པའི་ནང་དུ༔ གོང་གི་རྫས་རྣམས་དང་ཁྱི་མོ་ལོང་བའི་སྟུ་ཤ་དང༔ ར་རྒྱ་བོའི་རླིག་ཚིལ་དང༔ བུད་མེད་འཕྱོན་མའི་ཆུ་ཤུལ་གྱི་ས༔ དེ་རྣམས་བླུགས་ལ་བུད་མེད་དམ་རྒྱལ་པོ་དང་བཙུན་མོ་གང་ལ་བྱེད་པའི་རཱུ་པ་བྲིས་མཐར༔ རླུང་འཁོར་གྱི་སྔགས་རིང་མིང་སྤེལ་དང་བཅས་པ་བྲི༔ ཕོ་མོ་གཉིས་ཁ་སྦྱར་ལ་ལྷྭམ་ནང་དུ་བཅུག་སྟེ༔ གོང་གི་སྔགས་རིང་ཐུང་བརྒྱ་རེའམ༔ ཉེར་གཅིག་རེ་མ་ཆག་པར་དམ་བཅའ་བཟུང་ལ་བཟླ་འོ༔ ལོག་གནོན་གཟེར་བུའི་མན་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ གཞན་གྱི་ནོར་སྒྲུབ་དབང་སྡུད་འགུགས་སྔགས་ལ་སོགས་པ་ཅི་རིགས་རྣམས་ཤེས་ན༔ རླུང་འཁོར་དུ་བྲིས་ཏེ༔ འདོད་པའི་དོན་ལ་གསོལ་བ་འདེབས༔ མུ་སྟེགས་ལ་སོགས་ཕྱི་པའི་སྔགས་མི་བཅུག་པ་མན་ངག་ཡིན༔ དེ་ལྟར་ནོར་སྒྲུབ་དབང་སྡུད་འགུགས་པ་ཐམས་ཅད་ཕྱོགས་གཅིག་ཏུ་འོང་བའི་གདམས་པ་ཟབ་མོ་འདི་ནི་འགྲུབ་སླ་ལ་དོན་ཆེན་པོ་ཡོད་པའི་མན་ངག་འདི༔ ཁམས་གསུམ་དབང་སྡུད་ཆེན་མོ་ཡིན་ནོ༔ ཟས་ནོར་ཁ་རྒྱ་མཚོ་ལུད་པ་ལྟར་དུ་འོང་བ་ལ་ཐེ་ཚོམ་མེད་དོ༔ ཆེ་བཙུན་ཆུང་བཙུན་ཐམས་ཅད་བྲན་ལྟར་འདུ༔ སྲིད་གསུམ་ཟིལ་གྱིས་གནོན་པ་ཡིན༔ འགྲོ་བ་ཕོ་མོ་ཐམས་ཅད་རང་གིས་ཁྱི་ཁྲིད་པའམ༔ བུ་ཆུང་གིས་ཕ་མ་མཐོང་བ་ལྟ་བུར་འོང་ངོ༔ འདི་མ་བྱུང་ན་པདྨ་ང་ཉིད་ཀྱིས་སེམས་ཅན་ཐམས་ཅད་བསླུས་པར་འགྱུར་རོ༔ ཐེ་ཚོམ་ཡིད་གཉིས་ཟ་མི་དགོས༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དཀོན་མོད་རྒྱལ་ཁམས་འགྲིམ་དང་མངོན༔ གོང་འོག་བར་གསུམ་རེ་རེ་ནས༔ འགྲུབ་པའི་མན་ངག་དམ་པ་འདི༔ སུ་ཡིན་ཡིན་ལ་སྤེལ་ན་ནོར་ལྷ་དང་མཁའ་འགྲོ་མ་རྣམས་ཐུགས་ཁྲོས་ནས་རང་ལ་དངོས་གྲུབ་མི་འབྱུང་བའི་གནད་ཡོད་དོ༔ འདིའི་ལུང་ཞུ་བའི་དུས་སུ་རིན་པོ་ཆེ་དང་རྟ་དང་ནོར་རྫས་ཟས་གོས་སོགས་ཡིད་ཆགས་པ་འབུལ་བ་གནད་ཡིན་ནོ༔ དེ་མ་ཕུལ་ན་རང་ལ་དངོས་གྲུབ་མི་འབྱུང་ངོ༔ རང་གང་ལ་ཡིད་ཆགས་པའི་ནོར་རྫས་ཕུལ་ན༔ དངོས་གྲུབ་མྱུར་ཞིང་བར་ཆད་མི་འབྱུང་ངོ༔ གདམས་ཟབ་མན་ངག་དབང་སྡུད་འདི༔ མ་འོངས་སེམས་ཅན་དོན་ཆེད་དུ༔ པདྨ་ང་ཡིས་གཏེར་དུ་སྦས༔ ཀླུ་བདུད་མགོ་དགུ་ཁྱོད་ལ་གཏད༔ ཁྱོད་ཀྱང་གཏེར་འདི་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ༔ ྀཨཚ༔ སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པས་ཀོང་ཡུལ་རྩེ་ཆེན་བྲག་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །། ༄༅། །སེང་གདོང་དབང་ཕྱུག་ཆེན་པོ་རྩ་གསུམ་གྱི་སྒྲུབ་ཐབས་ལས་བྱང་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། །ཨོཾ་སྭསྟི། དབང་ཕྱུག་ཆེན་པོ་སེང་གདོང་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཕྲེང་བ་འདི་ལ་དོན་བརྒྱད་དེ། དལ་དང་། རྫས་དང་། པཱུ་ཛ་དང་། བདག་བསྐྱེད་དང་། མདུན་བསྐྱེད་དང་། བསྙེན་སྒྲུབ་དང་། དབང་སྡུད་དང་། མེ་མཆོད་དང་བརྒྱད་དོ། །དང་པོ་ལ་ནི། དབེན་ཞིང་གཙང་མ་ཉམས་དགའ་བའི་གནས་སུ། ཚོང་དུས་ཆེན་པོའི་བཀྲ་ཤིས་པའི་ས་དམར་པོ་བླངས་ལ་མཎྜལ་གྲུ་བཞི་མདའ་གང་པ་ཞིག་བྱས་ལ། ཙནྡན་དམར་པོ། སིནྡྷུ་ར། རཀྟ་གཙང་མ། བུ་མོ་གཙང་མའི་ཆུ། ཐབས་ཤེས་ཚང་སྦྱར་མལ་གྱི་ས། འདི་རྣམས་ཀྱིས་བྱུགས་ལ། ཆོས་འབྱུང་དམར་པོ་ལོག་རེ་ལ་མཐོ་རེའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པ་བྲིའོ། །གཉིས་པ་རྫས་ནི། དེའི་ཐོག་ཏུ་མཉྫིའི་ཁར་ཟངས་སྡེར་གྱི་ནང་དུ་རྫས་གཞག་སྟེ། བསྡུ་ཐབས་ཞལ་ལས་ཤེས་སོ། །དར་དམར་པོས་ཞལ་ཁེབས་བྱའོ། །གསུམ་པ་པཱུ་ཛ་ནི། གཏོར་མ་སྟོད་ཟུར་གཉིས་པདྨས་བསྐོར་བ་སྨུག་རྩིས་བྱུགས། མེ་ཏོག་གིས་བརྒྱན་པ་ལ་དར་དམར་གདུགས་དང་ཚོགས་འཁོར་རྒྱས་པར་བཤམ། དེ་ནི་བཅའ་ཐབས་ཀྱི་རིམ་པའོ། །བཞི་པ་བདག་བསྐྱེད་ནི། དེ་ནས་རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་བྱ༔ ཞེས་གསུངས་པས། སྐྱབས་འགྲོ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ མཚམས་གཅད་པ་ནི། རང་ཉིད་སྐད་ཅིག་གིས་དཔའ་བོ་རྟ་མགྲིན་ཡུམ་དང་བཅས་པའི་སྐུར་བསྐྱེད་ལ། བགེགས་གཏོར་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་སྦྱངས་ཏེ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་ལྡིང་གི་རྒྱ་སྟོན་བཞིན་པར་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་མཐར་ཧ་ཧོ་ཧྲཱིཿ ཞེས་དང་། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵཱ་ཡ་ཛཿ ཞེས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དམ་བ་ལིཾ་ཏ་སྭཱ་ཧཱཿ ཞེས་རྡོར་ཐལ་ཕྱེ་བས་ལན་གསུམ་དུ་བསྔོས་ཏེ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཿཧཱུྃ༔ དངོས་གཞི་ལྷ་བསྐྱེད་པ་ལ། ཐོག་མར་སྟོང་ཉིད་བསྒོམ། སྟོང་པའི་ངང་ལས་རང་གི་རྣམ་པར་ཤེས་པའི་ངོ་བོ་བཾ་དམར་པོ་འོད་ཟེར་འབར་བ་ཞིག་ཏུ་གྱུར༔ དེ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཆོས་འབྱུང་བསྣོལ་མ་དམར་པོ༔ རྩེ་མོ་རྣོ་བ་ཐུར་དུ་བསྟན་པ༔ ཁ་ཁྱེར་ཆེ་བ་གྱེན་དུ་བསྟན་པ༔ དེའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ༔ དེའི་ལྟེ་བར་ཉི་མའི་སྟེང་དུ་ཡི་གེ་བཾ་དམར་པོ་འོད་དུ་ཞུ་བ་ལས༔ བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་ཤིན་ཏུ་དམར་བ༔ སེང་གེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ༔ མཆེ་བ་ཅུང་ཟད་མངོན་པ༔ ཁྲོ་འཛུམ་འགྱིང་བག་སྒེག་ཅིང་ཆགས་པའི་ཉམས་ཅན༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་སུ་བཞུགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་འཐོར་ཞིང་ཐུར་དུ་གཡེངས་པ༔ ཐོད་སྐམ་ལྔའི་དབུ་རྒྱན་དང༔ རློན་པ་ལྔ་བཅུ་དང་མེ་ཏོག་དམར་པོའི་ཕྲེང་བས་དོ་ཤལ་བྱས་པ༔ སྐུ་ལ་རིན་པོ་ཆེ་དང་རུས་པས་བརྒྱན་པ༔ དར་གྱི་ཅོད་པན་དང་ལྷབ་ལྷུབ་ལྡ་ལྡིས་བརྒྱན་པ༔ ཕྱག་གཡས་ལྕགས་ཀྱུ་དམར་པོ་འགུགས་ཐབས་སུ་འཛིན་ཅིང༔ གཡོན་པས་ཞགས་པ་དམར་པོ་འདེབས་ཐབས་སུ་བསྣམས་པ༔ འོད་ཕུང་དམར་པོའི་དཀྱིལ་ན་བཞུགས་པར་བསམ༔ སྤྱི་བོར་པདྨ་ཉི་མའི་སྟེང་དུ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་ཅུང་ཟད་མངོན་པ༔ ཁྲོ་འཛུམ་འགྱིང་བག་སྐྱིལ་ཀྲུང་གིས་བཞུགས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བསྣམས་པ༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ གྲུ་མོ་ན་ཁ་ཊྭཱཾ་ག་རྩེ་གསུམ་འཁྱུད་པ༔ དབུ་སྐྲ་གྱེན་དུ་བཅིངས་ཤིང་ཐུར་དུ་གསིལ་བ༔ ཐོད་སྐམ་ལྔས་དབུ་ལ་བརྒྱན་པ༔ སྟག་ཤམ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་ནས་བཞུགས་པར་བསྒོམ༔ རང་གི་གསང་བའི་གནས་ཀྱི་དབང་རྟགས་དེ་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཤིན་ཏུ་དམར་ཞིང་རལ་པ་དམར་སེར་འཕྱོ་བ་ཕྱག་གཉིས་ཀྱིས་ཟངས་ཀྱི་མདའ་གཞུ་བཀང་བ་ཞབས་དོར་སྟབས་སུ་བཞུགས་པ༔ གསང་རྡོར་དམར་པོ་གྱེན་དུ་བསྒྲེངས་པ༔ སྐུ་གཅེར་བུ་ཁྲོ་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན༔ དར་དང་མེ་ཏོག་དམར་པོ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཞིང་འོད་དང་འོད་ཟེར་དམར་པོ་འཁྲུགས་པའི་དབུས་ན་ཁམས་གསུམ་ཐམས་ཅད་དབང་དུ་སྡུད་ནས་བཞུགས་པ༔ ཕྱོགས་བཞིར་པདྨ་འདབ་བཞི་ལ་ཉི་མའི་སྟེང་དུ་ཧ་རི་ནི་ས་ཡོངས་སུ་གྱུར་པ་ལས་རིགས་བཞི་མཁའ་འགྲོ་སེང་གདོང་དམར་མོ་བཞི་རྒྱན་ཆ་ལུགས་གཙོ་བོ་ལྟ་བུ༔ འོད་དང་གཟི་བརྗིད་ལྡན་པ་སྤྲུལ་པ་དང་འོད་ཟེར་ལས་ལ་འགྱེད་ཅིང་ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་དམིགས་པ་ཐམས་ཅད་རང་དབང་མེད་པར་ཆགས་ཤིང་འདུས་པར་བསྒོམ༔ དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་དམར་པོ་ལ་སྔགས་ཀྱིས་གཡས་སུ་བསྐོར་བར་བསམ༔ དེ་ནི་བདག་བསྐྱེད་དོ། །ལྔ་པ་མདུན་བསྐྱེད་ནི། དཀྱིལ་འཁོར་གཏོར་མ་དལ་དང་སྡེར་རྫས་མི་དམིགས་པ་ལས༔ བདག་བསྐྱེད་ལྟ་བུར་སྐད་ཅིག་གིས་བསྐྱེད་དོ༔ ཞེས་གསུངས་པས། རྒྱས་པར་ན། མདུན་རྟེན། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། མདུན་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་ཆོས་འབྱུང་བསྣོལ་མ་དམར་པོ༔ རྩེ་མོ་རྣོ་བ་ཐུར་དུ་བསྟན་པ༔ ཁ་ཁྱེར་ཆེ་བ་གྱེན་དུ་བསྟན་པ༔ དེའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ༔ དེའི་ལྟེ་བར་ཉི་མའི་སྟེང་དུ་ཡི་གེ་བཾ་དམར་པོ་འོད་དུ་ཞུ་བ་ལས༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་པདྨ་རཱ་ག་ལྟར་སོགས་ནས། སྔགས་ཀྱིས་གཡས་སུ་བསྐོར་བར་བསམ༔ ཞེས་པའི་བར་གོང་ལྟར་བརྗོད་ཅིང་གསལ་གདབ། བསྡུ་ན་ཡིད་ཀྱིས་གསལ་བར་བསྒོམས་ཀྱང་ཆོག་གོ །དྲུག་པ་བསྙེན་སྒྲུབ་ནི། དེ་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས་སློབ་དཔོན་པདྨ་འབྱུང་གནས་འཁོར་རིག་འཛིན་དཔའ་བོ་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས་པ་དང༔ ཨོ་རྒྱན་མཁའ་སྤྱོད་དྲག་པོའི་གནས་ནས་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་དང༔ ལྷ་གནས་སུམ་ཅུ་རྩ་གསུམ་གཞན་འཕྲུལ་དབང་བྱེད་དང༔ གངས་དཀར་ཏི་སེ༔ ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ལ་སོགས་པ་ནས་ལྷ་ཆེན་དབང་ཕྱུག་ཆེན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྷ་ཚོགས་མ་ལུས་ཤིང་མི་ལུས་ལུས་པ་མེད་པའི་ཚོགས་དང་བཅས་པ་རྣམས༔ སྔོན་གྱི་ཐུགས་དམ་དབང་གིས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར༔ བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་མཁའ་འགྲོ་སེང་གདོང་མ༔ དབང་ཕྱུག་ཆེན་པོ་དབང་གི་ལྷ༔ རིགས་བཞིའི་མཁའ་འགྲོ་སེང་གདོང་བཞི༔ འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར༔ གར་གྱི་སྟངས་སྟབས་ཁྱུགས་སེ་ཁྱུག༔ དབུ་ལ་དུར་ཁྲོད་རྒྱན་གྱིས་བརྒྱན༔ དབུ་སྐྲ་ལྕང་ལོ་ལིངས་སེ་ལིང༔ དར་གྱི་ཅོད་པན་པུ་རུ་རུ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ བྱིན་རླབས་དངོས་གྲུབ་སྤུངས་སེ་སྤུང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ རྒྱུད་འཛིན་བུ་ལ་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་བཾ་སིངྷ་དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛ༔ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མཱཿདྷེ་ཝཱི་ཧྲཱིཾཿས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི། ཧྲཱི༔ སྟོང་གསུམ་སྲིད་གསུམ་དབང་བྱེད་པའི༔ སྤྲུལ་སྐུ་སེང་གདོང་དམར་མོ་དང༔ དབང་ཕྱུག་ཆེན་པོ་འཁོར་བཅས་རྣམས༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱག་འཚལ་བ་ནི། ཨོཾ་ཨཱ་ཧཱུྃ༔ ཆོས་དབྱིངས་རྣམ་དག་ཀློང་དཀྱིལ་ནས༔ རང་བྱུང་ཡེ་ཤེས་ལྷུན་གྲུབ་ལྷ༔ བླ་མ་ཡི་དམ་དྷཱ་ཀི་ལ༔ གུས་པའི་ཚུལ་གྱིས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་དང་ནི་བདུག་སྤོས་དང༔ མར་མེ་དྲི་དང་ཞལ་ཟས་དང༔ སིལ་སྙན་ཡིད་འོང་མཆོད་པའི་རྫས༔ རྐང་གླིང་ཐོད་པའི་རྔ་སྒྲ་དང༔ བདུད་རྩི་གཏོར་མ་རཀྟ་དང༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ རབ་ཏུ་དགྱེས་པར་བཞེས་སུ་གསོལ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་བཾ་སིངྷ་དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛ༔ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མཱཿདྷེ་ཝཱི་ཧྲཱིཾ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་ནི། ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་རང་བཞིན་ལས༔ འགྲོ་དོན་ཡིད་བཞིན་སྤྲུལ་པའི་སྐུ༔ ལོག་འདྲེན་བར་ཆད་ཞི་མཛད་པ༔ པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔ ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་མ༔ སྐུ་མདོག་དམར་མོ་གཟི་མདངས་ཅན༔ ཚེ་དཔལ་བསོད་ནམས་དངོས་གྲུབ་སྟེར༔ སེང་གདོང་མ་ལ་ཕྱག་འཚལ་བསྟོད༔ ལྷ་ཀླུ་སྡེ་བརྒྱད་འཇིག་རྟེན་ཁམས༔ འགྲོ་བ་ཕོ་མོ་ལོངས་སྤྱོད་རྣམས༔ རང་དབང་མེད་པར་འགུགས་མཛད་པ༔ དབང་ཕྱུག་ཆེ་ལ་ཕྱག་འཚལ་བསྟོད༔ ས་ཆུ་མེ་རླུང་འཇིག་རྟེན་ཁམས༔ དབང་སྡུད་མཁའ་འགྲོ་སེང་གདོང་བཞི༔ དམར་མོ་འགྲོ་རྣམས་ཆགས་པས་སྡུད༔ མཁའ་འགྲོ་བཞི་ལ་ཕྱག་འཚལ་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྐྱེན་དང་བར་ཆད་ཞི་བར་མཛོད༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ འགྲོ་བ་མི་ཡི་རྣམ་ཤེས་སྒུལ༔ སྦྱིན་བདག་ཕོ་མོའི་ལག་པ་བརྐྱང༔ གཡང་ཅན་ནོར་དང་བརྗིད་ཆེན་གོས༔ བཅུད་ཆེན་བཟའ་བ་ལ་སོགས་རྣམས༔ ཐམས་ཅད་བདག་ལ་བསྩལ་དུ་གསོལ༔ མི་སྙིང་སྒུལ་ལ་མི་འགྲམ་ཆོགས༔ རང་དབང་མེད་པར་དབང་དུ་སྡུས༔ འདོད་པའི་རེ་འབྲས་མ་ལུས་སྩོལ༔ གནས་པ་ཚེ་ཡི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ༴ ལོངས་སྤྱོད་ནོར་གྱི་དངོས་གྲུབ༴ ལྷབ་ལྷུབ་གོས་ཀྱི་དངོས་གྲུབ༴ མི་འཛད་ཟས་ཀྱི་དངོས་གྲུབ༴ གཡང་ཆེན་ལུག་གི་དངོས་གྲུབ༴ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ༴ བང་མཛོད་ནས་ཀྱི་དངོས་གྲུབ༴ དར་ཟབ་རྫས་ཀྱི་དངོས་གྲུབ༴ རིན་ཆེན་གསེར་གཡུའི་དངོས་གྲུབ༴ སྲ་བརྟན་གོ་ཁྲབ་དངོས་གྲུབ༴ མི་འཛད་གཏེར་གྱི་དངོས་གྲུབ༴ ཅི་འདོད་དངོས་གྲུབ་དམ་པ་སྩོལ༔ དེ་ནས་སྔགས་འཁོར་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བཾ་དམར་པོ་ལ་སྔགས་ཀྱིས་གཡོན་དུ་བསྐོར་བ་ལས་འོད་ཟེར་འཕྲོས་པས་དབང་གི་ལས་ཐམས་ཅད་འགྲུབ་པར་བསྒོམ༔ བདག་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཕྱོགས་བཅུའི་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་ལོངས་སྤྱོད་དང་བཅས་པ། རང་དབང་མེད་པར་བདག་དང་མདུན་གྱི་ལྷ་ཚོགས་རྣམས་ལ་བསྟིམ། ཕྱག་གཡས་ཀྱི་ལྕགས་ཀྱུ་ལས་ལྕགས་ཀྱུ་གྲངས་མེད་པ་འཕྲོས་པས་གང་ལ་དམིགས་པའི་མི་ནོར་ཟས་གསུམ་ཐམས་ཅད་བཟུང་ནས་རང་གི་སྙིང་གར་ཐིམ་པར་བསྒོམ༔ གཡོན་གྱི་ཞགས་པ་ལས་ཞགས་པ་གྲངས་མེད་པ་འཕྲོས་པས་འགྲོ་བ་ཕོ་མོ་ཐམས་ཅད་མདུན་དུ་བཀུག་པར་བསམ༔ སྐུ་མདོག་དམར་པོས་དབང་གི་ལས་ཐམས་ཅད་འགྲུབ་ཅིང་རལ་པ་དམར་སེར་ལས་འོད་ཟེར་འཕྲོས་པས་ཡུལ་ཁམས་ཀྱི་མི་ནོར་ཐམས་ཅད་དེ་ལ་སེམས་ཆགས་ནས་ཡང་ཡང་བལྟ་ནས་འགུགས་པར་བསམ༔ གསང་གནས་སུ་དབང་ཕྱུག་ཆེན་པོའི་གསང་རྡོར་དམར་པོ་གྱེན་དུ་བསྒྲེངས་པ་ལས་འདོད་ཆགས་ཆུ་ལྟར་འཁྲུགས་པས་ལྷ་འདྲེ་ཀླུ་གསུམ་མིའི་འགྲོ་བ་ཕོ་མོ་ཐམས་ཅད་སེམས་ཆགས་ནས་བཟོད་མེད་དུ་འགུགས་པར་བསྒོམ༔ བ་སྤུ་དམར་པོ་མདའ་ལྟར་འགྲེང་བ་ལས་འོད་ཟེར་དམར་པོ་འཕྲོས་པས་དམིགས་བྱ་ཐམས་ཅད་རང་དབང་མེད་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབས་ཀྱིས་ཚུར་འདུས་པར་བསམ་ལ༔ བཟླ་བྱའི་བསྙེན་སྔགས་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་བཾ་སིངྷ་དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛ༔ ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མཱཿདྷེ་ཝཱི་ཧྲཱིཾ༔ མ་ཧཱ་དྷེ་ཝ་ཨེ་མཉྫུ་ཀུྑྞ་ཧཱུྃ༔ ཀ་བྷཱི་ར༔ ཀོ་བྷཱི་ར༔ ཧྲཱིཾ་ཧྲཱིཾ་ཛཿཛ༔ ཧ་རི་ནི་ས་ར་ནི་ཛཿཛ༔ ཧ་རི་ནི་སས་བདག་ལ་རཏྣ་སིདྡྷི་ཧཱུྃ་ཛཿཛ༔ འགྲོ་བ་ཕོ་མོའི་ཙིཏྟ་འདུས་འདུས༔ སིབ་སིབ་ཀུ་སིང་ཀུ་སིང༔ ཁུག་འདར་སྙིང་ཁུག་འདར༔ འདར་ཁུག་འདར་ཁུག་ནིག་ནལ་ནིག་ནལ་ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་ཐམས་ཅད་བདག་གི་དབང་དུ་མྱུར་དུ་སྡུས་ཤིག་སྭཱ་ཧཱ༔ སརྦ་པཱ་ཤཾ་ཀུ་རུ་ཧྲཱིང་ཧྲཱིང་ཛཿཛཿསྭཱ་ཧཱ༔ ཞེས་ཞག་བདུན་སྒྲུབ་བོ། །ཡང་ན་གཞུང་ལས་རིམ་བཅུ་པའི་གཉིས་པ་ལྟར་བཟླས་ཀྱང་ལེགས་སོ། །བདུན་པ་དབང་སྡུད་ནི། དེ་ནས་ལས་སྦྱོར་དུས་སུ༔ དབང་ཕྱུག་གི་གཞུ་ཡི་གེ་ཡཾ་གིས་མཚན་པ༔ མདའ་ཡི་གེ་རཾ་གིས་མཚན་པ་ལ༔ ཡཾ་ལས་རླུང་བྱུང་བས་རཾ་ལ་ཕོག༔ རཾ་ལས་མེ་འབར་བས༔ རཾ་དམར་པོ་གཅིག་མཆེད་པས་འགྲོ་བ་ཕོ་མོའི་སྙིང་ནང་དུ་ཕོག་པས༔ སེམས་གཡོས་ལུས་འདར་བཟོད་མེད་དུ་གྱུར་ནས་ཁམས་དམར་པོ་ལྷད་ལྷད་བྱས་ནས་དམར་ལྷུད་ལྷུད་མར་བབས་ནས་རང་ལ་ཐིམ་པར་བསམ༔ སྲིད་པ་ཕོ་རྒྱུད་ཐམས་ཅད་གཡས་སྐོར་དུ་སྒ་ར་ར་འཁོར༔ མོ་རྒྱུད་ཐམས་ཅད་དམར་ལྷད་ལྷད་བྱས་ནས་གཡོན་སྐོར་དུ་སྒ་ར་ར་འཁོར་བར་བསམ༔ དམིགས་བྱ་ཐམས་ཅད་འཕར་ཡེད་ཡེད་སྔངས་ཡེད་ཡེད་བྱུང་ནས༔ རང་དབང་མེད་པར་བཟོད་མེད་དུ་རང་ལ་དད་པ་དང་གདུང་བ་དང་གུས་པར་བསམ༔ ཡང་ན་དམིགས་པ་ལས་རིམ་བཅུ་པའི་བརྒྱད་པ་ལྟར་བྱས་ལ། ལས་སྦྱོར་སྔགས་འདི་བཟླ་འོ། །ཨོཾ་མ་ཧཱ་དྷེ་ཝ་ཧཱུྃ་ཨུ་མཱཿདྷེ་ཝཱི་ཧྲཱིཾ༔ འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་མངལ་གྱི་སྲིན་བུ་སློང་སློངས༔ ཨེ་མོ་ལོང་ལོང་སྟོད་དུ་ལོང༔ ཨ་ཏི་ཁོལ་ཁོལ་སྨད་དུ་ཁོལ༔ ཛ་བོ་སྤུང་སྤུང་སྨད་དུ་སྤུངས༔ སེམས་ཀྱི་འདོད་ཆགས་འབྱུང་བས་དཀྲུགས་ཤིག༔ རླུང་གི་ཞགས་པས་དེད་ལ་ཤོག༔ ནྲྀ་ཨ་ཀརྵཱ་ཡ་ཧྲཱིཾ་ཛ༔ ཞེས་ཞག་བདུན་བཟླ་འོ། །རྫས་དང་མདའ་གཞུ་རྣམས་ལ་སྔགས་སོ། །རྣོ་ལ་མྱུར་བའི་གདམས་པ་འདི་ཁོ་ནའོ། །སྲུང་འཁོར་བསྒྲུབ་པ་དང་རབ་གནས་ཀྱི་ཚེ། གོང་གི་སྒྲུབ་སྔགས་གཉིས་ཀྱི་ཤམ་བུར་འཁོར་ལོའི་སྔགས་གསུམ་སྦྲེལ་ནས་སྔགས་སོ། །ཚོགས་བསྐང་གཏང་ན་འོག་ཏུ་གསལ། ཐུན་མཇུག་དབྱངས་གསལ་ཡེ་དྷརྨ་རྣམས་བཟླས་ལ་གཏང་རག་གི་སླད་དུ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་སོགས་ཀྱིས་མཆོད། ཧཱུྃ་ཧྲཱི༔ ཆོས་སྐུ་སྐྱེ་མེད་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། མདུན་བསྐྱེད་ལྷ་ཚོགས་འོད་དུ་ཞུ་ནས་ རང་གི་ཐུགས་ཀར་རམ། རྟེན་རྫས། སྒྲུབ་རྫས། རླུང་འཁོར་རྣམས་ལ། བསྟིམ། མཐར་དམིགས་བྱ་ཐམས་ཅད་ཀྱང་འོད་དམར་པོར་ཞུ་ནས་འོད་ཟེར་ཐིག་ལེ་དམར་པོའི་རྣམ་པར་བདག་གི་ལུས་ངག་ཡིད་གསུམ་ལ་བསྟིམས་ནས་བདག་དང་བསྒྲུབ་བྱ་དབྱེར་མེད་བློ་འདས་བདེ་བ་ཆེན་པོའི་ངང་དུ་བཞག །དེ་ནས་བསྔོ་སྨོན་ནི། དགེ་འདིས་བདག་ཅག་འཁོར་བཅས་ཀྱིས༔ འགྲོ་ཀུན་དབང་དུ་འདུས་པ་དང༔ དབང་གི་ཕྲིན་ལས་མཐར་ཕྱིན་ནས༔ མྱུར་དུ་སངས་རྒྱས་ཐོབ་པར་ཤོག༔ བཀྲ་ཤིས་ནི། ཨོཾ༔ བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི༔ དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་ཀུན་འགྲུབ༔ ལེགས་ལྡན་ལྷ་ཆེན་བཀྲ་ཤིས་ཤོག༔ ཐུན་གཞུག་རེ་རེ་ལ་དེ་བཞིན་བྱ། དགེ་རྩ་བསྔོ་བ་དང་། སེམས་བསྐྱེད་རྒྱ་ཆེན་པོ་བྱ་བ་གལ་ཆེའོ།། ༈ །།བརྒྱད་པ་སྦྱིན་སྲེག་ནི། སྨད་འཚོང་མ་ཉལ་པོ་བྱས་པའི་ས་ལ་ཐབ་སྟེགས་དམར་ཟླུམ་བྱ། རྡུལ་ཚོན་དམར་པོས་ཟླ་གམ་བྲིས་པའི་དབུས་སུ་ལྷ་མཚན་མེ་ཏོག་ཚོམ་བུ་བཀོད། དབང་གི་བུད་ཤིང་ཟླ་གམ་བརྩིག །མཆོད་རྫས་དང་སྲེག་རྫས་བཤམ། བདག་བསྐྱེད་བྱ། ཨོཾ་ཨཱཿཧཱུྃ་ཧོཿ ལན་མང་དུ་བརྗོད་པས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས། དེ་ནས་མེ་སྦར་ལ་ཐབ་ཁུང་བསང་སྦྱང་། སྟོང་པའི་ངང་ལས་ཐབ་ཀྱི་མེ་འབར་བའི་དབུས་སུ་སྐད་ཅིག་གིས་ཆོས་འབྱུང་བསྣོལ་མ་དམར་པོ༔ རྩེ་མོ་རྣོ་བ་ཐུར་དུ་བསྟན་པ༔ ཁ་ཁྱེར་ཆེ་བ་གྱེན་དུ་བསྟན་པ༔ དེའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ༔ དེའི་ལྟེ་བར་ཉི་མའི་སྟེང་དུ་ཡི་གེ་བཾ་དམར་པོ་འོད་དུ་ཞུ་བ་ལས༔ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་སོགས་ནས། སྔགས་ཀྱིས་གཡས་སུ་བསྐོར་བ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ༔ སོགས་ནས་གོང་ལྟར་བསྟོད་པའི་བར་བྱ། དེ་ནས་ཡམ་ཤིང་། མར་ཁུ། བསྲེག་རྫས་གཞན་ཅི་འབྱོར་རྣམས་དང་། ཁྱད་པར་དབང་གི་རྫས་ཀྱི་རིལ་བུ། ར་ཁྲག་དང་ཆང་དང་ལན་ཚྭས་སྦགས་པའི་མེ་ཏོག་དམར་པོ་རྣམས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསམ་ལ། བསྙེན་སྒྲུབ་སྔགས་བརྒྱ་རྩ་སོགས་སོང་བའི་མཚམས་སུ་ལས་སྔགས་ཚར་རེ་སྤེལ་བས་ཕུལ། དམིགས་པ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པའི་སྐབས་དང་འདྲ། མཇུག་ཏུ་གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་རྗེས། དམིགས་བྱ་ཐམས་ཅད་འོད་དམར་པོ་ཆགས་པའི་རང་བཞིན་དུ་ཞུ་ནས་མདུན་གྱི་མེ་ལྷ་ལ་ཐིམ། མེ་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། བསྔོ་སྨོན་བཀྲ་ཤིས་བརྗོད། ཐལ་བ་རི་རྩེ་མཐོན་པོའི་རླུང་ལ་བསྐུར་བའམ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ལོ།། ༈ །།ཞར་བྱུང་བསྙེན་སྒྲུབ་དང་སྦྱིན་སྲེག་སོགས་ཀྱི་སྐབས་ཚོགས་མཆོད་བྱེད་ན་ཚོགས་ཀྱི་ཡོ་བྱད་རྣམས་བཤམས་པ་བདུད་རྩིས་བྲན་ལ། ཨོཾ་སརྦ་དྲ་བྱམ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་པས་བསངས་ལ། རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ་ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་བརླབ་པའི་ཡི་གེ་སྤྲོ༔ ཧཱུྃ་ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ་ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱིཿ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བྱིན་གྱིས་བརླབས། ཚོགས་ཕུད་ཆ་གསུམ་དུ་བཅད་པའི་དང་པོ་ནི། ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་མཆོད། བར་པ་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཨ༔ ཞེས་པས་བཤགས། ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཚོགས་ཟན་ནམ་གཟུགས་བརྙན་ལ་དམིགས་བྱ་བསྟིམས་ལ། ཕུར་པ་ཡཀྴ་ཀྲོ་དྷར་གསལ་བས་གཟིར་ཞིང་། ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་ཕུར་བུས་དགྲ་བགེགས་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ ཨོཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ནྲྀ་ཏྲི་ཤ་ཏྲཱུན་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་ཡཾ་རྦད༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བསྒྲལ་ལ། གུ་རུ་དེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་ཤ་ཁྲག་བདུད་རྩིར་སྤར་ལ་སྟོབ་བོ། །སྐོང་བ་བྱེད་ན་རྒྱས་པར་སྤྱི་བསྐང་རིགས་གང་འོས་སམ། བསྡུ་ན་བསྐང་རྫས་རྣམས་ན་མསྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཀྱི་སྔགས་རྒྱས་སྤེལ། ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ལྟ་བ་ཀློང་དུ་གྱུར་པས་ཐུགས་དམ་བསྐང༔ སྒོམ་པ་ཡེངས་འཁྲུལ་རྐྱེན་དང་བྲལ་བས་བསྐང༔ སྤྱོད་པ་བླང་དོར་ཚུལ་འཆོས་བྲལ་བས་བསྐང༔ འབྲས་བུ་རེ་དོགས་ཕྱོགས་ལྷུང་མེད་པས་བསྐང༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས༴ རྡོ་རྗེ་སློབ་དཔོན་གཉན་གྱི་ཐུགས༴ འདུས་པའི་མཆེད་ལྕམ་རྣམས་ཀྱི་ཐུགས༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས༴ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད། ཚོགས་རྫས་ནང་གི་སྦྱིན་སྲེག་དང་མཐུན་པར་རོལ། ལྷག་མ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཧཱུྃ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ བཀའ་ཡི་ལྷག་སྡུད་ཚོགས་ཀྱིས་བསྐོར༔ ལྷག་མའི་ཚོགས་ལ་རོལ་པ་རྣམས༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་བསྔོ། །རྩ་བ་གསུམ་གྱི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ། ཆད་མདོ་རིགས་མཐུན་གྱི་གཞུང་ལྟར་བྱ་བའམ། འདིར་དམིགས་བསལ་བ། ཧཱུྃ་ཧྲཱི༔ ཡེ་ཤེས་དབང་སྒྱུར་སེངྒེའི་གདོང༔ འཇིག་རྟེན་དབང་སྡུད་ལྷ་ཆེན་པོ༔ སྤྲུལ་འཁོར་བྲན་གཡོག་བཀའ་ཉན་བཅས༔ སྔོན་ཚེ་ཞལ་བཞེས་དོན་མ་གཡེལ༔ རིག་འཛིན་བརྒྱུད་པའི་དམ་མ་འདའ༔ ད་ལྟ་རྣལ་འབྱོར་ངོ་མ་ཆུང༔ དམ་རྫས་ཕུད་གཏོར་འདི་བཞེས་ལ༔ ཁམས་གསུམ་ལྷ་འདྲེ་མི་རྣམས་ཀྱི༔ ཆགས་སྐྱེད་ཡིད་གཡོས་སྙིང་རྩ་སྒུལ༔ ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྣམས༔ དབང་དུ་སྡུས་ལ་གོང་དུ་སྤེལ༔ མདོར་ན་ལས་ཀྱི་དངོས་གྲུབ་ཀུན༔ ཐོགས་པ་མེད་པར་མྱུར་དུ་སྒྲུབས༔ ཞེས་ཕྲིན་ལས་བཅོལ། བརྟན་མ་སྐྱོང་བ་ནི། ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ དམ་རྫས་དཔལ་གྱི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་གཞོང་ཁ་སྦུབས་ལ། ཨེ་ནྲྀ་ཏྲི་ཛ༔ ཧཱུྃ་ཧྲཱི༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ཡིས༔ དབང་ཆེན་རྔམས་པའི་བྲོ་བརྡུངས་པས༔ བདུད་དང་དམ་སྲི་ལོག་འདྲེན་ཀུན༔ བསྐྲད་གཟིར་མནན་པའི་ཆོ་ག་རྫོགས༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་རཾ་བྷྱོ་ནན༔ ཞེས་རྟ་བྲོ་བརྡུང་། མཆོད་བསྟོད་བཟོད་གསོལ་བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་རྣམས་གོང་ལྟར་བྱའོ། །ས་མ་ཡ། རྒྱ་རྒྱ་རྒྱ། སྤྲུལ་པའི་སྐྱེས་མཆོག་སངས་རྒྱས་གླིང་པའི་གཏེར་མ་སེང་གདོང་རྩ་བ་གསུམ་གྱི་ལས་བྱང་བཀླག་ཆོག་ཁྲིགས་སུ་བསྡེབས་པ་རྫོགས་སོ། །སརྦ་མངྒ་ལམ་བྷ་བ་ཏུ།། །། ༈ དབང་སྡུད་ཀྱི་རྫས་སྦྱོར་བསྡུ་ཐབས་ཟུར་གསལ་བཞུགས། ན་མོ་གུ་རུ། དབང་སྡུད་ཀྱི་རྫས་སྦྱོར་རྩ་བ་ལས་རིམ་བཅུ་པའི་དང་པོ་ལྟར་ལ། དེ་སྟེང་ཁ་ཚར་བུངས་སྐྱེད། བྱང་སེམས་དཀར་དམར། ལྕམ་པ། མཁན་དམར་ལོ་མ། སྟག་པ། བ་ལུ། ཙནྡན་དམར་པོ། སེང་ལྡེང་དམར་པོ། མུ་ལེ་བྷྲཱུྃ་ཤིང་། མཛོ་མོ་ཤིང་། བཙོད། རྒྱ་སྐྱེགས། བོ་དྷི་ཙེ་མིག་མ་ཕུག་པ། ཨུག་ཆོས། ཨུཏྤལ་དམར་པོ། སིནྡྷུ་ར། བྱེ་རུ། འབྲི་མོག །གི་ཝང་། ཧོང་ལེན། ཅོང་ཞི་དམར་པོ། ཤིང་ཚྭ། ཀ་ཀོ་ལ། སུག་སྨེལ། ལི་ཤི །ཛཱ་ཏི། གླ་རྩི། ག་པུར། གུར་གུམ། སྒ་དམར་སེར། རྒོད་རུས། རཀྟ་གཙང་མ། བུ་མོ་གཙང་མའི་ཆུ་ཤུལ་གྱི་ས། ཕོ་མོ་སྦྱོར་བ་བྱས་པའི་མལ་ས། ཁྱི་ལོང་མའི་བྷ་ཤ །ར་རྒྱ་བོའི་རྨོང་ཚིལ། བུད་མེད་འཕྱོན་མའི་ཆུ་ཤུལ་གྱི་ས་རྣམས་ཞིབ་པར་བཏགས་ལ་ཆང་དང་སྦྲང་རྩི་སྦྱར་བས་རིལ་བུ་སྲན་མ་ཙམ་དུ་དྲིལ་ལོ། །མངྒ་ལཾ།། །།
གསུར་མཆོད་མདོར་བསྡུས་ (Volume 43, Text 38)
ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། གསུར་མཆོད་མདོར་བསྡུས་གཏང་བར་སྤྲོ་ན། ཟས་སྣ་མྱང་གྲོལ་དམ་རྫས་བསྲེས་པ་བསྲེགས་ལ་ཆབ་བྲན། སྐྱབས་སེམས་བྱ། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར༔ བསྲེག་རྫས་ཨོཾ་ཨཱཿཧཱུྃ་གསུམ་ལས༔ ཡེ་ཤེས་མཆོད་སྦྱིན་འཕྲོ་བར་བསམ༔ བསླུ་མེད་དཀོན་མཆོག་གསུམ་རྣམས་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བསྐྱབ་ཏུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བདག་དང་སེམས་ཅན་བྱིན་གྱིས་རློབས༔ ཆོས་སྐྱོང་ཡུལ་ལྷ་གཞི་བདག་ལ༔ བསྲེག་རྫས་བདུད་རྩིའི་མཆོད་པ་འབུལ༔ བར་ཆད་སོལ་ལ་ཕྲིན་ལས་སྒྲུབས༔ ཕ་མས་གཙོར་བྱས་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ སྒྲིབ་དག་ཚོགས་གཉིས་རྫོགས་པར་ཤོག༔ བར་དོར་གནས་པའི་སེམས་ཅན་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ འཁྲུལ་སྣང་སྡུག་བསྔལ་ཞི་བར་ཤོག༔ ལན་ཆགས་དགྲ་བགེགས་ཐམས་ཅད་ལ༔ བསྲེག་རྫས་བདུད་རྩི་འདི་བསྔོས་པས༔ བུ་ལོན་ཤ་འཁོན་བྱང་བར་ཤོག༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྦྱིན་པས་དོན་རྣམས་གྲུབ་པ་བཞིན༔ ཆོས་ཉིད་རྣམ་དག་བདེན་པ་ཡིས༔ སྨོན་ལམ་ཐམས་ཅད་འགྲུབ་པར་ཤོག༔ ༈ དགོང་མོའི་ཆར་དམར་གསུར་སྤྲོ་ན། ཤ་ཁྲག་ཕྱེ་ཕུར་སྦྱར་བ་བསྲེགས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ། སམྦྷ་ར་ལན་གསུམ་གྱིས་བསྔོ། ཨོཾ་ ཤ་ཁྲག་འབྲུ་སྨན་སྦྱར་པ་ཡི༔ གསུར་མཆོད་འདོད་ཡོན་ལྔ་ལྡན་འདི༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཚེ་དང་སྲོག་ལ་བར་གཅོད་པའི༔ འཆི་བདག་གཤིན་རྗེ་མ་མོའི་སྡེ༔ འབྱུང་པོ་ཤ་ཟ་གནོད་སྦྱིན་ཚོགས༔ སྲིན་པོ་དྲི་ཟ་ཡི་དྭགས་སོགས༔ མ་རུངས་གདུག་པའི་སེམས་འཆང་བ༔ འཁོར་དང་བཅས་པ་ཀུན་ལ་བསྔོ༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བུ་ལོན་ལན་ཆགས་བྱང་བ་དང༔ ཁྲོས་ཤིང་འཁྲུགས་པའི་སེམས་ཀུན་ཞི༔ དུས་མིན་འཆི་བའི་འཇིགས་པ་དང༔ ནད་དང་གནོད་པ་ཀུན་ལས་ཐར༔ ཕན་དང་བདེ་བའི་སེམས་སྐྱེས་ནས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཅེས་དང་འགྲུབ་ན་ཆོས་སྦྱིན་དང་བསྔོ་སྨོན་བྱའོ། །ཞེས་མཆོག་གླིང་གཏེར་བྱོན་ཐུགས་ཆེན་དང་ཐུགས་སྒྲུབ་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ།། །།
འཇམ་དཔལ་རྫོགས་པ་ཆེན་པོའི་ཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་བསྒྲིག་སྣང་སྟོང་འོད་ལྔའི་རྒྱ་ཅན་ (Volume 16, Text 38)
༄༅། །འཇམ་དཔལ་རྫོགས་པ་ཆེན་པོའི་ཕྲིན་ལས་དང་སྨིན་བྱེད་ཀྱི་ཆོག་བསྒྲིག་སྣང་སྟོང་འོད་ལྔའི་རྒྱ་ཅན་བཞུགས་སོ། ། ན་མོ་མཉྫུ་གྷོ་ཥ་ས་མནྟ་བྷ་དྲཱ་ཡ། རིགས་བརྒྱའི་ཁྱབ་བདག་འཇམ་མགོན་ཀུན་ཏུ་བཟང་། །བཤེས་གཉེན་གར་གྱིས་རྣམ་རོལ་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་ཞབས། །ཆོས་ཀྱི་འཁོར་ལོའི་པད་མཚོར་རྟག་བཞུགས་ཤིག །ངོ་བོ་ཀ་དག་ལྷ་ལམ་ལུས་ཕྲའི་གདོང་། །རང་བཞིན་ལྷུན་གྲུབ་འཇའ་ཚོན་མིག་དཀྱུས་རིང་། །ཐུགས་རྗེས་སྤྲུལ་པའི་མཛེས་སྡུག་ལང་ཚོ་ཡིས། །ཀུན་བཟང་བདེ་ཆེན་ལ་སྦྱོར་འཇམ་དཔལ་དབྱངས། །གང་དེའི་སྒྱུ་འཕྲུལ་དྲྭ་བའི་ཡང་སྙིང་བཅུད། །བསྟོད་པ་གླུར་བླངས་ལེའུའི་སྨིན་གྲོལ་ལམ། །གངས་ཅན་བོད་འདིར་སྤེལ་མཛད་པདྨ་འབྱུང། །དུས་གསུམ་ཀུན་མཁྱེན་སངས་རྒྱས་གཉིས་པར་ངེས། །བཀྲ་ཤིས་དཔལ་གྱི་ཕུག་ནས་ཟབ་གཏེར་སྒོ །འབྱེད་ཕྱིར་མཚན་ལྡན་གསང་ཡུམ་ཤེལ་བཟའ་སྒྲོན། །བསམ་བཞིན་སྤྲུལ་པའི་གར་གྱིས་རྣམ་རོལ་བ། །གསར་བན་ཕྱོགས་མེད་སྙན་པའི་གྲགས་པ་འབར། །ཟབ་གཏེར་ཆོས་འདིའི་བསྟན་པ་རྒྱས་མཛད་པའི། ཁྲི་སྲོང་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །འཁྲུལ་མེད་བརྒྱུད་པའི་བཀའ་བབས་རིག་སྔགས་འཆང། །མུ་ཏིག་ཕྲེང་ལྟར་བྱོན་རྣམས་ཕྱག་གི་ཡུལ། །འཇམ་དཔལ་རྫོགས་ཆེན་ཕྲིན་ལས་དབང་ཆོག་གི །སྣང་སྟོང་འོད་ཀྱི་འཇའ་ཚོན་འཁྱིལ་པ་ལས། །དུག་ལྔའི་ཚོགས་ལས་གྲོལ་བའི་ཡེ་ཤེས་ཀྱི། །རྒྱ་ཅན་དྲུག་སྐྱེས་གྱེར་སྒོམ་གླུ་འདི་སྒྲོགས། །འཇམ་དཔལ་རྫོགས་ཆེན་ལས་བྱང་སྔོན་འགྲོ་དང་། །དངོས་གཞི་རྗེས་རིམ་གསུམ་གྱི་དང་པོ་ལ། །སྐྱབས་སེམས་གསོལ་འདེབས་རྒྱུད་བཀླག་ཚོགས་ཞིང་དང་། །ཚད་མེད་དངོས་གྲུབ་བགེགས་སྐྲོད་སྒོ་དབྱེ་བ། །བརྡ་ཕྱག་དམ་ཚིག་བྱིན་འབེབ་རིག་རྩལ་མཆོད། །མཆོད་གཏོར་བཤགས་པ་བཅོ་ལྔ་སྔོན་འགྲོའི་ཁྲིགས། །དང་པོ་སྐྱབས་འགྲོ་ནི། ཧཱུྃ། རང་བྱུང་རིག་པ་ཡེ་ཤེས་ཆོས་ཀྱི་སྐུ །གསལ་དྭངས་ལོངས་སྐུ་ཆགས་བྲལ་དམ་པའི་ཆོས། །སྣ་ཚོགས་རང་གྲོལ་སྤྲུལ་སྐུ་དགེ་འདུན་ལ། །རང་ཤར་རང་གྲོལ་དོན་དམ་སྐྱབས་སུ་མཆི། །གཉིས་པ་སེམས་བསྐྱེད་པ་ནི། རིག་པ་རང་སར་གསལ་བའི་འོད་པོ་ཆེ། །རང་ཤར་ཀུན་ཁྱབ་བདེ་ཆེན་བརྩེ་བའི་སེམས། །མ་བཅོས་ལྷུན་གྲུབ་གཉུག་མ་དོན་གྱི་ལྷ། །མཆོག་ཏུ་མི་འགྱུར་བདེ་ཆེན་སེམས་བསྐྱེད་དོ། །ཞེས་པའམ་ཡང་ན་ཆོས་རྒྱལ་དབང་པོའི་སྡེའི་ཕྱག་བཞེས་མཚན་བརྗོད་ཀྱི་སྔོན་འགྲོའི་སྐབས་བཞིན་བྱས་ཀྱང་སྐྱབས་སེམས་ལྷན་ཅིག་ཏུ་འཇུག་པ་བདེ་བ་འདི་ལྟར། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆི། །ཡེ་ཤེས་ལྷ་དང་དམ་ཚིག་ལྷ་ལ་སྐྱབས་སུ་མཆི། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆི། །བདག་དང་དྲིན་ཅན་ཕ་མས་གཙོ་བྱས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ཉིད་ལ་དེར་ཤེས་ཀྱིས། །བྱང་ཆུབ་མཆོག་ཏུ་རྒྱ་ཆེན་སེམས་ནི་བསྐྱེད་པར་བྱ། །གསུམ་པ་འཇམ་དཔལ་བརྒྱུད་འདེབས་ནི། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་འདུས་པ་འཇམ་དཔལ་རིགས་ལྔ་དང་། །སྤྲུལ་སྐུ་འདུས་པ་ཤཱཀྱ་ཐུབ་པ་སོགས། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་། །དེ་བཞིན་མཁའ་འགྲོ་ཨོ་རྒྱན་མཁའ་འགྲོ་སོགས། །མ་ལུས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ཞབས། །རིག་འཛིན་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ཁྲི་སྲོང་ལྡེའུ་བཙན་འཇམ་མགོན་སྤྲུལ་པའི་སྐུ །ཤེལ་བཟའ་སྒྲོན་གཅིག་མཚན་ལྡན་གསང་བའི་ཡུམ། །གཏེར་སྟོན་ཆེན་པོ་གསར་བན་ཕྱོགས་མེད་སོགས། །སྤྲུལ་པའི་སྐུ་མཆོག་རྣམས་ལ་གསོལ་བ་འདེབས། །ལུང་ཟིན་གསར་བན་ཉི་མའི་སྙིང་པོ་དང་། །སྔགས་འཆང་དབང་དར་འགར་སྟོན་རིན་ཆེན་འབུམ། །རི་པ་སངས་རྒྱས་བྱམས་པ་དཔལ་ལ་སོགས། །བརྒྱུད་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བན་བླ་མ་རྒ་སྟོན་དཔལ་བ་དང་། །རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན། །རྡོ་རྗེ་མགོན་པོ་ངག་དབང་གྲགས་པ་སོགས། །བཀའ་བབས་བླ་མ་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་དཔལ་བཟང་ཐུགས་སྲས་ནམ་མཁའི་མཚན། །དཔལ་ལྡན་བློ་གྲོས་དྲན་མཆོག་ཆོས་ཀྱི་རྗེ། །ཡོངས་འཛིན་དམ་པས་རྗེས་བཟུང་དབང་པོའི་སྡེ། །རིག་འཛིན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་དབང་པདྨའི་གདུང་སོབ་ངག་གི་དབང་། །ཀློང་ཆེན་རབ་འབྱམས་གསུམ་པ་ཤ་གཟུག་པ། །ཟབ་དོན་གཏེར་མཛོད་ཀརྨ་གསང་སྔགས་རྗེ། །མཁས་གྲུབ་བླ་མ་རྣམས་ལ་གསོལ་བ་འདེབས། །གནུབས་ཆེན་ཡང་སྲིད་ཕྲིན་ལས་ལྷུན་གྲུབ་ཞབས། །རིགས་བརྒྱའི་ཁྱབ་བདག་ཆོས་དབྱིངས་རང་གྲོལ་རྗེ། །འཇམ་མགོན་དགྱེས་པའི་ཟ་ཧོར་བཞད་པ་རྩལ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྟག་ཚང་བཀྲ་ཤིས་དཔལ་ཕུག་གཡུ་ཕྲའི་གནས། །བདུད་རྩིའི་ཚུལ་དུ་རྒྱས་བཏབ་གསང་བའི་གཏེར། །རྡོ་རྗེ་བྲག་སྐྱེས་སྐྱིན་མཐིང་ཤྭ་ན་མ། །གནས་ཆོས་སྲུང་མར་བཅས་ལ་གསོལ་བ་འདེབས། །འཇམ་དཔལ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་དུ། །རྨད་བྱུང་རྫས་ཀྱི་རྟེན་འབྲེལ་ལ་བརྟེན་ནས། །རིག་རྩལ་དབང་བཞིའི་ཡེ་ཤེས་ཐོབ་པ་དང་། །ངོ་འཕྲོད་དོན་གྱི་སྙིང་པོ་རྟོགས་པར་ཤོག །བདེ་གཤེགས་ཀུན་འདུས་རང་བྱུང་ཡེ་ཤེས་སྐུ །གསལ་སྟོང་དབྱེར་མེད་བསྐྱེད་པའི་རིམ་པ་ཡིས། །ཐ་མལ་ལུས་ཀྱི་སྣང་ཞེན་ཡོངས་གྲོལ་ནས། །གཞི་ལུས་འོད་ཕུང་ཆེན་པོར་མངོན་གྱུར་ཤོག །སྒྱུ་འཕྲུལ་དྲྭ་བའི་བཅུད་ཕྱུང་གླུར་བླང་རྒྱུད། །བརྗོད་ཚུལ་བཞི་དང་ཡང་སྙིང་སྙིང་པོའི་དོན། །སྐྱེ་མེད་ཨ་ཡི་རང་སྒྲ་ཡོངས་བསྒྲགས་ནས། །མཐར་ཐུག་འབྲས་བུ་སྐུ་བཞི་ཐོབ་པར་ཤོག །རྡོ་རྗེ་ཐུགས་ཀྱི་བཟླས་པས་ལམ་སྦྱངས་ནས། །རྩ་ལ་ངོ་སྤྲད་རླུང་ལ་བདེ་བ་སྤར། །ཐིག་ལེ་ཆོས་ཀྱི་སྐུ་རུ་ལ་ཟླ་བའི། །ཟག་མེད་དགའ་བཞིའི་ཡེ་ཤེས་རྟོགས་པར་ཤོག །མཐའ་གཉིས་ལས་གྲོལ་རང་རིག་ཆེན་པོའི་དོན། །སྒོམ་མེད་སྒོམ་སོགས་དབང་པོའི་རིམ་པ་ཡིས། ཁྲེག་ཆོད་ཐོད་རྒལ་ཡེ་ཤེས་ཟང་ཐལ་སོགས། །ཚུལ་བཞིན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །སྔོན་དུས་རྒྱལ་བའི་སྨོན་ལམ་རྣམ་དག་མཐུས། །ཕྱོགས་བཅུའི་ཞིང་ཁམས་རྡུལ་སྙེད་རབ་འབྱམས་ཀྱི། །འགྲོ་ཀུན་སྲིད་པའི་འཆིང་བ་ལས་གྲོལ་ནས། །ཀུན་བཟང་གདོད་མའི་གོ་འཕང་མྱུར་ཐོབ་ཤོག །བཞི་པ་རྒྱུད་བཀླག་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཕྱི་ནང་སྣོད་བཅུད་སྟོང་པ་ཉིད་གྱུར་དེ་ཡི་ངང་། །ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་བརྗོད་པའི་མཐུས། །གཉིས་སུ་མེད་དང་གཉིས་མེད་ལ་གནས་སྐད་ཅིག་གིས། །དྲི་མེད་པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །རང་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་བཙོ་མའི་མདོག །ཕྱག་གཡས་རལ་གྲི་ཨུཏྤལ་ལ་གནས་པོ་ཏི་གཡོན། །རིན་ཆེན་རྒྱན་རྫོགས་སྐུ་སྨད་དར་གྱིས་འཁོར་གསུམ་ཁེབས། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །འཕགས་པ་མཆོད་དང་སེམས་ཅན་ཀུན་གྱི་དོན་བྱེད་གྱུར། །བདག་གི་མདུན་དུ་རྩ་བ་སྲ་བརྟན་དཔག་བསམ་ཤིང་། །ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་ཚོགས་པ། །གཏེར་ཆེན་བུམ་པས་ཀུན་ནས་ཡོངས་བཟུང་མཆོད་པའི་སྤྲིན། །དེ་ཡི་དཀྱིལ་སྟེང་སྟོན་པ་བཅོམ་ལྡན་ཤཱཀྱ་ཐུབ། །གཡས་གཡོན་བྱང་སེམས་འཇམ་པའི་དཔལ་དང་སྤྱན་རས་གཟིགས། །རྒྱབ་ཏུ་ཉན་ཐོས་དང་ནི་རང་སངས་རྒྱས་ཀྱི་ཚོགས། །གུས་པས་ལུས་བཏུད་མཐུ་ལྡན་ཕྱག་ན་རྡོ་རྗེ་མདུན། །སྟེང་ཕྱོགས་ཤིང་གི་རྩེ་མོར་དེ་བཞིན་གཤེགས་མང་པོ། །གཞན་ཡང་ཡལ་ག་ལ་ནི་ལྷ་ཡི་བུ་བུ་མོ། །མང་པོས་བསྐོར་ཞིང་མེ་ཏོག་ལ་སོགས་མཆོད་པ་འབུལ། །གཙོ་བོས་རྒྱུད་གསུངས་ཇི་ལྟར་སྟོན་པས་སྒྲ་ཆེན་སྒྲོག །དགའ་མགུའི་ཚུལ་གྱིས་འཁོར་རྣམས་རྗེས་སུ་ཡི་རང་འདུད། །སྟེང་འོག་རྐན་གཉིས་རྔ་བོ་ཆེ་ལས་རྒྱུད་ཚིག་རྣམས། །ལྕེ་ཡི་དབྱུག་གུས་བསྐུལ་ཞིང་ཆོས་སྒྲས་ཡོངས་གང་གྱུར། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཞེས་སོགས་དང་། རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་ཞེས་སོགས་མཚན་བརྗོད་རྒྱས་བསྡུས་གང་རུང་སོང་རྗེས། སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་གནས་རི་བོ་བྱ་རྐང་གི་གནས་སུ་འཇམ་དཔལ་གྱི་ཆོས་འདི་བཀའ་བསྩལ་པས། སྐུ་ལས་འོད་ཟེར་བྱེ་བ་འབུམ་ཕྲག་མང་པོ་བཀྱེ། འོད་ཟེར་རེ་རེའི་རྩེ་ལ་པདྨ་རེ། པདྨ་རེ་ལ་སྤྲུལ་པའི་སྐུ་རེ་བྱོན་ནས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་གྲོལ་བར་མཛད་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཁམས་འདིར་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། འཇམ་དཔལ་གྱི་ཆོས་འདི་བཤད་པས། ཕྱོགས་བཅུ་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། སྐྱེ་མེད་ཡེ་ཤེས་ཀྱི་སྐུ་ཐོབ་པར་གྱུར་ཅིག །འཛིན་མེད་རང་སྣང་དུ་གྲོལ་བར་གྱུར་ཅིག །གང་ཚེ་བལྟ་བར་འདོད་པ་འམ། །ཞེས་སོགས་ཤློཀ་ཅི་རིགས་པ་བརྗོད་པར་བྱའོ། །ལྔ་པ་ཚོགས་གསོག་པ་ནི། སྣང་སེམས་གཉིས་སུ་མེད་པ་ལ། །སྒྱུ་མ་ལྟ་བུར་སྤྱན་འདྲེན་གཤེགས། །འཕོ་དང་འགྱུར་བ་མེད་མོོད་ཀྱང་། །ལྷུན་གྲུབ་ངོ་ཤེས་ཚུལ་གྱིས་བཞུགས། །ཡུལ་དང་ཤེས་པ་གཉིས་མེད་ཀྱང་། །རྟོག་འཛིན་དག་ཕྱིར་ཕྱག་འཚལ་ལོ། །ལོངས་སྤྱོད་རོལ་པ་མི་དམིགས་ཀྱང་། །ནམ་མཁའི་མཛོད་ལྟར་མཆོད་པ་འབུལ། །གཤིས་ལ་སྡིག་སྒྲིབ་མེད་མོད་ཀྱང་། །གློ་བུར་དྲི་མ་བཤགས་པར་བགྱི། །རང་རིག་དུས་གསུམ་འགྱུར་མེད་ཀྱང་། །རང་རྩལ་སྣང་ལ་རྗེས་ཡི་རང་། །རྟག་ཏུ་ངེས་པ་ལྟར་བཞུགས་ཀྱང་། །རིག་རྩལ་ཆོས་འཁོར་བསྐོར་དུ་གསོལ། །ཇི་ལྟར་སྣང་ཡང་ཆོས་ཀྱི་སྐུ །སྐྱེ་འཆི་མེད་པར་གསོལ་བ་འདེབས། །འཁོར་གསུམ་དམིགས་པ་མེད་པ་ཡི། །དོན་དམ་འགྱུར་མེད་ཀློང་དུ་བསྔོ། །རྣམ་ཤེས་འཁོར་བ་གདོད་མེད་ཀྱང་། །ཡེ་ཤེས་རྟག་རྒྱུན་སྨིན་བྱེད་ཤོག །དྲུག་པ་ཚད་མེད་ཡེ་ཤེས་ཀྱི་ཚོགས་ནི། སྐལ་ལྡན་སྙིང་གི་ཐིག་ལེ་ལས། །འོད་ཟེར་དཀར་པོས་སྟོང་གསུམ་ཁྱབ། །འགྲོ་ཀུན་ཕ་མར་ཤེས་པ་ལ། །འོད་ཀྱིས་ཐམས་ཅད་སྨིན་བྱས་པས། །སྣང་ལ་རང་བཞིན་མེད་པ་ཡི། །བྱམས་ཆེན་མེ་ལོང་ཡེ་ཤེས་སུ། །ཡེ་ནས་ཡིན་པའི་དོན་ལ་བལྟ། །འོད་ཟེར་སེར་པོས་ཀུན་ཏུ་ཁྱབ། །སྡུག་བསྔལ་གྱུར་པའི་སེམས་ཅན་ལ། ཁྱབ་པའི་སྙིང་རྗེ་མཉམ་ཉིད་གསལ། །དམར་གསལ་འོད་ཀྱིས་ཁྱབ་ཅིང་བརྡལ། །ཀུན་ཁྱབ་བདེ་བ་ཆེན་པོ་ཡི། །དགའ་བ་ཀུན་རྟོག་ཡེ་ཤེས་གསལ། །ལྗང་གསལ་འོད་ཀྱིས་ཁྱབ་བྱས་པས། །ཆོས་སྐུ་ཡེ་ཤེས་ཆགས་སྡང་བྲལ། །བཏང་སྙོམས་བྱ་གྲུབ་ཡེ་ཤེས་བསྒོམ། །བདུན་པ་དངོས་གྲུབ་བླང་བ་ནི། སྤྲོས་བྲལ་དོན་གསལ་བདེ་ཆེན་ཆོས་ཀྱི་སྐུ །ཀུན་ཁྱབ་འོད་གསལ་རང་བྱུང་རིག་པའི་ལྷ། །དྲན་རྟོག་བླ་མ་པདྨ་བདེ་ཆེན་རྩལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ། བརྒྱད་པ་བགེགས་བསྐྲད་པ་ནི། ཧཱུྃ། ལྷུན་གྱིས་གྲུབ་པའི་རིག་པ་ལ། །ལྷ་དང་འདྲེ་བགེགས་མིང་ཙམ་མེད། །ཀུན་ཏུ་གསལ་བའི་ཡེ་ཤེས་ཀྱི། །འོད་ཀྱིས་མ་རིག་མུན་པ་བཅོམ། །བཀའ་ནི་ཀུན་བཟང་དོན་གྱི་བཀའ། །ལོག་རྟོག་འཁྲུལ་པ་ཕྱིར་དེངས་ཤིག །ཧཱུྃ་ཧཱུྃ་ཕཊ་ཕཊ། རང་གཏེར་ལས། ཧཱུྃ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །བགེགས་ཞེས་བྱ་བའི་མིང་ཡང་མེད། །བཟླས་པའི་སྔགས་རིང་ཐུང་གཉིས་རེ་རེ་བརྗོད། ཆོས་ཀུན་ཀ་ནས་ཡེ་དག་པའི། །བརྗོད་དུ་མེད་པའི་སྲུང་འཁོར་ལ། །དགྲ་དང་བགེགས་ཀྱི་མིང་ཡང་མེད། །གསལ་སྟོང་འཛིན་མེད་དབྱིངས་སུ་རྒྱ། །ཧཱུྃ། འཁོར་བ་མིང་ཙམ་མེད་པས་ན། །མྱ་ངན་འདས་པས་ཀུན་ཏུ་ཁྱབ། །ཡེ་ཤེས་ཀུན་ཁྱབ་ཞིང་ཁམས་སུ། །འཁྲུལ་རྟོག་བག་ཆགས་བསྲུང་མཚམས་བཅད། །བཛྲ་རཀྵ་རཀྵ་ཧཱུྃ། དགུ་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ། ཀུན་སྣང་ཡེ་ཤེས་ཞིང་ཁམས་ལ། །འཁྲུལ་རྟོག་སྒོ་བཅད་ཀུན་ཏུ་བྲལ། །རང་ཤར་རང་ངོ་ཤེས་པ་ཡི། །ཀློང་ཡངས་ཞིང་ཁམས་སྒོ་ཕྱེ་འོ། །བྷྲཱུྃ་པྲ་བེ་ཤ་ཡ་ཕཊ། བཅུ་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ། ཟང་ཐལ་ཀུན་བཟང་ཡེ་ཤེས་ཆེ། །ཐིག་ལེ་ཀུན་ཁྱབ་ཀུན་ཏུ་སྣང་། །རྟག་ཆད་བྲལ་བའི་དོན་གྱི་མཆོག །རང་ངོ་ཤེས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨ་ལ་ལ་ཧོཿ བཅུ་གཅིག་པ་དམ་བཅའ་ནི། ཧཱུྃ། འཆར་དང་ནུབ་པ་མེད་པ་ལ། །སྤང་བླང་བྱས་པས་གོལ་སར་ལྷུང་། །རེ་དོགས་བྲལ་བའི་བྱང་ཆུབ་སེམས། །སྲོག་གི་ཐིག་ལེར་བཟུང་བར་བགྱིའོ། །ཧཱུྃ་བཛྲ་ཙིཏྟ་ཧཱུྃ། བཅུ་གཉིས་པ་བྱིན་འབེབ་པ་ནི། ཧཱུྃ། གདོད་ནས་ལྷུན་གྲུབ་སྐུ་གསུང་ཐུགས། །བྱིན་རླབས་ཡེ་ཤེས་རྨད་པོ་ཆེ། །སྤྲོ་བསྡུ་མེད་པའི་ངང་ཉིད་ནས། །ལྷམ་མེ་ལྷན་ནེར་བྱིན་ཆེན་ཕོབ། །ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱཿ བཅུ་གསུམ་པ་རིག་རྩལ་གྱི་མཆོད་པ་ནི། ཧཱུྃ། སྣང་དུ་རུང་བའི་ཆོས་རྣམས་ཀུན། །ཡོན་ཏན་ལོངས་སྤྱོད་རོལ་པར་ཤར། །སྤྲོ་བསྡུ་བྲལ་བའི་ཡེ་ཤེས་ཆེ། །ཆོས་ཉིད་མངོན་སུམ་མཆོད་པར་བགྱི། །སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། བཅུ་བཞི་པ་མཆོད་གཏོར་བརླབ་པ་ནི། ཧཱུྃ། གདོད་ནས་དག་ཅིང་དྲི་མ་མེད། །སྦྱང་དང་སྤེལ་དུ་མེད་མོད་ཀྱང་། །རང་ངོ་ཤེས་པའི་ཡིད་ཆེས་ཀྱིས། །མངོན་སུམ་ཐིག་ལེ་རང་བྱིན་བརླབ། །ཨོཾ་པཉྩ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་བོ་དྷི་ཙིཏྟ་སརྦ་པུ་ཛ་ཨཱཿཧཱུྃ། བཅོ་ལྔ་པ་ཀློང་བཤགས་ནི། ཧཱུྃ། གློ་བུར་ཤར་བ་རིག་པའི་རྩལ། །ཐམས་ཅད་ངོ་བོ་ཉིད་ཀྱི་ངང་། །སྐྱེ་འགག་གཉིས་སུ་མེད་པའི་ཕྱིར། །རྟག་ཆད་མཐར་འཛིན་མཐོལ་ཞིང་བཤགས། །ཡིག་བརྒྱའི་མཇུག་ཏུ། ན་ར་ཀ །པྲེ་ཏ་ཀ །ཏིརྻ་ཀ །ནེ་བེ་ཤ །དེ་ཝ་ཨ་ལེ་བི་ཤུདྡྷེ་རཀྵ་ཀ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། གཉིས་པ་དངོས་གཞིར་ལྷ་དབང་གོ་དྲང་བཞུགས། །ཕྱག་གར་གླུ་བྲོ་ཕྱི་ནང་དུག་ལྔ་གསུམ། །སྨན་གཏོར་རཀྟ་གསང་ནན་སྦྱོར་སྒྲོལ་བསྟོད། །བཤགས་འཛབ་རྫོགས་རིམ་དངོས་གཞི་ཉེར་གཉིས་ཁྲིགས། །དང་པོ་ལྷ་བསྐྱེད་པ་ནི། རང་སེམས་ཀ་ནས་དག་པའི་མཁའ་དབྱིངས་ལས། །ལྷུན་གྲུབ་འོད་ལྔའི་རང་གདངས་འགག་མེད་པ། །ཆུ་ལས་ཆུ་ལྦུར་རྡོལ་བ་ལྟ་བུའི་ཚུལ། །འཇའ་ཚོན་འོད་ལྔར་ཤར་བའི་གུར་ཁྱིམ་ནང་། །དབུས་སུ་སེང་ཁྲི་པད་ཟླའི་གདན་སྟེང་དུ། །བདག་ཉིད་རྣམ་སྣང་མཐིང་ཁ་ཞལ་གཅིག་པ། །ཕྱག་གཉིས་འཁོར་ལོ་འཛིན་ཅིང་ཡུམ་ལ་འཁྲིལ། །རིན་ཆེན་པྲོག་ཞུ་སྙན་མགུལ་མཛེས་བྱེད་རྒྱན། །ཕྱག་ཞབས་གདུ་བུ་འོག་པགས་ལེགས་པར་སྤུད། །ལྷ་རྫས་དར་གྱི་སྟོད་གཡོགས་ཤམ་ཐབས་བཀླུབས། །འཇའ་ལུས་དྭངས་གསལ་མཚན་དཔེའི་སྐུ་རུ་ཤར། །ཐུགས་ཀར་པདྨ་རྒྱས་པའི་ལྟེ་བ་ལ། །ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །ཡེ་ཤེས་སེམས་དཔའ་འཕགས་མཆོག་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་པ། །ཡིད་འོང་ལྟ་ན་སྡུག་པ་ཞི་ཞིང་འཛུམ། །མཐོན་མཐིང་དབུ་སྐྲ་རལ་པའི་ཟུར་ཕུད་ཅན། །རྩ་བའི་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱར་བཅས། །ཨུཏྤ་ལ་ཡི་ཡུ་བ་ནས་འཛིན་པའི། །འདབ་མ་གཡས་གཡོན་སྙན་གྱི་ཐད་ཀ་ན། །རྒྱས་པས་ཤེས་རབ་རལ་གྲི་གླེགས་བམ་བཏེགས། །ལྷག་མའི་ཕྱག་གིས་ཐབས་དང་ཤེས་རབ་གཉིས། །ཟུང་དུ་འཇུག་པ་མཚོན་ཕྱིར་མདའ་གཞུ་འགེང་། །ལོངས་སྐུའི་ཆ་བྱད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཤར་གྱི་འདབ་མར་གླང་ཆེན་གྱིས་བཏེགས་ཁྲིར། །པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་དཀར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །ལྷོ་ཡི་འདབ་མར་རྟ་མཆོག་གིས་བཏེགས་ཁྲིར། །པད་ཟླའི་གདན་ལ་རིན་ཆེན་འབྱུང་ལྡན་སེར། །ཞལ་གཅིག་ཕྱག་གཉིས་རིན་ཆེན་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །ནུབ་ཀྱི་འདབ་མར་རྨ་བྱས་བཏེགས་པའི་ཁྲིར། །པད་ཟླའི་གདན་ལ་འོད་དཔག་མེད་པ་དམར། །ཞལ་གཅིག་ཕྱག་གཉིས་པདྨ་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །བྱང་གི་འདབ་མར་མཁའ་ལྡིང་གིས་བཏེགས་ཁྲིར། །པད་ཟླའི་གདན་ལ་དོན་ཡོད་གྲུབ་པ་ལྗང་། །ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་འཛིན་པ་ཡིས། །ཡུམ་དང་མཉམ་སྦྱོར་ལོངས་སྐུའི་ཆ་བྱད་ཅན། །ལྔ་ཀའང་གཡོན་པ་རང་རྟགས་ཡུ་བ་ཡི། །དྲིལ་བུ་འཛིན་ཅིང་སྤྱན་མ་མཱ་མ་ཀི །རིན་ཆེན་སྒྲོལ་མ་གོས་དཀར་དམ་ཚིག་སྒྲོལ། །མགུལ་ནས་འཁྱུད་ཅིང་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡུམ་རྣམས་ཕྱག་མཚན་ཆ་ལུགས་གཙོ་དང་མཚུངས། །མཉེན་ལྕུག་རྐེད་ཕྲ་ནུ་མ་མངོན་པར་རྒྱས། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །བདེ་སྟོང་ཟུང་འཇུག་དག་པའི་ལྷ་སྐུར་ཤར། །གཉིས་པ་དབང་བསྐུར་བ་ནི། ཧཱུྃ། ཡེ་ཤེས་ལྔ་ལྡན་རང་རིག་སྐུ་གསུང་ཐུགས། །སྣང་སྲིད་དབང་སྒྱུར་འཁོར་བ་རྣམ་པར་དག །བཟང་ངན་རྟོག་པའི་དྲི་མ་སྦྱང་བའི་ཕྱིར། །རང་བྱུང་ཡེ་ཤེས་རང་དབང་ཐོབ་པར་ཤོག །ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་གོ་ཆ་གདབ་པ་ནི། ཧཱུྃ། ང་ནི་ཡེ་ནས་རྡོ་རྗེ་འཆང་། །སྐུ་གསུང་ཐུགས་དང་མཉམ་པར་སྦྱོར། །སྒྲ་འོད་ཟེར་གྱི་ཆོ་འཕྲུལ་གྱིས། །བྱིན་བརླབས་གོ་ཆ་ཆེན་པོ་བགོ །ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཧྲཱིཿ བཞི་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། ཀུན་བཟང་ཀུན་ཏུ་ཁྱབ་པའི་ལྷ། །ཀུན་མཁྱེན་ཀུན་རིག་ཀུན་ཏུ་བཟང་། །ཀུན་གསལ་འཇམ་དཔལ་རིགས་ལྔའི་གཙོ། །རང་རྩལ་རྫོགས་ཕྱིར་སྤྱན་འདྲེན་གཤེགས། །བཛྲ་ས་མ་ཡ་ཛཿཛཿ ལྔ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། མངོན་སུམ་འཕོ་འགྱུར་འདུ་འབྲལ་མེད། །ཉམས་སྣང་གོང་དུ་འཕེལ་བའི་ཕྱིར། །རིག་པ་རང་གསལ་དྭངས་མ་ལྔ། །ཆོས་ཉིད་ཟད་མཐར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དྲུག་པ་ཕྱག་འཚལ་བ་ནི། ཧཱུྃ། རང་དང་གཉིས་མེད་ཡེ་ཤེས་ལ། །འདུ་དང་འབྲལ་བ་ཡེ་ནས་མེད། །རང་རིག་ཐིག་ལེ་ཆེན་པོ་དང་། །ཙིཏྟ་འོད་ཀྱི་གཞལ་ཡས་སུ། །རང་ཞལ་མཇལ་ལ་རྟག་ཕྱག་འཚལ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ན་མོ་པུ་རུ་ཤ །ཨ་ལ་ལ་ཧོཿ བདུན་པ་ཕྱག་རྒྱ་གར་མཆོད་ནི། ཧཱུྃ། ཀུན་ཁྱབ་ནམ་མཁའི་དཀྱིལ་འཁོར་དུ། །ཐིག་ལེ་སྟོང་སྒྲོན་ཡངས་པ་ལ། །རིག་པ་སྟོང་སྒྲོན་ལུ་གུ་རྒྱུད། །སྐུ་དང་ཐིག་ལེ་མཆོད་པར་འབུལ། །མ་ཧཱ་མུ་དྲ་པཱུ་ཛ་ཧོཿ བརྒྱད་པ་གླུ་བྲོ་ནི། ཧཱུྃ། སེམས་ཅན་ཀུན་གྱི་སྙིང་ལ་གནས། །དགའ་བཞི་ཡེ་ཤེས་བཞི་དང་ལྡན། །ཆོས་དབྱིངས་ནཱ་ད་གཞོམ་མེད་སྒྲ །འདུ་འབྲལ་མེད་པའི་མཆོད་པ་འབུལ། །མ་ཧཱ་ཛྙཱ་ན་ཏེ་ན་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། དགུ་པ་ཕྱི་མཆོད་ནི། རང་གཏེར་ལས། ཧཱུྃ། བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །སྐུ་གསུམ་མཁའ་འགྲོ་རིག་འཛིན་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཤབྡའི་བར་སྦྱར་ཏེ་འབུལ། ཧཱུྃ། སྙིང་ནང་སྒྲོན་མ་འོད་དུ་འཁྱིལ། །རང་བྱུང་འོད་ཀྱིས་ཕྱི་ནང་ཁྱབ། །མཁར་གསལ་རྡོ་རྗེ་འོད་ཕུང་ཅན། །སྣང་བཞི་རྒྱས་པའི་མཆོད་པ་འབུལ། །ཨོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོཿ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དྷཱུ་པེ་དྷཱུ། ཨཱ་ལོ་ཀེ་ཨཱ། གནྡྷེ་གན། ནཻ་བིདྱ་ནཻ། ཤབྡ་ཨ། བཅུ་པ་ནང་གི་མཆོད་པ་ནི། ཧཱུྃ། རྩ་ཁམས་རླུང་གི་དྭངས་མ་རྒྱས་པ་ལ། །ཡེ་ཤེས་ཆེན་པོ་མཆོག་གི་ཐིག་ལེར་གསལ། །གཟུགས་སྒྲ་དྲི་རོ་རེག་བྱ་འོད་ཕུང་འཁྱིལ། །ཀུན་ཏུ་བཟང་པོ་རོལ་པའི་མཆོད་པ་བཞེས། །རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་ཧོཿ བཅུ་གཅིག་པ་དུག་ལྔ་རྣམ་དག་གི་མཆོད་པ་ནི། ཧཱུྃ། གཏི་མུག་འོད་དཀར་ང་རྒྱལ་སེར་པོའི་འོད། །འདོད་ཆགས་དམར་པོ་ཕྲག་དོག་ལྗང་གུར་གསལ། །མཐིང་གསལ་དྭངས་མ་ཆོས་དབྱིངས་ཡེ་ཤེས་ངང་། །དུག་ལྔ་རང་གྲོལ་ཐིག་ལེའི་མཆོད་པ་འབུལ། །ཧ་ལ་པཉྩ་པཱུ་ཛ་ཧོཿ བཅུ་གཉིས་པ་དུག་གསུམ་རྣམ་དག་གི་མཆོད་པ་ནི། ཧཱུྃ། སྣང་བ་འོད་ཀྱི་དཀྱིལ་འཁོར་སྐུ །སྒྲར་གྲགས་སྔགས་ཀྱི་ང་རོ་ཅན། །ཐུགས་སྲོག་གཟེར་གྱི་འཕྲོ་འདུ་གསལ། །དུག་གསུམ་དག་པའི་མཆོད་པ་བཞེས། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོཿ བཅུ་གསུམ་པ་བདུད་རྩི་སྨན་མཆོད་ནི། ཧཱུྃ། རང་བྱུང་ཐིག་ལེ་དུག་ལྔ་འཇོམས། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །སྣང་སྲིད་འོད་ལྔར་ལྷུན་གྱིས་གྲུབ། །རྒྱུད་ལྔ་དྭངས་མ་ལྔ་རུ་གྲོལ། །ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ། ཀུན་གཞི་ཐིག་ལེ་ཆེན་པོ་ལ། །སྤང་བླང་རྟོག་པ་ཀུན་ཏུ་བྲལ། །ཐུན་མོང་མཆོག་གི་འོད་གསལ་བ། །ལྔ་ལྡན་བདེ་བ་ཆེན་པོར་མཆོད། །སརྦ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། བླ་མ་བརྒྱུད་མཆོད་བྱ་བར་སྤྲོ་ན་བརྒྱུད་འདེབས་ལ་བསྒྱུར་ནས་དབུལ། ཧཱུྃ། སྟོང་འབྱམས་མ་ཡིན་དངོས་གྲུབ་ཆེ། །སྣང་འབྱམས་མ་ཡིན་མཐའ་བརྒྱད་བྲལ། །གཉིས་མེད་ཟུང་འཇུག་རང་རིག་མཆོག །བདེ་ཆེན་བདེ་བའི་དངོས་གྲུབ་སྩོལ། །ཀཱ་ཡ་ཝཱཀྩིཏྟ་སརྦ་སིདྡྷི་ཧྲཱིཿ བཅུ་བཞི་པ་གཏོར་མའི་མཆོད་པ་ནི། ཧཱུྃ། སྣང་བ་སྟོང་པའི་སྣོད་ནང་དུ། །རིག་པ་འོད་ལྔའི་གཏོར་མ་བཤམས། །སྣང་སྲིད་ཡོངས་རྫོགས་འོད་ལྔའི་རྫས། །རང་ཤར་རང་གྲོལ་མཆོད་པ་འབུལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། བཅོ་ལྔ་པ་རཀྟའི་མཆོད་པ་ནི། ཧཱུྃ། འབྲལ་མེད་ཐིག་ལེ་འོད་པོ་ཆེ། །སྤྱོད་ལམ་ཀུན་ཏུ་སྤང་དུ་མེད། །རང་ཤར་རང་ངོ་ཤེས་པ་ཡི། །ཆགས་པ་ཆེན་པོའི་མཆོད་པ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། བཅུ་དྲུག་པ་གསང་ནན་གྱི་མཆོད་པ་ནི། ཧཱུྃ། མངོན་སུམ་ཡེ་ཤེས་མཐོང་བ་ལ། །ཡིད་ཆེས་གདིང་རྙེད་ངོ་སྤྲོད་ཀྱིས། །དུས་གསུམ་དུས་མེད་མཉམ་སྦྱོར་བ། །གསང་བ་ནན་ཏན་མཆོད་པ་འབུལ། །སརྦ་པཉྩ་ཨ་མྲྀཏ་ཛ་གད་ཁཱ་ཧི། བཅུ་བདུན་པ་སྦྱོར་བའི་མཆོད་པ་ནི། ཧཱུྃ། གློ་བུར་བྲལ་བའི་འོད་གསལ་བ། །རིག་སྟོང་འོད་ལྔ་ཀུན་ཏུ་སྣང་། །ཉིན་དང་མཚན་དུ་མཉམ་སྦྱོར་བའི། །འདུ་འབྲལ་མེད་པའི་མཆོད་པ་འབུལ། །ཨོཾ་ཛཿཧཱུྃ་བཾ་ཧོཿཔདྨ་ཡོ་གི་ནཱི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། བཅོ་བརྒྱད་པ་སྒྲོལ་བའི་མཆོད་པ་ནི། ཧཱུྃ། འཁྲུལ་སྣང་ཤེས་པ་ཐ་མལ་པ། །ཇི་ལྟར་སྣང་བ་དངོས་པོའི་སྤྲིན། །དངོས་མེད་ཐིག་ལེ་དྭངས་མའི་མཚོན། །ཀུན་ཁྱབ་ཀུན་བསྒྲལ་མཆོད་པ་འབུལ། །མ་ཏྲཾ་རུ་དྲ་པྲ་བྷཉྫ་ཙཀྲ་མཱ་ར་ཡ་ཕཊ། བཅུ་དགུ་པ་བསྟོད་པ་ནི། ཨོཾ་ཨཱཿཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན། །ཡེ་ཤེས་སྣང་བ་ལམ་མེ་བ། །མགོན་པོ་འོད་མི་འགྱུར་བ་ལ། །རྩེ་གཅིག་དད་པས་ཕྱག་འཚལ་ལོ། །ཧཱུྃ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །པྲ་ཛྙཱ་ཛྙཱ་ན་མཱུརྟ་ཡེ། སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཨོཾ་དུཿཁ་ཙྪེ་ད་སྭཱ་ཧཱ། མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཝཱ་གཱི་ཤྭ་ར་སྭཱ་ཧཱ། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཨོཾ་བཛྲ་ཏཱིཀྵྞ་སྭཱ་ཧཱ། སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་ཛྙཱ་ན་ཀཱ་ཡ་སྭཱ་ཧཱ། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །བཅོམ་ལྡན་ཤཱཀ་ཐུབ་སྐུ་ལ་འདུད། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་འདུད། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །བླ་མ་རིག་འཛིན་རྣམས་ལ་འདུད། །ཉི་ཤུ་པ་བཤགས་པ་བྱ་བ་ནི། སྡུག་བསྔལ་ཀུན་དང་གདོད་ནས་བྲལ། །མ་རིག་ལོག་རྟོག་སྡུག་བསྔལ་བ། །རྣམ་སྣང་ཆོས་བདུན་འཁྲུལ་འཁོར་གྱིས། །དུག་ལྔ་གློ་བུར་རང་སར་བཤགས། །ཡིག་བརྒྱ་བརྗོད། ཉེར་གཅིག་པ་འཛབ་བཟླ་བ་ནི། ཧཱུྃ། རིགས་ལྔ་སོ་སོའི་ཐུགས་ཀྱི་སྲོག་ཡིག་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །བདག་གཞན་འགྲོ་བ་ཀུན་ངོར་མེད་བཞིན་དུ། །སྣང་བའི་ཉམས་ཆག་སྡིག་སྒྲིབ་མུན་པ་ཀུན། །རང་རིག་དག་པའི་ཀློང་དུ་རབ་སངས་ནས། །ལུས་ནི་སྣང་སྟོང་འཇམ་དཔལ་རིགས་ལྔའི་སྐུ །ངག་ནི་གྲགས་སྟོང་གསང་བ་སྔགས་ཀྱི་སྒྲ། །ཡིད་ནི་བདེ་སྟོང་ཆོས་སྐུའི་ངོ་བོར་བསམ། །སྔགས་ཐུང་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ སྡྱི་ཏོ་ཧྲཱྀ་དི། ཛྙཱ་ན་མཱུརྟྟི་ར་ཧཾ་བུདྡྷོ། བུདྡྷ་ནཱན་ཏྲྱ་དྷཱ་ཝརྟྟི་ནཱམ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད། པྲ་ཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ སྔགས་རིང་ནི། ཨོཾ་སརྦ་དྷརྨཱ་བྷཱ་བ་སྭ་བྷཱ་བ། བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏི་ཨཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མཱུརྟྟི། ཝཱ་གཱི་ཤྭ་ར། མ་ཧཱ་བ་ཙ་སརྦ་དྷརྨཱ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཡང་ན། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཡང་ན། ཨོཾ་བཻ་རོ་ཙ་ན་སྭཱ་ཧཱ། ཧཱུྃ་བཛྲ་ཨཀྵོ་བྷྱ་སྭཱ་ཧཱ། སྭཱ་རཏྣ་སཾ་བྷ་སྭཱ་ཧཱ། ཨཱཾཿཔདྨ་དྷ་ར་སྭཱ་ཧཱ། ཧཱ་ཨ་མོ་གྷ་སིདྡྷི་སྭཱ་ཧཱ། ཞེས་བཟླ། ཉེར་གཉིས་པ་རྫོགས་རིམ་ནི། བསམ་བརྗོད་བྲལ་བའི་སེམས་ཉིད་ཀ་དག་དེ། །མ་འགགས་ཝལ་ལེར་གསལ་བ་སངས་རྒྱས་དངོས། །དེ་ལ་རྒྱུན་དུ་གནས་ན་ཐ་སྙད་ཀྱི། །སྒོམ་དང་སྒྲུབ་པ་བྱ་རྒྱུ་མེད་པར་རྫོགས། །ཅི་ཕྱིར་རང་རིག་ཆོས་སྐུར་དག་པ་ལ། །སྐྱེ་ཤི་མེད་པས་ལས་དང་རྣམ་སྨིན་མེད། །དེ་མེད་བསྐྱེད་དང་རྫོགས་པ་ཅི་ཡང་མེད། །འཁྲུལ་དང་གྲོལ་བའི་མིང་ཡང་དེ་ལ་མེད། །མེད་པའི་དོན་ལ་མཉམ་པའི་རྒྱལ་པོར་བཞག །དྭངས་པའི་ཐུན་གཅིག་བསྒོམས་ན་འཁོར་བ་འཇིག །བདེ་བར་གཤེགས་པ་ཀུན་གྱི་བྱང་ཆུབ་སེམས། །ཡང་དག་སྙིང་པོ་འོད་ཀྱི་ཕུང་པོ་ཅན། །ཡིན་ནི་གཅིག་ཡིན་ཁྱབ་ནི་ཀུན་ཏུ་ཁྱབ། །གནས་ནི་རྟག་ཏུ་སྙིང་གི་དབུས་ན་འོ། །གསལ་སྟོང་ཕྱོགས་བཅུ་དུས་གསུམ་ཀུན་ཏུ་གསལ། །དེ་ཉིད་རང་འོད་ཡིན་གྱིས་ངོ་ཤེས་ན། །སྐུ་དང་ཡེ་ཤེས་རྒྱལ་བའི་ཞིང་དུ་གྲོལ། །མ་དག་ལས་ཀྱི་སྣང་བའི་སྐྱོན་དང་བྲལ། རང་འོད་མ་ཤེས་ལུས་དང་བག་ཆགས་ཀྱི། །སྣང་བའི་གོ་ཕྱེ་འཁྲུལ་པ་རྒྱ་བསྐྱེད་ནས། །རང་གནས་ཡེ་ཤེས་རང་དང་མཇལ་མི་འགྱུར། །དེ་ཕྱིར་ལུས་ནི་དྲང་སྲོང་ཙོག་པུ་དང་། །རླུང་ནི་དལ་བ་མིག་ནི་ཟིམ་བུས་བལྟ། །མངོན་སུམ་ཡེ་ཤེས་མཐོང་བས་གྲོལ་བར་འགྱུར། །དེ་ནས་བླང་དོར་མེད་པའི་འདུག་སྟངས་ཀྱིས། །དྭངས་མའི་རླུང་བཅིངས་ཐད་ཀའི་མིག་གིས་བལྟ། །ཆོས་ཉིད་མངོན་སུམ་ཡེ་ཤེས་མཐོང་བ་ནི། །གློ་བུར་དྲི་བྲལ་རང་རིག་སངས་རྒྱས་དངོས། །མིག་ནི་དཀྱིལ་འཁོར་གཡས་གཡོན་མཛོད་སྤུར་གཅུན། །ཉམས་སྣང་གོང་འཕེལ་ཐ་མལ་རྣམ་རྟོག་འགག །འོད་གསལ་དོན་གྱི་ཡེ་ཤེས་དེ་ཉིད་དང་། །རྒྱུན་དུ་བསྟུན་པས་བསྐྱེད་རྫོགས་ལྷུན་གྱིས་གྲུབ། །སྲིད་པ་ཐ་མར་གྱུར་པ་ཉིད་ཡིན་ནོ། །དེ་ནས་སེང་གེ་རབ་ཏུ་འགྱིང་བ་ཡི། །འདུག་སྟངས་སྟེང་འོག་འཇམ་དཔལ་ཡེ་ཤེས་རླུང་། ཁ་སྦྱར་མིག་ནི་མཛོད་སྤུའི་སྟེང་ཐད་བལྟ། །མ་བསྐྱེད་རྫོགས་པ་སྐུ་གསུམ་ཡེ་ཤེས་ལྔ། །ཐིག་ལེ་ཐིག་ཕྲན་ཟ་འོག་གུར་ཁྱིམ་དང་། །རེ་ལྡེ་མིག་མང་དར་ཚགས་རྩིབས་ཤར་དང་། །སྣང་བ་རྣམ་དག་ཡེ་ཤེས་སྣང་བ་འཕེལ། །ཐ་མལ་མིང་ཟད་ཡེ་ཤེས་རྒྱུན་ཆད་མེད། །འདི་ཉིད་ཤེས་ན་སྐྱེ་བ་མེད་པར་འགྱུར། །དེ་ནས་སྙིང་པོའི་དོན་བཅུའི་གནད་ཀྱི་དོན། །སྦས་པའི་ཏི་ཀ་སྐལ་ལྡན་སྙིང་གི་ནོར། །འབྲས་བུ་ཀུན་གྱི་ཡང་བཅུད་དྭངས་མ་ཡིན། །དེ་ཡི་དགོངས་པ་ཡང་དག་བསྟན་པ་ནི། །ལུས་གནད་གཅུན་པས་རིག་པ་ཡུལ་དང་མཇལ། །ངག་གནད་གཅུན་པས་བརྗོད་མེད་གནས་ལུགས་རྟོགས། །ཡིད་གནད་གཅུན་པས་འགྱུ་བ་རང་སར་ཟད། །གང་མཐོང་ལྟ་བ་དྲན་བསམ་ཆོས་སྐུར་གྲོལ། །ཞེས་ཉམས་སུ་བླང་ངོ་། །གསུམ་པ་མཇུག་ལ་སྲུང་ཚོགས་རླབས་འདྲེན་མཆོད། །བཤགས་སྟོབ་ཞུ་བ་ཞུས་ལེན་ལྷག་མ་དང་། །ཆད་ཐོ་བརྟན་སྐྱོང་རྟ་བྲོ་རྟག་ཆད་བསལ། །བསྔོ་སྨོན་ཤིས་བརྗོད་བཅུ་བདུན་མཇུག་གི་ཁྲིགས། །དང་པོ་སྲུང་མ་མཆོད་པ་ལ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་ཌཱ་ཀི་དང་། །དེ་བཞིན་མཁའ་འགྲོ་ཨོ་རྒྱན་ཌཱ་ཀི་རྣམས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བཀའ་སྲུང་དང་ནི་གཏེར་སྲུང་ཚོགས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཞིང་སྐྱོང་དང་ནི་དུར་ཁྲོད་གནས། །འཇིག་རྟེན་མཁའ་འགྲོ་བརྒྱད་ཀྱི་ཚོགས། །ཨོ་རྒྱན་གླིང་གི་མཁའ་འགྲོ་མ། །བཀའ་ཡི་གཏོར་མ་འདི་ལོངས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །དབང་ལྡན་དང་ནི་མེ་ལྷ་དང་། །སྲིན་པོ་དང་ནི་རླུང་ལྷ་དང་། །ཚངས་པ་དང་ནི་ས་བདག་དང་། །ཕྱོགས་སྐྱོང་བཅུ་རྣམས་གཏོར་མ་ལོངས། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །རྣལ་འབྱོར་སྐུ་ཚེ་ཁྱོད་ཀྱིས་སྲིངས། །བདག་གི་བསམ་པ་འགྲུབ་པར་མཛོད། །ཅེས་རང་གཞུང་ལས་བྱུང་བ་དང་གཏེར་སྲུང་སྒོས་ཀྱི་མཆོད་པ་ནི། ཧཱུྃ། རླུང་སེམས་དབང་སྒྱུར་པདྨ་རྒྱལ་པོ་ཡིས། །སྟག་ཚང་བཀྲ་ཤིས་དཔལ་གྱི་ཕུག་པ་རུ། །ཟབ་མོའི་གཏེར་འདི་གསང་བའི་རྒྱས་བཏབ་ཚེ། །སྲུང་མར་བཀའ་བསྒོས་རྡོ་རྗེ་བྲག་སྐྱེས་དང་། །སྐྱིན་མཐིང་ཤྭ་ན་མུ་ཁ་རྣམ་པ་བཞི། །མདོར་ན་ཆོས་འདི་སྐྱོང་བའི་དྲག་ཤུལ་ཅན། །རང་བྱུང་རང་ཤར་རིག་པའི་རྩལ་ཙམ་དུ། །སྒྱུ་མའི་རོལ་རྩེད་ཇི་བཞིན་གནས་འདིར་གཤེགས། །ཕྱི་ནང་ཉེར་སྤྱོད་སྨན་རཀ་གཏོར་མ་དང་། །འདོད་ཡོན་ལོངས་སྤྱོད་མཆོད་ཡུལ་མཆོད་པའི་རྫས། །མཆོད་མཁན་མཐའ་དག་ཆུ་ལས་ཆུ་ལྦུར་བཞིན། །སེམས་ཀྱི་དབྱིངས་འབུལ་དབྱིངས་སུ་དགྱེས་པར་ཐིམ། །ཨོཾ་སརྦ་དྷརྨཱ་པཱ་ལ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཧཱུྃ། རྨི་ལམ་ཡུལ་གྱི་བདེ་སྡུག་ཇི་བཞིན་དུ། །གནོད་བྱེད་སྒྲོལ་ཞིང་མཐུན་པའི་ལས་ཀུན་སྒྲུབ། །ཟབ་གཏེར་ཆོས་བཀའ་སྤེལ་ལ་ཕྲག་མ་དོག །རང་རིག་མངོན་སུམ་མཐོང་བའི་གྲོགས་མཛོད་ཅིག །གཉིས་པ་ཚོགས་བརླབ་པ་ནི། ཧཱུྃ། ཀ་དག་རིག་པ་ཀུན་ཏུ་བཟང་། །ལྷུན་གྲུབ་བདེ་ཆེན་འོད་ལྔ་ཡིས། །རྟོག་འཛིན་ཚོགས་ཀྱི་ཡོ་བྱད་རྣམས། །ཡེ་ཤེས་འོད་ལྔར་བྱིན་གྱིས་བརླབ། །ཨོཾ་ཨུ་ཙུཥྨ་ཀྲོ་དྷ་བཻ་ཏཱ་ལི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་སྤྱན་འདྲེན་པ་ནི། ཡེ་ཤེས་ལྔ་དང་སྐུ་ལྔའི་ཀློང་། །ཀུན་འདུས་ཀུན་ཏུ་ཁྱབ་པའི་ལྷ། །རིག་པ་མངོན་སུམ་ཐིག་ལེའི་སྐུ །སྣང་སྲིད་འོད་ལྔའི་ཚོགས་ལ་གཤེགས། །བཞི་པ་མཆོད་པ་ནི། ཨོཾ། མཆོད་ཅིང་རྗེད་པ་དྲང་སྲོང་ཆེ། །སྐུ་གསུམ་མཁའ་འགྲོ་རིག་འཛིན་རྣམས་ལ་འབུལ། །བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །འདོད་ཆགས་མཆོད་པ་བླ་ན་མེད། །སྣང་བ་མཐའ་ཡས་སྐུ་ལ་འབུལ། །བཞེས་ཤིག་མེ་ནི་གོས་དཀར་མོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེ་སྡང་མཆོད་པ་བླ་ན་མེད། །རྡོ་རྗེ་སེམས་དཔའི་སྐུ་ལ་འབུལ། །བཞེས་ཤིག་ས་ནི་སངས་རྒྱས་སྤྱན། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་མཆོད་པ་བླ་ན་མེད། །རྣམ་པར་སྣང་མཛད་སྐུ་ལ་འབུལ། །བཞེས་ཤིག་ནམ་མཁའ་དབྱིངས་ཕྱུག་མ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ང་རྒྱལ་མཆོད་པ་བླ་ན་མེད། །རིན་ཆེན་འབྱུང་ལྡན་སྐུ་ལ་འབུལ། །བཞེས་ཤིག་ཆུ་ནི་མཱ་མ་ཀི །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཕྲག་དོག་མཆོད་པ་བླ་ན་མེད། །དོན་ཡོད་གྲུབ་པའི་སྐུ་ལ་འབུལ། །བཞེས་ཤིག་རླུང་ནི་དམ་ཚིག་སྒྲོལ། ཁྲག་འཐུང་ལྷ་ཚོགས་རྣམས་ལ་འབུལ། །མཁའ་འགྲོ་གཏེར་བདག་རྣམས་ལ་འབུལ། །ལྔ་པ་བཤགས་པ་ནི། ཧཱུྃ། བཟང་ངན་མེད་པའི་དཀྱིལ་འཁོར་ལ། །བཟང་ངན་གཉིས་སུ་བཟུང་བའི་བློ། །གློ་བུར་རྟོག་པའི་སྒྲིབ་པ་རྣམས། །བློ་འདས་ཚོགས་ཀྱི་མཆོད་པས་བཤགས། །བཛྲ་ས་མ་ཡ་ཧོཿ ཡིག་བརྒྱ་བརྗོད། དྲུག་པ་སྟོབ་པ་ནི། ཧཱུྃ། བློ་འདས་ཆོས་སྐུར་དག་པ་ལ། །བློ་འདས་རྟོགས་པའི་གདིང་མ་རྙེད། །གློ་བུར་རྟོག་པ་ལྷན་ཅིག་སྐྱེས། །བློ་འདས་ཐིག་ལེའི་མཚོན་ཆས་བསྒྲལ། །མཱ་ར་ཡ་རྦད། ཧཱུྃ། བདག་ཏུ་འཛིན་པ་རང་གི་སེམས། །འཁྲུལ་རྟོག་ལས་ཀྱི་ཚོགས་བརྒྱད་འཁྲུལ། །སྐྱེ་མེད་རྟོགས་པའི་མཚོན་གྱིས་གཏུབས། །སྟོབ་བོ་ཀུན་བཟང་ཞལ་དུ་སྟོབ། །སྐྱེ་འགག་མེད་པའི་ཀློང་དུ་སྟོབ། །དངོས་པོ་སྟོང་ཉིད་ཀློང་དུ་སྟོབ། །སྣང་བ་ཡེ་ཤེས་ཀློང་དུ་སྟོབ། །གསལ་བ་ཆོས་ཉིད་ཀློང་དུ་སྟོབ། །གློ་བུར་རིག་པའི་ཀློང་དུ་སྟོབ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་པ་ཞུ་བ་ནི། ཀྱེ། ཀུན་བཟང་དབྱེར་མེད་བླ་མ་དགོངས་སུ་གསོལ། །སྣང་སྟོང་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་འདི། །བདེ་སྟོང་དབྱེར་མེད་རྟོགས་པའི་ཚོགས་ཀྱིས་འབུལ། །རིག་སྟོང་དབྱེར་མེད་ངང་དུ་བཞེས་སུ་གསོལ། །ཀྱེ། སྣང་སྲིད་དག་པ་འོད་ལྔའི་ལྷ་ཚོགས་དགོངས། །ཡེ་ནས་མཉམ་ཉིད་ཚོགས་ཀྱི་ལོངས་སྤྱོད་འདི། །རྟོག་པའི་བློ་ལ་དག་སྣང་ཚུལ་གྱིས་འབུལ། །འཁྲུལ་མེད་དག་པའི་ངང་དུ་བཞེས་སུ་གསོལ། །ཀྱེ། རྡོ་རྗེ་མཆེད་ལྕམ་རིག་རྩལ་དགོངས་སུ་གསོལ། །དགའ་མགུ་རྣམ་དག་ཚོགས་ཀྱི་ལོངས་སྤྱོད་འདི། །སོ་སོར་མ་མཆིས་གཡར་དམ་ཚུལ་གྱིས་འབུལ། །འཁོན་འཛིན་མེད་པའི་ངང་དུ་བཞེས་སུ་གསོལ། །བརྒྱད་པ་ཞུས་ལན་ནི། ཨེ་མ་ཧོ། སྐུ་གསུམ་ཞིང་ཁམས་མཐོང་བས་དང་རེ་སྤྲོ །ཆོས་ཉིད་བློ་འདས་རྟོགས་པས་བློ་རེ་བདེ། །ཕུན་སུམ་ཚོགས་པ་ལྔ་ལྡན་ངོ་མཚར་ཆེ། །བླང་དོར་མི་འཚལ་ཡི་རང་དགའ་བར་རོལ། །ཨ་ལ་ལ་ཧོ། དགུ་པ་ལྷག་མ་གཏང་བ་ནི། ཕེཾ་ཕེཾ་ཕེཾ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཧཱུྃ། ཐིག་ལེ་མི་འགྱུར་དཔལ་གྱི་ལྷག་སྡུད་ནི། །འོད་གསལ་དབྱིངས་ལ་གཡོ་བ་མེད་མོད་ཀྱང་། །སྐྱེ་བའི་ཆོ་འཕྲུལ་གར་བསྒྱུར་རྩལ་སྣང་བ། །ཆུ་ཚོད་སོ་གཉིས་མཁའ་འགྲོ་སྤྲིན་ལྟར་གཏིབས། །རླུང་ཁམས་ཤུགས་འགྲོ་འབྱུང་ལྔ་ཆར་ལྟར་འབབས། །རྩ་ཁམས་ཉེར་གཅིག་དབང་ཕྱུག་མཚོ་ལྟར་འཁྱིལ། །དུར་ཁྲོད་སྒོ་བཞི་མ་མོ་གློག་ལྟར་འཁྱུག །སྐྱེ་མཆེད་བཅོ་བརྒྱད་ཀི་ཀཾ་ཐོག་ལྟར་འཕྲོ། །དུས་ཚོད་འབར་མ་མེ་འོད་ལྟ་བུར་འབར། །ཡུལ་བརྒྱད་སྤོར་མ་དབང་རྣམས་ཤིང་ལྟར་རྒྱས། །དྲུག་ཅུ་རྩ་གཉིས་དབྱུག་གུ་ཕོ་ཉར་འཕྲོ། །ཕོ་ཉ་དྲུག་ཅུ་ལངྐ་འཇིགས་པའི་གཟུགས། །ཚོགས་བརྒྱད་དྲག་རྩལ་སྡེ་བརྒྱད་སྡེ་དང་དཔུང་། །དུས་དང་སྲིད་པ་མ་བདུན་ནམ་གྲུའི་ཚོགས། །ནམ་ཟླ་དུས་བཞི་སྲིང་མོ་འཇོ་སྒེག་ཅན། །ཀུན་ཀྱང་མ་ངེས་དཔལ་གྱི་བཀའ་སྡོད་ཚོགས། །ཀློང་ཡངས་འཁྱིལ་པ་འོད་ཀྱི་དཀྱིལ་འཁོར་ནས། །ཀུན་བཟང་ཐུགས་མཆོག་གཅིག་ཏུ་ཁྱབ་པའི་སྐུ །རང་རང་རིག་རྩལ་འཁོར་དང་བཅས་པ་རྣམས། །གནས་ཁང་མཆོག་གི་ཐིག་ལེའི་ཕོ་བྲང་ན། །གོས་བཟང་འཇའ་འོད་མ་འདྲེས་ཀུན་ཏུ་གསལ། །རྒྱན་བཟང་ཟེར་ལྔ་ཐུགས་རྗེ་གློག་ཏུ་འཁྱུག །སྐྱོགས་བཟང་སྟོང་ཉིད་ཆོས་སྐུའི་བདེ་བས་གང་། །ཟས་བཟང་ཡེ་ཤེས་ལྔ་དང་སྐུ་ལྔར་བཅས། །སྐྱེམས་བཟང་དམ་པ་རླུང་ལྔའི་དྭངས་མ་རོལ། །རྣམ་དག་འོད་ཀྱི་ཐིག་ལེ་ཟས་སུ་ཟ། །ལས་སུ་གློ་བུར་རྟོག་ཚོགས་དག་པར་བྱེད། །དབྱིངས་རིག་གཉིས་མེད་གཏོར་མ་འདི་བཞེས་ལ། །མི་གཡོ་ཆོས་ཉིད་སྐུ་གསུང་ཐུགས་ཐོབ་པའི། །རང་བཞིན་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་ཤ་ཏྲཱུཾ་ཨ་མུ་ཀཾ་ཙམ་ཕྲེང་ཡཀྵ་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅུ་པ་ཆད་ཐོ་ནི། ཧཱུྃ། དུས་གསུམ་མི་གཡོ་བསྐལ་པ་ཐོག་མ་ལ། །སྲིད་གསུམ་མིང་མེད་ཆོས་སྐུའི་ཞིང་ཁམས་སུ། །ཐོག་མའི་མགོན་པོ་འོད་མི་འགྱུར་བ་དང་། །གསལ་མདངས་འགག་མེད་ལྷག་མཐོང་ཡེ་ཤེས་ཀྱིས། །སྐྱེ་མེད་མཐའ་བྲལ་དཀྱིལ་འཁོར་ཞལ་ཕྱེ་ཚེ། །འགག་མེད་རང་རྩལ་གཟུགས་སྐུའི་འཁོར་འདུས་ཤིང་། །གནས་མེད་ཟུང་འཇུག་རང་རང་གཟུགས་བསྟན་ནས། །དམིགས་མེད་མཐའ་བྲལ་རྟོགས་པར་མ་ཆད་དམ། །འགྲོ་དང་འོང་བ་བལྟ་བར་མ་ཆད་དམ། །གདོད་ནས་དག་པའི་གཏོར་མ་འདི་བཞེས་ལ། །ཡེ་སངས་རྒྱས་པའི་ས་ལམ་ཐོབ་པར་མཛོད། །ཧཱུྃ། ལྷུན་གྲུབ་དྲི་བྲལ་བསྐལ་པ་བར་མ་ལ། །ཀུན་གཞི་གསང་བ་དག་པའི་གནས་མཆོག་ཏུ། །རང་བྱུང་རྒྱལ་པོ་ཤེས་རིག་འོད་ལྔ་དང་། །ཆོས་ཅན་ཀུན་སྣང་འོད་ཟེར་སྣང་ངོ་ཡིས། །ཡེ་སངས་རྒྱས་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཡང་སངས་རྒྱས་པའི་དཀྱིལ་འཁོར་ཡོངས་འདུས་ཤིང་། །སྐུ་དང་ཡེ་ཤེས་རང་རང་གཟུགས་བསྟན་ནས། །སྙིང་ནང་ཐིག་ལེ་བསྟན་པར་མ་ཆད་དམ། །དཀར་འཇམ་ལམ་འགགས་གསལ་བར་མ་ཆད་དམ། །ཆོས་ཉིད་མངོན་སུམ་གཏོར་མ་འདི་བཞེས་ལ། །སྣང་བཞི་ཚད་དུ་འཁྱོལ་བའི་ཕྲིན་ལས་མཛོད། །ཧཱུྃ། མ་འདྲེས་ཡོངས་རྫོགས་བསྐལ་པའི་ཐ་མ་ལ། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །ངེས་པ་ལྔ་ལྡན་དྲུག་པ་རྡོ་རྗེ་འཆང་། །རྟོག་ཚོགས་རང་གྲོལ་འཇམ་དཔལ་རིགས་ལྔ་ཡིས། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཕུང་ཁམས་སྐྱེ་མཆེད་རང་རྩལ་འཁོར་འདུས་ཤིང་། །གདན་གསུམ་ཚང་བའི་རང་རང་གཟུགས་བསྟན་ནས། །སྤྱོད་ཡུལ་ཡོངས་སུ་དག་པར་མ་ཆད་དམ། །ཐ་མལ་དགྲ་འཛིན་འདུལ་བར་མ་ཆད་དམ། །དབྱིངས་རིག་རང་གསལ་གཏོར་མ་འདི་ལོངས་ལ། །བརྒྱུད་གསུམ་ཆོས་འཁོར་བསྐོར་བའི་ཕྲིན་ལས་མཛོད། །ཧཱུྃ། དེ་འོག་བར་གྱི་བསྐལ་པ་དང་པོ་ལ། །ཀུན་ཏུ་གཟིགས་དང་མངོན་དགའ་ལ་སོགས་སུ། །རིགས་བཞིའི་སངས་རྒྱས་སྲས་ཡུམ་འཁོར་བཅས་ཀྱིས། །རང་རང་སྤྲུལ་པའི་དཀྱིལ་འཁོར་ཞལ་ཕྱེ་ཚེ། །ཚོགས་གཉིས་རྫོགས་པའི་གང་ཟག་འཁོར་འདུས་ཤིང་། །སྒྲིབ་གཉིས་སྤངས་པའི་རང་རང་གཟུགས་བསྟན་ནས། །རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ། །ཆོ་འཕྲུལ་རྩལ་ཆེན་སྤྲོ་བར་མ་ཆད་དམ། །ཡེ་ཤེས་དག་པའི་གཏོར་མ་འདི་ལོངས་ལ། །ཀུན་ཏུ་འོད་ཀྱི་ས་ལ་ཕྲིན་ལས་མཛོད། །ཧཱུྃ། དེ་འོག་བར་གྱི་བསྐལ་པ་བར་མ་ལ། །དགའ་ལྡན་བརྩེགས་དང་རྡོ་རྗེ་གདན་རྣམས་སུ། །བདེ་གཤེགས་སྟོན་པ་དམ་པ་བཅུ་གཉིས་དང་། །རང་གི་འཁོར་གྱི་དཀྱིལ་འཁོར་ཡོངས་འདུས་ནས། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །སྐལ་ལྡན་ལས་ཅན་གང་ཟག་འཁོར་འདུས་ཤིང། །སྨོན་ལམ་དག་པའི་རང་རང་གཟུགས་བསྟན་ནས། །རྒྱུ་འབྲས་ཆོས་འཁོར་བསྐོར་བར་མ་ཆད་དམ། །འགྲོ་རྣམས་སྨིན་གྲོལ་འགོད་པར་མ་ཆད་དམ། །སྐྱོན་བྲལ་དམ་ཆོས་གཏོར་མ་འདི་ལོངས་ལ། །རང་རང་ཁས་བླངས་དམ་བཅས་ཕྲིན་ལས་མཛོད། །ཧཱུྃ། དེ་འོག་བསྐལ་པ་དུས་ཀྱི་ཐ་མ་ལ། །ཨོ་རྒྱན་བསམ་ཡས་འཛམ་གླིང་གནས་རྣམས་སུ། །རིག་འཛིན་དཔའ་བོ་པདྨ་ཐོད་ཕྲེང་དང་། །རྒྱ་བོད་རིག་འཛིན་མཁའ་འགྲོའི་ཚོགས་བཅས་ཀྱིས། །ཐེག་དགུ་ཡོངས་རྫོགས་དཀྱིལ་འཁོར་ཞལ་ཕྱེ་ཚེ། །སྐལ་ལྡན་ལས་ཅན་འཁོར་གྱི་ཚོགས་འདུས་ཤིང་། །རྒྱུ་འབྲས་བླང་དོར་རང་རང་གཟུགས་བསྟན་ནས། །དལ་འབྱོར་དོན་ཡོད་བྱེད་པར་མ་ཆད་དམ། །རྒྱུ་འབྲས་བླང་དོར་བྱེད་པར་མ་ཆད་དམ། །དབང་དང་དམ་ཚིག་གཏོར་མ་འདི་ལོངས་ལ། །བསྐྱེད་རྫོགས་སྒྲུབ་པའི་དམ་བཅས་ཕྲིན་ལས་མཛོད། །ས་མ་ཡ་ཨི་དན་ན་ར་ཀན། བཅུ་གཅིག་པ་བརྟན་སྐྱོང་ནི། མ་མ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཧཱུྃ། ཕ་ནི་གནམ་གྱི་རྫི་ཀན་ལ། །མ་ནི་ནག་མོ་བཞིན་མི་སྡུག །བུ་མོ་བདུད་མོ་ཆེན་མོ་བཞི། །ཡེ་ཤེས་བཞི་ལས་སྤྲུལ་པ་མོ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་མ། །གཟུགས་ཅན་མ་སོགས་མ་རིག་པ། །འདུ་བྱེད་མིང་གཟུགས་དག་པ་མོ། །འདི་ཡང་ཡེ་ཤེས་ཆེན་མོའི་རྩལ། །མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད། །ཧཱུྃ། ཕ་ནི་གནམ་གྱི་གློག་ཆེན་ལ། །མ་ནི་དམར་མོ་གནོད་སྦྱིན་ཆེ། །བུ་མོ་གནོད་སྦྱིན་ཆེན་མོ་བཞི། །དགའ་བ་བཞི་ལས་སྤྲུལ་པ་མོ། ཁྭ་ཏ་འུག་པ་ཁྱི་ཕག་གདོང་། །སྐྱེ་མཆེད་དྲུག་དང་རེག་པ་དང་། །ཚོར་བ་སྲེད་པ་དག་པ་མོ། །འདི་ཡང་ཡེ་ཤེས་ཆེན་མོའི་རྩལ། །མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད། །ཧཱུྃ། ཕ་ནི་གནམ་གྱི་སྐྱ་འོད་ལ། །མ་ནི་དཀར་མོ་བཞིན་བཟང་མ། །བུ་མོ་སྨན་བཙུན་ཆེན་མོ་བཞི། །ཚད་མེད་བཞི་ལས་སྤྲུལ་པ་མོ། །གཤིན་རྗེ་བརྟན་མ་ཕོ་ཉ་མོ། །མཆེ་བ་མ་དང་འཇོམས་པ་མོ། །ལེན་དང་སྲེད་པ་རྒ་ཤི་དག །འདི་ཡང་ཡེ་ཤེས་ཆེན་མོའི་རྩལ། །མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད། །མ་མཱ། ཁ་ཁཱ། ལ་ལཱ། ལེ་ལཻ། ཏ་ཏཱ། ཏེ་ཏེ་སྲིང་འགྲོ་མ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ག་ཎ་ཙཀྲ་ཁཱ་ཧི། སརྦ་པཱུ་ཛ་ཁཱ་ཧི། བཅུ་གཉིས་པ་རྟ་བྲོ་བརྡུང་བ་ནི། ཧཱུྃ། གླུ་དྲུག་བླངས་པས་དོན་དྲུག་འགྲུབ། །བདེ་གཤེགས་ཡོངས་རྫོགས་དྲུག་རྫོགས་ཤིང་། །ཕ་རོལ་ཕྱིན་དྲུག་གླུ་དྲུག་ཐོབ། །བརྟུལ་ཞུགས་དྲུག་གི་ཡོན་ཏན་རྒྱས། །ཨོཾ། གཏི་མུག་ཤ་ཆེན་འབུས་པ་ལ། །མེ་ལོང་ཡེ་ཤེས་དཀར་གསལ་བྲོ། །ཨོཾ་གྱི་གླུར་བླངས་བརྡུངས་བྱས་པས། །སྤྲུལ་སྐུའི་བརྟུལ་ཞུགས་སྐུ་རུ་རྒྱས། །ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། ཨཱཾཿ འདོད་ཆགས་ཁྲག་མཚོ་འཁྱིལ་པ་ལ། །སོར་རྟོག་ཡེ་ཤེས་དམར་གསལ་བྲོ། །ཨཱཾ་གི་གླུར་བླངས་བརྡུངས་བྱས་པས། །ལོངས་སྐུའི་བརྟུལ་ཞུགས་གསུང་དུ་རྒྱས། ཨཱཾཱཾ་ཨཱཾ་ཨཱཾ་ཨཱཾ་ཨཱཾཿ ཧཱུྃ། ཞེ་སྡང་རུས་པའི་རི་རྒྱལ་རྩེར། །ཆོས་དབྱིངས་ཡེ་ཤེས་མཐིང་གསལ་བྲོ། །ཧཱུྃ་གི་གླུར་བླངས་བརྡུངས་བྱས་པས། །ཆོས་སྐུའི་བརྟུལ་ཞུགས་ཐུགས་སུ་རྒྱས། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། སྭཱ། ང་རྒྱལ་ནང་ཁྲོལ་བརྡལ་བ་ལ། །མཉམ་ཉིད་ཡེ་ཤེས་སེར་གསལ་བྲོ། །སྭཱ་ཡི་གླུར་བླངས་བརྡུངས་བྱས་པས། །ཉིད་སྐུའི་བརྟུལ་ཞུགས་ཡོན་ཏན་རྒྱས། །སྭཱ་སྭཱ་སྭཱ་སྭཱ་སྭཱ། ཧཱ། ཕྲག་དོག་རྩ་ཁམས་གཟིངས་པ་ལ། །བྱ་གྲུབ་ཡེ་ཤེས་ལྗང་གསལ་བྲོ། །ཧཱ་ཡི་གླུར་བླངས་བརྡུངས་བྱས་པས། །མངོན་བྱང་བརྟུལ་ཞུགས་ཕྲིན་ལས་གྲུབ། །ཧཱ་ཧཱ་ཧཱ་ཧཱ་ཧཱ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཅུ་གསུམ་པ་རྟག་མཐའ་བསལ་བ་ནི། སྲོག་ཡིག་འོད་གསལ་ཐིག་ལེ་ཡུངས་འབྲུ་ཙམ། །དམར་གསལ་ཐིག་པ་འོད་ལྔས་བསྐོར་བ་ལ། །རྟག་ཆད་མཉམ་གཞག་དེ་ཉིད་རྟག་ཆད་བྲལ། །རྟག་ཏུ་སྙིང་ལ་གནས་པའི་ཡེ་ཤེས་སེམས། །རྟགས་ནི་སྟོང་གསལ་ནམ་མཁར་འཆར་བའི་དོན། །ཡང་དང་ཡང་དུ་དྭངས་མའི་རྒྱུན་དང་བསྟུན། །བསྒོམ་དུ་མེད་ཅིང་བསྐྱེད་དུ་ཅི་ཡང་མེད། །མ་ཡེངས་ཉི་མ་ཕྱེད་ཙམ་གང་གི་ལྟ། །དེ་ཉིད་དོན་གྱི་སངས་རྒྱས་རང་ཤར་ཡིན། །བཅུ་བཞི་པ་ཆད་མཐའ་བསལ་བ་ནི། ཧཱུྃ། དེ་ཉིད་མཐོང་བ་མེད་ཅིང་མི་དམིགས་པས། །ཕྱོགས་མིན་སེམས་ཀྱི་དྲི་མ་ཀུན་བྲལ་ནས། །སེམས་ཀྱི་རང་བཞིན་འོད་དུ་གསལ་བ་འོ། །དེ་ཉིད་གང་ཟག་ལས་དང་བྱེད་དབང་གིས། །དམིགས་དང་དམིགས་བྱ་མེད་ཅིང་རྟོགས་པར་དཀའ། །རང་བྱུང་དོན་གྱི་སངས་རྒྱས་སྐུར་ལྡང་བའོ། །བཅོ་ལྔ་པ་བསྔོ་བ་ནི། ཨེ་མ་ཧོ། ཡེ་ཤེས་རོལ་པ་ཆོས་སྐུའི་བྱིན་རླབས་ཀྱིས། །འགག་མེད་རྩལ་གདངས་དགེ་བཅུའི་ཆོ་འཕྲུལ་ལས། །ཀུན་ནས་མ་འདྲེས་ཐུགས་རྗེ་ཆེན་པོ་ཡིས། །ཡོངས་ལ་དབང་བསྒྱུར་ལྷུན་གྲུབ་ས་རུ་བསྔོ། །རྒྱུ་འབྲས་ཐམས་ཅད་ཐིག་ལེ་གཅིག་གི་ངང་། །འཁྲུལ་དང་གྲོལ་བ་གློ་བུར་དྲི་མའི་ཆ། །རང་སར་སད་པའི་དགེ་རྩ་གང་ཡིན་པ། །འགྱུར་མེད་ཆེན་པོ་ཐིག་ལེའི་ཀློང་དུ་བསྔོ། །འཁོར་དང་འདས་པའི་ཆོས་རྣམས་སེམས་ཀྱི་རྩལ། །སེམས་ཉིད་རང་བཞིན་དག་པ་ནམ་མཁའ་ལྟར། །བཅིངས་དང་གྲོལ་མེད་བྲི་དང་གང་མེད་པའི། །ཀ་དག་འབྱམས་ཀླས་གདལ་ཁྱབ་ཀློང་དུ་བསྔོ། །གདོད་ནས་སངས་རྒྱས་ཡིན་པའི་ཕྱིར། །བསྐྱར་མི་དགོས་ཏེ་རང་ངོ་ཤེས། །འབྲེལ་ཚད་བྱང་ཆུབ་དོན་ལྡན་པའི། །མཐོང་བས་སངས་རྒྱས་ཐོབ་པར་ཤོག །བཅུ་དྲུག་པ་སྨོན་ལམ་ནི། རྫོགས་ཆེན་ལམ་བཟང་འདི་བསྒོམ་རྣལ་འབྱོར་རྣམས། །རང་རིག་གདོད་ནས་དག་པའི་ཀུན་ཏུ་བཟང་། །མངོན་སུམ་རང་ངོ་འཕྲོད་ནས་སྣང་ཙམ་འགྲོ །སྟོང་ཆེན་ཆོས་སྐུའི་དབྱིངས་སུ་འཁྲིད་པར་ཤོག །བཅུ་བདུན་པ་ཤིས་བརྗོད་ནི། ཨེ་མ་ཧོ། ཀུན་བཟང་བདེ་ཆེན་འཇམ་དཔལ་དབྱངས། །ཐིག་ལེ་ཟང་ཐལ་ལུ་གུ་རྒྱུད། །དབྱིངས་རིག་ཟུང་འཇུག་ཐོད་ཕྲེང་རྩལ། །ཡང་སངས་རྒྱས་པའི་བཀྲ་ཤིས་ཤོག །གཟུང་འཛིན་བྲལ་བའི་ཞིང་ཁམས་སུ། །ལྔ་ཕུང་ཟད་པའི་འོད་པོ་ཆེ། །ཆོས་དང་ཡེ་ཤེས་མིང་འདོགས་བྲལ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག །རྟེན་འབྲེལ་ཆོས་ཀུན་མ་འགགས་པ། །བྱས་དང་བྱེད་པ་ཆོས་སྐུའི་རྩལ། །འཁོར་བ་མིང་དུ་ཟད་པ་ཡི། །རྟོགས་པ་གདིང་ཐོབ་བཀྲ་ཤིས་ཤོག །ལ་ལས་རྫོགས་ཆེན་ཡོ་ག་འོག་མ་གཉིས་དང་འདྲ་བའི་ལས་བྱང་རྒྱས་པ་མི་དགོས་གསུང་ནའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱི་མཁའ་འགྲོ་ཡང་ཏིག་ཏུ་རིགས་ལྔའི་ལས་བྱང་གཞན་ཕན་འོད་ཀྱི་འཁོར་ལོ་ཆ་ལག་ཚང་ཞིང་། རིག་འཛིན་རཏྣ་གླིང་པའི་ཀློང་གསལ་སྙིང་ཐིག་ཏུའང་ལས་བྱང་གི་རིམ་པ་རྒྱས་ཙམ་སྣང་ལ་རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྫོགས་པའི་རིམ་པ་འདོད་པ་ཡི། །རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི། །བསྐྱེད་པའི་རིམ་པ་རྨང་ནས་བརྩིག །ཅེས་འབྱུང་བས་ཚེ་དཔག་མེད་ཡེ་ཤེས་འོད་མཆོག་གི་ཆོ་ག་རྣམས་ཨ་ཏི་དང་མཐུན་པ་འཇུག་པ་བདེ་བས་བླངས་ཏེ་ཚང་བར་བཀོད་པ་ལ་ཝལ་ཙམ་གྱིས་ཆོག་པར་འཛིན་པའི་རྙིང་རྒན་རྣམས་ཀྱིས་འབྲི་གུང་བའི་རྨོག་ཆད་མི་མཛད་པར་ཞུ། ༈ དབང་གི་རིམ་པ་ལ་སྟེགས་ཀྱི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་དབུས་སུ་ཐིག་ལེ་སྔོན་པོའི་མཐར་དཀར་སེར་དམར་ལྗང་གིས་བསྐོར་བ། ཤར་གྱི་ཐིག་ལེ་དཀར་པོ། དེ་བཞིན་དུ་ལྷོ་སེར། ནུབ་དམར། བྱང་ལྗང་བ། བཞི་ཀའི་མཐར་རང་མདོག་མ་ཡིན་པའི་ཁ་དོག་བཞིས་བསྐོར་བའི་ཐིག་ལེ་ལྔ་སྒྲོམ་གྱི་མཐར་འཇའ་ཚོན་སྣ་ལྔའི་ཐིག་ལེ་ལྔ་སྦྲགས་ཀྱིས་བསྐོར་བའི་དཀྱིལ་འཁོར་གྱི་སྟེང་དུ་མཉྫིའི་ཁར། ཕུད་ཕྱེ་གཙང་མ་ལ་ཆོས་སྨན་སོགས་དམ་རྫས་སྨན་སྤོད་བཏབ་པ་ཆང་གིས་སྦྲུས་པའི་དཔལ་གཏོར་ཟུར་བཞི་ལོགས་བརྒྱད་རང་བྱུང་གི་ཡི་གེ་ཨ་ལྔས་མཚན་པ་དམར་རྩི་དང་ཞི་བའི་རྒྱན་སྤྲོས་གང་རྒྱས་མཐར་པདྨས་བསྐོར་བ། འགྲུབ་ན་རིགས་ལྔའི་ཙཀླི་བཙུགས་པ། ཤར་དུ་བུམ་པ་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་མགུལ་ཆིངས་དང་བཅས་པ་གཉིས། དེ་བཞིན་དུ་ལྷོ་ནུབ་བྱང་རྣམས་ལ་ཡང་རེ་རེ་བཀོད། ལྷོར་དབུ་རྒྱན་དར་དཔྱང་ཅན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། མཚམས་གང་བདེར་མན་ཤེལ་དང་གཏོར་མར་འཛུགས་རྒྱུ་མེད་ན་རིགས་ལྔའི་ཙཀླི་སྐུ་མདོག་ཕྱག་མཚན་ལ་མ་ལྟོས་པ་གང་རྙེད། མཐར་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ། སྨན་རཀ །མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་གི་མཆོད་པ། བགེགས་གཏོར། ཚོགས་འཁོར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། མེ་ཏོག །ལས་བུམ། གཞན་ཡང་རོལ་མོ། མཎྜལ་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བགྱིས། ལས་བྱང་གཞུང་བསྲངས་ཏེ་བདག་མདུན་ཐ་མི་དད་དུ་བསྒྲུབ་པའམ་ཡང་ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་བསྒྲུབ་པ་གང་རུང་ལ་བརྟེན་ནས་ལྷ་བསྐྱེད། དེ་དང་དུས་མཚུངས་སུ་གཏོར་མའི་ཡི་གེ་འབྲུ་ལྔ། དཀྱིལ་འཁོར་དབུས་ཀྱི་རིགས་ལྔ་དང་ངོ་བོ་དབྱེར་མེད་དུ་བསྒོམས་པའི་སྟེང་དུ་རིག་འཛིན་བརྒྱུད་པ། མཐའ་སྐོར་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ལས་བྱང་ལྟར་ལྷ་ཚོགས་རྣམས་བསྐྱེད། དེ་རྗེས་སྤྱན་འདྲེན་ནས་བཟུང་ཚོགས་ཐ་མའི་བར་དཀྱུས་བཞིན་བྱེད། འདིའི་གཏེར་སྲུང་དུ་དངོས་བསྟན་ཨེ་ཀ་ཛཱ་ཊི་མི་འདུག་རུང་དཔལ་སྔགས་ཀྱི་བདག་མོ་འདི་རྫོགས་པ་ཆེན་པོ་ཐམས་ཅད་ཀྱི་སྲུང་མ་ཡིན་པས་གཏོར་མ་བསྔོས་པས་འཚུབ་ཆུང་། ལས་བུམ་དུ་རྡོ་རྗེ་སེམས་དཔའ་དང་བདུད་རྩི་འཁྱིལ་པ་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་སྤྱི་ལྟར་བྱ། སློབ་མ་རྣམས་ཁྲུས་ནས་དབྱུང་། ནང་དུ་འོང་སྟེ་དབང་ཡོན་དུ་སྐྱེས་པས་མདའ་གཞུ། བུད་མེད་ཀྱིས་མེ་ལོང་། ཐུན་མོང་དུ་དཀར་གསུམ། མངར་གསུམ། ལན་ཚྭ་སོགས་ཅི་འབྱོར་པའི་དངོས་པོ་དབུལ། ཕྱག་བྱས་ཏེ་གྲལ་ལ་འཁོད་པ་ལ་བགེགས་བསྐྲད། མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རང་རིག་གདོད་མའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེ་མ་ཐོབ་པའི་གནས་སྐབས་སུའང་འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་མཐའ་དག་ཉེ་བར་ཞི་ཞིང་ཚེ་དང་དཔལ་འབྱོར་ཉམས་རྟོགས་ལ་སོགས་པ་གོང་འཕེལ་དུ་བྱ་བའི་ཕྱིར། མངོན་པར་དབང་བསྐུར་བ་ཟབ་མོ་ནོས་ནས་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་ཏུ་སྤྱོད་པ་དང་ལྡན་པས་གསན་འཚལ། ཁྱེད་རང་རྣམས་རྙེད་དཀའི་ལུས་རྟེན་ཁྱད་པར་ཅན་ཐོབ། མཇལ་བར་དཀའ་བའི་དམ་པའི་ཆོས་ཀྱི་སྐལ་པ་དང་ལྡན། བསྟན་པའི་སྙིང་པོ་ངེས་དོན་ཟབ་མོ་སྟོན་པའི་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་བཟུང་བའི་སྐབས་འདིར་དལ་འབྱོར་དོན་ཡོད་པར་བྱེད་དགོས་པས་དེ་ལ་ཡང་སྨིན་གྲོལ་གྱི་ཐབས་ལ་འབད་པར་བྱ་བ་ལས། འདིར་སྨིན་བྱེད་ཟབ་མོའི་དབང་བསྐུར་བར་བྱེད་པ་ལ་ཐོག་མར་ཡིད་ཆེས་ཀྱི་ངེས་པ་བསྐྱེད་པ། ཆོས་དང་བརྒྱུད་པའི་ལོ་རྒྱུས་རྒྱས་པར་སྔོན་དུ་བཀླག་ལུང་གི་ཚུལ་གྱིས་གྲུབ་པ་དེ་ཡིན་ལ། འོན་ཀྱང་དེ་ལྟ་བུའི་བཀའ་བརྒྱུད་འདི་དག་རྒྱལ་བ་རྣམས་དགོངས་པས་བརྒྱུད་དེ་རིག་འཛིན་ཆེན་པོ་འཇམ་དཔལ་བཤེས་གཉེན་སོགས་མཚན་གྱི་རྣམ་གྲངས་དྲུག་གི་ངེས་པ་ལྡན་པ་དེས་སྐལ་ལྡན་གྱི་གདུལ་བྱར་གྱུར་པ་སྒེག་པ་རྡོ་རྗེའི་ཞབས་དང་། ཤྲཱི་སིཾ་ཧ་རྣམ་པ་གཉིས་ལ་བཤད་སྒྲུབ་ཀྱི་བཀའ་སྲོལ་འབྱེད་པའི་ཚུལ་དུ་གཏད་པ་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་དབང་ཕྱུག་ཤྲཱི་སིཾ་ཧས་སྤྲུལ་པའི་སྐུ་པདྨ་འབྱུང་གནས། མ་ཧཱ་པཎྜི་ཏ་བི་མ་ལ་མི་ཏྲ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་རྣམ་པ་གསུམ་མཆོག་གི་གདུལ་བྱར་གཟིགས་ཏེ་གནང་། བི་མ་ལས་སྙིང་པོའི་བཅུད་དུ་དྲིལ་བ་དེ་ཉིད་ཀྱི་སྤྲུལ་པ་ལྡང་མ་ལྷུན་གྱི་རྒྱལ་མཚན་དང་། བཻ་རོས་སྒྲུབ་པ་གཙོ་བོར་བཏོན་པ་དེ་ཉིད་བསམ་བཞིན་སྐྱེ་བ་བཞེས་པའི་རྒྱལ་སྲས་རྡོ་རྗེ་གླིང་པ་སྟེ། ལོ་པཎ་གཉིས་ཀྱི་བཞེད་པ་ཟབ་གཏེར་ལས་བྱུང་བའི་ལུགས་ཀྱང་ཡོད་ལ། མཆོག་ཏུ་གྱུར་པ་སློབ་དཔོན་རིན་པོ་ཆེས་བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཚན་ལྡན་གྱི་ཡུམ་ཇོ་མོ་ཤེལ་བཟའ་སྒྲོན་གཅིག་མ་རྣམ་པ་གཉིས་གདུལ་བྱའི་ཡུལ་དུ་གཟིགས་ནས་འཇམ་དཔལ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ་བཤད་ཐབས་གསུམ་དུ་མཛད། དེ་ཡང་བཀའི་འགྲེལ་པ་ལ་བརྟེན་ནས་རྒྱ་ཆེ་བ་སྤྱི་ཏི་ལྟར་བཤད། རྒྱུད་ལ་བརྟེན་ནས་དོན་འགྲེལ། ངོ་སྤྲོད་ལ་བརྟེན་ནས་གསང་འགྲེལ་མཛད། དེ་དག་ཀྱང་གང་ཟག་དབང་པོའི་རིམ་པ་གསུམ་གྱི་དཀྲི་ཚུལ་དུ་སྙིང་པོར་བསྡུས་ཏེ་གནང་བས། བཙད་པོས་སྤ་གྲོ་གཅལ་གྱི་བྲག་ཕུག་ཉི་རིས་སུ་ཟླ་བ་གཅིག་གི་ཐུགས་དམ་གྱིས་རྒྱུད་གྲོལ། ཇོ་མོས་སྟག་ཚང་དཔལ་ཕུག་ཏུ་ལོ་བདུན་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་སྦྱངས་ནས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་ལྷོ་ནུབ་ཨོ་རྒྱན་གྱི་ཡུལ་པདྨ་འོད་ཀྱི་ཕོ་བྲང་དུ་གུ་རུའི་དྲུང་དུ་ཕེབས། གདམས་པའི་བླ་དཔེ་རྣམས་མ་འོངས་པའི་དོན་དུ་རྒྱུད་ཡང་སྙིང་ངོ་སྤྲོད་བཏགས་གྲོལ་སོགས་འཁོའི་གཤིན་རྗེ་གཤེད་དམར་པོའི་ཐུགས་ཀ་དང་། ཡོངས་སུ་ཚང་བ་དཔལ་ཕུག་རྡོ་བ་གཡུ་ཕྲ་ཅན་གཉིས་སུ་སློབ་དཔོན་ཆེན་པོས་གཏེར་དུ་གདམས་པ་རིམ་བཞིན་མངའ་བདག་གི་སྐྱེ་བ་བཅོ་ལྔ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་ཞབས་དང་། མཚན་ལྡན་ཤེལ་བཟའི་རྣམ་སྤྲུལ་སར་བན་སྟོན་པ་ཕྱོགས་མེད་གཉིས་ཀྱིས་གཏེར་མཛོད་ཞལ་ཕྱེ་བ་ལས་ཕྱི་མའོ། །སྤྲོས་པ་ལ་དགའ་བས་སྐབས་འདིར་དབང་གི་ངོ་བོ། ངེས་པའི་མཚོན་དཔེ། བསྐུར་བའི་ཤེས་བྱེད། མ་ཐོབ་པའི་སྐྱོན་དང་ཐོབ་པའི་ཕན་ཡོན། གང་གིས་སྐུར་བྱེད་སློབ་དཔོན་དང་། ཉན་པ་པོ་སློབ་མའི་མཚན་ཉིད། གང་དུ་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གྲངས། དགོས་ཆེད། བསྐུར་ཚུལ། ཆོ་གའི་རིམ་པ་རྣམས་སྔགས་གསར་རྙིང་གི་རྗེས་འཇུག་ལུགས་སྲོལ་བྱེ་བྲག་སོ་སོ་ཐམས་ཅད་ཀྱི་ཁུངས་སྡེབ། ཚུལ་དང་ཚུལ་མ་ཡིན་པ་རྣམ་པར་དབྱེ། ཀུན་ཀྱང་རང་རང་གི་བརྒྱུད་པའི་ཕྱག་ལེན་ངེས་ཐུབ་ལུང་དང་རིགས་པའི་ཟིན་སོས་རྒྱབ་སྐྱོར་ནས་ཡིད་ཆེས་ངེས་པ་རྙེད་པར་བྱས་ལ། དེ་དག་ཀྱང་མཐར་ཐུག་གི་སྐྱེལ་སོ་ཡང་གསང་རྡོ་རྗེ་སྙིང་པོ་བརྒྱུད་པ་དྲུག་ལྡན་ལས་ཇི་ལྟར་འབྱུང་བའི་ཕྱག་ལེན་ལ་གཞན་གྱིས་ཆ་མ་བསླད་པ་ཞིག་ཡིད་བརྟན་དུ་རིག་པར་བྱ་དགོས་ལ། སྐབས་སུ་འབབ་པ་ནང་དོན་སྙིང་པོར་དྲིལ་ཏེ་སྤྲོས་པའི་རྒྱ་བསྐུམས་གྲུབ་ཐོབ་ཀུ་སུ་ལུ་པའི་འཆད་ཐབས་ལ་གཞི་བླངས་ཏེ། སྨིན་དབང་སྔོན་དུ་འགྲོ་དགོས་པར་འདི་ཉིད་ལས། སྨིན་པ་དབང་བཞི་ཐོབ་ནས་གྲོལ་ལམ་བསྐྱེད་རྫོགས་གཉིས་ལས། ཞེས་དང་། ཡང་བསླབ་པའི་མཐའ་བཅུ་ལས་ཀྱང་། རིམ་པ་དབང་གི་བགྲོད་པས་རྒྱལ་བུ་རྒྱལ་ས་ཟིན་པ་ལྟར་བསླབ། ཅེས་པ་དང་། དགོས་ཆེད་ཀྱང་། བར་གཅོད་སེལ་ཅིང་སློབ་མ་སྨིན་པའི་ཕྱིར་མཆོད་པ་དང་དབང་རིམ་དགུ་རུ་བཤད། ཅེས་པ་དང་། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས། སློབ་མ་སྨིན་པར་བྱ་བའི་ཕྱིར། །རྒྱུད་ལ་བརྟེན་ནས་འཇུག་སྒོ་མཛད། །ཅེས་དང་། རྒྱུད་ལས་ཀྱང་། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཅེས་གསུངས་ལ། སློབ་དཔོན་གྱི་མཚན་ཉིད་ཚུལ་བཞིན་ཚང་བ་དཀའ་བར་སྣང་ཡང་དབང་ཁྲིད་ལུང་གསུམ་གྱི་རྒྱུན་མ་ཉམས་པ་ཙམ་ལ་གདེངས་སུ་བྱས། སློབ་མའི་མཚན་ཉིད་ནི་ཞུ་འདོད་ཀྱི་འདུན་པ་དང་ལྡན་ཕྱིར་རྩ་བ་དེར་འདུས་པར་གདའ། དཀྱིལ་འཁོར་གྱི་རིམ་པ་ཡང་སྤྲོས་མེད་འཇུག་པ་བདེ་བ་ཚོམ་བུ་ལ་བརྟེན་པ། འདིར་དཀྱིལ་འཁོར་སྒྲུབ་པའི་རིམ་པ་སོགས་འཁྲུལ་མེད་ནུས་ལྡན་དུ་གྲུབ་པ་ལགས་པས། སྐུར་ཚུལ་ཆོ་གའི་རིམ་པ་ཡང་སྦྱོར་བ་དངོས་གཞི་རྗེས་གསུམ་ལས། ཐོག་མར་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྡོ་རྗེ་སློབ་དཔོན་དང་འཇམ་དཔལ་རིགས་ལྔ་ཞི་ཁྲོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་ཐ་མི་དད་པའི་དྲུང་དུ་འཇུག་སྒོ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་སྤྱི་དང་ཁྱད་པར་རྟེན་འབྲེལ་ཟབ་མོའི་རྟེན་དང་བཅས་པའི་མཎྜལ་འབུལ་བར་ཞུ་ཞེས་བརྗོད་ནས། མཎྜལ་འབུལ་དུ་གཞུག །ལས་བྱང་ལས་བྱུང་བའི། ཨོཾ་ཨཱཿཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན། །ཞེས་སོགས་འདུད་ཉི་ཤུའི་རྗེས་ཟློས་བྱ་སྟེ་བསྟོད་པ་བྱ་ཞིང་། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། །ཞེས་སོགས་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བྱ། གསོལ་བ་གདབ་པ་ནི། ཨེ་མ་ཧོ། རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་དཔའ་མོ་ཐམས་ཅད་དང་། །འཕགས་པ་འཇམ་དཔལ་རིགས་ལྔ་དང་། །མཁའ་འགྲོ་སྡེ་ལྔ་རིག་འཛིན་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་འཁོར་བའི་རྒྱ་མཚོ་ལས། །སེམས་ཅན་ཀུན་གྱི་དོན་ཕྱིར་དུ། །རྫོགས་པའི་སངས་རྒྱས་འཐོབ་པར་བྱ། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ལ། །ཤེས་རབ་རལ་གྲི་ཡོན་དུ་འབུལ། །སྣང་བ་གསལ་བའི་མེ་ལོང་དང་། །འབྲུ་དང་དཀར་གསུམ་མངར་གསུམ་དང་། །ལན་ཚྭ་ཆུ་ཡི་སྙིང་པོ་ཡོན་དུ་འབུལ། །ཐབས་ཤེས་མདའ་གཞུ་ཡོན་དུ་འབུལ། །ལུས་ངག་ཡིད་གསུམ་ཡོན་དུ་འབུལ། །བདག་ལ་རྡོ་རྗེ་སློབ་དཔོན་གྱིས། །རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཨཱཿ རིགས་ལྔ་ཡེ་ཤེས་ལྔ་ལྡན་གྱི། །ངོ་སྤྲོད་གསང་བ་བསྟན་དུ་གསོལ། །ཞེས་ལན་གསུམ་བྱའོ། །སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཧོ། སྐལ་ལྡན་རིགས་ཀྱི་བུ་རྣམས། ཁྱེད་བདག་གི་རྗེས་སུ་འཇུག་པས་ན། གཏིང་སྐྱེས་ཀྱི་དད་པ་ཁ་ལ་མ་གྲོས་པ་ཡོད་དམ། མྱུར་མགྱོགས་བརྩོན་འགྲུས་རྟབ་རྟོབ་མི་ལྡང་བ་ཡོད་དམ། དམ་ཚིག་དང་སྡོམ་པ་ཐུབ་བམ། བྱ་བ་ཅི་བྱེད་སེམས་ཅན་དོན་དུ་ནུས་སམ། དེ་ལྟར་ནུས་ན་དབང་བསྐུར་ཞིང་། །ངོ་སྤྲོད་གསང་བ་བསྟན་པར་བྱ། །མོས་གུས་ཡིད་ཆེས་དད་པ་དང་། །བཅས་པས་ཉམས་སུ་ལོངས་པར་གྱིས། །ཞེས་བརྗོད། ལས་བྱང་བཞིན་སྐྱབས་སེམས་བྱ། སློབ་མ་སྐད་ཅིག་གིས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི །སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་དང་མཉམ་པར་སྦྱོར་བ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་དུ་བཞུགས་པའི་གནས་གསུམ་བྱིན་གྱིས་བརླབ། ལས་བྱང་ལྟར་བྱིན་འབེབ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་རྡོ་རྗེས་རྒྱས་གདབ། དབུས་ཀྱི་བུམ་པ་དང་སློབ་མ་རྣམ་སྣང་དུ་ཝལ་གྱིས་གསལ། རྣམ་རྒྱལ་བུམ་པ་བཏེགས་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །རྣམ་པར་སྣང་མཛད་སྐུ་ཡི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཛཔ྄་ཀྱི་སྔགས་རིང་ཐུང་གཉིས་བརྗོད་པའི་མཇུག་ཏུ། བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྤྱི་བོར་འཇོག་ཅིང་བུམ་ཆུ་བླུད། བརྒྱུད་འདེབས་ཀྱི། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། ཞེས་པ་ནས་བཟུང་། འཇམ་མགོན་དགྱེས་པའི་ཟ་ཧོར་བཞད་པ་རྩལ། །གྱི་བར་དཀྱུས་བཞིན་ལ། བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །བྱིན་གྱིས་རློབ་པར་མཛད་ནས་ཀྱང། །སྐལ་ལྡན་རིགས་ཀྱི་བུ་འདི་ཡིས། །རིག་པའི་རྩལ་དབང་ཐོབ་པར་ཤོག །ཅེས་བརྗོད། བུམ་པ་དང་དབུ་རྒྱན་ཐོགས་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །རིན་ཆེན་འབྱུང་ལྡན་རྒྱས་པའི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ། རཏྣ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་སྭཱ། ཞེས་བུམ་པ་དང་ཅོད་པན་རྣ་ལྟག་གཡས་སུ་བཞག །བུམ་ཆུ་གཏོར་བླུད་གང་རུང་བྱ་ཞིང་བརྒྱུད་འདེབས་གོང་བཞིན་བལྡབ། བུམ་པ་དང་རྡོ་རྗེ་ཐོགས་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །སྣང་བ་མཐའ་ཡས་གསུང་གི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ། པདྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨཱཾ། ཞེས་ལྟག་པར་བཞག །རྡོ་རྗེ་ལག་གཡས་སུ་གཏད་ཅིང་བུམ་ཆུ་འཐོར་ཞིང་བརྒྱུད་འདེབས་གོང་བཞིན་བལྡབ། བུམ་པ་དང་དྲིལ་བུ་ཐོགས་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །དོན་ཡོད་གྲུབ་པ་ཕྲིན་ལས་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ། ཀརྨ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱ། ཞེས་རྣ་ལྟག་གཡོན་དུ་འཇོག་ཅིང་ལག་པ་གཡོན་པར་དྲིལ་བུ་གཏད་དེ་ཅུང་ཟད་དཀྲོལ། བུམ་ཆུ་གཏོར་ཏེ་བརྒྱུད་འདེབས་གོང་བཞིན་བལྡབ། བུམ་པ་དང་རྡོར་དྲིལ་ཐོགས་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །སྔགས་རིང་ཐུང་གཉིས་ཀྱི་མཇུག་ཏུ། བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དཔྲལ་བར་གཏུགས་ཏེ་རྡོར་དྲིལ་ལྷན་ཅིག་ཏུ་བཟུང་ལ་དྲིལ་བུ་དཀྲོལ་ནས། སྣ་ཚོགས་རང་གྲོལ། གང་ཤར་རང་གྲོལ། དུ་མ་རང་གྲོལ། སོགས་མིང་བཏགས་ཤིང་བུམ་ཆུ་གཏོར་རོ། །གོང་བཞིན་བརྒྱུད་འདེབས་བལྡབ། འདི་ནི་ཆོས་རྒྱལ་དབང་པོའི་སྡེས་འཆད་ཐབས་ལག་ལེན་དྲན་པའི་གསལ་འདེབས་སུ་ཞི་བ་རིགས་ལྔ་བསྒྲིལ་ནས་བསྐུར་བ་ཞེས་པའི་དབང་བསྐུར་དེ་ཡིན་ནོ། །འཇུག་སྒོ་དངོས་ལས་བྱུང་བའི་གཏོར་དབང་ལ། ཨོཾ་ཨཱཿཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ངོ་མཚར་རྨད་བྱུང་དཔལ་གྱི་གཏོར་མ་འདི། །རྒྱུ་ནི་དོག་མོ་ཞིང་ལས་འཁྲུངས་པའི་འབྲུ། །དག་ཅིང་དྲི་མེད་འབགས་བཙོག་ལ་སོགས་པས། །གཙང་ཞིང་གཙང་མར་སྦྱར་བ་བརྗིད་པའི་དཔལ། །ཟུར་བཞི་ལོགས་བརྒྱད་དཔུང་པ་བཞི་དང་ལྡན། །རྩ་བ་བརྟན་པ་རྩེ་མོ་གནམ་དུ་མཐོ། །བདེ་གཤེགས་རྩ་བའི་ལྷ་ཚོགས་མཉེས་པའི་རྟེན། །སྤྲུལ་པ་བྱེ་བ་དཔག་མེད་ཚིམ་བྱའི་ཕྱིར། །པདྨ་འདབ་བརྒྱད་མཛེས་པས་མཐའ་ནས་བསྐོར། །མཐེབ་སྐྱུ་སྦྲེལ་མའི་ཚོགས་ཀྱིས་དཔུང་བསྐྱེད་ནས། །རོ་བརྒྱ་ལྡན་པའི་ཞལ་ཟས་དུ་མས་བརྒྱན། །རིན་ཆེན་གཏོར་གཞོང་ཡངས་པ་ཆོས་ཀྱི་དབྱིངས། །གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ། །འཇམ་དཔལ་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད། །རྣམ་དག་བདུད་རྩིས་འཕགས་པ་མཆོད་པའི་རྫས། །གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོ་བསྲེ། །མ་མོ་མཁའ་འགྲོ་དབང་དུ་འདུ་བ་དང་། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་དང་། །སྤྲུལ་པ་དཔག་མེད་ལས་ལ་འགྱེད་པ་དང་། །དབང་བཞིའི་ཡེ་ཤེས་རྫོགས་པའི་དབང་ཐོབ་ནས། །གཏོར་མ་འདོད་ཡོན་རྣམ་པ་ལྔ་ཡི་དབང་། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །འཛབ་ཀྱི་སྔགས་རིང་ཐུང་གཉིས་བརྗོད། རྣམ་པར་སྣང་མཛད་ཀྱི་བུམ་དབང་དུས་ཀྱི། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། ནས། རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཞེས་པའི་བར་དང་། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། ནས། རིག་པའི་རྩལ་དབང་ཐོབ་པར་ཤོག །བུདྡྷ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ། ཞེས་གཏོར་མ་སྤྱི་བོར་གཏུགས། གཙོ་བོ་རྣམ་སྣང་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་། རིག་འཛིན་དང་རིགས་གཞན་རྣམས་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལས་ཀྱང་རང་འདྲ་དཔག་མེད་འཕྲོས་ཏེ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཏེ་ཐིམ་པས། བདེ་ཆེན་འཁོར་ལོ་དང་རོ་རྐྱང་དབུ་གསུམ་གང་བར་མོས། དེ་ནས་གཏོར་མའི་སྐུར་ཚིག་རྣམས་བཤད་མ་ཐག་པ་ཇི་ལྟ་བ་ལ། ཧཱུྃ། ཡེ་ཤེས་དབང་བསྐུར་ཅོད་པན་ཅན་གྱི་ཁ་བསྒྱུར། འོད་དཔག་མེད་ཀྱི་རྡོ་རྗེའི་དབང་གི་དུས་བཞིན་བྱ། པདྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཾ་ཞེས་མགྲིན་པར་གཏུགས། ནུབ་ཀྱི་འོད་དཔག་མེད་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་ལོངས་སྤྱོད་འཁོར་ལོ་དང་རོ་རྐྱང་སོགས་གོང་དང་འདྲ། དེ་བཞིན་དུ་སོ་སོའི་ཁ་བསྒྱུར་དང་བཅས། བཛྲ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་གིས་གཏོར་མ་སྙིང་ག་དང་། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་ཆོས་ཀྱི་འཁོར་ལོ་དང་རོ་རྐྱང་སོགས་འདྲ། རཏྣ་བ་ལིཾ་ཏ་ཨ་བྷི་ཥིཉྩ་སྭཱས་ལྟེ་བ་དང་། རིན་འབྱུང་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་སྤྲུལ་པའི་འཁོར་ལོ་དང་རོ་རྐྱང་སོགས་འདྲ། ཀརྨ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱས་གསང་གནས་དང་། དོན་གྲུབ་ཡབ་ཡུམ་གྱི་ལྷ་ཚོགས་འོད་དུ་ཞུ་ཞིང་ནས་བདེ་སྐྱོང་འཁོར་ལོ་དང་རོ་རྐྱང་སོགས་འདྲ། རིག་འཛིན་བརྒྱུད་པ་རྣམས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱང་ཐིམ་པས། ལྷ་ཐམས་ཅད་འོད་དང་བདུད་རྩིའི་རང་བཞིན་དུ་སོང་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་སློབ་མའི་ལུས་ངག་ཡིད་བྱ་བ་དང་བཅས་པ་ངོ་བོ་དབྱེར་མེད་གཅིག་ཏུ་གྱུར་པར་བསམ། འཆད་ཐབས་སུ་ཞི་ཁྲོ་སྤྱི་དབང་དང་རིགས་བྱེ་བྲག་ཏུ་ཕྱེ་བ་དོན་གྲུབ་ཀྱི་བར་བསྐུར་གསུངས་པའི་དོན་ནོ། །ངོ་སྤྲོད་གནད་དུ་བསྣུན་ན་མིག་དར་བཀབ། སྙིང་པོ་ཨ་དང་རིགས་ལྔའི་སྐུ་ཉི་མའི་ཟེར་ལ་བསྟན། མིག་དར་གཡོགས་པ་བསལ་ཏེ། ཤེལ་མིག་ལ་བཀབ་ནས་བལྟར་བཅུག་ལ། དུས་གསུམ་སངས་རྒྱས་ཀྱི་ངོ་བོ། འདི་ལྟར་དུ་རང་ལ་གནས་ཏེ། སྔར་མ་མཐོང་བས་ལན། ད་མཐོང་བ་འདི་ཀ་བདེ་བར་གཤེགས་པ་རིགས་ལྔ་ཡིན་ནོ། །བྱས་ལ་ཚིག་གིས་ངོ་སྤྲོད་པ་ནི། ཨ། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །འོད་ཟེར་དཀར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རྡོ་རྗེ་སེམས་དཔའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །གོང་གི་སྔགས་རིང་ཐུང་གཉིས་བརྗོད། ཨ། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། །འོད་ཟེར་སེར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རིན་ཆེན་འབྱུང་ལྡན་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས༴ ཨ། སོ་སོར་རྟོག་པའི་ཡེ་ཤེས་ནི། །འོད་ཟེར་དམར་པོ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །སྣང་བ་མཐའ་ཡས་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས༴ ཨ། བྱ་བ་གྲུབ་པའི་ཡེ་ཤེས་ནི། །འོད་ཟེར་ལྗང་གུ་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །དོན་ཡོད་གྲུབ་པའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས༴ ཨ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །འོད་ཟེར་མཐིང་ག་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །རྣམ་པར་སྣང་མཛད་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས༴ ཨ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །འོད་ཟེར་འཇའ་ཚོན་སྙིང་ལ་གནས། །སྙིང་ལ་ཡེ་ཤེས་ངོ་སྤྲད་པས། །འཇམ་དཔལ་གཞོན་ནུའི་ཞལ་དང་མཉམ། །འདི་ལ་ཐེ་ཚོམ་བྱར་མི་རུང་། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །རང་བྱུང་རང་ངོ་ཤེས་པའི་དབང་ཐོབ་ཤོག །སྔགས་གཉིས་བརྗོད། བསྟིམ་དུས་ནམ་ཡང་མི་འབྲལ་བར་བསྒོམ། བློ་ལ་ཐེ་ཚོམ་མི་ཟ་ན་འཚང་རྒྱ་བ་ཡིན་ནོ། །ཞེས་དབང་བསྐུར་རོ། །རང་ངོ་སྤྲད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པ་རྣམས་ཀྱི་བཞུགས་གནས་ལ། བྱ་རྒོད་ཕུང་པོའི་རི་ནི་སྤྲུལ་སྐུ་བཞུགས་པའི་གནས་ཡིན་ཏེ། རིའི་སྙིང་པོ་རིན་པོ་ཆེ་ཅོང་ཞི་ལས་གྲུབ་པའོ། །པདྨ་སྤུངས་པའི་རི་ནི་མཁའ་འགྲོ་མའི་རི་ཡིན་ཏེ། རིའི་སྙིང་པོ་རིན་པོ་ཆེ་མཚལ་ལས་གྲུབ་པའོ། །ཤེལ་རི་སྤུངས་པའི་རི་ནི་བྱང་ཆུབ་སེམས་དཔའ་བཞུགས་པའི་རི་ཡིན་ཏེ། རིའི་སྙིང་པོ་རིན་པོ་ཆེ་མན་ཤེལ་འབའ་ཞིག་ལས་གྲུབ་པ། རི་དེ་རྣམས་ཀྱང་། སངས་རྒྱས་རྡོ་རྗེ་སེམས་དཔའི་བྱིན་རླབས་ལས་གྲུབ་པ་ཡིན་ཏེ། རིན་ཆེན་ཅོང་ཞི་ནི་སྐུའི་བྱིན་རླབས་ཀྱི་ཐིགས་པའོ། །རིན་པོ་ཆེ་མཚལ་ནི་གསུང་གི་བྱིན་རླབས་ཀྱི་ཐིགས་པའོ། །རིན་པོ་ཆེ་ཤེལ་ནི་ཐུགས་ཀྱི་བྱིན་རླབས་ཀྱི་ཐིགས་པའོ། །བྱང་ཆུབ་སེམས་དཔའི་གནས་དེ་ནི། བྱང་ཆུབ་སེམས་དཔའ་རང་ལས་གཞན་གྱིས་མཐོང་བར་མི་ནུས་ཏེ། སྣང་བ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ལ། ཁ་དོག་སྣ་ཚོགས་འབར་བའི་འོད་དུ་ཡོད་དེ། སྐུའི་སྣང་བ་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །ནམ་མཁའ་ལ་ལོངས་སྤྱོད་ཅིང་ལོངས་སྤྱོད་པ་ནམ་མཁའི་མཐའ་ལ་རབ་ཏུ་གནས་སོ། །ཕྱི་ནས་བལྟས་ན་ནང་ན་ཡོད་པར་གསལ་ལོ། །ནང་ནས་བལྟས་ན་ཕྱི་ན་ཡོད་པར་གསལ་ལོ། །ཤར་ནས་བལྟས་ན་ནུབ་ན་ཡོད་པར་གསལ་ལོ། །ནུབ་ནས་བལྟས་ན་ཤར་ན་ཡོད་པར་གསལ་ལོ། །དེ་བཞིན་ལྷོ་དང་། བྱང་དང་། སྟེང་དང་། འོག་དང་། མཚམས་བཞི་ཡང་དེ་བཞིན་དུ་སྣང་སྟེ། འོད་སྣ་ཚོགས་པར་སྣང་བ་དེ་ཡང་། འཇའ་ཚོན་གྱི་རང་བཞིན་ཏེ། འཇའ་ཚོན་གྱི་དྲྭ་བ་དང་། འཇའ་ཚོན་གྱི་འོད་ཟེར་དང་། ཁང་པ་དང་། ཁྲི་དང་། གདན་དང་། སྐུ་དང་། རྒྱབ་ཡོལ་དང་། རྒྱན་དང། གདུགས་དང་། བླ་བྲེ་དང་། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡང་འཇའ་ཚོན་དུ་སྣང་སྟེ། འབྱུང་བ་བཞིའི་རྒྱུན་དང་། རྩི་ཤིང་ནགས་ཚལ་དང་། སྨན་དང་། སྤོས་དང་། མེ་ཏོག་དང་། སྐྱེ་འགྲོ་སེམས་ཅན་སྣ་ཚོགས་པའི་གཟུགས་ཀྱང་ཡོད་དེ། དེ་དག་ཀྱང་ཁ་དོག་སྣ་ཚོགས་པ་ལ། སྐྱེ་ཤིའི་དངོས་པོ་དང་། གདོས་བཅས་ཀྱི་སྣང་བ་མེད་པ་ཁོ་ནའོ། །དེ་དག་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་ཐུགས། རིན་པོ་ཆེ་མན་ཤེལ་གྱི་སྣང་བའོ། །ཤེལ་རི་སྤུངས་པ་ཞེས་བྱ་བ་དེ་དང་། ཤེལ་ལུང་ཡངས་པ་ཞེས་བྱ་བ་དེ་ནི། འདི་ན་ཡོད་དོ་བྱ་བའི་དཔྱད་བྱ་སུས་ཀྱང་མི་ཤེས་ཏེ། ལ་ལ་ན་རེ་རྒྱ་གར་ཤར་ཕྱོགས་ན་ཡོད་ཟེར། ལ་ལ་ན་རེ་ནུབ་ཕྱོགས་ན་ཡོད་ཟེར། སུས་ཀྱང་གཏན་ལ་ཕེབས་པ་མེད། དེ་དག་གི་འོད་ཟེར་འཕྲོས་པ་ལས། རྒྱལ་ཁམས་ཀུན་ན་ཡང་ཅོང་ཞི་དང་། མཚལ་དང་། ཤེལ་དྭངས་པ་ཡོད་པས། དེ་དག་གི་ཡོན་ཏན་ལོངས་ན། ཕན་ཡོན་ཤིན་ཏུ་ཆེའོ། ཁྱད་པར་དུ་ཤེལ་རིགས་བཞི་ཡོད་པ་ལས། རྡོ་ཤེལ། མེ་ཤེལ། ཆུ་ཤེལ། མན་ཤེལ་ལོ། །རྡོ་ཤེལ་ལ་བཟོ་སྣ་མང་པོ་བཏུབ་བོ། །མེ་ཤེལ་ལས་མེ་འཐོན། ཆུ་ཤེལ་གྱིས་མེ་ཐུབ། རིན་པོ་ཆེ་མན་ཤེལ་གྱིས་བདེ་བར་གཤེགས་པའི་སྐུ་དང་ཞིང་ཁམས་ཀྱི་ངོ་འཕྲོད་དོ། །རྡོ་རྗེ་སེམས་དཔའ་ཉིད་དང་མཉམ་པས། དར་ཟབ་ཀྱིས་དྲིལ་རིན་པོ་ཆེའི་སྣོད་དུ་བཅུག་ལ། ཕྱག་དང་མཆོད་པའི་གནས་སུ་ཁུར་ན་བྱིན་རླབས་ཆེའོ། །གདམས་ངག་མེད་པ་རྣམས་ཀྱི་ངོ་ཡང་མི་ཤེས་ལ། ཤེས་ཀྱང་ཕན་པར་མི་འགྱུར་རོ། །གང་ཟག་ཚད་དང་མི་ལྡན་པ་རྣམས་ཀྱིས་བཅང་བར་མི་ནུས་ཏེ། རང་གིས་རང་བསྲེགས་པར་འོང་ངོ། །གཙང་མའི་བྲམ་ཟེ་ངས་ནི་ཤེལ་རི་སྤུངས་པའི་ཤེལ་ཁང་ཡངས་པ་རུུ། འཇམ་དཔལ་སྐུ་ཡི་ཞལ་མཐོང་བ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས། ཤེས་རབ་ཀྱི་སྒོ་ཕྱེ་ནས་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཞལ་མཐོང་བས། སྣང་བ་དེ་ལ་འགྱུར་བ་མེད་དེ། ཡེ་ཤེས་ཀྱི་སྣང་བ་ལམ་མེ་ཡོད་དེ། ཡེ་ཤེས་ཁྱད་པར་ཆེ་བ་ཡིན་ནོ་གསུངས་ནས། དེའི་རྗེས་སུ་བྲམ་ཟེའི་ཁྱེའུ་་་སྤྲུལ་པའི་ཁྱེའུ། འོད་འབར་བ་ལ། རིན་པོ་ཆེ་མན་ཤེལ་ཟུར་བཞི་ལོགས་བརྒྱད་སྒོ་བཅུ་དྲུག་ཡོད་པ། ཆུ་ཞེང་གབ་པ་གཅིག་བསྟན་ནས། རིགས་ཀྱི་བུ། མན་ཤེལ་འོད་ལྔ་འབར་བ་ལྟར། །རང་བྱུང་རིག་པ་ཆོས་ཀྱི་སྐུ །འདི་འདྲ་ཅི་འདྲར་རྟོགས་པར་གྱིས། །ངོ་བོ་རང་བཞིན་ཐུགས་རྗེ་ལྡན། །སྐུ་གསུམ་འབྲལ་མེད་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ། ཞེས་དབང་བསྐུར་བས། རིན་པོ་ཆེ་སྤྱི་བོར་བཞག་པ་ཙམ་གྱིས། འཇིག་རྟེན་གྱི་སྣང་བ་ཐམས་ཅད་འཇམ་དཔལ་གྱི་ཞིང་ཁམས་སུ་མཐོང་བས། ཁྱེའུའི་མཚན་ཡང་འཇམ་དཔལ་བཤེས་གཉེན་དུ་་་འཇམ་དཔལ་སྨྲ་བའི་སེང་གེས་་་བཏགས་སོ། །བྲམ་ཟེའི་ཁྱེའུ་ལ་ཞུས་ལན་དྲི་མ་མེད་པ་གསུངས་པས། དུས་དེ་ཀར་དཔལ་རྡོ་རྗེ་སེམས་དཔས། རིན་པོ་ཆེ་མན་ཤེལ་གྱི་དབང་དང་ངོ་སྤྲོད་གནང་ནས། ཡིག་ཚོགས་ལག་མཐིལ་གང་ལ་ཆོས་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་དོ། །དེ་ལྟར་འཇམ་དཔལ་གྱི་སྨིན་བྱེད་གཏོར་མ་ལ་བརྟེན་ནས་དབང་བཞི་རིག་རྩལ་ངོ་སྤྲོད་ཀྱིས་བརྒྱན་པ་བརྒྱུད་པའི་སྲོལ་ལྟར་ལྷག་ཆད་ནོར་འཁྲུལ་མེད་པར་ཡོངས་སུ་རྫོགས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཞིག་ཕུལ་མཛོད། དེ་ལྟར་མཎྜལ་གྱིས་མཚོན་པའི་རང་གི་ལུས་ལོངས་སྤྱོད་ལ་སོགས་པ་ཆ་ཤས་ནས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་དུས་ཀུན་ཏུ། །ལུས་དང་ལོངས་སྤྱོད་དངོས་ཀུན་གྱིས། །དཔལ་ལྡན་བླ་མ་ཁྱེད་མཆོད་པས། །བརྩེ་བས་རྗེས་སུ་འཛིན་པར་མཛོད། །ཅེས་སོ། །དེས་རང་གཞན་གྱི་དོན་རྒྱ་ཆེ་བར་མཛད་པ་ཞུ། སྔོན་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པས་གནས་རི་བོ་བྱ་རྐང་ཞེས་སོགས་དང་། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །སངས་རྒྱས་བཀྲ་ཤིས་གང་ལགས་པ། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཆོས་ཀྱི་བཀྲ་ཤིས་གང་ལགས་པ། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དགེ་འདུན་བཀྲ་ཤིས་གང་ལགས་པ། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག །སྐུ་ཡི་བཀྲ་ཤིས་ཆོས་སྐུ་ཐོབ་པར་ཤོག །གསུང་གི་བཀྲ་ཤིས་དབྱངས་དང་ལྡན་པར་ཤོག །ཐུགས་ཀྱི་བཀྲ་ཤིས་རྣམ་རྟོག་མེད་པར་གྱུར་ཅིག །ཡོན་ཏན་བཀྲ་ཤིས་དགོས་འདོད་འབྱུང་བར་གྱུར་ཅིག །ཕྲིན་ལས་བཀྲ་ཤིས་འགྲོ་དོན་ནུས་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །སྒྱུ་འཕྲུལ་དྲྭ་བའི་བཅུད་ཀྱི་སྙིང་པོ་ལས། །བསྟོད་པ་གླུར་བླངས་ལེའུའི་རོ་བདའི་ཟས། །དབང་པོར་འཐུལ་པ་འཇམ་དཔལ་རྫོགས་པ་ཆེ། །སངས་རྒྱས་མངོན་སུམ་རང་ངོ་སྤྲོད་པའི་ཆོས། །ཆོས་འདི་ཟབ་མོའི་གཏེར་དུ་རྒྱས་བཏབ་ནས། །སྟག་ཚང་ཕུག་ཏུ་མཁའ་འགྲོ་ཤེལ་སྒྲོན་གྱིས། །ལོ་བདུན་ཉམས་བཞེས་འཇའ་ལུས་འཕོ་ཆེན་སྐུ །བརྙེས་ཏེ་པདྨ་འོད་དུ་ཐོགས་མེད་བྱོན། །ཟབ་གཏེར་སྒོ་འབྱེད་གསར་བན་ཕྱོགས་མེད་ནས། ཁོ་བོའི་བླ་མ་ཟུར་ཆེན་བར་བྱོན་རྣམས། །ཐེག་པའི་རྩེ་མོ་ཁྲེགས་ཆོད་ཐོད་རྒལ་ལ། །བསྟེན་ནས་ཀུན་བཟང་ཆོས་སྐུའི་ཞིང་དུ་གཤེགས། །དེ་ཕྱིར་ལམ་འདིའི་སྔོན་འགྲོ་ཕྲིན་ལས་དང། །སྨིན་བྱེད་ཁྲིགས་རིམ་གབ་དཀྲུགས་འཐོར་བ་རྣམས། །དམ་པའི་བཞེད་པ་ཇི་བཞིན་འཁྲུགས་བསྡེབས་སུ། །མཐོང་ཆོག་སྣང་སྟོང་འོད་ལྔའི་རྒྱ་ཅན་སྤེལ། །མཁས་གྲུབ་ཉིན་བྱེད་ནུབ་རིའི་ཕག་གཞོལ་བས། །དབང་གི་ཕྱག་བཞེས་འདབ་སྟོང་ཁ་ཟུམ་ཞིང་། །མི་ཤེས་མུན་ཁྲོད་ཟོག་རྫུན་འབྱུང་པོའི་བྱ། །སྐད་གསང་སྒྲོག་མཐོང་ཁོ་བོས་འབད་དེ་བཀོད། །དེང་ནས་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར། །ཟབ་ཆོས་གདམས་པ་འདི་ཀོའི་འཆད་ཉན་རྒྱུན། །ཆད་མེད་སྒོས་ཀྱི་གཏེར་སྲུང་ཚོགས་རྣམས་དང་། ཁྱད་པར་སྔགས་སྲུང་རག་གདོང་མ་དེས་མཛོད། །སྟོན་ཟླ་ལྟར་དཀར་ལེགས་བྱས་འོད་སྣང་གིས། །མེད་ཅིང་འགྲོ་ངོར་སྣང་བའི་སྒྲིབ་པའི་མུན། །བསལ་ནས་རང་རིག་འཇམ་དཔལ་ཀུན་ཏུ་འོད། །སྣང་བ་དམ་པར་རྟག་ཏུ་འཕེལ་གྱུར་ཅིག །ཅེས་འཇམ་དཔལ་རྫོགས་པ་ཆེན་པོའི་ཕྲིན་ལས་དང་སྨིན་བྱེད་ཆོག་སྒྲིག་ཟུང་དུ་འབྲེལ་བ་མཐོང་ཆོག་སྣང་སྟོང་འོད་ལྔའི་རྒྱ་ཅན་འདི་ནི་བྱང་པ་རིག་འཛིན་ཆེན་པོའི་སྤྲུལ་པའི་སྐུས་ཐོག་དྲངས་གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་དུ་མ་དང་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་རིགས་ཀྱི་དབོན་རིན་པོ་ཆེ། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་ཆོས་འདིའི་བཀའ་རྫོགས་ལུང་རྫོགས་སུ་ཕུལ་བའི་ཚེ་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་སྐུ་མཆོག་བློ་བཟང་པདྨ་ཕྲིན་ལས། བཻ་རོའི་ཡང་སྲིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ། བཀྲ་བཟང་རིག་འཛིན་ཆེན་པོ་ཐུགས་མཆོག་འོད་འབར་གསུམ་གྱིས་འཁྲུགས་བསྡེབས་ཤིག་གྱིས་ཞེས་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ། གཉགས་ཛྙཱ་ན་ཀུ་མཱ་རའི་ཟློས་གར་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཟུར་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལ་བརྟེན་ནས་རང་བཞིན་རྫོགས་པ་ཆེན་པོ་ཅུང་ཟད་ཉམས་སུ་མྱོང་བའི་ཟ་ཧོར་གྱི་སྔགས་བན་གང་ཤར་རང་གྲོལ་གྱིས་གཏེར་བྱོན་རྡོ་རྗེའི་གསུང་རང་སོར་བཞག །ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་ལྷན་ཐབས་རྣམས་དང་བསྟུན། ཁ་འགེང་དགོས་པ་པཎ་ཆེན་རིན་པོ་ཆེ་མཆེད་ཀྱི་གཏེར་གསར་ཚེ་དཔག་མེད་ཡེ་ཤེས་འོད་མཆོག་ནས་བླངས་ཏེ་བག་ཡོད་ཅེས་པ་ཆུ་གླང་ནག་པ་ཟླ་བའི་དཀར་ཆའི་བཟང་པོ་གཉིས་པ་ལ་རང་བྱུང་འཕགས་པས་བྱིན་གྱིས་བརླབས་པའི་གནས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་ཛ་ཡནྟུ།། །།
ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས། ནང་སྒྲུབ་ཀྱི་ཕྲིན་ལས་བལྟས་ཆོག་ཏུ་བཀོད་པ་དྲི་མེད་ཤེལ་དཀར་ཕྲེང་བ་ (Volume 21, Text 38)
༄༅། །ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས། ནང་སྒྲུབ་ཀྱི་ཕྲིན་ལས་བལྟས་ཆོག་ཏུ་བཀོད་པ་དྲི་མེད་ཤེལ་དཀར་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཀཱ་རུ་ཎྀ་ཀཱ་ཡ། སྣང་མཐའ་ཡས་སོགས་ཕྱོགས་དུས་རྒྱལ་རྣམས་ཀྱིས། །མཁའ་མཉམ་འགྲོ་བའི་འདྲེན་པར་དབང་བསྐུར་བ། །ཐུགས་རྗེ་ཆེན་པོས་ཐུགས་བསྐྱེད་ལྕགས་ཀྱུ་ཡིས། །བདག་སོགས་སྲིད་པའི་འདམ་ལས་མྱུར་དྲང་མཛོད། །ཟབ་གཏེར་ཀུན་གཙོ་བླ་རྫོགས་ཐུགས་གསུམ་དུ། །ཡོངས་གྲགས་ཐུགས་རྗེའི་སྒྲུབ་ཐབས་ཀུན་གྱི་ཕུལ། །མངའ་བདག་ཆེན་པོའི་བཀའ་སྲོལ་ལས་བྱོན་པ། །འདི་ཉིད་ཡིན་ནོ་བློ་ལྡན་དོན་གཉེར་འོས། །འདིར་ནང་སྒྲུབ་ཀྱི་ཕྲིན་ལས་སྒྲུབ་མཆོད་དབང་བསྐུར་སོགས་དང་སྦྲེལ་བ་སྤྱི་མཐུན་ཁྱེར་བདེར་གཏང་བའི་ལུགས་དགོད་པར་བྱ་སྟེ། དེ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་དབང་བསྐུར་ལྟ་བུར་དེའི་ལུགས་ལྟར་བྱ་དགོས་ལ། སྒྲུབ་མཆོད་དཀྱུས་འགྲེ་ཙམ་ལ་འཕགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཏིང་། མེད་ན་མཎྜལ་ལ་འབྲུའི་ཚོམ་བུ་ལྷ་གྲངས་དང་མཉམ་པར་བཀོད་པའི་མདུན་དུ་ལས་བཞིའི་དབྱིབས་མདོག་རྫས་ལྡན་གྱི་མཆོད་གཏོར། ཆུ་གཉིས་ཉེར་སྤྱོད། ཕྲིན་ལས་བཞིའི་ཚོགས་རྫས། སྲུང་མའི་གཏོར་འབུལ། སྔོན་གཏོར་སོགས་འདུ་བྱའོ། །ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་བརྒྱུད་པའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་ན༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཕོ་བྲང་རི་བོ་ཏ་ལའི་རྩེ་མོ་ན༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ ལྷོ་ནུབ་སྲིན་པོ་གནས་པའི་འཇིག་རྟེན་ན༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མི་མངོན་རིག་འཛིན་མཁའ་སྤྱོད་ན༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ་གསོལ་བ་འདེབས༔ བསམ་ཡས་དབུ་རྩེ་རིམ་གསུམ་ན༔ རྗེ་སྤྲུལ་སྐུ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ བྲག་སྣ་བོ་ལྕོག་པོའི་ཡང་དབེན་དུ༔ རྗེ་མངའ་བདག་ཆེན་པོ་ལ་གསོལ་བ་འདེབས༔ དེ་ཡི་བརྒྱུད་པ་མཐར་འཛིན་པ༔ སྲས་བརྒྱུད་སློབ་བརྒྱུད་རྣམས་ལ་གསོལ་བ་འདེབས༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་གསོལ་བ་འདེབས༔ གསོལ་འདེབས་བརྒྱུད་འཛིན་བུ་ལ་བྱིན་གྱིས་རློབས༔ བྱིན་རླབས་ཆུ་བོའི་རྒྱུན་བཞིན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་སྐུར་སྨིན་པར་མཛད་དུ་གསོལ༔ ཞེས་ཉམས་ལེན་ཁྱད་འཕགས་སྐོར་ལས་བྱུང་བ་བརྗོད། དེ་ནས་སྤྲོ་ན་དཀར་གཏོར་སྤྱི་ལྟར་གཏང་། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་པདྨ་ཉི་ཟླ་ཡངས་ཤིང་རྒྱ་ཆེ་བར་གསལ༔ རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་སྤྱན་དྲངས་ཏེ་གདན་ལ་བཞུགས་པར་གྱུར༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྐྱབས་སུ་མཆིའོ༔ བླ་མ་རྡོ་རྗེ་འཛིན་པ་དང་ཡི་དམ་གྱི་ལྷ་དང་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་སྐྱབས་སུ་མཆིའོ༔ ལན་གསུམ། སེམས་བསྐྱེད་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་ཇོ་བོ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ལ་འཇུག་པར་བགྱིའོ༔ ལན་གསུམ་བརྗོད་ལ་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་བཞག །དེ་ནས་ཕྲིན་ལས་ལ་ཐོག་མར་འཇུག་པའི་སྐབས་སུ་བགེགས་གཏོར་སྤྱི་ལྟར་གཏང་ན་ཆོག །གཞུང་ནས་མ་གསུངས་པས་མ་བྱས་ཀྱང་རུང་། ནང་མཚམས་བཅད་པ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ སྐད་ཅིག་ལ་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་དཔལ་རྟ་མགྲིན་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་གཡས་དབང་སྡུད་ཀྱི་ཕྱག་རྒྱ་ཅན༔ གཡོན་པདྨ་བསྣམས་པ་ཁྲོ་ཚུལ་ཅན༔ ཚེ་དང་སྲོག་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་སྲུང་བ་གཅིག་ཏུ་བསྒོམ་མོ༔ དེ་ནས། བཛྲ་རཀྵ་རཀྵ་ཧཱུྃ་ཅེས་པས། རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུབ་ཏུ་གྱོན་པས་བགེགས་དང་བར་ཆད་ཀྱིས་མི་ཚུགས་པར་གྱུར༔ རཾ་བཛྲ་ཛྭ་ལ་རཾ་ཨ་ན་ལཱརྐ་ཧཱུྃ༔ ཅེས་བརྗོད་པས། གཞལ་ཡས་ཁང་གི་ཕྱི་རོལ་དང༔ རང་གི་ཐོ་ཕྱི་ཐམས་ཅད་དུ་མེ་དཔུང་གིས་བསྐོར་བར་གྱུར༔ དེ་ནས་བསོད་ནམས་ཀྱི་ཚོགས་གསག་པ་ནི། མདུན་གྱི་ནམ་མཁར་པདྨའི་གདན་རྒྱ་ཆེན་པོ་གསལ་བར་གྱུར༔ བཛྲ་ས་མ་ཡ་ཛ༔ ཅེས་བརྗོད་པས། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ༔ མ་སཱུརྻ་མ་དྷ་ལ་ཞེས་པས། ཉི་མའི་གདན་འབུལ༔ ཨ་ཙནྡྲ་མ་དྷ་ལ་ཞེས་པས། ཟླ་བའི་གདན་འབུལ༔ པཾ་པདྨ་མ་དྷ་ལ་ཞེས་པས། པདྨའི་གདན་དབུལ་བར་གྱུར༔ དེ་ནས་བདུན་རྣམ་དག་གིས་ཚོགས་གསག་སྟེ། བླ་མ་ཐུགས་རྗེ་ཆེན་པོ་འཁོར་བཅས་རྣམས༔ ཉི་ཟླ་པདྨའི་གདན་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་མཆོད་པ་དངོས་བཤམས་ཡིད་སྤྲུལ་བཞེས༔ སྡིག་པའི་ལས་རྣམས་ཅི་བགྱིས་འགྱོད་པས་བཤགས༔ དུས་གསུམ་དགེ་རྩ་ཅི་བགྱིས་རྗེས་སུ་ཡི་རང་དབུལ༔ ཡོངས་སུ་མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འགྲོ་དོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་བསྐུལ༔ དགེ་རྩ་ཅི་དང་ཅི་བགྱིས་སེམས་ཅན་དོན་དུ་བསྔོ༔ རིགས་དྲུག་སེམས་ཅན་ཐམས་ཅད་འཁོར་བ་ཡི༔ གནས་ནས་ཐོན་ནས་བྱང་ཆུབ་ཐོབ་པར་ཤོག༔ ཅེས་ལན་གསུམ་བརྗོད་ལ་ཚོགས་ཞིང་མི་དམིགས་པར་བཞག །ཚད་མེད་བཞི་དམིགས་འདོན་སྤྱི་ལྟར་བྱ། གཉིས་པ་དངོས་གཞི་ལ་ཏིང་ངེ་འཛིན་གསུམ་ལས་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཆོས་རྣམས་ཐམས་ཅད་སྐྱེ་མེད་སྟོང་པའི་ངང༔ མ་ནོར་མ་བཅོས་སྙིང་པོ་སེམས་ཉིད་ཀློང༔ ཡེ་ནས་སྤྲོས་བྲལ་བདག་མེད་དེ་བཞིན་ཉིད༔ མ་བཅོས་སྤྲོས་མེད་དབྱིངས་སུ་བསྒོམ་པར་བྱ༔ ཨཱོཾ་ཤཱུནྱ་ཏཱ་གཉའ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད། སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་སེམས་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་གོ །འགྲོ་དྲུག་ཀུན་ལ་ཁྱབ་པའི་སྙིང་རྗེ་ནི༔ བྱམས་པ་ཕྱོགས་མེད་སེམས་ཅན་དོན་ལ་དགའ༔ བཏང་སྙོམས་ཆེན་པོ་མཉམ་པ་རིས་མེད་ངང༔ ཚད་མེད་རྣམ་བཞིས་འགྲོ་དོན་སེམས་བསྐྱེད་དོ༔ ཨཱོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་ཚད་མེད་པར་བསྒོམ་པར་བྱའོ། །སེམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་རང་བྱུང་ཡེ་ཤེས་སེམས༔ རིག་པའི་ངོ་བོ་ཐིག་ལེ་བྱང་ཆུབ་སེམས༔ ཐམས་ཅད་སྐྱེ་བའི་རྒྱུ་རུ་བསྒོམ་པར་བྱ༔ བཛྲ་ཙིཏྟ་ཧྲཱིཿསྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བདག་གི་རིག་པ་བྱང་ཆུབ་སེམས་ཧྲཱིཿདཀར་པོ་གཅིག་ཏུ་བསམ༔ ཧྲཱིཿའོད་དུ་ཞུ་བ་ལས་རྒྱུའི་ཐུགས་རྗེ་ཆེན་པོ་ཡེ་ཤེས་སེམས་དཔའ༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་མེད་པ༔ ཕྱག་མཉམ་གཞག་གི་ཕྱག་རྒྱ་ཅན་གཅིག་ཏུ་གསལ་བའི་ཐུགས་དཔལ་བེའུ་རིན་པོ་ཆེ་ཟུར་དྲུག་ལ༔ དབུས་ན་ཧྲཱིཿ ཟུར་དྲུག་ལ་ཡི་གེ་དྲུག་སྤུས་བྲིས་པ་ཙམ་གཡོན་སྐོར་དུ་འཁོར་བར་བསམས་ལ༔ དེ་ལས་འོད་ཟེར་ཁ་དོག་སྣ་ལྔ་བྱུང་བས༔ དུས་གསུམ་བདེ་བར་གཤེགས་པ་ལ་ཕོག་པས་མཆོད་པ་ཕུལ༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་ཤེས་བྱའི་སྒྲིབ་པ་སྦྱངས༔ ཉན་ཐོས་དང་རང་སངས་རྒྱས་ལ་ཕོག་པས་ཞི་བ་ཕྱོགས་གཅིག་པ་ལས་བསླངས༔ འགྲོ་དྲུག་སེམས་ཅན་ལ་ཕོག་པས་སྒྲིབ་པ་དུས་གཅིག་ཏུ་དག་པར་བསམ་མོ༔ དེ་ནས་འོད་ཟེར་ཚུར་འདུས་པས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབ་པར་གྱུར་པར་བསམ༔ ཡེ་ཤེས་སེམས་དཔའི་ཐུགས་ཀའི་བྷྲཱུྃ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཐམས་ཅད་སྦྱངས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་མོས་ལ། ཆོས་དབྱིངས་ཡེ་ཤེས་ཆེ་བའི་ཁྱད་པར་ལས༔ ཡི་གེ་བྷྲཱུྃ་ལས་འོད་ཟེར་ཁྱབ་པར་འཕྲོས༔ སྟོང་གསུམ་འཇིག་རྟེན་ཁམས་ཀུན་ཁྱབ་པར་བརྡལ༔ སྟེང་ཕྱོགས་འཁོར་ལོ་རྩིབས་སྟོང་ཁྱབ་པར་གསལ༔ འོག་ཕྱོགས་པདྨ་འདབ་མ་སྟོང་དང་ལྡན༔ དབུས་ན་པདྨའི་པ་ཏྲ་མཛེས་པར་ལྡན༔ ཕྱི་རིམ་སྣ་ཚོགས་པདྨ་འདབ་དྲུག་མཛེས༔ བར་ཁྱམས་སྒོ་བཞི་ཕྱོགས་ཀྱི་ཁ་དོག་འཛིན༔ སྒོ་བཞི་རྟ་བབས་འཁོར་ཡུག་རྡོ་རྗེ་འབར༔ ཡེ་ཤེས་མེ་འབར་འཁོར་བའི་བུད་ཤིང་བསྲེག༔ ཕྱོགས་བཅུ་རྒྱ་ཆད་མེད་པ་སངས་རྒྱས་བཞུགས་པའི་གནས༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་གཉའ་ན་ཙཀྲ་མ་དྷ་ལ་བྷྲཱུྃ༔ གདན་བསྐྱེད་པ་ནི། ཐབས་ཀྱི་རང་བཞིན་ཆུ་ཤེལ་ཟླ་བ་དང༔ ཤེས་རབ་རང་བཞིན་མེ་ཤེལ་ཉི་མ་དང༔ སྐྱོན་གྱིས་མ་གོས་པདྨས་རབ་ཏུ་མཛེས༔ བདེ་གཤེགས་བཞུགས་པ་ཁྱད་པར་ལྷ་ཡི་གདན༔ མ་སཱུརྻ་མ་དྷ་ལ༔ ཨ་ཙནྡྲ་མ་དྷ་ལ༔ པཾ་པདྨ་མ་དྷ་ལ༔ ལྷ་བསྐྱེད་པ་ནི། གདན་སྟེང་རྒྱུའི་ཡེ་ཤེས་སེམས་དཔའ་ལས་འོད་ཟེར་སྤྲོ་བསྡུའི་དོན་གཉིས་བྱས། ཚུར་འདུས་རང་ལྷའི་སྐུར་གསལ་བར་མོས་ལ། གདན་སྟེང་རྒྱུ་ཡི་ཡེ་ཤེས་སེམས་དཔའ་བབས༔ སྤྲོ་བསྡུའི་སྦྱོར་བས་ཐུགས་རྗེ་ཆེན་པོར་གྱུར༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ འཛུམ་མདངས་སྤྱན་དམར་འགྲོ་ལ་ཐུགས་རྗེས་གཟིགས༔ ཕྱག་གཉིས་ཐབས་དང་ཤེས་རབ་ཐུགས་ཀར་སྦྱོར༔ གཡས་པ་ཤེལ་ཕྲེང་འགྲོ་བ་གནས་ནས་འདྲེན༔ གཡོན་པ་པདྨ་འཁོར་བའི་སྐྱོན་མ་གོས༔ ཞབས་གཉིས་ཆོས་ཉིད་དོན་ལ་མཉམ་པར་བཞུགས༔ འདོད་ཡོན་མ་སྤངས་རང་ལ་ཤར་བས་རིན་ཆེན་རྒྱན་གྱིས་མཛེས༔ ཐུགས་ཀར་ཡེ་ཤེས་རང་ལ་ཤར་བས་ཡེ་ཤེས་སེམས་དཔའ་བཞུགས༔ རིགས་ཀྱི་བདག་པོ་སངས་རྒྱས་སྣང་བ་མཐའ་ཡས་དབུ་ལ་བཞུགས༔ སྣང་ལ་རང་བཞིན་མེད་པ་ཡེ་ཤེས་སྒྱུ་མའི་སྐུ༔ ཡུམ་བསྐྱེད་པ། ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཧྲཱིཿཡིག་ལས༔ ཤེས་རབ་རང་བཞིན་ཡི་གེ་དྲུག་མ་ནི༔ ཞལ་གཅིག་ཕྱག་གཉིས་གཙོ་བོ་ཡབ་ལ་འཁྱུད༔ རྒྱན་དང་ཆ་ལུགས་གཙོ་བོ་ཡབ་དང་མཐུན༔ གཉིས་མེད་དགྱེས་པ་སྐོང་ཕྱིར་ཡུམ་གྱི་ཚུལ༔ དེ་ནས་སྲས་བསྐྱེད་པ། ཡབ་ཀྱི་ཐུགས་ནས་གཡས་སུ་ཧྲཱིཿའཕྲོས་པས༔ ཐབས་ཀྱི་རང་བཞིན་ནོར་བུ་འཛིན་པ་དཀར༔ ཞལ་གཅིག་ཕྱག་གཉིས་ནོར་བུ་དགོས་འདོད་སྐོང༔ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན་པ་འོ༔ ཡུམ་གྱི་ཐུགས་ནས་གཡོན་ཕྱོགས་ཧྲཱིཿའཕྲོས་པས༔ ཤེས་རབ་རང་བཞིན་རིག་སྔགས་འཛིན་མ་དཀར༔ ཞལ་གཅིག་ཕྱག་གཉིས་ཤེལ་ཕྲེང་འཁོར་བ་འདྲེན༔ རིན་ཆེན་རྒྱན་ཆས་འདོད་ཡོན་གནས་སུ་དག༔ ཡབ་ཡུམ་སྲས་དང་བཅས་པའི་སྐུ་རུ་གསལ༔ འཁོར་གྱི་ལྷ་བསྐྱེད་པ་ནི། ཐུགས་ཀའི་ཧྲཱིཿདང་ཡིག་འབྲུའི་འཕྲོ་འདུ་ལས༔ པདྨ་འདབ་དྲུག་འོད་ཀྱི་གདན་སྟེང་དུ༔ སྤྱན་རས་གཟིགས་དབང་དཀར་པོ་པདྨ་བསྣམས༔ རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་བསྐོར༔ རྡོ་རྗེ་སེམས་དཔའ་མཐིང་ཁ་རྡོ་རྗེ་འཛིན༔ རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ༔ སྣང་བ་མཐའ་ཡས་དམར་པོ་པདྨ་བསྣམས༔ དོན་ཡོད་གྲུབ་པ་ལྗང་ཁུ་རྒྱ་གྲམ་ཐོགས༔ ཀུན་ཀྱང་རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན༔ ཉི་ཟླ་པདྨའི་གདན་ལ་མཉམ་པར་བཞུགས༔ གཉིས་མེད་དབྱིངས་ཀྱི་སྦྱོར་བའི་ཡུམ་ཆེན་དྲུག༔ ཤེས་རབ་ཕ་རོལ་ཕྱིན་མ་ཡུམ་ཆེན་ཆོས་ཀྱི་སྐུ༔ བསམ་གཏན་ཕ་རོལ་ཕྱིན་མ་སངས་རྒྱས་སྤྱན༔ བརྩོན་འགྲུས་ཕ་རོལ་ཕྱིན་མ་ཀུན་ཏུ་བཟང༔ སྦྱིན་པའི་ཕ་རོལ་ཕྱིན་མ་གོས་དཀར་མོ༔ ཚུལ་ཁྲིམས་ཕ་རོལ་ཕྱིན་མ་མཱ་མ་ཀཱི༔ བཟོད་པའི་ཕ་རོལ་ཕྱིན་མ་དམ་ཚིག་སྒྲོལ༔ རིགས་ཀྱི་གཙོ་བོའི་སྐུ་མདོག་ཕྱག་མཚན་འཛིན༔ དབྱིངས་དང་ཡེ་ཤེས་གཉིས་མེད་ཡབ་དང་སྦྱོར༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་ཀའི་ཧྲཱིཿདང་ཡིག་འབྲུའི་འཕྲོ་འདུ་ལས༔ སྒོ་བཞིར་པདྨ་འོད་ཀྱི་གདན་སྟེང་དུ༔ ཤར་སྒོར་བརྒྱ་བྱིན་དཀར་པོ་པི་ཝཾ་བསྣམས༔ ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་བསྣམས༔ ལྷོ་སྒོར་ཤཱཀ་ཐུབ་སེར་པོ་གསེག་ཤང་པར་བུ་བསྣམས༔ བྱོལ་སོང་ཐུབ་པ་ནག་པོ་པོ་ཏི་བསྣམས༔ ནུབ་སྒོར་ནམ་མཁའ་མཛོད་ནི་དམར་པོ་རིན་ཆེན་སྒྲོམ་བུ་བསྣམས༔ བྱང་སྒོར་ཆོས་ཀྱི་རྒྱལ་པོ་མེ་ཆུ་བསྣམས༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་དྲུག་སྐྱེ་སྒོ་གཅོད༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་བརླབས་པས༔ ལུས་ངག་ཡིད་གསུམ་གནས་འགྱུར་ནས༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཀཱ་ཡ་ཨཱོཾ༔ ཝཱ་ཀ་ཨཱ༔ ཙིཏྟ་ཧཱུྃ༔ ཅེས་པས། སྤྱི་གཙུག་འཁོར་ལོ་རྩིབས་བཞིའི་སྟེང་དུ་ཨཱོཾ་དཀར་པོ༔ མགྲིན་པར་པདྨ་དམར་པོའི་སྟེང་དུ་ཨཱཿདམར་པོ༔ སྙིང་གར་རྡོ་རྗེ་རྒྱ་གྲམ་སྟེང་དུ་ཧཱུྃ་མཐིང་ནག༔ དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ༔ བྱིན་རླབས་ཀྱི་དབྱིག་བསྡུས༔ འབྲུ་གསུམ་ལ་ཐིམ་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱིན་གྱིས་བརླབས་པར་གྱུར༔ དེ་ནས་དབང་བསྐུར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ རིགས་ལྔ་ཡེ་ཤེས་རྣམ་པ་ལྔས༔ དབང་བསྐུར་བྱིན་གྱིས་བརླབ་པ་དང༔ རིགས་ཀྱི་གཙོ་བོར་བདག་གྱུར་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨཱོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དབང་རྟགས་སྤྱི་གཙུག་ཏུ་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་བཞུགས་པར་གྱུར། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལ། དང་པོ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས༔ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་འགྲོ་བའི་དོན་ལ་བསྐུལ་ནས༔ མདུན་གྱི་ནམ་མཁའ་ལ་བྱོན་པར་གྱུར༔ ཆོས་དབྱིངས་སྐྱེ་མེད་ཡེ་ཤེས་གནས་མཆོག་ནས༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༔ འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ ཐུགས་རྗེ་ཆེན་པོ་འཁོར་བཅས་གཤེགས་སུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི། ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ༔ ཡེ་ཤེས་སྐུ་ལ་བཞེངས་བཞུགས་མི་མངའ་ཡང༔ འགྲོ་དོན་ཐུགས་རྗེ་ཐབས་ཀྱིས་མཛད་སླད་དུ༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་པས། བདག་དང་འགྲོ་བའི་དོན་ལ་དགོངས་ཏེ་ཞལ་བསྟན་དགྱེས་པའི་ཚུལ་གྱིས་བྱིན་གྱིས་རློབ་ཅིང་བཞུགས་པར་བསམ་མོ། །དེ་ནས་ཕྱག་འཚལ་ཏེ། ཐུགས་རྗེ་ཆེན་པོ་རང་དང་གཉིས་མེད་ལྷ༔ ཆེ་ཆུང་བཟང་ངན་གཉིས་འཛིན་མི་མངའ་ཡང༔ འགྲོ་བའི་དོན་ལ་ཕྲིན་ལས་མཛད་པའི་ཕྱིར༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཛ་ཧོ༔ ཅེས་པས་དམ་ཚིག་པས་ཡེ་ཤེས་པ་ལ་ཕྱག་དང་། དེའི་ཕྱག་ལེན་གནང་ནས། ཐུགས་རྗེ་ཆེན་པོའི་ཕྲིན་ལས་དབྱེར་མེད་དུ་སེམས་ཅན་གྱི་དོན་ལ་དགོངས་པར་བསམ། དེ་ནས་མཆོད་པ་འབུལ་བའི་ཐོག་མར་མཆོད་པ་བྱིན་རླབས་ནི། ཨཱོཾ་པདྨཱནྟ་ཀྲྀཏ་ཧཱུྃ་གིས་བསང་། ཨཱོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་སོ་སོ་རང་རང་གི་མིང་ཡིག་དང་པོ་ཡོངས་སུ་གྱུར་པ་ལས༔ མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར༔ ཨཱོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་བར་བརྗོད་ལ་བྱིན་བརླབ་བོ། །དེ་ནས་ཉེར་སྤྱོད་ཕུལ་བ་ནི། ཐུགས་ཀའི་ཧྲཱིཿལས་བདུག་སྤོས་ལ་སོགས་པའི་ལྷ་མོ་རེ་རེ་ལའང་ཁ་དོག་ལྔ་ལྔ་སོགས་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་མཆོད་པར་བསམ་ལ། འགྲོ་དོན་ཐུགས་རྗེས་དགོངས་ནས་སྐུར་སྟོན་པ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས༔ བདེར་གཤེགས་རིགས་དྲུག་ཡབ་དང་ཡུམ་དུ་བཅས༔ སྤྲུལ་སྐུ་ཐུབ་དྲུག་འགྲོ་དྲུག་ཐབས་ཀྱིས་འདུལ༔ ཡང་དག་སྐུ་ལ་སྦྲེབས་སྐྱེམས་མི་མངའ་ཡང༔ འགྲོ་བའི་བསོད་ནམས་སྤེལ་ཞིང་གསག་པའི་ཕྱིར༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས༔ དགྱེས་པའི་ཚུལ་གྱིས་མཉེས་ཤིང་མཆོད་པ་བཞེས༔ ཨཱོཾ་མ་ཎི་པདྨེ་ཧཱུྃ་སརྦ་པཱུ་ཙ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ༔ ལྷན་ཅིག་སྐྱེས་དང་སྦྱར་བའི་བདུག་སྤོས་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ ཤངས་ཀྱི་དབང་པོ་མཉེས་ཤིང་ཚིམས་གྱུར་ནས༔ འགྲོ་རྣམས་ཉོན་མོངས་ཁོང་ཁྲོ་དག་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་དྷཱུ་པེ་པཱུ་ཛ་ཧཱུྃ༔ ཆུ་སྐྱེས་ཐང་སྐྱེས་ཤིང་སྐྱེས་མེ་ཏོག་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ སྤྱན་གྱི་དབང་པོ་མཉེས་ཤིང་ཚིམས་གྱུར་ནས༔ འགྲོ་རྣམས་ཉོན་མོངས་ང་རྒྱལ་དག་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་པུཥྤེ་པཱུ་ཛ་ཧཱུྃ༔ ཙནྡན་ག་པུར་གུར་གུམ་གླ་རྩིའི་དྲི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ སྐུ་ཡི་དབང་པོ་མཉེས་ཤིང་ཚིམས་གྱུར་ནས༔ འགྲོ་ཀུན་ཉོན་མོངས་འདོད་ཆགས་དག་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་གནྡྷེ་པཱུ་ཛ་ཧཱུྃ༔ ཁ་དོག་རོ་བཅུད་དྲི་ལྡན་ཞལ་ཟས་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ ལྗགས་ཀྱི་དབང་པོ་མཉེས་ཤིང་ཚིམས་གྱུར་ནས༔ འགྲོ་ཀུན་ཉོན་མོངས་སེར་སྣ་དག་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ནཻ་བིདྱ་པཱུ་ཛ་ཧཱུྃ༔ དམར་གསལ་འོད་ལྡན་མུན་སེལ་མར་མེ་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ སྤྱན་གྱི་དབང་པོ་མཉེས་ཤིང་ཚིམས་གྱུར་ནས༔ འགྲོ་རྣམས་ཉོན་མོངས་གཏི་མུག་དག་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཨཱ་ལོ་ཀེ་པཱུ་ཙ་ཧཱུྃ༔ རྔ་སྒྲ་དུང་དང་དྲིལ་བུ་ཆ་ལང་སྒྲ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ སྙན་གྱི་དབང་པོ་མཉེས་ཤིང་ཚིམས་གྱུར་ནས༔ འགྲོ་རྣམས་ཉོན་མོངས་ཞེ་སྡང་དག་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཤབྡ་པཱུ་ཙ་ཧཱུྃ༔ དེ་ནས་འདོད་ཡོན་ལྔ་ཕུལ་བ་ནི། བདག་གི་ཐུགས་ལས་འདོད་ཡོན་ལྷ་མོ་ལྔ་སྤྲུལ་ནས་ཕར་མཆོད་ནས་དྲིན་ལན་གྱི་ཚུལ་དུ་ཚུར་ལའང་མཆོད་པར་བསམ་ལ། གཟུགས་དང་དབྱིབས་སོགས་ལྟ་ན་མཛེས་དགུར་ལྡན༔ གཟུགས་ཀྱི་མཆོད་པ་སྤྱན་ལ་ཕུལ་ལགས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ ཡེ་ཤེས་སྤྱན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ སྒྲར་གྲགས་ཡིད་འཕྲོག་སྙན་པའི་སྒྲ་དགུར་ལྡན༔ སྒྲ་ཡི་མཆོད་པ་སྙན་ལ་ཕུལ་ལགས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ ཡེ་ཤེས་སྙན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ དྲི་ཞིམ་ལྡངས་ལ་ཡིད་ཀྱི་དབང་པོ་ཚིམས༔ དྲི་ཡི་མཆོད་པ་ཤངས་ལ་ཕུལ་ལགས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ ཡེ་ཤེས་ཤངས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རོ་མཆོག་རོ་བྲོ་སྣ་ཚོགས་བདའ་དགུར་ལྡན༔ རོ་ཡི་མཆོད་པ་ལྗགས་ལ་ཕུལ་ལགས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ ཡེ་ཤེས་ལྗགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རེག་འཇམ་མཉེན་ལྕུག་རེག་ན་བདེ་བ་སྐྱེ༔ རེག་བྱའི་མཆོད་པ་སྐུ་ལ་ཕུལ་ལགས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ ཡེ་ཤེས་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གསལ་སྟོང་རིག་པ་བདེ་གསལ་ཉམས་དང་ལྡན༔ ཆོས་ཀྱི་མཆོད་པ་ཐུགས་ལ་ཕུལ་ལགས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་སྐོང་གྱུར་ཅིག༔ ཡེ་ཤེས་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པཱུ་ཙ་པཉྩ་ས་མ་ཡེ་ཧཱུྃ༔ དེ་ནས་དམ་ཡེ་བསྲེ་བ་ནི། ཐུགས་རྗེ་ཆེན་པོ་ཡེ་ཤེས་ལྷ་ཡི་ལྷ༔ སེམས་ཅན་དོན་ལ་ཐུགས་ཀྱིས་བདག་ལ་དགོངས་ནས་ཀྱང༔ མི་གཉིས་དོན་གྱི་དངོས་གྲུབ་སྩལ་སླད་དུ༔ བདག་ལ་གསལ་ཅིང་བརྟན་པར་བཞུགས་སུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཙོ་འཁོར་རྣམས་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་གྱུར་པར་བསམ། དམ་ཡེ་གཉིས་མེད་ལ་བསྟོད་ཅིང་གསོལ་བ་འདེབས་པ་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ ཉོན་མོངས་སྐྱོན་གྱིས་མ་གོས་རྟགས༔ ཞལ་གཅིག་འཛུམ་པའི་ཚུལ་སྟོན་པ༔ སེམས་ཅན་ཀུན་ལ་བྱམས་པའི་རྟགས༔ སྤྱན་གཉིས་ཞི་བས་གཟིགས་པ་ནི༔ ཐུགས་རྗེས་ཀུན་ལ་གཟིགས་པའི་རྟགས༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ ཐབས་དང་ཤེས་རབ་སྦྱོར་བའི་རྟགས༔ གཡས་ཀྱི་འོག་མས་བགྲང་འཕྲེང་འཛིན༔ འཁོར་བའི་གནས་ནས་འདྲེན་པའི་བརྟགས༔ གཡོན་ན་པདྨ་དམར་པོ་བསྣམས༔ ཆགས་པའི་སྐྱོན་གྱིས་མ་གོས་རྟགས༔ ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ནི༔ མཉམ་ཉིད་དོན་ལས་མ་གཡོས་རྟགས༔ པདྨའི་གདན་ལ་བཞུགས་པ་ནི༔ ཆགས་མེད་འགྲོ་དོན་མཛད་པའི་རྟགས༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ བདག་དང་མོས་པའི་གང་ཟག་ལ༔ ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ སྡིག་སྒྲིབ་ཉམས་ཆགས་སྦྱང་དུ་གསོལ༔ འཁོར་བའི་གནས་ནས་དྲང་དུ་གསོལ༔ དུག་ལྔ་དུག་གསུམ་གཞོམ་དུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་དང་ནི་ཤེས་རབ་གཉིས༔ མཉམ་པར་སྦྱོར་བའི་ཐུགས་མངའ་བ༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ དཔལ་ལྡན་མཉམ་སྦྱོར་ཁྱེད་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་སྙིང་པོ་གཙོ༔ གསང་སྔགས་རྒྱལ་པོ་བགྲང་ཕྲེང་འཛིན༔ མུ་ཏིག་ལྟར་དཀར་གཡས་ན་བསྣམས༔ རིག་སྔགས་འཆང་ལ་ཕྱག་འཚལ་བསྟོད༔ འཁོར་བའི་སྐྱོན་གྱིས་མ་གོས་པས༔ དག་པའི་ཤེས་རབ་འོད་གསལ་བ༔ པདྨ་དཀར་པོ་གཡོན་ན་འཛིན༔ ཕྱག་ན་པདྨོར་ཕྱག་འཚལ་བསྟོད༔ ཆོས་དབྱིངས་རྣམ་དག་དྲི་མེད་ཞལ༔ ཟླ་བའི་འོད་ལྡན་རྒྱལ་བའི་ཡུམ༔ གཟུགས་ཀྱི་ལྷ་མོ་ཡིད་འོང་སྐུ༔ ཡིག་དྲུག་མ་ལ་ཕྱག་འཚལ་བསྟོད༔ མཐའ་ཡས་འོད་ལྡན་ཤེལ་མདོག་ཅན༔ ཡིད་བཞིན་ནོར་བུ་ཆེན་པོ་ལྟར༔ སེམས་ཅན་དགོས་འདོད་རེ་སྐོང་མཛད༔ ནོར་བུ་འཛིན་ལ་ཕྱག་འཚལ་བསྟོད༔ རང་བཞིན་མི་དམིགས་སྟོང་པའི་ངང༔ གསང་སྔགས་ངོ་བོ་ཤེས་རབ་སྐྱོབ༔ བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ༔ རིག་སྔགས་འཛིན་ལ་ཕྱག་འཚལ་བསྟོད༔ བདག་དང་མོས་པའི་གང་ཟག་ལ༔ ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ སྡིག་སྒྲིབ་ཉམས་ཆགས་བསལ་དུ་གསོལ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ དུག་ལྔ་དུག་གསུམ་གཞོམ་དུ་གསོལ༔ དགྲ་བགེགས་བར་ཆད་བསལ་དུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་མང་པོས་གླུ་དབྱངས་ཀྱིས་བསྟོད་པས་སྐུ་སྔར་བས་ཀྱང་གསལ་ལ་གཟི་བྱིན་ཆེ་བར་བསམ། དེ་ནས་བཟླས་པ་བྱ་བ་ལ་གསུམ། བདག་དོན། གཞན་དོན། མཁའ་ཁྱབ་ཀྱི་བཟླས་པའོ། །དང་པོ་ནི། བདག་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ༔ ཞལ་གཅིག་ཕྱག་གཉིས་རྒྱན་མེད་པའི་ཐུགས་ཀར༔ དཔལ་བེའུ་རིན་པོ་ཆེ་ཟུར་དྲུག་ལ༔ དབུས་ན་ཧྲཱིཿདཀར་པོ་ཟུར་དྲུག་ལ་ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཅེས་བཀོད་ལ། འཛབ་བཟླས་པས༔ འོད་ཟེར་རྣམ་པ་ལྔའམ་དྲུག་ཕར་འཕྲོས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་ཕོག་པས༔ མཉེས་པའི་མཆོད་པ་ཕུལ༔ ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས༔ སྒོ་གསུམ་གྱི་སྒྲིབ་པ་སྦྱངས༔ འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་གཏན་ནས་བྱང༔ ལུས་ཤེལ་སྒོང་ཕྱིས་པ་ལྟར་སང་སང་སོང་བར་བསམ་ལ༔ཡིག་དྲུག་བཟླ། གཉིས་པ་གཞན་དོན་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་དྲུག་ཏུ་འཕྲོས་པས༔ རིགས་དྲུག་ཡབ་ཡུམ་ལ་ཕོག་ནས་འགྲོ་བའི་དོན་ལ་བསྐུལ༔ རིགས་དྲུག་གི་ཐུགས་ཀ་ནས་འོད་ཟེར་ཐུབ་པ་དྲུག་ལ་འཕྲོས་པས༔ འགྲོ་བའི་དོན་ལ་བསྐུལ་ནས༔ འགྲོ་དྲུག་གི་སྡུག་བསྔལ་གཏན་ནས་བྱང་ནས༔ སྐྱེ་བའི་སྒོ་བཀག་ནས་འཁོར་བའི་གནས་སྟོང་པར་བསམ༔ ནམ་མཁས་གར་ཁྱབ་འོད་ཟེར་གྱིས་ཁྱབ། དེར་གནས་པའི་འགྲོ་བ་ཐམས་ཅད་འདུལ་བར་མོས་ལ་བཟླ། གསུམ་པ་མཁའ་ཁྱབ་ཀྱི་ཟླས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སམ་གཞལ་ཡས་ཁང༔ གཟུགས་སུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྒྲར་གྲགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་གསུང་གྲགས་སྟོང་བྲག་ཆ་ལྟ་བུ༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐུགས་གསལ་སྟོང་ནམ་མཁའི་དབྱིངས་ལྟ་བུར་བསམ་པ་སྟེ་སྐུ་གསུང་ཐུགས་ཀྱི་དགོངས་པ་དང་ལྡན་པའི་ངང་ནས་བཟླ། བཟླས་པའི་མཐར་འཛབ་བསྟོད་བྱ་བ་ནི། ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཡེ་ཤེས་ལྔ་དང་སྐུ་ལྔར་ལྡན༔ ཐུགས་རྗེ་སྤྱན་རས་གཟིགས་ཀྱི་སྐུ༔ མ་ཀུན་ལ་བྱམས་ཤིང་བུ་ལྟར་བརྩེ༔ ཡི་གེ་དྲུག་མ་ཉིད་ཀྱི་སྐུ༔ ཎི་དངོས་པོར་འཛིན་ལས་འཁོར་བ་བཟློག༔ ནོར་བུ་འཛིན་པ་ཉིད་ཀྱི་སྐུ༔ པད་འཁོར་བར་དོན་མཛད་སྐྱོན་མ་གོས༔ རིག་སྔགས་འཛིན་མ་ཉིད་ཀྱི་སྐུ༔ མེ་ཡེ་ཤེས་མེ་ཡིས་ཉོན་མོངས་སྲེག༔ རྣམ་རྟོག་དུག་ལྔའི་ནད་རྣམས་སྲེག༔ རིགས་དྲུག་ཡུམ་དྲུག་ཉིད་ཀྱི་སྐུ༔ ཧཱུྃ་གསང་བའི་ཡི་གེ་ཐུགས་རྗེ་ཅན༔ ཐུབ་དྲུག་འགྲོ་བ་རིགས་དྲུག་འདུལ༔ གསུང་ཡི་གེ་འབྲུ་དྲུག་བྱིན་རླབས་ཅན༔ ཕར་འཕྲོས་པས་ནི་འགྲོ་དྲུག་འདུལ༔ ཚུར་འདུས་པས་ནི་སྒྲིབ་པ་སྦྱོང༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ ཐུགས་ཀའི་དཔལ་བེའུ་ཟུར་དྲུག་ལ༔ ཡི་གེ་དྲུག་པ་གསལ་བཀོད་དེ༔ ཧྲཱིཿདཀར་མགལ་མེའི་འཕྲོ་འདུ་ལས༔ ཉི་མ་ཤར་བའི་འོད་ལྟར་འཕྲོས༔ ཐམས་ཅད་ལྷ་ཡི་ངོ་བོར་གྱུར༔ ཕར་སྤྲོས་པས་ནི་འགྲོ་དོན་མཛད༔ ཚུར་འདུས་པས་ནི་དངོས་གྲུབ་ལེན༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཨཱོཾ་ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱིས༔ འགྲོ་དྲུག་སྡུག་བསྔལ་བསལ་དུ་གསོལ༔ མ་བྱམས་པ་ཆེན་པོའི་བྱིན་རླབས་ཀྱིས༔ འགྲོ་དྲུག་བུ་བཞིན་བསྐྱང་དུ་གསོལ༔ ཎི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ འགྲོ་དྲུག་འཁོར་བའི་འདམ་ནས་དྲང་དུ་གསོལ༔ པད་དགའ་བ་ཆེན་པོའི་བྱིན་རླབས་ཀྱིས༔ འགྲོ་དྲུག་སྡུག་བསྔལ་བསལ་དུ་གསོལ༔ མེ་བཏང་སྙོམས་ཆེན་པོའི་བྱིན་རླབས་ཀྱིས༔ འགྲོ་དྲུག་ལོག་རྟོག་བསྲེག་ཏུ་གསོལ༔ ཧཱུྃ་གསང་བ་སྔགས་ཀྱི་བྱིན་རླབས་ཀྱིས༔ འགྲོ་དྲུག་དུག་ལྔ་གདུལ་དུ་གསོལ༔ ཞེས་འཛབ་བསྟོད་བྱ་ཞིང་གསལ་གདབ་པར་བྱའོ། །བཟླས་དམིགས་འདི་ནི་སྤྱི་འགྲོ་མདོར་བསྡུས་ཡིན་ལ་བཟླ་ཚུལ་གྱི་བྱེ་བྲག་གཞན་མང་པོ་དང་ལས་བཞིའི་བཟླས་པ་སོགས་གཞུང་ཉིད་ལས་རྟོགས་པར་བྱ་དགོས། བཟླས་པའི་སྐབས་སུ་ཉེས་པ་དྲུག་དང་བྲལ་བ་གལ་ཆེ་བར་གསུངས་ལ། ཚད་ནི་གྲངས་ཀྱི་བསྙེན་པ་བྱེ་བ། དུས་ཀྱི་བསྙེན་པ་ལོ་གསུམ། མཚན་མའི་བསྙེན་པ་རབ་འབྲིང་ཐ་མའི་རྟགས་སྤྱི་ལྟར་འབྱུང་བ་དགོས་སོ། །བཟླས་སྒོམ་གྱིས་སྐྱོ་ན་རྫོགས་པའི་རིམ་པ་བསྒོམ་སྟེ་འོག་ཏུ་འབྱུང་བ་ལྟར་རོ། །ཐུན་མཚམས་ཀྱི་བྱ་བ་གཏོར་མ་འབུལ་བ་ནི། འདས་གཏོར་སྤྱི་འགྲེ་ཙམ་གྱིས་ཀྱང་ཆོག་མོད། བཞི་སྐོར་ཆ་ལག་ལས་འབྱུང་བ་ལྟར་ན། ཞི་གཏོར་དཀར་ཟླུམ་དཀར་གསུམ་མེ་ཏོག་དཀར་པོ་འབྲུ་དཀར་ཆན་དང་བཅས་པ། རྒྱས་གཏོར་གྲུ་བཞི་སེར་པོ་ཁུར་བ་ཤིང་ཏོག་མེ་ཏོག་དང་འབྲུ་ཆན་སེར་པོ། དབང་གཏོར་ཟླ་གམ་དམར་པོ་མངར་གསུམ་སིནྡྷུ་ར་ཆང་དང་མེ་ཏོག་འབྲུ་ཆན་དམར་པོ། དྲག་གཏོར་གྲུ་གསུམ་ནག་པོ་ཤ་ཁྲག་མེ་ཏོག་དང་འབྲུ་ནག་ཆན་གྱིས་བརྒྱན་པ་བཤམ། ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ལན་གསུམ། ཨཱོཾ་གྱིས་འཛད་པ་མེད་པར་སྤེལ༔ ཨཱཿས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས༔ ཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་ཞུ༔ ཧྲཱིཿཡིས་གང་ལ་གང་འདོད་པའི་མཆོད་རྫས་ཕུན་སུམ་ཚོགས་པར་གྱུར༔ ཞེས་བྱིན་གྱིས་བརླབས་ལ་འབུལ་བ་ནི། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས་སུ་གསོལ༔ འགྲོ་བའི་བསོད་ནམས་སྤེལ་ཞིང་གསག་པའི་ཕྱིར༔ ཐུགས་རྗེས་དགོངས་ལ་གནས་འདིར་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་འབུལ་ཐུགས་རྗེས་དགོངས་ལ་བཞེས༔ ཞི་གཏོར་ཟླུམ་པོ་རྒྱས་གཏོར་གྲུ་བཞི་དང༔ དབང་གཏོར་ཟླ་གམ་དྲག་གཏོར་ཟུར་གསུམ་རྣམས༔ གཏོར་སྣོད་རིན་ཆེན་འཁོར་ཡུག་རྒྱ་ཆེན་དུ༔ གཏོར་མ་རི་རབ་གླིང་བཞིའི་དཔངས་དང་མཉམ༔ དཀར་སེར་དམར་ནག་གཏོར་མ་བཅུད་དང་ལྡན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ དགྱེས་པར་རོལ་པའི་མཆོད་པ་བཞེས་ནས་ཀྱང༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ ཞི་བའི་གཏོར་མ་དཀར་གཏོར་མཆོད་པར་འབུལ༔ ཞི་བས་འཇིགས་པ་བརྒྱད་ལས་བསྐྱབ་ཏུ་གསོལ༔ རྒྱས་པའི་གཏོར་མ་སེར་པོ་མཆོད་པར་འབུལ༔ རྒྱས་པ་འབྱོར་པ་དྲུག་ལྡན་དངོས་གྲུབ་སྩོལ༔ དབང་གི་གཏོར་མ་དམར་པོ་མཆོད་པར་འབུལ༔ དབང་གིས་མོས་པ་རྣམ་བཞི་དབང་དུ་སྡུས༔ དྲག་པོའི་གཏོར་མ་ནག་པོ་མཆོད་པར་འབུལ༔ དྲག་པོས་དགྲ་བགེགས་གདུག་པ་བསྒྲལ་དུ་གསོལ༔ ནད་དང་གནོད་པ་མི་མཐུན་ཚོགས་རྣམས་ཞི་བར་མཛོད༔ ཚེ་དང་དབང་ཐང་བུ་ནོར་རྒྱས་པར་སྤེལ༔ ལོག་ལྟ་དགྲ་བགེགས་མི་མཐུན་ཕྱོགས་རྣམས་དབང་དུ་སྡུས༔ བསྟན་པ་འཇིག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་བ་ལིཾ་ཏ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ སྔགས་ལན་གསུམ་གྱིས་འབུལ། ཆོས་སྲུང་གཏེར་སྲུང་གི་གཏོར་ཆོག་ཀྱང་སྐབས་འདིར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་མཆོད་འབུལ་བ་ནི། ཚོགས་རྫས་ཞི་རྒྱས་དབང་དྲག་གོང་སྨོས་གཏོར་མའི་སྐབས་སུ་གསལ་བ་ལྟར་འདུ་བྱས་ལ། བྱིན་གྱིས་བརླབ་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿའི་འོད་ལས་བྷྲཱུྃ་འཕྲོས་གནས་ཁང་རིན་པོ་ཆེའི་གཞལ་ཡས་ཁང་རྣམ་པར་བཀྲ་ཞིང་རྒྱ་ཆེ་བར་གྱུར༔ སླར་ཡང་ཧྲཱིཿའི་འོད་ལས་ཨཱོཾ་ཨཱཿཧཱུྃ་འཕྲོས་པས༔ ཨཱོཾ་གྱིས་ཡེ་ཤེས་ཀྱི་མེས་བསྲེག༔ ཨཱཿས་ཡེ་ཤེས་ཀྱི་ཆུས་བག་ཆགས་ཐམས་ཅད་བཀྲུས༔ ཧཱུྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ནས༔ ཚོགས་ཀྱི་ཞལ་ཟས་ཐམས་ཅད་བདུད་རྩིའི་རོ་མཆོག་བརྒྱ་དང་ལྡན་པ་ཟད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར༔ ཚོགས་ཞིང་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་རྣམ་པ་ལྔ་འཕྲོས་པས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ དཔའ་བོ་དང་དཔའ་མོ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་སྤྱན་དྲངས་ནས་བྱོན་པར་བསམ་མོ༔ ཧྲཱི༔ རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་བཟང་དུ༔ སྤོས་དང་སྨན་དང་དྲི་ཡི་ཆག་ཆག་བཏབ༔ ན་བཟའ་གདན་ཁྲི་ལྷབ་ལྷུབ་མཛེས་པར་བྲེས༔ བཟའ་བཏུང་བདུད་རྩི་རོ་མཆོག་རི་ལྟར་སྤུངས༔ གོས་དང་རྒྱན་དང་རིན་ཆེན་ཆས་ཀྱིས་མཛེས༔ འདོད་པའི་ཡོན་ཏན་ལྔ་ལྡན་གནས་མཆོག་འདིར༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྲས་དང་བཅས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ དཔའ་བོ་དཔའ་མོ་རིག་འཛིན་གྲུབ་ཐོབ་རྣམས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་བཞུགས་སུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གྷ་ཎ་ཙཀྲ་པཱུ་ཙ་ཛཿཧཱུྃ་བཾ་ཧོ༔ གཞལ་ཡས་ཁང་གི་ནང་དུ་བཞུགས་པ་ལ་ཕྱག་འཚལ་བར་མོས་ལ། བདེ་བར་གཤེགས་སོ་ཐུགས་རྗེ་ཆེ༔ བདེ་བར་གཤེགས་སོ་ཡེ་ཤེས་ཆེ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ དད་དང་གུས་པས་ཕྱག་བགྱིད་ན༔ གཉིས་མེད་དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་ན་མོ་པཱུ་རུ་ཤ་ཧོ༔ དེ་ནས་ཚོགས་མཆོད་ཕྲིན་ལས་རྣམས་དང་སྦྱར་ནས་འབུལ་ལ། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་བཅས་ལ༔ སྐུ་ལ་སྦྲེབས་དང་སྐྱེམས་པ་མི་མངའ་ཡང༔ འགྲོ་རྣམས་བསོད་ནམས་སྤེལ་བའི་དོན་སླད་དུ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ་གྱིས་བཞེས༔ ཞོ་དང་འོ་མ་མར་ཐུད་ཕྲུམ་ལ་སོགས༔ དཀར་གསུམ་ཚོགས་ཀྱི་ཚོགས་མཆོད་དམ་པ་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ་པའི་དངོས་གྲུབ་སྩོལ༔ འབྲས་ཆན་འབྲུ་ཆན་སྲན་ཆན་ཤིང་ཏོག་སྣ་ཚོགས་དང༔ བྲ་ཁུར་གྲོ་ཁུར་ཟན་དང་བཤོས་ལ་སོགས༔ བཟའ་བཏུང་སྣ་ཚོགས་མཆོད་པ་དམ་པ་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ རྒྱས་པ་འབྱོར་པ་དྲུག་ལྡན་དངོས་གྲུབ་སྩོལ༔ འབྲས་ཆང་འབྲུ་ཆང་རྒུན་ཆང་ནས་ཆང་དང༔ བུ་རམ་སྦྲང་རྩི་ཀ་ར་སྟར་ཆང་དང༔ བཏུང་བ་སྣ་ཚོགས་མཆོད་པ་དམ་པ་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ དབང་གིས་མོས་པ་རྣམ་བཞི་དབང་དུ་སྡུས༔ ཤ་ཁྲག་བཙོས་དང་བསྲེགས་པ་རློན་པ་ཡིབ་པ་དང༔ རི་སྒོག་ཀླུང་སྒོག་ཤ་མོ་སྣ་ཚོགས་དང༔ ཚ་དང་རྩུབ་དང་ཁ་མངར་སྐྱུར་ལ་སོགས༔ སྣ་ཚོགས་རོ་མཆོག་ཚོགས་མཆོད་དམ་པ་འདི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ལ་འབུལ༔ དྲག་པོས་དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ གྷ་ཎ་ཙཀྲ་སརྦ་པཱུ་ཙ་ཁཱ་ཧི༔ ཞེས་པས་ཞལ་ཟས་སྣ་ཚོགས་བདུད་རྩིའི་བཅུད་དུ་བྱིན་གྱིས་བརླབས་ལ་དབུལ་ལོ། །དེ་ནས་འདོད་ཡོན་གྱི་ལྷ་མོས་མཆོད་པ་དབུལ་བ་ནི། གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་མ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་ལ་འབུལ༔ སྒྲ་ཡི་ལྷ་མོ་སེར་མོ་པི་ཝང་མ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྙན་ལ་འབུལ༔ དྲི་ཡི་ལྷ་མོ་སྔོན་མོ་སྤོས་མེ་མ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཤངས་ལ་འབུལ༔ རོ་ཡི་ལྷ་མོ་དམར་མོ་ཞལ་ཟས་མ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལྗགས་ལ་འབུལ༔ རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་མ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྐུ་ལ་འབུལ༔ ཆོས་ཀྱི་ལྷ་མོ་མཐིང་ག་རྡོ་རྗེ་མ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་ལ་འབུལ༔ འདོད་པའི་ཡོན་ཏན་ལྔ་ཡི་ལྷ་མོ་ཡིས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མཉེས་གྱུར་ནས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པཉྩ་དེ་བཱི་པཱུ་ཙ་མེ་གྷ་ཧཱུྃ༔ ཞེས་པས་འདོད་ཡོན་གྱི་ལྷ་མོ་ནམ་མཁའི་ཁམས་གང་བར་སྤྲུལ་ནས་མཆོད་པར་བྱ། ཚོགས་ཕུད་ཕུལ་ལ་བཤགས་པ་བྱ་བ་ནི། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས་སུ་གསོལ༔ གཙང་སྦྱོར་མ་ལྡན་ཕུད་དང་ལྷག་མ་ཉམས༔ འབྱོར་ཚོགས་མ་འབྱོར་གཏོར་ཚོགས་ཆེ་མ་འབྱོར༔ བྱིན་རླབས་རྩལ་ཆུང་ཡེ་ཤེས་ལྷ་མ་མཉེས༔ དམ་ཚིག་མ་གཙང་བཀའ་སྲུང་ཐུགས་དང་འགལ༔ མོས་གུས་ཆུང་བས་སློབ་དཔོན་ཐུགས་མ་མཉེས༔ བརྩེ་གདུང་ཆུང་བས་མཆེད་ལྕམ་ཐུགས་དང་འགལ༔ ཐུགས་རྗེའི་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང༔ ཞེས་བཤགས་པ་བྱ། དེ་ནས་ནང་གི་སྲེག་བླུགས་དང་ལྡན་པས་ཚོགས་ལ་རོལ། དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པས། ཚེ་འདི་ལ་བསོད་ནམས་ཀྱི་ཚོགས་རྫོགས། ཟས་ནོར་ལོངས་སྤྱོད་འཕེལ། རྐྱེན་དང་བར་གཅོད་སེལ། ཕྱི་མ་ལ་སྒྲིབ་པ་སྦྱངས་ནས་ཡེ་ཤེས་ཚོགས་རྫོགས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བར་གསུངས་སོ། །དེ་ནས་གཏོར་མ་དཀར་དམར་དང་ཚོགས་ཀྱི་ལྷག་མ་རྣམས་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཐུགས་རྗེ་ཆེན་པོའི་བཀའ་འཁོར་ནས༔ དམ་པ་ཆོས་སྐྱོང་སྲུང་མ་ནི༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ ཧ་རི་ཀ་དང་པན་ཙི་ཀ༔ འཕྲོག་མའི་བུ་དང་བཅས་པ་དང༔ གཙུག་ལག་ཁང་གི་སྲུང་མ་རྣམས༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང༔ དམ་པ་ཆོས་ཀྱི་སྲུང་མ་རྣམས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཞི་དང་དབང་དང་རྒྱས་པ་དང༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ ལྷ་དང་ལྷ་མིན་མི་འམ་ཅི༔ ལྟོ་འཕྱེ་སྲིན་པོ་གྲུལ་བུམ་དང༔ དྲི་ཟ་གནོད་སྦྱིན་ལ་སོགས་པ༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱང༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ སོ་སོའི་བགེགས་རིགས་བཀའ་སྒྱུར་ལ༔ བགེགས་ཀྱི་གནོད་པ་རྒྱུན་བཅད་ནས༔ ཅི་ལྟར་ནུས་པའི་ཕྲིན་ལས་མཛོད༔ ལྷ་དང་ལྷ་མིན་མི་ཡི་ཚོགས༔ བྱོལ་སོང་ཡི་དྭགས་དམྱལ་བ་རྣམས༔ རིགས་དྲུག་སེམས་ཅན་ཐམས་ཅད་ལ༔ བཀའ་ཡི་ཕམ་ཕབ་གཏོར་མ་འདི༔ ཕམ་རྒྱལ་མེད་པར་བསྔོས་པ་ཡིས༔ ཅི་འདོད་ཕུན་སུམ་ཚོགས་པར་ཤོག༔ ཨཱོཾ་མ་ཎི་པདྨེ་ཧཱུྃ༔ བ་ལིནྟ་སརྦ་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ ཞེས་ཕྱི་རོལ་དུ་གཏང་། དེ་ནས་རྗེས་ཀྱི་ཆོ་ག་ནི། མཆོད་པ་ཁ་གསོས་ལ། སུམ་སྐོར་ལས་འབྱུང་བའི་ཡན་ལག་བཅུ་པ་ནི། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ༔ རྒྱལ་སྲས་མཆོག་ལ་ཕྱག་འཚལ་ལོ༔ པདྨ་བསྣམས་ལ་ཕྱག་འཚལ་ལོ༔ འཁོར་བའི་སྐྱོན་གྱིས་མ་གོས་པ༔ པདྨ་ཟླ་བའི་གདན་ལ་བཞུགས༔ རྫོགས་པའི་སངས་རྒྱས་དབུ་བརྒྱན་ཅིང༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ དེ་ལ་གུས་པར་ཕྱག་འཚལ་ལོ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ མགོན་པོ་སྤྱན་རས་གཟིགས་དབང་ལ༔ འཇིག་རྟེན་འདི་འམ་གཞན་དག་ན༔ མཆོད་པའི་བྱེ་བྲག་ཅི་སྙེད་པ༔ བདག་གིས་དད་པས་འབུལ་བར་བགྱི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཐོག་མ་མེད་པའི་དུས་མཐའ་ནས༔ སྡིག་པའི་ལས་རྣམས་ཅི་བགྱིས་པ༔ ཐུགས་རྗེ་ཆེན་པོའི་སྤྱན་སྔར་བཤགས༔ མགོན་པོ་སྤྱན་རས་གཟིགས་དབང་ཁྱེད༔ དང་པོ་བྱང་ཆུབ་སེམས་བསྐྱེད་ནས༔ ཐ་མ་མངོན་པར་སངས་རྒྱས་ཏེ༔ འགྲོ་དོན་མཛད་ལ་རྗེས་ཡི་རང༔ ཐུགས་རྗེ་ཆེན་པོ་དགོངས་མཛོད་དང༔ ཀུན་མཁྱེན་བཏང་སྙོམས་མ་བཞུགས་པར༔ འགྲོ་བ་སེམས་ཅན་དོན་སླད་དུ༔ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ མགོན་པོ་སྤྱན་རས་གཟིགས་དབང་ཁྱེད༔ འགྲོ་བ་སེམས་ཅན་དྲང་བའི་ཕྱིར༔ བསྐལ་པ་ཞིང་གི་རྡུལ་སྙེད་དུ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དང་པོ་བྱང་ཆུབ་སེམས་བསྐྱེད་ནས༔ ད་ལྟ་དགེ་རྩ་ཅི་སྤྱད་པ༔ བདག་དང་སེམས་ཅན་དོན་གྱི་ཕྱིར༔ བྱང་ཆུབ་དམ་པར་བསྔོ་བར་བགྱི༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རྫོགས༔ ལམ་ལྔ་ས་བཅུ་ཡོངས་བགྲོད་ནས༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ ནོངས་བཤགས་བཟོད་གསོལ་ནི། བདག་ནི་མ་ཤེས་མ་རིག་པས༔ མཆོད་པའི་ཡོ་བྱད་མ་འབྱོར་དང༔ དག་ཅིང་གཙང་མར་མ་གྱུར་པ༔ མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས༔ ཆོ་ག་ལྷག་ཆད་གྱུར་པ་དང༔ ཏིང་འཛིན་ལེ་ལོར་གྱུར་པ་དང༔ མཆོད་པ་གཙང་སྨེར་གྱུར་པ་རྣམས༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཞེས་དང་ཡིག་བརྒྱ་དབྱངས་གསལ་བརྗོད་ལ་ལྷག་ཆད་ཁ་བསྐང་། རས་བྲིས་སོགས་རྟེན་ཡོད་ན་ཚོགས་མགྲོན་ཡེ་ཤེས་པ་བརྟན་བཞུགས་བྱ། རྟེན་མེད་ན། བླ་མ་བདེ་གཤེགས་ཁྱེད་རྣམས་ཀྱིས༔ སེམས་ཅན་དོན་ཀུན་མཛད་ལགས་ཀྱིས༔ རང་བཞིན་གནས་སུ་གཤེགས་སུ་གསོལ༔ གཏན་དུ་གཤེགས་པ་མ་ལགས་ཀྱི༔ སླར་ཡང་སེམས་ཅན་དོན་ལ་འབྱོན༔ ཨོཾ་ཨཱཿཧཱུྃ༔ མུཾ༔ ཞེས་གཤེགས་སུ་གསོལ། བདག་བསྐྱེད་དམ་ཚིག་པའི་དཀྱིལ་འཁོར་གྱི་འཁོར་རྣམས་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿལ་ཐིམ། དེའང་མི་དམིགས་པ་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་ཐིམ་པར་གྱུར། ཅེས་བསམ་ལ་མཉམ་པར་བཞག །སླར་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ་ལ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། བསྔོ་སྨོན་ནི། བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས༔ མཆོད་ཅིང་དགེ་བ་ཅི་མཆིས་པ༔ མཐའ་ཡས་སེམས་ཅན་དོན་གྱི་ཕྱིར༔ བྱང་ཆུབ་དམ་པར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རྫོགས༔ ལམ་ལྔ་ས་བཅུ་རབ་རྫོགས་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཅེས་དང་ཐེག་པ་ཆེན་པོའི་སྨོན་ལམ་གཞན་ཡང་ཅི་ལྟར་འོས་པ་གདབ། དེ་ནས་བཀྲ་ཤིས་བརྗོད་པ་མེ་ཏོག་འཐོར་ལ་དབྱངས་དང་བཅས་ཏེ། སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་བ༔ ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་སུ༔ གོ་འཕང་མཆོག་བརྙེས་སྟོན་པ་ཆར་འབེབ་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ སྐྱོབ་པའི་ཆོས་ལ་ལེགས་པའི་སྩོལ་མངའ་བ༔ ཤིན་ཏུ་ཕན་དང་བདེ་བའི་བདེ་ལྡན་པའི༔ འཁོར་བ་རྟག་བདེ་མྱ་ངན་འདས་ཐོབ་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དགེ་འདུན་ཆེ་ལ་མཐུ་རྩལ་མངའ་བ་པོ༔ བསླབ་གཞི་ལེགས་པར་བརྒྱན་པའི་བརྩོན་འགྲུས་ཅན༔ བདག་གཞན་དོན་ཆེན་འགྲུབ་པའི་ལམ་ཞུགས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༔ ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང༔ ཆོས་ལ་བར་ཆད་མེད་པར་མཐར་ཕྱིན་པ༔ ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱས་པར་བརྗོད་ལ་དགེ་ལེགས་ཀྱི་སྣང་བ་སྤེལ་བར་བྱའོ། །དྲི་མེད་ཟླ་ཤེལ་དང་མཚུངས་དབྱིག་གི་སྙིང་། །རྡོ་རྗེའི་ཚིག་རྐང་ཕྲེང་བར་བརྒྱུས་པ་འདི། །འཇིག་རྟེན་གསུམ་གྱི་མགྲིན་པའི་མཛེས་རྒྱན་གྱུར། །ཀུན་ཀྱང་སྤྱན་རས་གཟིགས་ཀྱི་མཆོག་འགྲུབ་ཤོག །འདི་ཉིད་གངས་ཅན་མགོན་པོའི་སྒྲུབ་ཐབས་ཐམས་ཅད་ཀྱི་རྒྱལ་པོར་གྱུར་ཀྱང་དེང་སང་རྒྱུན་དཀོན་པས། གཏེར་གཞུང་ཁོ་ནར་གོ་སླ་ཁྱེར་བདེའི་གསལ་བྱེད་ཕྲན་བུས་བརྒྱན་ཏེ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
བླ་མ་དྲག་པོ་ཡང་གསང་མེའི་འཁོར་ལོ་ཞི་དྲག་གི་དབང་ཆོག་གནམ་ལྕགས་ཟིལ་པ་བདུད་རྩིའི་བུམ་བཟང་གསལ་བར་བྱེད་པ་ (Volume 12, Text 38)
༄༅། །བླ་མ་དྲག་པོ་ཡང་གསང་མེའི་འཁོར་ལོ་ཞི་དྲག་གི་དབང་ཆོག་གནམ་ལྕགས་ཟིལ་པ་བདུད་རྩིའི་བུམ་བཟང་གསལ་བར་བྱེད་པ་བཞུགས་སོ། ། ན་མོ་ཤ་ཏ་ཀུ་ལ་བི་བྷུ་གུ་རུ་ཤཱནྟ་ཀྲོ་དྷཱ་ཡ། སངས་རྒྱས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འཆང་། །དྲག་པོའི་སྐུར་བཞེངས་དཔལ་ཆེན་མེ་འཁོར་ཅན། །དྷཱ་ཀི་ཆོས་སྲུང་བཅས་ལ་གུས་ཕྱག་འཚལ། །གནང་བའི་སྐབས་ཕྱེས་བྱིན་རླབས་མཐུ་དབང་སྩོལ། །མཆོད་པ་རྣམས་ལས་བླ་མཆོད་དང་། །སྒྲུབ་པ་ཀུན་ལས་བླ་སྒྲུབ་གཙོ། །དབང་མཆོག་བླ་མའི་བྱིན་རླབས་སུ། །བསྔགས་པ་གང་དེ་གསལ་བཤད་བྱ། །བླ་མ་ཞི་དྲག་གི་སྨིན་བྱེད་རྒྱ་མཚོའི་སྙིང་པོ་ཡང་ཟབ་བཅུད་དུ་དྲིལ་བ་འདི་ལ་གསུམ། སྔོན་འགྲོ་བཤམ་བཀོད། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་དམ་ཚིག་ལ་སོགས་པའི་བྱ་བའོ། །དང་པོ་ནི། མཚན་ཉིད་དང་ལྡན་ལ་དབེན་པའི་གནས་སུ་ཡར་མར་གྱི་ཚེས་བཅུ་ལ་སོགས་པར་སྟེགས་གཙང་མར་ལྷ་བསྐྱེད་དང་མཐུན་པའི་དཀྱིལ་འཁོར་སྒོ་རྫོགས་རས་བྲིས་ཡོད་ན་བཀྲམ། མ་འཛོམ་ན་པདྨ་འདབ་བརྒྱད་མུ་ཁྱུད་ཀྱིས་བསྐོར་བས་འཐུས་པ་གཞུང་ལས་དངོས་སུ་གསུངས་ཤིང་དེ་སྟེང་ཚོམ་བུ་ལྷ་གྲངས་བཀོད་ན་སྤྱི་མཐུན་ལེགས་པར་མངོན། དཀྱིལ་འཁོར་དབུས་དང་གཡས་གཡོན་ལ་ཁྲིའུ་གསུམ་བཞག་པའི་དབུས་ཀྱི་སྟེང་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གཡས་སུ་ཆང་དང་སྤོད་ཀྱིས་སྦྲུས་པའི་གཏོར་མ་རིན་ཆེན་འབར་བ་རྒྱན་སྤྲོས་དར་གདུགས་དམར་པོ་ཅན། གཡོན་དུ་བྷནྡྷ་མཚན་ལྡན་ཆང་དང་བྱང་སེམས་དཀར་དམར་ཆོས་སྨན་གྱིས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་ར་བརྡལ་བའི་ཕྱོགས་བཞི་དབུས་ལྔར་རིགས་ལྔ་ཡབ་ཡུམ་གྱི་ས་བོན་བཅུ་ཟུང་འབྲེལ་དུ་བྲིས་པས་བཀབ་པའི་སྟེང་ཤེལ་རྡོ་བཞག །རྒྱབ་ངོས་སུ་སྨན་རཀ་གཏོར་གསུམ་དང་བཀའ་སྲུང་མ་བདུན་དང་པེ་ཧར་གྱི་འབུལ་གཏོར། ཕྱི་མཆོད་བསྐོར་བཤམ། བྱང་ཤར་དུ་ལས་བུམ་མགུལ་ཆིངས་དམར་པོ་ཅན་རྣམས་བཀོད། གཞན་ཡང་སྔོན་གཏོར་དཀར་བགེགས། ཚོགས་རྫས། ཆད་བརྟན་གྱི་གཏོར་མ་དང་མིག་དར་མེ་ཏོག །དམ་ཆུ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས་དཀར་གཏོར་སྤྱི་ལྟར་གཏང་། སྐྱབས་སེམས་ཚོགས་གསག་གྲུབ་ནས་བགེགས་གཏོར་བྱིན་རླབས་བསྔོ་བ་རྣམས་སྤྱི་འགྲེ་བྱས་ལ་བཀའ་བསྒོ་མཚམས་གཅོད་ནས་བརྩམ་ལས་བྱང་ཉིད་མཐར་ཆགས་སུ་བཏང་ལ་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་སྐབས་སུ་མདུན་དཀྱིལ་གྱི་གོ་སར་འཛབ་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུ་བཅས་ཛཔ྄་བཟླས་ཅི་འགྲུབ་བྱ། ཁྱད་པར་བུམ་པར་བླ་མ་ཞི་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་མོས་པ་དང་། བནྡྷའི་ནང་དུ་བླ་མ་ཡབ་ཡུམ་སྙོམས་འཇུག་མཛད་པའི་བྱང་སེམས་དཀར་དམར་གྱི་བདེ་རྒྱུན་འཁྱིལ་པར་བསམས་ལ་ཞི་འཛབ་དང་། དཔལ་གཏོར་གཙོ་འཁོར་ཡོངས་སུ་རྫོགས་པར་གསལ་བར་མོས་་ལ་ཁྲོ་འཛབ་ཅི་རིགས་བཟླ། མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་འབུལ། ལས་བུམ་ནང་དུ་པད་ཉིའི་སྟེང་། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །དབྱུག་ཏོ་ཕྱར་ཞིང་སྡིགས་མཛུབ་སྒྲེང་། ཁྲོ་བོའི་ཆས་ལྡན་མེ་ཀློང་འགྱིང་། །ཐུགས་ཀར་ཧྲཱིཿལ་སྔགས་ཀྱིས་བསྐོར། །བཟླས་པས་རྒྱུད་བསྐུལ་དག་བྱེད་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་བཟླ། དེ་ནས་ཆོས་སྲུང་སྤྱི་དང་བྱེ་བྲག་བཀའ་སྲུང་གཉིས་ལ་གཏོར་མ་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱ། ལས་བྱང་ལྟར་དངོས་གྲུབ་ལེན་ཆོག་འདོན་ལ་ཏིང་ངེ་འཛིན་གྱི་དབང་བླང་། དབང་རྫས་གནས་གསུམ་དུ་གཏུགས་ཤིང་བུམ་ཆུ་སོགས་མྱང་ངོ་། །དེ་ནས་དབང་དངོས་བསྐུར་བ་ལ་གཉིས། སྔོན་འགྲོ་འཇུག་པའི་ཆོས། དངོས་གཞི་དབང་རྫོགས་པར་བསྐུར་བའོ། །དང་པོ་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་ལས་བྱང་ལྟར་བཀའ་བསྒོ་མཚམས་བཅད་བྱ། སྔོན་ཆད་དཀྱིལ་འཁོར་གཉན་པོ་འདི་མ་མཇལ་ཞིང་མ་རིག་པའི་སྒྲིབ་གཡོགས་དང་བཅས་པ་མཚོན་པའི་བརྡར་དར་ཡུག་དམར་པོས་གདོང་བཅིངས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་གདོང་གཡོགས། སླད་ནས་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་ལས་གྲུབ་པའི་མེ་ཏོག་ཁ་དོག་ལྔ་པའི་ཆུན་འཕྱང་ཕྱག་ཏུ་ཐོགས་པར་མོས། ཨོཾ་ཨཱཿཧཱུྃ། ཞེས་ཅོད་པན་སྦྱིན། ཕྱག་བྱས་གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཐལ་མོ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་ལ༔ བདག་ཅག་སྨིན་པར་གསོལ་བ་འདེབས༔ མགོན་པོས་རྗེས་སུ་བཟུང་དུ་གསོལ༔ ལན་གསུམ། བླ་མས། ཁྱེད་ཅག་གཙོ་བོར་དོན་གཉེར་གང༔ གསང་བ་བླ་མའི་དབང་ཞུ་ན༔ གསང་སྔགས་དམ་ཚིག་ཚུལ་བཞིན་དུ༔ བཀའ་བཞིན་བསྒྲུབ་པར་ནུས་ལགས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། མགོན་པོ་ཁྱོད་ཀྱི་བཀའ་བཞིན་དུ༔ བདག་ཅག་སྡོམ་པ་ལེགས་པར་འཛིན༔ བཀའ་ལས་འདའ་བར་མི་བགྱིད་དེ༔ ཚུལ་བཞིན་སྒྲུབ་པ་ཤིན་ཏུ་སྤྲོ༔ ཞེས་ཞུ། སྣོད་ལྡན་དུ་རིག་ནས་གནང་བ་སྦྱིན་པ་འདི་ལ་གསན་འཚལ། ཀྱེ༔ སྐལ་བཟང་ཁྱེད་རྣམས་ལས་འཕྲོ་ལྡན༔ འདི་ནི་གསང་ཆེན་བླ་མའི་དབང༔ སྔོན་ཆད་འཇིག་རྟེན་མ་གྲགས་ཏེ༔ དུས་འདིར་བདག་གིས་སྨིན་པར་བྱ༔ དེ་ནས་སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་སྤྱི་འགྲོ་ཇི་ལྟར་འོས་པ་བྱ། ཁྱད་པར་དུ། དེའང་སངས་རྒྱས་སྐུ་གསུམ་གྱི་རང་གཟུགས་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་ཉིད་གདུལ་བྱ་གདུག་པ་ཅན་ཞི་བས་མི་འདུལ་བ་རྣམས་ལ་ཐུགས་རྗེས་དྲག་པོར་ཁྲོས་པའི་སྐུར་བཞེངས་ཏེ། དཔལ་པདྨ་ཧེ་རུ་ཀ་དང་། འཇོམས་བྱེད་རཀྴ་དམར་པོ། དབང་ཆེན་རྟ་མགྲིན་དམར་ནག །གུ་རུ་དྲག་པོ་རིགས་ལྔ། ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ་ལ་སོགས་པ་དང་། དེ་དག་རེ་རེ་ལའང་གླེང་གཞི་དང་རྣམ་འགྱུར་ཐ་དད་སྣ་ཚོགས་པར་བསྟན་པ་ལས། སྐབས་སུ་བབས་པ་འདི་ནི། ཡེ་ཤེས་ཀྱི་དཔའ་བོ་དང་དཔའ་མོ། མ་མོ་ཐམས་ཅད་སྤྲིན་ལྟར་དུ་འདུ་བའི་ཞིང་ཁམས། གཞོ་སྟོད་དྲག་པོ་མངོན་སྤྱོད་ཀྱི་གནས། སྒོ་མ་ཐལ་བྱེད་དྲིལ་བུ་ལྗང་མོའི་ཕོ་བྲང་། ཏི་སྒྲོའི་ཚོགས་ཁང་ཆེན་མོར་ཆགས་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་དུས་སུ། གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་རྩོད་དུས་བཞི་བཅུའི་མཐར་ཐུག་པའི་སྐྱེ་འགྲོ་རྣམས་རྒྱུད་མ་རུངས་པས་ཚུལ་མ་ཡིན་པ་སྤྱོད་པའི་ཉེར་ལེན་གྱིས་པེ་ཀར་རྒྱལ་འགོང་རྣམས་འཁྲུགས་ཏེ་འགྲོ་བ་ཕོ་མོའི་སྲོག་དབུགས་སྡུད་པར་འགྱུར་བ་ལ་ཆེས་ཟབ་པའི་གཉེན་པོར་བསྟན་པར་གསོལ་བ་བཏབ་པ་ལ་བརྟེན། གུ་རུ་རིན་པོ་ཆེ་སྐད་ཅིག་གིས་དྲག་པོ་གནམ་ལྕགས་མེའི་འཁོར་ལོའི་སྐུར་བཞེངས་ཏེ་འཇིག་རྟེན་གསུམ་གཡོ་བའི་ཆོ་འཕྲུལ་ཆེན་པོས་གདུག་པའི་སྡེ་བརྒྱད་དམ་ཚིག་གཉན་པོའི་ཕྱག་རྒྱ་ལས་འདར་མེད་པའི་བཀའ་ནན་ཕབ་སྲོག་གི་སྙིང་པོ་མདོངས་གསོལ་དུ་བཞེས། འདི་ཉིད་ཀྱི་སྒྲུབ་སྐོར་ཡན་ལག་བཅས་གནང་བ་མཁའ་འགྲོ་ཆེན་མོས་ཛམ་བུའི་ཆུ་བོའི་ཤིང་ཤུན་ལ་ལྷག་ཆད་མེད་པའི་བརྡ་ཡིག་ཏུ་བཀོད་དེ། དྲག་པོ་རིགས་ལྔའི་སྐུ་འབག་དང་ལྷན་ཅིག་གཞོ་སྟོད་ཏི་སྒྲོའི་ཕ་ཝང་སྐྱོབ་ཆེན་དུ་ཟབ་པའི་རྒྱ་བདུན་གྱིས་རྒྱས་བཏབ་ནས་སྦས་པ། ཕྱིས་དུས་ལ་བབས་པའི་ཚེ་ལྷ་སྲས་དམ་འཛིན་མུ་རུབ་བཙད་པོའི་དག་པའི་སྐྱེ་བ་ཕྱི་མ་ཨོ་རྒྱན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་སྤྱན་དྲངས་པ་སྟེ། རང་གཞུང་ལས། སྣང་བ་མཐའ་ཡས་ངོ་བོ་ཉིད༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱའི་ངོར༔ ཉིད་ཀྱི་སྒྲུབ་པ་ཉིད་ཀྱིས་བརྩམས༔ དྲག་སྒྲུབ་གཏེར་ཁ་མང་སྦས་ཀྱང༔ འདི་ལས་ཟབ་པ་ཡོད་རེ་ཀན༔ ཞེས་སོགས་བཀའ་གཙིགས་ཟབ་མོས་གདམས་པ་དོན་དང་ལྡན་པའི་ཟབ་ཁྱད་ཅན་དུ་གྲགས་པ་གཏུམ་དྲག་མེའི་འཁོར་ལོ་ཞི་དྲག་ཐུན་མོང་གི་དབང་བསྐུར་བ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་གཉིས་སུ་མེད་པ་གུ་རུ་དྲག་པོ་གཏུམ་དྲག་མེའི་འཁོར་ལོ་སྤྲུལ་འཁོར་དང་བཅས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོས་སྤྲིན་གཏིབས་བ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མར་གྱུར་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་དེང་ནས་བཟུང་། བླ་མ་དྲག་པོའི་གོ་འཕང་དང་གཉིས་སུ་མེད་པ་གྱུར་གྱི་བར་དུ་རྩེ་གཅིག་གུས་པས་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་རིག་འཛིན་སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁའི་ཁམས་དང་མཉམ་པར་མཐའ་མེད་པའི་ཕ་མ་སེམས་ཅན་ཐོག་མཐའ་མེད་པར་འཁོར་བའི་རྒྱ་མཚོར་སྡུག་བསྔལ་གྱིས་གཡེང་བ་ཐམས་ཅད་གཏན་གྱི་བདེ་བ་དམ་པ་བླ་མ་དྲག་པོའི་གོ་འཕང་ལ་འགོད་པར་བྱ། དེའི་སླད་དུ་དཀྱིལ་འཁོར་ཆེན་པོར་ཞུགས་ནས་སྨིན་བྱེད་ཀྱི་དབང་ཟབ་མོ་ནོད་ཅིང་གྲོལ་བྱེད་རིམ་པ་གཉིས་ལ་གཡར་དམ་དུ་བཅང་བར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་འགྲོ་བ་སོགས་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ་ཚོགས་ཞིང་ནམ་མཁའི་ཁྱོན་གང་བ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བའི་སྤྱན་སྔར། ལུས་ཞིང་རྡུལ་གྲངས་སྙེད་དང་མཉམ་པར་སྤྲུལ་ཏེ་ཕྱག་འཚལ་ཞིང་ཀུན་བཟང་རྣམ་པར་རོལ་པའི་མཆོད་སྤྲིན་རྒྱ་མཚོས་མཆོད་པ་སོགས་ཡན་ལག་བཅུ་པ་ཚིག་དང་དོན་མཐུན་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཆོས་ཀྱི་དབྱིངས་ཀྱི་སོགས། དཀྱིལ་འཁོར་གཉན་པོ་འདི་ལྟ་བུར་ཞུགས་ཕྱིན་ཆད་དམ་ཚིག་གི་རིམ་པ་ལ་ཚུལ་བཞིན་དུ་གནས་པ་དགོས་པས་དམ་བསྒྲག་རིམ་པ་གསུམ་དུ་འབྱུང་བའི་ཐོག་མར་ཕན་ཡོན་བཤད་དེ་དམ་ལ་བཞག་པའི་དོན་གོ་བར་གྱིས་ཤིག །རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ༔ མི་འགྱུར་གསང་བ་མཆོག་འདིས་ནི༔ རྡོ་རྗེའི་སྐུ་ནི་ཁྱོད་ཐོབ་འགྱུར༔ འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ༔ བུ་ཁྱོད་ཚུལ་བཞིན་གནས་པར་མཛོད༔ ས་མ་ཡ་ཨི་དན༔ ཁེ་ཉེན་གཉིས་ཀའི་གནད་ལ་བཀར་ཏེ་དམ་བསྒྲག་པ་གོ་བར་མཛོད། རྡོ་རྗེ་སྙིང་གར་བཞག །དུང་ཆུ་ནང་མཆོད་བསྲེས་པ་སྦྱིན་ལ། ཧཱུྃ༔ དེ་རིང་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་གཞན་ལ་སྨྲས་པ་ན༔ དམ་ཚིག་ཉམས་ནས་དམྱལ་བར་ལྷུང༔ དམ་ཚིག་བསྲུང་ན་དངོས་གྲུབ་མཆོག༔ གསང་བ་རྡོ་རྗེའི་ཆུ་ཡིས་འགྲུབ༔ ཨོཾ་ཨ་མྲྀཏ་ཨུ་ད་ཀ་རཏྣ་ཋ་ཧཱུྃ༔ རྡོ་རྗེ་སློབ་དཔོན་བཀའ་གཉན་པར་བསྒྲག་པའི་གནད་གོ་བར་གྱིས་ཤིག །རྡོ་རྗེ་མགོ་བོར་བཞག་ལ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི༔ བླ་མ་རིག་འཛིན་གསང་བ་འདུས༔ ང་ཉིད་ཡིན་གྱིས་ངའི་བཀའ་ལས༔ ཁྱོད་ཀྱིས་འདའ་བར་མི་བྱ་སྟེ༔ ང་ཡིས་བསྒོ་བའི་བཀའ་ཇི་བཞིན༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ་༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་དངོས་གཞིའི་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་དྲང་པོར་བསྲང་། རླུང་ཁ་སྦྱོར་དུ་བཅིང་། ཡིད་གཞན་དུ་མ་ཡེངས་པར་བརྡ་སྤྲད་པའི་དམིགས་པ་ལ་རྩེ་གཅིག་པས་འདི་བཞིན་དུ་གསལ་ཐོབ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་རྡོ་རྗེ་ཕག་མོ་མཐིང་ནག་རུས་པའི་རྒྱན་ཅན་གྲི་གུག་ཐོད་པ་ཁ་ཊྭཱཾ་ག་བསྣམས་ཤིང་ཞབས་གར་སྟབས་བདེ་དྲོད་མེ་ཕུང་འབར་བའི་ཀློང་ན་འགྱིང་བའི་ཐུགས་ཀར་གཡུང་དྲུང་དགའ་བ་འཁྱིལ་པའི་ལྟེ་བར་ཡཾ་ལྗང་གུའི་སྟེང་དུ་ཧཱུྃ་ཡིག་དམར་པོ། ཡན་ལག་བཞི་ལ་ཧ་རི་ནི་སའི་ཡི་གེས་མཚན་པ་ལས་འོད་ཟེར་འཕྲོས་ཤིང་། གཡུང་དྲུང་གཡས་སྐོར་དུ་དྲག་ཏུ་འཁོར་བས་རང་བཞིན་གྱི་གནས་དང་ལྷོ་ནུབ་རྔ་ཡབ་གླིང་པདྨ་འོད་ཀྱི་ཕོ་བྲང་ནས་ཨོ་རྒྱན་རིན་པོ་ཆེ་བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་དང་། ཆེ་མཆོག་དྲག་པོ་གནམ་ལྕགས་མེའི་འཁོར་ལོ་ཡི་དམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས་པ་སྤྱན་དྲངས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །གུ་གུལ་ཤ་ཆེན་བསྲེགས་པའི་དུད་པས་བདུག །དབྱངས་རོལ་བཅས་ལས་བྱང་གི་བྱིན་འབེབ་མཐར་སྔགས་དྲག་ཏུ་བརྗོད་པས་སྒོ་གསུམ་ལ་ཡེ་ཤེས་པ་ཕེབ་པའི་རྟགས་འབྱུང་བར་གསུངས་སོ། །དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུད་ལ་བརྟན་པར་བྱས་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་མེ་ཏོག་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷག་པའི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་མཛོད། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་འདོར་དུ་གཞུག །སླར་ཡང་དབང་རྟགས་ཀྱི་ཅོད་པན་དུ་བཅིངས་པར་མོས། ཨོཾ་ཨཱཿཧཱུྃ། ཞེས་སྤྱི་བོར་སྦྱིན། དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿབླ་མ་སྐུ་དྲིན་ཅན༔ བདག་ཅག་འཁོར་བ་མ་རིག་མིག༔ ལྡོངས་པའི་ཆུ་བུར་མ་རིག་བསྒྲིབས༔ དེ་རིང་མ་རིག་བསལ་དུ་གསོལ༔ བླ་མས་རྡོ་རྗེ་ཐོགས་ལ། ཀྱེ༔ སྔོན་གྱི་མིག་མཁན་རྒྱལ་པོ་ཡིས༔ ཇི་ལྟར་མ་རིག་རྨོངས་བསལ་ལྟར༔ བདག་གིས་ཐབས་མཁས་ཐུར་མ་ཡིས༔ ཁྱེད་རྣམས་མ་རིག་བསལ་བར་བྱ༔ བཛྲ་ཙག་ཤུཿཔྲ་བེ་ཤ་ཡ་ཕཊ༔ མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཞལ་མངོན་སུམ་དུ་མཇལ་བར་མོས་ལ་དད་གུས་དང་སྤྲོ་བ་སྐྱེད་ཅིག །ཀྱེ་ཧོ༔ ཁྱོད་རྣམས་ལས་དང་སྐལ་བར་ལྡན༔ མངོན་སུམ་བླ་མའི་ལྷ་ཚོགས་ལ༔ རྩོལ་སེམས་མ་ཞན་འདི་དག་ལྟོས༔ དད་དང་གུས་པ་རབ་ཏུ་སྐྱེད༔ བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་འབྲས་བུའི་གཟུགས་སུ་ཤར་བ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡུས་པ་བླ་མ་དྲག་པོ་གནམ་ལྕགས་མེའི་འཁོར་ལོ་མདོག་དམར་སོར་རྟོག་པདྨའི་རིགས། སྐུ་གསུམ་མཚོན་པའི་ཞལ། ཐེག་རིམ་དགུའི་སྤྱན། ཚད་མེད་རྣམ་བཞིའི་མཆེ་བ། ཕ་རོལ་ཕྱིན་པ་དྲུག་གི་ཕྱག །རྒྱུ་དྲུག་སྒྲོལ་བའི་ཕྱག་མཚན། མཐའ་གཉིས་སྤངས་པའི་ཞབས་བརྐྱང་བསྐུམ། ཐབས་ཤེས་སྣང་སྟོང་ཟུང་འཇུག་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་འཁྲིལ་ཞིང་ཉོན་མོངས་མ་སྤངས་གནས་སུ་དག་པའི་དཔལ་དང་དུར་ཁྲོད་ཆས་ཀྱིས་སྤྲས་པའི་སྤྱི་བོར་ངོ་བོ་ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་པ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ། དེའི་དབུ་གཙུག་ཏུ་པདྨའི་རིགས་ཀྱི་བདག་པོ་རྒྱལ་བ་འོད་དཔག་མེད། ཕྱོགས་བཞིའི་རྩིབས་དང་པད་འདབ་རྣམས་སུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རང་གཟུགས་གོ་ཆ་ལྷ་ལྔ། སྟོབས་བཅུའི་རང་བཞིན་དཔའ་བོ་ཡབ་ཡུམ་བཅུ། མི་འཇིགས་བཞིའི་རང་བཞིན་ཁྲོ་བོ་ཁྲོ་མོ། ཚད་མེད་རྣམ་བཞི་སྒོ་སྲུང་ཕྱག་རྒྱ་བཞི་ལ་སོགས་པ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ལས་ཡོན་ཏན་གྱི་རང་གཟུགས་བརྡ་དང་རྟགས་ཀྱི་ཕྱག་རྒྱ་གང་ལ་གང་འདུལ་དུ་ཤར་བར་ཤེས་པར་གྱིས་ཤིག །ཅེས་རྣམ་དག་མདོར་བསྡུས་བཤད། གཉིས་པ་ནི། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་གྱིས་རློབས༔ མཐའ་ཡས་སེམས་ཅན་མ་ལུས་པ༔ འདྲེན་པའི་བླ་མར་དབང་བསྐུར་ཞུ༔ ལན་གསུམ་ཞུ། བླ་མས། ཀྱེ་མ༔ དམ་པའི་རིགས་ཅན་སྐྱེས་བུ་རྣམས༔ རྟ་རྨིག་ལྕགས་བཏུམས་འཛམ་བུའི་གླིང༔ བཙལ་ཀྱང་འདི་འདྲའི་དབང་རྙེད་མིན༔ དེང་འདིར་བདག་གིས་ཁྱོད་དགྲོལ་བྱ༔ ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོར་དབང་སྟེགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དབང་ཆེན་རྟ་མགྲིན་ཡུམ་རྡོ་རྗེ་ཕག་མོ་དང་འཁྲིལ་པའི་སྐུར་གྱུར་པ་ལ། ནམ་མཁའ་གང་བར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རྣམ་རྒྱལ་བུམ་པ་བླ་མ་ཞི་བའི་ངོ་བོར་གསལ་བས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་ན༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུ༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུ༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་སྐུ་ལྔའི་དབྱིངས་སུ་འཁྲུ༔ ཉོན་མོངས་བག་ཆགས་ཀུན་བྱང་ནས༔ དབང་བཞི་ཡེ་ཤེས་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད། ཐོད་པའི་བདུད་རྩི་བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་དཀར་དམར་བྱང་ཆུབ་སེམས་ཀྱི་བདེ་རྒྱུན་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་གང་བར་མོས་ཤིག །བནྡྷ་མེ་ལོང་ཤེལ་བཅས་མགྲིན་པར་གཏུགས་ལ། ཨོཾ༔ དྲི་མེད་སྐྱོན་བྲལ་ཤེལ་སྒོང་མུ་ཏིག་འདྲ༔ པདྨ་རཀྟ་ཆགས་པ་ཆེན་པོའི་གནས༔ ཆོས་ཉིད་དག་པའི་འགྲོ་དོན་མཐར་ཕྱིན་ཞིང༔ བྱང་ཆུབ་སེམས་ཀྱི་དབང་མཆོག་ཐོབ་བྱའི་ཕྱིར༔ བོ་དྷི་ཙིཏྟ་ཡབ་ཀྱི་བྱང་ཆུབ་སེམས༔ སིནྡྷུ་དམར་པོ་ཡུམ་གྱི་བྱང་ཆུབ་སེམས༔ དོན་དམ་དབྱེར་མེད་བྱང་ཆུབ་ཆེན་པོའི་ངང༔ ཐར་པའི་ལམ་མཆོག་བདེ་བའི་ལམ་འདྲེན་ཞིང༔ འཁོར་བའི་ལམ་ལས་ཀུན་རྒྱལ་དབང་ཐོབ་ཤོག༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག༔ སྔགས་ཤམ་དུ། བོ་དྷི་ཙིཏྟ་ཀ་མ་ལ་སིདྡྷི་ཧོཿ ངག་ཏུ་བདུད་རྩི་བླུད། གཏོར་མ་བླ་མ་ཞི་བ་རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་དངོས་སུ་གསལ་བའི་སྐུ་ལས་ཟག་མེད་ཀྱི་བདུད་རྩི་དཀར་ན་ར་ར་བབས་ལུས་ཐམས་ཅད་གང་། བླ་མའི་སྤྱི་བོ་ནས་སྐུའི་ངོ་བོ་ཨོཾ་དཀར་པོ་རང་གི་དཔྲལ་བར་ཐིམ་པར་སྒོམས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཨོཾ༔ རྡོ་རྗེའི་སྐུ་སྟེ་སྐུ་ཡི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མི་འགྱུར་སྐུ་ཡི་དཀྱིལ་འཁོར་ནས༔ རྣམ་དག་སྐུ་ཡི་བྱིན་རླབས་ལས༔ འཆི་མེད་རྡོ་རྗེ་སྐུ་ཡི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཐོད་ཕྲེང་རྩལ་སྔགས་དྲང་། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿབཛྲ་ཨ་བྷི་ཥིཉྩ་ཨོཾ༔ བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་དུ་བབས་པས། ཁྱེད་རང་གི་རྩ་ཁམས་འཁོར་ལོ་ཐམས་ཅད་གང་། བླ་མའི་མགྲིན་པ་ནས་གསུང་གི་ངོ་བོ་ཨཱཿདམར་པོ་དང་བཅས་པ་རང་གི་མགྲིན་པར་ཐིམ་པར་སྒོམས་ཤིག །གཏོར་མ་མགྲིན་པར་གཏུགས་ཏེ། ཧཱུྃ༔ རྡོ་རྗེའི་གསུང་སྟེ་གསུང་གི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ རྣམ་གྲོལ་གསུང་གིས་བྱིན་རློབས་ལ༔ འགག་མེད་རྡོ་རྗེ་གསུང་གི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཤམ་བུར། བཛྲ་ཨ་བྷི་ཥིཉྩ་ཨཱ༔ བླ་མའི་ཐུགས་ནས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་འཕྲོས་ཏེ་ཁྱེད་རང་གི་ལུས་ལ་ཐིམ། བླ་མའི་ཐུགས་ཀ་ནས་ཧཱུྃ་ཁ་དོག་མཐིང་ཁ་འོད་དང་བཅས་པའི་རང་བཞིན་སྙིང་གར་ཐིམ་པར་སྒོམས་ཤིག །གཏོར་མ་སྙིང་གར་གཏུགས་ལ། ཧཱུྃ༔ རྡོ་རྗེའི་ཐུགས་ནི་ཐུགས་ཀྱི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣམ་དག་ཐུགས་ཀྱིས་བྱིན་རློབས་ལ༔ འཁྲུལ་མེད་རྡོ་རྗེའི་ཐུགས་ཀྱི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཤམ་བུར། བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མའི་ལྟེ་བ་ནས་ཧྲཱིཿཡིག་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་ཏེ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག །གཏོར་མ་ལྟེ་བར་གཏུགས་ལ། ཧཱུྃ༔ རྡོ་རྗེ་སྐུ་གསུང་ཐུགས་ཀྱི་མཆོག༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣམ་དག་སྐུ་གསུམ་བྱིན་རློབས་ལ༔ འཁྲུལ་མེད་རྡོ་རྗེ་བཞི་ཡི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཤམ་བུར། བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ དེ་རྣམས་ཀྱིས་བླ་མ་ཞི་བའི་དབང་བསྐུར་བ་གྲུབ་ནས་དྲག་པོའི་དབང་བསྐུར་བ་ལ། ཁྱེད་རང་རྣམས་དབང་ཆེན་ཡབ་ཡུམ་གྱི་གསལ་སྣང་ང་རྒྱལ་བརྟན་པོར་བསྐྱེད་འཚལ། གཏོར་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བ་དེ་སྐད་ཅིག་གིས་དྲག་པོའི་སྐུར་བཞེངས་ཏེ། སྐུ་མདོག་དམར་ནག་མེའི་མདོག་ལྟར་འབར་བ༔ ཡུམ་ཕག་མོ་དང་འཁྲིལ་བ༔ དེའི་སྤྱི་བོར་འཇམ་དཔལ༔ མགྲིན་པར་རྟ་མགྲིན༔ ཐུགས་ཀར་གསང་བདག༔ ལྟེ་བར་མཁའ་འགྲོ་སྡེ་ལྔ༔ གསང་གནས་ཡཀྴ་མེ་དབལ༔ དཔུང་པ་གཡས་གཡོན་དུ་སྤྲུལ་པའི་བྱ་ཁྱུང་རྣམས་གསལ་བར་བཞུགས་པའི་སྐུ་གསུང་ཐུགས་ལས་ཡེ་ཤེས་ཀྱི་འོད་ཟེར་མེ་མཚོན་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་ཁྱེད་རང་་རྣམས་ཀྱི་གནས་བཞིར་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་བར་གཅོད་ཐམས་ཅད་བསལ༔ སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བདག༔ རྗེ་བཙུན་བླ་མ་དྲག་པོ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྲིན་ལས་བཞི་ཡི་བྱིན་རླབས་ལས༔ དབང་བཞི་ཡོངས་རྫོགས་ཆེན་པོའི་དབང༔ སྐལ་ལྡན་འདི་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར་གཏུགས་ལ། ཨོཾ་ཧྲཱིཿཝིཥྚི་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར། པདྨཱནྟ་ཀྲྀཏ་ཨ་བྷི་ཥིཉྩ་ཨཱ༔ སྙིང་གར་གཏུགས་ལ། བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར། བཻ་རོ་ཙ་ནཱི་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧྲཱི༔ གསང་གནས་སུ། ཡཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ དཔུང་པ་གཡས་གཡོན་དུ། བཛྲ་ག་རུ་ཌ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྤྱི་བོར་བཟུང་ལ། ཧཱུྃ༔ དཔལ་ཆེན་དྲག་པོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ གཉིས་སུ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་ཡོངས་རྫོགས་ཀྱི་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་སརྦ་སིདྡྷི་བཛྲ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་བླ་མ་དྲག་པོའི་ལྷ་ཚོགས་རྣམས་ཁྱེད་རང་གི་སྤྱི་བོ་ནས་མར་ཐིམ་སྙིང་གི་དཀྱིལ་དུ་བྱོན་འོད་ཀྱི་རང་བཞིན་དུ་ཡལ། རང་དང་དབྱེར་མེད་དུ་གྱུར་པར་མོས་ལ་སེམས་མ་བཅོས་པར་ཙེན་ནེར་ཞོག་ཅིག །ཅེས་མཉམ་པར་འཇོག །གནས་པའི་ཉམས། ཕཊ༔ ཅེས་བརྗོད་པས་བཤིག་ཅིང་ངོ་བོ་དར་གཅིག་བསྐྱང་གཞུག །གཏོར་མ་དངོས་གྲུབ་ཀྱི་ཕུང་པོ་བདུད་རྩིའི་རྒྱ་མཚོར་འཁྱིལ་པ་རོལ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཡོངས་རྫོགས་ཐོབ་པར་མོས་ཤིག །བྱས་ལ་གཏོར་མའི་ཆ་ཤས་དང་བནྡྷའི་བདུད་རྩི་བསྲེས་ལ་སྦྱིན། རྗེས་འབྲེལ་བཟླས་པའི་ལུང་འབོགས་པ་ནི། དཀྱིལ་འཁོར་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ཏེ་ལས་བྱང་ལྟར་ཞི་དྲག་གི་བཟླས་པའི་རྗེས་ཟློས་བྱར་གཞུག །རྗེས་སུ་བླ་མས་མེ་ཏོག་འཐོར་ཞིང་། ཧོཿཐིམ་པར་གྱུར་ཅིག༔ སྨིན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ ཡོངས་རྫོགས་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད་དོ། །དེས་ནི་ཞི་དྲག་གི་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པར་འགྱུར་ཏེ༔ དབང་གང་ཐོབ་ན་བུམ་དབང༔ གསང་དབང༔ ཤེས་རབ་ཡེ་ཤེས་ཀྱི་དབང༔ ཚིག་དབང་རིན་པོ་ཆེ་ཐོབ་པའོ༔ བྱིན་རླབས་ནི༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོ༔ གང་དག་ན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག༔ གནས་གང་དུ་ཐོབ་ན༔ སྤྱི་བོ༔ མགྲིན་པ༔ སྙིང་ག༔ ལྟེ་བའོ༔ གང་ལ་དབང་ན༔ བསྐྱེད་རིམ༔ ཐབས་ལམ༔ རྫོགས་རིམ༔ ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ༔ དེ་དག་གིས་བླ་མ་དྲག་པོ་ཡང་གསང་གནམ་ལྕགས་མེའི་འཁོར་ལོ་ཞི་དྲག་ཟུང་དུ་འབྲེལ་བའི་སྨིན་བྱེད་དབང་རྣམས་ཀྱི་མཆོག་ཏུ་གྱུར་པ། གསང་བ་བླ་མའི་དབང་ཟབ་མོ་ཤིན་ཏུ་ཟབ་པའི་སྙིང་བཅུད་འདི་ནི་ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་དམ་པ། དབང་ཐམས་ཅད་ཀྱི་ཡང་སྙིང་དུ་བསྔགས་པ་ཉིད་རྫོགས་པར་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྒྱུད་ལུང་མན་ངག་ལས་འབྱུང་བ་སྤྱི་དང་། བྱེ་བྲག་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་འབྲལ་དུ་མི་རུང༔ གསོལ་འདེབས་དང་ཏིང་ངེ་འཛིན་གྱི་དབང་བླང་བ༔ དུས་རྒྱུན་ནམ༔ ཐུན་བཞིའམ༔ ཐ་མ་ཡང་ཐུན་རེ་ཆག་ཏུ་མི་རུང་ཞིང༔ བླ་མའི་སྐུ་འབག་རྡོ་རྗེ་དྲིལ་བུ༔ བནྡྷ་དུམ་གཅིག༔ ཨ་མྲྀཏ༔ སིནྡྷུ་ར༔ དེ་རྣམས་རྟག་ཏུ་བཅང༔ ཞི་དྲག་གི་བསྙེན་པ་བརྒྱ་རྩ་རེ་མི་བཅག་པར་གསུངས་པ་སོགས་དམ་ཚིག་གི་རིམ་པ་རྣམས་བློའི་ནུས་སྟོབས་དང་སྦྱར་ཏེ་རིམ་གྱིས་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་གྲོལ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་ཏེ་གཏེར་གཞུང་དུ་གོ་རིམ་སོགས་ཅུང་ཟད་མི་གསལ་བ་རྣམས་གཏེར་མའི་ཕྲིན་ལས་སྤྱི་དང་མཐུན་པར་སྦྱར་བས་ཆོག་གོ །བྱིན་རླབས་གཟི་བྱིན་མ་ཉམས་དུས་མཐའི་ཞུགས། །སྐལ་ཞབས་འདྲེ་རྒོད་ཚང་ཚིང་ཐལ་བའི་རྡུལ། །བརླག་བྱེད་གཞན་ལས་ཁྱད་ཞུགས་ཟབ་ཆོས་འདི། །འཕེལ་རྒྱས་བྱང་ཆུབ་སྒྲུབ་པའི་གེགས་འཇོམས་ཤོག །རིག་འཛིན་གཉིས་ཀྱི་སྐལ་པར་གྲགས། །དངོས་གྲུབ་བགོ་སྐལ་ཕྱོགས་འདིར་བབས། །ཕྲག་དོག་སྒྲོ་སྐུར་སོ་སྐྱེའི་མཚངས། །གྲུབ་རྟགས་ཚད་མས་བརྟོལ་དེ་མཚར། །ཚུལ་འདི་ཆོས་བདག་པདྨ་རྒྱལ་མཚན་དང་གྲུབ་བརྙེས་ཀརྨ་ཆགས་མེད་ལས་བརྒྱུད་པའི་བཀའ་སྲོལ་ཟུང་དག་ལེགས་པར་ནོས་པས། སྐལ་བཟང་གཞན་དག་གིས་ཀྱང་སྤྱོད་པར་འགྱུར་ན་ཅི་མ་རུངས་སྙམ་དུ་སེམས་ཏེ། མཚོ་སྐྱེས་རྡོ་རྗེའི་རིང་ལུགས་སྙིང་ལ་ཞེན་པ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་གསལ་བར་བྱས་པ་དགེ་ལེགས་འཕེལ།། །།
ཆོས་དབང་ལུགས་ཀྱི་དྲང་སྲོང་ལོཀྟྲི་པཱ་ལའི་སྒྲུབ་ཐབས་དང་རིག་པ་གཏད་པ་ (Volume 61, Text 38)
ཨཱོྃ་སྭསྟི། གསང་བདག་དཔའ་བོ་རྡོ་རྗེ་འཛིན། །རིག་སྔགས་གྲུབ་པའི་དྲང་སྲོང་ཆེར། །ཡོངས་བཞེངས་ཞེ་སྡང་རྡོ་རྗེ་ལ། །བཏུད་ནས་དེ་སྒྲུབ་སྙིང་པོ་བྲི། །འདིར་སྔགས་རྒོད་ལོཀྟྲི་པཱ་ལའི་སྒྲུབ་ཐབས་དང་འབྲེལ་བར་རིག་གཏད་བྱ་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས། རིག་གཏད་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་ཁར་མཎྜལ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ། དཀར་གཏོར་མངར་གསུམ་དང་ཤིང་ཐོགས་སྣ་ཚོགས་ཀྱིས་བརྒྱན་པ་སྐུ་རྟེན་བཙུག་པ་བཀོད། དེའི་གཡས་གཡོན་དུ་ཐོ་བ་དང་རལ་གྲི། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར། ཆངས་རྗེས་བརྒྱད་སོགས་ཉེར་མཁོ་རྣམས་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ལས། སྔོན་འགྲོ་ནི། སྔོན་གཏོར་སྐྱབས་སེམས་མཆོད་རྫས་བྱིན་རླབས་སོགས་སྔོན་དུ་འགྲོ་བས། དངོས་གཞི་ལས་ཞི་བསྙེན་ནི། རང་ལུས་ཐ་མལ་དྷཱུ་ཏིའི་ནང༔ སྙིང་ཐད་པདྨ་འདབ་བཞིའི་དབུས༔ ཉི་ཟླའི་གདན་ལ་ཨ་དཀར་པོ༔ དེ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས༔ སྐད་ཅིག་བདག་ཉིད་དྲང་སྲོང་ནི༔ སྐུ་མདོག་སྔོ་སྐྱ་སྐེམ་རིད་གཟུགས༔ སྨིན་མ་ཨག་ཚོམ་རྒྱ་མདོར་སླེབ༔ རས་དཀར་སྨད་དཀྲིས་སྟོད་གཡོགས་ཅན༔ སྐྱིལ་ཀྲུང་ཚུལ་བཞུགས་གྷུནྡྷེ་བསྣམས༔ འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར༔ སྙིང་གར་ཉི་མའི་གདན་སྟེང་དུ༔ སྲོག་གི་སྙིང་པོ་ཧཱུྃ་མཐིང་ནག༔ ཏྲཾ་དུའི་སྔགས་ཀྱིས་བསྐོར་བར་གྱུར༔ ཅེས་པའི་དམིགས་རིམ་དང་སྦྱར་ཏེ། ཨཱོྃ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿཛ༔ ཞེས་པ་གོང་བསྙེན་གྱི་གྲངས་ཚད་འབུམ་ཕྲག་གཅིག་སྔོན་དུ་བཟླས་ནས་ལས་སྒྲུབ་ཀྱི་སྔོན་དུ་ཁྲི་ཚོ་རེ་བཟླ་བར་གསུངས་ཤིང་རྒྱུན་དུ་ཅི་རིགས་པར་བཟླའོ། །དྲག་པོར་སྒྲུབ་པ་ནི། དེ་ཉིད་གནས་སྒྱུར་གྱི་ཚུལ་དུ༔ གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས༔ སྐད་ཅིག་རྫུས་སྐྱེས་ཁྲོ་བོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ཀྱིས་ཐོ་བ་དང༔ རལ་གྲི་འབར་བ་རབ་ཏུ་གདེངས༔ མཐའ་གཉིས་གནམ་ལྕགས་ཐལ་མོ་རྡེབ༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ ཞབས་བགྲད་ཉི་ཟླའི་གདན་ལ་བཞུགས༔ ཤིན་ཏུ་ཁྲོ་ཞིང་མི་སྡུག་པའི༔ སྤྱི་བོར་དྲང་སྲོང་དྲི་མེད་དང༔ སྙིང་གར་བཛྲ་པཱ་ཎི་གསལ༔ དེ་ཡི་ཐུགས་ཀར་རིན་པོ་ཆེའི༔ གུར་ཁྱིམ་ནང་དུ་མཐིང་ནག་ཧཱུྃ༔ མགྲིན་པར་ཨས་མཚན་ཟླ་བའི་སྟེང༔ སྨྲ་བྱེད་རྡོ་རྗེའི་ལྟེ་བར་ཧཱུྃ༔ རྭ་དགུའི་རྩེ་མོར་ཕཊ་དགུས་མཚན༔ ཚ་ངར་མེ་ཡིས་གནོད་བྱེད་གཟིར༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རི་བོ་ཀུན་འདུས་རྩེ་མོ་ནས༔ དྲང་སྲོང་འཁོར་བཅས་སྤྱན་དྲང་བསམ༔ ཞེས་པས་གསལ་བཏབ་ལ། སྤྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་གནས་འདིར་སྤྱན་འདྲེན་ན༔ རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་ངོས༔ ཡུལ་ནི་རྒྱ་གར་ཨིནྡྲའི་ཡུལ༔ རི་བོ་ཀུན་འདུས་རྩེ་མོ་ན༔ ནགས་ཚལ་དྲྭ་བའི་ཀློང་དཀྱིལ་ན༔ རིན་ཆེན་སྣ་ལྔའི་ཁྲི་སྟེང་ན༔ སློབ་དཔོན་དྲང་སྲོང་དྲི་མེད་ནི༔ དྲང་སྲོང་འབུམ་གྱི་འཁོར་གྱིས་བསྐོར༔ མ་ལུས་འཁོར་དང་བཅས་པ་རྣམས༔ སེམས་ཅན་དོན་ལ་གཤེགས་སུ་གསོལ༔ སྡེ་བརྒྱད་འདུལ་ཕྱིར་གཤེགས༴ བྱད་མ་ཟློག་ཕྱིར་གཤེགས༴ འབྱུང་པོ་འདུལ་ཕྱིར་གཤེགས༴ རྒྱལ་བསེན་འདུལ་ཕྱིར་གཤེགས༴ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ པདྨའི་གདན་ལ་བཞུགས་སུ་གསོལ༔ ཨཱོྃ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿཛཿཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས་ལ། བཞུགས་གསོལ་ནི། ཧཱུྃ༔ བདག་ཅག་བསོད་ནམས་སྐལ་བར་ལྡན༔ དྲང་སྲོང་འཁོར་བཅས་བྱོན་པ་ལེགས༔ ཇི་སྲིད་བརྟན་པར་བཞུགས་ནས་ཀྱང༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཞེས་བཞུགས་སུ་གསོལ། ཕྱག་ནི། ཧཱུྃ༔ སློབ་དཔོན་དྲི་མེད་འཁོར་བཅས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ མཐུ་རྩལ་དབང་གི་དངོས་གྲུབ་སྩོལ༔ ཅེས་ཕྱག་འཚལ། མཆོད་པ་ནི། ཨཱོྃ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ དྲང་སྲོང་རྒྱལ་པོ་རིག་སྔགས་བདག༔ སྡེ་བརྒྱད་འདུལ་བའི་དྲག་ཤུལ་ཅན༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ སྣང་གསལ་སྒྲོན་མེ་འབར་བ་འདིས༔ མ་རིག་མུན་པ་སེལ་བར་ཤོག༔ ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཁྱེད་སྐུར་སྒྲིབ་པ་མི་མངའ་ཡང༔ སེམས་ཅན་སྒྲིབ་པ་སྦྱང་བའི་ཕྱིར༔ བདུད་རྩིའི་ཁྲུས་ཆབ་འདི་གསོལ་བས༔ སེམས་ཅན་སྒྲིབ་པ་དག་གྱུར་ཅིག༔ ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔ བདུད་རྩིའི་ངད་ལྡན་སྤོས་མཆོག་འདི༔ དྲང་སྲོང་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེས་བྱིན་རློབས་བཞེས་སུ་གསོལ༔ ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ བསྐལ་པ་བཟང་པོའི་ནས་འབྲུ་བཞིན༔ ཞལ་ཟས་རོ་མཆོག་བརྒྱ་ལྡན་འདི༔ དྲང་སྲོང་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེས་བྱིན་རློབས་བཞེས་སུ་གསོལ༔ ཨཱོྃ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཀ་ལ་པིངྐའི་སྒྲ་དབྱངས་བཞིན༔ སྒྲ་སྙན་རྒྱུན་རྣམས་ཐམས་ཅད་ཀུན༔ དྲང་སྲོང་ཁྱེད་ལ་འབུལ་ལགས་ན༔ ཐུགས་རྗེ་དང་ནི་དམ་ཚིག་དང༔ གཉིས་མེད་དོན་གྱིས་བཞེས་སུ་གསོལ༔ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་མཆོད་ལ། བསྟོད་པ་བྱ་བ་ནི། ཧཱུྃ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡི༔ དྲང་སྲོང་ཆེན་པོ་དྲི་མེད་ནི༔ བག་ཆགས་སྒྲིབ་པ་མི་མངའི་ཕྱིར༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐབས་དང་ཤེས་རབ་ལྡན་པའི་ཕྱིར༔ ཞལ་གཅིག་ཕྱག་གཉིས་དྲང་སྲོང་སྐུ༔ འདོད་ཆགས་དུག་ལྔ་སྤངས་པའི་ཕྱིར༔ སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས༔ ཁམས་གསུམ་དབང་དུ་བསྡུ་བའི་ཕྱིར༔ དབུ་སྐྲ་ལྕང་ལོ་གྱེན་དུ་འཁྱིལ༔ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ ཞལ་ནས་སྡེ་བརྒྱད་སྤུ་གྲི་གསུང༔ སྡེ་བརྒྱད་གནད་ལ་འབོར་བའི་ཕྱིར༔ ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས༔ སྤྲུལ་པས་ཀུན་ལ་ཁྱབ་པའི་ཕྱིར༔ འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར༔ སྡེ་བརྒྱད་དབང་དུ་བསྡུ་བའི་ཕྱིར༔ རི་བོ་ཀུན་འདུས་རྩེ་ལ་བཞུགས༔ སངས་རྒྱས་སྤྲུལ་པ་ཡིན་པའི་ཕྱིར༔ སྐུ་ལ་ན་བཟའ་རས་གོས་གསོལ༔ ས་བཅུ་ཟིལ་གྱིས་གནོན་པའི་ཕྱིར༔ ནགས་ཚལ་དྲྭ་བའི་ཕུག་ན་བཞུགས༔ ཚེ་དང་བསོད་ནམས་སྤེལ་བའི་ཕྱིར༔ ཤིང་ཏོག་སྣ་ཚོགས་ཞལ་དུ་གསོལ༔ སངས་རྒྱས་སྟོང་གི་སྤྲུལ་པའི་སྐུ༔ དྲང་སྲོང་ཁྱེད་ལ་གུས་ཕྱག་འཚལ༔ འགྲོ་བ་གདུལ་དཀའ་འདུལ་བའི་ཕྱིར༔ དྲག་པོའི་སྐུར་སྟོན་ཁྲོ་བོའི་རྒྱལ༔ ཞེ་སྡང་རྡོ་རྗེ་གསང་བའི་བདག༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁྱོད་ཀྱིས་བདག་ལ་དངོས་གྲུབ་སྩོལ༔ སྡེ་བརྒྱད་དབང་དུ་བསྡུ་བའི་ཕྱིར༔ མཐུ་དང་རྫུ་འཕྲུལ་བདག་ལ་སྩོལ༔ ཅེས་བསྟོད། ཆེ་བ་བསྐྱེད་པ་ནི། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས་སྡེ་བརྒྱད་ཀྱི་སྙིང་ནས་དྲངས་ཏེ་མདུན་དུ་བཀུག་པའི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་རེ་བཞག་པས་འགུལ་མི་ཤེས་པར་བསམ་ལ། ཧཱུྃ༔ ང་ནི་སྲིད་པ་ཀུན་གྱི་རྗེ༔ ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔ ང་ནི་སྲོག་གཅོད་ཀུན་གྱི་བདག༔ ཐམས་ཅད་ཀུན་གྱི་སྲོག་སྙིང་བདག༔ ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད༔ ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས༔ ཞེས་བརྗོད་ཅིང་ང་རྒྱལ་བྱ། བཟླས་པ་ནི། སླར་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྡེ་བརྒྱད་ཀྱི་སྙིང་གར་གནས་པའི་སྲོག་ཡིག་རྣམས་དྲངས་ཏེ་རྡོ་རྗེའི་གདན་དུ་བསྟིམས་པས་ཅི་བསྒོ་བའི་བཀའ་ནོད་ཅིང་མདུན་དུ་འཁོད་པར་བསམ་ལ། ཨཱོྃ་ལོཀྟྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙིར་ཙར་ཙིར་ཙར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོད༔ ཤིགས་ལྷུ་རུ་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་ཆེ་གེའི་ཀཱ་ཝཱ་ཙི་བརླག་བརླག༔ ཅེས་རྩ་སྔགས་ཏེ་ཞག་ཉེར་གཅིག་ཏུ་འབུམ་ཕྲག་གསུམ་བཟླ་བར་བཤད་ཀྱང་དེ་ལས་ཉིས་འགྱུར་རམ་སུམ་འགྱུར་དུ་བཟླའོ། །སྤུ་གྲིའི་དྲག་སྔགས་བཟླ་བར་འདོད་ན། ཁྱད་པར་གྱི་དམིགས་གནད་དང་སྦྱར་ཏེ། ཨཱོྃ་ལོཀྟྲི་པཱ་ལ་ནན་རྦད་ཐུམས། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད༔ ཅེས་སོགས་སྔགས་ཚན་གཞན་བདུན་པོ་སོ་སོའི་མཐར། རྦད་ལིང་ས་བདག་གི་སྲོག་ཆོད༴ རྦད་ཕཊ་ཀླུ་བདུད་ཀྱི་སྲོག་ཆོད༴ རྦད་མྱོགས་མ་མོའི་སྲོག་ཆོད༴ རྦད་རྦུད་བཙན་གྱི་སྲོག་ཆོད༴ རྦད་ཐུམས་བདུད་ཀྱི་སྲོག་ཆོད༴ རྦད་ཁོས་གཟའ་བདུད་ཀྱི་སྲོག་ཆོད༴ རྦད་ཤག་རྒྱལ་པོའི་སྲོག་ཆོད༴ ཞེས་དང་། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད༔ དེ་བཞིན་དུ། བསེན་མོའི་སྲོག༴ པེ་དཀར་གྱི་སྲོག༴ གཙང་ཐེལ་གྱི་སྲོག༴ གནོད་བྱེད་ཀྱི་སྲོག༴ ཆེ་གེ་མོའིསྲོག༴ ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག༴ ཙི་དུ་སོད་ཙི་དུ་སོད་རྦད་ཐིབས༔ ཤིག་ལྷུ་རུ་གཏུབས་རྦད་མྱོགས༔ ཧ་ལ་པ་ཏི་ནན༔ ག་ཎ་པ་ཏི་རྦད་རྨུགས༔ འཁོར་བ་ཐུལ་རྦད་ཆོམས༔ གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག་རྦད་ཧུར༔ གནོད་བྱེད་ཀྱི་སྲོག་ལ་མཱ་ར་ཡ་རྦད་རྦད༔ གནོད་བྱེད་རྒྱལ་པོ་ཐམས་ཅད་རཱ་ཙ་ཧབ་ལེ་ཧབ་ལེ་སོད༔ ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད༔ འབྱུང་པོ་ཐམས་ཅད་ཀུ་ཏྲི་ཀུ་ཏྲི་སོད༔ བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད༔ གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད༔ ཐེ་བྲང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད༔ བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད༔ གྲི་བོ་གྲི་མོ་ཐམས་ཅད་སུཾ་ཏྲི་སུཾ་ཏྲི་མཱ་ར་ཡ་སོད༔ གནོད་བྱེད་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛ༔ ཞེས་པ་ནི་ཐུན་སྔགས་དང་སྤུ་གྲི་རིང་མོ་སྦྲེལ་བ་སྟེ་སྐབས་ཕྱེད་པར་བྱ་ཞིང་། དྲང་སྲོང་གི་དམོད་པ་ནི། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིགས་ཤིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་གི་དམོད་པས་སྡིགས་ཤིག༔ བཀའི་ཆད་པས་ཆོད་ཅིག༔ གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་གཤོག་ཅིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེ་མེའི་ཆར་ཆེན་པོ་ཕོབ་ཅིག༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་མི་འགྱུར། །གལ་ཏེ་གནས་ན་བརླག་པར་བྱེད། །ཅེས་བརྗོད་ཅིང་ཐལ་མོ་རྡེབ། དེ་ཡང་ལས་སྒྲུབ་ཀྱི་ཚེ་སྔགས་ཚར་བདུན་རེའི་མཐར་དམོད་མོ་ཚར་རེ་བརྗོད་པར་བཤད་དོ། །ཐུན་འཇོག་ན་སྣོད་བཅུད་རང་ལ་བསྡུ། རང་ཐུགས་ཀའི་ཧཱུྃ་ལ་བསྡུ། དེ་མི་དམིགས་པར་སྦྱངས་ཏེ། དགེ་བ་བསྔོ་ཞིང་ཤིས་བརྗོད་སོགས་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། འབྲུ་སྣ་ཚོགས་དང་ཟན་ཆན་གྱི་གཏོར་མ་དཀར་གསུམ་མངར་གསུམ་དང་ཆུ་གཙང་གིས་བྲན་པ་བཤམ། ཨཱོྃ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་ནས་བདུད་རྩིར་བྱས། གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དང་པོ་རྩ་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཞེས་པས་ཡི་དམ་ལ་འབུལ། གཉིས་པ་ཁཱ་ཧི་ཁཱ་ཧི་དུ་ན་ཡ་སྭཱ་ཧཱ་དྲང་སྲོང་རྣམས་ཀྱི་ཞལ་དུ་ཁཱ་ཧི་ཞེས་བདུན་གྱིས་ཕུལ་ལ་ཕྲིན་ལས་བཅོལ། གསུམ་པ་སྡེ་བརྒྱད་ལ་ཆངས་བུའི་གཏོར་མ་རིག་གཏད་ཀྱི་སྐབས་བཞིན་གཏང་ན་ལེགས་པར་འགྱུར་ཞིང་། གང་ལྟར་ན་ཡང་གཏོར་མགྲོན་གཤེགས་སུ་གསོལ་ལོ།། ༈ །།གསུམ་པ་རིག་གཏད་ཀྱི་ཆོ་ག་ལ། ཡོ་བྱད་ཀྱི་གཤོམ་སྔར་བཞིན་དང་། སྒྲུབ་ཚུལ་བདག་མདུན་མཉམ་སྒྲུབ་ཏུ་བྱས་ནས་གཏོར་འབུལ་རྗེས་གནང་བ་ཞུ་བ་རྣམས་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད། ཡོན་དུ་གྲི་སོགས་མཚོན་ཆ་འབུལ། གོས་མགོ་མཇུག་ལྡོག་པ་གྱོན་ཏེ་འཁོད་པ་ལ་ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ཏེ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། སློབ་དཔོན་ བདག་ནི་མུ་སྟེགས་བྱེད་དང་ནི༔ སྡེ་བརྒྱད་འགོང་པོའི་དབང་དུ་སོང་བ་ལ༔ དྲང་སྲོང་དམོད་པས་ཟློག་པའི་ཐབས༔ ངོ་མཚར་དུག་ཏྲི་གནང་དུ་གསོལ༔ ཞེས་ལན་གསུམ། དེ་ནས་ཡིད་ཆེས་བསྐྱེད་པར་བྱ་བའི་ཕྱིར་འདི་ལ་གསན་འཚལ། སྔོན་རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་ན་རྒྱལ་པོ་དྷརྨ་ཨ་ཤོ་ཀ་བྱ་བ་ཞིག་ཡོད་པ་ལ། འབངས་རྣམས་ཀྱིས་རྒྱལ་ཁྲིམས་བཤིག་པས་རྒྱལ་པོ་ཐུགས་མ་བདེ་ནས་ཁྲོས་ཏེ། སྡེ་བརྒྱད་གཟིར་ཞིང་གཏད་ཁྲམ་བྱས་པས་རྒྱལ་ཁྲིམས་བཤིག་པའི་གཙོ་བློན་རྣམས་ཕུང་བར་བྱས་ཏེ་རྒྱལ་ཁྲིམས་ཤིན་ཏུ་གཉན་པར་གྱུར་ཀྱང་། རྒྱལ་པོ་ལ་རང་སྲུང་གི་གདམས་པ་མེད་པས་སྡེ་བརྒྱད་ཀྱི་བསྙག་བྱུང་ནས་མཛེ་ནད་ཀྱིས་བཏབ། གློ་སྙིང་མེར་འབར་ཁ་ནས་ཁྲག་སྐྱུག་པ་སོགས་ནད་ཀྱིས་ཤིན་ཏུ་གདུང་བ་ལས། ཕན་ཐབས་འཚོལ་བའི་མོ་དང་པྲ་བྱས་པས། ནགས་ཚལ་དྲྭ་བ་ཅན་ན་དྲང་སྲོང་དྲི་མེད་འོད་ཟེར་ཞེས་བྱ་བ་ལྷའི་དྲང་སྲོང་མངོན་ཤེས་མངའ་བ་དཀའ་ཐུབ་ལ་གནས་པ་དམོད་པ་གྲུབ་པ་ཞིག་བཞུགས་ཀྱིས། དེ་སྤྱན་དྲངས་ནས་བྱིན་རླབས་ཞུས་ན་ཕན། གཞན་ཅིས་ཀྱང་མི་ཕན་ཟེར་བས། དེར་རྒྱུས་ཡོད་པ་སུ་ཡོད་དྲིས་པས་བྲམ་ཟེ་རྒན་པོ་ཞིག་ན་རེ། ནགས་ཚལ་དྲྭ་བ་ཅན་དུ་སྟག་གཟིག་དོམ་དྲེད་ཀྱིས་ཀྱང་མི་ཐར་ན་མི་དག་ལྟ་ཅི་སྨྲོས། དྲང་སྲོང་དྲི་མེད་འོད་ཟེར་ནི་ཟླ་བ་ཉའི་ཉིན་རི་བོ་ཀུན་འདུས་ཀྱི་རྩེར་དྲང་སྲོང་འབུམ་ཕྲག་ལ་ཆོས་སྟོན་དུ་འོང་བ་ཡིན་ནོ་ཟེར་བས། དེའི་ཉིན་མོ་སྒུག་ཏུ་བཅུག་པས། དྲང་སྲོང་རྒན་པོ་ལུས་རིད་ཅིང་སྔོ་བ་ཨག་ཚོམ་ཅན་རས་དཀར་གྱི་ན་བཟའ་གསོལ་བ་གཅིག་བྱུང་བ་ལ། དྲང་སྲོང་ཡིན་པར་ཤེས་ཏེ་ཤིང་རྟ་ལ་བཞུགས་སུ་གསོལ་ནས་ཕོ་བྲང་དུ་སྤྱན་དྲངས། ཞལ་ཟས་སྣ་ཚོགས་ཀྱིས་བསྙེན་བཀུར། ཕྱག་དང་ཞེ་སར་བཅས་པས་གསོལ་བ། བདག་གིས་རྒྱལ་ཁྲིམས་ཤོར་བ་ལ་ཐུག་ནས་སྡེ་བརྒྱད་ལ་གཏད་ཁྲམ་བྱས་པས་ལྷ་འདྲེའི་བསྙག་གིས་འདི་ལྟར་སྡུག་བསྔལ་བར་གྱུར་པ་ལ་རྗེས་སུ་དགོངས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ་ཞེས་ཞུས་པས། དྲང་སྲོང་གི་ཞལ་ནས་རྒྱལ་པོ་ཆེན་པོ་སྡིག་པ་མི་དགེ་བ་བཅུ་སྤོངས། འབྲུ་དང་ཟན་གྱི་གཏོར་མ་རྒྱ་ཆེན་པོ་བཤམས་ལ་དྲང་སྲོང་འབུམ་ཕྲག་ལ་ཕུལ་ནས་སྨོན་ལམ་གདབ་ཏུ་ཆུག་ཅིག་གསུངས། དྲང་སྲོང་ཉིད་ཀྱིས་དམོད་པའི་སྔགས་རྒོད་འདི་ལན་གཅིག་བརྗོད་པས་རྒྱལ་པོ་ཅུང་ཟད་བདེ་ཟེར། དེ་བཞིན་དུ་ལན་བདུན་བརྗོད་པས་མི་བདེ་བ་མེད་པར་ཕན་པར་གྱུར་ཏོ། །དེ་ནས་དྲང་སྲོང་ལ་ཡུན་གྱི་མཆོད་གནས་སུ་བཞུགས་པར་གསོལ་ཀྱང་མ་གནང་བར་ནགས་ཚལ་དྲྭ་བ་ཅན་དུ་བཞུད་དོ། །དེ་ནས་རྒྱལ་པོ་དྷརྨ་ཨ་ཤོ་ཀས་བྲམ་ཟེ་ལེགས་གྲུབ་ལ་གནང་། འདིའི་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ནི་དགྲ་བཅོམ་པ་གྲགས་པའི་ཡོན་བདག་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་མཆོད་རྟེན་བྱེ་བ་བཞེངས་པ་པོ་རྒྱལ་པོ་མྱ་ངན་མེད་པ་ཉིད་དང་གཅིག་ཅིང་། དེ་བཞིན་བྲམ་ཟེ་ལེགས་གྲུབ་ནི་ཡུལ་མལླ་བར་བྱུང་ཞིང་གཤིན་རྗེའི་རིག་སྔགས་གྲུབ་པས་ལས་ཐམས་ཅད་ལ་ཐོགས་པ་མེད་ཅིང་། ཚུལ་དེས་མུ་སྟེགས་ལ་དད་པའི་རྒྱལ་པོ་འབངས་དང་བཅས་པའང་ནང་པར་འགྱུར་ཏེ་བྲམ་ཟེ་ཉིད་བླ་མར་བཀུར། དེར་མུ་སྟེགས་ཀྱི་སློབ་དཔོན་སོ་མ་ཨཱ་ཙརྻ་ལ་སོགས་པས་ཕྲག་དོག་པས་གསོད་པའི་ཕོ་ཉ་བསྐོས་པ་ན་སུས་ཀྱང་ནུས་པ་མེད་དོ། །འོན་ཀྱང་སྔར་བྲམ་ཟེ་བླ་མ་ཁྲུས་ལ་འགྲོ་བའི་ཚེ་ཚངས་སྐུད་སྒོ་གོང་དུ་བཞག་པ་མགོ་ལ་ཐོགས་པ་ཁྲོས་ནས་བཅད་པའི་ལས་ཀྱིས། བྲམ་ཟེའི་མགོ་ཆོད་ཀྱང་རིག་སྔགས་གྲུབ་པས་མ་ཤི་བར་གཤེད་མ་ཉིད་ཀྱི་ཕྱིར་སོང་ནས་གར་བྱས་པས། གསོད་པའི་ཕོ་ཉ་གཉིས་དང་མུ་སྟེགས་ཅན་ལྔ་བརྒྱ་ཙམ་ཁྲག་སྐྱུགས་ནས་ཤི་གྲོང་ཁྱེར་ཡང་མེས་འཚིག །བྲམ་ཟེས་རང་གི་མགོ་བོ་བླངས་ཏེ་སྔར་ཤུལ་དུ་བླན་པས་འགྲིག་ཅིང་། དེ་ནས་སྔར་གྱི་གནས་སུ་འོངས་ཏེ་འགྲོ་དོན་ཅི་རིགས་པ་མཛད་ནས་མཐར་མི་སྣང་བར་གྱུར་ཏེ་ཐུན་མོང་གི་རིག་འཛིན་ཡིན་ཟེར། གནས་དེ་ལ་གྷོ་ར་ཛྭ་ལ་ཞེས་ཟེར། ཀླ་ཀློ་རྣམས་ཀྱིས་འགྲོ་མི་ནུས་པར་གྲགས་སོ། །དེས་བྲམ་ཟེ་པྲ་ཧསྟི་ལ་གནང་། དེས་ཤཱནྟིཾ་གརྦྷ་ལ་གནང་། དེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གནང་། དེས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཙུག་པའི་ཚེ་ལྷ་སྲིན་སྡེ་བརྒྱད་འདུལ་བའི་གཉེན་པོར་དགོངས་ནས་བསྩལ་པ་ལ། མངའ་བདག་གིས་རྒྱུད་གཞུང་མན་ངག་གི་སྐོར་རྣམས་མཁོ་མཐིང་ལྷ་ཁང་དུ་གཏེར་དུ་སྦས་པ་མངའ་བདག་གི་སྐྱེ་བ་བཅུ་གསུམ་པ་ཉང་རིན་པོ་ཆེས་སྤྱན་དྲངས་ནས་སྲས་འགྲོ་མགོན་ལ་གནང་། དེས་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ལ་གནང་བ་དང་། ཡང་ཕྲིན་ལས་རིག་གཏད་སྙིང་འགྲེལ་ལས་ཚོགས་རྣམས་གནམ་སྐས་བྲག་དང་། བཅུད་ཕུར་སོགས་བཻ་རོས་མཁོ་མཐིང་དུ་སྦས་པ་རྣམས་ཆོས་དབང་ཉིད་ཀྱིས་བཏོན་པ་གཏེར་ཁ་གོང་འོག་བཀའ་འདྲིལ་ནས། སྲས་པདྨ་དབང་ཆེན་དང་ཀཿཐོག་པ་རྒྱལ་བ་བཟང་པོ་གཉིས་ལ་གནང་སྟེ་རིམ་པ་བཞིན་བླ་མ་དམ་པའི་བར་དུ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་བརྒྱུད་དེ་བདག་གིས་ཐོབ་པ་ལགས་པས། སློབ་དཔོན་གསང་བའི་བདག་པོར་མོས་པ་ལ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་བྱས་ལ། གསང་བའི་བདག་པོ་རྡོ་རྗེ་འཛིན༔ བདག་ལ་ཐུགས་རྗེས་དགོངས་ནས་ཀྱང༔ བར་ཆད་རྐྱེན་ལས་རྒྱལ་བའི་ཕྱིར༔ དྲང་སྲོང་དྲི་མེད་བཤེས་གཉེན་གྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས༔ རྫོགས་པར་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག །མ་དག་པའི་སྣང་བ་ཐམས་ཅད་སྦྱངས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ དྲང་སྲོང་ཞི་བའི་སྐུར་བསྐྱེད་པའི་སྙིང་གར་ཧཱུྃ་ཡིག་སེར་པོས་མཚན་པ་ལས་འོད་ཟེར་འཕྲོས། རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ་ནགས་ཚལ་དྲྭ་བ་ཅན་གྱི་རིའི་ཕུག་ནས་ལྷའི་དྲང་སྲོང་དྲི་མེད་འོད་ཟེར་འཁོར་དྲང་སྲོང་འབུམ་ཕྲག་དུ་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད་བྱས་ལ། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་། ཨཱོྃ་ཧ་ལ་ཧ་ལ་ཧི་ལི་ཧི་ལི་ཧེ་ཧེ་དྲུང་དྲུང་ཛཿཛཿབྷྱོ་བྷྱོ་ཟློག་ཟློག༔ ཅེས་དང་། ཏྲཾ་དུ་ཉེར་གཅིག་བརྗོད་ལ་གཉིས་མེད་དུ་བསྟིམ། དེ་ལྟར་ཐིམ་པའི་རྐྱེན་གྱིས་ཞེ་སྡང་རྡོ་རྗེའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཀྱིས་ཐོ་བ་དང་རལ་གྲི་ཕྱར་ཞིང་། འོག་མ་གཉིས་གནམ་ལྕགས་ཀྱི་ཐལ་མོ་རྡེབ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་མེ་ལྟར་འབར་ཞིང་རལ་པ་ཁམ་ནག་གྱེན་དུ་བརྫེས་པ། གཅེར་བུ་རྒྱན་མེད་འཇིགས་སུ་རུང་བའི་སྐུར་བསྐྱེད་ལ། ཞི་ཁྲོའི་རྩ་སྔགས་ཆེ་བསྐྱེད་དམོད་མོ་རྣམས་ཚར་གཅིག་བརྗོད་པས་གསལ་ཞིང་བརྟན་པར་བྱས་ལ། མདུན་བསྐྱེད་ཀྱི་ལྷ་ལས་ཁྲོ་བོའི་རྒྱལ་པོ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་ལ་ཐིམ་པར་མོས་མཛོད་བྱས་ལ། ཁྲོ་བོའི་སྐུ་གཟུགས་སྤྱི་བོར་བཞག་སྟེ། ཧཱུྃ༔ ལྷ་ཡི་དྲང་སྲོང་དྲི་མེད་འདི༔ གསང་བདག་དངོས་དང་ཁྱད་པར་མེད༔ ང་ཡིས་ཁྱོད་ལ་གཏད་པ་ཡིན༔ སྡེ་བརྒྱད་བཀའ་ལས་མ་འདའ་ཞིག༔ ཨཱོྃ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛཿཛཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་། རྩ་སྔགས་དང་དམོད་མོ་བརྗོད། ལག་གཡོན་དུ་རལ་གྲི་གཏད་ལ། ཨཱོྃ༔ བསམ་ཆོད་རལ་གྲི་ཁྱོད་ལ་གཏད༔ ཕ་རོལ་ལོག་རྟོག་ངན་པ་རྣམས༔ བཅད་གཏུབས་མིང་ཡང་མེད་པ་དང༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཏྲཾ་དུའི་མཐར་ཁྙྑ་ཨ་བྷི་ཥིཉྩ་ཧཱུྃ༔ གཡས་སུ་ཐོ་བ་གཏད་ལ། ཨཱ༔ གནམ་ལྕགས་ཐོ་ཆེན་འབར་བ་འདིས༔ ཁྱོད་ལ་གདུག་སེམས་ལྡན་པ་ཀུན༔ སྤྱི་བོ་ཆོམས་ལ་ཐལ་བར་ཐོངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཏྲཾ་དུའི་མཐར་མུངྒ་རཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། ཡོན་ཏན་ཕྲིན་ལས་གཏོར་མའི་བྱིན་རླབས་ལ། སྔོན་དུ་བགེགས་ལ་ཆངས་བུ་བརྒྱད་ཀྱི་གཏོར་མ་ཆབ་ཀྱིས་བྲན། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ཨཱ་ཀརྵཱ་ཡ་ཛཿས་བཀུག །སམྦྷ་ར་ལན་བདུན་གྱིས་བསྔོས་ལ། ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །སློབ་མ་འདིའི་འགལ་རྐྱེན་བར་ཆད་ཞི་བ་དང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། ཞེས་གཏོར་མ་གཙང་སར་ཕུལ་ལ། གཏོར་དབང་དངོས་ནི། གཏོར་མ་འདི་ཉིད་ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ། དེའི་སྤྱི་བོར་དྲང་སྲོང་དྲི་མེད་འོད་ཟེར་བཞུགས་པར་གསལ་ཐོབས། དེ་ལ་མོས་གུས་དུང་བྱས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་མགོ་བོར་བཞག་ལ། ཧཱུྃ༔ དྲང་སྲོང་ཆེན་པོ་དྲི་མ་མེད༔ ལྷ་ཡི་དྲང་སྲོང་འབུམ་དང་བཅས༔ སློབ་མ་བྱང་ཆུབ་མ་འཐོབ་བར༔ སྲུང་བ་ཆེན་པོ་མཛད་དུ་གསོལ༔ ཏྲཾ་དུའི་མཐར་བ་ལིནྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་་་རྟ་ཕྱག་ལྟར།བཀའ་བསྒོ་དང་སྔགས་དྲག་ཏུ་བརྗོད་པས་བྱིན་གྱིས་བརླབ།་་་ཕྱག་བཞེས་སུ་འདིར་ཞི་དྲག་དམོད་པ་བཅས་པའི་བཟླས་ལུང་བྱེད།མཆན། མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྲོ་བོའི་རྒྱལ་པོ་དངོས་སུ་གྱུར་པ་ཡིན་སྙམ་པ་གྱིས། དྲང་སྲོང་དྲི་མེད་དང་གསང་བདག་དོན་གཅིག་པ་ཡིན་པས། ད་ཕྱིན་ཆད་དྲེགས་པ་ཕྱི་ནང་སུས་ཀྱང་མི་གནོད་ཅིང་བཀའ་ལས་འདའ་བར་མི་ཕོད་པ་ཡིན་ནོ། །ཞེས་དང་དྲག་སྔགས་དམོད་པ་དང་བཅས་པའང་བྱས་ལ། ཕྱིན་ཆད་ཀྱང་དེ་བཞིན་དུ་མཛོད་ཅེས་བཀའ་གཏད། ལྷ་ཞུ་བའི་གཏོར་མ་བདུད་རྩིར་མོས་པ་དངོས་གྲུབ་ཏུ་བྱིན། རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ་སོགས་བྱ་ཞིང་། རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །སྤྱི་ཙམ་ལ་སྔར་སྨྲོས་པ་ལྟར་དང་ཁྱད་པར་གྱི་ཚེ་དམོད་པའི་གོང་དུ་སྤུ་གྲི་རིང་མོ་ཉིད་བཟླ་ཚུལ་སྐབས་ཕྱེད་པར་བྱའོ། །དྲག་སྔགས་རྣམ་འ༵གྱུར་མང་པོ་ལས། །མཐུ་མྱུར་ཐོགས་མེ༵ད་ནུས་པར་ལྡན། །ཞེ་སྡང་རྡོ༵་རྗེ༵་གསང་བདག་ལྷའི། །སྒྲུབ་ཐབས་ཉིང་ཁུའི་སྙིང་པོ་ལགས། །དྲང་སྲོང་ལོཀྟྲི་པཱ་ལའི་སྒྲུབ་ཐབས་རིག་གཏད་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་དབང་བསྐུར་ཟུར་རྒྱན (Volume 62, Text 38)
རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་དབང་བསྐུར་ཟུར་རྒྱན་ྀཨཚ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མཛེས་པའི་ཏོག་གི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མཛེས་པའི་དཔལ་གྱི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གཞོན་ནུ་རྣམ་རོལ་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་འཆང་གི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲང་སྲོང་རྒྱལ་པོའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གསེར་འོད་དམ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བརྩེ་བས་རོལ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འོད་སྲུང་བགྲེས་པོའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ༴ མངོན་རྫོགས་རྒྱས་པོའི༴ མ་ཧཱ་སནྡྷིཿ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཤཱཀྱ་ཐུབ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་པའང་ཉེར་མཁོའི་ཕྱིར་འདུལ་འཛིན་རྒན་པོས་བྲིས་པ་ཡི་གེ་པ་ནི་དཀོན་མཆོག་འགྱུར་མེད་ཀྱིས་བྲིས།། །། ༄༅། །ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གདོད་མའི་དབྱིངས་ལས་གང་འདུལ་ཤར། །སྐུ་ལྔ་ལྷུན་རྫོགས་སངས་རྒྱས་མེས། །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །མ་ཧཱ་བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ལྷ་ཡུལ་དགའ་ལྡན་བརྩེགས་པ་རུ། །རིག་པ་སྐུར་སྨིན་ཕྱག་རྒྱའི་གཟུགས། །རྡོ་རྗེ་སེམས་དཔའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿབཛྲ་སཏྭ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མི་མཇེད་འཇིག་རྟེན་ཁམས་ཉིད་དུ། །ཚེ་ལོ་བྱེ་བའི་དུས་བྱོན་པའི། །མཛེས་པའི་ཏོག་གི་་་འོད་མི་འཁྲུགས་པ།དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲོད་གཤེར་འདུས་པ་འོད་ཕུང་དུ། །ཚེ་ལོ་འབུམ་པའི་དུས་བྱོན་པའི། །མཛེས་པའི་དཔལ་གྱིས་་་འཇིགས་སྐྱོབ་དཀར་པོ།དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཆགས་འབྱུང་མངལ་དུ་སྣང་བ་རུ། །ཚེ་ལོ་བརྒྱད་ཁྲིའི་དུས་བྱོན་པའི། །གཞོན་ནུ་རྣམ་རོལ་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འཚོ་བྱེད་གཞོན་ནུའི་ལྡུམ་ར་རུ། །ཚེ་ལོ་བདུན་ཁྲིའི་དུས་བྱོན་པའི། །རྡོ་རྗེ་འཆང་གི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དུར་ཁྲོད་མེ་རི་འབར་བ་རུ། །ཚེ་ལོ་དྲུག་ཁྲིའི་དུས་བྱོན་པའི། །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སྲིན་པོ་རུ་ལུའི་སྒྲ་ལྡན་དུ། །ཚེ་ལོ་ཁྲི་པའི་དུས་བྱོན་པའི། །དྲང་སྲོང་ཁྲོས་རྒྱལ་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་སྤུངས་པའི་རི་བོ་རུ། །ཚེ་ལོ་ལྔ་སྟོང་དུས་བྱོན་པའི། །གསེར་འོད་དམ་པའི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སོག་པོ་གཡུ་སྨིན་ཅན་གནས་སུ། །ཚེ་ལོ་སྟོང་གི་དུས་བྱོན་པའི། །བརྩེགས་པའི་བློ་གྲོས་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་ཕུང་པོའི་རི་བོ་རུ། །ཚེ་ལོ་ལྔ་བརྒྱའི་དུས་བྱོན་པའི། །འོད་སྲུང་བགྲེས་པོའི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །ཚེ་ལོ་སུམ་བརྒྱའི་དུས་བྱོན་པའི། །མངོན་རྫོགས་རྒྱལ་པོའི་དབང༴ མ་ཧཱ་སནྡྷིཿསུ་ག་ཏ་ཨ༴ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཝ་རཱ་ཎ་སཱའི་གནས་མཆོག་ཏུ། །ཚེ་ལོ་བརྒྱ་པའི་དུས་བྱོན་པའི། །ཤཱཀྱ་ཐུབ་པའི་དབང་བསྐུར་རོ། །མ་ཧཱ་སནྡྷིཿསུ་ག་ཏ་ཨ་བྷི་ཥིཉྩ་ཨཱོྃ། ཞེས་པའང་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་རིན་པོ་ཆེར་དབང་ཕུལ་སྐབས་མངྒ་ལ་རྒན་བུས་བྲིས་པ་རྡོ་རྗེ་སྙིང་པོའི་བསྟན་པའི་དཔལ་དུ་གྱུར་ཅིག། །།
བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་དོན་ཡོད་འཁོར་ལོ་ (Volume 42, Text 38)
༄༅༔ བཅས་ཆོག་སྲོག་ཤིང་བརྟན་པའི་ཙཀྲ་དོན་ཡོད་འཁོར་ལོ་བཞུགས་སོ༔ ྈྈྈ ྈྈྈྈྈྈྈ ཐུགས་དམ་ཡི་དམ།་་་ལྷ་ཐམས་ཅད།་་་ལ་སྒོ་གསུམ།་་་གུས་བཏུད་ནས༔ ཡུལ།་་་ཨོ་རྒྱན་འཁོར་བའི་སྐྱོན་བྲལ།་་་པདྨ་འབྱུང་གནས་ངས༔ བྱ་་་བ་དང་།སྤྱོད་་་པ་དང་།རྣལ་འབྱོར་་་གྱི།རྒྱུད་་་གསུམ།ཀུན་་་གྱི།དོན༔ ཡོན་ཏན་ཕུན་ཚོགས་གཟུངས་སྔགས།་་་ནུས་ལྡན་བསྡུས༔ ལྷ་ཁང་ངམ་མཆོད་རྟེན།་་་བདེ་གཤེགས་སྐུ་གསུང་ཐུགས་ཀྱི་རྟེན༔ ས་དགྲ་ངན་པའི་གནོན་པ།་་་བཀྲ་ཤིས་་་པ་དང་།ཡེ་ཤེས།་་་རབ་གནས་བྱ་བའི་ཕྱིར༔ ཚེ་རིང་བར་བྱེད་པ་དང་།སྟོབས་བསྐྱེད་པའི་ཕྱིར།་་་སྲོག་ཤིང་བརྟན་པའི་འཁོར་ལོ་འགོད༔ སེམས་ཅན་གང་དག་སུས།་་་རེག་མཐོང་བཅངས་པས་བྱང་ཆུབ་་་ཐོབ་པར།ངེས༔ ༈ རབས་་་དར་འབྲིང་།་་་རས་ཐ་མ།་་་ཤོག་བུ་གྲུ་གང་ཚང་།་་་ལ༔ ཙཀྲ་མུ་ཁྱུད་རིམ་པ།་་་བཅུ་གསུམ་བྲི༔ ལྟེ་དབུས་བཞི་པ་ཆོས་སྐུ་ཡེ་ཤེས་ལྔ་ལྡན་པའི།་་་ལྔ་གླིང་ལ༔ ལོངས་སྐུ།་་་རིགས་ལྔ་ཡབ་ཡུམ་ཡང་སྙིང་བྲི༔ གོང་རས་གཙུག་ལག་རྟེན་བདག་ཆེ་གེ་ལ་རཀྵ་རཀྵ་ཞེས་པ་ལྟ་བུའམ།་་་སྔགས་འཆང་སྲུང་སྐྱོབ་འགོད༔ སྤྲུལ་སྐུ་བདུད་འདུལ།་་་མུ་ཁྱུད་རྡོ་རྗེ་ཧཱུྃ་བརྒྱད་བྲི༔ དེ་ཕྱི་སྐུ་ཚེ་བརྟན་པའི་ཆེད་དུ།་་་རྩིབས་བརྒྱད་ཙཀྲ་ལ༔ ཚེ་དཔག་མེད་ཀྱི་ཡང་སྙིང་་་རྒྱས་བསྡུས་གང་རུང་།འགོད༔ གོང་རས་ལ་ལྷ་འདྲེ་མི་གསུམ་ཟིལ་གནོན་ཆེད་དུ་རྟ་མགྲིན་གྱི་ཟིལ་གནོན།་་་ཁྲོ་ཆེན་བརྒྱད་སྔགས་བྲི༔ མུ་ཁྱུད་ལ་རབ་ཏུ་གནས་པའི་ཆེད་དུ།་་་རྟེན་འབྲེལ་སྙིང་པོ་དང༔ ཡི་དམ་་་ཞི་བའམ་ཁྲོ་ཆེན།ཡེ་ཤེས་སྙིང་པོ་་་བདག་ལ་སྲུངས་ཤིག་དང་བཅས་པ།བཀོད༔ དེ་ཕྱི་ཡོན་ཏན་རྒྱས་པའི་ཆེད་དུ།་་་རཏྣ་ཟུར་བརྒྱད་ལ༔ བསོད་ནམས་འཕེལ་བའི་ཆེད་དུ།་་་ནམ་མཁའ་མཛོད་ཀྱི་སྙིང་པོ་བྲི༔ གོང་རས་ལ་མི་ཕམ་རྒྱལ་བར་བྱེད་ཅིང་བདུད་དཔུང་ཐམས་ཅད་འཇོམས་པར་བྱེད་པ།རྒྱལ་མཚན་རྩེ་མོ་སྟེ༔ མུ་ཁྱུད་ནང་མར་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འདུས་པའི་ཆེད།་་་དབྱངས་གསལ་འགོད༔ ཕྱི་མར་རྟེན་མཐོང་ཚད་བྱང་ཆུབ་ཀྱི་ས་བོན་གཞག་པའི་ཆེད།་་་བྱང་ཆུབ་རྒྱན་འབུམ་བྲི༔་་་སྟེ་འདི་སུས་འཆང་ངམ་ཀློག་གམ་མིང་ཙམ་ཉན་ན་ཡང་མཚམས་མེད་པ་ལྔ་དང་མི་དགེ་བ་བཅུའི་སྡིག་པ་བྱང་། རྟེན་གྱི་ནང་དུ་གཞུག་ན་རྒྱལ་བར་འགྱུར་རོ། །གསུང་དབྱངས་དྲུག་ཅུའི་ཆོས་སྒྲོག་ཆེད།་་་དེའི་ཕྱི་པད་འདབ་བཅུ་དྲུག་ནང༔ འགྲོ་ཀུན་དབང་དུ་སྡུད་ཅིང་ཕྲིན་ལས་བཞི་སྒྲུབ་པའི་ཆེད།་་་དབང་ཆེན་ལས་ཀུན་འགྲུབ་བྱེད་དབྱངས་གསལ།་་་བྲི༔ དེ་ཕྱི་་་རྟེན་གནས་ཀྱི་གྲིབ་སེལ་དེར་སུ་འདུག་ཐམས་ཅད་ལ་གྲིབ་འབྱོང་བྱེད།་་་མུ་ཁྱུད་་་ལ་ཡངས་པ་ཅན་གྱི།གྲོང་ཁྱེར་དུ༔ འཇུག་པའི་གཟུངས་་་འདི་བཞུགས་པའི་གྲོང་ཁྱེར་གྱི་འགྲོ་བ་མཐའ་དག་ཕྱིར་མི་ལྡོག་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ།དང་བི་མ་ལ༔་་་རྟེན་གཙུག་ཏོར་དྲི་མེད་དང་། པདྨོ།་་་ཨུཥྞི་ཥ་བྲི་་་དེས་ཐེམ་པ་ལ་འཛུལ་ཚད་བྱང་ཆུབ་ཐོབ།དེའི་ཕྱི་ལ༔ མ་གྲུབ་པ་འགྲུབ་པར་བྱེད་པ་གྲུབ་པ་ཆུད་མི་ཟ་བའི།་་་རྣམ་འཇོམས་རིགས་གསུམ་་་མགོན་པོའི།སྙིང་པོ་འགོད༔ དེ་ཕྱིར་ཕན་ཡོན་སྟོབས་ལྡན་པའི༔ ལུང་ནས་བཤད་པའི།་་་གཟུངས་སྔགས་རྒྱུད་ནས་འབྱུང་བའི།་་་གསང་སྔགས་ཅི་རིགས་ཤོང་ཚད།་་་འགོད༔ དེའི་ཕྱིར་ས་དགྲ་དང་ཕྱི་རོལ་དམག་ཚོགས།་་་ངན་པ་ཀུན་འཇོམས་པའི༔ གཙུག་ཏོར་་་༡གདུགས་དཀར་༢གཙུག་ཏོར་རྣམ་རྒྱལ་༣གཙུག་ཏོར་འབར་བ་༤གཙུག་ཏོར་དྲི་མེད་༥པདྨ་གཙུག་ཏོར་ཏེ་གཙུག་ཏོར།་་་སྡེ་ལྔའི་ཡང་སྙིང་བྲི༔ ཡང་མཐའ་་་མུ་ཁྱུད་ཕྱི་མ་དག་ལ།མཚོན་ཆ་མེ་རིས་བསྐོར༔་་་བས་སྣ་ཚོགས་བར་ཆད་ཐམས་ཅད་སྲུང་བའོ། །ཟུར་བཞིར་སྲོག་བརྟན་པར་བྱེད་པ།་་་མི་འགྱུར་རྒྱ་གྲམ་བྲི༔ འཁོར་ལོའི།་་་རྒྱབ་ཏུ་ཨཱ་ཧྲཱིཿཁ་ཎི།་་་འབྲུ་བཞི་དུག་འཇོམས་དང༔ ངན་པ་དགུ་ཐུབ་སྣང་བརྒྱད།་་་སྙིང་པོ་་་ཏདྱ་ཐཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ།འགོད༔ ༈ ག་པུར་གུར་གུམ་གླ་རྩི་ཙནྡན་དཀར་དམར་ཏེ།་་་དྲི་བཟང་སྨན་དང་རྩིས་བསྒྱུར་ཏེ༔ རབ་གནས་་་སྤྱི་མཐུན།ལེགས་བྱས་མཆོད་རྟེན་ལ།་་་སྲོག་ཤིང་ངམ༔ གནས་ཁང་ལ།་་་ཀ་ཞུ་ལྷ་ཁང་གི།་་་ཏོག་གི་ནང་གཞུག་ན༔་་་གཞན་ཡང་ཁང་པ་གང་ལ་བྱས་ཀྱང་བཟང་སྟེ། གཙུག་ལག་ཁང་རྟེན་རྒྱལ་ཁབ་སོགས༔ ཀུན་ཀྱང་བཀྲ་ཤིས་དཔལ་བྱིན་འབར༔ འབྱུང་བ་བཞིའི།་་་ས་དགྲ་་་ངན་པ།ཐམས་ཅད་ཐུབ༔ གདོན་ཐམས་ཅད་དང་།་་་འབྱུང་པོས་གནས་དེར་ག་ལ་ཚུགས༔་་་ཏེ་མི་ཚུགས་པས་གནས་དང་རྟེན་འདྲེ་ཅན་དུ་མི་འགྱུར། འཁོར་ལོ།་་་དེ་ཉིད་ཅོང་གི་ནང་བཞུགས་ན༔ ཅོང་་་གི།སྐད་ཐོས་པའི་ས་ཁོངས་སུ༔ ས་བདག་སྡང་བས་གནོད་་་པར་ནུས།མ་ཡིན༔ རྔ་བོ་ཆེ་་་ཡི་ནང་དུ།ཡང་དེ་བཞིན་ནོ༔ འདི་ཡོད་་་པའི་གནས།འཆང་བའི་སྔགས་འཆང་་་སོགས་མི་སུ་རུང་།རྩར༔ ལྷ་འདྲེ་མི་གསུམ་་་གྱི་སྐྱེ་འགྲོ་ཀུན་གྱིས་ཅི།བསྒོ་བ་ཉན༔ སྲོག་བརྟན་་་བཞེངས་མཁན།དེ་མཆོད་་་པའི་གནས་སུ་འགྱུར།ཚེ་རིང་འགྱུར༔ ཡོན་ཏན་བསྔགས་པ་་་མདོ་རྒྱུད་དུ་གཟིགས་པས་གསལ་ཞིང་།བསམ་མི་ཁྱབ༔་་་སྟེ་གཟུངས་སྔགས་ཡོད་པས་ཆོག །ཤིན་ཏུ་གསང་སྟེ་་་མ་གསང་ན་ཐམས་ཅད་ཀྱིས་ཤེས་པས་གཙིགས་ཆུང་བྱིན་ཡལ་བས་ན།ཡིད་ལ་བརྣག༔ བཅངས་པ་དང་ངང་གི་འཇིག་རྟེན་ན་འཕགས་པས།་་་བཅས་ཆོག་འཁོར་ལོའི་རྒྱལ་པོ་འོ༔ རྒྱ་རྒྱ་རྒྱ༔ སཱ་མཱ་ཡཱ༔ ྀཨཚ༔ གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་སྤྱན་དྲངས་པ་ཕྱག་ལེན་མའོ། །ཤུ་བྷཾ།། །། ༄༅། །ཨོཾ་སྭསྟི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྲོག་ཤིང་བརྟན་པའི་འཁོར་ལོ་བྲི་ཚུལ། བྲི་གཞི་ཁྲུ་གང་གསུངས་པ་ཕྱར་ཁྲུ་གང་ལས་མི་ཆུང་བ་ལ་སྔགས་ཤོང་ན་དང་། དེ་མིན་ཆེ་ནའང་འགལ་བ་མེད་པས་སྐབས་བསྟུན། གང་ལྟར་ཡང་ལྟེ་བ་དང་བཅས་པའི་མུ་ཁྱུད་བཅུ་གསུམ་པར། དབུས་སུ་ལྔ་གླིང་ཞེས་ལྟེ་བ་ཟླུམ་པོར་བསྐོར་བའི་དབུས་སུ་ཟླུམ་པོ་ལ། མཚམས་བཞིར་ཐིག་གིས་བཅད་པའི་དབུས་སུ། ཧཱུྃབཛྲདྷྲིཀ྄ །མཱུཾདྷཱཏྭཱིཤྭརཱི། ཤར་དུ། ཨོཾཛིནཛིཀ྄ །ལཱཾདྭེཥརཏི། ལྷོར། སྭཱརཏྣདྷྲྀཀ྄ །མཱཾམོཧརཏི། ནུབ་ཏུ། ཨཱཾཨརོལིཀ྄ །པཱཾརཱགཱརཏི། བྱང་དུ། ཧཱཔྲཛྙཱདྷྲིཀ྄ །ཏཱཾབཛྲརཏི། དེའི་གོང་རས་ཀྱི་མུ་ཁྱུད་ཆུང་ངུ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བཀྲ་ཤིས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་རཀྵ་རཀྵ། མུ་ཁྱུད་དང་པོ་ལ། ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་རྩེ་ལྔ་པ་ཆུར་རྒྱུགས་ཀྱི་ལྟེ་བར་ཧཱུྃ། མུ་ཁྱུད་གཉིས་པ་ལ། འཁོར་ལོ་རྩིབས་བརྒྱད། རྩིབས་རེ་རེ་བཞིན་ཕྲེང་བྲིས་ཀྱིས། ཨོཾནམོབྷགབཏེཨཔརིམིཏཨཱཡུརྫྙཱནསུབིནིཤྩིཏཏེཛོརཱཛཱཡ། ཏཐཱགཏཱཡ། ཨརྷཏེསམྱཀྶཾབུདྡྷཱཡ། ཏདྱཐཱ། ཨོཾཔུཎྱེེཔུཎྱེམཧཱཔུཎྱེ། ཨཔརིམིཏཔུཎྱེ། ཨཔརིམིཏཔུཎྱེཛྙཱན། སམྦྷཱརོཔཙིཏེ། ཨོཾསརྦསཾ སྐཱརཔརིཤུདྡྷདྷརྨཏཱ། གགནསམུདྒཏེ། སྭབྷཱབབིཤུདྡྷེ། མཧཱནཡཔརིབཱརེསྭཱཧཱ། མ་ཤོང་ན། ཨོཾཨམཱརཎིཛཱིབནྟིཡེསྭཱཧཱ། ཨོཾབཛྲཨཱཡུཥེསྭཱཧཱ། དེའི་གོང་རས་མུ་ཁྱུད་ཆུང་ངུ་ལ་རྟ་མགྲིན་གྱི་ཟིལ་གནོན་ཁྲོ་ཆེན་བརྒྱད་ཡབ་ཡུམ་གྱི་སྔགས། ཨོཾཔདྨཀྲོདྷཧནཧནཧཱུྃཕཊ། ཨོཾགུཧྱཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷདཧདཧཧཱུྃཕཊ། ཨོཾཛྙཱནཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷཔཙཔཙཧཱུྃཕཊ། ཨོཾརཱགཱཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷབྷིནྡྷབྷིནྡྷཧཱུྃཕཊ༔ ཨོཾཙིཏྟཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷབྷནྡྷབྷནྡྷཧཱུྃཕཊ། ཨོཾབཛྲཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷཚིནྡྷཚིནྡྷཧཱུྃཕཊ། ཨོཾཡམཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷགརྫགརྫཧཱུྃཕཊ། ཨོཾནཱགཀྲོདྷཱིཧཱུྃ། ཨོཾཔདྨཀྲོདྷསྥོཊསྥོཊཧཱུྃཕཊ། ཨོཾཡགྨོཀྲོདྷཱིཧཱུྃ། མུ་ཁྱུད་གསུམ་པ་ལ། རྟེན་འབྲེལ་སྙིང་པོ་དང་། ཨོཾབོདྷིཙིཏྟམཧཱསུཁཛྙཱནདྷཱཏུཨཱཿ ཨོཾརུལུརུལུཧཱུྃབྷྱོཧཱུྃ། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས་བཀྲ་ཤིས་པའི་གཙུག་ལག་ཁང་སོགས་གོང་ལྟར། མུ་ཁྱུད་བཞི་པ་ལ། རིན་ཆེན་ཟུར་བརྒྱད། རེ་རེ་བཞིན་ཕྲེང་བྲིས་ཀྱིས། ཨོཾནམསྶརྦཏཐཱགཏེབྷྱོབིཤྭམུཁེབྷྱཿསརྦཐཱཁཾཨུཏྒཏེསྥརཎཨིམཾགགནཁཾསྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་ཚར་རེ་རེའམ། ཚར་གསུམ་རེ་བཀོད་ཀྱང་རུང་། དེའི་གོང་རས་ཆེ་བར་བསྐོར་བ་ལ་ཏདྱ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བིཛཡབིཛཡ། ཛཡབཱཧིཎི། ཤངཀརིཤངཀརི། པྲབྷཾཀརི། བདགདངསེམསཅནཐམསཅདཀྱིསརྦཤཏྲཱུཾ། ཛམྦྷཡཛམྦྷཡ། སཏྭམྦྷཡསཏྭམྦྷཡ། མོཧཡམོཧཡ། བྷགབཏེ། ཛཡབཱཧིནི། མཐཱམཐཱ། པྲམཐཱཔྲམཐཱ། གྲསགྲས། ཧསཧས། ཧཱུྃཧཱུྃ། ལཧཱུྃལཧཱུྃ། ལམྦོདྷརི། ཏྲིནེཏྲེ། ཙཏུརབཱཀྟྲེ། ཙཏུརདཾཥྚེ། ཙཏུརབྷུཛེ། ཨསིམུསལ། ཙཀྲཏྲིཤཱུལ། བཛྲཀཔཙདྷཱརིཎི། བདགགནོདཔཐམསཅདལསསྲུངསཤིགསྲུངསཤིག །ཨོཾབྷགབཏི། ཧནཧན། དཧདཧ། པཙཔཙ། མཐམཐ། པྲམཐཔྲམཐ། དྷུནདྷུན། བིདྷུནབིདྷུན། ཧཱུྃཧཱུྃ། ཕཊཕཊ། བྷཉྫབྷཉྫ། པརསཻནྱཾབིདྷྭནསཡ། སརྦཤཏྲཱུཾནཱཤཡ། དྷྭཛཨགྲཀེཡཱུརེ། ཏྲིཊཏྲིཊཏྲིཊ། བྷྲིཊབྷྲིཊ། ཨུལྐཱམུཁི། ཨུལྐཱདྷཱརཎཱི། ཏྲཻལོཀྱམཐཱནི། བིདྷྭནྶཡཔརསཻནྱན། བདགགནོདཔཐམསཅདལསསྲུངསཤིགསྲུངསཤིག །ཙལཙལ། ཙིལིཙིལི། ཙུལུཙུལུ། ཀཾཔཀཾཔ། ཀལཀལ། ཀིལིཀིལི། ཀུལུཀུལུ། མུཉྩམུཉྩ། ཨཊྚཧཱསཾ། བིདྷྭནྶཡཔརསཻནྱན། བདགགནོདཔཐམསཅདལསསྲུངསཤིགསྲུངསཤིག །ཏྲཱསཡཏྲཱསཡ། བྷྲཱམཡབྷྲཱམཡ། བུདྡྷསཏྱེན། དྷརྨསཏྱེན། སཾགྷསཏྱེན། སཏྱེབདིནཱཾ། སཏྱེན། བུདྡྷསཏྱེམཱཏིཀྲམ། དྷརྨསཏྱེམཱཏིཀྲམ། སཾགྷསཏྱེམཱཏིཀྲམ། སཏྱེབཱདིནཱཾ། སཏྱེམཱཏིཀྲམ། ལམྦོདརིལམྦྷོདརི། ཀུཊཀུཊ། ཀུཊྚཀུཊྚཀུཊྚ། ཀུཊྚཔཡཀུཊྚཔཡ། རུདྲམནཱཡ། བིཥྞུམནཱཡ། ཙནྡྲསཱུརྱབྲཧྨམནཱཡ། ཏྲཻལོཀྱཨདྷིཔཏིམནཱཡ། སརྦདེབཨདྷིཔཏིམནཱཡ། སརྦཡཀྵརཀྵས། གནདྷརྦ། ཀུཾབྷཎྜེ། མཧོརགཱཨདྷིཔཏིམནཱཡ། བིདྷྭནྶཡཔརསཻནྱཾ། རཾགརཾག །རཾགཱཔཡརཾགཱཔཡ། ཛྭཱལཛྭཱལ། པུཥྤམཱལིནི། རུནྡྷརུནྡྷ། རིཏིརིཏི། ཙིཏིཙིཏི། དྷྲིཏིདྷྲིཏི། བྷྲྀཀུཊིམུཁེཔར། སེནཀུལོཏྶཱདནིཀརི། ཧལཧལ། ཧིལིཧིལི། ཧུལུཧུལུ། ཧེཧེ། རིཎིརིཎི། རིཎིམཏི། ཛཾབྷདྷྭཛེ། སརྦབུདྡྷ། ཨབལོཀིཏེ། བདགའཇིགསཔཐམསཅདལསསྲུངསཤིགསྲུངསཤིག །སརྦཏཐཱགཏ། ཨབལོཀིཏེསྭཱཧཱ། གུཎརཱཛཔྲབྷཱསོཏྟམེསྭཱཧཱ། སཱུརྱཨརྐབིམལེསྭཱཧཱ། ཙནྡྲཨརྐབིམལེསྭཱཧཱ། སརྦགྲཧནཀྵཏྲདྷྱེམཱིཀརཎེསྭཱཧཱ། བདགའཇིགསཔདང། གནོདཔདང། ནདའགོབདང། འཁྲུགཔཐམསཅདལསསྲུངསཤིགསྲུངསཤིགསྭཱཧཱ། རྒྱལ་མཚན་རྩེ་མོའི་གཟུངས་ཚང་བ། མུ་ཁྱུད་ལྔ་པ་ལ། དབྱངས་གསལ། ཨོཾཨཨཱ། ཨིཨཱི། ཨུཨཱུ། རྀརཱྀ། ལྀལཱྀ། ཨེཨཻ། ཨོཨཽ། ཨཾཨཿསྭཱཧཱ། ཨོཾཀཁགགྷང། ཅཆཇྖྗཉ། ཊཋཌཌྷཎ། ཏཐདདྷན། པཕབབྷམ། ཡརལཝ། ཤཥསཧཀྵསྭཱཧཱ། ཚར་དུ་ཤོང་། མུ་ཁྱུད་དྲུག་པ་ལ། བྱང་ཆུབ་རྒྱན་འབུམ་གཟུངས་རིང་། ཨོཾནམོབྷགབཏེབིཔུལབདནཀཱཉྩནོཏཀྵིཔྟ། པྲབྷཱསཀེཏུམཱུརྡྷནེ། ཏཐཱགཏཱཡ། ནམོབྷགབཏེཤཱཀྱམུནཡེ། ཏཐཱགཏཱཡ། ཨརྷཏེསམྱཀྶཾབུདྡྷཱཡ། ཏདྱཐཱ། བོདྷིབོདྷིབོདྷནིབོདྷནི། སརྦཏཐཱགཏཱགོཙརེ། དྷརདྷར། ཧརཧར། པྲཧརཔྲཧར། མཧཱབྷོདྷིཙིཏྟདྷཱརེ། ཙུལུཙུལུ། ཤཏརསྨིསཉྩོདིཏེ། སརྦཏཐཱགཏཱབྷིཥིཀྟེ། གུཎིགུཎབཏེ། སརྦབུདྡྷགུཎཱབབྷཱསེ། མིལིམིལི། གགནཏལེ། སརྦཏཐཱགཏཱདྷིཥྛིཏེ། ནབྷསྟལེ། ཤམེཤམེ། པྲཤམེཔྲཤམེ། སརྦཔཱཔཾཔྲཤམཎེ། སརྦཔཱཔཾབིཤོདྷནི། ཧུལུཧུལུ། མཧཱབོདྷིམཱརྒསཾཔྲཏིཥྛིཏེ། སརྦཏཐཱགཏསུཔྲཏིཥྛིཏེཤུདྡྷེསྭཱཧཱ། ཞེས་སམ་གཟུངས་ཐུང་། ཨོཾསརྦཏཐཱགཏབྱཱབལོཀིཏེཛཡཛཡསྭཱཧཱ། ཨོཾཧུརུཧུརུཛཡམུཁེསྭཱཧཱ། ཨོཾབཛྲཨཱཡུཥེསྭཱཧཱ། མུ་ཁྱུད་བདུན་པ་ལ་པད་འདབ་བཅུ་དྲུག །རེ་རེའི་ནང་དུ་དབྱངས་གསལ་ཚར་རེ། མུ་ཁྱུད་བརྒྱད་པ་ལ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་གཟུངས། བི་ས་ར་ཏ། བིསརཏ། བིསརཏ། བིསརཏ། སངསརྒྱསའཇིགརྟེནལཐུགསབརྩེབཅནགྱིསབཀའབསྩལཏོ། །སངསརྒྱསཐམསཅདཀྱིདགོངསཔ། རངསངསརྒྱསཐམསཅདཀྱིབསམཔ། དགྲབཅོམཔཐམསཅདཀྱིབསམཔ། སློབཔཐམསཅདཀྱིབསམཔ། ཉནཐོསཐམསཅདཀྱིབསམཔ། བདེནཔའིཚིགདངལྡནཔཐམསཅདཀྱིབསམཔ། ཆོསཀྱིབསམཔ། ཚངསཔའིབསམཔ། ཚངསཔསོསོའིབསམཔ། འདོདཔའིདབངཕྱུགགིབསམཔ། དབངཔོའིབསམཔ། ལྷའིབསམཔ། ལྷམཡིནགྱིདབངཔོའིབསམཔ། ལྷམཡིནཐམསཅདཀྱིབསམཔ། ལྷམཡིནགྱིམངགགཞུགཔའིབསམཔ། འབྱུངཔོཐམསཅདཀྱིབསམཔ། བིསརཏ། བིསརཏ། བིསརཏ། བིསརཏ། སངསརྒྱསའཇིགརྟེནལཐུགསབརྩེབཅནགྱིསབཀའབསྩལཏོ། །མུཉྩཏ། མུཉྩཏ། མའདུགཅིག །ཡམསཀྱིནདརྣམསཞིབརགྱུརཅིག །ནིརྒཙྪཏ། ནིརྒཙྪཏ། ནིརྒཙྪཏ། ནིརྒཙྪཏ། སངསརྒྱསལྷཆེནཔོལྷའིཡངལྷ། ལྷའིབླམགཤེགསཤིང། དབངཔོདངབཅསཔའིལྷརྣམསདང། ཚངསཔདངབཅསཔརྣམསདང། དབངབདགདངབཅསཔརྣམསདང། སྐྱེདགུའིབདགཔོདངབཅསཔརྣམསདང། འཇིགརྟེནསྐྱོངབབཞིཔོདགཀྱངའོང། ལྷའབུམཕྲགདུམདགདང། ལྷམཡིནགྱིདབངཔོརྣམསདང། ལྷམཡིནའབུམཕྲགདུམདགཀྱངའོང། བཅོམལྡནའདསལམངོནཔརདདཔའིའབྱུངཔོའབུམཕྲགདུམདགཀྱངསེམསཅནཐམསཅདཀྱིདོནགྱིཕྱིརའོངསཏེ། དེདགཁྱེདརྣམསལགནོདཔཆེནཔོབྱེདཔརའགྱུརདུའོངགིས། ནིརྒཙྪཏ། ནིརྒཙྪཏ། ནིརྒཙྪཏ། ནིརྒཙྪཏ། མྱུརདུབྱེརཅིག །ཁྱེདཅགལསགངདགསྡངབའིསེམསདངལྡནཔདེདགནིཕུངབརགྱུརཅིག །གངདགབྱམསཔའིསེམསདངལྡནཔདང། ཉེསཔརམིའདོདལསྲུངབརའཇུགཔརའདོདཔདེདགནིའཁོདཅིག །ལུསལཡངའཇུགཔརགྱིསཤིག །སངསརྒྱསའཇིགརྟེནལཐུགས བརྩེབཅནགྱིསབཀའབསྩལཔ། སུམུསུམུ། སུམུསུམུ། སུམུ། སུམུརུ། སུམུརུ། སུམུརུ། སུམུརུ། སུམུརུ། སུམུརུ། སུམུརུ། མུརུ། མུརུ། མུརུ། མུརུ། མུརུ། མུརུ། མུརུ། མུརུ། མུརུ། མིརི། མིརི། མིརི། མིརི། མིརི། མིརི། མིརི། མུརུམིརི། མུརུམིརི། མུརུམིརི། མུརུམུརི། མུརུམིརི། མུརུམིརི། མུརུམིརི། མུརུམིརི། མུརུམིརི། མུརུམིརི། མུརུམིརི། མུརུམིརི། མུརཱུརིཏི། རིརིརིརིརིརི། རཱིརཱིརཱིརཱིརཱིརཱི། ཏིམིརི། མིརི། མིརི། མིརི། མིརི། མིརི། མིརི། མིརིཏི། ཧསིམིརི། མཱརཱིཏི། མིཏི། སིསཱིསིམཱི། ཀངྐར། ཀརཀཏ། ཀངྐརཱ། ཀངྐཙ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརཱ། ཀངྐརོཏཱིཏི། ཀུརི། ཤོཀངྐར། ཀངྐརིཤི །རིརིརིརིརིརི། ཏིརིཏེཕུསྭཱ། རིཕུརིཕུ། རིཕུརིཕུ། རིཕུརིཕུ། རིཕུ། ནཱཐཱནཱནཱཐཱཐ། རིཕུརིཕུ། ནཱཐཱཐ། ནིརྒཙྪཏ། རིཕུརིཕུ། ནིརྒཙྪཏ། པལཡཱཐ། རིཕཱུརིཕཱུ། པལཱཡཏ། སངསརྒྱསའཇིགརྟེནལཐུགསབརྩེབཅན། སེམསཅནཐམསཅདལཕནཔརལྷགཔརདགོངསཔདངལྡནཔ། བྱམསཔལགནསཔ། ཐུགསརྗེདངལྡནཔ། དགའབལགནསཔ། བཏངསྙོམསལགནསཔགཤེགསཀྱིསཀྵིཕྲནནིརྒཙྪཏསྭཱཧཱ། སངསརྒྱསཀྱིཡེཤེསཀྱིམཆོགདངཆོསཉིདཀྱིས། ལྷཐམསཅདདངའབྱུངཔོཐམསཅདལབཀའབསྩལཔའིགསངསྔགསཀྱིགཞིའདིདགནིགྲུབཔའོ། །ཚིགསསུགཅདཔའདིདགནིགྲུབཔའོ། །གངལསེརསྣརྣམཆགསཔ། །རྣམའཇོམསདྲིམམེདམཛདཅིང། །ཐུགསཞིགནོདཔམིམངའདེས། ཁྱེདལབདེལེགསམཛདཔརའགྱུར། །འདྲེནཔགངཞིགའགྲོབརྣམས། །ཐརཔའིལམདུའཛུདམཛདཅིང། །ཆོསརྣམསཐམསཅདསྟོནཔདེས། ཁྱེདལབདེལེགསམཛདཔརགྱུར། །སྟོནཔརྒྱུགཔརྣམསཀྱིརྟེན། །སེམསཅནཀུནགྱིདོནགྱིཕྱིར། །གངགིབདེབམངའམཛདདེས། ཁྱེདལབདེལེགསམཛདཔརགྱུར། །སྐྱོབཔགངཞིགབྱམསཔཡི། །ཐུགསཀྱིསའགྲོབའདིདགཀུན། །བུགཅིགབཞིནདུརྟགབསྐྱངསདེས། ཁྱེདལབདེལེགསམཛདཔརའགྱུར། །གངཞིགའཁོརབརའཁོརབཡི། །སེམསཅནཀུནགྱིརྟེནགྱུརཅིང། །གླིངདངདཔུངགཉེནགྱུརཔདེས། ཁྱེདལབདེལེགསམཛདཔརའགྱུར། །གངཞིགཆོསཀུནམངོནསུམགྱུར། །གཙངཞིངསླུབམིམངའལ། །གསུངགཙངགཙངམརམཛདཔདེས། ཁྱེདལབདེལེགསམཛདཔརགྱུར། །དཔའབོཆེནཔོགངསྐྱེསཔ། །ཕུནསུམཚོགསདོནའབྱོརགྱུརཅིང། །དོནགྲུབཚོགསཀྱངགྲུབཔདེས། ཁྱེདལབདེལེགསམཛདཔརའགྱུར། །གངཞིགསྐྱེསཔསསརྣམསནི། །ནགསཚལབཅསཔརབགཡོསཤིང། །སེམསཅནཐམསཅདརབདགའདེས། ཁྱེདལབདེལེགསམཛདཔརའགྱུར། །བྱངཆུབསྙིངཔོརགངཞིགགིས། །སདགརྣམདྲུགགཡོསགྱུརཅིང། །བདུདཡིདམིབདེརགྱུརཔདེས། ཁྱེདལབདེལེགསམཛདཔརའགྱུར། །ཆོསཀྱིའཁོརལོབསྐོརབན། །འཕགསཔའིབདེནཔརྣམགསུངབ། །ཐུབཔའིསྙནཔགངབྱུངདེས། ཁྱེདལབདེལེགསབྱེདཔརའགྱུར། །ཡིདའཕྲོགགངགིསམུསྟེགསབྱེད། །ཐམསཅདཆོསཀྱིསཕམམཛདཅིང། །ཚོགསཀུནདབངདུམཛདཔདེས། ཁྱེདལབདེལེགསམཛདཔརའགྱུར། །སངསརྒྱསཁྱེདལབདེལེགསམཛད། །བརྒྱབྱིནལྷརབཅསབདེལེགསདང། །འབྱུངཔོཀུནགྱིསབདེལེགསནི། ཁྱེདལརྟགཏུསྦྱིནགྱུརཅིག །སངསརྒྱསབསོདནམསམཐུདགདང། །ལྷརྣམསཀྱིསནིབསམཔཡིས། ཁྱེདརྣམསའདོདདོནགངཡིནཔ། །དོནདེདེརིངགྲུབགྱུརཅིག །རྐངགཉིསཁྱེདཅགབདེལེགསཤོག །རྐངབཞིཁྱེདཅགབདེལེགསཤོག །ཁྱེདཅགལམའགྲོབདེལེགསཤོག །ཕྱིརའོངདགཀྱངབདེལེགསཤོག །ཉིནམོབདེལེགསམཚནབདེལེགས། །ཉིནམའིགུངལའངབདེལེགསཤོག །ཁྱེདཅགཀུནཏུབདེལེགསཤོག །ཁྱེདཅགསྡིགཔརམགྱུརཅིག །སངསརྒྱསལྷརྣམསསྟོངདགགིས། །ཡོངསསུབསྐོརཏེགཤེགསམཛདཀྱིས། །སྡངསེམསལྡནཔརྣམསབྱེརཅིག །སྙིངརྗེའིབདགཉིདཅནརྣམསའཁོད། །སངསརྒྱསརངསངསརྒྱསརྣམསདང། །དགྲབཅོམསློབཔའིབདེནཚིགགིས། །འཇིགརྟེནམིཕནབྱེདཔརྣམས། །གྲོངཁྱེརའདིརནིསྟོངགྱུརཅིག །སེམསཅནཀུནདངསྲོགཆགསཀུན། །འབྱུངཔོཀུནདངཁྱེདཅགཀུན། །བདེབའབའཞིགལྡནགྱུརཅིག །ཐམསཅདནདརྣམསམེདཔརཤོག །ཀུནགྱིསབཟངརྣམསམཐོངགྱུརཅིག །གངཡངསྡིགཔརམགྱུརཅིག །འབྱུངཔོགངདགའདིརནིལྷགསགྱུརཅིང། །སདངབརསྣངདགལགནསཔརྣམས། །སྐྱེདགུརྣམསལརྟགཏུབྱམསབྱེདཤོག །ཉིནདངམཚནདུཆོསཀྱངསྤྱོདགྱུརཅིག །ཅེས་པའི་བར་གཟུངས་དང་བཀྲ་ཤིས་ཚིགས་བཅད་ཚང་བའམ། དེ་ཙམ་མི་ཤོང་ན་གཟུངས་ཀྱི་མཐར། བྱངཆུབསྙིངཔོརསོགས་ཤླ་ོཀ་བཞི་ཙམ་དང་། གཙུག་ཏོར་དྲི་མེད་ཀྱི་གཟུངས་ཐུང་། ཨོཾནམསཏྲཻཡདྷྭིཀཱནཱཾསརྦཏཐཱགཏཧྲྀདཡ། གརྦྷེཛྭལཛྭལདྷརྨདྷཱཏུགརྦྷེསཾབྷརམམཨཱཡུཿསཾཤོདྷཡ། སཾཤོདྷཡ། མམསརྦཔཱཔཾ། སརྦཏཐཱགཏསམནྟོཥྞཱིཥ བིམལེབིཤུདྡྷེཧཱུྃཧཱུྃཧཱུྃཧཱུྃ། ཨཾབཾསཾཛསྭཱཧཱ། པདྨ་གཙུག་ཏོར་གྱི་སྔགས། ཨོཾཔདྨོཥྞཱིཥབིམལེཧཱུྃཕཊ། མུ་ཁྱུད་དགུ་པ་ལ། རྣམ་འཇོམས་གཟུངས། ནམོརཏྣཏྲཡཱཡ། ནམཤྩཎྜབཛྲཔཱཎཡེ། མཧཱཡཀྵསེནཱཔཏཡེ། ཏདྱཐཱ། ཨོཾཏྲུཊཏྲུཊ། ཏྲོཊཡཏྲོཊཡ། སྥུཊསྥུཊ། སྥོཊཡསྥོཊཡ། གྷཱུརྞཱགྷཱུརྞཱ། གྷཱུརྞཱཔཡགྷཱུརྞཱཔཡ། སརྦསཏྭཱནི། བོདྷཡབོདྷཡ། སཾབྷོདྷཡསཾབྷོདྷཡ། བྷྲཱམབྷྲཱམ། སཾབྷྲཱམཡསཾབྷྲཱམཡ། སརྦབྷཱུཏཱནི། ཀུཊྚཀུཊྚ། སཾཀུཊྚཡསཾཀུཊྚཡ། སརྦཤཏྲཱུན། གྷཊགྷཊ། སཾགྷཊཡསཾགྷཊཡ། སརྦབིདྱཱཾབཛྲབཛྲ། སྥོཊཡབཛྲབཛྲ། ཀཊབཛྲབཛྲ། མཊབཛྲབཛྲ། མཐབཛྲབཛྲ། ཨཊྚཧཱསནཱིལབཛྲསུབཛྲཱཡསྭཱཧཱ། ཧེཕུལླུ། ནིརུཕུལླུ། གྲྀཧྞཀུལླུ། མིལིཙུལླུ། ཀུརུཀུལླུ། བཛྲབིཛཡཱཡསྭཱཧཱ། ཀཱིལིཀཱིལཡསྭཱཧཱ། ཀཊཀཊ། མཊམཊ། རཊརཊ། མོཊན། པྲམོཊནཱཡསྭཱཧཱ། ཙརནིཙར། ཧརཧར། སརསར། མཱརཡ། བཛྲབིདཱརཎཡསྭཱཧཱ། ཙྪིནྡྷཙྪིནྡྷ། བྷིནྡྷབྷིནྡྷ། མཧཱཀཱིལིཀཱིལཡསྭཱཧཱ། བྷནྡྷབྷནྡྷ། ཀྲོདྷབཛྲཀཱིལིཀཱིལཡསྭཱཧཱ། ཙུརུཙུརུ། ཙཎྜཀཱིལིཀཱིལཡསྭཱཧཱ། ཏྲཱསཡཏྲཱསཡ། བཛྲཀཱིལིཀཱིལཡསྭཱཧཱ། ཧརཧར། བཛྲདྷརཱཡསྭཱཧཱ། པྲཧརཔྲཧར། བཛྲཔྲབྷཉྫནཱཡསྭཱཧཱ། མཏིསྡྱིརབཛྲ། ཤཱུཏིསྡྱིརབཛྲ། པྲཏིསྡྱིརབཛྲ། མཧཱབཛྲ། ཨཔྲཏིཧཏབཛྲ། ཨམོགྷབཛྲ། ཨེཧྱེཧི། ཤྲཱིགྷྲཾབཛྲདྷརཱཡསྭཱཧཱ། དྷརདྷར། དྷིརིདྷིརི། དྷུརུདྷུརུ། སརྦབཛྲཀཱུལམཱབརྟཡསྭཱཧཱ། ཨམུཀམཱརཡཕཊཿ ནམཿསམནྟབཛྲཎཾ། སརྦབཛྲཀུལམབརྟཡ། མཧཱབལེ། ཀཏཔལེ། ཏཏལེ། ཨཙལེ། མཎྜལམཡེ། ཨཏིབཛྲ། མཧཱབལེ། བེགརནརན། ཨཛིཏེ། ཛྭལཛྭལ། ཏིཊིཏིཊི། ཏིངྒལེ། དཧདཧ། ཏེཛྭབཏི། ཏིལིཏིལི། བྷནྡྷབྷནྡྷ། མཧཱབལེབཛྲཨངྐུཤཛྭལཱཡསྭཱཧཱ། ནམོརཏྣཏྲཡཱཡ། ནམཤཙཎྜབཛྲཔཱཎཡེ། མཧཱཡཀྵསེནཱཔཏཡེ། ཏདྱཐཱ། ཨོཾཧརཧརབཛྲ། མཐམཐབཛྲ། དྷུནདྷུནབཛྲ། དཧདཧབཛྲ། པཙཔཙབཛྲ། དྷརདྷརབཛྲ། དྷཱརཡདྷཱརཡབཛྲ། དཱརུཎདཱརུཎབཛྲ། ཙྪིནྡྷཙྪིནྡྷབཛྲ། བྷིནྡྷབྷིནྡྷབཛྲཧཱུྃཕཊཿ ནམཤྩཎྜབཛྲཀྲོདྷཡ། ཧུལུཧུལུ། ཏིཥྛཏིཥྛ། བནྡྷབནྡྷ། ཧནཧན། ཨམྲྀཏེཧཱུྃཕཊ། ཅེས་དང་། ཨོཾཝཱགཱིཤྭརིམཱུཾ། ཨོཾམཎིཔདྨེཧཱུྃ། ཨོཾབཛྲཔཱཎིཧཱུྃ། མུ་ཁྱུད་བཅུ་པ་ལ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ཨོཾནམསཏྲཻཡདྷྭིཀཱནཾ། སརྦཏཐཱགཏཱནཾ། སརྦཏྲཨཔྲཏིཧཏཱཔཱཔྟི། དྷརྨཏཱབཱལཱིནཱཾ། ཨཾཨ། སམསམསམནྟཏོ། ཨཱནནྟཱཔཱཔྟིཤཱསནིཧརཧརསྨརསྨརཎིབིགཏརཱགབུདྡྷདྷརྨཏེ། སརསརསམབལཧསཧས། ཏྲཡཏྲཡ། གགནམཧཱབརཎལཀྵཎེཛྭཱལཛྭཱལནསཱགརེསྭཱཧཱ། ཞེས་དང་། ཏདྱཐཱ། ཨོཾམུནིམུནིམཧཱམུནཡེསྭཱཧཱ། ཞེས་དང་། སྨན་བླའི་གཟུངས། ནམོབྷགཝཏེབྷཻཥཛྱེགུརུབཻཌཱུརྻ། པྲབྷརཱཛཱཡ། ཏཐཱགཏཱཡ། ཨརྷཏེསམྱཀྶཾབུདྡྷཱཡ། ཏདྱཐཱ། ཨོཾབྷཻཥཛྱེབྷཻཥཛྱེམཧཱབྷཻཥཛྱེརཱཛཱསམུངྒཏེསྭཱཧཱ། གསང་བ་རིང་བསྲེལ་གྱི་གཟུངས་ཐུང་། ཨོཾསརྦཏཐཱགཏོཨུཥྞཱིཥདྷཱཏུམུདྲཱཎཱིསརྦཏཐཱགཏདྷརྨདྷཱཏུབིབྷཱུཥིཏཨདྷིཥྛིཏེཧུརུཧུརུཧཱུྃཧཱུྃསྭཱཧཱ། རིགས་ཀྱི་བདག་པོ་འཇམ་དཔལ་དབྱངས་ཀྱི་སྙིང་པོ། ཨོཾབཱཀྱེདཾནམཿ ཨོཾཨརཔཙནདྷཱིཿ སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས། ནམོམཉྫུཤྲཱིཡེཀུམཱརབྷཱུཏཱཡ། བོདྷཱིསཏྭཱཡ། མཧཱསཏྭཱཡ། མཧཱཀཱརུཎིཀཱཡ། ཏདྱཐཱ། ཨོཾཨརཛེ། བིརཛེ། ཤུདྡྷེབིཤུདྡྷེ། ཤོདྷཡབིཤོདྷཡ། ཨམལེ། བིམལེ། ནིརྨལེ། ཛཡཝརེ། རུརུཙལེ། ཧཱུྃཧཱུྃཧཱུྃཕཊཕཊཕཊསྭཱཧཱ། བཅས། པདྨའི་རིགས་ཀྱི་གཙོ་བོ་ཚེ་གཟུངས། རིགས་ཀྱི་བདག་པོ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་གཟུངས། ནམོརཏྣཏྲཡཱཡ། ནམཿཨཱརྻཛྙཱནསཱགརབཻརོཙནབྱུཧརཱཛཱཡ། ཏཐཱགཏཱཡ། ཨརྷཏེསམྱཀྶཾབུདྡྷཡ། ནམཿསརྦཏཐཱགཏེབྷྱཿ ཨརྷཏེབྷྱཿ སམྱཀྶཾབུདྡྷེབྷྱཿ ནམཿཨཱརྻཨཝལོཀིཏེཤྭརཱཡ། བོདྷིསཏྭཡ། མཧཱསཏྭཡ། མཧཱཀཱརུཎིཀཱཡ། ཏདྱཐཱ། ཨོཾདྷརདྷར། དྷིརིདྷིརི། དྷུརུདྷུརུ། ཨིཊྚེ། བཊྚེ། ཙལེཙལེ། པྲཙལེཔྲཙལེ། ཀུསུམེཀུསུམབརེ། ཨིལིམིལི། ཙིཏིཛྭལམཱཔནཡསྭཱཧཱ། སྤྲོ་ན་དོན་ཞགས་གཟུངས་ཐུང་། ཨོཾཧྲཱིཿཏྲེལོཀྱབིཛཡ། ཨམོགྷཔཱཤཨཔྲཏིཧཏཧྲཱིཿཧཿཧཱུྃཕཊསྭཱཧཱ། ཞེས་དང་། འཁོར་བ་དོང་སྤྲུགས་གཟུངས། ཨོཾབིཔུལགརྦྷེ། མཎིཔྲབྷེ། ཏཐཱགཏནིརྡེཤནི། མཎིམཎིསུཔྲབྷེ། བིམལེ། སཱགརགམྦྷིརེཧཱུྃཧཱུྃ། ཛྭལཛྭལ། བུདྡྷབིལོཀིཏེ། གུཧྱཨདྷིཥྛིཏེགརྦྷེསྭཱཧཱ། པདྨདྷཱརཨམོགྷཛཡཏེཙུརུཙུརུསྭཱཧཱ། རྡོ་རྗེའི་རིགས་ཀྱི་བདག་པོ་མི་འཁྲུགས་པའི་གཟུངས། ནམོརཏྣཏྲཡཱཡ། ཨོཾཀཾཀནིཀཾཀནི། རོཙནིརོཙནི། ཏྲོཊནིཏྲོཊནི། ཏྲཱསནིཏྲཱསནི། པྲཏིཧནཔྲཏིཧན། སརྦཀརྨཔརཾཔརཱཎིམེསརྦསཏྭཱནཱཉྩསྭཱཧཱ། རིགས་ཀྱི་གཙོ་བོ་ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས། ཏདྱཐཱ། བྷོབྷོབཱནྣཱགཨདྷིཔཏཡེ། ཨིདནྣཱིལཱཾབརདྷརཤརཱིརཾ། བཛྲཔཱཎིཧྲྀདཡཾ། ཡཿསམཱཏིཀྲམཐ། ཨུཏྶཱདནཾབྷབིཥྱཏི། ཏདྱཐཱ། བུདྡྷབུདྡྷ། བིབུདྡྷབིབུདྡྷ། མཏིཔྲཱཔྟ། ཧརཱཧརནཱགཱནཱཾ། པྲཧརཔྲཧརནཱགཱནཱཾ། ཙྪིནྡཙྪིནྡནཱགཧྲིདཡཱནི། བྷིནྡྷབྷིནྡྷནཱགམརྨཱཎི། བིསཱིརྱནྟུནཱགཤརཱིརཱཎི། བིསྥོཊཡནཱགནཱཡནཱནི། ཏདྱཐཱ། ཧཱུྃཕཊ། ནཱགབིདཱརཎཱཡཕཊ། ནཱགོཏྶཱདནཱཡཕཊ། ནཱིལཱཾཔསནཱཡཕཊ། ཨཔྲཏིཧཏབལཔརཱིཀྲམཱཡཕཊ། ཀྲྀཏཱནྟཱཡཕཊ། ཀྲྀཏཱནྟཱརཱུཔཡཕཊ། རོཥཎཱཡཕཊ། ཏྲཱསནཱཡཕཊ། ཀུམྦྷཱཎྜོཏྶཱདནཱཡཕཊ། པྲེཏཔིཤཱཙིབིནཱཤཀརཱཡཕཊ། ཡཀྵཱཔཱསྨརབིནཱཤཀརཱཡཕཊ། ཧསཧས། དཱརདཱར། མཱརཡམཱརཡ། ནཱཤཡནཱཤཡ། སརྦབིགྷྣཱཾབིནཱཤཀརཱཡཕཊ། སརྦཤཏྲཱུཾསཾགྷབིནཱཤཀརཱཡཕཊ། ཨོཾནཱིལཱཾབརདྷརབཛྲཔཱཎིརཱཛྙཱཔཡཏིསྭཱཧཱ། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་སྔགས། ནམཿསམནྟབུདྡྷནཱཾ། ཨསམཔཏདྷརྨདྷཱཏུཀཱརྻགཏེགཏཱནཱ། སརྦཐཱཨོཾཁཾཨཾཨཿ སཾསཧཾཧརཾརབཾབཧཾཧསྭཱཧཱ། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་ཀྱི་སྔགས། ཨོཾབཛྲསཏྭཧཱུྃ། ཨོཾསརྦཏཐཱགཏམཧཱཡོགིཤྭརཧཱུྃ། ཞེས་པ་ཙམ་དང་། ཨོཾནམོབྷགཝཏེ། སརྦདུརྒཏེཔརིཤོདྷནིརཱཛཱཡ། ཏཐཱགཏཱཡ། ཨརྷཏེསམྱཀྶཾབུདྡྷཱཡ། ཏདྱཐཱ། ཨོཾཤོདྷནེཤོདྷནེ། སརྦཔཱཔཾབིཤོདྷནེ། ཤུདྡྷེབིཤུདྡྷེ། སརྦཀརྨཨཱབརཎབིཤུདྡྷེསྭཱཧཱ། ཞེས་རྩ་རིག །བླ་མེད་ཕ་རྒྱུད་གསང་འདུས་ཀྱི་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་གོང་དུ་སོང་བས། ཨོཾཨཱཿཧཱུྃ། ཚར་གྲངས་གང་རིགས། ཕ་རྒྱུད་བདེ་མཆོག་གི །ཨོཾཤྲཱིབཛྲཧེཧེརུརུཀཾཧུཾཧཱུྃཕཊ། ཌཱཀིནཱིཛྭལསམྦརཾསྭཱཧཱ། ཨོཾཧྲཱིཿཧཧཧུཾཧཱུྃཕཊ། ཀྱེ་རྡོ་རྗེའི་སྔགས། ཨོཾདེཝཔིཙུབཛྲཧཱུྃཧཱུྃཧཱུྃཕཊསྭཱཧཱ། དུས་ཀྱི་འཁོར་ལོའི་སྔགས། ཨོཾཨཱཿཧཱུྃཧོཿྈསྭཱཧཱ། མདོ་དང་སྒྱུ་འཕྲུལ་གཉིས་ཀའི་སྙིང་པོ་བསྡུས་པ། ཨོཾཨཱཿཧཱུྃབོདྷིཙིཏྟམཧཱསུཁཛྙཱནདྷཱཏུཨཱཿ ཨོཾརུལུརུལུཧཱུྃབྷྱོཧཱུྃ། བཀའ་བརྒྱད་སྤྱི་བྱེ་བྲག་གི་སྔགས། ཨོཾབཛྲཙཎྜསརྦདུཥྚཱནཏཀཧནདཧཔཙཧཱུྃཕཊ། ཨོཾབཛྲཀྲོདྷམཧཱཤྲཱིཧེརུཀཧཱུྃཕཊ། ཨོཾརུལུརུལུཧཱུྃབྷྱོཧཱུྃཕཊ། ཨོཾཨཀྲོཏེཀཡམཱནྟཀ ཧནམཐབྷཉྫཧཱུྃཕཊ། ཨོཾཔདྨཱནྟཀྲྀཏབཛྲཀྲོཏཧཡགྲཱིཝཧཱུྃཕཊ། ཨོཾབཛྲཀཱིལིཀཱིལཡསརྦབིགྷྣཱཾབཾཧཱུྃཕཊ། ཨོཾགུཧྱཛྙཱནཤྲཱིཧེརུཀགུཧྱཛྙཱནཀྲོདྷཱིཤྭརཱིསཏྭཾམམཡོགིནཱིརུལུརུལུཧཱུྃབྷྱོཧཱུྃཕཊ། ཨོཾབཛྲམཧཱགུརུསརྦསིདྡྷིཧཱུྃཕཊ། ཨོཾབཛྲཙཎྜསརྦདུཥྚཱནཧཱུྃཕཊ། ཨོཾབཛྲསརྦདུཥྚཱནཧཱུྃཕཊ། ཨོཾབཛྲསརྦཡཀྴསམཡཧཱུྃཕཊ། ཨོཾབཛྲམཧཱཀྲོདྷཔདྨཀྲོདྷཱིཤྭརཱིབཛྲཀཱིལིཀཱིལཡ། མཧཱཡཀྵཀཱལརཱུཔཀརྨརཾརཾཛྭལརཾཧཱུྃཕཊ། ཅེས་གང་རིགས། ཡི་གེ་བརྒྱ་པ། ཨོཾབཛྲསཏྭསམཡ། མནུཔཱལཡ། བཛྲསཏྭཏེནོཔཏིཥྛདྲྀཌྷོམེབྷཝ། སུཏོཥྱོམེབྷཝ། སུཔོཥྱོམེབྷཝ། ཨནུརཀྟོམེབྷཝ། སརྦསིདྡྷིམྨེཔྲཡཙྪཿ སརྦཀརྨསུཙམེ། ཙིཏྟཾཤྲེཡཾཀུརུཧཱུྃ། ཧཧཧཧཧོཿ བྷགཝན། སརྦཏཐཱགཏཧྲྀདཡ། བཛྲམཱམེམུཉྩ། བཛྲིབྷཝམཧཱསམཡསཏྭཨཱཿ རྫོགས་ཆེན་སྙིང་ཏིག་གི་བཏགས་གྲོལ་ལས་འབྱུང་བའི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ། ཨེམཀིརིཀིརི། མསཏབྷལིབྷལི། སམིཏསུརུསུརུ། ཀུནདྷལིམསུམསུ། ཨེཀརིསུལིབྷཏཡཱེ། ཙཀིརབྷམིཏལྱེཡཱེ། སམུནཏཿཙརྻསུགྷཡཱེ། བྷིཏིལསནབྷྱཿགུལིཡཱེ། སཀིརིདྷཱུཀནི། མཏརིབྷྱཏེན། པརལིཧེསན། མཁརཏེཀེལན། སཾབྷུརཏ། མེཀཙརཏཾཔ། སུརྻགྷཏརཨེཤསཤན། རནབྷིཏིསགྷུཏིཔཡང། གྷུརགྷུརཔགཁརནལཾ། ནརནརཨིཐསནྡལེ། སིརནསིརནབྷེསབྷེསརསཔལཾ། བྷུདྡྷབུདྡྷ། བྷུདཚིཥསཁྱེལཾ། སསཱ། རིརཱི། ཁེཁཱེ། ཨིཨཱི། མམཱ། རིརཱི། ལཧཨཿ ༈ མསདྷབྷསལི། སམིཏསུརུསུརུ། ཀུནདྷལིམསུ། ཨེཀེརིལིབྷཏཡེ། ཙཀབྷུལིཏལྕེཡེ། སམུནྟཙརྻསུབྷཡེ། བྷིཏིསནབྷགུཡེ། ཀིརིཊཀིནི། དྷཀམཧཱབྷོརེཏནསརབྷལིདྷི། སནཾཁརཏཀེལན། སཾབྷུདརཏ། ཨེཀཙརསབསཏན། ཏསསུརྻགྷཏརཨ། མནསརལིཧོ། ཏིངགྷུརལ། མསྨིནསགྷུཏིལ། ཏཡགྷུརགྷུར། བརླངསགཁཔརནལཾ། ནརནརལཾ། ཨིཐརཔཏལཾ། སིརྣསིརྣ། བྷེསརཔསལཾ། སཀེལཾ། སསཱ། རིརཱི། ལིལཱི། ཨིཨཱི། མམཱ། རརཱ། ཞེས་དང་། ཞེན་ཟློག་ཉེར་ལྔ། ཀརྨཱརཀྴགྷིཧངཏི། །བེགརནསོགདགླིང། །བྷུགརིལབྷདྷུདྲི། །རམཔཀལསམིཁྱེ། །མཏངཕཕེརརསམིཏ། ཁཊརེཀྵསམིགརླུང། །ཨེཀརནབྷེཙཀཤ །ཡརིམུཏསགྷུལི། །ཡསིངརརླུངཔལཡཱ། །མམཱཀོལིངསམནྟ། །གརིཡཾཔརམིཏི། །བྷུགསེངཧཕགྷལ། །རམིསིཔིཁེཏཔ། །བིགཁུམལཔཏཾཀི །སམཉིབདྷེརཔ། །བཛྲསཏྭདྲྀཌྷོམེ། །གྷེབསུགྷརརྣམཡེ། །དྷརྨཱཔཏིསགྷུལི། །རསམིསམཁརྒདཙེ། །རུཔསམིམིཏལཾ། །ངཏིགཔཡཾཀལིས། །གཚོཔཡཾསཨིཏི། །ཀརྨཱཨེཀཨནུས། །སཾཀྲིམམཀརྨཱཏ། །ངལཁེཔཀིལིས། ཞེས་ཚང་བའམ། དེ་ཙམ་མི་ནུས་ན། ཨོཾབཛྲསཏྭཨཱཿ འཿཨཿཤཿསཿམཿཧཿ མམཀོལིངསམནྟ། ཞེས་པ་ཙམ་བྲི། མུ་ཁྱུད་བཅུ་གཅིག་པ་ལ། ༡གཙུག་ཏོར་གདུགས་དཀར་གྱི་ཉེ་སྙིང་། ཏདྱཐཱ། ཨོཾཨནལེཨནལེ། ཁསམེཁསམེ། བཻརེབཻརེ། སཽམེསཽམེ། ཤཱནྟེཤཱནྟེ། དཱནྟེདཱནྟེ། བིཥདེབིཥདེ། བཱིརེབཱིརེ། དེབཱིབཛྲདྷརི། བནྡྷབནྡྷནི། བཛྲཔཱཎིཕཊ། ཨོཾཧཱུྃཧཱུྃདྲུཾཥྚོཾཕཊསྭཱཧཱ། ཧཱུྃཧཱུྃཧཱུྃབནྡྷཕཊཿ བདགལསྲུངསཤིགསྭཱཧཱ། ཨོཾབཛྲཔཱཎིབནྡྷབནྡྷབཛྲཔཱཤེནམམསརྦདུཥྚཱཾབིནཱཡཀཾཧཱུྃཧཱུྃཕཊཕཊསྭཱཧཱ། ༢གཙུག་ཏོར་རྣམ་རྒྱལ་གཟུངས། ཨོཾནམོབྷགབཏེ། སརྦཏྲཻལོཀྱ། པྲཏིབིཤིཥྚཱཡབུདྡྷཱཡཏེནམཿ ཏདྱཐཱཨོཾབྷྲཱུྃབྷྲཱུྃབྷྲཱུྃ། ཤོདྷཡཤོདྷཡབིཤོདྷཡབིཤོདྷཡ། ཨསམསམནྟཨབབྷསསྥརཎགཏི། གགནསྭབྷཱབབིཤུདྡྷེ། ཨུཥྞཱིཥབིཛཡཔརིཤུདྡྷེ། ཨབྷིཥིཉྩཏུམཱཾ། སརྦཏཐཱགཏཱཿསུགཏ། བརབཙནཨམྲྀཏཨབྷིཥེཀཻརམཧཱམུདྲཱམནྟྲཔཱདཻཿ ཨོཾཨཱཧརཨཱཧརམམཨཱཡུསྶཾདྷཱརཎི། ཤོདྷཡཤོདྷཡབིཤོདྷཡབིཤོདྷཡ། གགནསྭབྷཱབབིཤུདྡྷེ། ཨུཥྞཱིཥབིཛཡཔརིཤུདྡྷེ། སཧསྲརསྨིསཉྩོདིཏེ། སརྦཏཐཱགཏཨབལོཀིནི། ཥཊྤཱརམིཏཱཔརིཔུརཎི། སརྦཏཐཱགཏམཱཏེ། དཤབྷཱུམིཔྲཏིཥྛིཏེ། སརྦཏཐཱགཏཧྲྀདཡ། ཨདྷིཥྛཱནཨདྷིཥྛིཏེ། ཨོཾམུདྲེམུདྲེམཧཱམུདྲེ། བཛྲཀཱཡསཾཧཏནཔརིཤུདྡྷེ། སརྦཀརྨཨཱབརཎབིཤུདྡྷེ། པྲཏིནིབརྟཡམམཨཱཡུཿ བིཤུདྡྷེསརྦཏཐཱགཏ། སམཡཨདྷིཥྛཱནཨདྷིཥྛིཏེ། ཨོཾམུནིམུནིམཧཱམུནི། བིམུནིབིམུནིམཧཱབིམུནི། མཏིམཏིམཧཱམཏི། མམཏིསུམཏིཏཐཱཏཱ། བྷཱུཏཀོཊིཔརིཤུདྡྷེ། བིསྥུཊབུདྡྷིཤུདྡྷེ། ཧེཧེཛཡཛཡ། བིཛཡབིཛཡ། སྨརསྨརསྨཱརཡསྨཱརཡ། སྥརསྥརསྥཱརཡསྥཱརཡ། སརྦབུདྡྷཨདྷིཥྛཱནཨདྷིཥྛིཏེ། ཤུདྡྷེཤུདྡྷེབུདྡྷེ། བུདྡྷེབཛྲེབཛྲེ། མཧཱབཛྲསུབཛྲེ། བཛྲགརྦྷེཛཡགརྦྷེ། བིཛཡགརྦྷེ། བཛྲཛྭཱལགརྦྷེ། བཛྲོདྦྷབེབཛྲསཾབྷབེ། བཛྲེབཛྲིཎི། བཛྲམྦྷབཏུམམཤརཱིརཾ། སརྦསཏྭཱནཱཉྩ། ཀཱཡཔརིཤུདྡྷིརྦྷབཏུ། མམསཱདསརྦགཏི། པརིཤུདྡྷིཤྩ། སརྦཏཐཱགཏཱཤྩ། མཱཾསམཱཤྭཱསཡནྟུ། བུདྡྷབུདྡྷསིདྡྷ། སིདྡྷབོདྷཡབོདྷཡ། བིབོདྷཡབིབོདྷཡ། མོཙཡམོཙཡ། བིམོཙཡབིམོཙཡ། ཤོདྷཡཤོདྷཡབིཤོདྷཡབིཤོདྷཡ། སམནྟཱནྨོཙཡམོཙཡ། སམནྟརསྨིཔརིཤུདྡྷེ། སརྦཏཐཱགཏཧྲིདཡ། ཨདྷིཥྛཱནཨདྷིཥྛིཏེ། མུདྲེམུདྲེམཧཱམུདྲེ། མཧཱམུདྲཱམནྟྲཔཱདཻཿསྭཱཧཱ། ཞེས་ཚང་བའམ། ཨོཾབྷྲཱུྃསྭཱཧཱ། ཨོཾཨམྲྀཏཨཱཡུརྡདེསྭཱཧཱ། ༣གཙུག་ཏོར་འབར་བའི་གཟུངས། ནམསྶམནྟབུདདྷཱནཱཾ། ཨཔྲཏིཧཏཤཱསནཱནཱཾ། ཨོཾཁཁཁཱཧིཁཱཧི། ཧཱུྃཧཱུྃཛྭལཛྭལ། པྲཛྭལཔྲཛྭལ། ཏིཥྛཏིཥྛིླྞིསརྦདུརནིམིཏྟིདུརསྭཔནཤཱནྟིཾཀུརུསྭཱཧཱ། ༤གཙུག་ཏོར་དྲི་མེད་གཟུངས་ཐུང་དང་། ༥པདྨ་གཙུག་ཏོར་གོང་ལྟར་རྣམས་ཚར་ཅི་རིགས། དེའི་ཕྱི་རོལ་དུ་མུ་ཁྱུད་བཅུ་གཉིས་པར་མེ་རིའི་ནང་དུ་ཕྱག་མཚན་རྣམས་ལྔ་རྩེ་ཕྱིར་བསྟན་པས་བསྐོར་བ། དེའི་ཕྱིར་གྲྭ་བཞིར་སྣ་ཚོགས་རྡོ་རྗེ་ཕྱེད་པས་མཚན་པ། འཁོར་ལོའི་རྒྱབ་ཏུ་དབུས་སུ། ཨཱཧྲཱིཿཁཎི། དེའི་ཕྱི་རོལ་དུ། ཏདྱཐཱ། ཨོཾཨཀནིནིཀནིཨབིལམཎྜལམཡེསྭཱཧཱ། ཞེས་པ་ཚར་གང་ཐོན་བྲི། འཁོར་ལོ་ལ་དྲི་རྫས་ལྔ་གཞུང་གསལ་ལྟར་བྱུགས། སྦྱོང་ཁྲུས་དང་རབ་གནས་སྤྱི་མཐུན་གྲུབ་ནས་ལྟེབ་ལུགས་སྤྱི་འགྲེ་བྱ། དར་ཚོན་གྱི་ན་བཟའ་གསོལ་ནས་སྐུ་གཟུགས་མཆོད་རྟེན་གཉྫི་ར་སོགས་གང་འདོད་པའི་གནས་སུ་བཞུགས་པས་ཕན་ཡོན་མཐའ་ཡས་པ་འབྱུང་བར་གསུངས་སོ།། །།
བདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔ (Volume 25, Text 38)
བདུད་རྩི་ལག་མཆོད་ནི་ལས་བྱང་གཞུང་གི་བདུད་རྩིའི་མཆོད་པ་ཕུལ་བའི་རྗེས༔ ཧཱུྃ༔ གསུང་གི་རྡོ་རྗེ་རྟ་མཆོག་ཧེ་རུ་ཀ༔ གསང་བ་ཀུན་འཛིན་ཕྱག་ན་རྡོ་རྗེ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་ཞབས༔ མ་ཧཱ་རཱ་ཛ་ཆེ་དང་པྲ་ཧསྟིར༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ གོ་མ་དེ་ཝཱི་པདྨ་ཐོད་ཕྲེང་རྩལ༔ ཆོས་རྒྱལ་ཁྲི་སྲོང་ལོ་ཆེན་བཻ་རོ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཟབ་གཏེར་མངའ་བདག་གྲུ་གུ་ཡང་དབང་གཏེར༔ ལུང་ཟིན་ཆོས་བདག་བརྒྱུད་པར་བཅས་པ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ པདྨ་ཁྲག་འཐུང་ཡེ་ཤེས་རྣམ་རོལ་ཆེ༔ བྱིན་རླབས་མཆོག་སྩོལ་རྩ་བའི་བླ་མ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ༔ འབར་བའི་རྒྱལ་པོ་ཁྲག་འཐུང་ཡབ་ཡུམ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏཱིཙྪ་ཧོ༔ པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ་ཆེན་པོར༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿཔདྨཱནྟ་ཀྲྀཏ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རྟ་མགྲིན་སྐུ་ལ་གཉིས་མེད་ལྷུན་སྦྱར་བའི༔ དབང་གི་ཡུམ་ཆེན་པདྨ་གཟི་ལྡན་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མཱུཾ་པདྨེ་ཤྭ་རཱི་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཀླུ་རྣམས་མ་ལུས་གཏན་ནས་བརླག་པའི་ཕྱིར༔ མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ག་རུ་ཌར༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ག་རུ་ཌ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ སྲིད་གསུམ་གདུག་པ་ཐམས་ཅད་འདུལ་མཛད་པའི༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་བཅས་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གཉིས་མེད་ངང་དུ་ཁྲོ་བོའི་སྐུར་སྤྲུལ་པ༔ བཅོམ་ལྡན་ཡ་མཱནྟ་ཀ་ཡབ་ཡུམ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཡ་མཱནྟ་ཀ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དྲེགས་པ་གདུལ་དཀའ་མ་ལུས་འདུལ་མཛད་པའི༔ ཚོགས་རྗེ་ཚོགས་བདག་ཕྱག་ན་རྡོ་རྗེ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ བཛྲ་པཱ་ཎི་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ དཔལ་ལྡན་མགོན་པོ་ནག་པོ་ཡབ་ཡུམ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་ཀཱ་ལ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ བཛྲ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ རཏྣ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ པདྨ་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ པདྨ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཀརྨ་དྷཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ བདུད་འདུལ་ཁྲོ་བོ་ཆེན་པོ་རྣམ་བཅུ་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷཱ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཐུབ་པར་སྲུང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སོ་སོར་མཛད༔ མཁའ་འགྲོ་སྒོ་མ་ཆེན་མོ་རྣམ་བཞི་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོཿསརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡབ་ཡུམ་རྡོ་རྗེ་པདྨར་ལྡན་བྱས་ཏེ༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དང་དམར༔ ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ལ༔ དུས་གསུམ་བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས༔ ཡི་གེ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ངང༔ དེ་རིང་ཉིད་དུ་བདག་ལ་དགོངས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཝཱ་ཀ་སིདྡྷི་ཨཱ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྡྷི་ཧཱུྃ༔ བདུད་རྩིའི་དྭངས་བཅུད་འབྲུ་གསུམ་གྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་བདུད་རྩིས་གནས་གསུམ་རེག་ཅིང་མྱང་། ཧཱུྃ༔ རྒྱལ་བ་མཆོད་ན་དངོས་གྲུབ་ཆེན་པོ་སྩོལ༔ རྒྱལ་བ་མཉེས་བྱེད་བདུད་རྩི་ཆེན་པོའི་མཆོག༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ལྷ་ཚོགས་ཀྱི༔ ཐུགས་དམ་གཉན་བསྐངས་ཕྲིན་ལས་འགྲུབ་གྱུར་ཅིག༔ ཅེས་སྨོན་ལམ་གདབ་བོ།།
སྒྲོལ་མ་དཀར་མོའི་སྒྲུབ་པ་ (Volume 34, Text 38)
༄༅༔ སྒྲོལ་མ་དཀར་མོའི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈ འགྲོ་བ་ཀུན་སྐྱོབ་སྒྲོལ་མ་དེ་ལ་འདུད༔ ལྷ་མོ་སྒྲུབ་ཐབས་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་དུས་སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་བྱ༔ དངོས་གཞི་ལྷ་བསྐྱེད་དགུག་མཆོད་གསོལ་བ་བསྟིམ༔ སྔགས་བཟླས་སྤྲོ་བསྡུ་རྟགས་བལྟ་རྫོགས་རིམ་བསྒོམ༔ རྗེས་རིམ་ལས་སྦྱོར་བསྔོ་བ་སྨོན་ལམ་བྱ༔ སྒྲུབ་ཐབས་རྩ་ཐོ༔ ཨི་ཊི༔ མནྟྲ༔ རྗེ་བཙུན་མ་འཕགས་མ་སྒྲོལ་མར་རང་བྱིན་གྱིས་རློབ་ཐབས་འདི་ལ༔ སྦྱོར་དངོས་རྗེས་གསུམ་གྱིས་བསྟན་ཏེ༔ སྦྱོར་བ་ལ་བཞིས་སྟོན་པའི་དང་པོ་དུས་ཚེས་གྲངས་བཟང་ཞིང་གྲུབ་ཉི་ལ་དབུ་གཟུག་སྟེ༔ ཐོ་རངས་སྐྱ་རེངས་གོང་ནས་བྱ་རོག་མ་གྲག་གོང་ཡན་ཆད་ལ་བརྩམ་མོ༔ གཉིས་པ་སྐྱབས་ཡུལ་སྤྱི་བོར་བསམས་ཏེ་ཐལ་མོ་སྦྱར་ལ་འདི་སྐད་དོ༔ སངས་རྒྱས་ཚོགས་དང་ཆོས་ཀྱི་མཆོག༔ ལྷ་མོར་སྣང་ལ་བདག་སྐྱབས་མཆི༔ གསུམ་པ་སེམས་བསྐྱེད་འགྲོ་བ་མཐའ་དག་གི་ཚེ་ཐུང་བ་ལ་སྙིང་རྗེ་བསྐྱེད༔ རིང་པོར་སྨོན་ཞིང་དོན་དུ་དགེ་སྦྱོར་ལ་འཇུག་སེམས་བསྐྱེད༔ བཞི་པ་ཚོགས་གསག་སྟེ༔ མེ་ཏོག་དངོས་སམ་ཡིད་ཀྱིས་འཐོར་ཞིང༔ དཀོན་མཆོག་གསུམ་ལྡན་དགོངས་སུ་གསོལ༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་འགྲོ་ཀུན་སྒྲོལ༔ ཚིག་དོན་བསམ་ཞིང་འདོན་བྱའོ༔ དངོས་གཞི་ལ་དགུ་ཡིས་སྟོན་པའི་དང་པོ་ལྷ་བསྐྱེད་དེ༔ ཨ་ཞེས་སྣང་སྲིད་ཕྱི་ནང་ཐམས་ཅད་བདག་མེད་སྟོང་པར་སྦྱངས༔ སྟོང་པའི་སྙིང་པོ་ཨ་ལས་ཟླ་བའི་གདན་སྟེང་དུ་ཏཱཾ་དཀར་པོ་ལ་སེམས་གཟུང༔ དེ་ཡོངས་སུ་གྱུར་པ་ལས་སྒྲོལ་མ་དཀར་མོ་མདངས་སེར་ཙམ་པ༔ ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན༔ གཡོན་ཨུཏྤལ་ཁ་གསུམ་རྩ་བ་ནས་གཟུང་བ༔ སྐུ་ལ་དར་དཔྱང་རཏྣ་སྣ་ཚོགས་པས་བརྒྱན་པ་འོད་འབར་བ༔ སྤྱི་གཙུག་ན་རིན་ཆེན་འབྱུང་ལྡན་བཞུགས་པ༔ ཉི་ཟླ་པདྨའི་སྟེང་དུ་ཞབས་ཕྱེད་སྐྱིལ་ཚུལ་དུ་བཞུགས་པར་བསྐྱེད་དོ༔ གཉིས་པ་ཡེ་ཤེས་སེམས་དཔའ་དགུག་སྟེ༔ ཆོས་དབྱིངས་རྣམ་དག་མཁའ་ལ་ཡེ་ཤེས་ཀྱི་ལྷ་མོ་རང་འདྲ་བ་ཞིག་རིགས་ལྔས་དབུ་བརྒྱན༔ མདུན་དུ་བར་སྣང་ལ་བཞུགས་པ་ལ༔ གསུམ་པ་པཱུ་ཛ་དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་ལྔས་མཆོད༔ ཨོཾ་ཨཱཿཧཱུྃ༔ དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་སརྦ་པཱུ་ཛ་ཧོ༔ བཞི་པ་གསོལ་བ་གདབ་པ་ནིཿ ཧོ༔ ཀུན་ཁྱབ་རྗེ་བཙུན་མ་ཁྱོད་ཀྱིས༔ བདག་ལ་ཚེ་དང་ཡེ་ཤེས་ཀུན༔ ཤིན་ཏུ་རྒྱས་པར་སྤེལ་མཛད་གསོལ༔ ཞེས་ལན་གསུམ་བརྗོད་དོ༔ ལྔ་པ་ཡེ་ཤེས་པ་ཚུར་བསྟིམ་ཕྱིར༔ ཚད་མེད་བཞིའི་ངང་ནས་ཛ་ཧཱུྃ་བཾ་ཧོཿའི་འོད་འཕྲོས་ལྷ་མོ་རང་ལ་ཐིམ༔ དབྱེར་མེད་དུ་བསམ༔ དྲུག་པ་སྔགས་བཟླ་བ་ནི༔ ཨཱོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་མ་མ་ཨ་ཡུརྫྙཱ་ན་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བདག་གི་ཚེ་འཕེལ་བར་བསམ་ཞིང་ནུས་ཚད་དུ་བཟླ༔ བདུན་པ་སྤྲོ་བསྡུ་བྱ་བ་ནི༔ རང་གི་སྙིང་ནང་ཟླ་སྟེང་གི་ཏཱཾ་ཡིག་དཀར་པོའི་མཐར་གོང་གི་སྔགས་ཀྱིས་བསྐོར་བར་བསམ་པ་ལས་འོད་ཡར་འཕྲོས་བདེ་གཤེགས་ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་མཆོད་ཕུལ༔ ཚུར་འདུས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ༔ འོད་ཟེར་ཕར་ལ་འཕྲོས་པས་སེམས་ཅན་གྱི་སྒྲིབ་གཉིས་སྦྱངས༔ ཚེ་བསྲིངས༔ ཕྱི་ནང་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་ཚུར་འདུས་པར་བསམ༔ བརྩོན་པས་བཟླས་པར་བྱའོ༔ བརྒྱད་པ་རྟགས་བལྟ་བ་ནི༔ བྱ་རོག་སྐད་གྲགས་ནས་ཐུན་མཚམས་བཟུང་སྟེ་རྨི་ལམ་བརྟག་སྟེ༔ གྱེན་དང་མཆོད་རྟེན་འཛེག་པ་བཟང༔ འོ་མ་བདུད་རྩི་འཐུང་བ་བཟང༔ གོས་དཀར་རྒྱན་ཆ་ཐོགས་ན་བཟང༔ གསང་རྟགས་ལྷ་མོ་ཉིད་ཀྱི་སྤྲུལ་པས་ཁྱོད་ལོ་འདི་ཐུབ་པར་བྱས་ཡོད་ཟེར་ཟེར་དུ་བསྒྲུབ༔ ཞག་ཉེར་གཅིག་ཚུན་ཆད་ལ་འགྲུབ་བོ༔ དགུ་པ་རྫོགས་པའི་རིམ་པ་སྒོམ་པ་ནི༔ སྣང་སྲིད་གདན་དུ་བསྡུ༔ གདན་ལྷ་ལ་བསྡུ༔ ལྷ་ཐུགས་ཀའི་སྔགས་ལ་བསྡུ༔ སྔགས་ཏཱཾ་ལ་བསྡུ༔ ཏཱཾ་ཐིག་ལེར་རྫོགས༔ ཐིག་ལེ་མེ་ལོང་ལ་ཧས་བཏབ་རླངས་ལྟར་ཡལ་ཏེ་རྫོགས་པའོ༔ ཆོས་དབྱིངས་སུ་ཐིམ་པས་ཚེ་ཟད་མི་ཤེས་པའོ༔ རྗེས་ཀྱི་དོན་གསུམ་གྱིས་སྟོན་པ་ལས༔ དང་པོ་ལས་སྦྱོར་ཞེས་པ་ནི༔ གོང་གི་སྔགས་དམིགས་སྤྲོ་བསྡུའི་ཁ་སྒྱུར་ཏེ༔ ཚེ་དང་བསོད་ནམས་སྤེལ་བར་དཀྱུས་ལྟར་ཡིན་ནོ༔ ནད་གདོན་ཞི་བར་འདོད་ན༔ སྔགས་ཤམ་དུ་ནད་གདོན་གནོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་དུ་བསྡུ་ན་ལྷ་འདྲེ་མི་གསུམ་ཆེ་གེ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚར་གཅོད་ན་གནོད་བྱེད་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ སྐྲོད་ན་ཨུ་ཙ་ཏ་ཡ་ཕཊ༔ བཅིང་ན་ཛཿཧཱུྃ་བཾ་ཧོ༔ ངག་འགྲོལ་ན་ཨ་ཤིག་ངག་ཁྲོལ༔ ཞེས་དམིགས་པ་དོན་གྱིས་ཤེས་སོ༔ གཉིས་པ་བསྔོ་བ་ནི༔ ཐུན་མཚམས་སུ༔ བདག་གི་སྒོ་གསུམ་དགེ་རྩ་འདི༔ འགྲོ་བ་མ་ལུས་བྱང་ཆུབ་བསྔོ༔ གསུམ་པ་སྨོན་ལམ་ནི༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་མཐུས༔ བརྩམས་པའི་ལས་འདི་མྱུར་གྲུབ་ནས༔ འགྲོ་བ་མ་ལུས་དོན་སྤྱོད་དོ༔ བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག༔ ཅེས་བརྗོད་དོ༔ ྀཨཚ༔ སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་དཔེ་ལས་ཨོ་རྒྱན་མཁན་པོས་བཤུས་ཏེ་ཕྱི་རབས་དོན་དུ་སྦས་པ༔ སྐལ་བ་ཅན་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ སྒྲོལ་དཀར་ཚེའི་སྒྲུབ་ཐབས་རྫོགས་སོ༔ གུ་ཧྱ༔ མཁའ་འགྲོ་མའི་ཁ་རླངས་ཐོ་ལེ་བའི་ཆོས་ཡིན་པས་དམ་མེད་ལ་བཀའ་རྒྱའོ༔ ༈ བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། མགོན་པོ་ཀླུ་སྒྲུབ། ཨུ་རྒྱན་པདྨ། ཆོས་ཀྱི་དབང་ཕྱུག །པདྨ་དབང་ཆེན། ཆོས་ཀྱི་རྒྱལ་མཚན། སངས་རྒྱས་ཀུན་སྒྲོལ་འདི་ལ་ཐུགས་དམ་མཛད་པས་དགུང་ལོ་དགུ་བཅུ་གོ་གཉིས་བཞུགས། ཆོས་ཀྱི་རྡོ་རྗེ། སྤྲུལ་སྐུ་ནོར་འཛིན། ནོར་བུ་དོན་གྲུབ་འདི་སྤྲུལ་སྐུ་ནོར་འཛིན་གྱི་སྲས་ཡིན་ཏེ། སྲས་ཆེ་བ་རྒྱལ་སྲས་ཀུན་དགའ་དང་སངས་རྒྱས་ནོར་བཟང་གཉིས་ཀ་སྐུ་ཚེ་རིང་པོ་མ་བྱུང་བར་གཅུང་གིས་རྗེ་བཙུན་མ་འདི་བསྒྲུབས་པས་ཞལ་གཟིགས་ཤིང་སྐུ་ཚེ་མཐར་ཕྱིན་མཛད། སྐུ་མཆེད་གསུམ་ཀས་ལྷ་གྲོའི་གདན་ས་མཛད་པའོ། །བཤེས་གཉེན་ཆོས་རྒྱལ། ཆོས་ཀྱི་དབང་པོ། ཀུན་བཟང་ཆོས་ཀྱི་རྒྱལ་པོ། ངག་དབང་ཆོས་རྒྱལ། བསྟན་འཛིན་གྲགས་པ། པདྨ་ཚེ་དབང་རིག་འཛིན། རིག་འཛིན་པདྨ་ཕྲིན་ལས། དེས་བདག་འགྱུར་མེད་རྡོ་རྗེ་ལའོ།། །།
འཇམ་དཔལ་གཤིན་རྗེ་གཤེད་ཕ་རོལ་རྒོལ་འཇོམས་ཀྱི་དབང་ཆོག་བདུད་བཞིའི་གཡུལ་འཇོམས་ (Volume 18, Text 38)
༄༅། །འཇམ་དཔལ་གཤིན་རྗེ་གཤེད་ཕ་རོལ་རྒོལ་འཇོམས་ཀྱི་དབང་ཆོག་བདུད་བཞིའི་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། གཤིན་བུ་རྗེ་ཡང་འཇིགས་མཛད་པའི། །དུས་ཆེན་གཤིན་རྗེ་ལས་འཇིགས་པ། །དེར་བཏུད་ཕ་རོལ་རྒོལ་འཇོམས་ཀྱི། །དབང་བསྐུར་ཡིག་རྙིང་ཁྲིགས་སུ་བསྡེབ། །འདིར་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་དོན་དབང་མདོར་བསྡུས་བསྐུར་བར་འདོད་པས། རས་བྲིས་ཀྱི་དཀྱིལ་འཁོར་རམ། འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ནག་གིས་སྤྲས་པ། རྒྱབ་ཏུ་དཔལ་གཏོར་འཁོར་བཞི་དང་བཅས་པའི་གཡས་གཡོན་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད། དཀྱིལ་འཁོར་གྱི་མདུན་དུ་གཙོ་བོ་གོ་ཆ་ལྷ་ལྔ་གཤེད་ཆེན་བཞི་དང་བཅས་པའི་ཙཀླི། གཡས་སུ་དབུ་རྒྱན་རྡོར་དྲིལ་དཔལ་ཆས་ཕྱག་མཚན་བཅུ་དགུ །རྒྱུད་དམ་སྒྲུབ་ཐབས་ཀྱི་པུསྟི། རྒྱབ་ཏུ་ཀ་པཱ་ལ་བདུད་རྩིས་བཀང་བ་དང་རིག་ཙཀ །ཤེལ་རྡོ། མེ་ལོང་། མར་མེ། གཡོན་དུ་ཧོམ་ཁུང་། ལིངྒ། གདབ་ཕུར། རལ་གྲི །ཕྱག་རྒྱ་བཞི། ཐུན་རྫས་སྣ་ཚོགས། མནན་ཐོད། ཕུང་རེ། ཚོན་སྐུད། སཱཙྪ་རི་རབ་དང་བཅས་པ། དམར་གཏོར་ཉུངས་དཀར་གྱིས་བརྒྱན་པ། གཏོར་ཆུང་ཤ་ཁྲག་གིས་བརྒྱན་པ་སློབ་མའི་གྲངས་མཉམ། དཀྱིལ་འཁོར་གྱི་ཕྱོགས་བཞིར་གཤིན་རྗེ་མ་མོ་བདུད་བཙན་གྱི་གཏོར་མ། འཛོམ་ན་སྐུ་ཙཀ་བཙུགས་པ། གཞན་ཡང་སྔོན་གཏོར། ཞལ་ཟས། ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོའི་ཆས་སྤྱི་ལྟར་འདུ་བྱ། ཟུར་མཁར་གྱི་གཞུང་དངོས་སམ། ཆགས་མེད་ཞབས་ཀྱིས་མཛད་པའི་ལས་བྱང་དུག་རི་ལྟ་བུས་བདག་མདུན་བསྐྱེད་བཟླས་མཆོད་གཏོར་ཚོགས་སྐོང་ཡན་གྲུབ་པ་དང་། ལས་བུམ་བསྐྱེད་བཟླས་སྤྲོ་ན་བདུད་རྩི་འཁྱིལ་བ་སྤྱི་མཚམས་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། སློབ་མ་རྣམས་འདུས་ནས། ཁྲུས། བགེགས་གཏོར། མཚམས་གཅོད་སྲུང་འཁོར། མེ་ཏོག་བཀྱེ་བསྡུ་ཟིན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གནས་སྐབས་སུ་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་མཐའ་དག་ཞི་ཞིང་། མཐར་ཐུག་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་ཀྱི་སྒྲོན་མེ་གསལ་སྔ་ཕྱིའི་དབང་གིས་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་སྔ་འགྱུར་རྙིང་མའི་ཆོས་ཚུལ། དེ་ལ་ཐེག་དགུའི་མཐར་ཐུག་ཡོ་ག་ཆེན་པོ་གསུམ་གྱི་བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་སྡེ་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་ཐོག་མ་འཇམ་དཔལ་སྐུའི་རིགས་ལ་ནང་གསེས་སུ། ཕྱག་རྒྱ་ཟིལ་གནོན་དེ་བཞིན་གཤེགས་པའི་རིགས། འཇོམས་བྱེད་ནག་པོ་རྡོ་རྗེའི་རིགས། ཁ་ཐུན་རིན་པོ་ཆེའི་རིགས། འཇིགས་བྱེད་རུ་མཚོན་དམར་པོ་པདྨའི་རིགས། ཤོར་སང་ཉི་མ་ཁྲོས་པ་ལས་ཀྱི་རིགས་ཏེ་རིགས་ལྔར་དབྱེ་བའི་དེ་བཞིན་གཤེགས་པའམ་ལས་ཀྱི་རིགས་སུ་གཏོགས་ཤིང་། ཡེ་ཤེས་དང་། ལས་དང་། འཇིག་རྟེན་པའི་གཤིན་རྗེ་གཤེད་པོ་གསུམ་དུ་དབྱེ་བའི་ཚེ་ཡེ་ཤེས་པའི་ཕྱོགས་ཡིན་ལ། སྔོན་གྱི་བཀའ་གཏེར་ཐུན་མོང་བའི་གཤིན་རྗེ་ཚེ་བདག་རྣ་ཆ་བརྒྱད་དུ་བགྲངས་པའི་ཡ་གྱལ་ཀིང་ཀང་མནན་པའི་རྣ་ཆ་རུ་གྲགས་པ་འདི་ཉིད་ཁྲོ་བོ་ཆེན་པོ་མི་གཡོ་བ་དང་ངོ་བོ་གཅིག་པར་ཡང་བཤད་ཅིང་། ཤོར་སང་ཉི་མ་ཁྲོས་པ་དང་ཟོར་བ་དམར་ནག་གི་རྒྱུད་སོགས་ལ་བརྟེན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་བའི་ལུགས་རྒྱ་གར་ནས་འགྱུར་བ་དང་། རྩིས་རྒྱུད་འབྱུང་བ་ལྔའི་ཡ་གྱལ་པཱ་ལ་པ་ཏྲ་ལྕགས་ཀྱི་རྒྱུད་སོགས་ལ་བརྟེན་ནས་བཀྲལ་བ་ལོ་ཆེན་བཻ་རོ་ཙ་ནས་རྒྱ་ནག་ནས་བསྒྱུར་བ་དང་། རྒྱུད་དུ་མའི་དགོངས་པ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་བཀྲལ་བ་སོགས། གདམས་ངག་གི་ཆུ་བོ་མ་ལུས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བབས་ཏེ་སྲས་མཆོག་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ནས་རིམ་པར་བརྒྱུད་པའི་བཀའ་མ་དང་། ཟབ་མོའི་གཏེར་དུ་སྦས་པ་རྣམས་སྤྲུལ་པའི་གཏེར་སྟོན་ཆེན་པོ་གྲུ་གུ་ཡང་དབང་། རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར། གུ་རུ་ཆོས་ཀྱི་དབང་ཕྱུག །པདྨ་ལས་འབྲེལ་རྩལ། ཉི་ཟླ་སངས་རྒྱས་སོགས་ཀྱིས་སྤྱན་དྲངས་པ་ལུགས་སྲོལ་ཐ་དད་པའི་དབང་དང་གདམས་ངག་མ་ལུས་པ་ཟུར་མཁར་ཨ་བོ་ཆོས་རྗེ་ལ་བཀའ་བབས་པ་སྟེ། དེའང་ལུང་བསྟན་ཆེན་མོ་བཀའ་རྒྱ་མ་ལས་ཆོས་ཀྱི་སྤྱན་ཅན་དྲུག་གི་ནང་ཚན་དུ་ལུང་བསྟན་པར་གྲགས་པའི་མཚན་དངོས་ཆོས་རྒྱལ་དཔལ་བཟང་པོ། གསང་བའི་མཚན་མཉམ་ཉིད་རྡོ་རྗེ་ཞེས་བྱ་བ་འཇམ་དཔལ་འཆི་བདག་གི་རིགས་ནཱ་ག་རཀྴ་ལ་གྲུབ་པ་ཐོབ་པ་དེས། བཀའ་གཏེར་མང་པོའི་བཅུད་གཅིག་ཏུ་བསྡུས་པའི་ཀིང་ཀང་ཟུར་མཁར་ལུགས་ཞེས་ཁུངས་བཙུན་ཅིང་བྱིན་རླབས་ཀྱི་དྲོད་དང་ལྡན་པ་འདིའི་སྨིན་བྱེད་ཚད་མ་བཀའི་གཞུང་དང་བཅས་པའི་རྒྱུན་དང་། གཞན་ཡང་བརྒྱུད་པ་མང་པོ་ལས་འོངས་པའི་སྨིན་གྲོལ་གྱི་གདམས་པ་མང་པོའི་རྒྱུན་གྲུབ་ཆེན་ཀརྨ་ཆགས་མེད་ལ་འདུས་ཤིང་། དེ་ཉིད་ཀྱིས་ཀྱང་ཐུགས་དམ་གྱི་གཙོ་བོར་མཛད་པའི་བརྒྱུད་པ་སེལ་མེད་ལས་བྱུང་བ་འདི་ལྟ་བུའི་དབང་བསྐུར་བ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་གཞུག །དེ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་གཤིན་རྗེ་གཤེད་དབྱེར་མེད་པའི་སྤྱན་སྔར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་འཛིན་པའི། །སློབ་དཔོན་བདག་ལ་བརྩེར་དགོངས་ལ། །ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་ཡིས། །སྡུག་བསྔལ་མཚོ་ལས་དྲང་དུ་གསོལ། །སྐུ་མཆོག་འཇམ་དཔལ་ལྷ་ཚོགས་ཀྱི། །དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ། །ཞེས་ལན་གསུམ། སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པའི་མཚོན་བྱེད་དུ་རས་ཡུག་དམར་པོས་གདོང་འཆིང་འཚལ། ཨོཾ་ཙཀྵུ་རྦྷནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། དཀྱིལ་འཁོར་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མཆོག་གི་མེ་ཏོག་ཁ་དོག་ལྔ་པའི་ཕྲེང་བ་རེ་བྱིན་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་རྒྱུད་དག་པ་གལ་ཆེ་བས་མདུན་བསྐྱེད་དཔལ་ཆེན་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་ཕྱོགས་བཅུ་དུས་གསུམ་གྱི་རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས་ནས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ཚོགས་གསག་སྡོམ་བཟུང་བསྔོ་བ་རྣམས་རིམ་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། །སྐྱོན་དག་ཡོན་ཏན་མ་ལུས་རྫོགས། །མཁྱེན་བརྩེ་ལྡན་རྣམས་དགོངས་སུ་གསོལ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་གནོང་འགྱོད་བཤགས། །བསླུ་མེད་མགོན་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བསོད་ནམས་ཡེ་ཤེས་ཚོགས་མཆོག་གསོག །སྡོམ་པ་མ་ལུས་བརྟན་པོར་བཟུང་། །ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། དེ་ནས་སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་ཁྱེར་གང་། །སྐུ་མཆོག་རྒྱལ་བའི་དཀྱིལ་འཁོར་འདིར། །སུ་ཡིན་འཇུག་པའི་སྐབས་མེད་ཀྱི། ཁྱོད་ཀྱིས་དམ་ཚིག་བསྲུང་ནུས་སམ། །ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བར་མཚམས་མེད་པར་སྡུག་བསྔལ་བའི། །ཆུ་བོ་ཆེ་ལས་རབ་སྒྲོལ་ཏེ། །རྣམ་གྲོལ་ཐར་གྲོང་བགྲོད་གྱུར་ན། །དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་། །དེ་ལྟ་ན་སྤྲོ་བ་སྐྱེད་པ་འདི་ལ་གསན་འཚལ། ལོག་པའི་ལམ་དང་དམན་པའི་ལམ། །མ་རྫོགས་ལམ་ལས་ཁྱད་འཕགས་པ། །ཚེ་འདིར་ངེས་པར་འཚང་རྒྱའི་ལམ། །བླ་མས་སྟོན་གྱིས་སྤྲོ་དགའ་བྱོས། །ཅེས་བརྗོད། ཚོམ་བུའི་དཀྱིལ་འཁོར་དུ་མེ་ཏོག་འདོར་དུ་གཞུག་པ་ནི། ཚོམ་བུའི་དཀྱིལ་འཁོར་འདི་ཉིད་མེ་ལོང་ལ་གཟུགས་བརྙན་འཕོས་པ་བཞིན་དུ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་གཉིས་པར་གསལ་བ་ངོ་བོ་ཡེ་ཤེས་གཅིག་གི་རྣམ་རོལ་ལ་བཟང་ངན་གྱི་སྤུ་རིས་མེད་ཀྱང་། རྣམ་པར་རང་རང་གི་ལས་ཀྱིས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ཞིག་ལ་ཕོག་པར་ཤོག་ཅིག་སྙམ་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་འཚལ། རྣམ་དག་རིག་པའི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ལ་དད་པས་འབུལ། །སྔོན་སྦྱངས་ལས་འཕྲོ་དང་འབྲེལ་བའི། །ཡི་དམ་ལྷ་ལ་བབ་པར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་དོར་དུ་གཞུག་ལ་རིགས་དང་མཐུན་པའི་གསང་མཚན་གདག་ཅིང་ཡི་དམ་དུ་ཕོག །སྤྱི་ཙམ་དུ། ཁྱེད་རང་རྣམས་མེ་ཏོག་དབུས་སུ་ཕོག་པས་གསང་མཚན་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལྷག་པའི་ལྷ་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིན་པས་ཡི་དམ་གྱི་ལྷར་ཟུངས་ཤིག་དང་འདི་ཕྱི་བར་དོའི་འཇིགས་པ་སྐྱོབ་ཅིང་མྱུར་དུ་འཚང་རྒྱ་བར་འགྱུར་རོ། །ཞེས་བརྗོད། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས། ཐོག་མེད་དུས་ནས་ད་ལྟའི་བར། །བུ་ཁྱོད་མ་རིག་རབ་རིབ་ཀྱིས། །གནས་ལུགས་མཐོང་བའི་མིག་བསྒྲིབས་པས། །དེ་རིང་ཡེ་ཤེས་སྤྱན་དུ་དབྱེ། །དཀྱིལ་འཁོར་འདི་ལྟོས་དོན་ཆེན་འགྲུབ། །ཙཀྵུཿཔྲ་བེ་ཤ་ཡ་ཕཊཿ ཅེས་མིག་དར་བཀྲོལ། ལྷ་ངོ་བསྟན་པ་ནི། འབྱུང་བཞི་རི་རབ་དང་བཅས་པའི་སྟེང་བསྐལ་པའི་མེ་དཔུང་འབར་ཞིང་རྡོ་རྗེའི་ར་བ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། སྣ་ཚོགས་པདྨའི་ལྟེ་བར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་བཀོད་པ་ཚད་མེད་པའི་དབུས་སུ་འཁོར་ལོ་རྩིབས་བཞི་ཆོས་འབྱུང་དང་བཅས་པའི་ལྟེ་བར། ཆུ་གླང་པདྨ་ཉི་ཟླ་དྲེགས་པ་དགྲ་བགེགས་ཀྱི་གདན་ལ་དཔལ་ཆེན་གཤིན་རྗེ་གཤེད་པོ་མཐིང་ནག་ཕྱག་དྲུག་དཔལ་དང་དུར་ཁྲོད་ཀྱིས་བརྒྱན་ཅིང་སྦྱོར་ཡུམ་བཻ་ཏཱ་ལི་དང་གཉིས་མེད་དུ་འཁྲིལ་བ་གནས་ལྔར་གོ་ཆའི་ལྷ་དང་བཅས་པ། རྩིབས་བཞིར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་གཤིན་རྗེ་གཤེད་པོ་བཞི་ཡུམ་དང་འཁྲིལ་བ། ཕྱོགས་སྐྱོང་གཤིན་རྗེའི་ཚོགས་དང་གིང་བདུད་རྩིས་པ་ཤན་པ་སོགས་སྤྲུལ་པའི་བྲན་གཡོག་ཕོ་མོ་མང་པོ་ཉི་མ་དང་འོད་ཟེར་བཞིན་ཤར་བ། ཕྱི་རོལ་གྱི་ཁོར་ཡུག་ལ་འབུམ་ཕྲག་མཁའ་འགྲོ །གིང་དང་ལངྐ། དབང་ཕྱུག་འབར་མ་མ་སྲིང་ལ་སོགས་པ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ཁ་དོག་དང་རྫུ་འཕྲུལ་མ་ངེས་ཅིར་ཡང་འཆར་བ། མཐུ་སྟོབས་ནུས་པའི་རྩལ་གྱིས་སྲིད་པ་གསུམ་ཡང་སྐད་ཅིག་གིས་འཇིག་ནུས་པ། དེ་ལྟ་བུའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བའི་མོས་པ་མཛོད། དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ། འདའ་ཀ་རྡོ་རྗེའི་དམ་ཚིག་ཆུ། ཁྱོད་ལ་ངས་སྦྱིན་སྙིང་དཀྱིལ་བབ། །ཡེ་ཤེས་སེམས་དཔར་དེ་གྱུར་ནས། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །དམ་ཚིག་མཆོག་ལས་ཁྱོད་འདས་ན། །འཆི་བདག་སྡིག་པ་མགོ་དགུར་འགྱུར། །སྙིང་ཁྲག་འཇིབ་ཅིང་དམྱལ་བར་བསྲེག །དེ་བས་དམ་ཚིག་སྲོག་ལྟར་སྲུངས། །ས་མ་ཡ་རཀྵ་ཐཾ། དམ་ཚིག་བདུད་རྩིའི་ཆུ་དེ་སྙིང་གི་དབུས་སུ་བབས་ནས་ཡེ་ཤེས་སེམས་དཔའི་རང་བཞིན་དུ་བཞུགས་པར་མོས་ལ་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ཨི་དནྟུ་ན་ར་ཀན། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་འབར་བའི་སོགས་ནས། སློབ་མའི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཅེས་བསྒྱུར་ལ། གཙོ་བོ་ཡབ་ཡུམ་གོ་ཆ་སྲས་མཆོག་བཞི་བཅས་བསྐྱེད་ལ། དེ་དག་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ། གོ་ཆའི་ལྷ་ལྔ་སྲས་མཆོག་རིགས་བཞི་ཡབ་ཡུམ་དང་བཅས་པ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་སྐུ་ཆེ་ཆུང་སྣ་ཚོགས་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རོལ་མོ་དང་བཅས། ཧཱུྃ༔ ཆོས་དབྱིངས་མཁའ་ལྟར་རྟོག་བྲལ་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་དང་མཆོག་གི་སྤྲུལ་པའི་སྐུ༔ སྤྲིན་དང་ཆར་ལྟར་སྐྱེ་འགྲོའི་རེ་བ་སྐོང༔ བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་ལྷ་ཚོགས་རྣམས༔ སྤྱན་འདྲེན་ཐུགས་དམ་དབང་གི་བརྩེ་བས་གཤེགས༔ སྒྲུབ་མཆོག་འདི་ལ་ཁྱེད་ཀྱི་ཐུགས་རྗེས་གཟིགས༔ དབང་བསྐུར་དམ་པ་ད་ལྟ་བསྩལ་དུ་གསོལ༔ སྐལ་ལྡན་སློབ་མ་རྣམས་ལ་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཡ་མཱནྟ་ཀ་ཌཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད། རྡོ་རྗེ་མགོར་བཞག་ལ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། དབང་བསྐུར་དངོས་གཞི་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿ བླ་མ་དཔལ་ཆེན་གཤིན་རྗེ་གཤེད། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་བརྩེ་བས་ཉེར་དགོངས་གསོལ། །སྐུ་གསུང་ཐུགས་ཀྱི་སྒོ་ཕྱེས་ལ། །འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་ཀྱི། །ཕྱི་ནང་གསང་བ་དེ་ཁོ་ནའི། །བསྐྱེད་རྫོགས་བསྙེན་སྒྲུབ་ལས་སྦྱོར་ལ། །ཅི་དགར་འཇུག་པའི་དབང་རྫོགས་སྩོལ། །ཅེས་ཞུ། དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་དང་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བའི་བྱ་བ་མཛད་དེ། བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར་བས་དྲི་མ་གཏོར། ཡོན་ཏན་བླུགས་པར་གྱུར་པའི་མོས་པ་མཛོད། བུམ་པ་ཐོགས་ལ། ཧཱུྃ། བློ་འདས་ཆོས་སྐུའི་ངོ་བོ་བུམ་པའི་ཀློང་། །རང་བཞིན་ལོངས་སྤྱོད་རྫོགས་སྐུ་བུམ་པའི་ལྷ། །ཐུགས་རྗེ་བུམ་པ་འགྲོ་འདུལ་སྤྲུལ་པའི་སྐུ །སྐྱོན་དག་ཡོན་ཏན་ཡོངས་རྫོགས་དབང་བསྐུར་རོ། །ཨོཾ་བཛྲ་ཀ་ལཱ་ཤ །ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་སཏྭཾ་ཨཱཿཧཱུྃ། བུམ་པས་དབང་བསྐུར་བུམ་ཆུ་བླུག །དབུ་རྒྱན་ཁང་བུ་རིགས་ལྔས་མཚན་པ་དབུ་ལ་བསྐོན་ཞིང་། ཐབས་ཤེས་ཀྱི་རང་བཞིན་རྡོར་དྲིལ་ཕྱག་ཏུ་གཏད་པས་སྐུ་ལྔ་ལྷུན་གྱིས་གྲུབ། གསང་སྔགས་ཀྱི་བརྟུལ་ཞུགས་རྫོགས་པར་སྤྱོད་པའི་དབང་ཐོབ་པར་མོས་མཛོད། དབུ་རྒྱན་བསྐོན། རྡོར་དྲིལ་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ། དད་པ་དམ་ཚིག་སྐལ་ལྡན་བུ་ཁྱོད་ལ། །བདེ་གཤེགས་རྒྱལ་བ་རིགས་ལྔས་དབུར་བརྒྱན་ཅིང་། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་སངས་རྒྱས་ཀྱི། །གསུང་གི་རྗེས་འགྲོའི་དྲིལ་བུ་འདི་བྱིན་པས། །དུག་ལྔ་གནས་དག་སྐུ་ལྔ་མངོན་གྱུར་པའི། །ཟུང་འཇུག་ཐབས་ཤེས་ལོངས་སྤྱོད་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་མ་གུ་ཏ་ལ་ཛྙཱ་ན་བཛྲ་ཧཱུྃ། གྷཱཎྚ་པཱ་ལ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་འདིའི་རྗེས་ཟློས། ཨ་དྷི་པ་ཏི་སཏྭཾ། ཨ་བྷི་ཥིཉྩ་མི་ཐ་སཏྭཾ། བཛྲ་ས་མ་ཡ་ཨཱཿ སྨན་རཀ་གཏོར་གསུམ་གཏད་ལ། ཧཱུྃ། བླ་མ་ཡི་དམ་བསྟེན་ཅིང་མཆོད། །ཉན་འཆད་བསྙེན་སྒྲུབ་མཐར་སྐྱོལ་ཞིང་། །དམ་ཅན་བུ་བཞིན་འཁོར་བའི་ཕྱིར། །དམ་རྫས་དབང་བསྐུར་དེ་ཐོབ་ཤོག །སྨན་རཀ་གཏོར་གསུམ་སྔགས་ཤམ་དུ། ས་མ་ཡ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨཱཿཨཱཿ དཔལ་ཆས་གཏད་ལ། ཁྱེད་རང་རྣམས་དཔལ་ཆེན་གཤིན་རྗེ་གཤེད་པོ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བ་ལ་དཔལ་གྱི་ཆས་དང་ཕྱག་མཚན་རྣམས་ཀྱིས་རིམ་པར་མངའ་གསོལ་བར་མོས་མཛོད། ཧཱུྃ། ཐོད་པ་སྐམ་རློན་ཕྲེང་བ་གླང་ཆེན་ལྤགས། །སྦྲུལ་ཆུན་ཞིང་ལྤགས་སྟག་ཤམ་ཁྲག་ཞག་ཐལ། །གོ་ཁྲབ་མེ་དཔུང་རུས་རྒྱན་གཟིག་ཤམ་སྟེ། །དཔལ་ཆས་ཡབ་ཡུམ་ཆས་ཀྱི་དབང་བསྐུར་བས། །ང་རྒྱལ་གཏི་མུག་ཞེ་སྡང་ཕྲག་དོག་ཆགས། །མ་སྤངས་རང་གྲོལ་དཔའ་བའི་འགྲོ་དོན་མཛད། །དབྱིངས་དག་འཁོར་བཅུད་སྒྲོལ་མཛད་མ་རིག་སེལ། །མི་ཤིགས་ཕྱིན་དྲུག་དོན་རྟོགས་དབང་ཐོབ་ཤོག །ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ས་མ་ཡེ་ཧཱུྃ་སྭཱ་ཧཱ་དྷརྨ་དྷ་ར་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་མཚན་སོ་སོར་གཏད་ལ། ཧཱུྃ། ཤེས་རབ་རལ་གྲི་མེ་འབར་བས། །བདག་འཛིན་རྩད་གཅོད་དབང་བསྐུར་རོ། །རྡོ་རྗེ་ཐོ་ལུམ་མེ་འབར་བས། །འདོད་ཆགས་དགྲ་འཇོམས་དབང་བསྐུར་རོ། །རྡོ་རྗེ་གཏུན་ཤིང་མེ་འབར་བས། །ཞེ་སྡང་དགྲ་འཇོམས་དབང་བསྐུར་རོ། །རྡོ་རྗེ་ལྕགས་ཀྱུ་མེ་འབར་བས། །གཏི་མུག་དགྲ་འཇོམས་དབང་བསྐུར་རོ། །རྡོ་རྗེ་ཞགས་པ་མེ་འབར་བས། །ང་རྒྱལ་དགྲ་འཇོམས༴ རྡོ་རྗེ་ཐོང་གཤོལ་མེ་འབར་བས། །ཕྲག་དོག་དགྲ་འཇོམས༴ རྡོ་རྗེ་ཤཀྟི་མེ་འབར་བས། །ལྷ་བུའི་བདུད་འཇོམས་དབང་བསྐུར་རོ། །རྡོ་རྗེ་དབྱུག་ཏོ་མེ་འབར་བས། །ཉོན་མོངས་བདུད་འཇོམས༴ རྡོ་རྗེ་རྩེ་ལྔ་མེ་འབར་བས། །ཕུང་པོའི་བདུད་འཇོམས༴ རྡོ་རྗེ་བེ་ཅོན་མེ་འབར་བས། །འཆི་བདག་བདུད་འཇོམས༴ རྡོ་རྗེ་རྒྱ་གྲམ་མེ་འབར་བས། །བདུད་རིགས་ཀུན་འཇོམས༴ རྡོ་རྗེ་འཁོར་ལོ་མེ་འབར་བས། །རྣམ་རྟོག་དགྲ་འཇོམས༴ རྡོ་རྗེ་སྡིགས་མཛུབ་མེ་འབར་བས། །གཉིས་འཛིན་དགྲ་འཇོམས༴ གྲི་གུག་ཕུར་བུ་མེ་འབར་བས། །རྟག་ཆད་དགྲ་འཇོམས༴ ལྕགས་དྲྭ་བྷནྡྷ་མེ་འབར་བས། །མཐའ་དབུས་དགྲ་འཇོམས༴ རྡོ་རྗེ་བེ་ཅོན་འཁོར་ལོ་མེ་འབར་བས། །ཐོགས་བཅས་བདུད་འཇོམས༴ རིན་ཆེན་བེ་ཅོན་མེ་འབར་བས། །ཐོགས་མེད་བདུད་འཇོམས༴ པདྨ་བེ་ཅོན་མེ་འབར་བས། །དགའ་བྲོད་བདུད་འཇོམས༴ རྒྱ་གྲམ་བེ་ཅོན་མེ་འབར་བས། །སྙེམས་བྱེད་བདུད་འཇོམས་དབང་བསྐུར་རོ། །ཨོཾ་མ་ཧཱ་མུ་དྲ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། གཙོ་འཁོར་རྣམས་ཀྱི་སྐུ་ཙཀ་རིམ་པར་ཐོགས་ལ། དཀྱིལ་འཁོར་བ་གཙོ་འཁོར་རྣམས་ལས་རང་འདྲའི་ཡེ་ཤེས་སེམས་དཔའ་མར་མེ་གཅིག་ལས་གཉིས་མཆེད་ཚུལ་དུ་བྱུང་། ཁྱེད་རང་དམ་ཚིག་སེམས་དཔར་གསལ་བའི་སྙིང་གི་གོར་ཐིམ་པའི་མོས་པ་མཛོད། ཧཱུྃ༔ དུས་གསུམ་རྒྱལ་བའི་སྐུ་མཆོག་ཀུན་འདུས་པ༔ བཅོམ་ལྡན་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེ་གཤེད༔ གཉིས་མེད་དགྱེས་པའི་ཡུམ་ཆེན་བཻ་ཏཱ་འཁྲིལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་ཁྲོ་ཆས་རྫོགས༔ གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔས་བརྒྱན༔ རལ་གྲི་ཐོ་བ་གཏུན་ཤིང་ལྕགས་ཀྱུ་དང༔ སྦྲུལ་ཞགས་ཐོང་གཤོལ་གཡས་གཡོན་ཕྱག་ན་བསྣམས༔ གར་དགུའི་ཉམས་ལྡན་ཡུམ་ཆེན་ཁྲོ་མོའི་ཚུལ༔ ཡོངས་རྫོགས་ཁྲོ་འཛུམ་ཕུར་བུ་གྲི་གུག་གཡས༔ ལྕགས་དྲྭ་བྷནྡྷ་འཛིན་པ་མེ་ཀློང་བཞུགས༔ ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་སྨིན་གྲོལ་ཤོག༔ ཨོཾ་ཧྲཱིཿཥྚིཿཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ བཻ་ཏཱ་ལི་ཀྲོ་ཏཱི་ཤྭ་རཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་སྐུ་མཆོག་རིགས་ཀྱི་ལྷ༔ འཇམ་དཔལ་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་རལ་གྲི་སྡིགས་མཛུབ་ཕྱར༔ གཏི་མུག་ཆོས་དབྱིངས་རང་གྲོལ་དབང་བསྐུར་རོ༔ ཨོཾ་མཉྫུ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གསུང་མཆོག་རིགས་ཀྱི་ལྷ༔ རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་ཐོད་དབྱུག་སྡིགས་མཛུབ་ཕྱར༔ འདོད་ཆགས་སོར་རྟོག་རང་གྲོལ་དབང་བསྐུར་རོ༔ ཨོཾ་ཧྱ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་མཆོག་རིགས་ཀྱི་ལྷ༔ ཕྱག་རྡོར་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱར༔ ཞེ་སྡང་མེ་ལོང་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཡོན་ཏན་རིགས་ཀྱི་ལྷ༔ ཆོས་རྒྱལ་སེར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་བེ་ཅོན་སྡིགས་མཛུབ་ཕྱར༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རིགས་ཀྱི་ལྷ༔ བདུད་རྩི་ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་སྡིགས་མཛུབ་ཕྱར༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཛྲ་ཡ་མཱནྟ་ཀ་མཐིང་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ རྡོ་རྗེ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས༔ ཞེ་སྡང་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རཏྣ་ཡ་མཱནྟ་ཀ་སེར་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ ཁྲོ་ཆས་ཡོངས་རྫོགས་རིན་ཆེན་སྡིགས་མཛུབ་མཛད༔ ང་རྒྱལ་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་རཏྣ་ཡ་མཱནྟ་ཀ་ཀྲོ་དྷཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ པདྨ་ཡ་མཱནྟ་ཀ་དམར་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ ཁྲོ་ཆས་ཡོངས་རྫོགས་པདྨ་སྡིགས་མཛུབ་མཛད༔ འདོད་ཆགས་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་པདྨ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀརྨ་ཡ་མཱནྟ་ཀ་ལྗང་ནག་ཁྲོས༔ དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས༔ ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་བེ་ཅོན་འཛིན༔ ཕྲག་དོག་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ༔ ཨོཾ་ཀརྨ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་བུམ་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་བདུད་རྩི་ལྕེའི་དབང་པོར་བྱིན་པས་རྩ་ཁམས་བྱང་ཆུབ་སེམས་ཀྱིས་གང་སྟེ་བདེ་བར་སྨིན་པར་མོས་མཛོད། ཐོད་པའི་བདུད་རྩི་བྱིན་ལ། ཧཱུྃ། བླ་མ་ཡི་དམ་ལྷ་ཚོགས་ཡབ་ཡུམ་རྣམས། །གཉིས་མེད་བདེ་ཆེན་སྦྱོར་བའི་བྱང་ཆུབ་སེམས། །སྐལ་ལྡན་ངག་ལ་བསྐུར་བས་ངག་སྒྲིབ་དག །བདེ་ཆེན་གསང་བའི་དབང་མཆོག་ཐོབ་གྱུར་ཅིག །ཨོཾ་ཛྙཱ་ན་པཉྩ་ཨ་མྲྀཏ་མ་ཧཱ་སུ་ཁ་སརྦ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱཿ དེས་གསང་དབང་ཐོབ། ངག་སྒྲིབ་དག །རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རིགས་ལྡན་ལང་ཚོས་གང་བའི་ཕྱག་རྒྱ་མ་གཏད་པར་མོས་མཛོད། ཧཱུྃ། མཚན་ལྡན་ཡིད་འོང་བཀྲ་ཤིས་གཟུངས་མ་འདི། ཁྱེར་ལ་མཆོད་པ་ཆེན་པོ་རྟག་ཏུ་གྱིས། །རྒྱལ་བ་ཀུན་གྱི་གཉིས་མེད་ཡེ་ཤེས་ཐུགས། ཁྱོད་ལ་མངོན་སུམ་སྟེར་བར་ཐེ་ཚོམ་མེད། །ཀརྨ་མུ་དྲ་མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཨ་དྷིཥྛི་ཏེ་ཧཱུྃ། དེ་ལྟར་གཏད་པའི་རིག་མ་དེས་ཀྱང་སྤྲོ་བ་སྦྱིན་པར་མོས་འཚལ། ཨེ་མ་སྐལ་ལྡན་བུ་ཁྱོད་སྐད་ཅིག་ལ། །གྲོལ་བར་འདོད་ན་ཁོ་མོ་གུས་པས་བསྟེན། །ང་ཡི་པདྨ་དུས་གསུམ་རྒྱལ་བ་ཡི། །དཀྱིལ་འཁོར་ཆེན་པོར་འཇུག་ལ་དགའ་བར་བྱོས། ཁྱེད་རང་དང་རིག་མ་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨ་ཡིག་འབྲུ་བཅས་གསལ་བ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་བ་ཆེན་པོ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་དང་ལྡན་པས་སྙོམས་པར་ཞུགས་པས་དགའ་བཞི་ལུགས་འབྱུང་དང་ལུགས་ཟློག་གི་རིམ་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟུངས་མཛོད། ཧཱུྃ། ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་ཡེ་ནས་དག །གདོད་མའི་རྒྱལ་བ་ཡབ་ཡུམ་རང་བྱུང་དཔལ། །སྐུ་གསུང་ཐུགས་ཀྱི་རོལ་པ་བསམ་མི་ཁྱབ། །རྩ་ཐིག་རླུང་གི་གསང་ལམ་མཁའ་འགྲོའི་སྲོག །དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས། །འཁོར་ལོའི་གནས་བཞིར་རིམ་པས་འཆར་བ་འདི། །རང་ངོ་ཤེས་ན་ཡེ་ཤེས་གཞན་མེད་པས། །དབབ་བཟུང་ཟློག་དགྲམ་སྣོད་ལྡན་ཨེ་མ་ཧོཿ ཨ་ཧོ་སུ་ཁ་བྷཉྫ་མོཀྵ་ཧོཿ ཨ་ནུ་རཱ་ག་བཛྲ་ཨཱཏྨ་ཀོ྅་ཧཾ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་མེ་ལོང་གི་མདངས་ཀྱིས་མཚོན་ནས་རང་རིག་ཡེ་ཤེས་སྤྲོས་བྲལ་རང་གསལ་ཆེན་པོའི་རང་བཞིན་ངོ་ཤེས་པར་གྱིས་ཤིག །མན་ཤེལ་ཉི་ཟེར་ལ་བསྟན་ཏེ། ཧཱུྃ། ཤ་ཁྲག་དྲོད་དབུགས་བུ་ག་ལྔ། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །སྲ་བརླན་ཚ་གཡོ་གོ་འབྱེད་ལྔ། །དཀར་སེར་དམར་ལྗང་མཐིང་གསལ་ལྔ། །འདོད་ཁྲོ་རྨོངས་རྒྱལ་ཕྲག་དོག་ལྔ། །ཀུན་སེམས་ཉོན་ཡིད་སྒོ་ཤེས་ལྔ། །ཆོས་མེ་མཉམ་སོར་ནན་ཡེ་ལྔ། །གཟུགས་འདུ་རྣམ་ཚོར་འདུ་བྱེད་ལྔ། །རྡོར་རྣམ་རིན་མཐའ་དོན་རིགས་ལྔ། །འཁོར་རྡོར་རད་པད་རྒྱ་གྲམ་ལྔ། །སངས་མཱ་གོས་སྒྲོལ་དབྱིངས་ཡུམ་ལྔ། །སངས་རྒྱས་ལ་སོགས་མཁའ་འགྲོ་ལྔ། །རྡོ་རྗེ་གིང་སོགས་དཔའ་བོ་ལྔ། །སྣང་གསལ་རིག་བྱེད་གྲོལ་སྟོང་ལྔ། །ཡེ་ནས་དབྱེར་མེད་ངང་གིས་གྲོལ། །སྤང་བླང་རེ་དོགས་དགག་སྒྲུབ་བྲལ། །མཐའ་དབུས་ཕྱོགས་ལྷུང་དེར་འཛིན་ཞིག །ཡིད་དཔྱོད་བློ་འདས་དབང་བསྐུར་བས། །རང་ངོ་མཐོང་སྒོམ་དབང་ཐོབ་ཤོག །ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དེས་རིག་པ་རྩལ་གྱི་དབང་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་སེམས་གང་ལའང་མི་རྟོག་པར་མཉམ་པར་བཞག །འཕྲོ་ན་རྩད་བཅད། གནས་ན་ངོས་བཟུང་། གཞི་མེད་རྩོལ་བྲལ་ནམ་མཁའི་དཀྱིལ་ལྟ་བུར་ཤེས་པར་གྱིས་ཤིག །སྡིགས་མཛུབ་ནམ་མཁར་བསྟན་ལ། ཧོཿཨ་སྣང་སྲིད་ཤེས་བྱས་ཡེ་ཁྱབ་ཆོས། །རྩ་བ་རང་སེམས་གཅིག་པུའི་ཆོ་འཕྲུལ་ཡིན། །སེམས་ཉིད་མ་གཏོགས་སེམས་ལས་མ་ཤར་བའི། །ཆོས་གཞན་རྡུལ་ཙམ་ཨེ་འདུག་སྐལ་ལྡན་ཀྱེ། །སེམས་ཀྱིས་སེམས་ལ་རྩད་མཐར་དེད་པས་ཀྱང་། །འདེད་མཁན་སེམས་ཡིན་གཞི་མེད་རྩ་བ་བྲལ། །གཞི་རྩ་འདུག་ན་གཞི་རྩའི་གཞི་རྩ་གང་། །འཚོལ་མཁན་ཁོ་ནའི་གཞི་རྩ་ཇི་ལྟར་གྲུབ། །རྩ་བ་བྲལ་བས་ངོ་བོ་ངོས་བཟུང་དང་། །བཟང་ངན་འཁྲུལ་གྲོལ་རེ་དོགས་ཇི་ལྟར་དམིགས། །རིག་རྩལ་གསལ་ཙམ་ཝལ་ཝལ་ཏུར་ཏུར་འདི། །སེམས་རང་སེམས་ཀྱི་རྩལ་ཤར་སེམས་ཀྱིས་གཏད། །སེམས་ལ་སེམས་ཀྱིས་དོན་བཟུང་ཨ་འཐས་པས། །ནམ་མཁའི་མདུད་པ་རྨི་ལམ་བྱིས་པའི་གཏམ། །བདེ་གསལ་མི་རྟོག་བྱིང་རྨུགས་འཕྲོ་རྒོད་དང་། །རྟག་ཆད་ཇི་ལྟར་སྣང་ཡང་ཁོ་རང་ལས། །གཞན་མེད་གང་ཤར་སྟེང་དུ་ལྷུག་པར་ཞོག །སྤང་སྒྱུར་རྒྱས་འདེབས་ངོ་ཤེས་བཅོས་མི་དགོས། །འགྲོ་དྲུག་སྡུག་བསྔལ་མཐའ་དག་བཅོས་མས་ལེན། །རང་ངོ་ཤེས་ནས་རང་སར་སྡོད་དུ་ཆུགས། །ཇི་ལྟར་གཞོན་ནུས་བདེ་བའི་རོ་མྱོང་བཞིན། །སྨྲ་བསམ་བརྗོད་འདས་འདི་ཀ་ཆོས་སྐུ་ཡིན། །ཐ་མལ་ཤེས་པ་མ་བཅོས་གསལ་ལེ་བ། །རང་གིས་ལྷུག་པའི་རང་བབ་འདི་ཉིད་ལ། །འཁོར་འདས་བཟང་ངན་མེད་དོ་སྙིང་གི་བུ། །ད་ལྟའི་རིག་པ་ཟང་ཐལ་སྐད་ཅིག་མ། །གང་གིས་མ་རེག་གང་དུའང་གྲུབ་མ་མྱོང་། །འགྱུ་བ་དྭངས་སང་ཤར་ཐིམ་རང་སར་དག །འོད་གསལ་སྟོང་པ་རྒྱལ་བའི་ཡུམ་ཆེན་ཡིན། །འདི་ལས་གཞན་པའི་ཆོས་སྐུ་ཡོད་རེ་ཀན། །བུ་ལྟོས་བར་སྣང་འདི་ལ་ངོས་བཟུང་གང་། །རྣམ་རྟོག་སྔ་ཕྱི་བར་དེར་སུ་ཞིག་འདུག །གནས་འགྱུ་སུས་བཏགས་སྟོང་པར་སུ་ཡིས་མཐོང་། །གཉིད་སད་མདང་གི་མཛའ་མོ་ཁྲིད་ལ་ཤོག །ཨེ་མ་རང་མགོ་རང་གིས་མ་བསྐོར་བར། །ཆུ་རླབས་ཆུ་ཡིན་རང་གིས་རང་མ་སྤོངས། །རང་ངོ་ཤེས་ཚེ་རང་སར་ཀློད་ལ་ཞོག །བུ་ཆུང་ལྷ་ཁང་མཐོང་བ་དེར་འཛིན་གང་། །དུར་ཁྲོད་མི་རོའི་ཚོགས་དྲུག་འཛིན་རྟོག་ཚོལ། །ནམ་མཁའི་བུ་རམ་མྱོང་ན་རོ་མཆོག་འབྱུང་། །ཨ་ཨ་ཨ། དེས་ལྟ་བ་འཁོར་འདས་གཞི་རྫོགས་ཀྱི་དབང་བསྐུར་ཐོབ་པ་ཡིན་ནོ། །འོད་གསལ་གྱི་མར་མེ་འདིས་མཚོན་ནས་འཛིན་མེད་རང་གསལ་ངང་སྒོམ་ལྷུག་པའི་ངང་དུ་ཞོག་ཅིག །མར་མེ་གསལ་བ་བསྟན་ལ། ཨེ་མ། འཁོར་འདས་སྲིད་ཞིའི་རྩ་བ་རང་གི་སེམས། །སེམས་ཀྱི་རང་གཤིས་རང་བབ་ངོ་ཤེས་ན། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པ་ཡིན། །གསལ་སྟོང་གཉིས་མེད་རླུང་བྲལ་མར་མེ་བཞིན། །སེམས་ངོ་ཤེས་པའི་རང་བབ་གཤིས་ལུགས་ལ། །རང་སར་མི་འཇོག་བཅོས་ཤིང་སུ་སྒོམ་པ། །བྱིས་པས་འཇའ་ཚོན་དེད་མཚུངས་ཨ་ཐང་ཆད། །སེམས་ལས་གཞན་དུ་བསྒོམ་བྱ་སྒོམ་བྱེད་ཚོལ། །དེ་ལ་བཙན་ས་ཟིན་པའི་སྐབས་མེད་དེ། །གནས་སྐབས་ཞེན་འཛིན་ཉམས་ཀྱི་ཞགས་པས་བཅིངས། །སྐུ་དང་ཞིང་ཁམས་རབ་འབྱམས་མཐོང་ཐོབ་དང་། །དམྱལ་མེར་ལྷུང་བ་གཉིས་ཀ་སེམས་ཀྱི་མདངས། །སེམས་ལ་བཟང་ངན་གདོད་ནས་མ་གྲུབ་ཕྱིར། །རང་བབ་མ་ཡེངས་མི་བསྒོམ་གཤིས་ལ་ཞོག །རྣམ་རྟོག་མི་དགག་རྟོག་པ་རང་ཞིར་ཀློད། །འདི་ལ་བཅོས་ན་སྒོམ་པའི་དམ་ཚིག་ཉམས། །སྣང་སྲིད་ཡོངས་གྲོལ་བསྒོམ་པའི་དབང་ཐོབ་ཤོག །ས་མཱ་དྷི་ཨ་ཏི་ཧོཿ དེས་བསྒོམ་པ་སྣང་སྲིད་གཞི་གྲོལ་གྱི་དབང་བསྐུར་ཐོབ་པ་ཡིན་ནོ། །དེ་ནས་ཁྱེད་རང་རྣམས་ལུས་གནད་བཞུགས་སྟངས་གསུམ། མིག་གནད་གཟིགས་སྟངས་གསུམ་གང་རུང་དང་སྦྱོར་ལ་དབྱིངས་སྣང་རིག་པ་ངོས་ཟུངས་མཛོད། ཧཱུྃ། ཡེ་དག་མཉམ་ཡངས་རང་གྲོལ་མ་རྟོགས་ན། །སེང་གེ་གླང་ཆེན་དྲང་སྲོང་འདུག་སྟངས་ཀྱིས། །མིག་གཉིས་སྨིན་མཚམས་ནམ་མཁའི་དབྱིངས་སུ་ལྟོས། །རླུང་དང་སེམས་གཅུན་བརྩོན་འགྲུས་དྲག་པོ་ཡིས། །དབྱིངས་རིག་འོད་ཐིག་རྒྱལ་བ་ཡབ་ཡུམ་མཐོང་། །མ་ཡེངས་བསྐྱང་བས་ཆོས་ཉིད་མངོན་སུམ་དེ། །ཉམས་སྣང་གོང་འཕེལ་རིག་པ་ཚད་ལ་ཕེབས། །ཆོས་ཉིད་ཟད་སར་སྐྱོལ་ནས་ཚེ་འདིར་གྲོལ། །ཟག་མེད་འཇའ་ལུས་ཐོབ་པའི་དབང་ཐོབ་ཤོག །ཨ་ཏི་ཧོཿ དེས་ཐོད་རྒལ་འོད་གསལ་ཁོར་ཡུག་བསྒོམ་དུ་རུང་བའི་དབང་བསྐུར་ཐོབ་པ་ཡིན་ནོ། ཁྱེད་རང་རྣམས་ཚོགས་དྲུག་མ་བཅོས་ལྷུག་པའི་ངང་དུ་གར་བསྒྱུར་བ་སོགས་ལུས་ངག་གི་རྣམ་འགྱུར་ཅི་བདེ་བར་བྱོས་ཤིག །ཧཱུྃ། ཀ་དག་ལྷུན་གྲུབ་གཞི་ཡི་བཞུགས་ཚུལ་དེ། །གཏན་འབེབ་ཁྲེགས་ཆོད་ཐོད་རྒལ་ལམ་གྱི་མཆོག །འབྲས་བུ་སྐུ་དང་ཡེ་ཤེས་ཀུན་ཏུ་བཟང་། །དེ་ཉིད་བསྐྱང་བའི་སྤྱོད་ཡུལ་ཅི་ཕྱིར་མེད། །རབ་འབྲིང་མཐའ་མ་དབང་པོའི་བྱེ་བྲག་གིས། །རང་གི་ཉམས་མྱོང་འཆར་ཚུལ་ཤེས་བྱས་ནས། །ཉམས་གོང་འཕེལ་བའི་སྤྱོད་བརྟེན་སྒྲིབ་པ་སྤོངས། །ཤུགས་འབྱུང་རང་གྲོལ་མ་བཅོས་སྤྱོད་དབང་བསྐུར། །ས་མ་ཡ་ཨ་ཏི་ཧོཿ དེས་སྤྱོད་པ་རང་བབ་ཤུགས་འབྱུང་གི་དབང་ཐོབ་པ་ཡིན་ནོ། །བདུད་རྩི་འདིས་མཁུར་བ་བཀང་ལ་ཕཊ་བརྗོད་ཅིག །བདུད་རྩི་བླུད་ལ། ཧཱུྃ། གཞི་ལམ་འབྲས་སོགས་སྣང་སྲིད་ཤེས་བྱའི་ཆོས། །ཐ་དད་མིང་བཏགས་བློས་བཟུང་ལོག་ཤེས་ཉིད། །ཀུན་རྫོགས་རང་རིག་ཡེ་ཤེས་ཁ་གང་མ། །མ་བཅོས་འདི་ལ་སངས་རྒྱས་འབྲས་བུ་ཟེར། །དོན་ལ་སངས་རྒྱས་སེམས་ཅན་གཉིས་སུ་མེད། །སྐད་ཅིག་གྲོལ་བ་འདི་ཉིད་ཆོས་ཀྱི་སྐུ །འདི་ལས་གཞན་དུ་འབྲས་བུ་སངས་རྒྱས་མེད། །མཁུར་བཀང་སྨྲ་འདོད་དཔེ་ཡི་དོན་མཐོང་ཤོག །ཨོཾ་ཨཱཿཧཱུྃ། དྷརྨ་ཀཱ་ཡ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཨཱཿ དེས་འབྲས་བུ་མ་བཙལ་ལྷུན་གྲུབ་ཀྱི་དབང་ཐོབ་པ་ཡིན་ནོ། །དེ་ལྟར་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་རང་བྱུང་རང་ཤར་རང་གྲོལ་རང་ཆས་སུ་ངོ་འཕྲོད་པའི་དོན་གོ་བར་དེར་གྲོལ་དགོས་པས་དེའི་དོན་ངོ་སྤྲད་པ་ནི་མ་ཡེངས་པར་གསན་འཚལ། ཤེལ་དང་མེ་ལོང་མར་མེ་ལ་སོགས་པའི་ཟེར་དང་ཞི་ཁྲོའི་སྐུ་བསྟན་ལ། ཧཱུྃ། གདོད་ནས་འཁྲུལ་མ་མྱོང་བའི་ཀུན་བཟང་ཐུགས། །ཤར་དུས་འོད་གསལ་མ་བུ་མ་འདྲེས་ན། །རང་རྩལ་འཁྲུལ་སྣང་ཤར་བའི་སེམས་ཅན་རྣམས། །འཁྲུལ་ནས་མ་གྲོལ་བར་དུ་བར་མ་དོར། ཁྱད་པར་འདི་འཕོས་ཕྱི་ལུས་མ་བླངས་པར། །དོན་ལ་འཁྲུལ་དང་མ་འཁྲུལ་མ་མཆིས་ཀྱང་། །སྣང་ལོག་ཀུན་རྫོབ་འཁྲུལ་ངོར་རང་གི་སེམས། །མ་རིག་རང་རྩལ་འདི་ལ་ཨ་འཐས་པས། །རང་ལ་རང་སྐྲག་རང་ཉིད་སྡུག་བསྔལ་མྱོང་། །རང་ལུས་གདོད་ནས་རྣམ་དག་རྒྱལ་བའི་སྐུ །ཞི་ཁྲོའི་ལྷ་ཚོགས་མ་ལུས་ལྷུན་རྫོགས་པ། །སྒྲ་འོད་ཟེར་དང་སྣ་ཚོགས་སྐུར་འཆར་བས། །མ་འཇིགས་རང་ངོ་ཤེས་གྲོལ་དབང་ཐོབ་ཤོག །ཨ་ཨ་ཨ། དེ་རྣམས་ཀྱིས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་དྲི་མ་དག །རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཔལ་གཏོར་ཐོགས་ལ། དེ་དག་གིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་དྲག་པོ་མཐུའི་དབང་སྦྱིན་པའི་ཐོག་མར་གཏོར་དབང་དང་རྗེས་སུ་འབྲེལ་བར་དྲེགས་པའི་སྲོག་དབང་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། །དཔལ་གྱི་གཏོར་མ་འདི་ཉིད་དཔལ་ཆེན་གཤིན་རྗེ་གཤེད་པོ་འཁོར་དང་བཅས་པ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཧཱུྃ། ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་གདུག་པའི་ཁྲོ་ཆེན་རྔམ་པའི་སྐུ །རབ་འཇིགས་མི་བཟད་འབར་བའི་གཤིན་རྗེ་གཤེད། །ཐུགས་དམ་དབང་གིས་འདིར་གཤེགས་མཆོད་པ་བཞེས། །འཁོར་གྱི་དྲེགས་པ་སྲིད་གསུམ་བརླག་ནུས་རྣམས། །དབང་བསྡུས་ཟིལ་གནོན་ལས་ལ་བསྔགས་པ་ཡིས། །དགྲ་བགེགས་མ་ལུས་རྩད་ནས་གཅོད་པའི་ཕྱིར། །མངོན་སྤྱོད་ནུས་མཐུ་ཐོགས་མེད་དབང་བསྐུར་མཛོད། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་བཛྲ་སརྦ་དུཥྚཱཾ་ཨ་མུ་ཀ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་སྤྱི་བོར་བཞག །གཏོར་མའི་ཡེ་ཤེས་པ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་དཔལ་ཆེན་གཤིན་རྗེ་གཤེད་ཡབ་ཡུམ་གོ་ཆའི་ལྷ་འཁོར་སྲས་མཆོག་རིགས་བཞི་དང་བཅས་པ། ཁྱད་པར་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པའི་བུམ་པར་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས་པ། གཟི་བརྗིད་ནུས་སྟོབས་འགྲན་ཟླ་དང་བྲལ་བར་གྱུར་པ་ལ། དྲེགས་པའི་སྡེ་དཔོན་ཆེན་པོ་བཞི་བྲན་དུ་གཏད་པས། སྡེ་བརྒྱད་འཁོར་དང་བཅས་པས་དེང་ཕྱིན་ཆད་ཅི་བཅོལ་ཕྲིན་ལས་སྒྲུབ་པའི་ཆོས་སྐྱོང་དུ་ཁས་བླངས་པར་སྒོམས་ཤིག །གཡས་ཀྱི་དམར་གཏོར་སློབ་མའི་གཡས་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་གཤིན་རྗེའི་སྡེ་དཔོན་ནི། །ཡ་མ་རཱ་ཙ་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཡ་མ་རཱ་ཙ་ཡ་ཛཿབྷྱོ། ཤཱ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། གཡོན་གྱི་དམར་གཏོར་གཡོན་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་མ་མོའི་སྡེ་དཔོན་ནི། །ཨེ་ཀ་ཙཱ་ཏི་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཨེ་ཀ་ཙཱ་ཏི་ཏྲཀ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། མདུན་གྱི་གཏོར་མ་མདུན་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་བདུད་ཀྱི་སྡེ་དཔོན་ནི། །བསྐོས་རྗེ་དྲང་དཀར་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །དུ་ཏྲཀ་དུ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ལ་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། རྒྱབ་ཀྱི་དམར་གཏོར་རྒྱབ་ངོས་སུ་ལག་པ་བརྐྱང་བ་ལ་གཏད་དེ། ཧཱུྃ། སྣང་སྲིད་བཙན་གྱི་སྡེ་དཔོན་ནི། །སྲོག་ཟན་དམར་པོ་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཨ་བྷི་ཙཀྵུ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བོའི་སྲོག་ནྲྀ་མཱ་ར་ཡ་རྦད། པ་ཤཾ་ཀུ་རུ་ཧཱུྃ་ཕཊ། དེ་ནས་མངོན་སྤྱོད་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་རྗེས་སུ་གནང་བ་ལ། ལས་སྒྲུབ་ཕལ་མོ་ཆེར་བསྔགས་པའི་གཏོར་མ་ཤེས་པ་གསུམ་ལྡན་དུ་སྒྲུབ་པའི་རྗེས་སུ་གནང་བ་ཐོབ་པར་མོས་མཛོད། དཔལ་གཏོར་ལག་ཏུ་གཏད་ལ། ཧཱུྃ། ཤ་ཁྲག་གཏོར་མས་བཀའ་སྲུང་མཆོད། །དམ་རྫས་གཏོར་མ་ཡི་དམ་ལྷ། །དུག་ཁྲག་མཚོན་ཆའི་གཏོར་མ་ཡིས། །དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག །མ་ཧཱ་བ་ལིཾ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ། བསྒྲལ་དབང་ནི། ལྕགས་ཧོམ་དང་ལིངྒ་གཏད་ལ། ཧཱུྃ། བདག་འཛིན་ལིངྒ་བདག་མེད་ཕུར་བུས་སྒྲོལ། །རྣམ་རྟོག་ལིངྒ་རྟོག་མེད་ཕུར་བུས་སྒྲོལ། །ཉོན་མོངས་ལིངྒ་ཡེ་ཤེས་ཕུར་བུས་སྒྲོལ། །ལིངྒ་བྲི་འགུགས་སྒྲོལ་བའི་དབང་ཐོབ་ཤོག །ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ལིངྒ་འགྲིམས་ལ་མདུན་དུ་བཀོད། ཕྱག་རྒྱ་བཞི་དང་ཐུན་རྫས་སོགས་དངོས་སམ་རི་མོར་བྲིས་པ་གཏད་ལ། ཧཱུྃ། གྲུ་གསུམ་དམྱལ་བའི་བཙོན་ཁང་བྲུབ་ཁུང་དུ། །གྲངས་མེད་སྤྲུལ་པས་འགུགས་པ་ཕོ་ཉའི་དབང་། །དབང་མེད་སྙིང་ནས་འདྲེན་པ་ལྕགས་ཀྱུའི་དབང་། །དམ་ཉམས་ཐར་མེད་བཅིང་བ་ཞགས་པའི་དབང་། །དམ་ཉམས་དབང་པོ་འཆིང་སྡོམ་ལྕགས་སྒྲོག་དབང་། །དམ་ཉམས་རྣམ་ཤེས་མྱོས་བྱེད་དྲིལ་བུའི་དབང་། །དགྲ་བོ་ལྷ་དང་ཕྲལ་བྱེད་རྫས་སྔགས་དབང་། །དགྲ་བོ་ཐིབས་གྲིར་གསོད་པ་ས་ཡི་དབང་། །དགྲ་ཡུལ་རྗེས་མེད་ཁྱེར་བྱེད་ཆུ་ཡི་དབང་། །དགྲ་བགེགས་ཐལ་བར་སྲེག་བྱེད་མེ་ཡི་དབང་། །དགྲ་བགེགས་ལུས་སེམས་གཏོར་བྱེད་རླུང་གི་དབང། །སྣ་ཚོགས་མཚོན་ཆའི་ཆར་འབེབ་ཐུན་རྫས་དབང་། །མ་ལུས་ཐོགས་པ་མེད་པའི་དབང་ཐོབ་ཤོག །ཛཿཧཱུྃ་བཾ་ཧོཿ དགྲ་བགེགས་མཱ་ར་ཡ་སཏྭམྦྷ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྤྲོ་ན་འགུགས་མནན་སྔགས་རིང་བཟླ་བར་གསུང་། མཚོན་ཆ་རྣམས་ལིངྒ་ལ་འདེབས་ཚུལ་བྱར་གཞུག །ཕུར་པ་གཏད་དེ། ཧཱུྃ། སྲས་མཆོག་རྡོ་རྗེ་ཀཱི་ལ་ཡ། །གང་ལ་བཏབ་ཀྱང་རྡུལ་དུ་རློག །སྲིད་གསུམ་དགྲ་བགེགས་ཀུན་གྱི་གཤེད། །འདྲིལ་ཞིང་འདེབས་པའི་དབང་ཐོབ་ཤོག བཛྲ་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། ཁྱེད་རང་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོས། ཕུར་པ་སྲས་མཆོག་ལིངྒ་དགྲ་བགེགས་སུ་གསལ་བ་ལ་བཏབ་པས་ཁོའི་ཚེ་བསོད་ཀྱི་དྭངས་མ་ཕུར་རྩེས་བླངས་ཏེ་རང་སྲོག་གི་གསོས་སུ་ཐིམ། རྣམ་ཤེས་ཨའི་རྣམ་པས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐིམ་པར་མོས་མཛོད། །ཅེས་ཕུར་པ་འདེབས་སུ་གཞུག །མནན་གཏད་ཀྱི་དབང་ནི། མནན་ཐོད་ཚོན་སྐུད་ཕུང་རེ་གཏད་ལ། ཧཱུྃ། མཚན་ངན་ཐོད་རློན་སྡེ་བརྒྱད་འཁྲུགས་པའི་ཁྱིམ། །དམ་ཉམས་བྲུབ་ནས་འཆི་བདག་ཁ་རུ་གཏད། །སྔོན་དམར་བྱད་བཅུག་ཕུང་རེས་དྲིལ་བྱས་ཏེ། །བསྟན་བཤིག་རྩད་ནས་གཅོད་པའི་དབང་ཐོབ་ཤོག །ཀ་པཱ་ལ་བྷནྡྷ་སརྦ་རཱུ་པ་ཊ་མཱ་ར་ཡ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། སཱཙྪ་རི་རབ་ཀྱི་གཟུགས་ཐུན་རྫས་གཏད་ལ། ཧཱུྃ། འབྱུང་ལྔ་རིམ་བརྩེགས་འདས་པའི་འོག་རོལ་དུ། །གནོད་བྱེད་དགྲ་བགེགས་འཆི་བདག་ཁ་རུ་གཏད། །འབྱུང་ལྔའི་དཀྱིལ་འཁོར་སྟེང་དུ་རི་རབ་བརྩེགས། །འཁོར་འདས་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །གནོད་བྱེད་སཏྭམྦྷ་ཡ་ནན། ཨ་བྷི་ཥིཉྩ་ཧཱུྃ། ཟློག་པའི་དབང་ནི་དམར་གཏོར་ཡུངས་དཀར་གྱིས་བརྒྱན་པ་གཏད་ལ། ཧཱུྃ། དམར་གྱི་གཏོར་ཆེན་ཡུངས་དཀར་རྒྱལ་པོས་བརྒྱན། ཁྱོད་ལ་སྦྱིན་པས་ནུས་མཐུ་མཆོག་ཐོབ་སྟེ། །ལྷ་སྔགས་ཏིང་འཛིན་རྣོ་མཚོན་སྤུ་གྲིའི་ཆར། །དྲག་པོས་ཕ་རོལ་རྦོད་ཟོར་ཟློག་པའི་དབང་ཐོབ་ཤོག །ཡ་མཱནྟ་ཀ་ཡ་མ་རཱ་ཛ། རྦོད་ཟོར་སརྦ་བྷྱོ་བྷྱོ་ཟློག་ཟློག །ཨ་བྷི་ཥིཉྩ་ཧཱུྃ་ཕཊ། བསད་པའི་དབང་ནི། སླར་ལིང་རོ་ལ་འགུགས་གཞུག་བྱ། ཁྱེད་རང་རྣམས་སྐད་ཅིག་གིས་ལས་ཀྱི་གཤིན་རྗེ་འཇིགས་སུ་རུང་བ། ལྟོ་བ་མུན་པའི་ཀློང་དུ་དྲེགས་པ་སྡེ་བརྒྱད་ཀྱིས་གང་བ། ཕྱག་གི་མཚོན་ཆས་དགྲ་བགེགས་དངོས་སུ་བསད། ཤ་ཁྲག་རུས་གསུམ་ལྷག་མེད་ཆེམས་ཆེམ་གསོལ་བར་མོས་ཤིག །ཕུར་བུ་རལ་གྲི་གཏད་ལ་སྒྲོལ་དུ་གཞུག་པའི་མཐར་ལིང་རོ་རྣམས་གཏོར་ཆུང་ཤ་ཁྲག་གིས་བརྒྱན་པའི་ནང་དུ་བླུགས་པ་རོལ་དུ་གཞུག་ལ། ཧཱུྃ། ཁྱོད་ནི་ཟ་བྱེད་ལས་གཤིན་འཆི་བདག་སྟེ། །ལྟོ་བར་ཟ་བྱེད་དྲེགས་པའི་ཚོགས་ཀྱིས་གང་། །མི་ཤ་ཁྲག་གི་དྲི་ཚོར་བཟོད་གླགས་མེད། །ལས་སུ་བསྟན་སྲུང་ཞལ་དུ་ཤ་ཁྲག་རོལ། །རབ་འཇིགས་རྔམས་པའི་ཞལ་ཕྱེ་མཆེ་གཙིགས་ཏེ། །ཕུར་བུ་ཤང་ལང་སྤུ་གྲི་འབར་བ་ཡིས། །དམ་ཉམས་འཁོར་བཅས་སྲོག་ཆོད་སྙིང་ཕྱུངས་ཤིག །གཞན་དུ་མ་གཡེངས་བརྣག་པའི་སེམས་ཀྱིས་ནི། །དམར་གཏོར་འདི་དང་དམ་ཉམས་གཟུགས་ཕུང་གཉིས། །མཉམ་དུ་རོལ་ཅིག་དམ་ཚིག་དུས་ལ་བབས། །ཤ་ཁྲག་དྲོན་མོ་བདུད་རྩི་བས་ཀྱང་ཞིམ། །བསྟན་བཤིག་རྩད་གཅོད་བསད་ལས་དབང་ཐོབ་ཤོག །དམ་ཉམས་ཞིང་བཅུ་ལྡན་པའི་ཤ་ཁྲག་སྲོག་དབུགས་ལ་ཁཱ་ཧི། །གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཧཱུྃ། དེ་དག་གིས་མངོན་སྤྱོད་དྲག་པོ་མཐུའི་དབང་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་ནོ། །དེ་ནས་ཁྱེད་རང་རྣམས་སེང་གེའི་ཁྲིའི་སྟེང་དུ་བཞག །སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེང་། ཕྱག་ཏུ་རྒྱུད་ཀྱི་གླེགས་བམ་དང་རྡོར་དྲིལ་གཏད་དེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་མངའ་གསོལ་བའི་མོས་པ་མཛོད། ཅེས་བརྡ་སྤྲད། དངོས་སུའང་དེ་དག་གང་འཛོམ་བྱས་ལ། ཧཱུྃ། ཇི་ལྟར་བྱེ་མ་ལས་ནི་མར་བཙིར་ལྟར། །དབང་མེད་དངོས་གྲུབ་ཐོབ་པ་མི་སྲིད་པས། ཁྱོད་ལ་དུས་གསུམ་རྒྱལ་བའི་དགོངས་པ་ཡི། །དབང་མཆོག་ཡོངས་སུ་རྫོགས་པ་དེ་རིང་བྱིན། །ད་ནི་སངས་རྒྱས་རྣམས་དང་ཁྱོད་དབྱེར་མེད། །ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་བྱོས། །སྐལ་ལྡན་སློབ་མ་སྨིན་གྲོལ་ལམ་ལ་བཀོད། །རྟག་ཏུ་འགྲོ་བ་འདྲེན་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། བཛྲ་དྷ་ར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་པ་ཐོབ་པ་ཡིན་པས་དེང་ཕྱིན་ཆད་སློབ་དཔོན་གྱི་ལས་རབ་འབྱམས་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག །དབང་དེ་དག་གི་སྐབས་སུ་ཐོབ་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཅི་ནུས་སུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་གསུམ། དབང་བསྐུར་ཡོངས་སུ་རྫོགས་པའི་གཏང་རག་ཏུ་མཎྜལ་འབུལ་འཚལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམ་སྟེ་སོགས། དེ་དག་གིས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་དཀྱིལ་འཁོར་དུ་དོན་དབང་རྗེས་འབྲེལ་བཅས་ཟུར་མཁར་ཆོས་ཀྱི་རྗེའི་བཀའ་སྲོལ་ལས་ཇི་ལྟར་བྱོན་པ་ལེགས་པར་གསན་གྲུབ་པ་ཡིན་ཞིང་། སྤྱིར་འཇམ་དཔལ་གྱི་མཚན་ཙམ་ཐོས་པའམ། དེའི་རྗེས་སུ་སློབ་པའི་བློ་སྐད་ཅིག་སྐྱེས་པ་ཙམ་ཡང་བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་། སྙིགས་མའི་དུས་འདིར་འཇམ་དཔལ་ཞི་ཁྲོ་རྣམས་འགྲུབ་ཐག་ཉེ་ཞིང་མཐུ་རྩལ་ཆེ་ལ། ཁྱད་པར་ཀིང་ཀང་གི་གཞུང་མང་པོ་ལས། ཉིན་གཅིག་བསྒྲུབ་ན་ལོ་གསུམ་དགྲ་མི་སྡང་། །ཞེས་གསུངས་པས་ཆོས་བྱེད་ཁོས་དམན་སྙིགས་དུས་དམུ་རྒོད་ཀྱི་དཔུང་ལས་སྐྱོབ་པའི་ཡི་དམ་མཆོག་ཏུ་གྱུར་པ་ཡིན་པས་སྤྲོ་བ་སྐྱེད་ལ་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མཛོད། །དགེ་བ་བསྔོ། སློབ་མ་གྲོལ། ཚོགས་རོལ་ཞིང་ལྷག་མ་གཏོང་བ་མན་ཆད་རྗེས་ཀྱི་བྱ་བ་ལས་བྱང་ལྟར་རྫོགས་པར་བྱའོ། །སྔགས་སྤྱོད་ཀུན་གྱི་སྙིང་གི་བཅུད། །ཆོས་ལྡན་ཉམ་ཆུང་སྐྱོབ་པའི་གོ །འདི་ཡི་སྨིན་གྲོལ་འགྲོ་ཀུན་གྱི། །རྒྱུད་འབྱོར་འཇམ་པའི་དབྱངས་འགྲུབ་ཤོག །ཅེས་པ་འདི་ནི། ད་ལྟའི་སྔགས་ཤེས་ཕལ་མོ་ཆེར་གྱེར་མོ་ཙམ་དར་སྲོལ་ཆེ་ཡང་སྨིན་བྱེད་ཀྱི་རྐང་འདི་དཀོན་པ་དང་། རྩ་བ་ཟུར་མཁར་གྱི་ཡི་གེ་མཚམས་སྦྱོར་གཞན་ལ་ལྟོས་དགོས་མ་ཟད་ལུང་རྒྱུན་ཆད་པ་ལ་ཕན་པའི་བསམ་པས། འཇམ་མགོན་ཀརྨ་སི་ཏུའི་བཀའ་འབངས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། །།
མངའ་དབང་རིན་ཆེན་འབར་བ་ (Volume 51, Text 38)
ཀྱི་ལེའུ་སྟེ་བཞི་པའོ༔ དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས༔ ནོར་བུ་སྔགས་ཀྱི་ཕྲེང་བ་དེ་ཉི་མའི་འོད་ཟེར་ལྟར་འཁྱིལ་ཞིང་འཕྲོ་བ་ལས༔ ཐུགས་ཀྱི་རྒྱ་འདི་ལྟར་དུ་བཏབ་སྟེ༔ ྈྈྈྈ ྈྈྈྈ ྈྈྈྈ ྈྈྈྈ ྈྈྈྈ ྈྈྈྈྈ སུམ་ཅུ་རྩ་གཉིས་ཡི་གེ་འདིས༔ འཐོར་བ་བསྡུས་ཏེ་རྣོ་ངར་བླུད༔ རིན་ཆེན་མཐིང་གི་ཀ་ལི་ལ༔ བཻ་ཌཱུརྻ་ཡི་ཡི་གེ་བཀོད༔ ནམ་མཁའི་ཀློང་ལྟར་ཟླུམ་པོར་བསྐོར༔ རི་རྒྱལ་བྱང་དུ་བཞག་པ་ལས༔ གནོད་སྦྱིན་ལོངས་སྤྱོད་རྒྱས་པ་དེ༔ ནོར་བུ་འདི་ལས་བྱུང་བ་ཡིན༔ ཕྱག་ན་རྡོ་རྗེའི་ཐུགས་རྗེ་ཡིས༔ སྲིད་པའི་འཇིག་རྟེན་ཐམས་ཅད་དུ༔ འགྲོ་འདུལ་བསྟན་པའི་དོན་དུ་ཕབ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༔ ཆོས་སྐྱོང་རྒྱལ་པོ་རེ་རེ་འབྱུང༔ ནོར་བུ་འདི་ཉིད་སུ་འཆང་བ༔ བསོད་ནམས་ལོངས་སྤྱོད་མཐའ་རྒྱས་ཤིང༔ ཅི་བསམ་ལྷུན་གྱིས་གྲུབ་པར་འགྱུར༔ རིན་ཆེན་གྭ་འུར་བཅུག་ནས་ཀྱང༔ སྤྱི་བོར་བཞག་ན་མངའ་དབང་ཆེ༔ བང་མཛོད་དབུས་སུ་འདི་བཅུག་ནས༔ མཆོད་པ་ཕུལ་ན་བསོད་ནམས་རྒྱས༔ ཟངས་ཀྱི་གྭ་འུར་བཅུག་ནས་ཀྱང༔ མིང་སྲོག་གཏེམས་ན་དབང་དུ་འདུ༔ ཕྱག་ན་རྡོ་རྗེའི་སྐུ་བཞེངས་ལ༔ དེ་ཡི་འོག་ཏུ་མིང་སྲོག་གཞུག༔ ཐུགས་ཀར་ནོར་བུ་འདི་ཉིད་གཞུག༔ དགྲ་བོ་དབང་སྡུད་དམངས་སུ་འབེབ༔ རང་ཉིད་གནས་པའི་ཕོ་བྲང་དུ༔ མཆོད་པ་འབུལ་ཞིང་བཞུགས་སུ་གསོལ༔ ཡིད་ལ་ཅི་འདོད་དངོས་གྲུབ་ཐོབ༔ སྲིད་གསུམ་མངའ་དབང་སྲོག་གི་བདག༔ ལྷ་ཀླུ་མི་དང་སྡེ་བརྒྱད་དང༔ འབྱུང་བཞི་རིན་ཆེན་ལྔ་ཡི་བཅུད༔ ཀུན་བསྡུས་ཡི་གེའི་རྣམ་པར་ཤར༔ སྣ་ཚོགས་བརྡ་ཡི་ཡི་གེ་འདི༔ གང་ན་གནས་པའི་ས་ཕྱོགས་སུ༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས༔ ནོར་བུ་དབང་གི་རྒྱལ་པོ་ལྟར༔ དགོས་པ་ཀུན་འབྱུང་སྲིད་པ་འཛིན༔ ཡོན་ཏན་བརྗོད་ལས་འདས་པ་འདི༔ ཀུན་གྱིས་འཆང་བར་ག་ལ་ནུས༔ སྐལ་མེད་འདི་དང་འཕྲད་མི་སྲིད༔ ལན་གཅིག་འཛམ་བུ་གླིང་དུ་འབེབ༔ སྐལ་ལྡན་རྣམས་དང་འཕྲད་པར་འགྱུར༔ དུས་ཀྱི་ཐ་མ་ཤར་བའི་ཚེ༔ སྣོད་ངན་རྣམས་དང་འཕྲད་པ་ན༔ ཡིད་ཆེས་མི་འཆང་ཟོང་དུ་ཁྱེར༔ ཕྲག་དོག་ཅན་གྱིས་མན་ངག་སློང༔ ཐེ་ཚོམ་བྱས་པས་བྱིན་རླབས་ཉམས༔ དེ་ཕྱིར་འདི་ལ་བཀའ་རྒྱ་བཏབ༔ འགྲོ་དོན་རྒྱ་ཆེན་སྤྱོད་ནུས་པའི༔ སྐྱེས་བུ་དེ་ལ་བཀའ་རྒྱ་ཡོད༔ སྤྲུལ་པའི་སྐྱེས་བུ་ཁྱོད་ཀྱིས་ཟུངས༔ འགྲོ་འདུལ་རྒྱལ་པོར་མངའ་གསོལ་ལོ༔ རཏྣ་ཕ་ལ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ནམ་མཁའ་ལ་སྒྲ་འབྲུག་ལྟར་གྲགས་པ་དང༔ ལག་ན་རྡོ་རྗེས་རྒྱལ་བུ་ཐོར་ཅོག་ཅན་ལ་གླེགས་བམ་མཐོ་གང་བ་གཏད་དོ༔ སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས༔ གཏད་རྒྱའི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཨོ་རྒྱན་རྒྱལ་པོ་ངས༔ འཇིག་རྟེན་གདུལ་བྱ་དབང་དུ་བསྡུས༔ ཐམས་ཅད་དགེ་བའི་ཆོས་ལ་བཀོད༔ སྔོན་གྱི་ལས་ཀྱི་འཕྲོ་མཐུད་ནས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ སྙིགས་མའི་སེམས་ཅན་དོན་བྱའི་ཕྱིར༔ འཛམ་གླིང་སྲོག་གི་བཅུད་བསྡུས་པ༔ བོད་ན་གཅེས་པའི་མན་ངག་འདི༔ རིན་ཆེན་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་བསྟན་པ་སྐྱོང་ནུས་པའི༔ སྐྱེས་བུ་གཅིག་དང་འཕྲད་པར་ཤོག༔ གཉན་ཆེན་ཐང་ལྷས་གཏེར་འདི་སྲུངས༔ ལས་ཅན་བྱུང་ཚེ་གཏད་པར་གྱིས༔ མན་ངག་ཟབ་མོ་འདི་འཆང་བའི༔ བཀའ་ཡི་བྱ་ར་ལེགས་པར་གྱིས༔ ྈྈྈྈྈྈྈྈྈྈྈྈྈྈ ྈྈྈ ྈྈྈྈྈ ྈྈྈྈྈ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ མངའ་དབང་རིན་ཆེན་འབར་བ་བཞུགས༔ ཟངས་མཛོད། རྒྱ་གར་སྐད་དུ༔ མ་ཧཱ་རཱ་ཛ་ཨ་བྷི་ཥིཉྩ་ནཱ་མ༔ བོད་སྐད་དུ༔ རྒྱལ་པོ་ཆེན་པོ་ལ་མངའ་གསོལ་བའི་མན་ངག་ཅེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ འདི་ལ་རྣམ་པ་གསུམ་སྟེ༔ དང་པོ་ཕུན་སུམ་ཚོགས་པའི་རྒྱུ་བཙལ་བ་དང༔ རྟེན་ཅིང་འབྲེལ་བ་རྫས་ཀྱི་ཡོ་བྱད་གསག་པ་དང༔ མངའ་གསོལ་དངོས་སོ༔ དང་པོ་ནི༔ སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའམ༔ ས་ལ་དབང་བའི་བྱང་ཆུབ་སེམས་དཔའ་འམ༔ མངའ་ཐང་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཞིག་ལ་བསྐུར་དུ་རུང༔ མངའ་འདི་གསོལ་ཕྱིན་ཆད༔ དེའི་མངའ་ཐང་བསོད་ནམས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་ནས༔ འགྲོ་བ་མང་པོའི་དོན་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ༔ བདུད་དང་མུ་སྟེགས་སྡིག་སྤྱོད་དམངས་ཀྱི་རིགས་རྣམས་ལ་བསྐུར་བར་མི་བྱ་སྟེ༔ དེའི་མངའ་ཐང་རྒྱས་ནས་སངས་རྒྱས་ཀྱི་བསྟན་པ་སྣུབ་པར་བྱེད་པས་ཤིན་ཏུ་ཡང་མི་རུང་ངོ༔ གཉིས་པ་རྟེན་ཅིང་འབྲེལ་བའི་རྫས་གསག་པ་ནི༔ དུས་དང༔ ཚེས་དང༔ གཟའ་སྐར་བཟང་པོ་ལ་བཀྲ་ཤིས་པའི་གནས་སུ༔ སྨན་དང་རིན་པོ་ཆེས་འབྱུང་བ་ལྔའི་དབྱིབས་དང་ས་བོན་བྲིས་ཏེ༔ ལྷ་ཀླུ་མི་དང་སྡེ་བརྒྱད་དྲེགས་པ་ཅན་གྱི་སྲོག་གི་ཡི་གེ་གྲོ་གའམ་ཤོག་ཤོག་ཤིང་ཤུན་ལ་བྲིས་ཏེ༔ དེའི་སྟེང་དུ་གདིང༔ རཏྣའི་ཁྲི་དང༔ བཀྲ་ཤིས་པར་བྱེད་པའི་གདན་རིམ་པ་གསུམ་དང༔ བདུན་དང༔ བཅུ་གསུམ་སྐབས་དང་སྦྱར་ཏེ་གདིང་ངོ༔ ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་གྱི་རྒྱ་བཏབ༔ དབུས་སུ་རྡོ་རྗེའི་གདན་བཀྲ་ཤིས་པའི་རྫས་བཞི་ལ༔ དུང་དང་རྒྱལ་མཚན༔ དར་དང་རྔ་བོ་ཆེ༔ རྒྱལ་པོའི་རྟགས་དྲུག་ལ༔ རིན་པོ་ཆེའི་གཙུག་ཏོར༔ དར་མན་སྣ་ལྔའི་ཐོད༔ དར་དཀར་གྱི་ལའུ༔ ཟབ་ཆེན་གྱི་བེར༔ གསེར་གྱི་སྐ་རགས༔ ཞབས་ལྷྭམ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ ཅི་འདོད་ལོངས་སྤྱོད་ཀྱི་དབང་བསྐུར་བའི་རྫས་ལ༔ ཚངས་པའི་འཇིག་རྟེན་དང༔ སྲོག་གི་ཡི་གེ་རང་གནས་སུ་བསྐོར་བ་མཐིང་ཤོག་ལ་རིན་པོ་ཆེས་བྲིས་པ༔ གཞན་ཡང་བཀྲ་ཤིས་པའི་རྫས་མང་པོ་དང་བཅས་པ་གསག་གོ༔ གསུམ་པ།་་་མངའ་གསོལ་དངོས་ནི༔ བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བའི་རྒྱལ་བུ་དེ་གཙང་མའི་ཁྲུས་ཀྱིས་དག་པར་སྦྱངས་ཏེ༔ སློབ་དཔོན་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་དུ་གསལ་བས༔ བགེགས་བསྐྲད༔ སྣོད་བཅུད་ཐམས་ཅད་སྒྱུ་མར་སྦྱང༔ རྒྱལ་པོ་ཡིག་འབྲུ་ཨ་ལ་ནྲྀ་ཡིག་འབྲུ་བརྒྱད་ཀྱིས་བསྐོར་བ་བཀྲག་མདངས་དང་ལྡན་པར་བསམ༔ དེ་ལས་འོད་འཕྲོས་པས་རྒྱལ་པོ་རང་གི་ཆ་བྱད་ལ་སྤྱི་བོར་འཕགས་པ་འཇམ་དཔལ༔ མགྲིན་པར་ཐུགས་རྗེ་ཆེན་པོ༔ ཐུགས་ཀར་ཕྱག་ན་རྡོ་རྗེ༔ བྱང་ཆུབ་སེམས་དཔའ་གསུམ་གྱི་ཕོ་བྲང་གནས་པར་སྒོམས༔ ཞབས་ལ་མངའ་གསོལ་བ་ནི༔ ཧཱུྃ༔ འཇིག་རྟེན་གཡོ་བ་འབྱུང་བའི་དཀྱིལ་འཁོར་ལ༔ མི་གཡོ་བརྟན་པར་བྱེད་པའི་རྒྱ་གྲམ་མཚན༔ ཆོས་སྐྱོང་རྒྱལ་པོའི་ཞབས་ལ་འདི་གསོལ་བས༔ ཁམས་གསུམ་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གརྦྷེ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དར་དཀར་ལྷ་ཡི་པཉྩ་ལི་ཀ་འདི༔ ཐུགས་རྗེ་ཆེན་པོའི་སྐུ་ཡི་ན་བཟར་གསོལ༔ རྟག་ཏུ་བྱང་ཆུབ་སེམས་དང་ལྡན་པ་ཡིས༔ དགེ་བཅུ་དཀར་པོའི་ཆོས་ལ་སྤྱོད་པར་ཤོག༔ ཛྙཱ་ན་བི་ཤུདྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་ཅིང༔ འགྲོ་དྲུག་ཐུགས་རྗེས་བཟུང་ཞིང་གཞན་དོན་མཛད༔ བརྡ་དོན་མཚོན་པའི་གསེར་གྱི་སྐུ་རགས་འདི༔ ཐུགས་རྗེས་ནན་གྱིས་ཆིངས་ལ་གཞན་དོན་མཛོད༔ དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་ལོངས་སྤྱོད་སྣ་ཚོགས་མཚོན་པའི་བརྡ༔ ཟབ་ཆེན་བེར་འདི་སྐུ་ལ་གསོལ་བ་ཡིས༔ ཅི་འདོད་ཕུན་སུམ་ཚོགས་པའི་གཏེར་འཛོམས་ནས༔ འགྲོ་རྣམས་དབུལ་ཕོངས་སྡུག་བསྔལ་སེལ་བར་ཤོག༔ ནཱ་ག་ཨ་བྷྱ་ལི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྨོན་ལམ་རྣམ་པར་དག་པ་གདབ༔ རོལ་མོའི་སྒྲ་སྒྲོག་བཀྲ་ཤིས་བརྗོད༔ རྒྱལ་པོ་རཏྣའི་ཁྲི་ལ་བཞུགས༔ ཧཱུྃ༔ ཁམས་གསུམ་ཟིལ་གྱིས་གནོན་པའི་རཏྣའི་གདན༔ དབང་ཆེན་འབྱུང་བ་ལྔ་ཡི་དཀྱིལ་འཁོར་འདིར༔ ཆོས་སྐྱོང་རྒྱལ་པོས་མཐའ་དང་དབུས་ནོན་ཏེ༔ སྲིད་པ་ཆ་སྙོམས་བདེ་སྐྱིད་ལྡན་པར་ཤོག༔ ཨེ་ཡཾ་བཾ་སུཾ་ལཾ་རཏྣ་མཎྜ་ལ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་པོའི་དབུ་ལ་ཐོད་གསོལ་ཏེ༔ ཧཱུྃ༔ འབྱུང་བ་ལྔ་ཡི་དྭངས་མ་ཁ་དོག་ལྔ༔ རང་གསལ་འོད་ཀྱི་དྭངས་མ་དར་གྱི་ཐོད༔ རིན་ཆེན་འབར་བའི་དབྱིབས་སུ་གསོལ་བ་ཡིས༔ ཀུན་གྱིས་ཐོད་བཞིན་བཀུར་ཞིང་བཀའ་ཉན་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་འདི༔ ཆོས་སྐྱོང་རྒྱལ་པོའི་སྤྱི་བོར་བཞུགས་པ་ཡིས༔ སེམས་ཅན་ཐམས་ཅད་བསམ་པའི་དོན་གྲུབ་ནས༔ རྒྱལ་པོས་ཀུན་ལ་ཅི་འདོད་སྦྱིན་པར་ཤོག༔ དྷ་ནཾཿརཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚངས་པའི་འཇིག་རྟེན་སྲོག་གི་ཡི་གེས་བསྐོར༔ ཆོས་སྐྱོང་རྒྱལ་པོའི་ཕྱག་ཏུ་ཕུལ་བ་ཡིས༔ བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པར་འགྱུར༔ སྟོང་གསུམ་ཟིལ་གནོན་རྒྱལ་པོར་དབང་བསྐུར་རོ༔ རཏྣ་སིདྡྷི་ཛཿཛཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་པའི་རྫས་ཀྱིས་མངའ་དབུལ་བ་ནི༔ ཧཱུྃ༔ ནོར་བུ་དུང་ཆེན་གཡས་སུ་འཁྱིལ་བ་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ ཁམས་གསུམ་ཐམས་ཅད་ཆོས་ཀྱི་སྒྲ་ཡིས་གང༔ སེམས་ཅན་ཐམས་ཅད་དགེ་བཅུ་སྤྱོད་པར་ཤོག༔ ཧཱུྃ༔ རྔ་ཆེན་རོལ་མོ་སྙན་པའི་སྒྲ་ཆེན་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ འཇིག་རྟེན་ཆོས་ཀྱི་སྒྲ་ཡིས་གང་ནས་ཀྱང༔ སྙན་གྲགས་ནམ་མཁའི་འབྲུག་ལྟར་སྒྲོག་པར་ཤོག༔ ཧཱུྃ༔ མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ བླ་མེད་ཆོས་ཀྱི་རྒྱལ་མཚན་སྒྲེང་བར་ཤོག༔ ཧཱུྃ༔ ཁམས་གསུམ་དབང་སྡུད་དར་གྱི་འཕན་ཕྲན་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ རྒྱལ་པོའི་མངའ་ཐང་བསོད་ནམས་དར་ཞིང་རྒྱས༔ སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག༔ ཅེས་བརྗོད་དོ༔ དེ་ནས་བཀྲ་ཤིས་པར་བྱེད་པའི་རྫས་དང་ཚིགས་སུ་བཅད་པ་གཞན་ཡང་བརྗོད༔ སེམས་བསྐྱེད་དང་ཁ་བརྡ་བཟང་ཞིང་རྒྱ་ཆེ་བ་མང་དུ་བསྒྲིག༔ རིག་པ་ངར་སྐྱེད༔ རྟེན་འབྲེལ་གནད་ཡིན་ཏེ༔ བརྟུལ་ཞུགས་དང་སེམས་ཀྱི་དཔའ་སྐྱེད་དོ༔ དེའི་དུས་སུ་རྒྱལ་པོ་ཐེག་པ་ཆེན་པོའི་དབང་གིས་སྨིན་པར་བྱ་སྟེ༔ རྣལ་འབྱོར་ཕྱིའི་དབང་བསྐུར་ན་རྒྱལ་ཁམས་སུ་རྒྱུའི་ཆོས་དར་བར་འགྱུར༔ གསང་སྔགས་ནང་གི་དབང་བསྐུར་ན༔ ཡང་དག་འབྲས་བུའི་ཆོས་དར་བར་འགྱུར་རོ༔ མཇུག་གི་བྱ་བ་ནི༔ རྒྱལ་པོའི་བཀའ་རྟགས་ཀྱི་ནོར་བུ་དྲུག༔ རིན་པོ་ཆེ་སྲོག་གི་སྙིང་པོ༔ རིན་པོ་ཆེའི་ཕྲེང་བ་དང་བཅས་ཏེ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ཏེ༔ ཆོས་སྐྱོང་རྒྱལ་པོ་མ་ཡིན་པ་དམངས་ཀྱིས་ལོངས་སྤྱད་པར་མི་བྱ༔ དུས་རྒྱུན་མཆོད་པ་འབུལ༔ མངའ་དབང་རིན་པོ་ཆེ་འབར་བ་འདིས་རྒྱལ་གྱི་ཟླ་བ་ཤར་བའི་ཚེ༔ ལོ་རེ་བཞིན་རྒྱལ་པོ་ལ་མངའ་གསོལ་ལོ༔ རྒྱལ་པོ་ལ་མངའ་གསོལ་པའི་མངའ་དབང་རིན་པོ་ཆེ་འབར་བ་འདི༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ནས་བཏུས་ནས༔ གུང་ཐང་རྒྱལ་པོའི་དོན་དུ་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནུབ་ཟངས་མཛོད་དམར་པོར་སྦས་ཏེ་བཞག་གོ༔ གཏེར་བདག་གཉན་ཆེན་ཐང་ལྷ་ལ་བཅོལ་ལོ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་བསེ་སྒྲོམ་སྨུག་པོའི་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ།། །། ༄༅༔ མན་ངག་གསང་བའི་འཕྱང་དྲུག་བཞུགས་སོ༔ ཟངས་མཛོད། ྈྈྈྈྈྈྈྈ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ རབ་གནས་མངའ་གསོལ་མཛད་པའི་དུས་སུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མངའ་བདག་ལ་འདི་སྐད་ཅེས་གསུངས་སོ༔ རྒྱལ་པོ་ཆེན་པོ་དུས་ཉིན་ཞིག་ལ་དུས་རིང་པོའི་བདེ་སྡུག་འབྱུང་བས༔ རྒྱན་དང་བཀའ་རྟགས་སྐུ་ལ་ལེགས་པར་གསོལ༔ བོད་ཀྱི་རྒྱལ་ཁམས་བདེ་སྐྱིད་ལྡན་པའི་ཐུགས་དགོངས་བཟང་པོ་མཛོད་ཅིག་གསུངས་སོ༔ རྒྱལ་པོས་དབུ་ལ་དར་སྣ་ལྔའི་ཐོད་བཅིངས༔ སྐུ་ལ་དར་དཀར་གྱི་ལའུ་ལ་གསེར་གྱི་སྐ་རགས་བཅིངས༔ ཕྱི་ན་ཟབ་ཆེན་གྱི་བེར་གཡང་ལུགས་སུ་གསོལ༔ ཞབས་ལྷྭམ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བསྣམས༔ ཕྱག་ཏུ་གསེར་གྱི་བུམ་པ་རཏྣ་ལྔས་བཀང་བ་ཞིག་བསྣམས་བྱོན་པས༔ མཁན་པོ་བོ་དྷི་སཏྭ་དང༔ སློབ་དཔོན་པདྨ་འབྱུང་གནས་གཉིས་བཀྲ་ཤིས་གསོལ་བ་ལ་ཕེབས་པས༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ནས༔ རྒྱལ་པོ་ཆེན་པོ༔ ཕྱིའི་རྟེན་ཅིང་འབྲེལ་བ་ཤིན་ཏུ་ལེགས༔ ད་ནང་ཐུགས་ཀྱི་དགོངས་པ་ཇི་ལྟར་ལགས༔ གསུངས་སོ༔ མངའ་བདག་གིས་འདི་སྐད་ཅེས་ཞུས་སོ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་ཆོས་སྐྱོང་བའི་རྒྱལ་པོ་ལགས༔ བོད་ཀྱི་རྒྱལ་ཁམས་སུ་ཆོས་ཀྱི་སྲོལ་འཛུགས་པར་ཞུ༔ ཞེས་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་མངའ་བདག་བོད་ཀྱི་རྗེ༔ རྒྱལ་པོའི་བར་ཆད་བསྲུང་བའི་ཕྱིར༔ མན་ངག་གསང་བའི་འཕྱངས་དྲུག་བསྟན༔ བསོད་ནམས་ཚོགས་གཉིས་བསགས་པ་ཡིས༔ ཆོས་སྐྱོང་རྒྱལ་པོར་སྐྱེ་བ་བླངས༔ ཟབ་མོའི་མན་ངག་དྲུག་བསྟེན་ནས༔ ཁྱེད་ཀྱི་རྒྱལ་སྲིད་སྐྱོང་བར་འགྱུར༔ ལས་ཀྱི་རྒྱུ་འབྲས་མ་ཤེས་ན༔ ཆོས་སྐྱོང་རྒྱལ་པོ་མ་ལགས་སོ༔ དེ་ཕྱིར་རྒྱུ་འབྲས་འདོར་ལེན་བྱ༔ བར་ཆད་བགེགས་རྣམས་མ་བསྒྲལ་ན༔ མངའ་ཐང་ཡུན་དུ་མི་འབྱུང་བས༔ དེ་ཕྱིར་རྡོ་རྗེ་ཕུར་བུ་བསྒྲུབ༔ མངའ་གསོལ་བྱིན་དབབ་མ་ཤེས་ན༔ མངའ་དབང་མཐའ་ནས་མི་རྒྱས་པས༔ དེ་ཕྱིར་དབང་གི་རྒྱལ་པོ་གསོལ༔ ཆོས་ཁྲིམས་ལེགས་པར་མ་བྱས་ན༔ འཆོལ་བུར་སྤྱད་པས་རྒྱལ་ཁམས་ཕུང༔ དེ་ཕྱིར་ཤཱཀྱའི་བསྟན་པ་གཟུང༔ བློན་པོ་ཐབས་ལ་མི་མཁས་ན༔ ཕྱི་ནང་གཉིས་ཀྱི་སྲིད་ལ་གནོད༔ དེ་ཕྱིར་བློན་པོའི་བསྐོས་ལ་གཟབ༔ ལེགས་གྲོས་རང་གིས་མ་བཏབ་ན༔ ཕྱོགས་འཛིན་གྲོགས་ཀྱིས་ཆབ་སྲིད་བཤིག༔ དེ་ཕྱིར་འདུན་མ་རང་གིས་སྤྱད༔ རྒྱལ་པོ་ཁྱེད་ཀྱི་རྟགས་དྲུག་ལ༔ བདག་གི་མན་ངག་དྲུག་ལྡན་ན༔ བཀྲ་ཤིས་བདེ་ལེགས་ཡུན་དུ་འབྱུང༔ ཞེས་གསུངས་སོ༔ གུ་རུའི་ཞལ་ནས༔ རྗེ་རྒྱལ་པོ་ལགས༔ ཉིད་ཀྱི་ཆ་ལུགས་དང་རྟགས་འདི་རྣམས༔ སྔོན་གྱི་ཡབ་མེས་རྣམས་ཀྱིས་གསུངས་ལགས་སམ༔ སླར་རྟེན་འབྲེལ་ལ་དགོངས་པ་ལགས་གསུངས་སོ༔ མངའ་བདག་གིས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་གི་ཡབ་ཁྲི་ལྡེ་གཙུག་བརྟན་ཕོ་བྲང་བྲག་དམར་ན་བཞུགས་པའི་མནལ་ལམ་དུ༔ ཁྱེའུ་དར་དཀར་གྱི་ལའུ་གོན་པ༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་བྱུང་ནས༔ ཀྱེ་བདག་ནི་ལྷ་དབང་བརྒྱ་བྱིན་ལགས༔ ཕྱི་མའི་ལོ་ཡི་དུས་ཚོད་ན༔ རྒྱལ་པོ་ཁྱེད་ལ་སྲས་གཅིག་བཙའ༔ བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡིན༔ སྔོན་ཡང་འོད་གསལ་ལྷ་ཡི་རྒྱུད༔ ནོར་བུ་འདི་ནི་སྤྱི་བོར་ཞོག༔ སེམས་ཅན་སྡུག་བསྔལ་སེལ་བའི་རྟགས༔ སྣ་ཚོགས་དག་པའི་ཐོད་འདི་གསོལ༔ ཀུན་གྱིས་སྤྱི་བོར་འཁུར་བའི་རྟགས༔ པཉྩ་ལི་ཀ་སྐུ་ལ་གསོལ༔ ཆོས་སྐྱོང་རྒྱལ་པོ་ཡིན་པའི་རྟགས༔ ལྷ་ཡི་བཀའ་རྟགས་གསུམ་བཅངས་པས༔ ཁྱོད་ཀྱི་མངའ་ཐང་རྒྱས་པར་འགྱུར༔ ཞེས་རིན་པོ་ཆེ་ཁ་དོག་ལྔ་འབར་བ་གཅིག་དང༔ དར་སྣ་ལྔའི་ཐོད་རྒྱ་གསུམ་བཏབ་པ་དེ་ཡང་རིན་པོ་ཆེ་འབར་བའི་དབྱིབས་སུ་ཡོད་པ༔ དར་དཀར་གྱི་ལའུ་དང་བཅས་པ་གཏད་ནས༔ བར་སྣང་འཇའ་ཚོན་དུ་ཁད་དེ་འདུག་པའི་སྣ་ལ་འཆིབས་ཏེ་བཞུད་དོ༔ ཡུམ་གྱིམ་ཤང་ཨོང་ཇོའི་མནལ་ལམ་དུ༔ ཁྱེའུ་ཆུང་རིན་པོ་ཆེའི་རྒྱན་དང༔ སྦྲུལ་གྱི་རལ་པ་ཤིག་གེ་ཡོད་པ་ཞིག་བྱུང་ནས༔ བདག་ནི་ཀླུ་རྒྱལ་མགྲིན་བཟང་ལགས༔ ཕྱི་མའི་ལོ་ཡི་དུས་ཚོད་ན༔ བྱང་ཆུབ་སེམས་དཔའི་སྤྲུལ་པ་འཁྲུངས༔ ནཱ་ག་ཛཱ་ལི་ཞེས་བྱ་བ༔ སྐུ་ལ་ན་བཟའ་འདི་གསོལ་ཅིག༔ རཏྣའི་ཁང་བུ་ཁ་ཕྱེ་ལྟར༔ ཅི་འདོད་དངོས་གྲུབ་འབྱུང་བའི་རྟགས༔ ཞབས་ལ་ས་ནོན་རྟགས་འདི་ཆོངས༔ རྒྱལ་ཁམས་མཐའ་དབུས་ནོན་པའི་རྟགས༔ རྟགས་འདི་ཆོངས་ཤིག་ཅི་བསམ་འགྲུབ༔ ཅེས་ཟ་འོག་ལྟ་བུའི་བེར་གཅིག་དང༔ ཟབ་ལྷྭམ་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་རྩ་བ་མཚན་པ་ཞིག་གཏད་པ་རྨིས་སོ༔ བདག་ཕྱི་མའི་ལོ་དུས་ན་བལྟམས་པས་ཡབ་ཡུམ་གྱི་མནལ་ལམ་དང་མཐུན་པའི་རྟགས་རྣམས་ལོ་བཅུ་གསུམ་ལོན་པའི་ཚེ་རྒྱལ་སར་བཏོན་ནས་གཏད་པ་ལགས༔ བདག་ལོ་ཉི་ཤུ་ལོན་པའི་ཚེ་རྒྱ་གར་དུ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསེར་ཕྱེ་བྲེ་གང་དང་བཅས་པ་བསྐུར་བཏང་བས༔ རྒྱ་གར་རྒྱལ་པོས་བདག་ལ་གསེར་གྱི་སྐ་རགས་འདི་དང༔ བོད་ཀྱི་རྒྱལ་པོ་ཐུགས་དགེ་བ་ཁོ་ན་ལ་འགྱུར་བ་ངོ་མཚར་ཆེ༔ སྐུ་རགས་འདི་ཆིངས་ལ་འགྲོ་དོན་ལ་བརྩོན་པར་མཛོད༔ བྱ་བའི་ཡི་གེ་བྱུང་བ་ལགས༔ བུམ་པ་རྫས་དང་བཅས་པ་འདི་ནི་བདག་གིས་བཀྲ་ཤིས་ཀྱི་རྟེན་འབྲེལ་ལགས་སོ༔ ཞེས་ཞུས་པས་ཤིན་ཏུ་དགྱེས་ཏེ་རྒྱལ་པོའི་རྟགས་དྲུག་དང་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་མཐུན་པར་བྱུང་ནས༔ ཆོས་སྐྱོང་རྒྱལ་པོ་མངའ་བསྐྱེད་པའི་མངའ་དབང་རིན་པོ་ཆེ་འབར་བ་མཛད་ནས་རྒྱལ་པོ་ལ་དབང་བསྐུར་རོ༔ དེ་ནས་བསམ་ཡས་སུ་ལོ་པཎ་མང་པོ་སྤྱན་དྲངས༔ དམ་པའི་ཆོས་མང་པོ་བསྒྱུར༔ མངའ་བདག་གི་ཐུགས་དགོངས་རྫོགས་ནས༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁན་པོ་བོ་དྷི་སཏྭ་གཤེགས་པར་བྱས་པ་ལ༔ རྒྱལ་པོས་གསེར་གྱི་མཎྜལ་ཕུལ་ཕྱག་དང་བསྐོར་བ་བྱས་ཏེ་ཞུས་པ་ནི༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདེ་བར་གཤེགས་པའི་ཐུགས་ཀྱི་སྲས༔ དུས་གསུམ་མ་འགགས་ས་ལེར་གཟིགས༔ ཤཱཀྱའི་གདུང་གསོབ་བསྟན་པ་འཛིན༔ བོད་ཀྱི་མུན་སེལ་བཀའ་དྲིན་ཅན༔ ཁྱེད་ལ་གུས་པས་ཕྱག་འཚལ་ལོ༔ སློབ་དཔོན་ཆེན་པོ༔ བདག་ཅག་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར༔ བདག་གི་རྒྱལ་རྒྱུད་དང་བོད་འབངས་ཡོངས་ལ༔ དུས་འདི་ནས་ལྔ་བརྒྱ་ཐ་མའི་བར༔ བདེ་སྡུག་ཇི་ལྟར་མཆིས་ལགས༔ བདག་གིས་བསྒྱུར་བའི་ཕྱི་ནང་ཟབ་མོའི་ཆོས་འདི་རྣམས་ཀྱིས་འགྲོ་དོན་ཇི་ཙམ་ནུས་ལགས་སམ༔ ཞེས་ཞུས་པས༔ བཀའ་བསྩལ་པ༔ མངའ་བདག་ལགས༔ ཉིད་ཀྱི་ཐུགས་དགོངས་བཟང་པོས་བོད་མུན་པ་དང་འདྲ་བ་དཀར་པོར་བྱས་པའི་ཕྱིར༔ དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས༔ རྒྱ་བོད་ཀྱི་ལོ་པཎ་མང་པོ་སྤྱན་དྲངས༔ ཐེག་པ་རིམ་པ་དགུའི་ཆོས་དར་ཞིང་རྒྱས་པར་མཛད༔ ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར༔ སྨོན་ལམ་རྣམ་པར་དག་པས་བོད་ཁམས་ཐམས་ཅད་བདེ་ཞིང་སྐྱིད་དོ༔ ཉིད་ནས་གདུང་རབས་བཞིའི་བར་དུ་སངས་རྒྱས་ཀྱི་བསྟན་པ་དང་རྒྱལ་པོའི་མངའ་ཐང་གཉིས་དར་ཞིང་རྒྱས་པར་འགྱུར་རོ༔ བོད་འདི་མཐའ་འཁོབ་ཀྱི་མི་ཤིན་ཏུ་ཅོལ་ཆུང༔ གསར་འགྲོགས་ཆེ༔ བསམ་པ་འཕོ་འགྱུར་ཤིན་ཏུ་མང༔ དེའི་དབང་གིས་བདེ་བ་བས་སྡུག་བསྔལ་ཤས་ཆེ་ལ་སྤྱོད་པར་འགྱུར་རོ༔ ད་སྟེ་གདུང་རབས་བཞི་སོང་བ་དང༔ ཉིད་ཀྱི་རྒྱལ་རྒྱུད་ལ་བདུད་ཀྱི་སྤྲུལ་པ་གཅིག་འབྱུང་སྟེ༔ བསྟན་པ་ཐམས་ཅད་བསྣུབ་པར་འགྱུར་རོ༔ ཉིད་ཀྱི་ཐུགས་དམ་ཆོས་ཟབ་མོ་འདི་རྣམས་བོད་ལས་ཅན་འགའ་དང་འགའ་ཡིས་སྤྱད་ནས་འགྲོ་བ་མང་པོ་བྱང་ཆུབ་ཐོབ་པར་འགྱུར༔ ཉིད་ཀྱི་གདུང་རྒྱུད་རྣམས་ཀྱང་ཆ་ལུགས་དང་སྤྱོད་པ་འགྱུར་ཏེ༔ ཕལ་ཆེར་དམངས་སུ་བབ༔ འོན་ཀྱང་མངའ་ཐང་བག་ཙམ་སྐྱོང་བའི་རྒྱལ་ཕྲན་མངའ་རིས་སྟོད་དུ་དར་བར་འགྱུར༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་དུས་གསུམ་མཁྱེན་པའི་ཐུགས་རྗེ་མངའ་བ་ལགས་པས༔ དུས་སྙིགས་མའི་དུས་སུ༔ བདག་གི་རྒྱལ་རྒྱུད་རྣམས་ལ་ཟབ་མོའི་ཆོས་འདི་དང་འཕྲད་ནས་རྒྱལ་སྲིད་སྐྱོང་ཞིང༔ སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་ནུས་པ༔ བོད་འབངས་ཐམས་ཅད་བདེ་སྐྱིད་དང་ལྡན་པའི་སྨོན་ལམ་དང༔ རྟེན་འབྲེལ་ཟབ་མོས་མ་འོངས་པའི་སེམས་ཅན་ཐུགས་རྗེས་གཟིགས་ནས་བདག་ལ་ཞལ་ཆེམས་སུ་གནང་བར་ཞུ་ཞུས་པས༔ བཀའ་བསྩལ་པ༔ ཉོན་ཅིག་མངའ་བདག་རྒྱལ་པོ་རྗེ༔ དུས་ངན་སྙིགས་མ་ཤར་ཙ་ན༔ བོད་ཁམས་འགོང་པོས་དབང་བསྒྱུར་བས༔ ང་ཡི་བཀའ་བཞིན་བྱེད་པ་ཉུང༔ འོན་ཀྱང་མང་ཡུལ་གུང་ཐང་དུ༔ ཆོས་སྐྱོང་རྒྱལ་པོའི་གདུང་རྒྱུད་འབྱུང༔ རྒྱལ་པོའི་མངའ་ཐང་རྒྱས་པའི་ཕྱིར༔ མངའ་དབང་རིན་ཆེན་འབར་བ་བཞག༔ རྒྱལ་པོའི་སྐུ་ཚེ་བསྲིང་བའི་ཕྱིར༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་བཞག༔ རྒྱལ་པོས་དགྲ་བགེགས་འདུལ་བའི་ཕྱིར༔ དྲག་པོ་སྔགས་ཀྱི་ཕྲེང་བ་ཡོད༔ སངས་རྒྱས་བསྟན་པ་དར་བྱའི་ཕྱིར༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ཡོད༔ རྒྱལ་པོའི་སྡུག་བསྔལ་བསལ་བའི་ཕྱིར༔ དུག་ལྔ་རང་གྲོལ་མན་ངག་ཡོད༔ ནམ་ཞིག་བོད་ཀྱི་བསྟན་པ་འདི༔ དུ་རུཥྐ་ཡི་དམག་གིས་འཇིག༔ དེ་ཕྱིར་སྦས་ཡུལ་བཙལ་ཐབས་ཡོད༔ ང་ཡི་མན་ངག་འདི་རྣམས་ཀྱང༔ ནམ་ཞིག་བོད་ལ་དགོས་པའི་ཕྱིར༔ ཉི་མ་ནུབ་བྱང་མཚམས་ཤེད་ན༔ བྲག་རི་དུག་སྦྲུལ་སྤུངས་འདྲ་ཡོད༔ དྲག་པོའི་གནས་བརྒྱད་གཏེར་དུ་སྦེད༔ འོ་སྐོལ་འདིར་ཚོགས་ཐམས་ཅད་ཀྱིས༔ སྨོན་ལམ་རྣམ་དག་རེ་རེ་ཐོབས༔ སྙིང་ཐིག་ཞལ་ཆེམས་རེ་རེ་ཞོག༔ ལས་དང་སྨོན་ལམ་འཕྲོ་མཐུད་ནས༔ ཐུགས་རྗེའི་གདུལ་བྱ་མཐའ་རྒྱས་འགྱུར༔ ལན་གཅིག་བོད་ཁམས་བདེ་ཞིང་སྐྱིད༔ གཏེར་བདག་མཐུ་ཆེན་སྡེ་བཞི་ཡིས༔ ང་ཡི་བཀའ་འདི་ལེགས་པར་སྲུངས༔ ལས་ཅན་བྱུང་ཚེ་གཏད་པར་གྱིས༔ ཞེས་གསུངས་སོ༔ ྈྈྈ རྒྱ༔རྒྱ༔རྒྱ༔ བྱང་ཟང་ཟང་ལྷ་བྲག་གི་རྐེད་ནུབ་ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །། ༄༅༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་བཞུགས༔ ྈྈྈྈྈྈྈྈྈྈྈ ཨེ་མ་ཧོ༔ བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་འཁྲུངས་ནས་ལོ་བཅུ་གསུམ་ལོན་ནས་རྒྱལ་ས་བཟུང༔ ལོ་བཅོ་བརྒྱད་པ་ལ་ཐུགས་དགོངས་བཟང་པོ་འཁྲུངས༔ དགུང་ལོ་ཉེར་གཅིག་ལོན་ནས་དཔལ་བསམ་ཡས་བཞེངས༔ ཉེར་ལྔ་ལོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ༔ ཐོ་རངས་རྨི་ལམ་དུ་ཁྱེའུ་དར་དཀར་ལའུ་གྱོན༔ རིན་པོ་ཆེའི་རྒྱན་མང་པོས་བརྒྱན་པ་ཞིག་འོངས་ནས༔ ཨ་ཧོ་བསོད་ནམས་ལྡན་པའི་སྐྱེས་བུ་ཉོན༔ མུན་པའི་ནང་དུ་ཉི་མ་ཤར༔ བོད་འབངས་བྱོལ་སོང་རིགས་ཡིན་པས༔ ཁྱེད་ཀྱིས་ཆོས་ལ་གཟུད་པ་ལེགས༔ བྱོལ་ཉོག་གང་དགའ་བཏང་སྙོམས་འདི༔ ཀུན་གྱི་བར་ཆད་འཁོར་བའི་གཞི༔ ཆོས་ཁྲིམས་བཙུགས་ན་དགེ་བ་དར༔ ཁྱོད་ཀྱིས་བོད་ཀྱི་མུན་པ་ཕྱེ༔ ང་ཡིས་ལྷ་ཡི་ལེ་ལོ་བསྐུལ༔ འོག་མིན་གནས་སུ་མཇལ་བར་སྨོན༔ ཞེས་བར་སྣང་འཇའ་ཚོན་དུ་ཤིག་གེ་འདུག་པའི་གསེབ་ཏུ་ཐིམ་སོང་བ་དང༔ མནལ་སད་ནས་ཉམས་དགའ་ཡལ་ལེ་འདུག་པས༔ ད་ཆོས་ཁྲིམས་འཛུགས་དགོས་དགོངས་ཏེ་ཐམས་ཅད་དགེ་བ་སྤྱོད་དུ་བཙུད་ན་ལེགས་ཏེ༔ སྐྱེ་བོ་ལས་ངན་བསགས་པ་ཆོས་ལ་བློ་མི་འཇུག༔ བློ་མལ་དུ་ཉལ་ན་མཐའི་དགྲ་མི་ཐུལ་ཇི་ལྟར་བྱ་དགོངས་པ་དང་ཆོས་ཁྲིམས་རྒྱ་གར་ན་དར་བ་ཡིན༔ ང་ལ་རྒྱ་བོད་མཁས་པ་ལོ་པཎ་འདི་ཙམ་བླ་མཆོད་དུ་ཡོད་པས༔ ལེགས་པར་བཀའ་གྲོས་ཞུ་དགོངས་ཏེ༔ གཙུག་ལག་ཁང་ན་ལོ་པཎ་བཞུགས་པའི་སྤྱན་སྔར་གཤེགས་ཏེ༔ གསེར་གྱི་མཎྜལ་རེ་ཕུལ་ནས་ཞུས་པ༔ ཀྱེ་རྒྱ་བོད་མཁས་པའི་ལོ་པཎ་རྣམས༔ བོད་ཡུལ་དཀར་པོར་བསྒྱུར་བའི་ཕྱིར༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ༔ མཐའ་འཁོབ་བོད་འདི་ཆོས་ལ་གནག༔ སྔོན་ལ་བདག་གིས་ཆོས་ཁྲིམས་འཛུགས༔ རྒྱ་གར་ཆོས་ཁྲིམས་དར་ས་ན༔ ཁྲིམས་ཀྱི་དཔེ་སྲོལ་ཇི་ལྟར་བདོག༔ ཁྲིམས་འདས་ཉེས་པ་ཇི་ལྟར་དབབ༔ ཆོས་བྱེད་དགྲ་བྱུང་འདུལ་བའི་ཐབས༔ བདག་ལ་ལེགས་པར་གསུང་བར་ཞུ༔ ཞེས་ཞུས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ དེ་ནས་བོ་དྷི་སཏྭ་དང༔ པདྨ་འབྱུང་གནས་ཀྱིས་དབུ་མཛད་པའི་རྒྱ་བོད་ཀྱི་ལོ་པཎ་ཐམས་ཅད་བཀའ་བགྲོས་ཏེ༔ རྒྱལ་པོ་འདི་ངོ་མཚར་ཆེ་སྟེ༔ བློན་པོ་ཆོས་ལ་གནག་པས༔ རྒྱ་གར་ཟ་ཧོར་ཁ་ཆེ་ཨོ་རྒྱན་ལི་ཡུལ་ཐམས་ཅད་ན༔ ཆོས་ཁྲིམས་བཅའ་ལུགས་དཔེ་འདྲ་བ་ལ༔ རང་རང་གི་མིའི་རིགས་དང་སྦྱར་བ་རེ་འདུག༔ བོད་འདིར་མཐའ་འཁོབ་བྱོལ་སོང་གི་བག་ཆགས་ཤས་ཆེ་བ་འདུག་པས་རྩ་བ་རྒྱ་གར་གྱི་ཁྲིམས་ལ༔ ཀླད་གནོན་ཨོ་རྒྱན་གྱི་ཁྲིམས་དང་མཐུན་པ་མཛད་ན་ལེགས་པས༔ གཙུག་གི་རྒྱན་ཕྱི་ནང་གི་དོན་ལ་མཁས་པ་སློབ་དཔོན་རྣམ་པ་གཉིས་གསུང་བར་ཞུ་ཞེས་གྲོས་ཕུལ་ལོ༔ ཆོས་ཁྲིམས་རྩ་བའི་སྲོལ་ཐམས་ཅད་བོ་དྷི་སཏྭས་མཛད་པར་ཞལ་གྱིས་བཞེས༔ ཚར་གཅོད་ཀླད་གནོན་པདྨ་འབྱུང་གནས་ཀྱིས་མཛད་པར་ཞལ་གྱིས་བཞེས༔ རྒྱལ་པོ་ལ་མངའ་ཐང་བསྐྱེད་པའི་མངའ་དབང་རིན་པོ་ཆེ༔་་་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ནས་བཏུས། ཕྱི་ནང་དུས་ཀྱི་གནད་བརྩི་བའི་རྟེན་འབྲེལ་ཉི་ཟླ་འོད་འབར་ནི་སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་ཏེ་མཛད་དོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ བཀའ་མོལ་པའི་ལེའུ་སྟེ་གཉིས་པའོ༔ ྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོ་ལ་གསུང་པ༔ ཀྱེ་མགོ་ནག་སྤྱི་རྗེ་རྒྱལ་པོ་ཆེན་པོ་ལགས༔ སྐྱེ་བོ་སོ་ནམས་དང་ཐབས་ལ་མཁས་པས་བུ་ཚ་དང་འཁོར་གཡོག་སྙིང་བརྩེས་སྐྱོང་སྟེ༔ དེ་ཡང་ཆོས་ཀྱི་ཕྱོགས་སུ་ཉེ༔ རང་ཕྱོགས་སུ་བཀོལ་བའི་སེམས་བསྐྱེད་སྙིང་རྗེ་དང་བྱམས་པ་ཡོད༔ ཆོས་སྐྱོང་རྒྱལ་པོ་ཁྲིམས་ལ་མཁས་པ་ཞིག་གིས༔ རང་གི་མངའ་ཐང་བདེ་སྐྱིད་ལྡན་པར་སྐྱོང་སྟེ༔ བདག་གཞན་དགེ་བའི་ལས་ལ་སྤྱོད་བསོད་ནམས་ཚད་མེད་པ་རྒྱས་པར་འགྱུར་རོ༔ སྐྱེ་བོ་ངོ་ཚ་དང་བྲལ་བ་འགའ་ཞིག༔ ཕ་མ་རྡུང༔ གྲོགས་དང་བུ་ཚ་གསོད༔ གཉེན་ཉེ་བ་འཇོམས་ཏེ༔ དེ་ལ་ཚེ་འདིར་ཡུལ་མིས་ཡ་ག་འདེབས༔ རང་སེམས་རྒྱུད་འཁྲུག་ཅིང་སྡུག༔ ཕྱི་མ་དམྱལ་བར་སྐྱེའོ༔ དེ་བཞིན་དུ་མཐའ་འཁོབ་སྡིག་སྤྱོད་ཀྱི་རྒྱལ་པོ་རྣམས་ཀྱིས་རང་སྡེ་དྲེགས་པས་རང་དབང་མེད་པར་བཀོལ༔ གཞན་སྡེ་རྔམས་པའི་ཇག་ཆོམ་གྱིས་གསོད་ཅིང་འཇོམས༔ ཆགས་སྡང་མེ་ལྟར་འབར་བའི་བསམ་ངན་གྱིས༔ རང་གཞན་ཐམས་ཅད་སྡིག་པའི་ལས་ལ་སྦྱོར༔ ཚེ་འཕོས་པའི་དུས་སུ་རི་གཟར་ལས་རྦབ་ལྷུང་བ་ལྟར༔ བསྐལ་པ་གྲངས་མེད་པར་དམྱལ་བར་ལྷུང་སྟེ་དུཿཁ་བཟོད་གླགས་མེད་པ་ལ་སྤྱད་དགོས་པར་གསུངས་སོ༔ མངའ་བདག་ལགས༔ བོད་སྲིན་པོ་གདོང་དམར་གྱི་ཡུལ་འདི༔ ཆོས་ཁྲིམས་ཀྱིས་འདུལ་བ་ངོ་མཚར་ཆེ་ལགས༔ རྒྱལ་པོའི་བཀའ་བོད་ཀྱི་རྒྱལ་ཁམས་ཐམས་ཅད་དུ་ཁྱབ་པར་ཐོངས༔ དེས་འཁོར་འདུས་པ་དང་རྟེན་འབྲེལ་ཤིན་ཏུ་བཟང་བས༔ མངའ་དབང་བསྐུར་ལགས་ཀྱི་གསུང་ངོ༔ དེར་རྒྱལ་པོས་བོད་ཁ་བ་ཅན་གྱི་ཡུལ་ཡིག་འཕྲིན་གྱིས་ཁྱབ་པར་བཀྱེ་ནས༔ བོད་འབངས་ཀུན་འདུས་པ་དང༔ ཁམས་གསུམ་ཟངས་ཁང་གླིང་དུ་རཏྣ་དབང་གི་དཀྱིལ་འཁོར་ཞལ་ཕྱེ་ནས་རྒྱལ་པོ་ལ་མངའ་དབང་བསྐུར་རོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ མངའ་དབང་རིན་པོ་ཆེའི་ལེའུ་སྟེ་གསུམ་པའོ༔ ྈྈྈྈྈྈྈྈྈྈྈྈྈྈྈ དེ་ནས་སློབ་དཔོན་བོ་དྷི་སཏྭས་རྒྱལ་པོ་ལ་གསུང་པ༔ ཀྱེ་མངའ་བདག་ཆོས་སྐྱོང་རྒྱལ་པོ་ལགས༔ ཆོས་ཀྱི་ཁྲིམས་ལ་རྩ་བ་ལྔ་རུ་འདུས༔ དེ་ཡང་བཞི་བཞིར་ཕྱེ་བས་ཉི་ཤུ་འབྱུང༔ སོ་སོ་སྐྱེ་བོ་ཐ་མལ་དམངས་ཀྱི་ཁྲིམས༔ རྩ་བ་ཁྲེལ་ཡོད་ངོ་ཚ་ཁྲིམས་ཀྱི་གཞི༔ དུས་ཆེན་དགུ་ལ་སེམས་ཅན་བསད་པ་ན༔ སྡིག་པ་འབུམ་འགྱུར་འཕེལ་ནས་དམྱལ་བར་སྐྱེ༔ དེ་ཕྱིར་དུས་ཆེན་སྲོག་གཅོད་རྒྱལ་པོས་སྲུངས༔ དཀོན་མཆོག་དཀོར་དང་མ་ནུས་པ་ཡི་རྫས༔ བརྐུས་ཤིང་ཕྲོགས་ན་སྡིག་པ་འབུམ་འགྱུར་འཕེལ༔ དེ་ཕྱིར་ལྕི་བའི་རྫས་བཞི་རྒྱལ་པོས་སྲུངས༔ རྒྱལ་རིགས་མ་དང་སྲིང་མོ་བུ་མོ་དང༔ རབ་བྱུང་བདག་པོ་ཅན་གྱི་བུད་མེད་ལ༔ མི་ཚངས་སྤྱད་ན་སྡིག་པ་འབུམ་འགྱུར་འཕེལ༔ སྐྱེ་བ་ཕྱི་མ་རོ་མྱག་འདམ་དུ་སྐྱེ༔ དེ་ཕྱིར་རྒྱལ་པོས་བུད་མེད་དྲུག་པོ་སྲུངས༔ རྗེ་འབངས་དཔོན་སློབ་ནང་གཉེན་སྡེ་པ་དང༔ ཕ་ཚན་ནང་འཁྲུག་སྦྱོར་བའི་རྫུན་སྨྲས་ན༔ སྐྱེ་བ་ཕྱི་མ་ཐིག་ནག་དམྱལ་བར་སྐྱེ༔ དེ་ཕྱིར་ལྕི་བའི་རྫུན་ལྔ་རྒྱལ་པོས་སྲུངས༔ ཀུན་གྱིས་ཐོས་པར་རྒྱལ་པོའི་བཀའ་སྒྲོགས་ལ༔ ཐམས་ཅད་ཁམ་པོ་ཆེ་ལ་སྤྱོད་པ་སྲུངས༔ ཁྲིམས་ཀྱི་དཔང་ཚུགས་འགལ་ན་ཚར་གཅོད་མཛོད༔ དེ་ལྟར་བསྲུངས་པས་ཡུལ་ཕྱོགས་བཀྲ་ཤིས་འགྱུར༔ རྒྱལ་པོ་བསོད་ནམས་མངའ་ཐང་མཐའ་ནས་རྒྱས༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ སོ་སོ་སྐྱེ་བོ་ཐ་མལ་པའི་ཁྲིམས་ཀྱི་ལེའུ་སྟེ་བཞི་པའོ༔ དེ་ནས་ཡང་སློབ་དཔོན་བོ་དྷི་སཏྭས་མི་ཆེན་ཡ་རབས་ཞང་བློན་རྣམས་ཀྱི་ཁྲིམས་གསུང་པ༔ ཀྱེ་མངའ་བདག་ཆོས་སྐྱོང་རྒྱལ་པོ་ལགས༔ ཡ་རབས་མི་ཡི་ཁྲིམས་ནི་རྣམ་པ་བརྒྱད༔ ཐ་མལ་ཁྲིམས་བཞིའི་སྟེང་དུ་འདི་བཞི་སྲུངས༔ ཡ་རབས་མི་ཆེན་མིང་དུ་འདོགས་པ་དེ༔ ངོ་ཚ་ཁྲེལ་ཡོད་དགེ་བ་སྤྱོད་ན་ཟེར༔ མདོར་ན་ཁྱིམ་ལ་བརྟེན་པའི་དགེ་བསྙེན་ཡིན༔ རྒྱལ་བའི་བཀའ་ལ་འབྲི་ཀློག་ཉན་པ་དང༔ དཀོན་མཆོག་གསུམ་ལ་དད་ཅིང་གུས་པ་དང༔ མ་ནུས་སྙིང་རྗེས་སྐྱོང་ན་མི་ཆེན་ལགས༔ ངོ་ཚ་ཁྲེལ་ཡོད་ཁྲིམས་ལ་གནས་པར་མཛོད༔ སྲོག་གཅོད་ལས་དང་གྲོས་ལ་མ་གཏོགས་ཤིག༔ སྐྱེ་བ་ཕྱི་མར་དམྱལ་བར་སྐྱེས་པའི་ཚེ༔ སྐད་ཅིག་ཙམ་ཡང་བཟོད་གླགས་མི་བདོག་གོ༔ ཚེ་འདིར་བདེ་སྐྱིད་བྱས་པས་ཅི་ལ་ཕན༔ དེ་ཕྱིར་སྲོག་གཅོད་ལས་འདི་རྒྱལ་པོས་སྲུངས༔ དཀོར་ལ་འབགས་དང་རྐུ་འཕྲོག་སྡིག་པའི་ནོར༔ ངན་སེམས་སེར་སྣ་མ་གསོགས་མ་སྤེལ་ཅིག༔ སྐྱེ་བ་ཕྱི་མ་ཡི་དྭགས་ལས་མྱོང་ན༔ བཀྲེས་སྐོམ་སྡུག་བསྔལ་བཟོད་གླགས་མི་བདོག་གོ༔ ཚེ་འདིར་ནོར་རྫས་ཕྱུག་པས་ཅི་ལ་ཕན༔ དེ་ཕྱིར་ལྕི་བའི་ནོར་སོགས་རྒྱལ་པོས་སྲུངས༔ ཀུན་དང་གྲོས་མཐུན་རང་གིས་དབང་བྱས་པའི༔ བུད་མེད་མ་གཏོགས་བག་མེད་མ་སྤྱོད་ཅིག༔ ངན་སོང་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཀུན༔ རྩ་བ་འདོད་ཆགས་ཚིམ་མེད་འདི་ཡིས་བསྐྱེད༔ ཕྱི་མ་རོ་མྱག་འདམ་དུ་སྐྱེས་པའི་ཚེ༔ ཤ་རུས་ཟག་པའི་སྡུག་བསྔལ་བཟོད་གླགས་མེད༔ ཚེ་འདིར་བདེ་བ་མྱོང་བས་ཅི་ལ་ཕན༔ དེ་ཕྱིར་འདོད་ལོག་སྤྱོད་པ་རྒྱལ་པོས་སྲུངས༔ ཁྲོ་གཏུམ་ཁེངས་པ་ཁམ་པོ་ཆེ་ཡི་རྫུན༔ གཞན་སྡེ་བརླག་པར་བྱེད་པའི་རྫུན་མ་སྨྲ༔ ལས་ཀྱི་གཤིན་རྗེས་ལྕེ་ལ་ཞིང་རྨོད་ཚེ༔ དུས་འདིར་གཡོ་སྒྱུ་མཁས་པས་ཅི་ལ་ཕན༔ ཉེས་ཆེན་རྫུན་གྱི་ལས་འདི་རྒྱལ་པོས་སྲུངས༔ ཀུན་གྱིས་ཐོས་པར་རྒྱལ་པོས་བཀའ་སྒྲོགས་ལ༔ ཡ་རབས་དམན་སྤྱོད་བྱེད་པ་རྒྱལ་པོས་སྲུངས༔ ཁྲིམས་ཀྱི་དཔང་ཚུགས་འགལ་ན་ཚར་གཅོད་མཛོད༔ དེ་ལྟར་བསྲུངས་པས་ཡུལ་ཕྱོགས་བཀྲ་ཤིས་བདེ༔ རྒྱལ་པོའི་བསོད་ནམས་མངའ་ཐང་མཐའ་ནས་རྒྱས༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ ཡ་རབས་ཞང་བློན་གྱི་ཁྲིམས་ཀྱི་ལེའུ་སྟེ་ལྔ་པའོ༔ དེ་ནས་རབ་བྱུང་བཙུན་པའི་ཁྲིམས་འདི་གསུངས་སོ༔ ཀྱེ་མངའ་བདག་རྒྱལ་པོ་ལེགས་པར་ཉོན༔ གྲོང་ཁྱིམ་སྤངས་ནས་རབ་ཏུ་བྱུང་བ་འདི༔ ཤཱཀྱ་ཐུབ་པའི་བསྟན་པའི་རྩ་བ་ཡིན༔ ཀུན་གྱིས་ཐོད་བཞིན་བཀུར་བའི་གནས་ཡིན་པས༔ འདི་ཡི་ཁྲིམས་ལས་འདས་ན་བསྟན་པ་བཤིགས༔ ཁྲིམས་ནི་རྩ་བ་བཞི་དང་ཡན་ལག་དྲུག༔ སྲོག་གཅོད་ལས་ནི་ནམ་ཡང་བྱ་བ་མིན༔ བཙུན་པ་ཐབས་ཀྱིས་སྲོག་གཅོད་བྱེད་པ་སྲུངས༔ མ་བྱིན་ལེན་པ་ནམ་ཡང་བྱ་བ་མིན༔ བཙུན་པ་རྐུ་དང་ཁེ་སྤོགས་བྱེད་པ་སྲུངས༔ འདོད་ལོག་གཡེམ་པ་ནམ་ཡང་བྱ་བ་མིན༔ བཙུན་པ་བུད་མེད་གྲོང་གསེབ་ཉུལ་བ་སྲུངས༔ རྫུན་ནི་ནམ་ཡང་སྨྲ་བར་མ་གསུངས་པས༔ བཙུན་པ་ཁ་སྨྲས་གླེང་གཞིའི་ལས་བྱེད་སྲུངས༔ ཆང་ནི་ནམ་ཡང་བཏུང་བར་མ་གསུངས་པས༔ བཙུན་པ་མྱོས་བྱེད་ཆང་ལ་སྤྱོད་ན་སྲུངས༔ ཤ་ཁྲག་སྒོག་པ་བཟའ་བར་མ་གསུངས་པས༔ སྡིག་པའི་ཟས་ལ་སྤྱོད་ན་རྒྱལ་པོས་སྲུངས༔ དུས་མིན་ཟས་དང་རྒྱན་འགྱེད་གླུ་གར་རྩེ༔ ཚུལ་ཁྲིམས་བསླབ་པ་ཁས་བླངས་མི་སྲུང་ན༔ རྒྱལ་པོས་ལེགས་པར་རྟོགས་ལ་ཚར་ཆོད་ཅིག༔ ཀུན་གྱིས་ཐོས་པར་རྒྱལ་པོས་བཀའ་སྒྲོགས་ཤིག༔ བཙུན་པས་བསྟན་པ་བཤིགས་པའི་ལས་བྱེད་སྲུངས༔ ཁྲིམས་ཀྱི་དཔང་ཚུགས་འགལ་བྱེད་ཚར་བཅད་མཛོད༔ དེ་ལྟར་བསྲུངས་པས་བསྟན་པ་དར་ཞིང་རྒྱས༔ ཡུལ་ཁམས་བཀྲ་ཤིས་རྒྱལ་པོ་མངའ་ཐང་དར༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ རབ་བྱུང་བཙུན་པའི་ཁྲིམས་ཀྱི་ལེའུ་སྟེ་དྲུག་པའོ༔ དེ་ནས་ཡང་ཐེག་པ་ཆེན་པོ་གསང་སྔགས་སྤྱོད་པའི་སྐྱེས་བུ་རྣམས་ལ་ཁྲིམས་འདི་གསུངས་སོ༔ ཀྱེ་རྒྱལ་པོ་ཁྱོད་ཀྱི་བོད་ཀྱི་རྒྱལ་ཁམས་འདིར༔ གསང་སྔགས་འབྲས་བུའི་བསྟན་པ་དར་བར་འགྱུར༔ དེ་ནི་སངས་རྒྱས་ཐུགས་ཀྱི་གདུལ་བྱ་ཡིན༔ མཐོང་ཐོས་རེག་པས་ཡོན་ཏན་དཔག་ཏུ་མེད༔ བཀའ་བཞིན་བསྒྲུབས་ན་ཚེ་འདིར་སངས་རྒྱས་ཐོབ༔ ཐོ་ཅོ་རས་གཅོད་ཅན་དང་འཕྲད་པ་ན༔ དུག་ལྔ་རང་གར་སྤྱོད་པས་ཆོས་སྐུར་གོ༔ བློ་ཆུང་ཉན་ཐོས་སྤྱོད་པའི་བློར་མི་ཤོང༔ འབྲས་བུའི་ཆོས་ལ་སྨད་ན་དམྱལ་བར་སྐྱེ༔ དེ་ལས་འགལ་བ་བྱས་ན་མནར་མེད་ལྟུང༔ དེ་ཕྱིར་ཆོས་ཁྲིམས་ལེགས་པའི་གཞི་འདི་ཚུགས༔ གསང་སྔགས་སྤྱོད་པ་ཞིབ་ལ་ལྟ་བ་ཡངས༔ དེ་ཡི་མཚན་ཉིད་མ་རྟོགས་ཐོ་ཅོ་ཅན༔ མི་ནག་སྐྱེ་བོའི་གསེབ་ཏུ་བབ་ཆོལ་བྱེད༔ རང་གཞན་རྡོ་རྗེ་དམྱལ་བར་སྐྱེ་བས་སྤོངས༔ གསང་སྔགས་པ་ལ་ཁྲིམས་གཞི་གཟུག་པ་ནི༔ གསང་སྔགས་ངེས་ཚིག་གསང་དགོས་ཡིན་པ་ལ༔ ཁྲོམ་གསེབ་གང་དགར་གསང་སྔགས་ཆོས་འཆད་སྲུངས༔ དམ་རྫས་སྤང་བླང་མེད་པའི་སྤྱོད་པ་ལ༔ འདོད་སྲེད་ཤ་ཁྲག་ཆང་ལ་རྔམས་པ་སྲུངས༔ མ་མོ་མཁའ་འགྲོ་དམ་རྫས་མཆོད་པའི་རྫས༔ ཕྱིར་ན་སྒེག་ཆོས་ངོམས་ན་རྒྱལ་པོས་སྲུངས༔ གསང་བའི་ཏ་ན་ག་ཎའི་དམ་ཚིག་དེ༔ ཀུན་ལ་ཆ་ཡོད་སྤྱོད་ངན་རྒྱལ་པོས་སྲུངས༔ མདོར་ན་ཁྲོམ་གསེབ་མི་ནག་སྡིག་སྤྱོད་སར༔ གསང་བའི་དབང་བསྐུར་དམ་རྫས་དངོས་སུ་སྟོན༔ དམ་མེད་རྣམས་ལ་གསང་བའི་ཆོས་བཤད་སྲུངས༔ གསང་སྔགས་ཚུལ་བཞིན་མི་སྤྱོད་འཆོལ་བ་ཀུན༔ རྒྱལ་པོས་ལེགས་པར་རྟོགས་ལ་ཚར་ཆོད་ཅིག༔ ཀུན་གྱིས་ཐོས་པར་རྒྱལ་པོས་བཀའ་སྒྲོགས་ལ༔ གསང་སྔགས་དམ་ཉམས་འཆོལ་བར་སྤྱོད་པ་སྲུངས༔ ཁྲིམས་ཀྱི་དཔང་ཚུགས་འགལ་བྱེད་ཚར་ཆོད་ཅིག༔ དེ་ལྟར་བསྲུངས་པས་བསྟན་པ་དར་ཞིང་རྒྱས༔ ཡུལ་ཁམས་མཁའ་འགྲོ་ཆོས་སྐྱོང་གཉན་པོས་སྐྱོང༔ རྒྱལ་པོའི་མངའ་ཐང་མཐའ་ནས་རྒྱས་པར་འགྱུར༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ ཐེག་པ་ཆེན་པོའི་གནང་བཀག་གི་ཁྲིམས་ཀྱི་ལེའུ་སྟེ་བདུན་པའོ༔ དེ་ནས་ཆོས་སྐྱོང་རྒྱལ་པོ་རང་གིས་དམ་བཅའ་བའི་ཁྲིམས་རིན་པོ་ཆེ་འོད་འབར་ཞེས་བྱ་བ་འདི་གསུངས་སོ༔ ཀྱེ་རྒྱལ་པོ་ཆེན་པོ་ལེགས་པར་གསོན༔ རྒྱལ་པོ་དབང་ཆེ་གྲོས་ལ་མི་མཁས་ན༔ མཚོན་ཆའི་འཁོར་ལོ་གཡང་ལ་ལྷུང་བ་འདྲ༔ རང་ཆག་གཞན་བསད་ཕྱིས་ནས་ནོར་མི་ཉན༔ དེ་ཕྱིར་སྡིག་སྤྱོད་རྒྱལ་པོ་དབང་པོ་ཆེ༔ དེ་ཡི་འཁོར་དུ་ཉེ་ཚད་དམྱལ་བར་སྐྱེ༔ རྒྱལ་པོ་རང་ཡང་ཐར་མེད་བཙོན་ཁང་སྙོག༔ དེ་ཕྱིར་ཆོས་སྐྱོང་རྒྱལ་པོས་ཁྲིམས་བཞི་སྲུངས༔ བསོད་ནམས་ལྡན་པ་ཆོས་སྐྱོང་རྒྱལ་པོ་ལགས༔ གཙུག་ལག་ཁང་དང་གླེགས་བམ་དགེ་འདུན་ལ༔ མོས་གུས་དད་པ་རྒྱུན་ཆད་མེད་པར་མཛོད༔ བློན་པོ་ཐུགས་ཆེས་བློ་བརྟན་སྤྱི་ཚིས་མཁས༔ ཡང་ཡང་རྟོགས་ལ་རྒྱལ་སྲིད་བྱ་བ་བསྐོས༔ ཁོང་ཡངས་སྤྱི་སྙོམས་མཛོད་ལ་སྙིང་རྗེས་གཟིགས༔ ཕྲ་མ་མི་གསན་སྙན་ཁུང་འཐུག་པར་མཛོད༔ ཞེ་འདོད་སྐྱུངས་ལ་རང་སྡེ་བུ་བཞིན་སྐྱོངས༔ གཞན་སྡེ་བྱམས་པས་ཐུལ་ལ་དམག་འཁྲུགས་སྤོངས༔ གཞན་ལ་རྒོལ་དང་བཀྱོན་དབབ་དགོས་པའི་ཚེ༔ ཕྱེད་ཙམ་རང་ལ་དཔེ་བླངས་བསམ་པ་ཡིས༔ དྲག་ཐལ་ཁམ་པོ་ཆེ་ཡི་ལས་མི་གསོག༔ ཡང་ཡང་བསམ་གྱིན་བྱ་བ་ཐམས་ཅད་མཛོད༔ དེ་ལྟར་མཛད་པས་ཆབ་སྲིད་རྒྱས་པར་འགྱུར༔ སྡིག་སྤྱོད་ལས་ངན་མི་གསོག་དགེ་བར་འགྱུར༔ བཀའ་ཡི་ཆོས་ཁྲིམས་ཚུགས་ལ་བྱ་ར་བསྐོས༔ འགལ་བ་ཚར་བཅད་དྲག་པོ་མ་བྱས་ན༔ རྒྱལ་པོའི་ཁྲིམས་ལས་འདས་ནས་རྒྱལ་ཁྲིམས་འཇིག༔ ཆོས་ཁྲིམས་ཞིག་ན་རྒྱལ་པོ་གྱ་བ་ཡིན༔ དེ་ཕྱིར་ཆོས་ཁྲིམས་ཚུགས་ལ་མངའ་ཐང་སྐྱོངས༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ རྒྱལ་པོ་ལ་དགོས་པའི་ཁྲིམས་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ དེ་ནས་ནན་ཏན་གྱི་ཞལ་ཆེམས་འདི་གསུངས་སོ༔ བོད་ཀྱི་རྗེ་འབངས་ཐམས་ཅད་ལེགས་པར་གསོན༔ རིགས་དྲུག་འཁོར་བའི་གཡང་ས་ཆེན་པོ་ནས༔ ལྷ་མིའི་ལུས་ཐོབ་བདེ་སྐྱིད་ལྡན་པ་འདི༔ སྔོན་ཚེ་བསོད་ནམས་རྒྱ་ཆེན་བསགས་པས་ཐོབ༔ འདི་ལ་རྟག་པར་མ་འཛིན་དགེ་བ་སྒྲུབས༔ ཁྲིམས་མེད་འཆོལ་པོ་བྱོལ་སོང་དུད་འགྲོ་ཡིན༔ ངོ་ཚ་ཁྲེལ་ཡོད་སྡོམ་པ་དམ་ཚིག་རྣམས༔ རྩ་བ་གཅིག་ཏུ་འདུས་པས་ཁྲིམས་སྲུངས་ཤིག༔ ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་སྦྱོར༔ དེ་ལ་ཁྲིམས་ཀྱི་རྩ་བ་འདུས་པ་ཡིན༔ སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད༔ རྫུན་དུ་སྨྲ་བ་སྤངས་པ་ཁྲིམས་ཀྱི་གཞི༔ རྩ་བཞིའི་ཁྲིམས་འདི་བསྲུངས་ན་བདེ་སྐྱིད་འབྱུང༔ རྒྱལ་བའི་བཀའ་དང་རྒྱལ་པོའི་ཁྲིམས་འདི་ལས༔ ཚིག་གཅིག་ཙམ་ཡང་འདའ་བར་མ་བྱེད་ཅིག༔ རྒྱལ་བའི་གསུང་ཡང་ལེགས་པར་མཉན་པ་ལས༔ ཉེས་པ་མི་སྲིད་དགེ་ལེགས་བཀྲ་ཤིས་འབྱུང༔ ཅི་བསམ་ལྷུན་གྱིས་འགྲུབ་བོ་རྗེ་འབངས་རྣམས༔ ཞེས་གསུངས་སོ༔ སློབ་དཔོན་བོ་དྷི་སཏྭས་ནན་ཏན་ཞལ་ཆེམས་གསུངས་པའི་ལེའུ་སྟེ་དགུ་པའོ༔ ྈྈྈྈྈྈྈྈྈྈྈྈྈ སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཆོས་ཁྲིམས་འགལ་བ་ཚར་གཅད་པ་དང༔ གནང་བཀག་དབྱེ་བ་འདི་རྒྱལ་པོ་ལ་གསུངས་སོ༔ ཀྱེ་མངའ་བདག་ཆོས་སྐྱོང་རྒྱལ་པོ་ལགས༔ བཀའ་རྒྱུད་ལུང་དང་མན་ངག་སྣ་ཚོགས་པ༔ རྒྱལ་བས་འགྲོ་བའི་དོན་དུ་གསུངས་པ་རྣམས༔ རྩ་བ་ཉོན་མོངས་དུག་ལྔའི་གཉེན་པོ་ཡིན༔ དེ་ཡང་ཧྲིལ་གྱིས་བསྡུ་ན་རྩ་བ་བཞི༔ དེ་ཕྱིར་རྒྱལ་པོའི་ཐུགས་དགོངས་བཟང་པོ་འདི༔ ཉིད་ཀྱི་བཀའ་ཉན་འབངས་རྣམས་ཀུན་ལ་སྟོན༔ དང་པོ་ཕོ་ཉའི་ཚུལ་དུ་ལེགས་པར་ཤོད༔ བར་དུ་སློབ་དཔོན་ཡིན་པས་དམ་བཅའ་སྡོམས༔ རྒྱལ་པོ་ཡིན་པས་འགལ་བྱེད་ཚར་ཆོད་ཅིག༔ རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དང༔ དག་པའི་ཞིང་ཁམས་བཞི་མ་ཡིན་པ༔ ཕྱོགས་བཅུའི་འཇིག་རྟེན་གྱི་ཞིང་ཁམས་ཐམས་ཅད་ན་དམ་པའི་ཆོས་ཚིག་གཅིག་མེད་དོ༔ སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་གདུལ་བྱ་ལྷོ་འཛམ་བུ་གླིང་འདི་ཉིད་ན༔ སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་པའི་ཡུལ་དཔག་ཅིང་བགྲང་བར་མི་ནུས་སོ༔ བོད་ཁ་བ་ཅན་གྱི་ཡུལ་འདི༔ བོ་དྷི་སཏྭ་པདྨ་འབྱུང་གནས་ཁྲི་སྲོང་ལྡེ་བཙན་དང་གསུམ་གྱི་གདུལ་བྱ་ཡིན་པས་ཐམས་ཅད་ཆོས་ལ་གཟུད༔ ཆོས་ཀྱི་བཀའ་ཁྲིམས་ཚུགས༔ ལན་གཅིག་ཆོས་དར་བར་འགྱུར་རོ༔ དེ་ཡང་སེམས་ཅན་ཐམས་ཅད་ཉོན་མོངས་པ་ལྔའི་རྦ་ལ་བརྒལ་བས༔ སྔོན་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས༔ དུས་འདིའི་བར་དུ་འཁོར་བར་འཁྱམས་པ་ཡིན༔ ད་ཡང་ཉོན་མོངས་པའི་གཉེན་པོ་མ་ཤེས་ན༔ ངན་སོང་གསུམ་དུ་ཐར་བ་མེད་པར་འཁྱམས་པ་ཡིན་པས༔ རྒྱལ་པོ་ཉིད་ཀྱི་མངའ་འོག་ཏུ་འདུ་བའི་སེམས་ཅན་ཐམས་ཅད་ལ་དམ་པ་ཆོས་ཀྱི་ཆར་དབབ་པར་བགྱིའོ༔ དང་པོ་རྒྱུ་འབྲས་ཀྱི་ཆོས་ལེགས་པར་བཤད་ནས་ལེགས་པར་གོ་བ་དང༔ ཁྲིམས་ཀྱི་བྱ་ར་རྩ་བ་བཞིའི་ཆོས་རང་བསྲུང་ངེས་པ་རེ་རེ་དཔང་དུ་གཟུག༔ སེམས་ཅན་རབ་འབྲིང་ཐ་མ་གསུམ་ལ་དམ་པ་ཆོས་ཀྱི་ཁྲིམས་བཅའ་ལུགས་གསུམ་བསྟན་ཏེ༔ སོ་སོ་སྐྱེ་བོ་ཐ་མལ་པ་དམན་པའི་རིགས་བུད་མེད་དང་བཅས་པ་རྣམས་ལ་དུས་ཆེན་དགུའི་ཁྲིམས་བཅའ་འོ༔ ཚེས་གཅིག་བརྒྱད་དང་བཅུ་བཞི་དང༔ བཅོ་ལྔ་བཅོ་བརྒྱད་ཉེར་གསུམ་དང༔ ཉེར་བཞི་ཉེར་བརྒྱད་གནམ་སྟོང་ལ༔ སྡིག་པ་ཅི་བྱས་འབུམ་འགྱུར་འཕེལ༔ ཚེ་འཕོས་དམྱལ་བར་སྐྱེ་བས་འཛེམ༔ དུས་ཆེན་དགུ་ལ་སྲོག་བཅད་ན༔ སེམས་ཅན་དེ་ཡི་རིན་ཐང་གཅིག༔ དཀོན་མཆོག་གསུམ་ལ་མཆོད་པར་ཕུལ༔ མཚམས་མེད་ལས་དང་མི་བསད་ན༔ མཐའ་ཡི་ཡུལ་དུ་སྤྱུགས་པ་དང༔ དྲག་པོས་ཚར་གཅོད་བྱས་པ་དང༔ ཡང་ན་ཅི་རིའི་སྟོང་གླུད་བཅོལ༔ དུས་ཆེན་དགུ་ལ་རྐུ་འཕྲོག་དང༔ དཀོར་དང་སྙིང་རྗེའི་རྫས་བླངས་ན༔ རྒྱལ་པོའི་དཀོར་ལ་བརྒྱ་འགྱུར་བླང༔ དཀོན་མཆོག་དཀོར་ལ་བརྒྱད་ཅུ་འགྱུར༔ སྙིང་རྗེའི་ནོར་ལ་ལྔ་བཅུ་འགྱུར༔ ཕྲོགས་པའི་ནོར་ལ་སུམ་ཅུ་འགྱུར༔ བརྐུས་པའི་ནོར་ལ་བཅུ་འགྱུར་བླང༔ དེ་རྣམས་སུམ་ཆ་སྡིག་སྦྱོང་ཕྱིར༔ དཀོན་མཆོག་གསུམ་གྱི་རྫས་སུ་དབུལ༔ བུད་མེད་དྲུག་ལ་སྤྱད་པ་རྣམས༔ བུུད་མེད་རེ་ལ་འབུམ་གྲངས་རེ༔ བདག་པོ་མེད་པ་མ་སྲིང་དང༔ བུ་མོའི་གླུད་དེ་རྒྱལ་པོས་བླང༔ བདག་ཡོད་གསུམ་ནི་བདག་པོས་བླང༔ ལྕི་བའི་རྫུན་ལྔ་སྨྲས་པ་ལས༔ ཉེས་པ་བྱུང་ན་མཐའ་ལ་སྤྱུགས༔ སྨྲས་མ་ཐག་ནི་རྒྱལ་པོ་དང༔ བྱ་ར་ཕ་རོལ་གསུམ་བསགས་ལ༔ བཤགས་ཤིང་བཟོད་པ་གསོལ་བར་བྱ༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ འབངས་ཐ་མལ་པའི་ཁྲིམས་སྲུང་བའི་ཐབས་འགལ་བ་ཚར་གཅད་པའི་ལེའུ་སྟེ་བཅུ་པའོ༔ དེ་ནས་ཡ་རབས་ཞང་བློན་ཕོ་མོ་རྣམས་ཀྱི་ཁྲིམས་ལ་གནང་བཀག་གསུང་པ༔ བོད་ཀྱི་མི་ཆེན་ཞང་བློན་ཐམས་ཅད་ལ༔ ལེགས་པའི་ཁྲིམས་འདི་སྟོན་ལ་གཅེས་པར་སྲུངས༔ ཁྲིམས་མེད་ངོ་ཚ་བོར་བའི་མི་རྣམས་ལ༔ མི་ཆེན་ཡ་རབས་བྱ་བའི་ཡུལ་མིན་ནོ༔ ལེགས་ཉེས་རྩི་བ་ཤེས་ན་མི་ཆེན་ཡིན༔ གྲོས་མཁས་གཞུང་བཟང་འཛངས་པ་མི་ཆེན་ཡིན༔ ཤ་ཚ་འདུན་མ་སྤྱི་ཚིས་ཆེ་བ་དང༔ དགྲ་བོ་ཐབས་ཀྱིས་འདུལ་ན་ཡ་རབས་ཡིན༔ མཐོ་ཁུར་དམའ་སྐྱོང་རང་ས་འཛིན་པ་དང༔ ཐབས་ཀྱིས་སྡིག་ལས་སྤོང་བ་མི་ཆེན་ཡིན༔ རང་གཞན་སྡིག་པའི་ལས་ལ་སྦྱོར་བ་ཡི༔ རྒྱུད་གྱོང་ཁྲོ་སྐྱེན་ཕྲ་མ་ཟོང་དུ་ཁྱེར༔ ཆགས་སྡང་ཆེ་ལ་ཆོས་ལ་གནག་པ་རྣམས༔ མ་རབས་ཐན་ངན་ཚང་བའི་མི་ཡིན་པས༔ ཕ་མ་བཟང་ཞིང་ཟས་ནོར་ལྡན་གྱུར་ཀྱང༔ རྒྱལ་ཁྲིམས་བཤིག་པའི་ལས་བྱེད་མི་ངན་ཡིན༔ དེ་ལྟར་མ་ཡིན་ཡ་རབས་ཚུལ་འཛིན་རྣམས༔ འདིར་སྐྱིད་ཕྱི་མ་བདེ་བའི་གྲོས་འདི་ཉོན༔ རྒྱལ་སྲིད་བཤིག་དང་རང་གི་སྲོག་ལ་རྒོལ༔ ལམ་འཕྲང་འཇོམས་པའི་ཙོ་ར་ཇག་པ་རྣམས༔ གལ་ལ་ཐུག་ན་སྤྱི་ཆེད་ཡིན་པས་ཐུལ༔ དེ་ལྟར་མ་གཏོགས་སྲོག་གཅོད་ལས་མི་བྱ༔ གསོད་པའི་གཡོ་དང་གྲོས་ལ་མ་གཏོགས་ཤིག༔ གལ་ཏེ་བསད་ན་ཚར་གཅད་གོང་ལྟར་མཛོད༔ སོ་ནམས་ཞིང་དང་ཚོང་དང་སྡིག་མེད་གྱིས༔ འཕྲོག་འཇོམས་བརྐུ་བ་དཀོར་ལ་མ་སྤྱོད་ཅིག༔ གལ་ཏེ་སྤྱད་ན་ཉེས་པ་གོང་ལྟར་གཅད༔ རང་གིས་དབང་བྱས་མ་གཏོགས་བུད་མེད་ལ༔ འདོད་ལོག་གཡེམ་པ་ནམ་ཡང་མ་བྱེད་ཅིག༔ གལ་ཏེ་སྤྱད་ན་ཉེས་པ་གོང་ལྟར་གཅད༔ ཕྲ་མ་རྫུན་ནི་ནམ་ཡང་མ་སྨྲ་ཞིག༔ གལ་ཏེ་སྨྲས་ན་ཉེས་པ་གོང་ལྟར་གཅད༔ ཡ་རབས་དམན་སྤྱོད་བྱེད་པ་ཐམས་ཅད་ནི༔ རྒྱལ་པོས་ལེགས་པར་ཁྲིམས་ལ་མ་སྦྱར་ན༔ ཉོན་མོངས་རང་དགར་ཤོར་ནས་ཀུན་ཕུང་བས༔ དེ་ཕྱིར་ཁྲིམས་ལ་སྦྱོར་ཅིག་མངའ་བདག་རྗེ༔ ཞེས་གསུངས་སོ༔ ཆོས་ཁྲིམས་བསྟན་པའི་སྒྲོན་མེ་ལས༔ ཡ་རབས་ཞང་བློན་ཁྲིམས་ལ་འགལ་བ་ཚར་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ༔ དེ་ནས་རབ་བྱུང་བཙུན་པའི་ཁྲིམས་ཀྱི་འགལ་བ་ཚར་གཅད་པ་འདི་གསུངས་སོ༔ ཀྱེ་རྒྱལ་པོ་ཆེན་པོ་ལེགས་པའི་ཁྲིམས་ལ་གཟབ༔ དང་པོ་རབ་བྱུང་བྱེད་འདོད་སྐྱེ་བོ་རྣམས༔ ངེས་པར་དད་པས་འཇུག་པ་ཡིན་མིན་རྟོགས༔ མ་རབས་མཐོ་སྙེགས་བྱེད་པ་ཞུགས་པ་ནི༔ ཤཱཀ་ཐུབ་བསྟན་པ་དམོད་པའི་དགྲ་ཡིན་ནོ༔ དེ་ཕྱིར་རབ་བྱུང་རྒྱུ་ལ་ངེས་པར་རྟོགས༔ རབ་ཏུ་བྱུང་ནས་ཁྲིམས་ལ་གནས་པ་རྣམས༔ ཤཱཀྱའི་བསྟན་འཛིན་ཡིན་པས་སྤྱི་བོར་ཁུར༔ རྒྱལ་པོ་ཆེ་མཉམ་མང་ན་རྒྱལ་ཁམས་ཕུང༔ རབ་བྱུང་སྡེ་སྡེར་ཆད་ན་ནང་འཁྲུག་དར༔ ཆོས་མེད་ཅོ་བྲེགས་མང་ན་བསྟན་པ་བཤིག༔ དེ་ཕྱིར་ཆོས་སྐྱོང་རྒྱལ་པོའི་མངའ་འོག་ཏུ༔ རབ་བྱུང་གནས་དགོན་ཁྲི་དང་འབུམ་དར་ཡང༔ ཐབས་ཀྱིས་དབུ་སྡེ་གཅིག་གི་འོག་ཏུ་བསྡུ༔ རྟེན་འབྲེལ་ཡིན་པས་རྒྱལ་ཁམས་བདེ་སྐྱིད་ལྡན༔ ཁྲིམས་མེད་གོས་སེར་གོན་པའི་སྡེ་གཅིག་བས༔ འདུལ་ཁྲིམས་ལེགས་པར་སྲུང་བའི་སྐྱེས་བུ་གཅེས༔
ཡིད་ཆེས་ཁུངས་དང་རིག་པའི་ངེས་པ་སྟེར་བར་བྱེད་པའི་སྐབས་གསུམ་པ་ལས་གསང་བའི་རྫས་སྲུང་གི་ཞལ་གདམས་བདུད་རྩིའི་ཐིགས་པ་ཆུ་སྲིན་གྱི་རྒྱ་ཅན་ (Volume 44, Text 38)
༄༅། །ཡིད་ཆེས་ཁུངས་དང་རིག་པའི་ངེས་པ་སྟེར་བར་བྱེད་པའི་སྐབས་གསུམ་པ་ལས་གསང་བའི་རྫས་སྲུང་གི་ཞལ་གདམས་བདུད་རྩིའི་ཐིགས་པ་ཆུ་སྲིན་གྱི་རྒྱ་ཅན་བཞུགས་སོ། ། ན་མཿསརྦ་གུ་ར་བེ། གསང་བའི་མན་ངག་རྫས་ཀྱི་སྲུང་བའི་གནད། །རྣམ་པ་གཉིས་ཀྱི་སོ་སོའི་དགོས་དོན་དང་། །སྔོན་ཆད་བརྒྱུད་ལྡན་ཞལ་དུ་ཉེར་གདམས་ཏེ། །སྦས་དོན་གསལ་བྱེད་བདུད་རྩིའི་ཐིགས་པ་བསྟན། །སྤྱིར་སྒྲུབ་པ་བཀའ་བརྒྱད། བྱེ་བྲག་ཏུ་གུ་རུ་དྲག་སྒྲུབ། གཤིན་རྗེ། རྟ་མགྲིན། ཕྱག་རྡོར། ཕུར་པ། གཉེན་པོ་ལྷ་གསུམ་སོགས་བཀའ་གཏེར་སོ་སོ་ལས་འདིར་བསྟན་པའི་དུག་ཁྲག་རྫས་ཀྱི་སྲུང་བ་ཇི་སྙེད་ཅིག་སྣང་ཡང་། ཕྱག་ལེན་གྱི་སྲོལ་རྩིས་སུ་མཛད་པ། དུག་ཁྲག་གི་རྭ་སྲུང་བུམ་ཐང་མ་དང་ལྕགས་སྡོང་མ་ཞེས་གྲགས་ཆེ་ཞིང་མཚན་ཙམ་འཛིན་པ་མང་ལ། མཁྱེན་ལྡན་སྔགས་འཆང་གོང་མའི་གསུང་རྒྱུན་ལས། དེ་གཉིས་ཀྱང་སོ་སོར་བཤད་པ་ལྟར་ནུས་པ་ཆེ་ཡང་འདྲེས་པར་གྱུར་ན་རྫས་སེལ་སྐྱོན་དུ་འགྱུར་གསུངས་པ་ཁུངས་བཙུན་གནད་ཆེ་བར་གོ་ཡང་། དེང་སང་དབྱར་ཟླ་གསུམ་གྱི་རིང་ཕོངས་པ་ཟས་འཚོལ་གྱི་སྔགས་པར་རློམ་པ་རྭ་དམ་ཁྲག་ཆང་གིས་བཀང་བའི་ཁུར་ལྡན་འགའ་ཞིག་བསྐྱེད་རྫོགས་ཟབ་མོའི་གདིང་དང་ནི་མི་ལྡན། རྩོལ་བ་དང་སྙིང་རུས་ཀྱི་སྒོ་ནས་བླ་མའི་ཞལ་བཅུད་མྱོང་བ་དང་། བསྙེན་སྒྲུབ་ཀྱི་རྟགས་ཚད་ནི་མ་ཐོན། རིག་འཛིན་གོང་མས་གསང་བའི་རྫས་སྲུང་འདི་ཁོ་ན་ལ་བརྟེན་ནས་ཀྱང་ལས་རབ་འབྱམས་མཛད་ཅེས་པའི་ཆེ་བརྗོད་དེ་རྣ་བར་གོ །མན་ངག་ཕྱག་ལེན་གྱི་ཕྱོགས་ཟུར་ཙམ་ཡང་མ་མཐོང་ཞིང་ཐོག་འཁྱུག་སོགས་ཀྱི་འཇིགས་པའི་ཉེན་ཆེ་ཡང་། སེར་ཡོན་གྱི་འདོད་པ་སྙིང་ལ་ཟུག་ནས་ལས་ལ་འཇུག་པར་རྩོམ་ཚེ་རང་དང་རིགས་མཐུན་པ་ལས་ཁྱད་པར་གྱི་ཆོས་ན་ཚོད་ཡོལ་བས་ཁ་སྤུ་རྩི་དཀར་དང་མགོ་སྐྱེས་ཀྱི་ཁུར་གང་ལྗི་བ་བྱིན་རླབས་ཆེ་བའི་རྟགས་སུ་བཟུང་སྟེ་དེར་བསྙད་པས། དེས་ཀྱང་གཟུ་བོར་སྤྱོད་པའི་མན་ངག་ལག་ལེན་ཁུངས་ལྡན་གྱི་རྫས་རྒྱུན་སོགས་མེད་ཟེར་གཟུ་བོའི་ཚིག་ཁར་འདོན་པ་ལ་ངོ་ཚའི་གནས་སུ་བྱས་ཏེ། ཁྲག་སྐམ་བཙན་ཐབས་སུ་ཆང་གིས་སྦངས་པའི་མདོག་ཙམ་ཞིག་ཡིན་ཡིན་མ་མང་པོས་བསྔགས་ཤིང་གཏད། འགའ་ཞིག་གི་ཁ་པོར་མིང་བཏགས་རྣམ་དབྱེ་ཅི་ཡང་མེད་པའི་ཁྲག་རྫས་ངན་པ་སྣ་གང་རྙེད་བཟང་བརྫུས་གསོག་པ་སོགས། ལོང་བས་ལོང་བ་ཁྲིད་པའི་སྟོབས་ཀྱིས་སྡེ་བརྒྱད་ཁྲོས་ཤིང་བརྙས་སྟབས་དྲོད་ཉུལ་བའི་རྐྱེན་དྲག་པོ་རེ་བྱུང་དུས་རྩིང་པོར་སྤྱོད་པའི་ཁྲག་འཐོར་བ་སོགས་བྱས་ཀྱང་། ལག་ལེན་ནོར་བར་སྤྱད་པས་རྐྱེན་ནི་མི་བཟློག་ཀྱང་། བསམ་པའི་ཁྱེར་སོ་ཁྲག་ཐིགས་པ་རེའི་འོག་ཏུ་ཀླུའི་གྲོང་ཁྱེར་ལྔ་བརྒྱ་རེ་བརླག་ཟེར་བའི་ཐོས་ལོ་དེ་ཁར་འདོན་འཇིགས་འཇིགས་མོར་བྱེད། བསམ་པའི་ཁྱེར་སོ་དེས་སྒྲིབ་པ་ནི་གསོག །སེར་ཁོངས་སོགས་ཡོན་བདག་རྣམས་ཀྱི་སྲོག་ལ་རྒོལ་བ་ཙམ་གྱི་གེགས་ལ་ཐུག་ཚེ་ལས་སེར་དུ་མིང་བཏགས། རྗེ་དམ་པ་རྒྱ་གར་གྱི་ལོ་རྒྱུས་ལུང་དུ་འདྲེན་པའི་བན་སྔགས་མང་པོ་ཞིག་དང་། ཡང་འབྱོར་པས་དྲེགས་པ་འགའ་ཞིག་ནུས་ལྡན་གྱི་རྫས་རྒྱུན་བླངས། རིན་པོ་ཆེའི་སྣོད་བཟོ་ཁྱད་ཅི་ཐོན་རྟགས་སུ་བཀོད་ནས་དེར་བླུགས་ནས་འཆང་བ་དང་། ཡང་སྔོན་དུ་སྔགས་འཆང་མཁྱེན་པ་དང་ལྡན་པས་ཕྱག་ལེན་དུ་མཛད་པ་ཇི་ཞིག་ན། རྗེས་འཇུག་རྣམ་གཡེང་དང་སྐྱུར་འདྲེས་ཁྱེར་བ་དག་གིས་བདག་མེད་དུ་བཞག་པས། གཤེར་ཐག་ཆོད་ནས་དྲི་ངད་སངས་ཤིང་རྡོ་ལྟ་བུར་སོང་བ་དང་། གང་ཟག་དེ་དག་དང་སྔགས་འཆང་མང་པོ་ཞིག་ལ་བུམ་ཐང་ལྕགས་སྡོང་གི་ཁྱད་པར་དང་། རྫས་དང་ཡིག་སྣའི་ངོས་འཛིན་ཅི་ཞེས་དྲིས་པས་གོང་མ་ཆ་ཙམ་རྟོགས་པ་སྲིད་ཀྱི། སྤང་བླང་རྫས་ཀྱི་ངོས་གཟུང་དང་། ཕྱི་མ་ལྕགས་སྡོང་མའི་ཡིག་སྣ་ཕྱོགས་ཙམ་ངོས་མ་ཟིན་པ་མང་དུ་མཐོང་བས་དེ་ལྟ་བུའི་གནས་དང་རྗེས་འཇུག་སྔགས་འཆང་གསར་བུའི་དོན་དུ་བདག་གིས་སྙིང་གཏམ་དུ་སྨྲ་ན། གསང་བའི་རྫས་སྲུང་འདི་གཉིས་ལ་བཅུད་དང་སྣོད་ལས་མཚོན་ནས་དུག་ཁྲག་གམ། རྭ་སྲུང་ཞེས་སྤྱིར་བཏང་གི་མཚན་དུ་ཕྱིས་སུ་གྲགས་པ་དང་། བྱེ་བྲག་གཏེར་གནས་ལས་གྲགས་པ་བུམ་ཐང་མ་དང་ཕྱི་མ་ནུས་པའི་ཡོན་ཏན་ཆེ་བར་བསྔགས་པའི་དོན་ལ་མཚོན་ནས་ལྕགས་སྡོང་མར་གྲགས་པ་འདི་གཉིས་གནམ་ལྕགས་ཀླུ་འདུལ་རྒྱུད་དང་། གཏུམ་པོ་ཐུགས་ཀྱི་རྒྱུད་ནས་འགྱུར་མེད་རྡོ་རྗེའི་སྐུ་བརྙེས་པདྨས་བཅུད་ཕྱུང་སྟེ་བྲག་དམར་ཕུག་པ་ཚལ་བུ་མངའ་བདག་ཁྲི་སྲོང་གི་སྐུའི་སྲུང་བར་གནང་། རྗེ་བཙན་པོས་ཕྱི་རབས་འགྲོ་བའི་དོན་དུ་མོན་བུམ་ཐང་དགེ་གནས་དང་སྐྱེར་ཆུར་གཏེར་དུ་སྦས། དེ་བླ་མ་རྒྱ་ཕུར་བུ་ཞེས་བྱ་བས་ཟབ་གཏེར་ཞལ་ཕྱེ་བ་རིམ་པར་བརྒྱུད་པ་ལས། རིག་འཛིན་རྒོད་ལྡེམ་ཅན་ལ་ཤོག་སེར་གྱི་བུ་ཡིག་བཀའ་ལུང་དང་བཅས་པའི་བཀའ་བབས། དེའི་ཕྱག་དཔེ་དངོས་གཏེར་མཆན་ཞིབ་མོར་བཏབ་པ་དང་། སེ་སྟོན་གྱི་ཕྱག་བྲིས་མ་ཡང་བདག་ལ་བྱུང་ཞིང་བརྒྱུད་ཡིག་ལྟར་དུ་ཐོབ་ལ་རྩ་བའི་ཡིག་སྣ་རྫོགས་བྱང་དུ་ཚར་བ་འདི་ཐུན་མོང་དུ་བསྟན་པ་མང་ཡང་། དེ་ལས་ལས་ཀྱི་མཐའ་བསྒྱུར་བསྟན་པའི་སྐབས་མཚམས་ནས་ལྷ་ལྔ་མི་དགྱེས་པ་དགྱེས་པར་བྱེད་པ། རྭའི་ངར་འདོན་ཁྲག་མཚོ་དུག་མཚོ་སྦྱར་མཚོའི་ལག་ལེན་རྫས་ཀྱི་ངར་བཏགས་པ་སྟེ་གནད་བཞི་ཟུར་བཀོལ་རྫས་དབང་དང་བཅས་པ་ཐུན་མོང་མ་ཡིན་པར་གསང་བར་གདབ་ཅིང་སྦས་ནས་ལས་ལྡན་རེ་རེ་ཙམ་ལས་ཡོངས་སུ་མ་གྲགས་ཤིང་། ཤིན་ཏུ་དཀོན་པ་འདི་རྣམས་ལ་བུམ་ཐང་མའི་སྐོར་ཚང་། །ཡང་མན་ངག་རྭ་སྲུང་མའི་རྫས་གསག་ཐབས་ལས་མཐར་བཅས་པ། གནམ་ལྕགས་ཨུར་མོ་བཞི་སྦྱོར། གནམ་ལྕགས་ཨུར་མོ་ཁྲག་དུག་སྨན་གྱི་མཚོ་གསུམ་གྱི་གྲོགས་སྐྱོབས་ཁ་སྒྱུར་སྲུང་ཟློག་རྫོགས་པར་ཚང་བའི་སྐོར་ལྷོ་བྲག་བུམ་ཐང་སྐྱེར་ཆུའི་གཏེར་ཁ་ལྕགས་སྡོང་མའི་སྐོར་ཏེ། འོན་ཀྱང་གཏེར་སྟོན་ཉིད་ཀྱིས་མན་ངག་གི་དཔེ་ཕྱོགས་གཅིག་ཏུ་གབ་ཚུལ་དུ་བྲིས་པའི་རྒྱུན་གྱིས་ཡིག་སྣ་སོ་སོར་ངོས་མ་ཟིན་ཏེ་རྣམ་པར་འཁྱམས་པ་མང་སྟེ། འདི་གཉིས་རྫས་ཀྱི་ཁྱད་པར་བསྲེ་བར་མི་རུང་བའི་དམིགས་བསལ་བསྟན་པས་ཀྱང་ཤེས་སོ། ཁོ་བོས་ཡ་མཚན་གྱི་གནས་སུ་མཐོང་བ་ཕག་ཕྲུག་གི་སྟོན་སྒོམ་པ་བྲ་སྟག་པ་ལ་སོགས་པས་ཕྱག་ལེན་དང་ཞལ་བཀོད་དུ་མཛད་པའི་ཕབས་བཞིར་སྡོད་དུ་དགོངས་པའི་ཨོཾ་བྷི་བྱེས་ཆས་ཤེའུ་རྐང་དོང་རུ་དོང་ཆེ་ཆུང་བཀོད་ལེགས་རྣམ་གྲངས་མང་བ་དང་། གཏེར་སྟོན་ཆེན་པོ་བྱང་ཆུབ་གླིང་པའི་སྐུའི་རྭ་སྲུང་། བླ་ཆེན་ཆོས་དཔལ་བཟང་པོའི་སྣོད་རུ་སོགས་དང་། སྔགས་འཆང་ཤཱཀྱ་བཟང་པོས་སྙེ་ཤང་གི་ཡུལ་གླང་མི་ཁྱི་ཁ་ཡར་བསད་པའི་རྭ་ལ་སྣོད་དུ་མཛད་པར་བུམ་ཐང་མའི་ལུགས་ཀྱི་སྐུ་སྲུང་མི་རྗེས་འབྲངས་ཅན་དང་དམ་སེལ་ཡོད་པའི་ས་དང་། དབྱར་དུས་ཀྱི་ནམ་མཁའ་རྒོད་པ་ཡོང་དུས་སོགས་རྫས་ཁོལ་ཞིང་སྲོག་ཤིང་རང་བབས་ཀྱི་དོན་ཡོད་པ་དང་། རྗེ་བཙུན་མཉམ་མེད་ཀྱིས་གླང་རུ་ཆུང་ངུ་གང་སྒྲུབ་པ་གནང་ནས་སྐུ་ལ་རྒྱུན་བཞེས་ལྗགས་ཐུན་ནར་མར་གནང་བ་དེ་ལ་ཚུལ་ཁྲིམས་ཀྱི་དྲི་ཆགས་ཤིང་། ནང་གི་རྫས་ཁ་དོག་དམར་སེར་རྒྱའི་སྤོས་རེང་གི་དྲི་ཕྱོགས་འདྲ་བ་ཙམ་ལ་དེ་བས་ཀྱང་མཚོན་པར་མི་ནུས་པའི་དྲི་ངད་འཐུལ་བ་ནམ་མཁའ་རྒོད་པའི་དུས་སོགས་རྫས་སྐྱུགས་ཡོང་བ་ཞིག་སྟེ། སྤྲོས་པ་ལ་ཧ་ཅང་མི་མཉེས་པས་རྫས་ཆ་འཛོམ་པ་རང་དུ་མ་ངེས་ཀྱང་།་་་གསང་ཆབ་ཀྱང་། སྐབས་སུ་ལུགས་པ་གནང་བས་ལྕགས་གདོང་མ་ལུགས་ཏེ། བྱིན་རླབས་ཁོ་ནའི་རྟགས་སུ་རིག་ཅིང་། མཆོག་གི་སྤྲུལ་སྐུ་རིག་འཛིན་མངའ་རིས་པ་ཆེན་པོས་སྙེ་མོ་རུ་མཚམས་ཀྱི་སའི་ཆར། ཀླུ་བདུད་ཀྱིས་གནོད་པས་མཁར་ཡང་ཡང་འགྱེལ་བ་ཞིག་ཡོད་པ་དེའི་ས་འདུལ་ལ་དགོངས་ནས་བུམ་ཐང་ལུགས་ཀྱི་ཕྱག་ལེན་དཔྱད་བཟོད་དུ་རྫ་ཕོར་ཁ་སྦྱོར་གང་སྒྲུབ་པ་གནང་བས་ཕྱིན་ཆད་སའི་གནོད་པ་རྒྱུན་ཆད་པ་དང་རྫས་དྲི་ནུས་མཆོག་ཏུ་བཟང་བར་འདུག་པ་དེ་དག་ནི་ཡིད་ཆེས་ཀྱི་གནས་སུ་བྱར་འོས་ལ། བུམ་ཐང་མའི་གཞུང་ལས་སྣོད་གསུམ་དུ་བསྟན་པའི་དང་པོ་ཨོཾ་བྷི་སྟེ་རྫའི་པར་བུ་སོ་ཐེངས་པར་བྱས་པའི་དུལ་མའམ། ཁྱུ་བའི་རྭ་ཤིང་གིས་ཞབས་བསྡམས་པའི་རྭའི་སྐེད་དུ་མིག་གྲུ་གསུམ་དུ་ཕུག་པ་ཁྱོན་ཆེ་བར་བྱེད་པ་གཤེར་ཐག་རྒྱུན་རིང་བ་དང་། ངད་མི་ཡལ་བའི་ཕྱིར་ཁ་གཅོད་མཚམས་སྤྲ་ཚིལ་གྱིས་དམ་དུ་བྱ་བ་ནི་རྒྱུན་གྱི་བསྟེན་བྱའི་ཚད་དོ། །གཉིས་པ་འཆང་བ་བདེ་བ་ཤེའུ་ཞེས་པ་ནི་སྐྱེས་པ་གྲིར་བསད་པའི་རྐང་དོང་ཕྱག་གང་ངམ་ཇི་ལྟར་འཚམ་པ་ཕོ་སྐྲའི་ཆིངས་ཀྱིས་བར་མེད་དུ་བསྡམས་པའི་ཞིང་ལྤགས་ཀྱིས་སྒྲིལ་བའི་སྡོམ་དང་ཁ་གཅོད་ཤིང་སོགས་དྲག་པོའི་ཤིང་ལ་རྡོ་རྗེ་ཕྱེད་པའི་དབྱིབས་སུ་བྱ་ཞིང་། གསུམ་པ་དྲག་ལས་ལ་འཇུག་པ་སོགས་སྲུང་བ་འཆང་བའི་ཁྱད་པར་གྱི་སྣོད་རྒོད་གཡག་ཁྱུ་བའི་རྭའམ། གླང་འབྲས་བུ་ཅན་གྱི་རྭ་གང་ཡང་རུང་བ་གཡས་གཡོན་གྱི་ཁྱད་པར་མ་བཤད་ཀྱང་། རྭ་གཡོན་ལུས་ལ་འབྱར་བར་ཡོང་བས་དེ་ལ་བཟོའི་ཁྱད་པར་ནི། ཆུ་སྲིན་མིན་པར་ང་མི་ཤོང༔ རུས་སྦལ་མིན་པས་ང་མི་ཐེག༔ མཆོད་རྟེན་མིན་པས་ང་མི་ནོན༔ དུག་སྦྲུལ་མིན་པས་ང་མི་འཆིང༔ ཀྱི་དོན་སྔོན་གྱི་ཁུངས་མ་ཡིད་ཆེས་ཀྱང་མཐོང་བ་ལྟར་རྭའི་རྩེར་ཆུ་སྲིན་གྱི་མགོ་ཁ་བུག་པ་ཡོད་པ། སྤྲོས་པ་ལ་དགའ་ན་ལག་པ་གཉིས་ཀྱི་བར་དུ་སྲིད་པའི་རུས་སྦལ་མདུན་བསྟན་རྒྱབ་ཀྱིས་འདེགས་པའི་ཚུལ་དང་། རྒྱབ་ཀྱི་གཤོག་པ་པ་ཏྲ་གཉིས་ཀྱི་བར་དུ་མཆོད་རྟེན་བྱང་ཆེན་གྱིས་མནན་པའི་དབྱིབས་ཅན། མཇུག་རྭ་མཚམས་སུ་དུག་སྦྲུལ་གྱིས་འཁོར་མོར་བསྡམས་པ་འདྲ་བ་ཁ་གཅོད་གསེང་སོགས་དྲག་པོའི་ཤིང་རྩེ་ལ་ནོར་བུའི་གཟུགས་ཀྱི་ཁ་མཚམས་མན་ཆད་ཟུར་གསུམ་མཐིལ་ལ་ཐུག་པ། མཆོད་རྟེན་གྱི་གཡས་གཡོན་དུ་རྟེན་འབྲེལ་སྙིང་པོ་འབྲི། སྤྲ་ཚིལ་མནན་རྗེས་རྭའི་ཕྱི་ནང་ཀུན་ལ་རྭ་འདུལ་གྱི་རྫས་ལན་དུ་མར་བྱུགས་ཤིང་ཉི་མར་བསྐམ། དེ་རྗེས་རྭའི་ངར་འདོན་ཀྱང་ཕྱི་ནང་དུ་བླུག །རང་གི་ལྷ་མཉེས་པར་བྱ་བའི་རྫས་རིལ་ནང་དུ་བཅུག་རྗེས་རྭ་ཞབས་སྲ་ཤིང་གི་ཐེམ་པས་བཀག་པའི་ཕྱིར་ལྡེམ་འཁྱུད་མོ་དང་ཡས་མར་གྱི་ལུང་གི་ཁོང་གཟེར་གྱི་སྣེ་སོགས་ནང་དུ་མ་རྡོལ་བ་དང་རྫས་ལ་མི་རེག་པར་བྱའོ། །ཡང་རྭ་གཉིས་མཇུག་བསྣོལ་བར་བསྒྲིགས་པའི་བར་ནང་དུ་ཤིང་གི་གཤེད་འཛིན་ཕྱིར་མི་མངོན་པར་བཅུག་པ་ལ་ཆུ་སྲིན་མགོ་ལུས་ཡོངས་རྫོགས་བྱས་པའི་མཇུག་གི་པ་ཏྲའི་དཀྱིལ་དུ་ཡང་བུག་པ་ཁ་གཅོད་དང་བཅས་པར་ཁ་གསོའི་རྫས་སྐམ་ཐུན་སོགས་གང་བདེ་བླུག་ཆོག་ལ། ཁ་ཕྱོགས་རྩ་བའི་ཁྲག་རྫས་སྣོད་དུ་ཡོང་བ་ཡང་ཤིན་ཏུ་སྤྲོས་པ་ཆེ་ཞིང་ལེགས་པར་ཡང་མཐོང་ངོ་། །རྫས་ནི་སྔོན་གྱི་རྒྱུན་བཟང་པོ་ཡིད་བརྟན་རུང་ངེས་པ་བྱུང་ན་ཁ་གསོ་མན་ངག་ལྟར་གྱི་རྫས་ཆང་དུ་སྦྱར་བས་གསོ། ཐེ་ཚོམ་དུ་སྤྱོད་པའི་རྫས་རྙིང་ལ་རྨོངས་ཞེན་གྱི་ནུས་པ་རེ་བ་ལས་རང་གི་གཞུང་དང་མན་ངག་ལྟར་སོ་སོར་གསག་ཅིང་གཅིག་ཏུ་དྲིལ་ནས་ཀ་པཱ་ལ་བཟང་པོར་སྐྱོ་མ་ཙམ་དུ་སེང་ལྡེང་ངམ་སྐྱེར་པ་ལ་སོགས་པའི་ཕུར་པས་དཀྲུག་ཅིང་ཕུར་སྔགས་སུ་བཏབ་ལ་བསྒྲུབ། ཕབས་ཀྱི་རྫས་ཨོཾ་བྷིར་བླུགས་རྗེས་ཁ་གསོ་རྫས་ལྡན་གྱིས་བུང་བསྐྱེད། དེ་ལས་སྲུང་སྣོད་སོགས་ཟུར་དུ་ནམ་དགོས་བཀོལ། ཅུང་ཟད་གར་དུ་སོང་ཚེ་ཁ་གསོ། ངད་ཡལ་ན་སྣོད་རུར་བྱོ་ཞིང་གསར་པ་ངད་ཅན་ཚུར་བླང་། ལུས་སྲུང་ལ་རྒྱུན་དུ་གནམ་ལྕགས་སྡེ་དྲུག་གི་སྔགས་ལ་ཁ་བསྒྱུར་ནམ་དགོས་སུ་བཏགས། ལས་རབ་འབྱམས་གཞུང་ལྟར་སྤྱད། རྫས་གཞན་གོ་སླ། སྤྱང་དུག་གི་འཁྲུངས་དཔེ་དང་བརྟགས་ཐབས་ལོགས་སུ་ཡོད་ཀྱང་ཤིན་ཏུ་དཀོན་པས་ནོར་བའི་དོགས་ཆུང་། དེ་བས་མུ་ཟིའི་དྲི་དང་། སྦྱོར་རྗེས་ཐམས་ཅད་ལན་ཚྭ་དང་གཡའ་ཆགས་ཀྱི་སྣོད་དུ་རེག་པའི་ཆུ་སོགས་སྤང་། གསུང་རྒྱུན་ལས། འདི་ལ་ཕན་ཡོན་རྣམ་གཉིས་ཡོད། །དབྱར་མི་རུལ་དང་དགུན་མི་འཁྱགས། །འདི་ལ་དམ་བཅའ་རྣམ་གཉིས་ཡོད། །བུད་མེད་དག་གིས་མཐོང་མི་རུང་། །རེག་པར་གྱུར་ན་སྨྲོས་ཅི་དགོས། །གནམ་ལྕགས་ཐོག་སེར་འབེབ་པའི་ཚེ། །ཐོ་ཅོས་ས་ལ་བརྡབ་མི་རུང་། །དབྱར་དགུན་གྱི་ཡིད་ཆེས་དངོས་སུ་གསལ་བས་སྤང་བྱ་ཡང་རྫས་ཀྱི་དངོས་པོ་མ་མཐོང་བ་དང་། རྫས་སྣོད་ལ་རེག་པ་ཡང་སྤང་བ་ལེགས་སོ། །བུམ་ཐང་མར་གྲགས་བསྲུང་བའི་དབྱིག་འདི་ནི་ཆུ་སྲིན་གྱི་གྲེ་བར་རིན་ཆེན་ཚུད་པ་བཞིན་འཆོར་བ་མེད་པའི་དཔེ་དེ་ལེགས་པར་བསམ་ལ། སྙིང་མཛོད་སྨུག་པོར་གསང་བའི་རྒྱས་ཐོབས་ཤིག །ལྕགས་སྡོང་མའི་ལག་ལེན་ཡང་ཁྲག་དུག་བདུད་རྩིའི་མཚོ་གསུམ་གྲོགས་སྐྱོབས་སོགས་དང་གནམ་ལྕགས་ཨུར་མོ་བརྒྱད་བཞིའི་སྦྱོར་བ་རྣམས་གཞུང་ལྟར་སོ་སོར་གསག །གཅིག་ཏུ་སྦྱར་བ་རྣམས་གོང་གིས་ཀྱང་མཚོན་སྣོད་ཀྱི་ཁྱད་པར་གཡག་ཁྱུ་བའམ་ར་ཐུག་གི་རྭ་ལ་ཆུ་སྲིན་མགོ་དང་སྦྲུལ་ཚང་གོང་དང་འདྲ་བ་ལས། མདུན་འོག་ནས་རུས་སྦལ་ལམ་ཆུ་སྦལ་གང་རུང་དང་། སྟེང་རྒྱབ་ནས་སྡིག་པ་ལྟོ་སྦྱར་བར་བྱ་སྟེ། དོན་གནམ་ལྕགས་ཨུར་མོ་གནམ་ས་ལྟོ་སྦྱར་གྱི་རྟགས་མཚོན་པ་ཡིན་ལ་ཁ་གསོས་ཀྱང་སློབ་དཔོན་དབང་བཞི་རྫོགས་པའམ། སྒོམ་ཆེན་ཚངས་པར་སྤྱོད་པའི་དྲི་ཆུས་བྱ། གོང་མ་བུམ་ཐང་མའི་སྤང་བྱ་མཛེ་ཁྲག་མུ་ཟི་སོགས་འདིར་རྫས་སུ་བསྟན་པས་ཐེ་ཚོམ་མི་བྱ། །གཞན་གོ་སླ། འདི་ནི་གནམ་ལྕགས་ཨུར་མོ་ལྟ་བུས་ཕ་རོལ་གང་ཡང་ཐོགས་པ་མེད་པར་སྤྱོད་པ་དང་། འཆང་བ་པོའི་ལུས་ནི་གནམ་ལྕགས་ཀྱི་སྡོང་པོ་ལྟར་གང་གིས་གནོད་པ་དང་གླགས་ལྟ་བར་མི་ཕོད་པའོ། །དེ་ལྟར་གསང་བའི་རྫས་སྲུང་གི་ཞལ་གདམས་བདུད་རྩིའི་ཐིགས་པ་ཞེས་བྱ་བ་སུམ་རྩེན་ཡུལ་ལ་འགྲན་པ་ཉང་སྟོད་སའི་ཆར་གནས་པའི་རང་གི་སློབ་བུ་ཆོས་དབང་ཀུན་དགའ་རྒྱ་མཚོས་བསྐུལ་བའི་ངོར། གོ་བདེ་བར་དུས་མཐའི་སྔགས་འཆང་དབང་པོའི་སྡེས་གང་བ་བཟང་པོའི་འདབས་སུ་སྦྱར་བ་འདི་ཟུར་བཀོལ་མ་གཏོགས་རྩ་བའི་ཡིག་ཆར་རྟོགས་སླ་ཕྱིར་དཀྱུས་མཆན་དུ་འཇུག་པ་སོགས་བཅོས་ལྷད་མི་བྱའོ།། །།
གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་ཚོགས་སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་ (Volume 45, Text 38)
<!TCC Tibetan character 3,182 undefined in unicode!>༔ གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་ཚོགས་སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་བཞུགས་སོ༔ ྈྈྈྈྈ ཧཱུྃ་བཛྲ་ཕཊ༔ འབྱུང་པོའི་རྒྱུན་ལམ་གཅོད་པའི་སྤྲིང་ཡིག་འདི་ནི༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ཆོས་འཁོར་གླིང་དུ༔ དམར་ནག་མེའི་ཕྲེང་བ་ཅན་དང༔ ལྕགས་རལ་ཅན་གྱི་སྒྲུབ་སྐོར༔ ལས་ཁ་ཚར་དང་བཅས་པ་མཛད་ནས༔ རྒྱལ་པོ་དང་མཚོ་རྒྱལ་ལ་སོགས་རྗེ་འབངས་རྣམས་ལ་གནང་ངོ༔ བཀྲ་ཤིས་སྨོན་ལམ་དང་བཅས་པ་མཛད་ནས་རྟིང་དུ༔ བདག་མཚོ་རྒྱལ་གྱིས་ཞུས་པ༔ ཨེ་མ་སློབ་དཔོན་ཆེན་པོ་ལགས༔ མ་འོངས་ཕྱི་མའི་དུས་སུ༔ རྒྱལ་བསེན་ཕོ་མོའི་གནོད་པ་འབྱུང་དོགས་པས༔ དྲག་སྒྲུབ་རྟ་མགྲིན་ལ་སོགས་པའི་སྒྲུབ་པ་མང་དུ་གསུངས་ལགས་ཀྱང༔ དུས་ཕྱིས་བན་བོན་སྔགས་པ་སྐྱེ་བོ་རྣམས་ཀྱི་སྙིང་ལ་འགོང་པོ་ཞུགས་ནས༔ སྒྲུབ་པ་ཚུལ་བཞིན་དུ་མི་བྱེད༔ ལེ་ལོའི་དབང་དུ་སོང་ནས་སྔགས་ཀྱང་མི་འདོན༔ དམ་ཚིག་ཚུལ་བཞིན་དུ་མ་བསྲུངས་པས་ལྷ་ཡང་མི་འགྲུབ་པས་ནུས་པ་མི་འབྱུང༔ གྲུབ་མཐའི་ཕྱོགས་འཛིན་གྱི་ཁ་བཤད་སུ་མཁས་བྱེད༔ སྲུང་བའི་འཁོར་ལོ་རྫས་ཀྱང་རབ་ཏུ་དཀོན་པའི་དུས༔ ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་རླུང་ལྟར་འཚུབས་ཤིང༔ འབྱུང་པོས་མངོན་རྒྱུག་བྱེད་པའི་དུས༔ ཆོས་མིན་སྤྱོད་པ་རྣམས་མགོ་འཕང་མཐོ་ཞིང་གཡོས་སྡུད་པས༔ དེའི་དུས་སུ་བྱ་སླ་ལ་བྱིན་རླབས་ཆེ་བའི་ཕྱག་རྟགས་དང་སྤྲིང་ཡིག་ལ་སོགས་པ་འབྱུང་པོའི་རྒྱུན་ལམ་གཅོད་པའི་ཐབས་ཀྱི་མན་ངག་ཅིག༔ རྒྱལ་པོས་དབུ་མཛད་བདག་ཅག་འཁོར་འབངས་རྣམས་ལ་ཐུགས་རྗེས་གཟུང་བར་ཞུ་ཞུ༔ ཞེས་ནན་ཆེར་ཕུལ་བས༔ སློབ་དཔོན་གྱི་ཞལ་ནས༔ ཁྱེད་རྣམས་ཀྱིས་ཞུས་པ་ཤིན་ཏུ་ལེགས༔ མ་འོངས་པའི་དུས་བནྡྷེ་དང་སྔགས་པ་རྣམས་བསྐྱེད་རྫོགས་གཉིས་ལ་སོ་མི་ཐེབས༔ དམ་ཚིག་ཚུལ་བཞིན་མི་བསྲུང༔ སྔགས་དག་པོ་ཡང་བཟླ་མི་ཤེས་པས་ནུས་པ་ཡང་མི་འོང༔ སྒྲུབ་པ་ཚུལ་བཞིན་དུ་མི་བྱེད་པས༔ ཡི་དམ་ལ་སོགས་གདམས་ངག་རྣམས་ཀྱང་མི་འགྲུབ༔ གྲུབ་མཐའ་རྩོད་ཅིང་རྒྱུད་གཞུང་ཁ་བཤད་སུའི་མཁས་བྱེད༔ སྟོང་ཉིད་ཁྱད་དུ་བསད་ནས་ཚུལ་འཆོས་དག་ལ་མཁས༔ མི་ཆོས་བྱེད་ཅིང་ཆགས་སྡང་དུག་ལྔ་སྤྱོད༔ པདྨ་ང་ལ་གཤེ་སྐུར་ཐན་དུ་བལྟ༔ གཏེར་ཆོས་མི་བདེན་ཟེར་ནས་ཆོས་སྤང་བྱེད༔ དེ་དུས་ང་ཡི་ཕྱག་རྟགས་སྤྲིང་ཡིག་འདིས༔ གནོད་བྱེད་དེ་ངོས་བཟུང་ལ་ཟིན་ན་མིང་ཡིག་བྲི༔ ཕྱག་རྟགས་འདིའམ་བུ་དཔེ་བཅད་ནས་སུ༔ ཡི་གེའི་མཇུག་ཏུ་རྡོ་རྗེའི་རྒྱ་ཡིས་མནན༔ འཆང་བའི་མགུལ་ལམ་སྒོ་ཡི་ཐོག་བཞག་ན༔ གནོད་བྱེད་གང་ཡིན་དེ་ཡིས་རྒྱུ་བ་ཆོད༔ དཔག་ཚད་རྒྱང་གྲགས་སུ་ཡང་ཉེ་མི་ནུས༔ གལ་ཏེ་སྤྲིང་ཡིག་དང་ཕྱག་རྟགས་མཐོང་བཞིན་དུ༔ ལོག་པར་བྱས་ན་འབྱུང་པོ་གང་ཡིན་དེའི༔ མགོ་བོ་ཨརྫ་ཀའི་རྡོག་པོ་བཞིན་དུ་ཚལ་པ་དུམ་བུར་འགས་པར་འགྱུར་རོ༔ ལུས་ངག་ཡིད་གསུམ་རྨུགས་ཤིང་རེངས་པར་འགྱུར་རོ༔ པདྨ་ང་ཡི་ལས་མཁན་རྣམས་ཀྱིས་དེའི་རྗེས་གཅོད་ནས༔ གནོད་བྱེད་དེའི་སྙིང་ཚལ་པ་དུམ་བུར་བཏང་ནས༔ གློ་སྙིང་ཟ་ཞིང་ཁྲག་ཀྱང་འཐུང་བར་བྱེད་དོ༔ གནོད་བྱེད་ཨུ་ཙ་ཊ་ཡ་མཱ་ར་ཡ་ཕཊ༔ ཅེས་པའི་སྤྲིང་ཡིག་ཕྱག་རྟགས་འདི༔ བྱིན་རླབས་ཅན་གྱི་དམ་རྫས་དང་དུག་ཁྲག་གིས་བྲིས་ལ༔ སིནྡྷུ་ར་དང་མཚལ་གྱི་རྒྱ་དང་བཅས་ཏེ༔ སོ་སོའི་མགུལ་ལམ་སྒོ་སོགས་གཞི་བྱེས་ཀྱི་ཆས་རྣམས་ལ་གདགས་སོ༔ རབ་གནས་དང་བཀྲ་ཤིས་གཞུང་བཞིན་དུ་བྱ་སྟེ༔ ཆོས་སྐྱོང་ལ་གཏོར་མ་འབུལ༔ བགེགས་ལ་ལན་ཆགས་སྦྱིན་ཏེ༔ བདེན་སྟོབས་དྲག་ཏུ་བརྗོད༔ གུ་གུལ་གྱིས་བདུག༔ རྫས་རྣམས་་་དུག་རྫས།བསྲེག༔ དྲག་པོའི་ཐུན་རྫས་རྣམས་ཀྱིས་བྲབ༔ ཡི་གེ་ལན་གསུམ་དུ་བཀླག་གོ༔ དེ་ལྟར་བྱས་པས་ལྷ་སྲིན་སྡེ་བརྒྱད་ཉེ་བར་མི་ནུས་སོ༔ མ་འོངས་ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྈྈ <!TCC Tibetan character 3,182 undefined in unicode!>༔ ྈྈྈྈྈ ཧཱུྃ་བཛྲ་ཕཊ༔ བདག་ཉིད་པདྨ་འབྱུང་གནས་བཀའ༔ དམར་ནག་མེ་ཡི་ཕྲེང་བ་ཅན་དང༔ རྟ་མཆོག་རྒྱལ་པོ་གཉིས་ཀྱི་ལུང༔ སྔགས་འཆང་རྣམ་འབྱོར་རྒྱལ་པོ་དྲེགས་འཇོམས་རྩལ་གྱིས༔ ཁྱོད་གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ༔ སྟེང་གི་ལྷ༔ འོག་གི་ཀླུ༔ བར་སྣང་གི་གཟའ༔ ལྷ་མ་སྲིན་སྡེ་བརྒྱད་རྒྱལ་བསེན་པེ་དཀར་ནག་ཐིལ་གསུམ་ལ་སོགས་པ༔ གཞན་ཡང་མཁའ་ལ་རྒྱུ་བའི་འབྱུང་པོ༔ ཡིད་ཀྱི་གཟུགས་ཅན༔ རྒྱལ་བསེན་དམ་སྲི་ཕོ་མོ་འདྲེ་གདོན་གྱི་རིགས་སུ་གྱུར་པ་ཁྱེད་རྣམས་ཀྱིས་འཆང་བ་པོ་མི་ནོར་གྱི་རིགས་སུ་གྱུར་པའི་བསོད་ནམས་དང་ཚེ་སྲོག་ལ་བར་དུ་གཅོད་པ་རྣམས་ལ་སྤྲིང་པ༔ དེང་ཕྱིན་ཆད་མི་ནོར་གང་ལ་ཡང་གནོད་པ་མ་བྱེད་ཅིག༔ ཁྱིམ་སྒོ་ལམ་སྲང་དུ་མ་གནོད་མ་འགྲིམ་པར་གཞན་དུ་སོངས་ཤིག༔ གལ་ཏེ་ཡི་གེ་མཐོང་བཞིན་དུ་གནོད་པ་བྱས་ན༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ ཕྲིན་ལས་ཀྱི་རྩ་བ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༔ བདག་ཉིད་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་རྩལ་གྱི་བཀའ་བདེན་པ་དང༔ སྐུ་མཆོག་འཇམ་དཔལ༔ གསུང་མཆོག་རྟ་མགྲིན༔ ཐུགས་མཆོག་ཕྱག་རྡོར༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ ཕྲིན་ལས་སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་གསོད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ རིག་འཛིན་སྔགས་འཆང་རྣལ་འབྱོར་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་རླབས་འདི་ལ་བརྟེན་ནས༔ གནོད་བྱེད་འབྱུང་པོ་དམ་ཉམས་བཀའ་ལྟར་མི་བྱེད་ཅིང༔ དམ་ལ་མི་གནས་པ་རྣམས༔ འདི་ན་མ་གནས་པར་གཞན་དུ་སོང་ཞིག༔ སྲིད་པ་སྤྱི་ནས་ཤིགས་ཤིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པ་ཆོད་ཅིག༔ གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོ་ནས་ཁོས་ཤིག༔ སྲིད་གསུམ་གར་གནས་ཀྱང་ལུས་ལ་མཚོན་ཆ་རྡོ་རྗེའི་ཆར་ཕོབ་ཅིག༔ དམ་ཉམས་འབྱུང་པོ་མནའ་ཟན་འདི་རྣམས་ཀྱི་མགོ་བོ་ཚལ་པ་སྟོང་དུ་ཁོས་ཤིག༔ ལུས་དུམ་བུ་སྟོང་དུ་ཐོངས་ཤིག༔ སྙིང་དུམ་བུ་བརྒྱད་དུ་གཏུབས་ཤིག༔ མིག་འབྲས་ཐང་ལ་ཕྱུངས་ཤིག༔ སྙིང་ཁྲག་ལས་མཁན་རྣམས་ཀྱིས་དཔའ་ཟས་གྱིས་ཤིག༔ དམ་ཉམས་རུ་ཏྲ་འདི་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་ཅིག༔ གནོད་བྱེད་འབྱུང་པོ་འདི་རྣམས་ཨུ་ཙ་ཊ་ཡ་ཕཊ༔ཕཊ༔ སོང་ཞིག༔ སྟག་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་སྤྲིང་ཡིག་འདི་དཔལ་བསམ་ཡས་ཆོས་འཁོར་གླིང་དུ་བྲིས་པ་འབྱུང་པོའི་རྒྱུ་ལམ་ཆད་པར་གྱུར་ཅིག༔
སྙན་བརྒྱུད་ཡང་ཕུར་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་མཆོག་སྦྱིན་ (Volume 27, Text 38)
༄༅། །སྙན་བརྒྱུད་ཡང་ཕུར་ཟབ་ཏིག་ལས། རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་མཆོག་སྦྱིན་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡེ། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལས། མཐུན་རྐྱེན་རྨད་དུ་བྱུང་བ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་ཟབ་པ་ཡང་དག་ཧེ་རུ་ཀ་དང་། འགལ་རྐྱེན་བར་ཆད་སེལ་བའི་ལྷག་པའི་ལྷ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཕུར་པ་གཉིས། དཀྱིལ་འཁོར་གཅིག་ཏུ་དྲིལ་ཏེ་སྒྲུབ་པའི་ཟབ་ལམ་ཁྱད་པར་ཅན་གྱི་བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ་གསུམ། སྔོན་དངོས་རྗེས་སོ། །དང་པོ་ནི། བཛྲ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཧཱུྃ་ཆེན་ཀཱ་རའི་བར་དུ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔ ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ སྐྱབས་སེམས་ནི། བླ་མ་རིག་འཛིན་དཔལ་ཆེན་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར། ན་མོ༔ བླ་མ་དཔལ་ཆེན་ཞི་ཁྲོའི་ལྷ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ གཞན་དོན་བྱང་ཆུབ་མྱུར་ཐོབ་ཕྱིར༔ ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ་གྱིས་སྐྱབས་ཡུལ་ལ་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བ་དང་། མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞི་ལས་བསྒྲལ་ཏེ་བླ་ན་མེད་པའི་གོ་འཕང་མཆོག་ལ་འགོད་པར་དམ་བཅའ་བས་ལམ་ཟབ་མོ་ཉམས་སུ་ལེན་སྙམ་དུ་སེམས་བསྐྱེད་པའི་དམིགས་འདུན་ཡང་དག་པར་བྱ། སྤྲོ་ན། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་ལན་གསུམ། སེམས་ཅན་བདེ་དང་ལྡན་སོགས་ཚད་མེད་བཞི་བཅས་བྱ། གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་སྐུ་བསྐྱེད་པ་ཕྱག་རྒྱའི་རྣལ་འབྱོར་ནི། ཨ༔ གདོད་ནས་ཀ་དག་དབྱིངས་ཀྱི་ངང༔ ཡེ་ཤེས་རིག་པ་རང་སྣང་བ༔ མཚོན་ཆེན་ཧཱུྃ་ཡིག་སྔོན་པོ་ནི༔ ནམ་མཁའི་དཀྱིལ་ནས་འཇའ་ལྟར་ཤར༔ དེ་ལས་རོལ་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྟོང༔ སྟོང་པའི་ངང་ལས་གསལ་བའི་རྩལ༔ སངས་རྒྱས་ཞིང་ཁམས་ཡོངས་སྦྱངས་པའི༔ བཀོད་པ་ཆེན་པོའི་རོལ་པ་ནི༔ ཀློང་ལྔ་རྣམ་པར་དག་པའི་མདངས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ དུད་ཁྲོད་དྲག་པོའི་བཀོད་པ་རྫོགས༔ དེ་དབུས་པད་ཟླ་ཉི་མ་དང༔ ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང༔ ཧཱུྃ་གིས་མཚོན་བྱེད་ཡོངས་གྱུར་ལས༔ མཚོན་བྱ་བདག་ཉིད་རྩ་བའི་ལྷ༔ རྡོ་རྗེའི་རང་བཞིན་སྟོང་པ་ཉིད༔ གཞོན་ནུ་ཡེ་ཤེས་སྙིང་རྗེའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པ༔ ཆོས་སྐུའི་ཡོན་ཏན་ཐམས་ཅད་ཉིད༔ གཟུགས་ཀྱི་རྣམ་པར་ཤར་བ་ནི༔ སྐུ་དང་རྩ་ཞལ་རབ་ཏུ་སྔོ༔ སྟོན་ཀའི་ནམ་མཁའ་དག་པ་བཞིན༔ གཡས་དཀར་གཡོན་དམར་བཞད་གཤེ་རྔམ༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ ཐེག་པ་དགུ་དང་ཡེ་ཤེས་ལྔ༔ རྫོགས་པའི་རྡོ་རྗེ་མཚོན་ཆར་འབེབ༔ གཡོན་གཉིས་ཉོན་མོངས་སྲེག་པའི་མེ༔ སྡིགས་པའི་མཛུབ་མོའི་རྩེ་ནས་སྤྲོ༔ གཉིས་པ་དུག་གསུམ་རྩད་གཅོད་པའི༔ ཁ་ཊྭཱཾ་ཅང་ཏེའུ་དྲིལ་བུ་འཁྲོལ༔ ཐ་མ་གཉིས་ཀྱིས་ཁམས་གསུམ་པོའི༔ ཉོན་མོངས་དུག་ཆེན་སྦྱོང་བའི་ཕྱིར༔ རི་རབ་ཕུར་བུ་འདྲིལ་བ་ནི༔ ཆེ་བཙན་འགྲན་བྲལ་རྟགས་སུ་བརྗིད༔ སྔོན་བྱུང་རུ་ཊ་བསྒྲལ་པ་ཡི༔ དཔལ་ཆེན་པོ་ཡི་ལོངས་སྤྱོད་དང༔ དུར་ཁྲོད་མཁའ་འགྲོ་འབུམ་གྱི་ཚོགས༔ དགྱེས་རྒུར་རོལ་པའི་ཡ་མཚན་ཆེ༔ རྡོ་རྗེའི་སྐུ་ཡི་དབྱིངས་སུ་རྫོགས༔ ཞབས་བཞི་གྱད་ཀྱི་དོར་སྟབས་ཅན༔ མ་ཧཱ་རུ་ཊའི་སྤྱི་ནས་བརྫིས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་མཐིང༔ ཨུཏྤལ་དུང་ཁྲག་བསྣམས་པས་འཁྱུད༔ གཟིག་ཤམ་སྣ་ཚོགས་ཁྲོ་མོའི་ཆས༔ ཆགས་དང་གཏུམ་པའི་ཉམས་འགྱུར་རྫོགས༔ དེ་ལྟར་གསལ་བའི་ཡེ་ཤེས་སྐུ༔ རང་བཞིན་ཅིར་ཡང་མ་དམིགས་བཞིན༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་ཕྱིར༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ ཕུང་པོ་སྲས་མཆོག་རིགས་ལྔ་སྟེ༔ འབྱུང་བ་དེ་ཡི་ཡུམ་དང་རོལ༔ དགེ་དང་མི་དགེའི་ཆོས་རྣམས་ཀུན༔ ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ༔ དེ་ལས་ཉོན་མོངས་རྟོག་པའི་རྩལ༔ ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་ཚོགས༔ མ་འདྲེས་ཉི་དང་འོད་བཞིན་འབར༔ ཅིར་ཡང་སྣང་ཞིང་ཅིར་ཡང་འགྱུར༔ དེ་ལས་ཡེ་ཤེས་ཏི་ལ་ཀ༔ དྭངས་མ་ལྔ་འདུས་སྙིང་པོའི་སྲོག༔ བླ་མ་རྡོ་རྗེ་འཆང་ཆེན་པོ༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ སྤྱི་བོའི་སྟེང་ན་འགྱིང་ཞིང་རོལ༔ པདྨ་ཟླ་ཉི་དྲེགས་པའི་སྟེང༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ གཡས་དཀར་གཡོན་དམར་ཞལ་གྱིས་བརྗིད༔ ཡེ་ཤེས་ཆེན་པོའི་ཕྱག་དྲུག་གཡས༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་སྟེ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་འཕེན༔ ཡུམ་ནི་དབྱིངས་ཕྱུག་སྙེམས་མ་ཁྲོས༔ སྔོ་སྐྱ་རྡོ་རྗེ་དུང་ཁྲག་སྟོབ༔ གཉིས་ཀ་གར་དགུས་རོལ་པ་དང༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ རྡོ་རྗེ་པདྨ་མཉམ་སྦྱོར་བས༔ བསྲུབས་ཤིང་སྲུབ་པའི་སྦྱོར་བ་ཡིས༔ བདེ་བ་ཆེན་པོའི་གཟི་བྱིན་ནི༔ བཟོད་དུ་མེད་པར་འབར་བའི་རྩལ༔ འཇའ་ཟེར་ཐིག་ལེ་འོད་ཕུང་གི༔ རྣམ་འཕྲུལ་འབར་ཞིང་འཁྲུགས་པའི་ཀློང༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོར་བཅས༔ ཤིན་ཏུ་བཟོད་པར་དཀའ་བ་ཡི༔ བདེ་སྟོང་ཡེ་ཤེས་ཉམས་འབར་བས༔ ཨ་ཧཾ་ཧཱུྃ་དང་ཕཊ྄་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་ཡོངས་སུ་སྒྲོག༔ སྣང་སྟོང་གྲགས་སྟོང་རིག་བཞིན་སྟོང༔ གསལ་སྟོང་དང་ནི་ཚོར་བས་སྟོང༔ གདོད་མའི་རང་བཞིན་ཅིར་ཡང་འཆར༔ འཆར་བའི་ཐུགས་རྗེ་འགག་མེད་རྩལ༔ གདུག་པ་ཅན་རྣམས་རྗེས་འཛིན་ཕྱིར༔ སྣང་སྲིད་སྣོད་བཅུད་གཞིར་བཞེངས་པ༔ རྡོ་རྗེ་ཁྲོ་བོའི་ཕྱག་རྒྱར་རྫོགས༔ རྡོ་རྗེའི་སྐུ་དང་ནཱ་དའི་གསུང༔ གཞོམ་མེད་ཐིག་ལེ་ཆེན་པོ་ནི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་གདབ༔ སྣོད་ཀྱི་འབྱུང་བ་རྣམ་ལྔ་དང༔ བཅུད་ཀྱི་ཕུང་པོ་རྣམ་པ་ལྔ༔ རྒྱུད་ཀྱི་ཉོན་མོངས་རྣམ་ལྔར་བཅས༔ ཡེ་ཤེས་ལྔ་རུ་རང་དབང་བསྐུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྣོད་བཅུད་དག་མཉམ་ཡེ་ཤེས་ཀྱི་རང་སྣང་གཞལ་མེད་ཁང་ཆེན་པོའི་དབུས་སུ་རང་རིག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་ཤར་བའི། ཕུང་ཁམས་སྲས་མཆོག །དགེ་སྡིག་གི་ལས་བཅུ་དག་པ་ཁྲོ་བཅུ་ཡབ་ཡུམ། ཉེ་ཉོན་ཉི་ཤུ་དག་པ་ཁྲ་ཐབས། རྟེན་འབྲེལ་བཅུ་གཉིས་དག་པ་ཕུར་སྲུང་སྟེ། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཉི་མ་དང་འོད་ཟེར་བཞིན་ཡེ་ཤེས་གཅིག་གི་ཆོ་འཕྲུལ་དུ་ཤར་བའི། བདག་ཉིད་རྩ་བའི་ལྷ་ཡི་སྤྱི་བོར་ཡེ་ཤེས་ཀྱི་སྤྱི་གཟུགས་བླ་མ་དཔལ་ཆེན་ཡང་དག་ཧེ་རུ་ཀ་རྩ་གསུམ་ཆོས་སྲུང་གི་ཚོགས་སྐྱབས་ཡུལ་རྒྱ་མཚོས་བསྐོར་བ་བཅས་གསལ་བཏབ་ལ། གཏེར་གཞུང་ལས། དེ་ལྟར་ལས་ཀྱི་རིམ་པ་ཡིས༔ དཔལ་ཆེན་འཁོར་བཅས་གསལ་བཏབ་ནས༔ གྱད་དུ་གྱུར་པའི་ཏིང་འཛིན་བརྟན༔ ང་རྒྱལ་གཅིག་པུ་ཟླ་མེད་པ༔ ཡེ་ཤེས་མཆོག་གི་གཟི་བསྐྱེད་ནས༔ གཅིག་པུ་གཉིས་སུ་མ་ཡིན་པའི༔ གོམས་པ་མི་འཕྲོག་གྱུར་པ་ན༔ གཞི་ལམ་འབྲས་གསུམ་དབྱེར་མེད་པའི༔ དག་པ་དྲན་པས་མཚམས་སྦྱར་ཏེ༔ བསྐྱེད་རིམ་རབ་ཏུ་བརྟན་པར་བྱ༔ ཞེས་གསུངས་པ་ལྟར། སྣོད་བཅུད་ཐ་མལ་གྱི་འཛིན་ཞེན་སྦྱང་ཕྱིར་རྣམ་པ་གསལ་བ། བསྒོམ་བྱ་རང་རྒྱུད་དུ་མི་གོལ་བའི་ཕྱིར་དག་པ་དྲན་པ། གཉིས་སྣང་གི་རྟོག་པས་སྐབས་མི་ཕྱེད་པའི་ཕྱིར་ང་རྒྱལ་བརྟན་པ་རྣམས་ལ་ལེགས་པར་བསླབས་ཏེ་ལྷའི་གསལ་སྣང་སྒྲུབ་དགོས་པས། དེ་དག་གི་དོན་རྒྱས་པ་ཁོ་བོའི་བླ་མ་བཀའ་དྲིན་ཅན་གྱི་ལེགས་བཤད་ལྟར་ཞིབ་པར་གོམས་འདྲིས་སུ་བྱ་འོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ། བླ་མ་ཧེ་རུ་ཀའི་བྱིན་རླབས་ཀྱི་བཟླས་པ་དང་། ཡི་དམ་ཁྲོ་བོའི་བཟླས་པ་གཉིས་ལས། དང་པོ་ནི། བསྐྱེད་པའི་གསལ་སྣང་གི་ཏིང་འཛིན་ལ་གོམས་པ་བརྟན་ནས། དངོས་གྲུབ་མྱུར་དུ་ཐོབ་པའི་བོགས་འབྱིན་པའམ། སྐྱོ་བའི་གེགས་སེལ་བའི་ཕྱིར་བཟླས་པ་ལ་འཇུག་པར་བྱ་སྟེ། རྒྱས་པར་སྤྲོ་ན་གཏེར་གཞུང་དཀྱུས་སུ་འབྱུང་བའི་ཏིང་ངེ་འཛིན་གྱི་སྒོ་ནས་ལམ་དབང་ཐོད་རྒལ་དུ་ལེན། རྒྱུན་གྱི་རྣལ་འབྱོར་དཀྱུས་ཙམ་ལ། གཞུང་ལས། མ་དག་རྣམ་ཤེས་ཚོགས་བརྒྱད་དེ༔ ལམ་གྱི་སྐབས་སུ་ཡེ་ཤེས་ལྷ༔ སྲོག་དང་བཅས་པ་རྣམ་པ་བརྒྱད༔ འབྲས་བུ་ཤིན་ཏུ་རྣམ་དག་པ༔ རྒྱུ་འབྲས་རྣམ་ཐར་བརྒྱད་དག་གིས༔ གནས་སྐབས་ཐུན་མོང་ཐུན་མིན་གྱི༔ ཡེ་ཤེས་བརྒྱད་དུ་རང་ཤར་བའི༔ ཏིང་ངེ་འཛིན་ནི་འདི་ཡིན་ཏེ༔ ཞེས་གསུངས་པ་ལྟར་གཞི་ལམ་འབྲས་བུའི་དག་བྱ་དག་བྱེད་དག་འབྲས་ཀྱི་གནད་ལ་ངེས་པ་བརྟན་པོས། བླ་མ་ཧེ་རུ་ཀའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་སྨིན་པར་གསོལ་བ་གདབ་པའི་ཕྱིར་དད་མོས་གདུང་བའི་ཤུགས་དྲག་ཏུ་བསྐྱེད་པ་དང་བཅས། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ བདུད་དང་རུ་ཏྲ་བསྒྲལ་བ་དང༔ གདུལ་བྱ་ཡོངས་སུ་སྨིན་པའི་ཕྱིར༔ ཐབས་ཀྱི་ཕྲིན་ལས་དེང་བསྐུལ་ན༔ འབར་བ་སྐུ་ཡི་གཟི་བྱིན་སྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་སྒྲོགས༔ ཡེ་ཤེས་ཆེན་པོའི་སྲོག་ལྡན་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་སྩོལ༔ དེ་སྐད་བསྐུལ་བས་དེ་མ་ཐག༔ སྐུ་ནི་གར་དགུར་ཤིག་ཤིག་གཡོས༔ ཁྱད་པར་རྡོ་རྗེ་པདྨར་གསོར༔ གསུང་ནི་སྔགས་ཀྱི་སྒྲ་ཆེན་བསྒྲག༔ ཁྱད་པར་ཨ་ཧཾ་བདེ་སྐད་བླང༔ ཐུགས་ནི་མཁའ་ལས་མི་གཡོ་བཞིན༔ བཟོད་མེད་བདེ་བ་སྟོང་པར་ཞུགས༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ གང་གང་འདུལ་བ་དེ་དེར་སྟོན༔ དཀར་དམར་མཐིང་བའི་འོད་ཟེར་གྱིས༔ བདག་དང་བདག་གིར་འཛིན་པ་ཡི༔ རྒྱུད་དང་རྟོག་པ་ཀུན་སྦྱངས་ནས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབྱིངས༔ ཡེ་ཤེས་ཆེན་པོར་རོ་གཅིག་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་སྟེ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་གཙོ་བོར་བཟླ། གཉིས་པ་ཡི་དམ་ཁྲོ་བོའི་བཟླས་པ་ལ། རྩ་བ་དང་ཡན་ལག་གི་བཟླས་པ་གཉིས་ལས། དང་པོ་ནི། བདག་ཉིད་རྡོ་རྗེ་གཞོན་ནུ་ཆེའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ བཛྲ་སཏྭ་དཀར་གསལ་འཚེར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ དེ་ཡི་ཙིཏྟའི་གུར་ཁང་དབུས༔ པད་ཉིའི་ལྟེ་བར་ཧཱུྃ་མཐིང་མཐར༔ འབར་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བར་མཉེས་མཆོད་ཕུལ༔ ཁམས་གསུམ་འགྲོ་བའི་སྒྲིབ་ཀུན་སྦྱངས༔ ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ སླར་ཡང་སྐུ་སྔགས་ཕྱག་མཚན་དང༔ འབར་བའི་མེ་ཡིས་སྣང་སྲིད་ཁྱབ༔ དམ་ཅན་སྲུང་མ་ལས་ལ་བསྐུལ༔ སྡེ་བརྒྱད་གདུག་པ་ཚར་ཐག་བཅད༔ བར་ཆད་བྱད་ཕུར་རྡུལ་དུ་བརླགས༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་འོད་གསལ་དབྱིངས་སུ་ཐིམ༔ སྣང་སྲིད་གཞིར་བཞེངས་དཔལ་ཆེན་པོའི༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་གྱུར༔ ཅེས་པའི་དམིགས་གནད་རྩེ་གཅིག་པས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ྄༔ ཅེས་ཅི་ནུས་སུ་བཟླ། སྤྱིར་བླ་མ་ཧེ་རུ་ཀ་དང་ཡི་དམ་གཉིས་ཀྱི་བཟླས་གྲངས་རང་ཉིད་གང་ལ་མོས་པའམ། སྐབས་ཐོབ་ཀྱིས་གཙོ་བོ་གང་ཡིན་བཟླས་གྲངས་མང་བ་བྱས་ན་གཉིས་ཀ་བསྙེན་སྒྲུབ་ཆིག་དྲིལ་ཡིན་པས་འགལ་བ་མེད། ཐུན་གཤམ་དུ་བཞི་སྙིང་གཅིག་དྲིལ་བཟླ་བར་འདོད་ན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ཅེས་ཅུང་ཟད་བཟླ། འོག་གི་བསད་དམིགས་མི་སྦྱོར་སྐབས་འདིར་དྲག་སྔགས་སྤུ་གྲི་ཅུང་ཟད་བཟླས་ཀྱང་ལེགས། གཉིས་པ་ཡན་ལག་གི་ཟླས་པ་ལ། ཚེ་སྒྲུབ། སྲུང་བ། ཟློག་པ། བསད་པའི་དམིགས་བཟླས་བཞི་ལས། དང་པོ་ཚེ་སྒྲུབ་ནི། བདག་ཉིད་དཔལ་ཆེན་ཁྲག་འཐུང་དང༔ རྡོ་རྗེ་གཞོན་ནུའི་ཐུགས་ཀ་རུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་སྦུབས༔ ཧཱུྃ་མཐར་ཚེ་ཡི་རིག་པས་བསྐོར༔ བཟླས་ཤིང་ཐུགས་དམ་རྒྱུད་བསྐུལ་བས༔ ཡེ་ཤེས་རོལ་པའི་འོད་ཟེར་གྱིས༔ གཽ་རཱི་ལ་སོགས་ལྷ་མོ་དང༔ ཕུར་སྲུང་དམ་ཅན་བཅུ་གཉིས་སོགས༔ ཕོ་ཉ་རྣམས་ཀྱི་ཐུགས་ཀར་ཕོག༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ༔ རང་གཞན་བླ་ཚེ་ཆད་ཡར་དང༔ སྲིད་ཞིའི་དྭངས་བཅུད་ཐམས་ཅད་ཀུན༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་རིག་འཛིན་འགྲུབ་པར་གྱུར༔ ཅེས་དམིགས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཡང་དག་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཕུར་པའི་ཚེ་ཛཔ྄་ཅི་འགྲུབ་བཟླ། ཚེ་འགུགས་སྦྱོར་ན། ཨོཾ༔ འཆི་མེད་རྟག་པ་དམ་པའི་སྐུ༔ དཔལ་ཆེན་ཡོངས་རྫོགས་ཧེ་རུ་ཀ༔ སྔོན་ཚེ་གོང་ནས་འབྲེལ་བའི་ལྷ༔ དེང་འདིར་བསྙེན་ཅིང་སྒྲུབ་ལགས་ན༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ ཐུགས་རྗེ་ཆེན་པོས་རྗེས་དགོངས་ནས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཕོ་ཉ་སྤྲུལ་པའི་འདུ་འཕྲོ་ཡིས༔ བླ་ཚེ་ཆད་ཉམས་ཡར་བ་དང༔ སྲིད་ཞིའི་དྭངས་བཅུད་དགེ་མཚན་ཀུན༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ ནད་མེད་བདེ་བའི་གཟི་བྱིན་འབར༔ འཆི་བ་མེད་པ་རྟག་པའི་ཚེ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཅེས་དང་གོང་གི་སྔགས་བརྗོད། ཚེ་སྦ་ཞིང་རྒྱས་གདབ་པ་ནི། ཨ༔ འཁོར་འདས་དྭངས་བཅུད་སྲོག་ཏུ་འདྲིལ༔ མི་ཤིགས་ཐིག་ལེ་ཧཱུྃ་ལ་ཐིམ༔ དེ་ཡང་བརྗོད་བྲལ་ཀ་དག་ཀློང༔ འཆི་མེད་གཉུག་མར་རྒྱས་གདབ་བོ༔ བཛྲ་ཛྙཱ་ན་བྷྲཱུྃ་རཀྵ་ཨ་ཨ༔ གཉིས་པ་སྲུང་བ་ནི། སྤྱིར་ཡི་དམ་ཁྲོ་བོའི་བཟླས་པ་ལ། རྒྱུན་གྱི་སྲུང་ཟློག་བསད་པའི་དམིགས་པ་སྔ་ཕྱི་སྲོད་ཀྱི་ཐུན་གསུམ་སོ་སོའི་གཤམ་དུ་སྦྱར་བར་གསུངས་པས། དེ་ལྟར་ན་ཐོ་རངས་སམ་སྔ་དྲོའི་མཐར་རྩ་བའི་བཟླས་པ་གྲུབ་པ་དང་། འཁོར་གྱི་ཁྲོ་བོ་བཅུ་གསལ་འདེབས་ལྷག་པར་དུ་བྱས་ཏེ་བཞི་སྙིང་གཅིག་དྲིལ་ཁྲོ་བཅུའི་སྤྱི་སྔགས་ཀྱང་ཡིན་པ་རྒྱུད་ལས་གསུངས་ཕྱིར་དེ་ཉིད་ཅུང་ཟད་བཟླས་གྲུབ་པའི་མཐར། སྲུང་དམིགས་ནི། དཔལ་ཆེན་བཅུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་སྤྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ སྲུང་བ་མཚམས་ཀྱི་ལས་མཛད་དེ༔ གུར་ཁང་དྲུག་གིས་གཏམས་པར་གྱུར༔ རྩ་སྔགས་ཀཱི་ལ་བཅུ་བཞི་པའི་མཐར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ སྲུང་སྔགས་ཤམ་བུར་བཏགས་པ་ཇི་ལྟར་ནུས་པ་བཟླ། སྲུང་དམིགས་ཁོ་ནའི་སྐབས་འདི་ནས་ཐུན་གཞུག་བསྡུ། སྲུང་བཟློག་བསད་གསུམ་སྦྲེལ་མ་བྱེད་ན་བཟླས་པ་འོག་མ་ལ་འཇུག་པའོ། །གསུམ་པ་ཟློག་པ་ནི། ཕྱི་དྲོ་འམ་གུང་ཐུན་ལ། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོག་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབབ༔ ནག་ཕྱོགས་འབྱུང་པོ་སྡེར་བཅས་དང༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབ༔ རྩྭ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླགས་པར་བསམ༔ ཞེས་པའི་དམིགས་པ་སྦྱར་ཏེ། རྩ་སྔགས་ཀཱི་ལ་ཡའི་མཐར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་ཟློག་སྔགས་ཟབ་མོ་འདི་བཟླས་པས་རང་ལ་གནོད་བྱེད་གཞན་ལྟ་ཅི་སྨོས། ཐ་ན་གཅན་གཟན་སྦྲང་བུ་ཡན་ཆད་ཁ་བཅིངས་ཏེ་ཟློག་པར་རྒྱུད་ལས་གསུངས་པས་ཤིན་ཏུ་ཟབ་པ་འདི་དགོས་པ་དང་བསྟུན་ཏེ་བཟླས་མཐར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ། སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཐམས་ཅད་དང། ཁྱད་པར་བན་བོན་སྔགས་པའི་མཐུ་བྱད། རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་མཱ་ར་ཡ་རྦད་ཟློག །ཅེས་ཐལ་རྡེབ་ལན་གསུམ་བྱའོ། །བཞི་པ་བསད་པ་ནི། སྲོད་ཐུན་གྱི་གཤམ་དུ། དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་ལྷ༔ དྲག་ཤུལ་ཁྲོས་པའི་སྐུ་རུ་བཞེངས༔ ལས་བྱེད་ཕོ་ཉ་མཚོན་ཆའི་ཆར༔ ཐོག་སེར་མེ་རླུང་དང་བཅས་སྤྲོས༔ དགྲ་བགེགས་དགུག་བསྟིམ་དབབ་པ་དང༔ དབྱེ་དང་མངོན་སྤྱོད་ནན་ཏུར་གྱིས༔ གདུག་པ་ཅན་རྣམས་དབྱིངས་སུ་བསྟིམ༔ དྭངས་མ་བསྲེ་ཞིང་སྙིགས་མ་བསྒྲལ༔ བར་མ་རང་ལ་བསྟིམས་བྱས་ཏེ༔ བདག་ཕུར་འབེན་གསུམ་དབྱེར་མེད་པ༔ ཆོས་ཉིད་མཉམ་པའི་ངང་དུ་བརྡལ༔ ཞེས་དམིགས་པ་རྩེ་གཅིག་ཏུ་གཟིར་ཏེ། རྩ་སྔགས་འབྲུ་བཅུ་བཞི་པས་གོང་མནན་པས། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ དྲག་སྔགས་སྤུ་གྲི་བཟླ་བར་བྱའོ། །དེ་ལྟར་ཚེ་སྒྲུབ་སྲུང་ཟློག་བསད་དམིགས་འདི་དག་མཐར་ཆགས་སུ་བཀོད་པ་ལྟར་རྒྱུན་གྱི་ཉམས་ལེན་ལ་བརྩོན་པས་སྤྲོས་པ་འདི་ཙམ་མི་ལྕོགས་པའང་མེད་ལ། སྙིགས་དུས་ནག་ཕྱོགས་ཀྱི་བར་ཆད་མང་བ་ལ་ཟབ་ཕྱིར་ཉམས་སུ་བླང་ན་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་། སྤྱི་འགྲོའི་རྒྱུན་ཁྱེར་ཙམ་ལ་ནི་གོང་སྨྲོས་ཡི་དམ་ཁྲོ་བོའི་རྩ་བའི་བཟླས་པ་གྲུབ་མཚམས་བསྡུ་ལྡང་ལ་འཇུག་པས་ཆོག་གོ །དམིགས་བསལ་ཚེ་སྒྲུབ་དང་། སྲུང་བའི་དམིགས་བཟླས་ཙམ་རྒྱུན་དུ་བྱས་ཀྱང་ལེགས་པ་འཕྲོས་སུ་སྨྲོས་པའོ། །གང་ལྟར་ཡང་བཟླས་པའི་རིགས་གྲུབ་རྗེས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་ལྷག་ཆད་ཁ་སྐོང་ཞིང་བྱིན་རླབས་བརྟན་པར་བྱས་ལ། སྟོང་ཚིགས་ཀྱི་མཆོད་སྟོད་མདོར་བསྡུས་བྱ་འོ། །གསུམ་པ་རྫོགས་པའི་རིམ་པ་ནི། སྔར་གསལ་བཏབ་པའི་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། ཨ་ཨ་ཨ༔ འཁོར་འདས་ཆོས་ཀུན་བདེན་གཉིས་དབྱེར་མེད་པ༔ ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་ཐིམ༔ ཞེས་འོད་གསལ་གྱི་དབྱིངས་སུ་བསྡུས་ལ་མཉམ་པར་གཞག །རྗེས་ཐོབ་ཀྱི་སྣང་གྲགས་རིག་པའི་ཆོས་སྒྱུ་མ་ལྟ་བུ་རྣམས། དེ་ལས་སླར་ཡང་ཟུང་འཇུག་སྒྱུ་མ་དང༔ ཆུ་ཟླ་ལྟ་བུའི་ལྷན་སྐྱེས་སྐུ་རུ་ལྡང༔ ཕཊ྄་ཕཊ྄་ཕཊ྄༔ ཅེས་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་ཤར་བ་ལམ་དུ་ཁྱེར་བར་བྱའོ། །རྩ་བའི་གསུམ་པ་རྗེས་བསྔོ་སྨོན་ཤིས་བརྗོད་ནི། ཧོ༔ དགེ་བ་འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན༔ ཤིན་ཏུ་རྣམ་དག་འདུས་མ་བྱས་པར་བསྔོ༔ དེ་ཡི་དགེ་བས་མཐའ་ཡས་ཡིད་ཅན་ཀུན༔ ཁྲག་འཐུང་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཤིས་པ་བརྗོད་པ་ནི། ཧཱུྃ༔ ཆོས་སྐུ་ཡང་དག་གདོད་ནས་འདུས་མ་བྱས༔ ལོངས་སྐུ་དཔལ་ཆེན་བཛྲ་ཀུ་མཱ་ར༔ སྤྲུལ་སྐུ་གང་འདུལ་དེར་སྣང་སྣ་ཚོགས་གཟུགས༔ དབྱེར་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་ཀྱི་སྣང་བ་འཕེལ་རྒྱས་སུ་བྱའོ། །ཞེས་པའང་ལྷོ་འབྲུག་གི་རྒྱལ་ཁབ་ཏུ་བཞུགས་པའི་ངེས་གསང་གྲུབ་པའི་གསེང་ལམ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་པུརྞ་ཁའི་འདུས་པའི་སྡེའི་སློབ་དཔོན་བློ་གྲོས་སེང་གེ་དཔོན་སློབ་དང་། གཏེར་སྟོན་རྡོ་རྗེ་གླིང་པའི་བརྒྱུད་འཛིན་རྗེ་མཁན་ཆེན་འཇམ་དབྱངས་ཡེ་ཤེས་སེང་གེ་སོགས་དོན་གཉེར་ཅན་དུ་མས་བསྐུལ་ཏེ། ཟབ་གསང་འདི་ཉིད་ཀྱི་བྱིན་རླབས་ཐུན་མིན་དུ་ཐོབ་པའི་རྙིང་སྔགས་རྒན་པོ་བདུད་འདུལ་ཕྲིན་ལས་དྲག་པོ་རྩལ་ལམ་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་དབང་འདུས་རྩེར། ཀུན་གཟིགས་རྒྱལ་ཚབ་རྡོ་རྗེ་འཆང་གི་གསུང་རྒྱུན་གྱི་རྣལ་འབྱོར་ཡིད་ལ་ངེས་པའི་དོན་བཞིན་ཁྲིགས་སུ་བསྡེབས་པའི་ཡི་གེ་པ་ནི་རེབ་ཀོང་གི་སྔགས་པ་འཇིགས་མེད་སྐལ་བཟང་རྡོ་རྗེས་བགྱིས་པ་ཟབ་གསང་སྙིང་པོའི་བསྟན་པ་འཕེལ་རྒྱས་ཀྱི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། ༈ །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཟབ་པ་སྐོར་བདུན་ལས། ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨིན་བྱེད་ཁྱེར་བདེ་རྣམ་གསལ་དུ་བཀོད་པ་རིག་མཆོག་གསང་བའི་བཅུད་འབེབ་ (Volume 32, Text 38)
༄༅། །ཟབ་པ་སྐོར་བདུན་ལས། ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨིན་བྱེད་ཁྱེར་བདེ་རྣམ་གསལ་དུ་བཀོད་པ་རིག་མཆོག་གསང་བའི་བཅུད་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀཱི་ལ་ཡ་ཡཱ། འཁོར་བའི་སྲོག་ཏུ་ཡེ་ཤེས་ཕུར་བུ་ཞུགས། །བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་མི་འདོར་ཡང་། །རྡོ་རྗེ་མེ་དབལ་གདུག་ཅན་སྙིང་སྲེག་པ། །ལྷག་པའི་ལྷ་མཆོག་དེ་ཡིས་རྟག་ཏུ་སྐྱོངས། །སྲིད་པའི་ཡེ་ཤེས་སྲོག་སྒྲུབ་ཅིང་། །ཐར་པའི་གེགས་རྣམས་ཚར་གཅོད་ཕྱིར། །ཚུལ་འདིའི་སྨིན་བྱེད་བདུད་རྩིའི་བཅུད། །ཐོག་མ་ཁོ་ནར་དོན་གཉེར་བྱོས། །གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་ལས་མངོན་སྤྱོད་ཕྲིན་ལས་ཀྱིས་ཟབ་པ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨིན་བྱེད་བསྒྲུབ་པ་ལ། སྤྱིར་འདིའི་དབང་བསྐུར་སོགས་གཞུང་གི་འགྲོས་དང་ཚིག་རིས་འགའ་ཞིག་བཅས་མཁོན་ལུགས་ས་ཕུར་ཇི་ལྟ་བ་བཞིན་ཡིན་པས་ལུགས་སྲོལ་དེར་མཚུངས་སྟོད་སྨད་ཀྱི་དབང་བསྐུར་གཉིས་ཀྱང་སོ་སོར་དབྱེ། སྨད་ལས་སྐབས་བསྐུལ་དང་གདབ་ཁ་རྒྱས་པར་གཏང་དགོས་པས་མཚོན་གཞུང་ཉུང་ཡང་སྤྲོས་པ་ཤིན་ཏུ་རྒྱས་པར་བྱ་བ་ཡིན་ལ། ཟབ་བདུན་དཀྱུས་གཅིག་ཏུ་བསྐུར་བ་སོགས་སྟ་གོན་སྔོན་དུ་སོང་ན་འདིར་དམིགས་བསལ་མི་དགོས་ཀྱང་། འདི་ཁོ་ན་སྒེར་དུ་བསྐུར་བའི་སྐབས་ལ་སྒྱུ་འཕྲུལ་ལྕགས་བྱང་མ་ནས་འབྱུང་བ་ལྟར་ས་ཆོག་རྒྱས་བསྡུས་གང་འོས་དང་། སྟ་གོན་ཡང་སྔོན་དུ་འགྲོ་དགོས་ལ་དེའི་ལག་ལེན་ཤིན་ཏུ་རྒྱས་པར་འདོད་ན་འདི་ཉིད་ཀྱི་སྒྲུབ་ཆེན་ཁོག་དབུབ་ལས་བླང་། མདོར་བསྡུས་སྤྱིའི་རིགས་པས་འཕྲུལ་དགོས་ཤིང་། འདིར་ནི་རྩ་གཞུང་དངོས་བསྟན་གྱི་དགོངས་པ་ཚང་བའི་ཕྱག་ལེན་ཅུང་ཟད་བསྡུས་པའི་དབང་དུ་བྱས་ཏེ་འགོད་པ་ལ་གསུམ། སྦྱོར་བ་གཤོམ་དང་དབང་སྒྲུབ། དངོས་གཞི་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ལ་གཉིས། ཡོ་བྱད་གཤོམ་བཀོད། དབང་དོན་སྒྲུབ་མཆོད་དོ། །དང་པོ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསང་བའི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་དྲི་བཟང་གིས་བྱུགས་པ་ལ་སྟོད་ལས་ཀྱི་དཀྱིལ་འཁོར་གཞུང་མཐུན་བཀྲམ་པའི་དབུས་སུ་གཙོ་ཕུར་ཚད་ལྡན་དར་ནག་གི་ཅོད་པན་ཅན་ཨེའི་གདན་ལ་བཙུགས་པ་དང་། རྣམ་རྒྱལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་གཟུངས་རྡོར་དང་བཅས་པ་ཁྲིའུ་སྟེང་འོག་གམ་མདུན་རྒྱབ་ལྟ་བུར་བཞུགས་སུ་གསོལ། འཛོམ་ན་ཁྲོ་བཅུ། སྲས་མཆོག་ཉེར་གཅིག །སྒོ་མ་བཞི་བཅས་སོ་སོའི་ལྷ་གྲངས་ཕུར་བུ་རྣམས་ཚོ་གསུམ་དུ་དར་གྱིས་བསྡམས་པའི་སྦམས་ཕུར་བྱ་དགོས་ཀྱང་། མ་འཛོམ་ན་ཁྲོ་བཅུ་ལ་གཙོ་ཕུར་ལས་ཆུང་བའི་ཁྲོ་ཞལ་ཅན་གཅིག །སྲས་མཆོག་དང་སྒོ་མ་ལ་རྒྱ་མདུད་ཅན་ཆུང་ངུ་རེ་རེ་སྟེ་གསུམ་པོ་ཅོད་པན་བཅས་དཀྱིལ་འཁོར་དབུས་མདུན་ཨེའི་གདན་ལ་གཟུགས། །མདུན་ནས་བརྩམ་པའི་ཕྱོགས་བཞིར་མིང་དབང་། དབུ་རྒྱན། རྡོ་རྗེ། དྲིལ་བུ། རྒྱབ་ངོས་ལྟ་བུར་གསང་དབང་ཐོད་ཆང་དང་རིག་ཙཀ །དབང་ཕྲེང་། རྒྱབ་ཕྱོགས་སུ་སྨན་རག་གཏོར་གསུམ་དང་། ཕྱི་མཆོད་བསྐོར་བཤམ་དུ་བྱ། ལས་བུམ། མིག་དར་མེ་ཏོག་སོགས་ཉེ་བར་མཁོ་བ་རྣམས་དང་། གཏོར་འབུལ་ཚོགས་ཀྱི་ཡོ་བྱད་སོགས་ཚང་བར་འདུ་བྱའོ། །གཉིས་པ་དབང་དོན་སྒྲུབ་མཆོད་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས། ཟབ་བདུན་སྒྲུབ་ཁོག་ལས་འབྱུང་བའི་དཀར་གཏོར་གསེར་སྐྱེམས་གཏང་། སྐྱབས་སེམས་ཡན་ལག་བདུན་པས་རྒྱུད་སྦྱང་། མཚམས་ལྷའི་ང་རྒྱལ་གྱིས་བགེགས་གཏོར་བྱིན་རླབས་སྔགས་བསྔོ་སྤྱི་འགྲོ་བྱས་ལ། ཟབ་བདུན་ཕྲིན་ལས་སྟོད་ཀྱི་སྤྱི་ཆིངས་ལྟར་བཀའ་བསྒོ་མཚམས་གཅོད་ནས། མཆོད་གཏོར་བྱིན་རླབས་ཡན་གཏང་། དེ་ནས་འདི་ཉིད་ཀྱི་ལས་བྱང་གི་ཏིང་འཛིན་རྣམ་གསུམ་བསྒོམ་པ་ལ་འཇུག་ཅིང་དཀྱིལ་འཁོར་གསུམ་པོ་བདག་མདུན་དབྱེར་མེད་དུ་བསྐྱེད། བསྟོད་པ་ཡན་གྲུབ་ནས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་དབྱེ། བཟླས་དམིགས་འཕྲོ་འདུ་གསལ་བཏབ་ལ་རྩ་བསྙེན་འབྲུ་དགུ་ཉུང་ཙམ་དང་། སྤྱི་དྲིལ་ཡིག་འབྲུ་བཅུ་བཞི་པ་ཅི་ནུས་བཟླ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་བུམ་བཟླས་ཅི་ལྕོགས་མཐར་སྟོང་ཚིགས་ཕུལ། བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བྱིན་བརླབ། སྲུང་མ་སྤྱི་དང་བྱེ་བྲག་ཕུར་སྲུང་དྲེགས་པ་སྡེ་ལྔ་རྣམས་ཀྱི་གཏོར་འབུལ། ཕྲིན་ལས་མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གཏང་། འགྲུབ་ན་བདག་འཇུག་བླང་། ཅིས་ཀྱང་མ་འགྲུབ་ན་རིག་པའི་མེ་ཏོག་དོར། སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ལ་གཉིས། སྟོད་ལས་མཆོག་སྒྲུབ་དང་། སྨད་ལས་སྒྲོལ་དབང་ངོ་། །དང་པོ་ལའང་གཉིས། འཇུག་པ་དང་དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། ཆོས་བཤད་ལ་མཚམས་སྦྱོར་ཁྱད་པར། དེའང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་གསུངས་པ་ལྟར། ཕྱོགས་དུས་རྒྱལ་བ་མ་ལུས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དང་ཕྲིན་ལས་དྲག་པོའི་སྟོབས་གཅིག་ཏུ་བསྡུས་ཏེ། ཞི་བས་མི་འདུལ་བའི་གདུག་ཅིང་གཏུམ་པའི་གདུལ་བྱ་རྣམས་ཀྱི་ངོར་འབར་བ་ཆེན་པོ་མི་བཟད་ཁྲག་འཐུང་ཁྲོས་པའི་སྐུར་བཞེངས་པ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་འདི་ཉིད། སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི། སངས་རྒྱས་གཉིས་པ་པདྨཱཀ་ར། པཎ་ཆེན་དྲི་མེད་བཤེས་གཉེན་གཙོ་བོར་གྱུར་པའི་འཕགས་བོད་ཀྱི་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱིས་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བར་གཅོད་སེལ་བའི་ཐུགས་དམ་གསང་བའི་ལྷ་གཅིག་མར་བསྟེན་ཅིང་། བྱིན་རླབས་ནུས་པའི་གཟི་བྱིན་ད་ལྟའི་བར་དུའང་ཉམས་པ་མེད་པར་གནས་པས་སྐལ་པ་དང་འཚམ་པའི་དངོས་གྲུབ་བརྙེས་པ་བར་མ་ཆད་དུ་བྱོན་པ་ལགས། འདི་ལ་རྒྱུད་དང་གདམས་ངག་བཀའ་བབས་ཀྱི་བཀའ་སྲོལ་ཟབ་ཅིང་རྒྱ་ཆེ་བར་བྱུང་བ་ལས། འདི་ནི་གསང་སྔགས་སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་སྡེ་ཡིན། དེ་ལའང་སྤུ་གྲི་རྣམ་གསུམ། བྱང་གཏེར་ལུགས་གསུམ་གཙོ་བོར་གྱུར་པའི་རིང་སྲོལ་རྒྱས་བསྡུས་མང་དུ་མཆིས་པ་ལས། སྐབས་སུ་བབས་པ་འདི་ཉིད་གུ་རུ་རིན་པོ་ཆེ་མདོ་ཁམས་ལྗོངས་སུ་ཞབས་བཅགས་ཏེ་ཡེ་རྒྱལ་ནམ་མཁའ་མཛོད་དུ་ལྷ་སྲས་མུ་རུབ་བཙད་པོ་གཙོ་བོར་གྱུར་པའི་ལས་ཅན་རྗེ་འབངས་དག་པའི་འཁོར་ཐམས་ཅད་ལོ་གསུམ་སྒྲུབ་པ་མཛད། གསང་ཆེན་ངེས་པའི་ཆོས་འཁོར་བསྐོར། མདོ་ཁམས་སྒྲུབ་གནས་ཐམས་ཅད་བྱིན་གྱིས་བརླབས་པའི་ཚེ། ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ་རྣམས་ལྷ་སྲས་ཉིད་ལ་གཉེར་དུ་གཏད་ནས་མ་འོངས་པའི་གདུལ་བྱའི་དོན་དུ་ཟབ་མོའི་གཏེར་དུ་རྒྱས་བཏབ་པ། དེང་སང་དུས་ཀྱི་རྟགས་རྣམས་མངོན་དུ་གྱུར་པ་ན་ལྷ་སྲས་ཉིད་ཀྱི་རྣམ་འཕྲུལ་རྩོད་པ་དང་བྲལ་བའི་སྤྲུལ་པའི་གཏེར་ཆེན་༧འགྲོ་འདུལ་ཨོ་རྒྱན་མཆོག་གྱུར་གླིང་པས་རྩ་བ་ལྕགས་བྱང་མའི་སྐོར་རྣམས་འོག་མིན་ཀརྨའི་གནས་དང་། ཟབ་པ་ཟངས་བྱང་ཡང་ཟབ་གཡུ་བྱང་གནད་ཟབ་གསེར་བྱང་མའི་སྐོར་རྣམས་ནམ་མཁའ་མཛོད་ཀྱི་གཏེར་གནས་ཆེན་པོ་ནས་སྤྱན་དྲངས་ཏེ་ལུང་ཟིན་ཆོས་བདག་རྣམས་ལ་རིམ་པར་སྤེལ་བའི་ཆོས་སྡེ་ཆེན་པོ་ལས། ཕྲིན་ལས་མངོན་སྤྱོད་ཀྱི་ཟབ་པ་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྨིན་བྱེད་བསྒྲུབ་པ་ལ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང། སྨད་ལས་དྲག་པོའི་སྒྲོལ་དབང་གཉིས་སུ་ཡོད་པ་ལས། ཐོག་མར་སྟོད་ལས་ཀྱི་དབང་ཡིན། དེ་ལའང་འཇུག་པ་དང་དབང་དངོས་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ཆེན་ཧེ་རུ་ཀ་དཔལ་གྱི༔ བདག་ཉིད་ཆེན་པོ་དགོངས་སུ་གསོལ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ བདག་ཉིད་སྨིན་པར་མཛད་དུ་གསོལ༔ ལན་གསུམ། ཐོག་མར་ཐེག་པ་ཐུན་མོང་གི་འཇུག་སྒོ་སོ་སོ་ཐར་པའི་རྩ་བ་སྐྱབས་སུ་འགྲོ་བའི་སྡོམ་པ་བླང་དགོས་པས་འདུན་པ་འདི་བཞིན་དུ་མཛོད། བླ་མ་དཀྱིལ་འཁོར་གྱི་བདག་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་སྣང་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་ལ་ཕྱོགས་དུས་ཀྱི་སྐྱབས་གནས་མ་ལུས་པས་བསྐོར་ཏེ་བཞུགས་པ་ལ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་མ་ལུས་པ༔ མཆོག་གསུམ་འདུས་པ་བླ་མ་རྗེ༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ཕ་མར་གྱུར་པའི་སེམས་ཅན་མཐའ་དག་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོས་ལ་གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་བསྒོམ་པར་བགྱིའོ་སྙམ་དུ་འཇུག་པ་དང་། སེམས་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྤྲོས་བྲལ་འོད་གསལ་ཆེན་པོར་དག་པའི་གནས་ལུགས་དྲན་པ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ རྡོ་རྗེ་གཞོན་ནུ་འཐོབ་པར་བྱ༔ ཆོས་ཀུན་རང་བཞིན་ཡོངས་དག་པ༔ དམིགས་སུ་མེད་པའི་རང་བཞིན་བསྒོམ༔ གསུམ། ཡུལ་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཕྱག་དང་བཤགས་པས་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་སྦྱོང་བ་དང་། མཆོད་པ་ལ་སོགས་པས་ཚོགས་གཉིས་ཕུང་པོ་བླ་ན་མེད་པ་གསག་པ་དང་། ཡོངས་སུ་བསྔོ་བས་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བ་རྣམས་ཀྱི་དམིགས་འདུན་གསལ་ཐོབ་ལ་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཕུར་པའི་ལྷ༔ མཆོག་གསུམ་མཁའ་འགྲོར་བཅས་པ་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས༔ མཆོག་དམན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་མཁའ་མཉམ་འགྲོ་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ གསུམ། དེ་ལྟར་རྒྱུད་རྣམ་པར་སྦྱངས་ནས་འཇུག་ཏུ་རུང་བའི་སྐལ་པ་ཅན་དུ་གྱུར་པ་ལ་སྤྲོ་བ་བསྐྱེད་ཅིང་དམ་ཚིག་བསྒྲག་པ་ཡིན་པས་འདི་ལ་གསན་འཚལ། ཧོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ༔ མི་ཕྱེད་འཇུག་པའི་སྐལ་ལྡན་རྣམས༔ བསྐལ་པ་དུ་མ་ཐམས་ཅད་དུ༔ དཀྱིལ་འཁོར་འདི་འདྲ་མཐོང་མི་འགྱུར༔ དེ་བས་སྤྲོ་བ་ཡང་དག་སྐྱེད༔ གསང་སྔགས་སྲོག་ནི་དམ་ཚིག་ཡིན༔ ཁྱོད་ཀྱིས་ཚུལ་བཞིན་བསྲུང་བར་གྱིས༔ ཇི་སྐད་བཀའ་བསྒོས་པའི་དམ་ཚིག་གི་རིམ་པ་སྤྱི་དང་ཁྱད་པར་རྩ་བ་ཡན་ལག་གིས་བསྡུས་པ་ཐམས་ཅད་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། བདག་ཅག་བསོད་ནམས་སྐལ་པར་ལྡན༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ བདག་གིས་སྲོག་ལྟར་མི་སྤང་བསྲུང༔ སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག །བདུད་རྩིའི་དམ་ཆུ་སྦྱིན་ལ། དེ་ལྟར་ཡིན་ན་ཀཱི་ལ་ཡའི༔ དཀྱིལ་འཁོར་འདི་ལ་འཇུག་པར་རུང༔ ང་ནི་རྡོ་རྗེ་གཞོན་ནུ་སྟེ༔ ང་ཡི་བཀའ་ལས་འདའ་མི་རུང༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཉམས་ན་སྲེག་པར་བྱེད་པའི་ཆུ༔ བསྲུངས་ན་དངོས་གྲུབ་ཐོབ་པའི་ཆུ༔ རྡོ་རྗེ་དམ་ཚིག་ཆུ་འཐུངས་ཤིག༔ དེ་ལྟར་རྡོ་རྗེའི་མནའ་ཆུ་དེ་ཉིད་སྙིང་ལ་ཐིམ་ནས་ལེགས་ཉེས་ཀྱི་དཔང་པོར་འགྱུར་བ་ཡིན་པས་དེང་ཕྱིན་ཆད་རྡོ་རྗེའི་དམ་ཚིག་ལས་སྐད་ཅིག་ཀྱང་འདར་མི་རུང་བས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དེ་ལྟར་དབང་སྲོག་དམ་ཚིག་བརྟན་པོར་བསྒྲུབས་ནས་དངོས་གཞི་དབང་གི་རྩ་བ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། ཤཱུནྱ་ཏཱས་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་རང་རིག་པའི་ངོ་བོ་ཧཱུྃ་མཐིང་ནག །སྙིང་པོ་བརྗོད། ཅེས་པའི་སྒྲས་བསྐུལ་ཏེ་ཁྱེད་རང་རྣམས་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་དཀར་ཞིང་གཡོན་ཞལ་དམར་བ། དབུ་སྐྲ་སྤྱི་བོར་བཅིངས་པ་ལ་རྡོ་རྗེའི་ཏོག་གིས་སྤྲས་པ། ཕྱག་གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་པ་གཉིས་མེ་ཕུང་དང་ཁ་ཊྭཱཾ་བསྣམས་ཤིང་། ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ། ཤིན་ཏུ་ཁྲོས་ཤིང་གར་གྱི་ཉམས་རྣམས་རྫོགས་པ། དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཞབས་བཞི་འདོར་སྟབས་སུ་བགྲད་པ། ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ནག་ཨུཏྤལ་དང་དུང་ཁྲག་བསྣམས་པས་འཁྱུད་ཅིང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚོན་གང་བ། གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་དང་འོག་མིན་དུར་ཁྲོད་ཆེན་པོ་ལ་སོགས་པ་ནས་ཡེ་ཤེས་པའི་ལྷ་ཚོགས་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ཕྱག་མཚན་གྱི་རྣམ་པར་ཆར་ཆེན་དྲག་ཏུ་འབབ་པ་ལྟར་བྱོན་ནས། ཁྱེད་རང་གི་སྒོ་གསུམ་ལ་ཐིམ་ནས་གཉིས་མེད་དུ་གྱུར་པར་མོས་ཤིག །གུ་གུལ་སོགས་འབེབ་པའི་རྫས་བསྲེག །རོལ་མོ་དབྱངས་དང་བཅས་པས་སྤྱན་འདྲེན་བརྗོད་ལ། སྔགས་མཐར་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བརྗོད། དེ་ལྟར་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཉམས་མེད་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ་བརྗོད། ཚོམ་བུའམ་ཕྱག་རྒྱའི་མཎྜལ་བཀོད་ལ། ལས་འཕྲོ་ལྡན་པའི་སྐལ་ལྡན་རྣམས༔ རང་གི་སྔོན་ནས་འབྲེལ་པ་ཡི༔ ཡི་དམ་ལྷ་དེ་བརྟག་པའི་ཕྱིར༔ མེ་ཏོག་དཀྱིལ་འཁོར་ལྷ་ལ་ཕུལ༔ ཁྱེད་རང་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་ལ་ཚེ་རབས་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། སྐལ་པར་ལྡན་པ་བདག་ཅག་གི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་མཆོག་དེ་ཉིད་ལ༔ བདག་གི་མེ་ཏོག་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་ལྟོས་མེད་འདོར་དུ་གཞུག །དབུས་སུ་རིགས་འདུས་དྲག་པོ་རྩལ༔ དེ་བཞིན་དུ། ཤར་རྡོ་རྗེ། ལྷོ་རིན་ཆེན། ནུབ་པདྨ། བྱང་དུ་ལས་རབ་སོགས་རིགས་པས་འཕྲུལ་ཤེས་པར་བྱ། སྤྱི་ཙམ་དུ། མེ་ཏོག་ལྷག་པའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕོག་པས་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧོ༔ བསྐལ་པ་གོང་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་པའི་བྱིན་རླབས་ཀྱིས༔ རང་རིག་ལྷ་དང་གཉིས་སུ་མེད་པ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ཞེས་མེ་ཏོག་སླར་སྤྱི་བོར་བཞག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མ་རིག་བསྒྲིབས་པའི་ལིང་ཏོག་འདི༔ ཐབས་མཁས་ཡེ་ཤེས་སྤྱན་ལྡན་པའི༔ ཐུགས་རྗེས་དབྱེ་བར་མཛད་པ་དང༔ དཀྱིལ་འཁོར་མངོན་སུམ་བསྟན་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པའི་སྒྲིབ་གཡོགས་སངས་ཀྱིས་བསལ་བར་མོས་ཤིག །གསེར་ཐུར་གྱིས་གདོང་གཡོགས་བསལ་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ དཀྱིལ་འཁོར་མངོན་སུམ་མཐོང་བྱའི་ཕྱིར༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ མིག་དབྱེ་དེ་བཞིན་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་བསལ། སློབ་དཔོན་ཞྭ་ཕུད། ཐལ་མོ་སྦྱར་བས་དཀྱིལ་འཁོར་པ་རྣམས་ལ། ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ སྙིང་པོའི་དཀྱིལ་འཁོར་ལྟ་འདོད་པའི༔ སྐལ་པར་ལྡན་པ་འདི་རྣམས་ནི༔ ཐུགས་རྗེས་བཟུང་བར་མཛད་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་གནང་བ་བསྩལ་བར་གྱུར། དེ་ལྟ་བུ་ཡི་རྣལ་འབྱོར་ལ༔ མྱུར་དུ་ཐུགས་རྗེས་བཟུང་ལགས་པས༔ དབང་བསྐུར་ཆོ་ག་ཚུལ་བཞིན་གྱིས༔ སྐལ་ལྡན་རྣམས་ནི་སྨིན་པར་གྱིས༔ དཀྱིལ་འཁོར་གྱི་སྒོ་དབྱེ་བ་ནི། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ལན་བཞི། ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེས་པར་གྱུར། ཁྱེད་རང་རྣམས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་བརྩམ་རིམ་པར་ཕྱག་བྱས་ཏེ་གཡས་སྐོར་དུ་ཕྱིན་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས་མཛོད། ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ ལན་བཞི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སློབ་བུའི་ལུས་ངག་ཡིད་གསུམ་ལ་ཐིམ༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པར་མོས་ཤིག༔ ཕྱག་ཤིང་གིས་མཚོན་ཏེ་དཀྱིལ་འཁོར་བསྟན་པ་ནི། ལྟོས་ཤིག་ལེགས་འོངས་སྐལ་ལྡན་རྣམས། །ད་ནི་དད་པ་རབ་ཏུ་སྐྱེད། །བདེ་གཤེགས་རིགས་མཆོག་དཀྱིལ་འཁོར་འདི། །མཐོང་བས་ལས་སྒྲིབ་ཀུན་བྱང་འགྱུར། །མདུན་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བརྒྱན་ཅིང་། ནང་དུ་རྡོ་རྗེའི་བྲག་ཆེན་གྱི་སྟེང་དུ་གྲུ་གསུམ་མཐིང་ནག་རིན་ཆེན་ཟུར་བརྒྱད་པའི་ལྟེ་བར་ལྷ་ཆེན་ཕྱོགས་སྐྱོང་པདྨ་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡུམ་འཁོར་ལོ་རྒྱས་འདེབས་ཀྱིས་འཁྱུད་པ། ཟུར་བརྒྱད་དང་སྟེང་འོག་གཉིས་ལ་ཡེ་ཤེས་ཀྱི་ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ཟ་གསོད་མཆེ་གཤོག་དང་བཅས་པ། ཟླ་གམ་གསུམ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྲས་མཆོག་ཉི་ཤུ་རྩ་གཅིག །སྒོ་བཞིར་སྒོ་མ་གདོང་ཅན་རྣམ་བཞི། ཕོ་བྲང་ཕྱི་མའི་ཁྲག་ཁྱམས་སུ་ཕུར་སྲུང་དམ་ཅན་བཅུ་དྲུག །ཕྱི་རོལ་ཁོར་ཡུག་ཏུ་དགེ་བསྙེན་ཉེར་གཅིག །དབང་ཕྱུག་ཉེར་བརྒྱད་ལ་སོགས་པ་དཔལ་ཆེན་རྡོ་རྗེ་ཕུར་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཏེ། མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་གདོད་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་སུ་ལྷུན་གྱིས་གྲུབ་པར་ཤེས་པར་གྱིས་ཤིག །དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གསུམ། དེ་ནས་དབང་དངོས་གཞི་ལ་བུམ་གསང་ཤེར་ཡེ་ཚིག་དབང་རིན་པོ་ཆེ་དང་བཞིར་ཡོད་པ་ལས། ཐོག་མར་བུམ་པའི་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་འཁོད་པ་ལ་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་ལུས་སེམས་མ་དག་པའི་རྟོག་སྒྲིབ་སྦྱངས་ནས་ཧཱུྃ་ཡིག་མཐིང་ནག་ཏུ་བྱས་ཏེ་ལྗགས་སྟེང་དུ་བླངས། སྐུའི་དབྱིབས་བརྒྱུད་མཁའ་གསང་ནས་དཔལ་ཆེན་པོའི་སྐུར་ཐོན་ནས་མདུན་གྱི་དབང་སྟེགས་ཀྱི་ཁྲིར་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་མེ་ཏོག་འཐོར། མཆོད་པའི་ལྷ་མོ་རྣམས་ཀྱིས་གླུ་གར་དང་མཆོད་སྤྲིན་ཐོགས། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་ལྔས་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་བར་གྱུར། རྣམ་བུམ་སྤྱི་བོར་བཞག །བུམ་ཆུ་འཐོར་འཐུང་བྱས་ལ། ཧཱུྃ༔ བུམ་པ་དུར་ཁྲོད་གཞལ་ཡས་ཁང༔ སྲིད་པ་ཕུར་བུའི་ལྷ་ཚོགས་བཞུགས༔ གཉིས་སུ་མེད་པར་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཀྵོ་བྷྱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མེ་ལོང་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བར་གྱུར། དབུ་རྒྱན་དར་དཔྱང་བཅས་བཅིངས་ལ། ཧཱུྃ༔ རིན་ཆེན་ཅོད་པན་འོད་འབར་བ༔ ནང་དུ་ཁྲག་འཐུང་རིགས་ལྔ་བཞུགས༔ མཛེས་པའི་ཅོད་པན་པུ་རུ་རུ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཏྣ་སཾ་བྷ་བ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་རིན་ཆེན་འབྱུང་ལྡན་གྱི་དབང་ཐོབ། ང་རྒྱལ་དག །ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ ཡེ་ཤེས་ཆོས་བདུན་ལྡན་པ་ཡི༔ སངས་རྒྱས་ཀུན་གྱི་རྡོ་རྗེ་སྟེ༔ གསོར་ཞིང་མཛེས་པ་འོད་འབར་བ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པདྨ་དྷ་ར་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སོར་རྟོག་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ༔ སྟོང་ཉིད་ཆོས་ཀྱི་སྒྲ་སྒྲོག་པའི༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་དྲིལ༔ མ་རིག་སད་མཛད་དྲིལ་བུ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་མོ་གྷ་སིདྡྷི་ཀརྨ་གྷཱཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །རྣམ་སྣང་གི་ངོ་བོ་མིང་གིས་དབང་བསྐུར་བར་མོས་ཤིག །གསང་མཚན་ཤོག་བྱང་ཡོད་ན་སྦྱིན་ཅིང་རྡོར་དྲིལ་སྤྱི་བོར་དཀྲོལ་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ཕྱོགས་བཅུ་རྣམས་སུ་རབ་བསྒྲགས་པས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་བཻ་རོ་ཙ་ན་མ་ཧཱ་ཤྲཱི་བཛྲ་ཀུ་མཱ་ར་ནཱ་མ༔ གསང་མཚན་དམིགས་བསལ་བཏགས་པ་དེ་ཉིད་སྦྱོར། དེས་རྣམ་པར་སྣང་མཛད་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར་པར་མོས་ཤིག །ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་སོགས་ཤིས་བརྗོད་བྱས་ལ་མེ་ཏོག་འཐོར། དེ་རྣམས་ཀྱིས་བུམ་དབང་གི་དངོས་གཞི་སོང་ནས་རྗེས་འབྲེལ་དུ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། གཙོ་ཕུར་དཔལ་ཆེན་པོ་དངོས་སུ་གསལ་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་སྩོལ་བར་མོས་ཤིག །གཙོ་བོའི་ཕུར་པས་གནས་གསུམ་ལ་དབང་བསྐུར་ཏེ། ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་སྟོན་པ༔ བསྙེན་སྒྲུབ་སྲོག་གི་ཕུར་པ་འདིས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ། སྲས་མཆོག་ཉེར་གཅིག །སྒོ་མ་གདོང་ཅན་བཞི་པོ་རྣམས་ཀྱིས་སོ་སོའི་བྱིན་རླབས་ཐོབ་པས་ལས་དང་དངོས་གྲུབ་སྒྲུབ་པའི་ནུས་མཐུ་ཐོབ་པར་མོས་ཤིག །ཁྲོ་བཅུའི་སྦོམ་ཕུར་གྱིས་དབང་བསྐུར་ལ། ཧཱུྃ༔ ལས་ཀྱི་ཕུར་བུ་བསྒྲུབ་པའི་ཕྱིར༔ སྤྲུལ་པ་ཆེན་པོའི་ཚུལ་སྟོན་པ༔ བསྙེན་སྒྲུབ་སྲོག་གི་ཕུར་པ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྲས་མཆོག་གི་སྦོམ་ཕུར་རྣམས་གཏད་ལ། ཧཱུྃ༔ ལས་ཀྱི་ཕུར་བུ་བསྒྲུབ་པའི་ཕྱིར༔ ཕྱག་བརྙན་ཆེན་པོའི་ཚུལ་སྟོན་པ༔ བསྙེན་སྒྲུབ་སྲོག་གི་ཕུར་པ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡཀྴ་ཀྲོ་དྷ་སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མངགས་ཕུར་རྣམས་གཏད་ལ། ཧཱུྃ༔ ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར༔ ཕོ་ཉ་ཆེན་པོའི་ཚུལ་སྟོན་པ༔ ལས་སྦྱོར་སྲོག་གི་ཕུར་པ་འདིས། སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཀརྨ་ཡཀྴ་བྷྱོ༔ ཤཱནྟིཾ་པུཥྚིཾ་བ་ཤཾ་མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ བསྙེན་སྒྲུབ་ཀྱི་བཟླས་པའི་ལུང་སྦྱིན་པའི་སླད་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་ཞལ་ནས་ཐོན། སློབ་མའི་སྙིང་ཁར་འཁོད་པར་མོས་ལ་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་མཛོད། བསྙེན་ཕྲེང་གཏད་ལ། ཀཱི་ལ་འབྲུ་དགུ །བཅུ་བཞི་པ། སྤྲོ་ན་ཁྲོ་བཅུ་བཅས་ཀྱི་སྔགས་རྣམས་རྗེས་ཟློས་བྱར་གཞུག །མཐར་སྔགས་ཕྲེང་མགྲིན་པར་བཞག་ལ། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རིག་པ་འཛིན་པ་འདི་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་དང་རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་སྒྱུ་མའམ་གཟུགས་བརྙན་ལྟར་སྣང་ཡང་གདོད་ནས་རང་བཞིན་གྱིས་སྤྲོས་པའི་མཐའ་ལས་འདས་པ་ཀ་དག་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་རྩའི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ལ་འདུན་པ་འདི་བཞིན་དུ་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་སྐྱེད་མཛད་པ༔ དུས་གསུམ་རྒྱལ་བའི་བྱང་སེམས་དབང༔ འདི་མྱོང་བདེ་ཆེན་ཡེ་ཤེས་རྒྱས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་རླུང་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་འགྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། མཚན་ཉིད་དང་ལྡན་པའི་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་ཁྱེད་རང་ལ་བྱིན་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་མཐར་ཕྱིན་པར་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་གསང་ཆེན་རྒྱལ་བའི་ལམ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཕྱིར༔ དགའ་ཆེན་ལྷ་མོ་འདི་ལོངས་ལ༔ མཉམ་སྦྱོར་བདེ་ཆེན་ཡེ་ཤེས་རྒྱས༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བསྟེན་པ་ལ་དབང་། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་འགྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་གི་དབང་བསྐུར་བ་ནི། རང་གི་སེམས་ཉིད་མ་བཅོས་པ་འདི་ཀ་དཔལ་རྡོ་རྗེ་གཞོན་ནུ་རུ་ངོ་ཤེས་པས་གང་ཤར་གྱི་ངོ་བོར་བཅོས་བསླད་མེད་པར་ཞོག་ཅིག །ཧཱུྃ༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ གཞི་ནི་ངོ་བོ་ཀ་ནས་དག༔ རང་བཞིན་གསལ་བ་ལྷུན་གྱིས་གྲུབ༔ ཐུགས་རྗེ་གསལ་བ་ཅིར་ཡང་སྣང༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ ཞེས་དར་གཅིག་འཇོག །དེས་ཡང་གསང་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པ་ཚིག་གི་དབང་བསྐུར་པ་ཐོབ། ཆ་མཉམ་ཤེས་བྱའི་སྒྲིབ་པ་དག །འོད་གསལ་རྡོ་རྗེ་སྙིང་པོའི་དོན་བསྒོམ་པ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་འགྲུབ། འབྲས་བུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཡེ་དྷར་དང་ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། བཞི་པ་འདི་གཏེར་གཞུང་དངོས་བསྟན་དུ་མེད་པ་ནི་དཔེ་ཡི་ཡེ་ཤེས་ཀྱིས་དོན་མཚོན་པར་ངོ་སྤྲོད་པ་དེ་ཀ་ལ་དགོངས་པ་ཡིན་ཀྱང་ད་ལྟ་ནི་དཔེའང་ཚིག་ཙམ་དུ་ཟད་པས་ས་བཅད་ཙམ་ཞིག་གཏེར་ཆེན་ཉིད་ཀྱིས་བདག་འཇུག་སྐབས་ཟབ་བདུན་ཚེ་དཀར་ལས་བླངས་པ་ལྟར་འདིར་ཚིག་སྣ་ཅུང་ཟད་བསྟུངས་པའོ། །དེ་རྣམས་ཀྱིས་ཁྱབ་གདལ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་འདེབས་པ་དང་། བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་བཏབ་ནས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟེན་པའི་རྟོགས་པས་བདག་རྒྱུད་གྲོལ་བའི་སྨིན་བྱེད་སྟོད་ལས་བྱང་ཆུབ་སྒྲུབ་པའི་སྐོར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་བྱས་ལ་སློབ་མ་རྣམས་གྱེས། སྟོད་སྨད་གཉིས་སོ་སོར་བྱེད་ན་སློབ་དཔོན་གྱིས་ཚོགས་ལ་རོལ་པ་ཕྱིན་ཕྲིན་ལས་མཐའ་བསྡུ། ཉིན་གཅིག་ལ་སྦྲེལ་ན། དེ་མ་ཐག་པར་སྔ་མའི་དཀྱིལ་འཁོར་གྱི་སྟེང་དུ་སྨད་ལས་ཨེ་ཁྲོམ་གྱི་དཀྱིལ་འཁོར་བཀོད། བུམ་པ་སོགས་དབང་ཆས་སྔོན་མ་བསྡུ། དཀྱིལ་འཁོར་སྟེང་དུ་སྤྲོས་བཅས་ཕྱག་ལེན་རྒྱས་པའི་སྐབས་གཙོ་འཁོར་རྣམས་ཀྱི་ཕུར་ཁྲོམ་ཚང་བ་བཀོད་པ་ཡིན་ཀྱང་། མདོར་བསྡུས་སྐབས་སྔ་མའི་ཕུར་པ་རྣམས་རང་མལ་དུ་བཀོད། དེ་སྟེང་སྲས་མཆོག་གི་གདབ་ཕུར་གཅིག །ཞི་རྒྱས་དབང་དྲག་གི་ཕུར་པ་བཞི། ཕོ་ཉ་རྣམས་ཀྱི་ཐུན་ཕུར་གཅིག་བཅས་གཏེར་གཞུང་ལྟར་བྱུགས་བདུག་བྲབ་གསུམ་དང་བྱིན་རླབས་བྱས་ལ་སྲས་མཆོག་དབུས་མདུན། ལས་བཞི་ཕྱོགས་བཞི། ཐུན་ཕུར་མདུན་ངོས་བཀོད། གཙོ་བོ་ཡབ་ཡུམ་ཁྲོ་བཅུ་ཟ་གསོད་བཅས་པའི་སྐུ་ཙཀ་བཅུ་གཅིག་དབུས་སུ་བཞག །རཀྴའི་ཕྲེང་བ། དཔལ་དང་དུར་ཁྲོད་ཆས་ཕྱོགས་བསྡུས་ཀྱི་ཙཀླི། གུ་གུལ་རཀྟ་ཡུངས་དཀར་གསུམ་སྣོད་གཅིག་ཏུ་བསྡུས་པ། རྒྱས་པའི་ཕྱོགས་ལ་དབང་ཚིག་ཏུ་གསལ་བའི་ཟོར་རྫས་སོགས་ཆ་ཚང་། མེ་ཧོམ་དང་གཟར་བླུག །མནན་ཆས་ཚང་བ་རྣམས་སྣོད་རེ་རེར་ཕྱོགས་བསྡུས་བྱས་པ་དགོས་ཀྱང་ཕྱག་ལེན་བསྡུ་སྐབས། ཀོང་ཟོར་གཏོར་ཟོར། མེ་ཧོམ། རྒྱ་གྲམ་ཙམ་དང་གཞན་རྣམས་ཚང་བར་ཕྱོགས་སུ་བྲིས་པའི་ཙཀླི་གསུམ། ཚོགས་རྫས་ཚེ་འབྲང་དང་རིལ་ཆང་ཅི་བདེར་བསྒྲིག །བསྒྲལ་ཆས་གསེར་སྐྱེམས། མཚོན་ཆ་སྒྲོལ་གྲི །ཐོ་བ། ལྕགས་ཧོམ། ཟན་ལིང་སོགས་ཀྱང་འདུ་བྱ། སྨན་རག་གཏོར་གསུམ། དྲག་མཆོད་རྣམས་ཀྱང་སྔར་ལྟར་བཤམ་མོ། །དེ་ནས་ཉིན་ཞག་གིས་བཅད་ན་ཕྲིན་ལས་རྫོགས་པར་བསྐྱར་ནས་གཏང་བ་སོགས་དགོས་ཀྱང་། མགྱོགས་ཁྱད་སྟོད་སྨད་སྦྲེལ་བའི་སྐབས་འདིར་མཆོད་ཁ་གསོས་ལ་སྔགས་ཙམ་གྱིས་བྱིན་བརླབ། མ་ཏྲཾ་ཀ་རུ་དྲ་ཛཿ ལན་བདུན། མདུན་དུ་མ་ཏྲཾ་རུ་དྲ་དངོས་སུ་གསལ་བར་གྱུར། རྩ་བའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ གནོད་བྱེད་ཐམས་ཅད་བཀུག༔ མ་ཏྲཾ་ལ་ཐིམ༔ ཏྲི་ལས་མ་ཏྲཾ་སྔོ་སྐྱ་མགོ་བོ་ལྷོ་ནུབ༔ རྐང་པ་བྱང་ཤར༔ གན་རྐྱལ་དུ་གནས་པ༔ སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མ་ཏྲཾ་གི་ཏྲི་ལ་ཕོག༔ དེའི་འོད་ཟེར་ནག་པོ་ཕྱོགས་བཅུར་འཕྲོས༔ ཁམས་གསུམ་རིགས་དྲུག་གི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བསྡུས་ནས་མ་ཏྲཾ་ལ་ཐིམ༔ ཧཱུྃ་ལས་མཚོན་ཆའི་ཆར་འཕྲོས་ནས་མ་ཏྲཾ་བསྒྲལ་པའི་ཁོག་པ་ཨེ་ཁྲོམ་གྱི་དཀྱིལ་འཁོར་དུ་གྱུར་པ་ནི༔ དབུས་མཐིང་ནག་གྲུ་གསུམ་ཁྱམས་ནག་པོ༔ ལྕགས་སྲེག་དང་མེའི་ཁྲམ་རིས་སུ་བཅད་པའི་དབུས་ཨེ་མཐིང་ནག༔ ཕྱི་རོལ་དུ་དུར་ཁྲོད་ཀྱི་གཞལ་ཡས་ཁྲག་མཚོ་དང༔ དུར་ཁྲོད་ཀྱི་ས་གཞི་དང་བཅས་པར་གྱུར༔ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས་ལྷ་ཆེན་སོགས་ཕྱོགས་བཅུའི་འབྱུང་པོ་དགྲ་བགེགས་ཐམས་ཅད་བཀུག་ནས་གདན་དུ་བྱས༔ དེའི་སྟེང་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྲས་མཆོག་ཉེར་གཅིག །ཁྲོ་བོ་བཅུ་ཡབ་ཡུམ་ཕྲ་མེན་ཕྱག་བརྙན་དང་བཅས་པ། སྒོ་བཞིར་སྒོ་མ་བཞི། བར་ཁྱམས་སུ་ཕུར་སྲུང་བཅུ་གཉིས། ཕྱི་སྒོ་རུ་སྐྱེས་བུ་གིང་བཞི། ཕྱི་ཁྱམས་སུ་དབང་ཕྱུག་ཉེར་བརྒྱད་དགེ་བསྙེན་ཉེར་གཅིག་སོགས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས། སོ་སོའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་ཞིང་། ཕྲིན་ལས་འདོད་རྒུར་སྒྱུར་བའི་རང་བཞིན་ཅན། དཀྱིལ་འཁོར་གྱི་བར་མཚམས་ཐམས་ཅད་དུ་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བའི་བདག་ཉིད་ཅན་དུ་གྱུར། ཅེས་དཀྱིལ་འཁོར་ཞལ་བསྒྱུར་ལ། ལས་བྱང་གི་ལྷ་བསྐྱེད་ནས་བསྟོད་པའི་བར་གཏང། མདུན་བསྐྱེད་འོད་ཟེར་སྤྲོ་བསྡུ་ལ་དམིགས་ཏེ་བསྙེན་སྒྲུབ་བཟླས་པ་དང་། ལས་སྦྱོར་སྤུ་གྲིའི་སྔགས་ཀྱང་ཉེར་གཅིག་ཙམ་བཟླས་ལ་ཐུན་སོགས་བྱིན་གྱིས་བརླབ། གཏེར་གཞུང་ལྡེབ་གཅིག་ལྟར་ཚེ་ཛཔ྄་ཅི་འགྲུབ་བཟླ་ཞིང་ཚེ་འགུགས་གཏང་ལ་ཚེ་རྫས་ཀྱང་ཞར་བྱུང་བསྒྲུབ་བོ། །དེ་ནས་ཕྱག་ལེན་རྒྱས་པའི་སྐབས་སློབ་དཔོན་སྔགས་པ་བདུད་ཆས་སུ་ཞུགས་། ཆོག་རོགས་པ་རྣམས་ཀྱིས་དབྱངས་རོལ་རྒྱས་པར་གཏང་། བསྒྲལ་འཆམ་རྫོགས་པར་བྱ་དགོས་པ་ཡིན་ལ། བསྡུས་པའི་སྐབས་འདིར་ཡང་སློབ་དཔོན་སྔགས་ཆས་སུ་ཞུགས། ཆོག་རོགས་པའི་རྔ་རོལ་ཙམ་འཛོམ་ན་ལེགས། གོང་ལྟར་སློབ་མ་ཁྲུས་ནས་དབྱུང་། གྲལ་དུ་འཁོད་པ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐར་ལམ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་བགེགས་ལོག་འདྲེན་ཐམས་ཅད། མངོན་སྤྱོད་རོལ་པའི་ཕྲིན་ལས་ཀྱིས་ཚར་གཅོད་པར་བྱེད་པ་དྲག་པོའི་སྒྲོལ་དབང་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་གསལ་ཐོབས་ལ་གསན་འཚལ། དེའང་ཡང་གསང་ཐུགས་ཀྱི་ཕུར་གཅིག་གི་སྟོད་ལས་ཀྱི་དབང་བསྐུར་བ་སྔོན་དུ་སོང་གྲུབ་ནས། འདིར་ཚད་མེད་སྙིང་རྗེའི་ཕུར་པ་རིགས་དྲུག་གི་སེམས་ཅན་ཀུན་ལ་འདེབས་པའི་སྙིང་རྗེའི་དཔྱང་ཐག་དང་ལྡན་པས། མཚན་མ་རྫས་ཀྱི་ཕུར་པ་ཞིང་བཅུ་ཚང་བའི་དགྲ་དང་བགེགས་ལ་འདེབས་དགོས་པ་སྟེ། ཇི་སྐད་དུ། ཕུར་པ་གྲུབ་ནས་གདབ་ལས་བྱ། །ཞེས་རྫས་ཀྱི་ཕུར་བུ་བསྒྲུབས་པའི་ལས་ཀྱི་གཟེར་ཁ་བརྣག་པའི་ཡུལ་ལ་འདེབས་པའི་ཕྲིན་ལས་སྒྲུབ་པ་ལ་དབང་བར་བྱེད་པ་སྨད་ལས་དྲག་པོ་སྒྲོལ་བའི་དབང་བསྐུར་བགྱི་བ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ་འཚལ། ཅེས་མཚོན་ཆ་སོགས་ཀྱི་ཕྱག་ཡོན་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ ལས་སྦྱོར་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཧཱུྃ༔ གང་གིས་འདུལ་བར་མི་འགྱུར་བའི༔ གདུག་པ་ཅན་རྣམས་བསྒྲལ་བའི་ཕྱིར༔ སངས་རྒྱས་བསྟན་པ་བསྲུང་དོན་དུ༔ མངོན་སྤྱོད་དབང་འདི་སྦྱིན་པར་བྱ༔ ཞེས་གནང་བ་སྦྱིན། དེ་ལ་ཐོག་མར་ཁྱེད་རང་རྣམས་ཡེ་ཤེས་ལྷའི་བསྐྱེད་རིམ་འདི་ལྟར་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ལྷ་ཆེན་སོགས་གོང་གི་བྱིན་འབེབ་སྐབས་ལྟར་ལ། གནས་གསུམ་འབྲུ་གསུམ་དང་བཅས་པ་གསལ་ཐོབས་ཤིག །དཀྱིལ་འཁོར་པའི་གཙོ་བོ་ཁྲོ་བཅུ་དང་བཅས་པ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས་པས་སོ་སོའི་སྐུ་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་ཙཀ་རྣམས་ཀྱིས་རིམ་པ་བཞིན་དབང་བསྐུར་ལ། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ རྩེ་དགུ་རྩེ་ལྔ་གཡས་ན་བསྣམས༔ མེ་ཕུང་ཁ་ཊྭཱཾ་གཡོན་ན་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་འཇིགས༔ མེ་ཕུང་འབར་བའི་དབུས་ན་བཞུགས༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྟེང་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དང་པོའི་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་མདའ་བཀང་དགྲ་ལ་འཕེན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྔོ་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ གཡས་ན་ཕག་གདོང་མདའ་ཆེན་འཛིན༔ གཡོན་ན་རྨིགས་བུ་གཞུ་མཆོག་འཛིན༔ སྟེང་གི་ཁྲོ་བོ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ གཡས་མཐིང་གཡོན་དམར་དབུས་དཀར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་འཁོར་ལོ་ཏྲི་ཤུལ་བསྣམས༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྙེམས་མ་ནི༔ དཀར་དམར་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་སྟག་གདོང་འཁོར་ལོ་འཛིན༔ གཡོན་དུ་བྱ་རྒོད་ཏྲི་ཤུལ་བསྣམས༔ ཤར་གྱི་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀཱ་ཡ་ཨ༴ ཧཱུྃ༔ ལྷོ་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད༔ གཡས་མཐིང་གཡོན་དམར་དབུས་སེར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་བེ་ཅོན་གཏུན་ཤིང་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་དུར་ཁྲོད་བདག་མོ་ནི༔ དམར་སེར་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་ཤ་བ་བེ་ཅོན་འཛིན༔ གཡོན་དུ་འུག་པ་གཏུན་ཤིང་འཛིན༔ ལྷོ་ཡི་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི༔ གཡས་དཀར་གཡོན་མཐིང་དབུས་དམར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་ཞགས་པ་སྤུ་གྲི་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་ནི༔ དམར་གསལ་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་བྱི་ལ་ཞགས་པ་འཛིན༔ གཡོན་དུ་པུ་ཤུད་སྤུ་གྲི་འཛིན༔ ནུབ་ཕྱོགས་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ༴ ཧཱུྃ༔ བྱང་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་རྒྱ་གྲམ་བ་དན་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ ལྗང་ནག་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་སེངྒེ་རྒྱ་གྲམ་དང༔ གཡོན་དུ་ཕ་ཝཾ་བ་དན་འཛིན༔ བྱང་ཕྱོགས་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ཤར་ལྷོ་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ གཡས་ལྗང་གཡོན་སེར་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་མེ་ཕུང་དབྱུག་ཐོ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་ནི༔ སྔོ་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་གཡག་མགོ་མེ་ཕུང་འཛིན༔ གཡོན་དུ་བྱ་རོག་དབྱུག་ཐོ་བསྣམས༔ ཤར་ལྷོའི་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་རོ༔ ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་མི་གཡོ་བ༔ གཡས་སེར་གཡོན་ནག་དབུས་མཐིང་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་རལ་གྲི་ཞགས་པ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྔོ་ནག་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་གཟིག་མགོ་རལ་གྲི་བསྣམས༔ གཡོན་དུ་ཁྭ་ཏ་ཞགས་པ་འཛིན༔ ལྷོ་ནུབ་ཁྲོ་བོ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལེ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ ནུབ་བྱང་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ༔ གཡས་སེར་གཡོན་མཐིང་དབུས་དམར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་བྷནྡྷ་རྔ་ཡབ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ དམར་སྐྱ་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་སྤྱང་ཀི་བྷནྡྷ་འཛིན༔ གཡོན་དུ་ཁྲ་མགོ་རྔ་ཡབ་བསྣམས༔ ནུབ་བྱང་ཁྲོ་བོ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ བྱང་ཤར་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་ནི༔ གཡས་ནག་གཡོན་ལྗང་དབུས་དཀར་ཞལ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་པས་དྲིལ་བུ་ལྕགས་སྒྲོག་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ ལྗང་སེར་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་དོམ་མགོ་དྲིལ་བུ་བསྣམས༔ གཡོན་དུ་སྲེ་མོང་ལྕགས་སྒྲོག་འཛིན༔ བྱང་ཤར་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཀཱ་ཡ༴ ཧཱུྃ༔ འོག་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ གཡས་ནག་གཡོན་མཐིང་དབུས་དུད་ཁ༔ དང་པོས་རྡོ་རྗེས་བྷན་དམར་དཀྲུགས༔ བར་བས་འཁོར་ལོ་ཕུར་པ་འཛིན༔ ཐ་མས་ཕུར་པ་ཕྱོགས་བཅུར་བསྒྲིལ༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་འཇིགས༔ ཡུམ་ཆེན་རྡོ་རྗེ་སྐུལ་བྱེད་མ༔ ནག་མོ་རྡོ་རྗེ་བྷན་དམར་སྟོབ༔ གཡས་སུ་དྲེད་གདོང་འཁོར་ལོ་འཛིན༔ གཡོན་དུ་བྱི་བ་ཕུར་པ་འཛིན༔ འོག་ཕྱོགས་ཁྲོ་རྒྱལ་འཁོར་བཅས་ཀྱི༔ བསྐྱེད་རིམ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་གསལ་བརྟན་དག་གསུམ་དང་ལྡན་པའི་བསྐྱེད་རིམ་གྱད་དུ་གྱུར་པས་བདུད་བཞིས་ཀྱང་བསྐྱོད་དུ་མེད་པའི་གདིང་ཐོབ་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱོད་རང་གི་ངག་ལ་ཐིམ་པས་དྲག་སྔགས་ནུས་པའི་མཐུ་དབང་ཐོབ་པར་མོས་ལ་རྗེས་ཟློས། རཀྴའི་ཕྲེང་བ་གཏད་ལ་རྒྱས་ན་དྲག་སྔགས་ཚང་བ་དང་། བསྡུས་པའི་སྐབས་སྤུ་གྲིའི་རྗེས་ཟློས་ལན་གསུམ་བྱར་གཞུག །དེང་ནས་དྲག་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་ངག་གི་ནུས་པ་མེ་ལྟར་འབར་ཏེ་མངོན་སྤྱོད་ཀྱི་ཕྲིན་ལས་མཐའ་དག་ཐོགས་མེད་དུ་འགྲུབ་པར་གྱིས་ཤིག །ཀརྨ་ཡཀྵ་ཀྲོ་དྷའི་ངོ་བོ་སྲས་མཆོག་དངོས་སུ་གསལ་བའི་ཕུར་བུ་དང་། ལས་བཞི་སོ་སོ། ཕོ་ཉ་རྣམས་ཀྱི་ཐུན་ཕུར་བྱིན་པས། གདབ་པའི་ལས་སོ་སོ་ཐོགས་མེད་དུ་འགྲུབ་པའི་ནུས་མཐུ་ཐོབ་པར་མོས་ཤིག །གདབ་ཕུར་གྱི་དབང་བསྐུར་ཞིང་ལག་ཏུ་གཏད་ལ། ཧཱུྃ༔ དཱིཔྟ་ཙཀྲ་ཕུར་བུའི་ལྷ༔ མཐིང་ནག་ལྕགས་ཀྱི་རལ་པ་ཅན༔ ཐམས་ཅད་ཨུཏྤལ་མདོག་ཅན་ལ༔ སྐུ་སྨད་ཨེ་ཡི་རང་བཞིན་ཅན༔ བཏབ་ན་ལྷ་ཡང་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ བསྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལས་བཞི་སོ་སོའི་འདེབས་ཕུར་གཏད་ལ། ཧཱུྃ༔ ཞི་བར་བྱེད་པ་ཕུར་བུའི་ལྷ༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ངོས་ལ་ཞི་བའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་ཞི་བར་འགྱུར༔ བསྒྲིལ་ཏེ་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྒྱས་པར་བྱེད་པ་ཕུར་བུའི་ལྷ༔ གསེར་རམ་སེར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་གྲུ་བཞི༔ ངོས་ལ་རྒྱས་པའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་རྒྱས་པར་འགྱུར༔ བསྒྲིལ་ཏེ་འདེབས་པའི་དབང་བསྐུར་རོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐམས་ཅད་དབང་སྡུད་ཕུར་བུའི་ལྷ༔ ཟངས་སམ་དམར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ངོས་ལ་དབང་གི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་དབང་དུ་སྡུད༔ བསྒྲིལ་ཏེ་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བརླག་པར་བྱེད་པ་ཕུར་བུའི་ལྷ༔ ལྕགས་སམ་དྲག་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་མོ་ཨེ༔ ངོས་ལ་དྲག་པོའི་ལྷ་བསྒོམས་ཏེ༔ གང་ལ་བཏབ་ཀྱང་བརླག་པར་འགྱུར༔ བསྒྲིལ་ཏེ་འདེབས་པའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཕོ་ཉ་རྣམས་ཀྱི་ཐུན་ཕུར་གཏད་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཕུར་པའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ གདུག་པའི་དགྲ་བགེགས་བསྒྲལ་བར་མཛོད༔ བསྒྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་གྱི་ཆས་བཅུ་དུར་ཁྲོད་ཆས་བརྒྱད་གནས་སོ་སོར་བགོས་པས་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གཟི་བྱིན་བསྐྱེད་པར་མོས་ཤིག །ཙཀླི་གནས་སོ་སོར་བགོ་ཚུལ་བྱས་ལ། ཧཱུྃ༔ རུ་དྲ་ཐམས་ཅད་བསྒྲལ་པའི་ཆས༔ དཔའ་བའི་རྟགས་སུ་བཞེས་མཛད་པའི༔ ཐོད་སྐམ་དབུ་རྒྱན་དོ་ཤལ་གསུམ༔ གླང་ཀོ་སྟག་ལྤགས་ཞིང་ཆེན་དང༔ རཀྟ་ཐལ་ཆེན་ཞག་གི་བྱུགས༔ གཤོག་པ་རྡོ་རྗེའི་གོ་ཁྲབ་དང༔ རིན་ཆེན་རུས་རྒྱན་སྦྲུལ་ཆུན་སོགས༔ དུར་ཁྲོད་ཆས་ཀྱིས་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཤྨ་ཤཱ་ནཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་རག་གཏོར་གསུམ་གཏད་ལ། ཧཱུྃ༔ ལྷ་དང་དམ་ཅན་བསྐང་བའི་ཕྱིར༔ བདུད་རྩི་སྨན་ཆེན་ཉོན་མོངས་འཇོམས༔ རཀྟས་འཁོར་བའི་རྒྱ་མཚོ་སྟོངས༔ དམ་རྫས་གཏོར་མའི་དབང་བསྐུར་རོ༔ ཨོཾ་སརྦ་པཉྩ་རཀྟ་མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བྱུག་བདུག་བྲབ་གསུམ་གྱི་རྫས་གཏད་ལ། བྱུག་བདུག་བྲབ་པར་བྱེད་པའི་རྫས་རྣམས་བྱིན་པས་ཕུར་བུའི་གཟི་བྱིན་སྐྱེད་ཅིང་ཐུགས་དམ་བསྐུལ་བའི་མཐུ་ཐོབ་པར་མོས་ཤིག །ཧཱུྃ༔ ཕུར་བུའི་ཐུགས་དམ་བསྐུལ་བའི་རྫས༔ གཟི་བྱིན་བསྐྱེད་པའི་གུ་གུལ་དང༔ ཐུགས་རྗེས་ཆགས་པའི་རཀྟ་དང༔ བསྐུལ་རྫས་ཡུངས་དཀར་དབང་བསྐུར་རོ༔ སྤྲོ་ན་བྱུག་བདུག་བྲབ་པའི་སྔགས་རྣམས་ཀྱང་བརྗོད་པའི་གཤམ། ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྒྱུར། དེ་ནས་ཧོམ་དང་ལིངྒ། མཚོན་ཆ་སོགས་བསྒྲལ་ཆས་རྣམས་མདུན་དུ་བཀོད། རྒྱས་པའི་སྐབས་གཏེར་ཆེན་ཉིད་ཀྱིས་མཛད་པའི་གདབ་ཁ་བདུད་འཇོམས་མཚོན་ཆའི་རིག་འཛིན་བསྐུལ་ནས། ཞལ་བསྟབ། བཅོལ་བསྐུལ་ཡན་ཚང་བར་གཏང་དགོས་ལ། འདིར་ཅུང་ཟད་ཟོར་ཡང་དུ་བསྡུ་ན། དེ་ནས་གདབ་ཁ་དངོས་ལ་འཇུག་པ་ལ། ལྟ་བའི་རྫོང་དང་ལྡན་ཞིང་བསྐྱེད་པའི་འཕྲང་ལས་གྲོལ་ཏེ་བདག་ཉིད་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་པ་རྫས་ཀྱི་དཀྱིལ་འཁོར་རྣམས་མངོན་སུམ་བཞིན་དུ་གསལ་ཅིང་སྙིང་རྗེའི་སྲོག་དང་ལྡན་པས་ཕྲིན་ལས་རབ་འབྱམས་ཀྱིས་འགྲོ་བ་རྣམས་བླ་མེད་ཐར་པའི་སར་བཀོད་པར་བྱ། གལ་ཏེ་ཞི་བས་མི་ཐུལ་བ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ལས་བརྩམས་ཏེ་སྙིང་རྗེའི་ཀུན་སློང་དང་ལྡན་པའི་སྒོ་ནས་དྲག་པོའི་ལས་ཀྱི་སྦྱོར་བ་མཐར་ཕྱིན་པར་བརྩམ་པར་བགྱིའོ་སྙམ་པས། དམིགས་པ་རྣམས་རིམ་པ་བཞིན་དུ་གསལ་ཐོབས་ཤིག །ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཨེ་ཁྲོམ་འབར་བའི་རང་བཞིན་ནང་བཅུད་རྣམས་རྡོ་རྗེ་ཕུར་པ་རིག་འཛིན་དང་བཅས་པའི་ལྷ་ཚོགས་ཐམས་ཅད་པའི་སྐུར་བཞེངས་ཏེ་རྔམས་པའི་ཧཱུྃ་སྒྲ་སྒྲོག་ཅིང་ལས་ལ་ཆས་པར་གྱུར། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཁམས་གསུམ་དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་ཡུམ༔ གཉིས་མེད་སྤྲུལ་པའི་སྲས་མཆོག་ཉི་ཤུ་གཅིག༔ ཕྱོགས་བཅུའི་གདོན་འདུལ་ཁྲོ་བཅུ་ཡབ་ཡུམ་དང༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཟ་གསོད་ཚོགས༔ སྒོ་སྐྱོང་ཕུར་སྲུང་དབང་ཕྱུག་དྲེགས་པའི་ཚོགས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ རྣལ་འབྱོར་བདག་གིས་གདུང་བས་གསོལ་འདེབས་ན༔ ཨེ་ཁྲོམ་འབར་བའི་དབྱིངས་ནས་སྐུར་བཞེངས་ལ༔ དམ་རྫས་སྨན་རཀ་གཏོར་མའི་མཆོད་པ་བཞེས༔ མངོན་སྤྱོད་ཕྲིན་ལས་གཉན་པོའི་དུས་ལ་བབ༔ སྤྲུལ་པའི་ཕོ་ཉ་ཐམས་ཅད་ཕྱོགས་བཅུར་འགྱེད༔ ཞིང་བཅུ་ཚང་བའི་དགྲ་བགེགས་ཁུག་ལ་སྒྲོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ། གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། འདོད་ཡོན་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །མདོ་སྒྱུ་སེམས་གསུམ་སྒྲུབ་སྡེ་ཆེན་པོ་བརྒྱད། ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ཕུར་པའི་སྲུང་མའི་ཚོགས། །དྲེགས་ཆེན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་། །ཕྱི་ནང་གསང་བ་གབ་སྦས་སྡེ་བརྒྱད་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་དང་རྒྱུད་ཀྱི་སྲུང་། །ཡུལ་རིས་གནས་ཀྱི་ལྷ་སྲུང་དཀོར་གྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པས་གསེར་སྐྱེམས་འབུལ། དཔང་གཟུག་པ་ནི། ཧཱུྃ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ རྡོ་རྗེ་ཐེག་པའི་བསྟན་པ་ལ༔ མི་ཕྱེད་དད་པས་རབ་ཞུགས་ཏེ༔ སྒྲུབ་པ་སྙིང་པོར་ལེན་པ་དང༔ ཀློག་དང་སྤོང་བའི་སྡེ་བཙུགས་ཤིང༔ ཐོས་བསམ་བསྟན་པ་བཙུག་པ་ལ༔ དགྲ་དང་གེགས་ཀྱི་བར་ཆད་བྱུང༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ད་དུས་བསྐལ་པའི་སྙིགས་མ་ལ༔ རྣལ་འབྱོར་མགོན་སྐྱབས་མ་མཆིས་པས༔ ལྷ་དང་སྲུང་མ་གྲོགས་ལ་བྱོན༔ བདེན་རྫུན་གཉིས་ཀྱི་དབང་པོ་མཛོད༔ བདག་ནི་མ་ཉེས་མ་ལན་ནོ༔ མ་ཡོ་མ་བཅོས་གཟུ་དང་དཔང༔ དམ་ཉམས་དགྲ་བོ་སྡིག་ཆེན་གྱིས༔ ལྷ་དང་སློབ་དཔོན་བརྙས་པ་དང༔ རྡོ་རྗེ་མཆེད་ལ་འཁུ་བ་དང༔ སྲུང་མ་རྣམས་ལ་མཐུ་མེད་ཟེར༔ སངས་རྒྱས་བསྟན་པ་བཤིགས་པ་དང༔ སེམས་ཅན་ཡོངས་ལ་འཚེ་བ་དང༔ ཆོས་འཁོར་སྲིད་ལ་རྔམས་པ་དང༔ དགེ་འདུན་སྡེ་ལ་འཚེ་བ་དང༔ བསྟན་པའི་གཞི་ལ་ཕྲག་དོག་བྱས༔ མི་དགེ་བཅུ་ནི་དང་ལེན་པའི༔ དམ་ཉམས་སྡིག་ཆེན་དགྲ་བོ་འདི༔ མྱུར་དུ་བསྒྲལ་བར་མ་བྱས་ན༔ སྙིང་པོའི་སྒྲུབ་པ་བཤོལ་ལ་ཐུག༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ༔ ད་ནི་ལྷ་དང་སྲུང་མ་རྣམས༔ མངོན་སྤྱོད་དྲག་པོའི་ལས་ལ་བསྐུལ༔ མ་གཡེལ་དྲག་པོའི་ལས་མཛོད་ཅིག༔ ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཛཿཧཱུྃ་བཾ་ཧོཿའཕྲོས་པ་ཕུར་སྐྱོང་དམ་ཅན་སྲུང་མར་ཕོག་པས་ཐམས་ཅད་ལས་ལ་རྔམས་པར་གྱུར། ཧོམ་བསྐྱེད་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་ཕུར་སྲུང་དམ་ཅན་ལས་ལ་རྔམས་པ༔ དེའི་ནང་དུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན་ནག་ལ་ཧམ་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་ཐམས་ཅད་ནས་ཁྲག་འཛག་པ༔ ཁ་ངུ་བ༔ མིག་ཤི་མིག༔ འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར༔ བདེན་སྟོབས་སྤྱི་ལྟར་བརྗོད་ལ། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ། ཡུན་གྱི་བྱང་ཆུབ་ལ་བར་དུ་གཅོད་པ། བསྟན་པ་དང་སེམས་ཅན་ཉེས་མེད་ལ་གནོད་ཅིང་འཚེ་བ། མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་དགྲ་བགེགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག །དགྲ་བགེགས་ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿ ལན་གསུམ། ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས༴ ཕྱག་བརྙན་ཆེན་པོའི་དུས༴ ཤྭ་ན་མུ་ཁའི་དུས༴ བདག་ཉིད་ཆེན་མོའི་དུས༴ ས་བདག་ཆེན་མོའི་དུས༴ ཁྱོད་ཀྱི་ཐུགས་དམ་དུས༴ ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ དབང་དུ་སྡུས་ལ་འདིར་ཁུག་ཅིག༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མགོན་སྐྱོབ་གྲོགས་དང་བྲལ་བར་གྱིས༔ ད་ལྟ་ཉིད་དུ་གཟུགས་ལ་ཕོབ༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ རྣམ་པར་ཟུངས་ལ་འཆིང་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུགས་ཤིག༔ ཅེས་བསྐུལ་པས་ཕོ་ཉ་རྣམས་ཀྱིས་ལྕགས་ཀྱུས་དགྲ་བགེགས་རྣམས་བཟུང་སྟེ་ལིངྒ་ལ་བསྟིམས། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མྱོས་སུ་བཅུག་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཾ་ཀུ་ཤ་ཛ༔ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་རྒྱ་བཞི་དངོས་སམ་ལག་པའི་ཕྱག་རྒྱས་འགུགས་འཆིང་སོགས་བྱ། དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དམིགས་བྱ་ལ་ཕོག༔ མཐུ་དང་རྫུ་འཕྲུལ་ཚེ་དང་བསོད་ནམས་དབང་དང་དམ་ཚིག་ཐམས་ཅད་སྙིང་གར་འདུས་ཏེ་ལྷའི་ངོ་བོར་རང་གི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་གྱུར༔ དུག་གིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཡང་དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉ་འཕྲོས༔ རྫས་ངན་གྱི་ཆར་ཕབ་པས་ལྷ་སྲུང་ཐམས་ཅད་བྲོས་ཤིང་སྲུང་བ་ཁ་སྦྱོར་ཕྱེ་བར་གྱུར། བྱ་རོག་འུག་པའི་དང་རུ་དབྱེ་རྫས་ཀྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་ཀྱི་ལྷ་སྲུང་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ སླར་ཡང་དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉའི་ཚོགས་གྲངས་མེད་པ་འཕྲོས་ནས་གནོད་བྱེད་ཐམས་ཅད་བཀུག་སྟེ་རྣམ་ཤེས་གཟུགས་ལ་བསྟིམ་ཞིང་དབྱེར་མེད་དུ་གྱུར༔ ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ༔ དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་དང་ཕོ་ཉའི་ཚོགས་ཀྱིས་དགྲ་བགེགས་བྱད་དུ་བཅུག་པར་གྱུར༔ བྱད་ཐག་གིས་འཆིང་ཞིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཡང་དཀྱིལ་འཁོར་གསུམ་གྱི་ཐུགས་ཀ་ནས་ཕོ་ཉ་སྤྲོས་པ་རྣམས་ཀྱིས་སྨྱོ་ཁྲག་གི་ཆར་ཕབ་པས་དགྲ་བགེགས་ཐམས་ཅད་དྲན་མེད་དུ་གྱུར༔ སྨྱོ་ཁྲག་བཏབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ལྟར་ངན་སྔགས་གབ་པའི་ལས་རྣམས་ཀྱིས་བསྒྲལ་བའི་འབེན་བཅའ་བ་སོང་ནས། བསྒྲལ་ལས་དངོས་ལ་གསལ་བ་གསུམ་དང་ལུང་གཉིས་ཀྱི་དགོངས་པ་དང་ལྡན་པས་འཇུག་དགོས་པས་དམིགས་པ་འདི་ལྟར་མཛོད། རང་གི་ལག་གཡས་ཉི་མ་དང་། གཡོན་ཟླ་བར་གསལ་བའི་བར་དུ་ཧཱུྃ་ཡིག་མཐིང་ག་འབར་བར་གྱུར། ཕུར་པ་འཛིན་ཅིང་། རང་བཞིན་ཆོས་ཉིད་དུ་དག་པ་ཆོས་སྐུ༔ དེའི་ངང་ལས་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་གཞོན་ནུར་གསལ་བ༔ སྤྲུལ་པའི་སྐུ་ཕུར་པ་ཡཀྴ་ཀྲོ་དྷ༔ རྒྱ་མདུད་དུ་ཁྲོ་བོ་བཅུ་ཡབ་ཡུམ༔ འཆང་བཟུང་དུ་ཕྱོགས་བཅུའི་དཀྱིལ་འཁོར༔ རྒྱ་མདུད་འོག་མ་དང་དབལ་རྣམས་ལ་སྤྲུལ་པའི་སྲས་མཆོག༔ ཕུར་བུའི་རྩེ་མོ་ལ་དམ་ཅན་སྤྲུལ་པའི་དཀྱིལ་འཁོར་ཏེ༔ དེ་ཉིད་ཡཀྴ་ཀྲོ་དྷའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ སྙིང་ཁར་ཡེ་ཤེས་སེམས་དཔའ་ཡབ་ཡུམ༔ ལྟེ་བར་ཧྲཱི༔ དེ་རྣམས་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས༔ རྒྱལ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྣམས་དེ་ཉིད་ལ་ཐིམ་པས་མཐུ་ནུས་དང་ལྡན་པར་གྱུར༔ ཕུར་པ་བསྒྲིལ་ཞིང་། ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ མོ་ཧ་གྷཱ་ཏ་ཡ་བྷ་ག་ཝཱན་ཧྲི་བྷྲི་བི་ཀྲི་ཧཱུྃ་ཀཱ་ར་ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཧཱུྃ་ཀཱ་ར་ཨ་ཕཊ༔ ཁྲུས་ལུང་དང་ཚེ་ལུང་ནི། བདག་གི་ཐུགས་ཀར་ཨ་ དེའི་འོད་ཟེར་གྱིས་རང་གི་སྡིག་སྒྲིབ་སྦྱངས༔ རྒྱལ་བ་མཆོད༔ བྱིན་རླབས་བསྡུས༔ གནོད་བྱེད་ལ་ཕོག་པས་བསྒྲལ་བའི་སྐལ་ལྡན་དུ་གྱུར༔ ཐུགས་ཀ་ནས་ཨ་ཞིག་འཕྲོས༔ ཕུར་པའི་སྤྱི་བོ་ནས་ཐིམ༔ དབལ་གྱི་ནང་དུ་གནས་པ་ལས་འོད་ཟེར་འཕྲོས༔ དེ་ཉིད་དགྲ་བགེགས་ཀྱི་སྙིང་ནང་དུ་ཤའི་དྭངས་མ་བྱེའུ་ཅོ་གའི་མགོ་ཙམ༔ དེའི་ནང་དུ་ཁྲག་གི་དྭངས་མ་རྒྱ་གྲོག་ཙམ༔ དེའི་ནང་དུ་རྩའི་དྭངས་མ་དཀར་པོ་སོག་ཚིགས་ཙམ༔ དེའི་ནང་དུ་ཚེའི་དྭངས་མ་བ་ཐག་གཟིང་བ་འདྲ་བ༔ དེའི་ནང་དུ་རླུང་གི་དྭངས་མ་ལྗང་གུ༔ འོད་ཀྱི་དྭངས་མ་ཐིག་ལེ༔ རྣམ་ཤེས་ཀྱི་ངོ་བོ་ནྲྀ༔ ཀུན་གཞིའི་ངོ་བོ་ཨ་རྣམས་གསལ༔ དེ་རྣམས་ལ་ཕུར་པ་བཏབ་པས༔ ཤ་དང་རྩ་བསྲེགས༔ ཁྲག་སྐམ༔ ཚེ་སྲོག་རྦད་ཀྱིས་བཅད༔ རླུང་གཏོར༔ ཐིག་ལེ་ཨ་ནྲྀ་དང་བཅས་པ་ཕུར་རྩེས་ཡེ་རེ་བླང༔ ཚེ་བསོད་ནམས་དེ་ལ་བསྟིམ༔ ཕུར་པ་གདབ་པ་ཕྱུང་ལ། ཐིག་ལེ་ཨ་ནྲྀ་དེ་རང་ལ་བསྟན་པས་འོད་ཙེ་རེ་བ་དེས་བདག་གི་ལུས་གསལ༔ འོད་དང་ཐིག་ལེ་ཚེ་སྲོག་བསོད་ནམས་འདུས་པའི་ངོ་བོ་དེ་རང་གི་ཡེ་ཤེས་སེམས་དཔའ་ལ་བསྟིམས་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དབལ་ལ་ཨ་ཡིག་གསལ་ལ་ཕུར་པ་ཀླད་ལ་བསྐོར་བས་སྟོང་གསུམ་ཕུར་བུས་གང༔ བདག་གི་ཐུགས་ཀ་ནས་ཧཱུྃ་གྲངས་མེད་པ་འཕྲོས༔ ཕུར་བུ་རྣམས་ལ་ཐིམ༔ དོན་གཉིས་བྱས༔ སླར་བདག་དང་ཕུར་པ་ལ་ཐིམ་པས་མཐུ་ནུས་དང་ལྡན་པར་གྱུར༔ སླར་ཡང་ཕུར་པ་བསྒྲིལ་ཞིང་སྙིང་གར་བཏབ་པས༔ ཨ་ལས་འོད་ཟེར་འཕྲོས༔ ནྲྀ་དུད་ཁ་སྦྱངས༔ འོད་དཀར་པོར་གྱུར་པ་ཨ་ལ་ཐིམ༔ ཨ་ཕུར་རྩེས་ཡེ་རེ་བླངས་པས་ཕུར་པའི་ཡེ་ཤེས་སེམས་དཔའ་ལ་ཐིམ༔ ཕུར་པ་འོད་དུ་ཞུ་བ་ཡེ་ཤེས་སེམས་དཔའི་ཧཱུྃ་ཡིག་གི་བར་དུ་བསྡུས་ནས་ཨ་རུ་གྱུར༔ དེ་ཉིད་བདག་གི་ཞལ་ནས་བརྒྱུད་སྦྱོར་མཚམས་སུ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ་འོག་མིན་དུ་རྩལ་ཆེན་གྱིས་མདའ་འཕངས་པ་ལྟར་སོང་བར་གྱུར། ཕཊ་དྲག་པོ་བརྗོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཕཊ༔ བོ་དྷི་ཙིཏྟ་སཾ་ཧ་ར་ཎ་ཧཱུྃ༔ སྥ་ར་ཎ་ཕཊ༔ དེས་བརྟེན་པ་དབྱིངས་སུ་བསྒྲལ་ནས་རྟེན་གཞི་བག་ཆགས་སྦྱོང་བ་ནི། སླར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གདབ་ཕུར་ལ་ཐིམ༔ ངོ་བོ་གཙོ་བོ་ཁྲོ་བཅུ་ཡབ་ཡུམ་ལ༔ རྣམ་པ་སྲས་མཆོག་གི་རང་བཞིན་དགྲ་བོའི་ཕུང་ཁམས་སྐྱེ་མཆེད་ལ་བཏབ་པས་བསྒྲལ་བྱ་སྒྲོལ་བྱེད་དབྱེར་མེད་པར༔ ཕུང་ཁམས་སྐྱེ་མཆེད་ལ་ཁྲོ་བོ་རོལ་པའི་ཕོ་བྲང་བཏབ་པར་གྱུར༔ ཨེ་ཛ༔ ཨེ་མ་ང་ནི་རང་བྱུང་གི༔ དཔལ་ཆེན་ཁྲོ་རྒྱལ་ཉིད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ ཁྲོ་རྒྱལ་ཀུན་གྱི་དབུས་ན་འགྱིངས༔ སྤྲུལ་པ་ཕྱག་བརྙན་ལས་ལ་འགྱེད༔ དབུ་ལ་ཡེ་ཤེས་ལྔ་ཡིས་བརྒྱན༔ ཐུགས་ལ་འབར་བའི་སྲོག་ཀྱང་བཞུགས༔ སྲས་མཆོག་ཕུར་པ་ཕྱོགས་བཅུར་བསྒྲིལ༔ ཁམས་གསུམ་རུ་དྲ་ཨེ་རུ་བཙུད༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་ཚུལ་བཞིན་དུ་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ དབང་དུ་སྡུས་ལ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རགྨོ་ཡགྨོ་ཀཱ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཏུང་ཏུང༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་དྲིལ་དྲིལ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད༔ ཐུམ་རི་ལི་ལི༔ སྙིང་རྩིག་རྩིག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ ཌཱ་ཀི་མ་མ་ཤཱི་གྷྲཾ་ཀ་ར་མཱ་ར་སེ་ན་པྲ་མར་དྷ་ནཱ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཕུར་བུས་བཏབ་ཅིང་ཐུན་བྲབ། ཕོ་ཉ་རྣམས་ཀྱིས་ལུས་རྡུལ་ཕྲན་དུ་གཏུབས་པར་གྱུར། ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མར་དྷ་ན་ཡ་དགྲ་བགེགས་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ ཅེས་རལ་གྲིས་གཏུབས། གཏུན་ཁུང་ཡུམ་གྱི་ཨེ༔ གཏུན་བུ་རྡོ་རྗེའི་ཐོ་བ་མེ་འབར་བས་བརྡུངས་ནས་རྡུལ་ཙམ་ཡང་མེད་པར་གྱུར༔ ཐོ་གཏུན་དང་ལྡན་པའི་ཕྱག་རྒྱས་བསྣུན་ལ། ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ཏེ༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ ཏ་ཐཱ་ཡ་ཏ་ཐཱ་ཡ་དགྲ་བགེགས་པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་ཧཱུྃ་ཕཊ༔ ཅེས་བརྗོད་ལ། ཀ་དག་གི་ངང་དུ་གཞག༔ དེ་ནས་ཞལ་དུ་བསྟབ་པ་ནི། བསྒྲལ་བའི་དུམ་བུ་སྨན་རག་གིས་བྲན་ལ་སྟོབ་སྟེ། སླར་ཡང་རྣམ་པ་ཤ་ཁྲག་ལ༔ ངོ་བོ་བདུད་རྩིའི་རང་བཞིན་ཁྲོ་ཚོགས་སྲུང་མ་དང་བཅས་པའི་ཞལ་དུ་བསྟབས་པས་ལྷག་མ་མེད་པར་བཞེས་པས་དགྱེས་པའི་ཧ་ཧ་བཞད༔ ཧཱུྃ་ཧཱུྃ་གིས་ཆོས་ཀྱི་དབྱིངས་སུ་བསྒྲལ་ཅིང་དངོས་གྲུབ་བསྩལ༔ ཕཊ་ཕཊ་ཀྱིས་ཀ་དག་གི་ངང་དུ་བཞུགས་པར་གྱུར༔ ཧཱུྃ༔ དཔལ་ཆེན་ཕུར་བུའི་ལྷ་ཚོགས་རྣམས༔ རི་རབ་ཙམ་གྱི་སྐུར་བཞེངས་ལ༔ གནམ་ས་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་རྐྱོངས་ལ༔ དགྲ་བགེགས་དམ་ཉམས་བསྒྲལ་པ་ཡི༔ ཤ་ཁྲག་ཕུང་པོ་ནང་རོལ་བཅས༔ དབང་པོ་དོན་སྙིང་རུས་པ་རྣམས༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ དཔལ་ཆེན་འཁོར་དང་བཅས་པ་ཡི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྒྲིམ་མོ་ཨཱ་རལླི་ཧོ༔ བཛྲ་ཡཀྴ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ༴ མ་ཧཱ་ཙིཏྟ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ འདིའི་ཕྱག་ལེན་ཡང་ས་ལུགས་ལྟར་མཛད་པས་དེ་ལྟར་ན་སློབ་མས་དམིགས་པ་བཟུང་ནས་སྡོད་པ་ལས་བསྒྲལ་ཆས་ལག་ཏུ་འགྲིམ་པ་དང་ཕུར་གདབ་སོགས་མཛད་སྲོལ་མེད་ཅིང་དེ་རྣམས་ནི་སློབ་དཔོན་ཁོ་ནས་བྱ་བ་ཡིན་ལ། ཡང་རྙིང་མ་སྤྱི་ལུགས་ལྟར་བྱས་ཀྱང་འགལ་བ་ནི་མེད་དོ། །དེ་ལྟར་དྲག་པོ་བསྒྲལ་བའི་དབང་བསྐུར་ཡོངས་རྫོགས་གྲུབ་ནས་ལས་ཀྱི་མཐའ་སྡུད་རྣམ་གསུམ་གྱི་དབང་སྦྱིན་པའི་ཐོག་མར་ཟློག་པའི་མཐའ་སྡུད་ཟོར་རྫས་རྣམས་གཏད་པས་དགྲ་བགེགས་ཐམས་ཅད་རྩད་ནས་བརླག་པའི་མཐུ་དབང་ཐོབ་པར་མོས་ཤིག །ཟོར་རྣམས་གཏད་ལ། ཧཱུྃ༔ དགྲ་བགེགས་གཟུགས་ཕུང་བཤིག་པའི་ཕྱིར༔ ཀེ་ཚེ་ཤང་ཚེ་ཡུངས་དཀར་དང༔ རྡོ་ཕྱེ་ལྕགས་ཕྱེ་ཁྲག་གི་ཐུན༔ ཀོང་ཟོར་རྡོ་ཟོར་ཐོད་ཟོར་དང༔ སྲེག་པའི་ཕུར་པ་སོར་ལྔ་པ༔ འཕང་བའི་ཕུར་པ་སོར་དྲུག་པ༔ མདའ་ཟོར་དུག་གི་གཏོར་མ་དང༔ གཏོར་ཟོར་མཚོན་ཆས་དབང་བསྐུར་བས༔ དགྲ་བགེགས་ཐམས་ཅད་ཕུང་བར་གྱིས༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་མཱ་ར་ཡ་རྦད། ཅེས་བཏགས་པ་བརྗོད། གཉིས་པ་བསད་པའི་མཐའ་སྡུད་སྲེག་པའི་ཧོམ་དང་གཟར་བུ་གཏད་པས་དགྲ་བགེགས་ཐམས་ཅད་རྗེས་མེད་དུ་སྲེག་པའི་མཐུ་དབང་ཐོབ་པར་མོས་ཤིག །ཧོམ་དང་གཟར་བླུག་གཏད་ལ། ཧཱུྃ༔ དགྲ་བགེགས་ཞལ་དུ་གསོལ་བའི་ཕྱིར༔ ཧོམ་དང་དགང་གཟར་བླུག་གཟར་དང༔ སྲེག་པའི་རྫས་ཀྱིས་དབང་བསྐུར་བས༔ གཞིག་དང་སྤོར་བའི་ནུས་ལྡན་ཤོག༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ། ཞེས་བཏགས་པ་བརྗོད། གསུམ་པ་སྲུང་བའི་མཐའ་སྡུད་མནན་པའི་ཆས་རྣམས་གཏད་པས་དགྲ་བགེགས་ཐམས་ཅད་བསྐལ་པའི་མཐར་ཡང་ལྡང་མི་ནུས་པར་གནོན་པའི་མཐུ་དབང་ཐོབ་པར་མོས་ཤིག །མནན་ཆས་གཏད་ལ། ཧཱུྃ༔ སླར་ཡང་མི་ལྡང་བྱ་བའི་ཕྱིར༔ ལྕགས་ཀྱི་ཁང་སྒྲོམ་འབར་བ་དང༔ ཁྱི་མགོ་ནག་པོའི་དུང་ཁང་དང༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་དང༔ མནན་པའི་ཕུར་པ་སོར་བཞི་པ༔ རང་འཐག་གླིང་བཞི་རྣམས་གཏད་པས༔ མི་ལྡོག་ནོན་པའི་མཐུ་ཐོབ་ཤོག༔ སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་ནན༔ ཏྲིག་ནན་སཏྭམྦྷ་ཡ་ནན༔ མོ་ཧ་ཡ་ནན༔ སཏྭམྦྷ་ཡ་ནན་ནན༔ ཅེས་སྦྱར། སྤྲོས་བཅས་སྐབས་སྔགས་འདི་རྣམས་ལ་སོ་སོའི་གཞུང་དང་སྦྱར་བའི་དམིགས་པ་བསྐུལ་ཚིག་བརྗོད། ཟོར་སློབ་མའི་གཙོ་བོ་ཞིག་གིས་ཕྱི་རོལ་དུ་འཕེན་པ་དང་། ཧོམ་སྦར་བ་ལ་ལིང་རོ་སྲེག་བླུག་བྱ་བ་སོགས་སྤྱི་ལྟར་སྦྱར་རོ། །མཐར་བཅོལ་བསྐུལ་བྱ་བ་ནི། གདབ་ཕུར་འདྲིལ་ལ། སླར་ཡང་བཀའ་ལ་མི་ཉན་པ་ཐམས་ཅད་འདི་ལྟ་བུའི་སྦྱོར་བས་བསྒྲལ་བར་བྱ་བ་གདོན་མི་ཟའོ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱར་ཁོས་ལ༔ ང་ཡི་བཀའ་ལ་འདའ་མ་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ དེ་རྣམས་ཀྱིས་གདབ་པའི་ལས་རིམ་རྒྱས་པར་རྫོགས་ནས། མཐའ་རྟེན་འཆི་མེད་ཚེའི་དབང་བསྐུར་བ་ལ། ཚེ་འབྲང་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་གསལ་བས་དབང་བསྐུར་བའི་ཚེ་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩི་འོད་ཟེར་གྱི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་གསང་གསུམ་རྡོ་རྗེ་མི་ཤིགས་པའི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་གནས་གསུམ་དུ་བཞག་ལ། ཧཱུྃ༔ རྡོ་རྗེ་ཕུར་པ་ཚེ་ཡི་ལྷ༔ སྙིང་པོ་ཡེ་ཤེས་བཅུད་དང་ལྡན༔ བདེ་ཆེན་ཡེ་ཤེས་ཚེ་སྩོལ་ཅིག༔ རྡོ་རྗེའི་སྲོག་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འབྲང་ཆ་ཤས། ཚེ་རིལ། ཚེ་ཆང་རྣམས་སྦྱིན་ཅིང་ཀཱི་ལ་ཚེ་ཤམ་ཅན་བརྗོད། བཀྲ་ཤིས་ལོངས་སྤྱོད་ཞལ་ཟས་ཚོགས་ཀྱི་རྫས་རྣམས་བྱིན་པས་བདེ་ཆེན་ཡེ་ཤེས་ཀྱི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་དཔལ་ཐོབ་པར་མོས་ཤིག །ཚོགས་རྫས་གཏད་ལ། ཧཱུྃ༔ གཞོང་པ་རྣམ་དག་ཉི་ཟླའི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་བདུད་རྩིའི་རྒྱ་མཚོ་འཁྱིལ༔ ལུས་དཀྱིལ་ལྷ་ལ་ཚོགས་ཀྱི་འཁོར་ལོ་འབུལ༔ བདེ་ཆེན་ཡེ་ཤེས་མཆོག་དང་ལྡན་པར་ཤོག༔ ཅེས་གཏད་པ་རོལ་དུ་གཞུག །མཚམས་སྦྱར་སྤྱི་འགྲོ་བྱས་ལ་ཡེ་དྷར་དང་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། རོལ་མོའི་སྒྲ་བསྒྲག །རྗེས་དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ། མཇུག་གི་སྤྱི་ཆིངས་ལྟར་ལྷག་མ་གཏང་། བསྐུལ་ཆད་བརྟན་རྟ་བྲོ། གཏང་རག་མཆོད་བསྟོད། ནོངས་བཤགས་ཡིག་བརྒྱ་བརྗོད། མདུན་བསྐྱེད་ཕུར་པ་དང་རས་བྲིས་སོགས་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བརྗོད་པས་མཐའ་རྒྱས་སུ་བྱའོ། །རྗོད་བྱེད་རྣམ་གསལ་རྡོ་རྗེའི་ཚིག །བརྗོད་བྱ་གཏིང་ཟབ་དོན་རྣམས་འདུས། །ངོ་མཚར་ཁྱད་པར་ཆོས་མང་ལྡན། །ཐུགས་ཀྱི་ཕུར་གཅིག་མཚན་དོན་མཚུངས། །ཐལ་འབྱིན་རྣམ་བཞི་འཁོར་འདས་སྲོག་ཏུ་ཐེབས། །སྲིད་པ་ཕུར་བུས་ཡེ་ཤེས་ཁྲོ་བོ་གྲུབ། །འཁོར་བའི་ཆུ་བཞི་བཙན་ཐབས་རྒྱུན་གཅོད་པའི། །འཇིགས་མེད་སྟོབས་བཅུའི་རྩལ་ཤུགས་མཆོག་ཐོབ་ཤོག །ཚུལ་འདིའི་གསང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་རྫོགས་པར་གཏེར་ཆེན་ཉིད་ཀྱིས་ཆེད་དུ་བསྩལ་ཅིང་ཡིག་ཆ་རྣམས་ཀྱང་སྤེལ་བར་འོས་པའི་བཀའ་ལུང་ཡང་ཡང་གནང་རུང་། དགོས་པ་གཞན་གྱིས་ཡུན་རིང་འགྱངས་པས་སླད་ནས་རིན་ཆེན་གཏེར་གྱི་མཛོད་དུ་བཞུགས་སུ་གསོལ་བའི་ཆེད་དུ། མདོར་བསྡུས་པའི་ཕྱག་ལེན་རྣམ་གསལ་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །།
རིན་ཆེན་གླིང་པའི་ནཱ་ག་རཀྴའི་སྒྲུབ་ཐབས་དང་རྗེས་གནང་ (Volume 61, Text 39)
ཨཱོྃ་སྭསྟི། འཇམ་དཔལ་དཔའ་བོ་གདུལ་དཀའི་འགྲོར། །ཆེར་ཁྲོས་ཀླུ་ཡི་སྲིན་པོའི་ཚུལ། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །སྙིང་པོར་དྲིལ་ཏེ་འདིར་བཤད་བྱ། །རིན་ཆེན་གླིང་གཏེར།་་་འདིར་འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་བྱེད་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་ཐབས། རྗེས་སུ་གནང་བའི་ཆོ་གའོ། །དང་པོ་ཡོ་བྱད་ཀྱི་བཤམ་ནི། སྟེགས་བུའི་ཁར་མཎྜལ་ལ་མེ་ཏོག་གི་ཚོམ་བུ་བཀོད་པའི་སྟེང་དུ་གཏོར་མ་གྲུ་གསུམ་དམར་ནག་ཉ་སྦྲུལ་སྦལ་པའི་ཤས་བརྒྱན་པའམ། དཀར་གཏོར་ཟླུམ་པོར་བྱེད་པའི་ལུགས་ཀྱང་ཡོད་དེ། གང་ལྟར་ཡང་སྐུ་རྟེན་ཙཀླིས་བརྒྱན། དེའི་མདུན་དུ་དཀར་གཏོར་ཆ་ལྔ་དང་། མཆོད་པ་ལྔ་བཤམ། རྡོར་དྲིལ་མེ་ཏོག་སོགས་ཉེར་མཁོ་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ལས། སྔོན་འགྲོ་ནི། བགེགས་བསྐྲད། མཚམས་བཅད། སྐྱབས་སེམས་རྣམས་བྱའོ། །དངོས་གཞི་ནི། སེམས་ཅན་ཐམས་ཅད་གཏི་མུག་གདུག་པའི་གདོན་ལས་བསྐྱབ་པར་བྱ་བའི་ཆེད་དུ་འཇམ་དཔལ་ནཱ་ག་རཀྴ་བསྒྲུབ་པར་བྱའོ་སྙམ་པས། རང་སེམས་ཕེ་ཡིག་ནག་པོ་འོད་འབར་བར་གྱུར། དེ་ལས་ཕེ་ནག་པོ་འཕྲོས། ཕེ་རཀྴ་ཀུ་རུ་བྷྲཱུྃ། ཞེས་བརྗོད་པས་འཇིག་རྟེན་འདས་མ་འདས་ཀྱི་མཚམས་སུ། རིན་པོ་ཆེ་སྣ་ཚོགས་བཀྲམ་པའི་རྒྱ་མཚོར་སྟེང་འོག་ཐམས་ཅད་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་གི་ནང་དུ་ས་བདག་ཀླུ་གཉན་གདན་དུ་བཏིང་བའི་སྟེང་དུ། རང་ཉིད་རིག་པའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་མཐིང་ནག །རྩ་ཞལ་སྲིན་པོའི་གདོང་ཤིན་ཏུ་ཁྲོས་པ། སྡང་མིག་ཟུར་གསུམ་བསྒྲད་ཅིང་དུག་ཅན་གྱི་མཆེ་བ་གཙིགས་པ། སྦྲུལ་མགོ་དགུའི་གདེངས་ཀ་བར་སྣང་དུ་འཕྱོ་བ། སྦྲུལ་མགོ་དབུས་མའི་སྤྱི་བོར་རིན་པོ་ཆེའི་པྲོག་ཞུའི་ཁང་བུར་བླ་མ་མི་བསྐྱོད་པ་བཞུགས་པ། ཕྱག་བཅུ་དྲུག་གི་གཡས་པ་བརྒྱད་གྲི་གུག་གཡོན་པ་བརྒྱད་སྦྲུལ་ཞགས་འཛིན་པའི་དང་པོ་གཉིས་ཐུགས་ཀར་བསྣོལ་ཞིང་ལྷག་མ་གདེངས་པ། སྐུ་སྟོད་སྲིན་པོའི་གཟུགས་ཅན་རི་རབ་ལ་རྒྱབ་བརྟེན་པ། སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་གཏིང་དུ་འཁྱིལ་བ། ཞལ་ཐམས་ཅད་ནས་ཨིག་ཤའི་སྒྲ་སྒྲོག་པ། རལ་པ་སྤྲུགས་པ་ལས་སྡོམ་སྡིག་གི་ཚྭ་ཚྭ་འཕྲོ་བ། ཀླུ་རིགས་ལྔ་སྦྲུལ་གྱི་རྣམ་པས་སྐུ་ལ་བརྒྱན་ཅིང་གདོལ་པ་ནག་པོ་འོག་ཏུ་མནན་པ། ཀླུ་རིགས་ཐམས་ཅད་ཟས་སུ་ཟ་ཞིང་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །སྙིང་གར་ཡེ་ཤེས་སེམས་དཔའ་སྦྲུལ་དཀར་པོ་འཁྱིལ་ཞིང་གདེངས་ཀ་བྱས་པའི་སྙིང་གར་ཏིང་འཛིན་སེམས་དཔའ་ཕེ་ནག་པོ་ལ་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཨཱོྃ་ཕེ་ལཾ་ཧཱུྃ༔ ཞེས་ཡིག་འབྲུ་བཞི་པ་འབུམ་ཕྲག་གསུམ་བཟླའོ། །དེས་རྟགས་མ་ཐོན་ན་སྔར་ལས་ཁྲོ་ཞིང་དུག་རླངས་འཕྲོ་བ་དང་སྔགས་ཀྱི་འོད་ཟེར་ཡེ་ཤེས་ཀྱི་མེར་འབར་བས་གདོན་བགེགས་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ། ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨཱོྃ་ཕེ་ལཾ་ཧཱུྃ༔ ཞེས་ཡི་གེ་བཅུ་པ་དང་སྦྲེལ་ནས་ཞག་ཉེར་གཅིག་དྲག་ཏུ་བཟླས་པས་རྟགས་མཐོང་བར་འགྱུར་ལ། སྒྲུབ་པ་ཉི་ཚེ་བ་ལ་ནི་ཞི་སྔགས་སྟོང་ཚོ་ཙམ་དང་། དྲག་སྔགས་བརྒྱ་རྩ་ཙམ་སྐབས་དང་སྦྱར་ལ་བཟླའོ། །ཐུན་བསྡུ་བ་ནི། ལྷ་སྐུ་འོད་གསལ་དུ་བཅུག་ནས་སྟོང་པ་ཉིད་ལ་བློ་བཞག །སླར་ཡང་ལྷར་ལངས་ཏེ་ང་རྒྱལ་བྱ་ཞིང་སྨོན་ལམ་གདབ་བོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་མ་དང་པོ་གསུམ་སྣོད་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་དང་། ཕྱི་མ་གཉིས་རིན་པོ་ཆེའི་སྣོད་དུ་བཅུད་འདོད་ཡོན་གྱི་ཕུང་པོར་བསམ་ལ། གཉིས་ཀ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། གཏོར་མགྲོན་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ། གཏོར་མ་དང་པོ་གུ་རུ་མཎྜལ་དེ་བ་ག་ཎ་ས་པ་རི་བཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པས་བླ་མ་དང་ཡི་དམ་སྤྱི་ལ་འབུལ། གཉིས་པ་སྙིང་པོའི་མཐར་གཏོར་སྔགས་བཏགས་པས་རིག་པའི་རྒྱལ་པོ་ཉིད་ལ་འབུལ། གསུམ་པ་ཆོས་སྐྱོང་གང་བྱེད་ལ་ཕུལ་བའི་མཐར། ཉེར་སྤྱོད་ལྔས་སྤྱིར་མཆོད་ནས། བསྟོད་པ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཞེས་སོགས་ཀྱིས་བླ་མ་དང་། ཧཱུྃ༔ འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན༔ རྒྱ་མཚོ་ཆེན་པོ་ཀློང་ཡངས་དྭངས་པའི་དབུས༔ བསྐལ་པའི་སྦྲུལ་ནག་འཁྱིལ་བའི་དཀྱིལ་འཁོར་ནས༔ རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ༔ བདུད་ཀྱི་བདུད་གཅིག་འཆི་བདག་ཀླུ་ཡི་བདུད༔ སྐུ་ནི་རི་རབ་ངོས་ལ་བརྟེན༔ མཇུག་མ་རྒྱ་མཚོའི་གཏིང་དུ་འཁྱིལ༔ དབུ་ནི་བར་སྣང་ཁམས་སུ་འཕྱོ༔ ཞལ་ནས་གདུག་པའི་སྒྲ་སྐད་ནི༔ འཇིགས་པ་ཨིག་ཤའི་སྒྲ་ཡང་སྒྲོག༔ སྦྲུལ་ནག་རལ་པ་སྤྲུགས་པ་ལས༔ སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ༔ སྤྱན་ནི་དྲག་པོ་ཧུར་ཐུམས་གཟིགས༔ མཆེ་བ་རྣོ་དབལ་དམར་ནག་གཏམས༔ ཀླུ་གཉན་ས་བདག་གདུག་པ་ཅན༔ བཱ་སུ་རིགས་དྲུག་ཟས་སུ་ཟ༔ རྒྱལ་རིགས་མགུལ་ཆུ་དོ་ཤལ་བྱས༔ བྲམ་ཟེའི་རིགས་ཀྱི་ཕྱག་གདུབ་བྱས༔ དམངས་རིགས་ཀླུ་ཚོགས་རྐེད་ལ་དཀྲིས༔ རིགས་ངན་གདོལ་པ་ཞབས་འོག་གནོན༔ གདུག་པའི་ས་བདག་ཀླུ་གཉན་རྣམས༔ སྐད་ཅིག་ཙམ་ལ་བརླག་པར་མཛད༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ ཅེས་རིག་རྒྱལ་ཉིད་ལ་བསྟོད་ནས། ཆོས་སྐྱོང་ལ་བསྟོད་པ་གང་འོས་བྱས་པའི་མཐར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གསོལ། གཏོར་མ་བཞི་པ་གཞི་བདག་ལ་བསྔོ་བ་ནི། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་བཀུག །བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨཱོྃ་ཨ་ཀཱ་རོ་སོགས་ལན་གསུམ། གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་སོགས་བརྗོད། ལྔ་པ་གནོད་བྱེད་ཀྱི་ཀླུ་ལ་ཆབ་གཏོར་བཞིན་གཏང་ན་ལེགས་པས། འདོད་རྒྱལ་གྱི་རྒྱ་དང་། ཨཱོྃ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱ་ཧཱས་འགུགས། སྦྲུལ་གཟུགས་དང་གདེངས་ཀའི་རྒྱ་དང་། ཨཱོྃ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཞེས་སེ་གོལ་བཅས་ལན་གསུམ་དང་། ཨཱོྃ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། གསུམ་གྱིས་བསྔོ། ཡེ་དྷར་དང་། སྡིག་པ་ཅི་ཡང་མི་བྱ་སོགས་ཆོས་སྦྱིན་བྱ། ཀླུའི་རིགས་སུ་གྱུར་པ་ཐམས་ཅད་དང་ཁྱད་པར་བདག་ཅག་ལ་གནོད་ཅིང་ལན་ཆགས་པ་ཐམས་ཅད་མཉེས་ཤིང་ཚིམས་ནས། གནོད་འཚེ་དང་གདུག་སེམས་ཞི་སྟེ་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །སརྦ་གཙྪ། མཁའ་ལྡིང་རྒྱས། ཨཱོྃ་ག་རུ་ཌཿཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་པོའི་ཀླུ་རྣམས་བསྐྲད་དོ། །མཐར་ནོངས་པ་བཤགས། གཏོར་མགྲོན་གཤེགས། སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྔར་བཤད་པའི་ཡོ་བྱད་ཀྱི་བཤམ་དང་ལྡན་པས། བདག་མདུན་མཉམ་སྒྲུབ་བྱེད་པའམ། བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས། མཆོད་གཏོར་བྱིན་གྱིས་བརླབས་ལ། མདུན་གྱི་མཎྜལ་གཏོར་མ་དང་བཅས་པའི་གནས་སུ་ཕེ་ཡིག་ནག་པོ་འོད་འབར་བར་གྱུར། དེ་ལས་ཕེ་ནག་པོ་འཕྲོས། ཕེ་རཀྴ་ཀུ་རུ་བྷྲཱུྃ་ཞེས་པ་ནས། ཏིང་ངེ་འཛིན་སེམས་དཔའ་ཕེ་ནག་པོ་ལ་སྔགས་ཀྱིས་བསྐོར་བ་ཞེས་པའི་བར་སྔར་བཞིན་ལས། སྙིང་གའི་ཕེ་ཡིག་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་རིག་པའི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན༔ ཞེས་སོགས་ཀྱིས་བསྟོད། བདག་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྤྲོ་བསྡུ་མགལ་མེ་བསྐོར་བ་ལྟ་བུས་རྩ་སྔགས་བརྒྱ་རྩ་སོགས་དང་དྲག་སྔགས་ཀྱང་ཅུང་ཟད་རེ་བཟླས་པའི་མཐར། གཏོར་མ་འབུལ་བ་སྔར་བཞིན་བྱའོ། །སློབ་མའི་བྱ་བ་ཁྲུས་བྱས། བགེགས་བསྐྲད་ཆོས་བཤད་ཅི་རིགས་པ་སྔོན་དུ་འགྲོ་བས། འདིར་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཉིད་གཏི་མུག་གདུག་པའི་གདོན་རྣམས་འདུལ་བའི་ཆེད་དུ་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་སྐུར་བཞེངས་པའི་སྒྲུབ་ཐབས་ཁྱད་པར་ཅན་འདི་ནི། སྔོན་རྒྱ་གར་བྷ་ལ་སཾ་ཏྲར་རྒྱལ་པོ་གཙུག་གི་ནོར་བུའི་བུ་མཐའ་ཡས་འོད་ཅེས་བྱ་བ་ལོ་བཅུ་གཅིག་ལོན་པ་གཅིག་ས་བདག་དམངས་རིགས་ཀྱི་གདོན་གྱིས་ཟིན་པ་ལ། བླ་མཆོད་དུ་དགེ་སློང་ཚུལ་ཁྲིམས་དག་པ་གཅིག་ཡོད་པ་དེས་ལྷ་ལ་གསོལ་བ་བཏབ་པས། རི་བོ་མགྲིན་བཟང་ན་སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་གྱི་བུམ་པའི་ནང་ན་ཀླུ་རྒྱུད་འབུམ་གྱི་སྙིང་པོ་ཡོད་པ་ལོངས་ལ་ཉམས་སུ་ལོངས་ཤིག་བྱ་བ་བྱུང་བས་གཏེར་ནས་ཕྱུང་སྟེ་རྒྱལ་བུ་ནད་ལས་བཀྲོལ། ཕྱིས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་འཁོར་བསམ་ཡས་བཞེངས་དུས་མལ་གྲོའི་ཀླུས་སྤྲུལ་པའི་གཟུགས་ཀྱིས་གྲོགས་བྱས་པའི་དྲིན་བསླན་ཕྱིར་གཟུགས་སྟོན་པར་ནན་གྱིས་བསྐུལ་བ་ལས་གཟི་ཅན་གྱིས་རང་གཟུགས་བསྟན་པའི་དུག་གིས་ཕོག་པས་ནད་དང་སྡུག་བསྔལ་གྱིས་མནར་བར་གྱུར་ཅིང་། འོན་ཀྱང་སློབ་དཔོན་ཆེན་པོ་ལྟ་བུ་བཞུགས་པས་ཕན་པའི་ཐབས་མཆིས་སམ་སྙམ་སྟེ། ཚུལ་དེ་ཞུས་ནས་གསོལ་བ་བཏབ་པས་གདམས་པ་འདི་ཉིད་བསྟན་པས་རྒྱལ་པོ་བསྙུན་ལས་གྲོལ་ཏེ་སྔོན་གྱི་རབས་ཀྱང་གསུངས་སོ། །དེ་ལྟ་བུའི་གདམས་པ་འདི་ནི་ཇི་སྐད་དུ་སློབ་དཔོན་ཆེན་པོས། དྲན་པ་ཙམ་གྱིས་ཀླུ་རྣམས་འཇོམས༔ ས་བདག་ས་སྲིན་སྨྲོས་ཅི་དགོས༔ ས་བདག་ཀླུ་ཡི་གཤེད་མ་ནི༔ ནཱ་ག་རཀྴ་ཞེས་བྱ་བ༔ ཀླུ་རྣམས་སྲོག་གཅོད་སྲིན་པོ་ཡིན༔ ཞེས་གསུངས་པ་ལྟར་མཐུ་སྟོབས་བྱིན་རླབས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་ལྷག་པའི་ལྷ་འདི་ལ་སྒྲུབ་པའི་བཀའ་སྲོལ་རྣམ་གྲངས་མང་དུ་བཞུགས་པ་ལས། འདིར་ནི་ཆོས་ཀྱི་རྒྱལ་པོ་རིན་ཆེན་གླིང་པས་འབྲི་ཐང་ཀོ་རོ་བྲག་ནས་སྤྱན་དྲངས་ཏེ་དྲིན་ཅན་བླ་མ་དམ་པའི་བར་དུ་བྱིན་རླབས་ཀྱི་དྲོད་ཚད་མ་ཉམས་པར་རིམ་པར་བརྒྱུད་པ་ཡིན་ལ། དེ་ལྟ་བུའི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཅེས་གསོལ་བ་གདབ། སྐྱབས་སེམས་དང་རྒྱུན་བཤགས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་ནི། སློབ་མ་དང་མདུན་གྱི་རྟེན་རྣམས། ཕེ་རཀྴ་ཀུ་རུ་བྷྲཱུྃ་ཞེས་པ་ནས་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་ལྷར་གསལ་བ་ལས། ཁྱད་པར་གཏོར་མ་ལྷ་སྐུར་གསལ་བའི་སྦྲུལ་མགོ་དབུས་མའི་རིན་པོ་ཆེའི་པྲོག་ཞུའི་སྟེང་དུ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དུ་བཞུགས་པའི་གནས་གསུམ་དུ་ཨཱོྃ་ཨཱཿཧཱུྃ་གསུམ་དང་། སློབ་མའི་གནས་གསུམ་དུ་ཡང་འབྲུ་གསུམ་གསལ་བཏབ་ལ། བླ་མ་རིན་པོ་ཆེ་བདག་ལ་བཅོམ་ལྡན་འདས་འཇམ་དཔལ་ནཱ་ག་རཀྴའི་སྐུས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་བཏབ། བླ་མའི་དཔྲལ་བའི་ཨཱོྃ་ལས་འོད་ཟེར་དཀར་པོ་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་སྐུའི་ཡོན་ཏན་བསྡུས༔ སློབ་མའི་དཔྲལ་བའི་ཨཱོྃ་ལ་ཐིམ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས༔ ལུས་འཇམ་དཔལ་གྱི་སྐུ་རྡོ་རྗེའི་ངོ་བོར་གྱུར་པ་ནི་བུམ་དབང་ངོ༔་་་སྤོས་རོལ་བྱ། དེ་བཞིན་དུ་ཡང་བླ་མ་རིན་པོ་ཆེ་བདག་ལ་བཅོམ་ལྡན་འདས་འཇམ་དཔལ་ནཱ་ག་རཀྴའི་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་བཏབ། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་བསྡུས༔ སློབ་མའི་མགྲིན་པའི་ཨཱཿལ་ཐིམ༔ ངག་གི་ནད་གདོན་སྡིག་སྒྲིབ་སྦྱངས༔ ངག་འཇམ་དཔལ་གྱི་གསུང་རྡོ་རྗེའི་ངོ་བོར་གྱུར་པ་ནི་གསང་དབང་ངོ༔་་་སྤོས་རོལ་བྱ། ཡང་བླ་མ་རིན་པོ་ཆེ་བདག་ལ་བཅོམ་ལྡན་འདས་འཇམ་དཔལ་ནཱ་ག་རཀྴའི་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་བཏབ། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་བསྡུས༔ སློབ་མའི་སྙིང་གའི་ཧཱུྃ་ལ་ཐིམ༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས༔ ཡིད་འཇམ་དཔལ་གྱི་ཐུགས་རྡོ་རྗེའི་ངོ་བོར་གྱུར་པ་ནི་ཤེར་དབང་ངོ༔་་་སྤོས་རོལ་བྱ། ཡང་བླ་མ་རིན་པོ་ཆེ་བདག་ལ་བཅོམ་ལྡན་འདས་འཇམ་དཔལ་ནཱ་ག་རཀྴའི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་བཏབ། བླ་མའི་གནས་གསུམ་གྱི་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་སོགས་སྣ་ཚོགས་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྡུས༔ སློབ་མའི་གནས་གསུམ་གྱི་འབྲུ་གསུམ་དང་བ་སྤུའི་སྒོ་ཐམས་ཅད་ལ་ཐིམ༔ སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྦྱངས༔ ལུས་ངག་ཡིད་གསུམ་འཇམ་དཔལ་གྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པ་ནི་དབང་བཞི་པའོ༔ དེ་རྣམས་རེ་རེའི་མཚམས་སུ་གསོལ་འདེབས་དང་སྤོས་རོལ་ཡང་བྱའོ། །སྐབས་འདིར་གཏོར་དབང་མཛད་པའི་ཕྱག་ལེན་ཡང་གདའ་བས་དེ་ལྟར་ན། གཏོར་མ་འདི་ཉིད་རིག་པའི་རྒྱལ་པོ་ནཱ་ག་རཀྴར་དངོས་སུ་སྒོམས། དེ་ལ་མོས་གུས་དུང་བ་བྱས་པས་དེ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། ཕྱི་ནང་གི་བར་ཆད་ཐམས་ཅད་བསྲུང་བ་དང་གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་ནས་ཞལ་དུ་ཆོམ་ཆོམ་གསོལ་བར་མོས་ཤིག་བྱས་ལ། གཏོར་མ་སྤྱི་བོར་བཟུང་ལ་རོལ་མོ་དང་བཅས་པས་བཀའ་བསྒོ་དྲག་ཏུ་བྱས་པའི་མཐར་གཏོར་མའི་ལྷ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་སྟེ་གཉིས་སུ་མེད་པར་བསམ་ཞིང་། སྔགས་ཀྱི་བཟླས་ལུང་འབོགས་པའང་སྐབས་འགར་མཛད་པར་སྣང་བས་དེ་ལྟར་ན། དཔོན་སློབ་གཉིས་ཀ་འཇམ་དཔལ་ནཱ་ག་རཀྴར་གསལ་བའི་སྙིང་གར་སྦྲུལ་དཀར་པོ་འཁྱིལ་བའི་ཐུགས་སྲོག་ཕེ་ཡིག་ནག་པོ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཞེས་བྱས་ལ་ཞི་དྲག་སོ་སོར་རྗེས་ཟློས་ལན་གསུམ་མཐར་མེ་ཏོག་འབུལ་སྟེར་སོགས་སྤྱི་ལྟར་བྱའོ། །གང་ལྟར་ཡང་རྗེས་དམ་ཚིག་ཁས་བླང་བ་དང་། མཎྜལ། ཡོན་འབུལ་སོགས་དང་། རྗེས་ཆོག་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་རྣམས་བྱའོ། །རྣམ་འ༵གྱུར་མི་བཟད་ཀླུ་སྲིན་སྐུར། །གཉིས་མེ༵ད་ཡེ་ཤེས་ལས་ཤར་པ། །འཇམ་དཔལ་རྡོ༵་རྗེ༵་རིག་རྒྱལ་གྱི། །སྒྲུབ་ཐབས་ཀུན་ཏུ་ཉེར་མཁོའི་མཆོག །འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེ་ཚན་ནོ།། །།
དགོངས་བརྒྱུད་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་འདས་རྗེས་རྡོར་གླིང་གཏེར་བྱོན་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་ཁོལ་དུ་ཕྱུང་བ་ (Volume 62, Text 39)
༄༅། །དགོངས་བརྒྱུད་རྫོགས་ཆེན་སྟོན་པ་བཅུ་གསུམ་གྱི་འདས་རྗེས་རྡོར་གླིང་གཏེར་བྱོན་ཕ་རྒྱུད་ལྟ་བ་ཀློང་ཡངས་ལས་ཁོལ་དུ་ཕྱུང་བ་བཞུགས། ། སྡེ་གསུམ་ནང་སྐོར་ཀློང་སྡེ། ༼༡ ྈྈྈྈྈ ྈྈྈྈྈྈ རྒྱ་གར་སྐད་དུ༔ སརྦ་བྷེ་ལ་ཏྲི་དྷརྨ་ྈ བོད་སྐད་དུ༔ རང་བྱུང་ཆོས་ཚིག་ཐམས་ཅད་རང་ཤར་བའི་གླེགས་བམ༔ བཅོམ་ལྡན་འདས་ཀ་དག་སྨྲ་བསམ་བརྗོད་ཚིག་མཐའ་དང་བྲལ་བའི་ཀློང་ལ་ཕྱག་འཚལ་ལོ༔ ཆོས་དབྱིངས་དམིགས་གཏད་དང་བྲལ་བའི་ཀློང་ན༔ མཚན་མ་ཡུལ་རིས་དང་བྲལ་བའི་གཞལ་ཡས་ཁང༔ བཟོ་མིང་ཁ་དོག་བྲལ་བའི་གདན་ཁྲི་ལ༔ ཞལ་ཕྱག་ཕྱོགས་ཞེན་ལས་འདས་པའི་སྟོན་པ་ཀུན་ཏུ་བཟང་པོས༔ ཐུགས་རྗེ་སྣ་ཚོགས་སུ་འཕྲོ་བའི་རང་ཤེས་རང་རིག་མདངས་འཁོར་ལ༔ འཁོར་འདས་སུ་མ་ཕྱེད་ཕྱེ་བ་མི་མངའ་བའི་དུས་སུ་བཀའ་བསྩལ་པ༔ ཨ་ཨ་ཨ༔ སྟོང་ཁྱབ་གསལ་རིག་བརྗོད་པ་མེད༔ སྣང་བརྡལ་ལྷུག་པ་ཐལ་ལེ་བ༔ མིང་མེད་ཡུལ་བྲལ་མ་འགགས་ཤིང༔ གོ་འབྱེད་རང་བྱུང་རྣམ་གསལ་ཆེ༔ རང་རྩལ་མ་རིག་གཞི་སྣང་འཐས༔ སྟོང་ངོ་རང་བཞིན་གསལ་ཆར་ཞེན༔ ཐུགས་རྗེ་སྣང་གཟུགས་འབྱུང་ལྔར་འཐས༔ ཁམས་གསུམ་རིགས་དྲུག་དུག་གསུམ་བྱུང༔ དེ་གྲོལ་ཀུན་བཟང་ལྟ་འདོད་ན༔ སྣང་བ་བཀོད་པའི་ཕྱི་དབྱིངས་ནང༔ སྐུ་གསུམ་རྫོགས་ལྡན་ཚོམ་འོད་ཟེར༔ ཕྲ་མཉེན་གསལ་འཚེར་དཀྱིལ་འཁོར་རྫོགས༔ ཤེལ་འཇའ་མེ་ལོང་རྨ་བྱ་གསུམ༔ དབང་བཞི་རྫོགས་པའི་དཔེ་རུ་གཞག༔ མུག་ནག་སྒོ་གསུམ་བྱ་བ་གཏང༔ ཨ་འ་ཧ་ས་ཤ་མ་བཟླ༔ རྡོ་རྗེའི་གདམས་པ་མི་གཡོ་ཞིང༔ འབྱུང་བཞི་ཕྱི་ནང་རྟོག་རྩ་བཅད༔ གདོད་མའི་གཞི་ལ་ངང་གནས་ན༔ གཡོ་མེད་ངང་དུ་དྲུག་ཅུ་རྣལ༔ སེམས་དང་ཡེ་ཤེས་རྩ་ལམ་སྒོ༔ སོ་སོར་དབྱེ་ལ་གཅིག་ཏུ་བསྲེ༔ ཆོས་སྐུ་རང་གྲོལ་ཕྱག་རྒྱ་ཡིས༔ སྒྲོན་མ་རྣམ་བཞི་ལོངས་སྤྱོད་ཅིག༔ སྣང་བཞིའི་གདེང་བཞིའི་ས་ཟིན་ནས༔ ཁམས་གསུམ་དམིགས་མེད་ཡེ་རྫོགས་རྒྱས༔ སྣང་དང་སྟོང་དང་དབྱེར་མེད་ཆོས༔ འཁོར་འདས་ཆོས་ཚིག་དེར་ཟད་དོ༔ རང་བྱུང་ཤྭ་ལོ་བདུན་པ་འདི༔ ཚིག་དང་ཡི་གེར་མ་བྱུང་སྟེ༔ མཁའ་ལ་འཇའ་ཟེར་བཞིན་དུ་འཁྱིལ༔ བསྟན་པ་ཀུན་གྱི་ཐོག་མ་འོ༔ ཀུན་བཟང་དགོངས་པའི་རྒྱུད་རིན་པོ་ཆེས་བྲིས་ཏེ༔ མགུལ་དུ་བཅངས་པའི་མི་དེ་དྲན་པས་སངས་རྒྱ་བའོ༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ལ་ལྔ་ལྡན་གྱི་བུ་ལ་གཏོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བོད་སྐད་དུ༔ སྐུ་ལྔ་དབྱེར་མེད་རང་ཤར་གྱི་གླེགས་བམ༔ བཅོམ་ལྡན་འདས་ལྔ་ལྡན་ཚོམ་བུའི་ཞིང་ཁམས༔ རིག་པ་གཞོན་ནུ་བུམ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཀུན་ཏུ་བཟང་པོ་དེ་ཉིད་ལོངས་སྐུའི་རྣམ་པར་གསལ་ཏེ༔ གནས་ཐིག་ལེ་རྣམ་པར་དག་པ༔ དམིགས་བཅས་གཟུགས་རིས་ལས་འདས་པ༔ རྣམ་པར་སྣང་མཛད་རང་བཞིན་གྱིས་གསལ་བས༔ འཁོར་དམ་པ་རིགས་བརྒྱ་ཞི་ཁྲོ་བརྗོད་ལས་འདས་པ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨེ་མ་ཧོ༔ རང་ལ་ཡོད་པའི་འོད་པོ་ཆེ༔ དབྱིངས་ཆེན་སྣང་བ་ངོ་མཚར་ཆེ༔ རང་ལ་གསལ་བའི་བཀྲག་པོ་ཆེ༔ ཡུལ་དྲུག་ཤར་པ་ངོ་མཚར་ཆེ༔ རང་ལས་གྲོལ་བའི་ཤེས་པོ་ཆེ༔ རྒྱ་གསུམ་གྲོལ་བ་ངོ་མཚར་ཆེ༔ དབང་ཆེན་ལྔ་པོ་ཐོབ་པ་ན༔ སྤོ་མཐོན་རྩེ་ནས་ཆུ་མིག་ཕྱེ༔ ལུས་གནད་ཞིང་ཁམས་འདྲེན་ཚུགས་ཤིག༔ ངག་ཏུ་འབྲུ་ལྔ་བཟླས་བྱེད་ཅིང༔ ཕྱི་ནང་གསང་གསུམ་ལྷ་སྒོམས་ཤིག༔ བདེ་སྟོང་གསལ་རིག་མི་རྟོག་པས༔ སྐུ་ལྔ་རིགས་ལྔ་རང་གྲོལ་ཏེ༔ སྤྲུལ་པས་ཁམས་གསུམ་དོང་སྤྲུགས་སོ༔ ལྟ་སྒོམ་སྤྱོད་འབྲས་ལྷ་དམ་ཚིག༔ ཕྲིན་ལས་བྱ་བ་འདི་ཡིས་རྫོགས༔ ཤྭ་ལོ་ཀ་ནི་བཞི་པ་འདི༔ མཁའ་ལ་ཡིག་འབྲུའི་ཚུལ་དུ་ཤར༔ བསྟན་པ་ཀུན་གྱི་སྲས་གཅིག་ཡིན༔ སྐལ་ལྡན་བུ་ལ་འདི་སྟོན་ཅིག༔ ཅེས་གསུངས་སོ༔ ལོངས་སྐུའི་དགོངས་སྤྱོད་སྲས་གཅིག་གི་རྒྱུད་ཅེས་བྱ་བ༔ རིན་པོ་ཆེས་བྲིས་ཏེ་མགུལ་དུ་བཅངས་པས༔ ཐུགས་རྗེ་དྲན་སངས་རྒྱ་བ་འོ༔ སྔགས་ཀྱི་བདག་མོས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ྈྈྈྈྈ རྒྱ་གར་སྐད་དུ༔ ཨ་ཨ་ཨཾ༔ བོད་སྐད་དུ༔ སྟོང་པའི་སྒྲ༔ བཅོམ་ལྡན་འདས་སྣ་ཚོགས་ཀུན་སྣང་འདུས་མ་བྱས་པ་ལ་ཕྱག་འཚལ་ལོ༔ འདི་སྐད་ཅེས་སྣང་བའི་དུས་གཅིག་ན༔ ཀུན་ཁྱབ་བརྡལ་བ་ཆེན་པོའི་ཞིང་ཁམས་སུ་སྤྲུལ་པའི་སྐུ་ཉིད་དུ་ཤར་ཏེ༔ ཐབས་ཤེས་གཉིས་སུ་མེད་པའི་ཁྱེའུ་ཆུང་རྡོ་རྗེ་འཆང་གིས༔ ཕྲིན་ལས་རྣམ་པ་བཞི་ཡི་འཁོར་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨེ་མ༔ ངོ་བོའི་ཆོས་རྣམས་ངང་གིས་སྟོང༔ ལྟ་བ་མཐའ་བྲལ་ལ་ཟློས་ཤིག༔ རང་བཞིན་ཆོས་རྣམས་ངང་གིས་གསལ༔ སྒོམ་པ་ཐོད་རྒལ་ལ་ཟློས་ཤིག༔ སྤྱོད་པ་ཐུགས་རྗེ་ཤར་གྲོལ་ངང༔ སྐུ་གསུམ་རང་གསལ་ལ་ཟློས་ཤིག༔ སྣང་བ་ཕྱི་རུ་བཟོ་མ་བཅོས༔ རིག་པ་ནང་དུ་རྩིས་མ་འདེབས༔ སྣང་རིག་བར་ན་ཧྲིག་གེ་བ༔ དབྱིངས་ཆེན་ངང་ན་ལམ་མེ་བ༔ རྐྱེན་བྲལ་ཡུལ་ལ་ཁྱུག་གེ་བ༔ མ་བཅོས་མ་ཡེངས་ལ་ཟློས་ཤིག༔ དུས་གསུམ་དབང་ཐོབ་གཞན་དོན་བྱེད༔ ལུས་གློད་ངག་དམ་སེམས་མི་སྤྲོ༔ འདི་ཉིད་བསྟན་པའི་ཐོག་མ་འོ༔ འཁོར་འདས་གཉིས་མེད་གདེང་ཆོས་ཤིག༔ ཤྭ་ལོ་ཀ་ནི་བཞི་པ་འདི༔ འབྱུང་བཞིའི་སྒྲ་རུ་རང་བྱུང་བས༔ འདི་དང་སུ་འཕྲད་གདོད་མར་གྲོལ༔ ལྔ་ལྡན་བུ་ལ་འདི་གཏོད་ཅིག༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ རྡོ་རྗེ་འཆང་དང་པོའི་དགོངས་པ་བསྟན་པའི་བུ་གཅིག་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༼༢ ༄༅༔ རྒྱ་གར་སྐད་དུ༔ སརྦ་དྷརྨཱ་བྷྱཻ༔ བོད་སྐད་དུ༔ ཆོས་ཐམས་ཅད་ཀྱི་གནད༔ རང་ཤར་གྱི་ལྷ་གཞི་སྣང་གདལ་བ་ལ་ཕྱག་འཚལ་ལོ༔ སེམས་ཅན་གྱི་ཚེ་ལོ་དཔག་ཏུ་མེད་པའི་དུས་ན༔ ཡུལ་དགའ་ལྡན་བརྩེགས་པར༔ སྟོན་པ་རྡོ་རྗེ་སེམས་དཔའ་རང་ཤར་ཏེ༔ བརྫུས་ནས་སྐྱེས་པ་རྣམས་འདུལ་བའི་ཕྱིར༔ འཁོར་སངས་རྒྱས་སྟོང་རྩ་གཉིས་ལ༔ ཅོ་ག་དགུ་འགྱུར་གྱི་སྐད་ཀྱིས་རྩ་བའི་རྒྱུད་འདི་གསུངས༔ ཀ་དག་བསམ་མེད་སྤྲོས་པ་བྲལ༔ གཞི་སྣང་ཆེན་པོར་ཐག་ཆོད་ཅིག༔ རང་གསལ་མ་འདྲེས་མ་འགགས་སྣང༔ ལམ་སྣང་ཆེན་པོར་ཐག་ཆོད་ཅིག༔ རང་གྲོལ་ལྷུན་གྲུབ་མཉམ་གདལ་ངང༔ འབྲས་བུ་གདེང་ཆེན་ལ་ཟློས་ཤིག༔ གནས་ས་ཙིཏྟ་དུང་ཁང་རྩ༔ ལམ་ནི་ཤེལ་སྦུག་དྭངས་པ་སྟེ༔ སྒོ་ནི་རྒྱང་ཞགས་ཆུ་སྒྲོན་མ༔ ཡུལ་ནི་རྐྱེན་བྲལ་དྭངས་མཐོའི་དབྱིངས༔ ངོ་བོ་ཕྲ་མཉེན་སྟོང་གསལ་འཁྱུག༔ ཁ་དོག་མ་ངེས་སྣ་ཚོགས་རིས༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཡོད་ནི་སེམས་ཅན་ཀུན་ལ་ཡོད༔ མངོན་སུམ་སྣང་བས་བར་དོར་གྲོལ༔ གོང་འཕེལ་སྣང་བས་འཆི་ཁར་གྲོལ༔ ཚད་ཕེབས་སྣང་བས་འོད་ལུས་ཐོབ༔ ཟད་པས་སྐད་ཅིག་རྫོགས་སངས་རྒྱས༔ ལུས་ནི་རྡོ་རྗེ་ལྟ་བུར་འདྲིལ༔ ངག་ནི་ཧཱུྃ་གི་སྒྲ་གསུམ་འབྱིན༔ སེམས་ནི་རང་རང་ངོ་ལ་བརྟག༔ མ་ཡེངས་གསུམ་གྱིས་གོལ་གསུམ་ཆོད༔ བཀའ་གཏད་རབ་འབྱམས་དབང་རྫོགས་སོ༔ འདི་ཤེས་རྡོ་རྗེ་སེམས་དཔའ་དང༔ གཉིས་མེད་ལྷུན་མཉམ་ཆེན་པོ་འོ༔ བསྟན་པ་ཀུན་གྱི་སྲོག་ཚིག་འདི༔ རིན་ཆེན་ཁུ་བས་རབ་བྲིས་ཏེ༔ དེ་ནས་མགུལ་དུ་རབ་བཅང་ངོ༔ ཐུགས་རྗེས་མཐོང་གྲོལ་ཞེས་བྱ་བའོ༔ སྔགས་ཀྱི་སྲུང་མས་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༣ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ སརྦ་དུ་ས་དྷ་རྐཾ༔ བོད་སྐད་དུ༔ ཡང་ཏིག་སྲོག་གཟེར༔ བཅོམ་ལྡན་འདས་བདེ་ཆེན་སྣང་སྟོང་རྫོགས་པ་ལ་ཕྱག་འཚལ་ལོ༔ དེ་ནས་ཚེ་ལོ་མར་མར་བྲི༔ ཚེ་ལོ་བྱེ་བ་ཐུབ་པའི་དུས༔ མི་མཇེད་འཇིག་རྟེན་དམ་པ་འདིར༔ དྲུག་པ་རྡོ་རྗེ་འཆང་ཆེན་ང༔ སྒོ་ང་དག་ལས་སྐྱེ་ཚུལ་བསྟན༔ བཅུ་དྲུག་གཞོན་ཚུལ་འོད་མི་འཁྲུགས༔ ཆགས་པས་ཆགས་པ་འདུལ་དོན་དུ༔ འཁོར་དུ་མཁའ་འགྲོ་འབུམ་ཚོ་ལྔ༔ གདུང་བ་སེལ་ཕྱིར་ཚིག་འདི་གསུངས༔ ཨེ་མ༔ རིག་པ་ཀློང་ཆེན་ནམ་མཁའ་འདྲ༔ ཉོན་མོངས་རྟོག་པ་རླུང་འཚུབས་འདྲ༔ འདུལ་བྱེད་དམ་ཆོས་ཉི་མ་འདྲ༔ སླར་ཡང་མེས་ཚིག་མེ་ཡིས་གདུང༔ ཉོན་མོངས་གཉེན་པོར་ཉོན་མོངས་བརྟེན༔ ཕོ་ལ་བཅུ་དྲུག་མོ་ལ་བརྒྱད༔ ཐབས་ཤེས་ཡབ་ཡུམ་རྟེན་རྫས་གསག༔ དུང་ཅན་རི་མོ་པད་རི་དྭགས༔ གླང་སྣ་རིགས་ལྔས་ལོངས་སྐུ་འགྲུབ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ལས་དང་བདེ་གཤེགས་དཔའ་བོ་ལྔ༔ བདེ་ཆེན་སྤྲུལ་པའི་སྐུ་ཡང་འགྲུབ༔ བདེ་ལ་སེམས་གཟུང་སྟོང་ལ་སྦྱང༔ ཕབ་བཟུང་ལྡོག་དགྲམ་ལུས་གནད་བཅའ༔ རང་སར་གོ་ཟློག་ཐིག་ལེ་སྤེལ༔ ཕྱི་ནང་གུང་སྦྱར་སྣང་སེམས་བསྲེ༔ རླུང་གིས་ཡོན་ཏན་ཐམས་ཅད་འགྲུབ༔ ཡི་གེས་གཞན་དོན་དཔག་མེད་བྱེད༔ ཐིག་ལེས་ཕ་རོལ་སེམས་ཤེས་འགྱུར༔ སྔོན་དུ་དབང་བཞིས་སྒྲིབ་བཞི་སྦྱངས༔ གནད་བཞིས་འཁོར་བའི་སེམས་བསྒྲལ་ལོ༔ འབྲས་བུ་སྐུ་གསུམ་མངོན་དུ་འགྱུར༔ དེ་ལྔས་འཁོར་བ་དོང་སྤྲུག་གོ༔ དགུ་བཅུ་གཅིག་གི་འོད་ཀྱི་ལུས༔ ཆགས་པ་ཅན་རྣམས་ཐོབ་པ་འོ༔ གནད་འདི་སུས་ཤེས་འཁོར་འདས་གྱེས༔ ཚིག་གི་དབང་གིས་རྟོགས་འགྱུ་གྲོལ༔ ལྔ་ལྡན་བུ་ལ་འདི་སྟོན་ལ༔ སྐལ་པ་དམན་ལ་མ་སྟོན་ཅིག༔ དཔལ་ལྡན་སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཏིག་སྲོག་གཟེར་གྱི་རྒྱུད་ཅེས་བྱ་བ༔ ཐུགས་རྗེས་གཅེར་གྲོལ་ཡིན་ནོ༔ ྈྈྈྈ ༼༤ ༄༅༔ ྈྈྈྈ རྒྱ་གར་སྐད་དུ༔ ཨེ་བཾ་ཀྲུ་ཡ༔ བོད་སྐད་དུ༔ གསེར་གྱི་འབྲུ་གཅིག་པ༔ འཁོར་འདས་མཐའ་བྲལ་ཀློང་དུ་ཕྱག་འཚལ་ལོ༔ སེམས་ཅན་ཚེ་ལོ་འབུམ་གྱི་དུས༔ སྟོན་པ་འཇམ་དཔལ་འཇིགས་སྐྱོབ་ཉིད༔ དྲོད་དང་གཤེར་གྱི་གནས་སུ་བལྟམས༔ ཆགས་མེད་ལོག་ཅན་འདུལ་བའི་ཕྱིར༔ ཐབས་ཀྱི་རྒྱུ་ལས་སྐྱེས་པ་ཡི༔ བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག༔ རིགས་ལྡན་འཁོར་ལ་བཀའ་བསྩལ་པ༔ ཨེ་མ༔ དབང་གསུམ་གནད་གསུམ་གཟེར་གསུམ་གདབ༔ སྡོད་གསུམ་ཚད་གསུམ་ཡུལ་གསུམ་ཆོད༔ ཞིང་ཁམས་གསུམ་ལ་ལོངས་སྤྱད་པས༔ ངོ་སྤྲོད་གསུམ་གྱིས་ཐག་ཆོད་ཅིག༔ ཅེས་གསུངས་སོ༔ འཁོར་བ་དོང་སྤྲུགས་གསེར་གྱི་འབྲུ་གཅིག་པ་ཞེས་བྱ་བ༔ ཐུགས་རྗེས་རེག་གྲོལ་ལོ༔ སྔགས་ཀྱི་བདག་མོས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༥ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ མཱ་མ་ཨཱཀྵེ༔ བོད་སྐད་དུ༔ རིགས་དྲུག་རང་གྲོལ༔ བཅོམ་ལྡན་འདས་སྐུ་གསུམ་རང་གསལ་དེ་ལ་ཕྱག་འཚལ་ལོ༔ ཚེ་ལོ་ཁྲི་ཚོ་བརྒྱད་པའི་དུས༔ ལུས་ཀྱི་འོད་ཟད་ཉི་ཟླ་བྱུང༔ ཉོན་མོངས་ཕོ་མོ་དབང་སྒོ་དོད༔ གཟུང་འཛིན་ཆགས་ཞེན་རབ་ཏུ་འཐས༔ དེ་འདུལ་གཉེན་པོར་རྡོར་འཆང་ང༔ མངལ་གྱི་གནས་སུ་སྐྱེ་ཚུལ་བསྟན༔ ཁྱེ་འུ་རྣམ་པར་རོལ་པ་ཞེས༔ འཁོར་དུ་གནོད་སྦྱིན་སྲིན་པོས་བསྐོར༔ སྟོང་ཕྲག་ལྔ་ལ་འདི་གསུངས་སོ༔ ཨེ་མ་མ་བཅོས་ཞོག་དང་ཁོང་ནི་ཡངས༔ མ་ཡེངས་ཞོག་དང་དྭངས་ཆ་ཐོན༔ རྒྱུན་དུ་སྐྱོངས་དང་རྗེས་སུ་གསལ༔ སྣང་སྟོང་བསྲེས་དང་གོལ་ས་ཆོད༔ ཆོས་སྐུའི་ངོ་སྤྲོད་རྩ་གཅིག་གིས༔ ཆོས་སྐུའི་ཞིང་ཁམས་བལྟ་བར་གྱིས༔ ལོངས་སྐུའི་ངོ་སྤྲོད་རྩ་གཅིག་གིས༔ ལོངས་སྐུའི་ཞིང་ཁམས་སྤྱོད་པར་གྱིས༔ སྤྲུལ་སྐུའི་ངོ་སྤྲོད་རྩ་གཅིག་གིས༔ སྤྲུལ་སྐུའི་ཞིང་ལ་རོལ་པར་གྱིས༔ སྐྱེ་གནས་བར་དོར་བྲེས་ཐག་ཆོད༔ འཆི་ཁའི་བར་དོ་རང་གསལ་ཐོབས༔ ཆོས་ཉིད་བར་དོར་མཁྱེན་སྤྱོད་རྒྱས༔ སྲིད་པའི་བར་དོར་སྤྲུལ་ཞིང་གྲོལ༔ ལྷུན་གྲུབ་སྦུབས་སུ་བུདྡྷ་འོ༔ འདི་ཉིད་འབྱུང་ལྔའི་སྒྲ་རུ་ཤར༔ ཨ་ཏི་བསྟན་པའི་ཐིག་ལེ་ཡིན༔ བརྟགས་ཤིང་བརྟགས་ཤིང་རང་ངོ་སྤྲད༔ ཐུགས་རྗེས་རེག་སངས་རྒྱ་བའོ༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༦ ༄༅༔ ྈྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཨ་ཏི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པོ་ཞེས་བྱ་བ༔ དྲུག་པ་རྡོ་རྗེ་འཆང་ཆེན་ཉིད་ལ་ཕྱག་འཚལ་ལོ༔ ཚེ་ལོ་བདུན་ཁྲི་ཐུབ་པའི་དུས༔ འགྲོ་བ་སེམས་ཅན་ཐམས་ཅད་ནི༔ སྐྱེ་བ་རྣམ་བཞི་དག་ལས་སྐྱེས༔ ཡུལ་ནི་སུམ་ཅུ་རྩ་གསུམ་ཞེས༔ དགའ་དང་ལྡན་པའི་ཡུལ་དེ་རུ༔ གསོ་བར་བྱེད་པའི་སྨན་གྱི་ཚལ༔ འཚོ་བྱེད་གཞོན་ནུའི་ལྡུམ་ར་དེར༔ ལོངས་སྐུ་རྡོ་རྗེ་འཆང་ཆེན་ང༔ རྡོ་རྗེ་འཆང་དུ་སྐུ་སྤྲུལ་ནས༔ སངས་རྒྱས་འོད་སྲུང་ལ་སོགས་ཏེ༔ རབས་ནི་བདུན་པའི་འཁོར་གྱིས་བསྐོར༔ འབྲས་བུ་གསུམ་གྱི་ཟས་ཀྱང་ཟོས༔ ཆོས་ནི་ཕ་རོལ་ཕྱིན་པ་སྟེ༔ རྒྱས་པ་འབུམ་ཕྲག་རེ་རེ་དང༔ འབྲིང་ནི་སྟོང་ཕྲག་བརྒྱ་པ་དང༔ ཐ་མ་ཤེས་རབ་ཁྲི་པ་དང༔ སྔགས་ཀྱི་རྒྱུད་སྡེ་མེ་ལྕེ་ཕྲེང༔ སེང་གེའི་སྒྲ་ལ་སོགས་པ་དང༔ ཡེ་ཤེས་རྒྱན་གྱི་བཤད་རྒྱུད་དང༔ ཐིག་ལེ་མཆོག་རྒྱུད་ཀུན་གསལ་དང༔ གསང་སྔགས་རྒྱུད་སྡེ་མང་དུ་གསུངས༔ ལྷ་དབང་བརྒྱ་བྱིན་ཁང་བཟང་གི༔ ལྷོ་ཡི་ཕྱོགས་སུ་དེ་ལྟར་བཤད༔ ལྷ་དབང་བརྒྱ་བྱིན་བཙུན་མོ་བཞི༔ སུམ་ཅུ་རྩ་གསུམ་སྲས་དང་བཅས༔ ཉོན་མོངས་ཟད་པར་བྱ་ཕྱིར་འོང༔ ལོ་ནི་སུམ་ཅུ་རྩ་ལྔ་ལོན༔ དེ་ནས་སངས་རྒྱས་ཚུལ་ཡང་བསྟན༔ སྟོང་ཕྲག་བརྒྱད་དུ་ཏིང་འཛིན་བསྒོམས༔ དེ་དུས་རིག་འཛིན་དགའ་རབ་རྗེ༔ འཚོ་བྱེད་གཞོན་ནུའི་ལྡུམ་རར་བརྒྱལ༔ གདུང་བའི་སྨྲེ་སྔགས་མཆི་མ་ཕྱུང༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ སེམས་ཅན་མུན་པ་གང་གིས་སེལ༔ དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས༔ ནམ་མཁའི་དབྱིངས་སུ་ཡར་བལྟས་པས༔ འོད་ཟེར་འཇའ་ཚོན་འཁྲུགས་པའི་ནང༔ སྟོན་པ་དྲུག་པ་རྡོ་རྗེ་འཆང༔ ཕྱག་གཡས་གྲུ་མོ་མར་ཕྱུང་ནས༔ རིན་ཆེན་ཤེལ་གྱི་ཟ་མ་ཏོག༔ སེན་གང་གཅིག་ནི་མར་ལ་བབས༔ བདག་གིས་ལག་གཡས་ཡར་བརྐྱངས་པས༔ གླེགས་བམ་ལག་མཐིལ་གཡོན་དུ་བབས༔ དེ་ཉིད་ཞལ་ཕྱེས་བལྟས་པ་ཡི༔ མཐིང་གི་ཤོག་གུའི་ལོགས་དག་ལ༔ བཻ་ཌཱུར་ཞུན་མས་བྲིས་པ་སྣང༔ མཐོང་བས་དགའ་རབ་རང་རྒྱུད་གྲོལ༔ དེ་ཡི་ཞལ་ཆེམས་འདི་ལྟར་རོ༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ གསང་སྔགས་གསང་བའི་གནད་རྣམས་ཀུན༔ གཅིག་ཏུ་དྲིལ་ནས་ཉམས་སུ་ལོངས༔ ལུས་ངག་ཡིད་ཀྱི་སྔོན་འགྲོ་ནི༔ མི་རྟག་སྙིང་རྗེ་བྱང་སེམས་བསྒོམ༔ དབེན་ཞིང་ཉམས་དགའི་གནས་ཉིད་བརྟེན༔ ཆོས་དང་མཐུན་པའི་མཆེད་གྲོགས་འཚོལ༔ ཁམས་ཀྱི་རྟེན་སོ་ཡོ་བྱད་གསག༔ སྐུ་གསུམ་རྟེན་བཀྲམ་མཆོད་པ་བཤམ༔ ལུས་ནི་མ་བཅོས་ངང་དེར་གཞག༔ ངག་ནི་འཁྱལ་བའི་ལོ་རྒྱུས་སྤོངས༔ སེམས་རྟོག་སྔ་ཕྱི་བར་གསུམ་ཆོད༔ འཇིག་རྟེན་ཞེན་ལོག་དྲག་པོ་སྒོམས༔ དགོས་མེད་རྒྱུད་ལ་ཡང་ཡང་ཁོལ༔ ལུས་ངག་ཡིད་གསུམ་རང་སར་གློད༔ དེ་ནས་དོན་དམ་སེམས་བསྐྱེད་ནས༔ སྟོང་གསལ་སྙིང་རྗེ་དཔག་མེད་བསྒོམ༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བོན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་གནས༔ ཡི་གེས་རྩལ་སྦྱངས་རུ་ཤན་དབྱེ༔ དབྱེ་བ་རྣམ་པ་གཉིས་ཡིན་ཏེ༔ ཐོག་མར་ཐ་མལ་པ་ཡི་ལུས༔ མཛོད་སྤུ་མགྲིན་པ་སྙིང་ག་དང༔ ལྟེ་བ་གསང་གནས་རྐང་མཐིལ་དུ༔ ཨ་དཀར་ཏྲི་མཐིང་ནྲྀ་ལྗང་དང༔ སུ་སེར་པྲེ་དམར་དུཿནག་བསྒོམ༔ སྐུ་གསུང་ཐུགས་ཀྱི་འབྲུ་གསུམ་ལས༔ དཀར་དམར་མཐིང་གའི་མེ་འབར་བས༔ རིགས་དྲུག་ས་བོན་བསྲེགས་པར་བསྒོམ༔ ཨཱོྃ་ཨཱཿཧཱུྃ་གསུམ་བདུན་འབུམ་བསྐྱལ༔ དེས་ནི་ངན་སོང་རྡོག་པས་ནོན༔ གཉིས་པ་བདག་ཉིད་རྡོ་རྗེ་སེམས༔ སྐུ་གསུང་ཐུགས་ཡིག་འཁོར་ལོ་བསྒོམ༔ གསུམ་པ་སྤྱན་འདྲེན་མཆོད་པ་འབུལ༔ བཞི་པ་ཀུན་རྫོགས་ལས་རིམ་བསྒོམ༔ སྨོན་འཇུག་གཉིས་ལ་འབད་པར་བྱ༔ ཚོགས་གཉིས་རྫོགས་ཕྱིར་མཎྜལ་འབུལ༔ བྱིན་རླབས་འབྱུང་ཕྱིར་གསོལ་བ་བཏབ༔ ལུས་སྒྲིབ་སྦྱང་ཕྱིར་ཕྱག་བསྐོར་བྱ༔ ངག་སྒྲིབ་སྦྱང་ཕྱིར་ཡིག་བརྒྱ་བཟླ༔ མདོ་དང་བསྔོ་བ་སྨོན་ལམ་བཏབ༔ ཉིན་མཚན་ཆོས་སྤྱོད་འཁོར་ལོ་བསྐོར༔ མགྲོན་རིགས་བཞི་ལ་ལོངས་སྤྱོད་འབུལ༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས༔ སྤྲོས་བཅས་ལ་སོགས་དབང་རྣམས་བསྐུར༔ དབང་སྲོག་དམ་ཚིག་སྐུ་གསུང་ཐུགས༔ མ་ཁྲེལ་གསུམ་གྱིས་སྲུང་མཚམས་བཅའ༔ མྱ་ངན་འདས་པའི་སྣ་སེལ་ཡིན༔ འགྲོ་དྲུག་འདྲེན་པའི་ལྕགས་ཀྱུ་ཡིན༔ ཐར་པར་བགྲོད་པའི་ལམ་སྐས་ཡིན༔ འཁོར་བ་སྒྲོལ་བའི་གྲུ་ཆེན་ཡིན༔ དེ་སྐད་ཅེས་ནི་རང་ཤར་བ༔ བསྟན་པ་ཀུན་གྱི་སྙིང་གཟེར་ཏེ༔ རྡོ་རྗེ་འཆང་གི་འདས་རྗེས་མཆོག༔ ཞལ་ཆེམས་དག་ཏུ་བཀའ་བསྩལ་ཏོ༔ དཔལ་སྔགས་ཀྱི་བདག་མོ་ནག་མོ་ཁྲོས་མས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༼༧ ༄༅༔ ྈྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་དྷུ་ཡི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ་ཞེས་བྱ་བ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོ་སྟོབས་ཀྱི་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ༔ ཡང་གཅིག་རྡོ་རྗེ་འཆང་ཆེན་ང༔ སེམས་ཅན་ཀུན་ལ་ཐུགས་བརྩེ་ནས༔ ཏིང་ངེ་འཛིན་ལས་གཉིད་སད་དེ༔ ཉོན་མོངས་གདུག་རྩུབ་མཁའ་འགྲོའི་གནས༔ གསང་ཆེན་རོལ་པའི་དུར་ཁྲོད་དུ༔ ཡབ་ནི་གནོད་སྦྱིན་ཡཀྴ་སེང་གེའི་གདོང༔ ཡུམ་ནི་འདོད་དབང་ལྷུམས་སུ་སྐྱེས༔ ཡིད་ཁྲོས་འཇིགས་པའི་ཆས་གཟུགས་བྱས༔ གཞོན་ནུ་དཔའ་བོའི་སྟོབས་དང་ལྡན༔ ཕྱག་ན་རྡོ་རྗེ་བྱ་བ་ནི༔ སྤྲིན་གྱི་གསེབ་ནས་ཐོན་ནས་ཀྱང༔ འཁོར་ཡང་བྱང་ཆུབ་སེམས་དཔའ་བདུན༔ མཁའ་འགྲོ་པཱུརྞ་ཉེར་ཞི་དང༔ ཚངས་པ་དུང་མགྲིན་སེང་གེའི་གདོང༔ དྲང་སྲོང་ཟླ་འོད་གཞོན་ནུ་དང༔ དེ་དག་འདུལ་བའི་ཡུལ་དུ་བྱས༔ ཕ་རྒྱུད་བྱེ་བ་ཕྲག་དགུ་དང༔ མ་རྒྱུད་བྱེ་བ་ཕྲག་གཉིས་དང༔ གཉིས་མེད་ཨ་ཏི་ཡོ་གའི་རྒྱུད༔ འབུམ་ཕྲག་གཅིག་ལ་སོགས་པ་གསུངས༔ ཚེ་ལོ་དྲུག་ཁྲི་ཐུབ་པའི་དུས༔ ཕུང་པོ་ལྷག་མ་མེད་པ་རུ༔ རིམ་པ་གཉིས་ལྡན་གནས་མཆོག་ཏུ༔ ཏིང་ངེ་འཛིན་ལ་འབུམ་ཕྲག་བཞུགས༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས༔ དེ་ནས་དགའ་རབ་རྡོ་རྗེ་ཉིད༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ མེ་རི་འབར་བའི་ཤར་ཕྱོགས་སུ༔ བརྒྱལ་ཞིང་སྨྲེ་སྔགས་མཆི་མ་ཕྱུང༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས༔ ནམ་མཁའི་དབྱིངས་སུ་ཡར་བལྟས་པས༔ འོད་ལྔ་འཇའ་ཚོན་འཁྲུགས་པའི་ནང༔ སྟོན་པ་དཔའ་བོ་སྟོབས་ལྡན་ནི༔ ཕྱག་གཡས་གྲུ་མོ་མར་ཕྱུང་ནས༔ རིན་ཆེན་ཤེལ་གྱི་ཟ་མ་ཏོག༔ སེན་གང་བ་གཅིག་མར་ལ་བོར༔ དགའ་རབ་ལག་པ་ཡར་བཟེད་པས༔ གླེགས་བམ་ལག་པའི་མཐིལ་དུ་བབས༔ དེ་ཉིད་ཞལ་ཕྱེས་བལྟས་པ་ཡིས༔ བཻ་ཌཱུར་མཐིང་ཤོག་ཞུན་མ་ལ༔ རིན་ཆེན་ལྔ་ཡིས་བྲིས་པ་སྣང༔ བལྟས་པས་དགའ་རབ་རང་རྒྱུད་གྲོལ༔ དེ་ཡི་ཞལ་ཆེམས་འདི་སྐད་དོ༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱང༔ ལུས་དང་ངག་དང་ཡིད་གསུམ་པོ༔ རུ་ཤན་ལེགས་པར་མ་ཕྱེས་ན༔ ཁམས་གསུམ་ཉིད་ལས་མི་གྲོལ་བས༔ སྔོན་འགྲོའི་གནད་ལ་མཁས་པར་བྱ༔ མཆོག་དང་ཐུན་མོང་དངོས་གྲུབ་འབྱུང༔ ཐོག་མར་དབེན་པའི་གནས་ཉིད་དུ༔ ཐེག་པ་བཅུ་གཅིག་དབང་མཆོག་སྐུར༔ དེ་ནས་ཐེག་པ་རིམ་གྱིས་ཁྲིད༔ དང་པོ་འཇིག་རྟེན་ལྷ་མིའི་ཁྲིད༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད༔ སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང༔ སྤྱི་བོར་ཐལ་སྦྱར་ཡུན་དུ་གནས༔ དེ་ལྟར་ལུས་ཀྱིས་སུས་བྱས་པ༔ ལུས་དེ་མི་ལྡོག་བར་ཆད་ཞི༔ ཞེན་པ་ལྡོག་ཅིང་སྡིག་སྒྲིབ་འདག༔ ལུས་ཉིད་སྤྲུལ་པའི་སྐུ་རུ་གྲོལ༔ སངས་རྒྱས་སྐུ་དང་གཉིས་སུ་མེད༔ ལྷག་མེད་ཉིད་དུ་གྲོལ་བར་འགྱུར༔ ངག་གི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚོགས་ཉིད་དུ་སྤྱད༔ ངག་ནི་ཧཱུྃ་དུ་གནས་པ་ལ༔ རྒྱས་གདབ་པ་དང་རྩལ་ཉིད་སྦྱང༔ མཉེན་བཙལ་ལམ་དུ་གཞུག་པ་དང༔ དེ་དག་རྣམས་ལ་ངག་སྦྱངས་པས༔ ཞེན་པ་ལོག་ནས་ངག་སྒྲིབ་དག༔ མི་རྟོག་གཉིས་མེད་ལོངས་སྐུར་གྲོལ༔ དེ་རྣམས་འཇིག་རྟེན་ལྷ་མིའི་ཁྲིད༔ ལེགས་པར་ཡང་དག་ཉིད་དུ་སྦྱང༔ དེ་ནས་ལམ་ལོག་མུ་སྟེགས་ཁྲིད༔ རྟག་ཆད་གཉིས་ལ་སྦྱང་བར་བྱ༔ དང་པོ་ཉན་ཐོས་ལམ་ཁྲིད་བསྐྱང༔ གཉིས་པ་རང་རྒྱལ་ལམ་ཁྲིད་བསྐྱང༔ གསུམ་པ་བྱང་སེམས་ལམ་ཁྲིད་བསྐྱང༔ བཞི་པ་ཀྲི་ཡཱའི་ལམ་ཁྲིད་བསྐྱང༔ ལྔ་པ་ཨུ་པའི་ལམ་ཁྲིད་བསྐྱང༔ དྲུག་པ་ཡོ་གའི་ལམ་ཁྲིད་བསྐྱང༔ བདུན་པ་མ་ཧཱའི་ལམ་ཁྲིད་བསྐྱང༔ བརྒྱད་པ་ཨ་ནུའི་ལམ་ཁྲིད་བསྐྱང༔ དགུ་པ་རྫོགས་ཆེན་ཨ་ཏིའི་ཁྲིད༔ སེམས་ཀྱི་རྩ་ཁུངས་གཅད་པའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བློ་ལ་བླང༔ འདུས་བྱས་ཐམས་ཅད་མི་རྟག་པ༔ ཀུན་ཀྱང་འཇིག་པའི་ཆོ་འཕྲུལ་བསྒོམ༔ དེ་རྣམས་སྒོམ་པའི་མཁན་པོ་ནི༔ སེམས་ལ་ཐུག་གམ་མ་ཐུག་བརྟག༔ སེམས་སུ་འདུག་ན་དགེ་སྡིག་གང་ཆེ་བརྟག༔ དེ་ནས་སེམས་འདི་གང་དང་འདྲ༔ འདྲ་དཔེ་མང་དུ་བསྡུར་བར་བྱ༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ གཙོ་བོ་གང་ཡིན་ཐག་ཀྱང་གཅད༔ སེམས་སུ་ཐག་བཅད་མནའ་ཡང་བསྐྱལ༔ དེ་ནས་སེམས་ཀྱི་བྱུང་ས་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་སྤྲད༔ དེ་ནས་སེམས་ཀྱི་གནས་ས་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་སྤྲད༔ དེ་ནས་སེམས་ཀྱི་འགྲོ་ས་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་སྤྲད༔ དེ་ལྟར་སེམས་ཀྱིས་སུས་བྱས་པ༔ ཞེན་ལོག་བར་ཆད་ཞི་བ་དང༔ སྒྲིབ་པས་ཁམས་གསུམ་གོལ་བ་མེད༔ ཆོས་ཀྱི་སྐུར་གྲོལ་གཉིས་མེད་འདའ༔ དེ་ནས་ལུས་ངག་ཡིད་གསུམ་པོ༔ རྣལ་དུ་དབབ་ལ་མཁས་པར་བྱ༔ ལུས་ངག་ཡིད་གསུམ་སོར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་བྱ༔ དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས༔ དེ་དག་བློ་ཡིས་བོར་བྱས་ཏེ༔ མངོན་སུམ་གནད་ལ་ཕབ་པའི་ཕྱིར༔ ལུས་ངག་ཡིད་གསུམ་བྱ་བ་སྤང༔ ཞེས་པའི་ཞལ་ཆེམས་གཉིས་པ་འདི༔ བྱིན་རླབས་ཆེན་པོ་རང་བབ་ཀྱི༔ ཡི་གེའི་རིས་སུ་རང་བྱུང་ངོ༔ མྱ་ངན་འདས་པའི་སྣ་ཁྲིད་ཡིན༔ བསྟན་པ་ཀུན་གྱི་བུ་གཅིག་པོ༔ འབྲས་བུ་ཀུན་གྱི་མཆོག་དམ་པ༔ ཞལ་ཆེམས་གཉིས་པ་བྱ་བ་རྫོགས་སོ༔ སྐལ་ལྡན་ལས་ཅན་སྙིང་གི་བུ་ལ་སྤྲོད་ཅིག༔ མཁའ་འགྲོ་མ་ནག་མོས་རྒྱལ་བའི་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༨ ༄༅༔ ྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ་ཏྲི་ཏཱི་ན་མ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་གསུམ་པ་ཞེས་བྱ་བ༔ རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ སེམས་ཅན་ཚེ་ལོ་ཁྲི་ཚོའི་དུས༔ སྲིན་པོ་རུ་ལུའི་ཡུལ་དུ་ཡང༔ ཕ་ནི་ཡཀྴ་ཁྲོ་གདོང་དང༔ སྲིན་མོ་ཤམ་ཤམ་ནག་མོའི་བུར༔ སྟོན་པ་རྡོ་རྗེ་འཆང་ཆེན་ནི༔ དྲང་སྲོང་ཁྲོས་པའི་རྒྱལ་པོར་འཁྲུངས༔ འཁོར་དུ་སྲིན་པོ་བྱེ་བ་འབུམ༔ ལོ་ནི་སྟོང་ཕྲག་གཉིས་བཞུགས་སོ༔ སྟག་སྤྱང་ཁྲོས་པའི་རི་བོ་ལ༔ ཐ་མར་འདས་པའི་ཚུལ་ཡང་བསྟན༔ འཁོར་རྣམས་བརྒྱལ་ཏེ་མཆི་མ་ཕྱུང༔ ཀྱེ་མ་ཀྱེ་ཧུད་ཀྱེ་མ་བློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས༔ ནམ་མཁའི་དབྱིངས་སུ་ཡར་བལྟས་པས༔ འོད་ལྔའི་ནང་དུ་སྟོན་པ་བྱོན༔ ཕྱག་གཡས་གྲུ་མོ་མར་ཕྱུང་ནས༔ རིན་ཆེན་ཤེལ་གྱི་ཟ་མ་ཏོག༔ སེན་གང་བ་གཅིག་མར་ལ་བབས༔ དགའ་རབ་ཕྱག་གཡས་ཡར་བཟེད་པས༔ གླེགས་བམ་ལག་པའི་མཐིལ་དུ་བབས༔ དེ་ཉིད་ཞལ་ཕྱེས་བལྟས་པ་ཡི༔ རང་བྱུང་ཡི་གེ་རང་གསལ་བ༔ རིན་ཆེན་སྣ་ལྔས་བྲིས་པ་སྣང༔ བལྟས་པས་དགའ་རབ་རང་རྒྱུད་གྲོལ༔ དེ་ཡི་ཞལ་ཆེམས་འདི་ལྟར་རོ༔ ཀྱེ་མ་ཀྱེ་མ་བུ་རྣམས་ཉོན༔ ལུས་འདི་མྱ་ངན་འདའ་འདོད་ན༔ སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ༔ དེ་ལྟར་སུས་བྱས་པ་ཡི་བུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཀློང་དུ་མྱ་ངན་འདའ༔ ངག་ནི་བསླབ་པའི་རིམ་པ་དང༔ གནས་པ་བརྟན་ཅིང་ལ་ཡང་བཟླ༔ དེ་ལས་མི་འདའ་སུས་བྱས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཀློང་དུ་མྱ་ངན་འདའ༔ བྱ་བ་དགུ་ཕྲུགས་དག་ཏུ་གཏང༔ སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ སྒོ་གནད་ཟློག་ཕབ་ཟུར་གྱིས་བལྟ༔ སྒྲོན་མ་བཞི་ལྡན་མ་བྲལ་བྱ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ དེ་ལྟར་གནད་རྣམས་གཟིར་བ་ཡིས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང༔ མངོན་གསུམ་གནད་མཐོང་ཕྱིར་མི་ལྡོག༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ༔ ཉམས་སྣང་གོང་འཕེལ་སྣང་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་གསལ༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་རྣམ་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་སྣང་བཞི་མཐར་ཕྱིན་ན༔ མྱང་འདས་གཞན་ནས་བཙལ་དུ་མེད༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ སྡོད་པ་གསུམ་གྱི་ཚད་བཟུང་བས༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང༔ ཐོབ་པ་གསུམ་གྱིས་གཟེར་ཐེབས་སོ༔ དེ་ལས་བསྟན་དུ་མེད་དོ་ས་མ་ཡ༔ བར་དོ་མ་བུ་གཉིས་སྦྱོར་ལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ ཞི་ཁྲོ་རང་སྣང་དཀྱིལ་འཁོར་གསལ༔ འདི་ནི་རང་རིག་འོད་སྣང་སྟེ༔ གཉིས་མེད་གཉིས་སུ་མེད་པ་རུ༔ ཡང་དག་མཐའ་ལ་རྣམ་པར་གནས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད༔ སེམས་ཀྱིས་སྐད་ཅིག་དོན་ཀུན་རིག༔ གདེང་ཆེན་བཞི་པོ་མི་འགྱུར་བ༔ དཔག་ཆེན་མདའ་ལྟར་སླར་མི་ལྡོག༔ མི་འགྱུར་གསེར་གྱི་ཐུར་མ་བཞིན༔ རང་སྣང་ཉིད་དུ་ཐག་ཆོད་ཅིག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྙིང་པོ་བུ་གཅིག་པོ༔ རིན་ཆེན་བཞུ་བའི་ཁུ་བས་བྲིས༔ ལེགས་པར་དྲིལ་ལ་མཆན་དུ་བཅངས༔ བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས༔ སུ་ཡིས་བྱས་པ་གྲོལ་བར་ངེས༔ འཇའ་འོད་སྒྲ་དང་ས་གཡོ་དང༔ སད་སེར་མུ་གེ་བྱུང་བའི་ཚེ༔ ཕྱོགས་དང་བསྟུན་ཏེ་ལྕེ་ཡིས་བཀླག༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བས་ཀྱང་སྟོབས་ཆེ་འོ༔ འདི་ཉིད་བསྟན་པའི་སྲོག་ཡིན་ནོ༔ ལྔ་ལྡན་བུ་ལ་རིམ་གྱིས་གཏོད༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༩ ༄༅༔ ྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས༔ སྟོན་པ་རྡོ་རྗེ་འཆང་ཆེན་ང༔ སྟག་སྤྱང་རི་ལ་ཏིང་ངེ་འཛིན༔ ལོ་ཡང་འབུམ་ཕྲག་གཉིས་བཞུགས་སོ༔ དེ་ནས་འགྲོ་བའི་དོན་ལ་བཞེངས༔ ཚེ་ལོ་ལྔ་སྟོང་ཐུབ་པའི་དུས༔ ལྷོ་ཕྱོགས་བྱ་རྒོད་ཕུང་པོའི་རི༔ ཉན་ཐོས་རྣམས་དང་ཡིད་འདྲེས་ཕྱིར༔ རྒྱལ་པོ་ཛཿཞེས་བྱ་བའི་ཁབ༔ ལྷོ་ཕྱོགས་རྒྱང་གྲགས་གཅིག་གི་སར༔ ཕ་ནི་རྒྱལ་པོ་སེང་གེ་བཟང༔ མ་ནི་མཛེས་ལྡན་འོད་ཀྱི་ལྷུམས༔ ཏིང་ངེ་འཛིན་ལས་སྐུ་འཁྲུངས་པ༔ གསེར་འོད་དམ་པ་བྱ་བར་གྲགས༔ ཉན་ཐོས་རྣམས་ཀྱི་གདུང་བ་གཅད༔ གླེགས་བམ་ཞུན་མ་འདི་གཏད་དོ༔ ཨེ་མ༔ རིག་པ་ཀློང་ཆེན་ནམ་མཁའ་འདྲ༔ སྐད་ཅིག་རྫོགས་སངས་རྒྱས་འདོད་ན༔ ལུས་ངག་ཡིད་གསུམ་བྱ་བ་གཏང༔ ཤེས་པ་རྩེ་གཅིག་རང་རིག་གཅུན༔ འཕྲོ་འདུ་བྱུང་ན་དེ་ཉིད་ལྟ༔ བྱུང་གནས་འགྲོ་གསུམ་བརྟགས་པས་ཤེས༔ འདུག་སྟངས་གསུམ་དང་ལྡན་པ་ན༔ དབྱིངས་ཀྱི་ནང་ན་འོད་ཀྱི་ཁྱིམ༔ འགྱུར་མེད་ཡེ་མཉམ་ཆེན་པོ་ནི༔ སངས་རྒྱས་སེམས་ཅན་ཐམས་ཅད་ལ༔ བྱས་པ་མེད་པར་ཡེ་མཉམ་གནས༔ དེ་ཉིད་སུ་ཡིས་རྟོགས་པའི་མི༔ རང་རིག་ངོ་བོ་རྟོགས་པ་འོ༔ ཤྭ་ལོ་ཀ་ནི་གསུམ་པ་འདི༔ ཐུགས་རྗེ་དྲན་སངས་རྒྱ་བ་སྟེ༔ སྐལ་ལྡན་བུ་ལ་རིམ་གྱིས་གཏོད༔ སྐལ་མེད་རྣམས་ལ་མ་ཉེ་ཞིག༔ སྔགས་ཀྱི་སྲུང་མས་ཐུབ་པར་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༡༠ ༄༅༔ རྒྱ་གར་སྐད་དུ༔ བུདྡྷ་དྷརྨ༔ བོད་སྐད་དུ༔ སངས་རྒྱས་ཀྱི་ཆོས་ཚིག༔ དེ་ནས་ཚེ་ལོ་སྟོང་ཚོའི་དུས༔ སོག་པོ་གཡུ་སྨིན་གནས་མཆོག་ཏུ༔ བྱང་ཆུབ་སྙིང་པོའི་ཤིང་ལ་བརྟེན༔ བརྩེགས་པའི་བློ་གྲོས་བྱ་བར་བརྫུས༔ ལོ་ནི་བརྒྱ་དང་ཉི་ཤུ་རུ༔ བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ ཀུན་བྱེད་རྒྱལ་པོ་ཁུ་བྱུག་རོལ༔ ཆོས་སྡེ་མང་དུ་གསུངས་ནས་ཀྱང༔ རྒྱལ་པོ་ཛཿཡི་ཁང་བཟང་གི༔ བྱང་གི་ཕྱོགས་སུ་མྱ་ངན་འདས༔ ཛཿཡི་ཁང་སྟེང་ཞག་བདུན་དུ༔ དམ་པ་ཆོས་ཀྱི་ཆར་པ་ཕབ༔ རྒྱལ་པོ་དགྱེས་ཏེ་གསོལ་བ་བཏབ༔ གཟི་ཡི་ཕྱག་རྡོར་ཁྲུ་གང་བས༔ ནམ་མཁའི་དབྱིངས་ནས་འདི་སྐད་དོ༔ ཀྱེ་ཀྱེ་རྒྱལ་པོ་ཆེན་པོ་ཉོན༔ ཆོས་རྣམས་རང་བཞིན་བདག་མེད་པས༔ དངོས་པོ་མེད་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་དངོས་པོར་གཟུང་མེད་པས༔ གཟུང་འཛིན་མེད་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་བལྟར་མེད་པས༔ གསལ་སྟོང་དག་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་སྒོམ་མེད་པས༔ དམིགས་གཏད་བྲལ་བའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་དམིགས་མེད་པས༔ བློ་འཛིན་དག་པའི་འདུ་ཤེས་བསྒོམ༔ ཆོས་རྣམས་རང་བཞིན་རྒྱུ་འབྲས་མེད༔ བྱ་རྩོལ་བྲལ་བའི་འདུ་ཤེས་བསྒོམ༔ དེ་སྐད་ཞལ་ཆེམས་བཞི་པ་བབས༔ རྒྱལ་པོའི་གཟུང་འཛིན་རང་སར་གྲོལ༔ གསེར་འོད་བརྩེགས་པའི་བློ་གྲོས་ཀྱིས༔ ཞལ་ཆེམས་རྡོ་རྗེའི་ཚིག་དྲུག་གསུངས༔ ལྔ་ལྡན་བུ་ལ་རིམ་གྱིས་གཏོད༔ སྔགས་ཀྱི་སྲུང་མས་བཀའ་འདི་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༼༡༡ ༄༅༔ རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་བྷྱ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་བཅུད༔ ཚེ་ལོ་ལྔ་བརྒྱ་ཐུབ་པའི་དུས༔ བྱ་རྒོད་ཕུང་པོའི་རི་བོ་ལ༔ སྟོན་པ་འོད་སྲུང་བགྲེས་པོ་བྱོན༔ འཁོར་དུ་དགྲ་བཅོམ་བདུན་གྱིས་བསྐོར༔ ཐོག་མའི་སངས་རྒྱས་རབས་བདུན་དང༔ དཀྱིལ་འཁོར་གཅིག་འདུས་འཁོར་ཡིན་པས༔ གདུལ་བྱའི་ཉོན་མོངས་སྦྱང་བའི་ཕྱིར༔ ངེས་པ་དོན་གྱི་ཆོས་རྣམས་གསུངས༔ འདའ་བའི་ཚུལ་ཡང་སྟོན་པའི་ཚེ༔ གདུལ་བྱ་དགྲ་བཅོམ་འཁོར་རྣམས་ལ༔ གདུང་བ་གཅད་ཕྱིར་འདི་བབས་སོ༔ ཨེ་མ་ཆོས་སྒོ་བསམ་ཡས་ཀྱང༔ འདི་རུ་མ་འདུས་གང་ཡང་མེད༔ འཇིག་རྟེན་འཁྲུལ་པའི་བློ་རིས་བསྟུང༔ ཀུན་ཀྱང་མི་རྟག་འགྱུར་འཆི་བསམ༔ རྒྱུ་འབྲས་ལས་ཀྱི་རྣམ་དབྱེ་བསམ༔ གདུང་བ་དྲག་པོས་གསོལ་བ་བཏབ༔ ལུས་ངག་ཡིད་གསུམ་རུ་ཤན་དབྱེ༔ མི་འགྱུར་ལྷུན་གྲུབ་མ་ཞེན་ཞོག༔ ཤེས་རབ་རང་བྱུང་སྒྲོན་མ་ཡིས༔ ཆོས་ཀུན་ངོ་བོ་གཅིག་ཏུ་སྡུད༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས༔ རིག་པ་ཡེ་ཤེས་འཆར་སྒོ་བྱེད༔ དག་པ་དབྱིངས་ཀྱི་སྒྲོན་མ་ཡིས༔ རིག་པའི་འོད་སྐུ་འཆར་གཞི་བྱེད༔ ཐིག་ལེ་སྟོང་པའི་སྒྲོན་མ་ཡིས༔ སྣ་ཚོགས་འོད་ལྔ་རང་གི་མདངས༔ རྩལ་རྫོགས་ཆོས་ཚིག་ཟད་པར་བྱེད༔ དབྱིངས་འདི་རིག་པའི་ཡུལ་ཡིན་ནོ༔ སྣང་བ་མ་འགགས་ལྷུག་པར་འཆར༔ འཁོར་འདས་ཤན་འབྱེད་རྣལ་དུ་དབབ༔ དེ་ནས་དབྱིངས་རིག་སྣང་བ་བརྟག༔ འདི་ལ་གོམས་པ་ཚད་རྙེད་ནས༔ ཕྱི་རོལ་སྣང་བ་ཐམས་ཅད་ནི༔ གོང་ནས་གོང་དུ་ཡར་མཆེད་ནས༔ རིམ་གྱིས་གོམས་ནས་ཆོས་ཟད་དེ༔ ཟག་བཅས་རང་དེངས་འཁོར་དོང་སྤྲུགས༔ ཞེས་གསུངས་ནས་འཇའ་འོད་དུ་ཡལ་ལོ༔ སྔགས་ཀྱི་སྲུང་མས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༡༢ ༄༅༔ ྈྈྈྈ རྒྱ་གར་སྐད་དུ༔ བུདྡྷ་ཨཀྵེ་བཾ༔ བོད་སྐད་དུ༔ སངས་རྒྱས་ཀྱི་གནད་ཐེམ༔ ཚེ་ལོ་སུམ་བརྒྱ་ཐུབ་པའི་དུས༔ རྡོ་རྗེ་གདན་གྱི་འབྱུང་གནས་སུ༔ ཡབ་ནི་བྲམ་ཟེ་མཚན་བཟང་དང༔ ཡུམ་ནི་དགེ་སློང་པདྨ་ཅན༔ སྟོན་པ་རྡོ་རྗེ་འཆང་ཆེན་ང༔ མངོན་རྫོགས་རྒྱལ་པོ་བྱ་བར་འཁྲུངས༔ འཁོར་ནི་རིགས་གསུམ་མགོན་པོ་ལ༔ ཡང་དག་དོན་གྱི་ཆོས་རྣམས་བཤད༔ དེ་ནས་མྱ་ངན་འདས་པའི་ཚེ༔ གདུང་བ་གཅད་ཕྱིར་འདི་བབས་སོ༔ ཨེ་མ་རིགས་གསུམ་སྤྲུལ་འཁོར་རྣམས༔ གསང་སྔགས་ཀུན་གྱི་ཡང་གསང་གནད༔ ལུས་ངག་ཡིད་གསུམ་བྱ་བ་ནི༔ དགུ་ཕྲུགས་དག་ཏུ་གཏང་བར་བྱ༔ ལུས་གནད་འདུག་སྟངས་བཅུ་གཅིག་གཟིར༔ སྒོ་གནད་ཕབ་ལྡོག་ཟུར་གྱིས་བལྟ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ རྐྱེན་བྲལ་གསུམ་གྱི་དག་དབྱིངས་ལ༔ ལུ་གུ་རྒྱུད་ཀྱི་ར་བ་དང༔ འཇའ་འོད་སྐུ་ཐིག་ཟེར་དུ་འཁྲིགས༔ སྣ་ཚོགས་གཟུགས་ཅན་དེ་བཞིན་གཤེགས༔ ནམ་མཁའ་ཁྱབ་པར་གར་བྱེད་པ༔ ཡན་ལག་མེད་པའི་རྩིས་ལས་འདས༔ སྤྲིན་བྲལ་ནམ་མཁའ་དྭངས་པ་ལ༔ ཟིམ་བུས་སཱུརྻ་བལྟ་བར་བྱ༔ དབྱིངས་རིག་སྣང་བ་མ་འགགས་འཆར༔ ནུབ་མོ་ཙནྡྲ་བལྟ་བར་བྱ༔ མིག་དང་རིག་པ་སྣང་བ་གསུམ༔ མདུང་ཚུགས་སྨིན་ཕྲག་མཁའ་ལ་གཏད༔ ནུབ་མོ་ཤེས་པ་སྙིང་ག་ཡི༔ ཨ་ཡིག་དག་ལ་གཏད་པར་བྱ༔ ཉིན་མཚན་དབང་པོ་ཨར་ལ་གཏད༔ ཟླ་བ་དྲུག་བདུན་དགུ་གསུམ་ལ༔ མངོན་སུམ་གོང་འཕེལ་ཚད་ཕེབས་ཏེ༔ ཕུང་པོ་རང་དེངས་ཆོས་ཟད་དོ༔ བསྟན་པ་ཀུན་གྱི་ཉིང་ཁུ་འདི༔ རིན་ཆེན་བཞུ་བའི་ཁུ་བས་བྲིས༔ མགུལ་དུ་བཏགས་པས་ཕྱི་ནང་གྲོལ༔ སྐལ་ལྡན་བུ་ལ་རིམ་གྱིས་གཏོད༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈ ༼༡༣ ༄༅༔ རྒྱ་གར་སྐད་དུ༔ རཏྣ་ཏི་ལ༔ བོད་སྐད་དུ༔ རིན་ཆེན་ཐིག་ལེ༔ ཚེ་ལོ་བརྒྱ་ཚོ་ཐུབ་པའི་དུས་ཀྱི་ཚེ༔ ཝ་རཱ་ཎ་སཱིའི་གནས་མཆོག་ཏུ༔ དྲུག་པ་རྡོ་རྗེ་འཆང་ཆེན་ང༔ སྟོན་པ་ཤཱཀྱ་ཐུབ་པར་འཁྲུངས༔ འཁོར་དུ་ལྔ་སྡེ་བཟང་པོས་བསྐོར༔ དྲང་ངེས་གཉིས་མེད་ཆོས་འཁོར་བསྐོར༔ ནུབ་བྱང་བྱ་རྒོད་ཕུང་པོའི་རིར༔ རྡོ་རྗེ་གདན་གྱི་བྱང་ཆུབ་གནས༔ བྱང་ཆུབ་ཤིང་ལ་སྐུ་རྒྱབ་གཏད༔ སྲོད་ལ་བདུད་ཀྱི་དཔུང་རྣམས་བཏུལ༔ ནམ་ཕྱེད་ཏིང་འཛིན་མཉམ་པར་བཞག༔ སྐྱ་རེངས་དང་པོ་ཤར་བ་ལ༔ ང་ནི་མྱ་ངན་འདའ་ཚུལ་སྟོན༔ འདི་ཡང་གང་ཟག་རྟག་མཐའ་བསལ༔ ཚེ་སྟོད་འཁོར་འདས་རུ་ཤན་ཕྱེས༔ བར་དུ་སྣང་བཞི་ཉམས་སུ་བླངས༔ ཚེ་སྨད་ཆོས་ཟད་མངོན་སངས་རྒྱས༔ སྤུར་ཁང་ནང་ནས་སྐུ་སྟོད་ཕྱུང༔ འཁོར་ཚོགས་གདུང་བ་གཅད་པའི་ཕྱིར༔ ཀུན་དགའི་ལག་ཏུ་གླེགས་བམ་བབས༔ བལྟས་པས་རིགས་དྲུག་དོང་སྤྲུགས་སོ༔ ཨེ་མ་ཕྱི་རབས་རིགས་ཀྱི་བུ༔ ཡོན་ཏན་ཕུན་ཚོགས་བླ་མ་འཚོལ༔ ཉམས་མྱོང་ཡིད་མཐུན་མཆེད་གྲོགས་འཚོལ༔ ཕུན་སུམ་ཚོགས་པའི་གནས་ཉིད་དུ༔ རྣམ་སྣང་ཆོས་བདུན་ལུས་གནད་བཅའ༔ སྣང་བ་སེམས་ཡིན་བུམ་དབང་ཐོབ༔ སེམས་ཉིད་གསལ་སྟོང་གསང་དབང་ཐོབ༔ སྟོང་པ་མཐའ་གྲོལ་ཤེར་དབང་ཐོབ༔ ངོ་བོ་ཀུན་མཉམ་ཚིག་དབང་ཐོབ༔ རང་རིག་སྐུ་གསུམ་རྗེན་པ་འདི༔ སྙིང་གི་དཀྱིལ་ན་ལྷང་ངེར་གནས༔ རིག་པ་ཡེ་ཤེས་འོད་པོ་ཆེ༔ རྒྱུ་རྐྱེན་འབྲས་བུ་ལྟ་དུས་སུ༔ བྱུང་གནས་འགྲོ་གསུམ་མེད་པ་རུ༔ སྟོང་གསལ་འགག་མེད་ཟང་ཐལ་ལེ༔ སྟོང་པ་ངོས་གཟུང་མེད་པ་ལ༔ སྟོང་ནི་དབྱིབས་དང་ཁ་དོག་བྲལ༔ གསལ་བ་གཞིག་འགྱུས་ཁ་དོག་གསལ༔ མ་འགགས་རིག་རྩལ་སྣ་ཚོགས་འཆར༔ ཡོད་དོ་སྙམ་ན་གཟུང་བཅང་བྲལ༔ མེད་དོ་སྙམ་ན་འཁོར་འདས་གསལ༔ བཅོས་བསླད་མེད་པར་ཟང་ཐལ་ལེ༔ དགག་སྒྲུབ་མེད་པར་ཡང་ཁྲོལ་ལེ༔ རེ་དོགས་མེད་པར་བདེ་ཕྲིལ་ལེ༔ གཤིས་ལུགས་ངང་ན་དྭངས་སང་ངེ༔ རིག་པ་འཛིན་མེད་ཆོས་ཀྱི་སྐུ༔ རིག་པ་ཀུན་གསལ་ལོངས་སྤྱོད་རྫོགས༔ རིག་པ་ཀུན་འཆར་སྤྲུལ་པའི་སྐུ༔ རིག་པ་སྐྱེ་མེད་ཀློང་དཀྱིལ་དུ༔ ཕྱི་ནང་གསང་བའི་ཆོས་རྣམས་འདུས༔ ཆུ་རྣམས་རྒྱ་མཚོར་འདུས་དང་མཚུངས༔ འཛིན་མེད་སྐྱེ་མེད་རང་སར་གྲོལ༔ རྟོག་མེད་མཉམ་པ་རིག་པའི་སྐུ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ རིག་པའི་སྐུ་ནི་བུམ་སྐུ་འདྲ༔ ཡེ་ཤེས་བུམ་པའི་མར་མེ་འདྲ༔ ཨེ་མ་འཛིན་མེད་རང་མདངས་གསལ༔ བཅོས་པ་མེད་པའི་ངང་ལ་ཞོག༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ནི༔ རང་གི་སྙིང་གི་དཀྱིལ་དུ་ཞོག༔ ཅང་མེད་དངོས་པོའི་རང་གཟུགས་ཀུན༔ ནམ་མཁའ་སྟོང་པའི་དཀྱིལ་དུ་སྦོས༔ གསང་སྔགས་ཀུན་གྱི་ལྟ་ཕུགས་ནི༔ སྒྲོན་མ་བཞི་ལ་མ་ཡེངས་ལྟོས༔ རང་བྱུང་རིག་པའི་རྒྱལ་པོ་ནི༔ ལུ་གུ་རྒྱུད་དུ་ཤེས་པར་བྱ༔ རང་གྲོལ་ཆེན་པོའི་ལྟ་སྟངས་ནི༔ སེང་གེ་ལྟ་བུར་ཤེས་པར་བྱ༔ གཞི་ཁྲེགས་ཆོད་པས་འཁོར་འདས་གྲོལ༔ ལམ་ཐོད་རྒལ་བས་སྐུ་གསུམ་རྒྱས༔ བརྒྱད་ཁྲི་བཞི་སྟོང་ཚིག་བརྗོད་རྣམས༔ འཁྲུལ་པའི་སྟེང་ན་ཡང་རྩེ་མནན༔ དྲང་བའི་སེམས་ཅན་བློ་བསྒྱུར་ཙམ༔ ངེས་པར་འདི་ལ་གདེང་ཆོས་ཤིག༔ ཅེས་གསུངས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ༔ དུས་གཅིག་ཏུ་འཛམ་བུའི་གླིང་དུ༔ མཆོད་རྟེན་བྱེ་བ་རང་འཁྲུངས་སོ༔ སྐལ་ལྡན་ལས་ཅན་གཅིག་ལ་གཏོད༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ ྈྈྈྈྈ རྒྱལ་བ་དགོངས་པ་བརྒྱུད་པའི་ཞལ་ཆེམས༔ འདས་རྗེས་དགོངས་ཉམས་བསྟན་པ་ཀུན་གྱི་ཐུགས་བཅུད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
བླ་མ་དགོངས་པ་འདུས་པ་ལས༔ སྲུང་འབུམ་རྡོ་རྗེའི་ཕྲེང་བ་ (Volume 42, Text 39)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ སྲུང་འབུམ་རྡོ་རྗེའི་ཕྲེང་བ་བཞུགས་སོ༔ ྈྈྈྈྈ ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧཱུྃ༔ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས༔ ཞི་དང་ཁྲོ་གར་སྟོན་པ་ཡི༔ རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ༔ གང་ཞིག་ལུས་ཅན་སྐྱེ་འགྲོ་ལ༔ གནོད་བྱེད་བགེགས་ཀྱིས་མི་ཚུགས་ཤིང༔ སྐྱབས་མཛད་ལྷ་ཡིས་སྐྱོབ་པ་དང༔ ཚེ་སོགས་བསོད་ནམས་འཕེལ་བ་དང༔ འདོད་དགུ་ཡིད་བཞིན་འབྱུང་བ་དང༔ བདུད་དང་བར་ཆད་ཟློག་པ་སྟེ༔ མདོར་ན་ཞི་རྒྱས་དབང་དྲག་གི༔ ལས་ཚོགས་རིན་ཆེན་ཕྲེང་བ་ལས༔ སྲུང་བའི་གོ་རིམ་ཇི་བཞིན་རྣམས༔ འདི་ལྟར་སུས་ཀྱང་བཅངས་གྱུར་ན༔ བདེ་ལེགས་ཡོན་ཏན་དཔལ་དང་ལྡན༔ ཉེས་པ་ཀུན་ལས་བསྲུང་བར་འགྱུར༔ གནོད་བྱེད་གང་གིས་མི་འཚེ་ཞིང༔ འཆང་བས་ལུས་ངག་ཡིད་གསུམ་བདེ༔ དུས་མིན་འཆི་སོགས་རྐྱེན་ལས་ཐར༔ སོ་སོར་འདོད་གསོལ་སྤེལ་ཚིག་བཞིན༔ རེ་འདོད་བསྐངས་ནས་བསྲུང་བའི་ཕྱིར༔ བརྩོན་འགྲུས་ལྡན་པའི་རྣལ་འབྱོར་གྱིས༔ གཟའ་སྐར་དུས་སྦྱོར་བཟང་བའི་ཚེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ མངོན་རྟོགས་གང་རུང་གསལ་བའི་ངང༔ གཞུང་ནས་ཇི་ལྟར་འབྱུང་བ་ཡི༔ སོ་སོའི་རྫས་ཀྱིས་བྲི་བ་ནི༔ དར་རས་གྲོ་ཤོག་ལ་སོགས་པར༔ དཔེའུ་ཆུང་བཞིན་བྲི་འདོད་གསོལ་རྣམས༔ ལྟེ་བའི་མུ་ཁྱུད་ཁ་བསྒྱུར་གདབ༔་་་ལྟེ་བའི་མུ་ཁྱུད་ཀྱི་ཡི་གེ་དཀྱུས་ལྟར་འདོད་གསོལ་གང་འདོད་ཁ་བསྒྱུར་རྣམས་རིམ་པར་སྦྱར་ཞིང་ཐམས་ཅད་ལ་འགྲེས་ཤེས་པར་བྱའོ། །ཕོ་བྲང་སྲུང་བའི་སྲོག་ཡིག་རྣམས༔་་་ཡི་གེ་ཐམས་ཅད་དབུ་ཅན་ལ་དཀྱུས་ལྟར་གང་འདོད་ཁ་བསྒྱུར། གཟུགས་དོད་སྒྲོས་ཐོན་ཟུར་མ་ཉམས༔ ནོར་འཁྲུལ་བྲིས་སུབ་མེད་པ་གཅེས༔ ཇི་ལྟར་དཀྱུས་ནས་འབྱུང་བ་ལྟར༔ རྫས་དང་བྲི་ཚུལ་རབ་གནས་བཅས༔ བཏགས་ཚུལ་ལ་སོགས་གོ་རིམ་རྣམས༔ འཕྲི་བསྣན་རང་བཟོ་ལྷག་ཆད་མེད༔ ལུང་བཞིན་བྱས་པའི་ཡོན་ཏན་རྣམས༔ སོ་སོའི་ནང་ནས་འབྱུང་བས་ཤེས༔ གལ་ཏེ་གཞུང་ལས་ཅུང་ཟད་ཙམ༔ ནོར་འཁྲུལ་ལྷག་ཆད་བྱུང་གྱུར་ན༔ ཕན་མེད་རྒྱུ་བ་གྲོན་པའི་རྒྱུ༔ དོན་དུ་མི་འགྱུར་གཞུང་མཐུན་གཅེས༔ དེ་ཕྱིར་རང་གཞན་ཕན་བྱེད་པའི༔ སྲུང་བའི་རིམ་པ་འདི་ལྟར་བྲི༔ དེ་ལ་མུ་ཁྱུད་རིམ་པ་བདུན་བྱས་ལ༔ ལྟེ་བ་ལ་ཡིག་རྒོད་སོ་སོ༔ མུ་ཁྱུད་ནང་མ་ལ༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱི༔ བཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་མཐར་འདོད་གསོལ་གྱིས་ཁ་སྒྱུར༔ དེའི་ཕྱི་རིམ་མུ་ཁྱུད་འདབ་བརྒྱད་ལ༔ དཀྱིལ་དུ་ཧྲཱིཿབརྒྱད་ཤད་གཉིས་བར་དུའོ༔ དེའི་ཕྱི་རིམ་རྩིབས་བཅུ་ལ་ཧཱུྃ་བཅུས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལིའི་ཤམ་བུར༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཤམ་བུར་འདོད་གསོལ་གྱིས་ཁ་བསྒྱུར༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ན་མཿས་མནྟ་བུདྡྷཱ་ནཱཾ༔ ན་མཿས་མནྟ་དྷརྨཱ་ནཱཾ༔ ན་མཿས་མནྟ་སཾ་གྷཱ་ནཱཾ༔ ཨཱོྃ་སི་ཏཱ་ཏ་པ་ཏྲེ༔ ཨཱོྃ་བི་མ་ལེ༔ ཨཱོྃ་ཤངྐ་ར༔ ཨཱོྃ་པྲ་ཏྱཾ་གི་ར༔ ཨཱོྃ་བཛྲ་ཨུཥྞི་ཥ་ཙཀྲ་ཝརྟི༔ སརྦ་ཡནྟྲ༔ མནྟྲ༔ མཱུ་ལ་ཀརྨ༔ བནྡྷ་ནཱཾ༔ ཏཱ་ཊཱ་ནཱཾ༔ ཀཱི་ལཱ་ནཱཾ་ཝཱ༔ མ་མ་ཀྲི་ཏེ༔ ཡེ་ན་ཀེ་ན་ཙིཏྟ༔ ཀྲྀ་ཏནྟ་སརྦནྟུ༔ ཙྪིནྡྷ་ཙྪིནྡྷ༔ བྷིནྡྷ་བྷིནྡྷ༔ ཙི་རི་ཙི་རི༔ གི་རི་གི་རི༔ མཱ་ར་མཱ་ར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ མ་མ་རཀྵཾ་ཀུརྦནྟུ༔ ཤམ་བུར་འདོད་གསོལ་གྱིས་ཁ་སྒྱུར༔ མུ་ཁྱུད་ཕྱི་མ་ལ༔ ཏདྱ་ཐཱ་ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ བཻ་རོ་ཙ་ན་ཨཱོྃ༔ བཛྲ་ཨཀྵོ་བྷྱ་ཧཱུྃ༔ རཏྣ་སཾ་བྷ་ཝ་ཏྲཱཾ༔ པདྨ་དྷཱ་ར་ཧྲཱི༔ ཨ་མོ་གྷ་སིདྡྷི་ཨཱ༔ ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ འཆང་བ་པོ་ལ་འདོད་གསོལ་གྱིས་ཁ་སྒྱུར༔ ཡི་གེ་ཐམས་ཅད་གཟབ་རིས་སུ་ཚག་དང་ཤད་མེད་པར་བྲི༔ སྔགས་མགོ་ཕྱིར་ཟློག༔ ཕྱི་ཟུར་བྱང་ཤར་མཚམས་ནས་རྡོ་རྗེ་ཕྱེད་པ༔ ཤར་ལྷོ་མཚམས་སུ་ནོར་བུ༔ ལྷོ་ནུབ་མཚམས་སུ་པདྨ༔ ནུབ་བྱང་མཚམས་སུ་རལ་གྲི་རྣམས་མགོ་བོ་ཕྱིར་བསྟན་པ་དང་མེ་རིས་བསྐོར་བར་བྱའོ༔ ཡི་གེ་ཐམས་ཅད་ལྷག་ཆད་མེད་པ་དང་བྲིས་སུབ་མེད་པར་བྲིའོ༔ ༼༡༽སྡེ་བརྒྱད་ཀྱི་གནོད་པ་སྲུང་བ། ༼༢༽གྲིབ་དང་མི་གཙང་སྲུང་བ། ༁ྃ༔ ཙཀྲ་འདི་དར་དཀར་པོ་ལ་བྲིས་ཏེ་ ༁ྃ༔ ཙཀྲ་འདི་མཚལ་ལམ་གསེར་སོགས་ཀྱིས་ བཟང་དྲུག་དང་ག་པུར་གྱི་ཆུས་བྱུགས་ནས་ བྲིས་ཏེ་དར་སྣ་ལྔས་གྲིལ་ལ་རབ་ཏུ་གནས་པས་ སྤྱི་བོར་བཏགས་པས་ཕྱོགས་བཅུའི་རྒྱལ་ གང་གི་ལུས་ལ་བཏགས་པའི་མི་དེ་ལ༔ ལྷ་མ་ བ་ཐམས་ཅད་ཀྱིས་རྗེས་སུ་འཛིན་པར་འགྱུར་ སྲིན་སྡེ་བརྒྱད་ཀྱི་གནོད་པ་ལས་ཐར་བར་འགྱུར་རོ༔ ྀཨཚ༔ ཞིང༔ གྲིབ་དང་མི་གཙང་བའི་འཇིགས་ པ་ཐམས་ཅད་ལས་སྐྱོབ་པར་བྱེད་དོ༔ ྀཨཚ༔ ༼༣༽མིག་ནད་སྲུང་བ། ༼༤༽རིམས་སྲུང་བ། ༁ྃ༔ ཙཀྲ་འདི་ཆུ་དག་གི་ཁུ་བས་བྲིས་ཏེ་གླ་རྩིའི་ ༁ྃ༔ ཙཀྲ་འདི་ཙནྡན་དཀར་པོའི་ཁུ་བས་བྲིས་ཤིང་ ཆུས་བྱུགས་ནས་མཆན་ཁུང་གཡོན་དུ་བཅང་ན་ སྦྲུལ་གྱི་ཤུན་པས་གྲིལ་ཏེ་མགུལ་དུ་བཏགས་ན་མིག་ འགོ་བའི་ནད་ཐམས་ཅད་ཐུབ་ཅིང༔ ཁྱད་ ལ་སོགས་པའི་དབང་པོ་ཐམས་ཅད་རབ་ཏུ་གསལ་བར་ པར་དུ་རིམས་ཀྱི་རིགས་གང་གིས་ཀྱང་ འགྱུར་ཞིང༔ ཁྱད་པར་དུ་མིག་ནད་ཀྱི་རིགས་གང་ མི་ཚུགས་སོ༔ ྀཨཚ༔ གིས་ཀྱང་མི་ཚུགས་ཤིན་ཏུ་ཟབ་བོ༔ ྀཨཚ༔ ༼༥༽མཚོན་སྲུང་བ། ༼༦༽ལྷ་ཁྲོས་པ་སྲུང་བ། ༁ྃ༔ ཙཀྲ་འདི་རས་དྲི་མ་མེད་པ་ལ་གུར་གུམ་གྱིས་ ༁ྃ༔ ཙཀྲ་འདི་གྲི་ཁྲག་གིས་བྲིས་ཤིང་ བྲི་བའམ༔ གྲོ་ཤོག་སྲབ་མོ་ལ་བྲིས་ཏེ་གུར་གུམ་གྱི་ དར་དམར་པོའི་ཁུད་དུ་གྲིལ་ནས་མིས་མི་ ཆུས་བྱུགས་ལ༔ རབ་གནས་དང་ལྡན་པར་གང་གི་མཐོང་བར་ལུས་ཀྱི་དྲོད་དང་མ་བྲལ་བར་ ལུས་ལ་བཏགས་པའི་མི་དེ་ལ་ལྷ་ཁྲོས་པའི་གནོད་པས་ བཅང་ན་མཚོན་ཆའི་འཇིགས་པ་ཐམས་ཅད་ མི་ཚུགས་པར་བསྲུང་བར་འགྱུར་རོ༔ ྀཨཚ༔ ལས་སྐྱོབ་པར་འགྱུར་རོ༔ ྀཨཚ༔ ༼༧༽ཀླུའི་གནོད་པ་སྲུང་བ། ༼༨༽ས་བདག་གི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་སྐྱེས་དར་མ་གྲིར་ཤི་བའི་ཁྲག་སྣག་ཚྭར་ ༁ྃ༔ ཙཀྲ་འདི་དར་རས་གྲོ་ཤོག་གང་འཛོམ་ལ་ བསྲེས་པས་བྲིས་ཤིང༔ ཆུ་ཤིང་ཕུར་པ་ ལེགས་པར་བྲིས་ཏེ་གླ་རྩི་དང་ཆུ་དག་གུ་གུལ་གྱི་ཁུ་ སོར་བཞི་པ་དང་ལྷན་ཅིག་ཏུ་གྲིལ་ནས་ བས་བྱུགས་ལ་རབ་ཏུ་གནས༔ སྦལ་པའི་ཤུན་ ལུས་ལ་བཅངས་པའི་སྐྱེས་བུ་དེ་ལ་ས་ པས་གྲིལ་ཏེ་གང་གི་ལུས་ལ་བཅངས་པ་དེ་ལ་ཀླུའི་ བདག་གི་གནོད་པས་མི་ཚུགས་ཤིང་ གནོད་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཐམས་ཅད་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༩༽མཛེ་འཕྲོ་གཅོད་པ། ༼༡༠༽གནོད་སྦྱིན་གྱི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་དར་དམར་པོ་ལ་བྲིས་ཏེ་ ༁ྃ༔ ཙཀྲ་འདི་མཛེ་ཕོའི་ཁྲག་གིས་ རིན་པོ་ཆེ་སྣ་ལྔ་དང་ལྷན་ཅིག་ཏུ་སྲེ་མོའི་ བྲིས་ཤིང་རུས་སྦལ་གྱི་ཁོག་པར་བཅུག་ རླིད་བུར་བཅུག་ནས་གང་གི་ལུས་ལ་ ནས་ལུས་ལ་བཅངས་ན་མཛེ་འཕྲོ་ཆོད་ བཏགས་ན་གནོད་སྦྱིན་གྱི་གནོད་པ་ལས་ པར་འགྱུར་རོ༔ ྀཨཚ༔ སྲུང་ཞིང་གནོད་སྦྱིན་རྣམས་ཀྱིས་ནོར་ སྟེར་རྟག་ཏུ་སྐྱོབ་པར་འགྱུར་རོ༔ ྀཨཚ༔ ༼༡༡༽མ་མོའི་གནོད་པ་སྲུང་བ། ༼༡༢༽སྲིན་པོའི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ར་རྒྱ་བོའི་ཁྲག་གིས་བྲིས་ཏེ་གང་གི་ ༁ྃ༔ ཙཀྲ་འདི་དང་ལྷན་ཅིག་ཏུ་ཉུངས་དཀར་འབྲུ་བདུན་ ལུས་ལ་བཏགས་པ་དེ་ཡི་ལུས་ངག་ཡིད་ ལ་བྷྱོ་མ་མ་རུ་ལུ་རུ་ལུ་དུན་ཏིང་རཀྵྱྃ༔ ཞེས་ཉེར་བརྒྱད་ གསུམ་ལ་སྲིན་པོའི་གནོད་པ་ཐམས་ཅད་ བཟླས་ཏེ༔ དར་ནག་གམ་སྣམ་བུ་ནག་པོས་གྲིལ་ནས་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ལུས་ལ་བཏགས་པའི་གང་ཟག་དེ་ལ་མ་མོའི་གནོད་པ་ ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པར་འགྱུར་རོ༔ ྀཨཚ༔ ༼༡༣༽གཤིན་འདྲེའི་གནོད་པ་སྲུང་བ། ༼༡༤༽ཐེའུ་རང་གི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཤིང་སྣ་དགུ་དང་ལྷན་ཅིག་ཏུ་ལུས་ལ་བཅངས་ ༁ྃ༔ ཙཀྲ་འདི་ག་པུར་གླ་རྩི་ཙནྡན་གྱི་ཁུ་བ་སྣག་ བའི་སྐྱེས་བུ་ཕོ་མོ་གང་ལའང་ཐེའུ་རང་གི་གནོད་པས་ ཚྭར་བསྲེས་ཏེ་བྲིས་ལ་རབ་ཏུ་གནས༔ གང་གི་ མི་ཚུགས་ཏེ་བསྲུང་བར་འགྱུར་རོ༔ ྀཨཚ༔ ལུས་ལ་བཏགས་པ་དེ་ལ་གཤིན་འདྲེའི་གནོད་པ་ ཤིང་སྣ་དགུ་ནི༔ བལ་དཀར༔ ཤུག་པ༔ ཨ་ཀ་རུ༔ ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ སེང་ལྡེང༔ སྐྱེར་པ༔ ཚེར་ནག༔ སེ་བ༔ སྲུབ་ཤིང༔ འོམ་བུ་སྟེ་ཤིང་སྣ་དགུའོ༔ ༼༡༥༽མོ་འདྲེའི་གནོད་པ་སྲུང་བ། ༼༡༦༽སྲིད་སྤེལ་བ། ༁ྃ༔ ཙཀྲ་འདི་འགྲོན་བུ་སྦྲུམ་མ་མིག་མ་བུག་པ་དང་ ༁ྃ༔ ཙཀྲ་འདི་བུད་མེད་འཕྱོན་མའི་སྐྲས་བཅིངས་ཏེ་ ལྷན་ཅིག་ཏུ་དར་རས་དཀར་པོས་གྲིལ་ནས་ སྣམ་རས་ནག་པོས་གྲིལ་ཞིང་མཆན་ཁུང་གཡོན་པར་ བུད་མེད་ཀྱི་ལུས་ལ་བཏགས་ན་སྲིད་ བཅངས་ན་མོ་འདྲེའི་གནོད་པ་ལས་བསྲུང་ འཕེལ་བར་འགྱུར་རོ༔ ྀཨཚ༔ བར་འགྱུར་རོ༔ ྀཨཚ༔ ༼༡༧༽སྲིད་བུར་སྐྱེ་བ། ༼༡༨༽གསོན་འདྲེ་མོ་སྲུང་བ། ༁ྃ༔ ཙཀྲ་འདི་སེང་ལྡེང་གི་བྱང་བུ་མཚོན་གང་བ་ལ་ ༁ྃ༔ ཙཀྲ་འདི་བོ་དྷེ་ཙིའི་ཕྲུ་གུ་དང་ མཚལ་གྱིས་ཀྵྱྃ་ཞེས་བྲིས་པ་དང་ལྷན་ཅིག་ཏུ་ ལྷན་ཅིག་ཏུ་བུད་མེད་བུ་བདུན་སྐྱེས་པའི་ གང་གི་ལུས་ལ་བཏགས་པ་དེ་ལ་གསོན་འདྲེ་ གོས་དྲི་མ་ཅན་གྱིས་གྲིལ་ནས་བུད་མེད་ མོའི་གནོད་པ་ཐམས་ཅད་ལས་བསྲུང་ བུ་འདོད་པ་ལ་བཏགས་ན་སྲིད་བུ་ བར་འགྱུར་རོ༔ ྀཨཚ༔ ཉིད་དུ་འགྱུར་རོ༔ ྀཨཚ༔ ༼༡༩༽གསོན་འདྲེ་ཕོ་སྲུང་བ། ༼༢༠༽ཕོ་ཤི་གྲི་བོ་སྲུང་བ། ༁ྃ༔ ཙཀྲ་འདི་སྐྱེས་དར་མ་གྲིར་ཤི་བའི་ཁྲག་དང་ ༁ྃ༔ ཙཀྲ་འདི་དང་ལྷན་ཅིག་ཏུ་སྐྱེར་པའི་རལ་གྲི་ སྣག་ཚྭ་བསྲེས་པས་བྲིས་ཏེ་གྲི་ལྕགས་དུམ་བུ་ མཚོན་གང་བ་གཅིག་ལ་རྣྲྀ་ཏྲི་ཛ༔ཞེས་པ་དུག་ཁྲག་གིས་ གཅིག་བདར་བའི་ཕྱེ་མ་དང་ལྷན་ཅིག་ཏུ་རོ་ བྲིས་པ་སྣམ་རས་དམར་པོས་གྲིལ་ནས་གང་གི་ རས་ཀྱིས་གྲིལ་ནས་གང་གི་ལུས་ལ་ མགུལ་དུ་བཏགས་པ་དེ་ལ་གསོན་འདྲེ་ཕོའི་ བཏགས་པ་དེ་ལ་ཕོ་ཤི་གྲི་བོའི་གནོད་པ་ གནོད་པ་ཐམས་ཅད་བསྲུང་བར་འགྱུར་རོ༔ ྀཨཚ༔ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༢༡༽མོ་ཤི་གྲི་མོ་སྲུང་བ། ༼༢༢༽རི་འདྲེ་སྲུང་བ། ༁ྃ༔ ཙཀྲ་འདི་རི་བོང་གི་གསོན་སྤུས་དྲིལ་ཏེ་ལུས་ལ་ ༁ྃ༔ ཙཀྲ་འདི་བུད་མེད་ཤི་བའི་དུར་རྡོ་ བཏགས་ན་རི་འདྲེའི་གནོད་པ་ལས་བསྲུང་བར་ དམར་པོ་དུམ་གཅིག་དང་ལྷན་ཅིག་ཏུ་གྲིལ་ འགྱུར་རོ༔ ྀཨཚ༔ ནས་བཏགས་ན་མོ་ཤི་གྲི་མོས་གནོད་པ་ བྱེད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༢༣༽མཛེ་འདྲེ་སྲུང་བ། ༼༢༤༽བཙན་གྱི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་བྱ་ཕོ་མཚའ་ལུའི་དང་རུ་གཡས་པ་ ༁ྃ༔ ཙཀྲ་འདི་དུག་ཤོག་ལ་མཛེ་ཁྲག་གིས་བྲི་ དང་སྣམ་རས་དམར་པོའི་ཁུད་དུ་གྲིལ་ནས་ བའམ༔ དེའི་ཆུས་བྱུགས་ཏེ་གང་གི་ལུས་ལ་ གང་གི་ལུས་ལ་བཅངས་པ་དེ་ལ་བཙན་གྱི་ བཅངས་པ་དེ་ལ་མཛེ་འདྲེའི་གནོད་པ་ལས་ གནོད་པ་བྱེད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༢༥༽དྲང་སྲོང་གཟའི་གནོད་པ་སྲུང་བ། ༼༢༦༽འབྱུང་པོ་སྤྱིའི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཚོན་སྐུད་སྣ་ལྔས་བཅིངས་ཏེ་ ༁ྃ༔ ཙཀྲ་འདི་དར་དམར་པོ་ལ་བཟང་ གྲི་ལྕགས་ཀྱི་བྱང་བུ་མིག་དགུ་པ་དང་ དྲུག་དང་སྣག་ཚས་བྲིས་ཏེ་ཚོན་སྐུད་སྣ་ ལྷན་ཅིག་ཏུ་ལུས་ལ་བཅངས་ན་འབྱུང་པོའི་ ལྔའི་སྲད་བུས་གྲིལ་ནས་མགུལ་དུ་ གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔བཏགས་ན་དྲང་སྲོང་གཟའི་གནོད་པ་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༢༧༽རྒྱལ་འགོང་གི་གནོད་པ་སྲུང་བ། ༼༢༨༽བསེན་མོའི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཁྱི་ནག་པོའི་སྤུས་གྲིལ་ནས་ ༁ྃ༔ ཙཀྲ་འདིའི་དཀྱིལ་དུ་གྲི་ཤ་དང་གུ་གུལ་བཅུག་ལ་ ཡུགས་སའི་སྐྲ་ཤད་ཀྱི་སྐུད་པས་བཅིངས་ཏེ་ སྤྲེའུའི་པགས་པས་གཏུམས་པའམ་སྤུས་གྲིལ་ཞིང་གང་གི་ ལུས་ལ་བཅངས་ན་བསེན་མོའི་གནོད་པ་ ལུས་ལ་བཅངས་ན་དེའི་ལུས་ངག་ཡིད་གསུམ་ལ་རྒྱལ་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ འགོང་གི་གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༢༩༽ལྟོག་འདྲེ་བསེ་རག་གི་གནོད་པ་སྲུང་བ། ༼༣༠༽མ་ཡམས་ཀྱི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཤུག་པའི་བྱང་བུའི་བར་དུ་ ༁ྃ༔ ཙཀྲ་འདི་ཙནྡན་དམར་པོ་དང་གྷི་ཝང་གི་ བལྟེབས་ནས་ལུས་ལ་བཅངས་ན་མ་ ཆུས་སྦྱར་བའི་ལྡེ་གུ་བྱུག་སྟེ་ལུས་ལ་བཅངས་ན་ ཡམས་ཀྱི་གནོད་པ་ཐམས་ཅད་ལས་ ལྟོག་འདྲེའི་གནོད་པས་ཟ་ཐང་ཆུང་བ་ལས་ཐར་ཏེ་ བསྲུང་བར་འགྱུར་རོ༔ ྀཨཚ༔ ཕྱུག་ཅིང་ཟ་ཐང་ཆེར་འཕེལ་བར་འགྱུར་རོ༔ ྀཨཚ༔ ༼༣༡༽དམ་སྲིའི་གནོད་པ་སྲུང་བ། ༼༣༢༽གྲིབ་གནོན་སྲུང་བ། ༁ྃ༔ ཙཀྲ་འདི་རབས་ཆད་ཕོ་མོའི་ཁྲག་གིས་ ༁ྃ༔ ཙཀྲ་འདི་སྔགས་པ་ནུས་པ་ཅན་གྱིས་བཀལ་བའི་ བྲིས་ཏེ་དུག་གི་ཁུ་བས་བྱུགས་ནས་ སྐུད་པ་ནག་པོས་དཀྲིས་ཏེ་མགུལ་དུ་བཏགས་ན༔ མགུལ་དུ་བཏགས་ན་གྲིབ་གནོན་གྱི་ དམ་སྲིའི་གནོད་པ་ལས་བསྲུང་བར་འགྱུར་ཏེ་ཙཀྲ་ འཇིགས་པ་ལས་སྐྱོབ་པར་འགྱུར་རོ༔ ྀཨཚ༔ ལ་གུ་གུལ་གྱི་ཆུས་བྱུག་གོ༔ ྀཨཚ༔ ༼༣༣༽གཏད་ཀྱི་གནོད་པ་སྲུང་བ། ༼༣༤༽ཡ་བདུད་ཀྱི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཤིང་ཤུན་ལ་བྲིས་ནས་ ༁ྃ༔ ཙཀྲ་འདི་སེང་ལྡེང་སྐྱེར་པ་ཚེར་ནག་གང་ དར་སྣ་ལྔས་དྲིལ་ཏེ་གང་གི་ལུས་ལ་ འཛོམ་པའི་ཕུར་པ་ཚོན་གང་བ་དང་ལྷན་ཅིག་ཏུ་རོ་ བཅངས་པ་དེ་ལ་བདུད་ཀྱི་གནོད་པ་ རས་ཀྱི་ཁུད་དུ་གྲིལ་ནས་ལུས་ལ་བཅང་ན་གཏད་ཀྱི་ ཐམས་ཅད་ཀྱིས་མི་ཚུགས་ཏེ་བསྲུང་བའི་ གནོད་པ་ལས་བསྲུང་ཞིང་ཐར་བར་འགྱུར་རོ༔ ྀཨཚ༔ མཆོག་ཏུ་འགྱུར་རོ༔ ཁྱད་པར་ཡ་ བདུད་ཀྱི་བསྲུང་བ་དམ་པའོ༔ ྀཨཚ༔ ༼༣༥༽མ་བདུད་ཀྱི་གནོད་པ་སྲུང་བ། ༼༣༦༽ཤ་ཟ་མཁའ་འགྲོའི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཡུགས་ས་མོའི་མངལ་ ༁ྃ༔ ཙཀྲ་འདི་བ་ནག་པོའི་སྤུ་ལ་ཕྱིང་པ་བྱས་པའི་ཁུད་དུ་ ཁྲག་གིས་བྲིས་ཤིང་རོ་རས་ནག་པོས་ གྲིལ་ནས་ལུས་ལ་བཏགས་ན་མ་བདུད་ཀྱི་གནོད་པ་ལས་ གྲིལ་ཏེ་བཅངས་ན་མི་དེ་ལ་འཇིག་རྟེན་ བསྲུང་བར་འགྱུར་རོ༔ ཙཀྲ་འདི་ལ་ཆུ་དག་ནག་པོ་དང་ ཤ་ཟ་མཁའ་འགྲོའི་ཚོགས་ཀྱི་གནོད་འཚེ་ རྟ་ནག་པོའི་བོན་གྱིས་བྱུག་གོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༣༧༽གཉན་གྱི་གནོད་པ་སྲུང་བ། ༼༣༨༽ཐབ་གཞོབ་སྲུང་བ། ༁ྃ༔ ཙཀྲ་འདི་མགར་བའི་ཁྲག་གི་བྲིས་ནས་ ༁ྃ༔ ཙཀྲ་འདི་གུ་གུལ་གླ་རྩི་ཤིང་ཀུན་གྱི་ཆུས་ མགར་སྦུད་ཟད་པའི་ཚལ་བུས་གྲིལ་ཏེ་ བྱུག་གམ་བྲིས་ནས་ལུས་ལ་བཏགས་པའི་མི་དེ་ལ་ ལུས་ལ་བཅངས་པའི་མི་དེ་ལ་ཐབ་ གཉན་གྱི་གནོད་པ་ལས་སྲུང་བར་བྱེད་དོ༔ ྀཨཚ༔ གཞོབ་ཀྱི་གནོད་པ་ལས་སྲུང་ཞིང་ཐབ་ གཞོབ་རི་ལུང་གང་ཤོར་ཡང་ལྷ་འདྲེ་ ལ་ཕོག་ཐུག་མི་འབྱུང་ངོ༔ ྀཨཚ༔ ༼༣༩༽ས་སྲིན་གྱི་གནོད་པ་སྲུང་བ། ༼༤༠༽འབྲོག་སྲིན་གྱི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་གོང་མོའི་ཁྲག་གིས་ ༁ྃ༔ ཙཀྲ་འདི་དང་ལྷན་ཅིག་ཏུ་སྡིག་པ་ནག་པོའི་རོ་ བྲིས་ནས་རི་དྭགས་གང་རུང་གི་པགས་ དུམ་བུ་ཕྱི་བའི་པགས་པས་གྲིལ་ཞིང་ལུས་ལ་བཅངས་ པས་གཏུམས་ནས་བཅངས་པའི་མི་དེ་ལ་ པའི་མི་དེ་ལ་ས་སྲིན་གྱི་གནོད་པ་གང་གིས་ཀྱང་མི་ འབྲོག་སྲིན་གྱི་གནོད་པ་མི་འབྱུང་ཞིང་ ཚུགས་པར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༤༡༽ལྷོག་གཟེར་སྲུང་བ། ༼༤༢༽ཐབ་མཁོན་སྲུང་བ། ༁ྃ༔ ཙཀྲ་འདི་ར་རྒྱ་བོའི་ཁྲག་གི་བྲིས་ནས་ ༁ྃ༔ ཙཀྲ་འདི་མུ་ཟི་ནག་པོ་གླ་རྩི་རྟ་ནག་གི་ ཉ་སྲམ་གྱི་པགས་པས་གྲིལ་ནས་ བོན་གྱི་ཁུ་བས་བྲིས་ཤིང་ལྡོང་རོས་ཀྱི་ཆུས་བྱུགས་ ལུས་ལ་བཅངས་ན་ཐབ་མཁོན་གྱིས་ ནས་སྦྲུལ་གྱི་ཤུན་པས་གྲིལ་ནས་ལུས་ལ་ བསླངས་པའི་གནོད་པ་མི་འབྱུང་ཞིང་ བཅངས་པའི་མི་དེ་ལ་གག་ལྷོག་གཟེར་གསུམ་གྱིས་ སྲུང་བའི་མཆོག་གོ༔ ྀཨཚ༔ མི་ཚུགས་ཤིང་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༤༣༽རྒན་སྲི་སྲུང་བ། ༼༤༤༽གཞོན་སྲི་སྲུང་བ། ༁ྃ༔ ཙཀྲ་འདི་རིའུ་ཚེ་ཁོང་དུ་ཤི་བའི་ཁྲག་གིས་ ༁ྃ༔ ཙཀྲ་འདི་ཤིང་ཚེ་ཟད་ཀྱི་ཐེམ་བར་དུ་ བྲིས་ཤིང་སྤྲེའུའི་པགས་པས་གཏུམས་ བཅུག་ནས་ལུས་ལ་བཅངས་ན་རྒན་སྲིའི་ པའམ༔ ཡང་ན་སྤྲེའུའི་ཁྲག་གི་བྲིས་པ་ གནོད་པ་ལས་སྲུང་བར་འགྱུར་རོ༔ ྀཨཚ༔ རིའུ་ཚེའི་ཤུན་པས་གྲིལ་ནས་ལུས་ལ་ བཏགས་ན་གཞོན་སྲིའི་གནོད་པ་ལས་ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༤༥༽དར་སྲི་སྲུང་བ། ༼༤༦༽རྒྱལ་པོ་པེ་ཧར་སྲུང་བ། ༁ྃ༔ ཙཀྲ་འདི་ཁྱི་དཀར་པོའི་ཁྲག་གི་བྲིས་པའམ་ ༁ྃ༔ ཙཀྲ་འདི་སྐྱེས་དར་མ་གྲིར་ཤི་བའི་ མ་རྙེད་ན་ཁ་ཆུས་བྲིས་ཏེ་དར་དཀར་གྱི་ ཁྲག་གིས་བྲིས་ནས་སྔགས་པའི་སྐྲ་སྐུད་ཀྱིས་ ཁུད་དུ་གྲིལ་ནས་ལུས་ལ་བཅངས་ན་ བཅིངས་ནས་ལུས་ལ་བཏགས་ན་དར་སྲིའི་ རྒྱལ་པོ་པེ་དཀར་གྱི་གནོད་པ་ལས་བསྲུང་ཞིང་ གནོད་པ་བསྲུང་བར་འགྱུར་རོ༔ ྀཨཚ༔ ཁྱིམ་ཕུགས་སུ་སྦས་ན་ཁྱིམ་དེར་པེ་དཀར་གྱི་ འགྲིམ་ལམ་ཆད་པར་འགྱུར་རོ༔ ྀཨཚ༔ ༼༤༧༽དམ་ཅན་རྡོར་ལེགས་སྲུང་བ། ༼༤༨༽དྲེགས་པའི་སྡེ་དཔོན་སུམ་ཅུ་སྲུང་བ། ༁ྃ༔ ཙཀྲ་འདི་དར་ནག་པོ་ལ་སྔགས་པ་ནུས་པ་ ༁ྃ༔ ཙཀྲ་འདི་ར་རྒྱ་བོའི་སྙིང་ཤུན་གྱིས་གྲིལ་ནས་ ཅན་གྱི་གསོན་ཁྲག་གིས་བྲིས་ནས་མི་མིང་ལུས་ལ་བཏགས་ན་སྐྱེས་བུའི་ཕྲག་དོག་གི་གནོད་པ་ རུས་མི་གཅིག་པ་དགུའི་སྐྲ་སེན་དང་ལྷན་ཅིག་ཏུ་ ལས་སྲུང་ཞིང་ཐེའུ་རང་སྤུན་དགུའི་གནོད་པ་ རོ་རས་ཀྱིས་གྲིལ་ནས་བཅངས་ན་སྡེ་དཔོན་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ སུམ་ཅུའི་གནོད་པ་དང་འཚེ་བ་ཐམས་ཅད་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༤༩༽སྔགས་བདག་དྲེགས་ཆེན་བཅོ་བརྒྱད་སྲུང་བ། ༼༥༠༽ནང་འཐབ་སྲུང་བ། ༁ྃ༔ ཙཀྲ་འདི་ཁྱིའི་སྤུ་དང་ར་བལ་གྱི་སྐུད་པས་ ༁ྃ༔ ཙཀྲ་འདི་མོན་ནག་གི་ཁྲག་གིས་བྲིས་ནས་རྟ་ནག་པོའི་ བཅིངས་ཏེ་བྱི་ལའི་པགས་པས་གྲིལ་ཅིང༔ སྙིང་ཤུན་གྱིས་གཏུམས་ཤིང་གང་གི་ལུས་ལ་བཅངས་པ་དེ་ལ་ དཔོན་སློབ་བམ༔ ཕ་མ་མ་སྨད་བཟའ་ སྔགས་བདག་དྲེགས་པ་བཅོ་བརྒྱད་ཀྱི་གནོད་པ་ལས་ མི་ལ་སོགས་ནང་འཐབ་རྒྱུན་དུ་བྱེད་པ་ལ་ བསྲུང་བར་འགྱུར་རོ༔ ྀཨཚ༔ རེས་མོས་ཀྱིས་བཏགས་ན༔ ནང་ འཐབ་ལས་སྐྱོབ་པར་འགྱུར་རོ༔ ྀཨཚ༔ ༼༥༡༽མནའི་ཉེས་གྲིབ་སྲུང་བ། ༼༥༢༽བྱ་བ་ལས་ཐབས་ཉེས་པ་སྲུང་བ། ༁ྃ༔ ཙཀྲ་འདི་སྦལ་བ་སྦྲུལ་སྡིག་པ་གསུམ་གྱི་ཤ་ ༁ྃ༔ ཙཀྲ་འདི་དང་ལྷན་ཅིག་ཏུ་རི་བོང་གི་རྣ་བ་དང༔ སྦང་བའི་ཁུ་བས་བྲི༔ གྲི་ལྕགས་ཀྱི་བྱང་བུ་ གྲུམ་པའི་ལྕེ༔ ཕག་གི་སྣ༔ རོ་མང་པོ་ཁུར་བའི་ མིག་དགུ་པ་དང་བཅས་ཏེ་ལུས་ལ་བཏགས་ན་ མིའི་གོས་དུམ་བུས་གྲིལ་ནས་ལྷམ་གྱི་ནང་ངམ་རྐེད་པ་ ས་གཉན་རྐོ་བ་རྡོ་གཉན་སློག་པ་ཤིང་གཉན་ མན་ཆད་ལ་ཡོད་པར་བྱས་ན་མནའི་ཉེས་པ་ལས་ གཅོད་པ་ལ་སོགས་ཉེས་པའི་བྱ་བ་ཅི་བྱས་ཀྱང་ བསྲུང་བར་འགྱུར་རོ༔ ྀཨཚ༔ ཉེས་པ་མི་འབྱུང་ཞིང་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༥༣༽དུག་སྲུང་བ། ༼༥༤༽མི་ནད་ཀུན་སྲུང་བ། ༁ྃ༔ ཙཀྲ་འདི་ཞ་ཉེ་གནུར་བའི་ཁུ་བ་དང་ཁྱི་འདྲེ་ ༁ྃ༔ ཙཀྲ་འདི་རྨ་བྱའི་ཁྲག་གིས་བྲིས་ནས་རི་བོང་གི་ ཟུག་བྱེད་པའི་ཆུ་བསྲེས་པས་བྲིས་ཤིང་བཟའ་ ཁ་སྤུ་དང་བཅས་ཏེ་སྤྲེའུའི་ཕོ་བས་གྲིལ་ཞིང་མགུལ་དུ་ དཔོན་གྱི་ལུས་ལ་བཏགས་ན༔ ནད་འདྲེ་ བཏགས་ན་དུག་གི་གནོད་པ་ལས་བསྲུང་བར་འགྱུར་རོ༔ ཟུག་པ་ལས་བསྲུང་ཞིང་མི་གཅིག་དུས་ སྲུང་བ་དེ་ལུས་ལ་ཡོད་ཙམ་ཕན་ཆད་དུག་ཁོང་དུ་སོང་ན་ རྒྱུན་དུ་མི་ན་དགུ་ན་བྱེད་པ་ལ་བཏགས་ན་ སྲུང་བ་ལས་རླངས་པ་འབྱུང་ངོ༔ ྀཨཚ༔ ཕྱིན་ཆད་མི་ན་བར་འགྱུར་རོ༔ ྀཨཚ༔ ༼༥༥༽རྨི་ལམ་ངན་པ་སྲུང་བ། ༼༥༦༽ལྟས་ངན་པ་སྲུང་བ། ༁ྃ༔ ཙཀྲ་འདི་འུག་པའི་ཁྲག་གིས་བྲིས་ནས་ ༁ྃ༔ ཙཀྲ་འདི་མི་འདྲེ་མཐོང་བྱེད་པའི་མིག་ཆུས་ སྤྲེའུའི་སྤུས་གྲིལ་ཏེ་ཝའི་པགས་པས་ བྲིས་ཏེ་རང་གི་རྫི་མ་དང་མཉམ་པོར་གྲིལ་ནས་ གཏུམས་ཤིང་གང་གི་ལུས་ལ་བཅངས་ མི་མིང་རུས་མི་གཅིག་པ་དགུའི་ལག་ཏུ་བརྒྱུད་ནས་ པ་དེ་ལ་ལྟས་ངན་པའི་གནོད་པ་ལས་ ལུས་ལ་འཆང་ན་རྨི་ལམ་ངན་པ་ལས་བསྲུང་ཞིང་ བསྲུང་བར་འགྱུར་རོ༔ ྀཨཚ༔ རྨི་ལམ་བཟང་པོར་འགྱུར་རོ༔ ྀཨཚ༔ ༼༥༧༽བསམ་སྦྱོར་ངན་པ་སྲུང་བ། ༼༥༨༽ཕྲ་མེན་འགོང་ཆོག་སྲུང་བ། ༁ྃ༔ ཙཀྲ་འདི་བདུད་རྩི་ཆོས་སྨན་དང་མཚལ་བསྲེས་པས་ ༁ྃ༔ ཙཀྲ་འདི་སྔགས་པའི་མཆིལ་སྣབས་དང་ བྲིས་ཤིང་དར་སྣ་ལྔས་གྲིལ་ནས་སྤྱི་བོར་བཏགས་ན་ སེར་བའི་ཆུས་ཁུ་བ་བྱས་པའི་སྣག་ཚྭས་བྲིས་ཤིང་ ཕྲ་མེན་འགོང་ཆོག་གི་གནོད་པ་ཐམས་ཅད་ལས་བསྲུང་ དུག་ཤིང་གི་བྱང་བུའི་ཐེམ་བར་དུ་བཅུག་ནས་ བར་འགྱུར་རོ༔ ཡང་ན་རང་གི་མལ་སའི་སྟེང་ངམ་ ལུས་ལ་འཆང་ན་ཕ་རོལ་གྱི་བསམ་སྦྱོར་ངན་པའི་ ཞྭའི་ནང་དུ་ཡང་གཞུག༔ དེས་སྔར་བྱས་པའི་ གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཉེས་པ་ལས་ཀྱང་གྲོལ་བར་འགྱུར་རོ༔ ྀཨཚ༔ ༼༥༩༽མནན་པ་སྲུང་བ། ༼༦༠༽ཉེ་འབྱེད་སྲུང་བ། ༁ྃ༔ ཙཀྲ་འདི་ཞིང་ལྤགས་ལ་བྲིས་པའམ༔ ༁ྃ༔ ཙཀྲ་འདི་དྲི་བཟང་པོའི་ཆུས་བྲིས་ཤིང་མཆོད་རྟེན་ ཡང་ན་གྲོ་ཤོག་ལ་བྲིས་ཏེ་ཞིང་ལྤགས་ཀྱིས་ རབ་གནས་ཅན་གྱི་ས་དང་མཉམ་དུ་དར་ནག་གིས་དྲིལ་ནས་ གྲིལ༔ ཙནྡན་གྱི་བྱང་བུ་ལ་དེ་དག་ མགུལ་དུ་བཏགས་ན་མནན་པ་ལས་དགྲོལ་ཞིང་རང་གིས་ཕར་ མཚལ་གྱིས་བྲིས་པ་དང་ལྷན་ཅིག་ཏུ་ བྱས་ཀྱང་ཚུར་ལ་མི་ལྡོག་སྟེ་བསྲུང་བར་འགྱུར་རོ༔ ཁྱད་པར་ ལུས་ལ་བཏགས་ན་ཉེ་འབྱེད་བྱས་པའི་ ངག་མནན་གྱི་གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༦༡༽བསྐྲད་གཟིར་སྲུང་བ། ༼༦༢༽ལྷ་འདྲེ་སྟོང་གི་སྒྲིབ་ཤིང་། ༁ྃ༔ ཙཀྲ་འདི་ཞིང་ལྤགས་ཀྱི་ཁུག་མར་བཅུག་ནས་ ༁ྃ༔ ཙཀྲ་འདི་གསེར་སྦྱངས་པའི་ཁུ་བས་བྲིས་ཏེ༔ གང་གི་ལུས་ལ་བཏགས་ན་མི་དེ་བསྐལ་པའི་ དར་སེར་པོའི་ཁུད་དུ་གྲིལ་ཅིང་མཆན་ཁུང་གཡོན་དུ་ མེ་དཔུང་ནང་དུ་མཐོང་ནས་འདྲེ་ངན་ཐམས་ཅད་ཀྱི་ བཏགས་ན་ཕ་རོལ་གྱི་མི་དང་མི་མ་ཡིན་གྱིས་ གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྐྲད་གཟིར་གཏོང་བའི་རིག་སྔགས་ཀྱི་ སྦྱོར་བ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༦༣༽ཁྱིམ་ལ་རྐུན་མ་སྲུང་བ། ༼༦༤༽སྲིས་རྨེ་བར་བྱེད་པ། ༁ྃ༔ ཙཀྲ་འདི་སྐྱེས་དར་མའི་ཐིག་ལེས་བྲིས༔ དར་ཤིང་ ༁ྃ༔ ཙཀྲ་འདི་རྐུན་ཆེན་གྱི་ཁྲག་གིས་བྲིས་ནས་བྱི་ སེར་པོའི་བྱང་བུ་མཚོན་གང་བ་ལ༔ རཀྵྱྃ་ཞེས་ བའི་ཤུན་པར་གྲིལ་ཏེ་སྦྲ་ཁྱིམ་ལ་སོགས་པའི་ཀ་བ་ལ་ བརྐོས་པ་ལ་བྱི་བའི་ཁྲག་གིས་བྱུག་པ་དང་ལྷན་ བཏགས་ན་སྦྲ་ཁྱིམ་དེར་རྐུན་མ་མི་འབྱུང་ཞིང་བསྲུང་ ཅིག་ཏུ་ནས་ཀྱི་སྣོད་ལ་སོགས་པའི་སྟེང་ངམ༔ སྒྲོ་ བར་འགྱུར་ལ༔ འདི་བཅངས་ནས་ཕ་རོལ་དུ་ སྣོད་གང་འོས་ཀྱི་ལུང་ལ་བཏག་ན་སྲིས་རྨེ་ཞིང་སྲིས་ རྐུས་ན་ཐོབ་ཅིང་རྩད་མི་ཆོད་པར་འགྱུར་རོ༔ ྀཨཚ༔ རྐུན་གྱི་གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༦༥༽གོད་ཁ་སྲུང་བ། ༼༦༦༽འདྲེའི་རྒྱུ་ལམ་གཅོད་པ། ༁ྃ༔ ཙཀྲ་འདི་སྤྱང་ཀིའམ་ཁྱི་འདྲེ་ཟུག་བྱེད་པ་ ༁ྃ༔ ཙཀྲ་འདི་གྲོ་ཤོག་ལ་བྲིས་ཏེ་མཚལ་ལམ་ མཚན་མོ་རྒྱུ་བའི་བྱ་རིགས་གང་འཛོམ་པའི་ཁྲག་ བ་བླ་བྱུགས་ཏེ་ཕྱི་སྒོའི་ཡ་ཐེམ་ལ་ཁ་ཕྱིར་བལྟས་ རྣམས་ཀྱིས་བྲིས་ནས་ཕྱི་སྒོའི་མེ་ལོང་ལ་ཁ་ཕྱིར་ བཏགས་ན་རྟག་ཏུ་གོད་ཁ་མི་འབྱུང་ཞིང་གོད་འདྲེའི་ བསྟན་ཏེ་སྦྱར་བས་ཁྱིམ་སྒོ་ལམ་སྲང་གི་འདྲེ་ གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཡི་རིགས་མཐའ་དག་གི་འགྲིམ་ལམ་ཆད་ ནས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༦༧༽མེའི་འཇིགས་པ་སྲུང་བ། ༼༦༨༽ལོ་ཏོག་གི་གནོད་པ་སྲུང་བ། ༁ྃ༔ ཙཀྲ་འདི་རི་བོང་གི་གསོན་སྤུས་གྲིལ་ཏེ་བུ་མོ་ ༁ྃ༔ ཙཀྲ་འདི་སྦལ་པའི་ཁྲག་གིས་བྲིས་ཏེ་ཆུ་ གྲོང་པའི་ཆོས་ཀྱིས་མ་གོས་ངེས་པས་བསྒྲིམས་པའི་ ཤིང་གི་ཕུར་པ་སོར་བཞི་པ་དང་ལྷན་ཅིག་ཏུ་སྲམ་གྱི་ སྐུད་པ་དཀར་པོས་བཅིངས་ནས་རོ་རས་ཀྱིས་གྲིལ་བ་ ཐོད་པར་བཅུག་ནས་ཁང་པའི་ཕུགས་སུ་སྦས་ན་མེའི་ ཞིང་གི་དཀྱིལ་དུ་དབྱུག་པ་རིང་པོའི་རྩེ་ལ་བཏགས་ གནོད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ནས་བཙུག་ན་ཞིང་གི་ལོ་ཐོག་ལ་གནོད་པའི་རིགས་ ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༦༩༽བྱིས་པ་འདྲེས་གཙེ་སྲུང་བ། ༼༧༠༽སོ་ནད་སྲུང་བ། ༁ྃ༔ ཙཀྲ་འདི་ཤིང་ཀུན་གུ་གུལ་མུ་ཟི་ནག་པོ་ ༁ྃ༔ ཙཀྲ་འདི་སྲེ་མོའི་ཤུན་པས་གྲིལ་ཞིང་ སྦྱངས་པའི་ཁུ་བས་བྲིས་ཤིང་ཁྱིའི་སྤུས་གྲིལ་ནས་ བྱིས་པ་འདྲེས་གཙེས་ནས་དྲག་ཏུ་ངུ་བའི་ བཏགས་པས་སོ་ནད་ལས་བསྲུང་བར་འགྱུར་རོ༔ མགུལ་དུ་བཏགས་ན་མི་ངུ་ཞིང་བསྲུང་ སྔར་ན་བ་ཡིན་ན་གང་དུ་ན་བའི་ཕྱོགས་སུ་ བར་འགྱུར་རོ༔ ྀཨཚ༔ མ་ན་བའི་གོང་ནས་བཏགས་པར་བྱའོ༔ ྀཨཚ༔ ༼༧༡༽ཐོག་གི་འཇིགས་པ་སྲུང་བ། ༼༧༢༽སོ་དུག་ཅན་སྲུང་བ། ༁ྃ༔ ཙཀྲ་འདི་བཙན་དུག་དང་གླ་རྩིའི་ཆུས་ ༁ྃ༔ ཙཀྲ་འདི་བུད་མེད་ཀྱི་མངལ་ཁྲག་གིས་བྲིས་ཏེ་ བྲིས་ནས་ཕག་གི་ཤུན་པས་གྲིལ་བ་ལུས་ལ་ ཡུགས་ས་མོའི་དོར་རྟས་གྲིལ་ནས་ལུས་ལ་ བཏགས་ན་སོ་དུག་ཅན་མཐའ་དག་གི་ བཏགས་ན་ཐོག་དང་སེར་བའི་གནོད་པ་ལས་ གནོད་པ་ལས་སྲུང་བར་བྱེད་དོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༧༣༽གཅན་གཟན་སྲུང་བ། ༼༧༤༽འབྲུམ་ནད་སྲུང་བ། ༁ྃ༔ ཙཀྲ་འདི་བསེ་ཤིང་གི་ཁུ་བས་བྲིས་ཤིང་ ༁ྃ༔ ཙཀྲ་འདི་གྲི་ལྕགས་ཨ་རུ་རའི་ཆུས་ འབྲུམ་ནད་ཀྱིས་ཤི་བའི་རུས་པ་བརྡར་བའི་ བཏུལ་བའི་ཁུ་བས་བྲིས་ཏེ་གླ་རྩིའི་ཆུས་ ཁུ་བས་བྱུགས་ཏེ་ལུས་ལ་བཏགས་ན་ བྱུགས་ནས་བཅངས་པའི་མི་དེ་ལ་གཅན་ འབྲུམ་ནད་ཀྱི་རིགས་ཐ་དག་གིས་མི་ཚུགས་ གཟན་གྱི་གནོད་པ་མི་འབྱུང་ཞིང་ ཤིང་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༧༥༽སྨྱོ་འདྲེ་སྲུང་བ། ༼༧༦༽མི་ཁ་བསྲུང་བ། ༁ྃ༔ ཙཀྲ་འདི་མགྲོན་ཁང་གི་དུད་པའམ་སྨད་ ༁ྃ༔ ཙཀྲ་འདི་རྒྱ་མཚལ་གྱིས་བྲིས་ཏེ་བོང་བུའི་ འཚོང་མའི་རྫ་དྲེག་གི་སྣག་ཚྭས་བྲིས་ཏེ་བྲ་བའི་ སྙིང་ཤུན་གྱིས་གྲིལ་ཏེ༔ གང་གི་ལུས་ལ་ རླིད་བུར་བཅུག་ནས་ལུས་ལ་རྒྱུན་དུ་བཏགས་ན་ བཏགས་པ་དེ་ལ་སྨྱོ་འདྲེའི་གནོད་པ་ལས་ མི་ཁ་གླེང་གཞིའི་གནོད་པ་ལས་བསྲུང་བ་དང་ བསྲུང་ཞིང༔ སེམས་ཕྱ་ཕྱོ་བྱེད་པ་ལ་ མ་ཉེས་པའི་ཁ་ཡོག་མི་འབྱུང་སྟེ་སྔར་བྱུང་ ཕན་པར་འགྱུར་རོ༔ ྀཨཚ༔ ནའང་ཕྱིས་རྒྱུན་ཆད་པར་འགྱུར་རོ༔ ྀཨཚ༔ ༼༧༧༽ཁྱི་སྲུང་བ། ༼༧༨༽རྐུན་མ་སྲུང་བ། ༁ྃ༔ ཙཀྲ་འདི་འཕར་སྤྱང་གི་ཁྲག་གིས་ ༁ྃ༔ ཙཀྲ་འདི་གཟིག་ཁྲག་གིས་བྲིས་ནས་ བྲིས་ནས་ལུས་ལ་བཅངས་ན་ཕ་རོལ་ གཟིག་ལྤགས་དུམ་བུ་གཅིག་དང་མཉམ་དུ་ལུས་ གང་གིས་ཀྱང་རྐུན་མས་མི་གནོད་ཅིངས་ ལ་བཏགས་ན་ཁྱིས་མི་རྨུག་ཅིང་ཁྱི་ཐམས་ཅད་ བསྲུང་བར་འགྱུར་རོ༔ ྀཨཚ༔ ཟིལ་གྱིས་གནོན་པར་འགྱུར་རོ༔ ྀཨཚ༔ ༼༧༩༽དགྲ་ཇག་སྲུང་བ། ༼༨༠༽བླ་བརྡོལ་སད་ལངས་སྲུང་བ། ༁ྃ༔ ཙཀྲ་འདི་བྲིས་ནས་བལྟེབས་ལ་ཡུགས་ས་ ༁ྃ༔ ཙཀྲ་འདི་ཁྱི་ནག་པོའི་ཁྲག་གིས་བྲིས་ནས་ ཕོ་མོའི་སྐྲ་སྐུད་ཀྱིས་གྲིལ་ཏེ་ལུས་ལ་བཅངས་ན༔ ལུས་ལ་བཅངས་ན་ཕ་རོལ་དགྲ་ཇག་ཆོམ་པོའི་ བླ་བརྡོལ་སད་ལངས་ཀྱི་གནོད་པ་ལས་ གནོད་འཚེ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༨༡༽རྟ་ཕྱུགས་ལ་དགྲ་ཇག་གཅན་གཟན་སྲུང་བ། ༼༨༢༽ཐིག་ལེ་འཛག་པ་སྲུང་བ། ༁ྃ༔ ཙཀྲ་འདི་པདྨ་རཀྟས་བྲིས་ཤིང་བུ་མོ་ ༁ྃ༔ ཙཀྲ་འདི་མི་མིང་རུས་མི་གཅིག་པ་དགུའི་ གྲོང་པའི་ཆོས་ཀྱིས་མ་གོས་པས་ སྐྲ་ཕྱིང་གིས་བཏུམས་ནས་རྟ་ཕྱུགས་ལ་བཏགས་ན་ བཀལ་བའི་སྐུད་པ་སྔོ་དམར་གྱིས་ དགྲ་རྐུན་དང་གཅན་གཟན་གང་གི་ཡང་གནོད་པ་ བཅིངས་ནས་ལུས་ལ་བཏགས་ན་ཐིག་ལེ་ མི་འབྱུང་ཞིང་བསྲུང་བར་འགྱུར་རོ༔ ྀཨཚ༔ མི་འཛག་ཅིང་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༨༣༽གཟའ་སྐར་ངན་པ་སྲུང་བ། ༼༨༤༽ཚེས་གྲངས་ངན་པ་སྲུང་བ། ༁ྃ༔ ཙཀྲ་འདི་ཟླ་བ་གང་ཡང་རུང་བའི་ཚེས་ ༁ྃ༔ ཙཀྲ་འདི་གཟའ་སྐར་ངན་པར་ཤི་བའི་རོ་ བཅོ་ལྔ་མ་འཆུག་པའི་དུས་བྲིས་ཤིང་ བསྲེགས་པའི་སོལ་བ་དང་རུས་པ་བརྡར་བའི་སྣག་ སྨན་སྣ་ཚོགས་པའི་ཁུ་བས་བྱུགས་ཏེ་ ཚས་བྲིས་ཤིང་ཟངས་ཀྱི་བྱང་བུ་མིག་དགུ་པ་དང་ ལུས་ལ་བཏགས་ན་དུས་ཚོད་ཚེས་ ལྷན་ཅིག་ཏུ་ལུས་ལ་བཅངས་ན་གཟའ་སྐར་ གྲངས་ངན་པའི་གནོད་པ་ལས་ ངན་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༨༥༽ཕྱོགས་ངན་སྲུང་བ། ༼༨༦༽འདྲེ་ལྔ་སྲུང་བ། ༁ྃ༔ ཙཀྲ་འདི་ཆུ་དག་དཀར་པོ༔ གུར་གུམ༔ ༁ྃ༔ ཙཀྲ་འདི་ཕོ་ཤིང་ཤུག་པ་དང་མོ་ཤིང་ ཙནྡན་དཀར་པོ་གསུམ་གང་འཛོམ་པའི་ གླང་མའི་བྱང་བུའི་བར་དུ་གཏེམས་ཏེ་ལུས་ལ་ ཁུ་བས་བྲིས་སམ་ཙཀྲ་ལ་བྱུགས་ནས་ བཏགས་ན་ཕྱོགས་ངན་གྱི་གནོད་པ་ལས་ ལུས་ལ་བཅངས་ན་འདྲེ་ལྔའི་གནོད་པ་ བསྲུང་བར་འགྱུར་རོ༔ ྀཨཚ༔ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༨༧༽བདུད་གཅོད་སྲུང་བ། ༼༨༨༽ཆུ་འདྲེ་སྲུང་བ། ༁ྃ༔ ཙཀྲ་འདི་གསེར་རམ་གཞན་ཡང་རིན་པོ་ཆེ་ ༁ྃ༔ ཙཀྲ་འདི་མཚལ་ལམ་རིན་པོ་ཆེ་གང་རུང་ གང་འཛོམ་གྱིས་བྲིས་ཏེ་གསེར་མཚོན་ཙམ་ བཏུལ་པའི་ཁུ་བས་བྲི༔ ཡང་ན་དེ་དག་གིས་ ཙཀྲའི་ལྟེ་བ་རུ་ཡོད་པ་བྱས་ལ་ལུས་ལ་ བྱུགས་ནས་དར་ཚོན་སྣ་ལྔས་གྲིལ་ཞིང་ལུས་ལ་ བཅངས་པའི་མི་དེ་ལ་ཆུ་འདྲེའི་གནོད་པ་ བཏགས་ན་བདུད་གཅོད་བྱེད་པའི་གནོད་པ་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༨༩༽ཤྭ་འོད་སྲུང་བ། ༼༩༠༽འགབ་འདྲེ་འགྲུལ་རྔུར་སྲུང་བ། ༁ྃ༔ ཙཀྲ་འདི་ནད་པ་ལ་སོགས་འགྲུལ་རྔུར་ ༁ྃ༔ ཙཀྲ་འདི་སཱཙྪའི་ནང་དུ་གཞུག་ཅིང་ སྡང་བ་ལ་གུ་གུལ་ཤ་ཆེན་རྒྱ་ཤོག་གི་ རབ་གནས་དང་ལྡན་པས་ཤྭ་འོད་འབྱུང་བའི་ དུད་པས་ནད་པ་དང་ཙཀྲ་གཉིས་ཀར་ སར་ཐོ་སེར་པོ་བརྩིགས་པའི་ནང་དུ་ བདུག་ནས་བཏགས་ན་འགྲུལ་རྔུར་གནོད་པ་ བཞུགས་སུ་གསོལ་ན་ཤྭ་འོད་ཀྱི་གནོད་པ་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཟློག་ཅིང་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༩༡༽ཤུ་ཐོར་ཞ་གྲུམ་སྲུང་བ། ༼༩༢༽ཚེ་སྲོག་སྐྱེད་པ། ༁ྃ༔ སྲོག་སྐྱེད་པའི་ཙཀྲ་འདི་སྲོག་ཉམས་པའི་ ༁ྃ༔ ཙཀྲ་འདི་ལུས་ལ་བཏགས་པའི་མི་དེ་དག་གི་ མི་ལ་བཏགས་ན་ཚེ་རིང་ཞིང་སྲོག་ལ་ ལུས་ལ་རེངས་པའམ་ཤ་ཤུ་ཐར་ཐོར་རམ་གྲུམ་པ་ གནོད་པར་བྱེད་པ་ཐམས་ཅད་ལས་ ལ་སོགས་གློ་བུར་དུ་མི་བདེ་བ་བྱུང་ན་ཕན་ཞིང་ཕྱིས་ བསྲུང་བར་འགྱུར་རོ༔ ྀཨཚ༔ མི་འབྱུང་སྔར་བྱུང་བའང་ཕན་པར་འགྱུར་རོ༔ ྀཨཚ༔ ༼༩༣༽ལུས་སྐྱེད་པ། ༼༩༤༽དབང་ཐང་སྐྱེད་པ། ༁ྃ༔ དབང་ཐང་སྐྱེད་པ་ཡིད་བཞིན་ནོར་བུའི་ཙཀྲ་འདི༔༁ྃ༔ ལུས་སྐྱེད་པའི་ཙཀྲ་འདི་ལུས་རྒུད་པའི་ དབང་ཐང་ཉམས་པའི་མི་དེ་ལ་བཏགས་ན་ མི་ལ་བཏགས་ན་ལུས་སྐྱེད་ཅིང་ལུས་ལ་ དབང་ཐང་འཕེལ་ཞིང་དབང་ཐང་ལ་ གནོད་པར་བྱེད་པ་ཐམས་ཅད་ལས་ གནོད་པར་བྱེད་པ་ཐམས་ཅད་ལས་ བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༩༥༽ཀླུང་རྟ་སྐྱེད་པ། ༼༩༦༽དོན་གཉེར་འགྲུབ་བྱེད། ༁ྃ༔ དོན་འགྲུབ་པར་བྱེད་པ་ནོར་བུ་བསམ་འཕེལ་གྱི་ ༁ྃ༔ རླུང་རྟ་སྐྱེད་པ་ཡོན་ཏན་ཀུན་འབྱུང་གི་ ཙཀྲ་འདི༔ ཕྱོགས་སུ་དོན་གཉེར་དུ་འགྲོ་དུས་ ཙཀྲ་འདི༔ རླུང་རྟ་རྒུད་པའི་མི་ལ་ མི་དེ་ལ་བཏགས་པས་དོན་འགྲུབ་པར་འགྱུར་ཞིང་ བཏགས་པས་ཀླུང་རྟ་དར་ཞིང་རླུང་རྟ་ལ་ དོན་གཉེར་བའི་བར་དུ་གཅོད་པར་བྱེད་པ་ གནོད་པར་བྱེད་པ་ཐམས་ཅད་ལས་ ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༩༧༽ཚོང་རྒྱལ་བྱེད། ༼༩༨༽གཡུལ་རྒྱལ་བྱེད། ༁ྃ༔ གཡུལ་རྒྱལ་བར་བྱེད་པ་སྟོབས་ཀྱི་ཙཀྲ་ ༁ྃ༔ ཚོང་རྒྱལ་བར་བྱེད་པ་ཌཱ་ཀི་ལག་ འདི་དམག་དཔོན་གྱི་སྤྱི་བོར་བཏགས་ནས་ བསྒུལ་གྱི་ཙཀྲ་འདི་ཚོང་ལ་འགྲོ་བའི་ ཕ་རོལ་དང་གཡུལ་བཀྱེ་བས་གཡུལ་ལས་ དུས་སུ་ལུས་ལ་བཏགས་ན་ཚོང་རྒྱལ་ཞིང་ རྒྱལ་ཞིང་གཡུལ་ཕམ་པར་བྱེད་པ་ལས་ ཚོང་ཕམ་པ་བསྲུང་བར་འགྱུར་རོ༔ ྀཨཚ༔ བསྲུང་ཞིང་བཟློག་པར་འགྱུར་རོ༔ ྀཨཚ༔ ༼༩༩༽ནོར་འཕེལ་བ། ༼༡༠༠༽བཟའ་བཏུང་འཕེལ་བ། ༁ྃ༔ མི་ཟད་བདུད་རྩི་བུམ་པའི་ཙཀྲ་འདི་གང་གི་ ༁ྃ༔ བང་མཛོད་ནོར་གྱི་ཙཀྲ་འདི་གང་ལ་ ལུས་ལ་བཏགས་པ་དེ་ལ་བཟའ་བཏུང་གི་ བཏགས་པའི་མི་དེ་ལ་ནོར་འཕེལ་ཞིང་དབུལ་ དངོས་གྲུབ་འབྱུང་ཞིང་བཟའ་བཏུང་ འདྲེའི་གནོད་པ་ལས་བསྲུང་བར་འགྱུར་རོ༔ འཕེལ་ནས་ལྟོག་འདྲེའི་གནོད་པ་ ཙཀྲ་དང་ལྷན་ཅིག་ཏུ་རིན་པོ་ཆེ་སྣ་ལྔ་ཡང་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ གཞུག་པར་བྱའོ༔ ྀཨཚ༔ ༼༡༠༡༽ཞྭ་གོས་འཕེལ་བ། ༼༡༠༢༽ཐམས་ཅད་ཀྱི་ཡིད་དུ་འོང་བ། ༁ྃ༔ མཛེས་པ་རྒྱན་གྱི་ཙཀྲ་འདི་སིནྡྷུ་ར་དང་མཚལ་གྱིས་ ༁ྃ༔ རྒྱན་ལྡན་འོད་ཀྱི་ཙཀྲ་འདི་དར་སྣ་ དར་ལེ་བརྒན་ལ་བྲིས་ནས་བཏགས་པའི་ མང་པོས་གྲིལ་བ་གང་གི་ལུས་ལ་བཏགས་ མི་དེ་ལ་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ པའི་མི་དེ་ལ་ཞྭ་གོས་དང་བྲལ་བའི་གནོད་པ་ ཐམས་ཅད་ཀྱིས་བྱམས་ནས་འདུན་པར་འགྱུར་རོ༔ བསྲུང་བར་འགྱུར་རོ༔ ྀཨཚ༔ སྡང་ཞིང་ཡིད་དུ་མི་འོང་བ་མཆིས་པ་ཐམས་ཅད་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༡༠༣༽ལྷ་འདྲེ་འབུམ་སྲུང་། ༼༡༠༤༽རླུང་ནད་སྲུང་བ་སའི་འཁོར་ལོ། ༁ྃ༔ བརྟན་པར་བྱེད་པའི་ཙཀྲ་འདི་ཁྱི་འབྲུག་ ༁ྃ༔ ཙཀྲ་འདི་མི་རྟ་ཁྱི་གསུམ་གྱི་ཁྲག་གིས་བྲིས་ཏེ་བྱ་ གླང་ལུག་བཞིའི་རུས་པ་དང་ལྷན་ཅིག་ཏུ་རྒོད་ཀྱི་སྤུས་དྲིལ་ནས་ལུས་ལ་བཏགས་ན་དྲི་ཟ་དང་གྲུལ་བུམ་ བཏགས་ན་བསྐྱོད་ཅིང་གཡོ་བ་ལ་སོགས་ ལྟོ་འཕྱེ་ལ་སོགས་པའི་གནོད་པ་ལས་སྲུང་ངོ༔ མདོར་ན་ མི་བརྟན་པར་བྱེད་པ་ཐམས་ཅད་བརྟན་ཅིང་ ས་འོག་ས་སྟེང་ས་བླ་ཐམས་ཅད་ལ་ཆགས་ཤིང་རྒྱུ་བར་བྱེད་ མི་འགྱུར་བ་སྟེ༔ སེམས་པར་པུར་ཕྱ་ཕྱོ་ པའི་གནོད་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ བྱེད་པ་ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༡༠༥༽ཚ་བ་སྲུང་བ་ཆུའི་འཁོར་ལོ། ༼༡༠༦༽གྲང་བ་སྲུང་བ་མེའི་འཁོར་ལོ། ༁ྃ༔ སྲེག་བྱེད་མེའི་ཙཀྲ་འདི་སྔོ་ཚ་བ་གསུམ་གྱི་ ༁ྃ༔ བསིལ་བྱེད་ཆུའི་ཙཀྲ་འདི་ག་པུར་ ཁུ་བས་བྲིས་ཏེ་ལུས་ལ་བཏགས་ན་གྲང་རླུང་ གླ་རྩིའི་ཆུས་བྲིས་ཏེ་ལུས་ལ་བཅང་ན་ ལས་གྱུར་པའི་ནད་ཀྱི་རིགས་ཐམས་ཅད་ ཚ་བ་ལས་གྱུར་པའི་གནོད་པ་ཐམས་ཅད་ ལས་བསྲུང་ཞིང་སྔར་ཡོད་པ་ལ་ཕན༔ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཕྱིས་མི་འབྱུང་བར་འགྱུར་རོ༔ ྀཨཚ༔ ༼༡༠༧༽རྨུགས་འཐིབས་སྲུང་བ་རླུང་གི་འཁོར་ལོ། ༼༡༠༨༽འབྱུང་བ་ཀུན་འདུས་ཀྱི་འཁོར་ལོ། ༁ྃ༔ འབྱུང་བ་ཀུན་འདུས་ཀྱི་ཙཀྲ་ ༁ྃ༔ སྐྱོད་བྱེད་རླུང་གི་ཙཀྲ་འདི་དར་ལྗང་གུས་དྲིལ་ནས་བཅངས་ན་ འདི་དར་སྣ་ལྔས་གྲིལ་ཅིང་མགུལ་དུ་ རྨུགས་འཐིབས་བྱིང་བའི་གནོད་པ་ཐམས་ཅད་ལས་བསྲུང་ཞིང་ བཏགས་ན་འབྱུང་བ་ལྔའི་ནུས་པ་གཡེར་ཞིང་དྭངས་པ་དང་ཤེས་རབ་ཆེ་བར་འགྱུར་རོ༔ ྀཨཚ༔ སྙོམས་ནས་འབྱུང་བ་ལྔའི་གནོད་པ་ ལས་བསྲུང་བར་འགྱུར་རོ༔ ྀཨཚ༔ ༼༡༠༩༽རང་སྲུང་ཡིད་བཞིན་ནོར་བུ། ༁ྃ༔ རང་སྲུང་ཡིད་བཞིན་ནོར་བུའི་ཙཀྲ་འདི་བཟང་པོ་དྲུག་གི་ཁུ་བས་བྲིས་ཤིང་དར་སྣ་ལྔས་གྲིལ་ནས་རང་གི་ལུས་ལ་བཏགས་ན་གོང་གི་ སྲུང་བ་འདི་རྣམས་གཞན་སུ་ལ་བཏགས་ཀྱང་རང་ལ་གནོད་པ་མི་འབྱུང་ཞིང་སྲུང་བའི་ཐོག་མར་འདི་རང་ལ་བཏགས་པ་གལ་ཆེའོ༔ ྀཨཚ༔ དེ་ལྟར་སྲུང་བའི་རིམ་པ་ལས༔ སོ་སོར་གང་འདོད་བྲིས་པ་འམ༔ གལ་ཏེ་འབྱོར་ལྡན་སྐྱེས་བུ་ཡིས༔ ཡོངས་རྫོགས་གདགས་པར་འདོད་པ་ན༔ ཡོངས་རྫོགས་ཐོག་མཐའ་གཉིས་བྲིས་བར༔ བྱེ་བྲག་ཕོ་བྲང་ཡོངས་བྲིས་བལྟེམ༔ དར་ཚོན་སྣ་ལྔས་དྲིལ་ནས་ཀྱང༔ ལུས་ལ་བཅངས་པའི་ཡོན་ཏན་ནི༔ གནས་སྐབས་ཚེ་འདིའི་དཔལ་དང་ལྡན༔ ཉེས་པ་ཀུན་ལས་སྐྱོབ་པར་འགྱུར༔ མཐར་ཐུག་རྣམ་གྲོལ་ཡེ་ཤེས་ཀྱི༔ འཕེལ་བྱེད་གྲོགས་སུ་འགྱུར་ལ་སོགས༔ ཡོན་ཏན་དཔག་མེད་ཐོབ་པར་འགྱུར༔ དེ་ལྟར་གང་བྲིས་ཙཀྲ་ལ༔ རབ་ཏུ་གནས་པར་བྱེད་པ་ནི༔ རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས༔ དང་པོ་རྒྱས་པ་བྱེད་པ་ནི༔ ཡིད་དུ་འོང་བའི་ས་ཕྱོགས་སུ༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ རང་ཉིད་ལྷར་གསལ་མཆོད་གཏོར་བཤམ༔ གསུམ་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ རྣམ་བཞིའི་མགྲོན་ལ་གཏོར་མཆོད་འབུལ༔ ཙཀྲ་རང་གི་མདུན་དུ་དགྲམ༔ གུ་གུལ་དུད་པས་བདུག་ནས་ཀྱང༔ བསང་སྦྱང་བགེགས་བསྐྲད་སྤྱི་མཐུན་བྱ༔ དེ་ནས་སྐད་ཅིག་དྲན་རྫོགས་སུ༔ ཙཀྲ་བྷྲཱུྃ་ལས་གཞལ་ཡས་ཁང༔ རྩ་བ་གསུམ་གྱི་ཕོ་བྲང་དུ༔ ལྷ་ཚོགས་རྣམས་ནི་ཡིག་འབྲུ་ལས༔ ལྷ་ཁང་སྒོ་ཕྱེས་བཞིན་དུ་གསལ༔ སྤྱན་དྲངས་ཡིག་རྒོད་འབྲུ་ལ་བསྟིམ༔ མཆོད་དང་བསྟོད་པ་བྱས་ནས་ཀྱང༔ གང་སྲུང་སྤེལ་ཚིག་ཕྲིན་ལས་གཞོལ༔ རྩ་གསུམ་དྲིལ་སྒྲུབ་བཟླས་པ་དང༔ སྲུང་ཡིག་ཨཱ་ལི་ཀཱ་ལི་སྟེ༔ རྟེན་འབྲེལ་སྙིང་པོ་ལ་སོགས་པ༔ ཙཀྲ་ཉིད་ལས་བྱུང་བ་ཡི༔ སྔགས་རྣམས་བརྒྱ་སྟོང་ལ་སོགས་པ༔ མང་དུ་བཟླས་ཤིང་ཙཀྲ་ལ༔ བསྟིམ་མཆོད་རབ་ཏུ་གནས་པར་བྱ༔ གནོད་བྱེད་བགེགས་ཀྱང་བཀུག་ཅིང་གཟིར༔ རང་གཤེད་རང་ལ་དབབ་པ་འམ༔ མ་གནོད་བཀའ་བསྒོ་གང་རིགས་བྱ༔ ཤིས་པ་བརྗོད་ཅིང་ལྷ་ཚོགས་རྣམས༔ སྲུང་བའི་ཡིག་འབྲུ་རྣམས་ལ་བསྟིམ༔ སྲུང་བར་མཛོད་ཅེས་གང་འོས་ཀྱིས༔ སོ་སོར་རྒྱས་གདབ་ངང་ལ་བཞག༔ དེ་ནས་ཙཀྲ་ལྟེབ་པ་ནི༔ ལྟེ་བའི་སྲོག་ཡིག་མ་ཉམས་པར༔ གྲུ་བཞི་མཉམ་པ་ཉིད་བྱས་ཏེ༔ སོ་སོའི་གཞུང་ལྟར་ཚས་ཀྱིས་གྲིལ༔ གང་ལ་གདགས་པའི་མདུན་དུ་བཞག༔ བགེགས་བསྐྲད་གུ་གུལ་དུད་པས་བདུག༔ ཙཀྲ་གནས་གསུམ་བྱིན་བརླབ་བཞག༔ ཨཱོྃ་ཨཱཾ་ཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་བཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་མཱཾ༔ ཞེས་པས་བྱིན་བརླབས་སྲུང་འཁོར་བསྒོམ༔ ࿊ བསྡུས་པ་བྱེད་ན་འདི་ལྟ་སྟེ༔ རང་ཉིད་ལྷར་གསལ་ཙཀྲ་ཉིད༔ བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང༔ ཡིག་འབྲུ་རྩ་གསུམ་གང་རིགས་བསྐྱེད༔ སྤྱན་དྲངས་བཞུགས་གསོལ་སྔགས་རྣམས་ལ༔ ཉེར་གཅིག་བཟླས་ཤིང་མེ་ཏོག་འཐོར༔ ཤིས་པ་བརྗོད་དེ་བལྟེབས་ལ་གདགས༔ གང་བསྲུང་དམིགས་པ་སྲུང་འཁོར་བསྒོམ༔ ལྷ་ལའང་སྲུངས་ཞེས་ཕྲིན་ལས་བཅོལ༔ ࿊ ཤིན་ཏུ་བསྡུས་པ་བྱེད་ན་ནི༔ ཙཀྲ་སྲུང་བའི་གུར་ཁང་དུ༔ ལྷ་དང་བསྲུང་བྱ་མཉམ་པོར་བསྐྱེད༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཤིས་པ་བརྗོད་དེ་བལྟེབས་བྱས་ལ༔ གང་འདོད་སྲུང་བའི་ལུས་ལ་གདགས༔ དམ་ཚིག་རབ་གནས་གྲུབ་པ་དང༔ ས་ལ་མི་བཞག་ལག་མི་བརྒྱུད༔ ཡིག་འབྲུ་གཞན་གྱིས་མི་མཐོང་གཅེས༔ གལ་ཏེ་མཐོང་ན་རབ་གནས་བསྐྱར༔ དེས་ནི་གཞུང་ལྟར་ཅི་འདོད་ཀྱི༔ སོ་སོའི་དོན་འབྲས་འགྲུབ་པར་འགྱུར༔ ྀཨཚ༔ རྒྱ་རྒྱ་རྒྱ༔ མཁའ་འགྲོའི་སྲོག་གནད་བསྐུལ་བའི་ཡིག་རྒོད་སྲུང་བའི་རིམ་པ་རྣམས༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་བཞག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ གུ་ཧྱ༔ སྤྲུལ་པའི་སྐུ་མཆོག་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའི་གཏེར་མའོ། །ཤུ་བྷཾ།། །།
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་གཏོར་མའི་ལས་རིམ་ (Volume 25, Text 39)
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་གཏོར་མའི་ལས་རིམ་བཞུགས་སོ༔ ན་མོ་གུ་རུ༔ ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་ན་ལྷ་བསྒོམ༔ སྔགས་བཟླ༔ དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཞེས་བརྗོད་པས་གཏོར་མ་མི་དམིགས་པ་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་བ་དན་བཞིས་མཚན་པ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་རཾ་གསུམ་གྱིས་མཚན་པ༔ དེའི་སྟེང་དུ་ཀཾ་ལས་ཟུར་གསུམ་པའི་ཐོད་པའི་སྒྱེད་པུ་གསུམ༔ དེའི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ༔ ཧཱུྃ་བརྗོད་པས་ཤ་ཆེན་ལྔ་དང་བདུད་རྩི་སྨན་ལྔ་འོད་དུ་ཞུ་བ་ལས་དམ་ཚིག་གི་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ཨོཾ་ལས་སྐུའི་བདུད་རྩི་དཀར་པོ༔ ཨཱཿལས་གསུང་གི་བདུད་རྩི་དམར་པོ༔ ཧཱུྃ་ལས་ཐུགས་ཀྱི་བདུད་རྩི་སྔོན་པོ༔ རླངས་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོ་བའི་ནང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་དང༔ ཡིག་འབྲུ་ལྔ་ལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་ལན་མང་དུ་བརྗོད་པས་རིགས་ལྔ་ཡབ་ཡུམ་བཅུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་དཀར་དམར་གྱིས་ཡོངས་སུ་གང༔ ཧ་ཧོཿཧྲཱིཿཞེས་བརྗོད་པས་ཉེས་སྐྱོན་ཐམས་ཅད་བསལ༔ འོག་གི་རླུང་གཡོས་པས་མེ་སྦར༔ མེས་ཐོད་པ་དྲོས༔ རིགས་ལྔ་ཡབ་ཡུམ་བཅུའང་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ༔ སླར་ཡང་སྟེང་གི་རྡོ་རྗེ་ཧཱུྃ་གིས་མཚན་པས་དཀྲུགས་པ་ལས་རྡོ་རྗེའང་འོད་དུ་ཞུ་སྟེ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ལན་གསུམ་དང༔ ཨ་ཀཱ་རོའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ༔ དེ་ནས་གཏོར་མ་འབུལ་བ་ནི༔ མདུན་བསྐྱེད་དང་གཏོར་མའི་རྩེར་དཔལ་རྟ་མགྲིན་གྱི་ལྷ་ཚོགས་རྣམས་གསལ་བར་བསྒོམས་ལ༔ བདག་དང་ལྷ་ཚོགས་རྣམས་ཀྱི་ལྗགས་ལས་རྡོ་རྗེའི་སྦུ་གུ་འོད་ཟེར་གྱི་རྣམ་པར་ནར་གྱིས་འཕྲོས༔ གཏོར་མའི་བདུད་རྩི་ལ་ཟུག་པས་ཟད་པ་མེད་པར་དྲངས་ཤིང་གསོལ་བས་སྐུ་གསུང་ཐུགས་ཚིམས་ཞིང་མཉེས་པར་བསམ་ལ༔ རྡོ་རྗེ་ཐལ་མོ་སེ་གོལ་གྱི་སྒྲ་དང་བཅས་པས་མཚོན་པར་བྱས་ཏེ༔ ཨོཾ་ཧ་ཡ་གྲཱི་ཝ་པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ ཀཱི་ལི་ཀཱི་ལ་ཡ༔ ཡ་མཱནྟ་ཀ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཁ་རཾ་ཁཱ་ཧི༔ བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རཱི་ཁ་རཾ་ཁཱ་ཧི༔ རཏྣ་ཤྲཱི་ཧེ་རཱུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རཱི་ཁ་རཾ་ཁཱ་ཧི༔ པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རཱི་ཁ་རཾ་ཁཱ་ཧི༔ ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཁ་རཾ་ཁཱ་ཧི༔ ཤྲཱི་བཛྲ་ཡོ་གི་ནཱི་ཀརྨ་རཱུ་པི་ནཱི་ཛྭ་ལ་མུ་ཁི་ནཱི་ཧྲཱིཿཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་ལན་གསུམ་མམ་བདུན་དང༔ ཧཱུྃ༔ བདེ་གཤེགས་འདུས་པའི་ལྷ་ཚོགས་དང༔ འཁོར་གྱི་དྲེགས་པ་ཕོ་མོའི་ཚོགས༔ གཡོག་དང་བྲན་དུ་བཅས་པ་ལ༔ འདོད་ཡོན་གཏོར་མའི་མཆོད་པ་འདི༔ བདག་ཅག་དད་པས་འབུལ་ལགས་ན༔ འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ འཁོར་ཡུག་བཅས་པའི་བནྡྷ་ཆེན་པོ་རུ༔ རྒྱུད་དྲུག་རྟོག་པའི་རང་བཞིན་རྣམ་དག་པས༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི༔ སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམས་གྱུར་ཅིག༔ ཨ་ལ་ལ་སྟེ་ཐུགས་རྗེས་བཞེས་སུ་གསོལ༔ ཨ་ལ་ལ་སྟེ་བཞེས་ནས་དགྱེས་པར་མཛོད༔ ས་མ་ཡ་སཏྭམ༔ ས་མ་ཡ་ཧོ༔ ས་མ་ཡ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་འབུལ༔ མཆོད་པ་རྒྱས་པར་བྱ་བའམ་བསྡུ་ན༔ ཧཱུྃ༔ ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་འཇིག་རྟེན་གང༔ ནང་མཆོད་སྦྱོར་སྒྲོལ་བདེ་ཆེན་རྨད་དུ་བྱུང༔ ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ༔ དམར་ཆེན་རཀྟ་ཚོགས་དང་གཏོར་མས་མཆོད༔ ཨོཾ་ཤྲཱི་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང༔ པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཕྲིན་ལས་ཀྱི་དུས་སུ་བསྟོད་སྐུལ་རྒྱས་པར་བྱ༔ རྒྱུན་གྱི་ཐུགས་དམ་ནར་མར་བསྟོད་སྐུལ་བསྡུས་པ་ནི༔ ཧཱུྃ༔ དབང་ཆེན་མངའ་མཛད་དབང་གི་དཀྱིལ་འཁོར་ལྷ༔ སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ༔ ཡོན་ཏན་ཕྲིན་ལས་འགྲོ་བའི་དོན་ལ་དགོངས༔ པདྨ་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འབར་བ་ཁྲོ་བོའི་ཚོགས་རྣམས་ཀུན༔ ཐུགས་དམ་བསྐུལ་ལ་ཐིག་ལེའི་ཀློང་ནས་བཞེངས༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེའི་རྟིང་ལ་རྒྱས་པར་བྱེད་ན་ཟློག་པ་དང་དམོད་པ་རྒྱོབ༔ དགྲ་གདོན་བགེགས་ཀྱི་རིགས་ཐམས་ཅད་ཟློག་ཅིང་བསད་པར་བསམ༔ གཏོར་མ་དངོས་གྲུབ་ཀྱི་རྟེན་དུ་བཟུང་བའམ༔ དགྲའི་ཕྱོགས་སུ་ཟོར་དུ་འཕང༔ བསྡུ་ན་གཏོར་མ་དེ་ཉིད་དམ༔ གཏོར་ཆུང་ཟུར་དུ་བཤམས་ལ་བྱིན་གྱིས་བརླབས་ནས་འབུལ་ཞིང་ཟློག་པའི་ལས་བཅོལ་ཞིང༔ རྔ་ཕྱིར་རྡུང་དང་བཅས༔ ཧཱུྃ༔ དགོངས་སུ་གསོལ་ལོ་ཡི་དམ་ལྷ༔ གསན་དུ་གསོལ་ལོ་ཆོས་སྐྱོང་ཚོགས༔ གཡབ་པའི་དུས་སུ་སྤྱན་མ་བརྟུལ༔ བོས་པའི་དུས་སུ་སྙན་མ་སྲ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀ༔ དབང་ཆེན་རྟ་མཆོག་རྒྱལ་པོ་དང༔ ཡུམ་མཆོག་པདྨ་གཟི་ལྡན་མ༔ ཁྲག་འཐུང་རིགས་ལྔ་ཡབ་དང་ཡུམ༔ རྡོ་རྗེ་གཞོན་ནུ་གཤིན་རྗེ་གཤེད༔ གསང་བའི་བདག་པོ་དཔལ་མགོན་ཆེ༔ རྡོ་རྗེའི་བྱ་ཁྱུང་ག་རུ་ཌ༔ ཕྱོགས་བཅུའི་གདོན་འདུལ་ཁྲོ་བོ་བཅུ༔ ཕྲིན་ལས་སྒོ་མ་བཞི་ལ་སོགས༔ དཀྱིལ་འཁོར་རབ་འབྱམས་དབྱིངས་ནས་བཞེངས༔ དམ་ཅན་སྲུང་མ་མཐུ་རྩལ་སྐྱེད༔ དྲེགས་པ་སྡེ་བརྒྱད་ལས་ལ་ཆོས༔ ཤ་ཁྲག་གཏོར་མ་ཚོགས་སུ་རོལ༔ སྨན་རག་ཕུད་ཀྱི་མཆོད་པ་བཞེས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཟློག་ཅིང་སྒྱུར་ལ་རྡུལ་དུ་རློགས༔ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་ཟློག༔ ཕྱི་ནང་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ བྱད་ཁ་ཕུར་ཁ་ཐན་ལྟས་ཟློག༔ ནད་གདོན་དགྲ་བགེགས་འཚེ་བ་ཟློག༔ མེ་ཆུ་དུག་མཚོན་འཇིགས་པ་ཟློག༔ དུས་མིན་འཆི་དང་བར་ཆོད་ཟློག༔ བཟློག་གོ་དམར་གྱི་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཤྲཱི་པདྨ་ཧེ་རུ་ཀ་སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཅིང་ཐལ་མོ་དང་དུལ་མོ་བརྡབ༔ གཏོར་མ་དགྲ་བགེགས་ཀྱི་ཕྱོགས་སུ་འཕང༔ དེ་ལྟར་བྱས་པས་སྔོན་ལས་འཕྲལ་རྐྱེན་གྱི་འགལ་རྐྱེན་ཐམས་ཅད་ཟློག་ཅིང་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པ་གཏོར་མའི་ལས་རིམ་ཞེས་བྱ་བ་ལགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གནང༔ སྤ་གྲོ་དཔྱད་དཀར་སྟག་ཚང་གི་བྲག་དམར་པོ་མེ་ལྕེ་མཆེད་འདྲ་ལ་གཏེར་དུ་སྦས༔ གྲུ་གུ་ཡང་དབང་གཏེར་གྱིས་བཏོན་པ་གྷ་བཟང་ཡེ་ཤེས་ལ་གནང༔ དེ་ནས་རིམ་པར་བརྒྱུད་པའོ༔
དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་པ་ (Volume 34, Text 39)
༄༅༔ དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈ གུ་རུ་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ གུ་རུ་པདྨ་འབྱུང་གནས་ལ་མོན་མཁར་སྟེང་དུ༔ མོན་མོ་བཀྲ་ཤིས་འདྲེན་གྱིས་གསེར་སྐྱོགས་གཡུས་བཀང་བ་གཅིག་ཕུལ་ནས་ཞུས་པ༔ གུ་རུ་པདྨ་ཧེ་རུ་ཀ༔ ཧེ་རུ་ཀ་དང་ཡང་དག་སྦྱོར༔ ཇོ་མོ་མ་གཅིག་མཚོ་རྒྱལ་འདི༔ བདག་སོགས་ཀུན་ལ་དྲིན་ཆེ་བས༔ གཙུག་གི་རྒྱན་གཅིག་རྣལ་འབྱོར་མ༔ ཐང་ཅིག་མ་དང་གནས་འགྱངས་ཚེ༔ རང་རིག་གསེར་དང་འདྲ་བ་འདིས༔ མ་གཅིག་བསྒྲུབ་ཅིང་གསོལ་འདེབས་གང༔ བདག་སོགས་ཕྱི་རབས་དོན་ཆེད་དུ༔ གུ་རུ་ཉིད་ཀྱིས་གསུང་བར་ཞུའོ༔ ཞེས་ཕྱག་དང་བསྐོར་བ་མང་དུ་བྱས་ནས་ཞུས་པས༔ གུ་རུས་དགྱེས་བཞིན་དུ་བཀའ་བསྩལ་པ༔ ཉོན་ཅིག་དད་ལྡན་སྣོད་ལྡན་མ༔ མཚན་ལྡན་ཌཱ་ཀི།་་་འོད་འཆང་སྤྲུལ་པ་ཁྱོད་ཉོན་ཅིག༔ དེ་དོན་ཁྱོད་ཀྱིས་ཞུས་པ་ལེགས༔ མཚོ་རྒྱལ་མ་གཅིག་འདུག་པ་འདི༔ ལྷ་མོ་སྒྲོལ་མའི་སྤྲུལ་པ་ཡིན༔ སྔོན་ནི་གངྒཱའི་ལྷ་མོ་ཡིན༔ ད་ལྟ་བོད་མོའི་ཆ་ལུགས་བཞུགས༔ ཕྱི་ལྟར་ཡུམ་ཆེན་མཚོ་རྒྱལ་མ༔ ནང་ལྟར་མ་གཅིག་མཚོ་རྒྱལ་མ༔ གསང་བ་མ་མོ་བདག་མེད་མ༔ འདི་ཉིད་བསྒྲུབ་ཅིང་གསོལ་འདེབས་ན༔ ཕྱི་ནང་གསང་བའི་ཚུལ་དུ་བསྒྲུབ༔ ཅེས་གསུངས་སོ༔ གླེང་སློང་གནང་བའི་སྐབས་ཕྱེ་བའི་ལེའུ་སྟེ་དང་པོའོ༔ ྈྈྈ གུ་རུ་ཆེན་པོ་པདྨ་ལ༔ བཀྲ་ཤིས་འདྲེན་གྱིས་ཡང་ཞུས་པ༔ ཇོ་མོའི་ཕྱི་སྒྲུབ་ཇི་ལྟར་ལགས༔ གུ་རུ་ཆེན་པོས་འདི་སྐད་གསུངས༔ སྣོད་ལྡན་དད་བརྩོན་ཐེ་ཚོམ་སྤང༔ དབེན་པ་བཀྲ་ཤིས་དགེ་གནས་སུ༔ ས་གཙང་ཡིད་འོང་མཎྜལ་བཤམ༔ ཕྱོགས་ཚོན་པདྨ་འདབ་བཞི་བྲི༔ ཚོམ་བུ་ལྷ་ལྔ་བསྐྱེད་ལ་དགྲམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱ༔ དེ་ནས་སྟོང་གསལ་འགག་མེད་བསྒོམ༔ སྟོང་པའི་ངང་ལས་རང་རིག་སེམས༔ མ་དམར་མིག་ནང་ཧྲཱིཿཡིས་མཚན༔ མ་དེའི་འོད་ལས་པད་འདབ་བཞི༔ གཞལ་ཡས་ལྷུན་སྟུག་ནང་དུ་ནི༔ པད་སྟེང་མ་བསམ་འོད་འཕྲོས་པས༔ ཕྱོགས་བཞིའི་པད་འདབ་སྟེང་དུ་ནི༔ ཧ་རི་ནི་ས་རྣམ་བཞི་བསམ༔ ཧྲཱིཿམ་ཧ་རི་ནི་ས་ཞེས་བརྗོད་པས༔ མ་གཅིག་ཇོ་མོ་མཁར་ཆེན་མ༔ སྐུ་མདོག་དཀར་ལ་དམར་ཆགས་པ༔ ལྷ་མོ་ཞལ་མཛེས་གཟི་བརྗིད་ཅན༔ ཐོར་ཅོག་་་ཕྱེད་བཅིངས།ཕྱེད་བཀྲོལ་དར་ལྔས་བརྒྱན༔ ཕྱག་གཉིས་ཐལ་སྦྱར་སྙིམ་པ་ན༔ ནོར་བུ་རིན་ཆེན་དགོས་འདོད་སྐོང༔ ཡིད་འོང་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་གསུང་ཐུགས་ལས་འོད་གསུམ་་་དཀར་དམར་མཐིང་།འཕྲོས༔ བདག་གི་གནས་གསུམ་དག་ཏུ་ཕོག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔་་་པར་བསམ། ཐུགས་དཀྱིལ་མ་བསམ་མ་ནང་ཧྲཱི༔ ཨོ་རྒྱན་པདྨ་བདག་ཉིད་བསམ༔ སྤྲུལ་སྐུའི་ཆ་ལུགས་གཟི་བརྗིད་ཅན༔ འོད་ལྡན་བྱིན་དང་ལྡན་པར་བསམ༔ ཧ་རི་ནི་ས་ཡིག་བཞི་ལས༔ ན་གཞོན་བུ་མོ་མཛེས་སྡུག་བཞི༔ གསེར་དངུལ་རཏྣའི་ཕྲེང་བས་བརྒྱན༔ དར་གྱི་ཅོད་པན་རྣམ་ལྔ་འཕུར༔ ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ༔ ཕྱག་གཡོན་ཐོད་པས་དགོས་འདོད་སྐོང༔ གར་སྟབས་སྒྱུར་ཞིང་དངོས་གྲུབ་འབེབ༔ དེ་རྣམས་ཀུན་ལས་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུར་འཕྲོས་པ་ལས༔ བསྐྱེད་དང་འདྲ་བ་རང་བཞིན་གསལ༔ ས་མཱ་ཏི་ཡིས་སྤྱན་དྲངས་བསྟིམ༔ རང་ཉིད་མདུན་དུ་དེ་ལྟར་བསམ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ མཆོད་གཏོར་བདུན་པ་རྣམ་དག་བྱ༔ དེ་ནས་སྐལ་ལྡན་སྒྲུབ་པ་པོ༔ མ་ཡེངས་རབ་ཏུ་གུས་པ་ཡིས༔ གསོལ་བ་འདི་ལྟར་གདབ་པར་བྱ༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡུམ་ཆེན་གོས་དཀར་མོ༔ མདངས་ལྡན་མ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ༴ མ་གཅིག་ཡུམ་ཆེན་ཀུན་སྒྲོལ་མ༔ འགྲོ་ཀུན་སྒྲོལ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ འགྲེའོ༔ མ་གཅིག་ཇོ་མོ་རྣལ་འབྱོར་མ༔ བདག་མེད་སྟོན་ལ་གསོལ༴ ཨོཾ༴ མ་གཅིག་ཇོ་མོ་མཚོ་རྒྱལ་མ༔ ལས་ཅན་སྐྱོང་ལ་གསོལ༴ ཨོཾ༴ མ་གཅིག་ཡེ་ཤེས་ལྔ་ལྡན་མ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ༴ མ་གཅིག་གཏེར་གྱི་མངའ་བདག་མོ༔ ཐུགས་གཏེར་གསང་བའི་སྒོ་ཕྱེས་ཤིག༔ ཨོཾ༴ མ་གཅིག་ཡིད་བཞིན་ནོར་འཆང་མ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ༴ མཁའ་འགྲོ་སྡེ་བཞི་མ་གཅིག་འཁོར༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་མཛོད༔ ཨོཾ༴ མཁའ་འགྲོ་ཚད་མེད་བཞི་ལྡན་མ༔ ངན་སོང་སྐྱོབ་ལ་གསོལ་བ་འདེབས༔ ཨོཾ༴ མ་གཅིག་ཁམས་གསུམ་དབང་སྡུད་མ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བཟླས་གསོལ་བ་བཏབ་རྗེས་ལ༔ རང་གི་གཙུག་ཏུ་སྤྱན་དྲངས་བསྟིམ༔ བྱིན་བརླབས་བདག་གི་རྣམ་ཤེས་ལྡང༔ རྗེས་ལ་མི་རྟོག་ངང་ལ་བཞག༔ ཡི་གེ་བརྒྱ་པས་ལྷག་ཆད་བསྐང༔ འདོད་པའི་དོན་ལ་གསོལ་བ་གདབ༔ དེ་ལྟར་སྒྲུབས་ཤིག་དགེ་ལྡན་མ༔ དེ་ལྟར་བསྒྲུབས་པའི་བྱིན་རླབས་ཀྱང༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ དངོས་གྲུབ་རྣམ་གཉིས་གཏེར་སྒོ་འབྱེད༔ ལས་རྣམས་ཀུན་བསྒྲུབ་སྔོན་དུ་འགྲོ༔ དམ་ཚིག་ཉམས་ཆག་ཐམས་ཅད་སྐོང༔ དེ་ཕྱིར་ཕྱི་སྒྲུབ་འདི་ལ་འབད༔ ཅེས་གསུངས་སོ༔ མ་གཅིག་ཇོ་མོའི་ཕྱི་སྒྲུབ་ཀྱི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ གུ་རུ་ཆེན་པོ་པདྨ་ལ༔ བཀྲ་ཤིས་འདྲེན་གྱིས་ཡང་ཞུས་པ༔ མ་གཅིག་གཙུག་གི་རྒྱན་གཅིག་མའི༔ ཇོ་མོའི་ནང་སྒྲུབ་བཤད་དུ་གསོལ༔ གུ་རུ་ཆེན་པོས་བཀའ་བསྩལ་པ༔ ཉོན་ཅིག་སྐལ་ལྡན་དགེ་སེམས་མ༔ དམ་ཚིག་གཙང་ལྡན་ལས་ཅན་གྱིས༔ དུར་ཁྲོད་མཁའ་འགྲོའི་འདུ་གནས་སུ༔ མཎྜལ་དཔེའུ་ཆུང་བཞིན་དུ་བཤམ༔ སྨན་རག་གཏོར་གསུམ་མཆོད་རྫས་བཤམ༔ རྔ་དང་དྲིལ་བུ་ཌཱ་རུ་རྐང༔ གསུར་དུད་མར་མེ་རུས་རྒྱན་བཤམ༔ པདྨ་བརྩེགས་པའི་གཏོར་མ་དང༔ ཇོ་མོའི་སྐུ་ནི་དཔེ་ཆུང་ལྟར༔ བརྗིད་ལྡན་སིནྡྷུ་ར་ཡིས་བྲིས༔ མཚམས་གཅད་རིམ་པ་འདི་ལྟ་སྟེ༔ རང་ཉིད་ཁྲོ་བོའི་ང་རྒྱལ་གྱིས༔ བཀའ་བསྒོ་གསང་སྔགས་འདི་སྐད་བརྗོད༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་པས་བགེགས་རྣམས་བརླག༔ ཉམས་ཆག་སྡིག་དང་གནོང་འགྱོད་རྣམས༔ ཡི་གེ་བརྒྱ་པས་བཤགས་པར་བྱ༔ སྨན་དང་རཀྟ་གཏོར་མ་རྣམས༔ བྱིན་གྱིས་བརླབས་ཀྱིས་སྦྱང་སྤེལ་བ༔ ཨོཾ་དང་ཨཱཿདང་ཧཱུྃ་དང་གསུམ༔ ལན་གཅིག་བརྗོད་པས་སྟོང་པར་བསམ༔ ལན་གཅིག་སྤེལ་ལ་ལན་གཅིག་གིས༔ བདུད་རྩི་བ་ལིཾ་རཀྟ་དང༔ འདོད་ཡོན་ལྔ་ལྡན་མཆོད་པར་བསམ༔ ཚོགས་རྣམས་རཾ་ཡཾ་ཁཾ་གསུམ་གྱིས༔ བསྲེགས་སྦྱངས་བཀྲུས་དང་དག་པར་བསམ༔ ཨོཾ་དང་ཨཱཿདང་ཧཱུྃ་གསུམ་གྱིས༔ ཚོགས་འཁོར་འདོད་ཡོན་ལྔར་སྤེལ་ལོ༔ དེ་ནས་བསྐྱེད་པའི་རིམ་པ་ནི༔ ཐོག་མར་བྱང་ཆུབ་སེམས་བསྐྱེད་ནས༔ སྐད་ཅིག་མ་ཡི་ས་མཱ་ཏི༔ དངོས་རྣམས་མི་དམིགས་མཁའ་འདྲ་བར༔ པདྨ་དམར་པོ་འདབ་བཞིའི་དབུས༔ མ་བསམ་མ་ལས་འོད་འཕྲོས་པས༔ ཧ་རི་ནི་ས་དམར་པོ་བཞི༔ པདྨ་འདབ་བཞིར་རིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ བྱ་བའི་གསང་སྔགས་དེ་བརྗོད་པས༔ རང་ཉིད་ཇོ་མོ་རྣལ་འབྱོར་མ༔ གཅེར་བུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་དབང་སྡུད་ཕྱག་རྒྱ་ཅན༔ གཡོན་པས་ཐོད་ཁྲག་རིན་ཆེན་བསྣམས༔ བཅུ་དྲུག་ན་ཚོད་རུས་རྒྱན་ཅན༔ དབུ་སྐྲ་ཕྱེད་གྲོལ་སྐུ་མདོག་དམར༔ ཞབས་གཉིས་བརྐྱང་བསྐུམ་ཉི་ཟླ་བརྫིས༔ ཞི་མ་ཁྲོ་ཚུལ་ཐུགས་ཀ་ན༔ པདྨ་འདབ་བཞི་དམར་དཀྱིལ་ཧྲཱི༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་ཕྱག་གཡས་དབང་སྡུད་ཅན༔ གཡོན་པའི་ཞགས་པས་ཐམས་ཅད་འགུགས༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ རྣམ་པ་རྟ་མགྲིན་འདྲ་མོད་ཀྱང༔ ངོ་བོ་ཨོ་རྒྱན་ང་རུ་བསམ༔ འདབ་བཞིར་མ་ལས་ཡི་གེ་བཞི༔ དྷཱ་ཀི་བཞི་ཡི་ངོ་བོར་བསམ༔ གསང་སྔགས་སྒྲོག་དང་གསོལ་གདབ་ཚེ༔ དེ་རྣམས་ཀུན་ལས་འོད་འཕྲོས་པས༔ ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ འོད་ཟེར་སྟོང་གསུམ་གང་བར་བསམ༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ གཞལ་ཡས་འདབ་བཞིའི་ཡིག་བཞི་ལས༔ མཁའ་འགྲོ་སྡེ་བཞི་དམར་མོར་བསྐྱེད༔ དེ་ཡང་བཅུ་དྲུག་ན་ཚོད་ལ༔ ཞལ་གཅིག་ཕྱག་གཉིས་གཡས་དབང་སྡུད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ རང་རང་ས་བོན་ཐུགས་ཀར་མཚན༔ རང་འདྲའི་ཌཱ་ཀི་འབུམ་འབུམ་བསྐོར༔ དཔའ་བོ་གིང་གི་ཚོགས་དང་བཅས༔ སྣང་སྲིད་དབང་སྡུད་རང་བཞིན་དུ༔ གར་སྟབས་ཤིགས་སེ་སྒྱུར་བར་སྒོམས༔ སྐྱེད་དང་ཡེ་ཤེས་གཉིས་མེད་པས༔ སྤྱན་དྲངས་བཞུགས་གསོལ་བྱ་མི་དགོས༔ ཉམས་དང་རིག་པ་དཔའ་གདིང་བསྐྱེད༔ ཆེ་བཙན་ཐམས་ཅད་བྲན་བཞིན་བསམ༔ གོང་བཞིན་རྩ་སྔགས་དྲག་ཏུ་བཟླས༔ ཡང་ན་ཡིག་བཞི་་་ཧ་རི་ནི་ས།དཀྲུག་སྟེ་བཟླས༔ བསྐྱེད་རིམ་འདི་ཡི་ང་རྒྱལ་གྱིས༔ ཅི་ལའང་ཐོགས་རྡུགས་ཡོད་མི་བསམ༔ རིག་པ་ཧུར་བཏོན་ཧཱུྃ་ཕཊ་བརྗོད༔ གང་ལ་མི་ཕོད་ཐོག་བརྫིས་ན༔ དངོས་གྲུབ་ཆེན་པོ་བདུད་ཀྱིས་སྟེར༔ མ་ཡེངས་ཏིང་འཛིན་རིག་གསལ་གདབ༔ འདི་དུས་ཡེངས་ན་དམ་ཚིག་ཉམས༔ ཐོད་རྔ་བསྒྲག་ཅིང་གླིང་བུ་འབུད༔ གུ་གུལ་ནག་པོའི་གསུར་དུད་བདུག༔ འདི་སྐད་བྱིན་ཆེན་དབབ་པར་བྱའོ༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་རྗེ་བཙུན་བཞེངས༔ དགོངས་ཤིག་བླ་མ་རྗེ་བཙུན་དགོངས༔ རིག་འཛིན་གནས་ནས་སྐུ་སྐྱོད་ཅིག༔ རྩ་བ་གསུམ་གྱི་དངོས་གྲུབ་ཞུ༔ དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲ་ལ་ལ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོ་མང་པོ་དི་རི་རི༔ ཡི་དམ་ལྷ་ཡི་འཁོར་གྱིས་བསྐོར༔ མ་དང་མཁའ་འགྲོའི་ཚོགས་ཀྱིས་གཏིབས༔ ཆོས་སྐྱོང་ཚོགས་རྣམས་བྲན་དུ་ཁོལ༔ དཔའ་བོས་བྲོ་རྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་དང་སི་ལི་ལི༔ མཁའ་འགྲོ་འབུམ་དང་སྤུངས་སེ་སྤུང༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་ཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་རྫོགས་པར་བདག་ལ་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས༔ དགོངས་ཤིག་རྒྱལ་བ་རིགས་ལྔ་དགོངས༔ རྐྱེན་ཟློག་རྡོ་རྗེ་དྲག་མོ་རྩལ༔ མཁའ་འགྲོ་གཙུག་གི་རྒྱན་གཅིག་མ༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་འཚལ༔ དབུ་ལ་ཐོར་ཚུགས་སོགས་མན་ཆད་འགྲེའོ༔ ཧཱུྃ༔ བཞེངས་ཤིག་ཡེ་ཤེས་མཁའ་འགྲོ་བཞེངས༔ དགོངས་ཤིག་རྡོ་རྗེ་རྣལ་འབྱོར་མ༔ ཡེ་ཤེས་མཁའ་འགྲོ་སྡེ་བཞིའི་ཚོགས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་འཚལ༔ དབུ་ལ་ཐོར་ཚུགས་སོགས༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱཿ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཧཱུྃ་ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཧྲཱི༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ གསོལ་འདེབས་བརྒྱུད་འཛིན་བྱིན་གྱིས་རློབས༔ དབང་བཞི་ཡོངས་སུ་རྫོགས་པར་སྐུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿམ་ཕེཾ་ཕེཾ་ཀཱ་བཱ་ཙི་སིདྡྷི་ཧཱུྃ་ཨཱ༔ དེ་སྐད་གསོལ་བ་བཏབ་རྗེས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཧཱུྃ༔ མ་གཅིག་ཇོ་མོ་འཁོར་དང་བཅས༔ ཕྱི་ནང་གསང་མཆོད་ཚོགས་ལ་རོལ༔ ཐུགས་དམ་གཉན་སྐོངས་དབང་དང་དངོས་གྲུབ་སྩོལ༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཙ་ཧོ༔ བཛྲ་ནི་ར་ཏི་ཧཱུྃ༔ གུ་རུ་རྐྱེན་ཟློག་དྲག་མོ་རྩལ༔ བཛྲ་མ་མ་ཡཾ་ཛཿཧ་རི་ནི་ས་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཨ་མྲྀཏ་མ་ཧཱ་རཀྟ་བོ་དྷི་ཙིཏྟ་ཨི་དཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སིདྡྷི་ཨཱ་ཡུར་སིདྡྷི་ཛྙཱ་ན་སིདྡྷི་སརྦ་སིདྡྷི་ཧཱུྃ་ཨཱ༔ དེ་ལྟར་མཆོད་ཚོགས་ཕུལ་རྗེས་ལ༔ མཁའ་འགྲོའི་སྤྱི་ལུང་དབང་གི་སྒྲོམ༔ རང་ཉིད་ཞུ་ཞིང་གཞན་ལ་བསྐུར༔ བླ་མ་ཡི་དམ་སྤྱན་དྲངས་ནས༔ གསོལ་བ་འདི་བཞིན་གདབ་པར་བྱའོ༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ སྔོན་ཚེ་ཇི་ལྟར་དབང་བསྐུར་པས༔ བདག་ཀྱང་ལྷ་མོར་དབང་བསྐུར་ཞིང༔ དངོས་གྲུབ་མཆོག་ཀྱང་བསྩལ་དུ་གསོལ༔ དེ་ལྟར་གསོལ་བ་གདབ་པར་བྱ༔ ལན་དུ་བླ་མ་ཉིད་ཀྱིས་ཀྱང༔ དབྱེར་མེད་ཆེན་པོར་དབང་བསྐུར་བས༔ གསང་གསུམ་གནས་ནས་བྱུང་བ་ཡི༔ རྩ་བ་གསུམ་གྱི་དམ་བསྲུང་ན༔ སངས་རྒྱས་ཀུན་གྱི་དབང་སྦྱིན་བྱ༔ གནང་བ་ཐོབ་ནས་འདི་ལྟར་རོ༔ བླ་མ་ཐུགས་ཀའི་རྟ་མགྲིན་ལས༔ རིགས་ལྔ་ཡབ་ཡུམ་བུམ་པ་ཐོགས༔ བདག་གི་སྤྱི་བོར་བདུད་རྩིའི་དབང༔ བླུགས་པས་ཚངས་བུག་ནང་དུ་བབས༔ ལུས་ཀྱི་སྡིག་སྒྲིབ་དག་པར་བསམ༔ ཆུ་རྔུབ་མཐའ་མ་སྤྱི་གཙུག་འཁྱིལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་ལས༔ ཡེ་ཤེས་ལྔ་ཡིས་དབུར་བརྒྱན་བསམ༔ དེས་ནི་བུམ་པའི་དབང་ཐོབ་ཅིང༔ སྐུ་ཡི་དངོས་གྲུབ་ཐོབ་པ་ཡིན༔ བླ་མ་ཡི་དམ་སྐུར་བསྒོམ་སྟེ༔་་་འདིའི་དུས་སུ་ཇོ་མོའི་ཐུགས་ཀར་གུ་རུ་བསྐྱེད་ཇོ་མོ་དང་སྦྱོར་བ་མཛད་པར་བསྒོམ༔ སྦྱོར་མཚམས་བྱང་སེམས་དཀར་དམར་འདྲེས༔ བདག་གི་ལྕེ་ཐོག་བབས་པར་བསམ༔ རང་ལུས་བདེ་བས་རྒྱས་པར་བསྒོམ༔ ངག་གི་སྒྲིབ་དག་གསང་དབང་ཐོབ༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་བླ་མའི་ཐུགས་ཀ་ནས༔ འོད་ཟེར་ཁ་དོག་ལྔ་འཕྲོས་པས༔ བདག་གི་སྙིང་གར་ཕོག་ཅིང་ཐིམ༔ གསལ་ལ་འཛིན་མེད་བདེ་ཉམས་སྐྱེས༔ ཡིད་ཀྱི་སྒྲིབ་པ་དག་པར་བསམ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཅིང༔ ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན༔ དེ་ནས་བླ་མ་རང་ལ་ཚུར༔ ཐིམ་པས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་པ་མ་རིག་དྲི་མ་དག༔ དྲན་རྟོག་དབྱིངས་སུ་ཐིམ་པར་བསམ༔ རིག་པ་ཁོང་གློད་རང་སེམས་ཉིད༔ མ་བཅོས་སྤྲོས་བྲལ་ངང་ལ་བཞག༔ རིག་པ་ཡེ་ཤེས་དབང་ཐོབ་ཅིང༔ མཆོག་གི་དངོས་གྲུབ་ཐོབ་པ་ཡིན༔ དབང་རྫོགས་བླ་མར་དབང་ཡོན་གྱིས༔ མཉེས་པར་བྱ་བ་ཤིན་ཏུ་གཅེས༔ བླ་མའི་དམ་ཚིག་ཅི་གསུང་བསྒྲུབ༔ ཡི་དམ་དམ་ཚིག་སྒྲུབ་ལ་བརྩོན༔ ཌཱ་ཀིའི་དམ་ཚིག་གསང་ཐུབ་པ༔ སྐུ་གསུང་ཐུགས་དང་མཉམ་པར་སྦྱོར༔ དེ་ནས་གཏོར་ཚོགས་དངོས་གྲུབ་བླང༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་་་གཏོར་མ་མི་གཏང་བར་ཚོགས་ཀྱི་ཕུད་བཅད་ལ་སྦྱིན་སྲེག་བྱའོ༔ ལྷག་མ་དང་ཚོགས་ལ་རོལ་ཏེ་སྔགས་འདིས་བྱའོ༔ སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ རོལ་པས་བདག་མཆོད་ཀུན་མཉེས་བསམ༔ དེ་ནས་སྣང་སྲིད་དབང་སྡུད་པའི༔ སྦྱིན་སྲེག་བརྩམ་སྟེ་ཐབ་ཟླ་གམ༔ དབུས་སུ་ཧྲཱིཿབྲིས་མ་དང་སྤྲད༔ ཇོ་མོ་འཁོར་བཅས་དེར་བཞུགས་བསམ༔ སེང་ལྡེང་ཤུག་པའི་མེ་ཡང་སྦར༔ གོང་བཞིན་གསོལ་བཏབ་རོལ་མོ་བསྒྲག༔ བསྲེག་རྫས་ཕྱེ་མ་ཤ་ཁྲག་ཆང༔ གཏོར་ཕུད་རིན་ཆེན་མེར་དོར་བས༔ ཇོ་མོ་འཁོར་བཅས་མཆོད་པས་མཉེས༔ སླར་ཡང་དངོས་གྲུབ་ཆར་ལྟར་ཕབ༔ སེམས་ཀྱི་གདིང་བསྐྱེད་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་གུ་ལུ་གུ་ལུ་མ་མ་བྷ་ཏྲི༔ མ་མ་ཙ་ཤི༔ མི་སྙིང་སྒུལ༔ མི་འགྲམ་ཆོག༔ ཧྲིང་ཧྲིང༔ སྡུས་སྡུས༔ ནྲྀ་ཨཱ་ཀརྵ་ཡ་ཛཿཛ༔ ནྲྀ་ཨཱ་ཀརྵ་ཡ་ཧྲིང་ཧྲིང༔ བཛྲ་སིདྡྷི་ཨཱ་བེ་ཤ་ཡ་ཧྲཱིཿསྭཱ་ཧཱ༔ དེ་ལྟར་སྦྱིན་སྲེག་ལས་ཚར་ནས༔ མཇུག་སྡུད་རྫོགས་པའི་རིམ་པ་ནི༔ སྣང་སྲིད་རང་གིས་བསྐྱེད་པའི་ཕྱིར༔ རང་ཉིད་གསལ་སྟོང་འཛིན་མེད་བསྒོམ༔ མ་རྟོགས་གཉིས་འཛིན་རང་སར་དག༔ སྣང་བ་སྟོང་པར་རྫོགས་པས་རྫོགས༔ སྣང་སྲིད་ཐམས་ཅད་སྟོང་པར་རྫོགས༔ རྫོགས་རིམ་བྱེད་འཛིན་རྣམ་དག་ནས༔ རང་བཞིན་བློ་བྲལ་ངོ་བོ་གཉིས་སུ་མེད༔ ཐམས་ཅད་གཉིས་མེད་རྒྱ་ཡིས་ཐེབས༔ སྙེམ་མེད་གཏད་ཡེངས་དང་བྲལ་བས༔ བདག་འཛིན་རེ་དོགས་གཉིས་བྲལ་བས༔ དེ་ལྟར་སྒྲུབས་ཤིག་དགོངས་ལྡན་མ༔ དེ་ལྟར་བསྒྲུབས་པའི་ཡོན་ཏན་ཡང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ སྐད་ཅིག་ཉིད་དང་མི་འབྲལ་ཞིང༔ དབང་བཞི་རང་རྫོགས་དོན་དབང་ཐོབ༔ ལྷ་སྲིན་བྲན་བྱེད་ཤེས་རབ་སྐྱེད༔ ལྷ་འདྲེ་མི་གསུམ་དབང་དུ་འགྱུར༔ འཇིག་རྟེན་ཟས་ནོར་ཆར་ལྟར་བབས༔ ཁྱད་པར་བུད་མེད་ཚོགས་རྣམས་འདུ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ བདེ་བ་ཆེན་པོའི་དོན་ཆེན་རྟོགས༔ མཚོ་རྒྱལ་མ་ཡིས་བུ་བཞིན་སྐྱོང༔ གཙུག་གི་རྒྱན་གཅིག་ལས་བཞི་འགྲུབ༔ དེ་ཕྱིར་ནང་སྒྲུབ་འདི་ལ་འབད༔ བཀྲ་ཤིས་འདྲེན་ཁྱོད་སྐལ་བ་བཟང༔ མཁའ་འགྲོའི་དྲིལ་སྒྲུབ་མཚོ་རྒྱལ་སྲོག༔ སྙིང་བཞིན་འཆང་ལ་གཏེར་དུ་སྦོས༔ ཞེས་གསུངས་སོ༔ མ་གཅིག་ཇོ་མོའི་ནང་སྒྲུབ་ཁྱད་པར་གྱི་ལེའུ་སྟེ་གསུམ་པའོ༔ ྈྈྈ མ་ཧཱ་གུ་རུ་པདྨ་ལ༔ བཀྲ་ཤིས་འདྲེན་གྱིས་ཡང་གསོལ་པ༔ ཇོ་མོའི་གསང་སྒྲུབ་གསུང་བར་ཞུ༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ དགེ་ལྡན་སེམས་མ་ཡང་ཉོན་ཅིག༔ མ་གཅིག་ཇོ་མོ་མཚོ་རྒྱལ་ནི༔ གསང་བར་མ་མོ་བདག་མེད་མ༔ འཁོར་བ་བློས་བཏང་གངས་བྲག་གི༔ རི་ཁྲོད་དབེན་སར་འབོལ་གདན་སྟེང༔ གསང་སྔགས་བླ་མ་བཟང་བསྟེན་ནས༔ གཙུག་གི་རྒྱན་གཅིག་བདག་མེད་མ༔ རང་དང་གཉིས་མེད་བལྟ་འདོད་ན༔ འདི་ལྟར་བདག་ལ་གཞིག་པ་བཏང༔ ཕྱི་ནང་ཡུལ་ལ་བདག་ཚོལ་ཅིག༔ སྣང་ཡུལ་སེམས་ལ་ཕར་བརྟགས་པས༔ སྣང་བའི་ཡུལ་ལ་བདག་མེད་ན༔ མིང་རུས་བདག་ཏུ་འདུག་གམ་ལྟོས༔ མིང་དང་རུས་ནི་བདག་ཡིན་ན༔ མིང་རུས་འཕོ་ཚེ་བདག་མི་འཕོ༔ དེ་ཕྱིར་མིང་རུས་བདག་མ་ཡིན༔ ལུས་འདི་བདག་ཏུ་འདུག་གམ་ལྟོས༔ ལུས་འདི་བདག་ཉིད་ཡིན་གྱུར་ན༔ ལུས་འདི་བསྲེགས་ཚེ་བདག་མི་ཚིག༔ ཕྱི་ཡི་ལུས་ནི་བདག་མ་ཡིན༔ འོ་ན་སེམས་ནི་བདག་ཡིན་ནམ༔ སེམས་འདི་བདག་གཅིག་ཡིན་གྱུར་ན༔ ད་ལྟ་གར་གནས་དང་པོ་གང་ནས་བྱུང༔ རྗེས་ལ་གར་འགྲོ་དབྱིབས་དང་ཁ་དོག་ལྟོས༔ གང་དུ་ཡང་ནི་གྲུབ་པ་མེད༔ སེམས་ནི་སྟོང་པ་སྐྱེ་འགག་མེད༔ དེ་ཕྱིར་སེམས་ལ་ང་བདག་མེད༔ གཞན་ནའང་ཡོད་པ་མ་ཡིན་ཏེ༔ དེ་ལྟར་ལྟ་བྱེད་བདག་མ་ཡིན༔ ཅི་སྟེ་རང་བཞིན་བརྗོད་དང་བྲལ༔ བདག་མེད་པ་ལ་བདག་བཟུང་བས༔ སེམས་ཅན་ཐམས་ཅད་འཁྲུལ་ཅིང་སྡུག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང༔ རྩ་བ་བདག་ཏུ་རྟོག་ལས་གྱེས༔ བདག་མེད་རང་རིག་དེ་རྟོགས་ན༔ སངས་རྒྱས་བྱང་ཆུབ་བདེ་བ་རྒྱས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང༔ བདག་མེད་ཟད་སར་སྐྱོལ་ལ་འདུས༔ དེ་ཕྱིར་མ་མོ་བདག་མེད་མ༔ མ་ནི་སྐྱེ་བ་མེད་པའི་དོན༔ མོ་ནི་འགག་པ་མེད་པའི་དོན༔ བདག་མེད་སྐྱེ་འགག་གཉིས་ལས་འདས༔ དེ་ལྟར་རྟོགས་ན་ལྟ་བ་ཡིན༔ རང་རིག་བདག་མེད་གསལ་བ་དེ༔ མ་ཡེངས་རྒྱུན་དུ་སྒོམ་པ་ཡིན༔ དེ་ལས་མི་འདའ་དམ་ཚིག་ཡིན༔ ཡིད་ལ་མི་བྱེད་གེགས་སེལ་ཡིན༔ དེ་བཞིན་སྤྱད་པ་སྤྱོད་པ་ཡིན༔ དེ་དོན་མངོན་གྱུར་འབྲས་བུ་ཡིན༔ དེ་ནི་ཐེག་པ་ཀུན་གྱི་གཙུག༔ མྱ་ངན་འདས་པའི་རྒྱན་གཅིག་ཡིན༔ བདག་མེད་ཡོངས་གྲོལ་ངོ་མཚར་ཆེ༔ བདག་མེད་དབང་ཐོབ་ཆོས་སྐུ་ཡིན༔ ཇི་ལྟར་ནམ་མཁའ་དྭངས་པ་ལ༔ ཉི་མའི་འོད་ཟེར་འཆར་བ་བཞིན༔ གཟུགས་སྐུ་རྣམ་གཉིས་ཤུགས་ལ་འབྱུང༔ འགྲོ་དོན་ལྷུན་གྲུབ་ཆེན་པོར་སྤྱོད༔ འདི་ལྟ་བུ་ཡི་རིན་ཆེན་འདི༔ བློ་དམན་རྣམས་ལ་གསང་བའི་དོན༔ སྐལ་ལྡན་འདི་སྤྱོད་གསང་སྒྲུབ་ཅེས༔ ཐ་སྙད་ཙམ་དུ་བཏགས་པ་བས༔ དེ་ཕྱིར་གསང་སྒྲུབ་འདི་ལྟར་རྟོགས༔ བཀྲ་ཤིས་འདྲེན་ཁྱོད་སྐལ་ལྡན་ནམ༔ གཙུག་གི་རྒྱན་གཅིག་རྣལ་འབྱོར་མ༔ བདག་མེད་པ་ཡི་དོན་རྟོགས་ཤོག༔ ཇོ་མོའི་གསང་སྒྲུབ་ཡང་དག་དོན་གྱི་ལེའུ་སྟེ་བཞི་པའོ༔་་་དཔེ་གཅིག་ལ། ཟླ་འོད་གཞོན་ནུའི་སྤྲུལ་པ་མོན་ཙནྡྲས་ཡི་གེར་བཏབ་པའོ༔ མཆན། ས་མ་ཡ༔ ཨི་ཐི༔ རྒྱ་རྒྱ་རྒྱ༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མའོ།། །།
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་ཁྱེར་བདེ་བཀླག་ཆོག་ཏུ་བཀོད་པ་དུག་རིར་བདེར་འཇུག (Volume 18, Text 39)
༄༅། །འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་ཁྱེར་བདེ་བཀླག་ཆོག་ཏུ་བཀོད་པ་དུག་རིར་བདེར་འཇུག་ཅེས་བྱ་བ་བཞུགས་སོ། ། རྡོ་རྗེ་རྣོན་པོ་ཆེར་ཁྲོས་པ། །ཕས་རྒོལ་འཇོམས་བྱེད་ཧེ་རུ་ཀ །བྱིན་རླབས་མྱུར་སྩོལ་དེར་བཏུད་ནས། །གཏོར་དབང་ལག་ལེན་བཀླག་ཆོག་བཀོད། །འདི་ཉིད་ཀྱི་དབང་བསྐུར་རྒྱས་པ་བཀའ་གཉན་པས་བསྙེན་སྒྲུབ་ནུས་པའི་སློབ་མ་དམ་ལྡན་ལས་ཁྱབ་བདལ་དུ་སྤེལ་མི་བཏུབ་པ་དང་། འཕྲལ་མཁོའི་ལག་ཆར་མི་ལྕོགས་པ་དག་གིས་གཏོར་མའི་བྱིན་རླབས་འདི་ཙམ་བགྱིས་པས་ཀྱང་ཕྲིན་ལས་ལ་འཇུག་ཏུ་རུང་བའི་ཕྱིར། དེ་ཉིད་བཤད་པ་ལ་གསུམ། སྦྱོར་བ་གཤོམ། བདག་མདུན་སྒྲུབ་མཆོད། དབང་བསྐུར་རྗེས་རིམ་དང་བཅས་པའོ། །དང་པོ་ནི། སྟེགས་བུའི་སྟེང་མཎྜལ་ལ་ཚོམ་བུ་གཙོ་འཁོར་ལྔ་བཀོད། དེ་སྟེང་ཁྲིའུར་དཔལ་གཏོར་འཁོར་བཞིས་བསྐོར་བ་རྒྱན་ལྡན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། མཎྜལ་ཕྱོགས་བཞིར་དམར་གཏོར་བཞི། མདུན་དུ་དམར་གཏོར་མཐེབ་སྐྱུ་མང་པོས་བསྐོར་བ། སྨན་རཀ་གཏོར་མཆོད་སྤྱི་ལྟར་བཤམ་མོ། །གཉིས་པ་ལ་བདག་བསྐྱེད་ནི། ལས་བྱང་ལྟར་སྐྱབས་སེམས་ལན་གསུམ་བྱས་ནས། ཨེ་ཡ། བདག་ཉིད་བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད། །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་དང་། །གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས། །ཡུམ་མཆོག་དམར་མོས་ཕུར་པ་ལྕགས་དྲྭ་འཁྱུད། ཁྲོ་ཆས་ཡོངས་རྫོགས་མེ་ཀློང་པད་ཉིའི་སྟེང་། །ཡབ་ཀྱི་གནས་ལྔར་གོ་ཆ་ལྷ་ལྔ་གསལ། །ཐུགས་སྲོག་ཧཱུྃ་ལ་རྩ་སྔགས་གཡས་སུ་འཁོར། །ཡེ་ནས་དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཅེས་རྩ་སྔགས་ཅི་འགྲུབ་དང་། ཨོཾ་ཀིཾ་ཀང་ཁ་ཏྲུཾ་ནྲྀ་མྱོག་དགྲ་བོ་ཝཱཀ་སཏྭམྦྷ་ཡ་ནན། བིགྷྣཱན་ཏྲ་ཐུཾ་ཏེ། ཏི་ཤན་ཏི་ཤན། སྤུར་ཐུཾ་སྤུར་བྲུབ། བི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡ། དགྲ་སྲི་སཏྭམྦྷ་ཡ་རཀྴ་ནན། དྲུཾ་དྲུཾ་ལཾ་ལཾ་སཏྭམྦྷ་ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུན་ཏྲི་དུན་ཏྲི། པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་བྱུར་དང་མི་ཁ་དགྲ་གྱོད་ཆོམ་རྐུན་གྱི་གནོད་པ་ལས་སྲུངས་ཤིག་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཅུང་ཟད་བཟླ། དེ་ནས་མཆོད་པ་བྱིན་རླབས་ཕྲིན་ལས་རྒྱས་བསྡུས་གང་རུང་གིས་མདུན་བསྐྱེད་མཆོད་བསྟོད་བཟླས་པ་བཅས་བྱས་ལ་གནང་བ་ནོད། གསུམ་པ་ནི། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སེམས་བསྐྱེད་གསལ་གདབ་རྣམས་བྱས་ལ། དེའང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཁྱེན་རབ་ཀྱི་མངའ་བདག་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ཀྱི་ངོར་ཁྲག་འཐུང་ཁྲོ་བོ་རོལ་པའི་ཚུལ་དུ་བཞེངས་པ། འཇམ་དཔལ་གཤིན་རྗེའི་གཤེད་ཆེན་པོ་ལ་ཡེ་ཤེས་དང་ལས་དང་སོ་མཚམས་པའི་སྐུའི་རྣམ་འགྱུར་དང་གསང་སྔགས་ཀྱི་བྱེ་བྲག་བརྗོད་ལས་འདས་པ་ཞིག་བཞུགས་པ་ལས། ཡེ་ཤེས་པ་རིགས་ལྔར་དབྱེ་བའི་ནང་ཚན་ཤོར་སང་ཉི་མ་ཁྲོས་པ་ལས་ཀྱི་རིགས་ཀྱི་བྱེ་བྲག་འཇམ་དཔལ་ཀིང་ཀང་དམར་ནག་གི་ཡ་གྱལ་ཀིང་ཀང་ནག་པོ་ཕ་རོལ་རྒོལ་འཇོམས། ཚེ་བདག་གི་རྣ་ཆ་བརྒྱད་ཀྱི་ནང་ནས་ཀིང་ཀང་མནན་པའི་རྣ་ཆ་ཞེས་གྲགས་པ་གནུབས་ཆེན་པོ་ནས་རིམ་པར་བརྒྱུད་པའི་བཀའ་མ་དང་། སྔོན་གྱི་གཏེར་སྟོན་གྲུ་གུ་ཡང་དབང་། རྒྱ་ཞང་ཁྲོམ། གུ་རུ་ཆོས་དབང་། པདྨ་ལས་འབྲེལ། ཉི་ཟླ་སངས་རྒྱས་རྣམས་ཀྱི་ཟབ་གཏེར་ཆུ་བོ་གཅིག་བསྡུས་ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེའི་བཀའ་སྲོལ་ལས་བྱོན་པའི་དབང་ཆེན་རྒྱས་པ་ལས་གུད་དུ་བཀོལ་བ་འདིའང་། ཇི་སྐད་དུ། འཇམ་དཔལ་པ་ལ་པ་ཏྲའི་རྒྱུད་ལས། དེ་ཡི་རྗེས་འཇུག་རྣལ་འབྱོར་པས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །དགྲ་བོ་ཆམ་ལ་ཕབ་པའི་ཕྱིར། །བཀའ་དང་རྗེས་གནང་མ་ཐོབ་ན། །ཡི་དམ་ལྷ་ཡང་མི་འཁོར་ཞིང་། །སྡེ་བརྒྱད་ལས་ལ་མི་འཆུན་ཏེ། །ལས་རྣམས་གང་ཡང་འགྲུབ་མི་འགྱུར། །ཅེས་གསུངས་པའི་སྐྱོན་ལས་ལྡོག་ཅིང་ཡོན་ཏན་རྒྱུད་ལྡན་དུ་བྱེད་པ་འཇམ་དཔལ་ནག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བྱིན་རླབས་གཏོར་མའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་འཛིན་པ། །སློབ་དཔོན་བདག་ལ་བརྩེར་དགོངས་ལ། །ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་ཡིས། །སྡུག་བསྔལ་མཚོ་ལས་བསྒྲལ་དུ་གསོལ། །སྐུ་མཆོག་འཇམ་དཔལ་ལྷ་ཚོགས་ཀྱི། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་ཏེ་བཞུགས་པའི་མདུན་དུ། སྡིག་པ་བཤགས་ཤིང་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ཅིང་ཚོགས་གཉིས་གསག་པ་དང་། སྡོམ་པ་བཟུང་ཞིང་བྱང་ཆུབ་ཏུ་བསྔོ་བ་རྣམས་ཚུལ་བཞིན་དུ་གསལ་ཐོབས་ལ་འདིའི་རྗེས་ཟློས། མཁྱེན་བརྩེ་ལྡན་རྣམས་དགོངས་སུ་གསོལ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་གནོང་འགྱོད་བཤགས། །བླ་མེད་མགོན་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བསོད་ནམས་ཡེ་ཤེས་ཚོགས་མཆོག་བསགས། །སྡོམ་པ་མ་ལུས་བརྟན་པོར་བཟུང། །ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །གསུམ། སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་ཁྱེར་གང་། །སྐུ་མཆོག་རྒྱལ་བའི་དཀྱིལ་འཁོར་འདིར། །སུ་ཡིན་འཇུག་པའི་སྐབས་མེད་ཀྱི། ཁྱོད་ཀྱིས་དམ་ཚིག་བསྲུང་ནུས་སམ། །ཞེས་དྲིས་པ་ལ་དམ་ཚིག་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། བར་མཚམས་མེད་པར་སྡུག་བསྔལ་བ། །ཆུ་བོ་ཆེ་ལས་རབ་བསྒྲལ་ཏེ། །རྣམ་གྲོལ་ཐར་གྲོལ་གྲོལ་འགྱུར་ན། །དམ་ཚིག་སྲོག་ལ་བབ་ཀྱང་བསྲུང་། །སློབ་དཔོན་གྱིས། ལོག་པའི་ལམ་དང་དམན་པའི་ལམ། །མ་རྫོགས་ལམ་ལས་ཁྱད་འཕགས་པའི། །ཚེ་འདིར་ངེས་པར་འཚང་རྒྱའི་ལམ། །བླ་ན་མེད་པས་སྤྲོ་དགར་བྱོས། །ཅེས་གནང་བ་བྱིན་ནས་དམ་ཆུ་སྦྱིན་ཞིང་། ཧཱུྃ། འདའ་ཀ་དམ་ཚིག་རྡོ་རྗེའི་ཆུ། ཁྱོད་ལ་ངས་སྦྱིན་སྙིང་དཀྱིལ་དབབ། །ཡེ་ཤེས་སེམས་དཔར་དེ་གྱུར་ནས། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །དམ་ཚིག་ཆེ་ལས་ཁྱོད་འདས་ན། །འཆི་བདག་ལྕགས་སྡིག་མགོ་དགུར་འགྱུར། །སྙིང་ཁྲག་འཇིབས་ཤིང་དམྱལ་བར་སྲེག །དེ་བས་དམ་ཚིག་སྲོག་ལྟར་སྲུངས། །ས་མ་ཡ་རཀྵ་ཐཾ། དེ་ལྟར་དམ་ཚིག་གི་མནའ་ཆུ་བྱིན་པ་སྙིང་དབུས་སུ་གནས་ནས་ལེགས་ཉེས་ཀྱི་དཔང་པོ་བྱེད་པར་འགྱུར་བས་དེང་ཕྱིན་ཆད་དམ་ལས་མི་འདའ་བའི་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ཏུ་ན་ར་ཀན། དེ་ནས་དབང་གི་གཞི་རྟེན་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་མ་ཡེངས་པར་སྒོམས་ཤིག །ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར་པའི་ངང་ལས། གྲུ་གསུམ་མཐིང་ནག་འབར་བའི་ཀློང་ཆེན་པོར་ཁྱེད་རང་རྣམས་གནས་པའི་གོ་སར་པདྨ་འདབ་བཞིའི་ལྟེ་བར་ཆུ་གླང་པད་ཉི་བཾ་གྱི་གདན་ལ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་མཐིང་ནག །དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་ཁྱེད་རྣམས་འཇམ་དཔལ་གཤིན་རྗེའི་གཤེད་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། དབུས་ཞལ་མཐིང་ནག །གཡས་དང་པོས་རལ་གྲི །བར་པས་ཐོ་བ། ཐ་མས་གཏུན་ཤིང་། གཡོན་དང་པོས་ལྕགས་ཀྱུ། བར་པས་སྦྲུལ་ཞགས། ཐ་མས་ཐོང་གཤོལ་འཛིན་པ། ཞབས་བཞི་བགྲད་ཅིང་རྡོ་རྗེའི་གཤོག་པ་གདེངས་པ། དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ཞིང་ཡུམ་བེ་ཏཱ་ལི་དམར་མོ་ཕུར་པ་དང་ལྕགས་དྲྭ་འཛིན་པས་འཁྱུད་ནས་མེ་ཕུང་གི་ཀློང་ན་འགྱིང་བའི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ལྟེ་བར་ཆོས་རྒྱལ། གསང་བར་བདུད་རྩི་འཁྱིལ་བ། ཐུགས་ཀར་ཕྱག་ན་རྡོ་རྗེའི་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པའི་བུམ་པར་འཇམ་དཔལ་གཞོན་ནུར་གྱུར་པ། གནས་གསུམ་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་གཤིན་རྗེ་གཤེད་ཡབ་ཡུམ་གོ་ཆའི་ལྷ་ལྔ་སྲས་མཆོག་རིགས་བཞི་ཡབ་ཡུམ་དང་བཅས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་སྐུ་ཆེ་ཆུང་སྣ་ཚོགས་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རོལ་མོ་དང་བཅས། ཧཱུྃ། ཆོས་དབྱིངས་མཁའ་ལྟར་རྟོག་བྲལ་ངང་ཉིད་ལས། །ལོངས་སྤྱོད་རྫོགས་དང་མཆོག་གི་སྤྲུལ་པའི་སྐུ །སྤྲིན་དང་ཆར་ལྟར་སྐྱེ་འགྲོའི་རེ་བ་སྐོང་། །བདེ་གཤེགས་སྐུ་མཆོག་ཡོངས་རྫོགས་ལྷ་ཚོགས་རྣམས། །སྤྱན་འདྲེན་ཐུགས་དམ་དབང་གིས་བརྩེ་བས་གཤེགས། །སྒྲུབ་མཆོག་འདི་ལ་ཁྱེད་ཀྱི་ཐུགས་རྗེས་གཟིགས། །དབང་བསྐུར་དམ་པ་ད་ལྟ་བསྩལ་དུ་གསོལ། །སྐལ་ལྡན་སློབ་མ་རྣམས་ལ་བྱིན་ཕོབ་ཅིག །ཨོཾ་ཨཱཿཧཱུྃ་གུ་རུ་ཡ་མཱནྟ་ཀ་ཌཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད། རྡོ་རྗེ་མགོར་བཞག །ཇི་སྲིད་སངས་མ་རྒྱས་བར་དུ་ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། དབང་གཏོར་རྣམས་བདུད་རྩིས་བྲན་ལ། ད་དབང་ཞུ་བའི་ཡུལ་སློབ་དཔོན་ལྷར་གསལ་བ་དང་། སྔར་བསྒྲུབས་ཟིན་པའི་མདུན་རྟེན་གཏོར་མའང་ཁྱེད་རང་རྣམས་ཀྱི་བློ་ངོར་གསལ་འདེབས་བསྐྱར་མ་འདི་བཞིན་དུ་མཛད་འཚལ། གཏོར་སྣོད་གྲུ་གསུམ་མཐིང་ནག་འབར་བའི་ཀློང་ཆེན་པོར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་རྒྱན་རྟ་བབས་དང་ལྡན་པ་སྲ་ལ་མཁྲེགས་པའི་དབུས་སུ། འཁོར་ལོ་རྩིབས་བཅུ་རིམ་པ་གཉིས་ཀྱི་དབུས་པདྨ་འདབ་བཞིའི་ལྟེ་བར་ཆུ་གླང་པད་ཉི་བཾ་གྱི་གདན་ལ། འཇམ་དཔལ་གཤིན་རྗེ་གཤེད་མཐིང་ནག་སོགས་གོང་གི་སློབ་མ་ལྷ་བསྐྱེད་སྐབས་ལྟར། འཇམ་དཔལ་གཞོན་ནུར་གྱུར་པ། བར་དང་ཕྱི་རོལ་པདྨ་འདབ་བཞི་ལ་སྲས་མཆོག་རིགས་བཞི་ཡབ་ཡུམ་མཐིང་སེར་དམར་ལྗང་བེ་ཅོན་སྡིགས་མཛུབ་ཅན། ནང་གི་རྩིབས་བཅུར་ཕྱོགས་སྐྱོང་གཤིན་རྗེ་བཅུ། ཕྱིའི་རྩིབས་བཅུར་བདུད་རྩི་འཁྱིལ་པ་བཅུ་ཞལ་ནང་དུ་གྱུ་ནས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྲུང་བའི་ལས་མཛད་པ། རྩིབས་མཆན་བཅུ་ལ་སྟོབས་ཆེན་མཐིང་ནག་བཅུ་བ་དན་རླུང་གཡབ་འཛིན་པས་དགྲ་བགེགས་གྱོད་བྱུར་ཐམས་ཅད་རླུང་གི་ཤུགས་ཀྱིས་རྒྱ་མཚོའི་ཕ་རོལ་བསྐྲད་པ། སྒོ་བཞིར་སྒོ་བ་བཞི་དང་ཕྱིའི་ཁྱམས་སུ་གིང་བདུད་རྩིས་ཤན་དྲེགས་པའི་ཚོགས་དང་བཅས་པ་གསལ་བའི་གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་བཱ་ར་ཨོཾ་བཛྲ་ས་མ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སྤྲོ་ན་འདིར་སྤྱན་འདྲེན་བཞུགས་གསོལ་ལས་བྱང་ལྟར་བརྗོད། དེ་ནས་གཏོར་དབང་དངོས་གཞི་ཞུ་བའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ བླ་མ་དཔལ་ཆེན་གཤིན་རྗེའི་གཤེད། །དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་བརྩེ་བས་ཉེར་དགོངས་གསོལ། །སྐུ་གསུང་ཐུགས་ཀྱི་སྒོ་ཕྱེས་ལ། །འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྒོམ་བཟླས་བསྙེན་སྒྲུབ་ལས་སྦྱོར་ལ། །གཅིག་དགར་འཇུག་པའི་དབང་བསྐུར་སྩོལ། །གསུམ། ད་གཏོར་མ་འདི་ཉིད་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེ་གཤེད་ཡབ་ཡུམ་གོ་ཆའི་ལྷ་སྲས་མཆོག་བཞི་དང་བཅས་པ་མངོན་སུམ་དུ་བཞུགས་པའི་སྐུ་ལས་སྐུ་ཕྲ་མོ་དཔག་ཏུ་མེད་པ་དང་། གསུང་ལས་སྔགས་ཀྱི་ཕྲེང་བ་དང་། ཐུགས་ལས་རྡོ་རྗེ་རྩེ་ལྔ་སོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམ་མཛོད་ཅིག །གཏོར་མ་ཐོགས་ལ། ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་མཆོག་ཀུན་འདུས་པ། །བཅོམ་ལྡན་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད། །གཉིས་མེད་དགྱེས་པའི་ཡུམ་ཆེན་བེ་ཏཱ་འཁྲིལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་ཁྲོ་ཆས་རྫོགས། །གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔས་བརྒྱན། །རལ་གྲི་ཐོ་བ་གཏུན་ཤིང་ལྕགས་ཀྱུ་དང་། །སྦྲུལ་ཞགས་ཐོང་གཤོལ་གཡས་གཡོན་ཕྱག་ན་བསྣམས། །གར་དགུའི་ཉམས་ལྡན་ཡུམ་ཆེན་ཁྲོ་མོའི་ཆས། །ཡོངས་རྫོགས་ཁྲོ་ཚུལ་ཕུར་བུ་གྲི་གུག་གཡས། །ལྕགས་དྲྭ་བྷནྡྷ་འཛིན་པ་མེ་ཀློང་བཞུགས། །ཡབ་ཡུམ་གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །སྐལ་ལྡན་བུ་ལ་དབང་བསྐུར་སྨིན་གྲོལ་ཤོག །ཨོཾ་ཧྲཱིཿཥྚི་ཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། བེ་ཏཱ་ལི་ཀྲོ་ཏཱི་ཤྭ་རཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྤྱི་བོར་བཞག །ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་མཆོག་རིགས་ཀྱི་ལྷ། །འཇམ་དཔལ་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རལ་གྲི་སྡིགས་མཛུབ་ཕྱར། །གཏི་མུག་ཆོས་དབྱིངས་རང་གྲོལ་དབང་བསྐུར་རོ། །ཨོཾ་མཉྫུ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ། དཔྲལ་བར་བཞག །ཧཱུྃ། དུས་གསུམ་རྒྱལ་བའི་གསུང་མཆོག་རིགས་ཀྱི་ལྷ། །རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་ཐོད་དབྱུག་སྡིགས་མཛུབ་ཕྱར། །འདོད་ཆགས་སོར་རྟོག་རང་གྲོལ་དབང་བསྐུར་རོ། །ཨོཾ་ཧྱ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ། མགྲིན་པར་བཞག །ཧཱུྃ། དུས་གསུམ་རྒྱལ་བའི་ཐུགས་མཆོག་རིགས་ཀྱི་ལྷ། །ཕྱག་རྡོར་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རྡོ་རྗེ་སྡིགས་མཛུབ་ཕྱར། །ཞེ་སྡང་མེ་ལོང་ཡེ་ཤེས་དབང་བསྐུར་རོ། །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ། སྙིང་གར་བཞག །ཧཱུྃ། དུས་གསུམ་རྒྱལ་བའི་ཡོན་ཏན་རིགས་ཀྱི་ལྷ། །ཆོས་རྒྱལ་སེར་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་བེ་ཅོན་སྡིགས་མཛུབ་ཕྱར། །ང་རྒྱལ་མཉམ་ཉིད་ཡེ་ཤེས་དབང་བསྐུར་རོ། །ཨོཾ་ཡ་མ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར་བཞག །ཧཱུྃ། དུས་གསུམ་སངས་རྒྱས་ཕྲིན་ལས་རིགས་ཀྱི་ལྷ། །བདུད་རྩི་ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་སྡིགས་མཛུབ་ཕྱར། །ཕྲག་དོག་བྱ་གྲུབ་ཡེ་ཤེས་དབང་བསྐུར་རོ། །ཨོཾ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ། གསང་བར་བཞག །ཧཱུྃ། བཛྲ་ཡ་མཱནྟ་ཀ་མཐིང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། །རྡོ་རྗེ་བེ་ཅོན་སྡིགས་མཛུབ་གར་དགུའི་ཉམས། །ཞེ་སྡང་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ། །ཨོཾ་བཛྲ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ། དཔུང་པ་གཡས་སུ་བཞག །ཧཱུྃ། རཏྣ་ཡ་མཱནྟ་ཀ་སེར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། ཁྲོ་ཆས་ཡོངས་རྫོགས་རིན་ཆེན་སྡིགས་མཛུབ་མཛད། །ང་རྒྱལ་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ། །ཨོཾ་རཏྣ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ། དཔུང་པ་གཡོན་དུ་བཞག །ཧཱུྃ། པདྨ་ཡ་མཱནྟ་ཀ་དམར་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། ཁྲོ་ཆས་ཡོངས་རྫོགས་པདྨ་སྡིགས་མཛུབ་མཛད། །འདོད་ཆགས་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ། །ཨོཾ་པདྨ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ། པུས་མོ་གཡས་པར་བཞག །ཧཱུྃ། ཀརྨ་ཡ་མཱནྟ་ཀ་ལྗང་ནག་ཁྲོས། །དུར་ཁྲོད་ཆས་རྫོགས་སྦྱོར་སྒྲོལ་ཡུམ་དང་བཅས། ཁྲོ་ཆས་ཡོངས་རྫོགས་རྒྱ་གྲམ་བེ་ཅོན་འཛིན། །ཕྲག་དོག་འཇོམས་མཛད་སྲས་མཆོག་དབང་བསྐུར་རོ། །ཨོཾ་ཀརྨ་ཡ་མཱནྟ་ཀ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ། པུས་མོ་གཡོན་པར་བཞག་གོ །དེ་ནས་དྲེགས་པའི་བཀའ་གཏད་ནི། དེ་ནས་ཁྱེད་རང་རྣམས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཡབ་ཡུམ་གོ་ཆའི་ལྷ་དང་བཅས་པ་དང་། ཁྱད་པར་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔ་པའི་བུམ་པར་འཇམ་དཔལ་གཞོན་ནུར་གྱུར་པ། འཁོར་སྲས་མཆོག་རིགས་བཞི་དང་བཅས་པ་གཟི་བརྗིད་དང་ལྡན་པར་གསལ་ཐོབས། ཕྱོགས་བཞིའི་དམར་གཏོར་རྣམས་གཤིན་རྗེ་བཙན་རྒོད་མ་མོ་བདུད་རྒྱལ་རྣམས་དངོས་སུ་གསལ་བ་སློབ་དཔོན་ཡི་དམ་དུ་གསལ་བའི་བཀའ་ཉན་གསུང་སྡོད་པ་དེ། ཁྱེད་རང་རྣམས་ཀྱི་བཀའ་སྲུང་དུ་བཀའ་བསྒོས་པས་དེང་ཕྱིན་ཆད་ཕྲིན་ལས་གང་བཅོལ་སྒྲུབ་པའི་ཆོས་སྐྱོང་དུ་ཁས་བླངས་དམ་བཅས་པར་སྒོམས་ཤིག །གཡས་ཀྱི་དམར་གཏོར་གཡས་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་གཤིན་རྗེའི་སྡེ་དཔོན་ཏེ། །ཡ་མ་རཱ་ཛ་འཁོར་དང་བཅས། །དེ་རིང་འདི་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཡ་མ་རཱ་ཛ་ཡ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བགེགས་སྲོག་ལ་ནྲྀ་མཱ་ར་ཡ་རྦད། པ་ཤང་ཀུ་རུ་ཧཱུྃ་ཕཊ། རྒྱབ་ཀྱི་དམར་གཏོར་རྒྱབ་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་བཙན་གྱི་སྡེ་དཔོན་ནི། །སྲོག་ཟན་དམར་པོ་འཁོར་དང་བཅས། །དེང་འདིར་ཁྱེད་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཨ་བྷི་ཙཀྵུ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བགེགས་སྲོག་ལ་ནྲྀ་མཱ་ར་ཡ་རྦད། པ་ཤང་ཀུ་རུ་ཧཱུྃ་ཕཊ། གཡོན་གྱི་དམར་གཏོར་གཡོན་ངོས་སུ་གཏད་ལ། ཧཱུྃ། སྣང་སྲིད་མ་མོའི་སྡེ་དཔོན་ནི། །ཨེ་ཀ་ཛཱ་ཊི་འཁོར་དང་བཅས། །དེ་རིང་ཁྱོད་ལ་བྲན་དུ་གཏད། །བཀའ་ཉན་ཅི་བཅོལ་ལས་སྒྲུབས་ཤིག །ཨེ་ཀ་ཛཱ་ཊི་ཏྲག་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བགེགས་སྲོག་ལ་ནྲྀ་མཱ་ར་ཡ་རྦད། པ་ཤང་ཀུ་རུ་ཧཱུྃ་ཕཊ། མདུན་གྱི་དམར་གཏོར་མདུན་དུ་གཏད་ལ། ཧཱུྃ། སྣང་སྲིད་བདུད་ཀྱི་རྒྱལ་པོ་ནི། །བསྐོས་རྗེ་དྲང་དཀར་འཁོར་དང་བཅས། །དེ་རིང་ཁྱོད་ལ་བྲན་དུ་གཏད། །བཀའ་ཉོན་ཅི་བཅོལ་ལས་སྒྲུབས་ཤིག །དུ་ཏྲག་དུ་ཛཿབྷྱོ། ཤ་ཏྲཱུཾ་ཧུར་ཐུཾ་ཛཿ དགྲ་བགེགས་སྲོག་ལ་མཱ་ར་ཡ་ཛཿ པ་ཤང་ཀུ་རུ་ཧཱུྃ་ཕཊ། སླར་ཡང་ལྷ་སྲིན་སྡེ་བརྒྱད་རྒྱལ་ཆེན་ཕྱོགས་སྐྱོང་ལ་སོགས་འཁོར་ཐམས་ཅད་བྲན་དུ་གཏད་པར་སྒོམས་ཤིག །དམར་གཏོར་མཐེབ་སྐྱུ་ཅན་གཏད་ལ། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་གདུག་པ་འདུལ་ཕྱིར་ཁྲོ་ཆེན་སྐུ །རབ་འཇིགས་མི་བཟད་འབར་བའི་གཤིན་རྗེ་གཤེད། །ཐུགས་དམ་དབང་གིས་འདིར་གཤེགས་མཆོད་པ་བཞེས། །འཁོར་གྱི་དྲེགས་པ་སྲིད་གསུམ་བརླག་ནུས་རྣམས། །དབང་སྡུད་ཟིལ་གནོན་ལས་ལ་མངགས་པ་དང་། །དགྲ་བགེགས་མ་ལུས་རྩད་ནས་བཅད་པའི་ཕྱིར། །མངོན་སྤྱོད་ནུས་མཐུ་ཐོགས་མེད་དབང་བསྐུར་མཛོད། ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་བཛྲ་སརྦ་དུཥྚཱཾ་ཨ་མུ་ཀ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཀིང་ཀང་སོགས་ནས། ཁ་ཐཾ་བར་དང་། ཏདྱ་ཐཱ། དུ་ཤན་དུ་ཤན་སོགས་བསད་སྔགས་རྣམས་བརྗོད་ཅིང་ལག་ཏུ་འགྲིམ། ཁྲོ་རྒྱལ་གཤིན་རྗེ་གཤེད་པོའི་བཀའ་སྡོད་ཕོ་ཉ་གཤིན་རྗེ་མ་མོ་བདུད་བཙན་མ་མགོན་གཟའ་ཀླུ་དམ་ཅན་སྲོག་བདག་རྒྱལ་ཆེན་གིང་བདུད་རྩིས་བཤན་ཕྱོགས་སྐྱོང་ལ་སོགས་པ། དྲེགས་པ་མཐུ་སྟོབས་རྩལ་ལྡན་ཁྱེད་རྣམས་ཀྱིས་སློབ་མ་དམ་ཚིག་ཅན་འདི་རྣམས་ཀྱི་ཆོས་སྐྱོང་གྱིས་ཤིག །གང་བཅོལ་བའི་ལས་སྒྲུབས་ཤིག །གང་བྱིན་པའི་མཆོད་གཏོར་གསོལ་ཅིག །ཅེས་བརྗོད། གཏོར་མ་རྣམས་རང་མལ་དུ་བཞག་ལ་ཁ་གསོ། སློབ་མས་བདུད་རྩི་བྲན་བཅུག །སྔགས་འདིའང་ལྷན་ཅིག་བརྗོད་དེ། ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་མྲྀཏ་ཁཱ་ཧི། ལན་གསུམ། དེ་ནས། ཧཱུྃ། གཤིན་རྗེ་མ་མོ་བདུད་དང་བཙན་ལ་སོགས། །ཅེས་བསྐུལ་ཐུང་ངམ། ཆགས་མེད་དུག་རི་ལྟར་ན། ཧཱུྃ། གཤིན་རྗེ་མ་མོ་བདུད་བཙན་མ་མགོན་གཉིས། ཞེས་པ་ནས། འགྲུབ་པར་མཛོད་ཀྱི་བར་བརྗོད་ལ་ཕྱི་རོལ་དུ་འབུལ་གཞུག །མཐའ་རྟེན་བྱིན་རླབས་བྱ་བ་ལ། གཏོར་ཆེན་འདི་ཉིད་ཡི་དམ་གཤིན་རྗེ་གཤེད་ཡབ་ཡུམ་གོ་ཆའི་ལྷ་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དང་སྲས་མཆོག །སྟེང་དུ་བརྒྱུད་པའི་བླ་མ་དང་བཅས་པར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པར་སྒོམས་ལ་སེམས་མ་བཅོས་པར་ཞོག་མཛོད། དཔལ་གཏོར་མགོར་བཞག་ལ། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ། ལོངས་སྐུ་འཇམ་དབྱངས་རིགས་ལྔ། སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན། སློབ་དཔོན་དེ་བ་ཙནྡྲ། གུ་རུ་པདྨ་འབྱུང་གནས། གནུབས་སྟོན་སངས་རྒྱས་ཡེ་ཤེས། གཏེར་སྟོན་གྲུ་གུ་ཡང་དབང་། རྒྱ་ཞང་ཁྲོམ། གུ་རུ་ཆོས་ཀྱི་དབང་ཕྱུག །པདྨ་ལས་འབྲེལ་རྩལ། གྲུབ་ཐོབ་ཉི་ཟླ་སངས་རྒྱས། ཟུར་མཁར་དྷརྨ་སྭཱ་མི། ཆོས་རྒྱལ་རཏྣ་གླིང་པ། སི་ཏུ་བསོད་ནམས་རྣམ་རྒྱལ། རིག་འཛིན་དབང་པོའི་སྡེ་ལ་སོགས་པ་བཀའ་བབས་རིག་འཛིན་རྣམས་དང་། ཆོས་འདི་གང་ལས་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །བཅོམ་ལྡན་འདས་གཤིན་རྗེ་ཀིང་ཀང་དམར་ནག །ཡུམ་མཆོག་བེ་ཏཱ་ཙ་ལི། སྐུ་མཆོག་འཇམ་དཔལ། གསུང་མཆོག་རྟ་མགྲིན། ཐུགས་མཆོག་གསང་བདག །ཐུགས་སྲོག་འཇམ་དཔལ་གཞོན་ནུར་གྱུར་པ། ཡོན་ཏན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ཕྲིན་ལས་བདུད་རྩི་འཁྱིལ་བ། སྲས་མཆོག་རིགས་བཞི་ཡབ་ཡུམ། ཕྱོགས་བཅུའི་གཤིན་རྗེ་ཡབ་ཡུམ། སྟོབས་ཆེན་མ་ཧཱ་བ་ལ་ལ་སོགས་པའི་ཀིང་ཀང་དམར་ནག་གི་ལྷ་ཚོགས་རྣམས་ཀྱིས་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབ་པ་དང་དབང་བསྐུར་བར་མཛད་དུ་གསོལ་ལོ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ་ལོ། །བསྐྱེད་རྫོགས་ལ་བརྟན་པ་ཐོབ་པར་མཛད་དུ་གསོལ་ལོ། །ནུས་པ་བྱིན་རླབས་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ་ལོ། །བདུད་བཞི་དང་དགྲ་བགེགས་ཀྱི་གཡུལ་ལས་རྒྱལ་བར་མཛད་དུ་གསོལ་ལོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལྷག་པའི་ལྷ་མཛད་དུ་གསོལ་ལོ། །ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ་ལོ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་གྱིས་རློབས་ཤིག །ཅེས་རྩ་སྔགས་དང་སྲས་བཞིའི་སྔགས་ཡན་ཆད་ལ། ཨ་བྷི་ཥིཉྩ་ཧཱུྃ་སྦྱར་བ་བརྗོད། དེ་ནས་མེ་ཏོག་འཐོར་ཞིང་། ཧཱུྃ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་བྱུང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོར་བཅས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་གཅིག་བསྡུས་འཇམ་དཔལ་གྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན་ལ་ཁྱབ། །འགྱུར་མེད་འགག་མེད་འཁྲུལ་མེད་རེ་བ་སྐོང་། །ཐོགས་མེད་ཅི་བསམ་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་བརྗོད་ལ་རོལ་མོ་བྱ། དེས་འཇམ་དཔལ་ཀིང་ཀང་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་བཀའ་གཏད་དང་བཅས་པ་ཐོབ་པས་ཕྲིན་ལས་རྣམ་བཞི་བསྒྲུབ་སྙམས་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། མདུན་བསྐྱེད་ལ་མཆོད་བསྟོད་ནོངས་བཤགས་ཤིས་བརྗོད་བར་བྱ་བའང་སྤྱི་དང་མཐུན་ནོ། །ཞེ་གནག་གླང་སྙིང་ལག་ཆར་མི་འགྱུར་བར། །བསྟན་འཛིན་སྐྱེས་མཆོག་བར་ཆད་གཡུལ་ལས་རྒྱལ། །དུས་དགྲའི་དབང་པོ་འཇམ་དཔལ་དཔའ་བོ་དང་། །དབྱེར་མེད་ཡེ་ཤེས་ཕྱག་རྒྱ་འགྲུབ་གྱུར་ཅིག །ཀིང་ནག་འདི་ཉིད་གྲོང་སྔགས་པ་སོགས་ལ་དར་སྲོལ་ཆེ་ཡང་དབང་ལུང་ཚད་ལྡན་བྱེད་མཁན་དཀོན་པས། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཡིག་ཆ་ལ་ཁ་འཕང་དཀྱུས་སུ་བཙུད་ནས་བཀླག་ཆོག་ཉིད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བྱང་གཏེར་མངའ་དབང་སྐོར་གྱི་མཐའ་དཔྱོད་ (Volume 51, Text 39)
༄༅། །བྱང་གཏེར་མངའ་དབང་སྐོར་གྱི་མཐའ་དཔྱོད། བྱང་པ་གུ་རུ་རལ་པ་ཅན་གྱི་ལེགས་བཤད་ཡོད་མཆིས། ཡང་གཏེར་མཛོད་བསེ་སྒྲོམ་སྨུག་པོ་མཛོད་ལྔ་འདུས་པ་ལས། ནུབ་ཕྱོགས་ཟངས་མཛོད་དམར་པོའི་གཏེར་བཅུད་མངའ་སྐྱེད་ནོར་བུའི་བང་མཛོད་ཀྱི་ཆོས་སྐོར་ལ། དེ་ཡང་སྒྲོན་མ་རྣམ་གསུམ་ལས། དེ་དུས་ལུང་བསྟན་ཞལ་ཆེམས་ཁ་བྱང་དང༔ གནད་ཐེམ་ཡི་གེ་དགོས་པའི་ལྡེ་མིག་རྣམས༔ ཆོས་ཚན་རེ་རེའི་དང་པོར་གསལ་བར་བཀོད༔ ཅེས་པས་སྤྱི་ཐེམ་དུ་བསྟན་པ་ལྟར་ཐོག་མར་མངའ་དབང་རིན་པོ་ཆེ་གཏེར་གྱི་བང་མཛོད་ཀྱི་ལོ་རྒྱུས་ཞེས་པ། བང་མཛོད་བཅའ་ཚུལ་དང་། བརྟེན་ཚུལ་དང་། ཉམས་སུ་ལེན་ཚུལ་དོན་གསུམ་དུ་བསྟན་ནས། དབང་གི་བཀའ་བབ་ལོ་རྒྱུས་ཐེམ་བྱང་ལུང་བསྟན། སྐུ་གསུང་ཐུགས་ཀྱི་གདུལ་བྱ་ཞལ་ཆེམས་དང་བཅས་པ་སྦས་བྱང་གི་མཐར་ཚང་བ། དེ་ཉིད་ལས་དགོས་ཐེམ་དུ་བསྟན་པའི་ཡིག་སྣ་ངོས་གཟུང་བ་ལ། ཡིད་བཞིན་ནོར་བུ་དབང་གི་མཆོག༔ སྙིང་དང་འདྲ་བའི་མན་ངག་འདི༔ འབྱུང་པོ་འདུལ་བྱེད་རྒྱུད་ནས་བཏུས༔ ཞེས་དང་། ཆོས་ཁྲིམས་བསྟན་པའི་སྒྲོན་མེའི་ལེའུ་གསུམ་པ་ནས་ཀྱང་བར་ཐེམ་དུ་བསྟན་ཅིང་རྗེས་ནས་ཀྱང་འབྱུང་བ་ལྟར། མངའ་དབང་རིན་པོ་ཆེ་འབར་བའི་མཆན་ཡིག་ཅན་ལ་ཕུན་སུམ་ཚོགས་པའི་རྒྱུ་བཙལ་བ། རྟེན་ཅིང་འབྲེལ་བའི་རྫས་གསག་པ། མངའ་གསོལ་དངོས་ཏེ་དོན་གསུམ་དུ་བསྟན་པ་མཛད་བྱང་གཉེར་བཅོལ་གྱི་མཐར་ཚང་བ་དང་། རྒྱུད་ལ་ལེའུ་ལྔ་རུ་བསྟན༔ ཞེས་པ་ལ་སྲོག་གི་སྙིང་པོ་བསྡུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལེའུ་དང་པོ་གླེང་གཞི། གཉིས་པ་དུས་དང་གཟའ་སྐར་བརྩི་བ། གསུམ་པ་སྲོག་གི་ཡི་གེ་བྲི་བར་བྱ་བ། བཞི་པ་ནོར་བུ་སྔགས་ཀྱི་ལེའུ། ལྔ་པ་གཏད་རྒྱ་སྦས་བྱང་བཀའི་དམ་བསྒྲག་དང་བཅས་པས་ཚང་ལ། ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བའི༔ མངའ་དབང་རིན་ཆེན་འབར་བ་ཡོད༔ ཅེས་པའི་ནང་གི་རྩ་བ་རིན་པོ་ཆེའི་གྭའུ་ལ་བརྟེན་ནས་མངའ་དབང་སྐྱེད་པའི་ལས་སྦྱོར་ཉིད་བསྟན་ལ། འདི་ནི་མངའ་གསོལ་གྱི་སྐབས་སུ་རིན་པོ་ཆེའི་གཙུག་ཏོར་གྱི་ཏོག་ཏུ་རིན་ཆེན་གཞན་དང་ལྷན་ཅིག་གམ། ནོར་བུ་སྔགས་ཀྱི་འཁོར་ལོ་འདི་བཅུག་སྟེ་གཙུག་གི་རྒྱན་དུ་འགོད་དགོས་པར་བཤད་ཅིང་། ཚེ་དང་བསོད་ནམས་མཐའ་རྒྱས་ཕྱིར༔ གནོད་སྦྱིན་ནོར་གྱི་བང་མཛོད་ཡོད༔ ཅེས་པས་བང་མཛོད་བཅའ་ཚུལ་དང་། སྣང་སྲིད་དབང་དུ་བསྡུ་བའི་ཕྱིར༔ དབང་བྱེད་རྒྱལ་པོའི་སྒྲུབ་ཐབས་ཡོད༔ ཅེས་པས་ཟངས་ཀྱི་གྭའུ་ལ་བརྟེན་པ་དང་། མཐའ་ཡི་དགྲ་བཞི་འདུལ་བའི་ཕྱིར༔ དྲེགས་པ་དབང་སྡུད་སྒྲུབ་ཐབས་ཡོད༔ ཅེས་པས། ཕྱག་རྡོར་གྱི་སྐུ་ལ་བརྟེན་པ་དང་། འདུ་འཛི་གཡེང་བས་ལོང་མེད་ན༔ བཅས་ཆོག་ནོར་བུ་འབར་བ་ཡོད༔ ཅེས་པས། རང་གི་ཕོ་བྲང་དུ་མཆོད་པ་ཕུལ་ཏེ་བཞུགས་སུ་གསོལ་ན་ཅི་འདོད་འགྲུབ་པ་སྟེ། དེ་ལྟར་དབང་ཆོག་རྒྱུད་ཀྱི་ལེ་གྲངས་ལེའུ་ལྔ་པའི་སྟོད་ཆར་གསུངས་པའི་ལས་ཚོགས་རྣམས། མིང་གསལ་དང་གོ་རིམ་གྱི་སྒོ་ནས་མི་འཆུག་པར་ཐེམ་གྱིས་བསྡམས་པ་ཡིན་ལ། དེ་དག་ཀྱང་རྒྱུད་འདི་ཉིད་ཀྱིས་བསྟན་བྱའི་སྙིང་པོ་ཟླ་དུས་གཟའ་ཚེས་ཉི་མ་རྣམས་ངེས་པ་ལ། ཚངས་པའི་འཇིག་རྟེན་སྲོག་གི་ཡི་གེ་རང་གནས་སུ་བསྐོར་བ་རབ་གནས་རྒྱས་བཏབ་རྣམས་ཕྱག་ལེན་ལྟར་འཁྲུལ་མེད་དུ་བསྒྲུབས་པ་དེ་ཉིད་རྩ་བར་བྱས་ཏེ། རང་གཞུང་ལྟར་རམ། སྤྲོས་པ་ལ་དགའ་བས་ཟབ་གནད་ཀྱི་ཁོངས་བསྡེབས་ཏེ་ཤེས་པར་བྱ་ཡི། ལས་ཚོགས་ཐེམ་བྱང་དེ་དག་ངོས་མ་ཟིན་པར་རྣམ་པར་འཁྱམས་པ་འགའ་ཡང་མཐོང་ངོ་། །མན་ངག་གསང་བའི་འཕྱང་དྲུག་རྒྱལ་པོའི་ཐེམ་ཡིག་ཅེས་པ། དཔལ་བསམ་ཡས་ཀྱི་རབ་ཏུ་གནས་པ་མཛད་སྐབས་ཀྱི་གླེང་གཞི། རྒྱལ་པོའི་བཀའ་རྟགས་དྲུག་དང་སྦྱར་ནས་ཞལ་གདམས་སུ་གསུངས་པའི་མན་ངག་གསང་བའི་འཕྱང་དྲུག །རྟགས་དྲུག་གི་ལོ་རྒྱུས། གུ་རུ་དང་རྒྱལ་པོའི་ཞུ་བ་དང་ཞུས་ལན་དུ་གནང་བའི་འཕྲོས་དོན་ཐོར་བུ། རྒྱལ་པོ་ལ་ཆེད་དུ་དགོངས་པའི་ཆོས་ཚན་དྲུག་གི་སྤྱི་ཚོམས་ཀྱི་ཐེམ་ཡིག་སྦས་བྱང་གཏེར་སྲུང་མཐུ་ཆེན་སྡེ་བཞི་ལ་གཉེར་གཏད་ཀྱི་མཐར་ཚང་བ། འདི་ནི་ཐེམ་ལས། རྒྱུད་གཅིག་མན་ངག་དྲུག་བཅས་པ༔ རྒྱལ་སྲིད་རིན་ཆེན་བདུན་ལྡན་འདིས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ མ་དང་བུ་ཡིག་གཉིས་སུ་བཀོད༔ ཅེས་པ་ཡིག་སྣ་འདི་ཉིད་ཀྱི་ཞལ་གདམས། མན་ངག་གསང་བའི་འཕྱང་དྲུག །ཚེག་བར་ཉེར་བརྒྱད་པ་འདི་ཁ་ཡིན་པས་ན་དེ་ཉིད་གོ་བདེ་བར་དགོངས་ནས་གཏེར་སྟོན་ཉིད་ཀྱིས་ཀྱང་དཔེ་ཚན་གྱི་ཁ་ཡིག་ཏུ་གསལ་བར་འདེབས་པ་གནང་བ་ཡིན་ཞིང་། འཕྱང་དྲུག་པོ་འདི་ཁ་ཁ་བྱང་དུ་ངོས་ཟིན་པ་ན་ཆོས་ཚན་ཐ་དད་པ་དྲུག་བསྒྲིག་དགོས་པ་དང་། རྩ་བའི་ཡིག་སྣ་ངོས་མ་ཟིན་ཅིང་ལྷག་ཆད་ཀྱི་སྐྱོན་དངོས་སུ་གསལ་ལ། དེས་ན་འཕྱང་དྲུག་པོའི་དོན་ཉམས་སུ་ལེན་ཚུལ་གཏེར་ཁ་འདི་རང་དང་སྦྱར་ཚེ་ལས་རྒྱུ་འབྲས་ཀྱི་དབྱེ་བ་མུན་སེལ་སྒྲོན་མེ་དང་། རྡོ་རྗེ་ཕུར་པ་བཀའ་ཡི་སྒྱེ་ཆུང་མ་དང་། མངའ་སྐྱེད་ནོར་བུའི་བང་མཛོད་དང་། ཆོས་ཁྲིམས་བསྟན་པའི་སྒྲོན་མ་རྣམས་དང་། འཕྱང་ཕྱི་མ་གཉིས་དང་འབྲེལ་བའི་ཡིག་སྣ་ཐ་དད་དུ་རང་རྐང་ཚུགས་པ་མི་སྣང་ཡང་ཁྲིམས་ཡིག་རིན་པོ་ཆེ་འབར་བ་དང་། ཞལ་གདམས་ཁ་འཐོར་བའི་ཚུལ་དུ་གསུངས་པ་རྣམས་ཀྱིས་རྟོགས་པར་སྣང་ལ། རྩ་བའི་ཡིག་སྣ་བཞི་པོ་འདི་དག་ནུབ་ཟངས་མཛོད་ནས་བྱོན་པ་སྟེ་ཤིན་ཏུ་དཀོན་པ།་་་རིག་འཛིན་རྗེའི་ཕྱག་དཔེ་བཀའ་ལུང་བརྒྱུད་ཡིག་ཇི་ལྟ་བ་སྔགས་འཆང་ཤཱཀྱ་བཟང་པོའི་ཕྱག་དཔེ་ངོ་མ་མངའ་རིས་ནས་རྙེད། དེའི་ཕྱི་མོ་གཏེར་སྟོན་རང་གི་ཕྱག་དཔེ་ཤོག་སེར་ངོས་ལས་བཤུས་པ་སེ་སྟོན་རིན་ཆེན་རྒྱལ་མཚན་གྱི་བར་རྒྱུན་མ་ཆད་པའི་ཡིད་ཆེས་དང་བཅས་པ་བྱང་རྒྱ་མཁར་ནས་རྙེད། ཡིད་ཆེས་ཀྱི་བརྒྱུད་པར་ལྡན་པ་འདི་ལ་གཅེས་སྤྲས་སྙིང་ལྟར་དུ་བྱའོ། །ཡང་རྒྱལ་པོའི་ཐེམ་ཡིག་རྗེས་ཐོག་ལས། འོ་སྐོལ་འདིར་ཚོགས་ཐམས་ཅད་ཀྱིས༔ སྨོན་ལམ་རྣམ་དག་རེ་རེ་ཐོབས༔ སྙིང་ཐིག་ཞལ་ཆེམས་རེ་རེ་ཞོག༔ ཅེས་བར་ཐེམ་དུ་བསྟན་པ་ལྟར། ཨོ་རྒྱན་རིན་པོ་ཆེའི་ཞལ་ཆེམས་རྣམ་པ་གསུམ་བྱ་བ་རྟེན་ཅིང་འབྲེལ་བ། ལ་ཉེ་གསུམ་དང་བསྟུན་ཏེ་བར་ཆད་སེལ་ཐབས། གཏེར་མཛོད་ཀྱི་དངོས་གྲུབ་བླང་བ་ལ་སོགས་པ། དད་ལྡན་སྐྱེས་བུ་ཡང་དག་སྙིང་པོ་ལོངས༔ ཞེས་པའི་མཐར་ཚང་བ་དང་། ཐུགས་ལ་གཅེས་པའི་ཞལ་ཆེམས་ཞེས་པ་མངའ་བདག་གདུང་རབས་མཐར་སྤྲུལ་པ་ལ་ཐུག་གི་བར་གྱི་ལུང་བསྟན། བསླབ་ཆ་མཛོད་བཞི་སྤྱི་ཐེམ་ཞལ་ཆེམས་ཕྱི་མ་གསུམ་གྱི་འཕྲོས་གཞི་ཀུན་བཟང་དགོངས་པ་ཟང་ཐལ་དང་པདྨའི་བཀའ་རྟགས་ཕུར་བུ་སྲིད་གསུམ་བདུད་འདུལ་གཏད་ཐབས་བཀའ་ལུང་གི་མཐར་ཚང་བ་དེ་ཉིད་ལས་ཨུ་རྒྱན་ཆེན་པོས། ང་ཡི་སྒྲུབ་ཐབས་ཟབ་མོའི་བསྙེན་སྒྲུབ་ཚུལ༔ ཞེས་པའི་སྐབས་སུ་ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་གནང་བའི་རྟགས་ཀྱི་ཕྱག་ཆ་ཕུར་བུ་སྲས་མཆོག་ཉི་མའི་ལོ་རྒྱུས་བཀའ་ལུང་དུ་བཞག་པ། རྒྱལ་ཁམས་དབང་དུ་བསྡུ་བ།་་་འདི་ནས་འཕྲོ་ཅན་དུ་སྣང་ངོ་། །ཨོཾ་སརྦ་སིདྡྷི་ཕ་ལ་ཧཱུྃ། མཛོད་བཞི་སྙིང་ཁྲག་མན་ངག་བརྒྱད་ཀྱི་ནང་ཚན་རྒྱལ་པོའི་ཐེམ་ཡིག་ལས། ཆོས་ཚན་དྲུག་གི་སྤྱི་ཐེམ་བསྟན་པའི་དང་པོ། རྒྱལ་པོའི་མངའ་ཐང་རྒྱས་པའི་ཕྱིར༔ མངའ་དབང་རིན་ཆེན་འབར་བ་ཡོད༔ ཅེས་གསུངས་པའི་མངའ་སྐྱེད་ནོར་བུའི་བང་མཛོད་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པ་ཞུས་ཐོ་ལ། ཐོག་མར་རཏྣ་དབང་གི་དཀྱིལ་འཁོར་དུ་མངའ་གསོལ་གྱི་དབང་ལེགས་པར་བསྩལ་རྗེས། ལུང་གི་སྐོར་ལ། མངའ་དབང་རིན་པོ་ཆེ་གཏེར་གྱི་བང་མཛོད་ཀྱི་ལོ་རྒྱུས་ཞལ་ཆེམས་དང་བཅས་པ། རྒྱལ་པོ་ལ་མངའ་གསོལ་བའི་མངའ་དབང་རིན་པོ་ཆེ་འབར་བ་ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ནས་བཏུས་པ། སྲོག་གི་སྙིང་པོ་བཏུས་པ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལེའུ་ལྔ་པ། མན་ངག་གསང་བའི་འཕྱང་དྲུག་རྒྱལ་པོའི་ཐེམ་ཡིག་སྟེ་རྩ་བའི་ཡིག་སྣ་བཞི་པོ་དེ་དག་གི་བརྒྱུད་པ་ནི། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། གཏེར་བདག་སྲིད་གསུམ་དབང་གི་ཌཱ་ཀི་མ། ཨུ་རྒྱན་གྱི་རྒྱལ་པོ་ཐོར་ཅོག་ཅན། གཏེར་སྟོན་རིག་འཛིན་རྒོད་ལྡེམ། ངོ་ཆེན་སངས་རྒྱས་བསྟན་པ། རིག་འཛིན་སངས་རྒྱས་བྱམས་བཟང་། སེ་སྟོན་མགོན་པོ་བཟང་པོ། སེ་སྟོན་རིན་ཆེན་རྒྱལ་མཚན། བྱམས་པ་ཀུན་དགའ་དོན་གྲུབ། སྔགས་འཆང་ཤཱཀྱ་བཟང་པོ། དྲིན་ཆེན་རྩ་བའི་བླ་མ་རིག་འཛིན་མངའ་རིས་པ་ཆེན་པོ། དམ་པ་དེས་བདག་སྔགས་འཆང་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ལ་དགྱེས་བཞིན་དུ་གནང་བའོ། །ཡང་བརྒྱུད་པའི་སྲོལ་གཅིག་ལ། ངོ་ཆེན་ཡན་སྔར་ལྟར་ལ། དེས་སྔགས་འཆང་རྡོ་རྗེ་དཔལ་བ། དེས་སྔགས་འཆང་རྡོ་རྗེ་མགོན་པོ། དེས་ཆོས་རྗེ་སངས་རྒྱས་དཔལ་བཟང་། དེས་ཐུགས་སྲས་ནམ་མཁའ་རྒྱལ་མཚན། དེས་རྩ་བའི་བླ་མ་རིག་འཛིན་མངའ་རིས་པ་ཆེན་པོ། དེས་བདག་དབང་པོའི་སྡེ་ལའོ། །ཡང་དེ་ཉིད་ནས་བར་ཐེམ་གྱིས་ཟིན་ཞིང་ཆ་ལག་ཏུ་གཏོགས་པ། ཨུ་རྒྱན་རིན་པོ་ཆེའི་ཞལ་ཆེམས་རྣམ་པ་གསུམ་པ་དང་། ཐུགས་ལ་གཅེས་པའི་ཞལ་ཆེམས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ཆེམས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ཆེམས། ལྷ་སྲས་མུ་ཁྲི་བཙད་པོའི་ཞལ་ཆེམས་ཏེ། ཡིག་སྣ་ལྔ་པོ་འདི་དག་གི་བརྒྱུད་པ་ནི། གུ་རུ་རིན་པོ་ཆེ་ཡབ་ཡུམ་དང་། རྒྱལ་པོ་ཡབ་སྲས་སོགས་གསུང་བ་པོ་ཐམས་ཅད་རྗེས་ལ་གཏེར་སྟོན་ཕྱིན་གོང་ལྟར་ལུགས་གཉིས་དང་། སེ་སྟོན་རིན་ཆེན་རྒྱལ་མཚན་ནས། སྤྱན་ཚབ་མགོན་པོ་ཟླ་བ། དེས་ཡོངས་འཛིན་དམ་པ་མཉམ་མེད་ནུབ་དགོན་པ་ཆེན་པོ་བྱམས་པ་རྒྱལ་མཚན་དེ་ཉིད་ཀྱིས། བདག་དབང་པོའི་སྡེ་ལའོ། །གཉིས་པ། རྒྱལ་པོའི་སྐུ་ཚེ་སྲིང་བའི་ཕྱིར༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་བཞག༔ ཅེས་པ་ལ་ནང་སྒྲུབ་ལས་འབྱུང་བ་ལྟར་གྱི་དབང་མང་ཐོབ་རྗེས། ལུང་ནོས་པ། དམུས་ལོང་མིག་འབྱེད་ལྡེ་མིག །ཕྱི་སྒྲུབ་བདུད་རྩི་བུམ་པ། ནང་སྒྲུབ་ལྕགས་ཀྱི་སྡོང་པོ། གསང་སྒྲུབ་ནམ་མཁའི་རྡོ་རྗེ། ལས་ཚོགས་རིན་ཆེན་ཆར་འབེབ་ནང་ཚན་ལྔ་པ་དང་ལྔའོ། །སྤྱིར་བསྟན་ཡིག་སྣ་དེ་ལྔ་ལ་མན་ངག་བཅུ་གཅིག་དབྱེ་བ། གནད་ཐེམ་ལས། ཨེ་མ་ཧོ༔ ལས་ཅན་པདྨའི་ཐུགས་ཀྱི་སྲས༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ལ༔ ཕྱི་ནང་གསང་བའི་སྒྲུབ་ཐབས་གསུམ༔ དབྱེ་ན་མན་ངག་བཅུ་གཅིག་ཡོད༔ ཕྱི་སྒྲུབ་རིན་ཆེན་བུམ་པ་ལ༔ བདུད་རྩི་བཅུད་ཀྱི་སྙིང་པོ་ཡོད༔ ཁ་རྒྱན་དཔག་བསམ་སྡོང་པོ་ཡོད༔ ནང་སྒྲུབ་ལྕགས་ཀྱི་སྡོང་པོ་ལ༔ འོད་ལྔ་བཅུད་ཀྱི་ཡལ་ག་ཡོད༔ འཆི་མེད་རྡོ་རྗེའི་འབྲས་བུ་ཡོད༔ གསང་སྒྲུབ་ནམ་མཁའི་རྡོ་རྗེ་ལ༔ རང་གསལ་འོད་ཀྱི་སྒྲོན་མ་ཡོད༔ རྒྱུན་ཆད་མེད་པའི་ཆུ་བོ་ཡོད༔ དམུས་ལོང་མིག་འབྱེད་ལྡེ་མིག་ཡོད༔ ལས་ཚོགས་རིན་ཆེན་ཆར་འབེབ་ཡོད༔ ཅེས་གསུངས་སོ། །དེ་ལྟར་ཡོངས་སུ་ཚང་བ་ཐེམ་མེད་ཧྲཱིཿགཅིག་མའི་སྒྲུབ་ཐབས་དང་བཅས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། ལྷ་མོ་ཙཎྜ་ལཱི། འཆི་མེད་པདྨ་འབྱུང་གནས། ཇོ་མོ་ཡེ་ཤེས་མཚོ་རྒྱལ། སྤྲུལ་པའི་སྐུ་གཏེར་སྟོན་རིག་འཛིན་རྒོད་ལྡེམ། སྔགས་འཆང་རྡོ་རྗེ་དཔལ་བ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། ཆོས་རྗེ་སངས་རྒྱས་དཔལ་བཟང་། སྔགས་འཆང་ཆོས་རྒྱལ་བསོད་ནམས། སྐུ་སྲས་བསོད་ནམས་བཀྲ་ཤིས། རྩ་བའི་བླ་མ་རིག་འཛིན་མངའ་རིས་པ་ཆེན་པོ། ཡང་། སངས་རྒྱས་དཔལ་བཟང་ནས། ཐུགས་སྲས་ནམ་མཁའ་རྒྱལ་མཚན། རྩ་བའི་བླ་མ་རིག་འཛིན་མངའ་རིས་པ་ཆེན་པོ་དེ་ཉིད་དང་། རྒྱལ་སྲས་པདྨ་ཆོས་རྒྱལ་ལས། བདག་དབང་པོའི་སྡེས་ལེགས་པར་ཞུས་པ་སྟེ། བརྒྱུད་པ་འདི་ནི། དབང་ལུང་ཡོངས་རྫོགས་ཡིག་སྣ་ཕྲ་མོ་ཕྱིན་ལ་ཡང་ཡིད་ཆེས་ཤིང་དཔྱད་བཟོད་པས་ཁྱད་པར་དུ་འཕགས་པ་ཞིག་ཡིན་ལ། སྔགས་འཆང་ཤཱཀྱ་བཟང་པོ་སོགས་ལས་ཀྱང་གསན་པའི་བརྒྱུད་ཚུལ་ཀྱང་དྲག་པོ་ཐུགས་ཀྱི་སྒྲུབ་ཐབས་དང་འདྲ་ཞིང་། ཡང་། ཐུགས་སྲས་ཆེན་པོ་ནམ་མཁའ་རྒྱལ་མཚན་ཡན་གོང་ལྟར་ལ། དེས་སྐྱབས་མགོན་དམ་པ་གྲུབ་མཆོག་སྤང་ཁང་པ་ཆེན་པོ་དཔལ་ལྡན་བློ་གྲོས། དེས་བདག་དབང་པོའི་སྡེ་ལ་བསྩལ་པའོ། །འདི་ནི་ནང་སྒྲུབ་ཁོ་ནའི་དབང་ལུང་གི་བརྒྱུད་པ་ཡིན་ཞིང་། སྐུ་ཚེའི་བཀའ་བབས་བྱིན་རླབས་ཀྱི་གཟི་འོད་འབར་བ་ཞིག་ཡིན་ལ། ཡང་། ཚེ་དཔག་ཏུ་མེད་པ། ཨུ་རྒྱན་རིན་པོ་ཆེ། ཡུམ་མཚོ་རྒྱལ། གཏེར་སྟོན་ཕྱིན་རྩ་བའི་བླ་མ་མཉམ་མེད་ནུབ་དགོན་པ་ཆེན་པོའི་བར། གོང་གི་ཞལ་ཆེམས་ཀྱི་བརྒྱུད་པ་དང་འདྲ་བར་ཡང་ཐོབ་ཅིང་། དབང་བརྒྱུད་གཙོ་ཆེ་བའི་ཁུངས་ཐུབ་པ་ཡིན་ལ། རིན་ཆེན་ཆར་འབེབ་བྱེ་བྲག་ཏུ་ཕྱེ་བའི་སྐབས་སུ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཨོ་རྒྱན་རིན་པོ་ཆེ། དེ་ཕྱིན་ཆད་ནུབ་དགོན་རྗེ་དང་། རིག་འཛིན་ཡབ་སྲས་ལས་བརྒྱུད་ཚུལ་གོང་ལྟར་འདྲ་བར་བདག་ལའོ། །གསུམ་པ། རྒྱལ་པོའི་དགྲ་བགེགས་འདུལ་བའི་ཕྱིར༔ དྲག་པོ་སྔགས་ཀྱི་ཕྲེང་བ་ཡོད༔ ཅེས་པས་མཚོན་ཆ་བརྒྱ་རྩ་གཅིག་ལས་བརྒྱད་ཅུ་སྟེ། སློང་ཞུས་དུག་བྱུག་སྦྱོར་བ་གྲོང་ཁྱེར་བཤིག །མཚོན་ཆ་མེ་འཁོར་གཏད་གནད་གསང་བ་འདི། །ལྕགས་མཛོད་ནག་པོའི་ལག་ལེན་གོང་ལས་བཤད། །སྲིད་པའི་རྒྱལ་མོ་ཧ་ལ་ཁྲག་རལ་ཅན། །པདྨ་ཐོད་ཕྲེང་རྒོད་ལྡེམ་རྡོ་རྗེ་དཔལ། །བྱམས་པ་བཤེས་གཉེན་སངས་རྒྱས་དཔལ་བཟང་པོ། །ཆོས་རྒྱལ་བསོད་ནམས་དེ་སྲས་བཀྲ་ཤིས་མཚན། །རྗེ་བཙུན་བདུད་འཇོམས་རྡོ་རྗེས་བདག་ལའོ། །ཚུལ་གཞན་སངས་རྒྱས་དཔལ་བཟང་པས་ཐུགས་སྲས། །དེ་ལ་རིག་འཛིན་རྗེས་གསན་དེ་བས་གཞན། །རིང་བའི་ཚུལ་ལ་བསོད་ནམས་བཀྲ་ཤིས་དང་། །ཐུགས་སྲས་ནམ་མཁའ་རྒྱལ་མཚན་གཉིས་ཀ་ལ། །ཤཱཀྱ་བཟང་པོས་གསན་ཞིང་རིག་འཛིན་རྗེ། །རིམ་པར་བརྒྱུད་པ། བཞི་པ། སངས་རྒྱས་བསྟན་པ་དར་བྱའི་ཕྱིར༔ ཆོས་ཁྲིམས་བསྟན་པའི་སྒྲོན་མ་ཡོད༔ ཅེས་པ་ལ། ཆོས་ཁྲིམས་བསྟན་པའི་སྒྲོན་མའི་གླེང་གཞི་དང་། བཀའ་མོལ་བ་མངའ་དབང་རིན་པོ་ཆེའི་ལེའུ་དང་གསུམ། སློབ་དཔོན་བོ་དྷི་སཏྭས་གསུངས་པའི་རྩ་བའི་ཁྲིམས་ལྔ་དང་། ནན་ཏན་ཞལ་ཆེམས་ཀྱི་ལེའུ་སྟེ་དགུ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་པའི་ཁྲིམས་འགལ་ཚར་གཅད་པའི་ལེའུ་གཉིས་དང་བཅུ་གཅིག །བཅུ་གཉིས་པའི་འཕྲོ་ཅན་རྣམས་རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་དཔལ་བཟང་པོའི་དྲུང་དུ་ཐོབ་པའི་བརྒྱུད་ཚུལ་ལུགས་གཉིས་མངའ་དབང་དང་འདྲའོ། །དཔལ་དབང་པོའི་སྡེས་བཀའ་ཚོམ་གྱི་རྩོམ་ཡིག་དངོས། སྤྲུལ་པའི་སྐུ་མདོ་སྔགས་གླིང་པའི་ཕྱག་རིས་ལས་ཞལ་བཤུས་ཤིང་ཞུ་ཏིག་བྱས་ལགས་སོ།། །།
རྭ་སྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་རྫས་རྒོད་དབང་བསྐུར་ (Volume 44, Text 39)
༄༅། །རྭ་སྲུང་བུམ་ལྕགས་ཐུན་མོང་གི་རྗེས་གནང་རྫས་རྒོད་དབང་བསྐུར་བཞུགས་སོ། ། གུ་རུ་པདྨ་སིདྡྷི་ཧཱུྃ། ཧ་ལ་རཀྟ་འབར་བའི་ཕ་ལམ་རྫས། །གནམ་ལྕགས་དྲག་པོའི་རིག་སྔགས་ཀྱིས་བསྒྲུབས་པས། །གསང་བའི་བདག་པོའི་མཐུ་སྟོབས་དེ་ཁོ་ན། །སྐལ་འཇོག་ངེས་པའི་ཆོ་ག་རྒྱ་ཆེར་སྤེལ། །ན་མོ་བཛྲ་ཀུ་མཱ་ར། ལས་འཕྲོ་ལྡན་པའི་དད་པ་ཅན། །སྙིང་དང་འདྲ་བའི་སློབ་བུ་ལ། །ལྷ་སྔགས་ཏིང་འཛིན་རྗེས་གནང་དང་། །མན་ངག་གཞུང་གཉིས་ཞལ་གདམས་རྣམས། །དགོས་དབང་མཐུ་མེད་ནན་ཏན་གྱིས། །གསོལ་བཏབ་དོན་དུ་བསྟན་དགོས་ན།་་་རྒྱ་ཚོས་ཀྱིས་ཕྱེ་གཏེར་གཞུང་རྩ་བའི་ཚིག །ཁ་སྐོང་དགོས་དོན་སེར་མའང་རང་གཞུང་ལས། །འབྱུང་རྣམས་གབ་དཀྲུགས་གོ་བསྡེབས་འགྲེལ་ཚིག་ཙམ། །ནག་འབྱམས་ཡིན་པས་གོ་བར་བྱོས་ཤིག་བུ། ཁྱད་པར་བུད་མེད་ཀྱིས་དབེན་སར། །སློབ་དཔོན་རྫས་རྒོད་བཅས་པའི་དྲུང་། །སློབ་བུ་ཁྲུས་བྱས་གྲལ་ལ་འཁོད། །མཎྜལ་མེ་ཏོག་ཕུལ་བྱས་ནས༔ ཞེས་པས་སྨན་ཡོན་མཎྜལ་མཛོད། །ཟབ་པའི་ལོ་རྒྱུས་འདི་ལྟ་སྟེ། །སློབ་དཔོན་པདྨ་འབྱུང་གནས་ལ༔ མངའ་བདག་རྒྱལ་པོས་འདི་སྐད་ཞུས༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ ད་ལྟ་དུས་བཟང་སྤྱོད་པ་བཟང༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ རྣལ་འབྱོར་རང་ལུས་མ་སྨིན་པར༔ གློ་བུར་དྲག་པོའི་ལས་ལ་འཇུག༔ རང་གི་སྦྱོར་བས་རང་ཉིད་ཕུང༔ འདི་ལ་གུ་རུས་བཀའ་བསྩལ་ཞུ༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ གང་ཞིག་རྣལ་འབྱོར་དབང་ཆུང་ལ༔ སྙིང་དང་འདྲ་བ་དགྲར་ལངས་ཏེ༔ བསྙེན་སྒྲུབ་བྱེད་པའི་ལོང་མེད་ན༔ གློ་བུར་ཐོག་ཏུ་དགྲ་ལངས་ཏེ༔ བསྟན་པ་གཉན་པོ་འཇིག་འགྱུར་བས༔ མྱུར་པོར་དྲག་ལས་བྱ་དགོས་ན༔ དགྲ་བོ་ཀླུ་ལ་གཏད་པ་དང༔ མནའ་སྐྱེལ་སེར་བ་ཆེན་པོ་གཏོང༔ རྡོ་བཤིག་ཕ་བོང་ས་སློག་སོགས༔ གློ་བུར་གཉན་ཁ་དབྲལ་དགོས་ན༔ གསང་བ་སྔགས་ཀྱི་སྲུང་བ་བསྟན༔ འདི་ནི་བསྟན་པ་བསྲུང་བ་དང༔ བཤིག་དང་འཕེལ་འགྲིབ་འདིས་བྱེད་པས༔ བུམ་ཐང་གཏེར་དུ་སྦས་ཏེ་བཞག༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ ཁ་ཞན་གྲངས་ཉུང་གཅིག་དང་འཕྲད༔ བདག་གི་སྨོན་ལམ་མཐུ་བཙན་དེས༔ སངས་རྒྱས་བསྟན་པ་རྒྱས་གྱུར་ཅིག༔ དེ་ལྟར་སྔོན་གྱི་བདེན་སྟོབས་བཞིན། །བུམ་ཐང་སྐྱེར་ཆུའི་ལྷ་ཁང་ནས། །བླ་མ་རྒྱ་སྟོན་ཕུར་བུ་པས། །སྤྱན་དྲངས་བརྒྱུད་པར་ལྡན་པ་འདི། །ཞུ་བའི་དོན་དེ་ལེགས་བསམ་ནས། །འདི་ལྟར་གསོལ་བ་བཏབ་པ་འདི། །ལན་གསུམ་བར་དུ་རྗེས་ཟློས་མཛོད། །ན་མོ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་བསྟན་པའི་ཞབས་ཏོག་དང༔ བདག་གཞན་དོན་ཀུན་བྱ་བའི་ཕྱིར༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ རྗེས་གནང་ཞལ་གདམས་བསྟན་དུ་གསོལ༔ བསྟན་བྱ་གཞུང་ལས་འདི་སྐད་དུ། །དེ་ལ་གུ་རུས་བཀའ་བསྩལ་པ༔ མངའ་བདག་རྒྱལ་པོ་ཆེན་པོ་ལགས༔ སྲུང་བའི་མཆོག་ཏུ་གྱུར་པ་ཡི༔ དུག་ཁྲག་རྫས་ཀྱི་སྲུང་བ་ལ༔ བསྟེན་པ་ཙམ་གྱིས་མི་ཆོག་པར༔ འདི་ལ་ནན་ཏན་བྱེད་པ་ལེགས༔ ང་ནི་མངོན་ཤེས་ཆེ་དང་ལྡན༔ ཕྱི་མའི་དུས་ཀྱི་རྣལ་འབྱོར་རྣམས༔ ཐེ་ཚོམ་ཡིད་གཉིས་བསལ་བའི་ཕྱིར༔ དུག་ཁྲག་རྫས་ཀྱི་སྲུང་བ་ཡི༔ བྱ་ཐབས་རིམ་པ་མ་ལུས་པ༔ སྣོད་ལྡན་རྒྱལ་པོ་ཁྱོད་ལ་བསྟན༔ གཞན་ལ་མ་བསྟན་ཐུགས་ལ་ཕུར༔ ཀུན་ལ་བསྟན་ན་དམ་ཚིག་ཉམས༔ རང་དོན་གྱིས་ལ་གཏེར་དུ་སྦོས༔ ཞེས་གསུངས་ཏིང་འཛིན་རིམ་པ་ནི། །དང་པོ་སྭ་བྷཱའི་སྔགས་བརྗོད་པས། །ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ ཅིས་ཀྱང་མི་འཇིག་ནམ་མཁའ་ལྟ་བུ་ཡི༔ ངང་ལས་རང་ཉིད་སྐད་ཅིག་གིས༔ ཡི་དམ་གང་བྱེད་ལྷར་བསྐྱེད་ལ༔ དེ་ནི་རྗེ་དང་དཔོན་དུ་བསམ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བསམ༔ ཇོ་བོས་འབངས་ལ་བཀའ་བསྩལ་བཞིན༔ ཐམས་ཅད་མ་ལུས་ཉན་པར་བསམ༔ དེ་དོན་རྡོ་རྗེ་གཞོན་ནུའམ། །གསང་བདག་གཤིན་རྗེ་རྟ་མགྲིན་སོགས། །གང་འོས་ལྷ་ཡི་བསྐྱེད་རིམ་བསྟན། །བཟླས་པ་བྱ་བའི་རིམ་པ་ཡང་། །བཀླགས་པས་འགྲུབ་པའི་རིག་སྔགས་འདི༔ གནམ་ལྕགས་ཀླུ་འདུལ་རྒྱུད་དང་ནི༔ གཏུམ་པོ་ཐུགས་ཀྱི་རྒྱུད་ལས་བཏུས༔ ཞེས་གསུངས་ལན་གསུམ་རྗེས་ཟློས་མཛོད། །ཨོཾ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་གསུངས་གྲངས་ཚད་འདི་ལྟ་སྟེ། ཁྲིའམ་སྟོང་ངམ་བརྒྱ་རྩ་བརྒྱད། །དེ་ཡིས་འཆུག་མེད་སྔགས་ཐེམས་ཀྱང་། །ཡིག་འབྲུ་སོ་གཉིས་གནམ་ལྕགས་དྲག་པོའི་སྔགས༔ ཨོཾ་དང་ཡ་ཡི་བར་ན་ཡིག་འབྲུ་བཞི༔ དེ་འོག་བཛྲ་ཡའི་བར་ཡིག་འབྲུ་བཞི༔ ནཱ་དྷེ་ཐོག་མཐའི་བར་ན་ཡིག་འབྲུ་ལྔ༔ མི་དང་ལི་ཡི་བར་ན་ཡི་གེ་གཉིས༔ བྷནྡྷའི་ཡི་གེ་བཞི་པོ་དང༔ ནཱ་དང་ཧཱ་ཡི་བར་ན་ཡི་གེ་གསུམ༔ ལར་ནི་གྲོང་ཁྱེར་དྲུག་ཏུ་འདོད་པ་ཡིན༔ དུག་ཁྲག་སྦྱར་བའི་རྫས་རྣམས་ནི༔ ཤེའུ་ཨོཾ་བྷི་རུ་དོང་བླུག༔ སྣོད་ཀྱི་ཁྱད་པར་བསྟན་པ་ནི༔ གནས་སུ་འཆང་ན་ཨོཾ་བྷིར་གསག༔ རླངས་པ་འཁྱིལ་ཕྱིར་ནུས་པ་ཆེ༔ དེ་ཕྱིར་པར་བུར་གསག་པར་བྱ༔ ཞེས་གསུངས་རྫས་ཀྱི་རུ་མ་ལ། །དགོངས་ཕྱིར་རྡོའམ་རྫ་གང་རུང་། །རྒྱུ་ལས་དབྱིབས་ལེགས་བརྡ་མཚོན་པར། །ནུས་མི་ཉམས་ཕྱིར་ཞལ་གཅོད་བསྡམ། །རྒྱལ་ཁམས་སྐོར་ན་ཤེའུར་བླུག༔ སྦ་བ་བདེ་ལ་ནུས་པ་ཆེ༔ དེ་ཕྱིར་རྐང་དོང་བླུག་པར་བྱ༔ ཞེས་གསུངས་མཛེ་ཅན་རིགས་མིན་པ། །གྲིར་བསད་ཕོ་རྐང་ཉིད་དམ་གཞན། །བྱ་རྒོད་དཔུང་རྐང་ཅི་འཚམ་པ། །ཕོ་སྐྲས་འཆིང་དང་སྤྲ་ཚིལ་གྱིས།་་་པགས་དྲིལ་ཟེར་བའང་འདུག །གྲིལ་ཞིང་ཁ་སྡོམ་ཤིང་གིས་བྱ། །དྲག་ལས་བྱེད་ན་གཡག་རུར་བླུག༔ རླངས་པ་འབྱུང་ཞིང་ངར་དང་ལྡན༔ དེ་ཕྱིར་ཁྱུ་བའི་གཡག་རུ་གཅེས༔ ཞེས་གསུངས་སྐབས་འདིར་གཏེར་མཆན་ལས། །ཆུ་སྲིན་མིན་པར་ང་མི་ཤོང༔ རུས་སྦལ་མིན་པས་ང་མི་ཐེག༔ མཆོད་རྟེན་མིན་པས་ང་མི་ནོན༔ དུག་སྦྲུལ་མིན་པས་ང་མི་འཆིང༔ དེ་དོན་སྔོན་གྱི་ཕྱག་རྒྱུན་ལྟར། །རྭ་རྩེར་ཆུ་སྲིན་ཁ་ཡི་དབྱིབས། །སྦོ་ནས་རུས་སྦལ་རྒྱབ་ཀྱིས་འདེགས། །རྒྱབ་ནས་མཆོད་རྟེན་གཟུགས་ཀྱིས་མནན། །མཇུག་ཕྱོགས་དུག་སྦྲུལ་དག་གིས་འཆིང་། །སྲོག་ཤིང་ཁ་གཅོད་ནོར་བུ་དང་། །ཞབས་རྐེད་རྒྱ་གྲམ་རྡོ་རྗེས་མཚན། །བྱ་བ་མཁས་པའི་ཁྱད་པར་ཆོས། །ཆུ་སྲིན་ཁར་ཚུད་ནོར་བུ་བཞིན། །འཆོར་བ་མེད་པར་བསྡམས་པ་དང་། །འདའ་དཀའ་དམ་ཚིག་རྡོ་རྗེའི་རྒྱ། །སྣོད་ཀྱི་དབྱིབས་ལ་ནང་གི་རྫས། །མངོན་པར་རབ་བསྔགས་གཏེར་གནས་ཀྱི། །མཚན་ལས་ཡོངས་གྲགས་བུམ་ཐང་མ། །ཞེས་པ་བུམ་ཐང་མ་ཉིད་དང་། །དེ་ནས་རྫས་དང་སྣོད་བཅས་པ། །བསྐལ་པའི་མེ་དཔུང་འབར་བར་བསྒོམ། །མགར་གྱི་ཚྭ་ཚྭ་ལྟ་བུ་ཡིས། །གནོད་བྱེད་མ་ལུས་བསྲེགས་པར་བསམ། །དེ་ལ་སྔགས་ཀྱིས་བཏབ་པ་ཡིས། །མེ་ལ་སྦུད་པ་བུས་པ་ལྟར། །མེ་ཆེན་འབར་བས་བསྲེགས་པར་བསམ། །སློབ་དཔོན་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྫས་མཆོག་སྙིང་གར་གཏད་ནས་ནི༔ གཞུང་བཞིན་ལག་ལེན་མཁས་པར་སྤྱོད༔ སྙིང་ལ་སྦོས་ལ་ཀུན་ལ་གསང༔ དམ་མེད་རྣམས་ལ་བསྟན་པ་ན༔ བྱིན་རླབས་དམ་ཚིག་ཉམས་པར་འགྱུར༔ དེ་ཕྱིར་གསང་བའི་དམ་ཚིག་གོ༔ ཅེས་བརྗོད་སྐུ་གསུང་ཐུགས་ཀྱི་གནས། །སོ་སོར་ཀཱ་ཡ་ཝཱཀ་ཙིཏྟ། །ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། །སྙིང་པོ་དང་བཅས་རྩ་བའི་སྔགས། །གནམ་ལྕགས་སྙིང་པོ་སོ་གཉིས་པ། །བརྗོད་མཐར་སྦྱར་ཏེ་རྫས་དབང་བསྐུར། །དེ་ནས་བཀའ་རྒྱ་སྡོམ་པ་ནི། །དོང་བུ་རྟག་ཏུ་ལུས་ལ་འགྲོགས༔ བར་བར་བསྔགས་ཤིང་དྲི་དང་འགྲོགས༔ རང་ཉལ་སྔས་དང་མི་འབྲལ་ལོ༔ སྐབས་སུ་གསང་སྔགས་བརྒྱ་རྩ་ཡིས༔ སྲུང་རྫས་གསོས་ལ་བདག་གཞན་སྲུང༔ གཞན་སྲུང་རྡོ་རྗེའི་མདུད་པས་སྲུང༔ དུག་ཁྲག་ཐུམ་བུ་ལུས་ལ་བཏག༔ རྫས་དེ་མི་ལག་མི་བརྒྱུད་དེ༔ དམ་མེད་ལག་སོང་ནུས་པ་འཆི༔ དེ་ཕྱིར་སྦས་ཀྱིན་བཅང་བ་གཅེས༔ ཞེས་པ་བུམ་ཐང་མ་ཉིད་དང་། །ལྕགས་སྡོང་ལུགས་ལ་སྦལ་སྡིག་གཉིས། །གནམ་ས་ལྟོ་སྦྱར་ཁྱད་པར་བཤད། །རྫས་སེལ་ལ་སོགས་དབྱེ་བ་བསྟན། །གཉིས་ཀར་ཐུན་མོང་སྤང་བྱ་ནི། །བུད་མེད་དག་གིས་མཐོང་མི་རུང་། །རེག་པར་གྱུར་ན་སྨྲོས་ཅི་དགོས། །གནམ་ལྕགས་ཐོག་སེར་འབེབ་པའི་ཚེ། །ཐོ་ཅོས་ས་ལ་བརྡབ་མི་བྱ། །དེ་བཞིན་ཐུན་མོང་ཕན་ཡོན་ཡང་། །དབྱར་མི་རུལ་ལ་དགུན་མི་འཁྱགས༔ སྲ་བའི་གོ་ལ་རྣོ་བའི་མཚོན༔ ངན་སྦྱོར་གདུག་པའི་སྲུང་བ་ནི༔ སྟེར་ཐེབས་གཅིག་ལས་མང་ཏ་རེ༔ ཞེས་གསུངས་དགོངས་པ་བསྡེབས་པའོ། །བུམ་ཐང་གཏེར་བཅུད་དུག་སྡོང་ཁྲག་མཚོ་ཁོལ་བ་ཞེས། །ལྷ་སྒོམ་སྔགས་ཀྱི་རྗེས་གནང་རྫས་རྒོད་དབང་བསྐུར་འདི། །རྗེ་དྲུང་དགེ་འདུན་བསྟན་པ་རྒྱ་མཚོའི་བཀས་བསྐུལ་ཏེ། །རིག་སྔགས་འཆང་བ་དབང་པོའི་སྡེ་ཞེས་གྲགས་དེས་སྦྱར། །འདོན་བྱེད་སྐྱེས་བུ་གཏེར་བཞེས་གཅིག་ཡིན་ཀྱང་རྫས་ཀྱི་སྦྱོར་བའི་སྐབས། བརྒྱད་ཚན་བཞི་སོགས་གོང་མ་གནས་མི་མཐུན་ཕྱིར་ན་མཚན་གསལ་ཀྱང་། གནམ་ལྕགས་ཨུར་མོའི་སྲུང་བ་ཞེས་བཤད་ཕྱིར་ལྕགས་སྡོང་མར་གྲགས་ལ། དྲག་ལས་སྐབས་སུ་སྣོད་ཀྱི་རྒྱུ་ཁྱུ་བའམ་ཁྱད་པར་ར་ཐུག་རྭ་བསྟན་ཕྱིར་རྭ་རྒོད་དམ་རྒྱ་རུ་ལ་དབྱིབས་ལ་རུས་སྦལ་མཆོད་རྟེན་ཚབ་ཆུ་སྦལ་སྡིག་པ་ལྟོ་སྦྱར་དང་། གནམ་ལྕགས་མདེའུ་མཚན་མ་ཅན་རྣོ་དབལ་གནམ་ལྕགས་ཨུར་མོའོ།། །།
སྤྲིང་ཡིག་ (Volume 45, Text 39)
ཧཱུྃ་ཧཱུྃ་ཧཱུྃ༔ པདྨ་ཐོད་ཕྲེང་རྩལ་གྱི་བཀའ༔ དམར་ནག་མེ་ཕྲེང་ཅན་གྱི་ལུང༔ ཧཱུྃ་ནག་ནམ་མཁའི་རྡོ་རྗེ་ཡི༔ ཚིག་ གི་གསང་ཆེན་ངེས་པ་འདི༔ གར་བཞུགས་ཀྱི་གནས་སུ༔ ཧོན་གྱི་ནད་བདག་གིས་གནོད་པ་མ་བྱེད་ཅིག༔ འདིར་མ་འདུག་པར་གཞན་དུ་སོང་ ཞིག༔ གལ་ཏེ་དྲི་ཙམ་ཉེ་ན་ལྕགས་སྡིག་འབར་བས་སྙིང་ཁྲག་འཐུང་བས་ངེས་པར་གྱིས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བྲི་མཁན་ལྷ་ཡི་བསྐྱེད་རིམ་ བརྟན་པ་གནད་ཆེ་འོ། །ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་ད་ལ་ནས་ཡེ་ཤེས་མཁའ་འགྲོ་ཨེ་ཀ་ཙཱ་ཏིས་སྤྲད་པ་སྟེ། རྒྱ་ཆེན་ཆོས་ཀྱི་བསྡུ་བ་ཡིད་ཀྱི་གྲོགས་པོས་བསྐུལ་ཕྱིར། ཧཱུྃ་ནག་ནམ་མཁའི་རྡོ་རྗེ་ཞེས། རྫོགས་ཆེན་ཀློང་གསལ་སྙིང་པོས་རང་བཞིན་ལྷའི་སྐྱེད་མོས་ཚལ་ནས་དག་པར་ཕབ་པ་འོ། །འདིར་ཧོན་ཞེས་པའི་མལ་དུ་བསྲུང་གང་དགོས་སྒྱུར་ཆོག། །།
སྙན་བརྒྱུད་ཡང་ཕུར་ཟབ་ཏིག་ལས། འགལ་རྐྱེན་ཟློག་བྱེད་དྲག་པོ་གཏོར་མའི་ལས་རིམ་མཐུ་སྟོབས་རྡོ་རྗེའི་ཐོག་ཆར་ (Volume 27, Text 39)
༄༅། །སྙན་བརྒྱུད་ཡང་ཕུར་ཟབ་ཏིག་ལས། འགལ་རྐྱེན་ཟློག་བྱེད་དྲག་པོ་གཏོར་མའི་ལས་རིམ་མཐུ་སྟོབས་རྡོ་རྗེའི་ཐོག་ཆར་ཞེས་བྱ་བ་བཞུགས་སོ། ། ན་མོ་ཤྲཱི་ཀྲོ་དྷ་ཧེ་རུ་ཀ་མཎྜ་ལ་བྷྱཿ རྡོ་རྗེ་ཁྲོས་པའི་དྲག་ཤུལ་རྩེ་བརྒྱའི་ཐོག །ནག་ཕྱོགས་ལྷ་མིན་འཇོམས་བྱེད་མཐུ་སྟོབས་དབལ། །མཚུངས་མེད་ལྷག་པའི་ལྷ་མཆོག་ཡིད་མཁའ་རུ། །བཀོད་ནས་རྡོ་རྗེའི་ཕྲིན་ལས་འདི་བརྩམ་བྱ། །འདིར་དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་རྡོ་རྗེ་ཕུར་པ་གྲུབ་པའི་རྣལ་འབྱོར་པས་མཚན་མ་རྫས་ཀྱི་ཕུར་པའི་དགོངས་པ་ཉམས་སུ་བསྟར་བས། བྱང་ཆུབ་ལམ་གྱི་འགལ་རྐྱེན་མཐའ་དག་བསྒྲལ་ཞིང་བར་ཆད་མེད་པར་དངོས་གྲུབ་མཆོག་གི་ས་ལ་སྦྱོར་བར་བྱ་དགོས་ཏེ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། ཆེས་ཆེར་གདུག་ཅིང་མི་སྲུན་པ༔ ཞི་བའི་ཐབས་ཀྱིས་འདུལ་མིན་ཏེ༔ ཤེས་རབ་ངང་ལས་ཁྲོ་བོའི་སྐུ༔ གཏུམ་ཆེན་རོལ་པ་ཅིར་ཡང་སྟོན༔ དེ་དང་རྗེས་སུ་མཐུན་པ་ཡི༔ ལས་ཀྱི་རིམ་པ་འདི་ཡིན་ཏེ༔ ཞེས་དང་། སྙན་བརྒྱུད་གནད་ཕུར་ལས། ནུས་པ་ཐོན་ནས་རང་བཞིན་གྱི༔ དོན་དུ་བྱང་ཆུབ་སེམས་བསྐྱེད་ལ༔ རྡོ་རྗེའི་མཁར་དུ་སྲུང་བ་ནི༔ ཞེས་སོགས་གསུངས་པ་ལྟར་དྲག་པོའི་ལས་སྦྱོར་སྲུང་ཟློག་བསད་པ་དང་། མཐའ་སྡུད་མནན་སྲེག་འཕང་བའི་ལས་རིམ་རྒྱས་པར་བསྟན་པ་ལས། སྲུང་ཟློག་བསད་པའི་ལས་ཀྱི་སྦྱོར་ཀ་ཁྲིགས་བསྡེབ་ཏུ་འགོད་པ་ལ། ཡང་ཕུར་བཀའ་གཏེར་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་དབང་ཐོབ་ནས་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ཀྱི་གདེངས་དང་ལྡན་པའམ་བསྙེན་སྒྲུབ་ལས་སུ་རུང་བས་བརྩམ་པར་བྱ་སྟེ། འདི་ལ་བཅས་གཤོམ་གྱི་རིམ་པ་དང་། ཆོ་ག་དངོས། རྗེས་ཀྱི་ལས་གཞུག་དང་གསུམ་ལས། དང་པོ་ནི། ལས་དང་མཐུན་པའི་གནས་སམ་སྒྲུབ་པའི་ཁང་པར་ཁྱད་པར་གྱི་དུས་སམ་གློ་བུར་དུའང་རུང་སྟེ། གནས་དེར་སྒྲུབ་པ་པོ་དང་མདུན་སྤྲོད་ཀྱི་དཔལ་ཆེན་པོའི་སྐུ་བཀྲམ། རྒྱན་གྱིས་མཛེས་པར་བྲེས་པའི་གོང་དུ་སྒྲུབ་རྟེན་དཀྱིལ་འཁོར་དང་རྩ་གསུམ་མཆོད་པའི་བྱེ་བྲག་བཅས་སྤྱི་ལྟར་བཤམས་པའི་ལྷོའམ་བྱང་དུ་ལས་དཀྱིལ་འདུ་བྱ་སྟེ། སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག་ལས། མདུན་དུ་ཨེ་བསྣོལ་གྲུ་གསུམ་བྲི༔ དུག་གཏོར་ཁྲག་དང་བཅས་པ་དང༔ ལས་ཀྱི་མཚོན་ཆ་རྣམས་བཀོད་དེ༔ ཞེས་གསུངས་པ་ལྟར་དུག་ཁྲག་གིས་ཆག་ཆག་གདབ་སྟེ་མ་ཏྲཾ་མགོ་བོ་ལྷོ་ནུབ་ཏུ་བསྟན་པའི་ལྟོ་བར། བྱིན་གྱིས་བརླབས་པའི་ཐིག་སྐུད་ཀྱིས་ཐིག་ཆེན་བརྒྱད་སྤྱི་ལྟར་གདབ། ཇི་ལྟར་རིགས་པའི་ཟླུམ་པོ་མུ་ཁྱུད་ཅན་བསྐོར་བའི་ལྟེ་བར་གྲུ་གསུམ་རྩེ་མོ་མདུན་བསྟན། དེའི་མཐར་ལྟེ་བའི་ཕྱེད་ཆ་བསྐོར་བའི་འཁོར་ལོ་རྩིབས་བཅུ། དེའི་མཐར་ཆ་ཕྲན་གཅིག་བསྐོར་བའི་རྡོར་རྭ། དེའི་ཕྱིར་ཆ་ཆེན་གཅིག་གིས་མེ་རི་བཅས་བྲི། ཚོན་ཐོབ་ནི་ལྟེ་བ་མཐིང་ག །མུ་རན་དམར་སེར། ཟླ་གམ་ཁྲག་མཚོ། འཁོར་ལོ་སྔོན་པོ། རྩིབས་མཆན་དམར་པོ། རྡོར་རྭ་གཞི་སྔོན་པོ་རྡོ་རྗེ་སེར། མེ་རི་དམར་སེར། ལྷ་གནས་སུ་ས་བོན་ཕྱག་མཚན་ཅན་བཅས་རྡུལ་ཚོན་གྱིས་བྲིས་པའམ་ཡང་ན་རས་བྲིས་བཀྲམ། དེའི་དབུས་སུ་དྲག་ཤིང་གི་ཁྲིའུའམ། མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་རྣོ་དབལ་ཅན། འཁོར་བཤོས་ཕྲན་བཅུས་བསྐོར་བ། དེའི་ཕྱི་རོལ་དུ་སྙིང་བཞི། ཁྲག་ཞག་འོ་མ་མར་ཁུའི་མཚོ་བཞི། བཤོས་བུ་བཞི། ཀྱུ་གུ་དང་བཅད་ཁ་དུ་མས་བསྐོར་བ། ཁྲག་ཀོང་མཚེ་ཡུངས་རྩང་དམར་ཤ་དུམ་རྒྱུ་རློན་སོགས་དྲག་རྒྱན་རྔམ་བརྗིད་ཅན་གྱི་རྩེར་སྐུ་རྟེན་དར་ནག་གི་འཕུར་ལྡིང་གཡོ་བས་བརྒྱན་པ་བཀོད། ཟློག་དཀྱིལ་གྱི་རྡོར་རྭའི་ནང་ཁྲག་སྣའི་ཀོང་བུ་དང་། དུར་ཁྲོད་ཀྱི་རྡོ་ལ་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ། མདའ་དུག་ཤིང་གི་མདེའུ་ཅན། དྲག་པོའི་སའི་ཀོང་བུར་ཡུངས་དཀར་གྱི་གོང་བུ་བཙུགས་པ། དུག་སྣས་བཀང་བའི་ཀོང་ཟོར་བཅས་མཚམས་བཞིར་རེ་རེ་བཀོད། མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད་ཀྱིས་གཡས་སུ་བསྐོར་བའི་ཕྱི་ནས་སྒབ་དཀྲིས་བཏང་། ལས་དཀྱིལ་གྱི་ལྷོ་ནུབ་ཏུ་ཕུང་ཤུལ་གྱི་ས་ལས་བཅོས་པའི་བྲུབ་ཁུང་ཁ་དོག་ཅིང་མཐིལ་ཡངས་པ་བང་རིམ་སུམ་ལྡན་བཅོས་པར་ཁྲག་གིས་བྱུགས་ཤིང་ཕྱི་རོལ་མེ་རི་བྲིས་པའི་ཁ་ཁྱེར་ལ་རྩང་དམར་ནག་སྲིན་མོའི་འགྲོས་སུ་བཙུགས་པའི་ནང་དུ། བསད་ལས་ཚུལ་བཞིན་བྱེད་ན་ཟག་རྫས་དང་ཟས་སྣས་བཅོས་པའི་དགྲ་བགེགས་ཀྱི་ཉ་བོ། སྙིང་གར་དགྲ་སྲོག་སྤུ་གྲིའི་འཁོར་ལོ་བཅུག་ནས་ཁྲག་གིས་བྱུགས་པ་འདུ་བྱས་ཏེ་ཐོད་ངན་དུ་བཅུག་པ་ཕུང་རེས་དྲིལ་ཞིང་བྱད་ཐག་སྔོ་དམར་གྱིས་དཀྲིས་པ་གཞུག །སྤྱིར་བཏང་ཙམ་ལ་དུག་ཤོག་ལ་དགྲ་ལིང་སྤྱི་ལྟར་བྲིས་པའི་ལྟེ་བར་ས་བོན། བླ་འགུགས་ཀྱི་སྔགས་སྤེལ་ཚིག་ཅན་དང་། ལིང་གའི་མཐར་བསད་སྔགས་སྤེལ་ཚིག་སྦྱར་བས་བསྐོར། སྦྱོང་ཁྲུས་སྤྱི་ལྟར་བྱས་ལ་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་པ་བཅུག་ཀྱང་རུང་། གང་ལྟར་ཡང་ལིང་ཁེབ་ནག་པོ་ཐུན་ཁུང་ཅན་དེ་ཕུར་པ་སོར་བཞིས་བཀག་པར་ཐུན་ཐག་བཏགས་པ་ཟོར་དཀྱིལ་དང་སྦྲེལ། གཞན་ཡང་ལྕགས་སྒྲོམ་དུ་ཟན་ལིང་། གསེར་སྐྱེམས་སྣོད། ཕྱག་རྒྱ་བཞི། བྱ་འུག་གི་སྒྲོ། ཡུངས་དཀར་ཁྲག་གིས་སྦགས་པ། བྱད་ཐག་སྔོ་དམར་དང་ཡུག་སྐྲ །དུག་ཁྲག །གདབ་ཕུར། ཐོ་གཏུན། ཧོམ་གཟར་བཅས་དང་། གཞན་ཡང་ཐུན་གཏོར། ཚོགས་ཀྱི་ལོངས་སྤྱོད་རྣམས་དང་། སྒྲུབ་པ་པོའི་མདུན་དུ་ནང་མཆོད། རྡོར་དྲིལ། གཡབ་དར། ཐོད་རྔ། ཐུན་སྣོད། ནས་ཟེ། ཕུར་བུ། རོལ་མོའི་རིགས་བྱེད་སོགས་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱའོ། །དེ་དག་ནི་སྨད་ལས་བསད་པ་དངོས་བསྟན་ལྟར་དང་། གཏོར་ཟློག་བཅས་རྒྱས་པའི་ལག་ལེན་དུ་བྱས་ཀྱི། ཉིན་རྫོགས་ལྟ་བུ་ཁྱེར་བདེ་ལ་ནི། ལས་དཀྱིལ་དུ་འབྲུ་ནག་གི་ཚོམ་བུ་ལྷ་གནས་ལྟར་བཀོད་པའི་སྟེང་མཉྫིའི་ཁར་ཟློག་གཏོར་བཀོད། མཐའ་སྐོར་དུ་དྲག་པོའི་ཉེར་སྤྱོད། གདབ་ལིང་། སྒྲོལ་ཕུར། གསེར་སྐྱེམས། ཚོགས་དང་གཏོར་འབུལ་ཙམ་ལ་བརྟེན་པས་ཀྱང་རུང་ངོ་། །གཉིས་པ་ཆོ་ག་དངོས་ལ་ཏིང་ངེ་འཛིན་གྱི་རྫོང་བཅའ་བ་དང་། དྲག་པོའི་ལས་ཀྱི་གཡུལ་འགྱེད་པ་གཉིས་ལས། དང་པོ་ནི་ཐོག་མར་བདག་མདུན་གྱི་གཞུང་བསྲང་བ་སྟེ། གཏེར་གཞུང་དངོས་ལས། ཕཊ྄་ཛཿཞེས་པའི་སྒྲ་གདངས་ཀྱིས༔ བདག་ལས་གཉིས་པ་མདུན་དུ་ཕྱེ༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ འབར་བ་ཆེན་པོའི་གཟི་བྱིན་སྐྱེད༔ ཅེས་གསུངས་པ་ལྟར། ཕྲིན་ལས་གཅིག་གིས་ཁོག་ཕུབ་སྟེ་བསྙེན་པའི་དབུར་ཛཔ྄་ཁང་ཕྱེ་ནས་དམིགས་བཟླས་བྱས་ཀྱང་རུང་མོད། འཇམ་མགོན་པདྨ་གར་དབང་གིས་སྙན་བརྒྱུད་གཤིན་རྗེའི་གཏོར་ཟློག་ལ་བདག་མདུན་སོ་སོར་བྱེད་པར་གསུངས་པ་ལྟར། སྒྲུབ་ཟློག་གི་སྐབས་སུ་ཆོག་ཕྲིན་ཅུང་ཟད་རྒྱས་ན་ལེགས་པས་འདིར་ཡང་དེ་བཞིན་བྱ་ན། སྐྱབས་སེམས་ནས་བརྩམ་མཆོད་པ་བྱིན་རླབས་འགོ་བར་ལས་བྱང་རྒྱས་པ་ལྟར་བཏང་ནས། ཁོ་བོས་བྲིས་པའི་རྒྱུན་གྱི་རྣལ་འབྱོར་ལྟར་བདག་བསྐྱེད་ཀྱི་ཕྲིན་ལས་དངོས་གཞི་སྐུ་སྐྱེད་པ་དང་། གསུང་ཟླས་པ་བསྙེན་སྒྲུབ་རྩ་ཟླས་གཞུང་རྐྱང་དང་། སྤྲོ་ན་ཚེ་སྒྲུབ་ཀྱང་ཁྱུག་ཙམ་བཏང་། སྲུང་ཟློག་བསད་བཟླས་མི་སྦྱོར། སྟོང་ཚིགས་ཀྱི་རྗེས། སླར་མདུན་གྱི་ཟློག་དཀྱིལ་ལ་དམིགས་ཏེ་ལས་བྱང་རྒྱས་པའི་མཆོད་པ་བྱིན་རླབས་ནས་བརྩམ། དམ་བཅའ་དང་ལྷ་བསྐྱེད་ནས་བཟླས་པའི་བར་བསྙེན་སྒྲུབ་ཀྱི་གཞུང་བསྲང་། བླ་མ་ཧེ་རུ་ཀ་དང་། ཡི་དམ་ཁྲོ་བོ་ཀཱི་ལ་ཡའི་རྩ་སྔགས་བཟླ་ཞིང་། བཞི་སྙིང་གཅིག་དྲིལ་ཡང་ཅི་ནུས་བཟླས་ལ། ཁྱད་པར་གྱི་ལས་སྦྱོར་སྲུང་ཟློག་བསད་གསུམ་ལས། དང་པོ་སྲུང་བའི་དམིགས་པ་ནི། དཔལ་ཆེན་བཅུ་ལས་ཡེ་ཤེས་ཀྱི༔ རྣམ་འཕྲུལ་ནམ་མཁའ་གང་བར་སྤྲོས༔ ཕྱོགས་མཚམས་སྟེང་འོག་ཚོམ་བུར་བཞུགས༔ སྲུང་བ་མཚམས་ཀྱི་ལས་མཛད་དེ༔ གུར་ཁང་དྲུག་གིས་གཏམས་པར་བསྒོམ༔ སྒྲུབ་སྔགས་ཀཱི་ལ་འབྲུ་བཅུ་བཞི་པའི་ཤམ་བུར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱ་བཱ་ཙི་རཀྵ་རཀྵ༔ ཞེས་བཏགས་པ་ཅི་ནུས་བཟླ། གཉིས་པ་བཟློག་དམིགས་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོག་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབབ༔ ནག་ཕྱོགས་འབྱུང་པོ་སྡེར་བཅས་དང༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་བཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབ༔ རྩྭ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླག་པར་བསམ༔ སྒྲུབ་སྔགས་ལ། རྦོད་ཟོར་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཞེས་སྦྱར་བ་བཟླ། ཟློག་སྔགས་ཤིན་ཏུ་ཟབ་པ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཅུང་ཟད་བཟླ། མཐར་ཐལ་རྡེབ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ། སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་བན་བོན་སྔགས་པའི་མཐུ་བྱད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་མཱ་ར་ཡ་རྦད་ཟློག །ལན་གསུམ་བྱ། གསུམ་པ་བསད་པའི་དམིགས་པ་ནི། རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་པས། ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་ལྗང་ནག་བ་ཐག་གཟེངས་པ་ལྟ་བུ་ཕྱོགས་བཅུར་འཕྲོས་པའི་རྩེ་ལས་སྲས་མཆོག་ལྟ་བུའི་ཁྲོ་བོའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲོས། སྟོང་ཁམས་གང་། དངོས་སྣང་སྐུ །སྒྲ་གྲགས་གསུང་། རྟོག་ཚོགས་ཐུགས་སྒྲོལ་བྱེད་དུ་གསལ་བས་དཀྱིལ་འཁོར་གསུམ་སོགས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐངས། སྲུང་མ་དམ་ཅན་ཐམས་ཅད་ཀྱི་སྲོག་བཅུད་ལ་ཕབ་ནས་སྒྲོལ་བའི་ལས་ལ་བཙུད། རྣལ་འབྱོར་པ་ཐམས་ཅད་ཀྱི་གཡར་དམ་སོར་ཆུད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། བླ་ན་མེད་པའི་གནས་སུ་བསྒྲལ། གཟས་པོའི་གནས་སུ་འཕྲོས་པས་གང་ལ་བྱ་བ་དེ་དག་བཀུག་ནས་ལིང་ག་ལ་བསྟིམས་པས་དངོས་སུ་གྱུར་ནས་འཁུ་མི་ནུས་པར་བྲུབ་ཁུང་དུ་གནས། འོད་ཟེར་སླར་འདུས་ནས་བདག་དང་ཕུར་བུ་རྣམས་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་དཔག་མེད་དུ་གྱུར། འཕྲོས་པའི་ཁྲོ་བོ་ཕུར་བུའི་གཟུགས་ཅན་རྣམས་བསྒྲལ་བྱའི་ཞིང་རྣམས་ལ་བཏབ་པས་སྤྱི་གཙུག་ནས་རྐང་མཐིལ་དུ་ཕྱུང་ལུས་བསྒྲལ། ལྕེ་སྟེང་ནས་ལྐོག་མར་ཕྱུང་ངག་བསྒྲལ། སྙིང་གར་ཐོག་ལྟར་ལྷུང་བས་སྲོག་རྩ་ཐལ་བར་བྱས། སེམས་ཀྱི་བག་ཆགས་བསྒྲལ། མདོར་ན་ཕུར་བུའི་ཆར་རྒྱུན་མ་ཆད་པར་ལྷུང་བས་དགྲ་བགེགས་ཀྱི་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཕྱེ་མར་བརླགས་པར་བསམ་ལ། སྒྲུབ་སྔགས་དང་། མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ཅེས་སྦྱར་བ་གཙོ་བོར་བཟླ། ཐུན་རྫས་ལའང་སྔགས་ཀྱི་ངར་གདབ། ཐུན་གཞུག་མཆོད་བསྟོད་ནས་བརྩམ། སྤྱི་སྒེར་སྲུང་མའི་གཏོར་འབུལ། ཚོགས་མཆོད་བཤགས་པ་ཡན་ཚར་བའི་རྗེས་དེ་ཉིད་དུ། བསྐང་བ་བྱ་བ་ནི། བདུད་རྩི། རཀྟ། མར་མེ། ཛ་གད། མཱཾ་ས། ཚེ། ཟླ་རྒྱས། བམ་གཙང་མ། གསུར་ཆེན། བཟའ་བཅའ་སྣ་ཚོགས་དང་བཅས་པ་བཤམས་ཤིང་ཐོགས་ཏེ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། སྣང་སྲིད་ཕུར་བུས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །མི་དགེ་བཅུ་པོ་ཚར་གཅོད་ཕྱིར། ཁྲོ་རྒྱལ་ཡབ་བཅུའི་ཐུགས་དམ་བསྐང་། །དགེ་བཅུ་དང་དུ་བླང་བའི་ཕྱིར། ཁྲོ་མོ་བཅུ་ཡི་ཐུགས་དམ་བསྐང་། །ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར། ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང། །གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར། །སྲས་མཆོག་ཉེར་གཅིག་ཐུགས་དམ་བསྐང་། །ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར། །ཕྲིན་ལས་བཞི་ཡི་ཐུགས་དམ་བསྐང་། སློབ་དཔོན་སྐུ་དགྲ་སྒྲོལ་བའི་ཕྱིར། །ཤྭ་ན་མཆེད་བཞིའི་ཐུགས་དམ་བསྐང་། །བསྟན་པའི་སྤྱི་དགྲ་སྒྲོལ་བའི་ཕྱིར། །རེ་ཏི་བཞི་ཡི་ཐུགས་དམ་བསྐང་། །རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་ཕྱིར། །བསེ་མོ་བཞི་ཡི་ཐུགས་དམ་བསྐང་། །མྱུར་མགྱོགས་དྲག་པོའི་ལས་མཛད་ཕྱིར། །བསེ་ལྕགས་དུང་གསུམ་ཐུགས་དམ་བསྐང་། །འགུགས་འདྲེན་འཆིང་སྡོམ་མྱོས་པའི་ཕྱིར། །སྒོ་མ་བཞི་ཡི་ཐུགས་དམ་བསྐང་། །རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར། །གིང་ཆེན་བཅོ་བརྒྱད་ཐུགས་དམ་བསྐང་། །ཕྱོགས་བཅུར་དམག་དཔུང་དབབ་པའི་ཕྱིར། །མ་བདུན་སྲིང་བཞིའི་ཐུགས་དམ་བསྐང་། །ཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །ཞེས་དང་གཞན་ཡང་། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །བ་ལིང་གཏོར་མས་ཐུགས་དམ་བསྐང། །རཀྟ་དམར་གྱིས་ཐུགས་དམ་བསྐང་། །ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་། །དཀྱིལ་འཁོར་ཞལ་གྱིས་ཐུགས་དམ་བསྐང་། །ཛ་གད་ཕུད་ཀྱིས་ཐུགས་དམ་བསྐང་། །ཞུན་ཆེན་མར་མེས་ཐུགས་དམ་བསྐང། །སྲོག་དབུགས་མདངས་ཀྱིས་ཐུགས་དམ་བསྐང་། །གསུར་ཆེན་དྲི་ཡིས་ཐུགས་དམ་བསྐང་། །རོལ་མོ་སྒྲ་ཡིས་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ། །གཡར་དམ་གཉན་པོ་སོར་སྩོལ་ཅིག །དེ་ནས་རྫས་རྣམས་བཞག་སྟེ་བསྐོར་བ་ཕྱིར་ཟློག་ཏུ་ཐལ་མོ་རྡེབ་ཅིང་། དེ་ལྟར་བསྐང་བས་བསྐང་གསོལ་ནས། འདི་ལྟར་བཟློག་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཡས་ཀྱི་བདུད་གཡོས་ཕྱིར་ལ་ཟློག །མས་ཀྱི་སྲི་ལངས་ཕྱིར་ལ་ཟློག །ཉེ་བའི་བྱོལ་པོ་ཕྱིར་ལ་ཟློག །ཡུལ་པའི་འགྲིམ་ཆགས་ཕྱིར་ལ་ཟློག །ཕ་ཚན་རྒྱབ་འདྲེ་ཕྱིར་ལ་ཟློག །མ་བུའི་བྱུར་འདྲེ་ཕྱིར་ལ་ཟློག །གཤིན་རྗེའི་འཕྲུལ་འཁོར་ཕྱིར་ལ་ཟློག །མ་མོའི་ཁྲག་ཟོར་ཕྱིར་ལ་ཟློག །བདུད་ཀྱི་ཁྲམ་ཁ་ཕྱིར་ལ་ཟློག །བཙན་གྱི་གཟེར་ཁ་ཕྱིར་ལ་ཟློག །ས་བདག་གདུག་བྱེད་ཕྱིར་ལ་ཟློག །རྒྱལ་པོའི་སྨྱོ་འབོག་ཕྱིར་ལ་ཟློག །གཟའ་ཡི་ཀིང་ཀང་ཕྱིར་ལ་ཟློག །མུ་སྟེགས་ངན་སྔགས་ཕྱིར་ལ་ཟློག །ཐེའུ་རང་སྲིས་རྐུན་ཕྱིར་ལ་ཟློག །ནད་ཁ་རིམས་ཁ་ཕྱིར་ལ་ཟློག །སྔགས་པའི་ཕུར་ཁ་ཕྱིར་ལ་ཟློག །བོན་གྱི་བོན་ཟོར་ཕྱིར་ལ་ཟློག །སུམ་པའི་གླང་ཟོར་ཕྱིར་ལ་ཟློག །མེ་ཉག་འབོ་ལེ་ཕྱིར་ལ་ཟློག །ལོ་ཟླ་ཞག་ཀེག་ཕྱིར་ལ་ཟློག །མོ་ངན་རྩིས་ངན་ཕྱིར་ལ་ཟློག །ལྟས་ངན་མཚན་ངན་ཕྱིར་ལ་ཟློག །ཕོ་བརྒྱས་མདའ་བརྡར་མཚོན་ཁ་ཟློག །མོ་བརྒྱས་དུག་གཡོས་ཟས་ཁ་ཟློག །མི་ནག་སྐྱེ་བོའི་ཡ་ག་ཟློག །བྲན་ཁོལ་ངན་པའི་དམོད་མཆུ་ཟློག །དགྲ་ལ་བྷྱོ་ལ་བསྒྲལ་དུ་གསོལ། །བགེགས་ལ་བྷྱོ་ལ་རྡུལ་དུ་རློགས། །ཞེས་སྐོང་ཟློག་དྲག་ཏུ་བྱ་སྟེ། འདི་ནི་ཚོགས་མཆོད་ཀྱི་ལེ་ལག་ཡིན་ཞིང་། སྐབས་འགར་འོག་གི་གཏོར་ཟློག་རྒྱས་པ་མི་འགྲུབ་ཀྱང་ཚོགས་སྐོང་རྒྱས་པར་བྱ་ཞིང་། བསྐུལ་གྱི་ཐུན་གཏོར་ཆུང་ངུ་ལ་དམིགས་ཏེ་སྐོང་ཟློག་འདི་ཉིད་གྲངས་བསགས་ཤིང་། གོང་གི་ཟློག་དམིགས་བཅས་ཟློག་སྔགས་སྦྱར་ཏེ་ཐལ་རྡེབ་བྱས་ལ། ལས་མཇུག་ཆད་ཐོའི་མགོར་འགུགས་པ་དང་བཅས་ཟོར་བསྐུལ་སྦྱར་ནས་ཐུན་གཏོར་ཕུལ་བས་ཀྱང་བསྐང་ཟློག་མདོར་བསྡུས་སུ་འགྱུར་རོ། །གཉིས་པ་དྲག་པོའི་ཕྲིན་ལས་ཀྱིས་གཡུལ་འགྱེད་པ་དངོས་ལ། དང་པོ་ཐུགས་དམ་བསྐུལ་བ་ནི། རང་ཉིད་ལྷའི་ང་རྒྱལ་དྲག་ཏུ་བསྐྱེད་ལ། བླ་མ་རིག་འཛིན་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་ཐམས་ཅད་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་བཞེངས་ཤིང་སྤྲུལ་པའི་ཕོ་ཉ་ནམ་མཁའ་གང་བ་ཙམ་སྤྲོས་པར་དམིགས་ལ་རིག་འཛིན་བསྐུལ་བ་ནི། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་རྣམས་ཀྱི་དུས་ལ་བབ༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཡིས༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ སློབ་དཔོན་པྲ་བྷ་ཧསྟི་ཡིས༔ གསེར་གླིང་མུ་སྟེགས་བསྒྲལ་བའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བདུད་འདུལ་ཤཱཀྱ་སེང་གེ་ཡིས༔ རྒྱ་གར་ཙནྡན་ནགས་ཚལ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ པཎ་ཆེན་བི་མ་མི་ཏྲ་ཡིས༔ གངྒཱ་ལྷ་ཡི་ཆུ་བོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ བལ་པོ་ཤྲཱི་ལ་མཉྫུ་ཡིས༔ མནྡྷ་ལ་ཡི་མཁར་གོང་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ དགུང་གི་ཕོ་རོག་ནག་པོ་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མངའ་བདག་ཚངས་པའི་མེ་ཏོག་གིས། །ཕྱི་ནང་བདུད་དགྲ་བཏུལ་བའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཡིས། །བདུད་དང་དམ་སྲི་བསྒྲལ་བའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །པདྨ་མདོ་སྔགས་གླིང་པ་ཡིས། །སྙན་བརྒྱུད་བཀའ་བབ་བརྙེས་པའི་ཚེ། །ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི། །ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག །སྔོན་གྱི་རིག་འཛིན་ཐམས་ཅད་ཀྱིས༔ ཇི་ལྟར་བསྒྲུབས་བཞིན་དེང་སྒྲུབ་ཀྱིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ དཀྱིལ་འཁོར་རྩ་བའི་ལྷ་རྣམས་བསྐུལ་བ་ནི། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ རིགས་ལྔ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྤྲུལ་པར་བཅས༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་སྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ དམ་ཅན་རྣམས་བསྐུལ་བ་ནི། ཧཱུྃ༔ སྔོན་ཚེ་ཨོ་རྒྱན་པདྨ་ཡིས༔ སྒྲུབ་པའི་གནས་མཆོག་ཆེན་པོ་རུ༔ རྡོ་རྗེ་གཞོན་ནུ་བསྒྲུབས་པའི་ཚེ༔ ཁས་བླངས་དམ་བཅས་མ་མོ་ནི༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་མ༔ བསེ་ཡི་འཕར་བ་ལྕེ་བརྒྱད་མ༔ ཟངས་ཀྱི་ཝ་མོ་རྐང་གསུམ་མ༔ གཡུ་ཡི་ཁྱི་མོ་རལ་པ་ཅན༔ དེ་ལ་འཇིགས་པའི་མི་མོས་ཞོན༔ ཤིན་ཏུ་མི་སྲུན་ཁྲོས་པའི་ཚེ༔ མགོ་བརྒྱ་སྤྱན་ནི་ཉི་ལྟར་འབར༔ ཟ་བྱེད་ཁ་བརྒྱ་མཆེ་བ་གཙིགས༔ བསྙབ་པའི་ལག་སྟོང་སྡེར་མོ་བགྲད༔ འཇིགས་པའི་ང་རོ་ཕྱོགས་བཅུར་ཟུག༔ གད་རྒྱངས་འབྲུག་ལྟར་སྒྲོག་བྱེད་ཅིང༔ རྒྱུག་པའི་རྐང་བརྒྱས་ས་གཞི་གཡོ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ྄༔ ཧཱུྃ༔ གནམ་ས་བར་སྣང་མཚོ་ལ་གནས། །རླུང་ནག་ཐོག་སེར་བུ་ཡུག་འདྲེན། །དཔལ་ལྡན་རྡོ་རྗེ་རེ་མ་ཏི། །རེ་མ་ཏི་དང་རེ་མ་ཛཿ རེ་མ་ཛུ་སྟེ་མཆེད་བཞི་ཡང་། །མཐིང་སེར་དམར་ལྗང་འཇིགས་པའི་ཆས། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །དྲེལ་གླང་ཤ་བ་རྔ་མོང་འཆིབས། །སྟོང་ཁམས་འདོད་དགུར་དབང་བསྒྱུར་མ། །ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ མ་མ་ཝ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཤྲཱི་གྷྲཾ་ཀཱ་ར་ཡེ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧཱུྃ༔ བལ་པོ་མང་ཡུལ་རོང་གི་བསྭེ། །སྙེ་ནམ་མར་ཞག་ཁྲག་འོ་མཚོར། །གནས་པའི་ཡ་བྱིན་དེ་བྱིན་དང་། །བསྭེ་བྱིན་ཕག་བྱིན་རྩལ་མོ་ཆེ། །མཐིང་སེར་དམར་ལྗང་མཚོན་ཆ་ཐོགས། །རང་མདོག་བེར་ཆེན་སྐུ་ལ་གསོལ། །བདུད་གཉན་བཙན་ཀླུའི་རྟ་ལ་ཞོན། །ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་དགྲ་བགེགས་མཱ་ར་ཡ་ཕཊ྄༔ ཧཱུྃ༔ ཤར་ལྷོ་ནུབ་བྱང་ནམ་མཁའ་ནས། །དུང་ལྕགས་ཟངས་ཐོད་གཞལ་ཡས་ན། །ལྷ་བདུད་སྲིན་པོ་གནོད་སྦྱིན་གིང་། །དུང་ལྕགས་བསྭེ་སྐྱེས་ཊཱ་ཀི་ནག །ཤེལ་ལྕགས་བསྭེ་གྲི་གྲི་ཐོད་འཛིན། །སེང་གེ་ལྕགས་སྤྱང༢་བཙན་རྟ་ཞོན། །ཕོ་ཉ་དཀར་སྔོ་དམར་ནག་འགྱེད། །ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ དེ་ཝ་རཱ་ཛ་དྷ་ཤ་གྷྲཱི་ཝ་པྲ་མ་རཱ་ཛ་ཊཱ་ཀི་རཱ་ཛ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཧཱུྃ༔ ཤར་ལྷོ་ནུབ་བྱང་དབང་ཕྱུག་བདུན། །ཞི་རྒྱས་དབང་དྲག་ལས་མཛད་མ། །སྐུ་མདོག་སྣ་ཚོགས་གར་སྟབས་བསྒྱུར༔ འཇིགས་པའི་མགོ་བརྙན་སྣ་ཚོགས་ཅན༔ མཚོན་ཆ་སྣ་ཚོགས་དགྲ་ལ་བརྡེག༔ རྒྱུག་པའི་ཤུགས་ཀྱིས་སྟོང་གསུམ་བསྐོར༔ རི་རབ་ལྡེག་ཅིང་རྒྱ་མཚོ་འཁྱོམ༔ མ་མོ་ཆེན་མོ་ཁྱེད་རྣམས་ཀྱང༔ དཔལ་གྱི་སྤྱན་སྔར་ཁས་བླངས་བཞིན༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ གཏུམ་ཞིང་དྲེགས་པའི་ཚོགས་རྣམས་ཀྱིས༔ རལ་གྲི་ཟངས་ཡག་ཀླད་ལ་བསྐོར༔ ཕུར་པས་དགྲ་བོའི་སྙིང་ལ་གཟིར༔ དྲེགས་པ་ཐམས་ཅད་ལས་ལ་འགྱེད༔ དགེ་བསྙེན་ཉེར་གཅིག་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དུས་ལ་བབ་བོ་ས་མ་ཡ༔ མ་གཡེལ་དམ་ཅན་སྲུང་མའི་ཚོགས༔ བདག་གིས་ཡི་དམ་སྲོག་ལྟར་བཟུང༔ སྲུང་མ་ཁྱེད་རྣམས་རྟག་ཏུ་མཆོད༔ སྒྲུབ་པ་སྙིང་པོར་ལེན་པ་ལ༔ བར་ཆད་འཚེ་བ་དགྲ་ཡིས་བྱས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བོ་འདི༔ དབང་དུ་སྡུས་ལ་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སྨན་གཏོར་རཀྟ་སྦྲེང་ཞིང་བསྐུལ་ལོ། །གཉིས་པ་གསེར་སྐྱེམས་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། འདོད་ཡོན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །མདོ་སྒྱུ་སེམས་གསུམ་སྒྲུབ་སྡེ་ཆེན་པོ་བརྒྱད། ཁྱད་པར་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་ཕུར་པའི་སྲུང་མའི་ཚོགས། །དྲེགས་ཆེན་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་། །ཕྱི་ནང་གསང་བ་གབ་སྦས་སྡེ་བརྒྱད་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་དང་བརྒྱུད་ཀྱི་སྲུང་། །ཡུལ་རིས་གནས་ཀྱི་ལྷ་སྲུང་དཀོར་གྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གསུམ་པ་གཟུ་དཔང་ནི། ཛ་གད་ཀྱི་ཕུད་ཕྱོགས་བཅུར་འཐོར་ཞིང་། ཧཱུྃ། ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་ཡི་དམ་ལྷ། །རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ཚིག་འཛིན་ལ་དགྲ་བྱུང་ན། །མ་ཉེས་མ་ལན་སྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མར་སྔགས་འཆང་སྙིང་པོ་ཕྲལ། ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དང་དུ་བླངས། །མཚམས་མེད་ལྔ་ཡི་འབྲས་བུ་སྨིན། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ལ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །མ་གཡེལ་མ་གཡེལ་ཐུགས་དམ་ཅན། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །བཞི་པ་ཧོམ་བསྐྱེད་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་ཕུར་སྲུང་དམ་ཅན་ལས་ལ་རྔམས་པ༔ དེ་ཡི་ནང་དུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན་ནག་ལ་ཧམ་པ་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་ཐམས་ཅད་ནས་ཁྲག་འཛག་པ༔ ཁ་ངུ་བ༔ མིག་ཤི་མིག༔ འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར༔ ལྔ་པ་རྣམ་ཤེས་དགུག་པ་ནི། གཡབ་དྲིལ་བཅས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོང་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ྄༔ ཅེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་དགུག་གཞུག་ལན་གསུམ་དུ་བྱའོ། །ཕོ་ཉ་བཞི་བསྐུལ་བ་ནི། ཧཱུྃ༔ ཁྲག་འཐུང་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས༔ ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ ལྕགས་སྒྲོག་དམར་མོའི་ཚོགས་ནི་རླུང་ལྟར་འཚུབས༔ དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབས༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ རྦད་ཅིང་བསྐུལ་བ་ང་ཡིས་བྱེད༔ འགུགས་འཆིང་སྡོམ་མྱོས་ཁྱོད་ཀྱིས་མཛོད༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་དྲོངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས༔ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས༔ རང་དབང་མེད་པར་འདིར་ཁུག་ཅིག༔ འགུགས་པ་ནི་ལྕགས་ཀྱུའི་ཕྱག་རྒྱ་བཅས། ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཤྲཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ྄༔ ཕོ་ཉ་རྣམས་ཀྱིས་ལྕགས་ཀྱུས་དགྲ་བགེགས་རྣམས་བཟུང་སྟེ་ལིངྒ་ལ་བསྟིམ༔ ཞགས་པས་བཅིངས༔ ལྕགས་སྒྲོག་གིས་བསྡམས༔ དྲིལ་བུས་མྱོས་སུ་བཅུག་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཾ་གུ་ཤ་ཛ༔ བཛྲ་ཨཾ་གུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ ཞེས་འགུགས་འཆིང་སྡོམ་མྱོས་ཀྱིས་བསྐུལ། དྲུག་པ་བསྒྲལ་བ་དངོས་ལ། དང་པོ་གབ་པའི་སྔགས་དྲུག་སྤུ་གྲིའི་དགོངས་པར་ལྡན་པས་བསྒྲལ་བའི་ལས་བྱ་བ་ནི། རིག་པ་མཆོག་གི་རྒྱུད་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང་། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །ཅེས་གདབ་པའི་ལས་དྲུག་པོ་རེ་རེ་ལའང་། དེ་ལའང་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པའི་ལས་རྫོགས་བྱ། །ཞེས་ནང་གསེས་སུ་དྲུག་རེ་རིམ་ཅན་དུ་འབྱུང་བས། དང་པོ་ལྷ་དང་ཕྲལ་བ་ནི། གུ་གུལ་སོགས་ཀྱི་དབྱེ་རྫས་བདུག་ཅིང་། ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ྄༔ ཅེས་བརྗོད། རྫས་བྱ་འུག་གི་སྒྲོས་ཕྱིར་འབྱེད་པའི་ཚུལ་བཅས། ཏིང་ངེ་འཛིན་ནི། དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སོགས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་དང་། རྡོ་རྗེ་ལེགས་པ་འགོང་པོ་འཁོར་བཅས་ཀྱིས་བསྒྲུབ་བྱ་སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་བྱ་སྤུ་རླུང་གིས་གཏོར་བ་ལྟར་དབྱེས་པར་བསམ་མོ། །དམོད་པ་ནི། དགྲ་བོ་སྐྱོབ་པའི་ལྷ་དང་བྲལ་བར་གྱུར་ཅིག །ཅེས་དམོད་པ་བོར། གཉིས་པ་གཟུགས་ལ་དབབ་པ་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། ཕོབ་ཅིག་རྣམ་པར་གཟིར་བར་བྱོས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ྄༔ ཅེས་བརྗོད། རྫས་ཡུངས་དཀར་གྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབས་ལ་འབེབ་ཚུལ་གྱི་རྒྱ་བཅས། ཏིང་ངེ་འཛིན་ནི། ཕྱོགས་བཅུའི་བདུད་འདུལ་ཁྲོ་བོ་བཅུ་སོགས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་ལྕགས་ཀྱུ་ཐོགས་པ་མང་པོ་དང་། ཀླུ་ཆེན་འཇོག་པོ་འཁོར་བཅས་ཀྱིས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིངྒ་ལ་གཉིས་སུ་མེད་པར་བསྟིམ་པར་བསམ། དམོད་པ་ནི། དགྲ་བགེགས་ཀྱི་རྣམ་ཤེས་ལིངྒ་ལ་ཐིམ་པར་གྱུར་ཅིག །ཅེས་དམོད། གསུམ་པ་བྱད་དུ་གཞུག་པ་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ཤྲཱི་གྷྲཱཾ་ཨཱ་ན་ཡ་ཧཱུྃ་ཕཊ྄༔ ཅེས་བརྗོད། རྫས་ཚོན་སྣ་ལྔའི་སྐུད་པ་དང་ཡུག་སའི་སྐྲ་སྐུད་ཀྱིས་ཡན་ལག་རྣམས་འཆིང་བའི་ཚུལ་བྱས་ཏེ། ཏིང་ངེ་འཛིན་ནི། སྤྲུལ་པའི་ཁྲ་ཐབས་ཉི་ཤུ་སོགས་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་རྣམས་དང་། སྲོག་བདག་སྒྲོལ་གིང་འཁོར་བཅས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ཐོགས་པ་རྣམས་ཀྱིས་དགྲ་བོ་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་བསམ། དམོད་པ་ནི། དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག་སྡོམས་ཤིག །ཅེས་དམོད། བཞི་པ་སྨྱོ་རུ་གཞུག་པ་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། རིངས་པར་ཁུག་ལ་སྨྲར་ཆུགས་ཤིག༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ྄༔ ཅེས་བརྗོད། རྫས་དུག་སྣ་དང་ཁྲག་སྣ་བཏིགས་ལ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ཕོ་ཉ་ཡང་སྤྲུལ་དང་བཅས་པ་དང་། དམ་ཅན་ཤྭ་ན་བཞི་དང་གནམ་ཐེ་འཁོར་བཅས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དམིགས་བྱ་སེམས་སྨྱོས་ལུས་སྐྲང་དྲན་མེད་དུ་གྱུར་ནས་མུ་ཅོར་དུ་སྨྲ་བར་བསམ། དམོད་པ་ནི། དགྲ་བགེགས་སྨྱོ་རུ་ཆུགས་འབོག་ཏུ་ཆུགས། དྲན་པ་ཉམས་པར་གྱུར་ཅིག །ཅེས་དམོད། ལྔ་པ་རྡུལ་དུ་བརླག་པའི་ཁོངས་སུ་སྤུ་གྲི་ཆིག་ཤུར་གྱི་གདབ་ལས་དངོས་ཉིད་འབྱུང་བས། གདབ་པའི་ལས་ལ་ཆེད་དུ་བསྐུལ་བའི་ཕྱིར། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང༔ ཡུམ་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ དེ་ནས། དམར་ཆེན་རཀྟའི་དགྱེས་མཆོད་ཚར་གསུམ་ཕུལ་བས་གཙོ་འཁོར་རྣམས་ཀྱི་གཟི་བརྗིད་རབ་ཏུ་བསྐྱེད་ནས་བཅོལ་བའི་ཕྲིན་ལས་མཛད་པར་གྱུར། རཀྟ་ཕྱར་ཞིང་། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ སོད་ཅིག་སྲོག་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྱོར་ཆུགས་ཤིག༔ ཕོབ་ཅིག་གཟིར་ཅིག་བརླག་པར་གྱིས༔ གྲུ་གསུམ་དྲག་པོའི་སྣོད་དུ་སྐྱིལ༔ ཁྲག་འཐུང་འབར་བའི་ཞལ་དུ་སྟོབས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་རྣམས་ཉན་པར་གྱིས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབས༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་གྱིས༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཞེས་པས་རཀྟ་ལན་གསུམ་ཟོར་དུ་ཕུལ། དེ་ནས་གདབ་ལས་དངོས་ལ། གདབ་ཕུར་ཐལ་མོ་བསྣོལ་བས་བཟུང་ལ། བདག་ཉིད་དཔལ་ཆེན་པོ་ཕྱག་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ལས་སྒྲོལ་བྱེད་ཀྱི་ཕུར་པ་སྲས་མཆོག་ཡཀྴ་ཀྲོ་དྷ། སྐུ་གསུམ་དང་དཀྱིལ་འཁོར་གསུམ་ཡོངས་སུ་རྫོགས་པ་ལས་འོད་ཟེར་སྤྲོས་བསྡུས་དོན་གཉིས་བྱས། རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པ་རྫོགས་པར་གྱུར། བདག་གི་ཐུགས་ཀར་ཨ། དེའི་འོད་ཟེར་གྱིས་རང་གི་སྡིག་སྒྲིབ་སྦྱངས། རྒྱལ་བ་མཆོད། བྱིན་རླབས་བསྡུས། ལིངྒ་དགྲ་བགེགས་གནོད་བྱེད་ཀུན་འདུས་སུ་གསལ་བ་ལ་ཕོག་པས་བསྒྲལ་བའི་སྐལ་ལྡན་དུ་གྱུར། ཐུགས་ཀ་ནས་ཨ་ཡིག་ཅིག་འཕྲོས། ཕུར་པའི་སྤྱི་བོ་ནས་ཐིམ། དབལ་གྱི་ནང་དུ་གནས་པ་ལས་འོད་ཟེར་འཕྲོས། དེ་ཉིད་དགྲ་བགེགས་ཀྱི་སྙིང་ནང་དུ་ཚེ་སྲོག་དྭངས་མ་ལྔ་འདུས་ཀྱི་རྟེན་ཐིག་ལེ་རྣམ་ཤེས་ཀྱི་ངོ་བོ་ནྲྀ་ཏྲི། ཀུན་གཞིའི་ངོ་བོ་ཨ་རྣམས་གསལ་བ་ལ་རེག་པ་ཙམ་གྱིས་ཚེ་སྲོག་རྦད་ཀྱིས་བཅད། ཐིག་ལེ་ནྲྀ་ཏྲི་ཨ་དང་བཅས་པ་དབལ་རྩེར་བསྡུས། ལྔ་འདུས་ཀྱི་དྭངས་མ་ཚེ་བསོད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར། དབལ་ལ་ཨ་ཡིག་གསལ་ལ་ཕུར་པ་ཀླད་ལ་བསྐོར་བས་སྟོང་གསུམ་ཕུར་བུས་གང་། བདག་གི་ཐུགས་ཀ་ནས་ཧཱུྃ་གྲངས་མེད་པ་སྤྲོས། སྟོང་གསུམ་གང་བའི་ཕུར་པ་རྣམས་ལ་ཐིམ། དོན་གཉིས་བྱས། སླར་བདག་དང་སྲས་མཆོག་གི་ཕུར་པ་ལ་ཐིམ་པས་མཐུ་ནུས་དང་ལྡན་པར་གྱུར། སླར་ཡང་ཕུར་པ་བསྒྲིལ་ཞིང་སྙིང་གར་བཏབ་པས་ཕུར་རྩེའི་ཨ་ལས་འོད་ཟེར་འཕྲོས། ནྲྀ་ཏྲི་དུད་ཁ་སྦྱངས། འོད་དཀར་པོར་གྱུར་པ་ཨ་ལ་ཐིམ། ཨ་ཕུར་རྩེས་ལིང་གིས་བཏེགས་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཐིམ། ཕུར་པའི་དབལ་ལས་འཕྲོས་པའི་མཚོན་ཆའི་ཆར་པས་བསྒྲལ་བྱ་སྒྲོལ་བྱེད་མེད་པར་ཕུང་ཁམས་སྐྱེ་མཆེད་ལ་ཁྲོ་བོ་རོལ་པའི་ཕོ་བྲང་བཏབ་པར་གྱུར། ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་རྫོགས༔ ཡེ་ཤེས་གསུམ་གྱི་སྲོག་ལྡན་པས༔ དུག་གསུམ་རྩད་གཅོད་ཀཱི་ལ་ཡ༔ འདྲིལ་ནི་རྡོ་རྗེ་གཞོན་ནུས་འདྲིལ༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག༔ འབྲས་བུ་ལས་ངན་རྒྱུན་བཅད་དེ༔ སངས་རྒྱས་རྣམས་ཀྱི་སྲས་སུ་བསྐྱེད༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ དགྲ་བགེགས་ཙིཏྟ་མཱ་ར་ཡ་ཕཊ྄༔ རྦད་ཐུཾ་རི་ལི་ལི༔ ཞེས་ཚེ་ཁྲུས་སྤར་གསུམ་གྱི་དགོངས་པ་དང་ལྡན་པས་གདབ། རྡུལ་དུ་བརླག་པ་དངོས་ལ། དང་པོ་ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ ས་བདག་ཆེན་མོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊ྄༔ ཅེས་བརྗོད། རྫས་ཐོ་གཏུན་གྱིས་གཟུགས་ཕུང་བརྡུང་ལ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཡང་སྤྲུལ་དང་བཅས་པ་དང་། ས་བདག་མ་མཆེད་བཞི་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དམིགས་བྱ་རྡུལ་དུ་བརླག་པར་བསམ། དམོད་པ་ནི། དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས་ཤིག །ཅེས་དམོད། དྲུག་པ་ཞལ་དུ་བསྟབ་པ་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འཕྱོང་ནི། ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ྄༔ ཅེས་བརྗོད། རྫས་ཧོམ་གཟར་དུ་སྙིགས་མའི་ཤ་ཁྲག་བདུད་རྩིར་སྦར་པ་སྟོབ་སྟེ། ཏིང་ངེ་འཛིན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་རེ་མ་ཏིས་གྲོགས་བྱས་ཤིང་བསྟབས་པས་དགྱེས་པའི་རྐན་སྒྲ་དང་བཅས་པས་རོལ་པར་བསམ། དམོད་ནི། དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག །ཅེས་དམོད་པ་བོར། དེ་ནས་སླར་ཡང་ལིང་རོ་རྣམས་བདུད་རྩིར་སྦར་པ་ཞལ་དུ་སྟོབ་ཅིང་། ཧཱུྃ། དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི། །སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་སྟོབ། ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ཕུལ་བས་ལྷ་ཐམས་ཅད་མཉེས། ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཞེས་དངོས་གྲུབ་བསྩལ། ཕཊ་ཕཊ་ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ། །ཉིན་ཐ་མར་ཤོག་ལིང་མེ་ཧོམ་དུ་སྲེག །དེ་ལྟར་བསྒྲལ་པའི་ཤ་ཁྲག་ཆ་གཅིག་གཏོར་མར་བསྟབ། ཆ་གཅིག་ཟློག་བསྐུལ་གྱི་ཚེར་འབུལ་རྒྱུར་བཞག །ཆ་གཅིག་ལྷག་གཏོར་གཙང་དམེ་ལ་བསྲེ་བར་གསུངས། འདི་ནི་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་སྨད་ལས་ལྟར་ཅུང་ཟད་རྒྱས་པར་སྤྲོས་པ་སྟེ། བསྡུ་ན་སྙན་བརྒྱུད་ཕུར་པའི་སྨད་ལས་གཏེར་གཞུང་དངོས་བསྟན་ལྟར་ནི། དགྲ་བགེགས་འགུགས་བསྟིམ་གྱི་རྗེས། བདག་གི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་གྲངས་མེད་པས་དམིགས་བྱ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་བསྟིམ་པར་གྱུར། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ དམ་ཅན་འཁོར་བཅས་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྡེ་དང་དཔུང༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་ཚུལ་བཞིན་མཛོད༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛ༔ ཐུཾ་རི་ལི་ལི༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ ཅེས་དང་གོང་བཞིན་དམར་ཆེན་རཀྟའི་དགྱེས་མཆོད་ཚར་གསུམ་ཟོར་དུ་འབུལ། གདབ་ཕུར་ཐལ་མོ་བསྣོལ་བས་བཟུང་ལ། བདག་ཉིད་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་དགྲ་བགེགས་ཀྱི་སྙིང་གར་ཚེ་སྲོག་གི་རྟེན་ནྲྀ་ཏྲི་དང་བཅས་པ་དངོས་སུ་གསལ་བར་གྱུར། ཕུར་བུའི་དབལ་རྩེར་ཨ་ཡིག་དཀར་པོའི་འོད་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། སྲོག་རྟེན་ལ་རེག་པ་ཙམ་གྱིས་སྒོ་ལྔའི་རྣམ་ཤེས་དབལ་རྩེར་བསྡུས། ཉོན་མོངས་པའི་ཡིད་རྩད་བཅད། ལྔ་འདུས་ཀྱི་དྭངས་མ་ཚེ་བསོད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ། ཀུན་གཞིའི་རྣམ་ཤེས་ཨ་ཡིག་དཀར་པོར་གྱུར་པ་ཕུར་རྩེས་ལིང་གིས་བཏེགས་ནས་དཔལ་ཆེན་པོའི་ཐུགས་ཀར་ཐིམ། ཕུར་པའི་དབལ་ལས་འཕྲོས་པའི་མཚོན་ཆའི་ཆར་པས་བག་ཆགས་ཀྱི་གཟུགས་རྟེན་དུམ་བུར་གཏུབ་པར་གྱུར། ཧཱུྃ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་རྫོགས༔ ཡེ་ཤེས་གསུམ་གྱི་སྲོག་ལྡན་པས༔ དུག་གསུམ་རྩད་གཅོད་ཀཱི་ལ་ཡ༔ འདྲིལ་ནི་རྡོ་རྗེ་གཞོན་ནུས་འདྲིལ༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག༔ འབྲས་བུ་ལས་ངན་རྒྱུད་བཅད་དེ༔ སངས་རྒྱས་རྣམས་ཀྱི་སྲས་སུ་བསྐྱེད༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ དགྲ་བགེགས་ཙིཏྟ་མཱ་ར་ཡ་ཕཊ྄༔ རྦད་ཐུཾ་རི་ལི་ལི༔ ཞེས་ལག་ལེན་ལྟར་གདབ་ཅིང་ཐུན་བརྡེག །མཐར་བསྒྲལ་ལས་དཀྱུས་ཀྱི། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་སོགས་ཞལ་བསྟབ་དང་། སླར་ཡང་འགུགས་པ་དང་ལས་དྲུག་གི་བཅོལ་བསྐུལ་ཙམ་བྱས་ཀྱང་རུང་བར་སེམས་སོ། །སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་འབུལ་བའི་བར་ལས་བྱང་ལྟར་བྱའོ། །བདུན་པ་ཟློག་པའི་ཕྲིན་ལས་བཅོལ་བའི་ཕྱིར་སླར་ཡང་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་རྡོ་རྗེ་གཞོན་ནུའི་ཚོགས༔ དབྱིངས་ལ་སྐྱེ་བ་མ་མཆིས་ཀྱང༔ རིག་པ་རང་སྣང་རོལ་པའི་རྩལ༔ དྲག་ཤུལ་ཆེན་པོའི་གཟི་བྱིན་སྐྱེད༔ དགྲ་བགེགས་ཤ་རུས་ཁྲག་གི་མཚོ༔ དགྱེས་པའི་གད་མོ་དང་བཅས་བཞེས༔ འབར་བ་མཆོག་གི་ཆོ་འཕྲུལ་གྱིས༔ ནག་ཕྱོགས་དགྲ་བགེགས་རྩད་ནས་ཆོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཕས་རྒོལ་རྦོད་གཏོང་དམོད་པའི་མཚོན༔ ཟློག་གཟིར་ཕྲིན་ལས་དུས་ལ་བབ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ ཞེས་བསྐུལ་ནས་ལིང་རོ་ཁྲག་སྐྱེམས་དང་གཏོར་ཆུང་རྣམས་ཕུལ་ཏེ། བཟློག་པའི་ཕྲིན་ལས་དངོས་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་མཁའ་ཀློང་ལས༔ དབྱིངས་ཀྱི་ཆོ་འཕྲུལ་འོད་ལྔར་ཀུན་ཏུ་ཤར༔ མ་རུངས་གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀུ་མཱ་ར༔ ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས༔ གདུག་པ་འདུལ་ཕྱིར་དུས་ལས་མི་གཡེལ་བའི༔ མངོན་སྤྱོད་དམོད་པ་ཆེན་པོའི་རྩལ་སྐྱེད་ལ༔ ཕྱིར་ཟློག་ལས་ཀྱི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཤིན་ཏུ་རྣམ་དག་ཡེ་ཤེས་ངང༔ སྙིང་རྗེའི་སྐུར་ཤར་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ནི༔ ཤེས་རབ་ཡུམ་དང་མཉམ་སྦྱོར་བས༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ མེ་ལོང་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་བཛྲ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ མཉམ་ཉིད་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་རཏྣ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ སོར་རྟོག་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་པདྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ བྱ་གྲུབ་ཡེ་ཤེས་ངང་ཉིད་ལས༔ བཅོམ་ལྡན་ཀརྨ་ཀཱི་ལ་ཡ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་མེད་ཕྲིན་ལས་རྩལ་ཕྱུངས་ལ༔ ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ མི་མཐུན་འགལ་རྐྱེན་བར་ཆད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ མི་དགེ་བཅུ་པོ་གནས་དག་ཅིང༔ དགེ་བ་བཅུ་པོ་གནས་གྱུར་པ༔ ཁྲོ་བཅུ་ཁྲ་ཕྱག་འཁོར་བཅས་ཀྱིས༔ རྒྱུ་འབྲས་འཆོལ་བར་སྤྱོད་པ་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་གཅིག་ཉིད་ལས༔ དུ་མའི་གར་གྱིས་རྣམ་འཕྲུལ་པ༔ སྒོ་མ་སྲུང་མ་བཅས་པ་ཡིས༔ སྣ་ཚོགས་རྟོག་པ་ཐམས་ཅད་ཟློག༔ གདོད་མའི་བདེ་གཤེགས་སྙིང་པོ་ལས༔ གློ་བུར་རྟོག་པས་བཏགས་པ་ཡི༔ འདོད་ཆགས་ཞེ་སྡང་གཏི་མུག་ཚོགས༔ རྣམ་པར་འགྱུར་བས་བྱུང་བ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ འབར་གཡོ་འཐིབས་པ་ལས་བྱུང་བའི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག༔ གཟུང་ཡུལ་ཞེན་པ་ལས་བྱུང་བའི༔ ས་ཆུ་མེ་རླུང་གཡོ་འཁྲུགས་ཟློག༔ འཛིན་པའི་ང་བདག་ལས་བྱུང་བའི༔ རྩ་དང་རླུང་གི་ཆོ་འཕྲུལ་ཟློག༔ གཉིས་མེད་ཡེ་ཤེས་འཁྲུལ་པའི་རྩལ༔ ཀུན་བརྟགས་སེམས་ཀྱི་བག་ཆགས་ཟློག༔ སྣ་ཚོགས་རྟོག་པའི་གཞན་དབང་ཅན༔ སྡེ་བརྒྱད་གདུག་པའི་གཡོ་འཁྲུགས་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཡེ་ཤེས་ཆེན་པོ་མཐར་ཕྱིན་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ གཞན་ཡང་། བྷྱོ། བཟློག་བསྒྱུར་ལས་ལ་ཁྱེད་རང་མཁས། །ལྕི་ཡང་རི་བོ་པང་དུ་ལོངས། །དཀའ་ཡང་བདུད་ལ་རྒྱུ་ཞགས་ཐོབ། །ཡས་ཀྱི་བདུད་གཡོས་ཁྱེད་ཀྱིས་ཟློག །མས་ཀྱི་སྲི་ལངས་ཁྱེད་ཀྱིས་ཟློག །ཉེ་བའི་བྱོལ་པོ་ཁྱེད་ཀྱིས་ཟློག །ཕ་ཚན་རྒྱབ་འདྲེ་ཁྱེད་ཀྱིས་ཟློག །མ་བུའི་བྱུར་འདྲེ་ཁྱེད་ཀྱིས་ཟློག །གཤིན་རྗེའི་འཕྲུལ་འཁོར་ཁྱེད་ཀྱིས་ཟློག །མ་མོའི་ཁྲག་ཟོར་ཁྱེད་ཀྱིས་ཟློག །བདུད་ཀྱི་ཁྲམ་ཁ་ཁྱེད་ཀྱིས་ཟློག །བཙན་གྱི་གཟེར་ཁ་ཁྱེད་ཀྱིས་ཟློག །ས་བདག་བྱད་ཁ་ཁྱེད་ཀྱིས་ཟློག །རྒྱལ་པོའི་སྨྱོ་འབོག་ཁྱེད་ཀྱིས་ཟློག །གཟའ་ཡི་ཀི་ཀང་ཁྱེད་ཀྱིས་ཟློག །མུ་སྟེགས་ངན་སྔགས་ཁྱེད་ཀྱིས་ཟློག །ཐེ་བྲང་སྲིས་རྐུན་ཁྱེད་ཀྱིས་ཟློག །ནད་ཁ་རིམས་ཁ་ཁྱེད་ཀྱིས་ཟློག །སྔགས་པའི་ཕུར་ཁ་ཁྱེད་ཀྱིས་ཟློག །བོན་པོའི་བོན་ཟོར་ཁྱེད་ཀྱིས་ཟློག །སུམ་པའི་གླང་ཟོར་ཁྱེད་ཀྱིས་ཟློག །མེ་ཉག་འབོ་ལེ་ཁྱེད་ཀྱིས་ཟློག །ལོ་ཟླ་ཞག་སྐེག་ཁྱེད་ཀྱིས་ཟློག །མོ་ངན་རྩིས་ངན་ཁྱེད་ཀྱིས་ཟློག །ལྟས་ངན་མཚན་ངན་ཁྱེད་ཀྱིས་ཟློག །ཕོ་བརྒྱས་མདའ་བརྡར་མཚོན་ཁ་ཟློག །མོ་བརྒྱས་དུག་གཡོས་ཟས་ཁ་ཟློག །མི་ནག་སྐྱེ་བོའི་ཡ་ག་ཟློག །བྲན་འཁོར་ངན་པའི་དམོད་མཆུ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །གདོན་རིགས་ཉིས་ཁྲི་ཆིག་སྟོང་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །གློ་བུར་བདུན་བརྒྱ་ཉི་ཤུ་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །དུས་མིན་འཆི་དང་འཇིགས་བརྒྱད་ཟློག །མི་མཐུན་འགལ་རྐྱེན་ཐམས་ཅད་ཟློག །བྷྱོ། ང་ནི་འཁོར་འདས་ཀུན་གྱི་བདག །དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟེ། །སྐུ་ཆེན་ང་ཡིས་བསྒྱུར་ཙ་ན། །གཟུགས་ཁམས་མི་འགྱུར་གང་ཡང་མེད། །གསུང་ཆེན་ང་ཡིས་བསྒྱུར་ཙ་ན། །སྒྲ་སྐད་མི་འགྱུར་གང་ཡང་མེད། །ཐུགས་ཆེན་ང་ཡིས་བསྒྱུར་ཙ་ན། །སེམས་ཁམས་མི་འགྱུར་གང་ཡང་མེད། །དེ་ཕྱིར་ཕལ་རྒོལ་མི་མཐུན་པའི། །འགལ་རྐྱེན་བར་ཆད་ཐམས་ཅད་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་དཔལ་ཆེན་མཐུ་ཡིས་སྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །དཔལ་ཆེན་ཕུར་པའི་ལྷ་ཚོགས་རྣམས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བཟློག་པའི་ཕྲིན་ལས་བསྐུལ་ལོ། །དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ སོགས་གོང་གི་བཟློག་དམིགས་སྦྱར་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་ཉེར་གཅིག་བཟླས་ལ་བདེན་སྟོབས་ཐལ་རྡེབ་བཅས་བྱ། མཐར་ཐུན་གཏོར་འབུལ་བ་ནི། དམར་གཏོར་རཀྟས་བྲན་པར་དམིགས་བྱ་འགུགས་བསྟིམ་བྱས་ལ་བདུད་རྩིས་བྲན་ནས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཅེས་པའི་མཐར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སྒྲུབ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་སོགས་ཀྱིས་ཕུལ་ལ། ཧཱུྃ། དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུགས་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་ཐལ་རྡེབ་དང་བཅས་པས་དགྲ་ཕྱོགས་སུ་འཕང་ངོ་། །ཟློག་པ་ཞག་གྲངས་བྱེད་ན་སྐབས་འདིར་ཆོས་སྐྱོང་དང་། ཆད་བརྟན་གྱི་གཏོར་མ་འབུལ་བ་ནས་བརྩམ་ཤིས་བརྗོད་བར་ལས་བྱང་ལྟར་མཐར་དབྱུང་ངོ་། །གསུམ་པ་རྗེས་ཀྱི་ལས་གཞུག་གི་དང་པོ་ཟོར་སྒྲུབ་པ་ནི། ཟོར་གཏོར་གྱི་ལྷ་ཚོགས་ལ་མཆོད་བསྟོད་ནོངས་པ་གསོལ་ལ། སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་འདེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་བ་ལས། གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བས་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར་པར་བསམ་ཞིང་སྒྲུབ་སྔགས་ལ་དྲག་སྔགས་འདུས་པ་ཡང་དྲིལ་ཅོག་བརྡུང་སྤེལ་ཚིག་ཅན་ཅི་ནུས་བསད་ཟླས་སྐབས་ལྟར་དྲག་པོར་བཟླས་ལ་ཟོར་ནུས་ལྡན་དུ་བསྒྲུབས། དམར་གཏོར་ལ་ཐུན་གཏོར་གྱི་སྐབས་ལྟར་དམིགས་བྱ་དགུག་བསྟིམ་བྱིན་གྱིས་རློབ་པ་སོགས་བྱས་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པས་དམག་ལྟོའི་ཚུལ་དུ་འབུལ་ལ། ཧཱུྃ། ཁྲག་འཐུང་དཔལ་ཆེན་འཇིགས་བྱེད་ཀཱི་ལ་ཡ། །བདུད་འདུལ་ཡེ་ཤེས་ཁྲོ་བཅུ་འཁོར་བཅས་ལ། །དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །འདོད་ཡོན་ལྔ་ལྡན་སྨན་རཀ་བ་ལིཾ་ཏ། །འབུལ་ལོ་བཞེས་ལ་བདག་ཅག་འཁོར་བཅས་ཀྱིས། །ཇི་ལྟར་གསོལ་བའི་ལས་རྣམས་འགྲུབ་པ་དང་། །གཏོར་ཟོར་དྲག་པོའི་རྫས་ཀྱི་དཔུང་སྐྱེད་ཅིག །དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང་། །ཤུགས་སྒྲོལ་སྟོབས་ཀྱིས་རྗེས་ཤུལ་མེད་པར་མཛོད། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཞེས་ཕྲིན་ལས་གསོལ་ལོ། །གཉིས་པ་སྒོ་དབྱེ་བ་ནི། གསེར་སྐྱེམས་ཐོགས་ལ། རྩ་གསུམ་ཆོས་སྐྱོང་དམ་ཅན་དང༔ སྒོ་བཞི་སྲུང་བའི་ཕྲ་མེན་རྣམས༔ གཙང་སྦྱར་གསེར་སྐྱེམས་འདི་བཞེས་ལ༔ ཟོར་སྒོ་དགྲ་བགེགས་སྟེང་དུ་ཕྱེས༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ ཁྲག་འཐུང་ཁྲོ་བོའི་དམག་དཔུང་སྐྱེད༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་འཕེན་ཕྱོགས་སུ་མཆོད། གཏོར་ཟོར་སྟེགས་ལས་བསྒུལ་ཞིང་སྨན་རཀ་བྲན་ནས་སྒྲུབ་ཁང་གི་སྒོའི་ཕྱི་ལོགས་ཙམ་དུ་བཀོད་ལ། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་དཔལ་ཆེན་ཀཱི་ལ་ཡ༔ མི་མངོན་དབྱིངས་ནས་ཐུགས་དམ་བསྐུལ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ ཞེས་ཐུགས་དམ་བསྐུལ། ཆད་ཐོ་བསྒྲག་ལ་ཕུལ། ཕུད་དང་རུ་མཚོན་གྱིས་སྣ་དྲངས་ནས་གཟའ་རྒོད་རྒྱུ་ཕྱོགས་དང་བསྟུན་ཏེ་ཁྱེར་ནས་འཕང་བའི་སར་སླེབ་པ་དང་། དམིགས་བྱ་འབེན་དུ་བཅས་ལ་དགུག་གཞུག་བྱ། ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ དྲེགས་པ་ཐམས་ཅད་བདག་ལ་དགོངས༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིན༔ སྣང་སྲིད་ཀུན་གྱི་བདག་པོ་སྟེ༔ ང་ཡི་བཀའ་ལ་ཐམས་ཅད་ཉོན༔ དེ་རིང་གྲོགས་དང་ལས་ལ་བྱོན༔ གསུམ་པ་ཟོར་འཕང་བ་ནི། ཟོར་རྫས་ཡོད་ན། བྷྱོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས། །ཕོ་ཉར་མངགས་པ་ཟོར་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །རྦ་ཀློང་འཁྲུགས་པ་ཁྲག་གི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །དྲགས་སྔགས་བཟླ་བཞིན་པར་བརྡེག །དེ་བཞིན་ཐོག་མཐའ་འདྲ་བ་ལ། རི་བོ་སྙིལ་བ་རྡོ་ཡི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །མཚོན་རྩེ་གཟེངས་པ་ཡུངས་དཀར་ཟོར། །མུན་པ་འཁྲིགས་པ་དུག་གི་ཟོར། །ཞེས་བསྒྱུར་ཏེ་དྲགས་སྔགས་བཟླ་བཞིན་པས་བརྡེག །གཏོར་ཆེན་བཏེགས་ལ། ཧཱུྃ་བྷྱོ་བྷྱོ༔ དགོངས་སུ་གསོལ་ལོ་སངས་རྒྱས་རྣམས༔ གསན་དུ་གསོལ་ལོ་ཡི་དམ་ལྷ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཚོགས༔ ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག༔ བསྟན་པ་བཤིག་པའི་དགྲ་བོ་དང༔ བར་གཅོད་བྱེད་པའི་བགེགས་ཚོགས་ཀྱི༔ སྐྱོབ་པའི་ལྷ་དང་སྲུང་མ་དང༔ འགོ་བའི་དགྲ་བླ་བརྒྱུད་དང་བཅས༔ སྡོང་ཟླ་བྱེད་པའི་འབྱུང་པོ་ཀུན༔ ཡེ་ཤེས་མེ་ཡི་མཚོན་ཆས་གཟིར༔ རིག་སྔགས་དམོད་པས་རྨང་མེད་བཅོམ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་ཆོད༔ མིང་དང་བརྡ་ཙམ་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་ཟློག་སྔགས་བཟླ་བཞིན་བརྡེགས་པས། དཔལ་ཆེན་ཁྲོ་ཚོགས་ཁྲོས་འཁྲུགས་རྔམས་པས་ཀླ་ཀློ་གདུག་པ་གཙོ་བོར་གྱུར་པའི་མི་མཐུན་པའི་དགྲ་བོའི་གཟུགས་ཕུང་བཤིག །རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླགས་པར་བསམ་ལ། དྲག་སྔགས་དམོད་མོར་བཅས་པས་ཐལ་མོ་དང་དུལ་མོ་བརྡེག་གོ །རྗེས་འབྲེལ་མནན་སྲེག་གི་ལས་སྦྱོར་བྱ་བར་སྤྲོ་ན་སྐབས་ཐོབ་ལྟར་སྦྱོར་ཤེས་པར་བྱའོ། །ལས་བྱང་ལྟར་སྲུང་འཁོར་གྱིས་མཚམས་བཅད། སློབ་དཔོན་གྱིས་རྟིང་མནན་ཏེ་སྒོ་དྲུང་དུ་བརྟན་མ་སྐྱོང་། རྟ་བྲོ་དང་། ཤིས་བརྗོད་མདོར་བསྡུས་བྱ། ནང་དུ་ལོག་ནས་ཚེ་འགུགས་དང་། དངོས་གྲུབ་བླང་བ། ཆོས་སྐྱོང་གི་རྗེས་ཆོག །གཏང་རག་གི་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བཅས་ལས་བྱང་ལྟར་བྱའོ། །ཚུལ་འདི་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་སྨད་ལས་སུ་སྦྱོར་ཀྱང་གནད་གཅིག་པས་རུང་ལ་དེ་ལྟར་ན། བདག་མདུན་གྱི་བསྐྱེད་ཆོག་སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ལས་བྱང་ལ་བརྟེན་པ་ཙམ་ཁྱད་པར་རོ། །བདུད་སྡེའི་རུ་མཚོན་བསྙིལ་ལ་རྒྱལ་ཀུན་གྱིས། །རབ་བསྔགས་ཕྲིན་ལས་ཕུར་པའི་ལས་རིམ་གཞུང་། །བསྡེབས་ལེགས་རྣམ་དཀར་ཉིན་བྱེད་ཆེས་གསལ་བས། །ཕན་བདེའི་པད་ཚལ་རྒྱས་ཤིང་དར་གྱུར་ཅིག །ཅེས་པའང་རང་གཞན་ལ་ཉེར་མཁོའི་ཆ་རྐྱེན་དུ་མཐོང་ནས་གཏེར་གཞུང་རྩ་བའི་ཚིག་དོན་མ་ཉམས་པར་ལས་འགྲིགས་རིག་འཛིན་གོང་མའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་བཀོད་པ་པོ། བདུད་འདུལ་ཀཱི་ལ་ཡའི་རིགས་སྔགས་འཆང་བ་ཕྲིན་ལས་དྲག་པོ་རྩལ་ལམ་མིང་གཞན་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་སྤེལ་བའི་ཡི་གེ་པ་ནི་རེབ་གོང་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེས་བགྱིས་པ་བདེ་ལེགས་ཀྱི་དཔལ་ཡོན་རྒྱས་ཤིང་འཕེལ་བའི་རྒྱུར་གྱུར་ཅིག། ༈ །།དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གསང་ཐིག་སྙིང་པོའི་སྐོར་ལས༔ རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་ (Volume 32, Text 39)
༁ྃ༔ གསང་ཐིག་སྙིང་པོའི་སྐོར་ལས༔ རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ ན་མོ་བཛྲ་ཀུ་མཱ་ར་ཡ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕྲིན་ལས་སྙིང་པོར་བསྡུས་པ་ནི༔ སྐྱབས་ཡུལ་ཐམས་ཅད་མདུན་དུ་བསྒོམ༔ བླ་མ་དཀོན་མཆོག་གསུམ་རྣམས་དང༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོས་རྩེ་དགུ་དང༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་ཕུང་དང༔ བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང༔ རིན་པོ་ཆེ་ཡི་རྩེ་བྲན་དང༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ གཡས་པས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང༔ གཡོན་བསྐུམ་ཡབ་ཀྱི་རྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ སྤྱི་བོར་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཡབ་ཀྱི་གསང་གནས་ཧཱུྃ་ཡིག་ལས༔ རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན༔ ཡུམ་གྱི་མཁའ་གསང་པཱཾ་ཡིག་ལས༔ པདྨར་ཉི་མ་ཨཱཾ་གྱིས་མཚན༔ བདེ་བ་ཆེན་པོའི་དབྱིངས་སུ་རོལ༔ བ་སྤུ་རྡོ་རྗེ་ཕྱེད་པ་དང༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུང་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ སྙེམས་མ་གྲི་ཐོད་འཛིན་དང་འཁྲིལ༔ སྐྱིལ་ཀྲུང་བཞུགས་པའི་སྲོག་གི་གོར༔ རིན་ཆེན་ཆ་བརྒྱད་ཉི་ཟླའི་སྟེང༔ རྡོ་རྗེ་སྔོན་པོའི་ལྟེ་བ་ལ༔ ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ མཐའ་སྐོར་འབྲུ་དགུ་རང་སྒྲར་བཅས༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནི༔ དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རང་གི་གནས་གསུམ་ཐིམ་པ་ཡིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ༔ བདེ་གཤེགས་བླ་མ་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་ཉམས་ཆག་བསྐངས༔ མཁའ་འགྲོ་ཆོས་སྐྱོང་འཁོན་པ་སྦྱངས༔ དྲེགས་པ་ཐམས་ཅད་ལས་ལ་བཙུད༔ བདུད་དང་དམ་སྲི་ཐལ་བར་བརླགས༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་སྦྱངས༔ སྣང་བ་ཐམས་ཅད་ལྷ་ཡི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ༔ དྲན་རྟོག་ཡེ་ཤེས་རོལ་པར་བསྒོམ༔ རང་གི་སེམས་ཉིད་འདི་དག་ནི༔ རྡོ་རྗེ་གཞོན་ནུ་ཉིད་དུ་བལྟ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་བཟླས་ཐུན་མཚམས་གཏོར་མ་འབུལ༔ སྐབས་སུ་དཔལ་གྱི་གཏོར་མ་ནི༔ ལྷ་རུ་བསྒོམས་ལ་དབང་བླང་སྟེ༔ དེ་ཡང་དང་པོ་མེ་ཏོག་འབུལ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ ཅེས་གསོལ་རང་ཉིད་ལྷ་རུ་བསྒོམ༔ གཏོར་མ་ལྷ་ཡི་གནས་གསུམ་ནས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་གནས་གསུམ་ཐིམ་པ་ཡིས༔ སྒོ་གསུམ་སྒྲིབ་པ་མ་ལུས་སྦྱངས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་བསམ༔ ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེས་ལ༔ གཟི་བརྗིད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆོད་སོལ༔ འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ ཚངས་དབྱངས་གསུང་གི་དབང་མཆོག་ངག་ལ་སྩོལ༔ ངག་སྒྲིབ་ངག་མནན་དིག་ལྐུགས་བསལ་བ་དང༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ ཡིད་སྒྲིབ་སྨྱོ་འབོག་བརྒྱལ་ནད་ཞི་བ་དང༔ བདེ་ཆེན་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་ཟློག་པ་དང༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་པས་དབང་བླང་གཏོར་འབུལ་ནི༔ རཾ་ཡཾ་ཁཾ་གིས་གཏོར་མ་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༔ བྷྲཱུྃ་ལས་བྷཉྫ་ཡངས་ཤིང་རྒྱ་ཆེའི་ནང༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང༔ བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ༔ ཁ་ཆོད་ཉི་མ་ཟླ་བ་རྡོ་རྗེས་མཚན༔ མེ་རླུང་སྦྱོར་བས་བདུད་རྩི་ཞུ་ཞིང་ཁོལ༔ རླངས་པས་འཁོར་འདས་དྭངས་མ་བཅུད་རྣམས་བསྡུས༔ རིགས་ལྔ་ཡབ་ཡུམ་སྐུར་གྱུར་བདེ་ཆེན་སྦྱོར༔ ཁ་ཆོད་བཅས་པ་བྱང་ཆུབ་སེམས་སུ་ཞུ༔ དམ་ཚིག་ཡེ་ཤེས་བདུད་རྩིར་གཉིས་མེད་འདྲེས༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ལག་པ་གཡས་ཕྱར་གཡོན་གདེངས་ཤིང༔ མཐེབ་མཛུབ་སྦྲེལ་བའི་ཕྱག་རྒྱས་བརླབ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་བཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲིཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་གྲྀཧྞཱནྟུ༔ མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་མཆོད་པ་དང༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པ་དང༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་ཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཞེས་བཅོལ་ཡེ་ཤེས་རང་ལ་བསྟིམ༔ འཇིག་རྟེན་པ་རྣམས་རང་གནས་གཤེགས༔ འདིས་ནི་བར་ཆད་ཐམས་ཅད་ཞི༔ བསམ་པ་ཐམས་ཅད་འདི་ཡིས་འགྲུབ༔ དེ་ཕྱིར་འདི་ལ་བརྩོན་པར་གྱིས༔ ཟབ་མོའི་གདམས་པ་འདི་ཉིད་ཀྱང༔ མ་འོངས་དོན་དུ་གཏེར་དུ་སྦས༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཙ་འདྲ་རིན་ཆེན་བྲག་ནས་སྤྱན་དྲངས་ཏེ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་གཏན་ལ་ཕབ་པའི་ཡིག་བྲིས་པདྨ་གར་གྱི་དབང་ཕྱུག་གིས་བགྱིས་པ་དགེ་ལེགས་འཕེལ།། །།
བླ་མའི་རྣལ་འབྱོར་ཚོགས་སྐོང་བཅས་ (Volume 41, Text 39)
བླ་མའི་རྣལ་འབྱོར་ཚོགས་སྐོང་བཅས་བཞུགས། ཨོཾ་ཨཱཿཧཱུྃ། རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་མཁར། །བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་སོགས། །སྐྱབས་གནས་ཀུན་འདུས་གུ་རུ་པདྨ་འབྱུང་། །རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབས་པར་གསལ། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བྱིན་དབབ་ནས་བཛྲ་གུ་རུའི་ཛཔ྄་ཅི་ནུས་བཟླ། མཐར་ཚོགས་མཆོད་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧྲཱིཿ སྣང་བ་སྣོད་ཀྱི་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་ཚོགས་རྫས་བཤམས། །གཉིས་འཛིན་དྲི་མ་ཀུན་བསལ་ནས། །ཡེ་ཤེས་བདུད་རྩིར་བསྒྱུར་བྱས་ཏེ། །རྒྱལ་བ་ཀུན་འདུས་པདྨ་འབྱུང། །རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་། །དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ། །འཁོར་གསུམ་དམིགས་པའི་སྒྲིབ་ཚོགས་ཀུན། །ཡེ་དག་ཀུན་བཟང་ཀློང་དུ་བཤགས། །མ་རིག་གཉིས་སུ་འཛིན་པའི་བགེགས། །སྐུ་གསུམ་རོལ་པར་བསྒྲལ་ནས་ཀྱང་། །མཉམ་ཉིད་ཡངས་པའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །སྐོང་བ་ནི། ཧྲཱིཿ དུས་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །པདྨ་ཐོད་ཕྲེང་དཀྱིལ་འཁོར་ལྷ་ཡི་ཚོགས། །བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང་། །སྡོམ་གསུམ་འགལ་བའི་ཉེས་ལྟུང་ཕྲ་རགས་རྣམས། །དམིགས་མེད་ཀུན་བཟང་ཀློང་དུ་མཐོལ་ཞིང་བཤགས། །དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །རང་བྱུང་ཡེ་ཤེས་གདོད་མའི་ཆོས་ཀྱི་སྐུ །བདག་རྒྱུད་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་ཚོགས་མཆོད་རིམ་པ་གསུམ་དུ་སྤྲོས་ལ་ཕུལ། སྒྲུབ་པོ་ནང་གི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་པའི་ལྷག་མ་ནི། ཧྲཱིཿ ཀ་དག་ཐིག་ལེ་ཉག་གཅིག་ལས། །ཐབས་ཀྱི་རོལ་པ་གཙོ་དང་འཁོར། །རྣམ་འགྱུར་མི་བཟད་ལྷག་སྡུད་ཚོགས། །ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད། །ཆད་མདོ་ནི། ཧཱུྃ་བྷྱོ། དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ། །ཤེས་རིག་གདོད་མའི་མགོན་པོས་རང་སྣང་གི །འཁོར་ཚོགས་རྒྱ་མཚོར་ཇི་ལྟར་བཅོལ་པའི་ལས། །བསྒྲུབ་ཕྱིར་གཏོར་མ་འབུལ་གྱིས་བཞེས་སུ་གསོལ། །བརྟན་སྐྱོང་ནི། ཁྱད་པར་རིག་འཛིན་པདྨ་སམྦྷ་ཝའི། །ཞལ་མཐོང་བོད་ཡུལ་བརྟན་སྐྱོང་བཅུ་གཉིས་པོ། །འཁོར་བཅས་བཤལ་ཆུའི་གཏོར་མ་འདི་ལོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དབང་བླང་བ་ནི། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས། །བདག་ཅག་མོས་པའི་བུ་རྣམས་ལ། །ལུས་ལ་སྐུ་ཡིས་བྱིན་གྱིས་རློབས། །ངག་ལ་གསུང་གིས་བྱིན་གྱིས་རློབས། །ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །དབང་བཞི་བསྐུར་བར་བྱིན་གྱིས་རློབས། །རྒྱུད་བཞི་དག་པར་བྱིན་གྱིས་རློབས། །ལམ་བཞི་འབྱོང་བར་བྱིན་གྱིས་རློབས། །སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་ཌཱ་ཀི་ནཱི། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ རྩ་གསུམ་ལྷ་ཚོགས་འོད་ཞུ་རང་ལ་ཐིམ། །སྐྱེ་བ་ཀུན་ཏུ་ཨོ་རྒྱན་པདྨ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །པདྨ་འབྱུང་གནས་གོ་འཕང་མྱུར་ཐོབ་ཤོག །སོགས་བརྗོད་ཅིང་མཐར་བཀྲ་ཤིས་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །ཅེས་སི་ཏུ་པདྨའི་མིང་ཅན་གྱིས་ཆོས་ཁྲིམས་དཀར་རིན་ངོར་སྤེལ་བ་དགེ། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་གྲུབ་ཆེན་ཌོམྦི་པ་སོགས་གྲུབ་ཐོབ་སོ་སོའི་བླ་སྒྲུབ་ (Volume 11, Text 39)
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་གྲུབ་ཆེན་ཌོམྦི་པ་སོགས་གྲུབ་ཐོབ་སོ་སོའི་བླ་སྒྲུབ་དབང་གི་སྐབས། སྐྱབས་སེམས། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ མཆོད་པ་བྱིན་རླབས། ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ཞེས་་སྔོན་དུ་འགྲོ་བས། གཏེར་གཞུང་བཞིན་བདག་མདུན་བུམ་པ་སོ་སོར་གསལ་བཏབ་ལ། གཙོ་འཁོར་རྣམས་ཀྱི་གནས་གསུམ་གྱི༔ འབྲུ་གསུམ་ལས་ནི་འོད་འཕྲོས་པས༔ སྒོམ་པ་དང་མཚུངས་ཡེ་ཤེས་པ༔ སྤྱན་དྲངས་བདག་མདུན་རྣམས་ལ་ཐིམ༔ བཟླས་དམིགས་ནི། ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར། །ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་མཆོད་པའི་སྤྲིན། །ཕར་འཕྲོས་རྒྱལ་བའི་དཀྱིལ་འཁོར་མཆོད། །ཚུར་འདུས་བྱིན་རླབས་དངོས་གྲུབ་བསྡུས། །སྣང་གྲགས་ལྷ་སྔགས་ཆོས་སྐུའི་ངང་། །དག་པ་རབ་འབྱམས་འཁོར་ལོར་གྱུར། །ཞེས་པའི་ཏིང་ངེ་འཛིན་དང་ལྡན་པས་བསྙེན་པ་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་སྤྱི་འགྲེ་བྱ། ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་དང་། རིག་མེ་དོར་ལ་གནང་བ་ནོད།
གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཁྱུང་གི་སྒོས་སྒྲུབ་གདུག་པ་ཀུན་འཇོམས་ (Volume 46, Text 39)
ྈ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཁྱུང་གི་སྒོས་སྒྲུབ་གདུག་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ མཁའ་འགྲོའི་གཏད་རྒྱ༔ ྈྈྈྈ ཐུགས་གསང་འདུས་པའི་ལྷ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་ལ་ཕན་དོན་དུ༔ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་བསྟན༔ ས་མ་ཡ་ཁ་ཐཾ་རྒྱ་རྒྱ་རྒྱ༔ དང་པོ་དབེན་པར་སྟེགས་བུ་ནི༔ གྲུ་གསུམ་ཁྲག་གིས་ཆག་ཆག་གདབ༔ དེ་སྟེང་པདྨ་འདབ་བརྒྱད་བཀོད༔ དེ་སྟེང་ཟངས་བུམ་ནང་དུ་ནི༔ འོག་ནས་འབྱུང་བའི་རྫས་རྒོད་དང༔ ཡུངས་དཀར་སིལ་བུ་ཐོག་ལྕགས་ལ༔ ཡི་གེ་ཁྲོཾ་བྲིས་དེ་རྣམས་བཅུག༔ མཐའ་སྐོར་སྨན་རཀ་གཏོར་མ་ནི༔ ཉ་སྦལ་སྦྲུལ་ཤས་སྦགས་པ་བཤམ༔ བུམ་དཀྱིལ་ཁྱུང་གི་སྐུ་གཟུགས་བཙུགས༔ རང་དང་བུམ་པ་སྟོང་པ་ལས༔ དྲན་རྫོགས་ངང་དུ་འདི་བཞིན་བསྒོམ༔ ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རྡོ་རྗེའི་བྲག་རིའི་སྟེང༔ ཁྲོ་ཆུའི་སྒོ་ཁྱུད་འོད་ཟེར་ལྔ་དང་ལྡན༔ རི་རབ་ཙམ་གྱི་སྒོང་ཆུ་རིམ་པ་བཞིན༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཀྱི་དཀྱིལ༔ ཧཱུྃ་དང་ཀྵིཾ་ཁྲོཾ་མཚན་ལས་འོད་ཟེར་འཕྲོས༔ རྒྱལ་བ་མཆོད་ནས་ཀླུ་དང་སྡེ་བརྒྱད་བཏུལ༔ ཚུར་འདུས་ཡོངས་གྱུར་རང་རིག་ཁྱུང་གི་སྐུ༔ ཀླུ་རིགས་ཟ་བྱེད་སྡེ་བརྒྱད་གཤེད་དུ་ཆེ༔ ནམ་མཁའི་རང་བཞིན་དབུ་ནི་མཐིང་ནག་ལ༔ བསེ་མིག་གསུམ་ལྡན་ཟངས་རྭ་རྡོ་རྗེའི་མཆུ༔ གནམ་ལྕགས་རལ་གཡེངས་ཉི་ཟླ་ནོར་བུས་བརྒྱན༔ སྐུ་སྟོད་མེ་ཡི་རང་བཞིན་བྱི་རུའི་མདོག༔ ཕྱག་གཉིས་ཀླུ་སྦྲུལ་རིགས་ལྔ་ཞལ་དུ་གསོལ༔ གཤོག་པ་རླུང་གི་རང་བཞིན་ལྗང་གུ་སྟེ༔ ཇི་ལྟར་གཡུ་ཡི་རལ་གྲི་གཤིབས་དང་མཚུངས༔ ལྟོ་བ་ཆུ་ཡི་རང་བཞིན་དུང་ལྟར་འཚེར༔ རྐང་པ་ས་ལས་གྲུབ་སྟེ་གསེར་གྱི་མདོག༔ ལྕགས་སྡེར་རྣོན་པོས་ཀླུ་བདུད་སྙིང་རྩ་འདྲེན༔ མཇུག་མ་གཡུ་ཡི་སྤུ་གྲི་མཚོན་ཆ་འཕྲོ༔ བ་སྤུ་རྡོ་རྗེ་རྩེ་ལྔ་རེ་རེ་ལས༔ གནམ་ལྕགས་ཐོག་གི་ཚྭ་ཚྭ་ཐུ་ལུ་ལུ༔ གཤོག་རྡེབ་བྱ་འུར་ཐིལ་ཕྲན་སྤྲུག་པའི་ཚེ༔ མེ་དཔུང་བྱ་ཁྱུང་བྱེ་ཚན་ཆར་པ་འབེབ༔ ཁྱུང་སྐད་དྲག་པོས་འོག་ཕྱོགས་ཀླུ་ཡུལ་འཁྲུགས༔ རི་རབ་བསྙིལ་ཞིང་མེ་ཆེན་དབུས་སུ་གནས༔ སྐུ་ཚད་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ དཔྲལ་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ་དང་ནི༔ ཀྵིཾ་ཁྲོཾ་མཚན་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ རྒྱལ་བ་ཞི་ཁྲོ་མ་ལུས་བྱ་ཁྱུང་གི༔ རྣམ་པར་སྤྱན་དྲངས་རང་དང་གཉིས་མེད་ཐིམ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ རི་རབ་འབར་བའི་རྩེ་མོ་ནས༔ སྤྲུལ་པའི་བྱ་ཁྱུང་རྫུ་འཕྲུལ་ཅན༔ གང་འདུལ་སྟོན་པའི་དྲག་པོ་ཆེ༔ གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ འོག་ཕྱོགས་ཀླུ་འཁྲུགས་རྒྱ་མཚོ་དཀྲུགས༔ གླིང་བཞི་འཇིག་ལ་ཐུག་པའི་ཚེ༔ བདེ་གཤེགས་རིགས་ལྔ་ཕྱག་རྡོར་གྱིས༔ འགྲོ་ལ་བརྩེ་གཟིགས་ཁྱོད་སྤྲུལ་ནས༔ འོག་ཕྱོགས་ཀླུ་རིགས་ཟོས་ཤིང་བཏུལ༔ སྔོན་ཚེ་ཐུགས་དམ་མ་གཡེལ་བར༔ གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ དམ་ཡེ་དབྱེར་མེད་བརྟན་པར་བཞུགས༔ ཛཿཧཱུྃ་བཾ་ཧོ༔ མཆོད་པ་འབུལ་བ་ནི༔ ཧོ༔ དགོངས་ཤིག་འཇིགས་བྱེད་ག་རུ་ཌ༔ ཁྱོད་ལ་མཆོད་པའི་བྱེ་བྲག་ནི༔ བདུད་རྩི་སྨན་དང་རཀྟ་དམར༔ བ་ལིཾ་གཏོར་མ་རི་ལྟར་བརྗིད༔ ཀླུ་རིགས་བསྒྲལ་པའི་ཤ་ཁྲག་བརྒྱན༔ འབུལ་ལོ་དགྱེས་བཞེས་དངོས་གྲུབ་སྩོལ༔ རྫས་དང་རྟེན་ལ་བྱིན་ཕོབ་ཅིག༔ གདུག་པ་འདུལ་བའི་ཕྲིན་ལས་མཛོད༔ ག་རུ་ཌཿམ་ཧཱ་བྷྱཿཔཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ནཱ་ག་སྱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཐབས་ཀྱི་ཁྲོ་རྒྱལ་ག་རུ་ཌ༔ ཡེ་ཤེས་ལྔ་ཡི་ལུས་དང་ལྡན༔ ཀླུ་དང་སྡེ་བརྒྱད་ཟས་སུ་ཟ༔ མ་རུངས་གཤེད་པོ་ཁྱོད་ལ་བསྟོད༔ དེ་ནས་ཛཔ྄་ནི༔ ཧཱུྃ༔ རང་ཉིད་བྱ་ཁྱུང་ཐུགས་ཀའི་ས་བོན་མཐར༔ སྔགས་ཕྲེང་འཁོར་ལས་བྱ་ཁྱུང་རིགས་བཞི་དང༔ མེ་དཔུང་མཚོན་ཆ་རྡོ་རྗེའི་ཐོག་སེར་འཕྲོ༔ ཀླུ་དང་སྡེ་བརྒྱད་མ་རུངས་གནོད་བྱེད་ཀུན༔ གཞོབ་ཀྱིས་བསྲེགས་བརླགས་སླར་འདུས་སྲུང་བ་ཡི༔ འཁོར་ལོ་སྲ་བརྟན་ཡངས་ཤིང་རྒྱ་ཆེར་གྱུར༔ རྩ་སྔགས་ནི༔ ཨོཾ་ཧཱུྃ་ཀྵིཾ་ཁྲོཾ་ཛཿག་རུ་ཌཿཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཞེས་སྔ་དྲོའི་རིགས་ལ་རྩ་སྔགས་བཟླ་འོ༔ ཕྱི་དྲོའི་རིགས་ལ་དྲག་སྔགས་གདུག་པ་ཀུན་འཇོམས་ནི༔ ཨོཾ་པྲ་ཛྙཱ་ཧསྟ༔ ཁྲོཾ་ག་རུ་ཌཿཧཱུྃ་ཕཊ༔ མ་ཡཱུར་ཁྱུང་ཁྱུང༔ ཧ་ལ་ཧ་ལ་ཕྱུང་ཕྱུང༔ ཤིག་ཤིག་སརྦ་སཏྭམ་བྷ་ཡ་ནན༔ ཨོཾ་སི་ལི་སི་ལི་ནན༔ བཛྲ་ཏི་ཤི་ནན༔ བར་ཞུམ་ཧ་རི་ནན༔ ཀྱི་ལི་ཀྱི་ལི་ཡཾ་ཡཾ་ནན༔ ལཾ་ལཾ་སད་སད༔ སོད་སོད༔ ཧབ་ཕྱུང་ཧུབ་ཕྱུང༔ ནན་ནན་སོད༔ ཕུག་ཕུག་སོད༔ ཕཊ་ཕཊ་སོད༔ ཁྲོལ་ཁྲོལ་སོད་སྭཱ་ཧཱ༔ ཞེས་རྟགས་མ་བྱུང་བར་བཟླ་འོ༔ རྟགས་ནི་རྨི་ལམ་དུ་རང་ལུས་ལ་མེ་འབར་བ༔ རི་བོ་ལ་མེ་བཀྱེ་བ༔ ཆུ་མིག་སྐམ་པ༔ སྦལ་སྦྲུལ་བསད་པ༔ བྱ་རིགས་མང་པོ་འཚུབས་པར་རྨིས་པ་དང༔ གཞན་ཡང་དངོས་སུ་རང་གི་ལུས་སྦྲིད་པ༔ གྲང་ཤུམ་བྱེད་པ༔ ཚ་ཁྱུག་ཁྱུག་བྱེད་པ༔ དེ་རྣམས་བྱུང་ན་འགྲུབ་པའི་རྟགས་ཡིན་པས་དྲག་སྔགས་རྒྱུན་གཅད་པར་བྱའོ༔ ཐུན་བསྡུ་ཚེ་ཧཱུྃ་སྡུད་བྱས་པས་ཟབ་བོ༔ དེ་ལྟར་མིན་ཡང་བུམ་ནང་གི་རྫས་ལ་བསྟིམས་ཀྱང་ཆོག༔ དེ་ལྟར་གྲུབ་ནས་ཡུངས་དཀར་སྲུང་ཟློག་གི་རྫས་བྱ༔ ཁྲོཾ་དང་རྫས་རྒོད་ཐུམ་ཅིག་རང་ལུས་ལ་འཆང་ངོ༔ ༈ དེ་ནས་ལས་ལ་སྦྱར་བ་ནི༔ དང་པོ་རྫས་གསག་སྟེ༔ གཙོ་བོ་གླ་རྩི་ཆ་ཆེ་བ༔ ཤིན་ཀུན༔ མུ་ཟི་ནག་པོ༔ སྤྱང་བྲུན༔ ཤི་སྐྲ༔ གུ་གུལ༔ སྡོང་རོས༔ སྤྲུ་ནག༔ ཡུངས་དཀར༔ ཡུངས་ནག༔ ར་ཡི་སྤུ་གཞོབ༔ རྒྱ་ཡི་རྭ་གཞོབ༔ ཐལ་ཆེན༔ སྒོག་སྐྱ༔ སླེ་ཏྲེས༔ ཟ་འོག༔ སྟག་གི་སེན་མོ༔ བྱ་རོག་ཤ༔ རྡོ་དྲེག་དམར་པོ༔ ཀེ་ཚེ༔ སྡིག་པའི་རྭ༔ ཤུ་དག་ནག་པོ༔ བབ་ལ༔ ཉ་ཡི་མགོ༔ ཤ་ཆེན༔ སྲེ་མོའི་ཤ༔ བཙན་དུག༔ དྲི་ཆེན༔ ར་དང་གླང་གི་རྭ༔ རྟ་རྨིག་གི་གཞོབ༔ སྦྲུལ་ཤ༔ ཙནྡན༔ ཕག་གི་སྣ་དང་མཆེ་བ༔ དེ་རྣམས་ཞིབ་པར་བཏགས་ཆང་དང་རྭ་ཁྲག་གིས་སྦྲུས༔ རིལ་བུ་མཐེའུ་ཆུང་གི་མགོ་ཙམ་བྱས་ལ་གླང་དམར་རྭ་ནང་དུ་བླུག༔ རང་ཉིད་བྱ་ཁྱུང་གོང་ལྟར་བསྒོམ༔ རིལ་བུ་ཡང་ཁྱུང་དུ་བསྒོམས་ནས༔ རིལ་བུ་ལ་ཕུ་བྱ་ཞིང༔ སྔགས་མང་ཉུང་གཉིས་ཞག་བདུན་ལ་བཟླ་འོ༔ དེ་ནས་དུག་བསྲུང་བར་འདོད་ན་སྔགས་འདི་སྟོང་བཏབ་ལ་བཏག་གོ༔ བྷི་ཥ་ཧ་ལ་སོད༔ ལེ་ཏ་ཧྲི་ཏ་སྭཱ་ཧཱ༔ མཛེ་བསྲུང་བ་དང་ཞི་བར་འདོད་ན་སྔགས་འདི་མང་དུ་བཏབ་པར་བྱའོ༔ ཕེ་ལཾ་ཧཱུྃ་ནཱ་ག་ཧུར་ཧུར་རཾ་རཾ་ཐུཾ་ཐུཾ་མཱ་ར་ཡ་རྦད༔ དེ་ནས་ཤུ་བ་མཛེར་ནག༔ འབྲུམ་པ་བས་ལྡག༔ ཕོལ་མིག༔ འབྲས་རྒྱ་ཐོར༔ མདོར་ན་ཀླུའི་ནད་རིགས་དང་ཆུ་སེར་བད་གཉན་ལ་སོགས་བསྲུང་བ་དང༔ ནད་པ་གསོ་ན་སྔགས་འདི་སྟོང་བཏབ་ལ་བཟའ་ཞིང་བཏགས་པ་དང་བྱུག་གོ༔ ཁྲོཾ་བྷྱོ་ནཱ་ག་རཱ་ཙ་ཨུ་ཙ་ཊ་ཡ་ཕཊ༔ སུ་མ་རཱ་ཙ་སུ་ནི་རཱ་ཙ་མ་ཙ་མ་ཙ༔ ཟ་ཟ་ཏྲིག་ཏྲིག་ཏྲིང་ཏྲིང་དུང་དུང་མ་མ་རག་མོ་བྷིག་ནན་ཨུཙྪཱ་ཏ་ཡ་ཕཊ༔ འགོ་བའི་ནད་ལྷོག་པ༔ རྒྱ་ནད༔ གག་པ༔ གཟེར་ཐུང༔ མགོ་གཟེར༔ དམར་བཤལ༔ མདོར་ན་འགོས་ནད་ཐམས་ཅད་སྲུང་ན་སྔགས་འདི་སྟོང་བཏབ་ལ་བཟའ་བ་དང༔ སྣོམ་ཞིང་བཏག་གོ༔ ཁ་ལ་དུ་ཏྲི་མཱ་ར་ཡ་རྦད༔ ནག་པོ་རྒྱུག་ནད་ཀྱི་ཙིཏྟ་ཐུཾ༔ ཀཱ་ལ་དུ་ཏྲི་ལོ་ཧི་ཀཱ་ལ་ཟློག༔ དེ་ནས་སྨྱོ་འབོག་བརྒྱལ་ནད་གཟའ་གྲིབ་ཀུན་ལ་སྔགས་འདི་བརྒྱ་བཟླས་བཏབ་ལ༔ བཟའ་བ་དང་བདུག་གོ༔ ཧབ་ལེ་ཧུབ་ལེ་གནོད་བྱེད་ཀྱི་སྲོག་གཏུབས་གཏུབས་མཱ་ར་ཡ་རྦད༔ སེར་བ་ཟློག་ན་སྔགས་འདི་བཏབ་ལ་བདུག་གོ༔ ཨེ་ཀ་ཧི་ཀོ་ནི་ཀོ་ན་ཤི་ལཾ་ཨུཙྪཱ་ཏ་ཡ་ཕཊ༔ གློ་ཧོན་སྲུང་ན་སྔགས་འདི་བཏབ་ལ་བཏགས་པ་དང་ཆུ་ལ་བཏབ་ལ་བླུད་དོ༔ ཧུར་ཧུར་བྷྱོ༔ དམར་པོ་ཁྲག་ནད་ཀྱི་བདག་པོ་ལ་ཤཾ་ཤཾ་ཐུན་རྦད༔ སྲིའུ་གསོ་ན་རིལ་བུ་སྲེ་མོའི་པགས་པར་གཏུམས་སྔགས་འདི་སྟོང་བཏབ་ལ་བཏག་གོ༔ ཏྲག་རཀྴ་རྦད་གནོད་བྱེད་ཆུང་སྲི་ཁ་ཐཾ་ཨ་ན་ཡ་གྷ་ཆིང་ཆིང༔ པྲ་ཤག་དུ་ཤག་བྷྱོ༔ ཕ་རོལ་གྱི་རྦོད་གཏོང་སྲུང་ན་སྔགས་འདི་སྟོང་བཏབ་ལ་དར་ནག་གིས་དྲིལ་ཏེ་མགུལ་དུ་བཏག་གོ༔ མནྟྲ་བྷིརྺ་ཁྲོཾ་ཤག་བྷྱོ༔ ཁ་ཐུན་ཁ་ཐུན་ཁྲོཾ་ཤག་བྷྱོ༔ རུ་ལུ་རུ་ལུ་ཁྲོཾ་ཤག་བྷྱོ༔ ཐོག་སྲུང་ན་སྔགས་འདི་བརྒྱ་བཏབ་དར་སྔོན་གྱིས་དྲིལ་ཏེ་མགུལ་དུ་བཏག་གོ༔ ཨ་ཤ་སྭ་རུ་བྷྱོཿ ཝཾ་པྲ་ཤ་ཧཱུྃ་ར་མ་ཧུར་ཐུཾ་བྷྱོ༔ རྨ་དང་ཐབ་སོགས་སྐྲངས་པ་གང་ལ་ཡང་སྔགས་འདི་བཏབ་ལ་ཆུར་སྦང་བྱུག༔ ཐཾ་ལོ་ཧི་མཱ་ར་ཡ་ཕཊ༔ ཝཾ་ཡུན་ཙི་མཱ་ར་ཡ་ཕཊ༔ ཕྱི་མ་ལིང་ཐུཾ་མྱོག་སོད༔ ཞོ་ཆང་སྲུང་ན་སྔགས་འདི་སྟོང་བཏབ་ལ་སྟེང་དུ་བཞག་གོ༔ ཧབ་ཧབ་དུ་ན་ཏྲིར་ཁེར་ལིང་ཧུར་ཐུཾ་ཆིངས༔ ཕྱུགས་ནད་གང་ལ་ཡང་རིལ་བུ་བདུག་པས་ཆོག་གོ༔ རྣལ་འབྱོར་པས་ཐུན་ཟོར་མནན་གཏད་ས་གཉན་རློག་པ་སོགས་དྲག་པོའི་ལས་གང་བྱེད་ཀྱང༔ རིལ་བུ་ཕག་གི་ཤུན་པ་ནང་དུ་དྲིལ་ལ༔ སྔགས་འདི་མང་དུ་བཏབ་ཅིང་མགུལ་དུ་བཏགས་ན་རྡོ་རྗེའི་གོ་དང་འདྲ་སྟེ་སུས་ཀྱང་འཇིག་མི་ནུས་སོ༔ ཨོཾ་བྲེང་ཤོང་བྲེང་ཤོང་གདུག་པ་ཅན་གྱི་སྙིང་ལ་ཧེ་ཐུན་བྲེང་ཤོང་ཧཱུྃ་ཕཊ་སྭཱ་ཧཱ༔ གཞན་ཡང་གཤའ་དང་རྦབ་རྒོད་ཆུ་སྣ་སོགས་སྲུང་ན་སྔགས་འདི་བརྒྱ་བཏབ་སཱཙྪའི་ནང་དུ་བཅུག་ལ་དེ་ཕྱོགས་སུ་བཞག་གོ༔ ར་མ་ན་ཐུན་བྷྱོ༔ ཁ་ལིང་ཁ་ལིང་ཙ་ཡ་དྷ་ཐུཾ་ཐུཾ་ཤིག་ཤིག་བྱེར་བྱེར་ཨུཙྪཱ་ཏ་ཡ་ཕཊ༔ གཞན་ཡང་རྫས་ངན་སྣ་ཚོགས་དང་ནད་རིགས་ཐམས་ཅད་རང་ལ་མི་གནོད་པར་འདོད་ན༔ སྔགས་འདི་བརྒྱ་བཏབ་ལ་མཆོད་རྟེན་ནམ་སཱཙྪའི་ནང་གཞུག་བྱས་ལ་དེའི་སྟེང་དུ་བཞག་གོ༔ ཀཾ་པ་ཡ་ནཾ་ནཾ༔ ཨུ་ཙེ་ཧཱ་ལང་ཏྲི་ཤག་ཨག་ཧྲཱིལ་སརྦ་བྷིརྦ་ནཾ་བཾ༔ ཞེས་དེ་ལྟར་རྫས་སྔགས་ཁ་བསྒྱུར་བའི་ལས་ཚོགས་བསྟན་ནས༔ ༈ གདུག་པ་འདུལ་བའི་ཟ་ཡིག་བསྟན་པ་ནི༔ སྲབ་མོའི་ཤོག་བུ་ལ་བྲིས་ནས་གོང་གི་རྫས་རྣམས་བྱུགས་ལ་བཟའ་འོ༔ ཐོག་མར་གཟའ་ནད་ཞི་བའི་ཟ་ཡིག་མཐའ་ནས་ཡར་དྲིལ༔ ྈྈྈྈྈྈྈྈྈྈྈྈྈྈྈ ྈ་་འདྲ་མིན། གཉིས་པ་ཀླུ་ནད་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈྈྈྈ གསུམ་པ་གཉན་ནད་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈ བཞི་པ་འགོས་ནད་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈ ལྔ་པ་དུག་ནད་ཞི་བའི་ཟ་ཡིག་མགོ་ནས་ཕྱིར་དྲིལ༔ ྈྈྈྈྈྈྈ དྲུག་པ་བྱད་ཁ་ཟློག་པའི་ཟ་ཡིག་མགོ་ནས་ཕྱིར་དྲིལ༔ ྈྈྈྈྈྈ བདུན་པ་ལྷོག་རིགས་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈྈྈྈྈ བརྒྱད་པ་བརྒྱལ་ནད་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈྈ ྈ་་འདྲ་མིན། དགུ་པ་ཁྱི་དུག་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈ བཅུ་པ་རྒྱལ་འགོང་ཞི་བའི་ཟ་ཡིག་མགོ་ནས་ཕྱིར་དྲིལ༔ ྈྈྈྈ བཅུ་གཅིག་པ་ཆུང་སྲི་འདུལ་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈྈ བཅུ་གཉིས་པ་གདོན་རིགས་ཞི་བའི་ཟ་ཡིག་མགོ་ནས་ཕྱིར་དྲིལ༔ ྈྈྈྈྈྈྈྈྈྈྈྈྈ བཅུ་གསུམ་པ་ནད་རིགས་ཀུན་ཞི་བའི་ཟ་ཡིག་མཇུག་ནས་ཡར་དྲིལ༔ ྈྈྈྈྈྈྈྈ ༈ དེ་ནས་ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་སྲུང་བ་རྡོ་རྗེ་ཕ་ལམ་གྱི་གོ་ཁྲབ་བསྟན་པ་ནི༔ ཐོག་མར་རྒྱ་ཤོག་གི་སྟེང་དུ་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར་ཁྲོཾ་གྱི་མཐར༔ ཨོཾ་པྲ་ཛྙཱ་ཧསྟ་ཁྲོཾ་ག་རུ་ཌཿཧཱུྃ་ཕཊ༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྩ་སྔགས་བྲི༔ དེའི་ཕྱིར་རྩིབས་བཅུ་གསུམ་བྱ་སྟེ༔ དང་པོ་ལ༔ མ་ཡཱུར་ཁྱུང་ཁྱུང༔ གཉིས་པ་ལ༔ ཧ་ལ་ཧ་ལ་ཕྱུང་ཕྱུང༔ གསུམ་པ་ལ༔ ཤིག་ཤིག་སརྦ་སཏྭཾ་བྷ་ཡ་ནན༔ བཞི་པ་ལ༔ ཨོཾ་སི་ལི་སི་ལི་ནན༔ ལྔ་པ་ལ༔ བཛྲ་ཏི་ཤི་ནན༔ དྲུག་པ་ལ༔ བར་ཞུམ་ཧ་རི་ནན༔ བདུན་པ་ལ༔ ཀྱི་ལི་ཀྱི་ལི་ཡཾ་ཡཾ་ནན༔ བརྒྱད་པ་ལ༔ ལཾ་ལཾ་སད་སད་སོད་སོད༔ དགུ་པ་ལ༔ ཧབ་ཕྱུང་ཧུབ་ཕྱུང༔ བཅུ་པ་ལ༔ ནན་ནན་སོད༔ བཅུ་གཅིག་པ་ལ༔ ཕུག་ཕུག་སོད༔ བཅུ་གཉིས་པ་ལ༔ ཕཊ་ཕཊ་སོད༔ བཅུ་གསུམ་པ་ལ༔ ཁྲོལ་ཁྲོལ་སོད་སྭཱ་ཧཱ༔ ཞེས་བྲི་འོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཁྲོཾ་ག་རུ་ཌཿཧཱུྃ་ཕཊ༔ ཨ་ཏྲི་ཡ་ཙ་ཕུ་ཤ་དུམ་མཱ་ར་ཡ་ཆིང་ཆིང༔ སརྦ་ཤ་ཏྲཱུན་ཧུར་ཐུཾ་ཏྲིག་ནན་ཧ་ལ་ཡང་ཐུན་གཟེར༔ སུ་མ་རཱ་ཙ་སུ་ནི་རཱ་ཙ་མ་ཙ་མ་ཙ༔ ཟ་ཟ་ཏྲིག་ཏྲིག་ཏྲིང་ཏྲིང་དུང་དུང་མ་མ་རག་མོ་བྷིག་ནཱན་ཨུཙྪཱ་ཏ་ཡ་ཕཊ༔ བྷི་ཥ་བྷྱོ་ནན༔ གྲ་ཧེ་བྷྱོ་ནན༔ ནཱ་ག་བྷྱོ་ནན༔ བྱི་ར་བྷྱོ་ནན༔ ཏྲག་རཀྴ་བྷྱོ་ནན༔ རཱ་ཛ་བྷྱོ་ནན༔ རོག་ཁ་ལ་དུ་ཏྲི་བྷྱོ་ནན༔ ཧུར་ཧུར་རཾ་རཾ་ཤ་ཏྲཱུཾ་པྲ་ཎ་བྷནྡྷ་ཧཱུྃ་ཕཊ༔ དེའི་ཕྱི་རིམ་ཡེ་དྷརྨཱའི་མཐར་སྤེལ་ཚིག་བྲི༔ དེའི་ཕྱི་རིམ་ལ་ཨཱ་ལི་ཀཱ་ལིའི་མཐར་མ་མ་རཀྵ་རཀྵ་ཡཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་རྒྱབ་ཁྱུང་གི་སྐུ་གཟུགས་བྲིས་ལ་སྔགས་མགོ་ཕྱིར་བསྟན༔ གོང་གི་རྫས་བྱུགས་མགུལ་དུ་བཏགས་པས༔ ཀླུ་དང་སྡེ་བརྒྱད་འབྱུང་པོ་ལ་སོགས་པའི་གདོན་རིགས་ཐམས་ཅད་དང༔ གཞན་ཡང་སྨྱོ་འབོག་བརྒྱལ་གསུམ་འགོ་བའི་ནད༔ མཛེ་དང་ཀླུ་ནད་ཀྱི་རིགས་གག་ལྷོག་སྦྱར་དུག༔ རྦོད་གཏོང༔ མདོར་ན་བཀྲ་མི་ཤིས་པའི་ཕྱོགས་མཐའ་དག་ཟློག་ཅིང་བསྲུང་བར་འགྱུར་རོ༔ དམ་མེད་བདུད་ཀྱི་གོ་ཆར་འགྲོ་ཉེན་ཡོད་པས་གཡར་དམ་སྙིང་གི་ཕུར་དུ་ཆོངས་ཤིག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཨེ་མ་པདྨ་ཐོད་ཕྲེང་གིས༔ ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་འདི༔ མ་འོངས་འགྲོ་ལ་ཕན་པའི་ཕྱིར༔ གཏུམ་པོ་དྲེགས་འདུལ་ལས་ཚོགས་སུ༔ བསྟན་པས་སྲོག་ལྟར་གཅེས་པར་ཟུངས༔ འདི་ལས་ཟབ་པ་གཞན་ན་མེད༔ ས་མ་ཡ་ཁ་ཐཾ་གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ྈྈྈྈྈ རིག་འཛིན་རོལ་པའི་རྡོ་རྗེས་ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་སྤྱན་དྲངས་ཏེ་ཤོག་དྲིལ་དང་པོ་ལས་ཕབ་པ་ལགས། དུས་སྙིགས་མའི་སེམས་ཅན་ལ་ཕན་ཐོགས་པར་ཤོག། །།
གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་བསྙེན་ཡིག་ཁྱེར་བདེར་བཀོད་པ་མཐུ་སྟོབས་རབ་འབར་ (Volume 13, Text 39)
༄༅། །གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་བསྙེན་ཡིག་ཁྱེར་བདེར་བཀོད་པ་མཐུ་སྟོབས་རབ་འབར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷཱ་ཡ། །དབྱིངས་ལས་རང་ཤར་ཡེ་ཤེས་སྐུ །བདུད་བགེགས་གཏུམ་པོར་རབ་འབར་ཡང་། །སྒྲུབ་ལ་ཞི་བསིལ་བདུད་རྩིའི་བཅུད། །སྩོལ་མཛད་བླ་མ་དྲག་པོར་འདུད། །དེའང་དྲག་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་བཅུད་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བ་གུར་དྲག་ཡེ་ཤེས་རབ་འབར་ལ་གྲོལ་བྱེད་གདམས་པ་སྤྱིར། བུམ་དབང་གི་ལམ་ཕྱི་ནང་གསང་བའི་བསྐྱེད་རིམ་ལྷ་སྔགས་དབྱེར་མེད་བསྙེན་པའི་ཡན་ལག །གསང་དབང་གི་ལམ་གཏུམ་མོ་ཙཎྜ་ལཱིའི་ཡི་གེ་བཟླས་པའི་འཁོར་ལོ་ཉེ་བར་བསྙེན་པ། ཤེར་དབང་གི་ལམ་ཐབས་ལམ་ཞུ་བདེས་ལྷན་སྐྱེས་བདེ་བ་ཆེན་པོའི་རྣལ་འབྱོར་སྒྲུབ་པ། །བཞི་པའི་ལམ་སྣང་ཤེས་ཡེ་ཤེས་ཟང་ཐལ་ལྷུན་གྲུབ་སྣང་བ་བཞི་ཉམས་སུ་ལེན་པ་སྒྲུབ་པ་ཆེན་པོ་རྣམས་ཀྱིས་བསྡུས་ཤིང་སོ་སོ་ལ་གཞུང་རྡོ་རྗེའི་ཚིག་རྐང་ཁྱད་པར་འཕགས་པས་གསལ་བར་བསྟན་པའི་དོན་དམ་པ་གོང་མ་རྣམས་ཀྱིས་ལག་ཁྲིད་དུ་བསྟན་པ་ལྟར་ཉམས་་སུ་བླངས་པས་ལམ་གྱི་ལུས་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །དེ་ལས་འདིར་སྐབས་སུ་བབས་པ། བུམ་དབང་གི་ལམ་དང་འབྲེལ་བར་བསྐྱེད་རིམ་བསྙེན་སྒྲུབ་ལག་ཏུ་ལེན་པའི་ཚུལ་མདོ་ཙམ་འཆད་པ་སྟེ། དེ་ལ་གཉིས། གཞུང་རང་རྐང་བཙུག་པ་དང་། རྩ་བའི་རྣལ་འབྱོར་གཞན་གྱི་ཞར་བྱུང་འདི་ཉིད་ལས་རུང་ཙམ་བྱ་བའོ། །དང་པོ་ནི། ཐེག་པའི་སྒོ་འབྱེད་གསལ་བའི་ལམ་བཟང་ལྟར་དལ་འབྱོར་རྙེད་དཀའ། མི་རྟག་འཆི་བ། རྒྱུ་འབྲས་བསླུ་མེད་རྣམས་ནན་དུ་བསམ་སྟེ་སྡུག་བསྔལ་ཅན་གྱི་འཁོར་བ་ལས་བློ་ལྡོག་ཅིང་ཡིད་ངེས་པར་འབྱུང་བས་བསྐུལ་ཏེ། སྐྱབས་སེམས། ཚོགས་གསོག །སྒྲིབ་སྦྱོང་ཡིག་བརྒྱ། བླ་མའི་རྣལ་འབྱོར་རྣམས་རེ་རེ་ནས་རྟགས་ཐོན་པས་རྒྱུད་སྦྱངས་ནས། ཞི་བ་རིག་འཛིན་སྙིང་ཐིག་གི་བསྐྱེད་བཟླས་ཚད་དུ་འཁྱོལ་བར་བྱ། དེ་ནས་སྒྲུབ་རྟེན་དཀྱིལ་འཁོར་བུམ་གཏོར། ཐོད་པ། བླ་རྡོ་སྲོག་འཁོར། སྒྲུབ་ཕུར་ལས་ཕུར་སོགས་ཚོགས་པར་བྱས་ལ། ཡང་གཅེས་ཤོག་དྲིལ་དང་པོའི་དགོངས་པ་ལྟར་ཕྱི་ནང་གསང་བ་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་ཇི་སྐད་བཤད་པ་རྣམས་གྲངས་དུས་རྟགས་ཀྱི་སྒོ་ནས་མཐར་ཕྱིན་པར་དགོས་པའི། ཕྱི་སྒྲུབ་གཏུམ་དྲག་དམར་ནག་ས་བོན་ཙམ་ལས་སྐད་ཅིག་གིས་བསྐྱེད་དེ་ཐུན་མོང་ཛཔ྄་དབྱངས་རིག་སྔགས་བཅུད་སྡུད་ཀྱི་བཟླས་དམིགས་དང་སྦྱར་ལ་རྩ་བསྙེན་འབྲུ་འབུམ་མམ་གཞུང་གསལ་གྲུབ་ནས། ཟུར་གསལ་རིགས་བདག་ལ་བསྟེན་པའི་ཚེ་སྒྲུབ་དང་། ལུས་དཀྱིལ་ལྷའི་ཕོ་བྲང་དང་གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་སྒྱུར་བའི་མན་ངག་ཟུང་དུ་སྦྲེལ་ནས་ལོངས་སྐུ་དང་སྤྲུལ་སྐུ གནས་ལྔའི་ལྷ་ལྔ། གཏོར་བཟློག་ལྟར་ཁྱུང་དམར། ཤམ་འདོགས་བཅས་འབུམ་ཕྲག་ལ་སོགས་པའི་གྲངས་ཐེམས་ནས་དངོས་གྲུབ་བླང་། ནང་སྒྲུབ་བསྐྱེད་རྫོགས་འབྲིང་པོ་རྩ་བའི་སྒྲུབ་པ་ཉིད་མངོན་བྱང་ལྔའི་སྒོ་ནས་བསྐྱེད་ཅིང་བཟླས་པ་ཡན་ལག་བཞིར་བཤད་པའི་བསྙེན་པ་དང་ཉེ་བསྙེན་སྒྲུབ་པ་བཅས་ཀྱི་གྲངས་ཐེམས་ནས། ལོངས་སྤྲུལ་གཉིས་དྲག་པོ་རིགས་བཞི། གོ་ཆ་ལྷ་ལྔ་རྣམས་སོ་སོའི་སྒོས་སྒྲུབ་ལྟར། ཁྲོ་བཅུ་ལ་དམིགས་པའི་ཧཱུྃ་བཟླས། ཤམ་འདོགས་བཅས་སོ་སོའི་གྲངས་ཚད་ལྟར་བཟླ། སྒྲུབ་པ་ཆེན་པོའི་སྐབས་དེའི་ཁོག་དབུབ་དང་འབྲེལ་པར་བུམ་པ་ལ་བརྟེན་པའི་ཚེ་སྒྲུབ། དམ་རྫས་བདུད་རྩི་ལ་བརྟེན་པའི་སྨན་སྒྲུབ་སོགས་སོ་སོའི་གཞུང་ལྟར་སྦྱོར་དངོས་རྗེས་ཚང་བསྒྲུབ། དེ་ནས་ཡབ་ཡུམ་བདེ་ཆེན་གསང་སྒྲུབ་རླུང་སེམས་ལ་གནད་དུ་བསྣུན་དགོས་པས་གཙོ་བོར་རླུང་བུམ་པ་ཅན་ལ་བརྟེན་ཏེ་གནས་ལྔར་དམིགས་པའི་འཕྲོ་འདུའི་རྡོ་རྗེའི་བཟླས་པ་དང་། འབྲུ་གསུམ་རྡོར་བཟླས་འཆི་མེད་སྲོག་གི་འཁྲུལ་འཁོར། ཐབས་ཤེས་ཟུང་འབྲེལ་གྱིས་འཕོ་ཆེན་དབུ་མར་སྡུད་པ། ཐབས་ཤེས་གའུ་ཁ་སྦྱོར་གྱིས་འཆི་བདག་ལས་རྒྱལ་བ་སོགས་ཤིན་ཏུ་ཟབ་པའི་གཅེས་གནད་རྣམས་རིམ་པར་ཉམས་སུ་བླང་། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་པདྨའི་སྲོག་ཕུར་གྱི་ལྟ་སྒོམ་ཟབ་མོས་སྔ་མ་རྣམས་ལ་རྒྱས་འདེབས་ཤིང་ཕྱིས་ནས་རྒྱུན་གྱི་ཉམས་ལེན་སྙིང་པོར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་ལ་བརྩོན་པའི་ཚེ། ཐོ་རངས་ལངས་མ་ཐག་ཆོས་སྐུའི་སྒྲུབ་པ་མཉམ་ཉིད་བསྲེ་འཕོས་སྒོ་གསུམ་བྱིན་གྱིས་བརླབ། གང་འདུལ་འགྲོ་སྒྲོལ་བདེ་གཤེགས་མཆོད་སྤྲིན་དང་སྦྱར་ཏེ་ཡེ་ཤེས་རབ་འབར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་བཀླག །སྔོན་འགྲོ་ནས་བརྩམས་ཏེ་བསྐྱེད་རྫོགས་ཆུང་འབྲིང་གི་ཕྲིན་ལས་གཏང་བའི་ཚེ་སྒོམ་དོན་རྣམས་དྲག་པོའི་དམིགས་རིམ་གྱི་གབ་ཏིཀ་དང་ཆོ་གའི་དོན་གསལ་ཡེ་ཤེས་སྒྲོན་མེ་རྣམས་ལས་བསྟན་པ་ལྟར་བྱ། ནང་སྒྲུབ་ལས་བྱང་འབྲིང་པོའི་ཏིང་འཛིན་རྣམ་གསུམ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་གསལ་གདབ་སོང་ནས་ཁྲོ་བཅུའི་སྲུང་ཟློག་ཤོག་དྲིལ་ལྟར་སྲུང་འཁོར་རྒྱས་པ་བསྒོམ། བཟླས་པའི་ཐོག་མར་ཟུང་འཇུག་ནུས་པ་རང་བབ་བདེ་ཆེན་རྦ་རླབས་ལྟར་ལམ་དབང་བླ་མའི་དཀྱིལ་འཁོར་ལས་བླང་། རྡོ་རྗེ་གསུམ་གྱི་འཕྲུལ་འཁོར་གཉིས་མེད་ཕྱག་རྒྱ་ཟུང་འཇུག་གི་བཟླས་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི་ཛཔ྄་སྐུལ་སོ་སོ་དང་སྦྲེལ་ནས་དམིགས་བཟླས་ལ་འབད། ཐུན་མཚམས་རྣལ་འབྱོར་རྣམས་ཀྱང་རང་གཞུང་དང་འབྲེལ་བར་ལམ་དུ་ཁྱེར། བསྐྱེད་བཟླས་གྲུབ་པའི་མཚན་མ་དྲག་པོའི་མཚན་ལྟས་གསལ་བའི་མེ་ལོང་དང་བསྐྱེད་རྫོགས་རྟགས་ཚད་ལྟར་གཏན་ལ་དབབ། ཕྱི་ནང་སོ་སོའི་མཇུག་ཏུ་ཁ་སྐོང་སྦྱིན་སྲེག་བཟླས་པའི་བཅུ་ཆར་ལོངས་པ་བྱ། དེ་ནས་རིམ་པར་དབང་གོང་མ་གསུམ་གྱི་ཉམས་ལེན་ཏ་བླ་པདྨ་བློ་ལྡན་གྱིས་མཛད་པའི་ཟབ་ལམ་བཅུད་ཀྱི་སྙིང་པོ་ལྟར་མཐར་དབྱུང་སྟེ་ཚེ་གཅིག་གིས་ཆེ་མཆོག་པདྨ་དྲག་པོའི་སྐུ་དང་ཡེ་ཤེས་ཀྱི་གོ་འཕང་མཆོག་ལ་རེག་པར་བྱའོ། ༈ །གཉིས་པ་བཅའ་གཞི་ཡིག་སྣ་སོགས་འཛོམ་སླ་ལ་དོན་འདུས་པའི་ཉམས་ལེན་བདེ་བར་བཀོད་པ་ལ་གསུམ། སྦྱོར་བ་སྔོན་འགྲོ། དངོས་གཞིའི་ཉམས་ལེན། རྗེས་མཐར་དགེའི་བྱ་བའོ། །དང་པོ་ནི། དབང་བསྐུར་ཚུལ་བཞིན་ནོས་པས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། འཚེ་དོགས་དང་གཡེང་བའི་རྐྱེན་མི་འབྱུང་བའི་གནས་སུ་བར་གཅོད་སེལ་ཞིང་བསོད་ནམས་ཀྱི་དཔུང་སྐྱེད་པ་དང་། ཉམས་ཆག་སྐོང་བའི་ཆོ་ག་སོགས་རྒྱབ་སྐྱོར་རིམ་གྲོ་ཅི་འགྲུབ་སྤྱིའི་ལུགས་ལྟར་བྱ། ཡར་མར་ཚེས་བཅུ་གང་རུང་ལ་མཚམས་ཀྱི་དབུ་བཙུགས་ཏེ་སྔ་དྲོ་ཞི་བསང་བཏང། དཀར་གཏོར་དམར་གཏོར་ཆན་དང་རིལ་བུ་སོགས་བཤམས་ལ་ཕྱི་གཏོར་འདོད་དོན་ལྷུན་གྲུབ་ཀྱིས་ཚར་མང་དུ་བསྔོ། སྒྲུབ་ཁང་གི་དྲུང་དུ་ཐོ་བཀོད་པ་ལ་རྒྱལ་ཆེན་བསྐྱེད་བསྟིམ་སྤྱི་མཐུན་བྱས་ལ་ཕྱི་ནང་གི་འགྲུལ་བཅད། སྒྲུབ་ཁང་བྱི་དོར་དང་རྣམ་འཇོམས་སྨེ་བརྩེགས་བཟླས་པའི་ཁྲུས་ཆུས་ཕྱི་ནང་ཀུན་ཏུ་ཁྲུས་བྱའོ། ༈ །གཉིས་པ་དངོས་གཞི་ལ་གསུམ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་བོ། །དང་པོ་ལ་བཅའ་གཞི་གཤམ་བཀོད་ནི། འཛོམ་ན་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་དྲག་པོའི་དཀྱིལ་འཁོར་སྒོ་རྫོགས་རྟ་བབས་སྣམ་བུ་བཞི་མའི་ནང་ཆོས་འབྱུང་དམར་པོ་བསྣོལ་མ་ཅན་བྲིས་པའི་སྟེང་དུ་མཉྫི་ལ་བུམ་པ་མགུལ་ཆིངས་དམར་པོ་ཅན་གྱི་ནང་བླ་མེད་ཀྱི་རྫས་སོ་ལྔ་ཆུ་གཙང་དང་བསྲེས་པས་སུམ་ཆ་བཀང་བ་དང་། དེའི་ཁར་ཐོད་པ་དཔལ་ཆེན་ཆང་གི་ཉིང་ཁུ་བདུད་རྩིའི་ཕབས་ལྡན་བརྟན་པར་བཞག་པའི་སྟེང་འཁར་བའི་མེ་ལོང་སིནྡྷུ་རས་བྱུགས་པར་ཆོས་འབྱུང་བསྣོལ་བའི་རྩིབས་དྲུག་ལ། ཙིཏ་ཏ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བྲི། ལྟེ་བར་འདབ་བརྒྱད་ཀྱི་དབུས་སུ། ཧྲཱིཿམ། ཕྱོགས་བཞིར། ཧ་རི་ནི་ས། མཚམས་བཞིར། ར་ཙ་ཧྲི་ཡ། བྲི། མཆན་རྣམས་སུ་གཡུང་དྲུང་གཡས་འཁྱིལ་རེ་རེ་བྲིས་པས་བཀབ་ལ་དར་དམར་གྱི་ཞལ་ཁེབས་དང་བཅས་པའི་སྟེང་དུ་མན་ཤེལ་དང་རྨ་བྱའི་མདོངས་བཅས་བཀོད་ལེགས་སུ་བཤམས་པའི་མདུན་དུ། འགྲུབ་ན་ལས་འཇུག་གི་ཙཀྲའི་ཆས་བྱས་པའི་ཁར་སྒྲུབ་གཏོར་ཐོད་སྣོད་ལ་སོགས་པར་ཆང་དང་ཨ་མྲྀཏ་སྦྱར་བའི་འབྲུ་ཟན་ལ་ཆོས་འབྱུང་བསྣོལ་མའི་སྟེང་དུ་དཔལ་གཏོར་དམར་པོ་བརྗིད་ལྡན་རྒྱན་སྤྲོས་ཅན། འཛོམ་ན་སྐུ་ཙཀ་མེ་ལོང་དར་གདུགས་དམར་པོས་བརྒྱན་པ་བཀོད། དེ་དག་གི་མདུན་དུ་མཆོད་གཏོར། སྨན་རཀ ཉེར་སྤྱོད། རྒྱབ་སྟེགས་སུ་རྩ་གསུམ་གཏོར་མ། ཕྱོགས་གང་བདེར་བཀའ་སྲུང་སྤྱི་སྒེར་གྱི་གཏོར་མ། ཚོགས་རྫས་བཅས་བག་དྲོ་ལྷུན་ཆགས་སུ་བཤམ། དེ་ལྟར་མ་གྲུབ་ན་བསྙེན་པ་ལས་རུང་ཙམ་ལ་ཚོམ་བུའི་ཁར་སྒྲུབ་གཏོར་བཤམས་པ་ཁོ་ནས་ཀྱང་ཆོག །གཞན་ཡང་སྔོན་འགྲོ་དཀར་བགེགས། གསེར་སྐྱེམས་ཆད་བརྟན་རྣམས་དང་། ཌཱ་དྲིལ་སོགས་སྒྲུབ་པ་པོའི་ཉེར་སྤྱོད་རྣམས་ཀྱང་འཚོགས་པར་བྱའོ། །ཉམས་ལེན་དངོས་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་གསུངས་པའི་དང་པོ་བསྙེན་པ་ནི། སྒྲུབ་པ་པོ་དཀྱིལ་འཁོར་ལ་མདུན་ཕྱོགས་པའི་སྟན་བདེ་བར་འཁོད་ནས་སྲོད་ཐུན་ལ་མགོ་བཟུང་སྟེ། ཐོག་མར་མཆོད་རྫས་བསང་སྦྱང་དང་བྱིན་རླབས་སྤྱི་འགྲོ་བཏང་། ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་རྣམས་རྒྱུད་ལ་འདྲེས་ངེས་སུ་བསྒོམ། གཞི་བདག་དང་བགེགས་ལ་གཏོར་མ་བསྔོ་བའང་སྤྱི་ཁྱབ་ལྟར་བྱས་ལ། པདྨ་དྲག་པོའི་ང་རྒྱལ་གྱིས་བསྐྱེད་རྫོགས་ཆུང་ངུའི་ལས་བྱང་གི་བཀའ་བསྒོས་ཏེ་བགེགས་བསྐྲད། སྲུང་འཁོར་བརྟན་པོར་བསྒོམས་ལ་སྒྲུབ་པ་གྲོལ་གྱི་བར་མི་བསྡུ། བརྡའ་སྒོ་ཕྱག །བྱིན་འབེབ། མཆོད་པ་བྱིན་རླབས། ཏིང་འཛིན་རྣམ་གསུམ། གཞལ་ཡས་ཁང་བསྐྱེད་སོང་ནས་གཏུམ་དྲག་དམར་ནག་གསང་སྒྲུབ་སྤྲད་དེ་ལྷ་བསྐྱེད། བདག་མདུན་དཀྱིལ་འཁོར་མེ་རི་འདབ་འབྱོར་ཙམ་དུ་གསལ་གདབས། གནས་གསུམ་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲང་། དམ་ཚིག་པ་ལ་བསྟིམ། ཕྱག་མཆོད་བསྟོད་པའི་བར་སོང་ནས་ཕྲེང་བ་བྱིན་རླབས་ནི། བགྲང་ཕྲེང་གི་མདུད་འཛིན་གཙོ་བོ་དང་གཞན་འཁོར་དུ་མོས་པ་སྙིམ་པར་འཆང་ལ། རྩ་སྔགས་དང་། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ན་ཡེ་སྭཱ་ཧཱ། བདུན་བཟླས་པས་འོད་དུ་ཞུ་བ་ཕྲེང་བར་བསམས་ལ་དབྱངས་གསལ་བརྗོད། ཞི་བསྙེན་སྔོན་དུ་མ་སོང་ན་སྤྱི་བོར་རྗེ་བཙུན་མ་ཧཱ་གུ་རུ་རིག་འཛིན་ཌཱ་ཀིའི་ཚོགས་བཞུགས་པ་གསལ་བཏབ་ལ་ཞི་ཛཔ྄་ཀྱི་གསོལ་འདེབས་གདུང་ཤུགས་བསྐྱེད་ལ་ཅི་འགྲུབ་བྱ། དྲག་པོའི་བཟླས་པ་སྟོང་ཕྲག་ཙམ་གྱི་མཐར་དབྱངས་གསལ་ཡིག་བརྒྱས་ཁ་བསྐང་། ཡེ་དྷར་བརྗོད་པས་བརྟན་པར་བྱས་ལ་མཆོད་བསྟོད་ཕུལ། བཀའ་གཏེར་སྲུང་མའི་གཏོར་འབུལ་རྗེས་ཆོག །ཤིས་བརྗོད་བསྔོ་སྨོན། བསྡུ་རིམ་བྱས་ཏེ་རྣམ་པར་མི་རྟོག་པའི་ངང་དུ་ཉལ་བའམ། ཕྱག་རྒྱ་སྒོ་བཅད་ཅེས་བསྡུ་རིམ་མི་བྱ་བར་ལྷ་སྣང་གསལ་བའི་ངང་གཉིད་དུ་འགྲོ་བར་བྱ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་སྒོ་གསུམ་བྱིན་རླབས་བདུད་རྩི་མྱང་བ་སོགས་བྱས་ལ་ཐུན་མོང་ཁྱད་པར་གྱི་སྔོན་འགྲོ་རྣམས་གཏང་། སྲུང་འཁོར་གསལ་གདབ་ནས་བཟླས་པའི་བར་བཏང་ལ་ཐུན་བཟུང་། ཐུན་མཐར་ཁ་སྐོང་མཆོད་བསྟོད་བསྡུ་རིམ་བྱས་ལ། སྐད་ཅིག་གིས་པདྨ་དྲག་པོའི་སྐུར་ལྡངས་ཏེ་བསྔོ་སྨོན་གྱི་རྒྱས་བཏབ་ནས་སྤྱོད་ལམ་ལ་འཇུག །སྔ་ཐུན་དང་དགོང་ཐུན་ལ་སྐྱབས་སེམས་ཙམ་གྱི་འཕྲོས་སྲུང་འཁོར་ནས་བསྡུ་ལྡང་བར་སྔར་ལྟར་དང་། སྲོད་ཐུན་ལའང་དེ་དང་འདྲ་བ་ལས། རྗེས་ཤིས་བརྗོད་ཕྱིན་སྔ་ནུབ་ལྟར་བསྙེན་སྒྲུབ་རྫོགས་ཀྱི་བར་འགྲེས་སུ་ཤེས་པར་བྱ། དེའང་ཐུན་བཞིར་བྱེད་ན་ཐོར་ཐུན་དང་། ཐུན་གསུམ་བྱེད་ན་སྔ་ཐུན་ལ་སྔོན་འགྲོ་རྒྱས་པ། དགོང་ཐུན་ནམ་སྲོད་ཐུན་གང་བདེའི་མཐར་གཏོར་འབུལ་རྒྱས་པར་བྱ། སྔོན་གཏོར་ནི་ཉིན་དང་པོ་ལས་མི་དགོས་ཤིང་། ཚོགས་མཆོད་དགོང་རེ་བཞིན་གྲུབ་ན་མཆོག་ཡིན་ཞིང་མི་འགྲུབ་ན་ཚུགས་གྲོལ་གཉིས་དང་ཡར་མར་ཚེས་བཅུ་ལ་ངེས་པར་གལ་ཆེའོ། །སྒོམ་དོན་ལ་གལ་ཆེ་བ། པདྨ་དྲག་པོའི་དབུ་གཙུག་ཏུ་ཡེ་ཤེས་ཁྱུང་དམར་མེའི་མདོག་ཅན། ཁྲོ་ཆུའི་མཆུ་སྡེར། སྤུ་གྲིའི་སྒྲོ་གཤོག་གིས་གཏམས་ཤིང་སྦྲུལ་རིགས་ལྔ་ཞལ་དུ་གསོལ་བ། དེའི་སྤྱི་བོར་རིགས་བདག་ཚེ་དཔག་མེད་དམར་པོ་ལོངས་སྐུའི་ཆས་སོགས་སྤྱི་མཚུངས། དཔྲལ་བར་གཤིན་རྗེ་གཤེད་སེར་ནག་ཕྱག་གཉིས་འཁོར་ལོ་ཁྲམ་ཤིང། མགྲིན་པར་རྟ་མགྲིན་དམར་པོ་དབུ་གཙུག་རྟ་ཞལ་ལྗང་གུ་ཕྱག་གཉིས་བེ་ཅོན་ཐོད་ཁྲག །ཐུགས་ཀར་ཕྱག་རྡོར་མཐིང་ནག་ཕྱག་གཉིས་རྡོ་རྗེ་ཁྱུང་ཆེན་འཛིན་པ། ལྟེ་བར་སངས་རྒྱས་མཁའ་འགྲོ་ཐུགས་ཀར་ཕག་མོ་ཕྱོགས་བཞིར་མཁའ་འགྲོའི་རིགས་བཞིས་བསྐོར་བ། གསང་གནས་སུ་ཡཀྴ་མེ་དབལ་སྨུག་ནག་ཐོ་བ་དང་མེ་ཞགས་ཐོགས་པ། ཐམས་ཅད་དུར་ཁྲོད་དང་ཁྲོ་བོའི་ཆས་ཀྱིས་བརྒྱན་པར་གསལ་གདབ། ཛཔ྄་བསྐུལ་ཧཱུྃ་ཧྲཱིཿསྣང་སྟོང་དབང་དྲག་ཡབ་ཡུམ་སོགས་ཀྱི་སྐབས། སྣང་སྲིད་ཕུང་ཁམས་རྟོག་ཚོགས་ཀྱིས་བསྡུས་པའི་སྣང་ཆ་བདེ་མཆོག་གར་དབང་ཧེ་རུ་ཀ་དང་། སྟོང་པ་རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་ཡེ་ཤེས་རྩེ་མོ་སྟེ། དེ་དག་ཟུང་འཇུག་ལྷན་སྐྱེས་ཀྱི་རོལ་པ་ཆུ་ཟླ་འཇའ་ཚོན་ལྟ་བུར་རྫོགས་པར་བསྒོམ་པ་སྐུ་རྡོ་རྗེ། སྒྲ་དབྱངས་ཇི་སྙེད་པ་གྲགས་སྟོང་ཆོས་ཉིད་ཀྱི་རང་སྒྲ་གསུང་རྡོ་རྗེ་ཡན་ལག་དྲུག་ཅུར་ཡོངས་སུ་དག་པ། འཕྲོ་འདུ་མཐའ་དག་ཡེ་ཤེས་བདེ་བ་ཆེན་པོ་ཟག་བྲལ་ཐུགས་རྡོ་རྗེ་མཁྱེན་བརྩེ་ནུས་པའི་ངོ་བོར་སྨིན་པ་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཟུང་འཇུག་དཔལ་ཆེན་པོའི་གོ་འཕང་། མངོན་དུ་གྱུར་པ་འདི་ཀའོ་སྙམ་པའི་གསལ་སྣང་ཡང་ཡང་འདོན་ཞིང་། དེ་ཡང་ཆོས་ཉིད་ཀྱི་རོལ་པར་ཤེས་པ་ལ་རྩེ་གཅིག་ཏུ་བསླབ་ཅིང་ལྷ་ལ་སེམས་བཟུང་། བསྒོམ་པས་སྐྱོ་ན་ངག་བཟླས་ལ་འཇུག་སྟེ་ཐོག་མར་ཞི་བསྙེན་སྐབས་བསྟུན་བྱས་ལ། དྲག་པོའི་བཟླས་པའི་གཞི་འགོད་ཚུལ་རྒྱས་པ་ནང་སྒྲུབ་སྐབས་ལྟར་བྱེད་པའང་ཡོད་འདུག་པས་འདི་ཙམ་ཁོ་ན་ལས་ནང་གསང་སྒྲུབ་པ་མི་ཐོན་པས་དེ་ལྟར་བྱ་དགོས་ལ། གསུམ་ཀ་རིམ་ཅན་དུ་བྱེད་ན་སྐབས་འདིར་གཞུང་གི་དངོས་བསྟན་ཙམ་གྱིས་འཐུས་པས། ཐུགས་ཀའི་ལྷ་གསང་བའི་བདག་པོའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་དམར་པོ་དེའི་མཐར་སྙིང་པོའི་སྔགས་ཕྲེང་ཞལ་ཕྱིར་བསྟན་གཡོན་སྐོར་དུ་བཀོད། ཐམས་ཅད་ཀྱང་པདྨ་རཱ་གའི་མདངས་ལྟར་འོད་ཟེར་བལྟར་མི་བཟོད་པ་འཚེར་ཅིང་མགར་གྱི་ཚྭ་ཚྭ་ལྟ་བུའི་ཟེགས་མ་འཕྲོ་བ་ལ་སེམས་རྩེ་གཅིག་ཏུ་གཏད། གསལ་སྣང་བརྟན་པོར་གྱུར་པ་ན་བཟླས་པའི་རྐྱེན་གྱིས། ཐུགས་སྲོག་ལས་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ཆོས་དབྱིངས་ཁྱབ་པར་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་ཅིང་ཐུགས་དམ་བསྐུལ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་བཅས་པ་སྦྱངས། འོད་ཟེར་ཚུར་འདུས་ས་བོན་ལ་ཐིམ། གཟི་བརྗིད་འོད་དུ་འབར་བས་རང་ལུས་ཀྱི་ཕྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་ལྷག་མེད་དུ་བསལ། དབང་དང་དངོས་གྲུབ་ཐམས་ཅད་རྒྱུད་ལ་རྫོགས་པའི་སྣོད་རུང་དུ་བྱས་པར་མོས་ལ། སྔགས་སྒྲ་ཧ་ཅང་ཆེ་ཞིང་མྱུར་བ་མི་རུང་བས་གོང་བས་ཚོར་ཙམ་དུ་དལ་བྲེལ་སྙོམས་ཤིང་ལྷག་ཆད་མེད་པར་མི་ཚིག་དང་གཡེང་བས་བར་མ་ཆོད་པར་ཆུ་བོའི་རྒྱུན་བཞིན་ཐུན་རེར་ལྔ་སྟོང་རེ་འགྲོ་ངེས་སུ་བྱའོ། །དེ་ཡང་བཟླས་པ་སྟོང་རེའི་མཚམས་སུ་མཆོད་བསྟོད་བསྡུས་པ་རེ་དང་། ཐུན་མཐར་ལྷག་ཆད་ཁ་སྐོང་། མཆོད་བསྟོད་གོང་སྨོས་ལྟར་བྱའོ། །གཉིས་པ་སྒྲུབ་པ་ནི། འདོན་སྒོམ་སྤྱི་རྣམས་སྔ་མ་ལྟར་ལ་བཟླས་པའི་སྐབས། ཐུགས་སྲོག་ཧཱུྃ་ཡིག་ལས་འོད་ཟེར་ཉི་མ་ལྟ་བུ་འབར་བའི་གཟི་བྱིན་སྔགས་ཕྲེང་ལ་ཕོག་པས་ནུས་པའི་རྩལ་སྟོབས་རབ་ཏུ་རྒྱས་ཏེ་གདན་ལས་ཅུང་ཟད་འཕགས། དང་པོར་གཡས་སྐོར་དུ་དལ་བུས་འཁོར། རིམ་པར་ཇེ་མགྱོགས་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་འཁོར་བའི་འོད་ཟེར་གྱིས་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་གསལ་སྣང་རབ་ཏུ་འབར་ཞིང་བདེ་སྟོང་གི་ཡེ་ཤེས་རྒྱས། སླར་ཡང་སྔགས་ཕྲེང་གི་ཡིག་འབྲུ་རྣམས་ལས་དེ་འདྲ་གཉིས་པ་གཅིག་རྗེས་གཅིག་མཐུད་འོད་ཟེར་གྱིས་སྦྲེལ་བ་ལུ་གུ་རྒྱུད་དུ་བྱུང་། ཕྱག་རྡོར་གྱི་ཞལ་ནས་ཐོན། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ཏེ་སྐུའི་ནང་བརྒྱུད། པདྨ་ནས་རྡོ་རྗེ་ནོར་བུའི་ལམ་དུ་ཞུགས་ཏེ། ཡར་བྱོན། ཕྱག་རྡོར་གྱི་གསང་བ་ནས་བརྒྱུད་དེ་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་མཐུ་སྟོབས་གཟི་བྱིན་རབ་ཏུ་འབར་བར་དམིགས་པ་ཐུན་གྱི་ཕྱེད་ཙམ་བྱ། ཡང་། བདག་གི་ཐུགས་ཀའི་སྔགས་འཁོར་ལས་འོད་ཟེར་ཁ་དོག་ལྔ་ལྡན་བ་ཐག་འཛིངས་པ་ལྟ་བུ་དུ་མ་སྤྲོས་པས་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཐུགས་རྒྱུད་བསྐུལ། རིགས་དྲུག་བར་སྲིད་དང་བཅས་པའི་ལས་སྒྲིབ་སྦྱངས། དྲེགས་པ་ཅན་རྣམས་ཀྱི་སྲོག་འཕྲོག །ནུས་པ་བཙན་ཐབས་སུ་བླངས་པས་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ་སྦྱངས། སླར་འོད་ཟེར་ཚུར་འདུས། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོར་བས་དགྱེས་པ་བསྐྱེད། དབང་བྱིན་དངོས་གྲུབ་ཐ་དག་སྔགས་ཕྲེང་གཉིས་པའི་རྣམ་པར་སྦྱོར་མཚམས་ནས་ཐོན། བདག་བསྐྱེད་ཀྱི་རྡོ་རྗེའི་སྦུབ་བརྒྱུད་སྙིང་གའི་ས་བོན་ལ་ཐིམ་པར་བསམ་པ་ཐུན་གྱི་ཕྱེད་ཙམ་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཟླས་པ་རབ་འབྲུ་འབུམ། འབྲིང་འབུམ་ཕྲག་བཅུ་གཉིས། ཐ་མ་བདུན་འབུམ་ཙམ་ཐེམས་ནས། ལས་ལ་སྦྱོར་བ་ནི། བཟླས་དམིགས་ཀྱི་སྐབས་སུ་གསང་བདག་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ལྷ་འདྲེ་སྤྱི་སྲོག་ཏྲི། འདབ་མ་བརྒྱད་ལ་སྡེ་བརྒྱད་སྲོག་ཡིག་འབྲུ་བརྒྱད་མགོ་ནང་བསྟན་གདན་ཐབས་སུ་བཀོད་པའི་སྟེང་དུ་ཉི་དཀྱིལ་ས་བོན་སྔགས་ཕྲེང་བཅས་གསལ་གདབ། རྩ་བསྙེན་བཟླས་པས་ཐུགས་སྲོག་འོད་ཀྱིས་གཟི་བྱིན་བསྐྱེད་ཅིང་སྔགས་ཕྲེང་འཁོར་ཚུལ་སྔར་ལྟར་ལས། འོད་ཟེར་ཚྭ་ཚྭ་འཇིག་རྟེན་གང་བར་འཕྲོས་པ་ཐམས་ཅད་ཀྱང་ཁྲོ་རྒྱལ་ཡཀྴ་མེ་དབལ་རྡོ་རྗེ་ཕུར་པ་ལྕགས་སྡིག་བསྣམས་པར་འགྱུར་ཏེ་དམ་སྲི་འབྱུང་པོ་གདུག་པ་ཅན་གཟིར་མནན་དབང་དུ་བསྡུས། མ་རུངས་པ་ཐམས་ཅད་དུས་མཐའི་མེས་རྩ་སྦུར་བཅོམ་པ་ལྟར་རྡུལ་དུ་བརླག་པར་བསམས་ལ་མེ་དབལ་གྱི་སྔགས་ཤམ་བཏགས་པ་རྩ་བསྙེན་གྱི་སུམ་ཆ་ཕྱིན་ཅི་ལྕོགས་བཟླ། དེ་ལ་ནུས་པ་ཐོབ་ནས་ལྷ་འདྲེའི་སྲོག་སྡུད་ཅིང་བཅུན་པའི་དམིགས་གནད་ནང་སྒྲུབ་ཏུ་འབྱུང་བ་ལྟར་བྱས་ལ་སྡེ་བརྒྱད་ཀྱི་ཤམ་འདོགས་སྦྱར་བའང་སྔར་གྱི་བཅུ་ཆ་ཙམ་བཟླ་ཞིང་སྔགས་ཀྱི་རྣོ་སོ་འབྱིན་འཇུག་གང་དགོས་དང་། ལམ་ཁྱེར་ཧཱུྃ་བཟླས་ཀྱང་བྱའོ། །འདི་ཙམ་ལས་མི་འགྲུབ་ན་གོང་གི་སྒྲུབ་པའི་བཟླས་པ་ཐེམས་ནས་གོ་ཆ་ལྷ་ལྔ་སྤྱི་དྲིལ་བཟླས་པ་ཅི་འགྲུབ་དང་སོ་སོའི་སྤྲོ་བསྡུའི་དམིགས་གནད་སྤྱི་འགྲེ་སྦྱར། ལས་སྦྱོར་གྲུབ་ནས་གཤམ་གསལ་རྗེས་ཀྱི་བྱ་བ་ལ་འཇུག །ནང་སྒྲུབ་དང་སྦྲེལ་ན་འདི་ཉིད་ཀྱི་བསྙེན་སྒྲུབ་གྲུབ་པའི་ཐོ་རངས་སམ་སྔ་དྲོར་གཏོར་འབུལ་ཚོགས་མཆོད་དང་དངོས་གྲུབ་ལེན་ཆོག་མདོར་བསྡུས་རྗེས་ཆོག་ཚང་བར་བྱས་ཏེ། དགོང་ཐུན་ནས་ནང་སྒྲུབ་ལ་འཇུག །ཕྱི་ནང་གསང་གསུམ་ཀའི་བསྙེན་ཚད་རེ་རེ་བཞིན་མི་འཁྱོལ་ན་ནང་སྒྲུབ་རྩ་བ་ཡིན་པས་བསྙེན་ཚད་ལོངས་པར་བྱ། ཕྱི་གསང་གཉིས་བདུན་ཕྲག་གསུམ་ནས་རེ་རེ་ཡན་གྱི་འབྲེལ་འཇོག་ཙམ་བྱའོ། ༈ །གཉིས་པ་ནང་སྒྲུབ་ལ། ཐོག་མར་བཅའ་གཞི་གཤོམ་བཀོད་ནི། གཞུང་ལས་ཕྱི་དཀྱིལ་འཁོར་བུམ་པ། ནང་ཐོད་པ་བདུད་རྩི། གསང་བ་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར། ཡང་གསང་བླ་རྡོ། སྲོག་འཁོར། ཤེལ། མེ་ལོང་། རྨ་བྱའི་མདོངས། ཁ་སྐོང་གཏོར་མ། སྒྲུབ་ཕུར་དང་ལས་ཕུར་རྣམས་རྟེན་འབྲེལ་བཀོད་ལེགས་པར་བྱ། ཞེས་གསུངས་པས་དཀྱིལ་འཁོར་དྲག་དཀྱིལ་སྤྱི་འགྲོ་སྣམ་བུ་བཞི་མའི་ལྟེ་བར་ཆོས་འབྱུང་དམར་པོའི་ཕྱི་རོལ་དུ་རྩིབས་བཞི་དང་། དེ་ཕྱིར་རྩིབས་བཅུ་རྣམས་སྔོན་པོ། རྩིབས་མཆན་དང་གོང་རས་དམར་པོ་བྱ། སྒོ་རྫོགས་མ་ནུས་ན་ལྷ་གནས་ཀྱི་ཕྱི་རིམ་དུ་རྡོར་ར་མེ་རི་བྲིས་པ་ཙམ་གྱིས་ཀྱང་དོན་གྲུབ་བོ། །གཞན་རྣམས་གཞུང་མཐུན་ཚང་བ་གྲུབ་ན་རབ་མི་འགྲུབ་ན་ཕྱི་སྒྲུབ་སྐབས་སུ་བཤད་པ་ཙམ་གྱིས་ཀྱང་རུང་ཞིང་ཕྱི་ནང་སྦྲེལ་ན་དཀྱིལ་འཁོར་བརྗེ་ཞིང་གཏོར་མཆོད་རྣམས་ཁ་གསོ་བར་བྱའོ། །ཉམས་ལེན་དངོས་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་དུ་གསུངས་ཤིང་དེ་དག་གི་འདོན་བྱ་ནི། སྔོན་འགྲོ་རྣམས་སྔར་སྨོས་པ་ལྟར་སོང་ནས། ཉིན་དང་པོར་གཞི་བདག་དཀར་གཏོར་བཏང་། བསྐྱེད་རྫོགས་འབྲིང་པོའི་ལས་བྱང་ལྟར་མཚམས་ལྷའི་ང་རྒྱལ་བཟུང་སྟེ་བགེགས་ལ་གཏོར་མ་སྦྱིན་ཅིང་མཚམས་གཅོད་སྲུང་འཁོར་ནས་བརྩམ་སྟེ་ལས་བྱང་ཉིད་མཐར་ཆགས་སུ་གཏང་བ་ལས་ཏིང་འཛིན་རྣམ་གསུམ་དང་། ཐུགས་ཀར་གཙུག་ཏོར་འཁོར་ལོས་སྒྱུར་བ་སོགས་སྲུང་འཁོར་གསལ་འདེབས་ཀྱི་ཤླཽ་ཀའི་འཕྲོས་སུ་ཁྲོ་བཅུའི་སྲུང་ཟློག་གི་ཤོག་དྲིལ་སྦྱར་ལ་ཧཱུྃ་བཟླས་བརྒྱ་སྟོང་ཅི་འགྲུབ། ཟློག་པའི་སྔགས་རིང་བདུན་ནམ་ཉེར་གཅིག །ཤམ་བུ་གསུམ་བདུན་གང་རུང་བཟླ། ཐུན་ཕྱི་མ་རྣམས་ལ་མང་གིས་དོགས་ན་ཧཱུྃ་བཟླས་དང་དམིགས་པ་གསལ་འདེབས་རེ་ཙམ་བྱས་པས་ཆོག །དངོས་གཞི་ལྷ་བསྐྱེད་སྐབས་ཟུར་གསལ་རྩ་བའི་སྒྲུབ་པ་ཉིད་སྦྱར་བ་ཙམ་ལས་གཞན་ཆོ་གའི་འགྲོས་དང་ཐུན་གཅོད་ཚུལ་སོགས་ཕྱི་སྒྲུབ་ཇི་ལྟ་བར་ལག་ཏུ་བླང་བར་བྱའོ། །སྒོམ་དོན་རྒྱས་པ་སྨོས་སུ་མ་ལོངས་པས་དྲག་པོའི་བསྐྱེད་རིམ་སྤྱི་དང་བྱེ་བྲག་གི་རྣམ་བཤད་སོགས་ལས་རྟོགས་པར་བྱ་དགོས་ལ། སྒོས་ཆོས་བྱེ་བྲག་པ་ཅུང་ཟད་སྨོས་ན། སྲུང་འཁོར་སྐབས་རྒྱུའི་ཧེ་རུ་ཀ་སྐུ་ཆོས་ཀྱི་དབྱིངས་དང་མཉམ་པའི་ཐུགས་ཀར་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཁྲོ་བོ་སེར་པོ་གཡས་གསེར་གྱི་འཁོར་ལོ་རྩིབས་སྟོང་འཕྱར་ཐབས་དང་། གཡོན་སྡིག་མཛུབ་མཛད་པ་རྒྱུ་ཡི་ཧེ་རུ་ཀ་དང་དབྱེར་མེད་པའི་ལྟེ་བའི་རྩ་མདུད་རྣམ་ཐར་སྒོ་གསུམ་གྱི་མཚོན་དོན་ཆོས་འབྱུང་ཟུར་གསུམ་རྩ་བ་ཕྲ་བ་འཕེལ་ཁ་གྱེན་དུ་བསྟན་པ། རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་ངོས་ཁ་གཡེལ་མཚམས་ཀྱི་ཐད་དུ་སྣ་ཚོགས་པདྨ་འདབ་མ་སྟོང་གི་ཟེའུ་འབྲུ་ལ་ཉི་དཀྱིལ་གྱི་སྟེང་དུ་རྒྱུའི་ས་བོན་ལས་ཧཱུྃ་སྔོན་པོ་སྤྲོས། ཞུ་བ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་རྭ་ཉི་ཤུ་པའི་ས་གཞི་བློས་ཁྱབ་ཚད་དུ་བསྒོམ་པའི་མཐའ་སྐོར་དུ། གནམ་ལྕགས་རྡོ་རྗེ་གྱེན་འགྲེངས་ཀྱི་ར་བ། སྟེང་དུ་རྡོ་རྗེའི་གུར་ཏོག་དང་བཅས་པ་སྲིད་རྩེ་དང་མཉམ་པ། ར་གུར་གྱི་མཚམས་སུ་བླ་བྲེ། ཐམས་ཅད་ཀྱི་ར་བར་སྲུབ་རྣམས་རྡོ་རྗེ་ཕྲ་མོས་བཀང་བ་ཞུན་ཐེབས་པས་ཀུན་ནས་དུམ་བུ་གཅིག་ཏུ་གྱུར་པའི་རྣམ་པ་ཅན། ར་གུར་གྱི་ཕྱིར་རྡོ་རྗེའི་ཕྲེང་བ་རྒྱ་གྲམ་དུ་བཅིངས་པའི་དྲྭ་བ་དང་དེ་དག་གི་དྲྭ་མིག་རྣམས་སུ་ཁྲོ་ཆུང་མཚོན་ཆ་ཐོགས་པས་སྲུང་བ། དེ་ལས་འབར་བའི་མེ་ལྕེ་ཤིན་ཏུ་རྣོན་པོ་དང་། མེ་སྟག་ལས་མཚོན་ཆ་དང་ཚྭ་ཚྭ་ལྕགས་སྡིག་གི་རྣམ་པར་སྐར་མདའ་ལྟར་འཕྲོས་པས་ཕྱོགས་ཀུན་སྲེག་ཅིང་ཐལ་བར་བྱེད་པ། དེ་དག་གི་ཕྱི་རོལ་གྱི་གནམ་ས་བར་སྣང་གཡོ་བྱེད་མེ་རླུང་འཁོར་ལོ་སྤུ་གྲི་རེག་གཅོད་དུ་འཁོར་བས་བགེགས་རྣམས་ཀྱིས་གླགས་ལྟ་བའི་སྐབས་མེད་པར་བསམ་པ་ནི་ཐུན་མོང་གི་སྲུང་འཁོར་རོ། །གུར་ཁང་དེའི་ནང་དབུས་རྡོ་རྗེའི་ལྟེ་བ་ལ་རྒྱུ་ཡི་ས་བོན་ལས་ཧཱུྃ་སྤྲོས་པ་ཞུ་བ་ལས་གནམ་ལྕགས་ཕ་ལམ་གྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་པ་ནང་ཁོང་སྟོང་སྦུབས་རྣམས་སྟོང་པ་རྒྱ་དཔངས་ཆོས་ཀྱི་དབྱིངས་དང་མཉམ་པ་རྩིབས་རྩེ་རྣམས་རལ་གྲི་སོ་གཉིས་ཀྱི་རྣམ་པ་རྣོ་ངར་དང་ལྡན་པའི་སྟེང་འོག་གི་རྩིབས་གཉིས་དྲིལ་བུ་ཁ་སྦྱར་ལྟ་བུའི་རྩེ་མོ་གཉིས་མདུང་སོ་ལྟ་བུར་རྣོ་བ་ར་གུར་གྱི་རྒྱ་གྲམ་སྟེང་འོག་ལ་ཟུག་པ་ཕུག་གསོར་བཞིན་དལ་བའི་གནས་མེད་པར་གཡས་སུ་འཁོར་བ་རྩིབས་སོ་སོའི་ཐད་ཀྱི་བར་སྣང་དུ་ཕྱོགས་གང་ལ་མ་རེག་པའི་སར། པད་ཉི་ཕྱོགས་སྐྱོང་གི་གདན་ལ་ཁྲོ་བོ་སྐུ་མདོག་ཕྱག་མཚན་སོགས་གཞུང་གསལ་ལྟར་ལ་སྟེང་གི་ཧཱུྃ་མཛད། འོག་གི་འཁོར་ལོས་སྒྱུར་བ་གཉིས་མ་གཏོགས་ཕྱག་གཡོན་རྣམས་ཕུར་བུས་གཟིར་བ། ཁྲོ་བོའི་ཆས་རྫོགས་པ་ཞལ་ནང་བསྟན། གཡོན་བརྐྱང་གིས་བཞུགས་པ། ཕྱོགས་བཅུའི་གདོན་རྣམས་བསྲུང་བ་དང་། འགུགས་བསྒྲལ་གྱི་ལས་མཛད་པར་བསམ་པ་ནི་སྲུང་འཁོར་ཁྱད་པར་བའོ། །དེ་ནས་དམིགས་པ་གཞན་གཞུང་གསལ་ལྟར་ལ། སྲུང་བ་ཁྱད་པར་བའི་སྐབས་སུ་སྟེང་གི་ཧཱུྃ་མཛད་ཀྱི་ཐུགས་ཀར་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་ཁོག་པར་རང་གི་བླ་ཚེ་ཨ་ནྲྀའི་རྣམ་པ་དང་། གང་བསྲུང་བ་དངོས་སམ་མིང་ཡིག་དང་པོ་བསྒོམས་པ་ལ་ཧཱུྃ་གི་འོད་ཟེར་རྡོ་རྗེ་ཕྲ་མོའི་རྣམ་པ་ཅན་གྱིས་བསྲུང་བྱའི་ལུས་ཕྱི་ནང་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གཏམས་པས་བྱིན་གྱིས་བརླབས་པར་བསམ། ཡང་ཁྲོ་བོ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་པས། གང་བསྲུང་བའི་གནས་ལུས་ལོངས་སྤྱོད་ཐམས་ཅད་ཀྱི་འགལ་རྐྱེན་བསལ། གདོན་བགེགས་ཐམས་ཅད་ཚར་བཅད། ནད་དང་སྡིག་སྒྲིབ་དག་ནས་རྡོ་རྗེའི་རང་བཞིན་དུ་གྱུར། སླར་ཧཱུྃ་ཡིག་རྣམས་ཚུར་འདུས་པ་དང་མཉམ་དུ་ཡེ་ཤེས་ཁྲོ་ཚོགས་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་རྩ་བའི་ཧཱུྃ་དང་མིང་ཡིག་ལ་ཐིམ་པར་བསྒོམས་ལ་ཧཱུྃ་བཟླས་བྱ། དེ་ནས་ཟློག་སྔགས་བཟླ་བའི་སྐབས་སུ། འཁོར་ལོས་སྒྱུར་བའི་ཐུགས་ཀར་བསྲུང་བྱ་བསྒོམ་པ་དང་། ཁྲོ་བོ་རྣམས་ཞལ་ཕྱིར་བསྟན་ནས་གཡས་བརྐྱང་གི་སྟབས་དང་། རྩིབས་རྩེ་དྲག་ཏུ་འཁོར་བའི་རྣོ་དབལ་གྱིས་དགྲ་གདོན་གྱི་ལུས་ཚལ་པར་གཏུབས། རྩིབས་མཆན་གྱི་སྡིག་པ་རྣམས་ཀྱིས་ཧབ་ཐོབ་ཏུ་ཟོས་པར་བསྒོམ་པ་ཙམ་ཁྱད་པར་རོ། །སྐབས་སུ་ཁྲོ་བོ་བཅུ་ལས་སྤྲོས་པའི་ཁྲོ་ཆུང་སྐར་མདའ་ལྟར་འཁྲུགས་ཤིང་རླུང་ལྟར་འཚུབས་པས་གནོད་བྱེད་ཐམས་ཅད་ཕྱི་མཐར་བསྐྲད་བསྡིག་གཟིར་ནས་རྡོ་རྗེའི་དྲྭ་མིག་ལས་ཞལ་ཕྱིར་གཟིགས་ཏེ་སྲུང་ཟློག་གི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུའི་གུར་ཁང་ཟླ་གསང་ལྷུན་གྲུབ་གཞོམ་མེད་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། ཤམ་བུ་བཏགས་པའི་ཚེ། འོག་ཕྱོགས་ས་གཞི་མེའི་འཁོར་ལོ་ཚ་ཞིང་སྲེག་པ་གཡོན་དུ་འཁོར་བས་གནོད་བྱེད་ཐམས་ཅད་བསྲེགས། བར་སྣང་རླུང་གི་འཁོར་ལོ་ལྗང་གུ་འཁོར་བས་གནོད་བྱེད་རྡུལ་ཕྲན་ལྟར་གཏོར། སྟེང་ནམ་མཁའི་འཁོར་ལོ་སྔོན་པོ་གཡས་སུ་འཁོར་བས་རང་གཞན་གྱི་ནད་གདོན་སྡིག་སྒྲིབ་བྱིངས་རྨུགས་འཐིབས་གསུམ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པའི་དབྱིངས་སུ་སྦྱངས་པར་བསམས་ལ་ལྟ་བས་རྒྱས་གདབ་བོ། །དེ་ནས་རྒྱུའི་རྡོ་རྗེ་འཛིན་པ་དང་སྲུང་བའི་ལྷ་དབྱེར་མེད་པའི་ཐུགས་ཀའི་ས་བོན་ལས་འབྱུང་རིམ་རི་རབ་གཞལ་ཡས་ཁང་། པདྨ། དུར་ཁྲོད། རྡོར་ར། མེ་རི་སོགས་དྲག་པོའི་གཞལ་ཡས་མཚན་རྫོགས་ཀྱི་ལྟེ་བར། གཙོ་བོ་ཉིད་རྒྱས་པར་མངོན་བྱང་ལྔ་བསྐྱེད་བྱ། བསྡུ་ན་ནམ་མཁའི་རྒྱུའི་ས་བོན་གདན་ལ་བབ་པ་ལས། གཙོ་བོ་བཅོམ་ལྡན་འདས་དཔལ་ཆེན་པདྨ་དྲག་པོ་ཡབ་ཡུམ་དཔལ་དང་དུར་ཁྲོད་ཀྱི་ཆས་ཡོངས་སུ་རྫོགས་པ། དེའི་དཔྲལ་བར་གཤིན་རྗེ་གཤེད་སེར་པོ་ཕྱག་གཡས་གཡོན་ཐོད་དབྱུག་ཐོད་ཁྲག་འཛིན་པ། མགྲིན་པར་རྟ་མགྲིན་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ། དབུ་གཙུག་རྟ་ཞལ་ལྗང་གུ་དེ་གཉིས་དུར་ཁྲོད་ཀྱི་ཆས་ཅན། ཐུགས་ཀར་རྡོ་རྗེ་གཏུམ་པོ་མཐིང་ག་རྡོ་རྗེ་དང་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་ཆེན་རུས་པ་སྦྲུལ་གྱིས་བརྒྱན་ཅིང་སྟག་ཤམ་ཅན། ལྟེ་བར་ཕག་མོ་མཐིང་ནག་ལ་མཁའ་འགྲོ་རིགས་བཞིས་བསྐོར་བ། རྒྱན་ཆ་ལུགས་སྤྱི་མཚུངས། གསང་བར་ཡཀྴ་མེ་དབལ་མཐིང་ནག་ཕྱག་གཡས་རྡོ་རྗེ་མེའི་ཚྭ་ཚྭ་ཅན་ཕྱར་ཞིང་གཡོན་ལྕགས་སྡིག་དང་མེ་ཞགས་འཛིན་པ། དུར་ཁྲོད་ཆས་རྫོགས་པ། དེ་ལྔའི་ཐུགས་ཀར་ཉི་གདན་ལ་ཡ་ཧྲཱིཿཧཱུྃ་ཧྲཱིཿཧཱུྃ་རྣམས་སོ་སོའི་མདོག་མཚུངས། དབུ་གཙུག་ཏུ་པདྨ་ཁྱུང་ཆེན་དང་རིགས་བདག །ཕྱི་རོལ་ཕྱོགས་བཞིར་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་དྲག་པོ་རིགས་བཞི་རང་འོད་ཀྱི་ཡུམ་དང་བཅས་པ། དེ་རྒྱབ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུའི་སྟེང་དུ་ཁྲོ་ཆེན་བཅུ་དམར་ནག་ཞལ་གསུམ་གཡས་དཀར་གཡོན་དམར། ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་ཐོ་བ། གཡོན་གསུམ་ཐོད་ཁྲག་ལྕགས་སྡིག་ཙིཏྟ་བསྣམས་པ། སྐུ་སྨད་ལྕགས་ཕུར་དུར་ཁྲོད་ཆས་ཅན། སྒོ་བཞིར་རྣམ་རྒྱལ་དཀར་པོ་གཡས་ཐོ་བ། གཤིན་རྗེ་གཤེད་སེར་པོ་བེ་ཅོན། རྟ་མགྲིན་དམར་པོ་དབྱུག་ཏོ། བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་ཕྱར་ཞིང་གཡོན་རྣམས་ཕུར་བུ་འདྲིལ་བ། ཁྲོ་ཆས་སྤྱི་ལྟར་གསལ་བཏབ་ལ་བདག་མདུན་མེ་རི་འདབས་འབྲེལ་ཚུལ་དུ་བསྐྱེད། ཐུགས་སྲོག་དང་གནས་གསུམ་བྱིན་རླབས། སྤྱན་འདྲེན། བཞུགས་གསོལ། མཆོད་བསྟོད་ཀྱི་བར་འདོན་ཆོག་དང་མཐུན་པར་བསྒོམ། དོན་རྣམས་རེ་རེ་བཞིན་གསལ་ཐེབས་ངེས་པར་བྱའོ། །དེ་ནས་བཟླས་པའི་ཐོག་མར་ལམ་དབང་རང་གཞུང་ལྟར་རམ་མི་ཤེས་ན་ཚིག་བདུན་གསོལ་འདེབས་ཀྱིས་ལམ་དབང་སྤྱི་མཐུན་བླང་། ཛཔ྄་སྐུལ་གྱིས་གསལ་བཏབ་ཅིང་ལྷའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་། །དགོངས་པ་མི་འགྱུར་བའི་གཟེར་གདབ། ཕྲེང་བ་བྱིན་བརླབས་ལ། ཞི་བསྙེན་སྔོན་དུ་སོང་བ་ཡིན་ན། སྐབས་འདིར་གསོལ་འདེབས་བྱིན་རླབས་འབེབ་པའི་ཚུལ་དུ་བརྒྱ་རྩ་ལྟ་བུ་ཉུང་ངུ་རེས་ཆོག །ཞི་བསྙེན་མ་སོང་ན་མ་མཐའ་འང་འབུམ་ཕྲག་ཙམ་མ་སོང་ཐབས་མེད་པས་དེ་ལ་བུངས་བསྐྱེད། ནང་སྒྲུབ་དངོས་ལ། བསྙེན་སྒྲུབ་ལས་གསུམ་དུ་ཡོད་པའི་དང་པོ་བསྙེན་པ་ལའང་གཉིས་སུ་ཡོད་པ་ལས། བདག་བྱིན་གྱིས་བརླབ་པ་བསྙེན་པའི་ཡན་ལག་ཟླ་བ་སྐར་ཕྲེང་ལྟ་བུའི་ཛཔ྄་དགོངས་ནི། བདག་ཉིད་གཙོ་བོའི་ཐུགས་ཡེ་ཤེས་ལྔའི་འོད་ཁྱིམ་གུར་ཕུབ་པ་ལྟ་བུའི་དབུས་སུ་གསང་བའི་བདག་པོའི་ཐུགས་ཀར། ཡེ་ཤེས་སེམས་དཔའ་གཏུམ་དྲག་དམར་ནག་རྒྱན་རྫོགས་ཚོན་གང་བ། དེ་ཡི་ཐུགས་ཀར་ཉི་མའི་གདན་ལ་ཏིང་འཛིན་སེམས་དཔའ་གནམ་ལྕགས་ཀྱི་ཁྲོ་བོའི་རྡོ་རྗེ་སྔོན་པོ་རྩེ་དགུ་རྭ་གདེངས་པའི་ལྟེ་བར་པདྨ་དམར་པོ་འདབ་བརྒྱད་ཀྱི་སྦུབས་སུ་དྲེགས་པ་རིགས་བསྡུས་ཀྱི་སྲོག་ཡིག་བརྒྱད་གདན་ཐབས་སུ་བཀོད་ཅིང་རང་ལ་གང་གནོད་ཚབས་ཆེ་བ་ཉིད་དབུས་སུ་བཅུག་པའམ། སྤྱི་ཙམ་དུ་ཏྲིཿདབུས་སུ་བཅུག་པའི་སྟེང་དུ་ཉི་མའི་གདན་ལ་སྣང་སྟོང་དབྱེར་མེད་ཀྱི་ངོ་བོ་ཧཱུྃ་དམར་ནག་དང་ཧྲཱིཿམཐིང་ནག་ཞལ་སྦྱོར་གྱི་རྣམ་པའི་མདུན་ནས་བརྩམ་སྔགས་འབྲུ་ཉེར་གཅིག་པོ་འགྲེང་སྟབས་ཞལ་ཕྱིར་བསྟན། ཡིག་མཇུག་གཡོན་སྐོར་གྱིས་བཀོད་པ་ཁ་དོག་དམར་པོ་མུ་ཏིག་དམར་པོའི་ཕྲེང་བ་བསྒྲིགས་པ་ལྟ་བུ་ལ་དམར་ཤེས་ཆེ་བའི་སྣ་ལྔའི་འོད་ཟེར་བལྟར་མི་བཟོད་པ་དང་། མགར་གྱི་ཚྭ་ཚྭ་ལྟ་བུའི་ཟེགས་མ་འཕྲོ་བ་ལ་དམིགས་པ་གཏད་པ་གཙོ་ཆེར་བྱ། སྐབས་སུ་རིག་སྔགས་ཀྱི་འོད་ཟེར་དང་། ཐུགས་སྲོག་ལས་འོད་ཟེར་མེའི་ཕྲེང་བ་ལྟ་བུ་མདུན་རྒྱབ་སྟེང་འོག་གོ་མཚམས་མེད་པར་སྤྲོས་པས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་རྣམས་དང་། གདོད་ནས་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་བདེ་སྟོང་གི་མཆོད་པས་མཉེས་པར་བྱས། རིགས་དྲུག་གི་སྡུག་བསྔལ་སྦྱངས་ནས་བདེ་བ་ལ་བཀོད། འོད་ཟེར་ཚུར་འདུས་ས་བོན་ལ་ཐིམ་པས་གཟི་བྱིན་ཆེར་འབར་བས་བདག་ཉིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་མོ་ཉི་མས་བཞུ་བ་ལྟར་གྱུར། དབང་དང་བྱིན་རླབས་དངོས་གྲུབ་མཆོག་གི་སྣོད་རུང་དུ་བྱིན་གྱིས་བརླབས་པར་བསམས་ལ་བཟླས་པ་སྟོང་ཚིགས་བྱ་ཚུལ་ཕྱི་སྒྲུབ་སྐབས་དང་མཚུངས། ཐུན་མཐར་གོ་ཆ་ལ་དམིགས་ཏེ། ཨོཾ་ཡ་མཱནྟ་ཀ་ཧྱ་གྲཱི་བ་བཛྲ་པཱ་ཎི་ཌཱ་ཀི་ནཱི་ཧ་རི་ནི་ས་ཡཀྴ་ཧཱུྃ་ཕཊ༔ ཅེས་སྤྱི་དྲིལ་དང་། ཕྱི་འཁོར་གྱི་ཐུགས་དམ་བསྐུལ་བར་མོས་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཅེས་པའང་ཅུང་ཟད་བཟླས་ལ་མཇུག་གི་བྱ་བའང་སྔར་ལྟར་རོ། །གཉིས་པ་ཉེ་བསྙེན་གྱི་ཡན་ལག་འགལ་མེ་ཀླད་འཁོར་ལྟ་བུའི་ཛཔ྄་དགོངས་གཞུང་གཞན་དུ་དོ་ལི་སྟེ་ཁྱོགས་ཀྱི་བཟླས་པ་ནི། གཙོ་བོའི་ཐུགས་སྲོག་ཤིན་ཏུ་གསལ་བ་མིག་གིས་བལྟ་བར་མི་བཟོད་པའི་གཟི་བྱིན་ཨོཾ་སོགས་སྔགས་ཕྲེང་ལ་ཕོག་པས་གཙོ་འཁོར་བྱིན་གྱིས་བརླབས་པའི་ཚུལ་གྱིས་ནུས་རྩལ་འབར། ཡི་གེ་རྣམས་གདན་ལས་ཅུང་ཟད་འཕགས་ནས། དང་པོ་དལ་བུའི་ཚུལ་དང་། རིམ་གྱིས་འགལ་མེའི་འཁོར་ལོ་བཞིན་འཁོར་བས་འོད་ཟེར་འབར་ནས་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་གསལ་སྣང་དང་བདེ་སྟོང་གི་ཡེ་ཤེས་སྤར། སླར་ཡང་ཡིག་འབྲུ་སོ་སོ་ལས་ཡི་གེ་དེ་འདྲ་བ་རེ་གཅིག་རྗེས་གཅིག་ནོན་དུ་རེག་ལ་མ་འབྱར་བ་འོད་ཟེར་གྱི་དྲྭ་བས་ལུ་གུ་རྒྱུད་དུ་སྦྲེལ་བ་ནར་གྱིས་བྱུང་། རྡོ་རྗེའི་དབུས་རྭ་ནས་ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། པདྨར་སོན། ཡབ་ཀྱི་ནོར་བུའི་ལམ་ནས་སྐུའི་དབྱིབས་བརྒྱུད། ཡེ་ཤེས་སེམས་དཔའི་གསང་བར་བརྒྱུད། རྡོ་རྗེའི་དབུས་རྭ་ནས་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་བཅས་སྦྱངས། ཟག་མེད་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་སྐུ་བཞི་མངོན་དུ་གྱུར་པར་བསམས་ལ་བཟླའོ། །གཉིས་པ་སྒྲུབ་པ་ལའང་གཉིས་ཏེ་སྒྲུབ་པའི་ཡན་ལག་དང་པོ་མདུན་བསྐྱེད་ལ་དམིགས་པའི་དོ་ལིའི་བཟླས་པ་ནི་གོང་གི་ཕྱི་སྒྲུབ་ལྟར་རམ། ཡང་ན། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་ཡེ་ཤེས་ལྔ་ལྡན་གྱི་འོད་ཟེར་སྔགས་ཕྲེང་གི་རྣམ་པར་ཐོན། རྡོ་རྗེའི་རྭ་རྩེ། ཡེ་ཤེས་སེམས་དཔའ་དང་ཡབ་ཞལ་བརྒྱུད། མདུན་བསྐྱེད་ཀྱི་ཞལ་ནས་ཞུགས་ཏེ་བདག་བསྐྱེད་ཇི་ལྟ་བའི་ཐུགས་ཀའི་སྔགས་འཁོར་བཀོད་པ་ལ་ཐིམ་པས་གཟི་བརྗིད་འོད་ཟེར་རབ་ཏུ་འབར། དེ་ལས་འོད་ཟེར་གྱི་དྲྭ་བ་འཁོར་འདས་ཀྱི་ཞིང་ཀུན་ཁྱབ་པར་འཕྲོས་པས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་ཐུགས་དམ་བསྐུལ། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པའི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་སྦྱངས། འོད་ཟེར་མེ་ཕུང་འབར་བས་དགྲ་བགེགས་ཐམས་ཅད་ཚར་བཅད་ནས་སྣོད་བཅུད་དག་པའི་འཁོར་ལོར་སྦྱངས། འོད་ཟེར་སླར་འདུས་ཏེ་མདུན་བསྐྱེད་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་ཐུགས་ཀར་འཁོར་བས་བདེ་བའི་མཆོད་པས་མཉེས་ཏེ་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་སྔགས་ཕྲེང་གི་རྣམ་པར་ཡབ་ཡུམ་སོ་སོའི་སྐུའི་དབྱིབས་བརྒྱུད་སྦྱོར་མཚམས་ནས་ཐོན་པའི་ཚེ། འོད་ཟེར་སྣ་ཚོགས་འཕྲོས་པས་འཁོར་འདས་ཐམས་ཅད་པདྨ་དྲག་པོར་གསལ་བའི་གནས་ལྔ་ནས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཡི་གེ་དཔའ་བོ་འབྲུ་ལྔའི་རྣམ་པར་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ཉིད་བདག་བསྐྱེད་ཡབ་ཡུམ་གྱི་སྦྱོར་མཚམས་རྡོ་རྗེའི་སྦུབས་ནས་ཞུགས་ཏེ་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། སླར་ཡང་སྔགས་ཕྲེང་དམར་པོ་རབ་ཏུ་འཁོར་བའི་འོད་ཟེར་ཡེ་ཤེས་ལྔ་ལྡན་གྱི་མེ་འོད་ཆེར་འབར་བས་རྒྱུ་ལས་དང་ཉོན་མོངས་སྡིག་སྒྲིབ། འབྲས་བུ་ནད་གདོན་བར་གཅོད་ཐམས་ཅད་སྐད་ཅིག་གིས་བསྲེགས་ཤིང་སྦྱངས་ནས། ཆེ་མཆོག་པདྨ་དྲག་པོའི་གསང་གསུམ་ཡོན་ཏན་ཕྲིན་ལས་དང་དབྱེར་མེད་པའི་བདག་ཉིད་དུ་གྱུར་པར་བསམས་ལ་བཟླའོ། །ཡང་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་ཛཔ྄་དགོངས་ནི། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་དཀར་པོ་ཤས་ཆེ་བའི་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་ཏེ་ཁྱབ་པས་སྐྱེ་འགྲོའི་ཉོན་མོངས་གཏི་མུག་དང་དུད་འགྲོ་བླུན་རྨོངས་ཀྱི་སྡུག་བསྔལ་སྦྱངས། སྣོད་ཀྱི་འཇིག་རྟེན་སྟུག་པོ་བཀོད། བཅུད་ཀྱི་སེམས་ཅན་བུདྡྷ་དྲག་པོ་རྩལ་དུ་གྱུར་པར་མོས་ལ་བཟླ། དྲག་པོ་རིགས་བཞི་ལ་དེས་འགྲེས་ཏེ། ཐུགས་ཀར་པད་ཉི་ལ་སོ་སོའི་སྐུ་མདོག་དང་མཚུངས་པའི་རྡོ་རྗེ་ཧཱུྃ་ཡིག་སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས། ཞེ་སྡང་དང་དམྱལ་བ་ཚ་གྲང་། ང་རྒྱལ་དང་ལྷ་མིའི་སྡུག་བསྔལ། འདོད་ཆགས་དང་ཡི་དྭགས་བཀྲེས་སྐོམ། ཕྲག་དོག་དང་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངས། སྣོད་མངོན་དགའ་དཔལ་ལྡན་བདེ་ཆེན་ལས་རབ་རྫོགས། བཅུད་རྡོ་རྗེ་རིན་ཆེན་པདྨ་ཀརྨ་དྲག་པོ་རྩལ་གྱི་སྐུར་གྱུར་པར་དམིགས་ལ་རྩ་བསྙེན་བཟླའོ། །གཉིས་པ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་པ་ལྟ་བུའི་ཛཔ྄་དགོངས་ནི། བདག་མདུན་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་རིགས་དྲུག་གི་གནས་སུ་ཁྱབ་པར་སྤྲོས་པས་སྣོད་གཞལ་ཡས་ཁང་། བཅུད་ཐམས་ཅད་པདྨ་དྲག་པོའི་སྐུར་སད་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་བུང་བ་ཚང་ཞིག་པ་ལྟ་བུར་སྒྲོག་པར་དམིགས་ལ། གཟུགས་ཐམས་ཅད་སྣང་སྟོང་ལྷའི་སྐུ །གྲགས་པ་ཐམས་ཅད་གཞོམ་མེད་སྔགས་ཀྱི་རང་སྒྲ །རྟོག་ཚོགས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པར་ཤེས་པས་བཟླ། དེ་ལྟ་བུའི་རིམ་པས་རྩ་བསྙེན་ཐེམས་ནས་འཁོར་གྱི་བཟླས་པ་རྒྱས་པར་སྤྲོ་ན་གོ་ཆ་ལྷ་ལྔའི་སྒོས་སྒྲུབ་ལྟར་སྦྱར། མདོར་བསྡུས་ཙམ་དུ་གནས་སོ་སོའི་ལྷ་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་ལུས་ཀྱི་ནང་གང་། འཇིག་རྟེན་ཐམས་ཅད་དུ་ཁྱབ་པས་བདག་གཞན་རྣམས་ཀྱི་ལུས་ངག་ཡིད་གསུམ་འཕོ་བ་བྱ་བྱེད་དང་བཅས་པའི་སྒྲིབ་པ་སྦྱངས་ནས་ལྷ་ལྔའི་གོ་འཕང་ལ་བཀོད། རྩ་གསུམ་རྒྱལ་བ་རྣམས་མཆོད་པས་མཉེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་བསྡུས་ནས་གནས་ལྔ་སོ་སོར་ཐིམ་པར་མོས་ལ་སྤྱི་དྲིལ་ཁོ་ན་ཁྲི་འབུམ་ཅི་འགྲུབ་བཟླས་པ་ཙམ་གྱིས་འཐུས་པར་བྱའོ། །གསུམ་པ་ལས་སྦྱོར་ལ་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་ནི། བདག་མདུན་ཐུགས་ཀའི་སྔགས་ཕྲེང་ཤུགས་དྲག་ཏུ་འཁོར་བཞིན་པ་དང་། ཡིག་འབྲུ་རེ་རེའི་ནུས་སྟོབས་ཀྱིས་ཀྱང་ལས་རབ་འབྱམས་སྐད་ཅིག་ལ་སྒྲུབ་ནུས་པ་དེ་ཉིད་ལས་འོད་ཟེར་ཁ་དོག་ལྔ་ལྡན་གསལ་ལ་འཚེར་བ་དཔག་ཏུ་མེད་པ་བ་སྤུའི་བུ་ག་ནས་ཕྱོགས་མཚམས་སྟེང་འོག་མཐའ་དབུས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས། དཀར་པོས་འཇིགས་བརྒྱད་ཞི་བ། སེར་པོས་འབྱོར་དྲུག་སྤེལ་བ། དམར་པོས་མོས་བཞི་འདུ་བ། ལྗང་གུས་དྲག་ཤུལ་གྱི་ལས་ཆེན་བཅུ་སོགས་ཐུན་མོང་དང་། མཐིང་གས་ཤེས་ཉོན་གྱི་སྒྲིབ་པ་ཞི་བ་དང་། ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ། ཐར་པ་དང་རྣམ་མཁྱེན་དབང་དུ་བྱེད་པ། རྟོགས་པས་བདག་དང་ཐུགས་རྗེས་གཞན་སྒྲོལ་བ་སོགས་མཆོག་གི་ལས་ཆེན་བཞི། གྲུབ་པ་བརྒྱད། རིག་འཛིན་བཞི་སོགས་ཀྱི་ཡོན་ཏན་མ་ལུས་པ་རང་དབང་དུ་བྱས་པས་སྲིད་ཞིའི་དབང་ཕྱུག་ཏུ་གྱུར་པར་བསམས་ལ་རྩ་བསྙེན་ཤམ་དུ། ཤཱནྟིཾ་པུཥྚིཾ་པ་ཤཾ་མཱ་ར་ཡ་ཕཊ༔ བཏགས་པ་བཟླའོ། །གཉིས་པ་ཁྱད་པར་བ་ནི། བདག་དང་མདུན་བསྐྱེད་གཉིས་ཀའི་མདུན་དུ་ལས་བྱེད་ཡཀྴ་མེ་དབལ་དང་། སྤྲུལ་པའི་ཕོ་ཉ་ཟ་བྱེད་མི་སྲུན་ལྕགས་་སྡིག་ནག་པོ་ཡང་འཁོར་དྲེགས་པ་སྡེ་བརྒྱད་བཅས་དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་གྱིས་གནས་པར་གསལ་གདབ། བདག་མདུན་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་པས་བཀའ་སྡོད་ལས་མཁན་རྣམས་བསྐུལ་པས་སོ་སོའི་སྙིང་གའི་སྔགས་ཕྲེང་མེ་ལྕེ་གློག་ཞགས་ཀྱི་རྣམ་པར་འཚུབས་པས་སྟོང་ཁམས་གཡེངས་ཤིང་སྲིད་རྩེར་འབར་བ་ལས། མེ་དབལ་ཁྱུང་མཚོན་སྡིག་པའི་ཚྭ་ཚྭ་དང་། དྲག་སྔགས་དང་། ཧཱུྃ་སྒྲས་གཡོ་ཞིང་ལྡེག་ལ། སྲིད་པ་གསུམ་གྱི་རྒྱལ་བསེན་དམ་སྲི་ཐམས་ཅད་མེ་རྫས་ལ་མེ་མཆེད་པ་བཞིན་བསྲེགས། དྭངས་མ་སྲོག་སྙིང་འབྲུ་བརྒྱད་ཀྱི་རྣམ་པར་བསྡུས་ནས་རྩ་གདན་གྱི་སྲོག་ཡིག་ལ་བསྟིམས་པས་གར་འཁྱམས་རང་དབང་མེད་པར་གཏའ་རུ་བཟུང་། སླར་ཡང་ཐུགས་སྲོག་གི་ཞབས་ཀྱུ་ཤིན་ཏུ་རྣོན་པོ་ལྕགས་སྲེག་ལྟ་བུས་ཕུག་ཅིང་གཟིར་བས་གཟི་བྱིན་ནུས་མཐུ་ཐམས་ཅད་འུབ་ཀྱིས་བསྡུས་པས་སྣང་སྲིད་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར་པའི་དཔའ་གདིང་བསྐྱེད་ཅིང་རྩ་སྔགས་ལ་མེ་དབལ་སྔགས་ཤམ་བཏགས་པ་གོང་བསྙེན་གྱི་བཅུ་ཆ་ཙམ་མམ་གང་འོས་བཟླ། དེ་ནས་རང་ལ་གང་གནོད་པའི་སྡེ་བརྒྱད་ཀྱི་སྲོག་དབུས་སུ་གཏེམས་ཏེ་དྲག་པོ་སྔགས་ཀྱི་མན་ངག་ལྟར་ཤམ་འདོགས་བྱེ་བྲག་པ་སྦྱར་བའམ། སྤྱི་ཙམ་དུ་དམིགས་གནད་བཤད་མ་ཐག་པ་དང་རྩ་བསྙེན་མེ་དབལ་བཅས་པའི་ཤམ་དུ་སྡེ་བརྒྱད་སྤྱི་དྲིལ་བཏགས་པ་ཁྲི་ཙམ་བཟླ་བ་ནི་དྲག་པོའི་དམིགས་པ་ཡིན་ལ། ཞི་བ་གཙོར་བཏོན་པའི་ལམ་ཁྱེར་ཐམས་ཅད་དུ། ཐུགས་ཀའི་ཧཱུྃ་ལས་སྤྲོས་པའི་ཧཱུྃ་གིས་སྣང་སྲིད་ཁེངས་ཤིང་། ལྷག་པར་གང་གནོད་པའི་བགེགས་ཀྱི་སྙིང་དུ་ཞུགས་པས་རྒྱུད་གྲོལ་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་ནས་འོད་ཕུང་དུ་ཡལ་བར་བསམ་མོ། །དེ་རྣམས་ལ་ཞག་གྲངས་རིང་ཐུང་གི་ཁྲིགས་ཀྱང་དུས་བསྙེན་ཟླ་དྲུག་ལྟ་བུར་མཚོན་ན། ཟླ་བ་གཅིག་དང་ཞག་བཅུ་བསྙེན་པ། ཟླ་བཞིར་སྒྲུབ་པ། ཞག་ཉི་ཤུ་པོ་ལ་ལས་སྦྱོར་བྱ་བ་ལྟ་བུའི་འགྲེས་སུ་སྦྱར་རོ། །དེ་ལྟ་བུའི་ཚུལ་གྱིས་ནང་སྒྲུབ་གྲུབ་ནས་རེ་ཞིག་རྫོགས་པར་བྱེད་ན་རྗེས་ཀྱི་བྱ་བ་ཁ་སྐོང་སྦྱིན་སྲེག་བཅས་གྲུབ་པར་བྱའོ། ༈ །གསུམ་པ་གསང་སྒྲུབ་ནི། བཅའ་གཞི་གཤོམ་བཀོད་ནང་སྒྲུབ་དང་སྦྲེལ་ན་དེ་ཀས་འཐུས་ཤིང་དེ་ཉིད་སྔ་དྲོ་གྲུབ་ནས་ཕྱི་ཐུན་ལ་དབུ་འཛུག་སྟེ། འདོན་འགྲིགས་དང་ཐུན་གཅོད་ཚུལ་ནང་སྒྲུབ་དང་མཚུངས། བསྒོམ་དོན་གྱི་ཁྱད་པར། དཀྱིལ་འཁོར་ཡོངས་རྫོགས་རྩ་བའི་སྒྲུབ་པ་ལྟར་གསལ་བའི་གུ་རུ་དྲག་པོ་ཡབ་ཀྱི་དབུ་གཙུག་ཏུ་རྟ་ཞལ་ལྗང་གུ་འཚེར་ཞིང་སྐུ་ལ་དཔལ་གྱི་ཆས་བཅུ་རྫོགས་པ། ཡུམ་གྱི་སྤྱི་བོར་ཕག་ཞལ་མཐིང་སྐྱ་ངུར་སྒྲ་སྒྲོག་པས་མཚན་པ། ཡབ་ཀྱི་སྐུ་སྣང་སྟོང་སྒྲིབ་བྲལ་དུ་གསལ་བའི་ནང་དུ་རྩ་གསུམ་འཁོར་ལོ་ལྔའི་ལྟེ་བར་གོ་ཆ་ལྷ་ལྔ། དེ་ལྔའི་ཐུགས་ཀར་དྲག་པོ་རིགས་ལྔ་ཡབ་ཡུམ་རྣམས་བསྒོམ་སྟེ། སྤྱི་བོར་རྡོ་རྗེ་དྲག་རྩལ་ཡབ་ཡུམ་དཀར་པོ། མགྲིན་པར་པདྨ་དྲག་རྩལ་དམར་པོ། ཐུགས་ཀར་བུདྡྷ་དྲག་རྩལ་མཐིང་ནག ལྟེ་བར་རཏྣ་དྲག་རྩལ་སེར་པོ། གསང་བར་ཀརྨ་དྲག་རྩལ་ལྗང་གུ །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ལྕགས་སྡིག་འཛིན་ཅིང་ཡུམ་དང་འཁྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ལྡན་རྟ་ཞལ་དང་ཕག་ཞལ་གྱིས་མཚན་ཅིང་རང་འོད་ཀྱི་ཀློང་དུ་པད་ཉིའི་གདན་ལ་བརྐྱང་བསྐུམ་གྱིས་བཞེངས་པ། འཁོར་གྱི་དྲག་པོ་རིགས་བཞིའང་ཡུམ་དང་སྦྱོར་ཞིང་རྟ་ཕག་གི་ཞལ་ཅན་དུ་གསལ་གདབ། བཟླས་པའི་སྐབས། དྲག་པོ་རིགས་བཞིའི་ཐུགས་ཀར་པད་ཉིའི་གདན་ལ་རྡོ་རྗེ་གྱེན་འགྲེང་རེ་རེའི་ལྟེ་བར་སོ་སོའི་ས་བོན་ཞལ་སྦྱོར་དུ་བསྒོམ་སྟེ། སྤྱི་བོ་ནས་རིམ་བཞིན། ར་ཧ། ཧྲི་ནི། ཧཱུྃ་ཧྲཱིཿ ཙ་རི། ཡ་ས། ཞེས་པ་རྣམས་ཀྱི་མཐར་དྲག་པོ་རྩ་བའི་སྔགས་ཡིག་ངོ་ཕྱིར་བསྟན་དུ་བསྐོར་བ་གསལ་གདབ། ལུགས་འདིའི་བསྙེན་སྒྲུབ་ཟབ་ཅིང་རྒྱས་ལ་ཕལ་ཆེར་རླུང་བུམ་པ་ཅན་དང་སྦྱོར་དགོས་ཀྱང་འདིར་རླུང་ལ་སྦྱངས་པ་མེད་པའི་དབང་དུ་བྱས་ཏེ། བསྙེན་པ་ནི། ཞི་ཛཔ྄་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པ་སྔོན་དུ་འགྲོ་བས་ནང་སྒྲུབ་ལྟར་ཟླ་བ་སྐར་ཕྲེང་གི་ཛཔ྄་དགོངས་དང་ལྡན་པས་བཟླས་པ་བྱ། སྒྲུབ་པ་ནི་བར་རླུང་བཟུང་ཞིང་ཡིད་བཟླས་སམ་ཤུབ་བུར་བཟླས་པའི་རྐྱེན་གྱིས་གནས་ལྔའི་དྲག་པོ་རིགས་ལྔ་དང་། རྩ་འདབ་ལ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་ཡབ་ཡུམ་རྣམས་ཕན་ཚུན་རྗེས་སུ་ཆགས་པའི་མེས་བཞུས་པའི་བྱང་སེམས་སྤྱི་བོའི་རྩ་འཁོར་སོགས་ལ་རིམ་གྱིས་བབས་པས། རྩ་འཁོར་གྱི་ལྷ་རྣམས་ཡས་བབ་ལུགས་འབྱུང་གི་དགའ་བ་བཞི་དཔེའི་ཡེ་ཤེས་སྐུ་ཉམས་སུ་བསྟར་བས་བདེ་བ་ཆེན་པོའི་རོས་མཉེས་པར་བསམས་ལ་མཉམ་པར་བཞག་པ་མཚོན་བྱེད་ཀྱི་ཚུལ་དང་། ཡུམ་གྱི་ཉི་མའི་ཁམས་འཛབ་རྒྱུན་དང་གཉིས་སུ་མེད་པ་ཡང་ཡབ་ཀྱི་བདེ་བས་བསྐུལ་བས་དྷཱུ་ཏིའི་མས་སྣེར་དཀར་དམར་མཉམ་པར་སྦྱོར་བའི་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཕོ་མེད་དུ་བཅིངས་པ་མཚོན་བྱ་དོན་གྱི་ཆོས་ཉིད་ལ་བཞག་མཐར། སླར་ཡང་གསང་བ་ནས་ལྟེ་བར་ལྡོག་པས་དགའ་བའི་ཡེ་ཤེས་ནས་རིམ་པར་སྤྱི་བོར་སོན་པས་ལུགས་ལྡོག་མས་བརྟན་དགའ་བཞིའི་ཐ་མ་ལྷན་སྐྱེས་ཀྱི་དགའ་བ་ལ་སླེབ་པར་བྱས་ནས་བདེ་སྟོང་གི་དོན་ལ་མཉམ་པར་འཇོག་པ་ནི་མཐར་ཐུག་གི་བཟླས་པའོ། །དེ་ལྟ་བུའི་དམིགས་པའི་རིམ་པ་ལ་སེམས་འཛིན་བཟླས་པ་དང་བཅས་གནད་དུ་བསྣུན་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་ཚེ་ན་མཆོག་གི་དངོས་གྲུབ་མངོན་དུ་འཐོབ་པ་སྟེ། རྡོ་རྗེ་ཐེག་པའི་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་རྫོགས་རིམ་མཐར་ཐུག་དང་། གཞུང་འདི་ཉིད་ནས་ཀྱང་བཟླས་པའི་སྙིང་པོར་གསུངས་པས་འདི་ཁོ་ན་ལ་གཙོ་བོར་དྲིལ་བ་གནད་ཟབ་བོ། །ལས་སྦྱོར་ནི། གཞུང་ལས། རང་ཉིད་གནད་ལ་དབབ་པ་ཁོ་ན་འོ༔ ཞེས་གསུངས་པ་ལྟར་ཡུལ་སེམས་ཐ་དད་དུ་བཟུང་ནས་སྣང་བ་ལ་བླང་དོར་བྱེད་པ་སྤངས་ཏེ་རང་རྒྱུད་རྟོག་སྒྲིབ་སྦྱོང་བ་ཡིན་པས། དམིགས་གཏད་མཚན་མའི་འཛིན་རྟོག་དང་བྲལ་བས་གནས་ལུགས་མ་བཅོས་པའི་ངང་དུ་ཡེངས་པ་མེད་པར་བཞག་ལ་བཟླས་པ་བྱ། སྐབས་སུ་ཡང་གསང་ཧཱུྃ་གི་བཟླས་པ་བྱ་སྟེ། ཐུགས་ཀའི་ཧཱུྃ་དམར་ནག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཕྲིན་ལས་ནུས་མཐུ་ཐམས་ཅད་ཧཱུྃ་ཡིག་གི་རྣམ་པར་བསྡུས་ཏེ་ཐུགས་སྲོག་ལ་ཐིམ། དེ་ལས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་ཐམས་ཅད་གང་། དེ་རྣམས་ཁྲོ་བོ་ཡཀྴ་མེ་དབལ་མཐིང་ནག་རྡོ་རྗེ་དང་ལྕགས་སྡིག་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་གྱུར་ཏེ་ཞལ་ནས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་པར་བསམས་ལ། གཟུགས་སྣང་ཐམས་ཅད་ཡཀྴ་མེ་དབལ། གྲགས་པ་ཧཱུྃ་གི་རང་སྒྲ །དྲག་རྟོག་འོད་གསལ་ཡེ་ཤེས་ཆེན་པོའི་རོལ་པ་ལམ་དུ་ཁྱེར་བའི་ངང་། ཧཱུྃ་ཧཱུྃ་ཧཱུྃ། ཞེས་སུམ་སྦྲེལ་གྱི་བཟླས་པ་བྱའོ། །ཧཱུྃ་སྒྲུབ་འདི་ཉིད་ཕྱི་སྒྲུབ་ལའང་སྦྱར་ན། ལེགས་སོ། །དེ་ལྟར་ཕྱི་ནང་གསང་བ་གསུམ་ཀའི་ཐུན་མཚམས་རྣམས་སུ་ལས་སྒྲུབ་པ་དང་བར་ཆད་སེལ་ཕྱིར་ནང་དགོང་དུ་ཕྱི་ནང་གི་གཏོར་མའི་རྣལ་འབྱོར། ཟས་ཀྱི་བྱ་བ་བསོད་ནམས་ཀྱི་ཚོགས་སུ་བསྒྱུར་ཕྱིར་སྙིང་གའི་ཧཱུྃ་ལས་མེ་འབར་བས་དྲག་པོ་མེ་ཡི་རང་བཞིན་ཞལ་ཧཱུྃ་དམར་ཁ་གདངས་པའི་རྣམ་པར་བཟའ་བཏུང་ཐམས་ཅད་ནང་གི་སྦྱིན་སྲེག་ཏུ་ཕུལ་བས་ཕུང་ཁམས་ཀྱི་ལྷ་རྣམས་མཉེས་ཤིང་་ཕྲིན་ལས་འགྲུབ་པར་བསམས་པ་བཟའ་བའི་རྣལ་འབྱོར། སྤྱོད་པ་རྣམ་པར་དག་ཕྱིར། ཧྲཱིཿ མ་སྐྱེས་སྟོང་པ་སོགས་ཀྱིས་སྣང་སྤྱོད་ཐམས་ཅད་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་འབྱམས་ཀླས་པ་ཐུན་མཚམས་ཀྱི་རྣལ་འབྱོར། །གཉིད་དགེ་བར་བསྒྱུར་ཕྱིར་ཉལ་ལྡང་གི་རྣལ་འབྱོར་རྣམས་བྱ། སྐོང་ཚོགས་ནི་རྒྱུན་དུ་གྲུབ་ན་ཤིན་ཏུ་ལེགས་ལ་མཚམས་ཀྱི་ཐོག་མཐར་ངེས་པར་བྱའོ། །ཐུན་མཚམས་ལའང་དགོས་མེད་ཀྱི་གཏམ། སོས་དལ་རྣམ་གཡེང་མི་བྱེད། ལྷ་སྔགས་ཡང་ཡང་གསལ་གདབ་ཅིང་། བཟླས་པ་མ་ཆད་པར་བྱ་བ་སོགས་བསྙེན་སྒྲུབ་སྤྱི་ལ་གཅེས་པའི་སྤང་བླང་གི་གནད་རྣམས་གཞན་དང་མཚུངས་པར་ཤེས་པར་བྱ། བསྙེན་ཚད་ནི། ལས་བྱང་མེ་རླུང་ལས། སྐྱོན་མེད་གསལ་དག་མ་བསླད་པས༔ འབྲུ་འབུམ་བཟླས་པས་ནུས་པ་ཐོན༔ ཞེས་དང་། རྩ་རྒྱུད་ལས། འབྲུ་འབུམ་ཟླ་དྲུག་ལོ་གསུམ་སོགས༔ ཕྱི་ནང་རྟགས་རྫོགས་མཆོག་ཏུ་གཅེས༔ ཞེས་གསུངས་པས། གྲངས་བསྙེན་ནམ། ལས་རུང་ལ་འབྲུ་འབུམ། དུས་བསྙེན་ཟླ་བ་དྲུག །མཐར་ཕྱིན་ལོ་གསུམ་མམ་ཇི་སྲིད་རྟགས་མཐོང་གི་བར་ཏེ། རྟགས་ཀྱི་རིམ་པའང་། རྩ་རྒྱུད་ལས། དངོས་ཉམས་རྨི་ལམ་ཆོས་ཐོས་དང༔ ཏིང་འཛིན་དབང་ཐོབ་མངོན་ཞེན་བྲལ༔ ཉི་ཟླ་ཤར་དང་གཏེར་རྙེད་དང༔ རྫིང་འདོར་རིར་འཛེགས་གཞན་གྱིས་བཀུར༔ རང་གཞན་འདོད་དོན་འགྲུབ་པའི་རྟགས༔ ཞེས་རབ་འབྲིང་ཐ་མའི་གྲུབ་རྟགས་རྣམས་ཐོབ་ནས་རྡོ་རྗེའི་ལས་རབ་འབྱམས་བསྒྲུབ་པ་ལ་བསྙེང་པ་མེད་པའི་དབང་ཕྱུག་ཆེན་པོར་འགྱུར་བར་གདོན་མི་ཟའོ། །དེ་ལྟར་མ་ཡིན་པར་ངན་པའི་མཚན་ཉིད་ནི། དེ་ལོག་ཁུ་འཕྲིག་སྤང་ལ་བསྒྲུབ༔ ཞེས་པས་གོང་ལས་ལོག་པའི་རྨི་ལྟས་ངན་པ་བྱུང་ཡང་ཐེ་ཚོམ་འཁུ་འཕྲིག་མི་བྱེད་པར་རྨི་ལམ་ལྟ་བུར་རང་བཞིན་མ་གྲུབ་པར་ཤེས་པར་བྱའོ། །དོན་ལ་བཟང་ངན་གྱི་མཚན་མ་གང་བྱུང་ལ་རེ་དོགས་དགའ་སྡུག་གི་རྟོག་པ་བོར་ལ་དགེ་སྦྱོར་གྱི་སྲང་དུ་ཆུད་པས་རང་བབས་སུ་བཞག་པར་བྱ་བ་གནད་ཡིན་ནོ། ༈ །རྩ་བའི་གསུམ་པ་རྗེས་མཐར་དགེའི་རིམ་པ་ནི། ཕྱི་ནང་གསང་སྒྲུབ་གསུམ་ཀའམ། སྔ་མ་གཉིས་གང་རུང་གྲུབ་པའི་རྗེས་ཀྱང་རུང་སྟེ། ནངས་པར་གྲོལ་རྒྱུའི་དེ་རིང་གི་དགོང་མོ་ནས་མཆོད་གཏོར་རྙིང་པ་ཁ་གསོ་ཞིང་གསར་པ་མང་དུ་བཤམ། ཐོར་ཐུན་འགོར་མཚམས་གཅོད་དང་བྱིན་འབེབ་ནན་ཏན་བྱ། བཟླས་པ་སྟོང་ཙམ་གྱི་མཐར། བྱིན་འབེབ་དང་བདུད་རྩིའི་སྔགས་ལན་བདུན་གྱིས་ནང་མཆོད་བྱིན་བརླབས་ལ་སྨན་མཆོད་དང་བཤགས་པ་བྱ། དངོས་གྲུབ་བླང་པའི་ཛཔ྄་ཀྱི་ཚེ་དམིགས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་དབང་བྱིན་རླབས་ནུས་མཐུ་གཟི་བརྗིད་ཐམས་ཅད་སྔགས་འབྲུ་དང་འོད་ཟེར་གྱི་རྣམ་པས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་བསྒྲུབ་རྫས་ལ་ཐིམ། དེ་ཉིད་ཀྱི་གནས་གསུམ་ལས་དཀར་དམར་མཐིང་གའི་འོད་ཟེར་དངོས་གྲུབ་ཀྱི་རྣམ་པར་བར་མ་ཆད་དུ་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པས་དངོས་གྲུབ་ཀྱི་དབྱིག་ཏུ་གྱུར་པར་བསམས་ལ། རྩ་སྔགས་ཀྱི་མཐར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་བཏགས་པ་མང་དུ་བཟླས་ནས་དངོས་གྲུབ་བསྐུལ་བ། ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ རྒྱན་ལྡན་འཇའ་འོད་འཁྲུགས་པ་ཞི་བའི་དབྱིངས༔ ཡེ་ཤེས་རབ་འབར་འཁྲུགས་པ་དྲག་པོའི་ཀློང༔ ཞི་ཁྲོ་གློག་ལྟར་འཁྱུག་པའི་ཚོགས་ཁང་འདིར༔ སྣ་ཚོགས་རྟེན་འབྲེལ་རྫས་རྣམས་དཔལ་དུ་འབར༔ ཡེ་ཤེས་འོད་ལ་བརྟེན་པའི་མཆེད་ལྕམ་གྱིས༔ བླ་མ་དྲག་པོ་བླ་མེད་ལུང་གི་གཙོ༔ དང་པོ་བསྐྱེད་ཅིང་སྤྱན་འདྲེན་བར་དུ་བསྒྲུབ༔ རྩེ་གཅིག་ཡེངས་མེད་གདུང་བས་གསོལ་འདེབས་ན༔ ཐུགས་རྗེའི་བདག་ཉིད་དོན་འབྲས་དངོས་གྲུབ་སྩོལ༔ འདོད་འཇོའི་བ་དང་འདོད་འབྱུང་དཔག་བསམ་ཤིང༔ མ་རྨོས་ཐོག་དང་དབང་རྒྱལ་ནོར་བུའི་ཆར༔ དགོས་འདོད་འབད་མེད་ལྷུན་གྱིས་གྲུབ་པ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཞེས་པའི་སྐུལ་ཚིག་སྔོན་དུ་འགྲོ་བས། ལས་བྱང་ལྟར། ཧཱུྃ་ཧྲཱི༔ ཡེ་ཤེས་རབ་འབར་དངོས་གྲུབ་གཏེར་གྱི་མཛོད༔ སོགས་དང་། སྤྲོ་ན། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །སོགས་ཀྱིས་དབང་བླང་། སྒྲུབ་རྟེན་རྫས་རྣམས་གནས་རྣམས་སུ་གཏུག །གཏོར་ཟན་དང་བུམ་ཆུ་མྱངས་ཤིང་དངོས་གྲུབ་ལ་རོལ། སྔ་རབས་པ་རྣམས་ཀྱི་ཕྱག་བཞེས་ལྟར་རྩ་བའི་དབང་བརྒྱ་རྩ་བླང་བ་ཡང་སྤྲོ་ན་བྱ། གཞན་ཡང་སྐབས་འདིར་སྲུང་ཟློག་བསད་པའི་ལས་ལ་སྦྱར་བར་འདོད་ན་དངོས་གྲུབ་བླངས་ཟིན་པའི་རྗེས་ཐོག་དེར་ཟློག་དཀྱིལ། གཏོར་མ། ཟོར་རྫས། ལིངྒ། ཐུན་ཆས་བཅས་མཐོང་བརྒྱུད་ཀྱི་ཕྱག་བཞེས་བཞིན་བཤམ། རྐྱང་སྒྲུབ་བྱེད་ན་ལས་གསུམ་སོ་སོར་རྟགས་མཐོང་ངམ། ཞག་གྲངས་ཙམ་གྱིས་ཀྱང་རུང་ལ། འདིར་འཇུག་བདེའི་ཁྱད་པར་གྱིས་སྒོམ་སྒྲུབ་བྱེད་ན། ཐོ་རངས་བསྙེན་པ། སྔ་དྲོ་སྲུང་བ། ཕྱི་ཐུན་ཟློག་པ། སྲོད་ལ་བསད་པ་རྣམས་ཐུན་བཞིའི་རིམ་པས་ཞག་བདུན། ལྔ། གསུམ་སོགས་བསྒྲུབས་རྗེས་ནུབ་ཐ་མའི་ཚེ་འཕང། བསྲེག མནན་གསུམ་སོགས་ཀྱིས་ལས་མཐའ་བསྡུ་བར་བྱ་ཞིང་། ཁྱད་པར་ལས་གསུམ་པོ་དེ་བྱེད་མིན་གང་ལྟར་ཁ་སྐོང་གི་སྦྱིན་སྲེག་ནི་ངེས་པར་དགོས་པས་སྔགས་བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། དེའང་ཞི་བའི་སྦྱིན་སྲེག་ལ་རྫས་གཞན་གྲངས་ཅི་འབྱོར་དང་། ཁྱད་པར་གྱི་རྫས་ནི་ཏིལ་སྔགས་འབྲུ་འབུམ་ཕྲག་གཅིག་དང་ཁྲིར་ལོངས་པ་འབུལ་དགོས་ལ། སྤེལ་ཚིག་ནི། ཏིང་ངེ་འཛིན་མ་གསལ་བ་དང་སྔགས་ལྷག་ཆད་ཀྱི་ཉེས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྦྱར་བ་ལས་ཆོ་གའི་ལྷག་མ་རྣམས་སྤྱི་ལྟར་རོ། །གལ་ཏེ་མ་གྲུབ་ན་སྔགས་ཀྱི་ཁ་སྐོང་རྩ་སྙིང་གཅིག་ཁྲི་གཅིག་འབུམ་བཟླས་ཀྱང་རུང་བར་གསུངས་སོ། །དེ་ལྟར་ལས་མཐར་ཕྱིན་ནས་མཚམས་གྲོལ་བའི་ཚེ་ན་བསང་གཏོར་སོགས་ཀྱིས་གཏོང་རག་དང་། མཚམས་ཐོའི་ཡེ་ཤེས་པ་གཤེགས་བསྡུ་བྱ། མཚམས་གྲོལ་ནས་ཀྱང་ཐོག་མར་དམ་གཙང་རེ་གཉིས་དང་། དེ་ནས་རིམ་བཞིན་བག་ཡངས་ཀྱིས་གྲིབ་དང་འདྲིས་འཇུག་པར་བྱའོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་ནི། དབྱེར་མེད་རང་གྲོལ་ལས། རང་ཉིད་མོས་པའི་ཆོས་ལ་བར་ཆད་མེད༔ སྣང་སྲིད་ལྷ་འདྲེས་མི་བཟོད་བཀའ་ཉན་ཅིང༔ འདི་ཕྱིར་བྱང་ཆུབ་ལམ་གྱི་གེགས་སེལ་བས༔ འདི་བསྒྲུབས་ཕྱོགས་བཅུའི་སངས་རྒྱས་མ་ལུས་འགྲུབ༔ ཅེས་དང་། བཟླས་པའི་ཡོན་ཏན་ནི། དྲག་པོ་སྔགས་ཀྱི་མན་ངག་ལས། ཞི་ཁྲོ་ཡོངས་ཀྱི་སྤྱི་སྲོག་ཡང་སྙིང་འདི༔ བརྒྱ་ཕྲག་བཟླས་པས་ལས་ངན་སྒྲིབ་པ་སྦྱངས༔ སྟོང་ཙམ་བཟླས་པས་ཕྱི་ནང་བར་ཆད་སེལ༔ ཁྲི་ཚོ་བཟླས་པས་སྡེ་བརྒྱད་བྲན་ཏུ་ཁོལ༔ འབུམ་ཙམ་བཟླས་པས་མཆོག་གི་དངོས་གྲུབ་ཐོབ༔ ཅེས་དང་། སྔ་མ་ལས། བདུད་རྩི་ཡལ་བར་མ་དོར་བཅུད་རོལ་ཅིག༔ རྗེས་འཇུག་པད་འབྱུང་ང་ཡི་ཐུགས་ཀར་ཤོག༔ ཅེས་བསླུ་མེད་རྡོ་རྗེའི་གསུང་ལ་ཡིད་གཉིས་མེད་པས་གདོན་འདུལ་རྐྱེན་ཟློག་འཕྲལ་གྱི་ནུས་པ་རྙེད་པའི་བསམ་ངན་དུག་ལྟར་སྤངས་ལ། བདག་གཞན་གནོད་བྱེད་དང་བཅས་པ་དཔལ་ཆེན་པདྨ་དྲག་པོའི་གོ་འཕང་དོན་དུ་གཉེར་བའི་ལྷག་བསམ་བཟང་པོས་འབྲེལ་འཇོག་ཙམ་བྱས་པས་ཀྱང་ཇི་སྐད་གསུངས་པའི་ཕན་ཡོན་ཆ་མཐུན་ངེས་པར་ཐོབ་པར་འགྱུར་རོ། །གཞན་ཡང་མི་འགྱུར་བའི་གཟེར་བཞི་བདུད་བཞི་ཟློག་ཐབས་དྲག་པོ་སྔགས་ཀྱི་མན་ངག་དང་བཟླས་ལུགས་གཙོ་བོར་གྱུར་པའི་བླང་དོར་དབྱེ་བ་རྣམས་གཞུང་དོན་གོང་འོག་དཀྱུས་སུ་བསྡེབ་ཅིང་། སྙིང་པོའི་ཉམས་ལེན་གྱི་གནད་གཟེར་དོན་བསྡུས་ཡིད་བཞིན་སྙིང་པོ་ལྟར་རྣལ་འབྱོར་གྱི་སྲོག་ཏུ་བཟུང་ན་མདོ་སྔགས་གཉིས་ཀའི་ཉམས་ལེན་སྟན་ཐོག་གཅིག་ཏུ་ཚང་བ་ཡིན་ནོ། །རིམ་གཉིས་མཐར་ཕྱིན་བླ་མའི་ས་མཆོག་ཏུ། ཡེ་ཤེས་རབ་ཏུ་འབར་བའི་གཟི་བྱིན་གྱིས། །གཉིས་རྟོག་འབྱུང་པོའི་ཚང་ཚིང་ཀ་དག་ཏུ། །བཅོམ་ནས་ལྷུན་གྲུབ་དག་སྣང་ཕྱམ་བདལ་ཤོག །ཚུལ་འདི་ལ་གཏེར་ཆེན་ཡབ་སྲས་གཉིས་ཀྱི་ཞལ་ལུང་གཏེར་གཞུང་དང་བསྡེབས་པ་ཀརྨ་ཀུན་མཁྱེན་གྱི་བསྙེན་ཡིག་དང་། གྲུབ་དབང་ཀུན་བཟང་ངེས་དོན་དབང་པོས་བརྒྱུད་པའི་གསུང་རྒྱུན་དང་སྦྱར་བའི་ཁྱེར་བདེ་ཉུང་གསལ་བཅས་སྣང་ཡང་སྔ་མ་རྒྱས་ལ་ཉོག་པ་དང་། ཕྱི་མ་ལ་ནང་སྒྲུབ་ཁོ་ན་ལས་མ་བཤད་པས་འདིར་དམ་པ་དེ་དག་གི་གསུང་ཉིད་ཁུངས་སུ་བྱས་ཤིང་། གཙོ་བོར་གཏེར་གཞུང་མ་བུ་རྣམས་ཀྱི་དགོངས་པ་གུང་བསྡེབས་ཏེ་དོན་ཚང་ཁྱེར་བདེའི་སླད་དུ། པདྨ་དྲག་པོའི་སྔགས་རིག་འཛིན་པ་དུས་ཞབས་རྣལ་འབྱོར་སྤྱོད་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །། ༈ ཡེ་ཤེས་རབ་འབར་ལས༔ སྔགས་ཀྱི་ལས་འཇུག་ལྷ་འདྲེ་སྤྱི་ཆིངས་བཞུགས་སོ༔ ཡེ་ཤེས་རབ་འབར་ལས༔ སྔགས་ཀྱི་ལས་འཇུག་ལྷ་འདྲེ་སྤྱི་ཆིངས་ནི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈ ལྔ་བརྒྱའི་ཐ་མར་མི་རྣམས་མ་རུངས་ཤིང༔ སྔོན་འཕྲལ་རང་གཞན་རྐྱེན་གྱིས་མི་ཁོམ་པས༔ སྒྲུབ་ལོངས་མེད་ཅིང་སྙིང་རུས་ཆུང་བ་ཡིས༔ སྔགས་ཀྱི་ནུས་པ་འགྱངས་པའི་དུས་བྱུང་ན༔ སྔགས་ཀྱི་ལས་འཇུག་ཐབས་ཀྱི་ལམ་མཆོག་འདི༔ ཕྱི་རབས་རྗེས་འཇུག་རྣམས་ཀྱི་སྐལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྲོ་ཤོག་ལེབ་ལ་སྡེ་བརྒྱད་སྲོག་འཁོར་དང༔ དེ་ཉིད་སྤྱི་ཆིངས་ཧེ་རུའི་བཀའ་འཁོར་བྲི༔ དང་པོ་ཧེ་རུ་ཀ་ཡི་འཁོར་ལོ་ནི༔ བཟང་པོ་དྲུག་དང་པཉྩ་ཨ་མྲྀ་ཏས༔ རྒྱ་ཤོག་ལེབ་ལ་མུ་ཁྱུད་གསུམ་ལྡན་གྱི༔ དབུས་སུ་ཧཱུྃ་དང་། ཡི་དམ་ལྷའི་སྲོག་ཐོབ་པར་གྱུར་ཅིག༔ ལས་བཞི་ལྷུན་གྱིས་གྲུབ་ཅིང༔ ཆོས་སྐྱོང་རྣམས་ཀྱི་རྩལ་ཐོབ་ཅིང་གནད་ཟིན་པར་གྱུར་ཅིག༔ དེའི་ཕྱིར་མུ་ཁྱུད་ལ་རྩ་བའི་སྙིང་པོ་བྲི༔ དེ་ཕྱིར་མུ་ཁྱུད་ཡངས་པར་རྩིབས་བརྒྱད་ཀྱི་སོ་སོའི་ནང་དུ་མུ་ཁྱུད་རེ་རེའི་ནང་རྩིབས་དྲུག་རེའི་དབུས་སུ་ཧཱུྃ༔ རྩིབས་ལ་བཛྲ༔ ཧཱུྃ༔ རཀྵ། ཧཱུྃ༔ ཡཀྵ། ཧཱུྃ༔ ཕྱི་རོལ་ཡེ་དྷརྨཱ་དང་འདོད་སྤེལ་བྲིའོ༔ གཉིས་པ་ཆོས་སྐྱོང་གི་འཁོར་ལོ་ནི༔ གྲི་ཁྲག་དང་བཙན་དུག་གིས་དུག་ཤོག་ལ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་དབུས་སུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཆོས་སྐྱོང་ཞིང་སྲུང་མར་ཁས་བླངས་པའི་སྔོན་གྱི་དམ་ཚིག་ཚུལ་བཞིན་སྒྲུབ་པ་པོས་གང་བཅོལ་པའི་ཕྲིན་ལས་ཐོགས་མེད་དུ་མཛོད་ཅིག༔ དེ་རྒྱབ་མུ་ཁྱུད་ལ། རྩིབས་བརྒྱད་ནང་མུ་ཁྱུད་རེ་བསྐོར་བ་ལ༔ རྩིབས་བཞི་རེའི་ལྟེ་བ་བརྒྱད་དུ་ཤར་ནས་ཕྱོགས་བཞིར༔ ཨ་ཡ་མ་དུ༔ མཚམས་བཞིར། རུ་ཙ་ཤ་ན་དང་སོ་སོའི་རྩིབས་བཞི་རེ་ལ། ཤར་དུ་རྩིབས་བཞི་ལ༔ དྷེ་ཝ་རཀྴ༔ ལྷོར་ཡ་མ་རཀྴ༔ ནུབ་ཏུ་མ་ཏྲག་རཀྴ༔ བྱང་དུ་པྲ་མ་རཀྴ༔ ཤར་ལྷོར་ཨ་ཤོ་རག་ཤ༔ ལྷོ་ནུབ་ཏུ་རཱ་ཙ་རག་ཤ༔ ནུབ་བྱང་དུ་ཡག་ཡ་རཀྴ༔ བྱང་ཤར་དུ་ནཱ་ག་རག་ཤ༔ ཕྱི་རིམ་ཡེ་དྷརྨཱ་དང་འདོད་པའི་ཕྲིན་ལས་བཅོལ༔ ལྷའི་རིགས་སུ་གཏོགས་ཤིང་དེའི་རྗེས་སུ་འབྲང་བའི་སྲུང་མ་དང་དེའི་རྗེས་སུ་འབྲང་བ་ཐ་དག་གིས་བཀའ་དང་དམ་ལས་མ་འདའ་བར་ཕྲིན་ལས་ཐོགས་མེད་སྒྲུབས་ཤིག༔ ཅེས་བྲིས་པའི་འཁོར་ལོ་ཁ་སྦྱར་ཏེ་སྟེང་འོག་གོ་མ་ལོག་པར་གཟུངས་ཐག་སྣ་ལྔའི་ཆིངས་བྱས་ཏེ་ཐོད་པ་མཚན་ལྡན་གྱི་ནང་དུ་གཞུག་སྟེ་ཡེ་ཤེས་རབ་འབར་སྒྲུབ་གཏོར་གྱི་འོག་ཏུ་བཞུགས་སུ་གསོལ༔ བདག་ཉིད་བསྐྱེད་རིམ་ཚུལ་ལྡན་གྱིས༔ མདུན་གྱི་ཡེ་ཤེས་བཀུག་བསྟིམས་ལ༔ སྡེ་བརྒྱད་དྲེགས་པ་ཐམས་ཅད་ཀྱི༔ དེ་ཡི་རིགས་སུ་གཏོགས་པ་དང༔ དེ་ཡི་རྗེས་སུ་འབྲང་བ་ཡི༔ རིག་རྩལ་བསྡུས་ལ་སྙིང་པོར་བསྟིམ༔ དེས་ནི་སྡེ་བརྒྱད་མི་འཁུ་ཞིང༔ སྒྲུབ་པའི་དམ་ཚིག་གཏོར་མ་སྦྱིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩིགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་ཀྱིས་སོ། །འདི་ལ་ཞལ་ཤེས་སུ། ཆོས་སྐྱོང་ལས་ལ་མ་ཆུན་པ་ཡོད་ན་ཆོས་སྐྱོང་འཁོར་ལོའི་ལྟེ་བའི་ཕྱི་རོལ་དུ་མུ་ཁྱུད་གཅིག་བསྣན་པ་ལ་དེའི་སྙིང་པོ་བྲི་བར་གསུངས་སོ།། །།
པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས། བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཕྲིན་ལས་འདོད་རྒུའི་སྤྲིན་གྱི་ཏིང་འཛིན་ཆེན་པོ་དང་འབྲེལ་བའི་ཕྲིན་དབང་ལས་ཚོགས་ཀྱི་གསལ་བྱེད་ཟུར་རྒྱན་ནོར་བུ་རྨད་དུ་བྱུང་བའི་ཆར་རྒྱུན་ (Volume 50, Text 39)
༄༅། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས། བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཕྲིན་ལས་འདོད་རྒུའི་སྤྲིན་གྱི་ཏིང་འཛིན་ཆེན་པོ་དང་འབྲེལ་བའི་ཕྲིན་དབང་ལས་ཚོགས་ཀྱི་གསལ་བྱེད་ཟུར་རྒྱན་ནོར་བུ་རྨད་དུ་བྱུང་བའི་ཆར་རྒྱུན་ཞེས་བྱ་བ་བཞུགས། ། ཤྲཱི་པདྨ་ནིརྟི་ཤྭ་ར་ཡེ་ན་མོ། ཚད་མེད་ཐུགས་རྗེའི་ནམ་མཁའ་ལས། །རྒྱུ་འབྲས་དབུལ་བས་ཉེན་རྣམས་ལ། །རེ་སྐོང་ནོར་དབྱིག་རྒྱུན་འབེབ་ལྷར། །བཏུད་ནས་ཕྲིན་དབང་གསལ་བྱེད་སྤེལ། །དེ་ལ་རྩ་བའི་ཕྲིན་ལས། དབང་བསྐུར། ཡན་ལག་གཉེར་མཁོའི་ལས་ཕྲན་བཅས་གསུམ་ལས། དང་པོ་ཕྲིན་ལས་ལ་བཞིའི་དང་པོ་སྦྱོར་བ་ནི། རས་བྲིས་ཞི་བའི་དཀྱིལ་འཁོར་སྒོ་རྫོགས་ཐམས་ཅད་གསེར་མདོག །རྟ་བབས་སྣམ་བཞི་མའི་ལྟེ་བ་ཟླུམ་སྐོར་དམར་སེར། དེ་རྒྱབ་པདྨ་འདབ་བརྒྱད་གསེར་མདོག །དབུས་དང་ཕྱོགས་མཚམས་རྣམས་སུ་ཐིག་ལེ་སེར་པོ་ཟུང་འབྲེལ་རེ། སྒོ་བཞིར་གཡས་སྐོར་གྱི་ཐིག་ལེ་དཀར་མཐིང་དམར་སེར་རེ། ཕྱི་རོལ་པད་རྭ། དེ་རྒྱབ་ནོར་བུས་མཚན་པ། དེ་རྒྱབ་རྡོར་རྭ། དེ་རྒྱབ་ནོར་འཛིན་པ་ཊས་བསྐོར་བ། ཕོ་བྲང་གི་རྒྱན་དང་། རྩིག་པ་སོགས་རིན་པོ་ཆེའི་རིགས་ཀྱིས་བརྗིད་ཅིང་མཛེས་པར་བཀྲམ། མ་འབྱོར་ན་མཎྜལ་པདྨ་འདབ་བརྒྱད་ལ་ཚོམ་བུ་སེར་པོ་དགུ་བཀོད། དེ་སྟེང་ཁྲིའུ་ལ་གཏེར་བུམ། གཡང་སྒྲུབ་ཉི་ཚེ་བར་གཏོར་མའི་རྩེར་གཙོ་སྐུའི་རྒྱབ་ཏུ་གནས་ཡིག སྔགས་བྱང་། ཕྱག་མཚན་བྲིས་པའི་ཙཀླི་དར་སྣས་སྤྲས་པ་འཛུགས། མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་སེར་པོ། དར་གདུགས་སེར་པོས་སྤྲས་ཤིང་ཟས་སྣ་བཟང་པོས་བསྐོར་བ། གཡས་གཡོན་དུ་སྨན་རཀ ཆུ་གཉིས་ཉེར་སྤྱོད། མཆོད་པའི་མཎྜལ་ཚོམ་བུ་བདུན་པ་བཀོད། ཙནྡན་དཀར་པོ་དང་ཨ་ཀ་རུ་སོགས་དྲི་ཞིམ་སྦྱར་བའི་བདུག་སྤོས། བསང་ཆུ། སྦྱིན་བསྲེག་འབུལ་ན་དེའི་ཆས་དང་། གཡང་འགུགས་སྦྱོར་ན་གཡང་མདའ་དར་སེར་རམ་སྣ་ལྔ་དང་རིན་པོ་ཆེས་བརྒྱན་པ། སྔོན་གཏོར། དཀར་མངར་གཙོ་བོར་གྱུར་པའི་ཐབས་ཤེས་ཀྱི་ཚོགས་རྫས་ལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་སྔོན་དུ་འགྲོ་བ་ལ། ཐོག་མར་ཚིག་བདུན་དང་གསོལ་འདེབས་རིགས་སྔོན་དུ་འགྲོ་བས། བརྒྱུད་འདེབས་ནི། ཀུན་བཟང་ཞི་ཁྲོ་རྡོར་སེམས་གསང་བའི་བདག །རྒྱལ་པོ་ཛཿདང་ཆོས་རྒྱལ་ཨིནྡྲའི་ཞབས། །དགའ་རབ་ཤྲཱི་སེང་ཨུ་པ་གོ་མ་སར། །གསོལ་བ་འདེབས་སོ་སིདྡྷི་རྣམ་གཉིས་སྩོལ། །སྒེག་རྡོར་ཀུ་ཀུའི་མཚན་དང་རོ་ལངས་བདེ། །བཞད་པ་པྲ་ཧསྟི་བུདྡྷ་དྲི་མེད་བཤེས། །པདྨཱཀ་རཿམཚོ་རྒྱལ་ཁྲི་སྲོང་རྗེར། །གསོལ་བ་འདེབས་སོ་དབང་བཅུའི་དངོས་གྲུབ་སྩོལ། །མདོ་སྔགས་གླིང་པ་ཆོས་བདག་ཌཱ་ཀིའི་རྗེ། །བཀའ་བབ་སྲས་སློབ་བརྒྱུད་པར་བཅས་རྣམས་དང་། །ཏནྟྲ་བཅོ་བརྒྱད་རྩ་གསུམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །བཅོམ་ལྡན་སེམས་མའི་ཚུལ་སྟོན་ནོར་རྒྱུན་མ། །ཐབས་དང་བཅས་པའི་དཀྱིལ་འཁོར་ལྷ་ཡི་ཚོགས། །བཀའ་སྲུང་དམ་ཅན་གཏེར་བདག་བཅས་པ་ལ། །གསོལ་བ་འདེབས་སོ་གཏན་གྱི་དབུལ་བ་སོལ། །བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་མཐར་ཕྱིན་པའི། །ཕྲིན་ལས་རིན་ཆེན་སྤྲིན་ལས་འདོད་རྒུའི་ཆར། །དབབ་པས་བདག་གཞན་བདེ་ལེགས་མཆོག་གིས་འབྱོར། །ཚོགས་གཉིས་མཐར་ཕྱིན་རྒྱལ་བའི་གནས་ཐོབ་ཤོག །ཚོགས་ཞིང་གསལ་གདབ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་བཅོམ་ལྡན་འདས་ནོར་རྒྱུན་མ་ཡབ་ཡུམ་ལ། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་ཞིང་གསག་སྦྱང་གི་ལས་རིམ་ལ་འཇུག་པར་གྱུར། སྐྱབས་འགྲོ་ནི། ན་མོ༔ བླ་མ་ཡི་དམ་བཅོམ་ལྡན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། ཚོགས་གསག་ནི། ཧོ༔ འཕགས་མ་ཡབ་ཡུམ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོས་ཚོགས་ཞིང་རྣམས༔ བདག་ཐིམ་སྒྲིབ་དག་བྱིན་བརླབ་བསམ༔ ཨ་མྲྀཏས་ལྷའི་ང་རྒྱལ་བཟུང་ལ་སྔགས་དེ་ཉིད་ཀྱིས་བསང་ཆུ་བསྒྲུབ། སྔོན་གཏོར་གཞུང་དུ་མ་གསུངས་ཀྱང་སྤྲོས་ན་ལེགས་པས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས་ཤིང་སྤེལ། རང་གི་ཐུགས་ཀའི་འོད་ཟེར་གྱི་རྩེ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་གྲངས་མེད་པ་འཕྲོས་པས། དབུལ་འདྲེ་གདོན་བགེགས་ཐམས་ཅད་བཀུག་པར་གྱུར། སརྦ་བྷཱུ་ཏ་ཨངྐུ་ཤ་ཛཿ འདོད་ཡོན་གང་ལ་གང་འདོད་དུ་འཆར་བའི་སྤྲིན་མཁའ་ཁྱབ་ཏུ་འཆར་བ་བསྔོས་པས། ལན་ཆགས་བྱངས་ཤིང་ཚིམས་པར་བསམ་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། ཁཾ་གྲྀ་ཧྣེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ གདོད་ནས་འཁོར་འདས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ ཧཱུྃ་བཞིའི་དྲག་སྔགས་རོལ་མོའི་སྒྲ་དང་གུ་གུལ་ཡུངས་ཐུན་བཅས་ཞི་བརྔན་གྱིས་མི་འགྲོ་བའི་རིགས་རྣམས། ཁྲོ་བོའི་སེར་སྤྲིན་གྱིས་བསྐྲད་གཟིར་རྡུལ་དུ་བརླགས་པར་བསམ། སྲུང་མཚམས་གཅད་པ་ནི། ཧྲཱི༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་གུར་ཁང་དང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔ བྱིན་འབེབ་ནི། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་ལྷ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་སད༔ བདག་གནས་སྒྲུབ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ སྤོས་རོལ་དབྱངས་དང་བཅས་ཏེ། ཏྲཱཾ༔ ཆོས་ཀུན་རང་བཞིན་མཉམ་པའི་དབྱིངས༔ ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ༔ འདོད་རྒུའི་ཆར་འབེབ་བཅོམ་ལྡན་མས༔ བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གནས་ཡུལ་འདོད་འབྱུང་རིན་ཆེན་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཧཱུྃ༔ ཞེས་པས་མཁའ་ཁྱབ་ཏུ་སྤེལ། གསུམ་པ་དངོས་གཞི་ལ། བདག་མདུན་དབྱེར་མེད་ཀྱི་ལྟ་སྒོམ་ལྡན་པས། གཏེར་གཞུང་འདོད་རྒུའི་སྤྲིན་གྱི་གཞུང་དུམ་བུ་གཉིས་པ་དངོས་གཞིའི་རིམ་པ་ལྟར། ཨ༔ འཁོར་འདས་ཆོས་ཀུན་མཉམ་པ་སོགས་ཀྱི་བསྐྱེད་བརླབ། དབང་བསྐུར། སྤྱན་དྲངས་ཤིང་བསྟིམ་ལ་ཕྱག་གིས་བཏུད་པའི་རྗེས། མཆོད་པ་ནི། རང་ལས་སྤྲུལ་པའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ཏེ༔ མཆོད་པའི་སྤྲིན་ཆེན་གཏིབས་པར་བསམ༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་སོགས་ཉེར་སྤྱོད་དང་འདོད་ཡོན་ལྔ་ཕུལ་ལ། ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ ཁམས་གསུམ་བསྒྲལ་པའི་རཀྟའི་བཅུད༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྨན་རཀ་གཏོར་མ་འབུལ། ཨ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས༔ འཁོར་གསུམ་སྤྲོས་པ་ལས་འདས་པའི༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཞེས་དེ་ཁོ་ན་ཉིད་ཀྱི་དོན་མཆོད་འབུལ། བསྟོད་པ་ནི། ཨོཾ༔ རིན་ཆེན་རྣམ་པར་བལྟ་བ་སོགས་ཀྱིས་བསྟོད་པའི་མཐར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མཎྜལ་བཾ་ཕཊ་ཛཿས་ཛཔ྄་ཁང་ཕྱེས། དུམ་བུ་གསུམ་པ་ཡན་ལག་བཟླས་པའི་རྣལ་འབྱོར་བཞིན། གཙོ་མོའི་ཐུགས་ཀའི་དཔལ་བེ་སོགས་དམིགས་པའི་འཕྲུལ་འཁོར་གྱི་གཞི་བཀོད་དེ། གཟུངས་ཐག་བླངས་ནས། གཙོ་མོའི་སྙིང་པོ་ལྔ་བརྒྱ། ཡབ་སྔགས་བརྒྱ་རྩ། སྤྲོ་ན་འཁོར་གྱི་སྔགས་ནི། ཤར།་་་ཨོཾ་ཙནྡྲ་ཀཱནྟྱཱཻ་སྭཱ་ཧཱ། ཟླ་འོད་མ་དང་། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ནོར་བུ་བཟང་པོ་འོ། །ལྷོར།་་་ཨོཾ་དཱ་ཏཱ་ཡཻ་སྭཱ་ཧཱ། སྦྱིན་མ་དང་། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། གང་བ་བཟང་པོ་འོ། །ནུབ་ཏུ།་་་ཨོཾ་སུ་དཱ་ཏཱ་ཡཻ་སྭཱ་ཧཱ། རབ་སྦྱིན་མ་དང་། ཨོཾ་དྷ་ནཾ་དཱ་ཡ་སྭཱ་ཧཱ། ནོར་སྦྱིན་ནོ། །བྱང་དུ།་་་ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། འཕགས་མ་དང་། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། རྣམ་ཐོས་སྲས་སོ། །ཤར་ལྷོར།་་་ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། རབ་བཟང་མ་དང་། ཨོཾ་ཀེ་ལི་མཱ་ལི་ནཱ་སྭཱ་ཧཱ། རོལ་པའི་ཕྲེང་བ་འོ། །ལྷོ་ནུབ་ཏུ།་་་ཨོཾ་གུཔྟ་ཡཻ་སྭཱ་ཧཱ། རབ་སྦས་མ་དང་། ཨོཾ་པི་ཙི་ཀུཎྜ་ལཱི་ནཱ་སྭཱ་ཧཱ། འཇམ་པོ་འཁྱིལ་བའམ་ཀུཎྜ་ལཱི་འོ། །ནུབ་བྱང་དུ།་་་ཨོཾ་དཻ་བྱཱཻ་སྭཱ་ཧཱ། མཛེས་མ་དང་། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། སྒོའམ་གདོང་གི་དབང་པོ་འོ། །བྱང་ཤར་རོ།་་་ཨོཾ་སྭ་ར་སྭ་ཏྱཱཻ་སྭཱ་ཧཱ། དབྱངས་ཅན་མ་དང་། ཨོཾ་ཙརྱེནྡྲ་ཡ་སྭཱ་ཧཱ། གཡོ་བའམ་སྤྱོད་པའི་དབང་པོ་འོ། །འཁོར་གྱི་ཡུམ་སྔགས་རྣམས་བརྒྱ་རྩ་རེ་དང་། ཡབ་སྔགས་རྣམས་ལ་ལྔ་བཅུ་རེ་ཙམ་གཙོ་འཁོར་ཡུམ་ཡབ་ཀྱི་ཆ་ཕྱེད་པར་བཟླས་མཐར་གཟུངས་ཐག་བསྡུ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་སྦྲེལ་མ་ལན་གསུམ་གྱིས་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱ། ༈ ཐུན་མཚམས་སུ་མཎྜལ་གྱི་མཆོད་པ་ནི། མཎྜལ་ཚོམ་བུ་ཁ་གསོ་ཞིང་། ཨོཾ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྣོད་བཅུད་འབྱོར་པའི་མཎྜལ་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་སརྦ་མཎྜལ་པཱུ་ཛ་ཧོ༔ ཞེས་གྲངས་ཇི་ལྟར་འོས་པ་འབུལ། ༈ གཏོར་མའི་མཆོད་པ་ནི། རཾ་ཡཾ་ཁཾ། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་འདོད་ཡོན་མི་ཟད་པའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོ་ཡབ་ཡུམ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་གྱུར། ཨོཾ་ཤྲཱི་བཱ་སུ་དྷཱ་རི་ནཱི་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ས་པ་རི་ཝཱ་ར་མ་ཧཱ་པཱུ་ཛ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། བདེ་བར་གཤེགས་པའི་སྨོན་ལམ་ལས། །འདོད་འབྱུང་ནོར་བུའི་གཞལ་ཡས་ནས། །དཔའ་མོ་ནོར་རྒྱུན་ལྷ་མོ་ནི། །དཔལ་ལྡན་མགོན་པོ་ཛམྦྷ་ལ། །གཉིས་མེད་གཙོ་དང་མཆེད་བརྒྱད་འཁོར། །རྩ་གསུམ་ནོར་ལྷ་རབ་འབྱམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྩི་མཆོག་གི་མཆོད་ཡོན་དང༔ མེ་ཏོག་ལ་སོགས་ཉེར་སྤྱོད་ཚོགས༔ བཟའ་བཅའ་བཏུང་བ་དང་བཅས་པའི༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་བར་ཆད་སོལ༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ འཛད་མེད་འབྲུ་ནོར་ལོངས་སྤྱོད་དང༔ གནོད་སྦྱིན་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་མཆོད་བསྟོད་ཕྲིན་ལས་གསོལ། གཏོར་མ་ཕུད་དང་བཅས་པ་མཛོད་ཕུག་སོགས་གཙང་སར་གཤེགས་པའམ། རང་གིས་དངོས་གྲུབ་ཏུ་རོལ། ཕྱིར་མི་གཏང་བ་གནད་དོ། ༈ །ཚོགས་མཆོད་འབུལ་བ་ནི། དཀར་མངར་ལ་དུ་ཤིང་ཏོག་སོགས་གཙང་ཞིང་བསོད་པའི་བཟའ་བཏུང་དང་། ཚོགས་ཆང་བདུད་རྩི་བཅས་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེའི་སྟེང༔ སྣོད་ནི་བདེ་ཆེན་ཀ་པཱ་ལར༔ བཅུད་ནི་རིགས་ལྔའི་དམ་ཚིག་རྫས༔ འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧ་ཧོ་ཧྲཱི༔ ཞེས་བྱིན་གྱིས་བརླབས། ཧྲཱི༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ བཅོམ་ལྡན་ནོར་སྦྱིན་དབང་ཕྱུག་ཡུམ༔ རྩ་གསུམ་ཆོས་སྲུང་རྒྱ་མཚོར་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་ས་མ་ཡ་ཛ་ཛ༔ ཞེས་པས་སྤྱན་དྲངས། ཧོ༔ རང་བྱུང་བྷཉྫ་སྣང་བ་སྣོད༔ རྩ་འཁོར་དབྱིངས་ཀྱི་ཀ་པཱ་ལར༔ བཟའ་བཏུང་སྲིད་བཅུད་བྱང་ཆུབ་སེམས༔ རིག་པ་རང་གསལ་ཚོགས་གཏོར་བཤམས༔ ཕྱི་ནང་གསང་བ་བླ་མེད་པའི༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསང་གསུམ་དམ་ཚིག་ཉམས་པ་བཤགས༔ བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ སྐུ་གསུང་ཐུགས་ཀྱི་ཚེ་དབང་དང༔ ཡོ་བྱད་དབང་བའི་ཏིང་འཛིན་འཕྲུལ༔ དགོས་འདོད་རེ་སྐོང་དངོས་གྲུབ་སྩོལ༔ ས་མ་ཡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ཚོགས་དང་པོ་མཆོད་བཤགས་བསྒྲལ་བ་ཕྱོགས་འཐུས་སུ་འབུལ་ཞིང་དཀྱིལ་འཁོར་ལྷ་ཚོགས་མཆོད། བར་པ་མཎྜལ་དྲུང་དུ་བཞག་ལ་སླར་དངོས་གྲུབ་བསྡུ་བ་ནི། ལྷ་ཚོགས་བདུད་རྩིས་རབ་མཉེས་ནས༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ སྲིད་དང་ཞི་བའི་དྭངས་བཅུད་བསྡུས༔ དམ་ཚིག་ཚོགས་ཀྱི་རྫས་ལ་ཐིམ༔ མྱང་གྲོལ་བདུད་རྩིའི་ཕུང་པོ་ནི༔ འདོད་འབྱུང་དབང་གི་རྒྱལ་པོར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་མྲྀཏ་ག་ཎ་ཙཀྲ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ བརྒྱ་རྩ་བརྒྱད་ཀྱིས་བྱིན་བརླབས་ནས། ལུས་ཀྱི་དཀྱིལ་འཁོར་མཆོད་པར་བྱ༔ ཕྱིས་ནས་དམ་ལྡན་གཞན་ལ་ཡང༔ བྱིན་ན་ཚེ་བསོད་ཡེ་ཤེས་རྒྱས༔ ཚོགས་ཐ་མ་རྣལ་འབྱོར་པའི་ལྷག་མ་བསྡུས་པ་གཙང་ལྷག་གིས་མནན་པར་ཞལ་ཆབ་བམ་བདུད་རྩིས་བྲན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལྷག་གཏོར་ཡེ་ཤེས་ཀྱི་བདུད་རྩིར་བརླབ་ལ། ཧྲཱིཿཕེཾ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ཚོགས༔ ལྷག་གཏོར་འདི་བཞེས་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྐྱེད། རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཙྪིཥྚ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ལྷག་མ་བསྔོ། བདེ་ཆེན་རྡོ་རྗེའི་དམ་ཚིག་རྫས༔ ཚོགས་ཀྱི་མཆོད་པ་བླ་ན་མེད༔ དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱིས༔ བསོད་ནམས་ཡོངས་རྫོགས་སྐུ་ཐོབ་ཤོག༔ ཅེས་སྨོན་ལམ་གདབ། བཞི་པ་རྗེས་ཀྱི་རིམ་པ་ནི། སླར་མདུན་བསྐྱེད་ལ། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོཾ་ཤྲཱི་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨ༔ པཱ་དྱཾ་པཾ༔ པུཥྤེ་ཏྲཱཾ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ནཻ་བིདྱཱ་ཨཾ༔ ཤབྡ་ཧོ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ དྷརྨ་དྷཱ་ཏུ་ཧོ༔ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡེ་ཧཱུྃ༔ ཞེས་མཆོད། ཨོཾ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེར་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེས༔ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ ཅེས་ཤྭ་ལོ་ཀས་བསྟོད། དངོས་གྲུབ་གསོལ་བ་ནི། བུམ་པ་སོགས་རྟེན་སྤྱི་བོར་བླང་ལ། ཧཱུྃ༔ བཅོམ་ལྡན་དཔའ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་བཅས༔ དང་པོར་གདུང་བས་རྩེ་གཅིག་བསྙེན༔ བར་དུ་དངོས་གྲུབ་ཏིང་འཛིན་བསྒྲུབས༔ ད་ལྟ་གསོལ་བའི་དུས་ལགས་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་ལྟར༔ ཐུགས་རྗེའི་ཐུགས་དམ་དབྱིངས་ནས་དགོངས༔ ཡེ་ཤེས་ཆེན་པོའི་མཐུ་རྩལ་སྐྱེད༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་ཕོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་གཙོ་མོ་ཡབ་ཡུམ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བླངས། ནོངས་ཚོགས་བཟོད་གསོལ་ནི། ཧོ༔ བཅོམ་ལྡན་ཡབ་ཡུམ་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཡིག་བརྒྱས་ཉམས་ཆག་བཤགས། ཨ་ཨ་ཨ༔ དགོངས་ཉམས་བསྐྱང་། ཨོཾ། འདིར་ནི་རྟེན་དང་སོགས་ཀྱིས་མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་བཞུགས། སྤྲོ་ན་འཁོར་ལོ་བཅའ་སྒྲུབ་ནང་ལྟར་བྱ། ཨོཾ་ཨཱཿཧཱུྃ། ཞེས་འབྲུ་གསུམ་བརྗོད་ཅིང་དམ་ཚིག་པ་རང་ལ་བསྡུ། བསྡུ་རིམ་དང་ལྷར་ལྡང་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞིན་ནི། ཐུགས་ཀའི་ས་བོན་འོད་ཟེར་གྱིས༔ འཁོར་འདས་འོད་ཞུ་རང་ལ་འདུས༔ ཐུགས་སྲོག་ནཱ་ད་འོད་གསལ་དབྱིངས༔ མི་དམིགས་སྟོང་པའི་ངང་དུ་ཐིམ༔ ཞེས་བརྗོད་ཅིང་བསམ་ལ་མཉམ་པར་གཞག །སླར་ཡང་རང་ཉིད་ལྷ་ཡི་སྐུ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ཆེ། །སྣང་གྲགས་རྟོག་པའི་ཆོས་ཇི་སྙེད༔ འཕགས་མའི་གསང་གསུམ་རོལ་པར་ཤར༔ ཞེས་ཐུན་མཚམས་ཀྱི་ལྷ་སྐུར་ལྡངས་ལ། དགེ་བསྔོ་ནི། ཧོ༔ གདོད་ནས་དག་པའི་ཡེ་ཤེས་དང༔ རྟེན་ཅིང་འབྲེལ་འབྱུང་བསོད་ནམས་ཚོགས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ བྱང་ཆུབ་སྙིང་པོའི་དབྱིངས་སུ་བསྔོ༔ སྨོན་ལམ་གདབ་པ་ནི། འདི་ནས་སྐྱེ་བ་ཐམས་ཅད་དུ༔ འཕགས་མ་མཆོག་གིས་རྗེས་གཟུང་ནས༔ ཡོ་བྱད་དབང་བའི་དངོས་གྲུབ་ཀྱིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ཤོག༔ ཤིས་བརྗོད་ནི། མེ་ཏོག་འཐོར་ཞིང་། ཨོཾ། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །འགྲོ་བའི་རེ་བ་འབད་རྩོལ་མེད་པར་སྐོང་། །འདི་དང་གཏན་གྱི་ཕན་བདེ་མཆོག་སྦྱིན་མགོན། །དཔལ་ལྡན་ནོར་རྒྱུན་ལྷ་མོའི་བཀྲ་ཤིས་ཤོག །རྒྱལ་བའི་ཐུགས་རྗེ་རིན་ཆེན་སྙིང་པོའི་སྤྲིན། །ཚེ་དང་ནོར་དང་མཐུ་ཡི་དཔལ་འབྱོར་མཆོག །འདོད་རྒུའི་ནོར་བུའི་དགའ་ཆར་འཛད་མེད་ཀྱིས། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཆོས་དང་མཐུན་པའི་འབྱོར་པ་རྒྱ་མཚོ་ཡིས། །གནས་སྐབས་རང་གཞན་དགའ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་སྐུ་དང་ཡེ་ཤེས་དཀྱིལ་འཁོར་རྒྱས། །འགྲོ་དོན་ཐོགས་མེད་ཡོངས་འགྲུབ་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་ལོ།། ༈ །།གཉིས་པ་དབང་ལ་རྣམ་གྲངས་བཞི་ལས། དང་པོ་སྦྱོར་བ་ནི། དགེ་བའི་གནས་སུ་བཀྲ་ཤིས་པའི་སྟེགས་བུའི་དབུས་སུ་རས་བྲིས་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ། རིན་པོ་ཆེའམ་མེ་ཏོག་སེར་པོའི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེ་རྒྱབ་ཕྱོགས་མཚམས་བརྒྱད་དང་། དེ་རྒྱབ་ཕྱོགས་བཞིར་རེ་རེ་བཀོད་པའི་ཁར་ཁྲིའུ་ལ་གཞུང་གསལ་གཏེར་བུམ་ཚད་ལྡན་བཞུགས་སུ་གསོལ། ཤིན་ཏུ་མ་འབྱོར་ན། བུམ་པ་ཉེར་ལྔའི་རྫས་དང་། བྱིན་རླབས་ཀྱི་རྟེན་བཅས་དྲི་བཟང་གི་ཆུར་སྦྱར་བའི་བཅུད་ལྡན་ཆིངས་སེར་ཁ་རྒྱན་ཅན་བཀོད། གང་ལྟར་ཡང་གཟུངས་ཐག་བཏགས། དབུས་སུ་གཙོ་བོའི་སྐུ་རྟེན། གཡས་སུ་སྔགས་བྱང་གསེར་བྲིས། རྒྱབ་ཏུ་ཕྱག་མཚན་བི་ཛ་པཱུ་ར་དང་འབྲས་སྙེ། གཡོན་དུ་རིན་ཆེན་དར་གོས་དང་བཀྲ་ཤིས་རྫས་རྟགས་ཟས་སྣ་ཚོགས། མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་སེར་པོ་དར་གདུགས་སེར་པོས་སྤྲས་ཤིང་ཟས་སྣ་བཟང་རྒུས་བསྐོར་བ། གཡས་གཡོན་དུ་སྨན་རཀ །མདུན་ངོས་སུ་ཆུ་གཉིས་ཉེར་སྤྱོད། མཆོད་པའི་མཎྜལ་ཚོམ་བུ་བདུན་པ་བཀོད། དྲི་ཞིམ་སྦྱར་བའི་སྤོས། བསང་ཆུ། ལས་བུམ་ཆིངས་ལྗང་། སྔོན་གཏོར། དཀར་མངར་གཙོ་བོར་གྱུར་པའི་ཐབས་ཤེས་ཀྱི་ཚོགས་རྫས་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་དབང་བསྐུར་གྱི་སྔོན་དུ་འགྲོ་བ་དབང་རྫས་ནུས་ལྡན་དུ་བྱ་བ་ནི། ཚིག་བདུན་ནས་གཟུང་། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས། ཚོགས་དང་པོ་མཆོད་བཤགས་བསྒྲལ་བསྟབ་བཅས་ཕྱོགས་འཐུས་སུ་གྲུབ་ཀྱི་བར་གོང་གསལ་ལྟར་གཏང་། ལས་བུམ་འཁྱིལ་པའི་ལྷ་སྔགས་ཀྱིས་བསྒྲུབ། རིག་མེ་དོར་ཞིང་གནང་བ་ཞུ་འོ། །གསུམ་པ་དབང་དངོས་ལ་གསུམ་གྱི་དང་པོ་སྦྱོར་བ་རྣམས་ནི། སྒོ་ཕྱིར་ལས་རྡོར་གྱིས་སློབ་མ་ལ་ཁྲུས་ཆབ་གཏང་། སྔར་བཤད་པ་བཞིན་ལན་ཆགས་བགེགས་ལ་གཏོར་མ་བསྔོ་ཞིང་། བཀའ་བསྒོ་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མ་གྱུར་གྱི་སེམས་ཅན་ནམ་མཁའ་དང་མཉམ་པ་འདི་རྣམས། སྲིད་པའི་གནས་རིས་གང་དུ་སྐྱེས་ཀྱང་གནས་སྐབས་ལེགས་འབྱོར་དང་བྲལ་བས་ཕོངས་ཤིང་། ཁྱད་པར་མི་ལུས་རིན་པོ་ཆེ་འདི་ལྟ་བུ་རྙེད་ཀྱང་། ཐམས་ཅད་བསོད་ནམས་ལོངས་སྤྱོད་མངའ་ཐང་གཟི་བརྗིད་ལ་སོགས་པའི་འབྱོར་པ་མ་ཚང་བས་དབུལ་ཞིང་། མཐར་ཐུག་རྣམ་གྲོལ་གཏན་གྱི་འབྱོར་པ་སེམས་ཀྱི་ནོར་བུ་བྱང་ཆུབ་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་བྲལ་བས། དབུལ་ཕོངས་ཀྱི་སྡུག་བསྔལ་མི་བཟད་པའི་རྒྱུ་འབྲས་ལ་ངོམས་མེད་དུ་སྤྱོད་པ་འདི་རྣམས། ཡ་ང་བའི་སྡུག་བསྔལ་གྱི་དུཿཁ་འདི་དག་ལས་བསྐྱབ་ཅིང་། གཏན་བདེའི་དཔལ་ཡོན་ཕུན་སུམ་ཚོགས་པ་ལ་བདག་ཁོ་ནས་དགོད་པར་བྱ། དེའི་སླད་དུ་བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོའི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་ལ་འཇུག་པའི་ཐོག་མར། སྨིན་བྱེད་ཀྱི་དབང་བསྐུར་ནོད་པར་བྱ་སྙམ་པའི་ཀུན་སློང་བཟང་པོ་གསལ་བཏབ་ཏེ་གསན་འཚལ། དེ་ཡང་རྒྱལ་བ་རྣམས་ཀྱི་དམིགས་པ་མེད་པའི་ཕྲིན་ལས་གང་འདུལ་གྱི་རྣམ་རོལ་འགོག་མེད་དུ་རྒྱུན་གྱིས་རྟག་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་རྩལ་གཅིག་བསྡུས། ཁྱབ་བདག་བླ་མ་མ་ཧཱ་གུ་རུ་པདྨ་སམྦྷ་ཝ་ཉིད་ཀྱི་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ། རྒྱལ་སྲས་སེམས་དཔའ་རྒྱ་མཚོའི་ཐབས་མཁས་ཀྱི་རྣམ་ཐར་བསམ་ཡས་ཀྱི་སྤྲིན་བཀོད་པ་ལས། ཚེ་དང་ལས་ལ་དབང་བ་སོགས་རྨད་དུ་བྱུང་བའི་དབང་བཅུའི་ཡོན་ཏན་གྱི་ཡ་གྱལ། ཡོ་བྱད་ལ་དབང་བས་འགྲོ་བ་རྣམས་ཀྱི་བསམ་པ་ཡིད་བཞིན་དུ་སྐོང་ཞིང་འཕྲལ་ཡུན་གྱི་དབུལ་བ་ལས་སྐྱོབ་པའི་ཕྱིར། འཕགས་མ་ལྷ་མོ་ནོར་རྒྱུན་མ་དང་མགོན་པོ་ཛམ་བྷ་ལ་ཡབ་ཡུམ་ལྷ་ཉེར་གཉིས་མའི་བསྐྱེད་རྫོགས་ཕྲིན་ལས་དབང་བསྐུར་དང་བཅས་པ་ཁ་ཚང་དོན་འདྲིལ་འདི་ནི། གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་བླ་མེད་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་ནང་ཚན་ས་གཏེར་གྱི་ཁོངས་སུ་གཏོགས་པ་སྟེ། དེའང་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་གནས་ཕྲན་མ་ཕམ་སེང་རྒོད་གཡུ་མཚོ་ནས་ཁྱད་པར་འཕགས་པའི་འདུས་པ་དུ་མའི་དབུས་སུ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་བའི་རྟགས་དང་བཅས་མཚོ་གཏེར་དུ་སྤྱན་དྲངས་པ། རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་དང་དབང་བསྐུར་སོགས་རྨད་དུ་བྱུང་བའི་ཆོས་སྡེ་རྒྱ་ཆེན་པོ་བཞུགས་པ་ཐམས་ཅད་རང་ཅག་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཀྱང་། དེའི་ལས་ཕྲན་སྐོར་ལས་བྱོན་པ་འདི་ནི། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་སྐུ་གསུང་ཐུགས་ཀྱི་སྲས་མོ་རཏྣ་ཤྲཱི་དཱི་པེ་ལ། ཀུན་མཁྱེན་བླ་མས་ཆོས་བཀའ་འདི་ཉིད་ཀྱི་བདག་པོར་བཀས་གནང་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་མཆོག་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཆིག་བརྒྱུད་ཚངས་སྤྲུགས་སུ་བསྩལ་ནས་ཟབ་ཆོས་ཀྱི་བདག་པོར་དབུགས་དབྱུང་བ་བཞིན་ཐུགས་ཉམས་སུ་བཞེས་ཤིང་རིམ་པར་བརྒྱུད་པ་སྟེ། ཆེ་བའི་ཡོན་ཏན་དག་ཀྱང་གཏེར་གཞུང་རྡོ་རྗེའི་གསུང་ལས། ཀུན་བཟང་པདྨ་འབྱུང་གནས་སོགས་གཏེར་གཞུང་དུམ་བུ་དང་པོའི་དབུ་ནས་འབྱུང་བ་བཞིན། སྲིད་ཞིའི་འབྱོར་པ་འབད་མེད་ཐོབ༔ ཅེས་དང་། རིན་ཆེན་འབྲུ་ནོར་རིགས་རྒྱུད་སོགས་གཏེར་གཞུང་དུམ་བུ་ལྔ་པ་ལས་སྦྱོར་འཁོར་ལོའི་མཇུག་བཞིན། ཡེ་ཤེས་སྣང་བ་ལྷུག་པར་ཤར༔ ཞེས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བར་མཛད་པ། ནོར་རྒྱུན་ལྷ་མོ་ཤེས་རབ་གཙོར་གྱུར་ཐབས་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །རྡོ་རྗེ་སློབ་དཔོན་ཀུན་བཟང་ནོར་རྒྱུན་སེམས་མ་ཡབ་ཡུམ་གྱི་ངོ་བོར་བཞུགས་པའི་སྤྱན་སྔར། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རིན་ཆེན་སྤྲིན་གྱི་སོགས་གཏེར་གཞུང་གི་དུམ་བུ་དྲུག་པ་དབང་བསྐུར་བཞིན་ལན་གསུམ། དེ་ལྟར་སྨིན་དབང་ནོད་པར་འདོད་ན། ཁྱེད་རང་རྣམ་པའི་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས། དེའི་སླད་དུ་སྡོམ་པའི་གཞི་རྟེན་སྐྱབས་སུ་འགྲོ་བའི་སླད། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོའི་དཀྱིལ་འཁོར་པ་ལ། རྩ་གསུམ་ནོར་ལྷ་རབ་འབྱམས་ཆོས་སྲུང་གི་ཚོགས་དང་བཅས་པས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། འདི་ནས་བྱང་ཆུབ་ཀྱི་བར་དུ་བདག་གཞན་འགྲོ་བ་ཐམས་ཅད་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གོང་གསལ་ལྟར་ལན་གསུམ། སྡོམ་པའི་གཞུང་ལམ་ཐུགས་བསྐྱེད་པ་ནི། མ་གྱུར་གྱི་སེམས་ཅད་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་མྱུར་དུ་བསྒྲལ་ནས། ཡིད་བཞིན་མཆོག་སྦྱིན་ལྷག་པའི་ལྷའི་གོ་འཕང་ལ་དགོད་པར་བྱ། དེའི་ཕྱིར་དུ་སྨིན་ལམ་ནོད་དེ་གྲོལ་ལམ་གྱི་གདམས་པ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཧོ༔ མ་གྱུར་སེམས་ཅན་སོགས་ལན་གསུམ། ལམ་མྱུར་དུ་བགྲོད་པའི་མཐུན་རྐྱེན་ཚོགས་གསག་ཡན་ལག་བརྒྱད་པའི་ཏིང་འཛིན་ཚིག་རིས་དང་མཐུན་པར་གསལ་བཏབ་ཏེ་འདིའི་རྗེས་ཟློས། ཧོ༔ འཕགས་མ་ཡབ་ཡུམ་སོགས་ལན་གསུམ། སོ་བྱང་སྔགས་ཀྱི་སྡོམ་པ་དམ་ཚིག་མཐའ་དག་དེང་འདིར་ཚུལ་བཞིན་བླངས་ནས། ནམ་ཡང་མི་གཏང་བར་འཛིན་པའི་གཡར་དམ་བཅས་ཏེ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །དེང་གཟུང་བྱང་ཆུབ་སྙིང་པོའི་བར། །སོ་ཐར་བྱང་སེམས་རིག་འཛིན་གྱི། །སྡོམ་པ་མ་ལུས་བདག་གིས་འཛིན། །ལན་གསུམ། དེ་རྣམས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞི་ལ་སྨིན་གྲོལ་གཉིས་ལས། དང་པོ་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྣམ་གྲངས་བརྒྱད་ཀྱི། དང་པོ་དབང་གི་རྩ་བ་ཡེ་ཤེས་པའི་བྱིན་དབབ་ཅིང་སྒོ་གསུམ་རྡོ་རྗེ་གསུམ་ལྡན་དུ་བསྒྲུབ་པ་ལ་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་གསལ་ངང་ལས་འབྱུང་རིམ་སྟེང༔ སོགས་གཏེར་གཞུང་དུམ་བུ་གཉིས་པའི་ལྷ་བསྐྱེད་ལྟར། ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་གཏུམ་པའི་ཉམས་འགྱུར་རྫོགས། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་རྫོགས། །དེ་རྣམས་འོད་ཀྱིས་བསྐུལ་བའི་མཐུས། །བདག་མདུན་གཙོ་མོའི་གསང་གསུམ་གྱི། །འབྲུ་གསུམ་འོད་ཀྱིས་རྩ་གསུམ་ལྷ། །ཐམས་ཅད་བཅོམ་ལྡན་འཕགས་མ་ཡི། །རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས། ཁ་ཆར་བུ་ཡུག་འཚུབས་བཞིན་བྱོན། །སློབ་མར་ཐིམ་པས་བྱིན་བརླབ་གྱུར། །སྤོས་བཏུལ་རོལ་མོའི་སྒྲ་དང་བཅས། ཨོཾ༔ འཕགས་མ་ཀུན་གཤེགས་སོགས་སྤྱན་འདྲེན་གྱེར་ཞིང་། ཨོཾ་ཤྲཱི་སརྦ་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ དྲག་ཏུ་བརྗོད་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿས་བརྟན། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་བར་དུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲས་བརྟན། གཉིས་པ་དཀྱིལ་འཁོར་ཡོངས་རྫོགས་བུམ་དབང་བསྐུར་བ་ནི། དེ་ལྟར་བྱས་པའི་ཡེ་ཤེས་ཀྱི་བྱིན་རླབས་བརྟན་ཅིང་འཕེལ་བ་དང་། བསྐྱེད་རྫོགས་ལས་སྦྱོར་གྱི་ཏིང་འཛིན་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བའི་ཕྱིར། ལྷ་དང་སློབ་དཔོན་དབྱེར་མེད་པས། དགོས་འདོད་ཀུན་འབྱུང་གི་གཏེར་ཆེན་པོའི་བུམ་པ་དཀྱིལ་འཁོར་ཆེན་པོའི་སྣོད་བཅུད་ཡོངས་རྫོགས་བྱིན་རླབས་དངོས་གྲུབ་ཀུན་སྩོལ་ཡིད་བཞིན་ནོར་བུས་དབང་བསྐུར་བས། འདོད་འབྱུང་བདུད་རྩིའི་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་ཁྱབ་པས། བསོད་ནམས་མ་ཡིན་པའི་རྒྱུ་འབྲས་ལས་བྱུང་བའི་བཀྲ་མི་ཤིས་པ་ཐམས་ཅད་བཀྲུས། རྒྱལ་བ་རྒྱ་མཚོའི་རྒྱན་འཁོར་ལྔའི་དངོས་གྲུབ་རབ་འབྱམས་ལ་དབང་ཐོབ་པར་མོས། གཏེར་བུམ་བཏེགས་ལ། བཾ༔ གཏེར་གྱི་བུམ་པ་སོགས་ཀྱིས་སྤྱི་བོར་དབང་བསྐུར་ཞིང་། གཙོ་བོ་ཡབ་ཡུམ་གྱི་སྔགས་མཐར་སོ་སོའི་ཤམ་བུ་སྦྱར་བ་འོག་མ་ཀུན་ལ་རིགས་འགྲེ། གསུམ་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་བྱོན་ཏེ། སློབ་མའི་སྤྱི་བོ་ནས་ཐིམ་པས་མཚན་དཔེས་བརྒྱན་པའི་སྐུ་འགྲུབ། རྣམ་པར་རྒྱལ་བའི་གཟི་བྱིན་ཆེན་པོས་བརྟན་གཡོའི་དཔལ་རྣམས་སྡུད་ནུས་པའི་མཐུ་དབང་ཐོབ་པར་མོས། སྐུ་སྤྱི་བོར་བཞག་ཅིང་། ཨོཾ༔ བཅོམ་ལྡན་ནོར་རྒྱུན་སོགས་བརྗོད། བཞི་པ་གསུང་སྔགས་ཀྱི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་མགྲིན་པ་ནས་གསུང་ཡིག་འབྲུའི་ཕྲེང་བ་དཔག་ཏུ་མེད་པ་རང་སྒྲ་སྒྲོག་བཞིན་པར་བྱོན། སློབ་མའི་མགྲིན་པ་ནས་ཞུགས། རྩ་གནས་ཐམས་ཅད་ལ་ཁྱབ་པས་རྩ་རླུང་རང་བྱུང་རྡོ་རྗེའི་སྔགས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་པར་མོས། སྔགས་བྱང་མགྲིན་པར་བཞག་ཅིང་། ཨཱ༔ བཅོམ་ལྡན་ནོར་རྒྱུན་སོགས་བརྗོད། ལྔ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཐུགས་ཀྱི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་ཕྱག་རྒྱ་ཕྱག་མཚན་གྱི་རྣམ་པར་བྱོན། སློབ་མའི་སྙིང་གར་ཐིམ་པས་འགྱུར་མེད་འོད་གསལ་སྙིང་པོའི་དགོངས་པ་མངོན་དུ་གྱུར་པར་མོས། ཕྱག་མཚན་སྙིང་གར་བཞག་ཅིང་། ཧཱུྃ༔ བཅོམ་ལྡན་ནོར་རྒྱུན་སོགས་བརྗོད། དྲུག་པ་ཡོན་ཏན་སྒྲུབ་རྫས་ཀྱི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་ལྟེ་བ་ནས་ནོར་རྒྱུན་ལྷ་མོའི་ཡོན་ཏན་འགྲོ་བའི་རེ་སྐོང་གང་ལ་གང་འདུལ་རྩོལ་མེད་ནམ་མཁའི་མཛོད་དུ་འཆར་བའི་བཀྲ་ཤིས་རིན་པོ་ཆེའི་རྫས་རྟགས། དབྱིག་གི་སྙིང་པོ་རྣམས་ཆར་ཆེན་པོའི་རྒྱུན་བཞིན་བྱོན། སློབ་མའི་ལྟེ་བར་ཐིམ་པས་བུམ་པ་བཟང་པོ་དང་དཔག་བསམ་ནོར་བུ་བཞིན། འགྲོ་བ་རྣམས་ཀྱི་འདི་དང་གཏན་གྱི་དབུལ་བ་སེལ་ནུས་པའི་ཡོན་ཏན་མི་ཟད་པའི་གཏེར་གྱི་དབང་བསྐུར་ཐོབ་པར་མོས། བཀྲ་ཤིས་པའི་རྫས་རྣམས་ལྟེ་བར་གཏུགས་ཤིང་ལག་ཏུ་གཏད་དེ། ཏྲཱཾ༔ ཡིད་བཞིན་ནོར་བུ་སོགས་བརྗོད། བདུན་པ་གཏོར་མ་ལ་བརྟེན་ཏེ་ཕྲིན་ལས་ཀྱི་རྗེས་གནང་ནི། བླ་མ་དཀྱིལ་འཁོར་པའི་གསང་བ་ནས་འགྲོ་འདུལ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་སྣ་ཚོགས་ནོར་བུ་འོད་ལྔའི་ཟེར་སྤྲིན་མཐའ་ཡས་པ་བྱོན། སློབ་མའི་གསང་གནས་སུ་ཐིམ་པས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ལྔ་དང་། ལས་ཆེན་བརྒྱད། ཚེ་དང་། གནས་དང་། ཡོ་བྱད་སོགས་དབང་བཅུའི་དཔལ་འབྱོར་རྒྱ་མཚོ་ལ་བརྟེན་པས། གཞན་དོན་རབ་འབྱམས་སྒྲུབ་པར་ནུས་པའི་ལས་ཀྱི་རྗེས་གནང་ཐོབ་པར་མོས། གཏོར་མ་གསང་བར་བཞག་ཅིང་ལག་ཏུ་གཏད་ལ། ཧཱ༔ གཏོར་མ་རིན་ཆེན་སོགས་བརྗོད། བརྒྱད་པ་མཐའ་རྟེན་ཤིས་པའི་རོལ་མོས་མངའ་དབུལ་བ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཕྱོགས་བཅུའི་རྩ་གསུམ་དམ་ཅན་ནོར་ལྷ་རབ་འབྱམས་ཀྱིས་དགེ་ལེགས་རྣམ་པར་བཀྲ་བའི་ནོར་བུའི་དགའ་ཆར་བསྙིལ། ཤིས་པའི་དབྱངས་སྙན་མགྲིན་གཅིག་ཏུ་ལྡིར་པས། སློབ་མ་རྣམས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བདེ་བར་གཤེགས་པའི་དཔལ་འབྱོར་རྒྱ་མཚོས་འབྱོར་ཞིང་། བདེ་ལེགས་ཀྱི་ལོངས་སྤྱོད་མཐའ་ཡས་པའི་མཛོད་ལ་དབང་འབྱོར་བའི་རྟེན་འབྲེལ་བསྒྲིགས་པར་མོས། འདིར་འབྲེལ་ཆགས་པའི་ཤིས་བརྗོད་རྒྱ་ཆེར་སྤེལ་ལོ། །དེ་རྣམས་ཀྱི་སྒོ་ནས་རྒྱུད་སྨིན་བྱེད་དབང་གི་རིམ་པ་གྲུབ་པ་ལགས། དངོས་གཞིའི་གཉིས་པ་གྲོལ་བྱེད་ཀྱི་རིམ་པ་འབོགས་པ་ལ། དང་པོ་ཡིད་ཆེས་པའི་ཕྱིར་ལོ་རྒྱུས་དང་། དགོས་ཆེད། གཉིས་པ་ལོ་རྒྱུས་དགོས་པ་དེ་ལྡན་གྱི་ལྷག་པའི་ལྷ་མོ་འདི་ཉིད་ཉེ་བར་བསྙེན་པ་ལ། སྔོན་འགྲོ་སྦྱོར་བ་གནས་དང་། དཀྱིལ་འཁོར། ཡོ་བྱད་འདུ་བྱ་བ་སྟ་གོན་གྱི་རིམ་པ་དང་། ལམ་གྱི་གཞི་རྟེན་སྐྱབས་སེམས་ཚོགས་གསག་རྣམས་མདོར་བསྟན། དངོས་གཞིར་རྒྱ་ཆེ་བ་སྐུ་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། གསུམ་པ་གསུང་སྔགས་ཀྱི་རྣལ་འབྱོར་རྟགས་ཚད་དང་བཅས་པ། བཞི་པ་ཟབ་པ་ཐུགས་ཡེ་ཤེས་ཀྱི་རྣལ་འབྱོར་མཚན་བཅས་ཀྱི་ཏིང་འཛིན་རླུང་དང་བསྲེ་བ་དང་། མཚན་མེད་འོད་གསལ་ཆེན་པོའི་རྣལ་འབྱོར། ལྔ་པ་དངོས་གྲུབ་བསྒྲུབ་པའི་ལས་རིམ། དྲུག་པ་ལས་སྦྱོར་ཕན་ཡོན་དང་བཅས་པ་རྣམས་རིམ་པར་འབྱུང་བ་ལགས་པས་སྙན་གཏོད་ཅིག །ཀུན་བཟང་པདྨ་འབྱུང་གནས་ཀྱིས༔སོགས་གཏེར་གཞུང་དུམ་བུ་བདུན་པའི་དུམ་བུ་དང་པོའི་དབུ་ནས། འཕགས་མ་ཉིད་དང་མཚུངས་པར་འགྱུར༔ ཞེས་པའི་བར་གྱི་དུམ་བུ་གསུམ་གྲུབ་རྗེས། ཟབ་མོ་དོན་གྱི་རྣལ་འབྱོར་ནི༔སོགས་མཇུག་གི་དུམ་བུ་བདུན་པ་བཞིན། གང་འདུལ་ཕྲིན་ལས་རྩོལ་མེད་འཆར༔ བར་ཡར་བླང་། དེ་ནས་གོང་འཕྲོས། བསྙེན་པ་སྔོན་སོང་རྣལ་འབྱོར་པས༔སོགས་དུམ་བུ་བཞི་པ་དང་། ལྔ་པའི་མཇུག །ཡེ་ཤེས་སྣང་བ་ལྷུག་པར་ཤར༔ བར་དང་། ཞེས་གདམས་པར་མཛད་པ་བཞིན། རང་དོན་གནས་སྐབས་ཚེ་འདིའི་ཁེ་གྲགས་མི་གཉེར་བར་གཞན་དོན་གཏན་གྱི་འདུན་མ་བསྒྲུབ་པའི་བློས་གཞུང་བཞིན་འབད་དེ་ཉམས་སུ་ལེན་པར་འཚལ། གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་དབང་བསྐུར་ཐོབ་པའི་དབང་སྲོག་དམ་ཚིག་གི་གནད་ཀྱང་། རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་སྤྱི་དང་། བྱེ་བྲག་མཆོག་དམན་བར་མའི་ཞིང་རྣམས་ལ་ཅི་འབྱོར་བའི་དངོས་པོ་སེར་སྣས་མ་བཅིངས་པའི་མཆོད་སྦྱིན་བྱ་བ་དང་། ཉམ་ཐག་པའི་འགྲོ་བ་ཐམས་ཅད་སྦྱིན་པ་རྣམ་པ་བཞིས་ཚིམས་པར་བྱ་བ་དང་། ནང་གི་ཏིང་འཛིན་གྱི་རིམ་པ་ལ་བརྟེན་ནས་ཟག་མེད་མཆོག་གི་ཡེ་ཤེས་སེམས་ཀྱི་ནོར་བུ་རིན་པོ་ཆེ་དུས་རྟག་ཏུ་བསྙེན་པ་ལ་སོགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བའི་ཐབས་ལ་བརྩོན་པ་ལྷུར་ལེན་པ་རྣམས་མཛད་དགོས་པས། དེ་ལྟར་བྱ་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་ཀྱིས་གྲུབ། བཞི་པ་ཆོ་གའི་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་དངོས་གྲུབ་བསྡུ་ཞིང་རོལ་པ་ནས་རྗེས་རིམ་རྣམས་མཐར་རྒྱས་སུ་བྱའོ།། །། ༈ གསུམ་པ་ལས་ཚོགས་ཉེར་མཁོ་ལ་གསུམ་ལས། དང་པོ་འཁོར་ལོ་བཅའ་སྒྲུབ་བྱ་བ་ནི། གཙོ་མོ་ཡབ་ཡུམ་གྱི་སྲོག་འཁོར་ནི། འབྲི་གཞི་གསེར་དངུལ་ལ་གཟོང་གིས་འབུར་དུ་བརྐོ་བའམ། བཀྲ་ཤིས་གཡང་ཆགས་ཀྱི་དར་སེར་པོ་ལ་དངུལ་ལམ་མཚལ་གྱིས་ཡབ་ཡུམ་གྱི་འཁོར་ལོ་སོ་སོར་མུ་ཁྱུད་ལྔ་རིམ་བསྐོར་བའི་དབུས་ཀྱི་མུ་ཁྱུད་དང་པོ་ལྟེ་བ་དང་། གཉིས་པར་ཕྱོགས་མཚམས་པདྨ་འདབ་བརྒྱད་རྣམས་ཀྱི་ལྟེ་བར་བཾ་ཡིག་རེའི་མཐར་དབུ་ནས་བརྩམ་གཡས་སྐོར་གྱིས་དབུས་སུ་གཙོ་མོ་ནོར་རྒྱུན་མ། ཤར་འདབས་སུ་ཟླ་འོད་མ། ཤར་ལྷོར་རབ་བཟང་མ། ལྷོར་སྦྱིན་མ། ལྷོ་ནུབ་ཏུ་རབ་སྦས་མ། ནུབ་ཏུ་རབ་སྦྱིན་མ། ནུབ་བྱང་དུ་མཛེས་མ། བྱང་དུ་འཕགས་མ། བྱང་ཤར་དུ་དབྱངས་ཅན་མ་སྟེ། ཡུམ་བརྒྱད་ཀྱི་སྔགས་དང་། མུ་ཁྱུད་གསུམ་པར་དབྱངས་གསལ། སྤྲོ་ན་རྟེན་སྙིང་ཡང་བྲི། མཐར། གནས་འདིར་ཟས་ནོར་འབྲུ་རིགས་དར་གོས་རྟ་ནོར་རྐང་ཕྲན་བརྒྱུད་འཛིན་འཁོར་སློབ་ལ་སོགས་པ་ཡིད་ལ་འདོད་རྒུའི་ལོངས་སྤྱོད་དང་། མཆོག་གི་དངོས་གྲུབ་ཡིད་བཞིན་སེམས་ཀྱི་རིན་ཆེན་ཚེ་འདིར་ཐོབ་པའི་དངོས་གྲུབ་དམ་པ་བསྩལ་ཞིང་བརྟན་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་རྣམས་གཡས་སྐོར་ཡིག་མགོ་ཕྱིར་བསྟན་བྲི། བཞི་པར་ནོར་ཕྲེང་དང་། ལྔ་པར་ནོར་འཛིན་པ་ཊ་གཡས་སྐོར་དུ་བྲི། དེ་བཞིན་ཡབ་འཁོར་མུ་ཁྱུད་ལྔ་པ་གོང་བཞིན་གྱི་ལྟེ་བ་དང་། འདབ་མ་རྣམས་སུ་ཛཾ། དབུས་མར་ཡབ་ཛམྦྷ་ལའི་སྔགས་དང་། ཤར་དུ་ནོར་བུ་བཟང་པོ། ཤར་ལྷོར་རོལ་པའི་ཕྲེང་བ། ལྷོར་གང་བ་བཟང་པོ། ལྷོ་ནུབ་ཏུ་འཇམ་པོ་འཁྱིལ་པ། ནུབ་ཏུ་ནོར་སྦྱིན་ཆེ། ནུབ་བྱང་དུ་གདོང་གི་དབང་པོ། བྱང་དུ་རྣམ་ཐོས་སྲས། བྱང་ཤར་དུ་སྤྱོད་པའི་དབང་པོ་རྣམས་ཀྱི་སྙིང་པོ་འགོད། གཞན་མུ་ཁྱུད་གསུམ་པོ་གོང་དང་མཚུངས། དེ་རྣམས་བྲི་བསུབ་ཆད་ལྷག་མེད་པར་བྲིས་ལ། སྦྱོང་ཁྲུས་བྱས་ཏེ། སྦྲང་རྩི་དང་མར་དཀར་པོས་ཁྱབ་པར་བྱུག་ནས། ཡུམ་འཁོར་གཙོ་བོར་བྱེད་པའི་དབང་གིས་འོག་དང་། ཡབ་དེ་ལ་འཁྱུད་པའི་ཚུལ་དུ་སྟེང་མ་བྱས་ལ་སྲོག་ཡིག་སོགས་མ་འཛོལ་བར་ཞལ་སྦྱར། དར་སྐུད་སེར་པོས་རྒྱ་གྲམ་དུ་བཅིངས་ཤིང་དར་སེར་པོའི་ན་བཟས་དྲིལ་བ་རིན་པོ་ཆེའི་སྣོད་དུ་མངར་གསུམ་ཞུན་མར་གྱིས་བལྟམས་པའི་ཁར་བཞུགས་སུ་གསོལ་བ་གཙོ་བོ་དང་། སྐུ་གསུང་ཐུགས་རྟེན་བཅས་བཞུགས་པའི་རིན་པོ་ཆེའི་བུམ་པ་གཞུང་གསལ་བཞིན་ལེགས་པར་བཅས་ལ་རས་བྲིས་སམ་ཚོམ་བུའི་ཁར་བཞུགས། མཆོད་པ་རྣམས་བཤམས་ལ། བདག་བསྐྱེད་སྔོན་འགྲོས། སླར་མདུན་བསྐྱེད་ཏིང་འཛིན་གསུམ་ནས་བཟླས་པའི་བར་གཏེར་གཞུང་བཞིན་བསྐྱར་ཞིང་། ཐུན་བཞིའམ་གསུམ་གྱིས་ཉིན་གསུམ་ལྔ་བདུན་སོགས་བསྒྲུབ་ཅིང་། ཐུན་མཚམས་སུ་མཎྜལ། གཏོར་འབུལ། ཚོགས། མེ་མཆོད་རྣམས་རེས་མོས་ཀྱིས་སྦྱོར་བ་དང་། ཐུན་སོ་སོའི་མཐར་འདོད་གསོལ་བརྟན་བཞུགས་ནི། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོ་དང་། ཡབ་ཛམ་བྷ་ལ། འཁོར་ལྷ་མོ་བརྒྱད། ཡབ་བརྒྱད། འཇིག་རྟེན་སྐྱོང་བ་སྡེ་བཞི། རྩ་གསུམ་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་རྣམས་རྟེན་འདི་ལ་བརྟན་པར་བཞུགས་ནས། སྔོན་གྱི་ཐུགས་དམ་མ་གཡེལ་བར་སྒྲུབ་པ་པོའམ་སྦྱིན་པའི་བདག་པོར། སྟོང་གསུམ་འཇིག་རྟེན་འཁོར་འདས་རབ་འབྱམས་ཐམས་ཅད་ཀྱི་སྣོད་ཀྱི་འབྱུང་བའི་དྭངས་མ། བཅུད་ཀྱི་འབྱོར་པའི་དཔལ་ཡོན། དབང་པོ་དྲུག་གི་འདོད་ཡོན། ལྷའི་བདུད་རྩི། ཀླུའི་ནོར་བུ། གནོད་སྦྱིན་གྱི་གཏེར་ཆེན། གླིང་བཞིའི་མི། ཕོ་བྲང་མཁར། རིག་རྒྱུད་སྲས། མངའ་རིས་བདེ་སྐྱིད། དཔའ་རྩལ་སྟོབས། སྲ་བརྟན་གོ་ཆ། རྐང་བཞི་ཕྱུགས། ལོ་ཏོག་འབྲུ་བཅུད། བཟའ་ཤིང་སྨན། ཞིམ་མངར་ཟས། བཀྲག་ལྡན་གོས། ཡིད་འཕྲོག་རྒྱན། བརྗིད་ལྡན་ནོར། མཁས་པའི་མཁྱེན་རབ། གྲུབ་པའི་ནུས་མཐུ། འཕགས་པའི་སྤངས་རྟོགས། དམ་པའི་ཆོས། བཤད་སྒྲུབ་བསྟན་པ། འཆི་མེད་ཚེ། བསོད་ནམས་དབང་ཐང་། སྙན་གྲགས་དཔལ་འབྱོར། ནད་མེད་བདེ་བ། རྒས་མེད་ལང་ཚོ། མདོར་ན་ཅི་བསམ་ཡིད་བཞིན་དུ་འགྲུབ་པའི་ཕྱྭ་གཡང་དངོས་གྲུབ་མ་ལུས་པ་ཐོགས་མེད་མྱུར་དུ་སྩོལ་བར་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་ཏོག་སེར་པོ་འཐོར། དེ་ལྟར་བསྒྲུབས་པ་མཛོད་ཀྱི་ཕུགས་སུ་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ་བ་དང་། རྟེན་གྱི་གཟུངས་གཞུག་ཏུ་རྒྱས་པར་བུམ་པ་དང་། བསྡུ་ན་འཁོར་ལོ་གནོད་སྦྱིན་འཁོར་ལོ་སྤྱི་ལྟར་གྱིས་བཞུགས་ན་གནོད་སྦྱིན་འཁོར་ལོ་མཆོག་ཏུ་འགྱུར་རོ།། །། ༈ གཉིས་པ་ཉེར་མཁོའི་མེ་མཆོད་མདོར་བསྡུས་པ་ནི། བཀྲ་ཤིས་པའི་སྟེགས་བུར་རྒྱས་པའི་བསྲེག་ཐབ་སྤྱི་ཁྱབ་ལྷ་གྲངས་ཀྱི་ཚོམ་བུ་ཅན་ནམ། མ་འབྱོར་ན་ས་སེར་བརྡལ་བའི་སྟེང་། མེ་ཏོག་སེར་པོའི་ཚོམ་བུ་གཙོ་འཁོར་དགུ །དེ་རྒྱབ་ཕྱོགས་བཞི་རེ་རེ་བཅས་བཀོད། ཤུག་པ། ཁམ་བུ་ལ་སོགས་པའི་ལས་མཐུན་གྱི་ཤིང་གྲུ་བཞིར་བརྩེགས། སློབ་དཔོན་གྱི་གཡས་ངོས་སུ་མཆོད་སྲེག་གི་རྫས་རིན་པོ་ཆེ། འབྲུ་སྨན། དར་ཟབ། ཕྱེ་ཕུད་སོགས་གང་འབྱོར་དང་། རང་གི་འདོད་པའི་ནོར་སྣ་རྣམས་གཙང་མར་སྦྱར་བའི་རྫས་སྤུང་དང་། སྤྲོ་ན་ཉེར་སྤྱོད། འདོད་ཡོན་ལྔ་བྲིས་པའམ་མར་ལ་སྤར་བཏབ་པ་དང་སྨན་གཏོར་རཀྟ་ཙམ་འདུ་བྱས་ལ། ཁ་བྱང་དུ་ཕྱོགས་པས། བསྲེག་རྐྱང་སྐབས་འདི་ཉིད་དུ་ནི་རྒྱུན་ཁྱེར་ཙམ་ལ་བརྟེན་པའི་བདག་བསྐྱེད་བཟླས་པ་བསྡུ་ལྡང་གྲུབ་ཀྱི་བར་སྔོན་དུ་འགྲོ་བས། བསང་ཆུ་འཁྱིལ་པའི་སྔགས་ཀྱིས་བསྒྲུབ། ཐུན་མཚམས་སུ་ཡིན་ན་བདག་བསྐྱེད་དང་བསང་ཆུ་སྔོན་བསྒྲུབ་དེ་ཀས་འཐུས། གོང་ལྟར་མཆོད་རྫས་བྱིན་གྱིས་བརླབ་ཏེ། བཀྲ་ཤིས་པའམ་མེ་ཤེལ་གྱི་མེ་ལ། ཨ་མྲྀཏས་བསང་། ཏྲཱཾ་རཏྣ་ཛྭ་ལ་རཾ་གྱིས་ཐབ་ཀྱི་ཤར་ལྷོ་ནས་མེ་སྦར། ཐབ་ལས་སྔགས་ཀྱིས་བསང་། ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་མདུན་དུ་རྒྱས་པའི་ཐབ་ཁུང་གྲུ་བཞི་སེར་པོ་མཚན་ཉིད་ཡོངས་སུ་རྫོགས་ཤིང་མེ་གསེར་མདོག་ཏུ་འབར་བའི་དབུས་སུ། བཅོམ་ལྡན་འདས་འཕགས་མ་ནོར་རྒྱུན་ལྷ་མོ། དཔལ་ལྡན་མགོན་པོ་ཛམ་བྷ་ལ་དང་ཐབས་གཅིག་པའི་འཁོར། རིགས་ཀྱི་ལྷ་མོ་བརྒྱད་རང་རང་གི་ཡབ་དང་རོལ་པ། བཀའ་སྡོད་རྒྱལ་པོ་ཆེན་པོ་སྡེ་བཞི། གཞན་ཡང་རྩ་གསུམ་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བའི་གནས་གསུམ་འབྲུ་གསུམ་དང་། ཐུགས་སྲོག་འོད་ཟེར་འབར་བས་མཚན་པ་དང་། བདག་གི་ཐུགས་ཀའི་འོད་ཀྱིས་འོག་མིན་གྱི་གནས་དང་། ལྕང་ལོ་ཅན་གྱི་ཞིང་དང་། ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ལ་སོགས་པ་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་པར་གྱུར། ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་ལ་བསྟིམ། བཛྲ་ས་མ་ཡ་ཏིཥྛ་ལྷན་གྱི་ཐུགས་དམ་བསྐུལ་ཞིང་བཞུགས་སུ་གསོལ། ཏྲཱཾ་ཧཱུྃ་ཨོཾ་ཧྲཱིཿཨཱཿས་དབང་བསྐུར། ཨ་ཏི་པཱུ་ཧོཿས་ཕྱག་འཚལ། ཨོཾ་ཤྲཱི་བཱ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཞེས་པ་སྔོན་དུ་འགྲོ་བས། ཨརྒྷཾ་ཨ༔ པཱ་དྱཾ་པཾ༔ པུཥྤེ་ཏྲཱཾ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ནཻ་བིདྱཱ་ཨཾ༔ ཤབྡ་ཧོ༔ ཞེས་ཕྱི་མཆོད་ཉེར་སྤྱོད་དང་། རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ དྷརྨ་དྷཱ་ཏུ༔ ཞེས་ནང་མཆོད་འདོད་ཡོན་ལྔ་རྣམས་སོ་སོའི་མཐར། པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྦྱར་བས་འབུལ་བ་དང་། སྔགས་སྔ་མ་ལ། མ་ཧཱ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དེ་བཞིན་དུ། རཀྟ། བ་ལིཾ་ཏ་སྦྱར་བས་སྨན་རཀ་གཏོར་མ་འབུལ། ཧཱུྃ། བདེ་བར་གཤེགས་པའི་སྨོན་ལམ་ལས། །འདོད་འབྱུང་ནོར་བུའི་གཞལ་ཡས་ནས། །དཔའ་མོ་ནོར་རྒྱུན་ལྷ་མོ་ནི། །དཔལ་ལྡན་མགོན་པོ་ཛམྦྷ་ལ། །གཉིས་མེད་གཙོ་དང་མཆེད་བརྒྱད་འཁོར། །རྩ་གསུམ་ནོར་ལྷ་རབ་འབྱམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། སླར་ཡང་རྫས་སྤུང་ལ་བདུད་རྩིས་བྲན་ཏེ། ཨོཾ་ཨཱཿཧཱུྃ། ལན་གསུམ། བསྲེག་རྫས་ཟག་པ་མེད་པའི་བདུད་རྩི་མཁོ་རྒུའི་ལོངས་སྤྱོད་རྒྱན་ཕྲེང་ན་བཟའ་སོགས་སྤྲིན་ཕུང་ལྟར་གྱུར་ནས། ནོར་རྒྱུན་ལྷ་མོ་འཁོར་བཅས་ལ་ཕུལ་བས་མཉེས་ཤིང་འདོད་རྒུའི་དངོས་གྲུབ་ཆར་བཞིན་དུ་འབེབ་པར་བསམ་ལ། རྩ་སྔགས་སམ། གོང་སྔགས་ས་པ་རི་ཝཱ་རའི་མཐར། ཨོཾ་ཨགྣ་ཡེ་སརྦ་པཱུ་ཛ་ས་མ་ཡ་ཧོཿ སརྦ་རཏྣ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་སྭཱ་ཧཱཿ ཞེས་བརྒྱ་རྩ་སོགས་ཅི་ནུས་ཕུལ་མཐར། ཡེ་ཤེས་པ་སྲོག་འཁོར་སོགས་རྟེན་ལ་ཐིམ། དམ་ཚིག་པ་མེ་འབར་བ་རབ་ཏུ་རྒྱས་པ་ལས་འོད་ཟེར་མཁའ་ལ་སྤྲིན་བཞིན་དུ་ཆགས་པའི་གསེབ་ནས་འདོད་རྒུའི་ཆར་ཆེན་པོ་བབས་པས། གནས་ཁང་བང་མཛོད་ཡུལ་ཕྱོགས་སོགས་ཕྱུར་བུར་ཁེངས་པར་གྱུར། ཅེས་བསྒོམ་ཞིང་། དགེ་བསྔོ་བཀྲ་ཤིས་སོགས་བྱས་ལ། ཐལ་སོལ་མཛོད་དང་ཞིང་ལྷས། རི་བོ་འཕན་བཟང་རྣམས་སུ་བསྐྱལ་ལོ།། །། ༈ གསུམ་པ་འཕྲོས་དོན་ལ་གཉིས་ཀྱི་དང་པོ་འབྲུ་གཡང་སྤེལ་བ་ནི། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞལ་གདམས་སྙིང་བྱང་གི་ནོར་སྒྲུབ་རིན་ཆེན་བུམ་བཟང་གི་ལས་ཚོགས་འཕགས་མ་ནོར་རྒྱུན་མའི་འབྲུ་སྤེལ་བའི་ཆོ་ག་འདིར་སྦྱོར་བར་འདོད་ན། སྦྱོར་བ་གོང་གི་ཕྲིན་ལས་ཇི་ལྟ་བ་ལ། ནོར་རྒྱུན་ཡབ་ཡུམ་མམ། ཡུམ་རྐྱང་གི་སྐུ་རྟེན་བྱིན་རླབས་ཅན་ཁྲིའུའི་དབུས་སུ་བཞུགས་སུ་གསོལ། སྣོད་བཟང་པོའམ་བུམ་པར་དྲི་བཟང་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་ཆུ་གཙང་ལ་སྦྱར་བ་དང་། ཁྲུས་བུམ། ཁྲུས་ཆས་མེ་ལོང་། བཟེད་ཞལ། སྐུ་ཕྱིས། གོས་ཟུང་སོགས་ཁྲུས་ཆོག་གང་ཡིན་གྱི་བཤམ་བཀོད། དངོས་གཞི་ཕྲིན་ལས་བཞིན་ཚང་བར་བཏང་བའི་བཟླས་པའི་སྐབས། ས་བོན་ལ་བསྲེ་རྒྱུའི་འབྲུ་གཙང་མ་ཡོད་ན་ཧས་གདབ་ཅིང་བྱིན་བརླབས་བྱས་ན་ལེགས་པར་སེམས། བདག་བསྐྱེད་གྲུབ་པ་དང་། ཁྲུས་བུམ་ལ་མཆོག་གླིང་ཁྲུས་ཆོག་ཟླ་བའི་བདུད་རྩི་བདག་བསྐྱེད་དང་བཅས་པའམ། སྤྱི་ཁྱབ་ཏུ་རྣམ་འཇོམས། སྨེ་བརྩེགས། འཁྱིལ་བ་གང་རིགས་ཀྱི་བསྐྱེད་བཟླས་འོད་ཞུ་བཅས་བྱ། མདུན་བསྐྱེད་ཀྱི་དམིགས་རྟེན་སྐུ་རྟེན་ལ་དམིགས་པས་གཏེར་གཞུང་གི་ཏིང་འཛིན་རྣམ་གསུམ་ནས་གཟུང་ལྷ་བསྐྱེད་ནས་བཟླས་པ་གཙོ་བོ་ཡབ་ཡུམ་རྐྱང་པས་འཐུས། རིན་པོ་ཆེའི་སྣོད་དུ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་ཟླ་དཀྱིལ་ལ་གནས་པའི་ས་བོན་བཾ་དང་ཛཾ་ཡིག་ཉི་མའི་སྙིང་པོ་ལྟར་རྒྱས་པའི་མཐར། ཡབ་ཡུམ་གྱི་སྔགས་གསེར་གྱི་ཕྲེང་བ་ལྟ་བུར་འཚེར་བས་བསྐོར་བ་ལས། བཟླས་པའི་སྒྲ་འོད་ཀྱིས་མཁའ་ཁྱབ་ཀྱི་རྩ་བ་གསུམ་དང་། ཁྱད་པར་བྱང་ཆུབ་སེམས་མ་ནོར་རྒྱུན་མ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་བཅུད་ཐམས་ཅད་དང་ཡེ་ཤེས་བདུད་རྩི་གསེར་ཞུན་མའི་མདོག་ལྟར་འཁྱིལ་པ་སྤྱན་དྲངས། ས་བོན་གཟུངས་སྔགས་དང་བཅས་པར་ཐིམ། དེ་ལས་འདོད་རྒུ་ནོར་བུའི་སྤྲིན་གྱི་སྙིང་པོའི་རྒྱུན་བབས་པ། དྲི་ཆབ་ལ་འདྲེས་པས་དགོས་འདོད་འབྱུང་བའི་དབྱིག་ཏུ་བསམ་ལ། ཨོཾ་བཾ་བཱ་སུ་དྷཱ་རི་ནཱི་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་ཁྲི་འབུམ་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་གོང་གི་ལྔ་ཆ་ལས་མི་ཉུང་བ་བཟླས་མཐར། ཡིག་འབྲུ་ས་བོན་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ། གཟུངས་ཆབ་དང་འདྲེས་པས་ཆུ་ཡི་རྡུལ་ཕྲ་རབ་རེ་རེ་བཞིན་བདེ་བར་གཤེགས་པའི་དཔལ་ཡོན་ལས་གྲུབ་པའི་ནོར་བུའི་རྒྱལ་པོར་གྱུར་པར་བསམ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན། སྟོང་ཚིགས་འབུལ། ཁྲུས་ཁང་བསྐྱེད་པ་ནས་མདུན་རྟེན་ལ་ཁྲུས་གསོལ་ཞིང་། སྐུ་ཕྱིས། ན་བཟའ་འབུལ། དེ་ནས་མཎྜལ་སོགས་འབུལ། བརྟན་ཅིང་འདོད་དོན་གསོལ་བ་ནི། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོ་དང་། ཡབ་ཛམྦྷ་ལ། འཁོར་ལྷ་མོ་བརྒྱད། ཡབ་བརྒྱད། བཀའ་སྡོད་རྒྱལ་ཆེན་སྡེ་བཞི། རྩ་གསུམ་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་རྣམས་ཀྱི་བྱིན་རླབས་རྟེན་འདིར་བཞུགས་ནས། སྦྱིན་པའི་བདག་པོ་ལ་འདོད་རྒུའི་དཔལ་འབྱོར་དམ་པ་སྤྱི་དང་། ཁྱད་པར་ཡུལ་གྱི་ས་བཅུད་རྒྱས་ཤིང་ལྷ་ཀླུ་གཞི་བདག་འབྱུང་པོའི་གདུག་རྩུབ་ཞི་ནས། སད་སེར་བཙའ་ཐན་འབུ་སྲིན་སོགས་མི་འབྱུང་ཞིང་ལོ་ཏོག་ཕུན་སུམ་ཚོགས་པ་འཕེལ་བ་དང་། འཇིག་རྟེན་ཁམས་ཀྱི་འབྲུ་གཡང་འཛད་མེད་གཏེར་གྱི་ལོངས་སྤྱོད་ཐམས་ཅད་འདུ་བའི་ཕྲིན་ལས་དང་། དངོས་གྲུབ་རྒྱ་ཆེན་པོ་རྒྱུན་མི་ཆད་པ་བསྩལ་ཞིང་བརྟན་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ་བ་བཅས་བྱ། དེ་ལྟར་ཐུན་བཞིའམ་གསུམ་སོགས་བསྐྱར་བའི་ཐུན་རྗེས་མར་གཏོར་འབུལ་རྗེས་ཚོགས་མཆོད་སོགས་མཐར་དབྱུང་། སྒྲུབ་པ་ཐོན་ཟིན་ནས་ལྷ་ཁྲུས་ཀྱི་ཁྲུས་ཆབ་དང་གཟུངས་ཆབ་ལྷན་ཅིག་བསྲེས་ནས་ས་བོན་ལ་བྲན་པ་ལས། ལོ་ཏོག་ལེགས་ཤིང་བཙའ་སད་སེར་བའི་གནོད་པ་ཞི། འབྲུ་ཡི་ཁང་པར་གཏོར་བས་སྲིས་སྨེ་བར་འགྱུར་རོ།། །། ༈ གཉིས་པ་སྲིད་ཞིའི་དཔལ་འབྱོར་ཕྱྭ་གཡང་འགུགས་པ་ནི། བུམ་སྒྲུབ་དང་། འབྲུ་སྤེལ་བའི་སྐབས་གཡང་འགུགས་བྱེད་པར་སྤྲོ་ན། སྦྱོར་བའི་སྐབས། གཏོར་མ་གསེར་སྐྱེམས་སོགས་མཆོད་པའི་དཔུང་བསྐྱེད། གཡང་མདའ་རྒྱན་ལྡན་སོགས་འདུ་བྱ། གཉིས་ཀའི་མདུན་བསྐྱེད་སྟོང་ཚིགས་གྲུབ་མ་ཐག་པར། ཐུགས་དམ་བསྐུལ་ཞིང་སྲིད་ཞིའི་དྭངས་བཅུད་འགུགས་པ་ནི། བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ མདུན་བསྐྱེད་འཁོར་བཅས་ཐུགས་རྒྱུད་བསྐུལ༔ རབ་ཏུ་དགྱེས་པའི་གཟི་བྱིན་བསྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གཡོས༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས༔ རང་དབང་མེད་པར་འུབས་ཀྱིས་བསྡུས༔ བདག་གི་བང་མཛོད་གནས་ཁང་དང༔ ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས༔ དྭངས་མ་རྟེན་རྫས་རྣམས་ལ་ཐིམ༔ ཡིད་བཞིན་འདོད་འཇོའི་དཔལ་དུ་བསམ༔ ཞེས་པའི་དམིགས་པ་གསལ་གདབ་ལ། སྦྱར་སྤོས་བསྲེག་དབྱངས་རོལ་གདུངས་ཤུགས་དང་བཅས་པས་མདའ་དར་གཡབ་ལ། ཧཱུྃ༔ བཀྲ་ཤིས་ཡིད་འོང་གྲུབ་པའི་ཞིང༔ ལོངས་སྤྱོད་གཏེར་གྱི་ཕོ་བྲང་ནས༔ རིགས་ཀྱི་ཁྱབ་བདག་ནོར་གྱི་རྒྱུན། །དཔལ་ལྡན་མགོན་པོ་ཛམྦྷ་ལ། །མཆེད་བརྒྱད་ཡབ་ཡུམ་སྒོ་སྐྱོང་དང་། །རྩ་གསུམ་ནོར་ལྷ་རབ་འབྱམས་སོགས། །རྩེ་གཅིག་གུས་པས་སྒྲུབ་ལགས་ན༔ བྱམས་པའི་ཞལ་བཟང་དུས་འདིར་སྟོན༔ དགྱེས་པ་ཆེན་པོའི་གཟི་བྱིན་སྐྱེད༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྣོད་བཅུད་རི་གླིང་འབྱོར་པའི་ཚོགས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ བུམ་བཟང་འདོད་འཇོ་དཔག་བསམ་ཤིང༔ གཏོར་མ་སྐྱེམས་ཕུད་རོ་བཅུད་ལྡན༔ ཟད་མི་ཤེས་པའི་ལོངས་སྤྱོད་ཀྱིས༔ གཡར་དམ་བསྐང་ཞིང་ཉམས་ཆག་བཤགས༔ མོས་ཤིང་གདུང་བས་རྒྱུད་བསྐུལ་ན༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ སྟོང་གསུམ་འཁོར་འདས་རབ་འབྱམས་ཀྱི༔ སྣོད་ཀྱི་འབྱུང་བའི་ཕྱྭ་གཡང་ཁུགས༔ བཅུད་ཀྱི་འབྱོར་པའི་ཕྱྭ་གཡང་ཁུགས༔ མཛེས་སྡུག་གཟུགས་ཀྱི་ཕྱྭ་གཡང་ཁུགས༔ སྙན་བརྗིད་སྒྲ་ཡི་ཕྱྭ༴ བསུང་ཞིམ་དྲི་ཡི་ཕྱྭ༴ བཅུད་ལྡན་རོ་ཡི་ཕྱྭ༴ འཇམ་འཁྲིལ་རེག་བྱའི་ཕྱྭ༴ ཡིད་མཐུན་ཆོས་ཀྱི་ཕྱྭ༴ ལྷ་ཡི་བདུད་རྩིའི་ཕྱྭ༴ ཀླུ་ཡི་ནོར་བུའི་ཕྱྭ༴ གནོད་སྦྱིན་གཏེར་གྱི་ཕྱྭ༴ གླིང་བཞི་མི་ཡི་ཕྱྭ༴ ཕོ་བྲང་མཁར་གྱི་ཕྱྭ༴ རིགས་རྒྱུད་སྲས་ཀྱི་ཕྱྭ༴ མངའ་རིས་བདེ་སྐྱིད་ཕྱྭ༴ དཔའ་རྩལ་སྟོབས་ཀྱི་ཕྱྭ༴ སྲ་བརྟན་གོ་ཆའི་ཕྱྭ༴ རྐང་བཞི་ཕྱུགས་ཀྱི་ཕྱྭ༴ ལོ་ཏོག་འབྲུ་བཅུད་ཕྱྭ༴ བཟའ་ཤིང་སྨན་གྱི་ཕྱྭ༴ ཞིམ་མངར་ཟས་ཀྱི་ཕྱྭ༴ བཀྲག་ཅན་གོས་ཀྱི་ཕྱྭ༴ ཡིད་འཕྲོག་རྒྱན་གྱི་ཕྱྭ༴ བརྗིད་ཅན་ནོར་གྱི་ཕྱྭ༴ མཁས་པའི་མཁྱེན་རྩལ་ཕྱྭ༴ གྲུབ་པའི་ནུས་མཐུའི་ཕྱྭ༴ འཕགས་པའི་སྤངས་རྟོགས་ཕྱྭ༴ དམ་པའི་ཆོས་ཀྱི་ཕྱྭ༴ བཤད་སྒྲུབ་བསྟན་པའི་ཕྱྭ༴ འཆི་མེད་ཚེ་ཡི་ཕྱྭ༴ བསོད་ནམས་དབང་ཐང་ཕྱྭ༴ སྙན་ཅིང་གྲགས་པའི་ཕྱྭ༴ དཔལ་དང་འབྱོར་བའི་ཕྱྭ༴ ནད་མེད་བདེ་བའི་ཕྱྭ༴ རྒས་མེད་ལང་ཚོའི་ཕྱྭ༴ ཅི་བསམ་འགྲུབ་པའི་ཕྱྭ༴ ཕྱྭ་ཁུགས་གཡང་སྐྱོབས་དངོས་གྲུབ་སྩོལ༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ ཨོཾ་ཤྲཱི་བཱ་སུ་དྷཱ་རི་ནཱི་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། སརྦ་སིདྡྷི་སྡུས་སྡུས་རཏྣ་པུཥྚི་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བསྐུལ་མཐར། མཎྜལ་སོགས་ཐུན་མཚམས་ཀྱི་མཆོད་འབུལ་སོ་སོར་འཇུག་གོ །བདེ་གཤེགས་དབང་བཅུའི་ཉི་མ་ཡིས། །དབུལ་བའི་མུན་པ་ཀུན་བསལ་ཏེ། །ཕན་བདེའི་པད་ཚལ་ཅི་དགར་བཞད། །དོན་གཉིས་དཔལ་གྱིས་འབྱོར་གྱུར་ཅིག །ཅེས་པའང་གཏེར་མའི་ཕྱོགས་དང་ཁྱད་པར་བླ་མེད་ཀྱི་རྒྱུད་སྡེ་ལྟར་བྱོན་པ་ཆེས་དཀོན་པས་འདི་ཉིད་གྱི་རྒྱུན་ཆད་པར་ཕངས་ཤིང་། མཆོག་གླིང་རིགས་ཆོས་ཀྱི་བརྒྱུད་འཛིན་སྤྲུལ་སྐུ་བསམ་གཏན་རྒྱ་མཚོས་གསུང་བསྐུལ་གནང་བ་དང་། ཉེར་མཁོའི་ཆ་རྐྱེན་དུ་གྱུར་པས་མཚམས་སྦྱར་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་སངས་རྒྱས་ཀརྨ་པའི་མཚན་གྱི་ཅོད་པན་འཆང་བའི་རིག་འཛིན་གྱི་བཙུན་པ་ཀུན་བཟང་མཁའ་ཁྱབ་རང་བྱུང་བདེ་བའི་རྡོ་རྗེས། གཏེར་གཞུང་རྩ་བར་བཟུང་། ཁ་འགེང་དང་ལས་ཕྲན་གཡང་འགུགས་སོགས་ཕལ་ཆེར་ཀུན་མཁྱེན་བླ་མ་ཉིད་ཀྱི་གཏེར་ཁ་ལས་བཏུས་ཏེ་ཉུང་ངུ་རྣམ་གསལ་དུ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་མཚུར་མདོའི་གནྡྷོ་ལ་ཆེན་པོའི་རྒྱབ་རི། ནོར་སྦྱིན་སྙིང་རྗེའི་གཏེར་འཆང་གི་ཕོ་བྲང་བྲག་རི་རིན་ཆེན་བརྩེགས་འདྲའི་ལྟེ་བ། སྒྲུབ་སྡེ་ཆེན་པོ་ལྷུན་གྲུབ་ཕོ་བྲང་དུ་སྦྱར་བའི་ཡི་གེ་གཉིས་པར་འགོད་པ་པོ་ནི་དགེ་སློང་བླ་མ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་ཚོགས་གཉིས་དཔལ་གྱི་འབྱོར་པས་ཕྱུག་པའི་དཔྱིད་དུ་འབབས་པར་གྱུར་ཅིག། །། ནོར་ལྷ་སྤྱིའི་གཟུངས་ནི། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ། སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་པའོ། །དགེའོ།། །།
བྱང་གཏེར་རིག་འཛིན་གདུང་སྒྲུབ་དབང་བསྐུར་འབྲིང་པོ་རིག་འཛིན་རྩ་བའི་དབང་དང་བྱིན་རླབས་གཏོར་མའི་དབང་གི་ལག་ལེན་ཡེ་ཤེས་རང་ཤར་ (Volume 6, Text 39)
༄༅། །བྱང་གཏེར་རིག་འཛིན་གདུང་སྒྲུབ་དབང་བསྐུར་འབྲིང་པོ་རིག་འཛིན་རྩ་བའི་དབང་དང་བྱིན་རླབས་གཏོར་མའི་དབང་གི་ལག་ལེན་ཡེ་ཤེས་རང་ཤར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་བིདྱཱ་དྷ་རཱ་ཡ། ཀུན་ཁྱབ་ཀུན་ཏུ་འཆང་བ་རྡོ་རྗེའི་སྐུ །བསམ་ཡས་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ། ཁྱད་པར་གདུལ་དཀའ་འདུལ་བའི་ཐུགས་རྗེ་ཅན། །སྣང་སྲིད་ཟིལ་གྱིས་གནོན་དེས་བདག་བྱིན་རློབས། །སྒྲུབ་སྡེའི་དྭངས་མ་དྲག་པོ་རང་ཤར་གྱི། །མཐར་ཐུག་གསང་མཚན་ཐུགས་སྒྲུབ་ཡང་བཅུད་ནི། །ཟབ་མོ་བླ་མའི་གདུང་སྒྲུབ་བསྐྱེད་རྫོགས་ཀྱི། །རྩ་བ་མཐར་ཐུག་དབང་གི་ལག་ལེན་དགོད། །འདི་ལ་སྨིན་བྱེད་རྒྱས་པ་རབ་འབྱམས་བཀའི་དབང་། འབྲིང་པོ་རྩ་དབང་ཟླུམ་པོ་བཞི་པ། བསྡུས་པ་བྱིན་རླབས་གཏོར་མའི་དབང་བསྐུར་གསུམ་ལས་ཕྱི་མ་གཉིས་ཆབས་ཅིག་ཏུ་བསྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། ཡར་ངོའི་ཚེས་བཅུ་སོགས་དུས་བཟང་པོར་བཀྲ་ཤིས་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། གང་དུ་དཀྱིལ་འཁོར་བྱ་བའི་སར་གཏོར་མ་དཀར་དམར་གཉིས་བཤམ། བདག་ཉིད་སྐད་ཅིག་གིས་གུ་རུ་པདྨ་འབྱུང་གནས་ཀྱི་སྐུར་གྱུར། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཧཱུྃ༔ ས་འདི་རྣམས་ལ་དབང་མཛད་པའི༔ ལྷ་ཀླུ་གནོད་སྦྱིན་ནམ་མཁའ་ལྡིང༔ དྲི་ཟ་ལྷ་མིན་མི་འམ་ཅི༔ འབྱུང་པོ་མཐུ་ཆེན་ལྡན་པ་རྣམས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་གི་སྒྲུབ་པ་མ་ཐོན་བར༔ ཁྱེད་ཀྱི་གནས་འདི་བདག་གཡར་གྱིས༔ འདི་རུ་བར་གཅོད་མ་བྱེད་པར༔ ཅི་བདེ་བར་ནི་གཞན་དུ་ཟུར༔ ཅེས་བརྗོད་གཏོར་མ་ཕྱིར་བཏང་ལ་དཀྱིལ་འཁོར་བྱའོ། །དེ་ལ་དཀྱིལ་འཁོར་ནི། དབུས་སུ་པདྨ་འདབ་བཞི། དེའི་ཕྱིར་འདབ་བརྒྱད། གྲུ་ཆད་གློ་འབུར་སྒོ་ཕན་སྤྱི་དང་འདྲ། པད་རྡོར་མེ་རི་ནི་ངེས་པར་དགོས་ཤིང་དུར་ཁྲོད་མ་བྱུང་ཡང་འཐུས་ལ་བྱུང་ནའང་ལེགས་སོ། །ཚོམ་བུ་བཀོད་ན་སྟེགས་བུའི་དབུས་སུ་མཎྜལ་ཆེ་ཆུང་གཉིས་བརྩེགས་མར་བཤམས་པའི་འོག་མ་ཆེ་བ་ལ་དྲི་བཟང་གི་ཐིག་ལེ་དང་ཚོམ་བུ་ལྷ་གྲངས་འགོད་དེ། དེའང་དབུས་སུ་ལྔ་ཚོམ། དེ་རྒྱབ་བརྒྱད། དེ་རྒྱབ་ཉེར་གཉིས། དེ་རྒྱབ་ཕྱོགས་བཞིར་རྒྱབ་མདུན་གཉིས་སྐྱེལ་བྱས་པའི་བརྒྱད། སྟེང་མ་ལ་དབུས་སུ་གཡས་གཡོན་དབུས་གསུམ། དེ་རྒྱབ་བཞི། དེ་རྒྱབ་ལའང་བཞི་བཅས་འགོད་པའི་སྟེང་འཕྲུལ་སྟེགས་ལ་ཟངས་བུམ་བཅུད་ལྡན་མགུལ་ཆིངས་གཟུངས་རྡོར་བཅས་པའི་ཁར་བནྡྷ་མཚན་ལྡན་བདུད་རྩིས་བཀང་པའི་ཁ་སིནྡྷུ་ར་བརྡལ་བའི་མེ་ལོང་ལ་ཧྲཱིཿདང་རྩ་སྔགས་བྲིས་པས་བཀབ། དེ་སྟེང་ཕྱི་སྒྲུབ་ཀྱི་བྲིས་སྐུ་ཚད་ལྡན་ནམ་གུ་རུའི་སྐུ་ཚབ་ཡོད་ན་རབ། མེད་ན་གུ་རུ་ཟ་ཧོར་མའམ་རྡོ་རྗེ་འཆང་གི་སྐུ་བཞག །རྒྱབ་ངོས་སུ་ནང་སྒྲུབ་ཀྱི་གཏོར་མ་འགོད་དེ། དེའང་རིན་པོ་ཆེའི་སྣོད་གཙང་མར་སྤོད་བཏབ་པའི་ཟན་ལ་གྲུ་བཞི་སྲབ་མོ་བདུན་བརྩེགས་གསེར་རི་དང་། དེའི་སྟེང་དུ་གསེར་རི་བདུན་དང་དཔང་མཉམ་པའི་རི་རབ་བང་རིམ་གཉིས་ཀྱི་རྩེར་དྲིལ་གཟུགས་དང་རིན་ཆེན་ཟུར་བརྒྱད་ཀྱི་ཁར་གཡེར་ཁའི་ནང་དུ་རིན་པོ་ཆེ་མིག་གསུམ་པ་འོག་གི་མཐར་པད་འདབ་བརྒྱད་ཀྱིས་བསྐོར་བ་བཞེངས། གསེར་རི་བདུན་གྱི་ཟུར་རྣམས་སུ་རིན་པོ་ཆེ་འབར་བ་རེ་རེ་མར་ལ་བྱས་ཏེ་བརྒྱན་པས་གསེར་རི་བདུན་ལ་ནོར་བུ་ཉེར་བརྒྱད་ཀྱི་རྒྱན་བཏགས་པའི་དོན། འབྲི་མོག་གིས་བྱུགས་ཤིང་རྒྱན་སྤྲོས་གང་ལེགས་བྱ། དཀར་གསུམ་མངར་གསུམ་ཁ་ཟས་སྣ་ཚོགས་ཀྱིས་བྲན། འདི་ནི་གཏོར་མ་འབྲིང་པོའི་ཐ་སྙད་བྱས་ལ། རྒྱས་པ་ནི་གཡེར་ཁའི་སྟེང་ཚེ་བུམ་གྱི་ཁར་རིན་པོ་ཆེ་མིག་གསུམ་པ་བཀོད་པ་ལས་གཞན་གོང་དང་འདྲ། གཏོར་མ་བསྡུས་པ་ནི་རི་རབ་བང་རིམ་བཞི་པའི་ཁར་དྲིལ་གཟུགས་ཟུར་བརྒྱད་གཡེར་ཁ་མིག་གསུམ་གྱིས་མཚན་པའི་མཐར་འདབ་བརྒྱད་དང་། འདབ་བརྒྱད་ཀྱི་བར་དུ་པདྨ་དང་མཉམ་པའི་ཟན་ལེབ་ཆུང་ངུ་གྲུ་བཞིའི་ངོས་ལ་གསེར་རི་བདུན་གྱི་གྲངས་སུ་གྲི་ལམ་འཐེན་པ་ཕྱོགས་རེར་གཉིས་རེ་བཀོད་པའོ། །དེ་ལྟར་གཏོར་མ་རྒྱས་འབྲིང་བསྡུས་གསུམ་ལས་འབྲིང་པོ་འདི་རབ་འབྱམས་བཀའ་དབང་དང་ནང་སྒྲུབ་རྩ་བའི་དངོས་བསྟན་མཐུན་ཅིང་ཕྱག་རྒྱུན་དང་འགྲིགས་པ་ཡིན་ནོ། །དེའི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཕྱི་མཆོད། བཀའ་སྲུང་གཏོར་འབུལ་རྣམས། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་མཁོ་བའི་རིགས་རྣམས་འདུ་བྱ་ཞིང། ལས་བུམ་མིག་དར་མེ་ཏོག་སོགས་དབང་གི་ཆས་གཞན་རྣམས་ཀྱང་ཅི་བདེར་འཇོག་གོ །གཉིས་པ་དངོས་གཞི་ལས། ཐོག་མར་དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། བརྒྱུད་པའི་གསོལ་འདེབས། ཐུགས་སྒྲུབ་ལྟར་སྔོན་འགྲོ་གཟེར་ལྔ་བླ་མའི་རྣལ་འབྱོར་དང་བཅས་པ། རྒྱལ་ཆེན་མཆོད་ཕྲིན་སྔོན་དུ་སོང་ནས། སྤྱི་ལྟར་བགེགས་གཏོར་བཏང་། ཕྲིན་ལས་རང་གཞུང་གི་མཚམས་གཅོད་ནས་བཟུང་མཐར་ཆགས་སུ་གཏོང་བའི་དཀྱིལ་འཁོར་གསལ་འདེབས་སྐབས། བདག་མདུན་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བསྒོམ། ཁྱད་པར་དབང་ལྔའི་རྟེན་རྣམས་ལ་ནུས་ན་དཀྱིལ་འཁོར་ཡོངས་རྫོགས་རེ་རེ་གསལ་འདེབས་དགོས་ཤིང་། མི་ནུས་ན་གསང་སྒྲུབ་ལྟར་བླ་མ་རྡོ་རྗེ་འཆང་རེ་རེ་མ་གསལ་ཐབས་མེད་པས། ཕྱི་རུ་རྒྱལ་ཆེན་སྡེ་བཞི་བསྐྱེད༔ ཅེས་པའི་འཕྲོས་སུ། བུམ་ཐོད་མེ་ལོང་གཏོར་མ་དང་། །སྐུ་གཟུགས་ལྔ་པོ་སོ་སོར་ཡང་། །པདྨ་ཉི་ཟླའི་གདན་སྟེང་དུ། །བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ། །མཐིང་ག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་རྡོར་དྲིལ་ཐུགས་ཀར་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར། །གཡས་པ་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་བདུད་རྩི་ཡབ་ལ་སྟོབ། །ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན། །འཁྲིལ་སྦྱོར་བདེ་བའི་རྒྱན་དང་ལྡན། །རིག་འཛིན་དཀྱིལ་འཁོར་ཡོངས་རྫོགས་གྱུར། །ཅེས་གསལ་བཏབ་ལ། ཧཱུྃ༔ ཀུན་ཏུ་བཟང་པོའི་སོགས་དབང་བསྐུར་ནས་བསྟོད་པ་གསོལ་འདེབས་ཀྱི་བར་དུ་བྱ། ཛཔ྄་ཀྱི་སྐབས་སུ་ཕྱི་ལྟར་གསོལ་འདེབས། ནང་འཕྲོ་འདུ། གསང་བ་བདེ་ཆེན་གྱི་བཟླས་པ་རྣམས་བྱ་ཞིང་། ཁྱད་པར་དབང་ལྔའི་རྟེན་ལ་དམིགས་ཏེ་རེ་རེ་ནས་ཐོད་ཕྲེང་རྩལ་གྱི་བཟླས་པ་བརྒྱ་རྩ་བརྒྱད་རེ་འགྲོ་ངེས་པ་བྱ། བུམ་ཐོད་གཉིས་ལ་ཡབ་ཀྱི་ཐུགས་ཀར་པད་ཉིའི་སྟེང་ཧཱུྃ་དམར་པོ་ལ་སྔགས་ཀྱིས་བསྐོར་བ་བཟླས་པ་དང་འཕྲོ་འདུས་བསྐུལ་བས་བྱང་སེམས་དཀར་དམར་ཐུགས་རྗེའི་ཆུ་རྒྱུན་བདེ་བ་ཆེན་པོའི་རང་བཞིན་ཅན་བབས་པས་བུམ་ཐོད་གང་བར་མོས། ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྗང་ནག་རྡོ་རྗེ་མཆེ་བ་འཛིན་ཅིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བྱུང་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ལས་བྱང་གི་བསྟོད་པ། བཀའ་སྲུང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བཏང་ལ། བླ་མ་ཡབ་ཡུམ་སྦྱོར་མཚམས་ནས༔ དཀར་དམར་འདྲེས་པའི་བདེ་ཆེན་ཆུས༔ ཚངས་བུག་ནས་ཞུགས་གནས་བཞི་གང༔ བུམ་གསང་ཤེས་རབ་རིག་པའི་དབང༔ མ་ལུས་ཡོངས་རྫོགས་ཐོབ་པར་གྱུར༔ ཅེས་མོས་གུས་དང་ལྡན་པས་སྙིང་པོ་བཟླ་ཞིང་བདག་དབང་བླངས་ལ་ལྟ་དགོངས་ཀྱི་ཉམས་བསྐྱང་ངོ་། །དེ་ནས་སློབ་མ་འཚོགས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་། རྩ་རྒྱུད་རང་ཤར་ལས། སྔགས་འཆང་རྡོ་རྗེ་བདུད་འཇོམས་ཁྱོད༔ དབང་གསུམ་རྒྱུད་གསུམ་ཆོས་སྡེ་གསུམ༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ འདི་ནས་ཉི་མ་ནུབ་བྱང་མཚམས༔ རི་བོ་བཀྲ་བཟང་ཞེས་བྱའི་མདུན༔ རུས་སྦལ་འདྲ་བའི་བྲག་སྟེང་དུ༔ འདི་ནས་མི་ལོ་བདུན་བརྒྱ་ནས༔ ད་སོང་དྲུག་བརྒྱ་ཉི་ཤུ་ན༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན༔ སྦས་པའི་རྣལ་འབྱོར་ལས་ཅན་འབྱུང༔ དེ་ཉིད་ཐུགས་ཀྱི་སྲས་ཡིན་པས༔ ཟབ་མོའི་དབང་འདི་དེ་ལ་གཏོད༔ ཅེས་སོགས་རང་གཞན་གཏེར་ཁ་མང་པོ་ནས་ལུང་དུ་བསྟན་པའི་སྤྲུལ་སྐུ་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནམ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བོད་ཡུལ་གྱི་བྱང་ཕྱོགས་གཉན་ཡུལ་ཟང་ཟང་ལྷ་བྲག་ནས་བོད་ཁམས་སྐྱོབ་པའི་གཏེར་ཆེན་གསང་མཛོད་ཆེན་པོ་ལྔའི་ཞལ་ཕྱེས་པ་ལས། ཇི་སྐད་དུ། དབུས་ཀྱི་སྙིང་མཛོད་སྨུག་པོ་ན༔ བླ་མ་རིག་འཛིན་སྤྲུལ་པའི་སྐུ༔ གསང་བ་ཐུགས་ཀྱི་སྒྲུབ་ཐབས་ཡོད༔ ཅེས་གསུངས་པ་ལྟར་མཛོད་དབུས་མ་ནས་བྱོན་པ་ནང་ལྟར་བླ་མ་ཞི་བར་སྒྲུབ་པ་རིག་འཛིན་གདུང་སྒྲུབ་ཏུ་གྲགས་པ་འདི་ནི་རྩ་བའི་གཞུང་ལས། ཡང་གསང་ཐུགས་ཀྱི་སྒྲུབ་པ་འདི༔ གསང་སྔགས་ཀུན་གྱི་རྩ་བ་ཡིན༔ རིག་འཛིན་རྣམས་ཀྱི་སྤྱི་སྒྲུབ་ཡིན༔ གསང་སྔགས་བསྐྱེད་རྫོགས་ཐམས་ཅད་ཀྱི༔ རྩ་བ་བླ་མའི་སྒྲུབ་པ་ཡིན༔ དེ་ཕྱིར་རིག་འཛིན་ཐམས་ཅད་ཀྱི༔ ཐུགས་ཀྱི་སྒྲུབ་པ་འདི་ཡོད་ན༔ གསང་སྔགས་ཀུན་གྱི་བྱིན་གྱིས་རློབས༔ ཡི་དམ་ལྷ་ཡི་ཞལ་མཐོང་འགྱུར༔ མ་མོ་མཁའ་འགྲོས་ལུང་སྟོན་འགྱུར༔ ལྷ་སྲིན་སྡེ་བརྒྱད་སྲོག་སྙིང་ཕུལ༔ ཚེ་འདིར་བཀྲ་ཤིས་སྒྲུབ་ཐག་ཉེ༔ ཕྱི་མར་རིག་འཛིན་ས་ཐོབ་ངེས༔ དེ་ཕྱིར་ཤིན་ཏུ་གཅེས་པ་ཡིན༔ སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ ཞེས་རྒྱ་ཆེར་བསྔགས་པའི་ཟབ་ཆོས་རིག་འཛིན་ཀུན་གྱི་སྤྱི་སྒྲུབ་ཁྱད་པར་དུ་འཕགས་པ་ཡིན་ཅིང་། འདི་ལ་དབང་རྒྱས་པ་རབ་འབྱམས་བཀའི་དབང་། འབྲིང་པོ་རིག་འཛིན་རྩ་དབང། བསྡུས་པ་བྱིན་རླབས་གཏོར་མའི་དབང་རྣམས་སུ་ཡོད་པས་ཕྱི་མ་གཉིས་ཆབས་ཅིག་ཏུ་སྒྲུབ་པར་བགྱི་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པར་མཚོན་ཕྱིར་གདོང་གཡོགས། ཨ་ཁཾ་བཱི་ར་ཧཱུྃ། ཐུང་ངུས་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་གི་ཅོད་པན། ཨཱ་ཁཾ་བཱི་ར་ཧཱུྃ། རིང་པོས་སྦྱིན། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་དཀྱིལ་འཁོར་གཞུག་ཏུ་གསོལ༔ ལན་གསུམ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ སེམས་བསྐྱེད་དམ་ལ་མི་གནས་ན༔ བསྟན་པས་མི་མཐོང་དེ་བས་ན༔ འདིར་འཇུག་སེམས་བསྐྱེད་དམ་ཚིག་སྲུངས༔ ཞེས་པའི་ལན་གསོལ་བ་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་བར་དུ༔ བཀའ་བསྒྲུབ་དབང་ཞུ་དམ་བསྲུང་ལགས༔ བདག་ཅག་དཀྱིལ་འཁོར་འཇུག་པར་འཚལ༔ རྒྱུད་རྣམ་པར་དག་པའི་སླད་དུ་ཐོག་མར་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་དྲུང་དུ་ཚོགས་གསག་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་བར་མི་དགེ་བཅུ་བསགས་བཤགས༔ དུས་གསུམ་དགེ་ཚོགས་སྤྱོད་ལ་རྗེས་ཡི་རང༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་དོན་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྒོ་གསུམ་དགེ་སྤྱད་མ་ལུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་གྱུར་ཤོག༔ གསུམ། ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་བདག་གཞན་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་ཞིང་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས༔ རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ༔ འོད་གསལ་ཆེན་པོའི་དགོངས་པ་ཅན༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ མི་འབྲལ་རྩེ་གཅིག་དགོངས་པ་ཅན༔ བྱིན་གྱིས་རློབ་ཅིང་བར་ཆད་སེལ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ བརྩེ་གདུང་བྱམས་པའི་དགོངས་པ་ཅན༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ་༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ འཕགས་པའི་གསུང་རྣམས་དང་དུ་བླང༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ འཕགས་མཆོག་རྣམས་ནི་སྤྱི་བོར་འཁུར༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་འཛུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་གཏང༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་རབ་བརྩོན་བྱ༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཏུ༔ ངོ་བོའི་དོན་ལས་འདའ་མི་བྱ༔ ཐམས་ཅད་འདུས་པའི་དམ་ཚིག་ཏུ༔ ཀུན་ལ་ཡིན་ཕྱིར་དེ་དག་བཟུང༔ ལན་གསུམ་བརྗོད། སློབ་དཔོན་གྱིས་དཀྱིལ་འཁོར་ལྷ་ལ་གནང་བ་ཞུ་བ་ནི། ཧོ༔ བླ་མ་རིག་འཛིན་ཡོངས་རྫོགས་དགོངས༔ བླ་མ་རིག་འཛིན་དཀྱིལ་འཁོར་འདིར༔ བདག་གི་སློབ་མ་འཇུག་པར་བགྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབ་མཛོད༔ ཅེས་གསོལ་བ་བཏབ་པས་གནང་བ་ཐོབ་པར་མོས་ལ་དམ་ཚིག་བསྒྲག་པ་ནི། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི༔ ད་ལྟ་ཉིད་དུ་བཅས་པ་བཞིན༔ སྲོག་ལ་བབས་ཀྱང་མ་གཏང་ཞིག༔ རྩ་ལག་དམ་ཚིག་རྟག་ཏུ་སྲུངས༔ སློབ་དཔོན་གྱིས་ཇི་ལྟར་བསྒོས་པའི་དམ་ཚིག་གི་གནས་ལས་ནམ་ཡང་འདའ་བར་མི་བྱའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ༔ བཀའ་བཞིན་བགྱིད་དོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ ཅེས་བརྗོད། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་ཁ་སྦྱོར་དུ་འཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། ཆོས་ཀུན་འོད་གསལ་སྟོང་ཉིད་ངང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ལས་སྤྲུལ་པའི་རིག་འཛིན་ནི༔ པདྨ་འབྱུང་གནས་རྒྱལ་བའི་སྐུ༔ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛད༔ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ༔ སྔགས་པའི་ཆ་ལུགས་མཐིང་ནག་གོས༔ རབ་བྱུང་ཆ་ལུགས་ཆོས་གོས་དམར༔ རྒྱལ་པོའི་ཆ་བྱད་ཟབ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པ་མཉམ་གཞག་ཀ་པཱ་ལ༔ དབུ་ལ་པདྨའི་མཉེན་ཞུ་གསོལ༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས༔ བཀྲག་དང་གཟི་མདངས་ལྡན་པ་ཡི༔ ཐུགས་ཀར་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་གྲི་ཐོད་འཛིན་པར་གསལ༔ དེ་ཡི་སྙིང་གར་གཡུང་དྲུང་གཅིག༔ གཡོན་དུ་འཁོར་བའི་དབུས་སུ་བཾ༔ དམར་པོ་ཡན་ལག་བཞི་ལ་ནི༔ ཧ་རི་ནི་སའི་ཡི་གེ་བཞི༔ རླུང་སེམས་ཡེ་ཤེས་ངོ་བོར་བསྐྱེད༔ དཀྱིལ་དུ་ཡཾ་ལས་རླུང་གཡོས་པས༔ གཡུང་དྲུང་གཡོན་དུ་ཇེ་མྱུར་བསྐུལ༔ སྨིན་མཚམས་གཡུང་དྲུང་འཁོར་བ་ལ༔ མ་ཡེངས་ཤེས་པ་དྲག་ཏུ་གཏད༔ འོག་རླུང་བསྐུམས་ལ་སྟེང་རླུང་མནན༔ བུ་ཁྱོད་གནས་སྐབས་འདི་ཉིད་དུ༔ མ་ཡེངས་ཡེངས་ན་དམ་ཚིག་ཉམས༔ ཞེས་དམིགས་པ་ཕོག་ལ་འབེབ་པའི་རྫས་བདུག །སློབ་དཔོན་གྱིས་ཕྱོགས་བཅུའི་ཞིང་དང་ཁྱད་པར་རྔ་ཡབ་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ། ཌཱ་དྲིལ་སོགས་རོལ་མོ་དབྱངས་དང་བཅས། ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་དང་ཕྱི་ནང་གསང་འཛབ་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་ལན་མང་དུ་བརྗོད། ཛཿཧཱུྃ་བཾ་ཧོ༔ དབྱེར་མེད་དུ་ཐིམ་ཞིང་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྒྱ་གྲམ་བཞག་པའམ་མེ་ཏོག་འཐོར། རང་སེམས་བདེ་བ་སྤྲུལ་པའི་སྐུ༔ དེ་ཉིད་གསལ་བ་ལོངས་སྤྱོད་རྫོགས༔ མི་རྟོག་སྟོང་པ་ཆོས་ཀྱི་སྐུ༔ དུས་གསུམ་དབྱེར་མེད་ངོ་བོ་ཉིད༔ དཀྱིལ་འཁོར་བཞི་མཐོང་དེ་ཉིད་ལས༔ རྣམ་པ་གང་དུའང་མ་ཡེངས་ཤིག༔ ཅེས་ངོ་སྤྲད། སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་རྡོ་རྗེ་སློབ་དཔོན་དབྱེར་མེད་པའི་ཐུགས་ཀར་འབུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་དུ༔ རང་རིག་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ གང་ཡིན་ཕོ་བྲང་གནས་དེར་ཕོབ༔ པུཥྤེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཞེས་ཕུལ་བ་སློབ་དཔོན་གྱིས་བླངས་ཏེ། མེ་ཏོག་དེ་ཉིད་དབང་རྟགས་སུ་བྱིན་པ་འབྲལ་མེད་སྤྱི་བོར་བཅིངས་པར་མོས་ཤིག །མགོར་བཞག་ལ། ཧོ༔ དེང་ནས་བུ་ཁྱོད་རྒྱལ་བའི་སྲས༔ རིག་འཛིན་ཡོངས་རྫོགས་ཐུགས་སྲོག་འཛིན༔ དབང་རྟགས་ཅོད་པན་པུ་རུ་རུ༔ འཁོར་འདས་རང་གྲོལ་དབང་ཐོབ་ཤོག༔ པུཥྤེ་སིདྡྷི་ཨ་བྷི་ཥིཉྩ་སཏྭཾ༔ བླ་མ་དང་དཀྱིལ་འཁོར་པ་དབྱེར་མེད་པ་ལས་ཡེ་ཤེས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་མོས་མཛོད། ཛཿཧཱུྃ་བཾ་ཧོ༔ ཧོ༔ བུ་ཁྱོད་རྡོ་རྗེ་ཐོད་ཕྲེང་རྩལ༔ རིག་འཛིན་ང་དང་དབྱེར་མེད་གྱུར༔ རིག་པ་ཡེ་ཤེས་མིག་ཕྱེ་བས༔ རང་བྱུང་ཡེ་ཤེས་ངང་ལ་ལྟོས༔ ཞེས་མིག་དར་བསལ་ནས། ལྟོས་ཤིག་རིག་འཛིན་དཀྱིལ་འཁོར་ལྟོས༔ བལྟས་པས་མཐོང་བ་བདེ་བ་ཆེ༔ རང་བཞིན་མེད་པ་ཆོས་ཀྱི་དབྱིངས༔ འདུ་འབྲལ་མེད་པར་རྟག་ཏུ་བཟུང༔ ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ ཞེས་བརྗོད་ལ་བདུད་རྩི་བླུད། དེ་དག་གིས་སྦྱོར་བ་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དབང་དངོས་གཞིའི་ཆེད་དུ་རང་རིག་ཆོས་ཀྱི་སྐུ་དང་དབྱེར་མེད་པའི་བླ་མ་ལ་མཎྜལ་འབུལ་བར་ཞུ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པའི་རྗེས་ཟློས། ཀྱེ་ཀྱེ་བླ་མ་རྡོ་རྗེ་འཛིན༔ འཁོར་བ་མཐའ་མེད་རྒྱ་མཚོ་རུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ བདག་ལ་རེ་ལྟོས་གཞན་ན་མེད༔ མཆོག་གི་ཐུགས་རྗེས་དབང་བསྐུར་གསོལ༔ ཅེས་ཞུས་ལ། ལུས་སྲོངས་བུ་ཁྱོད་མ་ཡེངས་ཤིག༔ དབང་གི་ངོ་བོ་རང་བཞིན་ལ༔ རང་བྱན་ཚུད་པ་དམ་ཚིག་གོ༔ དེ་ཕྱིར་ཚིག་དོན་རྗེས་སུ་རྟོག༔ བདེ་གཤེགས་རིག་འཛིན་ཉིད་དུ་འགྱུར༔ ཞེས་བརྗོད། འདི་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲོད་དེ་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་བྱ་བ་ཡིན་པས་སོ་སོའི་དོན་གོ་བར་མཛོད་ཅིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་སྤྲོས་བྲལ་ཟླུམ་པོ་འདི༔ ཕྱི་ནང་སྣོད་བཅུད་ལྷུན་གྱིས་གྲུབ༔ སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུས༔ རྣམ་རྟོག་མ་རིག་དྲི་མ་འཁྲུད༔ ཆོས་སྐུ་སྤྲོས་བྲལ་བདེ་ཆེན་ཆུས༔ གཟུང་འཛིན་འཁོར་བའི་བག་ཆགས་འཁྲུད༔ རང་བྱུང་ཡེ་ཤེས་སེམས་ཉིད་ཆུས༔ དུག་ལྔ་རྣམ་དག་དབྱིངས་སུ་འཁྲུད༔ ཉོན་མོངས་ལྔ་ཡི་བག་ཆགས་སྦྱངས༔ བུམ་དབང་ཤེས་རབ་ཡེ་ཤེས་ཀྱི༔ དབང་བཞི་མ་ལུས་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སྔགས་ལན་གསུམ་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱ། སྔགས་གསུམ་གྱིས་མགྲིན་པར་བཞག་ལ་བུམ་ཆུ་སྦྱིན། ལན་གསུམ་གྱིས་སྙིང་གར་བཞག་ཅིང་ངོ་སྤྲད་ལ་ཉམས་བསྐྱང་དུ་གཞུག་པ་ནི་ཕྱི་མ་རྣམས་ལའང་རིགས་འགྲེའོ། །དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པས་བུམ་དབང་། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང་། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་བསྐུར་བས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །ཐོད་པའི་བདུད་རྩི་སྔར་བཞིན་བསྐུར་ལ། ཧཱུྃ༔ ཐོད་པ་ཟླུམ་པོ་ཆོས་ཉིད་དབྱིངས་ཀྱི་ངང༔ འཆི་མེད་བདུད་རྩི་ཆང་གིས་རབ་ཏུ་བཀང༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཉོན་མོངས་བདུད་རྩི་རིགས་ལྔ་སྐུ་ལྔར་བསྐྱེད༔ གཉིས་མེད་ངང་དུ་ཆོས་ཉིད་རོལ་པར་སྦྱོར༔ མ་བཅོས་རང་བྱུང་བདེ་ཆེན་བྱང་ཆུབ་སེམས༔ ཆོས་ཉིད་བདུད་རྩི་རྣམ་རྟོག་བདུད་ལས་རྒྱལ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ སྔགས་ལན་དགུ་གོང་ལྟར། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་བདུད་རྩི་བླུད་པས་གསང་དབང་། སྙིང་གར་གཏད་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས། རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །མེ་ལོང་གིས་དབང་བསྐུར་ལ། ཧཱུྃ༔ མེ་ལོང་ཟླུམ་པོ་ཆོས་སྐུ་དྲི་མ་མེད༔ དག་ཅིང་གསལ་ལ་རྙོག་པ་མེད་པར་དྭངས༔ གཟུགས་བརྙན་གསལ་ལ་ངོས་བཟུང་འཛིན་པ་བྲལ༔ སེམས་ཉིད་རྣམ་དག་གསལ་ལ་མ་འགག་པ༔ གཟུང་འཛིན་མཚན་མ་དངོས་པོའི་ཡུལ་ལས་འདས༔ བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཅི་ཤར་ཡང༔ གསལ་སྟོང་མ་འགག་དབྱིངས་ནས་གསལ་འགྲིབ་མེད༔ དབང་བཞི་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་དགུ་དང་ཐིག་ལེ་བྱ། དེ་ལྟར་མེ་ལོང་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང་། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང་། སྙིང་གར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅིར་ཡང་ཤར་བར་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱི་བརྒྱན་པས་དབང་བསྐུར་བས། གསལ་བ་ལ་སྟོང་པའི་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གཏོར་མས་དབང་བསྐུར་ལ། ཧཱུྃ༔ གཏོར་སྣོད་བྷནྡྷའི་གཞལ་ཡས་ཆོས་ཀྱི་དབྱིངས༔ གཏོར་མ་འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔ༔ གུ་རུའི་སྐུ་མཆོག་བདེ་ཆེན་འདུ་འབྲལ་མེད༔ རྣམ་དག་བདུད་རྩི་བླ་མ་མཆོད་པའི་རྫས༔ གཉིས་མེད་དབྱིངས་སུ་དམ་ཚིག་གཉན་པོར་བསྲེ༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་སླད་དུ༔ སྤྲུལ་པ་མང་པོ་ལས་ལ་འགྱེད་པའི་ཕྱིར༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་དགུ་དང་། མཐར། གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛོ་ཀི་ནི༔ ཀ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གཏོར་ཟན་སྦྱིན་པ་སོགས་བྱས་ལ། དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་གཏད་ནས་གཏོར་ཟན་མྱང་བ་གསང་དབང་། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ། རིག་པ་ཡེ་ཤེས་ལྷ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ། དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་སྤང་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །སྐུ་འབག་ཐོགས་ལ། ཨཱ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་སེམས་ཅན་འདུལ༔ སྐུ་གསུམ་ངང་གིས་མཉམ་ཞིང་མ་འདྲེས་གསལ༔ སྔོན་ཚེ་པདྨ་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་ཟུངས་ཤིག༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་དབང་ཆེན་རབ་འབྱམས་བསྐུར་རྫོགས་ཤོག༔ སྔགས་ལན་དགུ །འདིའི་སྐབས་མགྲིན་པར་བཞག་པའི་ཚེ་གསང་མཚན་གསར་པ་དགོས་ན་རིགས་འདུས་གུ་རུ་རྩལ་སོགས་སྦྱིན་ཅིང་སྔར་བཏགས་པ་ཡོད་ན་དེ་ཉིད་བསྐྱར་ནས་འདོགས་པ་ཁྱད་པར་རོ། །དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་ནས་གསང་མཚན་བཏགས་པ་གསང་དབང་། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་མ་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གིས་དབང་བསྐུར་བས། རང་རིག་གི་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང་། རྣམ་འགྱུར་གློ་བུར་བའི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ་འགྲོ་འདུལ་ལས་རབ་འབྱམས་འགྲུབ་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་དག་གི་དོན་དང་དམ་ཚིག་བཟུང་བ་ཕན་ཡོན་དང་བཅས་པ་ནི། རྩ་བ་རྡོ་རྗེའི་གསུང་ལས། རྩ་བ་དོན་གྱི་དབང་ནི་རྣམ་པ་ལྔ༔ རེ་རེས་བཞི་བཞི་བསྐུར་བ་ཉི་ཤུ་འོ༔ དེ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་པ༔ རྣམ་པ་ཀུན་ཏུ་རྣམ་པར་རྟོག་ལས་གྲོལ༔ དེ་དུས་རྣམ་པ་ཀུན་རིག་སངས་རྒྱས་མཆོག༔ དབང་བསྐུར་བདག་ཉིད་ཆེན་པོ་བླ་མ་ལ༔ ལུས་དང་ལོངས་སྤྱོད་ཕོངས་པ་མེད་པར་འབུལ༔ མི་འབྲལ་དོན་གྱི་ཡེ་ཤེས་རྒྱུན་བཟུང་ཕྱིར༔ ཐོད་ཕྲེང་རྩལ་གྱི་སྐུ་དེ་རྟག་ཏུ་བཅང༔ རྡོ་རྗེ་དྲིལ་བུ་གླིང་གཅིག་པདྨའི་སྣོད༔ ཁ་ཊྭཱཾ་ཌ་མ་རུ་དང་ཨ་མྲྀ་ཏ༔ རུས་པའི་རྒྱན་བཟུང་གསང་བའི་རྒྱ་ཡིས་གདབ༔ མི་མེད་དབེན་པའི་གནས་སུ་རྟག་ཏུ་བསྒྲུབ༔ ཚེས་བཅུའི་མཆོད་པ་བྱུང་ངོ་ཅོག་ལ་བྱ༔ བླ་མ་སྤྱི་བོར་སྒོམས་ལ་གསོལ་བ་ཐོབ༔ པདྨ་འབྱུང་གནས་བདག་དང་འདུ་འབྲལ་མེད༔ སྤྱོད་ལམ་སྤྱོད་པ་ཆོས་སྤྱོད་བཅུ་དང་བསྲེ༔ སེམས་དང་རིག་པ་བླ་མའི་ཐུགས་དང་བསྲེ༔ སྣང་སྲིད་འཁོར་འདས་བདེ་ཆེན་ཀློང་དུ་བསྲེ༔ འདི་ཕྱི་བར་དོ་སྐུ་གསུམ་ཀློང་དུ་བསྲེ༔ ན་ཚ་སྡུག་བསྔལ་ལམ་གྱི་གྲོགས་སུ་ཁྱེར༔ དངོས་པོ་ཀུན་ལ་ཆགས་མེད་ཚོགས་འཁོར་བསྐོར༔ རྩ་སྦྱང་རླུང་བཟུང་ཐིག་ལེ་སྟོང་གསལ་བསྒོམ༔ མྱུར་བ་ཉིད་དུ་པདྨ་ཅན་དུ་སྐྱེ༔ ཞེས་གསུངས་པའི་དོན་རྣམས་ཐུགས་ལ་ངེས་པར་ཞུ། འདིར་སྤྲོ་ན་རབ་འབྱམས་བཀའ་དབང་གི་ལྷ་དབང་ཡོངས་རྫོགས་སྦྱར་རོ། །འདིར་གཏོར་དབང་བྱེད་པར་འདོད་ན་དེ་ཉིད་ནས་བཤད་པའི་སྒྲུབ་པ་ནི་གོང་དུ་བཤད་པ་ལ་དོན་གྱིས་ཚང་བས་སླར་གཏོར་ཆེན་སྤྱན་དྲངས་ལ། སླར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་གཏོར་མ་ལ་བརྟེན་པའི་དོན་དབང་བསྐུར་བ་ལ། སྤྱིར་གཏོར་མ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ནང་ལྟར་རིག་འཛིན་བླ་མའི་དཀྱིལ་འཁོར་བཀྲ་ལམ་མེར་བཞུགས་ཤིང་། རྩ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་བླ་མ་རིག་འཛིན་ཡོངས་རྫོགས་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། བླ་མ་ཡི་དམ་གཉིས་སུ་མེད་པའི་ལྷ་ཚོགས་རྣམས་ཀྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པ་ལ་བརྟེན་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། གནས་སྐབས་སུ་དབང་བཞིའི་ལམ་བསྒོམ་པ་དང་། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད་ཅིག །དབྱངས་རོལ་དང་བཅས། ཨོཾ་ཨཱཿཧཱུྃ༔ རྟོག་མེད་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ མ་ཧཱ་གུ་རུ་འཁོར་དང་བཅས་པ་ཡིས༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་དབང་བསྐུར་ཏེ༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས་གྱུར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱི༔ ཞེས་བརྗོད་ལ་གནས་གསུམ་དུ་གཏུག །དེས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བྱིན་རླབས་དབང་མཆོག་རྫོགས་པར་ཐོབ་ནས་ཁྱེད་རང་རྣམས་སངས་རྒྱས་ཀུན་འདུས་མ་ཧཱ་གུ་རུ་དངོས་སུ་གྱུར་པའི་མོས་པས་ཛཔ྄་ཟློས་ཤིག །ཕྱི་ནང་གསང་བའི་འཛབ་ལན་ཁ་ཤས་བཟླ། མཐར། གཏོར་མའི་ལྷ་ཚོགས་མ་ལུས་རྣམས༔ མི་དམིགས་ཆོས་ཀྱི་དབྱིངས་སུ་གཤེགས༔ གཏོར་མ་ཡིད་བཞིན་ནོར་བུ་ལྟར༔ གང་འདོད་དངོས་གྲུབ་གནང་བར་བསམ༔ སྤྲོ་ན་ལས་བྱང་ལྟར་དངོས་གྲུབ་བསྐུལ་ཆོག་བྱ། གང་ལྟར། དཔག་མེད་དགོས་འདོད་འབྱུང་བ་ལས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ ཝཱ་ཀ་སིདྡྷི་ཨཱ༔ སྐྱེ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཙིཏྟ་སིདྡྷི་ཧཱུྃ༔ དངོས་གྲུབ་ཐམས་ཅད་བདག་ལ་སྩོལ༔ སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧྲཱི༔ ཞེས་དང་། རྗེས་གཏོར་མ་དངོས་གྲུབ་ཏུ་ཤེས་པའི་ཕྱིར། གཏོར་ཟན་དགོས་འདོད་ཀུན་འབྱུང་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་བ་མྱང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། གཏོར་ཟན་དངོས་སམ། མཐའ་སྐོར་གྱི་ཐེབ་ཀྱུ་ལྟ་བུ་བདུད་རྩི་དང་སྦྱར་ནས་སྦྱིན་ནོ། །གོང་གི་ཟླུམ་པོ་བཞི་པོ་ཁོ་ནའི་སྐབས་དབང་གི་རྗེས་རྣམས་བྱས་ནས་ཚོགས་རོལ་དང་ལྷག་མའི་མཐར་གཏོར་མའི་ཕུད་སྦྱིན་སྲེག་ཏུ་འབུལ་ནསལྷག་མ་དངོས་གྲུབ་ཏུ་བགོ་བ་ཡིན་ཡང་དེང་སང་སྦྱིན་སྲེག་སོགས་ཕྱག་ལེན་མི་མཛད་པ་ཤས་ཆེ་བས་དཀྱུས་ལ་འདི་ཀ་ལྟར་ལེགས་སོ། །མཐའ་རྟེན་ཏུ་ཤིས་བརྗོད་ཅི་རིགས་བྱ། དེ་ལྟར་ན་དེ་དག་གིས་བྱང་གཏེར་ཞི་བ་བླ་མ་རིག་འཛིན་གདུང་སྒྲུབ་ཀྱི་རྩ་དབང་དང་བྱིན་རླབས་གཏོར་མའི་དབང་བསྐུར་བཅས་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས་མན་ཆད་སྤྱི་དང་མཐུན་པར་བྱའོ། །གསུམ་པ་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་དང་མདུན་བསྐྱེད་ལ་དམིགས་ཏེ་དངོས་གྲུབ་བསྐུལ། མཆོད་བསྟོད་ནོངས་བཤགས། དཀྱིལ་འཁོར་བུམ་ཐོད་མེ་ལོང་གི་ཡེ་ཤེས་པ་རྣམས་རྟེན་ལ་དམིགས་ཏེ་བརྟན་བཞུགས་སམ་གཤེགས་གསོལ་སྐབས་བབ་བྱ། དམ་ཚིག་པ་བདག་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་ཚང་བར་བྱའོ། །གཏེར་བྱོན་སྤྲུལ་སྐུའི་སྒྲུབ་ཐབས་ཇི་སྙེད་པའི། །ཕྱི་མོ་རྩ་བར་གྱུར་པའི་རྡོ་རྗེའི་ཚིག །བསྡེབས་ལེགས་དབྱིངས་ཆེ་རྒྱལ་བ་རིག་འཛིན་གྱི། །སྤྱི་སྒྲུབ་ཀུན་དང་ཐུན་མོང་མིན་འདི་འོ། །གང་ལ་མོས་པ་ཙམ་གྱིས་སུ་དང་ཡང་། །མི་མཉམ་གྲུབ་གཉིས་འདོད་པ་བདེ་བླག་ཏུ། །འཇོ་བར་བདེན་གསུངས་འབྲས་བུས་འདིར་འབྲེལ་ཀུན། །དེང་ནས་བྱང་ཆུབ་བར་དུ་འཚོ་གྱུར་ཅིག །ཅེས་པའང་བྱང་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་འཁྲུལ་པ་དང་བྲལ་བ་རྩ་བར་བཟུང་། སྤྱི་མཐུན་མཚམས་སྦྱོར་སོགས་འཐད་ལྡན་དུ་སྤྲོས་ཏེ་ཀུན་མཁྱེན་པདྨ་དབང་ཆེན་གྱི་བྱིན་རླབས་ཐོབ་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་སྒོ་ནས་གཟའ་ཀླུའི་གདོན་འགྲོལ་བྱ་ཐབས་ནག་འགྲོས་མ་ (Volume 28, Text 39)
༄༅། །ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་སྒོ་ནས་གཟའ་ཀླུའི་གདོན་འགྲོལ་བྱ་ཐབས་ནག་འགྲོས་མ་བཞུགས་སོ། ། ན་མོ་བཛྲ་པཱ་ཎི་ཡ༔ འདིར་ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་སྒོ་ནས་གཟའ་ཀླུའི་དུག་དབྱུང་ནག་པོ་འགྲོ་ཤེས་བཀླག་ཆོག་མར་བཀོད་པ་ལ་གཉིས་ཏེ། བཅས་བཤམ་དང་སྒྲུབ་ཐབས་སོ། །དང་པོ་ནི། ཡིད་མཐུན་གྱི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་ཁར་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། དེའི་མདུན་དུ་སྨན་རཀ་གཏོར་གསུམ་ཉེར་མཆོད་ཚོགས་དང་བཅས་པ། སྟེགས་བུའི་མདུན་རང་གི་ཉེ་ལོགས་སུ་རས་དཀར་པོའི་ཁར་ལྕགས་རག་སོགས་མ་ཡིན་པའི་སྣོད་དུ་བག་ཟན་གྱི་ཀླུ་གཟུགས་སྟོད་ལྷའི་ལུས་ཅན་སྦྲུལ་མགོ་དགུ་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་ཐལ་མོ་སྦྱར་བ། དེ་ཀླུའི་དུག་དབྱུང་གཙོ་ཆེ་བའི་དབང་དུ་བགྱིས་ཤིང་། གཟའ་གཙོ་བོར་བྱེད་ན་གཟའ་གཟུགས་སྟོད་སྲིན་པོ་མགོ་གཅིག་བྱ་རོག་གི་མགོ་དང་བཅས་པ་ལག་གཉིས་ཐལ་སྦྱར་དམད་ཅིང་འདུག་པ་སྦྲུལ་མཇུག་ཅན་དུ་བྱེད། དེའི་མཐར་ཀླུ་ལ་བཤོས་བུ་ཟླུམ་པོ་དང་། གཟའ་ལ་གྲུ་གསུམ་གཡས་དཀྱུས་སྔ་མར་བརྒྱད་དང་ཕྱི་མར་དགུ །རིལ་བུ་བརྒྱད། ཆངས་བུ་བརྒྱད། སྤྲོ་ན་ཀླུ་ནོར་ཉེར་གཅིག་སོགས་་་་གཟའ་ལ་རིལ་ཆངས་དགུ་རེ་ཐུན་རྫས་བཅས་དང་ཡབ་ལ་ཤ་ཁྲག་གི་མཐེབ་ཀྱུ་ཡུམ་ལ་རིལ་བུ།་་་བཤམས། དེ་ལ་གདོང་ཕྱོགས་པར་ཡོན་བདག་གི་འདྲ་གླུད་གླུད་རབས་དང་མཐུན་པ་གྱོན་འཕྲོའི་གོས་ཟས། ལྷོ་བྱང་གི་ལ་རྫས་ཀླུང་རྫས་སོགས་དཀོར་ཆ་ཅི་འབྱོར་པས་བསྐོར། དེ་དང་ཉེ་བར་ཀླུ་བཤོས་རྒྱབ་ཡོལ་མ་ཏིང་ལོ་མཐེབ་ཀྱུ་ཆངས་བུ་དང་བཅས་པ། དཀར་གསུམ་མངར་གསུམ་ཀླུ་སྨན་གྱིས་བརྒྱན་པ། གཟའ་ལ་གདོན་གཟུགས་གཙོ་ཆེ་བའི་དབང་དུ་བགྱིས་ཏེ་གྲུ་གསུམ་དམར་པོ་གཡོན་དཀྱུས་དགུ་ཚོམ་ཐུན་རྫས་བཅས་བཤམས། རང་གི་མདུན་དུ་རྡོར་དྲིལ་ནས་ཟེད། ཁྲུས་རས་ཁྲུས་གཞོང་། བྱབས་རྫས་ཀྱི་རྨ་བྱའི་མདོངས། ཤིང་སྣའི་ཆུན་པོ། ས་རྡོག །ཆུ། རླུང་གཡབ། དཔལ་འབར་གྱི་རས་ལྡེ། མེ་ལོང་། གུ་གུལ། ཡུངས་དཀར་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ལ་སྒྲུབ་ཐབས་དངོས་དང་། ལས་ལ་སྦྱོར་ཚུལ་གཉིས་ལས། དང་པོ་ནི། བདག་མདུན་ཐ་མི་དད་དུ་བྱེད་ན། སྐྱབས་སེམས་ནས་བཟླས་པའི་མཐར་ཐུག་པ་དཀྱུས་བཞིན་བདག་མདུན་ཐ་མི་དད་དུ་མོས་ཏེ་སྒྲུབ། མཐར་རྣམ་བུམ་གསལ་བཏབ་པར། རྩ་སྔགས་བསྙེན་སྒྲུབ་ལས་སྦྱོར་གང་ནུས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་སོགས་གྲིབ་སེལ་སྔགས་ཀྱིས་སྒྲུབ་པ་སྤྱི་འགྲེ་དང་། གཟའི་དུག་དབྱུང་ཁོ་ན་ལ་ཁྱད་པར་གྱི་མན་ངག་ཤིན་ཏུ་ཟབ་པ། བདག་མདུན་གཉིས་ཀའི་སྙིང་གར་ཡེ་ཤེས་ཀྱི་གཟའ་རཱ་ཧུ་ལ་དཀར་པོ་ཤེལ་དཀར་གྱི་ཕུང་པོ་ལ་ཉི་མ་ཤར་བ་ལྟ་བུ་གསལ་བ། དེའི་ཐུགས་ཀར་ཧཱུྃ་དཀར་པོ་འོད་ཟེར་འཕྲོ་བ། སྐུའི་ཕྱི་སྐོར་དུ་མན་ངག་བཞིན་སྔགས་ཕྲེང་ཉིས་རིམ་གྱིས་ཤེལ་གྱི་ཕྲེང་བ་བསྒྲིགས་པ་ལྟ་བུ་ལས། འོད་ཟེར་བདུད་རྩི་དཀར་པོའི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ། མན་ངག་བཞིན་གྱི་སྔགས་བཟླ། ཤམ་བུར། རཱ་ཧུ་ལ་བྷི་ཥ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པ་བརྒྱ་རྩ་སོགས་བཟླས་པས་བསྒྲུབས་ཏེ་འོད་ཞུ་བྱེད། ཐ་དད་དུ་བྱེད་ན་ལས་གཞུང་གི་བཟླས་པ་ལས་སྦྱོར་ཡན་སོང་རྗེས་བུམ་པར་དམིགས་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཕྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ནང་གཞལ་ཡས་ཁང་གི་རྣམ་པར་གནས་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་ཁར་གཟའ་ཀླུ་སྡེ་བརྒྱད་བསྣོལ་བའི་སྟེང་དུ་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ༔ གཏུམ་དྲག་ཁྲོ་བོའི་རྒྱལ་པོ་ལག་ན་རྡོ་རྗེ་མཐིང་ནག་མེའི་ཚྭ་ཚྭ་འཕྲོ་བ་སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས་པ༔ རྔམས་པའི་ཞལ་གདངས་ཤིང་མཆེ་བ་བཞི་བཙིགས་པ༔ སྐུ་ལས་འོད་འཕྲོས་པས་བར་གཅོད་གདོན་བགེགས་ཐམས་ཅད་འཇོམས་པ༔ ཕྱག་གཡས་ཀྱི་ཁྱུང་ཆེན་གྱིས་སྟེང་གདོན་ཟ་ཞིང་རྡོ་རྗེས་བར་གདོན་འཐག་པ༔ གཡོན་པ་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་འཛིན་པས་འོག་གདོན་འདུལ་ཞིང་བྱད་ཕུར་འཇོམས་པ༔ དཔལ་གྱི་ཆས་བཅུས་བརྒྱན་ཞིང༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ནས་འགྱིང་སྟབས་སུ་བཞུགས་པའི་གནས་བཅུ་ཁྲོ་བོ་ཆེན་པོ་བཅུ་དང་བཅས་པ་གསལ་བ་དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་རབ་བཏུལ་ཏེ༔ ཡེ་ཤེས་དབྱིངས་སུ་སྦྱོར་བའི་ཕྱིར༔ རྡོ་རྗེ་གཏུམ་པོའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ ད་ལྟ་སྙིགས་མ་ལྔ་བདོའི་དུས༔ མི་མཐུན་གདུག་པ་ཁ་དར་ཞིང༔ ལོག་བྱས་ངན་དབང་མཐུ་བཙན་དུས༔ བརྩེ་བས་དགོངས་ལ་བྱིན་ཆེན་ཕོབ༔ ལྔ་བདོའི་བདུད་དཔུང་མི་ཆོམས་ན༔ དཔལ་ཆེན་ཁྱེད་ཀྱི་ཐུགས་བསྐྱེད་གང༔ མཐུ་དང་ནུས་པས་ཅི་ཞིག་བྱ༔ འདིར་གཤེགས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་ལྷར༔ གཤེགས་བཞུགས་གཉིས་འཛིན་མ་མཆིས་ཀྱང༔ ཨ་འཐས་མཚན་མ་དག་ཕྱིར་དུ༔ རྡོ་རྗེའི་གདན་འདིར་ཏིཥྛ་ལྷན༔ བཛྲ་ས་མཱ་ཡ་སཏྭམ་ཏིཥྛ་ལྷན༔ ཞེས་པས་སྤྱན་དྲངས་ནས་གཉིས་སུ་མེད་པར་གྱུར་པར་མོས་ལ། ཧཱུྃ༔ གདོད་ནས་རྣམ་དག་དབྱིངས་ཀྱི་ལྷ༔ འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེར༔ དུང་བའི་ཡིད་ཀྱིས་རབ་བསྐུལ་ཏེ༔ སྒོ་གསུམ་བཏུད་པའི་ཕྱག་གིས་འདུད༔ ཨོཾ་ན་མོ་ན་མ་ཧཱུྃ༔ མཆོད་པ་ནི། ཧཱུྃ༔ ཡིད་འོང་མཆོད་ཡོན་ཞབས་བསིལ་དང༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་མཆོད་པའི་སྤྲིན༔ དྲག་སྔགས་ཀུན་འདུས་ལྷ་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཱུ་ཙ་ཧོ༔ བསྟོད་པ་ནི། ཧཱུྃ༔ ལག་ན་རྡོ་རྗེ་སྟོབས་པོ་ཆེ༔ སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར༔ མ་བཏུལ་བ་རྣམས་འདུལ་བར་བསྔགས༔ གར་དགུའི་རབ་འཇིགས་ཁྱེད་ལ་བསྟོད༔ འགག་མེད་གྲགས་སྟོང་རྡོ་རྗེའི་གསུང༔ ཚངས་པའི་སྒྲ་དབྱངས་སེང་གེའི་སྒྲས༔ དྲག་སྔགས་ཐོག་གི་བུ་ཡུག་འཚུབས༔ འབྲུག་སྟོང་ལྡིར་བའི་གསུང་ལ་བསྟོད༔ གདུག་པ་འདུལ་མཛད་ཆེན་པོའི་ཐུགས༔ ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང༔ རབ་ཁྲོས་དུག་ལྔ་དབྱིངས་སུ་སྦྱོར༔ བདེ་སྟོང་ཀློང་དུ་སྒྲོལ་ལ་བསྟོད༔ འབར་བའི་ཆོ་འཕྲུལ་སྣ་ཚོགས་ལ༔ སངས་རྒྱས་ཉིད་ཀྱང་སྐྲག་གྱུར་ན༔ ལོག་འདྲེན་གདོན་བགེགས་སྨོས་ཅི་དགོས༔ རྡོ་རྗེའི་ཆོས་བདུན་ཁྱེད་ལ་བསྟོད༔ གང་འདུལ་ཐབས་ཀྱི་རོལ་པ་རུ༔ སྒྱུ་འཕྲུལ་དཀྱིལ་འཁོར་སྐུར་བཞེངས་པ༔ ཕྲིན་ལས་རྣམ་བཞི་བསམ་མི་ཁྱབ༔ འགྲོ་འདུལ་སྤྲུལ་འཁོར་བཅས་ལ་བསྟོད༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང༔ ལྷག་པའི་ལྷ་རུ་ཁྱོད་བསྒྲུབ་ན༔ འཁྲུལ་ངོར་ཤར་བའི་གདོན་བགེགས་རྣམས༔ ཆོས་སྐུའི་ཀློང་དུ་དག་པར་མཛོད༔ བཟླས་པ་བྱ་བ་ནི། བུམ་པའི་ལས་ཚོགས་ལས། སྙིང་ཁའི་ས་བོན་སྔགས་བཟླས་བྱ༔ བདག་ཉིད་ཐུགས་ཀའི་ས་བོན་ལས༔ འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས༔ བུམ་པའི་ལྷ་ཡི་ཐུགས་ཀར་ཐིམ༔ བུམ་པའི་ལྷ་ལས་འོད་འཕྲོས་པས༔ བདེ་གཤེགས་མཆོད་ནས་འོད་ཚུར་འདུས༔ བུམ་པའི་ནང་དུ་ཁྲོ་ཆུང་དང༔ ཁྱད་པར་ཡེ་ཤེས་བདུད་རྩིར་གྱུར༔ ཞེས་པའི་དོན་བཞིན་དམིགས་པའི་འཕྲོ་འདུ་དང་བཅས་གཟུངས་ཐག་ལ་འཇུས་ནས་རྩ་སྔགས་ནི། ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཁྱུང་སྔགས་ནི། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཁྲོཾ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སྒྲུབ་སྔགས་ནི། ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ༔ གྷརྫ་གརྫ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷནྡྷ་བྷནྡྷ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ སྥོཊ་སྥོཊ༔ ཛཿཧཱུྃ་བཾ་ཧོ༔ སརྦ་དུཥྚཱཾ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ལས་སྦྱོར་ཁྲོ་འདུས་མེའི་སྤུ་གྲི་ནི༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་སོགས་དང་། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཁཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ལཾ་ཁཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཞེས་ཁྲུས་བདུན་གྱི་སྔགས་ཉེར་གཅིག་སོགས་བཟླ། ཁྱད་པར་གྱི་མན་ངག་ནི། གསང་བའི་བདག་པོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གོང་བཞིན་གསལ་བའི་རྩ་སྔགས་གཉིས་དང་། ཤཱནྟིཾ་ཀུ་རུ་ཡེའི་བཟླས་པ་ཅི་འགྲུབ་བྱས་ལ། ཐུན་མཚམས་སུ་གསང་བདག་གི་འདས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རྩ་སྔགས་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་སྟེ་ཕྲིན་ལས་གང་དགོས་བཅོལ། བུམ་ལྷར་དུང་ཆོས་ཀྱི་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་བ་བདུད་རྩིར་བསམ་མོ། །བར་འདིར་དུག་གིས་བཅིངས་པ་དུག་དབྱུང་བྱེད་ན། གཟའ་ཀླུ་གང་ཡིན་གྱི་གཟུགས་བརྙན་བསང་སྦྱང་། སྟོང་པའི་ངང་ལས། གཟའ་ལ་ཏྲི་ལས་རཱ་ཧུ་ལ་གཟའ་བརྒྱད་གདོང་མོ་བཞི་རྒྱུ་སྐར་ཉེར་བརྒྱད་སོ་སོའི་གཟུགས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ། ཞེས་དང་། ཀླུ་ལ་་་ཕུ་ལས་ཀླུ་བརྒྱད་གཉན་དགུ་སོགས་སོ་སོའི་གཟུགས་དང་། སྡོང་ཟླ་སྡེ་བརྒྱད་ཀྱི་འཁོར་དང་བཅས་པའི་རྣམ་པར་གསལ་བར་གྱུར། རང་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཟའ་ཀླུ་གནོད་བྱེད་གང་ཡིན་ཐམས་ཅད་ཐོགས་པ་མེད་པར་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པའི་བཀའ༴ ཁྱད་པར་དུ་ཡང་གསང་སྔགས་དང་རིག་སྔགས་ཐམས་ཅད་འདུས་པའི་བདག་ཉིད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པའི་མཐུས། གནོད་བྱེད་དྲེགས་པ་གཟའ་ཀླུ་སྡེ་བརྒྱད་སྡོང་ཟླ་སྣ་འདྲེན་རྒྱབ་རྟེན་འབྱུང་པོའི་ཚོགས་དང་བཅས་པ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྟིམ། གླུད་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བརླབ་བམ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་བསྒྲུབ་བྱའི་དྲི་གླུད་དཀོར་ཆ་འདོད་ཡོན་ལྔ་ལྡན་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏྠྐཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་བརླབས། སཾ་བྷ་ར་ལན་བདུན་སེ་གོལ་བཅས་བསྔོས་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མི་ལས་དགའ་བའི་གླུད་འདོད་ཡོན་དཀོར་ཆ་དང་བཅས་པ་འདི་ཉིད་གཟའ་ཀླུ་སྡེ་བརྒྱད་སྣ་འདྲེན་འབྱུང་པོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་བསྔོ་བས། གནོད་སེམས་གདུག་རྩུབ་ཀྱི་བསམ་པ་ཞི་ནས་མགུ་ཞིང་ཚིམས་པར་གྱུར། གཉིས་པ་ལས་སྦྱོར་ནི། བསྒྲུབ་བྱ་རང་གི་མདུན་དུ་གདོན་གཟུགས་ལ་ཁ་ཕྱོགས་པར་བཞག །རྐང་པ་གཡས་པའི་སྲིན་མཛུབ་ལ་སྣལ་མ་ནག་པོའི་དྲི་ལམ་བཏགས་པའི་སྣེ་མོ་གླུད་ལ་དཀྲིས་ནས་བསྒྲུབ་བྱ་ཁ་བལྟ་ཕྱོགས་དང་བསྟུན་མཐུན་རྫས་གླུད་གཟུགས་མདུན་དུ་བཀོད་ལ། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་རིན་པོ་ཆེ་འདི་ཉིད་ཡུན་དུ་འཚོ་བའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་སྐབས་སུ་བབས། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས་རང་རང་གི་སྐལ་པ་དང་འཚམ་པར་ཐབས་ཚུལ་ཇི་སྙེད་ཅིག་གསུངས་པ་ལས། འདིར་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་གསུངས་པའི་ཐུགས་སྒྲུབ་དྲག་སྔགས་ཀུན་འདུས་ཀྱི་ལས་ཚོགས་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་དབྱུང་ཁྱད་པར་ཅན་ཏེ། དེའི་བརྒྱུད་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། ཏིང་འཛིན་རྒྱལ་པོའི་མདོ་ལས་བསྟན་པ་ལྟར། འདས་པའི་དུས་ན་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་། ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུ། པདྨའི་དྲུང་དུ་ནམ་སྙིང་དང་རྒྱལ་སྲས་ལྷ་རྗེ། སྙིགས་མའི་མཐར་ཐུག་པའི་ཚེ་སྙི་སྒོམ་ཟླ་འོད་གཞོན་ནུའི་སྐྱེ་བ་བཅུ་བདུན་པ་གཏེར་ཆེན་ཏིང་འཛིན་རྒྱལ་པོ་དེ་ཉིད། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་རྗེས་སུ་བཟུང་བའི་ལས་འཕྲོས་དབུས་གཏེར་ལས་སྤྱན་དྲངས་ཤིང་རྗེས་སུ་སྤྱི་མཐུན་ལག་ཁྲིད་དུ་སྤེལ་བ་ལས། འདི་ལྟ་བུའི་ལས་ཚོགས་གཟའ་ཀླུ་སྡེ་བརྒྱད་ཀྱི་དུག་དབྱུང་བ་ནི་སྔོན་གྱི་ལག་ཁྲིད་དང་རྗེས་ཀྱི་མན་ངག་ཟུང་དུ་བྱེད་པ་སྟེ། དེ་ལ་ཕྲིན་ལས་བཅོལ་བ། བཀྲུ་བ། བྱབ་པ། གནད་དབབ། དུག་དབྱུང། ཡས་སྐྱེལ། སྲུང་བ་སྟེ་དོན་ཚན་བདུན་དུ་མཆིས་པའི། དང་པོ་ཕྲིན་ལས་བཅོལ་བ་ལ་དམིགས་པ་འདི་བཞིན་དུ་གནང་བ་ཞུ། གནས་ཁང་འདི་ཡང་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཞིང་ཁམས་དངོས་ཡིན་སྙམ་པ་དང། ཁོ་བོ་ཡང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་འདུས་པའི་བདག་ཉིད། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་ཁྲོ་མོ་དམ་ཅན་རྒྱ་མཚོའི་འཁོར་གྱིས་བསྐོར་ཏེ་མངོན་སུམ་དུ་བཞུགས་ཡོད་སྙམ་པའི་མོས་པ་དང་། ད་ལྟ་ཁྱེད་རང་གཟའ་ཀླུ་སྡེ་བརྒྱད་འབྱུང་པོ་གདུག་པ་ཅན་རྣམས་ཀྱིས། མཐོང་རེག་ཁ་རླངས་ཀྱི་དུག་གིས་བཏབ་པའི་ལུས་ལྕི་ཞིང་འཐིབས་པ་ཟུག་གཟེར་དང་བཅས་པའི་ངག་སྨྲ་བརྗོད་ལྐུགས་ཤིང་བརྗོད་མི་བདེ་བས་ཡིད་མྱོག་ཅིང་རྨོངས་ལ་འཐིབས་པ་ཞིག་ཏུ་བསམས་ཏེ། ངེད་ལ་སྐྱབས་སུ་གསོལ་བས། ངེད་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བཅུའི་འཁོར་གྱིས་བསྐོར་བ་མངོན་སུམ་དུ་སྤྱན་དྲངས་ནས་དཔུང་གི་ར་མདར་སྦྲན་ཏེ། ཁྱོད་རང་གི་ནད་གདོན་ཆག་ཆེ་ཉམ་ང་ཐམས་ཅད་བསལ་བའི་ཕྲིན་ལས་ཞུ་བ་ཡིན་པས་དེ་ལྟ་བུའི་མོས་པ་མཛོད། བདག་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཁྲོ་བོ་བཅུ་ལ་སོགས་པའི་རིག་སྔགས་ཀྱི་ཁྲོ་བོ་ཁྲོ་མོས་བསྐོར་བ་བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ་སྤྱན་དྲངས་དྲིལ་བུ་གསིལ་ཞིང་གདངས་སྙན་པོས། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་སྤྱོན་རྡོ་རྗེ་འཆང༔ ཤར་གྱི་ཕྱོགས་ཀྱི་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ སྐུ་མདོག་མཐིང་ག་འགྱིང་བག་ཅན། །ཕྱག་ན་འཁོར་ལོ་ཏྲི་ཤུལ་གསོར། ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་དབྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད༔ སྐུ་མདོག་མཐིང་ག་བཞད་ཚུལ་ཅན། །ཕྱག་ན་རང་རྟགས་དགྲ་སཏྭ་དབྱུག །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་དབྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ༔ སྐུ་མདོག་མཐིང་ག་འོད་ཟེར་འཕྲོ། །ཕྱག་ན་སྤུ་གྲི་སྦྲུལ་ཞགས་འཛིན། ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་དབྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་ཕྱོགས་སྐྱོང་ནི༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ སྐུ་མདོག་མཐིང་ག་གཏུམ་ལ་རྔམས། །ཕྱག་ན་རང་རྟགས་རྒྱ་གྲམ་དབྱུག །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་དབྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཕྱོགས་སྐྱོང་དྲུག༔ དབྱུག་སྔོན་་མེ་ཐོད་དབྱུག་་མི་གཡོ་་རལ་གྲི་མེ་་འདོད་པའི་རྒྱལ་་རྔ་ཡབ་ཐོ་བ༔ རྣམ་རྒྱལ་་རྡོར་ཞགས་་ཧཱུྃ་ཀཱར་་མདའ་གཞུ་་སྟོབས་པོ་ཆེ་་ཐོ་ཞགས༔ རང་རང་སྐུ་མདོག་་ཐམས་ཅད་མཐིང་ག་་ཕྱག་མཚན་བསྣམས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་རྫོགས་ཕྱིར་དུ༔ གདོན་རྣམས་མ་ལུས་བསྲུང་བ་དང༔ བྱད་རྣམས་མ་ལུས་འགྲོལ་བ་དང༔ དུག་རྣམས་མ་ལུས་དབྱུང་བ་དང༔ ནད་རྣམས་མ་ལུས་ཕན་བྱེད་ཅིང༔ བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད༔ ཁྲོ་བོ་རྣམས་ཀྱིས་བར་ཆད་སེལ་བར་ཞལ་གྱིས་བཞེས་ཤིང་ཕྱོགས་མཚམས་སུ་བཞུགས་ནས་སྲུང་ཟློག་གི་ལས་མཛད་པར་གྱུར། འོ། དེས་ཕྲིན་ལས་བཅོལ་བ་སོང་། གཉིས་པ་བཀྲུ་བ་ལ། ངེད་ཀྱི་ལག་ན་ཐོགས་པའི་བུམ་པ་ལས་བདུད་རྩིའི་རྒྱུན་བབས་པས། ཁྱེད་རང་གི་སྤྱི་གཙུག་ནས་ཁྲུས་གསོལ་བའི་རྐྱེན་གྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཞུགས་པའི་གདོན་ཐམས་ཅད་སྡོམ་སྡིག་སྦལ་ལྕོང་། སྟག་གཟིག་སྦྲུལ་ལ་སོགས་པའི་སྲོག་ཆགས་ཀྱི་རྣམ་པར་དྲི་ལམ་ནས་བརྒྱུད་དེ་གནོད་བྱེད་ཀྱི་གཟུགས་བརྙན་ལ་སིབ་སིབ་ཐིམ། ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན། གཟའ་ཀླུའི་ཁ་རླངས་བསམ་སྦྱོར་གྱི་དུག་རྣམས་འཇའ་ཁ་དོག་ལྔ་ལྡན་མོག་པོའི་རྣམ་པར་ཐོན་ཏེ་གདོན་གཟུགས་དང་གླུད་ལ་ཐིམ་པས། ཁྱེད་རང་གི་ལུས་ཡང་ཞིང་ཟོ་མདོག་བཟང་བ་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་སློབ་དཔོན་གྱིས་བུམ་པ་ཐོགས་ཏེ། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པ་སེམས་ཅན་ཀུན་དོན་བྱེད༔ ཕྱི་ནི་བུམ་པའི་རྣམ་པ་ལ༔ ནང་ནི་ཁྲོ་བོའི་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཁཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་རཾ་ལཾ་ཁཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཞེས་པའི་མཐར། ཚེ་དང་ལྡན་པ་འདི་ཞེས་བྱ་བའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཁྲུས་གསོལ་ལོ། །ངེད་ཀྱི་ལག་ན་ཐོགས་པའི་བུམ་པ་ལྔ་ལྡན་འདི་ཉིད་ལས་ཡེ་ཤེས་ལྔའི་ངོ་བོའི་བདུད་རྩིའི་རྒྱུན་སྐྱ་ནར་གྱིས་བབས་པས། དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དེ་ལས་བྱུང་བའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པའི་ཐུགས་མོས་གནང་བ་ཞུ། ཧཱུྃ༔ བུམ་པ་ཤེལ་བུམ་དྲི་མེད་ནང༔ མེ་ལོང་ཡེ་ཤེས་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ཞེ་སྡང་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཀྱིས་བཀྲུ། ཧཱུྃ༔ བུམ་པ་གསེར་བུམ་དྲི་མེད་ནང༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ང་རྒྱལ་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཀྱིས་བཀྲུ། ཧཱུྃ༔ བུམ་པ་པདྨ་རཱ་གའི་ནང༔ སོར་རྟོག་ཡེ་ཤེས་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ འདོད་ཆགས་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཀྱིས་བཀྲུ། ཧཱུྃ༔ བུམ་པ་ཨིནྡྲ་ནཱི་ལའི་ནང༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ ཕྲག་དོག་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཀྱིས་བཀྲུ། ཧཱུྃ༔ བུམ་པ་མཐིང་བུམ་དྲི་མེད་ནང༔ ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ གཏི་མུག་དེ་ལས་བཤོས་པ་ཡི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་ཀྱིས་བཀྲུ། ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ཕ་རོལ་ཕྱིན་དྲུག་ཆུ་ཡིས་གང༔ སྐལ་ལྡན་བུ་ཡི་ལུས་བཀྲུས་པས༔ རྒྱུད་དྲུག་བག་ཆགས་རྟེན་བྱེད་པའི༔ ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སོགས་སྔགས་སྔར་བཞིན་བརྗོད། ཆུ་ཐིགས་གཅིག་མགྲིན་པར་བླུད། གཅིག་གིས་ཁ་བཤལ་དུ་བཅུག །ཁྲུས་ཁུ་གདོན་གཟུགས་ཀྱི་སྣོད་དུ་དོར་རམ་འཁྲིས་སུ་འཇོག །ལུས་ངག་ཡིད་གསུམ་ཉེས་སྐྱོན་ཐམས་ཅད་དང་བྲལ་བར་གྱུར། འོ། དེས་བཀྲུ་བ་སོང་། གསུམ་པ་བྱབ་པ་ལ། ངེད་ཀྱི་ལག་གཡས་ན་ཐོགས་པའི་རྡོ་རྗེ་དང་བཅས་པའི་རྨ་བྱའི་མདོངས་འདིའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་འདིས། ཁྱོད་རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་བྱབས་པ་ཙམ་གྱིས་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་ནད་གདོན་ཐམས་ཅད་སྦུར་མ་རླུང་གིས་དེད་པ་བཞིན་ནག་ཉིལ་གྱིས་ཕྱགས། དྲི་ལམ་བརྒྱུད་ནས་གདོན་གཟུགས་དང་གླུད་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་རྡོ་རྗེ་དང་བཅས་པའི་རྨ་བྱའི་མདོངས་ཐོགས་ཏེ། ཧཱུྃ༔ གངས་རི་དཀར་པོའི་ཤར་ཕྱོགས་ནས༔ རྗེ་རིགས་ཀླུ་ཡི་ཚོགས་རྣམས་དང༔ ཕུར་བུ་ཤིང་གཟའ་ཉིད་ཡིན་ཏེ༔ རེངས་ཤིང་འཁུམས་པའི་ནད་གཏོང་བ༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དོ་ནུབ་དུག་འདི་མི་འབྱིན་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ མཛེ་དང་འབྲས་དང་ཕོལ་མིག་དང༔ གཉན་དང་གཡན་པ་ལྷོག་སྐེམ་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་གཟའ་ཀླུ་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ནགས་མ་སྟུག་པོའི་ལྷོ་ཕྱོགས་ནས༔ དམངས་རིགས་ཀླུ་ཡི་ཚོགས་རྣམས་དང༔ ཉི་མ་མིག་དམར་མེ་གཟའ་སྟེ༔ ཚ་ཞིང་སྲེག་པའི་དུག་གཏོང་བ༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དོ་ནུབ་དུག་འདི་མི་འབྱིན་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ མཛེ་དང་འབྲས་དང་ཕོལ་མིག་དང༔ གཉན་དང་གཡན་པ་ལྷོག་སྐེམ་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་གཟའ་ཀླུ་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱ་མཚོ་ཆེན་པོའི་ནུབ་ཕྱོགས་ནས༔ བྲམ་ཟེ་ཀླུ་ཡི་ཚོགས་རྣམས་དང༔ པ་སངས་ལྕགས་གཟའ་ཉིད་ཡིན་ཏེ༔ མཁྲེགས་ཤིང་སྲ་བའི་དུག་གཏོང་བ༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དོ་ནུབ་དུག་འདི་མི་འབྱིན་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ མཛེ་དང་འབྲས་དང་ཕོལ་མིག་དང༔ གཉན་དང་གཡན་པ་ལྷོག་སྐེམ་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་གཟའ་ཀླུ་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ གཤའ་མ་བདེ་བའི་བྱང་ཕྱོགས་ནས༔ གདོལ་པ་ཀླུ་ཡི་ཚོགས་རྣམས་དང༔ ཟླ་བ་ལྷག་པ་ཆུ་གཟའ་སྟེ༔ འཁྲུ་ཞིང་སྐྱུགས་པའི་ནད་གཏོང་བ༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དོ་ནུབ་དུག་འདི་མི་འབྱིན་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ མཛེ་དང་འབྲས་དང་ཕོལ་མིག་དང༔ གཉན་དང་གཡན་པ་ལྷོག་སྐེམ་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་གཟའ་ཀླུ་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ མཚམས་བཞི་གདོལ་པའི་གླིང་བཞི་ན༔ དགའ་བོ་འཇོག་པོ་ཉེར་དགའ་བོ༔ པདྨ་དུང་སྐྱོང་ནོར་རྒྱས་དང༔ མཐའ་ཡས་རིགས་ལྡན་ཝ་རུ་ཎ༔ སྤེན་པ་རཱ་ཧུ་ས་གཟའ་སྟེ༔ ལྕི་ཞིང་འཐིབས་པའི་ནད་གཏོང་བ༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དོ་ནུབ་དུག་འདི་མི་འབྱིན་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ ཕྱག་ན་རྡོ་རྗེའི་བཀའ་བྱུང་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ མཛེ་དང་འབྲས་དང་ཕོལ་མིག་དང༔ གཉན་དང་གཡན་པ་ལྷོག་སྐེམ་དང༔ སྐྲངས་པ་ཤུ་ཐོར་གཉན་གཟེར་དང༔ རྒྱུ་གཟེར་བཤལ་ནད་རེངས་པ་དང༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་རྦུད་རྦུད༔ ས་བདག་གཟའ་ཀླུ་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྟེང་ལྷ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག༔ འོག་ཀླུ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག༔ བར་གཟའ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག༔ དམུ་ཡི་དུག༴ བཙན་གྱི་དུག༴ མ་མོའི་དུག༴ གནོད་སྦྱིན་གྱི་དུག༴ བདུད་ཀྱི་དུག༴ ཡ་བདུད་ཀྱི་དུག༴ མ་བདུད་ཀྱི་དུག༴ རྒྱལ་པོའི་དུག༴ དཀོར་བདག་གི་དུག༴ འགོང་པོའི་དུག༴ ཐེའུ་རང་གི་དུག༴ གཉན་གྱི་དུག༴ སྲིན་པོའི་དུག༴ འབྱུང་པོའི་དུག༴ དམ་སྲིའི་དུག༴ གཤིན་རྗེའི་དུག༴ ཀླུ་རྒྱལ་རིགས་ཀྱི་དུག༴ ཀླུ་རྗེའུ་རིགས་ཀྱི་དུག༴ ཀླུ་བྲམ་ཟེའི་རིགས་ཀྱི་དུག༴ ཀླུ་དམངས་རིགས་ཀྱི་དུག༴ ཀླུ་གདོལ་པའི་རིགས་ཀྱི་དུག༴ ཀླུ་དགའ་བོའི་དུག༴ ཀླུ་མཐའ་ཡས་ཀྱི་དུག༴ ཀླུ་ཉེར་དགའི་དུག༴ ཀླུ་པདྨའི་དུག༴ ཀླུ་དུང་སྐྱོང་གི་དུག༴ ཀླུ་ནོར་རྒྱས་ཀྱི་དུག༴ ཀླུ་རིགས་ལྡན་གྱི་དུག༴ ཀླུ་ཝ་རུ་ཎའི་དུག༴ ས་བདག་ས་སྲིན་གྱི་དུག༴ འབྱུང་བ་ས་ཡི་དུག༴ འབྱུང་བ་ཆུ་ཡི་དུག༴ འབྱུང་བ་མེ་ཡི་དུག༴ འབྱུང་བ་རླུང་གི་དུག༴ འབྱུང་བ་ནམ་མཁའི་དུག༴ དེ་དག་ཐམས་ཅད་ཀྱི་མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག༔ རེག་པའི་དུག་རྣམས༴ ཁ་རླངས་ཀྱི་དུག༴ བསམ་སྦྱོར་ངན་པའི་དུག༴ དོ་ནུབ་དུག་འདི་མི་འབྱིན་ན༔ དོ་ནུབ་བྱད་འདི་མི་འགྲོལ་ན༔ དོ་ནུབ་མི་འདི་མི་གཏོང་ན༔ དོ་ནུབ་ནད་འདི་མི་ཕན་ན༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ མཁའ་ལྡིང་རྒྱལ་པོ་ག་རུ་ཊ༔ རྡོ་རྗེ་འཇིག་བྱེད་ཆེན་པོ་སྟེ༔ དེ་དག་ཐམས་ཅད་ཐུགས་ཁྲོས་ནས༔ ཁྱོད་རྣམས་སྲོག་སྙིང་གཅོད་པར་བྱེད༔ དེ་བས་བཀའ་ལས་མ་འདའ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ གཟའ་ཉི་མའི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ གཟའ་ཟླ་བའི་གདུག་རྩུབ༴ གཟའ་མིག་དམར་གྱི་གདུག་རྩུབ༴ གཟའ་ལྷག་པའི་གདུག་རྩུབ༴ གཟའ་ཕུར་བུའི་གདུག་རྩུབ༴ གཟའ་པ་སངས་ཀྱི་གདུག་རྩུབ༴ གཟའ་སྤེན་པའི་གདུག་རྩུབ༴ གཟའ་རཱ་ཧུ་ལའི་གདུག་རྩུབ༴ གདོང་མོ་མཆེད་བཞིའི་གདུག་རྩུབ༴ སྐར་ཆེན་ཕོད་དཀར་གྱི་གདུག་རྩུབ༴ དུ་བ་མཇུག་རིང་གི་གདུག་རྩུབ༴ སྒྲ་གཅན་འཛིན་གྱི་གདུག་རྩུབ༴ མེ་རུ་ཙེའི་གདུག་རྩུབ༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཅེས་པའི་བར་གྱིས་བྱབས་ནས་དྲི་ལམ་བསྒྲུབ་བྱའི་རྐང་པ་ནས་བཀྲོལ་ཏེ་གླུད་ལ་དཀྲི། འོ། ངེད་ཀྱིས་རྨ་བྱའི་མདོངས་ཁྱེད་རང་གི་ལུས་ལ་བྱབས་ནས་སྟེང་གི་ནམ་མཁའ་བླ་གབ་མེད་པ་ལ་འཕྱར་བ་ཙམ་གྱིས། སྟེང་གདོན་གཟའི་དུག་ཐམས་ཅད་སྤྲིན་དང་ཁུ་རླངས་ཀྱི་རྣམ་པར་ཁྱེད་རང་གི་ལུས་ལས་ཐོན་ཏེ་ནམ་མཁའ་ལ་འཇའ་ལྟར་ཡལ་བའི་མོས་པ་མཛོད། ཅེས་བརྗོད། གཟའི་དུག་དབྱུང་གཙོ་བོར་བྱེད་ན། མདུན་གྱི་གཟའི་སྦྲུལ་མཇུག་གིས་ཁྱེད་རང་ལ་བྱབས་པ་ཙམ་གྱིས་ཁོ་རང་གིས་བཏང་བའི་བྱད་གྲིབ་དང་གདོན་དུག་ཐམས་ཅད་བླངས་ཏེ་ལུས་ཀྱི་དབྱིབས་བརྒྱུད་བྱ་རོག་གི་མགོ་བོའི་སྤྱི་གཙུག་ནས་དུད་ཁུང་ལས་དུ་བ་འཐོན་པ་ལྟར་ཤར་ཤར་འཐོན་ནས་ནམ་མཁའ་ལ་ཡལ་བའི་མོས་པ་མཛོད། ཅེས་འབོགས་ལ། རྨ་བྱའི་མདོངས་ཀྱིས་བསྒྲུབ་བྱ་ལ་བྱབས་ནས་བླ་གབ་མེད་པའི་ནམ་མཁའ་ལ་འཕྱར་བ་དང་བཅས་ཏེ། གཟའ་ཉི་མ་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱ༔ གཟའ་ཟླ་བ་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱ༔ གཟའ་མིག་དམར་ནམ་མཁའ་ལ༴ གཟའ་ལྷག་པ༴ གཟའ་ཕུར་བུ༴ གཟའ་པ་སངས༴ གཟའ་སྤེན་པ༴ གཟའ་རཱ་ཧུ་ལ༴ གདོང་མོ་མཆེད་བཞི༴ སྐར་ཆེན་ཕོད་དཀར༴ དུ་བ་མཇུག་རིང༴ སྒྲ་གཅན་འཛིན༴ མེ་རུ་ཙེ༴ རྒྱུ་སྐར་ཉེར་བརྒྱད༴ འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱ༔ དུག་ཐམས་ཅད་དབྱིངས་སུ་སྡུས་ཤིག༔ ཅེས་བྱབས་ལ། འོ། དེས་བྱབ་པའི་རིམ་པ་རྣམས་སོང་། བཞི་པ་གནད་ལ་དབབ་པ་ལ། སློབ་དཔོན་ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པ་འཇིགས་གཟུགས་ཀྱི་རྣམ་པར་བཞེངས་པས། མདུན་གྱི་གཟའ་ཀླུ་མཐུ་བོ་ཆེ་སྲིད་གསུམ་འབྱུང་པོའི་ཚོགས་དང་བཅས་པ་རྣམས་ལ་བཀའ་བསྒོས་པ་ཙམ་གྱིས། འཇིགས་ཤིང་ཞུམས་པས་ཇི་ལྟར་བསྒོས་པ་བཞིན་དང་དུ་བླངས་ཏེ་བཅོལ་བའི་ནོར་བདག་པོས་སླར་ལེན་པ་བཞིན་དུ། དུག་དང་ནད་ཐམས་ཅད་བླངས་ཏེ་ཕྱིན་ཆད་མི་གནོད་པར་དམ་བཅས་པའི་མོས་པ་མཛོད། རྡོ་རྗེ་གསོར་ཞིང་གདེངས། གཡོན་དྲིལ་བུ་གསིལ་ཞིང་མིག་བལྟ་སྟངས་དྲག་པོ་དང་བཅས་ཏེ། ཧཱུྃ༔ སྟེང་གདོན་གཟའ་དང་འོག་གདོན་ཀླུ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཕྱག་ན་རྡོ་རྗེའི་བཀའ་ལས་འདའ་མ་བྱེད༔ གལ་ཏེ་བཀའ་ལས་འདས་སྲིད་ན༔ རྡོ་རྗེ་གསོར་བའི་རྭ་ལ་བསྐྱོན༔ ཕུར་བུ་བསྒྲིལ་བའི་དབལ་ལ་བསྐྱོན༔ གྲི་གུག་རྣོན་པོའི་རྩེ་ལ་བསྐྱོན༔ རལ་གྲི་ངར་མའི་སོ་ལ་བསྐྱོན༔ འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན༔ མེ་འོབས་ཆེན་པོའི་ནང་དུ་སྲེག༔ དུག་ཆུ་ཁོལ་མའི་ནང་དུ་བསྐྱུར༔ ཁྲོ་ཆུ་ཁོལ་མའི་ནང་དུ་འཚོད༔ རི་རབ་ཆེན་པོའི་རྨང་འོག་མནན༔ ཆུ་སྲིན་གདུག་པའི་མགྲིན་པར་གཞུག༔ མགོ་ཡང་ཚལ་པ་བརྒྱར་འགས་ཤིང༔ ལུས་ནི་དུམ་བུ་སྟོང་དུ་འགྲོ༔ སྙིང་ཡང་ཚལ་པ་གཉིས་སུ་འགས༔ ལུས་སེམས་ཐལ་བའི་རྡུལ་དུ་རློག༔ དེ་བས་བཀའ་ལས་མ་འདའ་བར༔ རྒྱུ་འབྲས་ཆོས་བཤད་འདི་ལ་ཉོན༔ ས་བོན་མངར་བ་བཏབ་གྱུར་ན༔ འབྲས་བུ་མངར་བ་དག་ཏུ་འབྱུང༔ ས་བོན་ཁ་བ་བཏབ་གྱུར་ན༔ འབྲས་བུ་ཁ་བ་ཉིད་དུ་སྨིན༔ ལེགས་པའི་འབྲས་བུ་བདེ་བ་ཆེ༔ ཉེས་པའི་འབྲས་བུ་སྡུག་བསྔལ་མྱོང༔ སེམས་ཅན་ཀུན་ལ་གནོད་འཚེ་ན༔ དེ་ཡི་རྣམ་པར་སྨིན་པ་ཡིས༔ འཁོར་བ་ངན་སོང་གསུམ་དུ་ལྟུང༔ སེམས་ཅན་ཀུན་ལ་ཕན་པ་ན༔ དེ་ཡི་དགེ་བའི་རྩ་བ་ཡིས༔ མཐོ་རིས་ཐར་པ་ཐོབ་པར་འགྱུར༔ རང་གི་ལུས་ལ་དཔེ་ལོངས་ནས༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ཞི་བ་བྱང་ཆུབ་སེམས་བསྒོམ་ཞིང༔ བཟུང་པ་ཐོངས་ལ་བཅིངས་པ་ཕྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ ཆག་ཆེ་ཉམ་ང་ཞི་བར་མཛོད༔ ཇི་ལྟར་བྱས་ཀྱང་མི་གཏོང་ན༔ ཁྱེད་རྣམས་ཤི་ས་བསྟན་པ་ནི༔ དཔྱིད་ཟླ་གསུམ་ལ་ས་ཡང་འཆི༔ འབྱུང་བ་ས་ལ་འཆི་བའི་དཔེ་མེད་དེ༔ ཁྱོད་ཀྱི་ཤ་དང་ས་ཡི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ལ༔ ཁྱེད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ དབྱར་ཟླ་གསུམ་ལ་ནམ་མཁའ་འཆི༔ འབྱུང་བ་ནམ་མཁའ་འཆི་བའི་དཔེ་མེད་དེ༔ ཁྱེད་རྣམས་སེམས་དང་ནམ་མཁའི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱེད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟོན་ཟླ་གསུམ་ལ་ཤིང་ཡང་འཆི༔ འབྱུང་བ་ཤིང་ལ་འཆི་བའི་དཔེ་མེད་དེ༔ ཁྱེད་རྣམས་རྩ་རྒྱུས་ཤིང་གི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱེད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ དགུན་ཟླ་གསུམ་ལ་ཆུ་ཡང་འཆི༔ འབྱུང་བ་ཆུ་ལ་འཆི་བའི་དཔེ་མེད་དེ༔ ཁྱེད་རྣམས་ཁྲག་དང་ཆུ་ཡི་ཁམས༔ དབྱེར་མེད་གཅིག་གི་རང་བཞིན་ཏེ༔ ཁྱེད་རྣམས་འཆི་བའི་ཉེན་དུ་ཆེ༔ འཆི་བའི་ཉེན་དང་མ་བསྡོ་བར༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ ཅེས་བརྗོད། ཕྱིར་ཕྱུངས་ཤིག་བྱུང་རེས་ཀྱི་རས་དཀར་དྲི་མེད་ཀྱིས་བསྒྲུབ་བྱའི་ལུས་འཕྱི་བའི་སྲོལ་ཡང་ཡོད། མ་བྱས་ཀྱང་ཆད་པར་མི་འགྱུར་རོ། །འོ། དེས་གནད་ལ་དབབ་པ་སོང་། ད་ལྔ་པ་འབྱུང་བའི་དུག་བྱེ་བྲག་ཏུ་དབྱུང་བ་ལ། འབྱུང་བ་ཤིང་གི་དུག་རྩ་རྒྱུས་ལ་ཞུགས་པས་རེངས་ཤིང་འཁུམས་པའི་ནད་ཐམས་ཅད་ཁ་དོག་ལྗང་ལ་མོག་པའི་རྣམ་པ་ཅན་དུ་ཐོན་ཏེ་མདུན་གྱི་ཤིང་སྣའི་ཕོན་པོ་འདི་ཉིད་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་ཤིང་སྣའི་ཆུན་པོས་ལུས་ལ་ཤེད་ཐོན་པར་བྲབ་ཅིང་། ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ༔ ཞེས་མང་དུ་བརྗོད། འབྱུང་བ་ས་ཡི་དུག་ཤ་དང་རུས་པར་ཞུགས་པས་ལྕི་ཞིང་འཐིབས་པའི་ནད་ཐམས་ཅད་ཁ་དོག་སེར་ལ་མོག་པའི་རྣམ་པ་ཅན་དུ་འཐོན་ཏེ་མདུན་གྱི་ས་རྡོག་འདི་ཉིད་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་ས་རྡོག་གིས་བྱབ་ཅིང་། ཨོཾ་མ་མ་སུ་སུ་ཏང་ཏང་ཡེ་སྭཱ་ཧཱ༔ ཞེས་དང་། འབྱུང་བ་ཆུ་ཡི་དུག་ཁྲག་དང་ཆུ་སེར་ལ་ཞུགས་པས་འཁྲུ་སྐྱུགས་ལ་སོགས་གྲང་བའི་ནད་ཐམས་ཅད་ཁ་དོག་དཀར་ལ་མོག་པའི་རྣམ་པ་ཅན་དུ་ཐོན་ནས་མདུན་གྱི་ཆུ་འདི་ཉིད་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། ཅེས་ཆུས་བྱབ་ཅིང་། ཨོཾ་བཛྲ་ཁཾ་ཁཾ་ཡེ་སྭཱ་ཧཱ༔ ཞེས་བརྗོད། འབྱུང་བ་མེའི་དུག་དྲོད་ལ་ཞུགས་པས་ཚ་ཞིང་བསྲེག་པ་ལ་སོགས་པ་ཚ་བའི་ནད་ཐམས་ཅད་ཁ་དོག་དམར་ལ་མོག་པའི་རྣམ་པ་ཅན་དུ་ཐོན་ནས་དཔལ་འབར་གྱི་མེ་འདི་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། དཔལ་འབར་གྱི་མེས་བྱབ་ཅིང་། ཨོཾ་བཛྲ་རཾ་རཾ་ཡེ་སྭཱ་ཧཱ༔ ཞེས་བརྗོད། འབྱུང་བ་རླུང་གི་དུག་དབུགས་ལ་ཞུགས་པས་སྨྱོ་འབོག་དང་རླུང་ནད་ཐམས་ཅད་ཁ་དོག་ལྗང་ལ་སྔོ་མོག་གི་རྣམ་པར་འཐོན་ནས་རླུང་གཡབ་ལས་བྱུང་བའི་རླུང་འདི་ཉིད་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཡཾ་ཡཾ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་རླུང་གཡབ་ཀྱིས་གཡབ། འབྱུང་བ་ནམ་མཁའི་དུག་སེམས་ལ་ཞུགས་པས་རང་སྣང་འཁྲུལ་པའི་རྣམ་རྟོག་གི་དུག་ཐམས་ཅད་ཁ་དོག་མཐིང་ལ་མོག་པའི་རྣམ་པ་ཅན་དུ་ཐོན་ནས་མེ་ལོང་དང་བར་གྱི་ནམ་མཁའ་འདི་ཉིད་ལ་སིབ་ཀྱིས་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཁ་ཞུང་ཁ་ཞུང་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་མེ་ལོང་གིས་བྱབ། འོ། དེས་འབྱུང་བའི་དུག་དབྱུང་བའི་རིམ་པ་རྣམས་སོང་ནས། དྲུག་པ་ཡས་བསྐྱལ་བའི་སྐབས་སུ་བབས་པས། མདུན་གྱི་གཏོར་མ་འདི་ཉིད་ཁྱེད་རང་ལ་གནོད་བྱེད་རྣམས་ལ་བསྔོ་རྒྱུ་ཡིན་པས་ངེད་ཀྱི་ཚིག་རིས་དང་མཐུན་པའི་དམིགས་པ་མཛོད། ཅེས་བརྗོད་གཏོར་མ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་ཡོན་ལོངས་སྤྱོད་ཟད་མི་ཤེས་པ་ནམ་མཁའི་མཛོད་དུ་གྱུར། ཨོཾ་ཨཱཿཧཱུྃཿ ལན་གསུམ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི་ཉིད། གཟའ་ལ་་་ཁྱབ་འཇུག་རཱ་ཧུ་ལ་གཟའ་བརྒྱད་གདོང་མོ་བཞི་རྒྱུ་སྐར་ཉེར་བརྒྱད། ཀླུ་ལ་་་ཀླུ་བརྒྱད་གཉན་དགུ་སོགས་སོ་སོའི་གཟུགས་དང་། སྡོང་ཟླ་སྡེ་བརྒྱད་འབྱུང་པོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་འབུལ་ཚིག་གང་མང་གིས་གཏོར་མ་ཕུལ། ཆངས་བུ་རིལ་བུ་རྣམས་རེ་རེ་བཞིན་དུ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོས་ཏེ་གདོན་གཟུགས་ཀྱི་སྣོད་ཀྱི་ཡས་ནང་དུ་དོར་ལ། གླུད་གཏོར་དུག་དབྱུང་བའི་ཤིང་སྣ་སོགས་ཁྱོན་གཅིག་ཏུ་སྣོད་ཆེ་བ་གཅིག་ཏུ་བསྡུས་ཏེ། མདོས་ལམ་འཐེན། རྡོ་རྗེ་གསོར་བ་དང་བཅས། ཧཱུྃ༔ དང་པོ་སྟོན་པ་སངས་རྒྱས་བཀའ༔ བར་དུ་རིག་འཛིན་རྒྱལ་བའི་བཀའ༔ ད་ལྟ་སྔགས་འཆང་བདག་གི་བཀའ༔ བནྡེས་རྦད་པའི་བཀའ་མ་བཅག༔ བོན་པོས་རྦད་པའི་ངག་མ་གཅོག༔ རྒྱུ་སྦྱོར་དྲིན་ལན་ཆུད་མ་གསན༔ འཁོར་འདིར་གནོད་པ་མ་མཛད་པར༔ གླུད་གཏོར་དམ་པ་འདི་བཞེས་ལ༔ རང་རང་སོ་སོའི་གནས་སུ་གཤེགས༔ བདེན་བརྗོད་སྔོན་དུ་འགྲོ་བས། བསྒྲུབ་བྱ་འདི་ཞེས་བྱ་བ་ལ་གནོད་པར་བྱེད་པའི་གདོན་བགེགས་ལན་ཆགས་འབྱུང་པོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། མཆོད་སྦྱིན་གྱི་འདོད་ཡོན་དྲི་གླུད་དཀོར་ཆ་ཁྲུས་ཁུ་དང་བཅས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་བ་འདིས་ཚིམ་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་འཛིན་པ་རབ་ཏུ་ཁྲོས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ༔གི་དྲག་སྔགས་རོལ་མོའི་ཚམས་རྔམ་ཡུངས་ཐུན་གུ་གུལ་གྱི་དུད་པ་སོགས་ཀྱིས་ཡས་རྣམས་གནོད་ཕྱོགས་སམ་ཕྱོགས་ངན་གྱི་སར་བསྐྱལ། སྒྲུབ་པའི་རྩ་སྔགས་ལ་སྲུང་ཤམ་བཏགས་པ་བཟླ་ཞིང་སྲུང་འཁོར་བསྒོམ། འོ། དེས་ཡས་བསྐྱལ་བའི་རིམ་པ་རྣམས་སོང་ནས། ད་བདུན་པ་བསྲུང་ཞིང་བཀའ་བསྒོ་བ་ལ། ཁྱེད་རང་ངེད་ཀྱི་ཚིག་རིས་དང་མཐུན་པར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐུར་འདི་ལྟར་གསལ་ཐོབ་མཛོད། ཅེས་བརྗོད། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་གནས་འདི་ཉིད་ལྕང་ལོ་ཅན་གྱི་ཞིང་དང་གཞལ་ཡས་ཁང༔ ཨེ་དབྱིངས་རྩུབ་འགྱུར་གྱི་ཚལ་དུ་གསལ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས༔ བདག་ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འོད་སྣ་ལྔ་རྣམ་པ་ཁྱུང་འདྲ་བ་ལྷབ་ལྷུབ་ཏུ་འཕྲོས༔ སློབ་བུའི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་དག་སྟེ་དང་པོའི་ཡིན་ལུགས་ངང་དུ་སྦྱངས་པའི་རིག་པ་འོད་ཀྱི་གོང་བུ་དེ་ཧཱུྃ་ཡིག་མཐིང་ཀ་འོད་ཟེར་འབར་བ་ཞིག་ཏུ་གྱུར༔ ཧཱུྃ་དེ་ལས་འོད་འཕྲོས་དོན་གཉིས་བྱས༔ སྐད་ཅིག་ལས་པད་ཉི་སྡེ་བརྒྱད་བརྫིས་པའི་སྟེང་དུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ༔ གཏུམ་དྲག་ཁྲོ་བོའི་རྒྱལ་པོ་ལག་ན་རྡོ་རྗེ་མཐིང་ནག་མེའི་ཚྭ་ཚྭ་འཕྲོ་བ་སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས་པ༔ རྔམས་པའི་ཞལ་གདངས་ཤིང་མཆེ་བ་བཞི་བཙིགས་པ༔ སྐུ་ལས་འོད་འཕྲོས་པས་བར་གཅོད་གདོན་བགེགས་ཐམས་ཅད་འཇོམས་པ༔ ཕྱག་གཡས་ཀྱི་ཁྱུང་ཆེན་གྱིས་སྟེང་གདོན་ཟ་ཞིང་རྡོ་རྗེས་བར་གདོན་འཐག་པ༔ གཡོན་པ་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་འཛིན་པས་འོག་གདོན་འདུལ་ཞིང་བྱད་ཕུར་འཇོམས་པ༔ དཔལ་གྱི་ཆས་བཅུས་བརྒྱན་ཞིང༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ནས་འགྱིང་སྟབས་སུ་བཞུགས་པའི་གནས་བཅུ་ཁྲོ་བོ་ཆེན་པོ་བཅུ་དང་བཅས་པ་གསལ་བ་དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཧཱུྃ་ལས་འོད་ཟེར་འཕྲོས་པས༔ ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་བཅས་བསམ་གྱིས་མི་ཁྱབ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ ཞེས་དབབ། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་པས་དམ་ཡེ་གཉིས་མེད་དུ་བསྟིམ། འོ། སློབ་དཔོན་གསང་བའི་བདག་པོར་གསལ་བའི་ཕྱག་གཡས་ན་ཐོགས་པའི་རྡོ་རྗེས་ཁྱེད་རང་གི་གནས་གསུམ་དུ་རྒྱ་གྲམ་དུ་རྒྱས་བཏབ་པ་ཙམ་གྱིས། ལུས་ཀྱི་ཤ་སྐྱི་ལྤགས་མཚམས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་བར་མེད་དུ་བཅིངས་པས་ཅིས་ཀྱང་མི་ཆོད་མི་ཤིགས་པ་ཉིད་དུ་གྱུར་པའི་མོས་པ་མཛོད། རྩ་སྔགས་མཐར། ཀཱ་ཡ་བཛྲ་རཀྵ་རཀྵ་ཝཱ་ཀ་བཛྲ་རཀྵ་རཀྵ་ཙིཏྟ་བཛྲ་རཀྵ་རཀྵ༔ ཞེས་གནས་གསུམ་དུ་རྡོ་རྗེ་རྒྱ་གྲམ་དུ་འཇོག །སླར་ཡང་རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང༔ གསང་བདག་ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས༔ འགྲོ་བ་འདི་དག་བདག་གིས་བསྲུང་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཅེས་བསྒོ། སྤྲོ་ན་སྲུང་བ་གདགས། ནད་པ་ཡིན་ན་ལུས་བསྒྱུར་མིང་སྤོ། སྡོད་ས་སྤོ་བ་སོགས་བསླབ་བྱར་གདམས། མེ་ཏོག་འཐོར་ཞིང་ཤིས་པ་རྒྱ་ཆེར་བརྗོད། དེས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྒོ་ནས་དུག་དབྱུང་གི་རིམ་པ་ལེགས་པར་གྲུབ་པ་ཡིན་པས། འདི་ལྟ་བུའི་དགེ་བ་ཡང་ཐམས་ཅད་མཁྱེན་པའི་རྒྱུར་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་ཀྱིས་དགེ་བ་བསྔོ། བསྒྲུབ་བྱ་རང་གནས་སུ་གཏོང་། ཕྱག་རྡོར་དྲག་སྔགས་ཀུན་འདུས་ཀྱི་སྒོ་ནས་གཟའ་ཀླུ་སྡེ་བརྒྱད་ཀྱི་གདོན་འགྲོལ་གཏེར་ཁ་གསར་རྙིང་སྤྱིའི་དགོངས་དོན་ལྟར་ལྷན་ཐབས་ནག་འགྲོས་སུ་སྦྱར་བའོ། །ཤུ་བྷཾ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་ལུང་རྒྱུན་སོགས་ལ་ཞིབ་ཅ་བྱ་དགོས་ཡོད་དོ་ཞེས་སི་ཏུ་བ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།། །། སླར་ཡང་གདོན་འགྲོལ་སྦྱོར་ཡུལ་གཏེར་ཁ་རང་གཞུང་དང་བསྟུན་ནས་ཞུ་བཅོས་ནན་ཏན་ཞེ་ཆེན་དགོན་གྱི་འཕྲུལ་པར་འདི་བསྐྲུན་སྐབས་བགྱིས་པའོ།། །།
བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་དཔལ་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ (Volume 26, Text 39)
༄༅། །བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ནས་བརྒྱུད་པའི་དཔལ་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་བཞུགས་སོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་རྟ་མགྲིན་ནག་པོ་བསྒྲུབ་པར་འདོད་པས། དང་པོ་སྟན་བདེ་བར་འདུག་ནས་སྐྱབས་འགྲོ་ལན་གསུམ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དཔལ་རྟ་མགྲིན་བསྒོམ་སྙམ་དུ་སེམས་བསྐྱེད། རང་ཉིད་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དཔལ་རྟ་མགྲིན་གྱི་དབུའི་ཆ་ལ་སངས་རྒྱས་འོད་དཔག་མེད་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ན་མོ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་རེ་བྷྱཿ ཞེས་བརྗོད། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཡན་ལག་བདུན་པ་ལན་གསུམ་བྱ། ཚད་མེད་བཞི་བསྒོམ། དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་ནག །དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག །དེ་རྣམས་རྟ་མགྲིན་གྱི་སྐུར་གྱུར། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་བསྐལ་པའི་མེ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་པ་ན་ནད་གདོན་སྲེག་པར་བྱེད་པའི་མེའི་ཕུང་པོ་རབ་ཏུ་འབར་བ་བསྣམས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་གྱི་མཆེ་བ་དཀར་ལ་དམར་བའི་མདངས་ཆགས་པ་གཡས་སུ་གཙིགས་ཤིང་། གཡོན་དུ་རྔམ་པ། སྨ་ར་དང་དབུ་སྐྲ་གྱེན་དུ་འབར་ཞིང་འོད་ཟེར་སྣ་ཚོགས་འཕྲོ་བ། སྤྱི་བོ་ནས་རྟ་མགོ་ལྗང་ཞུར་འཐོན་པའི་རྟ་སྐད་ཀྱིས་ཁམས་གསུམ་དབང་དུ་སྡུད་པ། ཀླུ་རྒྱལ་རིགས་དཀར་པོས་དབུ་བརྒྱན་ཅིང་། བྲམ་ཟེའི་རིགས་སེར་པོས་མགུལ་རྒྱན། རྗེའུ་རིགས་སེར་པོས་ཕྱག་གདུབ། གདོལ་རིགས་ནག་པོས་ག་ཤ །དམངས་རིགས་སེར་ཁྲས་ཞབས་གདུབ་བྱས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་སོགས་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་། ཁྲོ་གཉེར་ཤིན་ཏུ་བསྡུས་ཤིང་རབ་ཏུ་འཇིགས་པར་བྱེད་པ། ལྟོ་བ་འཕྱང་ཞིང་སྐུ་ལུས་སྦོམ་ལ་ཐུང་བ། རུ་དྲ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟོད་དུ་ཧྲཱིཿདམར་ནག་ཚེག་དྲག་དང་བཅས་པ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ལ། མཆོད་བསྟོད་བྱ། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་མཆོད་པས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་པས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། ཨརྒྷཾ་ལ་སོགས་པས་མཆོད། ཧཱུྃ། གདུག་པ་འདུལ་མཛད་ཡེ་ཤེས་ལྔ་ཡི་སྐུ། སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ། ཁམས་གསུམ་དབང་དུ་སྡུད་པའི་རྟ་སྐད་འཚེར། །ཡེ་ཤེས་རོལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧྲཱིཿདམར་པོའི་ཐ་མར་རྩ་སྔགས་ཀྱིས་གཡོན་སྐོར་དུ་བསྐོར་ཏེ་གནས་པ་ལས། རྩ་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་ཞལ་ནས་ཐོན། ཕྲིན་ལས་བསྒྲུབས། ཚུར་འདུས་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ་ཞིང་སྔགས་བཟླས་པར་བྱའོ། །ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་སརྦ་ཙིཏྟ་ཀཱ་ལ་མེ་དཔུང་གཏུབས། ཧ་ཧ་རྦད་རྦུད་གཏུབས། ཤག་ཧ་ནན་རྦད་རྦུད་གཏུབས། གྲྀཧྞ་རཱ་ཛ་ཡ་རྦད། མཱ་ར་ཡ་རྦད། ཅེས་པ་ཅི་ནུས་བཟླས་སོ། །དེ་ནས་མཆོད་བསྟོད་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །བསྙེན་ཚད་ནི་འབུམ་ཕྲག་གཅིག་གམ་བཞིའམ་བརྒྱད་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་ན་གཏོར་མ་ཤ་ཁྲག་ལ་སོགས་པས་བརྒྱན་པར་བྱས་ལ། ཨ་མྲྀཏས་བགེགས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཐོད་པའི་ནང་དུ་དམ་རྫས་ཕུན་སུམ་ཚོགས་པས་གང་བར་བསམ་ལ་ཡི་གེ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མཎྜལ་གྱི་སྟེང་ངམ། མདུན་གྱི་ནམ་མཁར་མགྲོན་སྤྱན་དྲང་བ་ནི། ཧཱུྃ། གཉིས་མེད་རང་བྱུང་དག་པའི་དཀྱིལ་འཁོར་ནས། །བརྗོད་མེད་ཆོས་ཉིད་དོན་ལས་མ་གཡོས་ཀྱང་། །དགྲ་བགེགས་གདུག་པ་འདུལ་བའི་དོན་སླད་དུ། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ འཇིག་རྟེན་རྣལ་འབྱོར་དག་པའི་དཀྱིལ་འཁོར་འདིར། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་གི། རུ་དྲ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །རྔམ་བརྗིད་ངར་དང་བཅས་ཏེ་བཞུགས་སུ་གསོལ། །ས་མ་ཡ་སཏྭཾ། གདུག་པ་འདུལ་མཛད་ཡེ་ཤེས་ལྔ་ཡི་སྐུ །སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ། ཁམས་གསུམ་དབང་དུ་སྡུད་པའི་རྟ་སྐད་འཚེར། །ཡེ་ཤེས་རོལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་བརྗོད་དེ་བྱོན་པར་བསམ། དེ་ནས་ཞབས་བསིལ། མཆོད་ཡོན་ཕུལ་ནས། ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམ་ཞིང་། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། ཞེས་ལན་གསུམ་གྱིས་དབུལ། མཆོད་པ་ལྔས་མཆོད་ལ། དེ་ནས་བསྟོད་པ་ནི། ཧཱུྃ། སྐྱེ་འགག་གཉིས་སུ་མེད་པའི་ངོ་བོ་ཉིད། །ཆོས་ཉིད་མི་འགྱུར་རྟ་མཆོག་རོལ་པའི་སྐུ །གསུང་ཆེན་རྟ་སྐད་འཚེར་བས་གདུག་པ་འདུལ། །དབྱེར་མེད་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་འགྱུར་མེད་རྟོགས་པས་སྐུ་མདོག་ནག །ཤེས་རབ་རལ་གྲི་འཕྱར་བས་འཁོར་བ་གཅོད། །གཡོན་ན་མེ་དཔུང་བསྣམས་པས་བདུད་རྣམས་སྲེག །འཇིགས་བྱེད་དྲག་པོ་ཁྱོད༴ ཁམས་གསུམ་དབང་དུ་སྡུད་པའི་རྟ་སྐད་འཚེར། །སྲིད་གསུམ་སྲེག་མཛད་སྤྱན་གསུམ་མེ་དཔུང་འཕྲོ། །སྨིན་མ་གློག་སྟོང་མ་རིག་མུན་པ་འཇོམས། །གཤིན་རྗེ་ཁྲོས་པའི་སྐུ་ལ༴ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །རྣམ་ཐར་བརྒྱད་ལྡན་དཔལ་གྱི་ཆས་བརྒྱད་གསོལ། །ཞབས་གཉིས་དོར་སྟབས་བགྲད་པས་བདུད་རྣམས་འཇོམས། །དབང་ཆེན་ཁྲོས་པའི་སྐུ་ལ༴ མི་འགྱུར་རྡོ་རྗེའི་སྐུ་ལ༴ འགག་མེད་པདྨའི་གསུང་ལ༴ དབྱེར་མེད་བརྩེ་བའི་ཐུགས་ལ༴ དམ་རྫས་འབར་བའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །ཅེས་བསྟོད་འདོད་དོན་གསོལ་བ་གདབ། །དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ་སྟེ་གཏོར་མའི་རིམ་པའོ། ༈ །བཅོམ་ལྡན་འདས་དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །འདིའི་ལས་ཚོགས་ལ་ལྔ་སྟེ། དང་པོ་ནད་པ་གསོ་བ་ནི། རང་རྟ་མགྲིན་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བ་དང་བཅས་པར་བསྒོམ། ས་བདག་ཀླུ་གཉན་རྣམས་བསྐལ་པའི་མེ་ལ་སྦྲང་བུ་མི་གནས་པ་བཞིན་དུ་ཐུལ་ཐུལ་བསྲེགས་པར་བསམ་ལ་རྩ་སྔགས་ཀྱི་གཤམ་དུ། སརྦ་ནཱ་ག་ཙིཏྟ་བྲེང་ཤག་མཱ་ར་ཡ་ཐུམ་རྦད། ཅེས་པ་བཏགས་ལ་བརྒྱ་བཟླས་སོ། །གཉིས་པ་སྟེང་གདོན་གཟིར་བ་ནི། རང་རྟ་མགྲིན་དུ་བསྒོམས་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་གདོན་གྱི་སྙིང་དཀར་ནག་གི་མཚམས་ནས་བཟུང་ལ་སྔགས་འདིས་གཟིར་ཏེ། ཨེ་ཧུར་ཐུཾ་ཛ།་་་འཕྲོག་བྱེད་འབྲུ་བཞི། ཏྲིག་ནན་མཱརཡ་རྦད།་་་གཟིར་བྱེད་འབྲུ་བཞི། གནོད་བྱེད་སརྦ་་་མ་མོ་ཐམས་ཅད་འདུས་པའི་སྙིང་པོ།་་་་ཙིཏྟ་གཏུབས།་་་གསོད་བྱེད་འབྲུ་བཞི། སྲོག་གཟེར་རྦུད་ནན། ཏྲི་ཕུ་ཧྲི་ཤག་རྦད་རྦད།་་་དཔེ་དག་པ་གཅིག་ལ་ཧྲཱིཿཕྱུང་ཧྲཱི་ཤག་མཱ་ར་ཡ་རྦད། ཅེས་སྣང་མཆན། ཅེས་པ་རྩ་སྔགས་ལ་བཏགས་ཏེ་བཟླས་སོ། །གསུམ་པ་ལུས་བསྲུང་བ་ནི། སརྦ་ནཱ་ག་ཧ་ལ་ཧ་ལ། ཙི་མ་ཏྲི་ཕྱུང་ཏྲི་ཤག་མཱ་ར་ཡ་རྦད།་་་དཔེ་གཅིག་ལ་ས་ཧ་ག་ཧ་ལ་ཧ་ལ་ཙ་མ་རི་ཕྱུང་། ཧྲཱིཿཤག་མཱ་ར་ཡ་རྦད། ཅེས་སྣང་ངོ་། །ཅེས་པ་རང་གི་དྲི་ཆུ་ལ་མང་དུ་བཟླས་ཏེ། ཡེ་ཤེས་བདུད་རྩིའི་ནུས་པ་དང་ལྡན་པར་བསམ་སྟེ་འཐུངས་པས་རྩ་དང་རྩ་ཕྲན་ཐམས་ཅད་དུ་སོང་བས་ནད་གདོན་ཐམས་ཅད་ཉི་མས་མུན་པ་སེལ་བ་བཞིན་སྔོན་དམར་དུ་བྱས་ནས་འཐོན་པར་བསམ། དེ་ནས་བ་སྤུའི་བུ་ག་ཐམས་ཅད་ཧཱུྃ་གིས་གཏམ་པར་བསམ་མོ། །བཞི་པ་སེར་བ་བསྲུང་བ་ནི། སེར་བའི་སྙིང་པོ་ཛྭ་ལ་རཾ་རྦད་ཟློག་བྷྱོཿ ཞེས་པ་རྩ་སྔགས་ཀྱི་ཤམ་བུར་བཏགས་ལ། ཡུངས་དཀར་རྒྱལ་པོ་དང་། ཐལ་ཆེན་ལ་མང་དུ་བཟླས་ལ་གཡས་པའི་རལ་གྲི་མེ་འབར་བས་སྤྲིན་གཤགས་པར་བསམ། གཡོན་གྱི་མེས་བསྲེགས་པར་བསམ། དེ་ནས་ཐུན་འཕང་བས་བཅད་པར་བསམ་མོ། །ལྔ་པ་ཕྱིར་བཟློག་པ་ནི། དམར་གཏོར་གཅིག་བཤམས་ནས་དེ་དགྲ་བོའི་ཤ་ཁྲག་ཏུ་བསམ་ལ་རྟ་མགྲིན་གྱི་ཞལ་དུ་བསྟབ་བོ། །དེ་ནས། རྦད་ཏ་ཡ་རྦད་ཏ་ཡ་ལོ་ཀ་རྦད་ཏ་ཡ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ། ཟློག་ཟློག །ཅེས་པ་རྩ་སྔགས་ལ་བཏགས་པ་བརྒྱ་རྩ་བརྒྱད་བཟླས་ཏེ། ཐེབས་ལྡོག་བརྩིས་ལ་ཟོར་དུ་འཕང་ངོ་། །བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱིས་མཛད་པའི་རྟ་མགྲིན་ནག་པོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་སོ། ༈ །འདིའི་རྗེས་གནང་བྱེད་པར་འདོད་ན། གནས་དབེན་པར་མཎྜལ་ཁྲུ་གང་པ་ལ། བ་བྱུང་ལྔས་བྱུགས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད། དེའི་དབུས་སུ་རྟ་མགྲིན་གྱི་སྐུ་དང་སྒྲུབ་པའི་ཆོས་དང་སེང་ལྡེང་གི་ཕུར་པ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞུགས་སུ་གསོལ། དེའི་མཐར་མཆོད་པ་ལྔ་དང་གཏོར་མ་གཅིག་བཤམ་མོ། །དེ་ནས་སློབ་དཔོན་ཁྲུས་བྱས་ཏེ། མངོན་རྟོགས་རྫོགས་པར་བསྒོམས་ལ་བཟླས་པ་ཅུང་ཟད་བྱས་ཏེ། མཎྜལ་གྱི་ཚོམ་བུའི་སྟེང་དུ་ཡང་རྟ་མགྲིན་བསྐྱེད་ཆོག་བྱས་ལ་མཆོད་པ་དང་གཏོར་མ་འབུལ་ལོ། །དེ་ནས་སློབ་མ་ཁྲུས་བྱས་ཏེ་ཕྱག་འཚལ་ཏེ། སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། ཁྱེད་རྣམས་དཔལ་རྟ་མགྲིན་གྱི་དབང་ཞུ་བ་དེ་ཚེ་འདིའི་ནད་ཞི་བ་དང་། གདོན་ཞི་བ་དང་། ཕྱི་མ་ལྷ་མིའི་གོ་འཕང་དོན་དུ་གཉེར་བ་ནི་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དཔལ་རྟ་མགྲིན་གྱི་རྗེས་སུ་གནང་བ་ཟབ་མོ་ཞུ་སྙམ་པ་མཛོད་ལ་མཎྜལ་ཞིག་ཕུལ་མཛོད་བྱས་ལ་ཚར་བ་དང་། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་དབང་བསྐུར་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ། དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་མདུན་གྱི་ནམ་མཁར་དཔལ་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་བཞུགས་པའི་སྤྱན་སྔ་ནས་ཡར་ལ་ཡན་ལག་བདུན་པ་ཕུལ་བར་བསམ་ལ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛད་པར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་བརྗོད་དུ་གཞུག །དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། དཔལ་རྟ་མགྲིན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ཇི་སྲིད་དཔལ་རྟ་མགྲིན་གྱི་གོ་འཕང་མ་ཐོབ་ཀྱི་བར་དུ། ཁྲོ་བོའི་རྒྱལ་པོ་ཡི་དམ་དུ་བཟུང་བར་འཚལ་གྱིས། སློབ་དཔོན་གྱིས་དཔལ་རྟ་མགྲིན་བདག་ལ་འགོ་བར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་པ་ནི་སྔོན་འགྲོའོ། །དངོས་གཞི་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཁྱེད་རང་རྣམས་ཀྱི་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཀྱི་སྡིག་སྒྲིབ་བག་ཆགས་སྣང་བའི་དངོས་པོ་དང་བཅས་པ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་མཐིང་ནག །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སློབ་མ་རྣམས་ཀྱི་སྤྱི་བོར་མེ་ཏོག་རེ་བཞག་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་ནག་དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཞེས་པ་ནས། རིགས་བདག་གི་རྒྱས་གདབ་པ་ལ་ཅུང་ཟད་ཅིག་མཆོད་ལ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །དཔལ་རྟ་མགྲིན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདི་ལ་དབང་སྐུར་ཅིག །དུས་འདི་ནས་ནི་བཟུང་ནས་སུ། །རྟ་མགྲིན་གོ་འཕང་མ་འཐོབ་བར། །ཡི་དམ་ལྷ་རུ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས། རྟ་མགྲིན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལ་ཐིམ་པའི་མོས་པ་མཛོད། དེ་གསང་སྔགས་པའི་ལུགས་ཀྱི་ཡེ་ཤེས་པ་བསྟིམ་པ་བྱ་བ་ཡིན། དེ་ལྟར་ཐིམ་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་སྐུ་མདོག་ནག་པོ། ཅེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བར་སྒྲུབ་ཐབས་ལྟར་བསྐྱེད་ལ། དེའི་སྤྱི་བོར་བྲིས་སྐུ་བཞག་ལ། སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །གང་གིས་བསྒོམས་པ་ཙམ་གྱིས་ནི། །བདུད་དང་ཉོན་མོངས་འཇོམས་པར་མཛད། །དེ་རིང་ཁྱེད་ལ་སྦྱིན་པར་བྱ། །རྩ་སྔགས་ཀྱི་མཇུག་ཏུ། ཀཱ་ཡ་ཨཱ་བྷི་ཥིཉྩ་ཨོཾ། ཞེས་བརྗོད་ཅིང་དྲིལ་བུ་དཀྲོལ། ཡང་པུསྟི་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་གསུང་གི་དབང་། །གང་གིས་བཀླགས་པ་ཙམ་གྱིས་ནི། །དངོས་གྲུབ་རྣམ་གཉིས་ཐོབ་འགྱུར་བ། །དེ་རིང་ཁྱེད་ལ་སྦྱིན་པར་བྱ། །རྩ་སྔགས་ཀྱི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད། དེ་ནས་བཟླས་ལུང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་སྙིང་གའི་དཀྱིལ་དུ་ཡི་གེ་ཧྲཱིཿདམར་ནག་ཅིག་སྒོམས་མཛོད། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས། མཎྜལ་གྱི་སྟེང་གི་རྟ་མགྲིན་ལ་ཕོག་པས་དེའི་ཐུགས་རྒྱུད་བསྐུལ། རྟ་མགྲིན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་ཐོལ་ཐོལ་བྱུང་། རྟ་མགྲིན་གྱི་ཞལ་ནས་འཐོན། ཁྱེད་རང་དེར་བསྒོམས་པའི་ཞལ་དུ་ཞུགས། ཧྲཱིཿདམར་ནག་གི་མཐའ་སྐོར་དུ་འཁོད་པར་མོས་པ་མཛོད་ལ་འདིའི་རྗེས་ཟློས་མཛོད། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྩ་སྔགས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །དེ་ནས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །ཞེས་པ་ནས། སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ཞེས་པའི་བར་བརྗོད་ལ་མེ་ཏོག་གཏོར་བ་ནི་བཟླས་པའི་ལུང་ངོ་། །དེ་རྗེས་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་། གང་གིས་བཅངས་པ་ཙམ་གྱིས་ནི། །བདུད་དང་ལོག་ལྟ་འཇོམས་པར་བྱེད། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། དེ་ནས་སེང་ལྡེང་གི་ཕུར་པ་བསྒྲིལ་ཞིང་གཏད་ལ། སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །གང་གིས་བསྒྲིལ་བ་ཙམ་གྱིས་ནི། །བདུད་དང་ལོག་ལྟ་གསོད་པར་བྱེད། །དེ་རིང་ཁྱོད་ལ༴ རྩ་སྔགས་དང་། ཀརྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱན་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ། སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི་དབང་ངོ་། །དེ་ནས་གཏོར་མ་སྤྱི་བོར་བཞག་ལ། པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ་གཏོར་མ་འདི་ནི་ཐ་མལ་པའི་གཏོར་མ་མ་ཡིན་པར་ཡི་གེ་ཧྲཱིཿདམར་ནག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། གཏོར་མ་དེ་ཉིད་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་སྐུ་མདོག་ནག་པོ་ཅེས་པ་ནས། ཐུགས་ཀའི་སྟོད་དུ་ཧྲཱིཿདམར་ནག་ཚེག་དྲག་དང་བཅས་པ། ཅེས་པའི་བར་སྒྲུབ་ཐབས་ལྟར་བསྐྱེད་ལ། ཐུགས་ཀའི་ཧྲཱིཿདང་སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས་པས་པོ་ཏ་ལ་ནས། དཔལ་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ དྲིལ་བུ་གསིལ་ཞིང་། ཧཱུྃ། གཉིས་མེད་རང་བྱུང་དག་པའི་དཀྱིལ་འཁོར་ནས། །སོགས་ཀྱིས་སྤྱན་དྲངས་ལ་བསྟིམ། དབང་བསྐུར། རིགས་ཀྱི་བདག་པོས་རྒྱས་གདབ། མཆོད་པས་མཆོད། ཧཱུྃ། སྐྱེ་འགག་གཉིས་སུ་མེད་པའི་ངོ་བོ་ཉིད། །ཅེས་སོགས་ཀྱི་མཐར། རྣལ་འབྱོར་ཚེ་ཡི་བར་ཆད་ཟློག་ཏུ་གསོལ། །ཞེས་པས་བསྟོད་ཅིང་གསོལ་བ་བཏབ། གཏོར་མའི་དཔལ་འབར་སྤར་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་སརྦ་ཙིཏྟ་ཀཱ་ལ་མེ་དཔུང་གཏུབས། ཧ་ཧ་རྦད་རྦུད་གཏུབས། ཤག་ཧ་ནན་རྦད་རྦུད་གཏུབས། གྲཱྀཧྞ་རཱ་ཛ་ཡ་རྦད། མཱ་ར་ཡ་རྦད། བ་ལིཾ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བཅོམ་ལྡན་འདས་ཤྲཱི་ཧ་ཡ་གྲཱི་བས་བྱིན་གྱིས་བརླབ་ཏུ་གསོལ། བྱང་སེམས་ཟླ་བ་རྒྱལ་མཚན་གྱིས༴ ཞང་སྐྱི་ཚ་འོད་ཆེན་གྱིས༴ ཞེས་པ་ནས། རང་གི་རྩ་བའི་བླ་མ་གང་ཡིན་པའི་བར་གྱིས། རྡོ་རྗེ་སློབ་མ་འདི་རྣམས་ལ་དབང་སྐུར་དུ་གསོལ། འདི་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། འདི་རྣམས་ཀྱི་ནད་དང་གདོན་བགེགས་བར་ཆད་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་དབང་ཕྱུག་ལ་སོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ཡང་ལས་ངན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་དཔལ་རྟ་མགྲིན་རྡོ་རྗེའི་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། འདི་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང། འགོ་བའི་ཕྲིན་ལས་མཛོད། །ཅེས་པས་ཕྲིན་ལས་བཅོལ། སློབ་མས། གཙོ་བོས་ཇི་ལྟར་སོགས་དང་། མཎྜལ་འབུལ། དེང་ནས་སོགས་བརྗོད། མདུན་བསྐྱེད་ལ་མཆོད་བསྟོད་བསྡུས་པ་བྱ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། ཙཀ་ལི་ལ་བརྟན་བཞུགས་བྱ། ཚོམ་བུའི་ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་། སྨོན་ལམ་ཅི་ཤེས་གང་རིགས་བཏབ་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །མངྒ་ལཾ།། །།
བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་གསོལ་འདེབས་ལེའུ་བདུན་པ་ (Volume 5, Text 39)
བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་གསོལ་འདེབས་ལེའུ་བདུན་པ་བཞུགས་སོ༔ ༔ ཨོ་རྒྱན་རིག་འཛིན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ བླ་མ་སྒྲུབ་པའི་མ་འོངས་རྗེས་འཇུག་རྣམས༔ གསོལ་འདེབས་འདི་ལ་དུས་བཞིར་རྒྱུན་དུ་འབོད༔ རང་ཉིད་ལྷར་གསལ་སྤྱི་གཙུག་ཏུ༔ ཨོཾ་ཨཱཿཧཱུྃ༔ མདུན་གྱི་ནམ་མཁར་རང་བྱུང་འོད་ལྔའི་ཀློང༔ གསེར་གྱི་པདྨ་གེ་སར་པད་སྡོང་དབུས༔ ཐབས་ཤེས་ཉི་ཟླ་འོད་འབར་གདན་སྟེང་དུ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ རྩ་བའི་བླ་མ་ཉིད་དང་དབྱེར་མེད་པ༔ བདེར་གཤེགས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ སྐུ་མདོག་དཀར་ལ་དམར་བའི་གཟི་མདངས་འབར༔ གསུང་ནི་ཚངས་དབྱངས་ཟབ་མོའི་ཆོས་སྒྲ་སྒྲོག༔ ཐུགས་ནི་མཁྱེན་གསུམ་དབྱེར་མེད་ཐུགས་རྗེ་ལྡན༔ ལྟ་བས་མི་ངོམས་ཉི་སྟོང་གཟི་བརྗིད་ཆེ༔ ལེ་བརྒན་ཆོས་གོས་དམར་སེར་པ་ཏྲ་རིས༔ མེ་ཏྲིའི་ཤམ་ཐབས་པདྨའི་སྐུ་རེག་བཅིངས༔ ཟ་འོག་དཀར་དམར་ལྗང་སྔོན་སྐུ་ལ་གསོལ༔ དབུ་ལ་པད་ཞ་པདྨ་མཐོང་གྲོལ་མནབས༔ རྡོ་རྗེ་ཉི་ཟླ་ནོར་བུ་དར་སྣས་མཚན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ ཕྱག་གཡོན་བནྡྷ་བདུད་རྩི་དབང་བུམ་བསྣམས༔ ཕྱག་གདུབ་ཞབས་གདུབ་མགུལ་ཆུན་ནོར་བུས་བརྒྱན༔ སྙན་ཆ་གསེར་གྱི་ཉི་ཟླ་རིན་ཆེན་སྤྲས༔ ཁ་ཊྭཱཾ་མཆན་བཅུག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར༔ གཡས་སུ་དཔའ་བོ་རྒྱ་མཚོ་སེང་ལྟར་འགྱེད༔ གཡོན་དུ་དཔའ་མོ་རྒྱ་མཚོས་གར་བྱེད་ཅིང༔ རྒྱབ་ཏུ་ཆོས་སྐྱོང་རྒྱ་མཚོས་བར་ཆད་བསལ༔ མདུན་དུ་མཁའ་འགྲོས་དངོས་གྲུབ་སྟེར་བར་བསམ༔ མོས་གུས་གདུང་བ་སྙིང་གི་དཀྱིལ་ནས་བྱེད༔ ཀྱེ་མ་འདུས་བྱས་མི་རྟག་ནམ་འཇིག་བསམ༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་རྣམས༔ སྡུག་བསྔལ་རྒྱ་མཚོ་འདི་ལས་སྒྲོལ་བའི་ཐབས༔ རེ་ས་གུ་རུ་ཁྱེད་ལས་གཞན་དུ་མེད༔ རྩེ་གཅིག་ཁ་ཞེ་སྙིང་ནས་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད༔ མ་ཧཱ་གུ་རུ་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་སྙིང་ནས་འདེབས༔ རྩ་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད༔ ཡི་དམ་ཀུན་འདུས་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་སྙིང་ནས་འདེབས༔ སྐུ་གསུམ་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད༔ མཁའ་འགྲོ་ཀུན་འདུས་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་སྙིང་ནས་འདེབས༔ ཆོས་སྐྱོང་དམ་ཅན་ཀུན་འདུས་ངོ་བོ་ཉིད༔ བར་ཆད་ཀུན་སེལ་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་སྙིང་ནས་འདེབས༔ དུས་གསུམ་སངས་རྒྱས་ཀུན་འདུས་ངོ་བོ་ཉིད༔ ཁམས་གསུམ་དབང་སྡུད་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས༔ བདེ་གཤེགས་ཞི་ཁྲོ་ཀུན་འདུས་ངོ་བོ་ཉིད༔ སྲིད་གསུམ་ཟིལ་གནོན་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས༔ དུས་གསུམ་རྒྱལ་བ་ཡོངས་ཀྱིས་རབ་བསྔགས་པའི༔ འགྲོ་བའི་མགོན་པོ་ཨོ་རྒྱན་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས༔ བདེ་གཤེགས་ཀུན་འདུས་ལྷ་མཆོག་པདྨ་འབྱུང༔ སྤྲུལ་པའི་སྐུ་མཆོག་གུ་རུ་པདྨ་ལ༔ ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས༔ ཞེས་པ་མཆི་མ་ཕྲོམ་ཕྲོམ་པས་བརྒྱ་རྩ་བརྒྱད་གསོལ་བ་བཏབ་བོ༔ བླ་མ་སྒྲུབ་པའི་སྐྱབས་སུ་འགྲོ་བའི་ལེའུ་སྟེ་དང་པོའོ༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ བདེ་གཤེགས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ ཐུགས་རྗེས་བརྩེ་བ་ཆེན་པོས་བདག་ལ་དགོངས༔ བདག་གིས་ལྷག་བསམ་བླ་མ་སྒྲུབ་བགྱིད་པས༔ མཁའ་མཉམ་སེམས་ཅན་མ་ལུས་ཐམས་ཅད་ཀུན༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ མ་གྲོལ་དགྲོལ་དང་མ་བསྒྲལ་སྒྲོལ་བ་དང༔ དབུགས་མ་ཕྱུང་བ་རྣམས་ནི་དབུགས་དབྱུང་ཞིང༔ མྱང་འདས་བླ་མའི་ས་ལ་འགོད་པར་བགྱི༔ ཞེས་པས་ཞི་ལ་མི་གནས་པའི་སེམས་བསྐྱེད་པར་བྱ༔ སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ རིགས་འདུས་ཨོ་རྒྱན་ཆེན་པོ་གནས་འདིར་གཤེགས༔ པད་སྡོང་ཉི་ཟླའི་གདན་ལ་དགྱེས་པར་བཞུགས༔ བདག་གཞན་ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་ཡིད་སྤྲུལ་འབུལ༔ སྡོམ་གསུམ་རྒྱལ་བའི་བཀའ་འདས་ཉམས་ཆག་བཤགས༔ བླ་མ་སྐུ་གསུམ་བསྒྲུབ་པར་བདག་ཡི་རང༔ གང་འདུལ་ཐབས་ཀྱིས་སོ་སོའི་ཆོས་འཁོར་བསྐོར༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་བ་ཅི་བསགས་བླ་མེད་ཐེག་ཆེན་བསྔོ༔ མཁའ་མཉམ་སེམས་ཅན་བླ་མའི་ས་ཐོབ་ཤོག༔ ཅེས་པ་སྔོན་འགྲོ་ཡན་ལག་བཅུ་པས་ཚོགས་གསག་བྱ༔ སྔོན་འགྲོའི་ཡན་ལག་ཚོགས་གསག་པའི་ལེའུ་སྟེ་གསུམ་པའོ༔ ཨོཾ་ཨཱཿཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ བདེ་གཤེགས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ༔ རྣམ་དག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ གསོལ་འདེབས་བུ་ཡིས་སྤྱན་འདྲེན་གནས་འདིར་གཤེགས༔ ཧཱུྃ༔ སྔོན་ཚེ་བསྐལ་པ་དང་པོ་ཨོ་རྒྱན་ཡུལ༔ ནུབ་བྱང་དྷ་ན་ཀོ་ཥའི་མཚོ་གླིང་དུ༔ རང་བྱུང་པད་སྡོང་གེ་སར་དབུས་སུ་འཁྲུངས༔ ལེགས་བྱོན་ངོ་མཚར་ཨོ་རྒྱན་ཐུགས་རྗེ་ཅན༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱིས༔ སྐུ་གསུམ་འགྲོ་བ་འདུལ་བར་རབ་བསྔགས་པ༔ པདྨ་འབྱུང་གནས་བདེ་གཤེགས་ཀུན་འདུས་སྐུ༔ བྱིན་རླབས་འབྱུང་གནས་གཏེར་མཛོད་བདུད་རྩིའི་བཅུད༔ ངོ་མཚར་རྒྱལ་སྲས་པདྨ་འབྱུང་གནས་གྲགས༔ ཁམས་གསུམ་མ་ལུས་སྐྱེ་འགྲོ་ཡོངས་ཀྱི་མགོན༔ ཡ་མཚན་རྨད་བྱུང་དངོས་གྲུབ་མཆོག་བརྙེས་པ༔ འཁོར་དུ་མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར༔ ལྷག་པའི་ཕ་མཆོག་ཁྱོད་ཀྱི་རྗེས་སྒྲུབ་བགྱིད༔ མོས་གུས་སྙིང་ནས་སྐྱོ་ཤས་དྲག་པོའི་ངང༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ཐུགས་བརྩེས་དགོངས༔ ད་ལྟ་དུས་ཀྱི་སྙིགས་མ་བབ་མཐའ་འདིར༔ གསོལ་བཏབ་དངོས་གྲུབ་འབྱུང་བའི་དོན་ཆེད་དུ༔ ཡུལ་ནི་རྔ་ཡབ་ཟངས་མདོག་དཔལ་རིའི་རྩེར༔ པདྨ་འོད་འབར་གཞལ་ཡས་དབུས་སུ་བཞུགས༔ ལྷག་པའི་ལྷ་མཆོག་ཨོ་རྒྱན་རིན་པོ་ཆེ༔ བླ་མ་རིག་འཛིན་དཔའ་བོ་མཁའ་འགྲོས་བསྐོར༔ ལྟ་བས་མི་ངོམས་ལྷ་མཆོག་གུ་རུ་རྗེ༔ སྐུ་ལས་འོད་དང་འོད་ཟེར་གཟི་བརྗིད་འབར༔ སྐུ་གསུམ་སྐུ་ལྔ་སྤྲུལ་པ་མཚན་བརྒྱད་བཅས༔ བླ་མ་རིག་འཛིན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ཡི་དམ་རྒྱལ་བ་རྒྱ་མཚོ་འཇའ་ལྟར་འཁྲིགས༔ མཁའ་འགྲོ་མ་སྲིང་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཆོས་སྐྱོང་རྒྱ་མཚོ་ལས་བྱེད་ཁྱུགས་སེ་ཁྱུག༔ དམ་ཅན་རྒྱ་མཚོ་ཕོ་ཉ་གློག་ལྟར་འགྱུ༔ སྐུ་ལས་འོད་དང་འོད་ཕུང་ལྷབས་སེ་ལྷབ༔ དར་དཔྱངས་ཅོད་པན་སྣ་ཚོགས་པུ་རུ་རུ༔ རོལ་མོ་སྒྲ་སྙན་སྣ་ཚོགས་དི་རི་རི༔ དཔའ་བོ་རྒྱ་མཚོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོ་རྒྱ་མཚོའི་གར་བྱེད་ཤིགས་སེ་ཤིག༔ ཧཱུྃ་གི་སྣང་གླུ་ཤུགས་ཕྱུང་དི་རི་རི༔ ཕཊ་ཀྱི་ཉམས་དབྱངས་བརྡ་སྐད་སངས་སེ་སང༔ བྱིན་རླབས་འཆི་མེད་ན་བུན་ཐུ་ལུ་ལུ༔ དངོས་གྲུབ་དགོས་འདོད་ཆར་རྒྱུན་སི་ལི་ལི༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་སྤྱན་འདྲེན་ན༔ ད་དུས་བསྐལ་པ་སྙིགས་མའི་དུས་མཐའ་འདིར༔ ཐུགས་རྗེའི་བདག་ཉིད་ཕ་མཆོག་གུ་རུ་རྗེ༔ དྲན་དང་མོས་ཙམ་བྱིན་རླབས་དཔག་མེད་འབྱུང༔ གསོལ་འདེབས་བུ་ཡི་ཡིད་ཀྱིས་སྤྱན་འདྲེན་ན༔ སྤྱི་གཙུག་ཉི་ཟླ་པདྨའི་སྡོང་པོའི་དབུས༔ ཐུགས་རྗེས་བརྩེར་དགོངས་དགྱེས་པར་བཞུགས་སུ་གསོལ༔ སྐད་ཅིག་ཉིད་ལ་ལྷོ་ནུབ་ནམ་མཁའ་ནས༔ བླ་མ་ཨོ་རྒྱན་རིག་འཛིན་ལྷ་ཚོགས་རྣམས༔ སྐུ་ལས་འོད་ཟེར་གཟི་བརྗིད་རབ་ཏུ་འབར༔ བདེ་གཤེགས་རྒྱལ་བ་མ་ལུས་ཐམས་ཅད་ཀུན༔ ཁ་བ་བུ་ཡུག་འཚུབས་པ་ལྟར་དུ་བྱོན༔ མཚོ་ལ་ཁ་བ་བབས་པ་ཇི་བཞིན་དུ༔ སྤྱི་གཙུག་གུ་རུ་ཉིད་དང་དབྱེར་མེད་བསྟིམ༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ བདེར་གཤེགས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ་བ་ནི༔ ཞིང་ཁམས་རྣམ་དག་རིན་ཆེན་ས་གཞི་ལ༔ རིན་ཆེན་མཛེས་པའི་མེ་ཏོག་གཅལ་དུ་བཀྲམ༔ འདོད་དགུ་འབྱུང་བའི་རིན་ཆེན་གཏེར་བུམ་དང༔ ཕྱི་ནང་གསང་མཆོད་ནམ་མཁའི་མཐའ་ཀླས་གྱུར༔ གཙང་ཞིང་ཡིད་འོང་མཆོད་པའི་བྱེ་བྲག་རྣམས༔ བདེར་གཤེགས་ཀུན་འདུས་གུ་རུའི་སྐུ་ལ་འབུལ༔ གསོལ་འདེབས་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་གུ་རུའི་སྐུ་ལ་བསྟོད༔ སྐུ་ནི་མི་འགྱུར་སྐུ་མཆོག་ཀུན་ཏུ་བཟང༔ གསུང་ནི་མི་འགག་གསུང་མཆོག་རིགས་བདག་གསུང༔ ཐུགས་ནི་མི་གཡོ་ཐུགས་མཆོག་སྨྲ་བསམ་འདས༔ སྐུ་གསུང་ཐུགས་མཆོག་གུ་རུའི་སྐུ་ལ་བསྟོད༔ ཧཱུྃ༔ ཀུན་བཟང་ཐུགས་ལས་སྤྲུལ་པའི་སྐུ་མཆོག་ནི༔ གང་ལ་གང་འདུལ་གཟུགས་སྐུར་རྣམ་འཕྲུལ་འགྱེད༔ སྐུ་གསུམ་སྐུ་ལྔ་རྒྱལ་བ་ཀུན་འདུས་སྐུ༔ རྡོ་རྗེ་འཆང་ཆེན་ཆེ་མཆོག་དཀྱིལ་འཁོར་གཙོ༔ རང་བྱུང་མཚོ་སྐྱེས་རྡོ་རྗེའི་སྐུ་ལ་བསྟོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པས་བསྟོད་དེ༔ སྤྱན་འདྲེན་དང་མཆོད་བསྟོད་ཀྱི་ལེའུ་སྟེ་བཞི་པའོ༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ བདེ་གཤེགས་ཀུན་འདུས་ཨོ་རྒྱན་པདྨ་ལ༔ གསོལ་འདེབས་བུ་ཡི་དད་པ་མོས་གུས་ཀྱིས༔ ཡུས་ཆེན་སྐྱོ་ཤས་གདུང་བ་དྲག་པོའི་ངང༔ གསོལ་འདེབས་ཚད་མེད་སྙིང་གི་དཀྱིལ་ནས་འདེབས༔ དངོས་གྲུབ་ཆེན་པོ་ཐུགས་ཀྱི་ཀློང་ནས་སྩོལ༔ བདེ་གཤེགས་རིགས་འདུས་ཨོ་རྒྱན་ཆེན་པོ་ནི༔ ཨོཾ་སྐུ་ནི་གསལ་སྟོང་ཡེ་ནས་ངོ་བོས་སྟོང༔ རང་བཞིན་མེད་པར་སྤྲུལ་བསྒྱུར་རྣམ་དག་སྐུ༔ མ་ཧཱ་གུ་རུའི་སྐུ་ལ་གསོལ་བ་འདེབས༔ ཨོཾ་འགྱུར་མེད་རྡོ་རྗེ་སྐུ་ཡི་དངོས་གྲུབ་ཞུ༔ ཨཱཿགསུང་ནི་འགག་མེད་གྲགས་སྟོང་རང་བཞིན་སྟོང༔ འཛིན་མེད་རང་གདངས་ལོངས་སྤྱོད་རྫོགས་པའི་གསུང༔ མ་ཧཱ་གུ་རུའི་གསུང་ལ་གསོལ་བ་འདེབས༔ ཨཱཿའགག་མེད་ཚངས་དབྱངས་གསུང་གི་དངོས་གྲུབ་ཞུ༔ ཧཱུྃ་ཐུགས་ནི་མི་དམིགས་གདོད་ནས་མཐའ་བྲལ་ངང༔ རྟོག་མེད་ཁྱབ་བརྡལ་ཆེན་པོ་ཆོས་ཉིད་ཐུགས༔ མ་ཧཱ་གུ་རུའི་ཐུགས་ལ་གསོལ་བ་འདེབས༔ ཧཱུྃ་སྐྱེ་མེད་སྙིང་པོ་ཐུགས་ཀྱི་དངོས་གྲུབ་ཞུ༔ སྭཱ་ཡོན་ཏན་ཐམས་ཅད་བདེ་སྟོང་ལྷུན་གྱིས་གྲུབ༔ བསམ་གྱིས་མི་ཁྱབ་ཡིད་བཞིན་རིན་པོ་ཆེ༔ བདེ་གཤེགས་རྒྱལ་བའི་ཡོན་ཏན་མ་ལུས་འདུས༔ མ་ཧཱ་གུ་རུའི་ཡོན་ཏན་ལ་གསོལ་བ་འདེབས༔ སྭཱ་ཡེ་ཤེས་མཐའ་བྲལ་ཆེན་པོའི་དངོས་གྲུབ་ཞུ༔ ཧཱ་ཐུགས་རྗེ་སྤྲུལ་པ་མཐུ་སྟོབས་རྫུ་འཕྲུལ་གྱིས༔ གང་འདུལ་ཐབས་ཀྱི་ཕྲིན་ལས་བསམ་མི་ཁྱབ༔ མ་ཧཱ་གུ་རུའི་ཕྲིན་ལས་ལ་གསོལ་བ་འདེབས༔ ཧཱ་ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞུ༔ ཀུན་བཟང་ཐུགས་ལས་སྤྲུལ་པའི་གུ་རུ་ལ༔ ཆོས་སྐུ་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་ཞུ༔ ལོངས་སྐུ་ཀུན་འདུས་མ་ཧཱ་གུ་རུ་ལ༔ རིག་སྟོང་གཏིང་གསལ་ཆེན་པོའི་དངོས་གྲུབ་ཞུ༔ སྤྲུལ་སྐུ་ཀུན་འདུས་མ་ཧཱ་གུ་རུ་ལ༔ འཁོར་འདས་སྣང་སྲིད་དབང་བསྒྱུར་དངོས་གྲུབ་ཞུ༔ རིགས་འདུས་ཨོ་རྒྱན་ཆེན་པོ་པདྨ་ལ༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་དངོས་གྲུབ་ཞུ༔ སྨན་མཆོག་རྣམ་རྒྱལ་ལྟ་བུའི་གུ་རུ་ལ༔ ཉོན་མོངས་གདུང་བའི་ནད་སེལ་དངོས་གྲུབ་ཞུ༔ འཁོར་ལོ་སྒྱུར་རྒྱལ་ལྟ་བུའི་གུ་རུ་ལ༔ སྣང་སྲིད་ཁམས་གསུམ་དབང་སྒྱུར་དངོས་གྲུབ་ཞུ༔ འོད་གསལ་ཉི་ཟླ་ལྟ་བུའི་གུ་རུ་ལ༔ མ་རིག་མུན་པ་སེལ་བའི་དངོས་གྲུབ་ཞུ༔ བུམ་བཟང་ནོར་བུ་ལྟ་བུའི་གུ་རུ་ལ༔ འདོད་དགུ་ཕུན་ཚོགས་ཤུགས་འབྱུང་དངོས་གྲུབ་ཞུ༔ ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་ལ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞུ༔ དཔའ་བོ་སེང་གེ་ལྟ་བུའི་གུ་རུ་ལ༔ བདུད་དང་འབྱུང་པོ་འདུལ་བའི་དངོས་གྲུབ་ཞུ༔ སྐུ་གསུམ་སྐུ་ལྔ་ལྷུན་གྲུབ་གུ་རུ་ལ༔ ཉོན་མོངས་ཡེ་ཤེས་ལྔར་གྱུར་དངོས་གྲུབ་ཞུ༔ ཞི་བའི་རིགས་འདུས་གུ་རུ་ཆེན་པོ་ལ༔ འཇིགས་པ་བརྒྱད་ལས་སྐྱོབ་པའི་དངོས་གྲུབ་ཞུ༔ རྒྱས་པའི་རིགས་འདུས་ཨོ་རྒྱན་ཆེན་པོ་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་ཞུ༔ དབང་གི་རིགས་འདུས་ཨོ་རྒྱན་ཆེན་པོ་ལ༔ སྣང་སྲིད་ཁམས་གསུམ་དབང་སྡུད་དངོས་གྲུབ་ཞུ༔ དྲག་པོའི་ཕྲིན་ལས་རིགས་འདུས་གུ་རུ་ལ༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་དངོས་གྲུབ་ཞུ༔ ཕྲིན་ལས་ལྷུན་གྲུབ་ཨོ་རྒྱན་ཆེན་པོ་ལ༔ ཡོན་ཏན་ལྷུན་གྲུབ་ཕུན་ཚོགས་དངོས་གྲུབ་ཞུ༔ ལྟ་བ་ནམ་མཁའ་ལྟ་བུའི་གུ་རུ་ལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཞུ༔ སྐུ་མཆོག་བྱིན་རླབས་ཆེ་བའི་གུ་རུ་ལ༔ སྐུ་མཆོག་མི་འགྱུར་ཚེ་ཡི་དངོས་གྲུབ་ཞུ༔ གསུང་མཆོག་དམ་ཆོས་ཟབ་མོའི་གུ་རུ་ལ༔ གསུང་གི་སྙིང་པོ་ལུང་གི་དངོས་གྲུབ་ཞུ༔ ཐུགས་མཆོག་མཁྱེན་པ་ཆེ་བའི་གུ་རུ་ལ༔ ཆོས་ཉིད་མི་འགྱུར་ཟབ་མོའི་དངོས་གྲུབ་ཞུ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨོཾ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་སྭཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱཿ ཨོ་རྒྱན་ཆེན་པོ་གུ་རུའི་གནས་ལྔ་ནས༔ འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་ཚོགས༔ དཔག་མེད་བྱུང་སྟེ་རང་གི་གནས་ལྔར་ཐིམ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཀུན་དག་བསམ༔ ཨོཾ་ཨཱཿཧཱུྃ༔ རང་བྱུང་ལྷུན་གྲུབ་གུ་རུ་སྤྲུལ་པའི་སྐུ༔ གསོལ་འདེབས་བུ་དང་སྲིད་གསུམ་འགྲོ་ཀུན་གྱི༔ སྤྱི་གཙུག་བདེ་ཆེན་ལུས་ཀྱི་ཙཀྲའི་དབུས༔ བརྟན་པར་བཞུགས་ནས་དགའ་བའི་བུམ་དབང་སྐུར༔ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔ གང་འདུལ་སྤྲུལ་པ་འགྱེད་པར་བྱིན་གྱིས་རློབས༔ རང་བྱུང་ལྷུན་གྲུབ་གུ་རུ་ལོངས་སྤྱོད་རྫོགས༔ གསོལ་འདེབས་བུ་དང་སྲིད་གསུམ་འགྲོ་ཀུན་གྱི༔ མགྲིན་པར་རོ་འདུས་ཙཀྲའི་ཐིག་ལེའི་དབུས༔ བརྟན་པར་བཞུགས་ནས་མཆོག་དགའི་གསང་དབང་སྐུར༔ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔ ཐེག་ཆེན་ཆོས་ཀྱིས་འགྲོ་འདུལ་བྱིན་གྱིས་རློབས༔ རང་བྱུང་ལྷུན་གྲུབ་གུ་རུ་ཆོས་ཉིད་ཐུགས༔ གསོལ་འདེབས་བུ་དང་སྲིད་གསུམ་འགྲོ་ཀུན་གྱི༔ སྙིང་ཁ་ཆོས་ཀྱི་ཙཀྲའི་ཐིག་ལེའི་དབུས༔ བརྟན་པར་བཞུགས་ནས་དགའ་བྲལ་ཤེར་དབང་སྐུར༔ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔ མཁྱེན་གསུམ་དབྱེར་མེད་འགྲོ་འདུལ་བྱིན་གྱིས་རློབས༔ རང་བྱུང་ལྷུན་གྲུབ་ངོ་བོ་འགྱུར་མེད་སྐུ༔ གསོལ་འདེབས་བུ་དང་སྲིད་གསུམ་འགྲོ་ཀུན་གྱི༔ ལྟེ་བ་སྲིད་པའི་ཙཀྲའི་ཐིག་ལེའི་དབུས༔ བརྟན་པར་བཞུགས་ནས་ལྷན་སྐྱེས་དོན་དབང་སྐུར༔ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔ སྣང་སྲིད་འཁོར་འདས་དབང་སྒྱུར་བྱིན་གྱིས་རློབས༔ རང་བྱུང་ལྷུན་གྲུབ་མངོན་སྤྱོད་ཕྲིན་ལས་བདག༔ གསོལ་འདེབས་བུ་དང་སྲིད་གསུམ་འགྲོ་ཀུན་གྱི༔ གསང་བ་བདེ་སྐྱོང་ཙཀྲའི་ཐིག་ལེའི་དབུས༔ བརྟན་པར་བཞུགས་ནས་ཕྲིན་ལས་བཞི་དབང་སྐུར༔ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔ བསྡུ་བ་རྣམ་བཞིས་འགྲོ་འདུལ་བྱིན་གྱིས་རློབས༔ རང་བྱུང་ལྷུན་གྲུབ་གུ་རུ་སྐུ་ལྔ་ཡིས༔ དབང་བཞིའི་ཆུ་བོས་བདག་རྒྱུད་ལེགས་བཀྲུས་ནས༔ དགའ་བ་བཞི་ཡི་དྲི་ཡིས་ལེགས་བྱུགས་ཏེ༔ ཕྲིན་ལས་རྣམ་བཞིའི་དྲྭ་བས་རབ་བརྒྱན་པས༔ སྐྱེ་གནས་བཞི་དང་འགྲོ་ཀུན་ཐམས་ཅད་ཀྱི༔ སོ་སོ་རང་རང་མོས་པའི་སྣང་ཡུལ་དུ༔ གང་འདུལ་སྤྲུལ་པ་འགྱེད་པར་བྱིན་གྱིས་རློབས༔ དུས་གསུམ་བདེར་གཤེགས་རྒྱལ་བ་ཀུན་འདུས་དཔལ༔ སྐུ་མཆོག་གུ་རུའི་སྐུ་ལ་གསོལ་བ་འདེབས༔ ཐེག་དགུའི་དམ་ཆོས་ཡོངས་ཀྱི་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་ལ་གསོལ་བ་འདེབས༔ བདེར་གཤེགས་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ ཞེས་པས་གསོལ་བ་གདབ་བོ༔ དངོས་གྲུབ་ཞུ་ཞིང་དབང་བཞི་ལྷུན་གྲུབ་ཏུ་བླང་བའི་ལེའུ་སྟེ་ལྔ་པའོ༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ བདེར་གཤེགས་ཀུན་འདུས་ཨོ་རྒྱན་བདག་ལ་དགོངས༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ གསོལ་བ་བཏབ་པས་གུ་རུའི་བྱིན་རླབས་ཀྱིས༔ ལོག་ལྟའི་བདུད་རྣམས་མ་ལུས་བཟློག་པ་དང༔ མངོན་སྤྱོད་ཕྲིན་ལས་ཐོགས་མེད་འགྲུབ་པ་ཡིས༔ ནད་གདོན་བར་ཆད་ཐམས་ཅད་ཞི་བར་ཤོག༔ འཁོར་དང་ལོངས་སྤྱོད་ཕྲིན་ལས་རྒྱས་པ་དང༔ ཅི་བསམ་རྣམ་དག་མ་ལུས་ལྷུན་གྲུབ་པས༔ བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག༔ བདག་གཞན་ཚེ་རབས་སྐྱེ་བ་ཐམས་ཅད་དུ༔ ཞིང་ཁམས་རྣམ་དག་ཨོ་རྒྱན་ཕོ་བྲང་དུ༔ ཨོ་རྒྱན་གུ་རུ་ཁྱེད་དང་འབྲལ་མེད་ཤོག༔ མོས་གུས་ལྟེམ་རྐྱང་འཕེལ་འགྲིབ་མེད་པ་ཡིས༔ མཉེས་ནས་ཐུགས་བརྩེས་མཆོག་ཏུ་འཛིན་པ་དང༔ བྱིན་རླབས་བདུད་རྩི་དཔག་མེད་འབྱུང་བར་ཤོག༔ སྒོ་གསུམ་དད་པའི་ཞབས་ཏོག་བྱེད་བགྱིད་པས༔ ཅི་ཡོད་ཆོས་ལ་གཏོང་ཕོད་ནུས་པ་ཡིས༔ སྐུ་གསུམ་བྱིན་རླབས་ལྷུན་གྲུབ་འབྱུང་བར་ཤོག༔ རིམ་གཉིས་ཟབ་མོ་བསྐྱེད་རྫོགས་ཏིང་འཛིན་གྱིས༔ ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་དང༔ དབང་གི་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ཟབ་མོའི་ཏིང་འཛིན་མཆོག་གིས་འཚོ་བ་དང༔ རྟག་ཏུ་ཡེངས་མེད་སྒྲུབ་ལ་བརྩོན་པ་ཡིས༔ བསྒྲུབས་པའི་འབྲས་བུ་མཐའ་རུ་ཕྱིན་པར་ཤོག༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པ་དང༔ སྟོན་པའི་བྱ་བ་རླབས་ཆེན་སྤྱོད་པ་ཡིས༔ ཕྲིན་ལས་གདུལ་བྱ་ལོངས་སྤྱོད་རྒྱས་པར་ཤོག༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་བ་དང༔ སྣང་སྲིད་འཁོར་འདས་དབང་དུ་འདུ་བ་ཡིས༔ སངས་རྒྱས་བསྟན་པ་བསྲུང་བའི་དཔལ་དུ་ཤོག༔ ཐེག་ཆེན་གསང་སྔགས་ཟབ་མོའི་དམ་ཆོས་རྣམས༔ གཞུང་དང་མཐུན་པའི་དགོངས་པ་དོན་འདྲིལ་བ༔ མ་ལུས་ཁོང་ཆུད་མཁྱེན་གསུམ་རྒྱས་པར་ཤོག༔ ཉམས་མྱོང་ཏིང་འཛིན་རྒྱུད་ལ་བསྣུན་པ་དང༔ ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་ཡིས༔ འབྲས་བུ་འགྱུར་མེད་མཆོག་ལ་ཕྱིན་པར་ཤོག༔ ལྷག་བསམ་རྣམ་དག་སྙིང་རྗེ་ཚད་མེད་དང༔ སྐྱེ་འགྲོ་མ་ལུས་དབང་དུ་འདུ་བ་དང༔ འབྲེལ་ཚད་དོན་ལྡན་མ་ལུས་ཀུན་གྲོལ་ཤོག༔ ཡིད་བཞིན་ནོར་བུ་བསམ་འཕེལ་ཀུན་འགྲུབ་ལྟར༔ མཆོག་ཐུན་དགོས་འདོད་ཕུན་སུམ་ཚོགས་པ་ཡིས༔ ཀུན་ལ་རེ་འདོད་དགོས་དོན་སྐོང་བར་ཤོག༔ བསྟན་པའི་རྒྱལ་མཚན་སྒྲུབ་བརྒྱུད་འཛིན་པ་དང༔ གསང་སྔགས་རླབས་ཆེན་བརྟུལ་ཞུགས་སྤྱོད་པ་ཡིས༔ འགྲོ་རྣམས་ཐེག་ཆེན་ཆོས་ཀྱིས་སྨིན་པར་ཤོག༔ ཞིང་ཁམས་གནས་རིས་སོ་སོར་གང་འདུལ་ན༔ རང་ཉིད་དག་པའི་གཟུགས་སྐུར་རབ་སྤྲུལ་ནས༔ འགྲོ་དྲུག་བདེ་ཆེན་ཆོས་ལ་བཀོད་པར་ཤོག༔ གུ་རུ་ཁྱེད་ཉིད་དངོས་གྲུབ་བརྙེས་པ་ལྟར༔ གསོལ་འདེབས་བུ་ཡིས་མྱུར་དུ་བརྙེས་པ་དང༔ སྨོན་ལམ་རྣམ་དག་མ་ལུས་འགྲུབ་པར་ཤོག༔ གུ་རུ་ཁྱེད་ཉིད་སྤྲུལ་པ་འགྱེད་པ་ལྟར༔ བདག་གིས་ཏིང་འཛིན་འབུམ་ཕྲག་རབ་རྒྱས་པའི༔ རྫུ་འཕྲུལ་སྤྲུལ་པ་སྣ་ཚོགས་འགྱེད་པར་ཤོག༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ གདོད་མའི་ཆོས་སྐུ་རང་ས་མ་ཟིན་བར༔ ཨོ་རྒྱན་གུ་རུ་ཉིད་དང་འབྲལ་མེད་ཤོག༔ སྐུ་གསུམ་སྐད་ཅིག་འདུ་འབྲལ་མེད་པ་ཡིས༔ གུ་རུ་སྐུ་གསུམ་བྱིན་གྱིས་རློབ་པ་དང༔ ཡི་དམ་དངོས་གྲུབ་མ་ལུས་སྟེར་བར་ཤོག༔ མཁའ་འགྲོའི་ལུང་བསྟན་ཚད་མ་འབྱུང་བ་དང༔ སྒྲུབ་པའི་འབྲས་བུ་ནུས་མཐར་ཕྱིན་པ་དང༔ ཆོས་སྐྱོང་ཕྱི་ནང་བར་ཆད་བསལ་བར་ཤོག༔ ཨོ་རྒྱན་ཆེན་པོ་བསྒྲུབས་པའི་བྱིན་རླབས་ཀྱིས༔ རྫུ་འཕྲུལ་མཐུ་སྟོབས་ཕྲིན་ལས་རྒྱ་ཆེ་བའི༔ འགྲོ་དོན་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཅེས་པ་སྨོན་ལམ་རྣམ་དག་རྒྱ་ཆེར་བཏབ་པའི་ལེའུ་སྟེ་དྲུག་པའོ༔ ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ བདེར་གཤེགས་ཀུན་འདུས་ཨོ་རྒྱན་རིག་འཛིན་སྐུ༔ བྱིན་རླབས་གཏེར་མཛོད་གུ་རུའི་བཀྲ་ཤིས་ཤོག༔ ཡི་དམ་ཀུན་འདུས་ཆེ་མཆོག་པདྨའི་གསུང༔ དངོས་གྲུབ་གཏེར་མཛོད་གུ་རུའི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨའི་ཐུགས༔ ཕྲིན་ལས་གཏེར་མཛོད་གུ་རུའི་བཀྲ་ཤིས་ཤོག༔ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ ཕྲིན་ལས་ལྷུན་གྲུབ་གུ་རུའི་བཀྲ་ཤིས་ཤོག༔ དུས་གསུམ་སངས་རྒྱས་བཀོད་པ་མ་ལུས་རྫོགས༔ སྐུ་མཆོག་གུ་རུའི་སྐུ་ཡི་བཀྲ་ཤིས་ཤོག༔ ཐེག་དགུ་དམ་ཆོས་ཀུན་གྱི་གསང་སྔགས་མཛོད༔ གསུང་མཆོག་གུ་རུའི་གསུང་གི་བཀྲ་ཤིས་ཤོག༔ བདེར་གཤེགས་རྒྱལ་བ་ཀུན་འདུས་ཀུན་བཟང་ཐུགས༔ ཐུགས་མཆོག་གུ་རུའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་པདྨ་འབྱུང༔ ཕྲིན་ལས་སྒྲུབས་ཤིག་ཆོས་སྐྱོང་ཐོད་ཕྲེང་རྩལ༔ གསོལ་འདེབས་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔ གུ་རུ་ཁྱེད་རང་ལྟ་བུའི་བཀྲ་ཤིས་ཤོག༔ སྲིད་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ གང་འདུལ་སྤྲུལ་པ་འགྱེད་པའི་བཀྲ་ཤིས་ཤོག༔ གུ་རུ་ཁྱེད་ཀྱིས་དངོས་གྲུབ་བརྙེས་པ་ལྟར༔ གསོལ་འདེབས་བུ་ཡིས་བརྙེས་པའི་བཀྲ་ཤིས་ཤོག༔ བསམ་པ་རྣམ་དག་ལྷུན་གྱིས་གྲུབ་པ་དང༔ འགྲོ་དོན་འཁོར་བ་དོང་སྤྲུགས་བཀྲ་ཤིས་ཤོག༔ སྨོན་ལམ་རྣམ་དག་མཐའ་བཙན་མྱུར་འགྲུབ་ཤོག༔ ཅེས་པས་གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་མཉམ་པར་གཞག་ཅིང་ཉམས་བསྐྱང་ངོ་༔ སྨོན་ལམ་རྣམ་དག་བཀྲ་ཤིས་ཀྱི་ལེའུ་སྟེ་བདུན་པའོ༔ ཨེ་མ་ཧོ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ རིག་འཛིན་ཆེན་པོའི་གསུང་བཞིན་དུ༔ བླ་མ་ཀུན་འདུས་ཡིད་བཞིན་ནོར་བུ་ཡི༔ ཐུགས་སྒྲུབ་ཀུན་གྱི་ཡང་བཅུད་ཀྱི༔ གསོལ་འདེབས་ལེའུ་བདུན་པ་བཀོད༔ མ་འོངས་རྗེས་འཇུག་གང་ཟག་དང༔ དད་ལྡན་ཕོ་མོ་རྣམས་ཀྱིས་ནི༔ དུས་དྲུག་རྒྱུན་དུ་གསོལ་བ་ཐོབ༔ འདའ་ཀ་ཆོས་ཉིད་འོད་གསལ་བར་དོ་རུ༔ ཨོ་རྒྱན་མཁའ་འགྲོའི་གནས་སུ་མི་བསུ་རེ༔ བསླུ་བ་ཡོད་རེ་ན་ར་ཀན༔ དེ་ཕྱིར་འདི་ཉིད་ཉམས་སུ་སུས་ལེན་བུ༔ མཚོ་རྒྱལ་ང་ཡི་སྨོན་ལམ་འབྲེལ༔ ཨོ་རྒྱན་རིག་འཛིན་གསུང་གི་སྲས༔ ང་ཡི་བུ་དང་འཕྲད་པར་ཤོག༔ ཞིང་སྐྱོང་སེང་གདོང་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ གཏེར་གནས་ཁྲོ་བཅུ་བྲག་ནས་གུ་རུ་མ་ཏི་རཏྣའི་གཏེར་མའོ། །མཁོས་ཆུང་པདྨ་དྲག་པོ་རྩལ་ལ་བུད་མེད་སྔོན་མོ་གཅིག་གིས་དངོས་སུ་གཏད་པ་ལགས་སོ༔ ྀཨཚ།
དམ་ཆོས་དགོངས་པ་ཡང་ཟབ་ལས། རྩ་བ་གསུམ་གྱི་སྐོང་བ་བཤགས་ཟློག་བསམ་དོན་མྱུར་འགྲུབ་ (Volume 4, Text 39)
༄༅། །དམ་ཆོས་དགོངས་པ་ཡང་ཟབ་ལས། རྩ་བ་གསུམ་གྱི་སྐོང་བ་བཤགས་ཟློག་བསམ་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡཻ། རྩ་གསུམ་རྒྱལ་བ་ཞི་ཁྲོ་ཡི། །ཐུགས་དམ་སྐོང་བའི་རིམ་པ་ནི། །མཆོད་ཚོགས་ཡོ་བྱད་དང་ལྡན་པས། །བསྒྲལ་བསྟབ་རྗེས་སུ་འདི་ལྟར་བསྐང་། །ཧཱུྃ་ཧྲཱིཿམཿ གདོད་ནས་ལྷུན་གྲུབ་ཀ་དག་ཆོས་ཀྱི་སྐུ། །ཀུན་བཟང་རྡོ་རྗེ་འཆང་གི་ཐུགས་དམ་བསྐང་། །རིག་གདངས་འགག་མེད་མཉམ་ཡངས་བདལ་བ་ཆེ། །ལོངས་སྐུ་རྩ་གསུམ་ཞི་ཁྲོའི་ཐུགས་དམ་བསྐང་། །རིག་རྩལ་མཐའ་བྲལ་གང་འདུལ་སྤྲུལ་པའི་སྐུ །རྗེ་བཙུན་པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །ཟབ་ཆོས་བཀའ་བབ་པདྨའི་ཐུགས་ཀྱི་མཛོད། །ལྷ་སྲས་འགྲོ་འདུལ་མཆོག་གི་ཐུགས་དམ་བསྐང་། །གཏེར་འབྱིན་རིག་འཛིན་སྙིགས་དུས་གཙུག་གི་ནོར། །རཏྣ་དྲག་པོ་རྩལ་གྱི་ཐུགས་དམ་བསྐང་། །ཆོས་ཀྱི་རྒྱལ་པོ་སྙིང་པོའི་བསྟན་པ་འཛིན། །སྔགས་འཆང་མཆོག་གྲུབ་རྒྱལ་པོའི་ཐུགས་དམ་བསྐང་། །ལྷ་སྲས་བསམ་བཞིན་སླར་ཡང་སྲིད་བཟུང་བ། །རིག་འཛིན་ཐུགས་ཀྱི་རྡོ་རྗེའི་ཐུགས་དམ་བསྐང་། །བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན་པོ་མཆོག །དཀོན་མཆོག་ཕྲིན་ལས་བཟང་པོའི་ཐུགས་དམ་བསྐང་། །ངེས་པ་དོན་གྱི་སྙིང་པོའི་རྡོ་རྗེ་འཛིན། །དོན་གྲུབ་ཆོས་ཀྱི་རྒྱལ་པོའི་ཐུགས་དམ་བསྐང་། །རྒྱལ་བ་ཀུན་ལས་ཕུལ་བྱུང་པད་དཀར་འཆང་། །དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ཐུགས་དམ་བསྐང་། །ཟབ་གསང་སྨིན་གྲོལ་གདམས་པའི་བརྒྱུད་འཛིན་མཁན། །དཔལ་ལྡན་དྷརྨ་སཱུརྻའི་ཐུགས་དམ་བསྐང་། །གསང་བ་སྔགས་ཀྱི་དམ་ཆོས་མཛོད་འཛིན་པ། །བསྟན་འཛིན་ཆོས་ཀྱི་ཉི་མའི་ཐུགས་དམ་བསྐང་། །ཟབ་ལམ་བསྟན་པའི་རྒྱལ་མཚན་མཛོད་འཛིན་པ། །དྲིན་ཅན་རྩ་བའི་བླ་མའི་ཐུགས་དམ་བསྐང་། །སྒྲུབ་པ་པོ་ལ་དངོས་གྲུབ་གཉིས་སྩོལ་བའི། །ཡི་དམ་དབང་ཆེན་དཔའ་བོའི་ཐུགས་དམ་བསྐང་། །བར་ཆད་སེལ་མཛད་མཁའ་འགྲོ་ཀུན་གྱི་གཙོ། །ཡུམ་མཆོག་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་། །ཕུང་ཁམས་སྐྱེ་མཆེད་རང་བཞིན་གནས་དག་པ། །བདེ་གཤེགས་ཞི་བ་རིགས་ལྔའི་ཐུགས་དམ་བསྐང་། །ཉོན་མོངས་རྟོག་ཚོགས་གནས་སུ་རང་དག་པ། །བདེ་གཤེགས་ཁྲོ་ཆེན་རིགས་ལྔའི་ཐུགས་དམ་བསྐང་། །པདྨ་སེམས་དཔའ་ཚེ་དབང་གྲོ་བོ་ལོད། །བདུད་འདུལ་གུ་རུ་གསང་བའི་ཐུགས་དམ་བསྐང་། །འཆི་བདག་འཇོམས་མཛད་ཚེ་ལྷ་རྣམ་པ་ལྔ། །ཐུགས་ཀྱི་ཕག་མོ་ལྷ་ལྔའི་ཐུགས་དམ་བསྐང་། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་དབང་ཆེན་ཀཱི་ལའི་ཐུགས་དམ་བསྐང་། །རྣམ་མང་ཐོས་སྲས་ཨཱརྻ་ཛམྦྷ་ལ། །གནོད་སྦྱིན་སྤུན་གསུམ་བཅས་པའི་ཐུགས་དམ་བསྐང་། །མ་མོ་གཟའ་དང་དམ་ཅན་རྡོ་རྗེ་ལེགས། །མི་སྲུན་ཧ་ར་ནག་པོའི་ཐུགས་དམ་བསྐང་། །གཟའ་བདུད་ནག་པོ་རིགས་འདུལ་སེང་གེའི་གདོང་། །གདུག་བྱེད་ཨ་ཙར་དམར་ནག་ཐུགས་དམ་བསྐང་། །གཙང་སྦྱར་མཆོད་ཡོན་མེ་ཏོག་སྤོས་མར་མེ། །དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་མཆོད་ཡིད་འོང་ཚོགས་ཀྱིས་ཐུགས་དམ་བསྐང་། །དམར་ཆེན་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཞུན་ཆེན་གསལ་བའི་མེ། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་ཚོགས། །རྐང་གླིང་ཐོད་རྔ་ནང་གི་མཆོད་པས་བསྐང། །ཕྱག་རྒྱ་རྣམ་ལྔ་གསང་བའི་མཆོད་པ་དང་། །དོན་དམ་སྤྲོས་བྲལ་དོན་གྱི་མཆོད་པས་བསྐང་། །སྨན་དང་རཀྟ་དམ་རྫས་གཏོར་མར་བཅས། ཁྱད་པར་རྨད་བྱུང་མཆོད་པས་ཐུགས་དམ་བསྐང་། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །མདོར་ན་ཁམས་གསུམ་སྐྱེ་དགུའི་ཉེར་སྤྱོད་ཚོགས། །འདོད་ཡོན་མ་ཚང་མེད་པ་དངོས་འབྱོར་དང་། །ཡིད་སྤྲུལ་ནམ་མཁའི་ཁམས་རྣམས་ཀུན་བཀང་ནས། །རྩ་གསུམ་ཞི་ཁྲོ་སྲུང་མའི་ཐུགས་དམ་བསྐང་། །དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང་། །སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང་། །གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང་། །སྡུག་བསྔལ་ཀ་དག་ཆོས་ཉིད་ཀློང་དུ་བསྐང་། །ཀུན་རྫོབ་དོན་དམ་གཉིས་མེད་ཀློང་དུ་བསྐང་། །མཆོད་དུ་མེད་དེ་གཉིས་མེད་ངང་དུ་མཆོད། །བསྐང་དུ་མེད་དེ་སྐྱེ་མེད་དབྱིངས་སུ་བསྐང་། །སྦྱོར་དུ་མེད་དེ་གཉིས་མེད་དབྱིངས་སུ་སྦྱོར། །སྒྲོལ་དུ་མེད་དེ་ཟུང་འཇུག་ཆེན་པོར་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་། །ཧྲཱིཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་མཆོག་གི་དམ་ནོས་ཀྱང་། །བཀའ་ལས་འགལ་དང་ལུང་ལས་ཉམས། །རྩ་བ་ཡན་ལག་ཉེས་ལྟུང་ཚོགས། །དམ་ལས་འགལ་བ་གང་བགྱིས་པ། །རང་གནོང་འགྱོད་པས་བཤགས་པར་བགྱི། །མ་འབྱོར་མ་རྙེད་ཆད་དང་ལྷག །དབང་ཟ་ཚོད་ཡོད་བརྗེད་ངས་དང་། །དེས་ཆོག་འདིས་འོང་ལ་སོགས་པ། །རང་བློ་འཁྲུལ་པས་ནོངས་པ་ཀུན། །བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཧཱུྃ། དེ་ལྟར་བསྐངས་ཤིང་བཤགས་བགྱིས་ནས། །བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །དུག་ལྔ་ཡེ་ཤེས་ལྔ་རུ་ཟློག །དུག་གསུམ་སྐུ་གསུང་ཐུགས་སུ་ཟློག །ངར་འཛིན་བདག་མེད་དབྱིངས་སུ་ཟློག །རྣམ་རྟོག་ཆོས་སྐུའི་ཀློང་དུ་ཟློག །གཟུང་འཛིན་སྤྲོས་བྲལ་མཁའ་རུ་ཟློག །འཁྲུལ་པ་ཡེ་ཤེས་ཆེན་པོར་ཟློག །དགྲ་བགེགས་ཆོས་ཉིད་ངང་དུ་ཟློག །ནད་གདོན་ཞི་བ་ཆེན་པོར་ཟློག །མི་མཐུན་མཉམ་ཡངས་གསལ་བར་ཟློག །འགལ་རྐྱེན་མི་མངོན་དབྱིངས་སུ་ཟློག །བར་གཅོད་ཀ་དག་ཆོས་སྐུར་ཟློག །འཁོར་འདས་གཉིས་འཛིན་མ་ལུས་པ། །རྫོགས་པ་ཆེན་པོའི་ཀློང་དུ་ཟློག །སྤྲོས་བྲལ་ལ་ཟླ་འུབ་ཀྱིས་ཆུབ། །ཐམས་ཅད་མཉམ་རྫོགས་ཨ་ལ་ལ། །ཞེས་དོན་སེམས་ཤིང་ངག་ཏུའང་བརྗོད་དོ། །དེ་ལྟར་སྐོང་བཤགས་ཟློག་སྒྱུར་དང་བཅས་པ་འདི་ཡང་དམ་ཆོས་དགོངས་པ་ཡང་ཟབ་ཀྱི་ཆ་རྐྱེན་རྩ་གསུམ་ལས་བྱང་རྒྱལ་དབང་ཐམས་ཅད་མཁྱེན་པ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་ཁ་འགེངས་སུ་དེ་ཡི་སྐྱེ་བ་ཡིན་རྒྱུ་བར་རང་གཞན་ཀུན་གྱིས་འཁྲུལ་རློམ་དུ་བྱེད་པ་འབྲི་གུང་རྒན་པོ་ཉམ་ཆུང་མ་ནུས་གྱི་ན་བ་དགེ་སློང་ཆོས་ཀྱི་གྲགས་པས་དྲག་པོའི་གནས་ཆེན་གཏེར་སྒྲོམ་བྲག་དཀར་གྱི་དབེན་གནས་འབྲོང་ངུར་སུམ་མདོའི་གཟིམ་སྤྱིལ་དུ་མགྱོགས་པར་བྲིས་པའོ། །འདིར་དགོངས་པ་ཡང་ཟབ་ཀྱི་ལྷ་གྲངས་དངོས་བསྟན་ཐམས་ཅད་འདུས་པར་སེམས་པས་ཟབ་ཆོས་འདི་ལ་ཉམས་ལེན་བྱེད་པ་རྣམས་ལ་མཁོ་བར་མཆིས་སོ་སྙམ་པ་བྱུང་བས་དགོངས་པར་མཛོད་ཅིག། །།
ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལྕགས་ཀྱི་འཕྲུལ་ལྡེ་ (Volume 20, Text 39)
༄༅། །ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ཀྱི་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་ལྕགས་ཀྱི་འཕྲུལ་ལྡེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མྲྀཏ་ནཱ་ཐཱ་ཡ། ཇི་ལྟར་ཉིན་བྱེད་གཟི་ཡིས་མུན་དྭངས་ཤིང་། །པད་ཚལ་སྦྲང་རྩིའི་དགའ་སྟོན་སྤེལ་བ་བཞིན། །འཆི་བདག་སྨག་རུམ་བསལ་ནས་ཚེ་དབང་གི །དངོས་གྲུབ་མཆོག་སྩོལ་མགོན་པོ་དེ་ལ་འདུད། །ཚེ་སྒྲུབ་བརྒྱ་རྩའི་ཡང་སྙིང་བསྔགས། །ཀུན་ཡིད་ཆེས་པའི་ངོ་མཚར་ཅན། །མཚོ་གཏེར་ལས་བྱོན་མ་བསླད་པའི། །སྨིན་བྱེད་བདུད་རྩིའི་བཅུད་ལ་རོལ། །བླ་མ་རྒྱལ་བ་ཀུན་འདུས་ཡང་གསང་ཚེ་དཔག་ཏུ་མེད་པར་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལས་ཀྱི་སྦྱོར་བ་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་རམ་མཎྜལ་ལ་མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། དེ་སྟེང་ཁྲིའུའི་ཁར་ཚེ་འབྲང་། གཡས་སུ་རྣམ་བུམ་དྲིའི་ཆུ་དང་ཆང་འོ་མ་རྣམས་བསྲེས་པ་ལ་ཉེར་ལྔའི་བཅུད་སྦྱར་བ་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས། གཡོན་དུ་ཐོད་ཆང་ཁར་མེ་ལོང་གསལ་བ། དེ་སྟེང་ལྕགས་ཀྱི་རྡོ་རྗེ་བཅས་བརྩེགས་ལ་བཞག །མདུན་དུ་ཚེ་རིལ་ཚེ་ཆང་། རྒྱབ་ཏུ་མདའ་དར་ཚེ་ནས་དཀར་པོ་སྡེར་གང་། མདུན་ངོས་ཕྱི་མཆོད། སྨན་རཀ་གཏོར་གསུམ་རྣམས་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །དེ་ནས་ཆོ་གའི་སྦྱོར་བ་བླ་མ་རྒྱལ་འདུས་ཞི་ཁྲོ་ལྟར་སྐྱབས་སེམས། སྔོན་གཏོར་བཏང་། རང་གཞུང་གི་བཀའ་བསྒོ་ནས་མཆོད་བརླབ་ཀྱི་བར་དུ་བྱ། དངོས་གཞིའི་ཐོག་མར་དབང་དོན་སྒྲུབ་མཆོད་ནི། ཏིང་འཛིན་རྣམ་གསུམ་ནས་བརྩམ། བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་བསྟོད་པའི་བར་བཏང་། བཟླས་པ་ཅི་འགྲུབ་བྱ། དེ་ནས་དབང་གི་དོན་དུ་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ། བདག་མདུན་གསལ་བའི་ཐུགས་ཀ་ནས༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་སྐྱེ་འགྲོའི་ཚེ༔ དཔལ་འབྱོར་དབང་ཐང་མ་ལུས་བསྡུས༔ ཚེ་ཟན་ཚེ་ཆང་གཏོར་མ་དང༔ མདུན་བསྐྱེད་ལྷ་ལ་ཐིམ་པར་གྱུར༔ ཅེས་དམིགས་ལ་བསྙེན་སྔགས་རྣམས་ཅི་འགྲུབ་བཟླས་ལ་ཚེ་འགུགས་གཏང་། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་མཆོད་བསྟོད་འབུལ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། སྲུང་མའི་གཏོར་འབུལ་དང་། ཚོགས་བྱེད་ན་རྒྱལ་འདུས་ལྟར་མཆོད་བཤགས་བསྒྲལ་བསྟབ་བར་གྲུབ་ནས། དེ་ཉིད་ལས་བྱུང་བའི་ཏིང་ངེ་འཛིན་གྱི་དབང་ལེན་བྱའོ། །གཉིས་པ་དབང་དངོས་ལ། གཞུང་ལས། སྐལ་ལྡན་རེ་རེ་མ་གཏོགས་པ༔ སུ་ཐོད་རྣམས་ལ་དབང་བསྐུར་ན༔ རང་གི་ཚེ་ལ་གནོད་པས་སྤང༔ ཞེས་གསུངས་པས་སློབ་མ་དམ་ལྡན་མི་མང་བ་ལ་ཁྲུས་བྱ། བགེགས་གཏོར་གཏང་། བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་གྲུབ་ནས། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཁྱད་པར། དེའང་མངོན་པར་མཐོ་བའི་དཔལ་ཡོན་དང་ངེས་ལེགས་ཐར་པའི་ལྷ་ཆོས་སྒྲུབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པ། དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་རིང་དུ་འཚོ་བའི་ཐབས་ཁོ་ན་ཐོག་མར་དོན་དུ་གཉེར་དགོས་པ་ཡིན་ལ། ཚེ་རིང་དུ་སྲིང་བའི་ཐབས་ཀྱི་བྱེ་བྲག་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཞིག་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་བདལ་དུ་སྣང་ཡང་། མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་འགྲུབ་པའི་གདམས་ཟབ་ཁྱད་པར་འཕགས་པ་ནི། ཚེ་འོད་དཔག་ཏུ་མེད་པ་ཉིད་འཆི་མེད་རྡོ་རྗེའི་རིག་པ་འཛིན་པའི་སྐུར་བསྟན་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་ཞལ་ལུང་མཁའ་འགྲོའི་ཁ་རླངས་མ་ཡལ་བ་རྣམས་ཡིན་ལ། དེ་ལས་འདིར་སྐབས་སུ་བབས་པ། རིག་འཛིན་ཧཱུྃ་ཆེན་ཀཱ་ར་དང་མཁོན་སྟོན་ཀླུའི་དབང་པོ་ཟུང་འཇུག་གི་རྣམ་འཕྲུལ་རིག་འཛིན་རོལ་པའི་རྡོ་རྗེས་ཆུ་རྟ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས། རྒྱམ་རྒྱལ་རྡོ་ཏིའི་འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ནས་སྤྱན་དྲངས་པའི་བླ་མ་ཞི་དྲག་གི་སྒྲུབ་སྐོར་ལ་ཕྲིན་ལས་ཀྱི་དབང་དུ་བྱས་ན་ཞི་རྒྱས་དབང་དྲག་སྡེ་ཚན་བཞིར་ཡོད་པའི་ནང་ཚན། ཁ་བྱང་ལས། ཚེ་སྒྲུབ་ལྕགས་ཀྱི་བང་མཛོད་ལ༔ ཚེ་དང་བསོད་ནམས་སྒྲུབ་པའི་ཐབས༔ ཞེས་གསུངས་པ་ལྟར་རྒྱས་པའི་ལས་གཙོ་བོར་བཏོན་པ་དང་། སྒྲུབ་ཚུལ་གྱི་དབང་དུ་བྱས་ན་བླ་མ་ཡང་གསང་ཚེ་དཔག་ཏུ་མེད་པར་སྒྲུབ་པའི་ཐབས་ཤིན་ཏུ་ཟབ་མྱུར་བྱིན་ནུས་ཆེན་པོ་དང་ལྡན་པ་ཡིན་ཏེ། གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཱ་ར་ཏཱི་ཀའི་བྲག་ཕུག་ཏུ༔ ཚེ་ཡི་རིག་འཛིན་བསྒྲུབས་པའི་དུས༔ ཚེ་དཔག་ཡབ་ཡུམ་དངོས་སུ་བྱོན༔ དབང་བསྐུར་བྱིན་བརླབས་གྲུབ་པ་ཐོབ༔ སྐྱེ་འཆི་མེད་པའི་སྐུ་བརྙེས་ཏེ༔ མ་འོངས་འགྲོ་ལ་བརྩེ་ཕྱིར་དུ༔ ཚེ་སྒྲུབ་བརྒྱ་དང་རྩ་བརྒྱད་སྦས༔ ཁྱད་པར་ལྕགས་ཀྱི་བང་མཛོད་འདི༔ སྒྲུབ་ཐབས་ཀུན་གྱི་ཡང་སྙིང་ཡིན༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ དུས་མིན་འཆི་བ་མི་འབྱུང་སྟེ༔ དུས་ཟད་པ་ཡི་མི་ཡིན་ཡང༔ ལོ་གསུམ་འཆི་བ་བཟློག་པར་འགྱུར༔ ཅེས་བསྔགས་པ་དོན་དང་ལྡན་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཔའ་བོ་ཆེན་པོ་ཧེ་རུ་ཀ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་འཛིན༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ སྐལ་ལྡན་རྗེས་སུ་འཛིན་པར་འཚལ༔ ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་དབྱེར་མེད་པ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ། བཞུགས་པའི་སྤྱན་སྔར་གསག་སྦྱོང་སྙིང་པོ་བསྡུས་པ་ཡན་ལག་བཅུ་པའི་དམིགས་འདུན་རྣམས་རིམ་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་གཤེགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ བསོད་ནམས་ཀུན་ལ་ཡི་རང་ངོ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་རྩ་འགྲོ་དྲུག་ཡོངས་ལ་བསྔོ༔ སྐྱེ་འཆི་མེད་པའི་ལུས་ཐོབ་ཤོག༔ ཞེས་ལན་གསུམ། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་རྩེ་གཅིག་ཏུ་གཅུན་ལ་ཏིང་ངེ་འཛིན་འདི་ལྟར་དུ་སྒོམས་ཤིག །ཧྲཱི༔ སློབ་མ་གནས་པའི་ས་གཞི་ནི༔ གསེར་གྱི་མིག་མང་རིས་སུ་ཆགས༔ དེ་དབུས་རྨ་བྱས་གཏེགས་པའི་ཁྲིར༔ ལྕགས་ཀྱི་པདྨ་ཉི་ཟླ་བརྩེགས༔ ཕུང་ཁམས་སྐྱེ་མཆེད་སྟོང་པ་ལས༔ རིག་རྩལ་མགོན་པོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས༔ རྡོ་རྗེ་སྐྱིལ་ཀྲུང་ཞི་བའི་ཚུལ༔ ལོངས་སྐུ་མཚན་དང་དཔེ་བྱད་ལྡན༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་ཧྲཱི༔ གོས་དཀར་མོ་དང་དབྱེར་མེད་འཁྲིལ༔ རིག་འཛིན་མཁའ་འགྲོ་ཚེ་ཡི་ལྷ༔ རིགས་བཞི་ཡབ་ཡུམ་ཚེ་བདག་བཞི༔ མགྱོགས་མ་བཞི་དང་སྒོ་བ་བཞི༔ སྒོ་མ་དྲང་སྲོང་རིག་འཛིན་ཚོགས༔ ཚེ་བདག་སྤྲིན་ལྟར་གཏིབས་པས་བསྐོར༔ ཚེ་ཡི་དངོས་གྲུབ་གནས་ནས་འགུགས༔ མེ་ལོང་ནང་གི་གཟུགས་ལྟར་གསལ༔ ཧྲཱི༔ བདག་མདུན་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་ཞིང་ཀུན་ཁྱབ་པར་འཕྲོས༔ རྒྱལ་བ་རབ་འབྱམས་ཚེ་ཡི་ལྷ༔ སྐད་ཅིག་ཉིད་ལ་གཤེགས་གྱུར་ཅིང༔ ནམ་མཁའ་ས་གཞི་བར་སྣང་ཁེངས༔ བཀྲག་མདངས་གཟི་བརྗིད་འོད་དུ་འབར༔ མཚོ་ལ་ཆར་པ་བབས་པ་ལྟར༔ སློབ་མའི་སྤྱི་བོར་སིབ་སིབ་ཐིམ༔ མདའ་དར་གཡབ། སྤོས་རོལ་དབྱངས་བཅས། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ བཅོམ་ལྡན་ཚེ་དཔག་ཡབ་ཡུམ་གྱིས༔ སྐྱེ་འཆི་མེད་པའི་རིག་འཛིན་བརྙེས༔ འཁོར་དུ་རྒྱལ་བ་རྒྱ་མཚོས་བསྐོར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་སོལ༔ དེ་འོག་བར་གྱི་བསྐལ་པ་ལ༔ ཤཱཀྱ་ཐུབ་པ་བྱོན་པའི་རྗེས༔ རིག་འཛིན་པདྨ་ཡབ་ཡུམ་གྱིས༔ མཱ་ར་ཏཱི་ཀར་འཆི་མེད་གྲུབ༔ རིག་འཛིན་རྒྱ་མཚོའི་འཁོར་གྱིས་བསྐོར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་སོལ༔ དེ་ནས་པད་འབྱུང་བཞུགས་པའི་ཚེ༔ མཱ་ར་ཏཱི་ཀ་དེ་ཉིད་དུ༔ མཁའ་འགྲོ་ཚེ་བདག་དཀར་མོ་དེས༔ འཆི་མེད་ཚེ་ཡི་རིག་འཛིན་གྲུབ༔ གྲུབ་པའི་ལྷ་མོ་རྒྱ་མཚོས་བསྐོར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་སོལ༔ ད་ལྟ་རྣལ་འབྱོར་བདག་ཅག་གིས༔ འཆི་མེད་རིག་འཛིན་སྒྲུབ་ལགས་ན༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ ཚེ་བཅུད་ཉམས་པ་སོར་ཆུད་ནས༔ དཔལ་དང་ལོངས་སྤྱོད་ཟླ་རྒྱས་ལྟར༔ གཞོམ་གཞིག་བྲལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨ་མི་དེ་བ་ས་པ་རི་བཱ་ར་པྲ་བེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་ཨ་མི་ཏ་བྷཱ་ཧྲཱིཿསུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །དེ་ནས་དབང་དངོས་གཞི་ལ་ཐུན་མོང་དབང་བཞི། ཁྱད་པར་ཚེ་དབང་། མཐའ་རྟེན་དངོས་གྲུབ་སྦྱིན་པ་གསུམ་དུ་ཡོད་པའི་དང་པོ་དབང་བཞི་རིམ་པར་བསྐུར་བའི་ཐོག་མར། རྣམ་རྒྱལ་བུམ་པ་ལ་བརྟེན་ནས་སྐུ་བུམ་པའི་དབང་བསྐུར་བ་ཡིན་པས་གཞུང་གི་ཚིག་རིས་དང་མཐུན་པར་རྩ་བའི་དམིགས་པ་གསལ་འདེབས་པ་དང་། ཞར་བྱུང་རྟོགས་པ་བརྗོད་པ་ལ་ངེས་ཤེས་སྐྱེད་པར་མཛོད་ཅིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བཅོམ་ལྡན་ཚེ་དཔག་ལྷ་ཚོགས་བཞུགས༔ སྐུ་ལས་སྐུ་འཕྲོས་སྣང་སྲིད་ཁྱབ༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་རླབས་ཨོཾ་ལ་བསྡུས༔ སློབ་མ་ཁྱེད་ཀྱི་དཔྲལ་བར་ཐིམ༔ བུམ་པའི་དབང་ཐོབ་ལུས་སྒྲིབ་དག༔ སྣང་སྲིད་སྤྲུལ་སྐུའི་གཟུགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན། ཐོད་པའི་བདུད་རྩི་ལ་བརྟེན་ནས་གསུང་གསང་དབང་བསྐུར་བ་ཡིན་པས་དམིགས་པ་དང་ངེས་ཤེས་སྐྱེད་ཅིག །ཐོད་ཆང་མགྲིན་པར་བཞག་ཅིང་ཁར་སྦྱིན་ལ། ཧྲཱི༔ ཐོད་པའི་རང་བཞིན་ཡབ་ཡུམ་མཁའ༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ གསུང་ལས་གསུང་འཕྲོས་སྣང་སྲིད་ཁྱབ༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་ཨཱཿལ་བསྡུས༔ སློབ་མ་ཁྱོད་ཀྱི་ལྕེ་ལ་ཐིམ༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ བདེ་སྟོང་ལོངས་སྐུ་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད་པར་མོས་ལ་རྗེས་ཟློས་མཛོད། ཕྲེང་བ་གཏད་ལ། སྒྲུབ་ཐབས་ལྟར་སྔགས་རྣམས་ལན་གསུམ་གསུམ་བཟླར་གཞུག །མེ་ལོང་གསལ་བ་ལ་བརྟེན་ནས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་པས་དམིགས་པ་དང་ངེས་ཤེས་སྐྱེད་ཅིག །མེ་ལོང་སྙིང་གར་བཞག་ལ། ཧྲཱི༔ མེ་ལོང་རང་བཞིན་ནམ་མཁའི་ཁམས༔ སྣ་ཚོགས་གཟུགས་བརྙན་རང་རིག་རྩལ༔ ཐུགས་ལས་ཐུགས་འཕྲོས་སྣང་སྲིད་ཁྱབ༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་བྱིན་རླབས་ཧཱུྃ་ལ་བསྡུས༔ སློབ་མ་ཁྱོད་ཀྱི་སེམས་ལ་ཐིམ༔ ཤེས་རབ་དབང་ཐོབ་སེམས་སྒྲིབ་དག༔ སྤྲོས་བྲལ་ཆོས་སྐུ་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དུ་གཟུགས་བརྙན་ཤར་བར་བྱས་ལ། མེ་ལོང་ནང་གི་གཟུགས་བརྙན་དེ༔ བྱུང་ས་སྐྱེ་ས་སྐྱེ་མཁན་བརྟག༔ ངོ་བོ་བལྟ་ཞིང་གཞི་རྩ་གཅོད༔ དེ་ཡི་དཔེ་དོན་གཏན་ལ་དབབ༔ ཅེས་གསུངས་པའི་དོན་མེ་ལོང་ནང་དུ་གཟུགས་བརྙན་ཤར་ཡང་གང་ནས་ཀྱང་མ་བྱུང་། གང་དུའང་མི་འགྲོ །སྣང་བཞིན་དུ་སྟོང། སྟོང་བཞིན་དུ་སྣང་བ་ཡིན་ལ། དཔེ་དེ་བཞིན་དུ་རང་གི་སེམས་ལ་བདག་དང་བདག་གིར་འཛིན་པའི་དབང་གིས་རྣམ་རྟོག་སྣ་ཚོགས་སུ་འཕྲོ་ཡང་གང་ནས་ཀྱང་མ་སྐྱེས་གང་དུའང་མི་འགག །ངོ་བོ་སྟོང་ལ་རང་བཞིན་གསལ་བ་གདོད་ནས་གཉིས་མེད་ཟུང་འཇུག་གི་དོན་གོ་བར་མཛོད་ཅིག །ལྕགས་ཀྱི་རྡོ་རྗེ་ལ་བརྟེན་ནས་བཞི་པ་ཡེ་ཤེས་ཆེན་པོའི་དབང་བསྐུར་བ་ཡིན་པས་དམིགས་པ་དང་ངེས་ཤེས་སྐྱེད་འཚལ། ལྕགས་རྡོར་གནས་བཞིར་གཏུགས་ལ། ཧྲཱི༔ རྡོ་རྗེའི་རང་བཞིན་སྐྱེ་འཆི་མེད༔ ལྟེ་བར་ཡི་གེ་ཧྲཱིཿཡིས་མཚན༔ ཧྲཱིཿལས་ཧྲཱིཿའཕྲོས་སྣང་སྲིད་ཁྱབ༔ རྒྱལ་བའི་བྱིན་རླབས་ཐམས་ཅད་ཀུན༔ ཡི་གེ་ཧྲཱིཿཡི་རྣམ་པར་བསྡུས༔ སློབ་མ་ཁྱོད་ཀྱི་གནས་ལྔར་ཐིམ༔ དབང་བཞི་ཐོབ་ནས་སྒྲིབ་ཀུན་དག༔ ཀློང་རྫོགས་ངོ་བོ་ཉིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿསརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཉིས་པ་ཁྱད་པར་ཚེ་འབྲང་ལ་བརྟེན་ནས་འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛོད། ཚེའི་བུམ་པ་འདི་ཉིད་ཕྱི་ལྟར་རྡོ་རྗེ་རིན་པོ་ཆེའི་གཞལ་མེད་ཁང་། ནང་ལྟར་འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས་པ། གསང་བ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་འཕྲོས་པས། འཁོར་འདས་ཀྱི་བཅུད་དང་དྭངས་མ་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པར་ཞུགས། བདུད་རྩིའི་ཆུ་རྒྱུན་བུམ་པའི་ཁ་ནས་ལུད་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བས་འཆི་མེད་ཚེའི་དབང་ཐོབ། གཞོམ་མེད་རྡོ་རྗེའི་སྐུ་བརྙེས་པར་མོས་ཤིག །ཚེ་འབྲང་རེ་རེ་བཞིན་སྤྱི་བོར་བཞག་ལ། ཧྲཱི༔ བུམ་པའི་ངོ་བོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ གོས་དཀར་མོ་དང་དབྱེར་མེད་འཁྲིལ༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་འཁོར་ལོ་ཨོཾ་གྱིས་མཚན༔ མགྲིན་པར་པདྨ་ཨཱཿཡིས་མཚན༔ ཐུགས་ཀར་རྡོ་རྗེ་ཧཱུྃ་གིས་མཚན༔ ལྟེ་བར་ནོར་བུ་ཧྲཱིཿཡིས་མཚན༔ གསང་བར་རྒྱ་གྲམ་བྷྲཱུྃ་གྱིས་མཚན༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སློབ་མ་ཁྱོད་ཀྱི་སྤྱི་བོ་ནས༔ མར་ལ་ཞུགས་ཏེ་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མི་ཏ་བྷཱ་ཧྲཱིཿཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱི༔ བུམ་པའི་ངོ་བོ་པདྨ་འབྱུང༔ དཀར་གསལ་མདའ་དར་ཚེ་བུམ་འཛིན༔ མནྡཱ་ར་བ་སྐུ་ལ་འཁྲིལ༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ ཉི་མ་འབུམ་གྱི་འོད་ཟེར་འབར༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་གོང་ལྟར་བརྗོད། ཧྲཱི༔ བུམ་པའི་ངོ་བོ་ཚེ་བདག་མོ༔ དཀར་དམར་བདུད་རྩི་ཚེ་བུམ་བསྣམས༔ གྲུབ་པའི་ལྷ་མོ་འཁོར་དང་བཅས༔ རིན་ཆེན་རྒྱན་མཛེས་ཞབས་གཉིས་བཞེངས༔ ཤིང་ལོ་རྒྱས་པའི་དབུས་སུ་གནས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། ཧྲཱི༔ བུམ་པའི་ངོ་བོ་རིགས་བཞི་ཡབ༔ བདུད་རྩིའི་ངོ་བོ་རིགས་བཞི་ཡུམ༔ ཕྲིན་ལས་བཞི་ཡི་ཁ་དོག་ལྡན༔ རང་རྟགས་ཕྱག་མཚན་ཚེ་བུམ་བསྣམས༔ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། ཧྲཱི༔ བུམ་པའི་ངོ་བོ་ཚེ་བདག་བཞི༔ བདུད་རྩིའི་ངོ་བོ་མགྱོགས་མ་བཞི༔ ཁ་དོག་བཞི་ལྡན་བུམ་པ་དང༔ མདའ་དར་འཛིན་འཆིང་སྡོམ་མྱོས་ཐོགས༔ རིན་ཆེན་རྒྱན་མཛེས་རོལ་སྟབས་བཞུགས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། ཧྲཱི༔ བུམ་པའི་ངོ་བོ་སྒོ་སྲུང་ཡབ༔ བདུད་རྩིའི་རང་བཞིན་སྒོ་སྲུང་ཡུམ༔ དུང་གསེར་བྱུ་རུ་གཡུ་ཡི་མདོག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕྱག་ན་བསྣམས་ཞིང་ཁྲོ་ཆས་རྫོགས༔ གྱད་ཀྱི་འདོར་ཐབས་ཚུལ་དུ་བཞུགས༔ གནས་ལྔར་ཕྱག་མཚན་ཡིག་འབྲུ་ལྔ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་རྒྱལ་བའི་བྱིན་རླབས་དང༔ འབྱུང་བའི་བཅུད་དང་ཚེ་བསོད་བསྡུས༔ འཆི་མེད་ཚེ་ཡི་བདུད་རྩིར་གྱུར༔ སྤྱི་བོར་ཐིམ་པས་ལུས་རྣམས་ཁེངས༔ འཆི་མེད་རྡོ་རྗེའི་དབང་ཐོབ་ཤོག༔ སྔགས་བརྗོད། དེ་ལྟར་འཆི་མེད་རྡོ་རྗེ་ཚེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབང་བསྐུར་སོང་ནས། ཚེ་བུམ་གྱི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་གྱུར་ནས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བར་རྒྱས་བཏབ་པར་མོས་ཤིག །ཚེ་འབྲང་གནས་ལྔར་བཞག་ལ། ཧྲཱི༔ ཕྱི་ལྟར་བུམ་པའི་གཞལ་ཡས་ཁང༔ ནང་ལྟར་བདུད་རྩི་ཚེ་ཡི་བཅུད༔ གསང་བར་འཆི་མེད་རྡོ་རྗེའི་ལྷས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་སྐུ་ཡི་ལྷ་ཚོགས་སྐུ་ལ་ཐིམ༔ སློབ་མའི་ལུས་ལ་གཟུགས་སྐུ་ཐིམ༔ ཨཱཿགསུང་གི་ལྷ་ཚོགས་གསུང་ལ་ཐིམ༔ སློབ་མའི་ངག་ལ་ལོངས་སྐུ་ཐིམ༔ ཧཱུྃ་ཐུགས་ཀྱི་ལྷ་ཚོགས་ཐུགས་ལ་ཐིམ༔ སློབ་མའི་སེམས་ལ་ཆོས་སྐུ་ཐིམ༔ བྱིན་རླབས་ནུས་རྩལ་མཐུ་སྟོབས་ཀུན༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ མི་འགྱུར་རྡོ་རྗེ་རྒྱ་ཡིས་བཏབ༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ རྡོ་རྗེ་འཛིན་གྱིས་མི་གཞིག་ན༔ ཕྲ་རགས་བགེགས་ཀྱིས་སྨོས་ཅི་དགོས༔ བྷྲཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ཨོཾ་བྷྲཱུྃ་ཨཱཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འདི་སྐབས་རྣམ་བུམ་གྱིས་དབང་བསྐུར་བ་ནི་ཚིག་ཙམ་གྱིས་འཁྲུལ་ནས་ཐབས་ཤེས་ཁ་སྦྱོར་གྱི་འགྲེས་ཤོར་བ་སྟེ། འདིར་ཐུན་མོང་མ་ཡིན་པའི་ཚེ་དབང་བསྐུར་བའི་སྐབས་ཡིན་པས་དེའི་སྒྲུབ་རྟེན་ཚེ་འབྲང་ལ་གསུངས་པ་མ་ཟད། ལས་བྱང་དང་དབང་ཆོག་གཉིས་ཀར། ཚེ་བུམ་དང་དབང་བུམ་གཉིས་སུ་བཤད་ཅིང་འདི་སྐབས་ཚེ་བུམ་ཐོགས་པར་གསུངས་པའི་ཕྱིར་རོ། །གསུམ་པ་མཐའ་རྟེན་དངོས་གྲུབ་ཀྱི་རྫས་དབང་སྦྱིན་པའི་ཐོག་མར་ཚེ་འགུགས་པའི་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བ་ཙམ་གྱིས་སྐུ་ལས་འཕྲོས་པའི་འོད་ཟེར་དང་ཕོ་ཉའི་ཚོགས་ཉི་ཟེར་རྡུལ་ལྟར་འཚུབས་པས་འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ། བྱིན་རླབས་ནུས་སྟོབས་ཐམས་ཅད་འོད་ཟེར་ཐིག་ལེ་ཡིག་འབྲུའི་རྣམ་པར་འུབ་ཀྱིས་བསྡུས་ཏེ་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །མདའ་དར་གཡབ་ལ་སྒྲུབ་ཐབས་མཇུག་གི །ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སོགས་ཚང་བ་གྱེར། སྲིད་དང་ཞི་བའི་བཅུད་དང་དྭངས་མ་གཅིག་ཏུ་འདུས་པའི་བཀྲ་ཤིས་དངོས་གྲུབ་ཚེའི་རྫས་རྣམས་མྱང་བས་འཆི་མེད་རྡོ་རྗེ་ཚེའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ལ། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བདུད་རྩི་འདི་ལ་བརྟེན་ནས་ནི༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ སྐལ་ལྡན་སློབ་མ་ཁྱོད་ལ་སྦྱིན༔ ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད༔ དམ་རྫས་མ་སྤངས་བཅུད་ལེན་འགུགས༔ དུག་དང་རྨ་བྱའི་རང་བཞིན་ནོ༔ ཚེ་རིལ་སྦྱིན་ལ། ཧྲཱི༔ དེ་འོག་བར་གྱི་བསྐལ་པ་ལ༔ དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ རིལ་བུ་འདི་ལ་བརྟེན་ནས་ནི༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ སྐལ་ལྡན་སློབ་མ་ཁྱོད་ལ་སྦྱིན༔ འབྱོར་བ་དྲུག་དང་ལྡན་པ་ཡི༔ ཟ་ཐང་དཔལ་ལ་ལོངས་སྤྱོད་ཅིང༔ བདེ་དྲོད་རང་འབར་དབང་ཐོབ་ཤོག༔ ཚེ་ནས་སྦྱིན་ལ། ཧྲཱི༔ དེ་འོག་བསྐལ་པ་ཐ་མ་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ འབྲུ་སྣ་འདི་ལ་བརྟེན་ནས་ནི༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ སྐལ་ལྡན་སློབ་མ་ཁྱོད་ལ་སྦྱིན༔ ལོངས་སྤྱོད་འཛད་མེད་མངའ་ཐང་རྒྱས༔ མི་འགྱུར་ལྕགས་ཀྱི་སྲོག་རྩ་ཐོབ༔ འབྱུང་བ་བཞི་ལས་རྒྱལ་བར་ཤོག༔ དེས་དངོས་གྲུབ་ཀྱི་རྫས་མཆོག་རྣམས་ཀྱིས་ཞལ་བསྲོ་བ་གྲུབ་ནས། གཞོམ་གཞིག་དང་བྲལ་བར་རྒྱས་འདེབས་པ་ལ། ལྷ་ཚོགས་རྣམས་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཏུ་གྱུར་ནས་འོད་འཁྱིལ་ལེར་གཡོགས་པར་མོས་ཤིག །རྡོ་རྗེ་དང་བཅས་པའི་ཚེ་མདའ་གནས་རྣམས་སུ་རྒྱ་གྲམ་དུ་བཞག་ལ། སྒྲུབ་ཐབས་མཇུག་གི །ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་སོགས་བརྗོད། དེ་ནས་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་ལྷ་ཚོགས་འོད་དུ་ཞུ༔ སློབ་མ་ཁྱོད་དང་གཉིས་མེད་འདྲེས༔ མགོན་པོ་ཚེ་དཔག་མེད་དུ་གྱུར༔ སྙིང་གར་ཧྲཱིཿཡིག་དམར་པོ་གསལ༔ དེ་ལྟར་ཁྱེད་རང་མགོན་པོ་ཚེ་དཔག་མེད་དངོས་ཀྱི་གོ་འཕང་དུ་འཁོད་པ་ལ་རྡོ་རྗེའི་བདེན་ཚིག་དང་མེ་ཏོག་ཆར་དུ་བསྙིལ་ནས་མངའ་གསོལ་བར་མོས་ཤིག །ཨོཾ༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ ཨཱ༔ འགག་པ་མེད་པ་རྡོ་རྗེའི་གསུང༔ ཧཱུྃ༔ འཁྲུལ་པ་མེད་པ་རྡོ་རྗེའི་ཐུགས༔ ཧྲཱི༔ གཞོམ་མེད་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་ཤིས་བརྗོད་རྒྱས་པར་བྱ་ཞིང་མེ་ཏོག་འཐོར། དེ་ནས་དམ་ཚིག་བསྒྲག་བཟུང་། གཏང་རག །མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཚོགས་བཏང་ན་ཚོགས་ལ་རོལ་ཞིང་ལྷག་མ་ཆད་བརྟན་རྟ་བྲོ་བཅས། གང་ལྟར་གཏང་རག་གི་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་མེད་དང་བསྟུན་པའི་མདུན་བསྐྱེད་བསྡུ་ཚུལ་དང་། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཡང་གསང་བ་སྤྱི་མཐུན་བླ་མའི་ལས་བྱང་ལས་བླང་བར་བྱའོ། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ཐིག་ལེར་སྨིན། །འཕོ་མེད་སྲོག་རྩར་རྡོ་རྗེའི་མདུད་པ་ཐེབས། །སྐྱེ་འཆིའི་རྟོག་ཚོགས་ཡེ་ཤེས་ཕྱག་རྒྱས་བཅིངས། །ཚེ་དཔག་མེད་པའི་རྒྱལ་བ་འགྲུབ་གྱུར་ཅིག །འདི་ལ་གཏེར་གཞུང་འདོན་སྒོམ་སྦྲགས་མར་ཡོད་པས་གསར་བཀོད་ངལ་བར་ཟད་ཀྱང་མཚམས་སྦྱོར་གསལ་འདེབས་ཅུང་ཟད་མེད་ན་གྱེར་ལོ་ཙམ་གྱི་དབང་བསྐུར་དུ་འགྱུར་བར་མཐོང་ནས། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་བྱེ་བྲག་འཆི་མེད་རྡོ་རྗེའི་རྫོང་ཆེན་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས། ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་སྨིན་བྱེད་མ་བུ་གབ་སྤྲད་བལྟས་ཆོག་ཏུ་བསྡེབས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ (Volume 3, Text 39)
༄༅། །བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་ལས། ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་སྨིན་བྱེད་མ་བུ་གབ་སྤྲད་བལྟས་ཆོག་ཏུ་བསྡེབས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ས་མནྟ་བྷ་དྲཱ་ཡ། །ཀུན་བཟང་ཡངས་པ་གདལ་ཁྱབ་ཐུགས་ཀྱི་ཀློང་། །རིག་རྩལ་སྣང་བའི་ཟེར་འཕྲོ་ཚོམ་བུའི་ལྷ། །བླ་མེད་སྙིང་གི་དགོངས་པའི་དཀྱིལ་འཁོར་པ། །སྤྲོ་མཛད་མགོན་པོ་པདྨའི་ཞབས་ལ་འདུད། །མཐོང་བས་སྤྲོ་སྐྱེད་ཐོས་པས་རྣམ་གྲོལ་ཆོས། །དབང་རབ་བློ་བཟང་མྱུར་བདེར་བགྲོད་པའི་ལམ། །གང་འདིར་འཇུག་པའི་སྐལ་བས་མི་ཕོངས་པ། །དེ་དག་ཐར་པའི་དཔྱིད་འཇོ་འདིར་བསྙེན་ཅིག །བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོའི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་བཟུང་བའི་ཚུལ་ལ། གཞུང་གི་དགོངས་པ་དངོས་ནི་སྤྲོས་བཅས་སྒྲུབ་ཆེན་དང་འབྲེལ་བ་ཡིན་པས་དེ་ལྟ་ན་ཁོག་དབུབ་ནམ་མཁའ་ཀློང་ཡངས་གཞིར་བཞག །ཞི་ཁྲོའི་ཆོས་སྐོར་མ་བུ་རྣམས་བསྡེབ་དགོས་ལ། དེང་སང་དཀྱུས་ཀྱི་རིང་སྲོལ་དབང་རྐྱང་ཙམ་རིངས་པར་དོན་དུ་གཉེར་བ་ལ། ལྟ་དགོངས་དང་ལྡན་ཅིང་རྩ་བསྙེན་སྔོན་དུ་སོང་བའི་སློབ་དཔོན་གྱིས་སྒྲུབ་མཆོད་དཀྱུས་མ་ཙམ་ལ་བརྟེན་ནས་དབང་ཡོངས་རྫོགས་སྦྱིན་པའང་རུང་བ་ཁོ་ན་ཡིན་པའི་ཕྱིར་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་ཀྱང་འབྱུང་བ་དང་། དུས་དབང་གིས་སླ་ཆོས་དོན་དུ་གཉེར་བ་མང་བས་དེ་ལ་བརྟེན་ནས་ཆོས་བཀའི་སྨིན་གྲོལ་མི་ཆད་པ་སོགས་དུས་དང་བསྟུན་པའི་འགྲོ་དོན་དུ་སྣང་བའི་ཕྱིར། འདིར་ཡང་འཕྲལ་བདེའི་ཆེད་དུ་ལུགས་ཕྱི་མ་ལྟར་སྨོས་པ་ལ་གསུམ། སྦྱོར་བ་དབང་དོན་ལ་འཇུག་པའི་བྱ་བ། དངོས་གཞི་དབང་བསྐུར་གྱི་ལས་རིམ། རྗེས་ཆོ་གའི་མཇུག་དོན་གྱི་རིམ་པའོ། །དང་པོ་ལ་གཉིས། དབང་གི་ཡོ་བྱད་ཉེ་བར་བསྡོག་པ། དབང་དོན་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའོ། །དང་པོ་ནི། གནས་དུས་ཕུན་སུམ་ཚོགས་པར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པས་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་འཛོམ་ན་དབུས་སུ་སྨན་ལྔ། ཤར་དུ་འབྲུ་ལྔ། ལྷོར་རིན་པོ་ཆེ་ལྔ། ནུབ་ཏུ་དྲི་ལྔ། བྱང་དུ་སྙིང་པོ་ལྔ་བླུགས་པའི་བུམ་པ་ལྔ་མགུལ་ཆིངས་དབུས་མཐིང་ཤར་དཀར་སོགས་ཕྱོགས་མདོག་ཁ་རྒྱན་རིགས་ལྔའི་སྐུ་ཙཀ་སོ་སོར་བཙུགས་པ་གཟུངས་རྡོར་བཅས་བཤམ། མ་འཛོམ་ན་བུམ་པ་གཅིག་ལ་རྫས་དེ་དག་ཚང་བར་བྱས་ནས་དབུས་སུ་བཞག་པའི་སྟེང་དུ་འཕྲུལ་སྟེགས་ལ། དབང་གཏོར་ཟླུམ་པོ་པདྨ་འདབ་བརྒྱད་ཀྱིས་བསྐོར་ཞིང་རྩེ་མོར་རྡོ་རྗེ་ཕྱེད་པ། གཡས་གཡོན་དུ་ཉི་ཟླ། གཙོ་བོའི་སྐུ་ཙཀ་དར་གདུགས་རྣམས་ཀྱིས་བརྒྱན་ཅིང་ཟས་སྣས་བསྐོར་བ་བཤམ། དབུས་སུ་ལྷ་ཙཀ་ཚང་བ་དང་། ཕྱོགས་བཞིར་མིང་དབང་རྡོར་དྲིལ་དབུ་རྒྱན་རྡོ་རྗེ་དང་དྲིལ་བུ་རྣམས་རིམ་པར་བཞག །ལྷོར་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་བདུད་རྩི་ཆོས་སྨན་སྦྱར་བ། ནུབ་ཏུ་རིག་ཙཀ་ཕག་མོའི་གཟུགས། བྱང་དུ་ཤེལ་རྡོ་མེ་ལོང་རྨ་བྱའི་མདོངས། རྒྱབ་ཕྱོགས་སུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་བྱ། འགྲུབ་ན་ལས་བྱང་དུ་གསུངས་པ་ལྟར་བརྒྱ་རྩ་རྣམས་ཀྱང་བསྒྲིགས་ཤིང་དཀྱིལ་འཁོར་གྱི་ཕྱོགས་བཞིར་རལ་གྲི་བཞི་དང་ཕུར་བུ་བཞི། མཚམས་བཞིར་མདའ་དར་བཞི་བཙུགས་ལ་ཚོན་སྐུད་བྲེ་དགོས་ཀྱང་དཀྱུས་ཙམ་ལ་མ་འཛོམ་ནའང་ཆོག་རུང་། མདའ་རལ་གྲི་ཕུར་བུ་བཞི་རྣམས་དབང་གི་ཆས་ལ་མཁོ་བས་ཙཀ་ལིར་བྲིས་པ་དང་། གཞན་ཡང་དཔའ་བོ་འབྲུ་ལྔ་ལ་དབྱངས་གསལ་གྱིས་བསྐོར་བ། ཕྱག་མཚན་ལྔ། ཐིག་ལེ་ལྔ། འབྱུང་ལྔའི་དབྱིབས་བཅས་ཀྱི་ཙཀླི་བཞི། རྫས་བརྒྱད། རྟགས་བརྒྱད། སྣ་བདུན་རྣམས་དང་། ལས་བུམ། དུང་ཞལ་གྱི་ཆུ། སོ་ཤིང་། སྲུང་སྐུད་ལྔ་བསྒྲིལ། ཀུ་ཤ །མིག་དར་མེ་ཏོག་རྣམས་དང་། གཞན་ཡང་སྔོན་གཏོར། ཆོས་སྲུང་གཏོར་འབུལ། ཆད་བརྟན། ཚོགས་ཀྱི་ཡོ་བྱད་ལ་སོགས་ཉེ་བར་མཁོ་བ་རྣམས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་ནི། སྐྱབས་སེམས་སྔོན་གཏོར་རྣམས་ནི་སྤྲོ་ན་འཇའ་ཚོན་གཏེར་མ་སྔོན་འགྲོ་ཐར་ལམ་དཀར་པོ་ལས་འབྱུང་བའམ། དཀོན་མཆོག་སྤྱི་འདུས་ལྟ་བུ་རྒྱས་བསྡུས་གང་རིགས་བྱ་ཆོག་ཅིང་། ལྟ་བའི་མཚམས་གཅོད་ནས་བཟུང་རང་གཞུང་མཐར་ཆགས་སུ་བཏང་སྟེ་བདག་མདུན་དབྱེར་མེད་དུ་བསྒྲུབ་པའམ། བདག་བསྐྱེད་གནས་ལྔར་དཀྱིལ་འཁོར་བཀོད་པའི་ལུས་དཀྱིལ། མདུན་བསྐྱེད་ཀུན་བཟང་འོད་དུ་ཞུ་བའི་གཞལ་ཡས་ཁང་གི་དབུས་སུ་ཞི་བ། ཤར་དུ་ཁྲོ་བོ། ལྷོར་རིག་འཛིན། ནུབ་ཏུ་མཁའ་འགྲོ །བྱང་དུ་ཕུར་པ། བུམ་བསྐྱེད་ལའང་དེ་ལྟར་གསལ་འདེབས་ཤིང་དཀྱིལ་འཁོར་སོ་སོར་དབྱེ་བའང་ཆོག་ལ། དེ་ལྟ་ནའང་ཚིག་རིས་གཅིག་ཁོ་ནས་གསུམ་ཀ་བསྐྱེད་ཅིང་། མཆོད་བསྟོད་སོགས་ལྷན་ཅིག་བྱ། བདག་མདུན་དབྱེར་མེད་བྱེད་ན་བཟླས་པའི་སྐབས་ཛཔ྄་ཁང་དབྱེ། བཟླས་པའི་མཇུག་ཏུ་བུམ་ལྷ་གསལ་གདབ་ཅིང་བཟླས་པ་སོགས་སྨིན་ལུགས་ལྟར་བྱ། གང་ལྟར་བཟླས་པའི་འཕྲོ་འདུ་དང་ལྷག་ཆད་ཁ་སྐོང་སོགས་གཞུང་གསལ་ལྟར་ལ་རྫོགས་རིམ་བསྒོམ་པ་ཡན་སོང་ནས། སྲུང་མའི་གཏོར་འབུལ་བྱ། དེ་ནས་ཚོགས་ཀྱི་བགེགས་བསྐྲད་ནས་བསྒྲལ་བསྟབ་ཀྱི་བར་དུ་གྲུབ་ནས་ཟུར་གསལ་བཤགས་སྐོང་ལེའུ་ཚང་བར་བཏང་ལ། ལས་བུམ་གྱི་ནང་དུ་དཔལ་རྡོ་རྗེ་སེམས་དཔའ་སྐད་ཅིག་གིས་གསལ་བའི་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་དམིགས་ལ་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། ཡིག་བརྒྱ་བཟླ་བཞིན་རང་ཉིད་ལ་ཁྲུས་བྱ། དཀྱིལ་འཁོར་ལ་མཎྜལ་ཕུལ། ཧྲཱི༔ དུས་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ༔ ཨོ་རྒྱན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཐུགས་རྗེ་བྱིན་རླབས་མ་ལུས་པ་དཀྱིལ་འཁོར་ལྷ་ཚོགས་ཀྱི་གནས་གསུམ་སིབ་སིབ་ཐིམ༔ དེ་ནས་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་འོད་ཟེར་གཙོ་བོ་ལ་ཐིམ༔ གཙོ་བོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདག་ཅག་དཔོན་སློབ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བཞི་ཐོབ༔ སྒྲིབ་བཞི་དག༔ ལམ་བཞི་འབྱོངས༔ སྐུ་བཞི་ཐོབ༔ རྡོ་རྗེ་བཞི་འགྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་ལ་བདག་མདུན་དབྱེར་མེད་ཀྱི་ངང་དུ་ཅི་གནས་སུ་བཞག །དཀྱིལ་འཁོར་ལ་ཡོལ་བས་བསྒྲིབ་བོ། །གཉིས་པ་དངོས་གཞི་དབང་གི་ལས་རིམ་ལ་གསུམ། སྔོན་འགྲོ་སྟ་གོན་གྱི་རིམ་པ། དངོས་གཞི་དབང་བཞི་ཡན་ལག་དང་བཅས་པ། མཐའ་རྟེན་རྫས་ཀྱིས་མངའ་དབང་བསྐུར་བའོ། །དང་པོ་ལ་བཅུ་གསུམ་སྟེ། སྡོམ་ནི། བགེགས་བསྐྲད་གསོལ་གདབ་ཁྲུས་ཞུ་ལེན། །སྒོ་ཕྱག་སོ་ཤིང་སྲུང་སྐུད་རྩྭ། །སྤྱན་དབྱེ་དམ་བསྒྲག་སྒྲུབ་ལུང་སྦྱིན། །སྟ་གོན་དབང་ལྔ་བསྐུར་བ་འོ། །དེ་ལ་དང་པོ་བགེགས་བསྐྲད་པ་ནི། སློབ་བུ་རྣམས་སྒོ་དྲུང་དུ་འཁོད། ཕྱི་རོལ་གྱི་བྱ་བ་ཐམས་ཅད་ལས་ཀྱི་རྡོ་རྗེས་བྱ་དགོས་པ་ཡིན་ཡང་སྒོ་སྲུང་ཞུ་ལན་ཙམ་ལས་འདོན་བྱ་ཕལ་ཆེར་སློབ་དཔོན་གྱིས་ནང་ནས་གསུང་། ལག་ལེན་ལས་རྡོར་གྱིས་བྱས་ཀྱང་རུང་བས། བགེགས་གཏོར་ཆབ་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ སརྦ་བྷཱུ་ཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བསྔོ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་བུ་རྣམས་ལ་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་ལས་མ་གཏོགས་པ༔ ཐམས་ཅད་ཐུགས་དམ་བསྐངས་ཟིན་གྱིས༔ རང་རང་གནས་སུ་བཀའ་བསྩལ་དེངས༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛ་ཀྲོ་དྷཱ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་གུ་གུལ་དུད་པ་ཡུངས་ཐུན་རོལ་མོའི་སྦྱོར་བས་བགེགས་བསྐྲད་ཅིང་ལས་བྱང་ལྟར་ལྟ་བའི་མཚམས་བཅད་ཅིང་སྲུང་འཁོར་འདོན་བསྒོམ་དུ་བྱ། གཉིས་པ་གསོལ་བ་གདབ་པ་ནི་ལས་རྡོར་གྱིས། ཁྱེད་རང་རྣམས་སྒོའི་ཕྱི་རོལ་དུ་གནས་པས་སྒོ་སྲུང་ཡེ་ཤེས་ཁྲོ་བོ་ཡབ་ཡུམ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ་རྟ་འདོན་ཚུལ་གྱིས། ཀྱེ་ཧོ༔ ཡེ་ཤེས་སྒོ་བ་ཡབ་ཡུམ་གསན་ཅིང་དགོངས༔ བདག་ཅག་སྐལ་ལྡན་བུ་སློབ་འཁོར་བཅས་རྣམས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཞལ་མཇལ་བར༔ སྤྲོ་དགའ་བསམ་པ་དུང་དུང་ཡིད་ལ་བཅག༔ སྒོ་བ་ཆེན་པོ་བཞི་ཡིས་སྒོ་ཕྱེས་ལ༔ བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ བཀའ་གནང་བཞིན་དུ་འཇུག་པར་ཞུ་འཚལ་ལོ༔ ཞེས་ཞུས་པས་སྒོ་བ་ཡབ་ཡུམ་གྱིས་བཀའ་གནང་བར་གྱུར་པར་མོས་ཤིག །གསུམ་པ་ཁྲུས་བྱ་བ་ནི། རྣམ་འཇོམས་ཀྱི་གཟུངས་ཐུང་བརྗོད་ལ་ལས་བུམ་གྱི་ཆུས་བཀྲུ །དེ་ནས་ཉམས་ཆག་སྡིག་སྒྲིབ་དག་པར་བྱ་བའི་ཕྱིར་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་བཞིན་དུ་མཛད་འཚལ། རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ རིགས་འདུས་རྡོར་སེམས་འོད་ཀྱི་སྐུ༔ དཀར་འཚེར་རྡོར་དྲིལ་རིན་ཆེན་བརྒྱན༔ སྐྱིལ་ཀྲུང་ཞལ་འཛུམ་བརྩེ་བའི་ཉམས༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་བབས༔ སྤྱི་གཙུག་རྐང་མཐིལ་ཡན་ཆད་ཀྱི༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ ཤེལ་བུམ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་འོད་ཀྱི་རང་བཞིན་གྱུར༔ ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་འུར་འདོན་བྱར་གཞུག་ལ་མཐར། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ཤིག །བཞི་པ་ཞུ་ལན་ནི། མིག་དར་བྱིན་ལ། ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་སྒྲིབ་གཡོགས་འཐུག་པོས་རིག་པ་ཡེ་ཤེས་ཀྱི་མིག་ལྡོངས་ཏེ་དོན་དམ་རང་སྣང་གི་དཀྱིལ་འཁོར་ཡེ་ཤེས་ལྔ་རྫོགས་མ་མཇལ་བར་མཚོན་བྱེད་དར་ཡུག་དམར་པོས་གདོང་བཀབ་ལ་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ནས་སྒོ་སྲུང་ཡབ་ཡུམ་ལ་དཀྱིལ་འཁོར་དུ་འཇུག་ཏུ་སྩོལ་བར་གསོལ་བ་འདེབས་པར་མོས་པས་འདིའི་རྗེས་ཟློས། ཀྱེ་ཧོ༔ ཡེ་ཤེས་ཕོ་བྲང་སྲུང་མཛད་པའི༔ ཁྲོ་བོ་ཁྲོ་མོ་མི་བཟད་པ༔ འཇིགས་པའི་གཟུགས་ཅན་གཏུམ་ལ་རྔམ༔ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ བདག་ཅག་མ་རིག་སེམས་ཅན་ཚོགས༔ རིགས་དྲུག་འཁོར་བས་ལམ་བཀག་པ༔ བླ་མེད་བྱང་ཆུབ་བསྒྲུབ་པའི་ཕྱིར༔ ཁྱོད་ཀྱིས་བདག་ཅག་ནང་དུ་ཆུག༔ ཞུས་པའི་ལན་དུ་ལས་རྡོར་གྱིས། ཧོ༔ སྔོན་སྦྱངས་སྐལ་པ་མི་ལྡན་ན༔ འཇུག་པར་དཀའ་ལ་ཉེས་དམིགས་ཆེ༔ བཀའ་འདས་འདིར་སྡུག་ཕྱི་མར་སྡུག༔ ལས་འཕྲོ་མེད་རྣམས་ཕྱིར་དེངས་ཤིག༔ ཅེས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། ཧོ༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བཀའ་བསྒྲུབ་དབང་ཞུས་དམ་ཚིག་བསྲུང༔ གསང་སྔགས་རྡོ་རྗེར་འཇུག་པར་ཞུ༔ ལན་གསུམ། དེ་ནས་ཕོ་བྲང་ཆེན་པོའི་སྒོ་ཕྱེས་ཏེ་ནང་དུ་ཚུད་པར་མོས་ལ་རྡོ་རྗེའི་གྲལ་དུ་མཆི་བར་མཛོད་ཅིག །ཅེས་བརྡ་སྦྱར་ལ་ནང་དུ་ཞུགས་ཤིང་། བླ་མའི་མདུན་དུ་ཕྱག་བཅས་གུས་པས་འཁོད་པ་ལ་སློབ་དཔོན་གྱིས། ཧོ༔ ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་འདིར༔ འཇུག་སྤྲོ་དངོས་གྲུབ་འཚལ་བ་ན༔ ལྷ་དང་སྙིང་པོ་བསྒྲུབ་པ་དང༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། ཧོ༔ བླ་མས་གང་གསུངས་བཀའ་བཞིན་དུ༔ ཡི་དམ་གསང་བའི་དཀྱིལ་འཁོར་ལ༔ དངོས་གྲུབ་རྣམ་གཉིས་མནོས་འཚལ་ཕྱིར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ དམ་ཚིག་གཉན་པོ་ཤིན་ཏུ་བསྲུང༔ དེ་ལྟར་སྐལ་པ་དང་ལྡན་ཅིང་དམ་ཚིག་བསྲུང་བར་ནུས་པ་ནི་རྡོ་རྗེའི་དཀྱིལ་འཁོར་གཉན་པོ་འདིར་གཞུག་ཏུ་རུང་བས་ལྷ་ལ་གསོལ་བ་གདབ་པ་ཡིན་ཏེ་སློབ་དཔོན་དབུ་ཞྭ་ཕུད་ཅིང་། ཐལ་མོ་སྦྱར་ལ། ཧོ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས༔ སེམས་ཅན་སྡུག་བསྔལ་བསྒྲལ་བའི་ཕྱིར༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཕོ་བྲང་དཀྱིལ་འཁོར་ཡོངས་རྫོགས་འདིར༔ བདག་གིས་སློབ་མ་འཇུག་པར་བགྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ལྔ་པ་སྒོ་དབྱེ་བའི་ཁོངས་སུ་བརྡ་ཕྱག་སྐྱབས་སེམས་སྡོམ་བཟུང་བྱ་བ་ནི། ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་གཉན་པོའི་སྒོ་བཞི་ཤག་གིས་བྱེ་བར་མོས་ཤིག །དབྱེ་བའི་རྒྱ་བཅས། བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ལན་བཞི་བརྗོད། གདོད་ནས་རང་བྱུང་གི་དཀྱིལ་འཁོར་པ་རང་རིག་དོན་དམ་གྱི་ངོ་བོར་རྟོགས་པ་བརྡའི་ཕྱག་འཚལ་བ་འདིའི་རྗེས་ཟློས། ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧོ༔ བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས༔ ཐར་པའི་མགོན་དུ་དཀོན་མཆོག་གསུམ༔ ཡིད་ཀྱིས་དམིགས་ཏེ་ཕྱག་འཚོལ་ལ༔ སྐྱབས་སོང་སྡིག་པ་བཤགས་པར་གྱིས༔ དེ་ལ་ཐོག་མར་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་རྨངས་རྡོ་སྐྱབས་སུ་འགྲོ་བ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་གཞུང་ཤིང་སེམས་བསྐྱེད་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་སྲོག་རྩ་དམ་ཚིག་ལ་ཚུལ་བཞིན་དུ་གནས་དགོས་པས་དེ་དག་གི་སྡོམ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། བླ་མ་དང་རྒྱལ་བ་ཞི་ཁྲོ་ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་སྐྱབས་ཡུལ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་སྤྱན་སྔར་རང་རང་གིས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། སངས་རྒྱས་ཀྱི་འབྲས་བུ་ལ་སྨོན་པ་དང་། དེའི་ལམ་དུ་འཇུག་པ་དང་། དོན་དམ་སྤྲོས་བྲལ་འོད་གསལ་ཆེན་པོའི་རང་བཞིན་དུ་སེམས་བསྐྱེད་ཅིང་། ཐུན་མོང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་ལ་གནས་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་གསལ་སྟོང་བསྒོམ༔ ཞེས་ལན་གསུམ་གྱིས་སྡོམ་པ་འབོག་པར་བྱའོ། །དྲུག་པ་སོ་ཤིང་དོར་བ་ནི། དེ་ནས་ཚེ་རབས་ཀྱི་ལྷ་དང་དངོས་གྲུབ་ཀྱི་སྐལ་པ་བརྟགས་པའི་སོ་ཤིང་མཎྜལ་དུ་དོར་བ་འདིའི་རྗེས་ཟློས་མཛོད། སོ་ཤིང་གཏད་ཅིང་ཚོམ་བུའི་དཀྱིལ་འཁོར་བཀོད་ལ། ཧོཿ བླ་མས་གནང་བའི་སོ་ཤིང་འདི༔ ཡི་དམ་ཞི་ཁྲོའི་ལྷ་བརྟགས་ཕྱིར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་བབ་པར་ཤོག༔ བཛྲ་ཧཱ་ས་ཧ༔ ཞེས་མཎྜལ་གྱི་དབུས་སུ་འདོར་དུ་གཞུག །དེ་ལྟར་དོར་བས་སོ་ཤིང་ཕྱོགས་མཚམས་གང་ལ་ཕོག་པ་དེའི་རིགས་དང་མཐུན་པར་རིགས་ལྔ་སོ་སོའི་ལས་དང་དངོས་གྲུབ་འགྲུབ་པ་ཡིན་ནོ། །དེའི་ཞར་བྱུང་ཁྱོར་ཆུ་བླུད་པ་ནི། ལས་བུམ་ཆུ་དུང་ཞལ་དུ་བླུགས་ལ། ཤཾ་ལས་དུང་ཕོར་ཚད་དང་ལྡན་པའི་ནང་དུ། བཾ་ལས་བྱུང་བའི་ཆུ་དྭངས་ཤིང་ཐོགས་པ་མེད་པ་སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་དྲི་མ་སྦྱོང་བའི་ནུས་པ་དང་ལྡན་པར་གྱུར། བཾ་ཞེས་ལན་གསུམ་བརྗོད། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་པཱ་པཾ་ནི་ཙརྻ་སརྦ་སཾ་ཤོ་དྷ་ནི་སརྦ་བི་ཀལྤ་ཨ་པཱ་ན་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ལག་པ་གཡོན་པར་སྦྱིན། ལན་གསུམ་གསོལ་བའི་ལྷག་མས་ཁ་བཤལ་བས་ངག་གི་ཉེས་སྐྱོན་ཐམས་ཅད་དག་པར་མོས་ཤིག །བདུན་པ་སྲུང་སྐུད་གདགས་པ་ནི། སྲུང་སྐུད་སྣ་ལྔ་ལ་རིགས་གསུམ་མགོན་པོའི་སྔགས་ཀྱིས་མདུད་པ་གསུམ་བོར་ལ། རྡོ་རྗེའི་སྲུང་སྐུད་འདི་ཉིད་ཁྱེད་རང་རྣམས་ཀྱི་དཔུང་པ་གཡོན་དུ་བཅིངས་པས་བར་ཆད་ཐམས་ཅད་བསྲུང་བར་སྒོམས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པར་ལྡན༔ གཡོན་གྱི་དཔུང་པར་བཅིངས་པ་ཡིས༔ སྒོ་གསུམ་བར་ཆད་བསྲུང་བར་ཤོག༔ ཨོཾ་བཛྲ་རཀྵ་ཧཱུྃ༔ བརྒྱད་པ་ལས་འཕྲོའི་རྨི་ལམ་བརྟགས་པའི་ཕྱིར། ཀུ་ཤ་གཙང་མའི་ཆུན་པོ་ཆེ་ཆུང་གཉིས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཀུ་ཤ་དག་བྱེད་ཀྱི་རྫས་སློབ་མ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཧཱུྃ༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ༔ རྩྭ་མཆོག་ཀུ་ཤ་གཙང་མ་འདི༔ དངོས་གྲུབ་རྟགས་མཚན་གསལ་བྱའི་ཕྱིར༔ ཁྱོད་ཀྱི་ཉལ་བའི་སྔས་སྟན་གྱིས༔ ལེགས་ཉེས་མཚན་མ་ཅི་བྱུང་ཡང༔ ནངས་པར་ང་ལ་མ་གསང་སྨྲོས༔ ཨོཾ་བཛྲ་ཏཱིཀྵྞ་བཾ༔ ཞེས་ཕྱག་བསྣོལ་མས་གཏད་དེ། ཀུ་ཤའི་ཆུན་པོ་ཐུང་བ་གཡས་སུ་བྱིན་པ་སྔས་དང་། རིང་བ་གཡོན་དུ་བྱིན་པ་སྟན་གྱི་དོན་དུ་ཟུངས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་བཛྲ་ཏཱིཀྵྞ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་གཏད། དངོས་སྟ་དབྱེ་ན་འདི་ནས་བསྔོ་སྨོན་བྱས་ལ་གྲོལ། སྦྲེལ་ན་དེ་འཕྲོས་འདིར་འཇུག་པས་ཆོག་སྟེ་གང་ལྟར་ཆོས་བཤད་སྤྱི་ལྟར་སྤྲོ་ན། ཇི་སྐད་དུ་བླ་ན་མེད་པའི་ཡང་རྩེའི་རྒྱུད་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པས་ཡིད་གཞན་ཏུ་མ་ཡེངས་པར། རྡོ་རྗེ་སློབ་དཔོན་ལ་དཀྱིལ་འཁོར་གྱི་གཙོ་བོར་ལྟ་བའི་མོས་གུས། ལྷ་དང་སྔགས་ལ་ཐེ་ཚོམ་མེད་པའི་ངེས་ཤེས། སྔགས་ཀྱི་སྤྱོད་པ་ལ་ལོག་ལྟ་མེད་པའི་ཡིད་ཆེས། དམིགས་རྣམ་བརྡ་སྤྲོད་པ་རྣམས་ལ་སྐད་ཅིག་ཀྱང་མ་ཡེངས་མ་འཁྲུལ་པའི་ངང་ནས། འདི་ལྟར་སྐྱེ་བཞི་རྒྱུད་ལྔས་བསྡུས་པའི་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བ་བླ་ན་མེད་པ་ཨ་ཏི་ཞི་ཁྲོའི་དཀྱིལ་འཁོར་དུ་ཞུགས་ཤིང་ཟབ་མོའི་ལམ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་སྤྱོད་མདོ་རྒྱུད་ནས་ཇི་སྐད་གསུངས་པ་དག་ཀྱང་ཐུགས་ལ་བཞག་ནས་གསན་པར་ཞུ། དེ་ལ་ཐེག་དགུའི་ཡང་རྩེ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བླ་མ་བསྟེན་པས་འཁོར་རྒྱུན་འགག །དབང་བསྐུར་བརྟེན་པས་ལུས་ངག་སྨིན། །དམ་ཚིག་བརྟེན་པས་དངོས་གྲུབ་འབྱུང་། །ཞེས་འབྱུང་བ་ལྟར་ཐར་པ་དོན་དུ་གཉེར་ཞིང་སངས་རྒྱས་ཀྱི་ཉེ་ལམ་ཕྱིན་ཅི་མ་ལོག་པ་ལ་ཞུགས་པར་འདོད་པ་རྣམས་ཀྱིས། ཐོག་མ་ཁོ་ནར་བླ་མ་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་ནས། ཟབ་མོའི་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པར་བྱསས་པ་ལ་བརྟེན། ཚེ་གཅིག་ལུས་གཅིག་གིས་གདོད་མའི་གྲོལ་སར་དཀའ་བ་མེད་པར་སྙེགས་ནུས་པ་ཡིན། དབང་འདི་དང་པོ་གང་ལས་བབས་ན། སྔ་འགྱུར་གྱི་རང་སྐད་དུ་བབས་ལུགས་ཆེན་པོ་བཞི་ཡོད་དེ། བཀའ་བརྒྱུད་པོ་ཏིའི་དབང་སྐལ་ལྡན་རྒྱལ་པོ་ཛཿལ་བབས། ཡི་དམ་ལྷའི་དབང་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ་བབས། པཎྜི་ཏའི་དབང་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ལ་བབས། རིག་པ་རྩལ་གྱི་དབང་ཨོ་རྒྱན་པདྨཱ་ཀ་ར་ལ་བབས། དེ་དག་ལས་བརྒྱུད་དེ་བོད་ཀྱི་རྗེ་འབངས་སྐལ་ལྡན་རྣམས་ལ་དབང་གི་ཆུ་བོ་རིམ་པར་བབས་ཤིང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་བྱོན་པ་ལས། འདིར་སྐབས་སུ་བབས་པ་ནི། དཔལ་རྡོ་རྗེ་སེམས་དཔས་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་རྒྱུད་ཀྱི་མཛོད་གཏད་ནས་ཡི་དམ་ལྷའི་དབང་བསྐུར་ཐོབ་པ་རིག་འཛིན་དགའ་རབ་རྡོ་རྗེས་མཁས་པ་ཤྲཱི་སིཾ་ཧ་ལ་དབང་བསྐུར། དེས་སངས་རྒྱས་གཉིས་པ་པདྨཱ་ཀ་ར་དང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་དབང་བསྐུར། གཉིས་ཀས་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་ལ་རང་སེམས་ཆོས་ཀྱི་སྐུར་ངོ་སྤྲད་ནས་རྫོགས་ཆེན་དབང་གི་ཆུ་བོ་ཕབ། ཁྱད་པར་དུ་སློབ་དཔོན་ཆེན་པོ་ཉིད་ཐོག་མའི་མགོན་པོ་དང་དགོངས་པ་མཉམ་ཉིད་དུ་རྩལ་རྫོགས་ཏེ་རྒྱུད་ལུང་མན་ངག་རྣམས་ཀྱི་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་འཁོར་ལོའི་མགོན་པོར་བཞེངས་ཏེ། གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པར་རྒྱུད་བཤད། དབང་བསྐུར། མན་ངག་རྒྱ་མཚོ་མཐའ་ཡས་པར་བསྩལ་པར་མཛད་པ་ལས། འདིར་ནི་རང་གཞུང་ལས། ཁྱད་པར་རྒྱལ་བའི་བཀའ་གསང་རྫོགས་པ་ཆེ༔ འབུམ་ཕྲག་དྲུག་ཅུའི་ཡང་སྙིང་བཅུད་ཀྱི་ཁུངས༔ སྲོག་གི་དྭངས་མ་སྙིང་གི་ཐིག་ལེ་སྟེ༔ ཕྱི་ལྟར་རྫོགས་ཆེན་ནང་ལྟར་བཀའ་བརྒྱད་དང༔ གསང་བ་སྨན་སྒྲུབ་ཡང་གསང་མ་ནིང་སྐོར༔ བསྐྱེད་རྫོགས་མ་བུ་ཆ་ལག་ཁ་ཚང་བསྡེབས༔ ངོ་མཚར་རྨད་བྱུང་ཆོས་ཀྱི་ཆེ་བའི་མཚན༔ བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུར་གསོལ༔ ཅེས་གསུངས་པ་ལས། ཕྱི་སྐོར་རྫོགས་པ་ཆེན་པོ་ཞི་ཁྲོ་ངེས་དོན་སྙིང་པོའི་སྨིན་བྱེད་སྒྲུབ་པའི་སྐབས་སུ་བབས་པ་ཡིན། ཞི་ཁྲོའི་ཆོས་སྐོར་ལ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཁོ་ནས་འདྲ་མིན་བདུན་སྟོང་ཉེར་ལྔ་ཙམ་མཛད་པར་གསུངས་ཏེ། ཕལ་ཆེར་ཟབ་མོའི་གཏེར་དུ་སྦས་ཤིང་འབྱུང་འགྱུར་གདུལ་བྱ་རྣམས་ཀྱི་དོན་དུ་གཏེར་འབྱིན་གྲུབ་པའི་སྐྱེས་མཆོག་རྣམས་ཀྱིས་རིམ་པར་སྣང་བར་མཛད་པ་ལས། འདིར་ནི་རང་གཏེར་ལས། སྙིགས་མའི་དུས་སུ་སྐལ་བཟང་ལས་འཕྲོ་ཅན༔ བཀའ་བརྒྱད་བཀའ་བབས་རྒྱ་གར་རིག་འཛིན་བརྒྱད༔ བོད་ཀྱི་གྲུབ་ཐོབ་བརྒྱད་ཀུན་རྣམ་པར་འཕྲུལ༔ ཁྱད་པར་པདྨའི་ཐུགས་སྤྲུལ་གསུང་གི་སྲས༔ སྐུ་ཡི་རྒྱལ་ཚབ་རིག་འཛིན་པདྨར་གྲགས༔ གསང་མཚན་ཧཱུྃ་ནག་བདེ་གཤེགས་སྙིང་པོ་སྟེ༔ ཆུ་ཁམས་སྟག་ཡོས་ལོ་པའི་སྐྱེས་བུ་ཞིག༔ སྐུ་དབྱིབས་འགྱིངས་བརྗིད་མདོག་ལེགས་སྣུམ་འོད་འབར༔ ཁྲོ་གཏུམ་བག་ལྡན་གྱོང་ཚིག་ངར་སྐད་སྒྲོག༔ བསྐྱེད་རྫོགས་དངོས་གྲུབ་དྲོད་རྟགས་གདིང་ལྡན་ཅིང༔ གཞན་སྣང་མི་མཐུན་གང་བྱུང་ཐད་ཀར་སྤྱད༔ ཅེས་དང་། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ་སོགས་ཀྱི་གཏེར་ཁ་ནས་ཀྱང་ལུང་དུ་བསྟན་པ་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཙ་ནའི་ཐུགས་ཀྱི་སྤྲུལ་པ་པདྨ་བདེ་ཆེན་གླིང་པས་མདོ་ཁམས་བཙན་རི་རྡོ་རྗེ་གནམ་ལང་འདྲ་བའི་ལྟེ་བ་ནས་སྤྱན་དྲངས་ཤིང་། སྲས་སློབ་རིག་འཛིན་བར་མ་ཆད་པའི་བརྒྱུད་པ་ཕྲེང་ཆགས་སུ་བྱོན་པ་སྟེ། དེ་ལ་དབང་གི་སྟ་གོན་འཇུག་པའི་ཆོས་དང་། དབང་བསྐུར་དངོས་གཞི་གཉིས་སུ་ཡོད་པ་ལས། སྟ་གོན་གྱི་སྐོར་རྣམས་སྔོན་དུ་གྲུབ་ཟིན་པ་ལགས་པས། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེ་རིན་ཐང་མེད་པའི་མེ་ཏོག་གི་ཕྲེང་བ་ཡངས་ཤིང་མ་ཉམས་པ་རེ་ཕྱག་ཏུ་སྤྲད་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་ཅོད་པན་གཏད། དེ་ནས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པའི་མོས་པས་མེ་ཏོག་གི་ཕྲེང་བ་རང་རང་གི་སྔོན་ནས་རིགས་ཀྱིས་འབྲེལ་བའི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་དང་ལྡན་པས་འདིའི་རྗེས་ཟློས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་མཆོག་གི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ བོ་དྷི་ཙིཏྟ་པྲ་ཏཱིཙྪ་ཧོ༔ ཞེས་མེ་ཏོག་དཀྱིལ་འཁོར་དངོས་སམ་མི་བདེ་ན་ཚོམ་བུའམ་འགྲིམ་དཀྱིལ་ལ་འདོར་དུ་གཞུག །དེ་ལྟར་མེ་ཏོག་གང་དུ་ཕོག་པའི་ལྷ་དེ་ཉིད་ལྷག་པའི་ལྷར་བཟུང་དགོས་པར་མཚོན་པའི་རིགས་ཀྱི་ཅོད་པན་སྤྱི་བོར་གདགས་པར་མོས་ཤིག །ཅོད་པན་སླར་སྤྱི་བོར་བཞག་ལ། ཧཱུྃ༔ རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ལ་རབ་ཏུ་ཐིམ་ནས་ཀྱང༔ དངོས་གྲུབ་རྣམ་གཉིས་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧོ༔ ཞེས་མེ་ཏོག་ཕོག་པའི་རྩ་བའི་ལྷ་དེ་བསྟིམ། དགུ་པ་སྤྱན་དབྱེ་བ་ནི། དེ་ནས་སྤྱན་དབྱེ་བར་ཞུ་བ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སེམས་ཅན་ལས་ཀྱི་བསྐལ་པ་ཡིས༔ མ་རིག་རྨོངས་པའི་འགྲོ་བ་རྣམས༔ ཤིན་ཏུ་གདུང་བར་གྱུར་ལགས་ན༔ ཉོན་མོངས་སྒྲིབ་པ་བསལ་དུ་གསོལ༔ ས་མ་ཡེ་ཧཱུྃ༔ ཐུར་མ་ཐོགས་ལ། མ་རིག་པའི་སྒྲིབ་བྱེད་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཧཱུྃ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་པ་ལྟར༔ མ་རིག་ལོང་བའི་ལིང་ཏོག་རྣམས༔ རྒྱལ་བའི་དགོངས་པས་བསལ་བར་བྱའོ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དང་དཀྱིལ་འཁོར་གྱི་ཡོལ་བ་བསལ་ལ། ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ འདི་ལྟར་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་མཐོང་བའམ་ལྷ་རྣམས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་རིག་འཛིན་རྒྱལ་བའི་ཞིང་དུ་དབུགས་འབྱིན་པར་གསུངས་པས་དད་མོས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་འཚལ། བཅུ་པ་དཀྱིལ་འཁོར་གྱི་མཐོང་བ་དྲི་ཞིང་དམ་ལ་བཞག་པ་ནི། ཁྱེད་རང་རྣམས་ཀྱིས་དཀྱིལ་འཁོར་གྱི་བར་སྣང་ལ་གུས་པས་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་བཞིན་དུ་སྨྲོས་ཤིག །ཅེས་དྲིས་ལ་ལན་བྱུང་བ་དང་། ཁ་དོག་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ལྗང་གུ་དྲག་པོ། ཁྲ་བོའམ་མཐིང་གར་མཐོང་ན་ལས་སྣ་ཚོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བརྡ་བཀྲོལ་ཞིང་རྡོ་རྗེ་སྤྱི་བོར་བཞག་དམ་ཆུ་སྦྱིན་ལ། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ ད་ལྟ་འདི་རུ་བཅས་པ་བཞིན༔ སྲོག་ལ་བབ་ཀྱང་མ་བཏང་ཞིག༔ རྩ་བ་ཡན་ལག་དམ་ཚིག་སྲུངས༔ ས་མ་ཡ་ཧཱུྃ༔ དེའང་དམ་ཚིག་གི་བདག་པོ་དཔལ་ཧེ་རུ་ཀ །དམ་ཚིག་གི་ལྷ་ནི་རྡོ་རྗེ་སེམས་དཔའ། དཔང་པོ་ནི་རྡོ་རྗེ་སློབ་དཔོན། ཤན་འབྱེད་ནི་བདུད་རྩིའི་ཆུ་ནན་ཉིད་ཡིན་པས་དམ་ཚིག་བསྲུངས་ན་དེ་དག་ཐར་པའི་མགོན་དང་སྐྱབས་སུ་འགྱུར་ལ། མ་བསྲུངས་ན་དགྲ་དང་གཤེད་དུ་འགྱུར་བས་དེང་ཕྱིན་ཆད་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ་ལ་སོགས་པ་དམ་ཚིག་གི་རིམ་པ་ལ་ཚུལ་བཞིན་དུ་སློབ་པར་གལ་ཆེའོ། །ཇི་སྐད་བཤད་པ་དེ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་རིན་པོ་ཆེ༔ བཀའ་བཞིན་བསྒྲུབ་པོ་དམ་ཚིག་བསྲུང༔ རྟག་ཏུ་ཐུགས་རྗེས་བཟུང་བ་དང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ས་མ་ཡ་ན་ར་ཀན༔ བཅུ་གཅིག་པ་སྒྲུབ་ལུང་སྦྱིན་པ་ནི། དེ་ནས་སྒྲུབ་པའི་ལུང་ཞུ་བ་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་རྒྱ་མཚོ་ནས༔ བྱང་ཆུབ་སྐམ་སར་སྒྲོལ་བའི་ཕྱིར༔ ཞི་ཁྲོ་ཡོངས་རྫོགས་སྒྲུབ་ལུང་ཞུ༔ ཞེས་ལན་གསུམ། བླ་མས་ལྷ་ལ་བཀའ་ལུང་ཞུ་བ་ནི། ཧོ༔ ཞི་ཁྲོའི་ལྷ་ཚོགས་དགོངས་སུ་གསོལ༔ སྐལ་ལྡན་སློབ་བུ་འདི་རྣམས་ཀུན༔ འཁོར་བའི་གནས་ནས་སྒྲོལ་བའི་ཕྱིར༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ དེ་ནས་ལུང་སྦྱིན་པ་ནི། ཧཱུྃ༔ ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དུས་གསུམ་འགྲོ་མགོན་འགྲོ་བའི་དཔལ༔ བསྙེན་ཅིང་སྒྲུབ་མཆོག་དམ་པ་འདི༔ སྣོད་ལྡན་ཁྱོད་ལ་འབོག་པར་བྱ༔ ཨོཾ་ཨཱཿཧཱུྃ༔ སྐབས་འདིར་སྒྲུབ་ལུང་འབོགས་པའི་ས་བཅད་དུ་མདོར་བསྡུས་སྙིང་པོ་ཡིད་བཞིན་ནོར་བུའི་ལེའུ་ཙམ་མམ། མ་ལྕོགས་ན་ལས་བྱང་གི་མངོན་རྟོགས་ཚིགས་ལྷུག་མ་མདོར་བསྡུས་ཙམ་དང་། སྙིང་པོ་རིགས་ལྔ་ལུང་གི་ཚུལ་དུ་བཀླག་པར་བྱའོ། །བཅུ་གཉིས་པ་དཀྱིལ་འཁོར་གྱི་ལྷ་ངོ་སྤྲད་པ་ནི། འོ་ རིགས་ཀྱི་བུ་རྣམས་ལེགས་པར་གསན་འཚལ༔ ཕྱིའི་དཀྱིལ་འཁོར་འདི་ཡང་བརྡ་ཙམ་དུ་བསྟན་པའོ༔ ནང་ལུས་ཀྱི་དཀྱིལ་འཁོར་ཡང་སྒྱུ་མ་ཙམ་དུའོ༔ གསང་བ་སེམས་ཀྱི་དཀྱིལ་འཁོར་དམིགས་ཡུལ་འདི་ཡང་གསལ་སྟོང་དབྱེར་མེད་ཀྱི་ཁྲིད་ཐབས་ཙམ་ཡིན་ཞིང༔ དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་ནི༔ སེམས་ལ་སྣང་བས་འཁོར་བ་ནི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོ་ཡིན་ཞིང༔ ཡང་ན་སྟོང་པས་དཀྱིལ༔ གསལ་བས་འཁོར༔ གསལ་སྟོང་ཟུང་འབྲེལ་ནི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོའོ༔ ཤེས་རབ་ཀྱིས་དཀྱིལ་བྱས༔ ཐབས་ཀྱི་འཁོར་དུ་ལྡན་པ་འདི་ལ་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོའོ༔ དེ་ལྟར་ཐ་སྙད་ཙམ་དུ་བཏགས་ཙམ་མ་གཏོགས་དོན་ལ་གསལ་སྟོང་བྲལ་མ་མྱོང༔ ཡེ་གདོད་མ་ནས་རང་ཤར་རང་གྲོལ་ཀུན་བཟང་ཡབ་ཡུམ་དུ་གནས་པའོ༔ དེ་ཡང་རྣམ་གྲངས་རྒྱས་པར་བཤད་ན༔ བུམ་པ་འདི་ཡང་ཆོས་སྐུ་སྤྲོས་དང་བྲལ་བའི་རྟགས་སུ༔ དབང་གི་བུམ་པ་ཟླུམ་པོ་ཡོད་དོ༔ ལོངས་སྐུ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་བུམ་པ་ཁ་དོག་ལྔ་ལྡན་ཡོད་དོ༔ སྤྲུལ་སྐུ་ཐུགས་རྗེའི་འོད་ཟེར་འཕྲོ་བའི་རྟགས་སུ་བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ལས་བྱས་པའོ༔ རང་རིག་པ་ལས་མི་འགྱུར་བའི་རྟགས་སུ་གཟུངས་ཐག་སྣ་ལ་རྡོ་རྗེ་བཏགས་པའོ༔ ཉོན་མོངས་པ་ལྔ་ཡུལ་དུ་དག་པའི་རྟགས་སུ་མགུལ་ཆིངས་ཁ་དོག་ལྔ་ལྡན་དུ་ཡོད་དོ༔ ཐུགས་རྗེས་སེམས་ཅན་འདྲེན་པའི་རྟགས་སུ་ཚོན་སྐུད་ལྔ་བསྒྲིལ་དུ་ཡོད་པའོ༔ རང་སེམས་ལ་དྲི་མ་མེད་པའི་རྟགས་སུ་ཤེལ་དཀར་དང་མེ་ལོང་གིས་བརྒྱན་པའོ༔ སྟོང་གསལ་མི་འགྱུར་མདངས་ལྔའི་རྟགས་སུ་བུམ་རྫས་རིན་པོ་ཆེ་སྣ་ཚོགས་གཞུག་པའོ༔ སྒྲོན་བཞི་མིག་ཡུལ་དུ་གསལ་བའི་རྟགས་སུ་རྨ་བྱའི་མདོངས་ཀྱིས་བརྒྱན་པའོ༔ རིག་པ་ལུ་གུ་རྒྱུད་ཀྱི་རྟགས་སུ་དྲྭ་བ་རིས་བྲེས་ནས་ཡོད་དོ༔ སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྟགས་སུ་དཀྱིལ་འཁོར་གྱི་རྒྱན་དང་རྒྱལ་མཚན་བ་དན་ལ་སོགས་བཀོད་པའོ༔ རྩ་བ་གསུམ་གྱི་ལྷ་ཚོགས་མཉེས་པའི་རྟགས་སུ་མཆོད་གཏོར་ཚོགས་མཆོད་བཤམས་པའོ༔ རྒྱབ་རྟེན་དཀོན་མཆོག་གསུམ་དང་མི་འབྲལ་བའི་རྟགས་སུ་ཡོལ་བ་བླ་རེས་བརྒྱན་པའོ༔ བདུད་དང་དགྲ་བགེགས་ཟིལ་གྱིས་གནོན་པའི་རྟགས་སུ་བཞུགས་ཁྲི་རྒྱབ་ཡོལ་དང་ལྡན་པའོ༔ ཉོན་མོངས་པའི་དྲི་མས་མ་གོས་པའི་རྟགས་སུ་རོལ་མོ་སྣ་ཚོགས་བསྒྲག་པའོ༔ དམ་པའི་ཆོས་ཀྱི་སྒྲ་ཕྱོགས་བཅུར་ཁྱབ་པའི་རྟགས་སུ་ཆོས་དུང་འབུད་པའོ༔ ཐེག་ཆེན་གསང་སྔགས་ཀྱི་ཆོས་རྒྱུན་མི་ཆད་པའི་རྟགས་སུ་སྨན་ཕུད་ཟས་ཕུད་རཀྟ་བྲན་ཞིང་གཏམས་པའོ༔ དབང་བསྐུར་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་རྟགས་སུ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ༔ དེ་ལྟར་མཚོན་བྱེད་དཔེའི་རྟགས་ལ་བརྟེན་ནས༔ མཚོན་བྱ་དོན་གྱི་རང་བཞིན་ལ་ཡིད་ཆེས་པའི་བརྡར་ཕུང་ཁམས་ལུས་ཀྱི་དཀྱིལ་འཁོར་དེ་ཀུན་ཀྱང་རྟེན་དང་བརྟེན་པའི་ཚུལ་དུ་སྣང་བས་ཕྱི་ནང་གི་བརྡ་དོན་ངོ་འཕྲོད་པར་མཛད་འཚལ༔ བཅུ་གསུམ་པ་སྟ་གོན་གྱི་དབང་ལྔ་བསྐུར་བ་ནི། བུམ་རྫས་ལྔ་ཚན་ལྔའི་བུམ་ཆུ་རྣམས་གཙོ་བུམ་དུ་དྲིལ་ནས་སློབ་མའི་མགོ་ཐོག་ཏུ་བཞག་ལ༔ ཧོ༔ རིགས་ཀྱི་བུ༔ བུམ་པ་རིགས་ལྔ་ནི༔ ཤར་དུ་འབྲུ་སྣ་ལྔའི་བུམ་པ༔ ལྷོར་རིན་པོ་ཆེ་ལྔའི་བུམ་པ༔ ནུབ་ཏུ་དྲི་ལྔའི་བུམ་པ༔ བྱང་དུ་སྙིང་པོ་ལྔའི་བུམ་པ༔ དབུས་སུ་སྨན་ལྔའི་བུམ་པ་ཡིན་ཏེ་རྒྱལ་བ་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཉོན་མོངས་དུག་ལྔའི་བག་ཆགས་ཞི་ནས་རིགས་དྲུག་གི་གནས་ནས་ཐར་ཏེ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དུས་གཅིག་ལ་ཐོབ་བྱུང་བསམ་པའི་མོས་པ་གྱིས་ཤིག༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ དུག་གསུམ་དུག་ལྔ་ཞི་བར་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བོ་དྷི་ཙིཏྟ་བཟླས༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཨཱཿ ཞེས་བུམ་ཆུ་བླུད་ཅིང༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བུམ་རྫས་ཉེར་ལྔའི་དབང་བསྐུར་བ་ཙམ་གྱིས་ཉོན་མོངས་པ་ལྔས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས༔ རིགས་དྲུག་ཏུ་སྐྱེ་བའི་སྒོ་བཅད་དེ་ཞིང་ཁམས་རྣམ་པར་དག་པ་ལྔ་རུ་སྐྱེས་ནས་ཀྱང་ཞིང་ཁམས་དེ་རྣམས་ལ་དབང་བསྒྱུར་ཏེ་སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ དེ་ནས་གསུང་ཡིག་འབྲུའི་དབང་ནི༔ ཡིག་འབྲུ་ལྔ་ལ་ཨཱ་ལི་ཀཱ་ལིས་བསྐོར་བ་ངག་ལ་བསྟིམ་པའི་མོས་པ་གྱིས་ཤིག༔ ཧཱུྃ༔ དུས་གསུམ་རྒྱལ་བའི་སྒྲ་དབྱངས་འདི༔ ཐབས་ཤེས་ཡིག་འབྲུའི་རྣམ་པ་ཅན༔ མ་ངེས་ཁ་དོག་སྣ་ཚོགས་པ༔ ཨཱ་ལི་ཀཱ་ལི་བཞི་བཅུ་བརྒྱད༔ ཡིག་བརྒྱ་གསུང་གི་དབང་ཐོབ་ཤོག༔ ཡིག་བརྒྱ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་དང་བཅས་པ་བཟླས་ལ་མགྲིན་པར་བསྐུར༔ དེ་ནས་ཐུགས་ཕྱག་མཚན་གྱི་དབང་ནི༔ ཕྱག་མཚན་ལྔའི་ཙཀ་ལི་སྙིང་གར་བཞག་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་འོད་ཟེར་ནི༔ རྡོ་རྗེ་རིན་ཆེན་པདྨ་དང༔ རལ་གྲི་འཁོར་ལོ་རྣམ་པ་ལྔ༔ གཞན་ཡང་ཕྱག་མཚན་བསམ་མི་ཁྱབ༔ ཐུགས་མཆོག་དབང་བསྐུར་ཐོབ་པར་ཤོག༔ དེ་ནས་ཡོན་ཏན་གྱི་དབང་ནི༔ ཐིག་ལེ་དཀར་སེར་དམར་ལྗང་སྔོ་བ་རྣམས་ལྟེ་བར་བཞག་ལ༔ ཧཱུྃ༔ སྲིད་པ་ཆགས་བྱེད་ལྟེ་བ་ལ༔ ཁ་དོག་ལྔ་ཡི་དབང་བསྐུར་བས༔ ཉོན་མོངས་བག་ཆགས་རྩད་ནས་འབྱིན༔ རྩ་མདུད་ཐམས་ཅད་རང་གྲོལ་ནས༔ ཡོན་ཏན་རང་བཞིན་རྒྱས་པར་ཤོག༔ དེ་ནས་ཕྲིན་ལས་ཀྱི་དབང་ནི༔ ས་ཆུ་མེ་རླུང་ནམ་མཁའི་དབྱིབས་ལྔའི་ཙཀ་ལི་གསང་གནས་སུ་བཞག་ལ༔ ཧཱུྃ༔ ཕྱི་ནང་དབྱེར་མེད་ཟང་ཐལ་ལ༔ འབྱུང་བ་ལྔ་ནི་སོ་སོར་གསལ༔ གང་ལ་གང་འདུལ་དེ་བཞིན་སྟོན༔ འབྱུང་བས་གར་ཁྱབ་དེ་ཉིད་དུ༔ དམ་པའི་ཆོས་ཀྱིས་ཁྱབ་པར་ཤོག༔ ཅེས་དང་། ཤིས་བརྗོད་རྒྱས་བསྡུས་ཅི་རིགས་པར་བྱའོ། །དེ་དག་གིས་སྟ་གོན་དང་འབྲེལ་བའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་ལེགས་པར་གྲུབ་ཟིན་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གཉིས་པ་དངོས་གཞི་དབང་བཞིའི་རིམ་པ་ལ་ལྔ། བུམ་དབང་། གསང་དབང་། ཤེར་ཡེ། ཚིག་དབང་། བྱིན་རླབས་གཏོར་མའི་དབང་བསྐུར་བའོ། །དང་པོ་ནི། དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨེ་མ་སྐྱབས་མགོན་ཐུགས་རྗེ་ཅན༔ བདག་སོགས་སེམས་ཅན་མ་ལུས་ཀུན༔ ལམ་ལོག་བཏང་སྙོམས་ལུས་པ་ལ༔ ཐར་ལམ་མཆོག་དེ་བསྟན་དུ་གསོལ༔ ཞེས་ཞུས་པ་ལ་དམིགས་པ་མེད་པའི་ཐུགས་བརྩེས་དགོངས་ཏེ་གནང་བ་སྩོལ་བ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་ལས་དབང་འཁྱམས་འཁྱམས་ནས༔ སྡུག་བསྔལ་ཟད་མེད་མྱོང་བ་སྙིང་རེ་རྗེ༔ ད་ནི་དོན་འབྲས་མཆོག་ཉིད་ཐོབ་འདོད་ན༔ གསང་བའི་སྙིང་པོའི་དོན་འདི་སྦྱིན་པར་བགྱིའོ༔ དེ་ནས་དབང་བསྐུར་གྱི་དངོས་གཞིའི་ཐོག་མ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ངག་གནད་བུམ་ཅན་ཁ་སྦྱོར་དུ་འཆིངས། སེམས་ཀྱི་རྟོག་པ་གཞན་དུ་མི་འཕྲོ་བར་དམིགས་པ་རྩེ་གཅིག་ཏུ་གཏོད་པར་ཞུ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཆོས་དབྱིངས་རྣམ་པར་དག་པའི་རང་གདངས་ལས༔ རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཐིག་ལེ་འོད་གོང་ཁྱབ་གདལ་ཆེན་པོའི་ཀློང་ཡངས་ལས་རང་གསལ་རིག་པའི་ངོ་བོ་ཁྱེད་རང་རྣམས་ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ཆོས་སྐུ་མཚན་མ་མེད་པའི་ངང་ནས་ཞལ་ཕྱག་གི་རྣམ་པ་ཅན་གསལ་བའང་བུམ་སྐུའི་ཚུལ་མཁྱེན་པ་མ་འགགས་པ་ས་ལེར་བཞུགས་པའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དུ་ཞི་བ་བཞི་བཅུ་རྩ་གཉིས༔ མགྲིན་པར་རིག་འཛིན་ཡབ་ཡུམ༔ སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༔ ལྟེ་བར་མཁའ་འགྲོ་སྡེ་ལྔ༔ གསང་གནས་སུ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ཡེ་ཤེས་ཀྱི་རང་འོད་འཁྲིགས་པའི་ཀློང་དུ་སྣང་ལ་རང་བཞིན་མེད་པ་ཆུ་དང་འོད་ཀྱི་ཚུལ་དུ་ལམ་མེར་གསལ་བར་གྱུར༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་སྲོག་ཡིག་དང༔ གནས་ལྔའི་ས་བོན་ལྔ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུར་ཟེར་ཐག་བསྒྲེང་པའི་སྣ་ལ་སྤུངས་སྤུངས་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག༔ བྱིན་འབེབས་ཀྱི་རྫས་དབྱངས་རོལ་གྱི་སྦྱོར་བ་དང་བཅས་ཏེ༔ ཧཱུྃ༔ ཕྱོགས་བཅུ་དུས་གསུམ་མཁའ་དབྱིངས་དཀྱིལ་འཁོར་ནས༔ སྤྱི་དང་ཁྱད་པར་བླ་མ་དགེ་བའི་བཤེས༔ དངོས་དང་བརྒྱུད་པ་ཕྱག་རྒྱའི་འཁོར་དང་བཅས༔ ཞིང་ཁམས་གཞལ་མེད་ཁང་དང་ཚོམ་བུ་དང༔ ཐབས་དང་ཤེས་རབ་གཉིས་མེད་བྱེ་བྲག་དང༔ ཞི་ཁྲོ་ཡབ་ཡུམ་རིགས་ལྔས་བསྡུས་པའི་ལྷ༔ ཕྲིན་ལས་སྒྲུབ་མཛད་མཁའ་འགྲོའི་ཚོགས་རྣམས་ལ༔ རྩེ་གཅིག་གདུང་བའི་སེམས་ཀྱིས་གསོལ་བ་འཚལ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ དང་པོའི་ལས་ཅན་སྐྱེ་དགུ་བདག་འཇུག་ན༔ གནས་པའི་ས་དང་གཟུང་བའི་ཡུལ་རྣམས་ཀུན༔ ཚད་མེད་གཞལ་ཡས་ཁང་དུ་བྱིན་གྱིས་རློབས༔ ཕུང་པོ་ལྔས་བསྡུས་ཤེས་བྱ་གཞི་ཡི་ཚོགས༔ རྣམ་གྲོལ་ཧེ་རུ་ཀ་རུ་བྱིན་གྱིས་རློབས༔ འབྱུང་བ་ལྔས་བསྡུས་ཁམས་དང་ནུས་པའི་དངོས༔ ཁྲོ་མོ་དབང་ཕྱུག་ཡུམ་དུ་བྱིན་གྱིས་རློབས༔ སྐྱེ་མཆེད་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས༔ ལྕམ་དྲལ་རིགས་ཀྱི་སྲས་སུ་བྱིན་གྱིས་རློབས༔ རྟེན་ཅིང་འབྲེལ་འབྱུང་ལུགས་དང་ལྡོག་པའི་བློ༔ འབྱུང་འཇུག་ཕྲིན་ལས་གྲོགས་སུ་བྱིན་གྱིས་རློབས༔ དུས་གསུམ་རྣམ་རྟོག་བསམ་བརྗོད་མཚན་མའི་ཚིག༔ མ་འགག་བརྗོད་མེད་གསུང་དུ་བྱིན་གྱིས་རློབས༔ མ་རིག་གཏི་མུག་རྨོངས་པ་བག་ལ་ཉལ༔ རྣམ་དག་ཡེ་ཤེས་ཐུགས་སུ་བྱིན་གྱིས་རློབས༔ ས་མ་ཡ་ཨ་དྷིཥྛཱ་ན་ཨཱ་བེ་ཤ་ཡ༔ ཞེས་དྲག་ཏུ་བཟླས་ལ་བྱིན་དབབ་བོ། །དེ་ནས་ཐུན་མོང་རིག་པའི་དབང་ལ༔ མི་བསྐྱོད་པ་ཆུའི་དབང་ནི༔ གོང་གི་བུམ་པ་ཐོགས་ལ༔ འོ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག༔ བུམ་པ་འདི་སྤྱི་བོར་བཞག་པ་ཙམ་གྱིས་རྫ་ཤིང་དུ་མ་བསམ་པར་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང༔ ནང་ལྷའི་གཞལ་ཡས་ཁང་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས་ནས་ཁྱོད་རང་གི་ལུས་ཀྱི་སྡིག་སྒྲིབ་ཉམས་ཆག་བྱང་ཞིང་བུམ་དབང་ཐོབ་པའི་མོས་པ་མཛོད༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན་ནོ༔ རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ནི༔ ཧཱུྃ༔ རྒྱལ་བ་རབ་འབྱམས་ཅོད་པན་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ བྱང་ཆུབ་ཆེན་པོ་སྒྲུབ་པར་གྱིས༔ ཅོད་པན་དབང་ནི་ཁྱོད་ཀྱིས་ལོངས༔ རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོ་ལ་བཀོན༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ སྐལ་ལྡན་བུ་ལ་འདི་བསྐུར་བས༔ རྡོ་རྗེའི་དབང་ནི་ཁྱོད་ཀྱིས་ལོངས༔ པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་པ་གཡས་ལ་སྦྱིན་ནོ༔ དོན་ཡོད་གྲུབ་པའི་དྲིལ་བུའི་དབང་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་མེད་པས༔ འགྲོ་དོན་མཉམ་ཉིད་དྲིལ་བུའི་དབང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དྲིལ་བུའི་དབང་ནི་ཁྱོད་ཀྱིས་ལོངས༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལག་པ་གཡོན་ལ་སྦྱིན་ནོ༔ རྣམ་པར་སྣང་མཛད་མིང་གི་དབང་ནི༔ ཧཱུྃ༔ རྡོ་རྗེ་མིང་གི་དབང་བསྐུར་ནི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ ཅིས་ཀྱང་མི་འགྱུར་མི་ཤིགས་པའི༔ རྡོ་རྗེ་མིང་གི་དབང་འདི་ལོངས༔ ཕོ་ལ། ཀྱེ་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའོ། །ཞེས་དང་། མོ་ལ། རྡོ་རྗེ་སྙེམས་མ་ཞེས་བྱའོ། །དེ་ལྟར་ཐུན་མོང་རིག་པའི་དབང་བསྐུར་པས༔ དུག་ལྔ་ཕུང་པོ་ལྔ་གཏན་ནས་དག་ནས༔ ཡེ་ཤེས་ལྔ་དང་སྐུ་ལྔ་རང་བཞིན་ལྷུན་གྱིས་གྲུབ་པའི་དབང་ཐོབ་སྟེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་གྱུར་ཅིག༔ དེ་ནས་ལྷ་དབང་ཡོངས་རྫོགས་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་སོགས་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ཞུ། དེ་ལ་ཐོག་མར་སྤྱི་དྲིལ་ཞི་བ་བཞི་བཅུའི་བུམ་དབང་ནི༔ ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ མགུལ་ཆིངས་ལྔ་ལྡན་ལོངས་སྤྱོད་རྫོགས༔ གཟུངས་ཐག་པད་ཕྲེང་སྤྲུལ་པའི་སྐུ༔ ནང་ན་སངས་རྒྱས་བཞི་བཅུ་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་སྣང་རང་རིག་རྟོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཞི་བ་གཙོ་འཁོར་གྱི་སྐུ་རྣམས་རིམ་པར་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔའི་ཡུམ་གྱི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་སཏྭཱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཅོམ་ལྡན་ཐུབ་དྲུག་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱ༔ ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་མ་ཡེངས་པར་གསན་འཚལ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེ་གཞན་ཞིག་ན་མེད་དོ༔ རང་གི་ཀུན་གཞི་སེམས་ཉིད་རང་གསལ་ས་ལེ་བ་འདི་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་ལ༔ རང་མདངས་འདི་ཅིའི་ངོ་བོར་མ་གྲུབ་ཅིང༔ གདོས་བཅས་ཨ་འཐས་སུ་མ་སོང་བར་རང་བཞིན་སྟོང་སང་ངེ་བ་འདི་ཀུན་ཏུ་བཟང་མོ་ཡིན་ནོ༔ འདི་ཉིད་ཡེ་ནས་ཀ་དག་ལྷུན་གྲུབ་ཏུ་གནས་པ་ནི་ཀུན་བཟང་ཡབ་ཡུམ་ཡིན་པ་ལ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ རིགས་ཀྱི་བུ་རྣམས་རྒྱལ་བ་རིགས་ལྔ་ཡབ་ཡུམ་ཞེས་བྱ་བ་ཡང་གཞན་དུ་མ་སེམས་ཤིག༔ རང་གི་ཕུང་པོ་འདི་ལ་སྤྱི་གཙུག་ནས་རྐང་མཐིལ་བར་དུ་གནས་པ་སྟེ་དེ་ལ་གཟུགས་ཕུང་རྣམ་པར་སྣང་མཛད༔ ཚོར་བ་མ་འགག་པ་ནི་རིན་ཆེན་འབྱུང་ལྡན༔ འདུ་ཤེས་དུང་ངེ་བ་ནི་སྣང་བ་མཐའ་ཡས༔ འདུ་བྱེད་ཁྱུག་གེ་བ་ནི་དོན་ཡོད་གྲུབ་པ༔ རྣམ་པར་ཤེས་པ་འགག་མེད་དུ་གསལ་བ་ནི་རྡོ་རྗེ་སེམས་དཔའ༔ ཡུམ་ལྔ་ཡང་ལོགས་སུ་མེད་དེ་ཕྱི་ནང་གི་འབྱུང་བ་ལྔ་པོ་མ་འགག་པ་ནི་ཡུམ་ལྔ་ཡིན་ཏེ༔ ས་དང་ཤ་ནི་སངས་རྒྱས་སྤྱན་མ༔ ཆུ་དང་ཁྲག་ནི་མཱ་མ་ཀི༔ མེ་དང་དྲོད་ནི་གོས་དཀར་མོ༔ རླུང་དང་དབུགས་ནི་དམ་ཚིག་སྒྲོལ་མ༔ ནམ་མཁའ་དང་རྣམ་ཤེས་ནི་དབྱིངས་ཕྱུག་མའི་རང་བཞིན་དུ་ཤེས་པར་གྱིས་ཤིག༔ རིགས་ཀྱི་བུ་རྣམས༔ སེམས་དཔའ་བརྒྱད་ཅེས་བྱ་བ་ཡང་རང་གི་རྣམ་ཤེས་ཚོགས་བརྒྱད་འགག་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་ཤེས་འགག་མེད་དུ་མཐོང་མཁན་འདི་ཀ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའོ༔ རྣ་བའི་རྣམ་ཤེས་སྒྲ་ཐོས་མཁན་འདི་ཀ་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་ཤེས་དྲི་ཚོར་མཁན་འདི་ཀ་སྤྱན་རས་གཟིགས་སོ༔ ལྕེའི་རོ་མྱོང་མཁན་འདི་ཀ་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རེག་བྱ་ཚོར་མཁན་འདི་ཀ་བྱམས་པའོ༔ ཡིད་ཀྱི་རྣམ་ཤེས་ཐོགས་མེད་དུ་ཀུན་ལ་ཁྱབ་པ་འདི་ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པ་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་ཀུན་ཏུ་བཟང་པོའོ༔ ཀུན་གཞིའི་རྣམ་ཤེས་ཁྱབ་གདལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་དུ་ཤེས་པར་གྱིས་ཤིག༔ རིགས་ཀྱི་བུ་རྣམས་སེམས་མ་བརྒྱད་ཅེས་བྱ་བ་ཡང་ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ནི་སེམས་མ་བརྒྱད་ཡིན་ཏེ༔ དེའང་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རྣམ་པར་དག་པ་ནི་སེམས་མ་ལཱ་སྱ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་ནི་མཱ་ལེ་སེར་མོའོ༔ སྣའི་ཡུལ་དུ་དྲི་དག་པ་ནི་གཱིརྟི་དམར་མོའོ༔ ལྕེའི་ཡུལ་དུ་རོ་དག་པ་ནི་ནཱིརྟི་ལྗང་གུའོ༔ འདས་པའི་རྟོག་པ་དག་པ་ནི་པུཥྤེ་དཀར་མོའོ༔ ད་ལྟའི་རྟོག་པ་དག་པ་ནི་དྷཱུ་པེ་སེར་མོའོ༔ མ་འོངས་པའི་རྟོག་པ་དག་པ་ནི་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བར་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ནི་ལྷ་མོ་གནྡྷེ་མ་ལྗང་གུའི་རང་བཞིན་དུ་ཤེས་པར་གྱིས་ཤིག༔ རིགས་ཀྱི་བུ་རྣམས༔ ཐུབ་པ་དྲུག་ཀྱང་ལོགས་ན་ཡོད་པ་མ་ཡིན་ཏེ༔ ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་བརྒྱ་བྱིན༔ དེ་བཞིན་དུ་ཕྲག་དོག་དག་པ་ལྷ་མིན་གྱི་ཐུབ་པ་ཐགས་བཟང་རིས༔ འདོད་ཆགས་དག་པ་མིའི་ཐུབ་པ་ཤཱཀ་ཐུབ༔ གཏི་མུག་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན༔ སེར་སྣ་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་སྒྲོམ་བུ༔ ཞེ་སྡང་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་རྣམས་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ རིགས་ཀྱི་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་ལྟ་གནས་སུ་དག་པ་རྣམ་པར་རྒྱལ་བ༔ ཆད་ལྟ་གནས་སུ་དག་པ་གཤིན་རྗེའི་གཤེད་པོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན་རྒྱལ་པོ༔ མཚན་མར་ལྟ་བ་གནས་སུ་དག་པ་བདུད་རྩི་འཁྱིལ་པ་ཡིན་ནོ༔ རིགས་ཀྱི་བུ་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་རྣམ་བཞི་རང་བཞིན་དུ་དག་པའི་ངོ་སྤྲད་དེ༔ བརྫུས་སྐྱེས་རྟོག་པ་གནས་སུ་དག་པས་ལྕགས་ཀྱུ་མ་དང༔ མངལ་སྐྱེས་དག་པས་ཞགས་པ་མ་དང༔ སྒོང་སྐྱེས་དག་པས་ལྕགས་སྒྲོག་མ་དང༔ དྲོད་གཤེར་དག་པས་དྲིལ་བུ་མ་ཡི་རང་བཞིན་ཡིན་ཏེ༔ ཡིན་པ་ལ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་ནས་སྤྱི་དྲིལ་ཁྲག་འཐུང་གི་བུམ་དབང་ནི༔ ཧཱུྃ༔ བུམ་པ་དུར་ཁྲོད་གཞལ་ཡས་ཁང༔ དྲེགས་པ་ཕོ་མོ་བསྣོལ་བའི་སྟེང༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀུན་གཞིའི་བག་ཆགས་བསལ་བར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ དེ་ནས་ཁྲོ་བོའི་ཙཀ་ལི་རྣམས་རིམ་པར་ཐོགས་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་སྐུ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་ཏཱི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀཽ་རཱི་མ་བརྒྱད་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མཁའ་འགྲོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སིཾ་ཧ་མ་བརྒྱད་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིག་འཛིན་དཔའ་བོ་ཡབ་ཡུམ་གྱི༔ དབང་མཆོག་དམ་པ་འདི་བསྐུར་བས༔ བདེ་སྟོང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཁའ་འགྲོ་སྡེ་ལྔའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་ཡུམ་མཆོག་སྟེ༔ མཉམ་ཉིད་ཆེན་པོའི་དབང་ཐོབ་ཤོག༔ ཧ་རི་ནི་ས་བྷྲཱུྃ་ཨ་བྷི་ཥིཉྩ་ཧོ༔ རྡོ་རྗེ་གཞོན་ནུའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྡོ་རྗེ་གཞོན་ནུའི་དབང་བསྐུར་བས༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་ནི༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཀརྨ་བཛྲ་ཀུ་མཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ངོ་སྤྲད་པ་ནི། འོ་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག༔ ཁྲག་འཐུང་རིགས་ལྔ་ནི་རང་གི་ཕུང་པོ་ལྔ་དང་ཡུམ་ལྔ་ནི་ཕྱི་ནང་གི་འབྱུང་བ་ལྔ་གནས་སུ་དག་པའོ༔ ཀཽ་རཱི་མ་བརྒྱད་ཀྱང་ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་པའོ༔ ཕྲ་མེན་སིཾ་ཧ་མ་བརྒྱད་ཀྱང་ཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་པའོ༔ སྒོ་མ་བཞི་ཡང་སྐྱེ་གནས་བཞི་དག་ཅིང་ཕྲིན་ལས་བཞི་གྲུབ་པ་ལ་བྱའོ༔ འོ་རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ཅིག༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་ཁྲག་འཐུང་གི་སྣང་བ་དེ་རྣམས་ཀྱང་གཞན་ན་མེད་དེ༔ རང་གི་ཉོན་མོངས་རྟོག་ཚོགས་མ་སྤངས་གནས་སུ་དག་ཅིང་རང་རིག་རང་གནས་དབྱེར་མེད་དུ་ངོ་ཤེས་པ་ནི་ཁྲག་འཐུང་དྲུག་ཅུའི་སྣང་བ་ཡིན་ནོ༔ དེ་ཡིན་པ་ལ་ཡིན་པར་ཤེས་ན་མ་མོ་དང་དམ་ཅན་ལ་སོགས་ཆོས་སྐྱོང་སྲུང་མའི་སྲོག་ལ་དབང་ཐོབ་པའོ༔ ཁྲག་འཐུང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་ད་ལྟ་རང་གི་ཀླད་པ་དུང་ཁང་གི་ནང་དུ་སྐུ་ཚོམ་བུ་ཤིག་གེ་བཞུགས་ཤིང༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱང་སྙིང་གི་ནང་དུ་སྐུ་དངོས་སུ་བཞུགས་པའོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོ༔ རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་པའོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ནི་ལོངས་སྐུ་ཞི་ཁྲོ་ཡབ་ཀྱི་ཚུལ་དང༔ རཀྟ་དམར་ཆ་ཐམས་ཅད་ནི་ལོངས་སྐུ་ཞི་ཁྲོ་ཡུམ་གྱི་ཚུལ་དང༔ བ་སྤུ་བྱེ་བ་ས་ཡ་ནི་དྷཱ་ཀི་བྱེ་བ་ས་ཡའི་རང་བཞིན་དུ་གནས་པའོ༔ དེས་ན་རང་ལུས་འདི་ནི་རྒྱལ་བའི་དཀྱིལ་འཁོར་ཡེ་ནས་གནས་པས༔ ཕུང་པོ་འདི་ཉིད་ལ་བརྙས་པ་དང༔ བརྡེག་པ་ལ་སོགས་བྱེད་མི་རུང༔ བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པས་མཆོད་དགོས་པར་གསང་སྔགས་ཀྱི་རྒྱུད་མཐའ་དག་ནས་གསུངས་པའོ༔ དེ་ཡང་རང་ཉིད་ཚེའི་དུས་བྱེད་པའི་ཚེ་ན༔ ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་ལུས་ནས་ཕྱིར་འོང་སྟེ༔ ནམ་མཁའ་ལ་འཆར་རོ༔ དེའི་དུས་སུ་མི་འཇིགས་མི་སྐྲག་པར་རང་ངོ་ཤེས་པ་གལ་ཆེ༔ སྐད་ཅིག་ཉིད་ལ་འོད་ལུས་འགྲུབ་པ་དེའི་ཚེ་ཡིན་པས༔ ད་ལྟ་ནས་བསྐྱེད་རིམ་བསྒོམ་པ་ལ་ནན་ཏན་འབད་འབུངས་ཐོན་ཅིག༔ སྒྱུ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུར་དེ་དུས་ཐིམ་པར་ཐེ་ཚོམ་མེད་དོ༔ ད་ལྟ་ལྷ་ཡབ་ཡུམ་ཅན་དང༔ ཁྲོ་བོ་ཁྲོ་མོ་ལ་མི་དད་པ་ཚོ་དེ་དུས་འཁྲུལ་པའི་འཕྲང་དམ་པས་སླར་ཡང་འཁོར་བའོ༔ གནད་ཆེན་པོ་གཅིག་འདི་ན་ཡོད་དོ༔ ཉམས་ལེན་ལ་འབོད་ཅིག༔ རང་ལུས་དཀྱིལ་འཁོར་འདི་ལ་བརྟེན་ནས་བཏགས་གྲོལ་དང་ཡིག་བརྒྱ་ཅི་ནུས་བཟླས་ན་ཉམས་ལེན་གྱི་སྙིང་པོ་ཡིན་ནོ༔ རང་ལུས་ཀུན་བཟང་ཡབ་ཡུམ་དཀྱིལ་འཁོར་ལྔ་ལྡན་གསལ་གདབ་ཅིང༔ སྙིང་པོ་བྱེ་བ་ཕྲག་རེ་བསྙེན་ན་ཉམས་ལེན་གྱི་མཆོག་ཏུ་གྱུར་པའོ༔ གཞན་ཡང་བདག་མདུན་བུམ་སོགས་གང་ལ་བརྟེན་ནས་བསྒྲུབས་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འབྱུང་ངོ་༔ འགྲོ་དོན་རྒྱ་ཆེ་ལ་ཡུན་རིང་བ༔ ཟབ་པའི་ཡང་ཟབ་བླ་ན་མེད་པ་བསྐྱེད་རྫོགས་ཀྱི་གདམས་པ་ཡང་དག་པའོ༔ དེ་ནས་གསུང་ཡིག་འབྲུ། ཐུགས་ཕྱག་མཚན། ཡོན་ཏན་ཐིག་ལེ། ཕྲིན་ལས་འབྱུང་ལྔ་བཞི་པོ་གོང་སྟ་གོན་གྱི་སྐབས་ལྟར་འདིར་བསྐྱར་ནས་བསྐུར་རོ། །དེ་རྣམས་ཀྱིས་ལྷ་དབང་རྫོགས་ནས་བུམ་པའི་དབང་གིས་ལུས་སྨིན་པ་ཞེས་བྱ་བ་ཡིན་པས་ན༔ དབང་འདི་ཐོབ་པའི་ཉམས་ལེན་ནི༔ ལུས་ལྷར་བསྒོམ༔ ངག་སྔགས་བཟླ༔ སེམས་ཆོས་ཉིད་བསྒོམ་པ་ལ་ནན་ཏན་དུ་བྱའོ༔ དེ་ནས་ཁྱེད་རང་རྣམས་ཆོས་སྟན་མཐོ་བ་རཏྣ་དང་སེང་གེའི་ཁྲིའི་སྟེང་དུ་གདུགས་ནོར་བུའི་ཏོག་ཅན་དབུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེངས། རོལ་མོ་དང་མཆོད་པའི་བྱེ་བྲག་དུ་མས་མངའ་གསོལ་བར་མོས་ཤིག །ཆོས་ཟབ་མོ་འདིའི་བདག་པོ་མཛོད་ལ༔ འགྲོ་བའི་དོན་རྒྱ་ཆེན་པོ་གྱིས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ ཅེས་རྗེས་སུ་གནང་བ་སྦྱིན་ཅིང་རྟེན་སྙིང་བཟླས་པའི་མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད་དོ། །གཉིས་པ་གསང་བའི་དབང་ནི། ཐོད་པའི་བདུད་རྩི་ཐོགས་ལ། བདུད་རྩི་ཀ་པཱ་ལར་ཀུན་བཟང་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་བབ་པས་བདེ་བ་ཆེན་པོའི་རང་བཞིན་ཁྱེད་རང་རྣམས་ལ་བྱིན་པས་ལུས་ཐམས་ཅད་བདེ་ཕྲིལ་ཕྲིལ་རྩའི་རྩ་མདུད་ཐམས་ཅད་རང་བཞིན་དུ་གྲོལ༔ རྩ་ཐམས་ཅད་ཨ་བ་དྷཱུ་ཏི༔ རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང༔ ཐིག་ལེ་ཐམས་ཅད་ཟག་མེད་ཀྱི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར་པར་མོས་ལ་མཉམ་པར་འཇོག་པར་ཞུ༔ ཧཱུྃ༔ སྣང་བ་ཐམས་ཅད་ཡབ་ཀྱི་ཚུལ་འཆར་ཞིང༔ སྟོང་པ་ཐམས་ཅད་ཡུམ་གྱི་ཆ་འཛིན་པའི༔ སྲིད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་ངང༔ ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་གསལ་སྟོང་ལྷ༔ ཀུན་ཀྱང་ཐམས་ཅད་དཀྱིལ་འཁོར་ངང་ལ་གནས༔ ཡང་གསང་རིག་པའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷའི་ཆང་ལན་གསུམ་འཐུང་དུ་བཅུག་ལ། དམ་རྫས་བདུད་རྩིའི་རོ་འདི་ལྕེ་ལ་ཐིམ་པས་རོ་མྱང་བྱ་མྱོང་བྱེད་མེད་པ་གཅིག་འདུག་གམ་ལྟོས་ཤིག༔ དེའང་དཔལ་ཀུན་ཏུ་བཟང་པོའི་ཞལ་ནས༔ འདི་ནི་སྤྲོས་པ་མེད་པའི་དབང༔ གསང་ནི་སྐལ་མེད་རྣམས་ལ་གསང༔ གསང་དབང་ཞེས་ནི་དེ་ལ་བྱ༔ ཞེས་གསུངས་སོ༔ དབང་འདི་ཐོབ་ནས་ཉམས་ལེན་དུ་གནས་པ་རྩ་སྦྱོང་བ༔ གཡོ་བ་རླུང་བཟུང་བ༔ བཀོད་པ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ནན་ཏན་གྱིས་ཤིག༔ གསུམ་པ་ཤེས་རབ་ཡེ་ཤེས་དབང་ནི། རིག་མའི་ཙཀ་ལི་ཐོགས་ལ། སྣང་བརྙན་འདི་ཉིད་རིགས་གཟུགས་ལང་ཚོ་ཕུན་སུམ་ཚོགས་ཤིང་མཚན་ཉིད་དང་ལྡན་པའི་རིག་མར་གྱུར་པ་ཕྱག་གཡོན་དུ་གཏད་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་བདེ་བའི་སྐུ༔ ཀུན་བཟང་བདེ་བའི་གནས་སྦྱིན་ཅིང༔ དགའ་བ་གཟུགས་མཛེས་ཡིད་འོང་མ༔ གསང་སྔགས་གསང་ཆེན་གྲུབ་པའི་ལམ༔ ཁྱེར་ཅིག་དཔའ་བོ་སེམས་དཔའ་ཆེ༔ གུས་པའི་ཚུལ་གྱིས་རྟག་ཏུ་སྤྱོད༔ ཧཱུྃ་བཛྲ་མུ་དྲ་སུ་ཁ་ཧོ༔ དེ་ལྟར་གཏད་པའི་རིག་མ་དེ་དང་ཁྱེད་རང་ཀུན་བཟང་ཡབ་ཡུམ་དུ་གསལ་ནས་མཉམ་པར་སྦྱོར་བས་ངོ་བོ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །དབང་འདི་ཐོབ་པའི་ཉམས་ལེན་ནི༔ ལུས་སྣང་སྟོང༔ ངག་གྲགས་སྟོང༔ སེམས་གསལ་སྟོང་སྒོམ་པ་ལ་ནན་ཏན་གྱིས་ཤིག༔ དེང་ཕྱིན་ཆད་བུད་མེད་ལ་མི་སྨད་དེ༔ དེ་ཡང་ཡུམ་གྱི་བྷ་ག་ནི༔ རྒྱལ་བ་བསྐྱེད་པའི་ཁུངས་ཡིན་ཞིང༔ གསང་སྔགས་ཟབ་མོའི་དོན་ཡིན་ཏེ༔ ལུང་ལས༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ ཅེས་སོགས་མཐའ་ཡས་པར་གསུངས་པ་ཡིན་ནོ༔ དབང་བཞི་པ་ནི། འོ་ ཚིག་དབང་རིན་པོ་ཆེ་ནི་བསྐུར་བྱ་སྐུར་བྱེད་དང་བྲལ་བ་ཡིན་ཡང༔ ཡར་ནམ་མཁའ་ལ་ལྟོས་དང༔ མཐའ་དང་དབུས་མེད༔ མར་རྒྱ་མཚོ་ལ་ལྟོས་དང༔ ཁ་དང་གཏིང་མེད༔ བར་ཉི་ཟླ་ལ་ལྟོས་དང༔ གསལ་ཞིང་དྲི་མ་མེད༔ དེ་ཐམས་ཅད་ཀྱི་དོན་མེ་ལོང་གི་རང་གཟུགས་འདི་ལྟ་བུ་སྟེ༔ མེ་ལོང་དང་གཟུགས་བརྙན་དབྱེར་མེད་དུ་གནས་པ་ནི་ཟུང་འཇུག་ཆེན་པོའོ༔ ཨ༔ སྣང་ན་ཆོས་ཉིད་བརྡལ་བར་སྣང༔ སྟོང་ན་ཁམས་གསུམ་འཁོར་བ་སྟོང༔ ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀློང༔ གང་ལྟར་བྱས་ཀྱང་ཕྱོགས་རིས་མེད༔ ཐམས་ཅད་བཟང་ངན་བླང་དོར་མེད༔ རྫོགས་པ་ཆེན་པོའི་གནས་ལུགས་ཡིན༔ གསལ་སྟོང་འཛིན་མེད་དབང་བསྐུར་ནི༔ རང་ངོ་ཤེས་ན་དབང་གི་མཆོག༔ གཅིག་པོ་ཤེས་ན་ཐམས་ཅད་དེ༔ མཉམ་པ་ཉིད་དུ་ངོ་མཚར་ཆེ༔ མཉམ་པ་ཀུན་ཡངས་དབང་ཐོབ་ཤོག༔ ཕཊ༔ དྲག་པོ་ཞིག་བྱས་ལ། བརྗོད་མེད་ཀྱི་ངང་ལ་ཅི་གནས་སུ་བཞག ༈ །སླར་ངོ་སྤྲོད་རྒྱས་པར་བྱ་བ་ལ། དང་པོ་ཁྲེགས་ཆོད་ཀྱི་ངོ་སྤྲོད་ནི། མན་ཤེལ་དྲི་མ་མེད་པ་བསྟན་ལ། འོ་ སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་གསན་འཚལ༔ ལུས་ངག་ཡིད་གསུམ་བྱ་བ་དང་ཕྲོལ་ལ་མ་བཅོས་ལྷུག་པར་ཞོག་ཅིག༔ རང་ཤེས་རིག་པའི་རྒྱལ་པོ་འདི་དཔེ་ཤེལ་སྒོང་འདི་ལྟ་བུའོ༔ འདི་ལ་ལྟོས་ཤིག༔ ཤེལ་འདི་ལ་ཕྱི་ནང་མེད་པའོ༔ དེ་བཞིན་དུ་སྟེང་འོག་ཀྱང་མེད༔ གསལ་འགྲིབ་མེད༔ དྲི་རོ་མེད༔ རྒྱབ་མདུན་མེད༔ འོད་དང་ཤེལ་དབྱེར་མེད་དུ་གནས་པ་ནི་ངོ་ཤེས་ན་ཡེ་ཤེས་ལྔའོ༔ མ་ཤེས་ན་དུག་ལྔའོ༔ དེ་བཞིན་དུ་ཤེས་ན་འོད་ཟེར་ལྔ༔ མ་ཤེས་ན་རླུང་ལྔའོ༔ ཤེས་ན་སྐུ་ལྔ་ཡིན༔ མ་ཤེས་ན་ཚོགས་ལྔའོ༔ ཤེས་ན་རིགས་ལྔ་སྟེ༔ མ་ཤེས་ན་ཕུང་པོ་ལྔའོ༔ ཤེས་ན་ཡུམ་ལྔ༔ མ་ཤེས་ན་ཁམས་ལྔའོ༔ ཤེས་ན་ཞིང་ཁམས་ལྔ་ལ༔ མ་ཤེས་ན་ཕྱོགས་ལྔའོ༔ ཤེས་ན་སྐུ་ལྔ་ལ༔ མ་ཤེས་ན་གཟུགས་ལྔའོ༔ ཤེས་ན་གསུང་ལྔ་ལ༔ མ་ཤེས་ན་སྒྲ་ལྔའོ༔ ཤེས་ན་ཐུགས་ལྔ་ལ༔ མ་ཤེས་ན་རྟོག་པ་ལྔའོ༔ ཤེས་ན་མཁའ་འགྲོ་ལྔ་ལ༔ མ་ཤེས་ན་འབྱུང་བ་ལྔའོ༔ ཤེས་ན་སྲོག་ལྔ་ཡིན་ལ༔ མ་ཤེས་ན་འཆི་བདག་ལྔའོ༔ དཔེར་ན་ཤེལ་འོད་འཁྱུགས་པ་ལྟ་བུར་རང་སེམས་ཀྱི་རྩལ་མ་འགག་པའོ༔ ཤེལ་རྡོ་དང་འཇའ་དང་འོད་གསུམ་དབྱེར་མེད་པ་ལྟ་བུ་སྟོང་གསལ་རང་བཞིན་དབྱེར་མེད་ཟུང་འཇུག་ཏུ་གནས་པའོ༔ ༈ གཉིས་པ་ཐོད་རྒལ་ངོ་སྤྲོད་ནི༔ རྨ་བྱའི་མདོངས་ཞིག་བསྟན་ལ༔ འོ་ སྐལ་ལྡན་རིགས་ཀྱི་བུ་རྣམས༔ དབྱིངས་རྣམ་པར་དག་པ་ཁྱིམ་འདྲ་བའི་ནང་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་ཁྱིམ་བདག་མོ་དང་འདྲ་བ་གཅིག་འཆར་རོ༔ འཇའ་དང་འོད་ཀྱི་དྲྭ་བ་ནོར་དང་འདྲ་བ་གཅིག་ལ་རིག་པའི་ངོ་བོ་ལུ་གུ་རྒྱུད་ཁྱིམ་བདག་དང་འདྲ་བས་དབྱེར་མེད་དུ་ལོངས་སྤྱོད་ཅིག༔ སྒྲོན་བཞི་ཉམས་སུ་བླངས་པས་སྣང་བཞི་མཐར་ཕྱིན་ནས་གདིངས་བཞི་ལོན་ཅིང་ལོ་བདུན་ནས་ཟག་བཅས་ཕུང་པོ་མི་སྣང་བར་སངས་རྒྱས་པའོ༔ ཡང་མེ་ལོང་ངོས་ལ་དཀྱིལ་འཁོར་བསྟན་ཏེ༔ འོ་ སྐལ་ལྡན་རིགས་ཀྱི་བུ་རྣམས༔ དཔེར་ན་མེ་ལོང་ནང་གི་དཀྱིལ་འཁོར་འདི་ལྟ་བུ་ཁ་དོག་སྣ་ཚོགས་འཆར་ཡང་དོན་ལ་གྲུབ་པ་མེད་པས་རིག་པའི་ཆོ་འཕྲུལ་ཚོགས་དྲུག་གི་རང་མདངས་སུ་ངོ་ཤེས་པར་གྱིས་ཤིག༔ ཚོགས་དྲུག་རེ་རེ་ནས་ངོ་སྤྲོད་ཀྱང་རུང༔ དེ་ཐམས་ཅད་ཀྱི་རྩ་བ་རང་སེམས་ངོས་བཟུང་དང་བྲལ་བ་འདི་ཀ་ཡིན༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི་ཆོས་ཐ་དད་འདིའི་རྩལ་ལས་ཤར་ཞིང་ནུབ༔ ནུབ་ཅིང་ཤར་བའོ༔ ངོ་བོ་སྟོང་པ་ཆོས་སྐུ༔ རྣམ་པ་གསལ་བ་སྤྲུལ་སྐུ༔ དོན་ལ་གཉིས་སུ་མེད་པ་ལོངས་སྐུ༔ སྐུ་གསུམ་ཐ་དད་མ་ཡིན་པ་ནི་ངོ་བོ་ཉིད་ཀྱི་སྐུ་རང་ལ་རང་ཆས་སུ་གནས་པའོ༔ དེ་ལ་རང་དབང་ཐོབ་ན་དབང་ཐམས་ཅད་ཐོབ་པ་ཡིན་ནོ༔ ཁ་རུ་བརྗོད་མི་བཏུབ་ཀྱང་ཡིད་ལ་བསམ་རྒྱུ་ཡོད་དོ༔ ལག་ཏུ་བཟུང་མི་བཏུབ་ཀྱང༔ ཞེ་བློ་བདེ་བ་ཞིག་ཡོད་དོ༔ ཟང་ཐལ་ཡིན་ཞེས་ཨ་འཐས་སུ་ཡང་མི་བཏང་ངོ་༔ གསལ་ཆ་འདོད་པ་ཙིར་འཛིན་ཡང་མི་བྱའོ༔ གསལ་སྟོང་ངོས་བཟུང་མེད་པ་འདི་ལྟ་བ༔ དེའི་ངང་ལ་གནས་པ་ནི་སྒོམ་པ༔ གང་ཤར་དྲན་པས་ཟིན་པ་ནི་སྤྱོད་པ༔ དེ་ལ་བརྟན་པ་ཐོབ་ཙམ་ན་འབྲས་བུ་ཡིན་པས་འགྲོ་དོན་གྱིས་ཤིག༔ དེ་ལྟ་བུའི་དོན་ཤེས་ན་རྒྱལ་པོ་འབངས་སུ་འཁྱམས་པ་ཡང་རྒྱལ་སར་ཐོན་པ་ལྟ་བུའོ༔ ཉི་མ་སྤྲིན་དང་བྲལ་བ་ལྟ་བུའོ༔ གསེར་གཡའ་དང་བྲལ་བ་ལྟ་བུའོ༔ འཁྲུལ་པ་ཡུལ་བུད༔ རང་སེམས་སངས་རྒྱས་སུ་གོ༔ འཁོར་འདས་རང་དབང་ཐོབ་པའོ༔ དེ་ལྟར་ཕྱི་ནང་གསང་བའི་ངོ་སྤྲོད་ཐམས་ཅད་ཧྲིལ་གྱིས་དྲིལ་ན༔ སྣང་སྲིད་ཐམས་ཅད་བཀྲམ་པའི་དཀྱིལ་འཁོར་ལ་ངོ་སྤྲད༔ ལུས་ངག་ཡིད་གསུམ་དུ་ངོ་སྤྲད༔ གར་གནས་ཐམས་ཅད་ཞིང་ཁམས་དང་གཞལ་ཡས་ཁང༔ གར་འདུག་ཐམས་ཅད་ཕོ་བྲང༔ གྲོགས་ཐམས་ཅད་ལྷ་དང་ལྷ་མོ༔ རང་ལུས་སྣང་སྟོང་རྒྱལ་བའི་དཀྱིལ་འཁོར་མངོན་སུམ་དུ་ངོ་སྤྲད་ཅིང་བཟླས་པ་ཐམས་ཅད་ཡི་གེ་བརྒྱ་པ་ལ་བསྡུ༔ ཡིག་བརྒྱ་ཡང་ཧ་བཞི་ཧོ༔དང་ལྔ་ལ་བསྡུ༔ དེ་ཡང་འབྲུ་གསུམ་ལ་བསྡུ༔ གསུམ་ཡང་ཧཱུྃ་ལ་བསྡུ་ནས་ཧཱུྃ་ཅི་མང་བཟླ༔ རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་གར་གསལ་བ་མཉམ་གཞག་སྐྱིལ་ཀྲུང་མཛད་པ༔ ཕྱོགས་བཅུ་ཐམས་ཅད་ཐིག་ལེའི་གོང་བུར་བསྒོམ༔ ངག་ཏུ་ཧཱུྃ་བརྗོད་པས༔ སྣང་བ་ཐམས་ཅད་ཀ་དག་སྤྲོས་བྲལ་གྱི་ངང་ལ་ཧཱུྃ་མཐིང་ནག་ཟང་ཐལ་དུ་ཕྱི་ནང་མེད་པར་བདག་གཞན་གཉིས་མེད་མཐའ་དབུས་མི་དམིགས་ཤིང༔ ཧཱུྃ་སྒྲ་དང་གསལ་སྟོང་དབྱེར་མེད་དུ་བསྒོམ༔ དེ་ལྟར་ལྷ་ཐམས་ཅད་ཀུན་བཟང་ཡབ་ཡུམ་ལ་བསྡུ་བ་དང༔ སྔགས་ཐམས་ཅད་ཧཱུྃ་ལ་བསྡུ་བ་དང༔ དམིགས་པ་ཐམས་ཅད་མ་བཅོས་ལྷུག་པ་ལ་བསྡུ་བ་དང༔ དམིགས་མེད་ཀྱང་བརྗོད་མེད་ལ་བསྡུའོ༔ བརྗོད་མེད་བསྒོམ་མེད་ལ་བསྡུ༔ བསྒོམ་མེད་རང་མདངས་རང་གསལ་ཆ་ལ་བསྡུ༔ གསལ་ཆ་འོད་ལྔ་ལ་བསྡུ༔ འོད་ལྔ་རང་བཞིན་སྟོང་པ་ཉིད་ལ་བསྡུ༔ སྟོང་ཉིད་ལྷུན་གྲུབ་ལ་བསྡུའོ༔ ལྷུན་གྲུབ་ནི་རྒྱ་ཆད་ཕྱོགས་ལྷུང་མ་ཡིན་པར༔ རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་པོ་མངོན་སུམ་མཐོང་བ་འདི་ནི༔ གང་ཟག་སུ་བྱུང་གི་བློར་མི་ཤོང༔ འདི་ལྟར་གོ་ན་སངས་རྒྱས་ལ་མི་རེ༔ སེམས་ཅན་ལ་མི་དོགས༔ སྐད་ཅིག་ཉིད་ལ་ལྷུན་གྲུབ་ཆེན་པོར་གྲོལ་བའི་གདམས་པ་ཞི་ཁྲོ་བཤགས་རྒྱུད་ཀུན་གྱི་ཡང་སྙིང་ཡིན་པས༔ དབང་འདི་ཐོབ་པའི་གང་ཟག་རྣམས་ནི༔ དུད་འགྲོ་ཡིན་ཡང་རིག་འཛིན་གྱི་གྲལ་དུ་སྐྱེ་བ་ལ་ཐེ་ཚོམ་མེད་དོ༔ དེ་ནས་གཏོར་ཆེན་ཐོགས་ལ༔ འོ་ རིགས་ཀྱི་བུ་དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག༔ དབང་ཐམས་ཅད་ཀྱི་མཐའ་རྟེན་གཏོར་དབང་བྱིན་རླབས་འོད་ཕུང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད༔ གཏོར་མ་འདི་ཉིད་གཞལ་ཡས་ཁང་གི་རྣམ་པར་འོད་ཟེར་གྱི་ཕོ་བྲང་ཆེན་པོ་སུམ་བརྩེགས་སུ་གསལ་བའི་རྩེ་མོ་ན་བླ་མའི་ལྷ་ཚོགས༔ བར་ན་ཡི་དམ་ཞི་ཁྲོའི་ལྷ་ཚོགས༔ འོག་ན་ཡེ་ཤེས་ཀྱི་མཁའ་འགྲོའི་ལྷ་ཚོགས༔ ཕྱོགས་མཚམས་ལ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་རྣམས་གངས་རི་ལ་འཇའ་ཚོན་འཁྲིགས་པ་ལྟར་བཞུགས་པར་གྱུར༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩིའི་འོད་ཟེར་གྱི་རྣམ་པར་འཕྲོས༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལན་གསུམ་བབས་པས༔ དང་པོས་སྡིག་སྒྲིབ་དག༔ གཉིས་པས་ལུས་ཁེངས༔ གསུམ་པས་གནས་གསུམ་དུ་ཡིག་འབྲུ་གསུམ་གྱི་རྣམ་པར་ཞུགས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པའི་མོས་པ་རྩེ་གཅིག་ཏུ་གྱིས་ཤིག༔ ཨོཾ་ཨཱཿཧཱུྃ༔ དབྱིངས་རིག་དབྱེར་མེད་གཏོར་ཁང་དུ༔ གསལ་སྟོང་དབྱེར་མེད་རྩ་གསུམ་བཞུགས༔ རིག་རྩལ་དབྱེར་མེད་སྲུང་མས་བསྐོར༔ དབང་མཆོག་དམ་པ་འདི་བསྐུར་བས༔ ལྷུན་གྲུབ་རང་དབང་རང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་གནས་གསུམ་དུ་བསྐུར་རོ༔ གཡས་སུ་དངོས་གྲུབ་ཀྱི་གཏོར་རྫས༔ གཡོན་དུ་བྷནྡྷའི་བདུད་རྩི་སྦྱིན་ལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་པས༔ བླ་མ་རང་གི་སྤྱི་བོར་ཐིམ༔ ཡི་དམ་མགྲིན་པར་ཐིམ༔ མཁའ་འགྲོ་སྙིང་གར་ཐིམ༔ ཆོས་སྐྱོང་ལྟེ་བར་ཐིམ་པར་མོས་མཛོད༔ གསུམ་པ་མཐའ་རྟེན་རྫས་ཀྱི་མངའ་དབང་བསྐུར་བ་ལ་དང་པོ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ནི༔ ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་བླ་ན་མེད༔ འགྲོ་བའི་ཚ་གདུང་སེལ་བར་ཤོག༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་རྣམ་དབྱེ་འབྱེད་པར་ཤོག༔ ཆོས་དུང་གཡས་འཁྱིལ་རང་སྒྲ་སྒྲོག༔ སྟོང་གསུམ་སྙན་གྲགས་ལྡན་པར་ཤོག༔ པདྨ་དྲི་མེད་མདངས་དང་ལྡན༔ དམ་ཆོས་ཀུན་གྱི་ཆར་འབེབས་ཤོག༔ བུམ་པ་དགོས་འདོད་རེ་བ་སྐོང༔ འགྲོ་རྣམས་སྨིན་ཅིང་གྲོལ་བར་ཤོག༔ རྒྱལ་མཚན་མི་ནུབ་བསྟན་པའི་དཔལ༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ དཔལ་གྱི་བེའུ་འོད་འབར་ཆེ༔ འཁྲུལ་མེད་ཐུགས་དང་ལྡན་པར་ཤོག༔ འཁོར་ལོ་རྩིབས་བརྒྱད་ཕྱག་ཞབས་མཚན༔ མི་ཤིགས་རྡོ་རྗེར་བརྟན་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ནི༔ ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་དབང་ཐོབ་ཤོག༔ ཨཱཿརཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུ་བར་ཤོག༔ པདྨ་ལི་ཁྲི་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ གི་ཧཾ་དུག་གསུམ་སེལ་བའི་སྨན་གྱི་མཆོག༔ རྒྱུ་འབྲས་ནད་རྣམས་ཞི་བའི་དབང་ཐོབ་ཤོག༔ དུཿཁ་ཤཱནྟིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཡུངས་ཀར་དྲག་པོའི་རྫས་མཆོག་དམ་པ་ནི༔ བར་ཆད་གདོན་བགེགས་ཞི་བའི་དབང་ཐོབ་ཤོག༔ ཛཿཐུཾ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རྩྭ་མཆོག་དཱུར་བས་ཚེ་ཡི་དངོས་གྲུབ་སྟེར༔ འཆི་མེད་བསོད་ནམས་རྒྱས་པའི་དབང་ཐོབ་ཤོག༔ ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ འོ་མ་ཞོ་ནི་བཅུད་མཆོག་དམ་པ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལོན་པར་ཤོག༔ ཧྲྀ་ད་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཆོས་དུང་དཀར་པོ་སྙན་པས་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་པར་ཤོག༔ དྷརྨཱཿསརྦ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ མཆོད་རྫས་བིལ་བ་བཀྲ་ཤིས་རྫས་འདུས་ཏེ༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ བི་ཛ་པཱུ་ར་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་བཀྲ་ཤིས་རྫས་བརྒྱད་ཀྱིས་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཁྲི་སྟོན་བྱས་པས་འབངས་འཁོར་མངའ་འོག་ཏུ་ཚུད་པ་ལྟར༔ དབང་བཞི་ཡོངས་སུ་རྫོགས་པར་ཐོབ་ནས་གཞན་དོན་དཔག་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་རྒྱལ་སྲིད་སྣ་བདུན་གྱི་དབང་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ བཙུན་མོ་རིན་ཆེན་སྡོམ་བརྒྱད་གཏེར༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲ་ཛྙཱ་པཱ་ར་མི་ཏཱ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་ཀུན་གནས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་མ་ཎི་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་དབང་ཐོབ་ཤོག༔ མ་ཏི་རཏྣ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ རྫུ་འཕྲུལ་རྐང་ལྡན་དབང་ཐོབ་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ གླང་པོ་རིན་ཆེན་ཐེག་པ་ཆེ༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་རྒྱལ་སྲིད་སྣ་བདུན་གྱིས་དབང་བསྐུར་བས་བདེ་ལེགས་ཕུན་སུམ་ཚོགས་པ་དང༔ འཕགས་པའི་ནོར་བདུན་དང་ལྡན་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག༔ དེ་ནས་དཀྱིལ་འཁོར་རྒྱན་རྫས་ཀྱི་དབང་བསྐུར་བ་ལ༔ དང་པོ་རལ་གྲི་བཞིའི་དབང་ནི༔ ཧཱུྃ༔ ཉོན་མོངས་འཁྲུལ་པ་ཐམས་ཅད་རྩད་གཅོད་པ༔ ཤེས་རབ་རྣོན་པོ་རལ་གྲི་བཞི་པོ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་རྩད་ནས་ཆོད་པའི་དབང་ཐོབ་ཤོག༔ ཨོཾ་དྷརྨཱ་ཕེ་ལཾ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་མདའ་བཞིའི་དབང་ནི༔ ཧཱུྃ༔ ཐུགས་རྗེ་ཐོགས་པ་མེད་པའི་མདའ་བཞི་ནི༔ རང་སྣང་གསལ་བའི་མེ་ལོང་བཞི་ཡིས་བརྒྱན༔ ཡེ་ཤེས་ལྔ་ལྡན་དར་སྣ་རིགས་ལྔས་མཚན༔ ཐབས་ཤེས་ཡོན་ཏན་གསུམ་དང་སྦྱར་བ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་རྩལ་ཐོགས་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་པྲ་ཤ་ར་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་ཕུར་པ་བཞིའི་དབང་ནི༔ ཧཱུྃ༔ ཉོན་མོངས་གནས་ནས་འདྲེན་པའི་ཕྱག་མཚན་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཞི༔ ཚད་མེད་བཞི་ལྡན་སྐྱེ་གནས་བཞི་པོ་གཅོད༔ རྡོ་རྗེ་ཕུར་པ་སངས་རྒྱས་ཀུན་གྱི་འཕྲུལ༔ སྐུ་བཞིའི་བདག་ཉིད་ཀཱི་ལའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བླ་མ་དཀྱིལ་འཁོར་གྱི་ལྷ་དང་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང། མེ་ཏོག་མནྡ་ར་བའི་ཆར་ཕང་ཕུང་དུ་བསྙིལ་བས་ཁྱེད་རང་རྣམས་ལ་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་མཛད་པར་མོས་ཤིག །རྟེན་སྙིང་བཟླས་པའི་འབྲུ་འཐོར་ལ། ཧཱུྃ༔ ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་དོན་གྱི་ལྷ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ༔ སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ༔ དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ༔ དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཧཱུྃ༔ དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ༔ རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ༔ རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཅེས་དང་། གཞན་ཡང་ཤིས་བརྗོད་ཇི་ལྟར་འོས་པ་བྱའོ། དེ་ལྟར་ན་དེ་དག་རྣམས་ཀྱིས་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་ཕྱི་སྒྲུབ་རྫོགས་པ་ཆེན་པོ་ཞི་ཁྲོའི་དབང་ཆེན་ངོ་སྤྲོད་བཅས་རྒྱས་པར་ཐོབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཕྲ་རགས་ཐམས་ཅད་ལ་བསླབ་ཅིང་ནན་ཏན་དུ་བསྒྲུབ་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །རྩ་བའི་གསུམ་པ་རྗེས་ཆོ་གའི་མཇུག་དོན་གྱི་རིམ་པ་ནི། ཚོགས་ལ་རོལ་ཞིང་རྡོ་རྗེའི་གླུ་བླང་། ལྷག་བསྐུལ་ཆད་བརྟན་རྟ་བྲོའི་རྗེས་སུ་མཆོད་བསྟོད་མདོར་བསྡུས་བྱ། ལྷག་ཆད་ཁ་སྐོང་ནས་སྨོན་ལམ་གྱི་བར་གཞུང་གསལ་ལྟར་བྱ་བ་ལས་བསྡུ་རིམ་གོང་དུ་རས་བྲིས་ཡིན་ན་བརྟན་བཞུགས་སྤྱི་མཐུན་ཀྱང་བྱ་བར་སྤྲོ་ན་ཆོག་གོ །ཀློང་ཆེན་ནམ་མཁའི་ཐིག་ལེར་འཁོར་བའི་མཚོ། །དོང་ནས་སྤྲུགས་པ་མཐོང་གྲོལ་ལུ་གུ་རྒྱུད། །རྡོ་རྗེའི་སྒྲ་ཚིག་ཟབ་མོར་སྣང་འདི་ཀོ །སྦྱངས་པ་སྔོན་སོང་དབང་པོའི་དཔྱིད་དུ་འཇོ། །སྐལ་ལྡན་དུ་མ་ལམ་འདིས་དབུགས་དབྱུང་ཞིང་། །དེས་ཀྱང་གསང་ཆེན་ངེས་པའི་ལམ་བཟང་འདི། །མཁའ་མཉམ་འགྲོ་ལ་ཡུན་རིང་གསལ་བྱས་ནས། །གདོད་མའི་མགོན་པོའི་དགོངས་པ་བསྐང་གྱུར་ཅིག །ཅེས་པ་འདི་ནི། གཏེར་གཞུང་ཉིད་མ་འཛིངས་ལ་རྣམ་པར་གསལ་བས་ཁ་འགེངས་སོགས་གསར་སྤྲོས་མ་དགོས་ཀྱང་། བཀླག་ཆོག་ཉིད་བློ་དམན་ཕལ་ཆེར་གྱི་ཉམས་ལ་ཕན་པར་བསམས་ནས། སྒྲུབ་ཆེན་དང་མ་འབྲེལ་བར་མགྱོགས་དབང་ཁྱེར་བདེའི་ཚུལ་དུ་ཡིག་སྣ་མ་བུ་རྣམས་བསྡེབས་ཏེ། པདྨའི་རྗེས་འཇུག་ཀུ་སཱ་ལི་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་སྦྱར་བ་དགེ་ལེགས་འཕེལ།། །།
གཏོར་མ་རུ་མཚོན་གཟུང་འཛུག་རྣམས་ཀྱི་མན་ངག་ཉུང་གསལ་གོ་བདེ་ (Volume 39, Text 39)
༄༅། །གཏོར་མ་རུ་མཚོན་གཟུང་འཛུག་རྣམས་ཀྱི་མན་ངག་ཉུང་གསལ་གོ་བདེ་བཞུགས་སོ། ། ན་མོ་བཛྲ་དྷཱ་ར་ཡ། འདིར་བསྟན་པ་སྐྱོང་བའི་དམ་ཅན་ཆེན་པོ་རྣམས་དགྱེས་པར་བྱེད་པའི་ལས་ཀྱི་རིམ་པ་ཇི་སྙེད་ཅིག་སོ་སོའི་རྒྱུད་དང་སྒྲུབ་ཐབས་ཀྱི་མན་ངག་རྣམས་སུ་གསུངས་པ་ལས། སྐབས་དོན་ཉེ་བར་མཁོ་བའི་མན་ངག་འགའ་ཞིག་སྤྱིར་རིགས་འགྲེས་སྦྱར་ཆོག་པའི་དབང་དུ་བྱས་ཏེ། ལས་ཐམས་ཅད་ཀྱི་གཞི་གཏོར་མ་དང་། བསྟེན་པའི་ཆོ་ག་བཤད་པའོ། །དང་པོ་ནི། སློབ་དཔོན་ཆེན་པོས། རྟེན་པའི་གཏོར་མ་མི་ཤེས་ན། །སྣང་སྲིད་ལྷ་འདྲེ་དམ་མི་འདུ། །རྨད་བྱུང་གཏོར་མ་མི་ཤེས་ན། །ཡེ་ཤེས་མཁའ་འགྲོ་མཉེས་མི་འགྱུར། །མྱུར་མགྱོགས་གཏོར་མ་མི་ཤེས་ན། །རྦད་ཀྱང་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པས། །འདི་ལ་ལྔ་སྟེ། དབྱེ་བ། དགོས་པ། བཤམ་ཚུལ། བྱིན་གྱིས་བརླབ་ཚུལ། བཅང་ཚུལ་ལོ། །དང་པོ་ནི། རྟེན་གཏོར་སྲུང་མའི་ངོ་བོར་ཡུན་རིང་དུ་འཇོག་པ་དང་། རྟག་གཏོར་ལོ་ཟླའི་དུས་ཚིག་ངེས་པ་ཅན་གྱི་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་འཇོག་པ་དང་། ཐུན་གཏོར་ལས་གསུམ་གང་གི་ཚེ་ཡང་ཆོ་གའི་ཐུན་མཚམས་བརྔན་གྱི་ཚུལ་དུ་གཏང་བའོ། །གཉིས་པ་དགོས་པ་ནི། རྟེན་གཏོར་གྱི་ཆོས་སྐྱོང་བརྟན་པར་བཞུགས་པས་བར་ཆད་མི་འབྱུང་ཞིང་ལས་བཞིའི་དངོས་གྲུབ་མྱུར། ཕོ་ཉ་དབང་དུ་འདུ། རྒྱུན་གཏོར་གྱིས་ཆོས་སྐྱོང་ལས་སྒྲུབ་ཀྱི་དཔུང་བསྐྱེད་ཅིང་འཕྲལ་འབྲས་མྱུར་དུ་འབྱིན། ཐུན་གཏོར་གྱིས་ཆོས་སྐྱོང་སྙིང་ཉེ་ཞིང་། གནས་སྐབས་ཀྱི་འདོད་འབྲས་མྱུར་དུ་འབྱིན་པའོ། ࿊ །གསུམ་པ་ཇི་ལྟར་བཤམ་ཚུལ་ལ་གསུམ། དང་པོ་རྟེན་གཏོར་གྱི་རྒྱུ་ནི། རང་ངམ་དམ་ཚིག་ཅན་ལས་བླངས་པའི་འབྲུ་ནག་ས་རྡུལ་མེད་པའི་ཟན་ལ་ཤ་ལྔ་བདུད་རྩི་ལྔ། ཟས་ནོར་འཕེལ་ཕྱིར་རིན་པོ་ཆེ་དང་འབྲུ་སྣ་ཤ་སྣ། ནད་ཞི་ཕྱིར་སྨན་སྣ་ཚོགས། དྲག་ལས་རྣོ་མྱུར་གྱི་རྫས་གྲི་ཁྲག་དང་ས་རྫས་མེ་ཏོག་གི་ཕྱེ་རྣམས་ཐལ་བ་དང་བསྲེས་ལ་ཞིང་ལྤགས་སམ། དེར་བསམ་པའི་སྣོད་དུ་བཀྲམ་པ་ལ་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་བྲི། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་དུ་སྤྱན་དྲངས། ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་ཡང་ཧཱུྃ་གི་བར་རིམ་པར་འོད་དུ་ཞུ། ཧཱུྃ་གི་འོད་ཟེར་བདུད་རྩིའི་རང་བཞིན་གཏོར་རྒྱུ་ལ་འདྲེས་པར་བསམ་ལ་ཡི་གེ་གསུམ་བརྒྱ་རྩ་བརྒྱད་བཟླ་འོ། །དཀར་གསུམ་མངར་གསུམ་ཅུང་ཟད་བསྲེས་པའི་མར་ཁུ་བཙགས་ཆོད་ཚིག་སླད་མེད་པ་དང་། ཆང་བཟང་པོའི་ཉིང་ཁུ་ཆོས་སྨན་བཏབ་པ་མར་ཁུའི་ལྔ་ཆ་ཙམ་དང་། ཤ་སྣ་སྙིང་སྣ་སྤོས་དང་དྲི་བཟང་སོགས་ཀྱིས་བཀྲུས་པའི་ཁྲག་གཙང་དེའི་བཞི་ཆ་ཙམ་གྱིས་འདྲེས་ཤིང་མཆེད་པར་སྦོལ་ལ་ཧ་ཅང་སྲ་བ་མ་ཡིན་པའི་ཟན་ལ། རིན་པོ་ཆེའི་པད་སྣོད་དུ་ཡི་དམ་གྱི་གཏོར་མ་ཟླུམ་བརྗིད་དམ་དཔལ་བཤོས། ལེགས་ལྡན་གྱི་གཏོར་མ་ལྕགས་མཁར་ཁ་བད་ཅན་གྱི་སྟེང་གཙོ་བོའི་བཤོས་བུ་གྲུ་གསུམ། ཧ་ཅང་མི་རྣོ་བ་དེའི་མདུན་དུ་ཡུམ་གྱི་བཤོས་བུ་གྲུ་གསུམ་རྩ་བའི་མདུན་དང་གཡས་གཡོན་དུ་གྲུ་གསུམ། རྒྱབ་ཏུ་གྲུ་གསུམ་གཡས་གཅུས། མཚམས་རྣམས་སུ་བཤོས་ཕྲན་དང་མཐེབ་ཀྱུ་བརྒྱད། ཕྱག་བཞི་པར་གཏོར་མ་སུམ་གཉིས་མན་ཟླུམ་པོ་དེ་ཡན་ཟུར་གསུམ་ཧ་ཅང་མི་རྣོ་བའི་དཔལ་གཏོར། སྔགས་སྲུང་མ་དེ་དང་འདྲ་བ་ལ་དབལ་ཁ་རྣོ་ཞིང་དོད་པ། ཞལ་བཞི་པ་རི་རབ་བང་རིམ་བཞི་པའི་སྟེང་གཙོ་བོའི་བཤོས་བུ་གྲུ་གསུམ་སྙིང་གཟུགས་མ། བང་རིམ་དང་པོའི་ཕྱོགས་བཞིར་ལས་མཁན་བཞི། བང་རིམ་གྱི་རྩ་བར་གྲུ་གསུམ་གྲངས་མེད། མ་ནིང་དང་རྣམ་སྲས་ལ་གྲུ་གསུམ་དཔུང་རོང་ཅན། ལྷ་ཆེན་ལ་རིན་པོ་ཆེའི་སྙེ་མ་ལྟ་བུ་པད་འདབ་བཞི་ལྡན། ཁྱབ་འཇུག་ལ་གཡས་གཅུས། ཞིང་སྐྱོང་མ་མོར་གྲུ་གསུམ་གྲི་དྲས་མ་རྣམས་ཁྲུ་རེ་ལས་མི་ཆུང་བར་བརྗིད་ཆགས་པར་བྱས་པའི་མཐར། སོ་སོའི་འཁོར་གྲངས་དང་མཉམ་པའི་གཏོར་ཕྲན་གཙོ་བོའི་སུམ་གཅིག་གི་ཚད་དུ་སླེབ་པའི་མཐར་མཐེབ་སྐྱུ་བཅད་ཁ་ཕྱིར་བསྟན་པ་མང་པོས་གཏོར་སྣོད་ཁེངས་ཤིང་ཕྱིར་གཞོལ་བ། མཚམས་རྣམས་ཕྱེ་མར་སླ་མོས་ལྟེམ་ཞིང་སྦྱར། བར་སྟོང་རྣམས་སུ་འབྲུ་སྣ། སྨན་སྣ། ལ་དུ། ཁུར་བ། ཆན་སོགས་ཟས་སྣ་ཚོགས་པས་བྲུམ་ཞིང་གཅེར། སྙིང་པོའི་སྲོག་ཤིང་ལྕགས་སམ། སྨྱུག་མ་སྦུ་གུ་ཅན་གྱི་ནང་དུ་སོ་སོའི་སྲོག་འཁོར་དང་གཟུངས་སྔགས་རྣམས་ཀྱི་མཐར། དུས་འདི་ནས་སྙིང་པོ་བྱང་ཆུབ་ལ་རེག་གི་བར་དུ་ཁྱོད་དང་བདག་དམ་ཚིག་གཅིག་པ་ཡིན་པས་ཁྱོད་ལ་བདག་རེ་ལྟོས་སུ་བཅའ་བས་རྟེན་འདི་ལ་དགྱེས་ཤིང་བརྟན་པར་བཞུགས་ནས། གཙུག་ལག་ཁང་གི་སྲུང་མ་དང་བསྟན་པའི་གཉེར་ཀ་མཛོད། བར་ཆད་ཐམས་ཅད་ཞི་བ་དང་། བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབས། ཕྲིན་ལས་ཕྱོགས་མེད་དུ་སྤེལ། རྟེན་འབྲེལ་ལེགས་ཚོགས་སུ་སྒྲིགས། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་ཆོད། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་སྤེལ་ཚིག་ཅན་རྣམས་གསེར་རམ་མཚལ་སྣག་ཚ་གཙང་མས་བྲིས་པ་ལ་ཆོས་སྨན་དང་དྲི་བཟང་བྱུགས། ལྷར་བསྐྱེད་རབ་གནས་བྱ། ཞུ་བ་ལས་སྔགས་ཕྲེང་དུ་བསམ་ལ་མགོ་ནས་དྲིལ་ལ་དར་སྐུད་ཀྱིས་བཅིངས་ཏེ་སྲོག་ཤིང་གི་སྦུབས་སུ་དབུ་ཞབས་མ་ལོག་པར་གཞུག །དམར་རྩིས་བྱིལ་པོར་བྱུགས་ཤིང་ཕྱག་མཚན་སོགས་མར་གྱིས་བཀྲ་བས་མཛེས་པར་བྱས་ལ། གཏོར་མའི་རྩེར་ནང་རྟེན་གྱི་མདའ་དར་གསང་རྟེན་བཏགས་པ་དང་ཙཀ་ལི་མེ་ལོང་སོགས་ཀྱིས་བརྒྱན་པ་བཙུགས། ལོགས་རྣམས་སུ་ཤ་ཚར་དང་དར་ཚོན་སོགས་ཀྱིས་ཀྱང་བརྒྱན་པ་རྣམས་གཙང་ཞིང་དག་པར་བཅོས་ལ། ཆོས་སྐྱོང་རྣམས་ཀྱི་སྐུ་བྲིས་འབུར་གང་རུང་གི་མདུན་དུ་སྟེགས་བུ་མི་ལྤགས་ཀྱི་གཡང་གཞིའམ། མི་ལྤགས་བྲིས་པ་དང་། སྟག་ལྤགས་སོགས་ཀྱིས་བཀབ་པའི་ཁར་འབྲུ་སྣ་ཚོགས་བཀྲམ་པའི་སྟེང་དུ་གྲལ་སྟབས་སུ་བརྟན་པར་བསྒྲིགས། སྟེང་ནས་དར་ནག་གི་གུར་ཕུབ་ཅིང་མཐའ་ཡོལ་བས་བསྐོར་ཏེ་རྡུལ་ཙམ་གྱིས་མི་གོས་པར་བྱའོ། ࿊ །གཉིས་པ་རྟག་གཏོར་ལ་མཆོད་པ་དང་། སྐོང་བ་གཉིས་ལས། །དང་པོ་ནི། སྔར་གྱི་རྟེན་གཏོར་གྱི་མདུན་དུ་རིན་པོ་ཆེའི་པད་སྣོད་དུ་འབྲུ་ནག་གི་རྗེན་བཏགས་ཆང་གི་ཉིང་ཁུ་རཀྟ་མར་ཁུ་རྣམས་ཀྱིས་སྦྲུས་ཤིང་ཆོས་སྨན་བཏབ་པའི་ཟན་བཟང་པོ་ལ། བླ་མ་ཡི་དམ་གྱི་སྤྱི་གཏོར་ཟླུམ་བརྗིད། ལེགས་ལྡན་ལ་གྲུ་གསུམ་ལྕགས་མཁར་ཅན། མགོན་ཆེན་དང་མ་མོར་སྙིང་གཟུགས། གཏེར་མགོན་ལ་གྲུ་གསུམ་རི་རབ་མ། དཔལ་མགོན་དང་རྣམ་སྲས་ལ་གྲུ་གསུམ་དཔུང་རོང་ཅན། ལྷ་ཆེན་ལ་རིན་པོ་ཆེའི་སྙེ་མ་ལྟ་བུ་བཤོས་ཕྲན་ལྔ་པ། ཁྱབ་འཇུག་ལ་གཡས་གཅུས། ཞིང་སྐྱོང་མ་མོར་གྲུ་གསུམ། གྲངས་ཀྱི་འཁོར་དང་མཐེབ་ཀྱུས་བསྐོར། དམར་རྩིས་བྱུགས་ཤིང་མར་རྒྱན་གྱིས་བརྒྱན། ཟན་ཤ་ཆང་ཁུར་བ་ཆན་འབྲུ་ཤིང་ཐོག་སོགས་བཟའ་བཅའ་བཏུང་བ་བཟང་པོ་ཇི་སྙེད་པས་བསྐོར། དར་ཚོན་བཟང་པོའི་བ་དན་དང་གུར་གྱིས་ཀྱང་བརྒྱན། ࿊ །གཉིས་པ་སྐོང་གཏོར་ནི། དེའི་མདུན་དུ་གོང་གི་རྒྱུ་ལས་བཤོས་བུ་དམར་ནག་གྲུ་གསུམ་བཅུར་བྱས་པ་ལ་སྐོང་རྫས་རྣམས་རི་མོའམ་འབུར་དུ་བྱས་པའི་རྒྱན་གྱིས་བསྐོར། དེའི་མཐའ་གཡས་གཡོན་དུ་དེ་དག་གི་རྗེས་སུ་འབྲང་བའི་ཆོས་སྐྱོང་གཞན་རྣམས་ཀྱང་བཤམ། དེ་ཐམས་ཅད་ཀྱི་སྟེགས་བུ་གཡང་གཞི་བྲིས་པའི་ཁར་རས་སམ་གོས་དར་བཟང་པོས་བཀབ་པ་ལ་འབྲུ་སྨན་སྣ་ཚོགས་གཅལ་དུ་བཀྲམ་པའི་ཁར་སྒྲིག་པ་ཡིན་ནོ། ࿊ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་ནི། སྐོང་གཏོར་གྱི་མདུན་དུ། གཏོར་ཟན་གཙང་མ་ལ་བླ་མ་ཡི་དམ་ཆོས་སྐྱོང་ལྕམ་དྲལ། གཏེར་བདག་དང་གཞི་བདག་སྤྱི་གཏོར་རྣམས་བཟོ་དབྱིབས་གོང་མཚུངས་དཀར་དམར་གྱི་རྒྱན་ཅན་ཚར་དུ་དངར་བ་བཤམ་མོ། །དེ་དག་གི་འཕྲོས་ལས་མཆོད་རྫས་གཞན་ནི། རྟག་གཏོར་རམ་རྒྱུན་གཏོར་གྱི་མཐའི་གཡས་ངོས་སུ་ཆང་བཟང་པོའི་སྙིང་ཁུ་ཆང་སྣ་ལྔ་དང་སྦྱར་བ་ལ་ཆོས་སྨན་བཏབ་པའི་བདུད་རྩི། གཡོན་དུ་རྩ་བ་དང་ཡན་ལག་ཏུ་བྱས་པའི་རཀྟ་ཁྲག་དང་སྦྱར་བ་ལ་ག་པུར་གུར་གུམ་སོགས་ཀྱི་དྭངས་མ་བཞུར་བའི་རཀྟ་རྣམས་ཐོད་པའི་སྣོད་བཟང་པོར་བཤམ། དེ་རྣམས་ཀྱི་མདུན་དུ་མདུན་བསྐྱེད་ཀྱི་གཡས་ནས་བརྩམ་སྟེ་ཏིང་ཕོར་སོགས་སུ་ཆུ་གཉིས་ཉེར་སྤྱོད། གཡོན་ནས་བརྩམ་སྟེ་ཐོད་པའམ་ལྕགས་སྣོད་དུ་ཁྲག་གཙང་སྨན་ཕབས་ཀྱིས་སྦགས་པའི་མཆོད་ཡོན། དུག་སྣ་དང་ཁྲག་སྣ་མྱོས་བྱེད་དང་སྦྱར་བའི་ཞབས་བསིལ། ཟན་ལ་མིའི་སྙིང་གཟུགས་སྙིང་པོར་བྱས་པའི་ལྕེ་དང་སྣ་གཉིས་སྟེང་དུ་བརྩེགས་པའི་གཡས་གཡོན་གཉིས་སུ་མིག་དང་རྣ་བའི་གཟུགས་རྣམས་ཚོན་གྱིས་བསྒྱུར་ཞིང་དངོས་ཉམས་དོད་པར་བྱས་པའི་དབང་པོའི་མེ་ཏོག་འབྲུ་ནག་གི་ཚོམ་བུར་བཙུགས་པ། གུ་གུལ་ཚིལ་ཆེན་སྒོག་སྐྱ་བཙན་དུག་རཀྟ་རྣམས་རེང་བུ་ལ་སྦྱར་བའི་བདུག་སྤོས། མིའི་རྐང་མར་ཚིལ་ཞུན་འབྲུ་མར་དང་སྦྱར་བ་རོ་རས་ཀྱི་སྡོང་བུ་ལ་སྦར་བའི་མར་མེ། མཁྲིས་ཆེན་བདུད་རྩི་ལྔ་དང་སྦྱར་བའི་དྲི་ཆབ། ཤ་དང་རུས་པ་སྣ་ཚོགས་ཀྱི་ཕྱེ་མ་སྤོད་ཀྱིས་བྲན་པ་རཀྟས་སྦྲུས་པའི་དཔལ་གྱི་ཞལ་ཟས་གྲུ་གསུམ་རྣམས་ཕྲེང་བར་སྤེལ་ཏེ་བཀོད། དེ་དག་ནི་བཤམས་པའི་ཚུལ་ལོ། ࿊ །བཞི་པ་བྱིན་གྱིས་བརླབ་པ་ལ། རྟེན་གཏོར་རྟག་གཏོར་ཐུན་གཏོར་གསུམ་ལས། དང་པོ་ནི། བདག་བསྐྱེད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས་གུ་གུལ་གྱིས་བདུག་ཅིང་བགེགས་སྦྱང་། ཡིག་བརྒྱས་བསྒྲུབས་པའི་ཁྲུས་ཆུའམ་ལས་བུམ་གྱི་ཆུས་ཁྲུས་གསོལ་ཏེ་དག་པར་བྱ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གཏོར་མའི་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་དག་པར་བྱས། མ་ཧཱ་ཤཱུནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་དབུས་སུ་ཨ་ལས་ལས་བཞིའི་ཀ་པཱ་ལ་བཞི་རིམ་ཡངས་ཤིང་རྒྱ་ཆེ་བའི་ནང་མ་གྲུ་གསུམ་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་དང་ལྔར་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་ལས་བ་གླང་ཁྱི་གླང་པོ་རྟ་མིའི་ཤ་རྣམས་ལ་ཡི་གེ་དེ་དག་གིས་མཚན་པ། མེ་ནས་བརྩམ་སྟེ་མཚམས་བཞི་དང་དབུས་སུ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་དྲི་ཆེན་རཀྟ་བྱང་སེམས་དཀར་དམར་དྲི་ཆུ་རྣམས་ས་བོན་དེ་དག་གིས་མཚན་པའི་མཐར། བཟའ་བ་དང་བཅའ་བ་དང་བཏུང་བ་དང་མྱང་བ་དང་བལྡག་གཞིབ་སོགས་འདོད་པའི་ལོངས་སྤྱོད་མཐའ་ཡས་པས་ཡོངས་སུ་བསྐོར་བ། དེའི་སྟེང་དུ་ཧཱུྃ་སྔོན་པོ། ཨཱཿདམར་པོ། ཨོཾ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས། ཨོཾ་ཨཱཿཧཱུྃ། གསུམ་བརྗོད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས་རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་ཆེར་འཕེལ། ནང་ནས་རིམ་བཞིན་ཐོད་པའི་སྣོད་གང་བས་ནམ་མཁའི་མཐའ་དང་མཉམ་པར་གྱུར། རླངས་པ་གྱེན་དུ་སོང་བས་ཡི་གེ་གསུམ་ལ་ཕོག །དེ་ལས་བྱུང་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གའི་རྣམ་པ་ཅན་དུ་སྤྱན་དྲངས་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་ཡང་ཨོཾ་ནས་རིམ་པར་ཞུ་བ་དམ་ཚིག་གི་རྫས་ལ་ཐིམ་པས་རོ་གཅིག་ཏུ་གྱུར། ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཕྲིན་ལས་བཞིའི་རོལ་པར་འཆར་བའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་འཕྲོ་བར་བསམ་ལ། རྟེན་གཏོར་ལ་གཏད་པའི་གཟུངས་ཐག་ལ་འཇུས་ཏེ་གཏོར་མ་བྱིན་བརླབ་ཀྱི་སྔགས་བརྒྱ་རྩ་སོགས་བརྗོད། དེ་ནས་རྟེན་གཏོར་ཟག་མེད་བདུད་རྩིར་གྱུར་པའི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་པདྨའི་སྡོང་བུ་ཡལ་ག་ལོ་འདབ་ཕུན་སུམ་ཚོགས་པ་སྟོང་གསུམ་གྱི་ཁྱོན་གང་བའི་ཟེའུ་འབྲུར། གཏོར་མ་གང་ཡིན་དེའི་རྩ་བའི་ལྷ་གཙོ་བོ་དང་། འདབ་མར་འཁོར་རྣམས་སོ་སོའི་ཆོ་ག་བཞིན་བསྐྱེད་པའི་སྟེང་དུ་བླ་མ་ཡི་དམ། མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ། འོག་གི་གཞིར་ཕོ་ཉ་ལས་བྱེད་དུ་མའི་ཚོགས་ཀྱིས་བསྐོར་བ་ཐམས་ཅད་གཏོར་མ་ལ་གཟིགས་ཤིང་། ཐུགས་ཀྱི་དགོངས་པ་གཞན་དུ་མི་གཡོ་བར་དགྱེས་ཤིང་ཆགས་པའི་ཚུལ་གྱིས་བཞུགས་པར་བསམ་ལ་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲང་། མཆོད་ཅིང་བསྟོད་པ་རྣམས་དངོས་གྲུབ་རོལ་མཚོ་བཞིན་བྱས་ལ། གཏོར་མ་དང་གཟུངས་ཐག་གིས་སྦྲེལ་ལ། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་རང་རང་གི་སྲོག་སྔགས་སོགས་དམིགས་པ་གསལ་བས་སོ་སོའི་སྔགས་ཅི་ནུས་བཟླས་ལ་མཆོད། དེ་ནས་སྙིང་པོའི་ལྷ་ཐམས་ཅད་ཨོཾ་ཧ་ཧ་སི་སི་ཀུ་རུ་བཛྲ་དྷྲྀཀ྄ །ཅེས་སྙོམས་པར་ཞུགས་ཤིང་རྗེས་ཆགས་ཀྱི་རོལ་པ་ཆེན་པོས་དགྱེས་པར་གྱུར་པའི་དགའ་བའི་སྒྲ་དང་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ། མཁའ་གསང་ལས་བདུད་རྩི་དཀར་དམར་གྱི་རྣམ་པས་ཐོན་ནས་གཏོར་མའི་བདུད་རྩི་ལ་ཐིམ་པས་ལྷ་རྣམས་དགྱེས་ཤིང་ཚིམ་བྱེད་ཀྱི་བདུད་རྩི་རྨད་བྱུང་གི་གཏོར་མར་བསམ། རྒྱུ་འབྲས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་སྟོང་པ་ཉིད་དུ་རོ་གཅིག་པ་ལ་མཉམ་པར་བཞག་སྟེ། དེ་ནས་ལྷར་ཤར་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་རྟེན་གཏོར་སྟེང་གི་ལྷའི་ཐུགས་ཀའི་ས་བོན་ལ་ཐིམ། དེ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པའི་དམིགས་པ་ལྷ་རེ་རེ་བཞིན་སྦྱར་ཞིང་སོ་སོའི་སྔགས་བཟླ་འོ། །དེ་ནས་གཏོར་མའི་སྟེང་གི་ལྷ་ཚོགས་རང་རང་གི་ཐུགས་ཀ་ནས་དཔའ་བོ་དང་དཔའ་མོ་དཔག་མེད་སྤྲོས་པ་སྙོམས་འཇུག་གི་རོལ་པས་བདེ་བ་ཆེན་པོར་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ནས་རང་གི་ས་བོན་འོད་ཀྱིས་མདུན་གྱི་ལྷའི་ས་བོན་རང་སྒྲ་དང་བཅས་པ་བཀུག་ནས་རང་གི་ས་བོན་གྱི་ཞབས་སུ་ཐིམ་པར་བསམ་ཞིང་སོ་སོའི་སྔགས་ཀྱི་བཟླས་པ་བྱའོ། །འདི་དག་ནི་བརྟེན་ཐབས་བཞིའི་གནད་ཡིན་ནོ། །དེ་ནས་རྟེན་གཏོར་སྟེང་གི་མགྲོན་ཐབས་ཀྱི་ལྷ་རྣམས་རང་ལ་བསྟིམ། རྩ་བའི་ལྷ་དང་པདྨའི་སྡོང་བུ་རྣམས་འོད་དུ་ཞུ་ནས་གཏོར་རྫས་ལ་ཐིམ་པར་དམིགས་ཤིང་འདྲེས་པའི་ཁ་ཟླ་བའི་དཀྱིལ་འཁོར་གྱིས་བཀབ་པར་བསམ་ཞིང་རྟེན་གཏོར་རང་འཛུག་དུས་བྱིན་གྱིས་བརླབ་པའི་དམིགས་པ་འདི་ཁོ་ན་ཡིན་ནོ། །ཆོ་ག་རྒྱུན་གྱི་ཚེ་ན་བྲིས་འབུར་གྱི་སྐུ་དང་གཏོར་མ་གཉིས་ལྷར་བསྐྱེད་པ་ལ་མཆོད་བསྟོད་བྱེད་པ་ཡིན་ནོ། ࿊ །གཉིས་པ་རྟག་གཏོར་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་སོགས་ནས་སྔགས་ཀྱི་བྱིན་གྱིས་བརླབ་པའི་བར་ཕྲིན་ལས་ཀྱི་དཀྱུས་བཞིན་ལ། ཁྱད་པར་སླར་ཡང་ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་གོང་གི་རྟེན་གཏོར་གྱི་ཕྱོགས་བཞིར་རྡོ་རྗེའི་ཝ་ཆེན་བཞི་སྦུ་གུ་ཐུར་དུ་འཕྱང་བ་ལས་བདུད་རྩིའི་རྒྱུན་ནར་འཛག་པས་རྟག་གཏོར་གྱི་བདུད་རྩི་དང་འདྲེས་ནས་རོ་གཅིག་ཏུ་གྱུར་པས་གང་བར་བསམ་ཞིང་། སླར་ཡང་སྦུ་གུ་རྣམས་ཟླ་བའི་དཀྱིལ་འཁོར་གྱིས་བཀག་པར་བསམ་མོ། །དམིགས་པའི་ཁྱད་པར་འདི་ནི་རྟག་གཏོར་འཛུགས་པའི་དུས་ཀྱི་དམིགས་པ་ཡིན། རྒྱུན་དུ་ནི་སྤྱི་ཁྱབ་ཁོ་ནས་ཆོག་གོ ࿊ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་བྱིན་གྱིས་བརླབ་པ་ནི། ཕྲིན་ལས་ཀྱི་ཆོ་གའི་དཀྱུས་སུ་བཀོད་པ་དེ་ཀས་ཆོག་གོ །ཁྱད་པར་ཐུན་མཐར་གཏོར་མ་སྐྱོང་བའི་ཚེ། རང་གི་ཐུགས་ཀ་ནས་ཕོ་ཉ་གྲངས་མེད་པར་སྤྲོས་པས་དམིགས་བྱ་གཏོར་མའི་སྟེང་དུ་བཀུག་པར་མོས་ལ་དགུག་གཞུག་དྲག་པོ་བྱ། དེ་ནས་རང་གི་ཐུགས་ཀ་ནས་ཛ་ཡིག་དམར་པོ་རྣོ་ལ་ཚ་བ་གཅིག་འཕྲོས་དམིགས་བྱའི་བཤང་སྒོར་ཞུགས། སྙིང་གར་སླེབ་པ་ན་གནམ་ལྕགས་ཀྱི་འཁོར་ལོ་རྣོ་ངར་གཅོད་པའི་དབལ་ཅན་དུ་གྱུར་ཏེ་གཡས་གཡོན་དུ་དྲག་ཏུ་འཁོར་བས་ཤ་ཆོམ་ཁྲག་ཆོམ་དུ་དམར་འདུར་གྱིས་བཏང་ནས་གཏོར་མ་ལ་ཐིམ་པས་བདུད་རྩིར་བྱས་པ་དམ་ཅན་རྣམས་ཀྱིས་ལྷག་མ་མེད་པར་ཧབ་དིར་གྱིས་ཟོས་པར་བསམ་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པས་བསྔོ་ཞིང་གཏོར་སྐྱོང་གི་ཚིག་རྣམས་བརྗོད་པར་བྱའོ། ࿊ །ལྔ་པ་གཏོར་མ་གསུམ་བཅང་བའི་ཚུལ་ལ་གསུམ་གྱི། དང་པོ་རྟེན་གཏོར་ནི། གནས་དགོན་ཇི་སྲིད་གནས་ཀྱི་བར་དེ་སྲིད་མི་གཡོ་མི་བསྒུལ་ཞིང་བྱིན་བརླབ་གསོ་བའི་ཕྱིར་ནུབ་རེ་བཞིན་མཐེབ་ཀྱུ་ཆུང་ངུ་རེས་གསོ། རྒྱུན་དུ་ལྷ་སོ་སོའི་སྐུ་དང་གཉིས་སུ་མེད་པར་བསྒོམས་པ་ལ་རྟག་གཏོར་སོགས་འབུལ་ཞིང་ཐུན་མཐའི་ཡེ་ཤེས་བརྟན་བཞུགས་ཀྱང་སྐུ་དང་རྟེན་གཏོར་གཉིས་ཀ་ལ་བྱེད་དོ། །གལ་ཏེ་གནས་དགོན་འཇིག་པ་ལ་ཐུག་པ་དང་བླ་མའི་སྐུ་དགྲ་སོགས་བསྟན་པ་སྤྱིའི་དོན་དུ་འགྱུར་ན་བསྙེན་སྒྲུབ་ལས་རུང་གི་སྔགས་པས་ཡེ་ཤེས་པ་སྐུ་ལ་བསྟིམས་ནས། དེ་ཉིད་དྲག་པོའི་མན་ངག་གིས་ཟོར་དུ་འཕང་ཞིང་། དེ་ལྟ་བུའི་དགོས་པ་མེད་ན་གཡོ་བསྒུལ་གཏན་མི་བྱ་སྟེ། རྣལ་འབྱོར་པ་གཏོར་མའི་རི་མ་ཞིག །སྨན་རཀ་མཚོ་མ་སྐམ། ཞེས་པའི་ངག་སྒྲོས་དེ་ཡང་འདི་ཡིན་ནོ། ࿊ །གཉིས་པ་རྟག་གཏོར་ནི། ཐོག་མར་བྱིན་གྱིས་བརླབ་པ་ནས་གཟུང་། དམིགས་བསལ་གྱི་དགོས་པ་མེད་ན་ལོ་ཟླའི་དུས་གཏོར་གྱི་ཚིགས་ངེས་པ་ཅན་དེ་སྲིད་དུ་མི་གཡོ་མི་བསྒུལ་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་འཇོག་ཅིང་ནུབ་རེ་བཞིན་མཐེབ་ཀྱུས་གསོ་བ་དང་བྱིན་གྱིས་བརླབ་ཅིང་འབུལ་བ་རྣམས་མ་ཆག་པར་བྱེད། ལོ་ཟླའི་བརྗེ་མཚམས་ལ་བབ་པ་ན། བརྒྱད། བཅུ་བཞི། བཅོ་ལྔ། ཉི་ཤུ་དགུ་ལ་སོགས་པ་ཁྱད་པར་གྱི་དུས་ལ། གཏོར་མ་རྣམས་ཁ་ལེགས་པར་གསོས། ཁ་ཟས་བཟང་པོ་གཞན་དུ་མས་ཀྱང་གསར་དུ་བརྒྱན་ལ། མཆོད་བསྟོད་སྐོང་བཤགས་ཕྲིན་ལས་གསོལ་བ་རྣམས་ཕྲིན་ལས་གཞུང་བཞིན་རྒྱས་པར་བྱས་ལ། གཏོར་མ་སྐྱོང་བའི་ཚེ་ནུབ་མོ་ཡིན་ན་གྲིབ་གནོད་ཀྱིས་དཔལ་འབར་བཙུགས། བསང་དང་གསེར་སྐྱེམས་ཀྱིས་མཆོད་ཅིང་རོལ་མོ་དུ་མ་དང་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་གཏོར་སྐྱོང་རྒྱས་པར་བྱས་ལ། ནང་དུ་སླེབ་པ་ན་གཏང་རག་གི་མཆོད་བསྟོད་བརྟན་བཞུགས་ཤིས་བརྗོད་རྣམས་བྱས་ལ། དེའི་ཕྱི་དེ་ཉིད་ལ་ནུབ་དེ་ཉིད་ལ་ནུབ་གཞན་གྱིས་བར་མ་ཆོད་པར་སྔར་ལས་མི་དམན་པའི་གཏོར་མ་ལེགས་པར་བཤམ་ཞིང་བྱིན་གྱིས་བརླབ་པ་དང་། མཆོད་བསྟོད་སྐོང་བ་སྔར་འཛུགས་དུས་ལྟར་རྒྱས་པར་བྱའོ། །གལ་ཏེ་རྣལ་འབྱོར་པའི་ལུས་སྲོག་ལོངས་སྤྱོད་ལ་འཁུ་བའམ། བསྟན་པའི་སྤྱི་དགྲ་ལངས་པ་དང་ནད་ཡམས་དང་ཁ་མཆུ་སོགས་རྐྱེན་གློ་བུར་བ་བྱུང་ན་སྟོབ་པ་དྲག་པོའི་ལས་རིམ་དང་སྦྲེལ་ནས་བརྗེ་ཞིང་། དུས་དེ་ལྟར་དུ་མིན་ཡང་གཏོར་མ་རུལ་པའམ་འགྱེལ་ཞིང་སྲོག་ཆགས་ཀྱིས་གནོད་པས་ཡིད་མི་བདེ་བ་སོགས་བྱུང་ན་བར་ཆད་ཀྱི་ཉེན་ཡོད་པས་དེའི་ཚེ་ལོང་བཏང་ནས་བརྗེ་དགོས་ཤིང་། སྐབས་དེར་ནི་སྐོང་བ་མང་དུ་བསགས་ཤིང་བཤགས་པའི་དུས་ཀྱང་ཡིག་བརྒྱ་འབུམ་ཕྲག་སོགས་གསག་པར་བྱ་བ་ནི་འཁོན་གཅུག་བྱང་བས་འདོད་འབྲས་མྱུར་དུ་འགྲུབ་པའི་དགོས་པ་ཡོད་དོ། ࿊ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་རམ། ཉིན་རེ་བཞིན་ཆོ་གའི་ཐུན་ཐ་མའི་ཚེ་གཏོང་ཞིང་བསྙེན་སྒྲུབ་སོགས་གལ་ཆེ་བའི་དུས་རྣམས་སུ་ཐུན་རེ་རེ་བཞིན་ཡང་གཏོར་མ་འབུལ་ཞིང་། འོན་ཏེ་དུས་ཀྱི་གཏོར་མ་སོགས་ཀྱི་སྐབས་རྒྱུན་གཏོར་རེ་རྒྱས་པར་བཤམས་ལ་རྒྱན་སྣ་ཚོགས་པས་བརྒྱན། མཆོད་བསྟོད་སྐོང་བཤགས་སོགས་རྒྱས་པར་བྱས་ལ་ཆོ་གའི་མཇུག་དེ་ཉིད་དུ་ཁང་ཐོག་སོགས་གཏོང་ཞིང་། རྗེས་ཆོག་རྒྱུན་དང་འདྲ་ཡང་ནད་གདོན་སོགས་སེལ་བའི་ལས་བཅོལ། གཏོར་སྒྲུབ་ཉི་མ་སྦྲེལ་བར་བྱེད་པའི་ཚེ་ནི་སྒྲུབ་པ་མ་ཐོན་གྱི་བར་དུ་རྒྱུན་གཏོར་རྒྱས་པར་གཏའ་མར་འཛུགས་ཤིང་ཉིན་རེ་བཞིན་ཐུན་གཏོར་བཟང་བ་རེ་བཤམས་ནས་འབུལ། ཆོ་ག་གྲོལ་བའི་ཉིན་རྒྱུན་གཏོར་དེ་ཉིད་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་གཏོར་མ་རྒྱས་པའི་ཆོ་ག་དང་སྦྱར་རོ། །འདི་དག་ནི་སློབ་དཔོན་སངས་རྒྱས་གསང་བ་དང་པདྨ་སཾ་བྷ་བའི་མན་ངག་འབར་མའི་ཆོས་སྐོར་ལས་བྱུང་བ་བཞིན་བཀོད་པ་ཡིན་ནོ། ࿊ །གཉིས་པ་བསྟེན་པའི་ཆོ་ག་གཞན་བཤད་པ་ལས། སྒྲུབ་པའི་ཁང་པ་ལ་སོགས་པའི་རྩེར་ཐུག་ཆེན་འཛུག་པར་འདོད་པས། ཚེར་མ་ཅན་གྱི་ཤིང་དྲང་ཞིང་རྩ་རྩེ་མ་ལོག་པའི་རྩེར་གྲི་ལྕགས་ཀྱི་འབར་བའི་རྩེ་མོ་གསུམ་པ་འམ་གཅིག་པ་གང་འོས་བྱས་པའི་ཤིང་དང་སྦྲེལ་མཚམས་སུ་ཁོང་སེང་བྲུས་པའི་ནང་དུ་སྲོག་འཁོར་དམ་རྫས་སོགས་ཁྱད་པར་གྱི་རྟེན་རྣམས་ཞལ་ཤེས་བཞིན་བཅུག་ལ་ཕྱི་ནས་མི་མངོན་པར་བྱས་པ་ལ་བ་དན་ནག་པོ་རྔ་ཡབ་ཀྱིས་བརྒྱན། སྤོས་ཀྱིས་བདུག་པ་སྔོན་དུ་འགྲོ་བས་བརྟན་པར་གཟུག །དེའི་མདུན་དུ་སྟེགས་བུར་ཐུག་རྟེན་འཛུག་རྒྱུའི་སྲུང་མ་སོ་སོའི་གཏོར་མ་མཆོད་པ་དང་བཅས་པ་བཤམ། གཞན་ཡང་སྦྱོང་ཆས། ཁྲུས་བུམ། ཡུངས་དཀར། མེ་ཏོག །རོལ་མོ། སྦྱར་སྤོས། གསེར་སྐྱེམས། དྲི་ཞིམ་པོའི་ཕུར་མའི་བསང་སོགས་ཉེར་མཁོ་མཐའ་དག་ཚང་བར་བཤམས་ལ། གོང་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བགེགས་སྦྱོང་རབ་གནས་ལྟར་ལས། ཁྱད་པར་ས་ཡི་ཕྱོགས་འདིར་ཞེས་པའི་དོད་དུ། དེང་འདིར་ཆོས་སྐྱོང་སྲུང་མ་འཁོར་དང་བཅས་པའི་ཐུགས་མཉེས་པར་བྱེད་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་གཡོག་འཁོར་དུ་བཅས་པ་སོགས་དཀྱུས་བཞིན་སྤོས་རོལ་ཡུངས་དཀར་གྱིས་བྲབ་པ་བཅས་པས་བགེགས་བསྐྲད། ཁྲུས་གསོལ། རྟེན་བསང་སྦྱང་། ཐུག་རྟེན་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཡིག་སོགས་སོ་སོའི་ས་བོན་ལས་ལྷ་དེ་དང་དེར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྤྱན་དྲངས་ཤིང་། རྟེན་ལ་བཞུགས་སུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འདི་ཞེས་བྱ་བ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་གྱི་སོ་སོའི་བརྒྱུད་པའི་མཚན་ནས་སྨྲོས་ཏེ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། སོགས་ཕྲིན་ལས་ཀྱི་དཀྱུས་བཞིན་དམ་ལ་བཞག །ཕྱག་མཆོད་བསྟོད་པ་དང་། གཟུངས་ཐག་ལ་འཇུས་ཏེ་སྤྲོ་བསྡུའི་དམིགས་པ་དང་སྦྱར་ནས་སོ་སོའི་བཟླས་པ་ཅི་ནུས་བྱས་ལ་མཆོད་དོ། །དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་སོགས་ནས། དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཐུག་རྟེན་རུ་མཚོན་འདི་ལ་རྟེན་བཅས་ཏེ་དགྱེས་པར་བཞུགས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། སོགས་ཕྲིན་ལས་གསོལ་བ་ལན་གསུམ་བྱས་ལ་སྡེ་ཚན་རེ་རེའི་མཐར་ཡང་སྤོས་ཀྱིས་བདུག་ཅིང་གསེར་སྐྱེམས་སྦྲེང་བ་དང་རོལ་མོ་འཁྲོལ་བ་སོགས་བྱའོ། །དེ་ནས་དམ་ཅན་སོ་སོའི་སྔགས་བརྗོད་ཅིང་སེ་གོལ་གྱི་སྒྲས་བསྐུལ་བས་སྲུང་མ་འོད་དུ་ཞུ་བ་ལས་སོ་སོའི་རུ་མཚོན་རྔམ་བརྗིད་སྲིད་པའི་རྩེ་མོར་སྒྲེང་བར་བསམ་ལ། རོལ་མོ་དབྱངས་དང་སྦྱར་བས་འདི་སྐད་དོ། །ཧཱུྃ། རྒྱལ་བའི་བསྟན་པའི་བཀའ་སྲུང་ཆེ། །ལེགས་ལྡན་ནག་པོ་མཐུ་བོ་ཆེ། ཁྲག་འཐུང་མགོན་པོ་ཕྱག་བཞི་པ། །མ་ནིང་ནག་པོ་དགྲ་བགེགས་གཤེད། །མཐུ་ཆེན་དྲག་པོ་ཞལ་བཞི་པ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མ་ཧཱ་དེ་ཝ་དབང་ཕྱུག་ཆེ། །སྡེ་བརྒྱད་དམག་དཔོན་ཁྱབ་འཇུག་ཆེ། །རྣམ་མང་ཐོས་སྲས་གཏེར་གྱི་བདག །ཞིང་སྐྱོང་དུར་ཁྲོད་མ་མོའི་གཙོ། །ཕོ་ཉ་བཀའ་སྡོད་འཁོར་དང་བཅས། །དམ་ཚིག་རྟེན་ལ་དགྱེས་པར་དགོངས། །རྣམ་དག་རྒྱུ་རྐྱེན་ལས་གྲུབ་པའི། །མཚན་ཉིད་ཀུན་རྫོགས་རུ་མཚོན་འདི། །མཐོ་བས་སྲིད་པའི་རྩེ་མོར་སྙེག །རྣོ་བས་དགྲ་བགེགས་སྙིང་ལ་འབིག །དཔའ་བས་བདུད་དཔུང་གཡུལ་ངོ་ཟློག །བརྗིད་པས་ནག་ཕྱོགས་ཟིལ་གྱིས་གནོན། །མཛེས་པས་དམ་ཅན་དགྱེས་པ་སྐོང་། །དམ་ཚིག་མཆོག་གི་རུ་མཚོན་འདི། །སྔར་བཅོལ་ལེགས་པའི་བརྡའ་རུ་འབུལ། །ཕྱི་བཅོལ་ལས་ཀྱི་གསོས་སུ་འབུལ། །དགྱེས་ཤིང་ཚིམ་པར་བཞེས་ནས་ཀྱང་། །བཀའ་དང་བསྟན་པ་ཁྱོད་ཀྱིས་སྲུངས། །ནད་གདོན་འཇིགས་ཚོགས་ཞི་བ་དང། །ཚེ་དང་དབང་ཕྱུག་རྒྱས་པར་སྤེལ། །དཔལ་དང་འབྱོར་ཚོགས་གྲགས་པ་སྒྲུབས། །དགོན་གནས་འཁོར་དང་གང་ཟག་སྐྱོངས། །སྲིད་ཞིའི་འདོད་དགུ་དབང་དུ་སྡུས། །བདུད་དཔུང་བར་ཆད་དབྱིངས་སུ་སྒྲོལ། །བདག་གི་བཅོལ་བའི་ལས་རྣམས་ཀུན། །ཐོགས་པ་མེད་པར་སྒྲུབ་པར་མཛོད། །ཅེས་སོ་སོའི་རྩ་སྔགས་བརྗོད་ཅིང་རོལ་མོའི་སྦྱོར་བ་རྒྱུན་རིང་པོར་བྱའོ། །དེ་ནས་ཤིས་པ་བརྗོད་པ་ནི། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་འབེབ་པ་དང་། རོལ་མོའི་འབུད་དཀྲོལ་ཡང་བྱའོ། ࿊ །ཡང་དམ་ཅན་རྣམས་ཀྱི་ཕྱི་རྟེན་གསུམ་འཛུག་བྱེད་པར་འདོད་ན། བསྙེན་པ་སྔོན་དུ་སོང་བའི་སྔགས་པས་དུས་དགེ་བ་ལ་རས་གཞི་དར་གཞི་ཤོག་བུ་སོགས་ཇི་ལྟར་འོས་པ་ལ་གསེར་དངུལ་མཚལ་སྣག་སོགས་གང་ལ་རུང་བས་ཆོས་སྐྱོང་གང་ཡིན་དེའི་སྔགས་ཀྱི་མཐར། ཆོས་སྐྱོང་བའི་སྲུང་མ་ཆེན་པོ་འདི་ཞེས་བྱ་བ་འཁོར་དང་བཅས་པ་རྟེན་གཟུང་དུ་བཙུགས་པ་འདི་ལ་དགྱེས་ཤིང་བརྟན་པར་བཞུགས་ནས་ཞེས་པ་ནས། སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་པའི་བར་གྱི་སྤེལ་ཚིག་རྟེན་གཏོར་ཅི་ལྟ་བ་བཞིན་བྲིས་པ་ལྷར་བསྐྱེད་རབ་གནས་བྱས། ཞུ་བ་སྔགས་ཕྲེང་དུ་བསམ་ལ་དྲི་བཟང་དང་བདུད་རྩི་རིལ་བུའི་ཁུ་བས་བྱུགས། ཞབས་ནས་དྲིལ་ཏེ་དར་སྐུད་ཀྱིས་བཅིང་། སྨྱུག་སྦུབས་སུ་བཅུག་ལ་ཐུམ་བཏང་། དབུ་ཞབས་མ་ལོག་པར་དར་ཚོན་གྱི་ཅོད་པན་དང་རྔ་ཚར་གྱིས་མགོ་ལ་སྦྲགས་པ་རྟེན་གྱི་གྲངས་དང་མཉམ་པར་བྱས་ནས། སྒྲུབ་པ་པོ་རྣམས་ཀྱིས་གཏོར་བསྔོ་སྐོང་བ་ལས་ཀྱི་གཉེར་གཏད་པའི་བར་སྔོན་དུ་འགྲོ་བས། སྒྲུབ་ཁང་གི་སྒོ་དྲུང་སོགས་གཟུགས་རྟེན་རྣམས་ཡོད་པའི་སར་སོང་སྟེ། དེ་ཡང་ཆོས་སྐྱོང་སོ་སོའི་མཆོད་གཏོར། གསེར་སྐྱེམས། སྦྱོང་ཆས། ཁྲུས་བུམ། ཡུངས་དཀར། སྦྱར་སྤོས། རོལ་མོ། མེ་ཏོག་སོགས་ཚོགས་པར་བཤམས་ལ། ཁྲུས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་ནང་དུ་བུམ་ཆུ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་མ་དག་པའི་དྲི་མ་སྦྱོང་བ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨ་མྲྀཏ་སོགས་དང་། ཨ་བྷི་ཥེ་ཀ་ཏ། ཁྲུས་བདུན་གྱི་གཟུངས་རྣམས་བརྒྱ་རྩ་སོགས་ཅི་ནུས་བཟླས་ནས་བྱིན་གྱིས་བརླབས། གཟུགས་རྟེན་རྣམས་ལ་བགེགས་སྦྱང་། སྤོས་རོལ་ཐུན་བྲབ་པ་སོགས་རུ་མཚོན་གྱི་སྐབས་བཞིན་བྱས་ནས། སྔར་གྱི་བུམ་སྔགས་རྣམས་བཟླ་བཞིན་པས་ཁྲུས་ཆུས་གཏོར་ཞིང་། གུ་གུལ་གྱིས་བདུག །སྲུང་བ་རྔ་ཚར་དང་བཅས་པ་རྟའི་ཕྲུམ་ཕྲུམ་དང་གཡག་ལུག་ཁྱི་རྣམས་ཀྱི་སོག་པ་གཡས་པའི་ཐད་དུ་འདོགས། གཏོར་མ་ནང་མཆོད་ཀྱིས་བྲན་ནས་བྱིན་གྱིས་བརླབ་པ་གཏོར་ཆོག་བཞིན་བྱ། སྒྲུབ་པ་པོ་རྣམས་སྤོས་དང་རོལ་མོ་གཡབ་དར་དང་བཅས་པས་འགྲེང་སྟེ་འཁོད་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དམ་ཅན་ལྕམ་དྲལ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། སོ་སོའི་སྤྱན་འདྲེན་སྐབས་དང་སྦྱར་རམ། ཐུན་མོང་དུ་ནི། ཧཱུྃ། ཆོས་དབྱིངས་མཁའ་ལྟར་དག་པའི་དབྱིངས། །སོགས་ཀྱི་སྤྱན་འདྲེན་བྱ་ཞིང་སྦྱར་སྤོས་བསྲེག །གཡབ་དར་གཡབ། རོལ་ཆེན་ཡུན་རིང་དུ་བྱས་ནས། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་ཀྱི་བཞུགས་གསོལ་བྱ། རང་ཆོས་སྐྱོང་རྣམས་ཀྱི་སྐུ་གཟུགས་དང་གཟུགས་རྟེན་རྣམས་གསལ་བར་བྱས། བུམ་པའི་ནང་གི་བདུད་རྩིའི་ཆུ་རྒྱུན་གྱི་ཁྲུས་གསོལ་བས་མི་གཙང་འཁོན་གྲིབ་ཐམས་ཅད་དག་པར་བསམ་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ་རྒྱས་བསྡུས་ཅི་རིགས་བྱས་ལ། ཕྱི་ནང་གི་མཆོད་པ་སྤྱི་དང་། ཁྱད་པར་རྩ་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་ཕུལ། བསྟོད་པ་བསྡུས་པ་རེས་བསྟོད་དེ། གཟུགས་རྟེན་རྣམས་ལ་ཁྲུས་ཆུ་དང་ནང་མཆོད་ཀྱིས་གཏོར་ནས། ཨ་མྲྀཏ་དང་། སྭཱ་བྷཱ་ཝས་སྦྱང་། གཟུགས་རྟེན་རྣམས་ཀྱི་མ་དག་པའི་དངོས་འཛིན་ཐམས་ཅད་སྟོང་པར་གྱུར། སྟོང་པའི་ངང་ལས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་རྟ་ནག །གཡག་ནག །ལུག་ནག །ཁྱི་ནག་ལ་སོགས་པའི་གཟུགས་རྟེན་རྣམས་ལུས་དཔའ་བརྗིད་ཉམས་རྩལ་སྟོབས་དང་ལྡན་པ། ངག་སྙན་བརྗིད་ངར་སྒྲ་སྒྲོག་པ། སེམས་ཤེས་རིག་དཔའ་བའི་ཉམས་དང་ལྡན་པ། བྱེད་པ་འདོད་དོན་སྒྲུབ་པའི་མཐུ་དང་ལྡན་པ། ཕུང་ཁམས་སྐྱེ་མཆེད་ཡོངས་སུ་ཚོགས་ཤིང་འདོད་ཡོན་མཁོ་དགུ་མ་ལུས་པ་འབྱུང་བའི་གཞིར་གྱུར་པ་འདི་ཉིད་དཔལ་མགོན་ལྕམ་དྲལ་འཁོར་དང་བཅས་པ་དགྱེས་ཤིང་ཚིམ་སྟེ། ཆགས་པའི་རྟེན་དང་མཐུ་སྟོབས་ནུས་པ་རྒྱས་པའི་གཞི་རྟེན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག །ཅེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། ལས་ཀྱི་རྡོ་རྗེས་གཏོར་མ་གཟུགས་རྟེན་རྣམས་ཀྱི་མགོ་བོར་འཇོག་ཅིང་མར་གྱི་ཞུར་འཐེན། གཏོར་ཁ་གསོས་པའི་མཐེབ་ཀྱུ་སྟེར། ཆང་ཕུད་ཀྱིས་འཐོར་ཞིང་འཇམ་རོལ་གྱི་སྒྲ་དང་བཅས་པས་སྒྲུབ་པ་པོ་རྣམས་ཀྱིས་ཆོས་སྐྱོང་རྣམས་ཀྱི་སྙིང་པོ་བཟླ་ཞིང་། ཁྱད་པར་སློབ་དཔོན་གྱིས་སྙིང་པོའི་མཐར། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པ་བཟླ། དེ་ནས་རྐང་གླིང་གིས་དྲངས་པའི་རོལ་མོ། སྙན་པའི་དབྱངས་དང་བཅས་པས་འདི་སྐད་ཅེས་གྱེར་ཏེ། ཧཱུྃ། མིག་སྨན་ལྟར་གནག་མྱུར་བའི་གོམ་སྟབས་ཀྱིས། །སྟོང་གསུམ་སྐད་ཅིག་གིས་བསྐོར་ཅང་ཤེས་རྟ། །ནོར་བུའི་སྒ་སྲབ་དར་གྱི་ལྷབ་ལྷུབ་ཅན། །སྤྲིན་གྱི་ཤུགས་འཆང་རྟ་མཆོག་འདི་ཉིད་འབུལ། །ཧཱུྃ། མུན་རུམ་ལྟར་གཏིབས་རབ་འཇིགས་ཁྲོས་པའི་བཞིན། །གློག་དམར་ལྕེ་རྐྱོང་དཔའ་བའི་ངར་སྒྲ་སྒྲོག །རྡོ་རྗེའི་རྭ་རྩེས་རི་རབ་འཕེན་ནུས་པའི། །གཡག་རྒོད་ཞོལ་ཆེན་ལྡན་པ་འདི་ཉིད་འབུལ། །ཧཱུྃ། འཇམ་ལེགས་སྤུ་སྡུག་འཁྱིལ་ཞིང་ཉམས་སྟོབས་རྒྱས། །སྙན་འཇེབས་སྒྲ་ཡིས་དམ་ཅན་ཡིད་མགུ་བྱེད། །བཻ་ཌཱུར་རྭ་འཁྱིལ་སྐྱེ་འགྲོ་དབང་དུ་སྡུད། །ལུག་ནག་དཔྱི་དཀར་གཡང་ཆགས་འདི་ཉིད་འབུལ། །ཧཱུྃ། མི་བཟད་འཇིགས་གཟུགས་རྣོ་བའི་མཆུ་སྡེར་ཅན། །དགྲ་བགེགས་ཀླད་ཁྲག་གིས་སྦགས་ང་རོའི་སྒྲས། །མ་ལུས་བདུད་སྡེའི་སྙིང་འགས་དགྲ་དཔུང་འཇོམས། ཁྱི་ནག་སྙིང་དཀར་སྟོབས་ལྡན་འདི་ཉིད་འབུལ། །ཞེས་བརྗོད་ཅིང་ཤོ་ལོ་ཀ་བཞི་པོའི་གཤམ་དུའམ་རྗེས་མའི་གཤམ་གང་རུང་འདི་སྐད་ཀྱང་གསོལ་ཏེ། དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་དང་བཅས། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། ཁྱོད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་སྐྱེད་འགལ་བྱེད་ཆམ་ལ་ཕོབ། །འདོད་དོན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཅེས་བརྗོད་ཅིང་འབུལ་ལོ། །འདིར་ནི་གཟུགས་རྟེན་བཞི་ཀ་ཡོད་པའི་དབང་དུ་བྱས་ཀྱི་མེད་ན་གང་ཡོད་དེའི་ཚིག་གིས་དབུལ། བསྡུས་པ་ལ་དགའ་ན། ཧཱུྃ། སྣ་ཚོགས་རྒྱན་སྤྲས་རྟ་ནག་རླུང་ལྟར་འཕྱོ། །གཡག་རོག་ཞོལ་ཆེན་སྤྲིན་རུམ་ལྟར་འགྱིང་ཞིང་། །བདུད་ལུག་སྤྱི་དཀར་ལྕགས་རྭ་འཁྱིལ་བ་ཅན། ཁྱི་ནག་སྙིང་དཀར་དོམ་ལྟར་འཕྱོ་བ་འབུལ། །ཞེས་པའི་རྗེས་སུ། དཔལ་ལྡན་མགོན་པོ་སོགས་སྔར་བཞིན་སྦྱར་བས་ལེགས་པར་འགྱུར་རོ། །དེ་ནས་ཡིག་བརྒྱ་ལན་གསུམ་བརྗོད། སྤྱན་དྲངས་པའི་ལྷ་རྣམས་གཟུགས་རྟེན་ལ་ཐིམ་པར་མཛོད། ཛཿཧཱུྃ་བཾ་ཧོཿ ཞེས་མེ་ཏོག་འཐོར། སུ་པྲ་ཏིཥྛ་དང་ཡེ་དྷརྨཱ་བཟླ་ཞིང་བཀྲ་ཤིས་ཅི་ལྟར་མོས་པ་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་འཐོར། གཟུགས་རྟེན་རྣམས་ཅི་བདེར་གཏོང་། འདི་ཉིད་དམིགས་ཀྱིས་བསལ་བའི་ལྷ་སྔགས་ཚིགས་གཅད་རྣམས་བསྐྱུར་བས་ཆོས་སྐྱོང་གང་ལ་ཡང་སྦྱར་བས་ཆོག་གོ །གཟུགས་རྟེན་བཅའ་བའི་མན་ངག་སོགས་ནི་གཞན་དུ་བྲི་བར་འགྱུར་བས་དེར་བལྟའོ། །འདི་དག་ཀྱང་དང་པོའི་ལས་ཅན་གྱི་སྔགས་པ་རྣམས་ལ་ཉེ་བར་མཁོ་བ་ཙམ་དུ་འགྱུར་མེད་རྡོ་རྗེས་བརྗོད་པ་སྟེ་ཡར་འབྲོག་སྒང་སྔོ་ལུང་གི་རི་སུལ་དུ་སྦྱར་བའོ།། །། ༈ ཧཱུྃ། གནག་སྣུམ་མུན་པའི་མདོག་ལྟར་ཆེར་གནག་ཅིང་། །རྔམ་པའི་གཟུགས་བཟང་མྱུར་འགྲོས་བརྗིད་ལྡན་པའི། །མཛེས་པའི་དྲེལ་ནག་རླུང་གི་རྩལ་ལྡན་འདི། །ཞིང་སྐྱོང་མ་མོ་དགྱེས་པ་བསྐྱེད་ཕྱིར་འབུལ། །ཧཱུྃ། དུད་སྤྲིན་འཁྲིགས་པ་ལྟ་བུའི་མདངས་ལྡན་ལ། །རྣོ་བའི་རྭ་དང་མགྱོགས་པའི་རྨིག་བཞི་ཅན། །ཆེ་བརྗིད་རྣམ་བཀྲའི་ར་སྐྱེས་ཁམ་པ་འདི། །དམ་ཅན་སྐྱེས་བུ་དགྱེས་སྐོང་རྟེན་དུ་འབུལ། །ཧཱུྃ། ཅང་ཤེས་དུས་མཐའི་མེ་ལྕེ་ལྟར་དམར་བའི། །མྱུར་མགྱོགས་རླུང་གི་རྩལ་ལྡན་རྟ་མཆོག་ལ། །མཛེས་བརྗིད་རྔམ་པའི་ཆས་ཀྱིས་སྤྲས་པ་འདི། །གཏེར་སྲུང་བཙན་རྒོད་ཆེན་པོའི་ཆིབས་སུ་འབུལ། །དེ་ལྟར་གཏོར་མ་རུ་མཚོན་གཟུང་འཛུག་རྣམས་ཀྱི་མན་ངག་འདི་ནི་དངོས་གྲུབ་རོལ་མཚོའི་ཆ་ལག་ཏུ་ཞེ་ཆེན་བླ་བྲང་དུ་སྤར་དུ་སྒྲུབ་སྐབས་རྗེས་ཀྱི་ཤྭ་ལོ་ཀ་གསུམ་པོ་འདི་ཡང་ཉེ་བར་མཁོ་བའི་ཕྱིར་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་བས་བྲིས་པ་དགེའོ།། །།
སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ་ (Volume 36, Text 39)
སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པར་སྤྲོ་ན། མཐའ་སྐོར་གྱི་པད་འདབ་ཉི་ཤུ་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་གྱིས་ཟླ་བའི་གདན་རེ་རེའི་སྟེང་དུ། ཞི་བའི་སྒྲོལ་མ་དཀར་མོ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་བསྣམས་པ། ས་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་མཐིང་ག་གཡོན་ཨུཏྤ་ལར་གནས་པའི་རྡོ་རྗེ་བསྣམས་པ། ཆུ་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ནོར་བུ་མེ་ཤེལ་བསྣམས་པ། མེ་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་ནོར་བུ་ཆུ་ཤེལ་ཆུ་བོའི་རྒྱུན་འབེབ་བཞིན་པ་བསྣམས་པ། རླུང་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་འཁོར་ལོས་མཚན་པའི་རི་རབ་བསྣམས་པ། རྒྱས་པའི་སྒྲོལ་མ་སེར་མོ་སྒེག་པའི་ཉམས་ཅན་གཡས་རིན་པོ་ཆེ་དང་གཡོན་ལྕགས་ཀྱུ༴ རྡོ་རྗེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་མོ་གཡོན་སྣ་ཚོགས་རྡོ་རྗེ༴ མཚོན་ཆའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སྔོན་མོ་གཡོན་རལ་གྲི༴ རྒྱལ་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ལྕགས་ཀྱུ༴ ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་དགྲ་སྟྭ༴ དབང་གི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན་གཡས་པདྨའི་ལྕགས་ཀྱུ་དང་གཡོན་ཞགས་པ༴ ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་པོ་གཡོན་ཕུར་པ༴ གླང་ཆེན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དུད་ཀ་གཡོན་མདུང་ཐུང་བསྣམས་པ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་མེ་ཕུང་འབར་བ་བསྣམས་པ། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ནོར་བུ་ཆུ་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ། དྲག་པོའི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ། ནད་ཀྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་སེར་གཡོན་ཨ་རུ་ར་བདུད་རྩིའི་འོད་ཟེར་འཕྲོ་བ༴ འཆི་བའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ཚེའི་བུམ་པ༴ ཕོངས་པའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་གཏེར་ཆེན་པོའི་བུམ་པ་བཟང་པོ༴ དོན་ཉམས་པའི་འཇིགས་པ་ལས་སྐྱོབ་ཅིང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྒྲོལ་མ་ལྗང་སེར་ཕྱག་གཡོན་དཔལ་བེའུ་བསྣམས་པ། ལས་བཞིའི་སྒྲོལ་མ་མ་གཏོགས་པ་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ་དགྱེས་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱང་ཞིང་། གཡོན་མེ་ཏོག་ཨུཏྤལ་སྔོན་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་ཟེའུ་འབྲུར་སོ་སོའི་ཕྱག་མཚན་གྱིས་མཚན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཏེ་ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རོལ་སྟབས་ཀྱིས་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པའི་ཡེ་ཤེས་སྒྱུ་མའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། ཅེས་སྦྱར།།
སྲིད་པའི་གཏེར་ཁྱིམ་གྱི་རྒྱུན་གསོལ་མདོར་བསྡུས་ཤིག་ (Volume 33, Text 39)
༄༅། །སྲིད་པའི་གཏེར་ཁྱིམ་གྱི་རྒྱུན་གསོལ་མདོར་བསྡུས་ཤིག་གོ ། འབོད་པ་ནི། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྐུ་ཡི་གནས་བརྒྱད་ནས་སྤྲུལ་པའི། །དྲེགས་པ་སྡེ་བརྒྱད་ཕོ་མོ་ཀླུ །ཕྱི་ནང་གསང་སྦས་བརྟན་སྐྱོང་དང་། །དྲག་སྔགས་བཏགས་ཆགས་མ་ཆགས་དང་། །ལས་བྱེད་བསྟན་སྲུང་སྡེ་བརྒྱད་ཚོགས། །འཁོར་བཅས་མ་ཐོགས་དེང་འབོད་ཀྱིས། །རྒྱུག་ཅིང་མཆོང་ཞིང་དམ་ལ་འདུས། །འདིར་གཤེགས་མཐུན་པའི་གདན་ལ་བཞུགས། །དགྱེས་པའི་གདན་ལ་གནས་ཆོས་ཤིག །དྲེགས་པ་སྤྱི་སྲོག།་་་ཨཱེཿཕོ་རྒྱུད།་་་ཏྲི་མོ་རྒྱུད།་་་མ་ཀླུ་རྒྱུད།་་་ཕུ་ས་མཱ་ཛཿཧྲིང་ཏིཥྛ་ལྷན། དམ་ལ་བཞག་པ་ནི། ཨེ་ཡ། ང་ནི་ཕྱག་རྒྱ་ཟིལ་གྱིས་གནོན། །འཇམ་དཔལ་ཁྲོས་པ་ཆེན་པོའི་སྐུ །དམ་ཚིག་དབོག་པའི་སྐུ་ཅན་དེ། །དྲེགས་པ་སྡེ་བརྒྱད་དམ་ཚིག་མནོས། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །སྡེ་བརྒྱད་དྲེགས་པ་གཟིར་བའི་ཚེ། །བསྒྲལ་གྱིས་དོགས་པས་ཁྱོད་འཇིགས་ནས། །སྲོག་སྙིང་ཕུལ་ནས་ཁས་བླངས་པ། །ཇི་ལྟར་དེ་ལྟར་དེང་བདག་གིས། །དབང་དུ་བསྡུས་ནས་དམ་ཚིག་སྦྱིན། །ཚུལ་བཞིན་མནོས་ལ་བསྲུང་བར་གྱིས། །དམ་དང་ལྡན་ན་སྲུང་མའི་མཆོག །དམ་ལས་འདའ་ན་བསྒྲལ་བའི་ཞིང་། །དེ་ལྟར་སོམས་ལ་ལས་སྒྲུབས་ཤིག །ས་མ་ཡ་ན་ར་ཀན། ཞེས་སྡེ་བརྒྱད་རྣམས་ཀྱི་མགོར་རྡོ་རྗེ་དང་ལྕེ་ལ་བདུད་རྩི་བཞག །མཆོད་པ་ནི། ཧོཿ སྣང་སྲིད་དྲེགས་པ་སྡེ་བརྒྱད་ལ། །ཐུན་མཆོག་རིགས་ཀྱི་དམ་རྫས་འབུལ། །ཞེ་སྡང་ལས་ཀྱི་དྲེགས་པ་ཅན། །ཕོ་རྒྱུད་ཚོགས་རྣམས་ཆང་གིས་མཆོད། །འདོད་ཆགས་ལས་ཀྱི་དྲེགས་པ་ཅན། །མོ་རྒྱུད་ཚོགས་རྣམས་ཁྲག་གིས་མཆོད། །གཏི་མུག་ལས་ཀྱི་དྲེགས་པ་ཅན། །ཀླུ་རྒྱུད་ཚོགས་རྣམས་སྨན་གྱིས་མཆོད། །གཞན་ཡང་མཐུན་པའི་དམ་རྫས་ནི། །འཆི་མེད་པཉྩ་ཨ་མྲྀཏ། །དམར་ཆེན་རཀྟ་ལྦུ་ཕྲེང་གཡོ། །དུག་གསུམ་གཏོར་མ་རི་ལྟར་བརྗིད། །ཞིང་བཅུ་བསྒྲལ་པའི་ཤ་ཁྲག་རུས། །མགོ་ལུས་དབང་པོ་ནང་རོལ་བཅས། །མཆོག་ཆེན་མཆོག་ཕྲན་ལ་སོགས་པ། །སྡེ་བརྒྱད་རང་རང་ཡིད་མཐུན་པའི། །རྟེན་རྫས་སྒྲུབ་རྫས་མཆོད་པའི་རྫས། །དམ་རྫས་སྐོང་རྫས་གཟིར་བའི་རྫས། །མནན་རྫས་བསྲེག་རྫས་འཕང་བའི་རྫས། །མ་ཚང་མེད་པའི་དཀོར་ནོར་གྱིས། །ཕྱི་ཡི་སྡེ་བརྒྱད་ཐུགས་དམ་བསྐང་། །ནང་གི་སྡེ་བརྒྱད་ཐུགས་དམ་བསྐང་། །གསང་བའི་སྡེ་བརྒྱད་ཐུགས་དམ་བསྐང་། །སྦས་པའི་སྡེ་བརྒྱད་ཐུགས་དམ་བསྐང་། །བརྟན་སྐྱོང་སྡེ་བརྒྱད་ཐུགས་དམ་བསྐང་། །དྲག་སྔགས་སྡེ་བརྒྱད་ཐུགས་དམ་བསྐང་། །བཏགས་ཆགས་སྡེ་བརྒྱད་ཐུགས་དམ་བསྐང། །མ་ཆགས་སྡེ་བརྒྱད་ཐུགས་དམ་བསྐང་། །ལས་བྱེད་སྡེ་བརྒྱད་ཐུགས་དམ་བསྐང་། །བསྟན་སྲུང་སྡེ་བརྒྱད་ཐུགས་དམ་བསྐང་། །ཕོ་རྒྱུད་ཚོགས་ཀྱི་ཐུགས་དམ་བསྐང་། །མོ་རྒྱུད་ཚོགས་ཀྱི་ཐུགས་དམ་བསྐང། །ཀླུ་རྒྱུད་ཚོགས་ཀྱི་ཐུགས་དམ་བསྐང་། །གཉུག་མར་གནས་པའི་ཐུགས་དམ་བསྐང་། །གློ་བུར་ལྷགས་པའི་ཐུགས་དམ་བསྐང་། །བསྐང་ངོ་གསོལ་ལོ་དགྱེས་པར་མཛོད། །དགྱེས་བཞིན་བཅོལ་པའི་ལས་སྒྲུབས་ཤིག །བཤགས་པ་ནི། ཧོཿ མཐུ་ཆེན་ལས་ལས་གྲུབ་པའི་སྡེ་བརྒྱད་ཚོགས། །སྔགས་འཆང་བདག་ལ་གསན་ཅིང་དགོངས་སུ་གསོལ། །མཆོད་གཏོར་མ་ཚང་ཆུང་དང་འབགས་ཤིང་བཙོགས། །ཆད་ལྷག་ནོར་འཁྲུལ་དྲེགས་པའི་ཐུགས་དམ་འགལ། །ནོངས་གྱུར་གང་བགྱིས་བཤགས་སོ་བཟོད་པར་གསོལ། །བཟོད་པར་གསོལ་ཡང་ཚངས་པར་མི་མཛད་ན། །སྡེ་བརྒྱད་འཇོམས་པའི་དཔལ་ཆེན་རབ་ཁྲོས་ནས། །དམ་ཚིག་རྡོ་རྗེ་ཡེ་ཤེས་མེ་འབར་བས། །ཉམས་པའི་མགོ་ལུས་འགེམས་པར་ཅིས་མི་འགྱུར། །དེ་བས་ཚངས་པའི་འབྲས་བུ་དགྱེས་པར་མཛོད། །ཅེས་དང་ཡིག་བརྒྱ་བརྗོད། བསྟོད་པ་ནི། ཨཱེཿ སྔོན་ཚེ་ཞེ་སྡང་དྲག་པོའི་དབང་གྱུར་པས། །སྨོན་ལམ་ལོག་པར་བཏབ་པས་ད་ལྟའི་ཚེ། །ལུས་ངག་ཡིད་གསུམ་ཞེ་སྡང་མེ་ལྟར་འབར། །ང་རྒྱལ་ཁྲོ་གཏུམ་ཆེ་བས་ལུས་རྒྱས་ཤིང་། །འཇིགས་རྔམས་མི་སྡུག་ཁ་རླངས་དྲི་ཆུ་ལས། །མི་བཟད་གདུག་པའི་སྣ་ཚོགས་ནད་འོང་ཞིང་། ཁ་ནས་ངན་སྔགས་གླེངས་པས་གཞན་སྲོག་འཕྲོག །ལག་ན་གདུག་པའི་མཚོན་ཆ་སྣ་ཚོགས་ཐོགས། །སྲ་བའི་གོ་གྱོན་ལུས་ཀྱི་བ་སྤུ་ཡང་། །མཚོན་ཆར་སྐྱེས་པ་ཟས་སུ་ཤ་ཁྲག་རོལ། །སྲོག་གཅོད་ལ་རྔམས་གཞན་བས་ཚེ་རིང་ཞིང་། །སྣ་ཚོགས་སྤྲུལ་བསྒྱུར་མཐུ་སྟོབས་དྲག་ཤུལ་ཅན། །སྡེ་བརྒྱད་དྲེགས་པ་རྣམས་ལ་བདག་བསྟོད་དོ། །བརྒྱ་བྱིན་ཐགས་བཟང་རིས་དང་དགའ་བོ་དང་། །བྱ་རོག་མགོ་བརྩེགས་ཚངས་པ་ལྗོན་པ་དང་། །ལང་ཀ་མགྲིན་བཅུ་བདུད་རྒྱལ་དམུ་རྗེ་བཙན། །ཕྱི་ཡི་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །ཀླུ་རྒྱལ་སོག་མ་མེད་དང་ཙ་མུནྟྲི། །གཤིན་རྗེ་དམར་པོ་གཟའ་བདུད་བཙན་བདུད་ནག །གསེར་མིག་ཡུལ་ལྷ་དེ་ཝ་འབྲུག་སྒྲོག་སྨན། །ནང་གི་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །མ་ཧཱ་དེ་ཝ་འཆི་བདག་མགོ་དགུ་པ། །གཤིན་རྗེ་ཆོས་རྒྱལ་ཨེ་ཀ་ཙཱ་ཏི་དང་། །རོལ་པ་རྐྱ་གཅིག་རཀྴ་ནག་པོ་དང་། །ལོ་ཀ་ཙ་ར་ཁྱབ་འཇུག་ཆེན་པོ་སྟེ། །གསང་བའི་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །བི་ནཱ་ཡ་ཀ་དམུ་བདུད་ཧ་ལིང་ཀ །མུ་ཁ་ལེ་དང་སྲིན་པོ་རཀྴ་ནག །གསོད་བྱེད་མ་དང་རོལ་པོ་གློག་འཁྱུགས་དང་། །ཡཀྴ་ཀཱ་ལ་བྱ་རོག་མགོ་བརྩེགས་ཏེ། །སྦས་པའི་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །ཡབ་རྗེ་ནག་པོ་དཀར་པོ་སྙིང་འབྱིན་དང་། །ཡུལ་ལྷ་ཕྱ་སངས་དཔལ་མགོན་ནག་པོ་དང་། །རྡོར་ལེགས་སྲིན་པོ་སྲོག་བདག་གནམ་ཐེའུ་དཀར། །ཡམ་ཤུད་དམར་པོ་མ་མོ་རེ་མ་ཏཱི། །བསྟན་སྐྱོང་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །སྦྲུལ་མགོ་ཅན་བཙན་དམུ་རྗེ་ཡ་བ་ཏི། །བདུད་ནག་བཀྲག་མེད་སྲིན་པོ་སྲོག་གཅོད་ནག །སྦྲུལ་ཞགས་ཅན་ཀླུ་གནོད་སྦྱིན་སྲོག་གཅོད་མ། །མ་མོ་ནག་མོ་ཁྲག་འཛག་མ་དང་བཅས། །དྲག་སྔགས་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །རང་རང་ཡུལ་དང་མཁར་དང་གནས་དང་རྟེན། །མིང་དང་བརྡའ་ལ་བཏགས་ཤིང་ཆགས་པ་ཡི། །ཕོ་མོ་ཀླུ་རྒྱུད་གསུམ་གྱིས་རབ་བསྡུས་པའི། །བཏགས་ཆགས་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །གཉན་ཆེན་ཐང་ལྷ་གཡའ་སྤང་སྐྱེས་གཅིག་དང་། །ཀྱེའུ་ཀླུང་བཙན་བན་ཆེན་རུ་ཏྲ་དང་། །ཧེ་ལེ་འབར་མ་ཟུར་ཕུད་ཅན་དང་ནི། །རྒྱལ་པོ་ཤིང་བྱ་བྱ་རོག་པ་ཏི་དང་། །གཞན་ཡང་འོད་དེ་གུང་རྒྱལ་ལ་སོགས་པ། །ལྷ་བདུད་སུམ་བརྒྱ་དྲུག་ཅུ་མ་བཏགས་ཤིང་། །མ་ཆགས་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། །འཆི་བདག་གཤིན་རྗེ་མ་མོ་བདུད་དང་བཙན། །རྒྱལ་པོ་ཀླུ་དང་གནོད་སྦྱིན་གཟའ་བདུད་སོགས། །ལས་བྱེད་མྱུར་མགྱོགས་རྩལ་ལྡན་དྲེགས་པའི་སྡེ། །བསྟན་སྲུང་སྡེ་བརྒྱད་རྣམས་ལ་བདག་བསྟོད་དོ། ཁྱོད་རྣམས་སྔོན་ཚེ་གཅིག་ལ་གཅིག་འཚེ་བས། །ནོར་བྲལ་བུ་དང་ཆུང་མ་ཕ་མ་དང་། །གཉེན་བཤེས་རྣམས་བསད་ཡུལ་ཕྱུང་མིག་བྲུས་ཤིང་། །སྒྱིད་པ་བྲེགས་སོགས་མ་ལན་ཆད་པ་དང་། །མང་པོ་ཁ་འདུས་བསད་ཚེ་ཡིད་སྡུག་སྟེ། །སྨོན་ལམ་ལོག་པ་བཏབ་ཚེ་མི་སྡུག་པའི། །ལྷ་འདྲེ་དྲེགས་པ་ཅན་དུ་རབ་སྐྱེས་ནས། །བཅོམ་ལྡན་འདས་ཀྱིས་ཁྱོད་རྣམས་དམ་བཏགས་ཚེ། །སྐྲག་ཅིང་བྲེད་དུ་བཅུག་པ་མ་གཏོགས་པ། །བསྒྲལ་བར་མ་ནུས་ལས་དབང་བཙན་པར་དགོངས། །དེ་ལྟའི་དྲེགས་པ་སྡེ་བརྒྱད་ཚོགས་ལ་བསྟོད། །དམ་རྫས་སྨན་རག་གཏོར་མ་མཐུན་པའི་རྫས། །བཞེས་ལ་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྟོད། ཨོཾ་ཡ་མཱནྟ་ཀ་ཤྲཱི་ཧེ་རུ་ཀ་ག་རུ་ཌ་ཨཱེཿཏྲི་མ་ཕུ་ཙིཏྟ་ཛཿཛཿཧྲིང་ཧྲིང་ས་མ་ཡ་དམ་ལ་འདུས་འདུས། ཞེས་ཅི་ནུས་བཟླ། གཏོར་མ་འབུལ་བ་ནི། གཏོར་བསྔོས་བྱས་ལ། ཧཱུྃ་ཨེཿ ང་ནི་ཡ་མཱནྟ་ཀ་སྟེ། །ཆེ་མཆོག་རྟ་མགྲིན་གསང་བའི་བདག །ཁྱུང་ཆེན་ལ་སོགས་ང་ཡི་དངོས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་ཀུན། །གཤིན་རྗེ་གཤེད་པོའི་གནས་བརྒྱད་ནས། །སྤྲུལ་ཞིང་ཕྱུང་བས་ང་ཉིད་དོ། །དེ་བས་རང་སྣང་རང་རྩལ་ལས། །བྱུང་བའི་དྲེགས་པ་ཕོ་མོ་ཀླུ །གསུམ་གྱིས་བསྡུས་པའི་ཚོགས་རྣམས་ཀུན། །བོས་པའི་ཚེ་ན་དམ་ལ་འདུས། །རྦད་པའི་ཚེ་ན་ལས་ལ་རྒྱུགས། །བསྐུལ་བའི་ཚེ་ན་ངག་ལ་ཉོན། །བཅོལ་བའི་ཚེ་ན་ལས་ཀུན་སྒྲུབས། །རང་རང་མཐུན་པའི་རྟེན་འདི་ལ། །དགྱེས་བཞིན་རྟག་ཏུ་འཁོར་བ་དང་། །བརྟན་པར་བཞུགས་ལ་མཆོད་གཏོར་བཞེས། །སྨན་རག་སྐྱེམས་ལ་ངོམས་པར་རོལ། །ཕོ་རྒྱུད་ཚོགས་རྣམས་མྱོས་བྱེད་དང། །མོ་རྒྱུད་ཚོགས་རྣམས་དམར་ཆེན་ཁྲག །ཀླུ་རྒྱུད་ཚོགས་རྣམས་དཀར་མངར་སྨན། །རང་རང་མཐུན་རྫས་དགྱེས་པར་རོལ། །དགའ་མགུ་ཚིམ་ཞིང་རོལ་པ་དང་། །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །སྔགས་འཆང་བདག་གི་ལས་སྒྲུབས་ཤིག །དྲེགས་པ་དམ་ལས་མ་འདའ་བར། །བདག་གིས་བཅོལ་པའི་ཕྲིན་ལས་མཛོད། །བདག་ཀྱང་དམ་ལས་མི་འདའ་སྟེ། །དྲེགས་པ་མཆོད་ཅིང་ཚིམ་པར་བགྱིད། །དེ་བས་ཞི་རྒྱས་དབང་དྲག་གི །ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཅེས་གཏོར་མ་འབུལ་ལོ། །དེ་ལྟར་དྲེགས་པའི་ཕྲིན་ལས་ཀྱང་། །མདོར་བསྡུས་ཡིན་གྱི་ལས་སྦྱོར་སོགས། །གལ་ཆེའི་དུས་སུ་གཏེར་ཁྱིམ་གྱི། །ཕྲིན་ལས་ལོགས་སུ་ཡོད་ལྟར་སྦྱོར། །དོན་ལ་ཡེ་ཤེས་འཇིག་རྟེན་པ། །ཀུན་ཀྱང་རང་སེམས་ཆོ་འཕྲུལ་ལས། །མེད་པར་རྟོགས་ན་དྲེགས་པས་ཀྱང་། །མཆོག་གི་དངོས་གྲུབ་སྩོལ་བར་ནུས། །བདག་དང་གཞན་ཞེས་ཐ་དད་པར། །ཉེར་འཛིན་དོན་དམ་དབང་བྱས་ན། །ཐུབ་དབང་རྡོར་འཆང་ལ་སོགས་པ། །རྣམས་ཀྱིས་ཐུན་མོང་སྩོལ་བའང་དཀའ། །དེ་ཕྱིར་དོན་དམ་གནས་ལུགས་ཀྱི། །རང་བཞིན་རྟོགས་པ་ཀུན་ལ་གཅེས། །དེ་སྐད་འབྲི་གུང་སྐྱུ་རའི་གདུང་། །དུས་མཐའི་སྔགས་འཆང་ཆོས་གྲགས་ཀྱིས། །སྨྲས་སོ་ཀུན་དང་མཐུན་ཡང་ལེགས། །མིན་ཀྱང་རྒྱལ་བའི་བཀའ་དང་ནི། །བསླུ་མེད་རྒྱུ་འབྲས་དང་མཐུན་ནོ། །ཀུན་དང་འགལ་ཀྱང་འགྱོད་པ་བྲལ། །མངྒ་ལཾ།། །།
བླ་འབོད་པ་ (Volume 49, Text 39)
བླ་འབོད་པ་ནི། ཕྱི་རོལ་དུ་རིགས་མཐུན་པའི་མིས་འབོད་པ་དང་ལྷན་ཅིག་ཏུ། ནང་དུ་སྔགས་པས་འདི་སྐད་ཅེས་གྱེར་ཞིང་འབོད་པར་བྱའོ། །ཀྱེ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཁྱོད། །རྣལ་འབྱོར་ང་ཡིས་འབོད་པ་ཡིན། །གསོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ཉོན་ཅིག་ཡོན་གྱི་བདག་པོ་ཁྱོད། ཁྱོད་ཕར་ཕར་མ་འགྲོ་ཚུར་ཚུར་ཤོག །ད་ལྟ་ཉིད་དུ་འདིར་ཤོག་ཅིག །ཁྱོད་དྲི་ཟའི་ཡུལ་དུ་ཅི་བྱེད་འགྲོ། །དྲི་ཟའི་ཡུལ་ནི་ཆགས་སྡང་ཆེ། ཁྱོད་གཤིན་རྗེའི་ཡུལ་དུ་ཅི་བྱེད་འགྲོ། །གཤིན་རྗེའི་ཡུལ་ནི་ཞེ་སྡང་ཆེ། ཁྱོད་སྲིན་པོའི་ཡུལ་དུ་ཅི་བྱེད་འགྲོ། །སྲིན་པོའི་ཡུལ་ནི་འཇིགས་སྐྲག་ཆེ། ཁྱོད་བཙན་གྱི་ཡུལ་དུ་ཅི་བྱེད་འགྲོ། །བཙན་གྱི་ཡུལ་ནི་ང་རྒྱལ་ཆེ། ཁྱོད་བདུད་ཀྱི་ཡུལ་དུ་ཅི་བྱེད་འགྲོ། །བདུད་ཀྱི་ཡུལ་ནི་གདུག་རྩུབ་ཆེ། ཁྱོད་མ་མོའི་ཡུལ་དུ་ཅི་བྱེད་འགྲོ། །མ་མོའི་ཡུལ་དུ་ཕྲག་དོག་ཆེ། ཁྱོད་དུག་ལྔའི་ཡུལ་དུ་ཅི་བྱེད་འགྲོ། །ངན་སོང་གསུམ་དུ་ལྷུང་བ་ཡིན། །ཀྱེ། ཡང་ཅིག་རྣལ་འབྱོར་ངས་འབོད་ཀྱིས། །ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །གསོན་ཅིག་བླ་ཚེ་གཉན་པོ་ཁྱོད། །ཕྱི་ལ་མ་འགྲོ་ནང་དུ་ཤོག །ཕྱི་རུ་མ་སྡོད་ནང་དུ་ཤོག །གདོན་བགེགས་རྗེས་སུ་མ་འབྲང་ཞིག །ནད་བདག་རྗེས་སུ་མ་འབྲང་ཞིག །ལྷ་འདྲེའི་རྗེས་སུ་མ་འབྲང་ཞིག །འཆི་བདག་རྗེས་སུ་མ་འབྲང་ཞིག །ཕར་ཕར་མ་འགྲོ་ཚུར་ཚུར་ཤོག །རྣལ་འབྱོར་ང་ཡི་ཚིག་ལ་ཉོན། ༈ ཁྱོད་ཀྱི་ཕ་མ་འདི་ན་ཡོད། །སྤུན་ཟླ་མིང་སྲིང་འདི་ན་ཡོད། །མཛའ་བཤེས་ཉེ་དུ་འདི་ན་ཡོད། །ཟས་དཀར་གསུམ་མངར་གསུམ་འདི་ན་ཡོད། །ཆང་ཞིམ་པོ་འཐུང་ན་འདི་ན་ཡོད། །ཤ་ཚོན་པོ་ཟ་ན་འདི་ན་ཡོད། །གོར་ཁ་ཟས་ཟ་ན་འདི་ན་ཡོད། །ཟས་ཞིམ་མངར་འཛོམ་པ་འདི་ན་ཡོད། །གོས་བཟང་པོ་གྱོན་ན་འདི་ན་ཡོད། །རྟ་བཟང་པོ་ཞོན་ན་འདི་ན་ཡོད། ཁྱོད་ཕར་ཕར་མ་འགྲོ་ཚུར་ཚུར་ཤོག །གཤིན་རྗེའི་ཡུལ་དུ་མ་འབྲང་བར། །ཨ་བོ་ལོ་ལོ་འདི་ན་ཤོག ༈ །ཀྱེ། མི་ངོ་ཤེས་ཅན་གྱིས་བོས་པ་བཞིན། །ལོ་ཀླུང་རྟའི་མ་བུ་མཐུན་པ་དང་། །མི་རིགས་མཐུན་འདི་དང་འགྲོགས་ལ་ཤོག །སྐད་སྙན་པོའི་གདངས་ལ་ཉོན་ལ་ཤོག །སྔགས་འཆང་བདག་གི་ངག་ལ་ཉོན། །དར་ཚོན་གཡབ་མོའི་སྟེང་དུ་ཤོག །མདའ་མོ་ལྟོང་བཟང་སྟེང་དུ་ཤོག །གཡང་དཀར་བརླ་ཤའི་སྟེང་དུ་ཤོག །མགོ་ལ་ཞྭ་མོ་གྱོན་ལཤོག །གསེར་འཕང་གཡུ་འཕང་སྟེང་དུ་ཤོག །ཐེའུ་རང་ལག་ནས་མྱུར་དུ་ཤོག །རྒྱལ་འགོང་ལག་ནས་མྱུར་དུཤོག །འཆི་བདག་ལག་ནས་མྱུར་དུ་ཤོག །སྐད་ཅིག་ཉིད་ལ་འདིར་ཤོག་ཅིག །བཛྲ་ཨཾ་ཀུ་ཤ་ཛཿ ཏདྱ་ཐཱ། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་ཧྲཱིཿབྷྲཱུྃ་སྭཱ་ཧཱ། བསྭོ་བསྭོ་ལྷ་རྒྱལ་ལོ། །ཞེས་པ་འདི་དང་པོའི་དཔེ་རྙིང་མར་མི་འདུག །ཕྱིས་སུ་དཀྱུས་ན་བྲིས་སྣང་བས་སྔགས་འཆང་རྣམས་ཀྱི་ཞལ་རྒྱུན་ལྟར་ཚིགས་བཅད་དུ་བསྡེབས་པ་ཞིག་ཡིན་འདུག་གོ །མངྒ་ལཾ། །བླ་ཚེ་འཕེལ།། །།
དམ་ཅན་ཞིང་སྐྱོང་གཉིས་ཀྱི་སྒྲུབ་པའི་སྒབ་འདྲེ་མནན་པའི་མན་ངག་ (Volume 40, Text 39)
དམ་ཅན་ཞིང་སྐྱོང་གཉིས་ཀྱི་སྒྲུབ་པའི་སྒབ་འདྲེ་མནན་པའི་མན་ངག་བཞུགས་སོ། །ན་མཿཤྲཱི་པྲ་བྷ་མ་ཧཱ་ཀཱ་ལ་ཡ། འདིར་ནི་ཡང་དག་བཤད་བྱ་བ། །སློབ་དཔོན་ནུས་པ་ལྡན་པ་ཡིས། །སྒབ་འདྲེ་ལེགས་པར་མནན་པ་ན། །སློབ་བརྒྱུད་མི་རབས་བཅུ་གསུམ་མམ། །བདུན་ནམ་ཐ་མའང་གསུམ་གྱི་བར། །མ་མནན་ན་ཡང་སྐྱོན་མེད་ཟེར། ཁོ་བོས་ལན་གསུམ་མནན་ན་ཡང་། །མནན་པ་གྲུབ་ན་བཀྲ་ཤིས་དགེ། མནན་ཚུལ་རྒྱས་བསྡུས་མང་ན་ཡང་། །སྒྲུབ་པ་རྟགས་ཐོན་དགོས་ཕྱིར་དཀའ། །སྒྲུབ་མི་དགོས་པར་མནན་ཆོག་པ། །མ་ཧཱ་བ་ལ་འདི་ཉིད་ཟབ། །དེ་ལས་གསར་རྙིང་རིགས་མང་ཡང་། །གནམ་ཆོས་འདི་ཉིད་ཟབ་ཅིང་རྣོ། །ཞིང་སྐྱོང་དམ་ཅན་གཉིས་ཀ་ཡི། །སྒྲུབ་པའི་བར་ཆད་སྒབ་འདྲེ་ནི། །ཤོག་བུར་སྣག་ཚ་གཙང་མ་ཡིས། །ལིངྒ་གཅིག་ལ་མགོ་གསུམ་པ། །དབུས་མི་གཡས་བྱ་གཡོན་སྤྲེའུ། །ལག་པ་མི་ལ་རྐང་པ་བྱ། །སྤྲེའུའི་མཇུག་མ་ཡོད་པ་བྲི། །སྙིང་ག་ཛཿགཉིས་ཁ་སྤྲོད་བར། །ཏྲི་ཡིག་གསུམ་ནི་བརྩེགས་མར་བྲི། །དེ་མཐར་ཡིག་མགོ་ཕྱིར་བསྟན་ལ། །སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ་སྒབ་འདྲེ་ལག་རིང་། བཙན་ཡམ་ཤུད་དམར་པོ། འབྱུང་པོ་ཐེའུ་རང་སྟོང་འཁྲུག་གསུམ་ཁུག་ཅིག །མཱ་ར་ཡ་ཛཿཛཿརྦད་ནན། ཅེས་བྲི། སྤྱི་བོར་ནན་དང་རྐང་ཞབས་ཡཾ། །ཡན་ལག་ཛཿཧཱུྃ་བཾ་ཧོཿབྲི། །ཐ་མར་ཛཿདང་ཁྲམ་གྱིས་བསྐོར། །དེ་ལ་འགུགས་གཞུག་བརྒྱ་རྩ་བྱ། །མ་ཧཱ་བ་ལའི་སྐུ་གཟུགས་ནི། །གནམ་ཆོས་བཞིན་དུ་བྲིས་པ་ལ། །བསྐྱེད་བསྟིམ་རང་སྔགས་བརྒྱ་རྩ་བཟླ། །རོ་གཡམ་རྡོ་རྗེ་རྒྱ་གྲམ་དང་། །རི་རབ་གླིང་བཞི་བཅས་པ་བྲི། །མཆོད་རྟེན་འོག་གམ་ལམ་རྒྱ་གྲམ། །ལྷ་ཁང་ངམ་ནི་སྒྲུབ་ཁང་གི །ཐེམ་འོག་གྲུ་གསུམ་དོང་བྲུས་ལ། །དམ་སྲི་ལིངྒ་མགོ་ཕྱིར་བསྟན། །གན་རྐྱལ་མནན་ནས་འགུགས་གཞུག་བྱ། །དེ་སྟེང་མ་ཧཱ་བ་ལ་བཞག །ས་ཁོད་རེ་ལ་རྒྱ་གྲམ་རེ། །དགུ་བྲི་རོ་གཡམ་རྒྱ་གྲམ་མནན། །དེ་སྟེང་མེ་ཁྲོལ་ཆུ་ཐིགས་བླུག །ལེགས་པར་བཅགས་ལ་མི་མངོན་བྱ། །དེ་སྟེང་རྟ་བྲོ་གང་རུང་བརྡུང་། །རྐང་པ་གཡོན་པས་རྒྱ་གྲམ་མནན། །དེ་ལྟར་བྱ་བ་གལ་ཆེ་ཞིང་། །ལོ་འགའ་སོང་ནས་བསྐྱར་ཡང་ལེགས། །དེ་སྐད་རཱ་ག་ཨ་སྱས་སྨྲས།། །།
ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ་ (Volume 24, Text 39)
༄༅། །ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་སློབ་མ་རྗེས་འཛིན་གྱི་ལག་ལེན་གུད་དུ་བཀོལ་བ་ཡིད་བཞིན་འོད་ཀྱི་དྲྭ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྵི་ཏི་གརྦྷཱ་ཡ། བྱམས་པའི་གོ་མནབས་འཁོར་བའི་གཡུལ་ངོར་ཞུགས། །སྙིང་སྟོབས་ཟློག་མེད་དཔའ་བོ་གཅིག་པུ་པ། །བཙོ་མ་གསེར་མདོག་འོད་ཀྱི་དྲྭ་བ་ཅན། །གངས་ཅན་མགོན་དུ་སྣ་ཚོགས་འཕྲུལ་ལ་འདུད། །སྲོང་བཙན་ཐུགས་ཀྱི་ཐིག་ལེ་སྟེ། །པདྨའི་གདམས་ཟབ་བདུད་རྩིའི་བཅུད། །གང་སྤྱོད་སྐལ་པ་སྦོམ་པའི་ཕྱིར། །འཇུག་སྒོ་ལག་ཏུ་བླང་བདེར་བཀོད། །ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུའི་དབང་བསྐུར་སྒྲུབ་ཆེན་དང་འབྲེལ་བའི་ལུགས་ནི་དཀྱིལ་ཆོག་ཆེན་མོར་གསལ་བ་ལྟར་ལ། འདིར་དབང་བསྐུར་དཀྱུས་མ་ཙམ་ལག་ཏུ་ལེན་པའི་ཚུལ་བཤད་པ་ལ་གསུམ། སྔོན་འགྲོ་སྟ་གོན། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། གཞུང་ལས། ས་དང་དཀྱིལ་འཁོར་སློབ་མ་གསུམ༔ ཞེས་པ་ལྟར་དང་པོ་ས་སྟ་གོན་ནི། གང་དུ་བྱ་བའི་གནས་སུ་དཀར་གཏོར་དང་ཉེར་སྤྱོད་ལྔ་བཤམས་ལ། རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར་གསལ་གཡས་པདྨས་མཚན་པའི་དབྱུག་པ་ནམ་མཁར་ཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་ཉི་མ་འབུམ་གྱི་གཟི་བརྗིད་ལྟར་འབར་ཞིང་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གྱུར་ཞེས་མོས། གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མཆོད་ཕུན་སུམ་ཚོགས་པ་འདོད་པའི་དངོས་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། རང་གི་མདུན་དུ་ས་ལྷ་སེར་མོ་རིན་པོ་ཆེའི་རྒྱན་ཕྲེང་དང་དར་གྱི་ན་བཟའ་གསོལ་བ་ཕྱག་གཉིས་བུམ་པ་དང་དཔང་པོར་ཕྱེ་བའི་ཕྱག་རྒྱ་ཅན། ས་གསེབ་ནས་ལྟེ་བ་ཡན་ཆད་འཐོན་པ་འཁོར་ས་ལྷ་དཔག་ཏུ་མེད་པ་བྱོན་པར་གྱུར་པར་བསམ། བཛྲ་ས་མ་ཡ་ཛཿ སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་དང་། ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། རིན་ཆེན་རྒྱན་ཕྲེང་འཛིན་པ་ཡི། །ལྷ་མོ་འཁོར་བཅས་བདག་ལ་དགོངས། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ལན་གསུམ་བརྗོད་པས་ཅི་བདེར་བྱིན་པར་མོས་ལ་གཏོར་མཆོད་གཤེགས། སྒྲུབ་གནས་རྙིང་པར་འདི་ཙམ་གྱིས་ཆོག །གཞི་མ་དུལ་བ་སོགས་ལ་སྦྱོང་བ་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་དྲན་པར་བྱས་ལ། ཨོཾ་བྷཱུ་ཁཾ་ཞེས་བརྗོད་པས། ས་གཞི་ནམ་མཁའི་རང་བཞིན་དུ་གྱུར་པར་མོས། བཟུང་བ་ནི། སེང་ལྡེང་སོགས་ཀྱི་ཕུར་པ་སོར་བཞི་པ་ཧྲཱིཿཡིག་དང་མེ་ཏོག་གིས་མཚན་པ་དྲིས་བྱུག་པ་དཀྱིལ་འཁོར་གྱི་གཞིའི་དབུས་སུ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བཟླས་པ་བཏབ། སྲུང་བ་ནི། བདག་ཉིད་རྟ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེའི་ས་གཞི་རྭ་གུར་ཕྱི་རོལ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་དང་བཅས་པའི་སྲུང་བའི་འཁོར་ལོས་ཕྱོགས་ཀུན་བར་མཚམས་མེད་པར་བཅིངས་པར་གྱུར། ཅེས་བསམ་མོ། །གཉིས་པ་ལ་དཀྱིལ་འཁོར་དང་ཞར་བྱུང་བུམ་པ་སྟ་གོན་གཉིས་ཏེ་དཀྱིལ་འཁོར་གྱི་གཞིར་མཎྜལ་དྲིའི་ཐིག་ལེ་དབུས་སུ་གྲུ་བཞི། དེ་རྒྱབ་དྲུག །དེ་རྒྱབ་ཕྱོགས་བཞིར་བཞི་རྣམས་ཟླུམ་པོ་བྱས་པའི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པ་བཀོད། གཡས་སུ་རྣམ་བུམ་མགུལ་ཆིངས་སེར་པོ། གཡོན་དུ་ལས་བུམ་ལྗང་གུ་ཅན་གཉིས་ཀར་བ་དཀར་མོའི་འོ་མ་དང་རྒྱུན་འབབ་ཀྱི་ཆུ། རྫས་སོ་ལྔས་སུམ་གཉིས་བཀང་ཞིང་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཀོད། སྨན་རག་གཏོར་མཆོད་སྤྱི་ལྟར་བཤམས་ལ་ཕྲིན་ལས་ཀྱི་གཞུང་ཚང་བར་གཏང་བའམ། མདོར་བསྡུ་ན། མཆོད་པ་བྱིན་རླབས་ནས་དངོས་གཞི་ཏིང་འཛིན་རྣམ་གསུམ་ལ་འཇུག་ཀྱང་རུང། གང་ལྟར་བསྟོད་པ་ཡན་གྲུབ་ནས་བཟླས་པ་ཅི་རིགས་བྱ། དེ་ནས་སྟ་གོན་གྱི་ལྷ་ལ་གནང་བ་ཞུ་བ་ནི། ཐུགས་རྗེ་མཆོག་གི་དཀྱིལ་འཁོར་རྣམས། །ཀུན་ནས་མཆོད་ཅིང་གསོལ་འདེབས་ན། །བདག་དང་སློབ་མར་ཕན་པའི་ཆེད། །བཀྲམ་པའི་དཀྱིལ་འཁོར་སྒྲུབ་འཚལ་ན། །ཅི་བདེ་བར་ནི་སྤྱོད་ལ་དགོངས། །ལན་གསུམ་བརྗོད་ཅིང་ཅི་བདེར་གྱིས་ཤིག་པའི་གནང་བ་ཐོབ་པར་མོས། བཛྲ་ཨུཏྟིཥྛ༔ ལྷ་ཚོགས་ནམ་མཁར་བཏེགས། བུམ་པ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ཡིག་ཞུ་བ་ལས་རིན་པོ་ཆེ་ལས་གྲུབ་པའི་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་པད་དཀར་འདབ་མ་དྲུག་པའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཕགས་མཆོག་ཐུགས་རྗེའི་བདག་པོ། འདབ་མ་དྲུག་ལ་འགྲོ་འདུལ་གྱི་ཐུབ་པ་དྲུག །དེའི་ཕྱི་རོལ་གྱི་ཕྱོགས་བཞིར་པདྨ་དང་ཉི་མ་ལ་ཁྲོ་བོ་ཆེན་པོ་བཞི་དང་བཅས་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ལས་བུམ་གྱི་ནང་དུ་རྣམ་པར་འཇོམས་པ་ལྗང་སྔོན་གཡས་རྡོ་རྗེ་རྒྱ་གྲམ་གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་དུ་མོས། ཧྲཱིཿ མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་དང་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས། །ཕྱི་ཡི་མཆོད་པ་སྣ་ཚོགས་འབུལ། །ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ལས་བུམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་བསྟན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་དྲངས་ལ། བདག་གི་ཐུགས་ལས་སྔགས་ཀྱི་ཕྲེང་བ་ནི། །བར་མ་ཆད་པར་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་སྲོག་དང་། །སྐུ་ཡི་ཆ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པའི་ཆུ་དང་གཉིས་མེད་རོ་གཅིག་གྱུར། །ཞེས་པའི་དམིགས་པ་དང་རྣམ་རྒྱལ་ལ་ཡིག་བཅུ་དང་། ལས་བུམ་ལ། ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ་དམ། ཡང་ན་རྣམ་འཇོམས་དང་འཁྱིལ་པ་གཉིས་མིང་གི་རྣམ་གྲངས་ཡིན་པས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཟླས་ཀྱང་རུང་ངོ་། །མཐར་དུང་ཞལ་གྱི་མཆོད་ཡོན། ཨོཾ་ཨཱཿཧཱུྃ་གིས་བུམ་པར་ཕུལ། རྣམ་རྒྱལ་བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་གྱི་ལྷས་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་བར་དུ་བར་ཆད་བསྲུང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་ཅིང་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ནི། དཀྱིལ་འཁོར་ལ་ཡོལ་བས་བསྒྲིབ། རྫས་བཞི་འདུ་བྱས་ལ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ལས་བུམ་གྱིས་ཁྲུས་བྱ། ཕྱག་དང་མེ་ཏོག་བཅས་འཁོད་པ་ལ་སློབ་དཔོན་གྱིས། དེའང་ཞལ་གདམས་རིན་ཆེན་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེ་བ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ཟད་མ་གཏང་གསུང་གི་སྲས༔ བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང༔ ནམ་འཆི་ངེས་མེད་གློག་གི་རྩེ་དགའ་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔ ཚེ་འདིའི་འདུན་མ་གང་ལྟར་བྱས་ཀྱང་སླ༔ དེ་བས་འཇིག་རྟེན་ཕྱི་མ་བཤུལ་ཐག་རིང༔ གཏན་དུ་བདེ་བའི་འདུན་ཤོམ་ད་ལྟ་རན༔ ཕྱི་མའི་འདུན་གྲབ་ཚུད་ཅིག་གསུང་གི་སྲས༔ ཚེ་འདིའི་ལྟར་སྣང་དགྲ་འདུལ་གཉེན་སྐྱོང་དང༔ འཁོར་གཡོག་ནོར་རྫས་ས་མཁར་སྐྱོང་བྲན་སོགས༔ འཇིག་རྟེན་འཁོར་བའི་བྱ་བས་དོན་མི་འགྲུབ༔ དོན་ལྡན་ཆོས་ལ་སོམས་ཤིག་གསུང་གི་སྲས༔ འཁོར་བ་སྤེལ་བའི་མངའ་ཐང་མཐོ་གྱུར་ཀྱང༔ རང་གཞན་གཉིས་ཕུང་གཏན་གྱི་སྡུག་ལ་སྦྱོར༔ དུག་འདྲེས་འབྲས་ཆན་ལོངས་སུ་སྤྱོད་དང་མཚུངས༔ སྲིད་འབྱོར་ཞེན་པ་སྤོངས་ཤིག་གསུང་གི་སྲས༔ ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྨི་ལམ་ན་ནོར་བུ་རྙེད་པ་ལྟ་བུ་ཡུད་ཙམ་པ་འདི་ཐོབ་པའི་དུས་སུ། ཟིན་མེད་སྡུག་བསྔལ་གྱི་རང་བཞིན་འཁོར་བ་ལ་ཞེན་པ་ལོག་པའི་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་སྙིང་ནས་ཐར་པའི་ལམ་ལ་འཇུག་ཅིང་བརྩོན་པས་བསྒྲུབ་པ་ཁོ་ན་གལ་ཆེ། འཇུག་སྒོ་ཐེག་པའི་རྣམ་གྲངས་ལའང་ཁྱད་པར་ཆེ་བ་ཡིན་ཏེ། ལུས་ཅན་ཐར་པ་གཉེར་བ་ཀུན༔ འཇུག་ཡུལ་གཅིག་ཀྱང་འཇུག་པའི་ལམ༔ མྱུར་དང་བུལ་བའི་ཁྱད་པར་ཆེ༔ འགའ་ཞིག་རྒྱུ་ཡི་ཐེག་ལ་སྤྱོད༔ དེ་ཡང་གྲངས་མེད་གསུམ་གྱིས་སོ༔ ཁ་ཅིག་རྒྱུ་ལམ་འོག་མར་སྤྱོད༔ ཉོན་མོངས་ཆེ་སྤོང་ཡེ་ཤེས་སྒྲུབ༔ སྤང་གཉེན་སོ་སོར་གཉིས་སུ་འཛིན༔ སྐྱེ་བ་བཅུ་དྲུག་ཙམ་ནས་སོ༔ ཚེ་གཅིག་སངས་རྒྱས་སྟོན་པ་པོ༔ ཉོན་མོངས་མི་སྤོང་ལམ་ཁྱེར་བ༔ སྤང་གཉེན་གཉིས་མེད་དབུ་མ་པ༔ མཆོག་གི་ཐེག་པ་འདི་ཉིད་དོ༔ ཞེས་ཚེ་གཅིག་ཏུ་འཚང་རྒྱ་བར་ངེས་པའི་ཐེག་པར་འཇུག་པ་ལ་སྤྲོ་བ་རྒྱ་ཆེན་པོ་སྐྱེད་ལ་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ བླ་མ་རྡོ་རྗེ་སློབ་དཔོན་བཅས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཡི་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ ཐུགས་རྗེ་ཆེན་པོའི་ས་ཐོབ་ཕྱིར༔ མགོན་པོས་གཞུག་ཅིང་གནང་དུ་གསོལ༔ ཞེས་ལན་གསུམ་ཞུ། སློབ་དཔོན་གྱིས། ཀྱེ་ཧོཿཁྱེད་ཅག་ལས་འཕྲོ་ཅན༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ དུས་གསུམ་བྱོན་པའི་སངས་རྒྱས་ཀྱི༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱང༔ ཆོ་ག་ཟབ་མོ་འདི་མཁྱེན་པས༔ བྱང་ཆུབ་སྤྱོད་པ་མཉམ་མེད་ཐོབ༔ བདུད་སྡེ་ཤིན་ཏུ་མི་བཟད་པའི༔ དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ༔ ཁྱེད་ཅག་བླ་མེད་མཆོག་ཐོབ་ཕྱིར༔ འདི་ཡི་རྗེས་སུ་ཀུན་ཞུགས་མཛོད༔ ཅེས་གནང་བ་སྦྱིན། མདུན་གྱི་ནམ་མཁར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིད་བཞིན་དྲྭ་བའི་དཀྱིལ་འཁོར་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འདི་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་། དགེ་བ་ལ་ཡི་རངས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་སྙིང་པོར་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ། ཕྱི་སོ་སོ་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ། གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདི་རྣམས་ཀྱི་རྗེས་ཟློས། བླ་མ་དཀྱིལ་འཁོར་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་ཚོགས་བསྒྲུབ༔ དགེ་ཚུལ་དགེ་སློང་བྱང་ཆུབ་སེམས༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་གིས་རྒྱུན་དུ་གནས་ཤིང་བསྲུང༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མ་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ༔ དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ དཀོན་མཆོག་གསུམ་ནི་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་བཟུང་བར་བྱ༔ སློབ་དཔོན་ཡང་ནི་བཟུང་བར་བྱ༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ ཉིན་དང་མཚན་མོ་རྣམ་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ནི་རིགས་ལྔའི་དམ་ཚིག་སྟེ༔ དེ་རྣམས་བདག་གིས་བརྟན་པོར་བཟུང༔ ལན་གསུམ། དམ་ཚིག་སྦྱིན་པ་འདི་ལ་སྙན་གཏོད་འཚལ། དཀོན་མཆོག་གསུམ་ལ་གུས་ཤིང་འགྲོ་ལ་བརྩེ༔ རྩ་བ་ཡན་ལག་རྣམས་ཀྱི་དམ་ཚིག་སྲུངས༔ ལུས་དང་སྲོག་ལ་བབས་པར་གྱུར་ན་ཡང༔ ཅུང་ཟད་ཙམ་ཡང་དམ་ལས་འདའ་མི་བྱ༔ སྤྲོ་ན་དམ་ཚིག་རྣམ་གཞག་བཤད། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་རང་བཞིན་དུ་གསལ་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ལ་འབྲུ་གསུམ་བརྗོད། ཉེར་སྤྱོད་ལྔ་བཏེགས་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ་སོགས་ཀྱིས་མཆོད། མཎྜལ་པདྨ་འདབ་བརྒྱད་ཁར་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་དུ་བྱང་ཆུབ་ཀྱི་ཤིང་སོར་བཅུ་གཉིས་པ་དྲིས་བྱུགས་ཤིང་རྩེ་མོར་མེ་ཏོག་དམར་པོས་བརྒྱན་པ་ལག་ཏུ་བཟུང་ལ། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས་བདག་ལ་བཟང་ངན་གྱི་པྲ་བརྟག་པ་བསྟན་དུ་གསོལ་བསམ་པའི་བློས་འདིའི་རྗེས་ཟློས་བཅས་ཏེ་འདོར་བར་ཞུ། བཛྲ་ཧཱ་ས་ཧ༔ ཞེས་སོ་ཤིང་འདོར་དུ་གཞུག །དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་ཞི་བ། ལྷོ་རུ་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །ལས་བུམ་གྱི་ཆུ་སྦྱིན་ལ། ཁྱོར་ཆུ་ལན་གསུམ་འཐུངས་པས་སྒོ་གསུམ་གྱི་དྲི་མ་དག་པར་མོས་ཤིག །ཡིག་བརྒྱ་བརྗོད། ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་པ་འདི་ལ་གསན་འཚལ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམྦ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨོས་ཅི་དགོས༔ གང་གིས་སྤྱོད་པ་མཆོག་འདི་ལ༔ བློ་གྲོས་མི་གཡོ་རབ་གནས་ན༔ གོ་འཕང་བླ་ན་མེད་པར་འགྲུབ༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྩ་བ་གསུམ་གྱི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཞེས་སྤྲོ་བ་བསྐྱེད། སྲུང་སྐུད་དམར་པོ་མདུད་པ་གསུམ་ལྡན་ལས་སྔགས་ཀྱིས་བཏབ་པ་སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས་ཏེ། རྡོ་རྗེའི་མདུད་པས་ཁམས་འཕོ་བ་སོགས་སྒོ་གསུམ་ལ་བར་ཆད་ཐམས་ཅད་སྲུང་བར་མོས་ཤིག །ལས་སྔགས་མཐར། རཀྵ་རཀྵ་ཀུ་རུ་ཧཱུྃ༔ ཞེས་བརྗོད་ལ་མདུད་པའི་སྟེང་དུ་ལས་ཆུ་དང་རྡོ་རྗེའི་རྒྱས་གདབ་ལ། ཨོཾ་བཛྲ་རཀྵ་ཧཱུྃ༔ ཀུ་ཤའི་ཆུན་པོ་ཆེ་ཆུང་ལག་གཡས་གཡོན་དུ་གཏད་ལ། དྷཱིཿདང་ཧཱུྃ་ལས་སྐྱེས་ཤིང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཀུ་ཤའི་ཕོན་པོ་ཆེ་བ་སྟན་དང་ཆུང་བ་སྔས་ཀྱི་དོན་དུ་ཟུངས་ཤིག །དྷཱིཿཧཱུྃ་དང་འབྲུ་གསུམ་བརྗོད། དོ་ནུབ་ཀུ་ཤའི་སྟན་ལ་བླ་མ་དང་དཀྱིལ་འཁོར་པ་ལ་མགོ་ཕྱོགས་ཏེ་དད་པའི་སེམས་ཀྱིས་ཉལ་བས་ལས་འཕྲོ་དང་མཐུན་པའི་རྨི་ལམ་གྱི་ལྟས་མཐོང་བར་འགྱུར་རོ། །དེས་སྟ་གོན་གྱི་རིམ་པ་གྲུབ་པས་དགེ་བ་རྫོགས་བྱང་དུ་བསྔོ་བར་ཞུ། ཞེས་བསྔོ་སྨོན་བརྗོད་ལ་གྲོལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་སྒྲུབ་པ་དང་། དབང་བསྐུར་བའོ། །དང་པོ་ནི། རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཀྲམ། མེད་ན་ཚོམ་བུ་གོང་སྨོས་ཀྱི་སྟེང་ཁྲིའུ་ལ་སྟ་གོན་བྱས་པའི་རྣམ་བུམ་བཞག་པའི་ཁར་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀཏ་སྦྱར་བས་བཀང་བའི་ཁར་མེ་ལོང་ལ་ཅུ་གང་དང་སིནྡྷུ་རས་བྱུགས་པའི་དབུས་སུ་འཁོར་ལོ་རྩིབས་བཞིའི་ལྟེ་བར་ཧྲཱིཿམ་རྩིབས་བཞིར་ར་ཙ་ཧྲི་ཡ། དེ་རྒྱབ་པདྨ་འདབ་བཞི་ལ་ཧ་རི་ནི་ས་རྣམས་མདུན་ནས་བརྩམ་གཡས་སྐོར་དུ་བཀོད། དེ་རྒྱབ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་སྤྱི་ལྟར་བྲིས་པས་བཀབ་ལ་དར་དཀར་དམར་གྱི་གུར་ཕུབ། དཀྱིལ་འཁོར་གྱི་ཤར་དུ་མེ་ཏོག་ཕྲེང་བ་དང་ལྷ་ཙཀ ལྷོར་དབུ་རྒྱན། ནུབ་ཏུ་རྡོར་དྲིལ་དང་མེ་ལོང་རྨ་བྱའི་མདོངས། བྱང་དུ་གཏོར་དབང་ཞིང་བཀོད་མ། བར་མཚམས་སུ་དབང་ཕྲེང་སྔགས་བྱང་། སློབ་དཔོན་དུ་མངའ་གསོལ་བའི་ཆས་སོགས་བཞག །གཏོར་མ་ཞིང་བཀོད་མ་ནི། ཆོས་སྨན་དང་མངར་གསུམ་སྦྱར་བའི་ཟན་ལ་རི་རབ་བང་རིམ་བཞི་པའི་སྟེང་སྟེགས་བུ་གྲུ་བཞི། དེ་སྟེང་ཕོ་བྲང་གྲུ་བཞི་སྒོ་བཞི་ཁ་བད་ཏོག་གིས་སྤྲས་པ་ལ་སྐུ་དང་ས་བོན་ཕྱག་མཚན་གང་རིགས། གཡས་གཡོན་དུ་ཉི་ཟླ། འཇའ་སྐོར་ལྔ་ལྡན་ལ་དར་མཐིང་སྔོན་གྱི་གདུགས་ཕུབ་པའོ། །དེའི་མཐའ་སྐོར་གྱི་ཤར་དུ་སྨན་རཀ་གཏོར་གསུམ། ནུབ་ཏུ་གཏེར་སྲུང་གི་གཏོར་མ། མཐའ་སྐོར་དུ་མཚམས་འཛིན་ཉེར་སྤྱོད་ལྔ་སོགས་ཀྱིས་བསྐོར་ཞིང་ཚོགས་ཀྱི་མཆོད་པ། སྔོན་འགྲོ་ཆད་བརྟན་གྱི་གཏོར་མ་སོགས་ཀྱང་འདུ་བྱའོ། །དེ་ནས་ཕྲིན་ལས་ཀྱི་གཞུང་གི་བགེགས་གཏོར་བཏང་ཞིང་བཀའ་བསྒོ་བ་ནས་མཐར་ཆགས་སུ་བཏང་སྟེ། བདག་མདུན་དབྱེར་མེད་ཀྱི་དཀྱིལ་འཁོར་དག་པ་རབ་འབྱམས་སུ་གསལ་བཏབ་ལ་སྤྱན་འདྲེན་སྐབས་སྔར་བཏེགས་པའི་སྟ་གོན་གྱི་ལྷ་ཡང་བཀུག་སྟེ་བསྟིམ། ཛཔ྄་ཀྱི་སྐབས་ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་འགྲུབ་དང་། སྤྲོ་ན་བུམ་དཀྱིལ་སྐད་ཅིག་གིས་གསལ་བཏབ་ཅིང་སྤྲོ་བསྡུ་བཅས་བུམ་བཟླས་དང་འོད་ཞུ་བྱ། ཐོད་པའི་བདུད་རྩི་དང་མེ་ལོང་གི་དཀྱིལ་འཁོར་ཐུགས་རྗེ་ཆེན་པོ་རིགས་ལྔ་ཡབ་ཡུམ་བདེ་སྦྱོར་མཛད་པའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས་པ་ཐོད་པའི་བདུད་རྩིར་གྱུར་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿར་ཙ་ཧྲི་ཡ་ཧྲཱིཿམ་ཧ་རི་ནི་ས་གྷ་ན་གུ་ཡ་བོ་དྷི་ཙིཏྟ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ། ཞེས་བདུད་རྩི་སྒྲུབ་པའི་སྔགས་ཅི་རིགས་བཟླས་ལ་མཐར་སྟོང་ཚིགས་མཆོད་བསྟོད་ཀྱང་བྱ། དེ་ནས་ཚོགས་མཆོད་འབུལ། ཐུགས་དམ་བསྐུལ། གཏེར་སྲུང་གཏོར་འབུལ། ཆད་བརྟན་གྱི་བར་དུ་བཏང་ལ་སྤྲོ་ན་བདག་འཇུག་རྒྱས་པར་བླང་། བསྡུ་ན་ལས་བྱང་གི་སྔོན་འགྲོའི་སྐབས་ལྟར་ཏིང་ངེ་འཛིན་གྱི་དབང་ལེན་ཅིང་དབང་དུས་སུ་སྐྱེས་པའི་ཡེ་ཤེས་ཀྱི་རང་ངོ་ལ་མཉམ་པར་འཇོག་གོ །གཉིས་པ་དབང་བསྐུར་བ་ནི། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ལས་ཆུས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་གཏང་ཞིང་བཀའ་བསྒོ་བརྗོད་ལ་དྲག་སྔགས་གུལ་ཡུངས་རོལ་མོའི་ཚམ་རྔམ་གྱིས་བགེགས་བསྐྲད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། མཚམས་སྦྱོར་ཁྱད་པར། དེའང་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། དུས་གསུམ་སངས་རྒྱས་ཐུགས་རྗེ་གཅིག་བསྡུས་པ༔ འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་སྟེ༔ ཕྱོགས་དུས་རྒྱལ་བ་གཞན་ལས་ཐུགས་རྗེ་མྱུར༔ ལྷག་པར་བོད་ཡུལ་འགྲོ་བའི་ལྷ་སྐལ་ཡིན༔ དེ་ཕྱིར་བདག་འདྲ་པདྨ་ཐོད་ཕྲེང་གིས༔ རྒྱ་བོད་ཀུན་ཏུ་ལྷ་མཆོག་འདི་ཉིད་ཀྱི༔ སྒྲུབ་ཐབས་མ་བུ་ཆ་ལག་ཚང་བ་ནི༔ རྒྱས་བསྡུས་མང་ཞིག་སྔ་ཕྱིར་བསྟན་ཅིང་སྦས༔ ཀུན་གྱི་བཅུད་ཐིག་ཡིད་བཞིན་འོད་མཆོག་འདི༔ ལྷ་སྲས་རྗེ་འབངས་རྣམས་ལ་བརྩེ་བས་བཤད༔ ཅེས་གསུངས་པ་ལྟར་གངས་ཅན་མགོན་པོ་སྤྱན་རས་གཟིགས་ཀྱི་སྨིན་གྲོལ་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་མཐའ་ཡས་པ་དུས་གསུམ་དུ་བྱོན་ཅིང་འབྱོན་ལ་འབྱོན་པར་འགྱུར་བ་རྣམས་ཀྱི་ནང་ནས་ཡང་སྙིང་བཅུད་ཀྱི་ཐིགས་པར་གྱུར་པ། ཐུགས་རྗེ་ཆེན་པོ་སའི་སྙིང་པོ་ཡིད་བཞིན་ནོར་བུ་འདི་ཉིད། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཁར་བོད་ཡུལ་སའི་ལྟེ་བ་ར་ས་འཕྲུལ་སྣང་གི་གཙང་ཁང་བྱང་མ་རང་བྱུང་ཐུགས་རྗེ་ཆེན་པོའི་མདུན་དུ། འཕགས་པ་ཡིད་བཞིན་དྲྭ་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་རྒྱལ་སྲས་ལྷ་རྗེ། བཻ་རོ་ཙ་ན། ནམ་མཁའི་སྙིང་པོ། སངས་རྒྱས་ཡེ་ཤེས། ཨ་ཙར་ས་ལེ། ཇོ་མོ་མཚོ་རྒྱལ་སོགས་ལ་སྨིན་གྲོལ་གདམས་པ་མ་བུ་ཆ་ལག་དང་བཅས་པ་གནང་ཞིང་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ལ་བཀའ་གཏད། མ་འོངས་དྲག་སྤྱོད་ཐ་མའི་དོན་བྱེད་པར་ལུང་བསྟན་པ་ལྟར་མཁའ་འགྲོ་ཆེན་མོས་སྲིན་ཤོག་ལ་བརྡའི་ཡི་གེར་བཏབ་སྟེ་ཕྱི་ནང་གི་སྒྲུབ་སྐོར་ཡན་ལག་ཚང་བ། དམ་རྫས་མྱང་གྲོལ། སྐྱེ་བདུན་དུང་རྣ་ཅན་གྱི་གདུང་རིན་པོ་ཆེའི་རིགས། མཁའ་འགྲོའི་བླ་རྡོ་རྣམས་ཀོང་བུ་ཆུ་ལྷ་ཁང་། གསང་སྒྲུབ་ཚེ་ཆུ་རིལ་བུར་བཅས་པ་སྦས་ཡུལ་པདྨ་འབུམ་གླིང་གི་བདེ་མཆོག་རཱ་ག་རཀྵའི་ཕུག་པ། བཀའ་སྲུང་ཚོགས་བདག་སྒྲུབ་ཐབས་བླ་རྡོ་སྲོག་འཁོར་བཅས་པ་ཚངས་པ་རླུང་གནོན་གྱི་ལྷ་ཁང་དུ་སྦས་ཤིང་ཕྱི་ནང་གསང་བའི་བཀའ་སྲུང་རྣམས་ལ་གཉེར་དུ་གཏད་པ། སུམ་ཅུ་ཁ་རལ་གྱི་དུས་རྟགས་མངོན་དུ་གྱུར་པའི་ཚེ་རྒྱལ་སྲས་ལྷ་རྗེའི་སྐུ་སྤྲུལ། གུ་རུ་རིན་པོ་ཆེའི་གསུང་ལས་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱིས། ཀོང་པོ་མཆིམས་ཡུལ་བུ་ཆུ་གཏེར་གྱི་ལྷ་ཁང་གི་རང་བྱུང་ཐུགས་རྗེ་ཆེན་པོའི་སྐུ་དྲུང་སོགས་གནས་སོ་སོ་ནས་སྤྱན་དྲངས་ཏེ་འགྲོ་དོན་དར་རྒྱས་སུ་མཛད་པའི་ཐུགས་རྗེ་ཆེན་པོ་སའི་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་སྤྱན་དར་བཅིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་ཕྲེང་བ་སྦྱིན། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ ཐུགས་རྗེ་རོལ་པ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པར་སྤྲོ་ལ་དངོས་གྲུབ་རྣམ་གཉིས་འཚལ༔ དེ་ཕྱིར་བརྩེ་བས་དགོངས་ཏེ་དཀྱིལ་འཁོར་ཆེར༔ གཞུག་ཅིང་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཀྲི་ཡ་ཨུ་བྷ་ཡོ་ག་དང༔ མ་ཧཱ་ཨ་ནུ་ཨ་ཏི་ཡི༔ ས་མ་ཡ་ལ་བསླབ་པར་བྱ༔ དབང་གི་སྲོག་དམ་ཚིག་ལ་གནས་དགོས་པས་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྡོ་རྗེ་ཐེག་པའི་འདུལ་བ་ལ་ལེགས་པར་སློབ་སྙམ་པས་འདིའི་རྗེས་ཟློས། ཐུགས་རྗེ་མཆོག་གི་དཀྱིལ་འཁོར་དུ༔ སོ་སོ་ཐར་པའི་སྡོམ་པ་དང༔ བྱང་ཆུབ་སེམས་གསུམ་བསླབ་བྱ་དང༔ རིག་སྔགས་འཆང་བའི་སྡོམ་པ་རྣམས༔ མ་ལུས་བདག་གིས་བརྟན་པོར་བཟུང༔ ལན་གསུམ། དཔང་པོའི་ཚུལ་དུ་དམ་ཚིག་རྡོ་རྗེའི་ཆུ་ནན་བྱིན་པར་མོས་ཤིག །ནང་མཆོད་སྦྱིན་ལ། བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ༔ རྡོ་རྗེ་མགོར་བཞག་ལ། སློབ་དཔོན་བརྙས་པར་མི་བྱ་སྟེ༔ འདི་ནི་སངས་རྒྱས་ཀུན་དང་མཉམ༔ ཞེས་བརྗོད་ལ་དྲིལ་བུ་དཀྲོལ། ལས་ཀྱི་རྡོ་རྗེས་ཁྲིད་དེ་ཡོལ་བའི་ནང་དུ་ཞུགས་པར་མོས། ཛཿཧཱུྃ་བཾ་ཧོ༔ ཞེས་ཡོལ་བ་བསལ། བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ གཞལ་ཡས་ཁང་གི་སྒོ་བཞི་ཕྱེ་བར་གྱུར་པར་མོས་ལ་ཤར་གྱི་སྒོ་ནང་དུ་འཁོད་དེ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོའི་ཚུལ་དང་ལྡན་པས་ཕྱག་བྱ་བ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ་གིས་ཕྱག་བྱ། ཕྱག་མཚན་ནམ་ཚོམ་བུའི་དཀྱིལ་འཁོར་བཀོད་ལ། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ལས་མ་ཉམས་པའི་མེ་ཏོག་གཅིག་བཏོན་པ་རིན་པོ་ཆེའི་ཕྲེང་བར་མོས་པས་དཀྱིལ་འཁོར་གྱི་གཙོ་བོ་ལ་འབུལ་བའི་བློས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ ཐུགས་རྗེ་མཆོག་གི་དཀྱིལ་འཁོར་ཆེན་པོར་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་ལྷ་དེ་ལ༔ བབས་ཏེ་རྗེས་སུ་བརྩེ་བས་བདག་ཟུངས་ཤིག༔ པུཥྤེ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཞེས་མེ་ཏོག་དོར་གཞུག །དཀྱིལ་འཁོར་གྱི་གཙོ་བོས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་མགོར་བཞག་ལ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི༔ འདི་ནི་རབ་ཏུ་བཟུང་བར་མཛོད༔ ཅེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། ཁྱེད་རང་གི་མ་རིག་པའི་སྒྲིབ་གཡོགས་བསལ་བར་མོས་ཤིག །གསེར་ཐུར་གྱིས་མིག་ཕྱེ་ལ། ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ མིག་དར་བསལ། འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་སྐྱེད་མཛོད། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་ཤར་སྒོར་སེང་གེས་བཏེག་པའི་པད་ཟླའི་གདན་ལ་ཁྱེད་རང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ཇི་ལྟ་བའི་སྐུར་གསལ་བར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེའི་ཆ་སྨད་དུ་ཟླ་བ་ལ་ས་བོན་ཧྲཱིཿལ་ཡིག་བཅུའི་སྔགས་ཀྱིས་འཁོར་བ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་པ་རང་འདྲ་བ་དཔག་ཏུ་མེད་པ་བྱོན་ཏེ། ཐུགས་སྲོག་ཡི་གེའི་འཁོར་ལོ་ལ་སིབ་སིབ་ཐིམ་པར་གྱུར་པའི་མོས་འདུན་མཛོད་ཅིག །བདུད་རྩི་ལྔ། ཟླ་མཚན་བྱི་ལའི་བྲུན་སོགས་འབེབ་བྱེད་ཀྱི་རྫས་ཀྱིས་བདུག་ཅིང་། ཡིག་བཅུའི་ཤམ་བུར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བཟླ་ཞིང་། ཌཱ་དྲིལ་སོགས་རོལ་མོའི་སྒྲ་སྦྱར་བས་ལུས་ངག་ཡིད་ལ་སྐུ་གསུང་ཐུགས་ཕེབས་པའི་རྟགས་འབྱུང་ངོ་། །དེ་ལྟར་ཕེབས་པའི་ཡེ་ཤེས་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་རེག་ཅིང་། སུ་པྲ་ཏིཥྛས་བརྟན་པར་བྱ། དེ་དག་གིས་ཕྱི་མཚན་མ་དང་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞི་དབང་རྣམས་རིམ་པར་བསྐུར་བའི་ཐོག་མ་བུམ་དབང་འཁོར་དང་བཅས་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེ་ནས་དམིགས་འདུན་འདི་བཞིན་དུ་མཛོད། དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་གཉིས་སུ་མེད་པ་གདན་གསུམ་ཚང་བའི་དབང་གི་ལྷས་མི་བསྐྱོད་ཐུགས་རྗེ་ཆེན་པོའི་རང་བཞིན་བུམ་པའི་ཆུས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་རིན་ཆེན་རྒྱན་ལྡན་པ༔ ཐུགས་རྗེ་རོལ་པ་མཆོག་གི་ཕོ་བྲང་ཆེ༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུས་དབང་བསྐུར༔ ལས་དང་ཉོན་མོངས་དྲི་མ་རང་དག་སྟེ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་བཅས་པའི་ཡལ་འདབ་ཀྱིས་བུམ་ཆུ་བླངས་ལ་སྤྱི་བོར་བླུགས། ལུས་ཐམས་ཅད་བདུད་རྩིས་གང་། དྲི་མ་དག །བདེ་བ་ཆེན་པོ་མྱོང་། དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དབང་གི་ལྷ་ཚོགས་རྣམས་ཀྱིས་རིན་འབྱུང་ཐུགས་རྗེ་ཆེན་པོའི་རང་བཞིན་ཅོད་པན་གྱིས་མངོན་པར་དབང་བསྐུར་བར་གྱུར། དབུ་རྒྱན་མགོར་བཅིངས་ལ། སངས་རྒྱས་ཀུན་གྱི་ཅོད་པན་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ ཅོད་པན་དབང་ནི་ཁྱོད་ཀྱིས་ལོངས༔ ཨོཾ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དར་དཔྱང་རྣ་ལྟག་གཡས་གཡོན་དུ་བཅིངས་ལ། ཨོཾ་བཛྲ་ཏུཥྱ་ཧོ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་སྣང་མཐའ་ཐུགས་རྗེ་ཆེན་པོའི་རང་བཞིན་རྡོ་རྗེས་མངོན་པར་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་སུ་གཏད་ཅིང་གསོར་དུ་གཞུག་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་བཛྲ་ཧཱུྃ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་དོན་གྲུབ་ཐུགས་རྗེ་ཆེན་པོའི་རང་བཞིན་དྲིལ་བུས་མངོན་པར་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་དུ་གཏད་ཅིང་ལན་དགུར་དཀྲོལ་གཞུག་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ དྲིལ་བུའི་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་མ་ཧཱ་གྷཱཎྜེ་ཧོ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་རྣམ་སྣང་ཐུགས་རྗེ་ཆེན་པོའི་རང་བཞིན་མིང་གིས་མངོན་པར་དབང་བསྐུར་བར་གྱུར། སངས་རྒྱས་ཀུན་གྱི་མིང་གི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སངས་རྒྱས་རྣམས་ནི་རབ་བསྒྲུབ་ཕྱིར༔ མིང་གི་དབང་ནི་ཁྱོད་ཀྱིས་ལོངས༔ ཀྱེ་དཔལ་ཐུགས་རྗེ་ཡེ་ཤེས་རོལ་པ་རྩལ་ཞེས་པའི་མིང་བཏགས་ཤིང་རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ། དེ་རྣམས་ཀྱིས་མ་རིག་པ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་རིག་པར་བྱེད་ཅིང་། སངས་རྒྱས་ལྔའི་ཕྲིན་ལས་སྒྲུབ་པ་ལ་དབང་བའི་སྐལ་པ་ཅན་དུ་བྱས་སོ། ཁྱོད་རང་རྡོར་སེམས་ཐུགས་རྗེ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར། རྡོ་རྗེ་དྲིལ་བུ་སྦྱིན་ལ། ཐབས་ཀྱི་རྡོ་རྗེ་ཤེས་རབ་དྲིལ༔ འཛིན་དང་བཅས་པས་སྙེམས་མར་སྦྱོར༔ བདེ་སྟོང་གཉིས་སུ་མེད་པར་ནི༔ བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་དབང༔ སླར་ཡང་དབང་གི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ རྣམ་རྒྱལ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། བདུད་རྩིས་ལུས་གང་། དྲི་མ་དག །དབང་རྟགས་སུ་དཔལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ནམ་མཁའི་དབང་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། སུ་པྲ་ཏིཥྛས་བརྟན་པར་བྱ། དེ་ནས་མཐའ་རྟེན་རྡོ་རྗེ་སློབ་དཔོན་ཆོས་ཀྱི་བདག་པོའི་གོ་འཕང་དུ་མངའ་གསོལ་བ་ལ་འདུན་པ་འདི་ལྟར་མཛོད། ཁྱེད་རང་རྣམས་རིན་པོ་ཆེའི་ཁྲི་ལ་དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་རྣམ་པས་འཁོད་པའི་དབུ་ལ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེངས། ཕྱག་ཏུ་གླེགས་བམ་རྡོར་དྲིལ་དབང་བུམ་སོགས་གཏད། ཆོས་ཀྱི་འཁོར་ལོ་དང་དུང་དཀར། མཆོད་པའི་བྱེ་བྲག་སྣ་ཚོགས་པ་དང་བཅས་ཏེ་མངའ་གསོལ་བ་ལ། རྒྱལ་བ་སྲས་དང་བཅས་པས་རྗེས་སུ་གནང་ཞིང་ཤིས་པ་བརྗོད་པར་མོས་ཤིག །སློབ་མ་ཐུན་མིན་ལ་ཁྲི་སོགས་དངོས་སུ་བྱ་ཞིང་དབང་ཞུ་དབང་གོས་གསོལ། དཀྱུས་ཙམ་དུ་པུས་ཏི་རྡོར་དྲིལ་དང་རྗེས་གནང་ཙཀ་ལི་ཙམ་གཏད་ལ། ཇི་སྲིད་ནམ་མཁའ་དེ་སྲིད་དུ༔ སྐལ་ལྡན་གདུལ་བྱ་རྣམ་མང་པོར༔ ཆོས་སྟོན་ཆོས་ཀྱི་རྒྱལ་མཚན་ཟུངས༔ ཐེག་མཆོག་ལམ་དུ་དབུགས་དབྱུངས་ཤིག༔ ཅེས་པའི་རྗེས་གནང་སྦྱིན། མེ་ཏོག་འཐོར་ལ་རྟེན་སྙིང་དང་ཤིས་པ་བརྗོད། དེས་ནི་ལུས་ཀྱི་ཞེན་པ་ཟློག༔ སྣང་སྟོང་དཀྱིལ་འཁོར་ཆེན་པོར་རྟོགས༔ བསྐྱེད་རིམ་སྣང་སྲིད་གཞིར་བཞེངས་བསྒོམ༔ ཐ་མལ་འཁྲུལ་སྣང་གཅོད་ལ་དབང༔ སྣ་ཚོགས་སྤྲུལ་སྐུས་དོན་ནུས་སོ༔ ཞེས་རྟོགས་པ་བསྐྱེད། དེའི་རྗེས་འབྲེལ་དུ་ལྷ་སྔགས་རིག་པའི་དབང་བསྐུར་རྣམས་སྦྱིན་པ་ལ་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་སྐུ་ལྷ་སྐུ་ཕྱག་རྒྱའི་ཚོགས་གཉིས་པ་ཞིག་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་ཕུང་ཁམས་ལ་ཐིམ་པར་གྱུར། ཞེས་མོས་ལ་ཙཀ་ལི་རྣམས་རིམ་པར་མགོར་བཞག་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་བཅོམ་ལྡན་སྤྱན་རས་གཟིགས༔ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་རྒྱལ་ཀུན་དང༔ འགྲོ་དོན་ཐུགས་རྗེའི་དབང་གིས་སྐུར་བཞེངས་ལ༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ཤར་ཕྱོགས་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ འཕོ་ལྟུང་ལྷ་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བཟོད་པའི་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ཤར་ལྷོའི་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ འཐབ་རྩོད་ལྷ་མིན་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ལྷོ་ནུབ་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ འདོད་ཁམས་མི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཎི་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བསམ་གཏན་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ནུབ་ཀྱི་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ གཏི་མུག་བྱོལ་སོང་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ པད་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་ནུབ་བྱང་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ བཀྲེས་སྐོམ་ཡི་དྭགས་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མེ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ ཏིང་འཛིན་ཕ་རོལ་ཕྱིན་རྫོགས་བཅོམ་ལྡན་འདས༔ དཀྱིལ་འཁོར་བྱང་ཤར་འདབ་མའི་སྟེང་ནས་བྱོན༔ སྐལ་ལྡན་བུ་ཡི་ལུས་དང་གཉིས་མེད་མཛོད༔ ཚ་གྲང་དམྱལ་བར་སྐྱེ་བའི་སྒོ་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧཱུྃ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བྱམས་པ་ཚད་མེད་ཁྲོ་རྒྱལ་མི་གཡོ་མགོན༔ ཤར་ཕྱོགས་སྒོ་ཁྱུད་ཞི་བའི་གནས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཛཿཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ སྙིང་རྗེ་ཚད་མེད་ཁྲོ་རྒྱལ་གཤིན་རྗེ་གཤེད༔ ལྷོ་ཕྱོགས་སྒོ་ཁྱུད་རྒྱས་པའི་གནས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཧཱུྃ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ དགའ་བ་མཐར་སོན་པདྨ་དབང་ཆེན་རྒྱལ༔ ནུབ་ཕྱོགས་སྒོ་ཁྱུད་དབང་གི་གནས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ བཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ དམིགས་མེད་བཏང་སྙོམས་མཉམ་ཉིད་རྣམ་པར་འཇོམས༔ བྱང་ཕྱོགས་སྒོ་ཁྱུད་ལས་རབ་རྫོགས་ནས་བཞེངས༔ སྐལ་ལྡན་བུ་ཡི་ལུས་དང་དབྱེར་མེད་མཛོད༔ སྐྱེ་གནས་བཞི་རུ་སྐྱེ་བའི་སྒོ་ཆོད་ཅིག༔ ཧོཿཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གསུང་སྔགས་ཡི་གེའི་འཁོར་ལོ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་གྱུར། རིན་པོ་ཆེས་བྲིས་པའི་སྔགས་བྱང་དང་། ཕྲེང་བ་མགྲིན་པར་བཞག་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་འབྲུ་བཅུ་སྐུ་ལྔ་ཡེ་ཤེས་ལྔ༔ ཡི་གེ་དྲུག་པ་ཕ་རོལ་ཕྱིན་པ་དྲུག༔ ཡི་གེ་བཞི་པ་ཚད་མེད་སྐུ་བཞི་སྟེ༔ སྐྱེ་མེད་ཆོས་སྐུའི་བཅུད་ཕུར་ཡི་གེ་ཧྲཱི༔ སྐུ་གསུང་ཐུགས་ཨོཾ་ཨཱཿཧཱུྃ་སྲོག་ཐིག་ཧྲཱི༔ འདབ་དྲུག་ལ་ཨོཾ་མ་ཎི་པདྨེ་ཧཱུྃ༔ རང་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲ༔ གྲགས་སྟོང་དབྱེར་མེད་ཆུ་བོའི་གཞུང་བཞིན་ཟློས༔ རིག་སྔགས་ཆེན་མོའི་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུ་བརྗོད། ཁྱེད་རང་ཐུགས་རྗེ་ཆེན་པོར་གསལ་བ་ཐུགས་སྲོག་ཧྲཱིཿཡིག་ལ་ཐིམ་ཞིང་། ཧྲཱིཿདེ་ཡང་ནམ་མཁའ་ལ་ཁུག་རྣ་ཡལ་བའམ། ཆུ་ལ་ཆུ་བུར་ཐིམ་པ་ལྟར་དམིགས་མེད་དུ་གྱུར། ཅེས་བློ་བྲལ་གྱི་ངང་དུ་བཞག །དེ་དག་གིས་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་འཁོར་ལོར་རྟོགས་པར་བྱས་པ་ཡིན་ནོ། །དེ་ནས་མཆོག་དབང་གསུམ་པོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ རང་བྱུང་བདེ་སྟོང་ཟུང་འཇུག་བདག་སྒྲུབ་ན༔ གར་གྱི་དབང་ཕྱུག་ཐུགས་རྗེའི་ལྷ་ཚོགས་རྣམས༔ རྗེས་སུ་བརྩེ་བས་བཟུང་སྟེ་སྨིན་གྲོལ་མཛོད༔ ལན་གསུམ། དེ་ལ་ཐོག་མར་གསང་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་ཐུགས་རྗེ་ཆེན་པོའི་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་སྣང་ལ་རང་བཞིན་མེད་པར་གསལ་བར་གྱུར། བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་ཡུམ་གསང་བ་ཡེ་ཤེས་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་སྟོང་བྱང་ཆུབ་སེམས་ཀྱི་རྒྱུན་ཁྱེད་རང་གི་ལྕེ་ཐོག་ཏུ་མྱོང་བས་རྩ་གསུམ་འཁོར་ལོ་བཞི་པོ་ངོ་བོ་བྱང་ཆུབ་ཀྱི་སེམས། རྣམ་པ་ཐབས་ཤེས་ཡི་གེའི་སྤྲིན་གྱིས་ཁྱབ་པས་བ་སྤུའི་བུ་ག་ཚུན་ཆད་མེར་མེར་ཡམ་ཡམ་ཤིག་ཤིག་ཏུ་གྱུར་ཏེ་བདེ་བ་ཆེན་པོར་གནས་པར་མོས། ཐོད་པའི་བདུད་རྩི་སྦྱིན་ལ། ཧྲཱི༔ རང་བྱུང་ཐབས་ཀྱི་ག་པུར་དང༔ ཤེས་རབ་པདྨའི་སིཧླ༔ དུང་ཆེན་ནང་དུ་བདུད་རྩི་ཆེན་པོར་བསྐྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྩ་ཁམས་མདུད་གྲོལ་དྭངས་མ་ཆེན་པོས་ཁྱབ༔ ངག་གི་དགྲ་བཅོམ་གསུང་གི་དངོས་གྲུབ་ཐོབ༔ གུ་ཧྱ་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཡིག་བཅུ་དང་དབྱངས་གསལ་བརྗོད། ཨ་ཧོ་མ་ཧཱ་སུ་ཁས་བདུད་རྩི་མྱང་དུ་གཞུག །དེས་ནི་ངག་གི་ཞེན་པ་ལོག༔ གྲགས་སྟོང་རྡོ་རྗེའི་སྔགས་སུ་རྟོགས༔ རྩ་དང་ཐིག་ལེ་ལས་སུ་རུང༔ རྫོགས་རིམ་གཏུམ་མོ་རླུང་སྦྱོར་བསྒོམ༔ ལྔ་ལྡན་ལོངས་སྐུར་སངས་རྒྱས་ཐོབ༔ ཅེས་རྟོགས་པ་བསྐྱེད། གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་མཚན་ཉིད་དང་ལྡན་པའི་རིག་མ་ལག་ཏུ་གཏད་པར་མོས་ཤིག །རིག་ཙཀ་སྦྱིན་ལ། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ༔ སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང༔ ཁྱེར་ལ་རྟག་ཏུ་པདྨར་རོལ༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ བྷཉྫ་མོཀྵ་ཧོ༔ ཁྱེད་རང་ཐུགས་རྗེ་ཆེན་པོར་གསལ་བ་ལ་གཟུངས་མ་གསང་བ་ཡེ་ཤེས་ཀྱི་ངོ་བོ་དང་བདེ་སྟོང་གཉིས་སུ་མེད་པར་མཉམ་པར་སྦྱར་བས། ཧཾ་ལས་བྱང་སེམས་ཀྱི་རྒྱུན་བབས་སྤྱི་མགྲིན་སྙིང་ག་ལྟེ་བར་དགའ་བ་མཆོག་དགའ་དགའ་བྲལ་ནོར་བུའི་རྩེ་མོར་ཟག་མེད་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་ཞིང། སླར་ལུས་ཀྱི་གནད་དང་རླུང་བཅིངས་པས་བྱང་སེམས་མས་ནས་ཡར་སྤྱན་དྲངས་ལུགས་བཟློག་གི་དགའ་བ་བཞི་ཉམས་སུ་མྱོང་བར་གྱུར་པའི་མོས་པ་མཛོད། དེས་ནི་ཡིད་ཀྱི་ཞེན་པ་ཟློག༔ ཚོར་བ་བདེ་སྟོང་ངོ་བོར་རྟོགས༔ དྭངས་མ་ཟག་མེད་བདེ་བར་རྫོགས༔ ལས་ཀྱི་ཕྱག་རྒྱར་སྦྱོར་ལ་དབང༔ སྙིགས་མ་ལུས་དག་འོད་སྐུར་གྲོལ༔ ཟག་བཅས་མི་སྣང་ཆོས་སྐུ་ཐོབ༔ ཅེས་རྟོགས་པ་བསྐྱེད། གསུམ་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་ཁྲེགས་ཆོད་ཀ་དག་གི་ངོ་སྤྲོད་འདི་ལ་གསན་ཏེ་ངོ་བོ་སྤྲོས་བྲལ་གྱི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། དེ་ཡང་གསུམ་པའི་སྐབས་སྐྱེས་པའི༔ ནམ་མཁའ་གང་བའི་བདེ་ཆེན་པོ༔ དེ་ཡི་རང་ངོར་བལྟས་པ་ན༔ བདེ་བའི་ངོ་བོ་འདི་ཞེས་པ༔ སྒྲ་དང་རྟོག་པའི་ཡུལ་འདས་པ༔ ལྐུག་པས་བུ་རམ་ཟོས་འདྲ་བ༔ དཔེ་ཙམ་བརྗོད་ན་མེ་ལོང་ནི༔ ཀུན་གསལ་གཡའ་དག་གཟུགས་བརྙན་གྱི༔ རི་མོ་མེད་པ་གསལ་ལེ་བ༔ འདི་ཀ་གདོད་མའི་ཡེ་ཤེས་ཏེ༔ བདེ་སྟོང་ཟུང་འཇུག་ཀུན་ཏུ་བཟང༔ ཆོས་ཉིད་མངོན་སུམ་དགོངས་པ་འོ༔ འདི་ཡིས་འཁོར་འདས་ཆོས་ཀུན་མཚོན༔ གཞི་ལ་ཡོད་ཀྱང་རང་མ་ཤེས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ སྣ་ཚོགས་འཆར་བ་འཁྲུལ་པ་འོ༔ རང་ངོ་ཤེས་ཚེ་འཁོར་བ་ཡི༔ འཁྲུལ་པ་ཀ་ནས་དག་པའི་ཕྱིར༔ ཁྲེགས་ཆོད་རིག་པ་དབྱེར་མེད་དུ༔ ངོ་ཤེས་ཉམས་ལེན་སྙིང་པོར་གྱིས༔ མེ་ལོང་བསྟན་ལ། དེའི་དོན་ནི་དབང་གསུམ་པའི་སྐབས་སུ་སྐྱེས་པའི་ནམ་མཁའ་གང་བའི་བདེ་བ་ཆེན་པོ་དེའི་རང་ངོར་བལྟས་པས། འདི་ཞེས་མཚོན་མེད་སྒྲ་དང་རྟོག་པའི་ཡུལ་ལས་འདས་པའི་གསལ་སྟོང་བདེ་བ་ཆེན་པོ་ནི། གདོད་མའི་ཡེ་ཤེས་དཔལ་ཀུན་ཏུ་བཟང་པོ་ཆོས་ཉིད་མངོན་སུམ་གྱི་དགོངས་པའོ། །དེའང་དཔེ་ཇི་ལྟ་ན་མེ་ལོང་གཡའ་དང་བྲལ་བ་གཟུགས་བརྙན་མེད་པའི་མཐིང་གསལ་ལེ་བ། རྣམ་འགྱུར་མ་དམིགས་ཀྱང་རྣམ་པ་མཚོན་དུ་ཡོད་པ་ནི། སྟོང་ལ་ངོས་བཟུང་མེད་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པར་ཤེས་པར་མཛོད་ཅིག །དེ་ནས་ཐོད་རྒལ་ལྷུན་གྲུབ་ཀྱི་ངོ་སྤྲོད་པའང་འདི་ལ་གསན་ཏེ་ལམ་སྣང་འོད་གསལ་མངོན་སུམ་ལམ་བྱེད་ཀྱི་གནད་ལ་གཟིར་མཛོད། དེ་ཡང་ཀ་དག་སྟོང་པའི་མདངས༔ རིག་རྩལ་འཆར་སྒོ་ཅིར་སྣང་བ༔ རིག་སྟོང་ལམ་དུ་ཁྱེར་བ་སྟེ༔ དབྱིངས་རིག་མེ་ལོང་དག་པ་ལ༔ རིག་རྩལ་ཐིག་ལེ་ཐིག་ཕྲན་དང༔ རྡོ་རྗེ་ལུག་རྒྱུད་སྐུ་དང་ཞིང༔ སྣ་ཚོགས་སྣང་བ་རྨ་བྱའི་མདོངས༔ མེ་ལོང་མདོངས་འོད་མེད་བཞིན་གསལ༔ གསལ་སྟོང་ངོ་བོ་དེར་མ་དམིགས༔ དམིགས་མེད་ངང་ནས་སྐུ་དང་ཞིང༔ ལྷུན་གྲུབ་གོང་འཕེལ་སྣང་བ་ཀུན༔ གཞི་ཐོག་རིག་སྟོང་ཕེབས་པར་དགོས༔ མེ་ལོང་ནང་དུ་རྨ་བྱའི་མདོངས་འཆར་བ་བསྟན་ལ། ཞེས་པའི་དོན་ནི། ཀ་དག་གི་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སུ་རང་ཤར་བ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གོང་འཕེལ་གྱི་སྣང་བ་སྐུ་དང་ཞིང་ཁམས་སུ་འཆར་བ་ཉིད་དེ། ཇི་ལྟར་ན། དབྱིངས་ཡེ་ཟང་ཐལ་མེ་ལོང་དྲི་བྲལ་དེ་ལ་རིག་པ་སྐུ་ལྔ་ཡེ་ཤེས་ལྔའི་མདངས་རྩལ་ཐིག་ལེ་ཐིག་ཕྲན་ལུག་རྒྱུད་སྐུ་དང་ཞིང་ཁམས་མཚོན་པའི་རྨ་བྱའི་མདོངས་འཆར་བ་དཔེར་བྱས་པ་སྟེ། མེ་ལོང་ནང་དུ་མདངས་འོད་མེད་ཀྱང་སྣང་བ་དེ་ལ་བལྟས་པས་བལྟ་བྱ་ལྟ་བྱེད་ཡོད་ཀྱང་ལྟ་ཡུལ་མ་གྲུབ་པ་ནི་ལྷུན་གྲུབ་ཐོད་རྒལ་གྱི་དགོངས་པར་ཤེས་པར་མཛོད་ཅིག །དེས་ནི་སྒོ་གསུམ་མངོན་ཞེན་ཟློག༔ ཐམས་ཅད་རང་རིག་ཆོས་སྐུར་རྟོགས༔ བསམ་བརྗོད་བློ་དང་ཆོས་ཀུན་ཟད༔ རང་སྣང་རིས་མེད་དགོངས་པ་ཤར༔ རྫོགས་པ་ཆེན་པོ་བསྒོམ་ལ་དབང༔ ངོ་བོ་ཉིད་སྐུ་ཀུན་བཟང་འགྲུབ༔ ཅེས་རྟོགས་པ་བསྐྱེད། བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྩ་གསུམ་ཡོངས་འདུས་པདྨ་གར་གྱི་དབང༔ མོས་ལྡན་བུ་ལ་བྱིན་རློབས་བརྩེ་བས་དགོངས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པའི༔ རང་བྱུང་དབང་དང་མཆོག་ཐུན་དངོས་གྲུབ་སྩོལ༔ ལན་གསུམ། གཏོར་མ་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པའི་ནང་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ཐུབ་དྲུག་སྒོ་བ་བཞི་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པ་སྤྱི་བོར་སྤྱན་དྲངས་པ་ལ། ཁྱེད་རང་རྣམས་ཀྱིས་མོས་གུས་བསྐྱེད་པས་ཡེ་ཤེས་པའི་རང་གཟུགས་གཉིས་པ་འཕྲོས་ནས་ཐིམ་པས་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་བྱིན་གྱིས་བརླབས། ཡོན་ཏན་ཕྲིན་ལས་དང་དབྱེར་མེད་པའི་ནུས་མཐུ་རྫོགས་པར་ཐོབ་པར་མོས་ཤིག །སྤོས་དང་རོལ་མོས་སྣ་དྲངས་གཏོར་མ་སྤྱི་བོར་ཐོགས་ལ། ཧྲཱིཿཧཱུྃ་ཨཱ༔ ཕྱི་ནི་རིན་ཆེན་གཞལ་ཡས་གསལ་ལ་བརྗིད༔ འབྲུ་བཅུད་དྲི་སྨན་རིན་ཆེན་དམ་རྫས་ཚོགས༔ ནང་དུ་ཐུགས་རྗེ་རོལ་པའི་ལྷ་ཚོགས་བཞུགས༔ དབྱིངས་རིག་དབྱེར་མེད་འོད་ལྔ་འཇའ་ཟེར་འཁྱིལ༔ རྒྱལ་བ་ཞི་ཁྲོ་སྣོད་བཅུད་ཡོངས་འདུས་དབང༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ཡི་བྱིན་རླབས་ལུས་ལ་བསྩལ་དུ་གསོལ༔ ཟག་བཅས་གནས་འགྱུར་ལྷ་སྐུར་བསྐྱེད་དུ་གསོལ༔ གསུང་གི་བྱིན་རླབས་ངག་ལ་བསྟིམ་དུ་གསོལ༔ ཐ་མལ་སྒྲ་ཚིག་སྔགས་སུ་སྦྱང་དུ་གསོལ༔ ཐུགས་ཀྱི་བྱིན་རླབས་སེམས་ལ་བསྐྲུན་དུ་གསོལ༔ རང་རིག་ཡེ་ཤེས་ནང་ནས་སྦར་དུ་གསོལ༔ ཡོན་ཏན་ཕྲིན་ལས་རབ་འབྱམས་ཡོངས་རྫོགས་བྱིན༔ བདག་གི་ལུས་ངག་ཡིད་གསུམ་བརླབས་ནས་ཀྱང༔ འགྲོ་དོན་ཕྲིན་ལས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་མ་ཧཱ་བ་ལིཾ་ཏ་བྷྲཱུྃ་ཙཀྲ་མ་དྷ་ལ་བྷྲཱུྃ༔ གཏོར་མ་གནས་བཞིར་བཞག་ལ། གཏོར་མའི་ཆ་ཤས་དང་བདུད་རྩི་བསྲེས་པ་སྦྱིན། མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། གཏོར་དབང་འདི་ཉིད་དབང་བསྐུར་ཡོངས་རྫོགས་ཡིན་པས་ཟུར་དུ་སྦྱིན་ཡང་ཆོག་ལ། ཐོག་མར་བསྐུར་ན་བྱིན་རླབས་ཀྱི་སྒོ་འབྱེད་དང་། འདིར་ཡོངས་རྫོགས་མཐའ་རྟེན་ཏུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་དེ་དག་རྣམས་ཀྱིས་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་སའི་སྙིང་པོའི་དཀྱིལ་འཁོར་དུ། དབང་བཞི་མཐའ་རྟེན་དང་བཅས་རྫོགས་པར་གྲུབ་པ་ཡིན་པས་དབང་དུས་སུ་ཁས་བླངས་པའི་དམ་ཚིག་སྡོམ་པའི་གནས་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །བདག་གི་སྒོ་གསུམ་ལོངས་སྤྱོད་བཅས། །དེང་ནས་འདྲེན་པ་ཁྱེད་ལ་འབུལ། །ཉེས་ལྟུང་དྲི་མས་གོས་གྱུར་ན། །ཆ་ཡིས་སྤྱད་ཅིང་བསྐྱབ་ཏུ་གསོལ། །ཞེས་གཏང་རག་གི་ཡོན་དང་། མཎྜལ་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་དཀྱིལ་འཁོར་པ་ལ་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་བཟོད་གསོལ། མདུན་བསྐྱེད་བསྐྱེད་བསྟིམ་གང་འོས་དང་། བསྔོ་བ་ཤིས་བརྗོད། བདག་བསྐྱེད་བསྡུ་ལྡང་བཅས་ལས་བྱང་ལྟར་བྱའོ། །ཐུགས་རྗེའི་འོད་སྣང་སྲིད་པའི་མཐར་བཀྱེ་བས། །མི་འཛད་འཁོར་བའི་འདམ་རྫབ་སྐེམ་པ་དང་། །དྲི་མེད་སྐུ་དང་ཡེ་ཤེས་འབྲས་བཟང་སྨིན། །ཐམས་ཅད་མཉམ་ཉིད་བདེ་ལྡན་ཞིང་གྱུར་ཅིག །ཅེས་ཟབ་གཏེར་རིན་པོ་ཆེའི་མཛོད་དུ་འོས་པའི་དབྱིག་གི་ཁྱད་པར་རྣམས་བྱི་དོར་བྱ་བའི་ཞར་བྱུང་དུ་རང་གཞན་ཕོངས་པ་སེལ་བའི་ཆ་རྐྱེན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་ཆེན་ཉིད་ཀྱི་གསུང་དང་གཏེར་གཞུང་གི་དགོངས་པ་གུང་བསྡེབས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ་བུ་ (Volume 31, Text 39)
༄༅། །རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ་བུ་ཞེས་བྱ་བ་བཞུགས་སོ། ། ན་མ་ཨུཏྟ་ར་དེ་བ་མཎྜ་ལཱ་ཡ། དོན་དམ་བཅུད་ཀྱི་བདུད་རྩིས་རིགས་ཁམས་ཀུན། །རྡོ་རྗེ་སྙིང་པོར་སྨིན་མཛད་བླ་མ་རྗེ། །མི་གནས་ཡེ་ཤེས་དཔལ་ཆེན་ཀུ་མཱ་རས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་མཛོད། །གཏེར་ཁ་ཀུན་ལས་བྱིན་རླབས་ཀྱི། །ཚན་ཁ་ཁྱད་འཕགས་རཏྣའི་ལུགས། །ཡང་གསང་བླ་ན་མེད་པ་ཡི། །དོན་དབང་བཀླགས་པས་ཆོག་པ་བྲི། །འདི་ཉིད་སྒྲུབ་ཆེན་དང་རྡུལ་ཚོན་ལྟ་བུ་སྤྲོས་པ་རྒྱས་པ་དང་འབྲེལ་ན་ཐིག་ཚོན་གྱི་འདོན་ཆ་སོགས་གཏེར་གཞུང་ལས་ཤེས་པར་བྱ་ཞིང་། སྐབས་འདིར་མགྱོགས་དབང་སྟབས་བདེའི་ལུགས་སུ་བྱས་ཏེ་རས་བྲིས་སམ་མཎྜལ་ལ་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་ཁར་བུམ་པ་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་བཞག་ལ། བུམ་རྫས་རྣམས། ཨོཾ་བྷྲཱུྃ་བཛྲ་པཱ་ཎི་ས་མ་ཡ༔ བེ་གཱ་ར་ས་ཛ་ཡ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་གརྦྷ་པླག་ཤ་བྷི་ཏ་སརྦ་སིདྡྷི་ཛ༔ བྷྲཱུྃ་བྷྲཱུྃ༔ ཞེས་བརྗོད་ཅིང་བླུག །དེའི་སྟེང་ལྡིང་ཁྲིའི་ཁར་ཨེ་ཁྲོམ་ལ་གཙོ་ཕུར་དར་མཐིང་ནག་གི་ཅོད་པན་ཅན། གཡས་སུ་དབང་གི་གཏོར་ཆེན། གཡོན་དུ་ཐོད་པའི་བདུད་རྩི་མེ་ལོང་ལ་སིནྡྷུ་རའི་ཆོས་འབྱུང་བྲིས་པས་དགབ་པ། མདུན་དུ་སྨན་རག་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་བྱ། གཞན་ཡང་གཙོ་བོའི་ཕྱག་མཚན་བཞི། ཐོད་ཕྲེང་སྦྲུལ་ཆུན། གླང་ཀོ་སྟག་ཤམ། ཐལ་རཀ་ཞག་གསུམ། གཟིག་ཤམ་རྒྱན་དྲུག་དྲིལ་བུ་བཅས་པ་སྟེ་ཙཀ་ལི་ལྔ། ཚེ་འབྲང་དང་ཟས་སྣ། སྲས་ཕུར། ལྕགས་ཧོམ་ཉ་བོ། སོ་ཤིང་དང་སྲུང་སྐུད་སྔོན་པོ་ཀུ་ཤ་རྣམས་སློབ་མའི་གྲངས་མཉམ། ལས་བུམ། གཏོར་ཚོགས་ཀྱི་རིགས་རྣམས་འདུ་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི་གཞུང་རྩ་བ་ལས། དབང་འདིའི་བསྙེན་སྒྲུབ་གསང་སྒྲུབ་ལྟར་བྱ་བར་དམིགས་སུ་གསུངས་པས་ཆགས་མེད་ཞབས་ཀྱིས་མཛད་པའི། སངས་གླིང་ཕུར་པའི་ལམ་ཁྱེར་འདིའི་གསང་སྒྲུབ་ཀྱི་མངོན་རྟོགས་ཚིགས་བཅད་དུ་བསྡེབས་པར་མཛད་པ་ཉིད་འཚམ་ཞིང་ལེགས་པས། སྐྱབས་སེམས་སྔོན་འགྲོ་སྤྱི་ཆོས་རྣམས་སྤྱི་ལྟར་བཏང་ནས། ཧཱུྃ༔ རང་བྱུང་ལྷུན་གྲུབ་སོགས་ལྟ་བའི་མཚམས་གཅད་ནས་བསྟོད་པའི་བར་བཏང་སྟེ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཇི་ཙམ་ནུས་པ་བྱ་ཞིང་འཕྲོ་འདུ་སྤྱི་ལྟར་དང་། ཁྱད་པར་རྒྱལ་བ་རྣམས་ཀྱི་བྱིན་རླབས་འབྲུ་གསུམ་གྱི་རྣམ་པ་དང་། གཙོ་བོ་ཁྲོ་བཅུའི་སྐུའི་རྣམ་པར་བསྡུ་ཞིང་ལུས་དཀྱིལ་རྣམས་ཀྱིས་ཀྱང་སྔགས་སྒྲ་དིར་དིར་བཟླ་བར་མོས། སྔགས་ཕྲེང་ཡབ་ཡུམ་གྱི་ཞལ་དང་གསང་བར་བརྒྱུད་དེ་འཁོར་བའི་དོ་ལིའི་བཟླས་པ་དང་། དེ་ལས་འོད་ཟེར་ལས་མདོག་ཏུ་སྤྲོ་བས་ཕྲིན་ལས་བཞི་བསྒྲུབ་པར་མོས་ལ། མཐར་སྟོང་ཚིགས་མཆོད་བསྟོད་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་མོས་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་འཇུས་ཏེ་གཙོ་སྔགས་ཅི་འགྲུབ་བཟླ། མཐར་འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ། ལྷ་རྣམས་ཆགས་པ་ཆེན་པོས་རྡོ་རྗེ་བདུད་རྩིའི་ངོ་བོར་ཞུ་སྟེ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་མོས། ལས་བུམ་གྱི་ནང་དུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་མཐིང་ནག་ཕུར་བུ་དང་ལྕགས་ཀྱུ་འཛིན་པའི་སྐུར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་ཅི་རིགས་བཟླས་པས། ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། དེ་ནས་སྲུང་མའི་མཆོད་གཏོར་དང་། ཚོགས་མཆོད་བསྒྲལ་བསྟབ་ཡན་བྱས་ལ། རོལ་མོ་དང་བཅས་ཏེ་སྙན་གསན་དབབ་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་རིག་འཛིན་སྲས་དང་འཁོར༔ སྤྲུལ་པའི་ཁྲོ་ཚོགས་ཡབ་ཡུམ་སྲས་དང་བཅས༔ གསང་བའི་དཀྱིལ་འཁོར་རྣལ་འབྱོར་བདག་ཅག་ལ༔ དབྱིངས་ནས་སྐུར་བཞེངས་དབང་ཆེན་བསྐུར་དུ་གསོལ༔ ཐུགས་རྗེ་ཆེན་པོའི་བྱིན་ཆེན་དབབ་ཏུ་གསོལ༔ རྡོ་རྗེ་ཕུར་པ་ཡེ་ཤེས་མཆོག་གི་ངང༔ བསྐལ་པ་སྔོན་ནས་བདག་དང་གཡར་དམ་གཅིག༔ དུས་འདིར་བདག་དང་དབྱེར་མེད་བསྒྲུབ་པའི་ཕྱིར༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐུགས་དམ་ཅན༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ སྙིང་པོ་བྱང་ཆུབ་མཆོག་ནི་མ་ཐོབ་བར༔ རྩེ་གཅིག་ཡིད་ཀྱིས་གུས་པས་དམ་བཅའ་སྟེ༔ སྐྱེ་བ་ཇི་སྲིད་བར་དུ་མི་གཏང་ངོ༔ ཞེས་བརྗོད་ཅིང་རིག་པའི་མེ་ཏོག་དོར། དེ་ནས་སློབ་མ་རྗེས་སུ་བཟུང་བ་ལ་གཉིས། སྟ་གོན་འཇུག་པའི་ཆོས་དང་། དངོས་གཞི་ལ་དབང་བསྐུར་བའོ། །དང་པོ་ནི། སྤྲོས་པ་རྒྱས་པའི་སྐབས་དངོས་སྟ་སོ་སོར་ཕྱེ་དགོས་ཀྱང་། ལག་ལེན་དཀྱུས་ལ་དངོས་སྟ་སྦྲེལ་བར་མཛད་པས་དེ་ལྟར་ན། སློབ་བུ་རྣམས་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ་ཞིང་། ཧཱུྃ༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི༔ ལས་དང་བག་ཆགས་སྒྲིབ་སོགས་ཀུན་ཏུ་སྦྱོང༔ བུ་རྣམས་ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ དབང་བཞི་ཡོངས་རྫོགས་སྣོད་དུ་འགྱུར་བར་ཤོག༔ ཨོཾ་ཤཱུ་ཛྙཱ་ཏཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀ་ཤུདྡྷོ྅་ཧཾ༔ ཞེས་དང་། ཡིག་བརྒྱ་བཟླ། བགེགས་གཏོར་ཆབ་བྲན། རཾ་ཡཾ་ཁཾ། ཨ་ཀཱ་རོ་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་དགུག །སརྦ་བིགྷྣཱཾ་ན་མཿསརྦ་ནས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ འབྱུང་པོའི་ཚོགས་རྣམས་འདའ་བྱེད་པ༔ ཁྲོ་ཆེན་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་ཆུང་འབར་བའི་མཚོན་ཆའི་ཆར༔ མེ་ལྟར་འབར་ཞིང་རླུང་ལྟར་འཚུབས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་མ་འདུག་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་ཤམ་བུར། བཛྲ་བཛྲ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཧ་ན་ཧ་ན༔ ཨུཙྪ་ཏ་ཡ་ཕཊ༔ ཅེས་བརྗོད་ལ་ཐུན་དང་རོལ་མོ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཏོ་རྒྱ་གྲམ་མེ་རི་ཁྲོ་ཆུང་འབར་བའི་གུར་ཁང་གིས་གཏམས་པས་བགེགས་ཀྱི་ཚོགས་ཉེ་མི་ནུས་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་བཅོམ་ལྡན་འདས་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་བཛྲ་ཀུ་མཱ་ར་དང་གཉིས་སུ་མེད་པའི་མཆོག་གི་རིག་པ་འཛིན་པ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས། འབྱུང་འགྱུར་གདུལ་བྱ་མཐའ་ཡས་པ་རྣམས་ཀྱི་ཁམས་དབང་སྐལ་པའི་ཁྱད་པར་དང་མཐུན་པར། གསང་སྔགས་ཀྱི་ཆོས་སྒོ་ནམ་མཁའི་མཐས་ཀྱང་གཞལ་བར་དཀའ་བ་ཞིག་དབྱེ་བར་མཛད་པ་ལས། དམ་པའི་ཆོས་སྒྲུབ་པ་པོ་སྤྱིའི་བར་ཆད་བསལ་བ་དང་། ལས་ཀྱི་རིགས་ཀྱི་གདུལ་བྱ་བྱེ་བྲག་པ་རྣམས་རྗེས་སུ་འཛིན་པ་དང་། ཐུན་མོང་གཙོ་བོར་བསྒྲུབས་པས་མཆོག་ཞར་ལ་འགྲུབ་ཅིང་ཁྱད་པར་སྙིགས་དུས་ཀྱི་དམ་སྲི་མ་རུངས་པ་མཐུ་བོ་ཆེ་རྣམས་ཀྱི་གཉེན་པོར་ཆེད་དུ་བསྔགས་པ། ཕྲིན་ལས་ཕུར་པ་རོལ་པའི་གདམས་པ་ཁྱད་པར་ཅན་རྒྱས་འབྲིང་བསྡུས་པ་བསམ་གྱིས་མི་ཁྱབ་པ་བསྟན་ཅིང་། ཕལ་ཆེར་མ་འོངས་པའི་དོན་ལ་དགོངས་ནས་རིན་ཆེན་སའི་གཏེར་དུ་གཏམས་པར་མཛད་པ་ལས། འདིར་རང་གཞུང་ལས། ཁོ་མོ་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ མོན་ཁ་སྣེ་རིང་སེང་གེའི་རྫོང་གསུམ་དུ༔ སྙིང་པོའི་ཡང་ཞུན་དཔེ་ཚར་གསུམ་དུ་བཀོད༔ གནམ་སྐས་ཅན་དང་ལྡང་ལུང་ཁྲ་མོ་བྲག༔ པདྨའི་རྫོང་དང་གསུམ་དུ་སྦས་ཏེ་བཞག༔ དེ་རྣམས་ནང་ནས་གསེར་གྱི་ཡང་ཞུན་ལྟར༔ ཁོ་མོའི་ཐུགས་བཅུད་འདི་ཉིད་མིན་རེ་ཀན༔ ཞེས་གསུངས་པ་ལྟར་ཕྲིན་ལས་ཕུར་པའི་བཀའ་བབས་དབྱིངས་ཕྱུག་བདུད་འདུལ་རྒྱལ་མོ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་གྱི་ཐུགས་དམ་མནོག་ཆོས། བིཏྱོཏྟ་མ་ལ་འབུམ་སྡེའི་ཡང་སྙིང་། ཕུར་པ་གསང་བའི་སྙིང་པོ་ཕྲིན་ལས་ཀྱི་རྒྱུད་ལ་བརྟེན་ནས་ཁ་ཚང་དོན་འདྲིལ་དུ་གདམས་པ་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོས་སྐོར་འདི་ནི། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད། སྐུ་ཚེ་གཅིག་ལ་གླིང་པ་གསུམ་གྱི་མཚན་དུ་གྲགས་ཤིང་གཏེར་ཁ་ཉི་ཤུ་རྩ་ལྔ་ཞལ་དབྱེ་བ་ལ་བར་ཆད་ཅུང་ཟད་ཀྱང་མ་བྱུང་བར་འགྲོ་དོན་བསྟན་པ་མཐའ་རྒྱས་སུ་འཕེལ་བ། ཆོས་རྒྱལ་རཏྣ་གླིང་པས་ལྡང་ལྷ་ཁྲ་མོ་བྲག་གི་སྤོ་ཏོ་བར་མ་ནས་སྤྱན་དྲངས་པ་སྟེ། འདིའི་དབང་བསྐུར་རྒྱས་པ་ཕྲིན་ལས་གཏེར་མཛོད་ཟབ་གནད་མཚོན་ཆ་འཁོར་ལོ་ཞལ་སྤྲོད་དང་བཅས་པ། བསྡུས་པ་དོན་དབང་ཡིད་བཞིན་ནོར་བུ་གཉིས་སུ་བཞུགས་པ་ལས། འདིར་ཐེམ་བྱང་ལས། དོན་དབང་བསྡུས་པ་ཡིད་བཞིན་ནོར་བུ་འདི༔ དབང་རྫོགས་བཀའ་དང་བྱིན་རླབས་འདུས་པའི་ཕྱིར༔ སྤྲོས་པར་མི་དགའ་དད་ལྡན་བུ་ལ་སྐུར༔ ཅེས་བཀའ་རྫོགས་བྱིན་རླབས་འདུས་པའི་སྨིན་བྱེད་ཟབ་མོ་བསྐུར་བ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་སྟ་གོན་འཇུག་པའི་རིམ་པ་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པར་འདུ་ཤེས་པའི་གུས་པ་ཉེ་བར་བཞག་སྟེ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས། ལེགས་འོངས་སྐལ་ལྡན་རིགས་ཅན་རྣམས༔ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ འཇུག་ཅིང་དམ་ལ་གནས་གྱུར་པའི༔ དབང་དང་སྐལ་པར་ལྡན་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔ ལྷ་དང་བླ་མ་དབྱེར་མི་ཕྱེད༔ བླ་མེད་རྡོ་རྗེ་ཕུར་པ་ཡི༔ དབང་གི་དཀྱིལ་འཁོར་འཇུག་པར་སྤྲོ༔ ཞེས་ཞུ། སྐལ་བ་དང་ལྡན་པ་ཙམ་གྱིས་མི་ཆོག་རྒྱུད་དག་ཅིང་སྣོད་དུ་རུང་བ་དགོས་པས། དཀྱིལ་འཁོར་རྣམ་པ་གསུམ་གྱི་ལྷ་ཚོགས་ལ་ཕྱོགས་དུས་ཀྱི་རྩ་གསུམ་དཀོན་མཆོག་མ་ལུས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་བཞིན་བཞུགས་པ་ལ། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་དང་ལྷན་ཅིག་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པའི་བློ་དང་ལྡན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སྲིད་པར་འཁྱམས་པའི་མ་རྒན་མཐའ་དག་གི་སླད་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་བསྒྲུབ་པར་བྱ། དེའི་ཕྱིར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བ་དང་ལམ་རིམ་པ་གཉིས་ལ་སློབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྙིང་པོར་གྱུར་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་གཞིར་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་དགེ་བ་རྣམས། །བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །གསང་སྔགས་ཀྱི་གཞི་རྟེན་སོ་སོ་ཐར་པའི་སྡོམ་པ། གཞུང་ལམ་བྱང་ཆུབ་སེམས་ཀྱི་བསླབ་པ། སྙིང་པོ་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་བླངས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོ་དཔག་མེད་ཀྱིས། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། དེ་ནས་སོ་ཤིང་མཐོ་གང་རྒྱ་མདུད་དང་བཅས་པ་མགོ་མཇུག་མ་ལོག་པ་མེ་ཏོག་དང་བཅས་པ་གཏད་ཅིང་ནས་ཀྱི་ཚོམ་བུ་ལྔ་པ་བཀོད་པ་མདུན་དུ་བཞག་སྟེ། དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་སོ་ཤིང་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བར་ཞུ། ཧཱུྃ༔ ལྷག་པའི་ལྷ་མཆོག་ཕུར་པའི་ལྷ༔ སྔོན་ནས་འབྲེལ་བའི་དཀྱིལ་འཁོར་དུ༔ རྟགས་ཀྱི་སོ་ཤིང་དོར་བར་བྱ༔ རྟགས་དང་མཚན་མ་བསྟན་དུ་གསོལ༔ དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཕྱོགས་བཞིར་བསྟན་ན་ཕྲིན་ལས་བཞི། མཚམས་སུ་དངོས་གྲུབ་ཕྲན་ཚེགས། སྟེང་དང་འོག་ཏུ་བསྟན་ན་མཁའ་སྤྱོད་དང་ས་སྤྱོད་ཀྱི་དངོས་གྲུབ་འགྲུབ་པར་གསུངས་སོ། །དེ་ནས་སྲུང་སྐུད་ལ་རྡོ་རྗེའི་མདུད་པ་བྱས་ཏེ་རྩ་སྔགས་ཀྱིས་བྱིན་བརླབ། བར་ཆད་སྲུང་བའི་རྡོ་རྗེའི་སྲད་བུ་འདི་ཉིད་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་འཆིང་བར་ཞུ། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་བཅིངས་ཤིང་། རྡོ་རྗེ་འབར་བ་ཆེན་པོ་སྟེ༔ ཅིས་ཀྱང་མི་ཤིགས་རྒྱས་གདབ་བོ༔ ཞེས་རྡོ་རྗེས་མདུད་མཚམས་སུ་རྒྱས་གདབ། ཀུ་ཤ་གཙང་མ། ཨོཾ་ཨཱཿཧཱུྃ་བཟླས་ཤིང་ལས་བུམ་གྱི་ཆུས་བསངས་ཏེ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི༔ མཉམ་ཉིད་དག་པའི་སྟན་འདི་ལ༔ ཁྱོད་ཀྱང་བརྟག་པའི་རྟེན་འབྲེལ་མཛོད༔ ཀུ་ཤའི་ཆུན་པོ་སྔས་དང་སྟན་གྱི་དོན་དུ་ཟུངས་ལ་རྨི་ལམ་གྱི་མཚན་མ་བརྟག་པར་གྱིས་ཤིག །ཅེས་བརྗོད། རྣལ་འབྱོར་རྒྱུན་གྱི་དབང་ལེན་པའམ། སྒྲུབ་ཆེན་དངོས་གྲུབ་བགོ་བའི་རྗེས་འབྲེལ་དུ་འདིའི་དབང་སྦྱིན་པ་སོགས་ལ་སོ་ཤིང་དཔུང་སྐུད་ཀུ་ཤ་གསུམ་མི་དགོས་སོ། །དེ་ནས་དམ་ཚིག་གི་མནའ་ཆུ་ལྕེ་ལ་བཞག་ཅིང་རྡོ་རྗེ་གནས་གསུམ་དུ་གཏུགས་ཏེ། ཧཱུྃ༔ དམ་ཚིག་འདི་ནི་བླ་ན་མེད༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་ཕྱིར༔ ང་ནི་ཁྱོད་ཀྱི་ཧེ་རུ་ཀ༔ ང་ཡིས་བསྒོ་བའི་བཀའ་ཅི་བཞིན༔ ཁྱོད་ཀྱིས་འདའ་བར་མི་རུང་ངོ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཛ༔ བླ་མ་དཔལ་ཆེན་པོས་ཇི་ལྟར་བསྒོས་པའི་དམ་ལས་མི་འདའ་བར་རྡོ་རྗེའི་ཐ་ཚིག་ལ་རབ་ཏུ་གནས་པར་བགྱིའོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་འཚལ། ཨི་དན་ན་ར་ཀན༔ འདི་ལ་ཡེ་ཤེས་པ་དབབ་པ་ཟུར་དུ་མ་གསུངས་ཀྱང་བླ་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་ལྟར་ན། དེ་ནས་དབང་བསྐུར་གྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བསང་། སྭཱ་བྷཱ་བས་སྦྱང་། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་བདུད་བཞི་བསྣོལ་བའི་གདན་ལ་སེམས་ཉིད་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ནས་ཚུར་འདུས་པས་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག་སྤྱན་དགུ་དམར་ཟླུམ་ཕྱོགས་བཅུར་གཟིགས་ཤིང་དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ལ་རིགས་ལྔའི་རྩེ་བྲན་ཅན་གྱི་ཐོད་སྐམ་ལྔས་བརྒྱན་པ། གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་མེ་དཔུང་དང་ཁ་ཊྭཱཾ་བསྣམས་ཤིང་། མཐའ་གཉིས་རི་རབ་ཕུར་བུ་འདྲིལ་བ། ཉི་མ་དང་ཟླ་བས་སྙན་གོང་བརྒྱན་ཅིང་སྦྲུལ་རིགས་ལྔ་དང་ཐོད་པ་ཚར་གསུམ་གྱི་ཕྲེང་བས་སྤྲས་པ། རྡོ་རྗེ་རིན་པོ་ཆེའི་གཤོག་པ་སོགས་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན། ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་སུ་བཞུགས་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཆས་ཀྱིས་བརྒྱན་པ། གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ། དེའི་ཐུགས་ཀར་རྡོ་རྗེ་མཐིང་ག་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་མ་ལ་ཧཱུྃ་མཐིང་ནག་གི་མཐར་ཀཱི་ལ་ཡ་འབྲུ་བཅུ་བཞིས་བསྐོར་བ་རྣམས་དང་། བླ་མ་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་རྡོ་རྗེ་ཕུར་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ནམ་མཁའ་གང་བར་བྱོན་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །ཅེས་བརྡ་སྦྱར་ལ་དབྱངས་རོལ་སྤོས་སྦྱོར་བཅས། ལས་བྱང་གི་སྤྱན་འདྲེན་བརྗོད་ལ་མཐར་རྩ་སྔགས་ཀྱི་གཤམ་དུ། གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཧཱུྃ་ས་མ་ཡ་ཛཿ ཞེས་དྲག་ཏུ་བཟླ། མཐར་རྡོ་རྗེ་སྤྱི་བོར་བཞག་ལ། དེ་ལྟར་དབབ་པའི་ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། དེ་དག་གིས་སྟ་གོན་དང་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། གཉིས་པ་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བ་ནི། དེ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དཀྱིལ་འཁོར་བདག༔ ཕུར་པ་བླ་ན་མེད་པ་ཡི༔ དཀྱིལ་འཁོར་ཆེན་པོར་བདག་འཇུག་ཅིང༔ དབང་བཞི་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ་ཞུ། དེ་ནས་ཐོག་མར་བུམ་པའི་དབང་བསྐུར་བ་ནི། རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་ཀཱི་ལ་ཡ་ཡི་སྔགས་སྒྲ་དི་རི་རི་བྱོན། རིག་འཛིན་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་། བྱིན་རླབས་ཁུ་འཕངས་བབ་པ་ལྟར་ཤ་ར་ར་བྱུང་ནས་སྤྱི་བོར་ཐིམ་པས་ཐོད་པ་དུང་ཁང་གི་ནང་དུ་རྡོ་རྗེ་ཕུར་པའི་ལྷ་ཐམས་ཅད་དག་པ་འོད་གསལ་གྱི་སྐུར་གྱུར་པར་སྒོམས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ བུམ་པ་རྣམ་དག་ཆོས་སྐུའི་གཞལ་ཡས་ན༔ ལོངས་སྤྱོད་རྫོགས་སྐུ་ཕུར་པའི་ལྷ་ཚོགས་བཞུགས༔ ཐུགས་རྗེ་སྤྲུལ་སྐུས་འགྲོ་བ་འདུལ་བའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྩ་བ་བུམ་པའི་དབང་མཆོག་བསྐུར་པས༔ སྐུ་གསུང་ཐུགས་འགྱུར་བ་མེད་པའི་རྡོ་རྗེའི་མཆོག་ཐོབ་པར་གྱུར་ཅིག༔ དེ་ནས་གཙོ་བོའི་ཕུར་པ་ཐོགས་ལ། གཙོ་ཕུར་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། ཉོན་ཤེས་ཀྱི་སྒྲིབ་པ་དག་ཅིང་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ ཆོས་ཉིད་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་ཨཱ༔ ཛྙཱ་ན་སིདྡྷི་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གནས་གསུམ་དུ་གཏུགས། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཙོ་བོ་རྡོ་རྗེ་ཕུར་པའི་དབང་ཡོངས་སུ་རྫོགས་པ་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་མཆོག་ཐོབ་སྟེ༔ ཕྲིན་ལས་བཞི་ལ་མངའ་བརྙེས་པའི་དབང་མཆོག་ཐོབ་པར་གྱུར་ཅིག༔ བྷནྡྷ་ཐོགས་ལ། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ངག་ཏུ་བྱིན་པས་རྩ་ཁམས་ཟག་མེད་ཀྱི་བདེ་བས་གང་སྟེ། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ ཟག་མེད་རྩ་ཁམས་དག་པ་ལས༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ བདེ་གཤེགས་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨཱ་རལླི་ཛྙཱ་ན་མུ་དྲ་མ་ཧཱ་ཛྙཱ་ན་ཨ་ཧོ་སུ་ཁ་སིདྡྷི་ཧོ༔ བདུད་རྩི་བླུད་ལ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་གསང་བའི་དབང་མཆོག་འདི་བསྐུར་པས༔ བདེ་ཆེན་ཟུང་འཇུག་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་ཅིག༔ རྟགས་ཀྱི་ཕྱག་རྒྱ་དང་དཔལ་གྱི་ཆས་རྣམས་བྱིན་པས་འཁོར་འདས་ཟིལ་གྱིས་གནོན་པའི་དབང་ཆེན་ཐོབ་པར་མོས་ཤིག །གཡས་སུ་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་དུ་མེ་དཔུང་ཁ་ཊྭཱཾ་གཏད་ལ། ཧཱུྃ༔ རྡོ་རྗེ་རྩེ་དགུ་གྱེན་དུ་གསོར་བ་ཡིས༔ ས་དགུའི་རྟོག་པ་རྩད་ནས་གཅོད༔ རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་འདྲེན༔ ཡེ་ཤེས་ལྔ་ཡི་ཀློང་དུ་སྦྱོར༔ མེ་དཔུང་འབར་བས་འཁོར་བ་ཡི༔ ཉོན་མོངས་བག་ཆགས་སྲེག་པར་བྱེད༔ ཁ་ཊྭཱཾ་གས་ནི་དུག་གསུམ་དང༔ ཉོན་མོངས་འཁོར་བ་རྩད་ནས་གཅོད༔ ཨོཾ་བཛྲ་བཛྲ་ཧཱུྃ༔ རཾ་རཾ་ཏྲི་ཤུ་ལ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ ཞེས་དང་སྲས་ཕུར་ལག་ཏུ་གཏད་ལ། ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྲས་མཆོག་བཛྲ་ཀཱི་ལ་ཡས༔ སྐུ་ཡི་དབྱིངས་སུ་དབང་བསྐུར་རོ༔ གསུང་གི་དབྱིངས་སུ་དབང་བསྐུར་རོ༔ ཐུགས་ཀྱི་དབྱིངས་སུ་དབང་བསྐུར་རོ༔ ཡོན་ཏན་དབྱིངས་སུ་དབང་བསྐུར་རོ༔ ཕྲིན་ལས་དབྱིངས་སུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་སྲས་ཕུར་གྱིས་དབང་བསྐུར་པས༔ སྐུ་གསུང་ཐུགས་རོལ་པ་ཆེན་པོའི་དབང་ཐོབ་ཅིང༔ ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ནས་ཡི་དམ་ལྷ་དང་སྐལ་པ་མཉམ་པར་གྱུར་ཅིག༔ དེ་ནས་ཐོད་ཕྲེང་དང་སྦྲུལ་ཆུན་བསྐོན་པའི་ཚུལ་བྱས་ལ། ཧཱུྃ༔ ཐོད་ཕྲེང་ཚར་གསུམ་སྐུ་གསུམ་ལྡན༔ ཡེ་ཤེས་རོལ་པའི་རྒྱན་དྲུག་ཆེ༔ སྦྲུལ་ཆུན་དུག་གསུམ་གནས་སུ་དག༔ རྟོག་མེད་རོལ་པ་དཔལ་གྱི་ཆས༔ རྒྱན་ཕྲེང་འདི་ཡིས་དབང་བསྐུར་རོ༔ རྔམ་བརྗིད་ཁྲོ་བོའི་དབང་ཐོབ་ཤོག༔ ཨོཾ་ཀ་པཱ་ལ་བྷྲཱུྃ་ལམྦ་ན་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་གླང་ཀོ་སྟག་ཤམ་སྦྱིན་ལ། ཧཱུྃ༔ འཁོར་བ་རྣམ་དག་གཡང་གཞི་འཇིགས༔ རྟོག་མེད་གླང་ཆེན་ཀོ་རློན་དཔའ༔ ང་རྒྱལ་རྣམ་དག་སྟག་ཤམ་འཇིགས༔ ཁྲོ་རྒྱལ་སྐུ་ཡི་རྒྱན་རྫོགས་པ༔ སྐལ་ལྡན་ཁྱོད་ལ་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཏི་ར་ན་ཧསྟི་བྱ་གྷྲི་ཙརྨ་བཛྲ་ཏྲི་ཤ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་དཔལ་ཆེན་འཇིགས་པའི་ཆས་ཀྱི་དབང་འདི་བསྐུར་པས༔ སྲིད་གསུམ་ཡོངས་སྒྲོལ་སྟོབས་བཅུ་ཡོངས་རྫོགས་ཀྱི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་རྟགས་གསུམ་གདབ་ཅིང་། ཧཱུྃ༔ དཔྲལ་བར་ཐལ་ཆེན་ཚོམ་བུ་འཇིགས༔ མཁུར་བར་ཁྲག་གི་ཐིག་ལེ་འཇིགས༔ ཨོག་མར་ཞག་གི་ཟོ་རིས་རྔམ༔ དཔལ་ཆེན་རྟགས་ཀྱི་དབང་བསྐུར་བས༔ ཁྲོ་རྒྱལ་འདུས་པའི་དབང་ཐོབ་ཤོག༔ ཨོཾ་ཏིགྣ་ཀརྨ་ཏྲི་ཤ་ཧོ༔ ཨ་བྷི་ཥིཉྩ་མཱཾ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཁྲོ་རྒྱལ་རྟགས་ཀྱི་དབང་འདི་བསྐུར་པས༔ ཧེ་རུ་ཀ་དངོས་ཀྱི་བརྟུལ་ཞུགས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཡུམ་གྱི་གཟིག་ཤམ་རྒྱན་དྲུག་དྲིལ་བུ་གཏད་ལ། ཧཱུྃ༔ ཕ་རོལ་ཕྱིན་དྲུག་ཐབས་ཤེས་རུས་པའི་རྒྱན༔ མཉམ་ཉིད་ཡེ་ཤེས་ཡུམ་གྱི་རྒྱན་དུ་ཆེ༔ ཡང་དག་ཡེ་ཤེས་དྲི་མེད་གཟིག་གི་རྒྱན༔ གར་གྱི་ཉམས་ལྡན་དྲི་མ་མེད་པའི་ཆས༔ ཤེས་རབ་རང་བཞིན་དྲིལ་བུའི་སྒྲ་སྒྲོག་པ༔ ཟུང་འཇུག་མཉམ་ཉིད་བདེ་ཆེན་རང་གྲོལ་ཤོག༔ ཨོཾ་བཛྲ་ཡོ་གི་བྷི་ཤྭ་མ་ཧཱ་བྷྲཱུྃ་ཀ་ར་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་ཤེས་རབ་ཡུམ་གྱི་རྒྱན་དབང་བསྐུར་པས༔ ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་ཏེ་སྐུ་གསུང་ཐུགས་ཡེ་ཤེས་ལྔ་ཡི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཚེ་གཏོར་ཚེ་ཡི་འབྲང་རྒྱས་ཚོགས་ཀྱི་ཡོ་བྱད་དང་བཅས་པ་སློབ་མའི་ལག་ཏུ་གཏད་ལ་རོལ་མོ་དང་བཅས་ཏེ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོ་འདིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས་གྲུབ་ཅིང༔ ཚེ་དང་ལོངས་སྤྱོད་འདོད་དགུ་ཆར་འབེབས་ཤིང༔ དཔལ་དང་བསོད་ནམས་མི་ཟད་ནམ་མཁའི་མཛོད༔ བཀྲ་ཤིས་ཀུན་གྱི་མཆོག་བརྙེས་བཀྲ་ཤིས་པ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་ཡོངས་རྫོགས་ཤོག༔ ཨོཾ་ཚེ་བྷྲཱུྃ་ཨཱ་ཡུ་ཥེ༔ མ་ཧཱ་པུཎྱེ་སིདྡྷི་ཛ༔ གྷ་ཎ་ཙཀྲ་སརྦ་རཏྣ༔ ནཱ་ནཱ་ཁ་དྷེ་སརྦ་སིདྡྷི་ཀཱ་ཡ༔ ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རྣམས་ལ༔ ཚེ་དང་དཔལ་དང་ལོངས་སྤྱོད་ཀྱི་ཚོགས་འདི་རྣམས་ཀྱི་དབང་བསྐུར་ཞིང་གཏད་པས༔ བདེ་བར་གཤེགས་པ་རྣམས་ཀྱི་ཚོགས་ལ་ལོངས་སྤྱོད་པར་གྱུར་ནས༔ ཚེ་འདིར་ལོངས་སྤྱོད་དཔལ་དང་ལྡན་ཞིང་ཚེ་ལ་དབང་བ་དང༔ མཐར་ཐུག་ལོངས་སྤྱོད་རྫོགས་པ་རྒྱལ་བའི་སྐུ་ཐོབ་པར་གྱུར་ཅིག༔ ཅེས་ཚེ་དང་ཚོགས་ཀྱི་ལོངས་སྤྱོད་ལ་རོལ་དུ་གཞུག །སློབ་དཔོན་གྱིས་མེ་ཏོག་གཏོར་ལ། ཨོཾ་འགྲུབ་པར་གྱུར་ཅིག༔ ཚེ་དབང་དུ་གྱུར་ཅིག༔ ལོངས་སྤྱོད་དབང་དུ་གྱུར་ཅིག༔ མི་ཤིགས་པ་རྡོ་རྗེ་ལྟར་གྱུར་ཅིག༔ མི་འགྱུར་བ་གཡུང་དྲུང་དུ་གྱུར་ཅིག༔ ཚེ་ཉི་ཟླ་ལྟར་གྱུར་ཅིག༔ ལོངས་སྤྱོད་ནམ་མཁའ་མཛོད་ལ་མངའ་བརྙེས་པར་གྱུར་ཅིག༔ ཅེས་བརྗོད། གདབ་ལས་ཀྱི་དབང་ནི། བྲུབ་ཁུང་ཉ་བོ་བཅས་མདུན་དུ་བཀོད་ལ། དེ་ནས་དྲག་པོ་མངོན་སྤྱོད་ཀྱི་གཟེར་ཁ་གདབ་པའི་ལས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །བདག་མདུན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་ལས་བྱེད་ཀྱི་ཕོ་ཉ་འཕྲོས་པས། བྱིའུ་ཁྲས་བཅུམ་པ་ལྟར་རང་དབང་མེད་པར་དགྲ་བོའི་རྣམ་ཤེས་བླ་དང་བཅས་པ་བཀུག་སྟེ་ལིངྒ་ལ་ཐིམ་པར་མོས་ཤིག །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ན་མོ་དཀོན་མཆོག་རྩ་བ་གསུམ་དང་ཡི་དམ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདུན་ཅུ་རྩ་བརྒྱད་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཕྱག་རྒྱ་བཞི་བཅས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཱཎྜེ་ཧོཿ དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་སྟེ། གྲུ་གསུམ་ལྕགས་ཀྱི་ཁང་པར་ལིངྒ་དང་གཉིས་སུ་མེད་པར་ཐིམ་པར་མོས་ཤིག །ཁྱེད་རང་རྣམས་དཔལ་ཆེན་པོར་གསལ་བ་དང་། ཕུར་བུ་སྲས་མཆོག་ཀཱི་ལ་ཡ། ལིངྒ་དགྲ་བགེགས་དངོས་སུ་གསལ་བ་ལ་བཏབ་པས་ཚེ་བསོད་བཀྲག་མདངས་ཐམས་ཅད་འོད་ཀྱི་ཐིག་ལེའི་རྣམ་པས་རང་ལ་བསྡུས་ཏེ་རྡོ་རྗེའི་ཚེ་སྲོག་གི་སྟོབས་བསྐྱེད། རྣམ་ཤེས་ཨ་དཀར་པོའི་རྣམ་པས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་གཤེགས་པར་མོས་ལ་ཕུར་པ་འདྲིལ་ཞིང་ལིངྒའི་སྙིང་ག་སོགས་གནས་རྣམས་སུ་ཐོབས་ཤིག །སྲས་མཆོག་གི་ཕུར་པ་བླངས་ཏེ། རྡོ་རྗེ་སློབ་དཔོན་གྱིས་འདྲིལ་ཞིང་རྗེས་ལ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ ཐབས་དང་ཤེས་རབ་ལས་བྱུང་བ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སྟོད་ནི་ཁྲོ་ཆེན་འབར་བའི་ཞལ༔ རྒྱ་མདུད་གོང་མར་འབྲུག་སྒྲ་ལྡིར༔ གཅུམ་གཞོག་བརྒྱད་ནས་ཧཱུྃ་སྒྲ་ལྡིར༔ རྒྱ་མདུད་འོག་མར་ཕཊ་སྒྲ་སྒྲོག༔ ཆུ་སྲིན་ཁ་ནས་ཚྭ་ཚྭ་འཕྲོ༔ དབལ་ཟུར་གསུམ་ནས་མེ་དཔུང་འབར༔ གཟིར་བ་ཙམ་གྱིས་རྡུལ་དུ་རློག༔ འདྲིལ་བས་ཕྱོགས་སྐྱོང་བཅུ་ཡང་འདར༔ བཏབ་པས་ལྷ་ཡང་བརླག་པར་འགྱུར༔ དགྲ་བགེགས་ཙམ་ལ་སྨྲོས་ཅི་དགོས༔ སྐལ་ལྡན་བུ་ལ་འདི་གཏད་པས༔ སྟེང་གི་ལྷ་ཡང་ཐུལ་བར་ཤོག༔ འོག་གི་ཀླུ་ཡང་གཟིར་བར་ཤོག༔ བར་གྱི་སྡེ་བརྒྱད་ཚར་གཅོད་ཤོག༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨ་མུ་ཀཾ་མཱ་ར་ཡ་མཱ་ར་ཡ༔ པྲ་མཱརྟ་ན་མ་ར་སེ་ན༔ སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཧུར་ཐུཾ་མཱ་ར་ཡ་སོད༔ ཅེས་ཕུར་པ་ལིངྒའི་སྙིང་ཁ་ལྟེ་བ་ཡན་ལག་བཞི་ལ་གདབ་ཏུ་གཞུག །ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཕུར་པ་རྫས་ཀྱི་དབང་བསྐུར་པས༔ དགྲ་བགེགས་ཚར་གཅོད་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་ལ་གཏུབས་པའི་དུམ་བུ་རྣམས་ལྷར་གསལ་བས་རོལ་དུ་གཞུག་གོ །དེ་ནས་གཏོར་ཆེན་ཐོགས་ལ། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྲུང་དམ་ཅན་དང་བཅས་པའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩི་འོད་ཟེར་ཐིག་ལེའི་རྣམ་པར་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། གནས་གསུམ་དུ་ཐིམ་པས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་རྩལ་རྫོགས་སུ་ཐོབ་བྱུང་སྙམ་དུ་མོས་མཛོད། ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་འགྲུབ་པར་མཛོད༔ གཏོར་ཆེན་ལྷ་དང་གཉིས་སུ་མེད༔ དམ་རྫས་ཆེན་པོའི་དངོས་གྲུབ་སྩོལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་བ་ལིཾ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གཏོར་མ་གནས་གསུམ་དུ་བཞག །ཧོ༔ སྐལ་ལྡན་ཁྱེད་རྣམས་ལ་གཏོར་ཆེན་ཡེ་ཤེས་འབར་བ་ཕྱག་རྒྱའི་དབང་འདི་བསྐུར་པས༔ བདེ་གཤེགས་ཀུན་གྱི་དབང་མཆོག་ཐོབ༔ ཐུགས་དམ་བསྐངས་ཏེ་བར་ཆད་ཞི་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར་ཞིང་བཀྲ་ཤིས་ཚིགས་སུ་བཅད་པའང་ཁ་ཤས་བརྗོད་པར་བྱའོ། །དེ་ལྟར་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་ཡིད་བཞིན་ནོར་བུ་མཐའ་རྟེན་གཏོར་དབང་དང་བཅས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ལེགས་པར་བསྐུར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ཏེ། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་མཇུག་གི་བྱ་བ་རྣམས་དང་། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་ཀྱང་ལས་གཞུང་ལྟར་ཚང་བར་བྱའོ། །དབྱིངས་ཕྱུག་བདུད་འདུལ་རྒྱལ་མོའི་ཐུགས་དམ་བཅུད། །ཡང་གསང་བླ་མེད་སྙིང་པོ་དོན་གྱི་དབང་། །གཞན་རྗེས་འཛིན་དང་བདག་ཉིད་འཇུག་པ་ལ། །བྱ་སླ་དོན་ཟབ་རྣལ་འབྱོར་ཡིད་བདེའི་གསོས། །རིག་མཆོག་ཡེ་ཤེས་ཁྲོ་བོར་རྩལ་རྫོགས་པ། །སྲིད་པ་རྡོ་རྗེའི་སྲོག་ཏུ་ཞུགས་ནས་ཀྱང་། །འཁོར་འདས་ཐལ་བར་འབྱིན་པའི་ཕུར་བུ་ནི། །འདྲིལ་ཞིང་འདེབས་པའི་དབང་ཆེན་བརྙེས་གྱུར་ཅིག །ཅེས་པའང་རང་གཞན་ལ་ཉེར་མཁོ་སྟབས་བདེའི་སླད་དུ་པདྨའི་རྗེས་འཇུག་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་གཤིན་པོ་རྗེས་འཛིན་ཁྲིགས་སུ་བསྡེབས་པ་མཁྱེན་བརྩེ་རྒྱས་པའི་འཛུམ་ཟེར་ (Volume 23, Text 39)
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་གཤིན་པོ་རྗེས་འཛིན་ཁྲིགས་སུ་བསྡེབས་པ་མཁྱེན་བརྩེ་རྒྱས་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།། ཐུགས་རྗེ་བདུད་རྩིའི་དཀྱིལ་འཁོར་རབ་རྒྱས་པས། །ངན་འགྲོའི་ཚ་གདུང་མཐའ་དག་བཅིལ་བ་ལ། །རྒྱལ་དང་རྒྱལ་སྲས་ཀུན་གྱི་སྟོབས་འདུས་པ། །འཇིག་རྟེན་དབང་ཕྱུག་བླ་མས་རྗེས་འཛིན་མཛོད། །སྲིད་པ་བར་དོར་ལས་ཀྱི་རླུང་པོ་ཆེས། །བདས་ཏེ་གར་འགྲོ་གཏོལ་མེད་ཉམ་ཐག་རྣམས། །ངན་སོང་གཡང་ལས་སྐྱོབ་པའི་ཐབས་མཆོག་འདི། །བྱང་ཆུབ་སེམས་ལྡན་རྣམས་ཀྱིས་དང་དུ་ལོངས། །རང་འདོད་མེད་པའི་ལྷག་བསམ་གྱིས་གཤིན་ལ་ཕན་གདགས་པའི་ཆོ་ག་འདི་ལྟ་བུ་བསྒྲུབས་ན་ཕན་ཡོན་ཆེ་བས་དེ་ཉིད་ལག་ཏུ་བླང་བའི་ཚུལ་ནི། རྟེན་གྱི་མདུན་དུ་སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་བཀྲམ། མེད་ན་མཎྜལ་ལ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཀོད། བཅུ་གཅིག་ཞལ་དང་། ཡིག་དྲུག་ཙཀླི། མེ་ལོང་རྣམས་གར་བདེར་བཞག །མདུན་དུ་གཏོར་འབུལ་ཟླུམ་པོ་དཀར་དམར་སྤུངས་པ། གཏེར་སྲུང་གཏོར་འབུལ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། ལས་བུམ་མགུལ་ཆིངས་དམར་པོ་ཅན་བྱང་ཤར་དང་། མཚན་བྱང་དྲི་རྟེན་བཅས་ལྷོ་རུ་བཀོད། སྔོན་གཏོར་ཚོགས་མཆོད། བྱེ་མ་ཏིལ་ཡུངས། གླུད་གཏོར། ཟས་བསྔོ། ཞལ་ཟས། ལན་ཆགས་གཏོར་མ། ཁྲུས་ཆས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་བདག་མདུན་སྒྲུབ་པ་ནི། བརྒྱུད་འདེབས། སྔོན་འགྲོ་དཀར་གཏོར། སྐྱབས་སེམས་ནས་བརྩམ་ལས་བྱང་ལྟར་མཐར་ཆགས་སུ་གཏང་ཞིང་། བློ་རབ་ཀྱིས་སྣང་སྲིད་དཀྱིལ་འཁོར་གཅིག་རྫོགས་སུ་བསྒོམ་པར་གསུངས་པས་བདག་མདུན་གྱི་སྤྲོས་པ་མི་དགོས་ལ། རྟོགས་པ་ཀློང་དུ་མ་གྱུར་པའི་དབང་པོ་ཐ་མས་རྣམ་པ་འཆར་བདེ་བའི་ཕྱིར་བདག་མདུན་བུམ་གསུམ་གོ་སར་དཀྱིལ་འཁོར་ཆ་གསུམ་ཚིག་རིས་གཅིག་གིས་བསྒོམ། དེ་ཙམ་ཡང་མི་གསལ་ན། བདག་བསྐྱེད་ནམ་མཁའི་རྒྱལ་པོ་གཙོ་རྐྱང་། མདུན་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས་བུམ་བསྐྱེད་བསྙེན་པའི་མཐར་སྐད་ཅིག་གིས་མོས་བསྐྱེད་གསལ་འདེབས་སྤྱི་ལྟར་བྱས་ཀྱང་ཆོག །གང་ལྟར་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་ཀྱི་བར་སོང་ནས། སྤྲོ་བསྡུ་གསལ་བཏབ་ལ་གཟུངས་རིང་དང་ཡིག་དྲུག་ཅི་ནུས་བཟླ། བུམ་པ་སྔར་གསལ་མ་ཐེབས་ན་སྐབས་འདིར། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་ལ་བཟླས་པ་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང་། །རྟ་མགྲིན་དམར་པོ་བེ་ཅོན་དང་། །ཐོ་བ་གདེངས་ཤིང་དུར་ཁྲོད་ཆས། །ཞབས་གཉིས་འདོར་ཐབས་དབུ་ཡི་གཙུག །རྟ་ཞལ་དམ་ཡེ་དབྱེར་མེད་གསལ། །བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་ཅི་ནུས་བཟླ། མཐར་སྔགས་བཟླས་པའི་ཡུངས་དཀར་བླུགས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུངས་ཤིག །ཅེས་ཕྲིན་ལས་བཅོལ། དེ་ནས་ལས་བྱང་ལྟར་མཆོད་བསྟོད་གཏོར་འབུལ་རྣམས་དང་། སྲུང་མའི་གཏོར་འབུལ་སྒེར་དུ་སྤྲོ་ནའང་འདིར་བྱས་ལ། མདུན་བསྐྱེད་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདག་ལ་ཐིམ་པ་ཙམ་གྱིས་འགྱུར་མེད་སྐུ་འགག་མེད་གསུང་འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་རང་ལ་ཐིམ་སྟེ་མཁྱེན་རྟོགས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པར་མོས་པའམ། ཡང་ན། ལས་བྱང་ལྟར་དངོས་གྲུབ་ལེན་ཆོག་བརྗོད་ལ་བུམ་པ་སོགས་གནས་གསུམ་དུ་གཏུག་གོ །དེ་ནས་གནས་ལུང་དངོས་ལ་བདུན་ཡོད་པའི་དང་པོ་གཟུགས་རྟེན་བསྐྱེད་པ་ནི། བྱང་བུ་སློབ་དཔོན་གྱི་མདུན་དུ་པདྨ་འདབ་དྲུག་ལ་རིགས་དྲུག་གི་ས་བོན་བྲིས་པའི་དབུས་སུ་བཞག །ལས་ཆུས་བྲན། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་སྭ་བྷཱ་བ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་ནྲྀ་ལས་ཚེ་འདས་དེ་ཉིད་གསོན་པོའི་གནས་སྐབས་དང་འདྲ་བ་ལ༔ བཀྲག་མདངས་འོད་དང་ལྡན་པ༔ ལག་ན་མེ་ཏོག་པདྨ་འདབ་བརྒྱད་བསྣམས་ནས༔ ཕྱོགས་བཅུའི་བླ་མ་དང་དཀོན་མཆོག་ལ་སྐྱབས་ཞུ་བའི་འདུན་པ་མཛད་པར་གྱུར༔ གཉིས་པ་རྣམ་ཤེས་བཀུག་ཅིང་བརྟན་པར་བྱ་བ་ནི། ལྕགས་ཀྱུའི་ཕྱག་རྒྱ་བྱ་ཞིང་བྱམས་པའི་སེམས་བསྐྱེད་ལ། རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྙིང་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཨ་དཀར་པོའི་རྣམ་པར་བཀུག་སྟེ་རྟེན་ལ་ཐིམ་པར་གྱུར། ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༔ ཁྱད་པར་དུ་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ ཆོས་ཉིད་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་དང་ནུས་པ་ལ་བརྟེན་ནས༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ༔ མིང་འདི་ཞེས་བྱ་བ༔ ས་འོག་ས་སྟེང་ས་བླ༔ མཐོ་སྲིད་པའི་རྩེ་མོ་ནས༔ དམའ་ན་རཀ་དམྱལ་ཁམས་ཡན་ཆད་གར་གནས་གར་ཡོད་ཀྱང༔ རང་དབང་མེད་པར་གཟུགས་རྟེན་འདི་དང་གཉིས་སུ་མེད་པར༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་ཨཱ་བེ་ཤ་ཡ་ཧོ༔ ལན་གསུམ་གྱི་མཐར། ཧྲཱི༔ སྐྱབས་གནས་དཀོན་མཆོག་བདེན་པའི་བྱིན་རླབས་དང༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་ཐུགས་རྗེ་དང༔ ལས་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་དང༔ སྔགས་འཆང་རྩེ་གཅིག་བསྒྲུབས་པའི་ནུས་མཐུ་ཡིས༔ ཚེ་འདས་རྣམ་ཤེས་སྐད་ཅིག་འདིར་ཁུག་ཅིག༔ དེ་ཉིད་ཡི་གེ་ཨ་ཡི་ཚུལ་དུ་གྱུར༔ གཟུགས་དང་གཉིས་མེད་བཛྲ་ས་མ་ཡ་སཏྭཱཾ བརྟན་པར་གྱུར་ཅིག་ཛཿཧཱུྃ་བཾ་ཧོཿཧྲཱི༔ ཞེས་དང་། ཧྲཱི༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང༔ བྱམས་གདུང་བརྩེ་བའི་གཉེན་བཤེས་གྲོགས་རྣམས་དང༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་སྐྱེད་པ་ཡི༔ སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ བརྩེ་གདུང་ཡིད་ལ་བཅགས་པའི་གཉེན་འབྲེལ་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་སོང་མཐུ་རྩལ་གྱིས༔ ལུས་མེད་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང༔ སྐད་ཅིག་ཡུད་ཙམ་ཐང་ཅིག་འདིར་འདུས་ཤིག༔ ཅེས་པ་རྣམས་ཀྱིས་བཀུག །བརྟན་པར་དབུགས་དབྱུང་བ་ནི། ཀྱེ་མ༔ དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ དལ་འབྱོར་མི་ལུས་ཐོབ་པ་གྲངས་མེད་ཀྱང༔ ལས་ཀྱིས་འབྲེལ་བའི་འདུག་ས་འདི་ཡིན་པས༔ འཕན་ཕྲན་སྲོག་ཤིང་འདི་ནི་ལུས་ཀྱི་རྟེན༔ གསེར་བྱང་མིང་བྲིས་འདི་ནི་ངག་གི་རྟེན༔ གསལ་བའི་མེ་ལོང་འདི་ནི་སེམས་ཀྱི་རྟེན༔ རས་དཀར་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་ལྡིང་བ་འདི་ནི་ཚད་པའི་སྐྱབས༔ གུར་ཁང་ཡངས་པ་འདི་ནི་སྐྱབས་ཀྱི་མཆོག༔ དྲི་མེད་མདའ་དར་འདི་ནི་རྣམ་ཤེས་རྟེན༔ མདངས་གསལ་མར་མེ་འདི་ནི་འོད་གསལ་རྟེན༔ ཉེ་དྲུང་ཤ་ཉེ་འདི་ནི་སྔར་འདྲིས་མི༔ མེ་ཏོག་པདྨ་འདི་ནི་སྡོད་པའི་གདན༔ བཟའ་བཏུང་ལོངས་སྤྱོད་འདི་ནི་ཟས་ཀྱི་མཆོག༔ མི་ཟད་ནམ་མཁའི་མཛོད་ལ་དབང་སྒྱུར་ཤོག༔ ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་གཟུག་འདི་ལ་གནས་པར་གྱིས༔ གསུམ་པ་གཤེད་གདོན་ཕྲལ་བ་ནི། གླུད་གཏོར་ཆབ་བྲན། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ་ལན་གསུམ་གྱིས་གླུད་གཏོར་གཡས་གཡོན་དུ་བསྐོར་ལ་བསྔོ། ཧྲཱི༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་སྲོག་ལ་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་གཅགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཅེས་ཕྱིར་དོར་རོ། །རང་ཉིད་སྐད་ཅིག་གིས་ཁྲོ་རྒྱལ་རྟ་མགྲིན་དམར་པོ་དཔལ་གྱི་རྟ་སྐད་སྒྲོག་ཅིང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་འགྱིང་བར་གྱུར། ས་དང་ལམ་ལ་བར་དུ་གཅོད་བྱེད་པའི༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་བགེགས་ཚོགས་རྣམས༔ མཐུ་སྟོབས་བྱིན་རླབས་ཟིལ་གྱིས་གཞན་དུ་དེངས༔ ཧཱུྃ་ཧྲཱི༔ ང་ཉིད་དཔལ་གྱི་རྟ་སྐད་སྒྲོག་པ་ཡིས༔ སྟེང་འོག་ཕྱོགས་བཅུ་ཁྲོ་བོའི་རང་བཞིན་ཅན༔ འོད་དང་འོད་ཟེར་ཡིག་འབྲུ་མཚོན་ཆ་དང༔ འཇའ་ཚོན་མེ་འོད་དཔག་མེད་འཐབ་ཅིང་འཁྲུགས༔ ཚེ་འདས་འདི་ལ་གནོད་བྱེད་པ༔ སྲོག་གཅོད་གདོན་བགེགས་འབྱུང་པོ་རྣམས༔ རྒྱུ་དྲུག་འཁོར་བའི་ལམ་བསྒག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ པདྨཱནྟ་ཀྲྀཏ་ཧཱུྃ༔ ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཧཱུྃ་ཕཊ༔ རྡོ་རྗེ་གསོར་ཞིང་ཡུངས་ཐུན་གུ་གུལ་དུད་པ་སོགས་ཀྱིས་སྲོག་གཅོད་འབྱུང་པོ་བསྐྲད་ཅིང་བརླག་པར་བསམ། བཞི་པ་སྡིག་སྒྲིབ་སྦྱོང་ཞིང་ལས་ངན་ཟད་ཐབས་ནི། ལས་བུམ་ཐོགས་ལ་ཁྲུས་ཁང་བསྐྱེད་པ་ནས་ཁྲུས་གསོལ་སྐུ་ཕྱི་ན་བཟའ་འབུལ་བའི་བར་སྤྱི་མཐུན་བྱས་ལ་ཁྲུས་ཆུ་ལས་བུམ་དུ་བླུགས་པས་མཚན་བྱང་ལ་མེ་ལོང་ངོས་སུ་ཁྲུས་བྱ་ཞིང་། ཧྲཱི༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ༔ དུག་ལྔའི་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་རྗེས་སུ། སྡིག་སྒྲིབ་ཐམས་ཅད་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་ཕྱི་ཁྲུས་དང་། ཚེ་འདས་ཀྱི་སྤྱི་བོར་ཇོ་བོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བཞུགས་པའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས༔ སྡིག་སྒྲིབ་ཐམས་ཅད་འཇའ་སྔོན་དམར་གྱི་རྣམ་པ་དང༔ དུད་ཁུ་ལྟ་བུ་ནག་ནུ་རུ་རུ་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས༔ ས་རིམ་པ་དགུའི་འོག་ཏུ་དོན་པར་བསམ་ལ༔ ཡིག་དྲུག་བརྒྱ་རྩ་འདྲེན། དུག་སྦྱོང་བ་ནི། སྔགས་བཏབ་པའི་ཡུངས་དཀར་དང་བྱེ་མས་བྲབས་ལ། ཧྲཱི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འཇིག་རྟེན་ཀུན་གྱི་དུག་ཡིན་པས༔ སངས་རྒྱས་སྐུ་གསུམ་དུག་མི་མངའ༔ སྐུ་གསུམ་རྒྱལ་བས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྤྱན་རས་གཟིགས་དབང་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་བཅོམ་མོ༔ དུག་གསུམ་རང་བཞིན་དག་གྱུར་ཅིག༔ ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད། ས་ཆུ་མེ་རླུང་གིས་བྱབས་ལ། ས་ཆུ་མེ་རླུང་འདི་དག་ནི༔ དུག་གི་ཕ་མ་ཡིན་པས་ན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་ཁྱོད་འབྱུང་བ་བཞི་ལ་ཐིམ༔ ཚེ་འདས་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་དུས་ལས་འདས་པ་ཁྱོད༔ དུག་རྣམས་མ་ལུས་དག་གྱུར་ཅིག༔ ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་དོ། །ལྔ་པ་རིགས་དྲུག་གི་གནས་ནས་དྲང་ཞིང་ཆོས་བཤད་དབང་བསྐུར་བ་ནི། བདག་ཉིད་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ་རྣམ་པ་ཐུབ་པ་དྲུག་གི་སྤྲུལ་པའི་སྤྲིན་ཕུང་ཅིར་ཡང་འཕྲོ་བའི་སྐུར་གྱུར་པར་བསམ་ལ། ཧཱུྃ་ཧྲཱིཿ ང་ནི་བདེ་གཤེགས་ཡོངས་རྫོགས་སྤྱན་རས་གཟིགས། །འགྲོ་ཀུན་མ་ལུས་ཐུགས་རྗེས་བཟུང་སླད་དུ། །རིགས་དྲུག་འདྲེན་པ་ཐུབ་ཆེན་དྲུག་པོ་ཡིན། །གང་འདུལ་སྐུ་དང་ཕྱག་མཚན་ཅིར་ཡང་སྟོན། །ཚེ་འདས་ལུས་བོར་རིགས་དྲུག་སྡུག་བསྔལ་སྦྱོང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཡི་གེ་བདུན་པ་དང་། ཀཾ་ཀ་ནིའི་རྗེས་སུ། ཚེ་འདས་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཅི་འགྲུབ་བཟླ། བདག་དང་དཀྱིལ་འཁོར་པའི་ཐུགས་རྗེའི་འོད་ཟེར་གྱིས་རིགས་དྲུག་གི་ལས་སྒྲིབ་སྡུག་བསྔལ་སྦྱང་བར་མོས་ལ་བྱེ་མས་བྲབ། གནས་ནས་འདྲེན་པ་ནི། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྔོན་ཚེ་ཉོན་མོངས་དབང་གིས་སྡིག་སྤྱད་པས། །རིགས་དྲུག་སྐྱེས་སམ་སྡུག་བསྔལ་ཡ་རེ་ང་།། འདིར་ཤོག་སྐྱབས་གསོལ་མཆོག་གི་ཐུགས་རྗེས་བཟུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་སུ་ནྲྀ་ཏྲི་པྲེ་དུཿཨཱ་ཀརྵ་ཡ་ཛ་ཛཿ གསུམ་མམ་བདུན་བརྗོད། སྡིག་སྒྲིབ་བཀྲུ་བ་ནི། མེ་ལོང་དང་ལས་བུམ་ཐོགས་ལ། ཧཱུྃ། རང་བཞིན་ཆོས་སྐུའི་བུམ་པ་བཟང་པོ་ནས། །ཡན་ལག་བརྒྱད་ལྡན་དྲི་མེད་དགེ་བའི་ཆུས། །ཚེ་འདས་ཁྲུས་གསོལ་ཉོན་མོངས་སྒྲིབ་དག་ནས། །ཡེ་ཤེས་རྣམ་དྲུག་གསལ་བའི་དོན་རྟོགས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་འདས་རིགས་དྲུག་གི་སྡུག་བསྔལ་ལས་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལན་ཆགས་འཇལ་བ་ནི། ཐོག་མར་ཞལ་ཟས། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ། ཧཱུྃ། བཅོམ་ལྡན་ཐུབ་ཆེན་དྲུག་པོ་ལ། །དྲི་མེད་དག་པའི་ཞལ་ཟས་དང་། །ལོངས་སྤྱོད་རྒྱན་གྱི་མཆོད་གཏོར་འབུལ། །ཚེ་འདས་སྡུག་བསྔལ་སྦྱང་དུ་གསོལ། ཨོཾ་ནཻ་བིདྱཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུྃ། ཞེས་འབུལ། གླུད་གཏོར་འབྲུ་གསུམ་དང་། སམྦྷཱ་རའི་སྔགས་ཀྱིས་སྤེལ་ཞིང་བསྒྱུར་ལ། ཧཱུྃ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །རིགས་དྲུག་ལན་ཆགས་བུ་ལོན་སྦྱང་ཕྱིར་བསྔོ། །ཚེ་འདས་བསོད་ནམས་ཚོགས་རྫོགས་ཆོས་སྤྱོད་ཅིང་། །རྣམ་གྲོལ་འབྲས་བུའི་དོན་ལ་སྤྱོད་པར་ཤོག །ཨོཾ་སརྦ་བྷཱུ་ཏ་བ་ལིཾ་ཏ་ཁཱ་ཧི། གླུད་གཏོར་ཕྱིར་དོར། ཆོས་བཤད་པ་ནི། ཧྲཱི༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ དང་པོ་སྐྱེས་ཀྱང་ལས་ལས་སྐྱེས༔ བར་དུ་གནས་ཀྱང་ལས་ལ་གནས༔ ཐ་མ་འཆི་ཡང་ལས་ཀྱིས་འཆི༔ སྐྱེ་འཆིའི་འདུ་བྲལ་དུས་བབ་ན༔ གདུང་ཞིང་བརྩེ་བའི་ཉེ་དྲུང་དང༔ སྐད་ཅིག་འགྲོགས་པའི་དབང་མེད་དེ༔ ལུས་ནི་སྒྱུ་མའི་ཕུང་པོ་ཞིག༔ སེམས་ནི་དགེ་སྡིག་ལས་དང་འགྲོགས༔ ལུས་ནི་སེམས་ཀྱི་རྟེན་ཡིན་ཏེ༔ སེམས་ནི་མཚན་མའི་མིང་ལ་ཆགས༔ མ་ཡེངས་གཟུང་འཛིན་ཞེན་པ་སྤོངས༔ ཕྱག་འཚལ་དུ་གཞུག་པ་ནི། ཉེ་དྲུང་གིས་བྱང་བུ་ཐོགས་ཤིང་ཕྱག་འཚལ་ལ། ཧྲཱི༔ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ༔ སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ༔ འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ༔ འཕགས་པ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི༔ ཞེས་པ་ཙམ་མམ། སྤྲོ་ན་ཅུང་ཟད་རྒྱས་པ་སྤྱི་ལྟར་བྱ་ཆོག །མིང་བྱང་དབང་སྟེགས་སུ་བཞག་ལ་འབྲེལ་ཐག་བཅད་པ་ནི། ཧཱུྃ། ས་འདི་བཅད་པ་མན་ཆད་རིགས་དྲུག་གནས། །སྡུག་བསྔལ་རྣམ་གསུམ་ཚན་ཆེ་དར་རེ་དྲགས། །སྐྱེ་འཆི་ཡ་ང་ལས་དབང་ཁ་རེ་དྲགས། །མ་ཆགས་མ་ཞེན་རིགས་དྲུག་འཁོར་བ་སྤོངས། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་དུཿཁ་སརྦ་ཀླེ་ཤ་ཧཱུྃ་ཕཊ། ཨོཾ་སྤ་ར་བི་དྱན་ཁྙྑ་ཙྪིནྡྷ་སུ་ཧཱུྃ་ཕཊ། ཨོཾ་སྤ་ར་བི་དྱན་ཁྙྑ་ཙྪིནྡྷ་ཨ་ཧཱུྃ་ཕཊ། ཞེས་སྔགས་རྣམས་ལན་གསུམ་གསུམ་བཟླས་ཏེ་རིགས་དྲུག་གི་དལ་ཕྱགས་ལ་སྐྱེ་སྒོ་བཅད། དཀོན་མཆོག་བདེན་པའི་བྱིན་རླབས་དང། །ལྷ་དང་སྔགས་ཀྱི་ཐུགས་རྗེ་དང་། །རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས། །ཚེ་འདས་རིགས་དྲུག་གནས་ལས་ཐར། །བླ་མེད་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས་ལས་ཆུ་དང་ལས་སྔགས་ཀྱིས་བསང། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་སྒྲ་ལ་བརྟེན་ནས་ཚེ་ལས་འདས་པ་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོའི་སྐུར་གྱུར་པའི་གནས་གསུམ་དུ་འབྲུ་གསུམ་དང་ཐུགས་ཀར་ཧྲཱིཿཡིག་གིས་མཚན་པ་དང་། སློབ་དཔོན་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་དང་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་བྱོན་ཏེ་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་གྱུར། སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༔ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ བུམ་པས་དབང་བསྐུར་ལ། ཧྲཱི༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། ཡིག་དྲུག་ཐོགས་ལ། ཧྲཱི༔ ཡི་གེ་འབྲུ་དྲུག་ཉོན་མོངས་དྲུག་བཅོམ་ནས༔ སྐུ་དྲུག་ཕ་རོལ་ཕྱིན་དྲུག་ཐོབ་ནས་ནི༔ རིགས་དྲུག་གནས་དྲུག་སྟོངས་ནས་ཐུབ་དྲུག་ལྡན༔ གསུང་མཆོག་ཡི་གེ་དྲུག་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་ཐོགས་ལ། ཧྲཱིཿཧཱུྃ༔ རང་རིག་རང་གསལ་མེ་ལོང་གཟུགས་བརྙན་ལྟར༔ སྣང་སྲིད་འཁོར་འདས་ཆོས་ཀུན་སྒྱུ་མའི་གཟུགས༔ མ་བཅོས་ལྷུན་གྲུབ་ཀ་དག་རིན་པོ་ཆེ༔ མཉམ་ཉིད་བྱང་ཆུབ་སེམས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ཟས་སྐོམ་སྦྱིན་ཞིང་ལམ་བསྟན་པ་ནི། བཟའ་བཏུང་འདོད་ཡོན་ཅི་འབྱོར་བཤམས་པ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་བའི་འདོད་ཡོན་གྱི་ལོངས་སྤྱོད་བར་དོའི་འཁྲུལ་སྣང་གི་འདོད་སྲེད་འཇིགས་སྐྲག་ཞི་ཞིང་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པ་མི་འཛད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་བརླབ། ཡིག་དྲུག་མང་དུ་བཟླས་ལ། ཕུད་ཀྱིས་དཀོན་མཆོག་དང་ཆོས་སྐྱོང་མཆོད། བར་པ་ཚེ་འདས་འདོད་ཡོན་དུ་བསྔོ། ལྷག་མ་རིགས་དྲུག་བགེགས་རིགས་ལ་བྱིན་པར་མོས་ལ། ན་མོ༔ རྒྱལ་བ་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ལོངས་སྤྱོད་ཟད་པ་མེད་པར་ཤོག༔ རྩོད་པ་མེད་ཅིང་འཚེ་མེད་པར༔ རང་དབང་དུ་ཡང་སྤྱོད་པར་ཤོག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམ་བྷཱ་ར་སམ་བྷཱ་ར་ཧཱུྃ༔ བདུན་བརྗོད། ཧཱུྃ། ང་ནི་འཕགས་མཆོག་ཐུགས་རྗེའི་གཏེར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །ཡེ་ཤེས་ཆེན་པོའི་འཕྲོ་འདུ་ལས། །འདོད་པ་ཐམས་ཅད་ཚིམ་བྱེད་པ། །བཅུད་ཆེན་རོ་མཆོག་བརྒྱ་ལྡན་པའི། །བཟའ་དང་བཏུང་བའི་ཚོགས་རྣམས་དང་། །འདོད་དགུའི་འབྱོར་པ་རྒྱ་མཚོ་ཡིས། ཁྱོད་ཀྱི་རེ་བ་བསྐང་བར་བྱ། ཁྱད་པར་བརྩེ་གདུང་གཉེན་རྣམས་ཀྱིས། །གདུང་བའི་སྐད་ཀྱིས་ཁྱོད་བོས་ནས། །འདོད་ཡོན་བཟའ་བཅའ་བཏུང་བའི་ཚོགས། །ཏིང་འཛིན་སྔགས་རྒྱས་སྤར་ཏེ་བསྔོ། །དགའ་དང་སྤྲོ་བའི་སེམས་ཀྱིས་ནི། །ཞེན་པ་མེད་པར་ལོངས་སྤྱོད་ཅིག །བཀྲེས་སྐོམ་གདུང་བ་ཀུན་ཞི་ནས། །འདོད་ཡོན་དཔལ་ལ་སྤྱོད་པར་ཤོག །འཇིག་རྟེན་འདི་ནས་ཚེ་ལས་འདས་པ་འདི་ཉིད་ལ་སྦྱིན་ནོ༔ བསྔོའོ༔ མིག་གི་ཡུལ་དུ་གཟུགས་མཛེས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ༔ སྣའི་ཡུལ་དུ་དྲི་ཞིམ་པ༔ ལྕེའི་ཡུལ་དུ་རོ་བྲོ་བ༔ ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ༔ ཡིད་ཀྱི་ཡུལ་དུ་བདེ་བས་ཚིམ་པ༔ བར་དོར་ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གྱུར་ཅིག༔ ཅེས་འདོད་ཡོན་བསྔོས་ལ་ལམ་བསྟན་རྒྱས་བསྡུས་གཉིས་ལས། རྒྱས་པ་ལྕོགས་ན། འདི་ནས་ཤར་གྱི་ཕྱོགས་རོལ་ན༔ མངོན་པར་དགའ་བའི་ཞིང་མཆོག་ཡོད༔ ཐམས་ཅད་ས་ཡི་རང་བཞིན་ཏེ༔ ས་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་ས་ཡིན་ཏེ༔ ས་ཡི་སྙིང་པོ་སུཾ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེ་རུ་སྐྱེས་ནས་ཀྱང༔ སངས་རྒྱས་སྤྱན་དང་གཉིས་མེད་ཤོག༔ འདི་ནས་ལྷོ་ཡི་ཕྱོགས་རོལ་ན༔ དཔལ་དང་ལྡན་པའི་ཞིང་མཆོག་ཡོད༔ ཐམས་ཅད་ཆུ་ཡི་རང་བཞིན་ཏེ༔ ཆུ་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་ཆུ་ཡིན་ཏེ༔ ཆུ་ཡི་སྙིང་པོ་བཾ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ མཱ་མ་ཀཱི་དང་གཉིས་མེད་ཤོག༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་མཆོག་ཡོད༔ ཐམས་ཅད་མེ་ཡི་རང་བཞིན་ཏེ༔ མེ་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་མེ་ཡིན་ཏེ༔ མེ་ཡི་སྙིང་པོ་རཾ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ གོས་དཀར་མོ་དང་གཉིས་མེད་ཤོག༔ འདི་ནས་བྱང་གི་ཕྱོགས་རོལ་ན༔ ལས་རབ་རྫོགས་པའི་ཞིང་ཁམས་ཡོད༔ ཐམས་ཅད་རླུང་གི་རང་བཞིན་ཏེ༔ རླུང་ལ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་རླུང་ཡིན་ཏེ༔ རླུང་གི་སྙིང་པོ་ཡཾ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེ་རུ་སྐྱེས་གྱུར་ཏེ༔ དམ་ཚིག་སྒྲོལ་དང་གཉིས་མེད་ཤོག༔ འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ སྟུག་པོ་བཀོད་པའི་ཞིང་ཁམས་ཡོད༔ ཐམས་ཅད་ནམ་མཁའི་རང་བཞིན་ལ༔ ནམ་མཁའ་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་ནམ་མཁའ་ཏེ༔ ནམ་མཁའི་སྙིང་པོ་ཨེ་ཞེས་བྱ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེར་ནི་སྐྱེས་གྱུར་ཏེ༔ དབྱིངས་ཕྱུག་མ་དང་གཉིས་མེད་ཤོག༔ བསྡུས་པ་ནི། འདི་ནས་ཤར་གྱི་ཕྱོགས་རོལ་ན༔ རི་བོ་ཏ་ལའི་ཞིང་ཁམས་ཡོད༔ ཐམས་ཅད་འོད་ཀྱི་རང་བཞིན་ལ༔ འོད་དང་འོད་ཟེར་འགྱུར་བ་མེད༔ སེམས་ཅན་སྲོག་ནི་རླུང་སེམས་ཏེ༔ དེ་ཡི་སྙིང་པོ་ཡི་གེ་ཨ༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྤྱན་རས་གཟིགས་དང་དབྱེར་མེད་ཤོག༔ འདི་གཉིས་ཀ་འདོན་ཀྱང་ཆོག་ལ་བསྡུས་པ་ཁོ་ནས་ཀྱང་སྐབས་འདིར་འཐུས་སོ། །མར་མེ་བསྟན་ལ། མར་མེ་འདི་ཡང་ཕྱི་ལྟར་མར་མེའི་རྣམ་པ་ལ༔ ངོ་བོ་ཡེ་ཤེས་ལྔའི་རང་མདངས་ཤིན་ཏུ་འབར་བས་རང་སྣང་དག་པའི་ཞིང་ཁམས་ཁྲ་ལམ་གྱིས་གསལ་བར་མོས་ཤིག །ཧྲཱི༔ རང་བཞིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་རླུང་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱི་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག༔ ཐར་པའི་ཞིང་དུ་འགྲོ་བ་ལ༔ གལ་ཏེ་མུན་པ་འཐོམས་ན་ཡང༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་ཤེས་འཁྲུལ་ན་ཡང༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ཡང༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཤེས་ལྷ་དང་འཕྲད་པར་ཤོག༔ སྤྱན་རས་གཟིགས་དང་མཇལ་བར་ཤོག༔ ཚེ་འདས་ཕུང་པོ་ལྔ་པོ་འདི༔ རིགས་ལྔ་བཅོམ་ལྡན་ཐུབ་དྲུག་དང༔ མགོན་པོ་སྤྱན་རས་གཟིགས་ལ་འབུལ༔ ཡོན་འདི་བཞེས་ལ་ལམ་སྟོན་མཛོད༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁྱོད་སེམས་དུག་ལྔའི་དབང་སོང་ནས༔ སྔོན་ཆད་དུག་ལྔས་ཁྱོད་རེ་བསླུས༔ དུག་ལྔ་སྤོངས་ཤིག་རིགས་ཀྱི་བུ༔ ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཉོན་མོངས་འདོད་པས་ཀུན་ནས་བསླངས་ནས་སུ༔ ཟག་བཅས་འདོད་པའི་དགེ་བ་བཅུ་སྤྱད་ཀྱང༔ འདོད་ཁམས་གླིང་བཞིའི་མི་རུ་སྐྱེ་བ་ཙམ༔ དེ་ཡང་འཇིག་རྟེན་འཁོར་བའི་གནས་ཡིན་པས༔ འཁོར་བ་འདི་ནི་ཁབ་ཀྱི་རྩེ་ཙམ་ཡང༔ བདེ་བ་ནམ་ཡང་ཡོད་པ་མ་ཡིན་ཞིང༔ ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད༔ ཀྱེ་མ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ད་ནི་བར་དོ་འཇིགས་པའི་གནས༔ ལོག་པའི་སྣང་བ་མང་དུ་འཆར༔ ཡ་ངའི་འཕྲང་ལ་འགྲོ་ཙམ་ན༔ ཁྱོད་ཀྱི་ཕ་མ་ང་ཡིན་ཟེར༔ ཁྱོད་ཀྱི་གཉེན་བཤེས་ང་ཡིན་ཟེར༔ ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར༔ ཁྱོད་ཀྱི་བུ་ཚ་ང་ཡིན་ཟེར༔ འོ་དོད་ལྷང་ལྷང་འབོད་པ་ཡོད༔ དེ་ལ་སྐད་ལན་མ་བྱེད་ཅིག༔ དེ་ལ་ཕྱི་མིག་མ་བལྟ་ཞིག༔ དེ་འདྲའི་རིགས་ལ་མ་ཆགས་ཤིག༔ དེ་འདྲ་ལ་ནི་སེམས་ཆགས་ན༔ ཉོན་མོངས་འཁོར་བའི་གནས་སུ་འཁྱམས༔ སླར་ཡང་སྡུག་བསྔལ་བཟོད་མེད་མྱོང༔ སྤྱན་རས་གཟིགས་དབང་དྲན་པར་གྱིས༔ ཧྲཱི༔ ང་ནི་དཔའ་བོ་ཆེན་པོ་སྟེ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན༔ ཁྱོད་ཀྱི་སློབ་དཔོན་ང་ཡིན་པས༔ ཆོས་བཤད་དབང་བསྐུར་དྲན་པར་གྱིས༔ ལྷ་དང་སྙིང་པོ་དྲན་པར་གྱིས༔ མཐོ་རིས་ཐར་ལམ་བགྲོད་བྱའི་ཕྱིར༔ དྲན་པ་བརྟེན་པའི་དུས་ལ་བབ༔ གདམས་ངག་དྲན་པའི་དུས་ལ་བབ༔ བདུན་པ་གནས་སྤར་ཞིང་སྙིགས་མ་སྦྱོང་བ་ནི། མདའ་གཞུའི་ཕྱག་རྒྱས་དབྱིངས་སུ་འཕེན་པའི་ཚུལ་བྱས་ལ། ཧྲཱི༔ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་ཞིང་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ན༔ ཕོ་བྲང་རི་བོ་ཏ་ལ་ཞེས་བྱ་ཡོད༔ དེ་ན་འཕགས་པ་སྤྱན་རས་གཟིགས་དབང་ལ༔ བཅོམ་ལྡན་རིགས་ལྔ་ཐུབ་པ་དྲུག་གིས་བསྐོར༔ སྤྲུལ་པའི་སྐྱེས་མཆོག་གྲངས་ལས་འདས་པ་ཡོད༔ ཉོན་མོངས་སྡུག་བསྔལ་ཞེས་བྱའི་མིང་ཡང་མེད༔ ཡོན་ཏན་ཐམས་ཅད་ཤུགས་ལས་སྐྱེ་བའི་གནས༔ ཤར་ཕྱོགས་རི་བོ་ཏ་ལའི་ཞིང་དེ་རུ༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་འདས་ཀྱི་རྣམ་ཤེས་དེ་ཡི་གེ་ཨ་དཀར་པོ་དྲི་མ་མེད་པ་གཅིག་ཏུ་གྱུར་ཏེ༔ རྩལ་པོ་ཆེས་མདའ་འཕངས་པ་ལྟ་བུར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་གྱུར་ནས༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ བྱང་བུ་སྲེག་པ་ནི། མར་མེ་བསང་སྦྱང་། སྟོང་པའི་ངང་ལས་ཀོང་བུ་ཞི་བའི་ཐབ་ཁུང་མཚན་ཉིད་རྫོགས་པའི་ནང་དུ་མར་མེ་དམ་ཚིག་པའི་མེ་ལྷ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུར་གསལ། བཛྲ་ས་མཱ་ཛཿ ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར་པའི་སྐུ་ལས་ཡེ་ཤེས་ལྔའི་མེ་ལྕེ་འཕྲོས། ཚེ་འདས་ཀྱི་ཕུང་པོ་ལྔ་པོ་སྲེག་པར་གྱུར། ཧཱུྃ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཀུན་གཞིའི་རྣམ་ཤེས་ཐབ་ཁུང་དུ༔ གཟུགས་ཀྱི་ཕུང་པོའི་ཡམ་ཤིང་ལ༔ ཆོས་དབྱིངས་ཡེ་ཤེས་མེ་སྦར་བས༔ གཏི་མུག་རྒྱ་མཚོ་སྐེམ་པར་ཤོག༔ ཡན་ལག་རྣམ་ཤེས་ཐབ་ཁུང་དུ༔ ཚོར་བའི་ཕུང་པོའི་ཡམ་ཤིང་ལ༔ མཉམ་ཉིད་ཡེ་ཤེས་མེ་སྦར་བས༔ ང་རྒྱལ་རྒྱ་མཚོ་སྐེམ་པར་ཤོག༔ ཉོན་མོངས་རྣམ་ཤེས་ཐབ་ཁུང་དུ༔ འདུ་ཤེས་ཕུང་པོའི་ཡམ་ཤིང་ལ༔ སོར་རྟོག་ཡེ་ཤེས་མེ་སྦར་བས༔ འདོད་ཆགས་རྒྱ་མཚོ་སྐེམ་པར་ཤོག༔ སྒོ་ལྔའི་རྣམ་ཤེས་ཐབ་ཁུང་དུ༔ འདུ་བྱེད་ཕུང་པོའི་ཡམ་ཤིང་ལ༔ བྱ་གྲུབ་ཡེ་ཤེས་མེ་སྦར་བས༔ ཕྲག་དོག་རྒྱ་མཚོ་སྐེམ་པར་ཤོག༔ བདག་འཛིན་རྟོག་པའི་ཐབ་ཁུང་དུ༔ རྣམ་ཤེས་ཕུང་པོའི་ཡམ་ཤིང་ལ༔ མེ་ལོང་ཡེ་ཤེས་མེ་སྦར་བས༔ ཞེ་སྡང་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔ དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་ནས་ཀྱང༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཡིག་བརྒྱ་དང་ཀཾ་ཀ་ནི་བརྗོད་ལ་མིང་བྱང་བསྲེག །ཐལ་བས་སཱཙྪ་གདབ། ཐེག་པ་ཆེན་པོའི་བསྔོ་སྨོན་གྱིས་རྒྱས་བཏབ། ཚོགས་མཆོད་སོགས་རྗེས་ཀྱི་རིམ་པ་རྣམས་ལས་བྱང་ལྟར་བྱའོ། །འཕགས་མཆོག་ཚད་མེད་ཐུགས་རྗེའི་ཤུགས་ཆེན་པོས། །འཇིགས་པའི་དགྲ་བཞི་ཡ་ངའི་འཕྲང་གསུམ་ལས། །བདེ་བླག་སྒྲོལ་ནས་ཐར་མཆོག་ཉམས་དགའ་བའི། །གྲོང་ཁྱེར་ཆེན་པོར་འགྲོ་ཀུན་དབུགས་དབྱུང་ཤོག །ཅེས་བསླབ་གསུམ་ལྡན་པ་རྡོར་སློབ་བླ་མ་འགྱུར་མེད་དོན་གྲུབ་དབང་གི་རྒྱལ་པོས་མཎྜལ་བཅས་ཆེ་ཐང་དུ་བསྐུལ་པ་དང་། ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ལྷ་འདིའི་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། འཕགས་པའི་བཞུགས་གནས་རི་བོ་གླང་ཆེན་འགྱིང་འདྲའི་བསྟི་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །སྨེ་བརྩེགས་ཉམས་གྲིབ་ཀུན་སེལ་གྱི་དབང་སྒྲུབ་དང་དབང་ཆོག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ (Volume 47, Text 39)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །སྨེ་བརྩེགས་ཉམས་གྲིབ་ཀུན་སེལ་གྱི་དབང་སྒྲུབ་དང་དབང་ཆོག་ཟླ་ཤེལ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ཕྱག་རྒྱ་རིག་པ་ཟླ་བའི་ཆུས། །ཉམས་གྲིབ་དབྱིངས་སུ་དྭངས་མཛད་པ། །འཆོལ་བའི་ཁྲོ་རྒྱལ་ཟབ་གསང་བཅུད། །མོས་པའི་ཡོལ་གོར་འབེབས་ལ་འདུད། །སྙིགས་དུས་གསང་སྔགས་སྒོར་ཞུགས་ལ། །ཟབ་ཅིང་མེད་ཐབས་མ་མཆིས་པའི། །ལམ་འདིར་འཇུག་རྣམས་རྒྱུད་སྨིན་ཅིང་། །གཞན་ཕན་དགོས་འབྱུང་གཏེར་འདི་དབྱེ། །ཐུན་མོང་ཉམས་གྲིབ་ཀྱི་བར་ཆད་སེལ་བ་སྨེ་བ་བརྩེགས་པའི་དབང་གི་ཆོ་ག་ལ་གསུམ། སྦྱོར་བ་གཤོམ། དངོས་གཞི་སྒྲུབ་མཆོད། བྱིན་རླབས་དབང་བསྐུར་རོ། །སྟེགས་བུར་མཎྜལ་ལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཚོམ་བུ་ནག་པོ་གཅིག་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་ནག་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཞག །ཡོད་ན་བུམ་པའི་ནང་འདི་ཉིད་ནས་གསུངས་པའི་རྡོ་རྗེ་རིལ་བུའི་སྦྱོར་བ་སྒྲུབ་ཐེམས་ཅན་བླུགས་ན་ཤིན་ཏུ་ལེགས། རྒྱབ་ཏུ་དབང་གཏོར་དཔལ་བཤོས་རྒྱན་སྤྲོས་ཅན། གཡས་གཡོན་མདུན་དུ་སྐུ་ཙཀ །སྔགས་བྱང་སྔགས་ཕྲེང་། ཕྱག་མཚན་རྡོ་རྗེ་རྩེ་ལྔ་བཅས་བཞག །ཕྲིན་ལས་རྒྱས་པ་གཏང་ན་མདུན་དུ་སྨན་རག་གཏོར་གསུམ་ཡང་བཤམ། བསྡུས་པའི་སྐབས་འདིར་མི་དགོས། མཐར་ཕྱི་མཆོད་བསྐོར་བཤམ་བྱ། ལས་བུམ་སོགས་ཉེར་མཁོ་འདུ་བྱའོ། །གཉིས་པ་དངོས་གཞི་སྒྲུབ་མཆོད་ལ་གསུམ། བདག་བསྐྱེད། མདུན་བུམ། བདག་འཇུག་གོ །དང་པོ་ནི། སྒྲུབ་གནས་གསར་པ་དང་སྔོན་དུ་དབང་བསྐུར་སོགས་མ་བྱས་པ་ལ་དཀར་གཏོར་སྤྱི་ལྟར་གཏང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཁྲོ་རྒྱལ་སྨེ་བ་བརྩེགས་པ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བླ་མ་ཡི་དམ་ཁྲོ་བོའི་རྒྱལ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་བྱ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་སེམས་བསྐྱེད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཀྱིས་རྒྱུན་བཤགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་དག་པ་ལ༔ ཀུན་ཏུ་བཟང་པོ་རོལ་པའི་རྒྱན༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཨོཾ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ྅་ཧཾ༔ འཁོར་འདས་ཆོས་ཀུན་ཀ་དག་ངང༔ རིག་པའི་ཡེ་ཤེས་ཧཱུྃ་སྔོན་པོ༔ འགག་མེད་མཁའ་ལ་འཇའ་ལྟར་ཤར༔ ཟུང་འཇུག་ཐུགས་རྗེའི་ཆོ་འཕྲུལ་ལས༔ རྡོ་རྗེ་གསུམ་གྱི་ཡི་གེར་གྱུར༔ ཨོཾ་ལས་རྣམ་པར་སྣང་མཛད་ཀྱི༔ རང་བཞིན་གཞལ་མེད་ཁང་ཆེན་དབུས༔ ཨཱཿལས་སྣང་བ་མཐའ་ཡས་པའི༔ ཡེ་ཤེས་རིག་རྩལ་པད་ཉིའི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ མི་བསྐྱོད་ཁྲོ་རྒྱལ་སྨེ་བ་བརྩེགས༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཤུལ་ཁྲོས་པའི་གཟི་བྱིན་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་འཇིགས་པའི་ལྟ་སྟངས་ཅན༔ དབུ་སྐྲ་གྱེན་བརྫེས་རྡོ་རྗེའི་ཏོག༔ རྡོ་རྗེའི་ཐོད་རིམ་ཉིས་བརྩེགས་བཅིངས༔ དྲག་པོའི་སྡིགས་མཛུབ་ཐུགས་ཀར་བསྣོལ༔ རིན་ཆེན་སྦྲུལ་དང་དུར་ཁྲོད་ཆས༔ རྡོ་རྗེའི་ཕྲེང་བའི་དོ་ཤལ་འཕྱང༔ ཡེ་ཤེས་མེ་ཕུང་ཆེར་འཁྲུགས་ཀློང༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིང༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཁྲོ་བོའི་རྒྱལ༔ སྨེ་བ་བརྩེགས་པ་དབྱིངས་ནས་བཞེངས༔ མི་གཙང་ཉམས་གྲིབ་སྦྱོང་བའི་ཕྱིར༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨུ་ཙུཥྨ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ཨོཾ་བཛྲ་ཨརྒྷཾ་སོགས༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཁྲོ་བོའི་རྒྱལ་པོ་འཆོལ་བ་ཆེ༔ སངས་རྒྱས་ཀུན་གྱི་བྱིན་རླབས་བདག༔ ཉམས་གྲིབ་འཇོམས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་ནག༔ མཐའ་སྐོར་སྔགས་ཕྲེང་སྒྲར་བཅས་འཁོར༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས༔ གྲིབ་དང་མི་གཙང་ཀུན་བསྲེགས་བསམ༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ བསྙེན་སྔགས་ཅི་ནུས་མང་དུ་བཟླ། །སླར་ཡང་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་སྒྲིབ་སྦྱངས་རྩ་གསུམ་ལྷའི༔ བྱིན་རླབས་བསྡུས་ཏེ་རང་ལ་ཐིམ༔ ནུས་པ་མཆོག་ཏུ་སྐྱེད་པར་བསམ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུརྐི་བྷི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ སྒྲུབ་སྔགས་ཏེ་གོང་གི་སུམ་ཆ་བཟླ། མཐར། སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལས་སྦྱོར་ཏེ་སྒྲུབ་སྔགས་ལ་བཏགས་པ་དེའི་བཅུ་ཆ་བཟླའོ། །གཉིས་པ་མདུན་བུམ་ནི། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །རྒྱུ་ཡི་ཡི་གེ་ཧཱུྃ་སྔོན་པོ༔ འགག་མེད་མཁའ་ལ་སོགས་གོང་ལྟར་ཕྲིན་ལས་བཏང་ཞིང་། བསྙེན་སྒྲུབ་ལས་སྦྱོར་བཟླས་པ་ཅི་འགྲུབ་བྱ། ཁྱད་པར་རྣམ་བུམ་ལ་དམིགས་ཏེ། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ འཆོལ་བའི་ཁྲོ་རྒྱལ་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ལ་གཟུངས་ཐག་ནས་བཟུང་སྟེ་བསྙེན་པ་ཅི་རིགས་པ་བཟླས། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་འགྲོ་བྱ། མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བས་བུམ་པའི་ཆུ་བདུད་རྩིར་གྱུར། གསུམ་པ་བདག་འཇུག་ནི། སྤྲོ་ན་འོག་ནས་འབྱུང་བ་ལྟར་སློབ་མ་ལ་དབང་བསྐུར་བའི་ཆོ་ག་རྫོགས་པར་བདག་འཇུག་ཏུ་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་དབང་གི་ཆོ་ག་ནི། སློབ་མ་ལས་ཆུས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་ཕྲིན་ལས་འབྲིང་པོ་ལྟར་བགེགས་གཏོར་གཏང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་གསན་པར་བྱ་བའི་ཆོས་ནི་བཅོམ་ལྡན་འདས་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་སྨེ་བ་བརྩེགས་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་སྒྲུབ་པ་སྟེ། དེའང་ཁྲོ་བོའི་རྒྱལ་པོ་འདི་ནི་སྔོན་དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་ཏེ་དཔལ་ཆེན་པོ་ཧེ་རུ་ཀ་འབར་བ་ཆེན་པོའི་གར་གྱི་རོལ་པས་ཁྲག་འཐུང་གི་དཀྱིལ་འཁོར་མཐའ་ཡས་པ་སྤྲུལ་ནས། དུག་གསུམ་སྟོབས་སུ་གྱུར་པས་ཁམས་གསུམ་ལ་དབང་བྱེད་པའི་རུ་དྲའི་སྡེ་དཔོན་བཏུལ་པའི་ཚེ། མི་གཙང་བའི་འདམ་གྱིས་འཁོར་རྣམས་དྲན་པ་ཉམས་པ་ལ་ཁྲོ་བོའི་རྒྱལ་པོ་འདི་ཉིད་སྣམ་ནས་ཕྱུངས་ཏེ་འདམ་ཀུན་གསོལ་བས་ཐམས་ཅད་ཀྱིས་དྲན་པ་སླར་རྙེད་པ་དང་། དཔལ་ཆེན་པོས་རུ་དྲའི་ཆུང་མ་ཀྲོ་དྷཱི་ཤྭ་རཱི་མ་ལ་མ་ཆགས་ཐབས་ཀྱིས་སྦྱོར་བ་མཛད་པའི་སྲས་སུ་འདི་ཉིད་འཁྲུངས་པའི་ཚུལ་བསྟན་པ་དང་། གསང་བདག་ཕྱག་ན་རྡོ་རྗེ་ཨུ་མའི་ལྷུམས་སུ་ཞུགས་ནས་འཆོལ་བའི་ཁྲོ་རྒྱལ་འདི་ཉིད་དུ་འཁྲུངས་ཏེ་དབང་ཕྱུག་ཡབ་ཡུམ་གཉིས་ཇུར་མིད་དུ་མཛད་ནས་དམ་ལ་བཏགས་པ་སོགས། གླེང་གཞི་དང་འབྲེལ་བའི་རྒྱུད་དང་གདམས་ངག་གི་བཀའ་སྲོལ་སྔགས་གསར་རྙིང་གཉིས་ཀར་མཐའ་ཡས་པ་བྱོན་ཅིང་། ཟས་གོས་གནས་མལ་རོ་བག་སོགས་མི་གཙང་བའི་གྲིབ་རིགས་ཀྱི་གཉེན་པོར་འདི་ལས་ཟབ་པའི་ལྷ་སྔགས་མ་མཆིས་ཤིང་། ཁྱད་པར་སྙིགས་དུས་དགེ་འདུན་སྡེ་འཁྲུགས་བྱེད་པའི་ས་ཕྱོགས་སུ་སྲོག་ཆགས་འབུ་སྲིན་ཡན་ཆད་དེར་གནས་ཚད་ཀྱི་སེམས་ཅན་དམྱལ་བར་འགྲོ་བར་གསུངས་པས་མཚོན། ཉམས་གྲིབ་ཆེན་པོ་དང་རྡོ་རྗེ་ཐེག་པའི་དམ་ཚིག་ཉམས་ཆག་གི་གྲིབ་མ་རྣམས་སེལ་བ་ལ་མཆོག་ཏུ་བསྔགས་པ་ཡིན། དེ་ལྟ་བུའི་སྨིན་གྲོལ་ལས་ཁ་ཚར་དང་བཅས་པའི་གདམས་ངག་ཟབ་ཅིང་འདྲིལ་བ་འདི་ནི་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་འབྲིང་པོ་ས་བཅུའི་དབང་ཕྱུག་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ། རྩོད་པ་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་གླིང་པས་སྔོན་ཆད་ས་སྟེང་དུ་མ་གྲགས་པ་དང་། གྲགས་ཀྱང་ཚིག་དོན་གྱི་ཆ་ནས་ངོ་མཚར་དུ་མས་འཕགས་པའི་ཟབ་ཆོས་ཇི་སྙེད་ཅིག་སྤྱན་དྲངས་པའི་ནང་ནས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུའི་ཆོས་སྡེ། མདོ་ཁམས་ཤར་ཕྱོགས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དབང་གི་གནས་ཆེན་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་གྲགས་པ་ལས། ཐུན་མོང་ཉམས་གྲིབ་ཀྱི་བར་ཆད་སེལ་བ་འཆོལ་བའི་ཁྲོ་རྒྱལ་སྨེ་བརྩེགས་ཉམས་གྲིབ་ཀུན་སེལ་ཞེས་བྱ་བ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཕྱག་རྒྱ་བུམ་པའི་ཆོ་འཕྲུལ་ལས་རང་ཤར་བའི་ཚུལ་གྱིས་བྱུང་བ་སྟེ། གཞུང་རྩ་བ་ལས། ཨེ་མ་ཧོ༔ ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས༔ མི་གཙང་ཉམས་གྲིབ་དག་ལ་འཛེམ༔ གལ་ཏེ་གྲིབ་ཀྱིས་ཕོག་གྱུར་ན༔ བདག་ཉིད་པདྨ་ཐོད་ཕྲེང་གི༔ ཕྱག་གཡོན་བུམ་པའི་ཆོ་འཕྲུལ་ལས༔ ཕྱག་རྒྱ་རྟགས་ཀྱི་སྐུར་སྣང་བ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ སྨེ་བ་བརྩེགས་པ་བསྒོམ་པར་བྱ༔ ཞེས་དང་། འདི་ནི་ཞི་བྱེད་ཀུན་གྱི་མཆོག༔ ངོ་མཚར་གདམས་པའི་སྙིང་པོ་སྟེ༔ དཀོན་མོད་འཇིག་རྟེན་ཉུལ་དང་གསལ༔ བྱིན་རླབས་ཉམས་སུ་བླངས་པས་ཤེས༔ ཕྲིན་ལས་ཏིང་འཛིན་ལྡན་པས་འགྲུབ༔ བདག་ཉིད་པདྨའི་ཐུགས་ཏིག་སྟེ༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ ཉམས་གྲིབ་མི་གཙང་སྦྱོང་བ་དང༔ མ་འོངས་ཆོས་བདག་སྐྱེས་མཆོག་གི༔ མཁོན་གྲིབ་བར་ཆད་སེལ་བ་དང༔ བོད་ཁམས་སྣོད་བཅུད་ཐམས་ཅད་ཀུན༔ དགེ་ཞིང་ཤིས་པར་བྱ་བའི་ཕྱིར༔ འོད་གསལ་དབྱིངས་ཀྱི་ཀློང་ནས་བཤད༔ ཅེས་རྡོ་རྗེའི་གསུང་གིས་ལན་གཅིག་མ་ཡིན་པར་བསྔགས་པ་ལྟར་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཆོས་སྐོར་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་མཐའ་རྒྱས་སུ་བཞུགས་པ་ལས། འདིར་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལའང་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ཐོག་མར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་ཁྲོ་རྒྱལ་སྨེ་བ་བརྩེགས་པ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཐུགས་རྗེའི་མངའ་བདག་སློབ་དཔོན་གྱིས༔ བདག་ཅག་ཉམས་གྲིབ་སྦྱོང་བ་དང༔ ཡེ་ཤེས་དངོས་གྲུབ་འཐོབ་བྱའི་ཕྱིར༔ ཁྲོ་རྒྱལ་ཆེན་པོའི་དབང་བསྐུར་སྩོལ༔ ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་ཁྲོ་རྒྱལ་སྨེ་བ་བརྩེགས་པ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་ལན་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མ་གྱུར་སེམས་ཅན་སོགས་ལན་གསུམ། ཚོགས་གསག་པའི་སླད་དུ། ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་པ་དང་། དབང་བསྐུར་བ་དངོས་གཉིས་ལས། དང་པོ་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་། ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཁྲུས་བྱས་ཤིང་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ ཆོས་ཉིད་མཐུ་ལས་བྱུང་བ་ཡི༔ བཀྲ་ཤིས་བུམ་པའི་གཞལ་ཡས་སུ༔ རྒྱལ་བ་ཀུན་གྱི་ཐུགས་རྗེས་སྤྲུལ༔ ཡེ་ཤེས་སྨེ་བ་བརྩེགས་པ་ཤར༔ བྱང་ཆུབ་སེམས་སུ་ཞུ་བའི་བཅུད༔ དབྱིངས་ཡེ་ཟུང་འཇུག་བདུད་རྩིའི་ཆུས༔ སྐལ་ལྡན་རྣམས་ལ་ཁྲུས་བགྱིས་པས༔ མཉམ་དང་མི་མཉམ་རྣམ་རྟོག་བཀྲུས༔ མ་རིག་དྲི་མ་རབ་སྦྱངས་ནས༔ དག་པ་ཡེ་ཤེས་སྐུ་འགྲུབ་ཤོག༔ རྩ་སྔགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཞེས་བུམ་པ་མགོར་འཇོག །བུམ་ཆུས་བཀྲུ་ཞིང་འཐོར་འཐུང་བྱར་གཞུག །དེ་ལྟར་འཆོལ་བའི་ཁྲོ་རྒྱལ་ཆེན་པོ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་རྡོ་རྗེ་བདུད་རྩིའི་རྒྱུན་གྱིས་ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང་། གྲིབ་དང་མི་གཙང་བ་ཐམས་ཅད་བྱང་། བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྐྱེན་གྱིས་སྐད་ཅིག་གིས་ཁྱེད་རང་རྣམས་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་དྲག་ཤུལ་ཁྲོས་པའི་གཟི་བྱིན་རབ་ཏུ་འབར་བ། སྤྱན་གསུམ་འཇིགས་པའི་ལྟ་སྟངས་ཀྱིས་གཟིགས་ཤིང་། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ། དབུ་སྐྲ་གྱེན་བརྫེས་རྡོ་རྗེའི་ཏོག་གིས་མཚན་ཅིང་རྡོ་རྗེའི་ཐོད་རིམ་གཉིས་བརྩེགས་སུ་བཅིངས་པ། ཕྱག་གཉིས་སྡིགས་མཛུབ་ཐུགས་ཀར་བསྣོལ་ཞིང་སྦྲུལ་དང་རིན་པོ་ཆེ་དུར་ཁྲོད་ཆས་ཀྱིས་བརྒྱན་པ། རྡོ་རྗེའི་ཕྲེང་བའི་དོ་ཤལ་འཕྱངས་ཤིང་ཞབས་བརྐྱང་བསྐུམ་འདོར་ཐབས་ཀྱིས་ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་ཀློང་ན་འགྱིང་བ། གར་གྱི་ཉམས་དགུ་རྫོགས་པའི་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་སྣང་སྟོང་སྒྱུ་མའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། དབང་བསྐུར་བ་དངོས་ལ། སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་བརྟན་བྱེད་དང་བཅས་པ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཁྲོ་བོའི་དབང་པོའི་སྨིན་མཚམས་ནས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་དམ་ཚིག་པར་གསལ་བ་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ༔ རྒྱལ་བ་ཀུན་གྱི་ཕྱག་རྒྱ་འདིས༔ སྣང་སྟོང་སྐུ་ཡི་དབང་བསྐུར་རོ༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་ཞིང་དབང་བསྐུར་བའི་སླད་དུ་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཁྲོ་བོའི་རྒྱལ་པོའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་ཧཱུྃ་མཐིང་ནག་གི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རྣམས་རྗེས་ཟློས་གསུམ་རེ་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། སྔགས་བྱང་སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་ཏུ་བསྡུས་པའི་ཡེ་ཤེས་གསུང༔ རྒྱལ་བ་ཀུན་གྱི་གསང་བ་འདིས༔ གྲགས་སྟོང་གསུང་གི་དབང་བསྐུར་རོ༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། ངག་གི་དྲི་མ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཁྲོ་རྒྱལ་ཆེན་པོའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་མཐིང་ནག་རྩེ་ལྔ་པ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་མཛོད། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས༔ གཅིག་ཏུ་བསྡུས་པའི་ཡེ་ཤེས་ཐུགས༔ རྒྱལ་བ་ཀུན་གྱི་དགོངས་པ་འདིས༔ རིག་སྟོང་ཐུགས་ཀྱི་དབང་བསྐུར་རོ༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་བརྟན་པར་བྱ་བའི་སླད་དུ། གཏོར་མ་འཆོལ་བའི་ཁྲོ་ཆེན་སྨེ་བར་བརྩེགས་པར་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། དཔལ་གཏོར་མགོར་བཞག་ལ། ཧཱུྃ་ཧྲཱི༔ བདེ་གཤེགས་ཀུན་ཀྱི་སྐུ་གསུང་ཐུགས༔ གཅིག་ཏུ་བསྡུས་པའི་གསང་བ་གསུམ༔ སྨེ་བ་བརྩེགས་པར་གཉིས་སུ་མེད༔ དམ་གྲིབ་ཉམས་པའི་ཚོགས་འཇོམས་ཤིང༔ འོད་གསལ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་དང༔ དབྱེར་མེད་ཕྲིན་ལས་ཡོངས་རྫོགས་ཤོག༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་མེར་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྐུ་གསུང་ཐུགས་བྱང་ཆུབ་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས་ཡོན་ཏན་དང་ཕྲིན་ལས་རྒྱ་མཚོར་དབང་འབྱོར་པ་ལ། སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར། རོལ་མོ་བསྒྲག །དེས་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་དབང་བསྐུར་ལེགས་པར་གྲུབ་པ་སྟེ། ཕན་ཡོན་ཡང་གཞུང་ལས། དབང་འདི་གང་གིས་ཐོབ་ཙམ་གྱིས༔ ཉམས་གྲིབ་མི་གཙང་གདུང་བ་ཀུན༔ ཉི་མ་ཤར་བས་མུན་སངས་ལྟར༔ སྐད་ཅིག་ཉིད་ལ་ཞི་བར་འགྱུར༔ ཅེས་བསྔགས་པ་དོན་དང་ལྡན་པ་ལགས་པས་སྤྲོ་བ་སྐྱེད་ལ་འདི་ཉིད་ཡི་དམ་དུ་གཟུང་བ་དང་། དམ་ཚིག་སྤྱི་དང་བྱེ་བྲག་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་ཉིད་ཁྲོ་རྒྱལ་སྨེ་བ་བརྩེགས་པར་གསལ་བའང་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་ཐིམ་པར་མོས་ཏེ་ཅུང་ཟད་མཉམ་པར་འཇོག །སླར་ཡང་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོའི་སྐུར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱས་པས་འགྲུབ་བོ། ཁྲོ་རྒྱལ་བྱིན་རླབས་བསྐལ་པའི་མེས། །བདག་གཞན་ཉམས་གྲིབ་ཚང་ཚིང་བསྲེགས། །བདེ་ཆེན་རྡོ་རྗེའི་རོལ་གར་གྱིས། །ཀུན་བཟང་རྒྱལ་སྲིད་དབང་འབྱོར་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་བཀས་བསྐུལ་བ་དང་། ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་འདིའི་བདག་པོར་དབུགས་དབྱུང་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ལྷན་སྐྱེས་མཁའ་འགྲོའི་རྟེན་གནས་བྷ་ཏྲའི་ལྗོན་ཤིང་གིས་སྤྲས་པའི་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་བརྒྱུད་པའི་གསོལ་འདེབས་སྒྱུ་འཕྲུལ་རོལ་མོ་ (Volume 10, Text 39)
འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་བརྒྱུད་པའི་གསོལ་འདེབས་སྒྱུ་འཕྲུལ་རོལ་མོ་བཞུགས་སོ། །སྣང་བ་མཐའ་ཡས་རང་བྱུང་གདོད་མའི་མགོན། །འཇིག་རྟེན་དབང་ཕྱུག་ཀུན་ཁྱབ་སྙིང་རྗེའི་གཏེར། །མཚོ་སྐྱེས་རྡོ་རྗེ་འཆི་མེད་ཡེ་ཤེས་སྐུ །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མངའ་བདག་ཡབ་སྲས་བོད་ཁམས་སྐྱོབ་པའི་རྗེ། །བཻ་རོ་ཙ་ན་བསྟན་པ་གསལ་བའི་འབངས། །མཁར་ཆེན་མཚོ་རྒྱལ་གསང་བ་འཛིན་པའི་གྲོགས། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །འོྃད་གསྃལ་ལུས་ཅན་དྲི་མེད་བཤེས་གཉེན་གྱི། །ཡེ་ཤེས་དབྱིངས་ལས་སྤྲུལྃ་པྃའི་རྡོྃ་རྗེྃའི་གར། །མཆོག་གི་རིག་འཛིན་ཁྱབ་བདག་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །པདྨའི་ཞལ་ཚབ་པདྨ་གར་གྱི་དབང་། །རྩོད་བྲལ་གཏེར་ཆེན་མཆོག་གྱུར་གླིང་པ་སོགས། །བཀའ་བབས་ལས་ལྡན་སྙིང་གི་བུ་རྣམས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །མཚོ་སྐྱེས་རྡོ་རྗེ་ཛྙཱ་ན་དྷཱ་ཀི་མ། །རིགས་ཀྱི་བདག་པོ་དབང་ཆེན་ཡབ་དང་ཡུམ། །སྤྱན་རས་གཟིགས་དབང་རྩ་གསུམ་དམ་ཅན་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །སྣང་སྲིད་གཞིར་བཞེངས་བསྐྱེད་པའི་རིམ་པ་ཡིས། །བུམ་དབང་བསྙེན་པའི་རྣལ་འབྱོར་ལྷུན་གྱིས་གྲུབ། །སྲོག་ཐུར་དབུ་མར་ཞུགས་པའི་འབར་འཛག་གིས། །གསང་དབང་ཉེ་བསྙེན་མཐའ་རུ་ཕྱིན་པར་ཤོག །རང་སྣང་ཡེ་རྒྱ་ལས་སྐྱེས་དགའ་བཞི་ཡིས། །ཤེར་དབང་སྒྲུབ་པའི་གསེང་ལམ་བདེ་བླག་བགྲོད། །ཀ་དག་ལྷུན་གྲུབ་ཟད་སར་འཁྱོལ་བ་ཡིས། །ཚིག་དབང་སྒྲུབ་པ་ཆེན་པོའི་འབྲས་ཐོབ་ཤོག །མོས་གུས་སྟོབས་ཀྱིས་ལུས་སེམས་འཆིང་བ་གྲོལ། །རང་རིག་མཚོ་སྐྱེས་བླ་མའི་ཞལ་མཇལ་ཏེ། །ནམ་མཁའ་མཉམ་པའི་འགྲོ་བ་མ་ལུས་པ། །བདེ་ཆེན་རྡོ་རྗེའི་ས་ལ་འགོད་པར་ཤོག །ཅེས་པའང་ཟབ་གསང་བདུད་རྩིའི་སྐལ་པ་དགེ་བ་ཅན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་སྤྲེལ་ལོ་སྤྲེལ་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།
རིག་འཛིན་རོལ་པའི་རྡོ་རྗེའི་དག་སྣང་སྲིན་ཡུལ་མ་དང་དེའི་སྨིན་བྱེད་ཀྱི་ལག་ལེན་བཅས་ (Volume 9, Text 39)
༄༅། །རིག་འཛིན་རོལ་པའི་རྡོ་རྗེའི་དག་སྣང་སྲིན་ཡུལ་མ་དང་དེའི་སྨིན་བྱེད་ཀྱི་ལག་ལེན་བཅས་བཞུགས་སོ། ། བླ་མ་ཨོ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཆུ་ཕོ་རྟའི་ལོ་དབྱར་འབྲིང་པོའི་ཚེས་བརྒྱད་ཀྱི་ནུབ་མོ༔ ཁོ་བོ་རོལ་པའི་རྡོ་རྗེའི་སྣང་བ་འཁྲུལ་པའི་རྨི་ལམ་དུ༔ ཡུལ་གྱི་ལྷ་སྲིན་འབྱུང་པོ་མི་མ་ཡིན་ཐམས་ཅད་ཀྱིས་དམག་བསྡུས་ནས༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པའི་དུས་སུ༔ སློབ་དཔོན་པདྨ་འབྱུང་གནས་ལ་གསོལ་བ་བཏབ་པས༔ ལྷོ་ནུབ་ནས་འཇའ་དཀར་པོ་ཤར་བའི་འོད་ལམ་ནས༔ མཁའ་འགྲོ་མ་དཀར་མོ་དབུ་སྐྲའི་ཐོར་ཚུགས་ཅན་གཅིག་བྱུང་ནས༔ བདག་མི་ལྤགས་གཡང་གཞིའི་ནང་དུ་བཏེགས་ནས་ནམ་མཁའ་ལ་བྱོན་ནས༔ ལྷོ་ནུབ་ཡུལ་དུ་ཕྱིན་ཙམ་ན༔ རི་ཐམས་ཅད་ལ་མེ་འབར་ནས་རླུང་འཚུབས་པ༔ ཡ་ང་བ་སྐྱི་བུང་བ་འུར་སྒྲ་ཀུ་སྒྲ་ཆོམ་སྒྲས་གང་ཞིང༔ ཡུལ་ཕྱོགས་རྩི་ཤིང་ནགས་ཚལ་ཐམས་ཅད་མཚོན་ཆའི་དབྱིབས་སུ་དོད་པ༔ ཆུ་ཐམས་ཅད་རྦ་རླབས་འཕྱོ་ཤིང་འཇིགས་སུ་རུང་བ༔ གྲོང་ཁྱེར་གྱི་ར་བ་དང་ཁང་པ་ཐམས་ཅད་མིའི་རྩིབས་མ་དང་ཐོད་པ་སྐམ་རློན་གྱི་རྩིག་པ་དང༔ ཁྲག་གི་ཞམ་ཆུ་བབ་པ༔ དེ་ལྟ་བུའི་དབུས་སུ་རི་རབ་ལྷུན་པོ་བརྗིད་ཅིང་སྨུག་ནག་ཙིཏྟའི་དབྱིབས་ལ་ཟུར་བཞི་དོད་པ༔ ཤར་ཕྱོགས་སུ་ཞིང་ཁམས་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ དབུས་སུ་འཇའ་ཚོན་སྣ་ཚོགས་སྣ་ལྔའི་གཞལ་ཡས་ཁང་པ་འོད་དང་འོད་ཟེར་འབར་བ༔ དེའི་ཕྱི་རོལ་དུ་རྒྱ་མཚོ་ཆེན་པོ་ལ་མེ་ཏོག་བཀྲམ་པས་བསྐོར་བ༔ ཕྱི་རིམ་མཚོན་ཆའི་ར་བས་བསྐོར་བ༔ ཡུལ་ཕྱོགས་དེའི་སྒོ་རྣམས་སུ་མིའི་ལུས་ལ་རའི་མགོ་ཅན་གྲངས་མེད་པ་རྒྱུག་པ་ཞིག་མཐོང༔ དེ་ནས་བདག་མཁའ་འགྲོ་མ་དེ་དང་འགྲོགས་ཏེ་རི་རབ་དེའི་མདུན་ནས་རི་དེ་ལ་གཡས་སྐོར་དུ་བསྐོར་ཏེ་ཤར་སྒོར་སླེབས་ནས་ཡུད་ཙམ་ཞིག་བསྡད་པས་མཁའ་འགྲོ་མ་དེ་ལ་བདག་གིས་ཞུས་པ༔ ཀྱཻ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ ཡུལ་འདི་དང་རི་འདི་རྣམས་གང་ལགས་ཅི་ལྟར་ཡིན་ཞུས་པས༔ མཁའ་འགྲོ་མ་དེས་གསུངས་པ༔ ཨེ་མ་ཧོ༔ ཉོན་ཅིག་ལྟོས་ཤིག་སྐལ་ལྡན་པ༔ འཇིགས་ཤིང་ཡ་ང་སྐྱི་ཟིང་བ༔ མི་རྣམས་འཇིགས་པའི་ཀུ་ཅོ་སྒྲོག༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ཡིན༔ དབུས་ཀྱི་རི་རབ་ལྷུན་པོ་ནི༔ ཟངས་མདོག་དཔལ་གྱི་རི་བོ་ཡིན༔ སྨུག་ནག་མདོག་ཏུ་འདུག་པ་འདི༔ མ་ཏྲཾ་རུ་དྲའི་ཙིཏྟ་ཡིན༔ སྙིང་གི་དབྱིབས་སུ་འདུག་པ་ནི༔ རྟེན་འབྲེལ་ཁྱད་པར་འཕགས་པ་ཡིན༔ དེ་ལ་ཟུར་བཞི་གྲུབ་པ་འདི༔ ཕྲིན་ལས་རྣམ་བཞི་འགྲུབ་པ་ཡིན༔ རྩེ་མོ་འོད་ལྔའི་གཞལ་ཡས་ཁང༔ པདྨ་འོད་ཀྱི་གཞལ་ཡས་ཡིན༔ ཤར་ཕྱོགས་ཞིང་ཁམས་དཀར་པོ་ལ༔ མེ་ཏོག་བཀྲ་ཞིང་འཇའ་ཚོན་ཤར༔ ས་གཞི་མིག་མང་རིས་སུ་བྲིས༔ ལྷུན་གྲུབ་འཁྱིལ་པའི་ཞིང་ཁམས་ཡིན༔ ཤེལ་དང་དུང་གི་ཁང་བཟང་ལ༔ རིན་ཆེན་སྣ་ཚོགས་ཆ་ག་བཏབ༔ དགའ་བ་འཁྱིལ་བའི་ཞིང་ཁམས་ཡིན༔ ལྷོ་ཕྱོགས་ཞིང་ཁམས་སེར་པོ་ལ༔ གསེར་གྱི་ས་གཞི་སེར་པོ་ལ༔ རིན་ཆེན་སྣ་ཚོགས་ཤིང་ལོ་རྒྱས༔ འདོད་ཡོན་ལོངས་སྤྱོད་ཆར་ལྟར་འབེབ༔ གསེར་གྱི་ཁང་བཟང་འོད་དུ་འབར༔ ལྷུན་གྲུབ་འཁྱིལ་བའི་ཞིང་ཁམས་ཡིན༔ ནུབ་ཕྱོགས་ཞིང་ཁམས་དམར་པོ་ལ༔ ས་གཞི་བྱེ་རུའི་མིག་མང་རིས༔ རྔ་གླིང་རོལ་མོ་སྣ་ཚོགས་སྒྲོག༔ ལྷབ་ལྷུབ་དར་གྱི་ཡོལ་བ་བྲེས༔ བྱེ་རུའི་ཁང་བཟང་འོད་དུ་འབར༔ པདྨ་འཁྱིལ་བའི་ཞིང་ཁམས་ཡིན༔ བྱང་ཕྱོགས་ཞིང་ཁམས་ལྗང་གུ་ལ༔ མེ་རླུང་འབར་ཞིང་ཀེང་རུས་འཁྲོལ༔ ས་གཞི་ཨིནྡྲ་ནཱི་ལའི་མདོག༔ གར་དང་གླུ་དབྱངས་སྣ་ཚོགས་བྱེད༔ འཇའ་འོད་སྣ་ཚོགས་གུར་ཁང་འཁྲིགས༔ བདེ་ཆེན་འཁྱིལ་བའི་ཞིང་ཁམས་ཡིན༔ མཚོན་དང་རལ་གྲིའི་གུར་ཁང་འདི༔ གདོན་བགེགས་ལོག་འདྲེན་འདུལ་བ་ཡིན༔ པདྨ་འོད་འཁྱིལ་གཞལ་ཡས་ཁང༔ པདྨ་འབྱུང་གནས་འཁོར་བཅས་བཞུགས༔ དགའ་བ་འཁྱིལ་པའི་ཞིང་ཁམས་སུ༔ རྡོ་རྗེ་ཐོད་ཕྲེང་འཁོར་བཅས་བཞུགས༔ ལྷུན་གྲུབ་འཁྱིལ་པའི་ཞིང་ཁམས་སུ༔ རཏྣ་ཐོད་ཕྲེང་འཁོར་བཅས་བཞུགས༔ པདྨ་འཁྱིལ་པའི་ཞིང་ཁམས་སུ༔ པདྨ་ཐོད་ཕྲེང་འཁོར་བཅས་བཞུགས༔ བདེ་ཆེན་འཁྱིལ་པའི་ཞིང་ཁམས་སུ༔ ཀརྨ་ཐོད་ཕྲེང་འཁོར་བཅས་བཞུགས༔ ལྷ་དང་ལྷ་མོ་སྤྲིན་ལྟར་འཁྲིགས༔ ད་ནི་དཀྱིལ་འཁོར་ཤར་སྒོར་ཞུགས༔ སྨིན་ཅིང་གྲོལ་བའི་ཆོས་ཞུས་ཤིག༔ ཅེས་གསུངས་ནས་དཀྱིལ་འཁོར་ཤར་སྒོར་འགྲོ་སྙམ་མ་ཐག་ཏུ་མཁའ་འགྲོ་མ་དཀར་སེར་དམར་ལྗང་མཐིང་ག་དཔག་ཏུ་མེད་པ་རྣམས་ཀྱིས་རྡོ་རྗེ་དང་ཐོད་པ་སྐམ་རློན་གྱི་ཆར་ཕབ་ནས་འགྲོར་མ་སྟེར་ནས༔ མཁའ་འགྲོ་མ་གྲོགས་མོ་དེ་ལ་སྐྱབས་ཞུས་པས༔ མཁའ་འགྲོ་མ་དེས་གསུངས་པ༔ ཀྱེ་མ་ཁྱེད་ཅག་འཇིག་རྟེན་མི༔ དུག་ལྔའི་ཕུང་པོ་བདག་ཏུ་བཟུང༔ ཤ་ཁྲག་མི་རུང་ཁ་ཟས་ཟ༔ སྲོག་བཅད་སྡིག་པའི་ན་བུན་འཁྲིགས༔ མི་ཞིམ་དྲི་མ་སྣ་ཚོགས་མནམ༔ སྒོ་སྲུང་མཁའ་འགྲོས་འགྲོ་མི་སྟེར༔ ད་ནི་ཁྲུས་ཆབ་གསོལ་བར་བྱ༔ ཞེས་གསུངས་ནས་ཤེལ་གྱི་བུམ་པས་ཁྲུས་མཛད་པས་སྒོ་སྲུང་མཁའ་འགྲོ་མ་རྣམས་རང་རང་གི་ཞིང་དུ་བྱོན་ནས༔ བདག་མཁའ་འགྲོ་མ་དེ་དང་འགྲོགས་ཏེ་དཀྱིལ་འཁོར་ཤར་སྒོར་ཕྱིན་པ་དང༔ འཇའ་འོད་ཁང་པ་ཕྱི་ནང་སྒྲིབ་མེད་དུ་གསལ་བ༔ དཀྱིལ་འཁོར་དབུས་སུ་པདྨ་གེ་སར་གྱི་གདན་ལ༔ སྔར་གྱི་མཇལ་མྱོང་བའི་པདྨ་ཐོད་ཕྲེང་བཞུགས༔ པད་འདབ་རྣམས་སུ་པདྨ་འབྱུང་གནས་སྤྲུལ་པའི་སྐུ་རེ་རེ་བཞུགས༔ མཁའ་འགྲོ་མ་དེ་ཡང་བླ་མའི་མདུན་དུ་པུས་བཙུག་ཐལ་མོ་སྦྱར་ནས་བདག་ལ་གསུངས་པ༔ རིགས་ཀྱི་བུ་དད་པ་དང་མོས་འདུན་དྲག་པོ་གྱིས་ལ༔ གསོལ་བ་འདེབས་པའི་ལད་མོ་གྱིས་ཤིག༔ ཨེ་མ་ཧོ༔ ཕྱོགས་བཅུའི་སངས་རྒྱས་འདུས་པའི་སྐུ༔ བླ་མ་ཆེན་པོས་རྗེས་བཟུང་ནས༔ བདག་ཅག་སྨིན་ཅིང་གྲོལ་བྱའི་ཕྱིར༔ དབང་བཞིའི་ཆུ་བོ་དབབ་ཏུ་གསོལ༔ ཧོ༔ པདྨ་འབྱུང་གནས་ཧེ་རུ་ཀར༔ ཕྱག་འཚལ་མཆོད་འབུལ་ཉེས་སྒྲིབ་བཤགས༔ ཡི་རང་ཆོས་འཁོར་བསྐོར་བར་བསྐུལ༔ གསོལ་འདེབས་དགེ་བས་སངས་རྒྱས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཕུང་ཁམས་སྐྱེ་མཆེད་སྟོང་པ་ལས༔ རིག་འཛིན་པདྨ་འབྱུང་གནས་སྐུ༔ སྨུག་ནག་རྡོ་རྗེ་ཐོད་ཕྲེང་རྩལ༔ རྡོ་རྗེ་སྐྱིལ་ཀྲུང་ལྷམ་མེར་བཞུགས༔ ཨོཾ་ཨཱཿཧཱུྃ༔ པད་འབྱུང་གནས་གསུམ་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ མཚོ་ལ་ཆར་པ་བབ་པ་ལྟར༔ སྤྱི་བོའི་གཙུག་ནས་སིབ་སིབ་ཐིམ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ༔ རྔ་ཡབ་གླིང་དང་ཕྱོགས་བཅུ་ནས༔ པད་འབྱུང་རྒྱལ་བ་ཞི་ཁྲོའི་ལྷ༔ སྐད་ཅིག་ཉིད་ལ་གཤེགས་གྱུར་ནས༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ དེ་ནས་མཁའ་འགྲོ་མ་དེས་བུམ་པ་ཐོགས་ནས༔ ཨོཾ་ཨཱཿཧཱུྃ༔ པད་འབྱུང་སྤྱི་བོའི་དུང་ཁང་ནས༔ ཡི་གེ་ཨོཾ་དང་འོད་དཀར་འཕྲོས༔ དཔྲལ་བར་ཐིམ་པས་བུམ་དབང་ཐོབ༔ ལུས་སྒྲིབ་དག་ནས་སྤྲུལ་སྐུར་གྲོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མེ་ཏོག་ཕྲེང་བ་ཐོགས་ནས༔ ཨོཾ་ཨཱཿཧཱུྃ༔ པད་འབྱུང་མགྲིན་པའི་ལྗགས་སྟེང་ནས༔ ཡི་གེ་ཨཱཿདང་འོད་དམར་འཕྲོས༔ ལྕེ་ལ་ཐིམ་པས་གསང་དབང་ཐོབ༔ ངག་སྒྲིབ་དག་ནས་ལོངས་སྐུར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་ཐོགས་ནས༔ ཨོཾ་ཨཱཿཧཱུྃ༔ པད་འབྱུང་ཐུགས་ཀའི་ཧྲཱིཿཡིག་ལས༔ ཡི་གེ་ཧཱུྃ་དང་འོད་སྔོན་འཕྲོས༔ སྙིང་གར་ཐིམ་པས་ཤེས་རབ་ཐོབ༔ སེམས་སྒྲིབ་དག་ནས་ཆོས་སྐུར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ༔ ཨོཾ་ཨཱཿཧཱུྃ༔ པད་འབྱུང་གནས་ལྔའི་འོད་ཟེར་ལྔ༔ ཐུགས་སྲོག་ཧྲཱིཿཡིག་རྣམ་པ་ལྔ༔ གནས་ལྔར་ཐིམ་པས་དབང་བཞི་ཐོབ༔ སྒྲིབ་ཀུན་དག་ནས་ངོ་བོ་ཉིད༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་གཙོ་བོའི་ཞལ་ནས༔ ཨེ་ཨེ་ཨེ༔ བདེ་སྡུག་སྣ་ཚོགས་ཀུན་ཁྱབ་ཆེ༔ སེམས་ལས་བྱུང་སྟེ་མཚན་མ་བྲལ༔ ངོ་བོ་སྟོང་ཉིད་རང་བཞིན་གསལ༔ སྐྱེ་འགག་གཉིས་མེད་རོལ་པ་ལས༔ མ་བཅོས་སྤྲོས་བྲལ་གཉུག་མའི་ངང༔ དྲི་མེད་རྡོ་རྗེ་ནམ་མཁའི་དཀྱིལ༔ བརྗོད་མེད་འཛིན་མེད་ཟང་ཐལ་གསལ༔ ཨ་ཨ་ཨ༔ རང་སེམས་སྟོང་པ་ཆོས་ཀྱི་སྐུ༔ དྲན་རིག་གསལ་བ་ལོངས་སྤྱོད་རྫོགས༔ ཅིར་ཡང་ཤར་བ་སྤྲུལ་པའི་སྐུ༔ བདེ་སྡུག་སྣ་ཚོགས་གང་ཤར་ཀྱང༔ ངོ་བོ་བལྟ་ཞིང་རང་ཐོག་འཇོག༔ དངོས་འཛིན་རྣམ་རྟོག་རང་སར་ཡལ༔ འདི་དོན་བལྟ་ཞིང་རང་སར་བཞག༔ འབྲས་བུ་བླ་ན་མེད་པ་ཐོབ༔ ཅེས་གསུངས་ནས་འོད་དུ་ཞུ་ནས་བདག་ལ་ཐིམ༔ དེ་མ་ཐག་ཏུ༔ སྲོག་བདུད་གཟའ་རྒྱལ་པོ་སོགས་སྡེ་བརྒྱད་རྣམས་ཀྱི་སྲོག་སྙིང་ཕུལ་བ་ནི༔ དུ་ལ་ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན༔ དེ་ནས་རྡོ་རྗེ་རྒྱལ་མཚན་བྱ་བ་ཞིག་གིས་བདག་ལ་ཕྱག་འཚལ་ཞིང༔ རིག་འཛིན་ཆེན་པོ་ལགས༔ བདག་ནི་གཞི་བདག་ཆེན་པོ་སྟེ༔ མིང་བརྒྱད་ཆས་བརྒྱད་སྤྲུལ་པ་བརྒྱད་ཡོད་དེ༔ མིང་ནི་རྡོ་རྗེ་རྒྱལ་མཚན༔ རྡོ་རྗེ་རྒྱལ་པོ༔ རྡོ་རྗེ་དུང་ཐོད༔ རྡོ་རྗེ་དབང་ཕྱུག༔ རྡོ་རྗེ་རྩེ་རྒྱལ༔ རྡོ་རྗེ་བདུད་འཇོམས༔ རྡོ་རྗེ་གཟི་འབར༔ རྡོ་རྗེ་ལྷ་ཆེན་ཞེས་པའོ༔ ཆས་བརྒྱད་ནི། དཀར་སེར་དམར་ལྗང་ཞི་བ་ཞི་མ་ཁྲོ་བོ་ཁྲོ་མོ་ཆགས་པའི་ཉམས་ཏེ་བརྒྱད༔ སྤྲུལ་པ་ནི༔ སེང་གེ་འབྲུག་གླང་ཆེན་ཁྱུང་སྟག་གཟིག་གཡག༔ གཅན་གཟན་བྱ་རྒོད་དེ་བརྒྱད༔ སྲོག་སྙིང་ཕུལ་ལོ༔ ཨོཾ་བྷཱུ་མི་པ་ཏི་བཛྲ་དྷྭ་ཛ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཨཱ་ཡུཿཔུཎྱེ་ཧཱུྃ་ཨོཾ་གུང་གུང་ནི་སྭཱ་ཧཱ༔ རྟག་ཏུ་བཟླས་ན་ཚེ་དང་བསོད་ནམས་འཕེལ༔ དེ་ནས་ནོར་བུ་འོད་ལྡན་བྱ་བས༔ བདག་ནི་མཚོ་རྒྱལ་ཐམས་ཅད་ཀྱི་རྒྱལ་མོ་སྟེ་མིང་གསུམ་ནོར་བུ་འོད་ལྡན༔ གཟི་བརྗིད་ཆེན་མོ༔ དྲག་མོ་དུང་དུང༔ སྲོག་སྙིང་ཕུལ༔ ཨོཾ་མ་མ་ཕུ་ཏྲི་མ་ཧཱ་ཏེ་ཛོ་ཕ་ལ་ཕེམ་རི་ཧཱུྃ་ཛ༔ རྟག་ཏུ་བཟླས་ན་ཁམས་གསུམ་དབང་དུ་འདུས་སོ༔ དེ་ནས་ཁ་ལ་རཀྴ་བྱ་བས༔ བདག་ནི་དགེ་བསྙེན་ཐམས་ཅད་ཀྱི་གཙོ་བོ་སྟེ༔ མིང་ལྔ་ཁ་ལ་རཀྴ༔ ཀླུ་བདུད་མགོ་དགུ༔ དགེ་བསྙེན་དྲག་པོ༔ ཁམས་གསུམ་དབང་སྡུད༔ གདོལ་བ་ལྔ་ཡིན༔ སྲོག་སྙིང་ཕུལ་ལོ༔ སུ་ཏྲ་ནཱ་ག་རཱ་ཛ་ཁ་ལ་རཀྴ༔ ཀེ་ཤ་ན་ཧ་ལ་ཧ་ཤ་པ་ཙ་པ་ལ་ཛཿཛཿརྦད་རྦད༔ ཅེས་སོ༔ ༈ འདིའི་དབང་བསྐུར་ཐོབ་ན་རོལ་པའི་རྡོ་རྗེའི་གཏེར་ཆོས་ཡོངས་རྫོགས་ཀྱི་རྩ་བའི་སྨིན་བྱེད་དུ་འགྱུར་བ་ཡིན་ལ། བདག་བསྐྱེད་ཁོ་ན་ལས་མདུན་རྟེན་སོགས་ལ་མི་ལྟོས་ཀྱང་མཚན་མའི་བརྡ་ཙམ་དུ་སྟེགས་བུ་ལ་བུམ་པ་བཅུད་ལྡན། མེ་ཏོག་ཕྲེང་བ། མེ་ལོང་། ཤེལ་རྡོ་རྣམས་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད་བཤམ། ལས་བུམ་དང་སྤྲོ་ན་ཚོགས་གཏོར་སོགས་འདུ་བྱས་ལ། རྩ་གསུམ་སྤྱིའི་ལས་བྱང་གི་ནང་དུ་རྒྱལ་བ་ཀུན་འདུས་ཀྱི་མངོན་རྟོགས་བཙུད། བཟླས་པ་ཅི་རིགས་བྱས་ལ་སློབ་དཔོན་ཉིད་ནུས་ལྡན་དུ་བསྒྲུབས། ལས་བུམ་རྡོར་སེམས་ཡིག་བརྒྱས་བྱིན་བརླབ། སློབ་མ་རྣམས་ལ་ཡིག་བརྒྱ་བརྗོད་པས་ཁྲུས་བྱ། རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེའི་ཟབ་གཏེར་ཡོངས་རྫོགས་ཀྱི་སྨིན་བྱེད་རྩ་བ་དག་སྣང་སྲིན་ཡུལ་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་གཞུག །དེའང་ཆུ་ཕོ་རྟའི་ལོ་སོགས་ནས། མཁའ་འགྲོ་མ་དེ་ཡང་བླ་མའི་མདུན་དུ་པུས་བཙུགས་ཐལ་མོ་སྦྱར་ནས་གསོལ་འདེབས་ཀྱི་གྲོགས་དང་ལས་ཀྱི་རྡོ་རྗེ་མཛད་ནས་སློབ་དཔོན་ཆེན་པོ་ལས་དབང་བཞི་ངོ་སྤྲོད་བཅས་པ་ཇི་ལྟར་གསན་པ་སྔོན་བྱུང་སྟོན་པའི་རྣམ་ཐར་དེ་ཉིད་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་ཚུལ་དུ་བསྒྲུབ་པ་ལ། རིགས་ཀྱི་བུ་རྣམས་དད་པ་དང་སོགས་བརྗོད་ལ་གསོལ་འདེབས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཡན་ལག་བདུན་ལྡན་གྱི་སྒོ་ནས་གསག་སྦྱང་བྱ་བ་འདིའི་རྗེས་ཟློས། ཧོ༔ པདྨ་འབྱུང་གནས་སོགས་གསུམ། ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཡིད་གཞན་དུ་མ་ཡེངས་པར་བརྡ་སྤྲོད་པའི་དམིགས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཨོཾ་ཨཱཿཧཱུྃ༔ ཕུང་ཁམས་སྐྱེ་མཆེད་སོགས། དབྱེར་མེད་གྱུར༔ བར་གྱིས་བྱིན་དབབ་ཅིང་བརྟན་པར་བྱ། མཚོན་བྱེད་བརྡའི་དབང་རྫས་འདི་རྣམས་ལ་བརྟེན་ནས་མཚོན་བྱ་དོན་གྱི་དབང་བཞི་རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མའི་གསང་བ་གསུམ་གྱི་དཀྱིལ་འཁོར་ལས་རྩལ་རྫོགས་སུ་ཐོབ་པའི་འདུན་པས་དབང་ཆོག་དང་མཐུན་པའི་བསྒོམ་དོན་གསལ་ཐོབ་ཅིག །བུམ་པ་སྤྱི་བོ། ཕྲེང་བ་མགྲིན་པ། མེ་ལོང་སྙིང་ག །ཤེལ་རྡོ་གནས་ལྔར་བཞག་ལ་དབང་བཞི་རིམ་པར་བསྐུར། ངོ་སྤྲོད་བརྗོད་མཐར། བླ་མ་འོད་དུ་ཞུ་ཁྱེད་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་བར་མོས་ལ་མཉམ་པར་ཞོག་ཅིག །ཅེས་ཅུང་ཟད་བཞག །དེས་དག་སྣང་སྲིན་ཡུལ་མའི་དབང་བཞི་ངོ་སྤྲོད་བཅས་ཐོབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་སྤྱི་ལྟར་དང་། བླ་མས་སྲུང་མའི་གཏོར་འབུལ། ཚོགས་དང་རྗེས་ཀྱི་རིམ་པ་ལས་བྱང་ལྟར་བྱའོ། །འདིའང་བླ་མ་བརྒྱུད་པའི་ཕྱག་བཞེས་ཇི་ལྟར་མཛད་པ་ལྟར་ཟིན་བྲིས་ཀྱི་ཚུལ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྤེལ་བ་དགེ་ལེགས་འཕེལ།། །།
དབང་ཆེན་རྟ་མགྲིན་གསང་བ་འདུས་པ་ལས༔ ཡང་ཟློག་ནག་པོ་རྡོ་རྗེ་ཕ་ལམ་ (Volume 53, Text 39)
<!TCC Tibetan character 3,182 undefined in unicode!>༔ དབང་ཆེན་རྟ་མགྲིན་གསང་བ་འདུས་པ་ལས༔ ཡང་ཟློག་ནག་པོ་རྡོ་རྗེ་ཕ་ལམ་བཞུགས་སོ༔ ྈྈྈྈ སྟོབས་ལྡན་དྲེགས་པ་འདུལ་མཛད་པ༔ པདྨ་ཧེ་རུ་ཀ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སྔགས་འཆང་སྐལ་ལྡན་ཉིད༔ སངས་རྒྱས་བསྟན་པ་བསྲུང་འདོད་པས༔ དམ་ཉམས་བསྒྲལ་བའི་ལས་རྩོམ་དུས༔ རུ་ཏྲས་ཟློག་པ་བྱས་གྱུར་ན༔ སྡིག་པ་མ་ཡི་གཤེད་དུ་དབབ༔ རང་སྔགས་དྲག་པོས་རང་སྲོག་གཅོད༔ རང་སྔགས་རང་གི་ཐོག་ཏུ་ལྡོག༔ བསྟེན་པའི་ལྷ་སྲུང་རང་གཤེད་འབབ༔ དེ་དུས་ཡང་ཟློག་ལས་འདི་བརྩམ༔ དམ་ཉམས་སྲོག་ལ་མཐུ་འཇིགས་ཏེ༔ དཔེར་ན་རྩ་སྐམ་མེ་འཕྲད་འདྲ༔ མཐུ་ཡི་ཐོག་ཏུ་ཟློག་པ་འཇིགས༔ དཔེར་ན་མེ་ལ་ཆུ་རྒྱབ་འདྲ༔ ཟློག་པའི་ཐོག་ཏུ་ཡང་ཟློག་འཇིགས༔ དཔེར་ན་རྡོ་རྗེ་ཕ་ལམ་འདྲ༔ རང་གིས་རྦད་པའི་ལྷ་འདྲེ་རྣམས༔ རང་ལ་ལྡོག་པའི་རྟགས་བྱུང་ན༔ འཁོར་ལོ་བསྲུང་བྱ་ཀུན་ལ་བཏགས༔ དྲོད་དང་མ་བྲལ་ཤིན་ཏུ་གཅེས༔ ཡིག་འབྲུ་སུམ་ཅུ་རྩ་དྲུག་པ༔ ཟློག་པ་ཀུན་གྱི་ཡང་གཤེད་འདི༔ གཏུམ་ཞིང་ཁྲོས་པའི་ང་རོས་བཟླ༔་་་བསྐྱེད་རིམ་མངོན་རྟོགས་དམིགས་པ་སྙན་བརྒྱུད་བཀའ་རྒྱ་མ་གཏད་ཀྱི་ཡིག་ཆུང་ལྟར་སྒོམ་ལ། ༡ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ ༢ མ་ནི་མཱ་ར་ཎི་བྷྱོ༔ ༣ མཱ་ར་དུ་ན་བྷྱོ༔ ༤ རཀྨོ་རཀྴན༔ ༥ ཏིང་ཡ་རཀྴ་བྷྱོ༔ ༦ མཱ་ར་ཡ༔ ༧ ཡ་མ་རཱ་ཛ༔ ༨ ཀཱི་ལ་ཡ་བྷྱོ༔ རབ་ནི་ཞག་རེར་བརྒྱ་རྩ་བརྒྱད་དུ་བཟླ༔ འབྲིང་ནི་ཉི་ཤུ་རྩ་གཅིག་བཟླ༔ ཐ་མ་བདུན་ལས་ཉུང་མི་རུང༔ ལར་ནི་ཕས་ཀྱི་ལྟས་དང་སྦྱར༔ ཟློག་པ་མང་སྟེ་ཡང་ཟློག་ཉུང༔ འདི་ལ་ཡི་དམ་བྱས་གྱུར་ན༔ ལུས་ཀྱི་མཚོན་དང་ཟས་ངན་ཐུབ༔ ༼རྟགས་བར་འདི་དཔེ་གཞན་ལ་མི་སྣང་།་་་འདི་ལ་སྒོམ་པའི་ལྷ་དག་ནི༔ བརྡ་སྔགས་ཡིན་པས་བསྒོམ་མི་དགོས༔ དེ་ལྟར་མྱུར་བར་བྱས་པ་ན༔༽ ཕུར་ཐོག་བརྒྱ་ཡིས་ ཟློག་བྱས་ཀྱང༔ ཉམ་ང་བག་ཚ་བྱ་མི་དགོས༔ ཟློག་པ་བྱས་ཚད་ཁོ་ལ་ཟློག༔ རང་གིས་སྦྱོར་བ་རྡུགས་མི་སྲིད༔ ཀུན་དང་ཐུན་མོང་མ་ཡིན་པས༔ གཞན་ལ་སྤེལ་ན་རང་ལ་ གནོད༔ ཆུ་སྲིན་སྤིར་གྱི་ཁ་བཞིན་སྡོམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ࿊ སྲུང་བའི་ཙཀྲ་བསྟན་པ་ནི༔ ཙཀྲ་རྩིབས་བརྒྱད་མུ་ཁྱུད་བསྐོར༔ དབུས་སུ་རྡོ་རྗེ་རྒྱ་གྲམ་བྲི༔ ལྟེ་བར་བསྲུང་བྱའི་མིང་རུས་བྲི༔ རྩིབས་བརྒྱད་སྔགས་རྣམས་རིམ་བཞིན་བསྐོར༔ མུ་ཁྱུད་༣དབྱངས་གསལ་རྟེན་འབྲེལ་བྲི༔ མུ་ཁྱུད་ཕྱི་ནང་རྡོ་རྗེའི་གཞི༔་་་གྲྭ་བཞིར་རྡོ་རྗེ་ཕྱེད་པ། མཐའ་མ་མེ་རི་འབར་བས་མཚན༔ ལེགས་པར་དཔེའུ་ཆུང་ལྟར་བྲི༔ དྲི་བཟང་བྱུགས་ལ་རབ་གནས་བྱ༔ རང་འཁོར་ཕྱུགས་དང་བཅས་པ་ཡི༔ བསྲུང་བྱར་གྱུར་ཚད་ མགུལ་དུ་གདགས༔ དྲོད་དང་མ་བྲལ་དམ་ཚིག་ཡིན༔ ཤིན་ཏུ་གསང་ལ་ཉམས་སུ་ལོངས༔ ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་འཁོར་ལོའི་དཔེའུ་རིས་སོ། ། ༼དཔེའུ་རིས་ཡོདྈ༽ <!TCC Tibetan character 4,97 undefined in unicode!> ࿊ ྈྈྈྈྈ ྈྈྈ གལ་ཏེ་དྲག་པོའི་ལས་སྦྱོར་བ༔ སྤུ་གྲི་ལྟ་བུ་འདི་བསྒྲུབ་ན༔ དུག་ཤོག་དག་ལ་ལིངྒ་བྲིས༔ དཔྲ་བར་རུས་ལ་སྙིང་ཁར་མིང༔ ལྟེ་བར་བླ་དྭགས་དམོད་བཅས་བྲི༔ སྟེགས་བུ་ནག་པོ་གྲུ་གང་ཁར༔ མི་ཁྲག་ར་ཁྲག་རོ་སོལ་བྱུག༔ ལིངྒ་ཟག་རྫས་དགུག་གཞུག་བྱ༔ སྤྲ་ཚིལ་ཉ་བོའི་གཟུགས་བྱས་ལ༔ དམར་གཏོར་རྩེ་ལ་གཟུག་པར་བྱ༔ སྔགས་བཟླ་ཐུན་བྲབ་ཐལ་མོ་བརྡབ༔ དགྲ་སྙིང་རང་གྲོལ་ཁྱེར་འོང་ངེས༔ རྨི་ལྟས་ལན་གསུམ་བྱུང་གྱུར་ན༔ ཐེ་ཚོམས་མེད་ཅིང་སྙིང་ཁྱེར་བྱུང༔ ཟླ་བ་གཅིག་ལ་དགྲ་བོ་འཆི༔ རྣོ་མྱུར་དྲག་སྔགས་སྤུ་གྲི་འདྲ༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ སངས་རྒྱས་བསྟན་པའི་བསྲུང་མར་ཤོག༔ ཡང་ཟློག་རྡོ་རྗེ་ཕ་ལམ་འདི༔ ཤར་གཏེར་ལྷོར་གཏེར་གཉིས་སུ་སྦས༔ དེ་མིན་སྦས་པ་ཡོད་རེ་ཀན༔ དེ་གཉིས་ནང་ནས་འདི་ཉིད་ཟབ༔ ཁྱད་པར་གནད་ཀྱི་ཡིག་ཆུང་ཡོད༔ སྣོད་མིན་རྣམས་ལ་ཤོར་སྲིད་པས༔ རང་གི་ཙིཏྟའི་གྭ་འུར་སྦོས༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ྈྈྈ དབང་ཆེན་ལས་ཚོགས་ལྷོ་བྲག་གནམ་སྐས་ཅན་ནས་བཏོན་པ་རཏྣ་གླིང་པའི་ཁྱད་ཆོས་ཟབ་ཟབ་ཟབ༔ གཏེར་སྟོན་གྱི་ཕྱག་བྲིས་ཤོག་སེར་བུ་ཡིག་ལས་བཤུས་པའོ།། །། <!TCC Tibetan character 4,97 undefined in unicode!> གོང་གི་གཡུང་རྟགས་མན་གྱི་ཟློག་པའི་རྩ་གཞུང་འདི་ནི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་སྲུང་ཟློག་རྩ་གཞུང་དཀྱུས་གཅིག་ཏུ་དགོས་གལ་གྱིས་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
རླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ (Volume 54, Text 39)
རླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་ གློག་ཞགས་དུག་གི་འཁོར་ལོའི་ དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ཡོད།
བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ (Volume 48, Text 39)
༄༅། །བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་ག་དང་རྗེས་སུ་འབྲེལ་བའི་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་བདེ་བ་ཅན་དུ་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག ། ན་མོ་གུ་རུ་ཨ་མི་ཏ་བྷཱ་ཡ། བསམ་གྱིས་མི་ཁྱབ་ཐུགས་བསྐྱེད་ཕྲིན་ལས་མཐུས། །འགྲོ་ཀུན་བདེ་ལྡན་ཞིང་དུ་དབུགས་འབྱིན་པ། །བླ་མ་འོད་དཔག་མེད་ལ་གུས་བཏུད་ནས། །གཞན་ཕན་ཕྲིན་ལས་རིམ་པ་ཅུང་ཟད་དབྱེ། །འདི་ལ་གཉིས། ཚེ་ལྡན་དབང་གི་སྒོ་ནས་རྗེས་སུ་འཛིན་པ་དང་། ཚེ་འདས་སྡིག་སྦྱོང་གི་ཆོ་གས་རྗེས་སུ་འཛིན་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། ཆོ་གར་མ་གཏོགས་པའི་སྦྱོར་བའི་སྐབས་སུ། བྲིས་སྐུའི་མདུན་བུམ་པ་བཅུད་ལྡན་དང་། སྐུ་ཙཀ །གཡས་སུ་སྔགས་ཕྲེང་། གཡོན་དུ་མེ་ལོང་རྣམས་བཤམ། གཞན་མཆོད་པ་སོགས་འདྲ། ཉེ་ལོགས་གང་བདེར་མཐའ་རྟེན་གྱི་ཙཀླི་དང་། སློབ་དཔོན་གྱི་མདུན་དུ་ལས་བུམ། སློབ་མ་ལ་དགོས་པའི་སྔོན་གཏོར་སོགས་འདུ་བྱ། ཆོ་གར་གཏོགས་པའི་སྦྱོར་བ་དང་། དངོས་གཞིའི་བཟླས་པའི་མཇུག་གི་སྨོན་ལམ་གདབ་པ་ཡན་ཞིང་སྦྱོང་གི་ཆོ་ག་ལྟར་རྒྱས་བསྡུས་ཅི་རིགས་པ་གྲུབ་ནས། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿ ཅི་ནུས་བཟླས་པས་ལས་བུམ་གྱི་ཆུ་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་དང་། ལས་སྔགས་བརྗོད་པས་ཁྲུས་བྱ། སྔོན་གཏོར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་བགྱི་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿདང་། སུམྦྷ་ནི་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། འོ། རང་གཞན་ཡིད་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་འཐོབ་པར་བྱ་བའི་སླད་དུ་དབང་བསྐུར་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་འདི་ཉིད་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་དམ་བཅའ་རླབས་པོ་ཆེར་མཛད་པའི་ཚུལ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སེམས་ཅན་གང་དག་ང་ཡི་མིང་ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལ་ཕྱིར་མི་ལྡོག །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར་རྫོགས་སྨིན་སྦྱང་གསུམ་གྱི་ལེགས་སྤྱད་རྒྱ་མཚོའི་ཕ་མཐར་སོན་ནས། ད་ལྟར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི །རྒྱན་བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ལས་ཀྱང་ཆེས་ཆེར་ལྷག་པ་དག་པའི་ཞིང་ཁམས་བདེ་བ་ཅན་དུ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི། མཚན་ཐོས་ནས་དད་པ་སྐད་ཅིག་ཙམ་སྐྱེས་པས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། བུད་མེད་ཀྱི་ལུས་ཐ་མར་འགྱུར་བ་དང་། དགེ་བའི་རྩ་བ་བསྐྱེད་ཅིང་བསམ་པ་ཐག་པས་ཞིང་དེར་སྐྱེ་བའི་རྒྱུར་བསྔོས་ན་འཆི་འཕོས་མ་ཐག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་ཞིང་མྱུར་དུ་འཚང་རྒྱ་བ་སོགས། ཐུགས་བསྐྱེད་དང་ཕྲིན་ལས་རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ལ། མདོ་ལུགས་སུ་ཕྱག་མཆོད་སྨོན་ལམ་གདབ་པའི་ཚུལ་དང་། སྔགས་སུ་རྒྱུད་སྡེ་བཞིར་པདྨའི་རིགས་ཀྱི་གཙོ་བོའི་ཚུལ་དུ་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་གྲུབ་པའི་སློབ་དཔོན་ཆེན་པོ་གསུང་རྡོ་རྗེ་པདྨ་སཾ་བྷ་བས་འོད་དཔག་ཏུ་མེད་པ་བཀོད་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལ་གཙོ་བོར་བརྟེན་ཅིང་། ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་པའི་རྒྱུད་སོགས་དང་མཐུན་པར་བཀྲལ་པའི་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་སློབ་མ་རྗེས་སུ་འཛིན་པའི་རིམ་པ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀར་པོའི་ཆོས་སྣང་བའི་སྒོ་ནས་དད་མོས་རྩེ་གཅིག་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ལན་གསུམ། རྒྱུད་སྦྱོང་བའི་སླད་དུ། རང་རེ་རྣམས་གནས་པའི་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་བཀོད་པ་ཕུན་སུམ་ཚོགས་པ་དང་། གནས་ཁང་འདི་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། མདུན་གྱི་ནམ་མཁར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་། སྐུ་མཚན་དཔེའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་མཐའ་ཡས་པ་ལ་སྙོམས་པར་ཞུགས་པ། བྱང་ཆུབ་ཤིང་ཆེན་རབ་ཏུ་རྒྱས་པའི་གྲིབ་བསིལ་ལ་བརྟེན་ནས་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། གཡོན་དུ་ཕྱག་ན་རྡོ་རྗེ། མཐའ་སྐོར་ཀུན་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་ཆོས་སྐྱོང་འཇིག་རྟེན་སྐྱོང་བ་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོད་པ་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བླ་མ་མགོན་པོ་འོད་དཔག་མེད༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། སླར་ཡང་རང་གཞན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་གསག་པར་བགྱིའོ་སྙམ་པས་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་ནས། བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་ཡན་ལག་བདུན་པ་ལན་གསུམ་མམ་གཅིག །དེ་ནས་འོད་དཔག་མེད་བཀོད་པའི་མདོ་ལས། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་གཏད་དེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་ཀྱི་གཡར་དམ་ལེན་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་རྒྱུའི་གཙོ་བོར་ངེས་པས། ཐལ་མོ་སྦྱར་ཏེ་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས། སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ཞེས་པའི་བར་ཞིང་སྦྱོང་གི་ཆོ་ག་ལྟར་ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ནི་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་པས་རང་དགའ་བ་སྒོམ་པ་དང་། གཞན་དགའ་བ་སྒོམ་དུ་གཞུག་པ་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་སོགས་ནས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པའི་བར་ཞིང་སྦྱོང་གི་ཆོ་ག་ལྟར་ལན་གཅིག་བརྗོད་དུ་གཞུག །དེ་ལྟར་རྒྱུད་སྦྱངས་པ་ལ་བརྟེན་ནས་སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་སྐད་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་པའི་སྤྱན་སྔར་ཆུ་སྐྱེས་པདྨ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཟླ་བའི་གདན་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་གྱུར་ནས། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུའི་ས་བོན་དང་འབྲས་བུའི་བག་ཆགས་རྒྱུད་ལ་བཞག་ཅིང་སྣོད་དང་ལྡན་པར་གྱུར་པ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་མོས་པ་མཛོད། གཟུངས་བུམ་ཐོགས་ལ། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། སྤྲོ་ན་གཟུངས་སྔགས་བཅས་ཀྱི་མཐར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་དབང་བསྐུར་པས་སྒྲིབ་གསུམ་བག་ཆགས་དང་བཅས་པ་བྱང་ཞིང་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་བརྟན་པར་བྱ་བའི་སླད་དུ། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ནས་རང་འདྲ་བའི་སྐུ་གཉིས་པ་རྒྱལ་བ་སྲས་དང་སློབ་མར་བཅས་པའི་འཁོར་གྱིས་བསྐོར་བ་བྱོན་ནས་ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཐིམ་པའི་མོས་པ་མཛོད། ཙཀླི་ཐོགས་ལ། ཧཱུྃ༔ འགྲོ་འདུལ་བདེ་གཤེགས་སྲས་བཅས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེང་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་འོད་དཔག་མེད༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཞེས་དབང་བསྐུར། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །གནས་སྐབས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་སྒོམ་པ་ལ་དབང་། མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཐིམ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། གཟུངས་སྔགས་ཀྱི་རྗེས་ཟློས་ཀྱང་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷ་ཥིཉྩ་ཨཱ༔ ཞེས་སྔགས་ཕྲེང་མགྲིན་པར་བཞག །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གནས་སྐབས་སུ་ངག་གཟུངས་སྔགས་ཟབ་མོ་བཟླ་བ་ལ་དབང་ཞིང་། མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལས་དེ་འདྲ་དཔག་ཏུ་མེད་པ་བྱུང་། ཤངས་བུག་གཡས་ནས་ཐོན། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་འོད་ཟེར་འཕྲོ་བ་དང་བཅས་པ་གསལ་ཞིང་འབར་བའི་འོད་ཀྱིས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། རླུང་ཕྱིར་སོང་བ་དང་ལྷན་ཅིག་སླར་ཡང་ཁྱེད་རང་རྣམས་ཀྱི་སྣ་བུག་གཡས་ནས་ཐོན། བཅོམ་ལྡན་འདས་ཀྱི་ཤངས་བུག་གཡོན་ནས་ཞུགས། ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ་པས་རྒྱལ་བའི་ཐུགས་རྗེ་དང་རང་སེམས་དབྱེར་མེད་དུ་གྱུར་པར་མོས་ལ་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་མཉམ་པར་འཇོག་མཛོད། དེ་མཚོན་པར་བྱ་བའི་སླད་དུ་མེ་ལོང་དྭངས་པ་བསྟན་ནས་ཚིག་གི་སྒོ་ནས་ངོ་སྤྲད་པར་བྱ་བ་ཡིན་ཏེ། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་མེ་ལོང་སྙིང་གར་བཞག །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །གནས་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱ་མཚོར་འཇུག་ཅིང་ལྡང་བ་ལ་དབང་། མཐར་ཐུག་མཁྱེན་གཉིས་ཀྱི་ཡེ་ཤེས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་མོས་གུས་དྲག་པོ་དུང་དུང་བ་བྱས་པས། བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཞིག་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་དང་སྐལ་པ་མཉམ་པར་གྱུར་པ་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀ་ནས་རིག་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་པ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་ཞིང་། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་ཀྱང་དགེ་ལེགས་ཀྱི་སྣང་བ་རྒྱས་པར་སྤེལ་བའི་མོས་པ་མཛོད། སོ་སོའི་ཙཀླི་ཐོགས་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥི་ཉྩ་མི༔ བསོད་ནམས་ཡོངས་རྗོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང་༔ སྲིད་ཞིའི་དཔལ་གྱིས་འབྱོར་པའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ ཞེས་སྦྱིན་ཞིང་ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་འབྱུང་བའི་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབ། དེས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འགྲོ་འདུལ་ངན་སོང་དོང་སྤྲུག་གི་ཆོས་སྡེ་དང་རྗེས་སུ་འབྲེལ་བའི་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་། དུས་རྟག་ཏུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་ལྷག་པའི་ལྷར་གཟུང་ཞིང་ཕྱག་མཆོད་ཐུགས་དམ་བསྐུལ་བ་དང་། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་ཡིད་ལ་བྱ་ཞིང་། དགེ་བའི་རྩ་བ་ཐམས་ཅད་རང་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་རྒྱ་མཚོ་ཞིང་དེར་སྐྱེ་བའི་རྒྱུར་ཡོངས་སུ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་པ་སོགས། སྤྱི་དང་བྱེ་བྲག་གི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བགྱི་འོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་སླད་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཕྱག་མཆོད་གསོལ་བ་གདབ་པ་དང་དབང་བླངས་པ་ལས་བྱུང་བའི་བསོད་ནམས་ཀྱིས་མཚོན། དུས་གསུམ་དུ་བསགས་པའི་ལེགས་བྱས་མཐའ་དག་རང་གཞན་སེམས་ཅན་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས། བྱང་ཆུབ་སྙིང་པོའི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུར་ཡོངས་སུ་བསྔོ་བར་བགྱི་འོ་སྙམ་པས་བསྔོ་བ་དང་སྨོན་ལམ་ལྷན་ཅིག་གནང་བར་ཞུ། ཞེས་མཚམས་སྦྱར་ལ་སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་ཚང་བར་གདབ་ཅིང་། དེ་ཙམ་མི་ནུས་ན། འཇམ་དཔལ་དཔའ་བོ་སོགས་ཤླཽ་ཀ་གཉིས་དང་། རྒྱལ་བའི་དཀྱིལ་འཁོར་སོགས་ཤླཽ་ཀ་གཉིས་ཀྱི་མཐར། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བདེན་པའི་སྟོབས་བརྗོད། སློབ་མ་རྣམས་རང་གནས་སུ་གྱེས་། གསུམ་པ་རྗེས་ནི། སློབ་དཔོན་གྱིས་མཆོད་པ་ཞལ་གསོས་ལ། གཏང་རག་འབུལ་བ་ནས་ཤིས་བརྗོད་ཀྱི་བར་ཞིང་སྦྱོང་གི་ཆོ་གའི་གཞུང་ལྟར་རྒྱས་བསྡུས་ཅི་རིགས་པ་ཚང་བར་བྱའོ།། །། ༄༅། །འོད་དཔག་མེད་ཀྱི་དབང་བསྐུར་གྲངས་གསོག་བྱ་ཚུལ་བཞུགས་སོ། །ཨོཾ་སྭསྟི། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འོད་དཔག་མེད་ཀྱི་ཞིང་སྦྱོང་ལ་བརྟེན་ནས་དབང་བསྐུར་བརྒྱ་རྩ་སོགས་གྲངས་གསོག་པར་འདོད་ན། ཐོག་མར་ཐུགས་ཀྱི་དབང་བསྐུར་ཡན་གཞུང་ལྟར་རྒྱས་པར་བསྐུར་བའི་མཚམས། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞིང་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་གསོལ་བ་བཏབ་པས་མདུན་གྱི་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་གང་བར་སྤྲོས་ཏེ་བུམ་པའི་བདུད་རྩིས་དབང་བསྐུར་ཞིང་། སྐུ་གསུང་ཐུགས་ཀྱི་གནས་ནས་སྐུ་དང་། སྔགས་ཕྲེང་། ས་བོན་གྱི་ཚོགས་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་ཅིང་། སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། གཟུངས་བུམ་ཐོགས་ཏེ། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཟུགས་ཐོགས་ལ། ཧཱུྃ༔ འགྲོ་འདུལ་བདེ་གཤེགས་སྲས་བཅས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱིས༔ དེད་འདིར་འགྲོ་བའི་སྡུག་བསྔལ་ཁྱོད་ཀྱིས་སོལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་འོད་དཔག་མེད༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་སྐུར་ཅིག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ སྤྲོ་ན་སྔགས་ཕྲེང་དང་། མེ་ལོང་གི་དབང་བསྐུར་བའི་ཚིགས་གཅད་སྦྱར་ནའང་རུང་མོད། འོན་ཀྱང་བསྡུས་པའི་སྐབས། སྐུ་གསུང་ཐུགས་ལྷན་ཅིག་ཏུ་བསྟིམས་པས་འཐུས་ཏེ་གོང་གི་ཚིག་དང་སྔགས་དོན་ལ་དཔྱད་པས་ཤེས་སོ། །མཐར་བཀྲ་ཤིས་ཚིགས་གཅད་གང་རུང་རེ་བརྗོད། དེ་ལྟ་བུའི་རིམ་པས་གྲངས་བཟུང་ལ་རྫོགས་པ་ན། སླར་ཡང་མོས་གུས་དྲག་པོ་དུང་དུང་བ་བྱས་པས་སོགས་གཞུང་ལྟར་སྦྲེལ་ལོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ། །། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷ་ཥིཉྩ་ཨཱ༔ མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱིས་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔༽ ༈ གཉིས་པ་ཚེ་འདས་རྗེས་སུ་འཛིན་པ་སྡིག་སྦྱོང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། བཅས་བཤམ་གྱི་སྐབས་དབང་རྒྱས་པར་བསྐུར་ན་གོང་གི་སྐབས་ལྟར་དང་། བསྡུ་ན་གཟུངས་བུམ་ཁོ་ནས་འཐུས། ཆོ་ག་གློ་བུར་དུ་གཏང་དགོས་པ་ལྟ་བུའི་ཚེ་བྲིས་སྐུ་སོགས་ཀྱི་རྟེན་མ་འཛོམ་ན། མཎྜ་ལར་ལྷའི་གདན་མཚོན་བྱེད་དུ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་པའི་མདུན་གཟུངས་བུམ་བཤམས་པའམ། མདུན་མཁར་གསལ་གདབ་པས་རུང་སྟེ། གཞུང་ལས། མ་གྲུབ་ཡིད་ཀྱི་ཆོ་གར་བྱ༔ ཞེས་གསུངས་པས་སོ། འོན་ཀྱང་ཚོགས་གསག་པའི་སླད་དུ་མཆོད་པ་ནི་ཅི་འབྱོར་གཙང་ཞིང་བཀོད་པས་མཛེས་པར་བཤམས་པ་ཤིན་ཏུ་གལ་ཆེ། ཉེ་ལོགས་གང་བདེར། གཟུགས་བྱང་མིང་ཡིག་ས་བོན་ནི༔ ལུས་ངག་ཡིད་ཀྱི་རྟེན་ཡིན་ཏེ༔ བག་ཆགས་རྟེན་དུ་དྲི་གོས་སམ༔ ཡང་ན་རོ་འམ་རུས་བུ་བཤམ༔ ཞེས་པ་ལྟར་གྱི་རྟེན་དང་། བགེགས་གཏོར། ཟས་བསྔོ། སློབ་དཔོན་མདུན་དུ་ལས་བུམ་བྲབ་རྫས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། ཆོ་གའི་སྦྱོར་བ་ནས་གཟུང་བཟླས་པའི་རྗེས་སྨོན་ལམ་གདབ་པ་ཡན་ཞིང་སྦྱོང་གི་ཆོ་ག་ལྟར་གཏང་། བུམ་བཟླས་ཀྱི་སྐབས་སུ་བྱེ་མ་དང་ཡུངས་དཀར་ལའང་དམིགས་པས་ཁྱབ་པར་བྱས་ཏེ་སྔགས་ཀྱི་ནུས་པ་བསྟིམ། ལས་བུམ་གྱི་ཆུ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿ ཅེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། བསྐྱེད་བསྟིམ་གདོན་བགེགས་སྡིག་པ་སྦྱོང་། །སྐྱབས་གསོལ་དབང་བསྐུར་འདོད་ཡོན་སྦྱིན། །ལམ་བསྟན་གནས་སྤོར་བྱང་བུ་བསྲེག །སྨོན་ལམ་བདེན་བརྗོད་སཱཙྪ་བསྒྲུབ། །ཅེས་པ་ལྟར་བཅུ་གསུམ་ལས་། དང་པོ་རྟེན་བསྐྱེད་པ་ནི། མིང་བྱང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། གཉིས་པ་རྣམ་ཤེས་དགུག་བསྟིམ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིག་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། སངས་རྒྱས་འཁོར་བཅས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་རྣམ་ཤེས་བཀུག་པར་བསམ་ལ། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད། ཨོཾ་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་སྡིག་པ་དགུག །ཛཿཧཱུྃ་བཾ་ཧོཿས། རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར་པར་མོས། གསུམ་པ་གདོན་བགེགས་སྦྱོང་བ་ནི། གཏོར་མ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ མགྲོན་དགུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་དམིགས་ཡུལ་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་དང་། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿདང་། སུམྦྷ་ནི་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃཿ ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། བཞི་པ་སྡིག་པ་སྦྱོང་བ་ལ་གསུམ། ཡེ་ཤེས་ཀྱི་མེས་བསྲེག་པ། ཆོས་ཉིད་ཀྱི་རླུང་གིས་གཏོར་བ། བྱང་ཆུབ་སེམས་ཀྱི་ཆུས་བཀྲུ་བའོ། །དང་པོ་ནི། ཚེ་ལས་འདས་པའི་རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུཿནག་པོ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ །སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་དམར་ལྗང་། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་དྲུག་ལ་ཐོག་མེད་ནས་བསགས་པའི་རིགས་དྲུག་ཏུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བསྡུས་ཏེ་ཐིམ་པས་ཡི་གེ་དེ་རྣམས་ལྗི་ཞིང་མོག་པའི་རྣམ་པ་ཅན་དུ་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་སངས་རྒྱས་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་བས་ཚེ་འདས་ཀྱི་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་སྲེག་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། གཉིས་པ་ཆོས་ཉིད་རླུང་གིས་གཏོར་བ་ནི། སླར་ཡང་སྔགས་བཟླས་པའི་བྱེ་མ་ཡུངས་དཀར་དང་བཅས་པ་གཏོར་བས་ཆོས་ཉིད་ཀྱི་རླུང་དུ་གྱུར་ནས་ཉོན་མོངས་པའི་ཐལ་བ་གཏོར་བར་གྱུར། བྱེ་མ་ཡུངས་དཀར་དང་བཅས་པས་བརྡེག་ཅིང་སྔགས་ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། མཐར། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བརྗོད། གསུམ་པ་བྱང་སེམས་ཆུ་ཡིས་བཀྲུ་བ་ནི། ཁྲུས་བུམ་ལ་གཟུངས་བུམ་གྱི་ཆུ་བསྲེས་པ་ཐོགས་ལ། བུམ་པའི་དབུས་སུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བཀྲུས་པར་གྱུར། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བཟོད་པའི་རང་བཞིན་ཏེ༔ ཁོང་ཁྲོའི་དྲི་མ་རྣམ་པར་སྦྱོང༔ ཞེས་དང་། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཚེ་ལས་འདས་པ་དམྱལ་བར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཁྲུས་བྱ། དེ་བཞིན་དུ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་སྦྱིན་པའི་རང་བཞིན་ཏེ༔ སེར་སྣའི་དྲི་མ་རྣམ་པར་སྦྱོང༔ སྔགས་ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། མཐར། ཚེ་ལས་འདས་པ་ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་ཤེས་རབ་རང་བཞིན་ཏེ༔ གཏི་མུག་དྲི་མ་རྣམ་པར་སྦྱོང༔ སྔགས་མཐར། ཚེ་ལས་འདས་པ་དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བརྩོན་འགྲུས་རང་བཞིན་ཏེ༔ ལེ་ལོའི་དྲི་མ་རྣམ་པར་སྦྱོང༔ སྔགས་མཐར། ཚེ་ལས་འདས་པ་མིར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་ཚུལ་ཁྲིམས་རང་བཞིན་ཏེ༔ ཕྲག་དོག་དྲི་མ་རྣམ་པར་སྦྱོང༔ སྔགས་མཐར། ཚེ་ལས་འདས་པ་ལྷ་མ་ཡིན་དུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་བསམ་གཏན་རང་བཞིན་ཏེ༔ རྣམ་གཡེང་དྲི་མ་རྣམ་པར་སྦྱོང༔ སྔགས་ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། མཐར། ཚེ་ལས་འདས་པ་ལྷར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། བསྡུ་ན། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འོད་དཔག་མེད་མགོན་ལྷ་ཚོགས་བཞུགས༔ ཆུ་ནི་ཕར་ཕྱིན་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱོང༔ ཞེས་དང་། སྔགས་མཐར། ཚེ་ལས་འདས་པ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད། ལྔ་པ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་བ་ནི། ཚེ་འདས་ཉིད་བླ་མ་དང་མགོན་པོ་འོད་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་མི་ཕྱེད་གུས་པའི་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་གྱུར་པའི་མོས་པས། ཉེ་དུ་སོགས་ཡོད་ན་དངོས་སུ་ཕྱག་འཚལ་དུ་གཞུག་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་དགེ་འདུན་དམ་པ་ཆོས་སྐྱོང་བའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆི་འོ། །ལན་གསུམ། སྤྲོ་ན་ཞིང་སྦྱོང་གི་ཆོ་གའི་ཕྱག་འཚལ་ཚང་བའམ། དབང་བསྐུར་རྒྱས་པར་མི་བྱེད་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱས་མཐར། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འོད་དཔག་མེད་མགོན་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཅེས་ལན་གསུམ་བརྗོད། དྲུག་པ་དབང་བསྐུར་བ་ལ། རྒྱས་པར་སྤྲོ་ན་གོང་དུ་སྨྲོས་པའི་རྒྱུད་སྦྱོང་བ་ནས། རྒྱན་གྱི་འཁོར་ལོ་དང་སྐལ་པ་མཉམ་པར་གྱུར། ཅེས་པའི་བར་ཚང་བར་བྱ། བསྡུ་ན། དེ་ལྟར་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་བ་ལ་བརྟེན་ནས། སངས་རྒྱས་འཁོར་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཚེ་འདས་ལ་ཕོག་པས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་ཆུ་སྐྱེས་པདྨ་རབ་ཏུ་རྒྱས་པའི་ཟེའུ་འབྲུར་ཟླ་བའི་གདན་ལ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་རྣམ་པར་གྱུར་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུའི་ས་བོན་དང་འབྲས་བུའི་བག་ཆགས་རྒྱུད་ལ་བཞག་ཅིང་སྣོད་དང་ལྡན་པར་གྱུར་པ་ལ། དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། རིག་པའི་ལྷ་མོ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བར་གྱུར། གཟུངས་བུམ་ཐོགས་ལ། ཨོཾ༔ ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲ་ཤིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གསུངས་ཤིང་དབང་བསྐུར་པས་སྒྲིབ་གསུམ་བག་ཆགས་དང་བཅས་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པས། ཚེ་ལས་འདས་པ་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་སྐུར་གྱུར་པར་བསམ། བདུན་པ་འདོད་ཡོན་སྦྱིན་པ་ནི། བཟའ་བཏུང་སོགས་ཀྱི་དངོས་པོ་གཙང་མ་ཆབ་ཀྱིས་བྲན། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར་པར་བསམ་ལ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟག་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ ཤབྡ་ གནྡྷེ་ ར་ས་ སྤརྴེ་ ཨཱཿཧཱུྃ༔ ཞེས་བསྔོ། རྒྱས་པར་ན་གཟུགས་མཛེ་རྒྱ་མཚོའི་སོགས། སྒྲ་སྙནྎ དྲི་ཞིམྎ རོ་མཆོགྎ རེག་འཇམྎ ཞེས་ཚིགས་གཅད་དང་སྔགས་སོ་སོར་ཕྲལ། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་སྨོན་ལམ་གདབ། བརྒྱད་པ་ཆོས་བཤད་པས་མཚམས་སྦྱར་ཏེ་ལམ་སྦྱོང་ཞིང་བསྟན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱ་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང༔ སྣང་བ་མཐའ་ཡས་ཡེ་ཤེས་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ དགུ་པ་དྭངས་མ་གནས་སྤར་བ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཚད་མེད་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་ཧྲཱིཿཡིག་གི་རྣམ་པར་གྱུར་པ། སྤྱི་བོ་ནས་དྲངས་ཏེ་མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་པས་དབྱེར་མེད་དུ་སངས་རྒྱས་པར་གྱུར་པའི་མོས་པ་དང་བཅས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་མཉམ་པར་གཞག །བཅུ་པ་སྙིགས་མ་སྲེག་པ་ནི། ནུབ་ཐ་མར། སླར་ཡང་མདུན་གྱི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་འཁོར་དང་བཅས་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས། ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱངས་པར་མོས་ལ་མེ་སྤར་ཞིང་། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རིག་པ་ཡེ་ཤེས་སྣང་བ་ཡིས༔ ཚེ་འདས་ཉོན་མོངས་བག་ཆགས་ཀུན༔ རང་བྱུང་ཆོས་སྐུའི་ཀློང་དུ་བསྲེག༔ ཨ་ཨ་ཨ༔ དང་། ཨོཾ་པདྨ་དྷཱ་རི་ཧཱུྃ༔ ཞེས་དང་། སྤྲོ་ན་གཟུངས་སྔགས་བཅས་ཀྱི་མཐར། ཨགྣ་ཡེ་ཛྭ་ལ་རཾ༔ ཞེས་མེ་སྦར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱང་། བཅུ་གཅིག་པ་སྨོན་ལམ་གདབ་པ་ནི། རྒྱས་པར་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་བྱ་ཞིང་། དེ་ཙམ་མི་ནུས་ན། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་འཁྲུངས་པ། །བདེ་བ་ཅན་དུ་སྐྱེ་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་དམིགས་ཡུལ་དེར་ཐོབ་ཤོག །དེར་ནི་དམིགས་ཡུལ་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །བཅུ་གཉིས་པ་བདེན་སྟོབས་བརྗོད་པ་ནི། དེ་ལྟར་འགྲུབ་པར་བྱེད་པའང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཅེས་བརྗོད། བཅུ་གསུམ་པ་སཱཙྪ་སྒྲུབ་པ་ནི། བྱང་ཐལ་འཇིམ་པ་གཙང་མ་དང་སྦྱར། གཟུངས་ཀྱི་དྲི་ཆབ་བླུགས་ལ་སཱཙྪ་གདབ་ཅིང་རབ་ཏུ་གནས་ལ་གཙང་མའི་གནས་སུ་གཞག་གོ །གསུམ་པ་རྗེས་ནི། ཞིང་སྦྱོང་གི་ཆོ་གའི་གཞུང་ལྟར་གཏང་རག་འབུལ་བ་ནས་སྨོན་ལམ་བཀྲ་ཤིས་བར་ཚང་བར་བྱའོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། གཞུང་ལས། དེ་ལྟར་བདུན་ཕྲག་ལ་སོགས་པར༔ བསྙེན་རྫོགས་ནུས་དང་སྙིང་བརྩེ་བའི༔ སློབ་དཔོན་རྣལ་འབྱོར་ལྡན་པས་བྱ༔ མཚམས་མེད་སྤྱད་པའི་འགྲོ་བ་ཡང༔ ངན་སོང་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་གནས་སུ་ངེས་འདྲོང་ན༔ དགེ་བའི་ས་བོན་ལྡན་པ་དག༔ བདེ་འགྲོར་སྐྱེ་བ་སྨྲོས་ཅི་དགོས༔ དད་དང་དམ་ཚིག་སྲུང་བ་ནི༔ དག་པའི་ཞིང་དུ་དབུགས་འབྱིན་བྱེད༔ ཅེས་གསུངས་པས་མཚོན་སྤྱི་དང་བྱེ་བྲག་གི་ལུང་གིས་གྲུབ་ཅིང་རིག་པས་དཔྱད་བཟོད་པས་ན་ཡིད་ཆེས་པའི་ངེས་པ་དང་ལྡན་པ་ཉིད་དོ། །གྲུབ་པའི་སློབ་དཔོན་ཆེན་པོའི་ཞལ་གྱི་ལུང་། །མདོ་རྒྱུད་ཚད་མའི་གཞུང་ལྟར་ལེགས་ཕྱེས་པའི། །ཚུལ་འདི་འགྲོ་ཀུན་བདེ་ཅན་ཞིང་ཁམས་སུ། །མྱུར་དུ་བགྲོད་པའི་ལམ་བཟང་ཉིད་གྱུར་ཅིག །ཅེས་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་བསྒྱུར་པ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་གྱི་གསང་བ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཆོས་ཀྱི་གན་མཛོད་ཆེན་མོ་ལས་བྱུང་བའི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་སྦྱོང་གི་ཆོ་གའི་ཡན་ལག་གཞན་ཕན་ཕྲིན་ལས་ཀྱི་རིམ་པ་འདིའང་། མཚོ་སྐྱེས་བླ་མ་ཡབ་སྲས་ཀྱི་བྱིན་རླབས་བདུད་རྩིའི་སྣང་བས་བློ་གྲོས་ཀྱི་པདྨོ་ཅུང་ཟད་ཁ་བྱེ་བ་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྦྱར་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས་གསང་བ་བླ་མེད་ལུགས་ཀྱི་ནང་ལྟར་སྒྲུབ་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་དྲི་མེད་པདྨའི་སྙིང་པོ་ (Volume 22, Text 39)
༄༅། །ཐུགས་རྗེ་ཆེན་པོ་ནོར་བུ་སྐོར་གསུམ་ལས་གསང་བ་བླ་མེད་ལུགས་ཀྱི་ནང་ལྟར་སྒྲུབ་པའི་ཕྲིན་ལས་དབང་བསྐུར་དང་བཅས་པ་དྲི་མེད་པདྨའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ནིརྟེ་ཤྭ་ར་ཡ། པདྨའི་རིགས་འཁྲུངས་པདྨ་དམར་པོའི་མདངས། །ཐུགས་རྗེ་ཡེ་ཤེས་རྒྱས་པའི་འཛུམ་གར་གྱིས། །སྲིད་ཞི་དབང་དུ་མཛད་པའི་མགོན་པོ་དེས། །བདག་སོགས་ཕྱིར་མི་ལྡོག་པར་དབང་མཛད་གསོལ། །ཤིན་ཏུ་ཟབ་པ་བླ་མེད་ལུགས། །དེ་ཡི་ཡང་ཟབ་གསང་སྒྲུབ་ཅེས། །མ་རྒྱུད་མཁའ་འགྲོའི་སྲོག་སྙིང་ཡང་། །བསྟན་པའི་བཙས་སུ་བསམས་ནས་འགོད། །ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་སྤྲོས་བཅས་བསྐྱེད་རིམ་གྱི་སྐོར་ལ་ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོ། ནང་སྒྲུབ་གཙོ་འཁོར་ལྔ་པ། གསང་སྒྲུབ་ཁྲོ་བོ་རྟ་མགྲིན། ལས་སྒྲུབ་ལུས་དཀྱིལ་ལྷ་བཅུ་གསུམ་པ་རྣམས་སུ་ཡོད་པ་ལས་རྩ་བར་གྱུར་པ་ནང་སྒྲུབ་དང་འབྲེལ་བ་འདི་ལ་དོན་བཞི། བདག་དོན་བསྙེན་པའི་རྣལ་འབྱོར། གཉིས་དོན་སྒྲུབ་པའི་རྣལ་འབྱོར། གཞན་དོན་དབང་བསྐུར་གྱི་རིམ་པ། རྗེས་ཀྱི་བྱ་བ་བསྟན་པ་རྣམས་སོ། །དང་པོ་ནི། དབང་དང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་རི་བོ་ཏ་ལར་མོས་པའི་དབེན་གནས་ཁྲུས་དང་ཕྱགས་དར་གྱིས་གཙང་བར་བྱས་ལ་རྟེན་དང་མཆོད་པ་བཤམ། རང་ཉིད་གོས་དམར་པོ་བགོ་ཞིང་སིནྡྷུ་རའི་ཐིག་ལེ་བྱ། ཀ་པཱ་ལ་ཆང་དང་བདུད་རྩིས་བཀང་བ་མདུན་དུ་བཞག་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང། རཾ་ལས་མེ། ཀཾ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མུ། ཤར་དུ་བི། ལྷོར་ར། ནུབ་ཏུ་ཤུ །བྱང་དུ་མ། སླར་ཡང་དབུས་སུ་ན། ཤར་ལྷོར་གོ །ལྷོ་ནུབ་ཏུ་ཀུ །ནུབ་བྱང་དུ་ད། བྱང་ཤར་དུ་ཧ། རླུང་གཡོས་ཤིང་མེ་སྦར་བས་ཐོད་པ་དྲོས། རྫས་རྣམས་ཞུ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ཞུ་བས་ཐུགས་ཀྱི་བདུད་རྩི་སྔོན་པོ། ཨཱཿཞུ་བས་གསུང་གི་བདུད་རྩི་དམར་པོ། ཨོཾ་ཞུ་བས་སྐུའི་བདུད་རྩི་དཀར་པོ་སྟེ་ཐམས་ཅད་འདྲེས་པས་རྣམ་པ་ཐམས་ཅད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོར་གྱུར། དཀར་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་སྣོད་རྣམས་སུ། ཨོཾ་ཨཱཿཧཱུྃ་ལས་བྱུང་བ། ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བགེགས་གཏོར་གོང་ལྟར་བྱིན་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿ སརྦ་བིགྷྣཱན་ན་མཿསརྦ་སོགས་གོང་ལྟར་གསུམ་གྱིས་བསྔོས། ཧཱུྃ། ཡང་དག་བྱང་ཆུབ་སྒྲུབ་པ་ལ། །བར་དུ་གཅོད་པའི་བགེགས་རིགས་ཀུན། །ལན་ཆགས་གླུད་གཏོར་འདི་ཁྱེར་ལ། །མ་གནས་གཞན་དུ་འགྲོ་བར་གྱིས། །སརྦ་བིགྷྣཱན་གཙྪ། བགེགས་བསྐྲད་སྲུང་འཁོར་བསྒོམ་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀར་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ནས་བདག་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་རྟ་མཆོག་ཧེ་རུ་ཀ་དམར་ནག་ཤིན་ཏུ་ཁྲོས་ཤིང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཕྱག་གཡས་དབྱུག་ཏོ་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་གཏད་པ། དབུ་གཙུག་ཏུ་རྟ་མགོ་ལྗང་ཞུར་འཚེར་ཞིང་ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ། སྐུ་ལས་གནམ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་ཞིང་མེ་འབར་བའི་ཀློང་ན་གདུག་པ་ཅན་ཚར་གཅོད་པའི་སྐུར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ལན་གསུམ། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བདེན་པ་དང་། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་བདེན་པ་དང་། བདེན་པ་ཆེན་པོ་དེ་དག་གི་མཐུ་དཔལ་ལ་བརྟེན་ནས། རྣལ་འབྱོར་པ་བདག་གིས་སྒོ་གསུམ་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་འགྲོ་བ་སེམས་ཅན་གྱི་དོན་བགྱིད་པ་ལ། བར་དུ་གཅོད་ཅིང་གེགས་བྱེད་པའི་འབྱུང་པོ་ལོག་པར་འདྲེན་པ་ཐམས་ཅད་སྐད་ཅིག་ཡུད་ཙམ་གཅིག་ཀྱང་མ་གནས་པར་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ་སྙིང་དུམ་བུ་སྟོང་དུ་འགེམས་པར་འགྱུར་གྱིས། དེ་བས་བཀའ་དང་དམ་ལ་མ་འདའ་བར་རང་རང་གི་གནས་སུ་དེངས་ཤིག །གོང་སྔགས་མཐར། གནོད་བྱེད་འབྱུང་པོ་ཨུཙྪཱ་ཊ་ཡ་ཧཱུྃ་ཕཊ། ཅེས་མཚམས་བཅད། རང་གི་སྐུ་ལས་ཁྲོ་ཆུང་དཔག་ཏུ་མེད་པ་སྤྲོས་པས་གནམ་ས་བར་སྣང་ཐམས་ཅད་ཁེངས་པའི་ཕྱི་རོལ་དུ་བསྐལ་པའི་མེ་དཔུང་། གནམ་ལྕགས་ཀྱི་རལ་གྲི །རྡོ་རྗེ་རྭ་བས་གཏམས་པས་བགེགས་ཀྱིས་གླགས་མི་རྙེད་པར་གྱུར། མཆོད་པ་བྱིན་རླབས་ནི། བསང་སྦྱང་། སྟོང་པའི་ངང་ལས། ཨཱ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་སྦྱར། སྐྱབས་སེམས་ཚོགས་གསག་ནི། རང་གི་ཐུགས་ཀའི་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་པས། བླ་མ་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་ཨཱཿཧཱུྃ༔ ན་མོ་ཕྱོགས་བཅུ་དུས་བཞིའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ རྒྱལ་བ་སྲས་བཅས་ཡི་དམ་མཁའ་འགྲོ་དམ་ཅན་སྲུང་མར་བཅས༔ སྤྲུལ་དང་ཡང་སྤྲུལ་མཁའ་ལྟར་ཁྱབ་པའི་ཐུགས་རྗེའི་སྤྱན་མངའ་བ༔ བདག་སོགས་འགྲོ་ལ་མཁྱེན་བརྩེའི་དབང་གིས་གསན་ཅིང་དགོངས་སུ་གསོལ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་དྷཱ་ཀི་དམ་ཅན་ཚོགས༔ དེ་དག་རྣམས་ལ་རབ་གུས་དང་བས་ཕྱག་འཚལ་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྣམ་མང་འཕགས་པའི་ཚོགས་རྣམས་མཆོད༔ དུས་གསུམ་སྡིག་པའི་ལས་བསགས་མི་དགེ་གང་མཆིས་སོ་སོར་བཤགས༔ འཕགས་པའི་ཚོགས་ཀྱི་དགེ་བ་རྣམས་ལ་རྗེས་སུ་ཡི་རང་ངོ༔ བླ་མེད་ཆོས་ཀྱི་འཁོར་ལོ་སྐྱོ་དུབ་མེད་པར་བསྐོར་བར་བསྐུལ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ ཟག་བཅས་ཟག་མེད་དགེ་རྣམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་རྣམས་ལ་གསོལ་བ་འདེབས༔ འགྲོ་བའི་དོན་ཕྱིར་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེངས་ནས་བརྩམ་སྟེེ་བདག་གིས་དུས་གསུམ་ཐུགས་རྗེ་ཆེ་བསྒྲུབས་ནས༔ སྐྱོ་དུབ་མེད་པར་འགྲོ་བ་རྣམས་ཀྱི་དོན་རབ་བརྩོན་པར་བགྱིད༔ ཅེས་ལན་གསུམ། ཚོགས་ཞིང་མི་དམིགས་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་ཨེ་ལས་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པའི་དབྱིབས་ལྟ་བུ༔ དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ༔ དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ༔ དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་མཉམ་པ་ཉིད་ཀྱི་སྟེང་དུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཕྱི་ལྕགས་རི་མུ་ཁྱུད་དང་ལྡན་པ༔ རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རྩིག་པ་དཀར་པོ་དམར་པོ་སྔོན་པོ་སེར་པོ་ལྗང་གུ་སྟེ་རིམ་པ་ལྔ་དང་ལྡན་པ༔ ཕ་གུ་སེར་པོ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་ཞིང༔ མདའ་ཡབ་དང་པུ་ཤུས་མཛེས་པར་བརྒྱན་པ༔ ནང་ཀ་བ་བརྒྱད་དང་རྡོ་རྗེའི་གདུང་བཞིས་མཁའ་ལ་བཏེགས་པ༔ དབུས་ཕྱུར་བུ་ལ་པདྨའི་ཏོག་གིས་མཚན་པ༔ དེའི་དབུས་སུ་སྣ་ཚོགས་པདྨ་འདབ་བཞི་ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང༔ ལྟེ་བ་དཀར་པོའི་དབུས་སུ༔ པཾ་ལས་པདྨ༔ ཨ་ལས་ཟླ་བ༔ རཾ་ལས་ཉི་མའི་གདན་གྱི་སྟེང་དུ༔ ཧྲཱིཿལས་པདྨ་དམར་པོ་ཧྲཱིཿཡིས་མཚན་པ་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་པདྨ་རཱ་ག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ༔ གཡས་མུ་ཏིག་གི་ཕྲེང་བ་དམར་པོ་དང༔ གཡོན་པདྨ་དམར་པོ་འཛིན་པས་ཡུམ་ལ་འཁྱུད་པ༔ དབུ་སྐྲ་ནག་པོ་ཐོར་ཚུགས་གྱེན་ལ་འཁྱིལ་ཞིང་ཐུར་དུ་གྲོལ་བ༔ སྤྱན་གསུམ་ཅུང་ཟད་ཁྲོས་པ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ༔ དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ༔ གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་བ༔ གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ གཅེར་བུ་སྤྱན་གསུམ་དབུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ༔ ཡབ་ཡུམ་གཉིས་མེད་ཐབས་ཤེས་གཅིག་ཏུ་རོལ་པའོ༔ དེའི་ཕྱི་རོལ་དུ་ཤར་གྱི་པད་འདབ་ལ་རྡོ་རྗེ་ཌཱ་ཀི་མ་སྔོན་མོ་གཡས་རྡོ་རྗེ༔ ལྷོར་རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་རིན་པོ་ཆེ༔ ནུབ་ཏུ་པདྨ་ཌཱ་ཀི་མ་དམར་མོ་གཡས་པདྨ༔ བྱང་དུ་ལས་ཀྱི་ཌཱ་ཀི་མ་ལྗང་གུ་གཡས་རྒྱ་གྲམ༔ ཐམས་ཅད་ཀྱང་གཡོན་ཐོད་ཁྲག་འཛིན་པ༔ གཅེར་བུ་སྐྲ་གྲོལ་ཕྱག་རྒྱ་ལྔས་བརྒྱན་ཅིང་གར་སྟབས་དང་ལྡན་པའི༔ ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ༔ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་དང་ཧྲཱིཿདམར་པོ༔ དེ་ལས་འོད་ཟེར་དམར་པོ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ གོང་ལྟར་ཡན་ལག་བདུན་པ་ཚར་གཅིག་བྱ། མི་ལྕོགས་ན་སྤྱི་ལྟར་མཆོད་བསྟོད་མདོར་བསྡུས་བྱས་ཀྱང་རུང་། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་མེད་དུ་གྱུར། སླར་ཡང་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་དང་། འབྲུ་གསུམ་གྱིས་ནང་མཆོད་ཕུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། རིགས་ལྔ་འཁོར་བཅས་ཀྱིས་རིན་པོ་ཆེའི་བུམ་པ་ཐོགས་ནས་དབང་བསྐུར་བར་གྱུར། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན༔ སངས་རྒྱས་རྣམས་ཀྱི་བུམ་པའི་དབང༔ རྒྱལ་སྲས་རྣམས་ལ་བསྐུར་པ་ལྟར༔ ད་ལྟ་ཁྱོད་ལ་བསྐུར་བར་བྱ༔ ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་གསུང་ཞིང་དབང་བསྐུར་བས་སྡིག་སྒྲིབ་དག །ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་ལ་སྣང་བ་མཐའ་ཡས། རིགས་བཞིའི་ཌཱ་ཀི་ལ་རིགས་སོ་སོས་དབུ་བརྒྱན་པར་གྱུར། བཟླས་པ་བྱ་བ་ནི། གཙོ་བོའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་པདྨ་རཱ་གའི་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ། རྩིབས་དྲུག་ལ་གཡས་སྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་རྣམས་ཁ་དོག་དམར་པོ་ཤིན་ཏུ་འཚེར་བ། ཡུམ་གྱི་ཐུགས་ཀར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་དུ་བསྟན་པའི་དབུས་སུ་བཾ་ཡིག་དམར་པོ། ཟུར་གསུམ་ལ་དྷཱ་ཀི་ནཱིའི་ཡིག་འབྲུ་རེ་རེ། རིགས་བཞི་མཁའ་འགྲོའི་སྙིང་གར་དགའ་བ་འཁྱིལ་པ་རེ་རེའི་སྟེང་དུ་ཧ་རི་ནི་ས་རང་མདོག །སྔགས་བཟླས་པ་ཙམ་གྱིས་གཙོ་བོའི་ཐུགས་ཀའི་འཁོར་ལོ་གཡས་སུ་འཁོར་ཞིང་ཡིག་འབྲུ་གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཡུམ་ལ་ཕོག །ཡུམ་གྱི་ཐུགས་ཀའི་ཆོས་འབྱུང་ཡིག་འབྲུ་དང་བཅས་པ་འཁོར། དེ་ལས་འོད་འཕྲོས་ཌཱ་ཀི་རིགས་བཞིའི་ས་བོན་ལ་ཕོག་པས་དགའ་འཁྱིལ་དང་བཅས་པ་གཡས་སྐོར་དུ་འཁོར་བས། དེ་དག་ཐམས་ཅད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་ཞི་ཁྲོ་ཌཱ་ཀིའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ནས། དེ་དག་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གྱུར་ནས་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་བཞིན་པར་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཞེས་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཅེས་བཟླས་སྟེ་གྲངས་ཀྱི་ཚད་ནི་བྱེ་བ་བཅོ་ལྔའམ་འབྲུ་འབུམ་བཟླས་པས་ལས་རུང་ངོ་། །ཡང་སྐབས་སུ་ཐུགས་ཀའི་ས་བོན་དང་ཡིག་འབྲུ་གཉིས་གཡས་འཁོར་གཡོན་འཁོར་གྱི་བར་དུ་སྡིག་སྒྲིབ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་སྲེག་པར་བསམ། བསྙེན་པ་ཐེམས་ནས། ཐུགས་ཀའི་ས་བོན་རྣམས་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ལ་ཕོག་པས། རྡོ་ཁབ་ལེན་ལ་ལྕགས་འདུས་པ་ལྟར་འདུས་པར་བསྒོམས་ལ་སྔགས་ཤམ་དུ་ལོ་ཀ་སིདྡྷི་སརྦ་བཱ་ཤཾ་ཀུ་རུ་ཡེ་ཧཱུྃ་ཛ༔ ཞེས་འབུམ་ཕྲག་དྲུག་བཟླས་པས་ཐུན་མོང་གི་དངོས་གྲུབ་ཆར་ལྟར་འབབ་བོ། །དྲེགས་པ་ཅན་དབང་དུ་བསྡུ་བ་ནི། རང་ཉིད་གཙོ་བོ་རྟ་མགྲིན་ཡབ་ཡུམ་དུ་བསྒོམས་ལ། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་ཐམས་ཅད་མཱ་ར་ཡ༔ སྟཱམྦྷ་ཡ༔ ན་ཤ་ཡ༔ བྷན་དྷ་ཡ་ཧཱུྃ་ཕཊ༔ ཞེས་བརྗོད་ཅིང་གནོད་བྱེད་གང་ཡིན་པ་དེ་གཟིར་བའི་ཏིང་ངེ་འཛིན་ཡང་ཐུན་མཚམས་སོགས་དགོས་པ་བྱུང་ན་བྱའོ། །ཐུན་མཚམས་སུ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་མཎྜ་ལ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ པཱ་དྱཾ་སོགས་ཀྱིས་མཆོད། བླ་མ་ཡི་དམ་མཁའ་འགྲོ་དང༔ སྤྱན་རས་གཟིགས་དབང་ལྷ་ཚོགས་དང༔ དམ་ཅན་ཆོས་སྐྱོང་བཅས་པ་ལ༔ མཆོད་པ་འབུལ་གྱིས་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཞེས་ནང་མཆོད་འབུལ། ཧྲཱི༔ གར་གྱི་དབང་ཕྱུག་པདྨ་གསུང་གི་ལྷ༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ༔ སྐྱོན་བྲལ་དྲི་མེད་པདྨའི་གདན་ལ་བཞུགས༔ སྤྱན་རས་གཟིགས་དབང་སྐུ་ལ་ཕྱག་འཚལ་བསྟོད༔ མཁའ་དབྱིངས་རྣམ་དག་ཤེས་རབ་ཡུམ་གྱི་སྐུ༔ ཆགས་མེད་དོན་གྱིས་འགྲོ་བ་དབང་དུ་སྡུད༔ རིག་བྱེད་ལྷ་མོ་གསང་བ་ཡེ་ཤེས་ལ༔ ཕྱག་འཚལ་མཆོད་བསྟོད་དབང་དང་དངོས་གྲུབ་ཞུ༔ ཕྲིན་ལས་བཞི་མཛད་རིགས་བཞིའི་མཁའ་འགྲོ་མ། །མཐིང་སེར་དམར་ལྗང་རང་རྟགས་ཕྱག་ན་བསྣམས། །ཕྱག་རྒྱ་ལྔས་བརྒྱན་སོ་སོའི་ཉམས་དང་ལྡན། །རིགས་བཞི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བསྟོད། བསྡུ་རིམ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་ལྷར་གསལ་བ་ལ་ཕོག །དེ་ཐམས་ཅད་འོད་དུ་ཞུ་སྟེ་སྲུང་བའི་གུར་ཁང་ལ་ཐིམ། དེ་ཞུ་བ་ལས་རིམ་བཞིན་བདག་ཉིད་ལ་འདུས་ཏེ། བདག་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། ཧྲཱིཿཡང་གོང་བུ་དང་ནཱ་དའི་གཟུགས་ལས་རྣམ་པར་འདས་ནས་རྣམ་པར་དག་པའི་རང་བཞིན་ནོ། །ཞེས་མཉམ་པར་བཞག །སླར་རང་ཉིད་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་སུ་གསལ་བར་གྱུར། ཅེས་ལྷར་ལྡངས་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་དང་མ་བྲལ་བར་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན། བྱིན་རླབས་བདུད་རྩིའི་དངོས་གྲུབ་ལྟར་བྱས་ལ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་གྱུར་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། རྡོར་ཐལ་ཕྱེ་བས། ན་མོ་རཏྣ་གུ་རུ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། བྱིན་གྱིས་རློབ་པར་མཛད་དུ་གསོལ། བསྙེན་སྔགས་གཤམ་དུ། ཨི་དཾ་བ་ལིཾ་ཏ་བཏགས་པ་ལན་གསུམ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག །གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྡོ་རྗེ་མཁའ་འགྲོ །རིན་ཆེན་མཁའ་འགྲོ །པདྨ་མཁའ་འགྲོ །ལས་ཀྱི་མཁའ་འགྲོ་རྣམས་ཀྱི་ཞལ་དུ་འབུལ་ལོ། །མཆོག་དང་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ། སརྦ་ཌཱ་ཀ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་སོགས་གསུམ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་དང་བསྟན་པ་རིན་པོ་ཆེ་བསྲུང་བར་ཞལ་གྱིས་བཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ་འབུལ་ལོ། །བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བདག་གི་ཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་དུ་གསོལ། མཆོད་བསྟོད་གོང་ལྟར་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། ནོངས་པ་བཤགས། རྟེན་ཡོད་ན་བསྟིམ། མེད་ན་གཤེགས་སུ་གསོལ་ལོ། །གཉིས་པ་སྒྲུབ་པའི་རིམ་པ་ལ། དཀྱིལ་འཁོར་གཞུང་མཐུན་མཚན་ཉིད་དང་ལྡན་པའམ་མ་འབྱོར་ན་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་པ་བཀོད་པའི་ཁར་མཉྫི་ལ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་ཀ་པཱ་ལ་མྱོས་བྱེད་བདུད་རྩིས་བཀང་བའི་ཁར་མེ་ལོང་ལ་སིནྡྷུ་ར་བརྡལ་ཏེ་ཆོས་འབྱུང་བསྣོལ་མའི་ནང་པདྨ་འདབ་བཞིའི་ལྟེ་བར་ཧྲཱིཿདང་འདབ་མར་ཧ་རི་ནི་ས་བྲིས་པ་བཞག་ལ་དར་དམར་གྱིས་བཀབ། དབང་གཙོ་བོར་བྱེད་སྐབས། ཤར་དུ་རྡོ་རྗེ། ལྷོར་དབུ་རྒྱན། ནུབ་ཏུ་གླེགས་བམ། བྱང་དུ་དྲིལ་བུ། རྒྱབ་ངོས་སུ་གཏོར་འབུལ། མདུན་དུ་ནང་མཆོད། མཐར་ཕྱི་མཆོད་གཡོན་སྐོར་དུ་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་ཚོགས་པར་བྱས་ལ། བདག་བསྐྱེད་བཟླས་པའི་བར་དུ་སོང་ནས། ཐོག་མར་བདུད་རྩི་ལག་མཆོད་བྱ་བ་ནི། ནང་མཆོད་མདུན་དུ་བཞག་ལ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་བ་ཟླ་བའི་རང་བཞིན། ནང་དམར་བ་ཉི་མའི་རང་བཞིན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ་དབུགས་དང་བྲལ་མ་ཐག །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་རླངས་པ་མ་ཡལ་བ། དེའི་སྟེང་དུ་ཡེ་ཤེས་ལྔ་ཡི་རང་བཞིན། ཧཱུྃ་བྷྲཱུྃ་ཨོཾ་ཛྲིཾ་ཁཾ་དེ་རྣམས་འོད་དུ་ཞུ་བས། དམ་ཚིག་གི་བདུད་རྩི་མུ་ཏིག་གི་མདོག་ལ་སྦྲང་རྩིའི་རོ་དང་ལྡན་པ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དེ་ནས་སྲིན་ལག་གཡོན་པས་ཐོད་པའི་ཁ་ཟླུམ་སྐོར་བྱ་ཞིང་། ཨོཾ་སྭ་བྷཱ་བ་སོགས། རང་བཞིན་སྟོང་པ་ཉིད་དུ་གྱུར། དེའི་ནང་དུ་གྲུ་གསུམ་བྲི་ཚུལ་བྱ་ཞིང་། ཨོཾ་ཨཱཿཧཱུྃ་ངོ་བོ་བདེ་བ་ཆེན་པོར་གྱུར། དེའི་ནང་དུ་རོའི་ལྷ་མོ་ཀྲོ་དྷི་སེར་མོ་ལྟེ་བ་ཡན་ཆད་ཆང་གི་སྟེང་དུ་ཐོན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཉིས་བདུད་རྩི་ཐོགས་ནས་ལྷ་ཐམས་ཅད་ལ་མཆོད་པའི་སྤྲིན་སྤྲོ་བའོ། །སྲིན་ལག་གཉིས་ཀྱིས་རང་གི་ལག་པ་གཉིས་ལ་ཆང་གཏོར་ཞིང་རྟ་སྔགས་བརྗོད། གཡས་པའི་སྲིན་ལག་གིས་གཡོན་པའི་མཐིལ་དུ་ཟླུམ་སྐོར་བྲི་ཞིང་། སྭ་བྷཱ་བ་སོགས། གཡོན་སྐོར་དུ་ཆོས་འབྱུང་བྲི་ཞིང་། ཨོཾ་ཨཱཿཧཱུྃ༔ དེའི་ནང་དུ་ཐིག་ལེ་བྱ་ཞིང་། དབུས་སུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ། ཤར་དུ་རྡོ་རྗེ་མཁའ་འགྲོ །ལྷོར་རིན་ཆེན་མཁའ་འགྲོ །ནུབ་ཏུ་པདྨ་མཁའ་འགྲོ །བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གསལ་བ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། རང་བཞིན་རྣམ་དག་ཕོ་བྲང་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་དབང་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃཿ དྷ་ཀི་ནཱི་ཧ་རི་ནི་ས་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ། ཨཱ་ཀརྵ་ཡ་ས་མ་ཡ་ཛ་ཛཿ ཕེཾ་ཕེཾ། ཛཿཧཱུྃ་བཾ་ཧོཿ ཨརྒྷཾ་སོགས་དང་། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ མ་ཧཱ་སུ་ཁ་པཱུ་ཛ་ཧོཿ པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྐྱེ་འགག་མེད་པ་ལས། །འཇའ་ཚོན་ལྟ་བུའི་གཟུགས་ཀྱི་སྐུ །ལོངས་སྐུ་མཚན་དང་དཔེ་བྱད་ལྡན། །གང་ལ་གང་འདུལ་སྐུ་སྤྲུལ་ནས། །འགྲོ་བ་མ་ལུས་འདྲེན་མཛད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྐྱེ་བ་མེད་པའི་རང་བཞིན་ལས། །འགག་པ་མེད་པར་སྐུར་སྟོན་པ། །གནས་པ་མེད་པའི་རྣལ་འབྱོར་ལས། །ཆགས་པ་མེད་པར་འགྲོ་དོན་མཛད། །འགྱུར་མེད་དོན་མཛད་དངོས་གྲུབ་སྟེར། །ཌཱ་ཀི་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །རིགས་བཞི་དཔའ་བོ་དཔའ་མོ་ལ། །གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་དེ། །མྱུར་བ་ཉིད་དུ་བསྩལ་དུ་གསོལ། །ལག་པ་གཉིས་ཆོས་འབྱུང་གི་ཕྱག་རྒྱ་བདུད་རྩིའི་སྟེང་སྦུབས་ལ་གཡོན་དུ་དལ་གྱིས་བསྐོར་ཞིང་། ཡབ་ཡུམ་སྙོམས་འཇུག་གི་སྦྱོར་མཚམས་སུ་ཡེ་ཤེས་ཀྱི་བདུད་རྩི་བབ་ནས་ཐོད་པར་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ། ལག་པའི་ལྷ་ཚོགས་རང་ལ་ཐིམ་པར་གྱུར། ཅེས་ལག་པ་གཡོན་སྤྱི་བོ་བྱུག །སྲིན་ལག་གཡོན་གྱིས་བདུད་རྩི་དཀྲུག་ཚུལ་བྱ་ཞིང་། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། བདུད་རྩི་སྟེང་འོག་སོགས་ཚིག་བསྟུན་འཐོར་ཞིང་ལྕེ་ལ་བཞག་པ་སོགས་བྱས་ཏེ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ༴ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ༴ བདུད་རྩིའི་ཟེགས་མ་རྟ་མགྲིན་གྱི་ཚོགས་སུ་གྱུར་ནས་བགེགས་ཐམས་ཅད་བསྐྲད་པར་བསམ། ཧྲཱིཿཔདྨཱནྟ་ཀྲྀཏ་གནོད་བྱེད་ཨུཙྪ་ཏ་ཡ་ཕཊ། འཁོར་དུ་ཚོགས་པ་དཔའ་བོ་དང་དཔའ་མོར་གྱུར། མཆོད་རྫས་ཐམས་ཅད་བདུད་རྩིའི་ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་དུ་གྱུར། གནས་ཁང་དང་རང་གི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གིས་གཏམས་པར་གྱུར། ལུས་ཀྱི་ལྷ་རྣམས་མཆོད་པས་མཉེས་ནས་དངོས་གྲུབ་ཐོབ་པར་གྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་ཞེས་པ་ནས་བདག་ཉིད་ཅེས་པའི་ཚིག་དོར་ལ། མདུན་གྱི་ནམ་མཁར་བཞུགས་པར་གྱུར༔བར་བདག་བསྐྱེད་ལྟར་ལ། ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས༔ གྲུབ་ཐོབ་བྱེ་བ་འབུམ་གྱི་དབུས༔ སློབ་དཔོན་པདྨ་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ པདྨ་དབང་གི་དཀྱིལ་འཁོར་ནས༔ མགོན་པོ་ཚེ་དབང་འོད་དཔག་མེད༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མེ་དཔུང་འབར་བའི་དཀྱིལ་འཁོར་ནས༔ རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ དཔའ་བོའི་ཚོགས་བཅས་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མཁའ་སྤྱོད་དག་པའི་གཞལ་ཡས་ནས༔ གསང་བ་ཡེ་ཤེས་ཌཱ་ཀི་མ༔ དཔའ་མོའི་ཚོགས་བཅས་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ དག་པ་སྐུ་ཡི་གཞལ་ཡས་ནས༔ སངས་རྒྱས་ཌཱ་ཀི་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མི་འགྱུར་ཐུགས་ཀྱི་གཞལ་ཡས་ནས༔ རྡོ་རྗེ་ཌཱ་ཀི་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ པདྨ་གསུང་གི་གཞལ་ཡས་ནས༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཡོན་ཏན་རྒྱས་པའི་གཞལ་ཡས་ནས༔ རིན་ཆེན་ཌཱ་ཀི་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཕྲིན་ལས་གྲུབ་པའི་གཞལ་ཡས་ནས༔ ལས་ཀྱི་ཌཱ་ཀི་གཤེགས་སུ་གསོལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས༔ སྣ་ཚོགས་ཌཱ་ཀི་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ དམ་ཚིག་ཆེན་པོའི་གཞལ་ཡས་ནས༔ དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ ཕོ་ཉ་ལས་མཁན་མཛད་དུ་གསོལ༔ བཛྲ་ས་མཱ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འགྲོ་བའི་དོན་ལ་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་པར་ལྡན༔ བདག་གི་མཆོད་ཡོན་བཞེས་སླད་དུ༔ ཆོས་དབྱིངས་མཐའ་དབུས་མེད་པ་ལ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཅི་བདེ་བར་ནི་བཞུགས་སུ་གསོལ༔ ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོཿནས། རིགས་སོ་སོས་དབུ་བརྒྱན་པར་གྱུར་བར་བདག་བསྐྱེད་ལྟར་བྱ། ཕྱག་འཚལ་ཞིང་བསྟོད་པ་ནི། ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ པདྨ་མཆོག་ཏུ་སྐུ་སྤྲུལ་པ༔ གདུག་པ་འདུལ་མཛད་ཐོད་ཕྲེང་རྩལ༔ གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ༔ སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད༔ སྤྱན་གྱི་གཟི་མདངས་འགྲོ་ལ་ཐུགས་རྗེས་གཟིགས༔ ཞལ་ནས་གསུང་སྒྲས་འཇིག་རྟེན་ཆོས་སྒྲ་སྒྲོག༔ ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་མ་ལུས་འཐོར༔ སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད༔ ཕྱག་གཉིས་དབྱིངས་དང་ཡེ་ཤེས་མཉམ་པར་སྦྱོར༔ གཡས་པས་ཕྲེང་བས་བྱང་ཆུབ་ལམ་སྣ་འདྲེན༔ གཡོན་པས་པད་སྡོང་འཁོར་བའི་སྐྱོན་མ་གོས༔ ཞབས་གཉིས་འགྲོ་བའི་དོན་དུ་འདོར་ཐབས་ཚུལ༔ རིན་ཆེན་རུས་རྒྱན་ཕ་རོལ་ཕྱིན་དྲུག་ལྡན༔ འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད༔ འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ དགྱེས་པར་རོལ་ལ་ཛཔ྄་བསྟོད་མཆོད་པ་བཞེས༔ དབང་དང་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་སྐུ༔ འཆི་མེད་ཚེ་དབང་མགོན་པོ་འོད་དཔག་མེད༔ དུས་གསུམ་སངས་རྒྱས་ཐམས་ཅད་གསུང་ལས་སྤྲུལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་བྱིན་གྱིས་རློབས༔ གཉིས་མེད་དོན་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཡུམ་གཅིག་མ༔ ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས༔ གསང་བ་ཡེ་ཤེས་ཌཱ་ཀི་མ༔ སྐུ་མདོག་དམར་མོ་དབང་གི་ཚུལ༔ ཚད་མེད་རྣམ་བཞིས་འགྲོ་དོན་མཛད༔ རྣམ་རྟོག་ཀུན་གྲོལ་ཌཱ་རུ་གཡས༔ འཁོར་བ་དབང་སྡུད་ཐོད་ཁྲག་གཡོན༔ ཐབས་ཤེས་གཉིས་མེད་ཡབ་ལ་འཁྱུད༔ འདོད་ཡོན་རང་དག་རུས་པས་བརྒྱན༔ གཞོན་ཚུལ་ཆེ་ལ་ཅུང་ཟད་ཁྲོས༔ ཐུགས་རྗེ་ཆགས་པ་དབང་སྡུད་མ༔ ནམ་མཐོང་དྲན་པས་ཡེ་ཤེས་སྐྱེ༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ པདྨ་རྒྱལ་པོའི་དགོངས་དོན་མཆོད་བཞི་བསྟོད་བཞིར་གྲགས་པ་ལ། ཐོག་མར་མཆོད་རྫས་རྣམས་སྒྲུབ་ཐབས་ལྟར་བྱིན་བརླབས་ལ། ཕྱི་མཆོད་ནི། ཧཱུྃ༔ སྤྱན་རས་གཟིགས་དབང་ལྷ་ཚོགས་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་དང་སྐུ་ལུས་ལ༔ མཆོད་པ་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་ལྷ༔ སྐུ་མདོག་དམར་ནག་དྲེགས་པ་དབང་དུ་སྡུད༔ སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས༔ ཞལ་གྱི་འཛུམ་ཚུལ་ཐུགས་རྗེ་ཀུན་ལ་སྙོམས༔ མཆེ་བཞི་གཙིགས་པ་སྐྱེ་ཤི་རྩད་ནས་གཅོད༔ དབུ་གཙུག་རྟ་མགོ་གཞན་གྱིས་འགྲན་དུ་མེད༔ རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད༔ དབང་སྡུད་ཕྱག་རྒྱས་སྐྱེ་འགྲོ་ཟིལ་གྱིས་གནོན༔ པདྨའི་ཕྱག་མཚན་འཁོར་བའི་སྐྱོན་མ་གོས༔ རིན་ཆེན་རྒྱན་ཆ་འདོད་ཡོན་མ་སྤངས་དག༔ ཞབས་གཉིས་བརྐྱང་བསྐུམ་ཡེ་ཤེས་སེམས་དཔའི་ཚུལ༔ དབང་ཆེན་རྟ་མཆོག་སྐུ་ལ་ཕྱག་འཚལ་བསྟོད༔ སྒྲུབ་པ་པོ་ལ་དངོས་གྲུབ་བསྩལ་དུ་གསོལ༔ ནང་མཆོད་ནི། ཧཱུྃ༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དུག་ལྔ་རྣམ་པར་དག་པ་ཡི༔ རིགས་ལྔ་རང་བཞིན་ཡེ་ཤེས་ལྔ༔ ཤ་ཆེན་ལྔ་ཡི་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ འབྱུང་བ་ལྔ་པོ་རྣམ་དག་པ༔ མཱ་མ་ཀཱི་ལ་སོགས་པ་ཡི༔ རིགས་ཀྱི་ཡུམ་ཆེན་འབྱུང་བ་ལྔ༔ ཤེས་རབ་དྲི་མེད་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ ཐབས་དང་ཤེས་རབ་དབྱེར་མེད་ཅིང༔ ཟུང་འཇུག་བདེ་བའི་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ དབང་བཞི་བསྐུར་དང་རྒྱུད་བཞི་སྨིན༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔ རྡོ་རྗེ་ཆོས་ཀྱི་དངོས་གྲུབ་སྩོལ༔ རིན་ཆེན་རིགས་ཀྱི་ཌཱ་ཀི་མ༔ ནོར་དང་བསོད་ནམས་དངོས་གྲུབ་སྩོལ༔ པདྨ་རིགས་ཀྱི་ཌཱ་ཀི་མ༔ ཆགས་པ་དབང་སྡུད་དངོས་གྲུབ་སྩོལ༔ ལས་ཀྱི་རིགས་ཀྱི་ཌཱ་ཀི་མ༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྷན་སྐྱེས་ཡེ་ཤེས་དངོས་གྲུབ་སྩོལ༔ དབང་བསྐུར་བྱིན་རླབས་མཛད་དུ་གསོལ༔ ཕྲིན་ལས་བཞི་ཡི་དངོས་གྲུབ་སྩོལ༔ གསང་མཆོད་ནི། ཧཱུྃ༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ༔ ཟུང་འཇུག་གསང་མཆོད་འབུལ་བ་ནི༔ ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ༔ དཔའ་བོའི་ཚོགས་བཅས་རྣལ་འབྱོར་མ༔ གཉིས་མེད་བདེ་ཆེན་རོལ་པ་ལས༔ ལོངས་སྤྱོད་རྫོགས་པའི་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ༔ དབང་བཞི་བསྐུར་དང་རྒྱུད་བཞི་སྨིན༔ གསང་བ་བླ་མེད་དངོས་གྲུབ་སྩོལ༔ ཧཱུྃ༔ འགྲོ་བ་ཀུན་ལ་ཐུགས་རྗེས་མཉམ་པར་གཟིགས༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ ཆགས་རབ་དོན་གྱིས་འགྲོ་བ་དབང་དུ་སྡུད༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྔགས་ཀྱི་ལས་མཛད་མཁའ་འགྲོ་མཛེས་པའི་ཚུལ༔ རྒྱ་མཚོ་གླིང་གི་མཁའ་འགྲོར་ཕྱག་འཚལ་བསྟོད༔ བསྟན་པའི་རྒྱུད་འཛིན་གདུག་པའི་དགྲ་འདུལ་བའི༔ མཁའ་འགྲོ་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ རྣལ་འབྱོར་འཁོར་སྐྱོང་བྱིན་རླབས་ཆར་བཞིན་འབེབ༔ ཌཱ་ཀི་རིགས་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ རིགས་བཞི་ཌཱ་ཀི་ལ་སོགས་པའི༔ ཕྱི་ནང་མཁའ་འགྲོ་རྒྱ་མཚོའི་ཚོགས༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཧཱུྃ༔ སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ༔ གཉིས་མེད་དོན་མཆོད་འབུལ་བ་ནི༔ ཆོས་སྐུ་སྐྱེ་འགག་མེད་པ་ལ༔ སྣང་བ་སྣ་ཚོགས་མཆོད་པ་འབུལ༔ ཕྱག་རྒྱ་ཆེན་པོའི་དབང་དང་དངོས་གྲུབ་སྩོལ༔ ཐབས་དང་ཤེས་རབ་གཉིས་མེད་ཅིང༔ ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ༔ ཟག་མེད་བདེ་ཆེན་མཆོད་པ་འབུལ༔ དབང་བཞི་རྫོགས་པར་བྱིན་གྱིས་རློབས༔ དབྱིངས་དང་ཡེ་ཤེས་རོ་མཉམ་པའི༔ འགག་མེད་ཡེ་ཤེས་ལྔ་ལྡན་པའི༔ ཀུན་མཁྱེན་ཡེ་ཤེས་མཆོད་པ་འབུལ༔ དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ༔ མི་འགྱུར་བདུད་ཀྱི་སྡེ་བཅོམ་རྡོ་རྗེའི་རིགས༔ རྡོ་རྗེ་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ རེ་སྐོང་བདུད་རྩིའི་ཆར་འབེབ་རིན་ཆེན་རིགས༔ རིན་ཆེན་ཌཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆགས་པ་ཐམས་ཅད་དབང་སྡུད་པདྨའི་རིགས༔ པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ དོན་གྲུབ་གདུག་པ་འདུལ་མཛད་ལས་ཀྱི་རིགས༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ གདུག་པ་འདུལ་མཛད་རྡོ་རྗེའི་རིགས་སུ་སྤྲུལ༔ རྡོ་རྗེ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ནོད་དང་བསོད་ནམས་སྤེལ་མཛད་རིན་ཆེན་རིགས༔ རཏྣ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆགས་རབ་དོན་གྱིས་འགྲོ་བ་དབང་དུ་སྡུད༔ པདྨ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ལས་ཀྱི་མཐུ་ཡིས་བསྟན་པའི་རཱུ་ཏྲ་འདུལ༔ ལས་ཀྱི་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་པ་ལོན་པ་པདྨ་འབྱུང་གནས་ཀྱིས༔ བདག་དང་མོས་པའི་གང་ཟག་ལ༔ བྱིན་རླབས་བདུད་རྩིའི་ཆར་རྒྱུན་ཕོབ༔ ཅེས་མཚམས་རྣམས་སུ་རོལ་མོ་བྱ། བདག་མདུན་མགལ་མེ་ཀླད་སྐོར་གྱི་བཟླས་པའམ། གཞུང་སྒྲུབ་དམིགས་བསལ་རིགས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱའོ། །དེ་ནས་བུམ་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་སུ་པད་ཟླ་ཉི་མའི་གདན་ལ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སོགས་བདག་བསྐྱེད་སྐབས་ལྟར་ལ། བདག་ལ་ཞེས་པ་ལྷ་ལ་ཞེས་བསྒྱུར་ཏེ། རིགས་སོ་སོས་དབུ་བརྒྱན་པར་གྱུར་བར། མཆོད་བསྟོད་རྒྱས་པའམ་བདག་བསྐྱེད་ཐུན་མཚམས་ལྟ་བུའི་བསྡུས་པ་གང་ལྕོགས་བྱ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་འཇུས་ལ་བཟླས་པ་ཅི་འགྲུབ་བྱ་སྟེ་མཐར། ཨོཾ་ཨཱཿཧཱུྃ། རྣམ་རྒྱལ་གྱི་ལྷ་རྣམས་བདེ་བ་ཆེན་པོར་ཞུ་བ་བུམ་ཆུའི་རྣམ་པར་གྱུར། ཀ་པཱ་ལའི་བདུད་རྩི་དང་སིནྡྷུ་རའི་དཀྱིལ་འཁོར་རྣམས་ལའང་ལྷ་རྣམས་སིབ་སིབ་ཐིམ་པར་མོས་ལ་བཟླས་པ་བྱ། ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་གཡས་དབྱུག་ཏོ་ཕྱར་ཞིང་གཡོན་སྡིགས་མཛུབ་སྒྲེང་བ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བརྒྱ་རྩ་བརྒྱད་བཟླ། ཁྲོ་བོའི་དབང་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་ཆད་ཐམས་ཅད་ཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། དེ་ནས་བྱིན་རླབས་ནས་མཆོད་བསྟོད་ཕྲིན་བཅོལ་བར་གྱི་གཏོར་འབུལ་གོང་དུ་སྨོས་པ་ལྟར་བྱ། དམ་ཅན་སྤྱི་གཏོར་ལྟ་བུའི་ཁོངས་སུ་གཏེར་སྲུང་བཙན་རྒོད་སོགས་གཏེར་གཞིའི་གཏོར་མའང་འབུལ། དབང་དང་འབྲེལ་ན་སྐབས་འདིར་བདག་འཇུག་གམ་རིག་པའི་མེ་ཏོག་དོར་རོ། །གསུམ་པ་གཞན་དོན་སློབ་མ་རྗེས་སུ་བཟུང་བ་ལ་གཉིས། སྔོན་འགྲོ་སྟ་གོན་དང་། དངོས་གཞི་དབང་བསྐུར་བ་གཉིས་སོ། །དང་པོ་ནི་སྤྱིར་ལུགས་འདིར་ས་ཆོག་ལྷ་བུམ་སྟ་གོན་རིགས་མ་གསུངས་པས་སྤྱི་ལྟར་སྤྲོས་ཀྱང་ཆོག་རུང་སྐབས་འདིར་ལག་ལེན་ཟོར་ཡང་པའི་ཕྱིར་གཞུང་གི་དགོངས་པ་སོར་བཞག་ཏུ་བཀོད་པ་སྟེ། དེའང་གཞུང་དོན་དངོས་ལྟར་ན་ནུབ་དང་པོར་གོང་སྨོས་བདག་མདུན་སྒྲུབ་མཆོད་གྲུབ་པ་དང་སློབ་མ་སྟ་གོན་འཕྲོས་སུ་རྗེས་ཆོག་བྱ། ནུབ་གཉིས་པར་སླར་ཡང་སྒྲུབ་མཆོད་བདག་འཇུག་བཅས་བྱས་ལ་དབང་དངོས་གཞི་བསྐུར། ནུབ་གསུམ་པར་སྒྲུབ་མཆོད་རྒྱས་བསྡུས་གང་རུང་དང་སྦྲེལ། ཤིན་ཏུ་ཟབ་པའི་མཆོག་དབང་གསུམ་པོ་སློབ་མ་ཁྲིད་ཐོས་མྱོང་ཅན་གྲངས་བཅད་ལ་བསྐུར་ཞིང་། གཟེར་བུ་བདུན་པའི་བཀའ་གཏད་ཀྱི་གཟེར་སོགས་སླར་རྒྱུད་ཚོད་དང་བསྟུན་ནས་གནང་བར་བྱ་བ་ཡིན་འདུག་ཀྱང་དེང་སང་སྨིན་གྲོལ་གྱི་རྒྱུན་མ་ཆད་ཙམ་ལ་གཏད་སོ་འཆའ་བའི་སྐབས་འདིར་དེ་དག་ཇི་བཞིན་འགྲུབ་དཀའ་བས་འདིར་ཡང་ཕྱིས་འབྱུང་ཕལ་ཆེར་གྱི་ཕྱག་བཞེས་དངོས་སྟ་སྦྲེལ་མ་ལྟར་ན་འདི་ལྟར་མཐར་ཆགས་སུ་བསྐུར། ལུགས་སྲོལ་ཁ་ཅིག་ལྟར་ན་བདག་བསྐྱེད་གྲུབ་འཕྲལ་སློབ་མ་སྟ་གོན་འདིར་གསལ་བ་བླང་། དེ་གྲུབ་པ་དང་བདུད་རྩི་ལག་མཆོད་མདུན་བུམ་སྒྲུབ་མཆོད་བདག་འཇུག་གམ་རིག་པའི་མེ་ཏོག་དོར་ལ་དངོས་གཞིའི་དབང་ལ་འཇུག་པའང་ཤེས་དགོས་སོ། །དེ་ལ་སྟ་གོན་འོས་པའི་སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ལས་རྡོར་གྱིས། ཁྱེད་རང་རྣམས་སྒོ་སྲུང་ཁྲོ་བོའི་དབང་པོ་ལ་གནང་བ་ཞུ་བའི་མོས་པས་འདིའི་རྗེས་ཟློས། ཀྱེ༔ ཁྲོ་བོ་སྔོན་པོ་མཛེས་པ་སྟེ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང༔ ནོར་བུ་རིན་ཆེན་སྤྱིར་བཅིངས་པ༔ ཕྱག་ན་དབྱུག་པ་བསྣམས་པ་ཀྱེ༔ བདག་ཉིད་འཁོར་བ་ལས་སྒྲོལ་ཕྱིར༔ མཁའ་འགྲོ་མ་ཡི་ཚོགས་དབུས་སུ༔ བདག་ནི་འཇུག་པར་འཚལ་ལགས་ཀྱིས༔ བཟང་པོའི་སྒོ་འདི་ཕྱེས་ཏེ་ཐོངས༔ ཞེས་ཞུས་པ་ལ་ལན་བྱིན་པར་མོས་ཤིག །བརྡ་དང་བྲལ་བའི་ཉན་རང་དང༔ སྐལ་མེད་མུ་སྟེགས་བསྐྲད་པར་བྱ༔ སྐལ་ལྡན་ཡིན་ན་ནང་དུ་ཤོག༔ སྐལ་པ་དང་ལྡན་པ་ཡིན་ནམ༔ དེའི་ལན་དུ་འདིའི་རྗེས་ཟློས། བདག་སྐལ་པ་དང་ལྡན་པ་ལགས་སོ༔ རྩ་སྔགས་དང་། ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེཾ་ཕེཾ༔ ཛ་ཛ༔ ཞེས་དྲིལ་བུ་འཁྲོལ་ལ་ནང་དུ་ཁྲིད། ལུས་ལ་དྲིལ་བའི་ཟན་གྱིས་གླུད་དང་ཆངས་བུ་བཅས་ལ་སྒྲུབ་ཐབས་ལྟར་བྱིན་བརླབ་ཅིང་བསྔོ། རྟ་མགྲིན་བསྐྱེད་པ་སོགས་དེ་ལྟར་ལ། མཐུ་དཔལ་ལ་བརྟེན་ནས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་བའི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་ཅིང་གེགས་བྱེད་པའི་སོགས་བསྒྱུར་ལ་བགེགས་བསྐྲད་ཅིང་སྲུང་འཁོར་ཡང་བསྒོམ། སེམས་བསྐྱེད་གསལ་བཏབ། ནུས་ན་དྲང་ངེས་ཀྱི་ཆོས་བཤད། མཚུངས་མེད་དཔལ་ལྡན་བླ་མ་རིན་པོ་ཆེ་དང། བཅོམ་ལྡན་འདས་དཔལ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་དབྱེར་མེད་པའི་དྲུང་དུ། སྔོན་དུ་འགྲོ་བ་ལས་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་གསན་པའི་དོན་དུ་མཎྜལ་འབུལ་འཚལ། ཞེས་འབུལ་དུ་གཞུག །ཁྱེད་རང་རྣམས་ཀྱི་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་དྲུང་དུ་ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་ཚུལ་བཞིན་དུ་བགྱི་བའི་བློས་འདིའི་རྗེས་ཟློས། ནུས་ན་དགོངས་འདུས་ལས་འབྱུང་བའི་ཡན་ལག་བདུན་པ་སྒོ་འབྱེད་འཕྲུལ་གྱི་ལྡེའུ་མིག་ལན་གསུམ་བརྗོད་པར་གསུངས་ཀྱང་ལྕོགས་དཀའ་བས། སྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བ་ཉིད་རྗེས་ཟློས་ལན་གསུམ་བྱར་གཞུག །ཞིང་མཆོག་དེ་དག་དཔང་པོར་བྱས་ཏེ་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་བླངས་ནས་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཀྱེ་ཧོ༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཇི་ལྟར་རྡོ་རྗེ་འཆང་སོགས་རྣམས༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་གཤེགས་པའི་རིགས་རྣམས་ལ༔ སྡོམ་པའི་ཚུལ་ལ་གནས་པ་ལྟར༔ བདག་མིང་འདི་ཞེས་བགྱི་བས་ཀྱང༔ དུས་འདི་ཉིད་ནས་བཟུང་ནས་སུ༔ ཇི་སྲིད་རྫོགས་སངས་མ་རྒྱས་བར༔ གཙོ་བོས་ཇི་ལྟར་བསྒོས་པ་བཞིན༔ རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི༔ སྡོམ་པ་མ་ལུས་བཟུང་ནས་ཀྱང༔ གདམས་ངག་བསླབ་པའི་དོན་རྣམས་ལ༔ ཡེངས་མེད་རྟག་ཏུ་འཇུག་པར་བགྱིད༔ ཀུན་ཀྱང་ཀུན་བཟང་ས་ལ་འགོད༔ ལན་གསུམ། རྒྱུད་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ༔ སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་གསལ་བར་གྱུར༔ རྡོ་རྗེ་དང་བཅས་པའི་དྲི་ཆུས་མས་རིམ་ནས་ཐིག་ལེ་བཀོད་ལ། ཧཱུྃ་ཨཱཿཨོཾ་ཞེས་པས་རྒྱས་གདབ་ཅིང་། ཡས་རིམ་ནས་ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབས་པ་ཙམ་གྱིས་སློབ་དཔོན་གྱི་གནས་གསུམ་ནས་འབྲུ་གསུམ་ལས་འོད་ཟེར་ཁ་དོག་སྣ་ཚོགས་སྤྲོས་པས། སློབ་མའི་ལུས་ངག་ཡིད་གསུམ་ལ་ཕོག་པས་སྡིག་སྒྲིབ་ཉེས་སྐྱོན་གྱི་ཚོགས་ཐམས་ཅད་དག་ནས་ལུས་སྣང་སྟོང་སྒྲ་གྲགས་སྟོང་སེམས་གསལ་སྟོང་དུ་རྒྱས་བཏབ་པར་མོས་ཤིག །དེས་ནི་རྒྱུད་ལུས་ངག་ཡིད་གསུམ་ལ་དབང་རྟགས་ཆགས་པའི་དགོས་པ་ཡོད་དོ། །སོ་ཤིང་ར་བ་ཚོམ་བུ་ལྔ་པ་བཀོད། སོ་ཤིང་རྟ་སྔགས་དང་ལས་ཆུས་བསངས་ལ། དངོས་གྲུབ་ཀྱི་སྐལ་པ་བརྟགས་པའི་ཕྱིར་དུ་ཚད་དང་ལྡན་པའི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ཐལ་སྦྱར་གྱི་ཕྱག་རྒྱས་བཟུང་སྟེ་རྩེ་མོས་སོ་དྲུད་པའི་ཚུལ་བྱས་པས་སྡིག་སྒྲིབ་ཐམས་ཅད་བསྐྱུགས་པའི་མོས་པས་སྔགས་ཀྱི་རྗེས་ཟློས་བཅས་འདོར་བར་ཞུ། ཨོཾ་བཛྲ་ཧཱ་ས་ཧཱཿ ཞེས་འདོར་དུ་གཞུག །ཚོམ་བུའི་དབུས་སུ་ཕོག་ན་མཆོག་གི་དངོས་གྲུབ། ཕྱོགས་བཞིར་ཕྲིན་ལས་བཞི། མཚམས་སུ་ཐུན་མོང་གི་དངོས་གྲུབ་འགྲུབ་པར་གསུངས། སྒྲིབ་པ་སྦྱོང་བའི་ཕྱིར་ཁྱོར་ཆུ་འདི་ཉིད་འཐུངས་པས་སྒོ་གསུམ་གྱི་སྡིག་སྒྲིབ་སྤྱི་དང་ཁྱད་པར་ངག་གི་ཉེས་པ་དག་པའི་མོས་པ་གྱིས་ཤིག །ཨོཾ་ཨཱཿཧཱུྃ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙཱ་སྱ་སཾ་ཤོ་དྷ་ཡ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ། ཞེས་བླུད། སྲུང་སྐུད་དམར་པོ་རྟ་སྔགས་ཀྱིས་སྔགས་ལ། བར་ཆད་སྲུང་བའི་ཕྱིར་རྡོ་རྗེའི་མདུད་པ་གསུམ་ལྡན་གྱི་སྲུང་སྐུད་དཔལ་རྟ་མཆོག་གི་རང་བཞིན་འདི་ཉིད་ཕོའི་དཔུང་པ་གཡས་དང་མོའི་གཡོན་དུ་བཅིངས་པས་མི་མཐུན་པའི་ཕྱོགས་མཐའ་དག་ལས་སྲུང་བར་མོས་ཤིག །ཨོཾ་བུད་དྷ་མཻ་ཏྲི་རཀྵ་རཀྵ་སརྦཱནྟུ་སྭཱ་ཧཱ། ཀུ་ཤའི་ཆུན་པོ་གཉིས། དྷཱིཿབཟླས་པས་བྱིན་གྱིས་བརླབས་ལ། རྨི་ལམ་གྱི་ལྟས་བརྟག་པར་བྱ་བའི་ཕྱིར་ཀུ་ཤའི་ཆུན་པོ་ཆུང་བ་ལག་གཡས་སུ་ཟུངས་ལ་སྔས་དང་ཆེ་བ་ལག་གཡོན་སྟན་གྱི་དོན་དུ་ཟུངས་ཤིག །ཨོཾ་བཛྲ་ཏཱིཀྵ་བཾ། ཞེས་གཏད། ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་པ་ནི་རྒྱུད་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་འབྱུང་མི་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་འགྲུབ་པར་འགྱུར། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་བྱས་པའི་སྡིག་པ་གང་། །དེ་ཀུན་བྱང་བར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་བརྟན་པོ་གཡོ་མེད་པ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །དབང་ཐོབ་འབྲས་བུ་སྐྱེས་བཞིན་ལམ། །དེ་བས་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ལམ་འདིར་ཁྱེད་རྣམས་འགྲོ་བ་ལས། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཀུན་གྱི་འདྲེན་པའི་གནས། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་གསུངས་པས་དགའ་སྤྲོ་ཆེན་པོ་གྱིས་ཤིག །དེས་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས། །ཞེས་བྱས་ལ་དངོས་སྟ་མི་སྦྲེལ་ན་དགེ་བསྔོ་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་དངོས་གཞི་དབང་ལའང་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། ཁྲུས་དང་མཎྜལ་བཀྱེ་བསྡུ་བྱས། སེམས་བསྐྱེད་གསལ་བཏབ་ལ། དེའང་བོད་ཁ་བ་ཅན་གྱི་ལྷ་གཅིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྟན་པ་སྔ་འགྱུར་གྱི་ཐོག་མར་བྱོན་པ་དང་། སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་ཆེ་ཕྲ་དཔག་ཏུ་མེད་པ་གསར་རྙིང་ཐམས་ཅད་ལ་དར་ཞིང་རྒྱས་པ་ལས། འདིར་ནི་འཕགས་མཆོག་ཉིད་གདུལ་བྱ་འདུལ་དཀའ་བ་རྣམས་ཀྱི་དོན་དུ་འཆི་མེད་རྡོ་རྗེའི་རིག་འཛིན་གྱི་སྐུར་བསྟན་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨཱ་ཀ་རས་སྤྱན་རས་གཟིགས་དབང་མི་ཏྲ་ཛོ་ཀིའི་གདམས་ངག་དང་། རྗེ་ཉིད་ཀྱི་དགོངས་བཅུད་གཅིག་དྲིལ་དུ་མཛད་ནས་ཡང་གསང་བླ་མེད་ཅེས་མཚན་དུ་གསོལ་བ། ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོ། ནང་སྒྲུབ་གཙོ་འཁོར་ལྔ་པ། གསང་སྒྲུབ་རྟ་མཆོག་རོལ་པ། སྙིང་པོ་རྡོ་རྗེའི་ཚིག་རྐང་ཉེར་ལྔ་པའི་རྫོགས་རིམ་སོགས་སྨིན་གྲོལ་བསྐྱེད་རྫོགས་ཆ་ལག་ཚང་བའི་ཆོས་སྐོར་རྩ་བ་སྤུ་རི་རིན་ཆེན་འབར་བའི་བྲག་ལོགས་དང་། ཁ་ཚར་འགའ་ཞིག་བསམ་ཡས་མཆིམས་ཕུའི་བྲག་སྣ། རྒྱབ་ཆོས་ལམ་རིམ་གྱི་སྐོར་ཀོང་པོ་བྱ་རྒོད་གཤོང་དུ་གཏེར་དུ་སྦས་པ་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པ་གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱིས་སྤྱན་དྲངས་ནས་མ་བུ་བསྡེབས་ཏེ་སྐལ་ལྡན་དུ་མ་སྨིན་གྲོལ་ལ་བཀོད་པར་མཛད་པའི་ཆོས་སྐོར་ལས། རྩ་བར་གྱུར་པ་ནང་སྒྲུབ་ལྷ་ལྔའི་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ལས་བུམ་གྱི་ཆུས་བསང་བའི་གདོང་གཡོགས་དམར་པོ། ཨོཾ་ཙཀྵུརྦན་དྷ་ཝ་ར་མཱ་ན་ཡ་ཧཱུྃ། ཞེས་པས་བཅིང་། ཨོཾ་ཨཱ་ཁཾ་ཝཱི་ར་ཧཱུྃ། གིས་མེ་ཏོག་གི་ཕྲེང་བ་སྦྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་པོ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི༔ དམ་ཚིག་དེ་ཉིད་བསྩལ་དུ་གསོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་པར་འཚལ༔ ཞེས་ལན་གསུམ། སེམས་དགའ་སྤྲོ་དང་བཅས་པས་ཉོན་ཅིག །བུ་ཚུར་ཐེག་པ་ཆེན་པོ་པ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །གསང་སྔགས་ཚུལ་ཆེན་ཆོ་ག་འདི། ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སོགས་ཡན་ལག་བདུན་པ་དང་སྡོམ་བཟུང་གོང་གི་སྟ་གོན་གྱི་སྐབས་ལྟར་འདིར་ལེན། གལ་ཏེ་དངོས་སྟ་སྦྲེལ་བ་ཡིན་ན་འདིར་བསྐྱར་བལྡབ་མི་དགོས་སོ། །དེ་ནས། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་སྒོམས་ཤིག །རྡོ་རྗེ་དང་བཅས་པའི་ཐལ་མོ་དྲིའི་ཆུ་དང་བཅས་པས་སྤྱི་བོ། མགྲིན་པ། སྙིང་གར་རེག་ཅིང་། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར། དེ་ནས་སྔགས་ཀྱི་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། ཡི་དམ་ལྷའི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པར་སྒོམས་ཤིག །སྙིང་གར་རྡོ་རྗེ་བཞག །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཞུག་པའི་སྔོན་འགྲོར་དཀྱིལ་འཁོར་དང་ཁེ་ཉེན་དང་། རྡོ་རྗེ་སློབ་དཔོན་རྣམས་བཀའ་གཉན་པའི་དམ་ཚིག་བསྒྲག་པ་རིམ་པར་འབྱུང་བས་གསན་འཚལ། སྤྱི་བོར་རྡོ་རྗེ་བཞག །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེ། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་གིས་འདི་འདྲ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །བདུད་རྩི་ལྔའི་ཆུ་བླུད་ཅིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། སྤྱི་བོར་རྡོ་རྗེ་བཞག །དེང་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་བསྩལ་པ། ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཞེས་བརྗོད། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་ལོངས་ལ་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱས་ལ་དམིགས་པ་འདི་ལྟར་མ་ཡེངས་པར་སྒོམས་ཤིག །སྐད་ཅིག་གིས་ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་པདྨ་རཱ་ག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ༔ གཡས་མུ་ཏིག་གི་ཕྲེང་བ་དམར་པོ་དང༔ གཡོན་པདྨ་དམར་པོ་འཛིན་པས་ཡུམ་ལ་འཁྱུད་པ༔ དབུ་སྐྲ་ནག་པོ་ཐོར་ཚུགས་གྱེན་ལ་འཁྱིལ་ཞིང་ཐུར་དུ་གྲོལ་བ༔ སྤྱན་གསུམ་ཅུང་ཟད་ཁྲོས་པ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ༔ དེའི་པང་ན་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ༔ གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་བ༔ གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ གཅེར་བུ་སྤྱན་གསུམ་དབུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པར་གསལ་བའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་པདྨ་རཱ་གའི་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ། རྩིབས་དྲུག་ལ་གཡས་སྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་རྣམས་ཁ་དོག་དམར་པོ་ཤིན་ཏུ་འཚེར་བ། ཡུམ་གྱི་ཐུགས་ཀར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་ལ་བསྟན་པའི་དབུས་སུ་བཾ་ཡིག་དམར་པོ། ཟུར་གསུམ་ལ་དྷཱ་ཀི་ནཱིའི་ཡིག་འབྲུ་རེ་རེ། སྨིན་མཚམས་སུ་དགའ་བ་འཁྱིལ་བ་དམར་པོ་གཡོན་སྐོར་དྲག་ཏུ་འཁོར་བ། དེ་རྣམས་དང་བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཆར་བབ་པ་ལྟར་བྱོན་ནས། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གུ་གུལ་གྱིས་བདུག །རོལ་མོ་དང་བཅས་པས། རྩ་སྔགས་མཐར། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་ཡེ་ཤེས་མ་ཕེབ་ཀྱི་བར་དུ་བརྗོད་ལ། ཕེབས་ནས་ངོ་སྤྲོད་པའི་ཕྱིར། རྡོ་རྗེའི་གླུ་བླང་བ་ནི། ལྟོས་ཤིག་རང་གི་སེམས་ལ་ལྟོས༔ སེམས་ཉིད་ཅིར་ཡང་གྲུབ་པ་མེད༔ གྲུབ་པ་མེད་པའི་སེམས་ཉིད་ལ༔ སྣ་ཚོགས་སྣང་བ་ངོ་མཚར་ཆེ༔ སྣང་ཙམ་ཉིད་ནས་སེམས་སུ་འདུས༔ སེམས་ཅན་ཀུན་གྱི་སེམས་ཉིད་དེ༔ བདེ་བ་ཆེན་པོའི་ཡེ་ཤེས་ཡིན༔ རྣམ་པར་མི་རྟོག་བསམ་མི་ཁྱབ༔ གསལ་བ་དེ་ཡི་ངོ་བོར་སྣང༔ མོས་པ་དུ་མའི་སེམས་ཅན་ལ༔ ཐབས་རྣམས་སྣ་ཚོགས་སྟོན་པ་སྟེ༔ སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས༔ དཔའ་བོ་སེང་གེ་བཞིན་དུ་སྤྱོད༔ བསམ་གྱིས་མི་ཁྱབ་གོ་འཕང་ཐོབ༔ སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡིན༔ བླ་མ་བརྒྱུད་པའི་རིམ་པ་ནི༔ སྣ་ཚོགས་ནོར་བུ་ཇི་བཞིན་དུ༔ སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན༔ སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ཏིཥྛ་བཛྲ༔ ཡེ་ཤེས་པ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་མིག་དར་གྱི་འོག་ནས་དཀྱིལ་འཁོར་ལ་ལྟོས་ལ། ཁ་དོག་ཅི་ལྟར་དུ་མཐོང་བ་སྨྲོས་ཤིག །དེས་ཅི་མཐོང་བཤད་ལ། ཁ་དོག་དཀར་པོ་མཐོང་ན་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུ་དང་ནག་པོས་མངོན་སྤྱོད། ཁ་དོག་སྣ་ཚོགས་ལ་ལས་སྣ་ཚོགས་འགྲུབ། །ཅེས་བརྗོད། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ། ཁྱོད་ཀྱི་སྐྱེ་བ་སྔ་མ་ལ། ལས་ཀྱི་འཕྲོ་ཡོད་པའི་ལྷ་གང་ཡིན་པ་ལ་ཕོག་པར་གྱུར་ཅིག་ཅེས་ཡིད་ལ་གྱིས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ སྔོན་ཚེ་གང་ལ་སྦྱངས་པའི་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོ༔ ཞེས་བརྗོད་ལ་དཀྱིལ་འཁོར་གྱི་སྟེང་དུ་འདོར་དུ་བཅུག །གང་ལ་ཕོག་པའི་རིགས་སོ་སོའམ་གཙོ་བོའི་རིགས་སུ་ངེས་པར་བྱས་ནས་སླར་བཅིངས་ཏེ། རིགས་ཀུན་གྱི་བདག་པོ་སྤྱན་རས་གཟིགས་མེ་ཏོག་དང་དབྱེར་མེད་པར་སློབ་མའི་སྤྱི་བོར་ཐིམ་པར་བསམ་ལ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་གྱིས། །པྲ་ཏི་གྲྀཧྞ་ཨི་མཾ་བཱ་ལ་མ་ཧཱ་སཏྭ༔ ཁྱོད་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་རིགས་ཡིན་པས། དཔལ་དགྱེས་པའི་པདྨ་ཞེས་བྱའོ། །སྒྲིབ་གཉིས་ཀྱི་མུན་པ་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །སྤྱན་རས་གཟིགས་དབང་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་བར་འགྱུར༔ རྡོ་རྗེའི་མིག་ནི་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུརྦི་ཤོ་དྷ་ཡ་སྭཱ་ཧཱ༔ ཞེས་མིག་ཐུར་གྱིས་གདོང་དབྱེ། ཕྱག་ཤིང་སོགས་ཀྱིས་དཀྱིལ་འཁོར་བསྟན་ལ། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ༔ དཀྱིལ་འཁོར་སྙིང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན༔ ཐམས་ཅད་འདི་ལས་འབྱུང་བས་ན༔ དམ་ཚིག་ཐམས་ཅད་སྤྱོད་པ་དང༔ དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས༔ གསང་སྔགས་ལ་ཡང་བརྩོན་པར་གྱིས༔ ཕྱི་མཚན་མའི་དཀྱིལ་འཁོར་འདི་དཔེ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་གཞལ་མེད་ཁང་པ་ན། སྤྱན་རས་གཟིགས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་འདི་ལྟ་བུ་བསྒོམས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་པས། བསྐྱེད་པའི་རིམ་པ་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ཡིན་ནོ། །གཉིས་པ་དབང་དངོས་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ༔ མགོན་པོ་གཟི་བརྗིད་འོད་དཔག་མེད༔ རྒྱལ་སྲས་ཚོགས་དང་བཅས་པ་ལ༔ དབང་བསྐུར་ཡོངས་སུ་རྫོགས་པ་ལྟར༔ དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང༔ བདག་ལ་དབང་བསྐུར་མཛད་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་ནས། ཕྱག་རྒྱ་ལྔས་བརྒྱན་པའི་སྐུར་གྱུར་པ་ལ། ཐོག་མར་བུམ་པའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་རྣམས་ཀྱིས་བུམ་པའི་དབང་བསྐུར་བའི་མོས་པ་མཛོད་ཅིག །བུམ་པ་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ རྣམ་རྒྱལ་བུམ་པའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ ལྷ་དབང་ལུས་ལ་ཐོབ་བྱའི་ཕྱིར༔ བདུད་རྩི་བུམ་པས་དབང་བསྐུར་རོ༔ ཞེས་དང་། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན༔ སངས་རྒྱས་རྣམས་ཀྱི་བུམ་པའི་དབང༔ རྒྱལ་སྲས་རྣམས་ལ་བསྐུར་པ་ལྟར༔ དེང་འདིར་ཁྱོད་ལ་བསྐུར་བར་བྱ༔ ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས༔ སྐུ་མཆོག་བུམ་པའི་དབང་འདི་ཡོངས་རྫོགས་ཤོག༔ སྙིང་པོའི་མཐར། ཨོཾ་བུད་དྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུས་བཀྲུས་ཤིང་། ཇི་ལྟར་བལྟམས་པ་སོགས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། དེ་ལྟར་རྣམ་པར་སྣང་མཛད་ཀྱི་ངོ་བོ་བུམ་པའི་དབང་བསྐུར་པས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་རྡོ་རྗེའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བས། རྡོ་རྗེ་འདི་དང་ཐ་དད་མེད་པར། ཐུགས་མི་བསྐྱོད་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །རྡོ་རྗེ་ལག་གཡས་སུ་བྱིན་ལ། མི་བསྐྱོད་རྒྱལ་པོ་རིགས་ཀྱི་གཙོ༔ ཞེ་སྡང་རྣམ་དག་རྡོ་རྗེའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ མེ་ལོང་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག༔ སྙིང་པོའི་མཐར། ཨོཾ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་མི་བསྐྱོད་པའི་ངོ་བོ་རྡོ་རྗེའི་དབང་བསྐུར་པས། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་གསུང་མཆོག་གླེགས་བམ་གྱི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་གླེགས་བམ་གྱི་དབང་བསྐུར་བས་གླེགས་བམ་འདི་དང་ཐ་དད་མེད་པར་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་ལ་ཐིམ་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཡི་གེ་དྲུག་པའི་གླེགས་བམ་ལག་ཏུ་གཏད་ལ། པདྨ་དབང་གི་དཀྱིལ་འཁོར་དུ༔ འདོད་ཆགས་རྣམ་པར་དག་པ་ཡི༔ སངས་རྒྱས་རྣམས་ཀྱི་གསུང་མཆོག་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ སོར་རྟོག་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས༔ སྙིང་པོའི་མཐར། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ལྟར་འོད་དཔག་མེད་ཀྱི་ངོ་བོ་གླེགས་བམ་གྱི་དབང་བསྐུར་པས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དབུ་རྒྱན་གྱི་དབང་བསྐུར་བས། དབུ་རྒྱན་འདི་དང་ཐ་དད་མེད་པར་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་ལ་ཐིམ་པས། རང་བྱུང་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད་ཅིག །དབུ་རྒྱན་དང་ཅོད་པན་རིན་པོ་ཆེའི་ཕྲེང་བ་མགོ་བོར་བཅིངས་ལ། རིན་ཆེན་མཆོག་གི་དཀྱིལ་འཁོར་དུ༔ ང་རྒྱལ་རྣམ་པར་དག་པ་ཡི༔ སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ མཉམ་ཉིད་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས༔ སྙིང་པོའི་མཐར། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་པས། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དྲིལ་བུའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དྲིལ་བུའི་དབང་བསྐུར་པས། དྲིལ་བུ་འདི་དང་ཐ་དད་མེད་པར་དོན་ཡོད་གྲུབ་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་ལ་ཐིམ་པས་ཕྲིན་ལས་རྣམ་བཞིའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཅེས་དྲིལ་བུ་ལག་པ་གཡོན་དུ་བྱིན་ལ། ཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་དུ༔ ཕྲག་དོག་རང་སར་དག་པ་ཡི༔ སངས་རྒྱས་རྣམས་ཀྱི་ཕྲིན་ལས་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ བྱ་གྲུབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག༔ སྙིང་པོའི་མཐར། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་པས། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །རྡོ་རྗེའི་བརྟུལ་བཞུགས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་བརྟུལ་ཞུགས་བྱིན་པར་མོས་ཤིག །ཅེས་རྡོ་རྗེ་ལག་ཏུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་སེམས་དཔའི་ཕྱག་ན་གནས༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༔ རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སཏྭཾ༔ ཨེ་ཥ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ༔ དེ་ལྟར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ལ་བུམ་པའི་དབང་བསྐུར་པས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔའི་སྤྱན་རས་གཟིགས་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས་མཛོད། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ༔ སོགས་གོང་ལྟར། རྣམ་བུམ་སྟེང་གི་ཀ་པཱ་ལ་བླངས་ཏེ། སློབ་དཔོན་བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་སྤྱན་རས་གཟིགས་དང་། ཡུམ་བཞི། སེམས་དཔའ་བརྒྱད་སོགས་སུ་རྣམ་པར་དག་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དང་། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་ལས། བདུད་རྩི་བྱང་སེམས་ཀྱི་དབང་བསྐུར་བ་ནི། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང༔ སངས་རྒྱས་རྣམས་ཀྱིས་རབ་བསྒྲུབས་པ༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ གསང་མཆོག་ཐོད་པའི་དབང་འདི་ཡོངས་རྫོགས་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་སློབ་མའི་ལྕེ་ལ་བཞག་ལ། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ངག་ལ་གསང་བའི་དབང་བསྐུར་པས། ངག་གི་སྒྲིབ་པ་དག་ནས། རླུང་རྡོ་རྗེའི་བཟླས་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་རྗེས་ཟློས་སོགས་གོང་ལྟར། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་སོགས་ནས། གཡོན་བརྐྱང་གིས་བཞུགས་པར་གྱུར་པ་ལ། སིནྡྷུ་རའི་དཀྱིལ་འཁོར་སྐད་ཅིག་གིས་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས་ནས། ཕྱག་རྒྱ་ལྔས་བརྒྱན་པར་གྱུར་པ་ལས་དེ་འདྲ་བ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །སངས་རྒྱས་ཀུན་གྱི་མེ་ལོང་དབང༔ སངས་རྒྱས་ཀུན་གྱིས་རབ་བསྒྲུབས་པ༔ དེང་འདིར་ཁྱོད་ལ་བསྐུར་བར་བྱ༔ ཤེས་རབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག༔ དྷཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བརྗོད་ལ་སིནྡྷུར་སྙིང་གར་བྱུགས། དེ་ལྟར་ཆོས་ཀྱི་འབྱུང་གནས་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས། སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས། སེམས་ཀྱི་སྒྲིབ་པ་དག་ནས། བྱང་ཆུབ་སེམས་ཀྱི་གདམས་ངག་བསྒོམ་པ་ལ་དབང་བ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ། གསོལ་འདེབས་གོང་ལྟར། ཁྱེད་རང་རྣམས་ཀྱི་ལུས་ལྷ༔ ངག་སྔགས༔ སེམས་ཆོས་ཉིད༔ སྣང་བ་ཐམས་ཅད་གཞལ་ཡས་ཀྱི་ཁང་པ༔ སེམས་ཅན་སྐྱེ་འགྲོ་ཐམས་ཅད་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་གྱི་ལྷའི་རང་བཞིན་དུ་ཤེས་པས༔ ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་བཞིན་དུ་བསྒོམ་པ་ནི་དབང་བཞི་པའི་དོན་ཡིན་ནོ༔ དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་སྒོ་གསུམ་ལ་བཞི་པའི་དབང་བསྐུར་པས། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བ་ཡིན་ནོ། །དབང་འདི་རྣམས་ཀྱི་དོན་ཡང་། པདྨ་ཟབ་པའི་རྒྱུད་ལས་གསུངས་པ། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་འོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ངེས་ཤེས་བསྐྱེད་པ་བཞི་པ་ཡིན། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འདྲེས་པར་བསྒོམ་པ་དབང་། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །དང་པོ་བུམ་པའི་དབང་གིས་བཅད། །རང་བཞིན་ལྷ་ཡི་རྣམ་པར་བསྒོམ། །ཐ་མལ་ངག་གི་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་དུ་བཟླས་པ་འོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །གསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་རྗེས་སུ་གནང་བ་སྦྱིན་ཅིང་བྱང་ཆུབ་ཏུ་ལུང་སྟོན་པ་ཡིན་པས་མོས་འདུན་དང་དམ་བཅས་སོ་སོར་མཛད་འཚལ། སྤྱི་བོར་སིནྡྷུ་རའི་ཐིག་ལེ་བྱས་ལ། ཁྱོད་རྣམས་ཀྱིས་དུས་ཐམས་ཅད་དུ་བླ་མ་རྡོ་རྗེ་འཛིན་པ་སྤྱི་བོར་སྒོམ་པ་དང་། སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སྔགས་གཏད་པའི་དོན་དུ་རྗེས་ཟློས། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར་བ་ལས། སྔགས་ཀྱི་ཕྲེང་བ་འཕྲོས་པས་ཞལ་ནས་བརྒྱུད་དེ་རང་གི་ཞལ་དུ་ཞུགས་ནས་སྙིང་གའི་ཧྲཱིཿལ་ཐིམ་པར་མོས་ལ་སྔགས་ཟློས་ཤིག ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ལན་བདུན་སོགས་བརྗོད་དུ་གཞུག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེང་ཕྱིན་ཆད་སྔགས་ཀྱི་བཟླས་པ་ལ་བརྩོན་པ་དང་། སངས་རྒྱས་རྣམས་ཀྱི་གསུང་གི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སྙིང་གར་སིནྡྷུར་བྱུགས་ལ། དེང་ནས་བཟུང་སྟེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཕྲིན་ལས་སྒྲུབ་པར་མོས་ཤིག །སློབ་དཔོན་སྤྲུལ་སྐུའི་ཆ་ལུགས་ལག་པ་གཡོན་དྲིལ་བུ་དང་བཅས་པ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་པ་སྙིང་གར་བཟུང་བ་དང་། གཡས་རྡོ་རྗེ་དང་བཅས་པ་མི་འཇིགས་པའི་ཕྱག་རྒྱས། དེ་རིང་ངས་ཁྱོད་ལུང་བསྟན་ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སཏྭཾ་བྷུར་བྷུ་ཝ་སྭ༔ མ་འོངས་པ་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། གང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་ཡིན་ཏེ། སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་གྱུར་པས་བདེ་བ་ལ་འགོད་པར་གསུངས་པའི་ཕྱིར་རོ། །དེས་ན་ཁྱོད་རྣམས་ཀྱིས་དེང་ཕྱིན་ཆད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །དེ་དག་གི་སྒོ་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་དམ་མི་ཏྲ་གསང་སྒྲུབ་ཏུ་གྲགས་པའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་ཏེ། རྩ་བའི་གཞུང་ལས། ལན་གཅིག་བསྐལ་པ་དུས་ཞབས་བབས་པའི་ཚེ༔ མི་རྣམས་ཚེ་ཐུང་གློ་བུར་རྐྱེན་གྱིས་འཇིག༔ སྒྲུབ་ལོང་མེད་པར་གཞན་དབང་བར་ཆད་འབྱུང༔ བསྒྲུབ་མི་ནུས་པར་སངས་རྒྱས་མར་ཐོབ་འདོད༔ དེ་ཡི་དུས་ན་འཕྲད་ཆོག་བློ་བདེ་འདི༔ གང་གི་འཕྲད་དང་ཉམས་སུ་བླང་བ་རྣམས༔ ཚེ་གཅིག་བར་དོ་དང་པོར་འཚང་རྒྱ་ཞིང༔ གནས་སྐབས་སུ་ཡང་ཅི་བསམ་ལྷུན་གྲུབ་འབྱུང༔ ཞེས་སྤྱན་རས་གཟིགས་ཀྱི་གདམས་པ་ཐམས་ཅད་ཀྱི་ནང་ནས་སྙིང་ཕྱུང་བའམ་མར་གྱི་ཡང་ཞུན་ལྟ་བུར་ཆེ་ཐང་དུ་བསྔགས་པར་མཛད་པ་ཡིན་པས་བྱང་ཆུབ་བར་དུ་ལྷག་པའི་ལྷར་འཛིན་ཞིང་། དམ་ཚིག་དང་སྡོམ་པའི་གནས་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་དང་ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རང་གནས་སུ་གཏང་ངོ་། །དོན་བཞི་པ་རྗེས་ཀྱི་བྱ་བ་ལ། དང་པོ་ཚོགས་མཆོད་ནི། ཤ་ཆང་ཚོགས་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་ཇི་ལྟར་འཚོགས་པ་བཤམ། ནང་མཆོད་ལྟར་བྱིན་གྱིས་བརླབ་ནས་ཚོགས་ཞིང་དྲང་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སློབ་དཔོན་པདྨ་དབང་གི་ལྷ། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདི་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །རྒྱལ་བ་རྒྱ་མཚོའི་དབུས་ནས་བཞེངས། །འདི་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །གསང་བ་ཡེ་ཤེས་ཌཱ་ཀི་མ། །མཁའ་འགྲོ་རྒྱ་མཚོའི་དབུས་ནས་བཞེངས། །འདི་གཤེགས་ཚོགས༴ མེ་དཔུང་འབར་བའི་དཀྱིལ་འཁོར་ནས། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དཔའ་བོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས༴ ས་བླ་ས་འོག་ས་སྟེང་གི །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། །འདིར་གཤེགས་ཚོགས༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །འདིར་གཤེགས་ཚོགས༴ ཕོ་ཉ་ལས་མཁན་མཛད་དུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རོལ་མོ་བྱ། ཚོགས་ཀྱི་ཕུད་གཏོར་མ་ལ་བྲན་ཏེ་གཏོར་འབུལ་གྱི་སྐབས་ལྟར་སྔགས་ཀྱིས་འབུལ། སྤྲོ་ན་སྐོང་བཤགས་རྙིང་མ་སྤྱི་ལྟར་བྱས་ཀྱང་མི་འགལ། འོན་ཀྱང་འདིའི་རང་ལུགས་ལྟར་སྔགས་བསྔོས་གྲུབ་པ་དང་མཆོད་བསྟོད་ནི། ཧྲཱི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་པ་རྣམས༔ ཐུགས་རྗེ་ཅན་སོགས་ལྷ་ལ་འབུལ༔ མཛེས་གཟུགས་སྒྲ་སྙན་དྲི་རོ་རེག༔ སྤྱན་རས་གཟིགས་སོགས་ལྷ་ལ་འབུལ༔ ཤ་ལྔ་དང་ནི་བདུད་རྩི་ལྔ༔ ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ དབང་པོ་ཡུལ་ལྔ་འབྱུང་བ་ལྔ༔ གསང་སྒྲུབ་ལྷ་ཚོགས་རྣམས་ལ་འབུལ༔ དགའ་བ་བཞི་དང་བདེ་བ་བརྒྱད༔ སྐད་ཅིག་བཞི་དང་ཡེ་ཤེས་ལྔ༔ དགའ་བདེ་ཟུང་འཇུག་མཆོད་པ་འདི༔ སྤྱན་རས་གཟིགས་ཚོགས་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཞེས་དང་། ཧཱུྃ་ཧྲཱི༔ ཉོན་མོངས་སྒྲིབ་དྭངས་སྐུ་མདོག་དམར་གསལ་འཚེར༔ བགྲང་ཕྲེང་པདྨ་ཐུགས་རྗེས་འགྲོ་བ་འདྲེན༔ ཞལ་གཅིག་སྤྱན་གསུམ་འགྲོ་ལ་ཐུགས་རྗེས་གཟིགས༔ བཅོམ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཞི་བའི་ངང་ལས་དམར་མོ་ཁྲོ་གཏུམ་མ༔ ལོག་འདྲེན་འཇོམས་མཛད་ཅང་ཏེའུ་ཐོད་ཁྲག་བསྣམས༔ དམར་མོ་བདེ་སྟོང་ཉམས་ལྡན་ཡབ་ལ་འཁྲིལ༔ གསང་བ་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་མེད་ཟུང་འཇུག་སྦྱོར༔ གསང་མཆོག་ལམ་སྟོན་ཡབ་ཡུམ་གཉིས་མེད་འཁྲིལ༔ བདེ་སྟོང་ཉམས་ལྡན་རྒྱན་རྣམས་ཀུན་གྱིས་མཛེས༔ བདེ་གཤེགས་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འབྱུང་བཞི་རྣམ་དག་ཡེ་ཤེས་བཞི་ལས་བསྐྱེད༔ ཆོས་དབྱིངས་ཡེ་ཤེས་ངང་ལས་ཡེ་ཤེས་ཤུགས་འགྲོ་མ༔ དུར་ཁྲོད་རྒྱན་ལྡན་ཕྲིན་ལས་རྣམ་བཞི་མཛད༔ རིགས་བཞི་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད༔ ཅེས་པ་ཙམ་བྱ། དེ་ནས་བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ཏེ་རྣལ་འབྱོར་པས་ནང་གི་ཚོགས་འཁོར་ལ་ལོངས་སྤྱོད། ལྷག་མ་ཁ་ཆུས་བྲན་ལ་ཤ་ཁྲག་ལས་གྲུབ་པའི་བདུད་རྩིར་མོས་ཏེ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨུཙྪིཥྚ་བཛྲ་ཨ་ཧ་ཧ་ཧ་ཏྲེ་པ་ཏྲེ་པཾ། ཞེས་བྱིན་གྱིས་བརླབ། ཧཱུྃ༔ རྣམ་དག་ཆོས་ཉིད་ཞི་བ་ལས༔ ཐུགས་རྗེ་ཆེན་པོའི་སྤྲུལ་པ་འབྱུང༔ ཐབས་ཆེན་ཟླ་གསང་ཐིག་ལེ་ལས༔ གཡར་དམ་ཅན་རྣམས་འདུ་བར་མཛོད༔ མཁའ་འགྲོ་གིང་དང་དབང་ཕྱུག་ཚོགས༔ མ་མོ་འབྱུང་པོ་ཤ་ཟ་ཡི་དྭགས་རྣམས༔ དཔལ་གྱི་ཕ་འབབ་འདི་བཞེས་ལ༔ ཕུད་ཀྱི་བདག་པོས་ཕུད་བཞེས་ལ༔ ལྷག་མའི་བདག་པོས་ལྷག་མ་བཞེས༔ ཀུན་ཀྱང་དགྱེས་ཤིང་ཚིམས་པར་མཛོད༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ འདོད་པའི་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་སརྦ་ཨུཙྪིཥྚ་བྷཱུ་ཏེ་བྷྱོ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རོལ་མོ་དང་བཅས་པས་ཕྱི་རོལ་དུ་དོར། གཏོར་སྣོད་བཤལ་བ་བདུད་རྩིས་བྲན་ཅིང་། བརྟན་མ་མཆོད་པ་ནི། ཧཱུྃ༔ དགུང་སྔོན་སྟེང་དང་གངས་རི་གཡའ་རྩེ་དང༔ སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང༔ ཕྱོགས་མཚམས་སྟེང་འོག་གང་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན༔ རང་རང་ཕོ་བྲང་གནས་ནས་འདིར་བྱོན་ལ༔ ཕུད་ལྷག་བཤལ་ཆུའི་གཏོར་མ་འདི་བཞེས་ཤིག༔ བཅོལ་པའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཅེས་བརྗོད། གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ། ཧཱུྃ༔ ཐུགས་རྗེས་འགྲོ་འདུལ་དཀྱིལ་འཁོར་འདིར༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ དགྲ་བགེགས་འབྱུང་པོ་རྡུལ་དུ་རློག༔ ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་པར་བྱེད་པ་སཏྭཾ་བྷ་ཡ་ནན༔ ཞེས་རྟ་བྲོ་བརྡུང་། དེ་ནས་མཆོད་པ་བྱིན་བརླབས་ལ་མཆོད་བསྟོད་བཤད་མ་ཐག་པའི་ཚོགས་མཆོད་སྐབས་ལྟར་བྱས་ཏེ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འཁོར་དང་བཅས་པས་བདག་ཅག་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ནོངས་བཤགས་ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་པ་དང་ཉམས་པ་སོགས་བརྗོད། རྟེན་ཡོད་ན་དང་རས་བྲིས་ལ་བརྟན་བཞུགས་སྤྱི་ལྟར་བྱ། རྟེན་མེད་པ་དང་ཚོམ་བུ་རྡུལ་ཚོན་རྣམས་ལ་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ་གིས། དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། བདག་བསྐྱེད་བསྡུ་ལྡང་སྔར་ལྟར་བྱས་ལ་བསྔོ་བ་ནི། ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ འདས་དང་མ་འོངས་ད་ལྟ་དུས་གསུམ་དུ༔ བདག་གཞན་འགྲོ་བ་མ་ལུས་ཐམས་ཅད་ཀྱིས༔ སྒོ་གསུམ་གྱིས་བསགས་དགེ་བ་ཇི་སྙེད་པ༔ བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ་བར་བགྱི༔ བླ་མེད་དོན་གྱི་འབྲས་བུ་མཆོག་ཐོབ་ཤོག༔ སྨོན་ལམ་ཡང་མི་ཏྲ་ལུགས་ཀྱི་བདེ་སྨོན་སོགས་རྒྱས་བསྡུས་གང་ལྕོགས་བྱ། རྡུལ་ཚོན་ཡོད་ན། ཨ་ཀཱ་རོའི་སྔགས་ཀྱིས་བསྡུའོ། །ཤིས་པ་བརྗོད་པ་ནི། ཧཱུྃ༔ བརྗོད་བྲལ་གཉིས་མེད་དག་པའི་རང་བཞིན་ལས༔ དུས་གསུམ་སངས་རྒྱས་འདུས་པའི་སྐུར་བསྟན་པ༔ བླ་མ་རིག་འཛིན་རྣམས་ཀྱི་བཀྲ་ཤིས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ བསྐལ་པ་གྲངས་མེད་སྔོན་ནས་སངས་རྒྱས་ནས༔ ཐུགས་རྗེ་ཆེན་པོའི་འགྲོ་དོན་མཐར་ཕྱིན་པ༔ འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཆོས་ཉིད་གསལ་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱིས་འགྲོ་བའི་དོན་དུ་སྐུར་སྣང་བ༔ སྐུ་གསུང་ཐུགས་ཀྱི་མཁའ་འགྲོའི་བཀྲ་ཤིས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཐུགས་དམ་དབང་གིས་དུས་ལ་མི་འདའ་བར༔ རྣམ་བཞིའི་ལས་རྣམས་ལྷུན་གྱིས་གྲུབ་མཛད་པའི༔ འཁོར་ཚོགས་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་པ༔ བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ། །འདིའི་མངོན་རྟོགས་ཁ་སྤོས་པས་ཕྱི་སྒྲུབ་རྒྱ་མཚོ་ལྷ་ལྔ་དང་། གསང་སྒྲུབ་ཁྲོ་བོ་ལྟར་སྒྲུབ་པ་གཉིས་ཀྱི་སྒྲུབ་ཁོག་མཆོད་ཕྲིན་ཀྱང་འབད་མེད་དུ་གྲུབ་པ་ཡིན་ནོ། །ཤིན་ཏུ་ཟབ་པའི་དབང་གོང་མ་གསུམ་ནི་དཀྱུས་སུ་བསྟན་པར་བྱ་བ་མ་ཡིན་པས་གཞན་དུ་ཤེས་པར་བྱ་དགོས་སོ། །མཚན་ཙམ་ཐོས་པས་ངན་འགྲོའི་སྒོ་བཅད་ན། །བསྟེན་པས་དབུགས་ཆེན་འབྱིན་པ་ལྟ་ཅི་སྨོས། །དེ་འདྲའི་སྒྲུབ་ཐབས་བླ་མེད་རྒྱུད་སྡེའི་བཅུད། །འཆི་མེད་གྲུབ་པ་གཉིས་ཀྱིས་བཅུད་དུ་དྲིལ། །ཡང་ཟབ་བདུད་རྩི་འདི་འཐུང་ཞི་བའི་མཚོར། །པདྨའི་རིགས་ཀྱི་མྱུ་གུ་ཆེར་རྒྱས་ནས། །ལུས་ཅན་མ་ལུས་འཚོ་བའི་ཟིལ་དངར་ནི། །རྟག་ཏུ་འབེབ་པའི་འཇིག་རྟེན་མགོན་གྱུར་ཅིག །ཅེས་རྩ་བའི་གཞུང་དུམ་བུར་འཐོར་བ་རྣམས་བརྒྱུད་པ་གོང་མའི་ཕྱག་བཞེས་གཏེར་གཞུང་གི་དགོངས་པར་འབྱོར་ངེས་པ་དང་བསྟུན་ནས་བཀླག་ཆོག་ཏུ་བསྡེབས་པ་འདིའང་། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྙིང་པོ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལས་བྱེད་པུ་ཏྲ་མིང་སྲིང་གསུམ་གྱི་གཏོར་ཆོག་རྗེས་གནང་དང་བཅས་པ་གློག་གི་སྤུ་གྲི་ (Volume 38, Text 39)
༄༅། །དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལས་བྱེད་པུ་ཏྲ་མིང་སྲིང་གསུམ་གྱི་གཏོར་ཆོག་རྗེས་གནང་དང་བཅས་པ་གློག་གི་སྤུ་གྲི་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཧེ་རུ་ཀ་དཔལ་ནག་པོ་ཆེའི། །དཀྱིལ་འཁོར་ལྷ་ཚོགས་ཀུན་བཏུད་ནས། །གུར་གྱི་མགོན་པོའི་ལས་བྱེད་ནི། །མཆོག་ཏུ་གྲགས་པའི་སྒྲུབ་ཐབས་བཤད། །ལྷ་ཁང་ཀུན་གྱི་དཀོར་སྲུང་ཚངས་པའི་གིང་ཆེན་གྱི་རྣམ་འགྱུར་མོན་བུ་མིང་སྲིང་གསུམ་གྱི་གཏོར་ཆོག་རྗེས་གནང་གང་བྱེད་ཀྱང་། དང་པོ་ཡོ་བྱད་ཀྱི་གཤོམ་ནི། མདུན་དུ་སྟེགས་མཐོ་བར་ཡི་དམ་དང་མགོན་པོ་ལྕམ་དྲལ་གྱི་འབུལ་གཏོར་བཞག །དེ་ལས་དམའ་བའི་སྟེགས་བུར་རྟག་གཏོར་ཟུར་བརྒྱད་པ། འབུལ་གཏོར་མཆོད་པ་དང་བཅས་པ་བཤམ། གཉིས་པ་གཏོར་ཆོག་ནི། ཐོག་མར་སྔོན་འགྲོའི་གཏོར་མ་བཏང་། མཆོད་པ་བྱིན་རླབས་བྱ། དེ་དག་ཡི་དམ་གང་ལ་བྱེད་པ་ལྟར་རམ་སྤྱི་འགྲོ་ཞིག་གིས་ཆོག །དེ་ནས་བདག་བསྐྱེད་ཧེ་རུ་ཀ་ཐུགས་རིགས་སམ། སྐབས་འདིར་མཚོན་ན་བཀའ་བརྒྱད་ཕྱག་རྒྱ་རྐྱང་སྒྲུབ་ལྟ་བུའི་སྒོམ་བཟླས་བསྡུ་ལྡང་བཅས་སྔོན་དུ་སོང་ནས། གཏོར་མ་བྱིན་རླབས་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་བུ་གསུམ་ལ་བརྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱཾཿཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི། སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་བརྗོད། བླ་མ་ཡི་དམ་ལ་གཏོར་འབུལ་དངོས་རོལ་ལྟར་བྱ། དེ་ནས་ཐོག་མར་ཡེ་ཤེས་མགོན་པོ་ལྕམ་དྲལ་ལ་གཏོར་མ་འབུལ་བ་ནི། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་གནས་སུ། དུར་ཁྲོད་ཆེན་པོའི་དབུས་ན་དགྲ་བགེགས་མནན་པའི་སྟེང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་དུས་ཀྱི་མུན་པ་ལྟ་བུའི་སྐུ་མདོག་ཅན་ཆེ་ཞིང་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཅར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜེ་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག །གཡོན་ན་ཁྱི་ནག །རྒྱབ་ན་ལྕགས་སྤྱང་། མདུན་ན་མི་ནག །སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། འཁོར་ལས་བྱེད་སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བའོ། །དེའི་གཡོན་དུ་ཏྲག་ལས་ཨེ་ཀ་ཛཱ་ཊི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོཿལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ་སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་རལ་གྲི །གཉིས་པ་ན་ཐོད་པ་ཁྲག་གིས་གང་བ། གཡོན་གྱི་དང་པོ་ན་མདུང་། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན་རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན་ཀླུའི་དབང་པོའི་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཅིང་། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང་། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་ཅིང་ལྟེ་བའི་ཐད་ཀ་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་དང་བྷྱོ་ཡི་སྒྲ་སྒྲོག་པ། ལྕམ་དྲལ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང་། རང་བཞིན་གྱི་གནས་ནས་ལྷ་མོ་སྤྱན་དྲངས་པར་མོས། རྡོར་དྲིལ་འཛིན་པས། མགོན་པོ་ལྕམ་དྲལ་གནས་འདིར་གཤེགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་མ་ཧཱ་ཀཱ་ལཱི་དེ་བཱི་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་བཱི་ཡཻ། གྲྀཧྣེ་དཾ་ཨརྒྷཾ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་ཚིག་གི་ཕྱག་རྒྱ། ཐལ་མོ་སོར་མོའི་རྩེ་མོ་བསྣོལ་བ་ལྷ་མོའི་དམ་རྒྱའོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལི་དེ་བཱི་ཡཻ། ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་བསྟན་པ་དང་། བསྟན་པ་འཛིན་པ་རྣམས་དང་། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ། ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་གཅད་པ་དང་། བསྐྲད་ཅིང་གཟིར་བ་དང་། དབྱེ་བ་དང་། སྡིགས་ཤིང་སྤ་སྐོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང་། བསམ་སྦྱོར་ཆོས་དང་མཐུན་པ་ཡིད་བཞིན་དུ་འགྲུབ་ཅིང་། བསྟན་པ་དང་། བསྟན་པ་འཛིན་པ་དང་། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། མ་ཧཱ་ཀཱ་ལཱི་དེ་བཱི་ཡཻ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱཿ སརྦ་ཐཱ་ཁཾ་ཨདྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། གྲྀཧྞེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ལན་གསུམ་དང་། གོང་ལྟར་མཆོད། ཕུད་གཏོར་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཨོཾ་རོ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི་ཀ་མ་ལ་རཀྴ་སཱི་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །བྷྱོ། གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་སྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །དཔལ་ལྡན་མ་ཧཱ་ཀཱ་ལ་ལྷ་མོར་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་དྭཱི་པའི་ཞལ་ཟས་འདི་བཞེས་ཤིག །སྨན་རག་ཕུད་ཀྱི་གཏོར་མ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་བྱེད་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །བསྟན་པ་རྒྱས་པའི་ལས་རྣམས་མྱུར་དུ་སྒྲུབས། །ཞེས་ཕུལ་ནས། བཟླས་དམིགས་ཐུགས་རྒྱུད་བསྐུལ་བ་སྤྱི་འགྲོ་བྱས་ཏེ། མགོན་པོ་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཉེ་སྙིང་དང་། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ། ཤཱ་ས་ན་རྩ་སྔགས་ཏེ་དེ་ལྟར་གསུམ་དང་། ལྷ་མོའི་སྙིང་པོ་གོང་གསལ། ཨོཾ་རོ་རུ་སོགས་ཅུང་ཟད་རེ་བཟླས་ལ། ལས་བྱེད་གཏོར་ཆོག་ནི། མགོན་པོའི་ཐུགས་ཀ་ནས་ཡ་དང་། ལྷ་མོའི་ཐུགས་ཀ་ནས་མ་མདུན་དུ་སྤྲོས་པ་ལས། མཾ་ལས་ནག་པོ་གནོད་སྦྱིན་གཡས་གྲི་གུག་ཕྱར་ཞིང་། གཡོན་སྤར་བ་གདེངས་པའི་ལག་མཐིལ་ནས་ཉི་མ་འཆར་བ། མི་ལྤགས་ཀྱི་གཡང་གཞི་གྱོན་ཅིང་གསེར་གྱི་རྣ་ཆ་ཅན། དེའི་གཡོན་དུ་མི་ལས་ནག་མོ་གནོད་སྦྱིན་གཡས་གསེར་གྱི་སྤུ་གྲི་དང་། གཡོན་སྤར་བ་གདེངས་པའི་ལག་མཐིལ་ནས་ཟླ་བ་འཆར་བ། དར་ནག་གི་ན་བཟའ་དང་བྱེ་རུའི་ལན་ཚར་ཅན། དེ་གཉིས་ཀྱི་ཐུགས་ཀ་ནས་ཡབ་ལས་ཏྲི་གཉིས་དང་། ཡུམ་ལས་བྷྱོ་གཅིག་སྤྲོས་པ་ལས། པུ་ཏྲ་མིང་སྲིང་གསུམ་དུ་གྱུར་ཏེ། དེ་དག་གི་མདུན་དུ་འཁོད་པ་ནི། ཏྲི་ལས་པུ་ཏྲ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཤང་ལང་གི་གྲི་རིང་ཕྱར་ཞིང་། གཡོན་ཐོད་པ་ཀླད་ཁྲག་དྲོན་མོས་གང་བ་འཛིན་ཅིང་ཞལ་དུ་གསོལ་བ། མོན་ཏྲིའི་ག་ཞ་དང་དར་ནག་གི་ན་བཟའ་ཅན། ཏྲི་ལས་བྷ་ཏྲ་ནག་པོ་དར་གྱི་ག་ཞ་དང་སྟག་སློག་གྱོན་པ། གཡས་དམ་ཤིང་དང་། གཡོན་མི་སྙིང་འཛིན་ཅིང་གསོལ་བ། བྷྱོཿལས་སྲིང་མོ་རལ་གཅིག་མ། གཡས་གསེར་གྱི་སྤུ་གྲི་དང་། གཡོན་རྒྱུ་མ་འཛིན་ཅིང་། མིག་ནས་ཁྲག་འཛག་པ། ཁ་ནས་མེ་འབར་བ། ལྔ་ཅར་ཡང་སྐུ་མདོག་མཐིང་ནག །མོན་བུ་ཕོ་མོའི་ཆ་ལུགས་ཅན། མི་མགོའི་རྒྱན་དང་ལྡན་པ། རབ་ཏུ་ཁྲོས་ལ་རྔམ་ཞིང་འཁྲུགས་པས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་དུ་བཞུགས་པ། མེ་རླུང་འཚུབས་མའི་དབུས་ན་འགྱིང་བའོ། །དེའི་མཐའ་སྐོར་དུ། གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་བནྡེ་ནག་པོ་ཕུར་ཐོགས་བརྒྱ། མདུན་དུ་བཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག་ཁྱི་ནག་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱ་གར་རྡོ་རྗེ་གདན་གྱི་སྤོ་དང་། བླ་མ་གོང་མའི་གདན་ས་ཁྱད་པར་ཅན་རྣམས་ནས་ལས་མགོན་པུ་ཏྲ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ལས་མགོན་སྐུ་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །སོགས་གོང་ལྟར་དང་། ཕོ་མོའི་འབོད་རྦད་གཉིས་ཀྱི་མཐར། ཨོཾ་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི། ཨརྒྷཾ་ལ་སོགས་པས་མཆོད། ཡང་འབོད་སྔགས་གཉིས་ཀྱི་མཐར། ས་མ་ཡ་སོགས་བཏགས་ལ་དམ་ཚིག་གི་ཕྱག་རྒྱ་བསྟན་ལ་དམ་བཞག །ཕྲིན་བཅོལ་བྱེད་ཚུལ་ལྕམ་དྲལ་སྐབས་དང་འདྲ། དེ་ནས་འབོད་རྦད་གསད་གསུམ་ཅར་རམ། ཨ་ལི་ཨ་ལི་མ་ཛཿ ཤཾ་ཤཾ་ལི་ཤི་དེད་ཨ་ཤྭ་དེད། མུ་སྨུགས་པུ་ཏྲ་ཨ་ལི་མ་ཛ་ཛཿ ནག་མོ་ཤ་ལ་རུབ་ཛཿ ཞེས་དང་། ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུགྨེ་མ་ཧཱུྃ་མ་བྷྱོ་ཛ་ཛཿ ཞེས་འབོད་སྔགས་གཉིས་ཅི་རིགས་པར་བཟླ། འབོད་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་གཏོར་མ་ཕུལ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། སྔགས་ཀྱི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་དང་། གནོད་སྦྱིན་ཡབ་ཡུམ་འཇིགས་པའི་གཟུགས། །རྔམ་ཞིང་འཁྲུགས་པའི་ཆ་ལུགས་ཀྱིས། །བདུད་དང་དགྲ་བགེགས་འཇོམས་མཛད་པའི། །བསྟན་སྲུང་ཡབ་ཡུམ་ཆེ་ལ་བསྟོད། །མོན་བུ་པུ་ཏྲ་ནག་པོ་ཁྱེད། །མོན་ཏྲིའི་ག་ཞ་སྐུ་ལ་གསོལ། །ཤེར་ཤིང་གསེག་ཤང་ཕྱག་ན་བསྣམས། །པུ་ཏྲ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཏྲ་སྟག་སློག་བཀྲ། །དར་གྱི་ག་ཞ་སྐུ་ལ་གསོལ། །ཕྱག་ན་དམ་ཤིང་རྣོན་པོ་བསྣམས། །མོན་བུ་བྷ་ཏྲ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བདག་བསྟོད་དོ། །བུད་མེད་ནག་མོ་ཆེན་མོ་བརྒྱད། །གཤེགས་ཀྱི་དེ་ནི་བཤུལ་ཡང་འདྲེན། །གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ། །སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། །གཡོན་གྱི་ཕྱོགས་ནས་རུ་འདྲེན་པ། །དགེ་སློང་ཉན་ཐོས་དགྲ་བཅོམ་བརྒྱ། །སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡེ་ནག་པོ་ཕུར་ཐོགས་བརྒྱ། །འཁོར་བཅས་རྣམས་ལ་བསྟོད་པ་འབུལ། །སྐབས་གསུམ་བདག་ཀྱང་བསྟོད་པ་འབུལ། །ཞེས་པའམ། སྤྲོ་ན་བསྟོད་པ་རྒྱས་པ་བྱ་ཞིང་། ཤིན་ཏུ་བསྡུ་ན། དཔལ་ལྡན་ཕྲིན་ལས་ཀུན་རྫོགས་པུ་ཏྲ་ཁྱོད། །སྐུ་མདོག་མཐིང་ནག་མེ་ཡི་འཕྲོ་འདུ་ཅན། །རྔམ་པའི་སྟབས་ཀྱིས་འགྱིང་ཞིང་ཤང་ལང་བསྣམས། །གྱིང་ཆེན་གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཅེས་པ་གཅིག་པུས་ཀྱང་ཆོག་གོ །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ལ་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། །འགྲུབ་ན་མཁའ་འགྲོ་སྤྱི་གཏོར་ཡང་གཏང་ངོ་། །གསུམ་པ་རྗེས་གནང་ནི། པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་བྱས་པས། གནོད་སྦྱིན་ཡབ་ཡུམ་གྱི་རྗེས་གནང་ཡང་ཞར་ལ་ཐོབ་པར་འགྱུར་བའི་ཕྱིར། རྗེས་གནང་སྐབས་མིང་སྲིང་གསུམ་པོ་ཁོ་ནའི་ལུགས་སུ་མཛད་པས། སློབ་མ་ལ་ཁྲུས་བྱ། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་གདབ་རྣམས་བྱས་ལ། དེའང་རྒྱ་གར་ནས་འཕགས་མཆོག་ཀླུ་སྒྲུབ་ཞབས་དང་། བོད་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་གཙུག་ལག་ལྷ་ཁང་ཀུན་གྱི་དཀོར་སྲུང་དུ་བསྐོས་པ་ཚངས་པ་ལྷའི་གིང་ཆེན་ནམ། ཤེལ་གིང་གནམ་ལྷ་དཀར་པོའི་སྐུའི་རྣམ་འགྱུར་གནོད་སྦྱིན་ཆེན་པོ་མོན་བུ་མིང་སྲིང་འདི་དག །དངོས་བརྒྱུད་སྤྲུལ་པའི་ཆོ་འཕྲུལ་སྣ་ཚོགས་པའི་ཚུལ་གྱིས་ཡེ་ཤེས་ཆོས་སྐྱོང་ཀུན་གྱི་བཀའ་སྡོད་ལས་མཁན་དུ་ཡོད་ཀྱང་། དམིགས་བསལ་རྡོ་རྗེ་གུར་གྱི་མགོན་པོ་ལྕམ་དྲལ་གྱི་སྤྲུལ་པའི་ལས་བྱེད་ཀྱི་ཚུལ་དུ་བསྟན་པའི་སྒྲུབ་ཐབས་ཀྱི་མན་ངག་གི་སྐོར་རྣམས། གསང་སྔགས་ཕྱི་འགྱུར་ལ་བྲམ་ཟེ་ཆེན་པོ་མཆོག་སྲེད་ནས་རིམ་པར་ལོ་ཆེན་རིན་ཆེན་བཟང་པོ་ལ་བརྒྱུད་དེ་དཔལ་ལྡན་ས་སྐྱ་པ་ལ་བཀའ་བབས་པའི་གུར་ལྷ་བརྒྱད་དུ་གྲགས་པ་དང་། སྔ་འགྱུར་རྙིང་མའི་བཀའ་སྲོལ་སངས་རྒྱས་གཉིས་པ་གུ་རུ་རིན་པོ་ཆེས་གཏེར་དུ་སྦས་པའི་རྒྱལ་ཆེན་སྐུ་ལྔའི་རྒྱུད་དང་མན་ངག་ཉང་རལ་ཉི་མ་འོད་ཟེར་གྱིས་བཞེས་པ་ལས་འདི་དག་ཁྱད་པར་དུ་བསྟན་པས་མཚོན་ཞར་བྱུང་དུ་འབྱུང་བ་ནི་མང་ལ། བྱེ་བྲག་པུ་ཏྲའི་མན་ངག་ཟུར་བཀོལ་བསམ་ཡས་སུ་གཏེར་དུ་སྦས་པ་གཏེར་སྟོན་ལྷ་བཙུན་སྔོན་མོས་བཏོན་པ་དང་། རྗེས་གནང་ཟུར་བཀའ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལས་བརྒྱུད་པ་རྣམས་ཀྱང་དབང་ལུང་གི་རྒྱུན་མ་ཆད་པར་བྱོན་པ་ལས། འདིར་གཏེར་མ་དང་ཟུང་དུ་འབྲེལ་བའི་ཟུར་བཀའི་རྗེས་སུ་གནང་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ །བླ་མ་མཆོག་ལ་གསོལ་བ་འདེབས། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། རིགས་ལྔའི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ལེགས་པར་བླངས་ཏེ་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་སྟེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་གཏང་། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་བསྡུས་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་དགྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་དམ་པས་བདག་ལ། ལས་ཀྱི་མགོན་པོ་པུ་ཏྲ་མིང་སྲིང་གསུམ་གྱི་བྱིན་རླབས་དང་རྗེས་སུ་གནང་བ་བསྩལ་དུ་གསོལ། ལན་གསུམ། དེ་ལ་བྱིན་རླབས་ཀྱི་ལུས་གཞི་སྤྲུལ་པ་ལ་དམིགས་པ་འདི་རྣམས་གསལ་ཐོབས་ཤིག །སློབ་དཔོན་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་མདུན་གྱི་ནམ་མཁར་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་དཀྱིལ་འཁོར། བླ་མ་བརྒྱུད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་དང་། མདུན་ན་ཡོད་པའི་གཏོར་མ་དང་། སྐུ་འདི་དག་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་པདྨ་དང་ཉི་མ་རོའི་སྟེང་ན་གནས་པའི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ། དེའི་མདུན་གཡས་སུ་བཀའ་སྡོད་ནག་པོ་གནོད་སྦྱིན། གཡོན་དུ་ནག་མོ་གནོད་སྦྱིན། དེ་གཉིས་ཀྱི་མདུན་དུ་པུ་ཏྲ་དང་བྷ་ཏྲ། སྲིང་མོ་རལ་གཅིག་མ་གསུམ། མཐར་སྐོར་དུ་རུ་འདྲེན་དགེ་སློང་སྔགས་པ་སྐྱེས་པ་བུད་མེད་བརྒྱ་རྩ་རེ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག་ཁྱི་ནག་ཅེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་ཤིག །དེ་ནས་བླ་མ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་། མདུན་བསྐྱེད་ཆོས་སྐྱོང་གི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཧཱུྃ་སྔོན་པོ་གཅིག་འཕྲོས། ཤངས་ནས་ཐོན་ཏེ་ཁྱེད་རང་རྣམ་པའི་ལུས་ལ་གཡས་སྐོར་དུ་ལན་གསུམ་བསྐོར་ནས་ཁ་ནས་ཞུགས། སྙིང་གར་ཉི་མའི་གདན་གཅིག་བསམ་པའི་སྟེང་དུ་གནས། དེ་ལས་འོད་འཕྲོས། ལས་དང་ཉོན་མོངས་པ་ཐམས་ཅད་དང་། རྣམ་སྨིན་གྱི་ཕུང་པོ་ཆེན་པོ་ཡེ་ཤེས་ཀྱི་མེས་བསྲེགས། ཧཱུྃ་དེ་ཡང་ཞབས་ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་དགྲ་བགེགས་མནན་པའི་སྟེང་དུ། པཾ་ལས་པདྨ་སོགས་གོང་གི་མངོན་རྟོགས་ལྟར་ལ། ཁྱེད་རང་རྣམས་རྡོ་རྗེ་ནག་པོ་ཆེན་པོ་སོགས་ནས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར་པའི་ང་རྒྱལ་བརྟན་པོ་སྐྱེད་ཅིག །དེ་ནས་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། དེའི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་མེ་འབར་བ་ཆེན་པོ་ཞིག་བསྒོམ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་སྐུའི་ཆ་ཐམས་ཅད་ནས་པུ་ཏྲ་མིང་སྲིང་གསུམ་གྱི་སྐུ་དཔག་ཏུ་མེད་པ་བྱུང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དགྲ་བགེགས་ཚར་གཅད་པ་ལ་སོགས་པའི་ཕྲིན་ལས་མཛད། མདུན་བསྐྱེད་མིང་སྲིང་གསུམ་ཉིད་ཀྱི་ཐུགས་ཀར་ཐིམ། ཡང་དེའི་ཐུགས་ཀ་ནས་བྱུང་། སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་སྒོམས་ཤིག་བྱས་ལ། ཤཱ་ས་ན་དང་འབོད་སྔགས་བརྗོད། གུ་གུལ་བདུག་ཅིང་རོལ་མོ་བྱ། གསུང་གི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་གི་མཐའ་མར་ཤཱ་ས་ན། དེའི་མཐའ་མར་འབོད་རྦད་གསད་གསུམ་གྱི་སྔགས་ཀྱིས་བསྐོར་བར་དམིགས་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་གསུང་གི་ཆ་ནས་པུ་ཏྲ་མིང་སྲིང་གསུམ་གྱི་སྔགས་ཀྱི་ཚོགས་སྒྲ་དང་འོད་དང་བཅས་པ་དཔག་ཏུ་མེད་པ་བྱུང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དགྲ་བགེགས་ཚར་གཅོད་པ་ལ་སོགས་པའི་ཕྲིན་ལས་མཛད། མདུན་བསྐྱེད་མིང་སྲིང་གསུམ་ཉིད་ཀྱི་ཐུགས་ཀར་ཐིམ། ཡང་དེའི་ཐུགས་ཀ་ནས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་འབོད་རྦད་གསད་གསུམ་གྱི་སྔགས་ལ་ཐིམ་པར་མོས་ལ་འདི་རྣམས་ཀྱི་རྗེས་ཟློས་གྱིས་ཤིག །ཨ་ལི་ཨ་ལི་མ་ཛཿ ཤཾ་ཤཾ་ལི་ཤི་དེད་ཨ་ཤྭ་དེད། མུ་རྨུགས་པུ་ཏྲ་ཨ་ལི་མ་ཛ་ཛཿ ནག་མོ་ཤ་ལ་རུབ་ཛ་ཛཿ ཕོའི་འབོད་པའོ། །དྷྲིག་དྷྲིག །ཡ་དུ་པ་ཤ་ནི་སོད། དུམ་ཤིག་ཨཱ་གཙྪ། མོན་བུ་ཨ་གཙྪ། ཡ་ཎི་ཡ་ཎི་མོན་བུ་ཛཿ མོན་བུ་ཁྲག་འཇིབས་ཛཿ རྦད་པའོ། །ནྲྀ་ན་རྦད། དུ་ན་རྦད། ཤི་ན་རྦད། ཤག་ཤིག་རྦད། ཏྲི་ཏ་རྦད། ཏྲི་ན་རྦད། མོན་བུ་པུ་ཏྲ་ཤཾ་རྦད། ཡཾ་རྨུགས་ལིཾ་འདུས། ཁཾ་ཤོད་པ་ཡ་མོ་ཛཿ ཨ་མུ་ཀའི་རུས་པ་ལ་ཁྲོལ་ཁྲོལ། གསེར་གྱི་སྤུ་གྲི་ཡ་རྦད། གསད་པའོ། །ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུགྨེ་མ་ཧཱུྃ་མ་བྷྱོ་ཛཿཛཿ མོའི་འབོད་པའོ། །ཏྲག་རཀྴ་ཁ་མུན་ཏྲ་རུ་ལུ་རུ་ལུ། རཀྴ་སྙིང་ཁྲག་སྙིང་བྷྱོཿ སྤུ་ཏ་སྤུ་ཏ་བྷྱོཿ ཤ་ཤ་ཏྲཀ་ཏྲགྨོ་ཏྲ་པ་སྙིང་ཁྲག །ཏྲ་སྨུ་ཏྲ་ཆེ་གེ་མོ་མཱ་ར་ཡ། རྦད་པའོ། །ཨོཾ་མ་ཧཱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། ཀ་མ་ལ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། གུ་ཧྱ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། །ཧྲི་བཾ་རཀྴ་ཙིཏྟ་སྲོག་ཏུཾ་ཏུཾ། མ་མ་ཙ་བུར་ཙིཏྟ་སྲོག་ཏུཾ་ཏུཾ། པུ་རུ་ཙ་ལྷུ་ཙིཏྟ་སྲོག་ཏུཾ་ཏུཾ། གསད་པའོ། །སུ་ཏྲིག་རག་བྷྱོ། ཐིབས་ཐིབས་ཙཀྲ་བྷྱོ། སྙིང་ཁ་རག་དུན་ཏྲི་བྷྱོ། རྦད་རྦད་ཏྲི་ན་ཤིག་ཤིག །སེན་གཏུབས་གཏུབས། ཁ་རག་རྦད། དུཾ་བུ་བྷྱོ། བཛྲ་ཙི་ཏྲི་རཀྴ །ཙ་ཏི་མཱ་ར་ཡ། ཐུན་མོང་གི་གསད་པ་ལན་གསུམ་རེ། མཐར་སྤོས་རོལ་བྱ། ཐུགས་ཀྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཕོག་པས། དེ་ཐམས་ཅད་ཀྱི་ཐུགས་ཀྱི་ཆ་ནས་ཕྱག་མཚན་གྲི་གུག །གསེར་གྱི་སྤུ་གྲི །ཤང་ལང་། དམ་ཤིང་ལ་སོགས་པ་དཔག་ཏུ་མེད་པ་སྒྲ་འོད་དང་བཅས་པ་བྱུང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དགྲ་བགེགས་ཚར་གཅོད་པ་ལ་སོགས་པའི་ཕྲིན་ལས་མཛད། མདུན་བསྐྱེད་མིང་སྲིང་གསུམ་ཉིད་ཀྱི་ཐུགས་ཀར་ཐིམ། ཡང་དེའི་ཐུགས་ཀ་ནས་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་སྒོམས་ཤིག ཤཱ་ས་ན་དང་འབོད་སྔགས་རྣམས་བརྗོད་ལ་སྤོས་རོལ་བྱ། རྟག་གཏོར་ཟུར་བརྒྱད་ལག་ཏུ་གཏད་ལ། གཏོར་མ་འདི་ཉིད་ལས་མཁན་མིང་སྲིང་དངོས་སུ་གསལ་བ་ཁྱེད་རང་རྣམས་ལ་བཀའ་ཉན་དུ་གཏད་པར་མོས་ཤིག །འབོད་སྔགས་གཉིས་ཀྱི་མཐར། ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྴནྟུ། ལས་ཀྱི་མགོན་པོ་པུ་ཏྲ་མིང་སྲིང་གསུམ་གྱིས་རྡོ་རྗེའི་སློབ་མ་འདིས་བྱིན་པའི་ཟས་ཟོ། མཆོད་པའི་ཕུད་བཞེས། བཅོལ་བའི་ལས་སྒྲུབས། བསྒོ་བའི་ངག་ཉོན། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། ཡིད་ལ་ཇི་ལྟར་འདོད་པའི་དོན་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པའི་ཕྲིན་ལས་མཛོད་ཅིག །འབོད་རྦད་གསད་གསུམ་གྱི་སྔགས་དྲག་ཏུ་བརྗོད། དེ་ལྟར་བཀའ་བསྒོས་པས་གུས་པའི་ཚུལ་གྱིས་དམ་བཅས་པར་མོས་ཤིག །མཐར་གཏོར་མ་ནམ་མཁར་གཏེགས་ལ། དཔལ་ཆེན་ཧེ་རུ་ཀ སློབ་དཔོན་འཕགས་པ་ཀླུ་སྒྲུབ། གུ་རུ་པདྨ་འབྱུང་གནས། པཎ་ཆེན་དྷརྨ་པཱ་ལ། ལོ་ཆེན་རཏྣ་བྷ་དྲ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། ལས་བྱེད་གཉན་པོ་ཁྱེད་གསུམ་གྱིས་སློབ་མ་འདི་དག་ལ་འགོ་བར་མཛད་དུ་གསོལ། སངས་རྒྱས་མ་ཐོབ་བར་དུ། ཞི་དང་རྒྱས་དང་དབང་གི་ལས། །གསད་བསྐྲད་དབྱེ་རྨོངས་རེངས་པ་སོགས། །ཇི་ལྟར་བསྒོ་བའི་ལས་སྒྲུབ་ཅིང་། །དཔལ་གྱི་དམ་ཚིག་རྗེས་དྲན་མཛོད། །ཅེས་བསྔོ། ནམ་མཁར་བཞུགས་པའི་བླ་མ་ཡི་དམ་འཁོར་བཅས་འོད་དུ་ཞུ་ནས། ཁྱེད་རང་གི་སྤྱི་གཙུག་ནས་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་ལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་དར་གཅིག་བཞག །དེ་ལྟར་རྗེས་གནང་བྱིན་པའི་དབང་གིས་སྲུང་སྐྱོབ་བྱེད། ལུས་དང་གྲིབ་མའི་ཚུལ་གྱིས་འཁོར་བ་ཆོས་ཉིད་ཡིན། ཁྱེད་རང་རྣམ་པ་ཡང་དམ་ཚིག་རྣམ་དག་བསྲུངས་ཏེ། གཏོར་མ་དང་ཚོགས་ལ་བརྩོན་པར་མཛོད། དམ་ཚིག་དང་མི་ལྡན་པ་དང་། གསང་སྔགས་ཀྱི་སྣོད་དུ་མ་གྱུར་པ་རྣམས་ལ་དཔལ་མགོན་པོ་འཁོར་བཅས་ཀྱི་མཚན་ཙམ་ཡང་བསྟན་པར་བྱ་བ་མ་ཡིན་ནོ། །ཞེས་གདམས། གཏང་རག་མཎྜལ་ཕུལ། དམ་ཚིག་ཁས་བླང་། ལུས་འབུལ། དགེ་བསྔོ་བྱ། སླར་མཆོད་པ་ཁ་གསོས་ལ་བྱིན་བརླབ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད། བདག་དང་སློབ་མར་བཅས་པ་ལ། བར་ཆད་ཞི་བ་དང་། དངོས་གྲུབ་སྩོལ་བ་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ཧེ་རུ་ཀའི་ཡིག་བརྒྱ་ལན་མང་དུ་བརྗོད། མ་འབྱོར་པ་དང་སོགས་དང་བཟོད་པར་གསོལ། རྟེན་མེད་ན། ཡ་ཧི་གཙྪས་གཤེགས། སྨོན་ལམ་དང་བཀྲ་ཤིས་བྱ། པུ་ཏྲ་སྐུ་མདོག་སྔོ་སྐྱ་བྱེད་པའི་ལུགས་ཡོད་པའང་ཤིན་ཏུ་ལེགས་ཤིང་། ཕྱག་ནའང་ཤེར་ཤིང་གི་མཁར་གསིལ་བསྣམས་པ་ཡོད་དོ། །བྷ་ཏྲའི་དམ་ཤིང་ཕུར་པ་ཡིན་པར་འདོད་ཅིང་། ལས་ཚོགས་ཀྱི་ཡི་གེ་རྙིང་པ་འགའ་ནའང་དེ་བཞིན་སྣང་མོད། ཕུར་པ་དམ་ཤིང་དུ་བྱིན་བརླབ་ཅེས་འབྱུང་བས། དམ་ཤིང་དུ་མོས་དགོས་པའི་དོན་ཡིན། དངོས་ནི་འབའ་ཁྲམ་ལྟ་བུ་ལ་རྩ་རྩེ་རྣོན་པོར་ཡོད་པའོ་ཞེས་བླ་མས་གསུང་ངོ་། །ལྷ་ཁང་ཀུན་གྱི་སྲུང་མ་ཞེས། །དྲག་ཤུལ་ཆེ་ཞིང་དགའ་བར་བསྔགས། །ཟུར་བཀའི་རྗེས་གནང་བྱེད་ཚུལ་གྱི། །སྙིང་པོ་མདོ་ཙམ་བཀོད་པ་ལགས། །པུ་ཏྲ་ལྕམ་དྲལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །ཞེས་པའང་ལྷ་བཙུན་སྔོན་མོའི་གཏེར་མའི་མན་ངག་དང་དོན་གྱིས་འབྲེལ་བར་སྣང་བས། རྗེ་བཙུན་རིན་པོ་ཆེ་སྒྲོལ་བའི་མགོན་པོའི་གསུང་རབ་ལས་ཁོལ་ཕྱུང་བཀླགས་པས་གྲུབ་པའི་ཁ་འཕངས་ནག་འགྲོས་ཀྱི་ཚུལ་དུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་ཆེན་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བདེ་མཆོག་འཁོར་ལོའི་ཆོས་ཀྱི་ལོ་རྒྱུས་ (Volume 52, Text 39)
ྈ བདེ་མཆོག་འཁོར་ལོའི་ཆོས་ཀྱི་ལོ་རྒྱུས་བཞུགས་སོ༔ ྈྈྈྈྈྈྈྈ དཔལ་བདེ་མཆོག་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་དབང་དུ་སྡུད་པ་གསང་སྒྲུབ་ཡིད་བཞིན་ནོར་བུ་འདི་ཡི་ལོ་རྒྱུས་ནི༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས༔ ལྷ་འདྲེ་གཏུམ་པོ་གདུག་པ་ཅན་གནས་པའི་ས་ཕྱོགས་དེའི་མེ་ཏོག་ཚལ་གཅིག་ན༔ ཕ་ཝང་མཆོད་རྟེན་འདྲ་བ་གཅིག་ན༔ ནུབ་མོར་དཔའ་བོ་མཁའ་འགྲོ་མང་དུ་འདུས་ནས་བསྐོར་བ་དང་མཆོད་པ་བྱེད༔ དུས་བཟང་ལ་སྡེ་བརྒྱད་དང༔ སྲིད་པ་ཕོ་རྒྱུད་མོ་རྒྱུད་དང་མི་དང་མི་མ་ཡིན་ཐམས་ཅད་འདུས་ནས༔ ཕྱག་དང་བསྐོར་བ་དཔག་ཏུ་མེད་པ་བྱེད་ཅིང་འདུག་པ་སློབ་དཔོན་པདྨས་གཟིགས་ནས་ཐུགས་དགོངས་ལ་འདི་ན་གདམས་པ་ཁྱད་པར་ཅན་ཞིག་ཡོད་ངེས་པར་འདུག་སྙམ་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་དང་གཏོར་མ་རྒྱ་ཆེན་པོ་མཛད་ནས་བཏོན་པས༔ བསྭེའི་གྭའུ་གཅིག་གི་ནང་ནས་བདེ་མཆོག་འཁོར་ལོའི་གསང་སྒྲུབ་འདི་བྱུང་ངོ༔ དེར་ཕྱག་ལེན་མཛད་པས༔ རྒྱ་གར་བའི་མི་ཐམས་ཅད་དབང་དུ་འདུས་སོ༔ དེ་ལ་རྒྱལ་པོ་ཨིནྡྲ་བོ་དྷིས་ཞུས་ཏེ༔ ཡུལ་གྲུ་ལྔ་བརྒྱ་ནས་བཙུན་མོ་ལྔ་བརྒྱ་དབང་དུ་བསྡུས་ཏེ༔ སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ༔ དེ་ནས་སློབ་དཔོན་བོད་ཡུལ་དུ་མངའ་བདག་རྒྱལ་པོས་གདན་དྲངས་ནས༔ དཔལ་གྱི་བསམ་ཡས་བཞེངས་སོ༔ དབུ་རྩེའི་བྱ་འདབས་སུ་སློབ་དཔོན་དགོངས་པ་ལ་བཞུགས་པའི་དུས་སུ༔ རྒྱལ་པོས་གསེར་གཡུ་མུ་ཏིག་གི་མཎྜལ་ཕུལ༔ གསེར་སྐྱེམས་ཞལ་དུ་དྲངས་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བཙུན་མོ་ལ་སོགས་པའི་མི་ཕོ་མོ་རྫས་ནོར་དབང་དུ་སྡུད་པ་ཞིག་འཚལ་ཅེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ རྒྱལ་པོ་ཆེན་པོ་ཞུ་བ་ཤིན་ཏུ་ལེགས༔ བདག་ལ་སྲིད་པ་ཕོ་རྒྱུད་ཀྱི་བདག་པོ་བདེ་མཆོག་དང༔ སྲིད་པ་མོ་རྒྱུད་ཐམས་ཅད་ཀྱི་རྒྱལ་མོ་རྡོ་རྗེ་ཕག་མོ་གཉིས་ཀྱི་སྒྲུབ་ཐབས་མཛེས་མ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ཡོད་དེ༔ རྒྱལ་པོ་ལ་སྦྱིན་ནོ་གསུངས་ནས་སྔར་གྱི་ལོ་རྒྱུས་རྣམས་གསུངས་ཚེ༔ རྒྱལ་པོས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ནས་སློབ་དཔོན་གྱིས་གསུངས་སོ༔ དེ་ནི་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས་ཚར་གསུམ་དུ་བྲིས་ཏེ༔ གཅིག་དང་ལུང་ཕུ་ལ་སྦས༔ གཅིག་སྲིན་མོ་སྦར་རྗེས་བྲག་ལ་སྦས༔ དེ་རྣམས་ཀྱི་མཐར་ཐུག་པ་ཆ་ལག་ཚང་བ་དང་བཅས་པ་འདི་ཉིད་བསམ་ཡས་དབུ་རྩེའི་སྟེང་ཁང་གི་གདུང་གཡུང་དྲུང་རིས་གསེར་གྱི་པ་ཏྲ་འཁྱིལ་བ་ཅན་དུ་གཏེར་དུ་སྦས་ཏེ༔ རྒྱལ་པོ་གཡུ་ཕྲེང་ཅན་གྱིས་བཀའ་ཡི་བྱ་ར་གྱིས༔ ལས་ལྡན་གསུང་གི་སྲས་དང་འཕྲད་པར་ཤོག༔ ཅེས་གསུངས་སོ༔ དེའི་ཚེ་མངའ་བདག་ཡབ་སྲས༔ མཚོ་རྒྱལ་རྣམས་ཀྱིས་གསོལ་པ༔ ཟབ་ཆོས་འདི་འདོན་པའི་དུས་ཀྱི་ཚེ༔ དུས་ཀྱི་བསྟན་པ་ཅི་ལྟར་འོང་བཀའ་བསྩལ་དུ་གསོལ༔ ཅེས་ཞུས་པས་བཀའ་བསྩལ་པ༔ གསང་བའི་གཏེར་འདི་འདོན་པའི་དུས་སུ་རྟགས་ཙམ་འཛིན་གྱི་བསྟན་པ་ཞེས་བྱ་བ༔ འདྲེ་བྱེད་འགོང་པོས་ཡུལ་ཁམས་གང༔ སྔགས་སྡེ་གཉིས་ཀྱི་བསྟན་པ་སྨད་པ༔ མཁས་བཙུན་ཐམས་ཅད་མཐའ་འཁོབ་འགྲིམ་ཞིང་རྒྱལ་བའི་བཀའ་ལ་གཟུ་ལུམ་དང་རས་གཅོད་ཀྱིས་འཆོལ་བ༔ སྒོམ་ཆེན་གྱིས་རི་ཐུབ་ཀྱང་རིས་སྒོམ་ཆེན་མི་ཐུབ་པ༔ རྒྱ་གར་དུ་མུ་སྟེགས་ཀྱི་བསྟན་པ་དར་བ༔ རྒྱ་ནག་ཏུ་བོན་གྱི་བསྟན་པ་འབྱུང་བ༔ ཁ་ཆེ་དང་ལི་ཡུལ་དུ་བདུད་ཀྱི་སྤྲུལ་པས་བཤད་གྲྭ་དང་སྒོམ་གྲྭའི་སྡེ་བརླག་པར་བྱེད་པ༔ ལི་ཡུལ་གྱི་བསྐལ་པ་མེས་འཇིག་པ༔ བལ་ཡུལ་དུ་ཆོས་དང་ཆོས་མིན་གྱི་བསྟན་པ་འབྱུང་བ༔ བོད་ཡུལ་གངས་ཅན་གྱི་ཁྲོད་འདི་ཉིད་དུའང༔ ྈྈྈྈྈྈྈྈྈྈཚོགས་ཀྱིས་བོད་ཀྱི་ཆེ་བཙུན་དང༔ རྒྱལ་བློན་དགེ་བའི་བཤེས་གཉེན་གྱི་རྒྱུད་ལ་བར་དུ་གཅོད༔ འཇིག་རྟེན་འཁྲུལ་སྣང་གི་བྱ་བ་ལ་ལོངས་སྤྱོད༔ མིང་ཆོས་རྗེ་དང་མཁན་ཆེན་བླ་མ་དགེ་བའི་བཤེས་གཉེན་དུ་མཚན་གསོལ༔ ཉན་ཐོས་ཀྱི་ཁྲིམས་རྣམས་མི་སྲུང་ཞིང་གསང་སྔགས་ཀྱི་བསྐྱེད་རྫོགས་མེད་པ༔ ཕྱི་མཁས་བཙུན་བཟང་པོར་འདོད་པ༔ ནང་ཉོན་མོངས་པས་བཅིངས་པ་དེ་ལྟ་བུ་འབྱུང་བའི་ཚེ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ་་་་འབྱུང་སྟེ༔ དེ་ཉིད་ཀྱི་ལ་ཤིའི་གཙུག་ལག་སྟེེ༔ ྈྈྈྈྈྈྈྈྈྈྈ་མང་ནས་ཏོན་ཏེ་རྒྱས་པར་འགྱུར་རོ༔ དེ་ཚེ་སྔགས་སྡེ་གཉིས་ཀྱི་བསྟན་པ་དར་བར་བྱེད་པ༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེས་བསྟན་པ་མི་ནུབ་པར་འཛིན་པར་བྱེད་པ༔ རྒྱལ་བ་མཆོག་དབྱངས་ཀྱི་སྐྱེ་བ་ཀརྨ་པ་ཞེས་བྱ་བ་འབྱུང༔ གཙང་གི་ཕྱོགས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ༔ དགེ་སློང་རྡོ་རྗེ་འཛིན་པ་བཟང་པོའི་མིང་ཅན་འབྱུང༔ འཕགས་པ་ཉེ་བར་འཁོར་ཉིད་གར་དབང་རྡོ་རྗེ་འཆང་ཆེན་པོར་མངོན་དུ་གྱུར་ཏེ༔ དེའི་རྣམ་པར་སྤྲུལ་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རཏྣའི་མིང་ཅན་ཞེས་བྱ་བ་འབྱུང༔ བདེ་མཆོག་གི་རྣམ་པར་སྤྲུལ་པ་ངག་གི་མིང་ཅན་བསམ་བཞིན་དུ་སྐྱེ་བ་ལེན་པ་འབྱུང༔ དེ་རྣམས་དང་དུས་མཚུངས་པ༔ ད་ལྟའི་ལྷ་སྲས་དམ་འཛིན་འདི་ལྟ་བའི་གདིང་རྙེད་པ༔ པདྨ་བདག་གི་ཕྲིན་ལས་རྣམ་བཞི་གཅིག་ཏུ་བསྡུས་པའི་བདག་ཉིད་གར་གྱི་དབང་ཕྱུག་རྩལ་གྱིས་ཆོས་འདི་ཉིད་གསང་བའི་གཏེར་ནས་ཕྱུང་སྟེ་རང་ཉམས་སུ་བླངས་ཏེ༔ བསྟན་པའི་དོན་འབའ་ཞིག་བྱེད་པའི་སློབ་མ་བདུན་ལ་མནའ་བགགས་ཏེ་བྱིན་ཞིང༔ སློབ་མ་རྣམས་ཀྱིས་ཀྱང་གསེར་གཡུའི་མཎྜལ་གྱིས་མཉེས་པར་བྱ༔ ཁྱད་པར་སྤྱི་ཏི་བླ་མའི་རྒྱུན་ཁྱེར༔ རྫོགས་རིམ་ཟབ་པའི་མཐར་ཐུག༔ བཏགས་གྲོལ་རེག་པ་དོན་ལྡན༔ འདི་རྣམས་ཆོས་སྙིང་ནས་བསམ་པ་ལ་བྱིན༔ དེ་མིན་གང་ཐོད་ཐོད་དུ་གཏད་ན་ཉམས་པར་འགྱུར༔ ཆོས་འདི་ཡི་སྲུང་མ་ནི་རྒྱལ་པོ་གཡུ་ཕྲེང་ཅན་ལ་གཏད་པ་ཡིན་པས་བཀའ་ཡི་བྱ་ར་གྱིས་ཤིག༔ ལས་ལྡན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ྈྈ ྈ དཔལ་བདེ་མཆོག་འཁོར་ལོའི་ཕྱི་སྒྲུབ་འཁོར་སྡེ་ལྔ་བླ་མ་ལྟར་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈྈ ྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ དཔལ་བདེ་མཆོག་འཁོར་ལོའི་ཕྱི་སྒྲུབ་འཁོར་སྡེ་ལྔ་དང་བཅས་ཏེ༔ བླ་མ་ལྟར་བསྒྲུབ་པ་ནི༔ ས་བཟང་ལ་མཎྜལ་པདྨ་འདབ་བཞི་བྱས་ལ༔ དབུས་ལྟེ་བ་མཐིང་ག༔ ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་གུ་བྱས་ལ༔ ཤར་གྱི་འདབ་མ་ལ་རྡོ་རྗེ་རིགས་ཀྱི་དྷཱ་ཀི་མ་དཀར་མོ༔ ཕྱག་ན་རྡོ་རྗེ་དང་བྷནྡྷ་བསྣམ་པ་བསྐྱེད༔ ལྷོར་རཏྣ་དྷཱ་ཀི་མ་སེར་མོ་རཏྣ་དང་བྷནྡྷ་བསྣམས་པ་བསྐྱེད༔ ནུབ་ཏུ་པདྨ་དྷཱ་ཀི་མ་དམར་མོ་ཕྱག་ན་པདྨའི་སྡོང་པོ་དང་བྷནྡྷ་བསྣམས་པ་བསྐྱེད༔ བྱང་དུ་ལས་ཀྱི་དྷཱ་ཀི་མ་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་དང་བྷནྡྷ་བསྣམས་པ་བསྐྱེད༔ ལྟེ་བ་ལ་སློབ་དཔོན་པདྨ་དང་འཁྲིལ་སྦྱོར་དུུ༔ བུདྡྷ་དྷཱ་ཀི་མ་ཕྱག་ན་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཡིད་བཞིན་གྱི་གཏེར་གྱིས་གང་བའི་བྷནྡྷ་བསྣམས་པ་བསྐྱེད༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ༔ དེ་ནས་ཅི་འབྱོར་པའི་མཆོད་པ་འབུལ༔ འབྲུ་སྣ་ཚོགས་དང་འབྲུ་གསུམ་དང་བདུད་རྩི་ཨ་མྲྀཏ་དང༔ ཟས་ཀྱི་བྱེ་བྲག་ཅི་འབྱོར་པས་རིན་པོ་ཆེའི་སྣོད་བཀང་ལ་མཎྜལ་གྱི་དབུས་སུ་བཞག་གོ༔ དེ་ནས་རང་མཁའ་འགྲོའི་གཙོ་མོའི་ཏིང་ངེ་འཛིན་དུ་བཞུགས་ནས༔ སྔགས་འདིས་གཏོར་མ་འབུལ༔ དྷཱ་ཀི་དྷེ་ཝ་དྷཱ་ཀི་ནཱི་སུ་ར་བ་ཏེ་ས་ར་དྷཱ་ཀི་ཁཱ་ཧི་ཁཱ་ཧི༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཁཱ་ཧི༔ ཞེས་པས་གཏོར་མ་འབུལ༔ ཡན་ལག་བདུན་པ་ཚར་གཅིག་བྱའོ༔ དེ་ནས་ངག་སྨྲ་བ་བཅད་དེ༔ དབང་སྡུད་ཀྱི་བསྙེན་པ་ཞག་ཉི་ཤུ་རྩ་གཅིག་བསྒྲུབ་བོ༔ ཨཱོྃ་ཨཱཿཧཱུྃ༔ ཀུ་ལུ་ཀུ་ལུ་མ་མ་ཧྲིང་ཧྲིང༔ མ་མ་ཁ་ཤི་མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང༔ སྡུས་སྡུས༔ མ་མ་ཁ་ཤི་ནི༔ ཧ་རི་ནི་ས༔ དེ་ལྟར་བཟླས་པས་རྟགས་ནི༔ ནས་ཀྱི་རི་ལ་འཛེགས་ན་འབྲུའི་དངོས་གྲུབ་ཐོབ༔ གངས་ཀྱི་རི་ལ་འཛེགས་ན་ཆོས་ཀྱི་འོ༔ གསལ་ཤིང་འཐུ་ན་ནོར་གྱི་འོ༔ ཟས་དང་ནོར་གྱི་གྲོགས་རྨིས་སྟོན་ན་ཟས་ནོར་གང་ཡང་ཡོང་ངོ༔ དམ་ཚིག་ཏུ་སྒྲུབ་ཐབས་མི་ལ་མི་འཆད་དོ༔ དངོས་གྲུབ་ཅི་བྱུང་ཡང་དང་པོ་བླ་མ་ལ་འབུལ༔ དེ་ནས་ཞག་རེ་ལ་སྙིང་པོ་བརྒྱ་རྩ་རེ་བཟླས༔ རྒྱུན་གཏོར་རེ་ནངས་ནུབ་ཏུ་གཏང་ངོ༔ སྲོག་སྔགས་དང་གཏོར་མའི་སྔགས་སྦྲེལ་ལ་འབུལ༔ འདི་ནི་ཕྱི་ལྟར་སྒྲུབ་པ་སྟེ༔ སྤེལ་བར་ཕངས་ནས་རིན་ཆེན་གཏེར་དུ་སྦས༔ རྣལ་འབྱོར་ལས་འཕྲོ་ཅན་གཅིག་དང་འཕྲད་པར་ཤོག༔ ཕྱི་མཎྜལ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ༔ ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ སྙིང་ནས་འགུགས་པའི་སྲོག་སྙིང་ཡིན་ནོ༔ ྀཨཚ༔ སྦྱིན་སྲེག་བཞུགས༔ དྷཱ་ཀི་ལ་ན་མོ༔ ཕྲིན་ལས་གང་སྒྲུབ་ཀྱང་མེ་མཆོད་དང་སྦྲེལ་དགོས་ཏེ༔ མཎྜལ་གྱི་སྟེང་དུ་ཕྱེའི་པདྨ་འདབ་བཞི་བྲིས་ལ༔ ཞི་བ་ལ་ལྟེ་བ་ཟླུམ་པོ་དཀར་པོ༔ རྒྱས་པ་ལ་གྲུ་བཞི་སེར་པོ༔ དབང་ལ་ཟླ་གམ་དམར་པོ༔ དྲག་པོ་ལ་མཐིང་ནག་གྲུ་གསུམ༔ དེ་དག་གི་ཕྱོགས་སུ་ལས་གང་བྱེད་དུ་ཁ་བལྟས་ལ༔ ཤིང་སྣ་མང་པོ་སོ་སོའི་རིགས་དང་མཐུན་པ་དེའི་དབྱིབས་སུ་བརྩིགས་ལ༔ པདྨའི་སྟེང་དུ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཞེས་བརྗོད་པས༔ དྷཱ་ཀི་ཡབ་ཡུམ་བསྐྱེད་དེ༔ སྤྱན་དྲངས་ལ་བསྟིམ༔ མཆོད་པ་སྣ་ཚོགས་དང་བ་ལིཾ་འབུལ༔ སྨན་དང་ཟས་གོས་ཅི་ཡོད་འབུལ༔ རྩ་སྔགས་ལ་གོང་གི་ལས་སྔགས་བཏགས༔ འགྲོ་བ་ཐམས་ཅད་དབང་དུ་སྡུས་ཤིག་ལ་སོགས་པའི་གསོལ་བ་གདབ༔ སྦ་ལྕག་དང་དར་དམར་པོས་གཡབ༔ ཐལ་བ་མཁའ་འགྲོ་མར་བསམ་ལ་ལོགས་སུ་གཏོར༔ རབ་བཞག་བདུན༔ འབྲིང་ཉེར་གཅིག༔ ཐ་མ་ཟླ་བ་གཅིག་གིས་འགྲུབ༔ འགྲུབ་རྟགས་སུ་བུད་མེད་ཀྱི་ཚོགས་འདུ་བ་དང༔ ཆུས་ཁྱེར་བའམ༔ སས་གནོན་པ་ལ་སོགས་པའོ༔ ཕོ་མང་ན་བདུད་རྩི་ལྔའི་སྦྱིན་སྲེག་བྱའོ༔ རང་ཡང་ལོངས་སྤྱོད༔ རི་ཁྲོད་འགྲིམ༔ མོ་མང་ན་ཕྱེ་མར་གྱི་སྦྱིན་སྲེག་བྱ༔ ནང་འདུ་བ་སྙོམས་པའི་དུས་སུ་སྦྱིན་སྲེག་བྱའོ༔ བསྙེན་སྒྲུབ་དུས་ཆུ་བུར་མིག་གི་སྒོ་སོལ་ཅེས་པའི་སྔགས་བར་དུ་གདགས་བུམ་པའི་ཆུས་ཁྲུས་བྱ༔ དེས་ཉམས་གསལ་ལོ༔ སྒྲུབ་པ་ཐོན་ནས་རྟེན་འབྲེལ་ཤ་བའི་སྙིང་རྩེ་ལ་སོགས་ལུས་ལ་བཏགས༔ ཐུན་མཚམས་སུ་གཏོར་མ་གཏང༔ ཡིག་བརྒྱ་བཟླ༔ དེས་འདོད་པའི་དོན་ཡིད་བཞིན་དུ་འགྲུབ༔ དྷཱ་ཀིའི་གསང་སྒྲུབ་ཁྱད་པར་གྱི་གདམས་པ༔ མངའ་བདག་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་ལ་གདམས་པའོ༔ ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ྀཨཚ༔ སྒྲུབ་རྫས་ཡིག་ཆུང༔ འདིའི་སྒྲུབ་རྫས་ལ་མཎྜལ་པདྨ་འདབ་བཞི་ཕྱོགས་ཚོན་ལྟེ་བ་ཟླ་གམ་དམར་པོ་བྱས་པའི་དབུས་སུ༔ ཀ་པཱ་ལར་བཟའ་བ་རྣམས་ཀྱི་གཏོར་མ་བྱས་ཏེ༔ རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བཤམ༔ རྟེན་འབྲེལ་ཀྱི་རྫས་ཤ་བའི་སྙིང་རྩེ༔ ཕག་མོའི་ཟེ་བ༔ སིནྡྷུ་ར་དང་གསུམ༔ དར་དམར་པོས་བཏུམས་ལ་བཞག་གོ༔ བུམ་པ་མཚན་ལྡན་རྒྱུན་འབབ་ཀྱི་ཆུས་བཀང་བ་བཞག༔ དེའི་སྟེང་མེ་ལོང་ལ་སིནྡྷུ་རས་བྱུག༔ ཆོས་འབྱུང་བསྣོལ་མ་དབུས་སུ་རྩ་སྔགས༔ ཟུར་ལ་ཡི་གེ་བརྒྱད་པ་བྲིས་པས་ཁ་བཅད་དོ༔ ཚོགས་མཆོད་གཏོར་མ་བཟང་དུ་བཤམ༔ འབུལ་བ་སྤྱི་དང་འདྲ༔ དེ་ལྟར་བསྒྲུབས་པས་རྟགས་ནི་ག་པུར་གྱི་དྲི་བསྣམ་པ་དང༔ ཐོད་པའི་བདུད་རྩི་ཕྱུར་བ་དང༔ འོད་དང་སྒྲ་འབྱུང་བ་དང༔ རྒྱན་དང་མེ་ཏོག་སྟེར་བ་དང༔ བུད་མེད་ཚོགས་འདུས་ནས་ལོངས་སྤྱོད་སྟེར་བ་རྨིས་པའོ༔ དེ་ནི་སྒྲུབ་པའི་རྟགས་སོ༔ དེ་ལྟར་གཞུང་གི་སྒྲུབ་པ་ཐེམས་ནས༔ གདོད་མཛེས་མའི་འཁོར་ལོ་བསྒྲུབ་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོའི་ནང་སྒྲུབ་དགོས་འདོད་རེ་སྐོང་བཞུགས་སོ༔ ྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དཔའ་བོ་མཁའ་འགྲོ་དབང་སྡུད་ཕྱིར༔ བདེ་མཆོག་འཁོར་ལོའི་ནང་སྒྲུབ་བཤད༔ སྐལ་ལྡན་གང་ཟག་བརྩོན་འགྲུས་ཅན༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ བདེ་བའི་སྟན་ལ་འདུག་བྱས་ལ༔ ཐོག་མར་བྱང་ཆུབ་སེམས་བསྐྱེད་ལ༔ སྐད་ཅིག་མ་ཡི་ཏིང་འཛིན་གྱིས༔ རང་ཉིད་དཔལ་ཆེན་རྟ་མགྲིན་སྐུ༔ དཔའ་བོ་ཆེན་པོ་འབར་ཆེན་པོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཡས་པས་རྡོ་རྗེ་གྲི་གུག་ལ༔ གཡོན་པས་ཐོད་པ་ཁྲག་བཀང་ལ༔ རྡོ་རྗེས་དཀྲུག་ཅིང་ཞལ་དུ་གསོལ༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ ཞབས་གཉིས་དྲེགས་པ་ཉི་ཟླ་གནོན༔ དེ་ལྟ་བུ་རུ་གསལ་བ་དང༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་ནག་འབར་བ་ལ༔ གཡས་པ་རྟོག་མེད་ཕག་གདོང་ཞལ༔ གཡོན་པ་ཆགས་ཚུལ་ཁྲོ་མོའི་ཚུལ༔ ཕྱག་གཉིས་གྲི་གུག་ཐོད་པ་འཛིན༔ ཞབས་གཉིས་བརྐྱང་བསྐུམ་ཡབ་ལ་འཁྲིལ༔ དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཡི༔ དེ་ལྟར་ཡབ་ཡུམ་གསལ་བསྒོམས་ལ༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས༔ སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ༔ ཡབ་ཀྱི་སྤྱི་བོ་མགྲིན་པ་དང༔ སྙིང་ག་ལྟེ་བ་གསང་གནས་བཞིར༔ དཔའ་བོ་གིང་བཞི་བསྒོམ་པར་བྱ༔ ཡུམ་གྱི་གནས་བཞིར་མཁའ་འགྲོ་བཞི༔ སྐུ་རྒྱན་ཕྱག་མཚན་གཙོ་དང་མཐུན༔ དེ་ལྟར་སྐུ་ནི་གསལ་བ་དང༔ དམ་ཚིག་ཡེ་ཤེས་གཉིས་མེད་བསྒོམ༔ གསང་སྔགས་གནད་ཀྱི་སྙིང་པོ་ནི༔ མཁའ་འགྲོ་གནད་ཀྱི་སྲོག་ཡིག་ཡིན༔ ཨཱོྃ་ཨཱཿཧཱུྃ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ འོག་རླུང་བསྡམ་ཞིང་སྟེང་རླུང་མནན༔ རོ་སྟོད་འགུལ་ཞིང་རྟོག་མེད་བསྒོམ༔ ཐབས་ཀྱི་རང་བཞིན་དཔའ་བོ་ལྔས༔ སྐུ་ལྔ་འགྲུབ་ཅིང་ས་ལམ་སྦྱོང༔ ཤེས་རབ་རང་བཞིན་དཔའ་མོ་ལྔས༔ ཡེ་ཤེས་ལྔ་ཡི་དབྱིངས་སུ་སྦྱོར༔ ཡབ་ཡུམ་ཐབས་དང་ཤེས་རབ་སྟེ༔ ལུས་ལ་བདེ་བ་རྒྱུན་མི་ཆད༔ ངག་ལ་ནུས་པ་རྒྱུན་མི་ཆད༔ སེམས་ལ་རྟོགས་པ་རྒྱུན་མི་ཆད༔ ཐུན་མོང་དངོས་གྲུབ་སྣ་ཚོགས་འབྱུང༔ མཁའ་འགྲོའི་མན་ངག་གསང་བ་ལས༔ རང་གི་ལུས་ལ་བརྟེན་ནས་སུ༔ ནང་ལྟར་སྒྲུབ་པའི་མན་ངག་ནི༔ རྗེ་རྒྱལ་མངའ་བདག་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ སྤེལ་ན་མཁའ་འགྲོའི་བཀའ་ཆད་ཡོང༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཟབ་རྒྱས་རིན་ཆེན་གཏེར་དུ་སྦ༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོའི་གསང་སྒྲུབ་ཡིད་བཞིན་ནོར་བུ་བཞུགས་སོ༔ ྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཝ་ཤཾ་དྷཱ་ཀི་ནཱི་སརྦ་ནཱ་མ༔ བོད་སྐད་དུ༔ མཁའ་འགྲོ་དབང་སྡུད་ཅེས་བྱ་བ༔ བཅོམ་ལྡན་བདེ་མཆོག་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར༔ མཁའ་འགྲོ་ཡབ་ཡུམ་གསང་སྒྲུབ་བཤད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ འདི་ལ་སྤྱི་དོན་རྣམ་བཞི་སྟེ༔ ཏིང་འཛིན་མི་འགྱུར་གནད་དང་གཅིག༔ དྲག་སྔགས་མི་འགྱུར་གནད་དང་གཉིས༔ འཕྲོ་འདུ་མི་འགྱུར་གནད་དང་གསུམ༔ དགོངས་པ་མི་འགྱུར་གནད་དང་བཞི༔ གཟེར་བཞིའི་གནད་དང་འཕྲད་པ་ན༔ མཁའ་འགྲོ་ཕོ་མོའི་དངོས་གྲུབ་འོང༔ ཏིང་འཛིན་མི་འགྱུར་གནད་བསྟན་པ༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ བདེ་བའི་སྟན་ལ་འདུག་ནས་ནི༔ སྐད་ཅིག་མ་ཡི་ཏིང་འཛིན་གྱིས༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་གྲི་གུག་ལྕགས་ཀྱུ་བསྣམས༔ གཡོན་པས་ཐོད་པ་ཁྲག་བཀང་འཛིན༔ སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་འཚེར༔ ཞབས་གཉིས་དྲེགས་པ་ཉི་ཟླ་གནོན༔ དེ་ལྟ་བུ་རུ་གསལ་བ་དང༔ ལུས་དང་གྲིབ་མའི་ཚུལ་བཞིན་དུ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་མོ་མཛེས་མ་ལ༔ ཁྲོ་ཞལ་རབ་འཇིགས་བརྗིད་པའི་ཞལ༔ དུར་ཁྲོད་ཆས་ཀྱིས་སྐུ་ལ་བརྒྱན༔ སྤྱི་གཙུག་རྟོག་མེད་ཕག་ཞལ་ནག༔ ཞབས་གཉིས་བརྐྱང་བསྐུམ་ཡབ་ལ་འཁྲིལ༔ དེ་ལྟར་ཡབ་ཡུམ་གསལ་བསྒོམས་ནས༔ སྤྱི་བོ་མགྲིན་པ་སྙིང་ག་རུ༔ ཨཱོྃ་ཨཱཿཧཱུྃ་གིས་བྱིན་བརླབ་ཅིང༔ སྤྱི་བོར་བླ་མ་ཡབ་ཡུམ་བསྒོམ༔ ཡབ་ཀྱི་སྤྱི་བོ་མགྲིན་པ་དང༔ སྙིང་ག་ལྟེ་བ་གསང་གནས་བཞིར༔ ར་ཙ་ཧྲི་ཡ་བཞི་ལས་ནི༔ དཔའ་བོ་གིང་བཞི་བསྒོམ་པར་བྱ༔ ཡུམ་གྱི་གནས་བཞིར་དཔའ་མོ་བཞི༔ ཧ་རི་ནི་ས་བཞི་ལས་བསྐྱེད༔ སྐུ་རྒྱན་ཕྱག་མཚན་རིགས་དང་མཐུན༔ དེ་ལྟར་སྐུ་ནི་གསལ་བ་ལ༔ དམ་ཚིག་ཡེ་ཤེས་གཉིས་མེད་བསྒོམ༔ ཡབ་ཡུམ་ཐུགས་ཀར་ཧྲཱིཿམ་ལ༔ རྩ་སྔགས་སོ་སོས་བསྐོར་བ་ལས༔ ངག་ཏུ་ལན་གཅིག་བརྗོད་པ་ཡིས༔ ཡུམ་གྱི་སྲོག་སྙིང་ཞལ་ནས་ཐོན༔ ཡབ་ཀྱི་ཞལ་ནས་ཐུགས་ཀར་བབས༔ སྲོག་སྔགས་གཉིས་འབྲེལ་དབུ་མའི་ནང༔ ནོར་བུའི་ནང་ནས་པདྨར་བབས༔ པདྨའི་ནང་ནས་དྷཱུ་ཏིར་ཡར༔ མགལ་མེའི་འཁོར་ལོ་བཞིན་བསམ་ལ༔ གསང་སྔགས་འདི་ཉིད་དྲག་ཏུ་བཟླ༔ ཨཱོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱོྃ་ཛཾ་བྷི་མོ་ཧ་ར་ལ་སྭཱ་ཧཱ༔ འབུམ་ཕྲག་རེ་རེའི་བསྙེན་པ་བྱ༔ ཐོད་པའི་བདུད་རྩི་ཕྱུར་ལ་སོགས༔ རྟགས་ལ་ཞག་བདུན་ཤེས་པར་བྱ༔ མཚོ་ལ་ངང་ངུར་འཚོགས་ལྟར་འོང༔ དེ་ནི་དྲག་སྔགས་གནད་ཡིན་ནོ༔ འཕྲོ་འདུའི་ཏིང་འཛིན་གཟེར་བཏབ་པས༔ ཕྲིན་ལས་རྣམ་བཞིའི་ལས་ལ་སྦྱོར༔ འཕྲོ་འདུའི་ཕྲིན་ལས་མ་ཤེས་ན༔ དམིགས་པ་རྩེ་གཅིག་ལས་མི་འགྲུབ༔ འཕྲོ་འདུའི་བསམ་པ་སྦྱོར་བ་ཡིས༔ གང་ལྟར་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིན་བཞིན་ནོར་བུ་འདྲ༔ འཕྲོ་འདུའི་ཏིང་འཛིན་གནད་ཡིན་ནོ༔ དགོངས་པ་མི་འགྱུར་གནད་བསྟན་པ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་རྣམས༔ ལོགས་ན་ཡོད་པ་མ་ཡིན་ཏེ༔ སྐྱེ་མེད་ཆོས་སྐུའི་གནས་ལུགས་དེ༔ བདེ་མཆོག་འཁོར་ལོའི་གནས་ལུགས་ཡིན༔ ཀུན་གཞི་འཁོར་འདས་དབྱེར་མེད་དེ༔ རྡོ་རྗེ་ཕག་མོའི་ངོ་བོ་ཡིན༔ རང་བཞིན་རིག་རྩལ་མ་འགགས་པ༔ དཔའ་བོ་ཕོ་མོའི་ཚོགས་སུ་ཤར༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ནི༔ ཕོ་དང་མོ་དང་མཁའ་འགྲོའི་འཁོར༔ བསམ་གྱིས་མིི་ཁྱབ་ཡེ་སངས་རྒྱས༔ དགོངས་པ་མི་འགྱུར་གཟེར་མེད་ན༔ མཁའ་འགྲོ་དངོས་སུ་འགྲུབ་གྱུར་ཀྱང༔ ཐུན་མོང་དངོས་གྲུབ་སྟེར་བ་ལས༔ མཆོག་གི་དངོས་གྲུབ་ཐོབ་མི་སྲིད༔ དགོངས་པ་མི་འགྱུར་གཟེར་ཐེབས་ན༔ དུར་ཁྲོད་འདྲེ་མོ་བསྒྲུབས་གྱུར་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ མཁའ་འགྲོ་ཕོ་མོའི་ཚོགས་ཀུན་ཀྱང༔ རང་དབང་མེད་པ་མངོན་དུ་འོང༔ ཐབས་དང་ཤེས་རབ་རང་བཞིན་གྱི༔ ལུས་ལ་བདེ་བ་རྒྱུན་མི་ཆད༔ ཐམས་ཅད་དབང་དུ་འདུ་བར་འགྱུར༔ མཁའ་འགྲོའི་གསང་སྒྲུབ་ཁྱད་པར་ཅན༔ གུས་ལྡན་ཡེ་ཤེས་མཚོ་རྒྱལ་དང༔ མངའ་བདག་ཡབ་སྲས་རྣམས་ལ་གདམས༔ མ་འོངས་བསྐལ་པའི་ཐ་མ་ལ༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ད་ལྟ་སྤེལ་བའི་གནས་མེད་པས༔ རིན་ཆེན་གསང་བའི་གཏེར་དུ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཡབ་ཡུམ་བསྙེན་ཐེམས་ནས༔ ཡབ་ཡུམ་གསལ་བའི་གནས་བརྒྱད་ཀྱི༔ དཔའ་བོ་ཡབ་ཡུམ་ཐུགས་ཀ་རུ༔ སོ་སོའི་སྙིང་པོ་དྲག་ཏུ་འཁོར༔ རང་དབང་མེད་པར་ལས་བྱེད་ཅིང༔ ས་བོན་འོད་ཟེར་ལྕགས་ཀྱུ་འཕྲོས༔ འགྲོ་བ་ཀུན་གྱི་སྙིང་ལ་ཕོག༔ འོད་དུ་ཞུ་ནས་ཚུར་འདུས་པས༔ ཡབ་ཡུམ་ཐུགས་ཀར་ཐིམ་པར་བསམ༔ ལྷ་འདྲེ་མི་གསུམ་ནོར་རྫས་དང༔ ཁམས་གསུམ་ཐམས་ཅད་དབང་བསྡུས་བསམ༔ ཡབ་ཡུམ་ཐམས་ཅད་སྔགས་སྒྲ་སྒྲོག༔ ཐམས་ཅད་མཁའ་འགྲོ་ཡབ་ཡུམ་བསྐྱེད༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲི་ཡ༔ ཨ་ཏྲི་ནྲྀ་ཛཿབཱ་ཤཾ་ཀུ་རུ་སིདྡྷི་ཧཱུྃ་ཧཱུྃ་ཛ༔ ཏིང་འཛིན་མ་ཡེངས་བཟླས་པར་བྱ༔ དེ་ལྟར་བྱས་ན་འགྲུབ་པར་འགྱུར༔ བདག་ཉིད་མཁའ་འགྲོའི་དབང་སོང་ནས༔ རིག་པ་ནོན་པར་མ་གྱུར་ན༔ ཨཱོྃ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ༔ དེ་བཟླས་མཁའ་འགྲོ་རང་དབང་འདུ༔ ས་ནི་རི་ཧ༔ ཡ་ཧྲི་ཙ་ར༔ རྟགས་མ་བྱུང་ན་དེ་ཉིད་བཟླ༔ ཞག་བདུན་ཙམ་ལས་བྱ་མི་རུང༔ དེ་ཡིས་མཁའ་འགྲོ་རང་དབང་འདུ༔ རྟགས་ནི་འདི་ལྟར་འབྱུང་བ་ཡིན༔ ལུས་ལ་བདེ་བ་འབར་བ་དང༔ ངག་ལ་ནུས་པ་འབར་བ་དང༔ སེམས་ལ་རྟོགས་པ་འཆར་བར་འགྱུར༔ ཆོས་ལ་ཉམས་མྱོང་རང་བྱན་ཚུད༔ ཉིན་མོ་མི་འདུ་ནངས་ནུབ་ཟས་ནོར་འདུ༔ ནུབ་མོ་མཁའ་འགྲོའི་ཚོགས་རྣམས་འདུ༔ མངོན་ཤེས་ཤར་ན་ཀུན་ལ་འཆད་མི་བྱ༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ༔ བྱིན་རླབས་ཐོགས་པ་མེད་པར་འོང༔ སྐྱེས་པ་དབང་དུ་མ་འདུས་ན༔ རྡོ་རྗེ་མཁའ་འགྲོ་དབང་དུ་མ་འདུས་པས༔ ཧ་རི་ནི་ས་རྐྱང་པ་བཟླ༔ ཟས་ནོར་དབང་དུ་མ་འདུས་ན༔ རཏྣ་དྷཱ་ཀི་དབང་དུ་མ་འདུས་པས༔ རི་ནི་ས་ཧ་བཟླ་བར་བྱ༔ བུད་མེད་དབང་དུ་མ་འདུས་ན༔ པདྨ་དྷཱ་ཀི་དབང་དུ་མ་འདུས་པས༔ ནི་ས་ཧ་རི་བཟླ་བར་བྱ༔ བྱིན་རླབས་འབར་དུ་མི་བཏུབ་ན༔ ལས་ཀྱི་དྷཱ་ཀི་དབང་དུ་མ་འདུས་པས༔ ས་ཧ་རི་ནི་བཟླ་བར་བྱ༔ གདུག་རྩུབ་ཆེ་ན་ཟློག་ལ་བཟླ༔ རྟགས་མ་བྱུང་ན་དཀྲུགས་ལ་བཟླ༔ ཕྲིན་ལས་བཞི་ནི་རྩ་སྔགས་ལ༔ ཞི་བ་ལ་ནི་ཤཱནྟིཾ་བཏགས༔ དེ་བཞིན་རིམ་པ་བཞིན་དུ་བྱ༔ མངོན་ཤེས་འཆར་བར་འདོད་པ་ལ༔ ཆུ་བུར་མིག་གི་སྒོ་སོལ༔ ནི་ས་ར་ཡ༔ ཞེས་པ་བཏགས་ལ་བཟླ་བར་བྱ༔ ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ དྷཱ་ཀི་ཡབ་ཡུམ་གྱི་གསང་སྒྲུབ་ཡིད་བཞིན་ནོར་བུ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ རྒྱ་རྒྱ་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་དབང་སྡུད་ལས་ཚོགས་བཞུགས་སོ༔ ྈྈྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ དབང་སྡུད་ཡིད་བཞིན་ནོར་བུ་མཛེས་མ་རྒྱན་གྱི་འཁོར་ལོ་འདི་ལ༔ སྤྱི་དོན་རྣམ་པ་བདུན་ཏེ༔ དང་པོ་རྫས་གསག་པ་དང་གཅིག༔ བཅའ་གཞི་བྱ་བ་དང་གཉིས༔ འཁོར་ལོ་བྲི་བ་དང་གསུམ༔ སྒྲུབ་པ་བྱ་བ་དང་བཞི༔ གྲུབ་རྟགས་ཕན་ཡོན་དང་ལྔ༔ ནོར་སྒྲུབ་དྲག་འགུགས་བསྟན་པ་དང་དྲུག༔ སྤོགས་ཆོག་ལག་སྒུལ་བསྟན་པ་དང་བདུན་ནོ༔ དང་པོ་ནི༔ དར་ལེ་བརྒན་གཅིག༔ མེ་ལོང་ཆེ་ཆུང་གསུམ༔ སིནྡྷུ་ར༔ བ་དམར་མོའི་འོ་མའམ་མར༔ འབྲི་མོག༔ མཚལ༔ ཀེ་རི་ལུ༔ ཤེས་རབ་མཚལ༔ ཀ་པཱ་ལ་མཚན་ལྡན༔ བདེ་མཆོག་ཡབ་ཡུམ་གྱི་སྐུ༔ རྣམ་ལྔ་ལ༔་་་རང་གི་མིག་རྣག༔ རྣ་སྤབས༔ སྣབས༔ སོ་སྐྱག༔ དྲི་ཆུ་དང་ལྔའོ༔ ཁྲུས་ཆུ་བུམ་རྫས་དེ་རྣམས་སྟ་གོན་དུ་བྱའོ༔ ࿊ གཉིས་པ་ནི༔ དབེན་ཞིང་ཉམས་དགའ་བའི་གནས༔ མཁའ་འགྲོ་འདུ་བའི་གནས་སུ་ཕྱག་བརྡར་དང་རྐྱང་ནུལ་བྱ༔ དྲི་ཞིམ་པོའི་ཆུས་ཆག་ཆག་གདབ༔ དེར་མཎྜལ་དམར་པོ་ཟླུམ་པོ་ལ་དམར་པོ་གྲུ་གསུམ་དུ་བྲིས་ལ་ཕོ་སྔགས་མོ་སྔགས་སྐུལ་ཚིག་དང་བཅས་པ་བྲི༔ ཟླ་གམ་ལ་ཧ་རི་ནི་ས་བྲི༔ མུ་ཁྱུད་ལ་འགུགས་སྔགས་བྲི༔ གྲུ་གསུམ་ལ་གཏོར་མ་བཞག༔ གཏོར་མའི་སྟེང་དུ་འཁོར་ལོ་བཞག༔ ཤར་གྱི་ཟླ་གམ་ལ་རང་གི་རྣམ་ལྔ་བཞག༔ ལྷོའི་ཟླ་གམ་ལ་ཐོད་པ་མེ་ལོང་མཎྜལ་བཞག༔ ནུབ་ཀྱི་ཟླ་གམ་ལ་མེ་ལོང་སིནྡྷུ་ར་འབྲི་མོག་མཚལ༔ བ་དམར་མོའི་འོ་མ༔ ཀེ་རི་ལུ་རྣམས་སྦྱར་ལ་བཞག༔ བྱང་གི་ཟླ་གམ་ལ་སྦ་ལྕག་བཞག༔ མེ་ལོང་གཅིག་གིས་རྫས་དང་ཙཀྲ་རྣམས་ལ་སྐུ་ཁྲུས་གསོལ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ༔ མཎྜལ་གྱི་མཐའ་མར་མཆོད་པ་རྣམ་ལྔ་བཤམ༔ དེ་ནི་བཅའ་གཞི་འོ༔ ࿊ གསུམ་པ་ནི༔ ཕོ་འཁོར་མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ་རཱུ་པ་བྲི༔ དེའི་སྤྱི་གཙུག་རྡོ་རྗེ་མཁའ་འགྲོ་བདག་གི་དབང་དུ་གྱུར་ཅིག་བྲི༔ མགྲིན་པར་རཏྣ་དྷཱ་ཀི༴ སྙིང་གར་པདྨ་དྷཱ་ཀི༴ ལྟེ་བར་ལས་ཀྱི་དྷཱ་ཀི༴ འདོམས་སུ་འདོད་ཆགས་ཀྱི་དྷཱ་ཀི༴ རྐང་མཐིལ་དུ་སྣ་ཚོགས་ཀྱི་དྷཱ་ཀི༴ ཡན་ལག་བཞི་ལ་ལོ་ཀའི་དྷཱ་ཀི་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ སྐྱེས་བུ་རབ་འབྲིང་ཐ་མ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ ཅེས་བྲི༔ དེའི་རྩ་གནས་སུ༔ ར་ཙ་ཧྲི་ཡ་བཞི་བྲིའོ༔ དེའི་ཕྱིའིི་མུ་ཁྱུད་ལ་མུ་ལེའི་སྔགས་བྲིའོ༔ དེའི་ཕྱི་རིམ་རྩིབས་བཞི་ལ་ཕོ་སྔགས་བྲི༔ དེའི་རྩིབས་མཆན་ལ༔ སྲིད་པ་ཀུན་གྱི་ཡབ་བདེ་མཆོག་དཔའ་བོ་གཅིག་པ་ལ་ཕྱག་འཚལ་ལོ༔ ཁྱོད་ནི་འདོད་པའི་གཙོ་བོ་སྟེ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྲིད་པ་ཕོ་རྒྱུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་པ་བྲི༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་ཧྲཱིཿབརྒྱད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེཾ་ཡེཾ་གི་སྔགས་བྲི༔ ཕོ་འཁོར་གི་ཝཾ་གིས་སེར་པོ་བྱའོ༔ ྀཨཚ༔ མོ་འཁོར་མུ་ཁྱུད་གོང་དང་འདྲ་བ་ལས༔ ལྟེ་བར་ལིངྒ་བྲིས་པའི་སྤྱི་གཙུག་ཏུ༔ མུ་ལེ་མུ་ལེ་ཧེད་ཧེད་ཨུ་ལེ་ཨུ་ལེ༔ ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་བྲི༔ མགྲིན་པར་སྲོག་རྩ་བྲེང་བྲེང༔ སྙིང་གར༔ སྙིང་སྒུལ༔ སེམས་རྒྱུད་བདག་གི་དབང་དུ་གྱུར་ཅིག་བྲི༔ ལྟེ་བར་མིང་རུས་བྲི༔ བརླ་གཉིས་ལ༔ ལྷོད་ལྷོད་བརླ་སྦྱོར་ཅིག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་མུ་ལེའི་སྔགས་བྲིའོ༔ དེའི་ཕྱི་རིམ་གྱི་པདྨ་འདབ་བཞི་ལ༔ མོ་སྔགས་བྲི༔ དེའི་འདབ་མཆན་བཞི་ལ༔ དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ༔ ཁྱོད་ནི་འདོད་པའི་གཙོ་མོ་སྟེ༔ བདག་ལ་མི་ནོར་ཟས་གསུམ་དངོས་གྲུབ་སྩོལ༔ སྲིད་པ་མོ་རྒྱུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་བྲི༔ དེའི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ བཾ་བརྒྱད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཡེཾ་ཡེཾ་གི་སྔགས་བྲི༔ མཚལ་སིནྡྷུ་ར་དམར་པོས་བྲི༔ དེ་ཡང་འཁོར་ལོ་འདི་གསུམ་བྲིས་ཏེ༔ ཕོ་མོ་གཉིས་ཁ་སྦྱོར༔ སྐྱེས་པ་འདུ་བར་འདོད་ན་ཕོ་འཁོར་གཅིག་ཁ་ཕྱིར་བསྟན༔ ཨུ་མ་ཨེ་དྷ་འདུ་བར་འདོད་ན་མོ་འཁོར་གཅིག་ཁ་ཕྱིར་བསྟན༔ ྀཨཚ༔ འགུགས་པའི་ཙཀྲ་ནི་མུ་ཁྱུད་དྲུག་བསྐོར་བའི་ལྟེ་བར་རཱུ་པ་བསྣོལ་མར་བྲི༔ དེའི་ཕྱི་རིམ་རྩིབས་བཞི་ལ་ཕོ་སྔགས༔ འདབ་མ་བཞི་ལ་མོ་སྔགས༔ དེ་ཕྱི་རིམ་རྩིབས་བརྒྱད་ལ་ཧྲཱིཿབརྒྱད་བྲི༔ དེའི་ཕྱི་རིམ་འདབ་བརྒྱད་ལ་བཾ་བརྒྱད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་འགུགས་སྔགས་དང༔ དེའི་ཕྱི་རིམ་མུ་ཁྱུད་ལ་མུ་ལེ་མུ་ལེ་དང༔ ཡེཾ་ཡེཾ༔ ཞེས་པ་བྲིའོ༔ རྩིབས་རྣམས་ལ་གི་ཝཾ་གིས་སེར་པོ་བྱ༔ པདྨ་དམར་པོ་མཚལ་གྱིས་བྱ༔ རཱུ་པའི་སྤྱི་བོར་བདེ་བའི་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ཅིག་བྲི༔ མགྲིན་པར་ལོངས་སྤྱོད་ཀྱི་དྷཱ་ཀི་མ༴ སྙིང་གར་ཆོས་ཀྱི་དྷཱ་ཀི་མ༴ ལྟེ་བར་སྤྲུལ་པའི་དྷཱ་ཀི་མ༴ འདོམས་སུ་འདོད་ཆགས་ཀྱི་དྷཱ་ཀི་མ་བདག་གི་དབང་དུ་གྱུར་ཅིག་བྲི༔ དེ་ནི་ཙཀྲའོ༔ ࿊ དེ་ནས་བཞི་པ་སྒྲུབ་པ་བྱ་བ་ནི༔ སྤྱི་སྒྲུབ་དང༔ ཕོ་སྒྲུབ་དང༔ མོ་སྒྲུབ་དང༔ གཅིག་སྒྲུབ་དང་བཞི་ལས༔ དང་པོ་ནི༔ སྐད་ཅིག་གིས་བདེ་མཆོག་ཡབ་ཡུམ་དུ་བསྐྱེད་ལ༔ ཡབ་ཀྱི་གནས་བཞི་རུ་ར་ཙ་ཧྲི་ཡ་བཞི་ལས་དཔའ་བོ་བཞི་བསྐྱེད༔ ཡུམ་གྱི་གནས་བཞི་རུ་ཧ་རི་ནི་ས་བཞི་ལས་མཁའ་འགྲོ་སྡེ་བཞི་བསྐྱེད༔ སྣོད་བཅུད་ཐམས་ཅད་བདེ་མཆོག་ཡབ་ཡུམ་གྱི་གཞལ་ཡས་ཁང་དང་ལྷ་ཚོགས་སུ་བསྐྱེད་ལ༔ སྔགས་འདི་བཟླ་འོ༔ ཨཱོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊཿསྭཱ་ཧཱ༔ ཨཱོྃ་ཛཾ་བྷི་མོ་ཧ་ར་ལ་སྭཱ་ཧཱ༔ དེ་ནས་ཞག་གསུམ་སྔགས་དྲིལ་ལ་སྒྲུབ་བོ༔ དེ་ནས་ལས་ལ་སྦྱར་བའི་སྔགས་འདི་ཞག་གཅིག་བསྒྲུབ་བོ༔ ཨཱོྃ་ཡེཾ་ཡེཾ་ཁང་ཁང༔ ཙག་ཙག༔ དུང་དུང༔ ཨུ་མ་ཨེ་དྷ་ཐམས་ཅད་ཀྱི་ཡིད་ཀྱི་རྣམ་ཤེས་ཁྱོད་ཀྱིས་ཁུག་ལ་ཁྱེར་ལ་ཤོག་དུང་ནྲྀ་སྭཱ་ཧཱ༔ ཡང་སྔགས་འདི་ཞག་བཞི་བསྒྲུབ་བོ༔ ཨཱོྃ་མུ་ལེ་མུ་ལེ་ཕེད་ཕེད༔ ཧེད་ཧེད༔ གུམ་གུམ༔ ཆུཾ་ཆུཾ༔ སྐྱེ་འགྲོ་ཕོ་ཐམས་ཅད་ཁུག་ཅིག་དུང་ནྲྀ་སྭཱ་ཧཱ༔ དེ་ལྟར་སྒྲུབ་པ་ཐོན་པ་དང༔ གོང་གི་རྫས་ཀྱིས་དཔྲལ་བ་ལ་ཟླ་གམ་གཅིག་བྲི༔ སྨིན་མཚམས་སུ་སིནྡྷུ་ར་ཡི་ཐིག་ལེ་བྱའོ༔ དར་དམར་པོ་དེ་ལུས་ཀྱི་གཡས་སུ་བཏགས༔ ཙཀྲ་མགུལ་དུ་བཏགས༔ དེ་ཐམས་ཅད་བདག་ལ་བྱམས་ཤིང་འདུ་བར་འགྱུར་རོ༔ དེ་ནི་སྤྱིར་སྒྲུབ་པའི་ཐབས་སོ༔ སྤྱི་སྒྲུབ་ཡིད་བཞིན་ནོར་བུ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྀཨཚ༔ དྷཱ་ཀི་ལ་ན་མོ༔ ཕོ་སྒྲུབ་རྐྱང་པ་བྱེད་ན༔ རང་ཉིད་སྐད་ཅིག་གིས་ཕག་མོར་བསྐྱེད༔ ལུས་ལ་ཌཱ་ཀི་བཞིས་བསྐོར༔ ཁྱེའུ་ལོ་བཅུ་དྲུག་གམ་ལོ་བརྒྱད་ལོན་པའི་ཀེ་རི་ལུ་དང་གོང་བའི་དྲེག་པ་བླང་ལ༔ ཀ་ཆ་གསར་རྙིང་གང་འདོད་པ་ཞིག་གཡར་ལ་ཕོ་འཁོར་མོའི་སྟེང་དུ་བཀབ༔ མོ་འཁོར་གཅིག་ཁ་ཕྱིར་བསྟན༔ སྒྲུབ་པ་ཞག་གསུམ་བྱ༔ སྔགས་མུ་ལེ་ལ་ཞག་བཞི་སྟེ་བརྒྱད་བསྒྲུབ༔ འཁོར་ལོ་འདོགས་པ་དང་རྫས་ཀྱི་ཐིག་ལེ་གོང་བཞིན་བྱ༔ སྔར་གྱི་ཁྱེའུའི་དྲུང་ཕྱིན་ལ༔ ཁྱེའུ་བདེ་མཆོག་དཔའ་བོ་གཅིག་པར་བསྐྱེད་ལ༔ ཁྱོད་ནི་བདེ་མཆོག་དཔའ་བོ་གཅིག་པ་སྟེ༔ སྲིད་པ་ཕོ་རྒྱུད་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག༔ བདག་ལ་ཅི་འདོད་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་པས་གསོལ་བ་བཏབ༔ ཀེ་རི་ལུ་རང་གི་དཔྲལ་བར་བྱུག༔ རྫས་ཁོའི་གདོང་པར་བྱུག༔ ཀ་ཆ་གཏད་དོ༔ དེས་ཕོ་ཐམས་ཅད་དབང་དུ་འགྱུར་རོ༔ ཕོ་རྐྱང་སྒྲུབ་པའོ༔ ྀཨཚ༔ མོ་སྒྲུབ་རྐྱང་པ་བྱེད་ན༔ རང་སྐད་ཅིག་གིས་བདེ་མཆོག་ཏུ་བསྐྱེད་ལ༔ ལུས་ལ་དྷཱ་ཀ་བཞི་བཀོད༔ བུ་མོ་ལོ་བཅུ་གསུམ་མམ་བཅོ་ལྔའམ་བཅུ་དྲུག་ལོན་པ་གཅིག་ལས༔ ཀ་ཆ་གསར་རྙིང་གང་འདོད་པ་ཞིག་གཡར་ལ༔ གོང་བ་གཡས་པའི་དྲེག་པ་བླང་ལ༔ མོ་འཁོར་ཕོའི་སྟེང་དུ་བཀབ༔ ཕོ་འཁོར་གཅིག་ཁ་ཕྱིར་བསྟན་ལ་སྒྲུབ་པ་གོང་ལྟར་བྱ༔ ལས་སྦྱོར་ཡང་མོ་དབང་དུ་སྡུད་པའི་སྔགས་ཞག་གསུམ་མམ་བདུན་བྱ༔ མཚམས་ཐོན་ནས་ཐིག་ལེ་སོགས་གོང་ལྟར་བྱ༔ སྔར་གྱི་བུ་མོའི་རྩར་ཕྱིན་ལ༔ བུ་མོ་རྗེ་བཙུན་མར་བསྐྱེད་ལ༔ ཁྱོད་ནི་འདོད་པ་ཀུན་གྱི་གཙོ་མོ་སྟེ༔ སྲིད་པ་མོ་རྒྱུད་བདག་གི་དབང་དུ་གྱུར་ཅིག༔ ཅེས་དངོས་སམ་ཡིད་ཀྱིས་གསོལ་བ་བཏབ༔ གོང་བའི་དྲེག་པ་མོའི་གདོང་ལ་བྱུག༔ དེ་ནས་ཀ་ཆ་གཏད༔ དེ་ནི་མོ་རྐྱང་སྒྲུབ་པའོ༔ བུད་མེད་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ ྀཨཚ༔་་་འདིར་གཅིག་དྲིལ་སྒྲུབ་པ་མི་འདུག། ࿊ ལྔ་པ་རྟགས་དང་ཕན་ཡོན་བཤད་པ་ནི༔ རྨི་ལམ་དུ་རྒྱན་དང་མེ་ཏོག་སྟེར་བ་དང༔ བདག་གི་བཀའ་ལ་ཉན་པ་དང༔ བདག་ལ་བསྐོར་བ་བྱེད་པ་དང༔ བུད་མེད་དང་ཁྱེའུའི་ཚོགས་རྣམས་འདུ་བ་དང༔ རང་གི་ཐིག་ལེ་འཕྲོག་པ་རྣམས་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་འབྱུང་ངོ༔ སྨན་མོ་དང༔ བསེན་མོ་དང༔ མཛེ་སྤྲང་བྱུང་ན་བར་ཆད་ཡིན་པས་བསྐྲད་དོ༔ དེ་ལྟར་བསྒྲུབས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ༔ བླ་མ་ཡི་དམ་དྷཱ་ཀི་དང༔ ཁྱད་པར་དྷཱ་ཀི་སྡེ་བཞིས་སྐྱོབ༔ དངོས་གྲུབ་ཀུན་འབྱུང་བར་ཆད་ཞི༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ སྤྱི་སྒྲུབ་བྱས་པའི་ཕན་ཡོན་གྱིས༔ དཔའ་བོ་མཁའ་འགྲོ་དབང་དུ་འདུ༔ བསོད་ནམས་མངའ་ཐང་ཆེན་པོ་བསྐྱེད༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཟས་ནོར་ལོངས་སྤྱོད་ཆར་བཞིན་འབབ༔ བསམ་པ་ཐམས་ཅད་འགྲུབ་པར་འགྱུར༔ ཕོ་སྒྲུབ་བྱས་པའི་ཕན་ཡོན་ནི༔ ཉིན་མོ་ཕོ་ཡི་ཚོགས་རྣམས་འདུ༔ སྐྱེ་བོ་ཐམས་ཅད་བྱམས་ཤིང་དད༔ ནུབ་མོ་དཔའ་བོ་ཐམས་ཅད་འདུ༔ བར་ཆད་སེལ་ཞིང་བྱིན་གྱིས་རློབ༔ ནངས་ནུབ་ཟས་ནོར་ཐམས་ཅད་འདུ༔ བདག་ལ་ནོར་གྱི་དངོས་གྲུབ་འབྱུང༔ མོ་སྒྲུབ་བྱས་པའི་ཕན་ཡོན་ནི༔ ཉིན་མོ་བུད་མེད་ཚོགས་རྣམས་འདུ༔ ཐམས་ཅད་བདག་གི་དབང་དུ་འགྱུར༔ ནུབ་མོ་དྷཱ་ཀིའི་ཚོགས་རྣམས་འདུ༔ དབང་སྐུར་བྱིན་རློབ་བདེ་ཆེན་སྟེར༔ མ་དང་སྲིང་ལྟར་གདུང་ཞིང་བྱམས༔ གཅིག་སྒྲུབ་བྱས་པའི་ཕན་ཡོན་གྱིས༔ མཚན་དང་ལྡན་པའི་ཕྱག་རྒྱ་མ༔ ལུས་དང་གྲིབ་མ་ཅི་བཞིན་འདུ༔ རྩ་ཁྲིད་སྐྱོང་ཞིང་བདེ་བ་སྐྱེད༔ ལྷན་སྐྱེས་ཡེ་ཤེས་མངོན་དུ་འགྱུར༔ གཞན་ཡང་འདི་ལྟར་སུས་བསྒྲུབས་པ༔ སྤྱི་སྒྲུབ་བྱས་པའི་ཕན་ཡོན་ནི༔ བླ་མ་ཡི་དམ་དྷཱ་ཀི་དང༔ ཆོས་སྐྱོང་ལྷ་འདྲེ་མི་རྣམས་ཀྱི༔ སྤྱན་ལ་མཛེས་ཤིང་དངོས་གྲུབ་སྟེར༔ ཐུན་མོང་ཅི་བསམ་འགྲུབ་པར་འགྱུར༔ ཕོ་སྒྲུབ་བྱས་པའི་ཡོན་ཏན་གྱིས༔ བདེ་མཆོག་ཞི་ཁྲོ་ལ་སོགས་པ༔ ཕོ་རྒྱུད་ལྷ་ཚོགས་ཐམས་ཅད་ཀྱིས༔ བྱིན་གྱིས་རློབ་ཅིང་དངོས་གྲུབ་སྟེར༔ མོ་སྒྲུབ་བྱས་པའི་ཡོན་ཏན་གྱིས༔ གསང་སྔགས་མོ་རྒྱུད་ཐམས་ཅད་དང༔ ཁྱད་པར་ཕག་མོས་དངོས་གྲུབ་སྟེར༔ དབང་སྐུར་བྱིན་རློབ་མཁའ་སྤྱོད་ཁྲིད༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ ཨེ་མ་དྷཱ་ཀི་གསང་བའི་བདག༔ སྐལ་མེད་རྣམས་དང་འཕྲད་མི་སྲིད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ࿊ དྲུག་པ་ནོར་སྒྲུབ་བསྟན་པ་ནི༔ སིནྡྷུ་ར་ཐུན་གསུམ༔ པདྨ་རཀྟ་ཐུན་གསུམ༔ ཀེ་རི་ལུ་ཐུན་གསུམ༔ རཏྣ་ལྔ༔ དེ་རྣམས་ཞིབ་ཏུ་བཏགས་ལ༔ སྤྲ་ཚིལ་གཙང་མ་བསྲེས་ལ༔ ཕག་མོའི་སྐུ་གཅིག་བྱ༔ དེའི་ནང་དུ་དབང་སྡུད་ཀྱི་ཙཀྲ་གཉིས་བཅུག་ལ༔ རབ་གནས་བྱས་ནས་དར་དམར་པོས་དྲིལ་ལ་དུས་རྒྱུན་དུ་སྐུ་ཁྲུས་གསོལ་ཞིང༔ རྩ་སྔགས་བྲེང་ངེ་བཟླས་ན་ནོར་འཕྱུར་བ་ལྟར་འོང་ངོ༔ རྟེན་མིས་མ་མཐོང་བར་བྱའོ༔ དེ་ནས་འགུགས་སྔགས་བསྟན་པ་ནི༔ མའི་ཐོག་ཏུ་བུ་རྒྱུག་པ་ལྟ་བུ་དང༔ ལུག་མ་བུ་འཕྲད་པ་ལྟ་བུ་དང༔ རྟ་རྒོད་སྒྲོག་ཏུ་བཅུག་པ་ལྟ་བུ་དང༔ ཁྱི་རྒོད་རྟོད་ལ་མནན་པ་ལྟ་བུ་དང༔ བྱ་རྒོད་རྙི་ལ་བཟུང་བ་ལྟ་བུ་དང༔ ཤ་ཐེད་ལ་བྱ་འཁོར་བ་ལྟ་བུ་དང༔ ཤ་རུལ་ལ་སྦྲང་མ་འདུས་པ་ལྟ་བུ་སྟེ༔ ལུས་འགུགས་པ༔ སེམས་སྒྱུར་བ༔ དེ་ཐམས་ཅད་འདི་ལ་ཚང་བའི་གདམས་པ་ཡིན་ཏེ༔ དང་པོ་འགུགས་སྔགས་ཙཀྲ་མིང་རུས་དང་བཅས་པ་ལ་ཞག་གསུམ་བསྒྲུབ༔ ལས་སྔགས་ཞག་བཞི་སྟེ་བདུན༔ ཡུངས་དཀར༔ ཡུངས་ནག༔ སིནྡྷུ་ར་ལ་བསྒྲུབ་སྟེ༔ རང་ཧེ་རུ་ཀར་དམིགས་ལ༔ གང་འདོད་པ་དེའི་འོག་ནས་ཡཾ་ལས་རླུང་གིས་བསྐྱོད་ནས་བྱུང་སྟེ་རང་གི་མདུན་དུ་ཚལ་གྱི་སྟན་ལ་འདུག་པར་བསམ་ལ༔ ཙཀྲ་སྤྱི་འཁོར་རྒྱབ་ཏུ་འདུག་པའི་ཙཀྲ་བཀབ་སྟེ་ལུས་ལ་བཅང༔ རྫས་ཀྱི་ཐིག་ལེ་ལ་སོགས་པ་རྣམས་གཞུང་བཞིན་བྱའོ༔ བསྒྲུབ་རྫས་སྤྱི་བོར་བཏབ་ལ་འདིར་ཤོག་བྱ་བའི་དམོད་མོ་བོར༔ དེར་ཐོ་གཅིག་བརྩིགས་ལ་དེ་ལ་ཡང་རྫས་གཅིག་བཏབ༔ དེས་ཁུག་ངེས་སོ༔ ཡང་ལུགས་གཅིག་ལ༔ རྫས་ནི་སྦ་ལྕག་དཀར་པོ་ཚིགས་གསུམ་པ༔ མེ་ལོང༔ ཤེས་རབ་མཚལ༔ ཀེ་རི་ལུ༔ རང་གི་རྣམ་ལྔ༔ དེ་རྣམས་བསགས་ལ༔ འཁོར་ལོ་རྩིབས་བཞི་རེ་མིག་ཅན་གྱི་ལྟེ་བ་ལ༔ ཧྲཱིཿར་ཙ་ཧྲི་ཡ་བཞི་བྲི༔ རྩིབས་ལ་བཛྲ་ཡ་ག་ཟི་དག༔ དབང་པོ་ཆོམ་ཆུམ༔ ཨཱོྃ་སརྦ་ཙིཏྟ་དག༔ ཀེ་རི་ལུ་ཆིངས་ཤིག༔ ཆུག་བཛྲ་ཨཾ་ཀུ་ཤ་ཛ༔ ཅེས་མགོ་ཕྱིར་བསྟན་ལ་བྲིའོ༔ པདྨ་འདབ་བཞི་རེ་མིག་ཅན་གྱི་ལྟེ་བ་ལ༔ མཾ་ཧ་རི་ནི་ས་བཞི་བྲིའོ༔ འདབ་མ་བཞི་ལ༔ བཛྲ་ཡ་ག་ཟི་མགོ་ནང་དུ་བསྟན་ལ་བྲིའོ༔ དེ་ཁ་སྦྱར་ལ་འགུགས་སྔགས་བཟླ༔ མཎྜལ་གོང་ལྟར་བྱ༔ དེའི་སྟེང་དུ་མེ་ལོང་ལ་ཤེས་རབ་མཚལ་གྱིས་པདྨ་འདབ་བརྒྱད་བྲིས་ལ་བཞག༔ དེའི་སྟེང་དུ་ཙཀྲ་ལ༔ ཚོན་སྣ་ལྔས་དཀྲིས་ལ་བཞག༔ རྣམ་ལྔའི་རྫས་རིལ་མ་ཙམ་རེ་ལྟོར་གཏང༔ སྦ་ལྕག་ཚིགས་གསུམ་ལ་ངར་བཏགས༔ རང་ཕག་མོར་བསྐྱེད༔ ཐམས་ཅད་དབང་དུ་འདུ་བར་བསམ༔ རྟགས་བྱུང་སྒྲུབ་པ་ཐོན་ནས་ཙཀྲ་དང་དར་ལུས་ལ་བཏགས༔ གཅིག་ལ་བྱེད་ན་རཱུ་པ་བྱས་ལ༔ ནང་དུ་མིང་རུས་དང་སྐུལ་ཚིག་བྲི༔ ཐ་མ་བཛྲ་ཡ་ག་ཟིས་བསྐོར༔ རྫས་གདོང་ལ་བྱུག༔ གཞན་གོང་དང་འདྲའོ༔ ྀཨཚ༔ མཁའ་འགྲོ་མའི་བླ་རྡོ་ལ་སྦ་ལྕག་མཐོ་གང་བ་གཅིག་གི་ནང་དུ་མཐིང་ཤོག་ལ་བ་དམར་མོའི་འོ་མས་བུད་མེད་གང་འདོད་པའི་རཱུ་པ་བྲིས་ཏེ༔ ཐ་མ་བཛྲ་ཡ་ག་ཟིས་བསྐོར༔ ནང་དུ་སྐུལ་ཚིག་མི་བྲིའོ༔ སྦ་ལྕག་གི་སྣ་གཉིས་ཟངས་དང་ལྕགས་ཀྱིས་བཏུམ༔ དེ་ལ་དར་དམར་པོ་བཏགས༔ དེ་རྐེད་པ་ལ་གཟུག་གོ༔ ྀཨཚ༔ ཤི་ས་བསྟན་པ་ནི༔ མཎྜལ་གོང་དང་མཚུངས༔ རྫས་དང་འཁོར་ལོ་ལ་སྐུ་ཁྲུས་གསོལ༔ སྦ་ལྕག་གི་ངོས་གཅིག་ལ་བུད་མེད་ཀྱི་ཞབས་མ་དང་དར་དམར་པོ་བཏགས་ལ་གཡབ༔ མི་གཡབ་པའི་དུས་མཆན་ཁུང་གཡོན་དུ་བཅང༔ དེས་ཀྱང་མ་བྱུང་ན་ཙཀྲ་བལ་ཚོོན་གྱིས་བྱད་དུ་གཞུག༔ བཛྲ་ཡ་ག་ཟི་དྲག་ཏུ་བཟླ༔ མེ་མཆོད་སྦྱིན་སྲེག་བྱ༔ དེ་དུས་ཤེས་པ་ཁྲོ་འཚིག་འོང༔ ལག་གཉིས་ཀ་ས་ལ་བརྡབ་སྙིང་འདོད་པ་ཡོང༔ དེ་ཙམ་ན་བརྡབ་ལ་བརྟགས༔ དེས་མཁའ་འགྲོ་མ་ཙི་རིང་གིས་འོང༔ ྀཨཚ༔ ཡང་འགུགས་པའི་རིགས་གཅིག་ལ༔ ར་ཐུག་རུ་ཅོའི་ནང་དུ་རྒྱལ་མོ་ཉུང་དཀར་གསུམ༔ བྱ་ཀ་ལན་ཏ་ཀའི་ཀླད་པ་དང་སྙིང་བཅུག་ལ་སྔགས་འདི་བཟླའོ༔ ཨཱོྃ་སི་སི༔ རབ་རབ༔ ཡ་ར་ཏི་ཏ་ཧའི་ཕོབ༔ ལུས་ཤིག༔ སེམས་སྒྱུར༔ དྲན་པ་སྨྱོ་རུ་ཆུག་ཅིག་སྭཱ་ཧཱ༔ ཞག་གསུམ་སྒྲུབ་པར་བྱ༔ གང་འདོད་པའི་སྤྱི་བོར་བཏབ་ལ༔ ཕྱག་གིས་ཏབ་ཏབ་ལན་གསུམ་བྱའོ༔ དོ་ནུབ་འདིར་ཤོག་བྱས་ལ་ཐོ་གཅིག་བརྩིག༔ དེ་ལ་རྫས་ཞད་གཅིག་བཏབ༔ དེའི་ནུབ་ཐོ་ཡི་རྩར་ཕྱིན་ལ༔ ཐོ་དེ་བུད་མེད་དུ་བསྒོམས་ན་འོང་ངེས་སོ༔ བླ་ཁྱི་དང་འདྲ་སྟེ་རྫས་ཀྱི་མན་ངག་གོ༔ མ་ཧཱ་དེ་ཝ་པདྨས་སྐོར་རྩི་བཅུད་ཐང་སྦོབ་ཡ༔ རྩི་བཅུད་དྭངས་མ་ཉི་ལི་ལི༔ མ་ཧཱ་དེ་ཝ་ཡ་མ་ཧཱ་མ་ཧཱ་ཁ་སྐོར་ཡཾ༔ ལྷོད་ལྷོད་ཡ་དང་ཡ་དང༔ ཆུམ་དང་ཕོབ་ཡ༔ པདྨའི་དྭངས་མ་དབང་དུ་འདུས་པར་གྱུར་ཅིག༔ སྒལ་བའི་གོང་དུ་ནག་མོའི་ཡིད་དྭངས་མ་དེ་གསུམ་གྱི་ཁ་ནང་ནས་ཡར་བསམ་སྟེ༔ འདར་ཟེང་ཟེང་སྨྱོ་ཐབས་སུ་འདུག་པར་བསམ་མི་ཁུག་མི་སྲིད་དེ༔ འགུགས་པ་འདི་རྣམས་གང་གི་སྒྲུབ་པ་ཆེན་པོ་དང་སྦྲེལ་ཞིང༔ ལས་ཁ་ཚར་དུ་གདམས་པ་ཡིན་ནོ༔ གོང་གི་སྒྲུབ་པ་ལ་རྟགས་ཐོན་ནས་འགུགས་པ་ལ་ཚེགས་མེད་པར་ཡོང་ངོ༔ ࿊ བདུན་པ་མ་འགྲུབ་ན་སྤོགས་པའི་ཆོ་ག་ནི༔ ལན་གསུམ་མམ་བདུན་ལ་སོགས་པ་བསྐྱར༔ རྩ་སྔགས་དབུ་ཞབས་བཟློག༔ ཕོ་འཁོར་ལ་མོའི་ས་བོན་བྱུག༔ སིནྡྷུ་ར་དཔྲལ་བར་བྱུག༔ དར་དམར་པོའི་དུམ་གཅིག་མགོ་ལ་བཏགས༔ དེས་འགྲུབ་པར་ཐེ་ཚོམ་མེད༔ ྀཨཚ༔ ལག་སྒུལ་ནི༔ ནུབ་མོ་ཉལ་བའི་སྔས་སུ༔ ཐོད་པའམ་ཟངས་གཞོང་དུ༔ ཆུ་གཙང་མ་ལ་མེ་ཏོག་དང་དྲི་བཟང་བཏབ་ལ༔ རྩ་བའི་སྔགས་ཉི་ཤུ་རྩ་གཅིག་བཏབ་ལ་རང་འགྲོ་བའི་སར་གཏོར་རོ༔ རང་གི་ལག་པ་གཡས་པ་ལ༔ པདྨ་འདབ་བཞིའི་ལྟེ་བ་ལ་མཾ་བྲི༔ འདབ་མ་ལ་ཧ་རི་ནི་ས་བྲི༔ དབུས་ཀྱི་མཾ་ལས་ཕག་མོ་དམར་མོ་བསྐྱེད༔ ཡི་གེ་བཞི་ལ་རིགས་བཞིར་བསྒོམ༔ འཁོར་ལོ་མིས་མ་མཐོང་བར་བྱ༔ མཐོང་ཚད་ཀྱིས་ཟས་ནོར་སྟེར༔ གཞུང་བསྙེན་ཐེམས་ན་ཇི་ལྟ་བ་བཞིན་འགྲུབ་ངེས་སོ༔ གཏོར་མ་འབུལ་བ་ནི་སྔགས་ཉི་ཤུ་རྩ་གཅིག་གིས་འབུལ་ལོ༔ བྱིན་རླབས་སྤྱི་དང་འདྲ༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་བླ་རྡོའི་ཙཀྲ་བཞུགས་སོ༔ ྈྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ དྷཱ་ཀི་ཡབ་ཡུམ་གྱི་བླ་རྡོའི་ཙཀྲ་ནི༔ ཡབ་རྟ་མགྲིན་གྱི་ལྟེ་བར་མུ་ཁྱུད་བཞི་ཧྲཱིཿདང་འདོད་གསོལ་བྲི༔ མུ་ཁྱུད་ནང་མ་ལ་ཡབ་ཀྱི་སྙིང་པོ་བྲི༔ རྩིབས་བཞི་ལ་ར་ཙ་ཧྲི་ཡ་བྲི༔ རྩིབས་མཆན་ལ་ལྷ་འདྲེ་མི་གསུམ་གྱི་སྙིང་པོ་བྲི༔ ཕྱིའི་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་འདོད་གསོལ་བྲི༔ ཡུམ་གྱི་ལྟེ་བར་མ་དང་འདོད་གསོལ་བྲི༔ མུ་ཁྱུད་ནང་མ་ལ་ཡུམ་གྱི་སྙིང་པོ་བྲི༔ འདབ་མ་བཞི་ལ་ཧ་རི་ནི་ས་བྲི༔ གོང་རས་ལྷ་འདྲེ་མི་གསུམ་གྱི་སྙིང་པོ་བྲི༔ ཕྱིའི་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་དང་འདོད་གསོལ་བྲི༔ དེ་ལ་སྨན་དང་དྲི་བཟང་སྣ་ཚོགས་ཀྱིས་བྱུགས༔ རབ་གནས་བྱ༔ ཡབ་ཡུམ་བསྟིམ༔ ཤེས་རབ་མའི་མཚལ་ལམ༔ གསེར་གྱིས་ཙཀྲ་བྲིས་ལ་ཙཀྲ་གཉིས་ཁ་སྦྱོར་གྱི་བར་དུ་བཅུག་ལ་དར་གྱིས་དྲིལ་ལ་མགུལ་དུ་གདགས་སོ༔ ཙིཏྟའི་འཁོར་ལོ་ནི༔ རིན་པོ་ཆེ་འབར་བ་མིག་གསུམ་པ་བྱས་ལ༔ འོག་མ་གཉིས་ཕོ་འཁོར་མོ་འཁོར་གོང་དང་འདྲ༔ མིག་གོང་མ་ལ་རིན་པོ་ཆེ་ཟུར་བཞི་པ་ལ་བླ་མའི་སྙིང་པོ་བཀོད༔ དབུས་སུ་ཡི་གེ་གསུམ་དགོད༔ མཚམས་བཞི་ལ་བླ་མ་ཡི་དམ་གྱི་སྙིང་པོ་བྲི༔ རབ་གནས་བླ་མ་ཡི་དམ་མཁའ་འགྲོ་བསྟིམ༔ མི་ལ་སོགས་པའི་ཁྲག་རྙེད་ཚད་བྱུག་ཅིང༔ རྟ་དམར་པོ་དང་ཕག་གི་སྙིང་ཤུན་དང་དར་སྣ་ལྔས་དྲིལ་ཏེ་སྤྱི་བོའི་གཙུག་གམ་མཆན་ཁུང་དུ་བཅུག་ན༔ བླ་མ་ཡི་དམ་མཁའ་འགྲོ་ལུས་དང་གྲིབ་མ་བཞིན་དུ་འོང༔ ཙིཏྟ་སྲོག་གི་འཁོར་ལོ་ཞེས་བྱ་བའི་གདམས་པ་ཟབ་མོ༔ མངའ་བདག་ཡབ་སྲས་དང་མཚོ་རྒྱལ་ལ་གདམས་པ༔ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་སྟེང་ཁང༔ ལྷོ་ནུབ་ཀྱི་གདུང་གཡུང་དྲུང་རིས་གསེར་གྱི་པ་ཏྲ་འཁྱིལ་བའི་འོག་ཏུ་སྦས་པའོ༔ མ་འོངས་ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ འཁོར་ལོ་འདི་མཚལ་དང་བུད་མེད་གཙང་མའི་མངལ་ཁྲག་བསྲེས་ལ་བྲི༔ ཟངས་མའི་གྭའུ་ཁ་སྦྱོར་དུ་བཅུག་ལ༔ ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཧྲིང་ཧྲིང་ཕེཾ་ཕེཾ༔ ཞེས་བརྗོད་པས་ཡེ་ཤེས་པ་དང་ལས་ཀྱི་དྷཱ་ཀི་སྤྱན་དྲངས་ལ་བསྟིམས་པས༔ རྣམ་པ་ཡིག་འབྲུ་ལ་ངོ་བོ་མཁའ་འགྲོའི་གཞལ་ཡས་ཁང་དུ་བསམ༔ འཁོར་ལོའི་ཟླ་ལ་མན་ཤེལ་དང་ཆུ་ཤེལ་གཉིས་གཞུག༔ གྭའུ་དེ་ཟ་འོག་དང་དར་དམར་པོས་དྲིལ་ལ་རང་གི་ལུས་ལ་བཅང༔ དེས་ལུས་དང་གྲིབ་མ་བཞིན་དུ་དྷཱ་ཀི་ཐམས་ཅད་འགྲོགས་སོ༔ ཟབ་གནད་དོ༔ ྈ བདེ་མཆོག་འཁོར་ལོའི་ཆུ་སྦྱིན་གཏེར་གྱི་འདོད་འཇོ་བཞུགས་སོ༔ ྈྈྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ ཆུ་སྦྱིན་གཏེར་གྱི་འདོད་འཇོ་ནི༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཡི་གེ་མཾ་དམར་པོ་གཅིག་བསམ༔ དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྐུ་མདོག་དམར་མོ༔ ཞལ་གཅིག་ཕྱག་གཉིས་མ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པ༔ ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་འཕྱར་བ༔ གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ༔ གཅེར་བུ་སྐྲ་གྲོལ་བ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ༔ རློན་པ་ལྔ་བཅུའི་ཕྲེང་བ་དོ་ཤལ་དུ་འཕྱང་བ༔ རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པར་བསྒོམ༔ དེའི་ཕྱོགས་བཞིར༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་བཞི་ལས༔ ཤར་དུ་རྡོ་རྗེ་དྷཱ་ཀི་ཡབ་ཡུམ་དཀར་པོ༔ ཕྱག་ན་རྡོ་རྗེ་དང་བྷནྡྷ་བསྣམས་པ་བསྐྱེད༔ ལྷོར་རིན་ཆེན་དྷཱ་ཀི་ཡབ་ཡུམ་སྐུ་མདོག་སེར་པོ་ཕྱག་ན་རིན་པོ་ཆེ་དང་བྷནྡྷ་བསྣམས་པ་བསྐྱེད༔ ནུབ་ཏུ་པདྨ་དྷཱ་ཀི་ཡབ་ཡུམ་དམར་པོ་ཕྱག་ན་པདྨ་དང་བྷནྡྷ་བསྣམས་པ་བསྐྱེད༔ བྱང་དུ་ལས་ཀྱི་དྷཱ་ཀི་ཡབ་ཡུམ་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་དང་བྷནྡྷ་བསྣམས་པ་བསྐྱེད༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད་པས་ཡེ་ཤེས་སེམས་དཔའ་འང་དམ་ཚིག་པ་ལ་བསྟིམ༔ མཆོད་པ་རྣམ་ལྔ་འབུལ༔ དེ་ནས༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ཅེས་སོགས་ཚིག་གི་བརྗོད་པས༔ ཆུ་ཕྱར་ལ༔ ཨཱོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱོྃ་ཛཾ་བྷི་མོ་ཧ་ར་ལ་སྭཱ་ཧཱ༔ ཅེས་བརྒྱ་རྩ་བརྒྱད་བརྗོད་ལ༔ སྨོན་ལམ་འདི་ལྟར་བཏབ་བོ༔ དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ༔ ཁྱོད་ནི་འདོད་པའི་གཙོ་མོ་སྟེ༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་དུ་སྡུས༔ བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ ཅེས་བརྗོད་ལ་བཛྲ་མུ༔ ཞེས་བརྗོད་པས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ འདི་ཤིན་ཏུ་བྱིན་རླབས་ཆེ༔ འཕྲལ་གྱི་བར་ཆད་སེལ༔ ཐུན་མོང་གི་དངོས་གྲུབ་འབད་རྩོལ་མེད་པར་འབྱུང༔ བདག་འདྲ་ཨུ་རྒྱན་པདྨ་ཡིས༔ མངའ་བདག་ཆོས་རྒྱལ་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་རྣམས་ལ་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་བསྐལ་པའི་ཐ་མ་ལ༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་གསང་སྤྱོད་མཁའ་འགྲོའི་དབང་སྒྲུབ་བཞུགས་སོ༔ ྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨུ་རྒྱན་པདྨ་ལ༔ དུར་ཁྲོད་བསིལ་བའི་ཚལ་ཆེན་དུ༔ གསང་སྤྱོད་མཁའ་འགྲོའི་སྒྲུབ་ཐབས་ནི༔ སུ་ཁ་སིདྡྷིས་བདག་ལ་གནང༔ གསང་བ་ཡེ་ཤེས་དྷཱ་ཀིའི་སྒྲུབ་ཐབས་ལ༔ ཕྱི་ནང་གསང་བ་གསུམ་པོ་དེ༔ ཐོག་མར་དབང་བསྐུར་གཙོ་ཆེ་བས༔ དེ་ཡང་སྔོན་འགྲོ་བླ་མའི་དབང་ཐོབ་བྱ༔ དེ་ནས་དྷཱ་ཀིའི་དབང་བསྐུར་ཏེ༔ ཁྱད་པར་ཡར་ངོའི་ཚེས་བཅུ་ལ་དབེན་ཞིང་ཉམས་དགའི་གནས་དག་ཏུ༔ ས་བཟང་པོ་ལ་རཏྣ་བདར་ལ༔ སྤོས་ཆུ་དང་དཀར་གསུམ་གྱི་ཆག་ཆག་གདབ༔ དུང་དང་རིན་པོ་ཆེའི་མཎྜལ་ཁྲུ་གང་པ་ལ་པདྨ་འདབ་བརྒྱད་བྲིའོ༔ ལྟེ་བ་སེར་པོ་པདྨ་དམར་པོ་བྱའོ༔ དེའི་དབུས་སུ་མོ་ཐོད་དུམ་བུ་བཞི་པའམ༔ གཅིག་པའི་ནང་དུ༔ རཏྣ་ལྔ་དང་བྱེ་རུ་དང་འབྲུ་སྣ་ལྔ་དང༔ སིནྡྷུ་ར་དང་ག་པུར་དང༔ གུར་གུམ་དང་སིཧླ་དང་ལི་ཁྲི་དེ་རྣམས་ཐོད་པའི་ནང་དུ་བླུགས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག་གོ༔ པདྨ་འདབ་བརྒྱད་ལ་པཱུ་ཛ་འགོད༔ ཤ་ཆང་ལ་སོགས་པ་ཚོགས་འཁོར་དུ་བྱས་ལ༔ དང་པོ་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ༔ དེ་ནས་དགེ་འདུན་ལ་ཆོས་སྟོན་འབྱོར་ཚད་བཏང༔ དེ་ནས་བསྙེན་པ་བྱ་སྟེ༔ ཐོད་པའི་དབང་རྫས་ལ་བསྙེན་པ་འདི་བསྐྱལ་ལོ༔ ཨཱོྃ་ཨཱཿཧཱུྃ༔ གུ་རུ་རཏྣ་བཛྲ་པདྨ་ཀརྨ་སིདྡྷི་སིདྡྷི་ཕ་ལ༔ ཨཱརྱ་དྷེ་ཝ་ཧྲཱི༔ ཞེས་བསྐྱལ་ལོ༔ དེ་ནས་རྩ་བའི་བསྙེན་པ་སྟོང་བཟླས་ལ༔ ཡང་བདག་ལ་བསྐྱལ་ལོ༔ ཏིང་ངེ་འཛིན་ནི་རང་གི་སྙིང་གར་ཧྲཱིཿདམར་པོ་ལས༔ དབང་གི་དྷཱ་ཀི་མ་དམར་མོ་རུས་པའི་རྒྱན་ཅན༔ ཕྱག་ན་དབང་གི་བུམ་པ་བསྣམས་པ་བསྐྱེད་དོ༔ དེའི་ཐུགས་ཀར་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེར་མོ་བྷནྡྷ་རིན་པོ་ཆེས་གང་བ་བསྣམས་ཏེ༔ གང་འདོད་པའི་དངོས་གྲུབ་སྟེར་བར་བསམ༔ ཅི་འབྱོར་པའི་དབང་ཡོན་བླ་མ་ལ་ཕུལ་དབང་ཞུའོ༔ དེ་ནས་བླ་མས་བྷནྡྷ་སྤྱི་བོར་བཞག་ལ༔ ཧྲཱིཿམ་ཕ་ལ་སིདྡྷི་གུ་རུ་ཆེན་པོ་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བཟླ༔ ཡང་མགྲིན་པར་བཞག་སྟེ༔ ཧྲཱིཿམ་ཨཱརྱ་དྷེ་ཝ་ཕ་ལ་སིདྡྷི་སིདྡྷི་ཧྲིང་ཧྲིང༔ ཞེས་འགྲེས༔ སྙིང་གར་བཞག་སྟེ༔ ཧྲཱིཿམ་དྷ་ར་ས་མ་ཏི་ཕ་ལ་ན་ཡ་སིདྡྷི་ཧྲིང་ཧྲིང༔ ཞེས་བརྗོད་ལ་མཁའ་འགྲོ་མ་སྟོང་གི་དངོས་གྲུབ་ཐོབ་པར་བསམ་པ་ཡིན་ནོ༔ དབང་བཞི་རྫོགས་ཐོབ་པ་དང་མཉམ༔ དེ་ནས་ཐོད་པའི་རྫས་རྣམས་ལུས་ལ་བཅང་དངོས་གྲུབ་ཏུ་ཟའོ༔ བྲིས་སྐུའི་གསེབ་ཏུ་བཏང་ངོ༔ དམ་ཚིག་ཏུ་སིནྡྷུ་ར་རང་གི་ལུས་ལ་བཅང་ངོ༔ ཡུགས་ས་མོ་དང་མི་ཉལ༔ བཤན་པའི་རྟེན་ཟས་མི་ཟའོ༔ བདག་འདྲ་ཨོ་རྒྱན་པདྨས་མངའ་བདག་ཆོས་རྒྱལ་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་རྣམས་ལ་གདམས་པ༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་བསྐལ་པའི་ཐ་མ་ལ༔ གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་ལས་བྱང་བཞུགས་སོ༔ ྈྈྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ དེ་ཉིད་ཀྱི་ལས་བྱང་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ༔ དེ་ལ་ཐོག་མར་སྐལ་ལྡན་སྒྲུབ་པ་པོས༔ དབེན་པའི་གནས་སུ་ཕྱགས་དར་རྐྱང་ནུལ་བྱ༔ འདི་ཉིད་ཀྱི་རྟེན་བཀྲམ༔ སྒྲུབ་ཐབས་བཞིན་དཀྱིལ་འཁོར་བཞེངས༔ ཕྱི་ནང་གསང་གསུམ་གྱི་མཆོད་པ༔ ཚོགས་འཁོར་ལ་སོགས་བག་དྲོ་གཟི་བརྗིད་དང་ལྡན་པར་བཤམ༔ དད་པའི་ཤུགས་བསྐྱེད་ལ་སྙིང་རྗེ་བྱང་སེམས་བསྒོམས་ལ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་ཡི་དམ་སངས་རྒྱས་དམ་པའི་ཆོས༔ བདེ་མཆོག་ཡབ་ཡུམ་ཚོགས་མཆོག་དྷཱ་ཀིའི་ཚོགས༔ སྲུང་མ་དམ་ཅན་ཚོགས་ལ་སྐྱབས་སུ་མཆི༔ བདག་གིས་དུས་འདི་ནས་གཟུང་ནས༔ ཅི་སྲིད་སངས་རྒྱས་མ་ཐོབ་བར༔ དེ་སྲིད་བྱང་ཆུབ་སེམས་བསྐྱེད་ནས༔ འགྲོ་ཀུན་དགེ་ལ་འགོད་པར་བྱ༔ བླ་མ་ཡི་དམ་དྷཱ་ཀི་གཤེགས༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་སྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་རྩ་རྡོ་རྗེ་ཐེག་པར་བསྔོ༔ བགེགས་གཏོར་སྤྱི་ལྟར་བྱིན་གྱིས་བརླབ༔ ཧཱུྃ༔ བདེ་མཆོག་ལྷ་ཡི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ཀུན༔ གཏོར་མ་ལོངས་ལ་རང་གནས་དེངས༔ གལ་ཏེ་བར་གཅོད་ཐོ་འཚམ་ན༔ དཔལ་ཆེན་སྐུ་ཡི་མེ་འོད་ཀྱིས༔ ལུས་ངག་ཡིད་གསུམ་ཐལ་བར་བརླག༔ དེ་བས་རང་རང་གནས་སུ་སོང༔ སུམྦྷ་ནི་བརྗོད་བགེགས་བསྐྲད༔ མཚམས་གཅད་པ་ནི༔ ཧཱུྃ༔ ང་ནི་བདེ་མཆོག་འཁོར་ལོའི་སྐུ༔ སྐུ་ལས་འོད་འཕྲོས་སྣང་སྲིད་ཀུན༔ ཐམས་ཅད་གཞལ་ཡས་ཁང་ཡིན་ཏེ༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར༔ ཡེ་ཤེས་འབར་བའི་མེ་ཡིས་གང༔ ཨཱོྃ་གྷ་གྷ་གྷཱ་ཏ་ཡ༔ གྷཱ་ཏ་ཡ༔ སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ཀཱིི་ལི་ཀཱི་ལ་ཧཱུྃ་ཕཊ༔ བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཕོ་བྲང་དམ་པ་ནས༔ བླ་མ་ཡི་དམ་དྷཱ་ཀིའི་ཚོགས༔ ཐུགས་རྗེས་བདག་ལ་བརྩེར་དགོངས་ནས༔ དབང་སྐུར་མཆོད་རྫས་བྱིན་གྱིས་རློབས༔ གུ་རུ་དེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ ཨཱོྃ་བིག་ནན་ཏ་ཀྲྀཏ་ཧཱུྃ་ཕཊ༔ ཨཱོྃ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པའི་དབྱིབས་ཅན་གཡོ་བ༔ མཆོག་མ་དང་ཆངས་གཟུང་གཉིས་ལ་ཡཾ་ཡིག་གིས་མཚན་པ༔ དེའི་སྟེང་དུ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རཾ་གིས་མཚན་པ༔ དེའི་སྟེང་དུ་ཀེཾ་གསུམ་ལས་བྱུང་བའི་མི་མགོའི་སྒྱེད་པུ་རི་རབ་དང་མཉམ་པ་ཁ་ཕྱིར་བསྟན་པ་གསུམ་གྱི་སྟེང་དུ༔ ཨ་ལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ༔ ཕྱི་དཀར་ལ་ནང་དམར་བ་དེའི་ནང་དུ་ཤར་དུ་ཧ་ལས་གླང་པོ་ཆེའི་ཤ༔ ལྷོར་ཨ་ལས་རྟའི་ཤ༔ ནུབ་ཏུ་ཀུ་ལས་ཁྱིའི་ཤ༔ བྱང་དུ་གོ་ལས་བ་གླང་གི་ཤ༔ དབུས་སུ་ན་ལས་མིའི་ཤ༔ ཤར་ལྷོར་ཤུ་ལས་བྱང་སེམས་དཀར་པོ་ཤེལ་ལྟ་བུ༔ ལྷོ་ནུབ་ཏུ་བི་ལས་དྲི་ཆེན་གསེར་ལྟ་བུ༔ ནུབ་བྱང་དུ་ར་ལས་རཀྟ་མདངས་ལྡན་དམར་པོ༔ བྱང་ཤར་དུ་མུ་ལས་དྲི་ཆུ་སྔོན་པོ་ཨིནྡྲི་ནཱི་ལའི་མདངས་ལྟ་བུ༔ སླར་དབུས་སུ་མ་ལས་ཀླད་པ་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ་སྟེ༔ ཤ་ལྔ་བདུད་རྩི་ལྔས་ཡོངས་སུ་གང་བ༔ དེའི་ནང་དུ་དབུས་སུ་ཧཱུྃ་མཱུཾ་མཐིང་ག༔ ཤར་དུ་ཨཱོྃ་ལཱཾ་དཀར་པོ༔ ལྷོ་རུ་ཏྲཱཾ་མཱཾ་སེར་པོ༔ ནུབ་ཏུ་ཧྲཱིཿཔཱཾ་དམར་པོ༔ བྱང་དུ་ཧཱ་ཏཱཾ་ལྗང་གུ༔ ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་བྷྲཱུྃ་ཛྲིཾ་ཁཾ་ཨཱཾ༔ དེ་ལ་ཉི་ཟླ་ཁ་སྤྲོད་ཨཱ་དི་ལྔ་བཅུས་མཚན་པ་གཅིག་ཏུ་གྱུར༔ དེ་ནས་གསུང་གི་བདག་ཉིད་ཧེ་རུ་ཀར་གསལ་བའི་སྐུའི་གནས་གསུམ་གྱི་ཡི་གེ་ཨཱོྃ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔའི་སངས་རྒྱས་ཀྱི་རྣམ་པར་མདུན་གྱི་ནམ་མཁའི་གནས་སུ་བྱོན༔ རང་ཉིད་གསུང་མཆོག་ཧེ་རུ་ཀ་ལས་འོད་ཟེར་འཕྲོས༔ ཡཾ་ལ་ཕོག་རླུང་གཡོས༔ རཾ་ལས་མེ་འབར་ཐོད་པའི་ནང་གི་རྫས་ཁོལ་མི་གཙང་བའི་དྲི་མ་ཐམས་ཅད་ལྦུ་བའི་རྣམ་པར་ཕྱིར་བོ༔ རིགས་ལྔ་ཡབ་ཡུམ་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས༔ རྒྱུའི་ས་བོན་ཉི་ཟླ་ཁ་ཆོད་ཨཀྵ་ལྔ་བཅུ་དང་བཅས་པ་འོད་དུ་ཞུ༔ ཡེ་ཤེས་ཀྱི་བདུད་རྩི་སྨན་གཏོར་རཀྟའི་རང་བཞིན་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར༔ ཨཱོྃ་ཨཱཿཧཱུྃ་སརྦ་ཨ་མྲྀཏ༔ མ་ཧཱ་རཀྟ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ བདུད་རྩིའི་རྒྱ་མཚོ་ཆེན་པོས་ནམ་མཁའི་ཁམས་གང་བ༔ ཕྱོགས་དུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན༔ རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་པས་མཉེས་པར་གྱུར༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་དྷཱ་ཀིའི་དཀྱིལ་འཁོར་ལྷ༔ ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ༔ རྣལ་འབྱོར་བདག་ཅག་མ་རིག་ལས་དབང་གིས༔ ཕྱི་ནང་གསང་གསུམ་ཡང་གསང་ལ་སོགས་པའི༔ དམ་ཚིག་བསྲུང་མཚམས་གང་དང་ཅི་མཆིས་པ༔ འགལ་འཁྲུལ་ཉམས་ཆག་གྱུར་པ་ཐམས་ཅད་ཀུན༔ བཟོད་པར་བཞེས་ལ་དག་པར་མཛད་དུ་གསོལ༔ ཞེས་ཡིག་རྒྱ་བརྗོད༔ དངོས་གཞི་ནི། ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ་བ་ལས༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་སྒོམ༔ རང་རིག་ཧྲཱིཿལས་རྡོ་རྗེ་བྷྲཱུྃ་ཡིག་ལས༔ རྒྱུ་ལས་བསྐྱེད་པའི་འབྱུང་ལྔའི་གདན་སྟེང་དུ༔ ཕུང་ལྔ་སྐྱེ་མཆེད་དག་པའི་གཞལ་ཡས་ཁང༔ བཀོད་པ་དུ་མས་མཛེས་པའི་ཕོ་བྲང་དབུས༔ རྟོག་མེད་རོ་གདན་པདྨ་ཉི་ཟླའི་སྟེང༔ བདག་ཉིད་ཁྲོ་རྒྱལ་བདེ་མཆོག་འཁོར་ལོའི་སྐུ༔ དམར་སེར་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་བསྒྲད༔ རལ་པ་སྤྱིར་བཅིངས་རྟ་མགོ་ལྗང་ཞུར་འཚེར༔ རྔོག་མ་ལེ་བརྒན་འབར་ཞིང་ཚྭ་ཚྭ་འཕྲོ༔ གླང་ཆེན་སྟོད་གཡོགས་སྟག་གི་ཤམ་ཐབས་དཀྲིས༔ ཐོད་སྐམ་རིན་ཆེན་ལྔ་ཡི་རྩེ་བྲན་ཅན༔ ཐོད་རློན་ལྔ་བཅུ་སྦྲུལ་ནག་ག་ཤལ་དཀྲིས༔ ཞག་དང་རཀྟའི་ཐིག་ལེ་ཐལ་ཆེན་སྤྲས༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་རྣམས་སྤྲས༔ ཞབས་གཉིས་འདོར་ཐབས་སྲིན་པོ་ཁྲོས་པའི་ཚུལ༔ རྔམ་པའི་སྐུ་ལ་བརྗིད་པའི་རྣམ་འགྱུར་ཅན༔ གར་དགུའི་ཉམས་ལྡན་སྟོབས་ཆེན་ཁྲོ་བོའི་རྒྱལ༔ དེ་ཡི་ཐུགས་ཀར་མཆོང་གུར་སྨུག་པོའི་དབུས༔ རྗེ་བཙུན་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ དཀར་དམར་མདངས་ལྡན་སྤྲུལ་སྐུའི་ཆ་ལུགས་ཅན༔ ཟབ་བེར་ཆོས་གོས་པཎ་ཞུ་རིན་ཆེན་མཛེས༔ རྡོ་རྗེ་ཐོད་པ་བདུད་རྩི་ཕྱག་ན་བསྣམས༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཚུལ་དུ་བསྐྱེད༔ བདག་ཉིད་རྟ་མགྲིན་ཡབ་ལ་འཁྲིལ་བའི་ཡུམ༔ ཕག་མོ་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས་པའི་ཚུལ༔ སྤྱི་གཙུག་ཕག་ཞལ་མཐིང་ནག་ངུར་སྒྲ་སྒྲོག༔ གཅེར་བུ་དར་དང་རིན་ཆེན་རུས་པས་བརྒྱན༔ རབ་ཏུ་ཁྲོ་ཞིང་བཞད་པའི་རྣམ་འགྱུར་སོགས༔ ཡབ་ཡུམ་གཉིས་མེད་གར་དགུའི་ཉམས་དང་ལྡན༔ ཡབ་ཀྱི་གནས་ལྔར་དཔའ་བོ་སྡེ་ལྔ་པོ༔ ཡུམ་གྱི་གནས་ལྔར་དཔའ་མོ་སྡེ་ལྔ་རྣམས༔ དཀར་སེར་དམར་ལྗང་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཡས་རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་གྱིས་མཚན་གྲི་གུག་མཁའ་ལ་ཕྱར༔ གཡོན་པས་ཐོད་ཁྲག་ཞལ་དུ་སྟོབ་པར་བསྐྱེད༔ ཞབས་རྣམས་བརྐྱང་བསྐུམ་བརྗིད་ལྡན་ཚུལ་གྱིས་བཞུགས༔ ཕྱི་རོལ་དཔའ་བོ་དྷཱ་ཀི་དམ་ཅན་རྣམས༔ ནམ་མཁའི་སྤྲིན་ཕུང་གཏིབ་པ་བཞིན་དུ་བསམ༔ སྐུ་གསུང་ཐུགས་རྣམས་བྱིན་གྱིས་བརླབས་ནས་ནི༔ ཡེ་ཤེས་རྣམ་པ་ལྔ་ཡི་དབང་རྫོགས་ཤོག༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ནུབ་ཕྱོགས་ཨུ་རྒྱན་བཀོད་པའི་ཕོ་བྲང་ནས༔ རྗེ་བཙུན་བླ་མ་ཡབ་ཡུམ་གཤེགས་སུ་གསོལ༔ རང་བྱུང་བདེ་ཆེན་ལྷུན་གྲུབ་ཕོ་བྲང་ནས༔ ཡི་དམ་བདེ་མཆོག་འཁོར་བཅས་གཤེགས་སུ་གསོལ༔ དུར་ཁྲོད་རྩུབ་འགྱུར་ཅན་གྱི་ཕོ་བྲང་ནས༔ ཡུམ་ཆེན་རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ ཕྲིན་ལས་རྣམ་བཞི་ཕྱོགས་བཞིའི་ཕོ་བྲང་ནས༔ དཔའ་བོ་དཔའ་མོ་ཡབ་ཡུམ་གཤེགས་སུ་གསོལ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧྲིང་ཧྲིང་ཛཿཛ༔ གཞུགས་སུ་གསོལ་བ་ནི༔ རང་བཞིན་དག་པའི་དཀྱིལ་འཁོར་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ འགྱུར་མེད་བརྟན་པར་བཞུགས་སུ་གསོལ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་སརྦ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ བླ་མ་བདེ་མཆོག་རྒྱལ་བའི་དཀྱིལ་འཁོར་ལྷ༔ དྷཱ་ཀི་འཁོར་དང་བཅས་པ་ལ༔ རྣལ་འབྱོར་སྒྲུབ་མཆོག་བདག་ཅག་གིས༔ གཉིས་མེད་ཡིད་ཀྱིས་ཕྱག་འཚལ་ལོ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་བ་ནི༔ བླ་མ་བདེ་མཆོག་དཀྱིལ་འཁོར་ལྷ༔ ཡབ་ཡུམ་སྲས་འཁོར་བཅས་པ་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྦྱོར་སྒྲོལ་ཏན་གྷན་རྨད་དུ་བྱུང༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ དུག་གསུམ་རཀྟ་ཛ་གད་ཆང༔ དམ་རྫས་གཏོར་ཆེན་འདོད་ཡོན་ཚོགས༔ དངོས་སམ་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ དགྱེས་པ་སྐོང་བའི་མཆོད་ཡོན་ཚོགས༔ མཆོད་པའི་ལྷ་མོ་རྣམས་ཀྱིས་ནི༔ གར་དང་ཕྱག་རྒྱ་སྒྱུར་བཞིན་དུ༔ དགྱེས་པར་འབུལ་ལོ་བཞེས་སུ་གསོལ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨེ་མ་ཧཱ་གུ་ཎ་ཨ་མྲྀཏ་རཀྟ་ཏ་ན་ག་ན་བྷོ་དྷི་ཙིཏྟ་པཱི་པཱ་པཱུ་ཛ་ཧོ༔ བསྟོད་པ་ནི༔ ཆོས་སྐུ་ནམ་མཁའ་ལྟ་བུའི་རང་བཞིན་ལས༔ ལོངས་སྐུ་སྣ་ཚོགས་གར་བྱེད་ཕྱོགས་བཅུར་འཕྲོ༔ སྤྲུལ་སྐུ་གང་ལ་གང་འདུལ་དེར་སྟོན་མཛད༔ རྗེ་བཙུན་བླ་མ་མཆོག་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་ཀུན་རྣམས་འདུས་པའི་སྐུ༔ སྤྲུལ་སྒྱུར་སྣ་ཚོགས་འགྲོ་དོན་གར་ཐབས་སྒྱུར༔ སྣང་སྲིད་ཟིལ་གནོན་དྲེགས་པ་དབང་དུ་སྡུད༔ བདེ་མཆོག་འཁོར་ལོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་ཐབས་ཤེས་འགྲོ་བ་འདུལ༔ ལོག་འདྲེན་ཚར་གཅོད་གྲི་གུག་ཐོད་ཁྲག་འཛིན༔ ཉོན་མོངས་དྲུངས་འབྱིན་ཀུན་བཟང་ཡུམ་དང་སྦྱོར༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་སོ་སོ་ཡིས༔ ལོག་འདྲེན་འདུལ་ཞིང་ཆོས་ཀྱི་དབྱིངས་དང་སྦྱོར༔ ཐམས་ཅད་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ དཔའ་བོ་དཔའ་མོ་རྣམས་ལ་ཕྱག་འཚལ་བསྟོད༔ ཚོགས་བྱིན་རླབས་ནི༔ ཚོགས་ཀྱི་ཡོ་བྱད་ལ་བདུད་རྩི་བསང་ཆུ་གཏོར་ལ༔ ཧྲཱི༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཏིང་ངེ་འཛིན༔ འཁོར་འདས་ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར༔ བསྲེགས་སྦྱངས་བཀྲུས་པས་མ་དག་གང་ཡང་མེད༔ དེ་ཕྱིར་འདིར་བཤམས་ཚོགས་ཀྱི་ཡོ་བྱད་རྣམས༔ དངོས་དང་དངོས་མིན་བག་ཆགས་མ་ལུས་ཀུན༔ རཾ་ལས་མེ་བྱུང་ཉོན་མོངས་བག་ཆགས་བསྲེགས༔ ཡཾ་ལས་རླུང་བྱུང་དངོས་འཛིན་ཞེ་སྡང་གཏོར༔ ཁཾ་ལས་ཆུ་བྱུང་དངོས་འཛིན་རྣམ་རྟོག་བཀྲུས༔ རཾ་ཡཾ་ཁཾ་གིས་བསྲེགས་ཤིང་གཏོར་དང་བཀྲུས༔ དག་ཅིང་གཙང་ལ་རྙོགས་པ་མེད་པར་བྱ༔ རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཡཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨཱོྃ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨཱོྃ་ལས་འདོད་པའི་ཡོན་ཏན་ལྔ༔ ཧཱུྃ་ལས་ཡེ་ཤེས་བདུད་རྩིར་གྱུར༔ ཏྲཱཾ་ལས་ལོངས་སྤྱོད་ཕུན་སུམ་ཚོགས༔ ཧྲཱིཿལས་མགྲོན་རྣམས་སྤྱན་དྲངས་ལ༔ ཨཱཿཡིག་སོ་སོའི་དགྱེས་པ་བསྐང༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་རྣམ་ལྔའི་རང་བཞིན་ལས༔ ཞལ་ཟས་བྱིན་རླབས་ཡི་གེ་ལྔ༔ སྒྲ་བཅས་ཚོགས་ཐིམ་འོད་དུ་ཞུ༔ ཡེ་ཤེས་འོད་ཀྱིས་བྱིན་གྱིས་བརླབས༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐངས༔ མ་ཚོགས་མཁའ་འགྲོ་ཚིམས་གྱུར་ཅིག༔ བླ་མ་བདེ་མཆོག་དཀྱིལ་འཁོར་ལྷ༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས༔ དགྱེས་པའི་གདན་བཞུགས་ཚོགས་མཆོད་བཞེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བླ་མ་བདེ་མཆོག་དཀྱིལ་འཁོར་ལྷ༔ རྣལ་འབྱོར་རིག་འཛིན་བདག་ཅག་གིས༔ མ་རིག་ཆག་ཉམས་སུ་མཆིས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ས་མ་ཡ་པཱུ་ཛ་ཧོ༔ ཚོགས་ཟན་ཐ་མ་དགྲ་བགེགས་གཟུགས་སུ་དམིགས་ལ༔ ཧྲཱི༔ ང་ནི་ཁྲོ་རྒྱལ་བདེ་མཆོག་ཡབ་ཡུམ་སྟེ༔ འཁོར་དུ་དཔའ་བོ་དཔའ་མོ་མང་པོས་བསྐོར༔ རབ་འཇིགས་སྐུར་སྟོན་སྐུ་ལས་མེ་འོད་འཕྲོས༔ གྲི་གུག་ཐོད་ཁྲག་དཀྲུག་ཅིང་ཞལ་དུ་གསོལ༔ སྐུ་སྨད་ཡེ་ཤེས་ཕུར་པ་ངར་ཅན་འདེབས༔ དྲག་པོར་གྱུར་པ་ཕུར་པའི་ཚྭ་ཚྭ་འཕྲོ༔ རྣོ་ངར་མཚོན་ཆ་འོད་ཟེར་སྐར་ལྟར་འཁྲུགས༔ གནོད་བྱེད་དགྲ་བགེགས་ལུས་སེམས་རྡུལ་དུ་རློགས༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བཛྲ་ས་མ་ཡ་བཛྲ་ནྲྀྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་དགྲ་བོའི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ སྐབས་འདིར་མཆེད་ལྕམ་རྣམས་ཚོགས་ལ་རོལ༔ བཟླས་པ་བྱ་བ་ནི༔ གུ་རུ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿཛ༔ ཨ་ནྲྀ་ཏྲི་ལོ་ཀ་པཱ་ཤཾ་ཀུ་རུ་ཧཱུྃ༔ བསྐུལ་བ་བྱ་བ་ནི༔ ཧཱུྃ༔ མི་མངོན་དབྱིངས་ནས་སྐུ་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་སེམས་ཅན་དོན་ལ་སྐུལ༔ མཛོད་ཅིག་དྲག་པོའི་ལས་མཛོད་ཅིག༔ བླ་མ་བདེ་མཆོག་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱི༔ ལས་རྣམས་མ་ལུས་འགྲུབ་པར་མཛོད༔ ཅེས་བསྐུལ་ཞིང་རྗེས་ཀྱི་ཆད་མདོ་བརྟན་སྐྱོང་ལ་སོགས༔ བླ་མའི་ལས་བྱང་རྣམས་འགྲེས་ཤེས་པར་བྱ༔ དཔལ་བདེ་མཆོག་འཁོར་ལོའི་ལས་བྱང་འདི༔ མངའ་བདག་ཡབ་སྲས་དང་མཚོ་རྒྱལ་ལ་གདམས་ཏེ༔ སྐལ་ལྡན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོ་མཁའ་འགྲོའི་གསང་སྒྲུབ་ཡིད་བཞིན་ནོར་བུའི་དབང་ཆོག་བཞུགས་སོ༔ ྈྈྈྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་གསང་སྒྲུབ་ཡིད་བཞིན་ནོར་བུའི་དབང་འདི་ལ༔ སྔོན་འགྲོ་དངོས་གཞི་རྗེས་ལས༔ དང་པོ་སྔོན་འགྲོ་ནི༔ དབེན་པའི་གནས་སུ་ཕྱགས་དར་བྱས་ལ༔ དྲི་བཟང་ཆུ་ཡིས་ཆག་ཆག་གདབ༔ ས་བཟང་པོ་ལ་རཏྣ་བདར་བའི་ཆུ་དང༔ ཤེས་རབ་མཚལ་གྱིས་བྱུགས་ནས༔ པདྨ་འདབ་བརྒྱད་ཕྱོགས་ཚོན་དུ་བྲི༔ དབུས་སུ་ཟླ་གམ་དམར་པོ་བྱས་ལ་དེའི་སྟེང་དུ༔ ཁྲིའུའི་ཁར་མོ་ཐོད་མཚན་ལྡན་གྱི་ནང་དུ༔ ཆང་ལ་ཨ་མྲྀཏ་དང་སྨན་སྣ་ཚོགས་ཚད་དང༔ བདུད་རྩིས་བཀང་ལ་བཞག༔ དེའི་སྟེང་དུ་མེ་ལོང་ལ་སིནྡྷུ་རའི་མཎྜལ་ཆོས་འབྱུང་གཉིས་བརྩེགས་བསྣོལ་མའི་ལྟེ་བར་ཟླ་གམ་བྲི༔ ལྟེ་བ་ལ་གུ་རུ་པདྨ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ་ཧྲཱིཿམ་བྱ་བ་བྲི༔ གྲྭ་དྲུག་ལ་དཔའ་བོ་མཁའ་འགྲོའི་སྙིང་པོ་བྲིའོ༔ མུ་ཁྱུད་ལ་འདོད་གསོལ་བྲི༔ དེའི་དབུས་སུ་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ བུ་རམ་དང་ཅུ་གང་བསྲེས་ལ་བཞག༔ དེ་ལ་དར་དམར་པོའི་གུར་ཕུབས༔ དཀྱིལ་འཁོར་གྱི་མཐའ་ལ་ཚོགས་འཁོར་རྒྱ་ཆེན་པོ་བཤམ༔ བུ་མོ་མཚན་ལྡན་མ་དམ་ཚིག་སྲུང་བ་ཞིག་ཁྲུས་བྱས༔ རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ་བདག་སྒྲུབ་པ་པོའི་གཡོན་དུ་བཞག༔ གསང་སྒྲུབ་ཀྱི་དཔེའུ་ཆུང་དང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམས་ལ༔ མཆོད་པ་ཅི་འབྱོར་བཤམ༔ དེ་ནས་ཕྱི་གཏོར་བཤམས་ལ་མཚམས་གཅད༔ མཆོད་པ་ཅི་རིགས་པ་བྱ༔ ཡབ་ཡུམ་གྱི་བསྐྱེད་རྫོགས་གསལ་བཏབ་ལ་རྩ་བའི་སྙིང་པོ་སྟོང་བཟླ༔ དེ་ནས་བདག་ཡི་དམ་ཡབ་ཡུམ་དུ་བསྒོམ་པའི་ཐུགས་ཀ་ནས༔ ཨཱོྃ་གུ་རུ་པདྨ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཞེས་འཕྲོས་པས་མདུན་གྱི་མེ་ལོང་དུ༔ དྷཱ་ཀི་ཡབ་ཡུམ་བླ་མ་དང་བཅས་པ་བསྐྱེད༔ ཡེ་ཤེས་པ་བསྟིམས་ལ་མཆོད་བསྟོད་རྒྱ་ཆེན་པོ་བྱ༔ འགྲུབ་ན་ལས་བྱང་གི་གཞུང་བསྲང་བར་བྱའོ༔ དེ་ནང་གི་སྙིང་པོ་དང༔ ཨ་ཏྲི་ནྲྀ་ཛ་སིདྡྷི་ཀུ་རུ་སྡུས་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཞེས་བསྙེན་པ་བྱས་ལ༔ དེ་ནས་བསྙེན་པའི་འོད་ཟེར་མདུན་གྱི་ལྷའི་ཐུགས་ཀར་ཕོག༔ དེ་ལས་འོད་འཕྲོས་འཕགས་པའི་ཚོགས་རྣམས་མཆོད༔ འོད་ཟེར་ཚུར་འདུས་ལྷའི་ཐུགས་ཀར་ཐིམ༔ དེས་ཐུགས་རྒྱུད་བསྐུལ་ནས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་མེ་ལོང་ཐོད་པར་བབས༔ དེ་ལས་འོད་ཟེར་འཕྲོས་ལྷ་འདྲེ་མི་གསུམ་དབང་དུ་བསྡུས༔ ལོངས་སྤྱོད་ཆར་བཞིན་དུ་བབས་པར་བསམ་ལ༔ བསྙེན་པ་ཅི་འགྲུབ་བྱ༔ དེ་ནི་སྔོན་འགྲོའི་རིམ་པའོ༔ ད་དངོས་གཞིར་སློབ་མ་ལ་གནོད་པའི་བགེགས་ལ་གཏོར་མ་བྱིན་ལ་བསྐྲད༔ སྤྲོ་བསྐྱེད་པའི་ཆོས་བཤད༔ སྐྱབས་འགྲོ་རྒྱས་བསྡུས་ཅི་རིགས་སུ་ཕོགས༔ དེ་ནས་སློབ་མས་བླ་མ་ལ་ཕྱག་འཚལ༔ ཕྱག་རྟེན་རཏྣ་ལྔའི་མཎྜལ༔ འབྲུ་སྨན་གྱི་མཎྜལ་འབུལ༔ དེ་ནས་དབང་གི་གསོལ་བ་གདབ་པ་འདི་སྐད་དོ༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་ལས་དང་སྐལ་པར་ལྡན༔ བདག་གཞན་ཐུགས་རྗེས་བསྐྱབ་པའི་ཕྱིར༔ རྩ་བ་གསུམ་གྱི་དབང་བསྐུར་ཞུ༔ ཞེས་ཞུ་བ་ཕུལ༔ དེ་ནས་བླ་མས༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་གསོན༔ ཀུན་ནས་བར་ཆད་མི་མངའ་འམ༔ འབྱོར་པ་ཀུན་དང་ལྡན་གྱུར་ཏམ༔ ཡོ་བྱད་རྫས་རྣམས་ཀུན་ཚོགས་སམ༔ རྩ་གསུམ་དམ་ཚིག་སྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲིའོ༔ དེ་ནས་སློབ་མས༔ བདག་ནི་བླ་མས་ཅི་ལྟར་གསུང་བཞིན་ལྡན༔ དམ་ཚིག་དུས་ལས་འདའ་རེ་ཀན༔ ཞེས་བརྗོད༔ དེ་ནས་དམ་ཚིག་གི་མནའ་ཆུ་བླུད༔ ཧཱུྃ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ འདས་ན་སྲེག་ཅིང་དམྱལ་བར་ལྷུང༔ བསྲུངས་ན་དངོས་གྲུབ་ཆེན་པོ་ཐོབ༔ ཅེས་དམ་ཆུ་བླུད༔ སྐབས་འདིར་བསྐྱེད་རིམ་ཕོགས་ལ་ཡེ་ཤེས་དབབ༔ དེ་ནས་བླ་མས་སློབ་མའི་མགོ་ཐོག་ཏུ་ཐོད་པ་བཞག་ལ༔ ལྷ་གསལ་གདབ་ནས༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་རིགས་ལྔ་གསང་བའི་སྐུ༔ བནྡྷ་ཟླུམ་པོ་ཡེ་ཤེས་ཕོ་བྲང་ནས༔ དྷཱ་ཀི་ཡབ་ཡུམ་སྐུ་ཡི་དབང་བསྐུར་རོ༔ ཧྲཱིཿམ་ཕ་ལ་སིདྡྷི་གུ་རུ་དྷཱ་ཀི་ནཱི་ཧྲིང་ཧྲིང༔ ཅེས་བརྒྱ་རྩ་བརྒྱད་བརྗོད༔ ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་སྤྱི་གཙུག་ཏུ་ཕོག༔ ལུས་ཀྱི་སྡིག་སྒྲིབ་གསུམ་པོ་ལ་སོགས་པ་དག་ནས༔ དཔའ་བོ་དྷཱ་ཀི་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ནས་ལུས་ལ་ཐིམ་པས༔ སྐུའི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་གཉིས་སུ་མེད་པར་བསྒོམ༔ དེས་ལུས་དག་པར་བྱེད་པ་བུམ་པའི་དབང་ཐོབ༔ སྐལ་པ་བསྐྱེད་རིམ་སྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ༔ གཟུགས་སུ་གྱུར་པ་ཐམས་ཅད་དབང་དུ་འགྱུར་རོ༔ དེ་ནས་མེ་ལོང་གི་བྱང་སེམས་ལྕེ་ལ་བཞག་ལ༔ ཧཱུྃ༔ བྱང་སེམས་དཀར་དམར་ཧེ་རུ་ཡབ་ཡུམ་བཅུ༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས་ཀྱི་རྒྱུན༔ གསང་བའི་དམ་རྫས་བདུད་རྩིའི་བཅུད་ཆེན་པོ༔ དྷཱ་ཀི་ཡབ་ཡུམ་གསུང་གི་དབང་བསྐུར་རོ༔ ཧྲཱིཿམ་ཨཱརྱ་དེ་ཝ་ཕ་ལ་སིདྡྷི་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད་པས༔ ལྷ་ཚོགས་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་འཕྲོས༔ སློབ་མའི་མགྲིན་པར་ཕོག༔ ངག་གི་སྒྲིབ་པ་བཞི་ལ་སོགས་པ་ཐམས་ཅད་དག་ནས༔ དྷཱ་ཀི་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ངག་ལ་ཐིམ་ནས༔ གསུང་གི་དངོས་གྲུབ་ཐོབ་གཉིས་སུ་མེད་པར་སྒོམས༔ དེས་ངག་དག་པར་བྱེད་པ་གསང་བའི་དབང་ཐོབ༔ སྐལ་པ་བདུད་རྩི་ལྔ་ལ་སྤྱོད་པ་དང༔ ངག་སྙིང་པོ་བཟླ་བ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ༔ སྒྲ་གྲགས་སྟོང་དབང་དུ་འདུ་འོ༔ དེ་ནས་བླ་མ་ཡབ་ཡུམ་བྱང་སེམས་སློབ་མའི་ལག་ཏུ་གཏད་དེ༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཡི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ལས་བྱུང༔ འགྱུར་མེད་ཡེ་ཤེས་ཆོས་སྐུ་བདེ་བ་ཆེ༔ ཕྱག་རྒྱ་ཆེན་པོ་རྫོགས་པའི་དབང་བསྐུར་རོ༔ ཧྲཱིཿམ་ཧ་རི་ནི་ས་ན་མ་ཏི་ཨ་ཨ༔ ན་མ་སིདྡྷི་ཧཱུྃ་ཧཱུྃ་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད་པས༔ ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་ཐུགས་ཀར་ཐིམ༔ ཡིད་ཀྱི་སྒྲིབ་པ་གསུམ་པོ་ཐམས་ཅད་ལ་སོགས་པ་བྱང་ནས༔ དཔའ་བོ་དྷཱ་ཀི་མ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐུགས་ལ་ཐིམ་ནས༔ ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་གཉིས་སུ་མེད་པར་སྒོམས༔ དེས་ཡིད་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྐལ་པ་རྫོགས་པའི་རིམ་པ་སྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ༔ སངས་རྒྱས་ཐུགས་གནས་ཆོས་དབང་དུ་འདུ་འོ༔ དེ་ནས་དཔའ་བོ་དྷཱ་ཀིའི་སྐུ་མེ་ལོང་དུ་བསྟན་ལ༔ སྐུ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་ངོ་སྤྲད༔ ཐུགས་སྐྱེ་མེད་ཆོས་སྐུར་ངོ་སྤྲད༔ དྷཱ་ཀི་ཡབ་ཡུམ་ལྔ་ཡང་ཕྱི་ལྟར་ན་སྐུ་ལྔ༔ ནང་ལྟར་ན་མཁའ་འགྲོ་ལྔ༔ གསང་བ་ལྟར་ན་ཡེ་ཤེས་ལྔའོ༔ ཕྱི་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྤྲུལ་པའི་སྐུ༔ པདྨ་མཁའ་འགྲོ་ཡབ་ཡུམ་ངོ་བོ་ཉིད་ཀྱི་སྐུ༔ ཀརྨ་མཁའ་འགྲོ་ཡབ་ཡུམ་མངོན་པར་བྱང་ཆུབ་པའི་སྐུ༔ ནང་ལྟར་ན༔ བུདྡྷ་ཡབ་ཡུམ་གཏི་མུག་རྣམ་པར་དག་པ༔ བཛྲ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ༔ རཏྣ་ཡབ་ཡུམ་ང་རྒྱལ་རྣམ་པར་དག་པ༔ པདྨ་ཡབ་ཡུམ་འདོད་ཆགས་རྣམ་པར་དག་པ༔ ཀརྨ་ཡབ་ཡུམ་ཕྲག་དོག་རྣམ་པར་དག་པ༔ གསང་བ་ལྟར་ན༔ ཡེ་ཤེས་ལྔ་ནི༔ བུདྡྷ་ཡབ་ཡུམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ བཛྲ་མེ་ལོང་ཡེ་ཤེས༔ རཏྣ་མཉམ་ཉིད་ཡེ་ཤེས༔ པདྨ་སོར་རྟོག་ཡེ་ཤེས༔ ཀརྨ་བྱ་གྲུབ་ཡེ་ཤེས༔ ལྟ་བ་སངས་རྒྱས་དྷཱ་ཀི་ཡབ་ཡུམ་སྟེ༔ གང་ཤར་རང་བྱུང་མ་འགགས་པ༔ རང་བཞིན་མི་འགྱུར་རང་ལ་ཤར་བ་ཡིན༔ སྒོམ་པ་རྡོ་རྗེ་དྷཱ་ཀི་ཡབ་ཡུམ་སྟེ༔ མི་འགྱུར་མི་ཤིགས་རང་གསལ་བསྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་དྷཱ་ཀི་ཡབ་ཡུམ་སྟེ༔ ཆགས་མེད་སྐྱོན་བྲལ་ཅིར་ཡང་མཐུན་པར་སྤྱོད༔ འབྲས་བུ་པདྨ་དྷཱ་ཀི་ཡབ་ཡུམ་སྟེ༔ ཆགས་མེད་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ དམ་ཚིག་ལས་ཀྱི་དྷཱ་ཀི་ཡབ་ཡུམ་སྟེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་སྣ་ཚོགས་སྤྱོད༔ ལྟ་སྒོམ་སྤྱོད་པ་འབྲས་བུ་ཡང༔ མཁའ་འགྲོ་ཕོ་མོའི་སྲོག་ལ་ཚང༔ ཧྲཱིཿནི་མི་འགྱུར་ཆོས་དབྱིངས་ངང༔ མ་ནི་ཡེ་ཤེས་རྩལ་ཉིད་དོ༔ ཧྲཱིཿནི་ཐབས་ཆེན་འགྱུར་བ་མེད༔ མ་ནི་བདེ་ཆེན་འགྱུར་མེད་དབྱིངས༔ དབྱེར་མེད་ཉི་མའི་འོད་ཀྱི་ཚུལ༔ ཧ་ནི་སྲ་མཁྲེགས་འབྲས་བུ་སྟེ༔ ཕྱོགས་ལྷུང་མེད་པའི་ནམ་མཁའ་འདྲ༔ རི་ནི་མི་འགྱུར་སྒོམ་པ་ཡིན༔ རི་རབ་བརྟན་ཅིང་མི་འགྱུར་བ༔ ནི་ནི་དབང་སྡུད་གཅོད་པ་སྟེ༔ འབྱུང་བ་ཆེན་པོ་ཀུན་ཏུ་གཡོ༔ ས་ནི་སྲ་མཁྲེགས་འབྲས་བུ་སྟེ༔ རིན་ཆེན་གླིང་དུ་ཕྱིན་པ་འདྲ༔ ར་ནི་རང་བཞིན་ལྟ་བ་ཆུ་ལ་རལ་གྲི་བཏབ་པ་འདྲ༔ ཙ་ནི་སྒོམ་པ་ཡེངས་མེད་ཆུ་རྒྱུན་འདྲ༔ ཧྲི་སྤྱོད་པ་ཉམས་མྱོང་རྒྱ་མཚོ་བརྡོལ་བ་འདྲ༔ ཡ་འབྲས་བུ་སྤྱད་ཀྱིས་མི་ཟད་འདྲ༔ ཡི་གེ་བཅུ་པོ་ཡབ་ཡུམ་སྲོག༔ རང་བྱུང་ཆེན་པོ་ཡེ་ནས་གནས༔ བཟླས་པ་ཙམ་གྱིས་མཁའ་འགྲོ་འོང༔ མ་ལ་བུས་འབོད་བྱ་བ་ཡིན༔ སྣང་སྲིད་གྲགས་ཚད་དྷཱ་ཀིའི་སྒྲ༔ གྲགས་པ་གསུང་གི་ཁྱེར་སོ་ཡིན༔ ངག་ཏུ་བཟླས་པས་དྷཱ་ཀི་འོང༔ ཡིད་ཀྱིས་བཟླས་པས་རྟོགས་པ་འཆར༔ སེམས་ཉིད་སྟོང་པ་ཆེན་པོའི་ངང༔ རང་བྱུང་རང་རྩལ་མ་འགགས་གསལ༔ རྣམ་རྟོག་འགྱུ་དྲན་དངོས་པོ་སྟོང༔ ཡེ་ཤེས་ལྷག་གིས་སྐྱེས་པར་གནས༔ ད་གདོད་གསལ་ཞིང་བསྒྲུབ་ཏུ་མེད༔ དེ་ལྟར་དཀྱིལ་འཁོར་གསུམ་བསྒོམས་པས༔ ལུས་ནི་ལྷ་ཡི་དཀྱིལ་འཁོར་ལ༔ བྲེང་ཆད་མེད་པར་རྒྱུན་དུ་གནས༔ ངག་ནི་སྔགས་ཀྱི་དཀྱིལ་འཁོར་ལ༔ གྲངས་ཚད་མེད་པར་རྒྱུན་དུ་གནས༔ སེམས་ནི་ཆོས་ཉིད་དཀྱིལ་འཁོར་ལ༔ མཉམ་རྗེས་མེད་པར་རྒྱུན་དུ་གནས༔ དེ་ལྟར་རྒྱུན་ཆད་མེད་པ་རུ༔ རྟག་ཏུ་དེ་ཉིད་ངང་གནས་ན༔ ལུས་ལ་མཁའ་འགྲོ་དབང་འདུ་བས༔ བུད་མེད་རིགས་ཀུན་འདུ་བར་འགྱུར༔ སེམས་ལ་རྟོགས་པ་ཤར་བ་ཡིས༔ རང་ཤར་རང་གྲོལ་ཆོས་རྣམས་འདུ༔ ཚེ་འདིར་ཐུན་མོང་དངོས་གྲུབ་འབྱུང༔ ཕྱི་མ་ཆོས་སྐུ་སྐྱེ་མེད་ལས༔ ལོངས་སྐུ་སྤྲུལ་སྐུ་འགག་མེད་འཆར༔ མཆོག་གི་དངོས་གྲུབ་སྐུ་གསུམ་འགྲུབ༔ དེ་ལྟར་ངོ་སྤྲད་པས་གང་གི་དབང་བསྐུར་བྱ་སྐུར་བྱེད་ཀྱི་འཛིན་པ་དག༔ མཁའ་འགྲོའི་དོན་ཆོས་ཉིད་དུ་ངོ་སྤྲད་པ་ནི༔ དབང་བཞི་པ་ཚིག་དབང་རིན་པོ་ཆེའོ༔ དེས་ལུས་ངག་ཡིད་གསུམ་གྱི་ཆགས་ཉམས་ཀྱི་འཛིན་སྒྲིབ་དག་ནས༔ སྐལ་པ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་ཞིང༔ འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་རོ༔ དེ་ནས་དབང་བརྟན་པར་ཞུ་བ་ནི༔ དྷཱ་ཀི་ཡབ་ཡུམ་གྱི་སྤྱི་བོའི་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པའི་ངང་ལས༔ རང་དྷཱ་ཀི་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་གསལ་བཏབ་ནས༔ ངག་གྲགས་སྟོང་དང༔ སེམས་རིག་སྟོང་དུ་གནས་པར་གྱིས་ཤིག༔ ཅེས་བྱའོ༔ དེ་ནས་གཏོར་མ་འོད་རྣམ་པ་ལྔའི་གཞལ་ཡས་ཁང་དུ་བླ་མ་དྷཱ་ཀི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་མཐར་སློབ་མ་ལ་འོད་དུ་ཞུ་ནས་ཐིམ་པར་བསམ་ཞིང༔ གཏོར་མ་སྤྱི་བོར་བཞག་ལ༔ ཨཱོྃ་ཨཱཿཧཱུྃ༔ གུ་རུ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ལ་གཏོར་མས་དབང་བསྐུར་རོ༔ རྗེས་ཀྱི་དམ་ཚིག་ལ༔ ལུས་དྷཱ་ཀི་ཡབ་ཡུམ་དུ་སྒོམས༔ ངག་བཟླས་པ་ཡིད་ཆོས་ཉིད་དང་མ་བྲལ་བར་བྱའོ༔ དེ་ནས་གཏོར་མ་འབུལ༔ ག་ཎ་ཙཀྲ་ཕུལ་ལ་ལོངས་སྤྱད༔ བཀྲ་ཤིས་དང་བསྔོ་བ་སྨོན་ལམ་བྱའོ༔ དེས་དྷཱ་ཀི་ཡབ་ཡུམ་གྱི་དབང་དུས་གཅིག་ལ་ཐོབ་པ་ཡིན་ནོ༔ སྐལ་ལྡན་སྨིན་བྱེད་དབང་གི་ལམ༔ གསང་སྒྲུབ་ནོར་བུའི་དབང་བཀའ་འདི༔ རྗེ་རྒྱལ་མངའ་བདག་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་རྣམས་ལ་གཏད༔ ཕག་མོ་མངོན་པར་འབྱུང་བ་ཡི༔ རྒྱུད་ལས་བསྡུས་ཏེ་ཡི་གེར་བཏབ༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ གསུང་གི་སྲས་དང་འཕྲད་པར་ཤོག༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་དབང་ཡིད་བཞིན་ནོར་བུ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ྈ དཔལ་བདེ་མཆོག་འཁོར་ལོའི་སྤྱི་ཏི་བླ་མའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈ རང་རིག་བླ་མ་ཀུན་བཟང་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ རང་གསལ་བླ་མ་རྡོ་རྗེ་འཛིན༔ སྣང་སྟོང་ཟུང་འཇུག་བདེ་བ་ཆེ༔ འཁོར་འདས་སྐུ་གསུམ་གཅིག་གི་ངང༔ ཚིག་དོན་སྟོང་ཉིད་ངོ་བོ་མཚོན༔ ཚེ་གཅིག་སངས་རྒྱས་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབེན་ཞིང་འཚེ་བ་མེད་པའི་སར༔ བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅའ༔ མདུན་གྱི་ནམ་མཁའ་དྭངས་པ་ལ༔ པད་སྡོང་ཉི་མ་ཟླ་བའི་གདན༔ རང་རིག་བླ་མ་རྡོ་རྗེ་འཆང༔ སྣང་སྟོང་ལྷུན་གྲུབ་ལོངས་སྐུར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༔ ཨུ་རྒྱན་པདྨ་ཡབ་ཡུམ་དང༔ རེ་ཞིང་ལྟོས་པའི་བཤེས་གཉེན་རྣམས༔ སྤྱན་དྲངས་གཉིས་མེད་ཐིམ་པར་བསམ༔ གཉིས་རྟོག་མཚན་བྲལ་ངང་ཉིད་ལས༔ གདུང་བས་གསོལ་བ་རྩེ་གཅིག་བཏབ༔ གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ ཟུང་འཇུག་བླ་མ་རྡོ་རྗེ་འཆང༔ རང་རིག་རང་གསལ་གསོལ་བ་འདེབས༔ སྣང་སེམས་སྐུ་གསུམ་དབྱེར་མེད་དུ༔ ལྷན་སྐྱེས་གྲོལ་བར་བྱིན་གྱིས་རློབས༔ ཀ་དག་ཆོས་སྐུ་བདེ་བ་ཆེ༔ དབྱིངས་རིག་རང་གསལ་ཆེན་པོའི་ངང༔ མངོན་གྱུར་འགགས་མེད་ཅིར་ཡང་གསལ༔ གསལ་འགྲིབ་མེད་པར་མཐར་ཕྱིན་དུ༔ ད་ལྟ་གྲོལ་བར་བྱིན་གྱིས་རློབས༔ བློ་འདས་ཡེ་ཤེས་མངོན་གྱུར་ཅིང༔ འགག་མེད་ཅིར་སྣང་གྲོགས་སུ་འཆར༔ སྣང་སེམས་དབྱེར་མེད་ཆོས་སྐུར་གྲོལ༔ མཁྱེན་པའི་ཡེ་ཤེས་མངོན་གྱུར་དུ༔ ད་ལྟ་གྲོལ་བར་བྱིན་གྱིས་རློབས༔ ཅེས་པས་གསོལ་བཏབ་ངང་ཉིད་ལ༔ འཛིན་མེད་རང་གསལ་མཉམ་པར་གཞག༔ རང་ངོ་རང་གསལ་རྗེན་ནེ་བ༔ མ་མཐོང་མཐོང་རྒྱུ་སྨྲ་བརྗོད་མེད༔ བློ་འདས་བསམ་བརྗོད་འཛིན་པ་བྲལ༔ གཉུག་མའི་ཡེ་ཤེས་ནང་ནས་འཆར༔ དེ་དོན་བརྟན་པ་གང་ཐོབ་པ༔ ཨུ་རྒྱན་བདག་དང་སྐལ་པ་མཉམ༔ དེ་ཕྱིར་རྗེས་འཇུག་གང་ཟག་རྣམས༔ ཚིག་ཡིག་དཔེ་ཆས་ཅི་ཞིག་བྱ༔ ཚེ་གཅིག་སངས་རྒྱས་འཐོབ་འདོད་ན༔ བླ་སྒྲུབ་འདི་ལ་ནན་ཏན་སྐྱེད༔ པདྨ་བདག་གི་སྙིང་ཁྲག་འདི༔ ཆོས་རྒྱལ་མངའ་བདག་ཡབ་སྲས་དང༔ ཡེ་ཤེས་མཚོ་རྒྱལ་རྣམས་ལ་གདམས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ རིན་ཆེན་གཏེར་དུ་སྦས་པ་འདི༔ གསུང་གི་སྲས་དང་འཕྲད་པར་ཤོག༔ གཡུ་ཕྲེང་ཅན་ལ་བཀའ་འདི་གཏད༔ སྐལ་ལྡན་དེ་ཡི་མཐུན་རྐྱེན་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ྈ དཔལ་བདེ་མཆོག་འཁོར་ལོའི་ཚེ་སྒྲུབ་ཟབ་པའི་མཐར་ཐུག་བཞུགས་སོ༔ ྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ༔ ཚེ་སྒྲུབ་ཟབ་པའི་མཐར་ཐུག་པ༔ འཆི་བ་ཟློག་པའི་གདམས་པ་ནི༔ མཆོག་ཏུ་གྱུར་པ་འདི་ཟབ་བོ༔ འདི་ལ་སྤྱི་དོན་རྣམ་པ་གསུམ༔ སྦྱོར་བ་དངོས་གཞི་མཇུག་དོན་ནོ༔ སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ནས༔ རང་ཉིད་བདེ་མཆོག་ཡབ་ཡུམ་སྒོམས༔ ཕྱག་རྒྱ་མཚན་ལྡན་ཚེ་ལམ་ཅན༔ མཁའ་གསང་བྱིན་རླབས་སྦྱོར་བ་བྱ༔ སྤྱི་བོར་བླ་མ་ཡི་དམ་རྣམས༔ སྦྱོར་བ་བྱས་པའི་སྦྱོར་མཚམས་ནས༔ བྱང་སེམས་བབས་པས་བུམ་དབང་ཐོབ༔ འོད་འཕྲོས་སྣོད་བཅུད་ལྷ་རུ་གྱུར༔ མགྲིན་པར་བབས་པས་གསང་དབང་ཐོབ༔ འོད་འཕྲོས་ཕུང་ཁམས་ལྷ་རུ་གྱུར༔ སྙིང་གར་བབས་པས་ཀུན་འཛིན་དབང༔ འོད་འཕྲོས་ཨ་ཏི་ཡོངས་རྫོགས་ཐོབ༔ གདན་ཐོག་གཅིག་ཏུ་དབང་བཞི་ཐོབ༔ འདི་ལ་ཡོན་ཏན་དཔག་ཏུ་མེད༔ ཉམས་ཆག་ཀུན་བསྐངས་དངོས་གྲུབ་ཐོབ༔ ཚེ་ཡི་རིག་འཛིན་ཐོབ་པར་འགྱུར༔ དེ་ནས་དངོས་གཞིའི་རིམ་པ་ནི༔ དེ་ནས་གོང་ལྟར་བདེ་བ་བསྐུལ༔ བདེ་བ་གཉིས་མེད་རྒྱས་པའི་དུས༔ ལུས་འདི་བྱང་སེམས་དཀར་དམར་གྱིས༔ གང་བར་བསམ་ལ་སྙིང་དཀྱིལ་དུ༔ ཐིག་ལེ་དྭངས་མ་ཀུན་འདུས་ཏེ༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་མཆོང་གི་བུམ་པའི་ནང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན༔ ཐིག་ལེ་དག་དང་དབྱེར་མེད་བསམ༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ སངས་རྒྱས་བྱང་སེམས་ཡི་དམ་དང༔ དྷཱ་ཀི་ཆོས་སྐྱོང་སྣང་སྲིད་ཀྱི༔ བཅུད་བསྡུས་སླར་ཡང་དེ་ལ་ཐིམ༔ དེ་ལྟར་རྒྱུན་དུ་ཉམས་བླངས་ནས༔ ཚེ་ལམ་ཚང་བའི་བུད་མེད་ལ༔ རྡོ་རྗེ་ཆུ་འཐུང་དྭངས་མ་དྲང༔ རང་གི་དྭངས་མ་མ་ཉམས་ན༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ གཡའ་རི་གངས་ཀྱི་བྲག་ཕུག་ཏུ༔ ལྷ་ལྕམ་མནྡཱ་ར་བ་ལ༔ བསྟེན་ནས་འདི་ཡིས་རིག་འཛིན་བསྒྲུབས༔ ཚེ་ཡི་རིག་འཛིན་ཆེན་པོར་གྲུབ༔ ཚེ་ལ་དབང་ཐོབ་དེ་ལྟར་ལགས༔ འདི་ལྟར་ཉམས་སུ་ལེན་པའི་བུ༔ ཚེ་ཡི་རིག་འཛིན་ངེས་པར་ཐོབ༔ ནད་གདོན་རྐྱེན་གྱིས་འབྱུང་བ་འཁྲུགས༔ དེ་ཡིས་དྭངས་མའི་གནས་འཆུགས་ན༔ འདི་ལྟར་ཐུན་རེ་མ་ཆག་ན༔ རིག་འཛིན་ལོ་དྲུག་དག་གིས་འགྲུབ༔ འཆི་བའི་རྟགས་རྣམས་འཕྲལ་དུ་བཟློག༔ འདི་ལས་ཟབ་པ་ཡོད་རེ་ཀན༔ རྗེས་ནི་ཐུན་གཞུག་སྨོན་ལམ་དང༔ བསྔོ་བ་དག་གིས་རྒྱས་གདབ་སྟེ༔ བྱ་བ་དག་ལ་འཇུག་པར་བྱའོ༔ དམ་ཚིག་རང་གི་ཐིག་ལེ་བསྲུང༔ ཕྱག་རྒྱ་ངན་པ་བསྟེན་མི་རུང༔ ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་བསམ་ཡས་དབུ་རྩེ་སྟེང་ཁང་ལྷོ་ནུབ་ཀྱི་གདུང་གཡུང་དྲུང་རིས་གསེར་གྱི་པ་ཏྲ་འཁྱིལ་བ་ཅན་ནས་གདན་དྲངས་ནས། ཤོག་སེར་ངོས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲ་ོབོ་དཔལ་གྱིས་ཞུས་སོ། །དགེའོ།། །། ྈ དཔལ་བདེ་མཆོག་འཁོར་ལོའི་སྤྱི་ཏི་བླ་མའི་རྫོགས་རིམ་ཟབ་པའི་མཐར་ཐུག་བཞུགས་སོ༔ ྈྈྈྈྈྈྈ ཀུན་བཟང་ཡངས་པའི་ཀློང་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་པདྨ་ལ༔ དམ་ཆོས་རྫོགས་པ་ཆེན་པོ་ཡི༔ ཡང་གསང་ནང་གི་སྙིང་གི་སྙིང༔ ཨ་ཏི་སྤྱི་ཏི་ཡང་གསང་གི༔ ལག་ལེན་སྦར་བཅང་ཡི་གེར་བཀོད༔ འདི་ནི་ཉམས་སུ་སུས་བླངས་པ༔ འོད་ལུས་འགྲུབ་པར་ཐེ་ཚོམ་མེད༔ ས་མ་ཡ༔ ྈྈྈ དེ་ཡང་འདི་ལྟར་ཉམས་སུ་བླང་བའི་ཐབས་ནི༔ ཉི་མའི་ཟེར་གཉིས་ལ་རང་ཉིད་གན་རྐྱལ་དུ་གནས་ཏེ༔ མིག་ཟིམ་བུས་བལྟས་པས༔ མིག་ཚགས་ལྟ་བུ་ལོགས་གྲུ་གང་ལྷག་ཙམ་དུ་འཆར་རོ༔ དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཕུབ་ལྟ་བུའམ༔ ཀོ་མོག་ཏུ་རྡོ་བོར་བ་ལྟ་བུའམ༔ རྨ་བྱའི་མདོངས་ལྟ་བུ་ཁ་དོག་ལྔ་ལྡན་མུ་ཁྱུད་ཀྱི་དྲྭ་བས་ཡོངས་སུ་བསྐོར་བ་འཆར་རོ༔ དེའི་ཐིག་ལེ་པདྨ་རྣམས་ཆེ་བ་གཅིག་ལ་བཞིས་བསྐོར་བ་འཆར་རོ༔ དེའི་དབུས་དང་མཚམས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ༔ བཀྲག་པ་རིན་པོ་ཆེའི་སྐུད་པ་ལྟ་བུ་ལ༔ མཚམས་སུ་ཐིག་ལེ་དངུལ་ཆུའམ་ཉ་མིག་ལྟ་བུས་འབྲེལ་བར་འཆར་རོ༔ དེ་ཉིད་ཟུར་ལ་ལྡིང་ཐབས་ཀྱིས༔ ཕོ་གཡས་མོ་གཡོན་ལ་ཁྲིད་དེ༔ མི་འགུལ་བར་ཉམས་སུ་བླང་བ་གལ་ཆེའོ༔ དེ་ལ་བོགས་འདོན་ནི༔ དབྱིངས་རིག་སྣང་བ་དེ་རྣམས་དམར་ཤས་ཆེ་ན་ཐུར་དུ་ཕབ༔ དཀར་ཤས་ཆེ་ན་གཡས༔ སེར་ཤས་ཆེ་ན་གྱེན༔ མཐིང་ཤས་ཆེ་ན་དབུས་དྲང་པོར་བལྟ་བ་གནད་དོ༔ ལྔ་ལྡན་དུ་གསལ་བ་ན༔ གཟིགས་སྟངས་གསུམ་པོ་གང་ཡིན་གྱིས་ཉམས་སུ་བླང་ངོ༔ ཐིག་ལེ་འཕེལ་ཆུང་ན་སྨིན་ཕྲག་ལ་དྲིལ་ཏེ་བལྟའོ༔ རླུང་ནི་སྣ་ལ་མི་བཏང་ལ་དལ་བར་བསླབ༔ དེ་ལྟར་ཉམས་སུ་བླངས་པས་སྣང་བ་བཞི་འཕེལ་བར་འགྱུར༔ རྟགས་ཚད་ནི་སྤྱི་དང་མཐུན་ནོ༔ དེ་ཡང་ཉིན་ཞག་གཅིག་ལ་ཉམས་སུ་བླང་བ་ནི༔ སྔ་དྲོར་གླང་ཆེན་གྱི་འདུག་སྟངས་དང༔ གུང་ལ་སེང་གེ༔ ཕྱི་དྲོ་དྲང་སྲོང་དུ་གནས་པར་བྱའོ༔ ཡང་སྲོད་ལ་དྲང་སྲོང༔ གུང་ལ་གླང་ཆེན༔ ཐོ་རངས་སེང་གེའི་འདུག་སྟངས་ཀྱིས་ཉམས་སུ་བླང༔ ཡང་མཚན་མོ་ཟླ་བ་ལ་བལྟས་པས་ཉིན་མོའི་མིག་སྨན་དུའང་འགྱུར་རོ༔ གོང་བཞིན་འོད་གསལ་རྩེ་གཅིག་ཏུ་བསྒོམ་པ་ནི༔ ཚེ་གཅིག་འོད་གསལ་དུ་གྲོལ་བའི་རྣལ་འབྱོར་རོ༔ ࿊ མུན་ཁྲིད་ནི༔ ཉིན་མཚན་ངོ་མི་ཤེས་པའི་སྒོམ་ཁང་དཀར་བའི་ཟེར་མེད་པའི་སར༔ བདེ་བའི་སྟན་དུ་དྲང་སྲོང་གི་འདུག་སྟངས་བྱས་ཏེ༔ པུས་སྟེང་དུ་གྲུ་མོ་བཙུགས༔ གུང་མོས་སྒྲོན་མེའི་དཀྱིལ་དུ་བསྟེམས་པས༔ ལུ་གུ་རྒྱུད་འོད་གསལ་གྱི་ཐིག་ལེ་ཁྲ་ཆེམ་བྱུང་བ་ལ༔ ཁ་ཅིག་ཟ་འོག་སྔོ་ཁྲ་མིག་མང་རིས་སུ་འཆར་ལ་ཐིག་ལེ་ཉ་མིག་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཆར་ཏེ༔ དེའི་ཚེ་མིག་ཕྱེས་ལ་ཐད་ཀར་དྲང་པོར་མིག་མ་འགུལ་བར་བལྟས་པས༔ འོད་གསལ་སྣང་བ་ཁ་དོག་ལྔ་དང་ལྡན་པར་བསམ་གྱིས་མི་ཁྱབ་པ་འཆར་རོ༔ འདི་ཉིད་ལ་གང་ཤར་རྟོག་དཔྱོད་ཀྱི་འཛིན་པ་དང་བྲལ་བའི་ངང་ནས་རླུང་དལ་བས་རྩེ་གཅིག་ཏུ་གཏད་དོ༔ དེ་ལྟར་ཐུན་བཞིའམ༔ ལྔ་དྲུག་ཏུ་ཉམས་སུ་བླང་བར་བྱའོ༔ སྒྲོན་མ་བཞི་དྭངས་སུ་གཞུག་པ་ནི༔ གོང་བཞིན་མུན་ཁང་དམ་པར་བདེ་བའི་སྟན་ལ༔ ཆོས་བདུན་དང་ལྡན་པའི་ལུས་གནད་ཀྱིས༔ རླུང་དལ་བར་ཁ་ནས་ཕྱིར་འཕངས་ཤིང་མིག་ཅུང་ཟད་ཟིམ་བུས་ཐད་ཀར་བལྟས་པས༔ དབྱིངས་རིག་ངོ་བོ་སྣང་ལ་རང་བཞིན་མ་གྲུབ་པ་འདི་ཉིད༔ རྩ་དབུ་མ་དྭངས་ཤིང་རོ་རྐྱང་གི་རླུང་ཟིན་པའི་དུས་སུ་དང་པོ་དུ་བ་ལྟ་བུའམ༔ མེ་ཏོག་གམ༔ སྲིན་བུ་མེ་ཁྱེར་རམ༔ འོད་ཁྱིམ་ལྟ་བུ་ཟིམ་ཟིམ་ཙམ་དུ་སྣང་ངོ༔ ད་རུང་རྩེ་གཅིག་ཏུ་ཉམས་སུ་བླངས་པས༔ ཞག་བཞིའམ་ལྔ་ན་འོད་གསལ་དུ་ཁྲ་ཆེམ་འགྲོ་ཞིང༔ དེ་ནས་སྒོམ་ཁང་གི་ནང་ནས་དངོས་པོ་ཐམས་ཅད་གསལ་བར་འཆར་རོ༔ དེ་ནས་ཉིན་མོ་སྣང་བའི་འོད་གསལ་དང༔ མཚན་མོ་མུན་པའི་འོད་གསལ་དྭངས་སུ་གཞུག་ཅིང༔ སྐབས་སུ་རྒྱ་མཚོ་ཨར་ལ་གཏད་པས་གཉིས་ཀའི་བོགས་འདོན་དུའང་འགྲོ་འོ༔ རྟགས་ཚད་བརྟན་པ་དང་ད་རུང་ཉམས་སུ་བླངས་པས་རང་གནས་ལུང་པ་ཙམ་མམ༔ དེ་ནས་ཡུལ་ཁམས་ཙམ༔ དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་གསལ་གྱི་ངང་ནས་མཐོང་བར་འགྱུར་རོ༔ འདིའི་དུས་ན་འཁྲུལ་པའི་རྨི་ལམ་དབྱིངས་སུ་ཐིམ་ནས་མི་རྨི་ཞིང་འོད་གསལ་རྒྱ་ཆེན་རབ་འབྱམས་སུ་འགྲོ་འོ༔ དེའི་ཚེ་ནུབ་མོ་གཉིད་པའི་ཚེ་ནའང་དག་པའི་ཞིང་ཁམས་ཤར་མངོན་པར་དགའ་བ༔ ལྷོ་དཔལ་དང་ལྡན་པ༔ ནུབ་བདེ་བ་ཅན༔ བྱང་ལས་རབ་བརྩེགས་པ་སོགས་རང་གར་འདོད་པ་དེར་འགྲོ་ཞིང༔ དེའི་རིགས་ཀྱི་བདག་པོ་ལ་སོགས་པ་ལ་ཆོས་ཞུ་བ་ལ་སོགས་པའི་འདུན་པ་རྩེ་གཅིག་ཏུ་གཏད་ལ༔ དང་པོ་ལྟ་བ་དང༔ རྗེས་དྭངས་སུ་གཞུག་ཅིང༔ དེའི་ངང་ལ་རྟོག་པས་བར་མ་ཆོད་པར་གཉིད་ལོག་པས་གོང་བཞིན་འགྲུབ་པར་འགྱུར་རོ༔ དེ་ལྟར་ཉིན་མཚན་འཁོར་ཡུག་ཏུ་འོད་གསལ་དུ་སོང་བའི་ཚེ༔ རང་བཞིན་གནས་པའི་བར་དོ་མ་ལ་ཐིམ༔ ཆོས་ཉིད་བར་དོ་འོད་གསལ་གྱི་ཞིང་ཁམས་སུ་སངས་རྒྱས་པས་བར་དོ་མེད་པར༔ སངས་རྒྱས་ཐོབ་པར་ཐེ་ཚོམ་མེད་པའོ༔ དེ་ཡང་འོད་གསལ་གསུམ་གྱི་ངོ་བོར་གྲོལ་ཏེ༔ ངོ་བོའི་འོད་གསལ་ཀ་དག་ཀློང་དུ་གྲོལ་བའོ༔ རང་བཞིན་གྱི་འོད་གསལ་ལྷུན་གྲུབ་ཀྱི་ཞིང་ཁམས་སུ་སངས་རྒྱས་ཏེ༔ ཐུགས་རྗེ་མ་འགགས་མི་འགག་ཀུན་ཁྱབ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྲོལ་བའོ༔ དེའི་ཕྱིར་འདི་ལྟ་བུའི་གདམས་པ་ནི༔ ཨུ་དུམ་ཝཱ་རའི་མེ་ཏོག་བས་ཀྱང་དཀོན་ཏེ༔ འཇིག་རྟེན་དུ་འབྱུང་བར་དཀའ་བའོ༔ འདི་ཉིད་ཚུལ་བཞིན་ཉམས་སུ་ལེན་པའི་སྐྱེས་བུ་དེ༔ ལོ་བཞིས་འཕོ་བ་ཆེན་པོའི་སྐུ་སྐྱེ་ཤི་དང་བྲལ་བ་ཚེའི་རིག་འཛིན་ཐོབ༔ ལོ་ལྔ་ནས་འོད་ལུས་སུ་འགྲུབ༔ འཇུག་པ་ལ་རང་དབང་ཐོབ་ཅིང༔ ལས་དག་པ་རྣམས་ལ་མཐུན་སྣང་དུའང་འགྲུབ༔ ལོ་དྲུག་དང་ཟླ་བ་གསུམ་ན་ཕུང་པོ་ཟག་མེད་ཆོས་ཉིད་ཟད་པའི་མཐར་ཕྱིན་པར་ཐེ་ཚོམ་མེད་དོ༔ རྩོལ་བས་བསྒྲུབ་སྟེ་གཡེང་བའི་དབང་དུ་མ་སོང་བར་ཉམས་སུ་བླང་བར་བྱའོ༔ འདི་དང་བཏགས་གྲོལ་སྤྲད་པར་བྱས་ན་ཚེ་གཅིག་སངས་རྒྱས་ཐོབ་པར་འགྱུར་རོ༔ ࿊ དེ་ཡང་བཏགས་གྲོལ་གྱི་ཡི་གེ་འདི་རྣམས་གསེར་གྱིས་བྲིས་ཏེ་རབ་གནས་དང་ལྡན་པས་ལུས་ལ་བཅང་བ་སྤྱི་ལྟར་བྱའོ༔ ༼ཀ༽༼ཁ༽༼ག༽༼ང༽༼ཅ༽༼ཉ༽༼ཏ༽༼ཐ༽༼ད༽ རིག་པ་རང་གནས་ཀྱི་ཡི་གེ་འབྲུ་བརྒྱད༔ ྈྈྈྈྈྈྈྈ ྈྈྈྈྈ ྈྈྈ ྈྈྈྈྈྈ ྈྈྈྈ ྈྈྈྈྈྈ ྈྈྈྈྈྈྈྈྈ ྈྈྈྈྈ འཁྲུལ་གཞི་རྩད་གཅོད་ཀྱི་ཡི་གེ་འབྲུ་ལྔ༔ རིག་པ་རང་ཤར་གྱི་ཡི་གེ་འབྲུ་གསུམ༔ སྤྲོས་པ་གཅོད་པའི་ཡི་གེ་འབྲུ་ལྔ༔ རིག་པ་མི་གཡོ་བའི་ཡི་གེ་འབྲུ་ལྔ༔ མཉམ་ཉིད་བདུད་གཅོད་ཀྱི་ཡི་གེ་འབྲུ་གསུམ༔ རྣམ་སྨིན་ཟད་བྱེད་ཀྱི་ཡི་གེ་འབྲུ་གསུམ༔ བདེ་ཆེན་འཁོར་ལོའི་ཡི་གེ་འབྲུ་བཞི༔ སྐུ་ལྔ་ཡོངས་རྫོགས་ཡི་གེ་འབྲུ་ལྔ༔ ཨེ་མ་དེ་ལྟར་ཟབ་ཆོས་སྙིང་པོ་དྭངས་མའི་སྐོར༔ གཅེས་ཕངས་རྒྱས་གདབ་ཟབ་མོའི་མཐར་ཐུག་འདི༔ སྙིང་གི་བུ་མཆོག་གཅིག་ལ་གཏད་རྒྱ་གྱིས༔ གསེར་གྱི་མཎྜལ་གསུམ་དང་ཚོགས་འཁོར་བཅས༔ སྙིང་ནས་ཞུ་བ་བྱེད་ལ་རྫོགས་པར་གཏད༔ དེ་ལྟར་བྱས་ན་རང་གཞན་དོན་གཉིས་འགྲུབ༔ ཅེས་ཨུ་རྒྱན་རིན་པོ་ཆེས་རྫོགས་ཆེན་ཨ་ཏི་སྤྱི་ཏིའི་དགོངས་པ་མཐར་ཕྱིན་པ་ཚིག་ཉུང་ངུར་བསྡུས་ཏེ༔ བདག་འདྲ་མཁར་ཆེན་བཟའ་དང་རྗེ་མངའ་བདག་ཡབ་སྲས་ལ་གནང་བ༔ བརྗེད་བྱང་ཙམ་དུ་མཚོ་རྒྱལ་གྱིས་ཡི་གེར་བཏབ་པའོ༔ ཕྱི་རབས་ཨུ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ྈ དཔལ་བདེ་མཆོག་འཁོར་ལོའི་སྒྲུབ་པ་བསྐྱེད་རྫོགས་སྲུང་མ་རྒྱལ་པོ་གཡུ་ཕྲེང་ཅན་གྱི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈ དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་ལ་ཕྱག་འཚལ་ལོ༔ རྒྱལ་པོ་གཡུ་ཕྲེང་སྔོན་འགྲོ་འདི་ལ༔ ཕྱི་སྤེའུ་ལ་བརྟེན་ཏེ་སྒྲུབ་པ་དང༔ ནང་བྲུབ་ཁུང་ལ་བརྟེན་ཏེ་སྒྲུབ་པ་དང༔ གསང་བ་འཁོར་ལོ་ལ་བརྟེན་ཏེ་སྒྲུབ་པའོ༔ ཕྱི་སྤེའུ་ལ་བརྟེན་ཏེ་སྒྲུབ་པ་ནི༔ གནས་དབེན་པར་རྒྱལ་པོའི་རྟེན་ཁང་བཅས་ལ༔ སྙུག་མ་ཡན་ལག་དང་མ་བྲལ་བ་དང༔ སྟག་གི་རྒྱལ་མཚན་དང༔ བྱ་རྒོད་ཀྱི་རྒྱལ་མཚན་དང༔ སྤྲེ་འུའི་རྒྱལ་མཚན་དང༔ སྤྱང་ཀིའི་རྒྱལ་མཚན་དང༔ ཟ་འོག་གི་རྒྱལ་མཚན་དང༔ དར་དམར་པོའི་བ་དན་ཕྱར་རོ༔ བཤོས་བུ་རི་རབ་ཚུལ་ལ་མར་མེ་ཁ་ལྔ་བཏང་ངོ༔ བམ་ཆེ་བ་དང༔ ལུག་ཤ་ལག་པ་རེ༔ ཟླ་བ་ངོ་རེ་ལ་མཆོད་ཐབས་རེ་བྱས་ནས་དགྲ་ལ་རྦད་ན༔ ཅི་ལྟར་དུས་བཏབ་པ་བཞིན་འོང༔ ནང་བྲུབ་ཁུང་ལ་བརྟེན་ཏེ་བསྒྲུབ་པ་ནི༔ གནས་དབེན་པར་བྲུབ་ཁུང་ཟུར་གསུམ་པ་བྲུས༔ འཁོར་ལོ་རིམ་པ་བདུན་བསྐོར་ལ༔ དབུས་སུ་ལིང་ག་བྲི་བར་བྱ༔ དང་པོ་ལ་ནི་འབོད་པས་བསྐོར༔ དེའི་ཕྱི་རིམ་མི་ལྡོག་པ༔ དེ་ཡི་ཕྱི་རིམ་ལོག་གནོན་སྔགས༔ དེ་ཡི་ཕྱི་རིམ་གསད་པའི་སྔགས༔ དེ་ཡི་ཕྱི་རིམ་རྦད་པའི་སྔགས༔ དེའི་ཕྱི་རིམ་མཚོན་གྱི་སྔགས༔ དེ་ཡི་ཕྱི་རིམ་མནན་གཏད་སྔགས༔ དྲག་སྔགས་བདུན་གྱིས་བསྐོར་ནས་ནི༔ སྤྱང་ཐོད་ནང་དུ་ལིངྒ་གཞུག༔ ཟུར་བདུན་ཕྱེ་མ་ཉུངས་དཀར་ཅན༔ རྒྱལ་པོ་མཆོད་ཅིང་གཏང་རག་བྱ༔ ཉུངས་དཀར་ཟངས་ལྕགས་རྡོ་ཕྱེ་ལ༔ བསྙེན་པ་ཞག་གྲངས་བཅུ་གཉིས་བྱ༔ ཞག་བདུན་ལས་ལ་སྦྱར་བར་བྱ༔ ཉི་ཤུ་རྩ་གཅིག་ལས་སྦྱོར་རྫོགས༔ རྩ་དགུའི་དགོང་མོར་འཆི་བར་འགྱུར༔ གསང་བ་འཁོར་ལོ་ལ་བརྟེན་ཏེ་བསྒྲུབ་པ་ནི༔ པུས་པེ་མཚན་ངན་གཉིས་ལ་འཁོར་ལོ་བྱ༔ ཁ་སྦྱོར་ནང་དུ་འཁོར་ལོ་གཞུག༔ རང་ཉིད་གར་འགྲོའི་ལུས་ལ་བཅང༔ དྲག་པོའི་རྫས་ཀྱིས་བརྡེག་པ་ན༔ མཚམས་བཅད་མི་དགོས་དགྲ་རྣམས་འཆི༔ སྔགས་ཀྱི་འབོད་རྦད་གསད་གསུམ་དྲིལ༔ རྒྱལ་པོ་གྭའུ་སྦ་ལྕག་ཡིན༔ རྒྱལ་པོའི་རང་སྔགས་བདུན་པ་ནི༔ སྔགས་རྒོད་ནག་པོ་ཅེས་ཀྱང་བྱའོ༔ ཨཱོྃ་བཛྲ་སུཾ་ཏྲི་རཀྴ་རཱ་ཛ་དར་མ་ཡ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབོད་པའི་སྔགས་སོ༔ རྟགས་ནི་མོན་དང་བནྡེ་དང༔ བཙུན་པ་འབག་སེང་བུད་མེ་མང་པོ་འོང༔ ཨཱོྃ་བཛྲ་སུཾ་ཏྲི་རཀྴ་གཏུབས་གཏུབས་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊཿཕཊ༔ སྐབས་སུ་བརྒྱ་བཟླས་པས༔ དམ་ལས་མི་ལྡོག་གོ༔ ཨཱོྃ་བཛྲ་སུཾ་ཏྲི་རྦད༔ མཱ་ར་ཡ་རྦད་དུཾ་རྦད་དུཾ༔ ནཱི་ལི་ནཱི་ལ་རྒྱུག་བྲེང་ཐུཾ་ལིང་ས་མ་ཡ་དུན་ལིང་རྦད་བྷྱོ༔་་་ལོག་གནོན། རང་ལ་ཆོ་འཕྲུལ་རྩུབ་མོར་སྟོན་ན་བརྒྱ་བརྒྱ་ཙམ་རེ་བཟླ་འོ༔ ཨཱོྃ་བཛྲ་སུཾ་ཏྲི་སུ་རུ་མཱ་ར་ཡ་ཛ་ཛ༔ སྙིང་རྩ་ལ་རྦད་སུ་མཱ་ར་ཡ་ཛ་ཛ༔ སྲོག་རྩ་བོ་ཆེ་ལ་དུན་དུན་རྨུགས༔ རྩ་བྲན་སུམ་བརྒྱ་དྲུག་ཅུ་ལ་རྦད་སུ་མཱ་ར་ཡ་ནྲྀ་ཛ༔ གསད་པའི་སྔགས་ཏེ༔ མྱུར་དུ་དགྲ་བོ་གསད་པའོ༔ ཨཱོྃ་བཛྲ་སུཾ་ཏྲི་རཀྴ༔ གནོད་སྦྱིན་དགྲ་ལ་ལྷན་ལྷན༔ བདུད་པོ་སྲོག་ལ་ཅིབ་ཅིབ༔ མོན་མོ་སྙིང་ལ་ཆོ་ཆོ༔ ཕོ་ཉ་རྩ་ལ་རུབ་རུབ༔ སུཾ་ཏྲི་རཀྴ་ཀཱི་ལ་ཡ༔ མཱ་ར་ཡ་ཛཿཛཿཧཱུྃ་ཧཱུྃ་ཕཊ༔ རྦད་པའི་སྔགས་སོ༔ རྟགས་ནི་དགྲ་བོ་དངོས་སུ་ཁྲིད་པ་འབྱུང༔ ཤ་སྙིང་སྟེར་བ་འོང༔ ཨཱོྃ་བཛྲ་སུཾ་ཏྲི་མཱ་ར་ཡ༔ སན་ཏྲི་ནཱི་ལ་ཡ༔ ཀཱི་ལི་ཀཱི་ལ་ཡ༔ གཏུབས་གཏུབས་སྭཱ་ཧཱ༔ མཚོན་དང་ཕུར་པས་རྡེག་པའོ༔ ཨཱོྃ་བཛྲ་སུཾ་ཏྲི་ཙཀྲ་མཱ་ར་ཡ་ཀཱི་ལི་ཀཱི་ལ་ཡ་ནྲྀ་མཱ་ར་ཡ་ཛ་ཛ༔ རྦད་བུ་ཚལ་པ་བྷྱོ༔ མནན་ཅིང་ཀླུ་ལ་གཏད༔ སྐབས་སུ་ལས་ལ་རྦད་པ་འདི་སྐད་དོ༔ ཧཱུྃ༔ མ་གཡེལ་དགྲ་བླ་མཐུ་བོ་ཆེ༔ སྐུ་མདོག་སྔོ་ནག་འབར་བ་ལ༔ གཡུ་ཕྲེང་སྔོན་པོའི་རྒྱན་གྱིས་བརྒྱན༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་ལ་དར་ཞུ་གདུགས་ཐབས་གསོལ༔ ཕྱག་ན་སྤུ་གྲི་ཞགས་པ་ཐོགས༔ ཆིབས་སུ་དྲེལ་ནག་ཁ་སྐྱ་འཆིབ༔ དགྲ་བླ་ཆེན་པོ་དགྲ་ལ་ཆོས༔ བཀའ་སྡོད་གནོད་སྦྱིན་ནག་པོ་བརྒྱ༔ སྤུ་གྲི་ཐོགས་ནས་ཤ་རུས་འབྱེད༔ གནོད་སྦྱིན་དགྲ་བོའི་ཤ་ལ་ལྷན༔ ལས་མཁན་བདུད་པོ་ནག་པོ་བརྒྱ༔ ཐོད་ཁྲག་ཐོགས་ནས་སྲོག་རྩ་འབྱིན༔ བདུད་པོ་སྲོག་ལ་ཅིབ་ཅིབ་འཐུང༔ བཀའ་ཉན་མོན་པ་ནག་པོ་བརྒྱ༔ རལ་གྲི་ཐོགས་ནས་སྙིང་རྩ་འབྱིན༔ མོན་པ་སྙིང་ལ་ཕྱོ་ཕྱོ་ཡ༔ ཕོ་ཉ་དཔའ་བོ་སྟག་ཆས་བརྒྱ༔ བུད་མེད་དར་ནག་ཐོགས་པ་བརྒྱ༔ སྤྱང་གཟན་ཤ་རུས་འཆའ་བ་བརྒྱ༔ ཕོ་ཉ་རྩ་ལ་རུབ་རུབ་འདུ༔ དམ་ཉམས་དགྲ་བོ་ལས་ངན་ལ༔ རྒྱལ་པོ་འཁོར་བཅས་ཟས་སྐལ་གྱིས༔ གཏད་དོ་ལས་བཅོལ་མཐུ་མ་ཆུང༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ ཅེས་བསྐུལ་སྔགས་བཟླ༔ ཐུན་བརྡེག༔ ཕུད་དང་བཤོས་བུ་གཏང༔ ཞག་ཉི་ཤུ་རྩ་གཅིག་གིས་ཕྱིར་འགྱང་མི་སྲིད་དོ༔ ཨུ་རྒྱན་པདྨ་འབྱུང་གནས་བདག༔ ཡི་དམ་ལྷ་དང་མཉམ་པར་དྲེགས་པ་དབང་དུ་འདུས༔ རྒྱལ་པོ་གཡུ་ཕྲེང་གི་སྲོག་གི་སྙིང་པོ་བླངས༔ དཔལ་བདེ་མཆོག་འཁོར་ལོའི་གདམས་པ་ཟབ་མོའི་ཆོས་སྲུང་དུ་བཀའ་བསྒོས་ཏེ་གཏེར་དུ་སྦས་སོ༔ དད་ལྡན་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་གི་དོན་དུ༔ མཚོ་རྒྱལ་གྱིས་ཡི་གེར་བཏབ་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་བསམ་ཡས་དབུ་རྩེ་སྟེང་ཁང་ལྷོ་ནུབ་ཀྱི་གདུང་གཡུང་དྲུང་རིས་གསེར་གྱི་པ་ཏྲ་འཁྱིལ་བ་ཅན་ནས་གདན་དྲངས་ནས། ཤོག་སེར་ངོས་ནས་དག་པར་ཕབ་པའི། ཡི་གེ་པ་ནི་དཀར་པོའི་སྔགས་བཙུན་ཐུགས་རྗེ་སྐྱབས་ཀྱིས་སྒྲུབ་ཁང་དུ་ཞལ་བཤུས་སོ། །དགེའོ།། །།
བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ (Volume 43, Text 39)
༄༅། །བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཕན་བདེའི་མཆོག་སྩོལ་དཀོན་མཆོག་རིན་ཆེན་གསུམ། །མི་ཕྱེད་དད་པའི་གཙུག་གིས་གུས་མཆོད་ནས། །འགྲོ་ཀུན་བདུད་བཞི་ལ་སོགས་འཇིགས་པ་ལས། །བསྐྱབ་ཕྱིར་བརྒྱ་བཞིའི་ཆོ་ག་མདོར་བསྡུས་བཀོད། །དེ་ལ་སྦྱོར་བ་ཡོ་བྱད་འབྱོར་ཚད་བཤམ་པ། དངོས་གཞིའི་ཆོ་གའི་རིམ་པ་དང་། རྗེས་ལོ་རྒྱུས་ཀྱི་སྒོ་ནས་ཕན་ཡོན་བསྟན་པའོ། །དང་པོ་ནི། གང་དུ་བྱ་བའི་ས་ཕྱོགས་རྣམས་གཙང་ཞིང་དག་པར་བྱས། མཎྜལ་གྱི་གཞི་ལ་དྲི་ཞིམ་གྱིས་ཆག་ཆག་གདབ། དེར་ཐིག་ཆེན་བརྒྱད་སྤྱི་ལྟར་གདབ་པའི་ལྟེ་བ་ནས་ཟླུམ་སྐོར་ལྔས་བསྐོར་བའི། དབུས་མཐིང་ག །ཟླུམ་སྐོར་དང་པོ་པད་འདབ་བརྒྱད་མཛེས་ཚོན། གཉིས་པ་དཀར་པོ། གསུམ་པ་དམར་པོ། བཞི་པ་སྔོན་པོ། དེ་ཕྱིར་སྟོན་པའི་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་བྲི། ཕྱག་གི་མཁྲིག་མའི་ཐད་དུ་རིན་པོ་ཆེའི་ཁྲིའམ། མཉྫིའི་ཁྲིའུ་ལ་སྟོན་པའི་སྐུ་བྱིན་རླབས་ཅན་ཕྱག་སོར་ལ་ཕྱོགས་པར་བཞུགས་སུ་གསོལ། ལྟེ་བར་ཟངས་གཞོང་སོགས་སུ་འབྲུ་སྣའི་ངར་ཟན་ལ་ཡོན་བདག་གི་གླུད་ཁྲུ་གང་བ་སྐྱེ་མཆེད་དོད་ཅིང་གོས་རྒྱན་གྱིས་མཚན་པ། ཕོ་ལ་སྟག་པ་དང་། མོ་ལ་གླང་མའི་ཤིང་བྱང་ལ་ལོ་གྲངས་ཀྱི་ཁྲམ་བཏབ་པ། རྒྱབ་ཏུ་འདོད་གསོལ་བྲིས་པ་ཕྲག་གཡས་ལ་བཙུགས། ནམ་རྒྱང་མདའ་འཕང་སོགས་ཀྱིས་བརྒྱན་པའོ། །འབྲུ་སྣ། རིན་པོ་ཆེ། གོས་དར་སོགས་དཀོར་ཆ་དུ་མས་བསྐོར་ནས། མཐེ་བོང་མ་གཏོགས་ཕྱག་སོར་བཞིའི་རྩེ་ལ་འཇིམ་པ་སོགས་འབུར་དུ་བྱས་པའམ། ཤིང་བྱང་ལ་བྲིས་པ་སོགས་གང་ཡང་རུང་བའི་བདུད་བཞིའི་གཟུགས་བཀོད་དེ། ཕུང་པོའི་བདུད་སེར་པོ་མཛུབ་མོ། འཆི་བདག་གི་བདུད་ནག་པོ་གུང་མོ། ཉོན་མོངས་པའི་བདུད་དམར་པོ་སྲིན་ལག །ལྷའི་བུའི་བདུད་དཀར་པོ་མཐེའུ་ཆུང་ལ་བཀོད། མཎྜལ་གྱི་པད་འདབ་ལ་ཕུང་པོའི་བདུད་སེལ་ཕྱིར་སྐུ་གདུང་སཱཙྪ་བརྒྱ། མུ་ཁྱུད་གཉིས་པ་ལ་ལྷའི་བུའི་བདུད་སེལ་ཕྱིར་ལྷ་བཤོས་བརྒྱ། མུ་ཁྱུད་གསུམ་པ་ལ་ཉོན་མོངས་པའི་བདུད་སེལ་ཕྱིར་མར་མེ་བརྒྱ། མུ་ཁྱུད་བཞི་པ་ལ་འཆི་བདག་གི་བདུད་སེལ་ཕྱིར་ངར་གླུད་བརྒྱ། དེ་རྣམས་བསྐོར་ཐབས་སུ་མཛེས་པར་བཀོད། གཞུང་ལས། མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །ཞེས་གསུངས་པ་ལྟར་རིམ་པ་བཞིན་བཀོད། གཞན་ཡང་དེ་དག་མཐར། སྤྱི་དང་བྱེ་བྲག་གི་གཏོར་མཆོད་དང་གསེར་སྐྱེམས་ལ་སོགས་པ་ཡང་བཤམ། རང་གི་མདུན་ནམ་ཕྱོགས་གང་བདེར་དཀོན་མཆོག་སྤྱི་གཏོར་དང་། ཆུ་གཉིས་ཉེར་སྤྱོད་ལྔ་སོགས་དང་། འཐོར་རྒྱུའི་མེ་ཏོག་དང་། རོལ་མོའི་ཆ་བྱད་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས་བཤམ་མོ། །དེ་ལྟར་བཤམས་པ་ནི་རབ་འབྱོར་པ་ཅན་གྱི་བཤམས་ཚུལ་ཡིན་ལ། གཞན་ལ་རྫས་རྣམས་ལྔ་བཅུའམ་ཉེར་ལྔ་སོགས་བཤམས་ལ་མེ་ལོང་གཅིག་གམ་གསུམ་ལ་གཟུགས་བརྙན་ཤར་བའི་གྲངས་ནི་ཁ་བསྐང་བས་འབྲིང་གི་བརྒྱ་བཞི་སྟེ་གཟུགས་བརྙན་གྱི་བརྒྱ་བཞི་དང་། ཐ་མ་རྫས་རེ་རེ་ཙམ་ལ་བརྟེན་ནས་བརྒྱ་བསྔོ་བ་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་དངོས་གཞི་ཆོ་གའི་རིམ་པ་ལ། དཔུང་བསྐྱེད་པའི་རྒྱབ་ཆོས་དང་། ཆོ་ག་དངོས་གཞི་དང་གཉིས་ལས། དང་པོ་དགེ་འདུན་ལ་ཆོས་སྟོན་དྲངས་ནས། སྤྱིར་དཀོན་མཆོག་ལ་མཆོད་པ་དང་ཤེར་སྙིང་བཏོན། བྱེ་བྲག་སྐབས་དོན་དང་སྦྱར་ཏེ། ཚེ་བསྲིང་བ་ལ་ཚེ་མདོ། མི་གཙང་བ་སེལ་བ་ལ་རྣམ་འཇོམས། ཕུར་ཁ་ཟློག་པ་ལ་གཙུག་ཏོར་གདུགས་དཀར་ནག །རིམས་ཁ་ཟློག་པ་ལ་མ་མོའི་བསྟོད་གཟུངས་དང་གཙུག་ཏོར་ནག་མོ། ས་བདག་གི་གནོད་པ་ཞི་བ་ལ་ཀླུའི་སྤང་སྐོང་། གཤིན་དོན་ལ་སྤང་སྐོང་ཕྱག་བརྒྱ་མ། དབང་ཐང་གསོ་བ་ལ་ཛམྦྷ་ལ་དང་ནོར་རྒྱུན་གྱི་གཟུངས་འདོན། གཟའ་སྐར་ངན་པ་ཟློག་པ་ལ་སྡོང་རྒྱན་དང་སྣང་བརྒྱད་འདོན། གཞན་ཡང་ཆོས་སྐྱོང་ལ་བསྐང་གསོལ་དང་། སྡེ་བརྒྱད་འབྱུང་པོ་སོགས་ལ་གསེར་སྐྱེམས་གཏོར་མ་སོགས་དཔུང་བསྐྱེད་པའི་ཆོ་ག་ཅི་འགྲུབ་བྱ། གཉིས་པ་ཆོ་ག་དངོས་གཞིའི་རིམ་པ་ལ་བཅུ་གསུམ་ལས། དང་པོ་བདག་བསྐྱེད་ནི། སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་པ་བཞི་བསྒོམ་པ་སོགས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོ་དེའི་འོད་ཀྱིས་ལུས་ཐམས་ཅད་གང་བ་ལས་རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་ས་གནོན་དང་། གཡོན་པ་མཉམ་གཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ནོ། །མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་བ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་བདག་ཉིད་ཅན་དུ་བཞུགས་པར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས་བཛྲ་ས་མ་ཡ་ཛ་ཛཿས་སྤྱན་དྲང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་དང་། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྙིང་གའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམས་ལ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླས་པ་ཅི་ནུས་བཟླས་ལ། གཉིས་པ་སྐུ་གདུང་རབ་གནས་ནི། རང་གི་ཐུགས་ཀའི་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་གཤེགས་པར་གྱུར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སོགས་ནས། མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད། ནམ་མཁའི་ལྷ་ཚོགས་རྣམས་འོད་ཟེར་གྱི་ཕུང་པོར་གྱུར་ནས་སྐུ་གདུང་ལ་ཐིམ་པར་གྱུར། མེ་ཏོག་དོར་ཞིང་རྟེན་འབྲེལ་སྙིང་པོ་བཟླས་ནས་སཱཙྪ་ལ་གཏོར། སངས་རྒྱས་རྗེས་སུ་དྲན་པའི་མདོ་ཡང་འདོན་ལ་ཤིས་བརྗོད་བྱ། གསུམ་པ་ཚོགས་གསག་པ་ནི། རབ་གནས་བྱས་པ་ཚོགས་རྟེན་ཉིད་དུ་མོས་པས། མཆོད་བསྟོད་ཡན་ལག་བདུན་པ་བྱ་ཞིང་། བསྡུ་ན་བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་པ་ཙམ་བྱའོ། །སྤྱིར་བདག་བསྐྱེད་ནི་ཡི་དམ་གང་ལ་བྱས་ཀྱང་རུང་། འདིར་བསྟན་ཆོ་ག་ནི་ཡིག་རྙིང་ཁུངས་ལྡན་དཔྱད་བཟོད་པ་དག་ལས། བདག་བསྐྱེད་ནས་ཚོགས་བསགས་བར། གོང་གི་བསྒྲིགས་རིམ་འབྱུང་བ་དེ་ལྟར་རོ། །བཞི་པ་རྫས་རྣམས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་གིས་མ་དག་པའི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། བྱེ་བྲག་ཏུ་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ་པ་ནི། ཆོས་ཉིད་རྣམ་པར་དག་པ་ནི། ཐལ་མོ་ཁོང་སྟོང་དུ་སྙིང་གར་སྦྱར་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ ལན་གསུམ་མམ་བདུན་བརྗོད། རྫས་རྣམས་རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། ནམ་མཁའ་མཛོད་ནི། ཐལ་མོ་ཁོང་སྟོང་དུ་སེན་མོ་རྩེ་སྦྲད་པས་ཚིགས་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་མོ། །བདུད་རྩི་ཐབ་སྦྱོར་ནི། ཐལ་མོ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། རྒྱ་ཆེན་ཤུགས་ལྡན་གྱི་སྔགས་དང་ཕྱག་རྒྱ་ནི། གཡས་རྡོ་རྗེ་ཁུ་ཚུར་བཅིངས་པའི་མཛུབ་མོ་སྒྲེང་། གཡོན་པ་ས་གནོན་བྱས་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅའ་ལ། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་ལ། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་བསམ་མོ། །དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱིས་སོར་མོ་ནང་དུ་བསྣོལ་ནས་མཁྲིག་མར་སྦྱར། མཐེ་བོང་གཉིས་གཤིབ་སྟེ་གྱེན་ལ་སྤྱི་བོར་བཞག་ནས། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་ཉིད་ཀྱི་དབང་དུ་གྱུར་པར་བསམ་ལ། དེ་ལྟར་སྔགས་ལན་གསུམ་མམ་བདུན་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། ལྔ་པ་མགྲོན་རྣམས་སྤྱན་དྲང་བ་ནི། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཀྱེ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །སྲིད་པའི་རྩེ་ནས་དམྱལ་ཁམས་ཡན་ཆད་ཀྱི། །མགྲོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀུན། །ཚུར་བྱོན་བདེ་གཤེགས་རྒྱལ་བའི་བཀའ་ལ་ཉོན། །ཀྱེ། སྲིད་གསུམ་འདི་ན་སུ་ཡང་རུང་། །གནོད་པར་བྱེད་པའི་བགེགས་རིགས་རྣམས། །ཚུར་བྱོན་རྒྱལ་བའི་བཀའ་ལ་ཉོན། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཅིག །འཆི་བདག་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་ལྷ་བུའི་བདུད། །བདུད་བཞི་བདུད་ཀྱི་དམག་དཔུང་ཚོགས། །སྐྱེ་མཆེད་མུ་བཞིའི་གནས་དག་ནས། །དེང་གི་གནས་འདིར་སྤྱན་འདྲེན་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ད་ལྟ་ཉིད་དུ་གཤེགས་སུ་གསོལ། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་ནི། །འཆི་བདག་བདུད་ཀྱིས་ཟིན་པ་ལ། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཀྱིས། །བརྒྱ་བཞིའི་སྦྱིན་པ་བཏང་བ་ཡིས། །ལྷ་དབང་བརྒྱ་བྱིན་བསྙུན་ལས་ཐར། །ད་ལྟ་རྒྱུ་སྦྱོར་ཡོན་བདག་ལ། །བདུད་བཞིའི་ཁྲམ་ཁ་བབས་པ་དང་། །ལྷ་འདྲེའི་དལ་ཁ་ཟུག་པ་དང་། །མོ་ངན་རྨིས་ལྟས་ངན་པ་དང་། །འབྱུང་བཞིའི་བདུད་ནི་གཡོས་པ་དང་། །ངན་པ་ཐམས་ཅད་ཟློག་པའི་ཕྱིར། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །འབྱུང་བའི་བདུད་བཞི་སྤྱན་འདྲེན་ནོ། །སྐད་ཅིག་ཙམ་གྱིས་འདིར་གཤེགས་ལ། །བཅོམ་ལྡན་ཐུབ་པ་ཆེན་པོ་ཡི། །ཕྱག་སོར་བཞི་ཡི་རྩེ་ལ་བཞུགས། །ཨོཾ་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ རང་རང་གི་གཟུགས་དང་གཉིས་སུ་མེད་པར་བཞུགས་པར་གྱུར། དྲུག་པ་རྫས་རྣམས་སྤྱིར་བསྔོ་བ་ནི། ཀྱེ། སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ཀྱིས། །ལྷ་དབང་བསྙུན་གྱིས་ཟིན་པ་ལ། །མཆོག་སྦྱིན་ཕྱག་རྒྱ་གཡས་པ་རུ། །བརྒྱ་བཞིའི་ཡས་དང་རྫས་བསགས་ཏེ། །ཕྱག་སོར་རྩེ་ལ་མགྲོན་བཀུག་ནས། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་གྱི་བདེན་པའི་བྱིན་རླབས་དང་། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གིས། །བསམ་སྦྱོར་དག་པས་བཤམས་པ་ཡི། །མཆོད་སྦྱིན་གླུད་གཏོར་འདི་བཞེས་ལ། ཁྲམ་ལ་བབས་ན་ཁྲམ་ཁ་སྒྱུར། །ཤྭ་ལ་བབས་ན་ཤྭ་རྡིལ་གཏོར། །རྩིས་ལ་བབས་ན་རྩིས་རྡིལ་ཕྱུངས། །རྒྱན་ལ་བབས་ན་རྒྱན་ཁ་སྤོས། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བདུད་ཀྱི་ཞགས་པ་སླར་སྡུས་ཤིག །ཀྱེ། ལྷ་བུའི་བདུད་ནི་དཀར་པོ་ཁྱོད། །ཤེས་བྱའི་སྒྲིབ་པ་དག་ལས་བྱུང་། །ཉོན་མོངས་བདུད་ནི་དམར་པོ་སྟེ། །དུག་ལྔ་ཉོན་མོངས་སྒྲིབ་ལས་བྱུང་། །འཆི་བདག་བདུད་ནི་ནག་པོ་ཁྱོད། །བག་ཆགས་ལས་ཀྱི་སྒྲིབ་ལས་བྱུང་། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །རྣམ་སྨིན་ལས་ཀྱི་སྒྲིབ་ལས་བྱུང་། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །སྒྲིབ་པ་རྣམ་བཞི་སྦྱང་བའི་ཕྱིར། །མཆོད་དང་སྦྱིན་པའི་ལས་བྱ་ཡི། །མཆོད་པའི་ཞིང་ནི་དཀོན་མཆོག་གསུམ། །སྦྱིན་པའི་མགྲོན་ནི་བགེགས་ཀྱི་ཚོགས། །མཆོད་རྫས་མར་མེ་ཞལ་ཟས་དང་། །ལན་ཆགས་གླུད་དང་གཏོར་མ་ཡིས། །བསོད་ནམས་ཡེ་ཤེས་ཚོགས་བསགས་པ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །བག་ཆགས་སྒྲིབ་དང་རྣམ་སྨིན་སྒྲིབ། །སྒྲིབ་པ་རྣམ་བཞི་སྦྱང་བའི་ཕྱིར། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདིས། །ལྷ་བདུད་ཤེས་བྱའི་སྒྲིབ་ལས་ཐར། །སྣང་བྱེད་གསལ་བའི་མར་མེ་འདིས། །ཉོན་མོངས་དུག་ལྔའི་སྒྲིབ་ལས་ཐར། །ལན་ཆགས་སྲོག་གླུད་འདི་བསྔོས་པས། །འཆི་བདག་བག་ཆགས་སྒྲིབ་ལས་ཐར། །བསོད་ནམས་ཚོགས་སུ་འདི་བསྔོས་པས། །ཕུང་བདུད་རྣམ་སྨིན་སྒྲིབ་ལས་ཐར། །བདུད་བཞི་སེལ་བའི་གཏོ་དཔྱད་འདི། །སྔོན་ཚེ་རྒྱལ་བའི་བྱིན་རླབས་ཀྱིས། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་ཟློག་པའི་ཕྱིར། །གླུད་སྒོ་འགགས་དང་ཡས་སྒོ་འཁྱིལ། །གྲིབ་དང་མི་གཙང་དྲི་མའི་ཚོགས། །ཚོགས་གཉིས་བསགས་པས་འདགས་པར་བྱེད། །བདུད་ཀྱི་གཙོ་བོ་བདུད་ཆེན་བཞི། །ཆོ་ག་སྣང་གསལ་བརྒྱ་བཞི་སྟེ། །མཆོད་སྦྱིན་རྒྱ་ཆེན་རིམ་གྲོ་འདིས། །བདུད་ཆེན་བཞི་པོ་རབ་ཏུ་སེལ། །ནད་ཀྱི་གཙོ་བོ་འདུ་བ་བཞི། །འབྱུང་བ་རྣམ་བཞི་འདུས་པ་ཡིས། །གཟུགས་ཀྱི་ཕུང་པོ་འཇིག་པར་བྱེད། །དེ་ནི་ཚངས་པ་སྨན་གྱིས་སེལ། །བགེགས་ཀྱི་གཙོ་བོ་བདུད་ཆེན་བཞི། །བར་ཆད་རྐྱེན་དང་གློ་བུར་བྱད། །དེ་དག་མཆོད་སྦྱིན་བརྒྱ་བཞི་ཡི། །ཆོ་གས་གནོད་བྱེད་སེལ་བར་བྱེད། །འགྲོ་བ་རབ་འབྲིང་ཐ་མའི་བློས། །དངོས་དང་གཟུགས་བརྙན་ཏིང་འཛིན་གྱི། །བརྒྱ་བཞི་བྱིན་གྱིས་བརླབས་ནས་ནི། །བདུད་ཆེན་བཞི་ལ་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་བཞེས་མཛོད་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །ཕྱིན་ཆད་གནོད་པ་མ་བྱེད་པར། །སྲིད་ཞུའི་མགྲོན་དང་ལྡན་གྱུར་ཅིག །ཅེས་བསྔོ་ཞིང་གླུད་གཏོར་རྣམས་ཁ་འབར་མའི་སྔགས་ཀྱིས་ཡིད་ཆེས་པར་བསྔོ་ཞིང་། སྔགས་བརྒྱ་རྩ་རྫོགས་ནས་ཕྲིན་ལས་གསོལ་བར་བྱའོ། །སྐབས་འདིར་གསེར་སྐྱེམས་དང་གཏོར་མ་བསྔོ་བ་ཡིག་རྙིང་གི་དཀྱུས་ན་མི་གསལ་ཡང་། བར་སྐབས་ཀྱི་ལག་ལེན་དུ་འདུག་པས་སྤྲོ་ན་ཟུར་དུ་བལྟའོ། །བདུན་པ་བྱེ་བྲག་ཏུ་བསྔོ་བ་ནི། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བདུད་ཀྱི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །བདུད་ཆེན་བཞི་ཡི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །བདུད་ཀྱི་དམག་དཔུང་ཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཤེ་པྲི་བ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་པས་སོ་སོར་གསེར་སྐྱེམས་མཆོད། ཡོན་བདག་གམ་གཞན་གྱིས་ཀྱང་རུང་སྟེ་ནས་ནག་གིས་བྲབ་པ་སོགས་བྱའོ། །ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གཤིན་རྗེའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །གཤིན་རྗེ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །གཤིན་རྗེའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཡ་མ་རཱ་ཙ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་སྦྱིན་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །གནོད་སྦྱིན་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །གནོད་སྦྱིན་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཡཀྴ་གྲཱི་ཝ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཚངས་པའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །ཚངས་པ་ལྷ་ཡི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །ཚངས་པའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་བྲཧྨ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །སྲིན་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །སྲིན་པོའི་དམག་ཚོགས་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །སྲིན་པོའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཀྴ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རྒྱལ་པོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །རྒྱལ་པོའི་དམག་ཚོགས་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །རྒྱལ་པོའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཱ་ཛ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཐེའུ་རང་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །ཐེའུ་རང་དམག་ཚོགས་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །ཐེའུ་རང་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཀར་ཤ་ལི་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གཟའ་སྐར་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །གཟའ་སྐར་དམག་ཚོགས་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །གཟའ་སྐར་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཱ་ཧུ་ལ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ས་བདག་ཀླུ་གཉན་དམག་བྱུང་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །ས་བདག་ཀླུ་གཉན་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །ས་བདག་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ནཱ་ག་རཱ་ཛ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མ་མོའི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །མ་མོའི་དམག་ཚོགས་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །མ་མོའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་མ་མ་རཀྨོ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་ཡི་དམག་དཔུང་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །མི་ཡི་དམག་ཚོགས་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །མི་ཡི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ན་ར་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མེ་ལྷའི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །མེ་ལྷ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །མེ་ལྷའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་རཾ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཆུ་ལྷའི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །ཆུ་ལྷ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །ཆུ་ལྷའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཁཾ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ས་ལྷའི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །ས་ལྷ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །ས་ལྷའི་དམག་དཔུངཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ལཾ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀྱེ། མཐོ་བ་རྣམས་ནི་མར་གསོན་ཅིག །དམའ་བ་རྣམས་ཀྱང་ཡར་གསོན་ཅིག །ཆེ་བ་རྣམས་ཀྱིས་མ་བཀྱོན་ཅིག །ཆུང་བ་རྣམས་ཀྱང་མ་འཁང་ཞིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རླུང་ལྷའི་འཇིགས་པ་བྱུང་བའི་ཚེ། །ཡོན་བདག་གླུད་དུ་བརྒྱ་བཞི་འབུལ། །སཱཙྪ་བརྒྱ་དང་སྣང་གསལ་བརྒྱ། །གཏོར་མ་བརྒྱ་དང་ངར་གླུད་བརྒྱ། །རླུང་ལྷ་རྣམས་ཀྱི་ཕྱག་ཏུ་འབུལ། །སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ། །རླུང་ལྷའི་དམག་དཔུང་ཟློག་ཏུ་གསོལ། །ཨོཾ་ཨ་པ་ར་ཙཀྲ་ཧྲཱིཿཏི་ཡཾ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་གསེར་སྐྱེམས་འཐོར་ལ་ནས་ནག་གིས་བྲབས་ནས་རོལ་མོ་དང་བཅས་པ་བྱའོ། །བརྒྱད་པ་གླུད་བསྔོ་བ་ནི། ཕྱག་མཐིལ་གྱི་གླུད་ཆེན་གཙོ་བོར་དམིགས་ཏེ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡོན་བདག་གི་འདྲ་གླུད་མཛེས་ཤིང་བརྗིད་པ་ཡིད་དུ་འོང་བ། སྨྲ་མཁས་ཤིང་ཤེས་རིག་བཀྲ་བ། འཇམ་པའི་གོས་དང་མཛེས་པའི་རྒྱན་གྱིས་སྤྲས་པ། མཁོ་རྒུའི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར། རྒྱས་པར་སྔགས་དྲུག་ཕྱག་དྲུག་གམ། བསྡུ་ན་ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཧཱུྃ། སྲིད་གསུམ་འདི་ན་གང་ཡང་རུང་། །བགེགས་ཀྱི་རིགས་སུ་གྱུར་པ་གང་། །ཚུར་གཤེགས་རྒྱལ་བའི་བཀའ་ལ་ཉོན། །རིན་ཆེན་འབྲུ་མཆོག་ངར་གྱི་མི། །ནམ་མཁའི་སེམས་ལ་ཞོ་ཤའི་སྙིང་། །དུང་གི་རུས་ལ་བསེ་ཡི་ཤ །མཚལ་གྱི་ཁྲག་ལ་མེ་ཡི་དྲོད། །རླུང་གི་དབུགས་ལ་ཆུ་ཡི་ཁམས། །ཟེར་མོའི་སྐྲ་ལ་མུ་ཏིག་ཀླད། །ལོང་ཐང་མིག་ལ་འགྲོན་བུའི་སོ། །ལེ་བརྒན་ལྕེ་ལ་དབང་པོའི་ལག །ཟངས་ལྕགས་རྐང་ལ་དར་ཟབ་གོས། །རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར། །ཕུང་ཁམས་སྐྱེ་མཆེད་དག་དང་ལྡན། །གཟུགས་མཛེས་གོམ་སྟབས་ལམས་སེ་ལམ། །སྨྲ་མཁས་ངག་སྙན་ཀྱུ་རུ་རུ། །སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག །བཅས་བཅས་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས། །ན་ཆུང་བག་མར་ཆས་པ་འདྲ། །བཙལ་བཙལ་དེ་ནི་བསགས་བསགས་ནས། །རྒྱལ་པོའི་བང་མཛོད་དབྱེ་བ་འདྲ། །དེ་འདྲའི་གླུད་བཟང་ངོ་མཚར་ཅན། །མི་བས་གླུད་དགའ་བཞེས་སུ་གསོལ། །ལན་ཆགས་བསྐང་ཞིང་བུ་ལོན་བྱང་། །གནོད་པའི་བསམ་སྦྱོར་ངན་པ་སྒྱུར། །དུས་མིན་འཆི་བའི་རྐྱེན་རྣམས་སྒྱུར། །ཆག་ཆེ་ཉམ་ང་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་རྒྱས་པར་མཛོད། །ཅེས་དང་། སྔོན་གྱི་རབས་བརྗོད་དེ་འབུལ་བ་ནི། ཀྱེ། སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་གཡས་པ་རུ། །ཕྱག་སོར་རྩེ་ལ་བདུད་བཞི་བོས། །མགྲོན་དུ་བཀུག་ནས་མཆོད་སྦྱིན་བསྔོས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ནི། །དད་ཅན་ཕྱག་གི་མཐིལ་དུ་བཞག །གཅེས་པར་མཛད་ནས་དབང་བསྐུར་པས། །སྒྲིབ་པ་བཞི་ལས་གྱུར་པ་ཡི། །བདུད་བཞི་བསལ་ཏེ་མདངས་དང་ལྡན། །སྔོན་ཚེ་བདེན་པའི་བྱིན་རླབས་ལྟར། །ད་ལྟ་བདག་དང་ཡོན་བདག་གི །གཟུགས་གླུད་ཕྱག་གི་མཐིལ་དུ་བཞག །ཐ་མར་བརྒྱ་བཞིའི་རྫས་ཀྱིས་བསྐོར། །བདུད་བཞི་ཕྱག་སོར་རྩེ་ལ་བཞག །བྱིན་གྱིས་བརླབས་ཤིང་བསྔོས་ཏེ་འབུལ། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །ཞེས་བརྗོད་དོ། །དགུ་པ་སྨོན་ལམ་བཏབ་པ་ནི། ན་མོ། བརྒྱ་བཞིའི་མཆོད་སྦྱིན་རྒྱ་ཆེན་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་བསྔོ་བར་བགྱིའོ། །སྐུ་གདུང་སཱཙྪ་བཏབ་པའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་དགེ་བ་བཅུ་ལ་སྤྱོད་པར་གྱུར་ཅིག །མི་དགེ་བ་བཅུ་སྤང་བར་གྱུར་ཅིག །མར་མེ་བརྒྱ་ཕུལ་པའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་མ་རིག་པའི་མུན་པ་བསལ་ནས་ཡེ་ཤེས་ལྔའི་དོན་རྟོགས་པར་གྱུར་ཅིག །གཏོར་མ་བརྒྱ་ཕུལ་པའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་མུ་གེའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ངར་གླུད་བརྒྱ་ཕུལ་པའི་བསོད་ནམས་ཀྱིས་སེམས་ཅན་ཐམས་ཅད་བགེགས་ཀྱིས་གནོད་པའི་ལན་ཆགས་དང་བུ་ལོན་ཐམས་ཅད་བྱང་བར་གྱུར་ཅིག །མདོ་སྡེ་ཟབ་མོ་བཏོན་པའི་བྱིན་རླབས་ཀྱིས་སེམས་ཅན་ཐམས་ཅད་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཅིག །བརྒྱ་བཞི་ཕུལ་པའི་དགེ་བའི་རྩ་བ་འདིས་བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་འཁོར་དང་བཅས་པའི་ལན་ཆགས་བུ་ལོན་ཐམས་ཅད་འཁོར་བར་གྱུར་ཅིག །ཚོགས་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །བཅུ་པ་ཟློག་པ་བྱ་བ་ནི། ཀྱེ། མཆོད་སྦྱིན་བརྒྱ་བཞིའི་བདེན་སྟོབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཡས་ཀྱི་བདུད་གཡོས་བརྒྱ་བཞིས་ཟློག །མས་ཀྱི་སྲི་ལངས་བརྒྱ་བཞིས་ཟློག །ཕ་བུའི་རྒན་སྲི་བརྒྱ་བཞིས༴ མ་བུའི་བྱུར་སྲི་བརྒྱ་བཞིས༴ བྱིས་པའི་ཆུང་སྲི་བརྒྱ་བཞིས༴ ཆོས་ཟོར་བོན་ཟོར་བརྒྱ་བཞིས༴ གཏད་ཁྲམ་བྱད་སྟེམས་བརྒྱ་བཞིས༴ ལོ་ཀག་ཟླ་ཀག་ངན་པ་བརྒྱ་བཞིས༴ ཞག་ཀག་ཟ་ཀག་ངན་པ་བརྒྱ་བཞིས༴ གཟའ་སྐར་ངན་པ་ཐམས་ཅད་བརྒྱ་བཞིས༴ རྦད་འདྲེ་རྦོད་གཏོང་ཐམས་ཅད་བརྒྱ་བཞིས༴ མི་ཡི་ཤི་ཁ་བྱེ་བ་བརྒྱ་བཞིས༴ ནོར་ཕྱུགས་གོད་ཁ་བྱུང་བ་བརྒྱ་བཞིས༴ དགྲ་ཁ་རྐུན་ཁ་ངན་པ་བརྒྱ་བཞིས༴ སྐྱེ་བོའི་ཡ་ག་ངན་པ་བརྒྱ་བཞིས༴ སྡེ་བརྒྱད་འབྱུང་པོས་གནོད་པ་བརྒྱ་བཞིས༴ གནམ་གྱི་འཇུ་ཐག་ཆད་པ་བརྒྱ་བཞིས༴ ས་ཡི་རྟེན་ཕུར་ཕྱུང་བ་བརྒྱ་བཞིས༴ རྨི་ལམ་མཚན་མ་ངན་པ་བརྒྱ་བཞིས༴ རྒྱ་ཡི་གཙུག་ལག་ངན་པ་བརྒྱ་བཞིས༴ བོད་ཀྱི་མོ་རྩིས་ངན་པ་བརྒྱ་བཞིས༴ ངན་དགུ་རྩུབ་བཅུ་ཐམས་ཅད་བརྒྱ་བཞིས༴ ཆག་ཆེ་ཉམ་ང་ཐམས་ཅད་བརྒྱ་བཞིས་ཟློགས། ཞེས་བརྗོད་ཅིང་ཐལ་རྡེབ་བྱའོ། །བཅུ་གཅིག་པ་ཡས་རྫོངས་འདེབས་པ་ནི། དེ་ནས་བདུད་བཞིའི་གཟུགས་བརྙན་དང་གླུད་སོགས་ཡས་རྫས་རྣམས་གནས་ཁང་གི་སྒོ་དང་ཉེ་བར་དཔགས་ལ། ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། །འབྱུང་པོ་མཁའ་འགྲོ་ཐམས་ཅད་ལ། །གླུད་དང་གཏོར་མ་འདི་འབུལ་ལོ། །དེ་རིང་ཡོན་བདག་འཁོར་བཅས་ལ། །གནོད་པར་བྱེད་པ་གང་ཡང་རུང་། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བཟུང་པ་ལས་ནི་ཐར་བར་མཛོད། །བཅིངས་པ་ལས་ནི་གྲོལ་བར་མཛོད། །རིན་དང་གླུད་དུ་གཏོར་མ་ལོངས། །བདག་གིས་དེ་རིང་ཁྱེད་མཆོད་དོ། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། ཁྱོད་ཀྱིས་བགེགས་ཆེན་མི་ནུས་མིན། ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པར། །དེ་རིང་བདག་གིས་ཁྱོད་མཆོད་ཀྱི། །མེ་ཏོག་ཕྲེང་བ་སྤོས་དང་དྲི། །མར་མེ་ཞལ་ཟས་འདི་རྣམས་ཀྱིས། །བགེགས་ཀྱི་རྒྱལ་པོ་འགྲོ་བར་གྱིས། །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་བྲལ་བར་མཛོད། །དཀོན་མཆོག་གསུམ་གྱི་བཀའ་དང་ནི། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །གནོད་པར་གྱུར་པ་མི་ལེགས་པས། །བགེགས་ཆེན་ཁྱོད་ནི་ད་སོང་ཞིག །རྡོ་རྗེ་ཆེན་པོ་མཆོག་འཛིན་པའི། །བཀའ་ལས་གང་དག་འདའ་བ་ནི། །རྡོ་རྗེ་འཛིན་པས་མྱུར་དུ་སྤང་། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ངན་སོང་གསུམ་པོར་ལྟུང་ནས་ཀྱང་། །ཤིན་ཏུ་མི་བཟད་ཆོ་ངེ་འདེབས། །བདག་ཉིད་ཆེན་པོ་སངས་རྒྱས་བཀའ། །ཚིག་ལས་འདས་ན་རྡུལ་དུ་བརླག །དེ་བས་བགེགས་ཆེན་ཁྱོད་སོང་ལ། །དམ་ཚིག་ལས་ནི་མ་འདའ་ཞིག །ཅེས་བརྗོད་དོ། །བཅུ་གཉིས་པ་གཤེགས་སུ་གསོལ་བ་ནི། དེ་ནས་ཡས་རྣམས་ནད་པ་དང་ཡོན་བདག་ལ་ལན་གསུམ་བསྐོར་ལ། དེས་ནད་གདོན་དང་ཆག་ཆེ་ཉམ་ང་ཐམས་ཅད་བླངས་ཤིང་རང་གནས་སུ་སོང་བར་བསམ། སྤོས་དང་གསེར་སྐྱེམས་ཀྱིས་སྣ་དྲངས་ཏེ། ཕྱོགས་ངན་གང་དུ་གཏང་བའི་སར་ཁྱེར་བར་བྱའོ། །ཧཱུྃ། བགེགས་ཀྱི་རྒྱལ་པོ་བདུད་ཆེན་བཞི། །བདེན་པ་ཆེན་པོའི་བཀའ་ལ་ཉོན། །ལྷ་བདུད་བྱ་བའི་དཀར་པོ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །སྒྲིབ་པ་རྣམ་བཞི་ལས་བྱུང་བའི། །བདུད་ཀྱི་རྒྱལ་པོ་འཁོར་དང་བཅས། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས། །ས་མ་ཡ་པྲ་བེ་ཤ་ཡ་ཛ་ཛཿ ཞེས་པས་ཡས་རྣམས་དོར། ཤེས་རབ་སྙིང་པོ་འདོན་ཞིང་གཟུངས་སྔགས་བརྗོད། སྲུང་བས་རབ་ཏུ་གནས་ཤིང་འཁོར་གསུམ་མི་དམིགས་པའི་རྒྱས་གདབ། ནང་དུ་ལོག་ནས་མདོ་འདོན་པ་དེའི་སྙིང་པོ་གྲོ་གའམ་ཤོག་བུར་བྲིས་པ་གཟུངས་གཞུག་ཏུ་བཅུག་པའི་སཱཙྪ་བཅུ་གནས་ཁང་གི་ཕྱོགས་མཚམས་བཅུ་ལ་སོ་སོར་སྲུང་བའི་དོན་དུ་གཞུག་གོ །རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །བཅུ་གསུམ་པ་སླར་ཡང་མཐའ་རྒྱས་པར་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་མཆོད་པ་བཟང་དུ་བཤམས་ཤིང་ཕུལ་ལ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་དང་བཅས། །ལྷ་བུའི་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཉོན་མོངས་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཕུང་པོའི་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཞེས་བརྗོད་ཅིང་ལས་ཀྱི་རྗེས་བསྡུ་བ་དང་། བཀྲ་ཤིས་ཀྱི་ཚིགས་གཅད་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པ་སོགས་ཀྱིས་བདེ་ལེགས་སུ་ཁྱབ་པར་བྱའོ། །གསུམ་པ་ལོ་རྒྱུས་ཀྱི་སྒོ་ནས་ཕན་ཡོན་བསྟན་པ་ནི། སྔོན་ལྷའི་དབང་པོ་བརྒྱ་བྱིན་སྙུན་གྱིས་ཟིན་པ་ལ། སྟོན་པ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཀྱིས་བདུད་བཞིས་ཟིན་པར་མཁྱེན་ནས་བརྒྱ་བཞིའི་ཆོ་ག་འདི་མཛད་པས། བརྒྱ་བྱིན་བསྙུན་ལས་ཐར་ནས་བདེ་བ་ལ་བཀོད་དོ། །དེ་ལྟར་ཕན་ཡོན་ཆེན་པོ་དང་ལྡན་པའི་ཆོ་ག་རྫས་ལས་བརྒྱ་བཞིར་མཚན་དུ་གྲགས་པ་དེ་ཉིད་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་ཏུ་བབས་པས་རྡོ་རྗེ་གདན་གྱི་ཀ་གདན་སྤྲེའུ་འདྲ་བ་ལ་གཏེར་དུ་སྦས་པ། པཎྜི་ཏ་ལྔ་བརྒྱས་བཏོན་ནས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བསྩལ། དེས་བོད་དུ་བསྣམས་ནས་གཞན་ཕན་གྱི་ཕྲིན་ལས་རྒྱ་ཆེར་མཛད་པའོ། །ཆོ་ག་དེ་ལའང་མདོ་ལུགས་དང་སྔགས་ལུགས་ཞེས་ཐ་དད་དུ་ཡོད་པ་ལས། འདི་ཉིད་མདོ་ལྟར་གྲགས་པའི་ལུགས་སོ། །གཞན་སྔགས་ལུགས་གཤིན་རྗེ་ནག་པོའི་རྒྱུད་ལས་བཏུས་པ་རྡོ་རྗེ་གདན་ནས་བཏོན་ནས། ཨོ་རྒྱན་ཆེན་པོ་སོགས་ལས་བརྒྱུད་པར་གྲགས་པའི་ཡི་གེ་ཟུར་པའི་བླ་མ་གོང་མ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པ་ཞིག་སྣང་བ་ནི། ཡི་གེ་རྙིང་པ་ན་གསལ་བར་འདུག་པ་ལས་ཤེས་སོ། །དེ་ལྟ་བུའི་ཆོ་ག་འདིས་བན་བོན་གྱི་ཕུར་ཁ་ཟུག་པ་དང་། གཏད་ཆུད་པ་དང་། དགྲ་རྐུན་མང་བ་དང་། སྐྱེ་བོའི་ཡ་ག་ངན་པ་དང་། མིའི་ཤི་ཁ་བྱེ་བ་དང་། ཕྱུགས་ནད་གོད་ཁ་བྱུང་བ་དང་། ཡུལ་དུ་ནད་ཡམས་དར་བ་དང་། ཁྱད་པར་རྒྱལ་འགོང་དང་ཡི་དྭགས་ཞུགས་པ་དང་། གཟའ་སྐར་ངན་པ་ལ་ཤི་བ་དང་། ལུས་སྲོག་དབང་ཐང་གུད་པ་དང་། ཀླུང་རྟ་ལ་དགྲ་དར་བ་དང་། ཀེག་ཆག་ཆེ་བ་དང་། སྲིའུ་དང་ནད་པ་ཅིས་ཀྱང་མ་སོས་པ་སོགས། མདོར་ན་མི་མཐུན་པའི་འགལ་རྐྱེན་སེལ་བ་ལ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །དེང་སང་བརྒྱ་བཞིའི་ཆོ་ག་ཤིན་ཏུ་དར་བ་ལྟར་སྣང་ཡང་། འགའ་ཞིག་འཆི་བསླུ་དང་མ་མོའི་གླུད་ཆོག་སོགས་ཀྱང་སྦྱར་བའི་ངག་འདོན་མང་བ་ཙམ་སྙིང་པོར་བྱ་བ་དང་། ལ་ལས་ཚིགས་གཅད་སོར་བསྡེབས་ཉུང་ངུ་ཙམ་ལ་བསྡུས་པ་སོགས། ཡིག་རྙིང་ལྷད་མེད་རང་སོར་གནས་པ་ཤིན་ཏུ་དཀོན་པས་ཁུངས་ཐུབ་ཀྱི་ཡིད་བརྟན་དཀའ་བར་གྱུར་ནའང་། ཡིག་རྙིང་གི་སྒྲོམ་གཞུང་སྡེབ་པ་ན་བར་སྐབས་སོ་སོའི་དབྲི་བསྣན་གྱི་དྲི་མ་ངོས་ཟིན་པ་ལྟར་སྣང་བ་རྣམ་པར་དག་པར་བྱས་ཏེ་བཀླག་ཆོག་ཏུ་བཀོད་པ་ཡང་། དེང་དུས་འདི་ཙམ་ལ་ཁུངས་ལྡན་དུ་རློམ་པ་ཡིན་ནོ། །དེ་ལྟར་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་འདི་ཡང་། ཆོ་ག་འདི་ལག་ལེན་དུ་བྱེད་པ་རྣམས་ལ་ཕན་པའི་བསམ་པ་དང་། དགེ་སྦྱོང་འཚོ་བྱེད་གཞན་ཕན་མཆོག་སྦྱིན་གྱིས་བསྐུལ་བས་ཀྱང་རྐྱེན་བྱས་ཏེ་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་སྦྱར་བའོ། །སརྦ་མངྒ་ལཾ།། ༈ །།ལྷ་བདུད་དཀར་པོ་དང་ལྷ་བཤོས་ཤར། འཆི་བདུད་ནག་པོ་དང་ངར་གླུད་ལན་ཆགས་ལྷོ། ཉོན་བདུད་དམར་པོ་དང་མར་མེ་ནུབ། ཕུང་བདུད་སེར་པོ་དང་སཱཙྪ་བྱང་དུ་འཕེན།
འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་ (Volume 16, Text 39)
༄༅། །འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་བཞུགས་སོ། ། འཇམ་དཔལ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་ཡང་སྙིང་འདི་ལ་གསུམ་སྟེ། དང་པོ་ཀླད་ཀྱི་དོན་ནི།་་་རྒྱ་གར་སྐད་དུ༔་་་ཞེས་ཆོས་ཀྱི་གྲོལ་ཕུག་ཡིན་པས་ཁུངས་བཙུན་པར་བསྟན་ཏེ།་་་ཨཱརྻ་མཉྫུ་ཤྲཱི་ཏནྟྲ་གརྦྷ༔་་་ཞེས་པའོ། །དེ་ཉིད།་་་བོད་སྐད་དུ༔་་་ཞེས་བརྡ་འཕྲོད་སླ་བའི་ཕྱིར་བསྒྱུར་ན།་་་འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང༔་་་ཞེས་པའོ། །བར་ཆད་མི་འབྱུང་ཞིང་བསོད་ནམས་འཕེལ་བའི་སླད་དུ་རང་གི་ལྷག་པའི་ལྷ་ལ་ཕྱག་འཚལ་བ།་་་འཇམ་དཔལ་ལ་ཕྱག་འཚལ་ལོ༔་་་ཞེས་པ་སྟེ། འཇམ་པ་ནི་སྒྲིབ་གཉིས་དང་བྲལ་བ་སྟེ་སྤངས་པ་ཕུན་སུམ་ཚོགས་པའོ། །དཔལ་ནི་ཡོན་ཏན་ཐམས་ཅད་རྫོགས་པ་སྟེ་རྟོགས་པ་ཕུན་སུམ་ཚོགས་པའོ། །དེ་གང་ཡིན་ན་རྫོགས་པ་ཆེན་པོ་གཉུག་མའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་སྟོང་པའི་སྙིང་པོ་ཅན་ནོ། །དེ་གཉིས་སུ་མེད་པར་རྟོགས་པ་ནི་ཕྱག་འཚལ་བའོ། །ད་ནི་འདི་ནས་མར་ལ་གཞུང་གི་དོན་སྟོན་ཏེ། གླེང་གཞི་ཕུན་སུམ་ཚོགས་པ་ནི། འདི་ལྟར་་་་ཞེས་པ་སྟེ་གནས་འདི་རུ། སྟོན་པ་འདིས། ཆོས་འདི། དུས་འདི་ཙམ་ན། འཁོར་འདི་རྣམས་ལ་ཞེས་པ་ཕུན་སུམ་ཚོགས་པ་ལྔ་མཚོན་ཏེ། གནས་འོག་མིན་ཆེན་པོར། སྟོན་པ་ཐུབ་པ་རྡོ་རྗེ་འཆང་གིས། ཆོས་དོན་དམ་ཟབ་མོ་སྟོན་པའི་རྒྱུད་འདི། འཁོར་ས་བཅུའི་བྱང་སེམས་ཕྱག་ན་རྡོ་རྗེ་སོགས་ལ། དུས་བསམ་གྱིས་མི་ཁྱབ་པའི་དུས་སུ་གསུངས་སོ། །ཡང་རྣམ་པ་གཅིག་ཏུ་ན་གླེང་བསླང་བའི་ཚུལ་དུ་མཚོན་ཏེ། ཕྱག་ན་རྡོ་རྗེས་གསང་བ་ཟབ་མོ་སྟོན་པའི་སླད་དུ་འདི་ལྟར་གསོལ་བ་གདབ་པས། སྟོན་པས་ཀྱང་འདི་ཇི་ལྟ་བ་བཞིན་དུ་གསུངས་ཏེ། དེའི་ཚེ་སྟོན་འཁོར་དབྱེར་མེད་པར་བྱིན་གྱིས་བརླབ་པའོ། །དེ་ནས་རྒྱུད་ཀྱི་དངོས་པོ་ནི་གཞི་ལམ་འབྲས་བུའི་རྒྱུད་གསུམ་སྟེ། ཐོག་མར་གདུལ་བྱ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་འབྲས་བུའི་རྒྱུད་གསུང་བ། སངས་རྒྱས་བཅོམ་ལྡན་འདས༔་་་ཞེས་པ་སྟེ། སྤང་བྱ་མ་ལུས་པ་སྤངས། རྟོགས་བྱ་མ་ལུས་པ་རྟོགས། ཕྲིན་ལས་རྒྱུན་མི་ཆད་པའི་གོ་འཕང་མཐར་ཐུག་པ་ནི་རྫོགས་པའི་སངས་རྒྱས་ཏེ་བཅོམ་ལྡན་འདས་སོ། །དེ་ནས་གཞིའི་རྒྱུད་སྟོན་ཏེ། འབྲས་བུའི་རྒྱུད་དེ་གང་ལས་བྱུང་ན། ཡེ་ཤེས་སྐུ་སྟེ་རང་བྱུང་བ༔་་་ཞེས་པ་སྟེ། ཡེ་ཤེས་ནི་སྣང་བའི་ཡེ་ཤེས་ཏེ་རིག་པའོ། །སྐུ་ནི་ཆོས་ཀྱི་སྐུ་སྟེ་སྟོང་པའོ། །སྟོང་པ་གསལ་བ་རིག་པའི་སྙིང་པོ་ཅན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་དོ། །སེམས་ཀྱི་ཆོས་ཉིད་དེ་ནི་སངས་རྒྱས་བཟང་པོས་མ་མཛད། སེམས་ཅན་ངན་པས་མ་བསླད། འཁོར་འདས་གང་གི་ཕྱོགས་སུའང་མ་ལྷུང་བར་ཡེ་ནས་གནས་པས་རང་བྱུང་བའོ། །རང་བྱུང་གི་ཡེ་ཤེས་དེ་ལྟར་གནས་སུ་ཟིན་ཀྱང་། གཉིས་སྣང་དང་བཅས་པའི་ཞེན་པ་སྦྱོང་བའི་ཕྱིར་ལམ་གྱི་རྒྱུད་བསྟན་པ། ཡེ་ཤེས་མིག་གཅིག་དྲི་མ་མེད༔་་་ཞེས་ངོ་བོ་ཀ་དག་གི་ཡེ་ཤེས་ནི་འཁྲུལ་པ་ཐམས་ཅད་དང་བྲལ་ཅིང་། སོ་སོ་རང་གིས་རིག་པའི་ཕྱིར་ཡེ་ཤེས་ཀྱི་མིག་གོ །དེས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་གཅིག་པུའོོ། རིག་པ་རང་ལུགས་སུ་འཇོག་པས་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་དྲི་མ་མེད་པའོ། །ཡེ་ཤེས་སྣང་བ་ལམ་མེ་བ༔་་་ཞེས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི་འོད་གསལ་བ་རྟགས་དང་བཅས་པའི་ཕྱིར་ཡེ་ཤེས་ཀྱི་སྣང་བའོ། །དེ་ཐབས་ཀྱིས་མཐོང་བ་ན་དུས་རྟག་ཏུ་འཆར་བས་ལམ་མེ་བ་ཞེས་པའོ། །ཡེ་ཤེས་གཉིས་པོ་དེ་ལ་གོམས་པས་སེམས་ཀྱི་གཉིས་སྣང་དང་། ལུས་ཀྱི་འབྱུང་བ་ཐམས་ཅད་སྦྱངས་ཏེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཐོབ་པས་ན། ཨ་ར་པ་ཙ་ན་ཡ་ཏེ་ནཱ་མ༔་་་ཞེས་པ་སྟེ། སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་མེད་པ། མཚན་མ་མེད་པ། སྨོན་པ་མེད་པ། འགྲོ་འོང་མེད་པ། འོད་གསལ་བའི་ཡེ་ཤེས་ཞེས་བྱ་བའོ། །དེ་ལྟར་ན་གཞི་རྟོགས། ལམ་གོམས་པས། འབྲས་བུ་ལ་དབང་འབྱོར་བ་ནི་གཞུང་གི་དོན་ཏོ། །ད་ནི་འདི་ནས་འཇུག་གི་དོན་རྗེས་སུ་ཡི་རང་བའི་བསྟོད་པ། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔་་་ཅེས་པ་ནི། སྟོན་པ་དང་འཁོར་རང་བཞིན་གཉིས་སུ་མེད་པར་མཐོང་ནས་རྟོགས་པའི་ཕྱག་མཛད་པའོ། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔་་་ཅེས་པ་ནི། དུས་གསུམ་སངས་རྒྱས་ཀུན་གྱིས་གསུངས་ཤིང་གསུང་བར་འགྱུར་བའི་ངེས་དོན་ཟབ་མོ་ཡིན་པས་སྐལ་པ་དང་བསགས་པ་རབ་ཏུ་གྱུར་པ་རྣམས་ཀྱིས་ཟུངས་ཤིག་ཅེས་པའོ། །ཡང་གཞུང་གི་དོན་གཞན་ཡང་། ཡེ་ཤེས་དང་པོས་རྫོགས་པ་ཆེན་པོ་མཚན་མེད་ཀྱི་རྣལ་འབྱོར་དང་། ཡེ་ཤེས་གཉིས་པས་ལྷ་དང་། སྔགས་དང་། དཀྱིལ་འཁོར་དང་། རྩ་རླུང་ཐིག་ལེ་སོགས་ཐམས་ཅད་ཀྱང་མཚོན་པ་ཡིན་ནོ། །རྒྱུད་ཀྱི་མཚན། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་་་་ཞེས་བྱ་སྟེ། སྙིང་པོ་ནི་འོ་མ་ལས་མར་ཕྱུང་བ་ལྟར་རྒྱུད་ཀྱི་དོན་ཐམས་ཅད་ཟབ་མོ་ཚིག་གསུམ་གྱིས་མཚོན་པས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྫོགས་སོ༔་་་ཞེས་པ་ནི། རྒྱུད་འདི་བཀའ་དང་། བསྟན་བཅོས་གཉིས་གང་ཡིན་ན། འདི་བཀའ་ཡིན། བཀའ་ལ་ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པ་གསུམ་ལས་འདི་ཞལ་ནས་གསུངས་པའི་བཀའ་ཡིན། གསུང་བ་པོ་གང་ཞེ་ན། བསྟན་འདིའི་སྟོན་པ་ཤཱཀྱ་ཐུབ་པས་དངོས་སུ་གསུངས། སངས་རྒྱས་ཐམས་ཅད་དགོངས་པ་གཅིག་པས་བརྒྱུད་ནས་གསུངས་སོ་ཞེས་པའོ། །རྫོགས་སོ་ནི། ཚིག་དོན་གཉིས་ཀ་མཐར་ཕྱིན་པ་སྟེ་ལྷག་མ་མ་ལུས་སོ་ཞེས་པའི་ཐ་ཚིག་གོ །གུ་རུ་པདྨས་ཇོ་མོ་ཤེལ་སྒྲོན་ལ་གནང་བའོ༔་་་་དེ་ནས་གཏེར་དུ་སྦས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་ལྷོ་བྲག་ཁོ་མཐིང་ལྷ་ཁང་ནས་ཡར་འབྲོག་གི་གཉན་སྟོན་ཛཾ་བྷ་ལ་ལ་བཀའ་བསྒོས་ནས་གཏེར་རྒྱ་བཀྲོལ་ཏེ་འགྲོ་དོན་རྒྱ་ཆེར་མཛད་པ་ལགས་སོ། །དགེའོ། །དགེའོ། །དགེའོ།། །།
ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས༔ བུམ་པའི་གཟུངས་ཁྲུས་ཆོ་ག་ (Volume 21, Text 39)
༄༅། །ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས༔ བུམ་པའི་གཟུངས་ཁྲུས་ཆོ་ག་བཞུགས་སོ༔ ྈྈྈྈྈ སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ༔ འགྲོ་བའི་ནད་གདོན་ཉམས་གྲིབ་དང༔ མི་གཙང་བྱད་དུ་བཅུག་པ་ལས༔ ཐར་བར་བྱ་ཕྱིར་བུམ་ཁྲུས་བསྟན༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས༔ དབེན་ཞིང་ཉམས་དགའ་གཙང་བའི་སར༔ ཚེས་གྲངས་གཟའ་སྐར་བཟང་པོ་ལ༔ མཎྜལ་ལེགས་བྱས་རྣམ་ལྔས་བྱུག༔ མེ་ཏོག་ཚོམ་བུ་དགྲམ་པར་བྱ༔ གསེར་དངུལ་ཟངས་ཀྱི་བུམ་པ་འམ༔ མ་འབྱོར་རྫ་ཡི་བུམ་པ་རུ༔ སྨན་ལྔ་འབྲུ་ལྔ་སྤོས་ལྔ་དང༔ རིན་ཆེན་ལྔ་དང་ཆུ་གཙང་བླུག༔ ཆུ་ཤེལ་མིག་མེད་སྙིང་པོར་གཅེས༔ མགུལ་ཆིངས་ཁ་རྒྱན་ཤུག་པ་འམ༔ འབྲས་བུ་ཅན་གྱི་ཤིང་ལ་བྱ༔ རིགས་ལྔའི་ཕྱག་མཚན་བྲིས་པ་དང༔ བཀྲ་ཤིས་རྫས་བརྒྱད་རིན་ཆེན་བརྒྱད༔ རྨ་བྱའི་སྒྲོ་ལ་སོགས་པ་གཟུགས༔ མཆོད་པ་རྣམ་ལྔའམ་བདུན་བཤམ་མོ༔ ཡན་ལག་བདུན་པས་ཚོགས་བསགས་ལ༔ རང་ཉིད་རྟ་མགྲིན་སྐུར་བསྒོམས་ལ༔ བུམ་པ་གུ་གུལ་དུད་པས་བདུག༔ བགེགས་བསྐྲད་བྱས་ལ་བུམ་པ་གཟུག༔ དེ་ནས་བུམ་པའི་ཆོ་ག་ནི༔ དང་པོ་དམ་ཚིག་ལྷ་བསྐྱེད་པ༔ ཡེ་ཤེས་ཚོགས་ནི་སྟོང་པར་བསྒོམ༔ ཟླ་བའི་སྟེང་དུ་ཧྲཱིཿདཀར་བསམ༔ ཧྲཱིཿལས་འོད་འཕྲོས་འགྲོ་དོན་བྱས༔ དེ་ལས་ཐུགས་རྗེ་ཆེན་པོའི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཉིས་མཉམ་གཞག་བུམ་པ་བསྣམས༔ ཟླ་བའི་གདན་ལ་མཉམ་པར་བཞུགས༔ རིན་ཆེན་རྒྱན་གྱིས་བརྒྱན་པར་བསྒོམ༔ ཐུགས་ཀར་ཟླ་བའི་ད་ལའི་སྟེང༔ ཧྲཱིཿལས་ཡི་གེ་དྲུག་བསྐོར་བསྒོམ༔ དེ་ནས་བུམ་ལ་བྱིན་བརླབ་པ༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ བཅུད་ནི་བདུད་རྩིའི་རྒྱ་མཚོའི་ནང༔ པདྨ་པ་ཏྲ་ཟླ་བར་བཅས༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿའཕྲོས་པས༔ དེ་ལ་ཐུགས་རྗེ་ཆེན་པོར་གྱུར༔ སྐུ་མདོག་ཕྱག་མཚན་གོང་དང་མཚུངས༔ དེ་ཡི་མདུན་གྱི་པདྨའི་སྟེང༔ ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ ཅུང་ཟད་མཆེ་གཙིགས་ཞི་མ་ཁྲོ༔ ཕྱག་གཉིས་ཐལ་མོ་གཟེད་པ་པོ༔ དེ་སྟེང་བདུད་རྩིའི་བུམ་པ་བསྣམས༔ དག་པར་བྱེད་པའི་ལྷ་རུ་བསྒོམ༔ དེ་ནས་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས༔ ཡེ་ཤེས་ཐུགས་རྗེ་ཆེན་པོ་དང༔ ཡེ་ཤེས་བདུད་རྩི་འཁྱིལ་པ་གཉིས༔ རང་བཞིན་གནས་ནས་སྤྱན་དྲངས་ལ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ལ༔ མཆོད་དང་བསྟོད་པ་ཚུལ་བཞིན་བྱ༔ དེ་ནས་བཟླས་པ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ ཅེས་སྔགས་བཟླས་པས༔ གཟུངས་ཐག་ལག་ཏུ་བཟུང་ནས་ནི༔ སྔགས་ཀྱི་འོད་ཟེར་འཁྲིལ་ནས་ནི༔ བུམ་པའི་ཞི་ཁྲོ་གཉིས་ལ་འཕྲོས༔ ཐུགས་དམ་རྒྱུད་བསྐུལ་ཕྲིན་ལས་མཛད༔ ཕྱིར་འཕྲོས་བདེ་བར་གཤེགས་པ་ལས༔ སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་ནས༔ ཚུར་འདུས་བུམ་པའི་ལྷ་ལ་ཐིམ༔ ཕྱག་གི་བུམ་པ་གང་ནས་སུ༔ བུམ་པའི་ནང་ནི་གང་བར་བསམ༔དུས་ཀྱི་བསྙེན་པ་བདུན་ལ་སོགས༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་གཅིག༔ མཚན་རྟགས་ཁོལ་དང་ལུད་དང་དྲོད་རྙེད་པའོ༔ དེ་ནས་བསྟོད་ཅིང་གསོལ་བཏབ་ལ༔ བུམ་པས་དབང་ནི་བསྐུར་བར་བྱ༔ བཀྲ་ཤིས་རྫས་བརྒྱད་དབང་དང་ནི༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དབང༔ ཁྲུས་བྱ་ནད་དང་སྒྲིབ་པ་བཀྲུ༔ དེ་ནས་བུམ་པའི་ལྷ་དང་ནི༔ ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ༔ དམ་ཚིག་སེམས་དཔའ་ཆུ་རུ་ཞུ༔ རང་ཉིད་ལྷ་ལ་བསྡུ་གཤེགས་བྱའོ༔ དམིགས་པ་མེད་པར་རྒྱས་གདབ་བོ༔ འདི་བརྩམས་པ་ཡི་དགེ་བ་གང་ཡིན་པས༔ འགྲོ་བའི་ནད་གདོན་སེལ་གྱུར་ནས༔ བྱང་ཆུབ་ལམ་ལ་རབ་ཞུགས་ནས༔ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ནས༔ ཆོས་སྐུའི་དོན་ནི་རྟོགས་པར་ཤོག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ༔ ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་རྫོགས་སོ༔ ྈྈྈྈ ྈྈྈ ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ༔ འགྲོ་བ་ནད་དང༔ གདོན་དང༔ མི་གཙང་བ་ལ་སོགས་པ་ཕོག་པ་ལ༔ དེ་ལ་ཐུགས་རྗེ་ཆེན་པོའི་བུམ་ཁྲུས་བསྟན༔ དེ་ལ་སྦྱོར་བ་དང༔ དངོས་གཞི་དང༔ མཇུག་གོ༔ དེ་ལ་དང་པོ་སྦྱོར་བ་ནི༔ ཐུགས་རྗེ་ཆེན་པོའི་སྒྲུབ་པ་བུམ་སྒྲུབ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་གིས༔ དབེན་ཞིང་ཉམས་དགའ་བའི་ས་རུ༔ ཚེས་གྲངས་དང་གཟའ་སྐར་བཟང་པོ་ལ༔ མཎྜལ་ལེགས་པར་བྱས་ལ༔ མེ་ཏོག་གི་ཚོམ་བུ་དགྲམ་མོ༔ དེའི་སྟེང་དུ་བཞག་པའི་རྫས་ལ༔ བུམ་པ་རིན་པོ་ཆེའམ་རྫའི་བུམ་པ་བྲེ་གང་ཡན་ཆད་ཤོང་བར༔ སྨན་ལྔ༔ འབྲུ་ལྔ༔ སྤོས་ལྔ༔ རིན་པོ་ཆེ་ལྔ༔ ཆུ་གཙང་མ་དང་འོ་མ་བླུག༔ རིན་པོ་ཆེ་ལྔ་བརྡར་ལ་མགུལ་ཆིངས་དང༔ ཁ་རྒྱན་བཙུགས་ལ༔ ནང་དུ་ཆུ་ཤེལ་མེད་ཐབས་མེད༔ རིགས་ལྔའི་ཕྱག་མཚན་དང༔ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་གཟུགས༔ མཆོད་པ་རྣམ་པ་ལྔའམ་བདུན་ལ་སོགས་པ་བཤམས་ལ༔ ཡན་ལག་བདུན་པས་ཚོགས་གསག་གོ༔ དེ་ནས་རང་དཔལ་རྟ་མགྲིན་དུ་བསྒོམས་ལ༔ བུམ་པ་གུ་གུལ་གྱིས་བདུགས་ལ༔ བགེགས་བསྐྲད་དོ༔ གཉིས་པ་དངོས་གཞི་ལ༔ དམ་ཚིག་གི་ལྷ་བསྐྱེད་པ་ནི༔ དང་པོ་ཡེ་ཤེས་ཀྱི་ཚོགས་གསག༔ ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿཤུདྡྷོ྅་ཧཾ༔ ཞེས་པས༔ ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ དེའི་ངང་ལས་ཨ་ལས་ཟླ་བའི་དལ་བསམ་ལ༔ དེའི་སྟེང་དུ་སེམས་ཉིད་ཧྲཱིཿདཀར་པོ་གཅིག་ཏུ་བསམ༔ ཧྲཱིཿདེ་ལས་འོད་འཕྲོས་འགྲོ་དོན་བྱས༔ འོད་དུ་ཞུ་བ་ལས་པདྨ་དཀར་པོར་གྱུར༔ དེའི་འོད་འཕྲོས་འདུས་པ་ལས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ མཉམ་གཞག་ཁ་ན་བདུད་རྩིའི་བུམ་པ་བསྣམས་པ༔ ཞབས་གདན་ཟླ་བ་ལ་མཉམ་པའི་སྐྱིལ་ཀྲུང་གིས་བཞུགས་པ༔ རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གཅིག་གསལ་བར་བསྒོམ་མོ༔ ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ལས༔ ཡི་གེ་དྲུག་པས་བསྐོར་བར་བསྒོམ་མོ༔ དེ་ནས་བུམ་པ་བྱིན་གྱིས་བརླབ་ཅིང་ལྷ་བསྒོམ་པ་ནི༔ བུམ་པ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ༔ ནང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དུ་བསམ་མོ༔ བཅུད་བདུད་རྩིའི་རྒྱ་མཚོར་བསམ༔ དེ་ཡི་དབུས་སུ་པདྨའི་པ་ཏྲའི་སྡོང་པོའི་དབུས་སུ༔ ཟླ་བའི་དལ་བསམ༔ དེ་ནས་བདག་གི་ཐུགས་ཀ་ནས་ཧྲཱིཿའཕྲོས་པས༔ ཐུགས་རྗེ་ཆེན་པོར་བསྒོམ༔ མདུན་དུ་པདྨའི་སྟེང་དུ་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ༔ སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་མཆེ་བ་ཅུང་ཟད་ཡོད་པ༔ ཕྱག་གཉིས་ཐལ་མོ་ཟེད་པའི་སྟེང་ན་བུམ་པ་བདུད་རྩིས་བཀང་བ་བསྣམས་པ་གཅིག་བསྒོམ་མོ༔ དེ་ནས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས༔ ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོ་དང༔ ཡེ་ཤེས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ་སྤྱན་དྲངས་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབ༔ སྤྱན་དྲང་བ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་ཞི་ཁྲོའི་སྐུར་སྤྲུལ་པ༔ ཐུགས་རྗེ་ཆེན་པོ་ཁྲོ་བོ་བདུད་རྩི་འཁྱིལ༔ འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་བཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཕྱག་བྱ་བ་ནི༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྟོན་ནས༔ ཞི་ཁྲོའི་ཐབས་ཀྱིས་སེམས་ཅན་འདྲེན་མཛད་པ༔ འགྲོ་མགོན་ཐུགས་རྗེ་ཆེན་པོ་བདུད་རྩི་འཁྱིལ༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ བཞུགས་སུ་གསོལ་བ་ནི༔ བདེ་གཤེགས་འགྲོ་བའི་མགོན་པོ་ཐུགས་རྗེ་ཆེ༔ དུག་གསུམ་ནད་སེལ་ཁྲོ་བོ་བདུད་རྩི་འཁྱིལ༔ འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ པདྨའི་གདན་ལ་བརྟན་པར་བཞུགས་སུ་གསོལ༔ པདྨ་མ་དྷ་ལ་ཧཱུྃ༔ མཆོད་པ་འབུལ་བ༔ རིན་ཆེན་དུང་ཕོར་པདྨའི་སྣོད༔ གཙང་ཞིང་དག་པའི་ཡོན་ཆབ་འདི༔ བདེ་གཤེགས་ཞི་ཁྲོ་རྣམས་ལ་འབུལ༔ འགྲོ་བའི་དོན་དུ་ཐུགས་རྗེས་བཞེས༔ ཨཱ་ཧ་ར་པཱུ་ཙ་ཧཱུྃ༔ དག་ཅིང་གཙང་མའི་སྣོད་མཆོག་ཏུ༔ བདུད་རྩི་དྲི་ཆུས་བཀང་ནས་ནི༔ བདེ་གཤེགས་ཞི་ཁྲོ་རྣམ་གཉིས་ཀྱི༔ ཕྱག་དང་ཞལ་གཉིས་བསིལ་གྱུར་ཅིག༔ པྲ་ཝ་སཏྐ་ར་པྲ་ཏི་པཱུ་ཙ་ཧཱུྃ༔ པདྨ་མེ་ཏོག་དབྱིབས་ལེགས་དང༔ ཐང་སྐྱེས་ཤིང་སྐྱེས་ཆུ་སྐྱེས་རྣམས༔ བདེ་གཤེགས་ཞི་ཁྲོ་གཉིས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ པུཥྤེ་པཱུ་ཙ་ཧཱུྃ༔ དྲི་དང་སྤོས་དང་བདུག་པ་དང༔ དྲི་ཡི་དམ་པ་མཆོག་གྱུར་པ༔ བདེ་གཤེགས་ཞི་ཁྲོ་གཉིས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ དྷཱུ་པེ་པཱུ་ཙ་ཧཱུྃ༔ མ་རིག་མུན་པ་སེལ་མཛད་ཅིང༔ འཇིག་རྟེན་སྣང་གསལ་མར་མེ་འདི༔ བདེ་གཤེགས་ཞི་ཁྲོ་གཉིས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨཱ་ལོ་ཀེ་པཱུ་ཙ་ཧཱུྃ༔ མཆོག་ཏུ་སྦྱར་བའི་དྲི་ཆབ་འདི༔ ཙནྡན་སྨན་དང་དྲི་སྦྱར་བ༔ བདེ་གཤེགས་ཞི་ཁྲོ་གཉིས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ གནྡྷེ་པཱུ་ཙ་ཧཱུྃ༔ སྣ་ཚོགས་འབྲུ་དང་རིན་ཆེན་སྦྱར༔ མཆོག་ཏུ་སྦྱར་བའི་ཞལ་ཟས་འདི༔ བདེ་གཤེགས་ཞི་ཁྲོ་གཉིས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ནཻ་བིདྱ་པཱུ་ཙ་ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཁམས་རྣམས་ན༔ དུང་དང་དྲིལ་བུ་ཆ་ལང་སྒྲ༔ བདེ་གཤེགས་ཞི་ཁྲོ་གཉིས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཤབྡ་པཱུ་ཙ་ཧཱུྃ༔ སྔོན་གྱི་དུས་ནས་ད་ལྟའི་བར༔ སྡིག་པ་མི་དགེ་ཐམས་ཅད་བཤགས༔ འཕགས་པ་མཆོད་དང་འགྲོ་དོན་བྱས༔ དགེ་བ་བགྱིད་ལ་རྗེས་ཡི་རང༔ འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར༔ ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ༔ བདེ་གཤེགས་བསྟན་པ་མངོན་འབྱུང་ཕྱིར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ རྒྱལ་སྲས་བླ་མ་དཀོན་མཆོག་ལ༔ སྒོ་གསུམ་དང་བས་སྐྱབས་སུ་མཆི༔ མཆོད་སྦྱིན་དགེ་བཅུའི་ལས་རྣམས་དང༔ སྒོ་གསུམ་བླ་མེད་བྱང་ཆུབ་བསྔོ༔ ཞེས་མཆོད་པ་བྱའོ༔ དེ་ནས་བཟླས་པ་བྱ་བ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཅེས་བཟླས་པས༔ སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས༔ བུམ་པའི་ཐུགས་རྗེ་ཆེན་པོ་ཞི་ཁྲོ་གཉིས་ལ་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ ཕྱིར་བདེ་བར་གཤེགས་པ་ལ་འཕྲོས༔ ཐུགས་ཡེ་ཤེས་ཀྱི་བཅུད་བསྡུས༔ ཚུར་འདུས་བུམ་པའི་ལྷ་ལ་ཐིམ་པས༔ ཕྱག་གི་བདུད་རྩིའི་བུམ་པ་གང་ནས་ལུད་པས༔ བུམ་པའི་གཞལ་ཡས་ཁང་གང་བར་བསམ་མོ༔ དེ་ཡང་དུས་ཀྱི་བསྙེན་པ་ཞག་གསུམ་དང༔ བདུན་ནམ༔ བཅུ་བཞིའམ༔ ཉི་ཤུ་རྩ་གཅིག་ལ་སོགས༔ གྲངས་ཀྱི་བསྙེན་པ་འབུམ་ཚོ་གཅིག༔ བསྙེན་པའི་རྟགས་ཆུ་ཁོལ་བ་དང༔ དྲོད་རྙེད་པ་དང༔ རླངས་པ་འབྱུང་བ་ལ་སོགས་པའོ༔ མཇུག་ཏུ་ཁྲུས་བྱ་ཞིང་དབང་བསྐུར་བ་ལ༔ དང་པོ་བསྟོད་པ་བྱ་བ་ནི༔ སྐྱེ་མེད་དབྱིངས་ལས་འགྲོ་བའི་དོན་སླད་དུ༔ མ་འགགས་ཐུགས་རྗེས་འགྲོ་དྲུག་ཐབས་ཀྱིས་འདུལ༔ སྙིང་རྗེས་ཀུན་ལ་གཟིགས་པའི་ཐུགས་རྗེ་ཆེ༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་གྱིས་རློབས༔ ཆོས་ཉིད་བདུད་རྩི་མཆོག་ཏུ་དབང་བསྒྱུར་ཅིང༔ དུག་ལྔ་དུག་གསུམ་སྨན་དུ་བསྒྱུར་མཛད་པ༔ འགྲོ་བ་ཀུན་གྱི་སྡུག་བསྔལ་སེལ་མཛད་པའི༔ ཁྲོ་བོ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་ལ༔ དེ་ནས་བུམ་པས་དབང་བསྐུར་བ༔ སློབ་མའམ་ཡོན་བདག་གི་སྤྱི་བོར་བུམ་པ་བཞག་ལ༔ བུམ་པས་དབང་བསྐུར་དག་བྱེད་ཀ་ལ་ཤ༔ སྤྱི་བོར་བཞག་པས་པདྨ་རཱ་ག་འདྲ༔ དག་ཅིང་དྲི་མེད་རས་ཀྱི་མགུལ་ཆིངས་བཅིངས༔ འབྲས་བུ་ཆགས་པའི་ཤིང་གིས་ཁ་བརྒྱན་ཅིང༔ ཡོན་ཏན་ལེགས་མཛེས་གདུང་བའི་བསིལ་མངར་ཆུ༔ མེ་ཏོག་ལེགས་མཛེས་དྲི་ལྡན་སྤོས་ཀྱི་ཆུ༔ སྨན་ལྔ་འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཅིག༔ ཁ་རྒྱན་གྱིས་དབང་བསྐུར་བས༔ དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པར་གྱུར་ཅིག༔ གཟུངས་ཐག་གི་དབང་བསྐུར་བས༔ ཐུགས་རྗེའི་ལུ་གུ་རྒྱུད་དང་ལྡན་པར་གྱུར་ཅིག༔ རིན་པོ་ཆེ་སྣ་ལྔས་དབང་བསྐུར་བས༔ དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བར་གྱུར་ཅིག༔ སྨན་ལྔས་དབང་བསྐུར་བས༔ རླུང་མཁྲིས་བད་ཀན་གྱི་ནད་ཀྱི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག༔ སྤོས་ལྔས་དབང་བསྐུར་བས༔ ཚུལ་ཁྲིམས་ཀྱི་མཆོག་དང་ལྡན་ནས༔ འཕགས་པའི་ཞལ་ཟས་དང་ལྡན་པར་གྱུར་ཅིག༔ སྙིང་པོ་ལྔས་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་ལྡན་པར་གྱུར་ཅིག༔ ཇི་ལྟར་བུམ་པ་ནང་སྟོང་པ་ལྟར༔ ཉོན་མོངས་པའི་ལས་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ཅིག༔ ཇི་ལྟར་བུམ་པ་གང་ཞིང་རྒྱས་པ་ལྟར༔ ཚེ་དང་དབང་དང་ལོངས་སྤྱོད་ལ་སོགས་རྒྱས་པར་གྱུར་ཅིག༔ ཀ་ལ་ཤ་པཉྩ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པས་དབང་བསྐུར་ཅིང་ཁྲུས་བྱའོ༔ ནད་པ་ཡིན་ན་སྙིང་པོ་བཟླས་ཤིང་ཁྲུས་བྱས་པས༔ ནད་དང་གདོན་དང་བར་གཅོད་ཐམས་ཅད་དག་ནས་མི་གནས་པར་བསམ་མོ༔ ཚེ་དང་དཔལ་དང་བསོད་ནམས་དང་ལྡན་པར་བསམ་མོ༔ དེ་ནས་བཀྲ་ཤིས་ཀྱི་རྫས་བརྒྱད་ཀྱིས་དབང་བསྐུར་བ༔ རིན་ཆེན་གསེར་གདུགས་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་ཆོས་ཀྱི་སྤྲིན་གྱི་བཀྲ་ཤིས་ཤོག༔ རིན་ཆེན་རྒྱལ་མཚན་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་བདུད་ལས་རྒྱལ་བའི་བཀྲ་ཤིས་ཤོག༔ རིན་ཆེན་གསེར་ཉ་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་སྤྱན་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་སྤྱན་ལྔ་ལྡན་པའི་བཀྲ་ཤིས་ཤོག༔ རིན་ཆེན་འབུད་དུང་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་གསུང་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་ཆོས་སྒྲ་གསུང་གི་བཀྲ་ཤིས་ཤོག༔ རིན་ཆེན་བུམ་པ་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་མགུལ་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག༔ རིན་ཆེན་དཔལ་བེའུ་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་ཐུགས་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་མི་འགྱུར་ཐུགས་ཀྱི་བཀྲ་ཤིས་ཤོག༔ རིན་ཆེན་པདྨ་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་ལྗགས་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་ཡོན་ཏན་ཀུན་ལྡན་རིགས་ཀྱི་བཀྲ་ཤིས་ཤོག༔ རིན་ཆེན་འཁོར་ལོ་བཀྲ་ཤིས་རིན་ཆེན་རྫས༔ བདེ་གཤེགས་ཞབས་ལ་མཚན་དང་དཔེ་བྱད་ཤར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྲོ་ཀུན་འཁོར་བ་རྒྱུན་གཅོད་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་རྫས་བརྒྱད་བྲིས་ལ་ལག་ཏུ་གཏད་དོ༔ དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་བསྐུར་བ། རྒྱལ་པོ་རིན་ཆེན་སྟོང་གསུམ་འཁོར་ལོས་བསྒྱུར༔ མཚན་དང་དཔེ་བྱད་ལྡན་པའི་སྐུ་མངའ་བ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་ལ་འཁོར་ལོས་བསྒྱུར་རྒྱལ་དབང་ཐོབ་ཤོག༔ བཙུན་མོ་རིན་ཆེན་འདོད་འབྱུང་བྱང་ཆུབ་སེམས༔ རྒྱལ་པོའི་སྐུ་ལ་མཉེས་མཛད་ཡུམ་ལྔར་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐབས་དང་ཤེས་རབ་འབྲེལ་བའི་དབང་ཐོབ་ཤོག༔ བློན་པོ་རིན་ཆེན་བློ་ལྡན་བསྙེན་གནས་དགའ༔ རྒྱལ་པོ་ཆེན་པོའི་གྲོས་ཀྱི་ཆབ་སྲིད་འཛིན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བསམ་གཏན་བློ་དང་ལྡན་པའི་དབང་ཐོབ་ཤོག༔ དམག་དཔོན་རིན་ཆེན་རྩུབ་འགྱུར་རྡོ་རྗེ་འཆང༔ ཚུལ་དགུ་ལྡན་པས་ཕ་རོལ་དཔུང་རྣམས་འཇོམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་ཀྱི་དཔུང་རྣམས་འཇོམས་པའི་དབང་ཐོབ་ཤོག༔ འཁོར་ལོ་རིན་ཆེན་གསེར་གྱི་རྩིབས་སྟོང་ལྡན༔ རྒྱལ་པོ་ཆེན་པོ་གར་འགྲོ་ཁ་ལོ་བསྒྱུར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྲིད་པའི་འཁོར་ལོ་རྒྱུན་གཅོད་དབང་ཐོབ་ཤོག༔ ནོར་བུ་རིན་ཆེན་མཆོད་པས་དགོས་འདོད་འབྱུང༔ རྒྱལ་པོ་ཆེན་པོའི་བསོད་ནམས་དབང་ཐང་རྫོགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཀྲེས་སྐོམ་རྒྱུན་ཆད་ཕུན་ཚོགས་དབང་ཐོབ་ཤོག༔ རྟ་མཆོག་རིན་ཆེན་རྩལ་ལྡན་སྤྲིན་ཤུགས་ཅན༔ རྒྱལ་པོ་ཆེན་པོའི་རྫུ་འཕྲུལ་རྟ་ཡི་འཆིབ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སངས་རྒྱས་ས་ལ་མྱུར་དུ་ཕྱིན་པའི་དབང་ཐོབ་ཤོག༔ གླང་པོ་རིན་ཆེན་རྩལ་དང་སྟོབས་བཅུར་ལྡན༔ རྒྱལ་པོ་ཆེན་པོའི་དམག་གི་དཔུང་འདེགས་པའི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐམས་ཅད་མཁྱེན་པར་འགྲོ་བའི་དབང་ཐོབ་ཤོག༔ ཅེས་རིན་ཆེན་བརྒྱད་ཀྱི་གཟུགས་བྲིས་ལ་གཏད་དོ༔ དེ་ལྟར་དབང་བསྐུར་ནས་ཁྲུས་བྱས་ཏེ་སྒྲིབ་པ་སྦྱང་ན་སྔགས་ཀྱི་ཤམ་བུར་ཆེ་གེ་མོའི་ཉོན་མོངས་པའི་སྒྲིབ་པ་དང༔ ལས་ཀྱི་སྒྲིབ་པ་དང༔ རྣམ་པར་སྨིན་པའི་སྒྲིབ་པ་དང༔ ཤེས་བྱའི་སྒྲིབ་པ་དང༔ སྒྲིབ་པ་ཐམས་ཅད་དག་ཅིང་མི་གནས་པར་གྱུར་ཅིག༔ ཅེས་ཚིག་ཏུ་བརྗོད་པས་སྒྲིབ་པ་ཐམས་ཅད་དཀར་སངས་ལ་དག་པར་བསམ་མོ༔ ནད་པ་ཡིན་ན། རླུང་མཁྲིས་བད་ཀན་འདུས་པའི་ནད་ཐམས་ཅད་དག་པར་གྱུར་ཅིག༔ གདོན་དང་བར་གཅོད་ཐམས་ཅད་ཞི་བར་གྱུར་ཅིག༔ ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་དག་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ སྟོང་པར་གྱུར་ཅིག༔ ཅེས་བརྗོད་ཅིང་བཀྲུའོ༔ མི་གཙང་བས་ཟིན་ན༔ ཉམས་པ་ཅན་གྱི་གྲིབ་ཕོག་པ༔ མི་གཙང་བའི་འགོ་མཚན་ཕོག་པ༔ ནད་དང་རིམས་དང་མཛེའི་རླངས་པ་ཕོག་པ༔ མི་གཙང་བས་ལྷ་དང་སྲུང་མ་གྱེས་པ༔ ཆོས་སྐྱོང་སྲུང་མ་མ་དགྱེས་པ༔ དག་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ སྟོང་པར་གྱུར་ཅིག༔ ཅེས་བརྗོད་ལ་ཁྲུས་བྱའོ༔ མཇུག་གི་དོན་ནི༔ བུམ་པའི་ཡེ་ཤེས་པ་གཤེགས༔ དམ་ཚིག་སེམས་དཔའ་ཆུ་ལྷག་མར་ཞུ༔ རང་ལྷར་བསྒོམས་པ༔ མི་དམིགས་པར་རྒྱས་གདབ་བོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ནད་དང་གདོན་དང༔ ཉམས་གྲིབ་བསལ་བའི་དོན་དུ་མཛད་པ༔ ཐུགས་རྗེ་ཆེན་པོའི་བུམ་ཁྲུས་ཀྱི་ཆོ་གའོ༔ ྀཨཚ༔ རྫོགས་སོ༔ ྈྈྈྈ དགེའོ།། །།
གུ་རུའི་ཐུགས་དམ་འཁོར་བ་དོང་སྤྲུག་ལས༔ སྒྲུབ་ཐབས་སྙིང་པོར་དྲིལ་བ་ (Volume 48, Text 40)
༁ྃ༔ གུ་རུའི་ཐུགས་དམ་འཁོར་བ་དོང་སྤྲུག་ལས༔ སྒྲུབ་ཐབས་སྙིང་པོར་དྲིལ་བ་བཞུགས་སོ༔ ྈྈྈྈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ བདག་གཞན་འཁོར་བ་ལས་སྒྲོལ་ཕྱིར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་པ༔ དེ་བཞིན་གཤེགས་པ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་སྒྲུབ་པའི་ཐབས༔ རྒྱུད་ལུང་མང་པོའི་དོན་བསྡུས་ཏེ༔ པདྨ་བདག་གིས་དགོད་པར་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་སྐྱབས་སེམས་ཚོགས་གསག་ནི༔ ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔ མཆོག་གསུམ་འདུས་པ་ལྷག་པའི་ལྷ༔ འཁོར་བ་དོང་སྤྲུག་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ ཡི་རང་བསྐུལ་ཞིང་མི་འདའ་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་ནས་མཆོད་པ་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྣང་སྲིད་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གསལ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ དངོས་གཞིའི་ཏིང་འཛིན་བསྒོམ་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་སྟོང༔ ཀུན་ཁྱབ་སྙིང་རྗེ་འགྲོ་ལ་བསྒོམ༔ ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ཡིས༔ སྣོད་བཅུད་ཐུགས་རྗེའི་ཞིང་དུ་གྱུར༔ དེ་དབུས་པདྨ་ཟླ་བའི་སྟེང༔ རང་ཉིད་ཧྲཱིཿལས་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཁྱེ་འུ་གཞོན་ནུའི་ངང་ཚུལ་ལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཟུར་ཕུད་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འདྲེན༔ གཡོན་པས་ཁྲུས་ཀྱི་བུམ་པ་འཛིན༔ དར་གྱི་ཨང་རག་མཛེས་པར་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འོད་ཕུང་འབར་བའི་ཀློང་དུ་གསལ༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ བདག་གི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་ཡི་གེ་དྲུག་པས་བསྐོར༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ཞིང༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཤར་ཕྱོགས་པོ་ཏ་ལ་ཡི་ཞིང༔ ངོ་མཚར་བཀོད་པ་ཁྱད་འཕགས་ནས༔ ཐུགས་རྗེ་ཆེན་པོ་སྤྱན་འདྲེན་གྱིས༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་ཡེ་ཤེས་སྤོར༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨཱརྱ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུག་མཛད་པ༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ཏེ༔ འཁོར་བ་དོང་ནས་སྤྲུགས་པར་བྱས༔ སྣང་སྲིད་ཐུགས་རྗེའི་ཞིང་དུ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འཁོར་བ་དོང་སྤྲུག་སྔགས་ཀྱང་བཟླ༔ ཨོཾ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ་ཏ་ཐཱ་ག་ཏ་དྷ་རི་ཤ་ནི་མ་ཎི་མ་ཎི་སུ་པྲ་བྷེ་བི་མ་ལེ་སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ གཞན་དོན་བུམ་པ་བསྒྲུབ་འདོད་ན༔ པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༔ བདུད་རྩིའི་དབུས་སུ་པད་ཟླ་ལ༔ ཧྲཱིཿལས་ཐུགས་རྗེ་ཆེན་པོའི་སྐུ༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཕྱག་གཉིས་པད་ཕྲེང་བུམ་པ་འཛིན༔ དར་དང་མེ་ཏོག་རྒྱན་གྱིས་བཀླུབས༔ བཞེངས་སྟབས་སྤྱི་བོར་འོད་དཔག་མེད༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཆུ་ཡི་ཟེགས་མ་རེ་རེ་ཡང༔ འཁོར་བ་དོང་སྤྲུག་སྐུ་རུ་གསལ༔ གང་གི་ཁ་རུ་སོང་ཚད་རྣམས༔ འཁོར་བ་དོང་སྤྲུག་མཐུ་ལྡན་བསམ༔ ཡིག་དྲུག་དོང་སྤྲུག་སྔགས་ཀྱང་བཟླས༔ མཆོད་བསྟོད་ལ་སོགས་གོང་བཞིན་བྱ༔ རྗེས་སུ་གཤེགས་བསྡུ་ཤིས་སྨོན་ནི༔ ཡེ་ཤེས་གཤེགས་ཤིང་དམ་ཚིག་པ༔ ཧཱུྃ་དང་ཕཊ་ཀྱིས་བསྡུ་ལྡང་བྱ༔ ཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ འཁོར་བ་དོང་ནས་སྤྲུག་པ་དང༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མའི་ཚོགས༔ ཐུགས་རྗེ་ཆར་འབེབ་ཡི་དམ་སྤྱན་རས་གཟིགས༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ དེ་ལྟར་ཐུགས་རྗེའི་སྒྲུབ་ཐབས་འདི༔ གང་དང་འབྲེལ་ཚད་གྲོལ་བར་འགྱུར༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ བོད་ཡུལ་ཀུན་ལ་ཕན་པའི་ཆོས༔ ལས་ཅན་རྣམས་ཀྱི་ཐུགས་ལ་ཞོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་མཁའ་འགྲོ་འབུམ་རྫོང་གི་དབུ་རྩེ་པདྨ་དབང་ཕུག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ།། །། ༁ྃ༔ གུ་རུའི་ཐུགས་དམ་འཁོར་བ་དོང་སྤྲུག་ལས༔ སྨིན་བྱེད་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ ྈྈྈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ འགྲོ་འདུལ་འཁོར་བ་དོང་སྤྲུག་གི༔ སྨིན་བྱེད་དབང་གི་ཆོ་ག་ནི༔ དཀྱིལ་འཁོར་མཚན་རྫོགས་བུམ་པ་བཤམ༔ ལྔ་ཕྲག་ལྔ་ཡི་རྫས་ཀྱིས་བཀང༔ བདུད་རྩི་ཐོད་པ་ཁ་བཀབ་ལ༔ མེ་ལོང་གཏོར་མ་སྐུ་འབག་བཤམ༔ ཕྲིན་ལས་སྔོན་འགྲོས་དབང་བླངས་ནས༔ སློབ་མ་ཐམས་ཅད་བགེགས་དང་ཕྲལ༔ མཎྜལ་ཕུལ་ལ་བགེགས་བསྐྲད་ནས༔ ཧོ༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ བླ་མ་ཐུགས་རྗེ་ཆེན་པོ་ཡིས༔ བདག་ཅག་རྗེས་སུ་བཟུང་ནས་ཀྱང༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ སློབ་མ་རྒྱུད་སྦྱང་ཚོགས་བསགས་ནས༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ དེ་ནས་བུམ་པ་སྤྱི་བོར་བཟུང༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་ན་ཐུགས་རྗེའི་ལྷ་ཚོགས་བཞུགས༔ ཆུ་ནི་ཡེ་ཤེས་བདུད་རྩིར་གྱུར༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ ལུས་སྣང་ཐུགས་རྗེའི་ལྷ་རུ་ཤར༔ སྐུ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལུང་འབོགས་བདུད་རྩི་ཁར་སྦྱིན་ཅིང༔ སྤྲོ་ན་སྔགས་བྱང་ཕྲེང་བ་གཏད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྷནྡྷ་རུ༔ རྒྱལ་བ་ཐམས་ཅད་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ ངག་རླུང་རྡོ་རྗེའི་སྒྲ་རུ་གྱུར༔ གསུང་གི་དབང་བསྐུར་ཡོངས་རྫོགས་ཤོག༔ སྔགས་མཐར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྟོང་ཉིད་ངོ་སྤྲོད་མེ་ལོང་བསྟན༔ ཧཱུྃ༔ མེ་ལོང་སྟོང་པ་དབྱིངས་ཀྱི་ངང༔ རིག་པ་ཧྲཱིཿཡིག་འོད་དུ་འབར༔ མཐོང་བ་ཙམ་གྱིས་གྲོལ་འགྱུར་བ༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ སེམས་ནི་ཡེ་ཤེས་ཆེན་པོར་གྱུར༔ ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྐུ་འབག་སྤྱི་བོར་བཟུང༔ ཧཱུྃ༔ གཏོར་མ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་ཐུགས་རྗེ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཕྲོ༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་ལ་སྐུ་ཡི་དབང་བསྐུར་བས༔ གཟུགས་སྣང་ཐུགས་རྗེ་ཆེན་པོར་གྱུར༔ ངག་ལ་གསུང་གི་དབང་བསྐུར་བས༔ སྒྲ་སྐད་ཡི་གེ་དྲུག་མར་གྱུར༔ ཡིད་ལ་ཐུགས་ཀྱི་དབང་བསྐུར་བས༔ སྟོང་ཉིད་སྙིང་རྗེ་རྟོགས་པར་ཤོག༔ ཕྱི་ཡི་ནད་གདོན་ཀུན་སེལ་ཞིང༔ ནང་གི་ཉོན་མོངས་ཀུན་སྦྱོངས་ཤིག༔ གསང་བའི་རྣམ་རྟོག་བདུད་ཚོགས་ཐུལ༔ ཚེ་དང་བསོད་ནམས་ཡེ་ཤེས་སྤེལ༔ འབྲེལ་ཚད་གྲོལ་བར་བྱིན་གྱིས་རློབས༔ སྔགས་མཐར༔ ཀཱ་ཡ་བཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དམ་ཚིག་ཁས་བླང་གཏང་རག་འབུལ༔ རྗེས་ཀྱི་བྱ་བ་སྤྱི་བཞིན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་མཁའ་འགྲོ་འབུམ་རྫོང་གི་དབུ་རྩེ་པདྨ་དབང་ཕུག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ།། །། ༁ྃ༔ གུ་རུའི་ཐུགས་དམ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་ལས༔ འགྲོ་དོན་བྱ་བའི་ཆོས་དྲུག་བཞུགས་སོ༔ ྈྈྈྈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ དེ་ནས་འགྲོ་དོན་ཆོས་དྲུག་ལ༔ དང་པོ་མྱོང་གྲོལ་དམ་རྫས་ནི༔ སྔོན་གྱི་རིག་འཛིན་ཐམས་ཅད་ཀྱིས༔ བསྒྲུབས་པའི་ཕབས་ལ་གཞི་བླངས་ནས༔ འཕེལ་གདུང་བྱིན་རྟེན་སེལ་མེད་དང༔ ནས་དཀར་ཕྱེ་མས་བུང་བསྐྱེད་ལ༔ རིལ་བུ་ཡུངས་དཀར་ཚད་ཙམ་བྱ༔ ཁ་དོག་དམར་པོའི་རྩི་ཡིས་བསྒྱུར༔ སྒྲོམ་མམ་བུམ་པའི་ནང་དུ་བླུག༔ དཀྱིལ་འཁོར་འདབ་བརྒྱད་དབུས་སུ་བཞག༔ རིགས་ལྔའི་ཁ་རྒྱན་གཟུངས་ཐག་བཏགས༔ ཕྲིན་ལས་ཚུལ་བཞིན་བཏང་ནས་སུ༔ བྷྲཱུྃ་ལས་སྣོད་མཆོག་གཞལ་ཡས་ཁང༔ བཅུད་ཀྱི་རིལ་བུ་རེ་རེ་བཞིན༔ འཁོར་བ་དོང་སྤྲུག་སྐུ་རུ་གསལ༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་ཀུན་མཆོད་ཅིང་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ནས༔ འོད་ཟེར་སྔགས་ཀྱི་ཕྲེང་བར་གྱུར༔ ལྷ་ཚོགས་ཐུགས་ཀའི་ཧྲཱིཿལ་ཕོག༔ ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ འཁོར་བ་དོང་སྤྲུག་རྣམ་པར་བྱོན༔ རིལ་བུ་རྣམས་ལ་ཐིམ་པ་ཡིས༔ འཁོར་བ་དོང་སྤྲུག་མཐུ་ལྡན་བསམ༔ སྔགས་འདི་རྒྱུན་མི་ཆད་པར་དབྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ འཁོར་བ་དོང་སྤྲུག་སྔགས་ཀྱང་བཟླ༔ མཐར་ནི་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་རྣམས༔ ཐུགས་རྗེ་ཕྲིན་ལས་བསམ་མི་ཁྱབ༔ ཁྱོད་ཀྱི་ཐུགས་རྗེ་འཇུག་ཡུལ་ནི༔ དམ་རྫས་མྱོང་གྲོལ་འདི་ཡིན་པས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ མྱོང་གྲོལ་རྫས་ཀྱི་དབང་བསྐུར་བས༔ འཁོར་བ་དོང་ནས་སྤྲུག་པར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་སུ་པྲེ་དུ་ནྲྀ་ཏྲི་ཡེ༔ དུཿཁཿཕཊ་ཕཊ་སརྦ་པཱ་པཾ་ཕཊ༔ ཕཊཿཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཛ་ཡ་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་ཁར་སྦྱིན་དེ་ཡི་ཚེ༔ རིལ་བུ་འཁོར་བ་དོང་སྤྲུག་སྐུ༔ དམར་གསལ་པད་ཕྲེང་བུམ་པ་འཛིན༔ བཞེངས་སྟབས་འོད་དཔག་དབུ་རྒྱན་ཅན༔ ཏིལ་འབྲུ་ཙམ་ཞིག་སྙིང་ཁ་རུ༔ བྱང་ཆུབ་བར་དུ་བཞུགས་པ་དང༔ སྡིག་སྒྲིབ་ནད་གདོན་ཀུན་ཞི་ཞིང༔ ཚེ་དང་བསོད་ནམས་སྤེལ་བ་དང༔ ནམ་ཞིག་འཆི་བའི་དུས་ཀྱི་ཚེ༔ དེ་དང་དབྱེར་མེད་གྱུར་ནས་ཀྱང༔ བདེ་བ་ཅན་དུ་འདྲེན་པར་ཤོག༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར༔ རྗེས་ཀྱི་མཇུག་བསྡུ་རིག་པས་དཔྱད༔ མྱོང་གྲོལ་རྫས་ཀྱི་འགྲོ་དོན་ནོ༔ མཐོང་གྲོལ་འཁོར་ལོའི་འགྲོ་དོན་ནི༔ ཤིང་ལ་དཀར་རྩི་ལེགས་པར་བྱུགས༔ འཁོར་ལོ་མུ་ཁྱུད་གསུམ་དུ་བྱ༔ ལྟེ་བར་ཧྲཱིཿདང་གཉིས་པ་ལ༔ པདྨ་འདབ་དྲུག་ཡིག་དྲུག་མཚན༔ གསུམ་པར་དོང་སྤྲུག་གཟུངས་ཀྱང་བྲི༔ རབ་གནས་ཚུལ་བཞིན་བྱས་ནས་སུ༔ གྲོང་ཁྱེར་སྲང་མདོ་སྒོ་དག་ཏུ༔ བཏགས་ན་མཐོང་ཚད་གྲོལ་བར་འགྱུར༔ ས་མ་ཡ༔ བསྐོར་གྲོལ་རེག་གྲོལ་དྲན་གྲོལ་ནི༔ རྡོ་ལ་ཡིག་བདུན་ཚུལ་བཞིན་བརྐོ༔ ཁ་དོག་དམར་པོའི་རྩི་ཡིས་བྱུགས༔ དོང་སྤྲུག་སྐུར་བསྒོམ་ཡིག་དྲུག་བཟླ༔ མཆོད་བསྟོད་དང་ནི་རབ་གནས་བྱ༔ ལམ་གྱི་སྲང་མདོ་ཆེན་པོར་བཞག༔ བསྐོར་དྲན་རེག་མཐོང་དེ་དག་གྲོལ༔ ས་མ་ཡ༔ རང་ཉིད་འཁོར་བ་དོང་སྤྲུག་བསྒོམ༔ ཁྲོམ་ཆེན་འདུས་པའི་དབུས་སུ་སོང༔ ལྕེ་ནི་པདྨ་འདབ་བརྒྱད་ལ༔ དབུས་དང་འདབ་ཏུ་ཡིག་བདུན་བསྒོམ༔ སྔགས་ཀྱི་རང་སྒྲ་སྒྲོག་པ་ཡི༔ ཐོས་ཚད་ཐམས་ཅད་གྲོལ་བར་བསམ༔ སེམས་བསྐྱེད་རྣམ་པར་དག་པ་ཡིས༔ སྙན་པོ་སྐད་གསང་མཐོན་པོ་ཡིས༔ ཡི་གེ་བདུན་པ་དབྱངས་སུ་ལེན༔ དེ་ཡིས་ཐོས་ཚད་ཐམས་ཅད་གྲོལ༔ དར་ལ་ཡི་གེ་བདུན་པ་བྲི༔ རབ་གནས་ཚུལ་བཞིན་བྱས་ནས་སུ༔ སེམས་བསྐྱེད་རྣམ་པར་དག་པ་ཡིས༔ རི་རྩེ་ལམ་སྲང་དག་ཏུ་འཛུག༔ རླུང་དེ་ཕོག་ཚད་གྲོལ་བར་འགྱུར༔ ཡིག་བདུན་རྡོ་ལ་བརྐོས་ནས་སུ༔ རབ་གནས་ཚུལ་བཞིན་བྱས་པ་དག༔ དྲང་སྲོང་རྀ་ཥི་ཤར་བ་ན༔ ཆུ་བོར་ཆེན་པོའི་དབུས་སུ་བཞག༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྨོན་ལམ་རྒྱ་ཆེན་བཏབ་པ་ཡིས༔ ཆུ་བོར་ཁྲུས་བྱས་འཐུང་རེག་གྲོལ༔ དོང་སྤྲུག་གཟུངས་དང་ཡིག་བདུན་དག༔ ཤིང་སྣ་སྤོས་ཀྱི་རིགས་དག་ལ༔ ཁྲི་ཕྲག་བདུན་གྱི་ཕུས་བཏབ་པ༔ མེར་བསྲེག་དུད་པ་ཕོག་ཚད་གྲོལ༔ མི་ཁྱིས་མ་འགོང་བྱེ་མ་ལ༔ གོང་བཞིན་སྔགས་ལ་ཤི་ཚད་ཀྱི༔ རོ་དང་རུས་བུ་དུར་ཁྲོད་དུ༔ གཏོར་ན་དེ་དག་གྲོལ་བར་འགྱུར༔ དེ་ཀུན་ཚོར་གྲོལ་རེག་གྲོལ་ལོ༔ ས་མ་ཡ༔ དེ་ནས་བཏགས་པས་གྲོལ་བ་ནི༔ ཤོག་བུ་འམ་ནི་དར་རས་ལ༔ མཐོང་གྲོལ་བཞིན་དུ་བྲིས་ནས་སུ༔ རབ་གནས་ལྡན་པས་བཏགས་ཚད་གྲོལ༔ ཡང་ན་སྲད་བུ་དམར་པོ་ལ༔ མདུད་པ་བདུན་བྱས་ཡིག་བདུན་བསམ༔ ཡིག་བདུན་ཁྲི་ཡིས་བསྒྲུབས་ནས་སུ༔ བཏགས་ན་སྲུང་ཞིང་བཏགས་ཚད་གྲོལ༔ རོ་ཡི་སྤྱི་བོར་བཏགས་པས་གྲོལ༔ དེ་ནི་བཏགས་པས་གྲོལ་བ་འོ༔ གཞན་ཡང་མེ་ལོང་མཐོང་གྲོལ་ནི༔ མེ་ལོང་ནང་དུ་མཐོང་གྲོལ་སྦྱར༔ ཕྱི་རུ་ཧྲཱིཿཡིག་དམར་པོ་བྲི༔ ལྷ་རུ་བསྒོམས་ནས་ཡེ་ཤེས་པ༔ སྤྱན་དྲངས་བསྟིམ་ཞིང་མཆོད་བསྟོད་བྱ༔ ཡིག་བདུན་འབུམ་དང་གཟུངས་སྟོང་གིས༔ བསྒྲུབས་ཏེ་སླར་ཡང་འོད་ཞུ་བས༔ ངོ་བོ་ཐུགས་རྗེ་ཆེན་པོ་ལ༔ རྣམ་པ་མཐོང་གྲོལ་འཁོར་ལོ་བཞིན༔ འོད་ཟེར་ཀུན་ཏུ་འཕྲོ་བར་བསྒོམ༔ མཐོང་ཚད་གྲོལ་བའི་སེམས་བསྐྱེད་དེ༔ རྣལ་འབྱོར་རང་གི་ཞྭ་ཐོད་དུ༔ སྦྱར་ན་མཐོང་ཚད་གྲོལ་བར་འགྱུར༔ དེ་ལྟར་བྱ་བ་གང་བྱས་པ༔ འགྲོ་བའི་དོན་དུ་འགྱུར་བ་ཡི༔ ཆོས་འདི་ཉམས་ལེན་བྱེད་པའི་མི༔ ཡི་དམ་ཐུགས་རྗེ་ཆེན་པོ་ཡིན༔ དེ་ཕྱིར་སྐལ་ལྡན་སྙིང་ལ་ཞོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་མཁའ་འགྲོ་འབུམ་རྫོང་གི་དབུ་རྩེ་པདྨ་དབང་ཕུག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ།། །། ༁ྃ༔ གུ་རུའི་ཐུགས་དམ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་ལས༔ ལོ་རྒྱུས་ཤེལ་གྱི་ཕྲེང་བ་བཞུགས་སོ༔ ྈྈྈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ འགྲོ་འདུལ་པདྨ་བདག་ཉིད་ཀྱིས༔ ད་ལྟའི་རྗེ་འབངས་མཆེད་ལྕམ་དང༔ ཕྱི་རབས་རྣམས་ལ་ཕན་པའི་ཕྱིར༔ རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་པ༔ གདོད་མའི་མགོན་པོ་དབྱེར་མེད་པའི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ དེ་ཡི་སྤྲུལ་པ་བསམ་མི་ཁྱབ༔ རིགས་ལྔ་སེམས་དཔའ་སངས་རྒྱས་སྟོང༔ ཐུབ་པ་དྲུག་དང་ལྷ་ལྷ་མོ༔ ཞི་བ་དང་ནི་ཞི་མ་ཁྲོ༔ ཁྲོ་བོ་དང་ནི་ཉིང་སྤྲུལ་ཚོགས༔ འཇིག་རྟེན་སྐྱོང་བའི་ཚུལ་བསྟན་ཅིང༔ སྤྲུལ་པ་སྣང་ཚུལ་དུ་མ་ཡིས༔ འཁོར་བ་དོང་ནས་ལན་མང་སྤྲུགས༔ ཁྱད་པར་ཐུབ་པ་གངས་ཆེན་མཚོ༔ མགོན་པོ་ཚེ་དཔག་སྣང་མཐའ་ཡས༔ ཁྲོ་རྒྱལ་རྟ་མགྲིན་དམར་ནག་དང༔ ཅིར་ཡང་རྣམ་པ་ཐ་དད་ཀྱང༔ པདྨ་ང་དང་གཉིས་སུ་མེད༔ རྒྱལ་བ་ཀུན་ལས་ལྷག་པ་ཡི༔ ཐུགས་རྗེ་ཕྲིན་ལས་རབ་མངའ་ཞིང༔ ཁྱད་པར་བོད་ཁམས་ཁ་བ་ཅན༔ འདི་ཉིད་འཕགས་པའི་འདུལ་ཞིང་ཡིན༔ དེ་ཕྱིར་ཐུགས་རྗེ་མྱུར་བ་དང༔ བྱིན་ཆེ་འབྲེལ་གྲོལ་ཡིན་པའི་ཕྱིར༔ རྒྱུད་ལུང་ཀུན་གྱི་དོན་བསྡུས་ནས༔ ཐུགས་རྗེའི་སྒྲུབ་ཐབས་མང་པོ་བརྩམས༔ བོད་ཡུལ་ཀུན་ཏུ་ཆེས་ཆེར་སྤེལ༔ བྱིས་པ་སྨྲ་ཤེས་ཙམ་ལ་ཡང༔ ཡིག་དྲུག་བཟླ་རུ་ཤེས་པར་བྱས༔ གངས་ཅན་ལྗོངས་འདིར་སྐྱེས་ཚད་ལ༔ ངན་སོང་མེད་པར་བདག་གིས་བྱས༔ ས་འོག་ཀུན་ཀྱང་གཏེར་གྱིས་བཀང༔ གཏེར་ཆེན་གཏེར་ཕྲན་གང་ལ་ཡང༔ ཐུགས་རྗེའི་སྒྲུབ་ཐབས་སྣ་རེ་ཡོད༔ འབྲེལ་ཚད་དོན་དང་ལྡན་པར་འགྱུར༔ འདི་ནི་ཐུགས་རྗེ་ཆེན་པོ་ཡི༔ འཁོར་བ་དོང་ནས་སྤྲུག་མཛད་པའི༔ སྒྲུབ་ཐབས་གཞན་ལས་ཆེས་འཕགས་པ༔ ཁྱད་པར་ཅན་གྱི་སྒྲུབ་ཐབས་འདི༔ ཐུགས་རྗེ་ཆེན་པོར་ཞུས་ནས་སུ༔ སྐབས་ཐོབ་དེ་དག་རྣམས་སུ་སྤེལ༔ མཐར་ནི་ཤོག་སེར་ངོས་ལ་བྲིས༔ གཏེར་ཁ་གསུམ་དུ་སྦས་པ་ཡིན༔ འདི་ནི་འབུམ་རྫོང་དབང་ཕུག་ཏུ༔ ཟབ་མོའི་གཏེར་དུ་བསྩལ་བ་ཡིན༔ ནམ་ཞིག་ཕྱི་རབས་དུས་ཀྱི་ཚེ༔ དགེ་སྦྱོང་ཞིག་གིས་བོད་རྒྱལ་བྱེད༔ མཐའ་མིའི་ཡུལ་དུ་བཙོན་དུ་ཁྲིད༔ ལྷ་སའི་སྡེ་སྲིད་ཤྲཱིས་བྱེད༔ སྟོད་ནས་དམག་གི་གཡབ་འདོར་འོང༔ རེས་བདེ་རེས་མི་བདེ་བ་དང༔ ཁྱད་པར་ལྕགས་སྤྲེལ་ལོ་ཞིག་ལ༔ བོད་འདིར་བཀྲ་མི་ཤིས་པ་འབྱུང༔ དེ་སྔོན་མེ་འབྲུག་མེ་སྦྲུལ་ལོ༔ གང་ཡིན་གཅིག་ལ་ཟབ་གཏེར་འདི༔ ས་ཡི་སྟེང་དུ་ཐོན་པར་འགྱུར༔ འདི་ཉིད་འདོན་པའི་སྐྱེས་བུ་ཡང༔ མདོ་ཁམས་ལྷོ་རྒྱུད་ཟལ་མོ་སྒང༔ དེ་རུ་སྐྱེས་བུ་མཆོག་མིང་ཞིག༔ འདུལ་ཞིང་ཁ་ལོ་བསྒྱུར་བ་འབྱུང༔ དེ་དུས་ཁྲི་སྲོང་བཻ་རོ་དང༔ ལང་གྲོ་གཉགས་ཆེན་ཤུད་བུ་དང༔ རྒྱལ་བ་མཆོག་དབྱངས་གཡུ་སྒྲ་སྙིང༔ མཚོ་རྒྱལ་འབྲོམ་བཟའ་བྱང་ཆུབ་སྒྲོན༔ ཟུར་བཟའ་བུ་མོ་མེ་ཏོག་སྒྲོན༔ དཔལ་གྱི་ཡེ་ཤེས་ལྷ་དཔལ་དང༔ དཔལ་གྱི་དབང་ཕྱུག་འབྲོག་མི་དཔལ༔ མུ་ཁྲི་བཙད་པོ་འོ་བྲན་དང༔ སྔགས་འཆང་ལས་རབ་ཤུད་བུ་བཟའ༔ བནྡྷེ་རྡོར་རྒྱལ་ཆོས་བཟང་སོགས༔ ཁམས་ཀྱི་ཕྱོགས་སུ་འབྱུང་བར་འགྱུར༔ གཙང་གི་གཡས་རུ་གཡོན་རུ་ལ༔ ཉང་བན་ཏིང་འཛིན་བཟང་པོ་དང༔ ནམ་མཁའི་སྙིང་པོ་རྩེ་མང་དང༔ དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ རྨ་ཐོག་རཏྣ་ཁྱེ་འུ་ཆུང༔ དབུས་ཀྱི་སྐྱི་ཤོད་གཡས་གཡོན་དུ༔ ཡེ་ཤེས་འོད་དང་ཨཱ་ཙརྱཱ༔ མུ་ཏིག་བཙན་པོ་ཡེ་ཤེས་དབྱངས༔ བྱང་ཆུབ་སྒྲོན་ལ་སོགས་པ་འབྱུང༔ ལྷོ་བྲག་མོན་གྱི་ཕྱོགས་དག་ཏུ༔ རྒྱལ་བ་བྱང་ཆུབ་ཀླུའི་དབང་པོ༔ རྒྱལ་བའི་བློ་གྲོས་ལ་སོགས་འབྱུང༔ ཐང་ལྷ་གངས་རྒྱུད་ཕྱོགས་དག་ཏུ༔ དཔལ་དབྱངས་དཔལ་རྡོར་བོན་ནམ་མཁའ༔ འཇམ་དཔལ་སྤྱན་གཟིགས་ང་སྤྲུལ་འབྱུང༔ དེ་རྣམས་ཀུན་གྱིས་ཐུགས་རྗེའི་བསྟན་པ་སྤེལ༔ རང་བྱུང་ཐུགས་རྗེའི་སྒྲུབ་ཐབས་འདི༔ བོད་ཡུལ་ཀུན་ལ་ཕན་པའི་ཆོས༔ ཟབ་ཅིང་ཁ་ཚང་དོན་འདྲིལ་ལ༔ སྒྲུབ་ཐབས་སྙིང་པོར་བསྡུས་པ་དང༔ སྨིན་བྱེད་བྱིན་རླབས་སྤྲིན་ཕུང་དང༔ འགྲོ་དོན་བྱེད་པའི་ཆོས་དྲུག་དང༔ ལོ་རྒྱུས་ཤེལ་གྱི་ཕྲེང་བ་ཡོད༔ དེ་ལས་མང་ཉུང་བྱུང་བ་ན༔ ཆད་ལྷག་བྱུང་བའི་སྐྱོན་ཡིན་ནོ༔ རང་བྱུང་ཐུགས་རྗེའི་སྙིང་པོ་འདི༔ གང་གིས་ལན་གཅིག་བརྗོད་པས་ཀྱང༔ འཁོར་བ་དོང་ནས་སྤྲུག་པར་འགྱུར༔ འཁོར་བ་དོང་སྤྲུག་རིལ་བུ་འདི༔ བདག་དང་རྗེ་འབངས་སྟོང་ཕྲག་གིས༔ སྒྲུབ་ཚེ་ཐུགས་རྗེའི་ལྷ་ཚོགས་རྣམས༔ དངོས་སུ་ཐིམ་པས་སུས་མྱོང་བ༔ ཐུགས་རྗེ་ཆེན་པོར་གཉིས་སུ་མེད༔ གཞན་ཡང་འདི་ལས་ཆེས་ཆེར་སྤེལ༔ རིལ་བུ་རེ་ལ་ཁྲི་རེ་སྒྲུབས༔ ཡིག་དྲུག་ཁྲི་ཕྲག་རེ་བཟླས་ནས༔ རིལ་བུ་སུ་དང་སུས་མྱོང་བ༔ ངན་སོང་མེད་པར་ཐེ་ཚོམ་མེད༔ དེ་ཕྱིར་ཀུན་ཏུ་ཅི་འཕེལ་མཛོད༔ བོད་ཁམས་བདེ་ཐབས་དེ་ལས་མེད༔ འདི་དག་བྱུང་བའི་རྗེས་དག་ནས༔ རང་བྱུང་ཐུགས་རྗེའི་སྒྲོལ་སྐུ་དང༔ ཟུར་བཟའི་ཐུགས་དམ་སྐོར་དྲུག་རྣམས༔ ད་ལྟའི་ལྷ་སྲས་ཡབ་ཡུམ་གཉིས༔ དེ་དུས་ལྷན་ཅིག་འབྱུང་ནས་སུ༔ རང་རང་དབང་སྐལ་ལེན་པར་འགྱུར༔ དེར་འཚོགས་མང་པོ་ངོ་མཚར་སྐྱེད༔ པདྨ་ངས་ཀྱང་རབ་གནས་འཐོར༔ བོད་འབངས་ཐུགས་ལ་དེ་ལྟར་ཞོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་མཁའ་འགྲོ་འབུམ་རྫོང་གི་དབུ་རྩེ་པདྨ་དབང་ཕུག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ།། །།
སངས་གླིང་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་མཆོག་དབང་གསུམ་ཁ་འཕང་དུ་བཀོད་པ་ (Volume 22, Text 40)
༄༅། །སངས་གླིང་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་མཆོག་དབང་གསུམ་ཁ་འཕང་དུ་བཀོད་པ་བཞུགས་སོ། ། བདེ་ཆེན་ཐིག་ལེར་འཁོར་འདས་ཀུན། །འགྱུར་བ་མེད་སྡོམ་གར་གྱི་དབང་། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །ཟབ་མོའི་དབང་གི་ལྷན་ཐབས་དགོད། །གཏེར་ཆེན་སངས་རྒྱས་གླིང་པའི་སྤྱན་རས་གཟིགས་ནོར་བུ་སྐོར་གསུམ་དུ་གྲགས་པའི་ནང་ཚན་མི་ཏྲ་ལུགས་ཡང་གསང་བླ་མེད་ཀྱི་དབང་བཞི་དཀྱུས་སུ་བཀོད་པས་ཡོངས་རྫོགས་སུ་འགྱུར་ཡང་། ཐུན་མོང་མིན་པའི་སློབ་མ་ལ་བཀའ་རྫོགས་དགོས་པ་སོགས་ཀྱི་སྐབས་སུ། བསྐྱེད་རྫོགས་ཆིག་དྲིལ་གྱི་གདམས་པ་གནད་ཀྱི་མཐར་ཐུག་དགོངས་དོན་དྲུག་པ་ལས་འབྱུང་བ་མཆོག་ཏུ་ཟབ་པའི་དབང་གོང་མ་གསུམ་སྦྱོར་བ་གལ་ཆེ་བས། དབང་གཞུང་གི་བུམ་དབང་སོགས་ཀྱི་དག་པ་མི་བརྗོད། རིག་པའི་དབང་ལྔ་དང་རྡོ་རྗེའི་བརྟུལ་ཞུགས་ཀྱི་འཕྲོས་སུ། གསུང་དབང་ཐོད་ཆང་། ཐུགས་དབང་མེ་ལོང་དཀྱིལ་འཁོར་དང་ངོ་སྤྲོད་བྱས་ལ། རྗེས་གནང་གསུམ་སྦྱིན་ལུང་བསྟན་ཡན་གྲུབ་པ་དང་། དེས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བླ་མ་སྤྲུལ་པའི་སྐུ་ལས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྤྲུལ་པའི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིག་པ་ཡིན་ནོ། །ཞེས་བརྗོད། དེ་ནས་ཟབ་མོའི་མཆོག་དབང་གསུམ་ལས། དང་པོ་གསང་དབང་ནི། དེ་ནས་གསང་དབང་གི་དོན་དུ་བླ་མ་ལ་མཚན་ལྡན་གྱི་རིག་མ་དང་རིན་ཆེན་གསེར་གྱི་མཎྜལ་ཕུལ་བའི་མོས་པས་མཎྜལ་ཕུལ་མཛོད། དེ་ནས་ཐལ་སྦྱར་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་ཁྱེད་དགོངས་ཤིག༔ འཁོར་བའི་གཅོང་རོང་ཟབ་མོ་ལས༔ ཟུང་འཇུག་ཀློང་དུ་གྲོལ་མཛད་པ༔ གསང་དབང་མཆོག་དེ་བདག་ལ་སྩོལ༔ ཁྱོད་ཞབས་པདྨོ་བཀའ་དྲིན་ཅན༔ བདེ་ཆེན་པདྨ་ཧེ་རུ་ཀ༔ རྒྱལ་བ་རྣམས་ཀྱི་བདེ་ཆེན་ཡབ༔ བདེ་བའི་དབང་ཕྱུག་བདེ་སྩོལ་མཛད༔ ཡང་དག་བྱང་སེམས་རྣམ་དག་མཆོག༔ དྲི་མེད་བདུད་རྩི་དམ་པ་ཡིས༔ བླ་མེད་དབང་མཆོག་བསྐུར་པ་ལྟར༔ དེ་བཞིན་རིགས་ཀྱི་བུ་དག་ལ༔ སྡུག་བསྔལ་དྲྭ་བས་བཅིངས་ལས་ཁྲོལ༔ ཡེ་ཤེས་བདུད་རྩིའི་ཚོགས་རྣམས་ཀྱིས༔ མ་རིག་རྨོངས་པའི་དྲི་མ་འཇོམས༔ ཐུགས་རྗེ་བྱང་ཆུབ་བདེ་ཆེན་ཉིད༔ དུས་འདིར་བདག་ལ་སྩོལ་བར་མཛོད༔ ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱིས་རིགས་དང་འདུན་པ་ངེས་པར་བྱ་བའི་ཕྱིར་འདི་སྐད་དྲིས་པའི་མོས་པ་མཛོད། ཀྱེ་ཁྱོད་སུ་ཡིན༔ ཅི་ལ་དགའ༔ ཞེས་དྲིས་པའི་ལན་གདབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སེམས་མཆོག་བདེ་ཆེན་ལའོ༔ མཆོག་དབང་ཟུར་དུ་བསྐུར་ན་འདིར་སྔར་ལྟར་སྡོམ་བཟུང་གོང་འོག་རྣམས་བྱ། དཀྱུས་གཅིག་ཏུ་བྱེད་ཚེ་མི་དགོས། ཡེ་ཤེས་དབབ་པ་ནི། ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལངས་ཏེ་རྐང་པ་གཡས་པས་བོལ་གོང་གཡོན་པས་མནན་ཅིང་ལག་པ་གཉིས་སྤྱི་བོར་ཆོས་འབྱུང་གི་ཕྱག་རྒྱ་བྱས་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ༔ ཌཱ་མ་རུ་དང་ཐོད་པ་འཛིན་པར་བསྒོམས་པའི་ལྟེ་བར་ཆོས་འབྱུང་དམར་པོ་སུམ་བརྩེགས༔ གདེངས་ཀ་གྱེན་ལ་བསྟན་པ་ཞིག་གསལ་བའི་དབུས་སུ༔ ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་གསལ་ལ་འཚེར་བ་ཚོན་གང་བའི་སྙིང་གི་དཀྱིལ་དུ་དགའ་བ་འཁྱིལ་པ་དམར་པོ༔ ཁུག་པ་བཞི་ལ་ཧ་རི་ནི་ས༔ ལྟེ་བ་ལ་ཧྲཱིཿཡིས་མཚན་པ་ཞིག་སྒོམས༔ དགའ་བ་འཁྱིལ་པ་གཡས་སུ་སྒ་ར་ར་འཁོར་བས་ཡིག་འབྲུ་ཐམས་ཅད་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཆར་བབས་པ་བཞིན་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་བའི་མོས་པ་མཛོད༔ སྤོས་རོལ་དང་བཅས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཞེས་རྩ་སྔགས་དང་། ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཕེཾ༔ ཞེས་མང་དུ་བཟླས་པས་བྱིན་ཕབ་ནས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་མེ་ཏོག་དོར་བ་ནི། འདིའི་རྗེས་ཟློས། ཨེ་མ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་མེ་ཏོག་འདི༔ སྐུ་གསུང་ཐུགས་ཀྱི་དབྱིངས་སུ་བདག་འབུལ་གྱིས༔ དངོས་གྲུབ་རྣམ་གཉིས་བདག་ལ་བསྩལ་དུ་གསོལ༔ པུཥྤེ་པཱུ་ཛ་ཧོ༔ ཞེས་འབུལ། སླར་མེ་ཏོག་གི་ཕྲེང་བའི་དབང་བསྐུར་ལ། བླ་མེད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་དོར་བའི་བྱིན་རླབས་ཀྱིས༔ སྐུ་གསུང་ཐུགས་ལ་རབ་ཏུ་བསྟིམས་ནས་ཀྱང༔ དངོས་གྲུབ་རྣམ་གསུམ་ཁྱོད་ལ་སྦྱིན་པར་བྱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཧཱུྃ༔ དེ་ནས་མིག་དབྱེ་བར་གསོལ་བ་འདེབས་པ་ནི། འདིའི་རྗེས་ཟློས། ཀྱེ༔ བདག་ཅག་ལས་སྐལ་ལྡན་པ་རྣམས༔ མ་རིག་རྨོངས་པའི་ལིང་ཏོག་གིས༔ ཤིན་ཏུ་ལྡོངས་པར་གྱུར་ལགས་ན༔ ཉོན་མོངས་སྒྲིབ་པ་བསལ་དུ་གསོལ༔ མིག་དབྱེ་བ་ནི། ཉོན་མོངས་ཀྱིས་ལྡོངས་སེམས་ཅན་ནི༔ བུ་ཁྱོད་ཀྱི་ནི་མི་ཤེས་པའི༔ མ་རིག་མིག་གི་ལིང་ཐོག་རྣམས༔ བདེ་གཤེགས་དགོངས་པས་བསལ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་པས་མིག་དར་བསྡུ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། དེ་ནས་ཁྱེད་རང་གསང་བ་ཡེ་ཤེས་སུ་གསལ་བ་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་དམར་པོ་ཕྲེང་བ་དང་པདྨ་འཛིན་པའི་སྐུར་གྱུར་པར་མོས་ལ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་གཡས་སུ་མུ་ཏིག་གི་ཕྲེང་བ་དམར་པོ་དང་། གཡོན་པདྨ་དམར་པོ་འཛིན་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན། གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ་དང་། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དམར་མོ་གཡས་གསེར་གྱི་ཌཱ་མ་རུ་འཁྲོལ་བ། གཡོན་ཐོད་ཁྲག་འཛིན་པ། ཡབ་ཡུམ་ཀྱི་ཕུང་ཁམས་གཤེགས་པ་གཤེགས་མ་དང་། སྐྱེ་མཆེད་སེམས་དཔའ་སེམས་མ། ཡན་ལག་ཁྲོ་མོ་ཁྲོ་མོའི་རང་བཞིན་དུ་གྱུར། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། ཡུམ་གྱི་མཁའ་ཨཱཾཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། གཉིས་ཀར་ས་བོན་གྱིས་མཚན་པའོ། །གནས་གསུམ་འབྲུ་གསུམ་གསལ་བ་ལས་འཕྲོས་པའི་འོད་ཟེར་དང་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་གཟི་བརྗིད་རང་སྒྲས་བསྐུལ་ཏེ་ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཀུག་ནས་བླ་མ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ། ཐམས་ཅད་ཀྱང་ཆགས་པ་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་གསང་ནས་བབས། དཀར་དམར་འདྲེས་པའི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེར་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་ཐོགས་ཏེ། ཨེ་མ་ཧོ་སྐལ་ལྡན་རིགས་ཀྱི༔ དུས་གསུམ་སངས་རྒྱས་ཀུན་གྱིས་ནི༔ བྱང་ཆུབ་སྲས་པོ་དམ་པ་ལ༔ ཇི་ལྟར་དབང་མཆོག་བསྐུར་པ་ལྟར༔ དེ་བཞིན་གསང་བའི་བྱང་སེམས་ཀྱིས༔ བུ་ཁྱོད་ལ་ཡང་དབང་བསྐུར་རོ༔ རིན་ཆེན་བཏུང་བ་བཅུད་དང་ལྡན༔ ཤེས་རབ་ཐབས་ཀྱི་ཁུ་བ་འདི༔ གཉིས་སུ་མེད་པར་རྣམ་གྲོལ་བ༔ རྟོག་མེད་བུ་ཡིས་བཏུང་བར་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ བྷོ་དྷི་ཙིཏྟ་ཨ་མྲྀཏ་པཉྩ་ཧཱུྃ༔ ཞེས་བྱིན་པ་རེ་ཞིག་མི་འཐུང་བར་བསྒོ། དེ་ནས་འདིའི་རྗེས་ཟློས་མཛོད། ཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཨེ་མ་ཡབ་ཡུམ་བདེ་བ་ཆེན་པོའི་བཅུད༔ ངོ་མཚར་རྨད་བྱུང་གནང་བ་བཀའ་དྲིན་ཆེ༔ བརྩེ་བས་བུ་བཞིན་རྗེས་སུ་བཟུང་དུ་གསོལ༔ བདེ་གཤེགས་དགོངས་པ་རྒྱལ་བའི་བྱིན་རླབས་མཆོག༔ བྱིན་རླབས་དབང་གི་བཀའ་བབ་དབབ་པར་མཛོད༔ ཅེས་བརྗོད་ཅིང་བདུད་རྩི་གསོལ་བས་ལུས་ཐམས་ཅད་གང་བས་ཟག་པ་མེད་པའི་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྱི་བོ་ནས་གྱེན་དུ་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པའི་མོས་པ་མཛོད། དེས་བྷ་གའི་དཀྱིལ་འཁོར་དུ༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལས་གསང་བའི་དབང་ཐོབ༔ ངག་གི་དྲི་མ་དག༔ རང་བྱིན་རླབས་བསྒོམ་པ་ལ་དབང༔ ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིག་པ་ཡིན་ནོ༔ ཞེས་དག་པ་བརྗོད། དེ་ནས་གསང་དབང་གི་དམ་ཚིག་བསྒྲག་པ་འདི་ལ་གསན་པར་མཛོད། ཀྱེ་ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས༔ གསང་བའི་དམ་ཚིག་ཆེན་པོ་ནི༔ ཡེ་ཤེས་སྒྲུབ་རྫས་བདུད་རྩི་ལྔ༔ དམར་ཆེན་ག་པུར་ཙནྡན་སྦྱར༔ རྡོ་རྗེ་ཆུ་ཡིས་ཀུན་ཏུ་བསྲེས༔ དུས་གསུམ་སངས་རྒྱས་ཀུན་མཆོད་མཚུངས༔ འདི་དང་འདོད་པའི་ཡོན་ཏན་ལྔ༔ ཀུན་ཏུ་སྤང་བར་མ་བྱེད་སྟེན༔ འདི་ནི་དམ་ཚིག་བླ་ན་མེད༔ མ་ཉམས་སྐལ་ལྡན་ཁྱོད་ཀྱིས་སྲུངས༔ ཞེས་བརྗོད། གཉིས་པ་ཤེར་དབང་ནི། དེ་ནས་གསང་དབང་ཐོབ་པའི་གཏང་རག་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་སླད་དུ་རིན་པོ་ཆེ་གསེར་གྱི་མཎྜལ་ཕུལ་བའི་མོས་པས་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བཅོམ་ལྡན་བདེ་ཆེན་ཆོས་ཀྱི་དབྱིངས༔ རྡོ་རྗེ་རྣལ་འབྱོར་མི་ཕྱེད་བདག༔ ཡང་དག་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་བྱུང་བ༔ བདག་ཉིད་ཆེན་པོ་ཀུན་བདག་ཉིད༔ མངའ་དབང་བདག་ལ་དེ་ཉིད་སྩོལ༔ ཉོན་མོངས་འཁོར་བའི་འདམ་དུ་ནི༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ སྤྱན་རས་གཟིགས་དབང་བདག་ལ་དགོངས༔ རྡོ་རྗེ་པདྨོ་སྦྱར་བྱུང་བའི༔ བདེ་ཆེན་ལམ་དེ་བདག་ལ་སྩོལ༔ ཞེས་གསོལ་བ་བཏབ། ཆང་དང་བུ་རམ་བདུད་རྩི་སྦྱར་བ་བླུད་ལ། ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས་དམ་བཅའ་བ་དང་ཉེས་སྐྱོན་བཤགས་སྡོམ་གྱི་བློས་འདིའི་རྗེས་ཟློས་མཛོད། ཀྱེ༔ བདེ་བར་གཤེགས་པའི་སྤྱོད་ཡུལ་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་གྱུར་ཅིག༔ མ་རིག་བདག་གིས་ནོངས་པ་ཅི་བགྱིས་པ༔ དུས་རིག་ཀུན་མཁྱེན་ཁྱེད་ལ་བཟོད་པར་གསོལ༔ ཞེས་བརྗོད། དེ་ནས་དམ་ཚིག་བསྒྲག་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ༔ གསང་བ་ཤེས་རབ་ཡེ་ཤེས་ཀྱི༔ དམ་ཚིག་བསྲུང་བྱ་སེམས་ལ་ཆོངས༔ བུད་མེད་མི་སྤང་དང་དུ་ལོངས༔ ཚངས་སྤྱོད་དོན་ལ་གནས་པར་བྱ༔ འདི་ལས་ཡོན་ཏན་ཐམས་ཅད་འབྱུང༔ འདི་སྤངས་བདེ་བའི་དངོས་གྲུབ་མེད༔ ཉམས་ན་ཌཱ་ཀིའི་ཆད་པ་ཡིས༔ ཚེ་འཕོས་དམྱལ་བ་དག་ཏུ་ལྟུང༔ དེས་ན་གསང་ཆེན་དམ་ཚིག་ནི༔ ལུས་དང་སྲོག་ལ་བབས་ཀྱང་སྲུངས༔ ཞེས་བརྗོད་པའི་ལན་དུ་དམ་ཚིག་སྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རྒྱལ་བའི་བཀའ་ཆེན་དེ༔ ཤི་འམ་སྲོག་ལ་བབ་གྱུར་རམ༔ བྱ་དགའ་ཆེན་པོ་ཉིད་བྱུང་ཡང༔ དམ་ཚིག་བཀའ་ལས་འདའ་མི་བྱེད༔ ཨི་དན་ཏེ་ས་མ་ཡ་ན་ར་ཀན༔ ཞེས་ཁས་བླང་། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ གསང་བའི་ཡེ་ཤེས་བདེ་བའི་འཁོར་ལོ་བདག་ལ་དབབ་ཏུ་གསོལ༔ ལན་གསུམ། ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ཕྲེང་བ་དང་གཡོན་པདྨ་འཛིན་པ༔ དེ་ལྟར་གསལ་བའི་ཐུགས་ཀར་ཡི་གེ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ༔ མགོ་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུམ་པས་མཚན་པའི་སྟེང་དུ༔ ཟླ་བ་ཉ་གང་བའི་སྟེང་དུ་ཡི་གེ་ཧ་དཀར་པོ༔ མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཡི་གེ་ཨཱཿདམར་པོ༔ རྐང་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྐང་མཐིལ་གཉིས་སུ་ཛྷཻཾ་ལས་ཉི་མའི་དཀྱིལ་འཁོར༔ སུམ་མདོར་རཾ་ལས་མེའི་དཀྱིལ་འཁོར་ཟུར་གསུམ་དམར་པོ་རཾ་གྱིས་མཚན་པ༔ སྤྱི་བོར་དཀྱིལ་འཁོར་གྱི་ལྷ་རྣམས་བཞུགས་པར་སྒོམས༔ དེ་ནས་རྐང་པའི་ཞབས་ཀྱི་རླུང་གིས་རྐང་མཐིལ་གྱི་མེ་སྦར༔ སུམ་མདོའི་མེ་དང་བསྡོངས་ཏེ༔ སྙིང་གའི་སའི་དཀྱིལ་འཁོར་བསྲེགས༔ མགྲིན་པའི་ཆུ་ཁོལ༔ སྤྱི་གཙུག་གི་དཀྱིལ་འཁོར་གྱི་ལྷ་རྣམས་ལུས་ལ་བསྟིམ༔ མེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་རྣམ་པར་ཆར་བཞིན་དུ་བབ་པ་དང༔ སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཀྱིལ་འཁོར་ནས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་བཀུག་པ་ཆར་བཞིན་དུ་བབས་ཏེ༔ ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ སྤོས་རོལ་དང་བཅས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ༔ རཱ་རཱ་རཱ་རཱ༔ ཙཱ་ལ་ཡ་ཙཱ་ལ་ཡ༔ ཧཱུྃ་ཧ་ཨ་ཛྷཻཾ༔ ཞེས་མང་དུ་བཟླས་པས་བྱིན་དབབ་ནས། སླར་ཡང་། རྡོ་རྗེ་རྣལ་འབྱོར་བདེ་གཤེགས་ཡུམ༔ ཉུང་འབྲུ་ཙམ་དུ་གསལ་བ་ལ༔ བདེ་བས་མི་བཟོད་གར་བྱེད་པ༔ བ་སྤུའི་བུ་ག་ཀུན་ཏུ་གང༔ སྣང་སྲིད་བདེ་བའི་རོལ་པ་ནི༔ ཡང་ཡང་སྒོམས་ཤིག་རིགས་ཀྱི་བུ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླ་ཞིང་སྤོས་རོལ་དང་བཅས་པའི་མཐར། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱ། དེ་ནས་དཀྱིལ་འཁོར་པའི་ཐུགས་ཀ་ནས་སྤྲོས་པའི་གཟུངས་མ་གཟུགས་དང་ལང་ཚོས་བརྒྱན་པ། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་བྱེད་པ་ལ་མེ་ཏོག་དམར་པོའི་ཅོད་པན་ཕུལ་ནས་གསོལ་བ་གདབ་པའི་མོས་པས་མེ་ཏོག་འཐོར་བ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་བ་ཐམས་ཅད་སྟེར་བ་མོ༔ མཁའ་གསང་ཡེ་ཤེས་སྐྱེད་བྱེད་མ༔ བདེ་གཤེགས་ཡུམ་མཆོག་ཁྱོད་ཀྱིས་དབང༔ དེང་འདིར་བདག་ལ་གནང་དུ་གསོལ༔ ཞེས་ཞུས་པའི་ལན་དུ་ཡུམ་གྱིས་འདི་སྐད་དྲིས་པའི་མོས་པ་མཛོད། བདུད་རྩིའི་མཆོད་པ་བྱེད་པ་དང༔ བུད་མེད་རྣམས་ལ་གུས་པ་དང༔ བྷ་ག་ལ་ནི་འོ་བགྱིད་པར༔ སྤྲོ་བར་འགྱུར་རམ་བུ་ཡིས་སྨྲོས༔ ཞེས་པའི་ལན་བཏབ་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། དྲི་ཆེན་དྲི་ཆུ་ལ་སོགས་པ༔ བདུད་རྩི་ལྔ་དང་ཤ་ལྔ་འཚལ༔ བུད་མེད་རྣམས་ལ་རྟག་གུས་བགྱིད༔ བྷ་ག་ལ་ཡང་འོ་བགྱིད་པར༔ བདག་ནི་སྤྲོ་བས་ཁྱོད་མཆོད་དོ༔ དེ་ནས་ཡུམ་གྱིས་མེ་ཏོག་དམར་པོ་སྤྱི་བོར་བཞག་སྟེ་འདི་སྐད་བརྗོད་པའི་མོས་པ་མཛོད། ང་ཡི་བྷ་ག་གསང་ཆེན་འདི༔ གང་ཞིག་མོས་པས་སུས་བསྟེན་པར༔ ཡོན་ཏན་དངོས་གྲུབ་ཐམས་ཅད་འབྱུང༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཉྫ་ལི་ཧོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཕྱག་རྒྱ་མའི་སྲིན་ལག་གཡོན་ནས་བཟུང་སྟེ་ཁྱེད་རང་གི་ལག་ཏུ་གཏད་དེ་འདི་སྐད་གསུངས་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་ལྷ་མོ་བདེ་བའི་སྐུ༔ ཀུན་ཏུ་བདེ་བའི་གནས་འབྱིན་མ༔ དགའ་སྐྱེད་གཟུགས་མཛེས་ཡིད་འོང་མ༔ བདེ་བ་ཐམས་ཅད་སྐྱེད་པ་མོ༔ འདི་ཁྱེར་དཔའ་བོ་སེམས་དཔའ་ཆེ༔ རྟག་ཏུ་གུས་པར་མཆོད་པ་གྱིས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ ཞེས་དང་། ཀྱེ་ཧོ་ལས་ལྡན་རིགས་ཀྱི་བུ༔ ཁྱོད་ནི་པདྨ་ཧེ་རུ་ཀ༔ སྤྱན་རས་གཟིགས་དབང་སྐུ་རུ་སྒོམས༔ ཡུམ་ནི་རིག་བྱེད་ལྷ་མོར་སྐྱེད༔ གཉིས་ཀའི་ཕུང་ཁམས་སྐྱེ་མཆེད་རྣམས༔ དཔའ་བོ་མཁའ་འགྲོར་གསལ་བཏབ་ནས༔ བདག་དང་ཡུམ་གྱི་མཁའ་གསང་ནི༔ རྡོ་རྗེ་པདྨར་བྱིན་གྱིས་རློབས༔ ཡུམ་གྱི་བྷ་གར་དལ་གྱིས་བསྣུན༔ འོ་བྱ་མཉེན་ལྕུག་བདེ་བར་འཁྲིལ༔ ལག་འཁྱུད་ལུས་སེམས་བདེ་བ་སྐྱེད༔ དེ་ལ་སེམས་བཟུང་དལ་བུས་སྲུབས༔ བྱང་སེམས་འཆོར་བ་སྙམ་བྱེད་ན༔ སྟོང་ཉིད་ཡེ་ཤེས་རྒྱ་ཡིས་གདབ༔ སྟོང་པར་ཡལ་དུས་བསྲུབ་པ་ཡིས༔ ཡང་ཡང་བདེ་བ་སྦར་བར་བྱ༔ གཉིས་མེད་བདེ་སྟོང་དོན་དེ་ལ༔ དེར་འཛིན་མ་བྱེད་ངོ་ལ་ལྟོས༔ གཉིས་ཤོར་གཉིས་མཉམ་དུས་ཉིད་དུ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར༔ དེ་ནི་མ་ཡེངས་ངོ་ཡིས་ཟུངས༔ ཞེས་བརྗོད། དེ་ནས་སློབ་མ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་ཀྱི་མུ་ཏིག་དམར་པོའི་ཕྲེང་བ་འདྲེན་ཅིང༔ གཡོན་པདྨ་དམར་པོ་བསྣམས་པ༔ གཅེར་བུ་རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་བསྐྱེད་པའི་སྤྱི་བོར་རྡོ་རྗེ་དཔའ་བོ་མཐིང་ག༔ མགྲིན་པར་རིན་ཆེན་དཔའ་བོ་སེར་པོ༔ སྙིང་གར་པདྨ་དཔའ་བོ་དམར་པོ༔ ལྟེ་བར་ལས་ཀྱི་དཔའ་བོ་ལྗང་གུ༔ དེ་དག་རྣམས་ཀྱང་ཕྱག་གཡས་ཕྲེང་བ་དམར་པོ་དང༔ གཡོན་པདྨ་དམར་པོ་བསྣམས་པ༔ རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་གྱུར༔ མདུན་གྱི་ཕྱག་རྒྱ་མ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ༔ སྐུ་གཅེར་བུ་ཞལ་གཅིག་ཕྱག་གཉིས་རུས་པའི་རྒྱན་གསོལ་བ༔ ཕྱག་གཡས་པས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་བ༔ གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས་པ༔ ཡབ་ལ་འཁྲིལ་ཞིང་སྦྱོར་བ༔ ཞལ་སྤྲད་དེ་འཛུམ་མདངས་ཅན༔ མཛེས་ཤིང་ཡིད་དུ་འོང་བ༔ ལང་ཚོ་དང་ལྡན་པ༔ དེའི་སྤྱི་བོར་རྡོ་རྗེ་མཁའ་འགྲོ་མཐིང་ག༔ མགྲིན་པར་རིན་ཆེན་མཁའ་འགྲོ་སེར་པོ༔ སྙིང་གར་པདྨ་མཁའ་འགྲོ་དམར་པོ༔ ལྟེ་བར་ལས་ཀྱི་མཁའ་འགྲོ་ལྗང་གུ༔ དེ་དག་ཐམས་ཅད་ཀྱང་གཡས་ཌཱ་མ་རུ༔ གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་ཤིང༔ སྐུ་གཅེར་བུ་རུས་པའི་རྒྱན་དུ་མས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ༔ དེ་ལྟར་གསལ་བའི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག༔ རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཡུམ་ལ་འཁྱུད་པ༔ ཡུམ་མེ་ཏོག་མནྡཱ་ར་བ་རྡོ་རྗེ་ཕག་མོའི་ཆ་ལུགས་ཅན༔ གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ གཟི་བརྗིད་དང་ལྡན་པ༔ ཡབ་ཀྱི་བ་སྤུའི་བུ་ག་དང་རྩའི་དྲྭ་བ་ཐམས་ཅད་དུ་དཔའ་བོ༔ ཡུམ་གྱི་རྩ་དང་བ་སྤུ་ཐམས་ཅད་ཀྱང་དཔའ་མོར་དམིགས་པ་ཐམས་ཅད་ཀྱང་སྦྱོར་བ་ལ་དགྱེས་པར་གསལ་བ་སྤྲུལ་སྐུ་ལམ་དུ་བྱེད་པ་ལྷའི་འདུ་ཤེས༔ ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ་གནས་པའི་བུ་གར་ཕཊ་སེར་པོས་བཀག་པ༔ ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་རཀྟ་ཨྃ་དམར་པོ་གནས་པའི་གེ་སར་ཨཱཿཡིས་མཚན་པས་མཁའ་གསང་བྱིན་གྱིས་བརླབས་པ་ལོངས་སྐུ་ལམ་དུ་བྱེད་པ་སྔགས་ཀྱི་འདུ་ཤེས༔ ཐབས་འདི་ལ་བསྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཆོས་ཀྱི་འདུ་ཤེས་ཏེ་སྦྱོར་བ་འདུ་ཤེས་གསུམ་དང་མ་བྲལ་བར་བྱས་ལ༔ ཡབ་ཀྱིས། ས་མ་ཡ་ཧོ༔ ཞེས་བསྐུལ། ཡུམ་གྱིས། ས་མ་ཡ་སཏྭཾ༔ ཞེས་ལན་བྱིན། སླར་ཡང་ཡབ་ཀྱིས། ཨ་ནུ་རཱ་གོ་ཧཾ༔ ཡུམ་གྱིས། ཨ་ནུ་རཱ་ག་ཡཱ་མི༔ ཞེས་སྦྱོར་བའི་བརྡས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུྃ་བཾ་ཧོ༔ ཞེས་སྒོ་མ་བཞིའི་ཕྱག་རྒྱས་འཁྱུད་སྡོམ་སྤྲད་དེ། ཧཱུྃ་ཧཱུྃ་ཧཱུྃ་ཞེས༔ གཉིས་སུ་མེད་པར་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱིས་རླུང་བསྐྱོད་གཏུམ་མོའི་མེ་འབར་ནས་སྤྱི་བོར་ཧཾ་ཞུ་བྱང་སེམས་རིམ་པར་བབས་པས་མགྲིན་པར་དགའ་བ༔ སྙིང་གར་མཆོག་དགའ༔ ལྟེ་བར་ཁྱད་པར་གྱི་དགའ་བ༔ ནོར་བུར་ཕྱིན་པས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང༔ སླར་ཡང་ཧཱུྃ་ཞེས་རླུང་གི་སྦྱོར་བས་གྱེན་དུ་དྲངས་པས་འཁོར་ལོ་བཞིར་རིམ་པས་མས་བརྟན་གྱི་དགའ་བ་བཞི་ཤར་ཏེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་བརྟན་པར་བྱས་ཤིང་སེམས་ཉིད་དོན་དམ་འོད་གསལ་ལྷན་སྐྱེས་བདེ་བ་ཆེན་པོ་རྒྱུད་ལ་སྐྱེས་པའི་མོས་པ་བརྟན་པོ་མཛོད་ལ་དེའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད༔ དེས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ཆོས་ཀྱི་སྐུ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཀྱི་དྲི་མ་དག༔ ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང༔ ཆོས་ཀྱི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ ཞེས་དག་པ་བརྗོད་དོ། །གསུམ་པ་དབང་བཞི་པ་ནི། དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་གཏང་རག་དང་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་དུས་གསུམ་གུ་རུ་རྗེ༔ ཡང་དག་ཡེ་ཤེས་ངོ་བོ་ཉིད༔ རང་བྱུང་རིག་པའི་ངོ་བོ་ལ༔ བདག་ཉིད་ངེས་པའི་ཤེས་པ་སྐྱེས༔ སྣ་ཚོགས་རང་གྲོལ་ཀློང་ཡངས་མཆོག༔ གཉིས་མེད་ཡེ་ཤེས་ཆེན་པོ་འདི༔ འགྲོ་བ་གཞན་ལ་ཡོད་པ་མིན༔ དམ་ཆོས་བདུད་རྩི་མཆོག་ཆེན་པོ༔ སྙིང་པོའི་བཅུད་ཕྱུང་འདི་དེ་ཉིད༔ འཐུང་ཕྱིར་བདག་ཉིད་བླ་མ་ལ༔ ལུས་ངག་ཡིད་གུས་གསོལ་བ་འདེབས༔ ཁྱེད་ཐུགས་བརྩེ་བས་བཟུང་དུ་གསོལ༔ གལ་ཏེ་དོན་མཆོག་བདག་གིས་འཚལ༔ རྣམ་པ་ཀུན་ལྡན་མཆོག་གྱུར་པའི༔ བཞི་པའི་དབང་མཆོག་བདག་ལ་ནི༔ ཁྱོད་ཞབས་པདྨོས་བཀའ་དྲིན་སྩོལ༔ ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་ལ། ཨེ་མ༔ བསྲུང་དུ་མེད་པའི་དམ་ཚིག་ནི༔ ཐམས་ཅད་རོ་མཉམ་ཆོས་ཉིད་ངང༔ འཁོར་འདས་སྤང་བླང་བྲལ་བ་ཡི༔ གང་ཤར་ཆོས་ཉིད་རོལ་པ་ལ༔ མ་རིག་འཛིན་པས་མ་བསླད་སྲུངས༔ གལ་ཏེ་དེ་ལས་འདའ་གྱུར་ན༔ འཁོར་བར་བསྲེག་གོ་ཤེས་པར་གྱིས༔ ཞེས་དམ་ཚིག་བསྒྲགས་པ་ཉིད་བསྲུང་བར་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་དོན་དམ་ངེས་པའི་སྐུ༔ ཁྱོད་ཞབས་པད་མོ་ལས་བྱུང་བའི༔ ཡང་དག་དམ་ཚིག་གནང་བ་གང༔ བསྲུང་བྱ་སྲུང་བྱེད་ལས་འདས་པ༔ ཡོངས་གྲུབ་ཆེན་པོར་བདག་གིས་བསྲུང༔ ཞེས་བརྗོད། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་དོན་དམ་ངེས་པའི་སྐུ༔ ཁྱེད་ཀྱིས་བྱིན་རླབས་ཡེ་ཤེས་མཆོག༔ བུ་མཆོག་བདག་ལ་དུས་འདིར་སྩོལ༔ རིག་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ ལན་གསུམ། དེ་ནས་ཡེ་ཤེས་དབབ་པའི་ཕྱིར་དུ་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ༔ ངག་གནད་རླུང་རྒྱུ་བ་རང་སོར་ཀློད༔ ཡིད་ཀྱི་གནད་མ་ཡེངས་པར་ཁྱེད་རང་སྤྱན་རས་གཟིགས་དམར་པོ་ཕྲེང་བ་དང་པདྨ་འཛིན་པ་སྐྱིལ་ཀྲུང་དུ་བཞུགས་པ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན་གྱི་སྨིན་ཕྲག་མཚམས་སུ་དགའ་བ་འཁྱིལ་པ་དམར་པོ་འོད་ཟེར་དང་བཅས་པ་ཞིག་གཡོན་དུ་མྱུར་ལ་དྲག་པར་འཁོར་བ༔ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཟླས་ཤིང་སྤོས་རོལ་དང་བཅས་པས་བྱིན་དབབ་ནས། ཏིཥྛ་བཛྲ༔ ཞེས་བརྗོད་པས་བརྟན་པར་བྱའོ། དེ་ནས་དབང་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམས་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང༔ བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་གནས་ལུགས་ཀྱི་ངོ་བོ་གཞི་ཐོག་ཏུ་ཆོས་སྐུར་ངོ་སྤྲད་པ་འདི་ལ་གསན་མཛོད། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་བྱུང་ཡེ་ཤེས་རིག་པའི་ཀློང༔ བཅས་བཅོས་མེད་པར་ཞོག་ཅིག་བུ༔ བདེ་གསལ་མི་རྟོག་སོ་མ་ལ༔ འབོལ་ལེ་ཤིག་གེ་ལྷན་ནེ་བ༔ སྤྲིན་བྲལ་ནམ་མཁའ་ལྟ་བུར་གྱུར༔ དེ་ཉིད་གཤིས་ཀྱི་གནས་ལུགས་སོ༔ ཞེས་བརྗོད། དེ་ནས་ཁྱེད་རང་ཐལ་མོ་སྦྱར་ཏེ་ལངས་ནས་ཁ་ཕྱོགས་བཞིར་འཁོར་ཏེ་སེམས་དང་ནམ་མཁའ་བསྲེ་ཞིང་མཉམ་པར་ཞོག་ལ་ཚིག་འདི་གསན་མཛོད། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ཤར་དུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ ཤར་གྱི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་བསམ་ན་འགྲོ་མཁན་མེད༔ གང་དུ་འགྲོ་བར་ཕྱིན་པ་མེད༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་འདི་མཐའ་བྲལ་སྟོང་པ་ཡིན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ལྷོ་རུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ ལྷོ་ཡི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་ནུབ་ཏུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ ནུབ་ཀྱི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ༔ མིག་རྩེ་ནམ་མཁའི་བྱང་དུ་ལྟོས༔ རང་བྱུང་རིག་པའི་ཡེ་ཤེས་དེ༔ བྱང་གི་བར་སྣང་དག་ལ་ནི༔ ཐོགས་པ་མེད་པར་འགྲོ་བར་སོམས༔ འགྲོ་བར་སེམས་པ་རང་གི་སེམས༔ སེམས་ནི་མཐའ་བྲལ་སྟོང་པ་ཡིན༔ ཞེས་དང། སླར་ཡང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱི༔ སེམས་འདི་དང་པོ་གང་ནས་བྱུང༔ བར་དུ་གནས་པའི་ཡུལ་གར་འདུག༔ ཐ་མར་འགྲོ་བའི་ཁོང་འདུག་གམ༔ བྱུང་གནས་འགྲོ་འོང་རྩ་བ་གང༔ རྒྱུ་རྐྱེན་རྩ་བ་འབྲས་བུ་གང༔ ཞེས་དང་། ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ སྐྱེ་བ་མེད་ལས་ཐམས་ཅད་སྐྱེས༔ སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ གནས་པ་མེད་ལས་ཐམས་ཅད་གནས༔ གནས་ཙམ་ཉིད་ནས་གནས་པ་མེད༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ རྫོགས་པའི་སངས་རྒྱས་ཀུན་གྱི་གསང༔ འགག་པ་མེད་ལས་ཐམས་ཅད་འགག༔ འགགས་ཙམ་ཉིད་ནས་འགག་པ་མེད༔ སྐྱེ་འགག་གནས་གསུམ་མཐའ་བྲལ་བའི༔ ལྷུན་གྲུབ་ཆོས་ཉིད་རིན་པོ་ཆེ༔ ཨེ་མ་ངོ་མཚར་རྨད་བྱུང་ཆོས༔ ཞེས་པས་སྐྱེ་འགག་གནས་གསུམ་མཐའ་བྲལ་དུ་ངོ་སྤྲད། དེ་ནས་ཚོགས་དྲུག་བདེན་ཞེན་རྟག་ཆད་དང་བྲལ་བར་ངོ་སྤྲད་པ་ནི་ཚིག་འདི་ལ་གསན་མཛོད། མེ་ལོང་ལ་ལྷ་སྐུ་ཤར་བ་སོགས་བསྟན་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ རྒྱལ་བའི་སྐུ་གཟུགས་འདི་ལ་ལྟོས༔ རྒྱན་དང་ཆ་ལུགས་དུ་མར་སྣང༔ སྣང་བར་འཛིན་པ་རང་གི་སེམས༔ དེ་ལ་ལྟོས་དང་གཞི་རྩ་བྲལ༔ དེ་བཞིན་ཡིད་ཡུལ་སྣང་བའི་གཟུགས༔ ཡུལ་ཉིད་གསལ་མཁན་ངོ་བོས་སྟོང༔ དེ་ནི་གསལ་སྟོང་ཆོས་སྐུ་ཡིན༔ རོལ་མོའི་སྒྲ་སྣ་ཚོགས་བསྒྲགས། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྣ་ཚོགས་སྒྲ་དབྱངས་འདི་ལ་ཉོན༔ འུར་ཏིང་སེང་ངག་དར་དིར་ཚོགས༔ སྙན་དང་མི་སྙན་གང་ཡིན་པ༔ སྐྱོན་ཡོན་མཁན་པོ་གང་ན་འདུག༔ དེ་ཉིད་ངོ་བོ་བརྗོད་བྲལ་བ༔ གྲགས་པ་སྒྲ་རུ་གྱུར་ཚད་ཀུན༔ དེ་ནི་གྲགས་སྟོང་བྱ་བ་ཡིན༔ གསལ་བར་གྲགས་ཀྱང་ངོ་བོས་སྟོང༔ ཤེས་དུས་གཞི་མེད་རྩ་བྲལ་ཡིན༔ དེ་ནི་གྲགས་སྟོང་བརྗོད་བྲལ་ལོ༔ སྤོས་ལ་སོགས་པའི་དྲི་སྣ་ཚོགས་པ་སྣ་ལ་གཏུགས་ཤིང་། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྤོས་དང་སྨན་སོགས་དྲི་ཞིམ་དང༔ མི་སྡུག་དྲི་ལའང་སྣོམ་པར་གྱིས༔ དེ་ཉིད་དྲི་དོན་རྟོགས་པར་སྣོམས༔ དེ་ཡི་ངོ་བོ་སེམས་ལ་ལྟོས༔ ཆགས་དང་སྡང་བའི་ཞེན་པ་བསྡུར༔ དེ་ཡི་མཁན་པོ་རྩ་བ་ཆོད༔ དེས་ན་རྐྱེན་སྣང་ཤེས་པ་འདྲེས༔ གཉིས་འཛིན་ཤེས་པ་གློ་བུར་ཡིན༔ རྐྱེན་གྱི་སྣང་བ་ངོ་བོས་སྟོང༔ ཟས་ཀྱི་རོ་ཁ་མངར་སོགས་སྣ་ཚོགས་པ་མྱང་དུ་བཅུག་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྣ་ཚོགས་ཟས་ལ་སྲེད་པ་ལ༔ ཁ་མངར་སྐྱུར་དང་ཚྭ་རྩུབ་པ༔ འདི་རྣམས་རྩ་བ་གང་ལས་བྱུང༔ ཆགས་དང་སྡང་བ་འདུག་མི་འདུག༔ ཐམས་ཅད་དུ་མ་རོ་གཅིག་ཏུ༔ གཞི་རྩ་སེམས་ལ་ཆོད་པར་གྱིས༔ ཆགས་དང་སྡང་དང་ངོ་བོས་སྟོང༔ ཞེན་བྲལ་ཡུལ་སྣང་དེར་འཛིན་པ༔ རང་གྲོལ་སྟོང་པ་ཉིད་དུ་སྤྱོད༔ དར་དང་རེ་རྩུབ་ཀྱིས་འགྲམ་པ་གཡས་གཡོན་ཕྱིས་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ ལུས་འདི་གཅེར་བུར་ཕྱུང་ནས་ཀྱང༔ རེག་བྱ་འཇམ་རྩུབ་སྣ་ཚོགས་ལྟོས༔ དེ་ལ་ཆགས་སྡང་འདུག་མི་འདུག༔ ཆགས་སྡང་གཉིས་འཛིན་གང་སྐྱེས་ཀྱང༔ རྣམ་པ་གསལ་ལ་རང་བཞིན་སྟོང༔ སྣ་ཚོགས་འཆར་སྒོ་སེམས་ལས་བྱུང༔ རང་སེམས་སྨྲ་བསམ་བརྗོད་ཡུལ་བྲལ༔ ཡིད་ལ་དགག་སྒྲུབ་སྣ་ཚོགས་འཆར་དུ་བཅུག་ལ། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས༔ སྐྱིད་སྡུག་ལེགས་ཉེས་མཐའ་དག་སྒོམས༔ དེ་ལ་དགའ་དང་མི་དགའ་ལྟོས༔ གང་ལྟར་བྱུང་ཡང་སེམས་ལས་བྱུང༔ བདེ་དང་སྡུག་བསྔལ་གང་བྱུང་ཡང༔ གསལ་དང་ངོ་བོ་རིག་སྟོང་ཉིད༔ དཔེར་ན་ཆུ་ཟླ་ཇི་བཞིན་ནོ༔ དེ་བཞིན་འདོད་ཆགས་ཞེ་སྡང་དང༔ གཏི་མུག་ང་རྒྱལ་ཕྲག་དོག་སོགས༔ ཉོན་མོངས་རྦ་རླབས་ཅི་ཤར་ཡང༔ ཕ་རོལ་ཡུལ་སྣང་རྐྱེན་ལས་བྱུང༔ ཡུལ་སྣང་རྐྱེན་ལ་ལྟོས་འཛིན་མེད༔ སེམས་ཉིད་ངོ་བོ་སྟོང་པ་ལ༔ སྟོང་པའི་གསལ་ཆ་རྟོག་པར་འཁྲུལ༔ འཁྲུལ་སྣང་རྩ་བ་རྩད་བཅད་པས༔ ཚོགས་དྲུག་རྐྱེན་ཡུལ་རྩ་བ་རྣམས༔ སྤྲོས་བྲལ་ཀ་དག་ཀློང་དུ་འོ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རོལ་པ་ཡེ་ཤེས་འུབ་ཆུབ་ཆེ༔ རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ༔ བསྒྲུབ་བྱ་སྒྲུབ་བྱེད་བློ་ལས་འདས༔ ལྟ་སྒོམ་སྤྱོད་འབྲས་རྫུན་ཁུང་རྡིབ༔ འདི་དོན་ཁྱོད་ཀྱིས་ཤེས་པར་གྱིས༔ ཞེས་བརྗོད། དེས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལས༔ ཚིག་དབང་རིན་པོ་ཆེ་ཐོབ༔ སྒོ་གསུམ་གྱི་སྒྲིབ་པ་དག༔ ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༔ ངོ་བོ་ཉིད་ཀྱི་སྐུ་ཐོབ་རུང་གི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ༔ ཞེས་དག་པ་བརྗོད། དེ་ནས་བུམ་པ་གླེགས་བམ་རྡོར་དྲིལ་མཆོད་རྫས་སོགས་གཏད་ལ། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་འཁོར་དང་བཅས་པ་ཐམས་ཅད་ཀྱི་བཀའ་བུམ་པ་གང་བྱོས་ཀྱི་ཚུལ་དུ་བབས་ཏེ༔ ཆོས་དང་བཀའི་བདག་པོར་གྱུར་ནས༔ འགྲོ་བའི་བླ་མར་གྱུར་པའི་མོས་པ་མཛོད༔ ཅེས་བརྗོད་ལ་དབུགས་དབྱུང་བ་ནི། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེང་འདིར་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་ཁྱོད་ལ་འཆི་བ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དོ། །དེ་བས་འདོད་ལ་ཆགས་བྲལ་ཉིད། ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདོད་པ་ཀུན་ལ་སྤྱོད་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །བུད་མེད་རིན་ཆེན་སྤང་མི་བྱ། །ཞེས་དང་། འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་བསད་པར་མི་བྱ་ཞིང། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དྭངས་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །དེའི་རྗེས་ལ་དྲིལ་བུ་གསིལ་ཞིང་། ཀྱེ་ཧོ༔ འཁོར་བའི་སྐྱོན་རྣམས་ཡོངས་བྲལ་བའི༔ ཉོན་མོངས་རྣམས་ནི་ཡེ་ཤེས་མཆོག༔ ལུས་ངག་ཡིད་གསུམ་འདི་དག་ནི༔ ཐོག་མ་མེད་ནས་འཕགས་པ་མཆོག༔ སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས༔ འཁོར་བ་ཡེ་སངས་རྒྱས་པ་ལ༔ སྒྲུབ་པའི་ཐབས་གཞན་ཡོད་མ་ཡིན༔ སྣང་གྲགས་ཕྱི་ནང་དངོས་པོ་ཀུན༔ ཆོས་ཉིད་རོལ་པའི་ཆོ་འཕྲུལ་བསྟན༔ སངས་རྒྱས་རང་གི་སེམས་ལས་ནི༔ མ་གཏོགས་གཞན་ནས་ཐོབ་མི་སྲིད༔ དེ་བས་འདིར་ནི་ངེས་པའི་དོན༔ ཁྱོད་ལ་དབུགས་དབྱུང་ཡང་དག་བསྟན༔ ཞེས་དབུགས་དབྱུང་ངོ་། །དེ་ལྟར་དབང་ཐོབ་པ་ལ་དགའ་སྤྲོ་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དེ་རིང་སངས་རྒྱས་ཐམས་ཅད་ཉིད༔ བདག་ལ་ཉེ་བར་དགོངས་སུ་གསོལ༔ འདི་ལྟར་ཁྱོད་ཀྱི་བཀའ་དྲིན་གྱིས༔ བདག་ནི་བྱང་ཆུབ་བསྒྲུབ་ཏུ་བསྩལ༔ དེར་བདག་སྐྱེ་བ་འབྲས་བུར་བཅས༔ དེ་རིང་སངས་རྒྱས་རིགས་སུ་སྐྱེས༔ སངས་རྒྱས་སྲས་སུ་ད་གྱུར་ཏོ༔ ད་ནས་བདག་གིས་ཅི་ནས་ཀྱང༔ རྙོགས་མེད་གསང་སྔགས་ལམ་འདི་ལ༔ བཀའ་བསྩལ་ལྟར་དུ་སྤྱོད་པར་བགྱིའོ༔ ཞེས་བརྗོད་པར་བྱའོ། །མཇུག་ཏུ་ཤིས་བརྗོད་དམ་ཚིག་ཁས་ལེན་མཎྜལ་ཡོན་འབུལ་རྣམས་སྤྱི་ལྟར་དང་སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ལས་བྱང་ལྟར་བྱའོ། །རྩོད་དུས་སྙིགས་མའི་དབང་བསྐུར་གཟུགས་བརྙན་ལ། །བླ་སློབ་མཚན་ལྡན་ཉིན་མོའི་སྐར་ལྟར་དཀོན། །འདི་འདྲ་ཡོད་མེད་དོན་ལ་མཚུངས་ན་ཡང་། །རྣམ་པའི་རྒྱུན་ཙམ་བསམས་ནས་སླར་ཡང་བཀོད། །ད་དུང་སྔོན་སྦྱངས་དབང་པོ་རབ། །འབྱུང་བའང་སྲིད་མཐའ་མ་བཀག་པས། །དེ་འདྲ་བདེ་མྱུར་གསང་ལམ་ནས། །མཆོག་དངོས་གྲུབ་པའི་རྒྱུར་གྱུར་ཅིག །ཅེས་པའང་རྩ་བའི་ཡིག་ཆ་བྲིས་ནས་རིང་ཞིག་འདས་པའི་ཕྱི་མོ་རུ། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཞུང་ལས་ལག་ལེན་ཁོ་ན་ཁོལ་ཕྱུང་དུ་བསྡེབས་པ་ལ་ནོངས་པ་བཤགས་པས་ཚངས་པར་གསོལ་ལོ། །དགེ་ལེགས་འཕེལ།། །།
དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ (Volume 38, Text 40)
༄༅། །དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བཞུགས་སོ། ། བླ་མ་དང་ནི་ཆེ་བའི་ལྷ། །དཔལ་ཆེན་ཧེ་རུ་ཀ་ལའང་འདུད། །ཕུར་བུའི་སྲུང་མ་ཡིན་པར་གྲགས། །འཁོན་རབས་སྲུང་མའི་སྒྲུབ་ཐབས་བཤད། །ཤ་ཁྲག་གཙང་མ་དང་དཀར་གསུམ་སོགས་ཀྱིས་བརྒྱན་པའི་གཏོར་མ་འབྲང་རྒྱས་དཀར་པོ་གཅིག་དང་། བཤོས་བུ་ནག་པོ་ཞིག་བཤམ། སྤང་སྤོས་དང་སྤོས་དཀར་གྱིས་བདུག་པ་སོགས་མཆོད་པའི་ཡོ་བྱད་གཞན་ཐམས་ཅད་ཀྱང་འཛོམ་པར་བྱས། རང་ཉིད་དཔལ་ཆེན་པོའམ། ཡེ་ཤེས་ཁྲོ་བོ་གང་ཡང་རུང་བའི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབ། རང་གི་མདུན་དུ་པདྨ་ཉི་ཟླའི་གདན་ལ་བྷྱོ་དཀར་པོའི་འོད་ཀྱི་འཕྲོ་འདུ་ལས་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་རི་རབ་སྒང་དུ་རྩེ་བ། གཡོན་གླིང་བཞི་བྱོ་ཡོལ་མཛད་ཅིང་ཐུགས་ཀར་འཛིན་པ། ཉི་ཟླ་སྤེལ་བ་དགུ་བརྒྱ་དགུ་བཅུ་རྩ་དགུའི་དོ་ཤལ་བྱས་པ། ཉི་ཟླ་གཅིག་དང་ཐོད་པའི་ཕྲེང་བ་ཐོད་དུ་བཅིངས་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་དང་དར་དཀར་གྱི་སྟོད་གཡོགས་ཅན་མཁའ་འགྲོ་མ་བྱེ་བས་བསྐོར་བའོ། །དེའི་གཡས་སུ་ཧཱུྃ་ཡིག་འོད་ཀྱི་འཕྲོ་འདུ་ལས། བདུད་རྒྱལ་དཔའ་བོ་ཐོད་ཕྲེང་ཅན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་མདུང་རིང་བ་དན་དང་བཅས་པ་འཕྱར་བ། གཡོན་མི་མགོའི་ཕྲེང་བ་འཛིན་པ། གོས་རྒྱན་ནག་པོ་ཅན་བདུད་རྟ་ནག་པོ་རྟིང་དཀར་ལ་འཆིབ་པ། བདུད་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་ཏེ། ཧེ་རུ་ཀས་དབུ་བརྒྱན། མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། སྙིང་པོའི་སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ལན་བདུན་གྱིས་གཏོར་མ་ཕུལ་ལ། ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏིཾ་བྷྱོཿ ཞེས་གཙོ་མོ་དང་། ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷཱ་ར་ཧཱུྃ་ཕཊ། ཅེས་བདུད་རྒྱལ་གྱི་སྙིང་པོའོ། །མཱ་ར་ཡ་ཐུམས་ཤིག །མཱ་ར་ཡ་ཨ་མོ་བཾ། མཱ་ར་ཡ་སྙིང་ཧྲུལ། སཏྭཾ་བྷ་ཡ་སོད་སོད། ཅེས་བདུད་རྒྱལ་གྱི་སྲོག་སྔགས་རྣམས་ཀྱང་དྲག་ཏུ་བཟླ། མཐར། ཨརྒྷཾ་ལ་སོགས་པས་མཆོད། ཧཱུྃ་མ་བྷྱོ། དཔལ་ལྡན་དཀར་མོ་ཆེན་མོ་ནི། །ཉི་ཟླ་སྟོང་གི་ཕྲེང་བ་ཅན། །ཡེ་ཤེས་དབྱིངས་ཀྱི་རྗེ་མོ་སྟེ། །གཞན་དོན་འཇིག་རྟེན་པ་རུ་སྤྲུལ། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །འདས་དང་མ་འདས་མཚམས་ན་བཞུགས། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །དགྲ་བོའི་སྲོག་ལ་མངའ་མཛད་པ། ཁྱོད་ནི་སྲོག་བདག་ཆེན་པོ་སྟེ། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བརྗོད་ལ་མཐར་རྗེས་བསྡུ་བ་ནི་སྤྱི་དང་འདྲ། འདིའི་རྗེས་གནང་གི་ཆོ་ག་ནི། མཎྜལ་ཆོས་འབྱུང་གྲུ་གསུམ་དཀར་པོའི་དབུས་སུ་འབྲུ་དཀར་པོའི་ཚོམ་བུ་བཀོད། སྟེང་དུ་འབྲང་རྒྱས་དཀར་པོ་ཕུག་རོན་གྱི་གཟུགས་དང་བཅས་པ་བཤམ། དེའི་གཡས་སུ་ཆོས་འབྱུང་གྲུ་གསུམ་ནག་པོ་ལ་འབྲུ་ནག་གི་ཚོམ་བུ་དང་། སྟེང་དུ་དམར་གཏོར་བཀོད། མཐའ་ལ་མཆོད་པ་ཅི་བདེར་བསྒྲིག །དེ་ནས་གོང་དུ་བཤད་པ་ལྟར་ཉམས་སུ་བླངས་རྗེས། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། གང་གི་དྲིན་གྱིས༴ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ། བདག་ལ་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དང་། བདུད་རྒྱལ་ནག་པོ་ཐོད་པའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་བསྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དངོས་གཞི་ལ་ལྕམ་དྲལ་གྱི་རྗེས་གནང་ལྷན་ཅིག་ཏུ་མཛད་པའི་ལུགས་ཡི་གེ་སྔ་ཕྱི་མང་དུ་སྣང་བ་རྣམས་ནི། སློབ་མ་ཡི་དམ་དུ་བསྐྱེད་པ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང་། གསུང་གི་རྗེས་གནང་དང་། གཏོར་མའི་བཀའ་བསྒོ་ཙམ་ལ་ཐུགས་ཀྱི་རྗེས་གནང་དུ་མཛད་དེ། འོན་ཀྱང་བླ་མའི་ཕྱག་ལེན་འདི་ལྟར་མཛད་པ་མཐོང་སྟེ། དཀར་མོ་ཉི་ཟླ་ལ་སྐུ་བསྐྱེད་བསྟིམ། གསུང་བཟླས་ལུང་སྤྱི་དང་མཐུན་པར་མཛད་ནས། ཐུགས་གཏོར་དབང་གི་ཚེ། གཏོར་མ་ལྷ་མོར་གསལ་བ་སྤྱི་བོར་བཞག་པ་ལ། མོས་གུས་དུང་བ་བྱས་པས། ལྷ་མོའི་སྤྲུལ་པ་ཕུག་རོན་དེས་རང་གི་ནད་གདོན་ཆག་ཆེ་ཉམ་ང་ཐམས་ཅད་སྐད་ཅིག་ལ་ཁྱེར་ཏེ་རྒྱ་མཚོའི་མཐར་སོང་བར་བསམས་ལ། ཕུག་རོན་གྱི་གཟུགས་དེ་སློབ་མ་ལ་གཡས་སྐོར་དུ་ལན་གསུམ་བསྐོར་ནས་ཕྱིར་གཏོར། དེ་རྗེས་བཀའ་བསྒོ་སྤྱི་དང་མཐུན་པར་མཛད། དེའི་རྗེས་ཐོབ་ཉིད་ལ། བདུད་རྒྱལ་ལ་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང་གསུང་གི་རྗེས་གནང་དང་། གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བ་ཐུགས་ཀྱི་རྗེས་གནང་དུ་མཛད་དེ། རྗེས་ཀྱི་བྱ་བ་སྤྱི་དང་མཐུན་ནོ། །ས་སྐྱའི་རིང་ལུགས་འཛིན་པ་ཀུན། །མོས་ཞེན་དབང་གིས་དགའ་བར་སྒྲོག །སྙིང་ནས་མོས་ཐོབ་དཀོན་ན་འང་། །དེང་འདིར་ཡིད་ཆེས་བརྟན་པོས་སྦྱར། །དཀར་མོ་ཉི་ཟླ་ལྕམ་དྲལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། ༈ །།དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་ཐུན་མོང་གི་བཀའ་སྲུང་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་བྱ་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་ཇི་ལྟར་འབྱུང་བ་བཞིན་ཡོ་བྱད་ཀྱི་བཤམ་དང་། ཕུར་པའི་བདག་བསྐྱེད་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས། མདུན་དུ་ཆོས་སྲུང་ལྕམ་དྲལ་བསྐྱེད་པ་ནས་བཟླས་པའི་རྗེས་སུ་མཆོད་བསྟོད་བྱ་བའི་བར་ཉམས་སུ་བླང་། གཉིས་པ་ནི། དབང་གིས་སྨིན་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོངས་པ་ན་སློབ་དཔོན་གྱིས་རྡོ་རྗེ་གསོར་དྲིལ་བུ་གསིལ། ཀཱི་ལ་ཡ་བཟླས་པས་བགེགས་བསྐྲད། རང་རང་གི་གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་ཆོས་སྒྲུབ་པའི་གང་ཟག་རྣམས་ཀྱི་བར་ཆད་སྲུང་བའི་སླད་དུ་འཇིག་རྟེན་ལས་འདས་པའི་སྲུང་མ་ཁྱད་པར་ཅན་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རེ་བསྟེན་དགོས་པ་ལས། འདིར་སྐབས་སུ་བབས་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། འཁོན་སྟོན་ལོ་ཙཱ་བ་ཆེན་པོ་ཀླུའི་དབང་པོ་སྲུང་བ་དང་། འཁོན་རྡོ་རྗེ་རིན་ཆེན་མཆེད་གཉིས་ལ་གནང་བ་ནས་བཟུང་། འོད་གསལ་ལྷ་རིགས་འཁོན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་རིགས་དང་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཤིན་ཏུ་འགོ་ཞིང་། དཔལ་ཡང་དག་ཧེ་རུ་ཀ་དང་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བཀའ་སྲུང་ཐུན་མོང་མ་ཡིན་པར་གྲགས་པ་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་དང་བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་ལྕམ་དྲལ་གྱི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །གང་གི་དྲིན་གྱིས་སོགས་དང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སོགས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར། སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །དཀོན་མཆོག་གསུམ་ལ་སོགས། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས། བདག་ལ་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དང་། བདུད་རྒྱལ་ནག་པོ་ཐོད་པའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་བསྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་གྱི་སྐུའི་རྗེས་གནང་གི་སླད་དུ་སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ། སློབ་དཔོན་གྱིས། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཞེས་བརྗོད་པས་སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རྣམས་ཀྱི་སེམས་ཉིད་བྷྱོཿདཀར་པོའི་སོགས་ནས། མཁའ་འགྲོ་མ་བྱེ་བས་བསྐོར་བར་གྱུར། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཨོཾ་བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏིཾ་བྷྱོཿ ཞེས་པའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨ། ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་བྱ། གསུང་གི་རྗེས་གནང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་གྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་བྷྱོ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་ཤཱནྟིཾ་སོགས། སླར་ཡང་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སོ་སོའི་ལུས་ལ་གཏོར་བས་སྔགས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། གཏོར་མ་འདི་ཉིད་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པ་ལ་མོས་གུས་དྲག་པོ་དུང་དུང་པ་བྱས་པས། སླར་ལྷ་མོའི་སྤྲུལ་པ་ཕུག་རོན་དེས་རང་རང་གི་ནད་གདོན་ཆག་ཆེ་ཉམ་ང་ཐམས་ཅད་སྐད་ཅིག་ལ་ཁྱེར་ཏེ་ཕྱིའི་རྒྱ་མཚོའི་མཐར་སོང་བའི་མོས་པ་མཛོད་ཅེས་བརྡ་སྤྲད་ལ། ཕུག་རོན་གྱི་གཟུགས་དེ་སློབ་མ་ལ་གཡས་སུ་ལན་གསུམ་བསྐོར་ནས་ཕྱིར་དོར། སླར་ཡང་སྟེང་གི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་ནས། རྩ་བའི་བླ་མས་བཀའ་བསྒོས་པ་ལྟར་བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་བཀའ་བསྒོས་པའི་མོས་པ་མཛོད་ཅེས་དང་། གཏོར་མ་སྤྱི་བོར་བཞག་ལ། བླ་མ་བརྒྱུད་པའི་བཤར་འདེབས་རྒྱས་པར་བྱ་བའམ་བསྡུ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་སྲུང་བ་ནས་བཟུང་། བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཀར་མོ་ཉི་ཟླའི་ཕྲེང་བ་ཅན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། སངས་རྒྱས་ཀྱི་བསྟན་པ་དང་། བསྟན་པ་འཛིན་པ་དང་། ཁྱད་པར་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ནས། བསྲུང་བ་དང་། སྐྱོབ་པ་དང་། སྦ་བ་དང། འགོ་བའི་ཕྲིན་ལས་མཛོད་ཅིག །མདོར་ན་འདི་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ཞིང་། མཐུན་རྐྱེན་ཚེ་དང་བསོད་ནམས་སྙན་གྲགས་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་ཕྲིན་ལས་རྣམ་པ་བཞི་གང་བཅོལ་བ་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་མཛད་དུ་གསོལ། ཞེས་བཀའ་བསྒོས་པས། དེ་དེ་བཞིན་དུ་བགྱིའོ་ཞེས་ཞལ་གྱིས་བཞེས་པའི་མོས་པ་མཛོད། སྔགས་མཐར། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་བརྗོད། དེས་དཀར་མོ་ཉི་ཟླའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་གྲུབ་ནས། བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་བཀའ་སྡོད་ཀྱི་ཚུལ་དུ་གཏད་པ་ལ། སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་དུ་བདུད་རྒྱལ་དཔའ་བོ་ཐོད་ཕྲེང་སོགས་ནས། བདུད་བྱེ་བའི་ཚོགས་ཀྱིས་བསྐོར་བ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་བདུད་རྒྱལ་གྱི་སྐུ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་འདུས་ཁྱེད་རང་རྣམས་ལྷ་མོར་གསལ་བའི་ཐུགས་ཀའི་ས་བོན་ལ་ཐིམ་པས་སྐུ་དབང་དུ་འདུས་ཤིང་། ཕྲིན་ལས་རྣམ་བཞི་ཇི་ལྟར་འདོད་པ་བཞིན་བསྒྲུབ་པའི་མོས་པ་མཛོད། ཨོཾ་སརྦ་མཱ་ར་ཀྲྀཥྞ་ཀ་པཱ་ལ་མཱ་ལ་དྷཱ་ར་ཧཱུྃ་ཕཊ། ཅེས་པའི་མཐར། ཨཱ་བེ་ཤ་ཡ་བཏགས་པ་བརྗོད་ཅིང་སྤོས་རོལ་བྱ། གསུང་གི་རྗེས་གནང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པས་སྔགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་མཱ་ར་སོགས། ཐུགས་ཀྱི་རྗེས་གནང་གི་སླད་དུ། གཏོར་མ་བདུད་རྒྱལ་དུ་གསལ་བ་ཁྱེད་རང་རྣམས་ལ་བཀའ་སྡོད་ཀྱི་ཚུལ་དུ་གཏད་ཅིང་། རྩ་བའི་བླ་མས་བཀའ་བསྒོས་སོགས་ནས། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པའི་བར་ལྷའི་མཚན་དང་སྔགས་བསྒྱུར་བ་མ་གཏོགས་གོང་བཞིན་བྱ་ཞིང་གཏོར་མ་ལག་ཏུ་གཏད། སྲུང་མ་འདི་དག་མི་འབྲལ་ཞིང་ཉེ་བར་བྱ་བའི་ཕྱིར་རྗེས་གནང་ཐོབ་ཕྱིན་ཆད་རྒྱུན་དང་དུས་ཀྱི་མཆོད་གཏོར་སྐོང་བཤགས་སོགས་ལ་བརྩོན་པར་བྱ་དགོས་པ་ལགས། ཞེས་གདམས། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། མཇུག་གི་ཆོས་དམ་ཚིག་ཁས་བླངས་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། གསུམ་པ་ནི། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད་བཅས་རྒྱས་པར་བྱའོ། །འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་གསུང་རབ་ཀྱི་དགོངས་པ་ཇི་ལྟ་བར་བཀོད་པ་ཡིན་ལ། ས་ལུགས་ཀྱི་ཡིག་ཆ་ཕྱི་མ་ལྟར་ན། རྗེས་གནང་གི་སྔོན་འགྲོ་འདྲ། དངོས་གཞི་ལ་སློབ་མ་རྡོ་རྗེ་གཞོན་ནུར་བསྐྱེད་ཅིང་། ལྕམ་དྲལ་གཉིས་ཀ་ལྷན་ཅིག་པར་བཀའ་སྡོད་ཀྱི་ཚུལ་དུ་སྐུ་དང་། གསུང་གི་རྗེས་གནང་དང་གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་བ་ཙམ་ལས། ཐུགས་ཀྱི་རྗེས་གནང་ཞེས་པའི་ཐ་སྙད་མི་མཛད་དོ། །གང་ལྟར་ཡང་རྗེས་གནང་འདི་ཉིད་ཕུར་པའི་སྨད་ལས་ཀྱི་དབང་དང་འབྲེལ་བར་བྱེད་ན། མདུན་བསྐྱེད་གཏོར་ཆོག་གི་སྐབས་སུ་བསྐྱེད་པས་འཐུས་པ་ལས་ཟུར་དུ་མི་དགོས། སྒྲོལ་དབང་གི་དངོས་གཞི་གྲུབ་རྗེས། དེས་སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་གི་དབང་བསྐུར་བ་ལེགས་པར་གྲུབ་ནས། ཆོས་སྒྲུབ་པའི་གང་ཟག་སོགས་སྦྲེལ་ལ་འདིའི་རྗེས་གནང་བྱ། མཇུག་དམ་ཚིག་ཁས་བླངས་མན་མཉམ་དུ་བྱས་པས་གྲུབ་བོ། །ཞེས་པའང་འཇམ་པའི་དབྱངས་རྣམ་སྣང་ལོ་ཙཱ་བ་ཆེན་པོ་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བ་༧ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་གསུང་རྡོ་རྗེ་ནཱ་དའི་སྒྲ་དབྱངས་ཡི་གེའི་གཟུགས་སུ་ཤར་བའི་རིག་མཆོག་འབུམ་སྡེའི་སྙིང་པོ་གཅིག་ཏུ་དྲིལ་བའི་གླེགས་བམ་ཞབས་འདེགས་སུ། རྗེ་གང་གི་བཀའ་འབངས་ཀྱི་ཐ་ཆུང་བྱ་བྲལ་སྐལ་བཟང་མཁྱེན་བརྩེའི་དབང་པོས་སྦྱར་བ་སྟེ། དགེ་བས་རྗེ་བཙུན་བླ་མའི་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་བཞེས་ལ་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང་། ཟབ་ཆོས་འདི་ཉིད་ཀྱི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
དཔལ་བདེ་མཆོག་འཁོར་ལོའི་གསོལ་འདེབས་ (Volume 52, Text 40)
དཔལ་བདེ་མཆོག་འཁོར་ལོའི་གསོལ་འདེབས་བཞུགས་སོ། །ཆོས་རྒྱལ་ཐུགས་དམ། ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོ་དང་། །སུ་ཁ་སིདྡྷི་རིག་འཛིན་ཐོད་ཕྲེང་རྩལ། །མངའ་བདག་ཡབ་སྲས་མ་གཅིག་མཚོ་རྒྱལ་མ། །གར་གྱི་དབང་ཕྱུག་རྩལ་ལ་གསོལ་བ་འདེབས། །ཀུན་ཏུ་བཟང་པོ་རིགས་ལྔ་སེམས་དཔའི་ཚོགས། །དགའ་རབ་ཤྲཱི་སིཾ་རིག་འཛིན་པདྨ་འབྱུང་། །མངའ་བདག་ཡབ་སྲས་མ་གཅིག་མཚོ་རྒྱལ་མ། །གར་གྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །བྱིན་རླབས་ཀུན་འབྱུང་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་བཀའ་སྲུང་དང་། །གཏེར་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས། །བདག་གིས་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །སྣང་སྲིད་དབང་སྡུད་སྲིད་གསུམ་ཟིལ་གྱིས་མནན། །བསྐྱེད་རིམ་གདིང་ཐོབ་བཟླས་བརྗོད་སྔགས་འགྲུབ་སྟེ། །ཐུགས་མཆོག་རིག་པའི་ཡེ་ཤེས་མངོན་གྱུར་ཤོག །ཉིན་མཚན་མཐའ་བྲལ་གདོད་མའི་མགོན་པོ་མཆོག །ལུས་གནད་རླུང་གནད་གནད་དུ་མཐུན་པ་དང་། །ལྡེམ་དང་དྭངས་ལྡེམ་ཨར་ལ་གཏད་པ་ཡིས། །རྟགས་བཅུ་རྫོགས་ནས་སྣང་བཞི་མཐར་ཕྱིན་ཤོག །དེ་ཡང་ཆོས་སྐུ་ཀ་དག་བདེ་བ་ཆེ། །ལོངས་སྐུ་ལུག་རྒྱུད་རང་རྩལ་མ་ངེས་པ། །སྤྲུལ་སྐུ་ཟེར་བཞིན་འགྲོ་དོན་དཔག་མེད་ཀྱིས། །འགྲོ་ཀུན་ཚེ་གཅིག་འོད་ལུས་འགྲུབ་པར་ཤོག །ཅེས་པ་བདེ་མཆོག་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་ཤིག་དགོས་ཞེས། ཉང་སྟོད་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྐུལ་བ་ལ་རྫོགས་ཆེན་པ་གར་གྱི་དབང་ཕྱུག་རྩལ་གྱིས་བཀོད་པའོ། །དགེའོ།། །།
སྦྱིན་བསྐྲད་འཛུད་བྱང་ (Volume 43, Text 40)
གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་དང་། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤང་བ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ། ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །ཞེས་དང་། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་སྦྱིན་བྱས་ལ། སརྦ་བིགྷྣཱན་གཙྪས་གཤེགས་ཤིང་། གང་དག་གདུག་ཅིང་རྩུབ་པའི་སེམས་འཆང་བ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ་རུ་འགས་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་བཟླས་ཏེ་ཕྱིར་ཁྱེར་རོ། །ཤེར་སྙིང་གི་སྲུང་འཁོར་བསྒོམ། སརྦ་མངྒ་ལཾ།། །།
འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མུན་སེལ་སྒྲོན་མེ་ (Volume 16, Text 40)
༁ྃ༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མུན་སེལ་སྒྲོན་མེ་ཞེས་བྱ་བ་ཟབ་རྒྱ་དང་པོ་བསྟན་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་སཱ་དྷ་ནཱ་མ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ༔ གང་ཞིག་རིགས་ལྡན་བློ་དང་ཤེས་རབ་རབ་ཏུ་གསལ་བར་འདོད་པའི་བསམ་པས༔ བྱ་རོག་གི་སྐད་མ་གྲགས་པར་སྔ་བར་ལྷའི་ང་རྒྱལ་གྱིས་ལངས་ཏེ༔ དྲི་བཟང་པོའི་སྤོས་ཆུས་ཁྲུས་བྱ༔ སྐད་ཅིག་གིས་རང་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔར་གནས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ དྷཱིཿགསལ་བར་དམིགས་པ་ལས་འོད་འཕྲོས་པས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་སོགས་པའི༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁར་གནས་པ་ལ༔ ན་མོ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་སརྦ་བུདྡྷ་བོ་དྷི་སཏྭ་མཎྜ་ལེ་བྷྱ༔ ཞེས་པས་ཕྱག་ལ་སོགས་དང༔ གོང་གི་མཐར༔ ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱ༔ ཤབྡ་ཨཱཿཧཱུྃ༔ ཞེས་པས་མཆོད་དེ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་པས་སྐྱབས་འགྲོ་སེམས་བསྐྱེད་དང༔ གཞན་ཡང༔ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག༔ སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག༔ བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག༔ ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་དང་ལྡན་པར་གྱུར་ཅིག༔ ཅེས་ཚད་མེད་པ་བཞི་དང་ལྡན་པར་བསྒོམས་ལ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་པས་སྟོང་པར་བསམ་པའི་ངང་ལས་པཾ་ལས་པདྨ༔ རཾ་ལས་ཉི་མའི་སྟེང་དུ༔ ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ༔ དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་རྡོ་རྗེའི་གུར་ཁང་དང་མེ་རི་མེ་དཔུང་རབ་ཏུ་འབར་བའི་རང་བཞིན་དུ་བསམ༔ དེའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ ཡཾ་ལས་རླུང༔ རཾ་ལས་མེ༔ ཁཾ་ལས་ཆུ༔ ལཾ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི༔ ཟུར་ཉི་ཤུ་པ༔ ར་བ་རིམ་པ་ལྔ་དང་ལྡན་ཞིང༔ རིན་པོ་ཆེའི་རྩིག་པའི་སྟེང་དུ་མུ་ཁྱུད་སེར་པོ་དྲྭ་བ་དང་དྲྭ་བ་ཕྱེད་པ༔ མདའ་ཡབ་མཆོད་རྟེན་གྱི་རྣམ་པ༔ ནང་ཀ་བ་བརྒྱད་ཀྱི་སྟེང་དུ༔ རྡོ་རྗེའི་གདུང་བཞི་མིག་མང་རིས་སུ་བྲིས་པ༔ དབུས་ཕྱུར་བུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ༔ སྒོ་བཞི་བཞིའི་ཐད་ཀ་ན༔ ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་པ༔ ཆོས་འཁོར་རི་དྭགས་ཆར་ཁེབས་ཏོག་དང་བཅས་པ༔ སྒོ་བཞིའི་ཕྱི་ནས་ཐེམ་སྐས་རིམ་པ་བརྒྱད་པ༔ རྩིག་པའི་ཕྱི་ནས་མཆོད་སྣམ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་གར་བྱེད་པ༔ དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ༔ སེང་གེ་དང་པདྨ་ཉི་མའི་གདན༔ ཕྱོགས་ཀྱི་པད་འདབ་བཞི་ལ་ཟླ་བའི་གདན༔ མཚམས་ཀྱི་པདྨ་བཞི་ལ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ༔ དབུས་སུ་དྷཱིཿས་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་བཙོ་མའི་མདོག་ལྟར་རབ་ཏུ་འཚེར་བ་ཞལ་གཅིག་ཕྱག་བཞི་པ༔ ཕྱག་གཡས་ཀྱི་དང་པོ་རལ་གྲིའི་རྩེ་ལ་ཡེ་ཤེས་ཀྱི་མེ་འབར་བ༔ གཡོན་གྱི་དང་པོ་མེ་ཏོག་ཨུཏྤ་ལ་སྔོན་པོའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི༔ འོག་མ་གཉིས་ཀྱིས་ཐབས་ཤེས་ཀྱི་མདའ་གཞུ་འགེངས་པ༔ དར་དང་རིན་པོ་ཆེ་སྣ་ཚོགས་པས་སྤྲས་ཤིང༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ བལྟ་ན་སྡུག་ཅིང་གཟི་བརྗིད་འཕྲོ་བ་གསལ་འཚེར་ལྷུན་སྡུག་དང་ལྡན་པ་གཅིག་བསྐྱེད༔ ཕྱོགས་ཀྱི་པད་འདབ་ལ༔ ཤར་དུ་བདུག་སྤོས་མ་དཀར་མོ་སྤོས་ཕོར་འཛིན་པ༔ ལྷོར་མེ་ཏོག་མ་སེར་མོ་མེ་ཏོག་འཛིན་པ༔ ནུབ་ཏུ་མར་མེ་མ་དམར་མོ་མར་མེ་འཛིན་པ༔ བྱང་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཕོར་འཛིན་པ༔ དེ་དག་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ལང་ཚོ་དང་ལྡན་པར་བསྐྱེད་པ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་མཐིང་ག༔ གཙོ་བོའི་སྙིང་གའི་དྷཱིཿསེར་པོ་དེ་དག་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་མཆོད་དེ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་མེད་དུ་བསྲེས་ནས་དགུག་གཞུག་བྱ༔ ཡང་འོད་འཕྲོས་པས་རིགས་ལྔའི་ལྷ་ཚོགས་སྤྱན་དྲངས་ལ་མཆོད་དེ་གསོལ་བ་བཏབ་པས༔ རིགས་ལྔའི་ལྷ་ཚོགས་ཐམས་ཅད་ཀྱིས༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་བདུད་རྩིའི་བུམ་པ་དང་བཅས་པས་དབང་བསྐུར་བས་ཆུ་ལྷག་མ་ཡར་ལུད་པས་གཙོ་བོ་ལ་མི་བསྐྱོད་པ༔ གཞན་རྣམས་ཀྱང་རིགས་སོ་སོས་དབང་བསྐུར་ཞིང་དབུ་བརྒྱན་པར་བསམ༔ ཡང་གཙོ་བོའི་ཐུགས་ཀའི་དྷཱིཿའོད་དུ་ཞུ་བ་ལས་བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར་ལྟེམས་པ་གཅིག་གི་ནང་དབུས་སུ༔ པཾ་ལས་པདྨའི་སྡོང་པོ་འདབ་མ་རྒྱས་པར་བསྐྱེད་པའི་སྟེང་དུ༔ པདྨའི་གདན་ལ་ཨ་དཀར་ཏ་ལེ་བ་ལས་བྱུང་བའི་གཞོན་ནུ་ཆུ་སྐྱེས་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་འཚེར་བའི་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་ཅིང༔ སྙན་གྱི་ཐད་ཀར་ཁ་གྱེས་པའི་སྟེང་དུ་སྟོང་ཕྲག་བརྒྱ་པའི་པོ་ཏི་འཛིན་ཅིང༔ ཞབས་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ལང་ཚོ་དང་ལྡན་ཞིང་དར་དཀར་པོའི་ཅོད་པན་འཕུར་བ་གཅིག་ཏུ་གསལ་བའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་ཨ༔ རྩིབས་དྲུག་ལ་མདུན་ནས་རིམ་པ་བཞིན༔ ཨོཾ་བཱ་ཀྱེ་དཾ་ན་མ༔ ཞེས་པ་དྲུག་པོ་འབྲུ་རེ་རེ་གསལ་ལ༔ འཁོར་ལོ་ལ་མ་རེག་པའི་ཚུལ་གྱིས་གཡས་སྐོར་དུ་བསམ༔ དེ་ལྟར་གཞོན་ནུ་ཆུ་སྐྱེས་གསལ་བའི་མཐའ་སྐོར་དུ༔ གཡོན་སྐོར་གྱིས་ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར༔ ཨོཾ་ཧཱུྃ་ཧྲཱི༔ བྷ་ག་ཝཱན་ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་བ་ཙ༔ སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ༔ ཞེས་པས་བསྐོར་བ་ལ་ཤེས་པ་གཏད་ཅིང་ཆུ་བོའི་རྒྱུན་ལྟར་བཟླས་པས༔ སྔགས་ཀྱི་ཡིག་འབྲུ་དེ་རྣམས་འུ་རུ་རུ་འཁོར་ཞིང་འོད་ཟེར་ཉི་མའི་ཟེར་ཐག་ལྟར་ནང་དུ་འཕྲོས་པས་གཞོན་ནུ་ཆུ་སྐྱེས་ཀྱི་ཐུགས་ཀའི་ཡིག་འབྲུ་དང་བཅས་པ་ལ་ཕོག་པས༔ འཁོར་ལོ་དེ་དག་གཡས་སུ་འཁོར་ཡིག་འབྲུ་དྲུག་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་པས༔ སེམས་ཅན་ཐམས་ཅད་ཀྱི་བློའི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས༔ ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་ནས་མངོན་པར་ཤེས་པ་དྲུག་དང་ལྡན༔ འོད་ཟེར་ཕྱིར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྔགས་ཀྱི་ཡིག་འབྲུར་གྱུར་པར་བསམས་ལ༔ སྔགས་འབྲུ་ལྔ་བཅུ་བདུན་པ་ལ་འབུམ་ཕྲག་རེ་རེ་གྲུབ་ནས༔ འབྲུ་དྲུག་པ་ལ་འབུམ་ཕྲག་གཉིས་གཉིས་བཟླ༔ སྤྱི་དྲིལ་བས་འབུམ་ཕྲག་དགུ་བཟླས་པས་གྲངས་ཀྱི་བསྙེན་པ་ཐེམས་ནས༔ རྟགས་གསུམ་འབྱུང་བ་ནི༔ ཕྱི་རྟགས་ཚོགས་དྲུག་གི་སྣང་བ་བན་བུན་རྨི་ལམ་སྒྱུ་མ་ལྟ་བུ་འབྱུང་ཞིང༔ འཇིག་རྟེན་ཀྱི་སྣང་བ་སྒྲོག་རང་གྲོལ་དུ་འགྱུར༔ ནང་རྟགས་དུག་ལྔ་ལམ་དུ་བསླངས་ནས་ཡེ་ཤེས་ལྔའི་གསལ་སྣང་རྩོལ་མེད་དུ་འཆར༔ གསང་རྟགས་བློའི་རབ་རིབ་ཀྱི་མུན་པ་སངས་ནས་ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་རྒྱས་ནས་མངོན་པར་ཤེས་པ་དྲུག་ཤུགས་ཀྱིས་འཆར༔ གནས་སྐབས་སུ་ཡང་འཆད་རྩོད་དང་མི་བརྗེད་པའི་གཟུངས་ཐོབ་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་རྒྱུད་ལ་འཆར་བར་འགྱུར༔ སྐབས་སྐབས་སུ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ ཞེས་པ་རྣམས་ལའང་བརྒྱ་ཕྲག་རེ་བཟླས་པར་བྱའོ༔ ས་མ་ཡ༔ ཐུན་གསུམ་དུ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ༔ བཟའ་བཏུང་གི་འབྱོར་པ་གཙང་མའི་རིགས་ཀྱི་གཏོར་མ་བཤམས་ཤིང༔ ཡེ་ཤེས་ཀྱི་བདུད་རྩིར་ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ༔ རྩ་སྔགས་ཁཱ་ཧི་ཤམ་ཅན་བདུན་སོགས་ཀྱིས་བསྔོ་ཞིང་འབུལ༔ དེ་ཡང་མདུན་བསྐྱེད་རང་འདྲ་བ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ལ་འབུལ་ཞིང༔ འདོད་དོན་གསོལ་ཚིག་གང་འདོད་ཀྱང་གདབ༔ སྤྱོད་ལམ་རྣམས་ལྷའི་ང་རྒྱལ་གྱིས་བྱ༔ ཉལ་བའམ་ཐུན་འཇོག་པའི་ཚེ༔ ཕྱི་སྣོད་ཀྱི་གཞལ་ཡས་ཁང་ནང་བཅུད་ཀྱི་ལྷ་ལ་བསྡུ༔ དེ་རྣམས་ཀྱང་ལྷ་མོ་བཞི་ལ་བསྡུ༔ དེ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བསྡུ༔ དེ་གཞོན་ནུ་ཆུ་སྐྱེས་ལ་བསྡུ༔ དེ་སྔགས་འབྲུ་དང་བཅས་པ་རྩིབས་དྲུག་པའི་ཡིག་འབྲུ་ལ༔ དེ་ཨ་ལ་བསྡུ༔ དེ་ཇེ་ཆུང་ཇེ་ཕྲར་སོང་སྟེ་མཐར་སྟོང་པར་བསམས་ཏེ༔ མི་དམིགས་པའི་ངང་ལ་ཉལ་བ་ལ་སོགས་པ་བྱའོ༔ དེ་ལྟར་བསྒྲུབ་ཅིང་གྲངས་དང་རྟགས་ཀྱི་བཟླས་པ་མ་གྲུབ་ཀྱི་བར་དུ་བཟླས་ཤིང༔ གྲུབ་ནས་ཀྱང་རྒྱུན་བསྙེན་ཉིན་ཞག་ཕྲུགས་རེ་རེ་ལ་བཟླས་པ་བརྒྱ་ཕྲག་རེ་རེ་བྱས་ན༔ གོང་གི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་བ་ལ་གདོན་མི་ཟའོ༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་མ་རིག་མུན་སེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ ཁ་ཐཾ༔ ༈ རྗེས་སུ་གནང་བ་བཞུགས་སོ༔ ༁ྃ༔ ན་མ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་སཏྭཱ་ནཱཾ༔ དེའི་རྗེས་སུ་གནང་བ་བྱེད་པར་འདོད་པས༔ ར་བ་བཞིའི་ཡར་ཚེས་བཟང་པོ་གཟའ་སྐར་ཤིས་པའི་ཉི་མ་ལ་བབ་པའི་ཚེ༔ གནས་ཡིད་དང་མཐུན་པར་ཕྱིན་ལ༔ ཕྱག་དར་དང་སྐྱང་ནུལ་བྱ༔ ཙནྡན་དཀར་པོ་ལ་སོགས་པ་དྲི་བཟང་པོས་ཆག་ཆག་གདབ༔ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ༔ དེ་ནས་ས་བཟང་པོའི་སྟེགས་བུ་མདའ་གང་བ་དཔངས་སུ་ཕྱག་གང་བ་བྱས་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་པད་འདབ་བརྒྱད་པ་གྲྭ་བཞི་ལ་བུམ་པས་མཚན་ཞིང༔ ལྟེ་བ་རྩིབས་དྲུག་པ་ལ་ཡང་ཡི་གེ་འབྲུ་དྲུག་ལྟེ་བར་ཨ་དང་དྷཱིཿས་མཚན་པ༔ གྲུ་ཆད་ལ་སྒོ་བཏོད་པ་རྟ་བབས་བང་རིམ་ཁོར་ཡུག་རྡོ་རྗེ་པདྨ་མེ་རིས་ཉེ་བར་བསྐོར་བ་ལེགས་པར་བྲིས་པའི་དབུས་སུ༔ མཉྫིའི་ཁྲིའུའི་སྟེང་དུ༔ མཚན་བརྗོད་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་གཞོན་ནུ་ཆུ་སྐྱེས་གང་རུང་གི་སྐུ་བཞུགས༔ པད་འདབ་ལ་སོགས་པའི་དཀྱིལ་འཁོར་སྟེང་དུ་རིགས་ལྔའི་སྐུ་རྟེན་ནམ༔ ཕྱག་མཚན་རྡོ་རྗེ་དྲིལ་བུ༔ ན་མཿཞེས་སོགས་ཀྱི་གཟུངས་དང་དྲིལ་བུ་རྣམས་བཀོད༔ གཞན་ཡང་འཁོར་ལོ༔ གདུགས་རལ་གྲི་དུང་པོ་ཏི་མདའ་དང་གཞུ་རྣམས་བཀོད༔ ཤར་དུ་རྣམ་རྒྱལ་བུམ་པ༔ བྱང་ཤར་དུ་ལས་ཀྱི་བུམ་པར་ཁྲོ་བོ་གཤིན་རྗེ་གཤེད་བསྐྱེད་པ་བཤམས་པའི་ཕྱི་རོལ་དུ་ཕྱི་ནང་གི་གཏོར་ཚོགས་དང་མཆོད་པ་ཅི་ལྟར་འབྱོར་པ་བཤམ༔ དེ་ནས་རང་ཉིད་བདེ་བའི་གདན་ལ་འདུག་ཅིང་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་བདུན་ལ་སོགས་པ་གྲུབ་པར་བྱས་ལ༔ དཀར་ཕྱོགས་ཀྱི་གཞི་བདག་ལ་གཙང་གཏོར་བྱིན་ལ་བར་ཆད་མ་བྱེད་པར་བཀའ་བསྒོ༔ བགེགས་ལ་ཆང་བུ་བྱིན་ལ་བསྐྲད་ཅིང་སྲུང་བའི་འཁོར་ལོ་བསྒོམ༔ རང་ཉིད་སྒྲུབ་གཞུང་ལྟར་མངོན་རྟོགས་ལ་བཟླས་པ་ཅི་འགྲུབ་བྱ༔ དཀྱིལ་འཁོར་གྱི་བསྐྱེད་བཟླས་ཡུན་སྐབས་དང་སྦྱར་བ་བྱས་ནས་མཆོད་བསྟོད་གཏོར་ཚོགས་འབུལ་བ་སྔགས་ཀྱི་ཆོ་ག་སྤྱི་མཐུན་དུ་བྱ༔ དེ་ལྟར་གྲུབ་ནས་རྣམ་རྒྱལ་དུ་ལྷ་ཚོགས་བསྐྱེད་ནས་བཟླས་པ་བྱ༔ རྗེས་གནང་གི་རྫས་ལ་ཡང་ལྷ་སོ་སོ་བསྐྱེད་ལ་བསྟིམ༔ ལས་བུམ་དུ་གཤིན་རྗེ་གཤེད་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་བསྐྱེད་ལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་པ་སྟོང་ཕྲག་ལ་སོགས་པ་གང་འགྲུབ་བཟླས་པས་སློབ་བུ་ཡོད་པ་ལ་ཕྱི་རོལ་ནས་ཁྲུས་བྱར་གཞུག༔ ནང་དུ་གྲལ་ལ་འཁོད་ནས༔ བགེགས་ལ་གླུད་དྲིལ་གཏོར་མ་བྱིན་ནས་བསྐྲད་ལ༔ རོལ་མོ་བསྒྲག་གུ་གུལ་བདུག༔ རོལ་པའི་དྲག་སྔགས་བཟླས་ཤིང་ཡུངས་ཀར་གྱི་ཐུན་གྱིས་བྲབ༔ དེ་ནས་ཕྱག་འཚལ་ཞིང་ཇི་ལྟར་འབྱོར་པའི་ཡོན་ཕུལ་ལ་འདི་སྐད་ཞུ༔ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ༔ བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ༔ མགོན་པོ་ཆེན་པོ་བདག་འཚལ་ལོ༔ དེ་ཉིད་དམ་ཚིག་རིམ་པ་དང༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ མགོན་པོས་བདག་ནི་གཞུག་ཏུ་གསོལ༔ ཅེས་པ་མགྲིན་གཅིག་ཏུ་ཞུས་པའི་ལན་དུ༔ སློབ་དཔོན་གྱིས༔ བུ་ཚུར་ཐེག་པ་ཆེན་པོ་ཡི༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ༔ གསང་སྔགས་སྤྱོད་ཚུལ་ཆོ་ག་ནི༔ ཁྱོད་ལ་ཡང་དག་བསྟན་པར་བྱ༔ དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན༔ རྡོ་རྗེ་གསང་སྔགས་མཐུ་ཡིས་ནི༔ ཡེ་ཤེས་མཉམ་མེད་ཡང་དག་བརྙེས༔ སྨྲ་བའི་སེང་གེ་མཆོག་གི་ནི༔ གསང་སྔགས་སྦྱོར་བ་མཉམ་མེད་པས༔ བདུད་སྡེ་དཔུང་བཅས་བཅོམ་ནས་ནི༔ འཇིག་རྟེན་རྗེས་འཇུག་བཅད་ནས་སུ༔ འཁོར་ལོ་བསྐོར་ནས་མྱ་ངན་འདས༔ དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར༔ བུ་ཡིས་བློ་གྲོས་འདི་གྱིས་ཤིག༔ ཅེས་པས་སློབ་མ་རྗེས་སུ་འཛིན་ཡུལ་གྱི་བུར་བྱ་ཞིང༔ དམ་ཚིག་གི་བདུད་རྩི་བླུད་ལ༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ བདུད་རྩི་ཆུ་ཡིས་འགྲུབ་པར་འགྱུར༔ བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཧཱུྃ༔ རྡོ་རྗེ་གནས་གསུམ་དུ་གཏུགས་ལ༔ དམ་ཚིག་ཡེ་ཤེས་རྡོ་རྗེ་འདི༔ ཁྱོད་ཀྱི་གནས་གསུམ་གཏུག་པ་ཡིས༔ སྲོག་གི་རྡོ་རྗེ་སྦྱིན་པ་ཡིན༔ ང་ནི་འཇམ་དཔལ་རྡོ་རྗེ་སྟེ༔ ང་ཡིས་ཇི་ལྟར་བསྒོས་པ་ཡང༔ བུ་ཁྱོད་ཀྱིས་ཀྱང་བྱེད་དགོས་སོ༔ གལ་ཏེ་མ་བྱས་འགལ་གྱུར་ན༔ རྡོ་རྗེ་སྲོག་གི་གཤེད་མར་གྱུར༔ རྡོ་རྗེ་དམྱལ་བར་སྲེག་པར་བྱེད༔ དེ་བས་དམ་ཚིག་མ་ཉམས་སྲུངས༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཅེས་པས་བཀའ་གཉན་པོའི་དམ་ལ་བཞག་ཅིང༔ དེའི་དོན་ཅུང་ཟད་ཀྱང་བཤད༔ དེ་ནས་སློབ་མ་རྣམས་ཡེ་ཤེས་སེམས་དཔའི་ས་མཱ་དྷི་ལ་གནས་སུ་གཞུག་ལ༔ སློབ་དཔོན་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ་པའི་དམིགས་པ་བྱ་ཞིང༔ སྡོམ་པ་ཡང་དབོག༔ སློབ་མ་རྣམས་ཀྱིས་དད་པ་དང་ལྡན་པས༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་ཚོགས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ཉེ་བར་དགོངས་པར་མཛད་དུ་གསོལ༔ བྱིན་རླབས་རྗེས་སུ་གནང་བ་སྩོལ༔ ཞེས་པས་གསོལ་བ་གདབ་ཏུ་གཞུག༔ སྤོས་བསྲེག༔ རོལ་མོ་འཁྲོལ༔ སྔགས་རྣམས་ཀྱི་མཐར༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིང་ཧྲཱིང༔ ཞེས་དྲག་ཏུ་བརྗོད༔ ལན་གསུམ་གྱི་མཐར་མི་གནས་པའི་ཡེ་ཤེས་ཀྱི་ངང་ལ་བཞག་ཏུ་གཞུག་ལ༔ སྔགས་མཐར་ཏིཥྛ་བཛྲ་ཞེས་པས་རྡོ་རྗེ་སྤྱི་བོར་བཞག་ལ་བརྟན་པར་བྱ༔ དེ་ནས་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི༔ ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས༔ ཡེ་ཤེས་སེམས་དཔར་བྱིན་བརླབས་ལྟར༔ དེ་བཞིན་སློབ་དཔོན་ཁྱོད་ཀྱིས་ཀྱང༔ བདག་ལ་བྱིན་རླབས་རྗེས་གནང་སྩོལ༔ ཞེས་སྤྱིར་གསོལ་བ་གདབ་བོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ སློབ་མ་རྣམས་ཀྱི་རབ་རིབ་ཀྱི་མུན་པ་བསལ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པ་ནི་གསུམ་གྱི་དང་པོར༔ དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་ལྔའི་རྗེས་སུ་གནང་བ༔ གཉིས་པ་ལུས་ངག་ཡིད་གསུམ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རང་བཞིན་རྗེས་སུ་གནང་བ༔ གསུམ་པ་མཐའ་རྟེན་བྱེད་ལས་བདུན་ལས༔ དང་པོ་ནི༔ རྣམ་རྒྱལ་བུམ་པ་བུའི་སྤྱི་བོར་བཞག་ལ༔ ཞེ་སྡང་རྣམ་པར་དག་པ་རྡོ་རྗེའི་རིགས༔ མེ་ལོང་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར༔ བཅོམ་ལྡན་མི་བསྐྱོད་བྱིན་རླབས་གང་ཡིན་པ༔ དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ ཞེས་པས་བུམ་ཆུ་སྤྱི་བོ་ལ་སོགས་པར་སྦྱིན༔ དབུ་རྒྱན་མགོའི་གནས་ལྔར་བཞག་ལ༔ ང་རྒྱལ་རྣམ་པར་དག་པ་རིན་ཆེན་རིགས༔ མཉམ་ཉིད་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར༔ རིན་ཆེན་འབྱུང་ལྡན་བྱིན་རླབས་གང་ཡིན་པ༔ དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ རྡོ་རྗེ་བྱིན་ལ༔ འདོད་ཆགས་རྣམ་པར་དག་པ་པདྨའི་རིགས༔ སོར་རྟོག་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར༔ སྣང་བ་མཐའ་ཡས་བྱིན་རླབས་གང་ཡིན་པ༔ དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ དྲིལ་བུ་བྱིན་ལ༔ ཕྲག་དོག་རྣམ་པར་དག་པ་ལས་ཀྱི་རིགས༔ བྱ་གྲུབ་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར༔ དོན་ཡོད་གྲུབ་པའི་བྱིན་རླབས་གང་ཡིན་པ༔ དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ ན་མཿཞེས་པའི་བཟུངས་སྔགས་དང༔ དྲིལ་བུ་བྱིན་ལ༔ གཏི་མུག་རྣམ་པར་དག་པ་དེ་བཞིན་རིགས༔ ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར༔ རྣམ་པར་སྣང་མཛད་བྱིན་རླབས་གང་ཡིན་པ༔ དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ༔ ཞེས་པ་རྣམས་ཀྱིས་དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་ལྔའི་རྗེས་སུ་གནང་བ་གཏད་པ་སྟེ༔ དགོས་ཆེད་ནི་འཐིབ་པོ་བཅོམ་ནས་གསལ་སྣང་དུ་འགྱུར་བས་སོ༔ གཉིས་པ་ལུས་ངག་ཡིད་གསུམ་ལ༔ ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ནི༔ དང་པོ་སྐུ་རྟེན་བུའི་སྤྱི་བོར་བྱིན་ལ༔ ཡེ་ཤེས་སེམས་དཔའ་ལུས་ལ་ཐིམ་པར་དམིགས་སུ་བཅུག་ལ༔ སངས་རྒྱས་ཀུན་གྱི་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ༔ སངས་རྒྱས་སྐུ་ཡིས་བྱིན་བརླབས་པས༔ འཇམ་དཔལ་དབྱངས་ཀྱི་སྐུ་ཐོབ་ཤོག༔ སྔགས་མཐར་ཛཿཧཱུྃ་བཾ་ཧོཿཏིཥྛ་བཛྲ་ཞེས་བརྗོད་པས༔ སློབ་མས༔ གང་ཚེ་བལྟ་བར་འདོད་པ་དང༔ ཅུང་ཟད་འདྲི་བར་འདོད་ན་ཡང༔ མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི༔ གེགས་མེད་པར་ཡང་འགྲུབ་པར་ཤོག༔ ཅེས་སྨོན་ལམ་གདབ་ཏུ་གཞུག༔ དེ་ནས་དཔོན་སློབ་གཉིས་འཇམ་དཔལ་དུ་གསལ་བར་བསྐྱེད་ལ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཞལ་དུ་ཐོན་ནས་སློབ་མའི་ཐུགས་ཀར་ཞུགས་ཤིང་ཐིམ་པར་བསམས་ལ་ཕྲེང་བ་གཏད༔ སྔགས་ཀྱི་རྗེས་ཟློས་བྱེད་དུ་གཞུག་ཅིང༔ སྔགས་རྣམས་རྫོགས་པར་བགྲངས་ལ༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སྒྲ་དང་ལྡན་པ་རྣམས་ཀྱི་མཆོག༔ སངས་རྒྱས་ཀུན་གྱི་གསུང་ཆེན་པོ༔ སྙིང་པོ་བླ་མེད་གསུང་ཐོབ་ཤོག༔ ཨོཾ་བཱ་ཀྱེ་དཾ་ན་མཿཨ་ཨ་སརྦ་ཞེས་པ་ནས༔ གརྦྷ་ཨཿའི་བར་བརྗོད༔ སློབ་མས༔ བརྩེ་ལྡན་ཁྱོད་ཀྱི་ཤེས་རབ་འོད་ཟེར་གྱིས༔ འགྲོ་བློའི་གཏི་མུག་མུན་པ་རབ་བསལ་ཏེ༔ བཀའ་དང་བསྟན་བཅོས་ཟབ་མོ་རྟོགས་པ་ཡི༔ བློ་གྲོས་རྟོགས་པའི་སྣང་བ་བསྐྱེད་དུ་གསོལ༔ ཞེས་སྨོན་ལམ་གདབ་ཏུ་གཞུག༔ ཐུགས་ཀྱི་རྗེས་སུ་གནང་བ་ནི༔ སློབ་མ་རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་གཞག་ལ་སོགས་ཏེ༔ རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པར་བྱེད་དུ་གཞུག་ལ༔ མདུན་གྱི་ནམ་མཁའ་ལ་ཨ་དཀར་པོ་གཅིག་བསམ་དུ་གཞུག་ཅིང༔ ཨ་བརྒྱ་རྩ་བརྒྱད་བརྗོད་བྱས་ལ༔ སློབ་དཔོན་གྱིས༔ ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག༔ དོན་ཆེན་ཡི་གེ་དམ་པ་ནི༔ ཁོང་ནས་འབྱུང་བ་སྐྱེ་བ་མེད༔ དེ་སེམས་དོན་སྤྱོད་ཨེ་མ་ཧོ༔ ཞེས་བརྗོད་སློབ་མས༔ ཤེས་པས་སྲིད་ལ་མི་གནས་ཤིང༔ སྙིང་རྗེས་ཞི་ལ་མི་གནས་པར༔ མྱ་ངན་འདས་དང་འཁོར་མི་གནས༔ ཡང་དག་དོན་འགྲུབ་འབྲས་ཐོབ་ཤོག༔ ཅེས་སྨོན་ལམ་གདབ་ཏུ་གཞུག༔ གསུམ་པ་མཐའ་རྟེན་བྱེད་ལས་བདུན་ནི༔ དང་པོ་མཚན་བརྗོད་ཀྱི་གླེགས་བམ་གཏད་ལ༔ སྨྲ་བའི་སེང་གེ་མཚུངས་པ་མེད༔ འགྲོ་ལ་བརྩེ་བའི་ཕན་སེམས་ཀྱིས༔ ཆོས་ནི་ཀློག་དང་ཀུན་ཆུབ་དང༔ རྒྱ་ཆེན་དོན་རབ་སྤྱོད་པར་གྱིས༔ ཞེས་པས་ལུང་ཡང་བཀླག༔ གཉིས་པ་སྤྱི་བོར་གདུགས་ཕུབ་ལ༔ ཁྱབ་བདག་ཆེན་པོ་རིན་ཆེན་གདུགས༔ སེམས་ཅན་སྡུག་བསྔལ་སྐྱོབ་པར་བྱེད༔ ཟབ་ཅིང་ཡངས་ལ་རྒྱ་ཆེ་བའི༔ འགྲོ་བའི་སྟོན་པར་བརྩོན་པར་གྱིས༔ གསུམ་པ་གཡས་སུ་གྲི་གཡོན་དུ་མདའ་གཞུ་གཏད་ལ༔ ཤེས་རབ་རལ་གྲི་མདའ་གཞུ་ཐོགས༔ ཉོན་མོངས་མི་ཤེས་གཡུལ་ངོ་སེལ༔ དཔའ་བོ་བདུད་དགྲ་བདུད་འདུལ་བ༔ བདུད་ཀྱི་དཔུང་རྣམས་ཕམ་པར་གྱིས༔ བཞི་པ་དུང་འབུད་དུ་གཞུག་ལ༔ ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན༔ ཀུན་ཏུ་རབ་སྒྲོག་སྙན་པའི་སྒྲ༔ ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི༔ དྲི་མེད་ཀུན་ཏུ་གང་བར་གྱིས༔ ལྔ་པ་འཁོར་ལོ་གཏད་ལ༔ འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ༔ ཡང་དག་དོན་སྟོན་དེ་བཞིན་ཉིད༔ འདྲེན་པ་རྣམས་ཀྱི་འཁོར་ལོ་མཆོག༔ ཁྱོད་ཀྱིས་རྟག་ཏུ་བསྐོར་བར་གྱིས༔ དྲུག་པ་སྒྲུབ་དཔེ་གཏད་ལ༔ བདག་མེད་སེང་གེའི་སྒྲ་དང་ལྡན༔ འདི་སྒྲུབ་འབད་པས་དོན་ཡོད་ཕྱིར༔ མུ་སྟེགས་རྒོལ་བ་བཟློག་ནས་ཀྱང༔ ནོར་བ་ཐམས་ཅད་རྣམ་པར་སྤོངས༔ བདུན་པ་རྡོ་རྗེ་སློབ་དཔོན་གྱི་སྲིན་ལག་ལ་བཟུང་དུ་གཞུག་ལ༔ འགྲོ་བའི་བླ་མ་སྟོན་པ་པོ༔ གོང་ནས་བརྒྱུད་མར་རིམ་བཞིན་དུ༔ ཅི་ལྟར་མཐར་སོན་དོན་ཡོད་ལྟར༔ རྡོ་རྗེ་སློབ་དཔོན་བདག་གིས་ཀྱང༔ བུ་ཁྱོད་ལ་ཡང་སྤྱི་བླུགས་གཏད༔ གྲོལ་བ་ཐར་པ་རྣམ་གྲོལ་ལུས༔ འཛད་མེད་ཡིད་བཞིན་གཏེར་ཆེན་པོ༔ བུ་ཁྱོད་ཀྱིས་ནི་ལོངས་སྤྱོད་ཅིག༔ ཅེས་པ་རྣམས་ཀྱིས་བརྒྱུད་མར་རྗེས་སུ་གནང་བ་གཏད་ལ༔ འདི་རྣམས་ཀྱི་ལྡན་འབྲས་ནི༔ གནས་སྐབས་དང་མཐར་ཐུག་གི་དོན༔ ལུས་ལ་ནད་མེད་པ་དང༔ མཐོང་བ་ཙམ་གྱིས་འགྲོ་བ་དད་པ་དང༔ མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་སྤྲས་པའི་འཇམ་དཔལ་གྱི་སྐུ་ཐོབ་པར་འགྱུར༔ ཐེག་པ་ཕྱི་ནང་གི་ཆོས་གང་ལ་ཡང༔ འཆད་རྩོད་རྩོམ་པ་ལ་མཁས་པ་དང༔ གསུང་དབྱངས་ཡན་ལག་དྲུག་ཅུ་འཐོབ་པར་འགྱུར༔ ཡང་དག་མཐར་ཐུག་འབྲས་བུའི་དོན་བླ་ན་མེད་པའི་ལྟ་སྤྱོད་སྒོམ་འབྲས་ལ་སྐྲག་པ་མི་སྐྱེ་བར་ངེས་ཤེས་ཐོབ་ནས་བློ་འགྲོ་ཞིང་ཤེས་བྱ་ཇི་ལྟ་བ་དང༔ ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པར་འགྱུར༔ རིག་པའི་གནས་མཐའ་དག་ལ་མཁས་ཤིང༔ སེམས་ཅན་ཐམས་ཅད་ཀྱི་དོན་ཕྱོགས་མེད་དུ་འགྲུབ་པ་དང༔ འཕགས་པ་འཇམ་དཔལ་ལ་ཇི་ལྟར་མངའ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྩལ་དང༔ སྟོབས་དང་འབྲས་བུ་མཉམ་པར་འགྱུར་རོ༔ དེ་ནས་སློབ་དཔོན་ལ་སློབ་བུ་དུ་ཡོད་པས༔ ལུས་དང་ལོངས་སྤྱོད་ཁ་རྗེ་དབང་ཐང་ལ་སོགས་པ་མཆོད་པའི་དངོས་པོ་རྣམ་པར་དག་པ་དངོས་སུ་འབྱོར་བ་དང་ཡིད་ཀྱིས་རྣམ་པར་སྤྲུལ་ཏེ་མཎྜལ་དུ་བསྡུས་ནས་འབུལ་ཞིང༔ གཞན་ཡང་ཟང་ཟིང་གི་དངོས་པོས་བླ་མ་མཉེས་པར་མཆོད༔ དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཡང་མཆོད་པ་དང་བསྟོད་པ་གང་ཤེས་བྱ༔ ཁ་ཟས་ཚོགས་ཀྱི་ལོངས་སྤྱོད་རྣམས་ལ་རོལ༔ ཆོ་ག་ལྷག་ཆད་ཁ་བསྐང་ཞིང༔ ནོངས་པ་བཟོད་གསོལ་བྱ༔ ལྷག་མ་བསྐྱང༔ དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ༔ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད༔ ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ རང་ཡང་མི་དམིགས་པའི་རྒྱས་གདབ༔ དཀྱིལ་འཁོར་གྱི་རྡུལ་ཚོན་དང་བུམ་རྫས་གཏོར་མ་ལ་སོགས་པ་རྣམས་ཆུ་ཆེན་པོར་དོར༔ ཡང་ན་གཙང་སར་བསྐྱལ་ལ་མི་འགོམ་པར་བྱ་ཞིང༔ ལས་ཀྱི་རྗེས་མི་མངོན་པར་བྱའོ༔ འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་དང་རྗེས་སུ་གནང་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ རྡ་ཐིམ༔ སྤྲུུལ་པའི་སྐྱེས་མཆོག་སངས་རྒྱས་རྡོ་རྗེས་གཏེར་ནས་བཏོན་པའོ།། །།
ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས༔ ཚེ་སྒྲུབ་ཆེན་མོ་ (Volume 21, Text 40)
༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས༔ ཚེ་སྒྲུབ་ཆེན་མོ་བཞུགས་སོ༔ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་ཚེ་དཔག་མེད༔ རྡོ་རྗེ་རིན་ཆེན་ཚེ་སྒྲུབ་ནི༔ དུས་མིན་འཆི་ལས་བཟློག་པ་དང༔ ཚེ་ཉམས་དགུག་དང་ཟད་པ་བསྲིང༔ བཀྲ་ཤིས་ཚེ་ཡི་སྒྲུབ་པ་བསྟན༔ དཀྱིལ་འཁོར་རྫས་དང་ཏིང་འཛིན་དང༔ སྔགས་དང་ལྷ་ཚོགས་བསྐུལ་བ་དང༔ ཚེ་དབང་བསྐུར་ཞིང་བསྟིམ་བརྟན་དང༔ བཀྲ་ཤིས་བརྗོད་དང་སྨོན་ལམ་མོ༔ དང་པོ་དཀྱིལ་འཁོར་བསྟན་པ་ནི༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་བཞེངས༔ ཡང་ན་མཎྜལ་གཙང་མའི་སྟེང༔ འབྲུ་བརྡལ་པདྨ་འདབ་དྲུག་བྱ༔ རྫས་ནི་ཚེ་ཡི་བུམ་པ་ནི༔ ཕྱི་ཡི་བུམ་པ་རིན་པོ་ཆེ༔ མ་གས་མ་ཆག་གཙང་མར་བྱ༔ ནང་ནི་མཚན་ལྡན་ཀ་པཱ་ལར༔ འབྲུ་མཆོག་བཅུད་ལྡན་མ་ཉམས་བླུགས༔ ནས་འབྲས་ཕྱེ་མ་མར་གྱིས་སྦྲུ༔ སྤོད་སྣ་ཚོགས་པས་བྲན་པ་ཡི༔ ཚེ་ཡི་འབྲང་རྒྱས་བཅས་ནས་ནི༔ རིལ་བུ་མཆེད་ཀྱི་གྲངས་དང་སྦྱར༔ སྨན་དང་བདུད་རྩི་ཚེ་ཆང་བླུགས༔ གསེར་གཡུ་གཉིས་ཀྱི་ཚེ་རྟེན་བྱ༔ ཚེ་བུམ་དཀྱིལ་འཁོར་དབུས་སུ་བཞག༔ བར་གཅོད་བགེགས་བསྐྲད་གུ་གུལ་བདུག༔ ཐུགས་རྗེ་ཆེན་པོའི་ད་ལ་ཡི༔ དམ་ཚིག་སེམས་དཔའི་དཀྱིལ་འཁོར་བསྐྱེད༔ ཡེ་ཤེས་དཀྱིལ་འཁོར་དགུག་གཞུག་བྱ༔ ཚེ་བུམ་གཞལ་ཡས་ཁང་ནང་དུ༔ ལྷ་ནི་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་སེར་འོད་དང་ལྡན༔ ཞལ་གཅིག་ཕྱག་གཉིས་ཚེ་བུམ་བསྣམས༔ ཡུམ་ཡང་མཱ་མ་ཀཱི་ལ་འཁྱུད༔ རིགས་བཞི་ཡབ་ཡུམ་འཁོར་གྱིས་བསྐོར༔ སྐུ་མདོག་ཕྱག་མཚན་རིགས་ཀྱིས་སྟོན༔ གཡས་པ་རིགས་ཀྱི་ཕྱག་མཚན་ལ༔ གཡོན་པ་ཚེ་ཡི་བུམ་པ་འཛིན༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར༔ ཚེ་བུམ་ནང་དུ་གསལ་བར་བསྐྱེད༔ སྔགས་ཀྱི་སྤྲོ་བསྡུ་བྱ་བ་ནི༔ ཚེ་བུམ་མགུལ་ནས་གཟུངས་ཐག་གདག༔ བདག་ཉིད་དཀྱིལ་འཁོར་ལྷར་གསལ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་བཅུ་པའི་བསྙེན་པ་བྱ༔ སྟོང་རྫོགས་ཚེ་ཡི་བསྙེན་པ་ནི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཧཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་ནི་བརྗོད་པའི་འཕྲོ་འདུ་ཡིས༔ ཐུགས་ཀའི་སྔགས་ཕྲེང་འཕྲོས་འདུས་པས༔ བུམ་པའི་ལྷ་ཚོགས་རྣམས་ལ་ཐིམ༔ བུམ་པའི་ལྷ་ལས་འོད་འཕྲོས་པས༔ ལྷ་དང་དྲང་སྲོང་རྣམས་ལ་ཕོག༔ མཆོད་མཉེས་བྱས་ནས་ཚེ་ལྷའི་བཅུད༔ དངོས་གྲུབ་ཚུལ་དུ་བདག་དང་ནི༔ བུམ་པའི་ལྷ་ཡི་ཐུགས་ཀར་ཐིམ༔ རིགས་ལྔ་བདེ་བར་གཤེགས་པ་ཡི༔ ཐུགས་ནས་འོད་ཀྱི་བཅུད་བླངས་ནས༔ ཚེ་ཡི་བུམ་པའི་ནང་དུ་ཐིམ༔ ཡང་ནི་སྔགས་ཀྱི་སྤྲོ་བསྡུ་ཡིས༔ བུམ་པའི་ལྷ་ཡི་ཐུགས་ཀ་ནས༔ བདག་དང་བསྒྲུབ་བྱའི་ཐུགས་ཀར་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྡུས༔ རྒྱས་བཏབ་སྙིང་གི་ནང་ན་གནས༔ ཧ་ཡ་གྲཱི་བས་སྒོ་བསྲུངས་བསམ༔ དེ་ནས་ཚེ་ཡི་ལྷ་ཚོགས་བསྐུལ༔ སྟོང་གསུམ་ལོ་ཀའི་ཁམས་ཀུན་ནས༔ ཚེ་ཉམས་པ་དང་ཚེ་ཟད་པ༔ ལྷ་སྲིན་ལག་ཏུ་ཚེ་ཤོར་བ༔ འཕྲོག་དང་བཀུག་ནས་བདག་ལ་བསྟིམས༔ དེ་ནས་ཡུམ་ལྔས་བསྟིམས་ལ་སྦ༔ དེ་ནས་ཚེ་ཡི་དབང་བསྐུར་བ༔ བཀྲ་ཤིས་བརྗོད་དེ་དབང་བསྐུར་ལ༔ ཚེ་ཡི་འབྲང་རྒྱས་ཚེ་རིལ་དང༔ ཚེ་ཆང་ལ་སོགས་དངོས་གྲུབ་བླང༔ ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ༔ ཚེ་སྒྲུབ་ཆེན་པོ་འདི་བརྩམས་པས༔ འགྲོ་ཀུན་ཚེ་རིང་གྲུབ་ཐོབ་ཤོག༔ ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ཆེན་མོ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ༔༼<!TCC Tibetan character 4,46 undefined in unicode!>༽༔ ཐུགས་རྗེ་ཆེན་པོ་ལ་ན་མོ༔ ཐུགས་རྗེ་ཆེན་པོའི་རིན་པོ་ཆེའི་ཚེ་སྒྲུབ་འདི་ལ་དོན་རྣམ་པ་དགུ་སྟེ༔ དཀྱིལ་འཁོར་བྲི་བ་དང༔ རྫས་བཤམ་པ་དང༔ ཚེའི་ཏིང་ངེ་འཛིན་དང༔ སྔགས་ཀྱི་སྤྲོ་བསྡུ་བྱ་བ་དང༔ ལྷ་ཚོགས་བསྐུལ་ཚེ་དགུག་པ་དང༔ ཚེ་དབང་བསྐུར་བ་དང༔ ཚེ་བསྟིམ་ཞིང་བརྟན་པ་དང༔ བཀྲ་ཤིས་བརྗོད་པ་དང༔ སྨོན་ལམ་གདབ་པའོ༔ དང་པོ་དལ་བྲི་བ་ནི༔ ཚེ་སྒྲུབ་གཞུང་འཛུགས་ན༔ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་དལ་བཞེངས༔ གློ་བུར་དུ་ཚེ་ཆོག་བྱེད་ན༔ མཎྜལ་སྟེང་དུ་ནས་བརྡལ༔ པདྨ་འདབ་མ་དྲུག་པ་བྱས་ལ༔ དེའི་དབུས་སུ་ཚེ་བཅས་ལ་བཞག་གོ༔ གཉིས་པ་རྫས་བཤམ་པ་ནི༔ ཚེ་ཆོག་གཞན་དོན་བྱེད་ན༔ ཟངས་ལ་སོགས་པ་རིན་པོ་ཆེའི་བུམ་པའམ་རྫའམ་ཤིང་གི་བུམ་པ་ལྔ་བྱའོ༔ མ་གས་མ་ཆག་པ་ལ༔ དག་པར་བཀྲུས་ལ༔ མགུལ་ཆིངས་ལེགས་པར་བཅིང་བར་བྱའོ༔ ནང་ལྟར་ཚེའི་སྒྲུབ་པ་བྱེད་ན༔ ཚེ་བུམ་ཐོད་པ་མཚན་དང་ལྡན་པ་ལ་བྱའོ༔ བུམ་པའི་ནང་དུ་ཚེ་ཆང་ཞིམ་ལ་མ་ཉམས་པ་མ་འབགས་པ་གཙང་མས་དགང་ངོ་༔ ཕྱིའི་ཚེ་ཆོག་ལ༔ ཀ་ར་བུ་རམ་སྦྲང་རྩི༔ ལན་ཚྭ་མར་རྣམས་བླུག༔ ནང་གི་ཚེ་སྒྲུབ་བྱེད་ན་བདུད་རྩི་སྨན་སྒྲུབ་སྨན་བླུག༔ བླ་གཡུ་ཁ་དོག་ལེགས་པ་དང༔ ཚེ་རྟེན་གསེར་གྱི་སྦྲམ་བུ་གཞུག༔ ཚེའི་འབྲང་རྒྱས་ནས་དང་འབྲས་དང་གྲོའི་ཕྱེ་མ༔ སྒ་དང་གོ་སྙོད་ལན་ཚྭ་སྦྲང་རྩི་བུ་རམ་དང་ཀ་ར་བཏབ་ལ་མར་ཁུས་སྦྲུས་ལ་ཚེའི་འབྲང་རྒྱས་བཅས་ལ༔ ཚེ་བུམ་ཁ་བཅད༔ རྟ་མགྲིན་དང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསྐྲད༔ གུ་གུལ་གྱི་དུད་པས་བདུག༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ཚེ་སྲོག་ལ་བར་དུ་གཅོད་པའི་བགེགས་བསྐྲད་དོ༔ ཚེ་བུམ་དཀྱིལ་འཁོར་དབུས་སུ་བཞག་གོ༔ གསུམ་པ་ཚེ་སྒྲུབ་པའི་ཏིང་ངེ་འཛིན་ནི༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་གཞུང་བསྲངས་ལ༔ དམ་ཚིག་གི་དཀྱིལ་འཁོར་བསྐྱེད༔ ཡེ་ཤེས་འདི་ལ་སྤྱན་དྲངས༔ མཆོད་བསྟོད་ལ་སོགས་པ་ཚར་བར་བྱའོ༔ དེ་ནས་ཚེ་བུམ་གྱི་ནང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསྒོམ༔ པདྨ་འདབ་བཞི་པ་ཁྱམས་དང་བཅས་པའི་དཀྱིལ་འཁོར་བསྒོམ་མོ༔ དབུས་སུ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་ཡུམ་ལ་འཁྱུད་ནས་ཚེའི་བུམ་པ་འཛིན་པ༔ ཡུམ་མཱ་མ་ཀཱི་སྐུ་མདོག་དམར་མོ་ཚེའི་བུམ་པ་བསྣམས་ནས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་ནས༔ སྙོམས་འཇུག་མཛད་པས་བྱང་ཆུབ་སེམས་དཀར་དམར་ཚེ་བུམ་གཞལ་ཡས་ཁང་དུ་ཁེངས་པར་བསྒོམ་མོ༔ ཕྱོགས་བཞིའི་པདྨ་འདབ་མ་བཞི་ལ༔ ཤར་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མཐིང༔ ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར༔ ནུབ་ཏུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དམར༔ བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང༔ གཡས་རྡོ་རྗེ་དང༔ རིན་པོ་ཆེ་དང༔ པདྨ་དང༔ རྒྱ་གྲམ་དང༔ སོ་སོའི་རིགས་ཀྱི་ཕྱག་མཚན་ལ༔ གཡོན་ཐམས་ཅད་ཚེའི་བུམ་པ་འཛིན་པ༔ ཡབ་ཡུམ་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་ནས༔ སྙོམས་འཇུག་མཛད་ནས་བྱང་སེམས་ཚེའི་བདུད་རྩིར་འཁྱིལ་བར་བསམ་མོ༔ འཁོར་ཚེའི་ལྷ་མོ་བརྒྱད་ཀྱིས་ཚེ་འགུགས་ཤིང༔ བགེགས་ཀྱི་ལག་ནས་ཚེ་འཕྲོག་པར་བསྒོམས་ལ༔ ཚེ་བུམ་གྱི་དལ་ལྷ་ཚོགས་སུ་གསལ་བར་བསྒོམ་མོ༔ བཞི་པ་ཚེ་སྒྲུབ་པའི་སྔགས་ཀྱིས་སྤྲོ་བསྡུ་བྱ་བ་ནི༔ ཚེའི་བུམ་པའི་མགུལ་ནས་ཤིང་བལ་གསུམ་སྒྲིལ་བྱས་པའི༔ གཟུངས་ཐག་གཙང་མ་དྲིས་བསངས་པ་བཏགས་ལ༔ སྒྲུབ་པ་པོའི་སྲིན་ལག་ལ་བཏགས༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་གསལ་བཏབ་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་པས་སྟོང་ཐོན་པ་དང༔ དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་བསྟོད་བྱ༔ དེ་ནི་བསྙེན་པའོ༔ དེ་ནས་ཚེ་སྒྲུབ་པ་ནི༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཧཱཿབྷྲཱུྃ་བཛྲ་ཨཱ་ཡུ་ཤེ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་བཟླས་པས། བདག་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་བུམ་པའི་ལྷ་ཚོགས་ལ་འཕྲོས༔ བུམ་པའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཁམས་གསུམ་དུ་འཕྲོས་ཏེ༔འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་ལྷ་ལ་སོགས་པའི་ཚེ་དང་བཀྲག་བསྡུས་དྲང་སྲོང་ཚེའི་རིག་འཛིན་ཐོབ་པ་རྣམས་ལ་འོད་ཟེར་གྱིས་མཆོད༔ ཚེ་དང་དངོས་གྲུབ་བཅུད་བསྡུས་ལ་ཚེ་བུམ་དུ་བསྟིམ་མོ༔ ཡང་འོད་ཟེར་འོག་མིན་གྱི་གནས་སུ་འཕྲོས་པས༔ རིགས་ལྔ་ཡབ་ཡུམ་གྱི་ཐུགས་ཀར་བསྟིམ༔ སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་བས༔ ཐུགས་ཀའི་ཡེ་ཤེས་ཀྱི་བཅུད་བླངས་ནས༔ ཚེའི་བུམ་པ་རིགས་ལྔའི་ཐུགས་ཀར་ཐིམ་པར་བསམ་མོ༔ ཡང་སྔགས་འདི་བཟླས་སོ༔ ཨཱོཾ་བྲཱུྃ་ཛྙཱ་ན་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ ཞེས་བཟླས་པས༔ བུམ་པའི་ལྷའི་ཐུགས་ཀ་ནས་བདག་དང་ཡོན་བདག་རྣམས་ཀྱི་ཐུགས་ཀར་ཐིམ་པས༔ འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ༔ བདག་གཞན་གྱི་སྙིང་གི་ནང་ན་ཚེ་སྲོག་གི་སྙིང་པོ་ནྲྀ་ལྗང་ཁུ་གཅིག་ཡོད་པ་ལ་ཐིམ་ནས་ཚེ་སྲོག་བཀྲག་དང་མདངས་རྒྱས་ཏེ་རྒྱས་བཏབ་ནས་ཚེ་སྲོག་སྦས་པ་ལ༔ དཔལ་རྟ་མགྲིན་སྐུ་ཚོན་གང་བ་གཅིག་གིས༔ ཙིཏྟའི་སྒོ་བསྲུངས་ནས་བགེགས་ཀྱིས་ཚེ་སྲོག་ལ་བར་དུ་མི་གཅོད་པར་བསམ་མོ༔ ལྔ་པ་ཚེའི་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ཡུམ་ནི་མཱ་མ་ཀཱི་དང་སྦྱོར༔ དེའི་ཡང་གསང་ཐུགས་ཀྱི་གའུ་ན༔ སྙིང་པོ་ཐུགས་ཀྱི་ཨཱ་ཡུཿའདི༔ གནས་པར་གྱུར་པའི་འགྲོ་དྲུག་ལ༔ མགོན་པོ་ཚེ་བཞག་གནས་ཡིན་པས༔ གང་གི་ཚེ་དེ་གནས་པར་མཛོད༔ ཨཱོཾ་བྲཱུྃ་སིདྡྷི་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ ཤར་གྱི་ཕྱོགས་ནས་ཚེ་དཔག་མེད༔ རྡོ་རྗེ་སེམས་དཔའ་ཚེ་ཡི་བདག༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ འདུ་འབྲལ་མེད་པའི་ཚེ་ཁུག་ལ༔ འགྱུར་བ་མེད་པའི་ཚེ་སྩོལ་ཅིག༔ ཧཱུྃ་བྲཱུྃ་སིདྡྷི་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ ལྷོ་ཡི་ཕྱོགས་ནས་ཚེ་དཔག་མེད༔ རིན་ཆེན་འབྱུང་ལྡན་ཚེ་ཡི་བདག༔ ཕྱག་ན་གསེར་གྱི་བུམ་པ་བསྣམས༔ ལྷུན་གྱིས་གྲུབ་པའི་ཚེ་ཁུག་ལ༔ འདོད་པ་ཡིད་བཞིན་ཚེ་སྩོལ་ཅིག༔ སྭཱ་བྲཱུྃ་སིདྡྷི་རཏྣ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ ནུབ་ཀྱི་ཕྱོགས་ནས་ཚེ་དཔག་མེད༔ འཇིག་རྟེན་མགོན་པོ་ཚེ་ཡི་བདག༔ ཕྱག་ན་ཟངས་ཀྱི་བུམ་པ་བསྣམས༔ རྣམ་དག་བདུད་རྩིའི་ཚེ་ཁུག་ལ༔ འཕེལ་འགྲིབ་མེད་པའི་ཚེ་སྩོལ་ཅིག༔ ཧྲཱིཿབྲཱུྃ་སིདྡྷི་པདྨ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ བྱང་གི་ཕྱོགས་ནས་ཚེ་དཔག་མེད༔ དོན་ཡོད་གྲུབ་པ་ཚེ་ཡི་བདག༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ འཕོ་འགྱུར་མེད་པའི་ཚེ་ཁུག་ལ༔ སྐྱེ་འཆི་མེད་པའི་ཚེ་སྩོལ་ཅིག༔ ཧཱཿབྲཱུྃ་སིདྡྷི་ཀརྨ་ཨཱ་ཡུ་ཤེ་ཧཱུྃ་ཛ༔ དེ་ནས་རིགས་ཀྱི་ཡུམ་བཞིས་ཚེ་བསྟིམ་ཞིང་སྦ་བ་ནི༔ ཤར་གྱི་ཕྱོགས་ནས་ཚེ་འཛིན་མ༔ རྡོ་རྗེའི་ཡུམ་སྟེ་ཀུན་ཏུ་བཟང༔ རིན་ཆེན་ཤེལ་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ནི༔ རིན་ཆེན་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ་ཨཱཿཡུཿནྲྀ་ཛ༔ ལྷོ་ཡི་ཕྱོགས་ནས་ཚེ་འཛིན་མ༔ རིན་ཆེན་ཡུམ་སྟེ་གོས་དཀར་མོ༔ རིན་ཆེན་གསེར་གྱི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ནི༔ རིན་ཆེན་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཏྲཱཾ་ཨཱ་ཡུཿནྲྀ་ཛ༔ ནུབ་ཀྱི་ཕྱོགས་ནས་ཚེ་འཛིན་མ༔ པདྨ་ཡུམ་སྟེ་ཁྲོ་གཉེར་མ༔ པདྨ་རཱ་གའི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ནི༔ པདྨ་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧྲཱིཿཨཱ་ཡུཿནྲྀ་ཛ༔ བྱང་གི་ཕྱོགས་ནས་ཚེ་འཛིན་མ༔ ལས་ཀྱི་ཡུམ་སྟེ་དམ་ཚིག་སྒྲོལ༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ ཚེ་དང་བདུད་རྩིས་བཀང་ནས་ནི༔ རྒྱ་གྲམ་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱ་ཨཱ་ཡུཿནྲྀ་ཛ༔ ཞེས་པས་ཡུམ་བཞིས་ཚེ་གནས་སུ་བསྟིམས་ནས་རྒྱས་བཏབ་པར་བསྒོམ་མོ༔ དེ་ནས་ཚེའི་ཕོ་ཉ་ལྷ་མོ་བརྒྱད་ཀྱིས་ཚེ་དགུག་པ༔ ཤར་ཕྱོགས་གངས་རི་དཀར་པོའི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྷ་མོ་དཀར་མོ་འབུལ༔ རྒྱལ་པོ་བརྒྱ་བྱིན་ལག་ནས་ཚེ་ཁུག་ཅིག༔ ནྲྀ་བྲཱུྃ་ཛཿཛ༔ ལྷོ་ཕྱོགས་བཻ་ཌཱུརྱ་ཡི་ཞིང་ཁམས་ནས༔ སྔོན་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ལྷ་མོ་སྔོན་མོ་འབུམ༔ གཤིན་རྗེ་འཆི་བདག་ལག་ནས་ཚེ་ཁུག་ཅིག༔ ནྲྀ་བྲཱུྃ་ཛཿཛ༔ ནུབ་ཕྱོགས་པདྨ་རཱ་གའི་གཞལ་ཡས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་དམར་མོ་འབུམ་དང་བཅས༔ ས་བདག་ཀླུ་གཉན་ལག་ནས་ཚེ་ཁུག་ཅིག༔ ནྲྀ་བྲཱུྃ་ཛཿཛ༔ བྱང་ཕྱོགས་ཨིནྡྲ་ནཱི་ལའི་གཞལ་ཡས་ནས༔ སེར་ལྗང་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་སེར་ལྗང་འབུམ་དང་བཅས༔ བདུད་དང་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ ནྲྀ་བྲཱུྃ་ཛཿཛ༔ ཡང་ཕྱག་རྒྱ་བཞིའི་ལྷ་མོས་ཚེ་དགུག་པ༔ ཁམས་གསུམ་གནས་ནས་ཚེ་འགུག་མ༔ ལྷ་མོ་རྡོ་རྗེ་ལྕགས་ཀྱུ་དཀར༔ ཕྱག་ན་ལྕགས་ཀྱུ་གྭ་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ བཛྲ་ཨཾ་གྷུ་ཤ་ཛཿནྲྀ་བྲཱུྃ་ཛཿཛ༔ དུས་གསུམ་གནས་ནས་ཚེ་འགུག་མ༔ ལྷ་མོ་རྡོ་རྗེ་ཞགས་པ་སེར༔ ཕྱག་ན་ཞགས་པ་གྭ་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ བཛྲ་པཱ་ཤ་ཧཱུྃ་ནྲྀ་བྲཱུྃ་ཛཿཛ༔ སྲིད་གསུམ་གནས་ནས་ཚེ་འགུག་མ༔ ལྷ་མོ་རྡོ་རྗེ་ལྕགས་སྒྲོག་དམར༔ ཕྱག་ན་ལྕགས་སྒྲོག་གྭ་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ བཛྲ་སྥོ་ཊ་བཾ་ནྲྀ་བྲཱུྃ་ཛཿཛ༔ མཆོད་བསྟོད་གནས་ནས་ཚེ་འགུག་མ༔ ལྷ་མོ་རྡོ་རྗེ་དྲིལ་འཁྲོལ་སྔོ༔ ཕྱག་ན་དྲིལ་བུ་གྭ་འུ་བསྣམས༔ དྲོངས་ཤིག་དྲོངས་ཤིག་ཚེ་དྲོངས་ཤིག༔ བཛྲ་གྷནྡྷེ་ཧོ་ནྲྀ་བྲཱུྃ་ཛཿཛ༔ མགྱོགས་མ་རྣམས་ཀྱིས་ཚེ་དྲོངས་ལ༔ ལྷ་མོ་བཞི་ཡིས་ཚེ་སྟིམས་ལ༔ འཆི་མེད་རྡོ་རྗེས་རྒྱས་ཐོབས་ཤིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ ཨཱ་ཡུ་ཤེ་ཛྙཱ་ན་ཛཿཛ༔ ཞེས་བསྐུལ་བས༔ ལྷ་མོ་བརྒྱད་ཀྱིས་ཚེ་དྲངས་ཏེ༔ ཚེ་བསྟིམས་ནས༔ འཆི་བ་མེད་པའི་ཚེ་དང་ལྡན་པར་བསམ་མོ༔ དྲུག་པ་ཚེ་དབང་བསྐུར་བ་ནི༔ ཚེ་བུམ་བཏེགས་ཏེ་སྒྲུབ་པ་པོ་རྣམས་ཀྱི་སྤྱི་བོར་བཞག་ལ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ སྐུ་གསུང་ཐུགས་ལྡན་མཁའ་དང་མཉམ༔ ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ༔ ཨཱཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱ༔ ཧཱ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱ༔ ཚེའི་དབང་བསྐུར་པས༔ བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྐུ་ཚེ་དང་ལོངས་སྤྱོད་དང་ལྡན་པའི་ཚེའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཅེས་དབང་བསྐུར་རོ༔ བདུན་པ་ཚེ་བསྟིམ་ཞིང་བརྟན་པར་བྱ་བ་ནི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ ཐུགས་ཀྱི་སྙིང་པོ་ཚེ་ལ་ཐིམ༔ ཞེས་ལུས་ངག་ཡིད་གསུམ་ལ་བསྟིམས་ནས་བརྟན་པར་བསམ་མོ༔ བརྒྱད་པ་བཀྲ་ཤིས་བརྗོད་ཅིང་དངོས་གྲུབ་བླང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཆི་བ་མེད་པ་རྡོ་རྗེའི་ཚེ༔ སྤྲོས་པས་ཁམས་གསུམ་བཀྲག་དང་ལྡན༔ བསྡུས་པས་ལུས་ལ་གཟི་མདངས་འབར༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་སྐལ་ལྡན་མཆེད་ལྕམ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཉིན་མཚན་གཉིས་ཀྱི་བཀྲ་ཤིས་པ༔ ཉི་ཟླ་བཞིན་དུ་རྒྱུན་ཆད་མེད༔ ལོ་བརྒྱ་འཚོ་བའི་བཀྲ་ཤིས་པ༔ ལོངས་སྤྱོད་ལྡན་ཞིང་ཕུན་སུམ་ཚོགས༔ སྟོན་བརྒྱ་མཐོང་བའི་བཀྲ་ཤིས་པ༔ ཆོས་དང་འཕྲད་ནས་སངས་རྒྱས་ཤོག༔ དགུ་པ་སྨོན་ལམ་གདབ་པ༔ ཚེ་ཟན་ཡེ་ཤེས་གསལ་བར་གྱུར༔ ཚེ་ཆང་བདུད་རྩི་བྱང་སེམས་གྱུར༔ ཚེ་མར་གསལ་སྟོང་ཐུགས་སུ་གྱུར༔ སྐུ་གསུམ་ཀློང་ཡངས་ཚེ་རུ་གྱུར༔ སྐྱེ་འཆི་མེད་པའི་ཚེ་ཐོབ་ཤོག༔ འགྱུར་བ་མེད་པའི་སྐུ་ཐོབ་ཤོག༔ ཅེས་བརྗོད་ལ༔ ཚེའི་འབྲང་རྒྱས་དང་ཚེ་རིལ་དངོས་གྲུབ་ཡིན་པས༔ ཚེ་བུམ་གྱི་ལྷ་རྣམས་འོད་དུ་ཞུ་བ་བསྟིམས་ལ་རོལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི༔ ཐུགས་རྗེ་ཆེན་པོའི་ཚེ་སྒྲུབ་ཆེན་མོ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨོ་རྒྱན་པདྨ། མཁའ་འགྲོ་མཚོ་རྒྱལ། ཁྲི་སྲོང་ལྡེའུ་བཙན། མངའ་བདག་ཆེན་པོ། འགྲོ་བའི་མགོན་པོ། སྲས་བློ་ལྡན། མངའ་བདག་བདུད་འདུལ། མདོ་སྡེ་སེང་གེ །མངའ་བདག་པདྨ་དངོས་གྲུབ། དེ་ལ་བདག་ཆོས་སེང་གིས་ཞུས་པ་ལགས་སོ། །རྡོ་རྗེ་ལྟ་བུའི་ཚེ་ཐོབ་ཤོག །ལྷོ་བྲག་ལྕགས་ཕུར་དུ་བདག་ཆོས་སེང་གིས་སྨྱུ་གུ་ཕོག་ཚད་བྱས་ནས་བྲིས།། །།
ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 40)
ཨཱོྃ་སྭསྟི། ཧེ་རུ་ཀཿདཔལ་ཆེ་བའི་མཆོག །བདུད་འདུལ་འཇིགས་བྱེད་ནག་པོ་ཆེ། །ལེགས་ལྡན་མགོན་ལ་གུས་བཏུད་ནས། །དེ་སྒྲུབ་སྙིང་པོར་དྲིལ་ཏེ་བཤད། །འདིར་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་སུ་གནང་བ་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། མཎྜལ་སྒོམ་དོན་དང་མཐུན་པར་བྲིས་པའམ། བསྡུ་ན་ཕྱི་རྡོར་ར་མེ་རིས་ཟླུམ་པོར་བསྐོར་བའི་དབུས་སུ་གྲུ་གསུམ་མཐིང་ནག །ཟླ་གམ་ལ་དུར་ཁྲོད་ཀྱི་བཀོད་པ། ལྟེ་བར་ལྷའི་བཞུགས་ཚུལ་དང་མཐུན་པའི་ཕྱག་མཚན་ནམ་མེ་ཏོག་གི་ཚོམ་བུ་བཀོད། དེར་མཉྫིལ་བུམ་པ་ཆས་ལྡན་བཅུད་ཀྱིས་གཏམས་པ་དང་། དེའི་མདུན་དུ་གཏོར་མ་ཙཀ་ལི་དང་མདའ་དར་གྱིས་བརྒྱན་པ་འགོད་དེ། དབྱིབས་ལྕགས་མཁར་ཟླུམ་པོ་བད་ཅན་གྱི་ཚུལ་དུ་བྱས་པའི་ཁར་གཙོ་བོའི་བཤོས་བུ་གྲུ་གསུམ་བརྗིད་བག་ཅན་དང་། མདུན་དུ་ཡུམ་གྱི་བཤོས་བུ་གྲུ་གསུམ་པ། རྨང་གི་ཕྱོགས་བཞིར་བཀའ་སྡོད་བཞི་ལ་ཤར་དང་ལྷོར་གྲུ་གསུམ་པ་རེ། ནུབ་ཏུ་གྲུ་གསུམ་གཡས་དཀྱུས། བྱང་དུ་གྲུ་གསུམ་པ་རྣམས་བཤོས་ཕྲན་དང་མཐེབ་ཀྱུས་བསྐོར་བ་བྱ། མཎྜལ་གྱི་རྒྱབ་ཏུ་འབུལ་གཏོར། གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མཐའ་མཆོད་པས་བསྐོར། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། བདག་བསྐྱེད་ཁྲོ་བོའི་རྒྱལ་པོ་གང་རུང་ཞིག་བསྒོམས་ནས་མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་གྱིས་བརླབ།་་་འདི་རིགས་དངོས་རོལ་ལྟར་རོ།མཆན། མདུན་བསྐྱེད་ཀྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཁྲག་ཞག་འཁྲུག་པའི་ཀློང་མ་ལ་ཡ་གནམ་ལྕགས་འབར་བའི་དོ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན་སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་རྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙནྡན་གྱི་བེང་ཆེན་གཟེར་བའི་བེང་སྟོད་ནས་ལྷ་དམག་འབུམ་དང་བེང་སྨད་ནས་བདུད་དམག་ཉི་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་རྐེད་ནོར་བུའི་མིག་ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་རིགས་ལྔའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏིའི་ལྷྭམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ན་སེང་གེ་རལ་པ་སྤྲུག་པ། རྩིབ་ལོགས་ལ་འཕར་དྲེད་འཁྱུག་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །དེའི་གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་ཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་པགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུགས་པ། སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབ་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །དེ་དག་གི་ཤར་དུ་ཧཱུྃ་ལས་ཁྲོ་ཆེན་བཛྲ་ཀིངྐ་ར་སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་མཚོན་ཆའི་འཁོར་ལོ་བསྐོར་ཞིང་དམིགས་པའི་མགོ་ལུས་འདྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན་སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོར་ཡ་ལས་གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་རྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་སུ་གསེར་གྱི་སྤུ་གྲི་ཕྱར་ཞིང་གཡོན་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་བཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ཛ་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ་ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་། གཡོན་ཐོད་ཁྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པ་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་ཞིང་གི་གཡང་གཞི་དང་ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིང་མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་དུ་མ་ལས་འདོད་ཁམས་བདག་མོ་རེ་མ་ཏི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པའི་བར་དུ་མི་རོ་རངས་པོ་གསོལ་བ། དྲག་པོའི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐ་རགས་ཅན། དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་རྨེད་ཅན་ལ་བཅིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་ཤོ་རྡེལ་དཀར་ནག་བདུད་ཀྱི་ཁྲམ་ཤིང་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ་ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབས་མའི་དབུས་ན་བཞུགས་པ། དེ་དག་གི་ཕྱི་རོལ་དུ་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཕྲིན་ལས་འདོད་དགུར་སྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཡོངས་སུ་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་ལ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨཱོྃ་བྷུརྐུར་མ་ཧཱ་ཀཱ་ལ་ས་མ་ཡ་ཧྲིཾ་ཧྲིཾ་ཨངྐུ་ཤ་ཛཿཛཿ ཞེས་དང་། ཧཱུྃ། ལང་ཀ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལངྐའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨཱོྃ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་བཱ་ར་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སཏྭཾ། ཨཱ་ཀརྵཱ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཛཿ ཞེས་པས་སྤྱན་དྲངས་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཨཱོྃ་བྷུརྐུར་མ་ཧཱ་ཀཱ་ལ་རཀྨོ་ཀྲོ་དྷཱི་ཤྭ་རཱི་ནག་མོ་ཏིང་ལཾ་ས་མ་ཡ་སཏྭཾ་ཏིཥྛ་བཛྲ་ཞེས་བཞུགས་སུ་གསོལ། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨཱོྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་དམ་ཚིག་གི་གཉེར་གཏད། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པས། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་བཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཨཱཿཧཱུྃ། ཞེས་པས་སྤྱིར་མཆོད་ནས། ཁྱད་པར་གྱི་མཆོད་པ་སྨན་ཕུད་རཀྟ་གཏོར་མ་གསུམ་འབུལ་ཚིག་ཆོ་ག་རིགས་མཐུན་གཞན་ནས་བླངས་པའི་མཐར་མཚན་སྔགས་ལ་སོ་སོའི་སྔགས་བཏགས་ནས་འབུལ། བྱེ་བྲག་ཏུ་གཏོར་མ་ལ་རཀྟས་བྲན་ནས་རང་གི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས་མགོན་པོ་འཁོར་བཅས་རྒྱུད་བསྐུལ། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཞིང་བཅུར་གྱུར་པའི་དགྲ་བགེགས་ཐམས་ཅད་གཏོར་མ་ལ་བསྟིམས་པར་བསམ་ཞིང་དགུག་བསྟིམ་བྱ། ནང་མཆོད་བྲན་ལ། ཨཱོྃ་ཨཱཿཧཱུྃ་གིས་ཤ་ཁྲག་བདུད་རྩིར་སྤེལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཅེས་པ་ཙམ་གྱི་མཐར། གཙོ་འཁོར་གྱི་སྔགས་ཀྱི་གཤམ་དུ། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀཏ་ཁཱ་ཧི། ཨི་དཾ་དྷཱུ་པེ་པུཥྤེ་གནྡྷེ་ནཻ་བིདྱཱ་བ་ལིནྟ་པི་པ་ཏོ་ཧོཿ ཞེས་མཆོད། བསྟོད་པ་ནི། ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག༴ སྤྱོད་པ་རླབས་ཆེན་འཕགས་ལ་ཕྱག༴ དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག༴ ཕ་རོལ་ཕྱིན་བཅུ་མངའ་ལ་ཕྱག༴ སྒྲིབ་པ་རྣམ་གཉིས་དག་ལ་ཕྱག༴ བདག་མེད་གཉིས་རྟོགས་ཁྱོད་ལ་ཕྱག༴ སྟོན་པའི་ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་བསྟོད་དེ་ཟོར་ཡང་བའི་དབང་དུ་བྱས་ལ། ཤེས་ན་བསྟོད་པ་རྒྱས་པ་གཞན་དུ་འབྱུང་བ་བཞིན་བྱའོ། །དེ་ནས་བཟླས་པ་བྱ་བ་ནི། མགོན་པོའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བར་གྱུར། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ཡིག་བསྐུལ་བས་དབང་དུ་བསྡུས་ཅི་བགྱིའི་བཀའ་ནོད་ཅིང་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་བྷུརྐུར་མ་ཧཱ་པདྨེ་དྷེ་བུརྩི་བུར་བྱི་གེ་བྱེ་མ་ན་སེ་ཨེ་ཧོ་ཤོ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བསྙེན་སྔགས་སོ། །ཨཱོྃ་བྷུ་རུ་ཀུརྨ་ཨ་པྲརྞ་བུད་ཙི་ཀེ་བི་མ་ན་སེ་ཁ་ཤོ་མོག་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ངོ་། །ཨཱོྃ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། སྒྲུབ་སྔགས་སོ། །ཨཱོྃ་བྷུར་ཀུརྟི་ཕཊ། ཅེས་སྒྲུབ་ཆེན་གྱི་སྔགས་སོ། །མགོན་པོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འཁོར་རྣམས་ལས་ལ་བསྐུལ་བར་བསམ་ནས། ཨཱོྃ་བཛྲ་ཀྲོ་དྷ་ཛྭ་ལ་ས་མ་ཡ་ཧཱུྃ། ཨཱོྃ་བཛྲ་ཡཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ཨཱོྃ་བཛྲ་རཀྴ་ཛྭ་ལ་ས་མ་ཡ་ཧཱུྃ། ཨཱོྃ་བཛྲ་ཙིཏྟ་ཛྭ་ལ་ས་མ་ཡ་ཧཱུྃ། ཞེས་འཁོར་བཞིའི་སྙིང་པོ་འོ། །དེ་ལྟར་ཅི་འགྲུབ་བཟླས་པའི་མཐར་ཉེར་སྤྱོད་ལྔ་དང་ནང་མཆོད་ཕུལ་ལ། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྟོད་ཅིང་ཕྲིན་ལས་གསོལ། འདིར་ཚོགས་མཆོད་བྱེད་ན་ཡི་དམ་གང་ལ་བསྟེན་པ་དེའི་གཞུང་བཞིན་དང་། ཡང་ན་ཚོགས་རྫས་བདུད་རྩི་ལྟར་བྱིན་གྱིས་བརླབ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །སོགས་ཀྱིས་དང་པོར་མཆོད། བར་པ་སྐོང་བཤགས་དང་འབྲེལ་བས་སྐོང་རྫས་བྱིན་གྱིས་བརླབས་ལ། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། ཁྱོད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས༴ དུར་ཁྲོད་སྒྲོལ་གིང་གནས༴ རྡོ་རྗེ་སྒྲོལ་བྱེད་གནས༴ ས་བཅུའི་དབང་ཕྱུག་གནས༴ རིག་འཛིན་སྲུང་མ་གནས༴ རྣལ་འབྱོར་དགྲ་བླ་གནས༴ ཚོགས་བདག་ཆེན་པོ་གནས་འདིར་བྱོན། །བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་བོ་ལེགས་ལྡན་སྤྱན་མ་བརྟུལ། །སྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩིའི་བཏུང་བའི་རྒྱུན། ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །རྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། །ཞེས་པ་ཙམ་གྱི་མཐར། བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་སྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐང་བར་བྱའོ། །བཤགས་པ་ནི། ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་སྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་ཡེངས་པ་མཐོལ༴ བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས༴ ཐ་མལ་ལོང་གཏམ་སྨྲས་པ་མཐོལ༴ དམིགས་མེད་ཡེ་ཤེས་སྒོམ་པར་ཁས༴ དུག་གསུམ་རྟོག་པའི་དབང་གྱུར་མཐོལ༴ ཕྱི་ནང་གསང་རྟེན་འཛུགས་པར་ཁས༴ དགོས་པའི་དམ་རྫས་མ་ཚང་མཐོལ༴ རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས༴ སྙོམས་ལས་ལེ་ལོས་གཡེངས་པ་མཐོལ༴ མན་ངག་སྦས་ནས་སྒྲུབ་པར་ཁས༴ གསང་བའི་གཉེར་ཁ་འཆོལ་པ་མཐོལ༴ དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉམས་པར་གྱུར་པ་མཐོལ༴ རྒྱལ་བའི་བཀའ་བཞིན་སྒྲུབ་པར་ཁས༴ གཟུ་ལུམ་རས་ཆོད་བགྱིས་པ་མཐོལ༴ ཟོལ་མེད་དམ་ཚིག་སྲུང་བར་ཁས༴ ཉམས་གྲིབ་སྐྱོན་གྱིས་ཕོག་པ་མཐོལ༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་དང་ཡིག་བརྒྱ་མང་དུ་བཟླའོ། །དེ་ལྟར་སྐོང་བཤགས་ནི། སྐབས་ཀྱི་ཕྲིན་ལས་ལ་མཁོ་བའི་དབང་དུ་བྱས་ཀྱི། རྒྱུན་གྱི་ཕྲིན་ལས་ནི་བཟླས་པའི་རྗེས་ཀྱི་བསྟོད་པ་དང་ཕྲིན་ལས་གསོལ་བའི་མཐར་ཐུན་གཏོར་ལ་དམིགས་བྱ་བཀུག །བདུད་རྩིར་སྤར་བས་མཆོད་ཅིང་། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །ཉེ་གནས་ཀྲོ་དྷཱི་ཤྭ་རཱི་མ། །གིང་དང་གནོད་སྦྱིན་སྲིན་པོ་དང་། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་པའི་ཕྲིན་ལས་མཛོད། །སྔར་བཅོལ་ལས་ཀྱི་གཏང་རག་མཛོད། །ཕྱི་བཅོལ་ལས་ཀྱི་གསོས་སུ་བཞེས། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སློབ་དཔོན་སྐུ་དགྲ་ཁྱོད་ཀྱིས་ཐུལ། །སྒྲུབ་པ་པོ་ཡི་སྡོང་གྲོགས་མཛོད། །ཅེས་གཏོར་མ་སྒྲུབ་ཁང་གི་ཡང་ཐོག་ལ་སོགས་པར་འབུལ་ལོ། །སླར་ཡང་གཏང་རག་གི་མཆོད་བསྟོད་དང་། ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན། གཏོར་མགྲོན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྟིམ། གནས་གསུམ་དུ་ཡི་གེ་གསུམ་གྱིས་རྒྱས་གདབ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་ནོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་བཟླས་པའི་རྗེས་ཀྱི་ཕྲིན་གསོལ་ཡན་ཆད་སྔར་བཞིན་བྱས་ནས། བུམ་པ་ལ་གཟུངས་ཐག་གཏད་དེ་གཙོ་སྔགས་བརྒྱ་རྩ་བརྒྱད་དང་འཁོར་སྔགས་རྣམས་བདུན་རེ་ཙམ་དང་། འབྲུ་གསུམ་ཉེར་གཅིག་ཙམ་རེ་བཟླས་པས་བྱིན་གྱིས་བརླབ། རིག་པའི་མེ་ཏོག་དོར་བ་དང་གནང་བ་ནོད་པ་རྣམས་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱས་ནས་གྲལ་ལ་འཁོད་པ་ལ། བགེགས་སྐྲོད་པ་སྔོན་དུ་འགྲོ་བས། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་བདག་ཉིད་དཔལ་ཧེ་རུ་ཀའི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེ་མ་འཐོབ་ཀྱི་བར་དུ་ཡང་ལམ་གྱི་འགལ་རྐྱེན་བར་ཆད་བསལ་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་བའི་ཆེད་དུ་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པ་ཞུ། དེ་ཡང་འོ་སྐོལ་རྣམས་ཀྱིས་རྙེད་པར་དཀའ་ཞིང་དོན་ཆེན་པོ་དང་ལྡན་པའི་མི་ལུས་རྣམ་པར་དག་པ་ཐོབ་པའི་སྐབས་འདིར་དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་དགོས་ཏེ། ཞི་བ་ལྷས། མི་ཡི་གྲུ་ལ་བསྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་དང་། དེ་ལྟ་བུའི་རྟེན་དེ་ཡང་སྤྱིར་འཇིག་པར་སླ་ཞིང་ཁྱད་པར་ཆོས་བཞིན་སྤྱོད་པ་རྣམས་ལ་བར་ཆད་ཀྱི་རྐྱེན་ཤིན་ཏུ་མང་བ་ཡིན་ཏེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པས་བར་ཆད་ཀྱི་རྐྱེན་དེ་ལས་སྐྱོབ་པར་ནུས་པའི་སྲུང་མ་མཐུ་དང་ལྡན་པ་ཞིག་ལ་བསྟེན་པ་གལ་ཆེ། སྲུང་མ་དེ་ལ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ལས། དང་པོ་ནི་རང་ཉིད་ཀྱང་འཁོར་བ་ལས་མ་ཐར་བས་གཞན་སྐྱོབ་མི་ནུས་པར་མ་ཟད། གནས་སྐབས་ཕན་པ་ཆུང་ངུ་ཙམ་འགྲུབ་ཏུ་སྲིད་ཀྱང་མཐར་ལོག་པའི་ལམ་ལ་སྦྱོར་བ་དང་འཁུ་ལྡོག་ཕྲ་མོ་ཙམ་ལ་ཡང་ལུས་སྲོག་ལ་བར་དུ་གཅོད་པ་སོགས་ཉེས་དམིགས་ཆེ་ཞིང་ཕན་ཡོན་ཆུང་བས། འཇིག་རྟེན་ལས་འདས་པའི་སྲུང་མ་ཁྱད་པར་ཅན་ཞིག་བསྟེན་དགོས། དེ་ལའང་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་རིགས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་ནི་ངོ་བོ་བཅོམ་ལྡན་འདས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿཉིད་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོའི་སྐུར་བཞེངས་པ་སྟེ། ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་པ་འདུས་པའི་མདོ་དང་། སྒྱུ་འཕྲུལ་དྲྭ་བ་བཤད་པའི་རྒྱུད་ཐལ་བ་དང་། བྱེ་བྲག་གི་སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་པའི་རྒྱུད་རྣམས་ཀྱིས་བསྟན་ཅིང་། རྒྱལ་པོ་ལུང་བསྟན་རྡོ་རྗེ་དང་ཀུ་ཀུ་རཱ་ཛ་སོགས་རིག་འཛིན་གྲུབ་པ་ཐོབ་པ་རྣམས་ལས་བརྒྱུད་དེ། ས་བཞི་པའི་དབང་ཕྱུག་གནུབས་ཆེན་པོ་དང་ཟུར་པ་ཡབ་སྲས་ལ་སོགས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་སྲོལ་ལས་དབང་དང་རྗེས་གནང་གི་བཀའ་ཇི་སྙེད་ཅིག་མཆིས་པ་ལས། འདིར་རྗེས་གནང་གི་བཀའ་ཡིན། དེ་ལ་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་པ་ལས། འདིར་ཕྱི་མ་ལྟར་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བའི་རིམ་པའོ། །དང་པོ་སློབ་དཔོན་གྱི་བྱ་བ་ནི། བདག་གི་རྣལ་འབྱོར་དང་མདུན་བསྐྱེད་སྒྲུབ་མཆོད་ལ་སོགས་པ་རྣམས་སྔོན་དུ་གྲུབ། གཉིས་པ་སློབ་མའི་བྱ་བ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ནི་སློབ་དཔོན་དཔལ་ཧེ་རུ་ཀཿདང་གཉིས་སུ་མེད་པའི་དྲུང་དུ་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་བརྗོད་ཅིང་མཎྜལ་ཕུལ། ཨཱོྃ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གཏད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ དཔལ་མགོན་ནག་པོ་ཡེ་ཤེས་སྐུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོས་ཐུགས་རྗེས་གཟུང་བར་འཚལ། །ལན་གསུམ། ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་དང་བསམ་པ་ཀུན་འགྲུབ་ཅིང་། །བླ་མེད་ཐེག་ཆེན་འབྲས་བུ་འབྱུང་། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །ཞེས་སློབ་དཔོན་གྱིས་དྲིས་པའི་ལན་དུ། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་བདག་ཉིད་ནི། །སེམས་ཅན་འབྱམས་ཀླས་མ་ལུས་ཀུན། །མཆོག་ཉིད་སྒྲུབ་ཕྱིར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན་འདུས་པའི། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཅེས་དང་། ཕྱག་བྱ་བ་ནི། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བླ་མ་ཡི་དམ་དབྱེར་མེད་ལ་ཕྱག་བྱའོ། །དེ་ནས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་བྱ། བཅོམ་ལྡན་མཆོག་ནི་བདག་ལགས་ཀྱི། །མཆོག་ཉིད་སྒྲུབ་ཕྱིར་བླང་བར་གྱིས། །རྡོ་རྗེ་རྒྱལ་པོར་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ཀྱིས། །ཕུན་སུམ་ཚོགས་པ་སྒྲུབ་པར་གྱིས། །ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། སློབ་དཔོན་གྱི་སྙིང་ག་ནས་ཁྲོ་བོ་སྤྲོས་པས་བགེགས་བསྐྲད་པར་མོས་ཤིང་ཡུངས་ཐུན་གྱིས་བྲབ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ། ཞེས་བཟླ། སླར་ཡང་སྙིང་ག་ནས་རཾ་ཡཾ་ཁཾ་སྤྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་སློབ་བུའི་སྡིག་སྒྲིབ་ཐམས་ཅད་བསྲེགས་གཏོར་བཀྲུས་པར་བསམ་ཞིང་། ཧ་ལ་ཧ་ལ་རཾ། ཀྲོ་དྷ་ཀྲོ་དྷ་ཡཾ། ཏིཥྞ་ཏིཥྞ་ཁཾ། ཏ་ཀེཾ་ཏ་ཀེཾ་ཕཊ། ཅེས་སྒྲིབ་པ་སྦྱང་། ཨཱོྃ་ཨཱཿཧཱུྃ། ས་མ་ཡ་ཧོཿ ས་མ་ཡ་སཏྭཾ་ཨི་དཾ་ན་ར་ཀན། ཞེས་མནའ་ཆུ་བླུད་ནས་དམ་ལ་བཞག །ཡེ་ཤེས་པ་དབབ་པ་ནི། པད་ཉི་རོའི་གདན་ལ་སློབ་མ་ཧཱུྃ་ལས་བྱུང་བའི་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པར་བསྐྱེད། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་པ་སློབ་མ་ལ་བསྟིམས་ནས་རོལ་མོའི་སྒྲ་བྱ་ཞིང་། ཧཱུྃ་ཧཱུྃ་གུ་ཡ་བཛྲ་ཙིཏྟ་ཧཱུྃ། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ས་མ་ཡ་སཏྭཾ། པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་པས་ལྷ་དབབ། ཀཱ་ཡ་ཝཱ་ཀ་བཛྲ་ཙིཏྟ་ཏིཥྛ་བཛྲ་ཞེས་བརྟན་པར་བྱ། སྔོན་ཚེ་གོང་ནས་འབྲེལ་བའི་ལྷ། །བདག་གི་ཉེར་གནས་གང་ལགས་པ། །ལས་འཕྲོ་དང་ནི་ཐུགས་རྗེའི་ལྷར། །ད་ལྟ་ཉིད་དུ་འབབ་པར་ཤོག །པྲ་ཏཱིཙྪ་ཧོཿ ཞེས་མེ་ཏོག་འབུལ། ཨཱོྃ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ། ཅེས་མིག་ཕྱེ་ལ། མདུན་གྱི་ནམ་མཁར་ཁྲག་ཞག་འཁྲུགས་པའི་ཀློང་། །ཞེས་པ་ནས། ས་གཞི་ཐམས་ཅད་ཡོངས་སུ་གང་བའོ་ཞེས་པའི་བར་མངོན་རྟོགས་ལྟར་ས་བོན་བསྐྱེད་ཚིག་རྣམས་དོར་བས། མདུན་གྱི་དཀྱིལ་འཁོར་བཞུགས་ཚུལ་དང་མཐུན་པར་ལྷ་ངོ་བསྟན་ནས། ཨཱོྃ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུཾ་ཉིད་ཇི་བཞིན་ཡེ་སངས་རྒྱས། །ཧཱུྃ་ནི་རྩ་བ་བྱང་ཆུབ་སེམས། །ཧ་ཞེས་མཐོང་བ་ཡོངས་སུ་དག །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པ། །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །ཞེས་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོའི་རང་བཞིན་ལེགས་ལྡན་ཚོགས་ཀྱི་བདག་པོའི་དཀྱིལ་འཁོར་དུ་སྣང་བ་མངོན་སུམ་དུ་མཐོང་བར་གྱུར་སྙམ་པ་མཛོད། དངོས་གཞིའི་དོན་དུ་མཎྜལ་ཕུལ། དབྱིངས་ཀྱི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་སྐུར་ཅིག །ཅེས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མ་ལ་ཐིམ་པས་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཞེས་པ་ནས། སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །ཞེས་པའི་བར་གྱིས་མགོན་པོའི་སྐུར་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་འཕྲོས། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་དང་། མདུན་བསྐྱེད་པའི་སྐུ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་བྱོན། སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས་པར་བསམ་ཞིང་། རྩ་སྔགས་ཀྱི་མཐར་ཀཱ་ཡ་ཨཱ་བེ་ཤ་ཡ་ཨཱཿཞེས་པ་བཟླ་ཞིང་རོལ་མོའི་སྒྲ་བྱ། དེ་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་པས་གསོལ་བ་བཏབ། དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བར་བསམ་ལ། ཧཱུྃ། མཁའ་དབྱིངས་རྣམ་དག་བུམ་པ་ན། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟགས་ཆུས། །བྱིན་རླབས་མཐུ་ཡི་དབང་ཐོབ་ཤོག །ཨཱོྃ་བྷུརྐུར་མ་ཧཱ་ཀཱ་ལ་ཀྲོ་དྷི་ཤྭ་རཱི་ཀྲོ་དྷ་ཡཀྴ་རཀྴ་ཙིཏྟ་ཧཱུྃ་ཧ་ཧེ་ཕཊ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་ཞིང་བུམ་ཆུ་བླུད། དེས་མགོན་པོའི་སྐུའི་མཐུ་སྟོབས་དང་ནུས་པ་ལ་དབང་བར་བྱས་པའོ། །སྐུའི་རྗེས་གནང་བྱིན་རླབས་དང་བཅས་པའོ། །སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་བྱོན། སློབ་མའི་སྙིང་གའི་ས་བོན་ལ་ཐིམ་པས་ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པར་བསམ་ཞིང་སྔགས་མཐར་ཝཱ་ཀ་ཨཱ་བེ་ཤ་ཡ་ཨཱཿཞེས་བཏགས་པ་བཟླ་ཞིང་རོལ་མོའི་སྒྲ་བྱ། སློབ་དཔོན་ལ་གུས་འདུད་བྱས་པའི་རྐྱེན་གྱིས་སློབ་དཔོན་དང་མདུན་བསྐྱེད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་པ། སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད་པར་བསམ་ལ། སྙིང་པོ་ཉེ་སྙིང་སྒྲུབ་སྔགས་རྣམས་ཚང་བའམ། བསྡུ་ན་སྒྲུབ་སྔགས་རྐྱང་པའི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག །བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བཅོམ་ལྡན་འདི་ལ་སོགས་བྱིན་གྱིས་བརླབ་པའི་ལུང་དང་། དམ་བཅའི་ལུང་མི་མཛད་པ་ཤས་ཆེ་ཡང་། བྱེད་ན། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལྷག་པའི་ལྷར་བཟུང་ནས་འདིའི་སྙིང་པོའི་སྔགས་ཅི་ནུས་རེ་བཟླ་བར་དམ་འཆའ་ལགས་སོ། །ཞེས་རྗེས་ཟློས་ལན་གསུམ་གྱིས་དམ་བཅའ་བླང་། ནང་མཆོད་ཀ་པཱ་ལའི་བདུད་རྩིས་དབང་བསྐུར་ཞིང་། ཧཱུྃ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་དོན། །ཡབ་ཡུམ་གཉིས་མེད་བདེ་བའི་བཅུད། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །ཐབས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཨཱོྃ་བཛྲ་ཨ་མྲྀཏ་ཨ་ཏི་སརྦ་མ་ཏི་ཋ། ཞེས་བདུད་རྩི་བླུད། དེས་མགོན་པོའི་གསུང་གི་མཐུ་སྟོབས་དང་ནུས་པ་ལ་དབང་བར་བྱས་པའོ། །གསུང་གི་རྗེས་གནང་བྱིན་རླབས་དང་བཅས་པའོ། །སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་དཔག་ཏུ་མེད་པ་བྱོན། སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ་ཞིང་སྔགས་མཐར་ཙིཏྟ་ཨཱ་བེ་ཤ་ཡ་ཨཱཿཞེས་བཏགས་པ་བཟླ་ཞིང་རོལ་མོའི་སྒྲ་བྱ། སློབ་མ་ལྷར་གསལ་བ་ཉིད་ཡས་མས་ནས་རིམ་པས་འོད་དུ་ཞུ་སྟེ། སྙིང་གའི་ཧཱུྃ་གི་ནཱ་དའི་བར་དུ་བསྡུས། ནཱ་ད་ཡང་མི་དམིགས་པར་མཉམ་པར་གཞག །སླར་ཡང་ཧཱུྃ་ཞེས་པའི་སྒྲས་སློབ་མ་མགོན་པོའི་སྐུར་སྐད་ཅིག་གིས་གསལ་བཏབ་ལ། གྲི་གུག་ལག་གཡས་སུ་བྱིན་ཏེ། ཧཱུྃ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། །དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་བུ་ཡིས་བླང་བར་གྱིས། །ཨཱོྃ་བཛྲ་ཀརྟ་རི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། ཐོད་ཁྲག་ལག་གཡོན་དུ་བྱིན་ཏེ། ཧཱུྃ། ཐོད་རློན་གདུག་པའི་ཁྲག་གིས་གང་། །འཁོར་བ་དོང་ནས་སྤྲུགས་པ་དང་། །དམ་ཉམས་སྙིང་ཁྲག་འཐུང་བའི་ཕྱིར། །དེ་རིང་བུ་ཡིས་བླང་བར་གྱིས། །ཀ་པཱ་ལ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། མཆན་གཡས་སུ་ཙནྡན་གྱི་བེང་བྱིན་སྟེ། ཧཱུྃ། ཙནྡན་བེང་ཆེན་འབར་བ་འདི། །སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་རྡུལ་དུ་བརླག་པའི་ཕྱིར། །དེ་རིང་བུ་ཡིས་བླང་བར་གྱིས། །རཀྴ་དུ་བེང་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད། དེས་མགོན་པོའི་ཐུགས་ཀྱི་མཐུ་སྟོབས་དང་ནུས་པ་ལ་དབང་བར་བྱས་པའོ། །ཐུགས་ཀྱི་རྗེས་གནང་བྱིན་རླབས་དང་བཅས་པའོ། །ཕྲིན་ལས་དྲག་པོའི་རྗེས་གནང་ནི། མདུན་དུ་ལིངྒ་བཤམ། ཨེ་སྥ་ར་ཎ་ཕཊ། ལྕགས་བསྲེགས་ཀྱི་བྲུབ་ཁུང་གྲུ་གསུམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཤིན་ཏུ་རིད་ཅིང་ཉམ་ཐག་པའི་རྣམ་པ་ཅན་དུ་གྱུར། མགོན་པོའི་སྤྲུལ་པའི་དམག་ཚོགས་ནམ་མཁའ་གང་བར་སྤྲོས། དེ་རྣམས་ཀྱིས་དྲག་པོའི་ལས་མཛད་པར་བསམ་ལ། བདེན་སྟོབས་བརྗོད་དེ་དམིགས་བྱ་དགུག་གཞུག་བྱ། ཧཱུྃ། དྲག་པོ་གནམ་ལྕགས་ཕུར་བུ་འདི། །དབྱིངས་ལ་ཡེ་ཤེས་ཤར་བ་དང་། །ཞིང་བཅུ་གནས་སུ་བསྒྲལ་བའི་ཕྱིར། །དེ་རིང་བུ་ཡིས་བླང་བར་གྱིས། །ཨཱོྃ་བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་ནས། རྩ་སྔགས་ཀྱི་ཤམ་བུར་ཨཱོྃ་སརྦ་བིགྷྣཱན་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སློབ་བུས་ཕུར་བུ་ལིངྒར་བཏབ་ནས་བསྒྲལ། སྤྲོ་ན་མཚོན་ཆ་གཞན་རྣམས་ཀྱང་གཏད་ནས་གདབ་པ་སྔར་བཞིན་བྱ་སྟེ་ཡིག་རྙིང་ལས་ཤེས་སོ། །ལིང་རོ་འབྲུ་གསུམ་གྱིས།་་་བདུད་རྩིར་སྦར་བ་གཅིག་ཐོག་མར་མགོན་པོ་ལ་ཧཱུྃ།རྣལ་འབྱོར་ཀུན་གྱི་སོགས་སྔགས་བཅས་ཀྱིས།་་་བསྔོས་ནས་ལྷག་མ་སློབ་བུ་མགོན་པོའི་ང་རྒྱལ་གྱིས་རོལ། གཅིག་དང་པོར་སློབ་མས་ཟོས་ལྷག་་་སྦྱིན་པའི་ལྷ་མ།དཀྱིལ་འཁོར་ལ་བསྔོ།་་་ལྷག་མར་བསྲེ། དེས་མགོན་པོའི་ཕྲིན་ལས་ཀྱི་མཐུ་སྟོབས་དང་ནུས་པ་ཐམས་ཅད་ལ་དབང་བར་བྱས་པའོ། །ཕྲིན་ལས་ཀྱི་རྗེས་སུ་གནང་བའོ། །མཐའ་རྟེན་གཏོར་མའི་བཀའ་བསྒོ་ནི། གཏོར་མ་དཔལ་འབར་ཅན་སློབ་མའི་མགོ་ཐོག་ཏུ་བཟུང་ལ། དེ་ཉིད་མགོན་པོ་འཁོར་བཅས་སུ་གསལ་བ་ལ་མོས་གུས་དུང་བ་བྱས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། ཁྱེད་རང་རྣམས་ཀྱི་ནད་གདོན་དགྲ་བགེགས་ཐམས་ཅད་ཚར་བཅད། མཐུན་རྐྱེན་ཕྲིན་ལས་རྣམ་བཞི་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་མཛོད། ཅེས་བརྗོད་ལ་རོལ་མོའི་སྒྲ་དང་བཅས་ཏེ་བསྟོད་པ་ཅི་རིགས་དང་སྔགས་ཚར་གཅིག་བརྗོད་པའི་མཐར། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རིགས་ཀྱི་བུ་འདིའི་སྲུང་མ་མཛོད་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པར་སྒྲུབ་པར་མཛད་དུ་གསོལ། ཞེས་སམ། དེ་ལས་ཅུང་ཚིག་སྦྱོར་རྒྱས་པ་སོགས་ཀྱི་བཀའ་བསྒོ་ཅི་རིགས་བྱས་པའི་མཐར། གཏོར་མའི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པ་དཔོན་སློབ་གཉིས་ཀས་བསྒོམ། རྗེས་ནི། དེ་ལྟར་རྗེས་སུ་གནང་བ་ཐོབ་པ་ལས། མགོན་པོ་ཉིད་རྟག་ཏུ་མི་འབྲལ་བར་སྲུང་སྐྱོབ་མཛད་པ་ཆོས་ཉིད་ཡིན། ཁྱེད་རྣམས་ཀྱིས་ཀྱང་དམ་ཚིག་རྣམ་པར་དག་པ་བསྲུང་དགོས་ཏེ། སྤྱིར་མཆོད་གཏོར་ལ་བརྩོན་པ་དང་། ཁྱད་པར་ཚེས་བརྒྱད་དང་། བཅོ་ལྔ་དང་། ཉི་ཤུ་དགུ་ལ་དུས་ཀྱི་གཏོར་མ་མ་ཆད་པ་དང་། སྣོད་དུ་མ་གྱུར་པ་ལ་སྐུ་མི་བསྟན་སྔགས་དང་དམ་རྫས་གསང་། བྱ་ནག་དང་ཁྱི་ནག་ལ་མི་རྡེག་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པར་བྱའོ། །ཞེས་བསྒྲག །སློབ་མས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་ཀྱིས་ཁས་བླང་། མཎྜལ་ཕུལ། དེང་ནས་བརྩམ་སྟེ་སོགས་དང་། དགེ་བ་བསྔོ་བ་རྣམས་བྱའོ། །རྗེས་གཏང་རག་གི་མཆོད་པ་སོགས་མཇུག་གི་བྱ་བ་རྣམས་སྒྲུབ་ཐབས་བཞིན་བྱའོ།། །། ༄། རྗེས་གནང་་་ཐུན་མོང་བ།གཏོར་དབང་ཙམ་བྱེད་པར་འདོད་ན། དུས་ཁྱད་པར་ཅན་ལ་ཡོ་བྱད་ཚོགས་པར་བྱས་ནས། མགོན་པོའི་བྲིས་སྐུའི་མདུན་དུ་མཎྜལ་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ་རྟེན་གཏོར་བྲིས་སྐུ་དང་དར་ནག་གི་བ་དན་བཙུགས་པ་བཀོད། དེའི་རྒྱབ་ཏུ་དཔལ་ཆེན་པོའི་འདས་གཏོར་སྔ་མ་ལས་སྟེགས་མི་དམའ་བར་བཞག །མདུན་དུ་འབུལ་གཏོར། གཡས་གཡོན་དུ་སྨན་རཀ །མཆོད་པ་རྣམས་ཅི་བདེར་བསྒྲིགས་ནས། སྒྲུབ་མཆོད་སྔར་བཞིན་བྱས་ལ། རྗེས་གནང་དངོས་ཀྱི་བྱ་བ་ནི། སློབ་མ་ཁྲུས་བྱས། བགེགས་བསྐྲད། མཚམས་སྦྱོར་ཅི་རིགས་སྔོན་དུ་འགྲོ་བས་མཎྜལ་ཕུལ། གསོལ་བ་གདབ་པ་ནི། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་འདུས་པའི་ཚོགས། །སྒོ་འདིར་འཇུག་པར་འཚལ་ལགས་ན། །རྒྱལ་བའི་སྲས་སུ་གཟུང་དུ་གསོལ། །ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་གསུམ་བྱ། དངོས་གཞི་ལ། ཡི་དམ་ལྷའི་དབང་། སྐུ་གསུང་ཐུགས་ཀྱི་རྗེས་གནང་། བཀའ་བསྒོ། བཟླས་ལུང་དང་བཞི་ལས། དང་པོ་ཡི་དམ་ལྷའི་དབང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་ཧཱུྃ་འཕྲོས་སློབ་མ་ལ་ཐིམ་པས་མ་དག་པའི་ལུས་སྦྱངས་ཏེ་དྭངས་མ་ཧཱུྃ་དུ་གྱུར། དེ་ལས་ཧེ་རུ་ཀཿཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་བསྐྱེད། འདས་གཏོར་དཔལ་ཆེན་ཡབ་ཡུམ་དུ་གསལ་བ་སྤྱི་བོར་བཞག་ལ། ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་ཅིང་རུ་ལུ་བཟླས་ལ། གཏོར་མའི་ལྷ་ལ་གུས་འདུད་བྱས་པས་དེའི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་སྤྱི་བོ་ནས་ཞུགས། སྨིན་མཚམས་ཡན་ཆད་གང་བུམ་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་དབང་བཞི་པ་ཐོབ་པར་མོས་སུ་བཅུག །མཐར་གཏོར་མའི་ལྷ་སློབ་མ་ལ་ཐིམ་པའི་རྐྱེན་གྱིས་འོད་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་ལྟེ་བར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་མགོན་པོར་བསྐྱེད་པ་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །ཞེས་པའི་བར་སྒྲུབ་ཐབས་བཞིན་བྱའོ། །གཉིས་པ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ་དུར་ཁྲོད་བརྒྱད་སོགས་རང་བཞིན་གྱི་གནས་དང་། མདུན་བསྐྱེད་ལས་མགོན་པོའི་སྐུ་དཔག་ཏུ་མེད་པ་སྤྲོས་ཏེ་སློབ་མ་ལ་བསྟིམ་ནས་རོལ་མོའི་སྒྲ་བྱ། དེ་བཞིན་དུ་སྔགས་ཀྱི་ཡིག་འབྲུ་བསྟིམ་པ་དང་། ཕྱག་མཚན་དཔག་ཏུ་མེད་པ་བསྟིམ་པར་བྱ། རོལ་མོའི་སྒྲ་བྱེད་པའི་གནས་སྐབས་གསུམ་པོ་ལ་སྔགས་དྲག་ཏུ་བཟླ་ཞིང་སྦྱར་བའི་སྤོས་སྲེག་པ་རྣམས་བྱའོ།། གསུམ་པ་གཏོར་མའི་བཀའ་བསྒོ་ནི། གཏོར་མ་སློབ་མའི་མགོ་བོར་བཟུང་ལ། དེ་ཉིད་མགོན་པོར་གསལ་བཏབ་ནས་སློབ་དཔོན་གྱིས་བཀའ་བསྒོ་བ་སྔར་བཞིན་བྱའོ། །བཞི་པ་བཟླས་ལུང་ནི། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་པ། སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐར་གཡས་སྐོར་དུ་འཁོད་པར་བསམ་ལ། སྙིང་པོ་ཉེ་སྙིང་སྒྲུབ་སྔགས་རྣམས་ཚང་བའམ་སྒྲུབ་སྔགས་ཁོ་ནའི་རྗེས་ཟློས་ལན་གསུམ་བྱ། བཅོམ་ལྡན་བདག་ལ་སོགས་ཀྱིས་གསོལ་བ་བཏབ། བཅོམ་ལྡན་འདི་ལ་སོགས་ཀྱིས་བྱིན་གྱིས་བརླབ་པའི་ལུང་བྱའོ། །རྗེས་དམ་ཚིག་བཤད། ཁས་བླང་། ཡོན་འབུལ་བ་སོགས་རྗེས་ཀྱི་བྱ་བ་སྔར་དང་འདྲའོ།། ༧ །།ཡང་གཏོར་དབང་ཁོ་ན་བྱེད་པར་འདོད་ན། གསོལ་བཏབ་དང་རྒྱུན་བཤགས་སོང་བའི་རྗེས་ལ་སློབ་མའི་བློ་ངོར། གཏོར་མ་མགོན་པོར་བསྐྱེད་ཅིང་སྤྱན་དྲངས། དེ་ནས་གོང་བཞིན་གཏོར་མའི་བཀའ་བསྒོ་ཉིད་བྱས་པས་བར་ཆད་སེལ་བའི་ཐབས་མཆོག་ཏུ་འགྱུར་ཞིང་། མཆོད་གཏོར་འབུལ་བ་སོགས་ལ་དབང་བ་ཡིན་ནོ།། ༧ །།ཡང་ཆོས་སྐྱོང་དུ་མི་བསྟེན་པར་བར་ཆད་སེལ་བ་ཙམ་དོན་དུ་གཉེར་བ་ལ། བཀའ་བསྒོའི་སྐབས་སྲུང་མ་མཛོད་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཅེས་པ་བོར། མགོན་པོ་སློབ་མ་ལ་བསྟིམས་པའི་དམིགས་པ་མི་དགོས། ཁྱད་པར་ཆོས་བརྒྱུད་སེལ་ཅན་དང་ཆོས་སྒོར་མ་ཞུགས་པའི་རིགས་ལ་ཐུན་མོང་མ་ཡིན་པའི་དབང་བསྐུར་བྱེད་པ་ནི། གནས་སྐབས་སུ་ཡུལ་དེ་ལ་མི་ཕན་ཞིང་རང་ལའང་བཀའ་ཆད་འབྱུང་བས། རྙེད་བཀུར་ལ་སོགས་པའི་དོན་དུ་གཏོར་དབང་བྱེད་ན་བཤད་མ་ཐག་པ་ལ་ཚིག་གིས་སྤྲོས་ཏེ་བྱས་ན་འཁུ་ལྡོག་ཆུང་ངོ་། །ཚུལ་འདི་གཞན་ལའང་ཤེས་པར་བྱའོ། །འདིའི་དབང་བཀའ་རྒྱས་པ་སྟ་གོན་དང་འབྲེལ་བ་དབང་བཞི་ཚང་བ་སྒྲོལ་དབང་དང་བཅས་པ་ཟབ་ཅིང་ཕྱག་ལེན་དོག་པོར་མཛད་པ་དེ་ནི། གཙང་ཤོད་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་དབང་ཆོག་བདེ་གསལ་དོན་ལྡན་ཞེས་བྱ་བ་ལས་ཤེས་པར་བྱའོ། །འདིར་ནི་དབང་བཀའ་འབྲིང་པོ་དང་། བསྡུས་པ། ཤིན་ཏུ་བསྡུས་པ་སྟེ་བརྒྱུད་པའི་ཁྱད་པར་གསུམ་ལས་འོངས་པའི་བཀའ་སྲོལ་རྣམས་སྙིང་པོར་དྲིལ་བ་ཡིན་ནོ། །རྣམ་འ༵གྱུར་དཔག་མེ༵ད་སྲུང་མའི་གཙོ། །ལེགས་ལྡན་རྡོ༵་རྗེ༵་ནག་པོ་ཆེ། །གང་དེའི་སྒྲུབ་ཐབས་རྒྱུད་ལུང་གི །སྙིང་པོ་དབང་དང་བཅས་པ་འོ། །ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ (Volume 62, Text 40)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་བཞུགས་སོ༔ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ནི༔ གཉིས་སུ་མེད་པའི་ལྟ་བ་ཀློང་ཡངས་ལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་པར་རྫོགས༔ ཀུན་ནས་གསལ་བ་གང་དུའང་མི་གནས་ཤིང༔ ཕྱོགས་ཀུན་ལ་ནི་ཞལ་ཕྱག་ཐལ་ལེར་གསལ༔ དེ་ཉིད་ཟུང་འཇུག་ཡེ་ཤེས་གཟུགས་ཀྱི་སྐུ༔ བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་རྒྱལ་པོ་དཔལ་ཆེན་མངོན་རྫོགས་ནི༔ སྨུག་ནག་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ དབུས་ཞལ་མཐིང་ནག་བདུན་ནི་རྔམ་པའི་ཚུལ༔ གཡས་ཞལ་དཀར་བདུན་གཡོན་ཞལ་བདུན་དམར་རྣམས༔ འཛུམ་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན༔ རྩ་བའི་ཕྱག་བརྒྱད་དང་པོས་གྲི་ཐོད་འཛིན༔ དེ་འོག་ཞིང་ཁམས་དང་ནི་འཇིག་རྟེན་འཛིན༔ གསུམ་པས་འདོད་ཁམས་གཟུགས་ཁམས་ཐིག་ལེར་འཛུད༔ ལྷག་མ་ལྔ་རྣམས་འབྱུང་ལྔ་ཕྱག་མཚན་ལྔ༔ ཡན་ལག་ཕྱག་བརྒྱས་གྲི་ཐོད་འཛིན་པ་འོ༔ དཔལ་ཆེན་རྔམ་པ་དུར་ཁྲོད་རོལ་པའི་ཆས༔ རྡོ་རྗེའི་གཤོག་བརྒྱངས་ཞབས་ནི་སྐྱིལ་ཀྲུང་བཞུགས༔ པང་དུ་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ རྡོ་རྗེ་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད༔ ཀུན་གཞི་བདེ་གཤེགས་སྙིང་པོའི་ངོ་བོར་གསལ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཁྲག་འཐུང་བརྒྱད༔ ཞལ་གསུམ་ཕྱག་དྲུག་དཔལ་དང་དུར་ཁྲོད་ཆས༔ གཡས་པ་རྣམས་ཀྱིས་རང་རྟགས་ཕྱག་མཚན་དང༔ གཡོན་པས་དུང་ཁྲག་འཛིན་པས་ཡུམ་དང་འཁྲིལ༔ གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས་སུམ་བརྒྱ་དྲུག་ཅུ་དགུ༔ འཇིག་རྟེན་མ་མོ་བདུན་བརྒྱ་ལ་སོགས་གསལ༔ ཡེ་ཤེས་ཆེན་པོའི་འཁོར་ལོའི་ཕྱི་ཁྱམས་སུ༔ བྱང་སེམས་ཐེག་དམན་རང་རྒྱལ་ཉན་ཐོས་དང༔ ལྷ་མི་འཇིག་རྟེན་སྐྱོང་བའི་གཟུགས་ཀུན་གསལ༔ བར་སྣང་ཁོར་ཡུག་རིག་འཛིན་རྩལ་འཆང་དང༔ སྟེང་དུ་རྡོ་རྗེ་དབྱིངས་དང་ཕྱོགས་མཚམས་ལ༔ ཕྱི་རྒྱུད་སྡེ་གསུམ་ལྷ་ཚོགས་ཚོམ་བུར་ཤར༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དང་སྙིང་པོའི་ཡང་སྙིང་ནི༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འཁོར་གྱི་ལྷ་སྔགས་སྤྲོས་འདོད་ན༔ གུད་དུ་གསལ་ལས་ཤེས་པར་བྱ༔ ནང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
དགོངས་འདུས་སྲུང་བརྒྱའི་ཞལ་ཤེས་གབ་རྒྱ་ཅན་ (Volume 42, Text 40)
༄༅། །དགོངས་འདུས་སྲུང་བརྒྱའི་ཞལ་ཤེས་གབ་རྒྱ་ཅན་བཞུགས་སོ། ། རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་བརྒྱུད་པར་བཅས་པ་ལ་ཕྱག་འཚལ་ལོ། །འདིར་བླ་མ་དགོངས་པ་འདུས་པའི་སྲུང་འབུམ་ནོར་བུའི་བང་མཛོད་ཀྱི་ཞལ་ཤེས་ལ། ༼ཀ༽ཀེག་སྲུང་ལ་དྲི་བཟང་བཟང་པོ་དྲུག ༼ཁ ཕ ཐ༽།མཛེ་སྲུང་ལ་གླ་རྩི། ༼ག བ༽གྲིབ་སྲུང་ལ་ཙནྡན་དཀར་དམར། ༼ཅ ཙ༽རིམས་སྲུང་ཤིང་ཀུན་བཙན་དུག ༼ང མ༽།མིག་ནད་སྲུང་བར་གོ་སྙོད། ༼ཆ ཚ༽མཚོན་སྲུང་པདྨ་རཀྟ། ༼ཇ ཛ༽གནོད་སྦྱིན་རྡོ་་་ཕ་ཝང་བྱང་བལྟས་ཀྱི་དྲེག་པ་དམར་པོ།དྲེག༼ཉ༽།མ་མོར་མུན་ནག་ལ་ལམ་རྒྱ་གྲམ་དུ་བྲི། ༼ཏ༽མོ་འདྲེར་ར་མཉེ།་་་ཚོན་རམ་སྙིགས་མ། ༼ཐ ད༽སྲིད་འཕེལ་ལུང་ཐང་མིག་མེད། འགྲོན་བུ་བུ་ཁུར། ༼ན༽གསོན་འདྲེ་མོ་ལ་མོ་བསྲེགས་ཐལ་བ། ༼པ༽ ཕོ་ལ་ཕོ་བསྲེགས་ཐལ་བ། བྲི་ས་ལམ་སྲང་མདོའི་སྒང་། ༼ཝ ཞ༽གྲི་བོ་གྲི་མོ་ལ་ཕོ་མོའི་རོ་ཐལ། ༼ཟ༽རི་འདྲེར་རི་ཤོ་བསྲེགས་ཐལ། ༼འ༽བཙན་ལ་སྡིག་པའི་སྡེར་མོ། བྱ་ཕོའི་སྒྲོ་སྙུག་གིས་མཚའ་ལུའི་ཁྲག་གིས་བྲག་དམར་ལོགས་སུ་བྲི། ༼ཡ༽གཟའ་ལ་སྤོས་དཀར། མཆོད་རྟེན་དྲུང་དུ་ཟེར་མོའི་སྒྲོ་སྙུག་གིས་བྲི། ༼ར༽ འབྱུང་པོར་ས་བྱིན་ཅན་དང་མཉམ་དུ། ༼ལ༽རྒྱལ་པོ་ཁྱི་དཀར་བྱ་དཀར་ཁྲག །རྒོད་སྒྲོས་བྲི། རབ་གནས་ལྷ་ཁང་ནང་དུ་བྱ། ༼ཤ༽ མ་མོར་བྱ་མོ་ནག་མོའི་ཁྲག་གིས་བྲི། ༼ས༽དམ་སྲིར་བུས་བསད་ཕ་ཁྲག་གིས་བྲི། ༼ཧ༽ལྟོག་འདྲེ་མཚལ་གྱིས་བྲི།་་་གསེར་ཟེར་བའང་གདའ། ༼ཨ༽གྲིབ་གནོན་བྲག་སྤོས། ༼ཀི༽གཏད་སྲུང་སྦལ་སྦྲུལ་ལྤགས་པས་བཏུམས། ༼ཁི༽ས་སྲིན་སྡིག་སྲིན་རྭ་དང་གྲིལ། ༼གི༽གག་ལྷོག་ཕག་ནག་གསོན་པོའི་སྣ་དང་གྲིལ། ༼ངི༽ཐབ་གཞོབ་ཁྲ་ཡི་སྤུ་ཡིས་གྲིལ། ༼ཅི༽ཕོ་བདུད་བྱ་རོག་ཁྲག་གིས་བྲི། ༼ཆི༽མོ་བདུད་སྐྱུང་ཀའི་ཁྲག་གིས་བྲི། ༼ཇི༽གཉན་སྲུང་གླ་ནག་ཁྲག་གིས་བྲི། ༼ཉི ཏི ཐི༽སྲི་སྲུང་ར་མོའི་སྤུ་ཤུན་རུས་ཀྱིས་བྲི། ༼དི༽པེ་དཀར་ཁྱི་དཀར་སྣ་དམར་དང་སྤྲེལ་ཁྲག་གིས་མགོན་ཁང་སྒོ་འོག་ཏུ་བྲི། ཞུམ་ནག་སྤུས་གྲིལ། ༼ནི༽དམ་ཅན་ར་ཁམ་སྙིང་ཁྲག་གིས་བྲི། ༼པི༽མཁོན་སྲུང་འབྲི་དང་མཛོ་མོའི་སྤུས་གྲིལ། ༼ཕི༽མནའ་སྲུང་གྲུམ་པའི་སྙིང་ཁྲག་གིས་བྲི། ༼བི༽བྱ་བ་ངན་པར་མཆོད་རྟེན་ས་དང་བསྡེབ། ༼མི༽ཁྱི་སྲུང་རྟ་ནག་ཁྲག་གིས་བྲི། སྟག་སྤུས་གྲིལ། ༼ཙི༽རྨི་ལམ་ངན་པར་ག་པུར་གི་ཝང་བྱུག ༼ཚི༽།ལྟས་ངན་རྔ་མོའི་སྤུས་གྲིལ། ༼ཛི༽བསམ་སྦྱོར་ངན་པར་སྔགས་ནག་སྐྲ་ཡིས་གྲིལ། ཕྲ་མེན་ཀཀྞིའི་་་ཐམས་ཅད་འོག་ཏུ་འགྲིམ་པའི་ལམ་སྲང་གི་སྒོ་ཁང་སྟེང་མཆོད་རྟེན་བཞེངས་པ་ལ་ཀཀྞི་ཟེར།ས་དང་བསྡེབ། ༼ཝི༽མནན་པ་མཆོད་རྟེན་ས་དང་ལྷ་ཁང་མགོན་ཁང་ས་དང་བསྡེབ། ༼ཞི༽ ཉེ་འབྱེད་ཤུག་ལོ་ཨུཏྤལ་བསྡེབ། ༼ཟི༽བསྐྲད་གཟིར་འབྲོང་སྙིང་ཁྲག་གིས་བྲི། ༼འི༽ ལྷ་འདྲེ་འབུམ་སྲུང་ནག་པོ་དགུ་སྦྱོར་བྱུག ༼ཡི༽།རྐུན་སྲུང་རྫ་གསར་གྭའུར་བཅུག །ཁྱིམ་དབུས་ཀ་བའི་འོག་ལོགས་སྦས། ༼རི༽སྲིས་རྐུན་སྲེ་མོའི་ཁྲག་གིས་བྲི། སྲེ་མོའི་པགས་པས་གྲིལ། ༼ལི༽གོད་འདྲེ་བོང་ནག་ཁྲག་གིས་བྲི། སྤུས་གྲིལ། ༼ཤི༽འདྲེ་སྲུང་གཟིག་གི་པགས་པས་གྲིལ། ༼སི༽མེ་སྲུང་ཆུ་ནང་ས་སེར་བྱུག ༼ཧི༽།ཞིང་སྲུང་ཁྲ་ཡི་སྤུས་གྲིལ། ༼ཨི༽བྱིས་གདོན་སྲུང་བ་ཁྱི་ནག་ཁྲག་གིས་བྲི། ༼ཀུ༽སོ་སྲུང་དྷ་དུ་རས་་་ཐང་ཕྲོམ་དཀར་པོ།བྱུག ༼ཁུ༽།ཐོག་སྲུང་དུག་ཁྲག་ཁུ་བས་བྱུག ༼གུ༽།སོ་དུག་སྒོག་སྐྱའི་དུ་བས་བདུག ༼ངུ༽།གཅན་གཟན་གང་སྲུང་སྤུ་ཤུན་མཆེ་བ་བཅུག ༼ཅུ༽།འབྲུམ་སྲུང་རང་ཤིའི་ཐོད་པ་རྐང་མར་བྱུག ༼ཆུ༽།སྨྱོ་འདྲེ་ལྷ་ཁང་རྙིང་པའི་ཤིང་དང་བསྡེབ། ༼ཇུ༽མི་ཁའི་སྲུང་བ་སྤྲེལ་སྤུར་བསྡེབ། ཀུ་ཤའི་མགལ་པ་གཉིས་ལ་བཅུག ༼ཉུ༽།ཁྱི་སྲུང་གཟིག་གི་སྙིང་ཤུན་བཅུག ༼ཏུ ཐུ༽།དགྲ་ཇག་སྲུང་བ་སྲེག་པ་ཁྭ་ཏའི་སྒྲོ་དང་བསྡེབ། ༼དུ༽བླ་རྡོལ་སྲུང་བ་འུག་པའི་སྤུ་དང་བསྡེབ། ༼ནུ༽དགྲ་ཇག་གཅན་གཟན་སྲུང་བ་སྲེག་པ་ཉལ་ས། སྲེག་པའི་སྒྲོ། དགྲ་རྐུན་གཅན་ཟན་ཐམས་ཅད་སརྦ་རཀྵ་ཁ་ཐམ། ལྕེ་དྲིལ། སྔགས་སྟོང་བཟླས་པ་དང་མཉམ་དུ་བཏགས། ༼པུ༽ཐིག་ལེར་གངས་ཐིག །གྲུམ་པའི་སྤུ་དང་བསྡེབ། ༼ཕུ༽གཟའ་སྐར་ངན་པའི་ཉི་མར་ཤི་བའི་བནྡེའི་ཕུང་པོ་བསྲེགས་པའི་རུས་པ་དང་བསྡེབ། ༼བུ༽དུས་ཚོད་ངན་པར། ཤེལ། ས་སེར། ཤུག་པ་ཤོལ་ལྕགས་སོལ་དང་བསྡེབ། ༼མུ ཙུ ཚུ༽ཕྱོགས་ངན་འདྲེ་ལྔ་བདུད་གཅོད་སོགས་ལ་རིན་པོ་ཆེ་སྨན་སྣ་ཚོགས་ཚད། ༼ཛུ༽ཆུ་འདྲེར་རིན་པོ་ཆེ་སྣ་ལྔས་བྲི། ༼ཝུ༽ཤྭ་འོད་མཆོད་རྟེན་བྱིན་ཅན་ས། ༼ཞུ༽གློ་བུར་ན་སོགས་བཟང་པོ་དྲུག ༼ཟུ༽།འགྲུལ་སྲུང་སྡེ་པའི་སྐམ་པའི་ཁར་བཅུག ༼འུ༽།སྲོག་སྐྱེད་ལྕགས་ཚལ། ༼ཡུ༽ལུས་སྐྱེད་ལྕགས་ཚལ། ༼རུ༽ཟས་འགུགས་ཟས་སྣ་ཚོགས། ༼ལུ༽གོས་འགུགས་དར་སྣ་གོས་སྣ། ༼ཤུ༽ མཛེས་རྒྱན་གིའུ་ཝཾ་དང་དུང་དང་མེ་ལོང་ཆུང་ངུ་། ༼སུ༽འདྲེ་སྲིན་ཀུན་ལ་རྫས་སྣ་བཅུ་གསུམ་བྱུག ༼ཧུ༽།སེམས་ཕྱ་ཕྱོར་ཕག་ཁྲག་གིས་བྲི། ༼ཨུ༽ཚད་ནད་ཙནྡན་དཀར་པོ། ༼ཀེ༽དབང་ཐང་སྐྱེད་པར་གསེར་དངུལ་མཚལ་སིནྡྷུ་ར་གི་ཝཾ་རྣམས། ཤེལ་ལ་ཆུ་རིས་བྲི། ༼ཁེ༽དོན་གྲུབ་གསེར་དངུལ་མཚལ་གྱིས་བྲི། ༼གེ༽ཚོང་རྒྱལ་ཚོང་འདུས་བྲེ་སྲང་དྲེག་པ་དང་། རིན་ཆེན་སྣ་ཚོགས་དག་དང་མཉམ་དུ་བསྡེབ། ༼ངེ་༽གཡུལ་རྒྱལ་དེ་བཞིན་གཤེགས་པའི་རིང་བསྲེལ་དང་བསྡེབ། ༼ཅེ༽ཀླུང་གཏའ་རི་མཐོ་དགུའི་རྩེའི་ས།་་་མཚོ་ཟེར་བའང་སྣང་། ༼ཆེ༽ནོར་འཕེལ་རིན་ཆེན་སྣ་མང་དང་གསེར་གྱིས་བྲི། ༼ཇེ༽སྲིན་པོར་གྲུམ་ཁྲག་གུར་གུམ་ཁུ་བས་བྱུག ༼ཉེ༽།གཤིན་རྗེར་གླང་དམར་ཁྲག་གིས་བྲི། སྤུས་གྲིལ། ༼ཏེ༽ཐེའུ་རང་ཕ་བོང་ལོང་བུ་དག་དང་བསྡེབ། ༼ཐེ༽སྲིན་པོར་རྡོ་དྲེག་དང་། སྲིན་བྱ། གོང་མོའི་སྒྲོ། ༼དེ༽ཤ་ཟ་མཁའ་འགྲོ་དུར་ཁྲོད་ས་དང་བསྡེབ། ༼ནེ༽ཤ་ལྤགས་སྲུང་བ་སྣ་ཚོགས་གཞོབ་དང་བསྡེབ། ༼པེ༽འབྲོག་སྲིན་སྤྱང་ཀིའི་ནང་དང་བསྡེབ། ༼ཕེ༽སྡེ་དཔོན་སུམ་ཅུར་གནམ་ལྕགས་བརྡར་བའི་ཁུ་བས་བྱུག ༼བེ༽།དྲེགས་པ་བཅོ་བརྒྱད་དུག་ཁྲག་སྔགས་ཆུས་བྱུག ༼མེ༽།དུག་སྲུང་རྨ་བྱའི་མདོངས་དང་ཕ་བོང་སྤུས་དྲིལ། ༼ཙེ༽གྲང་རླུང་ཙི་ཏྲ་ཀའི་ཁུ་བས་བྱུག ༼ཚེ༽།བྱིང་རྨུགས་བཟང་པོ་དྲུག་གི་ཁུ་བས་བྱུག ༼ཛེ༽།ཀུན་ཐུབ་ལོ་ཁམས་མཚོན་གྱིས་བསྒྱུར། ༼ཝེ༽རང་སྲུང་ཡིད་བཞིན་ནོར་བུ་ནི། རྒྱ་སྣག་རིན་པོ་ཆེ་དང་བསྲེ། །བྲིས་སུབ་མེད་པར་ཀུན་ལ་གནད། །དར་སྣ་ལྔ་ཡིས་གྲིལ་ལ་བཞག །སྲུང་འབུམ་ཞལ་ཤེས་གབ་རྒྱ་ཅན་རྫོགས་སོ།། ༈ །།ཚོན་བྱུགས་ལུགས་ནི། ལྟེ་བ་དཀར། ཡིག་རྒོད་དམར། མུ་ཁྱུད་སེར། པདྨ་སྔོ། ནང་གི་ཧྲཱིཿདམར། པདྨའི་བར་མཚམས་དམར། རྩིབས་སེར། ཧཱུྃ་མཐིང་། རྩིབས་མཆན་དམར། ཕྱི་རིམ་མུ་ཁྱུད་དཀར། དེ་རྒྱབ་སྔོ། དེ་རྒྱབ་མུ་ཁྱུད་སེར། མེ་རི་དམར། རྡོ་རྗེ་སྔོ། ནོར་བུ་སེར། པདྨ་དམར། རལ་གྲི་སྔོ། གདན་སེར། མངྒ་ལཾ།། །། ༄༅། །བླ་མ་དགོངས་པ་འདུས་པའི་སྲུང་འབུམ་རྡོ་རྗེའི་ཕྲེང་བའི་ཙཀྲ་རབ་གནས་བྱ་ཚུལ་ཉུང་གསལ་བཞུགས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བྷྱཿ འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་དགོངས་པ་འདུས་པའི་གསེར་ཆོས་ལས་བྱུང་བའི་ལས་ཚོགས། སྲུང་འབུམ་རྡོ་རྗེའི་ཕྲེང་བ་ནས་ཇི་སྐད་གསུངས་པའི་ཙཀྲ་རྣམས་རབ་ཏུ་གནས་པར་བྱ་བའི་ཚུལ་ནི། སྲུང་འཁོར་བྲི་བ་དང་། རྫས་བྱུགས་པ་སོགས་ལེགས་པར་གྲུབ་ནས་སྟེགས་བུ་གཙང་མའི་སྟེང་འབྲུ་དཀར་བཀྲམ་པའི་ཁར་དགྲམ། འབྱོར་ན་མདུན་དུ་སྨན་རཀ་གཏོར་མ་ཉེར་སྤྱོད་དང་བཅས་བཤམས། ཚོགས་ཞིང་གསལ་བཏབ་ལ། ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ འགྲོ་རྣམས་སྐྱོབ་པའི་མགོན་དང་དཔུང་མཛོད་ཅིག༔ དུས་འདི་ནས་བཟུང་རྫོགས་སངས་མ་རྒྱས་བར༔ མགོན་པོ་མཆོག་གྱུར་རྣམས་ལ་ཕྱག་འཚལ་ལོ༔ བདག་གཞན་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་ཆག་ཉེས་ལྟུང་བསགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བར་གྱུར་ལ་རྗེས་ཡི་རང༔ བླ་མེད་ཐེག་ཆེན་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་བཞུགས་པར་གསོལ༔ བདག་གཞན་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ སྐྱབས་གནས་དཀོན་མཆོག་རྣམས་ལ་སྐྱབས་སུ་མཆི༔ སྔོན་ཆད་རྒྱལ་བའི་མཛད་པ་རྨད་བྱུང་ལྟར༔ དེ་བཞིན་བདག་གིས་དུས་འདི་ནས་བརྩམ་བྱ༔ འགྲོ་བ་ཡོངས་ཀྱི་བླ་མར་བདག་གྱུར་ཅིག༔ ཅེས་པས་རྒྱུད་སྦྱངས་ཏེ་ཚོགས་ཞིང་རྣམས་རང་ལ་བསྟིམ། དངོས་སུ་བཤམས་པའི་མཆོད་པ་ཡོད་ན། བསང་སྦྱང་། ཨཱོྃ༔ སྣང་སྲིད་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫས༔ ཨཱ༔ རྣམ་དག་ལྷ་ཚོགས་དགྱེས་པ་སྐོང་བར་བྱེད༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ནུས་བཅུད་ལྡན༔ ཧོ༔ ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད༔ ཨཱོྃ་ཨཱཾཿཧཱུྃ་ཧོ༔ ཞེས་བྱིན་བརླབ། བདག་བསྐྱེད་ནི། ཧཱུྃ་ཧྲཱིཿ སྟོང་པ་ཉིད་དང་སྙིང་རྗེ་ཆེའི་རང་བཞིན། །ཟུང་འཇུག་ཧྲཱིཿལས་རྒྱུ་ཡི་ཧེ་རུ་ཀ །མ་འགགས་རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་། །དྭངས་གསལ་འོད་ཕུང་འཁྲིགས་པའི་ཀློང་ཡངས་སུ། །རིག་འཛིན་པདྨ་བཛྲ་དམར་གསལ་མདངས། །དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས། །རྡོར་དྲིལ་རལ་གྲི་བྷཉྫ་བུམ་པ་དང་། ཁ་ཊྭཱཾ་ག་འཛིན་ལྷ་ལྕམ་གསང་བའི་ཡུམ། །དམར་མོ་ཌཱ་རུ་དུང་དམར་འཛིན་དང་སྦྱོར། །གར་དགུའི་ཉམས་ལྡན་འབར་བའི་ཆས་ཀྱིས་བརྗིད། །བུདྡྷ་ཐོད་ཕྲེང་མི་བསྐྱོད་རྡོ་རྗེ་རྩལ། །པདྨ་དབང་ཆེན་རིག་འཛིན་ཐོད་པ་རྩལ། །མདོག་དམར་མེ་ཕྲེང་སངས་རྒྱས་དཔའ་བོ་དང་། །རྟ་མགྲིན་ཕྱག་ན་རྡོ་རྗེ་ལ་སོགས་པ། །རང་རང་ཡུམ་འཁོར་བཀའ་ཉན་སྤྲུལ་པར་བཅས། །རྣམ་རོལ་མ་འགགས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ། །ཧཱུྃ་ཧྲཱི༔ རང་བྱུང་ཐུགས་རྗེ་མ་འགགས་རོལ་པའི་སྐུ༔ སྤྱན་འདྲེན་བཞུགས་སུ་གསོལ་བར་མི་དམིགས་ཀྱང༔ ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས༔ རྩལ་སྣང་དབྱིངས་ནས་རོལ་ཅིང་གཤེགས་སུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཙིཏྟ་བཛྲ་ཛྙཱ་ན་པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཨཱོྃ་ཨཱཾཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་དགྱེས་མཆོད་འབུལ༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱཱ་ཤབྡ་པཱུ་ཛ་ཧོ༔ རཱུ་པ་ཤབྡ་གྷནྡྷེ་ར་སཿསྤརྴེ་པཱུ་ཛ་ཧོ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བྷ་སུ་ཏ་ཙིཏྟ་པཱུ་ཛ་ཧོ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱི༔ ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་ཚོགས༔ བྱེད་པ་ཀུན་སྟོན་རྣམ་འཕྲུལ་ཡོངས་ཀྱི་མཛོད༔ འཁོར་འདས་རང་གྲོལ་བདེ་ཆེན་གཡུང་དྲུང་སྐུ༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་ནི། ལྷ་ཚོགས་ཐུགས་ཀར་པད་ཟླ་ཉི་སྟེང་ཧྲཱི༔ སྔགས་ཕྲེང་བསྐོར་བའི་འོད་ཀྱིས་དོན་གཉིས་བྱས། །སྣོད་བཅུད་རྩ་གསུམ་རྒྱལ་བའི་ཞིང་དུ་གྱུར། །ཚུར་འདུས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཨཱོྃ་ཨཱཾཿཧཱུྃ་ཧྲཱིཿབཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྙིང་པོ་ཅི་ནུས་བཟླ། བར་འདིར་རྒྱས་པར་སྤྲོ་ན་རྒྱབ་ཆོས་སུ་ལྷ་བསང་དང་གསེར་སྐྱེམས་ལྟ་བུ་གང་ཡང་རུང་བས་རྣམ་བཞིའི་མགྲོན་ལ་མཆོད་ཅིང་ཕྲིན་ལས་བཅོལ། དེ་ནས་འཁོར་ལོ་ལ་དམིགས་ཏེ་བགེགས་སྦྱོང་བ་དང་། ཁྲུས་གསོལ་རྒྱས་པར་བྱ་བའམ། མ་གྲུབ་ན། རང་གི་ཐུགས་ཀ་ནས་ལས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་བསམ་ལ། སུམྦྷ་བཟླ། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །ཙཀྲ་བྷྲཱུྃ་ལས་མུ་ཁྱུད་གཞལ་ཡས་ཁང་། །རབ་འབྱམས་རྩ་གསུམ་རྒྱལ་བའི་ཕོ་བྲང་ཆེ། །དྭངས་གསལ་འོད་ཕུང་འཁྲིགས་པའི་ཀློང་ཡངས་སུ། །རང་བྱུང་སྔགས་ཀྱི་ཡི་གེའི་ཕྲེང་བ་རྣམས། །ཡོངས་གྱུར་པདྨ་བཛྲ་དམར་གསལ་མདངས། །སོགས་ནས། དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་བདག་བསྐྱེད་ལྟར་བྱ། བསྒྲུབ་བྱའི་མིང་ཡིག་དམིགས་བསལ་བྲིས་ཡོད་ན་དེ་དང་། གཞན་དུ་འཆང་བ་པོ་ཞེས་པའི་ཡི་གེ་ཉིད་བསྒྲུབ་བྱ་དངོས་སུ་གསལ་བ་དཀྱིལ་འཁོར་གྱི་ཁྱམས་ལ་གུས་པའི་ཚུལ་གྱིས་འཁོད་པར་མོས་ཏེ། སྡེ་བརྒྱད་སྤྱི་སྲུང་ལ། བླ་མ་རྩ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བསྒྲུབ་བྱ་འདི་ལ། ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཞི་ཞིང་བསྲུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པ་ལྟ་བུའི་མཚོན་ཏེ་སོ་སོའི་སྤེལ་ཚིག་ལྟར་འདོད་པའི་དོན་ལ་གསོལ་བ་གདབ། ཐུགས་རྒྱུད་བསྐུལ་བར་དམིགས་ཏེ། ཨཱོྃ་ཨཱཾཿཧཱུྃ་ཧྲཱིཿབཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སྟོང་ཕྲག་སོགས་ཅི་ནུས་དང་། སྲུང་འཁོར་ལ་བཀོད་པའི་སྔགས་གཞན་རྣམས་ཀྱང་བརྒྱ་རྩ་ནས་བདུན་ཡན་ཆད་ཅི་རིགས་པ་བཟླ། སྐབས་སུ། བདག་བདུན་གྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་པས་བསྲུང་བྱ་ལ་གནོད་པའི་གདོན་བགེགས་ཐམས་ཅད་རང་དབང་མེད་པར་བཀུག །བཀའ་བསྒོ་བའི་ཚུལ་གྱིས་སྔགས་བཟླས་པས་བདག་གི་དབང་དུ་འདུས་ཏེ་གང་བཅོལ་པའི་ལས་ཐམས་ཅད་སྒྲུབ་པར་བསམ་ལ་བཟླས་པའང་བྱ། མཐར་མཆོད་ཅིང་བསྟོད་ལ། བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་བསྐྱེད་གཞིའི་རྟེན་འདི་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་འདི་འཆང་བ་པོ་ལ། ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ལྷ་ཚོགས་རྣམས་ཀྱིས་ཀྱང་དེ་དེ་བཞིན་དུ་བགྱིའོ་ཞེས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བདེ་སྟོང་གི་ངོ་བོར་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བ་འདོད་དོན་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པའི་ནུས་བྱིན་མཆོག་ཏུ་འབར་བ་དང་། བསྒྲུབ་བྱ་ཡང་མིང་ཡིག་སོ་སོའི་རྣམ་པར་གྱུར་པར་བསམ། སླར་ཡང་འཁོར་ལོའི་སྔགས་དང་དབྱངས་གསལ་རྟེན་སྙིང་སྤེལ་ནས་བཟླས་པའི་ནུས་པ་མེ་ཏོག་ལ་བསྟིམས་ཏེ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །སོགས་ཀྱི་མཐར། རྟེན་འབྲེལ་སྙིང་པོ་དང་། སུ་པྲ་ཏིཥྛ་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བཀྲ་ཤིས་རྒྱས་པར་བརྗོད། བདག་ཉིད་རྟེན་དང་བརྟེན་པར་བཅས་པ་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་སྣང་སྟོང་ཟུང་འཇུག་ལྷ་ཡི་སྐུར་གྱུར་པར་བསམ་ལ་བསྔོ་སྨོན་ཤིས་བརྗོད་བྱའོ། །གལ་ཏེ་བདག་བསྐྱེད་གཞན་དང་སྦྱར་ན། རྟ་མགྲིན་ཕྱག་རྡོར་ཕུར་པ་སོགས་རང་གི་རྒྱུན་གྱི་ཡི་དམ་གང་ཡང་རུང་བའི་སྐྱབས་སེམས་ནས་བཟླས་པའི་བར་སྔོན་དུ་འགྲོ་བས། འཁོར་ལོའི་བགེགས་བསལ་བ་ནས། རང་བྱུང་སྔགས་ཀྱི་ཡི་གེའི་ཕྲེང་བ་རྣམས། །ཞེས་པའི་བར་གོང་ལྟར་ལ། ལྷག་པའི་ལྷ་མཆོག་གཙོ་བོར་གྱུར་པ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་སྤྲིན་ཕུང་འཁྲིགས། །རྣམ་རོལ་མ་འགགས་སྒྱུ་འཕྲུལ་རྡོ་རྗེའི་སྤྲིན། །གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ། །ཞེས་སྦྱར། སྤྱན་འདྲེན་ནས་གཟུང་གོང་དུ་བཤད་པ་ལྟར་བྱས་པས་ཀྱང་རུང་ངོ་། །གང་ལྟར་ཡང་རབ་གནས་ཀྱི་བྱ་བ་ཚར་མ་ཐག་ཙཀྲ་སྒྲུབ་པ་པོ་རང་ཉིད་ཀྱིས་བླངས་ལ་སྲོག་ཡིག་མ་ཉམས་པར་གྲུ་བཞིར་བལྟེབ། བསྒྲུབ་བྱའི་སྲོག་ཁམས་དང་མཐུན་པའི་སྲད་བུས་འབྱུང་བ་མཐུན་བསྡེབ་ཀྱི་མདངས་དང་མཐུན་པར་ལག་ལེན་ལྟར་དཀྲིས། དམིགས་བསལ་སྒྲིལ་ཚས་བཤད་པ་ཡོད་ན་དེས་གྲིལ། ཕྱི་ནས་ཀྱང་ཁམས་མཐུན་གྱི་དར་རས་སོགས་ཀྱིས་གཡོགས། གཟའ་སྐར་འཕྲོད་སྦྱོར་བཟང་པོའི་ཉིན། གྲུབ་ན་བསྒྲུབ་བྱ་མདུན་དུ་འཁོད་པ་ལ། སྦྱོང་བ་གསུམ་དང་། བཀྲུ་བྱབ་སྔོན་དུ་འགྲོ་བས། ཙཀྲའི་ཡི་གེ་རྣམས་ངོ་བོ་ལྷ་ལ་རྣམ་པ་ཡི་གེའི་གཟུགས་སུ་ཤར་བ། བྱེད་ལས་འཆང་བ་ཙམ་གྱིས་དོན་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་ནུས་པའི་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་མོས་སུ་བཅུག་ལ་གནས་གསུམ་དུ་བཞག་སྟེ། རྩ་གསུམ་གྱི་སྙིང་པོ་བཟླ་ཞིང་། ལྷ་ཉིད་སྔགས་ཀྱི་གཟུགས་འཆང་བ། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །བསྒྲུབ་བྱའི་སྒོ་གསུམ་སྲུང་བ་དང་། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨཱོྃ་ཨཱཾཿཧཱུྃ་ཧྲཱིཿབཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་དྷིཥྛཱ་ན་ཨ་བྷི་ཥིཉྩ་མཱཾ༔ ཞེས་བྱིན་གྱིས་བརླབས་ལ་མགུལ་དུ་དྲོད་དང་མ་བྲལ་བར་གདགས།་་་འདོགས་ལུགས་སྲུང་བ་ལ་སྲོག་ཡིག་ཞལ་རང་དང་། ཟློག་པ་ལ་ཕྱིར་བསྟན་པར་གསུངས། མཆན། སླར་ཡང་སྲུང་བ་བྱ་ཞིང་སྲུང་འཁོར་བསྒོམ། བདེན་ཚིག་དང་། ཤིས་བརྗོད་རྒྱས་པར་བྱ། མ་གྲུབ་ཀྱང་ཙཀྲ་མི་གཞན་གྱི་ལག་མི་བརྒྱུད་པར།་་་དམིགས་བསལ་མ་གཏོགས། མཆན།༽ བསྒྲུབ་བྱ་རང་ཉིད་ཀྱིས་གདགས་སོ། །དེ་ལྟ་བུའི་རིམ་པ་རྣམས་ཡི་དམ་ལྷ་ཡི་བསྙེན་པ་ལས་སུ་རུང་ཞིང་། གཞན་ཕན་བྱང་ཆུབ་སེམས་དང་ལྡན་པའི་རྣལ་འབྱོར་པས་ཚུལ་བཞིན་དུ་བསྒྲུབས་ན་གཞུང་ནས་བཤད་པའི་ཕན་ཡོན་རྣམས་འབྱུང་བ་ནི་ངེས་པའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་པ་དང་། རིག་འཛིན་གཏེར་བདག་གླིང་པས་མཛད་པའི་རྒྱུན་ཁྱེར་དང་། འཁོར་ལོའི་རབ་གནས་བྱ་ཚུལ་སོགས་སྦྱར་ཏེ་ཤིན་ཏུ་གསལ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་མཁའ་ཁྱབ་ཀྱི་འགྲོ་ཀུན་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དཀྱིལ་འཁོར་རྩ་བའི་བསྟོད་པ་རྔམ་ཆེན་འགྱིང་གླུ་ (Volume 25, Text 40)
༄༅༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དཀྱིལ་འཁོར་རྩ་བའི་བསྟོད་པ་རྔམ་ཆེན་འགྱིང་གླུ་བཞུགས་སོ༔ ཧཱུྃ༔ སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཐབས་ཤེས་ཟུང་འཇུག་ཉི་ཟླ་པདྨ་དང༔ གནོད་སྦྱིན་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ ཡེ་ཤེས་རྒྱལ་པོ་རྟ་མགྲིན་དཔའ་བོའི་སྐུ༔ གཏུམ་ཆེན་རབ་འཇིགས་བསྐལ་པའི་མེ་ལྟར་འབར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་སྟབས་བགྲད༔ གཡས་ཞལ་དཀར་ལ་བཞད་པས་ཀླུ་རྣམས་དང༔ གཡོན་ཞལ་དམར་གཤེས་གཉན་ཁྲི་ཆེམས་ཆེམས་གསོལ༔ དབུས་ཞལ་སྨུག་ནག་རབ་ཏུ་རྔམས་པ་ཡིས༔ དམ་ཉམས་དགྲ་དང་གདུག་ཅན་བགེགས་རྣམས་ཀྱི༔ དབང་པོ་ལྔ་དང་ཙིཏྟ་དོན་སྙིང་རོལ༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་སྐུ་ལ་བརྒྱན༔ གཡས་གསུམ་རྡོ་རྗེའི་ཐོ་བ་གདེངས་པ་ཡིས༔ ཉམས་པའི་དགྲ་བགེགས་སྤྱི་བོའི་སྟེང་ནས་བཅོམ༔ ཕྱག་གཡོན་སྡིགས་མཛུབ་རྩེ་ལས་མེ་ཆེན་འབར༔ དབང་ཆེན་གདུག་པའི་ཀླུ་རྣམས་སྲེག་པར་བྱེད༔ སྤྱི་གཙུག་རྟ་སྐད་ལྷང་ལྷང་འཚེར་བ་ཡིས༔ ཁམས་གསུམ་དགྲ་གདོན་མ་ལུས་ཐལ་བར་རློག༔ དེ་འདྲའི་ཁྲོ་རྒྱལ་འཇིགས་པའི་སྐུར་སྟོན་པ༔ དུས་གསུམ་བདེ་གཤེགས་དབང་བཅུ་འདུས་པའི་དཔལ༔ སྲིད་ཞིའི་ཆེ་བཙན་འགྲན་ཟླ་བྲལ་བའི་ལྷ༔ བཅོམ་ལྡན་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ བདུད་བཞིའི་དཔུང་ཚོགས་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ སྤྱི་གཙུག་མཁའ་ལ་ལྡིང་བའི་ག་རུ་ཌ༔ གསེར་མིག་འཁྱིལ་ཞིང་འབར་བས་ཐུར་དུ་གཟིགས༔ གནོད་བྱེད་གདུག་པའི་ཀླུ་རྣམས་ཁོང་དུ་ཟ༔ ཀླུ་སྲིན་སྡེ་བརྒྱད་རྡུལ་དུ་རློག་མཛད་ཅིང༔ ཁྲོ་རྒྱལ་རྣམས་ཀྱི་དབུ་ཡི་རྒྱན་དུ་བཞུགས༔ དུས་གསུམ་བདེ་གཤེགས་དགོངས་པ་མཉམ་པའི་ལྷ༔ མཐུ་སྟོབས་རྫུ་འཕྲུལ་འགྲན་པའི་ཟླ་མེད་པ༔ རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ གདུག་པའི་ཀླུ་རྣམས་མ་ལུས་རྡུལ་དུ་རློགས༔ ཧཱུྃ༔ དབང་ཆེན་འབར་བའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་རང་བཞིན་སྤྲུལ་པ་མངོན་བྱུང་བ༔ དྲེགས་པ་གཏུམ་ཆེན་བཅོམ་ལྡན་གསང་བའི་བདག༔ སྐུ་མདོག་ལྗང་ནག་བསྐལ་པའི་མེ་ལྟར་འབར༔ སྦྲུལ་དང་ཐོད་པ་རིན་ཆེན་ཕྲེང་བས་བརྒྱན༔ ཞལ་གཅིག་ཕྱག་གཉིས་གཏུམ་ལ་རྔམ་ཞིང་འཁྲུགས༔ ཚེམས་དང་མཆེ་བ་རབ་ཏུ་གཙིགས་པ་ཡིས༔ འཇིག་རྟེན་དྲེགས་པ་ཅན་རྣམས་ཟ་བར་བྱེད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མེ་འབར་གདེངས༔ ཉམས་པ་རྣམས་ཀྱི་སྙིང་གི་ཁྲག་རྒྱུན་འདྲེན༔ གཡོན་པའི་སྡིགས་མཛུབ་མེ་ཕུང་འབར་བ་ཡིས༔ གཟའ་ཀླུ་འབྱུང་པོ་དབང་ཆེན་ཐལ་བར་སྲེག༔ ཞབས་གཉིས་བགྲད་པས་གདུག་ཅན་སྙིང་ལ་གཟིར༔ རྡོ་རྗེའི་སྐུ་ཡི་བ་སྤུ་རེ་རེ་ནས༔ སྤྲུལ་པའི་ཁྲོ་ཆུང་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ འཇིགས་པའི་ཕྱག་མཚན་རྣོ་ངར་ཆར་བཞིན་འབེབ༔ དགྲ་བགེགས་གནོད་བྱེད་དམ་སྲི་རྡུལ་དུ་རློག༔ ཐུགས་མཆོག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ སྡང་དགྲ་གནོད་བྱེད་བྱད་མ་རྦོད་གཏོང་དང༔ གདུག་པའི་གཟའ་ཀླུ་མ་ལུས་རྡུལ་དུ་རློགས༔ ཧཱུྃ༔ གསང་བའི་ཡུམ་མཆོག་པདྨ་གཟི་ལྡན་མ༔ སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་འབར༔ ཕྱག་གཡས་གཅོད་བྱེད་འཁོར་ལོ་བསྐོར་བ་ཡིས༔ དམ་ཉམས་དགྲ་བགེགས་སྙིང་གི་ཁྲག་རྒྱུན་ལེན༔ གཡོན་པས་ཐོད་ཁྲག་གཙོ་ལ་སྟོབ་པ་ཡིས༔ དཔལ་ཆེན་ཡབ་ཀྱི་དགྱེས་པ་སྐོང་བར་མཛད༔ གསུང་མཆོག་རིག་སྔགས་ཡུམ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ མ་མོ་མཁའ་འགྲོའི་སུན་མ་ཟློག་ཅིང་སྒྱུར༔ དམ་སྲི་དགྲ་བགེགས་ཉུལ་ལེ་རྡུལ་དུ་རློགས༔ ཧཱུྃ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་བསྐལ་པའི་དུས་ཀྱི་མེ་ལྟར་འབར༔ སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ༔ སྤྱན་གསུམ་བགྲད་པས་སྲིད་གསུམ་ཟིལ་གྱིས་གནོན༔ མཆེ་བ་གཙིགས་པས་དུག་གསུམ་རྩད་ནས་གཅོད༔ ཕྱག་གཡས་རྡོ་རྗེའི་ཕུར་པ་གསོར་བ་ཡིས༔ སྲིད་གསུམ་དྲེགས་པ་མ་ལུས་དབང་དུ་སྡུད༔ ཕྱག་གཡོན་ཐོད་པ་ཁྲག་བཀང་བསྣམས་པ་ཡིས༔ དུག་གསུམ་ཤ་ཁྲག་རུས་པ་ཞལ་དུ་གསོལ༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ་ཡིས༔ བར་ཆད་བདུད་དང་མུ་སྟེགས་ཟིལ་གྱིས་གནོན༔ བདུད་ཚོགས་འདུལ་མཛད་བཛྲ་ཀཱི་ལ་ཡ༔ ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ བྱང་ཆུབ་སྒྲུབ་པའི་བར་ཆད་དགྲ་དང་བགེགས༔ སྲུང་ཟློག་ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ ཧཱུྃ༔ ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ གཏི་མུག་འདུལ་མཛད་སྐུ་མདོག་སྨུག་ནག་སྟོན༔ ཞལ་བགྲད་མཆེ་གཙིགས་སྡང་མིག་ཁྲོ་གཉེར་ཅན༔ ཕྱག་གཡས་ཤེས་རབ་རལ་གྲི་འབར་བ་ཡིས༔ འཆི་བདག་བདུད་ཚོགས་མ་ལུས་དུམ་བུར་གཏུབས༔ གཡོན་པས་ཐོད་པ་ཁྲག་བཀང་ཞལ་དུ་གསོལ༔ རྒྱུ་མའི་ཞགས་པས་དམ་ཉམས་དགྲ་བགེགས་འཆིང༔ དུར་ཁྲོད་རྒྱན་གྱིས་གཤིན་རྗེ་སྐྲག་པར་བྱེད༔ འཆི་བདག་བདུད་ཀྱི་གདོན་ཚོགས་ཟློག་མཛད་པ༔ ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ བྱད་མ་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ དུས་མིན་འཆི་དང་བར་ཆད་རྐྱེན་ངན་ཟློག༔ ཧཱུྃ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་གསང་བའི་བདག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་འབར༔ མཆེ་གཙིགས་ལྗགས་འདྲིལ་གློག་ལྟར་འཁྱུགས་པ་ཡིས༔ གཟའ་ཀླུ་གདུག་པ་ཅན་གྱི་སྙིང་ནས་འདྲེན༔ གཡས་པས་ཐབས་མཆོག་རྡོ་རྗེ་གསོར་བ་ཡིས༔ དུག་ལྔའི་རྒྱུ་འབྲས་མ་ལུས་རྩད་ནས་གཅོད༔ གཡོན་པས་ཤེས་རབ་དྲིལ་བུ་འཁྲོལ་བའི་སྒྲས༔ འགྲོ་རྣམས་མི་གནས་ཆོས་ཉིད་དབྱིངས་སུ་སྒྲོལ༔ ཀླུ་བདུད་གདུག་པ་མ་ལུས་འདུལ་མཛད་པའི༔ ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཧུར་ཐུམ་གཟའ་དང་གདུག་པ་ཅན་གྱི་ཀླུ༔ དགྲ་གདོན་བདུད་བགེགས་མ་ལུས་རྡུལ་དུ་རློགས༔ ཧཱུྃ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ན༔ ལས་རྣམས་ཀུན་མཛད་ནག་པོ་ཆེན་པོ་ནི༔ དཔལ་ཆེན་ཆེ་མཆོག་སྐུ་གསུང་ཐུགས་ལས་སྤྲུལ༔ ཕྲིན་ལས་ཀུན་མཛད་སྐུ་མདོག་མཐིང་ནག་འབར༔ བསྐལ་པ་འཇིག་དུས་མུན་པའི་མདངས་ཅན་ཏེ༔ སྤྱན་བསྒྲད་མ་མོ་དྲེགས་བྱེད་སྙིང་ནས་འདྲེན༔ གྲི་གུག་འབར་བས་དམ་ཉམས་སྲོག་རྩ་གཅོད༔ དམར་གྱི་ཐོད་པས་སྙིང་ཁྲག་ཞལ་དུ་རྔུབ༔ དུར་ཁྲོད་བདག་པོ་དཔལ་ལྡན་ནག་པོ་ཆེ༔ བསྟན་དགྲ་དམ་ཉམས་མ་ལུས་འདུལ་མཛད་པ༔ ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ བསྟན་པ་བཤིགས་པའི་དམ་ཉམས་དགྲ་དང་བགེགས༔ ཚར་གཅོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ རིགས་ཀྱི་ཡུམ་མཆོག་མཁའ་འགྲོ་ཆེན་མོ་བཞི༔ མི་འགྱུར་སྔོ་ནག་འབར་བའི་འོད་ཕུང་ཅན༔ གཟི་བརྗིད་སེར་ནག་འབར་བའི་འོད་ཟེར་འཕྲོ༔ རྗེས་ཆགས་དམར་ནག་འབར་བའི་འདུལ་ཐབས་སྟོན༔ དྲག་ཤུལ་ལྗང་ནག་འབར་བའི་ཕྲེང་བ་འཁྲུགས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་རབ་ཏུ་བརྗིད༔ སྤྱན་ཟླུམ་དམར་པོ་བར་སྣང་གློག་ལྟར་འགྱུ༔ མཆེ་བ་བཞི་གཙིགས་ཟླ་བ་ཚེས་པ་འདྲ༔ རལ་པ་ནག་པོ་དུས་ཀྱི་མུན་ལྟར་གཏིབས༔ གཡས་པས་གྲི་གུག་འབར་བ་མཁའ་ལ་གསོར༔ དམ་ཉམས་དགྲ་བགེགས་སྲོག་རྩ་གཅོད་པར་བྱེད༔ གཡོན་པས་ཐོད་ཁྲག་འབར་བ་ཞལ་དུ་རྔུབ༔ དམ་ཉམས་དགྲ་བགེགས་སྙིང་གི་ཁྲག་རྒྱུན་གསོལ༔ དུར་ཁྲོད་མ་མོ་དམ་ཉམས་གཤེད་མ་ཆེ༔ བསྐལ་པའི་མེ་ཕུང་འབར་བའི་ཀློང་དཀྱིལ་ནས༔ མ་ཚོགས་གདུག་པའི་གནོད་པ་ཟློག་མཛད་པའི༔ ཁྲག་འཐུང་དབྱིངས་ཕྱུག་བཞི་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ དམ་སྲི་ཕྲ་མེན་མཁའ་འགྲོའི་གནོད་པ་ཟློག༔ དགྲ་བགེགས་བྱད་ཕུར་རྦོད་གཏོང་རྡུལ་དུ་རློགས༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྲས༔ འཇིགས་བྱེད་འབར་བ་རོལ་པའི་སྟངས་སྟབས་ཅན༔ ཡེ་ཤེས་བསྐལ་པའི་མེ་ཆེན་འཁྲུགས་པ་ཡིས༔ སྲིད་པ་གསུམ་གྱི་མུན་པ་སེལ་བར་མཛད༔ གཞན་གྱིས་མི་ཐུབ་སྐུ་གསུང་ཐུགས་འཆང་བའི༔ ཁྲོ་ཆེན་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ ནཱི་ལ་དཎྜ་འཇིགས་བྱེད་རྔམས་པའི་སྐུ༔ མ་རིག་རྨོངས་པའི་མུན་པ་ཁུང་ནས་འབྱིན༔ རྡོ་རྗེའི་དབྱུག་པས་བདུད་དཔུང་འཇོམས་མཛད་པའི༔ ཁྲོ་རྒྱལ་དབྱུག་སྔོན་ཅན་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཤར་ལྷོ་མེ་ལྷའི་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་གཤིན་རྗེ་གཤེད༔ ཐུགས་དམ་གཉན་པས་གཤིན་རྗེ་ཀུན་གྱི་དགྲ༔ འཆི་བདག་ཟིལ་གནོན་འཇིགས་བྱེད་རྒྱན་གྱིས་བརྒྱན༔ ཡེ་ཤེས་སྤྱན་གྱིས་མ་རིག་མུན་པ་སེལ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ མི་གཡོ་མགོན་པོ་རྡོ་རྗེའི་རི་རབ་བཞིན༔ རྣམ་རྟོག་བསྐལ་པའི་རླུང་གིས་མི་བསྐྱོད་ཅིང༔ ཐུགས་རྗེ་ཆེན་པོས་བདུད་དཔུང་འཇོམས་མཛད་པའི༔ བཅོམ་ལྡན་ཁྲོ་རྒྱལ་དཔལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ལྷོ་ནུབ་སྲིན་པོའི་གདོན་ཚོགས་ཕྱིར་བཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ ཡེ་ཤེས་ཧ་ཡ་གྲཱི་ཝ་རྟ་མཆོག་དཔལ༔ ཆགས་མེད་སྐུ་ནི་ནུབ་ཀའི་དམར་ཐག་འདྲ༔ འབར་འཕྲོ་དབུ་དམར་རལ་པ་གྱེན་དུ་འཁྱིལ༔ མ་རིག་ཚངས་པ་ཁ་སྦུབ་གནོན་པའི་ལྷ༔ པདྨ་རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ནུབ་ཕྱོགས་ཀླུ་དབང་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ ཆགས་པའི་ཐབས་ཀྱིས་ཐབས་ལ་དབང་བསྒྱུར་བས༔ འཁོར་བའི་འདམ་གྱིས་མ་གོས་པདྨ་བཞིན༔ འདོད་ཆགས་དག་པ་དབང་ཕྱུག་འབར་བའི་སྐུ༔ ཁྲོ་རྒྱལ་ཁྲོས་པའི་རྒྱལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ནུབ་བྱང་རླུང་ལྷའི་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ སྐུ་གསུང་ཐུགས་འཛིན་མཉམ་ཉིད་བདུད་རྩི་འཁྱིལ༔ དུག་གསུམ་བདུད་རྩིར་སྒྱུར་མཛད་སྨན་གྱི་མཆོག༔ བདུད་རྩི་ལྟ་བུས་འགྲོ་བའི་དོན་མཛད་པའི༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ རྣལ་འབྱོར་དབང་ཕྱུག་ཀུན་ཏུ་བཟང་པོ་ནི༔ བྱིན་རླབས་སྲིད་གསུམ་རྩེ་ལ་མངའ་བརྙེས་ཤིང༔ ཡེ་ཤེས་མི་གཡོ་རྡོ་རྗེའི་བྲག་སྟེང་དུ༔ འོད་ཕུང་འཁྱིལ་པས་དོན་མཛད་འབར་བའི་སྐུ༔ ཁྲོ་རྒྱལ་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ བྱང་ཤར་དབང་ལྡན་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧཱུྃ་ཀཱ་ར༔ ཉི་ཟླ་གཟའ་སྐར་ཕྲེང་བས་སྐུ་ལ་བརྒྱན༔ ཡེ་ཤེས་འབར་བའི་མེ་སྟག་ཕྱོགས་བཅུར་འཕྲོ༔ སྲིད་པ་གསུམ་གྱི་མུན་ནག་སེལ་བར་མཛད༔ ཁྲོ་རྒྱལ་ཧཱུྃ་མཛད་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བ་རྡུལ་དུ་རློགས༔ ཧཱུྃ༔ མ་ཆགས་པདྨ་འབར་བའི་སྐུར་བསྟན་ནས༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་པར་མཛད༔ སེམས་ཅན་བླ་མེད་གནས་སུ་སྒྲོལ་མཛད་པའི༔ ཁྲོ་རྒྱལ་པདྨ་འཁྱིལ་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ འོག་ཕྱོགས་ཀླུ་ཡི་གདོན་ཚོགས་ཕྱིར་ཟློག་ནས༔ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ དབང་ཆེན་བདེ་གཤེགས་གསང་བའི་དཀྱིལ་འཁོར་ན༔ དགྱེས་བཞིན་རོལ་པའི་དཔའ་བོ་དཔའ་མོ་དང༔ རྔམས་ཤིང་འཁྲུགས་པའི་ཁྲོ་བོ་ཁྲོ་མོའི་ཚོགས༔ དྲེགས་བྱེད་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ དབང་སྡུས་ཟིལ་ནོན་ཐལ་བའི་རྡུལ་དུ་རློགས༔ ཧཱུྃ༔ བདེ་གཤེགས་འདུས་པ་རྟ་མཆོག་རོལ་པའི་ལྷ༔ ཡོངས་རྫོགས་དཀྱིལ་འཁོར་མཚམས་ཀྱི་ལས་མཛད་པ༔ ཤར་སྒོ་སྲུང་བའི་རྡོ་རྗེའི་ཁྲོ་མོ་ནི༔ དཀར་མོ་ཕྱག་ན་འཛིན་བྱེད་ལྕགས་ཀྱུ་བསྣམས༔ ལྷོ་སྒོ་སྲུང་བའི་རིན་ཆེན་ཁྲོ་མོ་ནི༔ སེར་མོ་ཕྱག་ན་འཆིང་བྱེད་ཞགས་པ་བསྣམས༔ ནུབ་སྒོ་སྲུང་བའི་པདྨའི་ཁྲོ་མོ་ནི༔ དམར་མོ་ཕྱག་ན་སྡོམ་བྱེད་ལྕགས་སྒྲོག་བསྣམས༔ བྱང་སྒོ་སྲུང་བའི་ལས་ཀྱི་ཁྲོ་མོ་ནི༔ ལྗང་མོ་ཕྱག་ན་མྱོས་བྱེད་དྲིལ་བུ་བསྣམས༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད༔ དམ་རྫས་སྨན་རག་གཏོར་མའི་མཆོད་པ་འབུལ༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཤར་ལྷོ་ནུབ་བྱང་དགྲ་བགེགས་བར་ཆད་ཟློག༔ དམ་སྲི་ཉུལ་ལེ་འབྱུང་པོ་རྡུལ་དུ་རློགས༔ སྲུང་བ་མཚམས་ཀྱི་ཕྲིན་ལས་འགྲུབ་པར་མཛོད༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དཀྱིལ་འཁོར་ཆེན་པོའི་རྩ་བའི་བསྟོད་པ་སྐུལ་དང་བཅས་པ་ནི་བསྙེན་སྒྲུབ་ཀྱི་དུས་སུ་བཟླས་པའི་མཐར་སྨན་རག་གཏོར་གསུམ་གྱི་མཆོད་པ་དང་བཅས་ཏེ་བྱ༔ མངོན་སྤྱོད་དང་ཕྱིར་ཟློག་པའི་དུས་སུ་སོ་སོའི་གོང་དུ་བསྟོད་སྐུལ་འདི་ལ་ནན་ཏན་དུ་བྱས་ན་ལས་མྱུར་དུ་འགྲུབ་པ་ཡིན་པས་ཤིན་ཏུ་གལ་ཆེའོ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཟབ་པར་གདམས་པའི་དབང་ཆེན་བསྙེན་སྒྲུབ་ཆེན་མོའི་ཆ་ལག་གོ༔ རྒྱ་རྒྱ་རྒྱ༔ །ྀཨཚ།༔
བླ་མ་གསང་བ་འདུས་པའི་ཆོས་སྡེ་ལས་ཡུམ་ཀ་མཚོ་རྒྱལ་དྷཱ་ཀི་གཙུག་གི་རྒྱན་གཅིག་མའི་ཕྱི་ནང་གི་སྒྲུབ་ཐབས་ལ་བརྟེན་ནས་ཚོགས་མཆོད་ནག་འགྲོས་སུ་བཀོད་པ་ (Volume 34, Text 40)
༄༅། །བླ་མ་གསང་བ་འདུས་པའི་ཆོས་སྡེ་ལས་ཡུམ་ཀ་མཚོ་རྒྱལ་དྷཱ་ཀི་གཙུག་གི་རྒྱན་གཅིག་མའི་ཕྱི་ནང་གི་སྒྲུབ་ཐབས་ལ་བརྟེན་ནས་ཚོགས་མཆོད་ནག་འགྲོས་སུ་བཀོད་པ་བཞུགས་སོ། ། ཆོས་སྐུའི་ཞིང་ན་རྒྱལ་ཡུམ་ཕ་རོལ་ཕྱིན། །ལོངས་སྐུའི་ཞིང་ན་རྡོ་རྗེ་རྣལ་འབྱོར་མ། །སྤྲུལ་སྐུ་བཅོམ་ལྡན་འདས་མ་སྒྲོལ་མའི་ཞབས། །དབྱེར་མེད་མཁའ་འགྲོ་མཚོ་རྒྱལ་ཞབས་ལ་འདུད། །གང་གི་ཕྲིན་ལས་རྒྱུད་ལུང་མན་ངག་བཅུད། །ཨོ་རྒྱན་སངས་རྒྱས་གཉིས་པས་ལེགས་བཀྲལ་ཞིང་། །གུ་རུ་ཆོས་དབང་ཟབ་གཏེར་ལས་བྱུང་བ། །ཉམས་ལེན་ཁྱེར་བདེའི་ཕྱིར་དུ་འདི་ན་སྤེལ། །དེ་ལ་འདིར་བླ་མ་གསང་བ་འདུས་པའི་ཆོས་སྡེ་མཚོ་རྒྱལ་གྱི་སྒྲུབ་ཐབས་ལ་བརྟེན་ནས་ཚོགས་མཆོད་བྱ་བར་སྤྲོ་ན། ཐོག་མར་གསང་འདུས་ལས་གཞུང་བསྲངས་ནས་བསྟོད་བསྐུལ་ལྷག་མའི་བར་དཀྱུས་ལྟར་བྱ་བའམ། འདི་ཁོ་ན་ཁོལ་དུ་བཏོན་ཚེ་བགེགས་བསྐྲད་མཚམས་གཅོད་ནི། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ སྐྱབས་སེམས་རྟེན་བསྐྱེད་ནི། ཕོ་བྲང་དབུས་ཀྱི་རྟེན་དེ་ཉིད༔ རང་གི་རེ་ལྟོས་བླ་མ་དང༔ དུས་གསུམ་བདེ་གཤེགས་ཡི་དམ་ལྷ༔ ཀུན་གྱི་ངོ་བོར་གྱུར་པ་ལ༔ རྣམ་པ་བླ་མ་མཚོ་རྒྱལ་ལྕམ། །རྩ་གསུམ་སྤྲིན་ཕུང་འཕྲོ་བར་གྱུར། །ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ཞེས་ལན་གསུམ་གྱི་རྗེས། སྟོང་གསལ་འགག་པ་མེད་པའི་ངང་། །རང་བྱུང་སེམས་ཉིད་རིག་པའི་རྩལ། །མ་དམར་མིག་ནང་ཧྲཱིཿཡིས་མཚན༔ མ་དེའི་འོད་ལས་པད་འདབ་བཞི༔ གཞལ་ཡས་ལྷུན་སྟུག་ནང་དུ་ནི༔ པད་སྟེང་མ་བསམ་འོད་འཕྲོས་པས༔ ཕྱོགས་བཞིའི་པད་འདབ་སྟེང་དུ་ནི༔ ཧ་རི་ནི་ས་རྣམ་བཞི་བསམ༔ ཧྲཱིཿམ་ཧ་རི་ནི་ས་ཞེས་བརྗོད་པས༔ མ་གཅིག་ཇོ་མོ་མཁར་ཆེན་མ༔ སྐུ་མདོག་དཀར་ལ་དམར་ཆགས་པ༔ ལྷ་མོ་ཞལ་མཛེས་གཟི་བརྗིད་ཅན༔ ཐོར་ཅོག་ཕྱེད་བཀྲོལ་དར་ལྔས་བརྒྱན༔ ཕྱག་གཉིས་ཐལ་སྦྱར་སྙིམ་པ་ན༔ ནོར་བུ་རིན་ཆེན་དགོས་འདོད་སྐོང༔ ཡིད་འོང་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་གསུང་ཐུགས་ལས་འོད་གསུམ་འཕྲོས༔ བདག་གི་གནས་གསུམ་དག་ཏུ་ཕོག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཐུགས་དཀྱིལ་མ་བསམ་མ་ནང་ཧྲཱི༔ ཨོ་རྒྱན་པདྨ་བདག་ཉིད་བསམ༔ སྤྲུལ་སྐུའི་ཆ་ལུགས་གཟི་བརྗིད་ཅན༔ འོད་ལྡན་བྱིན་དང་ལྡན་པར་བསམ༔ ཧ་རི་ནི་ས་ཡིག་བཞི་ལས༔ ན་གཞོན་བུ་མོ་མཛེས་སྡུག་བཞི༔ གསེར་དངུལ་རཏྣའི་ཕྲེང་བས་བརྒྱན༔ དར་གྱི་ཅོད་པན་རྣམ་ལྔ་འཕུར༔ ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ༔ ཕྱག་གཡོན་ཐོད་པས་དགོས་འདོད་སྐོང༔ གར་སྟབས་སྒྱུར་ཞིང་དངོས་གྲུབ་འབེབ༔ དེ་རྣམས་ཀུན་ལས་འོད་ཟེར་ནི༔ ལྕགས་ཀྱུ་ལྟ་བུར་འཕྲོས་པ་ལས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་ཐིམ། །མདུན་དུ་དགྱེས་བཞིན་བཞུགས་པར་གྱུར། །ཧཱུྃ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སརྦ་དྷརྨ་སྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སརྦ་དྷརྨ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་བཤགས་པ་དང་། མཎྜལ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་དང་། བདག་གི་ལུས་དང་ལོངས་སྤྱོད་དང༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ བླ་མ་མཁའ་འགྲོའི་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རངས༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་སྤྱི་ལྟར་ཡན་ལག་བདུན་པས་ཚོགས་གསག །གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡུམ་ཆེན་གོས་དཀར་མོ༔ མདངས་ལྡན་མ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡུམ་ཆེན་ཀུན་སྒྲོལ་མ༔ འགྲོ་ཀུན་སྒྲོལ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཇོ་མོ་རྣལ་འབྱོར་མ༔ བདག་མེད་སྟོན་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཇོ་མོ་མཚོ་རྒྱལ་མ༔ ལས་ཅན་སྐྱོང་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡེ་ཤེས་ལྔ་ལྡན་མ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་གཏེར་གྱི་མངའ་བདག་མོ༔ ཐུགས་གཏེར་གསང་བའི་སྒོ་ཕྱེས་ཤིག༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡིད་བཞིན་ནོར་འཆང་མ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མཁའ་འགྲོ་སྡེ་བཞི་མ་གཅིག་འཁོར༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མཁའ་འགྲོ་ཚད་མེད་བཞི་ལྡན་མ༔ ངན་སོང་སྐྱོབ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཁམས་གསུམ་དབང་སྡུད་མ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བསྙེན་པ་ཅི་རིགས་བཟླས་རྗེས། བླ་མ་མཁའ་འགྲོའི་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་དག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཅེས་དབང་བླང་། མཐར་ནི་བླ་མ་མཁའ་འགྲོའི་ཚོགས། །རང་གི་སྤྱི་གཙུག་སྤྱན་དྲངས་ཐིམ། །ཐུགས་ཡིད་དབྱེར་མེད་གཅིག་ཏུ་འདྲེས། །མི་རྟོག་གཉུག་མའི་ངང་དུ་གྱུར༔ ཅེས་བརྗོད་ལ་མཉམ་པར་གཞག་གོ །དེ་ནི་ཕྱི་སྒྲུབ་བོ། །ལས་བྱང་དངོས་གཞི་ནང་སྒྲུབ་ལ་ཐོག་མར་མཆོད་པ་བྱིན་རླབས་ནི། ཨོཾ་སྭཱ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭཱ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ མཆོད་རྫས་ཐམས་ཅད་སྟོང་པར་སྦྱང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་རྒྱ་ཆེར་སྤེལ། བྷནྡྷ་གཞལ་ཡས་ཁང་ནང་དུ༔ བཅུད་ནི་རིགས་ལྔ་ཡབ་ཡུམ་སྟེ༔ སྦྱོར་མཚམས་བྱང་སེམས་བདུད་རྩིར་ཞུ༔ འཆིང་གྲོལ་མེད་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་བདུན་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ལན་གསུམ། རཀྟ་བྱང་སེམས་དམར་པོར་གྱུར༔ ཨོཾ་ཨཱཿཧཱུྃ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཞེས་པས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །དེ་ནས་བསྐྱེད་པའི་རིམ་པ་ནི། ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེའི་སེམས༔ པདྨ་རྒྱལ་པོ་འདི་སྐད་སྨྲ༔ དང་པོ་ཆོས་རྣམས་དམིགས་མེད་ཅིང༔ སྨྲ་བརྗོད་བྲལ་བ་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཨཱ༔ བློ་བྲལ་དེ་ཡི་ངང་ཉིད་ལས༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ འགྲོ་དོན་དཔག་མེད་བྱེད་པའི་སླད༔ པདྨ་དམར་པོ་འདབ་བཞིའི་དབུས༔ མ་བསམ་མ་ལས་འོད་འཕྲོས་པས༔ ཧ་རི་ནི་ས་དམར་པོ་བཞི༔ པདྨ་འདབ་བཞིར་རིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ བྱ་བའི་གསང་སྔགས་དེ་བརྗོད་པས༔ རང་ཉིད་ཇོ་མོ་རྣལ་འབྱོར་མ༔ གཅེར་བུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་དབང་སྡུད་ཕྱག་རྒྱ་ཅན༔ གཡོན་པས་ཐོད་ཁྲག་རིན་ཆེན་བསྣམས༔ བཅུ་དྲུག་ན་ཚོད་རུས་རྒྱན་ཅན༔ དབུ་སྐྲ་ཕྱེད་གྲོལ་སྐུ་མདོག་དམར༔ ཞབས་གཉིས་བརྐྱང་བསྐུམ་ཉི་ཟླ་བརྫིས༔ ཞི་མ་ཁྲོ་ཚུལ་ཐུགས་ཀ་ན༔ པདྨ་འདབ་བཞི་དམར་དཀྱིལ་ཧྲཱི༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་ཕྱག་གཡས་དབང་སྡུད་ཅན༔ གཡོན་པའི་ཞགས་པས་ཐམས་ཅད་འགུགས༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ རྣམ་པ་རྟ་མགྲིན་འདྲ་མོད་ཀྱང༔ ངོ་བོ་ཨོ་རྒྱན་གུ་རུ་བསམ༔ འདབ་བཞིར་མ་ལས་ཡི་གེ་བཞི༔ དྷཱ་ཀི་བཞི་ཡི་ངོ་བོར་བསམ༔ གསང་སྔགས་སྒྲོག་དང་གསོལ་གདབ་ཚེ༔ དེ་རྣམས་ཀུན་ལས་འོད་འཕྲོས་པས༔ ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ འོད་ཟེར་སྟོང་གསུམ་གང་བར་བསམ༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ གཞལ་ཡས་འདབ་བཞིའི་ཡིག་བཞི་ལས༔ མཁའ་འགྲོ་སྡེ་བཞི་དམར་མོར་བསྐྱེད༔ དེ་ཡང་བཅུ་དྲུག་ན་ཚོད་ལ༔ ཞལ་གཅིག་ཕྱག་གཉིས་གཡས་དབང་སྡུད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ རང་རང་ས་བོན་ཐུགས་ཀར་མཚན༔ རང་འདྲའི་ཌཱ་ཀི་འབུམ་འབུམ་བསྐོར༔ དཔའ་བོ་གིང་གི་ཚོགས་དང་བཅས༔ སྣང་སྲིད་དབང་སྡུད་རང་བཞིན་དུ༔ གར་སྟབས་ཤིགས་སེ་སྒྱུར་བར་བསྒོམ༔ བདག་བསྐྱེད་རྐྱང་པ་ལ་དེ་ཙམ་གྱིས་ཆོག་ཀྱང་ཕྲིན་ལས་དང་འབྲེལ་བའི་ཚེ། དེ་ཡི་ཕྱི་རོལ་ཁོར་ཡུག་ཏུ། །བདག་སྐྱོབ་ལྷ་དང་རིག་འཛིན་དང༔ རིགས་འདུས་མཁའ་འགྲོ་ཆོས་སྐྱོང་རྣམས༔ དངོས་གྲུབ་སྟེར་ཞིང་བར་ཆད་སེལ༔ གླུ་དང་གར་བྱེད་རོལ་མོ་སྒྲོག༔ འདོད་ཡོན་མཆོད་པ་སྣ་ཚོགས་སྟོབ༔ ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད༔ དུ་མར་སྣང་ཡང་རང་དུ་གཅིག༔ ཐོད་རྔ་བསྒྲག་ཅིང་གླིང་བུ་འབུད༔ གུ་གུལ་ནག་པོའི་གསུར་དུད་བདུག༔ འདི་སྐད་བྱིན་ཆེན་དབབ་པར་བྱའོ༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་རྗེ་བཙུན་བཞེངས༔ དགོངས་ཤིག་བླ་མ་རྗེ་བཙུན་དགོངས༔ རིག་འཛིན་གནས་ནས་སྐུ་སྐྱོད་ཅིག༔ རྩ་བ་གསུམ་གྱི་དངོས་གྲུབ་ཞུ༔ དབུ་ལ་ཐོར་ཚུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲ་ལ་ལ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོ་མང་པོ་དི་རི་རི༔ ཡི་དམ་ལྷ་ཡི་འཁོར་གྱིས་བསྐོར༔ མ་དང་མཁའ་འགྲོའི་ཚོགས་ཀྱིས་གཏིབས༔ ཆོས་སྐྱོང་ཚོགས་རྣམས་བྲན་དུ་ཁོལ༔ དཔའ་བོས་བྲོ་རྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་དང་སི་ལི་ལི༔ མཁའ་འགྲོ་འབུམ་དང་སྤུངས་སེ་སྤུང༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ གཡས་ནས་ཕོ་རྒྱུད་ཐིབས་སེ་ཐིབ༔ གཡོན་ནས་མོ་རྒྱུད་ཐིབས་སེ་ཐིབ༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ དྲི་ཞིམ་ངད་པ་ཐུ་ལུ་ལུ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དཔའ་བོའི་ཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བཞི་རྫོགས་པར་བདག་ལ་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བཞེངས་ཤིག་ཡི་དམ་ལྷ་ཚོགས་བཞེངས༔ དགོངས་ཤིག་རྒྱལ་བ་རིགས་ལྔ་དགོངས༔ རྐྱེན་ཟློག་རྡོ་རྗེ་དྲག་མོ་རྩལ༔ མཁའ་འགྲོ་གཙུག་གི་རྒྱན་གཅིག་མ༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་འཚལ༔ དབུ་ལ་ཐོར་ཚུགས་སོགས་མན་ཆད་འགྲེའོ༔ ཧཱུྃ༔ བཞེངས་ཤིག་ཡེ་ཤེས་མཁའ་འགྲོ་བཞེངས༔ དགོངས་ཤིག་རྡོ་རྗེ་རྣལ་འབྱོར་མ༔ ཡེ་ཤེས་མཁའ་འགྲོ་སྡེ་བཞིའི་ཚོགས༔ དུར་ཁྲོད་གནས་ནས་སྐུ་སྐྱོད་འཚལ༔ དབུ་ལ་ཐོར་ཚུགས་སོགས། ཨོཾ་ཨཱཿཧཱུྃ༔ ཧྲཱིཿམ་ཕེཾ་ཕེཾ་ཀཱ་ཝཱ་ཙི་སིདྡྷི་ཧཱུྃ་ཨཱ༔ བཞུགས་གསོལ་ནི། ཧཱུྃ༔ རིན་ཆེན་ཕོ་བྲང་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ པདྨ་འདབ་བཞི་མདངས་རེ་གསལ༔ རྟོག་མེད་རོ་ལྡན་བག་རེ་དྲོ༔ ཉི་ཟླ་བརྩེགས་པ་འོད་རེ་གསལ༔ བཞུགས་པའི་གནས་སུ་དྭངས་རེ་སྤྲོ༔ གུ་རུ་ཡི་དམ་མཁའ་འགྲོའི་ཚོགས༔ དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས༔ མོས་པའི་བུ་ལ་ཞལ་བསྟན་འཚལ༔ གསུང་གི་གདམས་པའི་གནད་བསྒྲག་འཚལ༔ ཐུགས་ཀྱི་དགོངས་པའི་སྒོ་དབྱེ་འཚལ༔ འགྲོ་བའི་དོན་དུ་སྐུ་བཞུགས་འཚལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་ནི། ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྤྲོས་བྲལ་ཀུན་བཟང་བདེ་ཆེན་མོ༔ རྡོ་རྗེ་སྨན་གཅིག་མཚོ་རྒྱལ་ཡུམ༔ བདེ་སྟོང་གཉིས་མེད་ཐབས་ཤེས་སྦྱོར༔ ཡབ་ཡུམ་གཉིས་མེད་ཕྱག་འཚལ་ལོ༔ བྱ་བྱེད་ཡིད་ཆོས་རྣམ་པར་དག༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་འདུལ༔ དབང་ཆེན་རྟ་མཆོག་ཡབ་ཡུམ་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ མཁའ་འགྲོ་གིང་ལ་ཕྱག་འཚལ་ལོ༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོལ༔ ཆོས་སྲུང་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པར་འབུལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔ ཞུན་ཆེན་སྣང་གསལ་མར་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུག་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ གཉིས་སུ་མེད་པར་ཐིམ་གྱུར་ཅིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་པཉྩ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱང་སེམས་དཀར་དམར་བདེ་བའི་མཆོག༔ བདེ་བའི་རོ་སྙོམས་མཆོད་པར་འབུལ༔ སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ སྨན་མཆོད་ནི། ཨོཾ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ དུག་ལྔ་སེལ་ཕྱིར་ཡེ་ཤེས་ལྔ་རྫོགས་རྫས༔ དམ་རྫས་བདུད་རྩི་མཆོག་གི་མཆོད་པ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཨཱ༔ འདོད་ཆགས་རྣམ་དག་པདྨ་རཀྟ་འདི༔ རྒྱུད་དྲུག་ཀུན་སྒྲོལ་ཁམས་གསུམ་དབང་དུ་སྡུད༔ བདེ་མཆོག་བདེ་སྤྱོད་རཀྟའི་མཆོད་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི། ཧཱུྃ༔ བླ་མ་མཁའ་འགྲོ་གཤེགས་སུ་གསོལ༔ གདུང་བ་དྲག་པོས་གསོལ་འདེབས་ཤིང༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བ་ལིཾ་རྒྱན་གྱི་མཆོད་པ་འབུལ༔ སྨན་རཀ་བདུད་རྩིའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ༔ བླ་མ་རིག་འཛིན་མཆོད་པ་བཞེས༔ ཡི་དམ་ལྷ་ཚོགས་མཆོད་པ་བཞེས༔ མཁའ་འགྲོའི་ཚོགས་རྣམས་མཆོད་པ་བཞེས༔ གིང་གི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་བོའི་ཚོགས་རྣམས་མཆོད་པ་བཞེས༔ དཔའ་མོའི་ཚོགས་རྣམས་མཆོད་པ་བཞེས༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ༔ དུར་ཁྲོད་གནས་མཆོག་ཉམས་རེ་དགའ༔ ཞིང་ཆེན་བླ་རེ་རྒྱན་དང་ལྡན༔ ཤ་སྣ་སྙིང་སྣ་བསམ་མི་ཁྱབ༔ སྤྲོ་དགའི་གནས་ཀྱི་མཆོད་པ་བཞེས༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ དཔལ་དང་ལྡན་པའི་ཡུམ་གཅིག་མཚོ་རྒྱལ་ལྕམ། །སྣང་སྲིད་དབང་སྡུད་རྐྱེན་ཟློག་དྲག་མོ་རྩལ། །ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་འཁོར་ལོས་སྒྱུར། །གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད། །སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་དག་པའི་ཀློང༔ རྡོ་རྗེ་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ སྐྱེ་འགག་གཉིས་སུ་མེད་པའི་མཁའ་དབྱིངས་ལས༔ ཐུགས་རྗེ་མི་འགག་ཅིར་ཡང་སྟོན་ཅིང་སྒྱུར༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ གསོལ་འདེབས་དངོས་གྲུབ་བསྐུལ་བ་ནི། ཨོཾ༔ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ ཨཱ༔ གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ ཧྲཱི༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ གསོལ་འདེབས་བརྒྱུད་འཛིན་བྱིན་གྱིས་རློབས༔ དབང་བཞི་ཡོངས་སུ་རྫོགས་པར་སྐུར༔ བཟླས་པ་ནི། སྣང་སྲིད་གཞལ་ཡས་བླ་མ་ལྷ༔ ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ༔ དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མེད་པར་སྒོམས༔ ཞེས་དགོངས་པའི་སྲོག་ཏུ་བཟུང་ལ། བཟླས་པས་ཐུགས་དམ་བསྐུལ་བ་ལས། །ལྷ་ཚོགས་རྣམས་ལས་འོད་འཕྲོས་པས༔ ཕཻཾ་ཕཻཾ་ཧྲཱིཿཡི་སྒྲ་དང་བཅས༔ འོད་ཟེར་སྟོང་གསུམ་གང་བར་འཕྲོས༔ སྣང་སྲིད་དབང་བསྡུས་དངོས་གྲུབ་ཀྱི༔ ཆར་ཕབ་འགྲོ་དྲུག་ཐམས་ཅད་བཏུལ༔ སྣོད་བཅུད་གཟུགས་སྒྲ་དྲན་རྟོག་ཀུན། །ལྷ་སྔགས་ཆོས་སྐུའི་ངོ་བོར་གྱུར། །ཅེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་བཟླ། ༼གཏེར་གཞུང་རྩ་བར། ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་དང་ཧ་རི་ནི་སའི་ཡིག་བཞི་དཀྲུགས་ཏེ་བཟླ་བར་ཡང་གསུངས།མཆན།༽ ཐུན་མཐར་སྟོང་ཚིགས་འབུལ། དེ་ནས་ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་བཤམས་པར་བདུད་རྩི་བྲན་ལ། ཨོཾ་སརྦ་དྲ་བྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་པས་བསང་ལ། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོས༔ ཧཱུྃ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱ༔ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨོཾ༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔ ཧྲཱི༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བྱིན་གྱིས་བརླབ་བོ། །དེ་ནས་ལས་རྡོར་གྱིས་ཚོགས་རྫས་རྣམས་སློབ་དཔོན་ལ་ཕྱོགས་པས་བཟུང་སྟེ། ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱ་མི་རུང༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ཞེས་བརྗོད་སློབ་དཔོན་གྱིས་པད་ཀོར་སྔོན་དུ་འགྲོ་བས། རིན་ཐང་མེད་ལས་ལེགས་འོངས་ཆོས༔ འདོད་ཆགས་དྲི་མ་རྣམ་པར་དག༔ གཟུང་དང་འཛིན་པ་ཀུན་སྤངས་པའི༔ དེ་བཞིན་ཉིད་ནི་བདག་ཀྱང་འཚལ༔ ཞེས་བརྗོད་ཅིང་བླང་ངོ་། །དེ་ནས་ཚོགས་ཕུད་ཆ་གསུམ་དུ་བཅད་པའི་དང་པོས་མཆོད་པ་ནི། ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་བདག་ལུས་ངག་སེམས་ཀྱིས༔ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཨཱ༔ ཐ་མ་བསྒྲལ་བསྟབ་བྱ་བ་ནི། ཧཱུྃ༔ ང་ནི་རྡོ་རྗེ་རྣལ་འབྱོར་མ༔ ཕྱག་གཡས་དབང་སྡུད་ཕྱག་རྒྱ་ཅན༔ གཡོན་པ་ཕུར་བུས་དགྲ་སྙིང་གཟིར༔ གནོད་བྱེད་ཕོ་མོ་རྡུལ་དུ་རློག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ནྲྀ་ཏྲི་ཤཱ་ཏྲཱུན་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་ཡཾ་རྦད༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བསྒྲལ་ལ། གུ་རུ་དེ་ཝ་ཌཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་ཤ་ཁྲག་བདུད་རྩིར་སྦར་ལ་བསྟབ་བོ། །རྗེས་འབྲེལ་སྐོང་བཤགས་ཀྱི་རིམ་པའང་སྤྲོ་ན་འདིར་བྱའོ། །ཚོགས་རྫས་རྣམས། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་པས་དྲངས་ཤིང་ནང་གི་སྦྱིན་སྲེག་གིས་རོལ་ལོ། །དེ་ནས་ལྷག་མ་བསྡུས་པ་དམ་ཚིག་གི་ཁ་ཕྲུ་བཏབ་པས་བྱིན་གྱིས་བརླབས་ལ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ པདྨ་ཧེ་རུ་ཀ་ཕུད་ཀྱི་བདག༔ བར་དུ་ལྷག་མས་མི་མཆོད་དུ༔ མ་དང་མཁའ་འགྲོ་ལྷག་ལ་དགྱེས༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང༔ ཧཱུྃ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ བཀའ་ཡི་ལྷག་སྡུད་ཚོགས་ཀྱིས་བསྐོར༔ ལྷག་མའི་ཚོགས་ལ་རོལ་པ་རྣམས༔ འདིར་བྱོན་བཀའ་ཡི་ལྷག་གཏོར་བཞེས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མ་ཕྱི་རོལ་དུ་དོར་རོ། །བཤལ་ཆུས་བརྟན་མ་སྐྱོང་བ་ནི། འབྲུ་གསུམ་གྱིས་བདུད་རྩིར་སྤར་ལ། ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཁཱ་ཧི་མ་མ་ཁཱ་ཧི་ཁཱ་ཧི༔ ཞེས་བཤལ་ཆུས་མཆོད། རྗེས་རིམ་ཐོག་མར་མཆོད་བསྟོད་ནི། ཧཱུྃ༔ མ་གཅིག་ཇོ་མོ་འཁོར་དང་བཅས༔ ཕྱི་ནང་གསང་མཆོད་ཚོགས་ལ་རོལ༔ ཐུགས་དམ་གཉན་སྐོངས་དབང་དང་དངོས་གྲུབ་སྩོལ༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་པུཥྤེ་དྷཱུ་པེ་སོགས་ནས། ཤབྡ་པཱུ་ཛ་ཧོ༔ བཛྲ་ནི་ར་ཏི་ཧཱུྃ༔ གུ་རུ་རྐྱེན་ཟློག་དྲག་མོ་རྩལ༔ བཛྲ་མ་མ་ཡཾ་ཛཿཧ་རི་ནི་ས་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཨ་མྲྀཏ་མ་ཧཱ་རཀྟ་བོ་དྷི་ཙིཏྟ་ཨི་དཾ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞི༔ མི་སྐྱེ་མི་འགག་ནམ་མཁའི་ངོ་བོ་ཉིད༔ གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པའི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད་ཅིང་། མཁའ་འགྲོའི་དབང་གི་དངོས་གྲུབ་རང་ཉིད་ཞུ་བའི་འདུན་པས་བླ་མ་ཡི་དམ་སྤྱན་དྲངས་ནས་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ སྔོན་ཚེ་ཇི་ལྟར་དབང་བསྐུར་པས༔ བདག་ཀྱང་ལྷ་མོར་དབང་བསྐུར་ཞིང༔ དངོས་གྲུབ་མཆོག་ཀྱང་བསྩལ་དུ་གསོལ༔ དེ་ལྟར་གསོལ་བ་གདབ་པར་བྱ༔ ལན་དུ་བླ་མ་ཉིད་ཀྱིས་ཀྱང༔ དབྱེར་མེད་ཆེན་པོར་དབང་བསྐུར་བས༔ གསང་གསུམ་གནས་ནས་བྱུང་བ་ཡི༔ རྩ་བ་གསུམ་གྱི་དམ་བསྲུང་ན༔ སངས་རྒྱས་ཀུན་གྱི་དབང་སྦྱིན་བྱ༔ གནང་བ་ཐོབ་ནས་འདི་ལྟར་རོ༔ བླ་མ་ཐུགས་ཀའི་རྟ་མགྲིན་ལས༔ རིགས་ལྔ་ཡབ་ཡུམ་བུམ་པ་ཐོགས༔ བདག་གི་སྤྱི་བོར་བདུད་རྩིའི་དབང༔ བླུགས་པས་ཚངས་བུག་ནང་དུ་བབས༔ ལུས་ཀྱི་སྡིག་སྒྲིབ་དག་པར་བསམ༔ ཆུ་རྔུབ་མཐའ་མ་སྤྱི་གཙུག་འཁྱིལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་ལས༔ ཡེ་ཤེས་ལྔ་ཡིས་དབུར་བརྒྱན་བསམ༔ དེས་ནི་བུམ་པའི་དབང་ཐོབ་ཅིང༔ སྐུ་ཡི་དངོས་གྲུབ་ཐོབ་པ་ཡིན༔ བླ་མ་ཡི་དམ་སྐུར་བསྒོམ་སྟེ༔ སྦྱོར་མཚམས་བྱང་སེམས་དཀར་དམར་འདྲེས༔ བདག་གི་ལྕེ་ཐོག་བབས་པར་བསམ༔ རང་ལུས་བདེ་བས་རྒྱས་པར་བསྒོམ༔ ངག་གི་སྒྲིབ་དག་གསུང་དབང་ཐོབ༔ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ དེ་ནས་བླ་མའི་ཐུགས་ཀ་ནས༔ འོད་ཟེར་ཁ་དོག་ལྔ་འཕྲོས་པས༔ བདག་གི་སྙིང་གར་ཕོག་ཅིང་ཐིམ༔ གསལ་ལ་འཛིན་མེད་བདེ་ཉམས་སྐྱེས༔ ཡིད་ཀྱི་སྒྲིབ་པ་དག་པར་བསམ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཅིང༔ ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན༔ དེ་ནས་བླ་མ་རང་ལ་ཚུར༔ ཐིམ་པས་ལུས་ངག་ཡིད་གསུམ་གྱི༔ སྒྲིབ་པ་མ་རིག་དྲི་མ་དག༔ དྲན་རྟོག་དབྱིངས་སུ་ཐིམ་པར་བསམ༔ རིག་པ་ཁོང་གློད་རང་སེམས་ཉིད༔ མ་བཅོས་སྤྲོས་བྲལ་ངང་ལ་བཞག༔ རིག་པ་ཡེ་ཤེས་དབང་ཐོབ་ཅིང༔ མཆོག་གི་དངོས་གྲུབ་ཐོབ་པ་ཡིན༔ དབང་རྫོགས་བླ་མར་དབང་ཡོན་གྱིས༔ མཉེས་པར་བྱ་བ་ཤིན་ཏུ་གཅེས༔ བླ་མའི་དམ་ཚིག་ཅི་གསུང་བསྒྲུབ༔ ཡི་དམ་དམ་ཚིག་སྒྲུབ་ལ་བརྩོན༔ ཌཱ་ཀིའི་དམ་ཚིག་གསང་ཐུབ་པ༔ སྐུ་གསུང་ཐུགས་དང་མཉམ་པར་སྦྱོར༔ དེ་ནས་ཚོགས་གཏོར་དངོས་གྲུབ་བླང༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་མ་ཧཱ་ཕ་ལ་ཨ་ལ་ལ་ཧོ༔ ༼མ་ཧཱ་སིདྡྷ་ཨཱ་ཡུར་སིདྡྷི་ཛྙཱ་ན་སིདྡྷི་སརྦ་སིདྡྷི་ཧཱུྃ་ཨཱ༔ གཏེར་གཞུང་མཆོད་པའི་རྗེས་འདི་འདྲ་ཡོད། མཆན།༽ ཞེས་པས་དངོས་གྲུབ་ཀྱི་རྫས་རྣམས་མྱང་ངོ་། །ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་སོགས་ནས། བཛྲ་ཌཱ་ཀི་ནཱི་མཱ་མེ་མུཉྩ་བཛྲ་ཌཱ་ཀི་ནཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ལན་གསུམ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། གཤེགས་བསྡུ་ནི། ཚོགས་མགྲོན་སོགས་རྟེན་ལ་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྐབས་དང་སྦྱར། བདག་བསྐྱེད་ལ་དམིགས་ཏེ། ཧཱུྃ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང༔ དོན་གྱི་མཁའ་འགྲོའི་རང་ཞལ་བལྟ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་གཟུགས་སྒྲ་དྲན་རྟོག་ཀུན༔ བླ་མ་མཁའ་འགྲོའི་སྐུ་གསུང་ཐུགས༔ ཡེ་ཤེས་སྒྱུ་མར་མཉམ་སྦྱར་བས༔ མཐའ་ཡས་འགྲོ་བའི་དོན་ལ་འཇུག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བསྔོ་སྨོན་ནི། ཨེ་མ་ཧོ༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བསྐལ་པ་དཔག་མེད་ཚུན་ཆད་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ བླ་མ་སྐྱེས་མཆོག་ཡི་དམ་ལྷ༔ སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས༔ སྒོམ་སྒྲུབ་མཆོད་ཅིང་བསྟོད་པ་དང༔ བྲིས་བཀླགས་བཅངས་ཤིང་ཀུན་ཆུབ་བགྱིས༔ ལྟ་དགོངས་ལ་སོགས་དགེ་སྤྱད་པའི༔ འབྲས་བུ་དུས་འདིར་སྨིན་གྱུར་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རབ་རྫོགས་ཤིང༔ དུས་གསུམ་ཕ་མས་སྣ་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ བླ་མ་མཆོག་གིས་རྗེས་བཟུང་ནས༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཤིས་པ་བརྗོད་པ་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པའི་དོན་འགྲུབ་པའི༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ནས༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། ༈ །འདི་ཉིད་ཀྱི་བསྙེན་སྒྲུབ་བྱེད་ན་ཐོག་མར་ཕྱི་སྒྲུབ་ལ་མཎྜལ་པདྨ་འདབ་བཞི་ཕྱོགས་མདོག་ཚོམ་བུ་བཀོད་པའི་མཐར་ཉེར་སྤྱོད་ཀྱིས་བསྐོར། མཚམས་བཅད་ལ་ཐུན་བཞིར་དྲིལ་ཏེ་ཉམས་སུ་བླང་། སྐྱབས་སེམས་གསག་སྦྱང་འབུམ་ཕྲག་སོགས་འགྲོ་བ་དང་། ཁྱད་པར་གསོལ་འདེབས་བསྙེན་སྔགས་བྱིན་གྱིས་བརླབས་པའི་མཚན་མ་མ་བྱུང་བར་འབད་དོ། །ཐ་ནའང་བསྙེན་པ་བྱེ་བ་འགྲུབ་ངེས་བྱའོ། །དེ་ནས་སྒྲུབ་པ་ལ་དཀྱིལ་འཁོར་པདྨ་དམར་པོ་འདབ་བཞིའི་སྟེང་མཉྫི་ལ་སྒྲུབ་གཏོར་པདྨ་བརྩེགས་པ་དང་། ནང་སྒྲུབ་ལྟར་གྱི་སྐུ་ཙཀ་སིནྡྷུ་ར་ཡིས་བྲིས་པ་བཀོད། རྒྱབ་ངོས་སྨན་རཀ་གཏོར་གསུམ་དང་ཉེར་སྤྱོད་མཆོད་ཚོགས་ཀྱིས་བསྐོར། རྔ་དང་དྲིལ་བུ་ཌཱ་རུ་རྐང༔ གསུར་དུད་མར་མེ་རུས་རྒྱན་བཤམ༔ གསུངས་པ་ལྟར་བྱ། མཚམས་དམ་པར་གཅད། གཞི་བགེགས་ལ་གཏོར་མ་བསྔོ། རང་ཉིད་ཁྲོ་བོའི་ང་རྒྱལ་གྱིས༔ བཀའ་བསྒོ་གསང་སྔགས་འདི་སྐད་བརྗོད༔ ཨོཾ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླ། དེ་ནས་སྐྱབས་སེམས་ནས་གཟུང་ཕྱི་སྒྲུབ་ཁྱུག་ཙམ་ཚུལ་བཞིན་གཏང་། ནང་སྒྲུབ་མཆོད་པ་བྱིན་རླབས་ནས་དམིགས་གནད་ཐིངས་བར་སྒོམ་བཟླས་ལ་འཇུག །སྒྲུབ་པའི་རྟགས་མཚན་བཟང་པོ་བྱུང་བའམ། སྒྲུབ་སྔགས་འབུམ་ཕྲག་བཞིའམ་བདུན་གྲུབ་པ་དང་མཉམ་དུ་དབང་དང་དངོས་གྲུབ་བླང་། འདིའི་སྐབས་ཐམས་ཅད་དུ་མཆོད་ཚོགས་གཏོར་འབུལ་རྒྱས་པར་བྱ། ཁ་སྐོང་ཞི་སྦྱིན་ཅི་ནུས་བླུགས་ལ་མཐའ་རྒྱས་སུུ་བྱའོ། །གསང་སྒྲུབ་ནི་ཕྱི་སྒྲུབ་ཙམ་གནད་དུ་ཐིངས་པ་ན་བླ་མའི་ཞལ་ཤེས་ལྟར་དུས་དང་རྒྱུན་དུ་ཉམས་སུ་བླང་བ་དང་མི་འབྲལ་བར་རྒྱུན་བསྐྱངས་པས་རང་རིག་ཡེ་ཤེས་མཁའ་འགྲོར་ཚེ་འདིར་གྲོལ་བ་གདོན་མི་ཟ་བས་མོས་ལྡན་རྣམས་ཀྱིས་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱོས་ཤིག །པདྨའི་ཐུགས་བཅུད་མོན་མོས་་་བཀྲ་ཤིས་ཁྱེ་འདྲེན།ཞུས་པའི་ལན། །གཙུག་གི་རྒྱན་གཅིག་མཚོ་རྒྱལ་་་གྱི་ཕྱི་ནང་གསང་གསུམ།སྒྲུབ་པའི་ཐབས། །རྙེད་པར་དཀའ་བའི་ཟབ་ཆོས་ཁྱད་པར་ཅན། །རིན་ཆེན་ས་སྟེང་བཀང་ཡང་རིན་དུ་ཆུང་། །ཆོས་དབང་གཉིས་པ་མདོ་སྔགས་གླིང་པ་ལས། །ཚུལ་འདི་ཐོབ་པས་འདི་ན་སྤེལ་བར་སྤྲོ། །དེས་ཀྱང་བླ་མ་མཁའ་འགྲོས་རྗེས་བཟུང་ནས། གསང་གསུམ་ཡོན་ཏན་རྒྱ་མཚོའི་གཞིར་གྱུར་ཅིང་། །ཕྲིན་ལས་རྣམ་བཞིས་འདུལ་ཐབས་ལ་མཁས་པའི། །བསྟན་འགྲོའི་གསོས་སུ་ནམ་ཡང་བདག་གྱུར་ཅིག །ཅེས་པའང་༧རྗེ་བླ་མ་མཁྱེན་བརྩེའི་དབང་པོས་ཟིན་ཐོ་གནང་བ་ལྟར་ལས་ཁོ་བོ་དྲི་མེད་འོད་ཟེར་པས་རང་ལོ་ང་གཅིག་པར་དགོན་ཕུ་ཡང་དབེན་ཨེ་ཝྃ་རྫོང་ཆེན་ཕུག་ནས་བྲིས་པ་དམ་ཆོས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ།། །།ཞེས་པའང་ཁ་སྐོང་དུ་སྤར་གསར་དུ་བསྒྲུབས་པའོ།། །།
འཇམ་དཔལ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་སྡོང་ནག་པོའི་ལས་བྱང་གདུག་པ་ཀུན་སྒྲོལ་ (Volume 18, Text 40)
༄༅། །འཇམ་དཔལ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་སྡོང་ནག་པོའི་ལས་བྱང་གདུག་པ་ཀུན་སྒྲོལ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་ལྷག་པའི་ལྷ་དཔལ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིགས་གསུམ་འདུས་པའི་ངོ་བོ། འཇམ་དཔལ་གཤིན་རྗེའི་གཤེད་ཁྲོ་ཆུ་དུག་སྡོང་ནག་པོའི་ཕྲིན་ལས་ཀྱི་རིམ་པ་ནི། ལྷ་མཆོག་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ནོས་ཤིང་། ལུང་དང་ལག་ལེན་གདམས་པའི་གནད་མ་ལུས་པ་དཔལ་ལྡན་བླ་མ་དམ་པ་དགྱེས་པའི་ངང་ནས་བསྩལ་བ། དེ་དག་ཀྱང་ཡིན་རློམ་དུ་མ་ལུས་པར་བསླབ་སྦྱངས་ཀྱིས་བྱན་ཚུད་པར་བྱས་པའི་སྒྲུབ་པ་པོས། གནས་དུས་ཡོ་བྱད་སོགས་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་བཤད་པ་ལྟར་བསྙེན་སྒྲུབ་ལས་སྦྱོར་སྐབས་སུ་གང་བབས་ཀྱི་ཡོ་བྱད་མ་ཚང་བ་མེད་པར་ཉེ་བར་འདུ་བྱས་ལ། སྒྲུབ་པ་པོ་ཁ་ལྷོར་ཕྱོགས་པས་བདེ་བའི་སྟན་ལ་བྱང་ཆུབ་ཀྱི་སེམས་གཉིས་སྔོན་དུ་བཏང་ལ། དེ་ཡང་ཐོ་རངས་ཀྱི་ཆའམ་སྔ་ཐུན་ལ་བདག་ཉིད་གཤིན་རྗེ་ཚེ་བདག་གི་རྣལ་འབྱོར་སྔོན་དུ་བཏང་ན་ཤིན་ཏུ་ལེགས་ཤིང་། དེའི་ངང་ནས་སླར་ཡང་འཇམ་དཔལ་ཁྲོ་ཆུའི་བདག་གི་རྣལ་འབྱོར་སྒོམ་པའི་སྔོན་དུ་འགྲོ་བའི་སླད་དུ། དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་རྩ་བ་གསུམ་དང་། འཇམ་དཔལ་གཤིན་རྗེའི་གཤེད་པོ་ཐ་མི་དད་པ་མདུན་གྱི་ནམ་མཁར་གསལ་བཏབ་ལ། ཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་དང་དཀོན་མཆོག་རིན་ཆེན་གསུམ། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །ཞེས་ལན་གསུམ་དང་། སླར་སེམས་བསྐྱེད་པ་ནི། ཧཱུྃ། སྣང་གྲགས་ཆོས་རྣམས་རང་བཞིན་མེད་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་ཕྱིར་བདག་ཉིད་གཤིན་རྗེའི་གཤེད་གྱུར་ནས། །དེ་དག་སངས་རྒྱས་ས་ལ་འགོད་པར་བྱ། །ཞེས་གསུམ་བརྗོད། གཞི་བགེགས་ལ་གཏོར་མ་སྤྱི་འགྲོ་ལྟར་བྱིན་གྱིས་བརླབས་ཤིང་བྱིན་ལ། བཀའ་བསྒོ་བ་ནི། བདག་ནི་འཇམ་དཔལ་ཁྲོས་པའི་ང་རྒྱལ་དང་ལྡན་པས། ཨེ་ཡ། ཡང་གསང་རིགས་གསུམ་འདུས་པའི་དཀྱིལ་འཁོར་དུ། །འདུ་བའི་མཆེད་ལྕམ་དམ་ལྡན་མ་གཏོགས་པ། །དམ་མེད་བདུད་བགེགས་ལོག་འདྲེན་འབྱུང་པོའི་ཚོགས། །ལན་ཆགས་གཏོར་མ་འདི་ཁྱེར་རང་གནས་དེངས། །གལ་ཏེ་མི་འགྲོ་གནས་འདིར་འདུག་གྱུར་ན། །དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཆེན་ཚོགས། །ནམ་མཁའ་ས་གཞི་བར་སྣང་ཀུན་བཀང་ནས། །བགེགས་ཚོགས་འདུལ་ཞིང་བརླག་པར་གདོན་མི་ཟ། །དུ་ཏྲི་ཡ་མ་རཱ་ཛ། ཡ་མ་རཀྴ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ། ས་མ་ཡ། ཛཿཛཿ ཞེས་རྩ་སྔགས་ཀྱི་མཇུག་ཏུ། ཨོཾ་སུམྦྷ་སོགས་ཀྱི་སྔགས་བཏགས་པས་བགེགས་བསྐྲད། མཚམས་གཅོད་པ་ནི། ཨེ་ཡ། ཁྲོ་རྒྱལ་འབར་བའི་ཐུགས་ཀྱི་འོད་ཟེར་ལས། ཁྲོ་བོ་ཁྲོ་མོ་འཁོར་ལོ་རལ་གྲི་དང་། །རྡོ་རྗེ་ཕུར་བུ་དགྲ་སཏྭ་ཐོ་བ་མདུང་། །རྩེ་གསུམ་གྲི་གུག་མེ་དང་མདའ་ལ་སོགས། །འབར་བའི་མཚོན་ཐོགས་ཕོ་ཉའི་ཚོགས་རྣམས་ཀྱིས། །དགྲ་བགེགས་གནོད་བྱེད་གདོན་ཚོགས་མཚམས་ཆོད་ཅིག །སྲུང་བའི་རྭ་གུར་མི་ཤིགས་རྡོ་རྗེའི་མཁར། །རླུང་ཡང་རྒྱུ་བའི་གོ་སྐབས་མ་མཆིས་ན། །བགེགས་དང་ལོག་འདྲེན་བར་ཆད་མིང་ཡང་མེད། །གཉིས་འཛིན་བགེགས་ཚོགས་རང་རིག་རང་ཤར་ཏེ། །དེ་ལྟར་རྟོགས་ན་བགེགས་རྣམས་རང་སར་གྲོལ། །འཁོར་འདས་མཉམ་ཉིད་ཆོས་སྐུར་ངང་གིས་གྲུབ། །ཅེས་དང་། རྩ་སྔགས་ཀྱི་མཇུག་ཏུ། ཡ་མ་རཱ་ཛ་ནིརྨཱ་མ་ཧཱ་ཀྲོ་དྷ་ཛྭ་ལ་ཙཀྲ་ཁཌྒ་ཡ་ཀི་ལཱ་ཡ་པརྴུ་མུངྒ་ར་ཤུ་ལ་ཏྲི་ཤཱུ་ལ་ཨ་ཀརྟ་རི་ཨགྣི་རཱ་ཛྭ་ལ་པྲ་ཀཱ་ར་རཀྵ་ཀུ་རུ་ཧཱུྃ་ཕཊ། ཅེས་མཚམས་གཅད། དེ་ནས་མཆོད་པ་བྱིན་བརླབ་པ་ནི། ཨོཾ་སུམ་བྷ་ནི་སུམ་བྷ་སོགས་ཀྱི་སྔགས་ཀྱིས་བསང་། ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྷནྡྷའི་སྣོད་ལྕང་ལོར་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་གནོད་བྱེད་གདུག་པ་ཅན་བསྒྲལ་བའི་ཕུང་པོ་ལས་བྱུང་བའི། ཁྲག་ཆེན་གྱི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས། རྐང་གླིང་དང་ཐོད་རྔའི་རོལ་མོ་ལ་སོགས་པ། དྲག་པོའི་མཆོད་རྫས་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ །གྷནྡྷཾ། ནཻ་བིདྱཾ། ཤབྡ། ཞེས་སོ་སོར་སྦྱར་བས་བྱིན་གྱིས་བརླབ། བདུད་རྩི་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཨཱ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱཿ ཅེས་སྔགས་གསུམ་གྱིས་བྱིན་བརླབ། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་ཨཱཿལས་དགྲ་བགེགས་གནོད་བྱེད་བྱད་མའི་ཐོད་པ་རློན་པ་ཁྲག་འཛག་པ་སྐྲ་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བ་གན་རྐྱལ་དུ་ཕྱོགས་པའི་ནང་དུ་སྲིད་གསུམ་དགྲ་བགེགས་གདུག་པ་ཅན་རྣམས་དང་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་བསྒྲལ་བའི་སྙིང་ཁྲག་རྣམས་དུག་ཆེན་གྱིས་སྦགས་པ། རཀྟའི་རྒྱ་མཚོ་ལྦུ་ཕྲེང་རྦ་རླབས་ཕྱོགས་བཅུར་འཕྱོ་ཞིང་ཡོངས་སུ་གང་བས་ལས་ཀྱི་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་དགྱེས་པ་སྐྱེད་ནུས་པར་གྱུར། ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱཿ ཞེས་གསུམ་གྱིས་བྱིན་བརླབ། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿལས་བྷནྡྷའི་སྣོད་ལྕང་ལོར་བཅས་པ་གྲུ་གསུམ་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་གནོད་བྱེད་སྤྱི་དང་། ཁྱད་པར་དམིགས་པའི་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་གཟུགས་ཕུང་ཤ་ཁྲག་གི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དམིགས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལྱི་ཧཱུྃ་ཧྲཱིཿཋཱཿ ཞེས་གསུམ་གྱིས་བྱིན་བརླབ། དེ་རྣམས་ནི་སྔོན་དུ་འགྲོ་བའི་ལས་རིམ་མོ། །དངོས་གཞི་ས་མཱ་ཏི་དགུ་སྐོར་གྱིས་བདག་གི་རྣལ་འབྱོར་རྫོགས་པར་བསྒོམ་པ་ནི། ཧཱུྃ། ཆོས་རྣམས་དམིགས་མེད་སྤྲོས་བྲལ་ཀུན་ཁྱབ་བདལ། །སྙིང་རྗེའི་རྩལ་དུ་རང་བྱུང་ཁྲོ་ཚོགས་གསལ། །ཨེ་ལས་རབ་འཇིགས་ནམ་མཁའ་མཐའ་དབུས་མེད། །འཁོར་བའི་འདམ་སྐེམ་ཡེ་ཤེས་བསྐལ་མེ་དང་། །འགྲོ་བའི་ཉེར་འཚོ་སྙིང་རྗེའི་ཆུ་རྒྱུན་གྱི། །ཚ་གྲང་དབྱེར་མེད་རབ་ཏུ་འཇིགས་པར་འཁྲུག །སྟེང་གི་ཕྱོགས་ནི་རལ་གྲིའི་ལྡིང་ཁང་ལ། །འོག་ཀྱང་སྤུ་གྲི་ཆེན་པོའི་ས་གཞིར་གདལ། །བར་དུ་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ། །དེ་ཡི་དབུས་སུ་ནང་ནི་ལྕགས་བསྲེགས་ལ། །ཕྱི་རུ་མཚོན་ཆ་བསྣོལ་བའི་གཞལ་ཡས་ཁང་། །དེའི་ཕྱི་ཐོད་པའི་གུར་ཁང་ཟླུམ་པོ་ལ། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཧ་ལའི་གུར་ཁང་གྲུ་བཞི་དུག་རླངས་འཕྱོ། །རླུང་གི་སྤུ་གྲི་གཡོན་འཁོར་གྲུ་གསུམ་འབར། །ཕྱི་ནི་ཁྲོ་ཆུའི་གུར་ཁང་སྲ་མཁྲེགས་བརྟན། །དེ་ལས་བསྐལ་པའི་མེ་ཆེན་རབ་ཏུ་འབར། །ཞེས་པ་གུར་ཁང་བརྒྱད་ཀྱིས་སྲུང་བ་སྟེ། གཟུགས་ཀྱི་ཤོག་དྲིལ་གྱི་དོན་ནོ། །དེ་ནང་ཟློག་བྱེད་ཁྲོ་བོ་ནག་ཅིང་འཚེར། །ཞལ་གཅིག་ཕྱག་གཉིས་མཚོན་ཆ་སྣ་ཚོགས་གདེངས། །གྲངས་མེད་སྤྲུལ་པས་དགྲ་བགེགས་བྱད་མ་རྣམས། །ཟློག་ཅིང་བསྲེགས་པས་ཐལ་བ་རྡུལ་དུ་རློག །དེའི་ནང་ཁྲོ་བོ་དཀར་པོ་ཞལ་གསུམ་པ། །ཕྱག་དྲུག་དང་པོ་ཚེ་བུམ་བདུད་རྩིས་བཀང་། །བར་པ་གནམ་ལྕགས་འཁོར་ལོས་ཚེ་བདུད་ཟློག །ཐ་མ་བྱང་སེམས་རྒྱུན་འབབ་ཐོད་པ་བསྣམས། །རང་འདྲའི་ཁྲོ་བོ་དུ་མས་སྔགས་སྒྲ་སྒྲོག །བསྲུང་ཞིང་སྐྱོང་བའི་ལས་ནི་ཕུན་ཚོགས་མཛོད། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བར་གཅོད་དགྲ་བགེགས་བདུད་དཔུང་མཚམས་ཆོད་ཅིག །ཅེས་པ་ནི་ཁྲོ་བོ་དཀར་ནག་གི་སྲུང་བ་སྟེ། མིང་གི་ཤོག་དྲིལ་གྱི་དོན་ནོ། །གུར་ཁང་གཞལ་ཡས་ཆེན་པོའི་ནང་ཉིད་དུ། །མ་ཊཾ་བསྒྲལ་བའི་ཆོས་དབྱིངས་དྲག་པོའི་ཞིང་། །གཤིན་རྗེའི་གྲོང་ཁྱེར་ཨེ་མཐིང་བསྣོལ་བའི་དབུས། །མཚོན་ཆ་སྣ་ཚོགས་དུག་ཕུར་ཁྲི་སྟེངས་སུ། །པདྨ་ཉི་ཟླ་མ་ཧེ་གཤིན་རྗེ་དང་། །སྡེ་བརྒྱད་བདུད་དང་མུ་སྟེགས་བན་སྔགས་བོན། །ཕྱི་ནང་ཡི་དམ་ཆོས་སྐྱོང་དྲེགས་བྱེད་གཙོ། །དགྲ་བགེགས་ཕོ་མོ་གན་རྐྱལ་ཁ་སྦུབས་སྟེང་། །བདག་ཉིད་སྐད་ཅིག་རྫུས་སྐྱེས་རྡོ་རྗེའི་སྐུ །བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྤྲུལ་པ། །སྣང་སྲིད་ཀུན་གྱི་བཅུད་འདུས་ཁྲོ་བོའི་རྒྱལ། །འཇམ་དཔལ་ལས་ཀྱི་གཤིན་རྗེ་དམར་ནག་་་ཁྲག་རུལ་ལྟ་བུ་་་འཚེར། །ལྗང་་་གཡས་་་དམར་་་གཡོན་་་ནག་་་དབུས་ཞལ་་་པའི་ཞལ་གསུམ་ཕྱག་དྲུག་པ། །སྤྱན་དགུ་སྡང་མིག་ཕྱོགས་བཅུའི་བགེགས་ལ་གཟིར། །བསྟན་པའི་དགྲ་ལ་ཁྲོས་འཁྲུགས་རྔམས་པའི་ཞལ། །མཆེ་བ་བཅུ་གཉིས་དུག་ཕུར་འབར་བས་གཏམས། །ལྗགས་འདྲིལ་དྲག་པོའི་རྐན་རྡེབ་དགྲ་བགེགས་བསལ། །རྫི་སྨིན་སྨ་ར་ཨག་ཚོམ་དབུ་སྐྲ་རྣམས། །དམར་སེར་གྱེན་བརྫེས་བསྐལ་པའི་མེ་ལྟར་འབར། །དབུ་སྟེང་་་གཡས་་་དུག་་་གཡོན་་་ལྕགས་་་དབུས་་་ཁྲོ་ཆུའི་མཆོད་རྟེན་ནང་། །གཡས་ཕྱག་རྡོར་གཡོན་རྟ་མགྲིན་དབུས་འཇམ་དབྱངས།་་་རིགས་གསུམ་མགོན་དང་་་གཡས་སུ་མར་མེ་མཛད་གཡོན་དུ་བྱམས་པ་དབུས་ཤཱཀ་ཐུབ་་་དུས་གསུམ་སངས་རྒྱས་བཞུགས།་་་ཟློག་པའི་དུས་ཚིག་འདིའི་ཚབ་ཏུ། གཤིན་རྗེ་རྟ་མགྲིན་བྱ་ཁྱུང་རྣམ་གསུམ་ལ། །དུས་གསུམ་རྒྱལ་བ་ཡི་དམ་ཞི་ཁྲོས་བསྐོར། །ཞེས་པའི་ཚིག་འདི་གཉིས་བཅུག་གོ །འདི་ནི་དབུ་རྒྱན་རྒྱུར་ཟློག་པའི་ཤོག་དྲིལ་ཟླ་བའི་དོན་ནོ། །དབུ་གསུམ་ཐོད་སྐམ་ལྔ་ལྔ་རིན་པོ་ཆེའི། །རྩེ་བྲན་དང་བཅས་དར་གྱི་ཅོད་པན་འཕུར། །གཡས་གསུམ་དགྲ་སཏྭས་ཉམས་པའི་མགོ་ལུས་འཕྲལ། །གཡོན་གསུམ་ཙིཏྟ་སྲོག་རྩར་བཅས་པ་འགྲད། །སྤུ་གྲི་རལ་གྲིའི་གཤོག་པ་གཡས་གཡོན་གྱིས། །བྱད་མ་དགྲ་བགེགས་བདུན་རྒྱུད་རྩད་ནས་གཅོད། །སྡེ་བརྒྱད་དྲེགས་པའི་མགོ་བཅད་དོ་ཤལ་བྱས། །དུག་སྦྲུལ་འབར་བ་དུར་ཁྲོད་ཆས་ཀྱིས་བརྒྱན། །སྲིད་རྩེ་མནར་མེད་ཁྱབ་པ་སྐུ་ཡི་ཁྱོན། །ལྟེ་བའི་ཐད་ནས་ཉི་མ་ཟླ་བ་འཆར། །བ་སྤུའི་བུ་ག་རང་འདྲའི་ཁྲོ་བོས་གཏམས། །ལྟེ་བར་སྲིད་པ་སུམ་ཅུ་རྩ་གཅིག་གི །གྲོང་ཁྱེར་བཅས་ཤིང་སྐྱེ་འགྲོ་ཁྲམ་ལ་འདེབས། །སྐུ་སྐེད་ཆུ་སྲིན་རྔམས་ཞལ་འབར་བ་ཡིས། །སྟོང་གསུམ་གསོལ་ཞིང་ཕུར་བུ་སྦྲུལ་ཆུན་འཆང་། །དགྲ་བགེགས་སྲོག་གཟིར་དྭངས་མ་འདྲེན་པར་བྱེད། །སྐུ་སྐྱེས་དུག་མེས་གདུག་པའི་ཚོགས་རྣམས་སྲེག །ཁྲོ་ཆུང་ཚོགས་སྤྲོ་དགྲ་བགེགས་རྡུལ་དུ་རློག །གསང་ཡུམ་གསང་བ་དུན་ཏིག་ནག་མོ་ནི། །ཞལ་གཅིག་ཕྱག་བཞི་འཇིགས་པའི་ཆ་བྱད་ཅན། །མཆེ་བ་བཞི་བརྩེགས་སྤྱན་གསུམ་སྡང་མིག་བགྲད། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་སྙེག །ཕྱག་གཡས་དང་པོ་རལ་གྲིས་དགྲ་སྲོག་གཅོད། །འོག་མ་ལྕགས་ཀྱུས་དགྲ་བགེགས་བླ་སྲོག་འགུག །གཡོན་གྱི་དང་པོ་ཐོད་ཁྲག་ཡབ་ལ་སྟོབ། །འོག་མ་ལྕགས་སྒྲོག་གནོད་བྱེད་བླ་སེམས་འཆིང་། །ཞབས་གཉིས་ཡབ་ཀྱི་ལྟེ་བར་འཁྲིལ་སྦྱོར་ཚུལ། །རང་འོད་ལས་བྱུང་སྦས་པའི་ཚུལ་དུ་གསལ། །མདུན་དུ་སྐུ་སྤྲུལ་འཆི་བདག་ནག་པོ་དང་། །གཡས་ཟུར་གསུང་སྤྲུལ་ཚེ་བདག་སྐུ་མདོག་དམར། །གཡོན་ཟུར་ཐུགས་སྤྲུལ་སྲོག་བདག་མཐིང་ནག་འབར། །གཡས་སུ་ཡོན་ཏན་བཻ་བ་ས་ཏ་དུད། །རྒྱབ་ཏུ་ཕྲིན་ལས་ཟ་བ་ལྗང་དམར་རྣམས། །གཡས་པ་དགྲ་སཏྭས་ཉམས་པའི་སྲོག་རྩ་གཅོད། །གཡོན་པ་དགྲ་སྙིང་དམར་པོ་ཟས་སུ་རོལ། །གཡོན་དུ་གཉིས་མེད་སྤྲུལ་པ་གཤིན་རྗེའི་གཤེད། །ཡ་མ་རཱ་ཛ་དུད་མདོག་ཆུ་སྲིན་གདོང་། །གཡས་པ་རལ་གྲིས་ཉམས་པའི་མགོ་ལུས་འཕྲལ། །གཡོན་པ་སྦྲུལ་ཞགས་དགྲ་བགེགས་བླ་སེམས་འཆིང་། །དེ་ལྟར་འཁོར་གྱི་གཤིན་རྗེ་སྡེ་དྲུག་པོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་རྔམ། །གླང་ཆེན་ཀོ་རློན་ཞིང་ཆེན་སྦྲུལ་གྱིས་བརྒྱན། །སྐུ་སྨད་ཕུར་བུས་ཉམས་པའི་སྙིང་ལ་གཟིར། །རྫུ་འཕྲུལ་གཤོག་པས་བར་སྣང་ཁམས་སུ་རྒྱུག །ཟ་བྱེད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨ་ར་ཨག་ཚོམས་ཁྲོ་གཉེར་དཔྲལ་བར་བསྡུས། ཁྲོས་པའི་སྡང་མིག་དམར་ཟླུམ་གྱེན་དུ་བགྲད། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར། །ཐོད་པ་སྐམ་རློན་རིན་ཆེན་རུས་པས་བརྒྱན། །དེ་ཕྱིའི་མདུན་དུ་ལས་ཀྱི་བཤན་པ་ནི། །སྤྱི་གཤེད་དུག་སྡོང་དུག་གསུམ་ཁྲོས་པའི་གཟུགས། །གཡས་པ་ཞེ་སྡང་སེང་ཞལ་མཁའ་ལ་འཕྱོ། །གཡོན་པ་གཏི་མུག་ཕག་ཞལ་ཐུར་དུ་བགྲད། །དབུས་ཞལ་འདོད་ཆགས་ཆུ་སྲིན་རྔམས་པའི་ཚུལ། །ཡ་མགལ་གནམ་ལ་མ་མགལ་ས་གཞིར་བགྲད། །ལྕེ་ནི་བར་སྣང་གློག་ལྟར་ཕྱོགས་བརྒྱར་གཡོ། །མཆེ་བ་བཅུ་གཉིས་གངས་རི་ལྟ་བུར་གཙིགས། །སྐུ་མདོག་ནག་པོ་སྲིད་པའི་རྩེ་དང་མཉམ། ཁྲོ་རྔམ་འབར་བ་དུར་ཁྲོད་ཆས་ཀྱིས་བརྒྱན། །སྐུ་སྨད་ཕུར་བུ་ཉམས་པའི་སྙིང་ལ་གཟིར། །རྫུ་འཕྲུལ་གཤོག་པས་སྟོང་གསུམ་ཡུད་ཀྱིས་བསྐོར། །ཟ་བྱེད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨ་ར་ཨག་ཚོམ་ཁྲོ་གཉེར་དཔྲལ་བར་བསྡུས། ཁྲོས་པའི་སྡང་མིག་དམར་ཟླུམ་ཕྱོགས་བཅུར་གཟིགས། །རལ་པ་སེ་ཡན་སྲིད་རྩེར་མེ་ལྟར་འཕྱོ། །ཕྱག་དྲུག་གཡས་གསུམ་རལ་གྲིས་དགྲ་སྲོག་གཅོད། །གཡོན་གསུམ་སྦྲུལ་ནག་ཞགས་པས་དགྲ་བགེགས་འཆིང་། །ཕྱི་འཁོར་ལས་ཀྱི་གཤིན་རྗེའི་དམག་གི་ཚོགས། །གཤེད་ཆེན་སྡེ་བཞི་བདུད་པོ་སྡེ་བཞི་དང་། །འཆི་བདག་བཅུ་གཉིས་དྲེགས་པ་སྒོ་བ་བཞི། །སྲོག་གཅོད་རུ་ཏྲ་སྡེ་བཞིར་བཅས་པ་དང། །ཕོ་གཤེད་མོ་གཤེད་བདུན་བརྒྱ་ཉི་ཤུའི་འཁོར། །བྱེ་བ་འབུམ་གྱི་ཚོགས་བཅས་ཕྱོགས་བཅུར་རྒྱུག །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་འཕྱོང་སྟབས་རྔམས། ཁྲོ་གཏུམ་ཤ་ལ་སྲེད་ཅིང་ཁྲག་ལ་རོལ། །མ་བསྐུལ་བར་ཡང་གང་ལ་བྱ་ཤེས་ནས། །སྤྱི་སྒོས་བསྟན་པའི་རུ་དྲ་ཞེ་ལ་གནོན། །མཚོན་ཆ་སྣ་ཚོགས་ཐོགས་ནས་སྒྲུབ་པ་པོའི། །རེ་བ་སྐོང་ཞིང་བར་ཆད་དགྲ་བགེགས་འཇོམས། །ཀུན་གྱི་གནས་གསུམ་ཡི་གེས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཞེས་པ་ནི་ལྷ་བསྐྱེད་པ་སྟེ། སྲུང་བ་མེའི་ཤོག་དྲིལ་གྱི་དོན་ནོ། །དེ་ནས་སྤྱན་འདྲེན་པ་ནི། སྦྱར་བའི་སྤོས་དང་གུ་གུལ་ཤ་ཆེན་ལ་སོགས་པ་བསྲེག །རྔ་དུང་ཆ་ལང་སོགས་རོལ་མོའི་སྒྲ་དུ་མ་དང་བཅས། དབྱངས་སྙན་པོས་འདི་སྐད་དོ། །ཨེ་ཡ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ན། །ཚ་གྲང་འཁྲུག་པའི་དཀྱིལ་འཁོར་ནས། །མཚོན་ཆ་བསྣོལ་བའི་གུར་ཁང་དབུས། །དྲེགས་བྱེད་འབུམ་གྱི་ཁྲི་སྟེངས་སུ། །པདྨ་ཉི་ཟླ་དགྲ་བགེགས་གདན། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ། །ཡ་མཱནྟ་ཀའི་སྐུ་ཡི་སྲས། །ལས་ཀྱི་གཤིན་རྗེ་མ་རུངས་པ། །རིགས་གསུམ་འདུས་པའི་ངོ་བོ་ཉིད། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །དྲག་པོའི་ཕོ་བྲང་དམ་པ་འདིར། །སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། ཁྲོ་ཆུ་དུག་སྡོང་གཤེགས་སུ་གསོལ། །གསང་ཡུམ་དུན་ཏིག་གཤེགས་སུ་གསོལ། །འཆི་བདག་ནག་པོ་གཤེགས་སུ་གསོལ། །ཚེ་བདག་དམར་པོ་གཤེགས་སུ་གསོལ། །སྲོག་བདག་ནག་པོ་གཤེགས་སུ་གསོལ། །བེ་ཝ་ས་ཏ་གཤེགས་སུ་གསོལ། །ཟ་བ་ལྗང་དམར་གཤེགས་སུ་གསོལ། །ཡ་མ་རཱ་ཛ་གཤེགས་སུ་གསོལ། །སྤྱི་གཤེད་དུག་སྡོང་གཤེགས་སུ་གསོལ། །གཤེད་ཆེན་བདུད་པོ་འཆི་བདག་དང་། །རུ་དྲ་སྒོ་བ་ལ་སོགས་པ། །བྱེ་བ་འབུམ་དང་བཅས་པའི་འཁོར། །བསྟན་པ་གཉན་པོ་བསྲུང་ཕྱིར་གཤེགས་སུ་གསོལ། །ཕྱི་ནང་ཆོས་སྐྱོང་འདུལ་ཕྱིར་གཤེགས༴ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ བྱད་མ་རྦོད་གཏོང་ཟློག་ཕྱིར་གཤེགས༴ རྒྱལ་འགོང་དམ་སྲི་འདུལ་ཕྱིར་གཤེགས༴ པེ་ཐེའུ་བསེན་མོ་འདུལ་ཕྱིར་གཤེགས༴ གཟའ་ཀླུ་ཐེའུ་བྲང་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ བྱད་ཁ་ཕུར་ཁ་ཟློག་ཕྱིར་གཤེགས༴ དགྲ་བགེགས་གདུག་པ་སྒྲོལ་ཕྱིར་གཤེགས༴ ནད་གདོན་སྡིག་སྒྲིབ་སྦྱོང་ཕྱིར་གཤེགས༴ རྐྱེན་ངན་བར་ཆད་སེལ་ཕྱིར་གཤེགས༴ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་གཤེགས༴ བཅོལ་བའི་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ་ཛ་ཛཿ ཞེས་སྤྱན་འདྲེན་ལ་ཡེ་ཤེས་པ་རྣམས་སྐད་ཅིག་གིས་བྱོན་ཏེ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་འདྲེས་པར་བསམ་ལ། བཞུགས་སུ་གསོལ་བ་ནི། ཧཱུྃ། མ་ཏྲཾ་རུ་དྲ་བསྒྲལ་བའི་གཞལ་ཡས་ཁང་། །བྱད་མ་དགྲ་བགེགས་ཉི་ཟླའི་གདན་སྟེང་དུ། །རབ་འཇིགས་ཁྲོ་རྒྱལ་ཡབ་ཡུམ་འཁོར་དང་བཅས། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དུ་ཏྲི་ཡ་མ་སོགས་རྩ་སྔགས་མཇུག་ཏུ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཕྱག་འཚལ་བ་ནི། ཨེ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཆེ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་རྣམས་ལ། །བདག་ཅག་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་བགྱིད་དོ། །ཡ་མ་རཱ་ཛ་ས་པ་རི་བཱ་རེ་པཱ་ད་བྷནྡྷ་ཎཾ་ཀ་རོ་མི། ཞེས་ཕྱག་བཙལ་ལ། མཆོད་པ་འབུལ་བ་ནི། ཧཱུྃ། ལྷ་མཆོག་ཡ་མཱནྟ་ཀ་འཁོར་བཅས་ལ། ཁྲག་གི་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཞུན་ཆེན་སྣང་གསལ་དང་། །མཁྲིས་པའི་དྲི་ཆབ་ཙིཏྟའི་ཞལ་ཟས་དང་། །ཐོད་རྔ་རྐང་གླིང་རོལ་མོར་བཅས་པ་འདི། །འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་ལ་འབུལ། །བཅོལ་བའི་ཕྲིན་ལས་སྒྲུབ་ཕྱིར་བཞེས་སུ་གསོལ། །ཅེས་དང་རྩ་བའི་སྔགས་མཇུག་ཏུ། ཨརྒྷཾ་ནས། ཤབྡའི་བར་བཏགས་པས་འབུལ། དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི། བདུད་རྩི་གཏོར་མར་སྒྲོན་ལ། ཧཱུྃ། རྩ་བརྒྱད་ཡན་ལག་སྟོང་དུ་སྦྱར་བའི་སྨན། །འཆི་བ་མེད་པའི་བདུད་རྩིར་བྱིན་བརླབས་པས། །ཉོན་མོངས་དུག་ལྔ་འཇོམས་ཤིང་རིགས་ལྔའི་དངོས། །ཡེ་ཤེས་ལྔ་རྫོགས་བདུད་རྩིའི་བཅུད་འདི་ནི། །འཇམ་དཔལ་གཤིན་རྗེ་ཤཱཀྱ་སེང་གེ་དང་། །ཉན་ཐོས་སྡེ་དང་རིག་འཛིན་པདྨ་འབྱུང་། །བ་སུ་དྷ་ར་སངས་རྒྱས་ཡེ་ཤེས་ཞབས། །གཏེར་སྟོན་ཞང་ཁྲོམ་ཞལ་དུ་ཨོཾ་ཨཱཿཧཱུྃ། །དོན་ཡོད་རྡོ་རྗེ་རོལ་པའི་རྡོ་རྗེ་དང་། །ཀརྨ་སི་ཏུ་ཀ་བཞི་པ་ཆེན་པོ། །ཉི་མ་བཅུ་དྲུག་པ་དང་ཀུན་དགའི་ཞབས། །བྱང་ཆུབ་དཔལ་མོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གུང་རད་ཚུལ་ཁྲིམས་རྒྱ་མཚོ་འདི་རྗེ་བཙུན་རཏྣའི་གཤིན་རྗེ་ཁྲོ་ཆུ་གསན་པ་གནང་ཡུལ་ཡིན་ནོ།་་་་ཚུལ་ཁྲིམས་རྒྱ་མཚོ་གནམ་ལྕགས་མེ་འབར་དང་། །བཀྲ་ཤིས་མཚན་དང་དུ་མ་རང་གྲོལ་ཞབས། །མི་བསྐྱོད་རྡོ་རྗེ་རྩལ་་་འདིའི་དྲུང་དུ་བདག་གིས་དབང་ལུང་མ་ལུས་པ་ནོས།་་་སོགས་ཁྲོ་ཆུ་ཡི། །དབང་ལུང་བརྒྱུད་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་ཡ་བ་ཤཱཀ་རྡོར་སྲས་ཨ་ཝང་། །རིག་འཛིན་གསང་བའི་་་འདི་ལ་ཡང་རྗེ་རཏྣས་གསན་པས་རྗེ་གོང་མ་མན་ཆད་གོང་དང་འདྲ།བར་དུ་བརྒྱུད་པ་ཡིས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་བརྩོན་འགྲུས་མཚན་དང་གསེར་བ་་་འདི་གཉིས་ཀ་གུང་རད་ཀྱི་དངོས་སློབ་ཡིན་་དང་། །རིག་སྔགས་འཆང་བ་པདྨའི་མཚན་་འདིའི་དྲུང་དུ་ལུང་དང་ལག་ལེན་ཚང་མ་ཞུས་་་ལ་སོགས། །འཇམ་དཔལ་སྨན་སྡོང་དུག་སྡོང་རྩ་རྒྱུད་ཀྱི། །བླ་མ་སློབ་དཔོན་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞེས་གཤིན་རྗེ་འདི་ཉིད་ཀྱི་བརྒྱུད་ཚུལ་མི་འདྲ་བ་གསུམ་ལ་བདུད་རྩི་འབུལ་ཞིང་སླར་ཡང་། ཧཱུྃ། ཡབ་ཅིག་དཔལ་ཆེན་ཁྲོ་ཆུ་དུག་སྡོང་དང་། །གསང་བའི་ཡུམ་ཆེན་གསང་བ་དུན་ཏིག་མ། །སྐུ་སྤྲུལ་འཆི་བདག་གསུང་སྤྲུལ་ཚེ་ཡི་བདག །ཐུགས་སྤྲུལ་སྲོག་བདག་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཡོན་ཏན་སྤྲུལ་པ་བེ་བ་ས་ཏ་དང་། །ཕྲིན་ལས་སྤྲུལ་པ་ཟ་བ་ལྗང་དམར་དང་། །གཉིས་མེད་སྤྲུལ་པ་ཡ་མ་རཱ་ཛ་དང་། །སྤྱི་གཤེད་བཤན་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཤེད་ཆེན་སྡེ་བཞི་བདུད་ཕོ་སྡེ་བཞི་དང་། །འཆི་བདག་བཅུ་གཉིས་དྲེགས་པ་སྒོ་བ་བཞི། །ཕོ་གཤེད་མོ་གཤེད་ཤ་ཟ་ཁྲག་འཐུང་ཚོགས། །སྡེ་བརྒྱད་དམག་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞེས་དང་། ཡབ་ཡུམ་གྱི་རྩ་སྔགས་མཇུག་ཏུ། ཨོཾ་ཨཱཿཧཱུྃ། བཏགས་ལ་བདུད་རྩི་ཐིགས་གཏོར་གྱིས་འབུལ་ཞིང་། སླར་ཡང་། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏཱ་ཌོམྦྷི་ནཱི་ཙཎྜ་ལཱི་རཀྴ་སཱི་དེ་བཱི་ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ཨོཾ་ཨཱཿཧཱུྃ། ཞེས་སོགས་རང་གང་བྱེད་ཀྱི་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་རྩ་སྔགས་གཤམ་དུ་ཡི་གེ་གསུམ་བཏགས་ལ་བདུད་རྩི་ཐིགས་གཏོར་གྱིས་ཕུལ་ལ། ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་རེ་བྷྱ་ཀཱ་ཡ་བཱཀྩིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བདུད་རྩི་རང་གི་ཁར་མྱོང་ཞིང་དངོས་གྲུབ་བླང་ངོ་། །དེ་ནས་དུག་ཁྲག་གི་མཆོད་པ་ནི། བྷནྡྷའི་སྣོད་ཀྱི་དུག་ཁྲག་སྦྲེང་ཞིང་གཏོར་མར་སྒྲོན་ལ། ཧཱུྃ། ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་བཅས་ལ། །དུག་ཁྲག་བདུད་རྩིའི་མཆོད་པ་འབུལ་བ་ནི། །སྟེང་ཕྱོགས་ལྷ་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །འོག་ཕྱོགས་ཀླུ་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །བར་སྣང་གཟའ་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ནག་པོ་བདུད་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །དམར་པོ་བཙན་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཕོ་རྒྱུད་ཚོགས་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །མོ་རྒྱུད་ཚོགས་རྣམས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །སྡེ་བརྒྱད་འབྱུང་པོ་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །དགྲ་བགེགས་ལོག་ལྟ་བསྒྲལ་བའི་རཀྟ་དང་། །བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི། །འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་བརླབས། །རཀྟའི་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ཅེས་དང་། ཡབ་ཡུམ་གྱི་རྩ་སྔགས་མཇུག་ཏུ། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་དབུལ། དེ་ནས་གཏོར་མ་འབུལ་བ་ནི། རྡོ་རྗེའི་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས་པས། ལྷ་ཚོགས་ཐམས་ཅད་ཀྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མ་གསོལ་བས་མཉེས་ཤིང་ཚིམ་པར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཅེས་གསུམ་བརྗོད་ལ། ཡབ་ཡུམ་གྱི་རྩ་སྔགས་མཇུག་ཏུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་བྱད་མ་དམིགས་པའི་ཡུལ་དུ་གྱུར་པ་རྣམས་ཀྱི་དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི། སྲོག་རྩ་ཁྲག་རྩ་སྙིང་རྩ་ལ་ཁ་རཾ་ཁཱ་ཧི། སྐྱེ་མཆེད་གཟུགས་ཕུང་རྣམས་ལ་ཁ་རཾ་ཁཱ་ཧི། དབུགས་བླ་སྲོག་ཚེ་བཀྲག་མདངས་རྣམས་ལ་ཁ་རཾ་ཁཱ་ཧི། ཤ་ཁྲག་རྐང་ཀླད་ཁུ་བ་ཞག་དང་ཆུ་སེར་པགས་རུས་རྣམས་ལ་ཁ༴ བྱད་མ་དགྲ་བགེགས་ཀྱི་མི་ནོར་འཁོར་དང་བཅས་པ་ལ་ཁ༴ དགྲ་བགེགས་ཀྱི་ལྷ་སྲུང་བན་སྔགས་བོན་སྐྱོང་སྲུང་བྱེད་རིམ་གྲོ་མཁན་རྣམས་ལ་ཁ༴ བྱད་མ་དགྲ་བགེགས་ཀྱི་སྐྱེ་བ་བདུན་རྒྱུད་དང་བཅས་པ་ལ་ཁ༴ དགྲ་བགེགས་ཀྱི་རྗེས་ཤུལ་བུ་ཚ་རིགས་རྒྱུད་ཕོ་མོ་དགུ་རྒྱུད་རྩ་བ་དང་བཅས་པ་ལ་ཁ་རཾ་ཁཱ་ཧི། ཞེས་ལན་ཉེར་གཅིག་གམ་བདུན་གྱིས་ཕུལ་ལ། དགྲ་བགེགས་དམིགས་བྱའི་ཤ་ཁྲག་གཟུགས་ཕུང་བླ་སྲོག་ཐམས་ཅད་གཤིན་རྗེ་འཁོར་བཅས་ཀྱིས་ཧབ་དི་རི་རི་དགྱེས་ཤིང་ཚིམས་པའི་རྐན་སྒྲ་དང་བཅས་བཞེས་ཏེ་མཉེས་ཤིང་ཚིམས་ནས་ཕྲིན་ལས་གང་བཅོལ་བ་ཐམས་ཅད་མྱུར་དུ་མཛད་པར་བསམ་ལ། སྐབས་འདིར་སྙེན་སྒྲུབ་ལས་སྦྱོར་སྲུང་ཟློག་བསད་མནན་གང་ཡིན་གྱི་འདོད་གསོལ་དང་དམོད་བཅོལ་སོགས་རྒྱས་པར་བྱའོ། །དེ་ནས་ལྷ་ཚོགས་རྣམས་ལ་བསྟོད་པ་ནི། ཨེ་ཡ། ཕྱོགས་བཅུ་་་བསྟོད་པ་འདི་ལ་ཕྱོགས་བཅུ་ནམ་མཁའ་མ་ཆུང་བར་གྲགས་སོ།ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །པདྨ་ཉི་ཟླ་དྲེགས་བྱེད་གདན་སྟེངས་སུ། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྣམ་སྤྲུལ་སྐུ་གསུམ་འདུས་པའི་ངོ་བོ་ཉིད། །འཆི་བདག་ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ། །སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར། །ཞལ་གསུམ་གཡས་ལྗང་ཕྱག་རྡོར་དྲེགས་པ་འདུལ། །གཡོན་དམར་རྟ་མགྲིན་དབང་ཆེན་ཁྲོས་པའི་ཞལ། །དབུས་མཐིང་འཇམ་དབྱངས་དྲག་པོས་དགྲ་བགེགས་སྒྲོལ། །རིགས་ལྔའི་སངས་རྒྱས་དབུ་ཡི་རྒྱན་དུ་བྱས། །སྤྱན་དགུ་དམར་ཟླུམ་སྡང་མིག་གྱེན་ཐུར་གཟིགས། །མཆེ་བ་བཅུ་གཉིས་དུག་ཕུར་འབར་བས་གཏམས། །ཕྱག་དྲུག་གཡས་གསུམ་དགྲ་སཏྭས་རུ་དྲ་སྒྲོལ། །གཡོན་གསུམ་ཉམས་པའི་ཙིཏྟ་ཞལ་དུ་གསོལ། །སྤུ་གྲི་རལ་གྲི་འབར་བའི་གཤོག་པ་གདེངས། །རྐང་པ་ཆུ་སྲིན་རྔམས་ཞལ་སྟོང་གསུམ་རྔུབ། །སྐུ་སྨད་གནམ་ལྕགས་ཕུར་བུས་དགྲ་བགེགས་གཟིར། །བ་སྤུའི་གསེབ་ནས་རང་འདྲའི་ཁྲོ་བོ་འགྱེད། །སྐུ་ལས་ཡེ་ཤེས་མེ་དཔུང་རབ་ཏུ་འཕྲོ། །དུར་ཁྲོད་རུས་པའི་ཆས་ཀྱིས་སྐུ་ལ་བརྒྱན། །གསང་ཡུམ་སྦས་པའི་ཚུལ་གྱིས་ཡབ་ལ་འཁྲིལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །གཉིས་མེད་སྤྲུལ་པ་འཆི་བདག་ཚེ་བདག་དང་། །སྲོག་བདག་བེ་ཝ་ས་ཏ་ཟ་བ་ལྗང་། །ཡ་མ་རཱ་ཛ་སྤྱི་གཤེད་བཤན་པ་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་ལ་བསྟོད། །དམ་རྫས་ཤ་ཁྲག་བདུད་རྩི་གཏོར་མ་འབུལ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །དགྲ་བགེགས་གནོད་བྱེད་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་པའི་ཤམ་བུར་སྲུང་ཟློག་བསད་མནན་གྱི་ཤམ་བུ་འདོད་གསོལ་ཡང་ཟློག་མེའི་སྤུ་གྲི་ལྟར་བཏགས་ལ་བསྟོད་དོ། །བཟླས་པ་བྱ་བ་ནི། སྙིང་གར་རྡོ་རྗེ་དཀར་པོའི་ལྟེ་བ་རུ། །འོད་དཀར་གུར་ནང་བསྐལ་བཟང་སངས་རྒྱས་སྟོང་། །ཞལ་ནང་གཟིགས་ཏེ་ཐུགས་བརྩེས་བསྲུང་བར་གྱུར།་་་པ་དེའི། །ཅེས་པ་ནི་ཏིང་ངེ་འཛིན་གྱིས་བསྲུང་བ་ཆུ་བོའི་ཤོག་དྲིལ་གྱི་དོན་ནོ། །ནང་དུ་ཙིཏྟ་ཟུར་གསུམ་དུག་རླངས་འཕྱུར།་་་ཙིཏྟའི་ཟུར་གསུམ་དུ། ཙིཏྟའི་ཟུར་གཅིག་མདུན་དུ་བསྟན་པར།་་་འཇམ་དཔལ་གསེར་མདོག་རལ་གྲི་པོ་ཏི་འཛིན་་་ཟློག་པའི་སྐབས་ཚིག་འདིའི་ཚབ་ཏུ། གཤིན་རྗེ་དམར་ནག་རལ་གྲི་ཞགས་པ་འཛིན། །ཞེས་སྒྱུར་བ་ནི་སྒོ་སྲུང་སྒྱུར་བ་ཟློག་པའི་ཤོག་དྲིལ་ཟུང་གི་དོན་ནོ། །གཡོན་ཟུར་དུ་་་རྟ་མགྲིན་དམར་པོ་ཐོད་དབྱུག་སྡིགས་མཛུབ་ཅན། །གཡས་ཟུར་དུ།་་་དྲེགས་པ་མཐིང་ནག་རྡོ་རྗེ་ཞགས་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་པད་ཉིའི་གདན་ལ་བཞུགས། །དུར་ཁྲོད་ཆས་བརྒྱད་་་ཙིཏྟའི་ཟུར་གསུམ་དུ་ཞལ་ནང་དུ་གྱུ་ནས་བཞུགས་པས་་་སྒོ་གསུམ་བསྲུང་བར་གྱུར། །ཞེས་པ་ཏིང་ངེ་འཛིན་གྱིས་བསྲུང་བ་འབྱུང་བའི་ཤོག་དྲིལ་གྱི་དོན་ནོ། །དེ་ནང་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ། །གྱེན་སྒྲེང་ལྟེ་བར་ཡེ་ཤེས་ལྔ་ཡི་གུར། །དེ་དབུས་ཉི་ཟླ་གའུ་་་ཁ་སྦྱོར་ལྟ་བུ་་་རྟེན་འབྲེལ་་་སྙིང་པོ་་་དང་། །དབྱངས་གསལ་་་དང་ཨོཾ་ཨཱཿཧཱུྃ་་་འབྲུ་གསུམ་སྔགས་ཀྱི་་་ཕྲེང་བ་་་སྲད་བུས་་་ལྟ་བུ་་་བསྡམས།་་་པ་དེའི། ཞེས་པ་ཏིང་ངེ་འཛིན་གྱིས་བསྲུང་བ་དུས་ཀྱི་ཤོག་དྲིལ་གྱི་དོན་ནོ། །ཉི་ཟླའི་གྭ་འུའི།་་་དབུས་སུ་རྒྱལ་བའི་ཐུགས་སྲོག་ཧཱུྃ་མཐིང་ནག་་་་འདིའི་ཡ་ནྲྀ་ཧཱུྃ་གསུམ་གར་ལཉྩ་ཁོང་སེང་མར་བསྒོམ་དགོས་པའི་དོན་ནོ། །ཧཱུྃ་གི་་་ཁོག་པར་འཇམ་དཔལ་་གྱི་་ཐུགས་སྲོག་ཡ་དམར་ནག །ཡ་དེ་ལ།་་་ལྟེ་བར་བསྲུང་བྱའི་བླ་སྲོག་ནྲྀ་དམར་པོ། །དེ་མཐར་སྲུང་སྔགས་ཀྱིས་བསྐོར་འོད་ཟེར་འཕྲོས། །དུས་གསུམ་རྒྱལ་མཆོད་གཤིན་རྗེའི་ལྷ་ཚོགས་བསྡུས། །བསྲུང་བྱའི་སྒྲིབ་སྦྱངས་ཡི་གེ་གསུམ་་་ཡ་ནྲྀ་ཧཱུྃ་་་ལ་ཐིམ། །ཞེས་པ་ནི་ཏིང་ངེ་འཛིན་གྱིས་སྲུང་བ་རི་བོའི་ཤོག་དྲིལ་གྱི་དོན་ནོ། །ཧཱུྃ་གི་ཀླད་ཀོར་དབུས་སུ་བླ་མ་དང་། །དབྱེར་མེད་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་ཕྱག་མཚན་རྒྱན་རྫོགས་ཐུགས་ཀ་ཡི། །འོད་ཀྱིས་འཆི་མེད་བདུད་རྩི་བཀུག་བྱས་ཏེ། །ཐུགས་སྲོག་གསུམ་་་ཡ་ནྲི་ཧཱུྃ་་་ལ་ཐིམ་པས་ཚེ་དབང་ཐོབ། །ཅེས་པ་ནི་ཏིང་ངེ་འཛིན་གྱིས་སྲུང་བ་གདེངས་ཅན་གྱི་ཤོག་དྲིལ་གྱི་དོན་ནོ། །སྐད་ཅིག་རྫུས་སྐྱེས་ཡེ་ཤེས་ཁྲོ་བོའི་སྐུ །འོད་ལྔ་ལས་གྲུབ་་་གོང་དུ་བསྐྱེད་ཟིན་པ་དེ་སྣང་སྟོང་འོད་ཀྱི་སྐུ་ལྟ་བུ་འཛིན་མེད་དགོས་པའི་དོན་་་ཀེང་རུས་བདེ་བའི་ཉམས།་་་དང་ལྡན་པའི་ཁྲོ་ཆུ་དུག་སྡོང་ནག་པོ། །ཞལ་ཕྱག་ཡོངས་རྫོགས་་་སོགས་སྔར་བསྒོམས་ཟིན་པ་ལྟ་བུའོ། །གནས་གསུམ་ཡི་གེས་་་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་་་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དབང་ལྷའི་རྣམ་པར་བྱོན་ནས།་་་འཆི་མེད་བདུད་རྩིའི་འཕྲོ་འདུས་དབང་བསྐུར་ཞིང་། །ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན།་་་དྭངས་མ་དྲངས་པའི་བཅུད་ཀྱིས་ཕྱི་ནང་ཁྱབ། །སྤྱི་བོའི་རིགས་གསུམ་མགོན་པོས་དབང་བསྐུར་བའི།་་་སྲུང་བྱེད་ཁྲོ་བོའི་བདུད་རྩི་ནང་དུ་འཁྱིལ། །སྲིད་གསུམ་སྒྲིབ་སྦྱངས་བདེ་སྟོང་རོ་ལ་སྤྱོད། །ཚེ་དཔལ་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར། །འོག་ཏུ་ཚེ་བདུད་ཕོ་མོ་བྱི་བཅིང་དང་། ཁ་སྦུབ་གན་རྐྱལ་བསྒྱེལ་བའི་སྙིང་གར་ནི། །སྐུ་སྨད་གནམ་ལྕགས་ཕུར་བུས་གཟིར་བྱས་ཤིང་། །བསྲུང་བྱའི་སྔོན་ལས་འཕྲལ་རྐྱེན་མི་མཐུན་ཕྱོགས། །ཚེ་སྲོག་བར་གཅོད་སྡིག་སྒྲིབ་གནོད་བྱེད་བགེགས། །ཐམས་ཅད་འོད་ཟེར་ནག་པོས་དེ་ལ་བསྟིམས། །སླར་ཡང་གནས་གསུམ་་་ཨ་ནྲྀ་ཧཱུྃ་་་ཕྲེང་བའི་་་སྔགས་ཀྱི་་་འཕྲོ་འདུ་ཡིས། །འཇིག་རྟེན་དྲེགས་པ་རིགས་དྲུག་ཚེ་བདུད་ཀྱི། །སྒྲིབ་སྦྱངས་ཡེ་ཤེས་ལྷ་ཡི་གོ་འཕང་བཀོད། །མཐུ་སྟོབས་ནུས་པ་་་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་བྱང་སེམས་ལ་སོགས་པ་ཐམས་ཅད་ཀྱི་བྱིན་རླབས་མཐུ་སྟོབས་རྣམས་་དཔའ་བོ་འབྲུ་་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ་་ལྔ་་པའི་རྣམ་པ་་དང་། །ཨ་སུ་ནྲྀ་ཏྲི་པྲེ་དུ་ཏྲིར་བཅས་་་རིགས་དྲུག་ཚེ་བསོད་དཔལ་འབྱོར་ཐམས་ཅད་སོ་སོའི་ས་བོན་གྱི་རྣམ་པར་་་བསྡུས། །སྔགས་ཕྲེང་ས་བོན་་་ཡ་ནྲྀ་ཧཱུྃ་གསུམ་་་བཅས་པར་ཐིམ་པ་ཡིས། །འཁོར་འདས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་མཁྱེན་བརྩེ་བཀྲག་དང་གཟི་མདངས་རྒྱས། །སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར། །ཅེས་པ་ཏིང་ངེ་འཛིན་གྱི་སྲུང་བ་བུ་གའི་ཤོག་དྲིལ་གྱི་དོན་ནོ། །དེ་ལྟར་ས་མཱ་དྷི་དགུ་སྐོར་གྱི་མན་ངག་གི་གནད་དང་བཅས་པའི་ངང་ནས་བཟླ་བྱའི་སྔགས་ལ། དང་པོ་རྩ་བའི་བསྙེན་སྔགས་ནི། ྈྈྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈ ྈྈ ཅེས་པ་རྩ་བའི་བསྙེན་སྔགས་ཡིན་པས་འདི་ལ་ཅི་འགྲུབ་བཟླའོ། །རྩ་སྔགས་འདི་ལ་གྲངས་ཀྱི་བསྙེན་པ་ནི་ས་ཡ་ལྔ་བཟླ་དགོས་ཤིང་རྟགས་དང་སྦྱར་ལ་མ་འགྲུབ་བར་དུ་འབད་དགོས་སོ། །ཡུམ་གྱི་བསྙེན་སྔགས་ནི། ྈྈྈྈྈྈྈྈྈ་ྈྈྈྈ ཡུམ་གྱི་རྩ་སྔགས་འདི་གོང་གི་སྔགས་ཤམ་དུ་བཏགས་ལ་སྟོང་ཚོ་ཙམ་རེ་བསྒྲང་། དེ་ལས་མང་མི་ཉན་ནོ། །སྲུང་ཟློག་གི་ལས་ཤིན་ཏུ་གལ་ཆེ་ན། རྩ་སྔགས་མཇུག་ཏུ་ཡུམ་སྔགས་བཏགས་པའི་མཐར་སྲུང་ཟློག་གང་བྱེད་ཀྱི་ཤམ་བུ་བཏགས་ལ་བཟླའོ། །འདི་ཤིན་ཏུ་རྩུབ་ཅིང་བཀའ་གཉན་པས་སྟབས་གཟབ་པ་གལ་ཆེའོ། །དུས་རྟག་ཏུ་ཡུམ་སྔགས་འདོགས་མི་དགོས་སོ། ༈།སྲུང་བའི་དུས་གོང་གི་ས་མཱ་དྷི་དགུའི་ཏིང་ངེ་འཛིན་གསལ་བའི་ངང་ནས་རྩ་སྔགས་ཀྱི་མཇུག་ཏུ། བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་སྲུངས་ཤིག་ནྲྀ་བྷྲཱུྃ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་པ་ནི་སྲུང་བའི་སྔགས་ཏེ་སྲུང་རྟགས་མ་བྱུང་བར་དུ་འབད་དགོས་སོ། །སྲུང་བའི་ལག་ལེན་རྣམས་ནི་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་བལྟ་བར་བྱའོ། །གཉིས་པ་ཟློག་པ་ནི། རང་ཉིད་རྒྱུན་ཁྱེར་བྱེད་པའམ་རྩ་བའི་བསྙེན་སྒྲུབ་ཀྱི་དགོང་མོ་ཙམ་ལ་ཞར་བྱུང་དུ་ཟློག་པ་བྱེད་ན་དམིགས་པ་ཁོ་ནར་བརྟེན་པས་ཀྱང་དོན་འགྲུབ་ཅིང་། གཏོར་ཟློག་སྒྲུབ་པ་སོགས་བྱེད་ན་དེ་དག་གི་བཅའ་གཞི་ལག་ལེན་རྣམས་ནི་ལག་ལེན་གྱི་ཤོག་དྲིལ་དུ་བཤད་པ་ལྟར་བྱ་དགོས་སོ། །ཟློག་པའི་དམིགས་པ་ནི། རང་ཉིད་གཤིན་རྗེ་ཁྲོ་ཆུར་གསལ་བ་ཡི། །སྤྱི་བོར་གཤིན་རྗེ་འཆར་ཀ་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མཆོད་རྟེན་བསྣམས་པ་ཡིས། །སྟེང་ཕྱོགས་ལྷ་ཡི་གདུག་པ་ཟློག་པར་བྱེད། །མགྲིན་པར་གཤིན་རྗེ་འཇོམས་བྱེད་འབར་བ་ནག །གཡས་པ་མཆོད་རྟེན་གཡོན་པ་དགྲ་སཏྭ་བསྣམས། །བར་སྣང་གཉན་གྱི་གདུག་པ་ཟློག་པར་བྱེད། །སྙིང་གར་གཤིན་རྗེ་ཚེ་བདག་ནག་པོ་ནི། །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་རྔམ། །གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ་དང་། །གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་རྡེག །འོག་ཕྱོགས་ཀླུ་ཡི་གདུག་པ་ཟློག་པར་བྱེད། །གསང་བར་གཤིན་རྗེ་ཁ་ཐུན་ནག་པོ་ནི། །ཕྱག་གཉིས་ལྕགས་པར་བསྣམས་ནས་དགྲ་ཤ་ཟ། །སྡེ་བརྒྱད་དྲེགས་པའི་གདུག་པ་ཟློག་པར་བྱེད། །དཔུང་གཡས་གཤིན་རྗེ་ཁྲག་མཚོ་ཁོལ་མ་ནི། །ཕྱག་གཉིས་ཉི་ཟླ་ཆ་ལང་ལྟར་རྡེབ་པས། །བྱད་མའི་ཤ་ཁྲག་མྱལ་མྱལ་རབ་གཏོར་ཞིང་། །དགྲ་གདོན་ཕོ་རྒྱུད་ཚོགས་རྣམས་ཟློག་པར་བྱེད། །དཔུང་གཡོན་གཤིན་རྗེ་རལ་པ་ཚར་དགུ་ནི། །མདོག་ནག་ཕྱག་གཡས་ཁྲམ་ཤིང་གཡོན་ནད་རྐྱལ། །ཐོགས་ནས་བྱད་མ་ལྷར་བཅས་ཁྲམ་ལ་འདེབས། །དགྲ་བགེགས་མོ་རྒྱུད་ཚོགས་རྣམས་ཟློག་པར་བྱེད། །རང་གི་བ་སྤུའི་གསེབ་ནས་ཁྲོ་ཆུང་ཚོགས། །མཚོན་ཐོགས་གྲངས་མེད་སྐར་ལྟར་འཕྲོས་པ་ཡིས། །བྱད་མ་ལྷར་བཅས་ཟློག་ཅིང་གསོད་པར་བྱེད། །གཤིན་རྗེ་སྡེ་དྲུག་དུག་གསུམ་ཁྲོས་མ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅས་རྣམས་ཀྱང་། །ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་ཅིང་། །བ་སྤུའི་གསེབ་ནས་མཚོན་ཆ་སྣ་ཚོགས་པ། །འཕྲོས་པས་དགྲ་གདོན་ཟློག་ཅིང་གསོད་པར་བྱེད། །གུར་ཁང་ཕྱི་རོལ་གནམ་ལྕགས་ལས་གྲུབ་པའི། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་གཉིས་དང་བཅུ། །གཡས་སུ་འཁོར་བས་བྱད་མ་ལྷ་སྲུང་བཅས། །བླ་སྲོག་གཅོད་ཅིང་ཤ་ཁྲག་འཐོར་བར་བྱེད། །རྩིབས་ལ་མ་རེག་ཙམ་དུ་ཁྲོ་ཆེན་བཅུ། །ཤར་དུ་གཤིན་རྗེ་མཐར་བྱེད་ནམ་མཁའི་མདོག །གཡས་པ་རྡོ་རྗེ་གཡོན་པ་ཐོ་བ་བསྣམས། །ལྷོ་རུ་ཤེས་རབ་མཐར་བྱེད་དུང་གི་མདོག །གཡས་པ་ཐོད་དབྱུག་གཡོན་པ་སྡིགས་མཛུབ་གཟིར། །ནུབ་ཏུ་པདྨ་མཐར་བྱེད་བྱེ་རུའི་མདོག །གཡས་པ་པདྨ་གཡོན་པ་སྡིགས་མཛུབ་གཟིར། །བྱང་དུ་བགེགས་ཚོགས་མཐར་བྱེད་མུ་མེན་མདོག །གཡས་པ་རྡོ་རྗེ་གཡོན་པ་སྡིགས་མཛུབ་གཟིར། །ཤར་ལྷོར་འདོད་རྒྱལ་སྔོ་ནག་གཡས་ལྕགས་ཀྱུ། །ལྷོ་ནུབ་དབྱུག་པ་སྔོན་པོ་གཡས་དབྱུག་ཐོ། །ནུབ་བྱང་སྟོབས་ཆེན་མཐིང་ནག་གཡས་རྡོ་རྗེ། །བྱང་ཤར་མི་གཡོ་བ་མཐིང་གཡས་རལ་གྲི །སྟེང་དུ་ཧཱུྃ་མཛད་སྔོན་པོ་གཡས་རྡོ་རྗེ། །འོག་ཏུ་གནོད་མཛེས་མཐིང་ནག་གཡས་གཏུན་ཤིང་། །གཡས་རྣམས་སྡིགས་མཛུབ་དགྲ་གདོན་བགེགས་ཚོགས་གཟིར། །ཀུན་ཀྱང་སྟག་ཤམ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་ཅིང་། །བྱད་མ་ལྷར་བཅས་རྦོད་གཏོང་བྱོལ་ཟོར་སོགས། །གཞན་གྱི་སྦྱོར་ངན་བགེགས་དང་གནོད་བྱེད་ཚོགས། །ཕར་ལ་ཟློག་ཅིང་མེ་ལྕེར་སྦྲང་མ་ལྟར། །ཐལ་བར་བརླག་ཅིང་ཕྱི་ཡི་རྒྱ་མཚོ་ཆེའི། །ཕ་མཐར་སྐྲད་ཅིང་གསད་བཅད་གཏུབ་གཏོར་ནས། །མིང་ཡང་མེད་པར་སྐད་ཅིག་བརླག་པར་གྱུར། །བདག་དང་ལྷ་རྣམས་སྐུ་ལས་རང་འདྲ་བའི། ཁྲོ་ཚོགས་གྲངས་མེད་ནད་མཚོན་ཐོགས་སྤྲོས་པས། །བྱད་མ་ལྷར་བཅས་ཕར་ཟློག་བསད་ཅིང་བསྒྲལ། །འབྱུང་བཞིས་ཚར་བཅད་ལྷག་རྣམས་རྒྱ་མཚོའི་མཐར། །བསྐྲད་ཅིང་མཚམས་བཅད་ཚུར་མི་ལྡོག་པར་གྱུར། །ཅེས་པའི་དམིགས་པ་གསལ་བའི་ངང་ནས། དུ་ཏྲི་ཡ་མ་རཱ་ཛཿ ཡ་མ་རཀྴ །ཀྲོ་དྷ་པ་ཙ་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཡ་མ་ས་མ་ཡ་ཏི་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་སྙིང་ལ་བྷྱོ་བྷྱོ། ཞེས་པ་རྣམས་ནི་ཟློག་པའི་ཤོག་དྲིལ་བཅུ་གཅིག་གི་དོན་བསྡུས་པའོ། །ཞེས་བཟླའོ། །རྩ་སྔགས་ལ་ཟློག་བསད་མནན་པའི་ཤམ་བུ་འདོགས་པའི་ཚེ་པ་ཙ་ལ་ཡན་ཆད་མ་གཏོགས་པ་ཀཱ་ལ་རཱུ་པ་མན་ཆད་མི་དགོས་པ་ནི། རྒྱུད་ལས། སྔགས་གསུམ་དག་གི་ཤམ་བུ་རུ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་དམིགས་པ་སྔགས་དང་བཅས་པས་ཟློག་པའི་རྟགས་མ་བྱུང་གི་བར་དུ་འབད་པ་བསྐྱེད་ཅིང་ཟློག་པའི་དུས་ཀྱི་ལག་ལེན་རྣམས་ནི་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་བལྟ་བར་བྱའོ། །སྲུང་ཟློག་བསད་མནན་གྱི་རྟགས་རྣམས་ནི་གཤིན་རྗེའི་བྱ་ལམ་སྲུང་ཐབས་སུ་བཤད་པ་དེར་བལྟའོ། །དེ་ལྟར་ལུས་དཀྱིལ་ལྷ་རྣམས་བཀོད་པའི་དགོས་པ་ནི། ལྷ་དེ་རྣམས་ཀྱིས་བྱད་དུ་བདག་ཉིད་བཏབ་པ་སོགས་ཡོད་ན། ལྷ་དེ་རྣམས་བཙོན་དུ་བཟུང་བའི་དགོས་པ་ཡོད་ཅིང་། ལྷ་དེ་རྣམས་བྱད་མ་ཁོ་རང་གི་རང་གཤེད་དུ་འབེབ་པ་ཡིན་ནོ། །ལུས་དཀྱིལ་བཀོད་པ་དང་ཁྲོ་བོ་བཅུ་བསྐྱེད་པ་འདི་ཟློག་པའི་དུས་མ་གཏོགས་གཞན་ནམ་དུ་ཡང་མི་དགོས་སོ། །དེ་ལྟར་ཟློག་པའི་དམིགས་པ་སྔགས་དང་བཅས་པ་འདི་ནི་ཁྲོ་ཆུའི་ཟློག་པ་རི་རབ་ཁོང་ཉུལ་གྱི་དོན་ཡིན་པས། ཁྲོ་ཆུ་གཞན་པ་ཁ་ཤས་ལ་གནད་འདི་མི་འདུག་ཅིང་འདི་ཤིན་ཏུ་ཟབ་ཅིང་འཚུབས་པས་གཞན་སྣོད་ལྡན་མ་གཏོགས་པ་ལ་གསང་ངོ་སྦའོ། །རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། གསུམ་པ་བསད་པ་ནི། བསད་པའི་བཅའ་གཞི་དང་ལག་ལེན་ལ་སོགས་པ་ནི་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་བལྟའོ། །དམིགས་པ་ནི། མདུན་དུ་དམིགས་པའི་དགྲ་བོ་གསལ་བ་ལ། །རང་ཉིད་གཤིན་རྗེར་གསལ་བའི་ཐུགས་སྲོག་ལས། །འོད་ཟེར་འཕྲོས་དང་བདག་གི་སྔགས་བཟླས་པའི། །སྒྲ་དང་དྲག་པོའི་ཐུན་རྣམས་ལྷན་ཅིག་ཏུ། །བྱད་མའི་སྤྱི་བོར་ལྷ་ཡི་བུ་ཡི་བདུད། །ས་ཡི་དྭངས་མ་བུང་བ་མེ་ཏོག་ལ། །འཇིབ་འདྲ་དེ་ལ་ཕོག་པས་དེ་དངངས་ནས། །ཚངས་པའི་གཙུག་ཐག་བཅད་ཅིང་ལུས་འབྱུང་འཁྲུགས། །སླར་ཡང་འོད་འཕྲོས་སྔགས་བཅས་མགྲིན་པ་རུ། །ཆུ་ཡི་དྭངས་མ་ཉོན་མོངས་བདུད་པོ་ནི། །སྡིག་པ་དམར་པོ་བྲག་ལ་འཛེག་འདྲ་བ། །དེ་ལ་ཕོག་པས་དེ་དངངས་རྩེ་ཆུང་གཉིས། །བཅད་པས་བྱད་མ་ཁྲག་ཏུ་སྐྱུག་པར་བྱས། །སླར་ཡང་འོད་སྔགས་ཐུན་བཅས་ལྟེ་བ་རུ། །མེ་ཡི་དྭངས་མ་ཕུང་པོའི་བདུད་པོ་ནི། །སྡོམ་གཟུགས་དུད་ཁ་འདོམ་བགྲད་འདྲ་དེར་ཕོག །དེ་དངངས་ལྟེ་བའི་རྩ་བཅད་ལུས་སེམས་ཕྲལ། །སླར་ཡང་འོད་སྔགས་ཐུན་བཅས་སྙིང་ག་རུ། །རླུང་གི་དྭངས་མ་འཆི་བདག་བདུད་པོ་ནི། །མཐིང་ནག་གྱད་མི་སྟོབས་ཆེན་འདྲ་དེ་ལ། །ཕོག་པས་དེ་དངངས་སྲོག་གི་རྩ་བཅད་ནས། །ལུས་སེམས་བྲལ་ཞིང་འཚོ་སྲོག་འགག་པར་བྱས། །སླར་ཡང་འོད་སྔགས་ཐུན་བཅས་སྤྱི་བོ་རུ། །ཕོག་པས་ས་དྭངས་མགྲིན་པའི་ཆུ་ལ་བསྡུས། །མགྲིན་པར་ཕོག་པས་ཆུ་དྭངས་་་ལྟེ་བའི་་་མེ་ལ་བསྡུས། །ལྟེ་བར་ཕོག་པས་མེ་དྭངས་་་སྙིང་གའི་་་རླུང་ལ་བསྡུས། །སྙིང་གར་ཕོག་པས་རླུང་དྭངས་སྲོག་རྩར་འདུས།་་་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དོན། དེ་ཚེ་སྙིང་གར་ཁྲག་གི་སྦལ་པ་ནི། །བྱིའུ་ལེན་པའི་མགོ་ཙམ་དེ་ཡི་ནང་། རྣམ་ཤེས་རྣྲི་ཡིག་ལྗང་གུར་གནས་པ་ལས། །སྦལ་པ་ཞུ་ནས་རྣམ་ཤེས་རྣྲི་ལ་ཐིམ། །རྣྲི་ལྗང་འོད་བཅས་མར་མེ་བསད་པ་ལྟར། །ནག་ཐུམ་སོང་ནས་བེམ་རིག་བྲལ་་་ཞེས་པ་འདི་ནི་བསད་པའི་ཡིག་ཆུང་ཁྱད་པར་ཅན་གྱི་ཤོག་དྲིལ་ནག་པོའི་དོན་ནོ། །བར་བསམ།་་་དམིགས་པ་འདི་རྒྱུན་ཁྱེར་ཡིན་གཞན་སྐབས་སུ་དམིགས་པ་སོ་སོ་བ་རྣམས་ཀྱང་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་ཡོད་པ་ལྟར་རོ། །དེ་ལྟར་དམིགས་པ་གསལ་བའི་ངང་ནས་བསད་པའི་སྔགས་བཟླ་བྱ་ནི། དུ་ཏྲི་ཡ་མ་རཱ་ཛཿ ཡ་མ་རཀྴ། ཀྲོ་དྷ་པ་ཙ་ལ། དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་རྩ་ལ་མྱོག་མྱོག་ཡཾ་ཡཾ་རྦད་རྦད་ལ་ལི་ཐ་བ་ནི། རཱ་ཛ་ྣྥ་བ་ནི། དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་ལ་མྱོག་མྱོག་ཡཾ་ཡཾ་རྦད་རྦད་ཛ་ཛ་ཡ་ཡ་དགྲ་བོའི་སྲོག་རྩ་ལ་རྦད་རྦད། ནག་པོ་ཙིཏྟ་སྲོག་ལ་བྲེང་བྲེང་། རྩ་ཏིག་སྲོག་ཏིག་རྦད། སྙིང་ཏིག་ཁཾ་ཁཾ་རཾ་རཾ་ཡཾ་ཡཾ་བྱད་མའི་སྙིང་དུ་སོད་སོད། ཅེས་པའི་གསང་སྔགས་དམིགས་པ་གསལ་བའི་ངང་ནས་སྒྲ་མ་ཆད་པར་བཟླའོ། །འདི་ནི་སྲུང་ཟློག་བསད་པའི་ངག་འདོན་དུ་དགོས་པ་རྣམས་བཀོད་པ་ཡིན་གྱི་བསྙེན་སྒྲུབ་ལས་སྦྱོར་སྲུང་ཟློག་བསད་པའི་བཅའ་གཞི་དང་དེ་དག་གི་ལག་ལེན་ལ་སོགས་པ་རྣམས་ནི། འཇམ་དཔལ་ཁྲོ་ཆུའི་སྨན་སྡོང་དང་། དུག་སྡོང་གཉིས་ཀ་ནས་ཉེར་མཁོ་ལག་ལེན་དུ་མཁོ་བ་རྣམས་བསྡུས་ཤིང་། དེ་དག་ལ་ཞལ་ཤེས་ཀྱིས་བརྒྱན་ཏེ་ཁོ་བོས་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་གསལ་བར་བཀོད་ཡོད་པ་དེར་རྟོགས་པར་བྱོས་ཤིག །གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། བསྙེན་པའི་དུས་རང་གི་མདུན་དུ་བསྐྱེད་ཅིང་སྲུང་ཟློག་བསད་པའི་དུས་གཏོར་ཆེན་ལ་དམིགས་སོ། །དེ་ཡང་འདི་ལྟ་སྟེ། མདུན་གྱི་རྟེན་ནམ་གཏོར་ཆེན་བསང་སྦྱང་བྱས་ལ། ཧཱུྃ། ཆོས་རྣམས་དམིགས་མེད་སྤྲོས་བྲལ་ཀུན་ཁྱབ་བདལ། །ཞེས་པ་ནས། སྤྱན་དྲངས་གྱུར། གྱི་བར་བདག་བསྐྱེད་ཀྱི་སྐབས་ཇི་ལྟ་བ་ལས་བདག་ཉིད་ཅེས་པའི་མལ་དུ་མདུན་དུ་ཞེས་འདོན་པ་བསྒྱུར་བས་ལྷ་ཚོགས་རྣམས་གསལ་བར་བསྐྱེད་ལ། སྤྱན་འདྲེན་པ། བཞུགས་སུ་གསོལ་བ། ཕྱག་འཚལ་བ། ཕྱིའི་མཆོད་པ། བདུད་རྩི་སྨན་མཆོད། དུག་ཁྲག་གི་མཆོད་པ། གཏོར་མའི་མཆོད་པ་རྣམས་བདག་བསྐྱེད་ཀྱི་སྐབས་ལྟར་བྱས་ལ། བསྟོད་པ་བྱ་བ་ནི། ཧཱུྃ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །དགྲ་བགེགས་བམ་དང་སྡེ་བརྒྱད་བསྣོལ་བའི་སྟེང་། ཁྲོ་རྒྱལ་གཤིན་རྗེ་སྐུ་མདོག་དམར་ནག་འཚེར། །ཞལ་གསུམ་ཕྱག་དྲུག་གཡས་གསུམ་དགྲ་སཏྭ་བསྣམས། །གཡོན་གསུམ་དགྲ་བོའི་སྙིང་དང་ནང་རོལ་གསོལ། །གཡས་ལྗང་གཡོན་དམར་དབུས་མཐིང་མི་རོ་འཆའ། །དབུ་སྐྲ་ཁམ་སེར་མཆོད་རྟེན་གསུམ་གྱི་ནང་། །རིགས་གསུམ་མགོན་དང་དུས་གསུམ་སངས་རྒྱས་རྣམས། །འཛུམ་པའི་ཞལ་དང་སྲུང་བའི་ལས་མཛད་བཞུགས། །སྐུ་སྨད་ཁྲོ་ཆུའི་ཕུར་པ་དབལ་དང་ལྡན། །སྐུ་སྐེད་ཆུ་སྲིན་རྔམས་ཞལ་སྦྲུལ་ནག་འཆང་། །སྤུ་གྲི་ཆུ་གྲིའི་གཤོག་པས་བར་སྣང་གང་། །སྐུ་ལ་དུག་གི་མེ་དཔུང་རབ་ཏུ་འབར། །གསང་ཡུམ་དུན་ཏིག་སྦས་པའི་ཚུལ་དུ་འཁྲིལ། །འཁོར་དུ་འཆི་བདག་ཚེ་བདག་སྲོག་བདག་དང་། །བེ་ཝ་ས་ཏ་ཟ་བ་ལྗང་དམར་དང་། །ཡ་མ་རཱ་ཛ་སྤྱི་གཤེད་དུག་སྡོང་དང་། །འཆི་བདག་བཅུ་གཉིས་དྲེགས་པ་སྒོ་བ་བཞི། །ཡང་འཁོར་གཤིན་རྗེ་དགུ་ཁྲི་དགུ་འབུམ་སོགས། །སྲུང་དང་ཟློག་ཅིང་བསད་པའི་ལས་མཛད་རྣམས། །འཇམ་དཔལ་གཤིན་རྗེའི་བཀའ་ལས་མ་འདའ་བར། །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབ་པ་ཡིས། །ཡིད་ལ་འདོད་པའི་དངོས་གྲུབ་བསྩལ་དུ་གསོལ། །རྣལ་འབྱོར་གུས་པའི་སྒོ་ནས་ཕྱག་འཚལ་བསྟོད། །ཅེས་པའི་མཇུག་ཏུ་སྲུང་ཟློག་བསད་པའི་ཤམ་བུ་གཤིན་རྗེ་ཡང་ཟློག་གི་སྐབས་ལྟར་གདགས་སོ། །སླར་ཡང་གཙོ་བོ་ལ་བསྟོད་པ་རྒྱས་པར་བྱ་བ་ནི། ཧཱུྃ། ཕྱོགས་་་བསྟོད་པ་འདི་ལ་ཕྱོགས་བཅུ་ནམ་མཁའ་མ་ཆེ་བར་གྲགས་སོ་་་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །ཉི་ཟླ་པདྨ་དགྲ་བགེགས་བསྣོལ་བའི་སྟེང་། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །སྐུ་གསུམ་གཅིག་ཏུ་འདུས་པའི་ངོ་བོ་ཉིད། །འཆི་བདག་ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ། །སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་ཆ་བྱད་ཅན། །གཡས་ལྗང་ཕྱག་རྡོར་ཁྲོ་ཆེན་གཏུམ་པའི་ཞལ། །གཡོན་དམར་རྟ་མགྲིན་དབང་ཆེན་ཁྲོས་པའི་ཞལ། །དབུས་མཐིང་འཇམ་དཔལ་དྲག་པོ་ཁྲོ་བོའི་ཞལ། །རིགས་གསུམ་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །རིགས་ལྔའི་སངས་རྒྱས་དབུ་ཡི་རྒྱན་དུ་བཞུགས། །ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་སྦྱོར། །ཡོན་ཏན་ཀུན་རྫོགས་ཁྱོད་ལ་ཕྱག་འཚལ་བསྟོད། །སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིགས་པ་ཡིས། །སེམས་དཔའ་བཅུ་ཡི་ཐུགས་དམ་སྐུལ་བར་བྱེད། །གཟི་བརྗིད་མཐའ་ཡས་ཁྱོད་ལ་ཕྱག་འཚལ་བསྟོད། །མཆེ་བ་བཅུ་གཉིས་རབ་ཏུ་གཙིགས་པ་ཡིས། །འཆི་བདག་བཅུ་གཉིས་སྲོག་རྩ་གཅོད་པར་བྱེད། །ཚེ་རྒྱལ་རིག་འཛིན་ཁྱོད་ལ་ཕྱག་འཚལ་བསྟོད། གཡས་གསུམ་ཕྱག་ན་དགྲ་སཏྭ་བསྣམས་པ་ཡིས། །བསྟན་པའི་རུ་ཏྲ་དམ་ཉམས་སྒྲོལ་བར་བྱེད། །བསྟན་སྲུང་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །གཡོན་གསུམ་ཕྱག་ན་ཙིཏྟ་བསྣམས་པ་ཡིས། །བྱང་ཆུབ་ལམ་གྱི་བར་ཆད་སེལ་བར་བྱེད། །ས་ལམ་རབ་བགྲོད་ཁྱོད་ལ་ཕྱག་འཚལ་བསྟོད། །སྤུ་གྲིའི་གཤོག་པ་གཡས་སུ་ལྡིང་བ་ཡིས། །སྟེང་ཕྱོགས་ལྷ་ཡི་ཚོགས་རྣམས་དབང་དུ་སྡུད། །དབང་སྡུད་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཆུ་གྲིའི་གཤོག་པ་གཡོན་པ་བརྐྱང་བ་ཡིས། །འོག་ཕྱོགས་ཀླུ་ཡི་ཚོགས་རྣམས་དབང་དུ་སྡུད། །ཀླུ་རྒྱལ་དབང་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་སྐེད་ཆུ་སྲིན་རྔམས་ཞལ་གདངས་པ་ཡིས། །བར་སྣང་གཉན་གྱི་ཚོགས་རྣམས་དབང་དུ་སྡུད། །དམག་དཔོན་བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། བ་སྤུའི་གསེབ་ནས་རང་འདྲའི་སྤྲུལ་པ་འགྱེད། །དྲག་པོའི་ཕྲིན་ལས་ཐོགས་མེད་སྒྲུབ་པའི་ཕྱིར། །རྫུ་འཕྲུལ་མཐུ་མངའ་ཁྱོད་ལ་ཕྱག་འཚལ་བསྟོད། སྐུ་ལ་ཡེ་ཤེས་མེ་དཔུང་འབར་བ་ནི། །སྙིགས་མའི་སེམས་ཅན་ཉོན་མོངས་སྲེག་པར་བྱེད། །སེམས་དཔའ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པའི་མཐར་སྲུང་ཟློག་བསད་པ་སྐབས་སུ་གང་བབ་ཀྱི་ཤམ་བུ་འདོད་གསོལ་སྦྱར་བ་དང་། ཡང་གཙོ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཧཱུྃ་ཡ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ན། །ཚ་གྲང་འཁྲུག་པའི་ཀློང་དཀྱིལ་དུ། །ཤིན་ཏུ་འཇིགས་པའི་ཕོ་བྲང་ན། །སྟེང་ནི་རལ་གྲིའི་ལྡིང་ཁང་ལ། །འོག་ཀྱང་སྤུ་གྲིའི་ས་གཞི་གདལ། །སྤུ་གྲི་ཆུ་གྲིའི་གཞལ་ཡས་སུ། །གྲུ་གསུམ་མཐིང་ནག་བསྣོལ་བའི་དབུས། །དྲེགས་ཆེན་བཅོ་བརྒྱད་གནོད་བྱེད་བགེགས། །དམ་ཉམས་དགྲ་བོའི་གདན་སྟེངས་སུ། །ཡ་ལས་སྐྱེས་པའི་གཤིན་རྗེ་ནི། །སྐུ་མདོག་དམར་ནག་མེ་ལྟར་འབར། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གཡས་ཞལ་ལྗང་ལ་གཡོན་ཞལ་དམར། །དབུས་ཞལ་མཐིང་ནག་རབ་ཏུ་རྔམས། །ཉམས་པའི་རུ་དྲ་ཞལ་དུ་གསོལ། །བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །དབུ་གསུམ་སྟེང་ན་མཆོད་རྟེན་གསུམ། །རིགས་གསུམ་དུས་གསུམ་སངས་རྒྱས་བཞུགས། །སྲུང་སྐྱོབ་ཚེ་དབང་ཆོས་ཀྱི་སྐུ །བྱིན་རླབས་གཏེར་གྱུར་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་གསུམ་དགྲ་སཏྭ་བསྣམས། །དམ་ཉམས་དགྲ་བོའི་མགོ་ལུས་འཕྲལ། །གཡོན་གསུམ་སྙིང་དང་སྲོག་རྩ་གཅོད། །ཞལ་དུ་གསོལ་མཛད་ཁྱོད་ལ་བསྟོད། །སྐུ་ལ་དུག་སྦྲུལ་ཆུན་པོས་བརྒྱན། །གདུག་པའི་ཚོགས་རྣམས་རྡུལ་དུ་རློག །མཆེ་བ་བཅུ་གཉིས་དུག་ཕུར་གཏམས། །དྲེགས་པ་ཀུན་སྒྲོལ་ཁྱོད་ལ་བསྟོད། །ལྗགས་གསུམ་འདྲིལ་ཞིང་རྐན་སྒྲ་རྡེབ། །སྟོང་གསུམ་ལྷ་འདྲེ་ཞལ་དུ་གསོལ། །ཞི་བས་མ་ཐུལ་མ་རུངས་པ། །དྲག་པོས་སྒྲོལ་མཛད་ཁྱོད་ལ་བསྟོད། །སྤུ་གྲིའི་གཤོག་པ་གཡས་གཡོན་གྱིས། །གང་ལ་དམིགས་པ་རྡུལ་དུ་རློག །སྐུ་སྐེད་ཆུ་སྲིན་རྔམས་ཞལ་ཅན། །སྟོང་གསུམ་འཇིག་རྟེན་ཞལ་དུ་གསོལ། །སྐུ་སྨད་ཁྲོ་ཆུའི་ཕུར་བུ་ཡིས། །དགྲ་བགེགས་བྱད་མའི་གློ་སྙིང་གཟེར། །སྐུ་ལ་བསྐལ་པའི་མེ་དཔུང་འབར། །དགྲ་བགེགས་བྱད་མ་གཞོབ་ཏུ་བསྲེག །བ་སྤུའི་གསེབ་ནས་སྤྲུལ་པ་འགྱེད། །དགྲ་བགེགས་བྱད་མ་རྡུལ་དུ་རློག །ལས་ཀྱི་གཤིན་རྗེ་མཐུ་རྩལ་ཅན། །འཁོར་ནི་གཤིན་རྗེ་འབུམ་གྱིས་བསྐོར། །སྟོང་གསུམ་འཇིག་རྟེན་ཁྱབ་པར་རྒྱུག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྦས་པའི་ཡུམ་དུ་དུན་ཏིག་དང་། །འཆི་བདག་ཚེ་བདག་སྲོག་གི་བདག །བེ་ཝ་ས་ཏ་ཟ་བ་ལྗང་། །ཡ་མ་རཱ་ཛ་སྤྱི་གཤེད་དང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས། །ལས་ལ་མྱུར་ཞིང་བསྟན་པ་སྲུང་། །བཀའ་ཉན་ཚོགས་ལ་ཕྱག་འཚལ་བསྟོད། །དམར་གྱི་གཏོར་མ་འདི་བཞེས་ལ། །བྱད་མ་ལྷ་སྲུང་བཅས་པ་རྣམས། །དབང་དུ་སྡུས་ལ་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །མ་གཡེལ་དམ་ཅན་སྲུང་མའི་ཚོགས། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་གསུམ་ལ་འཚེ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་ཡི། །སྡིག་ཅན་དགྲ་བོ་མྱུར་དུ་སྒྲོལ། །དུས་ལ་བབ་པོ་ས་མ་ཡ། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད་པ་རྒྱས་པར་བྱས་ལ། སྲུང་ཟློག་བསད་པ་སྐབས་ཐོབ་གང་ཡིན་གྱི་དམིགས་པ་སོགས་གནད་ཤིན་ཏུ་ཆེ་བར་ཡོད་པ་ནི་ཞལ་ལ་དྲིས།་་་བདག་བསྐྱེད་ཀྱི་དམིགས་པ་སྲུང་ཟློག་བསད་པ་སོ་སོར་སྔར་བཤད་ཟིན་ལ་མདུན་བསྐྱེད་ཀྱི་སྐབས་སུ་བདག་ལྷར་གསལ་བའི་ཐུགས་སྲོག་ལས་འོད་འཕྲོས་པས་མདུན་སྐྱེད་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གནས་པ་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྲུང་ཟློག་བསད་པ་གང་ཡིན་གྱི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་པ་ནི་ཞལ་ཤེས་ཡིན་ཅིང་ཞིབ་ཆ་ཚོ་ནི་ཞལ་ལ་དྲིས་ཤིག །བདག་མདུན་གྱི་བསྐྱེད་རིམ་གསལ་ཞིང་སྣང་གྲགས་གསལ་གསུམ་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་རོལ་པ་ལས་མི་གཡོ་བཞིན་པའི་ངང་ནས་ཁྱེར་སོ་གསུམ་དང་ལྡན་པས་ཡིད་མ་ཡེངས་པར་རྩེ་གཅིག་ཏུ་སྲུང་བཟློག་བསད་པ་གང་ཡིན་གྱི་དམིགས་པ་གསལ་བའི་ངང་ནས་བཟླས་བརྗོད་ངག་འཁྱལ་གྱིས་བར་མ་ཆོད་པར་བྱས་ལ་བཟླས་སོ། །ཞིབ་ཆ་མཐའ་དག་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་གསལ་བར་ཡོད་དོ། །སྐབས་སུ་ཚོགས་ཀྱི་མཆོད་པ་བྱ་བ་ནི། ཚོགས་རྫས་རྣམས་ཤིན་ཏུ་ཚོགས་པར་བསགས་ལ་དེ་རྣམས་ལ་ཆུ་བྲན་ལ། ཨོཾ་སུམྦྷའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང། སྟོང་པའི་ངང་ལས་རང་ཉིད་ལྷར་གསལ་ཐུགས་ཀའི་འོད་ཟེར་ལས། །རཾ་ཡཾ་ཁཾ་གི་འཕྲོ་འདུ་ལས་བྱུང་བས། །ཚོགས་ཀྱི་ཉེས་སྐྱོན་མ་དག་དྲི་མའི་ཚོགས། །བསྲེགས་གཏོར་སྦྱངས་ཤིང་རྣམ་པར་དག་བྱས་ནས། །འདོད་ཡོན་ལྔ་ལྡན་མཆོད་པའི་རྫས་སུ་གྱུར། །ཅེས་དམིགས། རཾ་ཡཾ་ཁཾ་སྥ་ར་ཎ་ཙཀྲ་བི་ཤུདྡྷ་ཧཱུྃ་སྭཱ་ཧཱ། སླར་ཡང་སྨན་རག་བྲན་ལ། རང་ཉིད་ལྷ་ཡི་ཐུགས་སྲོག་ལས་འཕྲོས་པའི། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་འོད་འབར་གྱིས། །ཞེ་སྡང་འདོད་ཆགས་གཏི་མུག་ལས་གྱུར་པའི། །ཚོགས་ཀྱི་སྐྱོན་སྦྱངས་སྐུ་གསུམ་ངོ་བོར་བྱས། །སླར་ཡང་ཧ་དཀར་ཧོཿདམར་ཧྲཱིཿལྗང་སྤྲོས། །སྦྱངས་སྤེལ་སྦར་བས་འདོད་ཡོན་བདུད་རྩིའི་མཆོག །གསང་སྔགས་དམ་རྫས་རྨད་བྱུང་ཡེ་ཤེས་ཚོགས། །བླ་མ་ཡི་དམ་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་དགྱེས་པ་སྐྱེད་པའི་རྫས་སུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བརྗོད། ཚོགས་ལ་སྤྱན་དྲང་བ་ནི། ཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་རྒྱ་མཚོ་དང་། །འཇམ་དཔལ་ཁྲོ་ཆུ་དུག་སྡོང་ཡབ་དང་ཡུམ། །སྡེ་དྲུག་གཤིན་རྗེ་ལས་ཀྱི་བཤན་པ་དང་། །བཀའ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདིར་གཤེགས་དམ་རྫས་ཚོགས་ཀྱི་མཆོད་པ་བཞེས། །ཚེ་དང་དབང་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་སྤྱན་འདྲེན་ལ། ཚོགས་ཕུད་དང་པོ་གཏོར་མ་རྣམས་ལ་འབུལ་ཞིང་སྨན་རཀ་སྒྲོན་ལ། ཧཱུྃ། འཇམ་དཔལ་ཐུགས་རྗེ་ཆེ་ལྡན་ཁྲོས་པའི་སྐུ། ཁྲོ་བོའི་རྒྱལ་པོ་ཁྲོ་ཆུ་དུག་སྡོང་དང་། །སྦས་པའི་ཡུམ་ཆེན་གསང་བ་དུན་ཏིག་མ། །གཤིན་རྗེ་སྡེ་དྲུག་དུག་གསུམ་ཁྲོས་པ་དང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་དམག་ཚོགས་ལ། །འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འབུལ། །ཚོགས་ཀྱི་མཆོད་པ་བཞེས་ལ་རྣལ་འབྱོར་ལ། །མཆོག་དང་ཐུན་མོང་མཐུ་རྩལ་དངོས་གྲུབ་སྩོལ། །ཡ་མ་རཱ་ཛ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་དབུལ། ཚོགས་བར་པས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པ་ནི། ཧཱུྃ། འདོད་ཡོན་ལྔ་ལྡན་ཚོགས་ཀྱི་མཆོད་པ་འདིས། །རིགས་གསུམ་ཀུན་འདུས་འཁོར་བཅས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་སྦྱར་སྨན་གྱི་རྒྱ་མཚོ་ཡིས། ཁྲོ་རྒྱལ་ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་། །དགྲ་བགེགས་བསྒྲལ་བའི་དུག་ཁྲག་རྒྱ་མཚོ་ཡིས། ཁྲོ་ཆུ་དུག་སྡོང་འཁོར་བཅས་ཐུགས་དམ་བསྐང་། །བ་ལིཾ་གཏོར་མ་བརྗིད་ལྡན་འབར་བ་ཡིས། །ལས་ཀྱི་གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང་། །ཕྱི་ནང་མཆོད་ཚོགས་ནམ་མཁའི་མཐའ་ཀླས་པས། །འཇམ་དཔལ་ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་། ཁྱོད་ཀྱི་ཐུགས་དམ་གཉན་པོ་དེས་སྐོངས་ལ། །བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བསྐང་ཞིང་། ནོངས་གྱུར་བཤགས་པ་ནི། ཧཱུྃ། ཁྲོ་རྒྱལ་འཁོར་བཅས་བདག་ལ་དགོངས་སུ་གསོལ། ཁྱོད་ནི་རྣམ་དག་ཡེ་ཤེས་སྤྱན་དང་ལྡན། །བདག་ནི་ཉོན་མོངས་དབང་གྱུར་འཁྲུལ་པའི་ཡིད། །ནོངས་གྱུར་ཆག་ཉམས་གང་མཆིས་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང་། །དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་ལ་སོགས། ཁྲོ་རྒྱལ་འཁོར་བཅས་ཐུགས་དང་ཅི་འགལ་བ། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་དང་། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་མ་ནུ་པཱ་ལ་ཡ་སོགས་ཡི་གེ་བརྒྱ་པས་བཤགས་སོ། །ཚོགས་མཐའ་མ་བསྒྲལ་བསྟབ་བྱ་བ་ནི་གཏོར་ཟློག་གདབ་ལས་སོགས་དང་འབྲེལ་ན་ཚོགས་མཐའ་མ་འདི་མ་བྱས་ཀྱང་རུང་ལ། སྐབས་གཞན་དུ་ན། ཟན་གྱི་ལིང་ག་མཁྱིད་གང་བ་དགྲའི་དྲི་མ་དང་རཀྟས་སྦགས་པ་ཤ་དུམ་མཐེབ་སྐྱུ་ཆང་ཕུད་གཏོར་ཆུང་རྣམས་ཚོགས་ཀྱི་ཤ་ཟན་དུམ་གཅིག་དང་མཉམ་དུ་ཐོད་པའམ་ལྕགས་སྣོད་དུ་བཤམས་པ་ལ་བྱིན་གྱིས་མ་བརླབས་པའི་ཁྲག་རྒོད་བྲན་ལ། དགུག་གཞུག་གསུམ་སོགས་ཀྱི་མཇུག་ཏུ་ཕུར་བུ་དང་ཐུན་མཚོན་ཐོགས་ལ་བསྐུལ་བ་ནི། ཧཱུྃ། ང་ནི་དཔལ་ཆེན་སྒྲོལ་གིང་ཆེན་པོ་སྟེ། །ཐུགས་ལས་སྤྲུལ་པའི་གཤིན་རྗེའི་བཤན་པའི་ཚོགས། །ས་སྟེང་ས་འོག་ས་བླའི་ཚོགས་གང་བས། །རྡོ་རྗེ་ཕུར་བུ་ཐུན་མཚོན་རབ་འབར་བ། །ཐོགས་ནས་དགྲ་བགེགས་བླ་དབུགས་སེམས་ཁུག་ལ། །ལྷ་དང་ཕྱེས་ལ་བདུད་དང་གཤེད་དུ་སྤྲོད། །སྲོག་ཆོད་དབུག་ལོངས་མགོ་ལུས་སོ་སོར་ཕྲོལ། །ཤ་རུས་གཏུབས་ལ་སྒྲོལ་བའི་ལས་མཛོད་ཅིག །མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ། །ཐུགས་དམ་དུས་ལ་མ་གཡེལ་ས་མ་ཡ། །ཞེས་དང་། སྔར་བཤད་པའི་གསད་སྔགས་བཟླ་ཞིང་ཐུན་བྲབ་ཕུར་བུ་སྙིང་གར་གདབ་ཅིང་མཚོན་གྱིས་གཏུབས་ལ། ལིང་རོ་རཀྟ་བྲན་ནས་ལག་ཏུ་ཐོགས་ལ་བསྟབ་པའི་ཚུལ་བྱ་ཞིང་། ཨེ་ཡ། དམ་ཉམས་དགྲ་བགེགས་བསྒྲལ་པའི་གཟུགས་ཕུང་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས། །རིགས་གསུམ་ཀུན་འདུས་དུག་སྡོང་ཡབ་དང་ཡུམ། །འཁོར་ཚོགས་དམག་དཔུང་རྒྱ་མཚོའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་བསྟབ་བོ་ཁ་རཾ་ཁཱ་ཧི། །ཤ་ནི་དབུས་མཐིང་རྔམ་པའི་ཞལ་དུ་འབུལ། །དགྲ་བགེགས་གཏི་མུག་ཆོས་སྐུའི་ངང་དུ་སྒྲོལ། །རུས་པ་གཡས་ལྗང་བཞད་པའི་ཞལ་དུ་འབུལ། །དགྲ་བགེགས་ཞེ་སྡང་སྤྲུལ་སྐུའི་ངང་དུ་སྒྲོལ། ཁྲག་རྣམས་གཡོན་དམར་གཤེར་བའི་ཞལ་དུ་འབུལ། །དགྲ་བགེགས་འདོད་ཆགས་ལོངས་སྐུའི་ངང་དུ་སྒྲོལ། ཁམས་དང་ཀླད་པ་གསང་ཡུམ་ཞལ་དུ་འབུལ། །དགྲ་བགེགས་ཕྲག་དོག་ངོ་བོ་ཉིད་སྐུར་སྒྲོལ། །ཞག་དང་ཆུ་སེར་ནང་ཁྲོལ་རུས་པ་དང་། །ལྷ་བ་ལ་སོགས་ལྷག་མ་མ་ལུས་པ། །གཤིན་རྗེ་སྡེ་དྲུག་ལས་ཀྱི་བཤན་པ་དང་། །འཁོར་ཚོགས་གཤིན་རྗེའི་དམག་དཔུང་ཡོངས་ལ་འབུལ། །དགྲ་བགེགས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྣམས། །མཉམ་ཡངས་ཡེ་ཤེས་ངང་དུ་སྒྲོལ་བར་མཛོད། །ཤ་ཁྲག་ཚོགས་ཀྱི་འཁོར་ལོ་གསོལ་ནས་ཀྱང་། །རྣམ་ཤེས་རིགས་གསུམ་དུས་གསུམ་རྒྱལ་བ་ཡི། །ཞིང་དུ་སྤོར་ལ་བྱང་ཆུབ་ཐོབ་པར་མཛོད། །ཅེས་འབུལ་ཞིང་སྨན་རག་སྦྲེང་ལ་ཡབ་ཡུམ་གྱི་རྩ་སྔགས་མཇུག་ཏུ་གཏོར་བསྔོས་ཀྱི་སྐབས་ལྟར་ཤམ་བུ་རྣམས་བཏགས་ལ་འབུལ། སྐབས་འདིར་གསང་བ་གསོལ་གདབ་དང་མངའ་གསོལ་སྐོང་བ་བྱ་དགོས་པ་ནི་ལོགས་སུ་ཡོད་པ་ལྟར་སྐབས་འདིར་བྱ། དེ་ནས་ཚོགས་ལ་ལོངས་སྤྱད། ལྷག་མ་བསྡུས་ལ་སྨན་རག་བྲན་དཔལ་འབར་བཙུགས་ལ། ཧཱུྃ་བྷྱོ། དང་པོ་ཕུད་བདག་བླ་མ་གཤིན་རྗེའི་གཤེད། །བར་དུ་ཚོགས་བདག་དམ་ཅན་རྒྱ་མཚོའི་ཚོགས། །མཐའ་མར་ལྷག་སྡུད་དམག་དཔུང་འཁོར་དང་བཅས། །སྐད་ཅིག་ཉིད་ལ་འདིར་གཤེགས་ཕ་འབབ་ལོངས། །དང་པོ་ཕུད་ལ་དབང་བ་ཕུད་ལ་རོལ། །བར་དུ་ཚོགས་ལ་དབང་བ་ཚོགས་ལ་རོལ། །མཐའ་མར་ལྷག་ལ་དབང་བ་ལྷག་ལ་རོལ། །སྨན་རག་གཏོར་མ་དཔལ་གྱི་ཕ་འབབ་དང་། །དགྲ་བོའི་ཤ་ཁྲག་རུས་པར་བཅས་པ་རྣམས། །བཞེས་ཤིག་རོལ་ཅིག་ཚིམ་ཞིང་དགྱེས་པར་མཛོད། ཁྱོད་རྣམས་ཚིམས་ནས་རྣལ་འབྱོར་བདག་ཅག་གི །མི་མཐུན་བར་ཆད་ནད་གདོན་ཞི་བ་དང་། །ཚེ་དཔལ་ལོངས་སྤྱོད་སྙན་གྲགས་རྒྱས་པར་མཛོད། །མོས་བཞིས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །བསྟན་ལ་གནོད་བྱེད་དམིགས་པའི་བྱད་མ་རྣམས། །སྲོག་ཆོད་དབུགས་ལོངས་མྱུར་དུ་སྒྲོལ་བར་མཛོད། །དམ་རྫས་སྨན་རག་ལྷག་གཏོར་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་སྒྲུབས། །ཨོཾ་ཡ་མ་ར་ཛ་ས་པ་རི་བཱ་ར་ཨུ་ཙྪིཥྚ་པཱ་ཏི་བྷཀྵ་ཁཱ་ཧི་ཁཱ་ཧི། ཞེས་གཙང་སར་འབུལ་ཞིང་། སྲུང་ཟློག་བསད་པའི་སྒྲུབ་པ་ཡུན་རིང་བྱེད་ན་ལྷག་མ་རྣམས་དཀྱིལ་འཁོར་གྱི་འགྲམ་དུ་འབུལ་ལོ། །བསྙེན་སྒྲུབ་ཀྱི་དུས་ཚོགས་མཆོད་འདི་ཉི་མའི་གུང་ཐུན་ནམ་དགོང་ཐུན་ལ་བྱ་དགོས་སོ། །ལས་ཀྱི་མཐའ་རྒྱས་བསྟན་པའི་རིམ་པ་གང་བྱེད་ཀྱང་སྐབས་འདིར་བྱ་དགོས་པས་དེའི་ཚུལ་རྣམས་ནི་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་དུ་ཡོད་པས་དེར་བལྟའོ། །དེ་ནས་གཏོར་ཆེན་ཡོད་ན་སྨན་རཀ་བྲན་ཞིང་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་དགུག་གཞུག་སྔགས་དང་བཅས་པས་དབུལ་ལ་ཐུགས་དམ་བསྐུལ་བ་ནི། ཨེ་ཡ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན།་་་བསྐུལ་འདི་ཡང་སྨན་སྡོང་གི་རྒྱུད་ཀྱི་ལེའུ་སུམ་ཅུ་པ་ནས་བྱུང་བ་ཡིན་ཀྱང་འདྲ་མིན་ཞིག་ཡོང་གི་འདུག་གོ །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ན། །ཚ་གྲང་འཁྲུག་པའི་དཀྱིལ་འཁོར་ན། །ཤིན་ཏུ་འཇིགས་པའི་ཕོ་བྲང་ནི། །སྟེང་ནི་རལ་གྲིའི་ལྡིང་ཁང་ལ། །འོག་ནི་སྤུ་གྲིའི་ས་གཞི་སྟེ། །བར་སྣང་སྤུ་གྲི་ཆུ་གྲི་དང་། །མཚོན་ཆ་བསྣོལ་བའི་གུར་ཁང་དབུས། །དམིགས་པའི་དགྲ་བགེགས་བམ་གྱི་སྟེང་། །ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ། །སྐུ་མདོག་དམར་ནག་མེ་ལྟར་འབར། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །གཡས་ལྗང་ཕོ་རྒྱུད་ཚོགས་རྣམས་གསོལ། །གཡོན་དམར་མོ་རྒྱུད་ཚོགས་རྣམས་གསོལ། །དབུས་མཐིང་བྱད་མ་དགྲ་བགེགས་གསོལ། །དབུ་གསུམ་སྟེང་ན་མཆོད་རྟེན་གསུམ། །རིགས་གསུམ་དུས་གསུམ་སངས་རྒྱས་བཞུགས། །སྲུང་སྐྱོབ་ཚེ་དབང་ཆོས་ཀྱི་སྐུ །གཡས་གསུམ་དགྲ་སཏྭ་བསྣམས་པ་ཡིས། །ཉམས་པ་ཅན་གྱི་མགོ་ལུས་འཕྲལ། །གཡོན་གསུམ་སྙིང་དང་སྲོག་རྩ་བསྣམས། །དྲེགས་བྱེད་བཅོ་བརྒྱད་ཞལ་དུ་གསོལ། །སྐུ་ལ་གདུག་པ་སྦྲུལ་གྱིས་བརྒྱན། །གདུག་པའི་ཚོགས་རྣམས་རྡུལ་དུ་རློག །མཆེ་བ་བཅུ་གཉིས་དུག་ཕུར་གཏམས། །བྱད་མ་ལྷ་སྲུང་དོན་སྙིང་གསོལ། །ལྗགས་གསུམ་འཁྱུག་ཅིང་རྐན་སྒྲ་རྡེབ། །སྟོང་གསུམ་ལྷ་འདྲེ་ཞལ་དུ་གསོལ། །སྤུ་གྲིའི་གཤོག་པ་གཡས་པ་ཡིས། །ཕོ་རྒྱུད་ཐམས་ཅད་རྩད་ནས་གཅོད། །རལ་གྲིའི་གཤོག་པ་གཡོན་པ་ཡིས། །མོ་རྒྱུད་ཚོགས་རྣམས་དམྱལ་ཐག་གཅོད། །སྐུ་སྐེད་ཆུ་སྲིན་རྔམས་ཞལ་ཅན། །སྟོང་གསུམ་མི་མཇེད་ཞལ་དུ་གསོལ། །སྐུ་སྨད་ཁྲོ་ཆུའི་ཕུར་པ་ཡིས། །བྱད་མ་འབུམ་གྱི་སྲོག་སྙིང་གཟིར། །སྐུ་ལ་བསྐལ་པའི་མེ་འབར་བས། །དམིགས་པའི་དགྲ་བགེགས་གཞོབ་ཏུ་བསྲེག །ལས་ཀྱི་གཤིན་རྗེ་མཐུ་རྩལ་ཅན། །འཁོར་དུ་གཤིན་རྗེ་བྱེ་བས་བསྐོར། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གང་ལ་དམིགས་པ་རྡུལ་དུ་རློགས། །དུན་ཏིག་ནག་མོའི་དུས་ལ་བབ། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །འཆི་བདག་ནག་པོའི་དུས་ལ་བབ། །ཕོ་རྒྱུད་ཚོགས་རྣམས་རྡུལ་དུ་རློགས། །ཚེ་བདག་དམར་པོའི་དུས་ལ་བབ། །མོ་རྒྱུད་ཚོགས་རྣམས་རྡུལ་དུ་རློགས། །སྲོག་བདག་ནག་པོའི་དུས་ལ་བབ། །སྣང་སྲིད་ལྷ་འདྲེ་རྡུལ་དུ་རློགས། །བེ་བ་ས་ཏའི་དུས་ལ་བབ། །ལྷ་སྲིན་སྡེ་བརྒྱད་རྡུལ་དུ་རློགས། །ཟ་བ་ལྗང་དམར་དུས་ལ་བབ། །མུ་སྟེགས་ཚོགས་རྣམས་རྡུལ་དུ་རློགས། །ཡ་མ་རཱ་ཛའི་དུས་ལ་བབ། །ཕྱི་ནང་ཆོས་སྐྱོང་རྡུལ་དུ་རློགས། །སྤྱི་གཤེད་དུག་སྡོང་དུས་ལ་བབ། །དམིགས་པའི་དགྲ་བོ་རྡུལ་དུ་རློགས། ཁྲོ་ཆུ་དུག་སྡོང་དུས་ལ་བབ། །ཐམས་ཅད་མ་ལུས་རྡུལ་དུ་རློགས། །དགྲ་བོའི་ཤ་ཁྲག་འདི་བཞེས་ལ། །བྱད་མ་ལྷ་སྲུང་སྡེ་བརྒྱད་དང་། །བན་བོན་མུ་སྟེགས་བཤན་པའི་ཚོགས། །དྲེགས་ཆེན་བཅོ་བརྒྱད་ལྷ་འདྲེ་སྟོང་། །བྱད་མ་འབུམ་དང་སྡེ་བརྒྱད་རྣམས། །སྐད་ཅིག་ཉིད་ལ་རྡུལ་དུ་རློགས། །དམ་རྫས་སྨན་རག་གཏོར་མ་དང་། །དགྲ་བོའི་ཤ་ཁྲག་འདི་བཞེས་ལ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དུས་ལ་བབ་བོ་ས་མ་ཡ། །མ་གཡེལ་ལས་ཀྱི་གཤིན་རྗེའི་ཚོགས། །རྣལ་འབྱོར་བདག་གིས་བཅོལ་པ་ཡི། །དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྐུལ་རིང་བས་བསྐུལ་ཅིང་། སླར་བསྐུལ་ཐུང་གིས་དྲག་ཏུ་བསྐུལ་བ་ནི། ཨེ་ཛཿ ལས་ཀྱི་གཤིན་རྗེའི་དུས་ལ་བབ། ཁྲོ་ཆུ་དུག་སྡོང་དུས་ལ༴ དུན་ཏིག་ནག་མོའི་དུས་ལ༴ འཆི་བདག་ནག་པོའི༴ ཚེ་བདག་དམར་པོའི༴ སྲོག་བདག་ནག་པོའི༴ བེ་བ་ས་ཏའི༴ ཟ་བ་ལྗང་དམར༴ ཡ་མ་རཱ་ཛའི༴ དུག་གསུམ་ཁྲོས་པའི༴ དམ་ཚིག་ཆེན་པོའི༴ སྤྲུལ་པ་འགྱེད་པའི༴ མཐུ་རྩལ་འདོན་པའི་དུས༴ དུས་ལ་བབ་པོ་ས་མ་ཡ། །དམ་ལ་མ་འདའ་དམ་ཚིག་ཅན། །དམ་རྫས་གཏོར་མ་འདི་བཞེས་ལ། །གཤིན་རྗེའི་དམག་ཚོགས་ལས་ལ་ཁྱེ། །བླ་རྐུན་ཇག་པ་ལས་ལ་ཁྱེ། །ལིང་ག་འདི་རུ་བཀོད་པ་དང་། །བྱང་བུ་འདི་ལ་བཏབ་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། ཡིད་ལ་དམིགས་པའི་དགྲ་བོ་འདི། །དོ་ནུབ་ནམ་གྱི་གུང་ཐུན་ལ། །དམ་ཉམས་དགྲ་བོ་གཉིད་ལོག་གི །བླ་འཁྱམས་མ་ཤོར་ཁུག་ལ་ཤོག །སྲོག་རྩ་དམར་པོ་ཆོད་ལ་ཤོག །སྙིང་ཁྲག་ཧུབ་ཀྱིས་འཐུང་ལ་ཤོག །དོན་སྙིང་སྦར་གྱིས་ཆུས་ལ་ཤོག །སོད་རྟགས་དོན་སྙིང་ཁྱེར་ལ་ཤོག །དགྲ་བགེགས་འཁོར་བཅས་ཁུག་ལ་ཤོག །ལྷ་དང་ཕྲོལ་ལ་བདུད་དང་སྤྲོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཙོ་འཁོར་རྣམས་དྲག་ཏུ་བསྐུལ་ཞིང་། སླར་ཡང་ཕྱི་འཁོར་བ་རྣམས་བསྐུལ་བ་ནི། བྷྱོ་ཡ། གཤེད་ཆེན་སྡེ་བཞིའི་དུས་ལ་བབ། །མོན་པ་སྡེ་བཞིའི་དུས༴ བདུད་པོ་སྡེ་བཞིའི་དུས༴ འཆི་བདག་བཅུ་གཉིས་དུས༴ ཕོ་གཤེད་སུམ་བརྒྱ་དྲུག་ཅུའི་དུས༴ མོ་གཤེད་སུམ་བརྒྱ་དྲུག་ཅུའི་དུས༴ ཤ་ཟ་ཁྲི་དང་དྲུག་སྟོང༴ ཁྲག་འཐུང་བྱེ་བ་ས་ཡའི༴ སྒོ་བ་སྡེ་བཞིའི༴ རུ་དྲ་སྡེ་བཞིའི༴ གཤིན་རྗེའི་དམག་ཚོགས༴ དུས་ལ་བབ་པོ་ས་མ་ཡ། །དམ་ལ་མ་འདའ་དམ་ཚིག་ཅན། །དམ་རྫས་གཏོར་མ་འདི་བཞེས་ལ། །གཤིན་རྗེའི་དམག་ཚོགས་ལས་ལ་ཁྱེ། །བླ་རྐུན་ཇག་པ་ལས་ལ་ཁྱེ། །ལིང་ག་འདི་རུ་བཀོད་པ་དང་། །བྱང་བུ་འདི་ལ་བཏབ་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། ཡིད་ལ་དམིགས་པའི་དགྲ་བོ་འདི། །དོ་ནུབ་ནམ་གྱི་གུང་ཐུན་ལ། །དམ་ཉམས་དགྲ་བོ་གཉིད་ལོག་གི །བླ་འཁྱམས་མ་ཤོར་ཁུག་ལ་ཤོག །སྲོག་རྩ་དམར་པོ་ཆོད་ལ་ཤོག །སྙིང་ཁྲག་ཧུབ་ཀྱིས་འཐུང་ལ་ཤོག །དོན་སྙིང་སྦར་གྱིས་ཆུས་ལ་ཤོག །སོད་རྟགས་དོན་སྙིང་ཁྱེར་ལ་ཤོག །དགྲ་བགེགས་འཁོར་བཅས་ཁུག་ལ་ཤོག །ལྷ་དང་ཕྲོལ་ལ་བདུད་དང་སྤྲོད། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཐུགས་དམ་གནད་ནས་བསྐུལ་བར་བྱའོ། །དེ་ནས་གཏོར་ཆེན་ནམ་ཐུན་གཏོར་ཕྱིར་སྤགས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་གཤིན་རྗེའི་དམག་དཔུང་དུ་གྱུར་ནས་མདུན་གྱི་ནམ་མཁའ་གང་བར་བཞུགས་པར་བསམ། གཏོར་མ་ལ་དཔལ་འབར་བཙུགས་དགུག་གཞུག་གསུམ་སོགས་བྱས། སྨན་རཀ་བྲན་ལ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་དམག་ལྟོའི་ཚུལ་དུ་དབུལ། སླར་ཡང་གཏོར་མ་དེ་གཤིན་རྗེའི་དམག་ཚོགས་བསམ། གཏོར་མ་རྒྱག་པའི་ཕྱོགས་དེ་དུག་གི་རྒྱ་མཚོ་ཆེན་པོའི་དབུས་སུ་རིམ་པ་དགུའི་འོག་མཐའ་མེད་རྒྱ་མཚོའི་ནང་ནས་ལས་ཀྱི་བཤན་པ་དུག་གསུམ་ཁྲོས་པ་གཡས་སེང་གེ་གཡོན་ཕག་ཞལ་ཅན་དབུས་ཆུ་སྲིན་གྱི་ཞལ་གདངས་པ་ཡ་མགལ་གནམ་ལ་བྱས་པ་ལྟ་བུ་མ་མགལ་ས་ལ་བྱས་པ་ལྟ་བུ། མཆེ་བ་གངས་རི་ལྟར་གཙིག་པ་ལྕེ་གློག་ལྟར་འཁྱུག་པ་དེ་ལྟ་བུ་ཁ་ཡར་གདངས་འཛེད་པའི་ཚུལ་དུ་ཡོད་པ་གཏོར་མ་གཤིན་རྗེའི་དམག་དཔུང་དུ་གསལ་བའི་མདུན་དུ་དགྲ་བགེགས་བྱད་མ་དམིགས་བྱ་དེ་དངོས་སུ་འདར་ཕྲིལ་ཕྲིལ་ཡོད་པར་བསམས་ལ། སྤྱི་གཤེད་ལས་ཀྱི་བཤན་པ་དུག་གསུམ་ཁྲོས་པ་བསྐུལ་བ་ནི། ཞེ་སྡང་དྲག་པོའི་ང་རྒྱལ་དང་ལྡན་པས་འདི་སྐད་དོ། ཨེ་ཡ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན།་་་གཏོར་ཆེན་འཕང་བའི་དུས་སམ་སྲུང་ཟློག་བསད་པའི་ལས་གལ་ཆེ་ན་སྐབས་འདིར་རྦད་སོད་ཐུན་བསྐུལ་བྱའོ། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ས་རིམ་པ་དགུ་ཡི་མར་ཞབས་ན། །མཐའ་མེད་རྒྱ་མཚོའི་གཏིང་ཞིག་ན། །སྤྱི་གཤེད་དུག་སྡོང་མཐུ་བོ་ཆེ། །དུག་གསུམ་ཁྲོས་པ་དགྲ་བགེགས་གཤེད། །ལས་ཀྱི་བཤན་པ་མཐུ་བོ་ཆེ། །མཐིང་ནག་རབ་འཇིགས་ཁྲོ་གཏུམ་ཅན། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་སྐུ །གཡས་པ་སེང་ཞལ་རྔམས་ཤིང་གདངས། །གཡོན་པ་ཕག་ཞལ་ཐུར་དུ་བགྲད། །དབུས་ཞལ་ཆུ་སྲིན་ཀ་ལ་ཤ །ཡ་མགལ་གནམ་ལ་མ་མགལ་ས། །ལྕེ་ནི་བར་སྣང་གློག་ལྟར་འཁྱུག །མཆེ་བ་ཟླ་ཚེས་འབར་བས་གཏམས། །སྤྱན་མིག་ཁྲག་མཚོ་ཀྱི་ལི་ལི། །གཡས་གསུམ་གནམ་ལྕགས་རལ་གྲི་འཕྱར། །དམ་ཉམས་དགྲ་བོའི་མགོ་ལུས་འཕྲལ། །གཡོན་གསུམ་སྦྲུལ་ནག་ཞགས་པ་བསྣམས། །དམ་ཉམས་བླ་སྲོག་ཡན་ལག་འཆིང་། །དམ་ཉམས་དགྲ་བོ་ལས་ངན་འདི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུར་དུ་སྒྲིམ་མོ་ཨཱ་རལླི། །དམ་ཉམས་དགྲ་བོ་བརླག་ཏུ་ཆུགས། །སྤྱི་གཤེད་དུག་སྡོང་དུས་ལ་བབ། །ལས་ཀྱི་བཤན་པའི་དུས་ལ་བབ། །ཡ་མ་རཱ་ཛའི་དུས༴ དུག་གསུམ་ཁྲོས་པའི༴ དམ་ཚིག་ཆེན་པོའི་དུས་ལ༴ སྤྲུལ་པ་འགྱེད་པའི༴ མཐུ་རྩལ་འདོན་པའི༴ དུས་ལ་བབ་བོ་ས་མ་ཡ། །དམ་ལ་མ་འདའ་དམ་ཚིག་ཅན། །དམ་རྫས་གཏོར་མ་འདི་བཞེས་ལ། །གཤིན་རྗེའི་དམག་ཚོགས་ལས་ལ་ཁྱེ། །བླ་རྐུན་ཇག་པ་ལས་ལ་ཁྱེ། །ལིང་ག་འདི་རུ་བཀོད་པ་དང་། །བྱང་བུ་འདི་ལ་བཏབ་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། ཡིད་ལ་དམིགས་པའི་དགྲ་བོ་འདི། །དོ་ནུབ་ནམ་གྱི་གུང་ཐུན་ལ། །དམ་ཉམས་དགྲ་བོ་གཉིད་ལོག་གི །བླ་འཁྱམས་མ་ཤོར་ཁུག་ལ་ཤོག །སྲོག་རྩ་དམར་པོ་ཆོད་ལ་ཤོག །སྙིང་ཁྲག་ཧུབ་ཀྱིས་འཐུང་ལ་ཤོག །དོན་སྙིང་སྦར་གྱིས་ཆུས་ལ་ཤོག །སོད་རྟགས་དོན་སྙིང་ཁྱེར་ལ་ཤོག །དགྲ་བགེགས་འཁོར་བཅས་ཁུག་ལ་ཤོག །ལྷ་དང་ཕྲོལ་ལ་བདུད་དང་སྤྲོད། །ལས་ཀྱི་བཤན་པ་མཐུ་བོ་ཆེ། །སྤྱི་གཤེད་དུག་སྡོང་མཐུ་བོ་ཆེ། །དུག་གསུམ་ཁྲོས་པ་མཐུ་བོ་ཆེ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མིང་དང་མཚན་མར་སྦྱར་བ་ཡི། །དམ་ཉམས་དགྲ་བོ་སྡིག་ཅན་འདི། །སྐད་ཅིག་ཉིད་ལ་ཁྱུར་མིད་ཐོངས། །ས་རིམ་པ་དགུ་ཡི་འོག་ཏུ་ཁྱེར། །མཐའ་མེད་རྒྱ་མཚོའི་གཏིང་དུ་ཁྱེར། །གཤིན་ཡུལ་རྨེ་ནག་ཉིད་དུ་ཁྱེར། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ཞིང་གཏོར་མའི་མདུན་གྱི་དགྲ་གདོན་རྣམས་གཏོར་མ་དང་མཉམ་དུ་ཁོའི་ཁར་བསྟབ་པས་ཁོའི་ཁར་ཚུད་མ་ཐག་ཏུ་ཁ་བཙུམས་ཏེ་ཆུ་སྲིན་གྱིས་ཁྱུར་མིད་བྱས་ནས་ཁོ་ཡང་ས་རིམ་དགུའི་འོག་མཐའ་མེད་རྒྱ་མཚོའི་གཏིང་གཤིན་ཡུལ་དམེ་ནག་ཏུ་སོང་ནས་དགྲ་བོ་ཐར་བའི་དུས་མེད་པར་བསམ། མདུན་གྱི་གཤིན་རྗེའི་དམག་ཚོགས་རྣམས་ཀྱང་ཀུ་སྒྲ་བསོ་སྒྲ་དང་བཅས་དགྲའི་ཡུལ་དུ་སོང་ནས་དགྲའི་རུས་དང་སྙིང་གའི་ནང་དུ་ཕོ་བྲང་བཏབ་ནས་དགྲ་བོ་དགུ་རྒྱུད་དང་བཅས་པ་མིང་མེད་དུ་བརླག་གི་བར་དུ་སྡོད་པར་བསམ་ཞིང་རྦད་པར་བྱའོ། །དེ་ནས་གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་འཁོར་བཅས་ཡོད་པར་བསམ་ལ། དགུག་གཞུག་བྱས་ལ། གཏོར་མནན་གྱི་རྟ་བྲོ་བྱ་བ་ནི། ཨེ་ཡ། དགྲ་བགེགས་བསྒྲལ་པའི་ཕུང་པོའི་ལྷག་རོལ་ལ། །ལས་ཀྱི་གཤིན་རྗེའི་ཚོགས་ཀྱིས་བྲོ་བརྡུངས་པས། །མཐིང་ནག་རྔམ་ཞིང་ཁྲོས་པའི་སྟངས་སྟབས་ཀྱིས། །དགྲ་བགེགས་གནོད་བྱེད་ཚོགས་རྣམས་མ་ལུས་གནོན། །ཞལ་གསུམ་ཁྲོ་གཏུམ་སྲིད་པ་གསུམ་པོ་གནོན། །མཆོད་རྟེན་གསུམ་གྱིས་ཁམས་གསུམ་དགྲ་བགེགས་གནོན། སྤྱན་དགུ་བགྲད་པས་ལྷ་སྲིན་སྡེ་བརྒྱད་གནོན། སྤུ་གྲིའི་གཤོག་པས་བྱད་མ་དགྲ་བགེགས་གནོན། ཆུ་གྲིའི་གཤོག་པས་དྲེགས་པ་མ་ལུས་གནོན། སྦྲུལ་ནག་ཆུན་པོས་ས་བདག་ཀླུ་གཉན་གནོན། ཁྲོ་ཆུའི་ཕུར་བུས་རུ་དྲ་ཕོ་མོ་གནོན། ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་བཅས་ཀྱིས། །དམིགས་པའི་དགྲ་བགེགས་བྱད་མ་འཁོར་བཅས་པའི། །ལུས་ངག་ཡིད་གསུམ་མནན་ཅིང་གཟིར་བར་མཛོད། །ཨོཾ་ནན་ཨཱཿནན་ཧཱུྃ་ནན་རཾ་ཡཾ་ཁཾ་བཾ་ལཾ་སུཾ་ཁཾ་ཨེ་མཱ་ར་ཡ་སཏྭཾ་བྷ་ཡ་ནན། ཞེས་དང་རྩ་སྔགས་མནན་པའི་ཤམ་བུ་ཅན་གྱིས་བྲོ་བརྡུང་མནན་ཅིང་གཟིར་རོ། །དེ་ནས་འབྱོར་ན་སྐབས་འདིར་དགྱེས་མཆོད་ཀྱི་སླད་དུ་རྟེན་གྱི་དྲུང་དུ་ཤ་ཆེན་གྱིས་སྤོས་བསྲེག་ཚིལ་ཆེན་གྱི་མར་མེ་སྦར་ལ་གསང་བ་གསོལ་གདབ་དང་མངའ་གསོལ་རྒྱས་པར་བྱའོ། །དེ་ནས་བཟོད་པར་གསོལ་བ་ནི། ཧཱུྃ། ལྷ་མཆོག་ཡ་མཱནྟ་ཀའི་ལྷ་ཚོགས་དགོངས། །བདག་ཅག་ཉོན་མོངས་འཁྲུལ་པའི་དབང་གྱུར་པས། །ལྟ་བ་མ་རྟོགས་སྒོམ་པ་མཐར་མ་ཕྱིན། །སྤྱོད་པ་བླང་དོར་སྐུ་གསུང་ཐུགས་དང་འགལ། །ཆོ་ག་ལྷག་ཆད་མ་འབྱོར་མ་ཚང་དང་། །མཆོད་པ་ཆུང་སོགས་ཐུགས་དང་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་བཟོད་པར་མྱུར་བཞེས་ལ། །སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་ཡ་མ་རཱ་ཛའི་ཡི་གེ་བརྒྱ་པ་གསུམ་གྱིས་ལྷག་ཆད་ཁ་བསྐངས་ལ་སྨོན་ལམ་གདབ་པ་ནི། ཧཱུྃ། འཇམ་དཔལ་ལྷག་པའི་ལྷ་མཆོག་དགོངས་སུ་གསོལ། །བདག་གིས་བསྙེན་སྒྲུབ་མཆོད་བསྟོད་བགྱིས་པ་དང་། །ལས་འདི་བརྩམས་པའི་དགེ་བ་དྲི་མེད་འདིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཔལ་ལྡན་བླ་མ་ཞབས་པད་བརྟན་པ་དང་། །དཀོན་མཆོག་རྣམ་གསུམ་དབུ་འཕང་མཐོ་བ་དང་། །དགེ་འདུན་ཐུགས་མཐུན་བསླབ་ལྡན་ཆོས་སྤྱོད་བརྩོན། །རྣལ་འབྱོར་ཚེ་རིང་བར་གཅོད་ཞི་བ་དང་། །བསོད་ནམས་དཔལ་རྒྱས་བསམ་དོན་ཆོས་བཞིན་འགྲུབ། །དགྲ་བགེགས་བྱད་མ་རྡུལ་དུ་རློག་པ་དང་། །བདག་གཞན་སངས་རྒྱས་ས་ལ་འཁོད་པར་ཤོག །ཅེས་སྨོན་ལམ་གདབ། ནུབ་ཐ་མ་ཡིན་ན་གཤེགས་བསྡུ་བྱ་བ་ནི། ཧཱུྃ། འཇམ་དཔལ་ཁྲོས་པ་ལས་ཀྱི་གཤིན་རྗེའི་ཚོགས། །རྣལ་འབྱོར་བདག་ཅག་བསམ་པའི་དོན་བསྒྲུབས་ཤིང། །བར་ཆད་དགྲ་བགེགས་བྱད་མ་བསྒྲལ་ཟིན་ནས། །སླར་ཡང་རང་བཞིན་གནས་སུ་གཤེགས་ནས་ཀྱང་། །ཇི་ལྟར་གང་ཚེ་བདག་གིས་སྤྱན་དྲང་ན། །དེ་ཚེ་སླར་ཡང་མྱུར་དུ་འབྱོན་པར་གསོལ། །བཛྲ་མུཿ དམ་ཚིག་དཀྱིལ་འཁོར་མཐའ་ནས་རིམ་གྱིས་བསྡུས། །མཚོན་ཆ་སྲུང་འཁོར་ལ་ཐིམ་དེ་ཉིད་ཀྱང་། །གཞལ་ཡས་ལ་བསྡུ་དེ་ཡང་འཁོར་ལ་བསྡུ། །དེ་ཡང་སྤྱི་གཤེད་ལ་ཐིམ་དེ་ཉིད་ཀྱང་། །སྡེ་དྲུག་གཤིན་རྗེར་ཐིམ་ཞིང་དེ་རྣམས་ཀྱང་། །ཡུམ་ལ་བསྡུས་ཤིང་ཡུམ་ཡང་ཡབ་ལ་ཐིམ། །ཡབ་ཀྱང་སྐུ་ལུས་སྟོད་སྨད་འོད་ཞུ་ནས། །ཐུགས་ཀའི་ས་བོན་ལ་ཐིམ་དེ་ཉིད་ཀྱང་། །དམིགས་མེད་གསལ་སྟོང་བརྗོད་བྲལ་ངང་ཉིད་ལས། །སླར་ཡང་གཤིན་རྗེ་གཤེད་ཀྱི་སྐུ་རུ་གྱུར། །ཞེས་པའི་བསྡུ་རིམ་རྣམས་བྱས་ལ། ཤིས་པ་བརྗོད་པ་ནི། ཧཱུྃ། མ་རིག་དུག་གི་དུག་ཆེན་པོ། །དུག་སྡོང་ནག་པོའི་བཀྲ་ཤིས་ཤོག །རིག་པ་ཡེ་ཤེས་ཆེན་པོའི་སྨན། །སྨན་སྡོང་ཆེན་པོའི་བཀྲ་ཤིས་ཤོག །འཇམ་དཔལ་སྟོང་ཉིད་ཁྲོ་ཆུའི་མཁར། ཁྲོ་ཆུ་དུག་སྡོང་བཀྲ་ཤིས་ཤོག །དབུ་གསུམ་སྟེང་ན་མཆོད་རྟེན་ནང་། །རིགས་གསུམ་མགོན་པོའི་བཀྲ་ཤིས་ཤོག །གཡོན་དམར་རྟ་མགྲིན་དབང་གི་སྐུ །དབང་སྡུད་རྒྱལ་པོའི་བཀྲ་ཤིས་ཤོག །གཡས་ལྗང་ཕྱག་རྡོར་གཏུམ་པོའི་སྐུ །དྲེགས་པ་འདུལ་བའི་བཀྲ་ཤིས་ཤོག །དབུས་མཐིང་འཇམ་དཔལ་ཁྲོས་པའི་སྐུ །ལས་ཀྱི་གཤིན་རྗེའི་བཀྲ་ཤིས་ཤོག །གསང་ཆེན་དགྱེས་པ་བསྐྱེད་པའི་ཕྱིར། །སྦས་པའི་ཡུམ་གྱི་བཀྲ་ཤིས་ཤོག །འཇམ་དཔལ་སྐུ་ལས་སྤྲུལ་པའི་སྲས། །འཆི་བདག་ནག་པོའི་བཀྲ་ཤིས་ཤོག །རྟ་མགྲིན་གསུང་ལས་སྤྲུལ་པའི་སྲས། །ཚེ་བདག་དམར་པོའི་བཀྲ་ཤིས་ཤོག །ཕྱག་རྡོར་ཐུགས་ལས་སྤྲུལ་པའི་སྲས། །སྲོག་བདག་ནག་པོའི་བཀྲ་ཤིས་ཤོག །ཡོན་ཏན་མ་ལུས་ཡོངས་རྫོགས་པ། །བེ་བ་ས་ཏའི་བཀྲ་ཤིས་ཤོག །ཕྲིན་ལས་མཐའ་ཡས་ལྷུ་གྲུབ་པ། །ཟ་བ་ལྗང་དམར་བཀྲ་ཤིས་ཤོག །གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས། །ཡ་མ་རཱ་ཛའི་བཀྲ་ཤིས་ཤོག །དུག་གསུམ་སྐུ་གསུང་ཐུགས་སུ་སྦྱོར། །ལས་ཀྱི་བཤན་པའི་བཀྲ་ཤིས་ཤོག །དགྲ་བགེགས་བྱད་མ་བསྒྲལ་བའི་ཕྱིར། །འཁོར་གྱི་གཤིན་རྗེའི་བཀྲ་ཤིས་ཤོག །མི་མཐུན་བར་ཆད་བསྲུང་བའི་ཕྱིར། །སྲུང་བའི་འཁོར་ལོའི་བཀྲ་ཤིས་ཤོག །དབུལ་ཕོངས་ཉེས་ཚོགས་སྐྱོབ་པའི་ཕྱིར། །དམ་ཅན་ཚོགས་ཀྱི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་པ་རྒྱས་པ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །བསྟན་འཛིན་སྐུ་ཚེ་ལེགས་བརྟན་པ། །བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །དགྲ་གདོན་གནོད་བྱེད་སྒྲོལ་བ་དང་། །ཚེ་དཔལ་བསོད་ནམས་རྒྱས་པ་སོགས། །རྣལ་འབྱོར་བསམ་པ་འགྲུབ་པ་ཡི། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །གསང་ཆེན་རྡོ་རྗེ་ཐེག་པའི་ལམ། །འཇམ་དཔལ་ཆོས་འདི་ཕྱོགས་ཀུན་ཏུ། །དར་རྒྱས་འགྲོ་དོན་ལྷུན་གྲུབ་པའི། །བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་པར་བྱའོ། །དེ་ནས་ནང་གཏོར་རྣམས་གཏོར་འབུལ་བྱ་བར་འདོད་ན་ཕྱིར་ནངས་སྔ་བར་ལྷ་སོ་སོའི་བསྟོད་བསྐུལ་གྱིས་སྒྲུབ་ཁང་གི་སྟེང་དུ་འབུལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཤིན་རྗེ་སྡེ་དྲུག་ལ་ཁ་ཅིག་ཞལ་གསུམ་ཕྱག་དྲུག་བྱས་པ་འདུག་ཀྱང་གཙོ་བོ་དང་སྤྱི་གཤེད་མ་གཏོགས་སྡེ་དྲུག་ལ་ཞལ་གསུམ་ཕྱག་དྲུག་བྱས་པ་སྔར་གྱི་ལས་བྱང་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་ཡིག་ཆ་རྙིང་པ་དང་། གཞན་ཡང་ཡིག་ཆ་ཁུངས་ཐུབ་མང་རབས་དང་སྨན་སྡོང་གི་རྒྱུད་ལེའུ་སུམ་ཅུ་སོ་ལྔ་པ་དང་རྗེ་རཏྣའི་ཕྱག་བྲིས་ཀྱི་ཐང་ཀ་སོགས་གང་ལ་ཡང་མི་འདུག་པས་དེ་ནི་ཅུང་ཟད་མ་དག་པ་ཁོ་ནར་མངོན་ནོ། ཁྲོ་ཆུ་ཡུམ་དང་སྦྱོར་བ་འདི་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ཡིན་པས་ཤིན་ཏུ་ཟབ་ཅིང་ཁྱད་པར་དུ་འཕགས་པ་ཡིན་ཅིང་འདི་ལས་བྱང་གཞན་པ་དང་ཁྲོ་ཆུ་མཁན་གཞན་ཕལ་ཆེར་ལ་མི་འདུག་པས་གསང་ཞིང་སྦ་བར་བྱའོ། །དེ་ལྟར་ཁྲོ་ཆུ་དུག་སྡོང་གི་ལས་བྱང་གདུག་པ་ཀུན་སྒྲོལ་ཞེས་བྱ་བ་འདི་ནི་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་ལས་བྱང་རྙིང་པ་དང་རྗེ་རཏྣས་མཛད་པའི་གདུག་པ་ཚར་གཅོད་གཙོ་བོར་བྱས། སྨན་སྡོང་གི་རྒྱུད་དང་ཟློག་པ་རི་རབ་ཁོང་ཉུལ་དང་གསང་བ་ཁྱད་པར་ཅན་གྱི་ཤོག་དྲིལ་སོགས་སྐབས་སུ་བབ་པའི་མན་ངག་ཟབ་ཁྱད་རྣམས་ཀྱིས་ཁ་བསྐངས་ཏེ། འབྲི་གུང་པ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་རིག་འཛིན་ཆོས་ཀྱི་གྲགས་པས་གཞུ་སྨད་སྤྲོ་ལུང་དུ་སྦྱར་བ་རྫོགས་སོ། །འདི་ལ་བཅོས་སླད་མ་བྱེད་ཅིག །ས་མ་ཡ། རྒྱ་རྒྱ་རྒྱ། བཀའ་རྒྱ། དམ་རྒྱ། གསང་རྒྱ།། །།
དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ (Volume 33, Text 40)
ྈ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བཞུགས་སོ། ། ྈྈྈྈྈྈ ྈྈྈྈ ྈྈྈྈ ྈྈྈྈ རྒྱ་གར་སྐད་དུ༔ ཤྲཱི་་་དཔལ།བཛྲ་་་རྡོ་རྗེ།གྷུ་ཧྱ་་་གསང་བ།ཀརྨ༔་་་ཕྲིན་ལས། མཱ་ར་ཡ་་་གསད་པ།ཨུ་པ་་་ཉེ་བ།ཏན་ཏྲ་་་རྒྱུད།ནཱ་མ༔་་་ཅེས་བྱ་བ། བོད་སྐད་དུ༔ དཔལ་་་ཤྲཱི།རྡོ་རྗེ་་་ཀུ་ལི་ཤ།གཙུག་ལག་་་ཨརྵ།ཕྲིན་ལས་་་ཀརྨ།དྲག་པོ་་་ཨུ་གྲ།མངོན་དུ་ཕྱུང་བ་་་ཨ་བྷི།ཞེས་བྱ་བའི་་་ནཱ་མ།རྒྱུད༔་་་ཏནྟྲ། བཅོམ་ལྡན་འདས་དྲེགས་པའི་བདག་པོ་ཐམས་ཅད་འཇོམས་པའི་སྟོབས་དང་ལྡན་པ་ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འའདས་དཔལ་གསང་བ་རིགས་དྲུག་གི་བདག་པོ་ཉིད༔ ཆོས་སྐུ་ཐིག་ལེ་ཉག་གཅིག་འོད་ཟེར་ཁ་དོག་སྣ་ཚོགས་པས་འཁྲིགས་པ༔ ཆོས་ཀྱི་སྐུའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏིང་ངེ་འཛིན་དང་བཅས་པ་ཉིད་དུ་བཞེངས་ཏེ༔ སྤྲུལ་པའི་སྐུ་ཕྱོགས་བཅུ་དུས་གསུམ་དུ་ཞི་བ་དང་དྲག་པོ་དང་རབ་ཏུ་ཁྲོས་པའི་ཆ་བྱད་ཀྱིས༔ གང་ལ་གང་འདུལ་གྱིས་འགྲོ་བ་མ་ལུས་པ་ཐུགས་རྗེས་འདྲེན་པར་མཛད་དོ༔ དེ་ཡི་གནས་ནི་ཕྱོགས་བཅུ་དུས་གསུམ་ན་བཞུགས་སོ༔ ཁྱད་པར་གདུག་བྱེད་མ་རུངས་པ་འདུལ་བའི་གནས་ནི༔ གཤིན་རྗེའི་གནས་ཁྱད་པར་ཅན་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་རབ་ཏུ་གཏུམ་ཞིང་གདུག་པའི་ཚལ་ན༔ སྐུ་རབ་ཏུ་བརྗིད་པར་ཉི་མ་འབུམ་བས་ལྷག་པའི་འོད་ཟེར་འཕྲོ་ཞིང༔ ཡེ་ཤེས་དང་འཇིག་རྟེན་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པར་བཞུགས་སོ༔ དུར་ཁྲོད་ཆེན་པོ་དེ་ཡང་རབ་ཏུ་ཡ་ང་ཞིང་སྐྱི་བུང་བུང་བྱེད་པ༔ རོའི་གནམ་ས་སྐྲད་མོ་དང༔ གན་བུབ་དང༔ རེངས་པ་དང༔ འཁུམས་པ་དང༔ བམ་པ་དང༔ རུལ་པ་དང༔ མྱགས་པ་དང༔ ཀེང་རུས་དང༔ འཕར་བ་དང༔ འཁྲབ་པ་དང༔ དགོད་པ་དང༔ ངུ་བ་དང༔ ཕྱག་རྒྱ་སྣ་ཚོགས་བསྒྱུར་བ་དང༔ རྣག་དང་ཁྲག་དང་ཆུ་སེར་འཛག་པ་དང༔ དེར་ཡང་མ་ཟད་ཤ་ཡི་ལང་ལིང་དང༔ ཁྲག་གི་ཀོ་མོག་དང༔ རུས་པ་ཁྲལ་ཁྲོལ་དང༔ འཐོར་བ་དང༔ ཡལ་བ་དང༔ རབ་ཏུ་ཡལ་བའི་དུར་ཁྲོད་དེ་ན༔ སྟག་སེང་དོམ་དྲེད་ལ་སོགས་གཅན་གཟན་སྣ་ཚོགས་དང༔ ཀང་ཀ་བྱ་རྒོད་ལ་སོགས་འདབ་ཆགས་སྣ་ཚོགས་དང༔ དེ་རྣམས་ཀྱང་མི་རོ་གསར་རྙིང་ལ་ཟ་བ་དང༔ འདྲད་པ་དང༔ འཆའ་བར་བྱེད་དོ༔ དེ་ལྟ་བུའི་གནས་ན་དཔལ་ཆེན་པོའི་འཁོར་ནི༔ ཡེ་ཤེས་དང་ལས་ལས་གྲུབ་པའི༔ དཔའ་བོ་དང༔ དཔའ་མོ་དང༔ མཁའ་འགྲོ་དང༔ འཇིག་རྟེན་དྲེགས་པའི་ཚོགས་ཀྱང༔ ལས་ཀྱི་གཤིན་རྗེ་དང༔ མ་མོ་དང༔ གིང་བདུད་དང༔ ཏིར་ཏི་ཀ་དང༔ རུ་ཏྲ་དང༔ ལྷ་དང༔ གནོད་སྦྱིན་དང༔ དམུ་དང་བཙན་དང་རྒྱལ་པོ་དང༔ སྲིན་པོ་དང༔ གཟའ་བདུད་དང༔ ཐེ་བྲང་དང༔ འགོང་པོ་དང༔ དམ་སྲི་དང༔ ཀླུ་གཉན་དང༔ དེ་ལ་སོགས་པའི་ལྷ་སྲིན་བྱེ་བ་ས་ཡས་གུས་པ་འབུལ་ཞིང༔ སོ་སོའི་སྙིང་ཁྲག་དཔལ་ཆེན་པོ་ལ་སྟོབ་པར་བྱེད་དོ༔ དུས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་ཞལ་ནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཨཱོྃ་ཤྲཱི་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ ཞེས་པའི་ང་རོ་བྱུང་བ་ལས༔ ས་རབ་ཏུ་གཡོ་ཞིང་གནམ་ས་ཡང་འཁྲུགས་པར་གྱུར་ཏོ༔ དུར་ཁྲོད་ཡང་མེར་འབར་ཞིང་རླུང་དུ་འཚུབས་སོ༔ ཉི་ཟླ་གཟའ་སྐར་ཡང་ཐང་ལ་ལྷུང་ངོ༔ དྲེགས་པ་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ཡང༔ ཁ་དང་བུ་ག་དགུ་ནས་ཁྲག་དྲོན་མོ་སྐྱུག་གོ༔ བྲེད་དོ༔ བརྒྱལ་ལོ༔ སྲོག་དང་བྲལ་ལ་ཁད་ཀྱི་བར་དེར༔ དྲེགས་པའི་སྡེ་དཔོན་སེམས་ཅན་ལ་གསོད་པ་དང་གཏུབ་པའི་ལས་བྱེད་པ་རྣམས་ཀྱང༔ རང་རང་གི་སྲོག་སྙིང་འདི་ལྟར་རྩལ་འགྲན་ཞིང་ཕུལ་ལོ༔ ཡ་མ་ཡ༔ མ་མ་རུ་ལུ་མ༔ དེ་ཝ་ཨ༔ ཏིར་ཏི་ཀ་ཐ༔ དུ་ཁྲག་དུ༔ དུན་ཏིང་དུ༔ རཀྴ་ར༔ རགྨོ་ར༔ རཀྵ་རཱ༔ ཡཀྵ་ཀྵ༔ ཡག་མོ་ཀྵ༔ རཱ་ཙ་ཙ༔ མུན་མུན་པ༔ ཤུ་ལ་ཙ༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ རུ་ཏྲི་ཏྲི༔ ས་ནཱ་ག་ཕུ༔ ཞེས་ཕུལ་ཏེ༔ གདུག་པའི་ཞིང་བཅུ་སྒྲོལ་བར་ཁས་བླངས་དམ་བཅས་སོ༔ དཔལ་ཆེན་པོ་ཉིད་ཀྱིས༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿཧུར་ཐུཾ་ཛ༔ མཱ་ར་ཡ་རྦད༔ ཅེས་སྲོག་གི་སྙིང་པོ་གཅིག་ཏུ་བསྡུས་ཏེ༔ བསྟན་པ་བསྲུང་བར་དབང་བསྐུར་རོ༔ དམ་ལས་འདས་པའི་གཤེད་དུ་དབབ་པ་དང༔ རྣལ་འབྱོར་དམ་ཚིག་ཅན་གྱི་སྟོངས་གྲོགས་བྱ་བའི་དམ་ཡང་བསྒྲགས་སོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོ་འོ༔ དེ་ནས་ཡང་དུས་དེར་བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཉིད་འོག་མིན་གནས་ནས་སྐུར་བཞེངས་ཏེ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔར་གླུ་གར་རྩེ་བྲོ་རོལ་མོ་ལ་སོགས་ཀྱིས་མཉེས་པར་བྱས་ཏེ༔ ཞིང་བཅུ་ཚང་བའི།་་་མ་རུངས་པ་བསྒྲལ་བ་དང༔ སངས་རྒྱས་ཀྱི།་་་བསྟན་པ་སྲུང་བའི་དོན་དུ་འདི་སྐད་ཅེས་ཞུས་སོ༔ ཨེ་མ་ཧོ༔ བདེ་བར་གཤེགས་པ་དཔའ་བོ་ཡབ༔་་་སྟོབས་ལྡན་ནག་པོ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ ལས་ངན་པ་དུག་ལྔའི་སྤྱོད་པ་འབྲས་བུ་སྨིན་ཏེ༔ ལོག་སྤྱོད་སྣ་ཚོགས་བྱེད་པའི་དུས་སུ་སངས་རྒྱས་ཀྱི།་་་བསྟན་པ་དམ་པ་་་འདི་ཐབས།ཇི་ལྟར་བསྲུང༔ གདུག་པའི་འདྲེ་སྲིན་རྣམས་ཇི་ལྟར་འདུལ༔ དམ་ཉམས་་་བན་དགྲ་ལ།རང་གཤེད་ཇི་ལྟར་དབབ༔ གཞན་ཡང་།་་་ཕན་གནོད་རིམ་པ་་་ལས་སྣ་ཚོགས།གང་ལྟར་བྱ༔ རྡོ་རྗེ།་་་སློབ་དཔོན་་་དང་ནི།སློབ་བུའི་་་མཚན་ཉིད་དང་བཟང་ངན།བྱེ་བྲག་གང་ལྟར་ལགས༔ དམ་ཚིག་་་དང་།དབང་སྐུར་་་གྱི།རིམ་པ་་་སོགས།ཇི་ལྟར་ལགས༔ དཔའ་བོ།་་་སྟོབས་ལྡན་ཆེན་པོས་་་བདག་ཅག་རྣམས་ལ།བསྟན་དུ་གསོལ༔ ཞེས་ཞུས་པ་ལས༔ དཔའ་བོ།་་་སྟོབས་ལྡན་ཆེན་པོས་བཀའ་བསྩལ་པ༔ ཨེ་མ་གསང་བའི་བདག་པོ་ཉོན༔་་་ཅིག །ལས་ངན་་་སྤྱོད་པའི་དགྲ་བགེགས་ངན་སོང་ནས།བསྒྲལ་་་བ།དང་བསྟན་པ་་་སྲུང་བའི་དོན༔་་་དུ། དམ་ཉམས་་་པའི་ཞིང་བཅུ་ཚང་བ།བསྒྲལ་་་འདྲེན།དང་འགྲོ་་་བ་ཐམས་ཅད་ལ།ཕན་་་ཐོགས་པའི།ཕྱིར༔ དོན།་་་དེ་ཉིད་ཞུ་བ་ཤིན་ཏུ་ལེགས༔་་་སོ། །དེ་ཐམས་ཅད།་་་ངས་བཤད་་་ཀྱི་དེའི།དོན་ལ་ཐེ་ཚོམ་སྤོངས༔་་་ཤིག །བསྐལ་པ་སྔོན་འདས་་་པའི་དུས་ཀྱི་སངས་རྒྱས།བསྟན་པ་ལ༔ གནོད་པ་ཐམས་ཅད།་་་དྲག་པོ་རང་བྱུང་་་གི་གདམས་པ།འདི་ཡིས་བསྲུངས༔་་་པ་ཡིན། མ་འོངས་་་པའི།བསྐལ་པའི་་་སངས་རྒྱས་ཀྱི།བསྟན་པ་་་འབྱུང་བར་འགྱུར་བ།ཡང༔ དྲག་སྔགས་རང་བྱུང་འདི་ཡིས་བསྲུང༔་་་བར་འགྱུར་ལ། ད་ལྟ་གནས་པའི་བསྐལ་་་པ་འདི།ལའང༔ སངས་རྒྱས་་་ཀྱི།བསྟན་པ་་་ནི་དྲག་སྔགས།འདི་ཡིས་་་མཐུས།གནས༔་་་པར་བྱེད་པ་ཡིན་ནོ། །དོན།་་་དེ་་་ཡི།ཕྱིར་ཉོན་ལ་ཡིད་ལ་ཟུངས༔ཤིག །རང་་་ལས།བྱུང་་་བ།གདུག་པའི་མཚོན་ཆ་་་འདི།ནི༔ སུས་འཆང་་་བ་དེ།ནོར་བུ་་་རིན་པོ་ཆེ།ཡིད་བཞིན་འཆང༔་་་བ་དང་འདྲ། དེ་ཡི་རིམ་པ་་་ནི།འདི་ལྟ་སྟེ༔ དང་པོ་སློབ་དཔོན་མཚན་ཉིད་ནི༔ རྒྱལ་བའི་གདུང་སོབ་་་པའི།སློབ་དཔོན་ནི༔ གསང་སྔགས་་་ཀྱི།དོན་ཐམས་ཅད་དང་།ལྡན་་་པ་ཕྲིན་ལས་མངོན་གྱུར།འདི་ཉིད་་་ཡིན།དེ༔ འདི་ཡི།་་་བཀའ་་་དང་།རྒྱུད་་་དང་།ལུང་གསུམ་་་སོ་སོར་དབྱེ་བ།ཕྱེད་་་ལ་བུམ་དབང་ཕྱི་ནང་གསང་བའི།དབང་བསྐུར༔་་་བ་ལེགས་པར་ཐོབ་པ། ལྟ་་་བ་དང་།སྤྱོད་་་པ་དང་།ཟུང་འཇུག་་་ཏུ་ལྡན་ཞིང་དུས་རྟག་ཏུ་སྐྱེད་རྫོགས་ཀྱི།ཏིང་འཛིན་ལམ་དུ་ཁྱེར༔་་་བ་ལ་མཁས་པ། འཁོར་འདས་་་ཐམས་ཅད་དང་།སྐུ་གསུམ་གཞན་ནས།མ་བཙལ་་་བ།རང་་་ལ།གྲུབ་་་པར།ཤེས༔་་་པས། སྐུ་གསུམ་་་པོ།འདུ་འབྲལ་མེད་པའི་དོན་ཡང་་་དག་པར།རྟོགས༔་་་པ། དེ་རྣམས་ཀྱི།་་་ངོ་བོ་རང་བཞིན་ཐུགས་རྗེ་་་ཐམས་ཅད་གུད་ནས།མ་བཙལ་་་རང་ལ།རྙེད༔་་་པ། རིག་་་པའི།གནས་་་སྒྲ་ཚད་བཟོ་གསོ་ནང་དོན་ལྔ་ལ།མ་རྨོངས་་་བ།སེམས་ཅན་་་གྱི།དོན་ལ་བརྩོན༔་་་པ། དེ་ལྟ་བུའི་སློབ་དཔོན།་་་དེ་ནི་ཡིད་བཞིན་་་གྱི།ནོར་བུ་་་དང་།འདྲ་བས་་་སློབ་མ་ལས་དང་ལྡན་པས།བཙལ༔ ཅེས་སོ༔ གཉིས་པ་སློབ་བུའི་མཚན་ཉིད་ནི༔ གསང་སྔགས་་་བྱ་སྤྱོད་རྣལ་འབྱོར་ཕྱི།རྣལ་འབྱོར་ཕ་མ་གཉིས་མེད་ནང་གི།དམ་ལ་གནས་པ་དང༔ དད་་་པ་དང་།གུས་་་པ་དང་ཟང་ཟིང་ཆོས་ཕྱོགས་སུ།གཏོང་ཕོད་་་ཆེ་ལ།བསྒྲུབ་་་པ།ལ་བརྩོན༔་་་པ། མགྲིན་་་པ།བདེ་་་ལ་ལུས་ངག་ཡིད་ཀྱིས་བཟོའི།ལས་་་ལ།མཁས་་་པ་རྣམ།རྟོག་་་མང་པོ་དང་།བྲལ་་་བ།དཔའ་གཏུམ་ཆེ་བ༔ མན་ངག་་་སློབ་པའི།བདུད་རྩི་འཐུང་ཞིང་་་འདི་དག་སྣོད་མིན་གཞན་ཐམས་ཅད་ལ།གསང་བ་ཐུབ༔་་་པ། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་ལ།་་་ནང་དམེ་མི་བྱེད་་་ཅིང་སངས་རྒྱས་ཀྱི།བསྟན་པ་བསྲུང་་་བ།ལ་བརྩོན༔་་པ། དེ་ལྟ་བུ་ནི།་་་གསང་སྔགས་་་ཟབ་མོའི།སྣོད་་་དང་།ལྡན་་་པ་ཡིན་པས་དེ་ལྟ་བུ་ལ།གདམས་པ་་་ཐམས་ཅད།དབོག་པར་བྱའོ༔ ཞེས་སོ༔ གསུམ་པ་དམ་ཚིག་བསྲུང་བ་འདི་ལྟ་སྟེ༔ དེ་ལྟར་སློབ་མས་བླ་མ་བརྟག་པ་དང༔ བླ་མས་སློབ་མ་བརྟག་པ་་་ནི།དང་པོར་གཅེས༔་་་ལ། དམ་ཚིག་བསྲུང་བྱའི་རིམ་པ་བསྟན་པ་ཡང༔ བླ་མ་་་དང་།སློབ་མ་གཉིས་ཆར་་་ལ།གཅེས་པ་ཡིན༔་་་ཏེ་དེ་ཡང་། དང་པོར།་་་བླ་མ་་་དེ།ལུས་ངག་ཡིད་གསུམ་་་མོས་པས།གཙུག་ཏུ་བཀུར༔ འཁོར་འདས་ཐམས་ཅད་་་ལ་བཟང་ངན་རེ་དོགས་ཀྱི།སྤང་བླང་་་གི།མཐའ་དང་བྲལ༔་་་བར་རྟོགས་པའི། ལྟ་བའི་གདིང་ཆེན་་་པོ་རེ་དོགས་སྤང་བླང་།གཉིས་་་སུ།མེད་་་པར།རྟོག་པར་བསྲུང༔ དེ་ནི་དམ་ཚིག་ཡེ་བསྲུང་ཆེན་པོ་སྟེ༔ དོན་དམ་པ།་་་དགེ་དང་སྡིག་པས་མ་གོས་་་པ།ཡེ་་་ནས།སངས་རྒྱས༔ དེ་ལྟར་ཡིན་པའི་དོན་རྟོགས་་་པ་ནི།ཐུགས་་་ཀྱི།དམ་ཚིག༔ རང་ལུས་ཡི་དམ་་་དུ་བསྒོམ་ཞིང་།འཁོར་འདས་་་ཐམས་ཅད་ཀྱང་།དེ་ལྟར་བསྒོམ༔ ཆོས་རྣམས་་་ངོ་བོ།སྟོང་་་པ་ལ་རྣམ་པ།གསལ་་་བ་རུ་ཤེས་པ་ནི།སྐུ་ཡི་དམ་ཚིག་གོ༔ སྣང་་་བ་དང་།སྟོང་་་པ།གཉིས་་་སུ།མེད་་་པར་རྟོགས་པའི་ངང་ནས་ཕྱི་ཡི་དགྲ་བགེགས།གསད་གཅད་ལས་ལ་བརྩོན༔པར་བྱ། དེ་ནི།་་་གསུང་གི་དམ་ཚིག་ཡིན་པ་ང་ཡིས་བཤད༔ དེ་ལྟར་་་དམ་ཚིག་གི།རྩ་བ་་་དེར་འདུས།གསུམ་པོ་་་ནི།དང་པོར་་་རྣམ་ཤེས་རྒྱུན་གཅོད་པའི་དོན།གཅེས༔་་པ་ཡིན་ནོ། །དེ་ནས་ཡན་ལག་ཕྲ་མོ་འདི་ལྟ་སྟེ༔ དབང་པོ་་་མིག་སྣ་རྣ་བ་ལྕེ་ལུས།ལྔ་ནི་་་ཁྲག་འཐུང་།ཡབ་ལྔ་འབྱུང་་་བ་ས་ཆུ་མེ་རླུང་ནམ་མཁའ།ལྔ་་་ནི་ཁྲོ་མོ།ཡུམ་ལྔའོ༔ བདུད་རྩི་་་གཅིན་གཅི་ཀླད་ཁུ་ཁྲག།རྣམ་ལྔ་མི་སྤང་དང་དུ་བླང༔ དུག་ལྔ་་་པོ།མི་སྤངས་ཡེ་ཤེས་བསྒྲུབ༔ རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་ལ།་་་དམེ་འཐབ་མི་བྱ་་་ཞིང་བསྲུང་བས།དྲེགས་པ་་་རྣམས་དུས།རྟག་ཏུ་མཆོད༔ གདམས་་་ངག་གི།བཀའ་སྣོད་མིན་་་ལ།མི་སྤེལ་་་ཁ་གསག་གཡོ་ཁྲམ།ནོར་རྫས་་་ཀྱི།ངོར་་་གཞན་ལ།མི་སྦྱིན༔ འགྲོ་བའི་དོན་ལ་རབ་ཏུ་བརྩོན༔ དེ་རྣམས་དམ་ཚིག་བསྲུང་བྱ་འོ༔ ཞེས་སོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སློབ་དཔོན་དང་སློབ་བུ་བརྟག་པ་དང༔ དམ་ཚིག་བསྲུང་བའི་ལེའུ་སྟེ་གཉིས་པའོ༔ སྟོབས་ལྡན་ནག་པོས་ཡང་གསུངས་པ༔ གསང་སྔགས་་་ཀྱི།ཆོས་ནི་དབང་ཐོབ་་་པ།གཅེས༔་་་པས། དེ་ཡི་རིམ་པ་་་ནི།འདི་ལྟ་སྟེ༔ དང་པོ་ལུང་བསྟན་བླ་མ་ལ༔ རྒྱུད།་་་འདི་ཡི་གནང་བ་ཐོབ་པར་བྱ༔ དེ་ནས་དུར་ཁྲོད་གསང་བའི་གནས༔་་་སུ། ཕྱིན་ལ་སྔོན་ལ་ཚོགས་ཀྱང་གསག༔ མདོ་འདོན་་་པ་དང་།སཱཙྪ་་་གདབ་པ་དང་།ཆུ་གཏོར་གཏང༔་་་བ་དང་། མ་ནུས་པ་ལ་སྙིང་རྗེས་སྦྱིན༔་་་པ་བཏང་། རྒྱལ་བ་རྒྱ་མཚོ་་་ཐམས་ཅད་དང་།བསྟན་སྲུང་་་ཆོས་སྐྱོང་དྲེགས་པ་ཐམས་ཅད།ལ༔ ལེའུ་ཉེར་ལྔ་པར་བཤད་པ་སྐོང་བའི།་་་མདོས་དང་ཚོགས་འཁོར་་་ལ་སོགས་པས་ལེགས་པར།མཉེས་པར་བྱ༔་་་དགོས་སོ། །དེ་ནས།་་་གསང་སྔགས་རྫས་ལ་འདི་ཡི་ཡོ་བྱད་་་ཐམས་ཅད་ཚང་བར།གསོག༔ ཕྱི་ནང་་་གི།མཆོད་རྫས་་་རྣམས།དཀྱིལ་འཁོར་་་དུ།བཤམ༔ བླ་མ་མཉེས་པའི་ཡོན་ཕུལ་ལ༔ དབང་གི་ཞུ་་་བ་ཕུལ་བས།གནང་་་བ།ཐོབ་པར་བྱ༔ དེ་ནས་བླ་མ་དོན་ལྡན་དེས༔ བཀའ་་་འདི།ཡི་སྒྲུབ་པ་ཞག་ཉེར་གཅིག༔་་་གམ། བཅོ་ལྔ་འམ་བདུན་ནམ་ལྔ་འམ་གསུམ༔ ཅི་འབྱོར།་་་ཏིང་འཛིན་སྔགས་ཀྱི་ནུས་པས་བསྒྲུབ༔ དེ་རྗེས་སློབ་བུ་ཁྲུས་བྱས་ཏེ༔ ཞི་རྒྱས་དབང་དྲག་་་གང་སྒྲུབ་པར།འདོད་་་པའི།ཡོན་་་དེ་དང་མཐུན་པར།དབུལ༔ ཡོན་་་གང་རུང་།གྱི་རིམ་པས་དབང་ཐོབ་་་པ་སྟེ་རྟེན་འབྲེལ་གྱི་གནད་ཡིན།སྟེ༔ བླ་མ།་་་མཉེས་པར་བྱ་བ་་་ནི་རང་ཉིད།ནུས་པའི་་་ཆེ་བ།གནད༔ མཐུ་་་ཁྱད་པར་ཡིན་ཆེ་བ།འདོད་་་ན།དྲག་པོའི་མཚོན་ཆ་་་མདའ་གྲི་ལ་སོགས་པ།དབུལ༔ དེ་ཡིས་་་ཕྲིན་ལས།ལྷག་མ་་་ཞི་རྒྱས་དབང་།གསུམ་པོ་་་ལ་ཡང་།ཤེས༔་་་དགོས་པས་གང་འདོད་དེའི་རྟེན་འབྲེལ་གྱི་ཡོན་དབུལ། མེ་ཏོག་ལག་་་ཏུ།ཐོགས་ཐལ་་་མོ་སྙིང་གར།སྦྱར་ཏེ༔ བླ་མ་ཉིད་ལ་འདི་ལྟར་ཞུ༔ ཀྱེ་མ་སློབ་དཔོན་ཆེན་པོ་གསན་དུ་གསོལ༔ དགོངས་སུ་གསོལ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་དབང་གི་མངའ་བདག་ཆེ༔ བླ་མ་སྲིད་གསུམ་དབང་སྒྱུར་བས༔ ཁམས་གསུམ་སྒྲོལ་བའི་སྟོབས་པོ་ཆེ༔ དགྲ་བགེགས་མ་ལུས་བསྒྲལ་བ་ཡི༔ དབང་མཆོག་དམ་པ་བདག་ལ་ཞུ༔ ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ༔ ཅེས་ཡོན་དེ་ཕུལ་ལོ༔ དེ་ནས་བླ་མས་བྱ་བ་ནི༔ ཧཱུྃ༔ སྣོད་ལྡན་དམ་ལ་གནས་པ་ཁྱོད༔ དགྲ་བགེགས་མ་ལུས་བསྒྲལ་བ་དང༔ ཞི་རྒྱས་དབང་སྡུད་ཁྱོད་འདོད་ན༔ དེ་ནི་བདག་གིས་བསྐུར་བར་བྱ༔ ཅེས་གནང་བ་བྱིན་པའི་རྗེས་ལ༔ སློབ་མས་ཨ་ལ་ལ་ཧོ༔ ཞེས་གནང་བ་བསྡུའོ༔ དེ་ནི་དབང་གི་སྔོན་འགྲོ་ཡིན༔ དེ་ནས་དངོས་གཞི་འདི་ལྟ་སྟེ༔ ཁྱད་པར་དྲག་པོ་མཐུ་དབང་བསྐུར༔ བླ་མ་དམ་པ་དེ་ཉིད་ཀྱིས༔ གཟའ་སྐར་མཆུ་དང་མིག་དམར་ལ༔ གྲུ་གསུམ་་་ནང་དུ།དགྲ་བགེགས་་་ཀྱི།ལིངྒ་བཅའ༔་་་འདི་སྒྲུབ་གཞུང་ལྟར་རྒྱས་པར་ན་ལིངྒ་རྩིབས་ཅན་དང་སྤྱིལ་པོ་གང་རུང་བསྡུ་ན་ལིང་རྐྱང་གིས་རུང་། དེ་གཉིས་གང་བྱེད་ཀྱང་ཟན་ལིང་གི་ནང་དུ་བསྟུམ། དབང་རྫས་ཡེ་ཤེས་་་པ་བཀའ་བརྒྱད་དང་ཡེ་ཤེས་ཀྱི་རཱ་ཧུ་ལ།འཇིག་རྟེན་་་པ་དྲེགས་པ་བཅོ་བརྒྱད་ཀྱི།སྐུ༔ བྲིས་་་པ།དགོད་གཞན་ཡང་དྲག་པོའི་རྫས༔ ཐུན་རྫས་སྣ་ཚོགས་་་དང་།ཕུར་་་པ་དང་།མཚོན་་་ཆ་ལ་སོགས་པ་གང་དགོས་ཐམས་ཅད།བསགས༔ དེ་རྣམས།་་་གཞུང་ལྟར་་་ལ།གསད་པའི་སྔགས་ཀྱིས་བསྒྲུབ༔་་་པ་ཡུན་རིང་ཐུང་། ཅི་རིགས་་་པ།སྒྲུབས་་་པའི་ཞག་གི་གྲངས།ཐེམས་་་པའི།ནངས་མོ་དེ༔ དབང་བསྐུར་བ་ནི་འདི་ལྟ་སྟེ༔ སླར་ཡང་སློབ་མས།་་་ཕྱག་དང་ཡོན་དང་ཞུ་བ་ཉིད༔ གོང་བཞིན་བྱས་ལ་བླ་མ་ཡིས༔ རིམ་པའི་རྫས་་་དང་།སྔགས་་་ཀྱི།དབང་བསྐུར་་་བ་ཡིན།ཏེ༔ སློབ་མའི།་་་ལག་ཏུ་ཐུན་དང་མཚོན་ཆ་བསྐུར༔ མགོ་ལ་ལྷ་ཡི་སྐུ་རེ་བཞག༔ ངག་ཏུ་་་བླ་མས།འདི་སྐད་བརྗོད་པར་བྱ༔ ཧཱུྃ་ཛ་བྷྱོ་ཡཱ༔ དྲག་པོའི་རིག་འཛིན་བུ་ཁྱོད་ལ༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ དབང་མཆོག་དམ་པ་བསྐུར་བར་བྱ༔ སྲིད་གསུམ་གདུག་པ་བསྒྲལ་བའི་དབང༔ ད་ལྟ་ཉིད་དུ་ཐོབ་པར་ཤོག༔ ཨཱོྃ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་ནན༔ ཨ་བྷི་ཥིཉྩ་མཱཾ༔ ཅེས་དཔལ་ཆེ་མཆོག་ཡོན་ཏན་ལྷ་ཡི་དབང་བསྐུར་རོ༔ དེ་ནས་་་དེ་རྣམས།ཚིག་མགོ་མཇུག་་་ཀུན་གོང་གིས།འགྲེ་སྟེ༔ ལྷ་རྣམས།་་་རིམ་པའི་དབང་བསྐུར་བའི་སྔགས་ལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དགྲ་བགེགས་དམ་སྲི༴ ཨ་བྷི་ཥིཉྩ་མཱཾ༔ ཡང་དག་ཐུགས་སོ༔ ཨཱོྃ་པདྨཱནྟ་ཀྲྀཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་དམ༴ པདྨ་གསུང་ངོ༔ ཨཱོྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་དམ༴ ཕྱག་ན་རྡོ་རྗེའོ༔ ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ༔ ཨཱོྃ་ཀཱ་ལ་རཱུ་པ་ཧཱུྃ༔ ཨཱོྃ་ཧྲཱིཿཥྚི་བི་ཀྲྀ་ཏ་ན་ན་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི༴ གཤིན་རྗེའོ༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ དགྲ་བགེགས་དམ༴ ཕུར་པའོ༔ ཨཱོྃ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ དགྲ་བགེགས་དམ༴ ཨ་བྷི་ཥིཉྩ་མཱཾ༔ མ་མོའོ༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཨེ་ཧཱུྃ་ཛ༔ དགྲ་བགེགས་དམ་སྲི༴ དྲེགས་པ་སྤྱིའོ༔ ཡ་མ་ཡ༔ དགྲ་བགེགས༴ གཤིན་རྗེ་འཆི་བདག་ནག་པོ་འོ༔ མ་མ་རུ་ལུ་མ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་ནན༔ ཨ་བྷི་ཥིཉྩ་མཱཾ༔ སྐྱེ་འགྲོ་སྲོག་གི་བདག་མོ་འོ༔ དེས་དྲེགས་པ་བཅུ་དྲུག་་་ཐམས་ཅད་ལ།འགྲེའོ༔ དེའི་རྗེས་ལ་དགྲ་བགེགས་་་ཀྱི།ལིངྒ་་་དེ་ཉིད།གསད་པའི་སྔགས་ཀྱིས་་་གཞུང་དེ་བཟླས་ཤིང་།གཏུབས་ཏེ༔ རྣམ་པར་ཤེས་པ་གང་ཡིན་ཕུར་པའི་རྩེ་ལ་ཧཱུྃ་གིས་བླངས་ཏེ༔ ཨ་ནྲྀ་ཏྲི་ཡཾ་སྥ་ར་ཎ་ཕཊ༔ ཅེས་རང་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས༔ འོད་དུ་ཞུ་སྟེ་རྒྱལ་བའི་སྲས་སུ་སྐྱེས་སོ༔ དེ་ནི་གཟས་པ་པོ་གནས་སྤར་བ་དང་བདག་གི་སྒྲིབ་པ་སྦྱང་བའོ༔ དེ་ནས་ཤ་ཁྲག་ཀུན་ལྷ་ཚོགས་ཀྱི་ཞལ་དུ་བསྟབ་པ་བྱ༔་་་ཟན་ལིང་། འཁོར་ལོ།་་་མནན་་་པ་དང་སྦྱིན།སྲེག་་་བྱ་དྲེགས་པའི་གཏོར་མས་ཟོར་དུ།འཕང་བ་བཅས་བྱའོ༔ དེ་ནས་བླ་མས་སློབ་མ་ལ།་་་དེ་རིང་ཕན་ཆད་ནས་རྡོ་རྗེ་དྲག་པོ་རྩལ་ཁྱོད་ཀྱིས༔ ཁམས་གསུམ་སྒྲོལ་བའི་མཐུ་དབང་ཐོབ་སྟེ༔ དགྲ་བགེགས་སྒྲོལ་བའི་ནུས་མཐུ་དང་ལྡན་པར་གྱུར་ཅིག༔ ཅེས་གསང་མཚན་གདགས་ཤིང་སྨོན་ལམ་གདབ་བོ༔ དབང་རྟགས་སུ་མཚོན་དང་ཐུན་ཕུར་་་སློབ་མའི།མགོ་ལ་བརྒྱན་ནོ༔ དེ་རྗེས་སློབ་དཔོན་ལ་གཏང་རག་དང་ཡོན་དབུལ་ལོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་ཕྱུང་གི་རྒྱུད་ལས༔ དབང་ནོད་པའི་ལེའུ་སྟེ་གསུམ་པའོ༔ སྟོབས་ལྡན་ནག་པོས་ཡང་གསུངས་པ༔ གདུག་པའི་འདྲེ་སྲིན་་་རྣམས།འདུལ་བ་དང༔ དམ་ཉམས་་་དགྲ་བོ།རང་གཤེད་་་རང་ལ།དབབ་པའི་ཕྱིར༔ དྲག་པོའི་ལས་ཀུན་་་གྲངས་ལྔར་བསྡུས་པ།འདི་ལྟ་སྟེ༔ རང་བཞིན་་་དང་།དྲག་པོ་་་དང་།བཙན་ཐབས་་་དང་།གསུམ༔ དེས་མ་གྲུབ་ན་སྤོགས་པའི་ཐབས༔ ཨར་ལ་གཏད་ཅིང་ལྟོ་བ་དཀྲུག༔་་་པ་དང་། མེ་ཆུ་བསགས་ཏེ་ཤི་ས་བསྟན༔་་་པ་དང་། དེ་ལྟར་རིམ་པ་ལྔར་ཤེས་བྱ༔ དེ་རེ་་་རེ།ལ་ནི་གྲོགས་བཞི་བཞི༔་་་ཡོད་པ་ནི་དེ་ལྔ་པོ།་་་ཀུན་ལ་གདགས་པ་ཤེས་པར་བྱ༔ དེ་ལ་ལས་ཀྱི་སོ་ནི་ལྔ༔་་་ཡིན་ཏེ། གསད་པ་་་དང་།གསོ་བ་་་དང་།དབབ་་་པ།དང་བཅད༔་་་པ་དང་། ཆོ་འཕྲུལ་་་དང་།ལྔ་ནི་དྲག་པོ་འོ༔ གསོ་བ་དག་ལ་་་དེ་དག་གི།གྲོགས་མི་དགོས༔ དེ་རྣམས་རིམ་པས་བསྟན་པར་བྱ༔ དང་པོ་རང་བཞིན་དཀོར་བདག་གིས༔ བསད་ཅིང་རང་གཤེད་་་དབབ་པ།འདི་ལྟ་སྟེ༔ གསད་པའི་གདམས་པ་གསུམ་ཡིན་ཏེ༔ གསད་བྱ་མ་རུངས་་་པ།དགྲ་དང་བགེགས༔་་་གཉིས། གསོད་བྱེད་སྔགས་་་དང་།རྫས་དང་ཏིང་་་ངེ་།འཛིན་་་དང་གསུམ།ཡིན༔ གསོད་་་པ།པོ་རྣལ་འབྱོར་སྐུ་གསུམ་་་དང་།ལྡན༔་་་པ་སྟེ། དེ་ཡི་བྱེ་བྲག་འདི་ལྟ་སྟེ༔ དང་པོ་གསོད་་་པ།པོ་རྣལ་འབྱོར་ཉིད༔ རབ་འབྲིང་ཐ་མ་གསུམ་ཡིན་ཏེ༔ རབ་ནི་སྐུ་གསུམ་་་གྱི།དོན་ཁོང་་་དུ།ཆུད༔་་་པས། འཁོར་འདས་་་ཐམས་ཅད།ཆོས་ཉིད་་་ཀྱི།རོལ་པར་རྟོགས༔་་་པ། བསྙེན་སྒྲུབ་་་ཐམས་ཅད།རྫོགས་པའི་གང་ཟག་དེས༔་་་ནི། རྫས་དང་ཏིང་་་ངེ་།འཛིན་མེད་་་པར།གྱུར་ཀྱང༔ གནད་ཀྱི་བྱེ་བྲག་་་སྲོག།སྔགས་བཀོད་་་ནས།དེ༔ སྔགས་ཀྱིས་ལས་ལ་སྦྱར་བས་འགྲུབ༔ འབྲིང་ནི་ཡི་དམ་་་གྱི།བསྙེན་་་པ།རྟགས་རྫོགས༔་་་པ། དེ་ཡིས་་་ནི།གོང་ལྟར་་་ལས།ཏིང་འཛིན་སྐྱེད༔་་་ནས། རྫས་མེད་སྔགས་དང་ཏིང་་་ངེ་།འཛིན་་་གྱིས།འགྲུབ༔་་་པར་འགྱུར། ཐ་མའི་བྱ་བ་་་ནི།ཡི་དམ་གྱི༔ རྟགས་མ་མཐོང་ཡང་གྲངས་་་ཀྱི།བསྙེན་་་པ་ཚད་དུ།ཐེམས༔་་་པ། དེ་ལ་ནི།་་་སྔགས་དང་རྫས་དང་ཏིང་་་ངེ་།འཛིན་གསུམ༔ གསུམ་དུ་སྦྲགས་པས་འགྲུབ་པ་ཡིན༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ དྲག་པོ་གསད་པའི་ལས་གཞུང་བསྟན་པ་དང༔ གསོད་པ་པོའི་གང་ཟག་བསྟན་པའི་ལེའུ་སྟེ་བཞི་པའོ༔ སྟོབས་ལྡན་ནག་པོས་ཡང་གསུངས་པ༔ གསད་བྱ་བསྟན་པ་དགྲ་དང་བགེགས༔་་་གཉིས་ཡིན། བགེགས་ནི་དྲེགས་པ་་་ཕོ་མོ་ཀླུ་གསུམ་གྱིས་བསྡུས་པ།རྣམས་་་ཡིན་ལ་དེ་རྣམས།མ་རུངས༔ བདག་ལ་གནོད་་་པ་བྱེད།ན་་་ནི།འདྲེ་ཡིན་ཏེ༔ ཡང་བདག་ལ།་་་སྟོངས་གྲོགས་་་དང་ཕན་པ།བྱེད་ན་་་ནི།ལྷ་ཡང་ཡིན༔་་་པས། དེ་ཕྱིར་ལྷ་འདྲེ་ཞེས་སུ་གྲགས༔ དགྲ་ནི་་་བསྟན་ལ་གནོད་པའི།ཞིང་བཅུར་གྱུར་པ་འོ༔ ཞིང་བཅུ་ནི།་་་མི་དགེ་་་བ།བཅུ་སྤྱོད་་་པ་སྟེ།སྲོག་གཅོད་་་པ།དང༔ མ་བྱིན་ལེན་་་པ།དང་མི་ཚངས་་་པར།སྤྱོད༔་་་པ་སྟེ་ལུས་ཀྱི་སྒོ་ནས་གསུམ། རྫུན་སྨྲ་་་བ་དང་།ཕྲ་མ་་་དང་།ཚིག་རྩུབ་ཟློ༔ ངག་འཁྱལ་་་ཏེ་ངག་གི་སྒོ་ནས་བཞི།གཞན་ནོར་ལ།་་་བརྣབ་སེམས་གནོད་སེམས་ཅན༔་་་དང་། ལོག་་་པར།ལྟ་་་བ།ཅན་་་ཏེ་ཡིད་ཀྱི་སྒོ་ནས་གསུམ་སྟེ་དེ་ལྟར།བཅུ་་་དེ་རྣམས་འཁོར་བའི་མཚོ་ལས།བསྒྲལ་བར་བྱ༔ དེ་བཅུ།་་་མ་བསྒྲལ་་་ན།འཁོར་བར་འཁྱམས་པ་་་ཡིན།ལ༔ བསྒྲལ་ཏེ་གནས་སྤར་་་ན།བདེ་བ་ཐོབ༔་་ཅིང་། བདག་གཞན་གཉིས་པོ་མངོན་་་པར།འཚང་རྒྱ༔་་་བ་ཡིན་ནོ། །དེས་ན་འཁོར་བའི་ཆུ་ལས་བསྒྲལ་བའོ༔ ལྷ་འདྲེའི་གོ་རིམ་དྲུག་གིས་ཤེས༔་་་པ་ཡིན་ཏེ། དྲུག་ནི།་་་གྲངས་ངེས་པ་དང་དབང་ཚད་དང༔ མིང་ངེས་པ་དང་སྡེ་དཔོན་བྱེད༔་་་པ་དང་། རྒྱུ་དང་རྟགས་དང་དྲུག་ཡིན་ནོ༔ དེ་རྣམས་རིམ་པར་འདི་ལྟ་སྟེ༔ དང་པོ་ལྷ་འདྲེའི།་་་གྲངས་ངེས་པ་ནི་བཅོ་བརྒྱད་དེ༔ འདྲེ་སྲིན་་་གྱི་རིགས།ཇི་ལྟར་མང་གནས་་་པ་ཐམས་ཅད།ཀྱང༔ འདི་་་བཅོ་བརྒྱད།རྣམས་་་ཀྱི།ཁོངས་སུ་འདུས་པ་ཡིན༔ དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དཔལ་་་སྟོབས་ལྡན་ཆེན་པོ།དྲེགས་པའི་བདག་པོས༔ ཡང་དག་་་པ།དོན་་་དམ་བདེན་པ།ལ་འཁོར་་་བ་དང་མྱང་།འདས་གཉིས་སུ་དབྱེར་མེད་ཀྱང༔ ཀུན་རྫོབ་་་བདེན་པ།ཙམ་དུ་འདོད་་་པ།ཁམས་ཀྱི་མི་མ་ཡིན༔ འཇིག་རྟེན་དྲེགས་པ་ཅན་རྣམས་ལ༔ སྲོག་དང་སྲོག་གི་སྙིང་པོ་ནི་རིགས་སོ་སོའི་ངོ་བོར་ཡོད་པ་གཟིགས་ཏེ༔ དེ་ཡི་་་དོན།ཕྱིར་ན་དྲེགས་པ་ཅན་བཅོ་བརྒྱད་དུ་་་འདུས་པར།མཁྱེན་ནོ༔ དང་པོ།་་་དེ་ཡི་གྲངས་སུ་ཕྱེ་ན་ཡང༔་་་འདི་ལྟ་སྟེ། གཤིན་རྗེ༔ མ་མོ༔ མུ་སྟེགས༔ བདུད་ཕོ་མོ༔ ལྷ་དང༔ སྲིན་པོ་ཕོ་མོ༔ རུ་ཏྲ་དང༔་་་རིག་འཛིན་དང་དོན་གཅིག །འདིའི་ཚབ་ཏུ་གཟའ་བྱས་ན་བསྟོད་བསྐུལ་དང་མཐུན་ནོ། །གནོད་སྦྱིན་ཕོ་མོ༔ རྒྱལ་པོ༔ བཙན༔ དམུ༔ ཐེའུ་བྲང༔ འགོང་པོ༔ དམ་སྲི༔ ཀླུ་དང་བཅོ་བརྒྱད་དོ༔ གཉིས་པ།་་་དེ་ཡང་དབང་ཚད་གོ་རིམ་ངེས་པ་ནི༔ སྲིད་པ་གསུམ་ལ་དབང་བྱེད་པ་གཤིན་རྗེ༔་་་གནས་པའི་ཡུལ་ནི་འོག་གི་ས་ཕྱོགས་དཔག་ཚད་བརྒྱད་ཁྲི་རླུང་གི་དཀྱིལ་འཁོར་ལ་གནས་པའོ། །སྲིད་པའི་གཞི་འཛིན་པ་མ་མོ༔་་་མཚོ་དང་དུར་ཁྲོད་ཤར་ཕྱོགས་གངྒཱའི་མཚོ་ལ་གནས། སྲིད་པར་དབང་ཆེ་བ་མུ་སྟེགས༔་་་རྒྱ་བོད་གཉིས་ན་གནས་པ། སྲིད་པ་ཁྲམ་ལ་འདེབས་པ་བདུད༔་་་སུམ་ཅུ་རྩ་གསུམ་མང་ཡུལ་ཁ་རག་མགོ་དགུ། བདུད་མོ་ནག་མོ་ཁྲག་འཛག་མོ༔་་་ལུང་གསུམ་མདོ། སྲིད་པ་ལ་མགོན་བྱེད་པ་ལྷ༔་་་ལྷ་ཡུལ། སྲིད་པ་ལ་ཐོག་སེར་འབེབ་པ་་་ལྷོ་ནུབ་ལངྐ་པུ་རི་ལ།སྲིན་པོ་ཕོ་མོ༔ སྲིད་པ་ཟས་སུ་ཟ་བའི་་་ཕྱོགས་བཅུ་ནམ་མཁའ་ཡངས་པར།གཟའ༔ སྲིད་པ་ལ་གནོད་པ་སྦྱིན་པ་གནོད་སྦྱིན་ཕོ་མོ༔་་་སྤྱིར་བྱང་ཕྱོགས་གངས་རི་ལའོ། །སྲིད་པའི་སྲོག་དང་སྲིད་པ་ལ་དབང་བྱེད་པ་རྒྱལ་པོ༔་་་ལྷ་ཁང་དང་དགུང་སྔོན་སྟེང་དང་རྒྱ་གར་ཤར་ཕྱོགས་ནའོ། །སྲིད་པ་ལ་འཁྲུག་པ་སློང་བ་བཙན༔་་་བྲག་དང་ཤིང་དང་གངས་རི་ལ་བཙས་ལའོ། །སྲིད་པ་ལ་ནད་གཏོང་བ་དམུ༔་་་བྱང་ཕྱོགས་དམུའི་ཡུལ། སྲིད་པའི་ཟས་ནོར་སྡུད་པ་ཐེའུ་བྲང༔་་་དམ་ཚིག་མ་ཐུབ་པ་ལས་དམ་སྲི་བྱུང་བའོ། །སྲིད་པ་དཀྲུགས་པར་བྱེད་པ་འགོང་པོ༔་་་འགོང་པོ་སྤྱི་ཁྱབ་ཏུ་ཁུ་ལེ། སྲིད་པར་དམ་ཚིག་གི་སྲི་བྱེད་པའི་དམ་སྲི༔་་་དབེན་གནས་ཧྲུལ་པོ། སྲིད་པ་ལ་མཛེ་གཏོང་བ་ཀླུ༔་་་ཀླུ་དང་ས་བདག་གངས་རི་ས་རྡོ་ཆུ་ཤིང་ལ་གནས་སོ། །གསུམ་པ།་་་མིང་ངེས་པ་ནི་གཤིན་རྗེ་མ་རིག་པ་ལ་བྱ་སྟེ༔ འཁོར་གཤིན་བུས་བྱེད་པས་ན་གཤིན་རྗེའོ༔ སྲིད་པ་སྐྱེད་པའི་མ་བྱས་པས་ན་མ་མོ༔ ལྟ་བ་ངན་པ་ལ་མུ་བཙུགས༔ སྤྱོད་པ་ངན་པ་ལ་སྟེགས་བྱེད་པའི་མུ་སྟེགས༔ སྐྱེ་འགྲོའི་བདུད་བྱེད་པས་ན་བདུད་ཕོ་མོ༔ སྲིད་པའི་མགོན་བྱེད་ཅིང་རྒྱུད་འཇམ་པས་ན་ལྷ༔ གསོད་ཅིང་རྔམ་པའི་སྲིན་པོ་ཕོ་མོ༔ ལྟ་བ་ལོག་པ་ལ་གོལ་བས་རུ་ཏྲ༔་་་ཡང་ན་སྡེ་བརྒྱད་ཀུན་གྱི་བྱ་མ་རྟ་གཟའ་འཇིག་རྟེན་པ། གནོད་པ་སྟེར་བས་གནོད་སྦྱིན་ཕོ་མོ༔ གཞན་བས་སྲོག་སྲིད་ལས་རྒྱལ་བས་རྒྱལ་པོ༔ ཆེ་བཙན་དཔལ་དང་ལྡན་པས་བཙན༔ ནད་དང་དལ་ཡམས་གཏོང་བས་དམུ༔ རྫས་དང་ཐེ་ཡི་ཕྱིར་འབྲང་བའི་ཐེའུ་བྲང༔ གཏམ་བསྣོལ་དང་འགོམ་ཡུག་གཏོང་བས་འགོང་པོ༔ དམ་ཚིག་ལ་བར་དུ་གཅོད་པས་དམ་སྲི༔ ཤེས་པ་བླུན་པས་ཀླུའོ༔ བཞི་པ།་་་སྡེ་དཔོན་བྱེད་པ་ནི༔ གཤིན་རྗེ་ནི་ཐམས་ཅད་ཀྱི་ནང་ནས་དབང་ཆེ་སྟེ༔ དེ་ཡི་སྡེ་དཔོན་གཤིན་རྗེ་འཆི་བདག་ནག་པོ་ཡིན༔ མ་མོའི་ནང་ནས་དབང་ཆེ་སྟེ༔ སྡེ་དཔོན་བྱེད་པ་མ་མོ་སྲིད་པའི་རྒྱལ་མོ་ཡིན༔ མུ་སྟེགས་སྡེ་དཔོན་ཀཱ་ལ་ཡཀྵ༔ བདུད་པོའི་སྡེ་དཔོན་མེ་ཡི་ཁ་རླངས་ཅན༔ བདུད་མོའི་སྡེ་དཔོན་ནག་མོ་ཁྲག་འཛག་མ༔ ལྷའི་སྡེ་དཔོན་མ་ཧཱ་དྷེ་བ་དང༔ སྲིན་པོའི་སྡེ་དཔོན་རག་ཤ་གློག་ཕྲེང་ཅན༔ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ གཟའ་ཡི་རཱ་ཧུ་ལ༔ གནོད་སྦྱིན་གྱི་གང་བ་བཟང་པོ༔ གནོད་སྦྱིན་མོའི་ཤ་ཟ་རལ་པ་ཅན༔ རྒྱལ་པོ་ལི་བྱིན་ཧར་ལེགས༔ བཙན་གྱི་ཡམ་ཤུད་དམར་པོ༔ དམུའི་དམུ་རྗེ་བཙན་པོ༔ ཐེ་བྲང་གི་རྡོ་རྗེ་ལེགས་པ༔ འགོང་པོའི་ཁུ་ལེ་ལག་དགུ༔ དམ་སྲིའི་རྐང་ལག་རིང་པོ༔ ཀླུའི་སྡེ་དཔོན་ཀླུ་རྒྱལ་གཞོན་ནུ་གཏུམ་པོའོ༔ ལྔ་པ།་་་ལྷ་འདྲེའི་རྒྱུ་ངེས་པ་ཅན་གང་ལས་གྲུབ་པ་ནི༔ སྤྱི་ཡི་རྒྱུ་ནི་མི་དགེ་བ་བཅུའོ༔ ཁྱད་པར་དུ་རེ་རེར་གྲུབ་པ་ནི༔ རྒྱུ་ཞེ་སྡང་ལས་གྲུབ་པའི་གཤིན་རྗེ༔ འདོད་ཆགས་ལས་གྲུབ་པ་མ་མོ༔ ལོག་ལྟ་ཉི་ཤུ་ལས་མུ་སྟེགས༔ གཏི་མུག་ལས་བདུད་ཕོ་མོ༔ བརྣབ་སེམས་ལས་ལྷ༔ གནོད་སེམས་ལས་གནོད་སྦྱིན་ཕོ་མོ༔ དམ་ཚིག་ཉམས་པ་ལས་རུ་ཏྲ༔་་་ཡང་ན་གཟའ་འཇིག་རྟེན་པ། སྲོག་བཅད་པས་སྲིན་པོ་ཕོ་མོ༔ ཕྲག་དོག་ལས་བཙན༔ འདོད་ཡོན་ལ།་་་ཆགས་པ་ལས་རྒྱལ་པོ༔ ང་རྒྱལ་ལས་དམུ༔ སེར་སྣ་ལས་ཐེ་བྲང༔ ལེ་ལོ་ལས་འགོང་པོ༔ ཚུལ་ཁྲིམས་ཉམས་པ་ལས་དམ་སྲི༔ ཀླུ་ནི་གཏི་མུག་ལས་བྱུང་ངོ༔ དྲུག་པ།་་་རྟགས་ངེས་པ་ནི༔ དེ་ལྟར་དྲེགས་པ་ཅན་ཀུན༔ ལོག་ལྟ་མི་འདྲ་བ་རེ་རེ་ལས་གྲུབ་པས་ན༔ ལུས་དང་རྒྱན་ཆ་ལུགས་འདྲ་མིན་རེ་རེ་ཡོད་དེ༔ བསྟོད་བསྐུལ་ནས་ཇི་ལྟར་བཤད་པ་ལྟར་རོ༔ དེ་ལྟར་བསྟན་པ་སྲུང་བའི་དྲེགས་པ་ཅན་རྣམས་ནི༔ འཇིག་རྟེན་ལས་འདས་པའི་བདེ་བ་མ་མྱོང་ཡང༔ ཡིད་ཀྱི་གཟུགས་ཅན་ཟག་བཅས་ཀྱི།་་་མངོན་པར་ཤེས་པ་དང་ལྡན་པ༔ རྫུ་འཕྲུལ་་་ཡ་མ་ཟུང་།གྱི་མཐུ་མངའ་བ༔ སྐད་ཅིག་ཡིད་ཀྱིས་གར་ཡང་ཕྱིན་པ༔ གསད་པ་་་ནད་ཀྱི།སྙན་དང་་་ཉེས་སུ།ཆས་པ༔ དམ་ལྡན་གྱི་གྲོགས་བྱེད་པ་འོ༔ དང་པོ་རྒྱལ་བའི་སྤྱན་སྔར་སྲོག་སྙིང་ཕུལ་ཏེ་ཁས་བླང་དམ་བཅས་པ༔ ཕལ་ཆེར་དམ་ཚིག་སྲོག་ལྟར་འཆང་སྟེ༔ ཉམས་པའི་གཤེད་མ་དང༔ དབང་ཚད་ནི༔ དྲེགས་པ་བཅོ་བརྒྱད་འདི་ཕལ་ཆེར་སྲིད་པ་གསུམ་ལ་དབང་བྱེད་པའོ༔ ལ་ལ་རེ་རེའམ་གླིང་རེ་ལ་དབང་བ་ཡོད་དོ༔ ཁྱད་པར་ལས་ཀྱི་གཤིན་རྗེའི་ལྟོ་ན་སྲིད་པ་གསུམ་གནས་སོ༔ དངོས་རཱ་ཧུ་ལའོ༔ ཚེ་ནི་ལ་ལ་བསྐལ་པ་གསུམ་ཙམ༔ ལ་ལ་རེ་རེ་སྟེ་ངེས་པ་མེད་དོ༔ ཐ་མར་ནི་ཡེ་ཤེས་ལྷའི་ཞལ་མཐོང་བ་ཀུན་ལུང་བསྟན་པ་ལྟར་བྱང་ཆུབ་ཐོབ་བོ༔ ལ་ལ་ངན་སོང་དུཿཁ་བརྒྱུད་པ་ཡང་ཡོད་དོ༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ གསད་པར་བྱ་བ་དགྲ་དང་བགེགས་བསྟན་པའི་ལེའུ་སྟེ་ལྔ་པའོ༔ སྟོབས་ལྡན་ནག་པོས་ཡང་གསུངས་པ༔ གདུག་པའི་དགྲ་བགེགས་གསོད་བྱེད་རྣམ་པ་གསུམ༔ རྫས་དང༔ སྔགས་དང༔ ཏིང་ངེ་འཛིན་གསུམ་གྱིས་སྒྲོལ༔ རྫས་ལ་ཡང་ནི་རྣམ་པ་གསུམ་ཡིན་ཏེ༔ མཆོད་རྫས༔ རྟེན་རྫས༔ གཟིར་རྫས་སོ༔ དང་པོ་མཆོད་རྫས་གསང་སྔགས་སྤྱི་དང་མཐུན༔་་་ཏེ་ཕྱི་ནང་གསང་བ་དེ་ཁོ་ནའི་མཆོད་པ་དང་། ཁྱད་པར་དུ།་་་སྨན་་་རྩ་བརྒྱད་སྟོང་སྦྱར་དང་།རཀ་་་རྒྱུ་གཉིས་རྐྱེན་དང་སྦྱར་བའི་ཏ་དང་།གཏོར་མ་་་འབྲུ་སྣ་ལྔ་ཁྲག་ཆང་གིས་སྦྲུས་པའི།ཨ་མྲྀཏ༔་་་དམ་རྫས་ཆོས་སྨན་གོང་གི་སྨན་དེ་གས་འཐུས།ཆང་་་རྒོད་ཀྱི།ཕུད་་་གཙང་མ་དང་དྲེགས་པ་རང་རང་དང་མཐུན་པའི།མཆོད་པ་ཤ་སྣ་ལྔའོ༔་་་མི་བ་གླང་ཁྱི་གླང་ཆེན་རྟ། གཉིས་པ།་་་རྟེན་རྫས་་་ནི་མདའ་ལ་བཅའ་བ་དང་རང་ལུས་ལ་བཏགས་པ་གཉིས་ལས་དང་པོ་མདའ་ལ་བཅའ་བ་ལའང་གཉིས།སྤྱི་དང་སྒོས་གཉིས་ལས༔ དང་པོ།་་་སྤྱི་རྫས་བྲུབ་ཁུང་སྟེང་དུ་ནི༔་་་བསྙེན་སྒྲུབ་དལ་ལམ། ཁྲི་སྟེང་གཏོར་མ་་་སྟོབས་ལྡན་ལ་དཔལ་བཤོས་ཁྲུ་གང་བས་མི་ཆུང་བའི་གཡོན་དུ་ཡུམ་ལ་གཙོ་བོའི་སུམ་ཆ་ལྷག་ཙམ་སླེབས་པའི་གྲུ་གསུམ། གཙོ་བོའི་མདུན་དུ་རཱ་ཧུ་ལའི་བཤོས་བུ་ཟུར་གསུམ་གཡས་དཀྱུས་པ། གཡས་སུ་སྲོག་ལེན་ཡབ་ཡུམ་ལ་ཟུར་གསུམ་གཉིས། གཡོན་དུ་མོན་པ་གསུམ་ལ་གྲུ་གསུམ་རྣམས་ཡུམ་ལས་ཅུང་ཟད་དམའ་བ། དེའི་ཕྱིར་དེ་རྣམས་ལས་ཅུང་ཟད་དམའ་བ་དྲེགས་པ་བཅོ་བརྒྱད་ལ་ཟུར་གསུམ་བཅོ་བརྒྱད། དེ་རྣམས་ཀྱི་མཚམས་དང་ཕྱི་རོལ་དུ་ཨང་ཀྱུ་བཅད་ཁ་ཕྱིར་བསྟན་པ་མང་དུ་བྱ། དཀར་དམར་ཤ་ཁྲག་གི་རྒྱན་དམར་ཙ་རེ་བ་བརྗིད་རྔམ་དང་ལྡན་པར་བྱའོ།གོང་ལྟར་བཤམ༔ དར་ནག་གི་གདུགས་ཕུབ་པ།་་་མདའ་མོ་བྱ་རྒོད་་་ཀྱི་སྒྲོ་བསྐྱོན་པ།དར་སྣ་་་ལྔས།བརྒྱན༔་་་པ་མདའ་ཡི་རྩེ་མོ་ལ་སྟོབས་ལྡན་གྱི་ཙཀླི་བསྐྱོན་ཏེ་གཏོར་མའི་དལ་དབུས་སུ་གཟུག་གོ། །མདའ།་་་དེ་ཡི་མགུལ་པར་་་ནི།སྦ་དཀར་་་རམ།ཤིང༔་་་སྨྱུག་མ། སེང་ལྡེང་གི།་་་ཕུར་པ་ཁྲུ་འམ་མཐོ་གང་བའི༔ རྒྱ་མདུད་གོང་མར།་་་དབུ་ལ་་་དེའི་མགོར།སྟོབས་ཀྱི་ཡིག་་་གེ་ཨཱོྃ་བཛྲ་སར་བ་དུཥ་ཊཱན།འབྲུ་དྲུག༔ བདུད་རྩི་ཨ་མྲྀཏའི་ཐུམ་བུ་ཡང་མདའ་ཡི་སྒྲོ་འོག་ཙམ་དུ་གདག་གོ།་་་སྟོབས་ལྡན་རྫས་དངོས། རྡོ་ཕ་ཝང་ལོང་བུ་ལ། ཨཱེཿཏྲི་མ་ཕུ་ཛཿཧྲཱིཿརྣམས་ལོག་དྲུག་ལ་བྲིས་འབྲུ་རེར་ཨ་མྲྀཏའི་ཐུམ་བུར་བཅོལ་ལ། མཆན། དེ་ཡང་འདི་ལྟར་བྲི་བར་བྱ༔ ཨཱོྃ་ཤྲཱི་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཡེ་ཤེས་ལྔ་ལྡན།་་་ཨཱོྃ་བཛྲ་སརྦ་དུཥ་ཊཱན༔་་་སྟོབས་ཡིག་བཞི་ཞེས་པ་ནི།་་་ཨཱོྃ་དང་བཛྲ་མི་ཐེ་བར་སར་བ་དུཥ་ཊཱན་ཞེས་པ་བཞི་ཡིན་ནོ། །ཏྲིག་ནན༔་་་རང་བཞིན། རྦད་ནན༔་་་དྲག་པོ། བྷི་ན་ཙིཏྟ་རྦད་ནན༔་་་བཙན་ཐབས། ཨཱོྃ་ཤྲཱི་ནས་འདི་ཡི་བར་ཨཱེ་ཡིག་ལ་བསྐོར་ལ་བྲིས་པ་ཕུར་པའི་རྒྱ་མདུད་གོང་མའི་ནང་དུ་གཞུག་གོ༔ ཅེས་སོ༔ དེ་འོག་་་ཕུར་པའི་མགུལ་པར།ར་རོག་གི་སྙིང་སྲོག་རྩ་དང་མ་བྲལ་བའི་ནང་དུ༔ རྩ་སྦུབས་དབུས་མར་དགྲ་བགེགས་ཀྱི་ལིངྒ་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ་ནས་གསུངས་པ་ལྟར་འདི་ལ་ལིང་རྐྱང་མ་གཏོགས་སྤྱིལ་པོ་དང་རྩིབས་ཅན་གང་ཡང་བྱ་མི་དགོས་གནད་སྔགས་ཐམས་ཅད་ཚང་བ་གལ་ཆེའོ།གནད་སྔགས་བཀོད་པའི་མཐའ་མར༔ ལིངྒའི་མགོ་ནས་གཞོག་གཡོན་དུ་སྔགས་མགོ་ཕྱིར་བསྟན་དུ་བསྐོར།་་་ཧཱུྃ་ཧཱུྃ་བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔་་་རང་བཞིན་གྱིས་གཟིར་བ། དྲག་པོ།་་་རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔་་་བཙན་ཐབས། དགྲ་བགེགས་ཆེ་གེ་རཾ༔་་་ཆེ་གེ་མོའི་མལ་དུ་དམིགས་བྱ་ཡོད་ན་མིང་རུས་དང་དམིགས་བྱ་མེད་ན་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་སྡང་བྱེད་ཀྱི་དགྲ་འདྲེ་གནོད་བྱེད་སྦྱར། ནྲྀ་ཏྲི་བཾ་སྲོག་ནྲྀ་ཏྲི་ཧུར་ཐུམས་ཛ༔ ཤ་ཏྲཱུཾ་མཱ་ར་ཡ་རྦད༔ རྦུད་སོད་ནན༔ དགྲ་བགེགས་ཆེ་གེ་མོ༔ བཀའ་སྲུང་དྲེགས་པ་བཅོ་བརྒྱད་ཀྱི་གཙོར་བྱས་པའི་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ལ་ཟས་སྐལ་དུ་གཏད་དོ༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་སོད་ལ་ཤ་ཁྲག་མཆོད་པར་བཞེས་ཤིག་ཡཱ༔ དགྲ་བོ་ཆེ་གེ་མོ་འགོ་བའི་ལྷ་ལྔ་དང་ཕྱེས་ཤིག༔ དཀོན་པའི་ཚེ་སྲོག་དང་ཕྲོལ་ཅིག༔ རྟེན་པའི་ཡུལ་མཁར་དང་ཕྲོལ་ཅིག༔ འགྲོགས་པའི་གཉན་འཁོར་དང་ཕྲོལ་ཅིག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡཱ༔ ས་མ་ཡའོ༔་་་དེ་ལ་བཙན་དུག་སོགས་དུག་སྣ་དང་གྲི་ཁྲག་སོགས་ཁྲག་སྣ་སྦྱར་བ་བྱུག །དམིགས་བྱ་ཡོད་ན་དེ་ཡི་ཟག་རྫས་མེ་ལ་བསྲོས་པའང་བྱུག་གོ །དེ་ལ་དགུག་གཞུག་དྲག་པོ་བྱས་ཏེ༔ བདུད་ཀྱི་ཞགས་པ་་་ཤི་སྐྲ།དང་གནོད་སྦྱིན་གྱི་ཞགས་པས་་་སྔོ་དམར།བཅིངས་ཏེ༔ ར་སྙིང་གི་རྩ་སྦུབས་དབུས་མར་བཅུག་ལ་ར་སྙིང་དེ་ཉིད།་་་མགོ་རྩ་ལྡོག་ལ་བཅང་ངོ༔་་་ཕུར་པའི་མགུལ་པར། ར་སྙིང་གི།་་་རྩ་སྦུབས་གཡས་སུ་གོང་མའི་ཤྲཱི་ཧེ་རུ་ཀ་་་སོགས།དང་སྟོབས་ཡིག་་་ཨཱོྃ་བཛྲ་སརྦ་དུཥྚཱན།དང་དྲེགས་པ་བཅོ་བརྒྱད༔་་་ཀྱི་མིང་དང་མིང་སྲོག་སྦྲགས་པ་དང་། སྲོག་རྐྱང་པ་རྣམས་ཀྱི་མཇུག་ཏུ།་་་ས་མ་ཡ་ཛ༔ ཞེས་པ་ཡོ་གསེར་གྱིས་བྲིས་ལ་་་མགོ་ནས་དྲིལ་ཚོན་སྐུད་ཀྱིས་དཀྲིས།གཞུག་གོ༔ རྩ་སྦུབས་གཡོན་པར་རོ༔་་་ར་སྙིང་གཡས་པའི་ནང་དུ་བཅུག་པ་ལྟ་བུའི་སྔགས་རྣམས་བྲིས་ལ་གཡོན་པར་བཅུག་པའི་དོན་ཡིན་ནོ། །དེ་ནི་སྤྱི་ཡི་མཐུན་རྫས་ཡིན༔་་་པས་ཕུར་པའི་བཅུམ་གཞོག་ལ་གདག་གོ །བཅུམ་གཞོག་ཅེས་པ་རྒྱ་མདུད་གོང་འོག་གི་བར་གྱི་ལྷུ་ཚིགས་སྟོད་སྨད་ཕྲ་ལ་དབུས་སྦོམ་པ་དེ་ཡིན་ལ་དེ་ཡི་སྟོད་ངོས་བཅུམ་གཞོག་གོང་མ་དང་སྨད་ངོས་བཅུམ་གཞོག་འོག་མ་ཞེས་ཟེར་རོ། །གཉིས་པ་སྒོས་རྫས་ནི།་་་དེའི་འོག་་་ར་སྙིང་དུ།ཁྱད་པར་་་དྲེགས་པ།རང་རང་གི༔ མཐུན་པའི་རྫས་དང་སྙིང་སྣ་རྣམས་གདགས༔་་་དགོས་ཏེ། རང་རང་མཐུན་པའི་རྫས་དང་སྙིང༔་་་ནི། མོན་དང་རྟ་ནག་བྱ་རོག་སྙིང༔ གཤིན་རྗེའི་རྫས་སུ་ཤེས་པར་བྱ༔ ན་ཆུང་་་གི་སྙིང་།ནལ་ཕྲུག་་་གི་སྙིང་།ཤེལ་ནག་་་ལུག་ནག་པོའི་སྙིང་།བྱ་མོ་ནག༔་་་མོའི་སྙིང་། མཛོ་དྲེའུ་ལ་སོགས་་་པའི་སྙིང་གང་རྙེད།མ་མོའི་རྫས༔ གཡག་་་དང་།ར་་་དང་།རྟ་་་དང་།ལུག་གྲི་བོ་་་དང་།གྲི་མོ་་་དང་།ཁྱི༔་་་སྙིང་། དེ་རྣམས་་་གང་རྙེད།ནག་པོ་བདུད་་་ཕོ་མོ།དང་མུ་སྟེགས་་་ཀྱི།རྫས༔ གཡག་་་དང་།ལུག་དཀར་པོ་་་སྙིང་གང་རྙེད་ནི།ལྷ་ཡི་རྫས༔ ར་རོག་་་དང་།མི་སྙིང་་་གཟའ་དང་།སྲིན་པོ་་་ཕོ་མོ།ལ༔ ར་་་དང་།ལུག་་་དང་།བྱ་་་དང་།ཁྱི་དམར་པོ་་་གང་རྙེད་ནི།བཙན་གྱི་རྫས༔ དེ་རྣམས་དཀར་པོ་རྒྱལ་པོ་ལའོ༔ དེ་རྣམས་གྲོ་སྨུག་གནོད་སྦྱིན་་་ཕོ་མོ་ཡིན།ནོ༔ ཕུག་རོན་་་སྙིང་།དམུ་སྟེ་ཙ་ར་རྒྱ་པོ་དང༔ ཁམ་པ་་་དང་།ཞོལ་པོ་ར་སྙིང་་་གང་རྙེད་ནི།ཐེ་བྲང་་་རྡོར་ལེགས།ངོ༔ འགོང་པོ་་་ལ།མེ་ལོང་་་དང་།དམ་སྲི་་་ལ།བུ་ཆུང་་་གི།སྙིང༔ ཀླུ་ལ་རཏྣ་ལྔ་ཡི་རྟེན༔ དེ།་་་རེ་རེའི་ནང་དུ་རང་རང་་་དེའི།སྲོག༔ ས་མ་ཡ་ཛཿཛ༔ དགྲ་བོ་མཱ་ར་ཡ་རྦད་ནན༔ ཞེས་བྲིས་ལ་གཞུག༔ དེ་རྣམས་ཕུར་པའི་གཅུམ་གཞོག་་་འོག་མ་ལ།གདགས༔ ཕུར་པ་མདའ་ཡི་མགུལ་དུ་སྟེ༔་་་སྒྲོའི་འོག་གྲི་ལག་གིའང་འོག་ཙམ་དུ། ཕུར་པ།་་་དེའི་སྟེང་གྲི་ལག་དར་སྣས་བརྒྱན༔་་་ལ་གདགས་སོ། །གཞན་ཡང་།་་་གྲི་སྙིང་་་ནང་དུ།དགྲ་ཡི་ལིངྒ་གཞུག༔་་་ལེའུ་བཅོ་ལྔ་པ་ནས་གསུངས་པ་སྤྱིལ་པོ་དང་རྩིབས་ཅན་གཉིས་གང་རུང་ཞིག་དགོས་པ་ལས་ལིང་རྐྱང་མི་བྱ་གནད་སྔགས་ལེའུ་བརྒྱད་པ་དང་བཅོ་ལྔ་པ་ནས་གསུངས་པ་ཚང་བར་དགོད་པ་གལ་ཆེའོ། །དེ་ལ་དུག་སྣ་དང་ཁྲག་སྣ་བྱུག་དམིགས་བྱ་ཡོད་ན་དེའི་ཟག་རྫས་མེ་ལ་རླངས་ཐོན་ཙམ་བསྲོས་ལ་བྱུག་དགུག་དབྱེ་བྱ་སྔོ་དམར་གྱིས་བཅིངས་ལ་གཅུན། དམིགས་བྱ་མེད་ན་སྤྱི་ལིང་བྲིས་ལ།་་་མདའ་ཡི་སྐེད་་་པ་ཕུར་པའི་འོག་ཏུ་ཚུད་པ།ལ་གདགས་པར་བྱ༔་་་འོ། །དེ་དག་ནི།་་་གདུང་བའི་དབྱངས་ཀྱིས་་་དྲེགས་པ།སྤྱན་འདྲེན་ཚེ༔ སྐབས་སུ་་་རྟེན་རྣམས་བཏགས་པའི།མདའ་དེས་་་གཡས་སྐོར་དུ་གཡབ་མོ།གཡབ་པར་བྱ༔ གཉིས་པ་རང་ལུས་ལ་གདགས་པའི་རྟེན་ནི།་་་གོང་་་དུ་བཤད་པ་ལྟར།གི་སྙིང་སྣ་་་རྣམས་སམ་ཡང་ན་དེ་རྣམས་ཀྱི།ཁྲག་སྣ་དང༔ རྡོ་་་ཕ་ཝཾ་ལོང་་་བུའི་ཕྱོགས་བཞིར་ཨཱེཿཏྲི་མ་ཕུ་དང་སྟེང་འོག་གཉིས་སུ་ཛཿཧྲཱིཾཿརྣམས་གསེར་རམ་མཚལ་གྱིས་བྲིས་པ།དང་ཨ་མྲྀཏ༔ གོང་གི།་་་ཕུར་་་པའི།མགོར་་་རྡོ་རྗེ།བྲིས་པའི་་་ལྟེ་བར་ཨེ་ཡ་ཨཱོྃ་བཛྲ་སརྦ་དུཥྚཱན་ཏྲིག་ནན་རྦད་ནན་བྷི་ན་ཙིཏྟ་རྦད་ནན༔ སྔགས་མགོ་ཕྱིར་བསྟན་དུ་བསྐོར་བ་དང་།སྟོབས་ཡིག་སྔགས༔ དྲེགས་པ་བཅོ་བརྒྱད་པོ།་་་རང་རང་་་གི།སྔགས་རྣམས་རྒྱ་ཤོག་ལ༔ ས་མ་ཡ་ཛཿལ་སོགས་པ།་་་གསེར་་་གྱིས།བྲིས་་་པར།འདོད་དོན་སྔགས་ཤམ་་་འདི་ལྟར།གདགས༔ བདག་ཆེ་གེ་མོ་ལ་ནད་གདོན་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་རྒྱས་པ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་མྱུར་དུ་སྒྲོལ་ཅིག་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས་་་པ་མགོ་ནས་དྲིལ་ཚོན་སྐུད་ཀྱིས་བཅིངས་པ།ར་རོག་་་པོའི།སྙིང་་་གི།ནང་་་དུ།གཞུག༔ དེ་ཡང་་ར་སྙིང་།ཞིང་ལྤགས་་་སམ་རས་ནག་པོའི།ཁུག་མར་གཞུག༔ དེ་ལ།་་་དྲེགས་པ་་་རྣམས།སྤྱན་དྲངས་བསྟིམས་བྱས་ཏེ༔ མཆོད་བསྟོད་་་ལེའུ་དགུ་པ་ནས་བྱུང་བའི་བླ་རྡོ་ཀུན་དང་སྦྲགས་ལ།གསོལ་བྱང་་་བྱས་ལ་རང་གི།མགུལ་དུ་བཅངས༔་་་བཏགས་སོ། །གཞན་ཡང་།་་་བླ་རྡོའི་གདམས་པ་་་དྲེགས་པ་སོ་སོའི་གཞུང་གཞན།ཀུན་དང་་་ཡང་།འདྲ༔་་་བར་བཅས། དྲེགས་པ་་་རང་གི།ལུས་དང་གྲིབ་མར་འདྲ༔་་་བར་འགྲོགས་ཤིང་། ཕན་གནོད་་་ཀྱི།ལས་ཀྱང་གང་འདོད་་་པ་ཐམས་ཅད།འགྲུབ༔ དེས་ན་གོང་གི་་་རྟེན་བཅས་པའི།མདའ་མོ་དེ༔ རྟེན་གྱི།་་་གཏོར་མར་གཟུག་གམ་་་ཡང་ན།བྲུབ་ཁུང་་་གི་སྟེང་དུ་མདའ་དེ།གཟུག༔་་་དུས་རྒྱུན་དུ་རྟེན་གཏོར་གྱི་སྟེང་ངམ་རྒྱབ་མདུན་གང་རུང་དུ་གཟུག་ལས་སྦྱོར་དུས་བྲུབ་ཁུང་སྟེང་དུ་གཟུག་པ་ཡིན་ནོ། །འབྲུབ་ཁུང་་་གི།ཁ་ལ་དྲག་པོའི་ཤིང༔་་་ལས་བཅོས་པའི། རྩང་མཐོ་གང་བ་་་སྟོད་སྨད་གཉིས་ཟུར་གསུམ་རྐེད་པ་རྒྱ་མདུད་ཡོད་པ།བཅོ་བརྒྱད་ལ༔་་་མིང་དང་མིང་སྲོག་སྦྲགས་པ་དང་། སྲོག་རྐྱང་པའི་མཐར་དགྲ་བོ་ཆེ་གེ་མོ་ཁུག་ཅིག་སོད་ཅིག །ཤ་ཁྲག་མཆོད་པ་དམ་པ་བཞེས་ཤིག །ཅེས་སོ། །རང་སྔགས་བྲི་ཞིང་སྐུ་གཟུགས་བཀོད༔་་་པ་བྲུབ་ཁུང་གི་ལོགས་རེ་ལ་རྩང་དྲུག་རེ་བསྣོལ་མར་བཙུགས་པ། དྲེགས་པ་བཅོ་བརྒྱད་ཀྱིས།་་་དགྲ་བགེགས་མྱུར་དུ་སྒྲོལ་བར་བསམ༔ དཀྱིལ་འཁོར་་་གྱི་ཐ་མར་མི་མགོ་རྐང་གླིང་མི་ལག་ཤ་ཆེན་གྱི་སྤོས་ཚིལ་ཆེན་གྱི་མར་མེ་དབང་པོའི་མེ་ཏོག་མཁྲིས་པའི་དྲི་ཆབ་ཤ་རུས་ཀྱི་ཞལ་ཟས་དམར་ཆེན་གྱི་ཨརྒྷཾ་ཐོད་རྔ་ལ་སོགས་པ།དུར་ཁྲོད་་་ཀྱི།ཆས་་་སྣ་ཚོགས།ཀྱིས་བརྒྱན༔ གོང་གི་སེམས་ཅན་་་རྣམས་ཀྱི།གསོབ་དག་དང༔ བྱུང་རྒྱལ་སྙུག་མ་་་རྩ་རྩེ་མ་ཉམས་པ་གཞི་ལས།རྟེན་མདོས་བཤམ༔་་་ལེའུ་ཉེར་ལྔ་པར་བཤད་པ་ལྟར་བཅས་པ། རྒྱུན་དུ་སྙིང་སྣ་་་དང་།ཁྲག་སྣ་་་གང་འཛོམ།དང༔་་་བཅས་པའི། གཏོར་་་མ་བཟང་།ཆོག་་་གཏོར་བསྔོས་བསྟོད་པ་དང་བཅས་པས་དབུལ་ཞིང་།ཆང་ཕུད་ཨ་མྲྀཏས་་་ཀྱང་།མཆོད༔ དེ་ལྟར་འབད་པ་བྱས་ན།་་་གང་འདོད་་་པའི།ལས་རྣམས་འགྲུབ་པར་ངེས༔་་་ཤིང་། དེ་ལྟར་དམ་རྫས་་་རྣམས།ཚོགས་པ་ན༔ མ་བསྒྲུབས་་་ཀྱང་།དྲེགས་པ་་་ཐམས་ཅད་རང་བཞིན་གྱིས།འདུ་བར་ངེས༔་་་པ་ཡིན་ཏེ་དཔེར་ན།་་་ཤ་ཡིབས་་་པ་ལ།སྦྲང་བུ་་་འདུ་བ།ཇི་བཞིན་ནོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ རྟེན་རྫས་དང༔ བླ་རྡོའི་ལེའུ་སྟེ་དྲུག་པའོ༔ དེ་ནས་སྟོབས་ལྡན་ནག་པོས་ཡང་གསུངས་པ༔ གསུམ་པ་གཟིར་རྫས་རྣམ་པ་བདུན༔ དང་པོ་སྒྲུབ་གནས་བསྟན་པ་དང༔ འབྲུབ་ཁུང་ལིངྒ་བླ་རྡོ་དང༔ མི་མཐུན་གཉེན་པོ་གཟིར་བའི་རྫས༔ ཐུན་རྫས་བརྡེག་པའི་དུས་བདུན་ནོ༔ དེ་ཡི་དང་པོ་གནས་ལ་རྣམ་པ་གཉིས༔ སྤྱི་དང་བྱེ་བྲག་འདི་ལྟ་སྟེ༔ སྤྱིར་ནི་དྲག་པོའི་སྒྲུབ་པའི་གནས༔ དུར་ཁྲོད་ཡ་ང་འབྱུང་པོའི་གནས༔ སའམ་མཁར།་་་རྫོང་བཙན་་་པོ།ཆུ་་་དང་།ཤིང་འཛོམ་ས་དང༔ གཙོ་བོར།་་་ཕས་ཀྱི་རྒོལ་བས་་་དམག་ཇག་གིས།མི་ཚུགས་་་པའི་གནས་ཁང་།གཅེས༔ ཁྱད་པར་་་དྲེགས་པ་ནི།ཕོ་རྒྱུད་་་རྣམས།རི་གསུམ་་་འདུས་པའི།རྩེར༔ མོ་རྒྱུད་་་ནི།ལུང་གསུམ་་་འདུས་པའི།མདོ་དང་ནི༔ རྒྱ་མཚོ་ཆེན་པོའི་དྲུང་དུ་འོ༔ གཤིན་རྗེ་་་ནི།བྲག་་་ནག།བཟང་བདུད་ཀྱང་དེ༔་་་དང་འདྲ། མཁར་རྩེ་རིག་འཛིན་དབེན་ཧྲུལ་དམ་སྲི་དང༔ གནོད་སྦྱིན་་་ནི་རྡོ་དང་།ཤིང་དྲུང་་་དང་།དམུ་་་ནི།དུར་ཁྲོད༔་་་དུ། ལྷ་ནི་གངས་དཀར་་་དང་།རྒྱལ་པོ་་་ནི།ལྷ་ཁང་ངོ༔ གཟའ་ནི་་་མཐོན་པོའི།མཁར་རྩེ་མོ་དང་མུན་ཁུང་ངོ༔ ཐེ་བྲང་་་ནི།གྲོང་རྒྱུན་་་དང་།ཀླུ་ནི་ས་ཤིང་མཚན་མ་ཅན༔་་་དང་མཚོ་དང་ཆུ་མིག །དེ་ཡང་།་་་ཞི་་་བ།བསྲུང་་་བའི་ལས་ལ་ནི།ཤར་ལྟ་ས་གཞི་འཇམ༔ རྒྱས་པ་་་ལ།ལྷོར་ལྟ་རྩི་ཤིང་འཐིབས༔ དབང་་་ལ།ནི་ནུབ་ལྟ་་་དང་།ས་གཞི་དམར༔ དྲག་པོ་་་ནི།བྱང་ལྟ་རི་ནག་ཁྲོས༔་་་པ་ལྟ་བུ། གནས་དེར་ཕྱི་ནང་རྫས་ཚོགས་བསྒྲུབ༔ ལས།་་་གང་བྱེད་་་ཀྱི།གཟའ་སྐར་་་སྤྱིར་ལས་འཇམ་པོ་གསུམ་ལ་དངོས་གྲུབ་སྦྱོར་བ། བྱེ་བྲག་ཞི་བ་ལ་ལང་ཚོ་དང་བདུད་རྩི། རྒྱས་པ་ལ་སྟོབས་ལྡན་དང་འཕེལ་འགྱུར། དབང་ལ་ཕུན་སུམ་ཚོགས་པ་དང་དངོས་གྲུབ་སྦྱོར་བ། དྲག་པོ་སྤྱི་ལ་བདུད་ཉི། འབྱེད་དཀྲུགས་ལ་མི་མཐུན་སྦྱོར་བ་སོགས་རིག་པས་དཔྱད་དགོས།བསྟུན་ལ་ཞུགས༔ སྔོན་འགྲོ་ཚོགས་གསག་གོང་དུ་གཅེས༔ ཟླ་བ།་་་ཡར་ངོ་་་ལ།བསྙེན་་་པ་དང་ཞི་རྒྱས་དབང་།བསྲུང་བྱ་བར་ཤིས༔ མར་ངོ་་་ལ་དྲག་པོ།རྦད་གསད་་་སོགས་ཀྱི།རིམ་པ་སྟེ༔ ཟླ་བའི་འཕེལ་འགྲིབ་ཇི་བཞིན་ནོ༔ ར་བ་་་བཅུ་གཉིས་པ་གསུམ་པ་དྲུག་པ་དགུ་པ།བཞི་་་ཟླ་བ་སྟོད་ལ།ནི་ཞི་་་བ་དང་རྒྱས་པ་དང་།བསྙེན་པ་འགྲུབ༔ དང་པོ་བཞི་པ་བདུན་པ་བཅུ་པ།་་་འབྲིང་་་པོ།བཞི་་་ཟླ་བའི་སྒང་ལ།བསྒྲུབ་དང་སྤོག་པ་་་དང་དབང་ལས།སྟེ༔ ཐ་ཆུང་་་གཉིས་པ་ལྔ་པ་བརྒྱད་པ་བཅུ་གཅིག་པ།བཞི་ནི་་་ཟླ་སྨད།རྦད་གསད་མནན༔་་་པ་དང་། འདི་དུས་་་མར་ངོ་ལ།ཟོར་སོགས་དྲག་ལས་བྱ༔ ཁྱད་པར་མགོ་ཕུར་བདུད་ཀྱི་ཉིན༔ དམ་ཉམས་་་བན་བོན།རང་གཤེད་དབབ་པར་ཤིས༔ སྐྱེ་བོ་ལ་འཆི་སྦྱོར་སོགས་ཤིས། མཆུ་ཡང་དེ་འདྲ་དྲག་པོར་ཤིས༔ ཞི་རྒྱས་་་དབང་།བསྲུང་སོགས་རྒྱལ་་་ཁོ་ན།ལའོ༔ གཟའ་སྐར་དགྲ་ཡི་གཤེད་དུ་དབབ༔་་་སྟེ་དཔེར་ན་ལྕགས་ཁམས་པ་ལ་གཟའ་ཉི་མ་དང་མིག་དམར་སྐར་མ་བྲ་ཉེ་སྨིན་དྲུག་ས་ག་རྒྱལ་མཆུ་བྲེ་རྣམས་འཛོམ་པ་ལྟ་བུའོ། །གཤང་ལྕགས་་་ཁམས།པ་ལ་མེ་ཡིས་བྱ༔ གཞན་ཡང་དེ་འགྲེ་་་ཁོ་ཡི་ཁམས་ཀྱི་འབྱུང་བ་དེ་ཡི།དགྲ་ཡིས་གསད༔་་་དགོས། དེ་ལྟར་་་ཐོག་མར་དྲག་པོའི།ལས་ལ་ཞུགས་པ་དང༔ སྒྲུབ་པ་ཐོན་ནས།་་་ཐ་མར་ལས་ལ་སྦྱོར་བ་ལ༔ དྲག་པོའི་འགྱུ་དུས་ཐེབ་ཟློག་་་རྩི་བ།གཅེས༔ དེ་ལ་སྤྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་དབང་ཕྱུག་མ་ཧཱ་དྷེ༔ ཡབ་ཡུམ་སྡེ་བརྒྱད་དང་བཅས་པ༔ ལོ་གཅིག་ལ།་་་ཟླ་བ་བཅུ་གཉིས་་་ཡོད་པའི་ཟླ་བ་རེ་རེ་བཞིན།འཁོར་་་བ།དང་འགྱུ༔་་་བ་ཡིན་ནོ། །དེ་ཡང་འདི་ལྟ་སྟེ།་་་དཔྱིད་ར་་་འདི་ཧོར་ཟླ་བཅུ་གཉིས་པ་བྱེད་པ་ནི་རྒྱ་ནག་རྙིང་མ་བླ་མ་དགོངས་འདུས་སོགས་རྣམ་དག་མང་པོའི་དགོངས་པ་ཡིན་ལ་ཧོར་ཟླ་བཅུ་གཅིག་པར་བྱེད་པ་ནི་རྣམ་པར་མ་དག་གོ །ཚེས་བཞི་་་ཡར་ངོའི་བཞི་ལ།བརྟེན་པའི་འཁོར་དང་བཅས༔ མ་མོ་དང་བསྡོངས་་་པ།དེ་ཡི་དུས་སུ་ཐེབས༔ ཧོར་ཟླ་དང་པོ།་་་འབྲིང་པོའི་བཅུ་དྲུག་་་མར་ཚེས་ལ།བདུད་དང་བསྡོངས༔ ཧོར་ཟླ་གཉིས་པ།་་་ཐ་ཆུང་་་གི།ཉེར་གཉིས་་་ལ།མ་བདུད་མོ༔་་་དང་བསྡོངས། ཧོར་ཟླ་གསུམ་པ།་་་དབྱར་ར་ཚེས་བརྒྱད་་་ལ།གཟའ་དང་བསྡོངས༔ ཧོར་ཟླ་བཞི་པ།་་་འབྲིང་པོའི་ཉ་ལ་ཀླུ་བརྒྱད་་་དང་།བསྡོངས༔ ཧོར་ཟླ་ལྔ་པ།་་་ཐ་ཆུང་་་ལ།མ་མོ་དང་་་བསྡོངས།རོལ་་་བས་ཟླ་བ་རིལ་པོ་ལ།ཐེབས༔ ཧོར་ཟླ་དྲུག་པ།་་་སྟོན་རའི་ཉ་གསུམ་་་ཞེས་པ་བཅུ་བཞི་བཅོ་ལྔ་བཅུ་དྲུག་གསུམ་ཡིན་ནོ།མ་མོར་བསྡོངས༔ ཧོར་ཟླ་་འདུན་པ།་་་འབྲིང་པོ་བཅུ་བདུན་སྟོང་གི་བར༔ ཧོར་ཟླ་བརྒྱད་པ།་་་ཐ་ཆུང་ཚེས་བརྒྱད་གནམ་སྟོང་བར༔ རྒྱུ་སྐར་དང་བསྡོངས་ཐེབས་པ་ཡིན༔ ཧོར་ཟླ་དགུ་པ།་་་དགུན་རའི་བཅུ་གསུམ་་་ནས།བཅུ་དྲུག་་་གི།བར༔ གནོད་སྦྱིན་དང་བསྡོངས་ཐེབས་པ་ཡིན༔ ཧོར་ཟླ་བཅུ་པ།་་་འབྲིང་པོ་་་བཅོ་བརྒྱད་ནས།ཉེར་གཉིས་བར་དག་ཏུ༔ གཤིན་རྗེ་དང་བསྡོངས་ཐེབས་པ་ཡིན༔ ཐ་ཆུང་་་ཧོར་ཟླ་བཅུ་གཅིག་པར་རྡོ་རྗེ་གཙུག་ལག་སོགས་དྲག་པོ་མངོན་སྤྱོད་ཀྱི་ཐེབས་རྣམས་ཀྱི་ཟླ་བའི་ངོས་འཛིན་རྒྱ་ནག་རྙིང་མ་བླ་མ་དགོངས་འདུས་ལྟར་བྱ་བ་སྟེ་ཡིག་ཆུང་འདི་ཚོ་ལྟར་བྱས་ན་འཐད་པ་མྱོང་བས་གྲུབ་པ་ལན་མང་དུ་བྱུང་ལ་རྒྱ་ནག་གསར་མ་ལྟར་བྱས་པས་ནུས་པ་ཡོང་གི་མི་འདུག་གོ།སྔགས་ལས་ཟོར་མདའ་འཕང༔ ཉ་ལ་མགོ་ཕུར་བདུད་ཟླ་ཡིན༔ སྡེ་བརྒྱད་ཁ་ལོ་རབ་ཏུ་བསྒྱུར༔ ཉེར་དགུ་་་ལ།སྐྱེ་འགྲོ་སྲང་ལ་འདེབས༔ གནམ་སྟོང་་་གི།ནུབ་མོ་ལོ་གཅིག་་་པོ་དེ་ཡི་རིང་།ལ༔ སྐྱེ་འགྲོ།་་་སུ་འཆི་བ་དག་་་ནི།སྲོག་ཀྱང་གཅོད༔་་་པར་བྱེད་པས། ཟླ་བ་་་དེ་ཡི་རིང་།རིལ་པོར་ཐེབས་པས་ན༔ ཉེར་དགུ་ལ་ནི་ལས་ལ་སྦྱར༔་་་ཞིང་། གནམ་སྟོང་་་གི།ནམ་ཕྱེད་མནན་་་པའམ།གཏད་་་ཀྱི་ལས།བྱ༔་་་འོ། །མ་ཉེས་ཤག་གདབ་གཟུ་དཔང་བཅོལ༔ ཟླ་བ་བཅུ་གཅིག་པ།་་་འདི་ལ་་་ལས་སྦྱོར་གང་བྱས་ཐེབས་པར།ཐེ་ཚོམ་ཡོད་རེ་ཀན༔ རྫས་དང་།་་་སྔགས་་་ལ།སོགས་་་པའི།ལས་སྦྱོར་་་གྱི་རིགས་གང་ཡང་།མ་ཤེས་ཀྱང༔ ཤིང་བུ་་་དང་།རྡེའུ་་་ཙམ་ལ།དམོད་་་པ་བོར་ནས་གཉན་སར།གཏད་ཀྱང་འགྲུབ༔་་་པ་ཡིན། དེ་ལྟར་དྲག་པོའི་ཐེབས་མེད་ན༔ ནམ་མཁའ་སྟོང་ལ་མདའ་འཕེན་་་པ་དང་།འདྲ༔་་་སྟེ་དོན་མེད་དོ། །དེ་བས་ཐེབས་དུས་དེ་ལྟར་བརྩིའོ༔ ཐེབས།་་་དེ་རྣམས་ཚུར་ལ་ཟློག་པའི་དུས༔་་་ནི། ཧོར་ཟླ་བཅུ་གཉིས་པ།་་་དཔྱིད་ར་ཚེས་བདུན་་་དང་།བཅུ་དགུ་་་ལ།ཟློག༔ དང་པོ།་་་འབྲིང་གི་ཚེས་གཅིག་་་དང་།ཉི་ཤུ་བརྒྱད༔་་་ལ་ཟློག །གཉིས་པ།་་་ཐ་ཆུང་་་གི།གནམ་སྟོང་དག་ལ་ཟློག༔ གསུམ་པ།་་་དབྱར་ཟླ་ར་བའི་ཚེས་གཉིས་་་དང་།ལྔ༔་་་ལ་ཟློག །བཞི་པ།་་་འབྲིང་པོ་བཅུ་དྲུག་ཉེར་བརྒྱད་་་ལ་ཟློག།དོ༔ ལྔ་པ།་་་ཐ་ཆུང་་་གི།བཅུ་བདུན་དག་ལ་ཟློག༔ དྲུག་པ།་་་སྟོན་ཟླ་ར་བའི་ཉེར་ལྔ་དང༔ བདུན་པ།་་་འབྲིང་པོའི་ཚེས་གསུམ་་་དང་།ཉེར་གསུམ་མོ༔་་་ལ་ཟློག །བརྒྱད་པ།་་་ཐ་ཆུང་་་གི།ཚེས་གཉིས་་་དང་།ཉེར་གཉིས་་་ལ།ཟློག༔ དགུ་པ།་་་དགུན་རའི་བཅོ་བརྒྱད་་་ལ་ཟློག།འབྲིང་་་པོ་བཅུ་པའི།ཉི་ཤུ༔་་་ལ་ཟློག །བཅུ་གཅིག་པ།་་་ཐ་ཆུང་ཉེར་བདུན་རྣམས་ལ་ཟློག༔ དེ་དུས་ཐུན་ཕུར་་་བུ་གདབ་པ་དང་།མནན་གཏད་་་དང་།ཟོར༔་་་འཕང་ན་རང་ལ་ཟློག་པས། སྤང་བར་བྱ་འོ་རྣལ་འབྱོར་ཀུན༔ ཁྱད་པར་་་དྲེགས་པ།སོ་སོའི་ཐེབས་དང་ཟློག༔་་་པ་འདི་ལྟ་སྟེ། ཀླུ་ནི་ར་བ་་་བཅུ་གཉིས་པ་གསུམ་པ་དྲུག་པ་དགུ་པ།བཞི་ཡི་བདུན་གསུམ་་་ཚེས་བདུན་བཅུ་བདུན་ཉེར་བདུན།ཉི་ཤར་ཟེར༔་་་ལ་རྒྱུ་བ། བདུད་་་ཕོ་མོ།ནི་ཐ་ཆུང་་་གཉིས་པ་ལྔ་པ་བརྒྱད་པ་བཅུ་གཅིག་པ།བཞི་པོའི་ཉི་ཤུ་དགུ༔་་་ཡི། དུས་ཚོད་རྒྱུ་བ་སྲོད་ཀྱི་འཇིང་་་ལ་རྒྱུ་བ།ཡིན་ནོ༔ བཙན་ནི་་་དང་པོ་བཞི་པ་བདུན་པ་བཅུ་པ།འབྲིང་བཞིའི་དྲུག་གསུམ་་་ཚེས་དྲུག་བཅུ་དྲུག་ཉེར་དྲུག།ཉི་ཤར་་་དུས་རྒྱུ།ཟེར༔ རྒྱལ་པོ་ར་བ་་་བཅུ་གཉིས་པ་གསུམ་པ་དྲུག་པ་དགུ་པ།བཞིའི་བརྒྱད་གསུམ་་་ཚེ་བརྒྱད་བཅོ་བརྒྱད་ཉེར་བརྒྱད།སྐྱ་རེངས་ཤར༔་་་དུས་རྒྱུ། གནོད་སྦྱིན་་་ཕོ་མོ།འབྲིང་བཞིའི་་་དང་པོ་བཞི་པ་བདུན་པ་བཅུ་པ།དགུ་གསུམ་་་ཚེས་དགུ་བཅུ་དགུ་ཉེར་དགུ།ཉིན་མ་ཕྱེད༔་་་ན་རྒྱུ། མ་མོ་ར་བ་་་བཅུ་གཉིས་པ་གསུམ་པ་དྲུག་པ་དགུ་པ།བཞི་ཡི་ཉེར་གཉིས་་་ཀྱི།ནམ་འཇིང་་་ལ་རྒྱུ།ངོ༔ གཤིན་རྗེ་་་གཉིས་པ་ལྔ་པ་བརྒྱད་པ་བཅུ་གཅིག་པ།ཐ་ཆུང་བཞི་ཡི་་་ཚེས་བཅུ་ཉི་ཤུ་གནམ་སྟོང་བཅུ་གསུམ།དགོང་གྲིབ་སོ༔་་་གུག་དུས་རྒྱུ། སྲིན་པོ་་་ཕོ་མོ།གཟའ་ནི་་་ཟླ་བ་གང་ཡང་རུང་བའི་ཚེས་བཞི་བརྒྱད་བཅུ་གཅིག་བཅོ་ལྔ་བཅོ་བརྒྱད་ཉེར་གཉིས་ཉེར་ལྔ་ཉེར་དགུའོ།དུས་བརྒྱད་ཁྱབ་འཇུག་་་ཉིད་དང་།འདྲ༔ དམ་སྲི་་་དང་།འགོང་པོ་ས་སྲོས་་་དང་།ཐེ་རང་་་ནི་ཟླ་བ་གང་ཡང་རུང་བར།རྒྱུའོ༔ ཀུན་གྱི་་་ཕོ་ཉ།བྱ་མ་རྟ་ཉིད་རཱ་ཧུ་ལ༔་་་ཞེས་པ་སྟེ་དོན་དུ། རལ་པ་ཚར་དགུ་རྒྱུ་དུས་་་བརྒྱད་པོ།འདི་དང་བསྟུན༔ སྲོག་སེར་གཏད་སོགས་གང་ཡང་འགྲུབ་པར་བྱེད༔ ཟླ་བ་བྱུང་ངོ་ཅོག་ལ་དུས་བརྒྱད་འགྱུ༔ ཚེས་བཞིའི་སྲོད་ལ་ཟླ་བའི་ཟེར་་་ནུབ་པ།དང་མཉམ༔་་་དུ། དཔུང་གཡོན།་་་མ་མོ་་་ལྗང་སྔོན་ཆེན་པོ།དང་བསྡོངས་ནུབ་ནས་ཤར་དུ་རྒྱུ༔་་་ཚེས་ལྔའི་ཉི་མ་རྩེ་ཤར་ལ་ཟློག །བརྒྱད་ལ་་་དྲང་སྲོང་དཀར་སེར།སྔ་དྲོ་་་རྡེའུ་མགོ་དྲོས་ལ།ཤར་ལྷོར་་་ལག་གཡས།དགྲ་ལྷར་བསྡོངས༔ ཤར་ལྷོ་ནས།་་་ནུབ་དང་བྱང་གི་མཚམས་སུ་རྒྱུ་བ་འོ༔་་་དེ་ནུབ་ཐོ་རངས་ལ་ཟློག །བཅུ་གཅིག་་་མཆུ་སོ།བདུད་དང་་་བསྡོངས།ནམ་ཕྱེད་་་སྲོད་འཇིང་།བྱང་ནས་ལྷོར༔་་་ཕྱོགས་སུ་རྒྱུ།་་་བཅུ་གཉིས་ཀྱི་ཉིན་ཕྱེད་ཟློག །བཅོ་ལྔ་་་མགོ་བོ།སྲིན་་་པོ་བིཥྚི་པ་ཏྲ་དང་།བསྡོངས་ཉིན་ཕྱེད་ལྷོ་ནུབ་་་ནས།བྱང་ཤར་་་དུ།རྒྱུའོ༔་་བཅུ་དྲུག་གི་ནམ་ཕྱེད་ཟློག །བཅོ་བརྒྱད་་་བིཥྞ་རཱ་ཙ་ནམ།ཕྱེད་ཡོལ་་་ནས།མཇུག་མ།་་་དམུ་དང་་་བཙན་ཡང་ཟེར་བསྡོངས་ནས།ཤར་ནས་ནུབ༔་་་བཅུ་དགུ་པ་ཉི་མ་ཕྱེད་ཡོལ་དུ་ཟློག །ཉེར་གཅིག་་་དུ་བ་མཇུག་རིང་ཉི་མ།ཕྱེད་ཡོལ་་་འདི་ལ་ཉི་མ་རྩེ་ཤར་ཟེར་བའང་འདུག།ལག་གཡོན།་་་ཀླུ་བཙན་དང་བསྡོངས་་་པའི་གཤིན་རྗེ་ཟེར།ནུབ་བྱང་ནས་ཤར་ལྷོ༔་་་རུ་རྒྱུ་ཉེར་གསུམ་གྱི་ནམ་ཕྱེད་ཡོལ་ཟློག །ཉེར་ལྔ་་་ཁྱབ་འཇུག་ཆེན་པོ།སྐྱ་རེངས་ཤར་ཚེ་་་དཔུང་གཡས།གཤིན་རྗེ་དང་བསྡོངས་་་ནས་ཀླུ་ཡང་ཟེར།ལྷོ་ནས་བྱང༔་་་དུ་རྒྱུ་ཉེར་དྲུག་གི་ཉི་མ་མདུང་གང་ཙམ་ལ་ཟློག །ཉེར་དགུ་་་སྒྲ་གཅན་འཛིན།ཉིན་མཚན་གཉིས་ཀའི་ཆ་འཛིན་པ༔ གུངས་ཀྱི་ཉི་མ་ཚབ་ཚུབ་་་ནུབ་མཚམས་ཀྱང་ཟེར།བྱང་ཤར་ནས༔ ལྷོ་ནུབ་མཚམས་སུ་བགེགས་་་མིག་སྙིང་མཆེ་བ་གསུམ།དང་བསྡོངས་ནས་རྒྱུའོ༔་་་གནམ་གང་གི་ནམ་སེང་ལྡོག །དེ་ནས་ཟློག་པའི་དུས་ཚོད་ནི༔ དེ་ཡི་ནངས་པར་ཐད་དྲང་ལ༔ བསྡོངས་ཟླ་གང་ཡིན་ཟློག་པར་ཤེས་པར་བྱ༔ དཔེར་ན་ཉི་ཤུ་དགུ་ལ་སྤྲོད༔ ནངས་པར་སྟོང་གི་ནམ་ལངས་ཟློག༔ དེ་ཡི་དུས་བརྒྱད་་་པོ།ཀུན་ལ་འགྲེ༔་་་ཤེས་པར་བྱ་དགོས། དེ་ཡང་།་་་འགྱུ་བའི་དུས་ལ་བདུད་གཅོད་ཅིང༔ ཟློག་པའི་དུས་སུ་་་དགྲ་དེ།གསོད་པ་ཡིན༔ ཁོ།་་་རྒྱུ་་་བ།དང་་་རང་རང་།གདོང་ཐུག་མི་བྱ་སྟེ༔་་་དཔེར་ན་ནུབ་བྱང་ནས་ཤར་དུ་རྒྱུ་དུས་རང་ཉིད་ནུབ་ཏུ་རྒྱབ་བསྟན་ཁ་ཤར་དུ་ཕྱོགས་ནས་ལས་སྦྱོར་བྱ་དེས་འགྲེའོ།འགྱུ་བའི་ངོས་ནས་ལས་སྦྱོར་བྱ༔ ཐེབས་ཟློག་ཀུན་གྱི་གནད་ཆེ་བ༔ ཞུད་་་པ་དང་།དར་་་བ་དང་།གྱོད་པ་་་དང་།གསུམ་དུ་ཤེས༔་་་དགོས་ལ། དེ་ཡང་འགྱུ་བའི།་་་གོང་དུ་ལས་་་ལ།སྦྱར་་་ན།ཞུད་པ་ཡིན༔ འགྱུ་བའི།་་་གདོང་ལ་ལས་་་ལ།་་་སྦྱར་་་ན།དར་བ་ཡིན༔ འགྱུས་ཟིན་་་ནས།ལས་་་ལ།སྦྱར་་་ན།གྱོད་པ་ཡིན༔ ཞུད་པས་རྣལ་འབྱོར་་་པ་རང་ཉིད་ཀྱི།སྲོག་ལ་རྒོལ༔ དར་བས་ལས་ཀུན་འགྲུབ་པ་སྟེ༔ གྱོད་པས་ཕན་གནོད་གང་ཡང་མེད༔་་་དོ། །འདི་ནི་སློབ་དཔོན།་་་འཇམ་དཔལ་བཤེས་གཉེན་་་གྱི།མན་ངག་་་ཟབ་མོ།ཡིན༔་་་ནོ། །དེ་ནི།་་་དྲེགས་པའི་བདག་པོ་ཁྱབ་འཇུག་གི༔ འགྱུ་དུས་བསྟན་པར་རིག་པར་བྱ༔་་་འོ། །གཞན་ཡང་་་ཐེབས་ལྡོག་ནི་རིགས།བསམ་གྱིས་མི་ཁྱབ་སྟེ༔ གནམ་གྱི་བྱ་མ་གུང་རྒྱལ་ཤིན་ཏུ་གནད༔ ཧོར་ཟླ་བཅུ་གཉིས་པ་དང་པོ་གཉིས་པ།་་་དཔྱིད་གསུམ་སྟག་སྤྲེལ་ཉི་མ་ལྷོ་ནས་བྱང༔་་་ཟིན་ཕུང་ཡར་གྱི་བཞི་གཤེད་དང་། མར་གྱི་བཞི་གཤེད་ལ་རྒྱུ་བའི་ལུགས་གཉིས་ཡོད་པ་ལས། ཡར་གྱི་བཞི་གཤེད་ལྟར་ན་སྟག་ཉིའི་ཕག་དུས་དང་། སྤྲེལ་ཉིའི་སྦྲུལ་དུས་རྒྱུ། མར་གྱི་བཞི་གཤེད་ལྟར་ན་སྟག་ཉིའི་སྦྲུལ་དུས་དང་། སྤྲེལ་ཉིའི་ཕག་དུས་རྒྱུའོ། །གསུམ་པ་བཞི་པ་ལྔ་པ།་་་དབྱར་གསུམ་གླང་ལུག་ཉི་མ་ནུབ་ནས་ཤར༔་་་ཡར་གྱི་བཞི་གཤེད་ལྟར་ན་གླང་ཉིའི་ཁྱི་དུས་དང་། ལུག་ཉིའི་འབྲུག་དུས་རྒྱུ། མར་གྱི་བཞི་གཤེད་ལྟར་ན་གླང་ཉིའི་འབྲུག་དུས་དང་། ལུག་ཉིའི་ཁྱི་དུས་དང་། དྲུག་པ་བདུན་པ་བརྒྱད་པ།་་་སྟོན་གསུམ་ཁྱི་འབྲུ་ཉི་མར་བྱང་ནས་ལྷོ༔་་་ཡར་གྱི་བཞི་གཤེད་ལྟར་ན་ཁྱིའི་ཉི་མར་ལུག་གི་དུས་དང་འབྲུག་གི་ཉི་མའི་གླང་དུས་རྒྱུ། མར་གྱི་བཞི་གཤེད་ལྟར་ན་ཁྱིའི་གླང་དུས་དང་འབྲུག་ཉིའི་ལུག་དུས་རྒྱུའོ། །དགུ་པ་བཅུ་པ་བཅུ་གཅིག་པ།་་་དགུན་གསུམ་་་གྱི།ཕག་སྦྲུལ་ཉི་མར་བྱང་ནས་ནུབ༔་་་ཡར་གྱི་བཞི་གཤེད་ལྟར་ན་ཕག་ཉིའི་སྤྲེལ་དུས་དང་སྦྲུལ་ཉིའི་སྟག་དུས་རྒྱུ། མར་གྱི་བཞི་གཤེད་ལྟར་ན་ཕག་ཉིའི་སྟག་དུས་དང་སྦྲུལ་ཉིའི་སྤྲེལ་དུས་རྒྱུའོ། །ཟིན་ཕུང་ནག་པོ་རྒྱུ་་་བ།འདི་ཤིན་ཏུ་གནད༔་་་ཆེའོ། །ཟིན་ཕུང་རྒྱུ་བ་དང་།་་་བསྡོངས་པས་དྲག་པོའི་ལས་ཀུན་འགྲུབ༔ གཞན་་་ཞི་རྒྱས་དབང་སྲུང་སོགས་ལ་འཛེམ་མོ།རྣམས་གང་ཡང་འདི་ལ་སྤང༔་་་པ་གལ་ཆེའོ། །ཕན་་་བྱེད་དང་།གནོད་་་བྱེད་ཀྱི།ལས་ལ་གཅེས་པ་་་ཡིན།སྟེ༔ དྲག་པོའི་ཉི་མ་འདི་ལྟར་བརྩི༔ བདུད་་་ཀྱི།ཉི་་་མ་ལ།རང་གཤེད་མཐུ་་་ཡི།ལས་་་ལ།ཤིས༔ མི་མཐུན་་་པའི།ཉི་མར་ཉེ་འབྱེད་་་བྱེད།དོ༔ མི་འཕྲོད་་་པའི།ཉི་མར་ལྟས་ངན་་་གཏང་ངོ་།ནོ༔ གྲུབ་པའི་ཉི་མར་་་ཡི་དམ་དང་དྲེགས་པ།བསྙེན་སྒྲུབ་བོ༔ དེ་རྣམས་རིམ་པར་བཤད་བྱ་བ༔ དང་པོ་གྲུབ་པའི་ཉི་མ་སྟེ༔ གཟའ་ཉི་མ་དང་སྐར་མ་ཁྲུམས༔ སྟོད་་་དང་ཁྲུམས།སྨད་ནམ་གྲུ་ཆུ་སྨད་་་གང་རུང་།འཛོམ་པ་དང༔ གཟའ།་་་ཟླ་བ་སྐར་མ་གྲོ་ཞུན་་་དང་།སྣར་མ་དང༔་་་གང་རུང་འཛོམ་པ། གཟའ།་་་དམག་དཔོན་་་དང་སྐར་མ།ཁྲུམ་སྨད་་་དང་།ནམ་གྲུ་་་དང་།སྨིན་དྲུག་་་གང་རུང་འཛོམ་པ།གོ༔ གཟའ།་་་ལྷག་པ་སྐར་མ་སྨིན་དྲུག་མོན་གྲུ་་་གང་རུང་བ།འཛོམ༔ གཟའ།་་་ཕུར་བུ་་་དང་།སྐར་མ་ནབས་སོ་རྒྱལ་དང་་་གང་རུང་།འཛོམ༔ གཟའ།་་་པ་ཝ་སངས་དང་་་སྐར་མ།གྲོ་ཞུན་་་དང་།ཐ་སྐར་་་གང་རུང་།འཛོམ༔ གཟའ།་་་སྤེན་པ་་་དང་།སྐར་མ་གྲོ་ཞུན་འཛོམ་པའོ༔ བདུད་ཀྱི་ཉི་མ་བསྟན་པ་ནི༔ གཟའ།་་་ཉི་མ་སྐར་མ་ལྷ་མཚམས་་་དང་།བྲ་ཉེ་སྟེ༔ གཟའ།་་་ཟླ་བ་་་སྐར་མ།རྒྱལ་དང་ཆུ་སྟོད་ཆུ་སྨད་ལག༔ གཟའ།་་་དམག་དཔོན་་་དང་སྐར་མ།ཆུ་སྨད་་་དང་།མོན་གྲེ་་་དང་།ས་ག་་་གང་རུང་།འཛོམ་པའོ༔ གཟའ།་་་ལྷག་པ་་་དང་སྐར་མ།དབྱུག་གུ་མགོ་དང་་་གང་རུང་།འཛོམ་པ་དང༔ གཟའ།་་་ཕུར་བུ་་་དང་སྐར་མ།མགོ་དང་ས་ག་་་དང་།གང་རུང་འཛོམ༔ གཟའ།་་་པ་ཝ་སངས་དང་་་སྐར་མ།སྐག་དང་ནམ་གྲུ་་་གང་རུང་།འཛོམ༔་་པ། གཟའ།་་་སྤེན་པ་་་དང་།སྐར་མ་དབོ་དང་མེ་བཞི་འཛོམ༔་་་གང་རུང་འཛོམ་པ། མི་མཐུན་པ་ཡི་ཉི་མ་ནི༔ གཟའ་ཉི་སྐར་མ་སྣུབས་་་དང་།མཆུ་གང་རུང་འཛོམ༔ གཟའ།་་་ཟླ་བ་་་དང་ཀརྨ།བྱིན་བཞིན་ས་ག་་་གང་རུང་།འཛོམ༔ གཟའ།་་་དམག་དཔོན་་་དང་སྐར།མ་ལག་དང་ཁྲུམ་སྟོད་བྲ་ཉེ་འོ༔་་་གང་རུང་འཛོམ། ༼གཟའ་ལྷག་པ་མ་ཚང་།༽ གཟའ།་་་ཕུར་བུ་་་དང་སྐར་མ།ལག་དང་འཛོམ་པ་དང༔ གཟའ།་་་པ་སངས་་་དང་སྐར་མ།མཆུ་དང་འཛོམ་པ་འོ༔ གཟའ།་་་སྤེན་པ་་་དང་སྐར་མ།ནག་པ་འཛོམ་པར་བྱའོ༔ འཇིག་པར་བསྟན་པའི་ཉི་མ་ནི༔ གཟའ་ནི།་་་ཉི་མ་་་དང་སྐར་མ།ས་ག་ཆུ་སྟོད་འཛོམ༔ གཟའ།་་་ཟླ་བ་་་དང་སྐར་མ།ཆུ་སྨད་མོན་གྲུ་་་གང་རུང་།འཛོམ༔ གཟའ།་་་དམག་དཔོན་་་དང་སྐར་མ།མོན་གྲུ་འཛོམ་ལ་བྱ༔ གཟའ།་་་ལྷག་པ་་་དང་སྐར་མ།སྣར་མ་ནམ་གྲུ་སྣུབས༔་་་གང་རུང་འཛོམ། གཟའ།་་་ཕུར་བུ་་་དང་སྐར་མ།སྣྲུབས་དང་འཛོམ་པ་འོ༔ གཟའ།་་་པ་ཝ་སངས་དང་་་སྐར་མ།སྣར་མ་འཛོམ༔ གཟའ།་་་སྤེན་པ་་་དང་སྐར་མ།ཆུ་སྟོད་ཆུ་སྨད་དོ༔་་་གང་རུང་འཛོམ་པའོ། །མི་འཕྲོད་པ་ཡི་ཉི་མ་ནི༔ གཟའ།་་་ཉི་མ་དང་ནི་སྐར་མ་མཆུ༔་་་འཛོམ། གཟའ།་་་ཟླ་བ་དང་སྐར་མ།ལག་དང་འཛོམ་པ་འོ༔ གཟའ།་་་དམག་དཔོན་་་དང་སྐར་མ།སྣྲུབས་སུ་འཛོམ་ལ་བྱ༔ གཟའ།་་་ལྷག་པ་་་དང་སྐར་མ།སྣྲུབས་ནི་འཛོམ་པ་དང༔ གཟའ།་་་ཕུར་བུ་་་དང་སྐར་མ།ནམ་གྲུ་འཛོམ་ལ་གཏད༔ གཟའ།་་་པ་ཝ་སངས་དང་་་སྐར་མ།སྣར་མ་འཛོམ༔ གཟའ།་་་སྤེན་པ་་་དང་སྐར་མ།ཆུ་སྟོད་ཆུ་སྨད་དོ༔་་་གང་རུང་འཛོམ་པ། ཐམས་ཅད་ལ།་་་ཀླུ་དང་ལྟོ་འཕྱེ་ཤིན་ཏུ་གནད༔་་་ཆེའོ། །འོག་གི།་་་མནན་པའི་སྐབས་སུ་གསལ་བར་་་བཤད་པ་ལྟར།བྱ༔་་་འོ། །སྤྱིར་ཡང་ཐེབས་ཟློག་་་པ་དང་།འབྱམས་་་པ།གསུམ་་་གྱི།གནད༔ རྣལ་འབྱོར་་་པ།ཕྱི་ནང་གསང་་་བུམ་དབང་གསང་བ་ཤེས་རབ་ཚིག་གི།དབང་ཐོབ༔་་་ཅིང་། དམ་ཚིག་་་མ་ཉམས་པར་བསྲུང་བས།གཙང་ཞིང་ཡི་དམ་རྒྱུན་དུ་བསྒོམ༔་་་ཞིང་བཟླས་བརྗོད་དང་མི་འབྲལ་བར། བཅོས་མིན་གྱིས།་་་དོན་དམ་ལྟ་བ་མ་ནོར་་་བ།རྟོགས་པ་དང༔ དགྲ་བོའི་བླ་་་འཁོར་བའི།རྫས་་་དྲི་མ་དྲུག་ཕྱོགས་སམ།ཡུལ་་་ལམ།གྲོང་་་དང་།ཁང་པ་ཡི༔ ས་་་དང་།ཤིང་ལ་སོགས་་་པ།འཛོམ་པ་ལིང་གའི་རྒྱུའོ༔་་་དེ་རྣམས་ཀྱི་ལིངྒའི་མཐའ་ལ་བསྐོར། གདམས་པ་གནད་དང་ལྡན་ན་ཐེབས༔ ཐེབས་པའི་རྐྱེན་ནི་དམ་རྫས་དང༔ སྨན་རཀ་གཏོར་མའི་རིམ་པ་འོ༔ རྒྱུན་་་དུ།བརྟེན་་་དང་སྔགས་དང་ཏིང་འཛིན་ལ།རྩོལ་བ་དྲག་པོ་བྱས་་་པ།རྣམས་ཡིན༔་་་ནོ།་་་རང་གི་བླ་གཟའ་བླ་སྐར་དར་བ་ཀུན་ཐེབས་པའི་རྒྱུའོ། །ཟློག་པའི་རྐྱེན་ནི་གོང་ལས་ཆབས་ལོག་་་པ།དང༔ སྔགས་པ་སྔགས་དང་་་ཏིང་འཛིན།ལྷ་་་རྣམས།ལ་ཡིད་གཉིས་ཐེ་ཚོམ་ཟོས༔ དམ་ཅན་ལ་ནི་གདུང་བ་ཆུང་བ་དང༔ དགྲ་བོ།་་་ཁོ་ཡི་བླ་གཟའ་བླ་སྐར་དར༔་་་བའི་དུས་ལས་སྦྱོར་བྱས་པ་དང་། ལིངྒར་རང་གི་དྲི་མ་ཤོར༔་་་བ་དང་། མན་ངག།་་་གསང་མ་ཐུབ་པ་ཟློག་པའི་རྒྱུའོ༔ འབྱམས་པའི་རྒྱུ་ནི༔ དགྲ་མིན་པའི་མི།་་་གཞན་གྱི་དྲི་་་མ།རྫས་་་ལིངྒར་ཤོར་བ་དང་།མིང་་་དང་།རུས་་་དང་།བླ་དྭགས་དང༔ ཡུལ་་་དང་།གྲོང་་་དང་།ཕ་་་དང་།མ་་་དང་།བུས་་་པ།སོགས་ནོར་པའོ༔ རྐྱེན་ནི།་་་ལྷ་དབྱེ་མེད་དང་་་སྒྲུབ་པ་ལ།སྙོམ་ལས་་་དང་།ལེ་ལོས་་་གཡེང་བས།ལན༔ དེ་བས་དེ་རྣམས་སྤང་བར་བྱ་བ་་་ཤིན་ཏུ།གཅེས༔་་་སོ། །ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ གནས་དང་གཟའ་སྐར་ཐེབས་ཟློག་བསྟན་པའི་ལེའུ་སྟེ་བདུན་པའོ༔ དེ་ནས་སྟོབས་ལྡན་དཔའ་བོ་ཡིས༔ གཉིས་པ།་་་འབྲུབ་ཁུང་བཅའ་བ་འདི་་་ཡང་ན་ལྷོ་ནུབ་ཏུ་ལས་སྦྱོར་རྐྱང་པ་བྱས་ཀྱང་རུང་།ལྟར་སྟེ༔ དགྲ་བོ་ཁོའི།་་་ཁམས་དང་དགྲ་གཤེད་་་ལ་བབ་པའི།གཟའ་སྐར་དར༔་་་བ་དང་། ཁྱད་པར་་་དུ།བདུད་ཀྱི་ཉི་མའི་་་བདུན་པོ་གང་ཡང་རུང་བའི།དུས༔་་་ལ་བབས་པའི་ཚེ། མི་བསད་་་ཤུལ་གྱི།ས་རྡོ་་་དང་གྲོང་ཁྱེར་སོགས་ཀྱི།ཕུང་ཤུལ་་་ས།དང༔ རོ་ཁུང་་་གི་ས་རྡོ་དང་གྲོག་མ་དམར་ནག་འཐབ་ཤུལ་གྱི་ས།གྲོག་མཁར་་་རམ་གྲོག་ཆད་ཤུལ་གྱི་ས་དང་།དུག་ཆུས་་་སྣ་ཚོགས་པས།སྦྲུ༔ འབྲུབ་ཁུང།་་་རྒྱ་དང་དཔངས་སུ་་་བསྐུམ་ཁྲུ་གང་ལ་རྒྱར་ཁ་ཁྱེར་གོང་མ་བརྐྱང་།ཁྲུ་གང་བ༔་་་དང་། དེ་ནས་ནང་དུ་སོར་མོ་བཞི་རེ་བསྐུམས་པའི་རིམ་པ་གཉིས་ལྡན། དེ་ཡང་བང་རིམ་གོང་མ་གཉིས་ཀྱི་དཔངས་ནི་མཁྱིད་རེ་རེ། འོག་མའི་དཔངས་ཡང་མཐོ་གང་བྱའོ།་་་གྲུ་གསུམ་་་གསུམ།བརྩེགས་་་པའི་བང་རིམ།ཅན་རྩེ་མོ་་་གཅིག།ལྷོ༔་་་ཕྱོགས་སུ་བསྟན་པ། ཕྱི་ནང་གཉིས་ཀར།་་་རོ་སོལ་་་དང་།གྲི་ཁྲག་་་བསྲེས་པའི།ནག་པོར་བྱུགས༔ ནང་དུ་ལོགས་ལ་རྡོ་རྗེའི་མཁར༔ རྒྱ་གྲམ་བྲིས་ཏེ་བར་མཚམས་ཀུན༔ ཛཿནྲྀཿ<!TCC Tibetan character 4,146 undefined in unicode!>་ཞེས་མཚལ་གྱིས་བྲི༔ འབྲུ་ཁུང་གི།་་་ཁ་གཅོད་་་ལ།རོ་གཡམ་་་འོག་ངོས་ལ་རྡོ་རྗེ།རྒྱ་གྲམ་་་བྲིས་པ་དང་།ལྡན༔ རོ་གཡམ་གྱི།་་་སྟེང་དུ་ཧཱུྃ་ལཾ་ནན་ཅེས་བྲི་བར་བྱ༔ རྡོ་རྗེ།་་་རྒྱ་གྲམ་་་དེའི།དཀྱིལ་དུ་གྲི་ལྕགས་་་ཀྱི།སྦུབ༔་་་སྟེ་ཨམ་འབི་བཙུག་པ། ཐུན་ལམ་་་དེ་ནང་ནས་ཐུན།ལིང་་་གའི།སྟེང་་་དུ།འོང་་་བ་མཁས་པས་བཅའ།བར་བྱ༔ འབྲུབ་ཁུང་གི།་་་ཁ་ཁྱེར་བཅོ་བརྒྱད་དྲེགས་་་པ་བཀོད།པའི་རྩང༔ དྲག་པོའི་ཤིང་ལ་གོང་་་དུ་རྟེན་རྫས་བཤད་པའི་དུས།བཤད་་་པ།ལྟར༔་་་བཅོས་པ་སྲིན་མོ་འགྲོས་སུ་བཙུགས། འབྲུབ་གནས་་་ཀྱི།ནང་དུ་ལིངྒ་་་བཅས་པ།ནི༔་་་རྣམ་པ་གསུམ་སྟེ། དྲེགས་པ།་་་སྤྱིར་གཟིར་བ་དང་སྒོས་་་སུ།གཟིར་་་བ།དང༔ དམ་ཉམས།་་་རང་གཤེད་་་ལ།དབབ་པ་་་དང་།གསུམ་ཡིན་ནོ༔ དེ་རྣམས་་་གང་ལའང་།འཁོར་ལོ་བྲི་བ་ནི༔ སྤྱི་དང་བྱེ་བྲག་གཉིས་་་ཡིན་ཏེ།ཀུན་ལ༔ འཁོར་ལོ་བྲི་བའི།་་་གཞི་མ་་་དང་།དུས་་་དང་།སྣག་་་ཚ་དང་།སྨྱུག་གུ་དང༔ རྟེན་་་དང་།གནས་་་དང་།འབྱུང་བཞི་ཚད་་་ཆེ་ཆུང་གི།བརྒྱད་དོ༔ དང་པོ་འཁོར་ལོ་བྲི་གཞི་ནི༔ ཞི་རྒྱས་དབང་སྲུང་བ་སོགས།་་་ཕན་བྱེད་་་དེ་ལ།དར་རམ་གྲོ་ཤོག་སྟེ༔ རྩི་སྨན་བཟང་པོ་དྲུག་ཀྱང་བྱུག༔ ཟློག་གསད་མནན་གཏད་སོགས།་་་གནོད་བྱ་་་ནི།རོ་རས་་་ལ།དུག་་་སྣ།ཁྲག་་་གིས་སྦྲུས་པ།བྱུག༔ ཡང་ན་གྲོ་ཤོག་་་ལ།དུག་་་སྣ།ཁྲག་་་དང་སྦྱར་བ།བྱུག༔ དུས་ནི་ཕན་བྱ་་་ལ།ཡར་ངོ་སྔ་དྲོ་ལ༔ གནོད་བྱ་་་ལ།མར་ངོ་དགོང་་་མོ།ཉི་ནུབ༔་་་ཀྱི་དུས་བྲི། སྣག་ཚ་ཕན་བྱ་་་ལ།གུར་གུམ་དང༔ གི་ཧང་་་དང་།རིན་ཆེན་རྣམ་པ་ལྔ༔་་་གསེར་དངུལ་ཟངས་ལྕགས་སོགས་བརྟན་གཡོ་བཞུ་བའི་ཁམས་དང་། ཨིནྡྲ་ནཱི་ལ་པདྨ་རཱ་ག་མེ་ཤེལ་གཡུ་བྱེ་རུ་སོགས་བརྟན་གཡོ་མི་བཞུ་བའི་ཁམས་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་འོ་མས་སྦྱར་བས་བྲི། གསད་པ་དུག་སྣ་་་དང་།གྲི་་་ཁྲག་དང་།མཛེ་ཁྲག༔ ཀླུ་གདོལ་པ་ནག་པོ་གནས་པའི་ཆུ་མིག་གི་ཆུ།་་་གདོལ་པ་ནག་པོའི་ཆུ་ཡིས་སྦྱར༔་་་བས་བྲིའོ། །སྨྱུ་གུ་ཕན་བྱ་་་ལ།ཟངས་་་དམར་གྱི།སྨྱུག་་་གུ།ལ༔ གནོད་བྱ་་་ལ།བྱ་རོག་་་གི།སྒྲོ་་་རྩའམ།གྲི་ལྕགས༔་་་སོ། །རྟེན་ནི་་་ལས་ཐམས་ཅད།སྤྱི་་་ཁྱབ།ལ་ཁྱབ་འཇུག་་་གི།ཞལ༔ སྐུ་གཟུགས།་་་ཕྱག་མཚན་་་ནི།ཕན་གནོད་་་ཀྱི།ལས་དང་བསྟུན༔་་་དགོས་ཏེ་རྩ་བ་ཕྱག་མཚན་གཡས་ཆུ་སྲིན་གཡོན་རྭའི་མདའ་གཞུའོ། །སྲོག་་་ལས།ལ་་་ལྕགས་ཀྱུ་དང་།གྲི་་་སོགས།མཚོན་་་ཆ་དང་།མདའ་གཞུ་འཕེན༔་་་པ། སེར་བ་་་ལ།ཟོར་བ་་་དང་།སོ་མང་་་དང་།ཕྱགས་མའོ༔ ཆོ་འཕྲུལ་་་ལ།གང་་་གཏོང་བར།འདོད་་་པ་དེ་དག་གི།གཟུགས་བརྙན་བསྐུར༔ ཐོག་ལ་མདའ་གཞུ་ཐོག་རིས་སོ༔ གནོན་ན་རི་རབ་་་དང་།ཟློག་པ་་་ལ།རྡོ་རྗེ་་་དང་།དགྲ་སཏྭའོ༔ ཕན་བྱ་རྣམས་་་དེ་དག་རྣམས་གང་བྱེད་ཀྱང་།རྡོ་རྗེ་དང་ནི་རཏྣའོ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ མགོ་ལུས་མེད་པར་མིག་གིས་ཁེངས༔ དབུ་ནི་སྡེ་བརྒྱད་ཞལ་བརྒྱད་དེ༔་་་གཞུང་གཞན་ལྟར་ན་དབུ་དགུ་བྱ་རོག་དང་བཅུ་ཡིན་ཀྱང་ཚིག་རིགས་འདི་ལ་དཔྱད་ན་གཞུང་འདི་ཡི་དགོངས་པར་ཞལ་གསུམ་བསྒྲིགས་གཉིས་ཀྱི་སྟེང་དུ་ཉིས་བསྒྲིགས་གཅིག་བྱས་པའི་སྟེང་དུ་བྱ་རོག་དགོས་པ་འདྲ་ཞིག་འདུག་གོ །ཞལ་བརྒྱད་པོ་ནི་ཞི་སྲུང་ལ་ཞི་འཛུམ་དུལ་བའི་ཉམས་ཅན། རྒྱས་པ་ལ་ཚིམས་ཤིང་རང་གཟེངས་མཐོ་བའི་ཉམས་ཅན། དབང་འགུགས་ལ་བརྩེ་ཞིང་ཆགས་ལ་གཅུགས་པའི་ཉམས་ཅན། དྲག་པོ་རྣམས་ཁྲོས་འཁྲུགས་གཏུམ་རྔམས་ཀྱི་ཉམས་ཅན་དུ་འབྲི་བ་གནད་ཆེའོ། །དབུ་ལ་ཡེ་ཤེས་བྱ་རོག་ཞལ༔ ཁ་དོག་གནོད་བྱར་དུད་ཁ་ཕན་བྱར་དཀར་པོར་བྱའོ༔ སྒོས་ཀྱི་དོན་་་པོ།ལ་་་ནི་དགྲ་བགེགས།རྣམ་པ་གཉིས༔་་་ཡིན་ཏེ། དགྲ་ནི་་་དགྲ་དེ་རང་།སྤྱི་དགྲའི་ལིང་ག་ལ༔ ཤི་མིག་ཁྲད་མོ་ཉམ་ཐག་་་པའི།ཚུལ་དུ་བྲི༔་་་ལ། འདྲེ་ནི་་་གནོད་བྱེད་གང་ཡིན།དྲེགས་པ་རང་རང་གཟུགས༔་་་བྲི་བ་ཡིན་ལ། འདྲེ་ཡི་ལིངྒ།་་་དེ་ལའང་རྣམ་པ་གཉིས་ཡོད་དེ༔ དྲེགས་པ་གཟིར་་་བའི་ལིངྒ།དང་དགྲ་་་ལ།གཤེད་་་དུ།དབབ༔་་་པའི་ལིངྒའོ། །དེ་ཡང།་་་དྲེགས་པར་་་ཁོ་རང་།གཟིར་དུས་གོང་གི་་་དགྲའི་ལིང་གས་དྲེགས་པ་ལའང་།མཚུངས༔་་་པར་བྲི་སྟེ། དྲེགས་པ་དེ།་་་རྒྱན་མེད་གཅེར་བུ་ཉམ་ཐག་་་ཚུལ་ཅན།ཕྲད་མ་འོ༔ ཀླུ་ནི་སྦྲུལ་མགོ་སྦྲུལ་མཇུག་གོ༔ ཐམས་ཅད་མི་ཡི་ཆ་བྱད་ལ༔ མིག་འཕང་དམའ་ལ་ཕྱག་མཚན་མེད༔ ཕོ་རྣམས་སྐྲ་ནི་རལ་པ་གཟེངས༔ མོ་རྣམས་ལྕང་ལོ་ཐུར་དུ་བཤལ༔ ཕྱག་མཚན་མི་བསྐུར་་་ཏེ་གལ་ཏེ་བསྐུར་ན་ཁོ།ནུས་པ་ཆེ༔་་་བར་གྱུར། ཡང་།་་་གལ་ཏེ་་་དྲེགས་པ་རྣམས།དགྲ་གཤེད་་་དུ།འབེབ་པ་ན༔ སྐྲ་ནི་གོང་་་དང་།འདྲ་་་བ་ལ།ཁྱད་པར་དུ༔ ཕོ་རྣམས་མིག་ནི་་་བགྲད་ཅིང་།གྱེན་ལ་ལྡོག༔ མོ་རྣམས་ཐུར་དུ་་་མིག་བགྲད་ཅིང་།ལྡོག་པ་ལ༔ ཟ་ཟ་་་དང་།རྔམས་རྔམས་བརྗིད་པའི་་་ཉམས་ཅན་སོགས།ཚུལ༔ དྲེགས་པ་རྣམས།་་་རང་་རང་ཇི་འདྲའི་མཚན་མར་བྲི༔་་་ཞིང་དེ་དག་གི །སྐུ་མདོག་་་དང་།ཕྱག་མཚན་་་དང་ན་བཟའ་སོགས་ནི།བསྐུལ་བཞིན་་་བྲི་བ་ཡིན།ནོ༔་་་དྲེགས་པ་རྣམས་ལ་ཞོན་པ་བྲི་དགོས་མི་དགོས་གསལ་ཁ་མ་བྱུང་བས་བརྟག་གོ །དྲེགས་པ་དགྲ་ལ་གཤེད་དུ་དབབ་པ།་་་དེ་དུས་ཕྱག་མཚན་བསྐུར་བ་ཡིས༔ དྲེགས་པ།་་་ནུས་པ་ཆེ་ཞིང་་་དགྲ།གཤེད་དུ་འབེབ༔་་་པ་ཡིན་ནོ། །གནས་ནི་གནོད་བྱ་འབྲུབ་ཁུང་ཕན་བྱ་ནི༔ མགུལ་ལམ་ལག་གཡོན་གང་འདོད་དུའོ༔ འབྱུང་བཞི་རླུང་ནི་ཕྱར་བས་ཏེ༔ ནམ་མཁའ་དག་ཀྱང་་་རླུང་གི་ཚུལ།དེ་ཡིས་མཚུངས༔་་་ཏེ་རླུང་ལ་ཕྱོར། ཆུ་ནི་ལུང་གསུམ་མདོ་་་ན་འབབ་པའི་ཆུ།དང་རྒྱ་མཚོ་་་དང་།འབབ་ཆུར་་་ཆེན་པོར།བསྐྱལ༔ ས་ནི་མཆོད་རྟེན་་་འོག།རྒྱ་གྲམ་ལམ་་་དང་སྲང་།དུ་མནན༔ མེ་ནི་རྒྱ་ཐབ་ཆེན་པོའི་འོག་་་ཏུ།སྦའམ་ཡང་ན་དྲེགས་་་པའི།ཤིང་མེ་ལ་བསྲེག༔ ཚད་ནི་ཁྱབ་འཇུག་་་དྲེགས་པ་སྤྱི་གཟིར་བྱེད་གཟའ་བདུད་འཇིག་རྟེན་པ།མཐོ་དོ་དྲེགས་པ་གཞན༔་་་གཞན་བཅོ་བརྒྱད་དོ། །མཐོ་རེ་སྨྱུགས་དང་ཞེང་སོར་བཞིའོ༔་་་དེ་ལས་འཕགས་ཟེར་ཡང་ཆུང་སྐྱོན་ཡོད་པས་མཁྱིད་གང་ལས་མི་ཆུང་བ་རེ་བྱེད་དགོས། དེ་ནས།་་་བྲི་བ་དངོས་ལ་རྣམ་པ་གསུམ༔ དྲེགས་པ་སྤྱི་དང་བྱེ་བྲག་ལས༔ སྤྱིར་ནི་འཆི་བདག་་་གཟའ་བདུད་འཇིག་རྟེན་པ།རལ་པ་ཚར་དགུ་་་ཡིན།སྟེ༔ གཤིན་རྗེའི་ལྟོ་་་བ།ན་སྲིད་པ་གསུམ་་་པོ།གནས༔་་་ཤིང་། དེ་ནང་་་དུ་ནི་སྲིད་པ་གསུམ་པོ་དག་གི།ཐམས་ཅད་འདུ་བ་ཡིན༔་་་ལ། དངོས་ལ་གཟའ་བདུད་རཱ་ཧུ་ལའོ༔་་་སྟེང་ལྷ་ཡི་ཡུལ་ན་མ་ཧཱ་དེ་བ་ཡིན། མི་ཡུལ་ན་རཱ་ཧུ་ལ་སྟེ། ཀླུའི་ཡུལ་ན་ཏི་པ་ཙ་འོ། །སྡོང་གཤིན་ཡུལ་ན་སྤྱང་ཀི་ཞལ་བཞི་པ། གཤིན་རྗེའི་ཡུལ་ན་རལ་པ་ཚར་དགུའོ། །སྲིད་པ་གསུམ་ལ་དབང་བྱེད་པའོ། །དེ་ལ་ཡང་ནི་གཉིས་ཡིན་ཏེ༔ གཟའ་བདུད་དངོས་་་ཡེ་ཤེས་པ།དང་དེའི་གཡེན་པོ༔་་་སྟོབས་ལྡན་ནག་པོ། གཡེན་པོ་དེ་རྣམས།་་་མེད་ན་རོ་ཉེ་་་གཟའ་འཇིག་རྟེན་པ།རྣལ་འབྱོར་་་རང་ཉིད་ལ།ཟློག༔ དེ་བས་གཡེན་པོ་དང་པོར་གཅེས༔ དེ་ཡི་ཐབས་ནི་འདི་ལྟ་སྟེ༔ སྤྱིར་ནི།་་་ཡི་དམ་སྔོན་སོང་ལྟ་བ་རྟོགས་པ་གཅེས༔ དྲེགས་པའི་བླ་རྡོ་ལུས་ལ་བཅང༔ གཡེན་པོའི་་་རང་རང་གི།རྫས་དང་སྲུང་འཁོར་དེ་བཞིན་ཏེ༔ དེ་ཡིས་རང་ཉིད་དྲེགས་པར་མཐོང༔ རང་གིས་རང་ནི་གསོད་མི་འགྱུར༔ གཡེན་པོ་གནད་ཀྱི་ཙཀྲ་ནི༔ སྟོབས་ལྡན་ཆེན་པོས་དྲེགས་པ་གཟིར༔་་་བ་ཡིན་ཏེ་དེ་ལའང་། ཆེ་མཆོག་ཧེ་རུ་ཀ་་་སྟོབས་ལྡན་ནག་པོ།དང་རྟ་མགྲིན་དང༔ ཕྱག་རྡོར་་་དང་།བྱ་ཁྱུང་གཤིན་རྗེའི་གཤེད༔་་་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡེ་ཤེས་གཟའ་བདུད་ཆེན་པོ་རྣམས༔ ཁྲུ་ཚད་པ་ཡི་ཤོག་གུ་ལ༔་་་སྐུ་གཟུགས་བྲི་བ་བསྟན།་་་དུག་སྣ་གྲི་ཁྲག་་་གིས།བྲི་བར་གཅེས༔ མུ་ཁྱུད་གསུམ་བསྐོར་ལྟེ་བ་རུ༔ གྲུ་གསུམ།་་་ཨེ་ལ་ཁྱབ་འཇུག་ལྟར་དུ་བྲི༔ དེ་ལྟོར་་་ཁྱབ་འཇུག་དང་།ཨཱེ་རཱ་་་གཉིས།རྣམ་ཤེས་་་ཡིན་པས་བྲི།ལ༔ ཁྱབ་འཇུག་རཱ་ཧུ་ལ་ཡི་སྲོག༔་་་ཅེས་པ་དང་། སྟོབས་བཞིའི་་་བཛྲ་སརྦ་དུཥྚཱན།ཞབས་ལ་་་ཀེ་ཏ་ཀེ་ཏ།རཱ་ཧུ་ལ༔ དེ་ལ་རང་བཞིན་དྲག་པོ་་་ཁྱབ་འཇུག།དང༔ བཙན་ཐབས་ཟློག་དཀྲུག་མེ་ཆུ་གཟིར༔་་་ལེའུ་བཅོ་བརྒྱད་པ་ལྟར་བྲི། དེ་ཡི་གྲོགས་ཀྱང་དེ་བཞིན་བྲི༔ གྲོགས་ཀྱི་གྲོགས་ཀྱང་དེ་ལྟ་སྟེ༔ སྲོག་གཅེས་པ་དང་གཟིར་ལས་བྱའོ༔ གྲྭ་གསུམ་ལ་ནི་གསོད་བྱེད་བཞི༔ ཟླ་གམ་གསུམ་ལ་འཕྲོག་བྱེད་་་ཧུར་ཐུཾ་ཛཿ།གསུམ༔་་་མགོ་ནང་བསྟན། དེའི་མཐའ་རྩིབས་བརྒྱད་རང་བཞིན་་་ཏྲིག་ནན།དང༔ དྲག་པོ་་་རྦད་ནན།བཙན་ཐབས་་་བྷི་ན་ཙིཏྟ་རྦད་ནན།སྦྲགས་པ་བྲི༔ དེའི་མཐའ་མུ་ཁྱུད་ཆེ་བ་ལ༔ དམ་ཚིག་དམོད་པའི་ཚིག་འདི་བྲི༔ ཀྱེ༔ གསོན་ཅིག་ལས་ཀྱི་གཤིན་རྗེ་ཁྱོད༔ ཉོན་ཅིག་གཟའ་བདུད་མ་རུངས་པ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཚོགས་པའི་གདུག་བྱེད་མ་རུངས་པ༔ གཟའ་བདུད་ཆེན་པོ་ཁྱོད་ཉིད་བྱུང༔ ལས་ངན་དབང་གིས་ལུས་ངན་བླངས༔ གོས་ངན་གྱོན་ཅིང་ཟས་ངན་ཟ༔ ལས་སུ་སེམས་ཅན་སྲོག་གཅོད་བྱེད༔ ཉི་མ་ཟླ་བ་ལྟོ་རུ་མིད༔ སྲིད་པ་གསུམ་ལ་དབང་བྱས་ཏེ༔ སྡིག་ལོངས་སྤྱོད་ཅིང་འབྲས་བུ་ནི༔ རྡོ་རྗེ་དམྱལ་བར་འགྲོ་བ་ལ༔ རྒྱལ་བའི་ཐུགས་རྗེས་རབ་བཟུང་ནས༔ བཅོམ་ལྡན་འཇམ་དཔལ་ཡབ་ཡུམ་ནི༔ སྐུ་ཡི་ཁྱོན་གྱིས་ཁམས་གསུམ་ཁེངས༔ འདོད་ཁམས་ཉི་ཤུ་ཞབས་ཀྱིས་མནན༔ གཟུགས་ཁམས་བཅུ་བདུན་ཕྱག་ན་བསྣམས༔ གཟུགས་མེད་བཞི་ཡང་ཞལ་དུ་རྔུབ༔ ཞལ་གདངས་ཧོམ་ཁུང་གྲུ་གསུམ་བགྲད༔ དུག་གསུམ་ཟད་པར་སློབ་པ་ཡིས༔ སྲིད་གསུམ་མ་ལུས་ཟ་བར་བྱེད༔ དེ་བཞིན་ཡུམ་དང་གཉིས་སུ་མེད༔ ཧ་ལ་ཧ་ལ་གདོང་བརྒྱ་པ༔ མི་བཟད་དཔའ་བོ་ཡབ་ཡུམ་གྱིས༔ བདུད་པོ་རོག་ཏི་ཞབས་ཀྱིས་གཟིར༔ དེ་དུས་རུ་དྲ་ཡི་མུག་སྟེ༔ བྲོས་པས་ཐར་བར་མ་གྱུར་ནས༔ སྲིད་རྩེ་དམྱལ་གཏིང་བར་དག་ཀྱང༔ མུན་ནག་བཞིན་དུ་རབ་ཏུ་གཏིབས༔ དེ་ཚེ་འཕགས་པ་འཇམ་དཔལ་ཉིད༔ ཐུགས་རྗེས་ཡེ་ཤེས་རོག་ཏིར་སྤྲུལ༔ གདུག་པའི་རུ་ཏྲ་རོག་ཏི་ལ༔ གསེར་གྱི་འཁོར་ལོ་ལུས་ལ་བརྒྱབ༔ ལུས་པོ་དུམ་བུ་བརྒྱད་དུ་གཏུབས༔ གན་རྐྱལ་རབ་ཏུ་བསྒྱེལ་བྱས་ཏེ༔ མགོ་བོ་ལྷོ་ནུབ་མཚམས་སུ་བསྟན༔ མིག་དང་སྙིང་དང་མཆེ་བ་ཀུན༔ བྱང་དང་ཤར་གྱི་མཚམས་སུ་ཕྱུང༔ ཡན་ལག་ཕྱོགས་བཞི་མཚམས་བརྒྱད་མནན༔ ཟས་སྐལ་བསྟན་པ་བཤིག་པ་ཡི༔ ཤ་ཁྲག་རུས་གསུམ་མ་ལུས་གཏད༔ བསྟན་པ་བསྲུང་དང་དགྲ་བགེགས་སྒྲོལ༔ ཐ་ཚིག་གཉན་པོ་དེ་དུས་བྱས༔ དམ་ལས་མ་འདའ་ས་མ་ཡཱ༔ ད་ལྟ་དུས་ངན་སྙིགས་མ་ལ༔ སངས་རྒྱས་བསྟན་པ་གཉན་ལ་དགྲ་བྱུང་ངོ༔ དགྲ་ཆེ་གེའི་མི་ནོར་ཟས་དང་བཅས༔ ཁྱོད་ལ་ཟས་སྐལ་གཏད་དོ་ཤོར་ར་རེ༔ སྔོན་གྱི་ཐ་ཚིག་རྗེས་སུ་ད་དགོངས་ལ༔ དགྲ་བགེགས་སྡིག་ཅན་མྱུར་དུ་སོད་ལ་ཤོག༔ གལ་ཏེ་དམ་ལས་ཁྱོད་འདའ་ན༔ རྡོ་རྗེ་དམྱལ་བར་ལྟུང་བར་ཤོག༔ དེ་བས་ལས་འདི་མྱུར་དུ་གྱིས༔ དུས་ལ་བབ་པོ་ས་མ་ཡཱ༔ ལས་ལ་རྒྱུགས་ཤིག་རཱ་ཧུ་ལ༔ དགྲ་བགེགས་སྒྲོལ་ཅིག་གཤིན་རྗེའི་གཤེད༔ ཀེ་ཏ་ཀེ་ཏ་དགྲ་བགེགས་ཀྱི་ཤ་ཁྲག་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་དམ་ཚིག་རྗེས་དྲན་དམོད་བསྒོའོ༔ ཡེ་ཤེས་རོག་ཏི་ཁྱབ་འཇུག་དང༔ འཇམ་དཔལ་ལྟོ་བར་ཚིག་དེས་སོ༔་་་བྲིས། བྱང་ཁྱུང་་་གི།ལྟོ་བར་་་མུ་ཁྱུད་དེ་ཉིད་ལ།འདི་ལྟ་སྟེ༔ ཀྱེ་མ་གསོན་ཅིག་ལས་ཀྱི་གཤིན་རྗེ་ཁྱོད༔ ཉོན་ཅིག་གཟའ་བདུད་མ་རུངས་པ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ གདུག་པའི་བུ་ནི་གཟའ་བདུད་ཁྱོད་བྱུང་སྟེ༔ ལས་ངན་སེམས་ཅན་རྣམས་ལ་འཚེ༔ སྲིད་གསུམ་ལྟོར་བཅུག་ཉི་ཟླ་ཟ༔ སྡིག་ལ་ལོངས་སྤྱོད་དམྱལ་བར་ལྟུང༔ དེར་ནི་བདེ་གཤེགས་ཐུགས་རྗེས་གཟིགས༔ རྒྱལ་བའི་ཐུགས་སྤྲུལ་བྱ་བྱུང་རྒྱལ་པོ་ཡིས༔ གདུག་པའི་རུ་ཏྲ་སྲོག་སྙིང་སྦར་གྱིས་བཏབ༔ རི་རབ་ཆེན་པོའི་རྩེ་ལ་དྲངས་བྱས་ནས༔ སྤུ་གྲིའི་གཤོག་པས་ལུས་རྣམས་དུམ་བུར་གཏུབས༔ གནམ་ལྕགས་མཆུ་རྣོན་ཤ་ཁྲག་མ་ལུས་ཟོས༔ དེ་དུས་བྲོས་པའི་དབང་མེད་སྲིད་གསུམ་གཤོག་པས་བཀབ༔ རབ་ཏུ་བྲེད་དངངས་སྲོག་གི་སྙིང་པོ་ཕུལ༔ བསྟན་པའི་རུ་ཏྲ་སྒྲོལ་བར་དམ་བཅས་ཏེ༔ ཟས་སྐལ་དགྲ་བགེགས་གདུག་པའི་ཤ་ཁྲག་གཏད༔ ཀྱེ༔ གཟའ་བདུད་ཆེན་པོ་མ་རུངས་པ༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ དགྲ་བགེགས་གདུག་པ་མྱུར་དུ་སྒྲོལ༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ གལ་ཏེ་དམ་ལས་ཁྱོད་འདའ་ན༔ རྡོ་རྗེ་དམྱལ་བར་སྐྱེ་བར་ཤོག༔ དེ་བས་དམ་ལས་མ་འདའ་ལས་བཅོལ་མྱུར་དུ་སྒྲུབས༔ ཀེ་ཏ་ཀེ་ཏ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་སོ༔ དེ་ནས་རྟ་མགྲིན་་་དང་།ཕྱག་རྡོར་དང༔ རྡོར་གཞོན་ཆེ་མཆོག་སྟོབས་ལྡན་་་རྣམས་ལྟེ་བར་མུ་ཁྱུད་དེ་ཉིད་ལ་བྲི་བ།ནི༔ ཀེ་ཤ་ཉོན་ཅིག་འཁོར་བའི་ལས་ངན་རྣམས༔ ང་ནི་རྡོ་རྗེ་རབ་ཏུ་ཁྲོས་པ་ཡིན༔ ང་ནི་ཁམས་གསུམ་སྒྲོལ་བྱེད་ཡིན༔ ང་ནི་རུ་ཏྲའི་སྙིང་ཟན་ཡིན༔ ང་ནི་དུས་གསུམ་སྔོན་དུའང་འོངས༔ ང་ནི་ད་ལྟ་ཉིད་ཀྱང་ཡོད༔ ང་ནི་དུས་གསུམ་ཕྱིས་འབྱུང་ངེས༔ ང་ནི་དུས་གསུམ་མངོན་སངས་རྒྱས༔ ང་ནི་ཁྲག་འཐུང་ཀུན་གྱི་རྗེ༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ནི་ལྷ་སྲིན་ཀུན་གྱི་གཤེད༔ ང་ཡི་བཀའ་ལ་རབ་ཏུ་ཉོན༔ སྔ་རབས་འདས་དང་སླད་དུ་འབྱོན༔ ད་ལྟ་དུས་གསུམ་ཐམས་ཅད་དུ༔ དཀོན་མཆོག་བཀའ་ལ་མི་བདེན་གང་ཡང་མེད༔ བདེན་པའི་ཚིག་ལ་མི་ཉན་གང་ཡང་མེད༔ དེ་ཕྱིར་རྒྱལ་བའི་བཀའ་ལ་རབ་ཏུ་ཉོན༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ མ་རུངས་གདུག་བྱེད་དྲེགས་པ་ཁྱོད༔ ལུས་ཉིད་དུམ་བུ་སྟོང་དུ་གཤོག༔ དམོད་པ་དྲག་སྔགས་མཚོན་ཆ་དང༔ དམ་ལས་འདས་པའི་རྣམ་སྨིན་གྱིས༔ མགོ་ཡང་ཚལ་པ་བརྒྱ་རུ་ཁོས༔ སྙིང་ཁྲག་ཐང་ལ་བོ་བར་ཤོག༔ དེ་བས་དམ་ཉམས་དགྲ་བགེགས་འདི༔ མ་ཐོགས་མྱུར་དུ་སྒྲོལ་ལ་ཤོག༔ ཤ་ཁྲག་མཆོད་པ་དམ་པ་བཞེས༔ དུས་ལ་བབ་པོ་ས་མ་ཡ༔ ལོ་དང་ཟླ་བར་ལྟ་ཅི་སྨྲོས༔ ཞག་དང་ཟ་མར་གསོད་ལ་ཤོག༔ ནམ་མཁའ་སྟོང་ལ་ཚད་མ་གཟུང༔ འཇིག་རྟེན་ཕྱི་མར་དུས་མ་འདེབས༔ དེ་ལྟར་གཡེལ་ན་ཁྱོད་ལ་སྡིགས༔ རྡོ་རྗེ་དམྱལ་བར་ལྟུང་བར་ངེས༔ མིང་དང་གཟུགས་སུ་བྲིས་པའི་དགྲ་བགེགས་འདི༔ བསྟན་པའི་རུ་ཏྲ་འདི་ཡིན་ནོ༔ བསྒྲལ་བའི་ཞིང་བཅུ་འདི་ཡིན་ནོ༔ སངས་རྒྱས་བསྟན་པ་འདི་ཡིས་བཤིགས༔ དཀོན་མཆོག་དབུ་འཕང་འདི་ཡིས་སྨད༔ བླ་མ་སློབ་དཔོན་སྐུ་ལ་འདི་ཡིས་བསྡོས༔ བཀའ་སྲུང་དམ་ཅན་ཁྱོད་ལ་འགྲན་ཞིང་དོ་བཙུགས་སོ༔ ལས་ངན་དམྱལ་བའི་ཁ་བརྒྱུད་པས༔ དེ་ཕྱིར་མ་ཐོགས་མྱུར་དུ་སྒྲོལ༔ དུས་ལ་བབ་པོ་ས་མ་ཡ༔ མ་ཐོགས་མྱུར་དུ་ལས་འདི་གྱིས༔ བཛྲ་སརྦ་དཥྚཱན༔ ཀེ་ཏ་ཀེ་ཏ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ དེ་ཕྱིར་བཅུ་དྲུག་རྩིབས་རྩེ་ཕྱིར་ལ་བསྟན༔ རྩིབས་ནང་ཡེ་ཤེས་ལྷ་་་གང་ཡིན།ཡི་རང་རང་་་གི།སྲོག༔ ཡི་གེ་རེ་ལ་བྷྱོ་རྦད་གདགས༔ དཔེར་ན་སྟོབས་ལྡན་ལ།་་་བཛྲ་སརྦ་དུཥྚཱན་ཀེ་ཏ་ཀེ་ཏ་མཱ་ར་ཡ་རྦད༔་་་དེས་འགྲེ་བར་གཤིན་རྗེ་རྟ་མགྲིན་སོགས་ལ་སྦྱར། ཡིག་མགོ་ཕྱིར་བསྟན་བྲི་བར་བྱ༔ རྩིབས་བར་དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་རྦད་ཅེས་བྲི༔ ཡིག་མགོ་ནང་དུ་བསྟན་པར་བྱ༔ དེའི་ཕྱི་རེ་མིག་བཅོ་བརྒྱད་ལ༔ ཡེ་ཤེས་ལྷ་ཡི་སྔགས་་་སྟོབས་ལྡན་གཤིན་རྗེ་བྱ་ཁྱུང་རྟ་མགྲིན་ཕྱག་རྡོར་རྡོར་གཞོན་སོགས་གང་ཡིན་རེ།རེའི་ཞབས༔ གཟའ་བདུད་རྒྱལ་པོ་ལས་ལ་བྷྱོ༔ དྲེགས་པ་བཅོ་བརྒྱད་ལས་ལ་བྷྱོ༔ དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔ ཞེས་པ་ཡིག་མགོ་ཕྱི་ལ་བསྟན༔ དེའི་ཕྱི་རྡོ་རྗེ་མེ་རི་བྲི༔ དེའི་ཕྱི་ལྷ་ཡི་སྐུ་་་ཞལ།དགོད་པ༔ སྟོབས་ལྡན་ཧེ་རུ་ཀ་ཉིད་ནི༔ དབུ་དགུ་ཞབས་བརྒྱད་ཕྱག་བཅོ་བརྒྱད༔ བསྟོད་བསྐུལ་ཇི་བཞིན་མཐིང་ནག་གོ༔ རྡོར་གཞོན་ཞལ་གཅིག་ཕྱག་གཉིས་པ༔ མཐིང་ནག་ཕྱག་གཡས་རྡོ་རྗེ་ལ༔ གཡོན་པས་ཕུར་པ་གདེངས་པ་འོ༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ དམར་པོ་གཡས་པ་ཟངས་ཀྱི་རྡོ་རྗེ་དང༔ གཡོན་པ་བྷནྡྷ་བསྣམས་པ་དང༔ ཕྱག་རྡོར་ཞལ་གཅིག་ཕྱག་གཉིས་པ༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་གཡས་གཡོན་གདེངས༔ བྱ་ཁྱུང་སྤུ་གྲི་འདབ་གཤོག་གདེངས༔ གནམ་ལྕགས་མཆུ་ཡིས་སྦྲུལ་ཟ་འོ༔ རྡོ་རྗེ་སྡེར་མོས་རོ་ཉེ་འཛིན་པ་གསེར་ཁྱུང་ངོ༔ ཡ་མ་ཞལ་གཅིག་ཕྱག་གཉིས་མཐིང༔ གཡས་པས་འཁོར་ལོ་རྩིབས་བརྒྱད་གཡོན་ཐོད་དབྱུག༔ ཀུན་ཀྱང་དུར་ཁྲོད་རྒྱན་ལྡན་ཁྲོས་པ་བྲི༔ དུག་དང་ཁྲག་གིས་ངར་བླུད་འཁོོར་ལོ་བལྟེམ༔ ཡེ་ཤེས་གཟའ་བདུད་ནག་པོ་ཉིད་ཕྱིར་རང་བཞིན་ལ༔ ཕྱག་བཞི་་་ཁྱད་པར།དང་པོ་གཉིས་ན་ཆུ་སྲིན་སྦྲུལ་ཞགས་བསྣམས༔ འོག་མ་གཉིས་ནི་ལྕགས་མདའ་ལྕགས་གཞུ་འོ༔ ཡེ་ཤེས་སྲོག་ཀྱང་སྔགས་ཀྱི་སྒྲ་ལ་འདུ་བའི་ཕྱིར༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿདང་སྤྱི་བོར་ཏྲིག་ནན་ཧུར་ཁ་ནང་དུ་ཐུམས་སྙིང་ཁར་ཛཿརྣམས་གཉེན་པོ་ལྔ་ཐམས་ཅད་འབྲི་འོ།་་་གཟིར་འཕྲོག་ལ་སོགས་ཡི་གེ་ཀུན་ལ་དགོད༔ འཁོར་ལོ་བལྟེམ་པ་དང་པོ་རུ་ཏྲ་བསྒྱེལ༔ དེ་སྟེང་དྲེགས་པ་དེ་སྟེང་གཟའ་བདུད་སྤྱི༔་་་འཇིག་རྟེན་པ། དེ་སྟེང་གཅུན་པའི་འཁོར་ལོ་རིམ་པ་ཡིས༔ གཟའ་འཇིག་རྟེན་པའི་སྟེང་དུ།་་་ཡེ་ཤེས་གཟའ་བདུད་བྱ་ཁྱུང་་་དེ་སྟེང་།ཡ་མ་་་དེ་སྟེང་།རྟ་མགྲིན་དང༔ དེ་སྟེང་ཕྱག་རྡོར་དེ་སྟེང་།་་་རྡོ་རྗེ་གཞོན་ནུ་དང༔ དེ་སྟེང་སྟོབས་ལྡན་ལ་སོགས་རིམ་པས་བལྟེམ༔ དེ་རྣམས་ཞབས་ནི་མར་བསྟན་་་ནས་དྲེགས་པ་རྣམས།འདུལ་བར་བསམ༔ གཅུན་བཞིའི་་་གོང་གནོན་འཁོར་ལོ་རྣམས་ཀྱི།རྒྱབ་ཏུ་་་མཆོད་རྟེན་རེ་རེ་བྲི།ཀ་ནིའི་བུམ་པ་ཡི་་་ནང་དུ།ལ༔ རྟེན་འབྲེལ་སྙིང་པོའི་ཞབས་ལ་འདི་སྐད་་་དུ།བྲིའོ༔ བཀའ་ཡི་བདེན་པ་འདི་དག་འགྲུབ་པར་གྱུར་ཅིག༔ འགྲུབ་པར་གྱུར་ཅིག༔ འགྲུབ་བོ༔ འགྲུབ་བོ༔ ཞེས་པ་རྟེན་འབྲེལ་་་གྱི།གནད་་་དམ་པ།ཡིན་ནོ༔ གཅུན་འཁོར་་་རྣམས།འབྲུབ་ཁུང་ཁ་གཅོད་་་ཀྱི།འོག༔་་་ཏུ། སའི།་་་ཐོད་སྟེང་་་དུ།རྩང་་་གི་ཁ།ལ་ལྡིང་བ་མན་ངག་གོ༔ དེ་ལྟར་ཐབས་ཤེས་རབ་དང་ལྡན་པས་བྱས་ན།་་་གཟའ་བདུད་མི་འཁུ་་་ཞིང་།དྲེགས་པ་་་རྣམས།ལས་ལ་ཚུད༔་་་པར་འགྱུར་རོ། །སྔགས་ཀྱི་བདེན་པའི་དོན་ཉིད་་་ངེས་པར།འགྲུབ་པར་བྱེད༔ དེ་ལྟར་་་ལག་ལེན་མཁས་པས།ཤེས་ན་ལས་འདི་བཅས་པས་འགྲུབ༔་་་པ་ཡིན་ནོ། །སྲིད་པ་ལས་ཀྱི་ཕྲ་མེན་ནག་པོ་་་དྲག་པོའི་ལས།འདི༔ འཁོར་ལོ་བཅས་པས་འགྲུབ་པར་གདོན་མི་ཟའོ༔ སྐབས་སུ་དུས་གཉན་་་ཉ་གསུམ་དགུ་གསུམ་ལ།གཏོར་་་མ་དང་།ཚོགས་་་དང།ཕུད་་་གསེར།སྐྱེམས་མཆོད༔ དགྲ་ལིང་ལ།་་་ཐུན་ཕུར་བྲབ་ཅིང་དམོད་མོ་་་སོགས།རྦོད་གཏོང་་་གི་ལས།བྱ༔ དེ་ཡིས་་་དྲེགས་པ།ལས་་་ལ།བསྐུལ་་་ནས།ངེས་པར་དགྲ་བགེགས་བརླག༔་་་པར་འགྱུར་རོ། །ཅེས་སོ༔ དེ་རྣམས་གཟའ་བདུད་གཡེན་པོ་བྲི་བའོ༔ དེ་ནས་་་དྲེགས་པ་ཐམས་ཅད་སྤྱི་ཁྱབ་ཏུ།གཟིར་་་བར།བྱེད་་་པ།གཟའ་བདུད་་་འཇིག་རྟེན་པའི།ལྟོ་བར་འདི་ལྟ་སྟེ༔ འཁོར་ལོ་རྩིབས་ཅན་་་དུ།བྲི་་་བ།དང་སྤྱིལ་པོ་བྲི༔་་་བ་གཉིས་ཡིན་ལ། དེ་གཉིས་་་གང་འདོད།འདམ་ཁ་ཡིན་ཏེ་་་དྲེགས་པ།སྤྱི་་་དང་།སྒོས་ཀུན་ལ་སྦྱར༔་་་དགོས་པ་ཡིན། དེ་ཡང་དཀྲུག་ཅིང་གཅོད་པ་་་ཡིན་པའི།རྩིབས་་་ཅན།ཀྱི་མན་ངག་་་འདི་ཟབ་ཅིང་།གསང༔་་་བ་ཡིན། སྤྱི་གཟིར་རྩིབས་ཅན་སྒོས་གཟིར་རྩིབས་ཅན་གཉིས་ཀྱི་དང་པོ་སྤྱི་གཟིར་རྩིབས་ཅན།་་་རྩིབས་དང་སྔགས་ནི་དབུས་སུ་དྲག་པོ་ཨེ༔ དེ་ནང་སྤྱི་སྲོག་ཨཱེཿ་་་དེ་ལ་དྲེགས་པ་བཅོ་བརྒྱད་སྲོག་ཡིག་མགོ་ཕྱིར་བསྟན་བསྐོར།ཡིག་བྲི༔ ཟླ་གམ་གསུམ་ལ་འཕྲོག་བྱེད་ཧུར་ཐུམས་ཛཿགསུམ༔་་་སྔགས་མགོ་ནང་། ཕྱོགས་རྩིབས་བཞི་ལ་སྟོབས་ཡིག་བཞི༔་་་བཛྲ་སརྦ་དུ་ཥཊཱན། མགོ་ནི་ཕྱི་རུ་བསྟན་པར་བྱ༔ མཚམས་བཞི་གཅོད་བཞི་་་མཱ་ར་ཡ་རྦད།སྔགས་མགོ་ནང༔ དེའི་ཕྱི་མུ་ཁྱུད་སྲོག་མིང་ནི༔ ཡིག་མགོ་ནང་བསྟན་འདི་ལྟ་སྟེ༔ དྲེགས་པ་སྤྱི་ཡི་སྲོག་དང་བཅས་པ་ཡིན།་་་སྤྱིར་སྣང་སྲིད་ལྷ་སྲིན་གྱི་སྲོག་ཛ༔ གཟའ་བདུད་རཱ་ཧུ་ལའི་སྲོག་ཛ༔ གཤིན་རྗེའི་སྲོག་ཛ༔ དེའི་གྲོགས་ཀྱི་སྲོག་ཛ༔ གྲོགས་དེའི་གྲོགས་ཀྱི་སྲོག་ཛ༔ ཞེས་རིམ་པས་བཅུ་བདུན་འགྲེའོ༔ དེའི་ཕྱིར་རིམ་མུ་ཁྱུད་ལ༔ གཟིར་བ་སྔགས་ནི་འདི་ལྟར་བྲི༔་་་མགོ་ནང་བསྟན་དུ། ཨཱོྃ་བཛྲ་སརྦ་དུཥྚཱན༔ ཀེ་ཏ་ཀེ་ཏ་ཏྲིག་ནན༔་་་དེའི་གྲོགས་དང་གྲོགས་ཀྱི་སྲོག་ཏྲིག་ནན། ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཅེས་སྤྱིའོ༔ གཉིས་པ།་་་སྒོས་ནི་ཡ་མ་ལ༔ ཡ་མ་ཏྲིག་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཅེས་པས་་་མ་མོ་སོགས།བཅུ་བདུན་འགྲེ་བར་ཤེས༔ སྔགས་མགོ་ནང་དུ་བསྟན་པས་རྣོ༔ དེའི་ཕྱི་འབྱུང་བ་་་ཨེ་རཾ་བཾ་སུཾ།དུག་ལྔ་་་རང་གཤེད་དབབ་པ།དང༔ གཤེད་འབེབ་སྤུ་གྲིའི་སོ་རྣམས་འབྱུང་བ་གྱེན་ཐུར་ལ་སོགས་མང་བར།བྲི༔ དེའི་ཕྱིར་ཛཿདམར་ནག་གིས་བསྐོར༔ ཛཿཡིག་མགོ་ནི་ཕྱིར་བསྟན་འགུག༔ སྤྱི་སྒོས་ཀུན་ལ་དབྱིབས་དེས་འགྲེའོ༔ དགྲ་ལ་བྱེད་ན་གྲོགས་འདི་བལྟེམ༔ ཆེ་གེའི་སྲོག་ལྷ་ཕོ་ལྷ་མོ་ལྷ་ཡུལ་ལྷའི་སྲོག་ཅེས་བལྟེམ༔ སྔགས་པ་ཡིན་ན་དེའི་ཆོས་སྐྱོང་ཞེས་པ་བལྟེམ༔ དེའི་ཕྱི་ཁྱབ་འཇུག་་་ལས་ཀྱི་རཱ་ཧུ་ལ།རྟེན་བྲིའོ༔ གཉིས་པ།་་་དྲེགས་པ་སྒོས་་་གཟིར།ཀྱི་་་རྩིབས་ཅན།ཙཀྲ་ནི༔ སྤྱིར་ནི་དུག་སྣ་གྲི་ཁྲག་མཛེ༔་་་ཁྲག་དང་། ཁྱད་པར་རང་རང་མཐུན་རྫས་སྙིང་ཁྲག་གོ༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཕྱི་ནང་ལྡན༔ དབུས་སུ་ཨེ་་་དམར་ནག་གྲུ་གསུམ།ལས་་་སྤྱི་སྲོག་ཨཱེཿདང་ཡ་ལྟ་བུ།རང་སྲོག་རེ༔ ཟླ་གམ་འཕྲོག་བྱེད་འབྲུ་གསུམ་་་ཧུར་ཐུམས་ཛཿ།མོ༔་་་མགོ་ནང་བསྟན། དེའི་ཕྱི་མུ་ཁྱུད་སྲོག་་་གཤིན་རྗེའི་སྲོག་ཛཿ།ཅེས་བྲི༔ དེའི།་་་གྲོགས་སྲོག་ཛ༔ དེའི།་་་གྲོགས་ཀྱི་སྲོག་་་ཛ་ཞེས།ཀྱང་བལྟེམ་པར་བྱ༔ དེའི་ཕྱི་རྩིབས་བརྒྱད་ཕྱོགས་བཞི་རུ༔ སྟོབས་ཡིག་་་བཛྲ་སརྦ་དུཥ་ཊཱན།བཞི་ནི་ཕྱིར་མགོ་བསྟན༔ མཚམས་བཞིར་གཅོད་བཞི་་་མཱ་ར་ཡ་རྦད།ཡིག་མགོ་ནང༔ མུ་ཁྱུད་རང་རང་གཟིར་སྔགས་ནི༔ གྲོགས་དང་བཅས་པ་སྔགས་མགོ་ནང༔ དེའི་ཕྱིར་འབྱུང་བ་་་འབྱུང་བ་ལྔ་དང་དུག་ལྔ་དང་འབྱུང་བ་གྱེན་ཐུར་གཤེད་འབེབ་སྤུ་གྲི་རྣམས་བྲི།དེའི་ཕྱིར་ཛཿདམར་བྲི༔ དེའི་ཕྱི་ལ་དྲེགས་པ་རང་རང་་་གི།གཟུགས་སོ༔་་་གང་ཡིན་བྲི། རྩིབས་ཅན་ཙཀྲའི་བྲི་ཐབས་སོ༔ འཁོར་ལོ་སྤྱིལ་པོ་ལྟ་བུ་ནི༔ གཉིས་པ་རྩིབས་མེད་པའང་སྤྱི་གཟིར་དང་སྒོས་གཟིར་གཉིས་ལས་དང་པོ་སྤྱི་གཟིར་སྤྱིལ་པོ་རྩིབས་མེད།་་་དང་པོ་ཁྱབ་འཇུག་བྲི་བ་ནི༔ དབུས་སུ་སྤྱི་སྲོག་ཨཱེཿབྲིས་ལ༔ དེའི་ཕྱི་མགོ་ངོས་ནས་བཟུང་སྟེ༔ ཡ་་་མ་སོགས།ཞེས་བཅོ་བརྒྱད་རྣམ་ཤེས་་་ཡི་གེ་རེ་རེ།བྲི༔ དེ་ཡི་ཡིག་མགོ་ཕྱིར་ལ་བསྟན༔ དེའི་ཕྱི་མགོ་ཕྱི་་་བསྟན་དུ།སྲོག་གི་མིང༔ སྣང་སྲིད་ལྷ་འདྲེའི་སྲོག་ཛ༔ ཁྱབ་འཇུག་རཱ་ཧུ་ལའི་སྲོག་ཛ༔ གཤིན་རྗེའི་སྲོག་ཛ༔ ཞེས་བཅུ་བདུན་འགྲེའོ༔ དེའི་ཕྱིར་སྔགས་མགོ་ནང་བསྟན་གཟིར༔ སྔགས་ནི༔ སྤྱི་གཟིར་བ།་་་བཛྲ་སརྦ་དུཥྚཱན་ཏྲིག་ནན༔ སྤྱི་སྲོག།་་་ཨཱེཿའཕྲོག་བྱེད་འབྲུ་གསུམ།་་་ཧུར་ཐུམས་ཛཿགསོད་པ་འབྲུ་བཞི།་་་མཱ་ར་ཡ་རྦད༔ སྟོབས་ཡིག།་་་བཛྲ་སརྦ་དུཥྚཱན༔ གཤིན་རྗེ།་་་ཡ་མ་ཏྲིག་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ བཅུ་བདུན་འགྲེ༔ གྲོགས་དང་གྲོགས་ཀྱང་གཟིར་བར་བྱ༔ དེའི་ཕྱི་སྤུ་གྲི་་་དང་།ཛཿ་་་ལ།སོགས་བྲིའོ༔ དེའི་ཕྱི་་་ལ།ཁྱབ་འཇུག་་་གི་སྐུ།ཞལ་བྲིའོ༔ གཉིས་པ།་་་སྒོས་་་གཟིར།ཀྱང་་་རྩིབས་མེད་སྤྱིལ་པོ་སྤྱི་གཟིར་ལྟར་ཁྱབ་འཇུག་ནི།དེ་མཚུངས་ལྟེ་བར་སྲོག༔་་་ཡ་ལྟ་བུ། དེའི་ཕྱི་སྲོག་་་ཡ་ལྟ་བུ་སླར་ཡང་བྲི།མིང་་་ཡ་མ་ལྟ་བུ།དེའི་ཕྱིར་གཟིར༔་་་ཏྲིག་ནན་སོགས། གྲོགས་དང་གྲོགས་ཀྱི་གྲོགས་ཀྱང་གཟིར༔་་་དེའི་ཕྱིར་སྟོབས་ཡིག་དང་རང་བཞིན་གཟིར་བ་དང་འཕྲོག་བྱེད་གསོད་བྱེད་སོགས་ཏེ་སྤུ་གྲི་དང་དེའི་ཕྱིར་ཛཿསོགས་གོང་གི་རིགས་འགྲེས་ལ་བྲི། དེ་ཡི་ཕྱི་ལ་་་དྲེགས་པ་སོ་སོའི།རང་གཟུགས་སོ༔ དམ་ཉམས་དགྲ་བོའི་ལིངྒ་ནི༔ གང་བྱེད་ཀྱང་།་་་སྤྱིལ་པོར་བྲི་དང་རྩིབས་སུ་བྲི༔་་་ལེའུ་བཅོ་ལྔ་པ་ནང་ཡོད་པ་ལྟར། དེས་་་ཙཀྲ་དགྲའི་གཅིག་དང་དྲེགས་པའི་གཅིག་གིས།འགྲེ་བར་དུ་ལིང་རྐྱང་བལྟེམ༔་་་མནན་སྔགས་བཀོད་པ་རེ་རེ། ནྲྀ་དཀྱིལ།་་་རྣམ་ཤེས་སྲོག་ཡིག་མིང་ལ་གཟིར༔་་་དགྲའི་མིང་སྲོག་ལྷ་སྲུང་དང་བཅས་པའི་མིང་སྲོག་རྣམས་རང་བཞིན་དྲག་པོ་བཙན་ཐབས་ཀྱིས་གཟིར་རོ། །དགྲ་ཆེ་གེ་མོ་ཏྲིག་ནན་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད་དགྲ་བོ་ཆེ་གེ་མོ་ཡི་ལྷ་སྲུང་གྲོགས་དང་བཅས་པ་ཏྲིག་ནན་ཨཱེཿཧུར་ཐུམས་ཛཿམཱ་ར་ཡ་རྦད་ཅེས་པ་ནི་རང་བཞིན་གཟིར་བ་སྟེ་དེས་འགྲེའོ། །དེ་ཕྱིར་་་དགྲ།རང་གི་གཟུགས་བྲིའོ༔ འཁོར་ལོ་་་དང་།སྤྱི་སྒོས་་་སོ་སོའི།མན་ངག་གོ༔ དེ་ནས་དགྲ་བགེགས་གང་ལ་ཡང༔ ལིངྒ་་་རྐྱང་འཁོར་ལོ་སྤྱིལ་པོར་བྲི་བ་དང་ཆ་མཚུངས་པར་གདའ་འོ།བྲི་བ་འདི་ལྟ་སྟེ༔ སྔགས་ཀྱི།་་་ལིང་རྐྱང་་་བྲི་བ།སྤྱིལ་པོར་བྲི་བར་བྱ༔ དེ་ལ་གཉིས་ཏེ་དགྲ་དང་འདྲེའོ༔ གནོད་བྱེད་དྲེགས་པའི་ལིང་རྐྱང་ནི༔ མི་ཡི་གཟུགས་བརྙན་ཤི་མིག་ལ༔ རྐང་ལག་ལྕགས་སུ་གཞུག་པ་བྱ༔ སྙིང་གར་་་གནོད་བྱེད།གང་ཡིན་་་པ་དེའི།ས་བོན་་་རང་བདུད་ལྕགས་ཀྱི་སྡིག་པས་ཟ་བ་བྲི།ལ༔ གནོད་བྱེད།་་་གང་ཡིན་དེ་ཡི་སྲོག་ཛཿདང༔་་་སྣང་སྲིད་ལྷ་འདྲེའི། དེའི་མཐའ་གང་བྱེད་གཟིར་་་བཛྲ་སརྦ་དུཥྚཱན་ཏྲིག་ནན།འཕྲོག་་་ཧུར་ཐུམས་ཛཿ།གསད༔་་་མཱ་ར་ཡ་རྦད། གནོད་བྱེད་དེའི།་་་གྲོགས་དང་གྲོགས་་་དེ་ཉིད།ཀྱི་སྲོག་ཀྱང་གཟིར༔ སྐྱེ་བོ་ཡིན་ན་་་གྲོགས།ལྷ་ལྔ་ལ༔ བན་བོན་་་ཡིན་ན།སྲུང་མ་བཅས་པའོ༔ གང་བྱེད་བླ་རྟེན་རྫས་ཀྱིས་བྱུག༔ དྲི་མ་དྲུག་་་དྲི་ཆེན། དྲི་ཆུ། མཆིལ་མ། སྣབས། སྐྲ །གོས་་་དང་རྐང་རྗེས་ས༔ ལིངྒ་ལ་བྱུགས་མི་འབྱམས་ཐེབས༔ དེ་རྣམས།་་་གནད་ཀྱི་ཡི་གེ་རང་ཆས་་་སུ།ཡོད་པ་ནི༔ རང་རང་་་གི།གནས་སུ་བྲི་བར་བྱ༔་་་སྟེ། དེ་ཡང་སྲོག་གསུམ་ཡོད་པ་ལ༔ རྗེས་སུ་དྲན་་་པའི།སྲོག་་་མིང་ཡིག་ཡིན་དཔྲལ་བའི།སྐྲ་མཚམས་་་སུ།བྲི༔ དེ་ནི།་་་འདི་ལྟར་སྤྱིའི་ཁྱབ་འཇུག་ལ༔ སྤྱི་བོར་བྲི།་་་སརྦ་དུཥྚཱན༔ གཤིན་རྗེའི༔ དེ་ལྟར་མིང་ཡིག་དགོས་པའོ༔ གཟིར་བྱེད་སྤྱི་བོ་་་ཏྲིག་ནན།འཕྲོག་བྱེད་ལུས་ངག་ཡིད་གསུམ་མོ༔་་་ཧུར་སྤྱི་བོ། ཐུམས་ཁ་ནང་། ཛཿསྙིང་གར། གཅོད་དེ་ཡན་ལག་བཞི་ལ་བྲི༔་་་རྐང་མཐིལ་གཡོན་མཱ། གཡས་ར། ལག་མཐིལ་གཡས་ཡ། གཡོན་རྦད་བྲིའོ། །དེ་རྣམས་་་ནི།གནད་ཡིག་་་དང་།སྲོག་་་དགོད་པ།ཡིན་ལ༔ སྟོབས་ཀྱི་ཡི་གེ་་་ནི།འདི་ལྟར་་་ལིང་རྐྱང་ཀུན་ལ།དགོད༔་་་དགོས་པ་སྟེ། དེ་ཡང་།་་་འདྲེ་ལ་བྱེད་ན་གསུས་ཁྱིམ་ལ༔ འདྲེ་དེ་གནས་པའི།་་་ཡུལ་དང་གནས་་་འདྲེ་དེ་ཀའི།གང་ཡིན་པར་བྲི༔ བརླ་ལ་འདྲེ་ཡི་མིང་བྲི་འོ༔ དགྲ་ལ་བྱེད་ན་དཔྲལ་བར་་་དགྲ་དེའི།རུས༔་་་དང་། སྙིང་གར་ཛཿནྲྀཿ<!TCC Tibetan character 4,146 undefined in unicode!>་ལ་མིང་་་སྐྱེ་བོ་ལ་དངོས་མིང་བན་དེ་ལ་ཆོས་མིང་སྔགས་པ་ལ་གསང་མཚན།གིས་བསྐོར༔ ལྟེ་བར་ལུས་སྐྱེད་གནས་བཤིགས་པ༔ ནྲྀ་ལ་མཱ་ར་ཡ་རྦད་བཞི་ཡིས་བསྐོར༔ དེ་ཡི་མཐའ་མར་་་དགྲ་དེ་ཡི།ཡུལ་་་དང་།གྲོང་་གི།མིང༔་་་དང་། དགྲ་དེའི།་་་བུས་པ་་་མིང་འདི་ཞེས་བྱ་བའི་བར་ཞེས་པ།ཕ་མ་་་སོགས།མི་འབྱམས་གནད་ཡིན༔་་ནོ། །རྐེད་པ་གཡས་་་ལ་དགྲ་དེའི།ལོ་གཡོན་ཚ་་་བོ་འདིའི་ཞང་པོ་ཞེས་པ།དང༔ རྐེད་པ་གཡས།་་་རྦད་དང་་་རྐེད་པ་གཡོན།རྦུད་ཀྱིས་གཏུབས་པར་བྱ༔ བརླ་ལ་་་དགྲ་དེའི།བླ་དྭགས་་་ཀྱི།མིང་བྲིའོ༔ རང་ཤར་དགྲ་ཡི་སྲོག་ཡིན་ཞེས༔ ཡན་ལག་་་བཞི་ལ།དགུག་་་པ་དང་།བཅིངས་་་པ་དང་།བསྡམ་་་པ་དང་།བསྟིམ་པའི༔ ཡི་གེ་བཞི་ནི།་་་ཛཿཧཱུྃ་བཾ་ཧོཿབཞི་ཡང་བྲི༔ ལིངྒའི་ཐ་མར།་་་ཛ་ཛ་མང་བར་བྲིས་པས་དགུག༔ དེ་ཡི་ཐ་མར་ཡིག་མགོ་ནང་བསྟན་ཏེ༔ དགྲ་བོ་ཆེ་གེ་མོ་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ པྲ་བེ་ཤ་ཡ་རྦད༔ ཨཱ་བེ་ཤ་ཡ་ནྲྀ་ཡ༔ ཛཿཧཱུྃ་བཾ་ཧོ༔ དགྲ་བོ་དམ་ཉམས་པ་ཆེ་གེ་འདི༔ ཁྱབ་འཇུག་རཱ་ཧུ་ལ་དང་དྲེགས་པ་བཅོ་བརྒྱད་ཀྱིས་གཙོར་བྱས་པའི་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ལ་ཟས་སྐལ་དུ་གཏད་དོ༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་སོད་ལ༔ ཤ་ཁྲག་མཆོད་པ་དམ་པ་བཞེས་ཤིག་ཡཱ༔ ཞེས་བྲི༔ དེ་ནས་་་ལིངྒ་དུག་སྣ་དང་ཁྲག་སྣ་བྱུག་དམིགས་བྱའི་ཟག་རྫས་མེ་ལ་རླངས་ཐོན་ཙམ་བསྲོས་པ་བྱུགས་ལ།དགུག་གཞུག་ཕྱག་རྒྱ་བཞི་ཡིས་བྱ༔ ཛཿཧཱུྃ་བཾ་ཧོ༔ ནྲྀ་ཛཿཛ༔ དགྲ་བོ་ཡིན་ན་ལྷ་དང་དབྱེ༔ སྔོན་དམར་གནོད་སྦྱིན་ཞགས་པ་དང༔ ཤི་སྐྲ་བདུད་ཀྱི་ཞགས་པས་བཅིངས༔ འཁོར་ལོའི་་་རླུང་གི་ཙཀྲའི་སྟེང་། ཀླུའི་འཁོར་ལོའི་འོག་སྟེ་དེ་གཉིས་ཀྱི།བར་་་དུ་ལིངྒ།བལྟེམ་་་ཞིང་།འཆི་བདག་གི༔ ལྟོ་བར་ཟོས་ཏེ་ཚུད་པར་བསམ༔་་་ཞིང་། ཟས་སུ་གཏད་དོ་ལ་སོགས་་་དམོད་པ་ཡང་།བརྗོད༔ གཏད་གཉེར་མ་བཞག་་་བྱེད་པ།གཅེས་པ་ཡིན༔ དེ་ནི་ལིང་རྐྱང་བྲི་ཐབས་སོ༔ དེ་ནས་དམ་ཉམས་རང་གཤེད་དབབ་པ་ནི༔ མན་ངག་ལྡན་པའི་སྔགས་པ་ལ༔ སྡིག་ཅན་གང་ཞིག་དགྲར་ལངས་ན༔ སྲུང་བྱེད་དྲེགས་པ་གཤེད་ལ་དབབ༔ དྲེགས་པ་་་སྤྱི་སྒོས་སུ་རང་བཞིན་དྲག་པོ་བཙན་ཐབས་སོགས་ཀྱིས།གཟིར་བའི་སྔགས་མཇུག་ཏུ༔ གཟས་པོའི་མིང་གཞུག་རྣམ་ཤེས་འཕྲོག༔་་་ཧུར་ཐུམས་ཛཿ བསད་ཅིང་དྲེགས་པ་་་རྣམས་དགྲ་བོ་ཁོ་རང་གི།རང་གཤེད་་་དུ།དབབ༔ སྡིག་པ་མ་བུའི་ཚུལ་གྱིས་གསོད༔ འཁོར་ལོ་སྤྱི་སྒོས་གོང་ལྟར་ལ༔ ཁྱད་པར་སྔགས་རྣམས་་་བཤད་མ་ཐག་པ།འདི་ལྟར་བལྟེམ༔ བྲི་དང་བཟླས་པ་གཉིས་ཆར་གཅེས༔ ལྟེ་བར་དགྲ་དང་དེ་ཡི་སྲུང་མ་ཡི༔ རྣམ་ཤེས་སྲོག་གཉིས་དེ་ཡིས་འགུགས༔ གཞུང་གཞན་་་ནི།ཆ་འདྲ་་་རྣམས།སྔགས་་་གང་དགོས།འཕྲུལ་་་ཞིང་།བལྟེམ༔ འགལ་བྱེད་ཆམ་ལ་འབེབ་པར་ངེས༔ ཞེས་སོ༔ དེ་ལྟར་འཁོར་ལོ་འཆའ་བ་ལ༔ སྔགས་ཀྱི་སྐྱོན་རྣམས་སྤང་བའི་ཕྱིར༔ འཁོར་ལོ་སྤྱི་ཐེབས་ཤེས་པར་གཅེས༔ དེ་ལ་རྣམ་པ་གཉིས་ཡིན་ཏེ༔ དོན་དམ་དང་ནི་ཀུན་རྫོབ་བོ༔ དོན་དམ་ཡེ་ཤེས་འཁོར་ལོ་ནི༔ དུས་གསུམ་ཀུན་ཏུ་རང་བྱུང་སྟེ༔ ང་ནི་དུས་གསུམ་དུས་མཉམ་མཁན༔ ཆོས་དབྱིངས་ཐིག་ལེའི་ངང་དུ་གསལ༔ ཅིར་སྣང་ཅིར་སྲིད་ངང་ལ་ཐིམ༔ ང་ནི་སྣང་སྟོང་དབྱེར་མེད་དོ༔ ང་ནི་གསལ་སྟོང་གྲགས་སྟོང་ངོ༔ དྭངས་མའི་འཁོར་ལོ་ཆེན་པོ་ཡིན༔ སྐྱེ་འཆི་མེད་པའི་བྱང་ཆུབ་སེམས༔ འགག་པ་མེད་པ་ལོངས་སྤྱོད་རྫོགས༔ སྤང་བླང་མཐའ་བྲལ་སྤྲུལ་པ་འགྱེད༔ ང་ལས་འཁོར་ལོ་ཐམས་ཅད་བྱུང༔ ལྷག་པ་བྱང་སེམས་འཁོར་ལོ་ཡིན༔ ནང་དུའང་རྒྱུན་ཆད་མེད་པར་བསྐོར༔ རྣལ་འབྱོར་སྐུ་གསུམ་ལྡན་པ་གཅེས༔ དོན་འདི་ནི།་་་འཇིག་རྟེན་འདས་དང་ཡེ་ཤེས་སྲོག༔ ཡིན་ཕྱིར་བདག་གི་དབང་དུ་བྱས༔་་་པ་ཡིན་ཅི། རང་ཤུགས་་་ཀྱིས།དྲེགས་པའི་སྲོག་ཀྱང་ཐོབ༔ འདི་མེད་འཁོར་ལོ་གཞན་བསྐོར་བ༔ ཡུག་པ་རྐྱང་ཡིན་བདག་གཞན་ངལ༔ དེ་ཕྱིར་དང་པོ་འདི་ལ་བརྩོན༔ གཉིས་པ་ཀུན་རྫོབ་འཁོར་ལོ་ནི༔ འཁོར་ལོ་ལོག་དང་འབྱམས་པ་དང༔ གཅོད་དང་རྟག་ཏུ་འཁོར་བ་དང༔ རྟག་ཏུ་ལྟོ་བྲལ་རྣམ་པ་ལྔའོ༔ དེ་ལས་འཁོར་ལོ་ཟློག་པ་ནི༔ ཡི་གེ་ལྷག་ཆད་་་བྲི་བཟླས་དུས་སུ།ནོར་བ་དང༔ ཡི་གེ་འབྲེལ་་་ཡི་གེ་དང་གཟུགས་འབྲེལ་བ།དང་འགགས་་་ཤད་ཚེག་མི་དགོས་པར་ཐལ།པ་དང༔ རེ་ཁཱ་ལ་ཐུག་་་མུ་ཁྱུད་ལ་ཡི་གེ་ཐུག་པ།ཚིག་མཚམས་་་ཚིག་གི་གཅོད་པ།མཚམས་་་སམ།འབྲེལ་པ་འབྱམས༔ རང་གི་་་ལུས་ཀྱི།དྲི་མ་ཕོག་ན་་་རང་ལ།ཟློག༔ དེ་ནས་འཁོར་ལོ་འབྱམས་པ་ནི༔ སྔགས་ལ་ནན་ཏན་་་བཟླས་པ་ཉུང་དང་མ་དག་དང་།ཆུང་བ་དང༔ འཛབ་བསྙེན་་་གྲངས་དང་བསྒྲུབས་པ།ཚད་དུ་མ་བསྐྱོལ་་་བ།དང༔ ཡུལ་ཆེ་གེ་མོ་ན་དགྲ་ཆེ་གེ་མོ་སོད་ཅིག་སོགས།་་་གཉེན་པོ་བཀའ་བསྒོ་མ་བྱས་དང༔ ལས་སྦྱོར་ཐུན་ཕུར་མ་བཏབ་དང་མནན་བསྲེག་འཕང་གསུམ།་་་ལས་ཚོགས་ཡན་ལག་ཆད་པ་དང༔ ཡང་ཡང་མ་བྱས་པ།མནན་གཏད་ནན་ཏན་ཆུང་བ་དང༔ རི་རབ་་་མནན་ལིངྒའི་སྟེང་དུ་ལཾ་རི་རབ་སྐྱེད།བསྒོམ་ཐབས་མ་བྱས་དང༔ དེ་ཡི་ལས་ནི་མི་བྱེད་་་པ་ནམ་མཁའི་རི་མོ་འདྲ་ལ།འབྱམས༔ འཁོར་ལོ་འབར་ལ་གཅོད་པ་ནི༔ བོད་པ་ལ།་་་ཆིག་འབུམ་བསྙེན་པ་རྫོགས་པ་དང༔ དམ་ཅན།་་་སྒྲུབ་པའི་མཎྜལ་ལ་་་རང་གཞུང་ལྟར།བརྟེན་ནས༔ དགྲ་བོ།་་་གསད་པའི་འཁོར་ལོ་་་སྔགས་ཐུན་ལ་སོགས།བསྐོར་བྱ་སྟེ༔ མནན་པའི་་་ལས་འཇུག།ལས་ལ་་་ཡང་ཡང་།ནན་ཏན་་་གཏད་དམག་དྲང་ངོ་།སྐྱེད༔ དེ་ཡིས་འཁོར་ལོས་དགྲ་བགེགས་་་སྲོག་རྩ།གཅོད༔ དེས་ཀྱང་་གལ་ཏེ།མ་ཆོད་སྤོགས་པ་ནི༔ ཡེ་ཤེས་པ་དང་འཇིག་རྟེན་པའི།་་་ཕྲིན་ལས་གཞུང་བསྲང་དམ་རྫས་་་མ་ཚང་པ་དང་སྔགས་ལ་སོགས་པ་སླར་ཁ།གསོ༔ རང་རང་སྒྲུབ་པ་ལ།་་་བརྣག་་་པ།བྱེད་གནས་་་དང་།གྲོགས་སྐྱོན་་་གང་ཤེས།བརྟགས་་་ལ།སྤང༔ རྒྱན་གདགས་པ་དང་དུག་་་སྔགས་རྫས་ཏིང་ངེ་འཛིན་ལ་སོགས་ཀྱིས།དབྱུང་བྱ༔ སྔོན་འགྲོ་་་དང་པོར་བསོད་ནམས་ཀྱི།ཚོགས་་་རྒྱ་ཆེར།བསགས་་་ལས་ལ།འབད་བྱས་ལ༔ ཚེག་བར་ཡིག་འབྲུ་ལ་སོགས།་་་གསང་སྔགས་ཟློག་དཀྲུག་ཕྲིན་ལས་བྱ༔ དེ་ཡིས་ལྷ་དབང་ཉིད་ཀྱང་སྒྲོལ༔ འཁོར་ལོ་རྟག་ཏུ་འཁོར་བ་ནི༔ རྟགས་བྱུང་མར་བཏོན་་་འཁོར་ལོ་དང་ལིངྒ་བཀྲུ་བར་བྱ།རྟག་ཏུ་འཁོར༔་་་ན་ལས་བྱེད་པས། དགྲ་བགེགས་གང་ལ་བྱ།་་་སྐྱེ་རྒྱུད་རྩད་བཅད་ཐ་མ་རུ༔ དགྲ་ཟད་ནས་ཐ་མར།་་་རྣལ་འབྱོར་རང་ལ་བཟློག་པ་ཡིན༔ འཁོར་ལོ་ལྟོ་བྲལ་ཞེས་པ་ནི༔ ཡི་གེ་་་འཁོར་ལོ་སྟེང་འོག་གཅིག་ཐོག་ཏུ་གཅིག།སོ་སོ་མ་མཉམ་དང༔ གོང་གནོན་དང་དྲེགས་པ་སྟེང་འོག་ནོར་བ་དང་དྲེགས་པ་ལ་དགྲ་ལིང་།་་་སྟེང་འོག་ལོག་དང་རེ་མིག་ནོར༔་་་སྔགས་དགོད་པ་ལ་སོགས། དེ་ཡིས་བསྒྲུབས་ཀྱང་་་རང་ཡང་།འགྲུབ་མི་འགྱུར༔ ཡི་ཆད་ཆོས་ལ་་་སྐྱེ་བ་དང་གདམས་པར།དད་མི་འགྱུར༔ དེ་བས་ཐབས་འདི་ཤེས་བྱའོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ བྲུབ་གནས་བཅའ་བ་དང༔ འཁོར་ལོ་དང་ལིངྒ་བྲི་བའི་ལེའུ་སྟེ་བརྒྱད་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ གསུམ་པ།་་་གཟིར་བྱེད་་་འཁོར་ལོའི་སྟེང་དུ་བཞག།བླ་རྡོ་འདི་ལྟ་སྟེ༔ སྤྱི་དང་བྱེ་བྲག་གཉིས་སུ་ཤེས༔ དང་པོ།་་་སྤྱི་ལ་གྲི།་་་ལྕགས་་་ལས་བྱས་པའི།སྡིག་་་པ།སོར་བཞི་པའི༔ སྡིག་པའི་ནང་དུ་སྔགས།་་་རང་བཞིན་དྲག་པོ་བཙན་ཐབས་་་རིམ་པ་བཞིན་དུ་རང་བཞིན་མཚལ་དྲག་པོ་དུག་བཙན་ཐབས་ཁྲག།གསུམ༔ མཚལ་དང་དུག་ཁྲག་་་བཙན་དུག་དང་གྲི་ཁྲག་མེད་ཐབས་མེད།གིས་བྲི་ལ༔་་་སྡིག་པའི་ནང་དུ་བཅུག །གཉིས་པ།་་་ཁྱད་པར་གཟའ་་་དྲེགས་པ་བཅོ་བརྒྱད་ཀྱི་གཉེན་པོའི།བདུད་་་འཇིག་རྟེན་པའི།ཡ་མ་བདུད་ཀྱིའོ༔་་་འཆི་བདག་རྣམས་ནི་གོང་གི་ལྕགས་ཀྱི་སྡིག་པ་དེ་ཁོ་ནའོ། །མ་མོར་་་ལ།བུད་མེད་་་ཀྱི།བརླ་གཡོན་་་པའི།རྐང༔ བདུད་ཕོ་མོ་ལ་ལྕགས་ཁབ་ཟུར་གསུམ་པ༔ སྲིན་པོ་ཕོ་མོ་ལ་ནི་ཁྲོ་ཆུའི་ཁབ༔ ལྷ་ལ་གཡག་དཀར་པོའི་རྭ་ཅོ་ཡི་རྩེ༔་་་མོ། མུ་སྟེགས་ལ་མཛོ་ནག་པོའི་རྭ་རྩེ༔ གནོད་སྦྱིན་ཕོ་མོ་་་རྡོ་ཁ་དོག་ལྗང་གུ་ཡོད་པ་དཀར་པོ་སོགས་ཁ་དོག་མི་གཅིག་པའི་སྲིན་ཐིག་ཡོད་པ།ལ་རྡོ་ལྗང་གུ༔ རུ་ཏྲ་ཐལ་ཆེན༔་་་འདི་ཚབ་ལ་གཟའ་བྱེད་ན་གོང་གི་གྲི་ལྕགས་ཀྱི་སྡིག་པ་དེ་རང་གིས་ཆོག །རྒྱལ་པོ་ལ་ཤེལ་རྡོ༔ བཙན་ལ་མཆོང་དམར༔ དམུ་ལ་མཆོང་སྨུག༔ ཐེ་བྲང་དང་་་རྡོར་ལེགས།འགོང་པོ་དང་དམ་སྲི་གསུམ་ལ་ཕ་ཝང་ལོང་བུའི་རྡོ༔ ཀླུ་ལ་རཏྣ་་་དུང་སྤོས་ཤེལ་བྱེ་རུ་གཡུ་མུ་མེན་ཏེ།ལྔའོ༔་་་ཡང་ན་མཚོའམ་ཆུ་མིག་ཀླུ་གནས་ངེས་པའི་ནང་གི་རྡོ་གྲོ་མོར་བྱས་ཀྱང་ཉན་ནོ། །དེ་རྣམས་རང་རང་གི་སྲོག་ཡིག་དང༔ གཟིར་ཡིག་བྲིས་ལ་རང་རང་གི་འཁོར་ལོའི་སྟེང་དུ་བཞག༔ ལུས་ལ་རང་གི་བླ་རྡོ་དག་ཏུ་བཅང༔་་་ངོ་། །མི་མཐུན་རྫས་ཀྱིས་གཟིར་བ་ལ༔་་་གཉིས་སྤྱི་དང་བྱེ་བྲག་གོ །སྤྱི་ལ་བཙན་དུག་ར་དུག་ཐང་ཕྲོམ་གསུམ༔ རྡོ་རྗེ་དང་ནི་ཕུར་པ་དང༔ དུག་སྣ་ཚོགས་དང་ཐུན་སྣ་ཚོགས༔ རེ་བར་གཏུམས་ལ་འཁོར་ལོ་མནན༔ ཁྱད་པར་གཤིན་རྗེ་གཟིར་བ་གྲི་ཁྲག་ལ༔ མ་མོ་ཡུགས་སའི་མངལ་ཁྲག་གོ༔ མུ་སྟེགས་དང་བདུད་ཕོ་མོ་ལ་ཁྱི་ལུད་དེ༔ ལྷ་ལ་ཚིལ་ཆེན་སྲིན་པོ་ཕོ་མོ་མུ་ཟིའོ༔་་་སེར་ནག །རུ་ཏྲ་་་གཟའ་ལ་འདོར་ལེན་བྱེད།ཉུང་ས་དཀར་གནོད་སྦྱིན་ཕོ་མོ་མཛེ་འབོབ་་་ཀྱི།གཟིར༔ རྒྱལ་པོ་སྤྱང་བྲུན་བཙན་ལ་ར་དུག་སྦྲེ༔ རྡོར་ལེགས།་་་ཐེ་བྲང་འགོང་པོ་་་དང་།དམ་སྲི་གསུམ་ལ་གུ་གུལ་ནག་པོ༔ དམུ་ལ་དུག་སྣ་ཀླུ་ལ་ཕག་སྣ་གླ་རྩི་སྟེ༔ གཟའ་བདུད་ཚེར་མ་སྲན་མ་་་དང་།ཆན་གྱི་ཕྱེའོ༔ དེ་རྣམས་རང་རང་ཐུམ་པོས་ནི༔ རང་རང་འཁོར་ལོའི་སྟེང་ནས་གཟིར༔ དེ་རྣམས།་་་ཡོ་དྲིལ་་་ལ།ཐུམ་བུས་ཁྱབ་འཇུག་སྤྱི་རུ་གཟིར༔ དེ་ཡང་ལག་ལེན་་་འཁོར་ལོ་ལྟེབ་པ་འདི་དྲེགས་པ་གཟིར་བའི་ལག་ལེན་ཡིན་དགྲ་གཟིར་བའི་སྐབས་ཡིན་ནོ།བསྟན་པ་འདི་ལྟ་སྟེ༔ དང་པོ།་་་འབྲུབ་ཁུང་སྟེང་དུ་ཚེར་མ་ཡི༔་་་བཏིང་ལ། སྟེང་དུ་གང་ལ་བྱ་བའི་ལིངྒའི་་་གན་རྐྱལ་བསྒྱེལ་བ།སྙིང་ག་རུ༔ རང་རང་་་གཅིག་གམ་ཁ་ཡར།གཟིར་རྫས་བལྟེམ་ཞིང་དེ་ཡི་སྟེང༔ ཁྱབ་འཇུག་་་གི།འཁོར་ལོ་ཁ་སྦུབས་་་ལ།ཟ་་་བའི།ཚུལ་་་གྱིས།གཟིར༔ དེ་ནས་སྤྱི་དང་བྱེ་བྲག་གཟིར་བའི་ཐུན་རྫས་ནི༔ མི་མཐུན་རྫས་དེ་རྣམས་དང་མཛེ་ཁྲག་དང༔ དུག་སྣ་ལྕགས་ཟངས་རྡོ་ཡི་ཕྱེ་མ་གསུམ༔ ཡུངས་དཀར་ནག་དང་སྐེ་ཚེ་ཤང་ཚེ་འབྲུ་ཡི་ཐུན༔་་་འདི་ལའང་གཉིས་ཏེ་སྤྱིར་ནི་ཕུར་ཐུན་སོགས་གཟིར་རྫས་ཁྱད་པར་རང་རང་གི་མི་མཐུན་རྫས་རེ་རེའོ། །དེ་རྣམས་མཚན་ངན་ཐོད་པའི་ནང་དུ་བླུགས༔ དེ་ནས་ཐུན་བརྡེག་་་པའི།དུས་ལ་རྣམ་པ་གསུམ༔ སྤྱིར།་་་བླ་ཁུག་དུས་དང་ཐེབས་་་ཡོད།པའི་དུས༔་་་དང་། ནངས་་་ཉི་ཤར།ནུབ་་་ཉི་ནུབ།གུང་་་ཉིན་མཚན་གྱི།གཉིས་་ཏེ།ཐུན་བཞིར་རོ༔ ཁྱད་པར་་་དགྲ་ཡིན་ན།སྟག་ལོ་་་པ་ལ།ཐོ་རངས་་་དང་དེ་བཞིན་དུ།ཡོས་་་ལོ་པ་ལ།ནམ་ལངས༔ འབྲུག་ལོ་་་པ།ཉི་རྩེ་སྦྲུལ་་་ལོ་པ་ལ།ཉི་དྲོས༔ རྟ་་་ལོ་པ།ནི་དྲོས་ཆེན་ལུག་་་ལོ་པ།ཉིན་ཕྱེད༔ སྤྲེའུ་ལོ་་་པ།ཕྱེད་ཡོལ་བྱ་་་ལོ་པ།ཡོལ་ཆེན༔ ཁྱི་་་ལོ་པ།ནི་དགོང་མོ་ཕག་་་ལོ་པ།སྲོད་ལ༔ བྱི་བ་་་ལོ་པ།ནམ་ཕྱེད་གླང་་་ལོ་པ་ནམ།གུང་ཡོལ༔་་་ལ་བླ་འགུགས་པ་དང་ལས་སྦྱོར་བྱེད་དོ། །ལར་ནི་ཞག་གཅིག་དུས་བཅུ་གཉིས༔ ནམ་ལང་ཡོས་་་ཉི་ཤར་འབྲུག།སོགས་་་སུ།ཤེས་པར་གྱིས༔ དགྲ་དེ་རང་གི།་་་རང་ལོ་རང་ཟླ་རང་ཞག་་་གི།དུས༔་་་ཚོད། དེ་དུས།་་་རང་སྐེག་ཡིན་པས་གཅོད་ཅིང་རྩུབ༔ སྟག་གི་སྤྲེལ་སོགས་་་གླང་ལུག་ཕག་སྦྲུལ་བྱ་ཡོས་ཁྱི་འབྲུག་བྱི་རྟ།དེ་ཡི་བདུན་ཟུར་རྩུབ༔ རང་སྐག་དང་བདུན་ཟུར་རྣམས།་་་ལོ་་་དང་།ཟླ་་་བ་དང་།ཞག་དང་ཟ་མ་་་ལ།འཛོམ་པས་་་དགྲ་སྲོག།གཅོད༔་་་པར་འགྱུར་རོ། །གཟའ་དང་སྐར་མ་ལ་སོགས་་་ཀྱང་།དེ་བཞིན་་་དུ།དགྲ་གཤེད་གནད༔ རུས་ཆེན་འུ་ཆུ་ཀུང་ས་གཤང་ལྕགས་དང༔ ཇི་མེ་ཀེག་ཤིང་ལ་སོགས་དགྲ་གཤེད་དབབ༔ དེ་ཡི་དབྱེ་བ་འདི་ལྟ་སྟེ༔ མཆུ་བཙུམ་་་ནས་སྨྲ་བ་ལྟ་བུ།ཆུ་་་ཁམས།ལ་གྲེ་་་བ།འདར་་་བར།བྱེད་པ་ཤིང༔་་་ཁམས་པ། སྣ་་་ནས།རླུང་འབུད་་་པ་ལྟར་བྱེད།ས་་་ཁམས་པ་ལ།ལྕེ་མྱུག་མྱུག་་་བྱེད་པ།མདུང་ལྕགས༔་་་ཁམས། སོ་བར་་་དུ།ལྕེ་འཛིར་་་བ།མེ་ཁམས་པ་ཡིན་ནོ༔ ཁམས་ལ་བོས་པའི་ཚིག་མཐར་བཟུང༔ དེ་ཡི་རུས་ཀྱི་བྱེ་བྲག་ཤེས༔ དགྲ་གཤེད་སྤྲོད་ལུགས་ནི།་་་ཆུ་དགྲ་ས་ལ་ས་དགྲ་ཤིང༔ ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ༔ མེ་དགྲ་ཆུ་སོགས་་་དགྲ་གཤེད་ཡིན་པའི།གཟའ་སྐར་ཕྱོགས༔ ཤར་ཤིང་ལྷོ་མེ་ནུབ་ལྕགས་བྱང༔ ཆུ་ཡིན་མཚམས་བཞི་ས་རུ་ཤེས༔་་་པར་བྱ། གཟའ་སྐར་་་གནས་པ་ཡང་དེས།འགྲེ་ཕྱོགས་ཕྱོགས་་་ལ།དབང་ངོ༔ མཚམས་ཀྱི་གཟའ་སྐར་ས་ཡིན་ནོ༔ ཕུར་བུ་་་ནི།ཤར་་་དུ་གནས།ཤིང་་་ཁམས་ཡིན།ཉི་མ་་་དང་།མིག་དམར་་་གཉིས།མེ༔་་་ཡིན། ལྷོ་ཕྱོགས་ལ་དབང་་་ལ།པ་ཝ་སངས་་་ནི།ལྕགས་་་ཁམས་ཡིན།ནུབ༔་་་ལ་དབང་། ཟླ་བ་་་དང་།ལྷག་པ་ཆུ་ཁམས་ཡིན་བྱང་དབང༔ སྤེན་པ་ས་ནི་མཚམས་བཞིར་དབང༔ ཉི་མ་ཟླ་བ་་་མིག།དམར་ལྷག་་་པ།ཕུར་་་བུ་པ།སངས་སྤེན༔་་་པ། རཱ་ཧུ་ལ་དང་བརྒྱད་དུ་ཤེས༔ དེ་ལྟར་གཟའ་སྐར་ལོ་ཟླ་ཞག༔ དགྲ་ཡི་སྐེག་ལ་་་དགྲ་གཤེད་བདུན་ཟུར་དང་།བབས་དུས་སུ༔ དྲག་པོའི་ལས་ལ་སྦྱར་བར་བྱ༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ བླ་རྡོ་དང་གཟིར་རྫས་དང༔ དུས་ཚོད་བསྟན་པའི་ལེའུ་སྟེ་དགུ་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོ་ལ༔ གསང་བའི་བདག་པོས་ཡང་ཞུས་པ༔ དེ་ལྟར་སྔོན་འགྲོ་གནས་དང་ནི༔ རྫས་ཐུན་འཁོར་ལོ་ལ་སོགས་པ༔ ཚོགས་ནས་སྔགས་ཀྱི་བཟླ་ཐབས་གང༔ ཞེས་ཞུས་པ་ལ༔ སྟོབས་ལྡན་དཔའ་བོས་བཀའ་བསྩལ་པ༔ ཉོན་ཅིག་གསང་བའི་བདག་པོ་ཆེ༔ འདི་ལ་རྣམ་པ་གསུམ་ཡིན་ཏེ༔ སྔགས་ཀྱི་མཚན་ཉིད་ཤེས་་་པར།བྱ་་་དང་།དགོད་་་པའི།ཐབས་དང༔ བཟླས་པའི་སྔགས་དང་གསུམ་ལ་འདུས༔ དང་པོ།་་་ཤེས་པར་བྱ་བའི་སྔགས་ལ་གཉིས༔ སྔགས་ཀྱི་རྒྱུ་ནི་གང་ལས་བྱུང་བ་དང༔ སྔགས་ཀྱི་རྩ་བ་དག་དང་ནི༔ འདོགས་ལུགས་སོ་རྣམས་ཤེས་པར་བྱའོ༔ དང་པོ་རྒྱུ་ལ་གཉིས་ཡིན་ཏེ༔ སྔགས་སྤྱིའི་མཚན་ཉིད་བསྟན་པ་དང༔ རྒྱུ་དངོས་དག་ནི་བསྟན་པ་འོ༔ དེ་ལ་མཚན་ཉིད་རྣམ་པ་བརྒྱད༔ སྒྲ་དང་ངོ་བོ་ངེས་ཚིག་དང༔ དབྱེ་བ་དཔེ་དང་དགོས་ཆེད་དང༔ རྐྱེན་དང་འབྲས་བུ་འདི་ལྟ་སྟེ༔ སྔགས་ཀྱི་སྒྲ་ནི་མནྟྲ་་་སྔགས།དེ༔ ངོ་བོ་གྲགས་སྟོང་་་གཞོམ་མེད་ཀྱི་སྒྲ་ནཱ་ད་ཞེས།དབྱེར་མེད་དོ༔ ངེས་ཚིག་་་ཇི་སྐད་དུ། མ་ན་ཞེས་བྱ་ཡིད་ཡིན་ལ། །ཏྲ་ཡ་སྐྱོབ་པར་བྱེད་པའི་དོན། །ཞེས་གསུངས་པ་སྒྲ་བསྡུས་པས་མནྟྲ་ཞེས་ཡིད་སྐྱོབ་སྟེ།རྣམ་རྟོག་འཇོམས་པའི་སྔགས༔ དབྱེ་བ་དག་ལ་རྣམ་པ་དྲུག༔ ཨཱོྃ་གྱིས་མགོ་དྲངས་པ།་་་གསང་སྔགས་ཏདྱ་ཐཱས་མགོ་དྲངས་པ།་་་རིག་སྔགས་ན་མས་མགོ་དྲངས་པ།་་་གཟུངས་སྔགས་དང༔ ལྷ་འདྲེ།་་་སྒྲུབ་སྔགས་་་དང་གསད་པ།དམོད་་་པའི་སྔགས།དང་་་ཟློག་སྔགས་ལྟ་བུ།གདབ་སྔགས་སོ༔ དཔེ་ནི་་་གང་འདོད་པ་འཇོ་བ།ཡིད་བཞིན་་་གྱི།ནོར་བུ་་་རིན་པོ་ཆེ་དང་།འདྲ༔ དགོས་ཆེད་་་ནི་མཐར་ཐུག།མཆོག་་་དང་གནས་སྐབས་སུ།ཐུན་་་མོང་གི་དངོས་གྲུབ།གཉིས་སྒྲུབ་པའོ༔ རྐྱེན་ནི་བསྟན་པ་འཛིན་་་པ་དང་།སྐྱོང་་་བ་དང་།སྲུང་བའོ༔ འབྲས་བུ་ནི་ཕན་གནོད་གཉིས་འགྲུབ་པའོ༔ སྔགས་ཀྱི་རྒྱུ་དངོས་བསྟན་པ་ནི་འདི་ལྟ་སྟེ༔ སྔགས་དང་ཡིག་འབྲུའི་དྭངས་མ་རུ༔ གཞིའི་ཆོས་ཉིད་་་སྐྱེ་་་བ།མེད་་་པ།ཆོས་་་ཀྱི།སྐུའི་ངང་ཉིད་ལས༔ དཔེ་མཚོན་་་པའི།ཡི་གེ་ཨ་ཉིད་བྱུང༔་་་བ་ཡིན་ཏེ་དེ་ནི། སྐྱེ་བ་མེད་་་པའི་ངང་།ལས་སྐྱེ་མེད་་་ཉིད་སྐྱེས༔་་་པའི་ཚུལ་གྱི། སྒྱུ་མ།་་་ཆོ་འཕྲུལ་་་ལྟ་བུར་དང་།ཐབས་་་དང་།ཤེས་་་རབ་ཀྱི།ཡི་གེ་བྱུང༔་་་བ་ཡིན་ཏེ་དེ་ཡང་། ཀ་ཚར་ཡང་ཟེར་ཀ་སོགས།་་་ཀཱ་ལི་ཐབས་་་བདེ་བ་ཆེན་པོ།ཀྱི་ཡི་གེ་་་སློབ་དཔོན་ཨ་ནུས། གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་སྤྱན་རས་གཟིགས་ཀྱིས་གསུངས་པ།དང༔ ཡང་ན་ཨ་ཚར་ཡང་ཟེར་ཨ་སོགས།་་་ཨཱ་ལི་ཤེས་རབ་་་གང་གིས་སྒྲ་དབྱངས་སྔོན་གསུངས་པ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས།ཡི་གེའོ༔ འཇམ་དཔལ་དབྱངས་ཀྱིས་གསུངས་སོ། །སྡེ་པ་ལྔ་མཐར་གནས་བཞི་དྲོ་བ་བཞི་མཐར་ཟད་གཅིག་སྟེ།་་་གསལ་བྱེད་སུམ་ཅུ་སོ་དྲུག་འདི༔ ཐབས་་་ཀྱི།མཆོག་་་བདེ་བ་ཆེན་པོ།རྡོ་རྗེའི་་་གཞོམ་གཞིག་དང་བྲལ་བ།ཡི་གེ་་་དེ་རྣམས་ནི།འོ༔ སྡེ་ཚན་བརྒྱད་དུ་ཤེས་པར་བྱའོ༔་་་དགོས་སོ། །ཨ་ཨཱཿ་་་ནམ་མཁའ། ཨི་ཨཱི༔་་ས། ཨུ་ཨཱུ༔་་་ཆུ། རྀ་རཱྀ༔་་་མེ། ལྀ་ལཱྀ༔་་ས། ཨེ་ཨཻ༔་་་མེ། ཨོ་ཨཽ༔་་་རླུང་། ཨཾ་ཨ༔་་་ནམ་མཁའ། ཚེག་དྲག་་་་ཨ་ཞེས་ཐད་ལ་བཅད་པའི་ཚེག་དྲག་པོ།དང་ལྡན་ཨཱ་ལི་ནི༔ སྟོང་པ་ཉིད།་་་ཤེས་རབ་་་སྟེ་བྷ་ག་ཆོས་ཀྱི་འབྱུང་གནས་འཁོར་འདས་ཐམས་ཅད་སྐྱེད་པར་བྱེད་པ།པདྨའི་ཡི་གེ་འོ༔ དབྱངས་ཀྱི་ཡི་གེ་བཅུ་དྲུག་་་པོ།འདི༔ གསལ་བྱེད།་་་སྡེ་ཚན་བརྒྱད་་་པོ།དང་སྒྲ་རྗེས་་་སུ།མཐུན༔་་་པའང་ཡིན་ནོ། །དེ་ལྟར་སྒྲ་རྣམས་མཐུན་པ་ལ༔ སྲོག་མཐུན་ཞེས་བྱ་་་བར་བཏགས་པ་ཡིན་ཏེ།སྒྲ་ཁོག་གཅིག༔་་་པ་ཡིན་ལ། སྲོག་ཆེ་བ་དང་འབྲིང་་་དང་།ཞན་་་པར།བཀླག༔་་་གོ །བྱིངས་ལ་ཏི་སོགས་ཀྱི་རྐྱེན་བརྒྱ་དང་བརྒྱད་ཅུ་སྦྱར་བ་དང་མིང་ལ་སི་སོགས་ཀྱི་རྣམ་དབྱེ་ཉེར་གཅིག་སྦྱར་བ།་་་དེ་་་རྣམས།ལས་ཚིག་་་གི།ཚོགས་་་པ།མང་དུ་བྱུང༔་་་བ་ཡིན་ལ། འཇིག་རྟེན་་་པ་དང་།འཇིག་རྟེན་་་ལས།འདས་པའི་སྲོག༔་་་རྣམས་ཀྱང་། དངོས་་་པོར་གྲུབ་པ།མེད་་་པར།རང་་་བཞིན་གྱིས།བྱུང་་་སྐྱེ་འགག་མེད་པ།ཆོས་ཀྱི་སྐུ༔་་་འོ། །མང་པོ་་་གཅིག་ལ་གཅིག།བཏགས་པའི་ཡི་གེ་་་བརྩེགས་པ།སྔགས༔ ཀྵྨརྻུ་ཞེས་པ་ལྟ་བུ་ནི།་་་སྟེང་གི་ཡི་གེ་ཅུང་ཟད་སྒྲ༔་་་དང་ལྡན་པ་ལ། འབྱུང་བ་ཆེ་ཆུང་གང་ཡིན་ཀྱང་དགྲ་གྲོགས་ནི། ཆུ་གྲོགས་མེ། མེ་གྲོགས་རླུང་། རླུང་གྲོགས་མེ། ནམ་མཁའ་ཀུན་གྱི་གྲོགས། ཀུན་ཀྱང་ནམ་མཁའི་གྲོགས་ཡིན་པས་ས་ལ་ཆུ་བསྡེབ་ཆུ་ལ་ས་ བསྡེབ་མེ་ལ་རླུང་བསྡེབ་རླུང་ལ་མེ་བསྡེབ་ནམ་མཁའ་ཀུན་ལ་བསྡེབ། ཀུན་ལ་ནམ་མཁའ་བསྡེབ་པ་ནི་གྲོགས་སོ། །རླུང་གཤེད་ས་ལ་ས་གཤེད་མེ། མེ་གཤེད་ཆུ། ཆུ་གཤེད་རླུང་ཡིན་པས་རླུང་ལ་ས་བསྡེབ་ས་ལ་མེ་བསྡེབ་མེ་ལ་ཆུ་བསྡེབ་ཆུ་ལ་རླུང་བསྡེབ་པ་ནི་དགྲ་གཤེད་ཡིན་པས་ནམ་མཁའ་ནི་ཀུན་དང་དགྲ་གཤེད་དུ་མི་འགྱུར་ཀུན་ཀྱང་ནམ་མཁའི་དགྲ་གཤེད་དུ་མི་འགྱུར་རོ། །འོག་གི་ཡི་གེ་སྒྲ་ཆེར་ཐོན༔་་་པར་ཀློག །ཅི་ཡི་ཕྱིར་་་ཞེ་ན།ཚིག་དོན་དེ་ལ་འདུ༔ ང་ཉ་ན་མ་མཐའ་ཡིག་བཞི༔་་་གསུངས་ཀྱང་ཎ་དང་ལྔ་ཡོད་པའི། ཀླད་ཀོར་དབང་བའི་སྡེ་་་པ་རང་རང་གི་ལྔ།པར་བཀླག༔་་་དགོས་ཏེ། དེ་ནི།་་་ཐ་མའི་ཡི་གེའི་་་ལྔ།དབང་ཡིན་ནོ༔ ཡ་ལ་སོགས་་་པའི་ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿཡི་གེ།དགུ་་་པོར།ཀླད་ཀོར་མ༔་་་ཉིད་དུ་བཀླག་གོ །གང་བྱུང་ནི། ཁྱད་པར་དུ།་་་ཙ་ཚའི་་་ཙ་ཚ་ཛ་ཛྙ་ཉ།ཡི་གེ་་་རྣམས་ཀྱི།ཀླད་ཀོར་ན༔་་་ཉིད་དུ་བཀླག་གོ །གཞན་ཡང་ཡི་གེ་སྔ་ཕྱིའི་བར་དུ།ཤད་ཡོད་ན་ནི་དེ་ཉིད་་་ཀླད་ཀོར།གོང་མར་དབང༔་་་ལ། ཤད་མེད་་་ན་ནི་ཀླད་ཀོར།འོག་གི་ཡི་གེར་སྦྲེལ༔་་་ལོ། །ཡང་ན་ཀླད་ཀོར་་་ཁ།ཡར་ལྟ་དེ༔ ཨཱོྃ་ལྟ་བུ་ནི་འདི་འདྲ་ཀླད་ཀོར་བྲི་དུས་དྲན་དགོས་པར་འདུག་་་མར་ལྟ་ཨཱོྃ་་་ལྟ་བུ།ནི་མ་རུ་བཀླག༔་་་དགོས་ཏེ། འདི་ནི།་་་ཀླད་ཀོར་ཐིག་ལེ་བཞག་པ་འོ༔་་་ཁ་ཡར་ལྟ་དང་མར་ལྟའི་དབང་གིས། གསལ་བྱེད་མང་པོ་བརྩེགས་པ་དང་ལྷན་གཅིག་ཏུ།བརྗོད་དུ་མི་རུང་དུ་མ་བཏགས༔་་་པ་ནི། གསལ་བྱེད་རང་རང་གི་སྒྲ།ཉེ་བར་དྲན་ཙམ་་་དུ།མྱུར་དུ་བཀླག༔་་་གོ །འདི་འདྲའི་རིགས་ཅན་ཇི་ལྟར།་་་བྲི་ལུགས་མང་བར་བྱས་འདུག་ཀྱང༔ ཡི་གེ་དེ་ཐམས་ཅད་ཀྱི།་་་སྒྲ་ཀུན་ཆ་མཉམ་་་དུ།དུས་གཅིག་་་ལ་མྱུར་བར།བཀླག༔་་་དགོས་ཏེ། སྒྲ་གནད་ཐམས་ཅད་དེ་་་དག་གི།ནང་་་དུ།འདུ༔་་་བ་ཡིན་ནོ། །དེ་ཡིས་་་སང་སྐྲྀཏ།ལྷ་ཡི་དུ་འབྱུང༔ མདོ་སྡེ་་་དང་།གསང་སྔགས་ཕྱི་པར་་་ཀྲི་ཡོག་ཨུ་པར།བཅས༔་་་པ་རྣམས། ཡི་གེ་བག་ཙམ་ཕྲལ་བ་དེ༔ སྒྲ་ཡི་གནས་སུ་བཅར་བ་ཡིས༔་་་ཡིན་ལ། སྒྲ་གསལ་་་བ་ནི།གསང་སྔགས་ནང་པ་་་མ་ཧཱ་ཨ་ནུ་ཨ་ཏི།ཡི༔ ཡེ་ཤེས་་་ཁྱད་ཆོས་ཟབ་གནད།འཇིག་རྟེན་་་པ་ཐམས་ཅད།འདུ་བའི་གནད༔་་་ཡིན་ནོ། །དེ།་་་ཅི་ཕྱིར་་་ཞེ་ན།སྒྲ་ཙམ་མིང་ཙམ་དུ༔ འཁོར་འདས་་་འཇིག་རྟེན་པ་མྱང་འདས་སོགས།ཀུན་རྫོབ་ཙམ་དུ་འབྱུང༔ དོན་དམ་་་པ་ནི།བརྗོད་བྱ་་་དང་།རྗོད་བྱེད་དང༔ རྗོད་པ་པོ་རྣམས་་་མི་དམིགས་པས་རང་བཞིན་གྱིས་གདོད་མ་ནས།ཡོངས་སུ་དག༔་་་པ་ཡིན་ནོ། །ཅེས་སོ༔ དེ་ཕྱིར་གསང་བ་སྔགས་ཀྱི་རྒྱུ༔ ཐབས་ཤེས་གཉིས་ལས་བྱུང་བ་འོ༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྔགས་ཀྱི་རྒྱུ་བསྟན་པའི་ལེའུ་སྟེ་བཅུ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ གཉིས་པ་ཤེས་བྱའི་སྔགས་དག་ནི༔ རྩ་བའི།་་་སྔགས་བསྟན་པ་དང་་་དེའི།སོ་བསྟན་པའོ༔ ཤེས་པ་པོ་ནི་རྣལ་འབྱོར་བདག༔ རྩ་བའི།་་་སྔགས་རྣམས་བསྟན་པ་འདི་ལྟ་སྟེ༔ དོན་དམ་དེ་ལྟར་དབྱེ་བ་མེད་མོད་ཀྱང༔ ཀུན་རྫོབ་གདུག་པ་འདུལ་ཕྱིར་བྱེ་བ་ས་ཡ་བྱུང༔ གང་ཡང་སྙིང་པོ་་་ཡེ་ཤེས་ལྔ།འི་ངང་ཡིན་ཏེ༔ ལྷ་འདྲེ།་་་སོ་སོར་དབྱེ་བ་བརྡ་ཡི་་བསྟན་པའི།དོན༔་་་ཡིན་ལ། དེ་ལ།་་་བྱེ་བ་ས་ཡ་གནས་པའི་ལྷ་འདྲེ་ཡང༔ རྣམ་ཤེས་གཅིག་ན་ཡི་གེ་གཅིག་ཏུ་འདུས༔་་་རྒྱུ་མ་རིག་པ་ལས་བྱུང་བའི་ཨེ་ལ་འདུས། མང་དུ་ཕྱེས་ན།་་་རྣམ་ཤེས་མི་གཅིག་སྲོག་ཀྱང་ཡོངས་མི་གཅིག༔ འཇིག་རྟེན་འདས་པའི་ལྷ་ཡི་སྲོག་ཀུན་ཀྱང༔ དེ་ལྟར་མིང་་་ཀུན་རྫོབ་སྣང་བ་དེ།ཙམ་བརྡ་ཡིན་ཤེས་པར་བྱ༔ རྣམ་ཤེས་ཡིག་འབྲུ་དྭངས་མའི་སྲོག་སྙིང་་་སྟེ་འཇིག་རྟེན་པ་དང་ཡེ་ཤེས་པ་གཉིས་ཀ་ལ་ཡོད་པ།ཡིན༔ དེ་རྣམས་གང་ཞེ་ན་འདི་ལྟ་སྟེ། ཨཱོྃ་ལ་དབྱེ་ན་ཨ་མཐིང་ག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། ན་རོ་སེར་པོ་མཉམ་པ་ཉིད། ཟླ་ཚེས་ལྗང་གུ་བྱ་གྲུབ། ཐིག་ལེ་ཀླད་ཀོར་མེ་ལོང་ཡེ་ཤེས། འ་དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཨཱོྃ་་་ཡེ་ཤེས་ལྔ་དང་ལྡན་པའི་ཨཱོྃ་ཁ་དོག་ལྔ་ནི་ཞི་ཁྲོ་རྣམས་ཀྱི་སྲོག་ཡིན། ཧཱུྃ༔་་་མཐིང་ནག་ཁྲོ་བོ་རྡོ་རྗེ་གཞོན་ནུ་སྟོབས་ལྡན་ནག་པོའི་སྲོག་ཡིག་གོ །ཡ༔སེར་པོ་གཤིན་རྗེ་གཤེད་ཀྱིའོ། །ཧྲཱི༔་་་དམར་པོ་རྟ་མགྲིན། ཧཱུྃ༔་་་མཐིང་ག་ཕྱག་རྡོར། མ༔་་་དམར་པོ་ཡེ་ཤེས་མ་མོ། ཁྲོཾ༔་་་བྱ་ཁྱུང་། ཧཱུྃ༔་་་ནག་པོ་ཡེ་ཤེས་མགོན་པོ། དེ་རྣམས།་་་ཡེ་ཤེས་ལྷ་ཡི་རྣམ་ཤེས་སྲོག་ཡིན་ནོ༔ ཨཱེ༔་་་དྲེགས་པ་སྤྱི་འདུས་པའོ། །གཟའ་བདུད་ཀྱི་སྲོག་འགྲེང་བུ་དམར་པོ།ཨ༔་་་མཐིང་ནག་གོ །འཇིག་རྟེན་པ་སྤྱིའོ། །ཡ༔་་་སྨུག་ནག་གཤིན་རྗེའོ། །མ༔་་་དམར་སྨུག་མ་མོ་ཡོངས། ཐ༔་་་ནག་པོ་མུ་སྟེགས་ཡོངས། དུ༔་་་ནག་པོ་བདུད་ཕོ་མོ་ཡོངས། ཨ༔་་་དཀར་པོ་ལྷ་རྣམས་ཡོངས། ར༔་་་སྨུག་ནག་སྲིན་པོ་ཕོ་མོ་ཡོངས། ནྲྀ༔་་་ལྗང་ནག་རུ་དྲ་རིག་པ་འཛིན་པ། ཀྵ༔་་་སེར་ནག་གནོད་སྦྱིན་ཕོ། ཀྵ༔་་་དམར་སེར་གནོད་སྦྱིན་མོ། ཙ༔་་་དམར་པོ་བཙན། ཙ༔་་་དཀར་པོ་རྒྱལ་པོ། པ༔་་་སྔོ་ནག་དམུ་བདུད། ཏྲི༔་་་དཀར་པོ་ཐེའུ་རང་། ཏྲི༔་་་དམར་པོ་འགོང་པོ། ཏྲི༔་་་དམ་སྲི། ཕུ༔་་་ཀླུ །དྲེགས་པ་བཅོ་བརྒྱད་རྣམ་ཤེས་ཡིག་འབྲུའོ༔ ཨ༔་་་དཀར་པོ་ལྷ་ཀུན་གྱི་སྲོག །ནྲྀ༔་་་དུད་ཁ་མི། སུ༔་་་སྔོ་སྐྱ་ལྷ་མ་ཡིན། ཏྲི༔་་་ནག་པོ་བྱོལ་སོང། པྲེ༔་་་དམར་པོ་ཡི་དྭགས། དུ༔་་་ནག་པོ་དམྱལ་བ། དེ་རྣམས་་་ནི།འགྲོ་བ་རིགས་དྲུག་་་གི།སྲོག་ཡིན་ནོ༔ ཡེ་ཤེས་པ་དང་འཇིག་རྟེན་པའི༔ དྭངས་མ་སྙིང་པོའི་སྲོག་་་གཉིས་ལ་འདུས་པ།ཡིན་ནོ༔ ཁ་དོག་དག་ཀྱང་དེ་ཡིས་མཚོན༔ ཕྱི་ནི་སྙིགས་མ་འབྱུང་བའི་སྲོག༔ ལུས་སམ་མིང་་་ཡང་ཡིན།ངམ་རྗེས་སུ་དྲན་པའི་སྲོག་་་ཡང་ཡིན།ཅེས་བྱ༔ ཡེ་ཤེས་འཇིག་རྟེན་པ་རྣམས་་་ཀྱི་རྗེས་སུ་དྲན་པའི་སྲོག་བསྟན་ཏེ།འདི་ལྟ་སྟེ༔ ཡིག་འབྲུ་ལྔ།་་་བཛྲ་ཤྲཱི་ཧེ་རུ་ཀ༔་་་ཞི་བ་ཆེ་མཆོག་གི་མིང་། བཛྲ་ཀྲོ་ཏ༔་་་ཡིག་འབྲུ་གསུམ་ཁྲོ་བོ་ཐམས་ཅད། ཡ་མཱནྟ་ཀ༔་་་ཡིག་འབྲུ་བཞི་པ་གཤིན་རྗེ། ཧ་ཡ་གྲཱྀ་ཝ༔་་་ཡིག་འབྲུ་བཞི་པ་རྟ་མགྲིན། བཛྲ་ཀཱི་ལི་ཀཱི་ལ་ཡ༔་་་ཡིག་འབྲུ་དྲུག་པ་ཕུར་པ། མ་མ་ཡོ་གི་ནི་རུ་ལུ་རུ་ལུ༔་་་ཡེ་ཤེས་མ་མོའི་ཡིག་འབྲུ་དགུ །བཛྲ་པཱ་ཎི༔་་་ཕྱག་རྡོར་ཡིག་འབྲུ་གསུམ། ཀ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔་་་བྱ་ཁྱུང་གི་ཡིག་འབྲུ་དགུ །ཡེ་ཤེས་ལྷའི་མིང་དང་རྗེས་དྲན་སྲོག་ཡིན་ནོ༔ བཛྲ་སརྦ་དུཥྚཱན༔་་་སྟོབས་ལྡན་ནག་པོ་སྤྱིའི་ཡི་གེ་བཞི་པ། ཀེ་ཏ་ཀེ་ཏ༔་་་རཱ་ཧུ་ལའི་ཡི་གེ་བཞི་པ། ཡ་མ༔་་་གཤིན་རྗེ་ཕོ་ཡི་གེ་གཉིས། མ་མ་རུ་ལུ༔་་་མ་མོའི་ཡིག་འབྲུ་བཞི། ཏིར་ཏི་ཀ༔་་་མུ་སྟེགས་ཀྱི་གསུམ། དུ་ཁྲག༔་་་བདུད་པོའི་གཉིས། དུན་ཏིང༔་་་བདུད་མོའི་གཉིས། དྷེ་བ༔་་་ལྷའི་གཉིས། རཀྴ༔་་་སྲིན་པོའི་གཉིས། རག་མོ༔་་་སྲིན་མོའི་གཉིས། རཀྵ༔་་་གཟའི་གཉིས། གཟའ་འཇིག་རྟེན་པའི་ཚབ་རིག་འཛིན་བྱེད་ན།་་་རུ་ཏྲ་་་ཞེས་སོ་རིག་འཛིན་རུ་ཏྲ་དོན་གཅིག་གོ །དྲེགས་པ་བཅོ་བརྒྱད་ཀྱི་བསྟོད་བསྐུལ་དང་འཁོར་ལོའི་སྐབས་སུ་རིག་འཛིན་མེད་པར་འདིར་རིག་འཛིན་བཅུག་པ་མི་ལེགས་པས་དེ་བས་འདིར་གཟའ་བདུད་འཇིག་རྟེན་པ་བཅུག་པ་ཉིད་ལེགས་ཏེ་བསྟོད་བསྐུལ་དང་འཁོར་ལོའི་སྐབས་དང་འབྲེལ་ཆགས་ཤིང་ལེའུ་བརྒྱད་པར་ཡང་གཟའ་ཡེ་ཤེས་པས་འཇིག་རྟེན་པ་དབང་དུ་བསྡུ་བར་གསུངས་པ་དང་འབྲེལ་ཆགས་སོ། །ཡཀྵ༔་་་གནོད་སྦྱིན་ཕོའི་གཉིས། ཡག་མོ༔་་་གནོད་སྦྱིན་མོའི་གཉིས། རཱ་ཙ༔་་་རྒྱལ་པོའི་གཉིས། ཤཱུ་ལ༔་་་བཙན་གྱི་གཉིས། མུན་མུན༔་་་དམུའི་གཉིས། བཛྲ་སཱ་དྷུ༔་་་དགེ་བསྙེན་ལ་གསུམ། ཧཾ་ཤཾ༔་་་འགོང་པོ་ལ་གཉིས། རུ་ཏྲི༔་་་དམ་སྲི་ལ་གཉིས། ས་ནཱ་ག༔་་་ས་བདག་ཀླུ་ལ་གསུམ། འདི་ལ་དབྱེ་བ་ས་ནཱ་ག་ས་བདག་དང་།་་ཕུ་ནཱ་ག་་་ཀླུ་ཡིན་ནོ། །དེ་རྣམས།་་་དྲེགས་པ་བཅོ་བརྒྱད་རྗེས་དྲན་སྲོག་ཡིག་གོ༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང་ཚངས་པ༔ མིའི་རྒྱལ་པོ་མགོ་ནག༔་་་མིའོ། །ལྷ་མིན་དབང་པོ་་་ལྷ་མིན་ནི།ཐགས་བཟང་རིས༔ བྱོལ་སོང་རྒྱལ་པོ་ཧ་ལ་རྟ་མགོ༔་་་བྱོལ་སོང་གིའོ། །ཡི་དྭགས་རྒྱལ་པོ་ཁ་ལ་མེ་འབར༔་་་ཡི་དྭགས་སོ། །དམྱལ་བའི་རྒྱལ་པོ་ཨ་བ་གླང་མགོ༔་་་དམྱལ་བའི་འོ། །འགྲོ་བ་དྲུག་གི་རྗེས་དྲན་སྲོག་ཡིན་ནོ༔ རཱ་ཙ༔་་་སྲིད་པའི་རྒྱལ་པོ། ཧཾ་ཤཾ་ཏྲི༔་་་བེ་ཀར། རུ་ཐུམས༔་་་ཡ་བདུད། དུག་ཏྲག༔་་་དུར་བདུད། བྷི་ཏཱི༔་་་དམ་བདུད། དུན་ཏིང༔་་་ཡེ་བདུད། ནོལ་ཏི༔་་་མུ་སྟེགས། ཤུ་ལ་ཡཾ་ཏྲི༔་་་ཆེ་བཙན། རུ་ཏྲི༔་་་ཡུལ་བདག །རོ་ནི་ས༔་་་གཤིན་འགོང། པྲ་ཏི༔་་་གདོན་གྲི༔ ར་ཏྲི༔་་་སྲོག་བདག །རུ་ཏྲ༔་་་རིག་འཛིན། གྷྲི་ཧ༔་་་ཡུལ་གདོན་ནག་པོ། མ་ཛྷ་པ༔་་་གྲི་བོ། ཧཾ་ཤཾ༔་་་རྒྱལ་བྱིན། ཏྲིཿཀྵ་མ་རོ༔་་་མེ་ལྷ། ཁྲག་ཤ་གྷྲི་བ༔་་་ཕུང་སྲི། ལཾ་ཏ་མ༔་་་འབྲོག་སྲིན། ཡ་ཁོ་ཡ༔་་་ཤ་ཟ། བྷི་ཏི༔་་་རབས་ཆད། ཨ་བྷི་ཤུ༔་་་བྲག་བཙན། ཡཾ་བྷེ༔་་་འབྲོག་སྲིན། ཡཾ་ཏྲི༔་་་སྟག་སྲིན། བཾ་ཧོ༔་་་བྱང་སྨན། བ་སུ་རོ༔་་་ཡམ་གྲི་མ། བྷ་ཕུ་གྲ་ཡ༔་་་གངས་སྨན། ན་མ་ཏེ༔་་་སྦྲེལ་གྲི་མ། ཙ་རུ་ལ༔་་་གྲོ་ཐེ་བེ་ཐེ། ཏ་ལི་ནི༔་་་སྨན་གྲི་མོ། ནན་ཏེ༔་་་ཐབ་སྨན། ཡ་ཏྲི་ས༔་་་འདྲེ་མོ། ནཱ་ག་ན༔་་་ཀླུ །ཨ་ག་པར༔་་་གཉན། སྲིད་པ་པྲི་དུ༔་་་གནོད་སྦྱིན་ཤ་ཟ། གྲཾ་ཡ༔་་་ནམ་མཁའི་ལྡིང་། ནི་ར་ཡ༔་་་གདོན། ཡ་ན་ཤྭ༔་་་འདྲེ། པྲེ་ཏེ༔་་་ནམ་མཁའ་ལ་རྒྱུ་བའི་ཡི་དྭགས། པྲེ་ཤ་ཧ༔་་་གྲི་དཀར། ཏྲ་མ་ཧོ༔་་་གྲི་ནག །ཏྲི་ཡ་དུ༔་་་གྲི་དཀར་མོ། མན་ཛ་མ༔་་་གྲི་ནག་མོ། ཨ་མ་ཤ༔་་་ལྷ་བདུད། མ་ཧ་མ༔་་་བགེགས་བདུད། ཏྲི་ཤ་དེ༔་་་བགེགས། མ་དུ༔་་་ཆུ་སྲིན། ཨ་མ་ལ༔་་་བྲག་སྲིན། དྷ་ཏ་ཧ༔་་་སྟག་སྲིན་མོ། ཙ་བ་ཏུ༔་་་འགོང་ཟན། ན་ཧ་ན༔་་་ཤེལ་བུ། ན་ན་ཏི༔་་་ཐབས་སྲི། ཏ་ལ་ནི༔་་་དམན་སྲི། ཨ་ཤ་ནི༔་་་སེ་བཙན། ཨ་ཏི་པར༔་་་གཙང་བ། ཀྲ་མ་ཧ༔་་་ཆུ་སྲིན། ཀྱི་པ་ཏི༔་་་ཆེ་སྲི། ཏྲི་ཏྲང༔་་་ཆུང་སྲི། ཧཾ་ཤཾ་ཏྲི༔་་་གོད་སྲི། ཧ་ཏ་ཡ༔་་་ཆེ་བདུད། པྲ་དམ༔་་་ཆུང་བདུད། ལམ་ཏེ༔་་་འབྲོག་སྲིན། པྲ་བཾ་ཧོ༔་་་གངས་སྨན་ཆུང་། པྲ་ཧོ་ཡཾ༔་་་ས་སྨན། ཡ་ན་ཤྭ༔་་་གཡི་སྨན། པྲ་ཏེ་སི༔་་་ནགས་སྨན། པན་ཏྲི་ཡ༔་་་མ་བདུད། མ་ཧྲིང་ཏྲི་ཡ༔་་་དམུ་བདུད། ཁ་ཏ་ཁ་ཏ༔་་་བཙན་བདུད། ཤན་ཀུ་རུ༔་་་བཙན་འགོང་། ཞུང་ཞུང་ཡ༔་་་བཙན་ཐེའུ། ཏྲི་ཤ་མེ་ག༔་་་གནམ་ཐེའུ། ཡ་ས་ཡ་ས༔་་་ལྷ་བཙན། བོང་བོང་ཡ༔་་་བྲག་སྲིན། ར་གི་ཡ༔་་་ས་སྲིན། མ་ཞུ་མ་ཞུ་ཡ༔་་་ཆུ་སྲིན། མཱ་ར་ཡ་ཏྲི༔་་་འགོང་ཐེའུ། ཏྲི་མཱ་ར་ཡ༔་་་ཐེ་འགོང་། ཙུ་ཧ་ན་ཀྲོ་ཙ་ཡ༔་་་སྲིད་བདུད། ཨ་རན་ཏྲི་ཡ༔་་་སྲིད་བདུན། ཏྲི་ལམ་དུ་ཡ༔་་་ལྟོག་འདྲེ། དུ་ལམ་ཏྲི་ཡ༔་་་སྲིན་པོ། མ་ར་ནན་ཏྲི་ཡ༔་་་གནོད་སྦྱིན། ནན་ཏ་ཏྲི་ཡ༔་་་ཐབ་འདྲེ། ག་གཤེད་ཏྲི་ཡ༔་་་མ་བུའི་བྱུར་འདྲེ། ཏྲི་ལ་ནི༔་་་ལྟོག་འདྲེ། དུ་རུ་ཡ༔་་་ཕུང་འདྲེ། གམ་པ་ཧ་ཡ༔་་་དམ་འདྲེ། གམ་པ་ཏ་ཡ༔་་་བྱུར་འདྲེ། ན་ཤ་ཡ༔་་་གནོད་འདྲེ། གྷ་རུ༔་་་ཀླུ་བདུད་མོ། པ་ཏུཾ་བྷེ་ས༔་་་འཆི་བདག་མོ། བྷེ་ཡ༔་་་ས་བདུད་མོ། ག་ཏྲ་མ༔་་་གཉེལ་མོ། ནཱ་ག་རཱ་ཙ༔་་་རྒྱལ་རིགས། ནཱ་ག་དུ་དུ༔་་་རྗེ་རིགས། ནཱ་ག་ར་བྷ་ག༔་་་བྲམ་ཟེ། ནཱ་ག་བྷི་ཏྲ་ན༔་་་དམངས་རིགས། ནྲྀ་མི༔་་་མི། ཡན་ཀ༔་་་ལྷ་མིན། བི་ཤ་ཟར༔་་་ནམ་མཁའ་ལྡིང་། ཏྲ་ར་རི༔་་་ལྟོ་འཕྱེ། ཙ་ལ་དུ༔་་་དྲི་ཟ། སཾ་བྷ་ནན༔་་་བྱོལ་སོང་། བྷ་ར་ཏྲ་ཏི༔་་་འདྲེ་གདོན། བྷ་ནན༔་་་གདོན་ཆེན། བྱི་ནཱ་ཡ་ག༔་་་བགེགས། འདྲེ་སྲིན་སྟོང་ཕྲག་བརྒྱད་ཅུའི་སྙིང་པོའོ༔ དེ་རྣམས་ཀྱང་།་་་འཁོར་ལོ་ལ་བསྐྱོན་་་དགྲ་བགེགས།གཟིར་མནན་དང༔ ཕན་གནོན་་་གང་བྱེད་ཀྱང་སྔགས་རྣམས་སོ།ལས་ཀུན་འཕྲུལ་ཡིན་སྤྱད༔ ཅེས་སོ༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཤེས་བྱ་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ལྟར་སྲོག་དང་སྲོག་གི་སྙིང་པོ་ལ༔ ཕན་གནོད་ལས་ཀྱི།་་་སོ་རྣམས་བཏགས་པ་འདི་ལྟ་སྟེ༔ ཨཱོྃ་ནི་སྔགས་ཀྱི་མགོ་ནོན་ཡིན༔ ཡེ་ཤེས་ལྷ་ཡིས་འཇིག་རྟེན་ཟིལ་གནོན་པའོ༔ བསྙེན་སྒྲུབ་་་ལ་སྔགས་མགོར་ཨཱོྃ་བཏགས།ཚར་ཏེ་རྦད་གསད་་་ལ་སྔགས་མགོར་ཨཱོྃ་མི་བཏགས་སོ།དུས་སུ་དབྱུང་བར་བྱ༔ ཨཱོྃ་འདི།་་་ཞི་བའི་སྙིང་པོ་ཡིན་པས་ན༔ རྦད་གསད་སོགས།་་་དྲག་པོའི་ལས་ལ་ཡོངས་་་སུ།མི་ཤིས༔་་་པ་ཡིན་པས་དོར། དེ་ལྟར་མགོ།་་་ཨཱོྃ་མེད་་་པའི་ཚབ་ཏུ།ཡི་གེ་ཧཱུྃ་གཞུག་སྟེ༔ ཧཱུྃ་འདི།་་་ཡེ་ཤེས་ལྔ་དང་ལྡན་མོད་ཀྱང༔ ཐུགས་ཉིད་རྡོ་རྗེ་དྲག་པོས་་་དགྲ་བགེགས།འདུལ༔་་་བ་དང་། འཁོར་འདས།་་་ཐམས་ཅད་དབང་དུ་སྡུད་པར་བྱེད༔་་་པ་ཡིན། ཡང་ཨཱོྃ་དང་ཧཱུྃ་མེད་པར།་་་བཛྲས་སྔགས་མགོ་དྲངས་བྱས་ན༔ རྡོ་རྗེའི་སྒྲ་དེས་རབ་ཏུ་ཤིས༔ བཛྲ་སརྦ་དུཥྚཱཎ༔ ཡེ་ཤེས་པ་དང་འཇིག་རྟེན་པ༔ ཐམས་ཅད་འདུས་པའི་ནུས་སྟོབས་ལྡན༔ སྟོབས་ཀྱི་ཡིག་འབྲུ་ཞེས་སུ་གྲགས༔ ཏྲིག་ནན་རང་བཞིན་དྲེགས་པ་གཟིར༔ རྦད་ནན་དྲག་པོས་གཟིར་བ་སྟེ༔ བྷི་ན་ཙིཏྟ་རྦད་ནན་བཙན་ཐབས་སོ༔ བར་དུ་རྣམ་ཤེས་་་སྤྱི་དང་ཨཱེཿདང་དགྲ་བགེགས་ནྲྀ་ཏྲི་ལ་སོགས།གང་ཡིན་བླང༔ དགྲ་བོ་གང་ཡིན་དེའི་མིང་ཡང་གཞུག༔ ཤ་ཏྲཱུཾ་ཞེས་པ་མང་པོ་སྦོམ་པ་འོ༔ ཧུར་ཅེས་དྲག་པོས་དབྱུང་བ་སྟེ༔ ཐུམས་ཞེས་དྲག་ཏུ་སྡུད་ཅིང་རྔུབ༔ ཛཿཡིས་འགུགས་ཤིང་མཱ་ཡིས་ནི༔ ཞེ་སྡང་གཤེད་འབེབ་སྔགས་ཡིན་ནོ༔ ར་ནི་འདོད་ཆགས་གཤེད་དུ་འབེབ༔ ཡ་ནི་གཏི་མུག་གཤེད་དུ་འབེབ༔ དུག་གསུམ་་་རང་།གཤེད་་་དུ།འབེབས་་་པའི།ཡིག་འབྲུ་གསུམ༔་་་ཡིན། དེ་མཐར།་་་རྦད་ནི་བསད་ཅིང་གཏུབས་པ་ལ༔ ནན་ནི་མནན་ཅིང་མི་ལྡང་བ་འོ༔ ཕཊ་ནི་དྲག་པོས་སྤར་བ་སྟེ༔ བྷྱོ་ནི་རྦད་པའི་ཡི་གེ་འོ༔ ཛྭ་ལ་རཾ་ནི་སྲེག་པ་སྟེ༔ ཨ་ཏྲག་ཕྱེད་ཤག་ལྷ་དང་དབྱེ་བའོ༔ མཱ་ར་ཡ་ཕྱེ་དགྲ་བོ་བསད་ཅིང་དབྱེ༔ ཤ་ཏྲཱུཾ་ཕྱེ་ནི་སྡེ་བཤིག་པའོ༔ མཱ་ར་ཡ་བྷྱོ་ཐུན་འཕང་བའོ༔ མཱ་ར་ཡ་དཀྲུགས་བསད་ཅིང་དཀྲུགས༔ བྷི་ཏང་ཤ་ཡ་ལྷ་དང་དབྱེ་བའོ༔ ཨུ་ཙ་ཏ་ཡ་ཕཊ་ཅེས་དགྲ་བགེགས་བསྐྲད་ཅིང་འབྱིན་པར་བྱེད༔ པྲ་མ་ཡ་རྦད་མགོ་བསྐོར་བ༔ རག་ཏ་ཙ་ར་ཡ་རྦད་ཁྲག་ཏུ་སྐྱུག༔ མུར་ཙ་ཡ་རྦད་དྲག་པོས་མྱོས་པར་བྱེད་པའོ༔ མཱ་ར་ཡ་རྦད་དྲག་པོས་གསད་པའོ༔ སཏྭཾ་བྷ་ཡ་ལཾ་ནན་རི་རབ་ཀྱིས་མནན་པའོ༔ ཧེ་ཙ་དུན་ཕོབ་ལྟས་ངན་སྒྲུབ་པའི་སྔགས༔ ཁུ་ཙ་ཧེ་རྦད་བྷྱོ་ཞེས་ལྟས་ངན་འཕང་བའོ༔ ལི་ཙ་རྦད་ཅེས་ཐོག་སེར་གཅད་པའོ༔ དུད་ཁྲོམ་སེར་པ་འདྲིལ་བ་ལ༔ ཧྲིལ་ཤར་ཕོབ་བྷྱོ་ཞེས་པ་སེར་བ་འབེབ༔ ཆེ་གེའི་ལོ་ཏོག་ལ་ཧྲིལ་ཤར་བྷྱོ༔ ཞེས།་་་དགྲ་ལ་སེར་ལམ་བསྟན་པ་འོ༔ རཾ་རཾ་ཐོག་གི་འདྲིལ་སྔགས་ལ༔ ཧྲིལ་ཤར་བྷྱོ་རྦད་ཐོག་འཕང་པའོ༔ ཆེ་གེ་ལ་བྷྱོ་ཕོབ་ཡ་ཐོག་དབབ་པའོ༔ ཁྱུག་ཁྱུག་ཡམ་ཡམ་གློག་དང་རླུང་གི་སྔགས༔ འུར་འུར་ཆེམ་ཆེམ་ཧྲལ་ཧྲལ་འབྲུག་སྒྲ་འབྱིན༔་་་པའོ། །ནྲྀ་ཤ་ཀུ་རུ་སྲིན་པོ་གདོང་དམར་སྟེ༔ ཆེ་གེ་མོ་ཞེས་བཏགས་པའི་མིང་གི་སྙིང་པོའོ༔ གསང་བ་སྲོག་གི་སྙིང་པོ་འོ༔་་་ཨེ་ལ་སོགས་པ་རྣམ་ཤེས་ཀྱི་ས་བོན་རེ་རེ་ཡོད་པའོ། །གཤིན་རྗེ་ཡ་མ་ལྟ་བུ་དྲེགས་པ་གང་ཡིན་གྱི་མིང་ཡིག་གོ།བཏགས་པའི་མིང་གི་སྙིང་པོ་ལ༔ ཕན་གནོད་ཀྱི་སྔགས་གང་ཡང་།་་་དམིགས་པ་སྤྲད་ལ་བཟླས་པ་བྱ༔ རྒྱུད་ནས་གསུངས་པའི་སྔགས་རྣམས་ལ༔ སྐབས་ཐོག་ཏུ་གང་དགོས།་་་མཁས་པས་འཇུག་དང་སྐབས་ཐོག་ཏུ་མི་དགོས་ཀུན།་་་དབྱུང་བ་དང༔ སོ་རྣམས་འཕྲུལ་དང་བསྡེབ་པར་བྱ༔ བཀའ་ཡི་གསང་རྒྱུད་ཇི་སྙེད་དུ༔ གསུངས་པའི་སྔགས་རྣམས་ཐམས་ཅད་ལ༔ འདི་བཞིན་ཀུན་ལ་སྦྱར་བར་བྱ༔ མན་ངག་དམ་པ་ཡང་དག་ཡིན༔ ཤེས་རབ་བློ་དང་ལྡན་པའི་སྤྱོད་ཡུལ་ལས༔ དམ་མེད་གཙང་དམེ་མཁན་ལ་གསང་བའི་རྒྱུ༔ ཡང་ནི་སོ་རྣམས་འདི་ལྟ་སྟེ༔ ཛཿནི་འགུགས་པའི་ལྕགས་ཀྱུ་ལ༔ ཛཿཞེས་བསྐྱར་བས་བརྣན་ཏེ་འགུགས༔ ཧཱུྃ་ནི་ཞགས་པས་བཅིངས་པ་ལ༔ ཡང་ཧཱུྃ་བསྐྱར་བས་བརྣན་ཏེ་འཆིང༔ བཾ་ནི་གཉིས་མེད་གཅིག་ཏུ་སྡོམ༔ ཡང་བཾ་བསྐྱར་བས་རབ་ཏུ་སྡོམ༔ ཧོ་ནི་བསྟིམ་ཞིང་མྱོས་པ་ལ༔ ཡང་ཧོཿབསྐྱར་བས་བརྒྱལ་ཞིང་མྱོས༔ ཨཱ་ཀར་ཤ་ཡ་ཧྲིང་གིས་མོ་རྣམས་འགུགས༔ ཨཱ་ཀར་ཤ་ཡ་ཛཿཞེས་ཕོ་རྣམས་འགུགས༔ བཛྲ་ཨཾ་གུ་ཤ་ཡ་ཛཿཞེས་ལྕགས་ཀྱུས་འགུགས་པར་བྱེད༔ བཛྲ་པཱ་ཤ་ཧཱུྃ་ནི་ཞགས་པས་འཆིང༔ བཛྲ་སྥོ་ཊ་བཾ་ནི་ལྕགས་སྒྲོག་སྡོམ༔ བཛྲ་གྷཱནྜེ་ཧོཿནི་ཡེ་ཤེས་པ་གཟུགས་ལ་འབེབ༔ ཛཿཧཱུྃ་བཾ་ཧོཿབཞི་ཡིས་འགུགས་འཆིང་སྡོམ་ལ་མྱོས༔ པྲ་བེ་ཤ་ཡ་ཕཊ་ཀྱིས་ཁོང་པ་ཁ་ཕྱེ་བ༔ ཨཱ་བེ་ཤ་ཡ་ཡིས་རྣམ་ཤེས་ལིངྒ་ལ་དབབ་པའོ༔ བཾ་སེ་ཤ་བཾ་གྱིས་ཁོག་པ་ཁ་ཡང་བསུམ༔ རུ་སེ་ཤ་བཾ་གྱིས་འཁྲུལ་ཙམ་བྱས༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་གདོན་ཞི་བར་བྱེད༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་ནོར་སྲིད་སོགས་རྒྱས༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གང་ཡང་དབང་དུ་སྡུད༔ མཱ་ར་ཡ་ཀུ་རུ་ཧཱུྃ་ཕཊ༔ དགྲ་བགེགས་སྒྲོལ་ཞེས་དབུགས་མ་ཕྱིན་པ་དབྱུང་བ་དང༔ མ་ཚང་བ་ཁ་བསྐང་བ་དང༔ ཟུག་རྔུ་དྲག་པོ་ཞི་བའོ༔ ཡང་ནི་སྔགས་ཀྱི་སོ་བསྟན་པ༔ བ་ལིཾ་ཏ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ གཏོར་མ་བདུད་རྩི་བསྟབ་པ་འོ༔ ཧ་ཧ་ཧུ་ཧུ་ཧེ་ཧེ་ཧོ་ཧོ༔ དགྱེས་ཤིང་དང་དུ་བླང་བ་འོ༔ ས་མ་ཡ་ཛ༔ དམ་ཚིག་མགོ་ལ་སྤྱན་དྲངས་པ་འོ༔ ས་མ་ཡ་ཧོ༔ དམ་ཚིག་དབོག་ཅིང་ལས་ལ་བསྒོ་བ་འོ༔ ས་མ་ཡ་སཏྭཾ༔ དམ་དབོག་ཅིང་ལས་ལ་འདུ་བ་འོ༔ གཞན་ཡང་དྲག་པོ་སྔགས་ཀྱི་སོ༔ བསྟན་པའི་རིམ་པ་འདི་ལྟ་སྟེ༔ ནམ་མཁའི་ཡི་གེས་གསད་པའོ།་་་ཨེ་མཱ་ར་ཡ་ཕཊ༔ ཅི་མང་བཟླས་ན༔ སྐུ་གསུམ་ཐོབ་ཀྱང་ནམ་མཁའ་དྲག་པོས་གསོད་པར་བྱེད༔ རླུང་།་་་ཡཾ་མཱ་ར་ཡ་ཕཊ༔་་་རྦད། ཅེས་པའི་སྔགས་ཀྱི་སྒྲ་བརྗོད་ན༔ རིག་པ་རྣམས་ཀྱང་གནད་ནས་འགུགས༔ མེ།་་་རཾ་མཱ་ར་ཡ་རྦད༔ དྲོད་ལྔ་རྙེད་ཀྱང་ལུས་སེམས་འབྲལ༔ ཆུ།་་་བཾ་མཱ་ར་ཡ་རྦད༔ སྐུ་ལྔ་ཐོབ་ཀྱང་སྡུག་བསྔལ་མྱོང༔ ས།་་་སུཾ་མཱ་ར་ཡ་རྦད༔ ས་རྣམས་བགྲོད་ཀྱང་གསོད་པར་བྱེད༔ ནམ་མཁའ་སྟོང་པས་གསད་པ།་་་ཧང་མཱ་ར་ཡ་རྦད༔ ཡེ་ཤེས་སྐུ་ཡང་འཇིག་པར་བྱེད༔ འབྱུང་བས་གསད་པའི་སོ་ཡིན་ཏེ༔ ཡེ་ཤེས་འཇིག་རྟེན་གང་ཡང་སྒྲོལ༔ དེ་ཡིས་ཕུང་པོ་འཇིག་པར་བྱེད༔ རཱ་གཱ་མཱ་ར་ཡ་རྦད༔ འདོད་ཆགས་རང་གཤེད་དག་ཏུ་འབེབ༔ དྭེ་ཤ་མཱ་ར་ཡ་རྦད༔ ཞེ་སྡང་རང་གཤེད་དག་ཏུ་འབེབ༔ མོ་ཧ་ཤ་མཱ་ར་ཡ་རྦད༔ གཏི་མུག་རང་གཤེད་དག་ཏུ་འབེབ༔ ན་མ་མཱ་ར་ཡ་རྦད༔ ང་རྒྱལ་རང་གཤེད་དག་ཏུ་འབེབ༔ ཨཱི་རི་ཤ་མཱ་ར་ཡ་རྦད༔ ཕྲག་དོག་རང་གཤེད་དག་ཏུ་འབེབ༔ སས་གཏིབས༔ མེས་འཚིག༔ རླུང་གིས་གཡེང༔ ཆུས་ཁྱེར༔ ཁ་རེ་བྷཾ་ལྷག༔ རྣ་རི་ཙེ་རི༔ ལཾ་རཾ་ཡཾ་ཁཾ་རྦད་རྦད༔ དུག་ལྔ་རང་གཤེད་དབབ་པ་འོ༔ ཉིན་བཟླས་སྔགས་མཇུག།་་་གོ་ཨེ་ཡཾ་རཾ་བཾ་སུཾ་ཆེ་གེ་གི་མཱ་ར་ཡ་རྦད༔ ནུབ་བཟླས་སྔགས་མཇུག་གོ།་་་སུཾ་བཾ་རཾ་ཡཾ་ཨེ་ཆེ་གེ་མཱ་ར་ཡ་རྦད༔ ནང་ནུབ་གཉིས་ཀ་འབྱུང་བའོ།་་་རཾ་ཡཾ་བཾ་ཨེ་སུཾ་ཆེ་གེ་མཱ་ར་ཡ་རྦད༔ ཁས་ཤིག་ཐིག་ཨེ༔ ཆེ་གེ་མཱ་ར་ཡ་རྦད༔ རྣལ་མ།་་་འབྱུང་བ་གྱེན་་་ལྡོག་པ།ཐུར་གཉིས་དང་ལྟོ་དཀྲུགས་སུ་གསད་པའོ༔ ལས།་་་ཕན་གནོད་ཐམས་ཅད་འབྱུང་བ་ལ་ཐུག་པས༔ དེའི་གྲོགས་དང་སྦྱོར་བར་འབྱུང་བ་བཞི་མིང་འཇུག་སྤྲས་པས་འཁོལ་ཤེས་པར་བྱའོ༔ སོ་ཡང་ཅི་རིགས་པར་འཕྲུལ་ཞིང་བྱའོ༔ གཞན་ཡང་དྲག་པོ་སྔགས་ཀྱི་སོ་བརྒྱ་དང་ལྔ་བཅུ་བསྟན་པ་འདི་ལྟ་སྟེ༔ བྷྱོ་བྷྱོ༔་་་རྦད་པ་ཡིན། ཡ་ཡ༔་་་བསྐུལ་བ། ཕཊ་ཕཊ༔་་་མངགས་པ། ཛྭ་ལ་རཾ༔་་་སྲེག་པ། ཐུཾ་རི་ལི༔་་་བཅིངས་པ། ཐུམས་ཐུམས༔་་་དབུགས་གཅད་པ། རྦད་རྦད༔་་་དབུགས་ཕྱིར་གཅད་པ། རྦུད་རྦུད༔་་་ནང་དུ་གཅད་པ། སོད་སོད༔་་་གསད་པ། རྦད་ལིང༔་་་ཕྱིར་དབང་མེད་པར་བཅད་པ། རྦུད་ལིང༔་་་གཟུགས་གསོད། རྦད་ཐུམས༔་་་མྱུར་དུ་གསད་པ། རྦད་ཡ༔་་་བཅད་ཅིང་བསྐུལ་བ། རྦད་ཕཊ༔་་་བཅད་ཅིང་སྤར་བ། རྦད་ཤག༔་་་བཅད་ཅིང་གཤག་པ། རྦད་མྱོག༔་་་བཅད་ཅིང་མྱོས་པ། རྦད་ཡམ༔་་་བཅད་ཅིང་འདེགས། རྦད་ཐིབ༔་་་བཅད་ཅིང་བསྐུལ། རྦད་མྱགས༔་་་གཅོད་ཅིང་ཐིམ། རྦད་མྱོགས༔་་་གཅོད་ཅིང་རྔུབ། རྦད་རྨུགས༔་་་གཅོད་ཅིང་རྨུགས། རྦད་རྦུད༔་་་ཕྱིར་གཅོད་ནང་གཅོད། རྦད་རཾ༔་་་གཅོད་བསྲེག །རྦད་ནན༔་་་གཅད་ནན། རཱུ་པ་སོད༔་་་གཟུགས་གསོད། ཀཱ་ཡ་སོད༔་་་ལུས་གསོད། ཝཱ་ཀ་སོད༔་་་ངག་གསོད། ཙིཏྟ་སོད༔་་་ཡིད་གསོད༔ ཐུམས་རིལ་རྦད༔་་་དབུགས་གསོད། རཀྟ་རྦད༔་་་ཁྲག་གསོད། ཏིས་ཏ་རྦད༔་་་ཤ་རུས་གསོད། སྐན་དྷ་རྦད༔་་་ཕུང་པོ་གསོད། རྦད་ཐམས༔་་་གཅོད་ཅིང་གཟིར། ཤིག་ཐམས༔་་་བཤིག་ཅིང་གཟིར་བ། ཁས་ཁས༔་་་འགས་པར་བྱེད་པ། ཤག་ཤག༔་་་གཤག་པར་བྱེད་པ། ཤག་ཤིག༔་་་བཤིག་པ། སོད་ཡ༔་་་གཅིག་ཅིང་བསྐུལ། རྔུབས་རྔུབས༔་་་རྔུབ་ཅིང་དབུགས་རྔུབས། རྦད་ཁམ༔་་་གཅོད་ཅིང་ཟ་བ། རྦད་ཁོས༔་་་གཅོད་ཅིང་འགས་པ། ཚལ་པ་རྦད༔་་་མགོ་ནས་གཤག་པ། ཧྲིང་ཧྲིང༔་་་མོ་འགུགས། ཛཿཛ༔་་་ཕོ་འགུགས། ཨཱ་བེ་ཤ་ཡ་ཨཱ༔་་་ལིངྒ་ལ་ཤེས་པ་དབབ་པ། པྲ་བེ་ཤ་ཡ་ཕཊ༔་་་ཁོང་པ་ཁ་ཕྱེད་པ། བྷི་ཏང་ཤ་ཡ་ཕཊ༔་་་མགོན་སྐྱབས་དང་ཕྱེ་བ། བཛྲ་ཨཾ་ཀུ་ཤ་ཛ༔་་་ལྕགས་ཀྱུས་འགུགས་པ། བཛྲ་པཱ་ཤཾ་ཧཱུྃ༔་་་ཞགས་པས་བཅིང་པ། བཛྲ་སྥོ་ཊ་བཾ༔་་་ལྕགས་སྒྲོག་གིས་སྡོམ་པ། བཛྲ་གྷཱཎྜེ་ཧོ༔་་་དྲིལ་བུས་མྱོས་སུ་འཇུག་པ། ཛཿཧཱུྃ་བཾ་ཧོ༔་་་དགུག་གཞུག་བཅིང་མྱོས་པ། སྟེང་དུ་ཧཱུྃ་ཀཱར།་་་གར་ཛ་གར་ཛ་མཱ་ར་ཡ་ཕཊ༔་་་ཚལ་པར་ཐོངས་ལ་སོད་ཅིག །ཁྲོ་བོ་བཅུའི་ལས་སྔགས་འདི་རྣམས་ནི་བདེར་གཤེགས་ཐམས་ཅད་ཀྱི་ནུས་པ་དྲིལ་བའོ། །ཤར་རྣམ་པར་རྒྱལ་བ།་་་ཧ་ན་ཧ་ན་མཱ་ར་ཡ་ཕཊ༔་་་གཏོགས་ཤིག་སོད་ཅིག་ཡ། ཤར་ལྷོ་དབྱུག་སྔོན།་་་ད་ཧ་ད་ཧ་མཱ་ར་ཡ་ཕཊ༔་་་ཐལ་བར་གྱིས་ཤིག་སོད་ཅིག །ལྷོར་གཤིན་རྗེ།་་་པ་ཙ་པ་ཙ་མཱ་ར་ཡ་ཕཊ༔་་་སོད་ཅིག་གཅོད་ཅིག །ལྷོ་ནུབ་ཏུ་མི་གཡོ་བ།་་་བྷནྡྷ་བྷནྡྷ་མཱ་ར་ཡ་ཕཊ༔་་་ཆིངས་ཤིག་སོད་ཅིག །ནུབ་ཧྱ་གྲཱི་བ།་་་ཧུ་ལུ་ཧུ་ལུ་མཱ་ར་ཡ་ཕཊ༔་་་དབང་དུ་སྡུས་ལ་སོད་ཅིག །ནུབ་བྱང་གཞན་གྱིས་མི་ཐུབ་པ།་་་ཏིས་ཏ་ཏིས་ཏ་མཱ་ར་ཡ་ཕཊ༔་་་གནོན་ལ་སོད་ཅིག །བྱང་བདུད་རྩི་འཁྱིལ་བ།་་་ཚིནྡྷ་ཚིནྡྷ་མཱ་ར་ཡ་ཕཊ༔་་་གཟིར་ལ་སོད་ཅིག །བྱང་ཤར་ཁམས་གསུམ་རྣམ་རྒྱལ།་་་བྷིནྡྷ་བྷིནྡྷ་མཱ་ར་ཡ་ཕཊ༔་་་གཟིར་གནོན་སོད་ཅིག །འོག་སྟོབས་པོ་ཆེ།་་་སྥོ་ཏ་སྥོ་ཏ་མཱ་ར་ཡ་ཕཊ༔་་་སྤོར་ལ་སོད་ཅིག །རྦད་ན་རྦུད་ན་བྷྱོ་ཕཊ༔་་་ཟོར་འཕང་བ། རྦན་རྦན་ཕཊ༔་་་རྦད་ཅིང་གནས་སུ་ཕྱིན་པ། ཐུན་བྷྱོ་ཐུན་བྷྱོ་ཕཊ༔་་་ཐུན་དབབ་པ། ཧ་ས་ཛ་ལ་ཐུན༔་་་ལྷ་དང་དབྱེ་ཐུན་ཕོབ། བྷི་ཤ་ཧ་ལ་ཧ་ལ༔་་་དུག་ཐུན་ཕོབ། བྷྱོ་བྷྱོ་ཕཊ་ཡ༔་་་ཟོར་འཕང་ཞིང་རྦད་པ། ཨེ་སྭཱ་ཧཱ༔་་་ནམ་མཁའི་ཞི་བས་དབུགས་དབྱུང་བ། ཡཾ་སྭཱ་ཧཱ༔་་་རླུང་ཞི་བ། རཾ་སྭཱ་ཧཱ༔་་་མེ་ཞི་བ། བཾ་སྭཱ་ཧཱ༔་་་ཆུ་ཞི་བ། སུཾ་སྭཱ་ཧཱ༔་་་ས་དབུགས་དབྱུང་བ། ཨེ་མ་ཧཱ༔་་་ནམ་མཁའ་ཆེན་པོ། ཡཾ་མ་ཧཱ༔་་་རླུང་ཆེན་པོ། རཾ་མ་ཧཱ༔་་་མེ་ཆེན་པོ། བཾ་མ་ཧཱ༔་་་ཆུ་ཆེན་པོ། སུཾ་མ་ཧཱ༔་་་ས་ཆེན་པོ། ནམ་མཁའ།་་་ཨེ་ཆེ་གེ་མཱ་ར་ཡ་རྦད༔་་་གསད་གཅོད། རླུང་།་་་ཡཾ་ཆེ་གེ་མཱ་ར་ཡ་རྦད༔་་་གསད་གཅོད། མེ།་་་རཾ་ཆེ་གེ་མཱ་ར་ཡ་རྦད༔་་་གསད་གཅོད། ཆུ།་་་བཾ་ཆེ་གེ་མཱ་ར་ཡ་རྦད༔་་་གསད་གཅོད། ས།་་་སུཾ་ཆེ་གེ་མཱ་ར་ཡ་རྦད༔་་་གསད་གཅོད། དགྲ་བོ།་་་ཆེ་གེ་མོ་་་ནམ་མཁའ།ཨེ་མཱ་ར་ཡ་་་གསད།རྦད༔་་་གཅོད། མཱ་ར་ཡ་་་ཟློག་པའི་གསད་པ།ཆེ་གེ་ཨེ་་་ནམ་མཁའ།རྦད༔ མིང་།་་་ཆེ་གེ་མོ་ཡཾ་་་རླུང་།མཱ་ར་ཡ་་་གསད་བསྐུལ།རྦད༔་་་གཅོད། རླུང་།་་་ཡཾ་་་མིང་།ཆེ་གེ་་་གསད།མཱ་ར་ཡ་་་བསྐུལ།རྦད༔་་་གཅོད། མིང་།་་་ཆེ་གེ་རཾ་་་མེ།མཱ་ར་ཡ་་་བསྐུལ་གསད།རྦད༔་་་གཅོད། མེ།་་་རཾ་་་མིང་།ཆེ་གེ་མོ་མཱ་ར་ཡ་་་གསད་བསྐུལ།རྦད༔་་་གཅོད། མིང་།་་་ཆེ་གེ་མོ་བཾ་་་ཆུ།མཱ་ར་ཡ་་་གསད་བསྐུལ།རྦད༔་་་གཅོད། ཆུ།་་་བཾ་ཆེ་གེ་མཱ་ར་ཡ་རྦད༔་་་མིང་གསད་བསྐུལ་གཅོད། མིང་།་་་ཆེ་གེ་སུཾ་མཱ་ར་ཡ་རྦད༔་་་གསད་བསྐུལ་གཅོད། ས།་་་སུཾ་ཆེ་གེ་་་མིང་།མཱ་ར་ཡ་རྦད༔་་་གསད་བསྐུལ་གཅོད། ནམ་མཁའ།་་་ཨེ་་་འབྱུང་བ་གཉིས་གཏིབས་ཀྱང་སྤྱི་གཙུག་ལ་སོགས་ཚར་གཉིས་བྲིས་ལ་གདབ་བོ།ཆེ་གེ་མཱ་ར་ཡ་རྦད་ཨེ༔་་་གསད་བསྐུལ་གཅོད། འབྱུང་བ་ལ་འབྱུང་བ་ཉིད་བསྟིམ་སྟེ་གསད་པའོ།མཆན། རླུང་།་་་ཡཾ་ཆེ་གེ་མཱ་ར་ཡ་རྦད་ཡཾ༔་་་གོང་བཞིན། མེ།་་་རཾ་ཆེ་གེ་མཱ་ར་ཡ་རྦད་རཾ༔ ཆུ།་་་བཾ་ཆེ་གེ་མཱ་ར་ཡ་རྦད་བཾ༔ སུཾ་ས་བཾ་ཆུ་རཾ་མ་ཡཾ་རླུང༔ ནམ་མཁས་གསད།་་་ཨེ་ཆེ་གེ་མཱ་ར་ཡ་རྦད༔ འབྱུང་བ་གནམ་འགྲེང་དུ་གསད་པ།་་་ཨེ་ཡཾ་རཾ་བཾ་སུཾ་མཱ་ར་ཡ་རྦད༔ ནམ་མཁའི་འབྱུང་བ་གཉིས་གཏིབས་ཏེ་གསད་པ།་་་ཨེ་ཆེ་གེ་མཱ་ར་ཡ་རྦད་ཨེ༔ དེས་རླུང་་་ཡཾ།མེ་་་རཾ།ས་་་སུཾ།ཆུ་་་བཾ།བཞི་འགྲེའོ༔ སུཾ་ བཾ་ རཾ་ ཡཾ་ ཨེ་་་འདི་ཡང་འབྱུང་སྟེ་སྤྱི་གཙུག་ཡིན།ཆེ་གེ་མཱ་ར་ཡ་རྦད༔ འདི་ཡང་གནམ་འགྲེང་ཡིན།་་་ཨེ་ཡཾ་རཾ་བཾ་སུཾ་ཆེ་གེ་མཱ་ར་ཡ་རྦད༔ འབྱུང་བ་གནམ་འགྲེང་གི་གསད་པ་ཁེབ་ཐུར་དང་གཉིས་གཏིབས་ལ་སོགས་པ་འབྱུང་བས་གསད་པ་ཀུན་དང་། དུག་གསུམ་དུ་གཤེད་དུ་དབབ་པ་ལ་སོགས་འདི་རྣམས་ནི་འཁོར་འདས་ཐམས་ཅད་འབྱུང་བ་ལ་མ་བརྟེན་པ་གང་ཡང་མེད་པས་དེ་བས་འབྱུང་བ་གཤེད་དུ་དབབ་པ་ཀུན་གཅེས་སོ། །གསད་གསོད་དབབ་གཅད་ལ་སོགས་པ་བརྒྱ་དང་ལྔ་བཅུ་ཡང་འདི་ལ་ཐུག་པའོ། །དེ་བས་འབྱུང་བ་གྲོགས་སུ་བཀོལ་བ་གཅེས་སོ།་་་རཾ་ཡཾ་བཾ་ཨེ་སུཾ་ཆེ་གེ་མཱ་ར་ཡ་རྦད༔ ནམ་མཁའ།་་་ཨེ་ཨགྣི་་་དཀྱིལ་འཁོར་བསྐྱེད་པ།་་་མ་དྷ་ལ་ཆེ་གེ་་་མིང་།མཱ་ར་ཡ་་་གསད་པ།རྦད༔་་་གཅོད་པ། རླུང་།་་་ཡཾ་ཀརྨ་མ་དྷ་ལ་་་དཀྱིལ་འཁོར་བསྐྱེད་པ།ཆེ་གེ་་་མིང་།མཱ་ར་ཡ་་་གསད་པ།རྦད༔་་་གཅོད་པ། འོག་མ་རྣམས་འདིས་རིགས་འགྲེ། མེ།་་་རཾ་ཛྭ་ལ་མ་དྷ་ལ་ཆེ་གེ་མཱ་ར་ཡ་རྦད༔ ཆུ།་་་བཾ་ནི་མ་དྷ་ལ་ཆེ་གེ་མཱ་ར་ཡ་རྦད༔ ས།་་་སུཾ་ཏི་ཏ་མ་དྷ་ལ་ཆེ་གེ་མཱ་ར་ཡ་རྦད༔ འབྱུང་བ་ལྔའི་དཀྱིལ་འཁོར་གྱིས་གསད་པ།་་་ཨེ་ཡཾ་རཾ་བཾ་སུཾ་མ་ཧཱ་མ་དྷ་ལ་ཆེ་གེ་མཱ་ར་ཡ་རྦད༔ སྲོག་ནས་དྲངས་ཏེ་ལས་ལ་བསྐུལ་བ།་་་ཐང་ཐང་ཤར་ཤར་གྲམ་གྲམ་བྷྱོ་བྷྱོ་རྦད་སོད་ནན༔ རྨོངས་པར་བྱེད་པ།་་་མོ་ཧཱ་ཡ་ཆེ་གེ་མོ་ཧཱ་ཡ༔ ལྐུགས་པར་བྱེད།་་་བཱག་རྦད་ནན༔ གནོན་བྱེད།་་་ནན་སཏྭཾ་བྷ་ཡ་ནན༔ ཛ་ལ་པ་ཡ་ཛ་ལ་པ་ཡ༔་་་སྨྱོ་བར་བྱེད་པ། རེངས་པར་བྱེད་པ།་་་ཛ་ལ་ནི་སཏྭཾ་བྷ་ནི༔ བརྒྱལ་བ་དང་འབོག་པར་བྱེད་པ།་་་མ་ཧཱ་མ་ན་ཏྲ་ཤ་རི་ར་ནི་ཕཊ་ཕཊ༔ ལས་ལ་བསྐུལ་བ།་་་ཐང་ཐང་ཛ་རྦད་བྷྱོ༔ སྲོད་ལ་འདྲེ་ཉལ་སློང་བ་ནི།་་་ཨེ་ཡེ་མ་ཡེ་ཁུ་བྷྱོ༔ ཧེ་ཕཊ་པད་ཀ་རོ་ལངས༔ ས་ཡེར་ཏྲང་ཡེར་ཀར་ཡེར༔ ཧ་ཧེ་ཞུངས་འཁྲུལ་ན་སྡེབས༔ གཉན་དཀྲུགས་ཛ་རྦད་བྷྱོ་ཡ༔ ལས་ལ་བསྐུལ་བ།་་་ཐང་ཐང་ཛ་བྷྱོ་རྦད༔ ཐོ་རངས་གཅིག་ཤོས་ལས་ལ་གཏང་བ་ནི།་་་ཡ་མ་ར་ཙ་སད་ཀུ་ན་འབྲལ༔ སངས་ཀུ་ན་ལིང༔ ལྕགས་པ་ཀུན་ད་མོ༔ ཆེ་གེ་ལ་མཱ་ར་ཡ་རྦད་བྷྱོ་ཡཱ༔ ཐོ་རངས་ཅིག་ཤོས་ལས་ལ་གཏང་བའོ༔ ཨེ་ཡཾ་རཾ་བཾ་སུཾ༔་་་ཉིན་སྔགས། ཆེ་གེ་ལ་མཱ་ར་ཡ་རྦད་བྷྱོ༔ འབྱུང་ཐུན་ཉིན་གྱིས་བྲབ་པར་བྱ༔ སུཾ་བཾ་རཾ་ཡཾ་ཨེ༔་་་ནུབ་སྔགས། ཆེ་གེ་མཱ་ར་ཡ་རྦད་རྦད་བྷྱོ༔ ནུབ་ཀྱི་འབྱུང་ཐུན་དག་ཏུ་ཤེས༔ རཾ་ཡཾ་བཾ་ཨེ་སུཾ་ཆེ་གེ་མཱ་ར་ཡ་རྦད་བྷྱོ༔ ནངས་ནུབ་དག་ལ་ཤེས་པར་བྱ༔ འབྱུང་བའི་་་ཡང་དགྲ་དང་རང་ཉིད་འབྱུང་ཁམས་གཅིག་གམ་བདག་དགྲའི་དགྲར་གྱུར་རམ་དགྲ་བདག་གི་གྲོགས་སུ་གྱུར་རམ་དགྲ་ནམ་མཁའི་ཁམས་བདག་གཉིས་ཀ་ནམ་མཁའ་སོགས་ལ་འབྱུང་བ་འཕུལ་འདེད་སོགས་ཞིབ་ཆ་གསང་སྔགས་ལྔ་ཐམས་ཅད་འཕྲུལ་འཁོར་བརྒྱད་བསྡེབས་པའི་རྒྱུད་ལྟར་སྦྱར་རོ།སོ་ཡིས་གསད་པའོ༔ དགྲ་བོ་མེ་ཁམས་ཆུ་ཡིས་གསད༔ ས་ནི་་་ཁམས།མེས་གསད་ཆུ་་་ཁམས།ནི་རླུང༔་་་གིས་གསད༔ རླུང་་་ཁམས།དུ་འདུག་ན་ས་ཡིས་སོ༔ དགྲ་ས་ཁམས་པ།་་་མེ་ལ་བསྲེག་དང་་་མེ་ཁམས་པ།ཆུ་ལ་བསྐུར༔ རླུང་ཁམས་པ།་་་ས་ལ་མནན་དང་་་ཆུ་ཁམས་པ།རླུང་ལ་བསྐུར༔་་་དེ་ལྟར། འབྱུང་བའི་དགྲ་གཤེད་དག་གིས་གསད༔ འབྱུང་བའི་སོ་ནི་སོ་སོར་གདགས༔ དེ་ཡིས་ངེས་པར་འབྱུང་བ་བཤིག༔ ཁམས་གསུམ་སྲོག་ལ་དབང་བྱེད་པ༔ གཤིན་རྗེ་་་འཆི་བདག་ལས་ཀྱི།གསད་པའི་ལས་་་ཐམས་ཅད།ལ་ཤིས༔ དེ་ཡི་གྲོགས་སུ་ཕུང་བྱེད་དགྲ་ལྷ་ཤིས༔ བཛྲ་སརྦ་དུཥྚཱཎ༔ ཡ་མ་བཛྲ་སཱ་དྷུ་ཏྲིག་ནན༔ ཆེ་གེ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ སྟོན་ཟླ་གསུམ་ལ་ལོ་ཐོག་དབང་བྱེད་པ༔ གཟའ་བདུད་ཆེན་པོ་་་འཇིག་རྟེན་པ།སེར་བའི་ལས་ལ་ཤིས༔ དེ་ཡི་གྲོགས་སུ་ལྷ་ཆེན་དབང་ཕྱུག་་་མ་ཧཱ་དྷེ་བ།ཤིས༔ བཛྲ་སརྦ་དུཥྚཱཎ༔ རཱ་ཧུ་ལ་དྷེ་བ་ཏྲིག་ནན༔ དུད་ཁྲོཾ་གར་ཁྲོཾ་ཤུད་དེ་ཕྲོཾ་ཡུག་ཏི་སྨིན༔ ཤར་ཤར་དྷེ་བ་དྲག་ཏུ་ཕོབ་ཡ༔ སྔགས་པ་གསད་ན་མུ་སྟེགས་ཀཱ་ལ་ཡཀྵ་ལོག་འདྲེན་ཤིས༔ དེ་ཡི་གྲོགས་སུ་བར་གཅོད་བྱེད་པའི་་་རྐང་ལག་རིང་པོ།དམ་སྲི་ཤིས༔ རུ་ཏྲ་ནག་པོ་དེ་དང་འདྲ༔ བཛྲ་སརྦ་དུཥྚཱཎ༔ ཏིར་ཏི་ཀ་རུ་ཏྲ་རུ་ཏི་ཏྲིག་ནན༔ ཆེ་གེ་ནྲྀ་ཧུར་ཐུམས་ཛ་མཱ་ར་རྦད་ཡ༔ བཙུན་པ་གསད་ན་འགོང་པོ་་་ཁུ་ལེ་ལག་དགུ།བདུད་དུ་དབབ༔ དེ་ཡི་གྲོགས་སུ་རུ་ཏྲ་ནག་པོའམ་དམ་སྲི་་་རྐང་ལག་རིང་པོ།ཤིས༔ བཛྲ་སརྦ་དུཥྚཱཎ༔ མ་ཧཱ་ཀཱ་ལ་རུ་ཏྲ་རྦད་ནན༔ ཆེ་གེ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ བཙན་པོ་གསད་ན་རྒྱལ་པོ་་་ལི་བྱིན་ཧར།བདུད་དུ་དབབ༔ དེ་ཡི་གྲོགས་སུ་དགྲ་ལྷ་རྡོར་ལེགས་ཤིས༔ བཛྲ་སརྦ་དུཥྚཱན༔ རཱ་ཙ་སཱ་དྷུ་ཏྲིག་ནན༔ ཆེ་གེ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ ཞང་བློན་གསད་ན་ཡུལ་ལྷ་བདུད་དུ་དབབ༔ དེ་ཡི་གྲོགས་སུ་གནོད་སྦྱིན་ཤམ་པོ་་་གང་བ་བཟང་པོ།ཤིས༔ བཛྲ་སརྦ་དུཥྚཱན༔ དྷེ་བ་ཡཀྵ་རྦད་ནན༔ ཆེ་གེ་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ སྔགས་ཀྱི་སོ་བརྒྱ་དང་ལྔ་བཅུ་གསུངས་ཀྱང་བརྒྱ་དང་ཞེ་བདུན་ལས་མ་བྱུང་བར་བརྟགས།་་་༼ཨང་གྲངས་ཚང་ཡང་མཆན་འདི་འདྲ་ཡོད་པ་རང་སོར་བཞག །མཆན།༽ མདོར་ན་དགྲ་བོ་སྲུང་བྱེད་དྲེགས་པ་་་གང་ཡིན་ངོ་ཤེས་ན་དེ་དགྲ་བོ་ཁོ་རང་གི།གཤེད་དུ་དབབ༔ དེ་ཡིས་རང་གཤེད་བབ་སྟེ་གསོད་པར་བྱེད༔ རྡོ་རྗེ་གཙུག་ལག་ལས༔ སྔགས་གཞན་ཡང་རྦད་སྔགས་ཟོར་སྔགས་ལ་སོགས་མདོས་ཟོར་གྱི་སྐབས་སུ་་་ལེའུ་ཉེར་ལྔ་པར།བཤད་པས་ཀྱང་ཤེས་པར་བྱ༔ ངན་སྔགས་ཀྱི་སོ་བརྒྱ་དང་ལྔ་བཅུ་བསྟན་པའོ༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ དྲག་པོ་སྔགས་ཀྱི་སོ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ལྟར་གསང་བའི་སྔགས་ལ་ནི༔ སོ་ཡི་འདོགས་ལུགས་བསྟན་པ་འདི་ལྟ་སྟེ༔ སོ་ནི་ལས་ནི་རིམ་པས་སྟེ༔ ཐུགས་རྗེ་གང་ལ་གང་འདུལ་སྦྱར༔ སོ་བརྒྱ་དང་ལྔ་བཅུ་ལ་ཕན་གནོད་ཀྱི་བྱེ་བྲག་ཀུན་དུས་གཅིག་ལ་འདོགས་པ་ལྟ་བུ་མིན་ཏེ་ཕྲིན་ལས་གང་བྱེད་སྐབས་དང་བསྟུན་པར་སྦྱར་བར་བྱའོ། །གཟིར་བ་་་སྤྱིར་བསྡུ་ན།རྣམ་པ་གཉིས་ཡིན་ཏེ༔ ལས་མཁན་དང་་་དེ་ཡང་ལྷ་འདྲེ་སྤྱི་རྟགས་ལས་འབེབ་པ་དང་། དབང་ཆེ་བ་ལས་མཁན་ཁྱབ་མཇུག་ལྟོ་བར་གཟིར་ན་འཆུན་པ་ཡིན། དམ་ཉམས་རང་གཤེད་ལ་འབེབ་པའི་དུས་ན་ལས་མཁན་དྲེགས་པ་ཅན་གྱིས་བྱེད་པ་ཡིན། དེ་ཡང་བཙད་པོ་ལ་རྒྱལ་པོ་བདུད་དུ་དབབ་པ་དང་། རང་གི་དམ་ཅན་གང་ཡིན་བདུད་དུ་དབབ་པ་མན་ངག་གོ།་་་ནི་བསྒྲུབ་བྱའོ༔་་་དེ་ནི་སྤྱི་རྟགས་ལ་འབེབ་པ་དང་ཕ་རོལ་གྱི་དམ་ཅན་ངོས་འཛིན་པའི་དུས་སུ་བསྒྲུབ་བྱའི་དྲེགས་པ་སྤྱིའི་ནང་ནས་དོགས་པ་གང་ཡིན་ངོས་བཟུང་ལ་བྱའོ། །དམ་ཉམས་རང་གཤེད་ལ་འབེབ་ན་བསྒྲུབ་བྱ་དགྲ་བོ་ཁོ་ནའོ། །གཟིར་བ་པོ་ནི་རྣལ་འབྱོར་བདག༔་་་སྐུ་གསུམ་གྱི་དོན་དང་ལྡན་པ་གཅེས། གཟིར་བྱེད་སྔགས་རྫས་ཏིང་འཛིན་ནོ༔་་་མགོ་བོ་གཅད་པ་མགོ་བོ་བཏགས་པ་འདུག་ས་གོང་འོག་བརྗེ་བ་གནམ་ས་གོང་འོག་བརྗེ་བ་ལོང་བ་བརྒྱ་སྦྲེལ་གཏང་བ་ལ་སོགས་པའོ། །སོ་ནི་རྣམ་པ་བདུན་ཡིན་ཏེ༔་་་མགོ་ཅན་ཨཱོྃ་ནི་ཡེ་ཤེས་ལྔ་ལྡན་ཞི་བ་སྟེ་སྒྲུབ་པའི་དུས་སུ་དབུ་མནན། ལས་སྦྱོར་དུས་སུ་དབྱུང་བར་བྱའོ།་་་མགོ་བོ་བཅད་པ་དང༔ སྐུ་གསུང་ཐུགས་དང་ལྡན་པ་ནི་ཐུགས་རྗེ་དྲག་པོས་འདུལ་བའི་ལས་སྦྱོར་དུས་སུ་ཨཱོྃ་ཕྱུངས་ཏེ་ཧཱུྃ་གཞུག་གོ།་་་མགོ་མེད་མགོ་བོ་གདགས་པ་དང༔ འདུག་ས་གོང་འོག་སྤོ་བ་དང༔་་་དྲག་པོའི་དུས་སུ་ཞི་བའི་སྔགས་དབྱུང་བ་དང་ཞི་བའི་དུས་སུ་དྲག་པོ་དབྱུང་བ་སོགས་ཕན་གནོད་ཀྱི་ལས་མགོ་མཇུག་ཏུ་བསྟུན་པའོ། །གནམ་ས་སྟེང་འོག་བརྗེ་བ་དང༔་་་ཟློག་དཀྲུག་དུས་ཏེ་ཡི་གེ་འཕོ་འཇུག་བྱའོ། །ལོང་བ་བརྒྱ་སྦྲེལ་བཏང་བ་འོ༔་་་དེ་ནི་སྔགས་གཅིག་གིས་ཕན་གནོད་ཀྱི་ལས་མི་འགྲུབ་སྟེ། ལོང་བ་དང་འདྲ་བ་ལ། སྔགས་རྩ་བ་གཅིག་ལ་སྲུང་ཟློག་གསད་མནན་བཞིའམ། ཡང་ན་རང་བཞིན་དྲག་པོ་བཙན་ཐབས་གསུམ་སོགས་ཐམས་ཅད་དྲིལ་བས་ནུས་པ་ཆེ་བའོ། །དེ་ལྟར་དྲིལ་བ་ལ་བརྒྱ་སྦྲེལ་ཞེས་བྱའོ། །འུར་བ་གཅིག་ཏུ་དྲིལ་བ་ཞེས་བྱའོ། །གནད་ཐམས་ཅད་གཅིག་ཏུ་དྲིལ་བ་ནི་མན་ངག་གི་ཕུ་ཕྲུས་པའོ། །མེ་ཆུ་འགལ་བ་གསོག་པར་བྱ༔་་་འདི་ནི་ཤི་ས་བསྟན་པ་སྟེ་གལ་ཏེ་ལས་རྡུགས་དུས་སྲིད་ན་མེ་ཆུས་བྱའོ། །འགལ་བ་ནི་མེ་ཆུ་མི་མཐུན་ཏེ་དེས་དཀྲུགས་ཏེ་གཟིར་བས་གནད་ཕེབས་སོ། །མང་པོ་གཅིག་ཏུ་སྦམ་པ་དང༔་་་ལྷ་འདྲེ་དང་སྔགས་ལ་སོགས་མང་བར་དྲིལ་བ་ནི་ནུས་པ་ཆེ་བས་གཅིག་སྤམ་པའོ། །ཆོལ་བུ་ཀུན་ནས་བཏུ་བ་དང༔་་་ལྷ་འདྲེ་རེ་རེ་གཉིས་གཉིས་ཕྱུངས་ནས་ཕན་གནོད་ཀྱི་ལས་གང་འདོད་བཅོལ་ལོ། །འབྱུང་བ་ཚ་གྲང་དཀྲུགས་པ་དང༔་་་གོང་ལྟར་མེ་ཆུ་ཁོན་སྟེ། ཚ་གྲང་དམྱལ་བ་ཉོན་མོངས་པ་ཞེས་པས་གནད་ལ་འབེབས་སོ། །འུར་བ་གཅིག་ཏུ་འདྲིལ་བ་དང༔་་་འབོད་རྦད་གསད་གསུམ་དྲིལ་བ་སྟེ་མང་པོ་གཅིག་ཏུ་སྦམ་པ་དང་མཚུངས་སོ། །གཟིར་དང་ལོག་གནོན་ཤེས་པ་དང༔་་་ལས་མ་གྲུབ་ན་ཟློག་དཀྲུག་དང་མེ་ཆུ་ལ་སོགས་པས་དམ་ཅན་གཅུད་ལ་བོར་བའོ། །སྔགས་ཀྱི་ནོར་བ་ཤེས་པ་དང༔་་་ཞི་བ་དང་དྲག་པོ་ནོར་བ་ལྟ་བུ་བོད་པའི་དུས་སུ་ལས་ལ་སྦྱོར་བ་ལྟ་བུའོ། །ཡི་གེ་གྲངས་ཀྱི་ངོས་འཛིན་དང༔་་་ལྷ་འདི་ལ་སྔགས་འདིའི་འབྲུ་གྲངས་འདི་ཡོད་དེ་སོགས་ཤེས་པའོ། །ཉིན་སྲིབ་གཉིས་སུ་དབྱེ་བ་དང༔་་་ཕན་བྱ་ཉིན་ཡིན་གནོད་བྱ་སྲིབ་ཡིན་ཞི་རྒྱས་ཉིན་ཡིན་དབང་དྲག་སྲིབ་ཡིན་ནོ། །ཡུལ་ཕྱོགས་ལྷ་འདྲེ་དབང་དུ་བསྡུ༔་་་བ་དང་ལས་ཕན་གནོད་འཆོལ་ཤེས་པ་སྟེ་སྔགས་ཀྱིས་སྤྲོ་བསྡུ་ཤེས་པའོ། །མི་སྡུག་དྲེགས་པ་ཚར་གཅད་དང༔་་་རང་ལ་གནོད་པའི་དགྲ་བགེགས་གང་ཡིན་དེ། གདུག་པའི་རུ་ཏྲ་རང་གཤེད་དབབ༔་་་བན་དགྲ་གདུག་པ་ཁོ་རང་གི་སྲུང་མ་ཁོ་རང་གི་གཤེད་དུ་དབབ་པའོ། །ལོག་ལྟ་སྡིག་ཅན་་་སྐྱེ་བོ་དང་བུད་མེད་མ་རུངས་པ་ཀུན།སྲོག་དང་བྲལ༔ མགོན་བྱེད་ལྷ་ལྔ་གནམ་མཐར་བསྐྲད༔་་་དགྲ་ལ་བྱེད་པའི་དུས་སུ་ལྷ་དང་དབྱེ་བ་དང་དགྲ་བགེགས་གང་གི་ཡང་གྲོགས་དང་དེའི་གྲོགས་གཟིར་གསད་པ་ལ་སོགས་གཅེས་པ་ཡིན་ནོ། །ཐ་མ་དགྲ་བོ་རྒྱལ་བའི་སྲས་སུ་སྤོར་ངེས་ན་བདག་ལ་སྡིག་མི་འོང་།གནས་སྤར་བདག་གཞན་བདེ་ལ་འགོད༔་་་རྦོད་གཏོང་སེར་བ་ལ་སོགས་བསྲུང་བར་འགྱུར་རོ། །འབྱུང་འཁྲུགས་དྲག་པོ་ཞི་བས་འདུལ༔་་་ནད་གདོན་བྱུང་ན་སྲུང་བའི་ལས་བྱ་བ་གཅེས་སོ། །ནད་གདོན་འབྱུང་པོ་ཞི་བས་བསྲུང༔ ཚེ་ནོར་སྲིད་དང་ལོངས་སྤྱོད་སྤེལ༔་་་རྒྱས་པའི་ལས་ཀྱིས་རང་གི །དབང་གི་ལས་ཀྱིས།་་་ལྷ་འདྲེ་་་སོགས།མི་དང་ཟང་ཟིང་འདུ༔ དགྲ་བགེགས་གདུག་པ་་་དྲག་པོའི་ལས་བྱས་ནས།དྲག་པོས་སྒྲོལ༔ ཨཱ་ལི་ཀཱ་ལིའི་སྡེབ་ནས་འདི་ཡིན་ཤེས་པར་བྱ།ཡི་གེ་དངོས་ཀྱི་གྲངས་འཛིན་དང༔ ལྷག་ཆད་འབྱིན་ལ་ཤེས་པར་བྱ།་་་འགྲེང་བུ་ཞབས་ཀྱུ་སྤོ་བ་དང༔ ཕན་གནོད་ལ་སོགས་སྔགས་འདི་འདིའོ་ཤེས་པར་བྱའོ།་་་ན་ཡ་སྔགས་ལ་བརྩེ་བ་འོ༔ དེ་ལྟར་རྡོ་རྗེ་གཙུག་ལག་གི་མན་ངག་འདི་ཀུན་ལ་སྦྲེལ་ཏེ་བརྩི་ཤེས་པར་བྱའོ།་་་རྩིས་ཀྱིས་ཀུན་ལ་ཁྱད་པར་རྒྱུག༔ དེ་ལྟར་ནམ་དགོས་དུས་སུ་ནི༔ ཐབས་འདི་ནི།་་་ཡིད་བཞིན་གྱི་ནོར་བུ་་་རིན་པོ་ཆེ།ལྟ་བུར་་་གང་འདོད།སྤྱད༔་་་པས་ཆོག་སྟེ། དེ་བཞིན་་་དུ་ཕན་གནོད་ཀྱི་ལས།ཀུན་ལ་སྦྱར་ཞིང་་་ལོངས།སྤྱད༔་་དོ། །ལུང་རིགས་སྔགས་ཀྱི་ཚད་མས་འགྲུབ༔ ཐབས་ཀྱི་རྒྱལ་པོ་་་རྒྱུད་དོན།འདི་ཤེས་་་པར།བྱ༔་་་དགོས་ལ་འདི་ཤེས་ན། གསང་སྔགས་་་ཕྱི་ནང་།ཡོངས་ལ་་་རང་།དབང་བར་འགྱུར༔་་་རོ། །ཐབས།་་་འདི་་་ལྟ་བུ།དང་ལྡན་པའི་རྣལ་འབྱོར་་་པ།ཀུན༔་་་ནི། ཡིད་བཞིན་་་གྱི་ནོར་བུ།མ་བཙལ་་་བར།རང་་་ཤུགས།ལ་རྙེད༔་་་པ་ཡིན་པས། རང་ལ་གང་དགོས།་་་དགོས་དགུ་་་ཅོག་ཐམས་ཅད་འབད་པ་མེད་པར།འདི་ལས་འབྱུང་བར་བྱེད༔་་་པ་ཡིན་ནོ། །རྒྱུད་འདི་དང་ལྡན་པའི་སྔགས་པ་ནི།་་་ལས་དང་སྐལ་བར་ལྡན་པ་ཡིན༔་་་ནོ། །ཉི་་་མ།ཤར་་་བས།མུན་པ་སེལ་བར་བྱེད༔་་་པ་དང་འདྲ། རྒྱུད།་་་འདི་དང་མི་ལྡན་་་པའི།སྔགས་པ་ཀུན༔་་་ནི། དོན་ལ།་་་སྔགས་པ་མ་ཡིན་དམུས་ལོང་་་ལྟ་བུ།ཡིན༔་་་ནོ། །རྣལ་འབྱོར་་་པ།མ་ཡིན་མུན་འབྱོར་ཡིན༔་་་ནོ། །ཀུན་མཁྱེན་མ་ཡིན་་་མི་ཤེས་པ།བརྒྱ་་་སྟོང་།འདུས་་་པ།ཡིན༔་་་ནོ། །འདི་དང་ཕྱི་མའི།་་་བྱ་བའི་ལས་རྣམས་ཀུན་ལ་རྨོངས༔་་་པ་ཡིན་ནོ། །དེ་བས་ན།་་་བདེ་གཤེགས་སྟོན་པའི་བཀའ་ནས་གསུངས༔་་་པ། རྒྱུད་ལུང་མན་ངག་་་ཐམས་ཅད་ཀྱི་དོན་དང་།ལྡན་པར་བྱ༔་་་དགོས་ཏེ། དེ་ལྟ་བུ་ནི་ཐབས་མང་པོ་བྱ་མི་དགོས་རྒྱུད་ཟབ་མོ།་་་འདི་དང་ལྡན་ན་འདོད་དགུ་འགྲུབ༔་་་པ་ལ་ཚེགས་མེད་པ་ཡིན་ནོ། །དྲག་པོ་མངོན་དུ་ཕྱུང་བ་ཕྲིན་ལས་ཀྱི་རྒྱུད་ལས༔ སྔགས་ཀྱི་སོ་ཀུན་གྱི་འདོགས་ལུགས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ གསུམ་པ་སྔགས་ཀྱི་དགོད་ཐབས་དག་ལ་གཉིས༔ དྲག་པོའི་སྔགས་དང་ཡིག་འབྲུའི་གནས་ལུགས་དང༔ འཁོར་ལོ་ལིངྒ་དག་ལ་དགོད་པ་འོ༔ དེ་ཡང་འཇིག་རྟེན་་པ་དང་།འཇིག་རྟེན་་་ལས།འདས་པ་་་ཐམས་ཅད།ཡི༔ རྒྱུད་ལ་ཡེ་་་གདོད་མ།ནས་གནས་པ་ཡང༔ ཇི་ལྟར་གནས་ན།་་་སྲོག་གི་སྙིང་པོ་ལྔ་རུ་གནས༔ ཕྱི་ལྟར་དུ་འབྱུང་བ་་་ལྔ་ཡུམ།ལྔ་ཡི་ལུས༔་་་ཏེ་ཕུང་པོ་ལྔ་ཡབ། ནང་ལྟར་དུ་ལུས་ངག་ཡིད་གསུམ་་་དུག་གསུམ་སྐུ་གསུང་ཐུགས།སྟེ༔་་་རྟོགས་ན་ཆོས་ཉིད། གསང་བ་་་ལྟར་ན།སྙིང་དུ་་་འོད་ཕུང་གི་རྣམ་པར།གནས་པ་ཡིན༔ གསང་་་བ།ཆེན་་་པོ་ལྟར་ན།ཨ་བ་་་རྩ་དབུ་མའི་ནང་རླུང་ཡེ་ཤེས་ཀྱི་རླུང་གནས།དྷཱུ་ཏི་ལ༔ ཡང་གསང་་་རླུང་གི་ངོ་བོ་ནི་གསལ་སྟོང་དབྱེར་མེད་འོད་ལྔར་གནས་སོ།གཏེར་་་ལྟར།ནི་བྱང་ཆུབ་སེམས༔་་་རིག་པ། དེ་ལྟར་སངས་རྒྱས་རང་ལ་ཡོད་པ་དེ།་་་མ་འཁྲུལ་་་བར་རྟོགས་ན།སངས་རྒྱས་་་ཀྱི།སྙིང་པོ་ལ༔ སྐུ་་་གསུམ།དང་ཡེ་ཤེས་་་ལྔ།དག་ཏུ་གནས༔ ཆོས་སྐུ།་་་འགྱུར་བ་མེད་པའི་་་གཟུགས་སྣང་སྟོང་དབྱེར་མེད།རྡོ་རྗེའི་སྐུ༔ འགགས་པ་མེད་པ་་་སྒྲ་གྲགས་སྟོང་དབྱེར་མེད།རྡོ་རྗེའི་གསུང༔ སྐྱེ་བ་མེད་པ་་་ཐུགས་རིག་སྟོང་དབྱེར་མེད་འོད་ལྔར་གནས་སོ།རྡོ་རྗེའི་ཐུགས༔ དེ་ནི།་་་རྣལ་འབྱོར་སྐུ་་་སྤྲུལ་སྐུ་གསུང་ལོངས་སྐུ་ཐུགས་ཆོས་སྐུ་དོན་ཁོང་དུ་ཆུད་པར་བྱ།གསུམ་དོན་ལྡན་ནོ༔ དེ་ལྟར་ཡེ་ནས་རང་བྱུང་དུ་གནས་པ་ལ་ཡིན་པར་ཤེས་པ་དེ་ལ།་་་ཡེ་ཤེས་ལྷ་ཡི་སྲོག་ཏུ་བཤད༔ དོན་དེ་ཉིད།་་་མ་རྟོགས་་་པར།འཁྲུལ་པའི་སེམས་ཅན་རྣམས༔་་་ནི། ཉོན་མོངས་་་པ་ཅན།འཁྲུལ་པའི་སྲོག་ཏུ་གནས༔་་་པ་ཡིན། ཁ་དོག་་་དེ་ནི།དབྱིབས་དང་ཡིག་འབྲུར་གནས༔་་་སྒོས་སྲོག་ཡ་ལ་སོགས་པ་དྲེགས་པ་སོ་སོའི་རྣམ་ཤེས་ཡི་གེ་འབྲུ་རེ་རེའོ། །སྤྱི་དང་སྒོས་སུ་ཤེས་པར་བྱ༔ མ་རྟོགས་འཁྲུལ་པའི་སེམས་ཅན་ལ་སྲོག་གནས་ལུགས་ནི། གོང་ལྟར་དུག་ལྔ་དུག་གསུམ་སྐུ་གསུམ་ཡེ་ཤེས་ལྔར་མ་ཤེས་པ་དེ། འཁྲུལ་པའི་སྲོག་ཏུ་སྣང་བ་ནི་ཆོས་སྐུ་སྟོང་པའི་ཡི་གེ་ཨཿཡིན། སྟོང་པའི་ངང་ལྷན་ཅིག་སྐྱེས་པའི་མ་རིག་པ་ང་ཞེས་བདག་ཏུ་བཟུང་བས་དེ་ནི་ཞེ་སྡང་འགྲེང་བུ་ཨེཿ དེ་ལ་འདོད་ཆགས་འ་བྱུང་བས་སྤྱི་སྲོག་ཨཱེཿམ་ནིང་གི་ཡི་གེ་དག་ཏུ་འབྱུང་བའོ། །དེ་ལས་ནི་མི་དགེ་བ་བཅུའམ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་འགྲོ་དྲུག་དང་ལྷ་འདྲེ་བྱེ་བ་ས་ཡ་དང་། རྣམ་ཤེས་ཚོགས་བརྒྱད་ལས་ལྷ་སྲིན་སྡེ་བརྒྱད་དང་། དུག་གསུམ་ལས་ཕོ་མོ་ཀླུ་གསུམ་ལ་སོགས་པར་གྲུབ་བོ། །དེ་བས་ན་སྤྱི་སྲོག་ཡི་གེ་ཨཱེཿཡིན། ཕྱི་སྙིགས་མ་ལས་གྱུར་པ་ཤ་ཁྲག་སྲོག་ནང་དྭངས་མ་ལས་གྱུར་པ་རྣམ་ཤེས་སྲོག་རྗེས་སུ་དྲན་པའི་སྲོག་མིང་དངོས་རང་དབང་མེད་པའི་སྲོག་དང་བཞིའོ། །སྤྱི་སྒོས་གཉིས་ལ་་་ཕྱེ་ན།བཞི་བཞི་སྟེ༔ དང་པོ།་་་ཕྱི་འབྱུང་་་བ།ལས་གྱུར་་་པ་དོན་ལྔ་སྣོད་དྲུག་རྩ་དང་ཁྲག་ནི་གནད་རྣམས་བཅད་ན་འཆི་བའི་ཕྱིར།ཤ་ཁྲག་་་གི།སྲོག༔་་་ཞེས་གྲགས་སོ། །རྒྱུ་ནི་ལས་ཀྱི་རྣམ་་་པར།སྨིན་་་པ་ལས།གྲུབ༔་་་པ་ཡིན་ལ་བླ་སྲོག་གི་རྟེན་ནི། རང་རང་་་གི།གནས་ལ་ག་འུར་འཆང༔་་་བ་ཡིན་ཏེ། ཡ་མ་ལྟེ་བར་གཡུ་ཡི་ག་འུ༔ ཤ་ཁྲག་གི་ནི་བཅུད་ཀྱང་འཆང༔ མ་མོ་བརླ་གཡོན་མི་རུས་ག་འུ༔ མུ་སྟེགས་སོག་གཡོན་ཁྲོ་ཆུའི་གའུ༔ ལྷ་ལ་སོག་གཡས་དུང་ག་འུ༔ བདུད་པོ་ལག་མཐིལ་གཡས་ན་ལྕགས༔ བདུད་མོ་གཡོན་པའི་ལག་མཐིལ་ལོ༔ སྲིན་པོ་སོག་ཕྲག་ཆུ་ཤིང་ལ༔ སྲིན་མོ་བྱིན་གཡོན་ཆུ་ཤིང་ངོ༔ རུ་ཏྲ་དཔུང་གཡོན་སྲིན་རྡོ་ལྗང༔ གནོད་སྦྱིན་མགྲིན་པ་སྲིན་རྡོ་ལྗང༔ གནོད་སྦྱིན་མོ་ནི་བྱིན་པ་གཡོན༔ རྒྱལ་པོ་དཔུང་གཡས་ཤེལ་རྡོ་དཀར༔ བཙན་ནི་སྙིང་ཁ་མཆོང་སྨུག་ལ༔ དམུ་ལ་ལག་པ་གཡས་མཐིལ་མཆོང་སྨུག་པོ༔ ཐེའུ་བྲང་རླིག་པ་དམ་སྲི་རྐང་པ་གཡོན་ངར་གདོང༔ འགོང་པོ་རྐང་མཐིལ་གཡས་པ་འོ༔ དེ་གསུམ་ཕ་ཝང་ལོང་བུའི་གའུར་རོ༔ ཀླུ་ནི་མཚན་མར་རིན་ཆེན་སྣ་ལྔའོ༔ དེ་རྣམས་རང་རང་བླ་རྡོའི་གའུ་རུ༔ འབྱུང་བའི་ཤ་ཁྲག་དྭངས་མ་འཆང༔ མི་ཡི་བླ་ནི་ཟླ་བ་ཡར་ངོ་མར་ངོ་ཚེས་གྲངས་སོ་སོར་ལུས་ཀྱི་སྟོད་སྨད་ལ་རྒྱུ་བ་ཡིན་ནོ།་་་དེའི་ཕྱིར་བླ་་་དགྲ་བགེགས་གང་ལ་ཡང་རང་རང་གི།གནས་་་པའི་སར།ཕུར་པས་གདབ༔་་་པ་ཡིན་ནོ། །ད་གཉིས་པ།་་་ནང་གི་དྭངས་མ་རྣམ་པར་ཤེས་པའི་སྲོག༔་་་ཅེས་པ༔ རྒྱུ་ནི་ལྷན་་་ཅིག།སྐྱེས་་་པའི།མ་རིག་པ་ལས་གྲུབ༔་་་པ། དེ་ནི།་་་ང་བདག་་་ཏུ།ལྟ་བའི་ངོ་བོ་་་ཡིན་ཏེ།སྙིང་གི་དཀྱིལ༔་་་ན། རྣམ་ཤེས་་་ཀྱི།ཡིག་འབྲུ་་་རེ།ཁ་དོག་དང་བཅས་པ༔་་་དེའོ། །མིའི་ནྲྀ་དང་གཤིན་རྗེའི་ཡ་ལྟ་བུ་རྣམ་ཤེས་འབྲུ་རེ་རེའོ། །གཟའ་བདུད་ཀྱི་ཨེའོ། །གསུམ་པ་རྗེས་སུ་དྲན་པའི་སྲོག༔་་་ནི། རྒྱུ་ནི་ཀུན་་་ཏུ།བརྟག་་་པའི།མ་རིག་པའི་ངོ་བོ༔ རྣམ་པར་སྨིན་པའི་ལུས་ཀྱི་གནད༔ རང་རང་གི།་་་མིང་གི་ཡི་གེ་་་ཀུན།དཔྲལ་་་བ།ན་གནས༔ བཞི་པ་རང་དབང་མེད་པའི་སྲོག་ཅེས་པ༔ གོང་གི་ཕྱི་ནང་གསང་བའི་སྲོག༔ རང་དབང་མེད་པར་གཅོད་པ་དེ༔ རང་་་གི།བདུད་རང་ལ་གནས་པ་ནི༔ གཟིར་བྱེད་ཡི་གེ་་་གཟིར་བ་དེ་ལ་རང་བཞིན་དང་དྲག་པོ་དང་བཙན་ཐབས་ཏྲིག་ནན་དང་གསུམ་དུ་བྱེད་དགོས་སོ།སྤྱི་གཙུག་དག་ན་གནས༔ ལུས་ཀྱི་སྟོབས་འཇོམས་ཕྱི་སྲོག་་་ཤ་ཁྲག།གཅོད༔ འཕྲོག་བྱེད་་་ཧུར་ཐུམས་ཛཿ།ཡི་གེ་ལུས་ངག་ཡིད་གསུམ་གནས༔ རྗེས་སུ་དོན་ལ་་་མིང་ཡིག།དྲན་པའི་སྲོག་ཀུན་གཅོད༔ གཅོད་བྱེད་་་མཱ་ར་ཡ་རྦད།ཡིག་་་གེ།བཞི་ཡན་ལག་བཞི༔ རྩ་ཆེན་བཞི་གཅོད་སྙིང་ཁྲག་འདྲེན༔ དྭངས་མའི་་་རྣམ་ཤེས་འཕྲོག་པའི་དོན།སྲོག་དེ་གཅོད་པར་བྱེད༔ དེ་ཡང་ཡིག་འབྲུ་གྲུབ་བྱས་ཏེ༔ དྲག་པོ་སྔགས་ཀྱི་གནས་པ་ཡང༔ ཡི་གེའི་ངོ་བོ་ཉིད་དུ་གྲུབ༔ དྲེགས་པ་སྤྱི་ལ་སྩོགས་པ་ཡིས༔ གདོན་ཆེན་བཅོ་བརྒྱད་ཕུང་པོ་ལ༔ ཡི་གེ་འབྲུ་གཟུགས་རང་འཁྲུངས་་་སུ།གནས༔ དྭངས་མ་སྲོག་གི་སྙིང་པོ་འོ༔་་་སྙིང་གི་དཀྱིལ་ན། རྗེས་མཐུན་་་ཡ་མ་ལ་སོགས་པ།ཡི་གེ་མིང་དུ་བཏགས༔ དྲག་སྔགས་་་བཛྲ་སརྦ་དུཥྚཱན།སྤྱི་ལ་ཡི་གེ་ལྔའོ༔ སྒོ་སྒོའི་་་ཡིག་འབྲུ།མང་ཉུང་རིམ་པར་ཤེས༔ དམ་ཉམས་སྡེ་བཤིགས་ཤ་ཏྲཱུཾ་ལ༔ དགྲ་གཅིག་པོ་གསང་བ་དེ་ཡི་མིང༔་་་སྔགས་པ་གསང་མཚན་བནྡེ་ཆོས་མིང་སྐྱེ་བོ་དངོས་མིང་། དྭངས་མ་བསྡུས་པའི་ངོ་བོ་ཉིད༔་་་ནི། རྣམ་ཤེས་་་སྙིང་དཀྱིལ་ཡིག་འབྲུ།ནྲྀ་་་དང་།ཏྲི་་་སོགས།རེ་རེ་ཡིན༔ དེའི།་་་རྟེན་་་པའི།གནས་་་ནི།ཙིཏྟའི་དཀྱིལ་ན་་་གནས་པ།འོ༔ དེ་ནི།་་་དྲན་པར་བྱེད་པའི་སེམས་་་ཀྱི་རྟེན།ཀྱང་ཡིན༔ དེ་ལ་སྣ་བུག་གཉིས་ནས་རླུང་འབྱུང་བས།་་་གཡོ་བར་བྱེད་པའི་དབུགས་་་ལས་ཀྱི་རླུང་བཅུའོ།ཡིན་ལ༔ སྣ་བུག་གི།་་་རྒྱུན་ལམ་བཅད་ན་སྲོག་དང་དབྲལ༔་་་བ་ཡིན་ཏེ། དེའི་ཕྱིར།་་་གཟིར་་་བ་དང་།འཕྲོག་་་པ་དང་།གཏུབས་ཅིང་ལས་བྱས་པས༔ ཡིད་ཀྱི་་་འཁྲུལ་བློ།དུག་ལྔ་རྒྱུན་གཅོད་པའོ༔ དེ་ལྟར།་་་གདུག་པའི་དྲག་སྔགས་མི་བཟད་པ༔་་་དེ་རྣམས་ནི་གཞན་ནས་འབྱུང་བ་མ་ཡིན་ཏེ། ཡེ།་་་གདོད་་་མ།ནས་རང་གི་རྒྱུད་ལ་གནས༔་་་པ་དེ་ནི། སྐུལ་བྱེད་་་་ཀྱི།རྐྱེན་གྱིས་་་རྫས་སྔགས་ཏིང་ངེ་འཛིན་གསུམ།སྲོག་དབུགས་བསྐུལ༔་་་བས། ཉོན་མོངས་་་པ་ཅན་ཀུན་ལ་ཟབ་བོ།འཁྲུལ་པའི་སྲོག་་་རང་དབང་མེད་པར།རྒྱུད་འཆད༔་་་པ་ནི་ཀུན་རྫོབ་ཙམ་དུ་སྟེ། དོན་དམ་དུ།་་་འཁྲུལ་་་པ།དང་གཅོད་པ་་་དང་མི་གཅོད་པ་ཞེས་བྱ་བ་གང་ཡང་།དོན་ལ་མེད༔ དོན་ལ་སེམས་ཅན།་་་ཐམས་ཅད་ཡེ་་་ནས།སངས་རྒྱས་པ་ཡིན༔་་་ནོ། །དེ་ལྟ་བུའི།་་་དོན་དམ་་་པའི་གནས་ལུགས་དེ་འདྲ་བ་ལ།མ་རྟོགས་་་པའི་འཁྲུལ་པ་ཅན་གྱི་སེམས་ཅན།ལས་ངན་་་བསགས་པ།ཀུན༔ ལྷན་ཅིག་སྐྱེས་པའི་མ་རིག་་་པས་འཁྲུལ་གཞི་བྱས་ཏེ།འཁྲུལ༔་་་པ་ཡིན་ནོ། །འབྲས་བུ་་་དེ་ལྟ་བུ་འབྱུང་བ་ཡང་།དྭངས་མའི་ཡིག་འབྲུ་་་གདོད་མ་ནས་ཡོངས་སུ།གྲུབ༔་་་པ་དེ་ཉིད། ཀུན་བརྟགས་མ་རིག་པ་ཡིས་་་རྒྱུ་བྱས་གཞན་དབང་ལས་ངན་གྱིས།བསླད༔ འབྲས་བུ་་་དེའི།སྙིིགས་མའི་ལུས་སུ་་་བརྡོས་བཅས།གྲུབ༔་་་པ་ཡིན་ལ། དོན་དམ་་་པར་གང་ཡང་བདེན་པར།གྲུབ་པ་མེད་མོད་ཀྱང༔ ཀུན་རྫོབ་མིང་ཙམ་སྒྲ་ཙམ་་་ཨ་འཐས་བདེན་པ་ལྟར།དག་ཏུ་གནས༔་་་སོ། །དེས་ན་་་རང་རྒྱུད་ཀྱི།ཉོན་མོངས་་་པ་དེས།རང་་་གི།རྒྱུད་སྲེག༔་་་སྟེ་བུད་ཤིང་དང་མེ་འདྲའོ། །ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ དྲག་པོ་སྔགས་དང་ཡིག་འབྲུ་དང༔ སྲོག་གི་གནས་ལུགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པས༔ འཁོར་ལོ་དང་ནི་ལིངྒ་ལ༔ ཡིག་འབྲུ་སྔགས་ཀུན་འདི་ལྟར་དགོད༔ སྤྱིར་ན་ལྷ་འདྲེ་གང་ཡང་རུང༔ ཡེ་ཤེས་པ་ལ་བཀོད་ཀྱང་འགྲུབ༔ ལྷ་ཡི་དབང་པོའང་བརླག་པར་བྱེད༔་་་དོ། དེ།་་་ཅིའི་ཕྱིར་་་ཞེ་ན།དུག་ལྔ་རང་ལས་ལྡང༔་་་པ་ཡིན་ནོ། །དེའི་ཕྱིར་རང་གྲུབ་སྔགས་ཀུན་གོང༔་་་དུ། བཤད་་་པ།ལྟར་་་དུ།རང་རང་གནས་སུ་དགོད༔ ཕྱི་འབྱུང་་་བ་ལས་གྱུར་པའི་སྲོག་བླ་དང་།ནང་་་དྭངས་མའི་སྲོག་རྣམ་ཤེས་ཡིག་འབྲུ་རེ་རེ་ལ།དང་རྗེས་སུ་དྲན༔་་་པའི་སྲོག །སྲོག་གསུམ་་་མིང་ཡིན་པ་དེ་ལྟར་ཕྱི་ནང་གསང་བ།ཡི་གེ་རང་སར་དགོད༔ དེ་ཡང་།་་་ཕྱི་འབྱུང་་་བ།སྙིགས་མ་ལས་གྱུར་པ༔ ལུས་པོའི་་་སྟེང་དུ།བླ་གནས་ས་རུ་བླ་རྡོ་བཞག༔ ནང་དྭངས་་་་མ།སྙིང་གར་རྣམ་ཤེས་་་མིའི་ནྲྀ་གཤིན་རྗེ་ཡ་ལ་སོགས་པ་སྒོས་ཀྱི་རྣམ་ཤེས་ཡིན་ལ་ཐམས་ཅད་སྤྱིའི་རྣམ་ཤེས་ནི་ཨཱེཿཡིན་ནོ། །སྐབས་འདིར།་་་ཡིག་འབྲུ་རེ་རེ་་་སྒོས་ཀྱི་རྣམ་ཤེས་བཟུང་ངོ་།བྲི༔ ཁ་དོག་དག་ཀྱང་སོ་སོར་གནས༔་་་སོ། །རྗེས་སུ་དྲན་་་པའི།སྲོག་་་ནི་མིང་ཡིན་ཏེ།དཔྲལ་བར་མིང་ཡིག་དགོད༔ དེ་ཡང་གཟའ་བདུད་་་ལ།སྙིང་གར་རྣམ་ཤེས་ཨཱེ༔ དཔྲལ་བར་བཛྲ་སརྦ་དུཥྚཱན་ནོ༔ དམ་ཉམས་སྙིང་གར་ཛཿནྲྀ་བྲིས་ལ༔ དཔྲལ་བར་ཆེ་གེའི་མིང་ཡིག་གོ༔ སྡེ་ལ་བྱེད་ན་ཤ་ཏྲཱུཾ་ཆེ་གེ་ཚོ༔ ཞེས་སོ༔ འཕྲོག་བྱེད་ཡི་གེ་ལུས་ངག་ཡིད་གསུམ་སྟེ༔ སྤྱི་བོར་ལུས་ཀྱི་སྒྲ་གཅན་འཕྲོག༔་་་བྱེད། ཀཱ་ཡ་ཧུར༔ མགྲིན་པར་ངག་གི་སྒྲ་གཅན་འཕྲོག༔་་་བྱེད། བཱག་ཐུམས༔ སྙིང་གར་ཡིད་ཀྱི་སྒྲ་གཅན་འཕྲོག༔་་་བྱེད། ཙིཏྟ་ཛ༔ ཡན་ལག་བཞི་ལ་གཅོད་བྱེད་བཞི༔ དུག་ལྔའི་རང་བཞིན་འདི་ལྟ་སྟེ༔ རྐང་གཡོན་མཐིལ་ལ་མ་རིག་ཡི་གེ་མཱ༔ གཡས་པའི་མཐིལ་ལ་འདོད་ཆགས་ཡི་གེ་ར༔ ལག་མཐིལ་གཡས་ལ་ཞེ་སྡང་ཡ༔ གཡོན་ན་ང་རྒྱལ་ཡི་གེ་རྦད༔ ལྟེ་བར་འདུས་པའི་སྒྲ་གཅན་རྣམ་ཤེས་་་དགྲ་ལ་ནྲྀ་འདྲེ་ལ་ཏྲིའམ་རང་རང་གི་སྒོས་སྲོག།རེ་རེའོ༔ དེ་རྣམས་འཁོར་ལོ་ཕྱི་ཡི་རཱུ་པར་དགོད༔ ལྟེ་བར་ཡང་ནི་རྣམ་ཤེས་ནྲྀ་དཀྱིལ་་་དུ།འདུས༔་་་མིང་ཡིག་བསྐོར། ལིང་རྐྱང་དག་ལ་དེ་བཞིན་ཏེ༔ མིང་རུས་བྲི་་་སོགས་ཞིབ་ཆ་ཐམས་ཅད།ལེའུ་བརྒྱད་པར་་་ཡང་ཡོད་པར།ཤེས༔་་་པར་བྱོས་ཤིག །འཁོར་ལོ་སྔགས་རྣམས་དགོད་པ་ཡང༔ གོང་དུ།་་་སྤྱིར་ན་ལེའུ་བརྒྱད་པར་་་བཤད་པ་ལྟར།ཤེས༔་་་པར་བྱ་དགོས་ལ། ཁྱད་པར་འགའ་ཟུང་བསྟན་བྱས་ན༔ དང་པོར་་་ལིངྒ་སྤྱིལ་པོར་བྱ་ཚུལ་ནི།ལྟོ་བར་རྣམ་ཤེས་་་མི་ལ་ནྲྀ་དྲེགས་པ་སྤྱི་ལ་ཨཱེ་སྒོས་གཤིན་རྗེ་ལ་ཡ་ལྟ་བུ།དགོད༔ དེ་ཕྱིར་་་དགྲའམ་ཆེ་གེ་མོའི་སྲོག་ལ་ཛ་ཛཿཅེས་པ་ལྟ་བུ།སྲོག་་་མགོ་ཕྱིར་བསྟན་དུ།ཅེས་དགོད་པར་བྱ༔ དེའི་ཕྱིར་་་ལ་རང་བཞིན་དྲག་པོ་བཙན་ཐབས་སོགས་ཀྱི།མིང་གི་ཡི་གེ་་་མགོ་ནང་བསྟན།གཟིར༔ སྟོབས་ཀྱི་ཡི་གེས་་་བཛྲ་སརྦ་དུཥྚཱན།མགོ་དྲངས་ལ༔ གྲོགས་དང་་་དགྲའམ་འདྲེ་དེའི།གྲོགས་དེའི་གྲོགས་ཀྱང་གཟིར༔ དེ་ཡི་ཕྱི་རིམ་་་ལ།མཚོན་ཆའི་་་འབྱུང་བའི་དུག་ལྔ་གཤེད་འབེབ་སྤུ་གྲིའི།སོ༔ མགོ་ནང་བསྟན་དང་།་་་མང་བར་བྲི་དང་མིང་་་དགྲ་འདྲེ་གང་ཡིན་དེའི།གཞུག་་་པ།གཅེས༔་་་མགོ་ཕྱིར་བསྟན། དེ་ཡི་ཕྱི་རིམ་རཱུ་པ་བྲི༔ སྤྱི་སྒོས་ཐམས་ཅད་དེ་ཡིས་མཚུངས༔ སྔགས་ལ་རང་བཞིན་དྲག་པོ་དང༔ བཙན་ཐབས་ཟློག་དཀྲུག་ཤི་ས་སྟེ༔ མེ་ཆུ་འགལ་བ་ལ་སོགས་སྦྱར༔་་་ལེའུ་བཅོ་བརྒྱད་པ་ལྟར། དེ་ནི་འཁོར་ལོ་རྩིབས་མེད་པ༔ སྤྱིལ་པོ་བྲི་བའི་རིམ་པ་བསྟན༔ གལ་ཏེ་རྩིབས་ཅན་བྱེད་འདོད་ན༔ སྤྱིར་ནི་གོང་དང་ཁོག་འདྲ་་་བ།ལ༔ ཁྱད་པར་ཟླ་གམ་འཕྲོག་བྱེད་་་ཧུར་ཐུམས་ཛཿ།གསུམ༔་་་མགོ་ནང་བསྟན། རྩིབས་བརྒྱད་་་ཀྱི།ཕྱོགས་བཞི་སྟོབས་ཡིག་་་བཛྲ་སརྦ་དུཥྚཱན༔།མགོ་ཕྱིར་བསྟན༔ མཚམས་བཞིར་གཅོད་བྱེད་འབྲུ་་་མཱ་ར་ཡ་རྦད།བཞི་་་མགོ།ནང་བསྟན་ཡིན༔ མུ་ཁྱུད་ནང་མ་་་དགྲ་བོ་ཆེ་གེ་མོའི་སྲོག་ཛ་ཛཿ།སྲོག་ཅེས་ལ༔་་་དེའི་གྲོགས་བན་བོན་ཡིན་ན་ལྷ་སྲུང་གི་སྲོག་ཛ་ཛཿསྐྱེ་བོ་ཡིན་ན་ལྷ་ལྔའི་སྲོག་ཛ་ཛཿཅེས་སོགས། ཕྱི་་་མ་ལ།གཟིར་་་དགྲ་བགེགས་ཆེ་གེ་མོ་ཏྲིག་ནན་ཏྲི་ཧུར་ཐུམས་ཛ་སོགས།དང་མཚོན་ཆའི་སོ༔་་་འབྱུང་བ་བཞི་དང་དུག་ལྔ་གཤེད་འབེབ་སྤུ་གྲིའི་སོ་རྣམས་བྲི། མགོ་ཕྱིར་བསྟན།་་་ཛ་ལ་སོགས་པ་གོང་དང་མཚུངས༔་་་དེ་ལྟར་བྲིས་པའི་ལིངྒ་རྩིབས་ཅན་དང་སྤྱིལ་པོ་གང་ཡིན་ཀྱང་དུག་སྣ་ལྔ་དང་ཁྲག་སྣ་བྱུགས་དམིགས་བྱའི་ཟག་རྫས་མེ་ལ་རླངས་ཐོན་ཙམ་བསྲོས་པས་ཀྱང་བྱུག་པ་སོགས་བྱའོ། །ཞིབ་ཏུ་་་གོང་གི།ལེའུ་བརྒྱད་པར་ཤེས༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ འཁོར་ལོ་དང་ལིངྒ་དྲག་པོ་རང་གནད་ཀྱི་ཡི་གེ་དགོད་པའི་ལེའུ་སྟེ་བཅོ་ལྔ་པའོ༔ དེ་ནས་གསང་བའི་བདག་པོ་ཡིས༔ དཔལ་སྟོབས་ལྡན་ནག་པོ་ལ་ཡང་ཞུས་པ༔ ཀྱེ་དྲེགས་པའི་བདག་པོ་སྟོབས་ལྡན་ཆེ༔ དྲག་པོའི་ཕྲིན་ལས་རྒྱུད་འདི་ལ༔ གསང་རྫས་ཏིང་འཛིན་རྣམ་གསུམ་ལས༔ བཟླས་པའི་སྔགས་རྣམས་ཇི་ལྟར་ལགས༔ དཔའ་བོ་ཆེན་པོས་གསུང་དུ་གསོལ༔ ཞེས་ཞུས་པ་ལས༔ སྟོབས་ལྡན་ནག་པོས་བཀའ་བསྩལ་པ༔ གདུག་པའི་དགྲ་བགེགས་ཚར་གཅད་དང༔ བསྟན་པ་ཡུན་དུ་གནས་བྱའི་ཕྱིར༔ སྔགས་ཀྱི་བཟླ་ཐབས་བསྟན་པ་ནི༔ འདི་ལ་རྣམ་པ་བཞི་ཡིན་ཏེ༔ ཕྱི་ནང་གསང་བ་ཡང་གསང་གཏེར༔་་་དང་བཞི་ལས་དང་པོ་ནི། བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་པ་དང་ནི་སྒྲུབ་ཆེན་པོ༔ དེ་ལྟར་བསྙེན་སྒྲུབ་རྣམ་བཞི་ལ༔ ཕན་གནོད་ལས་ཀུན་བཏགས་པ་ནི༔ ཕྱི་ཡི་སྒྲུབ་པ་ཤེས་པར་བྱ༔ བསྙེན་པ་སྒྲུབ་པ་ལས་སྦྱོར་གསུམ༔་་་ཚང་བ། དེ་ལ་ཕྲིན་ལས་བཞི་་་སོགས།ཚང་་་བ་ནི།ནང་སྒྲུབ་བོ༔ བསྙེན་སྒྲུབ་་་དང་།ལས་སྦྱོར་གཉིས་སུ་ཕྱེ༔་་་བ་ནི། གསང་བའི་སྒྲུབ་་་པ་ཡིན།པར་ཤེས་པར་བྱ༔ སྔགས་ཀྱི་རྩ་བ་གཅིག་ལ་ནི༔ ཕན་གནོད་་་ཀྱི་ལས།ཐམས་ཅད་རྫོགས་པར་ཚང༔་་་བ་ནི། ཡང་གསང་གཏེར་དུ་སྒྲུབ་པ་འོ༔ འུར་བ་དྲིལ་ཞེས་་་པ་ནི།དེ་་་ལྟ་བུ།ལ་བྱ༔་་་འོ། བརྒྱ་སྦྲེལ་ཞེས་ཀྱང་དེ་ལ་བྱ༔་་་བ་ཡིན་ནོ། །རྡོ་རྗེ་གཙུག་ལག་་་རྒྱུད་འདིར་ཡེ་ཤེས་པ་དང་འཇིག་རྟེན་པ་ཐམས་ཅད་ཀྱི།རྣམ་ཤེས་་་ཡོད་པས་ན་འདི།ལ༔ ནན་ཏན།་་་ལས་་་ཐམས་ཅད།ཚང་་་བར་བྱས་ན་ཕན་གནོད།སྒྲུབ་པའི་གསང་་་བའི།གཏེར་་་ཆེན་པོ།ཡིན༔ དེ་ཡང་་་ཚིག་དོན།རིག་པས་་་ཅི་རྟོགས།དེ་ལྟར་བཀྲོལ༔་་་ཤེས་པར་བྱེད་དོ། །སྤྱིར་ན་བསྙེན་སྒྲུབ་ལས་སྦྱོར་གསུམ༔་་་ལས། དང་པོར་དམ་ཅན་དེའི།་་་བསྙེན་པའི་སྔགས་བཟླས་་་པས།བདེ་བ་་་རང་།རྙེད༔་་་ཅིང་། དམ་ཅན་མཐུ་དང་ནུས་པར་ལྡན༔པར་འགྱུར་རོ། །བར་དུ།་་་སྒྲུབ་་་པའི།སྔགས་་་བཟླས་པས་དམ་ཅན།ལས་ལ་འཛུད་པར་བྱེད༔་་་དོ། །ཐ་མར།་་་ལས་སྦྱོར་་་གྱི་སྔགས་བཟླས་པས།ཕན་་་བྱ་དང་།གནོད་་་བྱའི་ལས་རྣམས།དམིགས་སུ་སྦྱོར༔་་་སྔགས་ཀྱི། དེ་ལྟར་་་བསྙེན་སྒྲུབ་ལས་སྦྱོར།རིམ་པ་གསུམ་དུ་ཤེས༔ དེ་ཡང་།་་་དང་པོར་བསྙེན་པ་་་དང་།ཉེ་བར་བསྙེན༔་་་པ་དང་གཉིས། སྔགས་་་དང་།རྫས་་་དང་།ཏིང་འཛིན་གསུམ་གྱིས་བྱ༔་་་དགོས་ལ། ཁྱད་པར་་་དུ་འདི་བླ་རྡོ་བཅང་བར་གསུངས་པ་འདི་ནི་ལེའུ་དྲུག་པར་གསུངས་པའི་ར་རོག་གི་སྙིང་ཆས་སུ་བཅུག་པ་རང་ལུས་ལ་བཅང་བ་སོགས་ཡིན་གྱི་ལེའུ་དགུ་པར་གསུངས་པའི་གཟིར་བྱེད་ཀྱི་བླ་རྡོ་རྣམས་མིན་ནོ།བླ་རྡོ་་་བཅང་བ་དང་།ཕུད་གཏོར་དང༔ བརྩེ་ཞིང་་་རང་དམ་ཅན་ལ་མོས་ཤིང་།གདུང་བ་ཆེ་བའི་བསྙེན༔་་་པ་བྱ་དགོས་ཏེ། དཔེར་ན།་་་མི་གཉིས་མཛའ་བོ་བྱེད་་་པ།དང་མཚུངས༔་་་པའོ། །དེ་ལ་སྔགས་ནི་་་རྣམ་གྲངས།གསུམ་་་ཡོད་པ།ཡིན་ཏེ༔ གསུམ་པོ་གང་ཞེ་ན་ལྷ་འདྲེའི།་་་མིང་ནས་བོད་་་པ།དང་སྲོག་་་དང་མིང་།སྦྲེལ་བ༔་་་དང་། རྐྱང་པ།་་་སྲོག་དམར་འབྱིན་་་དུ་བཟླས་པ།དང་གསུམ་དུ་འདོད༔་་་པ་ཡིན་པའི་དེ་ལ་དང་པོ། མིང་ནས་བོས་པ་་་ནི།འདི་ལྟ་སྟེ༔ དང་པོ་་་ཡེ་ཤེས།ལྔ་་་དང་།ལྡན་པའི་ཡི་གེས།དབུ་ཡང་མནན༔་་་འདི་ལྟ་སྟེ། ཨཱོྃ༔ དེ་ནས་་་དེ་འོག་ཏུ།སྟོབས་ཀྱི་ཡི་གེ་བཞི༔་་་ནི། བཛྲ་སརྦ་དུཥྚཱན༔ དེ་ནས་སྤྱི་སྲོག་ཨཱེཿ་་་དེའི་ཤམ་བུ་དྲེགས་པ་ཐམས་ཅད།དེ་ནས༔ དེ་ལ།་་་ཕོ་་་དང་།མོ་དགུག་པ་་་ནི།ཛཿཛཿ་་་ཕོ་འགུགས་ཞེས་བཏགས།ཧྲིང་ཧྲིངཿ་་་མོ་འགུགས་ཞེས།བཏགས༔ དེའི་མཐར།་་་དེ་ནས་་་དྲེགས་པ།བཅོ་བརྒྱད་རིམ་པས་་་རྗེས་སུ།དྲན་་་པའི།སྲོག་མིང༔་་་ཐམས་ཅད་བཏགས་པ་ནི་འདི་ལྟ་སྟེ། ཡ་མ༔ མ་མ་རུ་ལུ༔ དྷེ་བ༔ ཏིར་ཏི་ཀ༔ དུ་ཁྲག༔ དུན་ཏིང༔ རཀྴ༔ རག་མོ༔ གཟའ་འཇིག་རྟེན་པའི་ཚབ་ཏུ་རུ་ཏྲ་བྱེད་ན།་་་རུ་ཏྲ། རཀྵ༔་་་གཟའ་འཇིག་རྟེན་པའི། ཡཀྵ༔ ཡག་མོ༔ རཱ་ཙ༔ མུན་མུན༔ ཤཱུ་ལ༔ བཛྲ་སཱ་དྷུ༔ ཧཾ་ཤཾ༔ རུ་ཏྲི༔ ས་ནཱ་ག༔ ཛ་ཛ༔་་་ཕོ་འགུགས། ཧྲིང་ཧྲིང༔་་་མོ་འགུགས། ཞེས་སོ༔ མིང་དང་།་་་གཉིས་པ་སྲོག་དང་སྦྲགས་པ་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་་་སྤྱི་མིང་།སརྦ་དུཥྚཱན༔་་་སྟོབས་ཡིག་བཞི། ཨཱེ༔་་་སྤྱི་སྲོག །ཛ་ཛ༔་་་ཕོ་འགུགས། ཧྲིང་ཧྲིང༔་་་མོ་འགུགས། མིང་།་་་ཡ་མ་སྲོག།་་་ཡ༔ དེས་འགྲེ།་་་མ་མ་རུ་ལུ་མ༔ དྷེ་བ་ཨ༔ ཏིར་ཏི་ཀ་ཐ༔ དུ་ཁྲག་དུ༔ དུན་ཏིང་དུ༔ རཀྴ་ར༔ རག་མོ་ར༔ གཟའ་འཇིག་རྟེན་པའི་ཚབ་ཏུ་རིག་འཛིན་བྱེད་ན།་་་རུ་ཏྲ་ནྲྀ་་་ཞེས་སོ།རཀྵ་རཱ༔་་་འདི་རིག་འཛིན་བྱས་པ་བས་གཟའ་འཇིག་རྟེན་པ་འདི་ལྟར་བྱས་པ་གཞུང་གི་ལེའུ་བརྒྱད་པ་དང་བསྟོད་བསྐུལ་སོགས་དང་འབྲེལ་ཆགས་སོ། །ཡཀྵ་ཀྵ༔ ཡག་མོ་ཀྵ༔ རཱ་ཙ་ཙ༔ མུན་མུན་པ༔ ཤཱུ་ལ་ཙ༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ རུ་ཏྲི་ཏྲི༔ ས་ནཱ་ག་ཕུ༔ ཛཿཛ༔་་་ཕོ་འགུགས། ཧྲིང་ཧྲིང༔་་་མོ་འགུགས། ཞེས་སོ༔ སྲོག་དམར་འབྱིན་དུ་བགྲང་བ་ནི༔ ཡེ་ཤེས་ལྔ་ཨཱོྃ་བཛྲ་སརྦ་དུཥྚཱན༔ སྤྱི་སྲོག།་་་ཨཱེ༔ ཛ་ཛ༔་་་ཕོ་འགུགས། ཧྲིང་ཧྲིང༔་་་མོ་འགུགས། སྲོག་རྐྱང་པ་རྣམས།་་་ཡ་ མ་ ཨ་ ཐ་ དུ་ དུ་ ར་ ར་ རཱ་གཟའ་འཇིག་རྟེན་པའི་ཚབ་རིག་འཛིན་བྱེད་ན་ནྲྀ་ཞེས་སྤོ་བ་ཡིན་རིག་འཛིན་དང་རུ་དྲ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །ཀྵ་ ཀྵ་ ཙ་ པ་ ཙ་ ཏྲི་ ཏྲི་ ཏྲི་ ཕུ་ ཛཿཛ༔་་་ཕོ་འགུགས་པ།ཧྲིང་ཧྲིངཿ་་་མོ་འགུགས་པ། དགྲ་བོ་ཨཱ་ཀརྵ་ཡ་ཛ་ཛ༔་་་བསྙེན་པ་ཁོ་ནའི་དུས་ཤམ་བུ་འདི་འདོགས་མི་དགོས། ཞེས་སོ༔ དེས་ནི་ངེས་པར་གྲུབ་རྟགས་འབྱུང༔་་་རྟགས་ཡིག་ལྟར། རྐྱང་པ་དང་སྲོག་མ་སྦྲགས་པར།་་་མིང་ནས་བོས་ན་འཇམ་ཞིང་བཀྲ་ཤིས༔་་་པ་ཡིན་ནོ། །སྲོག་དང་མིང་སྦྱར་་་ན།བག་་་ཅིང་།རྩུབ་་་པ་ཡིན།མྱུར༔ མིང་མ་བྱས་པར།་་་སྲོག་་་རྐྱང་པ།དམར་འབྱིན་་་བྱས་པ།ནི་་་རབ་ཏུ།རྣོ་ལ་་་ཟབ།རྩུབ༔་་་བོ། །མིང་ནས་བོད་དམ་སྲོག་དང་སྦྱར་རམ་དམར་འབྱིན་ལ་སོགས་གང་བྱེད།་་་གང་མོས་་་རང་གི་དངོས་ཉམས་རྨི་ལམ་གྱི།རྟགས་དང་བསྟུན་ལ་བཟླས༔་་་པ་བྱ། ཡང་།་་་རྣལ་འབྱོར་་་པ།ཆོས་སྐུའི་གདིང་་་དང་།ལྡན་ན༔ རྣོ་ཞིང་རྩུབས་པས་་་སྲོག་དམར་འབྱིན།ལས་ལ་སྦྱར༔ དཔེར་ན།་་་གནམ་ལྕགས་ཐོག་འདྲ་ཟློག་མི་འགྱུར༔ རབ་ཀྱིས་བྱ་བའི་ལས་སུ་བཤད༔་་་རྣལ་འབྱོར་དེ་བཞིན་དུ་འབྲིང་ནི་མིང་སྲོག་སྦྲགས་པ་ཐ་མས་མིང་རྐྱང་པ་སོགས་རང་ཉམས་དང་བསྟུན། དེ་ལྟར་འཇམ་རྩུབ་བྱེ་བྲག་ཀུན༔ རྣལ་འབྱོར་་་་དམར་འབྱིན།རབ་་་མིང་སྲོག་སྦྲེལ།འབྲིང་་་མིང་རྐྱང་པ།ཐ་་་མ།གསུམ་་་གྱིས།སྦྱར༔ རྣོ་་་བར།འདོད་་་ནས་སྲོག་རྐྱང་བཟླས་ན།རྩུབ་ཅིང་་་ནུས་པ་ཆུང་ན།རང་ལ་ཟློག༔ མིང་རྐྱང་པ།་་་འཇམ་པོས་ལས་བུལ་བཀྲ་ཡང་ཤིས༔ སྤྱིར་ན།་་་རྣལ་འབྱོར་་་པ་ཉིད།སྐུ་གསུམ་་་གྱི།དོན་་་དང་།ལྡན་པས༔ རྒྱུན་དུ་་་ཡ་མ་ལ་སོགས་མིང་དང་སྲོག་སྦྱར་བས་བསྙེན་པ།འཇམ་བརྟེན་བཀྲ་ཤིས་བདེ༔ ནམ་དགོས་རྣོ་་་ཡ་སོགས་དམར་འབྱིན་བྱས་པས།རྩུབ་ལས་ལ་སྦྱར༔ ནང་ནུབ་གཉིས་བརྒྱ་སྟོང་མ་ཆག་པར།རྒྱུན་དུ་བསྙེན་པའི་རིམ་པ་འོ༔ དེ་ནས།་་་བསྒྲུབ་ཅིང་ལས་ལ་གཟུད་པ་ནི༔ སྤྱི་རྟགས་་་ལྷ་འདྲེ།དབབ་ཅིང་ངོས་བཟུང་་་བ།དང༔ གནོད་པ་གང་ཡིན།་་་ངོས་འཛིན་་་དེ་ནས།གཟིར་ཞིང་དབང་དུ་བསྡུ༔ དབང་འདུས་་་གསོ་བའི་ཆོ་གས།དབུགས་ཀྱང་དབྱུང་བར་བྱ༔ རང་བཞིན་གྱིས་གཟིར་བ།་་་དང་པོ་སྤྱིར་བཏགས་་་གནད་ལ་དབབ་པའི།སྔགས་བསྟན་པ༔ ཡེ་ཤེས་ལྔ་ཡིས་་་ཨཱོྃ།དབུ་ཡང་མནན༔ དེ་ནས་སྟོབས་ཀྱི་་་བཛྲ་སརྦ་དུཥྚཱན།ཡིག་འབྲུ་བཞི༔ དེ་ལ་གཟིར་བྱེད་ཡི་གེ་་་ཏྲིག་ནན།གཉིས༔ དེ་ལ་སྤྱི་སྲོག་་་ཨཱེཿ།མ་ནིང་གཅིག༔ དེ་རྗེ།་་་འཕྲོག་བྱེད་་་ཧུར་ཐུམས་ཛཿ།འབྲུ་གསུམ་རྣམ་ཤེས་འཕྲོག༔ དེའི་མཐར།་་་གཅོད་བྱེད་་་མཱ་ར་ཡ་རྦད།མཚོན་ཆ་འབྲུ་བཞིས་གསད༔ རྣལ་འབྱོར་རབ་འབྲིང་བྱེ་བྲག་གིས༔ རྟགས་ཀྱང་རབ་འབྲིང་ཐ་གསུམ་སྦྱར༔་་་ཏེ། རབ་ནི།་་་ཞག་གཅིག་་་འབྲིང་ལ།བདུན་ནམ་་་ཐ་མ་ཡང་།ཉེར་གཅིག་ནའོ༔ དང་པོར་་་རྟགས།ངེས་མེད་ཅིར་ཡང་འབྱུང༔ ཐ་མ་གནོད་བྱེད་གང་ཡིན་དེའི༔ རྟགས་ཀུན་གཞུང་ལྟར་ཇེ་གསལ་་་ཇེ་གསལ།འགྲོ༔ ཁོའི།་་་ཆོས་སྐྱོང་་་ངོས་འཛིན་ལ་གནོད་བྱེད་དེའི།གང་ཡིན་འབྲུ་ཐུས་་་གཅིག་ཏུ།གཟིར༔ དྲེགས་པ།་་་གང་གནོད་་་ཀྱི།ལིངྒ་་་དང་།འཁོར་ལོ་དེ༔ གོང་གི།་་་སྤྱི་ཡི་ལིངྒའི་ཤུལ་དུ་་་གན་རྐྱལ།བཞག༔ ལིངྒའི།་་་སྟེང་དུ་བླ་རྡོ་་་དང་ནི་རང་རང་།གཟིར་རྫས་བཞག༔ དེ་སྟེང་སྤྱི་ཡི་འཁོར་ལོ་་་ཁྱབ་འཇུག་ལ་སོགས།ཁ་སྦུབས་་་དེའི་སྟེང་སྤྱིའི།གཟིར་རྫས་དགོད༔ བཟླས་པའི་སྔགས་རྣམས་བསྟན་པ་་་ལ།ནི༔ ཡེ་ཤེས་ཨཱོྃ་དང་སྟོབས་འབྲུ་བཞི༔་་་བཛྲ་སརྦ་དུཥྚཱནཿ གང་ཡིན་མིང་་་གཤིན་རྗེ་ལ་ཡ་མ་ལྟ་བུ་སྐབས་སུ་གང་བབ་དེའི།དང་གཟིར་བྱེད་དང༔ རྣམ་ཤེས་་་གཤིན་རྗེའི་ཡ་ལྟ་བུ།འཕྲོག་་་ཧུར་ཐུམས་ཛཿ།ཅིང་མཚོན་ཆས་་་མཱ་ར་ཡ་རྦད།གསད༔ ཐུན་དང་ཕུར་པས་དུས་བཞིར་གཟིར༔ དགའ་གུས་ཕྱག་འཚལ་སོགས།་་་ཆུན་པའི་རྟགས་བྱུང་གུས་པ་འབུལ༔ དེ་ནས་གསོ་བའི་ཆོ་ག་བྱ༔ གལ་ཏེ་སྤྱི་སྒོས་གང་ཡང་རུང༔ མ་ཆུན་དབང་དུ་མ་འདུས་ན༔ སྔོན་འགྲོ་ཚོགས་གསག་་་རང་གི་རྒྱབ་ཆོག།རྒྱ་ཆེན་བྱ༔ སྔགས་རྫས་རང་གི་དུག་ཀུན་དབྱུང༔ ཡེ་ཤེས་པ།་་་སྐུ་གསུམ་་་སྐྱེས་བུ།བརྩོན་འགྲུས་ལྡན་པ་ཡིས༔ སྔགས།་་་རང་བཞིན་དྲག་པོ་བཙན་ཐབས་གསུམ༔ ཨར་གཏད་དཀྲུག་ཟློག་མེ་ཆུ་ཡིས༔ ཤི་ས་བསྟན་ཅིང་འུར་བ་དྲིལ། འོང་བ་བརྒྱ་སྦྲེལ་ལས་བཅོལ་ལོ༔་་་ལེའུ་བཅོ་བརྒྱད་པར་བཤད་པ་ལྟར། དེས་ཀྱང་ངེས་པར་འགྲུབ་པ་ཡིན༔་་་ཏེ་དེའི་རྒྱུ་མཚན་ནི། འཇིག་རྟེན་་་པའི།སྲོག་ནི་་་མིང་ཙམ།སྒྲ་ཙམ་ཡིན༔་་་པས། དེ་ལ་་་དྲག་པོ།སྔགས་ཀྱི་མིང་དང་སྒྲ་བརྗོད་པས༔ རང་དབང་མེད་པར་བུང་བ་་་དང་རི་དྭགས་འཁོར་བ།བཞིན་དུ་འཁོར༔་་་བར་འགྱུར་རོ། །དེ་དག།་་་ཅི་ཕྱིར་་་ཞེ་ན།དུག་ལྔ་་་དང་།དུག་གསུམ་གྱི༔ གཤེད་མ་་་དྲེགས་པ་རང་།རང་ལ་་་གདོད་མ་ནས།གནས་པ་ཡིན༔ དེ་དག།་་་སྐུལ་བྱེད་་་ཀྱི།རྐྱེན་གྱིས་གནད་་་དེ་དག།བསྐུལ་བས༔་་་ལས་རབ་འབྱམས་སྒྲུབ་པ་ནི། སྔགས་་་དང་།རྫས་་་དང་།ཏིང་འཛིན་གསུམ་གྱིས་འགྲུབ༔་་པ་ཡིན་ལ། དེའི་རྒྱུ་མཚན་ནི།་་་རང་་་རང་གི།་་་སྲོག་་་དང་།མིང་་་དང་།བཏགས་་་པ།འདུས་བྱས་་་ཀུན་རྫོབ།ཀྱི༔ སྒྲ་དང་མིང་་་ཙམ།ལ་ཆགས་ཤིང་་་དེ་ལ།བརྟེན༔་་་པ་ཙམ་ཡིན་པའི་ཚུལ། དེས་ན་འཇིག་རྟེན་པ་ཞེས་བྱ༔་་་བ་ཡིན་ནོ། །ཡེ་ཤེས་་་པ་ནི་ཚུལ།དེ་ལས་ཟློག་པ་དང༔ མ་ཆགས་་་པ་དང་།མ་ཞེན་་་པ།སྣང་སྟོང་གསལ༔་་་སྟོང་། དོན་དམ་བདེན་པར་ཆོས།་་་ཐམས་ཅད་སྒྱུ་མ་་་ལྟ་བུ།ཆོས་ཉིད་་་མཉམ་ཡངས་མཐའ་བྲལ་གྱི་ངང་དུ།རོལ༔་་་པ་ཆེན་པོར་འུབ་ཆུབ་པ། དེ་དོན་ཁོང་་་དུ།ཆུད་་་པ།སྐུ་གསུམ་་་དང་།ལྡན༔་་་པ་ཡིན། རང་སེམས།་་་ངོ་བོ་གསལ་བ་ལོངས་སྤྱོད་རྫོགས༔་་་པའི་སྐུ །རང་བཞིན་་་དེ་ཉིད།སྟོང་པ་ཆོས་ཀྱི་སྐུ༔ དེའི་རྩལ་སྣང་མ་འགགས་པར་འཆར་བ་ནི།་་་ཐུགས་རྗེ་མ་འགགས་་་པ་གང་འདུལ་དེར་སྟོན་པས།འགྲོ་བ་འདུལ༔་་་བ་སྤྲུལ་པའི་སྐུ་སྟེ་དེ་དག་ཀྱང་། སྣང་སྟོང་་་དབྱེར་མེད།ཐབས་དང་ཤེས་རབ་སྦྲེལ༔་་་བ་ཅན་དུས་རྒྱུན་ཆད་མེད་པ། དེ་ནི་སངས་རྒྱས་་་ཀྱི།ཕྲིན་ལས་ཡིན༔་་་ནོ། །དེ་ལྟར་ཡེ་ཤེས་འཇིག་རྟེན་པའི༔ བྱུང་ཚུལ་གནས་ལུགས་ཤེས་བྱས་ལ༔ ཕན་གནོད་ལས་ཀུན་མ་འགགས་པར༔ གདུལ་བྱའི་རིགས།་་་གང་ལ་་་ཞི་རྒྱས་དབང་དྲག།གང་འདུལ་་་བའི་ཐབས་ཀྱི།ཐུགས་རྗེ་སྤྲོ༔་་་དགོས་པའི་ཕྱིར། ཞི་བས་མི་ཐུལ་བའི།་་་གདུག་པའི་དགྲ་བགེགས་་་རྣམས།ཚར་ཡང་གཅད༔་་་དགོས་པ་ཡིན་ནོ། །ཅེས་སོ༔ དེ་ལྟར་དྲེགས་པ་གནད་ལ་འབེབ་པ་དང༔ གསོ་བའི་ཆོ་ག་བྱ་བ་ཡང༔ མ་རྡལ་ཞི་གྲ།་་་ཟླུམ་་་པོ།དཀར་པོའི་སྟེང༔ འབྲུབ་ཁུང་ནས།་་་ཕྱུངས་ལ་་་དལ་སྟེང་དུ།བཞག་ནས་གཟིར་རྫས་སྦྲེལ༔ དཀར་གསུམ་མངར་གསུམ་རྩི་སྨན་དང༔ བཟང་པོ་དྲུག་དང་བྱིན་རླབས་ཅན༔་་་སྦྱར་བའི། ཆུས་བཀྲུ་་་དྲེགས་པ།རང་་་དང་།མཐུན་་་པའི།རྫས་ཀྱང་བྱུགས༔ དུག་ཁྲག་་་སོགས།མི་མཐུན་་་པའི།རྫས་་་བྱུགས་པ།ཀུན་ཕྱི༔ མེ་ལོང་་་གི།ངོས་ལ་རྣམ་འཇོམས་་་བཟླས་པའི།ཆུས༔ ཁྲུས་བྱ་བཀའ་བསྒོ་ཐ་ཚིག་བྱ༔ སྔགས་འདི་དག་ཀྱང་བཟླས་པར་བྱ༔ ཡེ་ཤེས་ལྔ་་་ཨཱོྃ།དང་སྟོབས་ཡིག་བཞི༔་་་བཛྲ་སརྦ་དུཥྚཎཿ རང་མིང་་་གཤིན་རྗེ་ལྟ་བུ་ཡིན་ན་ཡ་མ།རྣམ་ཤེས་་་གཤིན་རྗེ་ལྟ་བུར་ཡ།ལུས་་་ཀཱ་ཡ།ངག་་་ཝཱ་ཀ།ཡིད་་་ཙིཏྟ།གསུམ་དང༔ ཨཱོྃ་ཨཱཿཧཱུྃ།་་་སྐུ་གསུང་ཐུགས་དང་ཞི་་་བ་ཤཱནྟིཾ་ཀུ་རུ།བྱེད་དང༔ དབུགས་་་སྭཱ་ཧཱ།དབྱུང་ནུས་སྐྱེད་སྦྲེལ་ཏེ་བཟླ༔ ཞག་གསུམ་བདུན་དུ་ཐུན་བཞིར་བྱ༔ དྲེགས་པ།་་་མོད་ལ་སོས་་་པའི།རྟགས་འོང་བར་ངེས༔ དེ་ནས་དྲེགས་པའི།་་་འཁོར་ལོ་་་དང་།ལིངྒར་དགྲའི་མིང་་་དང་དྲི་མ།ཟས་སུ་གཏད༔ རང་གནད་གང་ཡིན་གཏད་གཉེར་བྱ༔ གཏོར་མ་བྱིན་ཏེ་ལས་ཀྱང་བཅོལ༔ ཁྱེད་ཀྱང་ང་ལ་མ་གནོད་ཅིག༔ ང་ཡང་ཁྱེད་ལ་གནོད་མི་བྱེད༔ དགྲ་བོ་ཆེ་གེའི་མི་ནོར་ཟས༔་་་གསུམ། ཁྱོད་ལ་ཟས་སྐལ་དུ་གཏད་དོ༔ བཞེས་ཤིག་མེད་དང་བརླག་པར་གྱིས༔ དེ་ལྟར་ཐ་ཚིག་ཕྲིན་ལས་བཅོལ༔ གལ་ཏེ་གནོད་ན་གོང་ལྟར་གཟིར༔ དེ་ཡིས་ངེས་པར་ལས་ཀུན་འགྲུབ༔ དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ བསྙེན་པའི་སྔགས་བསྟན་པ་དང༔ གནོད་སྦྱིན་དྲེགས་པ་གཟིར་བའི་ལེའུ་སྟེ་བཅུ་དྲུག་པའོ༔ དེ་ནས་སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ མན་ངག་ལྡན་པའི་སྔགས་པ་ལ༔ བན་སྔགས།་་་སྡིག་ཅན་གང་ཞིག་དགྲར་ལངས་ན༔ ཁོ་རང་གི།་་་སྲུང་བྱེད་དྲེགས་པ་་་གང་ཡིན་དེ་ཁོ་རང་གི།གཤེད་དུ་དབབ༔་་་པ་གལ་ཆེ་སྟེ། དེ་ལ།་་་དང་པོར་གོང་ལྟར་་་དྲེགས་པ།སྤྱི་རྟགས་ཀྱི༔ ནང་ནས་་་བན་དགྲ་ཁོ་རང་གི་སྲུང་མ་གང་ཡིན་དེའི།སྒོས་་་ཀྱི།རྟགས་ཤེས་་་པར།བྱས་ལ༔ ཁོ་རང་གི་སྲུང་མ་དེ་ཉིད།་་་གནད་ལ་མ་ཕེབས་་་ཀྱི།བར་དུ་གཟིར༔ གནད་ལ་ཕེབས་པའི་རྟགས་བྱུང་ན།་་་དེ་ནས་་་དེ་ཉིད།དབུགས་དབྱུང་་་ནས་བན།དགྲ་་་ཁོ་རང་།ལ་རྦད༔ ཁོ།་་་རང་་་གི།གཤེད་དག་ཏུ་བསྐོར་ལ་བཏང་ངོ༔ ཁོའི་སྲུང་མ་གནད་ལ་ཕེབས་ནས།་་་བན་དགྲའི་ལིངྒ་་་བྲིས་ཟག་རྫས་བྱུག་ནས།འབྲུབ་ཁུང་གཞུག༔ དེ་ཡང་།་་་གན་རྐྱལ་་་དུ་གཅེར་བའི།སྟེང་དུ་་་ཁོ་རང་།གཟིར་བའི་རྫས༔ སྤྱི་དང་་་རྟགས།མཐུན་པས་དུག་སྣ་བཞག༔ དེ་སྟེང་སྔར་གཟིར་་་བའི་ཁོ་རང་གི།སྲུང་མ་དེ་ཡི༔ གཟུགས་དང་སྲོག་བྲིས་པའི།་་་འཁོར་ལོ་ཁ་སྦུབས་་་ལ།དེའི་སྟེང་དུ༔ དེ་ཡི་་་སྲུང་མ།གཟིར་རྫས་་་གང་ཡིན་དེ་བཞག།དེ་ཡི་སྟེང༔ དྲེགས་པ།་་་སྤྱི་ཡི་འཁོར་ལོ་ཁ་སྦུབ་གཟིར་རྫས་བཞག༔་་་ལ། དེ་ནས་བཟླས་པ་བྱ་བ་ཡང༔ ཨཱོྃ།་་་ཡེ་ཤེས་ལྔ་དང་སྟོབས་བཞི་སྦྲེལ༔་་་བཛྲ་སརྦ་དུཥྚཱནཿ དེའི་ཞབས་་་ཁོའི་སྲུང་མ།དྲེགས་པ་་་ཡ་མ་ལྟ་བུ།གང་ཡིན་་་ཏེ་རང་བཞིན་བྲག་བཙན་སོགས་ཀྱིས།གཟིར༔་་་བ་དང་། དེ་ཉིད་་་ཀྱི།སྲོག་རྦད་དེ་ཡི་ཞབས༔་་་ལ། བན་སྔགས།་་་གཟས་པོའི་་་དེ་དགྲའི།མིང་གཞུག་དེའི་ཞབས༔་་་སུ། གཟས་པོའི་རྣམ་ཤེས་་་ནྲྀ་དང་།འཕྲོག་་་ཧུར་ཐུམས་ཛཿ།པར་བྱ༔ དེའི་མཐར།་་་མཚོན་ཆའི་སྔགས་་་མཱ་ར་ཡ་རྦད།ཀྱིས་གསད་པར་བྱ༔་་་སྟེ། ཁོ།་་་རང་གི་ཕྱག་རྒྱ་་་ཁོ།རང་ལ་བསྐོར༔ ཁོ།་་་རང་་་གི།སྲོག་རང་གིས་གཅོད་པར་ངེས༔་་་ཏེ། འདི་ནི་དགྲ།་་་གཅིག་པུར་གསད་པའི་དྲག་སྔགས་་་དགྲ་མང་པོ་མིན་པ།ཡིན༔ དྲེགས་པ་་་བཅོ་བརྒྱད་དམ་གང་དགོས་དགྲ་མང་པོ་ལ་ལྷན་ཅིག་ཏུ་བྱེད་ན།་་་གཟིར་བའི་སྔགས་་་ཀྱི།མཇུག་ཏུ༔ དགྲ་བོའི་སྲོག་སྙིང་འབྲུ་་་ཤ་ཏྲཱུཾ།གཉིས་བཞག༔ དེའི་མཐར།་་་རྣམ་ཤེས་་་ནྲྀ་ཡི།ཡི་གེ་་དང་།འབྲུ་གསུམ་་ཧུར་ཐུམས་ཛཿ།འཕྲོག༔ དེའི་མཐར།་་་གཅོད་བྱེད་མཚོན་ཆས་་་མཱ་ར་ཡ་རྦད།གསད་པར་བྱ༔ དེ་དགྲ་མང་པོ།་་་སྡེ་རྣམས་གསད་པའི་དྲག་སྔགས་ཏེ༔ གདུག་པའི་དྲག་སྔགས་མི་བཟད་པ༔ ཡེ་ནས་རང་གི་རྒྱུད་་་ཀྱི་རྩ་རླུང་ཐིག་ལེ།ལ་་་གཟིར་འཕྲོག་གསོད་གཅོད་གཤེད་མའི་ཡི་གེ་རྣམས།གནས༔་་་པ་ཉིད། སྐུལ་བྱེད་་་ཀྱི།རྐྱེན་་་རྫས་སྔགས་ཏིང་འཛིན།གྱིས་སྲོག་་་སྦྱར་བ་དྲག་པོ་དེས།བསྐུལ་བས༔ ཁོ་རང་གི་རྒྱུད་ཀྱི་ལས་དང་།་་་ཉོན་མོངས་་་པ་མ་རིག་པ།འཁྲུལ་པའི་་་དབང་གིས་ལས་ཀྱི་རླུང་སྣ་བུག་ནས་རྒྱུ་བས།སྲོག་་་ཅེས་བཏགས་པ་དེ་ཉིད།རྒྱུད་གཅོད༔་་་པ་ཡིན་ལ། དེ་ཡང་དོན་དམ་པར།་་་གཅོད་པ་ཉིད་ན་གཅོད་པ་མེད༔་་་ཞེས་བྱ་བར་གྲུབ་པའོ། །ཆོས་ཐམས་ཅད་ཀྱི།་་་རང་བཞིན་་་སྐྱེ་འགག་གནས་པ།མེད་པར་དེར་ཤེས་པར་བྱ༔ འདི་ནི་དགོས་པ་ཡིན་ཏེ་ཚུལ།་་་ཐབས་་་གསང་སྔགས་ཀྱི།དེ་་་དོན་ལྟར།མི་ལྡན་་པའི།སྔགས་པ་་གང་།དག༔་་་ནི། གང་ཞིག་དྲག་པོའི་སྔགས་ཟློས་པ༔་་་ཙམ་བྱེད་པ་དེ་ནི། རིག་སྔགས།་་་འཁྲུལ་་་པ།དང་་་བཅས་པས་རང་ལ།ཟློག་དང་ཟློག་སྲིད་་་པ་ཡིན།ཏེ༔ དཔེར་ན།་་་ལྷ་མིན་གཡུལ་ལས་ཕམ་པ་འདྲ༔་་་ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷ་མིན་རྣམས་ཀྱིས་དགྲ་དབང་པོ་སོད་ཅིག་བརྗོད་དགོས་རྒྱུར་དབང་པོའི་དགྲ་སོད་ཅིག་ཅེས་ཚིག་སྦྱོར་ནོར་བས་ལྷ་མིན་རྣམས་བསད་པ་ལྟ་བུ་སྟེ། དེ་ཡང་དགྲ་དབང་པོ་བྱས་ན་ལྷ་མིན་གྱི་དགྲ་དབང་པོ་ཡིན་པར་ཤེས་ཀྱང་དབང་པོའི་དགྲ་བྱས་པས་ལྷའི་དབང་པོའི་དགྲ་ལྷ་མིན་ཡིན་པར་སོང་བ་ལྟ་བུ་དོན་ལ་སྔགས་ཚིག་གི་སྦྱོར་ཚུལ་ནོར་བའི་དཔེ་ཡིན་པས་སྔགས་དང་ཤམ་ཚིག་སྒྱུར་ཚུར་ནོར་ན་དགྲ་མི་གསོད་པར་སྔགས་པ།་་་རང་གི་རྒྱུད་ཀྱང་བརླག་སྲིད་པས༔ དེ་བས་གསད་བྱ་་་དགྲ་དང་།གསོད་བྱེད་་་རྫས་སྔགས།དང༔ གསོད་པ་པོ་་་རང་ཉིད་དང་།གསུམ་་་པོ་དོན་དམ་པར་དབྱེར་མེད།རོ་གཅིག་པ༔་་་ཅིར་ཡང་མ་གྲུབ་ཀྱང་། ཀུན་རྫོབ་་་རྟེན་འབྲེལ་ཙམ་དུ།དེ་ལྟར་་་སྒྱུ་མར།སྣང་མོད་་་ཀྱི་འོན།ཀྱང༔ དོན་དམ་ཆོས་་་ཀྱི།དབྱིངས་་་སུ་ཆོས་ཐམས་ཅད།གཉིས་མེད་་་མཉམ་པ་ཆེན་པོར།ལྟའོ༔ ཚུལ།་་་དེ་ཡིས་་་ནི།བདག་གཞན་་་ཐམས་ཅད།མངོན་་་པར་རྫོགས་པར།སངས་རྒྱ༔་་་བའི་ཐབས་དམ་པར་འགྱུར་རོ། །ཞེས་སོ༔ དེ་ལྟར་གསང་སྔགས་བསྟན་འཛིན་གྱིས༔ ཐུན་བཞིར་ལས་སྦྱར་གཤེད་དུ་དབབ༔ དང་པོར་དགྲ་ཡི་བླ་ཡང་དགུགས༔་་་ཧཱུྃ་ཕཊ་བཛྲ་སརྦ་དུཥྚཱན་ཏྲིག་ནན་ཨཱེཿས་མ་ཡ་ཞེས་པ་ནས་ཨཱ་ཀརྴ་ཡ་ནྲྀ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཅེས་བླ་འགུགས་པའི་སྔགས་ལེའུ་བཅོ་བརྒྱད་པར་བཤད་པ་ལྟར་བཟླས་པས། བླ་ཁུག་་་གཤོར་བྱེད་པ་ཤིང་གཤོགས་པ་ལ་སོགས་བྱུང་ན།གསད་པའི་ལས་སྦྱོར་་་ཕུར་ཐུན་སོགས་གློ་སྙིང་མ་བྱུང་བར།བྱ༔ གློ་སྙིང་དང་དགྲ་དངོས་བསད་པ་སོགས།་་་བསད་རྟགས་བྱུང་ནས་ལས་མཐའ་བརྟུལ༔་་་དགོས། ལས་མཐའ་ནི།་་་བསྲེག་འཕང་མནན་པའི་ལས་་་རྣམས།ཀྱང་་་རང་རང་གི་ལེའུ་སོ་སོར་བཤད་པ་ལྟར།བྱ༔ སྐབས་་་སྐབས།སུ་དུས་གཉན་་་་པོ་རྣམས་ལ་དགྲ་ཕྱོགས་སུ།ཟོར་ཡང་ཐེབས་དང་གཟའ་འགྱུ་བ་བསྟུན་ལ།འཕང༔ དགྲ།་་་མ་ཤི་བར་དུ་་་ཐུན་ཟོར་འཕང་གཏད་དམག་དྲང་བ་སོགས།ལས་ལ་བསྐུལ༔ ཐ་མར་་་ཤི་ནས་དམ་ཅན་རྣམས་ལ་གཏང་རག་རྒྱ་ཆེན་པོ་བཏང་ཁོའི་རྣམ་ཤེས་འཁྱམས་པ་རྒྱལ་བའི་སྲས་སུ།ཉོན་མོངས་གནས་སྦར་ཏེ༔ དེ་ལྟར་བྱས་པས་བདག་གཞན།་་་གཉིས་ཀར་རྒྱལ་བའི་སྲས་སུ་བསྒྲུབ༔་་་པར་བྱ་བ་སྔགས་པ་ཧོམ་ཁུང་ཁ་ནས་འཚང་རྒྱ་བ་ཞེས་གསུངས་སོ། །ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྔགས་ཀྱི་བཟླས་ཐབས་བསྟན་པ་དང༔ བན་དགྲ་རང་གཤེད་ལ་དབབ་པའི་ལེའུ་སྟེ་བཅུ་བདུན་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ མ་ནོར་སྔགས་ཀྱི་རིམ་པ་འདི་ལྟར་རོ༔ དེ་ཡང་རྡོ་རྗེ་གཙུག་ལག་ཕྱག་ཆའི་སྐོར་འདི་ལ་བསྡུ་ན༔ སྲོག་སེར་གཉིས༔ ཐོག་ལྟས་ངན་གཉིས༔ གསད་པ་དང་སྲུང་བ་གཉིས༔ ཟློག་པ་དང་སྲུང་བ་གཉིས༔ འཕང་བ་ལ་སོགས་རྣམ་པ་བཅུ་ལས༔ དང་པོ་སྤྱིར་གཟིར་བྱ་ནི༔ དྲེགས་པ་ཅན་བཅོ་བརྒྱད༔ སྔགས་པ་མ་རུངས་པ་དང་བཅུ་དགུའོ༔ གཟིར་བྱེད་སྔགས་རྫས་ཏིང་འཛིན་ནོ༔ གཟིར་བ་པོ་རྣལ་འབྱོར་བདག་ཉིད་དོ༔ རྣལ་འབྱོར་པ་རབ་འབྲིང་ཐ་གསུམ་གྱི་བྱེ་བྲག་ནི༔ དང་པོ་རབ་ལ་གཉིས་ཏེ༔ སྤྱི་དང་བྱེ་བྲག༔ སྤྱི་ཡི་དུས་ནི་དྲེགས་པ་བཅོ་བརྒྱད་སྤྱི་གཅིག་ཏུ་དྲིལ་བའི་དུས་སོ༔ བྱེ་བྲག་ནི་སྒོ་སྒོར་གཟིར་བའོ༔ དེ་བྱ་བའི་གང་ཟག་ནི་བསྙེན་སྒྲུབ་ཀྱི་ཡན་ལག་བཞི་མཐར་ཕྱིན་པ་དེས་བྱའོ༔ དེ་ལྟ་བུ་ཡིས་བྱེད་ན་ཁོག་ཤེས་པ་དང༔ སྔགས་བཟླས་པ་ཙམ་གྱིས་འགྲུབ་བོ༔ རྫས་དང་ཏིང་འཛིན་མེད་ཀྱང་རུང་ངོ༔ གང་ཟག་དབང་པོ་འབྲིང་ནི་སྤྱི་ཡི་དུས་ཀྱི་སྒྲུབ་པའི་དུས་གསུམ་མོ༔ བྱེ་བྲག་གི་དུས་ནི་ཉེ་བསྙེན་སྒྲུབ་པ་ཙམ་རྫོགས་པ་ཡིན་ཏེ༔ དེས་བྱེད་ན་སྔགས་དང་ཏིང་འཛིན་གཉིས་ཀྱིས་ཆོག་སྟེ༔ རྫས་མེད་ཀྱང་རུང་ངོ༔ གང་ཟག་དབང་པོ་ཐ་མ་ནི༔ སྤྱིའི་དུས་ནི་དེ་ལྟ་བུ་ཡིན་ཏེ༔ བཀའ་ལ་བརྟེན་པའི་དུས་སོ༔ བྱེ་བྲག་གི་དུས་ནི་བསྙེན་པ་མཐར་ཕྱིན་རྟགས་ཐོན་པའི་གང་ཟག་གོ༔ དེས་བྱེད་ན་སྔགས་རྫས་ཏིང་འཛིན་གསུམ་ཀ་དགོས་སོ༔ གཟིར་བ་ལ་གསུམ་སྟེ༔ ཡེ་ཤེས་པ་དང༔ འཇིག་རྟེན་པ་དང༔ དམ་ཉམས་རུ་ཏྲའོ༔ དེ་ལྟར་གཟིར་བྱ་གཟིར་བྱེད་གཟིར་བ་པོ་གསུམ་ཤེས་ན༔ སྔགས་ནི་ལྔ་སྟེ་རང་བཞིན་དྲག་པོ་བཙན་ཐབས་གསུམ༔་་་གཅིག་ཏུ་བརྩིས་ནས། ཨར་ལ་གཏད་པ་དང༔་་་གཉིས། ལྟོ་དཀྲུགས་པ༔་་་དང་གསུམ། ཤི་ས་བསྟན་པ༔་་་དང་བཞི། མེ་ཆུ་འགལ་བ་བསགས་པ་དང་ལྔའོ༔ དེ་རྣམས་ནི༔ སྲོག་དང་རང་གཤེད་གཅིག་ཡིན༔ ཐོག་དང་སེར་བ༔་་་དབབ་པ་དང་གསུམ། ཆོ་འཕྲུལ་་་དང་བཞི།སེར་བ་བཅད་་་པ་སྟེ་དེ།ལྔ་ནི༔ དེ་ལྟར་སྔགས་ཀྱི་གནད་དང་ལྡན་པར་བྱའོ༔ ཟློག་པ་རང་གཤེད་ལ་འདུའོ༔ གཞན་ཡང༔ སྲུང་བ་དང༔ སྲེག་འཕང༔ མནན་པ་ལ་སོགས་ལ་རྩིས་སུ་མི་འཆིའོ༔ དེ་ལ་རང་བཞིན་གྱིས་སྤྱི་རྟགས་གནད་ལ་དབབ་པ་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་དུཥྚཱན༔་་་སྟོབས་ཡིག་བཞི། ཏྲིག་ནན༔་་་རང་བཞིན་གྱིས་གཟིར་བ། ཨཱེཿ་་་སྤྱི་སྲོག།ཧུརཐུམས་ཛ༔་་་འཕྲོག་བྱེད་གསུམ། མཱ་ར་ཡ་རྦད༔་་་གཅོད་བྱེད་མཚོན་ཆ་བཞི། རང་བཞིན་གྱི་སྒོ་ནས་ཡ་མ་གཟིར་བ་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་སརྦ་དུཥྚཱན༔་་་སྟོབས་ཡིག་བཞི། གཤིན་རྗེའི་མིང།་་་ཡ་མ་ཏྲིག་ནན༔་་་རང་བཞིན་གཟིར། གཤིན་རྗེའི་སྲོག།་་་ཡ་ཧུར་ཐུམས་ཛ༔་་་འཕྲོག་བྱེད་གསུམ། གཅོད་བྱེད་བཞི།་་་མཱ་ར་ཡ་རྦད༔ ཅེས་བཅོ་བརྒྱད་ཀུན་ལ་སྦྱོར༔ སྤྱིའི་དབུགས་དབྱུང་བ་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་སརྦ་དུཥྚཱན༔་་་སྟོབས་ཡིག་བཞི། སྤྱི་སྲོག།་་་ཨཱེཿཀཱ་ཡ་་་སྐུ།བཱཀ་་་གསུང་།ཙིཏྟ་་་ཐུགས། རིགས་ལྔ།་་་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཡ་མ་དབུགས་དབྱུང་བ་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་སརྦ་དུཥྚཱན༔་་་སྟོབས་ཡིག་བཞི། གཤིན་རྗེའི་མིང་།་་་ཡ་མ་ཡ༔་་་གཤིན་རྗེའི་སྲོག །ཀཱ་ཡ་་་སྐུ།བཱ་ཀ་་་གསུང་།ཙིཏྟ༔་་་ཐུགས། ཡེ་ཤེས་རིགས་ལྔ།་་་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བཅུ་བདུན་འགྲེའོ༔ སྔགས་པ་རང་གཤེད་རང་ལ་བསྐོར་བ་སྤྱི་ཡི་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་སརྦ་དུཥྚཱན༔་་་སྟོབས་ཡིག་བཞི། རང་བཞིན་གྱིས་གཟིར་བ།་་་ཏྲིག་ནན༔ སྤྱི་སྲོག།་་་ཨཱེཿབྷྱོཿརྦད་པ། དགྲ་བོ་ཆེ་གེ་མོ་་་མིང་།ཏྲིག་ནན༔་་་རང་བཞིན་གྱིས་གཟིར་བ། དགྲ་སྲོག།་་་ནྲྀ་ཧུར་ཐུམས་ཛ༔་་་འཕྲོག་བྱེད་གསུམ། མཱ་ར་ཡ་རྦད༔་་་མཚོན་ཆས་གསད་པ་བཞི། ཡ་མས་རང་སྔགས་གཤེད་དབབ་པ་ནི༔ ཡེ་ཤེས་ལྔ།་་་ཨཱོྃ་བཛྲ་སརྦ་དུཥྚཱན༔་་་སྟོབས་ཡིག་བཞི། གཤིན་རྗེའི་མིང་།་་་ཡ་མ་ཏྲིག་ནན༔་་་རང་བཞིན་གྱིས་གཟིར་བ། གཤིན་རྗེ་སྲོག།་་་ཡ་བྷྱོ༔་་་རྦད་པ། དགྲ་བོ་ཆེ་གེ་མོ་་་མིང་།ཏྲིག་ནན༔་་་རང་བཞིན་གྱིས་གཟིར་བ། དགྲ་སྲོག།་་་ནྲྀ་ཧུར་ཐུམས་ཛ༔་་་འཕྲོག་བྱེད་གསུམ། མཚོན་ཆས་གསད་པ་བཞི།་་་མཱ་ར་ཡ་རྦད༔ བཅུ་བདུན་འགྲེའོ༔ རང་བཞིན་སེར་བ་དབབ་པ་སྤྱི་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཏྲིག་ནན༔ ཨཱེཿཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ༔ ཅེས་སོ༔ འགོར་ན་གནད་ལ་དབབ་པ་ནི༔ གཟིར་ཏེ་དབབ་པར་བྱའོ༔ བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཡ༔ ཞེས་སོ༔ ཡ་མས་དབབ་པ་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཡ་མ་ཏྲིག་ནན༔ ཡ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ༔ གལ་ཏེ་འགོར་ན༔ བཛྲ་སརྦ་དུཥྚཱན༔ ཡ་མ་ཏྲིག་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཡ༔ ཞེས་བཅུ་བདུན་འགྲེའོ༔ རང་བཞིན་ཐོག་དབབ་པ་སྤྱིར་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿརཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ འགོར་ན་གནད་ལ་དབབ་པ༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཏྲིག་ནན་ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ་ཡ༔ ཞེས་བཅོ་བརྒྱད་འགྲེའོ༔ རང་བཞིན་སེར་བ་གཅད་པ་སྤྱིར་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ གཅོད་པ་དཀའ་ན༔ བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ལི་ཙ་རྦད་རྦད་དགྲ་ལ་བྷྱོ་བྷྱོ༔ ཡ་མས་གཅད་ན༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཡ་མ་ཏྲིག་ནན་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ གཅོད་པ་དཀའ་ན༔ བཛྲ་སརྦ་དུཥྚཱན༔ ཡ་མ་ཏྲིག་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ ཞེས་བཅོ་བརྒྱད་འགྲེའོ༔ རང་བཞིན་ལྟས་ངན་དབབ་པ་སྤྱི་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿཧེ་ཙ་དུན་ཕོབ་བྷྱོ༔ འགོར་ན༔ བཛྲ་སརྦ་དུཥྚཱན༔ ཏྲིག་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་བྷྱོ༔ ཡ་མས་དབབ་ན༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཡ་མ་ཏྲིག་ནན༔ ཡ་ཧེ་ཙ་དུན་ཕོབ་བྷྱོ༔ འགོར་ན༔ བཛྲ་སརྦ་དུཥྚཱན༔ ཡ་མ་ཏྲིག་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་བྷྱོ་བྷྱོ༔ དེས་བཅུ་བདུན་འགྲེའོ༔ དེ་ནས་གལ་ཏེ་ལས་མི་བྱེད་ན༔ དྲག་པོའི་སྤྱི་རྟགས་གནད་ལ་དབབ་པ་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ ཤ་ཏྲཱུཾ་མཱ་ར་ཡ་རྦད༔ སྤྱིའོ༔ དྲག་པོ་ཡ་མ་ལྟ་བུ་རེ་རེ་གཟིར་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ དེས་འགྲེའོ༔ སྔགས་པ་རང་གཤེད་ལ་དབབ་ན༔ སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན་བྷྱོ༔ ཆེ་གེ་མོ་ཤ་ཏྲཱུཾ་རྦད་ནན༔ ནྲི་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཡ་མས་རང་སྔགས་གཤེད་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན་ཡ་བྷྱོ༔ ཆེ་གེ་མོ་ཤ་ཏྲཱུན་རྦད་ནན༔ ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ བཅུ་བདུན་དེས་འགྲེས༔ དྲག་པོས་སེར་བ་དབབ་པ་སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཁྲོཾ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ འགོར་ན་གནད་ལ་དབབ་པ༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ ཆེ་གེ་མོ་ལ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཅེས་སོ༔ ཡ་མས་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཡ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཅེས་བཅུ་བདུན་འགྲེའོ༔ དྲག་པོས་ཐོག་དབབ་པ་སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿརཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ དཀའ་ན་གནད་ལ་དབབ་པ༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཅེས་སོ༔ ཡ་མས་ཐོག་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཡ་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཅེས་སོ༔ དཀའ་ན༔ གནད་ལ་དབབ་པ༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ་བྷྱོ་བྷྱོ༔ བཅུ་བདུན་འགྲེའོ༔ དྲག་པོས་སེར་བ་གཅད་པ་སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿསེར་བ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ དཀའ་ན་གནད་ལ་དབབ་པ་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ སེར་བ་ལི་ཙ་རྦད་རྦད༔ དགྲ་ལ་བྷྱོ་བྷྱོ༔ ཅེས་སོ༔ ཡ་མས་གཅད་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ སརྦ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ དཀའ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ སེར་བ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ བཅུ་བདུན་འགྲེའོ༔ དྲག་པོས་ཆོ་འཕྲུལ་དབབ་པ་སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ༔ འགོར་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་ཕོབ་བྷྱོ༔ ཡ་མས་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཧེ་ཙ་དུན་ཕོབ་བྷྱོ༔ དཀའ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་ཕོབ་བྷྱོ༔ བཅུ་བདུན་འགྲེའོ༔ བཙན་ཐབས་ཀྱི་སྤྱི་རྟགས་གནད་ལ་དབབ་པ་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿསརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ ཡ་མ་གཟིར་བ་ནི༔ ཧཱུྃ་བཛྲ་སརྦ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ བཅུ་བདུན་འགྲེའོ༔ བཙན་ཐབས་ཀྱིས་སྔགས་པ་རང་གཤེད་ལ་དབབ་པ་སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཨཱེཿབྷྱོ་ཆེ་གེ་མོ་ཤ་ཏྲཱུཾ་བྷི་ན་ཙིཏྟ་རྦད་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ ཡ་མས་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་བྷྱོ༔ ཆེ་གེ་མོ་ཤ་ཏྲཱུཾ་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ བཅུད་བདུན་འགྲེའོ༔ བཙན་ཐབས་ཀྱི་སེར་བ་འབེབ་ན༔ སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ འགོར་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ ཆེ་གེ་མོ་ལ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཡ་མས་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ དཀའ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ དེས་བཅུ་བདུན་འགྲེའོ༔ བཙན་ཐབས་ཀྱི་ཐོག་ནི༔ སྤྱི་ཡི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿརཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ དཀའ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོཿཆེ་གེ་མོ་ལ་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཅེས་སོ༔ གཤིན་རྗེས་འབེབས་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ དཀའ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཧུར་ཐུམས་ཛཿམཱ་ར་ཡ་རྦད་བྷྱོ༔ ཆེ་གེ་མོ་ལ་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ བཅུ་བདུན་འགྲེའོ༔ བཙན་ཐབས་ཀྱི་སེར་བ་གཅད་པ་སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿསེར་བ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ དཀའ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ སེར་བ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ ཞེས་སོ༔ ཡ་མས་གཅད་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་སེར་བ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ དཀའ་ན༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ སརྦ་ལི་ཙ་རྦད་རྦད་དགྲ་ལ་བྷྱོ༔ ཞེས་དགྲ་ངོས་སུ་མཛུབ་རིས་བྱས་ལ་སྟོན༔ བཅུ་བདུན་དེས་འགྲེའོ༔ བཙན་ཐབས་ཀྱི་ཆོ་འཕྲུལ་གཏང་ན༔ སྤྱི་ནི༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ༔ འགོར་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་ཕོབ་བྷྱོ༔ ཞེས་སོ༔ ཡ་མས་དབབ་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་བྷྱོ༔ འགོར་ན༔ ཧཱུྃ་བཛྲ་སརྦ་དུཥྚཱན༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཆེ་གེ་མོ་ལ་ཧེ་ཙ་དུན་ཕོབ་བྷྱོ༔ བཅུ་བདུན་དེས་འགྲེའོ༔ བཙན་ཐབས་སོ༔ དེ་ལྟར་རང་བཞིན་དྲག་པོ་བཙན་ཐབས་གསུམ་མོ༔ སྤྱི་དང་བྱེ་བྲག་དང༔ ཐོག་སེར་ལྟས་ངན་ལ་སོགས་སྔགས་ནི༔ བཟླས་པ་དང་འཁོར་ལོ་ལ་བྲི་བ་ལ་སོགས་ཀྱང་དེ་ལྟར་འཕྲུལ་ཤེས་པར་བྱའོ༔ ཚེ་འཕེལ་དང་ཞི་རྒྱས་ལ་སོགས་སྲུང་བ་མདོར་བསྡུས་པ་འདི་ལྟ་སྟེ༔ ཡེ་ཤེས་ཡི་དམ་སྔགས་མཇུག་ལ༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཨཱེཿསརྦ་སྤྱིའོ༔ ཡ་མ་ལ༔ ཨཱོྃ་བཛྲ་སརྦ་དུཥྚཱན༔ ཡ་མ་ཡ༔ སརྦ་བཅུ་བདུན་དེས་འགྲེའོ༔ ཆེ་གེ་མོ་ལ་ཚེ་དང་བསོད་ནམས་སྲིད་དང་ལོངས་སྤྱོད་རྒྱས་པ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨཱ་ཡུ་ཤེ་བྷྲཱུྃ༔ མ་ཧཱ་པུཎྱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་སྲིང་ལོངས་སྤྱོད་རྒྱས་པར་བྱེད་པའོ༔ ལྷ་འདྲེ་ཆེ་གེ་མོ་དབང་དུ་གྱུར་ཅིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་དུ་བསྡུ་བའོ༔ དེ་ལྟར་གང་འདོད་སྭཱ་ཧཱའི་གོང་དུ་སྤེལ་ལོ༔ རྫས་དང་ཙཀྲ་ཡང་དེས་ཤེས༔ སྲུང་བ་དང་དབང་གི་ལས་མདོར་བསྡུས་པའོ༔ རང་བཞིན་དྲག་པོ་བཙན་ཐབས་གསུམ་ལ་གསུམ་གསུམ་སྟེ༔ དྲག་པོ་དགུ་བསྒྲིལ་ཞག་བཅུ་བཅུ་བཟླས་ཀྱང་ལས་ལ་ཚུད་པ་ཡིན༔ རང་བཞིན་གྱི་རང་བཞིན་་་དྲག་པོ་དགུ་སྒྲིལ།དང༔ རང་བཞིན་གྱི་དྲག་པོ་དང༔ རང་བཞིན་གྱི་བཙན་ཐབས་གསུམ༔ དྲག་པོའི་རང་བཞིན་དྲག་པོའི་དྲག་པོ་དྲག་པོའི་བཙན་ཐབས་གསུམ། བཙན་ཐབས་ཀྱི་རང་བཞིན་བཙན་ཐབས་ཀྱི་དྲག་པོ་བཙན་ཐབས་ཀྱི་བཙན་ཐབས་གསུམ། དེ་ལྟར་མང་དུ་བྱེད་མོད་ཀྱང༔ དོན་ཧྲིལ་གྱིས་དྲིལ་བ།་་་འུར་བ་གཅིག་ཏུ་བཏང་བ་དང༔ ལོང་བ་བརྒྱ་སྦྲེལ་དག་ལ་འདུས༔་་་པ་ཡིན། དམ་ཉམས་རང་གཤེད་འབེབ་པའི་དུས༔་་་ནི། དེ་ཡི་གྲོགས་དང་གྲོགས་ཀྱི་གྲོགས༔ གཟིར་དང་བྲི་བཟླས་་་གཉིས་ཀར།གཅེས་པ་ཡིན༔ རང་བཞིན་་་དང་།དྲག་པོ་་་དང་།བཙན་ཐབས་གསུམ༔་་་དང་ལྡན་པས། བསྒྲུབ་ན་ཞག།་་་བདུན་གསུམ་ཉེར་གཅིག་་་གིས།འགྲུབ་པར་ངེས༔ གལ་ཏེ་མ་གྲུབ་ཨར་ལ་གཏད༔་་་པ་དང་། ལྟོ་བ་དཀྲུག་པ་འདི་ལྟ་སྟེ༔ སྤྱི་ནི༔ ཨཱོྃ་ཧཱུྃ་བཛྲ་སརྦ་དུཥྚཱཎ༔ བྷི་ན་ཙིཏྟ་རྦད་ནན༔ ཏྲིག་ནན༔ རྦད་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཅེས་སོ༔ ཡ་མ་དཀྲུག་ན༔ ཨཱོྃ་ཧཱུྃ་བཛྲ་སརྦ་དུཥྚཱཎ༔ ཡ་མ་བྷི་ན་ཙིཏྟ་རྦད་ནན༔ ཏྲིག་ནན༔ རྦད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ དེས་བཅོ་བརྒྱད་འགྲེའོ༔ དེ་ལྟར་དུ་སྲོག་སེར་ཐོག་དང་ལྟས་ངན་གཅད་པ་བཞི་ལ༔ ཁོག་གོང་གིས་འཕྲུལ་ཤེས་པར་བྱའོ༔ ཟློག་པ་ནི༔ འགོ་འདྲེན༔ ཧཱུྃ་ཨཱོྃ་གཞུག་ལ༔ གཟིར་དུས་བཙན་ཐབས་དྲག་པོ་རང་བཞིན་རིམ་པས་ཟློག་སྟེ༔ བྷི་ན་ཙིཏྟ་རྦད་ནན༔ རྦད་ནན༔ ཏྲིག་ནན༔ ཞེས་སོ༔ དེ་ཡང་ཐམས་ཅད་ལ་ཡམ་ཡམ་ལས་ལྔ་ལ་ཁྱབ་བོ༔ ཤི་ས་བསྟན་པ་ནི་སྡུག་ཐུག་ན་མེ་ཆུ་འགལ་བ་བསགས་པ་སྟེ༔ འདི་ལ་ཡང་མེ་ཆུའི་ས་བོན་མ་ཡིན་པ༔ རང་བཞིན་གྱིས་མེ་ཆུའི་སྒོ་ནས་གཟིར་བ་དང༔ དེ་ལྟར་དྲག་པོ་བཙན་ཐབས་གསུམ་གསུམ་དུ༔ སྤྱི་སྒོས་ཐམས་ཅད་བྲི་བཟླས་ཤེས་པར་བྱའོ༔ དེ་ཡང་རང་བཞིན་གཟིར་བ་སྤྱི་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ རཾ་ཨཱེཿབཾ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཅེས་སོ༔ ཡ་མ་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱཎ༔ ཡ་མ་ཏྲིག་ནན༔ རཾ་ཡ་བཾ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ བཅུ་བདུན་དེས་འགྲེའོ༔ དམ་ཉམས་རང་གཤེད་ལ་དབབ་ན༔ སྤྱི་ཡི་ནི༔ ཨཱོྃ་བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔་་་རངབཞིན་གྱིས་གཟིར་བ། སྤྱི་སྲོག།་་་ཨཱེཿབྷྱོ༔ མིང་།་་་ཆེ་གེ་མོ་ཏྲིག་ནན༔་་་རང་བཞིན་གཟིར་བ་ སྲོག་རཾ་་་མེ།ནྲྀ་་་ནྲྀ་མིའི་རྣམ་ཤེས་ཡིན་པ་དཔེར་བྱས་ཀྱི་དྲེགས་པ་སོགས་གང་ལ་གང་བྱེད་ཀྱི་རྣམ་ཤེས་རིགས་འགྲེ།བཾ་་་ཆུ།ཧུར་ཐུམས་ཛ༔་་་འཕྲོག་བྱེད་གསུམ། མཱ་ར་ཡ་རྦད༔་་་གསད་པ་བཞི། ཅེས་སོ༔ དེ་ལྟར་རྣམ་ཤེས་ལ་མེ་ཆུས་བལྟེམ་ལུགས་མ་ཡིན་པ༔ གཟིར་ན་རང་བཞིན་དྲག་པོ་བཙན་ཐབས་གསུམ་་་་དང་ཟློག་དཀྲུག་ལ་སོགས།གཞུང་དང་འདྲའོ༔ དེའི་དུས་རྣམས་ཐམས་ཅད་ལ༔ ཉིན་་་དང་།མཚན་་་དུ།འབྱུང་་་བའི་སྔགས།དཀྲུག་་་ནས་བཟླས་པས།དགྲ་བོ་གསད༔་་་པ་སྟེ། དེ་ཡང་།་་་གུང་གཉིས་་་ནམ་གུང་ཉིན་གུང་།བརྒྱ་འམ་སྟོང་དུ་བཟླས༔ དེའི་སྔགས་ནི།་་་ཨཱེཿཧཱུྃ་ཨཱོྃ་བཛྲ་སརྦ་དུཥྚཱཎ༔ ཨཱེཿབྷྱོ་བྷྱོ༔ ཆེ་གེ་མོ་བྷི་ན་ཙིཏྟ་རྦད་ནན༔་་་བཙན་ཐབས། རྦད་ནན༔་་་དྲག་པོ། ཏྲིག་ནན༔་་་རང་བཞིན། སྲོག་བཾ་་་ཆུ།ནྲྀ་་་མིའི་རྣམ་ཤེས།རཾ་་་མེ།ཧུར་ཐུམས་ཛ༔་་་འཕྲོག་བྱེད། མཱ་ར་ཡ་རྦད༔གསད་པ། ཅེས་ནུབ་སྔགས་སོ༔ ཨཱོྃ་ཧཱུྃ་ཨཱེཿབཛྲ་སརྦ་དུཥྚཱན༔ ཨཱེཿབྷྱོ༔ ཆེ་གེ་མོ་ཤ་ཏྲཱུཾ་ཏྲིག་ནན༔་་་རང་བཞིན། རྦད་ནན༔་་་དྲག་པོ། བྷི་ན་ཙིཏྟ་རྦད་ནན༔་་་བཙན་ཐབས། སྲོག་རཾ་་་མེ།ནྲྀ་་་མིའི་རྣམ་ཤེས།བཾ་་་ཆུ།ཧུར་ཐུམས་ཛ༔་་་འཕྲོག་བྱེད། མཱ་ར་ཡ་རྦད༔ ཅེས་ཉིན་སྔགས་སོ༔ ཨེ་ཡ་མ་ཡེ་སོགས།་་་སྲོད་ལ་འདྲེ་ཉལ་བསྲུང་བ་དང༔ ཡ་མ་རཱ་ཙ་སང་ཀུ་ན་སོགས་བརྒྱའམ་སྟོང་།་་་ཐོ་རངས་གཅིག་ཤོས་ལས་ལ་བཏང་བར་བྱ༔ མེ་ཆུ་འགལ་བར་བསགས་པ་འདི༔ སྤོགས་པ་ཤི་བའི་ལས་ཡིན་པས༔ རབས་ཆད་ཕོ་མོའི་ཐོད་པ་ལ༔ མེ་དང་ཆུ་ཡི་ཙཀྲ་་་ཆེ་བ་གཉིས།བྲི༔ དྲེགས་པ་རྣལ་དཀྲུག་གང་བྱེད་ཀྱང༔ བནྡེ་དམ་ཉམས་ལིངྒ་གཞུག༔ བླ་རྡོ་གཟིར་རྫས་ཐམས་ཅད་བཞག༔ རང་བཞིན་དྲག་པོ་བཙན་ཐབས་ལ༔ མེ་ཆུའི་ས་བོན་རྣམ་ཤེས་སྤྲས༔ དྲེགས་པ་སྤྱི་དྲིལ་སྔགས་ཀུན་བཟླ༔ སྲོད་ལ་འདྲེ་ཉལ་བསླང་བ་དང༔ ཐོ་རངས་ལས་ལ་གཅིག་ཤོས་བཏང༔ ཉིན་མཚན་གྱི།་་་གུང་གཉིས་འབྱུང་བ་རྣལ་་་མ་དང་།དཀྲུགས་་་པ།བྱ༔ དེ་དག་གི།་་་བར་བར་་་དུ།མེ་ཆུས་་་འགལ་བ་བསགས་པ།གཟིར་བར་བྱ༔ དེ་ཡང་རྟགས་རྣམས་འགོར་བ་ན༔ མེ་ཆུའི་འཁོར་ལོ་་་ཆེ་བ་གཉིས།སྟེང་འོག་དང༔ འཁོར་ལོ་བླ་རྡོ་ལ་སོགས་ཀུན༔་་་ཟློག་པ་དཀྲུག་པར་བྱ། རྫས་སྔགས་ཏིང་འཛིན་་་རྣམས་ཀྱང་།དེ་བཞིན་་་དུ་ཟློག་དཀྲུག་བྱ།ཏེ༔ དེ་ལྟར་བྱས་པས།་་་རྟགས་བྱུང་་་འཕྲལ་དུ།ལྷ་འདྲེའི་དབུགས་ཀྱང་དབྱུང༔ གལ་ཏེ།་་་མ་དབྱུང་་་ན་རང་ཉིད།སྡིག་་་པ།ཆེ་་་ཞིང་ལྷ་འདྲེ་ཚུར།རང་ལ་ཟློག༔་་་པར་ངེས་སོ། །ལྟས་ངན་་་དང་།ཐོག་་་དང་།སེར་་་བ།ལ་སོགས་ལ༔ རྟགས་མ་བྱུང་བར།་་་སྡུག་ཅི་ཐུག་་་བཤད་མ་ཐག་པར།ན་དེ་ཡིས་ཤེས༔་་་པར་བྱ་དགོས། རྟགས་བྱུང་ནས།་་་དུག་རྣམས་བྱུང་ལ་རྒྱན་ཀུན་གདགས༔ འུར་བ་དྲིལ་དང་བརྒྱ་སྦྲེལ་བཏགས༔་་་ཚུལ་དེ་ལྟ་བུས་ནི། ལྷ་ཡི་དབང་པོ་དངོས་སུ་སྒྲོལ༔་་་བར་ནུས་ན། སྡིག་ཅན་རུ་ཏྲ་ལྟ་ཅི་སྨྲོས༔ ཞེས་སོ༔ ཧཱུྃ་ཕཊ་སརྦ་དུཥྚཱཎ༔ ཏྲིག་ནན༔ ཨཱེཿས་མ་ཡ་ཆེ་གེ་མོའི་སྲོག་ལ་ཐུམས་རིལ་བྷྱོ་བྷྱོ་ཡཱ༔ ཆེ་གེ་མོ་ཤ་ཏྲཱུཾ་སྲོག་ནྲྀ་ཧུར་ཐུམས་ཛཿཛ༔ ཨཱ་ཀར་ཤ་ཡ་ནྲྀ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པ་ཡིས༔ དགྲ་བོའི་སྙིང་ལ་རྦད་ཅིང་དགུག༔ ཉིན་མཚན་གྱི།་་་གུང་གཉིས་་་ལ།བརྒྱ་བརྒྱ་སྟོང་སྟོང་གིས༔ ཕྱག་རྒྱ་བཞི་ཡིས་དགུག་བསྟིམ་བྱ༔ འདི་ནི།་་་ཤིན་ཏུ་གཅེས་པ་རུ་ཏྲའི་གཤེད༔ ཅེས་སོ༔ རང་བཞིན་་་དང་།དྲག་པོ་བཙན་ཐབས་གསུམ༔ ཟློག་པ་་་དང་།དཀྲུག་པ་་་དང་།མེ་ཆུ་་་འགལ་བ།བསགས༔ དེ་རྣམས་གང་ལ་ཡང༔ ལས་ལ་ཚུད་པ་དང་དྲེགས་པ་དབུགས་དབྱུང་བར་བྱའོ༔ དེ་ནས་དགྲ་བོ་ལ་རང་གཤེད་དབབ་པ་དང༔ སྲོག་་་དང་།སེར་་་བ་དང་།ཐོག་་་དང་།ལྟས་ངན་ཆོ་འཕྲུལ༔་་་རྣམས་དབབ་དང་དེ་རྣམས། མ་ཡིན་དེ་ཡང་།་་་སྔགས་གྲངས་བཅད་པ་དང་དྲུག་དྲུག༔་་་ནི། དྲེགས་པ་སྤྱི་དྲིལ་ལམ༔ རེ་རེ་ལ་བྱེད་ཀྱང་དེ་ལྟར་ཤེས་པར་བྱའོ༔ གལ་ཏེ་་་ལས་མ་གྲུབ་པར།སྡུག་ཀྱི་ཐུག་པ་ན༔ འུར་བ་སློང་བ་ཤིན་ཏུ་གནད༔་་་ཆེ། ཚད་ལས་བརྒལ་ན་བྱ་བ་ཡིན༔ རང་བཞིན་་་དང་།དྲག་པོ་་་དང་།བཙན་ཐབས་་་དང་།གསུམ༔ ཟློག་་་པ།དང་དཀྲུག་་་པ།ལ་མེ་ཆུ་་་འགལ་བ།གསག༔་་་གོ །དེ་ཡང་མེ་ཆུའི་ཁོངས་སུ་བསྡུ༔ སྲོག་རྩ་དམར་པོ་ཕྱུང་བྱས་ལ༔ ཐོག་མར་གཟིར་ལ་དབུགས་ཕྱུང་སྟེ༔ རིན་ཆེན་གསེར་གྱི་འབྲུ་ཐུས་གཟིར༔ འདིས།་་་གསེབ་་་ནས།རིན་ཆེན་གསེར་འབྱེད་་་པ་དང་།འདྲ༔ གདུག་པ་་་ཁོ།རང་་་གི།གཤེད་་་དུ།བསྐོར་ལ་གཏང༔ འཁོར་ལོ་ཏིང་འཛིན་་་ཐམས་ཅད།དུས་དེར་ཤེས༔་་་དགོས་པ་ཡིན། རྣལ་འབྱོར་་་པ།སྐུ་གསུམ་་་གྱི་གདིང་དང་།ལྡན་་་པ་ཡང་དུས།དེར་ཤེས༔་་་དགོས་པ་ཡིན་ཏེ། དྲེག་པ་གཟིར་ཟིན་ནས།་་་དུག་རྣམས་ཕྱུངས་ལ་རྒྱན་ཡང་གདགས༔ དུག་དབྱུང་རྒྱན་གདགས་སྔོན་སྲོག་་་རྣམས།དུས་དེར་ཤེས༔་་་དགོས། དེ་ལྟ་བུ་དགོས་པའི་དུས་ནི།་་་ལྷ་སྲིན་ནུས་པ་ཡལ་བའི་དུས༔ མཁའ་འགྲོའི་བྱིན་རླབས་ཡལ་བའི་དུས༔ སེང་གེ་ཁ་འཐབ་བྱེད་པའི་དུས༔ སྟག་མོ་མཆེ་འཐབ་བྱེད་པའི་དུས༔ རུས་སྦལ་མཇིང་འཐབ་བྱེད་པའི་དུས༔ ནང་རྒྱས།་་་སྔགས་པ་རྩལ་འགྲན་བྱེད་པའི་དུས༔ ལྷ་སྲིན་ནུས་པ་འགྲན་པའི་དུས༔ བན་སྔགས་ནང་དམེ།་་་ངན་སྔགས་ནུས་པ་རྩལ་འགྲན་དུས༔ དེ་ཚེ་་་རྡོ་རྗེ་གཙུག་ལག་གི་རྒྱུད།འདི་ཡི་བསྟན་པ་འབྱུང༔ དམ་ཉམས་་་དགྲ་བོ།གྱང་གོག་ལྟར་དུ་བསྒྱེལ༔ མ་རུངས་་་ལོག་ལྟ་སྡིག་སྤྱོད་པའི།སྐྱེ་བོ་་་ཐམས་ཅད།རྩད་ནས་འབྱིན༔ གདུག་པའི་ལྷ་སྲིན་་་བདག་ལ་གནོད་བྱེད་ཐམས་ཅད།དམྱལ་ཐག་གཅོད༔ ལྷ་འདྲེ་དགྲ་བགེགས་གང་ཡིན་དེའི།་་་སྲོག་རྩ་དག་ལ་དམར་འབྱིན་བྱེད༔ རིན་ཆེན་གསེར་གྱི་ཐུར་མ་ཡིན༔ ལོག་ལྟ་གདུག་བྱེད་་་ཐམས་ཅད་རྒུམ་བུ།ཐུས་སུ་འཐུ༔ ལིངས་པ།་་་དུམ་པ་རི་དྭགས་་་བསད་ནས།འཁོར་བ་ལྟར༔ དགྲ་བགེགས་ཐམས་ཅད་རང་རང་གསོད༔ འདི་ནི་རང་བྱུང་་་གི།ཡི་གེ་་་ཡིན།ཏེ༔ གཤེད་མ་་་ཁོ།རང་ལ་གནས་པ་ཡིན༔་་་པའི་ཕྱིར། དགྲ་བགེགས།་་་གདུག་པ་རང་སྲོག་གཅོད་པ་ཡིན༔ བསྐལ་པ་དུས་གསུམ་ཐམས་ཅད་དུ༔ འདི་ལ་འཕྲི་བསྣན་་་དང་བཅོས་བསླད།ཡོད་་་པ།མ་ཡིན༔་་་ནོ། །དེས་ན་རང་བྱུང་ཡི་གེ་འདི༔ རྣལ་འབྱོར་སྙིང་ཁྲག་བཞིན་དུ་བཅང༔ གལ་ཏེ་མ་རུངས་་་པ་ལ།འདི་སྤེལ་ན༔ ངེས་པར་རྡོ་རྗེ་དམྱལ་་་བར་ལྷུང་།བའི་རྒྱུ༔་་་ཡིན་པས། དེ་བས་་་སྐལ་ལྡན་རེ་རེ་ཙམ་ལ་བྱིན་ཡང་།ནན་ཏན་དམ་ཚིག་བསྒྲག༔ གལ་ཏེ་་་སངས་རྒྱས་ཀྱི།བསྟན་པ་ནུབ་་་པའི།དུས་སུ༔ ངན་སྔགས།་་་མཚོན་་་ཆ་རྣོན་པོ།འདི་ཕྱུངས་ལ་ལོག་ལྟ་སྒྲོལ༔་་་བར་གྱིས་ཤིག །འདི་འཛིན་པའི་རྣལ་འབྱོར་པ་དེ་ལ།་་་ཡེ་ཤེས་འཇིག་རྟེན་ཐམས་ཅད་དང༔ མཁའ་འགྲོས་བྱིན་གྱིས་རློབ་པར་ངེས༔ ཅི་ཕྱིར་་་ཞེ་ན་འདི་འཛིན་རྣལ་འབྱོར་དེས་སངས་རྒྱས་ཀྱི།བསྟན་པ་འཛིན་་་པ་དང་།སྐྱོང་་་བ་དང་།བསྲུང༔་་་ནུས་པའི་ཕྱིར། དེ་བས་རྡོ་རྗེ་གཙུག་ལག་གི་རྒྱུད།་་་འདི་ལ་ནན་ཏུར་་་གཅེས་སྤྲས།བྱ་བར་རིགས༔་་་པ་ཁོ་ན་ཡིན་ཏེ། གཞུང་གཞན་ལའང་མ་ལྟོས་པར་འདི་ཉིད་ཁོ་ནས།་་་ཕན་གནོད་ཐམས་ཅད་འགྲུབ་པར་ངེས༔ ཞེས་སོ༔ རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྔགས་ཀྱི་ཕྲེང་བ་རང་བཞིན་དྲག་པོ་བཙན་ཐབས༔ དཀྲུག་ཟློག་དང༔ མེ་ཆུ་འགལ་བ་དང༔ འུར་ལོང་ལ་སོགས་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དགྲ་བགེགས་རྩད་ནས་གཅད་པའི་ཕྱིར༔ འབྱུང་བ་གཤེད་དུ་དབབ་པར་བྱ༔ དྲེགས་པ་དེ་ཉིད་སྤྲུལ་ཤེས་ན༔ དྲེགས་པ་རང་གཤེད་རང་གིས་བྱེད༔ འབྱུང་བ་ལྔ་འཁྲུགས་སྡུག་བསྔལ་མྱོང༔ ཁྱད་པར་མེ་ཆུ་ཚ་གྲང་མྱོང༔ དེ་ཡི་གདམས་པ་གོང་དུ་ཤེས༔ འབྱུང་བ་ལྔ་ཡི་འཕྲུལ་འཁོར་ནི༔ ནམ་མཁས་རབ་ཏུ་འཇིགས་པར་བྱེད༔ རླུང་གིས་གཡེམ་ལ་ཆུ་ཡིས་བརླན༔ ས་ཡིས་གནོན་ཅིང་མེ་ཡིས་བསྲེག༔ འཁོར་འདས་ཐམས་ཅད་འདི་ལས་བྱུང༔ དྭངས་མའི་འབྱུང་བ་འོད་ལྔའི་ཐིག་ལེར་སྨིན༔ ཆེ་ཆུང་ནམ་མཁའི་མཐའ་དང་ཏིལ་འབྲུར་གནས༔ མང་ཉུང་གྲངས་ཀྱང་དེ་ཡི་ཚད་ཙམ་མོ༔ འབྱུང་བའི་རྒྱལ་པོ་རླུང་གི་རང་བཞིན་ཡིན༔ གཞན་པ་བཞི་ཡང་ཆ་ཙམ་འོད་དུ་གསལ༔ བསྐལ་པ་དུས་གསུམ་ཐམས་ཅད་དུ༔ འཁོར་འདས་ཕྱི་ནང་སྣོད་བཅུད་ལ༔ འདི་ལ་སྤང་བླང་ཡོད་རེ་ཀན༔ ཀུན་རྫོབ་སྒྱུ་མ་ཅིར་སྣང་ཅིར་སྲིད་ཀྱང༔ དོན་དམ་ཆོས་སྐུར་ཐིག་ལེ་ཡེ་ནས་གནས༔་་་པར། རྟག་་་པ།དང་ཆད་པར་ལྟ་བ་་་རྣམས་ནི།གོལ་བའི་རྒྱུ༔་་་ཡིན། རང་སེམས་་་གདོད་མ་ནས།རང་བཞིན་འོད་གསལ་་་ལ།ངོ་བོ་སྟོང༔་་་པ་ཉིད་ལོངས་སྐུ་དང་ཆོས་སྐུ། རང་མདངས་་་རང་རྩལ།ཐུགས་རྗེ་འཕྲོ་འདུ་མ་འགགས་་་པར།སྤྱད༔་་་དགོས་པ་སྤྲུལ་སྐུ །དེ་ལྟར་ལྡན་ན།་་་རྣལ་འབྱོར་སྐུ་གསུམ་ལྡན་ཞེས་དེ་ལ་བྱ༔ སྟོབས་ལྡན་དཔའ་བོའི་ཐུགས་ཀྱི་དགོངས་པ་ཡིན༔ དྭངས་མའི་ངང་ལ་གནས་ན་མངོན་འཚང་རྒྱ༔ གསལ་འཚེར་སྟོང་པ་ཉི་མའི་སྙིང་པོས་མཚོན༔ བར་དོ་གསུམ་དུ་རྣལ་འབྱོར་ལམ་དུ་ཁྱེར༔ ཡིད་གཉིས་ཐེ་ཚོམ་འདི་ལ་བྱར་མི་རུང༔ ད་ལྟ་སེམས་ཉིད་འོད་ལྔ་ཐིག་ལེར་སྦྱངས༔ བར་དོར་རང་ལ་གནས་པ་་་དུས་དེར།འཆར་བར་བྱེད༔ ཕྱི་མར་རང་ངོ་རང་ཤེས་བརྟན་པ་ཐོབ༔ དེ་དང་ལོངས་སྤྲུལ་འབྱུང་བ་ཆོས་ཉིད་རྣམས༔ རང་ལ་དབང་ཡོད་རྡོ་རྗེའི་སྐུ་ཞེས་བྱ༔ ཡེ་ཤེས་སྟོབས་ལྡན་ནག་པོའི་ཐུགས་ཀྱི་དཀྱིལ༔ ཧཱུྃ་ལས་ཐིག་ལེ་འོད་ལྔར་སྲོག་གནས་སོ༔ ནམ་དུའང་གསལ་སྟོང་སྤྱོད་ལམ་མི་ཞན་བསྒོམ༔ དེ་ཡི་འབྲས་བུ་སྐུ་གསུམ་མངོན་དུ་གྱུར༔ ཡེ་ཤེས་ལྷ་ཡི་སྲོག་ཀྱང་དེས་ཐོབ་བོ༔ དེ་ལྟར་རྟོགས་པའི་གང་ཟག་ལ༔ རྒྱལ་བ་རྒྱ་མཚོ་ཐམས་ཅད་སྤྲིན་བཞིན་གཏིབས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ཆུ་བྲན་འདུ༔ དམ་ཅན་བཀའ་སྲུང་ཐམས་ཅད་ལས་རྣམས་བྱེད༔ སྣང་སྲིད་དྲེགས་པ་ཐམས་ཅད་ཤ་ཐང་ཆད༔ ཕྲིན་ལས་རྣམ་བཞི་མ་བསྒྲུབས་ལྷུན་གྱིས་གྲུབ༔ བདག་དང་ཡེ་ཤེས་རྒྱལ་བ་དམ་ཅན་གསུམ༔ མ་བཙལ་ཐུགས་མཐུན་གཅིག་ལ་གཅིག་གིས་བསྟོད༔ ཡིད་བཞིན་ནོར་བུའི་གཏེར་ལ་ལོངས་སྤྱོད་པའོ༔ སྟོབས་ལྡན་དཔའ་བོའི་ཐུགས་ཀྱི་གདིང་ཆེན་འདི༔ ཕྱི་དུས་བསྟན་པ་སྲུང་བའི་སྙིང་པོར་བཤད༔ ཁ་ཚིག་དོན་མི་ལྡན་གྱིས་ཐོས་མི་རུང༔ དེ་ལ་ང་ཡི་གདམས་པ་འདི་སྤེལ་ན༔ སྙིང་ཁྲག་ས་ལ་བྲུལ་ཏེ་བཀའ་སྲུང་རྣམས་ཀྱིས་རོལ༔ བསྟན་པའི་སྲོག་འཛིན་ལས་དང་སྙིང་རྗེར་ལྡན༔ སུ་བྱུང་འདི་སྦྱིན་བཀའ་ཡི་སྡོངས་གྲོགས་མཛོད༔ དངོས་གྲུབ་རྣམ་གཉིས་ཡིད་བཞིན་འདི་ཡིས་འགྲུབ༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ འབྱུང་བ་ལྔ་ཡི་འཁོར་ལོ༔ ཡེ་ཤེས་ལྷ་ཡི་གནས་ཚུལ་དང༔ ལྟ་སྤྱོད་དང༔ རིག་འཛིན་གྱི་དམ་བསྒྲག་པའི་ལེའུ་སྟེ་བཅུ་དགུ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ འཇིག་རྟེན་འབྱུང་བའི་འཕྲུལ་འཁོར་འདི༔ ཕན་གནོད་ཐམས་ཅད་འདི་ལས་བྱུང༔ དེ་ཕྱིར་འདི་ཡིས་མྱུར་བར་རིག༔ འབྱུང་བ་འཁྲུགས་པས་སྲིད་པ་འཕོ༔ དེ་བས་སྡུག་བསྔལ་མྱོང་བའི་རྒྱུ༔ སྤྱི་ཡི་སྲོག་སྙིང་འབྲུ་བཞི་ལ༔ གཟིར་ཞིང་རྣམ་ཤེས་འབྱུང་བས་གསད༔ བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ ཨེ་ཡཾ་རཾ་བཾ་སུཾ༔ ཨཱེཿསུཾ་བཾ་རཾ་ཡཾ་ཨེ༔ ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་རྦུད༔ ཅེས་སོ༔ ཡ་མ་ལྟ་བུ་ལ༔ བཛྲ་སརྦ་དུཥྚཱཎ༔ ཡ་མ་ཏྲིག་ནན༔ ཨེ་ཡཾ་རཾ་བཾ་སུཾ༔ ཡ་སུཾ་བཾ་རཾ་ཡཾ་ཨེ༔ ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་རྦུད༔ བཅུ་བདུན་དེ་ཡིས་རིགས་འགྲེའོ༔ དམ་ཉམས་རང་གཤེད་ལ་དབབ་ན༔ ཡ་མ་ལྟ་བུས་ནི༔ བཛྲ་སརྦ་དུཥྚཱཎ༔ ཡ་མ་ཏྲིག་ནན༔ ཡ་མ་ཆེ་གེ་མོ་ལ་བྷྱོ་བྷྱོ༔ དགྲ་བོ་ཆེ་གེ་མོ་ཏྲིག་ནན༔ ཨེ་ཡཾ་རཾ་བཾ་སུཾ༔ ནྲྀ་སུཾ་བཾ་རཾ་ཡཾ་ཨེ༔ ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་རྦུད༔ ཁོ་ཡི་གྲོགས་དང་གྲོགས་ཀྱི་གྲོགས་ཀྱང་སྐབས་སུ་གཟིར་་་སྲོད་ལ་འདྲེ་ཉལ་བསླང་བ་དང་བྲི།བཟླས་་་ཐོ་རངས་ལས་ལ་བཏང་བར་བྱའོ།མན་ངག་དམ་པའོ།བྱའོ༔ དེས་བཅུ་བདུན་འགྲེའོ༔ འབྱུང་བའི་ལྟོ་བ་དག་ཀྱང་དཀྲུག༔ ཡ་བག་ཤ་ཡི་ལས་ཡིན་གསང༔ རཾ་ཡཾ་བཾ་ཨེ་སུཾ༔ ཨཱེཿ་་སྤྱི་སྲོག།རཾ་བཾ་ཡཾ་སུཾ་ཨེ༔ དེ་ཡིས་དགྲ་བགེགས་གཉིས་ཀར་འགྲེ༔ གཟིར་ནི་རང་བཞིན་དྲག་པོ་བཙན་ཐབས་གསུམ༔ གང་ཡིན་དགྲ་བགེགས་སྤྱི་སྒོས་གཟིར༔ འབྱུང་བའི་གཤེད་དབབ་སྲོག་འཕྲོག་གསད༔ འབྱུང་བ་ལྔ་འདུས་སྤྱི་གཅོད་ཡིན༔ སྲོག་སེར་ཐོག་དང་ཆོ་འཕྲུལ་བཅད༔ ལས་ཆེན་ལྔ་ལ་མཁས་པས་བལྟེམ༔ ཞེས་སོ༔ འབྱུང་བ་ལྔ་ཡི་སྙིང་པོ་ནི༔ ཚ་བ་མེ་དང་གྲང་བ་ཆུ༔ ནམ་མཁའ་རླུང་དང་གསུམ་ཡིན་ནོ༔ དེ་ལ་ནམ་མཁའ་ཆ་ལ་གནས༔ ཁྱད་པར་ཚ་གྲང་གཉིས་ཀྱིས་གཟིར༔ འཆི་ས་བསྟན་པའི་ལས་སུ་འདོད༔ འདི་ལ་རྣལ་ཟློག་དཀྲུག་པ་གསུམ༔ རཾ་ཨཱེཿབཾ༔ བཾ་ཨཱེཿརཾ༔ བཾ་རཾ་ཨཱེཿརཾ་བཾ༔ དེ་ནི་སྤྱིར་བསྟན་བྱེ་བྲག་ཏུ༔ དགྲ་འདྲེ་གང་བྱེད་་་སྲོད་དང་ཐོ་རངས་སྔགས་ཀྱང་བཟླས།མཁས་པས་བལྟེམ༔ བྲི་བཟླས་གཉིས་སུ་ཤེས་པར་བྱ༔ དེ་ནི་མེ་ཆུའི་གཅོད་ཡིག་གོ༔ དེ་ནས་ཙཀྲ་བྲི་བ་ནི༔ འབྱུང་བ་ལྔ་དང་གཉིས་སུ་ཤེས༔ དང་པོ་འབྱུང་བ་ལྔ་ཡི་ཙཀྲ་ནི༔ ནམ་མཁའ་་་ལྟེ་བར།གྲུ་གསུམ་་་དེ་ཡི་ཕྱིར།རྩིབས་དྲུག་པ༔ རླུང་གི་ཙཀྲ་་་ལྟེ་བར།གཞུ་འདྲ་རྩིབས་དྲུག་་་དེའི་ཕྱིར།སྟེ༔ མེ་ནི་ལྟེ་བར་གྲུ་གསུམ་རྩིབས་ལྔ་་་དེའི་ཕྱིར་ལ།འོ༔ ཆུ་ནི་ལྟེ་བར་ཟླུམ་པོ་པད་འདབ་་་དེའི་ཕྱིར།བརྒྱད༔ ས་ཡི་ཙཀྲ་་་ལྟེ་བར།གྲུ་བཞི་་་དེའི་ཕྱིར།རྩིབས་ནི་བརྒྱད༔ ཀུན་ལ་མུ་ཁྱུད་ཕྱི་ནང་གཉིས༔ བར་དུ་རྩིབས་ལ་ལྟེ་བ་རུ༔ ནམ་མཁའ་་་གྲུ་གསུམ་ལ་སོགས།གཟུགས་ཀྱི་ཡིག་འབྲུ་་་ནམ་མཁའ་ལ་ཨེ།བྲི༔ ཕྱོགས་བཞིར་་་འབྱུང་བའི་ཡི་གེ།འབྲུ་རེ་བར་དུ་་་མཚམས་བཞིར།ཛ༔ དེའི་ཕྱིར་མུ་ཁྱུད་འབྱུང་བའི་སྔགས༔ དགྲ་བགེགས་་་དང་བཅས་པའོ།གཟིར་བྲི་དེའི་ཕྱིར་རྩིབས༔་་་ནང་། རང་རང་འབྱུང་བའི་ཡིག་འབྲུ་་་ནམ་མཁའ་ཨེ་ཨེ།རེ༔ མགོ་ནི་ནང་བསྟན་་་རང་རང་།བྲི་བར་བྱ༔ དེ་ཡི་ཕྱི་རིམ་མནན་གཏད་སོགས༔་་་ཡ་འཆི་བདག་ལས་ཀྱི་སོགས་ནས་གཏང་མི་བྱ་བའོ་བར་ལེའུ་འདི་ཉིད་ཀྱི། མུ་ཁྱུད་དག་ལ་་་ཡི་གེ།མགོ་ཕྱིར་བསྟན༔ དེའི་ཕྱི་འབྱུང་བའི་་་རང་རང་ཙཀྲ་ལ་མེ་རིས་ལ་སོགས།རང་གཟུགས་བསྐོར༔ དེ་ཡི་ཕྱོགས་མཚམས་་་བརྒྱད་དུ་རང་རང་ལ།འབྱུང་ཡིག་་་རེ་རེ།དགོད༔ ཙཀྲའི་རྒྱབ་ཏུ་འབྱུང་བའི་་་རང་རང་གི།གཟུགས༔ བྲིས་པའི་ནང་དུ་་་འབྱུང་བ་རང་རང་གི།ཡིག་འབྲུ་ལ༔ དགྲ་བོ་གཏད་དོ་མ་གཏང་ཞིག༔་་་ཞེས་པའི་དམོད་མོ་བཏགས་པ་བྲི། དེ་ཡང་ནམ་མཁའི་ས་བོན་གྱི་མཐར་དགྲ་བོ་ཆེ་གེ་མོ་འདི་ལ།་་་ནམ་མཁའ་་་ནམ་མཁའི་ཙཀྲ་ལ།སྟོང་པ་གྱིས་ཤིག་་་དེ་བཞིན་དུ་རིམ་པར།དང༔ རླུང་གི་ཙཀྲ་ལ།་་་རླུང་གཡེངས་་་མེའི་ཙཀྲ་ལ།མེས་འཚིག་་་ཆུའི་ཙཀྲ་ལ།ཆུས་ཁྱེར་དང༔ སའི་ཙཀྲ་ལ།་་་སས་གཏིབས་་་ལ་སོགས་པའི།དམོད་མོ་བཅོལ་གཏམ་བྲི༔ རླུང་་་གི།རྫས་ཕ་་་བོང་།གོལ་ནམ་མཁའི་་་རྫས།དུད༔་་་པ་བྱ་བལ་མ། མེའི་རྫས་ཚ་བ་་་གསུམ་སྒ་པི་ཕོ་བ།ཆུའི་རྫས་གྲང་བ་་་ག་པུར་སོགས།རྣམས༔ རང་རང་འཁོར་ལོའི་རྫས་སུ་བྱུགས༔ སའི་རྫས་་་ནི།རྒྱ་གྲམ་་་དུ་ཡོད་པའི།ལམ་་་གྱི།ས་་་བྱུག།སྟེ༔ རང་རང་ཁ་དོག་ནམ་མཁའ་དཀར༔ རླུང་ནི་སྔོ་སྐྱ་མེ་ཆུ་་་མེ།དམར་་་པོ་ཆུ།ནག་་་པོ།དང༔ ནམ་མཁའ་་་འཁོར་ལོ་དང་།རླུང་་་གི་འཁོར་ལོ་མང་མའི།ནི་འོག་་་རབས་ཆད་མོ་ཐོད་ནང་དུ།གནས་ཏེ༔ མེ་ཆུ་ས་་་རབས་ཆད་ཕོ་ཐོད་ཀྱི་ནང་དུ་འཁོར་ལོ་མང་མའི།ནི་སྟེང་གནས་་་འཁོར་ལོ་འདི་གསུམ་གའི་ལྟེ་བར་ཐུན་བུག་དབུག།སོ༔ རབས་ཆད་ཕོ་མོའི་ཐོད་པར་བལྟེམ༔ བར་དུ་ལིངྒ་འཁོར་ལོ་སོགས༔ སྤྱི་དང་བྱེ་བྲག་ཡོ་བལྟེམ་མོ༔ དེ་ནི་འབྱུང་བ་སོ་སོ་ཡི༔ འཁོར་ལོ་རེ་རེ་བསྟན་་་མུ་ཁྱུད་གང་ཡིན་པའི་ཚད་བྱ།པ་ཡིན༔ འབྱུང་བ་ལྔ་འདུས་འཁོར་ལོ་ནི༔ མཐོ་གང་རོ་རས་ཤོག་བུ་ལ༔ རིམ་པ་བཅུ་རུ་བསྐོར་བྱས་ལ༔ ལྟེ་བ་འབྱུང་་་བ།ལྔའི་ཡིག་་་ཨེ་ཡཾ་རཾ་བཾ་སུཾ།འབྲུ་་་ཁ་དོག་རང་རང་མདོག་ཏུ་བྲི་བ་གཅེས།རེ༔ དེའི་ཕྱི་་་རིམ་པས་བྲི་བ་ནི།ས་ཆུ་མེ་རླུང་མཁའ༔ རྩིབས་ནི་དང་པོར་་་ས།བཞི་་་དགོད་པ།ཡིན་ལ༔ དེ་ནས་དེའི།་་་ཕྱི་རིམ་་་རྣམས་སུ་བརྒྱད་པ་ལ་མེ། བཅུ་དྲུག་པ་ལ་ཆུ། སོ་གཉིས་རླུང་། དྲུག་ཅུ་རེ་བཞི་པ་ནམ་མཁའི།ཉིས་འགྱུར་ཉིས་འགྱུར་་་གྱིས།མང༔དུ་བཏང་བར་བྲི། བར་པར་མུ་ཁྱུད་་་རེ་རེ་བྱས་པར།འབྱུང་བའི་གཟུགས༔་་་བྲི་སྟེ་དཔེར་ན་སའི་རྩིབས་ཀྱི་མུ་ཁྱུད་ལ་སའི་རི་མོ་དེས་འགྲེ། རྩིབས་མཆན་་་ཀུན་ལ་སའི་རྩིབས་མཆན་ལ།སས་་་དགྲ་བོ་ཆེ་གེ་འདི།གཏིབས་་་ཤིག།མེའི་རྩིབས་མཆན།་་་མེས་འཚིག་་་ཅིག།དང༔ རླུང་གི་རྩིབས་མཆན་ལ།རླུང་་་གིས་དགྲ་བོ་ཆེ་གེ་འདི།གཡེངས་་་ཤིག །ཆུའི་རྩིབས་མཆན་ལ།་་་ཆུས་ཁྱེར་་་ཅིག །ནམ་མཁའི་རྩིབས་མཆན་ལ།་་་ནམ་མཁའ་་་དགྲ་བོ་ཆེ་གེ་འདི།སྟོང༔་་་ཞིག །ཅེས་འབྱུང་བ།་་་རང་རང་་་གི་རྩིབས་མཆན།དག་ལ་བྲི་བར་བྱ༔ ཐ་མར་མུ་ཁྱུད་དྲེགས་པ་་་ཡི་སྔགས།ནི༔ འབྱུང་བ་སྤྱི་་་འདི་ཀའི་མཇུག་ཏུ་ཡོད་པའི་འབྱུང་བ་ལྔ་དྲིལ་གྱི་སྔགས་དེ་ཡིན།འདུས་དག་གིས་གཟིར༔ འབྱུང་བ་རང་རང་ཙཀྲའི།་་་རྒྱབ་ལ་འབྱུང་་་བ།ལྔའི་ཡིག་འབྲུ་དང༔ མེས་ཚིག་ལ་སོགས་རང་རང་།་་་མནན་ཅིང་གཏད་པའི་དམོད་པ་བྲི༔ འབྱུང་་་བ།ལྔ་རང་རང་་་གི།རྫས་་་གོང་དུ་བསྟན་པ་རྣམས།ཀྱིས་བྱུག༔ ཁ་དོག་་་རང་རང་།དག་་་ཏུ་བྱས།ཀྱང་དེ་བཞིན་ཏེ༔ འབྱུང་བའི་འཁོར་ལོ་ཆེ་བ་་་སོ་སོར།ལོ་ཡི་ཕྱི༔་་་ཐུམས་ཡིན་པས། འཁོར་ལོ་འདི་འདྲ་བ།་་་གཉིས་བྲིས་ཡིག་མགོ་ནང་དུ་བསྟན༔་་་པ་ནི། འཁོར་ལོ་གཞན་ཐམས་ཅད་ཀྱི།་་་འོག་་་ཆུའི་འཁོར་ལོ་ཆེ་བའི་སྟེང་།ནས་སྔར་ཞིང་ཡིག་མགོ་ཕྱི༔་་་རུ། བསྟན་པ་་་འཁོར་ལོ་གཞན་ཐམས་ཅད་ཀྱི།སྟེང་ནས་་་མེའི་འཁོར་ལོ་ཆེ་བའི་འོག།དགག་པར་བྱ༔ ཐོད་པ།་་་དེའི་ཕྱི་རིམ་མེ་ཆུ་་་ནི་འཁོར་ལོ་ཆེ་བ།གཉིས༔ སྟེང་་་མེ།འོག་་་ཏུ་ཆུ།རབས་ཆད་ཕོ་མོ་ཐོད༔་་་པའི་ནང་ངོས་ལ་སྦྱོར༔ ཙཀྲ།་་་ཚ་གྲང་་་གི་འཁོར་ལོ་ཆེ་བ་གཉིས་དང་ཆུང་བ་གཉིས་ཕྱི་ནས་སྦྱར།དག་་་གིས།གཟིར་་་ལ་ཐོད་པ།འབྲུབ་ཁུང་་་ནང་།ངོ༔ དེ་ལ་སྔགས་རྫས་ཏིང་འཛིན་གཟིར༔་་་ཙཀྲ། ཚངས་པ་བརྒྱ་བྱིན་ལྟ་ཅི་སྨྲོས༔ རྡོ་རྗེ་འཆང་ཡང་བརླག་པར་བྱེད༔ དེ་ནི་གནོད་བྱའི་ཙཀྲ་ཡིན༔ འབྱུང་བ་ཕན་བྱར་་་ཙཀྲ།བྲི་བ་ནི༔ སྔགས་རྫས་ཤམ་བུ་བསྒྱུར་བ་ལས༔ སྤྱི་ཁོག་བྲི་བ་འདི་ཡིས་མཚོན༔ རང་རང་རྫས་དང་རྩི་སྨན་བྱུག༔ དུག་ཁྲག་དྲག་པོའི་རྫས་ཀུན་སྤང༔ གང་བསྲུང་མགུལ་བཏགས་བསམ་པ་འགྲུབ༔ གལ་ཏེ་གནོད་བྱའི་ལས་མཐའ་ནི༔ འབྱུང་བ་སོ་སོར་འཁོར་ལོ་གཉིས༔ བྲིས་པའི་བར་དུ་གནོད་བྱེད་བལྟེམ༔ ནམ་མཁའ་་་འཁོར་ལོ་དང་།རླུང་་་གི།འཁོར་་་ལོ་གཉིས་ནི།རི་མཐོན་་་པོའི།རྩེར༔ རླུང་ལ་ཕྱར་ཞིང་མེའི་འཁོར་ལོ༔ གནས་ཆེན་རྒྱ་་་དགེ་འདུན་གྱི་སྡེའམ་སྡེ་དཔོན་ཆེན་པོའི།ཐབ་་་ཀྱི་འོག་གམ།སྦྱིན་སྲེག་་་གི།ཐབ༔་་་འོག་ཏུ། མནན་གཏད་བྱ་ཞིང་ཆུའི་ཙཀྲ༔་་་ནི། ཆུ་གསུམ་འདུས་སམ་རྒྱ་མཚོར་མནན༔ སའི་ཙཀྲ།་་་ས་ནི་རྒྱ་གྲམ་ལམ་དུ་འམ༔ མཆོད་རྟེན་འོག་ཏུ་མནན་པར་བྱ༔ འབྱུང་བའི་འཁོར་ལོ།་་་ཐམས་ཅད་ལ་ཆའི་སྦལ་་་པའི།ནང་དུ་་་བྲུབ་སྟེ་བྱ།འོ༔ འབྱུང་བ་ལྔ་འདུས་ཀྱི་འཁོར་ལོ་ནི།་་་སྤྱི་ཡི་འཁོར་ལོ་དགྲ་བོ་ཡི༔ ཁང་པའི་འགྲམ་དུ་གཟུད་པར་བྱ༔ ཡང་ན་་་དགྲ་དེའི།་་་ཡུལ་ཕྱོགས་་་ཀྱི།རེ་རྩེར་མནན༔ འབྱུང་བས་ལས་ཀུན་གྲུབ་པར་ངེས༔ དགྲ་བགེགས་གང་བྱ་བརླག་པར་འགྱུར༔ འབྱུང་ལྔ་སྤྱི་དང་བྱེ་བྲག་བསྟན་པའོ༔ ཁྱད་པར་མེ་ཆུའི་ཙཀྲ་་་ཆེ་བ་གཉིས།ནི༔ མེ་ཆུ་གཉིས་སུ་ཤེས་པར་བྱ༔ ཕོ་མོ་རབས་ཆད་ཐོད་པ་ལ༔ ཕོ་ཐོད་་་ཀྱི་ནང་དུ་འཁོར་ལོ་ཐམས་ཅད་ཀྱི།་་་སྟེང་ལ་མེའི་འཁོར་ལོ༔ མཐོ་གང་རོ་རས་མུ་ཁྱུད་ལྔ༔ ཕོ་ཐོད་ལ་མེའི་ཙཀྲ་ནི།་་་ལྟེ་བ་་་གྲུ་གསུམ་ནང་དུ།ཨཱེཿ་་སྤྱི་སྲོག།ལ་རཾ་བཞིས་བསྐོར༔ མཚམས་སུ་ཛཿ་་དམར་པོ།བྲི་དེའི་མུ་ཁྱུད༔ མེ་རིས་་་ཕྱོགས་བཞིར།རཾ་བཞི་བྲི་བར་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རང་བཞིན་དྲག་པོ་བཙན་ཐབས་གསུམ༔ མེ་ཆུ་་་ལེའུ་བཅུ་གཉིས་པ་ལྟར།གཉིས་སུ་བལྟེམ་་་དགྲ་བགེགས།ཡིག་བྲི༔ དེའི་ཕྱི་བཅུ་དྲུག་རྩིབས་ཡིག་འབྲུ༔ མེ་ཡིག།་་་རཾ་བྲི་དམར་པོ་རྩིབས་མཆན་ལ༔ དགྲ་བགེགས་མེས་འཚིག་་་སོགས།དམོད་་་བྲིས།པའོ༔ དེའི་ཕྱི་མུ་ཁྱུད་མེ་ཆུ་ཟློག༔་་་པ་དང་། མེ་ཆུ།་་་དཀྲུག་པའི་་་ལེའུ་བཅུ་གཉིས་པ་ལྟར།སྔགས་དང་་་དེ་ལ།དགྲ་འདྲེ་་་གང་ལ་བྱེད་པ།བལྟེམ༔ འདྲེ་ཉལ་བཏང་བ་དང་གཅིག།་་་སྲོད་ལ་ཐོ་རངས་་་་ཕོ་ལས་ལ་གཏང་བའི་སྔགས་གཉིས་པོ་ཡང་།བྲི་བར་བྱ༔ དེ་ཡི་ཕྱི་རིམ་མེ་རིས་ལ༔ ཕྱོགས་མཚམས་རཾ་གྱིས་མཚན་པ་འོ༔ རྒྱབ་ཏུ་གྲུ་གསུམ་མེ་རིས་་་དང་ལྡན་པའི་ནང་དུ།རཾ༔ བྲིས་པའི་ཐ་མར་ཚིག་འདི་དག༔ མནན་གཏད་དྲག་པོ་ཚིག་གི་སྟང༔་་་དགྲ་བོ་མེས་འཚིག་རཾ་རཾ་ཅེས་མང་བར། མཁས་པར་བྲི་སྟེ་དགྲ་བགེགས་དང༔ དམ་ཉམས་རུ་ཏྲ་རང་གཤེད་དབབ༔་་་པ་སོགས་སྐབས་དང་སྦྱོར། ཆུ་ཡི་འཁོར་ལོ་་་ནི།མོ་་་རབས་ཆད་ཀྱི།ཐོད་་་ནང་འཁོར་ལོ་ཐམས་ཅད་ཀྱི།འོག་ཏུ་བྲི༔ མེ་རིས་ཀྱི་ཚབ་ཏུ།་་་ཆུ་རིས་་་རྩིབས་ཀྱི་ཚབ།པདྨ་བྲི་སྟེ་་་དེ་དག་མ་ཡིན་པ་གཞན་ཐམས་ཅད།མེ་འཁོར་་་དང་།སྤྱི་ཁོག་ནི༔་་་མཚུངས་ལ་ཁྱད་པར། གཞན་ཡང་ཐམས་ཅད་ཆུ་་་་བཾ་བྲི།ཡིག་གོང་ལྟར་བལྟེམ༔་་་པའི་ཁོག་སྤྱིར་མེ་དང་འདྲ་བ་ལ་ལྟེ་བ་སྤྱིི་ནི་སྲོག་ཨཱེཿམཐར་བཾ་བཞི་ཛཿབཞི། དེའི་ཕྱིའི།་་་མུ་ཁྱུད་ཟླུམ་པོ་་་ཆུ་རིས་དང་བཾ་བཞི།ཚ་གྲང་་་འཇིགས་པའི།རྫས་ཀྱང་་་རང་རང་།བྱུག༔་་་མེ་འཁོར་ལ་སྔོ་དང་ལ་སྨན་གྱི་ཚ་བ་དྲུག་སོགས་བྱུག །ཆུ་འཁོར་ལ་ག་བུར་གུར་གུམ་སོགས་སྔོ་དང་ལ་སྨན་གང་མང་བྱུག་གོ །མེ་ཆུ་གཉིས།་་་ཁོག་སྤྱིར་མཚུངས་པའི་འཁོར་ལོའི་ཕྱི༔ནག་པོ་བྱ། མེ་་་དང་།ཆུ་་རང་རང་གི།གཉིས་ཀྱིས་་་སོ་སོར།བལྟེམ་པར་བྱ༔་་་ལ་མེ་ཆུའི་འཁོར་ལོ་ཆེ་བ་འདི་གཉིས་འབྱུང་བ་ལྔ་འདུས་ཀྱི་འཁོར་ལོའི་སྟེང་འོག་ཏུ་རབས་ཆད་ཐོད་པ་གཉིས་པོའི་ནང་དུ་སྦྱོར། ཐོད་པའི་ཕྱི་ལ་མེ་ཆུའི་ཙཀྲ་ཆུང༔་་་བ་སྟེ། མེ་ཆུ་གཉིས་བྲི་མེ་ལ་རྩིབས་བརྒྱད་དང༔ ཆུ་པད་འདབ་བརྒྱད་་་པའི།ལྟེ་བར་་་མེ་ཆུ།རང་གཟུགས་ནང༔ སྤྱི་སྲོག།་་་ཨཱེཿལ་ཚ་་་རཾ།གྲང་་་བཾ།ཡི་གེ་སོ་སོར་་་རང་རང་དུ་བྲི།བསྐོར༔ རྩིབས་་་བརྒྱད་དང་།པད་་་འདབ།བརྒྱད་་་ཀྱི།ནང་་་དུ།རང་ཡིག་་རཾ་བཾ་དང་མེ་ཆུའི་སྔགས།སོ་སོ་བྲི༔ ཐ་མ་རང་རིས་ཆུ་འཁོར་་་རབས་ཆད་མོ་ཐོད་ཀྱི།ཕྱི་ལའོ་སྔོ༔ མེ་དམར་་་རབས་ཆད་ཕོའི།ཐོད་པའི་ཕྱི་ལའོ༔་་་བལྟེམ་པ། འབྱུང་བའི་འཁོར་ལོའི་་་ཆུང་བ།སྐྱ་གཅོད་དོ༔ དེ་རྣམས་སྔགས་ཀྱི་སྐྱ་གཅོད་ནི༔ ཨེ་ཡཾ་རཾ་བཾ་སུཾ༔་་་ནི་འབྱུང་ཡིག་ལྔ། སོ་སོའི་སྔགས་ཀྱི་བལྟེམ་ལུགས་ནི༔་་་འབྱུང་བ་ལྔ་པོ། སྤྱི་ལ་་་སྟོབས་ཡིག།བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ ནམ་མཁའ།་་་ཨེ་ཨཱེ༔་་་སྤྱི་སྲོག །ནམ་མཁའ།་་་ཨེ་ཧུར་ཐུམས་་་སྲོག།ཛ༔ མཱ་ར་ཡ་རྦད༔་་་གསད་པ། འབྱུང་བ་ལྔ་པོ་དང་སྤྱི་སྒོས་གང་ལ་བྱ་བ་དེས་འགྲེ༔ ཡ་མ་བལྟེམ་པར་བྱེད་ན་བཛྲ་སརྦ་དུཥྚཱཎ༔ ཡ་མ་ཏྲིག་ནན༔ ནམ་མཁའ།་་་ཨེ་ཡ་་་སྲོག།ཨེ་་་ནམ་མཁའ།ཧུར་ཐུམས་་་སྲོག་འཕྲོག་པ།ཛ༔ མཱ་ར་ཡ་རྦད༔་་་གསད་པ། བཅུ་བདུན་གཞན་་་གཟིར་ཡང་།ནི་དེ་ཡིས་མཚུངས༔ གལ་ཏེ་རུ་ཏྲ་གཤེད་འབེབ་ན༔ ཡ་མ་ལྟ་བུས་ཡིན་ན༔་་་དགྲ་ལ་གཤེད་འབེབ་རྒྱུ། བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ ཡ་བྷྱོ༔ དགྲ་བོ་ཆེ་གེ་མོ་ཤ་ཏྲཱུཾ་ཨེ་ནྲྀ་ཨེ༔ ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ དེ་ཡིས་སྤྱི་དང་བྱེ་བྲག་འགྲེ༔ རང་བཞིན་དྲག་པོ་བཙན་ཐབས་གསུམ༔་་་སྦྱར། འབྱུང་བ་ལྔ་ལ་་་་འདི་བལྟེམ་ལུགས་མང་ཡང་།དེས་འགྲེ་ཤེས༔་་་བྲི་བཟླས་གཉིས། འབྱུང་བ་ལ་དྲིལ་འདི་ལྟ་སྟེ༔་་་འབྱུང་བ་ལྔ་འདུས་ཀྱི་འཁོར་ལོའི་མུ་ཁྱུད་ཕྱི་མ་ལ་བྲི་བའི་སྔགས་ནི་འདི་ཡིན་ནོ། །བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ གཤིན་རྗེ།་་་ཡ་མ༔ མ་མོ་འདི་འགྲེས།་་་མ་མ་རུ་ལུ༔ ཏྲིག་ནན༔ སོགས་ཀྱིས།་་་བཅུ་དྲུག་་་དེ་བཞིན་དུ་ས་ནཱ་ག་ཞེས་པའི་བར།འགྲེའོ༔ ཨེ་ཡཾ་རཾ་བཾ་སུཾ༔ ཨེ་ཡ་མ་་་ཞེས་པ་ལྟ་བུ་སྲོག་ཡིག།བཅོ་བརྒྱད་རྣམས་འགྲེ༔ སུཾ་བཾ་རཾ་ཡཾ་ཨེ༔་་་མིང་སྲོག་བལྟེམ། ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་རྦུད༔ དེ་ལྟར་མིང་དང་རྣམ་ཤེས་ཀུན༔ ཡོ་དྲིལ་གཟིར་བར་བྱ་བ་ཡིན༔ མ་རུངས་གདུག་པ་བཅོ་བརྒྱད་་་ཀྱིས་གཟིར་བ།དང༔ རུ་ཏྲ་གདུག་པ་བཅུ་དགུ་བལྟེམ༔ དགྲ་བགེགས་གཏན་ནས་བརླག་པར་བྱེད༔ ས་མ་ཡཱ༔ རང་བཞིན་་་གཟིར་བ།དྲག་པོ་བཙན་ཐབས་གསུམ༔་་་གྱིས་གཟིར་བ་དང་། ཟློག་དང་དཀྲུག་པ་ཡང་དེས་ཤེས༔ ཁྱད་པར་མེ་ཆུ་གཉིས་བལྟེམ་ན༔ སྤྱི་ལ་བྱེད་ན་རཾ་ཨཱེཿབཾ༔ གཤིན་རྗེ་ལྟ་བུ་ལ།་་་ཡ་མ་ཡ༔ རཾ་ཡ་བཾ༔ བཅོ་བརྒྱད་ལ།་་་དེས་འགྲེ་དང་པོར་གཟིར་བར་བྱ༔ དེ་ནས་རྣམ་ཤེས་མེ་ཆུས་བལྟེམ༔ རང་བཞིན་དྲག་པོ་བཙན་ཐབས་དང༔ རྣལ་ཟློག་དཀྲུག་གསུམ་ཤེས་པར་བྱ༔ རཾ་མེ༔ བཾ་ཆུའོ༔ ས་མ་ཡཱ༔ དེ་ནས་མནན་གཏད་ཚིག་གིས་སྟང༔ འབྱུང་བའི་འཁོར་ལོ་རྣམས་ལ་ལས་སྦྱོར་གཅེས༔ འདི་ཡིས་དྲེགས་པ་ལས་ལ་བསྐུལ༔ ཡི་གེ་མ་ནོར་ལྷག་ཆད་མེད༔ བསྡུ་ཡིག་ལ་སོགས་ལྷད་པ་སྤང༔ ཡ༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བྷྱོ༔ ད་ལྟ་དུས་ངན་སྙིགས་མ་ལ༔ གདུག་པའི་དགྲ་དང་བགེགས་བྱུང་ངོ༔ དུས་ཟད་ལས་ངན་རུ་ཏྲ་འདི༔ བྱང་ཆུབ་སེམས་ནི་ཡོངས་མི་འདུག༔ བསྒྲལ་བའི་ཞིང་བཅུ་འདི་ལ་ཚང༔ མི་དགེ་བཅུ་པོ་འདི་ཡིས་བྱས༔ ལས་ངན་དགྲ་བགེགས་གདུག་པ་འདི༔ འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ སྣང་སྲིད་དྲེགས་པའི་ཟས་སྐལ་གྱིས༔ མ་མོ་མཁའ་འགྲོའི་རྔམས་ཟས་གྱིས༔ ཡི་དྭགས་འབྱུང་པོའི་ལྟོ་སྐལ་གྱིས༔ ཆུ་སྲིན་རྒྱལ་པོའི་གྲེ་བར་མིད༔ སྡུག་བསྔལ་ཀུན་དང་ལས་ངན་དག་བྱའི་ཕྱིར༔ རྡོ་རྗེ་དམྱལ་བའི་གནས་སུ་བསྐྱུར༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བོར༔ རི་རབ་ཆེན་པོའི་རྨང་དུ་མནན༔ ནམ་ཞིག་བྱང་ཆུབ་སེམས་སྐྱེས་ནས༔ སྡུག་བསྔལ་འདི་ལས་ཕྱུང་བྱས་ཏེ༔ རྣམ་ཤེས་རྒྱལ་བའི་སྲས་སུ་འཕང༔ དེ་བར་ནམ་དུའང་གཏང་མི་བྱའོ༔ ཞེས་བྲི་བར་བྱའོ༔ དེ་ནས་སྟོབས་ལྡན་དཔའ་བོ་ཡིས༔ དུག་ལྔ་རང་གཤེད་དབབ་པ་འདི་གསུངས་སོ༔ སྤྱི་ལ་ནི༔ དུག་ལྔ་རང་གཤེད་ལ་དབབ་པ།་་་བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ འཕྲོག་བྱེད།་་་ཨཱེཿཧུར་ཐུམས་ཛ༔ འདོད་ཆགས།་་་རཱ་གཱ༔ ཞེ་སྡང་།་་་དྭེ་ཤ༔ གཏི་མུག།་་་མོ་ཧ་ཤ༔ ང་རྒྱལ།་་་ན་མ༔ ཕྲག་དོག།་་་ཨཱི་རི་ཤ༔ མཱ་ར་ཡ་རྦད་ནན༔་་་གསད་མནན། དབབ་པ།་་་ཡ་མ་བཛྲ་སརྦ་དུཥྚཱཎ་ཡ་མ༔ ཏྲིག་ནན༔ ཡ་ཧུར་ཐུམས་ཛ༔ རཱ་ག་དྭེ་ཤ་མོ་ཧ་ཤ་ན་མ་ཨཱི་རི་ཤ༔ མཱ་ར་ཡ་རྦད་ནན༔་་་དེས་བཅུ་བདུན་པོ་འགྲེའོ། །དམ་ཉམས་རང་གཤེད་དབབ་པ་ནི༔་་་བྱ་བ། སྤྱི་ཡིས༔ བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ ཨཱེཿབྷྱོ༔ ཆེ་གེ་མོ་ཤ་ཏྲཱུཾ་ནྲྀ་ཧུར་ཐུམས་ཛ༔ རཱ་ག་དྭེ་ཤ་མོ་ཧ་ཤ་ན་མ་ཨཱི་རི་ཤ༔ མཱ་ར་ཡ་རྦད་ནན༔ ཡ་མས་བྱ་ན༔ བཛྲ་སརྦ་དུཥྚཱཎ༔ ཡ་མ་ཏྲིག་ནན༔ ཡ་བྷྱོ༔ ཆེ་གེ་མོ་ཤ་ཏྲཱུཾ་ནྲྀ་ཧུར་ཐུམས་ཛ༔ རཱ་ག་དྭེ་ཤ་མོ་ཧ་ཤ་ན་མ་ཨཱི་རི་ཤ༔ མཱ་ར་ཡ་རྦད་ནན༔ ཞེས་བཅུ་བདུན་འགྲེའོ༔ དྲེགས་པའི་དེ་ཉིད་ཤེས་གྱུར་ན༔ དྲེགས་པ་རང་སྲོག་རང་གིས་གཅོད༔ རཱ་ག༔ ཞེས་པ་འདོད་ཆགས་རང་གཤེད༔ དྭེ་ཤ་ཞེ་སྡང༔ མོ་ཧ་ཡ་གཏི་མུག་སྟེ༔ ན་མ་ང་རྒྱལ༔ ཨཱི་རི་ཤ་ཕྲག་དོག༔ དེ་ཡིས་དུག་ལྔ་རང་གཤེད་འབེབ༔ བྲི་བཟླས་འཕྱོང་དུ་ཤེས་པར་བྱ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ འབྱུང་བའི་འཁོར་ལོ་བསྟན་པ་དང༔ དུག་ལྔ་གཤེད་དུ་དབབ་པའི་ལེའུ་སྟེ་ཉི་ཤུ་པའོ༔ དེ་ནས་གསང་བའི་བདག་པོས་ཞུས་པ༔ ཀྱཻ་དྲེགས་བདག་སྟོབས་ལྡན་གཙོ༔ རྫས་སྔགས་དེ་ལྟར་གནང་མོད་ཀྱང༔ ཏིང་འཛིན་དམིགས་པ་ཇི་ལྟར་སྤྲོ༔ ཞེས་ཞུས་པ་ལས༔ སྟོབས་ལྡན་དཔའ་བོས་བཀའ་བསྩལ་པ༔ ཏིང་འཛིན་སྤྲོ་བ་རྣམ་པ་གསུམ༔ ལྷ་སྔགས་རྫས་སུ་ཤེས་པར་བྱ༔ དང་པོ་ལྷ་ཡི་ཏིང་འཛིན་ནི༔ ཡེ་ཤེས་པ་དང་འཇིག་རྟེན་ལས༔ རང་བཞིན་ཡེ་ཤེས་སྟོབས་ལྡན་བསྒོམ༔ དེ་ཡང་རིམ་གྱིས་པ་དང་ཅིག་ཆར་ཏེ༔ རིམ་གྱིས་ཏིང་འཛིན་རྣམ་གསུམ་བསྒོམ༔་་་སོགས་ལེའུ་ཉེར་བཞི་པར་གསལ་ལོ། །སྐད་ཅིག་མ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཅེས་པ་ཡིས༔ ནམ་མཁའ་་་ལ་ཕྱར་བའི་ཆུ་ལས།ཆུ་བུར་བརྡོལ་དང་མཚུངས༔་་་པར་ས་བོན་ཕྱག་མཚན་སོགས་ལས་མ་སྐྱེས་པ། བདག་ཉིད་སྟོབས་ལྡན་་་ནག་པོ་ཡབ་ཡུམ།སྐད་ཅིག་་་དྲན།རྫོགས༔་་་སུ་ཝལ་གྱིས་བསྒོམ། སྟོང་པ་ཆོས་སྐུ །གསལ་བ་ལོངས་སྐུ། རང་གདངས་འགག་མེད་སྤྲུལ་སྐུ་སྟེ།་་་སྐུ་གསུམ་དོན་དང་ལྡན་པར་གཅེས༔ འཇིག་རྟེན་པ་རྣམས་སྲོག་དྲང་བ༔ རང་དབང་མེད་པར་་་རང་གི།མདུན་དུ་བྱུང༔་་་ནས་འཁོད་དེ། དེ་དག་གིས།་་་བཀའ་ཉན་་་ཅིང་།ལས་ཀྱི་བྱེ་བྲག་་་གང་དགོས་པ།བཅོལ༔་་་ནས་ཐོགས་མེད་དུ་འགྲུབ་པར་བསམ། ཁྱད་པར་རྒྱུན་དུ་བསྟེན་པ་དང༔ བསྟེན་པའི་དུས་སུ་་་དམིགས་པ།དེ་ལྟར་རོ༔ གཉིས་པ་སྔགས་ཀྱི་ཏིང་འཛིན་ནི༔ ལས་ལ་སྦྱར་བའི་དུས་ཡིན་ཏེ༔ གོང་ལྟར།་་་བདག་ཉིད་་་སྟོབས་ལྡན།སྐུ་གསུམ་་་གྱི།དོན་་་དང་།ལྡན་་་པར་བསྒོམ།པས༔་་་ངག་ནས། དྲག་པོ་འབྲུག་སྒྲའི་་་ལྟ་བུའི།སྔགས་བརྗོད་པས༔ འོད་ཟེར་དམར་ནག་མཚོན་ཆར་འཕྲོས༔ དགྲའམ་བགེགས་ཀྱི།་་་དུག་ལྔ་་་ཁོ།རང་་་ལ།གནས་་་པ་དེའི།ཡིག་འབྲུ་ལ༔ ཕོག་པས་ཕྱི་འབྱུང་་་བའི་སྲོག་དང་།ནང་དྭངས་མ༔་་་ཡི་སྲོག་དང་། རྗེས་དྲན་་་གྱི།སྲོག་གསུམ་བཅད་པར་བསམ༔ ཁྱད་པར་་་བདག་སྟོབས་ལྡན་ནག་པོས་དྲེགས་པའི་སྤྱི་སྲོག་བསྐུལ་བ་ཙམ་གྱིས།དྲེགས་པ་ཐམས་ཅད་ཀྱི༔ སྙིང་གི་རྩེ་ལ་མ་རིག་པའི༔ ཉོན་མོངས་ས་བོན་ཨཱེཿགནས་པས༔་་་དེ་ལས། མཱ་ར་ཡ་ཡི་སྒྲ་བསྒྲགས་ཏེ༔ དེས་བསྐུལ་བས་ཨཱེཿ།་་་དེ་ཉིད་དུག་་་གི།སྡིག་་་པ་ནག་པོ།མགོ་དགུར་གྱུར༔ ཉོན་མོངས་ལངས་པས་དུག་ཅེས་བྱ༔ སྡིག་པ་དེ་ཉིད་ཕྱིར་སྤྲོས་ནས།་་་མགོ་བརྒྱད་་་དགྲ་བགེགས་དམིགས་བྱ་དེའི།སྙིང་རྩ་བརྒྱད་་་ཀྱི་ནང་།དུ་ཞུགས༔ མགོ་གཅིག་སྲོག་པ་རྩ་ནང་ཞུགས༔་་་ཏེ། དེ་ལས་་་སྡིག་པ་མང་པོ།རྒྱ་ཆེར་འཕྲོས་པ་ལས༔ དམིགས་བྱ་དེའི།་་་ཀླད་པ་་་དང་།མགྲིན་པ་་་དང་།ལྟེ་བ་ཡི༔ ལུས་་་ཀྱི།རྟེན་རྩ་ཀུན་བཅད་་་ནས་ཤ་ཁྲག་སྲོག་དབུགས་སྐད་ཅིག་ལ།ཟོས་་་པར།བསམ༔ དེ་ཡིས་ངེས་པར་དགྲ་བགེགས་བརླག༔ དྲེགས་པ་རྣམས་ཀྱི།་་་ཉོན་མོངས་་་པ།ཕུང་པོའི་ལུས་ཀྱི་ནང༔་་་དུ། རང་བདུད་་་ཨཱེཿ།གནས་པའི་དུག་སྡིག་་་དེ་དག་ནི།གཟིར༔ བསད་དེ་སྡིག་པའི་ཕོ་ཉ་སྤྲོས་ཤིང་།་་་ཕྱིར་བལྟས་་་པ་དོན་ནི།ཁྱབ་འཇུག་ལྟོ་བ་སྟེ༔་་་གནས་ཡིན། སྐབས་སུ།་་་ལས་ཀྱི་གཤིན་རྗེའི་ལྟོ་བར་ཚུད༔་་་པས། དཔེར་ན།་་་བྲག་་་གི།བར་་་དུ།བཙིར་བའི་འབུ་སྲིན་་་དང་།འདྲ༔་་་སྟེ། འཕྲོ་་་ཞིང་འགུལ།བའི་དབང་མེད་་་པར།རང་སྲོག་གཅོད༔་་་པ་ཡིན་ཏེ། དཔེ།་་་སྲིན་བུའི་ཁ་ཆུ་་་དེས་ཁོ་རང་གི་སྲོག་གཅོད་པའི་རྐྱེན་བྱེད་པ།ཇི་བཞིན་ནོ༔ དེ་ལ་ཏིང་་་ངེ་།འཛིན་་་དང་།སྔགས་རྫས་་་དང་།བསྐུལ༔་་་བས། ནུས་པས།་་་མངོན་སུམ་་་དུ།དགྲ་བགེགས་་་ཀྱི།སྲོག་དང་འབྲལ༔་་་བར་བྱེད་པ་ནི་དུག་ཧ་ལ་ནག་པོ་དང་འདྲ་སྟེ་ཡ་བག་ཤའི་ལས་ཡིན་ནོ། །དེ་ཡང་གསད་པའི་འཁོར་ལོར་བལྟེམ༔་་་པ་ནི། དྲེགས་པ་ཅན་གྱི་ཙིཏྟའི་དཀྱིལ༔་་་ན། རྣམ་ཤེས་་་ཀྱི་ཡིག།འབྲུ་གནས་་་པ་ལ།ལུས་ངག་ཡིད་གསུམ་ལ༔ འཕྲོག་བྱེད་་་གསུམ་དང་།ཡན་ལག་་་བཞི་ལ།གཅོད་བྱེད་རྣམས༔ མི་ཟད་་་པའི།སྔགས་ཀྱིས་མཐའ་མ་བསྐོར༔་་་བས། དེར་་་སྲོག།གནས་་་པ་དེ་རྐྱེན།དེས་བསྐུལ་་་ཁོ་རང་།དེ་ཉིད་འཇིག༔་་་པར་བྱེད་པའོ། །ཅེས་སོ༔ གསུམ་པ་རྫས་ཀྱི་ཏིང་་་ངེ་།འཛིན་ནི༔ འབྲུབ་ཁུང་ལྕགས་ཁང་་་དེ་ཉིད་ཙཀྲ་བྷྲཱུྃ་ཞེས་པས།གཤིན་རྗེའི་གནས༔་་་སུ་བསམ། དགྲ་བགེགས་མ་རིག་་་པ་ལས་ངན།ལུས་གཤིན་པོ༔་་་ནི། གང་ཡིན་་་་པ་དེ་ཉིད་ཛཿཧཱུྃ་བཾ་ཧོཿཕོ་ཉ་དག་གིས་བཀུག་ལ་བསྟིམ་ཞིང་།ཉམ་ཐག་་་པ།གསལ་བ་ལ༔ བླ་རྡོའི་རྫས་་་ཁོའི་དྲི་མ་དྲུག།ནི་་་དགྲའི་ནི།ཡིན་པ་ལ༔ དེ་ལ་དགྲར་གྱུར་པའི།་་་གཤེད་རྫས་དེ་ཡི་གཡེམ་པ་ཡིན༔་་་ཏེ་གང་ཞེ་ན། ཡུངས་་་དཀར།སོགས་་་པའི།ཐུན་རྣམས་མཚོན་ཆའི་ཆར༔་་་དུ་བསམ། ཁྲག་་་སོགས་གཤེར་ཐུན།ནི་མྱོས་་་ཤིང་།བརྒྱལ་་་དུ་འཇུག་པ།དུག་་་གི།ན་བུན༔་་་དུ་བསམ། དྲེགས་པས་་་ཁོ་བསད་ནས།ཤ་ཟོས་་་དགྲ་བགེགས་ཀྱི།ཁྲག་ལ་འཐུང༔་་་བར་བསམ། འཁོར་ལོ་ལ་བསྐྱོན་པའི།་་་གཟུགས་བརྙན་་་རྣམས།ལྷ་སྲིན་་་རཱ་ཧུ་ལ་སོགས།གདུག་པར་་་གང་ཡིན་པ་དེ། རཱ་ཧུ་ལའི་ལྟོ་བའི་སྔགས་ཀུན་ཀྱང་ལྷ་སྲིན་རང་དུ་གསལ་ཏེ་བདག་དང་རཱ་ཧུ་ལའི་བཀའ་ཉན་ཏེ།་་་བསྒོམ༔ རཱ་ཧུ་ལ་ནི་འཆི་བདག་་་ཡིན་པས་འཆི་བདག་དེའི།ལྟོ༔བར། དམིགས་པ་་་དགྲ་བགེགས།ཚུད་དེ་ཐར་་་པའི།ལམ་མེད༔་་་པར་བསམ། དེ་ཡིས་ངེས་པར་འགྲུབ་པར་འགྱུར༔ སྔགས་ནི་དུག་གི་མཚོན་ཆ་ལ༔་་་བསམ་པ་དང་གཅིག །ཏིང་འཛིན་སྔགས་བརྗོད་པའི་འོད་ཟེར་གྱིས་གོང་ལྟར་བསྒོམ།གསལ་བས་གནས་སུ་སྐྱོལ༔་་་བ་དང་གཉིས། རྫས་ནི་སྦྱོར་བ་ཐབས་ཀྱི་གྲོགས༔་་་པོ་དང་གསུམ་སྟེ། དེ་གསུམ་་་དང་།ལྡན་ན་ལྷའི་དབང་་་པོ་བརྒྱ་བྱིན་ཡིན་ན།ཡང༔ དངོས་སུ་སྒྲོལ་བར་ཐེ་ཚོམ་མེད་དོ༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཏིང་འཛིན་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ༔ དེ་ནས་ཡང་དྲེགས་པའི་བདག་པོས་བཀའ་བསྩལ་པ༔ སྔགས་རྫས་ཏིང་འཛིན་སྤྱི་ཡི་ཐེམས༔ ཉམས་སུ་བླང་བ་འདི་ལྟ་སྟེ༔ སྤྱིར་ནི་སྒྲུབ་པ་རྣམ་པ་གཉིས༔ ཡེ་ཤེས་ལྷ་དང་འཇིག་རྟེན་པའོ༔ རེ་རེ་ལ་འང་ལྔ་ལྔ་སྟེ༔ ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་དང༔ གསང་ཆེན་དང་ནི་གཏེར་དུ་བསྒྲུབ༔ དེ་ཡི་རིམ་པ་འདི་ལྟ་སྟེ༔ རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ཕྱི་སྒྲུབ་ལ༔ ལུས་ལ་ལྷ་བཀོད་ནང་སྒྲུབ་ཡིན༔ སྙིང་ལ་ལྷ་བཀོད་གསང་སྒྲུབ་བོ༔ རྩ་ལ་ལྷ་བཀོད་གསང་ཆེན་ལ༔ སེམས་ཉིད་ལྷ་བཀོད་གཏེར་སྒྲུབ་བོ༔ སྤྱིར་ན་སྔགས་ཐམས་ཅད་ལ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་སྟེ། འགོར་གྱི་ཆོས་དང་། གཤོར་གྱི་ཆོས་དང་། ཡང་གསང་རྒོད་ཀྱི་ཆོས་དང་གསུམ་དུ་འདུས་སོ། །དེ་ལ་འགོར་གྱི་ཆོས་སྐོར་ཞེས་པ་ནི། འབོད་པ་རྦད་པ་གསད་པ་གསུམ་དུ་བྱུང་ན་འགོར་གྱི་ཆོས་སྐོར་ཡིན་ནོ། །གཤོར་གྱི་ཆོས་ནི་འབོད་རྦད་བསད་པ་མེད་པར་རྩ་སྔགས་ལ་ཛཿབྷྱོ་རྦད་ཛྭ་ལ་རཾ་ནན། ཤམ་བུས་བསྒྱུར་བ་ནི་གཤོར་གྱི་ཆོས་སྐོར་རོ། །ཡང་གསང་རྒོད་ཀྱི་ཆོས་སྐོར་ནི་འབོད་རྦད་གསད་གསུམ་ཤམ་བུས་བསྒྱུར་བ་མེད་པར། ལས་སྦྱོར་དུས་སུ་སྔགས་ལ་དགྲ་བོའི་མིང་འཇུག་བཅུག་པས་ཆོག་པ་དེ་ཡིན། དེ་གསུམ་དུ་འདུས་པ་ཡིན་ནོ། །མོ་ལ་ཙཀྲ་བྱུང་ན་ཟབ་སྐད། ཕོ་ལ་ཐུན་བྱུང་ན་ཟབ་སྐད་དོ། །ཅི་ཕྱིར་གཉིས་མེད་འདྲེས་པ་ཡིན༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་ནི༔ སྦྱར་བ་རྣམ་གསུམ་འགྲུབ་པར་བྱེད༔ ལུས་ངག་ཡིད་གསུམ་ལས་སྦྱོར་རོ༔ མཆོག་དང་ཐུན་མོང་གང་ཡང་འགྲུབ༔ ལས་ཀྱི་དཀྱིལ་འཁོར་རྣམ་པ་བཞི༔ ཞི་བ་ཟླུམ་པོ་དཀར་པོ་ལ༔ རྒྱས་པ་གྲུ་བཞི་སེར་པོ་འོ༔ དབང་ལ་ཟླ་གམ་དམར་པོ་སྟེ༔ དྲག་པོ་གྲུ་གསུམ་མཐིང་ནག་གོ༔ བསྙེན་དང་མཆོད་དང་ལས་ཀྱི་སོ༔ འཁོར་ལོ་བསྐོར་དང་ཐུན་གྱི་ལས༔ ཡུངས་དཀར་་་ནག།དག་དང་ཁྲག་་་སྣ་ཚོགས།དང་དུག༔་་་སྣ་ཚོགས་དང་། གྲི།་་་ལྕགས་་་དང་།ཟངས་་་དང་རྦབ།རྡོ་དང་འཁར་བའི་ཕྱེ༔ གནམ་ལྕགས་་་ཐོག་ལྕགས་ཡིན།གྲི་ལྕགས་་་ལས་བྱས་པའི།ཕུར་པ་དང༔ དུག་ཤིང་གདུག་པའི་ཕུར་པས་གདབ༔ གང་བྱེད་སྔགས་ཀྱི་གཞུང་དང་སྦྱར༔ ལས་མཁན་གང་ཡིན་སྲོག་སྙིང་དང༔ དམིགས་པ་གང་ཡིན་སྲོག་སྙིང་དང༔ ཕྲིན་ལས་གང་བྱེད་ལས་ཀྱི་སོ༔ མཁས་པས་འཕྲུལ་ཞིང་བསྡེབས་ལ་བཟླས༔ ངན་སྔགས་བཟླས་པ་གང་འདོད་བྱ༔ བདག་ཉིད་ཡི་དམ་རབ་གསལ་བས༔ སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས༔ ཇི་ལྟར་འདོད་པའི་ལས་རྣམས་ནི༔ ཐོགས་པ་མེད་པ་བྱེད་པར་བསྒོམ༔ ཞི་་་བ་དང་།རྒྱས་་་པ་དང་།དབང་གསུམ་་་གྱི།ལས་མཇུག་རྣམས༔་་་ནི། དེ་རང་གི།་་་སྦྱིན་སྲེག་དག་གིས་གཅད་པར་བྱ༔ དྲག་པོ་གསད་་་པ།དང་བཅད་པ་་་ཡི་ལས་རྣམས་ཀྱི།ནི༔ ལས་མཇུག་མནན་་་པ་དང་།སྲེག་་་པ་དང་།འཕང་་་བ།གསུམ་་་གས།གཅད༔་་་པར་བྱའོ། །དེ་བཞིའི་རྫས་རྣམས་བསྟན་པ་ནི༔ དཀར་་་ཞོ་འོ་མ་མར།གསུམ་མངར་་་ཀ་ར་བུ་རམ་སྦྲང་།གསུམ་རྩི་སྨན་འབྲུ༔ ཞི་དང་རྒྱས་པའི་རྫས་ཡིན་ལ༔ དབང་ལ་རྒྱ་སྐྱེགས་་་དང་།མེ་ཏོག་དམར༔་་་པོ་ཚེར་མ་ཅན་དང་མེ་ཏོག་ལྕགས་ཀྱུ་ལྟ་བུ་ཡོད་པ། དྲག་པོ་་་ལ་ནི།གོང་གི་ཐུན་རྫས་རྣམས༔་་་ཡིན་ནོ། །གལ་ཏེ་་་སྒྲུབ་པ་པོ།བསོད་ནམས་ཆུང་་་བར།གྱུར་ཏེ༔ ལན་གསུམ་སྤོགས་པས་མ་གྲུབ་ན༔ སྔོན་འགྲོའི་ལས་རིམ་ཚོགས་བསགས་ལ༔་་་སྦྱིན་བཏང་སཱཙྪ་གདབ་ཆུ་གཏོར་བཏང་ལམ་འཕྲང་བཅོས་དཀོན་མཆོག་གསུམ་ལ་མཆོད་པ་དང་དགེ་འདུན་ལ་ཆོས་སྟོན་སོགས་དཀར་ཕྱོགས་འགྲུབ་ཚད་ནན་ཏན་དུ་བྱ་བས། དེ་ནས་་་སླར་ཡང་།བསྙེན་སྒྲུབ་་་ཡི་དམ།ཚུལ་བཞིན་བྱ༔ དེས་མ་འགྲུབ་ན།་་་དེ་ནས་་་དམ་ཅན།ཕྲིན་ལས་ལན་གསུམ་སྤོགས༔ ལས་གཞུང་་་སོགས་ནི།སྔ་མ་ཇི་བཞིན་ནོ༔ དེས་ལྟར་་་བྱས་ཀྱང་།འགྲུབ་པར་མ་གྱུར་ན༔ སྔོན་དུ་འགྲོ་བ་ཀུན་བྱས་ལ༔ སྔགས་རྫས་རང་གི་སྐྱོན་ཀུན་སྤང༔ དེ་ནས་དམ་ཅན་གནད་ལ་དབབ༔ དུག་རྣམས་ཕྱུངས་ལ་རྒྱན་ཀུན་གདགས༔ གནད་འབེབ་དག་ལ་གསུམ་ཡིན་ཏེ༔ རྨོངས་པས་བདག་ཉིད་གནད་ཕབ་དང༔ དྲག་པོས་དམ་ཅན་གནད་འབེབ་དང༔ མཁས་པས་ལས་ཀུན་གནད་ལ་འབེབ༔ འདི་གསུམ་མ་ནོར་ཤེས་པར་གཅེས༔ དང་པོ་རང་ཉིད་གནད་ཕབ་ནི༔ དམ་ལ་མི་གནས་་་པ་དང་།དབང་མ་ཐོབ༔་་་པ་དང་། བསྙེན་སྒྲུབ་ཀྱི།་་་སྔོན་འགྲོ་ཚོགས་གསག་མ་བྱས་་་པ།དང༔ བླ་མ་མ་བསྟེན་་་པར།གདམས་པ་་་གཞན་ལ།འཆད༔ ལྟ་བ་་་གྱབ་ཀྱི་ལྷ་སྤྲོས་མེད་ཀྱི།དོན་དང་གཉེན་པོ་སྟོབས༔་་་ཀྱི་ལྷ་ཡི་དམ་གྱི་སྐྱེད་རིམ། མི་གསལ་་་བ་དང་།བཟླས་གྲངས་་་དུས་རྟགས་གསུམ་པོ།ཚད་་་ལམ།མ་ཕྱིན༔ སྔགས་་་དང་།རྫས་་་དང་།ཏིང་འཛིན་གཡེལ་བ་ཡིན༔ སྔགས་པས།་་་དམ་ཅན་གནད་ལ་ཕབ་བྱས་པས༔ སྔགས་པ།་་་རྨོངས་པ་བདག་ཉིད་གནད་མ་ཕེབས༔ རང་ལ་ཟློག་པར་ཐེ་ཚོམ་མེད༔ གཉིས་པ།་་་དྲག་པོས་དམ་ཅན་གནད་ལ་དབབ༔་་་པ་ནི། གོང་མའི་སྐྱོན་སྤང་དང་པོར་གཅེས༔ འདི་ལ་རྣམ་པ་བཞི་ཡིན་ཏེ༔ གཟིར་ཞིང་གནད་ལ་དབབ་པ་དང༔ ཟློག་ཅིང་གནད་ལ་དབབ་པ་དང༔ དཀྲུག་ཅིང་ཨར་ལ་གཏད་པ་དང༔ མེ་ཆུ་འགལ་བ་གསོག་ཅིང་ཤི་ས་བསྟན་པའོ༔ སྔགས་རྫས་ཏིང་འཛིན་དེ་ལྟར་ཤེས༔ དེ་ཡིས་དྲེགས་པ་གནད་ལ་ཕེབས༔ དམ་ཅན་ཁུགས་སུ་ཚུད་པ་ན༔ ཕན་གནོད་ལས་ཀུན་བྱེད་པ་ཡིན༔ དེས་ནི།་་་དམ་ཉམས་རུ་ཏྲ་གནད་ལ་ཕེབས༔ དེ་ལྟར་ལས་རྣམས་འགྲུབ་པའི་ཕྱིར༔ རྣལ་འབྱོར་་་པ་དུས།རྟག་ཏུ་དམ་་་ཚིག།ལ་གནས༔་་་དགོས། རང་ལ་བར་ཆད་་་ཀྱིས།མི་ཚུགས་་་པའི།ཕྱིར༔་་་དུ། རང་གི་ཡི་དམ་རྒྱུན་དུ་བསྒོམ༔ སྐུ་གསུམ་ལྟ་བ་་་དང་།མ་འགལ་་་བར་སྒོམ་པ།བརྩོན༔་་་པར་བྱ། དུས།་་་རྒྱུན་གྱི་ཏིང་འཛིན་མ་བྲལ་བར༔་་་བྱ་དགོས་ཀྱི། རང་།་་་ཐ་མལ་ལུས་སུ་མི་ལྟ་ཞིང༔ ལུས་་་ལྷ།ངག་་་སྔགས།ཡིད་་་ཏིང་ངེ་འཛིན།གསུམ་སྐུ་གསུང་ཐུགས༔ གཟུགས།་་་སྣང་སྟོང་་་སྒྲ།གྲགས་སྟོང་་་སེམས།རིག་སྟོང་་་གི་ངང་དུ།བསྒོམ༔ འཁོར་་་བ་མྱང་།འདས་ཅི་་་ལྟར།སྣང་་་བ་ཐམས་ཅད་བཟང་ངན་ཅི་ལྟར།སྲིད་པ་ཀུན༔་་་ཐམས་ཅད། རང་་་ལས།བྱུང་་་ཞིང་།ཆོས་ཉིད་་་ཀྱི།རོལ་པར་་་ཤར་བར།བལྟའོ༔ དེ་ལྟར་རྟོགས་པའི་རྗེས།་་་དེ་ནས་ལས་རྣམས་གྲུབ་པ་དང༔ འཇིག་རྟེན་པ་དང་འདས་པ་ཡི༔ སྔགས་བདག་སྲུང་མ་དམ་ཅན་ལ༔ གཏང་རག་གི།་་་མཆོད་པ་འབུལ་ཞིང་དམ་ཚིག་བསྐང༔ རྡོ་རྗེའི་ས་ལ་གནས་་་རང་མ་ཤི་བར།ཀྱི་བར༔ སྤྱོད་ལམ་བཀའ་ཡི་གཞུང་བཞིན་བྱ༔ ཡེ་ཤེས་་་པ་དང་།འཇིག་རྟེན་སྲོག་གི་སྙིང༔་་་པོ་རྣམས། ཞག་རེར་བརྒྱ་་་འམ།སྟོང་་་ཅི་འགྲུབ།སྒོམ་བཟླས་བྱ༔ ཡིད་་་དེས་ནི།གདུང་་་ཞིང་།སྙིང་ཉེ་་་བ་དང་།བརྟན་པར་བྱ༔་་་བ་ཡིན་ནོ། །ཅི་ཟ་་་དང་།ཅི་འཐུང་་་དང་།ཕུད་ཀྱིས་་་ཡི་དམ་ཆོས་སྐྱོང་།མཆོད༔ ལེའུ་དྲུག་པར་གསུངས་པ་རྭ་སྙིང་ལ་བརྟེན་པའི།་་་བླ་རྡོ་་་རང་ལུས་ལ།བཅང་ཞིང་་་དུས་རྟག་པར།དམ་ཚིག་བསྲུང༔ ཚེས་གསུམ་བརྒྱད་དགུ་བཅོ་ལྔ་བཅུ་དགུ་ཉེར་དགུ་གནམ་སྟོང་རྣམས་ལ།་་་དུས་ཀྱི་མཆོད་པ་རྒྱུན་མི་གཅད༔ དེ་ཡིས་་་སྲུང་མ།ལུས་དང་གྲིབ་མ་འདྲ༔་་་བར་འཁོར། དེ་ནི།་་་རྒྱུན་དུ་བྱ་བའི་མན་ངག་གོ༔ རྫས་སྔགས་ཏིང་འཛིན་ལ་སོགས་པའི༔ སྐྱ་གཅོད་འདི་་་རྣམས།ནི་གསང་སྔགས་་་ཀྱི།རྩ༔་་་བ་ཡིན་ཏེ་དེ་ནི། འདི་ཡི་རྒྱུད་འདིས་ཤེས་པར་བྱའོ༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྒྲུབ་པ་སྤྱིའི་སྐྱ་གཅོད་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ འཇིག་རྟེན་འདས་དང་མ་འདས་པའི༔ སྒྲུབ་པ་བྱས་པའི་ཚེ།་་་སྔགས་ཀྱི་དྲོད་ཚད་ཤེས་པར་བྱ༔་་་དགོས་ལ། དེ་ཡང་།་་་གསང་བའི་སྒྲུབ་པ་ཐམས་ཅད་ལ༔ སྒྲུབ་པ་དྲུག་ཏུ་ཤེས་པར་བྱ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་སྒྲུབ་དང་རྣམ་པ་ལྔ༔ གཅིག་ཏུ་་་དེ་རྣམས།དྲིལ་ཏེ་སྒྲུབ་་་པ།དང་དྲུག༔་་་ཡིན། རེ་རེ་ལ་ཡང་ལྔ་ལྔ་སྟེ༔ ཕྱི་སྒྲུབ་་་དང་།ནང་སྒྲུབ་་་དང་།གསང་སྒྲུབ་དང༔ གསང་ཆེན་དག་དང་ཡང་གསང་གཏེར༔་་་སྒྲུབ་དང་། དེ་ལྟར་ལྔ་་་ལྔ།རུ་ཤེས་པར་བྱ་འོ༔ དང་པོ་ཕྱི་སྒྲུབ་་་ཀྱི།དྲོད་ཚད་ནི༔ སྒྲུབ་པ་་་དེ་ལའང་།རྣམ་པ་བཞི་ཡིན་ཏེ༔ བསྙེན་པ་དང་ནི་ཉེ་བསྙེན་དང༔ སྒྲུབ་པ་དང་ནི་སྒྲུབ་ཆེན་པོ༔ དེ་རྣམས་་་ལ་གང་ཡང་།དྲོད་ཚད་་་ནི།རྣམ་པ་གསུམ༔་་་ཡིན་ཏེ། གྲངས་དང་དུས་དང་མཚན་མ་འོ༔ ཡེ་ཤེས་་་པ་དང་།འཇིག་རྟེན་་་པ།གང་ལ་ཡང༔ གྲངས་ནི་་་བྱེ་བ་བཅུ་ཡིན།ས་ཡ་དག་ཏུ་གསུངས༔ དུས་ནི་ལོ་གསུམ་་་དང་།མཚན་མ་ནི༔ རབ་་་དང་།འབྲིང་་་དང་།ཐ་མ་་་དང་།གསུམ་དུ་འོ༔ མཚན་མ་བདུན་ནི།་་་རབ་ཀྱིས་སྔགས་བདག་་་བཅོ་བརྒྱད།དངོས་སུ་མཐོང༔་་་བ་འབྱུང་ལ། འབྲིང་གིས་མེ་དང་དུ་བ་དང༔ འོད་དང་སྒྲ་དང་ས་གཡོས་་་དངོས་སམ་ཉམས་སུ།འབྱུང༔ ཐ་མ་་་ནི་དེ་རྣམས།རྨི་ལམ་དག་ཏུ་འོང༔ ངན་སྔགས་བདག་པོ་ཕོ་མོ་ཀུན༔ ཕོ་གྲུབ་རྟགས་སུ་ཕོ་རྣམས་ཀུན༔ སྐད་རིགས་གཟུགས་ཀུན་ཅིར་ཡང་འོང༔ རང་ལ།་་་ཕྱག་་་འཚལ་བ།དང་་་བདག་གི།བཀའ་ནོད་་་པ་དང་བདག་ལ།དངོས་གྲུབ་སྟེར༔་་་བ་སོགས་འབྱུང་། མོ་གྲུབ་་་པ།མོ་ཡི་ཆ་བྱད་་་དུ་འབྱུང་ཞིང་གོང་ལྟར་བྱེད།དོ༔ གཞན་ཡང་དུད་འགྲོ་་་སྣ་ཚོགས་དང་།སྦྲུལ་སྦལ་པ༔ ལ་སོགས་ཀླུ་དང་ས་བདག་གོ༔ དེ་ཡང་།་་་བཀའ་ཡི་གསང་རྒྱུད་ཇི་སྙེད་་་པ་ཐམས་ཅད།དུ༔ གསུངས་པའི་སྔགས་རྣམས་ཐམས་ཅད་ལ༔ འདི་་་ཚུལ།བཞིན་་་དུ་དེ་རྣམས།ཀུན་ལ་ཤེས་པར་བྱ༔་་་འོ། །གྲངས་དང་་་དེ་ཡང་།དུས་དང་མཚན་མ་དག༔་་་ལ་དྲོད་ཚད་ཐོབ་ལ། ཉམས་་་སུ།མྱོང་ན་ནི་སྔགས་པ་བདག༔ བསྙེན་་་པ།དང་ཉེ་བསྙེན་་་གྱི།དྲོད་ཚད་ཐོབ༔་་་པ་ཡིན་ལ། གལ་ཏེ།་་་ཚད་དུ་མ་ཕྱིན་སྐྱོན་ཡིན་ལ༔ ཚད་ལས་བརྒལ་བ་ཡོན་ཏན་མཆོག༔ དེ་ལྟར་བསྙེན་པ་་་ཡོངས་སུ།རྫོགས་་་པར།བྱས་ནས༔ སྦྱོར་བ་རྫས་སོགས་བཤམས་བྱས་ལ༔ སྒྲུབ་པ་བྱས་ལ་དངོས་གྲུབ་བླང༔ གཉིས་སུ་མེད་པར་གྱུར་པ་ན༔ དེ་དག་ནི།་་་གྲུབ་པ་བདག་ཏུ་གསུངས་པ་ཡིན༔ དེའི།་་་གྲངས་ནི་ཁྲི་་་ཕྲག་གཅིག།ལ་དུས་་་ནི།ཞག་གཅིག༔ མཚན་མ་རབ་འབྲིང་ཐ་མ་འབྱུང༔ སྟོབས་དང་དབང་དུ་གྱུར་པ་ནི༔ གྲུབ་པའི་དྲོད་ཚད་ཡིན་པར་བཤད༔ དེ་ནས་ལས་ལ་སྦྱོར་བར་བྱ༔་་་སྟེ། ཞི་་་བ་དང་།རྒྱས་་་པ་དང་།དབང་་་དང་།དྲག་་་པོ་དང་།གསད་གསོད་་་པ་དང་།རྦད༔་་་པ་དང་། བཅད་་་པ།དང་ཆོ་འཕྲུལ་་་དང་།མནན་་་པ།དང་གཟིར༔་་་བ་ལ་སོགས་པ། ཕན་གནོད་་་ཀྱི།ལས་དང་གང་འདོད་་་པ་ཐམས་ཅད།འགྲུབ༔་་་པར་འགྱུར་ཏེ་དེ་ནི། སྒྲུབ་པ་ཆེན་པོ་ཞེས་བྱ་འོ༔ དེ་ཡི།་་་གྲངས་་་ནི།འབུམ་་་འབུམ་ལ།དུས་ནི་ཉེར་གཅིག་ཞག༔ ཞི་བས་ཚེ་རིང་ནད་མེད་ཐོབ༔ རྒྱས་པས་འབྱོར་པ་བཀྲག་གཟི་བརྗིད༔ དབང་གིས་གང་འདོད་དབང་དུ་འདུ༔ དྲག་པོས་དགྲ་བགེགས་འདུལ་བར་བྱེད༔ མཚན་མ་འདི་ལྟར་འབྱུང་བ་་་ཡིན།སྟེ༔ རང་རང་་་གི།བླ་རྟགས་་་གང་ཡིན་པ་དེ།དབང་་་དུ།བྱེད་་་པ།དང༔ དགུག་་་པ།དང་གསད་་་པ་དང་།བཅད་་་པ་དང་།ཕ་རོལ་རྒོལ༔་་་བ་དང་། སྲོག་ཆགས་བསད་པ་་་སོགས་ནི།དགྲ་་་ཐུལ་བ།ཡི་རྟགས༔ འབྱུང་བ་བཞི་པོ་གཡོ་བར་བྱེད༔་་་པ་དང་། ཐོག་དང་སེར་བ་་་དང་།ཆོ་འཕྲུལ་སོགས༔ དངོས་དང་ཉམས་དང་རྨི་ལམ་་་དུ།འབྱུང༔་་་བ། འདི་ཉིད་་་ནི།སྤྱི་ཡི་དྲག་པོའི་རྟགས༔ ལས་གྲུབ་པའི།་་་སྔགས་ཀྱི་ནུས་པའི་འབྱུང་ལུགས་ཀྱང༔ ཞི་བ་མང་ཡང་ཟུག་རྔུ་མེད༔་་་ཚད་ལས་མང་བ་རང་ལེགས་སོ། །རྒྱས་པ་་་ཡང་ཞི་བ་དང་།དེ་འདྲ་་་གྲངས་ཚད་ལས་མང་ཡང་ལེགས།དབང་གི་སྔགས༔་་་ནི། གྲངས།་་་ཚད་ལས་འདས་ན་སྔགས་པ་ནི༔ ནད་མང་་་ཞིང་།ཚེ་སྲོག་དག་ལ་གནོད༔ དགྲ་བགེགས་དགུག་གསད་དེས་ཤེས་སོ༔་་་དགྲ་ཁུག་པའི་མཚན་མ་མཐོང་ནས་ད་དུང་འགུགས་འདྲེན་བྱས་ན་དམ་ཅན་རང་ལ་ལྡོག་པ་སོགས་སྐྱོན་མང་ལ་མ་ཁུག་པར་ཡང་མི་གསད་དོ། །ལུས་ལ་དགྲ་བགེགས་འཇུག་པར་བྱེད༔ གསད་སྔགས་ཚད་བརྒལ་རང་སྲོག་གཟན༔་་་བསད་རྟགས་རྫོགས་ནས་ད་དུང་གསད་ལས་བྱས་ན་སྔགས་པ་གྲི་ཁར་འཆི་བ་སོགས་སྐྱོན་མང་ངོ་། །དོན་མེད་དུ་ཐོག་སེར་ཡང་ཡང་དབབ་ན་མི་ཤིས།་་་ཐོག་སེར་མང་ན་ཡུལ་རིགས་ཕུང༔ དྲེགས་པ་རྣམས་ལ།་་་གཟིར་མནན་ཚད་ལས་བརྒལ་ན་ལས་་་་བྱེད་དུ།མི་ནུས༔ ལྟས་ངན་ཆོ་འཕྲུལ་ཚད་བརྒལ་རང་ལ་འོང༔ དེ་བས་དྲོད་ཚད་་་རྟགས་ལ།མཁས་པས་དུས་དང་གནས་སྐབས་་་ཐམས་ཅད་དུ།བརྟགས༔་་་ཤིང་དཔྱད་པར་བྱ་བ་གལ་ཆེའོ། །གཉིས་པ་ནང་སྒྲུབ་དྲོད་ཚད་བསྟན་པ་ནི༔ བསྙེན་་་པ་དང་།སྒྲུབ་་་པ་དང་།ལས་སྦྱོར་་་དང་།གསུམ་ཡིན་ཏེ༔ བསྙེན་པ་དག་ལའང་རྣམ་པ་གསུམ༔་་་ཡིན་ཏེ། གྲངས་་་དང་།དུས་་་དང་།མཚན་མ་གསུམ་དུ་ཤེས༔་་་དགོས་ལ། མཚན་མ་རབ་འབྲིང་ཐ་མ་གསུམ༔་་་སྟེ་དེ་ནི། གོང་དུ་བསྟན་པ་ཁོ་ན་་་ལྟར་ཡིན།ཏེ༔ རབ་དངོས་་་དང་།འབྲིང་ཉམས་་་དང་།ཐ་མ་རྨི་ལམ་མོ༔ ཚད་་་དུ།ཕྱིན་་་པ་དང་།མ་ཕྱིན་་་པ་དང་།སྐྱོན་་་དང་།ཡོན་་་ཏན་སོགས་ཀྱང་།གོང་དང་མཚུངས༔་་་པ་ཡིན་ནོ། །དྲོད་ཚད་རྫོགས་ནས།་་་གཉིས་སུ་མེད་པར་གྱུར་པ་དེ༔་་་ནི། གྲུབ་པ་དག་ཏུ་འདོད་པ་ཡིན༔ བསྙེན་་་པ།རྫོགས་་་ནས།ལས་་་ལ།སྦྱོར་་་ཞིང་།དངོས་གྲུབ་བླང༔་་་བར་བྱའོ། །སྟོབས་དང་ནུས་པ་དངོས་སུ་ཕྱིན༔ སྒྲུབ་པའི་དྲོད་ཚད་གཏན་ཕེབས་པས༔ དུས་ནི་ངེས་མེད་་་ལ།གྲངས་་་ནི།བརྒྱ་་་འམ།སྟོང༔་་་སོགས་བཟླ། ཁོང་དུ་ཆུད་་་དྲོད་ཚད་ཐོབ།ནས་ཕན་གནོད་་་ཀྱི།ལས༔ གང་འབྱོར་་་བར།སྦྱར་ཏེ་དམིགས་སུ་དབབ༔་་་པར་བྱའོ། །གསུམ་པ་གསང་སྒྲུབ་་་ཀྱི།དྲོད་ཚད་ནི༔ གྲངས་་་དང་།དུས་་་དང་།ཚད་་་དང་།གསུམ་་་ནི།འདི་ལྟ་སྟེ༔ གྲངས་ནི་འབུམ་་་ཕྲག།གསུམ་་་ཡིན་ལ།དུས་་་ནི།ཟླ་་་བ།གསུམ༔་་་ཡིན་ནོ། །མཚན་མ་་་ནི།རབ་་་དང་།འབྲིང་་་དང་།ཐ་གསུམ་་་ནི་སྔར་དང་འདྲ།སྟེ༔ ཚད་་་ལས།བརྒལ་་་བའི།ཡོན་ཏན་་་དང་ཚད་དུ།མ་ཕྱིན་་་པའི།སྐྱོན༔་་་སོགས་ཀྱང་གོང་དང་འདྲ། དྲོད་ཚད་ཐོབ།་་་ཁོང་དུ་ཆུད་དུས་ལས་ལ་སྦྱོར༔ བཞི་པ་གསང་ཆེན་་་གྱི།སྒྲུབ་པ་་་ལ།ཡང༔ སྔགས་གཅིག་་་རང་ལ།བསྙེན་་་པ་དང་།སྒྲུབ་་་པ་དང་།ལས་སྦྱོར་་་ཐམས་ཅད།ཚང༔ གྲངས་ནི་བརྒྱ་་་རྩ།བཅུ་་་སྟེ་སྟོང་ཕྲག་གཅིག།དུས་ཡུད་ཙམ༔་་་མོ། །མཚན་མ་་་ནི།རབ་་་དང་།འབྲིང་་་དང་།ཐ་གསུམ་འབྱུང༔་་་བ་ནི་སྔར་ལྟར་རོ། །དྲོད་ཚད་ཐོབ་པའི་གདིང་།་་་ཁོང་དུ་ནམ་ཆུད་་་པའི་ཚེ།ལས་ལ་སྦྱར༔་་་བ་ཡིན། ཚད་་་དུ།ཕྱིན་་་དང་།མ་ཕྱིན་་་པའི།སྐྱོན་་་དང་།ཡོན་་་ཏན་སོགས་ཀྱང་གོང་དང་།འདྲ༔ ལྔ་པ་ཡང་གསང་གཏེར་་་གྱི།སྒྲུབ་་་པ་ལ།ནི༔ སྔགས་གཅིག་་་གིས།བསྙེན་་་པ་དང་།སྒྲུབ་་་པ་དང་།ལས་སྦྱོར་རྫོགས༔་་་པར་བྱེད་པའོ། །དུས་ནི།་་་ཟླ་བ་གཉིས་ལ་མཚན་མ་བདུན༔་་་རབ་དངོས་འབྲིང་མེ་དང་དུ་བ་འོད་སྒྲ་ས་གཡོས་ཐ་མ་རྨི་ལམ་སྟེ་སྔར་བཤད་པ་ལྟར། ཚད་་་དུ།ཕྱིན་་་པ་དང་།མ་ཕྱིན་་་པའི།སྐྱོན་་་དང་།ཡོན་་་ཏན་ནི་གོང་དང་།འདྲ༔ ཅི་ཕྱིར་དེར་ནི་དངོས་གྲུབ་འབྱུང༔ གཞན་ལ་མི་ལྟོས་དངོས་གྲུབ་སྟེར༔ དྲོད་ཚད་ཐོབ་པ།་་་ཁོང་ཆུད་ལས་སྦྱར་གང་འདོད་འགྲུབ༔ དེ་ལྟར་བསྙེན་སྒྲུབ་ལས་རྫོགས་ནས༔ དུས།་་་རྒྱུན་གྱི་ཏིང་་་ངེ་།འཛིན་འདི་ལྟ་སྟེ༔ སྔོན་ལ་་་རང་ཉིད།ཡི་དམ་་་དུ་བསྒོམ།དེ་ཡི་ཕྱི༔་་་ལ། མདུན་དུ།་་་དམ་ཅན་གང་ཡིན་་་སྐྱེད་ལ།བསྙེན་་་དང་།སྒྲུབ་་་པའི་སྔགས།བཟླས༔་་་ཞེས་སོ། །བསྙེན་སྒྲུབ་ལས་སྦྱོར་མཚན་མ་སྤྱིར་བསྟན་པའོ༔ བྱེ་བྲག་དྲེགས་པ་བཅོ་བརྒྱད་ཀྱི༔ རྟགས་ནི་གསུམ་ཡིན་རང་བཞིན་དང༔ གནོད་ཅིང་རང་ལ་ལོག་པ་དང༔ ཕར་ལ་ཐེབས་ཤིང་གནད་ཐེམས་པ་འོ༔ དང་པོ་རང་བཞིན་གྲུབ་པའི་རྟགས༔ མོན་པ་རྒྱ་གར་་་བ་དང་།མཛེ་ཅན་དང༔ སྟག་་་དང་།སེང་་་གེ་དང་།ཞུབ་ཅན་མང་པོ་ནི༔ གཤིན་རྗེའི་་་འཆི་བདག།གྲུབ་པའི་རྟགས་སུ་བཤད༔ འདབ་ཆགས་ནག་པོ་་་དང་།བུད་མེད་་་དང་།འབྲི་རྒོད་དང༔ རྒྱ་མོ་་་དང་།བལ་མོ་་་དང་།མོན་མོ་དུད་འགྲོ་ཞོན༔་་་པ་དང་། མ་་་དང་།སྲིང་་་མོ་དང་།ཆུང་མ་་་དང་།མཛའ་མོ་་་དང་།བྲན་མོ་དང༔ རླུང་ནག་འཚུབས་མ་་་དང་།རྒྱ་མཚོ་་་དང་།ཆུ་ཆེན་འབབ༔་་་པ་སོགས་ནི། མ་མོ་མཁའ་འགྲོ་འདུ་བའི་རྟགས་ཡིན་ནོ༔ བོན་པོ་་་དང་།གཡག་དང་བྱ་རོག་་་དང་།མོན་པ་དང༔ ཁྱི་ནག་་་སོགས་ནི།བདུད་དང་མུ་སྟེགས་འདུ་བའི་རྟགས༔་་་ཡིན་ནོ། །བུད་མེད་ནག་མོ་མཛོ་་་དང་།བྱ་་་དང་།ཆུ་ལ་ཞོན༔་་་པ་དང། སྦྲ་་་དང་།གུར་ནག་པོ་་་སོགས་ནི།བདུད་མོའི་རྟགས༔་་་ཡིན་ནོ། །སྐྱེས་པ་་་དང་།གངས་དཀར་་་དང་།དར་དཀར་ཕོ་ལྷའི་རྟགས༔་་་ཡིན་ནོ། །གཅན་གཟན་ཤ་ཟ་མང་པོ་དང༔ དྲེད་་་མོ།དང་མི་ཡི་ཆ་བྱད་ལ༔ རྐང་ལག་སྦྲུལ་དུ་འདུག་པ་དང༔ བཤན་པ་གྲི་ཐོགས་ལ་སོགས་པ༔ སྲིན་པོ་ཕོ་མོའི་རྟགས་སུ་བཤད༔ སྔགས་པ་ལྟ་ལོག་རུ་དྲའི་་་རྟགས།ཡིན༔ མི་ལུས་་་ལ།གཅན་གཟན་་་ལྤགས་པའི།ཐུལ་པ་གྱོན༔་་་པ། མེ་ཡི་འོད་་་དང་མེ་སྟག།འཕྲོ་གནོད་སྦྱིན་ཕོ་མོ་འོ༔་་་འི་རྟགས། བཙུན་པ་་་དང་།བཙད་པོ་་་དང་།འབག་་་དང་།སེང་་་དང་།ལྷ་ཁང་དང༔ ལྡེར་བཟོ་སྐུ་གཟུགས་་་དང་།སྤྲེའུ་་་སོགས་ནི།རྒྱལ་པོ་འོ༔ སྐྱེས་པ་རྟ་ཞོན་དཀར་སེར་དམར་ལ་སོགས༔ ཞུབ་་་ཁྲབ།དང་བཅས་པ་བཙན་་་གྱི་རྟགས།ཡིན་ནོ༔ འདབ་ཆགས་ཕུག་རོན་་་དང་།མུན་ནག་་་སོགས།ནི་དམུའོ༔་་་འི་རྟགས་སོ། །སྤྱང་ཀི་་་དང་།བན་དྷེ་བུས་པ་བྱིས་སྦ་དང༔ སྐྱེས་ཕྲན་་་དང་།བྲོ་པ་་་དང་།བྱ་གཅན་་་གཟན་སོགས་ནི།རྡོ་རྗེ་ལེགས༔་་་པའི་རྟགས་སོ། །སྤྲང་པོ་བུས་པ་་་བུ་ཆུང་།རྟ་་་དང་།བོང་་་བུ་སོགས་ནི།འགོང་པོ་འོ༔་་་འི་རྟགས་སོ། །བན་དྷེ་མོ་དང་སྒོམ་མ་་་དང་།མི་དང་ཁྱི༔་་་དང་། སུ་་་ཡང་།རུང་་་བ།རྒྱོ་སྒུག་པ་ནི་དམ་སྲི་མོ་འོ༔་་་འི་རྟགས་སོ། །བ་ལང་་་དང་།གཡག་དང་སྡོམ་སྡིག་་་དང་།ཉ་་་དང་།སྦྲུལ་་་དང་།སྦལ༔་་་པ་སོགས་ནི། ས་བདག་་་དང་།ཀླུ་གཉན་དག་གི་རྟགས་ཡིན་ནོ༔ གཞན་ཡང་སྐྱེས་པ་ཕོ་མོ་དང༔ རྒྱ་་་གར་བ་དང་།མོན་་་པ།ལ་སོགས་་་པ།ཅི་ཡང་འོང༔་་་ལ། མཆེད་ལྕམ་་་དང་།ཡུལ་མི་་་དང་།ཁྱིམ་མཚེས་དང༔ ཉེ་དྲུང་་་ལ་སོགས་པས་རང་ལ།བཀུར་སྟི་བྱེད་་་པ་རྨིས།ན་བཟང༔ དེ་ནི་དྲེགས་པ།་་་སྤྱི་ཡི་རྟགས་ཏེ་གྲུབ་པ་འོ༔འི་མཚན་མའོ། །ཕར་ལ་བཟློག་པའི་རྟགས་བསྟན་པ༔ སྤྱིར་ན་གོང་གི་དེ་རྣམས་ཀུན༔ བརྡུང་་་བ་དང་།བསད་་་པ་དང་།བཅོམ་་་པ།དང་ཕར་ལ་རྒོལ༔་་་བ་དང་། དེ་རྣམས།་་་རྒས་དང་གུད་དང་ན་བ་དང༔ གང་་་ལ།མང་འཐབ་པས་བདག་རྒྱལ་་་བ།དང༔ གཞན་གྱི།་་་མཚོན་་་ཆ་རང་ཉིད་ཀྱིས།འཕྲོག་་་པ།ལ་སོགས་་་པ་ནི།བཟློག་པའི་རྟགས༔་་་ཡིན་ནོ། །དྲེགས་པའི།་་་ཁྱད་པར་རེ་རེའི་རྟགས་བསྟན་པ༔ མོན་པ་ནག་པོ་ཁ་བཅིངས་དང༔ རྒྱ་གར་་་བ་དང་།མཛེ་ཅན་བསད་པ་དང༔ ཞུབ་ཆེན་་་ཕར་ལ།བརྡུངས་དང་སྟག་་་དང་།སེང་་་གེ།བཏུལ༔ གཤིན་རྗེ་་་འཆི་བདག།བཟློག་པའི་རྟགས་སུ་བཤད༔ མི་རིགས་མང་པོ་བཏུལ་་་བ།དང་བརྡུངས༔་་་པ་དང་། འདབ་ཆགས་་་གང་ཡང་རུང་བ།བསད་་་པ།དང་འདྲེ་རྒོད་བརྡས༔་་་པ་དང་། མོན་མོ་་་དང་།བལ་མོ་་་དང་།རྒྱ་མོ་་་དང་།བྲན་མོ་་་ལ།སོགས༔་་་པ། བཏུལ་་་བ།དང་རྒྱ་མཚོ་་་དང་།ཆུ་བོ་བསུབ་་་པ་དང་ཕར་ལ།བསྒྱུར་་་བ་དང་།བཅད༔་་་པ་དང་། རླུང་།་་་འཚུབས་མ་ཞི་བ་་་སོགས་ནི།མ་མོའི་་་ཐུབ་པའི།རྟགས༔་་་ཡིན། བོན་པོ་ལྕགས་བཅུག་་་པ་དང་།གཡག་བསད་་་པ།དང༔ བྱ་རོག་ནག་པོ་ས་ལ་ལྷུང༔་་་བ་སོགས་ནི། བདུད་དང་མུ་སྟེགས་ཐུལ་བ་ཡིན༔་་་ནོ། །བུད་མེད་སེམས་ཅན་ཞོན་པ་ཀུན༔ སྔོན་དམར་བྱད་་་དུ།བཅུག་་་པ་དང་།བསྡམས་པ་དང༔ སྦྲ་ནག་གཏིབས་་་པ།དང་བུད་མེད་ན་ཞིང་བརྡུངས༔་་་བ་སོགས་ནི། བདུད་མོ་བཟློག་པའི་རྟགས་ཡིན་ནོ༔ གངས་དཀར་་་ལ།མུན་ནག་གཏིབས་པ་་་དང་།དར་དཀར་་་པོ།དབྲལ༔་་་པ་དང་། སྐྱེས་པ་བརྡུངས་་་པ་ལ།སོགས་་་པ་ནི།ལྷ་ཐུལ་་་བའི།རྟགས༔་་་ཡིན་ནོ། །གཅན་གཟན་ཁ་བཅིངས་་་པ་དང་།མི་རྒོད་་་ཀྱི་ལག་གི།མཚོན་ཆ་འཕྲོག༔་་་པ་དང་། བཤན་པ་གྲི་ཐོགས་་་པ།དོང་ནང་་་དུ།བསྐྱུར་བ་་་སོགས་ནི།སྲིན་པོ་བཟློག༔་་་པའི་རྟགས་སོ། །མགོ་བརྙན་་་ཅན་དང་།སྲིན་མོ་བསད་་་ཅིང་།བརྡུངས་བཅིངས༔་་་པ་དང་། དེ་དག་གི།་་་རྐང་ལག་་་སོགས།དབང་པོ་མེད་པར་བྱས༔་་་སོགས་ནི། སྲིན་མོ་བཏུལ་བའི་རྟགས་སུ་འདོད༔ སེང་གེ་དཀར་མོ་་་ཤིང་ཐག་གི།ལྟོང་ལ་་་བཏགས་ཏེ།དཀྱུས༔་་་པ་དང་། རི་ཁྱི་་་དང་།སྟག་་་དང་།གཟིག་་་གི།མ་མགལ་བཀོག༔་་་པ་སོགས་ནི། རུ་ཏྲ་མ་རུངས་་་པ།བཟློག་པའི་རྟགས༔་་་ཡིན་ནོ། །མི་བསད་་་པ་དང་།ཤིང་བཅད་་་པ་སོགས་ནི།གནོད་སྦྱིན་་་ཕོ་མོ་བཏུལ་བའི་རྟགས་ཡིན།ལ༔ ལྷ་ཁང་་་དང་།ལྡེར་བཟོ་བརྡུངས་བཤིག་པ༔་་་སོགས་ནི། རྒྱལ་པོ་བཟློག་པའི་རྟགས་ཡིན་ནོ༔ རྟ་་་ལ་ཞོན་པའི།དམག་རྟས་བརྡབ་་་པ་དང་།མཚོན་རྩེ་་་བཅག།སྣོལ༔་་་བ་སོགས་ནི། བཙན་བཟློག་པ་ཡི་རྟགས་སུ་བཤད༔ ཕུག་རོན་བདས་དང་མུན་པ་སངས༔་་་པ་སོགས་ནི། དམུ་བཟློག་པ་ཡི་རྟགས་ཡིན་ནོ༔ སྤྱང་ཀི་ཁ་བཅིངས་་་པ།སྤྲང་པོ་བརྡུངས༔་་་པ་སོགས་ནི། ཐེ་བྲང་བཟློག་པའི་རྟགས་སུ་བཤད༔ བྱིས་སྦ་ལ་སོགས་བརྡུངས་པ་་་ནི།འགོང་པོ་བཟློག༔་་་པའི་རྟགས་སོ། །བལ་མོ་་་དང་།བཙུན་མ་་་དང་།སྒོམ་མ་བརྡུངས༔་་་པ་དང་། དབེན་ཧྲུལ་་་ཁང་ཧྲུལ།བཤིག་པ་་་སོགས་ནི།དམ་སྲི་བཟློག༔་་་པའི་རྟགས་སོ། །ཀླུ་སྐམ་་་ལ།འཐོན་་་པ།དང་ཉ་སྦྲུལ་ཟ༔་་་བ་དང་། བ་ལང་ཐུར་་་ལ།བདས་་་པ་སོགས་ནི།ཀླུ་དང་ས་བདག་ཐུལ༔་་་བའི་རྟགས་སོ། །གཞན་ཡང་།་་་མེ་འབར་་་བ།བསད་་་པ།དང་མཚོན་རྩེ་སྣོལ༔་་་བཅག་པ་དང་། བྱ་ལ་འུར་རྡོས་བདས་པ་དང༔ བྱིས་པ་་་དང་།མི་ནག་་་ལྕགས་སྒྲོག་དང་ཐེ་གུས།བཏགས་་་པ།དང་བཟུང༔་་་བ་དང་། བུད་མེད་དབང་་་དུ།བསྡུས་་་པ་དང་།དམག་དཔུང་བཟློག༔་་་པ་དང་། བཙན་ལ་སྟོང་ཞགས་་་པ།བཏབ་པ་དང༔ བྲག་་་དང་།ཤིང་་་དང་།ཆུ་དང་རླུང་ནག་འཚུབས༔་་་པ་ལ་སོགས་པ། བཅད་་་པ་དང་།བརྡུངས་་་པ་དང་།གཤགས་་་པ་དང་།དབྲལ་་་བ་ལ་སོགས་པས།མེད་པར་བྱས༔་་་པ་དང་། བྱ་དང་རི་དྭགས་སོགས་ཀྱི།་་་རྒྱ་བཤིག་་་པ་དང་།མཚོན་་་དང་།གཏོར་་་མ་ལ་སོགས་པ་ཚུར།བྱུང་བ་་་སླར་ཕར་ལ།ཟློག༔་་་པ་སོགས་ནི། བན་དགྲས།་་་ཕྱག་ཆ་་་ཚུར་རང་ལ།བསྐོར་བ་་་ཕར་ལ།བཟློག་པའི་རྟགས༔་་ཏེ། དེ་་་ལ།སོགས་་་པ་ནི་རྦོད་གཏོང་།ཕར་ལ་བཟློག་པའི་རྟགས༔་་་སོ། །རང་ལ་གནོད་དང་འཁུ་བ་དང༔ བཟློག་པའི་རྟགས་ནི་འདི་ལྟ་སྟེ༔ གོང་དུ་བསྟན་པའི་རྟགས་རྣམས་ཀྱིས༔ བདག་ལ་རྩོད་་་པ།དང་རྒོལ་་་པ་དང་།རྡེག་་་པ་དང་།འཐེན༔་་་པ་དང་། ཕར་ལ་རྦད་པའི་ཆོ་འཕྲུལ་རྣམས༔ ཚུར་ལ་ཆེ་རུ་སོང་བ་ནི༔ རང་་་གི་སྲུང་མ་རང་།གཤེད་་་དུ་ཚུར།རང་ལ་འཁོར་བའི་རྟགས༔་་་ཡིན་ནོ། །གཞན་ཡང་།་་་དམག་བྱུང་་་བ་དང་།གཡུལ་སྤྲད་་་པ།ལ་སོགས་པ༔་་་རྣམས་ཀྱིས། ཚུར་་་རང་།ལ་རྒོལ་་་བ་བྱུང་།ན་་་རང་ལ་ཚུར།གནོད་པའི་རྟགས༔་་་ཡིན་པས། སླར་ཁོ།་་་རང་་་གི།གཤེད་་་ཁོ།རང་ལ་བསྐོར་བར་བྱ༔་་་དགོས་སོ། །གཞན་ཡང་མདའ་མདུང་སེར་བ་དང༔ འོད་ལ་སོགས་དང་རྦབ་དང་མཚོན༔་་་ཆ་ལ་སོགས་པ། ཚུར་བྱུང་་་བ།ལ་སོགས་་་ནི།རྦོད་གཏོང་་་རང་ལ་འབྱུང་།ངོ་། རི་ཉིལ་་་བ་དང་།མཁར་བཤིག་་་པ་སོགས་ནི།རང་གི་ཉེས༔་་་པའི་རྟགས་ཡིན་ནོ། །རོལ་མོ་་་དང་།དར་དང་མཚོན་་་ཆ་ལ།སོགས་་་པ།སྟོར་བ་དང༔ དེ་དག་ཆག་་་པ་དང་།དྲལ་་་བ་དང་།སྐད་མེད་་་པ་དང་།ཐུར་དུ་རྒྱུག༔་་་པ་སོགས་ནི་རང་ཉིད། ཤིན་ཏུ་ཕམ་་་པའི།རྟགས་ཡིན་པས་ལས་སྦྱོར་་་ལ་ནན་ཏན་དུ།འབུངས༔་་་དགོས་ཤིང་། ཚོགས་གསག་པ་དང་སྐོང་བཤགས་རྒྱ་ཆེན་་་པོ།བྱའོ༔ ཉི་་་མ་དང་།ཟླ་་་བ།ནུབ་་་པ།དང་་་གཞན་དག་གི།འཚོལ་མི་བྱུང༔་་་བས་འཚལ་བས། སྔོན་ཆད།་་་མ་རྙེད་་་པ་ད་རེས།རྙེད་བྱུང་གོ་བཅད་ཟེར་་་བ་བྱུང་།ནས་་་རང་ཉིད་འཇིག་རྟེན།ཕ་རོལ་་་དུ།བདའ༔་་་བའི་རྟགས་ཡིན་པས། འཆི་བསླུ་་་དང་།ཚེ་ཡི་ཆོ་ག་བྱ༔་་་དགོས། དེ་་་རྣམས།ལས་ལོག་པ་ཐམས་ཅད་་་ནི།བཟང༔་་་བ་ཡིན་ནོ། །རྟགས་ཕྲན་གཞན་ཡང་འདི་ལྟ་སྟེ༔ དང་པོ་རང་ཉིད་བསྲུང་བ་་་བྱེད་པའི་ཚེ།ན༔ རང་ཉིད།་་་མཁར་་་རྫོང་།བཟང་་་པོའི།ནང་ན་འདུག་པ་དང༔ མཆོད་རྟེན་་་གྱི།རྩེ་ལ་འཛེགས་པ་དང༔ གོ་་་ཆ།གོན་་་པ་དང་།མཚོན་་་ཆ།ཐོགས་་་པ་དང་།དམག་དཔུང་ཆས༔་་་པ་དང་། བསོས་བཏབ་་་པ་ཤོ་དང་རྒྱན་སོགས་རྩེས་བས།རྒྱལ་་་བ།དང་རྒྱལ་མཚན་་་གྱི།རྩེ་ལ་འཛེགས༔་་་པ་དང་། གཞན་གྱིས་་་ཚུར་རང་ལ།མཚོན་ཆ་་་འཕངས་པ།མེ་ཏོག་སོང༔་་་བ་དང་། དར་ཕྱར་་་བ།དུང་འབུད་རོལ་མོ་སྒྲོག༔་་་པ་དང་། ཉི་་་མ་དང་།ཟླ་་་བ།ཤར་་་བ།དང་མཁའ་ལ་་་འཕུར་བ།འགྱུ༔་་་བ་སོགས་ནི། གྲགས་པས་ས་སྟེང་ཁྱབ་པ་དང༔ བསམ་པ་ཡིད་བཞིན་་་དུ།འགྲུབ་པའི་རྟགས༔་་་ཡིན་ལ། དེ་དག་་་ནི་རང་།བསྲུང་བ་ཐུབ་པའི་རྟགས༔་་་ཡང་ཡིན་ནོ། །གོང་གི་རྟགས་་་དེ་རྣམས།ལས་གོ་ལོག་་་པ།དང༔ མཁར་་་དང་།རྫོང་་་ལ།སྒོ་མེད་་་པ་དང་མཁར།ཞིག་པ་དང༔ རང་་་གི།བསྲུང་་་བའི།ཆས་ཀ་་་རྣམས།ཉམས་པ་དང༔ གཞན་གྱི་དགྲས་་་རང་ཉིད།བདས་་་པ་དང་འཐབ་པས།རང་ཕམ་་་པ།དང༔ འབྱུང་བ་་་ས་ཆུ་མེ་རླུང་།བཞི་ཡིས་་་རང་།གནོན་པ་དང༔ རང་གི།་་་གོ་་་ཆ།མཚོན་་་ཆ།སྟོར་་་བ་དང་གཞན་གྱིས།འཕྲོག་་་པ་སོགས་ནི་སྲུང་བ།མི་ཐུབ་་་པའི།རྟགས༔་་་ཡིན་ནོ། །འགུགས་པའི་སྔགས་ལ་ཞུགས་དུས་སུ༔ ཕས་ཀྱི་རྒྱན་་་ཆ།འཕྲོག་་་པ་དང་།མཚོན་རྩེ་་་བཅག།སྣོལ༔་་་བ་དང་། རྟ།་་་གྱི་ལིང་སྒྲོག་་་དུ།བཅུག་་་པ་དང་།དོང་དུ་སེམས་ཅན་་་གྱི་རིགས་གང་ཡང་།བསྐྱུར༔་་་བ་དང་། སྐུག་་་རྒྱལ་བ་དང་།སྐྱེལ་་་བ་དང་།སེམས་ཅན་་་གྱི་རིགས།ཅི་ཡང་བཟུང༔་་་བ་དང་། མི་དང་དུད་འགྲོའི་རིགས།་་་ཅི་་་དང་གང་།ཡང་རང་ལ་འདུད་པ་དེ༔ དེ་དག་ཁུག་པའི་རྟགས་སུ་བཤད༔ དེ་རྣམས་ལས་ལོག་་་པ་ནི།མ་ཁུག་་་པའི།རྟགས༔་་་ཡིན་ནོ། །གཟིར་བའི་རྟགས་་་ཡིན་ན།ནི་འདི་ལྟ་སྟེ༔ སེམས་ཅན་་་གྱི་རིགས།མྱོས་་་པ།དང་དངངས་པ་དང༔ འོ་དོད་འབོད་་་པ།དང་ཉམ་ཐག་བརྒྱལ༔་་་བ་དང་། ལུས་ཀྱི་རྨ་དང་ཁྲག་ཀྱང་་་བདག་ལ་ཚུར།བཏོན༔ ཤིན་ཏུ་ཉམ་ཐག་་་པ་དང་།རྒས་་་པ།དང་གུད༔་་་པ་དང་། ངུ་་་བ།དང་སྐྲ་འབལ་་་བ་དང་།ཁ་བུབ་་་དུ།འགྱེལ༔་་་བ་དང་། མཚོན་གྱིས་་་ལུས་ལ།གཟེར་་་བ།དང་རྒྱ་རུ་བཅུག༔་་་པ་དང་། འབྱུང་་་ས་ཆུ་མེ་རླུང་།བཞིས་མནན་དང་བསད་པ་དང༔ ཕས་ཀྱིས་མདངས་དང་མཐུ་རྩལ་འཕྲོགས༔་་པ་སོགས། དེ་དག་ནི་དགྲ་འདྲེ་གང་ཡིན་ཀྱང་།་་་གཟིར་བས་གནད་ལ་ཕེབས་པ་འོ༔་་་འི་རྟགས། དེ་ལས་ལོག་པ་མ་གཟིར་བ་འོ༔་་་འི་རྟགས། ཕས་ཀྱི་རྦོད་གཏོང་་་ཕར་ལ།བཟློག་པའི་རྟགས༔་་་ནི། རིའི་རྩེར་ཆུ་བོ་གྱེན་་་ཡར་ལ།འདྲེན་་་པ།དང༔ མི་དང་དུད་འགྲོ་སོགས།་་་སྤྱི་ཚུག་་་ཏུ།བགྲོད་དང་ལྗོན་ཤིང་་་གི།རྩ་བ་རློག༔་་་པ་དང་། གཞན་གྱི་མཚོན་བཅག་་་པ་དང་།འཐབས་པས་རང་་་ཉིད།རྒྱལ་བ༔་་་དང་། དམག་དཔུང་གྱེས་་་པ།དང་ཡལ་པ་དང༔ སྲོག་ཆགས་ལ་སོགས་གང་་་ཡང་།རུང་་་བ།བདས༔་་་པ་དང་། དེ་་་ལ།སོགས་་་པ་ནི་ཕར་ལ།བཟློག་པའི་རྟགས་ཡིན་ནོ༔ དེ་་་རྣམས།ལས་ལོག་པ་་་ནི།མ་བཟློག་པ་འོ༔ རང་ལ་མནན་པ་བྱུང་རྟགས་ནི༔ རི་རབ་་་དང་།མཆོད་རྟེན་་་གྱི།འོག་་་ཏུ་རང་ཉིད།འདུག་་་པ།དང༔ ལུས་ལ་གོས་ནག་་་དང་།ཕྱར་ནག་གྱོན༔་་་པ་དང་། རང་ལུས།་་་བཅིངས་་་པ་དང་།བསྡམས་་་པ་དང་།མནན་་་པ།དང་་་ངག་གིས།སྨྲ་མི་ཤེས༔་་་པ་དང་། ལྕེ་མི་བདེ་་་བ།དང་ལུས་་་ཉམས་སྟོབས་ཤོར་མདངས་ཡལ།ལྡིབ་་་པ།དང༔ ངག།་་་ལྐུགས་་་པ།དང་དིབ་་་པ།དང་ལུས་ངག་ཡིད་གསུམ་བྱིང༔་་་ཞིང་འཐིབ་པ་དང་། གཉིད་ཆེ་་་བ་དང་།དགེ་སྦྱོར་འཇུག་མི་ཕོད༔་་་པ་དང་། རང་གི།་་་ངག་ལ་་་གཞན།མི་ཉན་ནུས་པ་ཆུང༔་་་བ་སོགས། དངོས་སམ་རྨི་ལམ་གཉིས་ཀར་འོང༔ དེ་ནི་་་ཚུར་རང་ལ།གནོད་པའི་རྟགས་ཡིན་ཏེ༔ དེ་ལས་ལོག་པ་་་ནི་རང་ཉིད།མནན་པ་་་ལས།ཐོན་་་པ།དང་་་ཡང་ན་གཞན་གྱིས་རང་ཉིད་མནན་ཀྱང་།མ་ནོན་པའོ༔ རང་གི།་་་དབང་དུ་འདུས་པའི་རྟགས་བསྟན་པ༔ གང་ཞིག།་་་སུ་་་གང་།དང་ཅི་ཡང་རུང་བ་ཡིས༔ བདག་ལ་ལྷ་ཕྱག་་་འཚལ་བ་དང་།བསྐོར་བ་བྱེད༔ གུས་པ་འབུལ་་་བ།དང་བཟའ་བཅའ་སྟེར༔་་་བ་སོགས། དེ་སོགས་དངོས་དང་རྨི་ལམ་་་དུ།འབྱུང༔་་་བ་ཡིན་ནོ། །ཕར་ལ།་་་ཁ་བཅིངས་པ་ཡི་རྟགས་རྣམས་ནི༔ སྲོག་ཆགས་ཁ་བཅིངས་་་པ་དང་།ལྕགས་སུ་བཅུག༔་་་པ་དང་། སྒོ་མེད་་་པའི།མཁར་ནང་དུ་བཅུག་་་པ་དང་།འདབ་ཆགས་་་བཟུང་ནས་གྲལ།ལྟར་དུ་དཀྱུས༔་་་ནས་བཏགས་པ་དང་། སེམས་ཅན་་་གྱི་རིགས་གང་ཡང་།བཀྱིགས་་་པ་དང་།གཏུམས་་་པ་དང་།གྲིལ་་་བ།དང་སྦས་པ་དང༔ དོང་དུ་བཅུག་པ་ལ་སོགས་་་ནི་ཁ་བཅིངས་པའི་རྟགས་སུ།འོང་བའོ༔ དེ་ལས་བཟློག་པ་་་ནི།ཁ་མ་འཆིང༔་་་བའོ། །གཞན་རང་ལ་ངན་སྦྱོར།་་་བྱས་པ་ཞིག་པའི་རྟགས་རྣམས་ནི༔ དགྲ་ཡི་མཁར་བཤིགས་་་པ་དང་ལོ་ཐོག།བཙས་མ་བརྔ༔་་་བ་དང་། མེ་ཏོག་འཐུ་་་བ།དང་བྲག་་་དང་།ཤིང་གཤག༔་་་པ་དང་། རི་རྣམས་་་ཞིག་ནས་མེད་པར་ཟད།ཚལ་པར་སོང་བ་དང༔ དམག་དཔུང་རླུང་གིས་གཏོར་བ་དང༔ འབྱུང་བ་བཞི་་་ས་ཆུ་མེ་རླུང་།རྣམས་གཡོས་པ་དང༔ དེ་སོགས་བྱས་པ་བཤིག་པ་་་འི་རྟགས།ཡིན༔་་་ལ། དེ་ལས་ལོག་པ་་་ནི་བྱས་པ།མ་ཞིག་པ་འོ༔ གཞན་གྱི་ངན་སྔགས་ཀྱི་དཔལ་རང་ཉིད་ལ།་་་ཟུག་པ་དབྱུང་བའི་རྟགས་་་སུ།བསྟན་པ༔་་་ནི། རང་གི།་་་ལུས་ལས་ངན་སྐྱུགས་་་དང་།རྣག་ཁྲག་་་ལ་སོགས་པ།འཐོན༔་་་པ་དང་། སེམས་ཅན་་་གྱི་རིགས་གང་ཡང་རུང་བ།ཐོན་་་པ།དང་མཚོན་བརྒྱབ་་་པ་ཕར་ལ་བྱུང་ཞིང་།བཏོན༔་་་པ་དང་། བཅིངས་པ་་་ལས།བཀྲོལ་་་བ།དང་གནོན་པ་གསེངས༔་་་པ་དང། དེ་ལ་སོགས་པ་ཟུག་ཕྱིན་པ༔་་་འི་རྟགས་ཡིན། དེ་ལས་ལོག་པ་་་ནི།ཟུག་མ་ཕྱིན༔་་་པའོ། །དང་པོ།་་་དགྲ་དང་སྲོག་ཆགས་བསད་པ་དང༔ ཡུལ་ནས་ཕྱུང་་་བ།དང་མཁར་་་དང་།ཁྱིམ་བཤིག༔་་་པ་དང་། སྐྱེ་ཤིང་་་དང་རི།བྲག་་་ལ།སོགས་་་པ།གཤགས་པ་དང༔ གློ་་་བ་དང་སེམས་ཅན་གང་ཡང་རུང་བའི།སྙིང་ཕྱུང་་་བ་ལ་སོགས་ནང་ཁྲོལ།དང་ཤ་ཁྲག་་་རང་གཞན་གྱིས།ཟོས༔་་་པ་དང་། རྒྱ་་་ནང་དུ་ཚུད་པ།ཅན་་་གྱི།བྱ་བསད་་་པ་དང་།སེམས་ཅན་བསད༔་་་པ་དང་སྲེག་པ་རྣམས། ར་དང་རི་དྭགས་་་གང་ཡང་རུང་།བསད་པ་ནི༔ དྲག་པོའི་ལས་ལ་སྦྱར་བ་དང༔ དགྲ་བསད་པ་ཡི་རྟགས་ཡིན་ནོ༔ ཆོ་འཕྲུལ།་་་མྱུར་བར་གང་་་ལ།བཅོལ་་་བའི།ལས་་་རྣམས།བྱེད་་་གི་འདུག།ན༔ ངེས་པར་་་བདག་གི།དབང་དུ་འདུས་པ་ཡིན༔་་་པས། ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ༔ དམོད་པ་དྲག་སྔགས་འདི་སྨྲོས་པས༔ མྱུར་ན།་་་ཟླ་བ་དྲུག་གམ་་་འགོར་ན།ལོ་གཅིག་ན༔ དགྲ་བགེགས།་་་ཐམས་ཅད་སྒྲོལ་བར་ཐེ་ཚོམ་མེད༔ ལས་་་ཀྱི།མཇུག་ནི་ལེའུ་ཉེར་དགུ་པ་དང་སུམ་ཅུ་པ་ལྟར།་་་མནན་་་པ་དང་།ལེའུ་ཉེར་བདུན་པ་ལྟར།་་་སྲེག་་་པ་དང་།ཉེར་བརྒྱད་པ་ལྟར།་་་འཕང་་་བ་དང་།གསུམ་་་གྱིས།བསྡུ༔་་་འོ། །དེ་རྣམས་བྱེད་ཚེ།་་་སེམས་གཡེངས་་་དེ་དངངས་ཤིང་ངར་བ།གཟིངས་་་ནས་ང་ལས་ལྷག་པ་གཞན་མེད་དོ་སྙམ་པ་རང་སེམས།མཐོ་་་ཞིང་།རིག་པ་དྭངས༔་་་བ་དང། ལུས་བདེ་ཉམས་དགའ་་་བ།རང་ཡིད་སྤྲོ༔་་་བ་དང་། ཏིང་་་ངེ་།འཛིན་གསལ་་་སེམས།ལ་ཁོང་ཤུགས་ཆེ༔་་་བ་སོགས། ཡེ་ཤེས་ལྷ་དང་སྲུང་མའི་བྱིན་རླབས་ཞུགས་པ་་་འི་རྟགས་ཡིན།སྟེ༔ དེ་ལྟར་བྱུང་ན།་་་ལས་རྣམས་གང་འདོད་་་ཐམས་ཅད།འགྲུབ་པར་ངེས༔་་་པ་ཡིན་ནོ། །ཞེས་སོ༔ ཁྱད་པར་དམ་ཉམས་བླ་རྟགས་བརྟག་པ་གཅེས༔ དམ་ཉམས་རུ་ཏྲ་སྒྲོལ་བའི་དུས༔་་་སུ། ཁོའི།་་་ལུས་སྲོག་་་གི།དྭངས་མ་་་ངོ་བོ་རང་བཞིན།མ་རིག་་་མ་རྟོགས་པས་ཚེ།རླུང༔ ང་བདག་གཅེས་པའི་་་རང་རྒྱུད་པ།འགྱུར་བྱེད་་་ལས་ཀྱི།རླུང༔་་་གིས་བསྐྱོད་པས། འཁོར་འདས།་་་ཡེ་ཤེས་་་གདོད་མའི་རང་བཞིན།མཉམ་པ་ཉིད་་་འདི་ཉིད་མ་བཅོས་པ།ལས་གཡོས༔་་་རང་ཚུག་མ་ཐུབ་པ། བླ་ཞེས་་་ཏེ་འཁྱམས་པ་འདོད་རྒྱལ་སྒྲ་ལས།མིང་དུ་བཏགས་པ་ཡིན༔་་་ལ། དེ་རྣམས་བསྒྲལ་བར་བྱ་བ་ལ༔ ལྷན་་་ཅིག།སྐྱེས་པའི་ལྷ་དང་འདྲེ་དེས་་་སྐྱེ་འགྲོ།ཀུན་ལ་ཁྱབ༔་་་ཅིང་། ལས་ཀྱི་གཤིན་རྗེས་དགེ་སྡིག་་་གི།སྟངས་ཡང་འབྱེད༔་་་ལ། ལྷན་ཅིག་སྐྱེས་པའི།་་་ལྷ་ཡིས་སྐྱོབ་ལ་འདྲེ་ཡིས་གནོད༔་་་པ་བྱེད། དེ་བས་ན།་་་སྐྱོབ་པའི་ལྷ་ལྔའི་རྟགས་ཉིད་ལ༔ བླ་ཡི་རྟགས་ཞེས་བྱ་བ་་་ཡིན།སྟེ༔ དམ་ཉམས་དགྲ་བོ་་་དེ་སྐྱོབ་པའི།ལྷ་དང་ཕྲལ་གྱུར་ན༔ འདྲེ་སྲིན་སྲོག་ལ་ཧབ་ཐོབ་བྱེད༔་་་པ་ཡིན་ནོ། །ལྷ་ལྔའི་རྟགས་ནི།་་་སྐྱེས་་་པ་དར་མ།ཕྲན་ཤར་པ་བོན་པོ་ཡུལ་ལྷས་སྐྱོབ༔་་་པའི་རྟགས་ཡིན། སྲོག་ལྷ་་་དང་།ཡུལ་ལྷ་་་དང་།ཕོ་ལྷའི་རྟགས་སུ་ངེས༔་་་པ་ནི། འདི་ལྟ་སྟེ།་་་གཡག་དཀར་་་པོ་བྱུང་ན།སྲོག་ལྷ་་་དང་གཡག།ནག་པོ་་་བྱུང་ན།དགྲ་ལྷས་སྐྱོབ༔་་་པའི་རྟགས་ཡིན། ཤ་བ་་་དང་།གཉན་དང་གཙོད་ནི་་་བྱུང་ན།མ་ལྷའོ༔་་་ས་སྐྱོབ། དེ་ཡང་།་་་མ་ལྷ་ཞང་ལྷ་་་གཉིས།གཅིག་པ་ཡིན༔ དེ་རྣམས་བསད་བཟུང་ལ་སོགས་་་བྱས་པ་བྱུང་ན་ཁོ།ཐུལ་བ་་་འི་རྟགས།ཡིན༔་་་ནོ། །རྦབ་དང་སེར་བ་་་དང་།ཐོག་དང་མཚོན་ཆ་་་རང་ལ་ཚུར།འབབ༔་་་པ་དང་། མཁར་་་གྱི།ནང་ཁོ་འཇུག་་་ནས་དེ་རང་གི།གནོད་པ་མ་སྐྱོལ་བ༔་་་ནི། ཁོའི་སྐྱོབ་པ།་་་ལེ་གུ་་་པ།བན་་་སྔགས་དང་།བོན་་་གྱི།ཟློག་པས་་་ཁོ་སྲུང་།ཐུབ་པ་་་འི་རྟགས།ཡིན༔་་་ནོ། །དེ་་་ལ་སོགས་པ།རྣམས་་་ཀྱིས།བདག་་་ཚུར།ལ་རྒོལ་་་བ།དང་ཕར་་་འཐབ་ཀྱང་དེ་ཚོ།མ་ཐུབ༔་་་པ་རྨིས་ན། བླ་མ་ཐུལ་་་བའི་རྟགས་ཡིན།པས་་་ཁོ་རང་ལ།རང་གཤེད་་་ཕར་འབེབ་པའི།ལས་སྦྱོར་་་ལ།འབད༔་་་དགོས། རྟགས་དེ་ཚོ།་་་བསད་་་པ་དང་།བཟུང་་་བ་དང་།བརྡུང་་་པ།དང་་་གཞན་ཡང་།བྲག་དང་ཤིང་ཡང་གཤགས༔ རི་དྭགས་བཤོར་་་བ།དང་གཞན་དང་འཐབས་པས་་་རང་།རྒྱལ༔་་་བ་སོགས་རྨིས། བླ་འགུགས་འོང་་་བའི་རྟགས་ཡིན།པས་ལས་སྦྱོར་་་ལ།དྲག་ཏུ་་་འབད་ཅིང་དམ་ཅན།རྦད༔་་་པ་དང་། མདོས་ཟོར་་་སོགས།དྲག་པོའི་རྦོད་གཏོང་་་གི།ལས་རྣམས་་་ཕུ་སྤྲུགས་སུ།བྱ༔་་་དགོས། དགྲ་བོ་་་དང་།ལྷ་དབྱེ་་་ཞིང་ལིངྒ་ལ།དགུག་གཞུག་་་བྱ་ཁོ་རང་གི་སྲུང་མ་ཁོ་རང་གི།གཤེད་དུ་་་དེ་ལྟར་བྱས་པས།དབབ༔་་་བོ། །ཀོང་པོ་་་དང་།ར་དང་དགྲ་བོ་དངོས་་་རང་།བསད་དང༔ གློ་བ་་་དང་།སྙིང་་་ལ་སོགས་པ་ཁྱེར་ནས།བྱུང་་་ན་གསད་ལས་གྲུབ་པས།མི་འགྱུར་་་བའི།ནང་རྟགས་ཡིན༔་་་པས་དེ་ལྟར་བྱུང་ན། ཕྱི་རྟགས་་་སུ་དགྲ་བོ་དེ་མྱུར་ན།ཟླ་བ་ལོ་ཡི་ཁོངས་སུ་་་ངེས་པར།འཆི༔་་་འོ། །འདུག་མལ་་་ནས།ཞིང་རྨོད་་་པ་དང་།རྟ་་་དང་།བོང་་་བུ།རྨིས་ན་ཕྱི་དལ་ཡིན༔་་་པས། ལས་མི་འགྲུབ་པས་ཕྱི་ནང་་་གི།ཚོགས་གསག་་་གང་ཡང་།བསྒྲུབ༔ ཡང་།་་་རུས་བཟང་བ་དང་རང་དང་་་དགྲ་དེ།རུས་པ་གཅིག༔་་་པ་ཡིན་ན། བླ་རྟགས་ནས་་་འབྲུ།དང་ལུག་ཏུ་འོང་བ་ཡིན༔ གཞན་ཡང་།་་་གཡག་་་དང་།ལུག་ལ་སོགས་་་པ།བྱུང་ན་རུས་བཟང་་་གི།བླ༔་་་ཡིན། ཀོང་པོ་ལ་སོགས་རུས་ངན་་་གྱི།བླ༔་་་ཡིན་ནོ། །དེ་ལྟར་བླ་ཉིད་འོང་བ་ལ༔་་་ནི། བླ་ཡི་དབྱེ་བ་་་འབྱེད་པ།རབ་ཏུ་གཅེས༔་་་པ་ཡིན་ཏེ། དེ་ཡང་།་་་བླ་སྲོག་རྣམ་ཤེས་ཕྱོགས་དང་དུས༔ བརྟག་ཅིང་ཉམས་དང་སྦྱར་ལ་བསྒྲལ༔ བདག་དང་སེམས་ཅན་དགྲ་བོ་གསུམ༔ སེམས་ཅན་ཕལ་པ་དག་དང་བཞི༔་་་པོའི་བླ། དེ་ལྟར་མི་འདྲ་་་བས།དབྱེ་བ་་་ཤེས་པ་ཤིན་ཏུ།གཅེས༔་་་པ་ཡིན། བྱིན་རླབས་་་དང་།ནུས་་་པ།ཅན་་་གྱི།སྐྱེས་བུ་ཡིས༔ བསྙེན་་་པ།དང་སྒྲུབ་པ་་་དང་།ལས་ལ་སྦྱར་་་བའི།དུས་སུ༔ རྟགས་ཀྱི་རིམ་པ་་་རྣམས།འདི་ལྟར་འབྱུང༔་་་བ་ཡིན་ཏེ། དེ་ཡང་།་་་དང་པོ་རྣལ་འབྱོར་རང་གི་་་བླའི།རྟགས༔་་་ནི། རང་གི།་་་སེམས་འཕྱོ་་་བ་དང་།སྙིང་མི་དགའ་ལ་ཕྱ་སོང་་་སེམས་ཟིང་ཟིང་།ཁྱེར༔ ཁ་གཡལ་་་བ་དང་།ངུ་བྲོ་་་བ་དང་།ལུས་སེམས་་་ངལ་བས།གཉིལ༔ ངག་ལྡིབ་་་པ་དང་།འདུག་སར་་་མལ་གདན་སོགས་ལ།མི་གནས་་་པ་དང་།ངང་ཐུང་་་བ།དང༔ དམ་ཅན་་་དང་ཡི་དམ།ལྷ་ལ་སོགས་་་པ།ལ་ལོག་ལྟ་སྐྱེས༔་་་པ། དེ་འདྲ་བ་ནི།་་་རྣལ་འབྱོར་་་པ།རང་གི་བླ་ཉིད་འཁྱམས་་་པའི།རྟགས་ཡིན༔ དེ་འདྲ་བྱུང་ན།་་་བདུད་ཀྱི་བར་གཅོད་འོང་སྟེ་དམ་སྲི་འཇུག༔་་་པའི་ཉེན་ཡོད་དོ། །དེ་ཡང་།་་་དུས་ནི་ཉིན་མཚན་ངེས་པ་མེད༔ ཕྱོགས་ནི་་་སྟེང་འོག་ཕྱོགས་མཚམས་འདི་ནས་འབྱུང་།མཐའ་གཅིག་་་ཏུ།མ་ངེས་སོ༔ གནས་ནི་རྫས་་་ཡོ་བྱད།དང་་་རང་གི།མཛའ་མོ་དྲན༔་་་པ་སོགས་འབྱུང་། དེ་དུས་ལས་སྦྱོར་་་སྒྲོལ་བའི་ལས།བྱས་ན་རང་ལ་་་ཚུར།ཟློག༔་་་ཅིང་། རང་།་་་འཁོར་་་དང་།བཅས་་་པ།ཚེ་ཐུང་་་བ་དང་།ནད་མང་་་བ་དང་།བཀྲ་མི་ཤིས༔་་་པ་འབྱུང་བའི་རྟགས་དེ་ཚོ་འབྱུང་བའི་དུས། རྦོད་གཏོང་་་ཕུར་ཐུན་མཚོན་གདབ་པ།ལ་སོགས་་་པ།མི་བྱ་་་བར།སྐྱབས་འགྲོ་་་དང་།ཚེ་གཡང་དགུག༔ ཡི་དམ་་་གྱི་ཏིང་འཛིན།གསལ་ཞིང་དམ་སྲི་གཟིར་མནན་བྱ༔་་འོ། །དེ་་་ལྟར་བྱས་པ།ཡིས་་་རང་གི་བླ་འཁྱམས་པའང་།སོར་ཆུད་་་ཅིང་།བསམ་པ་་འི་དོན།འདི་ལྟར་འགྲུབ༔ དམ་ཅན་དྲེགས་པའི་བླ་སྲོག་ཡལ་་་བའི།རྟགས་ནི༔ ལྷ་དང་སྲུང་མའི།་་་རྟེན་རྫས་གཏོར་མ་དྲི་ལོག་་་མི་ཞིམ་པ་ལྟར་སྣང་རང་ཉིད།སྙིང་མི་དགའ༔་་་ཞིང་། ཏིང་་་ངེ་།འཛིན་མི་གསལ་་་བ་དང་།བག་གྲང་་་ཞིང་སེམས།སྐྱོ་བ་དང༔ དམ་ཅན་་་ལ་བདག་ཉིད།ཡིད་མི་ཆེས་་་པ།དང་སྣང་བ་ལོག༔་་་པ་དང་། རྒྱང་་་གི་ལམ་དུ།གླུ་ལེན་དང་གཞན་དག་་་རང་ཉིད་ལ།རྒྱབ་བསྟན་་་ནས།ཁྲོས༔་་་པའི་རྟགས་འབྱུང་། དུས་་་དེ་ལ།ནི་ཉ་་་དང་།སྟོང་ལ་སོགས་་་པ་དུས།གཉན་་་པོ་རྣམས།ལ་འབྱུང༔་་་ལ། ཕྱོགས་ནི་བར་སྣང་་་དང་།དཀྱིལ་འཁོར་་་གྱི་དབུས་དང་།རྟེན་རྫས་་་སོགས་ཀྱི་ཐད་ཀ་ནས།འོང༔ དེ་དག་གི།་་་ཁ་དོག་་་དང་།རིགས་་་ནི།ལ་ངེས་པ་མེད༔ དེ་་་ལྟ་བུ་བྱུང་།དུས་དམ་ཅན་སྲུང་མའི་བླ་འཁྱམས་་་པའི་རྟགས་ཡིན།པས༔ བསྒྲལ་ལས་མི་བྱ་་་བར་དམ་ཅན་ལ།ཚོགས་དང་སྐོང་བཤགས་འབད༔ སྲུང་མ་ལ།་་་གདུང་བ་སྐྱེད་ལ་བསྙེན་སྒྲུབ་་་ལ།འབད་པར་བྱའོ༔ གལ་ཏེ་དེ་ལྟ་བུ།་་་བསྒྲལ་ན་འཁོར་དུ་རྐྱེན་འོང་བས༔ མི་བསྒྲལ་་་བར།བསྙེན་་་པ།དང་སྒྲུབ་པ་བྱའོ༔ སེམས་ཅན་གཞན་གྱི་བླ་སྲོག་་་འཁྱམས་པ།ནི༔ དུས་བཞིའི་ནམ་ལངས་་་སམ་དུས།ངེས་མེད་དུ༔ ཕྱོགས་བཞི་དག་་་གང་།ནས་་་ཀྱང་།འབྱུང་སྟེ་་་རང་ཉིད།ཉམས་མི་དགའ༔་་་ཞིང་། སེམས་ཅན།་་་སྣ་ཚོགས་གཟུགས་དང་ཁ་དོག་་་སྣ་ཚོགས་པ་དང་།དྲི་་་ངན་པ་སྣ་ཚོགས་པ།ཡང་འབྱུང༔ དེ་ཡང་།་་་ཕྱོགས་ཀུན་ནས་འོང་་་ཞིང་།གནས་ནི་ངེས་པ་མེད༔་་་དོ། །དེ་ལྟར་དུས་མིན་་་དུ་བླ་འཁྱམས་བྱུང་བ་ཡང་།མི་བསྒྲལ་་་དེ་བསྒྲལ་ན་རང་ཉིད་དམ་ཚིག།ཉམས་་་པ།དང་དྲི་མ་ཕོག༔་་་པས། དེ་འདྲ་ལ།་་་དགའ་་་བ་དང་།འཇིགས་་་པའི།རེ་དོགས་ཕྲོལ་ལ་སྒྲུབ་་་པ།ལ་བརྩོན་པར་གྱིས༔་་་ཤིག །དམ་ཉམས་དགྲ་བོའི་བླ་སྲོག་་་གི་རྟགས་ནི།འདི་ལྟ་་་བུ་འབྱུང་།སྟེ༔ དུས་ནི་མར་ངོ་ནངས་་་མོ་དང་།ནུབ་་་མོ་དང་ཉིན་མཚན་གྱི།གུང་གཉིས་་་ལ།འབྱུང༔་་་ལ། ཕྱོགས་ནི་་་དགྲ་དེ་རང་གི།བདུད་ཆད་་་དང་།ནུབ་་་ཕྱོགས།ནས་འཁོར༔་་་ཞིང་འབྱུང་། གནས་ནི་འབྲུབ་ཁུང་་་ནང་དང་།ཐུན་དོང་་་གི་ནང་དུ།འོང༔ དགྲ།་་་གཟུགས་ནི་ཕོ་མོ་ཆེ་ཆུང་་་གང་ཡིན་ལ།བླ་་་ཡི།གཟུགས་་་ཀྱང་།འོང༔་་་སྟེ་ཕོ་ལ་ཆེ། ཁ་དོག་་་ངེས་མེད།སྣ་ཚོགས་གྲངས་སུ་མང༔་་་བ་ཡིན་ལ། དེ་ཡང་།་་་བྱེ་བྲག་་་ཏུ།བ་ལང་་་དང་།རི་དྭགས་་་དང་།ར༔་་་དང་། གོང་དུ་བཤད་པའི།་་་དེ་སོགས་་་ཁོ་རང་གི་འགོ་བའི།ལྷ་ལྔའི་རྟགས་འབྱུང་བས༔ གོང་་་དུ་བཤད་པ།ལྟར་བརྟག་ཅིང་་་དུས་ཚོད།གནས་སྐབས་་་དང་།སྦྱར༔་་་ལ། མི་འགྱུར་་་ངེས་པའི་བླ།རྟགས་་་ལན་གསུམ་ཡན་བྱུང་ན་ཚད།བཟུང་ལས་སྦྱོར་་་གྱི་ཕུ་སྤྲུགས་དྲག་ཏུ།བྱ༔ དེ་མ་ཐག་མཐར།་་་མནན་་་པ་དང་སྦྱིན།སྲེག་་་དང་ཟོར།འཕང་་་བ།གསུམ་་་གྱི།ལས་་་ཀྱི།མཐའ་་་མྱུར་དུ།བསྡུ༔་་་བ་གལ་ཆེ། དེ་ལྟར་བླ་ཡི་བྱེ་བྲག་་་གི་དབྱེ་བ་རབ་ཏུ་འབྱེད།ཤེས་པ་་་ནི་ཤིན་ཏུ།གཅེས༔་་་སོ། །ཞེས་སོ༔ ཁྱད་པར་དགྲ་ཡི་བླ་རྟགས་དབྱེ་བ་ཡང༔ རྗེས་དང་དངོས་དང་རྨི་ལམ་་་དང་གསུམ།མོ༔ རྗེས་ལ་བརྟགས་པ་་་ནི།འདི་ལྟ་སྟེ༔ དཀྱིལ་འཁོར་་་གྱི།རྡུལ་ཚོན་བྱེ་མ་ལ༔ རྗེས་ཤུལ་ཅི་རུང་་་མ་རུང་།མ་ཡིན་ཏེ༔ བླ་འགྱུས་པ་་་འི་རྗེས།དང་ལྷ་འདྲེ་་་འགྱུས་པའི་རྗེས།གཉིས༔ ལྷ་འདྲེ་འགྱུས་་་པའི།རྟགས་་་ཀྱི་རྗེས་ནི།འདི་ལྟ་སྟེ༔ ཐོད་པ་་་ཁ།སྦུབ་་་པའི་རྗེས།འདྲ་་་ན།ཤར་ཕྱོགས་་་ནས།རྒྱལ་པོ་འགྱུས༔་་་པའི་རྟགས་ཡིན། གཡག་གི་རྗེས་འདྲ་་་ན།བོན་ལེ་གུ༔་་་འགྱུས་པའི་རྟགས་ཡིན། སྦྲུལ་འདྲ་་་ན།ཀླུ་་་འགྱུས་རྟགས།ཡིན་རལ་པ་སྙིགས་་་འདྲ་ན།མ་མོ༔་་་འགྱུས་པའི་རྟགས་ཡིན། དེ་ལ་སོགས་པ་སྡེ་བརྒྱད་རང་་་རང་དང་།འདྲར་་་འགྱུས་པའི་རྗེས་ནི།འོང༔་་་བ་ཡིན། དེ་ལ་་་ཕུར་ཐུན།མི་བཏབ་་་པར།རྗེས་་་ས།དང་ཕུད་་་ཆང་།བསྲེས་ཏེ༔ དགྲ་ཡི་ཤ་ཁྲག་་་ཏུ།དམིགས་ལ་གནམ་དུ་གཏོར༔ དམ་ཉམས་སྒྲོལ་་་བ།དང་བདག་ལ་སྟོངས་གྲོགས་་་གྱིས་ཤིག་པའི་ལས་ལ།བཅོལ༔ དགྲ་ཡི་བླ་རྟགས་་་ཡིན་ངེས་པ།ཕུར་ཐུན་གདབ་པ་ནི༔ བུ་ཆུང་་་གི།རྗེས་འདྲ་བྱ་མཆུས་་་བྲད་པ།བརྐོས་་་པ།འདྲའམ༔ ཀོ་སྐམ་་་སྙུང་བུས།ཕུག་པ་འདྲ་་་བ།དང་འབུ་བུད་་་པའི་ཤུལ།འདྲ༔་་་བ་སོགས་ནི། བག་ཙམ་་་ལས།གཡེལ་ཏེ་རྩོལ་བ་་་འགྱངས་པས།དྲག་ཏུ་སྐྱེད༔་་་དགོས། ཤིན་ཏུ་ངེས་པར་ཕུར་ཐུན་གདབ་་་འོས་ཤིང་རན་པ།ནི༔ རྗེས་ཆེ་་་བ་དང་།བཤལ་བྲད་་་པའི་ཤུལ།འདྲ་དང་འདམ་བརླན་་་པ་བརྫིས་པའི་ཤུལ།འདྲ༔་་་བ་དང་། ས་ཀུན་གཏིང་་་ནས།རློག་་་པ་དང་།ཕྱི་ནས་ནང་་་དུ།བསྡུས་་་པའི་རྗེས།འདྲ༔་་་བ་དང་། དེ་་་ལྟ་བུ།་་་ལ་གདབ་བོ་ཕུར་་་པ།ཐུན་སྦྱོར་བ་་་གསད་པའི་ལས་དྲག་ཏུ།བྱ༔ བླ་རྟགས་དངོས་སུ་བརྟགས་པ་་་ནི།འདི་ལྟ་སྟེ༔ ཟླ་་་བའི།སྟོད་་་ལ་དུས་ཚོད།སྔ་དྲོ་དང་པོ་སྟེང་་་གི།ཕྱོགས་ནས༔ སེམས་ཅན་ལ་སོགས་་་པ།འབྱུང་བ་་་ནི།དམ་ཅན་་་གྱི།ཡིན༔་་་པས་ཕུར་ཐུན། མི་གདབ་་་པར།མཆོད་ཅིང་དམ་བརྡར་རོ༔ ནང་ནུབ་་་དང་།གུང་་་ཉིན་གྱི།གཉིས་་་ལ་དུས།མར་ངོ་་་ལ།འབྲུབ་ཁུང་་་ནང་།དང༔ ཐུན་དོང་་་གི།ནང་་་ཕྱོགས།དུ་ནུབ་ནས་སེམས་ཅན་་་རིགས་གང་ཡང་།འབྱུང༔་་་བ་དང་། ཐུན་དོང་གི།་་་ནང་ནས་ཕྱི་རུ་བྱུང་ཡང་་་ཕུར་ཐུན།གདབ་པར་བྱ༔་་་འོ། །བླའི།་་་སྐད་ནི་རྟ་སྐད་་་ལྟར།འཚེར་་་བ་འདྲ།ན་སྒྲུབ་་་པ།ཡུན་བསྲིང༔་་་དགོས། འབྲི་་་ངུར་གྱི།སྐད་་་ལྟར།ཐུག་ཐུག་བྱུང་ན་་་དེ་འཕྲལ་དུ།ལས་ལ་སྦྱར༔་་་དགོས། བྱ་སྐད་་་ལྟར།འཆིལ་ན་་་ལས་སྦྱོར།དྲག་ཐལ་སྐྱེད༔་་་ལ་ནན་ཆེར་བྱ་དགོས། ཁྱིམ།་་་བྱ་མོ་གོང་མོའི་སྐད་་་གདངས།འདྲ་་་ན།དམ་ཡང་བསྲེ༔་་་བ་གནད་ཆེ། ཁྱི་སྐད་ལྟར་ཟུག་་་པ་ལྟར་བྱེད་ན།ལས་སྦྱོར་ཐུན་ཟོར་འཕང༔་་་དགོས། ར་སྐད་་་ལྟར།གླ་གླ་ཟེར་ན་བུད་མེད་་་ཀྱི།བླ༔ གཡག་སྐད་་་ལྟར།འཁུན་ན་སྐྱེས་པ་་་འི་བླ་ཡིན།སྟེ༔ བུ་ཆུང་་་གི་བླ་ནི།གསོན་་་པོའི།བླ་་་སྐད་ཤེད་མེད་པ།གཉའ་གཉའ་པོ༔་་་འབྱུང་ངོ་། ཁོག་ཁོག་་་ཅེས།ཀོ་་་བ།སྐམ་་་པོ།དྲུད་་་པའི་སྐད།འདྲ་རྒན་པོའོ༔་་་ནི་བླ། སྒྲུབ་ཁང་གི།་་་ཐོག་ཁར་ཕ་ཝང་བསྐྱུར་འདྲ་སྡིག་སྒྲ་་་ཆེན་པོ་འབྱུང་བ།དང༔ མིའམ་ཕྱུགས་ཀྱི།་་་གློ་སྙིང་ཕྱུང་དང་ར་བསད་་་པ་དང་དགྲ་དངོས་བསད་པ་སོགས་བྱུང་ན།མི་འགྱུར་རྟགས༔་་་ཡིན་ནོ། །ནམ་མཁའ་འདྲ་དང་བྱ་་་དང་།གཅན་་་གཟན།སེམས་ཅན་་་གང་ཡང་རུང་བ།བསད༔་་་པ་དང་། རྟགས་དེ་རྣམས་གང་ཡང་།་་་རང་གི་ཐོ་ཕྱི་་་དང་།ཁྱད་པར་་་དུ།ཐག་ཉེ་་་བ་ན་ལས།འགྲུབ༔་་་པའི་རྟགས་ཡིན། ཤ་དམར་པོ་་་སོགས།ནི་ལས་འགྱངས་་་པའི་རྟགས་ཡིན་པས།རྩོལ་བ་སྐྱེད༔་་་དགོས། སྐད་་་འབྱིན་པ།སོགས་་་རྟགས་གང་ཡང་རྒྱང་།རིང་་་པོར་བྱུང་།ན་ཁ་འགྱང་་་བ་ཡིན་ལ།ཉེ་ན་འགྲུབ༔་་་སླ་བ་ཡིན། ཡང་།་་་ཐོག་འཚག་་་པ་དང་།སྒྲ་འབྱིན་འོད་ལྷག་ལྷག༔་་་པ་སོགས་བྱུང་བ་ནི། དམ་ཅན་་་རང་ལ།ཉེ་བས་་་རྟགས་ཡིན།ལས་ལ་སྦྱར༔་་་རོ། །སྐད་རིགས་མི་གཅིག་་་པའི་མི་དང་།ཡུལ་མི་་་རང་རང་གི།ཉེ་དྲུང་་་དེ་ལ་སོགས་པ།དང༔ རང་ལ།་་་གུས་པ་འབུལ་་་བ།དང་བཟའ་་་བ་དང་།བཅའ་་་བའི་རིགས།སྟེར༔ རྔ་་་དང་།གླིང་་་བུ་སོགས།རོལ་མོ་་་འབུད་དཀྲོལ་བྱས་པ་དང་།དར་ཆེན་་་ཕྱར་བ།ཉི་ཟླ་ཤར༔་་་བ་ལ་སོགས་རྨིས་ན། རབ་ཏུ་བཟང་བས་བསམ་པ་འགྲུབ་པ་་་འི་རྟགས།ཡིན༔་་་ནོ། ཁྱིམ།་་་བྱ་མོ་ཡར་་་ནང་དུ།འོང་་་བ་དང་།འགྲོ་་་བ།དང་བུད་མེད་ཆགས་པ་སྒུག༔ མེ་སྟག་་་དམར།ཕྲ་ཕྲ་་་བྱུང་བ་ནི།དམ་སྲིའི་་་རང་ལ།བར་གཅོད་རྩོམ༔་་་པའི་རྟགས་ཡིན་ནོ། ཁྱད་པར་་་དུ།དགྲ་་་ཁུག་པ་དང་གསོད་པའི།རྟགས་་་ནི་ཟླ་བའི།མར་ངོ་་་དང་ཁྱད་པར།གནམ་སྟོང་དང༔ ལོ་ཟླ་ཞག་དུས།་་་ཁོ་ཡི་ཀེག་་་དང་བདུན་ཟུར།ལ་བབས་པའི་དུས་སུ་འོང༔་་་བ་ཡིན་ནོ། །དེ་ལྟར་རྟགས་ཀུན་་་བཟང་ངན།ཇི་ལྟར་་་ཡང་།སྟོན་་་པ་སྲིད།མོད་ཀྱང༔ དེ་དག་ཐམས་ཅད་ལ།་་་དགའ་་་བ་དང་།འཇིགས་་་པ་དང་།རེ་་་བ་དང་།དོགས་་་པའི་བསམ་པ།ཕྲོལ་ལ་སྒྲུབ་པ་ནན་ཏན་སྐྱེད༔ དོན་ལ་ལྷ་དང་དྲེགས་པའི།་་་སྲོག་སྙིང་་་རྟགས་ལྡན།ཐེམས་ན་འཇིག་རྟེན་་་པ་རྣམས།ལས་བྱེད་་་པར།ངེས༔་་་པ་ཡིན། ཅི་ཕྱིར་་་ཞེ་ན།སྲོག་སྙིང་བརྡུག་པའི་ཡུལ་མ་མཆིས༔་་་ཤིང་། དྲེགས་པ་་་རྣམས་ནི།རྫུ་་་བ་དང་།འཕྲུལ་ཆེ་བས་ཅིར་ཡང་སྤྲུལ་པ་ཡིན༔་་་པས་ན། དོན།་་་ལེགས་པར་འོང་ན་ཉེས་པ་སྟོན་པའང་སྲིད༔་་་ལ། དོན།་་་ཉེས་པར་འོང་པ་་་ལ་རྟགས།ལེགས་པར་སྟོན་པའང་སྲིད༔ དེའི་ཕྱིར་་་ངེས་པ་མེད་པས།རེ་་་བ་དང་།དོགས་་་པའི་བསམ་པ།ཕྲོལ་ལ་སྒྲུབ་པ་་་ལ།ནན་ཏན་སྐྱེད༔་་་པར་བྱའོ། །འབད་རྩོལ་ཆེན་པོས།་་་བརྣག་པ་ཅན་གྱིས་་་ནི།ཕན་གནོད་་་ཀྱི།ལས་ཀུན་འགྲུབ༔་་་པར་འགྱུར་རོ། །ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཡེ་ཤེས་པ་དང་འཇིག་རྟེན་པའི་བསྙེན་སྒྲུབ་རྣམ་པ་བཞི་ཡི་དྲོད་ཚད་དང༔ འཇིག་རྟེན་པའི་རྟགས་རང་བཞིན་བསྡུ་བ་དང༔ ཕར་ཟློག་ཅིང་གནད་ལ་ཕེབས་པ་དང༔ ཚུར་གནོད་པ་དང་རང་དང་དམ་ཅན་དགྲ་བོ་ལ་སོགས་པའི་བླ་རྟགས་དང༔ དེ་ལྟར་དྲོད་ཚད་རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ལྟར་སྔགས་དང་རྫས་དང་ཏིང་འཛིན་དང༔ བཟང་ངན།་་་རྟགས་ཀྱི་དྲོད་ཚད་་་ལ་སོགས་པ།བསྟན་་་ཟིན།ནས་ནི༔ ཏིང་འཛིན།་་་ལྷ་སྐྱེད་བསྟོད་བསྐུལ་་་སོགས་ཀྱི་རིམ་པ།འདི་ལྟར་བྱ༔ དང་པོ་་་ལས་དང་མཐུན་པའི།དབེན་པའི་གནས་དག་ཏུ༔ ལས་མཐུན་གྱི།་་་ས་བླངས་་་པ་ལ་སྟེགས་བུ།མཎྜལ་་་རྒྱར།མདའ་གང་་་དཔངས་ཁྲུ་གང་།གྲུ་བཞི་བརྩིགས༔་་་པ་ངོས་འཇམ་པར་བྱས་ལ། ཁྲག་ཆེན་དག་གིས་ཆག་ཆག་གདབ༔ ཞིང་་་གི།རྒྱུས་་་པའི་ཐིག་རྐུད་ཀྱིས།ཐིག་གདབ་ཚོན་བཀྱེ་བ༔ དཀྱིལ་འཁོར་གྲུ་གསུམ་དྲག་པོ་ཨེ༔ ཁ་དོག།་་་མཐིང་ནག་་་དེའི།ཕྱི་ཟླུམ་་་པོ་ལ།མུ་ཁྱུད་་་ནག་པོ་ལ།ཐོད༔་་་པའི་ར་བ་དཀར་པོ། དེ་ཡི་ཕྱི་་་ལ།བཅོ་བརྒྱད་་་དང་ལྡན་པའི།རྩིབས་སེར་་་པོའི་ཕྱིར་ཡང་།ཐོད༔་་་པའི་ར་བ་དཀར་པོའི་གཞི་ནག་པོ་ལ། མུ་ཁྱུད་་་དང་།གྲུ་ཆད་་་ལྗང་གུ་དང་།བར་ཁྱམས་་་དང་།སྒོ༔་་་ཕྱོགས་མདོག །ཕྱི་རིམ་་་གཞི་དཀར་པོ་ལ།རྡོ་རྗེའི་རྭ་བ་་་མཐིང་ནག།མེ་རི་་་ཁ་དོག་སྣ་ཚོགས་རྒྱན་ཐམས་ཅད་རྟ་བབས་སོགས་ལྡན་པར།བྲི༔ དཀྱིལ་འཁོར་དེའི།་་་ལྷོ་ནུབ་་་ཏུ་འབྲུབ་ཁུང་བཅའ་བ་ནི་སྒྲུབ་པ་དང་ལས་སྦྱོར་སོ་སོར་ཕྱེ་བའི་བཅའ་གཞི་ཡིན་ནོ།གསད་ཁུང་ཕུང་ས་ལ༔ གྲུ་གསུམ་ཁྲུ་གང་གཞུང་་་ལེའུ་བརྒྱད་པ་ནས་འབྱུང་བ།ལྟར་བཅའ༔ ལིངྒ་་་དང་།འཁོར་ལོ་རྩང་སོགས་བལྟེམ༔་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ་དག་ནས་འབྱུང་བ་ལྟར། ཡང་ན་་་སྒྲུབ་པ་དང་ལས་སྦྱོར།དྲིལ་་་ནས་བསྒྲུབ།ན་དཀྱིལ་འཁོར་་་དེ་ཉིད་ཀྱི།དབུས༔་་་སུ། ལེའུ་བརྒྱད་པ་ལྟར།་་་འབྲུབ་གནས་་་དང་དེ་ཡི་ནང་དུ།འཁོར་ལོ་་་དང་།ལྷ་སོགས་་་པ་གང་དགོས་ཚང་བར།འགོད༔་་་པའི་ཚུལ། ལེའུ་བརྒྱད་པར།་་་འབྲུབ་ཁུང་བཅའ་བའི་དུས་ལྟར་ཤེས༔་་་པར་བྱའོ། །སྒྲུབ་པ་ལས་སྦྱོར་བྱེད་པ་དང་དྲིལ་བའི་དཀྱིལ་འཁོར་གང་ཡིན་ཀྱང་དཀྱིལ་འཁོར་དེའི།་་་ཤར་ལྷོར་སྦྱིན་སྲེག་་་གི།ཐབ་ཁུང་་་སོགས་ལེའུ་ཉེར་བདུན་པ་ལྟར།བཅའཿ་་་དགོས། གཏོར་མ་ནི།་་་དཔལ་་་གྱི།གཏོར་་་མ་ལ།བཤོས་བུ་བཅོ་བརྒྱད་་་ཀྱིས།བསྐོར༔ དགྲ་བགེགས་་་སོགས་གང་ལ།ལིངྒ་་་དང་།ཨ་མྲྀཏ༔་་་དང་། ཤ་་་དང་།ཁྲག་དཀར་་་གསུམ་དང་།མངར་་་གསུམ།ལ་སོགས་་་པས་གཏོར་མ།བརྒྱན༔་་་པར་བྱ། དེ་དག་ཀྱང་།་་་ཐམས་ཅད་དུར་ཁྲོད་་་ཀྱི།རྒྱན་་་ཞིང་ཆེན་བླ་རེ་རྒྱུ་མའི་ལྡ་ལྡི་རྐང་གླིང་ཐོད་རྔ་དམར་ཆེན་གྱི་ཨརྒྷཾ་མཁྲིས་པའི་དྲི་ཆབ་དབང་པོའི་མེ་ཏོག་ཤ་ཆེན་སྤོས་ཚིལ་ཆེན་གྱི་མར་མེ་མཁྲིས་ཆེན་གྱི་དྲི་ཆབ་ཤ་ཁྲག་རུས་པའི་ཞལ་ཟས་སོགས།དང་ལྡན༔་་་པ་སོགས། མདོར་ན།་་་དམ་རྫས་་་གང་དགོས་པ་ཐམས་ཅད།ཚོགས་པར་བྱ་བ་་་ཤིན་ཏུ།གཅེས༔་་་པ་ཡིན། དེ་ནས་ཏིང་འཛིན་རྣམ་པ་གཉིས༔ བློ་ལྡན་ཤེས་རབ་བརྟུལ་ཤུགས་་་དང་།ལྡན༔་་་པས། ངག་ཏུ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སྐད་ཅིག་མ་ཡེངས་ཏིང་འཛིན་ལས༔ བདག་ཉིད་སྐུ་གསུམ་་་རང་རིག་གདོད་ནས་སྤྲོས་བྲལ་ཆོས་སྐུ་ལ་དེའི་རང་མདངས་འགག་མེད་ལོངས་སྐུ་དེའི་རང་རྩལ་སྣ་ཚོགས་འཆར་བ་སྤྲུལ་སྐུ་སྟེ།རྫོགས་པར་་་གཙོ་འཁོར་གཞལ་ཡས་ཁང་དང་བཅས་པ་གསལ་བའོ།བསྒོམ༔ ཏིང་འཛིན་་་སེམས་དཔའ།སྔགས་དང་་་ལུས་ལྷའི།ཕྱག་རྒྱར་ལྡན༔ གཏོར་མ་འབྲུ་གསུམ་་་ཨཱོྃ་ཨཱཿཧཱུྃ་གིས།བདུད་རྩིར་་་གྱུར་པར།བསྒོམ༔ དེ་རྗེས།་་་སྔགས་བདག་་་དྲེགས་པ་བཅོ་བརྒྱད།བསྒོམ་པའི་རིམ་པ་ནི༔ འགྲོ་བ་མི་ཡི་ཆ་བྱད་ལ༔ གཅེར་བུ་་་ཞིང་ལྤགས་གྱོན་པ་དང་།ལག་ན་མཚོན་ཆ་ཐོགས༔་་་པ་བསྟོད་བསྐུལ་ལྟར། དགྲ་བགེགས།་་་གར་དམིགས་་་པ་དེར།རྫུ་འཕྲུལ་སྟོབས་ཀྱིས་སྐྱོད༔་་་པ་ལ་སོགས་ལས་གང་བཅོལ་སྒྲུབ་པ་ལ། ཐོགས་པ་མེད་པར་བསྒོམ་པར་བྱ༔་་་འོ། །ཆེད་དུ།་་་མ་བསྒོམས་་་པར་རང་རིག་ཆོས་སྐུ་རང་མདངས་ལོངས་སྐུ་རང་རྩལ་སྤྲུལ་སྐུ་སྟེ་རང་ཉིད།སྐུ་གསུམ་་་གྱི་བདག་ཉིད་ཅན་སྟོབས་ལྡན་ནག་པོ་གདོད་ནས་ཡིན་པ་ལ་ཡིན་པར་ཐག་ཆོད་པར།གསལ་་་བར།གྱུར་ན༔ དྲེགས་པ་ཅན་ཐམས་ཅད།་་་རང་དབང་མེད་པར་དམ་ལ་འདུ༔ སྲོག་་་མིང་སྲོག།སྔགས་བགྲངས་པས་་་དྲེགས་པ་ཅན་ཀུན་ཅི་བཅོལ་བའི།ལས་ཀུན་བྱེད༔ རང་ལྷར་གསལ་བའི།་་་ཞལ་ནས་གཏོར་མའི་སྔགས་བཟླས་པས༔ དེ་དག་གི།་་་འོད་ཟེར་་་འཕྲོས་པས།དྲེགས་པ་ཅན་་་རྣམས།ལ་ཕོག༔་་་པས་བསྐུལ་ནས་གཏོར་མ་གསོལ་བར་བསམ། དྲེགས་པ།་་་རང་་་རང་གི།སྲོག་སྔགས་ཀྱི་མཐའ་མ་རུ༔ བྷ་ལིན་ཨ་མྲྀཏ་ཁཱ་ཧི༔་་་ཞེས། བཏགས་པ་་་འི་མཐར།ཇི་ལྟར་འདོད་པའི་་་ལས་སྒྲུབས་ཤིག་པའི་བཅོལ།ཚིག༔་་་བརྗོད་པས། དྲེགས་པ་རྣམས་གཏོར་མས་ཚིམས་ཏེ།་་་བཀྲག་མདངས་གཟི་བརྗིད་མཐུ་དང་དྲག་རྩལ་་་དང་།ལྡན༔་་་པར་གྱུར་ནས། གང་བཅོལ་་་བའི།ཕན་གནོད་་་ཀྱི།ལས་བྱེད་་་པར།བསམ༔ བཟླས་པའི་ཚེ་དྲེགས་པ་རྣམས།་་་རང་རང་སྙིང་་་གི།དཀྱིལ་་་ན།རྣམ་ཤེས་་་འབྲུ་རེ།ལ༔ དྲེགས་པ་རང་རང་གི།་་་མིང་བསྐོར་་་དྭངས་མ་རྣམ་ཤེས་དང་རྗེས་དྲན་དང་རང་དབང་མེད་པའི།སྲོག་རྣམ་པ་གསུམ་ལྡན༔་་་པ་དེ་དག་ལ། རང་བཞིན་དྲག་པོ་བཙན་ཐབས།་་་གཟིར་འཕྲོག་་་ཧུར་ཐུམས་ཛཿ།གཅོད་་་མཱ་ར་ཡ་རྦད་ལ་སོགས།པའི་མཚོན་ཆས་་་གང་འོས་བཏགས་པ།བསྐུལ༔་་་བའི་ཕྱིར། བདག་གིས་དྲག་པོའི་སྔགས་བཟླས་པས༔་་་དེ་དག་གི །འོད་ཟེར་་་གྱིས་དྲེགས་པ་རྣམས་ཀྱི།སྲོག་་་གནད་ནས།བསྐུལ་་་ཏེ།རང་དབང་མེད༔་་་ཅིང་། མ་ཐོགས་་་པར།ལས་རྣམས་བྱེད་པར་བསམ༔་་མོ། །དེ་ནི།་་་རྣལ་འབྱོར་་་པ།རབ་ཀྱི་ཏིང་་་ངེ་།འཛིན་་་གྱི།སྤྱོད་ཡུལ་ལོ༔་་་ཡིན། ཡང་།་་་ཏིང་་་ངེ་།འཛིན་དང་ནི་རྫས་གཉིས་སྦྲེལ༔་་་ལ་བྱ་བ་ནི། རྣལ་འབྱོར་་་པ།འབྲིང་གི་བྱ་བ་ཡིན༔་་་ནོ། །སྔགས་་་དང་།རྫས་་་དང་།ཏིང་འཛིན་་་དང་གསད་མནན་འཕང་སོགས།ལས་མཐའ་སྡུད༔་་་པ་དང་བཅས་པ་ཐམས་ཅད་བྱ་བ་ནི། རྣལ་འབྱོར་་་པ།ཐ་མས་་་ཐམས་ཅད།རྫོགས་པར་བྱ༔་་་བ་ཡིན་ནོ། །དེ་བས་ན།་་་རྣལ་འབྱོར་་་པ།རབ་ཀྱིས་སྐད་ཅིག་་་ལ་དྲན་པ་ཙམ་གྱིས་ལྷ་ཐམས་ཅད།རྫོགས་པར་སྐྱེད༔་་་པ་ཡིན་ཏེ། དེ་དག་ནི།་་་ཆོས་ཉིད་རང་བྱུང་ཡིན་་་པའི།ཕྱིར་རོ༔ རྣལ་འབྱོར་པ།་་་འབྲིང་དང་ཐ་མ་ལ་སོགས་་་པས་ནི།རིམ་གྱིས་བསྒོམ༔་་་དགོས་པ་ཡིན་ཏེ། དེ་ཡང་།་་་ཏིང་འཛིན་རྣམ་གསུམ་འདི་ལྟ་སྟེ༔ ཧཱུྃ་ ཆོས་རྣམས་་་ཐམས་ཅད་གདོད་མ་ནས།སྣང་་་བ།མེད་་་པ་ནམ།མཁའ་ལྟར་སྟོང༔་་་པ་ཉིད་ཀྱི་རང་བཞིན་ཅན་ཏེ། གཉིས་འཛིན་གྱི།་་་ཆོས་རྣམས་དེ་བཞིན་་་ཉིད་དུ།སྤྲོས་་་པ་ཐམས་ཅད།དང་བྲལ༔་་་བ་ཡིན་པས་དེ་ལྟར་དུ། མ་རྟོགས་་་པའི།སེམས་ཅན་་་རིས་མེད་པར་ཀུན་སྣང་གི་ཏིང་འཛིན་སྙིང་རྗེ་བསྒོམ་པའི་ངང་ནས་དེ་དང་དབྱེར་མེད་པའི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་རང་མདངས།ཀུན་ལ་ཁྱབ༔ ལོངས་སྐུ་ཐུགས་རྗེས་འགྲོ་་་བ་ཐམས་ཅད།ལ་གཟིགས༔་་་ནས། རྒྱུའི་ཏིང་ངེ་འཛིན།་་་རྒྱུ་ཡི་་་ཡིག་རང་གི།རིག་པ་་་སྐད་ཅིག་གིས།ཧཱུྃ་་་མཐིང་ནག།དུ་འབར༔་་་བར་གྱུར། དེ་ནས་ལོངས་སྐུ་དེའི་རང་རྩལ་མ་འགགས་པའི་རྣམ་རོལ་གང་ལ་གང་འདུལ་གྱི།་་་སྤྲུལ་པས་འགྲོ་བ་མ་ལུས་འདྲེན༔་་་པའི་སླད་དུ། རྒྱུ་ཡིག་ཧཱུྃ་མཐིང་ནག་དེ་ལས།་་་འོག་ཕྱོགས་་་སུ་ཡི་གེ།ཨེ་འཕྲོས་་་པ་ལས།ནམ་མཁའ་་་མཐིང་ནག།གྲུ་གསུམ་ཡངས༔་་་པ་དེའི་སྟེང་དུ། ཡཾ་་་འཕྲོས་པ།ལས་རླུང་་་དཀྱིལ་ལྗང་གུ་ཟླ་གམ་ལྟ་བུས།འདེགས་་་པའི་སྟེང་དུ།རཾ་་་འཕྲོས་པ་ལས།མེ་རབ་ཏུ་འབར༔་་་བའི་དཀྱིལ་འཁོར་གྲུ་གསུམ་པའི་སྟེང་དུ། བཾ་་་འཕྲོས་པ།ལས་ཆུ་དཀྱིལ་་་དཀར་ཟླུམ་གྱི་སྟེང་དུ།སུཾ་འཕྲོས་་་པ་གསེར་གྱི།ས་གཞིའོ༔ གྲུ་བཞི་དེའི་སྟེང་དུ།་་་ཀེཾ་་་འཕྲོས་པ།ལས་རུས་པའི་རི་རབ་ཐོད་པའི་མཁར༔་་་གྱི་རྣམ་པ་ཅན། དེ་ཡང་།་་་གྲུ་བཞི་་་པ་རྩ་བ་ཕྲ་ཞིང་།ཁ་ནི་་་རྒྱ་ཆེ་བ།སོག་ཁ་་་ལྟ་བུ།གྱེེན་དུ་འབར༔་་་བ་དེའི་སྟེང་དུ། བྷྲཱུྃ་སྨུག་་་ནག་འཕྲོས་པ་ལས།ཐོད་་་པ་སྐམ་རློན་རྙིད་གསུམ།པའི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་པ་དེ་ཡང་ཕྱི་ནང་ཐམས་ཅད།་་་དུར་ཁྲོད་་་ཀྱི།རྒྱན་་་ཐམས་ཅད་དང་།ལྡན་་་པའི།དབུས་སུ་ཨེ༔་་་གྲུ་གསུམ། མཐིང་ནག་་་གི་མཐར།ཐོད་་་པའི།ཕྲེང་་་བས་བསྐོར་བའི།མུ་ཁྱུད་ཟླུམ༔་་་པོ། ཁྱམས་ཀྱི་ནང་དུ།་་་གྲུ་ཆད་་་ལྗང་གུ་བཞི།དང་ལྡན་་་པའི་ནང་དུ་ཐོད་ཕྲེང་གི་ཕྱི་རོལ་དུ།འཁོར་་་ལོ།རྩིབས་བཅོ་བརྒྱད་སེར༔་་་པོ། གཞལ་ཡས།་་་རིན་ཆེན་སྣ་ལྔའི་ཁྱམས་སྒོ་སྒོ་ཁྱུད་་་དང་།ལྡན༔་་་པ། གཞལ་ཡས་ཁང་གི་ཕྱི་རོལ་དུ།་་་སྲ་མཁྲེགས་་་དང་ལྡན་པའི།རྡོ་རྗེའི་རྭ་བ་་་དང་དེའི་ཕྱི་རོལ་དུ།མེ་རི་སྨུག་ནག་འབར༔་་་བས་བསྐོར་བ། གཞལ་ཡས་ཁང་དེ་ཡང་།་་་ལྷ་་་ཆེན།བརྒྱད་་་དབང་ཕྱུག་དཀར་པོ་རྩེ་གསུམ། བརྒྱ་བྱིན་སེར་པོ་རྡོ་རྗེ། ཚངས་པ་སེར་པོ་རིན་ཆེན། ཁྱབ་འཇུག་ལྗང་གུ་རིན་ཆེན་འཁོར་ལོ། འདོད་པའི་དབང་ཕྱུག་དམར་པོ་རིན་པོ་ཆེའི་མདའ་གཞུ། ཚོགས་བདག་དཀར་པོ་དགྲ་སཏྭ། བྷྲིང་གི་རི་ཏི་དཀར་པོ་སྒྲོམ་བུ། གདོང་དྲུག་དཀར་པོ་ཤཀྟི་འཛིན་པས།ཀ་གདན་་་བྱས་པའི་སྟེང་དུ།ཀླུ་་་ཆེན།བརྒྱད་་་མཐའ་ཡས་ལྗང་གུ་རིན་ཆེན། འཇོག་པོ་སེར་པོ་ཨུཏྤལ། ཀརྐོ་ཊ་སྔོན་པོ་རིན་ཆེན་ཀོང་བུ། རིགས་ལྡན་དམར་པོ་ནོར་བུ། ནོར་རྒྱས་ལྗང་གུ་རིན་ཆེན་ཕྲེང་བ། དུང་སྐྱོང་སེར་པོ་དུང་ཕོར། པདྨ་སྔོན་པོ་མེ་ཏོག །ཝ་རུ་ཎ་དཀར་པོ་ཞགས་པ་འཛིན་པས།ཀ་བ་་་བཙུགས་པ།ལ༔ གཟའ་་་ཆེན།བརྒྱད་་་ཀྱིས།ཀ་ཞུ་་་བྱས་པ་ཕུར་བུ་སྔོན་པོ་ཨུཏྤལ། ཉི་མ་དམར་པོ་བདུད་རྩིའི་བུམ་པ། པ་སངས་དཀར་པོ་ཨུཏྤལ། ལྷག་པ་ལྗང་གུ་གསེར་གྱི་འཁོར་ལོ། སྤེན་པ་སེར་པོ་སྒྲོན་མེ། ཟླ་བ་ལྗང་གུ་གསལ་སྒྲོན། མིག་དམར་སེར་པོ་དུང་གི་ཟླ་བ། རཱ་ཧུ་ལ་དུད་ཁ་ར་ཡི་མདའ་གཞུ་འཛིན་པ།མཆོག་ཆེན་་་གྱི།གདུང་མ་བྱས༔་་་པ་ལ། མཆོག་ཕྲན་་་གྱི།གྲལ་མ་་་བཀབ་པའི་སྟེང་དུ།ཞིང་ཆེན་་་གྱི།ཐོག་་་པགས་པའི།གཡོགས་བཀབ༔་་་པ། ཞིང་ཆུང་་་དང་།ཐོད་པ་དྲ་བ་དྲ་ཕྱེད་་་ཀུན་ཏུ།འཕྱང༔་་་བ། རྣག་་་དང་།ཁྲག་་་དང་།ཞག་དང་ཆུ་སེར་་་གྱི།ཞམ་ཆུ་འབབ༔་་་པ། གཞལ་ཡས་ཁང་དེ་ཡང་འཇའ་ཚོན་ལྟར།་་་ཕྱི་ནང་རབ་་་ཏུ།གསལ་་་ཞིང་སྒྲིབ་གཡོགས་མེད་པ་ལ།ཉི་ཟླ་དང་གཟའ་སྐར་་་གྱིས།བརྒྱན༔་་་པ། དེ་དབུས་ལྷ་ཀླུ་བརྒྱད་དང་རུ་ཏྲ་་་ཕོ་མོ།འི་གདན༔ མ་་་ལས་ཉི་མ།ཨ་་་ལས་ཟླ་བ།པཾ་་་ལས་པདྨ་སྟེ་ས་བོན།གསུམ་་་ལས།ཉི་ཟླ་པདྨའི་གདན༔་་་གྱི། སྟེང་དུ་་་རང་སེམས།མཐིང་ནག་་་རྒྱུའི།ཡི་གེ་ཧཱུྃ་དུ་་་གསལ་བ་དེ་ཉིད།བབས༔་་་མ་ཐག །ཕཊ་ཀྱི་་་ང་རོ་བརྗོད་པའི་འོད་ཟེར།རབ་སྤྲོས་དོན་་་གཉིས།བྱས་་་ཚུར་འདུས་པས་གནམ་ལྕགས་ཀྱི།རྡོ་རྗེར་་་རྩེ་ལྔ་པར།གྱུར༔ དེ་ལས་འོད་ཟེར་ཕྱོགས་བཅུར།་་་འཕྲོས་་་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ་བྱིན་རླབས་ནུས་མཐུ་བསྡུས་ཏེ་ཧཱུྃ་ལ་ཐིམ།ཡང་འཕྲོས་གདུག་བྱེད་ཐམས་ཅད་ཚར་བཅད་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་སྟོབས་ལྡན་ནག་པོའི་གོ་འཕང་ལ་བཀོད་ཚུར།འདུས་ཡོངས་་་སུ།གྱུར་་་པ་ལས།བདག་ཉིད་ཆེ་མཆོག་སྐུ༔ སྟོབས་ལྡན་ནག་པོ་་་བསྐུལ་ལྟར།ཞལ་ཕྱག་ལ་སོགས་བསྒོམ༔ ཞེས་སོ༔ ཞལ་ལྷོར་བལྟའོ། །དེ་ཡང་སྔགས་ཉིད་ལྷ་ལ་ལྷ་ཉིད་སྔགས་དེ་ཡང་གྲགས་སྟོང་གསལ་སྟོང་། སྤྱི་བོར་བྱ་ཁྱུང་མགྲིན་པར་རྟ་མགྲིན་ཐུགས་ཀར་རྡོར་གཞོན་རྐེད་པར་ཕྱག་རྡོར་གསང་གནས་སུ་གཤིན་རྗེ་གཤེད་བསྒོམ་པ་སོགས་བསྟོད་བསྐུལ་ལྟར་བྱ་དགོས་སོ། །ཨཱོྃ་བཛྲ་སརྦ་དུཥྚཱཎ་ཧཱུྃ་ཕཊ༔ ཤྲཱི་ཧེ་རུ་ཀ་ཧཱུྃ་ཨཱ༔ ཐུགས་ཀར་ཧཱུྃ་ལ་སྙིང་པོས་བསྐོར༔ བྷྱོ་མཆེད་གཡོན་འཁྱུད་ཡུམ་འབྱུང་ལྔ༔་་་འི་བདག་མོ། རུ་ལུ་རུ་ལུ་ཧཱུྃ༔ མཁའ་འགྲོ་མ་ཉིད་བསྐུལ་ལྟར་རོ༔ སྟོབས་ལྡན་ཐུགས་་་ཧཱུྃ།ལས་ཨཱེ་གྲུར་ཆད༔ མདུན་དུ་གཟའ་བདུད་ཨེ་་་སྤྱི་གཟིར་འཇིག་རྟེན་པ།ལས་སྐྱེད༔ གྲུ་གཡས་་་སུ།བྱེ་བ་གུང་རིང་་་དང་།སྲིན་མོ་ནག༔་་་མོའོ། །ཡབ་ཀྱིས་གཡས་རི་རབ་གཡོན་རྡོ་རྗེ་རྒྱ་གྲམ་ཐོགས་པ་སྟག་ཤམ་དང་མི་ལྤགས་གྱོན་པ་ཡུམ་གྱིས་གཡས་སྙིང་དང་གཡོན་ཐོད་ཁྲག་གཟིག་ཤམ་དང་མི་ལྤགས་གྱོན་པའོ། །ཡབ་ཡུམ་ཏྲི་དང་མུ་ལས་སྐྱེད༔ གྲུ་གཡོན་མོན་པ་རྣམ་གསུམ་་་སྐུའི་མོན་པ་ལྗང་ནག་གཡས་གཡོན་འཁོར་ལོ་བེ་ཅོན་གསུང་གི་མོན་པ་དམར་ནག་གཡས་གཡོན་བེ་ཅོན་རྒྱུ་ཞགས་ཐུགས་ཀྱི་མོན་པ་མཐིང་ནག་གཡས་གཡོན་རལ་གྲི་བེ་ཅོན་ཐོགས་པ་གསུམ་ཀ་སྟག་ཤམ་དང་ཞིང་ལྤགས་གྱོན་པའོ།ཏྲི་ལས་སྐྱེད༔ དེའི་ཕྱི་རྩིབས་ལ་དྲེགས་པ་བཅོ་བརྒྱད་ནི༔་་་མདུན་ནས་རིམ་གྱིས་བསྟོད་བསྐུལ་ལྟར། སྒྲུབ་་་པའི།ཚེ་ཞལ་ནང་་་དུ་བལྟ་བ་དང་།ལས་སྦྱོར་་་གྱི་དུས་ཞལ།ཕྱི་རུ་་་བལྟ་བར།སྐྱེད༔ ཐམས་ཅད་ཏི་ར་རོ་རྐྱང་གདན་སྟེང་དུ༔ རང་རང་རྣམ་ཤེས་དག་ལས་་་རང་རང་གི།མིང་གིས་་་བསྟོད་བསྐུལ་ལྟར་སྐུ་མདོག་ཕྱག་མཚན་ཞོན་པ་སོགས་གསལ་བར།སྐྱེད༔ སྟོབས་ལྡན་ལྷོར་ཞལ་ལྟ་བའི་མདུན་ནས་སུ༔ རིམ་པས་འཆི་བདག་ལ་སོགས་་་བཅོ་བརྒྱད།གཡས་བསྐོར་་་དུ།བསམ༔ སྐུ་མདོག་ཕྱག་མཚན་ལ་སོགས་བསྐུལ་ལྟར་བསྒོམ༔ གཞན་ཡང་་་དེ་དག་གི་ཕྱི་འཁོར་དུ།སྣང་སྲིད་དྲེགས་པ་བྱེ་བ་ས་ཡ་དང༔ དྲེགས་པ་རེ་རེ་ལའང་འཁོར།་་་སྟོང་ཕྲག་བརྒྱད་ཅུས་བསྐོར་ཏེ་བཀའ་ཉན་པའོ༔ དྲེགས་པ་་་བཅོ་བརྒྱད།ཅན་གྱི་་་སོ་སོའི།སྙིང་དཀྱིལ་དུ༔ རང་རང་གི།་་་རྣམ་ཤེས་་་སྲོག་གི།ཡི་གེ་འབྲུ་རེ་ལ༔ རང་རང་གི་མིང་།་་་མི་བཟད་སྔགས་ཀྱིས་ཐ་མར་བསྐོར༔ གཟིར་་་བ་དང་།འཕྲོག་་་པ་དང་།གཅོད་་་པ།སོགས་་་ལས་གང་བྱེད།སྐབས་ཀྱིས་་་བསྒྱུར་ལ།འཇུག༔་་་པ་ཡིན་ནོ། །དེ་ལྟར་ཏིང་འཛིན་གསལ་བྱས་ནས༔ སྤྱན་འདྲེན་བཞུགས་གསོལ་ཕྱག་སོགས་བྱ༔ ཧཱུྃ༔ ཐབས་ཤེས་སྟོང་གསལ་ཆོས་སྐུའི་དཀྱིལ་འཁོར་ནས༔ ཡེ་ཤེས་སྟོབས་ལྡན་ཡབ་ཡུམ་གཤེགས་སུ་གསོལ༔ གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ༔ སྡེ་བརྒྱད་དམག་དཔོན་གཟའ་བདུད་གཤེགས་སུ་གསོལ༔ འཆི་བདག་སྲོག་ལེན་ཡབ་ཡུམ་གཤེགས་སུ་གསོལ༔ ལས་མཁན་མོན་པ་རྣམ་གསུམ་གཤེགས་སུ་གསོལ༔ ནམ་མཁའི་མཐའ་དང་མཉམ་པའི་ཞིང་ཁམས་ནས༔ ཅི་བགྱིའི་བཀའ་ཉན་དྲེགས་པ་གཤེགས་སུ་གསོལ༔ ཏི་ར་རོ་ཡི་གདན་ལ་བཞུགས་སུ་གསོལ༔ བཛྲ་སརྦ་དུཥྚཱཎ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྲིན་ལས་གཟིར་གནོན་དྲག་པོས་དྲེགས་པ་འདུལ༔ ཐབས་ཤེས་གཉིས་མེད་སྟོབས་ལྡན་ཡབ་ཡུམ་ལ༔ ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་བསྟོད༔ ལས་ཀྱི་དབང་གིས་དྲེགས་པའི་སྟོབས་རྙེད་ཅིང༔ དམ་ཚིག་དབང་གིས་བཀའ་ཡི་བསྟན་པ་སྲུང༔ སྡེ་དཔོན་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཛྲ་སརྦ་དུཥྚཱཎ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨེ་མ་ཧོ༔ མཛེས་པའི་ཞལ་བུ་བྷནྡྷ་ཀ་པཱ་ལ་ཡི་ནང༔ ཕྱི་ནང་གསང་བའི་མཆོད་པ་མ་ལུས་སྦྱར༔ ཤ་ཁྲག་དམར་དང་སྙིང་སྣས་རབ་ཏུ་བརྒྱན༔ ཆང་ཕུད་ཨ་མྲྀཏ་དང་རཀྟས་བྲན༔ སྣོད་དང་བཅུད་ལྡན་མཐུན་པའི་མཆོད་པ་འབུལ༔ ལྷ་མཆོག་སྟོབས་ལྡན་ཡབ་ཡུམ་མཉེས་གྱུར་ཅིག༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཚིམ་གྱུར་ཅིག༔ བཛྲ་སརྦ་དུཥྚཱཎ་ཧཱུྃ་ཛ་ཛ༔ བྷ་ལིཾ་ཏ༔ ཨ་མྲྀཏ༔ རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧིཿསྭཱ་ཧཱ༔ ཞེས་སོ༔ དེ་ནས་བསྟོད་ཅིང་བསྐུལ་བ་ལ་གཉིས་ཏེ༔ རང་བཞིན་བསྟོད་ཅིང་བསྒྲུབ་པ་དང༔ ལས་ལ་བསྐུལ་བའོ༔ དང་པོ་ནི༔ ཛཿབྷྱོ༔ ཆོས་དབྱིངས་མི་འགྱུར་ཕོ་བྲང་ནས༔ གྲུ་གསུམ་མཐིང་ནག་བསྐལ་པའི་མེ་དཔུང་ཀློང༔ མི་འགྱུར་མི་ཤིགས་སྟོབས་ལྡན་ནག་པོའི་སྐུ༔ དབུ་དགུ་ཕྱག་ནི་རྣམ་པ་བཅོ་བརྒྱད་དེ༔ གཡས་ཞལ་གསུམ་དཀར་སྐྱེ་མེད་ཆོས་ཀྱི་སྐུ༔ གཡོན་ཞལ་གསུམ་དམར་ཐུགས་རྗེ་སྤྲུལ་པའི་སྐུ༔ དབུས་ཞལ་གསུམ་མཐིང་ལོངས་སྤྱོད་རྫོགས་པའི་སྐུ༔ ཞབས་བརྒྱད་དྲེགས་པའི་སྙིང་ཁར་རབ་ཏུ་གཟིར༔ དབུ་སྐྲ་ཁམ་ནག་ཐོད་པ་རིགས་ལྔས་བརྒྱན༔ སྡེ་བརྒྱད་མགོ་བཅད་ཐོད་པའི་སེ་རལ་ཁ༔ སྐུ་སྟོད་ཞིང་ལྤགས་སྐུ་སྨད་ཆུ་སྲིན་ཤམ་ཐབས་ཅན༔ ཀླུ་བརྒྱད་སྐུ་བརྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱག་གཡས་དགུ་ན་གསེར་གྱི་རྡོ་རྗེ་འཕེན༔ སྣང་སྲིད་དྲེགས་པ་མ་ལུས་གཟིར་བར་བྱེད༔ གཡོན་དགུ་བྷན་དམར་དྲེགས་པའི་སྙིང་ཁྲག་འཐུང༔ ཞབས་བརྒྱད་དྲེགས་པའི་སྙིང་ཁར་རབ་གཟིར་དབང་དུ་བསྡུ༔ སྟོབས་ལྡན་ནག་པོ་དཔལ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་དབང་སྡུད་ཟིལ་གྱིས་གནོན་པར་མཛོད༔ བྷྱོ༔ ཡུམ་གཅིག་འབྱུང་བ་ལྔ་ཡི་བདག་མོ་ནི༔ ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་ལ་གཤེ༔ གཡས་གཡོན་དང་པོ་གྲི་གུག་བྷན་དྷ་བསྣམས༔ བར་བས་ཏྲི་ཤུལ་ཞིང་གི་དབྱུག་པ་འཕེན༔ ཐ་མས་བདུད་ཀྱི་ཞིང་ལྤགས་གཡབ་མོ་འདེབས༔ ཞབས་བཞིས་དྲེགས་པ་ཀུན་གཟིར་དུར་ཁྲོད་ཆས་བརྒྱད་གསོལ༔ སྣང་སྲིད་མ་མོ་ཟིལ་གནོན་དབང་དུ་སྡུད༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ དྲེགས་པ་སྤྱིར་གཟིར་བའི་གཉེན་པོ་གཟའ་འཇིག་རྟེན་པ་ལ་བསྟོད་ཅིང་བསྐུལ་བ་ནི༔ བྷྱོ༔ ནམ་མཁའ་གཡུ་འོད་འབར་བའི་ལྡིང་ཁང་ནས༔ གཟའ་བདུད་ཆེན་པོ་མ་རུངས་པ༔ ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ༔ འཇིགས་བྱེད་ཆེན་པོར་སྤྲུལ་པའི་ཚེ༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ དབུ་དགུ་སྡེ་བརྒྱད་རོག་ཏིའི་སྤྲུལ་པ་འགྱེད༔ མགོ་ལུས་མེད་པར་མིག་གིས་ཁེངས༔ སྐུ་ནི་རབ་འཇིགས་དུད་ཁ་པོ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་བསྣམས༔ གཡོན་ན་རྭ་ཡི་མདའ་གཞུ་འཕེན༔ དམ་ཉམས་དགྲ་བོའི་སྙིང་ལ་ཡ༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ལ༔ ནུབ་ཀྱི་ཕྱོགས་ནས་ལམ་དུ་ཞུགས༔ ཟླ་བའི་རྗེས་གཅོད་ཤར་དུ་རྒྱུ༔ ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག༔ ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས༔ ཕྱོགས་མཚམས་སྟེང་འོག་ཀུན་དུ་རྒྱུག༔ བར་སྣང་ཁམས་སུ་རྒྱུ་ཙམ་ན༔ འཇིག་རྟེན་ཁམས་ཀུན་དཀྲུག་ཅིང་སྲེག༔ ལོ་ཉེས་འཁྲུག་པ་རིམས་ནད་གཏོང༔ ཉི་མ་ཟླ་བ་གྱུར་མིད་བྱེད༔ རྒྱ་མཚོའི་གཏིང་ན་གནས་ཙམ་ན༔ ཀླུ་རྣམས་འཁྲུག་ཅིང་ཐོག་སེར་གཏོང༔ བྷྱོ༔ འཇིགས་བྱེད་ཆེན་པོ་མ་རུངས་པ༔ མིང་བརྒྱ་པོ་ལ་མཚན་སྟོང་པོ༔ དུས་ཚོད་ཚེས་གྲངས་ཀུན་གྱི་བདག༔ ལྷ་སྲིན་སྡེ་བརྒྱད་ནང་དབྱེན་བྱེད༔ འབྱུང་བ་ལྔ་ཡི་དུག་ཆེན་པོ༔ ཁྱོད་ལ་མིང་ནི་རྣམ་པ་དགུ༔ ནུབ་ཀྱི་ཕྱོགས་ནས་བསྐྱོད་པའི་ཚེ༔ ཀིང་ཀཾ་འབར་བ་ཙ་ར་ཀ༔ མ་མོའི་དལ་ཡམས་དགྲ་ལ་བྷྱོ༔ ཤར་ལྷོ་མཚམས་ནས་བསྐྱོད་པའི་ཚེ༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ དགྲ་བླའི་རྒྱལ་མོའི་ཐོག་སེར་བྷྱོ༔ བྱང་གི་ཕྱོགས་ནས་བསྐྱོད༴ བདུད་པོ་རོག་ཏི་འབར་བའི་སྐུ༔ བདུད་ནད་ཧུར་ཐུམས་དགྲ་ལ་བྷྱོ༔ ལྷོ་ནུབ་མཚམས་ནས་བསྐྱོད༴ སྲིན་པོ་རཀྴ་བྱི་ཏྲི་ཏ༔ སྲིན་པོའི་གྲི་འཐབ་དགྲ་ལ༴ ཤར་གྱི་ཕྱོགས་ནས་བསྐྱོད༴ དམུ་བདུད་ཆེན་པོ་ཧ་ལི་ཀ༔ དམུ་ནད་དམུ་རྡོ་དགྲ༴ ནུབ་བྱང་མཚམས་ནས་བསྐྱོད༴ ཀླུ་བཙན་དུ་བ་མཇུག་རིང་པོ༔ གཟེར་ནད་མཛེ་ཤུ་དགྲ༴ ལྷོ་ཡི་ཕྱོགས་ནས་བསྐྱོད༴ ཁྱབ་འཇུག་ཆེན་པོ་ཞེས་བྱ་བ༔ གཤིན་རྗེའི་དམག་དཔུང་དགྲ༴ བྱང་ཤར་མཚམས་ནས་བསྐྱོད༴ བྱི་ནཱ་ཡ་ག་ཞེས་བྱ་བ༔ བགེགས་ཀྱི་དམག་དཔུང་དགྲ༴ རི་རབ་ཁོང་གསེང་ནས་བསྐྱོད་ཚེ༔ ཀིང་ཀཾ་ལྗང་སྔོན་དྲག་པོ་ཆེ༔ སྐར་ཆེན་འབར་བའི་འོད་པོ་ཆེ༔ སུ་འཕྲད་ཟ་ཞིང་གཏོང་མི་བྱེད༔ ཁྱོད་ནི་ཁྲོ་ཆེན་ཕོ་ཉ་ཡིན༔ ཁམས་གསུམ་མཐུ་ཆེན་འགྲན་ཟླ་མེད༔ བསྐལ་པ་གྲངས་མེད་སྔོན་རོལ་དུ༔ སངས་རྒྱས་ཀུན་གྱི་བསྟན་པ་བསྲུངས༔ འཇིག་རྟེན་ཕུང་བའི་དྲག་ཤུལ་ཅན༔ ཕྱག་རྡོར་གཤིན་རྗེ་བྱ་ཁྱུང་རྒྱལ༔ རྟ་མགྲིན་རོག་ཏི་རྡོ་རྗེ་འཆང༔ སྤྱན་སྔར་ཁས་བླངས་དམ་ཡང་བཅས༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ རྣལ་འབྱོར་གྲོགས་བྱེད་དམ་ཉམས་སྒྲོལ༔ སྟོན་པའི་བཀའ་ལས་མ་འདའ་བར༔ བཅོལ་པའི་ལས་འདི་མྱུར་དུ་གྱིས༔ དུས་ལ་བབ་བོ་ས་མ་ཡ༔ གཟའ་བདུད་ཆེན་པོའི་དུས་ལ་བབས༔ མ་ཧཱ་དེ་ཝའི་དུས་ལ་བབས༔ འཆི་བདག་གཤིན་རྗེའི་དུས་ལ༴ ཀླུ་བདུད་ནག་པོའི་དུས༴ དགྲ་བགེགས་སྒྲོལ་བའི་དུས༴ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྣང་སྲིད་དྲེགས་པ་ལས་ལ་དགྱེ་བ་དང༔ གཟིར་ཞིང་གསད་མནན་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་སོ༔ ནན་དུ་ཡང་ཡང་བསྐུལ་བ་དྲེགས་པ་བཅོ་བརྒྱད་སྤྱི་གཟིར་བའི་ནང་དབྱེན་ཡིན་པའི་ཕྱིར༔ རབ་ཏུ་གཅེས༔ སྡེ་བརྒྱད་ཡོངས་ཀྱི་བྱ་མ་རྟ༔ ལས་རྣམས་ཀུན་གྱི་ནང་དབྱེན་ཡིན༔ ཅེས་པའོ༔ སྲོག་ལན་ཡུམ་དང་མོན་པ་རྣམ་གསུམ་བསྐུལ་བ་ནི༔ བྷྱོ༔ གསོད་བྱེད་དྲེགས་པའི་སྡེ་དཔོན་ནི༔ རྒྱ་དང་བལ་པོའི་སོ་མཚམས་ན༔ འཆི་བདག་སྲོག་ལེན་ནག་པོ་བྷྱོ༔ གསོད་བྱེད་ཁྲག་འཐུང་ནག་མོ་བྷྱོ༔ ལས་མཁན་མོན་པ་རྣམ་གསུམ་བྷྱོ༔ སྐུ་ཡི་མོན་པ་ལྗང་ནག་ལ༔ གསུང་གི་མོན་པ་དམར་ནག་པོ༔ ཐུགས་ཀྱི་མོན་པ་མཐིང་ནག་སྟེ༔ ལས་ཀྱི་གཤིན་རྗེ་རྣམ་པ་གསུམ༔ ཚེ་བདག་སྲོག་བདག་འཆི་བདག་བྷྱོ༔ དགྲ་བགེགས་ཚེ་སྲོག་དུས་མཐའ་སྟུངས༔ གདུག་བྱེད་མཚོན་ཆ་རང་གཤེད་ཕོབ༔ འབྱུང་བཞིའི་བཅུད་སྡུས་སྲོག་དབུགས་ཆོད༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་པ་ཡ་བག་ཤ་ཡི་ལས་འདི་ནི༔ ཧ་ལ་ནག་པོ་ཙ་མ་རི༔ ཞེས་སོ༔ དེ་ནས་བཅོ་བརྒྱད་རིམ་པར་བསྐུལ༔ ཛཿབྷྱོ་ཡ༔ ཡ་ལས་སྐུ་སྐྱེད་གཤིན་རྗེ་་་འཆི་བདག།ནག་པོ་ཁྱོད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཐོད་པ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་གཡག་འཆིབ༔ བསྟན་པ་སྲུངས་ཤིག་གཤིན་རྗེའི་ཚོགས༔ མ་ལས་སྐུ་སྐྱེད།་་་འཆི་བདག་ནག་པོའི་བཙུན་མོ་་་སྐྱེ་འགྲོའི་སྲོག་གི་བདག་མོ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཐོད་པ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་རྟ་འཆིབ༔ བསྟན་པ་སྲུངས་ཤིག་མ་མོའི་ཚོགས༔ ཐ་ལས་སྐུ་སྐྱེད་མུ་སྟེགས་་་ཀཱ་ལ་ཡཀྵ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཁ་ཊྭཱཾ་གཡས་ལ་གྲི་གུག་གཡོན༔ མི་ལྤགས་གསོལ་ཏེ་དུར་ཕག་ཞོན༔ བསྟན་པ་སྲུངས་ཤིག་མུ་སྟེགས་ཚོགས༔ དུ་ལས་སྐུ་སྐྱེད་བདུད་ཕོ་་་མེའི་ཁ་རླངས་ཅན།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཁྲམ་ཤིང་གཡས་ལ་རྒྱུ་ཞགས་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་རྟ་འཆིབ༔ བསྟན་པ་སྲུངས་ཤིག་བདུད་ཕོའི་ཚོགས༔ དེ་དང་གཉིས་མེད་་་དུ་ལས་སྐུ་སྐྱེད།བདུད་མོ་་་ནག་མོ་ཁྲག་འཛག།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ དར་ནག་གཡས་ལ་ཁྲམ་ཤིང་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་བྱ་ཞོན༔ བསྟན་པ་སྲུངས་ཤིག་བདུད་མོའི་ཚོགས༔ ཨ་ལས་སྐུ་སྐྱེད་ལྷ་ཆེན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཤེལ་གྲི་གཡས་ལ་བ་དན་གཡོན༔ ཞིང་ལྤགས་གསོལ་ཏེ་མི་རྒོད་ཞོན༔ བསྟན་པ་སྲུངས་ཤིག་ལྷ་ཡི་ཚོགས༔ ར་ལས་སྐུ་སྐྱེད་སྲིན་པོ་་་རཀྴ་གློག་ཕྲེང་ཅན།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཞིང་ལྤགས་གསོལ་ཏེ་འབྲུག་ལ་ཞོན༔ བསྟན་པ་སྲུངས་ཤིག་སྲིན་པོའི་ཚོགས༔ དེ་དང་གཉིས་མེད་་་ར་ལས་སྐུ་སྐྱེད།སྲིན་མོ་་་སྦལ་མགོ་ཁྲག་མིག།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གྲི་གུག་གཡས་ལ་མི་མགོ་གཡོན༔ ཞིང་ལྤགས་གསོལ་ཏེ་མི་ལ་ཞོན༔ བསྟན་པ་སྲུངས་ཤིག་སྲིན་མོའི་ཚོགས༔ རཱ་ལས་སྐུ་སྐྱེད་གཟའ་བདུད་་་རཱ་ཧུ་ལ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག༔ དགྲ་སཏྭ་གཡས་ལ་ཁྲམ་བམ་གཡོན༔ ཞིང་ལྤགས་གསོལ་ཏེ་གློག་ལ་ཞོན༔ བསྟན་པ་སྲུངས་ཤིག་རཱ་ཧུ་ལ༔ ཀྵ་ལས་སྐུ་སྐྱེད་གནོད་སྦྱིན་་་གང་བ་བཟང་པོ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ ཤན་གྲི་གཡས་ལ་རུ་མཚོན་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ བསྟན་པ་སྲུངས་ཤིག་གནོད་སྦྱིན་ཚོགས༔ ཀྵ་ལས་སྐུ་སྐྱེད་གནོད་སྦྱིན་་་ཤ་ཟ་རལ་གཅིག།མོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ དར་ནག་གཡས་ལ་རུ་མཚོན་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ བསྟན་པ་སྲུངས་ཤིག་གནོད་སྦྱིན་མོ་ཡི་ཚོགས༔ ཙ་ལས་སྐུ་སྐྱེད་རྒྱལ་པོ་་་ལི་བྱིན་ཧ་ར།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཤེལ་གྲི་གཡས་ལ་དར་དཀར་གཡོན༔ ཞིང་ལྤགས་གསོལ་ཏེ་སྤྲེལ་ནག་ཞོན༔ བསྟན་པ་སྲུངས་ཤིག་རྒྱལ་པོའི་ཚོགས༔ པ་ལས་སྐུ་སྐྱེད་དམུ་བདུད་་་དམུ་རྗེ་བཙན་པོ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ དར་ནག་གཡས་ལ་ཞགས་པ་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་འཆིབ༔ བསྟན་པ་སྲུངས་ཤིག་དམུ་ཡི་ཚོགས༔ ཙ་ལས་སྐུ་སྐྱེད་བཙན་རྒོད་་་ཡམ་ཤུད་དམར་པོ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ མདུང་དམར་གཡས་ལ་བཙན་གྲི་གཡོན༔ ཞིང་ལྤགས་གསོལ་ཏེ་བཙན་རྟ་རྒྱུག༔ བསྟན་པ་སྲུངས་ཤིག་བཙན་གྱི་ཚོགས༔ ཏྲི་ལས་སྐུ་སྐྱེད་དགེ་བསྙེན་་་རྡོ་རྗེ་ལེགས་པ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དར་དཀར་གཡས་ལ་ལྕགས་ཀྱུ་གཡོན༔ ཞིང་ལྤགས་གསོལ་ཏེ་ར་སྐྱེས་འཆིབ༔ བསྟན་པ་སྲུངས་ཤིག་ཐེའུ་བྲང་ཚོགས༔ ཏྲི་ལས་སྐུ་སྐྱེད་འགོང་པོ་་་ཁུ་ལེ་ལག་དགུ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ རྔ་ཡབ་གཡས་ལ་ལྕགས་ཀྱུ་གཡོན༔ ཞིང་ལྤགས་གོན་ཏེ་ཅེ་སྤྱང་ཞོན༔ བསྟན་པ་སྲུངས་ཤིག་འགོང་པོའི་ཚོགས༔ ཏྲི་ལས་སྐུ་སྐྱེད་དམ་སྲི་་་རྐང་ལག་རིང་པོ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ བེར་ག་གཡས་ལ་མི་མགོ་གཡོན༔ ཞིང་ལྤགས་གསོལ་ཏེ་བོང་བུ་ཞོན༔ བསྟན་པ་སྲུངས་ཤིག་དམ་སྲིའི་ཚོགས༔ ཕུ་ལས་སྐུ་སྐྱེད་ཀླུ་རྒྱལ་་་གཞོན་ནུ་གཏུམ་པོ།ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ བུམ་པ་གཡས་ལ་རུས་སྦལ་གཡོན༔ ཞིང་ལྤགས་གསོལ་ཏེ་ཆུ་སྲིན་ཞོན༔ བསྟན་པ་སྲུངས་ཤིག་ཀླུ་རྒྱལ་ཚོགས༔ ཞེས་དམ་རྫས་བྱིན་ལ་ཕྲིན་ལས་བཅོལ༔ གང་འདོད་ལས་རྣམས་བྱེད་པར་ངེས༔ ཞེས་སོ༔ དེ་ནས་དམ་ཉམས་རང་གཤེད་དབབ་པ༔ དྲག་པོའི་དུས་སུ་ལས་ལ་བསྐུལ་བ་ནི༔ སྲིན་མོ་རལ་པ་བསིག་པ་གྲིབ་སོ་འབ་འུབ་བམ༔ དགྲ་བོའི་བླ་འཁྱམས་ནམ་གྱི་གུང་འཇིངས་ཉིད་ལ༔ ཤ་ཁྲག་དམར་གཏོར་བྱིན་ལ་འདི་སྐད་དྲག་ཏུ་བསྐུལ༔ ཛཿབྷྱོ་ཡ༔ ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས༔ བཅོམ་ལྡན་དྲེགས་བདག་སྟོབས་ལྡན་ནག་པོ་བྷྱོ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ གཡས་ཀྱི་ཕྱག་དགུས་གསེར་གྱི་རྡོ་རྗེ་འཕེན༔ སྣང་སྲིད་དྲེགས་པ་མ་ལུས་གཟིར་བར་བྱེད༔ གཡོན་དགུས་བྷན་དམར་དྲེགས་པའི་སྙིང་ཁྲག་འཐུང༔ སྡེ་བརྒྱད་མགོ་བཅད་ཐོད་པའི་སེ་རལ་བརྒྱན༔ ཞབས་བརྒྱད་དྲེགས་པའི་སྙིང་ཁར་རབ་ཏུ་གཟིར༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་སྐུ་ལ་གསོལ༔ ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་རབ་ཏུ་བརྒྱན༔ དཔའ་བ་སྒེག་པ་འཇིགས་སུ་རུང་བ་དང༔ བཞད་དང་གཤེ་དང་རབ་ཏུ་རྔམ་པའི་གསུང༔ ཞི་བ་དུལ་བ་སྙིང་རྗེར་ལྡན་པ་པོ༔ འབར་བའི་གར་དགུར་ལྡན་ལ་ཕྱག་འཚལ་བསྟོད༔ དཔལ་གྱི་སྐུ་ལ་གཉིས་མེད་ལྷུན་སྦྱོར་ཡུམ༔ མ་མོ་མཁའ་འགྲོ་འབྱུང་བ་ལྔའི་བདག་མོ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་ཚུལ༔ ཡབ་ཡུམ་ཐབས་ཤེས་གཉིས་མེད་ཕྱག་འཚལ་བསྟོད༔ སྤྱི་གཙུག་མཁའ་ལྡིང་མགྲིན་པར་རྟ་མགྲིན་དཔལ༔ ཐུགས་ཀར་རྡོ་རྗེ་གཞོན་ནུ་རྐེད་པར་ཕྱག་རྡོར་འཕྲོ༔ གསང་གནས་གཤིན་རྗེའི་གཤེད་པོས་བརྒྱན་པ་སྟེ༔ ཐམས་ཅད་འབར་བའི་གར་དགུ་ལྡན་ཞིང་དྲེགས་པ་སྒྲོལ༔ སྐུ་ནི་ཤ་ཟ་དྲེགས་འཇོམས་གདུག་པ་འདུལ་བར་བྱེད༔ གསུང་ནི་དྲག་སྔགས་འོད་ཟེར་ཚྭ་ཚྭ་ཕྱོགས་བཅུར་འཕྲོ༔ ཐུགས་ནི་སྐྱེ་འགག་མེད་དེ་འཁོར་འདས་དམྱལ་ཐག་གཅོད༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་དབང་དུ་སྡུད༔ དྲེགས་པ་ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད༔ དམ་ཅན་ལས་ལ་དགྱེ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་གཟིར་གནོན་སྒྲོལ་བའི་དུས་ལ་བབ༔ བྷྱོ༔ རྣལ་འབྱོར་བདག་ལ་བཀའ་སྲུང་ར་མདའ་ཟློག༔ གཤིན་རྗེ་མ་མོ་ལ་སོགས་པ༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དྲེགས་པ་སྤྱི་ཡི་སྡེ་དཔོན་བྷྱོ༔ བཛྲ་སརྦ་དུཥྚཱཎ༔ ཨཱེཿཡི་གནད་ནས་བསྐུལ་ཙམ་ན༔ སྙིང་པོ་སྐུ་གསུང་ཐུགས་ལས་མ་འདའ་ཞིག༔ གལ་ཏེ་དམ་ལས་ཁྱོད་འདའ་ན༔ གཟིར་བ་བྱེད་པའི་ཡི་གེ་ཡིས༔ ལུས་ཀྱི་དབང་པོ་གཟིར་བར་མཆིའོ༔ འཕྲོག་པར་བྱེད་པའི་ཡི་གེ་ཡིས༔ སྙིང་དཀྱིལ་རྣམ་ཤེས་འཕྲོག་པར་བྱེད༔ གསོད་པར་བྱེད་པའི་མཚོན་ཆ་ཡིས༔ རང་སྲོག་རང་གིས་གཅོད་པར་མཆིའོ༔ མེ་ཆུ་ཚ་གྲང་སྡུག་བསྔལ་འབྱུང༔ དེ་བས་དམ་ལ་མ་འདའ་ས་མ་ཡ༔ ཛཿབྷྱོ་ཡ༔ བཅོམ་ལྡན་ཐུགས་རྗེའི་རོལ་པ་ལས༔ བཅོམ་ལྡན་སྐུ་ཡི་སྤྲུལ་པ་བྱུང༔ བཅོམ་ལྡན་སྐུ་ཡི་སྤྲུལ་པ་ལས༔ བཅོམ་ལྡན་གསུང་གི་ང་རོ་བྱུང༔ བཅོམ་ལྡན་གསུང་གི་ང་རོ་ལས༔ ཡི་གེ་འབར་བ་ཛཿརུ་བྱུང༔ ཛཿལས་སྟོང་གསུམ་ཕོ་ཉར་འགྱེད༔ སྟེང་ཕྱོགས་ཡི་གེའི་འཕྲོ་འདུ་ལས༔ ཞེ་སྡང་ཡི་གེ་ཡ་རུ་བྱུང༔ ཡ་ལས་ཡབ་གཅིག་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱོད་ཀྱི་ཐུགས་ནི་ཞེ་སྡང་མེ་ལྟར་འབར༔ ཞེ་སྡང་དབང་གིས་དགྲ་བགེགས་མྱུར་དུ་སྒྲོལ༔ འོག་ཕྱོགས་ཡི་གེའི་འཕྲོ་འདུ་ལས༔ འདོད་ཆགས་ཡི་གེ་མ་རུ་བྱུང༔ མ་ལས་འབྱུང་ལྔའི་བདག་མོ་བྱུང༔ ཁྱོད་ཀྱི་ཐུགས་ནི་འདོད་ཆགས་ཆུ་ལྟར་འབྲུབ༔ འདོད་ཆགས་དབང་གིས་སྣང་སྲིད་དབང་དུ་སྡུད༔ འདོད་ཆགས་ཞེ་སྡང་གཉིས་མེད་ལས༔ མ་ནིང་ཡི་གེ་ཨཱེཿརུ་བྱུང༔ ཨཱེཿལས་བཀའ་སྲུང་དྲེགས་པའི་ཚོགས་རྣམས་བྱུང༔ ཁྱོད་རྣམས་སྔགས་ཀྱི་བདག་པོར་དབང་བསྐུར་རོ༔ རྒྱལ་བའི་བཀའ་བྱུང་བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཛཿབྷྱོ་ཡ༔ བྷྱོ་ཡ་མ་ཡ་ཡིས་གནད་ནས་བསྐུལ་ཙམ་ན༔ གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ འཆི་བདག་གཤིན་རྗེ་ནག་པོ་དགྲ་ལ་བྷྱོ༔ བྷྱོ་མ་མ་རུ་ལུ་མ་ཡིས་གནད་ནས་བསྐུལ་ཙམ་ན༔ མ་མོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ སྐྱེ་འགྲོའི་སྲོག་གི་བདག་མོ་དགྲ་ལ་བྷྱོ༔ བྷྱོ་ཏིར་ཏི་ཀ་ཐ་ཡིས་གནད་ནས་བསྐུལ་ཙམ་ན༔ མུ་སྟེགས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ མུ་སྟེགས་ཀཱ་ལ་ཡཀྵ་དགྲ་ལ་བྷྱོ༔ བྷྱོ་དུ་ཁྲག་དུ་ཡིས་གནད་ནས་བསྐུལ་ཙམ་ན༔ བདུད་ཕོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ བདུད་ཕོ་མེ་ཡི་ཁ་རླངས་ཅན་དགྲ་ལ་བྷྱོ༔ བྷྱོ་དུན་ཏིང་དུ་ཡིས་གནད་ནས་བསྐུལ་ཙམ་ན༔ བདུད་མོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ བདུད་མོ་ནག་མོ་ཁྲག་འཛག་དགྲ་ལ་བྷྱོ༔ བྷྱོ་དྷེ་ཝ་ཨ་ཡིས་གནད་ནས་བསྐུལ་ཙམ་ན༔ ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ ལྷ་ཆེན་མ་ཧཱ་དེ་ཝ་དགྲ་ལ་བྷྱོ༔ བྷྱོ་རཀྴ་ར་ཡིས་གནད་ནས་བསྐུལ་ཙམ་ན༔ སྲིན་པོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ རཀྴ་གློག་ཕྲེང་དགྲ་ལ་བྷྱོ༔ བྷྱོ་རཀྨོ་ར་ཡིས་གནད་ནས་བསྐུལ་ཙམ་ན༔ སྲིན་མོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ སྲིན་མོ་སྦལ་མགོ་ཁྲག་མིག་དགྲ་ལ་བྷྱོ༔ བྷྱོ་རཀྵ་རཱ་ཡིས་གནད་ནས་བསྐུལ་ཙམ་ན༔ གཟའ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ གཟའ་བདུད་རཱ་ཧུ་ལ་ཡང་དགྲ་ལ་བྷྱོ༔ བྷྱོ་ཡཀྵ་ཀྵ་ཡིས་གནད་ནས་བསྐུལ་ཙམ་ན༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ གནོད་སྦྱིན་གང་བ་བཟང་པོ་དགྲ་ལ་བྷྱོ༔ བྷྱོ་ཡག་མོ་ཀྵ་ཡིས་གནད་ནས་བསྐུལ་ཙམ་ན༔ གནོད་སྦྱིན་མོ་ཡི་སྡེ་དཔོན་དགྲ་ལ་བྷྱོ༔ གནོད་སྦྱིན་མོ་ཤ་ཟ་རལ་ཅན་དགྲ་ལ་བྷྱོ༔ བྷྱོ་རཱ་ཙ་ཙ་ཡིས་གནད་ནས་བསྐུལ་ཙམ་ན༔ རྒྱལ་པོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ རྒྱལ་པོ་ལི་བྱིན་ཧར་ལེགས་དགྲ་ལ་བྷྱོ༔ བྷྱོ་མུན་མུན་པ་ཡིས་གནད་ནས་བསྐུལ་ཙམ་ན༔ དམུ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ དམུ་རྗེ་བཙན་པོ་དགྲ་ལ་བྷྱོ༔ བྷྱོ་ཤུ་ལ་ཙ་ཡིས་གནད་ནས་བསྐུལ་ཙམ་ན༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ བཙན་རྒོད་ཡམ་ཤུད་དམར་པོ་དགྲ་ལ་བྷྱོ༔ བྷྱོ་བཛྲ་སཱ་དྷུ་ཏྲི་ཡིས་གནད་ནས་བསྐུལ་ཙམ་ན༔ ཐེའུ་བྲང་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ དགེ་བསྙེན་རྡོ་རྗེ་ལེགས་པ་དགྲ་ལ་བྷྱོ༔ བྷྱོ་ཧཾ་ཤཾ་ཏྲི་ཡིས་གནད་ནས་བསྐུལ་ཙམ་ན༔ འགོང་པོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ ཁུ་ལེ་ལག་དགུ་དགྲ་ལ་བྷྱོ༔ བྷྱོ་རུ་ཏྲི་ཏྲི་ཡིས་གནད་ནས་བསྐུལ་ཙམ་ན༔ དམ་སྲི་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ རྐང་ལག་རིང་པོ་དགྲ་ལ་བྷྱོ༔ བྷྱོ་ས་ནཱ་ག་ཕུ་ཡིས་གནད་ནས་བསྐུལ་ཙམ་ན༔ ཀླུ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་དགྲ་ལ་བྷྱོ༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཀུན༔ འདིར་གཤེགས་དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ལས་ལེགས་ཉེས་དཔང་པོ་ཁྱོད་ཀྱིས་མཛོད༔ རྣལ་འབྱོར་བདག་གིས་མ་ལན་མ་ཉེས་མ་ཡོའོ༔ སྔགས་འཆང་བདག་དང་འགྲས་པའི་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་གཉན་པོ་འདི་ཡིས་བཤིག༔ དཀོན་མཆོག་དབུ་འཕང་འདི་ཡིས་སྨད༔ བཀའ་སྲུང་དམ་ཅན་ཁྱོད་ལ་འགྲན་གྱི་དོ་བཙུགས་སོ༔ མིང་དང་བཅས་པའི་དགྲ་བོ་འདི༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་ཁུག་ལ་ཤོག༔ ཤ་ཁྲག་མཆོད་པ་དམ་པ་བཞེས༔ དུས་ལ་བབ་པོ་ས་མ་ཡ༔ ཛཿབྷྱོ་ཡ༔ བཀའ་སྲུང་དྲེགས་པ་བཅོ་བརྒྱད་འཁོར་དང་བཅས༔ ཐོག་མར་བྱུང་ཡང་བདེ་གཤེགས་བཀའ་ལས་བྱུང༔ བར་དུ་གནས་ཀྱང་བདེ་གཤེགས་བཀའ་ལ་གནས༔ ཐ་མར་བྱེད་ཀྱང་བདེ་གཤེགས་བཀའ་ལས་བྱེད༔ དེ་ཕྱིར་བདེ་གཤེགས་བཀའ་ལས་མ་འདའ་བར༔ དམ་ཉམས་རང་གཤེད་དབབ་པའི་དུས་ལ་བབས༔ དང་པོ་ཡེ་ཤེས་ལྷ་ཡི་བཀའ༔ བར་དུ་རིག་འཛིན་རྣམས་ཀྱི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་པའི་ལས་རྣམས་མ་ལུས་གྱིས༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ གལ་ཏེ་དམ་ལས་ཁྱོད་འདའ་ན༔ རང་ལུས་རང་གིས་གཟིར་བར་བྱེད༔ རང་ཁྲག་རང་འཐུང་རང་ཤ་ཟ༔ རང་སྲོག་རང་གིས་གཅོད་པར་བྱེད༔ དེ་བས་རང་སྲོག་སྲུང་ཞིང་དགྲ་བགེགས་སྒྲོལ༔ ཞེས་ཁྲོས་པས་དྲག་ཏུ་བསྐུལ་ཞིང༔ གཏོར་མ་བྱིན་ལ་ཕུར་ཐུན་ལ་སོགས་རྦོད་གཏོང་གི་ལས་སྦྱོར་བྱའོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ལྷ་སྐྱེད་པ་དང་ཏིང་འཛིན་བསྟོད་བསྐུལ་གྱི་ལེའུ་སྟེ་ཉེར་བཞི་པའོ༔ དེ་ནས་སྟོབས་ལྡན་དཔའ་བོ་ཡིས༔ དྲེགས་པ་ཐུགས་དམ་བསྐང་བ་དང༔ ལམ་བསྟན་་་དགྲ་ལ་བྱེད་ན།ཟོར་མདོས་ལ་སོགས་པ༔ མདོས་ཀྱི་རིམ་པ་བཤད་པར་འཚལ༔ དེ་ལ་རྣམ་པ་གཉིས་ཡིན་ཏེ༔ ཕན་བྱ་དང་ནི་གནོད་བྱ་འོ༔ དང་པོ་ཕན་བྱའི་མདོས་བསྟན་པ༔ ཐུགས་དམ་བསྐང་ཞིང་སྲུང་ཞི་རྒྱས༔ བརྟེན་དང་གཏང་རག་བཏང་བ་ནི༔ ས་བཟང་་་པོ་ལ།རཏྣ་ལྔ་དང་འབྲུ་སྣ་་་བརྡར་བ་བསྲེས།ལ༔ རི་རབ་བང་རིམ་བཞི་པ་་་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བ་བྱ།གླིང་བཞི་གླིང་ཕྲན་བརྒྱད་དང་།ལྕགས་རིར་བཅས༔ སྲིད་པ་སྤྱི་དང་མཐུན་པར་་་བྱ་བ།ནི༔ དཀྱིལ་འཁོར་་་ནི།ཞིང་ཆེན་་་ལྤགས་པ་བཏིང་པའི་སྟེང་དུ།འབྲུ་སྣའི་་་ཚོམ་བུ་བྱས་པའི།སྟེང་དུ་་་ཁྲིའི་ཁར་མདོས་བཤམས་པར།བྱའོ༔ མདོས་ཀྱི་རྒྱུ་ནི།་་་འབྲུ་སྣ་ཁྲག་སྣ་་་ཕན་བྱའི་སྐབས་མཛེ་དམེ་ཡུགས་གསུམ་གྱི་ཁྲག་མི་བསྲེ།རཏྣ་ལྔ༔ ཐུགས་དམ་སྐོང་བའི་མཐུན་རྫས་གསག༔ དང་པོ་རི་རབ་་་བང་རིམ་དང་པོའི།སྟེང་དག་ཏུ༔ ཞི་བ་ཟླུམ་པོ་དཀར། རྒྱས་པ་གྲུ་བཞི་སེར། དབང་ཟླ་གམ་དམར་པོ། དྲག་པོ་གྲུ་གསུམ་ནག་པོ་དང་།་་་ཞི་རྒྱས་དབང་དྲག་ལྡན་་་པར་བྲིས།པའི་དབུས༔་་་སུ། བཅོམ་ལྡན་སྟོབས་ལྡན་ནག་པོའི་རྫས༔ རབ་ནི་་་འབུར་རམ་བྲིས་པའི།སྐུ་ལ་འབྲིང་ནི་ཕྱག་མཚན་དང༔ ཐ་མ་ཡིག་འབྲུ་རྣམ་ཤེས་་་ཡང་ན་གཙོ་འཁོར་ཐམས་ཅད་ལ།གཏོར་མ་་་བྱས་པའི་ནང་དུ་རྣམ་ཤེས་དང་མིང་བྲིས་པ་བཅུག།སོ་སོའི་སྐུ་ཙཀ་ལི་བྱས་ལ་གཏོར་མའི་རྩེར་བཙུག་ཀྱང་ཉན་ནོ།གཙོ་བོ་ལ་ཞལ་རྣམས་བཅོས་ཀྱང་ལེགས།སྔགས༔ ཨཱོྃ་བཛྲ་སརྦ་དུཥྚཱཎ༔ ཤོག་བུ་ལ་བྲི་འདོད་དོན་ནི༔ བདག་ཆེ་གེ་མོ་འཁོར་དང་བཅས་པའི་ནད་གདོན་འབྱུང་པོ་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་སྲིད་དང་ལོངས་སྤྱོད་ཡེ་ཤེས་རྒྱས་པར་མཛོད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་བདག་གི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཡེ་སིདྡྷི་ཕ་ལ་ཧོཿསྭཱ་ཧཱ༔ ཞེས་བྲི༔ མདུན་་་ཟུར།དུ་ཁྱབ་འཇུག་་་འཇིག་རྟེན་པ་དང་།གྲུ་་་གཉིས་གཙོ་བོའི་ཟུར།གཡས་་་སུ།འཆི་བདག་་་སྲོག་ལེན།ཡབ་ཡུམ་དང༔ གཙོ་བོའི་གཡོན་་་གྱི།ཟུར་མོན་པ་གསུམ་་་སྐུའམ་ཕྱག་མཚན་ནམ་སྔགས་སམ་གཏོར་མ།ཡང་དགོད༔་་་འདི་རྣམས་བཅའ་གཞི་ཟླུམ་པོ་གྲུ་བཞི་ཟླ་གམ་ཡིན་ན་གཙོ་བོའི་མདུན་དང་གཡས་གཡོན་ཉིད་དུ་བཅའ་འོ། །དེ་ཡི་ཕྱི་རིམ་རི་རབ་སྟེང༔་་་དེ་ཉིད་ཀྱི་སའི་ཁ་ལ། པད་ཁབ་རྒྱ་ཆེན་བྱས་པའི་སྟེང༔ བཅོ་བརྒྱད་འཁོར་ལོའི་་་བྲིས་པ།རྩིབས་་་སེར་པོའི།སྟེང་དུ༔ དྲེགས་པ་བཅོ་བརྒྱད་་་སྐུའམ་ཕྱག་མཚན་ནམ་སྔགས་སམ་གཏོར་མ།རྟེན་ཡང་དགོད༔ བརྟེན་་་མདོས་ཀྱི།ཕྱིར་་་ཡིན་ན།ཞལ་ནི་ནང་དུ་བལྟ༔ གསད་ཟློག་་་གི།དུས་སུ་་་ཞལ།ཕྱིར་ལ་བསྟན༔ བྲི་བ་ལ་སོགས་་་སམ་འབུར་རམ་མིང་སྲོག་གམ་གཏོར་མ་སོགས་གང་བྱེད།གཙོ་་་བོ།དང་མཐུན༔་་་པར་བཅའ། བརྟེན་མདོས་བྱེད་ན་ནང་དུ།་་་རྟེན་འབྲེལ་་་སྙིང་པོ་དང་།སྐུ་གསུམ་་་མིང་སྲོག་གི།ཡིག་འབྲུ་དང༔ དེ་དག་སོ་སོའི་མཐར།་་་འདོད་དོན་བྲི་བ་་་སོགས།གོང་་་གི་གཙོ་བོའི་སྐབས།དང་མཚུངས༔་་་པར་བཅའ་འོ། །དེ་ནས་ཁྲག་སྣ་འབྲུ་སྣ་རཏྣ་ལྔ༔ ཐུན་རྫས་རིམ་པས་གསག་ཅིང་དགོད༔ དྲག་པོའི་དབང་དུ་བྱས་ཀྱི་གཞན་གསུམ་ལ།་་་དང་པོ་གྲུ་གསུམ་དཔལ་གྱི་རྫས༔་་་གཙོ་བོའི་མཐའ་ལ། ཨ་མྲྀཏ་དང་ཤ་ཁྲག་་་དང་མཆོད་བསྟོད།སོགས༔ ཕྱི་ནང་གསང་བའི་པཱུ་ཙ་དགོད༔ རྩིབས་བཅོ་བརྒྱད་ཀྱི།་་་དེའི་ཕྱི་་་རོལ་དུ།ཟླུམ་བསྐོར་་་བྱས་པའི་སྟེང་དུ་དྲེགས་པ།སྤྱིའི་མཐུན་རྫས༔་་་ནི། ངར་གླུད་ཉེར་གཅིག་་་འདབ་ཆགས་དང་།བྱ་ལུག་་་རྣམས་ཕྱོགས་རེར་བདུན་བདུན་སྟེ་བདུན་བཞི།ཉེར་བརྒྱད་དགོད༔ དེ་ནས་མདའ་རེ་་་ལ་དྲེགས་པ་རེའི།སྲོག་སྙིང་ཡིག་འབྲུ་རེ་བྲིས་པ༔ དྲེགས་པ།་་་རང་རང་་་གི།མདུན་དུ་་་འམ་དབང་གཏོར་ཡིན་ན་རང་གི་རྩེ་མོར།རིམ་པས་དགོད་པར་བྱ༔ ལྕོགས་བཞི་ཞི་རྒྱས་དབང་དྲག་དབྱིབས་་་ཀྱི་ཤར་ཟླུམ་ལྷོར་གྲུ་བཞི་ནུབ་ཟླ་གམ་བྱང་གྲུ་གསུམ་པ་བྱ།དེ་བཞིའི༔་་་སྟེང་དུ། འདོད་དོན་་་གང་ཡོད།སྟོབས་སྔགས་་་ཨཱོྃ་བཛྲ་སརྦ་དུཥྚཱཎ༔ཀྱི།ཞབས་་་ལ།བྲིས་ཏེ༔ འཕན་དར་ཆེན་པོ་བཞི་ཡང་གཟུག༔ དེ་ནས་རི་རབ་ལོགས་བཞི་ལ༔ རྒྱུ་སྐར་ཉེར་བརྒྱད་་་དང་།ཉི་ཟླ་་་འི་གཟུགས་བྲིས་འབུར་གང་རུང་།དགོད༔ དེ་འོག་བང་རིམ་གཉིས་པ་ལ༔ སྐུ་རྟེན་་་དུ།རྒྱལ་མཚན་་་དང་།གསུང་རྟེན་རྒྱང་བུ་་་རྣམས་ལྷ་གྲངས་དང་མཉམ་པ།དགོད༔ དེ་འོག་བང་རིམ་་་གསུམ་པ་ལ།ཐུགས་རྟེན་་་དུ།ནམ་མཁའ་་་ལྷ་གྲངས་དང་མཉམ་པ།དགོད༔ ཁ་དོག་རི་རབ་སྤྱི་་་ཡི་ཕྱོགས་མདོག།ལུགས་་་ལྟར།བསྟུན༔་་་པའམ། ཡང་ན་དྲེགས་པ།་་་རང་འདྲ་་་བའི་སྐུ་མདོག་ལྟར།བྱས་ཀྱང་་་རུང་།ངེས་པ་མེད༔ སྟོབས་ལྡན་་་ཡབ་ཡུམ།གཟའ་དང་འཆི་བདག་་་ཡབ་ཡུམ་དང་།མོན་པ་་་གསུམ་རྣམས།ལ༔ རི་རབ་་་དེ་ཀའི།སྟེང་དུ་་་གྲངས་ཚང་བ།ཁ་དོག་རང་་་རང་དང་།མཐུན་པའི༔ རྒྱལ་མཚན་་་དང་།ནམ་་་མཁའ།རྒྱང་་་བུ།ལ་སོགས་རེ་རེ་དགོད༔ གཞན་ཡང་བཅོ་བརྒྱད་་་སོ་སོའི།གྲངས་་་ཀྱི།རྫོགས་་་པ་རང་རང་གི།མདོག་མཐུན་དགོད་དོ༔ དེ་འོག་བང་རིམ་བཞི་པ་ལ༔ ལྷ་་་རེ་རེ།ལ་མཐུན་རྫས་ལྔ་གསུམ་གཅིག་་་གཙོ་བོ་ཆེ་བ་དེ་བས་གཟའ་ཆུང་དེ་བས་འཆི་བདག་དང་མོན་པ་ཆུང་ཙམ་དེ་བས་དྲེགས་པ་རྣམས་ཆུང་བར་བྱའོ།ལ་སོགས༔ ཇི་འབྱོར་འགོད་པ་འདི་ལྟ་སྟེ༔ དྲེགས་པ།་་་སྤྱི་ལ་ངར་གླུད་བརྒྱ་རྩ་བརྒྱད༔ དེ་རྣམས་སོ་སོར།་་་ཟེར་མོའི་སྐྲ་་་བྱས་པ།ལ་དར་ཚོན་་་སྣ་ལྔའི།གོས༔་་་བསྐོན། གསེར་་་དང་།དངུལ་་་དང་།གཡུ་ལ་སོགས་རིན་པོ་ཆེས།བརྒྱན་པ་ཁ་ནང་་་དུ་དྲེགས་པ་ལ།བལྟའོ༔་་་བྱ། ཁྱད་པར་རྟ་ནག་ལུག་ནག་བྱ་ནག་གསུམ༔ གཤིན་རྗེ་མ་མོ་མུ་སྟེགས་རྫས་སུ་འོ༔ གཡག་ལུག་ཁྱི་ནག་བྱ་ནག་བདུད་ཕོ་མོ༔ གཡག་ལུག་དཀར་པོ་ལྷ་ཡི་རྫས༔ ར་རོག་མི་དང་ཤ་ཁྲག་རུས༔ རཱ་ཧུ་ལ་དང་སྲིན་པོ་ཕོ་མོའི་རྫས༔ ར་ཁྱི་རྟ་བྱ་དམར་པོ་བཙན༔ དཀར་པོ་རྒྱལ་པོའི་རྫས་སུ་དགོད༔ དམུ་ལ་ཕུག་རོན་གནོད་སྦྱིན་ཕོ་མོ་ལུག་གཡག་སྨུག༔ ར་རྒྱ་་་བོ།རྡོར་ལེགས་་་ཡིན།ཁམ་པ་དགེ་བསྙེན་ནོ༔་་་ཐེ་བྲང་དང་དགེ་བསྙེན་གཅིག་གོ །འགོང་པོ་དམ་སྲི་ཟས་ངན་སྣ་ཚོགས་སོ༔ ཀླུ་ལ་ཉ་སྦྲུལ་སྦལ་པ་འོ༔་་་དེ་རྣམས་གཟུགས་བྱས་པ་རང་རང་གི་ཤ་ཁྲག་སོགས་བསྲེ། དེ་འོག་བང་རིམ་ཞོལ་འདབས་ལ༔ སྣང་སྲིད་ཆ་མ་ཆོ་དགུའི་རྫས༔ གསེར་དངུལ་ལ་སོགས་རཏྣ་ལྔ༔་་་ལ་སོགས་པའི་ནོར་རྫས་ཆ་མ་ཆོ་དགུའོ། །མདའ་འཕང་ལ་སོགས་ཕོ་མོའི་གླུད༔ རྟ་གཡག་མཛོ་དྲེའུ་བོང་བུ་དང༔ བ་ལང་ར་ལུག་ཁྱི་ཕག་དང༔ ཁལ་དང་བཅས་པ་ཅི་འབྱོར་དགོད༔ དེ་རྣམས་ནི།་་་བར་ན་གནས་པ་དགུ་ཡིན་ནོ༔ སེང་གེ་སྟག་གཟིག་གུང་སྤྱང་ཀི༔ ཝ་དོམ་དྲེད་རྣམས་གཅན་གཟན་ཆ་མ་ཆོ་དགུའོ༔ དེ་རྣམས་ནི།་་་ས་ལ་འཛུལ་དགུ་དག་ཡིན་ནོ༔ བྱ་རྒོད་བྱ་ནག་རྨ་བྱ་ནེ་ཙོ་དང༔ ཤང་ཤང་སྐྱུང་ཀ་གོང་མོ་ཁྱིམ་བྱ་ནི༔ འདབ་ཆགས་ཆ་མ་ཆོ་དགུ་སྟེ༔ གནམ་ལ་འཕུར་དགུ་དག་ཡིན་ནོ༔ ཤ་བ་རྣ་བ་དགོ་བ་གཉན༔ གཙོད་རྐྱང་རི་བོང་རྒྱ་དང་བསེ༔ རི་དྭགས་ཆ་མ་ཆོ་དགུ་འོ༔ གཞན་ཡང་།་་་བང་རིམ་གསུམ་པ་་་དེ་དག་ལ།ཤིང་རིས་ནི༔ ཤིང་གི་བྱང་བུ་ལ་རང་ངམ་ཡོན་བདག་གི།་་་ཡུལ་་་དང་།མཁར་་་དང་།ཞིང་་་སོགས་བྲིས་པ།གླུད་་་དུ།དགོད་པར་བྱ༔་་་འོ། །བང་རིམ་བཞི་པ།་་་ཐ་མ་ལ་ནི་མདའ་འཕང་སྟེ༔ བཅོ་བརྒྱད་་་རེའི།གྲངས་དང་ལྡན་པ་འོ༔ ཤིང་རིས་དག་ལ་འདི་ལྟ་སྟེ། སྲིད་པ་སྤྱི་རིས་སྤྱི་འགྲེ་ལ། །ནོར་བུ་འཇའ་རིས་བར་སྣང་འོག །རབ་སྐུ་འབྲིང་ལ་ཕྱག་མཚན་བྲིའོ། །རིམ་པར་ནམ་མཁའ་ཉི་ཟླ་སྤྲིན། །གང་ཡིན་རྒྱུ་ས་དེ་འོག་ནི། །ཡུལ་འཁོར་བྱོལ་སོང་རི་རབ་གླིང་བཞིའོ། །དེ་བཞིན་དུ་ཕོ་་་ཤིང་གི་བྱང་བུ་ལ་ཕོའི།གདོང་་་པ་བྲིས་པ་ཡིན།མོ་གདོང་་་ཡང་དེ་བཞིན་བཅོ་བརྒྱད་རེ།འགོད༔ དེའི་ཕྱི་་་རོལ་དུ།གླིང་བཞི་གླིང་ཕྲན་བརྒྱད༔་་་དང་། རང་ངམ་ཡོན་བདག།་་་མི་་་དང་།ཕྱུགས་ནོར་་་ལ་སོགས་པའི།གླུད་་་རང་རང་གི་དྲི་མས་སྦགས་ཤིང་གོས་བསྐོན་པ་གང་དགོས།ཡོ་་་བྱེད།ཚང་་་བར།དགོད༔ གཞན་ཡང་།་་་བཟའ་་་བཅའ།བཏུང་་་བའི་རིགས་དང་།འབྲུ་ནོར་སྣ་ཚོགས་་་སྣ་མ་ཚང་བ་མེད་པ།དགོད༔ ཕྱི་རིམ་་་དེ་རྣམས་ཀྱི་མཐའ་མར།ལྕགས་རི་ནག་པོ་་་བྱས།ལ༔ དེའི་ཕྱི་རོལ་དུ།་་་ཟོར་རྫས་་་ཀྱི་རིགས་དང་།གཏོར་ཟོར་ཁྲག་ཟོར་དང༔ མདའ་ཟོར་སྒོང་ཟོར་རྡོ་ཟོར་དང༔ རྩང་ཟོར་མཚེ་ཡུངས་ཐུན་ཟོར་་་ལ་སོགས།དགོད༔ ཕྱི་་་དང་།ནང་་་གི།མཆོད་པ་་་མ་ཚང་བ་མེད་པ།རྒྱས་པར་བཤམ༔ ཚོགས་དང་བམ་དང་བྱ་་་དང་།ལུག་སྐོང༔་་་རྫས་སྣ་ཚོགས་བཤམ། མདོས་ཀྱི་ཕྱི་འདབས།་་་དུར་ཁྲོད་་་ཀྱི།ཆས་ཀྱིས་རབ་ཏུ་བརྒྱན༔་་་པའི་བཀོད་པ་བྲིས་འབུར་གང་རུང་བྱས་ལ་དགོད། མདོས་ཀྱི་སྟེང་དུ།་་་ཞིང་ཆེན་བླ་བྲེ་་་དང་།རིན་ཆེན་གདུགས་ཀྱང་དབུབ༔ མདོས་ཀྱི་ཕྱི་རོལ་དུ།་་་རྒྱལ་སྲིད་སྣ་བདུན་་་དང་།བཀྲ་ཤིས་རྫས་བརྒྱད་དང༔་་་རྟགས་བརྒྱད་ལ་སོགས་པ། ཕྱི་ནང་གསང་བའི་ལྷ་མོ་འཇིག་རྟེན་་་ཁམས་ཀྱི།མཆོད༔་་་རྫས་མ་ཚང་བ་མེད་པས་བསྐོར། དེ་ལྟ་བུ་ཡི་མདོས་ཆེན་དེ༔ བཅས་དང་ལྡན་པས་བསམ་དགུ་འགྲུབ༔ བསྙེན་ཅིང་སྒྲུབ་པའི་མཆོག་ཡིན་ནོ༔ ཏིང་འཛིན་རིམ་པ་འདི་ལྟ་སྟེ༔ བདག་ཉིད་ཡི་དམ་གསལ་བ་ཡི༔ ཐུགས་་་ཀའི་ས་བོན།ལས་རཾ་ཡཾ་ཁཾ་གསུམ་འཕྲོས༔ མདོས་ཀྱི་དྲི་མ་མི་གཙང་བ་ཐམས་ཅད།་་་བསྲེགས་སྦྱངས་བཀྲུས་པས་དག་པར་བྱས༔ ཏྲཱཾ་ལས་རི་རབ་་་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་པས།གླིང་བཞི་སྐྱེད༔ སྟེང་དུ་དྲེགས་པའི་གཞལ་ཡས་ཁང༔ ལྷ་ཚོགས་བསྐྱེད་པ་ལས་བྱང་བཞིན༔་་་ལེའུ་ཉེར་བཞི་པ། ཏིང་འཛིན་རྣམ་པ་གསུམ་སོགས་་་སྐུ་རྟེན་ལ་རང་རང་ལེའུ་ཉེར་བཞི་པར་གསུངས་པ་ལྟར།སྐྱེད༔་་་པར་བྱ། ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ མཐུན་རྫས་འདོད་ཡོན་སྣ་ཚོགས་པ༔ བདུད་རྩིའི་ཆར་དུ་དབབ་པར་བྱིན་གྱིས་བརླབ༔ སྤྱན་དྲངས་མཆོད་བསྟོད་ལ་སོགས་བྱ༔་་་བའང་ཉེར་བཞི་པ་ལྟར། ཕན་དང་གནོད་བྱ་གང་འདོད་བཅོལ༔ དུས་གཉན་གསོལ་བ་བཏབ་པས་འགྲུབ༔ གལ་ཏེ་ལས་ཆེན་སྒྲུབ་་་པའི་དུས།དང་འགྲུབ༔ དེ་ལྟར་ཟིན་པའི་གཏང་རག་་་གི།དུས༔ མདོས་ཆེན་འདི།་་་བཅས་་་ལ།བཏང་་་བའི་ཚེ།ཏིང་ངེ་འཛིན་དང་སྔགས༔་་་ཀྱི་མཐར། ཕྲིན་ལས་་་གང་བསྒྲུབ་ཀྱི།ཤམ་བུ་་་བཏགས་པས།གང་འདོད་་་པ་ཁ།བསྒྱུར༔་་་བས་བསམ་པ་ཡིད་བཞིན་དུ་འགྲུབ་པར་ངེས། དེ་ལྟ་བུས་མདོས་ཆེན་དེ་དུས།་་་རྟག་ཏུ་་་དྲེགས་པའི།གཏའ་དང་རྟེན་དུ་བཟུང༔་་་ཞིང་མཆོད་གཏོར་འབུལ་སྔགས་བཟླ། ཁྱད་པར་ཚེས་གསུམ་བརྒྱད་བཅོ་ལྔ་ཉེར་ལྔ་ཉེར་དགུའོ།་་་དུས་གཉན་་་གྱི་དུས།གསོལ་བ་བཏབ་པས་་་གང་འདོད་ཐམས་ཅད་དྲེགས་པའི་མིང་སྲོག་ལས།འགྲུབ༔་་་པ་ཡིན། གང་འདོད་་་པའི།ལས་ཀྱི་་་སྔགས་ཀྱི།སོ་ཡང་གདགས༔་་་པ་གནད་ཆེ་བ་ཡིན་ནོ། །ཅེས་སོ༔ གཞན་ཡང་།་་་ཕན་བྱེད་ནད་པ་གསོ་འདོད་ན༔ སྣམ་ཕྱིང་དཀར་པོ་འབྲུ་སྣའི་སྟེང༔ འབྲུ་སྣ་རཏྣ་ཁྲག་སྣའི་ཕྱེ༔ ཟན།་་་ཁལ་གཅིག་་་གི།སུམ་ཆ་་་གཅིག་ལ་ནད་པ་དེའི།ལུས་བསྒྲེས་ལ༔ ངར་མི་ཁྲུ་གང་པ་རུ་བྱ༔ ལུང་ཐང་མིག་ལ་འགྲོན་བུའི་སོ༔ ཞོ་ཤའི་སྙིང་དང་དབང་པོའི་ལག༔ མཚལ་ཆེན་ཁྲག་དང་དར་ཟབ་གོས༔ བྱ་སྤུ་་་སྐུ་གསུང་ཐུགས་ལ་མར་མེ་གསུམ་ལ་སོགས་པ།ཡུངས་དཀར་་་གང་བཟང་།མཚེ་་་ཁྲུ་རེ།ཡིས་བརྒྱན༔་་་གཞན་ཡང་སྨྲང་བཞིན་གསག་གོ །གླུད་དེའི།་་་ལག་གཡས་གསེར་ལ་གཡོན་པ་གཡུ༔ རྐང་གཡས་ལྕགས་ལ་གཡོན་པ་ཟངས༔ ཕྲག་གཡས་རུ་མཚོན་གཡོན་་་པ་ལ།ཚོན་་་སྣ།ལྔ༔་་་བསྐུར། རང་གི།་་་རྐེ་ནས་གཅེས་་་པའི་གསེར་གཡུ་ལ་སོགས་པའི་ནད་པའི་ལུས་ནས།ནོར་ཕོག་ལ་་་གླུད་ཀྱི་རྐེ་ལ།གདགས༔ ནད་པའི།་་་ལུས་ལས་ཕངས་པའི་གོས་ཕུད་་་ནས་གླུད་དེ་ལ།གཡོགས༔ གཞན་ཡང་།་་་ནོར་རྫས་ཅི་འབྱོར་་་སྲོག།བསླུ་་་བའི།ཕྱིར་་་གླུད་དང་ལྷན་ཅིག་ཏུ།བཏང༔ འབྲུ་ཟན་་་གསུམ་ཆ་གཉིས་པོ་དྲིལ་ནས་ཆ་གསུམ་དུ་བསྒོས་པས་ཆ་གཅིག།བཤོས་བུ་བཅོ་བརྒྱད་བྱ༔ ཆ་གཅིག་ངར་གླུད་བརྒྱ་རྩ་བརྒྱད༔ ཆ་གཅིག་་་ལ།མི་རྟ་བཅོ་བརྒྱད་ལ༔་་་དྲེགས་པ་སོ་སོའི་ཁ་དོག་བྱས་པ། ནམ་་་མཁའ་དང་།རྒྱང་་་བུ་དང་།མདའ་་་ཁྲ་དང་།འཕང་་་ཁྲ་ཡང་དྲེགས་པའི་གྲངས་དང་མཉམ་པ།བརྒྱན་པར་བྱའོ༔ གཞན་ཡང་དཀར་གསུམ་ཁ་བྲབས་དང༔ མདོས་རྫས་ཇི་སྙེད་བསགས་ལ་བཏང༔ བྱིན་རླབས་སྤྱི་མཐུན་་་པའི་སྔགས་དྲུག་ཕྱག་རྒྱ་དྲུག་གི་བྱིན་གྱིས་བརླབས་ལ་ལེའུ་ཉེར་བཞི་པ་ལྟར།སྤྱན་དྲངས་་་ལ།མཆོད༔ རྫས་་་དང་སྐབས་འདིར་ནི།སྔགས་་་དང་།ཏིང་འཛིན་་་ཐམས་ཅད།ཞི་བས་བྱ༔་་་དྲག་པོའི་རིགས་མི་ཉན། བསྟོད་བསྐུལ་་་གྱི།ཞབས་ཀྱང་་་ཤམ་བུ།དེ་ལྟར་་་དུ།བསྒྱུར༔་་་བ་གནད་ཆེ། ཐ་མར་་་ནད་པ་དེ་ལ་གདོན།གང་གནོད་་་པའི།ཕྱོགས་སུ་བསྐྱལ༔ དྲེགས་པ་དུ་མ་འདིར་འདུས་པས༔ གཞན་ཡང་་་ནད་གསོ་བ་དང་དེའི།རྫས་དང་བསྐུལ་་་ལ།སོགས་་་པ་གང་ཡང་།བཏང༔་་་ཞིང་། ནད་པ་འདི་ལ།་་་མ་གནོད་་་ཅེས་སོགས།བཀའ་བསྒོ་བདེན་པ་བདར༔ མདོས་ཕུལ་ཟིན།་་་སླར་་་ནང་དུ།ལོག་་་ལ།ཚེ་བརྟན་་་པའི་གཟུངས།བཀྲ་ཤིས་་་སྣ་ཚོགས་མངའ།གསོལ༔་་་ལ་སོགས་བྱ། དྲེགས་པ་་་བཅོ་བརྒྱད་ཚུར་ལ།གནོད་ཀྱང་་་ཞི་བས་ལས་འཆོལ་ཚུལ་ནད་པ་གསོ་བའི་སྐབས།དེ་ལྟར་རོ༔ གནོད་པ་གཅོད་པ་དང༔ ནད་པ་གསོ་བའི་མདོས་སུ་གཏང་བའོ༔ གཉིས་པ་གནོད་བྱའི་མདོས་བསྟན་པ༔་་་ལ་ཡང་། གསད་ཟློག་ཟོར་དང་གསུམ་ཡིན་ཏེ༔ དེ་ཡང་ཟོར་དུ་འདུས་པ་ཡིན༔ དེ་ཡི་ཐབས་ནི་འདི་ལྟ་སྟེ༔ ད་ལ་ནག་པོ་གྲུ་གསུམ་སྟེང༔ ཁྲག་ཆེན་ཆག་ཆག་གདབ་པར་བྱ༔ དབུས་སུ་བྲུབ་ཁུང་་་གི་ནང་དུ་འཇག་མའི།ལིང་ག་་་དང་མིང་།སོགས༔་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ་ལྟར་བཅའ། དགྲ་བགེགས་གང་ལ་བྱ་བ་གཞུག༔ ལིང་རྐྱང་གནད་ཡིག་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ་ལྟར་བྲིས་བ།དང་བཅས་པ༔ དུར་ཁྲོད་ན་སྐྱེས་པའི།་་་འཇག་མའི་ལིངྒའི་ལྟོ་རུ་གཞུག༔་་་འདི་གན་རྐྱལ་དུ་མགོ་རང་ལ་བསྟན་ནས་འབྲུབ་ཁུང་དུ་བཅུག །འབྲུབ་ཁུང་དེའི།་་་ཐ་མར་་་བཀྲ་མི་ཤིས་པའི་ས་སྣ་ཚོགས་ལ་བཅོས་པའི།ཟོར་ཀོང་བཅོ་བརྒྱད་ནང༔ ཟོར་རྫས་་་ཀྱིས།ཟློག་་་པ།དང་གསོད་་་པར།བྱེད་པའི༔ མི་མཐུན་གཟིར་བའི་རྫས་ཀྱང་བླུག༔ ཁྱད་པར་ཐུན་རྫས་སྣ་ཚོགས་་་ལ་ཟློག་སྔགས་ཀྱི་སྔགས་བཏབ་པ།དང༔ ཁྲག་སྣ་་་དང་།དུག་སྣ་་་ལ་སོགས།མང་བར་བླུག༔ མི་བསད་པའི་མདའི།་་་མདའ་ཟོར་མི་བསད་རྦབ།་་་རྡོ་་་ལ་སོགས་པ་ལ་ཧཱུྃ་བཛྲ་སརྦ་དུཥྚཱཎ་ཨཱེཿས་མ་ཡ་བྷྱོ་ཞེས་བྲིས་པའི།ཟོར་་་དང་ཁྲག་་་ཕུང་སའི་སྣོད་གྲུ་གསུམ་པའི་ནང་དུ་ཁྲག་སྣ་ཚོགས་བྱུག་པའི།ཟོར་དང༔ འདི་ཐམས་ཅད་ལ་ཧཱུྃ་བཛྲ་སརྦ་དུཥྚཱན་ཨཱེཿས་མ་ཡ་བྷྱོ་ཞེས་བྲིའོ། །རྩང་་་དུག་ཤིང་ལ་གྲུ་གསུམ་རྐེད་པ་རྒྱ་མདུད་ཡོད་པའི།ཟོར་གཏོར་ཟོར་སྒོང་ཟོར་རྣམས༔་་་ཕུང་ས་ལ་སྒོ་ངའི་དབྱིབས་བཅོས་པའམ་ཐན་བྱ་གང་རུང་གི་རྙེད་ན་རབ། རབ།་་་བདུན་་་སྟེ་འབྲིང་།ལྔ་་་སྟེ་ཐ་མ།གསུམ་སོགས་་་ཏེ།ཅི་རིགས་་་མཐུན་པའི་རྫས་དང་ངར་གླུད་བྱ་ལུག་ལ་སོགས།བསགས༔ དེའི་ཕྱིར་་་བཀྲ་མི་ཤིས་པའི་ས་སྣ་ཚོགས་བསྲེས་པའམ།ཁམ་སའི་མི་རྟ་བཅོ་བརྒྱད་ལ༔ ནམ་རྒྱང་མདའ་འཕང་རབ་ཏུ་བརྒྱན༔ ཁ་དོག་་་ཕྱག་མཚན་སོགས་ནི་ལེའུ་ཉེར་བཞི་པར་ཡོད་པའི།བསྐུལ་ལྟར་ཤེས་པར་བྱའོ༔ ཁྱད་པར།་་་དྲག་པོའི་ཤིང་ལ་རྩང་ཕུར་ཟུར་གསུམ་པ༔ རེ་རེ་ལ་དྲེགས་པ་སོ་སོའི།་་་རང་སྔགས་ཞབས་ལ་ཟོར་ཟོར་བྷྱོ་བྷྱོ་བྲི༔་་་རང་རང་གི་ལག་ཏུ་བསྐུར་བར་བྱའོ། །འབྲུབ་གནས་སྟེང་དུ་ཤིང་ཁྲིའི་ཁར༔ བཀྲ་མི་ཤིས་པའི་ས་སྣ་ཚོགས།་་་དུག་ཁྲག་སྦྲུས་པའི་རཱ་ཧུ་ལ༔་་་ཁྲུ་གང་ངམ་མཐོ་གང་བ། རབ་འཇིགས་་་དགྲ་ཕྱོགས་སམ་འདྲེ་ཕྱོགས་སུ།མདའ་གཞུ་་་བཀང་ནས།འཕེན་པ་་་གནས་ཁང་དང་ཡུལ་སྐབས་དང་བསྟུན་པ་རབ་འདོམ་གང་འབྲིང་ཁྲུ་གང་ཐ་མ་མཐོ་གང་།བཅའ༔ ནམ་་་མཁའ་དང་།རྒྱང་་་བུ་དང་།མདའ་་་ཁྲ་དང་།འཕང་་་ཁྲ་དག་གིས་དེའི།ལུས་ལ་བརྒྱན༔་་པར་བྱ། དྲག་པོའི་རྩ་སྔགས་སྟོབས་སྔགས་དང༔་་་ཧཱུྃ་བཛྲ་སརྦ་དུཥྚཱཎ་ཨཱེཿ དགྲ་བོ་ཆེ་གེ་མོ་ལ་བྷྱོ༔ དེ་སྐད་བྲིས་་་པས་ཀྱང་གཟུགས་དེ་ལ།བརྒྱན་་་པ།གཅེས་པ་ཡིན༔ དགྲ་འདྲེ་གང་གི་ཕྱོགས་དེ་རུ༔ དྲག་པོ་འགྱུ་དུས་ཟོར་་་འདི།འཕང་ངོ༔ ཟློག་ཕྱིར་མི་ཁའི་རྫས་་་སྣ་ཚོགས།ཀྱང་བསགས༔་་་ལ་གཟུགས་ཀྱི་མཐར་བཤམ། ཕྱི་རོལ་དུ།་་་ཕྱི་ནང་གསང་བའི་མཆོད་པ་བཤམ༔ བཀོད་བཤམས་ཟིན་ནས།་་་གཞུང་་་གི་ལེའུ་ཉེར་བཞི་པ།ལྟར་ཏིང་འཛིན་སྐྱེད་མཆོད་བསྟོད༔ ཚོགས་དང་ཕུད་ཀྱིས་མཉེས་པར་བྱ༔ གསུར་ཆེན་གྱི་་་དུད་པ་དང་།དམར་ཆེན་ཆང་ཕུད་་་ཤ་ཁྲག་ལ་སོགས་པས།མཆོད་པ་གཅེས༔ མཆོད་རྫས་བྱིན་རླབས་་་ནི་དྲག་པོའི་ལས་གཞུང་།སྤྱི་་་འགྲོ།དང་མཐུན༔་་་ལ། སྔགས་བཟླས་ཐུན་བླུག་སོགས།་་་ཁྱད་པར་ཟོར་་་གྱི།རྫས་བྱིན་རླབས་པ༔ ཧཱུྃ་ཕཊ་བཛྲ་སརྦ་དུཥྚཱཎ༔་་་སྟོབས་ཡིག །ཏྲིག་ནན༔་་་རང་བཞིན་གྱིས་གཟིར་བ། དྲག་པོས་གཟིར་བ།་་་རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔་་་བཙན་ཐབས་ཀྱིས་གཟིར་བ། སྤྱི་སྲོག།་་་ཨཱེཿས་མ་ཡ་་་དམ་བསྒྲག་པ།དགྲ་བགེགས་ལ་ཐང་ཐང་་་ལས་ལ་གཏང་བ།བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་ཡ༔ མིང་དང་སྦྱར།་་་དགྲ་བགེགས་སྲོག་ནྲྀ་་་སྲོག་འཕྲོག་པ།ཧུར་ཐུམས་ཛ༔ གསད་པ།་་་མཱ་ར་ཡ་རྦད་རྦུད་ནན༔་་་ཕྱི་གཅོད་ནང་གཅོད། མེ།་་་རཾ་་་དགྲ་བགེགས།ནྲྀ་ཏྲི་བཾ༔་་་ཆུ། མིང་།་་་དགྲ་བགེགས་་་ཆེ་གེ་མོ།ཡ༔ ཨཱེཿརཱ་ག་དྭེ་ཤ་མོ་ཧ་ཤ་ན་མ་ཨཱི་རི་ཤ་བྷྱོ་བྷྱོ༔ མིང་སྦྱར།་་་དགྲ་བགེགས་འདི་ཉིད་་་ཚེ་ཕྱི་མ་ལ་མ་དམིགས་པ།ཚེ་ཤ་ཏྲཱུཾ༔་་་མང་བ། དུག་ལྔ་རང་གཤེད་དུ་དབབ་པ།་་་ཨེ་མཁའ་སྲོག་མྱག་རྦད་རྦུད་ཐུམས་རིལ་བྷྱོ་བྷྱོ་ཡཱ༔ ཧཱུྃ་ཕཊ་བཛྲ་སརྦ་དུཥྚཱཎ༔་་་སྟོབས་ཡིག །རྦད་ནན༔་་་གཟིར་བ། རྦད་ཐུམས་རིལ་ནན༔་་་གནད་ལ་དབབ་པ། ཨཱེཿཧུར་ཐུམས་ཛ༔་་་ལྷ་འདྲེ་གདུག་པ། རྦད་ཐུམས་རིལ་བྷྱོཿ་་་དཀའ་ཟློག་ཆེན་མོ། རྦད་ཐུམ་རྦུད་ཐུམ༔་་་ཡི་དྭགས་ཁ་འཆིངས། རྦད་སོད་ནན༔་་་སྦྱོར་བ་འཇོམས་པ། རྦད་ཤིག་ཕཊ༔་་་བྱས་པ་བཤིག་པ། ཏྲིག་ཤག་རྦད༔་་་ཟུག་པ་དབྱུང་བ། དམ་བསྒྲག་པ།་་་ས་མ་ཡ་བྷྱོ་བྷྱོ༔་་་རྦད་པ། སྡེ།་་་ཤ་ཏྲཱུཾ་་་གསད་པ།མཱ་ར་ཡ་རྦད༔ སྲོག་གཟིར་གསད་པ།་་་རྦད་ཐུམས་རིལ་མཱ་ར་ཡ་རྦད༔ ཙིཏྟ་རྦད་ཐུམས་མཱ་ར་ཡ་རྦད༔་་་གསོད་པ་སྤུ་གྲི་ཆེན་པོ། སྭཱ་རྦད༔་་་ལྷ་འདྲེ་དབུགས་དབྱུང་སྟེ།ཆེ་གེ་མོ་ལ་ས་མ་ཡ༔་་་དམ་བསྒྲགས་ཏེ་ལས་བཅོལ་བའོ། །དམ་ཚིག་གི་རྦད་པ།་་་ས་མ་ཡ་བྷྱོ༔ རྦད་པ།་་་བྷྱོ་བྷྱོ༔་་་ཅེས་རྦད་ཟློག་བསད་རྟགས་མ་བྱུང་གི་བར་དུ་བཟླ་ཞིང་ཐུན་མཚམས་རྣམས་སུ་དྲེགས་པ་མཆོད་བསྐུལ་རྦད་ལས་དྲག་ཏུ་བྱའོ། །རྟགས་རྣམས་རྫོགས་པའི།་་་ཐ་མར་ཤི་སྐྲའི་འུར་རྡོ་ལ༔ ཚོན་་་སྐུད་སྣ་ལྔ།གྱི་འཇག་དང་ཞིང་་་ལྤགས་ཀྱི་འུར།མཐིལ་བསྐྱོན༔ དྲེགས་པས་་་ཟོར་རྣམས།ལས་ལ་འཕང་བར་བསམ༔་་་ལ་དགྲ་ཕྱོགས་སུ་འཕང་། ཐུན་བཞིར་ལིངྒ་་་ལ་དབྱེ་འགུགས།དང་ཟོར་ཀོང་དུ་་་སྔགས་བཏབ་ཅིང་།བསྒྲུབས་ཤིང་་་ལིངྒ་ལ།བྲབ་བོ༔་་་ཐུན་རྫས་མཚོན་ཆ་ལ་སོགས་བྱིན་གྱིས་བརླབ་བོ། །རིངས་པར།་་་མཆོད་ཅིང་བསྐུལ་རེ་ཡང་བཏང་སྟེ་་་ལིངྒ་ལ།ཐུན་བྲབ་བོ༔ དགྲ་བགེགས་ལིངྒ་ལ་དགུག་གཞུག་བྱའོ༔་་་ལེའུ་བཅོ་བརྒྱད་པར་གསུངས་པའི་དགྲ་བོའི་བླ་ལ་རྦད་ཅིང་དགུག་པའི་སྔགས་ཀྱང་ཅི་མང་བཟླ།ནུབ་ཐ་མར་བྲུབ་ཁུང་ནང་གི་ལིངྒ་ལ་ཕུར་ཐུན་མཚོན་ཆར་དབབ་ཅིང་བསྒྲལ་ལ་ལིང་རོ་གཏོར་ཟོར་ནང་དུ་བསྲེས་ལ་ཞལ་དུ་བསྟབ་པར་བྱའོ། །གལ་ཆེ་ན་ལེའུ་ཉེར་བདུན་པ་ཉེར་དགུ་པ་ལྟར་བགེགས་མནན་གྱི་ལས་ཀྱང་བྱའོ། །རང་མ་ཉེས་པའི་ཤག་ཀྱང་གདབ༔ གཟུ་དང་དཔང་བཅོལ༔ ཐ་མར་དྲག་པོའི་འགྱུ་བ་དང་བསྟུན་ཏེ༔ རཱ་ཧུ་ལའི་གཟུགས་སོགས་ཐམས་ཅད་མ་ལུས་པར།་་་དགྲའམ་འདྲེའི་ཕྱོགས་སུ་འཕངས་པས༔ ཐུན་ཟོར་མཚོན་གྱི་ཆར་དང༔་་་སྒྲུབ་དུས་ཀྱང་འདི་ལྟར་གྱི་བྱིན་གྱིས་བརླབ་བོ། ཁྲག་ཟོར་ནད་ཀྱི་ན་བུན་དང༔ ཁྲག་གི་ན་བུན་གྱིས་མྱོས་བརྒྱལ་ཏེ༔ དུག་གིས་རབ་མྱོས་བརྒྱལ་བ་ལ༔ བཀའ་སྲུང་རྣམས་ཀྱིས༔ འདྲེ་སྲིན་བྱེ་བ་ས་ཡའི་འཁོར་དང་བཅས་པས༔ གང་ལ་བྱ་བའི་ཡུལ་དང་ནོར་རྫས་རབ་ཏུ་བརླག་ཅིང༔ ཤ་ཁྲག་རུས་པ་སྙིང་ཁྲག་ལ་ཧབ་ཐོབ་ཏུ་ཟོས་ཏེ༔ ལྷག་མ་མ་ལུས་པར་བསམ་མོ༔ ཞིང་ལྤགས་དང་རལ་ནག་གདབ་བོ༔ བྲང་བརྡུང༔ འོ་དོད་འབོད༔ མཆི་མ་ཕྱུང༔ རབ་ཏུ་ཁྲོས་པས་རྦོད་གཏོང་དྲག་པོ་བྱས་ན༔ ངེས་པར་དགྲ་བགེགས་གང་ལ་བྱ་བ་གདོན་མི་ཟའོ༔ ཡ་བག་ཤ་ཡི་ལས་སོ༔ ཐུན་ཟོར་དྲག་པོའི་ལས་འདི་ནི༔ དྲེགས་པ་་་ཕར་ལ་རྦད་པས།འཁྱིམས་པ་སྣ་གསལ་ཞིང༔ ལམ་བསྟན་པ་དང༔ གདུག་རྩུབ་དྲག་པོའི་སྔགས་ཐུན༔ མཚོན་ཆའི་མདའ་འཕང་བ་སྟེ་རབ་ཏུ་མྱུར་རོ༔ རབ་ཏུ་ཟབ་བོ༔ རབ་ཏུ་གཅེས་སོ༔ སྒྲུབ་གཞུང་དྲག་པོ་གནམ་ལྕགས་རལ་གྲི་ལ༔ ཐུན་ཟོར་དྲག་པོ་ཏིལ་མར་ངར་བླུད་པའོ༔ དམ་མེད་སྤེལ་ན་རང་གཞན་ཕུང༔ དེ་ཕྱིར་སྙིང་གི་དཀྱིལ་དུ་སྦ་བར་བྱའོ༔ གནོད་བྱ་དྲག་པོའི་ཟོར་མདོས་བསྟན་པའོ༔ དེ་ལྟར་ཕན་གནོད་གང་བྱེད་ཀྱང༔ དང་པོ་རྫས་གསག་བར་དུ་བསྒྲུབ༔་་་སྨྲང་དང་སོག་ནས་གསལ་བ་བཞིན། གསད་གསོ་སྲུང་ཟློག་གང་བྱེད་ཀྱང༔ སྔགས་དང་ཏིང་འཛིན་བསྐུལ་རྣམས་བསྒྱུར༔ རྩ་བ་གཅིག་ལ་ཡལ་ག་འབྱེད༔ མདོས་ཟོར་འདི།་་་སྲོག་མཐུ་ཉེར་གཅིག་་་མ་སྒྲུབ་ཞག་ཡིན།ཟློག་པ་་་བྱེད་ན།ཟླ་བ་ཕྱེད༔་་དེ། སྐོང་བ་་་བྱེད་ན།ཞག་བདུན་་་པ།གསོ་བ་ཞག་གསུམ་མོ༔ སྔགས་ནི་་་དྲེགས་པ།སྤྱི་་་དང་།སྒོས་་་མིང་རྐྱང་ངམ་མིང་སྲོག་སྦྲགས་པའམ།སྲོག་་་རྐྱང་པ།སྔགས་ལ༔ གསད་གསོ་ཟློག་སྲུང་སྐོང་བ་རྣམས༔ གང་བྱེད་ལས་སྔགས་་་ཀྱིས་ལས་ཁ།བསྒྱུར་་་བ།བཏགས་་་ལ།བཟླ༔ བསྟོད་བསྐུལ་གསོལ་ཁ་དེ་བཞིན་བྱ༔ གཏོར་མ་སྐྱ་རེངས་ཤར་ལ་རྒྱུན་གཏོར་གཏང༔ མཐུ་གཏོར་དགྲ་ཡི་ཁང་པར་བརྡེག༔ ཟློག་མདོས་གང་གནོད་ཕྱོགས་སུ་འཕང༔་་་ལིང་ག་ཆ་གཅིག་གཏོར་མར་འབུལ་ཆ་གཞན་མནན་བསྲེག་འཕང་གསུམ་བྱ་བར་གཅེས། སྐོང་མདོས་རི་གསུམ་རྩེ་འམ་ནི༔ སྒྲུབ་ཁང་འོག་ཏུ་གཟུག་པར་བྱ༔ གསོ་བ་ལམ་གྱི་གཞི་མདོའོ༔ གཏོང་དུས་དྲག་སྔགས་་་ཐམས་ཅད་དྲིལ་བ།ཕུ་སྤྲུགས་བཟླ༔ དམོད་མོ་་་སོགས།རྦོད་གཏོང་་་གིས།དྲག་པོ་བྱ༔ ར་མདའ་འཁྲུགས་ན་ལྷ་མི་འཁྲུག༔ དེ་ཕྱིར་དྲག་ཏུ་རྦོད་གཏོང་བྱ༔ དེ་ལྟར་ཟིན་ནས།་་་སླར་་་ནང་དུ།ལོག་་་ལ།ཚེ་བརྟན་་་པའི་ཕྱིར་ཚེ་འགུགས་དང་།བཀྲ་ཤིས་གསོལ༔ ལས་དེ་དག་ཐམས་ཅད་ཀྱང་།་་་འགྲོ་བའི་དོན་བསྔོ་དམིགས་མེད་རྒྱ་ཡིས་འདེབས༔ དེ་ཡིས་གང་ཡང་མཐར་ཕྱིན་པའོ༔ དེ་ནས་མདོས་ཀྱི་སྨྲང་ཚིག་ནི༔ ཕན་གནོད་གཉིས་སུ་ཤེས་པར་བྱ༔ ཕྲིན་ལས་རྣམས་ནི་ལེའུ་ཉེར་བཞི་པར་གསུངས་པ་ལྟར་བཏང་རྗེས།་་་ཞི་དྲག་་་གི་ལས།གང་བྱེད་དང་པོར་སྐོང་རྣམས་བསྔོ༔ དེ་རྗེས་ལས་ཀྱི་བསྒྱུར་ཆོག་བྱ༔ སྐོང་བསྔོ་བ་ནི་གཞུང་ལྟར་བསྐུལ་བའི་རྟིང༔ ལྷ་རེ་འམ་ནི་སྤྱི་ཞབས་བསྔོ༔ བྷྱོ༔ རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔ དཀའ་དགུ་བསགས་ནས་མཐུན་དགུ་བསྡེབས༔ དཀའ་བ་མི་ལས་བཙལ་བའི་མདོས༔ སྲ་བ་བྲག་ལས་བརྐོས་པའི་མདོས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ ཏིང་འཛིན་དག་པས་འདོད་དགུར་བསྒྱུར༔ མདོས་བཅས་བཅས་དེ་ནི་བདར་བདར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ མདོས་བཏགས་བཏགས་དེ་ནི་བརྒྱན་བརྒྱན་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ མདོས་བྲིས་བྲིས་དེ་ནི་བཀོད་བཀོད་ནས༔ སྟག་གཟིག་ཚང་ནས་ཐོན་པ་འདྲ༔ ཀྱཻ༔ དྲེགས་པའི་ལྷ་འདྲེ་སྡེ་དཔོན་བཅས༔ སྲིད་པའི་མདོས་ཆེན་འདི་ལ་གཟིགས༔ འཕན་གདུགས་ནམ་རྒྱང་གུར་ལ་ལྟོས༔ ཟ་འོག་གུར་ཁྱིམ་ཕུབ་པ་འདྲ༔ ཤིང་རིས་མང་པོ་བྲིས་ལ་ལྟོས༔ འཇིག་རྟེན་སྲིད་པ་སྤྱི་རིས་བཅས༔ མདའ་འཕང་མང་པོ་འཁྲིགས་ལ་ལྟོས༔ མཁའ་ལ་འཇའ་ཚོན་འཁྱིལ་བ་འདྲ༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ མཐུན་པའི་ཡས་དང་རྫས་ཀྱིས་བསྐོར༔ ལྷ་སྲིན་དམ་རྫས་གཉན་པོ་བསགས༔ འདི་ལྟ་བུ་ཡི་མདོས་ཆེན་འདི༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཚེ་དང་སྲོག་གི་གླུད་དུ་འབུལ༔ ཆུང་བ་སྲོག་གི་སྐྱིན་དུ་འབུལ༔ ཡུལ་དང་མཁར་གྱི་དོད་དུ་འབུལ༔ ནོར་དང་རྫས་ཀྱི་སྐྱིན་དུ་འབུལ༔ ནད་གདོན་ཞི་དང་ཚེ་བསོད་རྒྱས༔ ཁམས་གསུམ་དབང་སྡུད་དགྲ་བགེགས་སྒྲོལ༔ བཅོལ་པའི་ཕྲིན་ལས་འདི་རྣམས་སྒྲུབས༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་རྟེན་མདོས་སྤྱིར་བསྔོ་བ་འོ༔ ཀྱཻ༔ དྲེགས་པ་ལྷ་འདྲེ་ཚུར་གསོན་དང༔ རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔ འབྱུང་བ་ལྔ་དང་འབྲུ་སྣ་ལྔ༔ རིན་ཆེན་ལྔ་དང་རབ་སྦྱར་ཏེ༔ སྲིད་པ་ལུགས་དང་མཐུན་པ་ལ༔ གླིང་བཞི་གླིང་ཕྲན་རི་རབ་བཅས༔ མཁའ་འགྲོའི་དམ་རྫས་གཉན་པོ་བསགས༔ འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང༔ ཕོ་གླུད་གཡས་ནས་ཤ་ར་ར༔ མོ་གླུད་གཡོན་ན་ཀྱི་ལི་ལི༔ ཆུང་གླུད་མདུན་ན་ཁྲབས་སེ་ཁྲབ༔ མཛེས་པའི་རྒྱན་ཆ་མང་པོས་བརྒྱན༔ སྙན་པའི་སྒྲ་སྐད་སི་ལི་ལི༔ འདོད་ཡོན་རྣམ་ལྔ་ཆར་ལྟར་འབབ༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ཞི་རྒྱས་དབང་དྲག་ལས་བཞི་སྒྲུབས༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྐོས་ལ་གདབ་ཅིང་བསྔོའོ༔ དེ་ནས་སྐོང་རྣམས་རིམ་པས་བསྔོ་སྟེ༔ དང་པོ་ངར་གླུད་བསྔོ་བ་ནི༔ ཀྱཻ༔ ངར་གླུད་སྨྲ་ཤེས་འགྲོ་མཁས་འདི༔ འབྱུང་བ་ལྔ་དང་རིན་ཆེན་ལྔ༔ འབྲུ་སྣ་ལྔ་ལས་གྲུབ་པ་ཡི༔ མི་བས་གླུད་བཟང་མདངས་དང་ཡ་ལ་ལ༔ མཛེས་པས་བག་དྲོ་ཐིབས་སེ་ཐིབ༔ རྒྱུ་ནི་རིན་ཆེན་འབྲུ་སྣ་ལྔ༔ རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར༔ ཏིང་འཛིན་དག་པས་རབ་ཏུ་ཚིམ༔ སྐུ་གསུང་ཐུགས་ལ་མར་མེ་གསུམ༔ དབང་པོ་ལྔ་ལ་འབྲུ་སྣ་ལྔ༔ རྣམ་ཤེས་བརྒྱད་ལ་འབྲུ་སྣ་བརྒྱད༔ དྲེགས་པ་ལྷ་འདྲེའི་སྤྱན་ལམ་དུ༔ རེས་འགའ་སྐྱེས་པ་བརྒྱ་རེ་བརྫུ༔ བྲོ་རྡུང་དག་ཀྱང་ཁྲབས་སེ་ཁྲབ༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ རེས་འགའ་མོ་བཙུན་བརྒྱ་རུ་བརྫུ༔ གླུ་ལེན་ངག་སྙན་ཀྱུ་རུ་རུ༔ ཟ་མ་མོ་ཡི་གླུད་དུ་འབུལ༔ རེས་འགའ་ཁྱེ་འུ་ཟུར་ཕུད་ཅན༔ རྩེ་བྲོ་གད་མོ་ལྷགས་སེ་ལྷག༔ སྲིད་པ་བུ་ཡི་གླུད་དུ་འབུལ༔ དྲེགས་པའི་ཐུགས་དམ་རྐྱེན་དུ་འབུལ༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ ཞེས་སོ༔ སྲོག་ཆགས་ཀྱི་སྐོང་ནི༔ ཀྱཻ༔ དམ་ཅན་རྒྱ་མཚོ་སྲོག་དང་མདངས་ཀྱིས་མཆོད༔ མ་གཤིན་མཁའ་འགྲོའི་ཐུགས་དམ་བསྐང༔ རང་རང་མཐུན་པའི་སྲོག་ཆགས་མདངས༔ བྱ་ལུག་ར་ཁྱི་ལ་སོགས་རྣམས༔ དབང་པོ་འདོད་ཡོན་ལྔ་དང་ལྡན༔ རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང༔ དྲེགས་པའི་ཐུགས་དམ་གཉན་པོ་བསྐང༔ ཞི་རྒྱས་དབང་དྲག་ལས་བཞི་སྒྲུབས༔ དུས་ལ་བབ་བོ་ས་མ་ཡ༔ རྒྱལ་མཚན་ལ་སོགས་བསྔོ་བ་ནི༔ ཀྱཻ༔ སྐུ་རྟེན་དར་གྱི་རྒྱལ་མཚན་དཔའ་བརྗིད་ལྡན༔ དྲེགས་པའི་སྐུ་དང་གཉིས་སུ་མེད༔ རྣལ་འབྱོར་ལུས་ཀྱི་གླུད་དུ་འབུལ༔ གསུང་རྟེན་རྒྱང་བུ་ངག་གི་གླུད༔ ཐུགས་རྟེན་ནམ་མཁའ་སེམས་ཀྱི་གླུད༔ དྲེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན༔ རྣལ་འབྱོར་ལུས་ངག་ཡིད་གསུམ་གླུད༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་ལས་བཞི་སྒྲུབས༔ དུས་ལ་བབ་པོ་ས་མ་ཡ༔ ཤིང་རིས་འཕྱང་ནི༔ ཀྱཻ༔ ཐམས་ཅད་འབྱུང་བའི་དཔག་བསམ་ཤིང༔ སྲིད་པ་སྤྱི་དང་མཐུན་པ་ལ༔ དྲེགས་པའི་སྐུ་གསུང་ཐུགས་ཉིད་ཤར༔ ཁྱེད་ཀྱིས་མཐུན་པའི་རྫས་སུ་བཞེས༔ བདག་གི་ཡུལ་མཁར་ཞིང་གླུད་འབུལ༔ ཕོ་གདོང་སྐྱེས་པ་ཕོ་ཡི་གླུད༔ མོ་གདོང་ཟ་མ་མོ་ཡི་གླུད༔ དྲག་པོ་རྩང་རྣོན་བུ་ཡི་གླུད༔ མདའ་བཀྲ་སྐྱེས་པ་ཕོ་ཡི་གླུད༔ འཕང་བཀྲ་ཟ་མ་མོ་ཡི་གླུད༔ དྲེགས་པའི་ཐུགས་དམ་གཉན་པོ་བསྐང༔ བདག་ཅག་འཁོར་དང་བཅས་པ་ཡི༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ དུས་ལ་བབ་བོ་ས་མ་ཡ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཕན་གནོད་གཉིས་ཏེ༔ ཕན་བྱའི་སྐུལ་ཚིག་ནི༔་་་ལེའུ་ཉེར་བཞི་པ་ལྟར་ལྷ་སྤྱི་དྲིལ་ལམ་གང་བདེ་བྱའོ། །རེ་རེའི་བསྐུལ་་་འདི་བསྟོད་བསྐུལ་ཡིན་དྲག་བསྐུལ་མི་བྱ།བའི་ཞབས་ལ༔ ཀྱཻ༔ མདོས་གླུད་སྨན་རཀ་གཏོར་མར་བཅས༔ རང་རང་མཐུན་པའི་རྫས་འདི་འབུལ༔ རྣལ་འབྱོར་བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མི་མཐུན་གནོད་པའི་རྐྱེན་རྣམས་ཞི་བ་དང༔ ཚེ་སྲིངས་དབང་ཐང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་པར་ལྟ་བ་མ་ལུས་དབང་དུ་སྡུས༔ བར་གཅོད་དགྲ་བགེགས་མ་ལུས་མྱུར་དུ་སྒྲོལ༔ གདུག་པའི་དགྲ་བགེགས་མ་ལུས་ཐམས་ཅད་ཀུན༔ སྲུང་ཟློག་གསད་མནན་ཕྲིན་ལས་གྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཞེས་སོ༔ དེ་རྣམས་རྟེན་མདོས་ཕན་བྱའི་སྐུལ་ཚིག་ཡིན་ཏེ༔ དྲིལ་ལམ་རྐྱང་པའི་ཞབས་སུ་ཤེས་པར་བྱའོ༔ དེ་ནས་གནོད་མདོས་ཟོར་གྱི་དུས་སུ་ནི༔ ལྷ་རེའམ་རྐྱང་པ་གང་རུང་བསྐུལ་བའི་རྗེས་སུ་གདགས༔ འདི་བཀོད་བསྐུལ་མིན་རྟག་བསྐུལ་བྱ༔ བྷྱོ༔ མདོས་བདག་ཆེན་མོ་མདོས་འདི་ལོངས༔ ཟོར་བདག་ཆེན་མོས་ཟོར་འདི་རྒྱོབ༔ ཁྲམ་བདག་རྣམས་ཀྱིས་དགྲ་བོ་ཁྲམ་ལ་ཐོབས༔ ནད་བདག་རྣམས་ཀྱིས་ནད་ཟློག་ཅིག༔ བྷྱོ་བྷྱོ་དྲེགས་པ་ལས་ལ་བྷྱོ༔ གྲམ་གྲམ་དྲེགས་པ་ལས་ལ་གྲམ༔ སྡང་དགྲ་གནོད་བྱེད་རྡུལ་དུ་རློགས༔ དུས་ལ་བབ་བོ་ས་མ་ཡ༔ ཀྱཻ༔ རྒྱལ་མཚན་འདི་ནི་སྐུ་ཡི་རྟེན༔ མཛེས་པའི་རྒྱལ་མཚན་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་པའི༔ ལུས་ལ་གནོད་པའི་སྦྱོར་བ་ཟློག༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ རྒྱང་བུ་འདི་ནི་གསུང་གི་རྟེན༔ མཛེས་པའི་རྒྱན་ལྡན་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་པའི༔ ངག་ལ་གནོད་པའི་དུག་དབལ་ཟློག༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ ནམ་མཁའ་འདི་ནི་ཐུགས་ཀྱི་རྟེན༔ ཡེ་ཤེས་ལྔ་དང་རབ་ཏུ་ལྡན༔ བདག་དང་རྒྱུ་སྦྱོར་འཁོར་བཅས་པའི༔ ཡིད་ལ་གནོད་པའི་བསམ་ངན་ཟློག༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ མདའ་བཀྲ་སྐྱེས་པ་ཕོ་ཡི་གླུད༔ འཕང་བཀྲ་ཟ་མ་མོ་ཡི་གླུད༔ རྩང་རྣོན་བུ་དང་བུ་མོའི་གླུད༔ དམ་ཅན་མཐུན་པའི་རྫས་སུ་བཞེས༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ སྨན་རཀ་གཏོར་མའི་མཆོད་པ་འདི༔ དམ་ཅན་མཐུན་པའི་རྫས་སུ་བཞེས༔ ཐུགས་ལ་བཞེད་པའི་དཀོར་དུ་འབུལ༔ ནད་དང་གནོད་པ་དགྲ་ལ་བྷྱོ༔ དུས་ལ་བབ་བོ་ས་མ་ཡ༔ མཐུན་པའི་དམ་རྫས་དཀོར་དང་དབྱིག༔ ངར་གླུད་བྱ་ལུག་ལ་སོགས་འབུལ༔ སྤྱན་གཟིགས་སྣ་ཚོགས་འདི་བཞེས་ལ༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟོར་ཟོར་གནོད་པའི་བགེགས་ལ་བྷྱོ༔ འགལ་བྱེད་སྟེང་དུ་ཟོར་འདི་རྒྱོབ༔ དུས་ལ་བབ་བོ་ས་མ་ཡ༔ ཐུན་ཟོར་ཁྲག་ཟོར་གཏོར་ཟོར་རྒྱོབ༔ ཀོང་ཟོར་མདའ་ཟོར་རྡོ་ཟོར་བྷྱོ༔ སྔགས་ཀྱི་དུག་ཟོར་བྱད་ཟོར་བྷྱོ༔ སྡང་དགྲ་གནོད་བགེགས་སྟེང་དུ་བྷྱོ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ༔ ཁྲོ་རྒྱལ་སྟོབས་ལྡན་ནག་པོའི་སྐུ༔ འབར་བའི་གར་དགུས་དགྲ་བགེགས་སྒྲོལ༔ སྣང་སྲིད་དྲེགས་པ་མ་ལུས་བྷྱོ༔ གདུག་པའི་དགྲ་བགེགས་མ་ལུས་ཀྱི༔ ལུས་ངག་ཡིད་གསུམ་གཟིར་འཕྲོག་གཅོད༔ ཕོ་རྒྱུད་མོ་རྒྱུད་མ་ལུས་ཟློག༔ ཡུམ་གཅིག་འབྱུང་ལྔའི་བདག་མོ་ཡིས༔ མ་མོ་མཁའ་འགྲོའི་ཆད་པ་ཟློག༔ སྤྱི་གཙུག་བྱ་ཁྱུང་རྒྱལ་པོ་ཡིས༔ ས་བདག་ཀླུ་གཉན་ཆད་པ་ཟློག༔ བྷྱོཿ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དམར་གྱི་གཏོར་མ་འདི་གསོལ་ལ༔ བདག་གིས་བཅོལ་བའི་ལས་འདི་གྱིས༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མ་གཡེལ་བར༔ དགྲ་བགེགས་གཟིར་ཞིང་སྲོག་ཀྱང་ཕྲོལ༔ རྣམ་པར་ཤེས་པ་མྱུར་དུ་ཁུག༔ དུས་ལ་བབ་བོ་ས་མ་ཡ༔ གལ་ཏེ་ལས་འདི་མི་བྱེད་ན༔ རྡོ་རྗེ་འཆང་ཆེན་རབ་ཁྲོས་ནས༔ ཁྲོ་རྒྱལ་ཡ་མཱནྟ་ཀ་ཡིས༔ ལུས་ནི་འཁོར་ལོས་གཏུབ་པར་མཆིའོ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ སྙིང་ལ་རྡོ་རྗེ་ཕོག་པར་མཆིའོ༔ བྱ་ཁྱུང་རྒྱལ་པོ་ག་རུ་ཎས༔ རི་རབ་རྩེ་ལ་དྲང་བར་མཆིའོ༔ དེ་བས་ལས་འདི་མྱུར་དུ་གྱིས༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ མོན་པ་ནག་པོ་འཇིགས་པའི་ཆ་བྱད་ཅན༔ མཛེ་ཕོའི་འཁོར་གྱིས་བསྐོར་བ་ནི༔ ལས་ཀྱི་གཤིན་རྗེའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ དེ་ཡང་སྟེང་ཕྲད་སྟེང་དུ་ཟློག༔ དེ་ཡང་འོག་འཕྲད་འོག་ཏུ་ཟློག༔ དེ་ཡང་ཕྱོགས་འཕྲད་ཕྱོགས་སུ་ཟློག༔ དེ་ཡང་མཚམས་འཕྲད་མཚམས་སུ༴ དགྲ་བགེགས་དམ་སྲིའི་སྟེང་དུ་བྷྱོ༔ དུས་ལ་བབ་བོ་ས་མ་ཡ༔ སྤྱི་ལ་འགྲེའོ༔ བྷྱོ༔ ནག་མོ་དྲེལ་ཞོན་ཁྲམ་བམ་ཅན༔ རྒྱ་མཚོ་བུད་མེད་བྱ་ནག་སོགས༔ མ་མོ་མཁའ་འགྲོའི་ཆོ་འཕྲུལ་ཡིན༔ མདོས་ཟོར་ཤ་ཁྲག༴ འགྲེའོ། །བྷྱོ༔ མི་ནག་ཁྱི་ནག་བྱ་གཅན་ནག་པོ་ནི༔ ནག་པོ་བདུད་དང་མུ་སྟེགས་ཆོ་འཕྲུལ་ཡིན༔ མདོས་ཟོར༴ མི་དཀར་དར་དཀར་སེང་གེ་ལ་སོགས་པ༔ དཀར་པོ་ལྷ་ཡི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ བུད་མེད་ནག་མོ་མཛོ་ལ་ཞོན༔ བྱ་ནག་སྦྲ་གུར་ལ་སོགས་པ༔ མ་བདུད་རྒྱལ་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ བུད་མེད་མི་སྡུག་གཅན་ཟན་ཞོན༔ ནག་མོ་ཁྲོས་མས་བསྐོར་བ་ནི༔ ཁྲག་འཐུང་སྲིན་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ བྱ་ཁྱི་དཀར་པོ་བུ་ཆུང་དང༔ ལྷ་ཁང་འབག་སེང་བཙུན་པ་སོགས༔ ཆོས་འཁོར་རྒྱལ་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ མི་དམར་སྐྱེས་ཕྲན་ཞུབ་ཅན་ནི༔ དམར་པོ་བཙན་གྱི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ འདབ་ཆགས་ཕུག་རོན་འཕུར་ཞིང་ལྡིང༔ མུན་པ་ནག་པོ་འཐིབས་པ་ནི༔ ནག་པོ་དམུ་ཡི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ སྤྱང་ཀི་སྔོན་པོ་ཉེར་ཞིང་རྒྱུག༔ བན་དེ་སྐྱེས་བྲན་བྲོ་པ་ནི༔ རྡོ་རྗེ་ལེགས་པའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ མི་ལུས་གཅན་གཟན་ལྤགས་པ་གྱོན༔ ལུས་ལ་མེ་སྟག་འཕྲོ་བ་ནི༔ གནོད་སྦྱིན་ཕོ་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ བན་ནག་བོན་ནག་དར་ནག་ཕྱར༔ ནག་པོའི་ཚོགས་ཀྱིས་བསྐོར་བ་ནི༔ ཐེའུ་བྲང་འགོང་པོའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ སྦལ་སྦྲུལ་སྡོམ་སྡིག་ལ་སོགས་པ༔ ས་བདག་ཀླུ་ཡི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ སྤྲང་པོ་ཁྱི་སྤྱང་རྟ་བོང་སྟོང༔ བན་དེ་མོ་དང་སྒོམ་མ་སོགས༔ དམ་སྲི་ནག་མོའི་ཆོ་འཕྲུལ་ཡིན༔ མདོས་ཟོར༴ ཐོག་བབ་སད་སེར་ཁ་བ་དང༔ སྒྱོགས་དང་མདའ་རྡོ་འོད་པ་དང༔ དམག་དཔུང་ལ་སོགས་ཅི་ཡང་འོང༔ རྦོད་གཏོང་སྤྱི་ཡི་ཆོ་འཕྲུལ་ཡིན༔ མདོས་ཟོར་སོགས། བྷྱོ༔ ཁྲོ་རྒྱལ་བཅོམ་ལྡན་སྟོབས་པོ་ཆེ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས༔ ཐམས་ཅད་ཁྱོད་ཀྱི་ཆ་ལ་བརྟེན༔ ཁྱོད་ཀྱིས་མི་སྒྲོལ་གང་ཡང་མེད༔ ཟློག་སྒྱུར་བྱེད་པའི་སྟོབས་པོ་ཆེ༔ ཁྲམ་ཁ་སྒྱུར་བའི་མཐུ་བོ་ཆེ༔ ཟོར་ཁ་སྒྱུར་བའི་དྲག་རྩལ་ཅན༔ བདུད་ཁ་སྒྱུར་བའི་ང་རོ་ཅན༔ དོ་ནུབ་སྲིད་པའི་ཁྲམ་ཁ་སྒྱུར༔ དོ་ནུབ་ལྷ་འདྲེའི་དམག་དཔུང་ཟློག༔ ཕས་ཀྱི་རྦོད་གཏོང་བྱེད་པ་ཟློག༔ ཐུན་ཟོར་ཁྲག་ཟོར་འཕེན་པ་ཟློག༔ ཡུངས་ཟོར་མཚེ་ཟོར་འཕེན་པ་ཟློག༔ མདོས་ཟོར་གཏོར་ཟོར་འཕེན་པ༴ གཤིན་རྗེའི་འཁོར་ལོ་བསྐོར་བ༴ མ་མོའི་ཁྲག་ཟོར་འཕེན་པ༴ འཆར་ཀའི་པར་བུ་བསྐོར་བ༴ འབྱུང་པོའི་ཐོད་ཟོར་འཕེན་པ༴ བདུད་ཀྱིས་ཁྲམ་ལ་བཏབ་པ༴ རྒྱལ་པོས་ཐོག་རྒྱུག་བྱུང་བ༴ བཙན་གྱིས་ཤོ་རྡེལ་འགྲིམ་པ༴ གཟའ་ཡིས་ཀིང་ཀང་འབེབ་པ༴ མུ་སྟེགས་ཀོ་དུག་འཕེན་པ༴ ཀླུ་ཡིས་མཛེ་ནད་གཏོང་བ༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ བན་བོན་སྔགས་ཟོར་འཕེན་པ༴ སུམ་པས་གླང་ཟོར་འཕེན་པ༴ སྐྱེས་པས་མདའ་ཟོར་འཕེན་པ༴ བུད་མེད་དམོད་ཟོར་འཕེན་པ༴ སྲིད་པའི་ཡ་ག་བབས་པ༴ ལོ་ཟླ་ཞག་དང་ཟ་སྐག༴ ཕ་མེས་དུར་སྲི་ལངས་པ༴ གཡས་ནས་ཕོ་བརྒྱས་མཚོན་བརྡར༴ གཡོན་ནས་མོ་བརྒྱས་དུག་གཡོས༴ རྨི་ལམ་མཚན་མ་ངན་པ༴ མདོས་ཟོར༴ དེ་ཡང་སྟེང་འཕྲད༴ དེ་ཡང་འོག་འཕྲད༴ དེ་ཡང་ཕྱོགས་འཕྲད༴ དེ་ཡང་མཚམས་འཕྲད༴ དགྲ་བགེགས་དམ་སྲིའི་སྟེང་དུ་བྷྱོ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟོར་ཟོར་གནོད་པའི་བགེགས་ལ་ཟོར༔ དགྲ་བགེགས་དམ་སྲི་རྡུལ་དུ་རློགས༔ དུས་ལ་བབ་བོ་ས་མ་ཡ༔ བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿས་མ་ཡ་དགྲ་བགེགས་ལ་བྷྱོ་བྷྱོ༔ སྙིང་ཁ་རཀྨོ༔ ནཱ་ག་དུ་ན་ཟློག༔ པ་ཏྲ་པ་ཏྲ་ཟློག༔ མ་མ་བྷིནྡྷ་ཟློག༔ རྩ་དུར་ན་ཟློག༔ དུ་ཏྲི་སུ་ཏྲི་ཟློག༔ ཟང་ཏྲི་ཞུང་ཏྲི་ཟློག༔ ཡཀྵ་པ་ཏྲ་ཟློག༔ ཤུ་ལ་ཙ་རི་པ་ཤ་ཟློག༔ ཡ་མ་ར་ཏྲི་ཟློག༔ ཡཀྵ་ཙིཏྟ་ཟློག༔ སུ་པ་དེ་ཙིཏྟ་སྙིང་གཟིར་རྦད་ཐུམས༔ ས་མ་ཡ་ཟློག་ཟློག༔ དགྲ་བགེགས་ལ་བྷྱོ་བྷྱོ༔ ཞེས་དང་གོང་གི་ཟོར་སྔགས་ཀྱིས་ལིང་ག་ལ་ཕུར་ཐུན་བྲབ་བོ༔ དེ་ནས་གསེར་སྐྱེམས་བཏང་སྟེ༔ མདོས་ཀྱི་སྒོ་དབྱེ་འཕྲང་བསལ༔ མ་ཉེས་པའི་དཔང་གཟུག་ལ༔ སྲིན་མོ་རྣམས་ཀྱི་ཟ་ལམ་བསྟན༔ དྲག་པོ་རྒྱུ་དུས་དང་བསྟུན་ཏེ་ཀིང་ཀང་ཟོར་ལམ་ཕྱོགས་བཅུ་རུ་དབྱེ་སྟེ་མདོས་ཟོར་འཕང་ངོ༔ དགྲ་བགེགས་གང་ལ་བྱ་བ་བརླགས་པར་བསམ་མོ༔ དེར་ཡང་མ་ཟད་དེ་འདིར་དྲེགས་པ་ཐམས་ཅད་འདུས་པས༔ མདོས་ཀྱི་ཡས་གསག་པ་དང༔ སྨྲང་ལ་སོགས་པ་ཐམས་ཅད་བྱར་རུང་བའོ༔ གཞུང་དང་མཐུན་པས་བསྐང་དུ་རུང་བའོ༔ རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ མདོས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ཀྱཻ༔ གསང་བའི་བདག་པོ་ཁྱོད་ཉོན་ཅིག༔ དགྲ་བགེགས་གནོད་བྱེད་གདུག་པ་རྣམས༔ རང་གཤེད་དབབ་པ་མཚོན་ཆའི་མཆོག༔ རྫས་སྔགས་ཏིང་འཛིན་བསྐུལ་སོགས་ཀྱིས༔ རྒས་དང་གུད་དང་ན་ལ་སོགས༔ དྲེགས་པ་གནད་ཕེབས་རྟགས་བྱུང་ནས༔ ཉོན་མོངས་གསོ་ཞིང་སྒྲོལ་བར་བྱེད༔ ཞི་བའི་མཎྜལ་ཟླུམ་པོའི་སྟེང༔ རྩི་སྨན་བྱུགས་ཏེ་འཁོར་ལོ་ཕྱུང་ལ་བཞག༔ རྫས་ཀྱི་བླ་་་གང་ཡིན།ཡི་གཤེད་དུག་་་དང་།ཕྲལ༔ ཨ་མྲྀཏ་དང་འོ་མ་གཏོར༔ ཤི་སོས་སྨན་གྱིས་བཀྲག་་་མདངས།རྒྱས་་་པར།བསམ༔ སྔགས་ནི་ཨཱོྃ།་་་ཡེ་ཤེས་སྟོབས་་་བཛྲ་སརྦ་དུཥྚཱཎ༔།བཞི་དང༔ ཡ་མ་གཤིན་རྗེ་ལྟ་བུ་ཡིན་ནོ།་་་མིང་དང་རྣམ་ཤེས་ལུས་ངག་ཡིད༔་་་ཀཱ་ཡ་ཝཱ་ཀ་ཙིཏྟ། ཨཱོྃ་ཨཱཿཧཱུྃ།་་་སྐུ་གསུང་ཐུགས་དང་སྦྲེལ་བྱས་ལ༔ དེ་ལ་་་ཞི་བ་ཤཱནྟིཾ་ཀུ་རུ།ཞི་བྱེད་དབུགས་དབྱུང་གདགས༔ ཞག་གསུམ་ལྔ་འམ་གསུམ་དུ་ནི༔ དུས་བཞིར་་་བརྒྱ་སྟོང་།སྔགས་བཟླས་མེ་ལོང་་་ངོས་ལ་རྩི་སྨན་གྱིས།བཀྲུ༔ དབུགས་དབྱུང་བའི།་་་སོས་པའི་རྟགས་བྱུང་གཏོར་མ་སྦྱིན༔ བཀའ་བསྒོ་བདེན་བརྡར་ཐ་ཚིག་བྱ༔ ཁྱོད་ཀྱང་ང་ལ་མ་གནོད་ཅིག༔ ང་ཡང་ཁྱོད་ལ་གནོད་མི་བྱེད༔ ཅེས་པའི་འཁོར་ལོ་དགྲ་ཟས་་་བྱིན་བྱ་ཁྱུང་ལིང་ག།གཏད༔ གཏོར་མ་དང་བཅས་རང་གནས་་་གར་གནས་དེར།གཤེགས༔ གལ་ཏེ་ཆོ་འཕྲུལ་གནོད་སྲིད་ན༔ གོང་ལྟར་གཟིར་ཞིང་གནད་ལ་དབབ༔ དེ་ཡིས་དྲེགས་པ་ངེས་པར་འདུལ༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ དྲེགས་པ་དབུགས་དབྱུང་བའི་ལེའུ་སྟེ་ཉེར་དྲུག་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ གང་ཞིག་དེ་ཙམ་འཕྲོ་མི་འཇོག༔ མི་བྱར་མི་རུང་དུས་བྱུང་ན༔ སྔགས་པ་རང་གཤེད་བསྐོར་བར་བྱ༔ དུར་ཁྲོད་ཤིན་ཏུ་དབེན་པའི་སར༔ འབྲུབ་ཁུང་གནས་ནང་རྟེན་ཅན་ནི༔ གོང་གི་འཁོར་ལོ་རྫས་དང་བཅས༔ དམ་ཉམས་ལིང་ག་ལ་སོགས་བལྟེམ༔་་་དགོས་ཏེ་དེ་ཡང་དང་པོར་རབས་ཐོད་འོག་ཏུ་ཆུ་འཁོར་ཆུང་ན་རབས་ཐོད་ནང་དུ་འབྱུང་བ་ལྔ་འདུས་དེ་སྟེང་རླུང་གི་འཁོར་ལོ་དེ་སྟེང་ནམ་མཁའི་འཁོར་ལོ་དང་པོར་ལིང་ག།དེ་སྟེང་་་དགྲ་ཡི།བླ་རྡོ་དྲི་མ་དྲུག༔ དེ་སྟེང་རང་གཤེད་སྲུང་མ་གང་ཡིན་ཐུར་་་དུ་ཁ།སྦུབ་་་ལ།གདབ༔ དེ་སྟེང་དགྲ་བོའི་བླ་རྡོ་གཟིར་རྫས་ལ༔ དེ་སྟེང་་་དྲེགས་པ།སྤྱི་ལ་སོགས་པ་དགབ༔་་་ཀླུ་ནས་འཆི་བདག་གི་བར་བཅོ་བརྒྱད་དེ་སྟེང་མེ་འཁོར་དེ་སྟེང་ཆུ་འཁོར་དེ་སྟེང་ན་ས་འཁོར་དེ་སྟེང་འབྱུང་བ་ལྔ་འདུས་སྟེ་རབས་ཆད་ཕོ་ཐོད་ཁ་སྦུབས་པའི་སྟེང་ནས་མེ་འཁོར་ཆུང་ན་དེ་སྟེང་གཡེན་པོ་རྣམས་སྦུབ་པ་སོགས་གཞུང་བཅས་ལྟར་བྱ་བ་ཡིན། ཞག་ནི་གསུམ་གཅིག་ལ་སོགས་པར༔ བརྣག་པ་སྐྱེད་ལ་ལས་ལ་སྦྱར༔ སྔགས་བཟླས་པ་ཡི་རིམ་པ་ནི༔ རང་ཉིད་ཏིང་འཛིན་གསུམ་ལྡན་པས༔ ཨཱོྃ།་་་ཡེ་ཤེས་ལྔ་ལྡན་སྟོབས་ཡིག་་་བཛྲ་སརྦ་དུཥྚཱཎ།བཞི༔ གང་ཡིན་་་ཡ་མ་ལྟ་བུ།བཏུས་གཟིར་་་རང་བཞིན་དྲག་པོ་བཙན་ཐབས།རྣམ་ཤེས་་་ཡ་ལྟ་བུ།འཕང་ཞིང་བྷྱོ་རྦད༔ དམ་ཉམས་དགྲ་བོ་་་མིང་གཞུག།གནད་ལ་དབབ༔ རང་བཞིན་དྲག་པོ་བཙན་ཐབས།་་་གཟིར་ཞིང་སྲོག་འཕྲོག་གསད་་་མཱ་ར་ཡ།ཅིང་རྦད་ནན།་་་མནན༔ དགྲ་བགེགས་བླ་རྟགས།་་་ཁུག་དང་སོད་པའི་རྟགས་བྱུང་ནས༔ རྟགས་མཐུན་ན།་་་ལས་མཇུག་་་དགྲ་བགེགས་གང་ལ་ཡང་།མནན་བསྲེག་འཕང་གསུམ་བྱ༔ དང་པོ་བསྲེག་པ་བྱ་བ་ནི༔ དུར་ཁྲོད་ས་ལ་འབྲུབ་ཁུང་ནི༔ རྒྱར་རྐྱང་ཁྲུ་གང་དཔངས་སུ་དེའི་ཕྱེད་ཁ་ཁྱེར་སོར་བཞི་པ་ཅན།་་་གྲུ་གསུམ་དམར་ནག་་་དེའི།ནང་དུ་ཛཿམང་བྲི༔ དྲག་་་པོའི།ཤིང་སྣ་ཚོགས་་་ཀྱིས་བཀང་བ་དང་གཞན་ཡང་།བསྲེག་པའི་རྫས༔་་་ནི། ཚིལ་ཆེན་་་དང་།གུ་གུལ་དཀར་པོ་་་དང་།ཡུངས་དཀར་གཙོ༔་་་བོ་ཡིན་ལ་གཞན་ཡང་། སྤོས་སྣ་ཚོགས་དང་ཤ་ཁྲག་དཀར་དམར་དང༔ དུས་ན་མེད་པའི།་་་ཐུན་སྣ་ཚོགས་དང་ལན་ཚར་བཅས༔་་་པ་རྣམས་སྣོད་རེ་རེར་བཤམ་མོ། །རྫས་ཐམས་ཅད་བསྲེས་ཏེ་སྣོད་གཅིག་ཏུ་བཤམ་གནས་ཁང་དང་ལོང་སྐབས་དང་བསྟུན་པ་ཡིན་ནོ། །སྤྲོ་ན་དུར་ཁྲོད་ཀྱི་ཤིང་ཚེར་མ་ཅན་ལས་ཟུར་གསུམ་སྦོམ་ཕྲ་མཐེའུ་ཆུང་ཙམ་སྲིད་དུ་སོར་བཅུ་པ་རྩེ་མོ་གཉིས་རྣོན་པོར་གཞོག་པ་ཕུར་སོ་ལྟར་ཤ་ཁྲག་གིས་སྦགས་པའི་ཡམ་ཤིང་དང་མི་རྟ་ཁྱི་གསུམ་ཞུན་ཆེན་མར་ནག་དང་སྦྱར་བ་ཡང་བཤམ། ལིང་གར་དགུག་གཞུག་བྱས་ཏེ་ཧོམ་་་གྱི།སྟེང་་་གི་བར་སྣང་ལ།གདགས༔ ལྷ་བསྐྱེད་ཁར་མེ་སྦར་རོ།་་་ཤིང་དང་མེ་ཉིད་མེ་ལྷ་་་དྲག་པོའི་སྲེག་ཆོག་གཞན་ལྟར་བསྐྱེད་པའི་ལྟོ་བར།ཡི་དམ་་་སྟོབས་ལྡན་ནག་པོ།དང༔ དྲེགས་པ་་་བཅོ་བརྒྱད།འཁོར་བཅས་དེ་ཉིད་བྱོན་པར་སྐྱེད༔་་་ལེའུ་ཉེར་བཞི་པ་ལྟར། ཏིང་འཛིན་སྤྱན་དྲངས་མཆོད་བསྟོད་རྒྱས་པར་བྱ༔ ཐ་མར་ཡུགས་་་ས་ཕོ།མོའི་ཡིད་ཀྱིས་མེ་སྦར་བདུད་དུ་ཆེ་བ་ཡིན༔་་་འདིར་མེ་སྦར་བ་འདྲ་བ་ཞིག་གསུངས་ཀྱང་གོང་དུ་ཤིང་དང་མེ་ཉིད་མེ་ལྷ་ཡི་དམ་ཞེས་གསུངས་པའི་ལྷ་སྐྱེད་པའི་སྔོན་དུ་སྦར་བ་ལེགས། ཡི་དམ་དྲེགས་པ་སྤྱིའམ་སྒོས་ཀྱི་སྔགས་ཞབས་་་ཧཱུྃ་བཛྲ་སརྦ་དུཥྚཱཎ་ཨཱེཿཏྲི་མ་ཏྲི་ཏྲི་ཏྲི་ཡ་མ་ཨ་ཐ་དུ་དུ་ར་ར་རཱ་ཀྵ་ཀྵ་ཙ་པ་ཙ་ཏྲི་ཏྲི་ཏྲི་ཕུ།ལ༔ དགྲ་བགེགས་གང་ཡིན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨགྣི་ཛྭ་ལ་རཾ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཆེ་གེ་མོའི་ཤ་ཁྲག་རུས་གསུམ་མཆོད་པར་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ཞེས་པས་བསྟབ༔་་་ཡམ་ཤིང་དང་ཞུན་ཆེན་དང་རྫས་རྣམས་འཁོར་ལོ་དང་ལིང་ག་རྣམས་རིམ་པས། མེ་ནི་ཡི་དམ་དྲེགས་པ་ལ་སོགས་པར་གསལ་བས་དགྲ་བགེགས་ཀྱི་ཤ་ཁྲག་ཧབ་ཐོབ་ཏུ་རོལ་པར་བསམ༔ ཐལ་བ་ཆུ་བོ་ཆེ་དང་རླུང་ལ་དགྲ་ཕྱོགས་སུ་བསྐུར་བར་བྱའོ༔ དུས་ནི་ཐེབས་པའི་དུས་དེ་སྔ་དྲོ་དང་པོར་འབུལ༔ དེ་ཡིས་རབ་དགྱེས་ལས་རྣམས་མཐར་ཕྱིན་འགྱུར༔ ཞི་རྒྱས་དབང་དྲག་ལས་བཞིའི་ཕྲིན་ལས་་་གང་དགོས་པ།བཅོལ༔ མཐར།་་་ཡེ་ཤེས་པ་གཤེགས་དམ་ཚིག་་་པ།རང་ལ་བསྡུ༔ ཐལ་བ་ཆ་གསུམ་རླུང་་་ལ་འཕྱར།ཆུ་་་ལ་སྦྱང་ས་ལ།མནན་པའི་ལས་ཀྱང་བྱ༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྦྱིན་སྲེག་གི་ལེའུ་སྟེ་ཉེར་བདུན་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ནས་ལས་མཇུག་གཉིས་པ་འཕང་བ་བྱ་བ་ནི༔ དུས་ནི་ཐེབས་དང་བསྟུན་ཅིང་ཁྱད་པར་གཟའ་དང་བསྟུན༔ དྲག་པོའི་དལ་ནག་སྟེང་དུ་འབྲུབ་ཁུང་ནང༔ ཐོད་ངན་་་གང་ཡང་རུང་བའི་ཕྱི་ནང་།དུག་་་དང་།ཁྲག་་་གིས།བྱུགས་་་པའི།ནང་་་དུ།ལིང་ག་ལ༔ ཐུན་སྣ་ཚོགས་དང་དུག་ཁྲག་སྣ་ཚོགས་དང༔ གོང་ནས་འབྱུང་བ་དང་མཐུན་པ།་་་དྲག་པོའི་མདོས་་་ལེའུ་ཉེར་ལྔ་པར་བཤད་པའི་གནོད་བྱའི་མདོས་ཟོར།བཤམས་་་ཏེ།ཞག་བདུན་གསུམ་དུ་བསྒྲུབ༔ དེ་ནས།་་་རོ་ཤིང་་་གི།རྩེ་མོར་ལིང་ག་་་མགོ་ཐུར་དུ་བསྟན་པ།ཆེན་པོ་འཕྱར༔ གཟའ་རྒོད།་་་གདུག་པ་འགྱུ་དང་གདོང་གཏུག་་་དུ་འོང་བར་བྱས་ལ་དགྲའི།སྲོག་འབེན་གཟུག༔ མཆོད་རྫས་གཏོར་མ་ལ་སོགས་རྒྱས་པར་བཤམ༔ ལེའུ་ཉེར་བཞི་པ་ལྟར།་་་ཏིང་འཛིན་བསྟོད་བསྐུལ་ནངས་ནུབ་རྒྱས་པར་བྱ༔ སྔགས་ནི་ཡི་དམ་ཞབས་ལ་ཟོར་སྔགས་བཟླ༔ ཧཱུྃ་ཕཊ་བཛྲ་སརྦ་དུཥྚཱཎ༔ ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ ཨཱེཿས་མ་ཡ་དགྲ་བགེགས་སྲོག་ལ་ཐང་ཐང༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་ཡ༔ དགྲ་བགེགས་སྲོག་ནི་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་རྦུད་སོད་ནན༔ རཾ་ནྲྀ་ཏྲི་བཾ་དགྲ་བགེགས་སྲོག་ཡཱ༔ ཨཱེཿརཱ་ག་དྭེ་ཤ་མོ་ཧ་ཤ་ན་མ་ཨཱི་རི་ཤ་བྷྱོ་བྷྱོ༔ དགྲ་བགེགས་ཤ་ཏྲཱུཾ་ཨེ་ཁས་སྲོག་མྱགས་རྦད་རྦུད་ཐུམས་རིལ་བྷྱོ་བྷྱོ་ཡཱ༔ ཧཱུྃ་ཕཊ་བཛྲ་སརྦ་དུཥྚཱཎ་རྦད་ནན༔ རྦད་ཐུམས་རིལ་ནན༔ ཨཱེཿཧུར་ཐུམས་ཛ༔ མཱ་ར་ཡ་ཙིཏྟ་རྦད་ཐུམས་མཱ་ར་ཡ་བྷྱོ༔ རྦད་ཐུམས་རིལ་བྷྱོ༔ རྦད་ཐུམས་རྦུད་ཐུམས་བྷྱོ་བྷྱོ༔ རྦད་སོད་རྦད་ཤིག་ཕཊ་བྷྱོ༔ ཏྲིག་ནན་ཤག་རྦད༔ ས་མ་ཡ་བྷྱོ༔ ཤ་ཏྲཱུཾ་མཱ་ར་ཡ་རྦད་ཐུམས་རིལ་བྷྱོ༔ ཙིཏྟ་རྦད་ཐུམས་མཱ་ར་ཡ་བྷྱོ༔ ཨཱེཿསརྦ་དགྲ་བགེགས་ཀྱི་སྲོག་ལ་ས་མ་ཡ་བྷྱོ༔ བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ༔ བྷྱོ་བྷྱོ༔ ཞེས་པས་ཐུན་བཞིར་ཐུན་ལ་ཧུ་ཞེས་བསྟིམ༔ ལིང་ག་དག་ལའང་བྲབ་བར་བྱ༔ ཐ་མར་དྲག་པོ་འགྱུ་དང་བསྟུན༔ དགྲ་དང་གདོང་གཏུག་རང་ཉིད་བཟུར༔་་་ནས། རོ་ཤིང་་་གི།རྩེའི་ལིང་་་ག་དེ་གཟའ་རྒོད་དྲག་པོར།རྦུད་ཁྱེར་བྱེད༔་་་དོ། །ཡུགས་སའི་སྐྲ་ལ་ཚོན་སྣའི་འཇག༔ ཞིང་གི་མཐིལ་ཅན་་་གྱིས་རྡོ་ཟོར་ལ་སོགས་པ།འཕང་བར་བྱ༔ གྲི།་་་རྩིབ་་་ཀྱི།གཞུས་་་ལ་གྲི་རྒྱུས་སམ་རོ་སྐྲའི་རྒྱུད་སྦྱར་བས།དྲག་པོའི་མདའ་ཡང་འཕང༔ དྲེགས་པས་དགྲ་བགེགས་བརླག་པར་བསམས༔ ཁྲག་གིས་བརྒྱལ་དང་དུག་གིས་མྱོས༔ ཐུན་ཚོགས་མཚོན་ཆའི་ཆར་དུ་དབབ༔ ཕོ་བྲང་བདག་པོར་ཆས་པ་ཀུན༔ མ་ལུས་སྐད་ཅིག་རྡུལ་ཕྲན་བརླག་པར་བསམས༔ ངེས་པར་གྲུབ་སྟེ་གདོན་མི་ཟ༔ ཡ་བག་ཤ་ཡི་ལས་ཡིན་གསང༔ དམ་མེད་་་ལ།སྤེལ་ན་སྡིག་པ་འོང༔་་་དོགས། དེ་ཕྱིར་གསང་ཞིང་བརྣག་པར་བྱ༔ ཐ་མར་ཞིང་ལྤགས་རལ་ནག་བརྡབ༔ དམོད་བཅོལ་རྦོད་གཏོང་དྲག་པོ་བྱ༔ ཁྱིམ་ལོག་བཀྲ་ཤིས་ཚེ་ཆོག་བྱ༔ ཟོར་འཕང་བའི་ཨུ་པ་དྷེ་ཤའོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ འཕང་བའི་ལེའུ་སྟེ་ཉེར་བརྒྱད་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ནས་མཇུག་སྡུད་མནན་པའི་ལས༔ དྲག་པོའི་ངན་སྔགས་ཀུན་གྱི་མཐར༔ ལས་མཇུག་འདི་ཡིས་མ་བསྡུས་ན༔ དོང་ནང་བཙོན་ལ་ཤན་མེད་་་དང་།འདྲ༔ ཡུངས་འབྲུ་གཡའ་མའི་གསེབ་་་ཏུ།གཏོར་་་དང་།འདྲ༔ ལག་སྡུམ་ཤན་པ་ཁ་ཚིག་འཕེན་དང་མཚུངས༔ དེ་བས་འདི་ལ་ནན་ཏན་ཤིན་ཏུ་སྐྱེད༔ ལས་མཐའ་གཟའ་ཀླུ་གཉིས་ལ་གཏད་པའི་མན་ངག་ཡིན༔ གཟའ་ལ་གཏད་པ་གོང་གི་ཟོར་དང་བསྟུན་པ་དེའོ༔ ཀླུ་ལ་གཏད་པའི་ཐབས་ལ་རྣམ་པ་གཉིས༔ དྲེགས་པ་སྤྱི་དང་ཁྱད་པར་ས་བདག་ཀླུའོ༔ དང་པོ་དྲེགས་པ་སྤྱིའི་གཏད་ཐབས་ནི༔ ཀླུ་་་གནས་པ།དང་ཆུ་མིག་་་ཁ་བྱང་དུ་ལྟ།མཆོད་རྟེན་་་རྨང་ཞབས་དང་།སྤྱིར་ནུས་པ་ཆེ་བ།་་་གཙུག་ལག་གནོད་་་སྦྱིན་སྡེ་དཔོན་དང་བཙུན་པ་ཧ་རའི།གནས་ཁང༔་་་གི་ཐེམ་འོག་དང་། ས་བདག་་་སྐམ་ས།གཉན་པོ་ལྷ་འདྲེ་་་མང་པོ་གནས་པ་དང་།འདུ་བའི་གནས༔་་་ཀྱི་དབུས་དང་། རྒྱ་གྲམ་་་མི་མ་ཡིན་ཀུན་རྒྱུ་བའི།ལམ་སྲང་་་དང་།ཟམ་སྔས་་་ཀླུ་བསེན།མཁར་་་གནོད་སྦྱིན།ཆེན་་་པོའི།ཐེམ་འོག་བརྒྱད༔ གཞན་ཡང་ལྷ་ཁང་་་རྒྱལ་པོ།རྙིང་པ་་་དང་།རི་་་བོ།རྒྱུད་གསུམ་གྱི་རྩེ༔ མོ་རྒྱུད་ལུང་གསུམ་་་འདུས་པའི།མདོ་ལ་སོགས་པ་རུ༔ མནན་གཏད་དྲག་པོའི་ལས་བྱའོ༔ དང་པོ་ལིང་ག་བཅའ་བ་འདི་ལྟ་སྟེ༔ སྦྱིན་སྲེག་་་ལེའུ་ཉེར་བདུན་པ་ལྟར།བྱས་པའི་ཐལ་བ་་་ལག་པ་རྗེན་པས་མ་རེག་པར།གྲི་རྩེས་བླང༔ ར་་་དང་།ཁྱི་་་དང་།མི་ཁྲག་གིས་སྦྲུས་ལིང་ག་ཆག་གང་བྱ༔་་་ལུས་ལ་གནད་ཀྱི་ཡི་གེ་འགོད་པར་བྱའོ། །སྙིང་ཁར་་་དུག་ཤོག་ལ་བྲིས་པའི།ལིང་རྐྱང་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ་ལྟར།མནན་སྔགས་བཀོད་པ་གཞུག༔ ལིང་གའི་ཕྱིར་ཡང་།་་་མིང་རུས་ལ་སོགས་་་པ།ར་ཁྱིའི་ཁྲག་གིས་བྲི༔ དགུག་གཞུག་ལྷ་དབྱེ་བྱས་ཏེ་རོ་གོས་་་ཀྱིས།བཏུམ༔ མནན་པ།་་་གར་གཏོད་་་སའི་བདག་པོ།གང་ཡིན་་་གྱི།དྲེགས་པའི་འཁོར་ལོའི་་་བྲིས་པ་དེའི།ནང་དུ་་་ལིང་ག་དེ།དྲིལ༔ དེ་ཡང་འབྲུབ་གནས་མཐོ་གང་ནང་དུ་གཞུག་བྱ་སྟེ༔ སྟེང་ནས་་་རོ་གཡམ་སྟེང་།རི་རབ་་་འོག་རྡོ་རྗེ།རྒྱ་གྲམ་བྲིས་པས་མནན༔ མནན་དང་གཏད་པའི་དམོད་མོའི་བྱང་བུ་་་ཡང་།གཞུག༔ རང་ཉིད་ལྷར་གསལ་་་བས་གནས།གང་དུ་གཏོད་པ་ཡི༔་་་གཞི་བདག །འཇིག་རྟེན་་་པའི།ལྷ་ཀླུ་་་སོགས་བདག་པོ་དེ།བོས་ལ་ཕུད་གཏོར་སྦྱིན༔ མ་ཉེས་དཔང་དང་གཟུ་བཅོལ་དགྲ་བོའི་ཉེས་བྱས་རྩི༔ དེ་རྗེས།་་་གར་གཏོད་ལྷ་འདྲེའི་སྲོག་སྙིང་་་དང་།མནན་་་པའི།སྔགས་སྦྲེལ༔་་་བས་བཟླ་དགོས་ཏེ། མགོར།་་་སྟོབས་་་ཡིག་བཛྲ་སརྦ་དུཥྚཱཎ།དང་གང་དུ་གཏོད་པའི་ལྷ་འདྲེའི།་་་མིང་ཡིག་་་དང་།རྣམ་ཤེས་ཨཱེཿ་་་རྦད་བྷྱོ།བར་བྱ༔ ཆེ་གེ།་་་དགྲ་བོའི་མིང་་་ཏྲིག་ནན་བྲིས།གཟིར་སྲོག་འཕྲོག་་་ཧུར་ཐུམས་ཛཿ།བསད་་་མཱ་ར་ཡ་རྦད།ཅིང་ནན།་་་མནན༔ ཆེ་གེ་མོའི།་་་ལུས་ངག་ཡིད་གསུམ་་་ཀཱ་ཡ་ཝཱ་ཀ་ཙིཏྟ།སྡེ་་་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན།དང་བཅས་པ་མནན༔་་་ལཾ་ནན་ཅེས་སོ། །འདྲེ་ལ་བྱེད་ན་་་འདྲེ་གང་བྱེད་དེའི།མིང་འཇུག་པ་སྒྱུར་ཞིང་་་གོང་ལྟར་སྔགས་དང།བལྟེམ༔ ལེའུ་ཉེར་བཞི་པར་བཤད་པ་ལྟར།་་་དྲེགས་པ་་་བཅོ་བརྒྱད།བསྐུལ་ཏེ་མཆོད་དང་གཏོར་མ་སྦྱིན༔ བརྒྱ་སྟོང་སྔགས་དང་ཐུན་གྱིས་གཟིར་མནན་བྱ༔ གར་དམིགས་སར་མནན་་་རོ་གཡམ་ལ་རི་རབ་བྲིས་པ།ལཾ་ལས་རི་རབ་སྐྱེད༔་་་ལ་སྟེང་ནས་མནན། དམོད་པའི་ཚིག་བརྗོད་་་ཅིང་།འཆི་བདག་་་གི།ལྟོར་ཆུད་་་པར།བསམ༔ གང་ལ་བྱ་བ་བརླག་པར་གདོན་མི་ཟ༔ སླར་་་ནང་དུ།ལོག་་་ནས་རང་ཉིད།ཚེ་འགུགས་་་པ་དང་།བཀྲ་ཤིས་གསོལ་བར་བྱ༔ དེ་ཡིས་་་མནན་གཏད།སྤྱི་འགྲེ་་་བས།ཐམས་ཅད་ཀུན་ལ་འཕྲུལ༔ ཁྱད་པར་མནན་པའི་ས་དཔྱད་་་གོང་དུ་བཤད་པ་གང་རུང་།དག་ཏུ་ཤེས༔ ཀླུ་ལ་གཏད་ན་བྱང་ལྟས་ངམ་གནག་པར༔ ཀླུ་སྨན་སྣ་ཚོགས་གཏོར་མ་བཤམས་བྱས་ལ༔ ཀྱཻ༔ ས་ཕྱོགས་འདི་ན་གནས་པ་ཡི༔ ས་བདག་ཀླུ་གཉན་འཁོར་བཅས་གསོན༔ མཐུན་པའི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བོ་འདི་ཁྱོད་ཀྱི༔ ཟས་སྐལ་གཏད་དོ་བཞེས་ཤིག་ཡ༔ བསྐལ་པར་ནམ་ཡང་གཏང་མི་བྱ༔ བདུན་རྒྱུད་རྩད་ནས་ཆོད་ལ་ཟོ༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་པ་དང༔ གཞན་ཡང་དམོད་བཅོལ་ཚིག་བརྗོད་དོ༔ ཀླུ་ལ་གཏད་པའི་རིམ་པ་འོ༔ མཆོད་རྟེན་དག་ལ་གཏད་པ་ནི༔ མཆོད་པ་ལྔ་བཤམས་དཀོན་མཆོག་གསུམ་སྤྱན་དྲང༔ ཚིག་འདིས་རི་རབ་རྨིང་དུ་མནན་པར་བྱ༔ དུས་གསུམ་སངས་རྒྱས་སྲས་དང་བཅས་པ་ཡིས༔ ཆེ་གེ་མོ་འདི་ཐུགས་རྗེས་མ་གཟིགས་ཤིག༔ ལོག་པའི་ལམ་བཅད་བདེ་བའི་གནས༔ དམ་ཉམས་བསྒྲལ་བས་བཀའ་ཡང་བཙན༔ བསྐལ་པ་ལོག་བར་འདི་མ་གཏང༔ གཞན་ཡང་མནན་པའི་ཚིག་བརྗོད་དོ༔ གཙུག་ལག་ཐེམ་འོག་གཏད་པ་ནི༔ མཆོད་པ་ལྔས་དེའི་སྲུང་མ་སྤྱན་དྲངས་མཆོད༔ ཀྱཻ༔ གཙུག་ལག་ཁང་གི་སྲུང་མར་དམ་བཅས་པ༔ བཀའ་སྲུང་དམ་ཅན་མཐུ་བོ་ཆེ༔ ཧ་རི་ཀཱ་དང་པཉྩི་ཀཱ་ལ་སོགས༔ འཕྲོག་མ་བུ་དང་སྲས་སུ་བཅས༔ ཆོས་སྐྱོང་ལྷ་མགོན་འཁོར་དང་བཅས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་རྣམས་ལ༔ དམ་ཉམས་ཆེ་གེ་འདི་གཏད་དོ༔ བསྟན་པ་གཉན་པོ་འདིས་བཤིག་གོ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་ཁྱེད་ཀྱིས་འདི་མ་གཏང༔ ཟས་སུ་གཏད་དོ་ས་མ་ཡ༔ ཞེས་མགོན་པོ་ལ་སོགས་པའི་ཞབས་འོག་ཏུ་མནན་ནོ༔ ཡང་ན་ཐེམ་པའི་འོག་ཏུ་འོ༔ ས་བདག་ལ་གཏད་པ་ནི༔ དཀར་མངར་མཆོད་པ་ལྔ་ཡང་བཤམས༔ ས་ཕྱོགས་འདི་ན་གནས་པ་ཡི༔ གདུག་པའི་ས་བདག་མཐུ་བོ་ཆེ༔ མཐུན་པའི་མཆོད་པ་འདི་བཞེས་ལ༔ དམ་ཉམས་ཆེ་གེ་མོ་འདི་མ་གཏང་ཞིག༔ ཁྱོད་ལ་ཟས་ཀྱི་སྐལ་བར་གཏད༔ བསྐལ་པར་མ་གཏང་བདུན་རྒྱུད་རྩད་ནས་ཆོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཞེས་སོ༔ དེ་ལྟར་གནས་པའི་ས་བརྒྱད་དུ༔ གཏད་མནན་བྱ་བ་འདི་ལྟར་འགྲེ༔ རྒྱ་གྲམ་ལམ་དང་ཟམ་སྔས་་་དང་།དུར་ཁྲོད་ཐམས་ཅད་་་དུ་ནི་ལྷ་འདྲེ།འདུ་བ་ཡིན༔ ཤིང་གཅིག་དྲུང་དུ་གནོད་སྦྱིན་དག་ལ་གཏད༔ གྲོག་པོ་ཕུགས་རྡུག་་་དུ།བདུད་དང་ཐེའུ་བྲང་གཏད༔ རྒྱ་མཚོ་ལུང་གསུམ་མདོ་རུ་མ་མོར་གཏད༔ ལ་བཙས་རྒྱུ་སྲང་དག་ལ་བཙན་ལ་གཏད༔ དེ་ལྟར་མནན་པའི་ས་བརྒྱད་ལས་མཐའ་བསྡུའོ༔ ཉམས་པའི་ཡན་ལག་ལྔ་ལ་ཡི་གེ་ལཾ་སེར་ལས༔ གསེར་གྱི་རི་རབ་བསྐྱེད་དེ་མནན་པ་གཅེས༔ དེ་ཡིས་སླར་ཡང་འཁུ་མི་ནུས༔ ཚིག་འདིས་མནན་ཅིང་དམོད་བྱང་ལིང་ག་དག༔ ཡང་ན་རྒྱ་གྲམ་མུ་ཁྱུད་ཕྱི་ན་བྲི༔ ཀྱཻ༔ དམ་ཉམས་དགྲ་བོ་ཆེ་གེ་འདི༔ མནན་ནོ་རི་རབ་འོག་ཏུ་མནན༔ ལས་ཀྱིས་མནར་བའི་སྡིག་ཅན་འདི༔ གཏད་དོ་གཤིན་རྗེའི་ལག་ཏུ་གཏད༔ འཁོར་བར་འཁྱམས་པའི་ལས་ངན་འདི༔ སྦ་འོ་རྒྱ་མཚོའི་གཏིང་དུ་སྦའོ༔ དང་པོ་བདེ་བར་གཤེགས་པའི་བཀའ༔ དེ་ནས་འབྱུང་བ་ལྔ་ཡི་གཏེར༔ དེ་ནས་དབང་པོ་ལྔ་ཡི་བཅུད༔ དང་པོ་ཞེ་སྡང་ཕ་ཡི་རྒྱུ༔ བར་དུ་འདོད་ཆགས་མ་ཡི་མངལ༔ ཐ་མར་ཉོན་མོངས་ལུས་བླངས་ཏེ༔ གཏན་དུ་སྡུག་བསྔལ་མྱོང་བ་ལ༔ དེ་བས་བསད་ཅིང་མནན་པར་བྱ༔ མནན་གཟིར་དྲག་པོ་མི་བྱ་རྒྱུ༔ ཁྱོད་ཀྱིས་ལས་ངན་སྣ་ཚོགས་སྤྱད༔ འདི་འོག་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ན༔ གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཟེར༔ ཁྱོད་ཀྱིས་ཆོས་སྐལ་དེར་ཉོན་ཅིག༔ འཁོར་དང་བུད་མེད་ཉེ་དྲུང་ཟས་ནོར་བཅས༔ གཏད་དོ་འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ དེ་ཡི་ལག་ནས་འཆོར་མི་སྲིད༔ མནན་ནོ་རི་རབ་འོག་ཏུ་མནན༔ དེ་ཡི་འོག་ནས་ལྡང་མི་སྲིད༔ ནམ་ཞིག་བྱང་ཆུབ་སེམས་སྐྱེས་ནས༔ ལོངས་ལ་རྒྱལ་བའི་བཀའ་ལ་ཉོན༔ དེ་ཡི་བར་དུ་མནན་པར་བྱའོ༔ ནམ་ཡང་གཏང་བར་མི་བྱའོ༔ ཞེས་སོ༔ དེ་དག་ནི་མནན་པ་ཀུན་ལ་གཅེས་པའོ༔ དེ་ནས་ཀུན་ལ་གཅེས་པའི་བཅུད༔ རང་ལ་མི་ཟློག་ཕར་ཐེབས་་་པའི།གཟེར་བཞི་གདབ༔་་་པ་དེའི། དང་པོ།་་་ཕར་ལ་མི་ཐེབས་མི་སྲིད་གཅུད་པའི་གཟེར༔ འཁོར་ལོ་ཕུང་བཤིག་སྟོང་ལྡན་ཅེས་བྱ་བ༔ ལིང་ག་་་དྲིལ་ལ།མགོ་མཇུག་ལྡོག་སྟེ་རང་འཐག་ཀྱུ་མིག་ལ༔ ཡར་་་ནས།མར་་་ལ།ལན་བདུན་དག་ཏུ་འདོན་པར་བྱ༔་་་དེའི་ཚེ། དགྲ་བོ་ཆེ་གེ་མོ་རྦད་རྦུད་ནྲྀ་རྦད་རྦུད་ཡ༔ སྔགས་དེ་བརྒྱ་སྟོང་བཟླས་པས་ཕྱེ་མར་སོང་བར་བསམ༔ དེ་ནས་གཉིས་པ་འགྱངས་མི་སྲིད་པ་ནི༔ ལིང་ག་་་དྲིལ་བ།ཕྱི་་་ལ་མར།སྒོའི་ཐེམ་འོག་་་ཏུ།ལན་བདུན་་་ནང་ནས།ཕྱིར་དྲང་ངོ༔ དེའི་ཚེ།་་་དགྲ་བོ་ཆེ་གེ་མོའི་སྲོག་ནྲྀ་ལཾ་ནན་མཱ་ར་ཡ་རྦད་ནན༔ ཞེས་བཟླའོ༔ གསུམ་པ་རང་ལ་ཟློག་མི་སྲིད་པ་ནི༔ གཏད་པའི་་་ལས་གང་ཡང་བྱེད།དུས་སུ་འཁོར་ལོ་ལ༔ རང་ཉིད།་་་བསྐོར་བ་ཕྱིན་་་ཀ།ལོག་ལན་བདུན་བྱ༔ དེའི་ཚེ།་་་བཛྲ་སརྦ་དུཥྚཱཎ་བྷྱོ༔ ཆེ་གེ་ཤ་ཏྲཱུཾ་རྦད་རྦུད་སོད་ནན༔ ཅེས་བརྗོད་་་སླར་ཡང་།རང་གི་རྐང་པ་ལ༔ ཕྱིར་སྐོར་ལན་གསུམ་བསྐོར་ཏེ་མནན༔ བཞི་པ་མནན་ནས་མི་ལྡང་་་བར།བྱ་བ་ནི༔ སྟེང་དུ་རོ་གཡམ་རྡོ་རྗེ་རྒྱ་གྲམ་དང༔ ལཾ་བྲིས་་་པས།མནན་ཅིང་ལཾ་ལས་རི་རབ་སྐྱེད༔ དེ་ནས་ནམ་དུའང་མི་ཐར་བསམ༔ བཛྲ་སརྦ་དུཥྚཱཎ་ཨཱེཿབྷྱོ༔ དགྲ་བགེགས་སརྦ་ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ ལཾ་ནན༔ ནན་ཅེས་བརྒྱ་རྩ་འམ་སྟོང་དུ་བརྗོད༔ དེ་ནས་མནན་པའི་ས་བརྒྱད་སྤྱི་ལ་གཅེས༔་་་གཞུང་དུ་གནོད་སྦྱིན་དང་བདུད་དང་མུ་སྟེགས་མ་བྱུང་ཡང་བདུད་ཕོ་མོ་ལ་གཏོད་ན་འཁོར་ལིང་ཁྱི་ནག་གི་ཐོད་པར་བཅུག་བྲག་ནག་གི་རྩ་བར་གཏད། མུ་སྟེགས་ལ་གཏད་ན་འཁོར་ལིང་རྟ་ནག་གི་ཐོད་པར་བཅུག་ལམ་རྒྱ་གྲམ་དུ་གཏད། གནོད་སྦྱིན་ཕོ་མོ་ལ་གཏད་ན་འཁོར་ལིང་ལུག་གྲོ་སྨུག་གི་ཐོད་པར་བཅུག་ལ་ཤིང་དྲུང་དུ་གཏད། ཁྱད་པར་དྲེགས་པ་བཅོ་བརྒྱད་རང་རང་ལ༔ གནས་པའི་ས་རུ་འདི་ལྟར་གཏད་པར་བྱ༔ དང་པོ་བདུད་ལ་གཏད་པའི་ཐབས༔ གཡག་རོག་རྭ་རྩེར་ལིང་ག་འཁོར་ལོ་གཞུག༔ རྒྱ་གྲམ་ལམ་དུ་མནན་པར་བྱ༔ ཕུད་གཏོར་བཏང་དང་ལྷ་འདྲེ་སྤྱན་དྲངས་དང༔ དམ་ཉམས་གཏད་དང་རྒྱ་གྲམ་རོ་གཡམ་མནན༔ རི་རབ་སྐྱེད་དང་གཏད་ནས་དམོད་ཚིག་དང༔ ཕྱི་རྗེས་གཅད་པ་ལ་སོགས་གོང་དང་མཐུན༔ གཤིན་རྗེ་་་ལ་གཏོད་ན།རབས་ཆད་ཐོད་པར་གད་་་པ།ཆེན་་་པོ།ཆད་པའི་འཕྲོ་རུ་མནན༔ བཙན་ནི་ཤ་རུར་་་འཁོར་ལིང་བཅུག་ལ།གོང་གསུམ་་་བཙན་གྱི།རྒྱུ་སྲང་ལ༔ སྲིན་པོ་གླང་རུར་་་བཅུག་ལ།མཁར་ཆེན་་་པོའི་མ།ཐེམ་པའི་འོག༔་་་དུ་མནན་གཟའ་བདུད་ཀྱང་དེ་བཞིན་ནོ། །རུ་ཏྲའི་ཚབ་གཟའ་བྱས་ན་བསྟོད་བསྐུལ་སོགས་དང་མཐུན།་་་རུ་ཏྲ་་་ལ་གཏོད་ན་འཁོར་ལིང་།མཛོ་་་འམ།རྟོལ་་་པོའི།ཐོད་པར་དབེན་གནས་རྙིང་་་པའི།ཐེམ་འོག༔ མ་མོ་་་ལ་གཏོད་ན་འཁོར་ལིང་།ཡུགས་སའི་དོར་་་མས།དྲིལ་་་ལ།ལུང་གསུམ་མདོ༔་་་རུ་མནན། ལྷ་་་ལ་གཏོད་ན།ནི་་་འཁོར་ལིང་།རྟ་དྲེལ་དཀར་་་པོའི་ཐོད་པ་བཅུག་ལ།གངས་དཀར་་་གྱི།རྩེར༔ རྒྱལ་པོ་་་ལ་གཏོད་ན་འཁོར་ལིང་།ཁྱི་དཀར་་་པོའི།ཐོད་པར་་་བཅུག་ལ།ལྷ་ཁང་རྙིང་་་པའི།ཐེམ་འོག༔་་་ཏུ་མནན།་་་འགོང་པོ་ཡང་དེ་དང་འདྲའོ། །ཐེའུ་བྲང་་་ལ་གཏོད་ན་འཁོར་ལིང་།ར་ཐོད་་་ནང་དུ་བཅུག་ནས།གྲོང་ཆེན་བཞི་མདོ་རུ༔ དམ་སྲི་་་ལ་གཏོད་ན།ར་ཁྱིའི་སོག་པར་་་བལྟེམས་ལ།མཆོད་རྟེན་གོག་པོའི་རྨང༔་་་དུ་མནན། དམུ་་་ལ་གཏོད་ན་འཁོར་ལིང་།ནི་མཛོ་ཐོད་ནང་་་དུ།བཅུག་་་ལ།བྱང་ཐལ་ལ༔་་་མནན། ཀླུ་་་ལ།གཏོད་ན་ནི་་་འཁོར་ལིང་།བྱང་བལྟས་ཆུ་མིག་ལ༔་་་གཏད། དེ་ལྟར་མནན་པ་བྱ་བ་ཡང༔ དྲེགས་པ་རང་ལ་གནོད་པ་ཚུར་བྱེད་ན་ནི༔ དྲེགས་པ།་་་གང་གནོད་དེ་ཡི་ལིངྒ་སྣོད་་་དང་།བཅས་་་གནོན་ལུགས་གོང་དུ་བཤད་པ་ལྟར་དུ།མནན༔ དགྲ་ལ་བྱེད་ན་ལིང་ག་་་དེ་དྲེགས་པའི།ཟས་སུ་གཏད༔ དྲེགས་པ་ཅན།་་་ཐམས་ཅད་ལ་གཏད་་་པའི་ལས།འགྲུབ་་་ཐག་ཉེ།པར་གདོན་མི་ཟ༔ ཁྱད་པར་་་དགྲ་བོ་ཁོ་རང་གི།སྲུང་མ་གང་བྱེད་པ་་་དེ་ཁོ་རང་གི།གཤེད་དུ་དབབ༔ དེ་ཡིས་ལས་ཀུན་འགྲུབ་པར་གདོན་མི་ཟ༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ལྷ་སྲིན་ཡོངས་ལ་གཏད་པའི་ལེའུ་སྟེ་ཉེར་དགུ་པའོ༔ དེ་རྣམས་ལྷ་སྲིན་ཡོངས་ལ་མནན་གཏད་བསྟན་པ་སྟེ༔ ཁྱད་པར་གདུག་པ་ཀླུ་ལ་གཏད་པ་གཅེས༔ འདི་མེད་ལས་སྦྱོར་ཡུག་པ་རྐྱང༔ ངེས་པར་གཉན་སའི་ཆུ་མིག་ལ༔ ཕྱོགས་དང་མཚམས་དང་རིགས་དག་དང༔ ཀླུ་ཡི་ལུས་ངག་ཡིད་གསུམ་གྱི༔ གནས་ལུགས་མ་ལུས་ཤེས་པར་བྱ༔ དེ་ནས་ཐོད་པ་ལིངྒ་གཏད༔ སྟེང་དུ་ཕོ་བྲང་རི་རབ་སྐྱེད༔ ཀླུ་ཡི་འཁོར་ལོ་མ་ཡིན་པ༔ ལྷ་སྲིན་གཞན་གྱི་འཁོར་ལོ་རྣམས༔ ལིང་གར་བཅས་ལ་གོང་བཞིན་གཏད༔ དེ་ནས་ནག་པོ་ཀླུ་ལ་གཏད་པ་ནི༔ དེ་ལ་སྤྱི་དོན་རྣམ་པ་ལྔ་ཡིན་ཏེ༔ རྫས་གསག་སྒྲུབ་དང་གཏད་ཐབས་དང༔་་་བདག་འདྲ་འཇམ་དཔལ་བཤེས་གཉེན་གྱིས། །ཚངས་པ་ཀླུ་ཡི་སྙིང་ཁུལ་ཀྱང་། །བསྟན་པ་འཇོམས་བྱེད་དགྲ་བོ་ནི། །གདུག་པ་ཀླུ་ལ་གཏད་པའི་ཐབས། །དགྲ་སྐལ་གཏད་དང་གྲོགས་སྐལ་དང་། །གཏད་ལུགས་མང་བར་ཡོད་མོད་ཀྱང་། །ཡི་དྭགས་འབྱུང་པོ་ཟས་ལ་གདུང་བས་ན། །ཟས་སྐལ་གཏད་པ་མན་ངག་དམ་པ་ཡིན། །སྲུང་བ་གནས་ལུགས་ཐེབས་ཟློག་ལྔའོ༔ དང་པོ་རྫས་ནི་དབེན་པའི་སར༔ སྔོན་འགྲོ་ཚོགས་གསག་ ༼འདིར་མ་དཔེ་དག་ལ་ཡིག་ཕྲེང་འགའི་ས་སྟོང་པར་བཞག་འདུག་པས་ཅུང་ཟད་ཆད་པ་ཡིན་འདྲའོ།།༽ ཡང་བཤམ༔ ཟས་སྐལ་དུ་གཏད་པའི་དུས་སུ།་་་དུག་ཤིང་ཤོག་བུ་མི་བྱ་དར་་་རས།དཀར་་་པོ།གཙང་མ་ལ༔ ས་དཀར་འོ་མས་བརྐྱང་འདུལ་བྱ༔ ཡང་ན་གྲོ་བ་ཤིང་ཤུན་ནོ༔ ཡང་ན་ཏཱ་ལའི་ཤིང་ལོ་ལ༔ སྙུ་གུ་ཀླུ་ཤིང་བྲ་མས་བྱ༔ སྣག་ཚ་བ་་་དམར་རའི་་་དཀར།འོ་མ་གུར་གུམ་ཆུ༔ མེ་ཏོག་ལུག་རུ་དམར་པོ་རྒྱ་སྐྱེགས་ཁུ་བས་བྲི༔ ཀླུ་གཟུགས་སྦལ་པ་ཕོ་མོ་སེར་དམར་ལྟར་རོ༔ མུ་ཁྱུད་ཉིས་རིམ་དབུས་སུ་ལིངྒ་བྲི༔ དུ་ཡོད་དགྲ་ཡི་མིང་རུས་ལིང་རྐྱང་ནི༔ ཡན་ལག་བཞི།་་་གདུག་པ་སྦྲུལ་གྱིས་བཅིངས་ཏེ་་་སྤྱི་གཙུག་སྙིང་ག་མཚན་མ་ནས།ཟ་བར་བྲི༔ མྱུར་བར་འདོད་ཕྱིར་རུས་སྣ་བདུན་ལས་མང་མི་བྲི༔ དེ་་་ཡི།ཕྱི་མུ་ཁྱུད་ལས་སྦྱོར་སྔགས་་་ནཱ་ག་གུར་ལིང་ནས་འདུ་འདུ་ཛཿཛ༔ཞེས་པའི་བར་ལས་སྦྱོར་གྱི་སྔགས་སོ།མགོ་ཕྱི༔ དེའི་ཕྱི་མུ་ཁྱུད་བསྙེན་་་ཨཱོྃ་ནག་པོ་ཏི་པ་ཙ་ཡ༔ནས་ཧེ་ལ་ཧེ་ལི་འདུས༔ཡན་ཆད་དོ།སྒྲུབ་སྔགས་་་་ནག་པོ་བཾ་ནས་ཐུར་ཐུར་སོད་སྭཱ་ཧཱ༔འི་བར་རོ།ཀྱིས་བསྐོར༔ བཛྲ་སརྦ་དུཥྚཱཎ་ནས་རྦད་རྦུད་སོད་ནན་གྱི་བར་དྲེགས་པ་སྤྱི་དྲིལ་ལ་གསད་མནན་གྱི་ཤམ་བུ་དང་སྦྲགས་པའོ།སྔགས་འོག་ཏུ་ཡོད་ལེའུ་འདི་ཉིད་ཀྱི་ནང་དུའོ།དྲེགས་པ་སྤྱི་དྲིལ་སྔགས་གསད་མནན་གྱི་ཤམ་བུ་བཏགས་པ་དང་བཅས་བྲི། ཕོ་འཁོར་སྔགས་མགོ་ཕྱི་ལ་མོ་འཁོར་ནང༔ ཕོ་འཁོར་སེར་པོ་ཡང་ན་ནག་པོ་ཁ་སྦུབ་ལ༔ མོ་ནི་དམར་པོ་གན་རྐྱལ་བལྟེམ༔ དྲག་པོ་རྣོ་ཕྱིར་ནག་པོ་མྱུར་བ་ཡིན༔་་་འཁོར་ལོ་ཁ་སྦྱར་འདི་འདྲ་ཚར་བརྒྱད་དགོས་པ་ཡོད། དེ་ཡི་གཏད་ས་བྱང་བལྟས་ཆུ་མིག་དུའོ༔ ལིངྒ་དག་ལ་མི་འབྱམས་ཐེབས་པ་དང༔ བླ་རྟེན་རྫས་ནི་དྲི་མ་འདི་རྣམས་གཅེས༔ རབ།་་་མཆིལ་སྣབས་དྲི་ཆེན་དྲི་ཆུ་གོས་རས་དང༔ འབྲིང་།་་་སྐྲ་དང་ཐ་མ།་་་རྐང་རྗེས་ས་དང་དེ་་་གང་འཛོམས།རྣམས་སོ༔ ཞོ་མར་འོ་མ།་་་དཀར་གསུམ་མངར་གསུམ་་་ཀར་བུར་སྦྲང་།ཀླུ་སྨན་་་འཛོམ་པར་སྦྱར་བ།རྩི་སྨན་་་གཞན་ཡང་ཀླུ་ལ་གང་འཕྲོད།བཅས༔ བ་་་དང་ར།དམར་་་པོའམ་དཀར་པོའི།འོ་མས་སྦྱར་ཏེ་ལིང་གར་བྱུག༔ གདུག་པའི་ཀླུ་ཡིས་ངེས་པར་ཟས་སུ་མཐོང༔ མ་ཐོགས་མྱུར་དུ་འཛིན་པར་ཐེ་ཚོམ་མེད༔ མཎྜལ་དྲི་་་དང་།སྤོས་གཙང་་་མས།སྦྲན་་་པའི།དབུས་་་སུ།འབྲུབ་ཁུང༔་་་གི་ནང་དུ། གླང་དམར་་་གྱི།རྭ་་་མེ་ཆུས་མ་ཕོག་པར།འམ་ལ་ཆའི་སྦལ་པའི་ནང༔ ཁྱད་པར་་་དགྲ།ཁོ་རང་་་གི།ཕ་མེས་ཐོད་པ་་་རྙེད་ན་རབ་ཡིན།འམ༔ ཡང་ན།་་་མཛེ་ཕོའི་ཐོད་པ་རྐང་སོགས་རྩི་སྨན་་་གྱིས།དག་་་པ།བཀྲུས་་་པའི་ནང་དུ་འཁོར་ལོ།གཞུག༔ ཕྱི་་་སྣོད་ཀྱི་ཁ།ལ་རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ༔ ལིང་ག་་་འཁོར་ལོ།དེར་བཅུག་ད་ལའི་དབུས་སུའོ༔་་་གྲུ་གསུམ་ནང་དུ། ཀླུ་གཏོར་རྩི་སྨན་མཆོད་པ་རྣམ་ལྔ་བཤམས༔ དེ་ནས་སྒྲུབ་པའི་ཐབས་བསྟན་པ༔ བདག་ཉིད་སྟོང་པ་སྐྱེ་མེད་ཆོས་སྐུའི་ངང༔ རང་སེམས་ཕེཿནག་འོད་ཟེར་དམར་པོ་འཕྲོས༔ འཇིག་རྟེན་ཀླུ་དང་བདེ་གཤེགས་མཆོད་བྱས་ཏེ༔ ཐམས་ཅད་འོད་ཞུ་ཚུར་འདུས་ཕེཿའོད་ཞུ༔ ཨཱོྃ་ཕེ་ལཾ་ཧཱུྃཿཞེས་རང་སྒྲ་བརྗོད་པ་ཡིས༔ བསྐུལ་ལྟར་བསྒོམ།་་་རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་གཡས་གཡོན་ཕྱག༔ གཡས།་་་སྦྲུལ་ཞགས་་་གཡོན།ཐོད་པར་ནཱ་གའི་སྙིང་ཁྲག་་་ཡང་ན་ནད་རྐྱལ་ལོ།འཐུང༔ དབུ་ནི་སྲིད་རྩེར་མཇུག་མ་རྒྱ་མཚོར་བརྐྱང༔ སྣང་སྲིད་དྲེགས་པ་མ་ལུས་དབང་དུ་སྡུད༔ གདུག་པའི་ཀླུ་གཉན་བདུད་དང་གཉེན་པོར་བསྒོམ༔ ཐུགས་ཀར་སྦྲུལ་ནག་་་པོ།ཡེ་་་ཤེས།སེམས་་་དཔའ།མཐོ་གང་ཐུགས༔ ཕེཿལ་ཡང་སྙིང་འབྲུ་བཞིས་་་ཨཱོྃ་ཕེ་ལཾ་ཧཱུྃཿབསྐོར་བར་བསྒོམ༔ དྲག་པོ་རང་གནད་གདུག་པའི་མཚོན་འདི་དྲངས༔ ཨཱོྃ་ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀྴ་་་ཀླུ་འབོད།ཆེ་གེ་མོ་ཧེ་ཁྲུ་ལ་ཕེ་ཤན༔ ཕོས་ཕོས་ཤིག་ཤིག༔ ཆུམ་ཆུམ༔ ཧུ་ཡ་ཧུ་ཡ༔ ཀླུ་ནག་པོ་མགོ་དགུ་པས༔ དགྲ་བོ་ཆེ་གེ་མོ་ཟུངས་ཟུངས༔ ཆིངས་ཆིངས༔ ནཱ་ག་འདུ་ནཱ་ག་འདུ༔ ནཱ་ག་ཤན་འདུ༔ ཧེ་ལ་ཧེ་ལི་འདུས་འདུས༔་་་ཡན་ཆད་བསྙེན་པའོ། །ནག་པོ་བཾ་ཙི་ཙི་རྒྱས༔་་་སྒྲུབ་ཅིང་ལས་ལ་གཟུད་པའོ། །ཏྲག་ཐུར་སྙིང་འགུལ་མྱགས་མྱགས༔ ཆེ་གེ་མོའི་རྩ་བཞི་སྐུམས༔ ཤན་ཤན་སྲོག་ལ་ཤན༔ ཐུར་ཐུར་སོད་སྭཱ་ཧཱ༔་་་ནག་པོ་བཾ་ནས་སྭཱ་ཧཱའི་བར་སྒྲུབ་སྔགས་སོ། །ནཱ་ག་གུར་ལིང་་་འདི་མན་ཆད་ལས་སྔགས་ཡིན་ནོ།ཆེ་གེ་མོའི་སྙིང་ལ་འདུས་འདུས༔་་་ཀླུ་ལ་གཏད་པའི་ལས་སྔགས་སོ། །སྙིང་ཁྲག་བཾ་རོ་རུལ༔་་་མོ་བྱས་པ་མང་། སྙིང་ཁྲག་ལ་འདུས་འདུས་ཛ༔ ས་མ་ཡ་འོ༔ ནཱ་ག་ཀན་རྩེ་ཆེ་གེ་མོའི་སྙིང་ལ་འདུས་འདུས༔ ནཱ་ག་འདུ་ནཱ་ག་འདུ༔ ནཱ་ག་དགྲ་བོ་ཆེ་གེ་མོའི་སྲོག་རྩ་སྙིང་ལ་འདུས་འདུས་ཛ༔ སྲོག་ལོངས་ནྲྀ་ཆོད་ས་མ་ཡ་དམ་ལ་འདུ་འདུ་ཛཿཛ༔ ཞེས་པའོ༔ སྔགས་འདིས་དུས་བཞིའི་ཆ་གསུམ་དུ་གཏོར་མ་དབུལ༔ སྔགས་འདིས་དབུལ་ལོ།་་་ཨཱོྃ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རག་ཤ༔ ནཱ་ག་རཱ་ཙ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྲ་བོ་སརྦ༔ ཞེས་ཉེར་གཅིག་གིས་དབུལ་ལོ༔ དང་པོ་བསྙེན་པའི་སྔགས་་་ལ།ཀླུ་རྟགས་མ་བྱུང་བར་བཟླ༔ འོག་ནས་འབྱུང་བའི་དྲེགས་པ་བཅོ་བརྒྱད་ཀྱིས་དགྲ་བོ་གསད་པའི་སྔགས་དེ་ནངས་ནུབ་དང་གུང་གཉིས་ལ་བརྒྱ་བརྒྱ་བཟླ། སྡོམ་སྡིག་སྦལ་ལྕོང་ལ་སོགས་པ༔ དངོས་ཉིད་ཉམས་དང་རྨི་ལམ་འོང༔ འབྲུབ་ཁུང་དལ་སྟེང་བྱུང་ན་འགྲུབ༔ རང་ཡང་ལུས་པོ་ཆུ་བུར་འོང༔ གསང་རྟགས་རང་ལུས་འགུལ་བ་དང༔ ཤ་འཕྲིག་ལྷོག་ཤུ་སྐྲང་འབུར་ལ་སོགས་འབྱུང༔ དེ་ལ་འཇིགས་པ་བྱ་མི་དགོས༔ དེའི་རྗེས་སུ།་་་གྲུབ་སྟེ་ལས་ལ་རྦད་པས་སང་སང༔་་་བསྒྲུབ་ཅིང་ལས་ལ་གཟུད་པའི་སྔགས་བཟླ་བ་ཡིན་ནོ། །ཞག་གྲངས།་་་ངེས་པར་བཅོ་ལྔས་གྲུབ་པ་ཡིན༔ བསྙེན་སྒྲུབ་ལས་སྦྱོར་གསུམ་པོ་བདུན་ཕྲག་རེ་རེ་སྟེ།་་་ཉེར་གཅིག་ལས་ལ་གཡེང་སོ་གྲགས༔ རང་གནས་ཡིན་པས་ལས་མི་ནུས༔ དེ་བས་རྟགས་བྱུང་ལས་ལ་སྦྱར༔ དྲག་པོ་རང་གནད་ཀླུའི་སྲིན་པོ༔ འདི་ལ་ཚུར་ཟློག་་་པ།ཡོད་་་པ།མ་ཡིན༔ གྲུབ་ན་་་བསྙེན་སྒྲུབ་ལས་སྦྱོར་ཞག་ཉེར་གཅིག་ཐེམས་ནས་སླར་ཡང་།ལས་ལ་སྦྱར་བ་ནི༔ ཀླུའི།་་་བསྙེན་་་པ་དང་།སྒྲུབ་་་པ་དང་།ལས་་་སྦྱོར་གྱི།སྔགས་་་མགོ་མཇུག།ཡོ་་་དྲེགས་པ་བཅོ་བརྒྱད་ཀྱིས་དགྲ་བོ་གསོད་པའི་སྔགས་འོག་ནས་འབྱུང་བ་འདི་ཉིད་དང་།དྲིལ་ཏེ༔ ཞག་གསུམ་དག་ལ་ཁྲི་ཕྲག་གསུམ་བཟླས་ཏེ༔ ཏིང་འཛིན་བདག་ཉིད་ཏི་པ་ཙར༔ གསལ་བས་འཁོར་རྣམས་ལས་བྱེད་དེ༔ སྔགས་ཀྱི་འོད་ཟེར་ཟ་བྱེད་ཀྱི༔ ཀླུ་དང་ས་བདག་གཉན་ལ་སོགས༔ ཀླུ་སྲིན་གྲངས་མེད་དགྲ་ཤ་ཟ༔ ཁྲག་འཐུང་རུས་འཆའ་སྲོག་རྩ་གཅོད༔ གཏན་ནས་རྡུལ་དུ་བརླག་པར་བསམ༔ ལིངྒ་དག་ལ་དགུག་གཞུག་ལྷ་དབྱེ་བྱ༔ ཤ་ཁྲག་དེ་རྣམས་ཞལ་དུ་བསྟབ༔ ཡུངས་ཀྱི་ཐུན་ལ་སྔགས་བླུད་བྲབ༔ དེ་ཡིས་བརླག་པར་གདོན་མི་ཟ༔ གལ་ཏེ་ཆོ་འཕྲུལ་རང་ལ་ཆེ༔ དགྲ་སོད་རྟགས་རྣམས་བུལ་བ་ན༔ ཨཱོྃ་ནག་པོ་ཏི་པ་ཙ་ནས་ཧེ་ལ་ཧེ་ལི་འདུས་འདུས༔ཀྱི་བར།་་་བསྙེན་སྔགས་་་མགོ་མཇུག།བཟློག་ཅིང་ལིང་ག་གཟིར༔ ལས་སྦྱོར་ཐུན་དང་འོད་ཟེར་གོང་ལྟར་སྤྲོ༔ དེ་ཡིས་ངེས་པར་འགྲུབ་པ་ཡིན༔ ཡ་བག་ཤ་ཡི་ལས་ཡིན་གསང༔ དེ་ལྟར་བསྙེན་སྒྲུབ་ལས་ཀྱི་དུས༔ ཉིན་མཚན།་་་ཐུན་་་དུས་དྲུག་དུ་བཅད་པའི།མཚམས་་་རྣམས་སུ།དྲེགས་པ་སྤྱི་ཡིས་གསད༔་་་སྔགས་འོག་ནས་འབྱུང་བ་བཟླས་ཐུན་བྲབ། ཀླུ་དང་བསྡོང་བ་མན་ངག་དྲུག༔ དྲེགས་པ་བཅོ་བརྒྱད་ཀྱིས་དགྲ་བོ་གསད་པའི་སྔགས་འདི་ཉིད།་་་འཁོར་ལོ་ཡི་ནི་སྔགས་མཐར་་་ཀླུ་ཡི་བསྙེན་སྒྲུབ་སྔགས་དང་།བསྒྲིལ་ཞིང་འབྲི༔ འདི་གཞུང་ལིང་རྐྱང་དག་དང་སྦྲེལ༔ གསད་པ་འདི་འདི་དུས་གཅེས་ཞེས་པའི་ཡིག་ཆུང་དང་དྲེགས་པ་སྤྱིར་དྲིལ་བའི་གསད་སྔགས་ཞེས་པ་གཉིས་ཀ་གསད་སྔགས་འདི་ཉིད་ཡིན་ནོ།་་་བཛྲ་སརྦ་དུཥྚཱཎ་ཨཱེཿཛཿཛ༔ ཡ་མ་ཡ༔ མ་མ་རུ་ལུ་མ༔ དྷེ་བ་ཨ༔ ཏིར་ཏི་ཀ་ཐ༔ དུ་ཁྲག་དུ༔ དུན་ཏིང་དུ༔ རཀྴ་ར༔ རག་མོ་ར༔ རུ་ཏྲ་ནྲྀ༔་་་འདི་རུ་ཏྲ་ཡིན་གཟའ་བྱེད་ན་རཀྵ་རཱ་ཅེས་བརྗེའོ། །ཡཀྵ་ཀྵ༔ ཡག་མོ་ཀྵ༔ རཱ་ཙ་ཙ༔ མུན་མུན་པ༔ ཤཱུ་ལ་ཙ༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ རུ་ཏྲི་ཏྲི༔ ས་ནཱ་ག་ཕུ༔ ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ ས་མ་ཡ་ཨཱེཿདགྲ་བོ་ལ་བྷྱོ་བྷྱོ༔ དགྲ་བོ་ཆེ་གེ་མོ་ཏྲིག་ནན་རྦད་ནན་བྷི་ན་ཙིཏྟ་རྦད་ནན༔ སྲོག་རཾ་ནྲྀ་བཾ་ཧུར་ཐུམས་ཛ༔ ཤ་ཏྲཱུཾ་དགྲ་བོ་ཆེ་གེ་མཱ་ར་ཡ་རྦད་རྦུད་སོད་ནན༔ ཞེས་དྲེགས་པ་བཅོ་བརྒྱད་དགྲ་བོ་གསད་པ་དེ༔ ནངས་ནུབ་གུང་ལ་བརྒྱ་བརྒྱའི་ཐུན་གྱིས་བྲབ༔ དེ་ཡིས་ལས་ཀུན་གང་ཡང་འགྲུབ་པར་ངེས༔ བསྙེན་སྒྲུབ་ལས་ལ་སྦྱར་བའི་རིམ་པའོ༔ གསུམ་པ་མནན་གཏད་བྱ་བ་ནི༔ ཁྱད་པར་ཆུ་མིག་ཁ་ནི་བྱང་བལྟ་རུ༔་་་གཏོད་ས་ཤིས་ལ། ཁྱད་པར་བྱང་ཤར་་་ནས་ཁ་བལྟ་བའི་ཆུ།བརྡོལ་བ་་་ཁ་དོག།ནག་པོ་ཡིས༔ གདོལ་པ་དག་ལ་གཏད་ན་་་ནུས་པ་ཆེ་ཡང་ཟློག།ཉན་ཆེ་་་བས།སྲུང་བ་་་ལ།གཟབ་པར་བྱ༔ དེ་ལྟར་་་བྱང་ཤར་དུ་བལྟ་བ།མིན་ཀྱང་བྱང་བལྟས་ཀླུ་གནས་་་ངེས་པའི།སར༔ འཁོར་ལོ་ལིང་ག་ལ་སོགས་གཏད་གཉེར་བྱ༔་་་འོ། །དེ་ཡ་མ་ཡི་མན་ངག་དམ་པ་ཡིས༔ དགྲ་སྐལ་གྲོགས་སྐལ་ཟས་སྐལ་ནོར་སྐལ་དུ་གཏད་པ་སོགས་གཏད་ལུགས་མང་ཡང་།་་་ཟས་སུ་གཏད་པའི་དུས་འདི་རུ༔ རྫ་བུམ་ཕྱི་ནང་་་ཐམས་ཅད།རྩི་སྨན་་་གྱིས་ཁྱབ་པར།བྱུགས་པའི་ནང༔ དང་པོ་ཤིང་སྣ་་་ཤིང་མི་གཅིག་པ་གང་འཛོམ།དགུ་ཡི་ལོ་མ་བརྫང༔ དེ་སྟེང་འཁོར་་་ལོ་དང་།ལིང་་་ག་བཅུག་སྟེ་དེ་སྟེང་།རྩི་སྨན་་་གྱིས།རིམ་པར་བཀང༔ དེ་ལྟར་བུམ་པ་་་བཞི་དགོས་པ་ཡོད།མང་བྱས་ལ༔ དེ་ནས་ཆུ་མིག་ནང་དུ་ཀླུ་འདུ་བའི༔་་་རྫས། ཞོ་འོ་མ་མར།་་་དཀར་གསུམ་མངར་གསུམ་་་ཀ་ར་བུ་རམ་སྦྲང་རྩི།ལ་སོགས་པ༔ ཆུ་མིག་ནང་དུ་བླུག་ལ་ཀླུ་བསྡུ་འོ༔ གཏོར་མ་ལྷ་སྲིན་ཡོངས་ལ་སྦྱིན༔ མ་ཉེས་དཔང་གཟུག་ཤགས་ཀྱང་གདབ༔ དེ་ནས་་་དཀར་གསུམ་མངར་གསུམ་གྱི།ཆུ་གཏོར་་་གཏོང་ལ།ཆུ་མིག་ཏུ་བླུག་སྟེ༔ ཆུ་མིག་དཀར་མེར་སོང་བ་དང༔ ཕ་བ་དགོ་དགོ་་་སྐམ་པོའི་ནང་གི་དུ་བ་འདྲ་བ་དེ།བཏབ་ལ་ཁ་ཡང་བཅད༔ དེ་ནི་ཀླུ་ཡི་མིག་དགབ་པའོ༔ དེ་སྟེང་དར་དཀར་་་ལ།སོགས་་་སམ་ཡང་ན་རས་དཀར་པོས།བཀབ་ལ༔ དེ་ཡི་སྟེང་དུ་རྨ་བྱའི་མདོངས་བཙུགས་པས༔ ཀླུ་ཡིས་གཞལ་ཡས་ཁང་དུ་མཐོང་ངོ༔ དེ་ནས་་་ཆུ་མིག།ཕྱི་ལ་བསྐོར་ཏེ་དུག་ཁྲག་་་གི།རྒྱ་ཡིས་བཏབ༔ ཨཱོྃ་ཕེ་ལཾ་ཧཱུྃ་ཕཊ༔ ཅེས་པས་སྦྲུལ་གྱི་གཡས་ཕྱོགས་སུ་འཁོར་བར་བསམ༔་་་མོ། །དུག་ཁྲག་བསྐོར་ཞིང་རྒྱས་ཀྱང་བཏབ༔ དེ་ནས་གཡོན་ཕྱོགས་་་སུ་ཕྱི་བསྐོར་བྱ་བའི་དོན།བསྐོར་ཏེ་བྱང་ངོས་ནས༔ ཆུ་མིག་དག་ནས་གཡས་སུ་་་སྒྲུབ་པ་པོའི།འདོམ་གང་གཞལ་་་བའི།སར་སྐུང་པ་ཡིན༔ དེའང་དོང་ཟབ་ཏུ།་་་ཁྲུ་གང་བརྐོས་ལ་་་རྫ་བུམ་གཅིག།གཏད་པའི་ལས་རྣམས་བྱ༔ དེ་བཞིན་དུ།་་་གྱེན་ལ་འདོམ་གང་བཅལ་བའི་བྱ་རའི་སར་་་རྫ་བུམ།གཅིག་གཏད༔ གཡོན་དུ་འདོམ་གང་བཅལ་བ་བསྐུང་པའི་སར་་་རྫ་བུམ།གཅིག་གཏད༔ ཐུར་ལ་འདོམ་གང་བཅལ་བ་མདུན་སར་་་རྫ་བུམ།གཅིག་ཀྱང་མནན༔ དེ་ནས་་་རབ།རང་ཉིད་་་ཀྱི།ལྟ་བའམ་་་མ་བྱུང་ཡང་།སྐྱེད་རིམ་གསལ་བས་ནུས་པ་རབ་སྐྱེད་ལ༔ ཆུ་མིག་སྔོ་ཕུག་་་ཞེས་པ་ཆུ་མིག་འབབ་པའི་ཕུགས་དྲང་པོའི་མིང་ཡིན་ནོ།དག་ཏུ་་་མཛེ་ཕོའི།ཐོད་པའི་་་ནང་དུ།ལིང་ག་་་བཅུག་པ་གཏད་དངོས་གཞི་དེ་ཉིད།གཏད༔ འཆི་བདག་་་གི།ལྟོ་བར་ཟས་སྐལ་་་དུ།ཚུད་པར་བསམ༔ དངོས་གཞི།་་་དེ་ཡང་ཕོ་བྲང་་་སྦྲུལ་དང་དུག་ཁྲག་གིས།བསྐྱིལ་བས་ཀླུ་མི་འབྲོས༔ ཕྱོགས་བཞིར་ལིང་གའི་གཟེར་་་བཞི།བཏབ་པས༔ གཏད་ནི་མི་འབྱམས་ཐེབས་པ་ཡིན༔ ཀླུ་ཡི་རྫས་ལ་ཀླུ་ཡང་འདུ༔ དེ་ཕྱིར་ལིང་གར་རྩི་སྨན་དཀར་མངར་བྱུགས༔ གདོལ་པ་ནག་པོ་མཐོང་བའི་དུག་ཅན་དེ༔ སྔགས་དང་རྫས་ཀྱིས་མི་ཐུབ་དེ་ལ་ནི༔ ཆུ་མིག་་་ནང་དུ།ཕ་བ་དགོ་དགོ་་་སྐམ་པོའི་ནང་གི་དུད་པ་འདྲ་བ་དེས།མིག་བཀབ་་་པས།མི་མཐོང་བར༔ དར་གྱི་་་དར་དཀར་རམ་རས་དཀར།ཕོ་བྲང་དུ་མཐོང་བའོ༔ རྨ་བྱས་ཡེ་ཤེས་འོད་དུ་མཐོང༔ སྒྲིབ་ཤིང་ཀུན་གྱིས་དུག་ལྔ་་་དང་།སྡེ་བརྒྱད་བསྲུང་བའོ༔ ཕྱིར་རྫས་དུག་ཁྲག་ཐིགས་པས་གཅད་པར་བྱ༔ ས་ཁ་བྱེ་བའི་གཏད་ཕུར་ནི༔ དྲག་གཏད་བྱས་ན་ལྕགས་སམ་གཙོད་རུས་བྱ༔ འཇམ་གཏད་ཟས་སུ་གཏད་པ་ལ༔ ཆུ་ཤིང་ཕུར་པའམ་ཁྱད་པར་ཤ་རུ་ཟང་མའི་ནང༔ རྩི་སྨན་བླུགས་པས་ས་ཁ་དབྱེ༔ དྲག་པོས་མི་རུང་ཀོ་ལོང་ལྡང༔ ལྟོ་འཕྱེའི་ལྟོ་བར་ནོར་གཏེར་བྲུ༔ གཡོན་དུ་ཁ་བལྟས་ས་ཁ་དབྱེ༔ ཧལ་ཁྱི་ནག་པོ་ཀོ་ལོང་སྡོམ་པ་ཡིས༔ དྲག་པོས་རབ་གཟན་ཞི་བས་བྱ༔ ས་རྐོ་བའི།་་་དུས་དེར་རང་གི་གྲིབ་མ་དང༔ དྲི་མ་དྲི་ཆུ་དབུགས་ངན་ལ་སོགས་པ༔ བསྡམ་ཞིང་རྟེན་འབྲེལ་རྫས་་་ཀྱི་སྲུང་བ་རྣམས།ལ་གཟབ༔ གཏད་ཀྱི།་་་འཁོར་་་ལོ་དང་།ལིང་་་ག།ལ་སོགས་་་པ་རྣམས་ཀྱི་ཡང་།སྔགས་དང་དམོད་མོ་ལ༔ བྲི་དུས་ང་དང་ང་ཡི་་་དང་བདག་གི་ཞེས་སོགས།བྲི་བ་སྤང༔ ཅི་ཕྱིར་རྟེན་འབྲེལ་འཇུག་པར་ངེས༔ གཞན་ཡང་།་་་རང་གི་ཆོ་་་རིགས།དང་འབྲང་་་སོགས།མི་བརྗོད༔ རང་གི།་་་ཁ་རླངས་ལ་སོགས་དྲི་མ་་་མ་སོང་བར།བསྡམ༔ རང་གི།་་་གདོང་ལ་ཁྱུང་ནག་་་གི།འབག་་་མིག་ལ་མི་འོང་བར་བྱ།གོན་ལ༔་་་རང་གི་གདོང་པ་རྗེན་པར་མི་བསྟན། ལུས་ལ་ཞིང་ལྤགས་་་དང་མགོ་ལ།རལ་ནག་་་པོ།གོན༔ རལ་པའི་སྟེང་དུ།་་་མགོ་ལ་རྨ་བྱའི་མདོངས་ཀྱང་གཟུག༔ རྐང་་་པ།ལ་སྦྲུལ་ནག་་་གི་ལྤགས་པའམ།ཞིང་ལྤགས་་་ཀྱི་ལྷྭམ།གོན༔ ལག་མཐིལ་་་ལ་འང་།རྐང་མཐིལ་དེ་བཞིན་ནོ༔ དེ་རྣམས་གཏད་པའི་ཐོ་ཡིག་གོ༔ གསུམ་པ་གཏད་པའི་གདམས་པ་ནི༔ དང་པོ་དུས་ནི་དབྱར་ཟླ་གསུམ༔་་་ཧོར་ཟླ་གསུམ་པ་བཞི་པ་ལྔ་པ། སྤྱིར་ཡང་ཀླུ་ཉལ་བའི་དུས་ལ་གཏད༔ ལྡང་བའི་དུས་སུ་ཟ་བ་འོ༔ ཉལ་ལྡང་གང་རུང་ལ་བྱའོ༔ ཁྱད་པར་ཀླུ་སྒྲུབ་པ་དང་གཏད་པའི་དུས་སུ༔ ལས་བྱེད་པའི་བདག་པོ་ཡོད་མེད་བརྟག་སྟེ༔ བདག་པོ་མེད་ན་ལས་ཕན་གནོད་མེད་པས༔ བརྟག་པ་གལ་ཆེ༔ དེ་བས་ན་གང་དུ་གཏོད་པའི་ས་རུ༔ ཕུད་བཏང་དཔང་གཟུག༔ མ་ཉེས་པའི་ཤགས་གདབ༔ བཀའ་བསྒོ་བདེན་པ་བདར་ལ༔ ཞག་གཅིག་དུ་ཀླུ་གཏོར་བཏང་བས༔ ཉམས་དང་དངོས་སམ་རྨི་ལམ་དུ༔ ཆོ་འཕྲུལ་ཅི་ཡང་འབྱུང་བ་ནི༔ བདག་པོ་ཡོད་པའོ་མ་བྱུང་ན་མེད་པའོ༔ རྩལ་ཆེ་ཆུང་ཡང་ཆོ་འཕྲུལ་ཆེ་ཆུང་ངོ༔ མེད་ན་གཞན་དུ་སྤོའོ༔ ཡོད་ན་དེ་ཉིད་ཀྱི་རྡོ་ཤིང་མཚན་མ་ཅན་ཁྱེར་ཏེ་དཀྱིལ་འཁོར་གྱི་སྟེང་དུ་བདག་པོར་དམིགས་ལ༔ སྒྲུབ་པའི་དུས་སུ་ཀླུ་གཏོར་གྱིས་མཆོད་དེ་ལས་ཀྱང་བཅོལ་ལོ༔ ཐ་མར་་་དགྲའི་ཁང་པའི།རྡོ་ཤིང་དང་འཁོར་ལོ་སྦྲགས་ཏེ༔ ཆུ་མིག་གི་སྔོ་ཕུགས་སུ་གཏད་པ་མན་ངག་གོ༔ དེ་ནས་གཏད་ས་དངོས་ལ་སྤྱི་དོན་བརྒྱད་དེ༔ དེ་ཡི་ཁ་བྱང་བསྟན་པ་ནི༔ དང་པོ་ཕོ་བྲང་བཅར་ལ་དབབ་པ་དང༔་་་གཅིག །གཉིས་པ་གྲོང་ཁྱེར་གཞོམ་པ་དང༔་་་གཉིས། སྔོ་ཕུག་གཏིབ་པ་དང༔་་གསུམ། སྲང་སྒོ་སྲུང་བ་དང༔་་་བཞི། སྔོ་དགབ་པ་དང༔་་་ལྔ། ཁྱིམ་སྒོ་དབྱེ་བ་དང༔་་་དྲུག །ཁྱིམ་ལམ་བསྟན་པ་དང༔་་་བདུན། ཕྱིར་འབྲེང་བའི་རྗེས་གཅད་པ་དང༔་་་བརྒྱད་དོ། །དང་པོ་ཕོ་བྲང་བཅར་ལ་དབབ་པ་ནི༔ ཆུ་མིག་གཡས་ཕྱོགས་སུ་རྐང་འདོམ་གང་གཞལ་བ་ཕོ་བྲང་ཡིན་པས༔ དེར་མཐུན་རྫས་རྩི་སྨན་དཀར་མངར་བ་ར་དཀར་དམར་གྱི་འོ་མ་ལ་སོགས་བྲིའོ༔་་་ལིང་ག་གཅིག་གཏད། གཉིས་པ།་་་གྲོང་ཁྱེར་གཞོམ་པ་ནི༔ ཆུ་མིག་གཡས་གཡོན་ཕྱོགས་སུ་རྐང་འདོམ་གང་གཞལ་བ་ནི༔ ས་བདག་གི་ཉལ་ས་ཡིན་པས༔ དེར་དུག་ཁྲག་ལ་སོགས་མི་མཐུན་པའི་རྫས་སྦའོ༔་་་ལིང་ག་གཅིག་གཏད། གསུམ་པ།་་་སྔོ་ཕུག་གཏིབས་པ་ནི༔ ཆུ་མིག་གི་ཕུགས་དྲང་པོར་རྐང་འདོམ་གང་བཅལ་བ་ནི༔ ཀླུའི་མཛོད་ཡིན་པས༔ དེར་མིང་བྱང་དང་་་མཛེ་ཕོའི།ཐོད་པ་ལ་སོགས་པ་་་གཏད་དངོས་གཞི།སྦའོ༔ བཞི་པ།་་་སྲང་སྒོ་སྲུང་བ་ཞེས་པ༔ ཆུ་མིག་མདོར་རྐང་འདོམ་གང་ན་ས་བདག་གི་ཁྱིམ་སྒོ་ཡིན་པས༔ དེར་ཕག་ཐོད་དང་ཁྱི་ཐོད་གཅིག་ཏུ་དུག་ཤིང་ཕུར་པ་ཆག་གང་པ་་་ཐ་མར་ལམ་གཅད་པ།ལ༔ ཕྱག་རྡོར་རམ་བྱ་ཁྱུང་གི་སྙིང་པོ་གང་རུང་བ་བྲིས་་་ལིང་ག་གཅིག་གཏད།ཏེ༔ དབང་བསྐུར་ལ་སྒོ་བསྲུང་ངོ༔ ཕོ་བྲང་དང་ཉལ་ས་དང་ཁྱིམ་སྒོ་དང་།་་་དེ་རྣམས་སུ་ཡང་ལ་ཆའམ་རྫའི་སྦལ་པར་་་གསུམ་དགོས་ཡོད།ལིང་ག་རེ་དང་བཅས་པ་མནན་ནོ༔ དེ་བཞིས་ཆུ་མིག་གི་གཟེར་བཞི་ཐེབས་པ་ཞེས་བྱའོ༔ འབྲོས་ལམ་བཅད་པ་ཞེས་ཀྱང་བྱའོ༔ ལྔ་པ།་་་དེ་ནས་སྔོ་དགབ་པ་ནི༔ དཀར་གཏོར་རྩི་སྨན་སྣ་ཚོགས་ཀྱིས་བརྒྱན་པ་གཅིག༔ ཆུ་མིག་ཏུ་བླུགས་ལ་དཀར་མེར་བཏང་བས༔ རང་གི་བྱད་ལ་སོགས་པ་མི་མཐོང་བ་སྟེ༔ དར་དཀར་དགབ་པ་ལ་སོགས་གོང་ལྟར་བྱའོ༔ དྲུག་པ།་་་ཁྱིམ་སྒོ་དབྱེ་བ་ནི༔ གོང་དུ་བསྟན་པ་ཤ་བའི་རྭ་ཡིས༔ སྔོ་ཕུགས་སུ་ལིང་ག་གཏད་པར་བྱའོ༔ སྟེང་དུ་རི་རབ་སྐྱེད༔ བཅོལ་དམ་གཏད་གཉེར་དུས་དེར་བྱའོ༔ བདུན་པ།་་་ཁྱིམ་ལམ་བསྟན་པ་ནི༔ དགྲ་ལ་ལམ་བསྟན་པ་སྟེ༔ གཏད་སའི་རྟིང་ལ་རྩི་སྨན་དང་ཀླུ་གཏོར་དང་ཆུ་མིག་དེ་ནས་ཉ་ལྕིབས་དང་ས་རྡོ་མཚན་མ་ཅན་ཁྱེར་ཏེ༔ རྦད་སྔགས་ཟློས་གྱིན་རྩི་སྨན་ལམ་དུ་གཏིག་གྱིན་འགྲོའོ༔ དགྲའི་ཁང་པའམ༔ རིང་ན་ཡུལ་མཐོང་སར་ལིང་ག་་་ཉ་ལྕིབས་ས་རྡོ་སོགས་ཁྱེར་བ།དང་བཅས་པ་སྦས་ལ་གཏད་གཉེར་དྲག་པོ་བྱའོ༔ དེས་དགྲ་ཕུང་ངེས་སོ༔ བརྒྱད་པ།་་་དེ་ནས་རང་གི་་་ཕྱིར་འབྲང་དོགས་པས་ཕྱིར།རྗེས་གཅད་པ་ནི༔ དམེ་ཁྲག་་་ལ་སོགས་པ།དུག་ཁྲག་གདུག་པའི་རྫས་སྣ་ཚོགས་པ་བསྲེས་ལ༔ ཕྱིར་ལ་གཏོར༔་་་བྱ་ཁྱུང་ཙཀླི་རྒྱབ་ཏུ་གོན་ལ་ཁ་ཕར་བསྟན་པར་བྱའོ། །འཕྲང་སྒོ་སྲུང་བའི་ཕུར་པ་དང༔ ཟིལ་གནོན་དབང་སྡུད༔ ལས་ལ་གཟུད་པའི་ཙཀླི་བསྡུ༔ མཚམས་དེར་དགྲ་ཡི་ལིང་གའི་་་གཅིག་གླང་རྭའམ་རྫ་བུམ་དུ་བཅུག་ལ་མནན་པ།སྟེང་དུ་ཐོ་གཅིག་བརྩེགས་པའི་ཁར་སཱཙྪ་བཞག༔ དེ་རི་རབ་ཏུ་སྐྱེད༔ དེ་སྟེང་བྱང་ཁྱུང་ཁ་ཕར་བསྟན་བཞག༔ བསྒྲིབས་ཏེ་ཀླུ་ཡིས་མི་མཐོང་བར་བསམ༔ དེ་ལ་བསྐོར་བ་ཕྱིན་ཅི་ལོག་ལན་གསུམ་བྱས་ལ་ཕྱི་མིག་མི་བལྟ་བར་འོང༔ ཐོའི་ཕྱི་ལ།་་་ཕོ་བྲང་མཚམས་སུ་ཁ་ཕར་བསྟན་ལ༔ ཕག་ཐོད་དང་ཕུར་པ་ཁ་ཕར་བསྟན་ལ་ཟློག་ཏུ་གཞུག༔ གོམ་པ་བདུན་ནམ་བཅོ་ལྔ་རུ་དུག་ཁྲག་གཏིག༔ སཱཙྪ་་་རབ་གནས་བྱས་པ་དེ།གོམ་པ་རེ་ལ་བཞག་སྟེ་རི་རབ་ཏུ་སྐྱེད༔ བསྐོར་བ་ཕྱིན་ལོག་རེ་བྱས་ཀྱིན་བྲ་མའི་མགོ་ལིང་བྲད་ལ་་་ས་ཚོན་སྣ་ལྔ་གཏོར་རོ།རང་གི་རྗེས་བསུབ་བོ༔ ཞགས་པ་་་འམ་དབྱུག་པ།འདོམ་དོ་པའི་རྩེ་ལ་ལམ་བསྟན་པའི་རྫས་ཀུན༔་་་དང་། རྩི་སྨན་གཏིག་ཀྱིན་ཁྱེར་ལ༔ དེ་མ་ཐག་ཏུ་ཟ་ལམ་བསྟན་ནོ༔་་་དེ་ཡང་མདུན་ངོས་ནས་ཆུ་གཏོར་ཀླུ་གཏོར་བཏང་། གཟུ་དཔང་ལ་སོགས་ཕྲིན་ལས་བཅོལ། དེ་ནས་དང་པོ་ཆུ་མིག་གི༔ མདུན་ནས་ཞུགས་ན་ཐུག་ཕྲད་དུ་ཟློག༔་་་ཉེན་ཡོད་པས། ལྟག་ངོས་ནས་རྒྱབ་ཀྱི་མཚམས་ནས་ཞུགས༔་་་ཀོ་ལོང་ཆུང་། ཕྱོགས་ནས་་་བཅུག་ན།བསྒོ་ལ་ཀོ་ལོང་ལྡང༔ དེ་ནས་ཕྱོགས་བཞིར་ཤཱཀྱ་ཐུབ་པ་དང༔ བྱ་ཁྱུང་སྐུ་གཟུགས་་་འདོམ་གསུམ་གྱི་བར།ཞལ་ནང་བལྟ༔ རྒྱལ་བའི་བཀའ་སྡོད་སྒོ་བཞི་བཅད༔ དེ་ནས་ལྟག་ངོས་བྱ་ར་ཡི༔ འདོམ་དོར་ཟིལ་གནོན་ཀླུ་བདུད་བསྒོམ༔ འཇམ་དཔལ་ཕྱག་རྡོར་སྤྱན་རས་གཟིགས༔ ཡང་ན་ཏི་པ་ཙ་ནག་བསྒོམ༔ སྲང་དེ་ནས་ཡར།་་་སྔོ་ཕུག་་་ཏུ་གཏད།ལས་་་དེ།གཟུད་་་ཅིང་།ཀླུ་བདུད་ལ༔ སྲང་་་གི།མདོ་དེ་མདུན་་་ངོས་སུ།འདོམ་དོ་སར༔ དབང་དུ་སྡུད་པའི་ཀླུ་བདུད་བསྒོམ༔ རང་བསྒོམས་ཅི་འདྲ་་་བའི།ཀླུ་ཡི་སྲིན་པོ༔ བྲིས་པའི།་་་ཙ་ཀ་ལི་་་རབ་གནས་བྱས་པ།ཡང་་་རང་གི་དཔྲལ་བའི་སྟེང་དུ།གཟུག་པར་བྱ༔ ཏི་པ་ཙ་དང་རིགས་གསུམ་མགོན༔ སྦྲགས་ནས་སྒོམ་པ་་་ནི་རང་ཏི་པ་ཙ་ནག་པོར་བསྒོམས་པའི་དཔྲལ་བར་འཇམ་དཔལ་མགྲིན་པར་སྤྱན་རས་གཟིགས་སྙིང་གར་ཕྱག་རྡོར་རྣམས་བསྒོམ་པ་ནི།མན་ངག་གབ་པ་ཡིན༔ དུས་དང་གནས་སྐབས་ཐམས་ཅད་དུ༔ ཀླུ་གཏོར་ཆུ་གཏོར་རྒྱུན་དུ་གཏང༔ ཐབ་གཞོབ་དམར་དང་རྩོག་ནལ་བསྲུང༔ དེ་ནི་ཀླུ་ཡི་དམ་ཚིག་ཡིན༔ མནན་གཏད་མཐར་མ་ཕྱིན་གྱི་བར༔ རང་ཉིད་ཏི་པ་ཀླུའི་སྲིན་པོ༔ སྣང་སྟོང་ཡེ་ཤེས་བསྒོམ་པ་གཅེས༔ ཀླུ་བདུད་སྲིན་པོ་རང་གནད་་་ལ།འབེབ༔་་་ངེས་པ་ཡིན་པས། འདི་་་ཚུར།ལ་ཟློག་པ་ཡོངས་མ་གསུངས༔ དེ་ལྟར་ལྷ་ཡི་དྲྭ་བར་གཞུག༔ དེ་རྗེས་ཕོ་བྲང་བཅར་ལ་དབབ༔ དེ་སོགས་གཏད་པའི་ལས་བྱའོ༔ ཕྱིར་ལ་ཞག་བདུན་ཀླུ་བདུད་མཚམས་ཀྱང་བྱ༔ དེ་ནས་སྲུང་བའི་མན་ངག་བསྟན་པ་ནི༔ དེ་ལྟར་གཏད་མནན་ཟིན་རྗེས་ལ༔ བཀྲ་ཤིས་ཚེ་ཡི་ཆོ་ག་བྱ༔ གླ་རྩི་རང་གི་དྲི་ཆུས་ལུས་ཀྱང་བཀྲུ༔ རང་གི་མི་བསྐྱོད་རྣམ་སྣང་གཉིས༔ ལྟོ་སྟོང་རོལ་ཏེ་ལྟེ་བ་དང༔ སྤྱི་གཙུག་་་ཏུ་ཡང་རྫས་དེས།རྒྱས་གདབ་སྣར་ཕུས་གདབ༔ དེས་ནི།་་་ཀུན་དྷར་་་མ་སོགས་རྩ་ཐམས་ཅད་ཀྱི།སྒོ་བསྡམས་་་ནས།ནད་གདོན་བསྲུང༔་་་བར་འགྱུར་རོ། །ཡང་སྙིང་གསང་བ་སྲུང་བའི་མཆོག༔ ཀླུ་ཡི་ཆོས་ཉིད་་་སྤྱི་འདྲ།སྟོང་གསལ་བསྒོམ༔ རང་ཉིད།་་་སྦྲུལ་ནག་་་ཀླུ་བདུད་དུ།བསྒོམ་ཞིང་སྲོག་སྙིང་་་སྦྲུལ་ནག་ལ་ཨཱོྃ་ཕེ་ལཾ་ཧཱུྃ་བྲིས་ལ།བཅང༔ ཡང་སྙིང་་་ཨཱོྃ་ཕེ་ལཾ་ཧཱུྃ།བཟླས་དང་ཐུགས་དམ་བསྐུལ༔་་་བསྐལ་པ་སྦྲུལ་ནག་འཁྱིལ་པའི་ནང་ཤེད་ནས།ཞེས་སོགས། ལས་མྱུར་་་བར་འདོད་ན།གཏད་དམག་དྲང་བའི་ཕྱིར༔ ལྷ་སྲིན་་་ཐམས་ཅད།མནན་གཏད་མང་དུ་བྱ༔ ཟློག་་་པ།དང་སྲུང་བ་ཐམས་ཅད་བྱ༔་་་བ་གལ་ཆེ། དེ་ཡང་ཟློག་དུས་རྣམ་པ་ལྔ༔ སྔོན་དུ་ཟློག་དང་ལས་སྦྱོར་དུས༔ ཐུག་ཕྲད་དང་ནི་ཕྱིས་ཟློག་དང༔ རྗེས་ལ་ཟློག་པ་རྣམ་པ་ལྔའོ༔ དང་པོ་སྔོན་དུ་མི་ཟློག་པ་ལ་སྒྲུབ་པའི་གོང་ནས༔ གོང་དུ་བཤད་པའི་རང་གི་རྣམ་སྣང་མི་བསྐྱོད་གཉིས༔ ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་རོལ༔ ལྟེ་བ་ལུས་ཀྱི་སྒོ་མོ་དང༔ སྤྱི་གཙུག་ལུས་ཀྱི་དཀར་ཁུང་དང༔ སྣའི་རྩ་སྒོ་་་སྟེང་།རྩའི་གསང་ལམ་་་དེ།གསུམ་བསྲུང་བ་དང༔ སེམས་ཉིད་ཆོས་སྐུ་ལས་མ་གཡོས་པར་བྱའོ༔ དེས་ནི་ཅི་ཙམ་དུ་ནད་གདོན་ཐམས་ཅད་སྲུང་བའི་ཡང་སྙིང་དམ་པའོ༔ ཁྱད་པར་རྫས་ནི༔ རྩི་མ་གི་ཏ་་་གླ་རྩི།ལུས་ལ་བཅངས་པས་ཀླུ་གཉན་འཇོམས་སོ༔ སྒྲིབ་ཤིང་ནི༔ དུག་ཟན་རྨ་བྱ་ཀླུ་ཡི་གགས༔་་་སྒྲོ་གསུམ་མགོ་ལ་གཟུག་པར་བྱ། བྲག་བྱ་འུག་པ་བཙན་གྱི་གགས༔ འདྲེ་བྱ་སྲིན་བྱ་ཐེའུ་རང་གགས༔ བཙན་དུག་བྱུགས་པ་རྫས་ཀྱི་གགས་སོ༔ དཔྲལ་བར་ཛཱ་ཏི༔ མགྲིན་པར་གུར་གུམ༔ སྙིང་གར་གླ་རྩི༔ དེ་ནི་བྱུག་པའོ༔ བྲི་བའི་ཡིག་འབྲུ་ནི༔ བྷྲཱུྃ་ཀྲྃ་ཁྲྃ་མུྃ༔ ནག་པོ་ཏི་པ་ཙ་ཡ༔ ནཱ་ག་རཀྴ་ཨཱོྃ་ཕེ་ལཾ་ཧཱུྃ༔ གསེར་གྱིས་བྲིས་ལ་ལུས་ལ་བཅང༔ རྟེན་འབྲེལ་སྙིང་པོ་དེ་བཞིན་ནོ༔ སྒྲིབ་ཤིང་གཞན་ཡང་བཅང་བར་བྱ༔ ཀླུ་བདུད་བསྒོམས་ལ་འབྲུ་བཞི་བཟླ༔ རང་གི་དྲི་ཆུས་ཁྲུས་བྱས་ན༔ ཐོད་མགལ་མཛེ་ཡང་འཚོ་བར་ངེས༔ སྔོན་དུ་ཟློག་པ་སྲུང་བ་འོ༔ སྦྱོར་བས་ཟློག་པ་སྲུང་བ་ནི༔ འཁོར་ལོ་ཐོད་པའི་ལིང་ག་ལ༔ རང་གི་དྲི་མ་སོང་བས་ཟློག༔ དེ་བས།་་་གཞན་་་དུ།མི་འབྱམས་་་པ།ལ་དགྲ་ཡི་་་དྲི་མ་སྦྱར་བར།བསྔགས༔ དེ་ཕྱིར་དགྲ་མིན་་་པ་རང་གཞན་ཐམས་ཅད་ཀྱི་དྲི་མ་མི་བཏང་།བསྲུང་བར་བྱ༔ ཐུག་ཕྲད་དག་ཏུ་ཟློག་པ་ནི༔ གཏོད་དུས་ཟློག་པ་མིག་དགབ་ཅིང༔ ཆུ་མིག་ནང་དུ་དྲི་མ་སོང་མི་རུང༔ ཚ་ཐུར་གྲང་ཐུར་བསྲུང་བ་དང༔ རུས་སྦལ་ཁོག་པ་ལུས་ལ་བཅང༔ རྗེས་ལ་ཟློག་པ་སྲུང་བ་ནི༔ གཏད་བཅུག་རྗེས་ནི་ཐམས་ཅད་ཐོ་ཕྱི་ཀུན༔ དེ་རྣམས་བྲ་མའི་ཕྱག་མས་བསུབ༔ དང་པོ་ནས་ནི་རྗེས་ཀུན་ཉུང་དུ་བྱ༔ དྲི་མ་དབུགས་དང་ཁ་རླངས་བསྡམ༔ དེ་བཞིན་་་ཆུ་མིག་གི།ཐོ་ཕྱིར་་་རང་གི།མཆིལ་སྣབས་དང༔ གོས་་་དང་།རྫས་་་ཡོ་བྱད།ལ་སོགས་་་ཆུ་མིག་གི་ཉེ་སྐོར་དུ།ལུས་མི་རུང༔ ལུས་ངག་ཡིད་གསུམ།་་་རབ་ཏུ་བསྒྲིམ་པ་མན་ངག་ཡིན༔ གོང་ལྟར་དུག་ཁྲག་ཚྭ་ཚྭ་སོགས༔ ཕྱི་རྗེས་གཅོད་པའི་གདམས་པ་བྱ༔ ཕྱིས་ནས་ཟློག་པ་སྲུང་བ་ནི༔ ཇི་སྲིད་དགྲ་ཟད་རང་ལ་ཟློག་པ་སྲིད༔ གདུག་པའི་སྟོབས་ཀྱིས་ཕྱི་ཐག་རིང༔ དེ་ལ་དགྲ་བོའི་བུ་དང་ཚ་རྒྱུད་གཏད༔ ལིང་ག་གསེར་དང་སྦྲགས་པ་དང༔ འབྱུང་བ་ལྔ་ལ་ཟ་ཁ་བསྟན༔ དེ་ཡང་ཐེབས་ཟིན་ནས་ཟློག་པ་ནི༔ དགྲ་ཟད་པ་དང་རང་ལ་ལྡོག་སྲིད་པས༔ མི་ཟློག་པའི་ཐབས་ནི༔ ལིང་གའི་འདོམས་སུ་དགྲའི་བུ་ཚ་རྒྱུད་གཏད་དོ༔ ཞེས་པ་དང༔ ཡུལ་ཞིང་ཡུལ་མཁར་གཏད་དོ༔ ཞེས་བྲི་བ་གལ་ཆེའོ༔ སྲིད་པ་བར་མ་དོ་ལ་ཟློག་པ་ནི༔ བདག་ཤི་ནས་ལུས་མ་བླང་པའི་བར་དུ་ཟློག་སྲིད་པས༔ དེ་མི་ཟློག་པ་ནི༔ ལིང་གའི་གཞོག་གཡས་གཡོན༔ ཀླུ་ཤིང་བྲ་མ་གཏད་དོ༔ མཛེ་དྲོད་ཕ་ཝཾ་གཏད་དོ༔ ཞེས་སོ༔ མི་ཚེ་ཕྱི་མ་ལ་མི་ཟློག་པ་ནི༔ ལིང་གའི་མགོ་ངོས་སུ་ཁྱུང་གི་མཆུ་སྡེར་གཏད་དོ༔ ཡིད་བཞིན་ནོར་བུ་གཏད་དོ༔ ཞེས་བྲི༔ གཞན་ཡང་སྲུང་བའི་མན་ངག་ནི༔ ཆོས་ཉིད་ངང་ལས་ཀླུ་བདུད་བསྒོམ༔ སྒྲུབ་དུས་ཀླུ་རྣམས་ཟིལ་གྱིས་གནོན༔ བདག་གིས་དབང་དུ་བསྡུ་བར་བྱ༔ ལས་སྦྱོར་དུས་སུ་ལས་ལ་གཟུད༔ སྦྲུལ་སྒོམ་སྦྲུལ་སྒྲུབ་སྦྲུལ་ཡང་རྦད༔ ཁྲོཾ་དང་སྐུ་གསུང་ཐུགས་སྙིང་པོ༔ ཨཱོྃ་ཨཱཿཧཱུྃ་དང་རྟེན་འབྲེལ་སྙིང༔་་་པོ་དང་། དཔའ་བོ་འབྲུ་ལྔ་དག་ཀྱང་བྲི༔ ཨཱོྃ་ཨཱཿཧཱུྃ་ཏྲཱཾ་ཧྲཱི༔ རྨ་བྱས་་་སྒྲོའི་མདོངས་ཀྱིས།ཀླུ་སྒྲིབ་འུག་པས་་་བྲག་དམར་ཤར་དུ་བལྟ་བ་ནས་ཚེས་བཞི་ལ་བླངས་སོ།ཀླུ་བཙན་སྒྲིབ༔ ཚེས་བཞི་ནུབ་ནས་་་འུག་པའི་དོང་རུ་གཡས་དང་སྲིན་བྱའི་གཡོན།སྲིན་བྱའི་སྒྲོ་བླངས་པས་ངེས་པར་ཐེའུ་བྲང་སྒྲིབ༔ མེ་ལོང་་་གི་ངོས་ལ།ཡུགས་སའི་མངལ་ཁྲག་གིས༔ ཁཾ་བཾ་བྲིས་པས་ཁྲག་གི་རྒྱ་མཚོར་མཐོང༔ གདུང་ཤ་རཱི་རམ་གྱིས་སངས་རྒྱས་དག་ཏུ་མཐོང༔ མཆོད་རྟེན་བ་སོའི་ཀ་ནི་དེ་དང་འདྲ༔ རུས་སྦལ་ཁོག་པས་ཀླུ་རུ་མཐོང༔ ཆུ་ཤིང་ཕུར་པ་སོར་བཞི་ལ༔ ཡང་སྙིང་འབྲུ་བཞི་་་ཨཱོྃ་ཕེ་ལཾ་ཧཱུྃ།བྲིས་བཅངས་ཀླུ་ཡི་སྲིན་པོར་མཐོང༔ ཛཱ་ཏི་གུར་གུམ་གླ་རྩི་གསུམ༔ དཔྲལ་བ་ལྐོག་མ་སྙིང་གར་བྱུག༔ གསེར་གྱི་བྷྲཱུྃ་ཀྲྃ་ཁྲྃ་མུྃ་བྲིས་པ་གདགས༔ བཙན་དུག་ཁ་དྷི་ར་དང་ར་དུག་དང༔ རེ་ལྕག་པ་བཞི་དམེ་ཁྲག་དང༔ རྟ་ཁྱི་ནག་དང་ཕག་རོག་ཁྲག༔ ཤ་དུག་ཤི་ཤ་ནལ་ཤར་སྦྱར༔ སྦལ་སྦྲུལ་སྡིག་པ་སྡོམ་ཉ་མིའི་ཀླད༔ གླ་རྩི་དང་སྦྱར་ཕྱེ་མར་བྱ༔ ཚིལ་ཆེན་ཤིང་ཀུན་སྒོག་སྐྱ་དང༔ མུ་ཟི་ཤུ་དག་ཨ་མྲྀཏ༔ དེ་རྣམས་ཁྲམ་ཁྲུམ་བརྡུངས་བྱས་ལ༔ དྲི་ཆུས་སྦྱར་ཏེ་བྱུགས་བདུག་དང༔ བདག་དང་ཕྱི་རྗེས་ལ་སོགས་བཅད༔ སྟོང་གསུམ་འཛམ་གླིང་ཀླུ་ཡི་གྲོང༔ དུས་གཅིག་བཅོམ་ཡང་ཉེས་པ་མེད༔ ཡ་བག་ཤ་ཡི་ལས་འདི་གསང༔ གཞན་ཡང་མཚོ་གསུམ་སྦྱོར་བ་ནི༔ དུག་མཚོར་དུག་རེ་ལྕག་ཤོག་ཤིང་པ༔ བཙན་དུག་གུ་གུལ་ནག་པོ་དང༔ ཏིལ་ནག་ཁྱི་ལྕེ་ནག་པོ་དང༔ མུ་ཟི་ཤུ་དག་ཙན་དན་མར་ཁུ་འོ༔ ཁྲག་གི་མཚོ་ནི་དམེ་ཁྲག་དང༔ གཙོད་དམ་ཕག་པ་ར་རོག་པོ༔ སྨན་་་གྱི་མཚོ།ནི་ཨ་མྲྀཏ་་་ཆོས་སྨན།དང་བཟང་པོ་དྲུག༔ དྲི་ཆེན་དྲི་ཆུ་གླ་རྩི་ཤིང་ཀུན་ནོ༔ མང་དུ་མི་རུང་རྫས་ཀུན་ནི༔ ཡུགས་ས་མི་དང་མ་འཕྲད་པའི་མངལ་ཁྲག་དང༔ བུད་མེད་་་ལ།མ་ཤོར་་་བའི།ཁྱོ་ཕོའི་ཐིག་ལེའོ༔ སྦྱོར་ཐབས་ཁྲམ་ཁྲུམ་བརྡུངས་ཏེ་ཁྲག་སྣ་སྣལ་མ་དང༔ རང་དང་བླ་མ་བཟང་པོའི་དྲི་ཆུར་སྦྱར༔ ཀླུ་ལ་རྒྱ་ཡིས་ཐེབས་དང་ཕྱི་ལམ་གཅད༔ ཁྲག་དང་ཆུ་ཡིས་བྱ་བ་སྟེ༔ རང་སྲུང་བ་ནི་དྲི་ཆུས་ཆོག༔ མཛོ་རུར་་་དེ་ཉིད།ཞག་འགའ་མནན་བྱ་སྟེ༔ ཡི་དམ་སྔགས་ཀྱིས་་་བཏབ།བསྲུང་ཞིང་བསྒྲུབ༔ དེའི་རང་གི།་་་སྤྱི་བོ་་་མགྲིན་པ་ལ་ཡང་དགོས་སམ།སྙིང་ག་་་དང་།ལྟེ་བ་གསང་བའི་གནས༔་་་རྣམས་སུ་ཐིག་ལེ་བྱ་ཞིང་། དེ་སོགས་ལུས་་་ལ་རྫས་ཀྱི་སྲུང་བ་རྣམས།བྱུག་་་རྫས་སྲུང་རྣམས་ཀྱི།ཕྱེ་མ་་་མེར་བསྲེགས་པའི།དུ་བ་བདུག༔ རྫས་སྲུང་།་་་རིལ་བུ་ཤིག་ཙམ་ལྟོ་སྟོང་་་ལ་ཁོང་པར།གཏང་བར་བྱ༔ ཀླུ་ལ་རྒྱས་འདེབས་ཕྱི་ལམ་གཅད་པ་ལ༔ རྫས་ནི་་་གོང་གི་མཚོ་གསུམ་དེ་ལྟ་བ་ཉིད་ལ།གཞན་་་རང་དང་བླ་མ་སོགས།གྱི་དྲི་མ་ཆུ་སོགས་སྤང༔ དེའི་ཚབ་ཏུ།་་་ཆང་དང་དུག་ཆུ་ཁོལ་དང་ཁྲག་གིས་སྦྱར༔ རྫས་དེ་ལ།་་་མི་འགོང་མི་ལག་མི་འགྲིམ་གཉན་སར་་་འགྲོ་དུས་རང་ལ།བསྐུས་པས་འགྲུབ༔ ཅེས་སོ༔ གཞན་ཡང་སྲུང་བའི་རྫས་བསྟན་པ༔ རྒྱ་མཚོ་ལྦུ་བ༔ དབང་པོ་ལག་པ༔ ཟི་ར༔་་་དཀར་ནག །རྒྱ་ཚྭ༔ ལི་དོང་ཁྲ༔་་་སྒེ་གཤེར། ཀནྡྷ་ཀ་རི༔ དེ་རྣམས་ཀྱིས་རྒྱལ་རིགས་ཐུབ༔ བཙན་དུག༔ རྒྱ་རུ༔ རྟ་ཚིལ༔ ཤ་བའི་རྭ༔ ཐོག་རུས༔་་་ཐོག་གིས་བསད་པའི་རུས་པ། ཟངས༔ ལྕགས༔ རྣམས་ཀྱིས།་་་རྗེ་རིགས་ཐུབ༔ སྤྲུ་བའི་སྲུ༔་་་འབྲུ། དོམ་གྱི་ཚིལ་་་བུ།མཆེ༔་་བ་དང་། བྱི་སྤྲེའུའི་མཆེ་བ༔་་་དང་། དེ་གཉིས་ཀྱི།་་་སྡེར་མོ༔ གཙོད་རུ༔ ཁྱི་སྨྱོན་མཆེ་བ༔ གླ་རྩིས་དམངས་རིགས་ཐུབ༔ ཙན་དན༔་་་དཀར་དམར། ཤིང་ཀུན༔ མུ་ཟི༔་་་སེར་ནག །གླ་རྩི༔ ལྡོང་རོས༔ སེང་ལྡེང༔ རྟ་ཚིལ༔ རྣམས་ཀྱིས།་་་གདོལ་བ་ཐུབ༔ སྟག་གི་མཆེ་སྡེར༔ ཏོལ་རྭ་རྩེ༔ གཡག་རྒོད་ཀྱི་རྭ་རྩེ༔ མཛོ་མོའི་རྭ་རྩེ༔ རྒྱ་ཡི་ར་ཡིས་ཀླུ་བཙན་བསྲུང་ངོ༔ སྤྱང་བྲུན༔ གུ་གུལ༔ ཤ་ཆེན༔ གླ་བ་ཕོའི་མཆེ་བ༔ གློ་མོན་གྱི་ནགས་ན་གནས་པའི་ཕག་མོ།་་་ཕག་རྒོད་་་ཀྱི།མཆེ་བ་དང་སྣ་དེས་ས་བདག་དང་རྒྱལ་པོ་ཐུབ་བོ༔ ཁྱི་བྲུན༔ བྱ་རོག་གི་མཆུ༔ རེ་ལྕག༔ ར་ཐུག་དང༔ ལུག་ཐུག་གི་རྭ་གཞོབ༔ ཚིལ་ཆེན་གྱིས་བདུད་ཐུབ༔ དྲི་ཆེན༔ ཕྱི་བའི་མཆེ་བ༔ གུ་གུལ་ནག་པོས་ཐེ་བྲང་ཐུབ༔ གསེར༔ ཐལ་ཆེན༔ ཨ་མྲྀཏས་བྲམ་ཟེའི་རིགས་ཐུབ༔ གཡུ༔ དུང༔ དངུལ༔ བ་སོ༔ བྱུ་རུ༔ མུ་ཏིག་རྣམས་ཀྱིས་གཉན་ཐུབ༔ དེ་རྣམས་་་སོ་སོར།ཚན་་་པ།ཚན་་་པ།ཐུམ་བུར་བྱས་ཏེ༔ ཐུམ་བུ་རྣམས་རུས་སྦལ་གྱི་ཁོག་པར་་་བཅུག་ལ།བཅང་བར་བྱ་་་བ།འོ༔ རང་གི་ལུས་རྡོ་རྗེའི་མཁར་དུ་འགྱུར༔ གདོན་བགེགས་སྒྲིབ་དང་སྲུང་བ་བསྐྲད༔ འདི་ལ་ཐེ་ཚོམ་བྱ་མི་དགོས༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཁྱད་པར་གདུག་པ་ཀླུ་ལ་གཏད་པ་དང༔ རང་རྗེས་གཅད་པ་དང་སྲུང་བ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ལྟར་མནན་གཏད་བྱ་བ་ལ༔ ས་ཡི་དམིགས་བཙལ་ཤིན་ཏུ་གཅེས༔ དེ་ཡི་རིམ་པ་འདི་ལྟ་སྟེ༔ ཀླུ་ཡི་ལུས་ཚད་རུས་སྦལ་དང༔ ལྕེ་མདུང་ལྟོ་འཕྱེའི་གནས་ལུགས་བསྟན༔ དང་པོ་ཀླུ་ཡི་གནས་ལུགས་ནི༔ དབྱིངས་ལ་གནས་དང་བྱང་ཆུབ་སེམས༔ སྤྲུལ་པའི་ཀླུ་དང་རང་རྒྱུད་ཀླུ༔ གནས་པའི་ས་དང་སྡོང་ཟླ་འོ༔ དང་པོ་དབྱིངས་ཀྱི་ཀླུ་བསྟན་པ༔ ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ལྔ་དང་འདུ་འབྲལ་མེད༔ བྱང་ཆུབ་སེམས་དཔའི་ཀླུ་རྣམས་ནི༔ འོག་མིན་ཕོ་བྲང་དག་པ་ནས༔ རིགས་ལྔ་ཀླུ་དང་གཉིས་སུ་མེད༔ དེ་ལས་སྤྲུལ་པའི་ཀླུ་རྣམས་ནི༔ རི་རབ་ཟོམ་དང་རྒྱ་མཚོའི་གླིང༔ ས་རྡོ་རི་བྲག་ཀུན་ལ་གནས༔ དེ་ཡང་རྣམ་པ་གསུམ་ཡིན་ཏེ༔ གཉན་ནི་ནམ་མཁའ་དག་ལ་གནས༔་་་ཏི་པ་ཙ་ཡི་སྤྲུལ་པ། ཀླུ་ནི་ཆུ་ལ་གནས་པ་ཡིན༔་་་ཐུགས་ཀྱི་སྤྲུལ་པ། ས་བདག་ས་ལ་གནས་པ་ཡིན༔་་་གསུང་གི་སྤྲུལ་པ། རང་རྒྱུད་པ་ཞེས་དེ་ལ་བྱའོ༔ སྡོང་ཟླ་སྤྱིར་ན་ལྷ་སྲིན་བྱེ་བ་ས་ཡ་ལ༔ ཁྱད་པར་འཆི་བདག་གཤིན་རྗེ་དང༔ བདུད་དང་གཟའ་དང་རྒྱལ་པོ་དང༔ བཙན་དང་ཐེའུ་བྲང་ཁོ་ནར་སྡོང༔ ཡང་ན་གནས་ལུགས་རྣམ་པ་བཞི༔ ཕྱི་ནི་རི་རབ་གླིང་བཞི་ལ༔ སྲིད་པ་རུས་སྦལ་ལྟོ་བར་གནས༔ ཕོ་བྲང་རྒྱ་མཚོ་ཆེན་པོ་འོ༔ ཤར་ཕྱོགས་རྒྱལ་རིགས་ལྷོར་རྗེ་རིགས༔ ནུབ་ཕྱོགས་བྲམ་ཟེ་བྱང་དམངས་རིགས༔ མཚམས་བཞི་གདོལ་པ་ཅན་ཡིན་ནོ༔ ཁ་དོག་དཀར་སེར་དམར་ལྗང་ནག༔ རེ་རེ་ལ་ཡང་བཞི་བཞི་སྟེ༔ ཤར་སྟོད་རྒྱལ་རིགས་དེའི་རྒྱལ་རིགས༔ དེས་འགྲེ་ཀླུ་ཡི་རིགས་ཉེར་ལྔ༔ རྒྱལ་རྗེ་བྲམ་དམངས་གདོལ་པ་ནི༔ རེ་རེ་ལ་ཡང་ལྔ་ལྔར་གནས༔ བྱང་ཤར་མཚམས་ན་གདོལ་པའི་གདོལ༔ རབ་ཏུ་མི་བསྲུན་གནས་པ་ཡིན༔ ཁ་ཡི་བལྟ་ཕྱོགས་ཤར་ལྟ་རྒྱལ་རིགས༔ ལྷོར་་་ལྟ།རྗེ་རིགས༔ ནུབ་་་ལྟ།བྲམ་ཟེ༔ བྱང་་་དུ་ལྟ་བ།དམངས་རིགས༔ བྱང་དང་་་བྱང་ཤར་ལྟ་བ་གདོལ་པ།བྱང་ཤར་གཏད་་་ཀྱི་ས།དམིགས་དམ་པར་གཟུང༔ ཡང་ན་རི་བོ་གཅིག་ལ་འམ༔ ཆུ་མིག་གཅིག་ཀྱང་བཞིར་གནས་སྲིད༔ ས་རིགས་དཀར་་་པོ་རྒྱལ་རིགས།སེར་་་པོ་རྗེ་རིགས།དམར་་་པོ་བྲམ་ཟེ།ནག་་་པོ་དམངས་དང་གདོལ་པ།དང༔ གོང་ལྟར།་་་ཁ་ཡི་ལྟ་ཕྱོགས་དག་གིས་དབྱེ་འོ༔་་་ཀྱང་། ནང་ལྟར་་་གྱི།གནས་ལུགས་བསྟན་པ་ནི༔ འཆི་བདག་ཀླུ་བདུད་ནག་པོ་ཉིད༔ སྐུ་ནི་རི་རབ་ཆེན་པོའི་ཚུལ༔ ཞབས་ནི་རྒྱ་མཚོའི་སྟེང་དུ་བརྐྱང༔ ཕྱག་ནི་སྟོང་གསུམ་ཡོངས་ལ་ཉུལ༔ སྲིད་གསུམ་འཆང་བའི་མངའ་བདག་རྗེ༔ སྤྱན་ནི་འགྲོ་བའི་ལེགས་ཉེས་གཟིགས༔ དབང་པོ་ལྔ་ལ་ཀླུ་རིགས་ལྔ༔ ཤ་ནི་ས་ལ་ཁྲག་ནི་ཆུ༔ དྲོད་མེ་དབུགས་རླུང་ཀུན་བྱེད་སེམས༔་་་ནི་ནམ་མཁའ་ཡིན་པས། དེ་ཕྱིར་ཉམས་པ་གར་གནས་འཛིན༔ གཏད་པས་ནམ་་་དུ།ཡང་འཆོར་མི་སྲིད༔ ཅེས་སོ༔ གསང་བའི་གནས་ལུགས་བསྟན་པ་ནི༔ གདུག་པ་ཀླུ་བདུད་་་ནག་པོ་ཏི་པ་ཙ་ནི།ཆོས་་་ཀྱི།དབྱིངས་་་ལས།བྱུང༔་་་བ་སྟེ། ཀླུ་གཉན་ས་བདག་ཡོངས་ཀྱི་རྗེ་བོ།་་་གཏི་མུག་གྲོགས་པོ་་་ནཱ་ག་རཀྴ།ཏི་པ་ཙ༔ འདོད་ཆགས་་་ནི།ཀླུ་མོ་་་ཡིན་ལ།ང་རྒྱལ་ནི༔ སྐུ་ནི་བགེགས་ཀྱི་གླང་པོ་ཡིན༔ ཕྲག་དོག་གསུང་སྤྲུལ་གཉན་དམར་གླང༔ མགོའོ༔ ཞེ་སྡང་་་ལས།ཐུགས་་་ཀྱི།སྤྲུལ་་་པ་ནི།ཀླུ་བདུད་རྒྱུ་་་མའི།ཞགས་་་པ།ཅན༔ དེ་སོགས་ཉོན་མོངས་་་པ་ནི།བརྒྱད་པོ་་་ནི།ཀླུ་་་ཆེན་པོ།བདུད་བརྒྱད་དོ༔ ཉོན་མོངས་པ།་་་བརྒྱད་ཁྲི་བཞི་སྟོང་ལ་སོགས་་་པ་ནི།འཁོར་་་གྱི་ཀླུ་ཐམས་ཅད་དང་།བཅས་བྱུང༔་་་བ་ཡིན་ནོ། །ཡང་གསང་་་ལྟར་ན།དུག་གསུམ་་་པོ་ནི།སྐུ་གསུང་ཐུགས༔ དུག་ལྔ་་་ནི།ཡེ་ཤེས་ལྔ་རུ་་་གདོད་མ་ནས།གནས༔་་་པ་ཡིན་ནོ། །དེ་ཁོ་ན་ཉིད་་་ཀྱི།གནས་ལུགས་ནི༔ གཉིས་མེད་རིག་པ་ཆོས་ཀྱི་སྐུ༔ མ་བཅོས་་་པ་དོན་དམ།བྱང་་་ཆུབ་ཀྱི།སེམས་་་འདི་ཉིད།ཏི་པ་ཙ༔་་་ཡིན་ལ། དེ་དང་།་་་དབྱེར་མེད་་་པ།ཀླུ་མོ་་་ནག་མོ།ཐིག་ལེའི་ངང༔ ཞེས་སོ༔ དེ་རྣམས་ཡེ་ཤེས་་་པ།ཀླུ་དང་འཇིག་རྟེན་པ་སྤྱིར་བསྟན་པའོ༔ ཁྱད་པར་ཀླུ་ཡི་གནས་ལུགས་ནི༔ ཀླུ་ཡི་ལུས་ལ་ངེས་པ་མེད༔་་་དེ། ཆེ་བ།་་་རི་རབ་་་ཙམ་ཆུང་བ།ཡུངས་འབྲུ་ཁྱད་ཙམ་གནས༔ ཀླུ་ཡི་རྒྱལ་པོ་མགོ་དགུ་པ༔ ལུས་་་ཀྱི་ཚད།ནི་རི་རབ་ཙམ་དུ་གནས༔་་་སོ། །གཉན་ནི་ཆེ་ཆུང་རི་རབ་་་དང་།ཏིལ༔་་་ཙམ་དང་། ཇི་ལྟ་བུར་ཡང་ཡོད་པ་ཡིན༔ ལྟོ་འཕྱེ་་་ནི་ཆེ་བ།འཇིག་རྟེན་་་ཁམས།གང་་་བ།དང་་་ཆུང་བ།ཏིལ་འབྲུ་ཙམ༔་་་སྣ་ཚོགས་པ་ཡོད་དོ། །ས་བདག་རྒྱལ་པོ།་་་ཕག་ཤའི་ལུས་ནི་དེ་དང་འདྲ༔ རུས་སྦལ་་་དང་།སྦྲུལ་ནག་་་དག་ཀྱང་།དེ་བཞིན་ནོ༔ དེས་ན་སྤྱིར་ན་ངེས་པ་མེད༔ འོན་ཀྱང་བསོད་ནམས་ལས་དབང་གིས༔ བག་ཙམ་ཕྱེ་ན་འདི་ལྟ་སྟེ༔ རྒྱལ་པོ་་་དང་།རྗེའུ་རིགས་་་དང་།བྲམ་ཟེ་་་དང་།དམངས༔་་་རིགས་དང་། གདོལ་པ་ཀུན་ལ་ཁྱད་པར་ནི༔ རྒྱལ་རིགས།་་་འདོམ་རེ་་་རྗེ་རིགས་ལ།་་་མདའ་བྲམ་ཟེ་ལ།་་་བརྐྱང་ཁྲུ་་་དང་དམངས་རིགས་པ།་་་བསྐུམ་ཁྲུ་དང༔ གདོལ་པ་ལ།་་་མཐོ་ཚད་དེ་རྣམས་བདུན་བདུན་་་གྱིས།སྔགས༔་་་པར་བྱ་བ་ནི། ཀླུའི།་་་ལུས་དང་ཕོ་བྲང་ཁྱིམ་སྒོ་དང༔ འདུན་ས་་་སྟེ་དེ།ཀུན་ལ་ཁྱད་དེར་སྤགས༔་་་པ་ནི་སྤྱིར་བཏང་ཙམ་ཡིན་ནོ། །དེ་ནས།་་་རྒྱལ་རིགས་འདོམ་བདུན་་་དང་།གདོལ་པ་མཐོ༔་་་བདུན་སོགས་བཤད་ཚོད་ཙམ་མ་གཏོགས། དོན་དུ།་་་གཟུགས་ལ་ཚད་བཟུང་མི་བཏུབ་སྟེ༔ འཇིག་རྟེན་ཁམས་ལ་ཁྱབ་པས་སོ༔ དོན་ངེས་པར།་་་ཆེ་ཆུང་གང་ལྟར་བྱས་ཀྱང་་་སྐབས་དོན།གྲུབ༔་་་མོད་ཀྱང་། ལག་ལེན་མན་ངག་དུ་ནི།་་་རྣལ་འབྱོར་ཕྲིན་ལས་བྱེད་པའི་དུས༔ རྣལ་འབྱོར་་་པ་རང་ཉིད་ཀྱི།འདོམ་རེའི་ཚད་ཀྱིས་་་དབྱུག་པའམ་སྲད་བུ་ལ་བཅལ་བ་དེས་ས་དམིགས་བཙལ་བས་སོ་སོར།བཟུང༔་་་སྟེ། ཀླུ་དེའི།་་་ལུས་ཚད་་་དང་།ཕོ་བྲང་ལ་སོགས་གཞལ༔ གཏད་ས་་་ལུས་ཀྱི་བང་།མཛོད་་་ཀྱི་ས།དམིགས་བཅུ་གཉིས་ནི༔ ཆུ་མིག་་་འབབ་ས་དེ།ཀླུ་ཡི་གསང་སྒོ་སྟེ༔ ཕལ་ཆེར་མིག་ཏུ་འདོད་པ་ཡིན༔ མིག་ནས་་་ཡར་གྱེན་དུ།འདོམ་གང་་་བཅལ་བ།སྣ་རུ་འདོད༔ དེ་ལ་གཏད་ན་ལྕི་ཞིང་།འཐིབས་ནས་འཆི༔ སྣ་ནས་ཕར་ཚུར་འདོམ་དོ་དོ༔་་་བཅལ་བ་རྣ་བ་ཡིན་པས་དེར་གཏད་ན། རྣ་བ་འོན་དང་སྐྲང་པའོ༔ སྣ་ནས་མར་ལ་འདོམ་གང་་་བཅལ་བ།ཁ༔་་་ཡིན་པས་དེར་གཏད་ན། ཟས་གཏད་རབ་ཤིས་དིག་ལྐུགས་འཆི༔ ཁ་ནས་་་མར་ལ།འདོམ་གསུམ་་་བཅལ་བ།སྙིང་ག་སྟེ༔་་་དེར་གཏད་ན། སྨྱོ་དང་འབོག་པ་འོང་བ་ཡིན༔ དེ་ནས་་་མར་ལ།འདོམ་གསུམ་ལྟོ་བ་ཡིན༔་་་དེར་གཏད་ན། དམུ་རྫིང་སྐྲང་ནད་འོང་བ་ཡིན༔ ལྟོ་་་བ།ནས་་་མར་ལ།འདོམ་གང་ལྟེ་བ་ནི༔་་་ཡིན་པས་དེར་གཏད་པས། སྲིད་པའི་སྐྱེ་རྒྱུད་གཅོད་པའི་གནད༔ དེ་ནས་་་མར་ལ།འདོམ་གསུམ་ཆུ་གག་་་ཡིན་དེར་གཏད་ན།ཆུ་ན༔ ཆུ་སོ་་་ནས་མར་ལ་འདོམ་གསུམ་བཅལ་བ་རྐང་པ་གཉིས།དང་ནི་སྙིང་ག་ནས༔ ཕན་ཚུན་འདོམ་ནི་གསུམ་གསུམ་ནི༔་་་ལག་པ་གཉིས་ཡིན་པས་དེར། ཡན་ལག་་་དེ་བཞི་ལ།གཏད་ན་ཞ་གྲུམ་མཛེ༔ དེ་ནས་འདོམ་བཞི་ཡན་ལག་རྩེ༔་་་ཞེས་པ་རྐང་གཉིས་ནས་གཡས་གཡོན་དུ་འདོམ་བཞི་བཞི་རེ་བཅལ་བ་རྐང་པའི་མཐིལ་གཉིས་ཡིན། དེར་གཏད་ན།་་་དྲེག་གྲུམ་མཛེ་ཡིས་འཛིན་པ་ཡིན༔ མིག་ནས་འདོམ་གསུམ་གྱེན་ལ་གཞལ༔ སྤྱི་བོ་་་ཡིན་དེར་གཏད་ན།མགོ་འཁོར་འཐོམས་པ་འོ༔ མཚན་མ་དག་ནས་མར་འདོམ་བཞི༔་་་བཅལ་བའི་དེར་གཏད་ན། རྐང་རྟེན་་་དང་རྐང་རྟེན་རྐང་མཐིལ།གཏད་་་དམིགས་སོ་སོར་ཡིན་ཡང་མཛོད་དམིགས་བཅུ་གཉིས་གྲངས་གཅིག་ཏུ་བརྩི་དགོས་པ།དེ་འཕྱེ་བོར་འགྲོ༔ ལུས་ཀྱི་བང་མཛོད་བཅུ་གཉིས་་་ཡིན།ཏེ༔ མིག་དང་རྣ་བ་སྣ་དང་ཁ༔ སྙིང་དང་ལྟོ་བ་ལྟེ་བ་གསང་གནས་དང༔ རྐང་ལག་སྤྱི་བོ་རྐང་མཐིལ་ལོ༔ དེ་དག་གཏད་ས་བཅུ་གཉིས་ཏེ༔ སྦྲུལ་ནག་སྡིག་པ་སྦལ་ནག་ཚང༔ ཁྱད་པར་་་ཁ།བྱང་དང་བྱང་ཤར་ཀྱི༔་་་ཕྱོགས་སུ་ལྟ་བའི། ཆུ་མིག་་་ལ།གཏད་ས་གདམས་པ་ཡིན༔ སྤྱིར་ན་གཏད་ས་བཅུ་གཉིས་གཏད༔ ཁྱད་པར་སྔོ་ཕུག་་་ནས།ཁྲུ་གང་་་གཞལ་བའི།སར༔ མཛོད་དམིགས་བྲུ་བ་གཏད་སའི་མཆོག༔ ཡང་སྙིང་དམ་པར་ཤེས་པར་བྱ༔ དེ་རྣམས་ཚད་བཙལ་གཏད་ས་ཡིན༔ ཚད་མིན་དག་ཏུ་གཏད་པ་ནི༔ ཀླུ་ཡི་་་རྒྱལ་པོའི།ཕོ་བྲང་་་དངོས་ནི།རྒྱ་མཚོ་་་ཆེན་པོ།ཡིན༔་་་ལ། ཆུ་མིག་་་ནི་ཀླུའི།མིག་དང་གསང་སྒོ་ཡིན༔་་་ནོ། །རིགས་བཞིའི་་་རྒྱལ་རྗེ་བྲམ་དམངས་ཏེ།ཀླུ་་་རྒྱལ་པོའི།ནི་སྒོ་བའི་ཚུལ༔་་་དུ་ཡོད་པས། དེ་ནི་ལས་མཁན་ཡིན་པར་འདོད༔ སྔོ་ཕུག་ནས།་་་ཡར་ལྟས་པ་ནི་བྱ་རའི་ས༔ སྔོ་ཕུག་ནས།་་་མར་གཏད་འདོམ་དོ་་་བཅལ་བ།འདུན་ས་སྟེ༔ སྔོ་ཕུག་ནས།་་་ཕན་ཚུན་་་སོ་སོར།འདོམ་རེ་་་བཅལ་བས།སྐུང་ས་ལ༔ དེ་་་རྣམས་ཀྱི།ཕྱིར་ཕོ་བྲང་་་དྲང་པོ་ནི་ཆུ་མིག་དེ་རང་གི།མེ་ལོང་ཡིན༔ སྔོ་ཕུག་ནས།་་་མར་འདོམ་གང་ནི་སྲང་སྒོ་འོ༔ གང་དུ་གཏད་ཀྱང་འགལ་བ་མེད༔ ཕོ་བྲང་དང་ནི་མེ་ལོང་སྔོ་ཕུག་གཞུག་པ་་་ནི་གཏད་ཀྱི།གདམས་པའོ༔ དེར་གཏད་ན།་་་སྣ་ཚོགས་ནད་དང་ཧུར་ཐུམས་གཏོང༔་་་བ་ཡིན་ནོ། །གཞན་ཡང་།་་་ཤར་་་དུ།གཏད་་་ན།རུས་མཛེ་ལྷོར་་་གཏད་ན།ཁྲག་གཟེར༔ ནུབ་་་ཏུ་གཏད་ན།ལྷོག་་་པ།བྱང་དུ་་་གཏད་ན།འབྲུམ་བུ་འོ༔ རྒྱལ་རིགས་དཀར་པོ་ས་ཡི་དུག་ལ་་་དགྲ།ཆུ་ཁམས་་་པ།གཏད༔ རྗེ་རིགས་སེར་པོ་ཆུ་ཡི་དུག་ཅན་་་ལ་དགྲ།མེ་ཁམས་་་པ།གཏད༔ བྲམ་ཟེ་དམར་པོ་མེའི་དུག་ཅན་་་ལ་དགྲ།ལྕགས་ཁམས་་་པ།གཏད༔ དམངས་རིགས་སྔོན་པོ་རླུང་གི་དུག་ཅན་་་ལ་དགྲ།ས་ཁམས་་་པ།གཏད༔ མཚམས་བཞི་གདོལ་པ་སྣ་ཚོགས་དུག་ཅན་་་ལ་ནི་དགྲ་ཁམས།ཀུན་ཀྱང་ཤིས༔ ཁྱད་པར་་་ལ་ནི་གང་ཡང་གཏད་སར།བྱང་དང་བྱང་ཤར་རོ༔ དེ་རྣམས་ལ་ནི།་་་ས་ཡི་ཁ་དོག་་་དང་།ཕྱོགས་ཀྱི་བརྟགས༔་་་པས་ཤེས་སོ། །བྱང་དང་བྱང་ཤར་་་དུ་ལྟ་བའི་ཆུ་མིག།ཕྲུ་བའི་ཁར༔་་་འདྲ་འབབ་རྒྱུ་མེད་པ་ནི། ལྐུག་པ་ནག་པོ་ཆིག་ཤུར་ལ༔་་་གཏད་ན། དགྲ་ལ།་་་ཧུར་ཐུམས་བྱེད་དོ་་་རང་ལ་ལྡོག་ཉེན་ཆེ་བས་སྲུང་བའི་རྫས་སྔགས་ཏིང་ངེ་འཛིན།གཟབ་་་པར་བྱས།ལ་གཏད༔ དེ་ལ་གཏོད་དང་མི་གཏོད་ནི།་་་རྣལ་འབྱོར་་་རང་གི།ནུས་པའི་སྟོབས་དང་སྦྱར༔་་་དགོས་ཏེ་དེ་ལྟ་བུ་ལ་ནུས་པ་མེད་ན་གཏད་མི་རུང་། ཆུ་ཡི་རིགས་ལ་རྣམ་པ་ལྔ༔ ཆུ་བོ་་་རྒྱུན་འབབ།ཆེན་པོ་རྒྱལ་པོ་ཡིན༔ རྒྱ་མཚོ་་་ནི།ཕོ་བྲང་ཡིན་པས་སོ༔ མཚོ་ཕྲན་གཉན་པོ་ལས་མཁན་་་ཡིན་པས་གཏད་ཡང་།ཤིས༔ བློན་པོའི་ཆུ་ནི་གཙང་པོ་ཆུ་ཆེན་སླེབ་པ་ཡིན༔ བཙོན་ཆུ་་་ནི།རྫིང་དང་ཁྲོན་པ་ཡིན༔ བྲག་ལ་ཆུ་འཐབ་་་པ་ནི།དམེ་ཡི་ཆུ༔་་་ཡིན། ཡུགས་་་སའི།ཆུ་་་ནི།ལྐུག་པ་་་འབབ་རྒྱུ་མེད་པ་ཉི་ཟླའི།སྣང་་་བ།མེད་་་པ།ཡིན༔ དེ་རྣམས་ལས་ཀྱི་ནུས་པའི་ཁྱད་པར་ནི༔ རྒྱལ་པོ་ལོ་ཀ་ལྟ་བུ་དང༔ ཕོ་བྲང་ཆེན་པོས་་་རྒྱ་མཚོ།རྒྱལ་ཁམས་ཡོངས༔་་་ལ། ཁྱད་པར་་་དགྲ་གང་ཡོད་ཀྱང་།ལས་བྱེད་ནུས་པ་འོ༔ མཚོ་ཕྲན་་་དང་།གཙང་པོས་ཟླ་་་བ།བདུན་ནོ༔་་་གྱི་སླེབས་པ་ཚུན་གནས་པའི་དགྲ །དེ་མིན་པའི་ཆུས།་་་ཞག་བདུན་སླེབ་སར་་་གནས་པའི་དགྲ།ལས་བྱེད་ནུས༔ བྲག་དང་ཆུ་འཐབ་་་སར་གཏད་ན།དམེ་གྲི་་་གཏང་བར།ཤིས༔ ལུང་གསུམ་འདོམ་་་པའི་མདོ།ན་་་གནས་པའི་ཆུ་མིག་ནི།རབ་ཏུ་ཤིས༔་་་ཏེ། འདྲེ་སྲིན་ལྷ་ཀླུ་ཡོངས་ཀྱིས་་་དགྲ་དེ།ཟ༔་་་བར་བྱེད་དོ། །བཙོན་ཆུ་ནུབ་རིང་གཏིང་མི་སླེབས༔་་་པས་ནུས་པ་ཆུང་། ཡུགས་ཆུས་་་ནི།ཕོ་་་ལོག་དང་།གླང་་་ཐབས་གཉིས་འཛོམ་པའི་མིང་།ཏུབ་པའི་ནད༔ མྱུར་དུ་ལམ་ཐུང་་་བ་ལས་མི་སླེབས་ལ།དེ་ཡང་ནི༔ ཆུ་བྲན་་་གཞན་དང་འདྲེས་ནས།འབབས་ན་ལམ་རིང་་་ཀྱང་།སླེབ༔་་་སྟེ། ཇི་ལྟ་ཡང་།་་་ཉིན་ལམ་གསུམ་་་ཚུན་ཡིན་ན་ལས་བྱེད་དོ་དེ།ལས་འཕགས་པར་་་ཏེ་ཐག་རིང་བར།དཀའ༔ དེ་བས་ན།་་་དགྲ་ཡི་ཉེ་རིང་དག་དང་སྦྱར༔་་་བས་གནས་ཀྱི་གཏོད་ལུགས་བྱ། ལམ་ལ་་་ཆུ་མིག་འབབ་པའི།སྣེ་་་མོ་རྒྱ་ལམ་གྱིས་འགགས་པ།འཕྱང་ཐུང་བ་ཡིན༔ མྱུར་ཏེ་མིག་ཐག་ཐུང་བར་རིག༔ ངེས་པར་ཆུ་མིག་དབྱེ་བ་ཡང༔ ཕལ་ཆེར་ཆུ་མིག་་་ནི་ཀླུའི།འགྱུ་སྲང་དང༔ མིག་དང་བང་མཛོད་་་ཕུགས་སུ་ཁྲུ་གང་བ།མེ་ལོང་ཡིན༔ གང་ལྟར་ན་ཡང་་་མིག་སྣ་ཁ་སྙིང་གསང་གནས་ཏེ།ལྔ་གར་གཏད་པར་བྱའོ༔ དེ་ཡང་།་་་རྩག་རྩག་རྩིག་རྩིག་མིག་གི་ཆུ༔ འཁྱིལ་་་བ།དང་་་འབབ་རྒྱུ་མེད་པའི།ལྐུག་པ་་་ནི།སྣ་ཡི་ཆུ༔ དྲག་པོ་ལྷོག་ལྷོག་འབབ་པ་་་ནི།ཁ༔་་་འི་ཆུ། ཆུ་མདོག།་་་གསལ་ལ་དྭངས་ཤིང་ཆེ་བ་འབབ་ན་སྙིང༔་་་ཁའི་ཆུ། རེས་འབབ་རེས་འཆད་་་པ་ནི།མཚན་མ་་་འི་ཆུ།འོ༔ གཏད་དུ་མི་རུང་་་བའི།ཆུ་མིག་ནི༔ བྱང་་་ཕྱོགས་སུ་ཁ།བལྟས་་་པ།ཕ་བོང་ནག་པོའི་འོག༔་་་ན། ཆུ་མིག་ནག་པོས་་་ས་ཕྱོགས།གཞན་མི་མཐོང༔་་་བ། ལྐུག་པ་་་འབབ་རྒྱུ་མེད་པའི་ཆུ་ནང་དུ།ཆུ་སྒུར་་་ཉབ་ཉོབ།ནག་པོ་ཆགས༔་་་ཡོད་ན། གདོལ་པའི་བུ་མོ་མིག་སྔོན་་་ཞེས་པ།གནས༔་་་པས་དེ་ནི། སེམས་གདུག་་་རྩུབ་ཆེ་ཞིང་།རེག་པའི་དུག་ཅན་་་ཡིན་པས།སྤང༔་་་དགོས་སོ། །ནུབ་་་ཕྱོགས་སུ།ལྟ་་་བ།རྭ་འཛིངས་ལྟ་བུའི་བྲག༔་་་རྩ་ན། ཆུ་མིག་དམར་ཙ་་་རེ་བ།ཡོད་པ་ན༔་་་ནི། ཀླུ་ཧ།་་་འབག་ཅན་་་ཞེས་བྱ་བ།གནས་ཏེ་རེག་པའི་དུག༔་་་ཡོད་ཅིང་། བཀའ་་་ཆད།མི་བསྟན་ཏེ་་་དེ་ཡང་།སྤང་བར་བྱ༔ ལྷོར་་་ཕྱོགས།བལྟས་་་པས།གད་་་པ།ནག་གླང་ནག་་་པོ།འདྲ༔་་་བའི་ས། སར་་་ནས།འབབ་་་ཅིང་གཞན་མ།མི་མཐོང་་་བའི་ཆུ་མིག་ན་ཀླུ།མཐོང་དུག་་་ཅན།གཙང་་་ཞེས་བྱ།བའི་གནས༔་་་ཡིན་པས་མི་གཏད། འདྲ་མ་དེ་ཡང་དབྱིབས་ཀྱང་།་་་ཤར་ལྷོ་་་མཚམས་སུ་ཁ་བལྟ་བའི།ཕ་ཝང་དྲེག་པ་དམར༔་་་པོ་ཆགས་པའི་ས་ནས་འབབ་པ་ནི། དམེ་ཆུ་་་ཞེས་པ་སྟེ་ཁ་དོག་ཀྱང་།དམར་པོ་་་ཆ་ལེ་ཕྱིར།མི་་་འབབ་ཅིང་ཕྱིར་མི།འབོ་་་བ།ཅན༔་་་ནི། ཀླུ་བཙན།་་་ཁ་སྤུ་་་ཞེས་པ།བསམ་་་པའི།དུག་་་ཡོད་པ།གནས་པའི་ས་ཡིན་པས་མི་གཏད༔ མཚམས་་་ནུས་པ།ཉམས་་་པའི་རིགས་དང་།ལྟེང་ཀ་་་ཞེས་ན་ཆུ་འཁྱིལ་བ་དང་།ཁྲོན་པ་དང༔ གངས་ཆུ་་་དང་རིའི།རྩེ་་་ནས་འབབ་པའི་ཆུ།ཆུང་་་སོགས་ཀྱིས་ནི།དོན་མི་འགྲུབ༔་་་བོ། །དམེ་ཆུ་་་དང་།ཡུགས་ཆུ་ཡང་ནི་བག་རྩུབ་་་ཅིང་།ཟློག༔ ཆུ་མིག་ལྐུག་པ་ཡང་ཟློག་ཉེན་ཆེ། རྩུབ་ཟློག་ཆེ་བ་ལ་གཏོད་པས་གནོད་མི་གནོད་ནི།་་་སྔགས་པའི་ནུས་པའི་ཚད་ལ་དྲི༔་་་ནུས་པ་ཆེ་ན་གཏད་ཆོག །ཆུང་ན་མི་གཏད། གཞན་ཡང་ཕོ་མོའི་ནོར་ས་དབྱེ༔ དེ་ཡི་སྐྱོན་ཡོན་བསྟན་པ་ནི༔ མནན་གཏད་ཁྲམ་ལ་མ་ཐེབས་ན༔་་་ནུས་པ་མི་ཐོན་པའི་སྟེང་དུ། དགྲ་དེ།་་་དབུལ་བ་་་ཡིན་ན།ཕྱུག་་་པོར་འགྲོ་བ།དང་རྨང་པོ་འཕེན་པོར་འགྲོ་བ་སྲིད༔་་་པ་ཡིན་ནོ། །གཏད་དེ་ཁྲམ་ལ་ཐེབས་པ་ན༔ གཏད་ཁྲམ་ཞེས་ནི་བྱ་བ་ཡིན༔ དེ་ལ་ཕོ་མོའི་ནོར་ས་ནི༔ ནེའུ་གསེང་་་འཇམ་ཞིང་དལ་བར།ཆུ་སྐད་ཙ་ར་ར༔་་་ཟེར་འབབ་པ་དེ། མོ་ཡི་ཆུ་ཡིན་་་ལ།ཕོའི་སྐད་ནི༔ ཅུ་རུ་རུ་་་དྲག་རྩུབ་མྱུར་བ་ཟེར་འབབ་པ་ཡིན།སྟེ་ཕོ་མོ་དབྱེ༔་་་བ་བྱེད་དགོས། ས་གཞི།་་་སྐམ་པོ་དག་ལ་་་གཏད་པའི།དབྱེ་བ་ཡང༔ ཕོ་ནི་ས་ཤིང་ནག་ལ་རྩུབ་པ་འོ༔ མོ་ནི་་་ས་ཤིང་།འཇམ་ལ་དཀར་་་བ།དང་དམར༔ དེ་ལྟར་ཕོ་མོ་ཤེས་པར་བྱ༔ ཕོ་ལ་དགྲ་ལྟར་གཏད་ན་མྱུར༔་་་བ་ཡིན་ཏེ། ཞེ་སྡང་ཆེ་བའི་དབང་གིས་་་གསོད་པོར།འདོད་ཆགས་་་ཆེ་བས།མོ་ལ་གྲོགས་སུ་གཏད༔་་་ན་ཆགས་སེམས་ཀྱིས་འཛིན་པའོ། །ཕོ་མོ།་་་ཡོངས་ལ་་་ཟས་སུ་བཟའ་བའི།ཟས་སྐལ་་་གཏད་པ་ཤིས་ལ།སྲེད་ཕྱིར་གཏད༔་་་པ་ཡིན་ནོ། །དེ་ཡང་།་་་གྲོགས་སུ་གཏད་ན་འདོད་ཆགས་་་དང་།སྦྱར༔་་་ཏེ། ཁྱོད་ཀྱི་གྲོགས་སྐལ་གྱིས་ཤིག་ཅེས་པ༔ བྲི་དང་གཏད་པའི་ཚིག་བརྗོད་དོ༔ མོ་ཡི་མཚན་མ་དག་ལ་གཏད༔ ཕོ་ལ།་་་དགྲ་ལྟར་གཏོད་ན་་་ལིང་གའི་ལག་ཏུ།མཚོན་ཆ་བསྐུར༔ ཀླུའི།་་་སྙིང་གར་གཏད་དེ་སོད་ཆོད་སོགས༔་་་དགྲས་ཀླུ་སོད་ཀླུས་དགྲ་སོད་སོགས། ཀླུ་དང་དགྲ་བོ་གཉིས་ཀར་བྲི༔ དགྲ་སྐལ་ཡིན་པས་སོད་ཅེས་བསྒོ༔ དེ་ལྟར་བྲི་དང་བཅོལ་གཏམ་ནི༔ གང་ལ་གཏོད་པའི་ཚིག་་་གིས།བསྒྱུར་་་བ།གཅེས༔ རྒྱལ་རིགས་དག་ལ་དཀོར་དུ་འབུལ༔ རྗེ་རིགས་་་ལ།གྲོགས་སུ་དབུལ་ལ་བྲམ་ཟེ་་་ལ།གདན༔་་་དུ་དབུལ། དམང་ས་དང་གདོལ་པ་ནག་པོར་ཟས་སུ་གཏད༔ དེ་ཡང་ཀླུ་རིགས་རྣམ་པ་ལྔ་དག་ལ༔ ཀུན་ལ་འདི་ལྟར་བརྒྱད་བརྒྱད་དེ༔ རིགས་དང་ཁ་དོག་གནས་ས་དང༔ ཕྱོགས་དང་ཁ་ཉིད་སྟོན་ཕྱོགས་དང༔ ཟླ་བ་ཚེས་གྲངས་འགྱུ་དུས་སོ༔ རྒྱལ་རིགས་དཀར་པོ་ཤིང་དང་ཤར་་་གྱི་ཆུ།ན་གནས༔ ཤར་དུ་ཁ་བསྟན་དཔྱིད་ར་བའི༔་་་ཧོར་ཟླ་བཅུ་གཉིས་པ། ཉེར་བདུན་ཉི་ཤར་དུས་སུ་འགྱུ༔ རྗེ་རིགས་སེར་པོ་མཚོར་གནས་་་ཕྱོགས།ལྷོ་ལ་དབང༔ ལྷོར་ཁ་ལྟ་སྟེ་སྟོན་ར་བའི༔་་་ཧོར་ཟླ་དྲུག་པ། ཉེར་གཉིས་་་ཉི་མ།ཕྱེད་ཡོལ་་་ལ།བྱང་དུ་རྒྱུ༔ བྲམ་ཟེ་དམར་པོ་་་རྩ་བ་ན་དང་ཕྱོགས།ནུབ་་་ཀྱི་ཆུ།ལ་དབང༔ ཁ་ནི་ནུབ་ལྟ་དགུན་ར་་་ཧོར་ཟླ་དགུ་པའི་ཚེས།བཅོ་ལྔ་ཡི༔ དགོང་ཀ་ནུབ་ནས་ཤར་དུ་རྒྱུ༔ དམངས་རིགས་ལྗང་གུ་ཆུ་མིག་་་དང་ཕྱོགས།ལྷོ་ལ་དབང༔ བྱང་་་ན།གནས་པ་ཡང་དེར་ལྟ་འོ༔ དབྱར་རའི་་་ཧོར་ཟླ་གསུམ་པའི་ཚེས།བཅོ་བརྒྱད་ཉི་ནུབ་བྱང་ནས་ལྷོ༔་་་རུ་རྒྱུ། གདོལ་པ་ནག་པོ་མཚམས་བཞིའི་་་ཆུ་དང་།ཤིང་རྟ་གཅིག་་་པ།ལ་དབང༔ ཁ་ཡང་དེར་ལྟ་མཚམས་་་བཞི་ལ།དབང༔ དབྱར་ར་་་ཧོར་ཟླ་གསུམ་པའི་ཚེས།བཅོ་བརྒྱད་་་ཀྱི་ཉི་མ།དགོང་་་ཇ།ཁ་་་རུ།ཕྱོགས་མཚམས་འདྲ༔ དེ་རྣམས་ཀླུ་ཡི་གནས་ལུགས་སོ༔ གཉན་་་ལ་གཏོད་ན་ས་ཆུ་མེ་རླུང་གི་རིགས་མང་ཡང་གཙོ་བོ།ནི་བྱ་མ་གུང་རྒྱལ་རྒྱུ་བར་་་ཡིན་པས་དེ།ཤེས༔་་་པར་བྱ། ས་བདག་་་ལ་གཏོད་ན་དེ།དག་ནི་རིགས་དང་ཁ་དོག་དང༔ གནས་ས་ཕྱོགས་དང་ཁ་ལྟ་ཕྱོགས༔ ཟླ་བ་ཚེས་དང་དུས་ཚོད་ཐམས་ཅད་པ༔ ངེས་མེད་རྒྱུ་གནས་དབང་སྟེ་་་གཙོ་བོ།ལྟོ་འཕྱེ་བརྩི་བར་ཤེས༔ ཞེས་སོ༔ དེ་ནས་རུས་སྦལ་གནས་ལུགས་ནི༔ གཉན་ཀླུ་ས་བདག་གསུམ་ལས་་་འདི་ནི།ཀླུ་ཡི་རིགས༔ གདུག་པའི་རུས་སྦལ་ནག་པོ་ནི༔ ཆུ་མིག་་་འབབ་རྒྱུ་མེད་པ།ལྐུག་པ་་་ཁ་ལྟ་ཕྱོགས་མེད་པར་མཚོ་ཆུང་ལྟར་ཟླུམ་པོར།འཁྱིལ་བ་ལ༔ ཁ་ནི་ཕྱོགས་བཅུ་ཀུན་ལ་ལྟ༔ དེ་ལ་རུས་སྦལ་ནག་པོ་གནས༔ རུས་སྦལ་ལྟོ་བ་གཤག་པ་ནི༔ བཞི་བཅུ་རྩ་གཉིས་འབྲུབ་ནས་ཤེས༔ ཐ་ཆུང་བཞི་་་ཧོར་ཟླ་གཉིས་པ་ལྔ་པ་བརྒྱད་པ་བཅུ་གཅིག་པ།ལ་ཤར་དུ་ཁ༔ ལྟ་སྟེ་འབྲིང་བཞི་་་ཧོར་ཟླ་དང་པོ་བཞི་པ་བདུན་པ་བཅུ་པ།ལྷོ་རུ་་་ཁ།ལྟའོ༔ ར་བ་བཞི་་་ཧོར་ཟླ་བཅུ་གཉིས་པ་གསུམ་པ་དྲུག་པ་དགུ་པ།ལ་ནུབ་དང་བྱང་དུ་་་ཁ།ལྟའོ༔ རྟག་དུ་ཁ་སྦུབ་གནས་པ་ལ༔ ཉིན་མཚན་གུང་གཉིས་གན་རྐྱལ་གཏད་པར་བྱ༔ ལུས་ལ་ཆེ་ཆུང་ངེས་པ་མེད༔ དེ་ཕྱིར་འདོམ་གང་མ་ངེས་སོ༔ འཇལ་ཚད་དག་ལ་ངེས་པ་ཡང༔ དེ་ཕྱིར་རྣལ་འབྱོར་འདོམ་གྱིས་བཅལ་བར་རུང༔ དབུས་ཀྱི་ཆུ་མིག་སྙིང་ག་ལ༔ སྙིང་ནས་ཡར་ལ་འདོམ་གང་་་བཅལ་བ།ཁ༔ སྙིང་ནས་ལག་པར་གཡས་གཡོན་་་དུ།འདོམ་དོ་དོ༔ ཁ་ནས་་་ཡར་ལ།འདོམ་དོ་་་བཅལ་བ།རྭ་རྩེ་འོ༔ སྙིང་ནས་ལག་པར་་་གཡས་གཡོན།འདོམ་གང་་་རེ་བཅལ་བ།མཆན་ཁུང་གཡས་གཡོན་ནོ༔ སྙིང་ནས་་་མར་ལ།ཐུར་དུ་འདོམ་གང་་་བཅལ་བ།ལྟེ་བ་ལ༔ དེ་ནས་ཐུར་དུ་འདོམ་གང་་་བཅལ་བ།མཇུག་མའོ༔ མཇུག་མ་གཡས་གཡོན་ཁྲུ་རེ་རེ༔་་་བཅལ་བ། གཡས་གཡོན་སྲང་ནི་དཔྱི་མགོ་འོ༔ ལྟེ་བ་ནས་གཟུང་གཡས་གཡོན་འདོམ༔ རེ་རེ་་་བཅལ་བ།རྐང་པ་གཡས་གཡོན་ནོ༔ ལྟེ་བ་སྙིང་བར་ཕན་ཚུན་དུ༔ འདོམ་རེ་་་བཅལ་བ།ལྟོ་བ་གཡས་གཡོན་ནོ༔ རུས་སྦལ་གྱི་ལུས་ཚད་མགོ་མཇུག་ནི།་་་དཀྱུས་སུ་འདོམ་ནི་གསུམ་པ་ལ༔ ལུས་ཀྱི།་་་ཞེང་དུ་་་ཡང་།འདོམ་གསུམ་པ་རུ་བཟུང༔ དེ་ལ་གཏད་དམིགས་བཅུ་གཉིས་བཙལ༔ ཁ་ལ་སྦྲུལ་གྱི་ལོ་པ་་་དང་རྟ་ལོ།གཏད༔ རྒྱ་མཚོ་དུག་རི་ཁའི་གསང་རྒྱུད་ཀྱི་ལེའུ་ཉེར་གཉིས་པར། ཁ་ལ་སྦྲུལ་ཏེ་རྭ་གཡས་འབྲུག །ལག་གཡས་ཡོས་བུ་མཆན་གཡས་སྟག །རྐང་གཡས་གླང་ལ་གསང་གཡས་བྱི། །གསང་གཡོན་ཕག་ལ་རྐང་གཡོན་ཁྱི། །ལྟོ་གཡོན་བྱ་སྟེ་མཆན་གཡོན་སྤྲེའུ། །ལག་གཡོན་ལུག་ལ་རྭ་གཡོན་རྟ། །ཞེས་སོ། །དེས་འགྲེ་ཕྱོགས་མཚམས་བཅུ་གཉིས་སོ༔ རུས་སྦལ་འདི་ཁ་ལ་རྟ་སྦྲུལ་ཁ་སྦུབ་དུས་ཀྱི་རྩིབ་ལོགས་གཡས་སུ་བྱ་སྤྲེལ་མཇུག་མར་བྱི་ཕག་རྩིབ་ལོགས་གཡོན་དུ་སྟག་ཡོས་ལག་པ་གཡོན་ལ་འབྲུག་ལག་པ་གཡས་ལ་ལུག་རྐང་པ་གཡས་ལ་ཁྱི་རྐང་པ་གཡོན་ལ་གླང་ལོ་པ་གཏད། གན་རྐྱལ་གྱི་དུས། ཁ་ལ་རྟ་སྦྲུལ་མཇུག་མར་བྱི་ཕག་རྩིབ་ལོགས་གཡོན་ལ་བྱ་སྤྲེལ། རྩིབ་ལོགས་གཡས་སུ་སྟག་ཡོས་ལག་པ་གཡོན་པར་ལུག་ལག་པ་གཡས་འབྲུག་རྐང་གཡོན་ཁྱི་ལོ་པ་གཏད་དགོས། ཁ་སྦུབ་གན་རྐྱལ་གང་གི་དུས་ཀྱང་མགོ་མཇུག་གཉིས་ཀྱི་གཏད་ས་ལ་འགྱུར་བ་མེད་རྩིབ་ལོགས་གཉིས་དང་ཡན་ལག་བཞིའི་ངོས་བརྗེ་ལུགས་འདི་མ་ནོར་བ་བསྒྲིམ་དགོས་སོ། །ཡང་འདི་ལ་རྒྱ་མཚོ་དུག་རི་ཁའི་ལུགས་གོང་དུ་སྨྲོས་པ་ལྟར་གནང་ན་ལེགས་སོ། །རང་རང་གནས་སར་གཏད་པ་ཡིན༔ ཕྱོགས་མཚམས་ཁམས་ཆེན་ལྔ་གཏད་པ༔ ཆུ་ཁམས་བྱང་དུ་བྱི་ཕག་ཐོད་པར་གཏད༔་་་དེ་བཞིན་དུ་མེ་ཁམས་ལྷོར་རྟ་སྦྲུལ་ཐོད་པར་ཤིང་ཁམས་ཤར་དུ་སྟག་ཡོས་ཐོད་པར་ལྕགས་ཁམས་པ་ནུབ་ཏུ་བྱ་སྤྲེལ་ཐོད་པར་ས་ཁམས་པ་མཚམས་བཞིར་ཁྱི་འབྲུག་གླང་ལུག་ཐོད་པར་གཏད། དེ་ལྟར་རང་གནས་རང་ཐོད་དུ༔ རང་་་གི།སྐེག་་་ལོ་ཟླ་ཞག་དུས་སོགས་ཁམས་སྐེག་དུ་སྤྲད་ནས་དེ།དག་ལ་གཏད་པར་བྱའོ༔ ཁྱད་པར་ཁམས་ཆེན་ལྔ་ལ་ནི༔ ཀླུའི།་་་མགོ་ལ་་་ཇི།མེ་ཁམས་མཇུག་མར་་་འུ།ཆུ༔ ལྟོ་གཡས་ཀེག་་་ཤིང་ཁམས།ལ་ལྟོ་གཡོན་ཤང༔་་་ལྕགས་ཁམས། ས་ཁམས་པ།་་་ཀུང་ས་མཚམས་བཞིར་ཤེས་པར་བྱ༔ རྣམ་ཤེས་བརྒྱད་ལ་མི་རིགས་བརྒྱད༔་་་གཏད་པ་ནི། ཀླུའི་།་་་ཁ་འམ་སྣ་ལ་བོན་པོ་གཏད༔ མིག་ལ་བཙད་པོ་རྣ་བར་རྗེའུ་རིགས་གཏད༔ རྭ་རྩེར་བློན་པོ་འབངས་ནི་ལྟེ་བར་རོ༔ སྙིང་གར་གཙོ་བོ་གསང་གནས་ལྷའི་མིང་མནན༔ ཡང་ན་ནད་ཀྱི་གཏོད་ལུགས་བྱ་ན༔ ཀླུའི།་་་སྙིང་་་ག།ནས་གཡས་སུ་ཁྲུ་གང་དུ༔་་་བཅལ་བ། གློ་བ་ལ་གཏད་སྨྱོ་འབོག་འབྱུང༔ སྙིང་ལ་་་གཏད་ན།སྙིང་རླུང་བསད་པར་ཤེས༔ སྙིང་ནས།་་་གཡོན་་་དུ་ཁྲུ་གང་།བཅལ་་་བ།མཆིན་པ་་་ལ་གཏད་ན།བརྒྱལ་ནད་དོ༔ ལྟེ་བ་་་སྙིང་ནས་འདོམ་གང་ཐུར་དུ་བཅལ་བ།གཡས་་་ཡིན་ལ་དེ་ནས།གཡོན་་་དུ།ཁྲུ་་་རེ།རེའི་སར༔ མཁལ་མ་་་ལ་གཏད་ན།མཁལ་ནད་གྲང་བ་འོ༔ ལྟེ་འོག་་་ནས།ཁྲུ་གང་་་བཅལ་བ་རྒྱུ་མ་ལ་གཏད་ན།རྒྱུ་་་མའི།ནད་དོ༔་་་ཉིད་འོང། མཁལ་མ་ནས་ཁྲུ་དོ་བཅལ་བ།་་་རྐུབ་ལ་་་གཏད་ན།ལྷ་དང་དབྱེ་བར་བྱ་འོ༔ སྙིང་ནས་གྲུ་གསུམ་བཅལ་བ།་་་སྐེ་ལ་་་ལུས་ཁྱོན་ལ་སྦྱང་བ་ནི།གཏད་ན་རེངས་དང་ལྐུག༔ སྐེ་ནས་ཅུང་ཟད་ཆུ་འབབས་སུ་གཡས་གཡོན་ཁྲུ་དོ་དོ་བཅལ་བ།་་་སོག་པ་གཉིས་ལ་་་གཏད་ན།གྲི་རྒོད་འོང༔ སྐེ་འོག་་་མན་དང་རྐུབ་ཡན།བྱང་ཁོག་་་གང་དུ་གཏད་ཀྱང་དགྲ་དེ་བདག་ཉིད་ཀྱིས།དབང་དུ་སྡུད༔ སྙིང་ནས་འདོམ་གང་།་་་ལྟེ་བར་་་གཏད་ན།རྫིང་ལ་དམེ་གྲི་འོ༔ ལྟེ་བ་ནས་ཁྲུ་གང་།་་་རྒྱུ་ཞབས་་་སུ་གཏད་ན།རིམས་ནད་་་ལྟེ་བ་ནས་འདོམ་གང་།གསང་བ་རུ༔་་་གཏད་ན། སྐྱེ་རྒྱུད་བཅད་ཅིང་རྐུབ་་་འདི་ཡང་ལྟེ་བ་ནས་ཁྲུ་གང་བཅལ་བ་ལས་ཅུང་ཟད་སྨད།ལ་ནི༔ འགོ་བའི་ལྷ་དང་དབྱེ་བར་བྱའོ༔ བཅུ་གཉིས་ལོ་དང་ཁམས་ཆེན་ལྔ༔ མི་རིགས་བརྒྱད་དང་ནད་རིགས་ལྔ༔ ཁྱོན་ལ་བདུན་གཏད་བཞི་བཅུ་གཅིག༔ ཀུན་་་གཏད་ཀྱི་དམིགས།གྱི་་་ནང་ནས།སྙིང་པོ་་་ཀླུའི།སྙིང་དང་ཁ༔་་་དང་། ལྟེ་བ་་་དང་།གསང་གནས་་་དང་།མགོ་དང་ཡན་ལག་བཞིའོ༔་་་སྟེ་འདི་རྣམས་ལ་གཏད་པ་ཉིད་ནུས་པ་ཆེ། གང་གཏོད་དམིགས་དང་བསྟུན་པས་འགྲུབ༔ ཅེས་སོ༔ དེ་ནས་ལྕེ་མདུང་གཏད་ཁྲོམ་་་གྱི།ལས༔་་་རྣོན་པོ། དགྲ་དེས།་་་མི་ཚོར་་་བའི།མཚོན་ཆ་་་རྣོ་ངར་དང་ལྡན་པ་ནི།འདི་ལྟར་སྟེ༔ དགྲ་བོ་་་དེ།འི་ལོ་་་དང་།ཟླ་་་བ་དང་།ཞག་་་དང་།དུས་་་ཚོད་ཀྱི།ཀེག༔་་་ལ་བབས་པའི་ཚེ། ལྕེ་མདུང་དག་ལ་གཏད་པར་བྱའོ༔་་་སྟེ། ས་ཁྲམ་ཆེན་པོ་་་དེ་ནི།འདི་ལྟ་སྟེ༔ དུག་་་གི།སྦྲུལ་་་ནག།ལྕེ་མདུང་མྱུར་བ་ནི༔ བདུད་ཀྱི་སྒྱོགས་ར་ཆེན་པོ་སྟེ༔་་་འདི་རྣམས་ནི། ཆུ་དང་ཤིང་དང་བྲག་དང་ས་གཞི་དང༔ རིགས་བཞིར་བསྟན་པ་འདི་ལྟ་སྟེ༔ སྦྲུལ་དང་སྦལ་པ་ཉ་འདྲ་དང༔ ལྕོང་མོ་ཕག་པ་གླང་དང་སྡིག༔ ཆུ་སྲིན་རྟ་བླ་བ་དང་ནི༔ གྲོག་མ་སྦུར་བ་རུས་སྦལ་དང༔ མགོ་གསུམ་མགོ་ལྔ་མགོ་བདུན་དགུ༔ དེ་རྣམས་སོ་སོར།་་་ཅི་་་ལྟར།འདྲ་་་བ་འདུག།བརྟག་པས་ཤེས་པར་བྱ༔་་་བ་ཡིན་ནོ། །བརྟག་པ་ནི།་་་དེ་ལ་དང་པོ་སྦྲུལ་འདྲ་ནི༔ རྣམ་པ་ལྔ་སྟེ་ས་་་དང་།ཆུ་་་དང་།བྲག༔ ནམ་མཁའ་་་དང་།ཤིང་རྣམས་བསྟན་པ་ནི༔ སྦྲུལ་འདྲའི་མཇུག་རྩེ་མདུང་ཡིན་ལ༔ སྣ་གདོང་་་དང་།ཁ་ནང་ལྕེ་ཡིན་ནོ༔ དེ་ལྟར་ལྕེ་དང་མདུང་གཉིས་སོ༔ སྦལ་འདྲ་གསུམ་སྟེ་ས་་་དང་།རྡོ་་་དང་།ནི༔ ཁ་ནང་ལྕེ་ལ་ཡན་ལག་་་བཞི་དང་།མཇུག་་་སྦལ་པ་ལ་མཇུག་མ་མེད་པས་འདི་ལ་རྒྱ་མཚོ་དུག་རི་མའི་རྒྱུད་དུ་རྐུབ་ཞེས་གསུངས་པ་ལེགས་སོ།རྩེ་མདུང༔ ཉ་འདྲ་་་བ་ནི།གཉིས་ཏེ་ས་དང་ཆུ༔ གཤོག་རྩེ་ལྕེ་ལ་ཟེ་བ་མདུང༔ ལྕོང་འདྲ་གསུམ་སྟེ་ས་ཆུ་བྲག༔ ལྕོང་མོ་ལ་ལག་པ་མེད་པས་རྒྱ་མཚོ་དུག་རི་ཁ་ཡི་རྒྱུད་དུ་མཚུལ་པ་ལྕེ་ཞེས་གསུངས་པ་དེ་ལེགས་པར་སྣང་ངོ་།་་་ལག་ནི་ལྕེ་ལ་མཇུག་མ་མདུང༔ གླང་་་འདྲ་བ།ལ་གསུམ་སྟེ་གངས་རྡོ་རི༔ རྨིག་པ་བཞི་ལྕེ་རྭ་རྩེ་མདུང༔ ཕག་འདྲ་་་བ་ནི།གསུམ་སྟེ་གད་་་དང་།རྡོ་་་དང་།རི༔ ཁ་ལ་ལྕེ་སྟེ་སྣ་རྩེ་་་དང་ཟེ་བ།མདུང༔ འབྲུག་རྐང་པ་མང་པོ་ཅན།་་་རྟ་བླ་་་འདྲ་བ་ནི།གཉིས་ཏེ་ལམ་དང་ས༔ ཁ་ལ་ལྕེ་སྟེ་ལག་་་པ་རྣམས།ལ་མདུང༔ སྡིག་པ་་་འདྲ་བ།གསུམ་སྟེ་རི་་་དང་།ཆུ་་་དང་།བྲག༔ ཁ་དང་སྤྱི་བོ་ལྕེ་ཡིན་ལ༔ རྭ་གཉིས་ལྕེ་དང་མཇུག་རྩེ་མདུང༔ ཆུ་སྲིན་འདྲ་་་བ་ནི།གཉིས་རི་དང་ཆུ༔ སྣ་རྩེ་ལྕེ་དང་སྤར་མོ་མདུང༔ གྲོག་མ་་་འདྲ་བ།གཉིས་ཏེ་ས་དང་བྲག༔ ཁ་ལ་མདུང་སྟེ་ལག་་་པ།རྣམས་ལ་ལྕེའོ༔་་་མཚམས་འདིར་གོང་གིས་དཔྱད་ལ་སྦུར་བ་གསུངས་ནས་འདིར་མ་བྱུང་བ་ཕྱི་མོ་གཉིས་གསུམ་ལ་གཏུགས་ཀྱང་མི་འདུག་མོད། རྒྱ་མཚོ་དུག་རི་ཁའི་རྒྱུད་དུ། འབུ་འདྲ་བ་ཡང་གཉིས་ཏེ་བྲག་དང་རི་བོ་དེའི་ལྟོ་བ་ལྕེ་ལ་སྒལ་པ་མདུང་ཡིན་པས་གཏད་དོ་ཞེས་གསུངས་འདུག་གོ །རུས་སྦལ་གཉིས་ཏེ་རི་དང་བྲག༔ ལྟོ་བ་ལྕེ་ལ་རྒྱབ་ལ་མདུང༔ མགོ་ལྔ་ལ་སོགས་གཟུགས་ལ་ནི༔ ཁ་ལ་ལྕེ་སྟེ་ལག་པ་མདུང༔ དེ་རྣམས་གང་གནས་བརྟགས་པ་ནི། རྒྱ་མཚོ་དུག་རི་ཁའི་རྒྱུད་ལས། དཀར་པོ་རྒྱལ་རིགས་སེར་བྲམ་ཟེ། །དམར་པོ་རྗེ་རིགས་ནག་པོ་དམངས། །སྔོན་པོ་གདོལ་བ་རིགས་བཞི་སྟེ། །འཁོར་དང་རྟགས་དང་དུས་དང་སྦྱར། །ཅེས་དང་། དཔལ་ཡཀྵ་ནག་པོ་གསང་བའི་རྒྱ་མཚོ་དུག་རི་ཛཿནག་པོ་ལས། དེ་རྣམས་ཀྱང་ཆུ་དང་བཅས་ན་ཀླུ་ཤིང་དང་།བྲག་དང་བཅས་ན་ས་བདག།ཆུ་ཤིང་བྲག་མེད་ཀྱང་གཟུགས་རྣམས་ཁ་དོག་དམར་ན་ཀླུ་བཙན། ནག་ན་ཀླུ་བདུད་སེར་ན་ས་བདག་སྔོ་ན་གཉན་དཀར་ན་ཀླུ་སྨན་ཁྲ་བོར་འདུག་ན་ཀླུ་སྲིན་ཡོད་དོ་ཞེས་གསུངས་འདུག་གོ །དེ་ལྟར་ས་གཟེར་ནག་པོའི་གཟེར༔ གཏད་མནན་བྱས་ན་འཆོར་མི་སྲིད༔ ལྕེ་ལ་ཟས་སྐལ་ཚུལ་དུ་གཏད༔ མདུང་ལ་དགྲ་གཤེད་ཚུལ་དུ་གཏད༔ ཀུན་ལ་ལྕེ་མདུང་གཉིས་གཉིས་སོ༔ དགྲ་ལ་ཟས་ནི་དམོད་ཚིག་དང༔ ཟས་དང་སྦྲགས་་་ནས་གཏད་པ།དང་་་ལིང་གའི་ལག་ཏུ།མཚོན་་་ཆ་བསྐུར་བ།དང་སྦྲགས༔ དེ་ཡི་ཟས་དང་དགྲར་འགྱུར་རོ༔ ལྕེ་མདུང་གཏད་པའི་མན་ངག་གོ༔ དེ་ལྟར་ལྟོ་འཕྱེའི་གནས་ལུགས་ནི༔ ཕན་་་པ་དང་།གནོད་་་པ་དང་།ལས་དང་མནན་གཏད་སོགས༔་་་བྱེད་པ་ན། ལྟོ་འཕྱེ།་་་འདི་ལ་གཏད་་་པའི་ས།དམིགས་མང་་་པོ།མེད་དེ༔ མ་ནོར་་་ལྟོ་བ་ན།བྲུ་དགོས་་་ལ་དེ་ཡང་།ཆེ་ཆུང་་་གི།ཚད༔་་་ལ་ནི། ངེས་པ་མེད་པས་་་ཆེ་ཆུང་།ཅི་ཡང་རུང༔་་་བ། དེ་དག་གི།་་་ལྟོ་ཡི་་་སྨད་ཀྱི།ནང་བསལ་་་བྲུས་ནས།དགྲ་བོ་གཏད༔ འཆི་བདག་ལྟོ་བར་ཚུད་པར་བསམ༔ དེ་མ་གཏོགས་ལྟོ་འཕྱེའི།་་་མགོ་ལ་སོང་ན་རང་ལ་ངན༔ རྒྱབ་ལ་ནོར་ངན་མཇུག་མར་བུད་མེད་ངན༔ དེ་བས་ལྟོ་་་བའི་ལྟེ་བ་དང་།སྨད་་་གསང་གནས་ཀྱི་བར།དག་ནས་བྲུ༔ རང་གི།་་་ཁ་ནི་འདོམས་་་ལྟོ་འཕྱེའི་ངོས་སུ།བསྟན་་་ནས་རང་གི།ལག་པ་གཡོན་པས་བྲུ༔་་་བ་ཡིན། ལྟོ་འཕྱེའི་རིགས་ནི་ས་བདག་སྟེ༔ གཞོགས།་་་གཡོན་འོག་་་ཏུ།བཅུག་སྟེ་ཁ་ནང་་་དུ།བསྟན༔་་་པ། ཞག་རེ་བཞིན།་་་བགས་ཀྱིས་ནུར་ཏེ་ལོ་རེས་་་བསྐོར་བ་སྟེ།འཁོར༔་་་བ་ཡིན་པ་དེ་ལ་ཡང་། ཟླ་བ་བཅུ་གཉིས་རིམ་པ་ཡིས༔ དཔྱིད་་་བཅུ་གཉིས་པ་དང་པོ་གཉིས་པ།གསུམ་མགོ་བྱང་་་མཇུག་མ་ལྷོ།ཁ་ཤར་བསྟན༔་་་རང་ཁ་ནུབ་ཏུ་བསྟན་ལ་བརྐོ །གསུམ་པ་བཞི་པ་ལྔ་པ།་་་དབྱར་གསུམ་མགོ་ཤར་་་མཇུག་མ་ནུབ།ཁ་ལྷོར་བསྟན༔་་་རང་ཁ་ལྷོར་བསྟན་བརྐོ། སྟོན་་་དྲུག་པ་བདུན་པ་བརྒྱད་པ།གསུམ་མགོ་ལྷོ་་་མཇུག་མ་བྱང་།ཁ་ནུབ་བསྟན༔་་་རང་ཁ་ཤར་དུ་བསྟན་ལ་བརྐོ། དགུན་་་དགུ་པ་བཅུ་པ་བཅུ་གཅིག།གསུམ་མགོ་ནུབ་་་མཇུག་མ་ཤར།ཁ་བྱང་བསྟན༔་་་རང་ཁ་བྱང་དུ་བལྟས་ལ་བརྐོ། དེ་ལྟར་ལོ་རེར་འཁོར་བ་ལ༔ ཟླ་བའི་ནུར་འགྲོས་་་དཔྱིད་ཟླ་དང་པོ་ལ་མགོ་ཤར་སྟོད་འབྲིང་པོ་ལ་མགོ་ཤར་དབུས་ཐ་ཆུང་ལ་ཤར་སྨད་དུ་མགོ་བསྟན་པ་སོགས་ཐམས་ཅད་ལ་འགྲེའོ།བརྟགས་ལ་བྲུ༔ འཆི་བདག་ལྟོ་འཕྱེ་གཡས་སུ་འཁོར༔ ཆོས་སྐོར་དག་ཏུ་ཤེས་པར་གྱིས༔ ཞེས་སོ༔ རྡོ་རྗེ་གཙུག་ལག་དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ མནན་གཏད་ས་ཡི་དམིགས་བཙལ་བའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ལྟར་མནན་གཏད་དག་ལ་ཡང༔ གནད་ཀྱི་ཁ་ལྟ་འདི་ལྟར་ཤེས༔ དང་པོ་རྟགས་ཀྱི་རིམ་པ་འདི་ལྟ་སྟེ༔ ཀླུ་ཡོད་མེད་དང་ཐེབས་དང་ལྡོག༔ འབྱམས་པ་ལ་སོགས་ལྔས་བསྟན་ཏེ༔ བདག་པོ་ཡོད་པའི་མཚན་མ་ནི༔ གཅེར་མཐོང་དག་དང་རྨི་ལམ་མོ༔ དང་པོ་གཅེར་མཐོང་ཕྱིན་ལ་བརྟག༔ ས་གཞི་བག་དྲོ་བྱིན་ཆགས་དང༔ ཡ་ང་ངམ་ཟ་སྐྱི་གཡའ་དང༔ རང་བཞིན་གྱིས་ནི་འཇིགས་པ་དང༔ ས་རྡོ་རི་བྲག་ཆུ་ཤིང་ཀུན༔ སེམས་ཅན་ཅིར་ཡང་སྣང་བའི་གཟུགས་སུ་ཤར་བ་དང༔ ཆུ་ལ་ཡང་ནི་ཉ་ལྕིབས་དང༔ རྡོ་ཤིང་དག་ལ་དྲེག་པ་ཆགས་པ་འོ༔ གཉིས་པ་རྨི་ལམ་བརྟགས་པ་ནི༔ གནས་དེ་ཉིད་དམ་དེ་ཉིད་ནས༔ ས་ཤིང་མཚན་མ་ཅན་ཁྱེར་ཏེ༔ བདག་པོར་དམིགས་ལ་རྩི་སྨན་ལ་སོགས་པའི་གཏོར་མ་བྱིན་ཏེ༔ བཀའ་བསྒོ་བདེན་པ་བདར་ལ༔ ང་ཡི་ལས་འདི་གྱིས་ཤིག༔ དགྲ་བོ་ཆེ་གེ་མོ་འདི་ཁྱོད་ལ་གཏད་པ་ཡིན་ནོ༔ བྱས་ལ་རྨི་ལམ་བརྟགས་ཏེ༔ ས་བདག་ཀླུ་གཉན་ནི་ཅིར་ཡང་བརྫུ་བས༔ སྟག་དོམ་ལ་སོགས་དང༔ ཉ་སྦྲུལ་སྦལ་པ་ཆུ་ཤིང་ས་རྡོ་ལ་སོགས་ཅི་བྱུང་ཡང༔ ཆོ་འཕྲུལ་ཆེ་ན་བདག་པོ་ཡོད་པ་འོ༔ ཆུང་ན་མེད་པའོ༔ ཁྱད་པར་དུ་བུད་མེད་བཟང་མོའམ༔ བུས་པ་ཁྱེའུ་ལ་སོགས་ཅི་ཡང་རུང་བས་བཀུར་སྟི་བྱེད་པ་དང་གུས་པ་འབུལ་ན་ངེས་པར་ལས་འགྲུབ་བོ༔ ཆུང་རྟགས་ནི༔ ཐམས་ཅད་གོང་གི་དེ་ལས་ལོག་པ་དང༔ ཁྱད་པར་དུ་ལུང་སྟོང་དུ་ཕྱིན་པ་དང༔ བྲོས་བསྐྱས་བྱེད་ན་ལས་མི་ནུས་ཏེ༔ བདག་པོ་ངན་པ་ལས་མེད་པའི་རྟགས་སོ༔ དེར་མི་བྱ་བདག་པོ་སྤོའོ༔ དེ་ནས་གཏད་ཐེབས་པའི་རྟགས་མངོན་སུམ་དང་རྨི་ལམ་གཉིས་ཏེ༔ མངོན་སུམ་ནི༔ གཏོད་པའི་དུས་སུ་དགྲ་བོ་དམིགས་པ་གསལ་བ་དང༔ ཆུ་མིག་མདོག་འགྱུར་བ་དང༔ ལུ་མ་འགྱུར་ལྡོག་ཆེ་བ་དང༔ དགྲ་དངོས་སུ་འགྱུར་བ་དང༔ དགྲ་ཕྱོགས་སུ་རླུང་སོང་བ་དེ་ལ་སོགས་པའོ༔ རྨི་ལམ་ན་དགྲའི་མི་ནོར་གང་བྱུང་བསད་པ་དང༔ སེམས་ཅན་གཞན་ཡང་བསད་པ་དང༔ དམག་འདྲེན་པ༔ འཐབ་པས་རང་རྒྱལ་བ་དང༔ གཡག་བསད་པ་ལ་སོགས་པའོ༔ ཀླུ་བྲོས་པའི་རྟགས་ནི༔ རང་གི་སེམས་ཀྱང་ཡེང་ཡེང་སིང་སིང་བྱེད༔ ཉམས་དང་ཏིང་འཛིན་མི་གསལ་ན༔ ལས་མི་ནུས་པས་མི་གཏད་དོ༔ རྨི་ལམ་དུ་ཡང་ལུང་སྟོང་དང༔ མཚེར་ཤུལ་སྟོང་པ་དང༔ རྟ་བོང་ལ་སོགས་ཕྱི་དལ་ལོ༔ མ་བྲོས་པའི་རྟགས་ནི༔ ཉམས་དགའ་བྱིན་ཕེབས་པ་ལ་སོགས་གོང་ལས་ལོག་པའོ༔ རང་ལ་བཟློག་པའི་སྐྱོན་ནི༔ གཡེན་པོས་མ་ཆུན་པ་དང༔ ཏིང་འཛིན་མི་གསལ་བ་དང༔ ཆུ་མིག་གི་གནད་མ་ཤེས་པ་དང༔ སྔགས་གྲངས་ཉུང་བ་དང༔ སྒྲུབ་པ་ཁ་འགྱངས་པ་དང༔ དམ་ལ་མི་གནས་པ་དང༔ སྲུང་བའི་ལས་ཀུན་མ་བྱས་པས་རྐྱེན་བྱེད་དོ༔ དེ་ལས་ལོག་པ་ནི་མི་བཟློག་པའི་རྒྱུའོ༔ བཟློག་རྟགས་ནི༔ སྙིང་མི་དགའ་་་ལ་ཡིད་ཕྱད་ཕྱོད་ཡང་ཡེང་ཟང་ཟིང་།བྱེད་་་པ།འཕྱ་སངས་ཁྱེར༔ ཡི་མུག་་་པ་དང་།ཚིག་པ་ཟ་བ་དང༔ ཕྱར་ནག་ལུས་ལ་གོན་པ་དང༔ ཆུ་ཡི་ནང་དུ་ཉལ་བ་དང༔ རང་གི།་་་ལུས་ལ་སེམས་ཅན་་་གྱི་རིགས་སྦལ་སྦྲུལ་སྡོམ་སྡིག་སོགས་ཀླུའི་ནོར།ཞུགས་པ་དང༔ ཆུ་བོ་གྱེན་ལ་ལོག་པ་དང༔ ཉི་ཟླ་ནུབ་དང་ས་རུབ་དང༔ ཐུར་ལ་རྒྱུག་དང་གཞན་གྱིས་་་རང་ཉིད་ལ།འཚེ༔་་་བ་དང་། བ་གླང་ལྕི་བ་གཏོང་བ་དང༔ རང་ཉིད།་་་བཙོན་དུ་བཟུང་དང་་་གཞན་དང་།འཐབས་པས་་་རང་ཉིད།ཕམ༔ རང་གི་མཚོན་སོགས་གཞན་འཕྲོགས་པ༔ དེ་ལྟར་བྱུང་ན་བཟློག་པ་སྟེ༔ ལྷ་སྔགས་སྲུང་བའི་ལས་ལ་འབད༔ དགྲ་ལ་ལམ་བསྟན་ཐུན་ཟོར་འཕང༔ རྩོལ་བ་དྲག་པོ་བསྐྱེད་པས་འགྲུབ༔ དེ་ལས་ལོག་པ་བཟང་བ་ཡིན༔ ཀླུ་གྲུབ་པའི་དྲོད་ཚད་ནི༔ རྨི་ལམ་རྟགས་སུ་གོང་ལས་ལོག་ན་བཟང༔ ཁྱད་པར་བཀའ་ཉན་ལས་བྱེད་དེ༔ བདག་ལ་བཀུར་སྟི་དང་གུས་པ་འབུལ་ལོ༔ དངོས་སུ་ཡང༔ ལུས་ལ་མཛེ་ཤུ་བས་ལྡག་དང༔ ཐོར་པ་དང་ནི་སྐྲང་པོ་དང༔ ཤ་རོ་ལ་སོགས་འབྱུང་བ་ཡིན༔ བྲུབ་ཁུང་ནང་དུ་བ་རྒྱ་ཆགས་པ་དང༔ སྡོམ་སྡིག་ལ་སོགས་འདུ་བ་འོ༔ དགྲ་ལ་ཐེབས་པའི་རྟགས་བསྟན་པ༔ སེམས་ཅན་གང་ཡང་བསད་པ་དང༔ དགྲ་བོ་དངོས་དང་་་དགྲའི།ཡུལ་ཞིང་མཁར་ལ་སོགས༔ བསྒྱེལ་བརྡུངས་བརླགས་པར་བྱས་ལ་སོགས༔ ཕར་ལ་རྩོད་པ་ཇི་སྲིད་་་དགྲ་རྟགས་དངོས་སུ་མ་བྱུང་བའི་བར།འབྱུང་བར་ངེས༔ དགྲ་ལ་དམག་དང་ཆུ་འདྲེན་དང༔ གདོང་་་དུ།གཏད་་་དེ་མཚོ་ཆུ་མིག་སོགས་ལ།རླུང་ཡང་་་སོང་བའོ།དགྲ་ཕྱོགས་སུ་འབྱམས་པའི༔ ཆུ་དང་ཉ་སྦྲུལ་གྱེན་ལ་འགྲོ་བ་དང༔ དགྲ་མིན་་་པའི།མི་གཞན་བསད་བརྡུང་ངོ་སོ་བྱེད་པ་དང༔ དགྲ་ཡུལ་མེད་པར་དམག་སོགས་འདྲེན་པ་ན༔ དེ་ལ་བསྐྱར་ཏེ་ལམ་བསྟན་སྣ་ཡང་གླན༔ དགྲ་ཡི་ཡུལ་གྲོང་ཞིང་དང་ཉེ་དྲུང་མི་དང་བཅས༔ ཁྱད་པར་དྲི་མ་དྲུག་པོ་གཅེས་པ་ཡིན༔ འགོར་བ་ནི༔ བླ་མ་སློབ་དཔོན་བཙད་པོ་འགྱིང་བ་དང༔ རྐུབ་དང་མཚན་མ་སྟོན་པ་དང༔ རྒྱབ་རྟེན་རྒྱང་གླུ་ལེན་པ་དང༔ བ་ལང་ལ་སོགས་ལས་ལ་འཇུག་པའོ༔ དེ་རྣམས་དྲོད་ཚད་དག་གི་མན་ངག་གོ༔ ཁྱད་པར་ལིང་ག་བྲི་བའི་གདམས་པ་ནི༔ དང་པོ་ལྟེ་བ་སྲིད་པ་ཆགས་པའི་རྟེན༔ དེ་ནས་རུས་ནི་དཔྲལ་བ་སྙིང་ཁར་མིང༔ དེ་ནས་མཚན་མར་་་མཐའ་མར་བསྐོར།ཕ་ཚན་དང༔ དེ་ནས་ཕ་མེས་ཤི་བའི་མིང༔ དེ་ནས་ཡུལ་གྲོང་ཁྱིམ་ཞིང་མིང༔ དེ་ནས་ལོ་་་བསྐྱེད་པ་གཡས།དང་དབང་ཐང་་་བསྐྱེད་པ་གཡོན་བྲིས།སྲོག་རླུང་རྟ༔ གཞུང་གཞན་དང་ཡང་མཐུན་པར་་་བྲི་བ།ཡིན༔ ཡན་ལག་སྦྲུལ་བཅིངས་སྙིང་དང་མགོ༔ མཚན་མ་སྦྲུལ་ནག་ཟ་བ་བྲི༔ རུས་དང་ཕ་ཚན་བྲིས་པས་དེའི༔ སྐྱེ་རྒྱུད་འཆད་ཅིང་ཕྱིས་མི་ཟློག༔ དགོས་ཚད་ཕ་མེས་བྲིས་པས་རྩ་རྒྱུད་ཆད༔ ཡུལ་གྲོང་མིང་སོགས་བྲིས་པས་མི་འབྱམས་སོ༔ ཐ་མར་ཛ་ནྲྀ་<!TCC Tibetan character 4,146 undefined in unicode!>་དང༔ ས་བདག་ཀླུ་གཉན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང༔ ཁྱད་པར་དུ་གང་གཏོགས་པའི་ལྷ་འདྲེའི་མིང་དང༔ དེས་ཆེ་གེ་མོ་ཁྲམ་ལ་ཐོབ་ཅིག༔ ཟས་སུ་གཏད་དོ༔ མེད་པར་གྱིས༔ བརླག་པར་གྱིས་ལ་སོགས་དམོད་མོ་བྲི་ཟ་ཁ་བསྟན་ཅིང་རྦད་དོ༔ དེ་ལ་རྩི་སྨན་དང་དགྲ་བོའི་དྲི་མ་སོགས་བྱུག་གོ༔ རང་གི་དྲི་མ་སོང་གིས་དོགས་པས་འབྱུང་བའི་ཁྲུས་བྱའོ༔ མནན་གཏད་དུས་སུ་ཚིག་གི་དམོད་པ་བོར་བ་ནི༔ ན་མོ༔ ཀླུའི་རྒྱལ་པོ་ཏི་པ་ཙ་དང༔ ཀླུ་རིགས་ལྔ་དང༔ ཀླུ་ཆེན་བརྒྱད་དང༔ ས་བདག་ཀླུ་གཉན་གསུམ་དང༔ ས་སྲིན་ཀླུ་སྲིན་དང༔ སྣང་སྲིད་ལྷ་འདྲེ་མཐུ་རྩལ་ཅན་ཁྱེད་རྣམས་ཀྱང༔ སྔོན་ཡང་བདེ་གཤེགས་རྣམས་ཀྱི་ཞལ་མཐོང་དམ་ལ་བཏགས་ཏེ༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ་ཡིན་པས་དེང་ཡང་སྔོན་གྱི་དམ་ཚིག་ལས་མ་གཡེལ་བར་བདག་གིས་བཅོལ་བའི་ཕྲིན་ལས་གཉན་པོ་འདི་མཛོད་ཅིག༔ གལ་ཏེ་སྔོན་ཆད་དམ་ལས་འདས་གྱུར་ན༔ རྡོ་རྗེ་འཆང་ཆེན་རབ་ཁྲོས་ནས༔ ཁྱོད་ཉིད་མེད་པར་བརླག་པར་བྱེད༔ དེ་བས་ལས་འདི་མྱུར་དུ་གྱིས་ཤིག༔ དུས་ལ་བབ་པོ་ས་མ་ཡ༔ ན་མོ༔ འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་བདེན་པའི་བྱིན་རླབས་ཀྱིས༔ དམ་ཉམས་པའི་དགྲ་བོ་ཆེ་གེ་མོ་ལས་ངན་པ་འདི༔ ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ལ༔ ཟས་རོ་མཆོག་བརྒྱ་དང་ལྡན་པར་བསྔོའོ༔ ཡབ་རིག་པའི་རྒྱལ་པོ༔ ཡུམ་ཀླུ་མོ་ནག་མོ༔ སྲས་བགེགས་ཀྱི་གླང་པོ༔ ནག་པོ་འཛུམ་མེད༔ ཀླུ་བདུད་སྦྲུལ་གྱི་རྒྱུ་ཞགས་ཅན༔ ཀླུ་ཆེན་པོ་བརྒྱད་དང༔ ས་བདག་ཀླུ་གཉན༔ ས་སྲིན་ཀླུ་སྲིན༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་ལ༔ དགྲ་བོ་ལས་ངན་ཆེ་གེ་མོ་འདི་ཟས་སྐལ་དུ་བསྔོའོ༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ་ལ་ཤ་ཁྲག་མཆོད་པར་བཞེས་ཤིག་ཡཱ༔ ཉེད་བུར་མཉེས་ཤིག༔ ཆངས་བུར་ཆོངས་ཤིག༔ མེད་པར་གྱིས་ཤིག༔ བརླག་པར་གྱིས་ཤིག༔ ཕ་དང་མེས་པོ་ཡང་མེས་མན་ཆད༔ བུ་དང་ཚ་བོ་ཡང་ཚ་ཡན་ཆད༔ རྩད་ཆོད་ཅིག་ཟས་སུ་ཟོ་ཞིག༔ ཅེས་གཏད་ཁར་བརྗོད་དོ༔ འཆི་བདག་ལྟོ་བར་ཚུད་དེ་ནམ་དུའང་མི་ཐར་ཞིང་ས་བདག་ཀླུ་གཉན་ལ་ལས་ཤ་ཁྲག་ཧབ་ཐོབ་ལ་ཟོས་པར་བསམ་མོ༔ ན་མོ་ཀླུའི་རྒྱལ་པོ་ནས་ཟོ་ཞིག་གི་བར།་་་ལིང་གའི་མཐའ་མར་ཡང་བྲིས་པས་རུང་ངོ༔ དེ་ལྟར་ལིང་ག་བྲི་བ་དང་གཏད་པའི་དུས་ཐམས་ཅད་དུ༔ ངའི་དང༔ ང་དང༔ བདག་གི་ལ་སོགས་ནམ་དུ་ཡང་སྤང་བར་གཅེས་སོ༔ གཞན་ཡང་གདམས་པའི་སྐྱ་གཅོད་ནི༔ དེ་ལ་རྣམ་པ་བཞི་ཡིན་ཏེ༔ ཐེབས་དང་ཟློག་དང་འབྱམས་དང་འགོར༔ དང་པོར་ཐེབས་པའི་རྟགས་བསྟན་པ༔ བ་ལང་དམར་པོ་བྱུང་བ་དང༔ སྦྲུལ་སྦལ་བྱུང་བ་་་རྨིས་ན་དགྲ་ལ།ཐེབས་པའི་རྟགས༔ དེ་ལ།་་་བ་དམར་ཟལ་དང་ར་དཀར་་་མོའི།འོ་མ་དང༔ རྩི་སྨན་་་དང་།ལུང་པ་དགུའི་ཕུ་ནས་ཆུ་བླངས་པས༔ མཆོད་ཅིང་་་ཐུགས་དམ་བསྐང་།ཕྲིན་ལས་བཅོལ་ཏེ་ལས་ལ་སྦྱར༔་་་རོ། །རང་གི།་་་ལུས་ལ་ཕྱར་་་བ།ནག་་་པོ།གོན་་་པ།དང་ཆུ་ལ་བྱིང༔་་་བ་དང་། བ་ལང་་་སོགས་ཀྱི།ལྕི་བ་གཏོང་་་བ།དང་་་དེ་དག་གིས།བདག་ལ་འཚེ༔་་་བར་རྨིས་ན། དེ་ནི་་་མི་ཐེབས་ཚུར་ལ།བཟློགས་པའི་རྟགས་ཡིན་ཏེ༔ དེ་འདྲ་བ་བྱུང་ན་སྲུང་བའི།་་་ཏིང་ངེ་འཛིན་རྫས་་་དང་།སྔགས་ཐམས་ཅད་གསོར་བར་བྱ༔ ཀླུའི།་་་འབོད་རྦད་གསད་པའི་སྔགས་ཀྱིས་་་ཀླུ་དང་།གང་གནོད་ལིང་ག་་་བྱས་པ་ལ།བྲབ༔ དུག་ཁྲག་ལ་སོགས་མི་མཐུན་རྫས་ཀྱིས་གཟིར༔ ཕག་ཚིལ་གླ་རྩིས་རང་ལུས་ཁྱབ་པར་བྱུག༔ དེ་ཡིས་མི་ཟློག་ཕར་ལ་ཐེབས་པར་བྱེད༔ ཅེས་སོ༔ སྦལ་པ་་་རང་ལ།ཟུར་འགྲོས་བྱེད་་་ཅིང་འགྲོ།པ་དང༔ དགྲ་མིན་་་པ།གཞན་ལ་དམག་འདྲེན་་་པ།དང༔ ཉ་དང་སེམས་ཅན་་་གང་ཡང་རུང་བ།ཆུ་བོའི་་་ནང་དུ།གྱེན་ལ་འགྲོ༔་་་བ་རྨིས་ན། དེ་ནི་འབྱམས་པའི་རྟགས་ཡིན་འདི་ལྟར་བྱ༔ གཟས་པོ་་་དེ།འི་རྐང་རྗེས་་་ས་དང་།དྲི་མ་་་དང་།མཆིལ་་་མ་དང་།སྣབས་དང༔ ཡུལ་ཕྱོགས་་་དེའི།ས་དང་གྲོང་་་དང་།ཁྱིམ་་་དང་།ཞིང་གི་ས༔ དེ་རྣམས།་་་བླངས་ལ་སྔར་གྱི་མནན་གཏད་་་བྱས་པའི།ས་དེ་རུ་སྤུངས༔ ས་མ་ཡ་ནཱ་ག་རཱ་ཛ་དགྲ་བོ་ཆེ་གེ་མོ་ཨཱ་ཀརྴ་ཡ་ནྲྀ་ཛཿཛ༔ ཅེས་པ་བརྒྱ་སྟོང་བཟླས་ལ་དགྲ་བོ་དགུག་གཞུག་བྱ༔ གཏད་སྒྲུབ་པའི་སྐབས་ཀྱི།་་་འབོད་རྦད་གསད་པའི་སྦྱོར་བ་དྲག་པོ་བྱ༔ བན་དྷེ་་་དང་།བོན་པོ་་་དང་།བུད་མེད་ནག་མོ་དང༔ སྡིག་པ་ནག་པོ་་་དང་།སྦྲུལ་ནག་་་པོ།ཅེ་སྤྱང་སྐྱོང༔་་་བ་རྨིས་ན། དེ་ནི་འགོར་བའི་རྟགས་ཡིན་འདི་ལྟར་བྱ༔ ཀླུ་གཏོར་རྩི་སྨན་་་དང་།གོང་ལྟར་་་བ་དམར་ཟལ་དང་ར་དཀར་མོའི།འོ་མ་སྦྱིན༔ ཀླུའི་སྤང་ཀོང་བཀླག་ཅིང་་་ཀླུ་ལ།ཞུ་འབུལ་བཤགས་པ་བྱ༔ གཏད་ཀྱི།་་་འབོད་རྦད་གསད་པའི་སྔགས་ཀྱིས་རྦད་གསད་དྲག་པོ་བྱ༔ མ་གྲུབ་སྤོགས་པའི་ལས་་་བཤད་པ།ཀུན་བྱ༔ དེ་ཡིས་ལས་ལ་ཚུད་པར་བྱ༔ ཐེབས་ཟློག་འབྱམས་པའི་གནད་མེད་ན༔ གཏད་མནན་བྱེད་པ་ཐམས་ཅད་ཡུག་པ་རྐྱང༔ ཞེས་སོ༔ དེ་ཡང་ཐེབས་ན་ཀླུ་གཏོར་ཆུ་གཏོར་གྱིས༔ གཏང་རག་གཉན་པོ་གཏང་བར་བྱ༔ འབྱམས་ན་གཏད་དམག་དྲང་བ་དང༔ ལམ་བསྟན་སྣ་བླན་བཞེས་ཀྱང་གཞུག༔ འགོར་ན་སྤོགས་དང་ཤི་ས་བསྟན༔ ལོག་ན་གཡེན་པོ་སྔགས་རྫས་ཏིང་འཛིན་འབད༔ གསེར་་་དང་།ལིང་ག་དང་སྦྲགས་པས་བསྐལ་པ་མ་ཞིག་བར་དུ་མི་ཟློག་པ་ཡིན་ནོ༔ དགྲ་ཚན་ཆེ་ན་་་གསེར།དེ་ཡང་མི་དགོས༔ ཡུལ་གྲོང་ཞིང་ཁྱིམ༔ ཕ་མེས་་་དགྲ་བོའི།ཉེ་འཁོར་ལ་སོགས་གཏད་པས་མི་འབྱམས་པ་དང༔ ཟ་འདྲེ་ལྡང་བ་དང༔ སྐྱེ་རྒྱུད་འཆད་པ་ཡིན་ནོ༔ ཐ་མར་ཡུལ་ཞིང་འདྲེ་ཅན་དུ་འགྲོའོ༔ མཚོ་ལ་བྱེད་ན་གཏིང་རྡོ་དང་སྦྲགས༔ ཆུ་མིག་ལ་བྱེད་ན་སྔོ་ཕུག་ནས་ཡར་ཁྲུ་གང་གི་སར་མར་ལ་་་དོང་།ཁྲུ་གང་བས་མི་ཐུང་བར་་་བྲུས་ལ།གཏད༔ སྐམ་ས་ལ་བྱེད་ན་འབུར་དུ་དོད་ཙམ་བྱ༔ རོ།་་་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་ལྟེ་བར་ལཾ་ནན་བྲིས་པས་ཁ་བཅད༔ ལཾ་ལས་རི་རབ་ཏུ་བསྐྱེད་དེ་མི་ལྡངས་པར་བསམ་མོ༔ རི་རབ་མ་བསྐྱེད་ན་འཆོར་བ་ཡིན༔ ཟ་ལམ་མ་བསྟན་ཅིང་ལམ་ལ་བསྒྲལ་ན་དགྲ་ངོ་མི་ཤེས་པ་ཡིན༔ སྐམ་གཏད་གཤེར་གཏད་གང་བྱེད།་་་ནམ་དུ་ཡང་རྩོལ་བ་དང་མྱུར་མགྱོགས་དང་བརྟུལ་ཞུགས་མེད་ན་དོན་མི་འགྲུབ༔ རྫས་སྔགས་ཏིང་ངེ་འཛིན་ལ་སོགས་པ་་་དེ་ཡང་བརྣག་པ་དང་། བརྩོན་འགྲུས་དང་། མཁས་པའི་མན་ངག་གཞུང་དང་མ་འགལ་བའོ།གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དང་སྦྲེལ་ཏེ་ཉམས་སུ་བླང་བར་བྱའོ༔ དེ་ལྟར་མནན་གཏད་བྱེད་པ་ལ༔ ཀླུ་ཡི་ཐེབས་ཟློག་བརྩི་བར་གཅེས༔ ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱི་ཟླ་བ་ཡིན།་་་དཔྱིད་ཟླ་ར་བ་ཉ་ལ་ཁྲིམས་བསྲུང་བས་ཟློག༔ དང་པོ་མཆུའི་ཟླ་བ།་་་འབྲིང་པོའི་བརྒྱད་དང་ཉི་ཤུ་ལ་ཆོས་བྱེད་པས་ཟློག༔ གཉིས་པ།་་་ཐ་ཆུང་་་དབོའི་ཟླ་བར།ཉེར་ལྔ་མ་ཡིན་པར་རིལ་ལ་དྲན་པ་ཉམས་པས་མི་ཐེབས༔ གསུམ་པ།་་་དབྱར་ར་་་ནག་པ།ཟླ་བའི་ཚེས་བརྒྱད་ལ་ཀླུ་ཐམས་ཅད་ཟས་ལ་ལངས་པས་ཐེབས་སོ༔ ཉ་ལ་གཉན་ལ་གྲོ་འདེབས་པས་ཐེབས༔ ཉི་ཤུ་ལ་ངལ་གསོ་བས་ཟློག༔ ས་ག་ཟླ་བ།་་་དབྱར་འབྲིང་་་བཞི་པ།ཉེར་གཉིས་མི་ལ་ཟས་འཚོལ་བས་ཐེབས༔ བརྒྱད་དང་ཉ་ལ་ཟློག༔ ལྔ་པ།་་་དབྱར་ཐའི་་་སྣྲོན་གྱི་ཟླ་བ།ཉ་ལ་སྲིད་པ་རྒྱལ་པོའི་ལས་བྱེད་པས་ཐེབས༔ བཅུ་གཅིག་ལ་ཁྲུས་བྱེད་པས་ཟློག༔ དྲུག་པ།་་་སྟོན་རའི་་་ཆུ་སྟོད་ཟླ་བ།བཅུ་དགུ་ལ་ཟས་འཚོལ་བས་ཐེབས༔ བཅུ་དྲུག་ལ་དྲན་པ་མེད་དེ་ཟློག༔ བདུན་པ།་་་སྟོན་འབྲིང་་་གྲོ་བཞིན་ཟླ་བ།འབྲུ་ཡི་བཅུད་སྡུད་དེ་ཚེས་ལྔ་དང་བཅོ་ལྔ་ལ་ཐེབས༔ བརྒྱད་པ།་་་སྟོན་ཐ་་་ཁྲུམས་སྟོད་ཟླ་བ།གནས་འཚོལ་བ་དང་གོས་གོན་པས༔ ཚེས་གཅིག་ཉེར་གསུམ་བཅུ་གཅིག་ལ་ཐེབས༔ དགུ་བཅུ་དགུ་ཉེར་དགུ་གསུམ་ལ་ཟློག༔ དགུ་པ།་་་དགུན་ར་་་ཐ་སྐར་ཟླ་བ།ཀླུ་ཐམས་ཅད་རྩི་ཤིང་གི་བཅུད་སྡུད་པས་བཅོ་བརྒྱད་ལ་བྱ་བརྩི་བ་ཐེབས་སོ༔ ཚེས་བཅོ་ལྔ་ཡང་ཐེབས་སོ༔ བཅུ་ལ་ཟློག༔ བཅུ་པ།་་་དགུན་འབྲིང་་་སྨིན་དྲུག་ཟླ་བ།འབྲུའི་བཅུད་སྡུད་པས༔ ཉ་དང་ཉེར་གཅིག་ལ་ཐེབས༔ དྲུག་གསུམ་་་ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག།ལ་ཟློག་གོ༔ བཅུ་གཅིག་པ།་་་དགུན་ཟླ་་་མགོ་ཟླ་བ།ཐ་ཆུང་ཉལ་ཏེ་ཕན་གནོད་མེད་དོ༔ གཏད་ཁྲམ་ལ་སོགས་ཀླུའི་ལས་གང་ཡང་འདི་ལྟར་ཐེབས་དང་མ་བསྟུན་ན་ཡུག་པ་རྐྱང༔ དེས་ན་ཐེབས་ཟློག་བརྩི་བ་ཤིན་ཏུ་གཅེས་སོ༔ དེ་ཡང་་་བཅུ་གཅིག་པའི་བཅོ་ལྔ་ནས།དགུན་ཐ་ཆུང་དང་་་བཅུ་གཉིས་པ་དང་།དཔྱིད་ཟླ་གསུམ་ལ་ཉལ་ལོ༔ ཚེས་བརྒྱད་ནས་ལྡང་།་་་དབྱར་ཟླ་བ་་་གསུམ་པ་བཞི་པ་ལྔ་པ།གསུམ་ནས་ལྡང་་་ཉི་ཤུ་ནས་ཀྱང་།སྟེ༔ དགུ་པ།་་་དགུན་ར་་་བཅུ་པ།དགུན་འབྲིང་ཤིས་པ་ཡིན༔ དྲུག་པ་བདུན་པ་བརྒྱད་པ།་་་སྟོན་ཟླ་གསུམ་ལ་དར་བ་ཡིན༔ དེ་ཡང་ལྟོ་འགྲོ་་་ཧོར་ཟླ་གསུམ་པ་སྦྲུལ་གྱི་ཟླ་བ།སྦྲུལ་གྱི་ལོ་དང་ཟླ་བ་དང༔ དེ་ཡི་ཉ་ལ་རབ་ཏུ་ཤིས༔ ཞེས་སོ༔ ཀླུ་ལ་ཉལ་ཁར་གཏད་པས་ཟས་སུ་ཟ༔ ལྡང་བའི་དུས་སུ་གསོད་དོ༔ ཞེས་སོ༔ གདུག་པ་ཀླུ་ཡི་ཐེབས་ལྡོག་བསྟན་པའོ༔ རྡོ་རྗེ་གཙུག་ལག་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཀླུ་ཡི་རྟགས་མཚན་དང༔ དམོད་ཚིག་དང༔ ཐེབས༔ ཟློག༔ འབྱམས་དང༔ འགོར་ན་གནད་ལ་དབབ་པ་དང༔ ཐེབས་ཟློག་བརྩི་བའི་ལེའུ་སྟེ་སོ་གཉིས་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ གདུག་པའི་དགྲ་བགེགས་མ་ལུས་རྣམས༔ མ་ཐོགས་མྱུར་དུ་བསྒྲལ་བྱས་ནས༔ བདག་གཞན་རྒྱལ་བའི་སྲས་སུ་བསྒྲུབ་པའི་ཕྱིར༔ འཕོ་འཇུག་གནས་སྤར་འདི་ལྟ་སྟེ༔ རྣལ་འབྱོར་རྣམ་པ་གཉིས་སུ་ཤེས༔ དང་པོ་རབ་ཀྱི་བྱ་བ་ནི༔ ཡང་དག་དོན་རྟོགས་སྐུ་གསུམ་ལྡན༔ བདག་དང་ལས་མཁན་དགྲ་བོ་གསུམ༔ བྱ་རྩོལ་མེད་པའི་ངང་དུ་གསལ༔ བདག་གིས་བསྐུལ་བ་མི་དམིགས་དང༔ དམ་ཅན་བསྐུལ་བྱ་མི་དམིགས་དང༔ དགྲ་བོ་བསད་པ་མི་དམིགས་གསུམ༔ ཆོས་ཉིད་རོལ་པའི་རྒྱན་དུ་ཤར༔་་་དེ་གསུམ་ཀ་ཆོས་ཉིད་ལ་ཆོས་ཉིད་རོལ་པ་ཡིན། བྱ་རྩོལ་མེད་པའི་ངང་དུ་བསྟན༔་་་ཆོས་སྐུ་དོན་གཅིག་པའོ། །བྱ་རྩོལ་མེད་པར་དེ་རྟོགས་ན༔ འཕོ་འཇུག་གནས་སྤོར་མཆོག་ཡིན་ནོ༔ ཆོས་སྐུ་སྤང་བླང་མཐའ་བྲལ་སྟོང༔་་་པ་ཡིན། བྱ་རྩོལ་མེད་པར་རྟོགས་གྱུར་ན༔ ཁམས་གསུམ་ཐམས་ཅད་བསྒྲལ་གྱུར་ཀྱང༔ བག་ཆགས་སྡིག་པ་རྡུལ་ཙམ་མེད༔ དགྲ་བགེགས་དེ།་་་ལས་ངན་བག་ཆགས་སྡུག་ཡུན་ཐུང༔ བསོད་ནམས་ཡེ་ཤེས་་་ཆོས་སྐུ་རྟོགས་པས།ཚོགས་ཆེན་རྫོགས༔ ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ༔ གསད་བྱ་་་དགྲ།གསོད་བྱེད་་་དམ་ཅན།གསོད་པ་པོ༔་་་རྣལ་འབྱོར་པ། ཆོས་སྐུ་རོ་གཅིག་པའོ།་་་ཡོངས་སུ་མི་དམིགས་རྣམ་པར་ཤེས་པ་དག༔ དེ་ནི་གནས་ཀྱི་མཆོག་ཏུ་གསུངས༔ རྣལ་འབྱོར་འབྲིང་དང་ཐ་མའི་བྱ་བ་ནི༔ བསྒྲལ་བ་དག་ལ་རྣམ་པ་གཉིས༔ འདི་ནས་ཕ་རོལ་བསྒྲལ་བ་་་སྲོག་བཅད།དང༔ དེ་ནས་བླ་མེད་བསྒྲལ་བ་འོ༔་་་སྲོག་བཅད་ནས་རྣམ་པར་ཤེས་པ་འཁྱམས་པ་དེ་ཆོས་སྐུར་གནས་སྤར་བའོ། །དང་པོ་ཕ་རོལ་བསྒྲལ་བ་ཡང༔ གདུག་པའི་དགྲ་བགེགས་མ་ལུས་ཀུན༔ སྔགས་རྫས་ཏིང་འཛིན་རྣམ་གསུམ་་་གཞུང་ལྟར།གྱིས༔ རྣམ་གསུམ་སྲོག་་་ཕྱི་ནང་གཉིས་དང་རྗེས་དྲན།དང་བྲལ་བར་བྱ༔ དེ་ནས་བླ་མེད་བསྒྲལ་བ་འོ༔ བ་དོར་འཁྱམས་པའི་་་གཟས་པ་པོའི།རིག་པ་འོ༔ རྣམ་ཤེས་་་གང་ཡིན།ཡིག་འབྲུ་་་ནྲྀ།ཉིད་དུ་གསལ༔ ཆོས་་་ཀྱི།དབྱིངས་་་ཆོས་སྐུའི།ཡེ་ཤེས་ཡིག་འབྲུ་་་ཨ་དང་།སྦྱར༔ ཨ་ནྲྀ་ཡཾ་སྥ་ར་ཎ་ཕཊ་ཅེས་སོ།་་་ཡཾ་གྱིས་རབ་བསྐྱོད་འོག་མིན་དུ༔ ཆོས་དབྱིངས་ཡི་དམ་ཐུགས་ཀ་རུ༔་་་སྤྲོས་བཅས་སུ་གནས་སྤར་བ་ལོངས་སྐུའོ། །རྡོ་རྗེ་འཆང་།་་་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི༔ སྦྱོར་མཚམས་འཕངས་ཏེ་ཨ་ཨ་ཨ༔ ཞེས་བརྗོད་་་ཡེ་ཤེས་སེམས་དཔའ།ཡབ་ཡུམ་སྦྱོར་བ་བྱས༔ བདུད་རྩིའི་རྣམ་པར་་་འོད་དཀར་ལྟེམ།རབ་ཏུ་ཞུ༔ ངག་ཏུ་ཡང་།་་་ཧཱུྃ་ཧཱུྃ་ཧཱུྃ་ཞེས་་་འོད་དེ།རྒྱལ་བའི་སྲས་སུ་སྐྱེད༔ བདག་གཞན་དོན་རྣམས་་་སྤྲུལ་སྐུས།བྱེད་པར་བསམ༔ དེ་དུས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ཐུན་མོང་་་དུ་ནི།ཁོ་ཤི་་་ནས་ཁོའི།བཀྲག་གཟི་མདངས༔ བདག་ལ་འདུས་ཏེ་་་བདག་བཀྲག་དང་གཟི་མདངས།རྒྱས་པར་བསམ༔ མཆོག་ཉིད་དུ་ནི་བདག་དང་གཟས་པ་པོ༔ རང་ཡི་དམ་དང་ཁོ།་་་གཉིས་ཀ་རྒྱལ་བའི་་་སྲས་པོའི།ངང་དུ་གནས༔ དེ་ཡིས་དངོས་གྲུབ་རྣམ་གཉིས་་་རང་གིས།ཐོབ༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ འཕོ་འཇུག་གནས་སྤོར་གྱི་ལེའུ་སོ་གསུམ་པའོ༔ སྟོབས་ལྡན་ཆེན་པོས་ཡང་གསུངས་པ༔ རྒྱལ་བས་གསུངས་པའི་བཀའ་བརྒྱུད་ཐམས་ཅད་དང༔ ཕན་གནོད་ལས་རྣམས་ཐམས་ཅད་ལ༔ སྤྱི་ཁྱབ་གཅེས་པའི་མན་ངག་བསྟན༔ དེ་ལ་རྣམ་པ་གསུམ་ཡིན་ཏེ༔ གྲོགས་བསྟེན་དུག་དབྱུང་རྒྱན་གདགས་པའོ༔ སྲོག་སེར་ཐོག་དང་ཆོ་འཕྲུལ་དང༔ སེར་བ་གཅོད་དང་རང་གཤེད་དབབ༔ ཕན་གནོད་ཀུན་ལ་བརྩི་བར་བྱའོ༔ དང་པོ་གྲོགས་ལ་རྣམ་པ་ལྔ༔ སྔོན་འགྲོ་མདོས་དང་མནན་སྲེག་འཕང༔ དེ་རྣམས་ཀུན་ལ་རྒྱུག་པ་ཡིན༔ དང་པོ་སྔོན་འགྲོ་ཚོགས་གསོག་པ༔ ལས་ལ་འཇུག་པའི་སྔ་རོལ་དུ༔ ཕྱི་ཡི་སྔོན་འགྲོ་ཚ་ཚ་དང༔ ཉེ་འདོན་ཆུ་གཏོར་སྤང་ཀོང་བཀླག༔ ནང་གི་སྔོན་འགྲོ་ཚོགས་འཁོར་དང༔ དབང་ཞུ་དམ་ཚིག་བསྐང་ཞིང་བཤགས༔ ཕྱིས་ནི་མི་ཉམས་སྲོག་ལ་བབ་ཀྱང་བསྲུང་བ་དང༔ གསང་བའི་དམ་ཚིག་བསྙེན་པ་ཐེམས་དང་ལྟ་བ་རྟོགས་པ་དང༔ བླ་མ་བཀུར་ཞིང་གདམས་པའི་གནད་ལྡན་གཅེས༔ དེ་ལྟར་སྔོན་འགྲོ་རྣམ་གསུམ་གྱིས༔ རང་ཉིད་ནུས་མཐུ་ལྡན་ཞིང་ཕར་ལ་ཐེབས་པ་དང༔ བར་ཆད་མི་འབྱུང་བསམ་པ་འགྲུབ་པར་བྱེད༔ དེ་ནི་སྤྱི་ཁྱབ་གཅེས་པའི་མན་ངག་དམ་པའོ༔ གཉིས་པ་མདོས་ལ་གསུམ་བཞི་ལྔ༔ མནན་བསྲེག་འཕང་པ་ཀུན་གྱི་གྲོགས་སུ་སྦྱར་བར་བྱ༔ དེ་རྣམས་གྲོགས་ཀྱི་རིམ་པ་བསྟན་པའོ༔ སྤྱི་ཁྱབ་གཉིས་པ་དུག་དབྱུང་བསྟན་པ་ནི༔ རྫས་སྔགས་ཏིང་འཛིན་གྲོགས་དག་དང༔ བགེགས་ཀྱི་དུག་ལྔ་སྤང་བ་གཅེས༔ དང་པོ་སྔགས་ཀྱི་དུག་སྤང་བ༔ གསད་་་པ་དང་།གསོ་་་བ་གཉིས།དུས་གཅིག་་་ལ།མི་ཕྲུགས་སྤང་བར་བྱ༔ དགུག་་་པ།དང་བསྐྲད་པ་གཉིས་་་དུས་གཅིག་ལ།མི་ཕྲུགས་སྤང་བར་བྱ༔ ཕན་་་པ།དང་གནོད་པ་་་གཉིས་ཀྱང་།དེ་བཞིན་་་དུས་གཅིག་ལ་མི་ཕྲུགས།སྤང་བར་བྱ༔ གཉིས་པ་རྫས་ཀྱི་དུག་དབྱུང་བ༔ དགྲ་བགེགས་གང་ལ་བྱེད་གྱུར་ཀྱང༔ གསད་པའི་དུས་སུ་གསོ་བའི་རྫས་ཀུན་སྤང༔ ཕན་བྱའི་དུས་སུ་གནོད་པའི་རྫས་སྤང་དང༔ གནོད་བྱའི་དུས་སུ་ཕན་བྱའི་རྫས་སྤང་བའོ༔ གསུམ་པ་ཏིང་འཛིན་དུག་སྤང་བ༔ ལས་ཀྱི་ལྷ་ནི་ཡིག་འབྲུ་མི་སྐྱེད་དོ༔ སྒབ་ཀྱི་ལས་ནི་བུལ་བ་འོ༔ རང་བཞིན་སྲོག་སྔགས་བཟླས་པས་སྔོན་ལ་བྱུང་བ་དང༔ ལས་བྱེད་པར་བསམ་མོ༔ སྔགས་རྒོད་ཆིག་ཤུར་དུ་བགྲང་ཞིང་ལས་དྲག་ཏུ་བཅོལ༔ གཏོར་མ་འདོད་ཡོན་དུ་བྱིན་གྱིས་མི་བརླབས་པར་དགྲའི་ཤ་ཁྲག་ཏུ་བསམ༔ བཞི་པ་གྲོགས་ཀྱི་དུག་ནི༔ ཞག་ཉེར་གཅིག་གམ་ལས་མ་གྲུབ་ཀྱི་བར་དུ༔ རྩ་བའི་བླ་མ་དམ་པ་མ་ཡིན་པ༔ རྒྱལ་བའི་སྲས་སུ་ཡང་མི་ཉེ༔ ཁྱད་པར་གྲོགས་མོ་མཛའ་མོ་མི་ཉེ༔ སྔགས་ཀྱི་ནུས་པ་ཞུད་འགྲོ༔ གཞན་ཡང་དམ་ལ་མི་གནས་པ་དང༔ བཏང་སྙོམས་དང་ལེ་ལོ་ཅན་དང༔ བརྟུལ་ཞུགས་ཆུང་བ་གཡེང་བ་ཆེ་བ་ཀུན་སྤང་ངོ༔ ལྔ་པ་བགེགས་ཀྱི་དུག་ནི༔ དམ་སྲི་དང་གནོད་བྱ་གཟིར་བར་བྱ༔ བན་དགྲའི་སྲུང་མ་ལ་གཏོར་མ་བྱིན་ཏེ༔ ཁོ་རང་གི་གཤེད་དུ་དབབ༔ སྣང་སྲིད་ལྷ་འདྲེ་རང་གི་གྲོགས་སུ་བསྒོའོ༔ དེ་ལྟར་དབྱེ་བསལ་ཤེས་པར་བྱའོ༔ སྤྱི་ཁྱབ་གསུམ་པ་རྒྱན་རྣམས་གདགས་པ་ནི༔ སྔགས་རྫས་ཏིང་འཛིན་གྲོགས་དང་ལས་ལྔ་སྟེ༔ དང་པོ་ནི་སྔགས་ནི༔ ཡི་དམ་བསྙེན་པ་སྔོན་དུ་རྫོགས་པ་དང༔ ལས་དུས་ཕན་དང་གནོད་པའི་སྔགས་མི་བསྲེ༔ ལས་མཁན་སྙིང་པོ་དག་ལ་འབད༔ གཉིས་པ་རྫས་ཀྱི་རྒྱན་ནི༔ གསད་གསོད་གང་ལའང་དྲེགས་པ་རང་རང་རྫས་རྣམས་འཛོམ་པ་གཅེས༔ ཕན་དང་གནོད་པ་ཡོངས་མི་བསྲེ༔ གསུམ་པ་ཏིང་འཛིན་རྒྱན་གདགས་པ༔ རང་ཉིད་ཡི་དམ་ཡེ་ཤེས་གསལ་བ་དང༔ དམ་ཅན་ཐོགས་མེད་ལས་གང་བཅོལ་བར་བྱེད༔ སྔགས་ཀྱིས་བསྐྱེད་དེ་རྫས་དེས་གྲུབ་པར་བསམ༔ བཞི་པ་གྲོགས་ཀྱི་རྒྱན་ནི༔ དམ་ལ་གནས་ཤིང་སྤྱོད་ལམ་མཁས༔ དཔའ་ཞིང་བརྟུལ་ཞུགས་ཆེ་བ་དང༔ གསང་བའི་མན་ངག་ཐུབ་པ་འོ༔ ལྔ་པ་ལས་ཀྱི་རྒྱན་ནི༔ རྣལ་འབྱོར་པ་སྟོབས་དང་ནུས་པ་ཆུང་ན༔ ལོག་གནོན་སྔོན་དུ་བཏང་བ་སྟེ༔ དང་པོ་ལས་ཚོགས་གསོག་པ་ཀུན་བྱའོ༔ སྟོབས་ཆེན་དྲེགས་པ་ཀུན་གཟིར་ཏེ༔ གཤེད་ལ་ཕབ་སྟེ་ལས་བཅོལ་ལོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཕན་གནོད་ཀྱི་ལས་གང་ལ་ཡང་གཅེས་པ༔ སྤྱི་ཁྱབ་གདམས་པ༔ སྔོན་འགྲོ་དང༔ དུག་དབྱུང་རྒྱན་གདགས་པའི་ལེའུ་སྟེ་སོ་བཞི་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ ལས་སྦྱོར་ཆེན་པོ་དྲག་སྔགས་རྣམ་པ་བདུན༔ རིམ་གྱིས་ཉམས་སུ་བླང་བ་འདི་ལྟ་སྟེ༔ སྲོག་སེར་ཐོག་དང་གསད་དང་ཆོ་འཕྲུལ་ལྔ༔ མནན་བསྲེག་འཕང་གསུམ་དག་ལ་གཅིག་ཏུ་བརྩི༔ ཀུན་གྱི་གྲོགས་སུ་ཤེས་པར་བྱ༔ གསོ་བ་དག་དང་རྣམ་པ་བདུན་ནོ༔ དང་པོ་གསད་པའི་ལས་རྣམ་གཉིས༔ གསོད་བྱེད་དྲེགས་པ་དང་དམ་ཉམས་དགྲ་བོ་ཡིན༔ དེ་ལྟར་གང་ཡང་རུང་སྟེ་གཟིར་མནན་སྐྱ་གཅོད་ནི༔ ངོ་མཚར་ཆེའོ།་་་ཨེ་མ་ཧོ༔ སྟོང་གསལ་ངོ་བོ་ཆོས་སྐུའི་གནས་ལུགས་བསྟན།་་་ཆོས་དབྱིངས་རང་བཞིན་ཡེ་ནས་ལྷུན་གྱིས་གྲུབ༔་་་པར་གནས་སོ། །ཡེ་ཤེས་དཀྱིལ་འཁོར་སྣང་ལ་རང་བཞིན་མེད༔ གསུམ་པ་སྤྲུལ་སྐུའི་གནས་ལུགས་བསྟན་པའོ།་་་སྤྲུལ་པས་སྣ་ཚོགས་ལོག་རྟོག་འགྲོ་བ་འདུལ༔་་་ཕན་གནོད་ཀྱི་ལས་གང་ལ་གང་འདུལ་སྟོན། ཐ་སྙད་ཚིག་གཏམ་་་མང་པོ།དོན་གྱིས་་་འགྲོ་བ་འདུལ་ཕྱིར།ཡང་དག་སྟོང༔་་་པར་ཆོས་སྐུར་གནས་སོ། །དེ་ལྟར་རྟོགས་ན་་་འཁོར་འདས་སྐུ་གསུམ་ལྷུན་གྲུབ།སངས་རྒྱས་ཉིད་ཡིན་ཏེ༔ དེ་ལ་གསད་་་བྱ་དང་གསོད་པར་བྱེད།ཅིང་གསོད་པ་གསུམ་ཆོས་ཉིད་རོལ་པ།མནན་པ་ཅི་ཡང་མེད༔ ཕྱི་ནང་སྣོད་བཅུད་་་ཀུན་རྫོབ་དང་དོན་དམ།སྣང་སྲིད་འཁོར་འདས་་་ཐམས་ཅད།ཀུན༔ ཡེ་ནས་སངས་རྒྱས་ཡིན་ཡང་ཀུན་རྫོབ་ཏུ་སྣང་བ་ནི།ཆོས་སྐུ་སྒྱུ་མ་རོལ་པའི་རྒྱན་དུ་ཤར༔་་་བའོ། །བདེན་པའི་དོན་མ་རྟོགས་པས་་་དྲེགས་པ་ཀུན།དུག་ལྔ་ཕུང་པོ་་་གཟུགས་འདུ་ཤེས་འདུ་བྱེད་རྣམ་ཤེས་ཚོར་བ།ལྔ་རུ་སྨིན༔ འཁོར་བའི་ཆོས་ཀུན་དང་།་་་ལུས་ངག་སེམས་ཀྱི་འདུ་བྱེད་ཀྱིས༔ ང་བདག་ཏུ་བཟུང་སྟེ།་་་གཞན་ལས་ལྷག་པའི་་་མཐུ་དང་།སྟོབས་རྙེད་དེ༔ དྲེགས་པའི་་་སྡེ་དཔོན་བཅོ་བརྒྱད་ལ་སོགས།ལུས་ངག་སེམས་སུ་སྣང༔ ཞེ་སྡང་།་་་གདུག་པའི་སེམས་ཀྱིས་་་སེམས་ཅན་ལ།གསོད་ཅིང་རྔམས༔ འགྲོ་དྲུག་གི།་་་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ༔ གདུག་བྱེད་དྲེགས་པ་ཅན།་་་དེ་ལ་་་རང་གཤེད་རྩི།ལས་ནི་བྱ་བར་་་སྟོན་པ་ཀུན་ཏུ་བཟང་པོས།གསུངས༔ རྒྱུ་མི་དགེ་བ་བཅུ་ལས་གྲུབ་པའི།་་་བྱེ་བ་ས་ཡ་གནས་པའི་ལྷ་འདྲེ་ཡང༔ རྣམ་ཤེས་་་རྒྱུ་མ་རིག་པ་ལས་བྱུང་བ།གཅིག་ན་ཡེ་ཤེས་གཅིག་་་སྤྱི་སྲོག་ཨཱེཿཡིག།ལ་བསྡུ༔ རྣམ་ཤེས་་་དེ་ལ་དྲེགས་པ་བཅོ་བརྒྱད།མི་གཅིག་་་ཡིག་འབྲུ་རེ་རེར་གྲུབ་སྟེ།ཡི་གེ་གང་ཡིན་ཇི་རན་བཏུ༔ དེ་ལ་དགུག་བྱེད་་་ཛཿཛཿལྟ་བུ།བཅུག་ན་བསྙེན་པའི་སྔགས་ཡིན་ཏེ༔ འཕེན་བྱེད་་་བྷྱོ།བཅུག་ན་གསད་པ་ཡིན༔ གསད་གཅད་བཅུག་ན་དེ་ཉིད་དོ༔ དེ་སོགས་སྔགས་ཀྱི་་་ལས་ཕན་གནོད་ཀྱི་འདོགས་ལུགས།སོ་རྣམས་གང་འདོད་སྦྱར༔ དེ་ཡིས་་་ཕན་གནོད་སོ་བརྒྱ་དང་ལྔ་བཅུ་སོགས།་་་ལས་རྣམས་གང་འདོད་འགྲུབ༔ གཙུག་ལག་་་མཚན་བསྟན་ཏོ།ཕྱག་ཆའི་དྲག་སྔགས་ཀྱི༔ གསོད་པའི་ལས་་་མང་པོ་སྦམ་དང་ཆོལ་བུར་བཏུབ།ལ་་་དགྲ་བགེགས།རྣམ་པ་གཉིས༔ དགྲ་བགེགས་རྣམ་་་པ།གཉིས་རང་་་རང་ལ་ཁོ་རང་རང་།གཤེད་དབབ༔་་་སྟེ། དང་པོ་གནོད་བྱེད་དྲེགས་པ་ཉིད༔ ཁོ།་་་རང་གི་ཕྱག་ཆ་་་ཁོ།རང་ལ་་་ཕར་ལ།བསྐོར༔ གསད་པའི་ལས་ནི་འདི་ལྟ་སྟེ༔ གསག་པའི་ལེའུར།་་་རྫས་དང་འཁོར་ལོ་་་བསྐོར་བའི་ལེའུ་རུ།གོང་དུ་སྨྲོས༔ བཟླས་པའི་སྔགས་ནི་འདི་ལྟ་སྟེ༔་་་གཟིར་བའི་རང་བཞིན་དྲག་པོ་བཙན་ཐབས་ཟློག་དཀྲུག་མེ་ཆུ་ལ་སོགས་ཤེས་པར་བྱ་སྟེ་སྔར་བཤད་པ་ལྟར་རོ། །དེ་ལ་སྤྱི་དང་བྱེ་བྲག་གཉིས༔ དང་པོ་སྤྱི་གཟིར་བསྟན་པ་ནི།་་་སྤྱི་ནི་ཐམས་ཅད་གཟིར་བའི་སྟོབས་དང་ལྡན༔ སྤྱི་བསྡུས་སྙིང་པོ་ཡིག་འབྲུ་བཞི༔ བཛྲ་སརྦ་དུཥྚཱཎ༔ དེ་ལ་གཟིར་བའི་ཡི་གེས་་་ཏྲིག་ནན་ལ་སོགས་རང་བཞིན་དྲག་པོ་བཙན་ཐབས་གསུམ་གང་དགོས་སྦྱར།གཟིར༔ དྲེགས་པའི་རྣམ་ཤེས་་་སྤྱི་སྲོག་ཨཱེཿ།ཡིག་འབྲུ་གཅིག༔ འཕྲོག་བྱེད་ཡི་གེ་འབྲུ་གསུམ་་་ཧུར་ཐུམས་ཛཿ།གྱིས༔ སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན༔ གསོད་བྱེད་མཚོན་ཆ་འབྲུ་བཞི་་་མཱ་ར་ཡ་རྦད།ཡིས༔ རང་སྲོག་རང་གིས་གཅོད་པར་བྱེད༔ དེ་ནི།་་་དྲེགས་པ་སྤྱི་ཡི་དྲག་སྔགས་སོ༔ དྲེགས་པའི་་་སྔགས་ཀྱི་འཕྲུལ་ཐབས།དེ་ཉིད་ཤེས་གྱུར་ན༔ དྲེགས་པ་་་དེ་ནི།རང་སྲོག་རང་གིས་གཅོད༔་་་པར་བྱེད། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ བྱེ་བྲག་་་དྲེགས་པ་རེ་རེ་གཟིར་བ།བསྟན་པ་འདི་ལྟ་སྟེ༔ སྲིད་པ་དབང་བྱེད་གཤིན་རྗེ་་་གཟིར་བ།ནི༔ སྟོབས་ཡིག་བཞི་་་བཛྲ་སརྦ་དུཥྚཱཎ།ཡིས་མགོ་ཡང་མནན༔ མིང་ཡིག་་་ཡ་མ།ཏྲིག་ནན་སོགས།་་་གཟིར་བྱེད་་་རང་བཞིན་དྲག་པོ་སོགས།ཡི་གེས་གཟིར༔ གཤིན་རྗེའི་རྣམ་ཤེས་ཡིག་འབྲུ་་་ཡ།གཅིག༔ འཕྲོག་བྱེད་ཡི་གེ་་་ཧུར་ཐུམ་ཛཿ།འབྲུ་གསུམ་གྱིས༔ སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན༔ གཅོད་བྱེད་མཚོན་ཆ་འབྲུ་བཞི་་་མཱ་ར་ཡ་རྦད།ཡིས༔ གཤིན་རྗེའི།་་་རང་སྲོག་རང་གིས་གཅོད་པར་བྱེད༔ གཤིན་རྗེའི་་་དྲག་སྔགས་ཡིན་ལུགས།དེ་ཉིད་ཤེས་གྱུར་ན༔ གཤིན་རྗེའི་རང་གཤེད་རང་གིས་བྱེད༔ དེ་ཡིས་དྲེགས་པ་བཅོ་བརྒྱད་འགྲེ༔ སྲིད་པ་དབང་བྱེད་མ་མོ་དང༔ མུ་སྟེགས་གདུག་པའི་རིགས་ཅན་དང༔ སྲིད་པ་མགོན་བྱེད་ལྷ་ཉིད་དང༔ ཁྲམ་འདེབས་བདུད་ཕོ་བདུད་མོ་དང༔ གསོད་བྱེད་སྲིན་པོ་ཕོ་མོ་དང༔ ལྟ་བ་ལོག་པའི་རུ་ཏྲ་དང༔ གདུག་པའི་གནོད་སྦྱིན་ཕོ་མོ་དང༔ དམུ་དང་རྒྱལ་པོ་བཙན་དགེ་བསྙེན༔ འགོང་པོ་དམ་སྲི་ཀླུ་ལ་སོགས༔ དབང་ཆེན་དྲེགས་པ་བཅོ་བརྒྱད་ཀྱི༔ སྲོག་སྙིང་དེ་ཉིད་ཤེས་གྱུར་ན༔ དྲེགས་པའི་རང་སྲོག་རང་གིས་གཅོད༔ རང་གི་ཕྱག་ཆ་རང་ལ་བསྐོར༔ དགྲ་བགེགས་གཉིས་པོ་གང་ལ་བྱ་བ།་་་ངེས་པར་རྡུལ་དུ་བརླག་པར་འགྱུར༔ གཟིར་འཕྲོག་གསད་པ་ལ་སོགས།་་་གདུག་པའི་དྲག་སྔགས་མི་བཟད་པ༔་་་མཚོན་ཆ་ལྟ་བུ། ཡི་གེ་རང་གྲུབ་ཏུ།་་་ཡེ་ནས་རང་གི་རྒྱུད་ལ་གནས༔་་་པ་ཡིན་ནོ། །མན་ངག་དང་ལྡན་པས།་་་སྐུལ་བྱེད་རྐྱེན་་་སྔགས་རྫས་ཏིང་འཛིན།གསུམ་གྱིས་བསྐུལ་བས༔ རང་དབང་མེད་པར།་་་ཉོན་མོངས་འཁྲུལ་པའི་སྲོག་རྒྱུད་གཅོད༔་་་ཅིང་འཕྲོག །དེ་བས་ན།་་་འདི་ནི་ཐབས་ཀྱི་དམ་པ་སྟེ༔ ཀུན་རྫོབ་དེ་ལྟར་སྣང་ཡང་དོན་དམ་ཆོས་སྐུ་ལས་མ་འདས་པས།་་་གཅོད་པ་ཉིད་ན་གཅོད་པ་མེད༔ རང་བཞིན་མེད་པ་་་ཆོས་སྐུ་སྤྲོས་པའི་མཐའ་བྲལ།དེར་ཤེས་ན༔ བསད་པ་ཉིད་ནི་་་ཆོས་ཉིད་རོལ་པའི་རྒྱན་དུ་ཤར།བྱང་ཆུབ་ཐོབ༔་་་སྟེ་འཁོར་འདས་སྣང་སྟོང་དབྱེར་མེད་དུ་བསྒོམས་པའི་ཡོན་ཏན་ཡིན་ནོ། །འབྲས་བུ་སྐུ་གསུམ་་་ཆོས་ལོངས་སྤྲུལ་སྐུ།དབྱེར་མེད་བསྒོམ༔་་་པ་གཅེས་སོ། །དེ་བས་སྒྲོལ་བའི་ཐབས།་་་འདི་ནི་ཐབས་ཀྱི་རྒྱལ་པོར་བཤད༔ ཆོས་ཉིད་རོལ་པར་མི་ཤེས་པས།་་་འདི་དང་མི་ལྡན་སྔགས་པ་དག༔ གང་ཞིག་་་འདི་ཡི་སྒོར་ཞུགས་ཏེ།དྲག་པོའི་སྔགས་ཟློས་པ༔་་་ཡི་ཆད་པའོ། །རིག་སྔགས་འཁྲུལ་དང་་་ལྟ་བའི་གདིངས་མེད་པར།ལོག་པ་ཡིས༔ ལྷ་མིན་གཡུལ་ལས་ཕམ་པ་་་དེ་དང་།འདྲ༔ ལྷ་མིན།་་་དབང་པོ་དགྲ་ཡིས་བསད་པ་བཞིན༔ རང་གི་བརྒྱུད་ཀྱང་རློག་པར་བྱེད༔ དེ་བས་་་སྣང་སྟོང་དབྱེར་མེད།སྐུ་གསུམ་ངང་དུ་སྦྱར༔་་་བར་བྱའོ། །གསད་བྱ་་་དགྲ།གསོད་བྱེད་་་དམ་ཅན།གསོད་པ་པོ༔ རང་བཞིན་མེད་པ་་་ཡེ་ནས་སྟོང་པ་ཉིད།ཆོས་ཀྱི་སྐུ༔ བདག་གཞན་གཉིས་སུ།་་་སྤང་བླང་མཐའ་བྲལ་ཡེ་སངས་རྒྱས༔་་་སྣང་སྟོང་དབྱེར་མེད་དུ་རྒྱས་གདབ། དེ་དོན་ལྡན་པས་་་ཕན་གནོད་ཀྱི།དོན་ཀུན་འགྲུབ༔ ཅེས་སོ༔ གསད་བྱའི་ལས་གཉིས་པ་དགྲ་བོ་གསད་པ་ནི༔ མན་ངག་ལྡན་པའི་སྔགས་པ་ལ༔ སྡིག་ཅན་གང་ཞིག་དགྲར་ལངས་ན༔ ཁོ་རང་།་་་སྲུང་བྱེད་དྲེགས་པ་་་དེ་ཁོ་རང་ལ།གཤེད་དུ་དབབ༔་་་སྟེ། རང་བཞིན་དྲག་པོ་བཙན་ཐབས་གཟིར༔་་་ཏྲིག་ནན་སོགས། དྲེགས་པ་་་བཛྲ་སརྦ་དུཥྚཱཎ།གཟིར་ཞིང་་་ཁོའི།གཤེད་དུ་་་ཨཱེཿབྷྱོ།རྦད༔ དེ་རྗེས་གཟས་པོའི་མིང་ཡང་བལྟེམ༔ དེ་རྗེས་སྲོག་་་དགྲ་བོ་ཆེ་གེ་མོའི་ཞེས་དང་།དང་རྣམ་ཤེས་་་ནྲྀ།འཕྲོག༔་་་ཧུར་ཐུམ་ཛཿ གཅོད་བྱེད་མཚོན་ཆ་འབྲུ་བཞི་་་མཱ་ར་ཡ་རྦད།ཡིས༔ ཁོ།་་་རང་གི་ཕྱག་ཆ་་་ཁོ།རང་ལ་བསྐོར༔ དེ་ཡིས་་་ཁོ།རང་སྲུང་་་མ་ཁོ།རང་གཤེད་་་དུ།འབེབས༔་་་སོ། །དགྲའི་མིང་འཇུག་གཅིག་ལས་མེད་པ་དེ།་་་གཅིག་པོ་གསོད་པའི་དྲག་སྔགས་ཡིན༔ སྡེ་བཤིག་་་དགྲ་བོ་ཆེ་གེ་མོའི།མིང་དང་ཤ་ཏྲཱུཾ་བལྟེམ༔ དྲག་སྔགས་་་གཟིར་འཕྲོག་གསད་པ་ལ་སོགས།གཞན་་་རྣམས།ནི་གོང་ལྟར་རོ༔ གཤེད་དུ་་་བཛྲ་སརྦ་དུཥྚཱཎ།དྲེགས་པ་སྤྱི་་་ཨཱེཿབྷྱོ།དབབ་པ༔ གཤིན་རྗེ་ལྟ་བུ་ལ་ཡ་མ་ཏྲིག་ནན་ཡ་བྷྱོ་ཞེས་གཞན་འགྲེའོ།་་་སྒོས་དབབ་པ་ཡང་དེས་མཚུངས་སོ༔ དེ་རྣམས་ནི་དགྲ་བགེགས་་་གཉིས།ཕྱག་ཆ་རང་ལ་བསྐོར་བ་བསྟན་པའོ༔ གདུག་པ་གཟིར་བའི་སྔགས་་་བཛྲ་སརྦ་དུཥྚཱཎ་ཏྲིག་ནན་ཨཱེཿབྷྱོ།མཇུག་ཏུ༔ སེར་བའི་དྲག་སྔགས་འབྲུ་བདུན་་་ཕྲམ་ཕྲམ་ཧྲིལ་ཧྲིལ་ཤར་ཤར་ཕོབ།གྱིས༔ དགྲ་བོའི་ལོ་ཏོག་འཇོམས་པར་བྱེད༔ གདུག་པ་གཟིར་བའི་སྔགས་མཇུག་ཏུ༔་་་བཛྲ་སརྦ་དུཥྚཱཎ་ཏྲིག་ནན་ཨཱེཿབྷྱོ། ཐོག་གི་དྲག་སྔགས་འབྲུ་་་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ།བདུན་གྱིས༔ དགྲ་ལ་ཐོག་གི་བསྐལ་པ་འབེབ༔ ལྟས་ངན་་་གོང་ལྟར་གཟིར་བའི་ཞབས་སུ།ཡི་གེ་འབྲུ་བཞི་་་ཧེ་ཙ་དུན་ཕོབ།ཡིས༔ དམིགས་པའི་འཁོར་དུ་ཆོ་འཕྲུལ་གཏོང༔ གཅོད་པའི་ཡི་གེ་་་གཟིར་བ་གོང་གིས་འགྲེ།འབྲུ་གསུམ་་་ལི་ཙ་རྦད།གྱིས༔ འབྱུང་འཁྲུགས་སེར་བ་གཅོད་པར་བྱེད༔ སྲུང་བའི་ཡི་གེ་་་ནད་གདོན་གང་བསྲུང་བ།འབྲུ་གསུམ་་་རཀྵ་སྭཱ་ཧཱ།གྱིས༔ ནད་དང་གདོན་ཡང་བསྲུང་་་མིང་འཇུག་ངེས།བར་བྱེད༔ དེ་ལྟར་དུ།་་་མནན་བསྲེག་འཕང་བ་ལ་སོགས་པ༔་་་རང་རང་ན་གསལ་ལོ། །ཕན་གནོད་གང་འདོད།་་་སོ་ནི་བརྒྱ་དང་་་ལྔ་བཅུ།རྩ་གཅིག་ནས༔ ཕན་གནོད།་་་གང་འདོད་སྔགས་རྣམས་འཕྲུལ་ཡིན་སྤྱོད༔ ཕྲིན་ལས་རྣམ་བཞི་ལ་སོགས་པ༔ ཕན་གནོད་བྱ་བ་གང་ཡང་འགྲུབ༔ དཀྲུག་་་པ་དང་།ཟློག་་་པ་དང་།མེ་ཆུ་་་གཉིས་ཀྱི།ས་སྲོག་ཀྱང་འཕྲོག༔ གསད་གཅད་མནན་པས་སྲོག་དང་ཕྲལ༔ ལས་དེ་རྣམས་གང་བྱེད་ཀྱང་།་་་སྔགས་རྫས་ཏིང་འཛིན་གསུམ་གྱིས་་་བསྒྲུབས་ན་ངེས་པར།གྲུབ༔ ཅེས་སོ༔ དེ་རྣམས་ནི།་་་རིམ་པས་ལག་ལེན་བསྟན་པ་ནི༔ དང་པོ་སྲོག་གི་ལས་བྱ་བ༔ དགྲ་བགེགས།་་་གཅིག་པུ་གསད་དང་སྡེ་་་མང་པོ།གསད་པ༔ སྔགས་ནི་གོང་དུ་བསྟན་པས་ཤེས༔ མན་ངག་ལྡན་པའི་སྔགས་པ་ལ༔ སྡིག་ཅན་གང་ཞིག་དགྲར་ལངས་ན༔ ཁོ་རང་གི།་་་སྲུང་བྱེད་་་ཀྱི་ལྷ་སྲུང་།དྲེགས་པ་་་དེ་ཉིད་ཁོ་རང་།གཤེད་དུ་དབབ༔ དྲེགས་པ་་་བཛྲ་སརྦ་དུཥྚཱཎ།གཟིར་ཞིང་ཁོ་ལ་་་ཏྲིག་ནན་ཨཱེཿབྷྱོ།རྦད༔ དེ་རྗེས་གཟས་པོའི་་་དགྲ་བོའི།མིང་ཡང་གཞུག༔ རྣམ་པར་ཤེས་པའི་སྲོག་དེ་ཉིད༔ འཕྲོག་བྱེད་ཡི་གེ་་་ཧུར་ཐུམས་ཛཿ།འབྲུ་གསུམ་གྱིས༔ སྙིང་གི་དཀྱིལ་ནས་འཕྲོག་ཅིང་འཛིན༔ གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས༔ རང་སྲོག་རང་གིས་གཅོད་པར་བྱེད༔ གཅིག་པུ་་་དགྲའི་མིང་གཅིག་ཁོ་ན་སྦྱར་བའི་དགྲ།གསད་པའི་དྲག་སྔགས་ཀྱིས༔ དྲེགས་པ་གཟིར་ཞིང་རྦད་པར་བྱ༔ དགྲ་བོའི་སྲོག་སྙིང་འབྲུ་གཉིས་ཤ་ཏྲཱུཾ་གཞུག༔ དེ་ཡི་སྲོག་གི་སྙིང་པོ་ལ༔ འཕྲོག་་་ཧུར་ཐུམས་ཛཿ།དང་གསད་་་མཱ་ར་ཡ་རྦད།པ་གོང་ལྟར་བྱ༔ སྡེ་རྣམས་གསད་པའི་དྲག་སྔགས་ཡིན༔ དེ་ནི་སྤྱི་ཡི་བྱ་བ་སྟེ༔ གཤིན་རྗེ་ལ་སོགས་དེ་ཡིས་འགྲེའོ༔ གསད་པ་དྲག་པོ།་་་དེ་ཡི་རྫས་ཀྱི་རིམ་པ་ཡང༔ འབྲུབ་ཁུང་་་ལེའུ་བརྒྱད་པ་ལྟར།བཅའ་བ་སྤྱི་དང་མཚུངས༔ དེ་ཡི་ནང་དུ་འཁོར་ལོ་ནི༔ འཇིག་རྟེན་པ་ཡི་ལྷ་འདྲེ་རྣམས༔ གཟུགས་དང་་་འཁོར་ལོ་དང་།མིང་རུས་བཅས་པ་དང༔་་་བྲི། སྲོག་ཅེས་པ་དང་རྣམ་ཤེས་དང༔ ཁྱབ་འཇུག།་་་སྤྱི་དང་སྒོས་་་གཤིན་རྗེ་སོགས་གང་བྱེད།ཀྱི་ཙཀྲ་བྲི༔ དམ་ཉམས་དགྲ་བོ་སྡིག་ཅན་གྱི༔ ལིང་ག་རོ་རས་་་ཤོག་བུ།དུག་ཤོག་་་ལ།བྲི༔་་་ལེའུ་བརྒྱད་པ། མགོ་དང་ཡན་ལག་སོགས་ལ།་་་གནད་ཡིག་མིང་རུས་བླ་དྭགས་སོགས༔་་་འཁོར་ལོ་བྲི་ཐབས་ལྟར་ལེའུ་བརྒྱད་པ་དང་། བཅོ་ལྔ་པའི་སྐབས་སུ།་་་གོང་དུ་བཤད་པ་བཞིན་དུ་བྲི༔ འབྲུབ་ཁུང་་་སྤྱིར་འདྲ།ཚེར་ཅན་ནང་དུ་གཞུག༔ ཙཀྲ།་་་དེ་་་རྣམས།ལ་རྡེག་་་གམ།ཅིང་་་ཡང་ན་སྟེང་དུ།བྲབ་པ་་་ཐུན།ནི༔ དམེ་ཡུགས་དུག་སྣ་ཡུངས་སོགས་ཐུན༔ ཟངས་ལྕགས་རྡོ་ཕྱེ་ལ་སོགས་བྲབ༔ མི་མཐུན་རྫས་ཀྱི་དུ་བས་བདུག༔་་་དགྲ་ཡིན་ན་ལྷ་དབྱེའི་རྫས། འདི་ཡི་ཏིང་འཛིན་རིམ་པ་ནི༔ བདག་ཉིད་སྐུ་གསུམ་གསལ་བྱས་ལ༔ གཟུགས་བརྙན་་་འཁོར་ལོ།ལྷ་སྲིན་གདུག་པར་བསྒོམ༔ ལིང་ག་་་བགེགས་སམ།དགྲ་བོ་དངོས་སུ་བསམ༔ སྔགས་ཀྱི་འོད་ཟེར་མཚོན་ཆའི་ཆར་གྱི།་་་ཐུན་གྱིས་དྲེགས་པ་གཟིར་བྱས་ལ༔ ཁྲོས་ཏེ།་་་ལྷ་སྲིན་དགྲ་བོ་བརླག་་་སྟེ་ཤ་ཟོས་ཁྲག་འཐུང་།པར་བསམ༔ གྲི།་་་ལྕགས་སམ་སེང་ལྡེང་ཕུར་པས་་་རཱ་ཧུ་ལའམ་ཡི་དམ་སོགས་སུ་བསྐྱེད་ལ།གཟིར༔ ཐ་མ་ལས་མཇུག་་་གཞུང་ལྟར།མནན་སྲེག་འཕང་གསུམ་བསྡུ༔ ཚད་ནི།་་་ཉེར་གཅིག་ཞག་གིས་འགྲུབ་པར་ངེས༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཕྱག་ཆ་རང་ལ་བསྐོར་ཞིང༔ གནོད་བྱེད་དྲེགས་པ་འདུལ་བ་དང༔ སྡིག་ཅན་དགྲ་བོ་གསད་པའི་ལེའུ་སྟེ་སོ་ལྔ་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ སེར་བ་དབབ་ཅིང་་་དགྲ་བོའི།ཡུལ་ཁམས་གཞོམ༔ དང་པོ་རང་ཉིད་སྔོན་དུ་བསྙེན༔ གཤིན་རྗེ་མ་མོ་ལ་སོགས་པ༔ འཇིག་རྟེན་དྲེགས་པ་་་བཅོ་བརྒྱད་དམ་སོ་སོར་གང་དགོས།གཟིར་བར་བྱ༔ དེ་ཞབས།་་་སེར་བའི་དྲག་སྔགས་་་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ།འབྲུ་བདུན་གྱིས༔ དམིགས་བྱའི་ལོ་ཏོག་གཞོམ་པར་བྱེད༔ སྟོན་་་ཟླ།གསུམ་་་ལ།ལོ་ཏོག་དབང་བྱེད་པ༔ རཱ་ཧུ་་་ལ་དང་།ཀླུ་དང་་་ལྷ།དབང་ཕྱུག་་་གདོང་མོ་བཞི་སེར་བའི།གྲོགས་སུ་ཟློག༔ དང་པོ་བསྙེན་ཅིང་་་ཞག་བདུན།སེར་བ་དྲིལ༔ བར་དུ་ལོ་ཏོག་་་ཞག་བདུན།དག་ལ་བསྒྲུབ༔ ཐ་མ་་་ཞག་བདུན།རྦད་ཅིང་ལས་ལ་སྦྱར༔ དེ་ལྟར།་་་བདུན་གསུམ་ཉེར་གཅིག་འགྲུབ་པ་ཡིན༔ བསྙེན་སྔགས་སྤྱི།་་་བཛྲ་སརྦ་དུཥྚཱཎ༔ གཟའ་བདུད།་་་རཱ་ཧུ་ལ༔ ཀླུ་གཉན།་་་ས་ནཱ་ག༔ ལྷ་དབང་ཕྱུག།་་་དྷེ་བ༔ གདོང་མོ་བཞི།་་་མ་ར་ཙ་ཤ༔ གཟིར་བ།་་་ཏྲིག་ནན༔ སེར་བའི་སྙིང་པོ།་་་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ༔ སེར་བ་དྲིལ་བ།་་་དུ་ཕྲོམ་དཀར་ཕྲོམ་ཤུད་དེ་ཕྲོམ་ཡུག་ཏི་སྨིན༔ དེ་ཡན་ཆད།་་་བསྙེན་པའོ༔ བཛྲ་སརྦ་དུཥྚཱཎ༔ རཱ་ཧུ་ལ་ས་ནཱ་ག་དྷེ་བ་མ་ར་ཙ་ཤ་ཏྲིག་ནན༔ ཨེ་ཕུ་ཨ༔ དགྲ་བོ་ཆེ་གེ་མོའི་ཡུལ་ཆེ་གེ་མོའི་ལོ་ཏོག་ལ་ས་མ་ཡ་བྷྱོ་བྷྱོ༔ རྦད་རྦུད་ཡ༔ ཞེས་པ་དེ་ལ༔ གོང་གི།་་་ཕྲོམ་ཕྲོམ་་་མན་ཆད།ནས་ཡུག་ཏི་སྨིན་གྱི་ཞབས་ལ༔ འབྲུག།་་་འུར་འུར་ཆེམ་ཆེམ་་་གློག།ཁྱུག་ཁྱུག་་་རླུང་།ཡཾ་ཡཾ༔ ལས་ལ་གཏང་ན།་་་ཐང་ཐང་ཤར་ཤར་གྲམ་གྲམ་བྷྱོ་བྷྱོ་ཡ༔ ཞེས་བཏགས་ཏེ་སྒྲུབ་པའོ༔ སྒྲུབ་པ་སྔགས་ཀྱི་ཞབས་ལ༔ ཡུལ་མིང་ཆེ་གེ་མོ་ན་དགྲ་བོ་ཆེ་གེ་མོའི་ཡུལ་ཆེ་གེར་ཤ་ཏྲཱུཾ༔་་་སྡེ། དམ་བསྒྲག་པ།་་་ས་མ་ཡ་་་ཐོག་སེར་སྦྲགས་པ།རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་བྷྱོ་བྷྱོ༔ རྦད་རྦུད་ཡ་ཡ༔ ཞེས་པས་་་ཐུན་ཁྲག་འཕང་ཞིང་།དགྲ་ཡུལ་དུ་ལས་ལ་སྦྱར་རོ༔ དེ་ནས་བསྙེན་སྒྲུབ་ལས་སྦྱོར་་་གྱི་སྔགས།གསུམ༔་་་ནི། ཟངས་དམར་དང་པོ་ནས་ཡོ་སྦྲེལ་ལམ༔ ཞག་བདུན་ན་གནམ་གཟེར་ས་གཟེར་བར།་་་གཟེར་གསུམ་ལྔ་རེ་བསྐྱར་གྱིན་ཞག་བདུན་བདུན་དུ་བསྒྲུབས་ཀྱང་རུང་ངོ༔ ཐ་མས་་་གོང་གི།དེས་ཀྱང་མི་ཕེབས་ན༔ ར་རོག་་་གདམས་པ་དང་།མེ་ཆུ་་་དཀྲུག་པ།ཐུན་ཁྲག་་་ཐབ་ཏུ་སྤྱོ་བ་ལ་སོགས་བྱ་བ།དང༔ མཛེ་ཀླད་ལ་སོགས་དཀར་ཐབ་སྔོ་ཐབ་་་དགྲ་ཡུལ་གཉན་སར།སྦུབ་པ་དང༔ སྤྱི་དང་སྒོས།་་་འཁོར་ལོ་ལ་གཟིར་མནན་ལས་བྱའོ༔ འདི་ཡི་རྫས་རྣམས་བསྟན་པ་ནི༔ འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས༔་་་ཡོ་བསྒྲིལ་ལམ་སེར་བའི་གྲོགས་སུ་ཀླུ་དང་རཱ་ཧུ་ལ་དང་དབང་ཕྱུག་ཆེན་པོ་ཤིས་སོ། །གཟུགས་དང་མིང་རུས་བཅས་པ་དང༔་་་རཱ་ཧུ་ལའི་ལྟོ་གཟིར་དེའི་ལྟོར་དགྲའི་མིང་དང་དམོད་མོ་བྲིས་ལ་གཟིར་རོ། །འཁོར་ལོ་བྲི་བ་བསྟན་པ་ནི་ཕྱི་ལ་རང་གཟུགས་བྲི། སྲོག་ཅེས་པ་དང་རྣམ་ཤེས་དང༔་་་དེ་ནང་ལྷ་འདྲེ་གང་ཡིན་པའི་ཙཀྲའི་དཀྱིལ་དུ་ལྷ་འདྲེའི་ཨཱེཿལ་སོགས། དགྲ་དང་ཡུལ་དང་རྣམ་ཤེས་དང༔་་་དགྲའི་ལིང་ག་ལ་འཁོར་ལོ་བྲི་བ་ནི་དཀྱིལ་དུ་རྣམ་ཤེས་ནྲྀ་བྲིས་པའི་མཐར་དགྲ་བོ་ཆེ་གེ་མོའི་ལོ་ཏོག་གི་སྲོག་བྲིའོ། །ལོ་ཏོག་ཅེས་་་ལོ་ཏོག་གི་སྲོག་ལོ་ཏོག་ཅེས་མིང་བྲི་བ་དེ་ཀ་ཡིན་ནོ།པའི་ཡི་གེ་རྣམས༔་་་སེར་བ་དབབ་པ་རང་བཞིན་དྲག་པོ་བཙན་ཐབས་རྣམས་ཀྱི་སྔགས་ལེའུ་བཅོ་བརྒྱད་པ་ལྟར། རོ་རས་ཤོག་ཤོག་དག་ལ་བྲི༔ ནིམ་པ་དངོས་མ་རྙེད་ན་ཁུ་ཕུག་སྦ་ལྕག་གིས་ཚབ་རུང་ཟེར་རོ།་་་ནིམ་པའི་ཆུ་དང་ཁྲག་གིས་བྱུག༔་་་དུག་ཁྲག་ལྷ་འདྲེའི་ཙཀྲ་ལ་བྱུག་ལིང་ག་ལ་བྱུག་ལིང་ག་ལ་རྐང་རྗེས་ས་དང་དྲི་མ་དྲུག་དང་དགྲའི་ཡུལ་ཁང་ས་ལོ་ཏོག་ཁུ་བ་བྱུག་གོ །དེ་ལྟར་བྲིས་པའི་ཙཀྲ་ཀུན༔ དེ་ཡང་འབྲུབ་ཁུང་ལ།་་་ཁམ་སའི་གྭ་འུ་ནང་དུ་གཞུག༔ ཆུང་བ་གསུམ་དུ་རྟ་ཡང་སྐྱོལ་འཁོར་ལོ་ནི་འབྲུབ་ཁུང་རྒྱ་དཔངས་མཐོ་གང་བའི་ནང་དུའོ། །ཡང་ན་གྲི་ཐོད་ནང་དུའོ། །དེ་ལ་སོགས་པ་གྲོགས་ཀྱི་འཁོར་ལོའི་ནང་དུ་དགྲ་བོའི་ལིང་ག་བལྟེམ་དེའི་སྟེང་ན་རཱ་ཧུ་ལས་དགབ་དེ་འབྲུབ་ཁུང་ཆེ་བའི་ནང་དུ་གཞུག་གམ་གྲི་ཐོད་ནང་དུ་གཞུག་པ་ཡིན་ནོ། །མི་རྟ་ར་ཁྱི་ནག་པོའི་ཁྲག༔་་་གསུམ་དང་། ཡུངས་དཀར་་་ཡུངས།ནག་དང་དུག་སྣ་ཡིས༔་་་གུ་གུལ་ནག་པོའི་ཆུ་ནས་ཕྱུངས་ལ། ཉིན་་་ལན་གསུམ།མཚན་་་ལན་གསུམ།གསུམ་གསུམ་་་ཐུན་རེ་རེ་ལ་སྟོང་སྟོང་།དུས་དྲུག་ཏུ༔ ལྷ་འདྲེ།་་་གཟུགས་བརྙན་་་དང་དགྲའི་ལིང་ག་ལ་སོགས།ཀུན་ལ་ཐུན་གྱིས་་་སྟོང་སྟོང་།བྲབ༔ རཱ་ཧུ་ལ་དང་ཡི་དམ་དུ་གསལ་ལ།་་་ལྕགས་སམ་སེང་ལྡེང་ཕུར་པས་གཟིར༔ འདི་ཡི་ཏིང་འཛིན་བསྟན་པ་ནི༔ བདག་ཉིད་ཡི་དམ་ལྷ་རུ་་་གསལ་བར།བསྒོམ༔ སྔགས་བཟླས་པའི་འོད་ཟེར་གྱིས།་་་ཐུན་རྫས་་་མདའ་མདུང་འཁོར་ལོ་རལ་གྲི་སོགས།མཚོན་ཆ་མང་པོ་ལ༔ རཱ་ཧུ་ལའི།་་་གཟུགས་བརྙན་་་ནང་གི་དྲེགས་པའི་སྲོག་སྙིང་ཀུན་དྲེགས་པ་རང་རང་དུ་བསམ།ལྷ་སྲིན་གདུག་པར་བསྒོམ༔ དམིགས་པ་དགྲ་ཡི་ཡུལ་དུ་གཏད༔ ཐུན་གྱིས་སྦྱོར་བ་བྱས་པ་ཡིས༔ ལྷ་སྲིན་གདུག་པ་མཚོན་་་ཆར་གྱིས།གཟིར་་་བར།བསམ༔ རཱ་ཧུ་ལས་ལྷ་སྲིན་སྡེ་བརྒྱད།་་་རང་དབང་མེད་པར་ལས་་་དགྲའི་ལོ་ཏོག་འཇོམས་པའི་བྱ་བ།ལ་བསྐུལ༔ ང་རོ་འབྲུག་ཏུ་འོང་བ་ཡིན༔ གཟི་མདངས་གློག་ཏུ་འོང་བ་ཡིན༔ ཁ་རླངས་སྤྲིན་དུ་འབྱུང་བ་ཡིན༔ སྤྲུལ་པ་སེར་བ་ཆེན་པོ་འབབ༔ ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ༔ དམོད་པའི་དྲག་སྔགས་འདི་སྨྲོས་པས༔ དགྲ་བོའི་ལོ་ཏོག་་་སེར་བས།འཇོམས་པར་བྱེད༔ ལས་གྲུབ་་་ནས་རྫས་སོགས།སྦྱོར་བ་དགྲོལ་བར་་་རྣམས།བྱ༔ དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ ཡུལ་ཁམས་གཞོམ་པའི་ལེའུ་སྟེ་སོ་དྲུག་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ ཐོག་གིས་གསད་པའི་ལས་བསྟན་པ༔ དང་པོར་ཡི་དམ་བསྙེན་པ་གཅེས༔ གཤིན་རྗེ་མ་མོ་ལ་སོགས་པ༔ འཇིག་རྟེན་དྲེགས་པ་་་བཅོ་བརྒྱད་དམ་ཡང་ན་གང་དགོས་སོ་སོར།གཟིར་བར་བྱ༔ དེ་ཞབས་ཐོག་གི་དྲག་སྔགས་འབྲུ་བདུན་་་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ།གྱིས༔ འགལ་བ་ཆམ་ལ་འབེབ་པར་བྱེད༔ རཱ་ཧུ་ལ་དང་ལྷ་ཆེན་་་དབང་ཕྱུག།སྲིན་པོ་་་རཀྴ་རྣམས་རང་གི།གྲོགས་སུ་ཟློག༔ དང་པོ་བསྙེན་ཅིང་གཞུ་བ་དང༔ བར་དུ་བསྡུ་ཞིང་ཐོག་ཀྱང་དྲིལ༔ ཐ་མ་དམིགས་པའི་དགྲ་ལ་འཕང༔ བདུན་གསུམ་ཉེར་གཅིག་འགྲུབ་པ་ཡིན༔ དྲེགས་པ་སྤྱི།་་་བཛྲ་སརྦ་དུཥྚཱཎ༔ རཀྴ་་་སྲིན་པོ།དྷེ་བ་་་ལྷ།ཏྲིག་ནན༔་་་གཟིར་བ། ཐོག་གི་འབྲུ་བདུན།་་་རཾ་རཾ་ཧྲིལ་ཧྲིལ་ཤར་ཤར་ཕོབ༔ བསྙེན་པའོ༔ སྤྱི།་་་བཛྲ་སརྦ་དུཥྚཱཎ༔ རཱ་ཧུ་ལ།་་་ཙ་པ་ཏི༔ སྲིན་པོ།་་་རཀྴ་དྷེ་བ་་་ལྷ།ཏྲིག་ནན༔་་་གཟིར་བ། སྲོག།་་་ཨེ་ཕུ་ཤེ༔ དམ་བསྒྲག་པ།་་་ས་མ་ཡ༔ དགྲ་བོ་ཆེ་གེ་མགོ་ལ་ཧྲིལ་བྷྱོ༔ རྦད་རྦུད་ཡཱ༔ འདུ་ཏི་ཧྲིལ་ལི་རཾ་རཾ༔ སྒྲུབ་པ་པོ༔ སྒྲུབ་སྔགས་ཀྱི་ཞབས་ལ༔ ཧྲིལ་ཤར་བྷྱོ་རྦད་རྦུད་་་མིང་།ཆེ་གེ་ལ་ཕོབ་ཡཱ༔ ཐ་མར་ལས་ལ་སྦྱར་བའི་སྔགས་ཡིན་ནོ༔ དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་གསུམ་པོ་ནི༔ དང་པོ་ནས་ཡོ་ཕུ་ཕྲུགས་སུ་སྦྲེལ་ལ༔ བར་དུ་་་ཐ་མར།གཏའ་རི་་་དགྲའི་ཁང་རྨང་དུ།བསྐྱལ་གྱིན་་་ཞག་བདུན་བདུན་བསྙེན་སྒྲུབ་ལས་གསུམ།བསྒྲུབ་ཀྱང་རུང་ངོ༔ རང་ཉིད་ཐོག་སྲུང་སྤྱི་དང་ཐུན་་་མགོ་གཞུག་ཐམས་ཅད་དུ་གཟའ་དང་བསྟུན།པར་བྱ་བ་གཅེས༔ ཐ་མ་ཅིས་ཀྱང་མ་ཕེབས་ན༔ མེ་ཆུའི་་་བྲི་བཟླས།སྦྱོར་བས་དགྲ་ཡུལ་མཐོང་ས་རུ༔ ཐུན་ཕུར།་་་ཙཀྲ་གཟིར་མནན་ལས་སྦྱོར་བྱ༔ འདི་ཡི་རྫས་རྣམས་བསྟན་པ་ནི༔ དེའི་དཀྱིལ་དུ་ལྷ་འདྲེའི་སྲོག་བྲིས་དཀྱིལ་དུ་རྣམ་ཤེས་ཡིག་འབྲུ་རེ་བྲིའོ། །འཁོར་ལོ་བྲི་བ།་་་འཇིག་རྟེན་དྲེགས་པའི་ལྷ་འདྲེ་་་སྤྱིར་ཁྱབ་འཇུག་སྟེ་ནང་ལྷ་འདྲེའི་སྔགས་སོ།རྣམས༔ གཟུགས་དང་མིང་རུས་་་སྤྱི་ལ་ཁྱབ་འཇུག་སོགས།སྲོག་ཅེས་་་རྣམ་ཤེས་ཡིག་འབྲུ་རེ།བྲི་བ་དང༔ རྣམ་ཤེས་སྤྱི་གཟུགས་་་ནང་དུ་སྔགས་དཀྱིལ་དུ་རྣམ་ཤེས་ཡི་གེ་བྲི།དཀྱིལ་དུ་སྲོག་་་དེའི་སྤྱི།མིང་་་གཟིར།དང༔ ལིང་ག་བྲི་བ་ནི་སྤྱི་ལ་དགྲའི་རཱུ་པ་བྲི།་་་དགྲ་དང་ཡུལ་དང་རྣམ་ཤེས་་་དེ་ནང་རིམ་པས་དགྲའི་ཡུལ་གྲོང་ཁང་པ།མིང་་་དཀྱིལ་དུ།སྲོག་་་བྲི།དང༔ ཐོག་འབབ་པའི་དྲག་སྔགས་རང་བཞིན་དྲག་པོ་བཙན་ཐབས་སོགས་ལེའུ་བཅོ་བརྒྱད་པ་ལྟར།་་་རོ་རས་ཤོག་ཤོག་དག་ལ་བྲི༔ ལྷ་འདྲེའི་ཙཀྲ་ལ།་་་་ནིམ་པའི་ཆུ་དང་་་་ནིམ་པ་ཞེས་པ་རྡོ་རྗེ་གཙུག་ལག་གི་རྒྱུད་ཀྱི་མཆན་བུ་རྙིང་པ་རྣམས་ལ་བཙན་དུག་ཟེར་བརྒྱབས་འདུག་གསོ་དཔྱད་ཀྱི་རྒྱུད་ཕྱི་མའི་སྨན་མིང་གསལ་བྱེད་རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེས་མཛད་པ་ནི་ནིམ་པ་ཞེས་པ་ཉེ་ཤིང་བ་སྟེ་མིག་པ་ལྕགས་ཀྱུ་བ་ཚེར་མ་ཡོད་པ་དེ་ཡིན་ཅེས་གསུངས་འདུག།དུག་་་སྣ་ཚོགས།ཁྲག་བྱུག༔ ལིང་ག་དྲི་མ་དྲུག་ཀྱང་བྱུག༔་་་དགྲའི་དྲི་ཆེན་དྲི་ཆུ་སྐྲ་སེན་གོས་དུམ་རྐང་རྗེས་ཀྱི་ས་ལ་སོགས་པ། ཐོག་གམ་་་རབ་ཐོག་གིས་བསད་པའི་སྙིང་།འབྲིང་།་་་གྲི་རྒོད་སྙིང་དུ་གཞུག༔ སྙིང་།་་་དེ་ཡང་དྲེགས་པའི་ཙཀྲས་་་ཁྱབ་འཇུག་ལ་སོགས།དྲིལ༔ དེ་ཡང་་་ཐོག་གི།གཏའ་ཡི་འཁོར་ལོས་་་དེ་ཉིད།དྲིལ༔ གྲི་བོའི་ཐོད་པའི་་་གཤགས་པ།ནང་དུ་གཞུག༔་་་དེའི་སྟེང་དུ་ཐོག་རིས་བྲི། ཐོད་པ།་་་དེ་ཉིད་འབྲུབ་ཁུང་ནང་་་དུ།གཞུག་་་སྤྱི་མཐུན།སྟེ༔ སྟེང་ནས་རོ་རས་དག་ཀྱང་་་གུར་དུ་ཕུབ།དགབ༔ དེ་ནས་ཐུན་གྱི་རྫས་བསྟན་པ༔ སྨྱུག་མའི་ཨུ་བྷི་དམ་པོ་རུ༔ དམེ་ཁྲག་་་གཞན་ཡང་ཐུན་རྫས་འཛོམ་ན་བྱི་ལ་གྭ་པ་དང་ན་ཆུང་གཙང་མའི་མངལ་ཁྲག་དང་ཏིལ་ནག་རྒྱལ་པོ་ཡུངས་དཀར་རྣམས་དང་གསེར་ཟངས་མཁར་བ་གཡུ་ལྕགས་རྡོ་བཙན་དུག་རྣམས་ཁྲམ་ཁྲུམ་བརྡུངས་པའི་ཕྱེ་མ་ནས་དང་འབྲས་ཙམ་པ་དབྱིབས་ཟུར་གསུམ་དུ་འོང་བ་བྱས་པ་དག་དགོས་སོ།ཕྱེ་མ་གུ་གུལ་་་ནག་པོ།ཆུ་ནས་དབྱུང༔ ཐུན་དོང་་་ཕུལ་གང་ཙམ་ལ།བླུགས་ཏེ་བསྙེན་སྒྲུབ་བྱ༔ ཉིན་མཚན་གསུམ་གསུམ་དུས་དྲུག་ཏུ༔ སྟོང་སྟོང་བསྙེན་སྒྲུབ་སྔགས་ཀྱང་་་ཐུན་ལ་ཁ་རླངས་ཧུ་ཧུ་བྱ།བསྟིམ༔ དེ་ནས་ཡང་།་་་ཐུན་དོང་འབྲུབ་ཁུང་ནང་དུ་ཤེས༔ ཐོག་་་དབབ་པའི།ལྕགས་དག་གམ་ཟངས་ཀྱང་རུང༔ སོར་བརྒྱད་པའི།་་་ཕུར་བུས་ལིང་ག་འཁོར་ལོ་་་ཡོ་སྦྲགས་ལ།གཟིར༔་་་སྐབས། འདི་ཡི་ཏིང་འཛིན་བསྟན་པ་ནི༔ བདག་ཉིད་ཡི་དམ་་་གནམ་ལྕགས་ཞུན་མའི་ཚྭ་ཚྭ་འཕྲོ་བ།གསལ་བ་ཡི༔ སྔགས་ཀྱི་འོད་ཟེར་་་དམར་ནག་ཐུན་དང་འཁོར་ལོ་ལ་སོགས་པ།རབ་འཕྲོས་པས༔ འཁོར་ལོའི།་་་གཟུགས་བརྙན་་་རཱ་ཧུ་ལ།ལྷ་སྲིན་གདུག་པར་་་དེ་ལྟར་དུ།བསྒོམ༔ ལིང་ག་དགྲ་བོ་དངོས་སུ་བསམ༔་་་སྐབས་སུ་དགྲ་བོ་དགུག་བསྟིམ་བྱ། ཐུན་གྱི་སྦྱོར་བ་་་ཁྱད་པར་ལས་སྦྱོར་དུས་སུ།བྱས་པ་ཡིས༔ ལྷ་སྲིན་གདུག་པ་་་ཐུན་གྱིས།གཟིར་བྱས་ཏེ༔ དེ་ཡིས་དགྲ་བོ་གཟིར་བར་བསམ༔ རང་དབང་མེད་པར་་་ལྷ་སྲིན་ཀུན།ལས་ལ་བསྐུལ༔ ལྷ་འདྲེའི།་་་ང་རོ་འབྲུག་དང་གཟི་མདངས་གློག༔ ཁ་རླངས་སྤྲིན་དང་སྤྲུལ་པ་ཐོག༔་་་ཆར་པ་འབབ་པ་ལྟར། དང་པོ་་་བཞུ་བ།བསྙེན་སྒྲུབ་ཐུན་ལ་བསྟིམ༔ ཏིང་འཛིན་རང་ཉིད་ཡི་དམ་ལྷ༔ གནམ་ལྕགས་ཞུན་མའི་ཚྭ་ཚྭ་རབ་འཕྲོ་བས༔ ཐུན་ཉིད་ཁྲོ་ཆུ་ཁོལ་མར་ཏིམ་ཏིམ་བསམ༔་་་དང་པོ་བསྙེན་པ་བཞུ་བའི་དུས་སུ། སྒྲུབ་དུས་ཏིང་འཛིན་བདག་ཉིད་གོང་ལྟར་ལ༔ སྔགས་ཀྱི་འོད་ཟེར་ཐུན་ལ་འཕྲོས་པ་ཡིས༔ ཐུན་རྣམས་་་སོ་སོར།ཐོག་གི་གོང་བུར་འདྲིལ་བར་བསམ༔ གསེར་ཟངས་ལ་སོགས་རིན་ཆེན་ལྔ་ཡི་ཐོག༔་་་ཆེ་ཆུང་ཚད་མེད། དབྱིབས་ནི་ཕུར་པའི་དབལ་འདྲ་ཟུར་གསུམ་པ༔ གནམ་ལྕགས་ཞུན་མའི་ཚྭ་ཚྭ་རབ་ཏུ་འཕྲོ༔ ས་རྡོ་རི་བྲག་ལ་སོགས་སྐད་ཅིག་་་གཞོབ་ཏུ་བུན་བུན།འཇོམས༔ གང་ལ་ཐོགས་པ་མེད་པར་་་ནུས་པ་ཆེ་བས།འབིག་པར་བྱེད༔ དེ་ལྟར་ཞུན་ཆུ་གཅིག་ཏུ་འདྲིལ་བར་བསམ༔ དུས་དྲུག་ཐུན་དོང་ནང་དུ་སྔགས་བསྟིམ་མོ༔ ཐ་མ་ལས་སྦྱོར་དགྲ་བོ་སྒྲོལ་བ་ནི༔ རང་ཉིད་གོང་ལྟར་ཡི་དམ་གསལ་བ་ཡིས༔ ཤིང་།་་སེ་་་བའི།སྐམ་་་པ་ལག་པས་མི་རེག་པར།དག་གིས་ཐུན་གཉིས་ལིང་གར་་་དུམ་རེ།བྲབ༔ ཐོད་ནང་འཁོར་ལོའི་སྙིང་དང་ལིང་གར་་་དང་བཅས་ལ་བྲབ།གཟིར༔ རིན་ཆེན་སྣ་ལྔའི་ཐོག་གིས་དགྲ་བོ་རྡུལ་དུ་བརླགས་པར་བསམ༔ དེ་ལྟར་ཞག་ནི་བདུན་བདུན་དུ༔ བསྙེན་སྒྲུབ་ལས་སྦྱོར་རྫོགས་པར་བྱ༔ བདུན་ཚིགས་་་རེ་རེ་ལ།ཐོག་གཏའ་དགྲ་ལ་་་རེ་རེ།བསྐྱལ༔ གོང་ལྟར་འཁོར་ལོ་ལིང་ག་དང༔་་་གཏའ་ནི། ཐུན་དུམ་་་ཕུར་པ་བྲུབ་ཁུང་ཟུར་གསུམ་དུ་ལིང་ག་དང་ཐུན་དུམ་རེ་བཅུག་སྟེ།དེ་ཉིད་གཟའ་དང་བསྟུན༔་་་ལ། དགྲ་བོའི་ཁང་རྨང་དག་ཏུ་སྦ༔ དགྲ་བོ་སྒྲོལ་ཅིག་་་ཅེས་སོགས།ཕྲིན་ལས་བཅོལ༔ ཐ་མར་སྙིང་དང་འཁོར་ལོ་དང༔ ཐོད་པ་་་དང་།ཐུན་་་གཏའ་ལ།སོགས་་་པ་ཡོད་པ་།དགྲ་ཁང་་་གི།རྨང་་་འོག་ཏུ།བསྐྱལ་ལོ༔ རཱ་ཧུ་ལ་དང་བསྟུན་བྱས་ལ༔ གསེར་ཟངས་ལ་སོགས་རཏྣ་ལྔའི།་་་ཐོག་ཆར་འབབ་པའི་ཏིང་འཛིན་གཞུག༔ ཡུགས་སའི་སྐྲ་ལ་འུར་རྡོ་བྱ༔ ཞིང་གི་མཐིལ་དང་ཚོན་སྣ་ལྔའི་འཇག༔ མཐིལ་དུ་ཡི་གེ་ཡཾ་བྲིས་ཏེ༔ ཐུན་ཟོར་་་དགྲའི།ཁང་པ་་་དང་།ཡུལ་ཕྱོགས་འཕང༔ ཐོག།་་་འབེབ་པའི་སྔགས་་་བསྙེན་པ་གཞུ་བ་དྲིལ་བ་འཕང་བའི།བཟླས་་་པ་ཐམས་ཅད་དྲིལ་ལ།དམོད་བཅོལ་་་གསེར་ཐོག་གཡུ་ཐོག་ཕོབ་ལ་སོགས།བྱ༔ དེ་ཡིས་ཐོག་གི་བསྐལ་པ་འབེབ༔ ལས་གྲུབ་སྦྱོར་བ་དགྲོལ་བར་བྱ༔ དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ ཐོག་དབབ་པའི་ལེའུ་སྟེ་སོ་བདུན་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ ཐོག་སེར་སྤྱི་ཡི་གལ་འགག་འདི་ལྟ་སྟེ༔ དུས་དང་བསྙེན་སྒྲུབ་ལས་སྦྱོར་དང༔ རྫས་དང་ཏིང་འཛིན་སྔགས་དང་ནི༔ གཏའ་ཡི་འཁོར་ལོ་བསྟན་པ་དང༔ ཟོར་སྒོ་དབྱེ་དང་ཐུན་ལམ་བསྟན༔ ཐོག་གི་སྲུང་བ་བསྟན་པ་དང༔ སྤྱི་གནད་མདོ་བཅོས་སེར་བའི་གནད༔ ར་རོག་གདམས་པ་དག་ཀྱང་བསྟན༔ དང་པོ་དུས་ནི་སེར་བ་ལ༔ འབྲུག་སྦྲུལ་སྤྲེ་འུ་ཁྱི་ཕག་སྟག༔ ཐོག་ནི་རྟ་སྦྲུལ་སྟག་དང་ཁྱི༔ དེ་ཡི་ལོ་ཟླ་ཞག་དང་བསྟུན༔ བསྙེན་སྒྲུབ་ལས་ལ་སྦྱར་བ་ནི༔ སེར་བ་ལ་ནི་དང་པོ་བསྙེན་སྒྲུབ་བྱ༔ དེ་རྗེས་དགྲ་ཡི་ཡུལ་་་གྱི།རི་མཐོན་པོའི་རྩེར༔ ཐོད་པ་་་མཚན་ངན།འམ་རྫ་ཡི་གབ་ཙེ་རུ༔ གནམ་གཟེར་གདབ་པའི་ལས་ཀྱང་བྱའོ༔ དེ་རྗེས་སྒྲུབ་པ་བྱས་རྟིང་ལ༔ བར་གཟེར་་་ལྷ་འདྲེ་ཡོངས་ལ་ཡིན།རི་ཐང་མཚམས་སུ་་་ཐོད་པའམ་རྫའི་གའུར་བཅུག་ལ།གདབ༔་་་བོ། དེ་སྟེང་ལས་སྦྱོར་བྱས་པའི་རྗེས༔ ས་གཟེར་འོང་བའི་་་ཞིང་གི།དཀྱིལ་དུ་་་ཐོད་པའམ་རྫ་ཡི་གའུར་བཅུག་ལ།གདབ༔ དེ་གསུམ་ཀ།་་་ལྷ་འདྲེ་ཡོད་སར་གཏའ་སྦ་འོ༔ ཐོག་་་གི།གཏའ་་་ནི་ཐོད་ངན་ནམ་རྫའི་གའུར་བཅུག་ལ།དགྲ་བོའི་ཁང་པའི་རྨང༔་་་ཉིད་དུ་སྦའོ། །བསྙེན་སྒྲུབ་ལས་སྦྱོར་མཚམས་དག་ལ༔ གཏའ་བསྐྱལ་གཟེར་གདབ་མན་ངག་ཡིན༔ དེ་ལྟར་ཐོག་སེར་གཏའ་ཡི་རྫས༔ གོང་དུ་ལྷ་འདྲེ་དགྲའི་ལིང་ག༔ འཁོར་ལོ་ལ་སོགས་་་པ་ཐམས་ཅད།ཆ་གསུམ་་་གསུམ་བཅའ་བར།བྱ༔ དེ་རྣམས་རྫ་ཡི་གབ་ཙེར་བསྐྱལ༔་་་དེ་རྣམས་བསྙེན་སྒྲུབ་ཀྱི་རིང་འབྲུབ་ཁུང་དུ་བཅུག་དགྲ་ཡུལ་སྐྱེལ་དུས་རྫ་ཡི་གའུ་གྲུ་གསུམ་ཆུང་ངུའམ་ཡང་ན་རབས་ཆད་ཐོད་པར་བྲུབས་ལ་བསྐྱལ། ཡང་ན་ཐོད་ངན་ནང་དུ་འོ༔ ཁྱད་པར་ཐོག་ལ་ཐོག་གྲི་འམ༔་་་ཐོག་གིས་བསད་པའི་ཐོད་པ། དེ་མ་རྙེད་ན་གྲིར་བསད་པའི།་་་གྲི་ཐོད་རབ་ཏུ་གཅེས་པ་ཡིན༔ འཁོར་ལོ་ཐུན་སོགས་གཏའ་རུ་་་ཐུན་དུམ་རེ་དང་སྦྲགས་ལ།བསྐྱལ༔ དགྲ་བོ་བརླག་པའི་ཕྲིན་ལས་བཅོལ༔ གཟའ་རྒྱུ་བ་ཡི་ཕྱོགས་ནས་གཞུག༔ ཐུན་ཁྲག་གཏིག་ཅིང་གཏའ་རྣམས་་་གཅིག་ནས་གཅིག་གི་བར་མ་ཆད་པ།སྦྲེལ༔ རྫས་དང་ཏིང་འཛིན་སྔགས་ལ་སོགས༔་་་ནི་ཐོག་སེར་གང་བྱེད་ཀྱང་། འཁོར་ལོ་རང་་་གི།གཞུང་་་གོང་དུ་སྨྲོས་པ།ལྟར་བཅའ་འོ༔ གཏའ་ཡི་འཁོར་ལོ་རྣམ་པ་གཉིས༔ ཐོག་དང་སེར་བ་སོ་སོར་སྟེ༔ དགྲ་བོའི་ཡུལ་ཁམས་གང་ཡིན་པ༔་་་ལ་སེར་བ་དབབ་པའི་ཕྱིར། གཟའ་འམ་་་དབང་ཕྱུག་དང་གདོང་མོ་སོགས།དྲེགས་པའི་་་སེར་བའི་བདག་པོ་དེའི།ཕུང་པོ་་་རུ་བསམས།ལ༔ འཁོར་ལོ་་་དྲེགས་པའི་ལུས་དེ་ལ།རྣམ་པ་གསུམ་དུ་ངེས༔་་་པར་བསྐོར་དགོས་ཏེ། དེ་ཡང་།་་་མགྲིན་པ་ལོངས་སྤྱོད་་་ཀྱི་འཁོར་ལོ་དང་།སྙིང་ག་ཆོས༔་་་ཀྱི་འཁོར་ལོ་དང་། ལྟེ་བ་སྤྲུལ་པའི་་་འཁོར་ལོ་དང་།གསུམ་པོ་ལ༔ སོ་སོའི་འཁོར་ལོ།་་་བྲི་དང་་་དེ་བཞིན་དུ།བསྒོམ་པ་ཡང་འདི་ལྟ་སྟེ༔ མགྲིན་པར་གནམ་གཟེར་པད་འདབ་དམར་པོ་བརྒྱད༔་་་པ། དེའི།་་་དབུས་ན་ནམ་མཁའི་དཀྱིལ་འཁོར་དཀར་ལ་ཟླུམ༔་་་པའི། དབུས་སུ་ཧཱུྃ་བཀོད་སྟེང་དུ་ཕྲོམ༔ འོག་ཏུ་ཧྲིལ་དང་ཤར་དུ་ཤར༔ ལྷོ་རུ་མ་བཀོད་ནུབ་ཏུ་ར༔ བྱང་དུ་ཡ་བཀོད་སྟེང་དུ་བྷྱོ༔ པད་འདབ་ནམ་མཁའི་ཡི་གེ་ཨེ༔ ཕྱི་རིམ་མུ་ཁྱུད་སེར་བ་ཡི༔ བསྙེན་སྒྲུབ་ལས་སྦྱོར་སྔགས་ཡོ་་་རྫོགས་པར།བྲི༔་་་སེར་བའི་འབོད་རྦད་གསད་གསུམ་རང་བཞིན་དྲག་པོ་བཙན་ཐབས་ཀྱི་དབབ་པ་རྣམས་ལེའུ་བཅོ་བརྒྱད་པ་ལྟར། སྔགས་མགོ་ནང་དུ་བསྟན་པར་བྱ༔ སྙིང་ཁར་བར་གཟེར་རི་རབ་འཁོར་ལོ་ཅན༔ རི་རབ་སྤྱི་མཐུན་་་བྲིས་པའི།དབུས་སུ་མེ་ཡི་དལ༔་་་གྲུ་གསུམ་པ། དམར་པོ་་་དེའི་ཕྱི།འཁོར་ལོ་རྩིབས་ལྔ་པ༔་་་དམར་པོ། ནང་གི།་་་ཡི་གེ་དབུས་་་སུ་བཀོད་པ།ཉིད་གོང་་་མགྲིན་པའི་འཁོར་ལོ།དང་མཐུན༔་་་པ་དེའི། ཕྱི་རྩིབས་ལྔ་ལ་རཾ་ཡིག་་་རཾ་རེ།གོ༔ ཐ་མ་མུ་ཁྱུད་་་མགྲིན་པའི་འཁོར་ལོ།གོང་ལྟར་རོ༔ ལྟེ་བར་ས་གཟེར་གྲུ་བཞི་རེ་མིག་བརྒྱད་པ་ཅན༔ རེ་མིག་་་བརྒྱད་པ་ལ།སུཾ་་་རེ་རེ།བྲི་མུ་ཁྱུད་་་མགྲིན་པའི་འཁོར་ལོ་དང་།འགྲེ༔ དེ་ནས་ཐོག་གཏའི་འཁོར་ལོ་ནི༔ གནམ་ས་བར་སྣང་གསུམ་པོ་ནི༔ ཐོག་འབེབ་ལྷ་འདྲེ་གང་ཡིན་པའི༔ སྙིང་ག་་་དང་།ལྟེ་བ་་་དང་།མགྲིན་པ་རུ༔ མེ་ཡི་དཀྱིལ་འཁོར་འདི་ལྟར་བྲི་་་བ།དང་བསྒོམ༔་་་དགོས་ཏེ། འཁོར་ལོ།་་་ཐམས་ཅད་དམར་པོ་མེ་རུ་འབར༔ གནམ་ལྕགས་ཞུན་མའི་ཚྭ་ཚྭ་འཕྲོ་བ་བྲི༔ སྒོམ་པ་ཡང་ནི་དེ་བཞིན་ནོ༔ འཁོར་ལོ་གསུམ་ཀའི་ལྟེ་བར།་་་གྲུ་གསུམ་རྩེ་མོ་གྱེན་ལ་བསྟན༔ དེ་ལྟར་མེ་འབར་ལྟེ་བ་རུ༔ ཧཱུྃ་བཀོད་དེ་སྟེང་གྲུ་ཆད་ཛ༔ གཡས་སུ་ལ་དང་གཡོན་དུ་རཾ༔ འོག་ཏུ་བྷྱོ་དང་དེ་འོག་ཡཾ༔ ཕཊ་ནི་ཡི་གེ་རེ་རེ་བཀོད༔ དེ་ཡི་ཕྱི་རིམ་རྩིབས་དྲུག་ལ༔ མཱ་ར་ཡ་ཛྭ་ལ་རཾ༔ དེ་དྲུག་ཡིག་མགོ་ནང་བསྟན་འགོད༔་་་དེའི་ཕྱི་རིམ་མུ་ཁྱུད་ལ་ཐོག་གི་འབོད་རྦད་གསད་གསུམ་བྲི། རང་བཞིན་དྲག་པོ་བཙན་ཐབས་རྣམས་ལེའུ་བཅོ་བརྒྱད་པ་ལྟར། འཁོར་ལོ་ཐམས་ཅད།་་་དམར་པོ་ཚ་བ་གསུམ་་་ལྒ་པི་ཕོ།གྱིས་བྱུག༔ དེ་ལྟར་ཐོག་སེར་གཏའ་ཡི་འཁོར་ལོ་ཀུན༔ རྒྱ་ཤོག་་་ལ།དུག་ཁྲག་་་གིས།བྲི་བར་བྱ༔ ཐོག་སེར་བདག་པོ་གང་ཡིན་་་རཱ་ཧུ་ལ་དབང་ཕྱུག་སྲིན་པོ་སོགས།དེའི༔ ལུས་ལ་བྲི་བ་མན་ངག་ཡིན༔ དགྲ་བོའི་ཡུལ་ཁམས་ཐམས་ཅད་ཀྱང༔ དེ་ལྟར་ལྷ་འདྲེའི་ལུས་ལ་བསྒོམ༔ དང་པོ་འཁོར་ལོ་བྲི།་་་ཡི་གེ་འཁོར་ལོ་ལ་སོགས་ཀྱང༔ བྲིས་པ་ཇི་བཞིན་བསྒོམ་པ་ཡིན༔ མཱ་ར་ཡ་དེ་བརླག་པར་ངེས༔ ཐོག་དང་སེར་བས་འཚུབས་པར་བསམ༔ གཏའ་བསྐྱལ་དུས་སུ་རྫས་གཞན་དྲིལ༔ གཏའ་ཀུན་བསྐྱལ་བའི་ལས་ཀྱང་བྱའོ༔་་་གང་འདོད་པ་རུ། གཏའ་ནི་གཅིག་གིས་གཅིག་མཐོང་གཅེས༔ གཏའི་རྫས་་་སེང་ལྡེང་གི།ཕུར་བུས་གཟིར་་་སོར་དྲུག་པས་སྙིང་གར།ལ་བཞག༔ ནན་ཏན་དམ་བཞག་ཚིག་ཀྱང་བྱ༔ དེ་ནས་ཐོག་སེར་འཕང་བའི་དུས༔ ཟོར་ལམ་བསྟན་དང་ཟོར་སྒོ་དབྱེ༔ སྣང་སྲིད་ལྷ་སྲིན་ཐམས་ཅད་དང༔ ཁྱད་པར་ཡུལ་ལྷ་ཁོ་ཡི་སྲུང་མ་ལ༔ ཕུད་གཏོར་རྩི་སྨན་རྒྱས་པར་མཆོད༔ མ་ཉེེས་གཟུ་དཔང་བཅོལ་དམ་བྱ༔ ཁོ་ཡི་ལན་ཤགས་དམོད་མོ་སྨྲ༔ ཛ་བྷྱོ་ཡ༔ གསོན་ཅིག་དུས་གསུམ་རྒྱལ་བ་རྣམས༔ ཉོན་ཅིག་སྣང་སྲིད་དྲེགས་པའི་ཚོགས༔ བདག་གིས་མ་ཉེས་མ་ཡོ་ལགས༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད༔ སྲིད་པའི་རྒྱལ་མོ་དམ་ལ་འདུ༔ དགྲ་ལྷའི་རྒྱལ་མོ་དམག་ལ་གཤེགས༔ སྔོན་ཆད་སྲིན་མོ་ཐོག་སེར་ལྷ༔ སྲིན་མོའི་དམ་ཚིག་མི་ཤ་ཟ༔ སྲིན་མོའི་དམ་ཚིག་མི་ཁྲག་འཐུང༔ རང་དམ་རང་གིས་མ་འདའ་བར༔ ཐོག་དང་སེར་བའི་སྣ་དྲོངས་ཤིག༔ ལྷོ་ཡི་ཁྲག་སྲིན་གཉན་གྱི་རྗེ༔ ཐོག་དང་སེར་བའི་སྣ་དྲོངས་ཤིག༔ ནུབ་ཀྱི་མ་མོ་སྲིན་བདག་མོ༔ ཐོག་དང་སེར་བའི་སྣ༴ བྱང་གི་བདུད་རྩི་སྦ་བ་ཏི༔ ཐོག་དང༴ ཤར་ལྷོ་དགྲ་ལྷའི་རྒྱལ་མོ་ཡིས༔ ཐོག་དང་སེར་བའི༴ ལྷོ་ནུབ་སྲིན་མོ་རཀྴ་ཏི༔ ཐོག་དང༴ ནུབ་བྱང་ཀླུ་བཙན་ཆེན་པོ་ཡིས༔ ཐོག་དང༴ བྱང་ཤར་ཁྱབ་འཇུག་བགེགས་ཀྱི་གཙོ༔ ཐོག་དང༴ གཡས་ཀྱི་ཕྱོགས་ན་བདུད་རྗེ་གཉན༔ ཐོག་དང༴ གཡོན་ན་བཙན་གྱི་རྒྱལ་པོ་ཡིས༔ ཐོག་དང༴ དབུས་ན་ཐོག་སྨན་ཤག་གིས་དྲོངས༔ ཐོག་དང༴ རཱ་ཧུ་ལ་ཡི་དུས་ལ་བབ༔ ལྷ་ཀླུ་གཉན་པོའི་དུས་ལ་བབ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དུས་ལ་བབ༔ ཐོག་དང་སེར་བའི་སྣ་དྲོངས་ཤིག༔ དུས་ལ་བབ་བོ་ས་མ་ཡ༔ དགྲ་བོའི་ཡུལ་དུ་ཐོག་སེར་ཕོབ༔ རི་རྡོ་ཀླུང་དུ་ད་ཕོབ་ཅིག༔ ཀླུང་རྡོ་རི་ལ་ད་སྐྱོལ་ཅིག༔ གནམ་ས་སྲིད་པ་ད་གཡོས་ཤིག༔ དགྲ་བོའི་སྲོག་རྩ་ད་ཆོད་ཅིག༔ ལོ་ཏོག་དྲུངས་ནས་ད་ཕྱུངས་ཤིག༔ རྩི་ཐོག་སྣར་དུ་ད་སྙོལ་ཅིག༔ ཅེས་ཕུད་གཏོར་དང་ཕྲིན་ལས་བཅོལ། ཐུན་ཟོར་འཕང་འོ་དོད་འབོད། སྐྲ་འབལ་བྲང་བརྡུང་མཆི་མ་དབྱུང་། ལས་སྦྱོར་དྲག་པོ་བྱའོ། །ཞེས་དྲག་ཏུ་བསྐུལ་ཏེ་ལས་སྦྱོར་དྲག་པོ་བྱའོ༔ དེ་ནས་ཐོག་གི་སྲུང་བ་ནི༔ བདེ་གཤེགས་བཀའ་ཡིས་སྲུང་བ་དང༔ རིན་ཆེན་གསེར་གྱིས་སྲུང་བ་འོ༔ དང་པོ་རས་སམ་ཤོག་ཤོག་ལ༔ སྨན།་་་དྲི་བཟང་་་གི།ཁུ་བས་ཐོག་རིས་ཟུར་ལྔ་་་དབུས་དང་།གླིང་དྲུག་བྲི༔ དབུས་སུ་གང་བསྲུང་མིང་རུས་རཀྵ་བཅས༔ དེ་ཕྱི་གླིང་ཟུར་ལྔ་་་པོ།ལ་རིམ་པ་ཡིས༔ བདེ་གཤེགས་བཀའ་ཡི་སྙིང་པོ་བྲི༔ ཏདྱ་ཐཱ༔ ཨཱོྃ་ག་ཏེ་ག་ཏེ༔ པ་ར་ག་ཏེ༔ པ་ར་སང་ག་ཏེ༔ བྷོ་དྷི་ཡེ་སྭཱ་ཧཱ༔ ཟུར་རེར་ཤད་བར་རེ་རེ་བྲི༔ ཏདྱ་ཐཱ་ངོས་མདུན་དུ་བསྟན༔ རང་དང་བུ་སྨད་འཁོར་རྣམས་ཀྱི༔ ཞྭ་ཡི་སྤྱི་བོའི་གཙུག་ཏུ་གདགས༔ ར་ལུག་ཐུག་པོའི་སྦྲེ་དང་ཀུ་ལ་ནག༔ ནལ་ཤ་་་དང་།ནལ་ཁྲག་འཕགས་པ་ཡིན་ངེས་ཀྱི།་་་རིང་བསྲེལ་དང༔ ཨཱ་ལི་ཀཱ་ལི་གསེར་གྱིས་བྲི༔ དེ་ཡང་སྤྱི་བོའི་གཙུག་ཏུ་གདགས༔ གལ་ཏེ་ཐོག་བབ་འདོད་པའི་འབྲུག་གི་སྐད༔ ལྕེམ་ལྕེམ་དྲག་པོར་འོང་བ་ན༔ ཐོག་ནི་རང་ལ་འཁྲི་སྲིད་པས༔ དགྲ་ཡི་ཕྱོགས་སུ་མཛུབ་རིས་བསྟན༔་་་བྱ་ཞིང༔ ངག་ཏུ་སྔགས་འདི་བཟླས་པར་བྱ༔ ཨི་གུ་མ་རུ་ནི༔ བཾ་རིལ་བཾ་རིལ༔ དུར་རྦད་དུར་རྦད༔ ས་མ་ཡ་དགྲ་བོ་ཆེ་གེ་ལ་བྷྱོ༔ ཞེས་སོ༔ དེ་ཡིས་ངེས་པར་ཐུབ་པ་ཡིན༔ རིན་ཆེན་གསེར་གྱིས་སྲུང་བ་ནི༔ དགེ་སློང་ཚུལ་ཁྲིམས་མ་ཉམས་པའི༔ ཆོས་གོས་ཁུག་མར་སངས་རྒྱས་སམ་གང་ཟག་མཆོག་གི།་་་རིང་བསྲེལ་ལ༔ ཀུ་ལུ་ཀུ་མ་ལང་སྭཱ་ཧཱ༔ བརྒྱ་སྟོང་བཟླས་ལ་ཤཱཀ་ཐུབ་་་དུ།བསམ༔ ཐུབ་པའི་སྐུ་གཟུགས་་་ཙཀླི།གསེར་་་གྱིས།བྲིས་་་པ་ཆེ་ཆུང་།མཛུབ་གང་བ༔ རྒྱ་ཤོག་་་ལ།ཙཀྲ་རྩིབས་ལྔ་པ༔ ཏདྱ་ཐཱ།་་་གོང་་་དུ་བཤད་པའི།སྔགས་་་རྩིབས་ལ།བྲིས་ལ་་་དེའི།ལྟེ་བར་གང་བསྲུང་་་བའི།མིང་རུས་ལ༔ གསེར་ཐོག་གཡུ་ཐོག་ལས་སྲུངས་ཤིག༔ རཀྵ་རཀྵ་སྭཱ་ཧཱ་བྲི༔ དེའི།་་་ཕྱི་ཡི་མུ་ཁྱུད་་་ལ།རྟེན་འབྲེལ་སྙིང་པོ་བྲིའོ༔ དེ་རྣམས་ཆོས་གོས་ཁུག་མར་བསྩལ༔ རབ་གནས་བྱས་ལ་གང་བསྲུང་་་བའི།སྤྱི་བོ་་་འི་གཙུག་ཏུ།གདགས༔ ཞྭ་ལ་ཐོག་རིས་་་ཟུར་ལྔ་པ།སྲད་བུ་དམར་པོས་བྲི༔ གཏའ་གཞུག་་་པ།ལ་སོགས་ཉམ་ང་་་བ།འི་དུས༔་་་སུ། རང་གི།་་་སྔགས་འདིའི་སྟེང་དུ་ཐོག་རིས་བྲི༔ ཤྲཱི་འབྲུག་ཐོག་ཧྲིང་ཕྱི་རུམ་སྭཱ་ཧཱ༔ དེ་རྣམས་སྲུང་བའི་རིམ་པ་འོ༔ ར་རོག་གདམས་པ་འདི་ལྟ་སྟེ༔ མ་གྲུབ་སྤོགས་པའི་ཆོ་ག་འོ༔་་་ཡིན་ལ༔ གོང་གིས་གྲུབ་པར་མ་གྱུར་ན༔ དགྲ་རིའི་་་ཡུལ་གྱི།རྩེ་མོར་ར་རོག་པོ༔་་་རྐེ་ལ་དགྲའི་ལིང་ག་བཏགས། རའི་སྟེང་དུ།་་་ཁྱབ་འཇུག་་་འཇིག་རྟེན་པའི།འཁོར་ལོ་བཀལ་བྱས་་་ཏེ།ཕྱིན༔་་་ལ། མེ་་་འགལ་བ་བསགས་ཤིང་ལྟོ་བ།ཆུ་རབ་དཀྲུག་་་པའི་དང་གཟུགས།འཁོར་ལོ་་་ལ།ཐུན་་་དང་།ཕུར་་་བུ།བྲབ༔་་་དང་གཟིར། ཐོག་སེར་གྱི།་་་བསྙེན་སྒྲུབ་ལས་སྦྱོར་་་གྱི་སྔགས་རྣམས་ཐམས་ཅད་དྲིལ།ཕུ་བྲུབ་བཟླས༔ འཁོར་ལོ་་་དེ་རྣམས།དྲེགས་པ་་་གཟའ་འཇིག་རྟེན།དངོས་སུ་བསམ༔ རང་ཉིད་ཁྱབ་འཇུག་་་ཡེ་ཤེས་པ།དངོས་སུ་བསམ༔ ར་རོག་ཁྱབ་འཇུག་དངོས་ཡིན་ནོ།་་་ར་བསྒྲལ་དཀར་་་གསུམ་དང་ར་དེའི་ཤ་ཁྲག་གིས།དམར་་་དང་དགྲའི་ལོ་ཏོག་གི་ཕུད་བསྡུས་པའི།སྔོ་ཐབ་སྦུབ༔ རའི།་་་ཤ་ཁྲག་དང་ཐོག་སེར་བསྒྲུབ་པའི།་་་ཐུན་དང་ཐབ་སྒྲུབ་པའི།་་་ཐལ་་་སོལ་དང་བཅས་པ་ཐམས་ཅད་དགྲའི་ཞིང་ཁང་ལ་གཏད་ལ།ཟོར་དུ་འཕང༔ དེ་ཡིས་སྲིད་པ་བྲུབ་པར་ངེས༔ སྔགས་པ་བསྙེན་སྒྲུབ་ཐེམས་ཤིང་ནུས་པ་དང་ལྡན་ན་ར་རོག་དེ་ཉིད།་་་མ་བསྒྲལ་་་བར་ཐུན་ཕུར་གྱིས་ར་དང་འཁོར་ལོ།གཟིར་བས་་་ཀྱང་ཐོག་སེར་དབབ་པའི།དོན་འགྲུབ་བོ༔ ཡ་བག་ཤ་ཡི་ལས་ཡིན་གསང༔ ཡང་ན་ར་རོག་་་པོའི།སྙིང་ནང་དུ༔ འཁོར་ལོ་་་གཟའ་འཇིག་རྟེན་པ་དྲེགས་པ།བཅུག་ལ་གཟིར་མནན་བྱ༔ ཐ་མར་་་རིའི།སྙིང་ཁྲག་ཕབ་སོགས་བྱ༔ དེས་ཀྱང་ངེས་པར་འགྲུབ་པ་ཡིན༔ སྡིག་་་པའི།དམ་ལེན་་་པའི་མི།དེར་་་ལས་འདི།གསང་བར་བྱའོ༔ བསྟན་པའི་ཆེད་དུ་བྱ་བ་ལས༔ རང་གར་བྱ་བ་མ་ཡིན་ནོ༔ ཞེས་སོ༔ ཐོག་སེར་ཀུན་གྱི་གནད་ཆེན་པོ༔ མདོ་སྦྱོར་ཚིག་བཅུ་འདི་ལྟ་སྟེ༔ རང་གི་རྒྱབ་སྣོན་ཡིན་པའི་ཕྱིར༔ ཀུན་གྱི་དང་པོ་ཚོགས་གསག་སྔོན་འགྲོ་བྱ༔་་་ལོག་གནོན་སྔོན་དུ་གཏང་བ་གཅེས་པའང་ལས་ཕན་གནོད་བསྙེན་སྒྲུབ་གང་གི་ཡང་སྔོན་དུ་ཚོགས་གསག་པར་བྱ་སྟེ། དེ་ནི་དུག་དབྱུང་བ་དང་རྒྱན་གདགས་པའི་དུས་ལྟར་ཤེས་པར་བྱའོ། །བསྙེན་སྒྲུབ་ལས་སྦྱོར་ཐམས་ཅད་ཀྱི་དུས་སུའང་གཏའ་གཏོར་བཟུང་ལ་ཐ་མ་ཐོག་སེར་གང་འབེབ་པའི་ཞིང་ཁང་ལ་སོགས་ལ་གཏར་གཞུག་གོ །རྒྱུན་གྱི་གཏོར་མ་ཐོ་རངས་སྐྱ་རེངས་ཤར་བ་ལ་གཏང་། ལྷ་སྲིན་སྤྱི་སྒོས་གང་ལ་ལས་འཆོལ་བའི་བསྐུལ་དེ་ཡང་དུས་གསུམ་ལ་སོགས་པར་གཏང་བར་བྱའོ། ཁྱད་པར་ཡེ་ཤེས་ཡི་དམ་སྔོན་དུ་བསྙེན་པ་བྱ༔་་་བླ་མ་དམ་པ་ལ་ཡེ་ཤེས་ལྷའི་ལུང་དང་དབང་བསྐུར་བ་ལ་སོགས་ཞུ། ཡི་དམ་ཡེ་ཤེས་པའི་བསྙེན་སྒྲུབ་མཐར་བསྐྱལ། གདམས་ངག་དང་དཔེ་ཆ་ལ་ཞུ་ཐུག་དག་པོ་བྱ་མན་ངག་དྲོད་ཚད་ལྡན་པར་བྱའོ། །ཐུན་སྐྱོན་བོ་་་བོ་བ་ནི་རྟགས་བྱུང་ནས་དགྲ་ལ་མ་ཕེབས་པས་རང་གི་གནས་སུ་ཤོར་བའོ།ཟག་་་པ་དམ་ཚིག་མ་ཐུབ་པས་དགྲ་ཡུལ་མིན་སར་ཟག་པ་ཤོར་བ་དང་སླ་ཆོས་ཐོ་རྒྱལ་སྤང་ངོ་།ཞུད་གསུམ་སྤང༔་་་མཛེ་ཡུགས་ལ་སོགས་མི་ལག་འགྲིམ་པ་དང་འགོམ་ཡུག་སོང་བ་ལ་སོགས་སྤང་བར་བྱའོ། །རྟའི་སྐྱོན་ལྔ་སྤང་བར་བྱ༔ གནམ་གྱི་་་གནམ་གཟེར་དང་པོ་ཡུལ་དེའི་ལྷ་རྟེན་ལ་གཞུག །དེ་མ་ཤེས་ན་ལོའི་བདུད་མིག་ཚེས་པ་ཡིན།་་་ཐབས་དང་ས་ཡི་གཟེར༔་་་འོང་བའམ་དཀྱིལ་དུ་ཀླུ་གནས་སར་གཞུག་སྟེ་དེ་མ་ཤེས་ན་དྲེགས་པ་གཟའ་མི་ཕེབས་སོ། །བར་གྱི་རླངས་ཕྱུངས་རྨུགས་་་ཐོ་རངས་སྐྱ་རེངས་ཤར་བ་དང་ཡུལ་དེའི་ལྷ་ཀླུ་གནས་སར་གཏའ་ཀུན་གཞུག །དེ་མ་ཤེས་ན་སེར་བ་འབབ་དཀའ་བ་ཡིན།པ་གསེངས༔ གཏའ་བསྐྱལ་བའི་དུས་སུ་སྨྱུག་མའི་ཁོང་སྦུ་གུའི་གསེང་ནས་ཡར་ལྟས་གནམ་མཐོང་བ་བྱ། དེ་མ་ཤེས་ན་དྲེགས་པས་ལས་མི་ནུས་པའི་སྐྱོན། འཁྱིལ་བ་་་ཡུལ་དེའི་གཉན་སར་དཀར་ཐབ་དམར་ཐབ་སྔོ་ཐབ་དག་ཀྱང་བླུག།དེས་ཕྱིར་མི་འབྲེལ་བའོ།དག་ཀྱང་དབུག་པར་བྱ༔ སྐབས་དང་་་ནམ་དགོས་བྱ་བའི།སྦྱར་བའི་མན་ངག་ལ༔ ལམ་བསྟན་་་རང་ཉིད་ཡི་དམ་དུ་གསལ་བའི་དགྲའི་ཡུལ་དུ་མཛུབ་རིས་ཀྱི་ལམ་བསྟན།དེས་རང་ཕྱིར་མི་འབྱམས་གལ་ཏེ་འབྱམས་ན་གོས་མགོ་མཇུག་ཟློག་དུལ་མོ་བརྡབ་རྐུབ་བསྟན་ས་གཏོར་རོ།ཕྱི་རྗེས་གཅད་པ་དང༔ ཁྱད་པར་གྱི་རྗེས་གཅད་ནི། ར་རོག་པོའི་ཁྲག་དང་བསྲེས་ཏེ་དགྲའི་ཁང་པའི་མཐའ་སྐོར་རྭ་བ་ཀུན་ཏུ་ཁྲག་ལམ་སྦྲེལ་ལོ། །ཚིགས་དབྱེ་་་རང་དང་དགྲའི་ཡུལ་ལ་སོགས་སེར་བ་གཏོང་མི་གཏོང་གི་ས་མཚམས་སུ་རང་བསྲུང་བའི་ལས་རྒྱས་པར་བྱའོ།ཞྭ་ལྟར་ཡས་ཀྱི་གོན༔་་་ལུང་པའི་ཕུ་དང་ཟུར་ནའང་གཏའ་གཞུག །མདའ་ལྟར་རྒྱང་དུ་འཕང་བ་དང༔་་་དགྲའི་རི་རྩེ་ནས་ཐུན་ཟོར་དང་ཐལ་བ་ལ་སོགས་འཕང་དམོད་བཅོལ་བྱའོ། །མདུང་ལྟར་ཐོག་ཏུ་དྲིལ་བྱ་ཞིང༔་་་གང་སྙིང་ན་བའི་ཞིང་ཁང་ལ་གཏའ་གཞུག །སྒྲུབ་དུས་ཀྱི་གཏོར་མ་ཞིང་དཀྱིལ་དུ་གཞུག།དེས་ཕྱི་ནང་གང་ལ་ཡང་ཕེབས་སོ། །མགོ་མཇུག་ནམ་དུའང་ཞུད་པ་སྤང༔ ཞུད་པ་གསོ་བ་ནི། དང་པོ་ཐུན་བཅའ་ཞིང་ཐ་མར་འཇུག་པ་ཡན་ཆད་ལ་སྒྲུབ་པ་པོ་ཡིས་ཉམས་པ་ཅན་དང་ཁ་རླངས་གོས་འདྲེས་པ་བསྲུང་། ཡུགས་ས་ཕོ་མོ་དང་མཛེ་ཕོ་དང་བྱ་ཁྱི་བུད་མེད་ལ་སོགས་པས་ཐུན་མཐོང་དུ་མི་རུང་། སྒྲུབ་ཚེ་འདོད་ཆགས་སྤྱད་པ་སོགས་སྤང་། གལ་ཏེ་ཞུད་ནས་གསོ་བ་ནི། བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་བརྒྱ་སྟོང་ཐུན་ལ་བསྟིམ། ངག་ཏུ་ཡང་། ཀྱཻ། སེམས་ཅན་རྒྱལ་པོ་མི་ཡིན་པས། །མི་ལ་ཞུད་དུ་མ་ལྟ་ཞིག །བྱོལ་སོང་རྒྱལ་པོ་རྟ་ཡིན་པས། །རྟ་ལ་ཞུད་དུ་མ་ལྟ་ཞིག །གཅན་གཟན་རྒྱལ་པོ་ཁྱི་ཡིན་པས། ཁྱི་ལ་ཞུད་དུ་མ་ལྟ་ཞིག །འདབ་ཆགས་རྒྱལ་པོ་བྱ་ཡིན་པས། །བྱ་ལ་ཞུད་དུ་མ་ལྟ་ཞིག །མདངས་ལྡན་རྒྱལ་པོ་མེ་དང་ཉི་མ་ཡིན། །དེ་ལ་ཞུད་དུ་མ་ལྟ་ཞིག །ཀུན་འབྱུང་ནམ་མཁའ་ཆེན་པོ་ཡིན། །དེ་ལ་ཞུད་དུ་མ་ལྟ་ཞིག །ཞུད་རྣམས་ཀུན་གྱི་ངར་དང་ལྡན་ གྱུར་ཅིག །ཐུན་ནི་གནམ་ལྕགས་ཐོག་ལྟར་འགྲུབ་པར་ཤོག །དགྲ་བགེགས་མ་ལུས་འཇོམས་པར་ཤོག །ང་རོ་འབྲུག་དང་གཟི་མདངས་གློག །ངོ་བོ་ཐོག་སེར་ཆེན་པོ་འགྲུབ་པར་ཤོག །དགྲ་བོའི་མི་ནོར་ཡུལ་ཞིང་བརླག་གྱུར་ཅིག །ཅེས་སྐབས་སུ་ཞུད་འདོན་ནོ། །སྒྲུབ་པ་པོ་དང་ཐུན་གྱིས་མེ་དང་ཉི་མ་བསྲུང་། །ལས་སྦྱོར་དུས་སུ་ངག་གཅད་དང་མུན་པའི་ནང་དུ་བསྒྲུབ། དགུན་ལྷག་སྒང་ལ་བསྒྲུབ་པ་གཅེས། གཅེས་པའི་དམ་ཚིག་བསྲུང་བར་བྱ༔་་་ཅེས་པ་སྤྱི་གཏའི་ཞུད་བླན་པ་ལྟར་མི་རྟ་ཁྱི་བྱ་བུད་མེད་མེ་དང་ཉི་མ་བསྲུང་། ལོ་གསར་ལྷག་སྒང་ཆུ་དྲིལ་བསྙེན་སྒྲུབ་བྱ། སྟོན་ཟླ་གསུམ་ལ་སེར་བ་དབབ་པའི་ལས་བྱའོ། །ཐ་མ་གསུམ་སྦུབ་་་ལ།ཕུ་བྲུབས་བྱ༔་་་ཞེས་པ་འབེབ་པའི་དུས་གཟའ་དང་བསྟུན་ལ་དཀར་དམར་སོགས་ཐབ་གསུམ་སྦུབ། རང་ཡི་དམ་གསལ་བའི་ངང་ནས་ཐུན་ཟོར་འཕང་། དམ་ཅན་ཡང་གནད་ལ་དབབ་སྟེ་ཞེ་སྡང་སྐྱེད་ལ་ལས་བཅོལ་་ལོ། །ཡུལ་དེའི་ལྷ་མི་ཨར་ལ་གཏད༔་་་ཞེས་པ་ཡུལ་དེའི་ལྷ་ཀླུ་མནོལ་བ་ནི་ཡུགས་སའི་དོར་མ་དང་མཛེ་འབོག་དང་གུ་གུལ་ནག་པོའི་དུ་བ་ཁོའི་ལྷ་རྟེན་ལ་བདུག་ཅིང་སེར་སྲུང་ལ་ནན་ཏན་བྱའོ། །སད་གཏའ་ནངས་པར་བརྗོད་ཀྱང་བསྐུལ༔ ཐེབས་ཟློག་དྲག་པོ་གཟའ་དང་བསྟུན༔་་་སྤྱིར་ལྷ་འདྲེའི་ཐེབས་དང་ཁྱད་པར་རཱ་ཧུ་ལ་འགྱུ་བ་དང་བསྟུན་ལས་སྦྱོར་དང་གཏའ་བསྐྱལ་བའི་ལས་ཀུན་བསྟུན་པར་བྱའོ། །ནངས་པར་དུས་ཚོད་ལ་རྫས་ཀྱི་ཐེ་རོལ་ཀུན་བརྡེག་ཐུན་ལྷག་ཀུན་འཕང་དམོད་བཅོལ་དང་ལས་སྦྱོར་བྱའོ། །གྲུབ་ནས་མཚོན་ཆ་ཤུབས་སུ་གསོལ༔་་་དོན་གྲུབ་ནས་གཏའ་ཀུན་བཏོན་ཏེ་མཆོད་རྟེན་རྙིང་པའམ་བྲག་བཟང་པོ་ལ་སྦའོ། །ཕྱི་ཐེབས་ཀྱང་དང་པོ་ནས་ཐུན་དུམ་གཅིག་ཚགས་བྱའམ་གྱང་ཕུགས་སུ་སྦའོ། །དུས་རྒྱུན་་་དེ་ནི་ལས་མགོ་མཇུག་ཐམས་ཅད་དུ་རང་ཆོས་སྐུའི་ངང་ལས་ཡི་དམ་གསལ་བར་བྱ་བ་གཅེས་སོ།བཙན་པོའི་མཁར་དུ་བསྡད༔ ཅེས་སོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཐོག་སེར་སྤྱིའི་ལོ་ཟླ་དུས་ཚོད་བསྟན་པ་དང༔ དེའི་བསྙེན་སྒྲུབ་ལས་སྦྱོར་གསུམ་དང༔ སྔགས་དང་རྫས་དང་ཏིང་འཛིན་གསུམ་གྱི་སྐྱ་གཅོད་བསྟན་པ་དང༔ གཏའི་འཁོར་ལོ་དང་ཟོར་སྒོ་ཟོར་ལམ་བསྟན་པ་དང༔ ཐོག་བསྲུང་དང༔ ར་རོག་གདམས་པ་དྲེགས་པ་གནད་ལ་དབབ་པ་བསྟན་པ་དང༔ མདོ་སྦྱོར་ཚིག་བཅུ་ལ་སོགས་སེར་བ་དང་ཐོག་གི་གདམས་པ་སྤྱིར་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དགྲ་བོའི་ཡུལ་དུ་ཆོ་འཕྲུལ་གཏང༔ རྣལ་འབྱོར་ཡི་དམ་སྔོན་སོང་བས༔ གཤིན་རྗེ་མ་མོ་ལ་སོགས་པ༔ འཇིག་རྟེན་དྲེགས་པ་་་བཅོ་བརྒྱད་པོ་ཐམས་ཅད་དམ་ཡང་ན་གང་དགོས་རེ་རེ་གཉིས་གསུམ་བཞི་སོགས།གཟིར་བར་བྱ༔ དེ་ཞབས་ལྟས་ངན་འབྲུ་བཞི་་་ཧེ་ཙ་དུན་ཕོབ།ཡིས༔ དམིགས་པའི་དགྲ་ལ་ཆོ་འཕྲུལ་་་རང་གང་འདོད།འབེབ༔ རྒྱལ་པོ་དགེ་བསྙེན་་་ལྟས་ངན་ལ་ཤིས་པས།གྲོགས་སུ་ཟློག༔ དང་པོར་་་ཞག་བཅུ་གཅིག།བསྙེན་་་ཅིང་།བསྒྲུབས་་་པས་ལྟས་ངན་པའི།རྟགས་བྱུང་ནས༔ ཆོ་འཕྲུལ་འཁོར་ལོ་རྫས་སོགས་ཀུན༔ ཆ་གཅིག་དགྲ་བོའི་ཁང་པ་ལ༔ གཟའ་དང་བསྟུན་ལ་གཏའ་རུ་བསྐྱལ༔ དེ་ནས་་་ཞག་བཅུ་སྔགས།གོང་་་མ།ལ་དབབ་སྔགས་་་ཧེ་ཙ་དུན་ཕོབ་བྷྱོ།འབྲུ་ལྔ་བཏགས༔ ཡང་ན་་་ཞག་བཅུ་ནས་ཡང་ན་ཉེར་གཅིག་ནས།རྫས་ཀུན་དགྲ་བོའི་ཁང་རྨང་བསྐྱལ༔ ཐག།་་་རིང་ན་ཡུལ་ཕྱོགས་ཁ་བསྟན་་་ཆོ་འཕྲུལ་རྫས་ཀུན་དགྲ་ཡུལ་མཐོང་སར།རི་རྩེར་བསྐྱལ༔ ཞག་བཅུ་གཅིག་བསྙེན་སྒྲུབ་འཕང་བ་བཅུ་སྟེ།་་་བདུན་གསུམ་ཉེར་གཅིག་ཞག་གིས་འགྲུབ་པ་ཡིན༔ འདི་ཡི་རྫས་རྣམས་བསྟན་པ་ནི༔ འཁོར་ལོ་བྲི་བ་བསྟན།་་་འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས༔ ཙཀྲ་ཕྱི་ལ་ལྷ་འདྲེས་ལྷ་འདྲེ་ཆེ་གེ་ལ་ལྟས་ངན་ཕོབ་ཅེས་པ་དང་།་་་གཟུགས་དང་མིང་རུས་བཅས་པ་དང༔ ལྷ་འདྲེའི།་་་སྲོག་ཅེས་པ་དང་དཀྱིལ་དུ།་་་རྣམ་ཤེས་དང༔ ལྷ་འདྲེ་གཟིར་བའི་མིང་གི་ཞབས་སུ།་་་དམིགས་པའི་དགྲ་ལ་ལྟས་ངན་ཕོབ་ཅེས་པ༔ ཤོག་ཤོག་དག་ལ་བྲི་བར་བྱ༔་་་ལྟས་ངན་དབབ་པའི་སྔགས་རང་བཞིན་དྲག་པོ་བཙན་ཐབས་སོགས་ལེའུ་བཅོ་བརྒྱད་པར་ཡོད་པ་རྣམས་ཚང་བར། ནིམ་པའི་་་ནིམ་པ་ཞེས་པ་ནི་མཆན་བུ་རྙིང་པ་རྣམས་ལ་ནི་བཙན་དུག་བྱས་འདུག་རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་ཕྱི་མ་རྒྱུད་ཀྱི་སྨན་ངོ་གསལ་བྱེད་དུ་ནིམ་པ་ཞེས་ཉེ་ཤིང་པ་སྟེ་མིག་པ་ལྕགས་ཀྱུ་ཚེར་མ་འོང་བ་དེ་ཡིན་ཞེས་གསུང་འདུག་གོ།ཆུ་དང་བྱ་་་རོག་འུག་པ་སྲིན་བྱ་ལ་སོགས།དང་གཅན་གཟན་་་ཁྲ་དང་ཅེ་སྤྱང་།སོགས༔ ལྟས་ངན་གང་འདོད་ཁྲག་གིས་བྱུག༔ ལྟས་ངན་གང་འདོད་སེམས་ཅན་ནི༔ བྱ་རོག་འུག་པ་ཝ་སྤྱང་དང༔ སྦལ་སྦྲུལ་་་ལ་སོགས་ཐན་གཟུགས་སྣ་ཚོགས།དམིགས་རྟེན་འཁོར་ལོ་ཡི༔ ཁྱབ་འཇུག་ལ་སོགས་ལག་ཏུ་བྲི༔་་་ལྟས་ངན་གང་གཏོང་བའི་གཟུགས་རྣམས་ཁྱབ་འཇུག་དང་དྲེགས་པ་རྣམས་ཀྱི་ཕྱག་མཚན་དུ་འགྱེད་ཐབས་སུ་ཐོགས་པ་བྲིའོ། །ཐན་གཟུགས་མང་པོར་བཅོས་པ།་་་དེ་རྣམས་་་ཀྱི།ཤ་ཁྲག་སྙིང་སྣ་དག༔ གང་ཡང་མགོ་གཉིས་གསུམ་སོགས་བྱ་བ་མན་ངག་ཡིན།་་་བག་ཕྱེ་དང་བསྲེས་་་ལ་ལྟས་ངན་མི་རུང་སྣ་ཚོགས་ཀྱི།གཟུགས་ཀྱང་བྱ༔ ཐན་གཟུགས་རྣམས།་་་ལིང་་་གའི།སྟེང་་་དུ།འཁོར་ལོའི་་་འོག་སྟེ།བར་དུ་བལྟེམ༔ ལིང་ག་བྲི་བ་ནི་འཁོར་ལོ་ལ་བསྐྱོན།་་་དགྲ་་་འི་མིང་།དང་ཡུལ་་་གྱི་མིང་།དང་རྣམ་ཤེས་་་བྲི་བ།དང༔་་་སྙིང་གར་ནྲྀ་ཞེས་བྲིས་པའི་ཐ་མར་དགྲའི་ཡུལ་ཁང་ས་བྲིས་ཏེ་འདི་ལ་ཆོ་འཕྲུལ་ཕོབ་ཅིག་བྲི། དགྲ་བོ་ཆེ་གེ།་་་འདི་ལ་ལྟས་ངན་ཕོབ་ཅེས་བྲི༔ དགྲའི།་་་དྲི་མ་དྲུག་དང་ཁང་་་པའི།སས་་་ལིང་ག།བྱུག༔ དེ་ལ་བྲབ་ཅིང་བརྡེག་པའི་རྫས༔ ཡུངས་དཀར་་་ཡུངས།ནག་དང་ལྕགས་་་ཕྱེ།ཟངས་ཕྱེ༔་་་རྣམས་བསྲེས་པའི་ཐུན་གྱིས། ཉིན་་་ལན།གསུམ་མཚན་་་ལན།གསུམ་་་དུས་དྲུག་ཏུ།གཟུགས་་་རྣམས།ལ་བྲབ༔ འཁོར་ལོ་དང་ལིང་ག་ཡོ།་་་ལྕགས་སམ་སེང་ལྡེང་་་གི།ཕུར་པས་གཟིར༔ འདི་ཡི་ཏིང་འཛིན་བསྟན་པ་ནི༔ བདག་ཉིད་ཡི་དམ་གསལ་བ་ཡིས༔ སྔགས་བཟླས་་་པའི།འོད་ཟེར་རབ་་་ཏུ།འཕྲོས་པས༔་་་འཁོར་ལོ་དང་ཐན་གཟུགས་རྣམས་ལ་ཕོག་པས། གཟུགས་བརྙན་་་དང་དྲེགས་པའི།འཁོར་ལོ་་་བག་ཟན་གྱི་ཆོ་འཕྲུལ་གྱི།རཱུ་པ་ཀུན༔ ལྟས་ངན་གང་འདོད་་་གོང་ལྟར།དངོས་སུ་བསམ༔ ལིང་ག་་་དགྲའི།ཁང་ཁྱིམ་མི་ནོར་དངོས༔་་་སུ་གསལ། ཐུན་རྫས་གདུག་པའི་མཚོན་ཆར་བསྒོམ༔ ཐུན་གྱི་སྦྱོར་བ་བྱས་པ་ཡིས༔ དྲེགས་པའི་ལྷ་འདྲེ་དེ་རྣམས་གཟིར༔་་་བས། ལྷ་འདྲེ་རྣམས།་་་དབང་མེད་་་དུ།གཟུགས་བརྙན་་་ཀུན།ལྟས་ངན་་་དུ།གྱུར༔་་་ཏོ། ལྷ་འདྲེ།་་་དེ་ཡིས་་་དགྲ་ལ།ཆོ་འཕྲུལ་་་ཁ་བ་བུ་ཡུག་ན་བུན་མུན་ནག་སོགས་གཏིབས་པ་ལྟར།འབེབ་པར་བསམ༔ ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ༔ དམོད་པ་དྲག་སྔགས་འདི་སྨྲོས་ན༔ ཆོ་འཕྲུལ་ལྟས་ངན་དགྲ་ལ་འབེབ༔ དགྲ་ལ་ཐན་གཏོང་བའི།་་་ལས་གྲུབ་་་ན་ཐན་གཏོང་བའི་བཅའ་གཞི་སོགས།སྦྱོར་བ་དགྲོལ་བར་བྱ༔ དེ་ལ་བསྙེན་སྒྲུབ་ལས་སྦྱོར་་་དེའི་སྔགས་ནི་རྣམ་པ།གཉིས༔ ཞག་ནི་བཅུ་་་གཅིག་ལ་བསྙེན་སྒྲུབ་བྱ།བཅུ་ཉེར་གཅིག་་་ལ་ལས་སྦྱོར་བྱ།གོ༔་་་དེའི་སྔགས་ནི། བཛྲ་སརྦ་དུཥྚཱཎ༔ རཱ་ཙ་བཛྲ་དུ་ཏྲིག་ནན༔ ཧེ་ཙ་དུན་ཕོབ༔ བསྙེན་སྒྲུབ་བོ༔ དེ་ལ་ཞག་བཅུ་གཅིག་གོ༔ གཏའ་བསྐྱལ་ཆེ་གེ་ལ་ལྟས་ངན་ཕོབ་ཅེས་ཕྲིན་ལས་བཅོལ་ལོ༔ དེ་ནས་ལས་ལ་སྦྱོར་བ་ནི༔ གོང་གི་ཏྲིག་ནན་་་ཞེས་པའི།སྔགས་ཞབས་ལ༔ ལྟས་ངན་དབབ་སྔགས་ནི།་་་ཨེ་ཏྲི་ཏྲི་ཆེ་གེ་ལ་ཧེ་ཙ་དུན་ཕོབ༔ ཁུ་ཙ་ཧེ་ཕཊ་ཡ་བྷྱོ༔ ཞེས་ཞག་བཅུར་ལྟས་ངན་རཱུ་པ་ཀུན་དགྲ་ལ་ཁ་བསྟན་ཏེ༔ ཐུན་ཕུར་གྱིས་གཟིར་ལ་ལས་ལ་སྦྱར༔་་་བ་ནི་བཅའ་གཞི་རྣམས་དགྲ་ཡི་ཁང་རྨང་དུ་བསྐྱལ།འབྲིང་དགྲ་ཡུལ་དུ་བསྐྱལ།ཐ་མ་དགྲའི་ཡུལ་མཐོང་བའི་རི་རྩེར་བསྐྱལ།དེ་རྣམས་མ་བྱུང་ན་དགྲ་ཡུལ་དུ་འབབ་པའི་ཆུ་གཞུང་དུ་བསྐྱུར་རོ། །ལས།་་་མ་གྲུབ་་་ན།ཟློག་དཀྲུག་མེ་་་རཾ།ཆུ་་་བཾ།གཟིར༔ དེ་དག།་་་བྲི་བཟླས་གཉིས་སུ་ཤེས་པར་བྱ༔་་་དགོས་ཏེ་ལེའུ་བཅོ་བརྒྱད་པར་གསུངས་པ་ལྟར་བྱའོ། །དེ་ཡིས་ངེས་པར་འགྲུབ་པ་ཡིན༔ ཞེས་སོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ལྟས་ངན་ཆོ་འཕྲུལ་འབེབ་པའི་ལེའུ་སྟེ་སོ་དགུ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ འབྱུང་འཁྲུགས་དྲག་པོ་བྱུང་གྱུར་ན༔ ཐོག་སེར་གཅད་པའི་ལས་འདི་བྱ༔ རྣལ་འབྱོར་ཡི་དམ་་་གྱི་བསྙེན་པ།སྔོན་སོང་བས༔ གཤིན་རྗེ་མ་མོ་ལ་སོགས་པ༔ འཇིག་རྟེན་དྲེགས་པ་་་བཅོ་བརྒྱད་པོ་ཐམས་ཅད་ཡང་ན་གང་དགོས་སོ་སོར།ཐམས་ཅད་གཟིར༔ རཱ་ཧུ་ལ་དང་དབང་ཕྱུག་ཆེ༔ ཀླུ་དང་སྲིན་པོ་་་སེར་བ་ཟློག་པའི་རང་གི།གྲོགས་སུ་ཟློག༔ དྲེགས་པ་གཟིར་བའི་སྔགས་མཇུག་ཏུ༔ གསད་པའི་དྲག་སྔགས་་་ལི་ཙ་རྦད།འབྲུ་གསུམ་གྱིས༔ ཐོག་དང་སེར་བ་གཅད་པར་བྱ༔ དང་པོ་་་འཁོར་ལོ་དང་ཐུན་རྫས་ལ།ཞག་བཅུ་བསྙེན་ཅིང་བསྒྲུབ༔ ཐ་མར་ཞག་བཅུ་ལས་ལ་སྦྱར༔ ནམ་དགོས་ཐུན་གྱིས་་་ཐོག་སེར།ཟློག་པ་དང༔ ཡུལ་གྱི་ཕྱོགས་མཚམས་རྣམས་སུ།་་་གཏའ་ཀུན་བསྡམས་པའི་རྒྱ་བྱ་འོ༔ དེ་ཡི་མན་ཏྲ་འདི་ལྟ་སྟེ༔ བཛྲ་སརྦ་དུཥྚཱཎ༔་་་སྤྱི་གཟིར། དྷེ་བ་་་ལྷ།ས་ནཱ་ག་་་ཀླུ།རཀ་ཤ་་་སྲིན་པོ།ཏྲིག་ནན༔ ལི་ཙ་རྦད་ནན༔ ཅེས་པས་བསྙེན་ནོ༔་་་ཐུན་ལ་ཞག་བཅུ། ཏྲིག་ནན་ཞབས་ལ༔་་་རྦད་ནན་ཞབས་ལ། ཨཱེཿཨ་ཕུར་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་ནན༔ ཐོག་སེར་ལི་ཙ་རྦད་རྦད་དགྲ་ལ་བྷྱོ་བྷྱོ༔ ཕཊ་ཕཊ༔་་་གདོང་ཟློག་སྔགས། ཅེས་པས་་་ཞག་བཅུ་ཐུན་བསྟིམ་མོ།ལས་ལ་སྦྱོར་བ་འོ༔ འདི་ཡི་རྫས་རྣམས་བསྟན་པ་ནི༔ འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས༔ སྔར་ལེའུ་བཅོ་བརྒྱད་པར་གསུངས་པ་རྣམས་ཤོག་གུ་ལ་རཱ་ཧུ་ལའི།་་་གཟུགས་དང་མིང་་་གྲོགས་ཀྱི།རུས་བཅས་པ་དང༔ ལྷ་འདྲེའི་མིང་དཀྱིལ་དུ་སྲོག་ཡིག།་་་སྲོག་ཅེས་པ་་་དེ་མཐར་སྲོག་ཅེས་དྲི་བ།དང་རྣམ་ཤེས་་་དེའི་མཐར་མིང་སྔགས་ཞབས་ལ་ཐོག་སེར་ལི་ཙ་ཨེ་ལ་སོགས།དང༔་་་དེའི་མཐར་མིང་སྔགས་ཞབས་ལ་ཐོག་སེར་ལི་ཙ་རྦད་ཡུལ་མིང་ལ་སོགས་སྲུངས་ཤིག་བྲི། དེའི་མཐར་ཛས་བསྐོར། ཐོག་སེར་ཆོད་ཅེས་འཁོར་ལོ་བྲི༔་་་རང་བཞིན་དྲག་པོ་བཙན་ཐབས་གསུམ་གྱི་ཐོག་སེར་གཅད། ཡུལ་ཆེ་གེ་མོ་ལ་ཐོག་སེར་སྲུངས་ཤིག་བྲི།་་་འདི་དུས་དགྲ་ཡི་ལིང་ག་་་དགོས།མེད༔་་་དོ། །སྔགས་མཇུག་ཀུན་ལ་གང་བསྲུང་བའི༔ ཡུལ་་་གང་བསྲུང་།མིང་ཐོག་སེར་ལི་ཙ་རྦད་རཀྵ་སྭཱ་བྲི༔ འདི་ཡི་ཐུན་རྫས་རྣམ་པ་དགུ་འོ༔ ཡུངས་དཀར་ཡུངས་ནག་སྐྱེ་ཚེ་གསུམ༔ ལྕགས་ཟངས་རྡོ་ཡི་ཕྱེ་མ་གསུམ༔ གུ་གུལ་ཐལ་ཆེན་སླང་དྲག་གསུམ༔ གཅད་པའི་རྫས་ནི་དེ་དགུ་འོ༔ གདོང་གི་རྫས་དྲུག་་་ཡུངས་དཀར་ནག་སྐྱེ་ཚེ་ཟངས་ལྕགས་རྡོ་ཕྱེ་སྟེ།གདོང་བཟློག་ཅིང༔ ཐུན་གྱི་འཁོར་ལོ་བྲབ་པར་བྱ༔ གུ་གུལ་་་ཐལ་ཆེན་སླང་དྲག།ལ་སོགས་གསུམ་པོ་ནི༔ འཁོར་ལོ་དང་སྦྲགས་རྩང་གི་མགུལ༔ བཏགས་ཏེ་གང་བསྲུང་ཡུལ་དེ་ཡི༔ ཕྱོགས་བཞི་མཚམས་བརྒྱད་ཐོ་ཡི་འོག༔ གཏའ་བསྡམས་་་ཡུལ་ལྷ་སྡེ་བརྒྱད་ལ་སྔོ་ཕུད་དང་ལོ་ཕུད།ཕུད་གཏོར་བཏང་བྱས་ལ༔ བཀའ་བསྒོ་བདེན་བདར་བཅོལ་གཏམ་བྱ༔ དེ་ཡིས་ངེས་པར་་་འདི་ཟབ་སྟེ།ཐུབ་པ་ཡིན༔ འདི་ཡི་ཏིང་འཛིན་བསྟན་པ་ནི༔ རང་ཉིད་ཡི་དམ་གསལ་བ་ཡིས༔ སྔགས་ཀྱི་འོད་ཟེར་འཕྲོས་པས།་་་དྲེགས་པའི་འཁོར་ལོ་སྔགས་རྫས་བསྐུལ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ དམིགས་པའི་ཡུལ་དུ་ཐོག་སེར་བསྲུང་བར་བསྒོམ༔ དགྲ་ལ་འབེབས་ཤིང་བརླགས་པར་བསམ༔ ཐུན་རྫས་སྣ་ཚོགས་མཚོན་ཆར་བསམ༔ དེས་ནི་སྣང་སྲིད་ལྷ་འདྲེ་གཟིར༔ ལྷ་འདྲེས་ཐོག་སེར་ཟློག་པར་བསམ༔ གལ་ཏེ་སེར་བའི་གདོང་ཟློག་ན༔ ཡུངས་་་དཀར་ནག་སྐྱེ་ཚེ་ཟངས་ལྕགས་རྡོ་ཕྱེ་སོགས།གོང་གི་་་སྒྲུབ་པའི།ཐུན་དྲུག་དང༔ སེང་ལྡེང་་་ངམ།ལྕགས་ཕུར་་་པ་ལ།གོང་ནས་བསྒྲུབས༔་་་པ་དེ། སེར་བའི་གདོང་དུ།་་་ཐུན་གཏོར་ཕུར་པས་སེར་བ་་་འབབ་པ་ཀུན།གཟིར༔ སྤྲིན་ཡང་་་ཕུར་ཐུན་གྱིས།འདྲལ་ཞིང་རཾ་་་འཕྲོས་པས།མེས་་་སེར་བའི་ནང་།བསྲེགས༔ དེ་ཡིས་སེར་བ་ཟློག་པར་ངེས་གལ་ཏེ་ཅིས་ཀྱང་མ་ཟློག་ན། ཟློག་དཀྲུག་མེ་ཆུའི་གནད་ཀྱིས་གཟིར་ངེས༔ ཞེས་སོ༔ དྲག་པོ་མངོན་དུ་ཕྱུང་བ་ཕྲིན་ལས་ཀྱི་རྒྱུད་ལས༔ ཐོག་སེར་གཅད་པའི་ལེའུ་སྟེ་བཞི་བཅུ་པའོ༔ དཔལ་རྡོ་རྗེ་གཙུག་ལག་གི་ལས་རྐྱང་ཆེན་པོ་བདུན་ལས༔ སྲོག་སེར་ཐོག་ཆོ་འཕྲུལ་བཞི་དང་བཅས་པའི་ལས་བསྟན་པའོ༔ མནན་བསྲེག་འཕང་བའི་ལས་རྐྱང་ནི༔ ལེའུ་སོ་གཉིས་པ་སོགས་རང་རང་གི་ནང་དུ་གསལ་ལོ༔ སྲུང་བའི་ལས་ནི་འོག་གི་ཞི་བའི་དུས་སུ་གསལ་ལོ༔ དེ་རྣམས་ནི་ལས་རྐྱང་ཆེན་པོ་བདུན༔ རེ་རེ་ལའང་འཁོར་ལོ་སྔགས་རྫས་ཏིང་འཛིན་བཞི་བཞིའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ གདུག་པའི་དགྲ་བགེགས་གདུལ་བར་བྱ༔ སྙིང་གཟེར་དྲག་པོའི་ལས་འདི་བསྟན༔ བདག་ཉིད་སྐུ་གསུམ་དོན་ལྡན་དབྱེར་མེད་བསྒོམ༔ སྙིང་གཟེར་དྲག་པོའི་ལས་འདི་དག༔ ཡེ་ནས་གདུག་པ་་་གཞན་ཐམས་ཅད་ཀྱི།རང་རྒྱུད་གནས༔ རང་རྒྱུད་ལ་གནས་པ།་་་གདུག་པའི་དེ་ཉིད་ཤེས་གྱུར་ན༔ དགྲ་བགེགས་་་གང་ཡིན།རང་གཤེད་རང་གིས་བྱེད༔ འཁོར་ལོ་རྫས་དང་ཏིང་འཛིན་སོགས༔ ཐམས་ཅད་གོང་འདྲར་མཐུན་པ་ཡིན༔ ཁྱད་པར་སྙིང་གཟེར་དྲག་པོ་ནི༔ ཙིཏྟ་རྦད་ནན་་་ཡིག་འབྲུ་བཞི།བཞི་ཡིས་གཟིར༔ སྲོག་སེར་ཐོག་ཆོ་འཕྲུལ་བསྲེག་འཕང་མནན་པ་རྣམས།་་་ལས་རྐྱང་ཆེན་པོ་བདུན་ལ་སོགས༔ གང་ཡང་སྙིང་གཟེར་་་འདིས།འགྲུབ་པར་བྱེད༔ བྲི་བཟླས་་་སྔགས།གཉིས་ལ་བལྟེམ་པར་བྱ༔ གདུག་པའི་སྲོག་སྙིང་འབྲུ་བཞི་ལ༔་་་བཛྲ་སརྦ་དུཥྚཱཎཿ སྙིང་གཟེར་ཡི་གེ་འབྲུ་བཞིས་་་ཙིཏྟ་རྦད་ནན།བསྐུལ༔ གདུག་པ་ཐམས་ཅད་སྙིང་ནས་གཟིར༔་་་བར་བྱེད། ལྷ་སྲིན།་་་གདུག་པ་གཟིར་བའི་སྔགས་མཇུག་ཏུ༔ དགྲ་བོའི་སྲོག་སྙིང་འབྲུ་གཉིས་་་ཤ་ཏྲཱུཾ།གཉིས༔ འཕྲོག་བྱེད་གསུམ་་་ཧུར་ཐུམས་ཛཿ།གྱིས་རྣམ་ཤེས་འཕྲོག༔ གཅོད་བྱེད་མཚོན་ཆ་འབྲུ་བཞི་ཡིས༔ གདུག་པ་་་དེ་ལྟར།རང་སྲོག་རང་གིས་གཅོད༔ གདུག་པ་གཟིར་བའི་སྔགས་མཇུག་ཏུ༔ ཐོག་་་དང་།སེར་་་བ་དང་།ལྟས་ངན་གཅད་པ་དང༔་་་དེ་ལ་སོགས་པ། ཕན་་་པ་དང་།གནོད་་་པའི།ལས་ཀུན་་་རྫས་སྔགས་ཏིང་འཛིན་སོགས་གོང་འོག།འཕྲུལ་་་སྡེབ་བྱེད།ཡིན་སྤྱད༔་་་པར་བྱ། གང་ཡང་སྙིང་གཟེར་དྲག་པོས་འགྲུབ༔ ཐབས་ཤེས་ལྡན་པའི་གང་ཟག་གིས༔ དེ་ལྟར་སྙིང་གཟེར་བལྟེམ་པར་བྱ༔ མ་གྲུབ་ཟློག་དཀྲུག་མེ་ཆུ་དང༔ འུར་ལོང་་་དུ་འདུ་བ།དག་གིས་གནད་་་སྤྱི་སྒོས།ལ་དབབ༔ སྤྲོས་པས་་་གནད།མ་ཤེས་་་ན་མགོ།རྨོངས་པར་འགྱུར༔ དེ་ཕྱིར་འུར་ལོང་གཅིག་ཏུ་དབབ༔ ཆུ་དང་མེ་ཡིས་སྲིད་པ་དཀྲུག༔ ཚ་གྲང་རབ་གཟིར་འདུག་དབང་མེད༔ ཚྭ་གྲང་་་འབྱུང་བ།འཐབས་པས་་་འབྲས་བུ།ཐོག་ཀྱང་འབྱིན༔་་་གྲུབ་པ་ཡིན། དེ་ལྟར་མེ་ཆུ་ཤི་སའི་ལས༔ འདི་ལས་ཕུ་ཕྲུས་ཡོད་རེ་ཀན༔ ཤེས་རབ་ཅན་གྱིས་བལྟེམ་བྱས་ན༔ ཕན་གནོད་ལས་ཀུན་མ་བསྒྲུབས་འགྲུབ༔ ཅི་ཕྱིར་་་གནད་ཤེས་པས།དྲེགས་པའི་སྲོག་དབང་་་དུ།འདུས༔ དེ་ཕྱིར་ཡིད་ལ་བརྣག་པར་བྱ༔ དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ སྙིང་གཟེར་དྲག་པོ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ རྣལ་འབྱོར་སྐུ་གསུམ་དོན་ལྡན་པས༔ དམར་འབྱིན་སྲོག་གི་ལས་་་སྙིང་ལ་གནས་པ།ལ་སྦྱར༔ སྲོག་ལ་རྣམ་པ་མང་ཡོད་ཀྱང༔ བྱེ་བ་ས་ཡར་གནས་པའི་ལྷ་འདྲེ་ཡང༔ རྣམ་ཤེས་གཅིག་ན་ཡི་གེ་གཅིག་ལ་བསྡུ༔ དེ་ཉིད་མ་རིག་ངོ་བོ་ཡི་གེ་ཨཱེ༔ འདི་ཉིད་རང་གཤེད་འཁྲུལ་པའི་རྩ་བ་ཡིན༔ ཉོན་མོངས་འཁོར་བ་ཐམས་ཅད་འདི་ལས་བྱུང༔ དེ་ཕྱིར་འགྲོ་བ་འཁྲུལ་པའི་སྙིང་་་ཀུན་གྱི།རྩར་་་ལ།གནས༔ ཁ་དོག་དག་ཀྱང་རྣམ་པ་གསུམ༔ ཨ་མཐིང་འགྲེང་བུ་དམར་པོ་ལ༔ འ་ནི་ནག་པོ་དག་ཏུ་གནས༔ མ་རིག་ཞེ་སྡང་འདོད་ཆགས་གསུམ༔ དེ་ནི།་་་སྤྱི་ཡི་ཉོན་མོངས་་་པའི།རྩ་བ་་་འི།སྲོག༔་་་དུ་ཤེས། དེ་ཕྱིར་རྩ་བ་ཨཱེཿབསད་ན༔ སྡོང་པོ་རྩ་བ་་་བཅད་ན།ཡལ་ག་་་རང་།བཞིན༔་་་གྱིས་ཉམས་ནས་མེད་པར་འགྱུར་བ་བཞིན། གནད་ཀྱིས་ཐམས་ཅད་སྲོག་ཀྱང་འཆང༔ ལས་ཀྱི་གཤིན་རྗེ་འང་སྒྲོལ་བར་ངེས༔ འགྲོ་བ་གཞན་ལ་སྨྲོས་ཅི་དགོས༔ གཟིར་འཕྲོག་གསད་པ་རྣམ་གསུམ་བལྟེམ༔་་་པས་འགྲུབ། སརྦ་ཨཱེཿཏྲིག་ནན༔ ཨཱེཿཧུར་ཐུམས་ཛ༔ ཨཱེཿམཱ་ར་ཡ་རྦད༔ དེ་ཡིས་ཉོན་མོངས་་་འཁོར་བའི།རྩ་བ་གཅོད༔་་་པ་དེ་ལྟར། འཁོར་བའི།་་་རྩ་བ་མ་རིག་་་པ་དེ་གཉིས།ལས་བྱུང་བའི༔ ཉོན་མོངས་བརྒྱད་ཁྲི་་་བཞི་སྟོང་།ལ་སོགས་པ༔ དྲེགས་པ་འགྲོ་དྲུག་མ་ལུས་ཀུན༔ རང་རང་སྒོས་གཟིར་འཕྲོག་གསད་མནན༔་་་ཏེ་རིམ་པ་འདི་ལྟར་རོ། །གཤིན་རྗེའི་་་གཟིར་གསད།ལྟ་བུས་ཀུན་ལ་བསྒྲེས༔ མགོ་ནོན།་་་སརྦ་་་སྟོབས་ཡིག་གཉིས།ཨཱེཿ་་སྤྱི་སྲོག།ཡ་མ་་་གཤིན་རྗེ།ཏྲིག་ནན༔་་་གཟིར་བ་འབྲུ་གཉིས། སྲོག།་་་ཡ་འཕྲོག་བྱེད་གསུམ།་་་ཧུར་ཐུམས་ཛ༔ སྲོག།་་་ཡ་གསད་པ་བཞི།་་་མཱ་ར་ཡ་རྦད༔ སྤྱི་ལ་བྱ་བ་ནི༔ གཟིར་བ་སྟེ།་་་སརྦ་ཨཱེཿཏྲིག་ནན༔་་་སྟོབས་ཡིག་གཉིས། ཨཱེཿཆེ་གེ་ལ་བྷྱོ༔ ནྲྀ་ཧུར་ཐུམས་ཛ༔ ཨཱེཿམཱ་ར་ཡ་རྦད༔ ཅེས་སོ༔ བན་དགྲ་རང་གཤེད་་་ལ་གཤིན་རྗེ་རང་གཤེད་དུ་འབེབ་ན།དབབ་པ་ནི༔ སརྦ་ཨཱེཿཡ་ཏྲིག་ནན༔ ཡ་་་དགྲའི་མིང་།ཆེ་གེ་ལ་བྷྱོ༔ སྲོག་ནི་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ དེ་ཡིས་བཅུ་བདུན་་་སྤྱིར་དགྲ་བགེགས་གཟིར་བ་དང་བྱེ་བྲག་དྲེགས་པ་དང་དགྲ་གཟིར་བ་སོགས་རྣམ་དབྱེ་ཕྱེད་དགོས།འགྲེ་བར་ཤེས༔ མ་གྲུབ་་་སྔགས་རྣམས།ཟློག་་་པ་དང་།དཀྲུག་་་པ་དང་།མེ་ཆུས་བལྟེམ༔ བྲི་དང་་་ཐམས་ཅད་ལ།བཟླས་པ་གཉིས་ཡིན་ཏེ༔ གཟིར་ནི་རང་བཞིན་དྲག་པོ་བཙན་ཐབས་གསུམ༔ ལེའུ་བཅོ་བརྒྱད་པར་གསུངས་པ་རྣམས།་་་འཁོར་ལོ་རྫས་དང་ཏིང་འཛིན་སོགས༔ བྲི་བཟླས།་་་ཐམས་ཅད་སྤྱི་སྒོས་བྱེ་བྲག་ཤེས༔ ཡང་གསང་གཏེར་ཆེན་སྒྲུབ་པའི་གནད༔ ཡིག་འབྲུ་གཅིག་གིས་ལས་ཀུན་འགྲུབ༔ དམ་མེད་ལོ་འདོད་འབོག་འཆོལ་མཁན༔ ཕན་གནོད་ལས་ཀུན་འཕྲུལ་མི་ཤེས༔ དེས་ནི་རིག་སྔགས་རང་ལ་ཟློག༔ རླུང་ཉིད་སྤར་མོར་འཚོད་དང་འདྲ༔ ཚེ་ལོ་ཉི་ཤུའི་དུས་སུ་གཅེས༔ སེང་གེ་སྲབ་ཀྱིས་ཁ་ལོ་བསྒྱུར་བ་མིན༔ རང་་་དང་།གཞན་་་དགྲ་འདྲེ།གཉིས་ཀ་ཉེན་ཆེ་བས༔ སྦྲུལ་ཉིད་སྨྱུག་དོང་ནང་བཅུག་འདྲ༔ དམ་མེད་རྟོག་དཔྱོད་མཁན་གྱིས་བྱ་བ་མིན༔ ཤེས་རབ་སྙིང་རྗེ་ཅན་གྱིས་སྤྱད་པར་འོས༔ སྐུ་གསུམ་ལྷུན་གྲུབ་རང་ཤར་་་གྱི་གང་ཟག་གིས།རྒྱལ་བ་ལས༔ ཐེག་དམན་བློ་ཆུང་འདི་ཡི་སྤྱོད་ཡུལ་མིན༔ རྣལ་འབྱོར་སྐུ་གསུམ་སྟོབས་དང་ལྡན་པ་ཡིས༔ སྔགས་རྫས་འཁོར་ལོ་ཏིང་ངེ་འཛིན་ལ་བལྟེམ་་་བྱས།ན༔ དགྲ་བགེགས་སྲོག་རྩ་དམར་པོ་འབྱིན་པར་ངེས༔ དེ་ཕྱིར་་་དམར་འབྱིན་ལས།འདི་ཉིད་་་ཕན་གནོད་ལས་ཀུན་ངེས་པར་འགྲུབ་པས།ཡིད་ལ་བརྣག་པར་བྱ༔ ཞེས་སོ༔ དྲག་པོ་མངོན་དུ་ཕྱུང་བ་ཕྲིན་ལས་ཀྱི་རྒྱུད་ལས༔ སྲོག་དམར་འབྱིན་གྱི་ལེའུ་སྟེ་ཞེ་གཉིས་པའོ༔ དེ་ནས་ཡང་གསང་བའི་བདག་པོ་ཡིས༔ ཀུན་བཟང་ཡབ་ལ་འདི་སྐད་ཅེས་ཞུས་སོ༔ ཀྱེ་ཡབ་མཆོག་ཀུན་ཏུ་བཟང་པོ་གསོན༔ དུས་ངན་ཐ་མ་བྱུང་བའི་ཚེ༔ གསང་སྔགས་ནུས་པ་ཡལ་བ་དང༔ མཁའ་འགྲོའི་བྱིན་རླབས་ནུས་པ་ཡལ༔ སྙིགས་མ་ལྔ་ལ་བབ་པ་ན༔ བན་དགྲ་ཕྱག་ཆ་རང་ལ་བསྐོར༔ ལྷ་སྲིན་སྲོག་ལ་དོ་འདྲེན་བྱེད༔ གསང་སྔགས་རྡོ་རྗེ་ནང་འཐབ་དུས༔ ཚེ་ལོ་ལྔ་བཅུ་་་པ་ནས།ཉི་ཤུའི་དུས༔་་་ཡན་ཆད་ཀྱི། སྙིགས་མ་ལྔ་ལ་བབས་པའི་དུས༔ བན་དགྲ་ཕྱག་ཆ།་་་དམ་ཉམས་རང་གཤེད་བསྐོར་བ་ནི༔ དྲེགས་པའི་སྲོག་རྩ་དམར་པོ་དབྱུང༔ ཕན་གནོད་ལས་རྣམས་ཇི་ལྟར་བརྩམ་པ་དང༔ ཕྲིན་ལས་རྣམ་པ་བཞི་ལ་ཇི་ལྟར་བསྡུ༔ རྡོ་རྗེ་ནང་རྨེའི་ལས་ལ་མང་ཡོད་ཀྱང༔ སྲུང་ཟློག་གསད་མནན་བཞི་ལ་ཇི་ལྟར་བསྡུ༔ ཡེ་ཤེས་འཇིག་རྟེན་སྲོག་ལ་མང་ཡོད་ཀྱང༔ མདོ་དོན་སྔགས་རྣམས་ཇི་ལྟར་བསྡུ་བར་བྱ༔ དེ་བཞིན་རྫས་དང་ཏིང་འཛིན་བསྟན་བྱས་ནས༔ གནམ་ལྕགས་རྔུར་མོའི་ཕྱག་ཆ་བདག་ལ་ཞུ༔ ཞེས་ཐལ་སྦྱར་པུས་བཙུགས་ཞུས་པ་ལས༔ དེ་ཡི་ཚེ་དཔལ་ཀུན་ཏུ་བཟང་པོ་ཉིད༔ དྷརྨ་དྷཱ་ཏུ་ཨཿཞེས་ཆོས་ཀྱི་སྒྲ་དང་བཅས་ཏེ༔ ཆོས་ཉིད་ཀྱི་ངང་ལ་དགོངས་པ་ལ་བཞུགས་སོ༔ གསང་བའི་བདག་པོས་ཡང་བསྐྱར་ཏེ་ཞུས་པ༔ ཨེ་མ་ཧོ༔ སྐུ་གསུམ་དོན་ལྡན་འཁོར་འདས་ཡོངས་ཀྱི་རྗེ༔ འགྲོ་བ་འཁོར་བའི་སྡུག་བསྔལ་ཉོན་མོངས་ལ༔ ཐུགས་རྗེའི་དཔྱང་ཐག་མ་ཆད་སྦྱོར་སྒྲོལ་དྲང་པ་དང༔ བསྟན་པའི་སྲོག་ཤིང་བདག་ལ་མྱུར་དུ་སྩོལ༔ ཞེས་ཞུས་པ་ལས༔ དཔལ་ཀུན་ཏུ་བཟང་པོ་ཉིད་ཆོས་སྐུ་ལས་ལོངས་སྤྲུལ་སྟོབས་ལྡན་ནག་པོའི་སྐུ་རུ་བཞེངས་ཏེ༔ ཐུགས་ཀྱི་དགོངས་པ་མགུལ་གྱི་བུམ་པ་ལ་དྲངས་ཏེ༔ ལྗགས་ཀྱི་པདྨ་ལ་བཀྲམ་པ་འདི་ལྟར་རོ༔ ཀྱཻ་གསང་བའི་བདག་པོ་ཉོན༔ ངས་བཤད་པ་ལ་ཐེ་ཚོམ་སྤོངས༔ གནམ་ལྕགས་རྡོ་རྗེ་ནང་འགྲས་ན༔ རྟོག་མེད་མཉམ་ཉིད་རྫོགས་པའི་སྐུ༔ བདེ་ཆེན་མཁའ་ཀློང་གསལ་ལ་ཐོགས་པ་མེད༔ ཕྱག་རྒྱ་བརྗིད་པའི་སྟོབས་ཀྱང་དཔག་ཏུ་མེད༔ སྐུ་གསུམ་དོན་དང་ལྡན་པ་རྔམ་ལ་བརྗིད༔ ཆོས་སྐུ་ཡེ་ནས་སྟོང་གསལ་་་འཁོར་འདས་རང་བཞིན།ངང་ལ་གནས༔་་་པ། དེ་ནི་ཕན་གནོད་སྦྱོར་བའི་རྒྱལ་པོ་ཡིན༔ དེ་ལྟར་མ་རྟོགས་རང་སྣང་མ་ཤེས་པས༔ རྩོད་དུས་ལོག་ལྟའི་བསྟན་པ་དར་བའི་དུས༔ བསྟན་པའི་བདག་པོས་འདི་ལྟར་ཉམས་སུ་བླང༔ སྙིགས་མ་ལྔ་ལ་བབས་པའི་དུས༔ དྲེགས་པའི་སྲོག་རྩ་ཧར་སྟོན་བྱ༔ དམ་ཉམས་ཕྱག་ཆ་རང་ལ་བསྐོར༔ རང་ཉིད་བཙན་པོའི་མཁར་དུ་ཞུགས༔ ལུས་ལ་གོ་ཆ་བགོ་བར་བྱ༔ ལྷ་སྲིན་སྡེ་བརྒྱད་ལྕགས་སུ་གཞུག༔ མི་བརྗེད་གཟུངས་ཀྱིས་བརྟན་པར་བྱ༔ དེ་ལ་བཙན་པོའི་མཁར་དུ་གཞུག་པ་ལ་གདིང་རྣམ་པ་གསུམ་སྟེ༔ ལུས་ལྷའི་གདིང༔་་་དེ་ལ་ལུས་ལྷའི་གདིང་ནི། ལྷ་ཉིད་རང་ལ་རང་ཉིད་ལྷ། །སྣང་སྟོང་དབྱེར་མེད་དག་ཏུ་གནས། །དེ་ཡང་ཕུང་པོ་ལྔ་ཡུམ་ལྔར་གནས་སོ། །ངག་སྔགས་ཀྱི་གདིང༔་་་ངག་སྔགས་ཀྱི་གདིང་ནི། གསང་བ་སྲོག་གི་དྲེགས་པ་རང་རང་ལ་སྲོག་བཞི་དང་། གཉིས་སུ་གནས་པ་དང་། དྲེགས་པ་རང་རྒྱུད་ལ་དྭངས་མ་སྲོག་སྙིང་ལ་སྲོག་གི་སྙིང་པོ་དང་། གནས་པ་སྲོག་གི་སྙིང་པོ་ཐམས་ཅད་ཆོས་སྐུར་ཤེས་པར་བྱའོ། ཁྱད་པར་སྡེ་བརྒྱད་མི་འགྱུར་སྲོག་གི་སྙིང་པོ་ནི་ངན་སྔགས་དང་མ་བྲལ་བ་ལ་སྔགས་ལ་ཡང་རྣལ་ཟློག་དཀྲུག་གསུམ་འུར་ལོང་ལ་སོགས་ཤེས་པར་བྱའོ། །སེམས་ཆོས་ཉིད་ཀྱི་གདིང་དང་གསུམ་མོ༔་་་སེམས་ཆོས་ཉིད་ཀྱི་གདིང་ནི། སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཡིན། སེམས་སྟོང་པ་ཆོས་སྐུ་ཡིན། དེ་བས་ན། ལྷ་འདྲེ་ཡང་སེམས་སོ། །སེམས་ཀྱི་ངོ་བོ་སྟོང་པའོ། །སྟོང་པ་དེ་ཆོས་སྐུའོ། །བྱུང་ཡང་སེམས་ལས་བྱུང་། ཐིམ་ཡང་སེམས་ལ་ཐིམ་པའོ། །ལུས་ལ་གོ་བགོ་བ་ལ༔ དཔའ་བོ་གསུམ་སྟེ༔ རང་སྲུང་བའི་དཔའ་བོ༔་་་རང་སྐུ་གསུམ་དོན་ལྡན་ཡེ་ཤེས་ཀྱི་ལྷ་བསྒོམ། འཁོར་སྲུང་བའི་དཔའ་བོ༔་་་ཏིང་འཛིན་མཚོན་ཆའི་གུར་དུ་རང་མི་ནོར་དང་བཅས་པ་བསྲུང་བར་བསྒོམ། རྦོད་གཏོང་་་སྡེ་བརྒྱད་ཟློག་པའི་སྔགས་རང་གཤེད་ཀྱི་སྔགས་ཀུན་ཟློས།ཟློག་པའི་དཔའ་བོ་དང་གསུམ་མོ༔ སྡེ་བརྒྱད་་་སྡེ་བརྒྱད་སྤྱིར་ཟློག་པའོ།ལྕགས་་་སུ།གཞུག་་་པ་ལ།གནད་་་རྣམ་པ།གསུམ་སྟེ༔ ཟློག་པ་་་འི་ལས་བྱ་བ་བསྟན།བཙན་་་གྱི།ཇག་་་པ།དགྱེ་བའི་གནད༔ རང་གཤེད་རང་ལ་དབབ་པའི་གནད༔་་་ཁོ་ཡི་སྲུང་བ་ཁོ་རང་ལ་ཕྱག་ཆ་བསྐོར་ནས་བཏང་། དམག་དཔོན་གཡུལ་དུ་བསད་པའི་གནད་དོ༔་་་རྦོད་གཏོང་མཁན་དང་སྲུང་མར་བཅས་པ་ཆོ་འཕྲུལ་བྱུང་ན་བཟློག་པའོ། །དེ་རྣམས་སྟོད་ལས་ཁྱུང་ཆེན་ལྡིང་བ་ལྟ་བུར་བསྟན་པའོ༔ སྨད་ལས་གཅོད་པའི་སྤུ་གྲི་ལྟ་བུར་བསྟན་པ་ནི༔ དེ་ལ།་་་སྤྱི་དོན་བཅུ་སྟེ༔ བཙོན་དོང་རུལ་དུ་གསད་པ་དང་གཅིག༔ གྱི་ལིང་སྒྲོག་སྒྲོལ་བྱ་བ་དང་གཉིས༔ སྒྱོགས་གཉིས་ནང་འཕྲད་ན་སྒྱོགས་རྡོ་ལམ་དུ་བཅག་པ་དང་གསུམ༔ ཁོ་རང་གི་སྲུང་མ་ཁོ་རང་ལ་ཕྱག་ཆ་བསྐོར་ཏེ་རང་གཤེད་དུ་དབབ་སྟེ་བསད་པའོ།་་་སྡིག་པ་ཕྲུ་གུ་གསོས་པས་མ་མོ་རང་གི་གཤེད་དུ་དབབ་པ་དང༔ ལྷ་མ་སྲིན་སྡེ་བརྒྱད་སྲོག་བཅུག་པས་ནི།་་་དེ་ཡང་ཕར་ལ་ཐེབས་པ་ཡེ་ཤེས་ལྷའི་སྔགས་ཡོད་པས་ཚུར།་་་ལ་མི་བཟློག་པ༔ དེ་ཡང་ཡེ་ཤེས་པ་དང་འཇིག་རྟེན་པའི་སྔགས་ཐམས་ཅད་སྦྲེལ་ཏེ་སྲུང་ཟློག་གསད་མནན་གྱི་ལས་བྱའོ།་་་ཡེ་ཤེས་པ་དང་འཇིག་རྟེན་པའི་གནད་ཐམས་ཅད་འདུས་པ༔ འཁོར་འདས་ཐམས་ཅད་རང་བྱུང་རང་ཞིར་ཤེས་པའོ།་་་ལྟ་བ་ཆོས་ཉིད་དང་མི་འགལ་བ༔ གདིང་་་ལུས་ལྷའི་གདིང་། ངག་སྔགས་ཀྱི་གདིང་། སེམས་ཆོས་ཉིད་ཀྱི་གདིང་དང་གསུམ་མོ།རྣམ་པ་གསུམ༔ སྔགས་ཀྱི་ཚད་གསུམ༔་་་གྲངས་དུས་རྟགས་ཀྱི་སྒོ་ནས་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ། ཏིང་འཛིན་གསལ་བ་གསུམ༔་་་རང་ཡི་དམ་ལྷ་རུ་གསལ་བ་དམ་ཅན་བཀའ་ཉན་དུ་གསལ་བ་ལིང་ག་རྣམས་དགྲ་བོ་དངོས་སུ་གསལ་བའོ། །མནན་པའི་ས་གསུམ༔་་་མནན་པའི་ལིང་ག་ཚར་གསུམ་བྲིས་ལ། དང་པོ་མལ་འོག་གཉིས་པ་ཟམ་སྔས་ལམ་ཀ་ནི་གསུམ་པ་བྱང་ལྟའི་ཆུ་མིག་ཏུ་ལིང་གའི་སྟེང་དུའང་ནྲྀ་བྲི་ལ་སེང་ལྡེང་ངམ་ལྕགས་ཀྱི་ཕུར་པས་གདབ། དེ་ནི་ནམ་དུ་ཡང་མི་འདོན་ནོ། །ལིང་ག་ལ་དགུག་གཞུག་ལྷ་དབྱེ་ཡང་བྱའོ། །སྲུང་བའི་གནད་ནི། ངག་འགྲོལ་ཟླ་བ་ཡར་ངོ་ལ་བྱ་བ་དང་། དུས་གཉན་ལ་རང་བསྲུང་བ་དང་། རྦོད་གཏོང་ཟློག་པ་དང་། རང་གཤེད་དང་། ཐུན་ཕུར་གྱི་ལས་བྱ་བའོ། །ཟློག་པའི་གནད་ཀྱང་དེ་ལྟར་བྱ་བ་ལ། ཁྱད་པར་ལིང་གའི་ཐ་མར་སྔགས་ཀྱིས་བསྐོར་ཏེ་སྔགས་མགོ་ཕྱིར་བསྟན། སྔགས་མཇུག་ནང་དུ་བསྟན་ནོ། །སྒོར་མོར་ཁ་རང་ལ་ཟུག་པ་བྲིའོ། །གསད་པའི་རང་གཤེད་ཀྱི་གནད་ནི། ཐ་མར་ལིང་ག་བྱང་ལྟའི་ཆུ་མིག་ཏུ་མནན་པ་དང་ཙཀྲ་རང་གཤེད་ཆ་གཅིག་ཁོ་རང་གི་སྒྲུབ་ཁང་འོག་ཏུ་མནན་པ་གནད་ཆེའོ། །མནན་པའི་གནད་ནི། ལྕེ་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལཾ་ནན་ལྕེ་སྟེང་ནས་ཕུར་པ་མི་འདོན་པ་དང་། རང་གི་མལ་འོག་དང་ཟམ་སྔས་དང་བྱང་ལྟའི་ཆུ་མིག་དང་གསུམ་དུ་མནན་ནོ། །རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་ལཾ་དང་གླིང་བཞི་རི་རབ་ཀྱིས་མནན་པ་གཅེས་སོ། །དེ་རྣམས་ནི་གནད་བདུན་ནོ། །དཔའ་བོ་རྣམ་པ་བཞི་སྟེ་བཅུ་བཞི་འོ༔་་་དེ་ནི་སྲུང་ཟློག་གསད་མནན་བཞིར་སྡུད་དེ་རང་འཁོར་བཅས་པ་སྲུང་བའི་དཔའ་བོ། རྦོད་གཏོར་ཟློག་པའི་དཔའ་བོ། བན་དགྲ་རང་གཤེད་ལ་བབ་སྟེ་གསད་པའི་དཔའ་བོ། ལས་མཇུག་མནན་པ་དང་ཁྱད་པར་ངག་མནན་པའི་དཔའ་བོ་སྟེ་དཔའ་བོ་རྣམ་པ་བཞིའོ། །དེ་རྣམས་སྨད་ལས་གཅོད་པའི་སྤུ་གྲི་བསྟན་པའོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ གནམ་ལྕགས་རྔུར་མོའི་སྤྱི་ཐེམས་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ དེ་ལྟར་སྟོད་ལས་ཁྱུང་ཆེན་ལྡིང་བ་རྣམ་གསུམ་ལ༔ སྨད་ལས་གཅོད་པའི་སྤུ་གྲི་ལ་སོགས་མང་ཡོད་ཀྱང༔ ཕན་གནོད་ཀྱི་ལས་མང་ནའང་།་་་བསྡུས་པས་རྡོ་རྗེ་ནང་རྨེ་བྱུང་བའི་ཚེ༔ གནམ་ལྕགས་རྔུར་མོའི་ལས་ལ་རྣམ་པ་བཞི༔ དང་པོ་བཙན་པའི་མཁར་དུ་ཞུགས་ཏེ་ལུས་ལ་རྡོ་རྗེའི་གོ་བགོ་སྲུང་བའི་ལས་དང་གཅིག༔ གཉིས་པ་སྒྱོགས་གཉིས་ནང་འཕྲད་ན་སྒྱོགས་རྡོ་ལམ་དུ་བཅག་ཅིང་བཙན་གྱི་ཇག་པ་བཀྱེ་བ་ཟློག་པའི་ལས་དང་གཉིས༔ སྡིག་པ་ཕྲུ་གུ་གསོས་པ་མ་མོ་རང་གི་གཤེད་དུ་ཕབ་སྟེ་བན་དགྲའི་ཕྱག་ཆ་རང་ལ་བསྐོར་ཏེ་དམག་དཔོན་གཡུལ་དུ་གསད་པའི་ལས་དང་གསུམ༔ བཙོན་དོང་རུལ་དུ་བསད་ཅིང་སྡེ་བརྒྱད་ལྕགས་སུ་གཞུག་པ་མནན་པའི་ལས་དང་བཞིའོ༔ དེ་ལྟར་མན་ངག་རྣམ་པ་བཞིར་བསྡུས་ཏེ་ཉམས་སུ་བླང་ངོ༔ དེ་ལྟར་རྣམ་པ་བཞི་པོ་རེ་རེ་ལ་ཡང༔ རྫས༔ སྔགས༔ ཏིང་ངེ་འཛིན༔ བསྐུལ་དང་བཞི་བཞིས་ཉམས་སུ་བླང་ངོ༔ དེ་ཡང་ལས་བཞི་པོ་ལ་གཅེས་པས་དང་པོར་ཀ་ནི་བཅའ་བ༔ ཕུང་སའི་དཀྱིལ་འཁོར་དཔངས་སུ་ཁྲུ་ཕྱེད་རྒྱ་རུ་མདའ་གང་བ༔ དེའི་སྟེང་ཁྲག་ཆེན་དག་གིས་ཆག་ཆག་བཏབ་པའི་སྟེང༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་ཡོངས་རྫོགས་བཞེངས་པ་དང༔ བྱིན་རླབས་་་འདི་ཆེ་ཟེར་བའི་ཀ་ནི་དང་།རྟེན་་་རབ།གནས་་་ཅན་གྱི་ས་དང་།ཤིས་པ་སྣ་ཚོགས་དཀར་པོའི་རྫས་དག་ལ༔་་་ཁྲུས་ཆབ་དང་བླ་མ་དམ་པའི་གདན་ཁྲིའི་ས་དང་ཤོག་འདམ་དང་ཚེ་ཆུའི་སྦྱར་ལ་བྱའོ། །བུམ་གདན་ཡན་ཆད་་་རིན་ཆེན་སྣ་ལྔ་ལས་གྲུབ་པ།སྲུང་བའི་ཕོ་བྲང་བཅའ༔ མི་བསད་པའི་མཚོན་དང་ཡུངས་དཀར་ནག །ཟངས་ཕྱེ། ལྕགས་ཕྱེ་མ། དུག་སྣ། རི་གསུམ་རྩེ་དང་ལུང་གསུམ་མདོའི་ས། ལྷ་ཁང་རྙིང་པ་དང་མཆོད་རྟེན་རྙིང་པ་ལ་སོགས་པ་སྣ་ཚོགས་ལ་བྱའོ། །ལྷ་འདྲེ་ཆགས་པའི་ས། གདོལ་པ་ནག་པོ་གནས་པའི་ས་ཤིང་ལ་སོགས་པའོ།་་་དྲག་པོ་ཐུན་རྫས་སྣ་ཚོགས་བང་རིམ་ཟློག་པའི་རྫས༔ མི་ཤིས་ཕུང་ས་སྣ་ཚོགས་་་གྲོག་མཁར་ས་དང་། ཕུང་ས་རོ་ཁུང་། སྒྱོགས་རྒྱབ་ས་དང་། གཡུལ་གྱི་ས་དང་། རོ་བསྲེགས་ས་དང་། ལམ་རྒྱ་གྲམ་ས་དང་། མཛེ་འབོག་དང་ཡུགས་ས་ཕོ་མོའི་དོར་རྟ་གསུམ། དུག་ཁྲག་སྣ་ཚོགས་སྦྲུའོ།གསད་པའི་རི་རབ་དང༔ མནན་པ་་་ཀླུ་གདོལ་པ་གནས་ས་བྱང་ལྟའི་ས་ཆུ་ལ་ཤེས་པར།བྱའོ༔ ཏི་ཙ་ནག་པོ་འབྲུབ་ཁུང་རྒྱུ་་་དང་འདྲ་བ།རུ་ཤེས་སོ༔ དེ་ནི་་་དེ་དག་ནི་བུམ་པར།སྲུང་ཟློག་་་བང་རིམ་དུ།གསད་་་རི་རབ།འོག་ཏུ།་་་མནན་་་པ་སྟེ།སྤྱི་ལ་གཅེས་པ་ཡི༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་དམ་པའོ༔ ཚད་ནི་་་ཀ་ནིའི་རྒྱ་དཔངས་ཀྱི།གདན་ཁྲི་ཡན་ཆད་བྲེ་མན་ཆད༔་་་ཀྱི་བར་དཔངས་སུ། རང་གི།་་་རྐྱང་ཁྲུ་གང་བར་བྱའོ་ཞེང་གི་ཚད༔་་་ཕན་ཚུན། བང་རིམ་རྣམ་གསུམ་་་ནང་དུ་བསྐུམ་ཁྲུ་རེ་རྒྱ་ཆུང་བར་བྱའོ།བད་ཆུང་་་རེ་རེ་ལའང་སྟེང་ནས་སོར་རེ་འཕགས་པ།ལྡན་པ་ལ༔ བང་རིམ་བར་པ་བསྐུམ་ཁྲུ་གང་ཡིན་ནོ༔་་་བར་མ་བས་སྟེང་མ་སོར་གསུམ་གྱིས་ནང་དུ་བསྐུམ། སྟེང་འོག་བང་རིམ་གཉིས་ནི་དེ་ལས་སོར་གསུམ་བསྐྱུང༔་་་བར་མ་ལས་འོག་སོར་གསུམ་གྱིས་ཕྱིར་སྐྱེད། འཁོར་ལོ་བཅུ་གསུམ་གདུགས་དང་ཏོག་ཏུ་བཅས༔་་་འདི་ཡན་ཆད་ལ་ཚད་མེད་པས་ཇི་ལྟར་འཚམ་པར་བྱའོ། །རིགས་པས་གཞལ་ཏེ་་་མི་རིང་མི་ཐུང་བ་བྱའོ།ཇི་ལྟར་འཚམ་པར་བྱ༔ ཁ་དོག་་་བསྒྱུར་བ་ནི་བྱིན་རླབས་ཅན་གྱི་ཆུ་དང་དཀར་གསུམ་མངར་གསུམ་རྩི་སྨན་རཏྣ་ལྔའོ།ཏོག་དང་བུམ་པ་ཞི་བའི་རང་བཞིན་དཀར༔ འཁོར་ལོ་གདུགས་ནི་དབང་གི་རང་བཞིན་དམར༔་་་པོ་བྱ། བྲེ་ནི་རྒྱས་པའི་རང་བཞིན་སེར༔་་་རཏྣ་ལྔ་དང་དྲི་བཟང་བྱུག །ཕྱོགས་ཚོན་འཚམ་པ་མཛེས་ཚོན་བྱ༔་་་ཀུན་མཛེས་ཚོན། བང་རིམ་གསུམ་པོ་ཁ་དོག་སྟེང་མ།་་་དམར་་་བར་མ།་་་ནག་འོག་མ།་་་ལྗང་གུ་བྱ༔ རི་རབ་་་རྒྱ་དཔངས་གཉིས་ཀ་རང་གི་བཅག་ཁྲུ་གང་རེ་ཡོད་པ་བྱའོ།མན་ཆད་་་དམེ་ཁྲག་དུག་ཆུས་བྱུགས།དྲག་པོ་དུག་ཁྲག་རོ་སོལ་ནག༔་་་པོར་བྱུགས། འབྲུབ་ཁུང་་་དང་དེའི་ནང་གི།ཏི་ཙ་་་མགོ་ཞབས་ལོག་པ་ཡང་རི་རབ།དེ་བཞིན་་་དུ་ཁ་དོག།ནག་པོའོ༔ ཡར་ངོ་གཟའ་སྐར་བཟང་ལ་སྲུང་བའི་བཅའ་ཀུན་་་བུམ་པ་ཡན་ཆད།བྱ༔ དེ་བཞིན་མར་ངོར་ཟློག་་་བང་རིམ་མན་ཆད།གསད་་་པ།ལ་སོགས་བཅའ༔ དེ་ནས་བདེ་གཤེགས་རྒྱལ་བའི་ཕོ་བྲང་དེ་ཉིད་ལ༔ སྲུང་ཟློག་གསད་མནན་འཁོར་ལོ་སྔགས་རྫས་རྣམས༔ དེ་ནས་རིམ་པས་མ་ནོར་དགོད་པ་འདི་ལྟ་སྟེ༔ དང་པོ་ཀ་ནིའི་ཏོག་་་རྩེ་མོའི།ནང་དུ༔ ཆོས་སྐུའི་རང་བཞིན་སྔགས་གཞུག་པ་ནི༔ དེ་བཞིན་གཤེགས་པའི་གདུང་ངམ་་་དང་བླ་མ་དམ་པའི།རིང་བསྲེལ་ཉིད༔ མཐིང་ཤོག་་་ལ།གསེར་གྱིས་ཆོས་སྐུའི་ཡི་གེ་ཨ༔ ལྔ་ཚར་ལྔ་་་བྲིས།དང་ཆོས་སྐུ་སྟོང་པ་རང་སྒྲའི་སྔགས་འདི་གཞུག༔ ཨཱོྃ་སྭ་བྷཱ་བ་བྷི་ཤུདྡྷེ་སརྦ་དྷརྨཱ་སྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ ཨཱོྃ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཨ་ཨ་ཨ༔ ཆོས་སྐུ་ཀུན་བཟང་་་ཡབ་མཐིང་ནག་ཡུམ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱ་སྐུ་གཟུགས་མཐེབ་གང་བར་དུ་རིང་བསྲེལ་དང་གོང་གི་ཨ༔ལ་སོགས་པའི་སྔགས་ཀུན་བལྟེམ་དེ་ཡང་དར་སྣ་ལྔས་དྲིལ་ལ།ཡབ་ཡུམ་བར་དུ་བལྟེམས་ཏེ་གཞུག་པར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ༔་་་ཀུན་བཟང་ཡབ་ཀྱི་སྙིང་པོའོ། །ཀུན་བཟང་ཡུམ་གྱི་སྙིང་པོའོ།་་་ཨ་ཨ་ཨ་བཛྲ་ས་ཏ་ས་མ་ཡ་སྭཱ་ཧཱ༔ ཡབ་ཡུམ་ཐིག་ལེ་ཉག་གཅིག་ཏུ་དབང་བསྐུར་བ་ཡབ་ཡུམ་གཉིས་ཀ་ལ་བྲིའོ།་་་ཨཱོྃ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་མཱཾ༔ ཨཱོྃ་དྷརྨ་ས་མཱནྟ་པྲ་བྷ་ཝ༔ ཨ་བྷི་ཥིཉྩ་མཱཾ༔ ཨ་ཨ་ཨ༔་་་ཡབ་ཡུམ་རང་རང་གི་རྒྱབ་ཏུ་འདོད་གསོལ་དང་བཅས་བྲིའོ། །དེ་འོག་ཏོག་གི་བུམ་སོགས་ལ༔ གཙུག་ཏོར་གཟུངས་རྣམས་རིམ་པས་གཞུག༔ ཨཱོྃ་ཨཱཿཧཱུྃ༔ ན་མཿས་མནྟ་བུདྡྷཱ་ནཱན༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱ་ན༔ ཨཱོྃ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ༔ ཏིཥྛ་ཏིཥྛ་ཥི་ཏི་ཕཊ་ཕཊ་སྭཱ་ཧཱ༔ ན་མཿས་མནྟ་བྷུདྡྷེ་བྷྱོ༔ ཨཱོྃ་ན་མཿས་མནྟ་བྷུདྡྷ་ནན༔ དབུ་སྐྲའི་སྔགས་སོ།་་་ཧཱུྃ་ཧཱུྃ་ཨ་བཛྲ་ཧོ༔ ཧཱུྃ༔ ཕཊ༔ གཙུག་ཏོར་དྲི་མེད་ཀྱི་སྙིང་པོ།་་་ཨཱོྃ་ཏྲཻ་ཡ་དྷཱེ་སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ༔ གརྦྷེ་ཛྭ་ལ་དྷརྨ་དྷཱ་ཏུ༔ གརྦྷེ་སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ༔ པཱ་པཾ་སརྦ་ཏ་ཐཱ་ག་ཏོ་ས་མན་ཏོ༔ ཨུཥྞཱི་ཥ་བི་མ་ལེ་བི་ཤུདྡྷ་སྭཱ་ཧཱ༔ རྒྱལ་མཚན་རྩེ་མོ།་་་ཨ་ཧཱུྃ་ཨཱ་ཧ་ཨཱོྃ་ཧཱུྃ་ཧྲི་ཧྲི་ཏོ༔ གཙུག་ཏོར་གདུགས་དཀར་ཡང་སྙིང་།་་་ཏདྱ་ཐཱ༔ ཨཱོྃ་ཨཱ་ན་ལེ༔ ཨཱ་ན་ལེ༔ བྷི་ཤུདྡྷེ་བྷི་ཤུདྡྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷ་རི་བྷན་དྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ སྲུང་བ་ཆེན་མོ།་་་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བྷི་ཤྭ་མུ་ཁེ་བྷྱོ༔ སརྦ་ཏ་ཐཱ་ག་ཏ་ཁེ་རཀྵ༔ ཧ་ཧ་པ་ལ་སརྦ་ཏ་ཐཱ་ག་ཏེ༔ སུར་ན་ནི་ར་ཛ་དེ་ཧཱུྃ་ཧཱུྃ༔ པྲ་ཏ་པྲ་ཏ་ཡ་ཨ་པྲ་ཏི་ཧ་ཏ་སྭཱ་ཧཱ༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱ༔ སརྦ་ཏ་ཐཱ་ག་ཏ་སི་ཏཱ་ཏ་པ་ཏྲེ་ཛྷང་ཀ་རི་ཏ་སྭཱ་ཧཱ༔ གཙུག་ཏོར་རྣམ་རྒྱལ།་་་ཨཱོྃ་ན་མོ་བྷ་ག་བ་ཏེ་སརྦ་ཏྲཻ་ལོཀྱ་པྲ་ཏི་བི་ཤིཥྚཱ་ཡ༔ བུདྡྷཱ་ཡ་ཏེ་ན་མ༔ ཏདྱ་ཐཱ༔ ཨཱོྃ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཤོ་དྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡ༔ ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི༔ ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ༔ ཨ་བྷི་ཥིཉྩནྟུ་མཱཾ༔ སརྦ་ཏ་ཐཱ་ག་ཏ༔ སུ་ག་ཏ་བ་ར་བཱ་ཙ་ན༔ ཨ་མྲྀཏ་ཨ་བྷི་ཥི་ཀཻ་ར༔ མ་ཧཱ་མུ་དྲཱ་མནྟྲ་པ་དཻ༔ ཨཱ་ཧ་ར་ཨཱ་ཧ་ར༔ མ་མ་ཨཱ་ཡུ་སྶཾ་དྷཱ་ར་ཎི༔ ཤོ་དྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡ༔ ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ༔ ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ༔ ས་ཧ་སྲ་རསྨི་སཉྩོ་དི་ཏེ༔ སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི༔ ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི༔ སརྦ་ཏ་ཐཱ་ག་ཏ་མཱ་ཏེ༔ ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཨ་དྷིཥྛཱན་ཨ་དྷིཥྛི་ཏེ༔ མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ༔ བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ༔ སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ༔ པྲ་ཏི་ནི་བརྟ་ཡ་མ་མ་ཨཱ་ཡུར༔ བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ༔ ས་མ་ཡ་ཨ་དྷིཥྛཱི་ན་ཨ་དྷིཥྛི་ཏེ༔ ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ནི༔ བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི༔ མ་ཏི་མ་ཏི་མ་ཧཱ་མ་ཏི༔ མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ༔ བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ༔ བི་སྥུ་ཊ་བུདྡྷི་ཤུདྡྷེ༔ ཧེ་ཧེ་ཛ་ཡ་ཛ་ཡ༔ བི་ཛ་ཡ་བི་ཛ་ཡ༔ སྨ་ར་སྨ་ར༔ སྥ་ར་སྥ་ར༔ སྥཱ་ར་ཡ་སྥཱ་ར་ཡ༔ སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ༔ ཤུདྡྷེ་ཤུདྡྷེ༔ བུདྡྷེ་བུདྡྷེ༔ བཛྲེ་བཛྲེ་མ་ཧཱ་བཛྲེ༔ སུ་བཛྲེ་བཛྲ་གརྦྷེ་ཛ་ཡ་གརྦྷེ༔ བི་ཛ་ཡ་གརྦྷེ༔ བཛྲ་ཛྭ་ལཱ་གརྦྷེ༔ བཛྲོདྦྷ་བེ་བཛྲ་སཾ་བྷ་བེ༔ བཛྲེ་བཛྲི་ཎི༔ བཛྲམྦྷ་བ་ཏུ་མ་མ་ཤ་རཱི་རཾ༔ སརྦ་སཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ༔ མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷིཤྩ༔ སརྦ་ཏ་ཐཱ་ག་ཏཤྩ་མཱཾ༔ སརྦ་སཏྭཱཾཤྩ༔ ས་མཱ་ཤྭཱ་ས་ཡནྟུ༔ བུདྡྷ་བུདྡྷ༔ སིདྡྷ་སིདྡྷ༔ བོ་དྷ་ཡ་བོ་དྷ་ཡ༔ བི་བོ་དྷ་ཡ་བི་བོ་དྷ་ཡ༔ མོ་ཙ་ཡ་མོ་ཙ་ཡ༔ བི་མོ་ཙ་ཡ་བི་མོ་ཙ་ཡ༔ ཤོ་དྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡ༔ ས་མནྟཱ་ན་མོ་ཙ་ཡ་མོ་ཙ་ཡ༔ ས་མནྟཱ་རསྨི་པ་རི་ཤུདྡྷེ༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ ཨ་དྷིཥྛཱི་ན་ཨ་དྷིཥྛི་ཏེ༔ མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ༔ མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ༔ དེ་ནས་གདུགས་ལ་ནང་དུ་བྲི་བ་ནི༔ མཆོད་སྤྲིན་སྤེལ་བ་ནི།་་་ཨཱོྃ་ཨ་ནུཏྟ་ར་སརྦ་པཱུ་ཙ་མེ་གྷ༔ ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བར་འདིར་གོང་གི་གདུགས་དཀར་ཡང་སྙིང་ཡང་ངོ༔ གདུགས་ཀྱི་ཤམ་བུ་ཕྱི་ལ་ནི༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་མཱཾ་ཨ༔ ཅེས་སོ༔ གདུགས་འོག་སྦ་ལ༔ གཙུག་ཏོར་འཁོར་ལོས་སྒྱུར་བ། ཨཱོྃ་ཨཱཿཨུཥྞཱི་ཥ་ཡ༔ སརྦ་ལོ་ཀི་ཀ༔ ལོ་ཀོད་ཏྲ་སརྦ་ཡན་ཏྲ་མན་ཏྲ་ཏན་ཏྲ༔ སརྦ་བྷི་ས་བྷི་ཙུར་ཎ༔ ན་མོ་པྲ་ཡོ་ག་ཡེ་ན་ཀེ་ན༔ ཙིཏྟ་ནི༔ སརྦ་ནི་ཧཱུྃ༔ བྷིནྡྷ་བྷིནྡྷ༔ ཚིནྡྷ་ཚིནྡྷ༔ ཏི་ར་ཏི་ར༔ ཀུ་རུ་ཀུ་རུ༔ མུ་རུ་མུ་རུ༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ ཀཾ་པ་ཡ་ཀཾ་པ་ཡ༔ བྷི་དྷྭནྶ་ཡ་བྷི་དྷྭནྶ་ཡ༔ བྷི་ཙུར་ཡ༔ བཛྲ་ཙཀྲ་ཝ་ར་ཏི༔ དྲུཾ་དྲུཾ་དྲུཾ༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་སོ༔ གདུགས་སྟེང་བྱ་རུ་དག་ལ་ནི༔ ཨཱོྃ་ཙཀྲ་གཉའ་ན་ཨ་བྷི་ཥིཉྩ་མཱཾ༔ ཨཱོྃ་ཨཱཿཧཱུྃ༔ དར་ཤམ་དག་ལ་བྲི་བ་ནི༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ཨ་ཨ༔ དྲིལ་བུ་ལ་ནི༔ ཨཾ་ཨཾ་ཨཾ༔ འཁོར་ལོ་བཅུ་གསུམ་དག་ལ༔ ཡེ་ཤེས་སྤྱན་གྱི་གཟུངས།་་་ཨཱོྃ་རུ་རུ་སྥུ་རུ་ཏི་ཏ་སི་ཏི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ༔ མཛོད་སྤུ།་་་བཛྲ་ཧོ་ཧཱུྃ་ཕཊ་སྭཱ་ཧཱ༔ སྨིན་མ།་་་བཛྲ་ཧོ་ཏ་སྭཱ་ཧཱ༔ ཞལ།་་་བཛྲ་ཧོ་ཧ་ཏ་སྭཱ་ཧཱ༔ མཆུ།་་་བཛྲ་ཧོ་ཧོ་སྭཱ་ཧཱ༔ ལྗགས།་་་བཛྲ་ཧོ་ཧཱུྃ་སྭཱ་ཧཱ༔ མགུལ།་་་བཛྲ་ཧོ་ཏ་ཧཱུྃ་སྭཱ་ཧཱ༔ ཡང་མགུལ།་་་བཛྲ་ཧ་ར་སྭཱ་ཧཱ༔ མགྲིན་པ།་་་བཛྲ་ཧོ་རི་སྭཱ་ཧཱ༔ དབང་བསྐུར་བ།་་་ཨཱོྃ་གཉའ་ན་ཙཀྲ་ཨ་བྷི་ཥིཉྩ་མཱཾ༔ ཡེ་ཤེས་ལྔའི་ས་བོན།་་་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སངས་རྒྱས་ཕལ་པོ་ཆེ།་་་ན་མོ་བྷུདྡྷཱ་ཡ༔ ན་མོ་དྷརྨཱ་ཡ༔ ན་མཿསངྒྷཱ་ཡ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་འདུ་ན་འདུ་ན༔ མ་ཧཱ་བྷི་ར་ཧཱུྃ་ཕཊ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨཱོྃ་ག་ཏེ་ག་ཏེ༔ པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ༔ བོ་དྷི་ཡེ་སྭཱ་ཧཱ༔ ཨཱོྃ་ཨ་ཨཾ་ཧ་ཨ་ཨཱོྃ་ཧྲཱིཿཧོ༔ རྒྱས་པའི་སྙིང་པ།་་་ཧཱུྃ་ཛ་ཧོ་པ༔ ཕ་རོལ་ཏུ་ཕྱིན་པ་ཐམས་ཅད།་་་ཨཱོྃ་ཨ་ཏྲ་ཧ་རི་དྷ་མ་མཾ་རཾ༔ ཀ་ཧཾ་ཧཱུྃ་བཾ༔ ཧཱུྃ་ཏྲཱཾ་ཧཱུྃ་ཧོ༔ ཨཱོྃ་སརྦ་བཛྲ་དྷརྨ་བཛྲེ༔ ཨཱོྃ་རཏྣ་བཛྲེ༔ ཨཱོྃ་པདྨ་བཛྲེ༔ ཨཱོྃ་ཀརྨ་བཛྲེ༔ ཨཱོྃ་བཛྲ་ལཱ་སེ༔ བཛྲ་མཱ་ལེ༔ གྷཱི་ཏི༔ ནཱིརྟི༔ པུཥྤེ༔ དྷཱུ་པེ༔ གྷནྡྷེ༔ ཨཱ་ལོ་ཀེ༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤཾ༔ བཛྲ་སྥོ་ཊ༔ བཛྲ་གྷནྡྷེ༔ ཧཱུྃ་ཧཱུྃ་ཨ་ཨ་སྭཱ་ཧཱ༔ འཁོར་ལོའི་འདེགས་པ་ཁ་སྦྱོར་ནང༔ ལྷ་འདྲེ་མི་གསུམ་དབང་སྡུད་གཏེར་གཞུག་པ༔ ཟངས་སམ་སེང་ལྡེང་སྨུག་པོའི་གའུ་ཟླ་གམ་ཁ་སྦྱོར་དང༔ དར་དམར་དག་ལ་རྒྱ་སྐྱེགས་མཚལ༔ སིནྡྷུ་ར་དང་སྐྱེས་པ་བུད་མེད་གཙང་མའི་བྱང་སེམས་སམ༔ ཡང་ན་ལོ་བརྒྱད་དྲི་ཆུ་ཡིས༔ རཏྣ་ལྔ་དང་གུར་གུམ་སྦྱར༔ དཀྱིལ་དུ་ལྷ་འདྲེ་མི་གསུམ་སྲོག༔ སྤྱི་སྲོག།་་་ཨཱེཿཏྲི་་་ཕོ་རྒྱུད་སྲོག།མ་་་མོ་རྒྱུད་སྲོག།ཕུ་་་ཀླུ་རྒྱུད་སྲོག།ནྲྀ་་་མིའི་སྲོག།བྲིས་པའི༔ ཐ་མར་པད་འདབ་ཛཿབརྒྱད་བསྐོར༔ ཡིག་མགོ་ཕྱིར་བསྟན་དེའི་ཕྱི་མུ་ཁྱུད་ལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་སརྦ་དུཥྚཱཎ་ཏྲིག་ནན༔ ལྷ་འདྲེ་མི་གསུམ་ཁམས་གསུམ་སྲིད་གསུམ་མི་ནོར་ཟས་གསུམ༔ སརྦ་ཤ་ཏྲཱུཾ་རཏྣ་སིདྡྷི་ཕ་ལ༔ ཨ་ནྲྀ་ཧུར་ཐུམས་ཛཿཛ༔ ཧྲིང་ཧྲིང་བཾ་བཾ་ཧོ་ཧོ༔ སིདྡྷི་ཨ་ཨ༔ རྣལ་འབྱོར་བདག་ཆེ་གེའི་དབང་དུ་ཨཱ་ཀརྵ་ཡ་པཱ་ཤཾ་ཀུ་རུ་ཡེ་ཛཿཛཿཧྲིང་ཧྲིང་སྭཱ་ཧཱ་སྭཱ་ཧཱ༔ རཏྣ་ལྔ་དང་འབྲུ་སྣ་ལྔ༔ སྨན་ལྔ་སྙིང་པོ་ལྔ་རྣམས་ནི༔ གའུའི་ནང་དུ་བཅུག་དེར་བསྩལ་ལོ༔ དེ་ཡིས་སྲུང་ཟློག་བྱས་སྲིད་ཀྱང༔ རང་གི་ཡོ་བྱད་འཕེལ་ཞིང་འདུ༔ མན་ངག་གནད་ཀྱི་གདམས་པ་ཡིན༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ མཆོད་རྟེན་གྱི་རྫས་དང༔ ཚད་དང༔ འཁོར་ལོ་དང༔ ཏོག་ནང་དུ་ཆོས་སྐུའི་རྟེན་དང་བྱིན་རླབས་གཟུངས་སྔགས་གཞུག་པའི་ལེའུ་སྟེ་ཞེ་བཞི་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ནས་བྲེ་ནང་ལོངས་སྐུའི་བྱིན་རླབས་གཟུངས་སྔགས་གཞུག་པ་ནི༔ དང་པོ་རྒྱས་བྱེད་བཀྲ་ཤིས་རྫས༔ འབྲུ་ལྔ་སྙིང་པོ་ལྔ་སྨན་ལྔ༔ བཟང་པོ་དྲུག་དང་དཀར་གསུམ་མངར་གསུམ་རཏྣ་ལྔ༔ ཤིང་སྣ་ཕ་མ་བུ་དགུ་དང༔ སྤོས་སྣ་ཚོགས་དང་དྲི་བཟང་བླུག༔ དེ་སྟེང་རྒྱལ་བ་རིགས་ལྔའི་སྐུ༔ ཙ་ཀ་ལི་ནི་སོར་གསུམ་ཚད༔ ཡབ་ཡུམ་མཁས་པས་གསེར་བྲིས་གཞུག༔ དབུས་སུ་སེང་ཆེན་བསྣོལ་བའི་ཁྲི༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཡབ་རྡོ་རྗེ་སེམས་དཔའི་རྒྱུ་ཡིག་གོ།་་་ཨ་ཡུམ་ཀུན་ཏུ་བཟང་མོའི་རྒྱུ་ཡིག་གོ།་་་ཏ༔ ཨཱོྃ་བཛྲ་དྷྲྀཀ྄༔་་་རྡོ་རྗེ་སེམས་དཔའ་མཐིང་ནག་གཡས་རྡོ་རྗེ་གཡོན་དྲིལ་བུ། མཱུཾ་དྷཱ་ཏྭཱི་ཤྭ་རཱི༔་་་ཡུམ་ཀུན་ཏུ་བཟང་མོ་གཡས་དྲིལ་བུ་ཡབ་ལ་འཁྱུད་པ་གཡོན་ཐོད་ཁྲག་སྟོབ་པ། ཤར་དུ་གླང་ཆེན་བསྣོལ་སྟེང་ཉི་ཟླ་པདྨའི་སྟེང༔་་་ཐམས་ཅད་སྐྱིལ་ཀྲུང་ལོངས་སྐུ་ཡི་རྒྱན་དང་བཅས་པའོ། །ཡབ་རྒྱུ་ཡིག།་་་ཏ་ཡུམ་རྒྱུ་ཡིག།་་་ཐཱ༔ ཨཱོྃ་ཛི་ན་ཛིཀ྄༔་་་རྣམ་སྣང་དཀར་པོ་འཁོར་ལོ་དྲིལ་བུ། ལཱཾ་ཏཱེ་ཤ་རཱ་ཏི༔་་་སངས་རྒྱས་སྤྱན་དཀར་དྲིལ་བུ་ཐོད་པ། ལྷོ་རུ་རྟ་མཆོག་བསྣོལ་སྟེང་ཉི་ཟླ་པདྨའི་གདན༔ ཡབ་ཀྱི་རྒྱུ་ཡིག།་་་ཐ་ཡུམ་གྱི་རྒྱུ་ཡིག།་་་དྷ༔ སྭཱ་རཏྣ་དྷྲྀཀ྄༔་་་རིན་འབྱུང་གཡས་དྲིལ་བུ། མཱཾ་མོ་ཧ་རཱ་ཏི༔་་་མཱ་མ་ཀཱི་སེར་མོ་དྲིལ་བུ་ཐོད་པ། ནུབ་ཏུ་རྨ་བྱ་བསྣོལ་སྟེང་ཉི་ཟླ་པདྨའི་གདན༔ ཡབ།་་་ཊ་ཡུམ།་་་ཌ༔ ཨཱཾ་ཨཱ་རོ་ལིཀ྄༔་་་སྣང་བ་མཐའ་ཡས་དམར་པོ་པདྨ་དྲིལ་བུ། པཱཾ་རཱ་གཱ་རཱ་ཏི༔་་་གོས་དཀར་མོ་དམར་མོ་དྲིལ་བུ་ཐོད་པ། བྱང་དུ་ཤང་ཤང་བསྣོལ་སྟེང་ཉི་ཟླ་པདྨའི་སྟེང༔ ཡབ།་་་ཎ༔ ཡུམ།ན༔ ཧཱ་པྲད་ཉ་དྷྲྀཀ྄༔་་་དོན་གྲུབ་ལྗང་ཁུ་རྒྱ་གྲམ་དྲིལ་བུ། ཏཱཾ་བཛྲ་རཱ་ཏི༔་་་དམ་ཚིག་སྒྲོལ་མ་ལྗང་ཁུ་དྲིལ་བུ་ཐོད་པ། དེ་ལྟར་ཞི་བ་རིགས་ལྔ་ནི༔ སྐྱིལ་ཀྲུང་ཡབ་ཡུམ་འཁྱུད་པའི་ཚུལ༔ ཙཀ་ལིའི།་་་རྒྱབ་ཏུ་རྒྱུ་ཡིག་་་ཨ་ཏ་ལ་སོགས།སྐྱེད་སྔགས་བྲི༔ བཛྲ་དྷྲྀཀ྄་ལ་སོགས།་་་རང་སྔགས་ཞབས་སུ་འདོད་དོན་་་སྲུང་ཟློག།བྲི༔ ཡབ་ལྔའི་ཕྱག་མཚན་ནི།་་་འཁོར་ལོ་རྡོ་རྗེ་རཏྣ་དང༔ པདྨ་རྒྱ་གྲམ་གཡས་ན་འོ༔ ཡུམ་ནི་དྲིལ་བུ་པད་ཕོར་་་ཐོད་པའོ།གཡས་གཡོན་ནོ༔ རང་རང་ཕྱག་མཚན་བསྣམས་པ་འོ༔ ཞལ་ནི་ཐུགས་རྗེས་ནང་དུ་གཟིགས༔ མཁས་པས་བྲིས་ལ་མ་ནོར་དགོད༔ དེ་ཡི་ཕྱི་རིམ་ཁྲོ་བོ་་་ལྔ།དགོད༔ རུ་ཏྲ་བསྣོལ་སྟེང་ཉི་ཟླ་པདྨའི་གདན༔ རིགས་ལྔའི་རྒྱུ་ཡིག་ནི། བཛྲ་ཧེ་རུ་ཀ།་་་ཧཱུྃ་བཛྲ་ཀྲོ་དྷ་ཧཱུྃ་ཕཊ༔ བུདྡྷ་ཧེ་རུ་ཀ།་་་ཨཱོྃ་བུདྡྷ་ཀྲོ་དྷ་ཧཱུྃ་ཕཊ༔ རཏྣ་ཧེ་རུ་ཀ།་་་སྭཱ་རཏྣ་ཀྲོ་དྷ་ཧཱུྃ་ཕཊ༔ པདྨ་ཧེ་རུ་ཀ།་་་ཨཱཾ་པདྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཀརྨ་ཧེ་རུ་ཀ།་་་ཧ་ཀརྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཧེ་རུ་ཀ།་་་ཡབ་ལྔའོ༔ རྡོ་རྗེ་ཁྲོ་མོ།་་་བཛྲ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ སངས་རྒྱས་ཁྲོ་མོ།་་་བུདྡྷ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ རིན་ཆེན་ཁྲོ་མོ།་་་རཏྣ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ པདྨ་ཁྲོ་མོ།་་་པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ལས་ཀྱི་ཁྲོ་མོ་སྟེ་ལྔའོ།་་་ཀརྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཕཊ༔ ཡབ་ཡུམ་ལྔའོ། །དེ་ལྟར་ཁྲོ་བོ་རིགས་ལྔ་ནི༔ གཡས་བརྐྱང་གཡོན་བསྐུམ་ཞལ་ཕྱིར་གཟིགས༔ ཡབ་ཡུམ་གཉིས་མེད་འཁྱུད་པའི་ཚུལ༔ ཞིང་ལྤགས་སྟག་ཤམ་ཐོད་སྦྲུལ་བརྒྱན༔ ཕྱག་མཚན་ཡབ་ཡུམ་ཞི་བར་མཚུངས༔ རྒྱབ་ཡིག་དེ་བཞིན་འགྲེ་བར་ཤེས༔ ཀ་ནིའི།་་་ཁྱད་པར་བྲེ་ནང་་་ལྷ་ཚོགས་ཀྱི་སྲོག་དཀྱིལ་དུ་སྲོག་ཤིང་ཕུར་པ་ལ་བཅིངས།རྣལ་འབྱོར་གྱི༔ ཚེ་སྲོག་རྒྱས་བྱེད་མན་ངག་གཅེས༔ ཚེ་རིང་བའི་རྫས་བསྟན་པ།་་་སེང་ལྡེང་ངམ་ལྕགས་ཕུར་སོར་གསུམ་ལ༔ རང་གི།་་་ཡི་དམ་སྙིང་པོ་་་གང་ཡིན།རང་གི་མིང༔་་་གསང་མཚན། གསེར་གྱི་ནྲྀ་་་རྣམ་ཤེས།ཧཱུྃ་བཅས་པ་བྲི༔ དར་སེར་་་པོར།ཚེ་དཔག་་་ཏུ།མེད་པ་ཡི༔ གཟུངས་དང་འདི་ཉིད་བྲི་བར་བྱའོ༔ ཨཱོྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཤེ༔ བདག་ཆེ་གེ་མོའི་ཚེ་སྲིངས་དཔལ་དང་གཟི་བརྗིད་སྲིད་དང་ལོངས་སྤྱོད་རྒྱས་པར་མཛོད་ཅིག༔ རྒྱས་པར་གྱུར་ཅིག༔ ཨཱ་ཡུཿཕ་ལ་ཧོ༔ སརྦ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲི་་་རང་གི།ཕ་མེས་མགོ་རུས་དུམ་བུ་དང༔ ཕུར་པ་དག་ནི་དར་སེར་དྲིལ༔ དེའི་ཕྱི་ཐབས་ཤེས་མཚོན་པ་ཡི༔ གསལ་བྱེད་དབྱངས་ཡིག་བྲི་བར་བྱའོ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ལས་ཀུན་འགྲུབ་པའི་སྙིང་པོ་བྲི༔་་་ལས་ཀུན་འགྲུབ་བོ། །ཨཱོྃ་ཤཱནྟིཾ་ཀུ་རུ་ནི་བྷྲཱུྃ༔ ཨཱོྃ་ཀུ་སུ་མ་མ་ལི་བྷི་ཧཱུྃ་ཛ༔ ཨཱོྃ་བཛྲ་ཀུ་ས་ཛྷིཾ་ཀཾ༔ བྷེ་ཐ་ཐ་ཐཱ༔ ཨཱོྃ་གྷྲོ་གྷེ༔ བདག་རྣལ་འབྱོར་ཆེ་གེ་གསང་མཚན་མོ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་སྲིད་དང་ལོངས་སྤྱོད་ཡེ་ཤེས་རྒྱས་པར་མཛད་དུ་གསོལ༔ རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀ་ཀམ་དྷ་ཡ་ཀམ་དྷ་ཡ༔ ཁ་ཁཱ་ཧི་ཁཱ་ཧི༔ ག་གརྫ་ཡ་གརྫ་ཡ༔ གྷཱ་གྷཱ་ཏ་ཡ་གྷཱ་ཏ་ཡ༔ ཙ་ཙ་ཏ་ཡ་ཙ་ཏ་ཡ༔ ཚ་ཚ་ཏ་ཡ་ཚ་ཏ་ཡ༔ ཛ་ཛཾ་བྷ་ཡ་ཛཾ་བྷ་ཡ༔ ཛྷ་ཛྷ་ཏ་ཡ་ཛྷ་ཏ་ཡ༔ ཊ་ཊ་ལ་ཡ་ཊ་ལ་ཡ༔ ཋ་ཋ་ཀ་ཡ་ཋ་ཀ་ཡ༔ ཌ་ཌཾ་དྷ་ཡ་ཌཾ་དྷ་ཡ༔ ཌྷ་ཌྷ་ཀ་ཡ་ཌྷ་ཀ་ཡ༔ ཎ་ཎེ་ཙུརྞ་ཡ་ཎེ་ཙུརྞ་ཡ༔ ཏ་ཏམྦྷ་ཡ་ཏམྦྷ་ཡ༔ ཐ་ཐོཾ་བྷ་ཡ་ཐོཾ་བྷ་ཡ༔ ད་དཱ་ར་ཡ་དཱ་ར་ཡ༔ དྷ་དྷ་ར་ཡ་དྷ་ར་ཡ༔ ན་ནཱ་ཤ་ཡ་ནཱ་ཤ་ཡ༔ པ་པ་ཏ་ཡ་པ་ཏ་ཡ༔ ཕ་ཕ་ཏ་ཡ་ཕ་ཏ་ཡ༔ བ་བནྡྷ་ཡ་བནྡྷ་ཡ༔ བྷ་བྷེ་ཏ་ཡ་བྷེ་ཏ་ཡ༔ མ་མཱ་ར་ཡ་མཱ་ར་ཡ༔ ཡ་ཡོ་ཧ་ཡ་ཡོ་ཧ་ཡ༔ ར་རོ་ཧ་ཡ་རོ་ཧ་ཡ༔ ལ་ལོ་པ་ཡ་ལོ་པ་ཡ༔ ཝ་ཝ་ཧ་ཡ་ཝ་ཧ་ཡ༔་་་༼དཔེ་གཅིག་ལ།་་་ཝ་ཝཾ་བ་ཡ་ཝཾ་བ་ཡ༔་་་སྣང་།༽ ཤ་ཤོ་ཥ་ཡ་ཤོ་ཥ་ཡ༔ ཥ་ཥ་དྷ་ཡ་ཥ་དྷ་ཡ༔ ས་སཱ་དྷ་ཡ་སཱ་དྷ་ཡ༔ ཧ་ཧ་ན་ཡ་ཧ་ན་ཡ༔ ཀྵ་ཀྵོ་བྷ་ཡ་ཀྵོ་བྷ་ཡ༔ ཨ་ཨ་མུ་ཀཾ་ཤ་ཡ་ཀྲི་ཏེ་ཤི༔ ཤཱནྟིཾ་ཀུ་རུ་ཡེ༔ པུཥྚིཾ་ཀུ་རུ་ཡེ༔ པཱ་ཤང་ཀུ་རུ་ཡེ༔ མཱ་ར་ཡ་ཀུ་རུ་སྭཱ་ཧཱ༔་་་འདི་ཡན་ཆད་ལས་ཀུན་འགྲུབ་པའི་སྔགས་ཡིན། ཞེས་སོ༔ དེའི་ཕྱི་རྟེན་འབྲེལ་སྙིང་པོས་བརྒྱན༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ དེ་ལྟར་བྲིས་ཏེ་དབུས་སུ་སྲོག་ཤིང་ཕུར་པ་དག་ལ་བཅིང༔ ཡི་གེ་ཐམས་ཅད་མགོ་ཞབས་མ་ལོག་གཅེས༔ དེ་ཡིས་རྣལ་འབྱོར་ཚེ་སྲོག་བརྟན་པར་བྱེད༔ ཅེས་སོ༔ དེ་ནས་བྲེ་ཡི་ནང་དུ་རིགས་ལྔ་ཞི་ཁྲོ་དང༔ རང་གི་ཚེ་སྲོག་རྟེན་བྱེད་རྣམས་ལ༔ དབང་བསྐུར་བ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་སྔགས་འདི་རྣམས་ཤོག་བུ་ལ༔ སྔགས་མགོ་ནང་དུ་བསྟན་ཏེ་ཡི་གེ་སྒོར་མོར་བྲི།་་་དྲི་བཟང་གིས་་་སྔགས་མགོ་ཕྱི་ནས་བཙུགས་ལ་སྔགས་མཇུག་ནང་དུ།བྲིས་ཏེ་གདུགས་་་དཀྱིལ་འཁོར།ལྟར་དབུབ་བོ༔ ཡེ་ཤེས་ལྔར་དབང་བསྐུར་བ།་་་ཨཱོྃ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་མ་ཧཱ་ཨཱ་དར་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ༴ ཨཱོྃ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ༴ ཨཱོྃ་མ་ཧཱ་པྲ་ཏྱ་བེཀྵཱ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ༴ ཨཱོྃ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔་་་འདི་ཡན་ཡེ་ཤེས་ལྔས་དབང་བསྐུར་བའི་སྔགས་ཡིན་ནོ། །འདི་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ།་་་ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ༴ ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཐུགས་བྱིན་གྱིས་བརླབ་པ།་་་བཛྲ་ཧོ་ཏཾ་སྭཱ་ཧཱ༔ ཕྱག།་་་བཛྲ་ཧོ་ཏ་ར་སྭཱ་ཧཱ༔ སྣ།་་་བཛྲ་ཧོ་རོང་སྭཱ་ཧཱ༔ ཞལ།་་་བཛྲ་ཧོ་བ་སྭཱ་ཧཱ༔ རྩིབ་མ་གཡས།་་་བཛྲ་ཧོ་བྷི་བྷི་སྭཱ་ཧཱ༔ རྩིབ་གཡོན།་་་བཛྲ་བྷི་བཾ་སྭཱ་ཧཱ༔ རྒྱུ་ཞབས།་་་བཛྲ་ཧོ་ཨ་བཾ་སྭཱ་ཧཱ༔ གསང་གནས།་་་བཛྲ་ཧོཿབཾ་བཾ་སྭཱ་ཧཱ༔ སྐེད་པ།་་་བཛྲ་ཧོ་ཤུ་ཤུ་སྭཱ་ཧཱ༔ དེ་ནས་སྙན་གསན་དབབ་པ་དང༔ ཕྲིན་ལས་བཅོལ་བ་སྨོན་ལམ་གདབ་པ་འདི་རྣམས་ནི༔ དར་ཤོག་ལ་་་དྲི་བཟང་གིས།བྲིས་ཏེ་ལྷ་ཚོགས་ཀྱི་ཕྱི་རིམ་ནས་ཚུར་ཡི་གེ་ནང་བསྟན་ལ་བསྐོར་རོ༔ ཨཱོྃ་བཛྲ་ས་མཱ་ཛ༔སྙན་གསན་དབབ། སྤྱན་དྲངས།་་་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཛ༔ ཨཱོྃ་ཨཱཿཧཱུྃ༔་་་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཛཿཧཱུྃ་བཾ་ཧོ༔་་་དགུག་གཞུག་མཉེས། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ༔ ཨཱོྃ་ཨཱཿཧཱུྃ་ས་མ་ཡ་ཏིཥྛ་ལྷན༔་་་བཞུགས་སུ་གསོལ། ཕྱག་འཚལ་ལོ།་་་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ བཛྲ་ས་མ་ཡ་ཨཱ༔་་་དམ་བཅའ་བ། ཀུན་ཏུ་བཟང་པོ་བླ་མེད་མཆོད་པ་འབུལ་བ།་་་ཨཱོྃ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཕྱག་ཞབས་བསིལ་བ།་་་ཨཱོྃ་ཨཱ་ཧ་ར་ཨཱ་ཧ་ར༔ སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ༔ ན་མཿས་མནྟ་བུདྡྷ་ནཱན༔ གྷ་གྷ་ན་ས་མ་ཡེ་སྭཱ་ཧཱ༔ ཡབ་ཡུམ་བདེ་བ་ཆེན་པོའི་མཆོད་པ་འབུལ་བ་ཡིན་ནོ།་་་ཨཱོྃ་པ་ན་པེན་པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ ཏ་ཐཱ་ག་ཏ་སི་ཏི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཀ་སིདྡྷི་ཧོ༔ འདོད་ཡོན་སྣ་ཚོགས་ཀྱི་མཆོད་པ་འབུལ་བ་ཡིན་ནོ།་་་ཨཱོྃ་ཤྲི་རཱ་གཱ་དྷཱུ་པེ་དྷཱུ༔ པུཥྤེ་པུ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གྷན༔ ནཻ་ཝིདྱ་ཨཱ༔ ཤབྡ་མ་དྷ་ལ་བྷ་ལིཾ་ཏ༔ ཨ་མྲྀཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པུཥྤེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཨཱཿསྭཱ་ཧཱ༔ སྒྲོལ་བའི་མཆོད་པ་འབུལ་བ།་་་ཨེ་མ་ཧོ༔ བློ་ངན་འཇིག་རྟེན་སྙིང་རེ་རྗེ༔ ཆོས་དབྱིངས་ངང་དུ་གཉིས་མེད་བསྒྲལ༔ ཏཾ་ཏཾ་ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ སྦྱོར་བའི་མཆོད་པ་འབུལ་བ།་་་ཨ་ནུ་རཱ་གཱ་སཏྭཾ༔ ཨ་ནུ་རཱ་གཱ་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ སྨོན་ལམ་གདབ་པ།་་་ཧོ༔ སྤྲོས་པ་མེད་པའི་དབྱིངས༔ རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན༔ དུས་གསུམ་དུ་བཞུགས་པའི་བདེ་བར་གཤེགས་པ་ཐམས་ཅད༔ སོ་སོའི་ཕོ་བྲང་ནས༔ གནས་མཆོག་དམ་པ་ཁྱད་པར་ཅན་འདིར༔ གཤེགས་ཤིང་བཞུགས་སུ་གསོལ་ལོ༔ བདག་ཆེ་གེ་མོ་མི་ནོར་བཅས་པ་ལ༔ བྱིན་གྱིས་རློབ་པ་དང་དགོངས་པར་མཛད་དུ་གསོལ༔ མཆོད་པའི་སྨོན་ལམ་གདབ་པ།་་་ཧོ༔ རྣལ་འབྱོར་བདག་གིས་མཆོད་པ་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ་དགོས་འདོད་འབྱུང་ཞིང་སྐུ་གསུང་ཐུགས་རབ་ཏུ་མཉེས་པ༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདིས༔ འདོད་ཡོན་ཆར་དུ་དབབ་ནས་རབ་ཏུ་མཉེས་པར་གྱུར་ཅིག༔ བཤགས་པ་བྱ་བ།་་་ཧོ༔ བདག་ཅག་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་གྱིས༔ ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་ཅི་བགྱིས་པ་མཐོལ་ལོ་བཤགས་སོ༔ དངོས་གྲུབ་བླང་བ།་་་ཧོ༔ བདག་ཅག་འཁོར་དང་བཅས་པའི་རེ་བ་དང་སྨོན་ལམ་ཐམས་ཅད་དུས་འདི་ཉིད་དུ་ཐོབ་ཅིང་འགྲུབ་པར་མཛད་དུ་གསོལ༔ ཕྲིན་ལས་བཅོལ་བ་བསྟན་ཏོ།་་་ཧོ༔ ཁྱེད་ལ་ཕྲིན་ལས་དང་སྙན་བསྙུན་དུ་གསོལ་བ་ནི༔ བདག་ཆེ་གེ་མོ་འཁོར་དང་བཅས་པ༔ ངན་སོང་གསུམ་དང་འགྲོ་བ་དྲུག་གི་སྡུག་བསྔལ་ལས་སྐྱོབས་ཤིག༔ དགྲ་བགེགས་རྦོད་གཏོང་ཐམས་ཅད་སྲུངས་ཤིག༔ དགྲ་བགེགས་བཟློག་ཅིང་གསད་པ་དང༔ དབང་དུ་བསྡུ་ཞིང་མནན་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད་ཅིག༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ ཨཱོྃ་བཛྲ་ས་མ་ཡ་སཏྭཾ༔ ཨཱོྃ་བཛྲ་ས་མ་ཡ་ཧོ༔ ཛཿཧཱུྃ་བཾ་ཧོཿཨ༔ བདག་གསང་མཚན་ཆེ་གེ་མོ་མི་ནོར་དང་བཅས་པའི༔ ནད་གདོན་ཞི་བར་མཛོད་ཅིག༔ ཚེ་ནོར་དབང་ཐང་རྒྱས་པར་མཛོད་ཅིག༔ མི་ནོར་ཟས་གསུམ་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག༔ དགྲ་བགེགས་ཐམས་ཅད་བསྲུང་ཞིང་བཟློག་པ་དང༔ བསད་ཅིང་མནན་པའི་ཕྲིན་ལས་འགྲུབ་པར་མཛོད་ཅིག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ས་མ་ཡའོ༔ ཞེས་པ་འདོད་དོན་ཤམ་བུ་སྟེ༔ བྲེ་ནང་ལོངས་སྐུ་ཡན་ཆད་ནས༔ ཏོག་ནང་ཆོས་སྐུ་མན་ཆད་ཀྱི༔ ལྷ་སྔགས་གཟུངས་ལ་སོགས་པ་ནི༔ ཀུན་གྱི་ཤམ་བུ་བསྒྱུར་བར་བྱའོ༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་དང༔ རབ་ཏུ་གནས་པའི་སྙིང་པོ་ནི༔ སྐུ་གཟུགས་སོགས་ཀྱི་རྒྱབ་ཏུ་བྲི༔ དེ་རྣམས་བྲེ་ལ་ལོངས་སྐུ་བཀོད་པའོ༔ དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ བྲེ་ལ་ལོངས་སྐུ་བཀོད་པའི་ལེའུ་སྟེ་ཞེ་ལྔ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ནས་བུམ་ནང་སྤྲུལ་སྐུ་བཀོད་པ་ནི༔ དང་པོ་པད་གདན་སྟེང་ཉིད་དུ༔ ལས་བྱང་་་ལེའུ་ཉེར་བཞི་པ།ཇི་བཞིན་བསྙེན་སྒྲུབ་དཀྱིལ་འཁོར་བྲི༔ དེ་དབུས་ཨེ་ལས་རུ་ཏྲ་ཕོ་མོ་བསྣོལ༔ ཉི་ཟླ་པད་སྟེང་སྟོབས་ལྡན་ནག་པོའི་སྐུ༔ གོང་གི་བྱིན་བརླབས་བཀྲ་ཤིས་ས་རྫས་ལ༔ རང་གཟུགས་ཆག་གང་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་འདོར་སྟབས་ཞིང་ལྤགས་སྟག་ཤམ་དང༔ སྦྲུལ་རིགས་ལྔ་དང་ཐོད་པ་སྐམ་རློན་བརྒྱན༔ ཕྱག་གཡས་རྡོ་རྗེ་གཡོན་པ་བྷན་དམར་གསོལ༔ ཐུགས་ཀར་བླ་རྟེན་རྫས་གཞུག་པ༔ རང་གི་སྐྲ་དང་དྲི་མ་བྱང་སེམས་ཐིག་ལེ་དང༔ གསེར་གྱིས་ནྲྀ་ཧཱུྃ་བྲིས་པས་རྫས་དེ་དྲིལ༔་་་མཐིང་ཤོག་ལ་གསེར་གྱིས་རྡོ་རྗེ་རྩེ་ལྔ་པ་བྲིས་ལ་རྡོ་རྗེའི་ལྟེ་བར་ཧཱུྃ་ནྲྀ་ཧཱུྃ་འདི་འདྲ་བ་བྲིས་པའི་མཐར། རང་གི་གསང་མཚན་སྲུངས་ཤིག་སྐྱོབས་ཤིག་གི་ཤམ་བུ་བཏགས་པ་བྲི། རྡོ་རྗེའི་ཕྱི་ལ་ཡི་དམ་གྱི་སྔགས་རྣམས་འདོད་གསོལ་བཏགས་པ་བྲི། དེ་ཐམས་ཅད་གསེར་གྱིས་བྲི། དེ་རྣམས་ལ་རང་གི་བྱང་སེམས་བྱུག་རྡོ་རྗེའི་ལྟེ་བའི་ས་བོན་ལ་རང་གི་སྐྲ་སྦྱར་རྡོ་རྗེའི་ཕྱི་ནས་གོས་དྲི་མ་ཅན་གྱིས་དྲིལ་བ་མགོ་མཇུག་མ་ལོག་པར་གཞུག་གོ །དེ་ཡང་གསེར་གྱི་རྡོ་རྗེའི་ལྟེ་བར་ཧཱུྃ་བཀོད་ཅིང༔ ཐ་མར་ཡི་དམ་གང་ཡིན་སྔགས་བཀོད་ལ༔ རྡོ་རྗེ་གྱེན་ལ་བསླང་སྟེ་གོང་རྫས་དྲིལ༔ དེ་ནི་རྣམ་ཤེས་རྟེན་དང་སྲུང་བའི་རྫས་ཡིན་ནོ༔ དེ་ལྟར་ཡབ་ཉིད་་་གོང་གི་ཧེ་རུ་ཀ་ཡབ་ཡུམ་རྣམས་ཀྱི་ཞལ་ཕྱག་བསྟན་པ་ཡིན་ནོ།མཆོད་རྟེན་དུ་གཞུག་དུས་བཛྲ་ཧེ་རུ་ཀ་ཡབ་ཡུམ་རང་ལ་ཕྱོགས་པ་འོང་བར་བྱས་ལ་གཞུག་གོ།བཛྲ་ཧེ་རུ་ཀ༔ ཀུན་བཟང་ཡབ་ཀྱི་སྐུ་ལ་རབ་ཏུ་འཁྲིལ༔ ཀྲོ་ཏཱི་ཤྭ་རཱི་ཞལ་གཅིག་ཕྱག་གཉིས་མ༔ ཐུགས་ཀར་ཧཱུྃ་བྷྱོ་ཛཿཡང་གཞུག་པར་བྱ༔ གཡས་པ་དྲིལ་བུ་ཡབ་འཁྱུད་་་གཡོན་པས།དུང་དམར་སྟོབ༔ ཞིང་ལྤགས་ལ་སོགས་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡབ་ཡུམ་དབུ་ལ་ཡེ་ཤེས་ལྔ་དབང་བསྐུར༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སྐུ་གསུང་ཐུགས་ཀྱང་བྱིན་གྱིས་བརླབ༔ ཨཱོྃ་ཨཱཿཧཱུྃ༔ ལྷ་ལྔ་བརྟེན་པའི་རྫས་རྣམས་སྤྲས༔ སྙིང་གར་སྲོག་ལྷ་བརྟེན་པའི་རྫས་དང་སྔགས༔ གསེར་དང༔ ན་སྲོག་ལྷ་ཛཿཅེས་གཞུག༔ ཕོ་ལྷ་ཕྲག་གཡས་དངུལ་དང༔ ཨ་ཕོ་ལྷ་ཛཿཅེས་གཞུག༔ མོ་ལྷ་ཕྲག་གཡོན་ཟངས་དང༔ ཛྙཱ་མ་ལྷ་ཛཿཅེས་གཞུག༔ དགྲ་ལྷ་མཆན་གཡས་ལྕགས་དང༔ ཤེ་དགྲ་ལྷ་ཛ༔ ཡུལ་ལྷ་མཆན་གཡོན་བྱུ་རུ་དང༔ ཡུ་ཡུལ་ལྷ་ཛ༔ ཅེས་གཞུག༔ དམ་ཚིག་སྔགས་ཀྱིས་གནས་ལྔ་དག་ཀྱང་བསྲུང༔ སྤྱི་བོར༔ མགྲིན་པར༔ སྙིང་གར༔ ལྟེ་བར༔ གསང་གནས་ཏེ༔ དེ་རྣམས་སྔགས་དང་ཡིག་འབྲུའི་ཞབས་སུ་ཡང་བདག་ལ་རཀྵ་སྭཱ་ཧཱ༔ ཞེས་བྲི༔ ལྟེ་བ་དག་ཏུ་ཡིག་འབྲུ་བཀོད་པའོ༔ དཔྲལ་བར་རུས་བྲི་སྙིང་གར་མིང༔ སྐེད་པ་གཡས་ལོ་གཡོན་དུ་དབང་ཐང་དང༔ ཀླུང་རྟ་རྒྱབ་སྟོད་དག་ཏུ་བྲིའོ༔ དེ་ལྟར་ཡིག་འབྲུ་གསེར་གྱིས་བྲི་བར་བྱ༔ དེ་ཡི་ཕྱི་རིམ་རང་གི་བུ་སྨད་དང༔ ཕ་མ་སྤུན་ཟླ་ཉེ་དྲུང་གང་བསྲུང་མིང་དང་རུས༔ རབ་གསེར་འབྲིང་མཚལ་བྲིས་པ་བཀོད་པར་བྱ༔ དེའི་ཕྱི་ནོར་རྫས་ཡུལ་ཞིང་ཁང་པ་སྲུངས་ཤིག་བྲི༔ དེའི་ཕྱི་སྟོབས་ལྡན་ཡབ་ཡུམ་ཙ་ཀ་ལི༔ གཞུང་ལྟར་མཁྱིད་གང་བྲིས་ཏེ་རྒྱབ་ནས་བཀོན༔ དེའི་ཕྱི་སྲུང་བའི་འཁོར་ལོ་རྣམས་སྟེང་ནས་བྲིས་ལ་དབུབ༔ ཟློག་པའི་སྔགས་རྣམས་རྒྱབ་ནས་བྲིས་ལ་དགབ༔ གསད་པའི་སྔགས་རྣམས་མདུན་ནས་དགྲ་བགེགས་གཟིར༔ མནན་པའི་ལིང་ག་སྔགས་བཅས་འོག་ཏུ་མནན༔ དེ་ཡི་ཕྱི་རིམ་ཡེ་ཤེས་ཁྲོ་བོ་བཅུ༔ ཕྱོགས་སྐྱོང་བཅུ་པོ་གཟིར་བ་་་འི་སྟེང་དུ།ཆག་གང་བ༔ རང་རང་གི།་་་སྔགས་གཟུགས་་་བྲིས་པའི་ལྟོ་བར།འདོད་དོན་སྲུང་ཟློག་་་གི་སྔགས་དང་།བཅས་པ་བྲི༔ རྒྱབ་ཏུ་ཡེ་དྷརྨཱ་སོགས། ཞལ་ཕྱིར་བསྟན་ཏེ་སྲུང་ཟློག་ཕྲིན་ལས་བཅོལ༔ སྲུང་ཟློག་མཆོག་ཏུ་རབ་ཏུ་ཤིས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བཀླུབས༔ གཡས་པས་རྡོ་རྗེ་གཡོན་བྷན་དམར༔ དྲེགས་པ་གཟིར་ཞིང་སྙིང་ཁྲག་གསོལ༔ ཧཱུྃ་ཀར་སྟེང་སྨུག་པོ་བྱང་དུ་བཀོད་ཀྱང་ཉན།་་་ཨཱོྃ་མ་ཧཱ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ དགྲ་བགེགས་གརྫ་གརྫ་ཧཱུྃ་ཕཊ༔ རྣམ་རྒྱལ་དཀར་པོ་ཤར།་་་ཨཱོྃ་མ་ཧཱ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ དགྲ་བགེགས་ཧ་ན་ཧ་ན་ཧཱུྃ་ཕཊ༔ དབྱུག་སྔོན་ཤར་ལྷོ་དཀར་སེར།་་་ཨཱོྃ་མ་ཧཱ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ དགྲ་བགེགས་ད་ཧ་ད་ཧ་ཧཱུྃ༔ གཤིན་རྗེའི་གཤེད་ལྷོ་སེར་ནག།་་་ཨཱོྃ་མ་ཧཱ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ དགྲ་བགེགས་པ་ཙ་པ་ཙ་ཧཱུྃ་ཕཊ༔ མི་གཡོ་མགོན་པོ་ལྷོ་ནུབ་དམར་པོ།་་་ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ དགྲ་བགེགས་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནུབ་ཏུ་རྟ་མགྲིན་དམར་ནག།་་་ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ༔ དགྲ་བགེགས་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་བྱང་དུ་ཊཱཀྐི་རཱ་ཛཿདམར་ལྗང་ཡིན།་་་ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་ཨ་པ་ར་ཛི་ཏཿཧཱུྃ༔ དགྲ་བགེགས་ཏིསྟ་ཏིསྟ་ཧཱུྃ་ཕཊ༔ བྱང་དུ་བདུད་རྩི་འཁྱིལ་བ་ལྗང་།་་་ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ དགྲ་བགེགས་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་དཀར་ལྗང་ཡིན།་་་ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ འོག་ཕྱོགས་སྟོབས་ཆེན་མཐིང་ནག་ལྷོ་ནུབ་ཏུ་བཀོད་ཀྱང་ཉན།་་་ཨཱོྃ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ དགྲ་བགེགས་སྥོ་ཏ་སྥོ་ཏ་ཧཱུྃ་ཕཊ༔ དེ་རྣམས་ཀྱི་གདན་ཕྱོགས་སྐྱོང་བཅུ༔ ཨིནྡྲ་ཡེ་ཛཿཏི་ར་བཾ༔་་་ཤར་དྲི་ཟ་ཕོ་མོ། ཤར་ལྷོ་མེ་ལྷ་ཕོ་མོ།་་་ཨགྣ་ཡེ་ཛཿཏི་ར་བཾ༔ ལྷོར་གཤིན་རྗེ་ཕོ་མོ།་་་ཡ་མ་ཡེ་ཛཿཏི་ར་བཾ༔ ལྷོ་ནུབ་སྲིན་པོ།་་་ནཻརརྀ་ཏ་ཛཿཏི་ར་བཾ༔ ནུབ་ཆུ་བདག།་་་བ་རུ་ཎ་ཛཿཏི་ར་བཾ༔ ནུབ་བྱང་རླུང་ལྷ།་་་བྷ་ཡ་བྷེ་ཛཿཏི་ར་བཾ༔ བྱང་གནོད་སྦྱིན།་་་ཀུ་བེ་རཿཡ་ཛཿཏི་ར་བཾ༔ བྱང་ཤར་དབང་ལྡན།་་་ཨཱི་ཤ་ནཱ་ཡ་ཛཿཏི་ར་བཾ༔ འོག་ལ་ས་བདག་ཕོ་མོ།་་་ཨ་ཏི་བ་ཏ་ཡེ་ཛཿཏི་ར་བཾ༔ ཞེས་སོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཅོ་བརྒྱད་པ༔ ཡག་ཤ་མེ་དབལ་མདུན་ནས་རིམ་པ་ཡི༔ གཤིན་རྗེ་འཆི་བདག་ལ་སོགས་པ༔ བཅོ་བརྒྱད་རིམ་པས་ཞལ་ཕྱིར་བལྟ་བ་སྟེ༔ རང་གཟུགས་སོར་བཞིའི་རྒྱབ་ཏུ་རང་སྔགས་ལ༔ རང་བཞིན་གཟིར་བ།་་་དགྲ་བགེགས་སྲུང་ཟློག་གསད་མནན་འདོད་དོན་བྲི༔ རྣམ་ཤེས་སྙིང་པོ་ཡིག་འབྲུ་སྙིང་གར་བྲི༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿབྲི༔ གཙོ་བོའི་མདུན་ལ་ཁྲོ་བཅུའི་ཕྱིར༔ གཟའ་བདུད་དགོད་དེ་ཁ་ཕྱིར་བལྟའོ༔ སྔགས་ལ་སོགས་པ་གོང་ལྟར་ཤེས་པར་བྱའོ༔ དྲེགས་པའི་ཕྱི་རིམ་ཕྱོགས་བཞི་རུ༔ ཤར་ནས་རིམ་པས་ཤཱཀ་ཐུབ་དང༔ འཇམ་དཔལ་སྤྱན་་་རས།གཟིགས་ཕྱག་རྡོར་བཞི༔ ཕྱི་ལ་ཞལ་ལྟ་ཞི་བས་འདུལ་བ་བྲི༔ ཀུན་ཀྱང་ཆག་གང་ཚད་དུ་བྱའོ༔་་་ཐུབ་པ་སྐུ་མདོག་སེར་པོ་སྤྱི་དང་མཐུན་པ་གསེག་ཤང་དང་པར་བུ་བསྣམས་པ། ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ༔ འཇམ་དཔལ་སྐུ་མདོག་སེར་པོ་རལ་གྲི་དང་པུསྟི་བསྣམས་པ།་་་ཨཱོྃ་ཝཱ་གཱི་ཤྭ་རི་མཱུཾ༔ སྤྱན་རས་གཟིགས་དཀར་པོ་ཁ་སར་པ་ཎི་པདྨ་ཕྲེང་བ།་་་ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་རྡོ་རྗེ་དང་དྲིལ་བུ།་་་ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ གོང་ལྟར་སྔགས་དང་འདོད་དོན་བྲི༔ དེ་ལྟར་ལྷ་རྣམས་ཐམས་ཅད་ལ༔ ཨཱོྃ་ཨཱཿཧཱུྃ་གསུམ་སྐུ་གསུང་ཐུགས༔ ཨཱོྃ་སརྦ་བིད་སྭཱ་ཧཱས་རབ་ཏུ་གནས་པར་བྱའོ༔ སྲུང་ཟློག་གསད་མནན་དྲིལ་ལ་འདོད་དོན་ནི༔ རྒྱབ་ཏུ་རང་སྔགས་ཞབས་སུ་བྲི་བར་བྱའོ༔ དེ་ཡོའི་སྟེང་དུ་རིགས་ལྔའི་ཁྱུང༔ ཤར་ལྷོ་ནུབ་བྱང་དཀར་སེར་དམར་ལྗང་དང༔ དབུས་སུ་མཐིང་ནག་ཧཱུྃ་བཀོད་དེ༔ རིགས་ལྔའི་ཀླུ་རྣམས་ཟ་བར་བྱ༔ ཁ་ནི་ཕྱིར་ལྟ་ཀླུ་གཉན་ས་བདག་སྲུང་བའོ༔ དེ་ཡོའི་རྒྱབ་ཏུ་ཁྱུང་སྔགས་ལ༔ འདོད་དོན་གོང་ལྟར་བྲི་བ་དང༔ སྙིང་གར་རང་སྲོག་ཁྲོཾ་ག་རུ་བྲིའོ༔ ཨཱོྃ་བཛྲ་ཀྲོ་ཏ་ཀ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ རང་སྔགས་ཕོ་ལ་དེ་ཡིན་ནོ༔ དེ་སྟེང་ཤོག་བུ་དག་ལ་ནི༔ སྐུ་གསུང་ཐུགས་ཉིད་བྱིན་གྱིས་རློབ་པ་དང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་སྔགས༔ མཐའ་ནས་དཀྱིལ་དུ་སྒོར་མོར་བྲི༔ གདུགས་ལྟར་དགབ་པ་མན་ངག་ཡིན༔ སྤྱན་དྲངས་བཞུགས་དང་ཕྱག་ལ་སོགས༔ ཐ་མར་ཕྲིན་ལས་བཅོལ་བ་སོགས༔ ཐམས་ཅད་བྲེ་ནང་རིགས་པས་མཚུངས༔ ཤོག་བུ་ལ་བྲིས་ཐ་མར་བསྐོར༔ ཡི་གེ་ནང་དུ་བསྟན་པར་བྱ༔ དེའི་ཕྱི་རྡོ་རྗེ་རྣམ་འཇོམས་གཟུངས༔ དེ་ཞབས་བྲེ་ནང་བྲིས་པ་ཡི༔ ཨཱོྃ་ཤཱནྟིཾ་ཀུ་རུ་ནི་བྷྲཱུྃ༔ ཨཱོྃ་ཀུ་སུ་མ་མ་ལི་བྷི་ཧཱུྃ་ཛ༔ ཅེས་པ་ནས་མཱ་ར་ཡ་ཀུ་རུ་སྭཱ་ཧཱ༔ ཅེས་པའི་བར་ལས་ཀུན་གྲུབ་པའི་སྙིང་པོ་བྲི་བ་ཡིན་ནོ།་་་ཀུན་འགྲུབ་སྔགས་རྣམས་བྲི་བར་བྱ༔ ཤོག་བུ་ལ་བྲིས་ཡི་གེ་ཕྱི༔ དེ་རྣམས་ཡོ་ལ་བྲི་བསྐོར་་་བར།བྱ༔ དེ་ཕྱིར་ཤོག་བུ་དག་ལ་ནི༔ རིག་འཛིན་རྣམས་ལ་གསོལ་བ་གདབ༔ ན་མོ༔ ཆོས་སྐུ་སྐྱེ་བ་མེད་པའི་གཞལ་ཡས་སུ༔ ཀུན་བཟང་ཡབ་ཡུམ་ལ་སོགས་པ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་མ་ལུས་ལ༔ བདག་གསང་མཚན་ཆེ་གེ་མོ་ལ་སོགས༔ འཁོར་དང་བཅས་པས་གསོལ་བ་རབ་ཏུ་འདེབས༔ དགྲ་བགེགས་རྦོད་གཏོང་ཡམས་ནད་ཟློག་ཏུ་གསོལ༔ ན་མོ༔ ལོངས་སྐུ་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རིགས་ལྔའི་སངས་རྒྱས་ལ་སོགས་པ༔ རིག་འཛིན་བརྡ་བརྒྱུད་མ་ལུས་ལ༔ བདག་སོགས་གོང་གིས་འགྲེའོ༔ ན་མོ༔ སྤྲུལ་སྐུ་འགག་པ་མེད་པའི་ཞིང་ཁམས་ན༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་སོགས༔ གང་ཟག་སྙན་ཁུངས་བརྒྱུད་པ་མ་ལུས་ལ༔ བདག་ཅེས་གོང་གིས་འགྲེ༔ ན་མོ༔ དེ་ལྟར་བརྒྱུད་པ་རྣམས་ལ་གསོལ་གདབ་བྲི༔ ཁ་ནང་བསྟན་ནོ། །དེ་ཡི་ཕྱི་རིམ་ཤོག་བུ་ལ༔ དུག་སྣ་ཚོགས་ལ་མཚོན་ཆའི་གུར༔ ནང་ནས་རིམ་བཞིན་རྡོ་རྗེ་དང༔ འཁོར་ལོ་མཚོན་ཆ་མེ་དཔུང་གཏམས༔ ཕྱོགས་མཚམས་སྟེང་འོག་ཁྱབ་པར་་་ཁ་ཕྱིར་བསྟན་དུ།བསྐོར༔་་་ཤོག་བུ་ལ་ནང་ངོས་གསོལ་གདབ་ཕྱི་ངོས་མཚོན་ཆ་བྲིས་ལ་བསྐོར། དེའི་ཕྱི་བུམ་པའི་ནང་ཉིད་དུ༔ ཤར་ལྷོ་ནུབ་བྱང་རྡོ་རྗེ་དང༔ རཏྣ་པདྨ་རྒྱ་གྲམ་བྲི༔ མཚམས་བཞི་འཁོར་ལོས་གཏམས་པ་འོ༔ དེ་ནི་བུམ་ནང་བྲི་དང་དགོད་ཐབས་སོ༔ དེ་ནས་བུམ་ཕྱིའི་ཕྱོགས་བཞི་རུ༔ རཏྣ་འབར་བའི་ནང་དག་ཏུ༔ རིན་ཆེན་གཏེར་གྱིས་ཐམས་ཅད་ཚིམ༔ རང་ལ་སྟོངས་དང་གྲོགས་བྱེད་པའི༔ ལྷ་སྲིན་གཏའ་ཡང་གཞུག་པར་བྱ༔ རཏྣ་ལྔ་དང་འབྲུ་སྨན་དང༔ དཀར་མངར་ཤ་ཁྲག་ལ་སོགས་བླུགས༔ ཤོག་བུ་དག་ལ་སྔགས་འདི་བྲི༔ ཨཱོྃ་ཝཱ་གི་ཤྭ་རི་མུཾ༔ ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་སརྦ་དུཥྚཱཎ་ཏྲིག་ནན༔ ཨེ་སྭཱ་ཧཱ༔ ཨ་ཨ་ཨ༔ ཤཱནྟིཾ་ཀ་རི་ནི་བྷྲཱུྃ༔ ཀུ་སུ་མ་མ་ལི་བྷི་ཧཱུྃ་ཛ༔ ཨཱོྃ་བཛྲ་ཀུ་ས་ཛི་ཀང༔ བྷེ་ཐཱ་ཐཱ་ཐཱ༔ ཨཱོྃ་གྷྲོ་གྷེ་མ་ཀྲི་ཏེ༔ བདག་ཆེ་གེ་མོ་འཁོར་དང་བཅས་པའི་ནད་གདོན་འབྱུང་པོ་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་སྲིད་དང་ལོངས་སྤྱོད་རྒྱས་པར་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དབང་དུ་སྡུས་ཤིག་པཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་སརྦ་སྲུང་ཟློག་སོད་ནན་མཱ་ར་ཡ་ཧཱུྃ་ཕཊ་ཕཊ༔ ཅེས་བྲིས་ལ་གཞུག༔ ཕྱི་ལ་རཏྣ་འབར་བ་མཐེམ་གང་བ་བྲིའོ༔ དེ་ནས་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་ཡང༔ ཙཀ་ལི་བྲིས་ལ་ཕྲིན་ལས་བཅོལ་ལོ༔ ཨཱོྃ་དྷྲྀཏ་རཱཥྚཱ་ཡེ་སྭཱ་ཧཱ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༔ སྐུ་མདོག་དཀར་པོ་པི་ཝཾ་བསྣམས༔ ཨཱོྃ་བི་རཱུ་ཌྷ་ཀཱ་ཡེ་སྭཱ་ཧཱ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ ཕྱག་ན་རལ་གྲི་བསྣམས་པ་འོ༔ ཨཱོྃ་བི་རཱུ་པཱཀྵ་ཡེ་སྭཱ་ཧཱ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༔ ཕྱག་ན་སྦྲུལ་ཞགས་བསྣམས་པ་འོ༔ ཨཱོྃ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ ཕྱག་ན་ནེའུ་ལེ་བསྣམས་པ་འོ༔ རྒྱལ་ཆེན་བཞི་ལ་གོང་ལྟར་དུ༔ སྔགས་ཞབས་སྲུང་ཟློག་གསད་མནན་ཕྲིན་ལས་བཅོལ༔ བུམ་ནང་པད་སྟེང་ཞལ་ཕྱི་ལྟའོ༔ རང་ངོས་བུམ་སྟེང་རཏྣའི་སྦུ་གུ་ལ༔ སྲུང་བའི་སྔགས་ཀྱི་ཐུན་ལམ་རཏྣ་ལ་སོགས་བྲབ་པར་བྱའོ༔ དེ་རྣམས་ནི་ཀ་ནིའི་བུམ་པ་ལ་སྲུང་བྱེད་སྤྲུལ་སྐུ་དགོད་པའོ༔ དྲག་པོ་ཕྲིན་ལས་ཀྱི་རྒྱུད་ལས༔ བཙན་པོའི་མཁར་དུ་གཞུག་པ་སྲུང་བའི་ལས་ཀྱི་བཅས་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ཀ་ནིའི་བང་རིམ་དག་ལ་ཟློག་པའི་བཅས་བསྟན་པ༔ ཕྱི་ལ་ཕུར་པ་དགོད་པ་དང༔ ནང་དུ་འཁོར་ལོ་ལིང་ག་དགོད་པའོ༔ དེ་ཡང་ཀ་ནིའི་བང་རིམ་གསུམ་པ་ལ༔ ཁོང་སྟོང་ནང་དུ་འོག་ནས་འབྱུང་བ་བཞིན༔ འབྲུབ་ཁུང་ནང་དུ་ཟློག་པའི་འཁོར་ལོ་བཅའ༔ རྒྱུ་ནི་དྲག་པོའི་ཐུན་རྫས་སྣ་ཚོགས་སོ༔ ཁ་དོག་དག་ནི་གོང་དུ་བསྟན་པས་ཤེས༔ དྲག་པོའི་ཤིང་ལ་ཕུར་པ་སོར་དྲུག་གསུམ༔ དབལ་ལ་ཟློག་སྔགས་བཅུམ་གཞོག་གཟིར་སྔགས་བྲི༔ བང་རིམ་གོང་མ་བུམ་གདན་པད་འདབ་འོག༔ བང་རིམ་ཁོལ་བྱུང་དག་ལ་དབལ་བསྟན་གཟུག༔ རང་གི་ཕྱོགས་སུ་མེད་ཀྱང་རུང་བ་ཡིན༔ སྒྱོགས་རྡོ་ལམ་དུ་བཅག་དང་ཁོ་ཡི་རྐང་མགྱོགས་ཟློག་པའི་ཕྱིར༔ སེང་ལྡེང་ཕུར་བུ་ཟློག་འཁོར་ལ་སོགས་པ༔ འོག་ནས་འབྱུང་བ་ཇི་བཞིན་ཕྱོགས་བཞིར་ཟློག༔ དེ་ནས་བང་རིམ་ནང་གི་འབྲུབ་ཁུང་རྩང་ལ་སོགས༔ འཁོར་ལོའི་སྟེང་དུ་རོ་གཡམ་ནག་པོ་ལ༔ རྡོ་རྗེ་རྒྱ་གྲམ་བྲིས་ལ་ལམ་གྱི་དབུས་སུ་མནན༔ མུ་ཁྱུད་ཕྱི་མ་ཟློག་སྔགས་སྤུ་གྲི་བྲི༔ དེ་ཉིད་ཁ་བཅད་སྟེང་དུ་པད་གདན་བཅའ་འོ༔ བང་རིམ་གོང་མ་རང་ངོས་བུ་ག་ལ༔ གྲི་ལྕགས་མི་རྐང་ལ་སོགས་ཐུན་ལམ་བཅའ༔ ཐུན་ཉིད་ཟློག་པའི་་་འཁོར་ལོའི།སྙིང་གར་འོང་བར་བྱ༔ ཟློག་སྔགས་ཐུན་གྱིས་དེ་ནང་བྲབ་པར་བྱ༔ དེ་ནི་ཀ་ནི་བང་རིམ་ཟློག་པའི་བཅས་བསྟན་པའོ༔ དེ་འོག་ཀ་ནི་རི་རབ་ནག་པོའི་རྫས༔ མི་ཤིས་ཕུང་ས་སྣ་ཚོགས་བྱས་པ་ནག་པོའི་ནང༔ གྲུ་གསུམ་དུག་ཁྲག་མཚོན་ཆས་གཏམས་པ་བྲི༔ དེ་ནང་གྲི་བོ་ཐོད་རྒལ་ཐོད་པའི་ནང༔ གསད་པའི་འཁོར་ལོ་ལིང་ག་འོག་ནས་འབྱུང་བ་བཞིན་བཅའ༔ ཐོད་པའི་ཕྱི་ལ་དྲེགས་པའི་སྔགས་ཞབས་ལ༔ ཛཿཧཱུྃ་བཾ་ཧོ༔ དགྲ་བགེགས་འདི་ཟས་སུ་གཏད་དོ༔ ལ་སོགས་དམོད་མོ་བྲི༔ གཞན་ཡང་།་་་མནན་་་པའི་རབས་ཆད།ཐོད་་་པའི་ཕྱི་ལ་བྲིས་པ།ཇི་བཞིན་་་པར་གསད་པའི་གྲི་ཐོད་དེའི་ཕྱི་ལ་ཡང་རླུང་རྡོ་རྗེ་རྒྱ་གྲམ་དང་དྲེགས་པ་བཅོ་བརྒྱད་ལྷ་འདྲེ་སྟོང་གི་སྔགས་ལ་ཤམ་བུ་བཏགས་པ་བྲི་བ་སོགས་མནན་ཐོད་རབས་ཐོད་ཅི་འདྲ་བ་གསད་ཐོད་གྲི་ཐོད་ཀྱི་ཕྱི་ལའང་བྲིའོ།མཚོན་ཆ་སྔགས་རྣམས་བྲི༔ གྲུ་གསུམ་ཁ་ལ་གདུག་པའི་རྩང་བཅོ་བརྒྱད༔ དྲེགས་པ་བཅོ་བརྒྱད་མིང་དང་རྣམ་ཤེས་བྲི༔ དེ་ཞབས་བྷྱོ་བྷྱོ་ཞེས་དང་གསད་པའི་སྤུ་གྲི་བྲི༔ སྲིན་མོ་འགྲོས་ཏེ་བསྣོལ་མར་གཟུག༔ དེ་སྟེང་རོ་གཡམ་གོང་ལྟར་རྒྱ་གྲམ་བྲི༔ མུ་ཁྱུད་ཕྱི་མར་གསད་པའི་སྤུ་གྲི་བྲི༔ དེ་ཡིས་ཁ་བཅད་གཤིན་རྗེའི་ལྕགས་ཁང་ཡིན༔ དེ་ནས་རི་རབ་བང་རིམ་མཚམས་སུ་ནི༔ རང་ངོས་ཐུན་ལམ་གྲི་ལྕགས་སྦུ་གུ་ལ༔ ཐུན་བྲབ་ལིང་གའི་སྙིང་གར་ཕོག་པ་གཅེས༔ དེ་ནི་གསད་པའི་བཅས་དང་ལག་ལེན་བསྟན་པའོ༔ དེ་ཡི་འོག་ཏུ་ཀ་ནིའི་འོག་ཏུ་ནི༔ མཎྜལ་དཔངས་སུ་་་སྔར་བཤད་པའི་ཕུང་སའི་དཀྱིལ་འཁོར་དེ་ཉིད་ཡིན།ཁྲུ་ཕྱེད་རྒྱར་མདའ་གང༔་་་བ་དེ་དག་གི །དཀྱིལ་དུ་གཤིན་རྗེའི་དོང་ནག་འབྲུབ་ཁུང་སྤྱི་ལྟར་བཅའ༔ དེ་ནང་མནན་པའི་ལིང་ག་་་ལིང་རྐྱང་།ལྕེ་ཕྱིར་དབྱུང༔ དེ་ཡང་་་དགྲའི་དྲི་མ་དྲུག་བསྲེས་པའི་བག་ཟན་ལིང་ག།མཁྱིད་གང་ནང་དུ་གཞུག༔་་་མནན་སྔགས་ཤོག་བུ་ལ་བྲིས་པ་བླན། དཔྲལ་བ་རུས་དང་སྙིང་གར་མིང་གིས་བསྐོར༔་་་བ་རབས་ཆད་ཐོད་པའི་ནང་དུ་དགྲའི་ཙཀྲ་འོག་དྲེགས་པའི་ཙཀྲ་སྟེང་བར་ལིང་རྐྱང་བཅུག །རོ་གཡམ་ལ།་་་རྡོ་རྗེ་རྒྱ་གྲམ་བྲིས་པའི་ལྟེ་བར་་་ཐུག་པར།སེང་ལྡེང་ཕུར་པ་་་སོར་དྲུག།ལ༔ མནན་སྔགས་དབལ་བྲི་བཅུམ་གཞོག་་་ལ།དྲེགས་པ་་་བཅོ་བརྒྱད།གཟིར་སྔགས་བྲི༔ བག་ཟན་ལིང་གའི།་་་ལྟེ་བར་ནྲྀའི་སྟེང་དུ་གདབ་པར་བྱ༔ ལིང་ག་ལ་མཛེ་ཁྲག་ཕུག་རོན་དིག་ཁྲག་བྱུག༔ སེང་ལྡེང་ཕུར་པ་ནམ་དུའང་མི་འདོན་གྱིས༔ ལིང་རྐྱང་དེ་ཉིད་དགྲ་བོའི་ཙཀྲ་དང༔་་་ལིང་རྐྱང་སྟེང་ནས་ཁ་སྦུབ་པ་དང་དགྲའི་ཙཀྲ་འོག་ནས་ཁ་གྱེན་བསྟན་ནས་ཁ་སྦྱར་བ་དེ་ཉིད་རབས་ཆད་ཐོད་པར་བཅོལ། དྲེགས་པ་སྤྱི་སྒོས་་་འཁོར་ལོ་ཁ་སྦུབས་པའི།བར་དུ་བལྟེམ་པར་བྱ༔ ཕུར་པ་ཡོ་ལ་ཟངས་དམར་མིག༔ ཕུར་སྟེང་ཀ་ནི་ནག་པོའི་འོག་ནས་འབྱུང་བ་ལྟར༔ མགོ་མཇུག་ལྡོག་སྟེ་མནན་པའི་མན་ངག་ཡིན༔ དེ་ཡི་བུམ་པར་མནན་པའི་སྔགས་རྣམས་གཞུག༔ འབྲུབ་ཁུང་ཁ་ལ་དྲག་པོའི་རྩང་བཅོ་བརྒྱད༔ དྲེགས་པ་རང་རང་སྔགས་ཞབས་མནན་པའི་སྤུ་གྲི་བྲི༔ སྲིན་མོའི་འགྲོས་བཞིན་བསྣོལ་ཏེ་གཟུག་པར་བྱ༔ དུག་དང་ཁྲག་གི་ཁུ་བས་ངར་བླུད་དོ༔ དེ་སྟེང་རོ་གཡམ་གླིང་བཞི་རི་རབ་དང༔ ལྟེ་བར་རྡོ་རྗེ་རྒྱ་གྲམ་ལཾ་ནན་བྲི༔ མུ་ཁྱུད་ཕྱི་མ་མནན་པའི་སྤུ་གྲིས་བསྐོར༔ ཚལ་ནག་མཛེ་ཁྲག་དུག་ཆུ་བྱུགས་པས་མནན༔ ཀ་ནི་པད་གདན་འོག་ནས་རང་ངོས་སུ༔ གྲི་ལྕགས་སྦུ་གུར་མནན་པའི་སྔགས་ཐུན་བྲབ༔ དེ་སྟེང་རི་རབ་ནང་དུ་གསད་པའི་ལས་བྱའོ༔ དེ་ནས་དྲག་པོའི་ཤིང་ངམ་ཁྱད་པར་གྲི་ལྕགས་ལ༔ ཀ་ནིའི་སྲོག་ཤིང་ཁྲུ་གང་གོང་ལྟར་བཅའ་འོ༔ ཏོག་ནས་མནན་་་སྲུང་ཟློག་གསད་པའི་སྔགས་རྣམས་རང་ཐད་བྲི།འཁོར་ལིང་གའི་སྟེང་དུ་སླེབ༔ ཕྲ་སྦོམ་མདའ་སྨྱུག་ཙམ་ལ་བཅུམ་གཞོག་རིམ་པ་གསུམ༔ སྟོད་སྨད་བར་གསུམ།་་་དྲག་པོའི་དབལ་གདན་ཟུར་གསུམ་པའོ༔ བར་བར་རྒྱ་མདུད་དག་གིས་བཅིངས་པ་ལ༔ སྲུང་ཟློག་གསད་པའི་སྔགས་རྣམས་རང་ཐད་བྲི༔ རྒྱ་མདུད་དང་པོ་ཏོག་ནང་སླེབ་པ་ལ༔ ཕྱོགས་བཞི་སྟེང་ལྔ་ཆོས་སྐུའི་ཡིག་འབྲུ་ཨ་ལྔ་བྲི༔ དེ་འོག་བཅུམ་གཞོག་སྟོད་ལ་སྐུ་གསུང་ཐུགས་སྔགས་བཀོད༔ ཨཱོྃ་ཨཱཿཧཱུྃ༔ དེ་འོག་བཅུམ་གཞོག་ལོགས་བརྒྱད་ལ༔ ཀླད་ན་ཆེ་བ་རྒྱལ་པོ་ལྟ་བུ་དེ༔ ཡེ་ཤེས་ལྔ་ཡི་སྔགས་རྣམས་དང༔ སྲུང་བའི་སྔགས་རྣམས་བྲི་བར་བྱ༔ བུམ་ནང་པད་གདན་ཡན་ཆོད་ལའོ༔ པད་གདན་ཐད་ཁའི་རྒྱ་མདུད་ལ༔ ཕྱོགས་གསུམ་ལཾ་ནན་ཅེས་པ་བྲི༔ དེ་འོག་བཅུམ་གཞོག་ལོག་གསུམ་ཟློག་སྔགས་བྲི༔ དེ་འོག་རི་རབ་བང་རིམ་མཚམས༔ རྒྱ་མདུད་ལཾ་ནན་ཞེས་པ་བྲི༔ དེ་འོག་རྒྱ་མདུད་ཟློག་་་པ།གསད་་་པ་དྲག་པོའི་སྔགས་རྣམས།མཚམས་སུ་གོང་ལྟར་བྲི༔ དེ་འོག་བཅུམ་གཞོག་གསད་སྔགས་ཡང་ནི་རྒྱ་མདུད་་་ལ་བྲི་བ་གོང་དང་།འདྲ༔ གསད་མནན་མཚམས་ནི་རྒྱ་མདུད་གོང་ལྟར་རོ༔་་་ཡི་གེ་བྲིས། དེ་འོག་ཕུར་པའི་དབལ་་་གསུམ།དག་ལ༔ ངག་མནན་ལ་སོགས་མནན་སྔགས་བྲི༔ དེ་ལྟར་སྲུང་ཟློག་གསད་མནན་བཞི༔ རང་རང་ཐད་དྲངས་ཕུར་པ་ལ༔ དྲག་པོའི་སྔགས་རྣམས་དགོད་པར་བྱ༔ སྔགས་མགོ་གྱེན་ལ་སྔགས་མཇུག་ཞབས༔ ཡང་ན་ཤོག་བུ་ལ་བྲིས་ཕུར་པར་དྲིལ༔ བུམ་པ་ཡན་ཆད་སྔགས་ལ་དྲི་བཟང་བྱུགས༔ མན་ཆད་དུག་ཁྲག་ངར་ཡང་བླུད༔ དེ་ཉིད་རང་གི་ཡི་དམ་མམ༔ ཡང་ན་སྟོབས་ལྡན་ནག་པོར་སྐྱེད༔ ཀ་ནིའི་རྩེ་ནས་མནན་པ་ཡིས༔ འོག་གི་ལིང་སྟེང་ཡན་ཆད་དུ༔་་་དེ་ནང་ཟན་ལིང་སྟེང་སྙིང་ལ་ཕུག་པའོ། །འཁོར་ལོ་ལིང་ག་རོ་གཡམ་སོགས༔ ཕུག་སྟེ་སྲོག་ཤིང་དག་ཏུ་གཟུག༔ དེ་ལྟར་སྙིང་ལ་ཕུག་པ་ཡིས༔ དགྲ་བགེགས་ཐམས་ཅད་རང་དབང་མེད༔ གཟིར་ཞིང་གནད་ལ་ཕེབས་པ་འོ༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཀ་ནི་ལ་ཟློག་གསད་མནན་པ་དང༔ སྲོག་ཤིང་ཕུར་བུ་བཅའ་བའི་རིམ་པ་སྟེ་ལེའུ་ཞེ་བདུན་པའོ༔ སྟོབས་ལྡན་ཆེན་པོས་ཡང་གསུངས་པ༔ དེ་ལྟར་བདེ་གཤེགས་ཕོ་བྲང་རབ་བཅས་པས༔ གང་དུ་དགྲ་དང་བགེགས་ཀྱི་་་བདག་ལ།གནོད་འཚེ་བ༔ རྒྱལ་བའི་ཕོ་བྲང་གནོད་སྦྱོར་ཡོངས་མི་ཚུག༔ ཐུན་ཟོར་རྦོད་གཏོང་ལ་སོགས་ལས་བྱས་ཀྱང༔ ལྷ་སྲིན་དྲེགས་པས་མི་ཚུགས་་་པར་སླར།ཁོ་རང་་་གི།གཤེད༔་་་དུ་དབབ་བོ། །ཅི་ཕྱིར།་་་རྒྱལ་བའི་སྐུ་ལ་བསྡོས་པའི་རྣམ་སྨིན་ནོ༔ དེ་བས་རྒྱལ་བའི་ཕོ་བྲང་་་ཀ་ནི།བཞེངས་པ་གཅེས༔ ལོག་ལྟ་ཕྱི་པའི་ལས་ཀྱི་རྦོད་གཏོང་ཡང༔ ཀ་ནིའི་འོག་ཏུ་ཁོ་རང་གཤེད་དུ་འབེབ༔ དེ་ཕྱིར་རང་གཤེད་ཡིན་པས་ཕྲིན་ལས་མྱུར༔་་་བས་འདི་ལ་འབུངས་ཤིག །འདི་ལྟར་སྔགས་བཟླས་ཏིང་འཛིན་ལྡན་པས་ནི༔ བན་དགྲ་ཕྱག་ཆ་རང་ལ་འཁོར་བར་བྱེད༔ སྡིག་པ་མ་བུའི་ཚུལ་གྱི་གསོད་པ་འོ༔ ཁོ་རང་ནུས་པ་ཆེ་ན་མྱུར་དུ་འཆི༔ འདི་ནི་བསྒྲུབ་མི་དགོས་ཏེ་བཅས་པས་ཆོག༔ ཁོ་ལ་ཕུང་བཤིག་གཟིར་བའི་མན་ངག་ཡིན༔ ཅི་ཕྱིར་བྱས་པ་ཁོ་རང་བདུད་དུ་འབེབ༔་་་པ་ཡིན། ཕས་ཀྱི་སྔགས་ཟློག་རྒྱལ་བས་བཅས་པ་དེ༔ ནུས་པ་བརྒྱ་འགྱུར་དག་གིས་ཆེ་བ་སྟེ༔ ཕྱག་ཆ་གནམ་ལྕགས་རྔུར་མོའི་ཡང་སྙིང་ངོ༔ དེ་ལ་འདྲ་བ་བཅུ་བདུན་བསྟན་པར་བྱ༔ དང་པོ་ཀ་ནིའི་འོག་གི་དཀྱིལ་འཁོར་དུ༔ ཕུང་སའི་འབྲུབ་ཁུང་རབས་ཆད་ཐོད་པའི་ནང༔ དགྲ་བགེགས་གདུག་པའི་ལིང་ག་་་ཁ་གྱེན་བསྟན།སྒྱེལ་པ་ནི༔ གཤིན་རྗེ་འཆི་བདག་ལྕགས་ཁང་ནག་པོ་རུ༔ སྡེ་བརྒྱད་ལྕགས་བཅུག་དོང་རུལ་བཙོན་གསོད་འདྲ༔ ལྕེ་སྟེང་སྙིང་གར་ཕུར་བུས་བཏབ་པ་ནི༔ བཤན་པས་བྱོལ་སོང་བཟུང་ནས་གསོད་པ་འདྲ༔ ཏི་ཙ་་་ནག་པོ།མགོ་ཞབས་བཟློག་པས་མནན་པ་ནི༔ རྒྱལ་པོས་ཁྲིམས་ཉམས་བཀའ་ཆད་གཅོད་པ་འདྲ༔ དེ་སྟེང་རི་རབ་གདུག་པ་གཤིན་ཡུལ་ནང༔ གསད་པའི་འཁོར་ལོ་ལིང་ག་བལྟེམས་བྱས་ནས༔ བན་དགྲ་ཕྱག་ཆ་རང་ལ་བསྐོར་བ་སྟེ༔ སྡིག་པ་ཕྲུ་གུ་མ་མོའི་གཤེད་དབབ་འདྲ༔ དེ་སྟེང་བང་རིམ་ཟློག་པའི་བཅས་བསྟན་པ༔ རྦོད་གཏོང་ཟློག་སྟེ་སྒྱོགས་རྡོ་ལམ་བཅག་འདྲ༔ ཟློག་བྱེད་སེང་ཆེན་བཞི་ཡིས་བསྐོར་བ་ནི༔ ཕས་ཀྱི་རྦད་འདྲེ་ཕོ་ཉས་བཟློག་པ་འདྲ༔ རོ་གཡམ་རྒྱ་གྲམ་སྟེང་ནས་ཁ་བཅད་པ༔ སྲིད་པའི་་་རི་རབ།རྨང་ནས་ཐར་དུས་མེད་པ་འདྲ༔ དེ་ལ་་་རྫས་སྔགས།དྲག་པོའི་སྦྱོར་བ་བྱས་པ་ནི༔ དུག་གིས་མྱོས་ཤིང་ཁྲག་གིས་བརྒྱལ་བར་བྱས༔ ཐོག་གིས་གཟིར་ཏེ་མཚོན་ཆའི་ཆར་བབ་འདྲ༔ ཀ་ནི་བུམ་པར་་་རང་ཉིད།སྤྲུལ་པའི་བཅས་བྱས་པ༔ བཙན་པོའི་མཁར་དུ་ཞུགས་ཏེ་་་ལུས་ལ།གོ་གོན་འདྲ༔ དེ་སྟེང་བྲེ་ལ་ཚེ་སྲོག་རྒྱས་བྱེད་པ༔ རྣལ་འབྱོར་སྲོག་ལ་རྡོ་རྗེའི་ཚེ་མདུད་་་ཐེབས་པ་དང་།འདྲ༔ དེ་སྟེང་འཁོར་ལོ་གདུགས་སོགས་ལྷ་སྐུ་ཡི༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་བཞུགས་པ་ནི༔ རྣལ་འབྱོར་སྒྲུབ་པ་པོ་ལ་དུས་གསུམ་གྱི༔ རྒྱལ་བའི་ཐུགས་རྗེས་རྟག་ཏུ་་་དངོས་སུ།གཟིགས་པ་འདྲ༔ བུམ་པའི་ནང་དུ་རཏྣའི་ཐུན་བྲབ་པས༔ ཡིད་བཞིན་ནོར་བུ་རིན་ཆེན་ཆར་བབ་་་པ་དང་།འདྲ༔ ཀ་ནི་དབང་དང་རབ་གནས་རྫོགས་པ་ནི༔ འདོད་པའི་དོན་གྲུབ་ཡིད་བཞིན་ནོར་བུ་འདྲ༔་་་གང་དགོས་འགྲུབ། སྲུང་ཟློག་གསད་མནན་བཞི་ཡི་ལས་རྫོགས་པ༔་་་ནི། གོ་མཚོན་་་དཔའ་བརྟུལ།ལྡན་པས་ཕ་རོལ་གཡུལ་འཇོམས་འདྲ༔ དྲེགས་པ་གནད་ལ་ཕབ་སྟེ་གཟིར་བ་ནི༔ ལས་ལ་དབང་མེད་རྒྱལ་པོས་བྲན་འཁོལ་འདྲ༔ ལས་དང་སྐལ་པར་ལྡན་པའི་རྣལ་འབྱོར་གྱིས༔ གཙུག་ལག་ཕྱག་ཆ་རྔུར་མོའི་སྒོར་ཞུགས་འདྲ༔ རྒྱུད་དང་ལུང་དང་བླ་མའི་མན་ངག་གནད༔ གཅིག་ལ་གཅིག་བརྟེན་མདོ་དོན་གཅིག་ཏུ་བསྡུས༔ སྔགས་ཀྱི་ཚད་མས་ལེགས་པར་གཞལ་བྱས་ཏེ༔ ཕན་གནོད་ལས་ཀུན་མཁས་པས་འཕྲུལ་ཤེས་པ༔ རྒྱལ་པོའི་དཀོར་མཛོད་ཡོད་པ་ཇི་བཞིན་ནོ༔ ཡིད་བཞིན་ནོར་བུ་རིན་ཆེན་འཆང་བ་འདྲ༔ དེ་ཕྱིར་མན་ངག་འདི་ལ་ནན་ཏན་བྱ༔ དེ་ལྟར་འདྲ་བ་བཅུ་བདུན་བསྟན་པ་ནི༔ ལེགས་པའི་དོན་ལ་དེ་ཡིས་མཚུངས་བྱས་ཏེ༔ གསེར་གྱི་མིག་ལ་གཡུ་ཡིས་སྤྲས་འདྲ་བ༔ མ་རིག་རྨོངས་པའི་མིག་འབྱེད་སྒྲོན་མེ་ཡིན༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཀ་ནིའི་དགོངས་པ་བསྟན་པ་དང༔ འདྲ་བ་བཅུ་བདུན་དཔེ་དོན་དང་བཅས་པ་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ༔ སྟོབས་ལྡན་ཆེན་པོས་ཡང་གསུངས་པ༔ དེ་ལྟར་སྲུང་ཟློག་གསད་མནན་བཞི་ལ་གཅེས་པ་ཡི༔ ཀ་ནི་རབ་ཏུ་གནས་པ་འདི་ལྟར་བྱ༔ དེ་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ དང་པོར་སྐྱེད་དང་གཉིས་པ་སྤྱན་དྲངས་བསྟིམ༔ གསུམ་པ་བསྟོད་བསྐུལ་ཕྲིན་ལས་སྔགས་བཟླས་པའོ༔ དེ་ཡང་ཟླ་བ་ཡར་ངོ་ཉི་མ་སྔ་དྲོ་གཟའ་སྐར་བཟང་བའི་དུས་སུ་ཕྱི་ནང་གི་མཆོད་པ་རྒྱ་ཆེན་པོ་བཤམས་ལ་ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱའོ།་་་དེ་ལས་དང་པོ་སྐྱེད་པའི་རིམ་པ་ནི༔ ཧཱུྃ་ཕཊ༔ རཾ་རཾ༔ ཨ་ཨ་ཨ༔ ཅེས་པ་ཡིས་ཀ་ནི་ལ་སོགས་སྣང་སྲིད་འཁོར་འདས་སྟོང་པར་བསམ༔ དེ་ཚེ་སྐྱེ་མེད་ཆོས་སྐུ་དག་པ་ཡི༔ ངང་དུ་རང་གི་སེམས་ཉིད་གནས་པར་བྱ༔ དེ་ལས་ཆོས་སྐུ་སྟོང་པའི་རང་སྒྲ་ཙམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ ཅེས་པ་ལས༔ བདག་ཉིད་སྟོབས་ལྡན་ནག་པོ་འམ༔ ཡང་ན་ཡི་དམ་གང་ཡིན་ལྷ་རུ་བསྒོམ༔ སྐད་ཅིག་དྲན་རྫོགས་ལོངས་སྤྱོད་སྤྲུལ་སྐུ་ནི༔ ཆོས་སྐུ་རང་ཤར་རང་གྲོལ་ཡིན་པའི་ཕྱིར༔ ནམ་མཁའི་མཐའ་དང་མཉམ་པ་གསལ་སྟོང་བསྒོམ༔་་་ཀུན་རྫོབ་ཏུ་སྐུའི་ངོ་བོ་ཞལ་ཕྱག་གི་རྣམ་པར་གསལ་བ་ལ་དོན་དམ་པར་རང་བཞིན་གང་དུའང་མ་གྲུབ་སྟེ་སྟོང་པའོ། །སྐུ་ལུས་ཞལ་ཕྱག་བསམ་འདས་བརྗོད་དུ་མེད་པའོ། །ཨཱོྃ་ཨཱཿཧཱུྃ་སརྦ་དུཥྚཱཎ་སཾ་ཧ་ར་ཎ་ཧཱུྃ་ཨ་ཨ༔ ཅེས་པ་ཡིས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྣམས༔ མ་ལུས་བཀུག་ལ་རང་ལ་བསྟིམ༔ ཆེ་བའི་ང་རྒྱལ་དེའི་ངང་ནས༔ ཐུགས་ཀའི་ཧཱུྃ་ལས་ཏྲཱཾ་བྷྲཱུྃ་འཕྲོས༔པས། ཀ་ནི་བདེ་གཤེགས་ཕོ་བྲང་བསམ༔ གསད་མནན་ལྕགས་ཁང་གདུག་པར་བསམ༔ ཟློག་པའི་གནས་རྣམས་མཚོན་ཆའི་གུར་དུ་བསམ༔ དེའི་ནང་དགྲ་བགེགས་ཉམ་ཐག་པའོ༔ བུམ་པར་རཏྣའི་གཞལ་ཡས་ཁང༔ མཚོན་ཆའི་གུར་གྱིས་གཏམས་པ་འོ༔ བྲེ་ནི་་་ཨཱོྃ་ཨཱཿཧཱུྃ་གསུམ་བཀོད་པས།ཚེ་སྲོག་རྒྱས་བྱེད་ལ༔ ཆོས་སྐུ་ཐུགས་རྗེ་ལྡན་པར་བསམ༔ བུམ་ནང་རང་གཟུགས་ལ་བརྟེན་ཏེ༔ རང་གི་ཡི་དམ་གཙོ་འཁོར་རམ༔ ཡང་ན་སྟོབས་ལྡན་འཁོར་དང་བཅས༔ ལེ་འུ་ཉེར་བཞི་པ་བཞིན་སྐྱེད༔ གོང་ལྟར་བསྐྱེད་ཀྱང་དྲེགས་པ་་་བཅོ་བརྒྱད།དང༔ ཁྱབ་འཇུག་་་རཱ་ཧུ་ལ་ཛཿཛཿཅེས་པའོ།མདུན་དུ་བཀའ་ཉན་བསམ༔ གཉིས་པ་སྤྱན་དྲངས་བསྟིམ་པ་ནི༔ ཆོས་སྐུའི་གཟུགས་བརྙན་བྱང་ཆུབ་སེམས་ཀྱི་ངང༔ རྒྱལ་བའི་ཕོ་བྲང་སྐུ་གསུམ་འདུ་འབྲལ་མེད༔ ཕྱོགས་བཅུ་དུས་གསུམ་དག་ན་བཞུགས་པ་ཡི༔ སྐུ་གདུང་རིང་བསྲེལ་ལ་སོགས་རྟེན་མཆོག་ནི༔ དོན་བྱེད་སྤྱན་ལྡན་མ་ལུས་གཤེགས་སུ་གསོལ༔ ཕོ་བྲང་དམ་པ་འདི་ལ་བཞུགས་སུ་གསོལ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་མཆོད༔ སྐུ་གསུང་ཐུགས་ལ་ནོངས་པ་མཐོལ་ལོ་བཤགས༔ སྲུང་ཟློག་གསད་མནན་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཨཱོྃ་མ་ཧཱ་ཤཱུ་ཛྙཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་མ་ཧཱ་ཨཱ་དར་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་མ་ཧཱ་ས་མཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་མ་ཧཱ་པྲ་ཏྱ་བེཀྵཱ་ཎ་ཛྙཱ་ན་བཛྲ༴ ཨཱོྃ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཅེས་བརྗོད་ལྷ་ཚོགས་དང་སྐུ་གདུང་ཡེ་ཤེས་ལྔའི་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་སྐུ་གསུང་ཐུགས་ཉིད་བྱིན་གྱིས་བརླབ་བོ༔ བཛྲ་ཧོ་ཏཾ་སྭཱ་ཧཱ༔ བཛྲ་ཧོ་ཏ་ར་སྭཱ་ཧཱ༔ བཛྲ་ཧོ་རོང་སྭཱ་ཧཱ༔ བཛྲ་ཧོ་བ་སྭཱ་ཧཱ༔ བཛྲ་ཧོ་བྷི་བྷི་སྭཱ་ཧཱ༔ བཛྲ་བྷི་བཾ་སྭཱ་ཧཱ༔ བཛྲ་ཧོ་ཨ་བཾ་སྭཱ་ཧཱ༔ བཛྲ་ཧོ་བཾ་བཾ་སྭཱ་ཧཱ༔ བཛྲ་ཧོ་ཤུ་ཤུ་སྭཱ་ཧཱ༔ ཞེས་བརྗོད་ཐུགས་དང་སྐེད་པ་ལ་སོགས་བྱིན་གྱིས་བརླབ༔ ཨཱོྃ་བཛྲ་ས་མ་ཡ་ཛ༔ ཅེས་སྙན་གསན་དབབ༔ སྤྱན་དྲངས་བསྟོད་བསྐུལ་ཕྲིན་ལས་བཅོལ་བ་ལ་སོགས་པ་རྣམས་སྔགས་ཀྱིས་བྱ་བ་འདི་ནས་བསྟན་ཏོ།་་་ཨཱོྃ་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཛ༔ ཅེས་པས་སྤྱན་དྲངས༔ ཨཱོྃ་ཨཱཿཧཱུྃ་ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཨཱོྃ་ཨཱཿཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་པས་བཞུགས་སུ་གསོལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ ཅེས་པས་ཕྱག་བཙལ་བར་བྱའོ༔ བཛྲ་ས་མ་ཡ་ཨཱ༔ ཅེས་དམ་བཅའ་འོ༔ ཨཱོྃ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བླ་མེད་འབུལ༔ ཨཱོྃ་ཨཱ་ཧ་ར་ཨཱ་ཧ་ར༔ སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ༔ ན་མཿས་མནྟ་བུདྡྷ་ནཱན༔ ག་ག་ན་ས་མ་ཡེ་སྭཱ་ཧཱ༔ ཕྱག་ཞབས་བསིལ༔ ཨཱོྃ་པ་ན་པེན༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ ཏ་ཐཱ་ག་ཏ་སི་ཏི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧོ༔ ཞེས་ཡབ་ཡུམ་བདེ་བ་ཆེན་པོའི་མཆོད་པ་འབུལ༔ ཨཱོྃ་ཤྲཱི་རཱ་གཱ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱ༔ ཤབྡ༔ མ་དྷ་ལ༔ བྷ་ལིཾ༔ རཀྟ༔ ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པུཥྤེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ འདོད་ཡོན་ལྔ་དང་བྷ་ལིཾ་ཨ་མྲྀ་ཏ༔ རཀྟ་ལ་སོགས་མཆོད་པ་འབུལ༔ ཨེ་མ་ཧོ༔ བློ་ངན་འཇིག་རྟེན་སྙིང་རེ་རྗེ༔ ཆོས་དབྱིངས་ངང་དུ་གཉིས་མེད་བསྒྲལ༔ ལོ་ཀ་སརྦ་མཱ་ར་ཡ་ཧཱུྃ་ཕཊ༔ ཨ་ཨ༔ ཅེས་སྒྲོལ་བའི་མཆོད་པ་འབུལ་ལོ༔ རཾ་རཾ་ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ ཅེས་སྦྱོར་བའི་མཆོད་པ་འབུལ་ལོ༔ དེ་ནས་མཆོད་པའི་སྨོན་ལམ་གདབ་པ་ནི༔ ཧོ༔ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན༔ ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ་སོའི་ཕོ་བྲང་ནས་བཞེངས་ཏེ་གཤེགས་ནས༔ གནས་མཆོག་ཁྱད་པར་ཅན༔ རྒྱལ་བའི་ཕོ་བྲང་དམ་པ་ཀ་ནི་འདི་ལ་བཞུགས་སུ་གསོལ༔ བདག་རྣལ་འབྱོར་པ་ཆེ་གེ་མོ་འཁོར་དང་བཅས་པ་ལ་བྱིན་གྱིས་རློབ་པ་དང༔ དགོངས་པར་མཛད་དུ་གསོལ་ལོ༔ ཧོ༔ རྣལ་འབྱོར་བདག་གིས་མཆོད་པ་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ༔ དགོས་འདོད་འབྱུང་ཞིང་སྐུ་གསུང་ཐུགས་རབ་ཏུ་མཉེས་པ༔ ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་རྣམས་ཀྱིས༔ འདོད་ཡོན་ཆར་དུ་བབས་ནས་རབ་ཏུ་མཉེས་པར་གྱུར་ཅིག༔ དེ་ནས་བཤགས་པ་བྱ་བ་སྟེ༔ ཧོ༔ བདག་ཅག་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་གྱིས་ཁྱེད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧོ༔ ཁྱོད་ལ་ཕྲིན་ལས་དང་སྙན་གསན་དུ་གསོལ་བ་ནི༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས༔ འཁོར་བ་དང་ངན་སོང་འགྲོ་དྲུག་གི་སྡུག་བསྔལ་ལས་སྐྱོབས་ཤིག༔ དགྲ་བགེགས་ནད་གདོན་རྦོད་གཏོང་ཐམས་ཅད་བསྲུང་བ་དང་ཞི་བ་ཆེན་པོ་མཛད་དུ་གསོལ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་དང་བསོད་ནམས་སྲིད་དང་ལོངས་སྤྱོད་ཡེ་ཤེས་རྒྱས་པར་མཛོད་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་ཐམས་ཅད་ཟློག་པ་དང༔ བསད་ཅིང་མནན་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད་ཅིག༔ མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ མ་ཐོགས་མྱུར་དུ་འགྲུབ་པར་མཛོད་ཅིག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡའོ༔ ས་མ་ཡའོ༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཛ༔ ས་མ་ཡ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཅེས་པས་སྐུ་གདུང་ལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས༔ སྤྱན་དྲངས་བཞུགས་སུ་གསོལ་བ་ལ་སོགས་དང༔ ཡེ་ཤེས་ལྔའི་དབང་དང༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབ་པ་ལ་སོགས༔ ཕྱག་དང་མཆོད་པ་བཤགས་པ་ཕྲིན་ལས་བཅོལ་བ་ལ་སོགས་བྱ༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཏང་ཞིང༔ ཡི་དམ་དང་དྲེགས་པ་སྟོབས་ལྡན་ལ་སོགས་པའང་བསྐུལ་ལོ༔ ཕྱི་ནང་གི་སྲུང་མ་ཀུན་ལ་ཡང་མཆོད་བསྟོད་རྒྱ་ཆེན་པོ་བྱས་ཏེ༔ ཕྲིན་ལས་བཅོལ༔ དར་དམར་པོ་ལ་རྟེན་འབྲེལ་སྙིང་པོ་དང་ཕྲིན་ལས་བཅོལ་བའི་འདོད་དོན་བྲིས་ལ༔ ཀ་ནིའི་བྱ་རུ་ལ་དར་དཔྱངས་སུ་གདགས་སོ༔ དེ་ནས་ཀླད་ན་ཆེ་བ་ཡེ་ཤེས་པའི་སྙིང་པོ་དང༔ སྲུང་ཟློག་གསད་མནན་བཞིའི་སྔགས་དང༔ རྟེན་འབྲེལ་སྙིང་པོས་ཞག་གསུམ་དུ་བསྒྲུབས་ལ༔ ཀ་ནི་ལ་མེ་ཏོག་འཐོར༔ སྲུང་ཟློག་གསད་མནན་འགྲུབ་པའི་ཕྲིན་ལས་བཅོལ༔ རབ་གནས་ཀྱི་ཚོགས་འཁོར་དང༔ དགའ་སྟོན་ཆེན་པོ་བྱ༔ སྨོན་ལམ་གདབ༔ བཀྲ་ཤིས་བརྗོད༔ དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་བསྔོ༔ ཐ་མར་ཆོས་སྐུ་མི་དམིགས་པས་རྒྱས་གདབ་བོ༔ དེ་ནི་ཀ་ནི་རབ་ཏུ་གནས་པ་བྱ་བའོ༔ དེ་ནས་ཡང་དུས་གཉན་དང་ཆོ་འཕྲུལ་རྦོད་གཏོང་ལ་སོགས་བྱུང་བའི་དུས་སུ༔ གོང་ལྟར་ཀ་ནི་སྐྱེད་པ་དང༔ སྤྱན་དྲངས་བཞུགས་གསོལ་ཕྲིན་ལས་བཅོལ་བ་ལ་སོགས་བྱ༔ བུམ་ནང་རཏྣའི་གཞལ་ཡས་མཚོན་ཆའི་གུར་ནང་དུ༔ བདག་ཡི་དམ་མམ་སྟོབས་ལྡན་འཁོར་དྲེགས་པ་བཅོ་བརྒྱད་དང་བཅས་པར་སྐྱེད་ལ༔ དགྲ་བགེགས་གང་ཡང་ཟློག་གསད་མནན་པའི་ལིང་ག་ལ་་་ཕོ་ཉས།དགུག་གཞུག་བྱ༔་་་བསྟིམ་མོ། །འཁོར་ལོ་ཀུན་ཀྱང་སྔགས་ཀྱི་འོད་ཟེར་གྱིས་དྲེགས་པ་དངོས་སུ་བསྐྱེད་དོ༔ དེའི་ལྟོ་ན་སྲུང་ཟློག་གསད་མནན་ལ་སོགས་པའི་ལས་གང་བཅོལ་མྱུར་དུ་བྱེད་པར་བསམ་མོ༔ ལས་བཞིའི་སྔགས་ཀྱི་ཏིང་འཛིན་འཕྲོ་འདུ་དང༔ ཐུན་ཕུར་ལ་སོགས་ལས་སྦྱོར་དྲག་པོ་ཡང་བྱའོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཀ་ནི་རབ་ཏུ་གནས་པའི་ལེའུ་སྟེ་ཞེ་དགུ་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ སྲུང་ཟློག་གསད་མནན་བཞི་ཡི་སྔགས་བསྟན་པ༔ དང་པོ་སྲུང་དང་ཟློག་པ་ལ༔ ཀླད་དུ་ཆེ་བ་རྒྱལ་པོ་འདྲ༔ ཡེ་ཤེས་ལྷ་ཡི་དབུ་ཡང་མནན༔ དུས་གསུམ་རྒྱལ་བའི་ཐུགས་དགོངས་རྫོགས༔ བསྟན་པའི་བུ་གཅིག་འདི་ལྟ་སྟེ༔ ཆོས་སྐུ།་་་ཨཱོྃ་ཨེ་ཀ་ཡ་མ༔ ལོངས་སྐུ།་་་ཧེ་ཀ་ཡ་མ༔ སྤྲུལ་སྐུ།་་་གྷྲི་མ་ཡ་མ༔ འཁོར་ཐམས་ཅད་ཀྱི་སྙིང་པོ།་་་སརྦ་ཙིཏྟ༔ གཟིར་འཕྲོག།་་་གཟིར་ཐུམས༔ རྣམ་གནོན།་་་བྷིག་ནན༔ གཟིར་བ།་་་ཏྲིག་ནན༔ འཁོར་བ་རྒྱུན་གཅོད་པ།་་་ཧྲི་རྦད༔ ཆོས་སྐུ་རང་གནས་སུ་སྤར་བ།་་་ཧཱུྃ་ཕཊ༔་་་སྐུ་གསུམ་ངང་དུ་བསྟིམ། ལོག་ལྟ་སྲེག་པ།་་་རཾ་རཾ༔ བསྲེགས་པ་གཏོར་བ།་་་ཡཾ་ཡཾ༔ ཆོས་སྐུར་བསྟིམ་པ།་་་ཨ་ཨ༔ ནད་པའམ།་་་རང་ལུས་་་གང་མ་བདེ་བ་དེར།ལྟེ་བ་་་རཾ་ལས་མེས་བསྲེགས་པར་བསྒོམ།ལ་སོགས་པ༔ སྣང་སྲིད་འཁོར་འདས་མེ་ཡིས་བསྲེག༔ བག་ཆགས་མཚན་མ་སྣང་སྟོང་དབྱེ་རུ་མེད༔་་་ཕྱི་སྣོད་ནང་བཅུད་ཐམས་ཅད་དངོས་པོ་རྡུལ་ཙམ་ཡང་མེད་དེ། སྟོང་ཉིད་་་ངང་ལས་སྔགས་ཀྱི།རང་སྒྲ་བྲག་ཅའི་ཚུལ༔་་་དུ་གྲགས་པའོ། །ཆོས་ཉིད་ངང་དུ་་་སྣང་སྟོང་དབྱེར་མེད་དུ།ཐམས་ཅད་བསྲེག་གཏོར་་་ཆོས་སྐུར།བསྟིམ༔ དེ་ལྟར་སྣང་སྟོང་དབྱེར་མེད་པ།་་་འདི་ནི་བདེ་གཤེགས་སྲོག་ཡིན་ནོ༔ ནད་གདོན་ལ་སོགས་དམིགས་པ་དང་སྔགས་བཟླས་པས།་་་ཕན་གནོད་ལས་ལ་་་སྔགས་ལ་ཤམ་བུ་བཏགས་ཏེ་སེམས་ཀྱིས།དམིགས་པས་འགྲུབ༔ གང་ཡང་།་་་ཁྱད་པར་གནོད་འདྲེ་འདུལ་བར་ཤིས༔ མཐར་ཐུག་་་སྟོང་གསལ་ལམ་དུ་ཁྱེར་བས།ཆོས་སྐུ་རང་གནས་ཐོབ༔ འདི་ལ་་་དེ་བས་ན།ནན་ཏན་ལྷུར་བྱ་འོ༔ དེ་ནི་ཆོས་སྐུའི་་་སྙིང་པོ།རང་སྒྲ་ཡིན༔ དེ་ནས་ལོངས་སྤྲུལ་་་རྒྱལ་བའི་ཐུགས་རྗེས།གདུག་པ་འདུལ༔ དུས་གསུམ།་་་བདེ་གཤེགས་མ་ལུས་འདུས་པ་་་འི་སྙིང་པོའོ།འདིའོ༔ སྟོབས་ལྡན།་་་ཨཱོྃ་ཤྲཱི་ཧེ་རུ་ཀ༔ ཡུམ།་་་ཀྲོ་ཏཱི་ཤྭ་རཱི༔ ཞི་བ།་་་དུནྟིང༔ ཁྲོ་བོ།་་་བཛྲ་ཀྲོ་ཏ༔ གཤིན་རྗེའི་གཤེད།་་་ཡ་མཱནྟ་ཀ༔ ཧྱ་གྲཱི་བ༔་་་རྟ་མགྲིན། བཛྲ་ཀཱི་ལ་ཡ༔་་་ཕུར་པ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ༔་་་ཡེ་ཤེས་མ་མོ་ཐམས་ཅད། འཕགས་པ།་་་ཨཱརྱ་ཏིག་ན་ས་མ་ཡ་སཏྭཾ༔་་་དམ་བསྒྲག་པ། ཨེ་བཛྲ་པཱ་ཎི༔་་་ཕྱག་རྡོར། ཁྱུང་།་་་ག་རུ་ཎ་ཙ་ལེ་ཙ་ལེ༔ གཏུམ་པོས་ཐུལ།་་་རོ་ཤ་ན་ཡ༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པ་་་ཡེ་ཤེས་པའི་སྙིང་པོ།ཀླད་ན་ཆེ་བ་རྒྱལ་པོ་ལྟ་བུ་་་འི་དཔེ།འོ༔ སྲུང་ཟློག་་་གི།དུས་སུ་་་དེ་རྣམས་ལ།ལས་སྔགས་གདགས༔་་་ལ་བཟླས། གྲངས།་་་བརྒྱ་སྟོང་དག་ཏུ་བཟླས་པར་བྱ༔་་་མགོ་མནན་པ། བསྲུང་་་སྔགས་ཀྱི།དུས་འོད་ཟེར་འཕྲོ་འདུ་ཡིས༔ ཕར་འཕྲོས་པས།་་་གདོན་ཕོ་བརླག་དང་་་ཚུར་འདུས་པས་མཚོན་ཆའི།གུར་དུ་བསྒོམ༔ གསད་་་པ།དང་མནན་པའི་་་སྔགས་བཟླས་པའི།དུས་སུ་ཡང༔ ཐུན་འགོར་ཀླད་དུ་ཆེ་བའི་སྔགས་གོང་དུ་བཤད་དོ་པ་དེ།་་་བརྒྱའམ་ཉེར་གཅིག་་་སོགས་བཟླས་ཤིང།བསྲུང་་་བ་དང་།ཟློག་་་པ།བྱ༔ དེ་ནས་་་གསད་མནན་གང་བྱེད་དེའི་སྔགས་ཉིད་ཡུན་དུ་བཟླའོ།དེ་ཡི་ལས་ལ་འཇུག༔ ལོང་བ་རྒྱ་རུ་སྦྲེལ་་་དེ་ལྟར་ཡེ་ཤེས་པ་དང་འཇིག་རྟེན་པ་སྦྲེལ་བ་ནི།བའོ༔ དེ་ནས་་་འཕྲོ་འདུ་དང་སྤང་བླང་བཅས་ལ།སྤྲུལ་སྐུའི་ལས་སྔགས་ནི༔ ཕན་གནོད་ཀྱི་ལས་གང་ལ་ཡང་།་་་འཇིག་རྟེན་དྲེགས་པ་ལས་ལ་བཀོལ༔ འགྲོ་བ་དྲུག།་་་བྱེ་བ་ས་ཡར་གནས་པའི་ལྷ་འདྲེ་ཡང༔ རྣམ་ཤེས་གཅིག་ན་ཡི་གེ་གཅིག་ལ་བསྡུ༔་་་འཁོར་བའི་རྩ་བ་མ་རིག་པའི་ཡི་གེ་ཨཱེཿམ་ནིང་ལ་འདུས་སོ། །རྣམ་ཤེས་མི་གཅིག་་་ཉོན་མོངས་པ་ཕྲ་བ་མང་བས་བག་ཙམ་མི་གཅིག་པ་ཀུན།ཡི་གེ་དུ་ཡིན་་་ནོ་ཡི་གེ་རེ་རེ་གཉིས་གཉིས་གང་དགོས།བསྡུ༔ ཅེས་སོ༔ སྟོབས་ཀྱི་ཡི་གེ་བཞི།་་་བཛྲ་སརྦ་དུཥྚཱཎ༔ སྤྱི་སྲོག་གཟིར།་་་ཏྲིག་ནན༔ སྤྱི་སྲོག།་་་ཨཱེ༔ གཤིན་རྗེ།་་་ཡ༔ མ་མོ།་་་མ༔ ལྷ།་་་ཨ༔ མུ་སྟེགས།་་་ཐ༔ བདུད་ཕོ།་་་དུ༔ མོ།་་་དུ༔ སྲིན་པོ་ཕོ།་་་ར༔ མོ།་་་ར༔ གཟའ།་་་རཱ༔ གནོད་སྦྱིན་ཕོ།་་་ཀྵ༔ མོ།་་་ཀྵ༔ རྒྱལ་པོ།་་་ཙ༔ དམུ།་་་པ༔ བཙན།་་་ཙ༔ རྡོར་ལེགས།་་་ཏྲི༔ འགོང་པོ།་་་ཏྲི༔ དམ་སྲི།་་་ཏྲི༔ ཀླུ།་་་ཕུ༔ དངོས་སྲོག་སྤྱི་སྲོག།་་་ཨཱེ༔ ཧུར་ཐུམས་ཛ༔་་་འཕྲོག་བྱེད་གསུམ། གསད་པ།་་་མཱ་ར་ཡ་གཅོད་ཅིང་།་་་རྦད་མནན་པ།་་་ནན༔ རྣམ་པར་ཤེས་པའི་སྲོག་སྙིང་ལ༔་་་གསང་བ་གཏེར་དུ་སྒྲུབ་པ་རྣམ་ཤེས་ལས་ལ་བཀོལ་བ། ཟབ་མོ་རྣམ་ཤེས་ཡི་གེ་འབྲུ་རེ་རེ་ལ་རང་བཞིན་དྲག་པོ་བཙན་ཐབས་མེ་ཆུ་སོགས་སྐབས་སྦྱར་གྱིས་བལྟེམ་མོ་འདི་ཅུང་ཟད་འཚུབས་སོ།་་་སྐབས་ནི་ཡང་དག་ངེས་ཤེས་བྱ༔ ཕན་གནོད་་་སྔགས་ཀྱི་ཚད་མས་བཅལ་ལོ།ལས་ཀུན་འཕྲུལ་ཡིན་དཔྱད༔ སྙིགས་མ་ཕྱི་ཡི་་་སྒོས་ཡ་མ་ལྟ་བུའི།སྲོག་ལ་་་བཛྲ་སརྦ་དུཥྚཱཎ་སྤྱིའོ་རང་བཞིན་དྲག་པོ་བཙན་ཐབས་གསུམ་གྱིས།གཟིར༔ དྭངས་མ་ནང་གི་་་སྤྱི་སྲོག་ཨཱེཿསྒོས་ཡ་མ་ལྟ་བུ།སྲོག་འཕྲོགས་ལ༔་་་ཧུར་ཐུམས་ཛཿམཱ་ར་ཡ་རྦད་ནན་ལྔའམ་གཞན་ཡང་དུག་ལྔ་རང་གཤེད་དང་སྙིང་གཟིར་དང་འབྱུང་བ་ལ་སོགས་པའོ།གཅོད་བྱེད་མཚོན་ཆས་བསད་ཅིང་བཅད༔ དཀྲུག་དང་་་སྟོད་དཀྲུགས་དང་སྨད་དཀྲུགས་གང་བྱེད་ཀྱང་རང་གི་སྲུང་མ་ལ་རྣལ་དཀྲུགས་དང་ཁོའི་སྲུང་མ་ལ་ཟློག་དཀྲུགས་བྱ་བ་ཡིན་ནོ།ཟློག་པས་་་བསྒྲུབས་ཀྱང་རྟགས་མེད་ན་སྟོད་དཀྲུགས་དང་བསྐུལ་ཀྱང་ལས་མི་བྱེད་ན་སྨད་དཀྲུགས་བྱ་ཡང་ན་སྔགས་ལས་ཟློག་པ་སྔགས་བསྡེབས་སྤྱི་འགྲོ་ལྟ་བུ།གནད་ལ་དབབ༔ མེ་དང་ཆུ་ཡིས་་་དགྲ་བགེགས་གང་ཡིན་རྣམ་ཤེས་ལའོ།ཨར་ལ་གཏད༔ དྲོད་ཚད་ཐོབ་ནས་གཞན།་་་གཟིར་ན་རྣམ་པ་གཉིས་ཡིན་ཏེ༔ ལས་མཁན་་་ནི་རཱ་ཧུ་ལ་འཇིག་རྟེན་པ་དང་དྲེགས་པ་བཅོ་བརྒྱད་རྣམས་ཡིན་ནོ།དང་ནི་བསྒྲུབ་བྱ་འོ༔་་་བསྒྲུབ་བྱ་ནི་དགྲ་དང་བགེགས་གཉིས་སོ། །སྒོས་ནི་ཁོའི་སྲུང་མའམ། གནོད་བྱེད་དེ་ངོས་ཟིན་པ་དང་། དེ་ཉིད་དུ་ཐུན་བསྣུན་ཏེ་གཟིར་རོ། །ཐ་མ་དམ་ཚིག་གི་དང་དབུགས་དབྱུང་བ་ཡང་བྱའོ། །དམ་ཉམས་རང་གཤེད་ལ་དབབ་པའི་དུས་སུ་ལས་མཁན་ཁོ་རང་གི་སྲུང་མ་དེའི་ཁྲག་དང་སྦྲག་གོ །གཟིར་བ་པོ་ནི་རྣལ་འབྱོར་བདག༔་་་སྐུ་གསུམ་དོན་ལྡན་སྟོབས་ལྡན་པའོ། །གཟིར་བྱེད་་་རྟེན་འབྲེལ་ནུས་པ།སྔགས་རྫས་རིག་པ་སེམས།་་་ཏིང་འཛིན་ནོ༔ ཀ་བའི་དམར་ལེན་་་ངོས་ཟིན་པ་དང་དེ་ཉིད་གཟིར་ཏེ་དུག་དབྱུང་ལ་དགྲ་བོའི་གཤེད་དུ་དབབ་བོ།ཆེན་པོ་་་དང་པོ་སྤྱི་རྟགས་ལ་ཕབ་སྟེ་ངོས་བཟུང་བ།ཡིན༔ དེ་ནས་རིམ་པས་ལས་བཞི་སྲུང་ཟློག་གསད་མནན།ཡི༔ ཕྲིན་ལས་དྲེགས་པ་གཟིར་བའི་སྔགས་མཇུག་ལ་བྲི་དང་བཟླས་པ་ཀུན་བྱའོ།སྔགས་ནི་འདི་ལྟར་སྦྱར༔ དང་པོ་སྲུང་བའི་སྔགས་བསྟན་པ༔་་་སྔགས་ཀྱི་ཤམ་བུ། རྣལ་འབྱོར་པ་བདག་ཆེ་གེ་མོ་འཁོར་དང་བཅས་པའི༔ མི་ནོར་ཟས་གསུམ༔ ལུས་ངག་ཡིད་གསུམ༔ ཀཱ་ཡ་ཝཱ་ཀ་ཙིཏྟ༔ དགྲ་བགེགས་སརྦ་བསྡམས་ཤིང་མནན་པ་ཐམས་ཅད༔ ཤིག་ཤིག༔ ཁྲོལ་ཁྲོལ༔ ཕྱུངས་ཕྱུངས༔ རཀྵ་སྭཱ་ཧཱ༔ དེ་ནི་་་ཁྱད་པར།ངག་འགྲོལ་བ་དང་སྲུང་བའི་སོའོ༔ དགྲ་བགེགས་་་སྔགས་སྦྲེལ།ཨ་མུ་ཀ༔་་་བརྡ་སྦྱོར། ཟུག་པ་དབྱུང་བ།་་་འདྲིད་ཕྱུངས་དུ་རཾ་ཏྲི་ཡཾ་རྩ་མ་རི་ཕྱུངས་ཕྱུངས༔ མིང་བརྡ་སྦྱར་རམ།་་་དགྲ་བགེགས་སྲོག་ལ་གཟིར་ནན༔ གཤགས་པ།་་་ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ བཛྲ་ཙཀྲ་བྷྲཱུྃ་བྷྲཱུྃ༔་་་མཚོན་ཆའི་གུར་སྐྱེད། ཅེས་པ་ཁོའི་ནུས་པ་བཤིག་པ་དང༔ རང་སྲུང་བའི་གུར་བསྒོམ་པ་སྟེ༔ འོད་ཟེར་ཐམས་ཅད་མཚོན་ཆ་ལྟར་བསམ་མོ༔ དེ་རྣམས་སྲུང་བའི་ལས་སྔགས་སོ༔ ཟློག་པའི་ལས་སྔགས་འདི་ལྟ་སྟེ༔ དགྲ་བགེགས་ཨ་མུ་ཀཾ་་་ཆེ་གེ་མོའི་མིང་སྦྱར།ཨེ་རྦོད་གཏོང་ཟློག་ནན་ཡཾ་ཟློག་བྷྱོ༔ འདྲིད་བྷྱོ༔ མན་ཏྲ༔ དུཾ་དུཾ་མ་ཧཱ་རཱ་ག་དུ་རཾ་ཐུམས་ལིང་རིལ་རྦད་བྷྱོ༔ བདུད།་་་ཨེ་ཀ་དུ་ན་ཟློག༔ ས་བདག་ཀླུ།་་་ས་ག་དུ་ན་ཟློག༔ མ་མོ།་་་ཙ་དུར་སྙིང་ན་ཟློག༔ རྒྱལ་པོ།་་་རཱ་ཙ་དུ་ན་ཟློག༔ གཤིན་རྗེ།་་་མ་ཧ་དུ་ན་ཟློག༔ ཐེའུ་རང་།་་་ས་མ་ཡ་དུ་ན་ཟློག༔ བཙན།་་་ཤུ་ལ་ཙ་པ་ཏི་དུ་ན་ཟློག༔ གཟའ།་་་པ་ཏྲ་པ་ཏྲ་དུ་ན་ཟློག༔ གནོད་སྦྱིན།་་་སུ་པ་རི་ཙིཏྟ་ས་མ་ཡ་་་དམ་ལས་མ་འདའ་ཞིག།དུ་ན་ཟློག༔ དགྲ་བགེགས་ཆེ་གེའི་རྦོད་གཏོང་ས་མ་ཡ་་་རང་བདུད་དབབ་པ།ཟློག་ཟློག༔ གསད་པའི་སྔགས་ནི་འདི་ལྟ་སྟེ༔ དྲེགས་པ་་་སྤྱི་སྒོས་གང་བྱེད་པ་རང་བཞིན་དྲག་པོ་བཙན་ཐབས་གང་རུང་གིས།གཟིར་བའི་སྔགས་ཞབས་སུ༔ དགྲ་བོ་གཟིར་འཕྲོག་གསད་མནན་བྱེད་པ་ལེགས་སོ།་་་ཕྱག་ཆ་རང་ལ་བསྐོར་བ་སྤྱི་འདྲ་འོ༔ ཁྱད་པར།་་་བན་དགྲ་རང་གཤེད་དབབ་པ་ནི༔ སྤྱི་སྲོག།་་་ཨཱེཿ་་་འདི་ནས་གནམ་ལྕགས་རྔུར་མོའི་སྔགས་ཡིན་ནོ།ས་མ་ཡ་་་དམ་ཚིག་གིས།དགྲ་ལ་བྷྱོ༔་་་རྦད་པའོ། །གརྦྷ་ནག་པོ་་་མིང་བརྡ་སྦྱར་བའི་གདམས་པའོ།ཨ་མུ་ཀཾ༔ དགྲ་བོ་་་མིང་འཇུག།ཆེ་གེ་མོ་ཤ་ཏྲཱུཾ༔་་་སྡེ་མང་པོ་བལྟེམ་པ། རང་བཞིན་གྱིས་གཟིར་བ།་་་ཏྲིག་ནན༔ དྲག་པོས་གཟིར་བ།་་་རྦད་ནན༔ བཙན་ཐབས་ཀྱིས་གཟིང་བ།་་་བྷི་ན་ཙིཏྟ་རྦད་ནན༔ དངོས་རྣམས།་་་སྲོག་ནྲྀ་ཧུར་ཐུམས་ཛ༔་་་འཕྲོག་བྱེད། སྤུ་གྲིས།་་་མཱ་ར་ཡ་རྦད་སོད་རྦད༔་་་གསད་མནན། གཤགས་པ།་་་ཁམ་ཤག་བཅད་པ།་་་རོ་མྱགས་རྨུག་པ།་་་མུག་ཏི་རྦད་་་སྐུལ་བ།ཡ༔ དགྲ་བོ་ཆེ་གེ་མོའི་སྲོག་་་དངོས།རྩ་དམར་པོ་གསད་པ།་་་མཱ་ར་ཡ་སྲོག།་་་ནྲྀ་རྦད༔་་་པ་བཏང་བ། སྲོག་བཅད་པ།་་་རྩ་ཏིག་སྲོག་ཏིག་སྙིང་ཏིག་ལ་་་་འདི་ཡན་ཆད་གནམ་ལྕགས་རྔུར་མོའི་གསད་སྔགས་སོ།ཕོབ་ཡ༔ དེ་ནས་མནན་པའི་སྔགས་ནི་འདི་ལྟ་སྟེ༔ སྤྱི་སྲོག།་་་ཨཱེཿདམ་བསྒྲགས།་་་ས་མ་ཡ་མིང་།་་་དགྲ་ལ་བྷྱོ་བྷྱོ༔ དགྲ་བོ་་་མིང་བལྟེམ།ཆེ་གེ་མོའི་ཤ་ཏྲཱུཾ་་་སྡེའོ།ཀཱ་ཡ་་་ལུས།ཝཱ་ཀ་་་ངག།ཙིཏྟ་་་ཡིད།སཏྭཾ་བྷ་ཡ་་་མནན་པ།ལཾ་ནན༔་་་རི་རབ་ཀྱིས་མནན་པ། བྷི་ཏང་་་བན་དགྲའི་ངག།སཏྭཾ་བྷ་ཡ་ནན༔་་་མནན་པ། གརྦྷ་་་མིང་བརྡ་སྦྱོར།ནག་པོ་ཨ་མུ་ཀཾ༔ དགྲ་བོ་ཆེ་གེའི་སྙིང་་་དངོས།དུ་ནན༔ སྲི་་་ངག།དུ་ནན༔ ཛ་་་ཡིད།ཏི་ནན༔ སྙིང་་་དངོས།གཟེར་རྦུད་ནན༔ རྦད་ནན༔་་་གཅོད་ཅིང་མནན་པ། གཟིར་བ།་་་ཏྲིག་ནན༔ དགྲ་བོའི་རྣམ་ཤེས་གསད་པ།་་་ནྲྀ་མཱ་ར་ཡ་ནན༔ མནན་པ།་་་ནན་ནན༔ རི་རབ་ཀྱིས།་་་ལཾ་ནན་ནན༔ ཞེས་སོ༔ དེ་ལྟར་ལས་བཞིའི་སྔགས་རྣམས་ནི༔ བཟླས་དང་བྲི་བར་བྱ་བ་སྟེ༔ དང་པོ་བཟླས་པ་བྱ་བ་ལའང༔ རྣལ་ཟློག་དཀྲུག་གསུམ་ཤེས་པར་བྱ༔ སྔགས།་་་རྣལ་མ་ལ་ནི་་་སྲུང་ཟློག་གསད་མནན།ལས་བཞི་པོ༔ བཛྲ་སརྦ་དུཥྚཱཎ༔དྲེགས་པའི།་་་སྟོབས་གཟིར་་་ཏྲིག་ནན།སྲོག་་་སྤྱི་སྲོག་ཨཱེཿ།ཡིག་རཾ་ཨཱེཿབཾ་སྤྱི་སྲོག་མེ་ཆུས།བལྟེམ་ཞིང་འཕྲོག༔་་་ཧུར་ཐུམས་ཛ༔ མཱ་ར་ཡ།་་་གསད་མནན་ལས་ཀྱི་སྤུ་གྲི་་་ཁཾ་ཤག་ལ་སོགས།བཏགས༔ སྔགས།་་་དེ་ལ་ལས་བཞི་སོ་སོར་བཏགས༔་་་སྲུང་ཟློག་གསད་མནན་དྲེགས་པ་གནད་ལ་ཕབ་པ། སྲུང་དང་ཟློག་པའི་་་སྔགས་བཟླས་པའི།དུས་སུ་ནི༔ རང་ཉིད་ཡི་དམ་གསལ་བ་ཡི༔ ཨེ་ཀ་ཡ་མ་སོགས།་་་ཀླད་ན་ཆེ་བ་རྒྱལ་པོ་ཡིན༔ ཞི་ཁྲོ་ལ་སོགས།་་་ཡེ་ཤེས་སྔགས་ཀྱི་ཞབས་ལ་་་ལས་ཀྱི་ཤམ་བུ།གདགས༔་་་པ་འདི་ལྟ་སྟེ། སྲོད་ལ་སྲུང་བའི་སྔགས་ཀུན་གདགས༔ ཏིང་འཛིན་སྲུང་དུས་་་སྔགས་ཀྱི།འོད་ཟེར་ཀུན༔ ཉི་ཟེར་་་ཕྲཾ་ཕྲཾ།ལྟ་བུར་་་དབྱིངས།མཚོན་ཆར་འཕྲོས༔ སྲུང་བའི་འཁོར་ལོའི་་་གཟུངས་སྔགས་རྣམས་དྲེགས་པ་དངོས་སུ་གྱུར་ཏེ།དྲེགས་པ་ཀུན༔ དྲེགས་པ་སྤྱི་སྒོས་ཀུན།་་་དགྲ་བགེགས་ཟློག་པའི་ལས་བྱེད་བསམ༔ བཛྲ་ཙཀྲ་བྷྲཱུྃ་བྷྲཱུྃ༔ ཞེས་པས༔་་་འོད་ཟེར་འདུས་པས། སྐབས་སུ་ཀ་ནི་བུམ་པ་རྡོ་རྗེ་འཁོར་ལོ་དང༔ པད་མ་རད་ན་རྒྱ་གྲམ་་་ཕྱག་མཚན་དང་ནི།མཚོན་ཆ་ཡི༔ གུར་་་མཚོན་ཆ་སྣ་ཚོགས་སུ།གྱུར་མེ་དཔུང་་་གུར་ལས།ཚྭ་ཚྭ་འཕྲོ༔ གུར།་་་དེ་ནང་་་དུ།བདག་ཉིད་འཁོར་བཅས་ལ༔ དགྲ་བགེགས་ནད་གདོན་ལ་སོགས་སྲུང་བར་བསམ༔ རི་རབ་བུམ་པ་རཏྣ་་་ལྔ་དང་།འབྲུ་སྣའི་ཐུན་ཡང་་་ནས་སོགས།བྲབ༔ སྲུང་བའི་འཁོར་ལོ་དེ་ལྟར་བསམ་པར་བྱ༔ རང་ལ་ངག་སྲུང་འཁོར་ལོ་དག་ཀྱང་གདགས༔ ཟླ་སྟོད་ངག་འགྲོལ་ལས་ཀྱང་བྱ༔ དཀར་མངར་་་སྔགས་བཟླས་པའི།དྲི་བཟང་ཆུ་ཡིས་ཁྲུས་ཀྱང་བྱ༔ དེ་ནས་ཟློག་པའི་སྔགས་་་བཟླས་པའི་དུས།དག་ཀྱང༔ ཡེ་ཤེས་རྒྱལ་པོ་་་ཨེ་ཀ་ཡ་མ།དང་ནི་་་སྤྱི།དྲེགས་པ་གནད་ལ་དབབ༔་་་པའི་སོ་ལ། དེ་ཞབས་ཟློག་པའི་སྔགས་་་དྲེགས་པ།བཏགས་ལ༔ ཏིང་འཛིན་སྔགས་ཀྱི་འོད་ཟེར་ནི༔ མཚོན་ཆར་རབ་འཕྲོས་ཟློག་པ་ཡིས༔ ཀ་ནི།་་་བང་རིམ་་་ཕྱོགས་བཞིའི།སེང་གེ་ལ་སོགས་དྲེགས་པ་་་ཉིད་དུ་གསལ་བ།གཟིར༔་་་ཞིང་གནད་ལ་དབབ་པ། དེ་ཡིས་དགྲ་བགེགས་་་གནོད་བྱེད།གཟིར་ཞིང་ཟློག་པར་བསམ༔ རི་རབ་ཐུན་ཁུང་དུ།་་་ཐུན་སྣ་ཚོགས་པས་དགྲ་བགེགས་་་མཚོན་ཆའི་ཆར་གྱིས།དྲེགས་པ་གཟིར༔ འོད་ཟེར་མེ་ཡིས་དགྲ་བགེགས་རྦོད་གཏོང་ཁོ་རང་བཟློག་སྟེ་རྡུལ་བརླག་བསམ༔ དེ་ནས།་་་གསད་པའི་སྔགས་ཀྱིས་བཟླས་ཐབས་ནི༔་་་བསྟན་པ། སྲུང་དང་ཟློག་པ་གོང་ལྟར་ནི༔ བརྒྱ་འམ་ཉེར་གཅིག་བཟླས་པར་བྱ༔ དེ་རྗེས་རྒྱལ་པོ་བཞུགས་སོ་བཞུགས་པ་ནི༔་་་ཀླད་དུ་ཆེ་བའི་སྔགས་གསད་པ་ལ་སྦྱར་ན་ལས་འགྱང་བས་མེད་ཀྱང་ཆོག །དྲེགས་པ་་་སྤྱི་སྒོས།རབ་ཏུ་གཟིར་ཏེ་གནད་ལ་དབབ༔ དེ་ལ་གསད་པའི་སྔགས་བཏགས་ལ༔ འོད་ཟེར་ཀ་ནི་རི་རབ་ནང༔ ལིང་ག་འཁོར་ལོ་དགྲ་བོ་དང༔ གང་ན་་་དྲེགས་པ་དང་དགྲ་བོ།གནས་པའི་སར་འཕྲོས་པས༔ ཐུན་ཉིད་མཚོན་ཆས་དྲེགས་པ་་་གཟིར་བ།དང༔ དྲེགས་པས།་་་དགྲ་བགེགས་ཐམས་ཅད་གཟིར་བར་བསམ༔ ཁྱད་པར་དྲེགས་པ་རྣམས་འཁྲུགས་ཏེ༔ དགྲ་བགེགས་བརླག་ཅིང་་་ཁོའི་རྣམ་ཤེས་ཨ་ཉིད་སྡིག་པ་ནག་པོར་གྱུར་ཏེ་རྩ་ཆེན་བརྒྱད་ཀྱི་ནང་དུ་ཞུགས་ཏེ།ཟ་བར་བསམ༔ དེ་ནས་མནན་པའི་སྔགས་བཟླས་པས༔ གོང་ལྟར་ཡི་དམ་གསལ་བ་ཡིས༔ དྲེགས་པ་རབ་ཏུ་གཟིར་བས་སོ༔ མནན་པའི་སྔགས་ཉིད་བཏགས་ལ་བཟླ༔ འོད་ཟེར་མཚོན་ཆ་ཀ་ནིའི་རྨང༔དུ། དགྲ་བོ་གར་གནས་འཕྲོས་པ་ཡིས༔ རྡུལ་དུ་བརླག་ཅིང་ལུས་ངག་ཡིད༔ དབང་པོ་རི་རབ་མནན་པར་བསམ༔ ཐུན་བྲབ་དྲེགས་པ་་་གཟིར་དྲེགས་པས།དགྲ་བོ་གཟིར༔ མཚོན་ཆར་བབ་སྟེ་བརླག་པར་བསམ༔ དེ་ནི་སྲུང་ཟློག་གསད་མནན་སོ་སོར་བྱ་བ་ཡིན༔ དྲིལ་ཏེ་ཉམས་སུ་བླང་བ་ནི༔ དང་པོ་སྲུང་ཟློག་སྔགས་བཟླས་ཏེ༔ དེ་ནས་གསད་མནན་བཟླ་བར་བྱ༔ བརྒྱ་བརྒྱའམ་རེ་རེ་བསྣོལ་ཏེ་བཟླ༔ ཏིང་འཛིན་ཕུར་ཐུན་ལ་སོགས་སྤྲོ༔ དེ་ལྟར་དྲིལ་ཏེ་བཟླས་པ་ཟབ༔ དེ་ནི་སྔགས་བཟླས་རིམ་པ་འོ༔ དེ་ནས་འཁོར་ལོ་བྲི་བ་ནི༔ སྲུང་ཟློག་གཉིས་ནི་ཕན་བྱ་ལ༔ གསད་མནན་གཉིས་ནི་གནོད་བྱ་ཡིན༔ དེ་ཡི་གཞི་དང་སྣག་ཚ་དང༔ སྙུ་གུ་བྲི་དུས་ལ་སོགས་པ༔ ལེའུ་བརྒྱད་པ་དག་ཏུ་ཤེས༔ སྲུང་ཟློག་གསད་མནན་བཞི་པོ་ལ༔ རེ་རེ་ལ་ཡང་།་་་སྤྱི་དང་ཁྱད་པར་གཉིས་གཉིས་སོ༔ སྤྱི་ནི་ཁྱབ་འཇུག་ལྟོ་བར་བསྐོར༔ ཁྱད་པར་་་དྲེགས་པ།རེ་རེའི་ལྟོ་བར་རོ༔ གསད་པ་གཤིན་རྗེའི་ལྟོ་བ་སོགས༔་་་ཀྱི་སྤྱིར་སྲིད་པ་ལས་ཀྱི་གཤིན་རྗེ་ཤིས་པའོ། །སྔགས་པ་གསད་ན་མུ་སྟེགས་མགོ་འདྲེན་ཤིས་དེའི་གྲོགས་སུ་བར་ཆད་བྱེད་པའི་དམ་སྲི་ཤིས་པ་ལ་སོགས་ལེའུ་བཅུ་གཉིས་པའི་ནང་ནས་གསལ་ལོ། །རང་བདུད་འབེབ་པའི་ལྟེ་བར་གཏམས༔ སྤྱི་སྒོ་ཙཀྲ་ཕྱི་ཡི་རྟེན༔ བྲི་ཐབས་ལིང་ག་ལ་སོགས་པ༔ ལེའུ་བརྒྱད་པའི་ནང་དུ་གསལ༔ མགོ་དང་ཡན་ལག་ལ་སོགས་པ༔ རང་གཤེད་ཡི་གེ་དགོད་པ་ནི༔ ལེའུ་བརྒྱད་པའི་ནང་དུ་གསལ༔ མགོ་དང་ཡན་ལག་ལ་སོགས་པ༔ ལེའུ་བརྒྱད་་་པ་དང་།བཅུ་བཞི་་་པ་དང་།བཅོ་ལྔར་གསལ༔ དེ་ལ་སྔགས་རྣམས་དགོད་པ་ནི༔ བུམ་ནང་བཞུགས་པའི།་་་དང་པོ་སྲུང་བའི་འཁོར་ལོ་ལ༔ དཀྱིལ་དུ་་་བདག་ཆེ་གེ་མོ་ལ་རྦོད་གཏོང་དང་ནད་གདོན་རཀྵ་རཀྵ།གང་སྲུང་མིང་རུས་བྲི༔ དེའི་ཕྱི་མུ་ཁྱུད་ཡི་དམ་སྙིང་པོ་འོ༔ རིགས་གསུམ་མགོན་པོའི་སྙིང་པོ་རཀྵ་བྲི༔ དེའི་ཕྱི་་་དྲེགས་པ་བཅོ་བརྒྱད་ཀྱི་སྲོག་ཡིག་འབྲུ་རེ་རེ་འགོད་པའི་དབང་དུ་བྱས་ན་རྩིབས་བཅོ་བརྒྱད་ཡིན་པ་འདྲའོ།བཅུ་གཉིས་རྩིབས་རྩེ་ཕྱི་རུ་བསྟན༔ རྩ་བ་དམར་ལེན་་་གཤིན་རྗེ་ལྟ་བུ་རང་རང་གི་སྲོག་ཡིག།རྣམ་ཤེས་ཡིག་མགོ་ཕྱི༔ ཨཱེ༔ ཡ༔ མ༔ཨ༔ ཐ༔ དུ༔ དུ༔ ར༔ ར༔ ནྲྀ༔ ཀྵ༔ ཀྵ༔ ཙ༔ པ༔ ཙ༔ ཏྲི༔ ཏྲི༔ ཏྲི༔ ཕུ༔ སྲོག་ཡིག་བཞི་དང་་་བཛྲ་སརྦ་དུཥྚཱཎ།སྟོབས་བཞི་བཅས་པ་བྲི༔ རྩིབས་ནང་གཟིར་ཡིག་་་རང་བཞིན་དྲག་པོ་བཙན་ཐབས་སོ།་་་ཏྲིག་ནན་ལ་སོགས་ཚང་བ་རྩིབས་རེ་རེ་ལའོ།རྩིབས་མཆན་ལ༔ སྤྱི་སྲོག་གཟིར་བ་བསྟན།་་་སྟོབས་ཡིག་བཞི་དང་སྲོག་སྙིང་མ་ལུས་བྲིས༔་་་ཨཱེཿཡ་མ་མིང་ཡིག་བཅོ་བརྒྱད་བྲི། རྩིབས་ཡིག་མགོ་ཕྱི་རྩིབས་བར་ཡིག་མགོ་ནང༔ ཅི་ཕྱིར་རྩིབས་ནི་མཚོན་ཆས་གཅོད་པ་ཡིན༔ ཅེས་སོ༔ དེའི་ཕྱི་མུ་ཁྱུད་དགྲ་བགེགས་ཆེ་གེ་མོ༔ གྲོགས་དང་དེ་གྲོགས་གཟིར་་་ཏྲིག་ནན་ལ་སོགས་རང་བཞིན་དྲག་བཙན།ཏེ་ཡིག་མགོ་ཕྱི༔ དེའི་ཕྱི་བཅུ་གསུམ་རྩིབས་རྩེ་ཕྱི་རུ་བསྟན༔ ནང་དུ་སྲོག་ཡིག་ཐམས་ཅད་་་ཧུར་ཐུམས་ལ་སོགས་རྩིབས་དེ་ལ།འགོད་པར་བྱ༔ ནང་སྲོག་ཕྱི་སྲོག།་་་རྩིབས་བར་སྤྱི་སྲོག་མ་ནིང་ཡི་གེ་ཨཱེ༔ ཀུན་གྱི་མ་རིག་སྲོག་གི་རྩ་བ་ཡིན་ཕྱིར་འཕྲོག༔ དེའི་ཕྱི་རྩིབས་བཅུ་གསུམ་ལ་གསད་མནན་གྱི༔ རྩིབས་རེ་་་ལ།སྤུ་གྲི་ཚང་བ་རེ་རེ་དགོད༔ རྩིབས་རྩེ་་་དང་།ཡིག་མགོ་ཕྱི་རུ་བསྟན༔ རྩིབས་བར་ཡིག་མགོ་་་ཡེ་ཤེས་སྟོབས་ཀྱི་སྔགས་ཤམ་ལ།ནང་དུ་བསྟན༔ དགྲ་བགེགས་མིང་གཞུག་མཱ་ར་ཡ་ཕཊ་བྲི༔ དེའི་་་དང་།ཕྱི་མུ་ཁྱུད་སྔགས་མགོ་ཕྱི༔ སྲུང་བའི་་་ཆེ་གེ་མོ་ཨ་མུ་ཀཾ་རཀྵ་ཡན་ཆོད།སོ་ཡང་དགོད་པར་བྱ༔ དེ་ཡི་ཕྱི་རིམ་རྡོ་རྗེ་མེ་རིས་བསྐོར༔ དེ་ཡི་ཕྱི་ལ་དྲེགས་་་གཟའ་འཇིག་རྟེན།པའི་་་སྐུ།ཞལ་ཡང་བྲི༔ དེ་ནི་སྲུང་བའི་འཁོར་ལོ་ཡིན༔ སྔགས་རྣམས་ཉེར་གཅིག་བཟླས་པས་ཏེ༔ རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར༔ རྩི་སྨན་དྲི་བཟང་བྱུག་པར་བྱ༔ དཀྱིལ་དུ་་་རིན་ཆེན་སྨན་འབྲུ་སོགས་ཀྱི།ཐུན་རྫས་སྣ་ཚོགས་བླུག༔ འཁོར་བཅས་མགུལ་དུ་གདགས་པ་དང༔ བུམ་པར་རང་གཟུགས་སྟེང་དུ་དབུལ༔ ངག་སྲུང་བ་ཡི་འཁོར་ལོ་ནི༔ གོང་གི།་་་སྲུང་བའི་འཁོར་ལོ་་་དེ་ཀ།ཇི་བཞིན་་་པ།ལ༔ མུ་ཁྱུད་ཐ་མ་་་གཟའ།ཡེ་ཤེས་་་པའི།ཞལ༔་་་སྐུ །ཀཱ་ཡ་ཝཱ་ཀ་ཙིཏྟ་དང་ཤིག་ཁྲོལ་ལ་སོགས་པའོ།་་་ངག་སྲུང་སྔགས་ཀྱི་ཤམ་བཅས་བྲི༔ རབ་གནས་ལ་སོགས་གོང་དང་མཐུན༔ གང་སྲུང་རྣལ་འབྱོར་མགུལ་དུ་གདགས༔ ཕས་ཀྱིས་བྱས་པ་ཐམས་ཅད་ཐུབ༔ དེ་རྣམས་སྲུང་བའི་འཁོར་ལོ་འོ༔ དེ་ནས་ཟློག་པའི་་་བང་རིམ་ནང་འབྲུབ་ཁུང་གཞུག་རྒྱུའི།འཁོར་ལོ་ནི༔ གཞི་དང་སྣག་ཚ་སྲུང་བར་མཚུངས༔ ཁྱད་པར་ཟློག་་་པའི།ཐུན་སྣ་ཚོགས་་་པ།སྦྱར༔ ལིང་ག་བྲབ་ཅིང་།་་་ཙཀྲའི་དཀྱིལ་དུའང་བཅིང་བར་བྱ༔ དེ་ནས་་་འདོགས་དུས་རང་མིང་བྲི་བང་རིམ་ནང་དུ་བལྟེམ་དུས་སྣག་ཚ་དང་གཞི་ཡང་གསད་མནན་དང་མཚུངས།དཀྱིལ་དུ་གྲུ་གསུམ་ལིང་ག་བྲི༔ སྙིང་གར་གྲོགས་གང་བྱ་བ་ཡི༔ རྣམ་ཤེས་ཡེ་ཤེས་ལ་སོགས་བཀོད༔ དཔྲལ་བར་རུས་ལ་སྙིང་གར་མིང༔ ཡན་ལག་གནད་ཀྱི་ཡི་གེ་འགོད༔་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ་ལྟར། ཕྱི་རིམ་ཟླ་གམ་གསད་མནན་མཚོན༔ ཡིག་མགོ་ནང་དུ་བསྟན་པར་བྱ༔ དེའི་ཕྱི་བཅུ་གསུམ་རྩིབས་རྩེ་ནང༔ རྩིབས་ནང་འཕྲོག་བྱེད་་་ཧུར་ཐུམས་ཛཿ།ཡིག་མགོ་ནང༔ རྩིབས་མཆན་རྣམ་ཤེས་འཕྲོག་བྱེད་་་ཧུར་ཐུམས་ཛཿ།ཨཱེ༔ ཡིག་མགོ་ནང་དུ་བསྟན་པར་བྱ༔ དེའི་ཕྱི་མུ་ཁྱུད་དགྲ་བགེགས་ཀྱི༔ གྲོགས་དང་གྲོགས་ཀྱི་་་ཡིག་མགོ་ཕྱིར་ལྟ།གྲོགས་ཀྱང་གཟིར༔་་་ཏྲིག་ནན་ཅེས་སོགས་རང་བཞིན་དྲག་པོ་བཙན་ཐབས་རྣམས། དེའི་ཕྱི་རྩིབས་ནི་བཅུ་གསུམ་རྩེ་མོ་ཕྱི༔་་་འདིར་རྩིབས་བཅུ་གསུམ་དུ་གསུངས་ནས་སྔགས་འགོད་པའི་ཚེ་རྩིབས་བར་དུ་རྣམ་ཤེས་སོ་སོར་འགོད་པར་གསུངས་པས་དྲེགས་པ་རེ་རེའི་རྣམ་ཤེས་རེ་རེ་འགོད་ན་རྩིབས་བཅོ་བརྒྱད་འཐད་པར་འདྲ་བས་བརྟགས་དགོས་སོ། །རྩིབས་ནང་་་རང་བཞིན་དྲག་པོ་བཙན་ཐབས་རྣམས།གཟིར་ཡིག་ཚར་རེ་བྲི༔ རྩིབས་བར་སྟོབས་་་བཛྲ་སརྦ་དུཥྚཱཎ༔།ཀྱི་ཡིག་བཞི་དང༔ དམར་ལེན་་་ཡ་མ་ཨ་ཐ་སོགས་དྲེགས་པ་བཅོ་བརྒྱད་རང་སྔགས་ཟློག་པའི་སྤུ་གྲི་བཏགས་པ་བྲི་བར་བྱ།རྣམ་ཤེས་་་ཡི་གེ།འབྲུ་རེ་བྲི༔ དེའི་ཕྱི་མུ་ཁྱུད་ཟློག་པའི་སྔགས་་་དགྲ་བགེགས་ཨ་མུ་ཀཾ་ལ་སོགས།ཀྱི་སོ༔ སྤུ་གྲི་སྔགས་མགོ་ཕྱི་རུ་བསྟན་ལ་བྲི༔ དེ་ཕྱི་ཛ་ཨཱེ་ནྲྀ་ཛ་མང་པོས་བསྐོར༔ དེ་ཡི་ཕྱི་རིམ་རྡོ་རྗེ་མེ་རི་དང༔ ཕྱི་ལ་དྲེགས་པའི་ཞལ་ཡང་བྲི་བར་བྱ༔ དེ་ལྟར་ཟློག་པའི་འཁོར་ལོ་དེ༔ ཐུན་སྣ་ཚོགས་དང་དུག་ཆུ་བྱུག༔་་་བུམ་ནང་རང་གི་རྒྱབ་ཏུ་ཕྱིར་ལྟ་བ་ལྡོག་པར་བྱའོ། །རི་རབ་བང་རིམ་ཕུང་ས་ཡི༔ འབྲུབ་ཁུང་ནང་དུ་ལིང་རྐྱང་བལྟེམ༔ ཁ་ཁྱེར་རྩང་ལ་དུག་ཁྲག་བྱུགས༔ རེ་རེ་ལ་དྲེགས་པ་རེ་རེའི་སྔགས་བྲིས་པར།་་་སྲིན་མོ་འགྲོས་སུ་་་བཙུགས་པ་དྲེགས་པ་བཅོ་བརྒྱད་ལ་སོགས་པའི།དམ་ཅན་་་རྣམས།བསམ༔ སྒྱོགས་རྡོ་་་ཕས་ཀྱི་རྦོད་གཏོང་ཟློག་པ།ལམ་དུ་གཅོག་པ་ནི༔ བྱིན་བརླབས་བཀྲ་ཤིས་ལྡན་པ་དང༔ མི་ཤིས་ཕུང་ས་དུག་ཁྲག་སོགས༔ བསྲེགས་པའི་ཁམས་ས་བཟང་པོ་འོ༔ ཟློག་པའི་སེང་ཆེན་ནག་པོ་བཞི༔ ལྟོ་བར་གོང་ལྟར་ཟློག་འཁོར་གཞུག༔ ཞལ་གྱི་ལྗགས་ལ་ཟློག་་་པའི།སྔགས་བྲི༔ དེའི།་་་ཞལ་ནས་་་ཟློག་པའི།ཐུན་བྲབ་་་པ་ལྟོ་བའི་ནང་གི་ཟློག་པའི།འཁོར་ལོ་་་ལ།འོང༔་་་བར་བྱ། ཞལ་ནས་ཐུན་སོང་བར་འཁོར་ལོ་ལ་འཕོག་པའི་ཐབས་སུ།་་་ཡིད་ཙམ་མགྲིན་པ་མཐོ་བར་ཤེས༔ ཕུང་ས་་་ལ་བཅོས་པའི།དགྲ་འདྲེའི་རཱུ་པ་མཐོ་གང་བའི༔ སྙིང་གར་མིང་རུས་བྲིས་ལ་གཞུག༔ རང་གཤེད་ཟློག་པའི་སྔགས་ཀྱང་བྲི༔ དེ་ལྟར་ཕྱོགས་བཞིའི་སེང་གེའི་སྟེང༔ དྲག་པོའི་ཤིང་ཕུར་སོར་དྲུག་པ༔ དབལ་ལ་ཟློག་པའི་སྤུ་གྲི་བྲི༔ བཅུམ་གཞོག་ཡི་དམ་སྙིང་པོ་བྲི༔ རྒྱ་མདུད་གོང་མར་ཨཱོྃ་ཨཱཿཧཱུྃ༔ དབལ་ལ་དུག་ཁྲག་ཡན་ཆོད་ལ༔ བྱིན་རླབས་ཅན་དང་རཏྣ་བྱུགས༔ མགུལ་དུ་དར་དམར་་་ལ།ཟློག་སྔགས་བྲིས༔་་་པ་བཏགས། གྲི་བོའི་ལྤགས་པར་ཐུན་སྣ་ཚོགས༔ དུག་ཁྲག་ཟློག་སྔགས་བྲིས་ཏེ་བླུག༔ དེ་ཡང་ཕུར་པའི་མགུལ་དུ་བཏགས༔ ཕུར་པ་སེང་གེའི་སྟེང་དུ་གཟུག༔ ཕུར་པ།་་་ཡི་དམ་དུ་བསྐྱེད་དེ་་་ཕུར་པས།དྲེགས་པ་་་སེང་གེ་དེ།གཟིར༔ སེང་གེ་དྲེགས་པར་བསྐྱེད་བྱས་ཏེ༔ ལྟོ་བར་དགྲ་བགེགས་མ་ལུས་གཟིར༔ ཡུལ་ཁམས་སྲུང་ན་དེའི་ཕྱོགས་བཞིར༔ མི་གཞན་སྲུང་ན་དེའི།་་་གྲོང་ཁྱིམ་་་རང་སྲུང་ན།སྒྲུབ་ཁང་ལ་སོགས་པར༔ ཁ་ནི་ཕྱིར་བསྟན་རྐང་མགྱོགས་ཟློག༔ ཆོ་འཕྲུལ་བྱུང་དང་དུས་གཉན་དང༔ ཐེབས་དུས་སྔགས་བཟླས་ཏིང་འཛིན་སྤྲོ༔ སེང་གེ་ཀ་ནི་ལ་སོགས་ནང༔ ཟློག་འཁོར་རྣམས་ལ་་་ཟློག་པའི།ཐུན་ཡང་བྲབ༔ དེ་བཞིན་དགྲ་བགེགས་ཕྱོགས་སུ་འཕང༔ དེ་ཡིས་དགྲ་བགེགས་་་རྦོད་གཏོང་།བཟློག་བྱས་ཏེ༔ དགྲ་བགེགས་གདུག་པ་གང་ཡིན་པ༔ རང་གཤེད་རང་ལ་འབེབས་པར་བྱེད༔ དེ་ནས་་་རི་རབ་ནང་འབྲུབ་ཁུང་གི་གྲི་ཐོད་ནང་དུ་གཞུག་པའི།གསད་པའི་འཁོར་ལོ་ནི༔ ཐམས་ཅད་ཟློག་འཁོར་འདྲ་བ་ལ༔ མུ་ཁྱུད་ཕྱི་མ་དག་ལ་ནི༔ ཨཱེཿས་མ་ཆེ་གེ་མོ་ལ་བྷྱོ།་་་གསད་པའི་སྔགས་ཀྱི་སྤུ་གྲི་་་གརྦྷ་ནག་པོ་ཞེས་པ་ལ་སོགས།གདགས༔ དེ་ཕྱི་དྲེགས་པའི་ཞལ་་་སྐུ།གཏོད་དེ༔ དྲེགས་པའི་སྔགས་ལ་དུག་ཁྲག་བྱུགས༔ ལིང་གར་་་དགྲ་བོའི།དྲི་མ་དྲུག་ལ་སོགས༔་་་བྱུགས། ལིང་རྐྱང་གྲི་སྙིང་ནང་དུ་གཞུག༔ གྲི་སྙིང་གསད་པའི་འཁོར་ལོར་བལྟེམ༔ འཁོར་ལོ་ཐོད་པ་གྲི་་་སྙིང་།ཐོད་ནང༔ དེ་ནི་འབྲུབ་ཁུང་སྟེང་དུ་འོ༔ དགྲ་བགེགས་གང་བྱེད་བླ་རྫས་བྱུགས༔ དེ་ནས།་་་ཀ་ནིའི་འོག་གི་་་ཕུང་སའི་དཀྱིལ་འཁོར་སྟེགས་བུའི་དབུས་ཀྱི་འབྲུབ་ཁུང་ནང་དུ་མནན་པའི་བཅའ་གཞི་ནི།འབྲུབ་ཁུང་་་ནང་།དུ༔ ཕུང་ས་མི་ཤིས་རྫས་དག་ལ༔ ཀ་ནི་ནག་པོ་བྲེ་མེད་བྱ༔ དུག་ཁྲག་ནག་པོར་བྱུགས་བྱས་ལ༔ མགོ་ཞབས་དག་ནི་བཟློག་བྱས་ཏེ༔ ལིང་གའི་སྟེང་དུ་མནན་པར་བྱ༔ ཁོང་སེང་བྱས་ལ་་་གསད་པའི།ཐུན་བྲབ་བོ༔ འོག་ཏུ་རབས་ཆད་ཐོད་པ་རུ༔ གསད་པའི་འཁོར་ལོ་ཇི་བཞིན་པར༔་་་མནན་པའི་ཤམ་བུ་དང་དམོད་པ་བསྒྱུར་བ། ཕྱི་རྟེན་དགྲ་བགེགས་གང་ཡིན་བྲི༔ དགྲ་བགེགས་བླ་ཡི་རྟེན་རྫས་བྱུགས༔ གན་རྐྱལ་སྟེང་དུ་ལིང་ག་བལྟེམ༔ དེ་སྟེང་དྲེགས་པའི་འཁོར་ལོ་དབུབ༔ དེའི་སྟེང་ཀ་ནི་ནག་པོ་འོ༔ རབས་ཆད་ཐོད་པའི་ཕྱི་ལ་ནི༔ རླུང་ནི་རྡོ་རྗེ་རྒྱ་གྲམ་བྲི༔ དེའི་མཐར་ཐོད་པའི་ཕྱི་ལ་ནི༔ ལེ་འུ་བཅུ་གཅིག་པ་ནས་ནི༔་་་བཤད་པའི་སྔགས། དྲེགས་པ་བཅོ་བརྒྱད་ལྷ་འདྲེ་སྟོང་རྩ་བརྒྱད༔ སྔགས་ལ་ཛཿཧཱུྃ་བཾ་ཧོཿདགུག༔ དགྲ་བགེགས་འདི་ཟས་སྐལ་དུ་གཏད་དོ༔ མ་ཐོགས་མྱུར་དུ་སྒྲོལ་ལ༔ ཤ་ཁྲག་མཆོད་པ་དམ་པ་བཞེས་ཤིག་བྲི༔ དེ་སོགས་དམོད་མོ་སྣ་ཚོགས་བྲི༔ ཐོད་ནང་མཚོན་ཆ་སྣ་ཚོགས་དང༔ ལེའུ་བཅུ་གཉིས་་་པར་བཤད་པ།ཇི་་་ལྟ་བ།བཞིན་དུ༔ སྔགས་ཀྱི་སོ་ནི་མང་པོས་བལྟེམ༔ ཞེས་སོ༔ དེ་ནས་་་དགྲ་བགེགས་གང་ལ་བྱ་བའི།ལིང་རྐྱང་་་ལེའུ་བརྒྱད་པ་ལྟར།བྲིས་བྱས་ལ༔ ཟློག་གསད་མནན་པའི་འཁོར་ལོ་ཡི༔ བར་དུ་བལྟེམ་ཞིང་གཞུག་པར་བྱའོ༔ དེ་ནས་སྔགས་ཀྱི་བྲི་བཟླས་བསྟན་པ་ནི༔ དེ་ལྟར་གསད་མནན་ཟློག་པ་ཡི༔ འཁོར་ལོ་གསུམ་པོ་དག་ལ་ནི༔ མེ་ཆུའི་སྔགས་བལྟེམ་ཡང་ན་ནི༔ གཞུང་ལྟར་་་ལེའུ་ཉི་ཤུ་པར་གསུངས་པའི་མེ་ཆུའི་འཁོར་ལོ་ཆེ་བ་གཉིས།འཁོར་ལོ་བྲིས་བྱས་ལ༔ སྟེང་འོག་གཉིས་ནས་བལྟེམ་པར་བྱ༔ བཟླས་པའི་སྔགས་ནི་དགྲ་དང་བགེགས༔ ཀུན་ལ་སྔགས་ཀྱི་ཚད་མ་ཡིས༔ རྣམ་ཤེས་མེ་ཆུས་བལྟེམ་པར་བྱ༔ ཟློག་དང་དཀྲུག་པ་ལ་སོགས་པ༔ དེ་བཞིན་བྲི་བཟླས་ཀུན་ལ་ཤེས༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྲུང་ཟློག་གསད་མནན་བཞིའི་སྔགས་བསྟན་པ་དང༔ དེ་བཞིའི་འཁོར་ལོ་བྲི་བ་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ བན་དགྲ་རྣམས་ལ་རྩོད་པའི་དུས༔ དྲག་སྔགས་སྤུ་གྲི་རེག་གཅོད་འདི༔ རང་གཤེད་རང་ལ་འབེབ་པའི་མཆོག༔ དྲག་སྔགས་སྙིང་གི་འཁོར་ལོར་བཤད༔ རྡོ་རྗེ་སློབ་དཔོན་དགྲར་ལངས་ན༔ རྡོ་རྗེ་དམེ་འཐབ་ལས་འདི་བྱ༔ གསད་པ་དྲག་པོའི་་་ཀ་ནི་ཡི།རི་རབ་ནང༔ དུར་ཁྲོད་རོ་རས་གདུག་པ་ལ༔ མུ་ཁྱུད་བཞི་ལྡན་དབུས་གྲུ་གསུམ༔ གུ་རུ་སྐྱིལ་ཀྲུང་་་གི་ལིང་ག།ཐོར་ཅོག་ཅན༔ སྙིང་གར་་་ནྲྀ།རྣམ་ཤེས་་་ལ།སྡིག་པ་ནག་པོས་ཟ༔་་་བ་བྲི། སྡིག་པ།་་་དེའི་མཐར་དམར་ལེན་གསད་སྔགས་་་གརྦྷ་ནག་པོ་སོགས།བསྐོར༔ ལེའུ་བརྒྱད་པ་དང་བཅོ་ལྔ་པ་ལྟར།་་་ལུས་ལ་དམར་ལེན་རང་གཤེད་་་ཡིག་འབྲུ།དགོད༔ ཟླ་གམ་་་གསུམ་ལ།ཁོ་རེའི་སྲུང་མ་ཀུན༔་་་གྱིས་ཁོ་རང་གི །ལུས་ངག་ཡིད་གསུམ་་་མནན་པ་དང་།བདུད་དུ་ཕོབ༔ སོད་ཆོད་ལ་སོགས།་་་དམོད་མོ་དང་བཅས་་་པར།བྲི་བར་བྱ༔ ཕྱི་རིམ་རྩིབས་བརྒྱད་་་ལ་ཨེ་མྱགས་འབྲུ་བརྒྱད།རྩ་བའི་སྔགས༔་་་འབྲུ་རེ་བྲི། རྩིབས་བར་་་ལ་གུ་རུ།ཆེ་གེ་མོ་མཱ་ར་ཡ་རྦད༔་་་ཅེས་བྲི། ཡང་ལོག་མུ་ཁྱུད་་་ཕྱི་རིམ།ཟླུམ་པོ་ལ༔ གོང་ལྟར་གསད་པའི་དུས་ཀྱི་ཨཱེཿས་མ་ཡ་བྷྱོ་ཞེས་པ་ཀུན།་་་གནམ་ལྕགས་རྔུར་མོའི་གསད་སྔགས་དགོད༔ ཕྱི་རིམ་མཚོན་ཆ་་་རྡོ་རྗེ།རྒྱ་གྲམ་ལ༔ རྩེ་མོ་ཕྱི་རུ་བསྟན་པ་བྲི༔ ཙཀྲ་སྔགས་མགོ་་་སྟེང་མ།ཕྱི་་་འོག་མ།ནང་ལྡན༔ སྔགས་མགོ།་་་ཕྱིར་བསྟན་སྟེང་ལ་ནང་བསྟན་་་འཁོར་ལོ་ཁ་སྦྱར་སྤྱིའི་མཚན་ཉིད།འོག༔ བར་དུ་ལིང་རྐྱང་་་གྲི་སྙིང་ནང་དུ།བལྟེམ་པར་བྱ༔ འཁོར་ལོའི།་་་དཀྱིལ་དུ་བྲིས་པ་་་དང་འདྲ་བའི་ལིང་རྐྱང་བྲིའོ།ཇི་བཞིན་ནོ༔ ལིང་རྐྱང་གི་ཡི་གེ་རྣམས།་་་ལེའུ་བརྒྱད་པ་དང་ཡང་་་ལིང་ག་ལ་བྲི་བ།མཚུངས༔ དགྲ་བོའི་སྙིང་ངམ་གྲི་བོའི།་་་སྙིང་ལྤགས་ནག་པོའི་ནང་དུ་བལྟེམ༔ དམེ་་་པོའམ།གྲི་་་བོའི།ཐོད་པ་གཤགས་་་ཞལ་དབྱེ་བྱེད།ནང་་་དུ་སྙིང་འཁོར་ལོ་སོགས།གཞུག༔ ཐོད་་་པའི།ཕྱི་་་ལ།རུས་སྦལ་ནག་པོ་བྲི༔ ཞག་བདུན་གསུམ་་་ཉེར་གཅིག།དུ་དྲག་སྔགས་བྲབ༔་་་འོག་ནས་འབྱུང་བའི་ཨེ་མྱགས་འབྲུ་བརྒྱད་ལ་གརྦྷ་ནག་པོ་བཏགས་ལ། སེང་ལྡེང་ཕུར་པ་་་གདབ།ཐུན་སོགས་་་ཀྱིས།གཟིར༔ ལིང་གར་དགྲ་བོ་དགུག་གཞུག་བསྟིམ༔ ཐོད་པ་འབྲོང་གི་རྭ་སྤྲག་་་རི་ནག་གཉིས་ཀྱི་བར་དུ།མནན༔ དེའི་སྔགས་ནི།་་་ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ གརྦྷ་ནག་པོ་ཨ་མུ་ཀཾ་གུ་རུ་ཆེ་གེ་མོའི་སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་ནན་སྲོག་ལ་ཁཾ་ཤག༔ རོ་མྱགས་མུག་ཏི་རྦད་ཡ༔ ཧྲི་མྱགས་ཛ་ནྲྀ་རྦད་སོད་ནན༔ ལྷ་སྲིན་སྡེ་བརྒྱད་གཟིར་་་ཞིང་ལས་བཅོལ་བ།བྱས་ལ༔ ཨེ་མྱགས་་་འབྲུ་བརྒྱད་དང་གུ་རུའི།མིང་དང་ཤམ་བུ་སྤེལ༔་་་སྲོག་ནྲྀ་ཧུར་ཐུམས་སོགས། ཐོད་པ་འབྲོང་གི་རྭ་སྤྲག་མནན༔ རྡོ་རྗེ་སློབ་དཔོན་དགྲར་ལངས་ན༔ རྡོ་རྗེ་དམེ་འཐབ་ལས་བསྟན་པའོ༔ ངེས་པར་འདི་ཡིས་འགྲུབ་པ་ཡིན༔ དམ་ཚིག་གཅིག་པའི་་་བླ་མ་དང་ལྷ་དང་སྔགས་གཅིག་པའི་བན་སྔགས་མཆེད་གྲོགས་དང་རང་གི་སློབ་མ་དམ་ཉམས།སྔགས་པ་དང༔ བན་དགྲ་རུ་ཏྲ་སྔགས་པ་སྤྱི༔ ནང་པར་ཞུགས་པ་་་འི་བཙུན་པའི་རིགས་རྣམས།དང༔ མུ་སྟེགས་སྡིག་ཅན་་་དང་།བོན་པོ་དང༔ སྡིག་སྤྱོད་རྒྱལ་པོ་མ་རུངས་་་པ།དང༔ སྙིང་རིང་བྱེད་པའི་བུད་མེད་་་ལ།སོགས༔་་་པ་རྣམས་ཀྱང་། རང་གཤེད་རང་ལ་ཕབ་སྟེ་གསད༔་་་པ་འདི་ལྟ་སྟེ། འཁོར་ལོའི་དབྱིབས་ནི་ཀུན་་་ཁོག་གུ་རུའི་སྐབས།དང་འདྲ༔ འཁོར་ལོ་དང་ལིང་ག་བྲིས་པའི།་་་གཞི་ནི་གདུག་པའི་རོ་ལས་ལ༔་་་རྐྱང་འདུལ་བྱས་པ། སྣག་ཚ་དམེ་ཁྲག་་་དང་།དུག་སྣའི་ཆུས་བྱ༔ འཁོར་ལོ་མུ་ཁྱུད།་་་རིམ་པ་བཞི་རུ་བསྐོར་་་བར།བྱ་སྟེ༔ དབུས་སུ་གྲུ་གསུམ་་་ནང་དུ་གང་ཡིན་དེའི།ལིང་ག་བྲི༔ རྡོ་རྗེ་སློབ་དཔོན་གོང་ལྟར་ལ༔་་་སྐྱིལ་ཀྲུང་ཅན། གཞན་རྣམས་རང་རང་་་གི་གཟུགས།ཅི་འདྲར་་་བ་དེ་ལྟར་བྲི་བར།བྱ༔ དེ་ཡང་།་་་གན་རྐྱལ་་་ལ་རྐང་ལག།ཁྲད་མོ་ལྕགས་སུ་གཞུག༔ ལིང་གའི་སྙིང་གར་རྣམ་ཤེས་ནྲྀ༔་་་བྲི་དེ་ཉིད། དུག་གི་སྡིག་པ་ནག་པོས་ཟ༔་་་བར་བྲི། སྡིག་པའི་ཐ་མར་རང་རང་་་གང་ཡིན་གྱི།གསད་སྔགས་་་གརྦྷ་ནག་པོ་ཅན་གྱིས།བསྐོར༔ དཔྲལ་བར་རུས་ལ་སྙིང་གར་མིང༔ ལུས་ལ་་་ལིང་གའི།རང་གཤེད་་་ཀྱི།ཡི་གེ་་་ལེའུ་བརྒྱད་པ་དང་བཅོ་ལྔ་ལྟར།དགོད༔ དེ་ཕྱིར་ཟླ་གམ་གསུམ་པོ་ལ༔ ཁོ་རང་སྲུང་མ་་་གང་ཡིན།བདུད་དུ་ཕོབ༔་་་ལ། ལུས་ངག་ཡིད་གསུམ་ནན་ཅེས་་་སོགས།བྲི༔ དེའི་ཕྱི་རྩིབས་བརྒྱད་་་ལ།རྩ་བའི་སྔགས༔་་་ཨེ་མྱགས་འབྲུ་རེ་བྲི། རྩིབས་བར་་་བརྒྱད་ལ།ཆེ་གེ་མོ་མཱ་ར་ཡ་རྦད་་་ཅེས།བྲི༔ ཡང་ལོག་་་ཕྱི་རིམ།མུ་ཁྱུད་ཟླུམ་པོ་ལ༔ གནམ་ལྕགས་རྔུང་མོའི་གསད་སྔགས་་་ཨཱེཿས་མ་ཡ་བྷྱོ་ལ་སོགས་གོང་ལྟར།དགོད༔ ཕྱི་རིམ་རང་རང་གཤེད་གཟུགས་་་རུས་སྦལ་ལ་སོགས་གང་ཡིན་དེའི་སྟེ་དེ་ཡང་འདི་ལྟར།བྲི༔ རྡོ་རྗེ་སློབ་དཔོན་གོང་ལྟར་རྒྱ་གྲམ་རྡོ་རྗེ་ལ༔ དམ་ཚིག་་་དང་།ཡི་དམ་་་ལྷ་དང་།སྔགས་གཅིག་པ༔་་་འི་བན་སྔགས་མཆེད་གྲོགས་དང་རང་གི་སློབ་མ་དམ་ཉམས། སྦལ་ནག་མཇིང་འཐབ་་་ཀྱི།བར་དུ་གསད༔ བན་དགྲ་་་དང་།རུ་ཏྲ་་་སོགས།སྔགས་པ་་་རྣམས་ནི།སྤྱི༔ སྟག་མོ་མཆེ་འཐབ་བར་དུ་གསད༔ བཙུན་པ་་་སྤྱི་ནི།སྤྱང་མོ་སྡེར་འཐབ་་་ཀྱི།བར༔་་་དུ་གསད། བོན་པོ་་་དང་མུ་སྟེགས་རྣམས་ནི།དུར་སྲི་ཕག་རྒོད་ལྟོར༔་་་འཐབ་བར་དུ་གསད། སྡིག་སྤྱོད་རྒྱལ་པོ་ལོག་ལྟ་ཅན༔་་་རྣམས་ནི། སེང་གེ་ཁ་ཐབས་་་ཀྱི།བར་དུ་གསད༔ བུད་མེད་་་རྣམས་ནི།ཝ་ཐོད་རྣ་བ་སྣོལ་བྱེད་་་ཀྱི།བར༔་་་དུས་གསད། དེ་ལྟར།་་་རང་རང་་་གི།ལྟོ་བར་གསད་པར་བྱ༔་་་འོ། དེ་ཡང་།་་་དུག་་་སྣའི།ཆུ་་་དང་།དམེ་ཁྲག་་་སྦྱར་བ།འཁོར་ལོ་ལ༔་་་བྱུགས། དགྲ་དེའི།་་་དྲི་མ་དྲུག་པོ་་་འི་གང་རྙེད་ཀྱིས།ལིང་གར་་་ལ།བྱུགས༔ ཙཀྲ་སྔགས་མགོ་ཕྱི་་་བསྟན་གཅིག།ནང་་་བསྟན་གཅིག་དང་།གཉིས༔་་་བྱས་པའི། སྔགས་མགོ།་་་ཕྱི་བསྟན་སྟེང་ལ་ནང་བསྟན་འོག༔ བར་དུ་ལིང་རྐྱང་བལྟེམ་པར་བྱ༔་་་སྟེ། ལིང་རྐྱང་གི།་་་དཀྱིལ་དུ་་་འཁོར་ལོ།བྲིས་པ་ཇི་་་ལྟ་བ་དེ།བཞིན་་་དུ་བྲི་བ་ཡིན།ནོ༔ གནད་ཡིག་བྲི་ཚུལ།་་་ལེའུ་བརྒྱད་པ་་་བཅོ་ལྔ་པ།དང་ཡང་མཚུངས༔ རུས་སྦལ་་་དང་།སྟག་དང་སེང་གེ་ལ་སོགས་པ༔་་་རྣམས། རང་རང་་་གི།སྙིང་དང་ཐོད་པའི་ནང་དུ་བལྟེམ༔ མཆོད་རྟེན་གྱི་བཅའ་གཞི་ཡོད་ན།་་་དེ་ཡང་རི་རབ་་་འོག་གི།གསད་ཁང་་་གི།ནང༔ གསད་པའི་འཁོར་ལོའི་་་སྤྱི་དང་སྒོས།བར་དུ་བལྟེམ༔ མཆོད་རྟེན་གྱི་བཅའ་གཞི་མེད་ན། ཡང་ན་་་ལས་དྲུག་པོ་གང་བྱེད་ཀྱང་རང་རང་གི་ཐོད་པ་མ་རྙེད་ན།ཐམས་ཅད་རབས་ཆད་དམ༔ གྲི་བོའི་ཐོད་པའི་ནང་དུ་བལྟེམ༔་་་དགོས་ལ། རང་རང་གི།་་་སྙིང་དང་་་མ་རྙེད་ན།གྲི་སྙིང་་་གི།ནང་དུ་བལྟེམ༔་་་ཀྱང་ཉན། དེ་ཡང་ལིང་རྐྱང་་་སྔོ་དམར་ཤི་སྐྲས་དཀྲིས།སྙིང་གི་ནང་དུ་བལྟེམ༔ སྙིང་དེ་འཁོར་ལོ་་་སྔགས་མགོ།ཕྱི་་་བསྟན་སྟེང་དང་།ནང་་་བསྟན་འོག་ཏུ་བྱས་པའི།བར༔ འཁོར་ལོ་་་དེ་དག།ཐོད་་་པའི།ནང་་་དུ་བལྟེམ།ཐོད་པ་་་དེ།ཨེ༔་་་རུ་གཞུག །དེ་ལྟར་བལྟེམ་པ་མན་ངག་ཡིན༔ བདུན་ཕྲག་གསུམ་དུ་སྔགས་ཐུན་་་ཉིན་གསུམ་མཚན་གསུམ་བཟླས་ཤིང་།བྲབ༔ ལྕགས་སམ་སེང་ལྡེང་་་གི།ཕུར་པ་་་ལིང་གའི།སྙིང་ལ་གདབ༔ ལིང་ག་དག་ལ་་་སྐབས་སུ་ཕོ་ཉས།དགུག་གཞུག་བྱ༔ སྔགས་ནི་རང་གཤེད་་་ཨེ་མྱགས་གརྦྷ་སོགས།སྔགས་འདི་དང༔་་་དྲེགས་པ་གནད་དབབ་སོ་ལ་གདགས། གནམ་ལྕགས་རྔུར་མོའི་་་གོང་གི་ཨཱེཿས་མ་ཡ་ཆེ་གེ་ལ་བྷྱོ་ལ་སོགས།གསད་སྔགས་བསྣོལ༔ ཉིན་ནུབ་་་རེ་མོས།བམ་་་ཡང་ན།ནི་་་སྔགས།བརྒྱ་བརྒྱ་་་རེ་མོས་སུ།བསྣོལ༔ རྡོ་རྗེ་དམེ་འཐབ་སྔགས་ནི་གོང་ལྟར་རོ༔ རང་དང་།་་་དམ་ཚིག་་་དང་།ཡི་དམ་སྔགས་གཅིག་པའི༔་་་མཆེད་གྲོགས་བན་སྔགས་རང་རང་གི་སློབ་མ་དམ་ཉམས་པ་རྣམས། སྦལ་ནག་མཇིང་འཐབ་་་བར་དུ་གསད་པའི།སྔགས་བསྟན་པ༔་་་ནི་འདི་ལྟ་སྟེ། སློབ་མ་མཆེད་གྲོགས་ལ་སོགས་ལ་འདི་བྱའོ།་་་ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔་་་རྩ་བ་འབྲུ་བརྒྱད་རབ་ཏུ་བསྣོལ་བ་ཤམ་བུ།་་་གརྦྷ་ནག་པོ་ཨ་མུ་ཀཾ་་་ཆེ་གེ་མོ་མཆེད་གྲོགས། བན་དེའམ། སློབ་མ་དམ་ཉམས།་་་སྲོག་ནྲྀ་ཧུར་ཐུམས་ཛཿམཱ་ར་ཡ་རྦད་སོད་ནན༔ ས་མ་ཡ་ཁཾ་ཤག་རྦད༔ ཅེས་སོ༔ སྟག་མོ་མཆེ་འཐབ་་་བར་དུ།སྔགས་པ་སྤྱི་གསད་པ༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ གརྦྷ་ནག་པོ་ཨ་མུ་ཀཾ་་་སྔགས་པ་ཆེ་གེ་མོ།སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད་ནན༔ ཅེས་སོ༔ བཙུན་པ་་་སྤྱི།གསད་པ་སྤྱང་མོ་སྡེར་འཐབ་་་ཀྱི་སྔགས།ནི༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ ཨ་མུ་ཀཾ་་་བཙུན་པ་ཆེ་གེ་མོ།སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད་ནན༔ ཅེས་སོ༔ ཕག་མོ་ལྟོ་འཐབ་ཀྱིས་བོན་པོའམ་མུ་སྟེགས་གསད་པ་ནི༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ ཨ་མུ་ཀཾ་བོན་པོ་ཆེ་གེ་མོའམ་མུ་སྟེགས་སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད་ནན༔ ཅེས་སོ༔ སེང་གེ་ཁ་འཐབ་་་ཀྱིས།རྒྱལ་པོ་་་དང་།བཙད་པོ་གང་ཡང་གསད་པ་ནི༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ ཨ་མུ་ཀཾ་རཱ་ཙ་་་ཆེ་གེ་མོ།སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད་ནན༔ ཅེས་སོ༔ བུད་མེད་སྙིང་རིང་་་བྱེད་པ་རྣམས་ཝ་ཐོད།བསྣོལ་བྱེད་སྲི་ལ་མུ་ཁས་གསད་པ་ནི༔ ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན༔ ཨ་མུ་ཀཾ་་་ཆེ་གེ་མོ།སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད་ནན༔ ཅེས་སོ༔ དེ་ཡི་ལིང་གའི་སྙིང་གར་ཡང༔ སྡིག་པའི་ཕྱིར་ལ་ཨེ་མྱགས་ཡ་ལ་སོགས༔་་་འབྲུ་བརྒྱད་མཇུག །ལས་དྲུག།་་་རང་རང་་་གི།གསད་པའི་སྔགས་་་བཏགས་པ་དག།ཀྱིས་་་ཡིག་མགོ།ནང་བསྟན་་་དུ།བསྐོར༔་་་ཏེ། དེ་རྣམས་རང་གཤེད་དྲུག་གི་སྔགས་བསྟན་པའོ༔ དེ་ནས་ཐ་མར་མནན་པ་དྲུག༔ རྡོ་རྗེ་རྨེ་འཐབ་འབྲོང་གི་ར་སྤྲག་སྟེ༔་་་གྲི་སྙིང་ངམ་གྲི་ཐོད་གྲི་ལྤགས་དང་དམ་ཐོད་གང་འཛོམས་སུ་བཅུག །རི་ནག་པོ་གཉིས་ཀྱི་བར་དུ་མནན༔ མཆེད་གྲོགས་དམ་ཚིག་གཅིག་པའི་བན་དེ་སྔགས་པ་དང་རང་གི་སློབ་མ་དམ་ཉམས་སོགས།་་་སྦལ་ནག་མཇིང་འཐབ་གཟིག་གི་ཐིག་ལེ་སྟེ༔་་་རུས་སྦལ་ལམ་སྦལ་ནག་གི་སྙིང་དང་ཐོད་པར་བཅུག་ལ། ཁ།་་་བྱང་ལྟས་་་ཀྱི་ཆུ་མིག།ལུ་མ་་་འབབ་ཆུ་མེད་པའི།ལྐུགས་པར་མནན༔ སྟག་མོ་མཆེ་འཐབ་་་ཀྱི་སྔགས་པ་སྤྱི།སྟག་གི་འཛུམ་བྲན་ཏེ༔་་་སྟག་གི་སྙིང་དང་ཐོད་པར་བཅུག་ལ།བྲག་དང་ཆུ་འཐབས་་་པའི།བར་དུ་མནན་པར་བྱ༔་་་བ་དང་ཡང་ལམ་རྒྱ་གྲམ་དུ། སྤྱང་མོ་སྡེར་འཐབ་་་བཙུན་པ།མུན་པའི་གླིང་དུ་དེ༔ སྤྱང་ཀི་མོའི་ཐོད་པ་དང་སྙིང་ནང་དུ་བཅུག་ལ་སྦས་པའི་དུར།་་་རོ་ཁུང་རྙིང་པ་དག་ཏུ་མནན་པར་བྱ༔ ཕག་རྒོད་ལྟོ་འཐབ་སྲིན་མོའི་འདོམས༔་་་རབ་རྒྱ་མོན་ཀླ་ཀློ་སོགས་ནས་འབྱུང་བའི་ཕག་རྒོད་དམ་དེ་མ་རྙེད་ན་ཡུལ་གྱི་ཕག་མོའི་སྙིང་དང་ཐོད་པར་བཅུག་ལ།བྲག་གི།བར་བྲག་་་དང་།འཐབ་དག་ལ་མནན་པར་བྱ༔ སེང་གེ་ཁ་འཐབ་་་རྒྱལ་པོ།སེང་གེའི་ཁོག་པ་སྟེ༔་་་སེང་གེའི་སྙིང་དང་ཐོད་པ་མ་རྙེད་ན་ཁྱི་དཀར་པོ་སོགས་པའི་སྙིང་དང་ཐོད་པར་བཅུག་ལ། སྐུ་གདུང་་་མཆོད་རྟེན།བྱིན་་་རླབས།ཆེན་་་པོའི།འོག་ཏུ་མནན་པར་བྱ༔ ཝ་མོ་རྣ་བསྣོལ་་་བུད་མེད།འབྱུང་པོ་འདུས་པ་སྟེ༔་་་ཝ་མོའི་སྙིང་དང་ཐོད་པར་བཅུག་ལ། དུར་ཁྲོད་དག་ཏུ་་་མནན་པར་བྱའོ།དེ་ལྟར་རང་གཤེད་དྲུག་པོ་ནི༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ སྔགས་དང་འཁོར་ལོ་ལ་སོགས་པ༔ གོང་ལྟར་གནམ་ལྕགས་རྔུར་མོ་ཡི༔ དུས་བཞིན་བྱས་ལ་སྔགས་ཐུན་་་བསྣོལ་མ།བྲབ༔ མཆོད་རྟེན་ཡོད་ན་དེའི།རི་རབ་་་ཀྱི།གསད་ཁང་ནང་དུ་འོ༔ ཐ་མ་རང་རང་ས་རུ་མནན༔ དུར་རྡོ་ལ།་་་རྒྱ་གྲམ་སྟེང་།་་་རི་རབ་བྲིས་པས་མནན༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་སོ༔ རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ རང་གཤེད་རྣམ་པ་དྲུག་་་གསུངས་ཀྱང་བདུན་ཡོད།བསྟན་པའི་ལེའུ་སྟེ་ང་གཅིག་པའོ༔ སྟོབས་ལྡན་དཔའ་བོ་ཆེན་པོས་ཡང་གསུངས་པ༔ དེ་ལྟར་སྔགས་པ་ནང་རྒྱས་བྱུང་བའི་ཚེ༔ ཕྱག་ཆ་གནམ་ལྕགས་རྔུར་མོའི་ལས་འདི་ལ༔ བཅས་དང་བྲིས་པས་ཆོག་པའི་སྔགས་ཀྱི་འཕྲུལ་ཡིག་དང༔ ཁོ་རང་གིས་བྱས་པའི་ཐུན་ཟོར་ཁོ་རང་ལ་དབབ་ཅིང༔ བརྡ་སྦྱོར་བལྟེམ་པའི་མན་ངག་ཤིན་ཏུ་གཅེས༔ ནང་རྒྱས་ཙམ་གྱིས་རང་གཤེད་གནད་རྣམས་ནི༔ རིན་ཆེན་འཕྲུལ་ཡིག་བརྡ་སྦྱོར་འདི་ལ་ཐུག༔ འདི་ཡིས་ངེས་པར་ཕས་ཀྱིས་སྦྱོར་བ་རྩོམ༔ དགྲ་བགེགས་གང་ཡིན་དེ་རང་གསོད་པར་བྱེད༔ དེ་ཕྱིར་འདི་ནི་ཡང་སྙིང་གནད་དུ་ཤེས༔ བཟླས་མི་དགོས་ཏེ་བྲིས་ཆོག་འཕྲུལ་ཡིག་ཡིན༔ དེ་ཡི་གདམས་པ་འདི་ལྟ་སྟེ༔ མི་བསད་་་པའི།མཚོན་ཆ་་་ནི།དྲག་པོའི་རྫས༔་་་ཡིན་པས་དེ་ནི། མགར་བ་ཡུགས་ས་་་ཕོག་པ།མིག་དམར་གྱིས༔ སྐར་མ།་་་མགོ་་་དང་གཟའ།ཕུར་་་བུ།བདུད་ཀྱི་ཉིན་པར་དགོང༔་་་མོ། འགུགས་བྱེད་་་ཀྱི།ལྕགས་ཀྱུ་སོར་བཞི་་་པའམ།ལྔ༔་་་པ་བཅོས་ལ། དུག་ཁྲག་་་སྣ་ཚོགས་པ་དང་།ཆུ་ལ་་་སྣ་ཚོགས་པའི།ངར་ཡང་བླུད༔ རྩ་བ་་་ལ་ལྕགས་ཀྱུའི།དབལ་དང་ལྡན་པར་བྱ༔ ཤོག་གུ་དག་ལ་དུག་སྣ་དང༔ དམེ་ཁྲག་ཁྱད་པར་གཅེས་པ་ཡིན༔་་་པས་རྫས་དེ་དག་ནི། རང་གཤེད་འཕྲུལ་ཡིག་ལྔ་་་འོག་ནས་འབྱུང་བ།བྲིས་ཏེ༔ ལྕགས་ཀྱུའི་མགུལ་དུ་ཡུགས་ས་མོའི༔ སྐྲ་ཡིས་་་སྔགས་བྲིས་པ་དེ་ཡིས་ལུང་ཐག།ལེགས་པར་་་བྱས་ཏེ།གདགས་པར་བྱ༔་་་ཞིང་། ལྕགས་ཀྱུའི་ལིང་གའི་སྙིང་གར་་་བཏབ་ཅིང་།བཟུང༔་་་ལ། དགྲ་བོའི་སྲུང་མ་གྲོགས་་་མིང་།དང་བཅས༔ རྦོད་གཏོད་བྱོལ་པོ་་་ཐམས་ཅད།ཁོ་རང་་་གི།སྟེང༔་་་དུ། བསྡམ་སྦྱར་དགུག་ཅིང་བསྟིམ་པ་དང༔ ཁོ་རང་ནུས་པ་ཁོ་རང་་་གི།སྟེང༔་་་དུ་བབ་ཅིང་། དྲེགས་པའི་ནུས་པ་བཅས་པ་ཀུན༔་་་ཡང་། ཁོ་རང་གི་ཁོག་པ་་་དགྲ་བོ་ཆེ་གེ་མོ་པྲ་བེ་ཤ་ཡ་ཕཊ་ཀྱིས།ཁ་ཕྱེ་ལ༔ དགྲ་བོ་ཆེ་གེ་མོ་ཨཱ་བེ་ཤ་ཡ་ཞེས་པ་དང་དགྲ་བོ་ཆེ་གེ་མོ་ཧོ་ཧོཿཞེས། དགྲ་བོ་ཆེ་གེ་མོ་བཾ་ཞེས་པས་ཁོག་པ་ཁ་གསུམ་ལ་སླར། དབབ་བསྟིམ་ཚུར་མི་འགྱུར་བར་བྱ༔ རང་གཤེད་འཕྲུལ་ཡིག་སྔགས་ནི།་་་དགྲ་བོ་ཆེ་གེ་མོ་ཁོ་རང་གྲོགས་དང་བཅས་པའི་རྦོད་གཏོང་བྱོལ་པོ་སརྦ་དུཥྚཱཎ༔ འདི་ཁར་གརྦྷ་ནག་པོ་ཆེ་གེ་མོ་ཁོ་རང་ལ་འདིར་ཨ་མུ་ཀཾ༔ ཐུན་ཟོར་གསད་མནན་དམོད་བཅོལ་སརྦ་ཛཿཧཱུྃ་བཾ་ཧོཿཧོ༔ ཞེས་པ་འཕྲུལ་ཡིག་བྲིས་ཆོག་ཡིན་ནོ༔ འདི་ནི་སྔགས་རྫས་མན་ངག་གོ༔ ཁྱད་པར་ཕྲིན་ལས་མངོན་སུམ་ནི༔ ཕུད་གཏོར་དགྲ་ཡི་ཟས་དག་་་རང་།གིས༔་་་ཟོས་པ། ཁོ་རང་གི།་་་སྲུང་མ་་་ཁོ།རང་གཤེད་་་དུ།འཁོར་བ་ཡིན༔་་་ཏེ། ཅི་ཕྱིར་་་ཞེ་ན་བདག་གིས་སྔགས་བཟླས་པས་དེ།ཁོང་་་རང་།གི་བཟླས་་་པ་བྱས།པ་སོང་བ་ཡིན༔་་་བསམ། འདི་ནི་ཞེ་་་གནག་པའི་ལས་ཡིན།འཁོན་ཆེན་པོ་སྟེ༔ དེ།་་་སྔགས་པའི་བླ་ཀུན་ཡིན་པར་བཤད༔་་་དེ། ཕར།་་་དགྲ་ལ་བསྐྱལ་་་བ།དང་ཚུར་་་དགྲས་བཟའ་བཏུང་རང་ལ།འབྱུང་་་བ།བསྲུང༔་་་ཚུལ་ནི། དང་པོ་་་རང་གི་བཟའ་བཏུང་སོགས།ཕར་ལ་་་དགྲ་ལ།བྱ་བ་འདི་ལྟ་སྟེ༔ བན་དགྲ་ནང་རྒྱས་གནམ་ལྕགས་ནང་འཐབ་དུས༔ ཕུད་གཏོར་ཟས་ལ་སོགས་པ་་་དགྲ།ཁོ་ལ་་་ཕར།བསྐྱལ༔ ཁོ་ཡི་སྲུང་མ་མཆོད་ཅིང་་་ཁོ་ཡི་སྲུང་མ།དེ་ཡི་སྔགས༔་་་གང་ཡིན་དེ་རྣམས། སྐབས་སུ་་་ཡིག།འབྲུ་་་རྣམས་མས་ནས།ཟློག་ཐུན་་་ལ་བཟླས་ཤིང་།ཕུར་་་པ།ལིང་ག་་་ལ།བྲབ༔ ཁོ་རང་སྲུང་མས་ཁོ་ཉིད་མཱ་ར་ཡ༔ སྙིང་མཱ་ར་ཡ་སྟེ་མགོ་ལ་བརྡེག༔ གོང་དུ་བཤད་པའི་བཅས་ཆོག།་་་འཕྲུལ་ཡིག་སྔགས་ཀྱིས་ལིང་ག་་་འི་མཐའ་མར།བསྐོར༔ དེའི་ཕྱིར་ཁོ་ཡི་སྲུང་མའི་འབོད་རྦད་གསད་པ་བྲི་བར་བྱ༔ རང་གཤེད་སྔགས་དང་་་འབེབ་པའི།ཕྱག་ཆའི་སྔགས་་་རྣམས།ཀྱང་བྲི༔ དེ་ཉིད་གར་པའི་་་ཁོ་རང་གི།ཐེམ་འོག་འགྱུ་སྲང་མནན༔ དེ་ཡིས་་་ཁོ་རང་གི།སྲུང་མ་ཁྲོས་ཏེ་ཁོ་རང་བརླག༔་་་པར་བྱེད་དོ། །གཉིས་པ་་་དགྲའི་བཟའ་བཏུང་།ཚུར་་་རང་ལ།བྱུང་སྲུང་བ་་་ལའང་།རྣམ་པ་གཉིས༔་་་ཏེ། བློ་ཆུང་་་གིས།སྲུང་་་བ།དང་མཁས་པས་གཡང་དུ་ལེན༔་་་པའི་ཐབས་སོ། །དང་པོ་་་བློ་ཆུང་གིས་ཕར།བསྲུང་བྱ་་་ནི་ཕས་ཀྱི།དགྲ་་་དེ།ཡི་ནོར་ཟས་ཀྱི༔ ཕུད་་་དང་།གཏོར་་་མ།ལ་སོགས་་་དང་།གཏམ་དང་བླ་བོ་་་ཐམས་ཅད་མ་འདྲེས་པར།བསྲུང༔་་་དགོས་ཏེ། དེ་ཡང་དང་པོ་རང་གི་་་དགྲ་ལ།རྦད་པ་་་དང་།བར་དུ་རང་གིས་་་བབས་བླངས་པ་ལྟ་བུ་བྱས་ཏེ་ཁོའི།ཟློག༔་་་པའི་གྲོགས་ལྟ་བུ་བྱས་ན། ཐ་མར་་་རང་གི།དམ་ཅན་་་དེ།སྙིང་འཁྲུགས་་་ཤིང་ཁྲོས་ནས།རང་གི་སྲོག་ལ་་་ཚུར།ཟློག༔་་་པར་བྱེད་པ། དེ་བས་་་དགྲའི་ཟས་ཕུད་གཏམ་ངག་སོགས།དེ་རྣམས་་་མ་འདྲེས་པར།བསྲུང་བ་མན་ངག་ཡིན་ནོ༔ གཉིས་པ་མཁས་པས་གཡང་དུ་ལེན་པ་ནི༔ བདག་དང་དགྲ་དང་ཟས་ནོར་དང༔ དམ་ཅན་སྲུང་མ་ལ་སོགས་པ༔ གང་དུའང་མི་དམིགས་ཆོས་སྐུར་ཡེ་ནས་གཅིག༔་་་པ་ཡིན་པས། དེ་ལྟར་རང་བཞིན་་་མ་བཅོས་པའི།ངང་ལ་་་མཉམ་པར།བཞག༔་་་ན་དགྲའི་བཟའ་བཏུང་ཕུད་གཏོར་གཏམ་ངག་གར་འདྲེས་ཀྱང་སྐྱོན་མི་འབྱུང་སྟེ། མཁོན་ནག་རང་བཞིན་ཞི་བ་སྟེ༔ རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཡིན༔ ལྟ་བ།་་་དེ་ཙམ་་་ཡང་།རྟོགས་པར་མ་གྱུར་ཀྱང༔ དགྲ།་་་ཁོ་ཡི་ཚེ་སྲོག་འཕྲོག་པ་ནི༔ དགྲ་དེའི།་་་ནོར་དང་རྫས་དང་ཟས་་་སོགས།ཕྱིར་ནི༔ དགྲ་ཡི་རྣམ་ཤེས་་་ཀྱང་།འགྱུ་བ་་་ཡིན།སྟེ༔ དེ་ལ་བརྟེན་ཏེ་བླ་སྲོག་ནི༔ འགུགས་པ་ཤིན་ཏུ་སླ་བའི་ཕྱིར༔ ཕུང་པོ་ལྔ་ནི་སྟོང་པ་ཡབ༔ འབྱུང་བ་ལྔ་ནི་གསལ་བ་ཡུམ༔ གསལ་སྟོང་དབྱེར་མི་ཕྱེད་པ་ནི༔ ཐབས་ཤེས་གཉིས་མེད་ཡབ་ཡུམ་སྐུ༔ ཡེ་ནས་དེ་ལྟར་ཡིན་པ་ལ༔་་་ཡིན་པའི་ངེས་ཤེས་དང་ལྡན་པས། བརྡ་ཡི་་་གསང་།སྔགས་ཀྱིས་རབ་་་ཏུ།བསྐུལ་ཏེ༔ ཡི་དམ་སྙིང་པོ་བརྗོད་པ་ཡིས༔ བདག་ཉིད་་་ཡི་དམ།དེ་ཡིན་་་པར།གསལ་བར་བསྒོམ༔ དེ་རྗེས།་་་དམ་ཅན་་་གྱི།སྙིང་པོ་བརྗོད་པ་ཡིས༔ དེ་རྣམས།་་་མདུན་དུ་བཀའ་ཉན་གསུང་སྡོད་བསྒོམ༔ དགྲ་བོ་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲིཾ་ཛཿཛཿཧཱུྃ་བཾ་ཧོཿ་་་དགྲ་བོའི་སྙིང་པོ་བརྗོད་པ་ཡིས༔ དགྲའི།་་་ཟས་ནོར་ལ་སོགས་གང་བྱུང་བ༔ དེ་ཉིད་དགྲ་བོ་དེ་ཀ་དངོས་སུ་བསམ༔་་་ལ་དབྱེ་དགུག་བྱ་སྟེ། བསྒྲལ་བའི་སྔགས་ཀྱིས་ཕུར་ཐུན་་་གདབ་ཅིང་།བསྒྲལ༔ དགྲ་དེ་རང་གི།་་་ཤ་ཁྲག་་་ཏུ་དམིགས་ལ།བླ་མ་ཡི་དམ་་་ལ།མཆོད༔་་་པ་ཕུལ་ནས། དང་པོ་ཁོ་ཉིད་་་ཀྱི་སྡིག་པ་དང་།སྒྲིབ་པ་སྦྱང༔ གཉིས་པ་དམ་ཅན་སྲུང་མ་་་རྣམས་ལ།མཆོད༔་་་པ་ཕུལ་བས། རབ་ཏུ་དགྱེས་ཤིང་དགྲ་་་བོའི།སྲོག་བཅད༔་་་པར་བསམ་ལ། གསུམ་པ་བདག་ཉིད་ཡི་དམ་་་དུ་མོས་པས།རོལ༔་་་པའི་ཚེ། ཁོའི།་་་རྣམ་ཤེས་ནྲྀ་ཉིད་བདག་་་གི།སྙིང་་་ཁར།ཐིམ༔་་་པས། ཁོ་ཉིད་ཚེ་སྲོག་་་དང་།བྲལ་་་བར།བྱས་ཏེ༔ བདག་ཉིད་བཀྲག་དང་གཟི་བརྗིད་རྒྱས༔་་་པར་བྱས་ཤིང་། ཁྱད་པར་ཡི་དམ་གཙོ་འཁོར་་་ཐམས་ཅད་རབ་ཏུ།མཉེས༔་་་པར་བསམ། བཞི་པ་ལྷག་མས་ཞིང་སྐྱོང་བའི༔ དམ་ཅན་ཕོ་མོ་ཐམས་ཅད་མཆོད༔ མཉེས་ཤིང་རང་ལ་སྟོངས་གྲོགས་བྱེད༔་་་པར་བསམ། ལྔ་པ་སྙིང་རྗེས་འགྲོ་དྲུག་དང༔ ལན་ཆགས་་་དང་བུ་ལོན་གྱི།བདག་པོ་་་ལ་སྦྱིན་པས།ཐམས་ཅད་ཚིམ༔་་་པར་བསམ། དེ་ལྟར་བསྒྲལ་ཏེ་མཆོད་བྱས་པས༔ ཡི་དམ་དང་།་་་བདག་གཞན་་་མགྲོན་རིགས།ཐམས་ཅད་མཉེས་ཤིང་ཚིམས༔་་་པར་བསམ། ཐ་མར་་་དགྲ་དེའི།ཉོན་མོངས་རྣམ་ཤེས་ནི༔ ཧཱུྃ་་་གིས་དྲངས་པ།དང་ཕཊ་ཀྱིས་་་ཡི་དམ།ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི༔ སྦྱོར་མཚམས་འཕངས་ཏེ་ཨ་ཨ་ཨ༔ ཞེས་པས་་་ནྲྀ་དེ་ཉིད།བདུད་རྩི་དཀར་མེར་་་གྱིས།ཞུ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་་་པས།རྒྱལ་བའི་སྲས༔་་་སུ་གྱུར་ཏེ། ཐུགས་རྗེས་འགྲོ་བ་འདྲེན་པར་བསམ༔ ཐབས་དེས་བདག་གཞན་ཐམས་ཅད་ཀྱིས༔ མཆོག་དང་ཐུན་མོང་་་གི།དངོས་གྲུབ་ཐོབ༔་་་པར་འགྱུར་རོ། །ཨེ་མ་ཧོ༔ ཀུན་རྫོབ་ཏུ།་་་གསད་པ་ཉིད་ན་་་དོན་དམ་པར།གསད་པ་མེད༔ གསད་་་པར།བྱ་་་རྒྱུ་དང་།གསོད་་་པར།བྱེད་་་པའི་ཐབས།གསོད་པ་པོ༔ སྔགས་རྣམས་དོན་དམ་པར།་་་ཡེ་ནས་སངས་རྒྱས་་་ཡིན་ཏེ་དེ་ལ་ནི།སྒྲིབ་པ་་་ཡང་།མེད༔་་་དོ་དེའི་དོན་ནི། འཁོར་་་་བ་དང་མྱ་ངན་ལས།འདས་་་པ།གཉིས་ཀ་་་ནི་རང་གི།སེམས་ཙམ་་་ལ་སྣང་བ་ཡིན།སྟེ༔ དགེ་དང་སྡིག་་་པ་དག།ཀྱང་དེ་བཞིན་ནོ༔་་་སེམས་སྣང་ཙམ། བདག་་་དང་།དགྲ་་་དང་།སྲུང་མ་་་ཡང་།དེ་བཞིན་་་སེམས་ཙམ་དུ་སྣང་བ་ཡིན།ཏེ༔ དོན་དམ་པར།་་་ཐམས་ཅད་ཡེ་་་གདོད་མ་ནས།སངས་རྒྱས་པ་་་འབའ་ཞིག།ཡིན༔་་་གྱི་འཁྲུལ་ངོ་ཙམ། ཐམས་ཅད་སྒྱུ་མ་་་དང་།སེམས་ཙམ་་་དུ་སྣང་བ།ཡིན༔་་་ལ། དེ་བས་ན།་་་སེམས་ཀྱིས་གང་་་ལྟར།བསམ་་་པ།དེ་ལྟར་སྣང༔་་་བ་ཡིན་ཏེ། ཁམས་གསུམ་འགྲོ་དྲུག་སེམས་ཅན་དང༔ འཁོར་འདས་གཉིས་ཀྱང་སེམས་་་ཙམ།ཡིན་ནོ༔ དེ་ཡང་།་་་དཔེར་ན་འདྲེ་ཞིག་ཡིན་ངེས་ཀྱང༔ སྣང་བ་དག་པས།་་་ལྷར་མཐོང་་་ན།དེ་ཉིད་ལྷ་རུ་འགྲུབ༔་་་པ་ལྟར། མ་རྟོགས་པའི་ཚེ།་་་མ་རིག་་་པ་དང་།རྟོགས་་་པ།ལས་སངས་རྒྱས་བྱུང༔་་་བ་ཡིན་ནོ། །རང་སེམས་གདོད་མ་ནས་སངས་རྒྱས་ཡིན་ཀྱང་དེ་ངན་ངན་པོར་བཟུང་ནས་སངས་རྒྱས་ལོགས་སུ་འཚོལ་བ་ནི།་་་དཔེར་ན་ལྷ་ཡིན་་་ཀྱང་།འདྲེ་རུ་བཟུང༔་་་ན་ནི། སྐྱོབ་བྱེད་་་ཀྱི།ལྷ་ཡང་་་རང་གི།བདུད་དུ་འབེབ༔་་་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་དང་།་་་བསམ་རྒྱུད་་་ཐམས་ཅད།རང་གི་སེམས་མིན་པར༔ གཞན།་་་འཁོར་་་བ་དང་མྱང་།འདས་་་སོ་སོར་བཟང་ངན།གཉིས་སུ་གྲུབ་པ་མེད༔་་་པ་ཡིན་ནོ། །དེའི་ཕྱིར་ཕན་གནོད་་་ཐམས་ཅད་རང་གི།སེམས་ལ་ཚང༔་་་བ་ཡིན་པས་ན། དེའི་ཕྱིར་་་ན།ཕྲིན་ལས་་་ཐམས་ཅད་ཀྱང་རང་གི།སེམས་ལས་འགྲུབ༔་་་པ་འབའ་ཞིག་ཡིན་ནོ། །དེའི་ཕྱིར་སེམས་ལས་དགོས་འདོད་་་ཐམས་ཅད།འབྱུང༔ དེའི་ཕྱིར་་་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི།སེམས་ལ་ཐམས་ཅད་ཚང༔་་་ཞིང་རྫོགས་པ་ཡིན་ནོ། །ཨེ་མ་ཧོ༔ སེམས་ཉིད་་་དེ་ཡང་།ངོ་བོ་ཡེ་་་གདོད་མ།ནས་སྟོང༔་་་ཞིང་བདག་མེད་པར་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་སྐུ །སེམས་ཀྱི་རང་བཞིན་་་ནི།ཡེ་ནས་གསལ༔་་་ཞིང་ཆོས་ཐམས་ཅད་མ་འདྲེས་པར་རྫོགས་པས་ལོངས་སྐུ །སེམས་ཉིད་་་ཀྱི་རང་རྩལ།ཐུགས་རྗེ་ཡེ་་་གདོད་མ།ནས་འཕྲོ༔་་་པས་སྤྲུལ་སྐུ །སྟོང་་་པ་ཆོས་སྐུ།གསལ་་་བ་ལོངས་སྐུ།འདུ་འཕྲོ་་་སྤྲུལ་སྐུ།སྐུ་གསུམ་་་ངང་གིས།གསལ༔་་་ཞིང་རྫོགས་པ་རང་གི་སེམས་ཉིད།་་་འདི་ནི་སངས་རྒྱས་་་ཀྱི།སྙིང་པོ་ཡིན༔་་་ལ། དེ་ལས་ལོགས་ན་སངས་རྒྱས་་་འཚོལ་རྒྱུ།མེད༔་་་དོ། །དེ་ནི་སྣང་སྲིད་་་ཐམས་ཅད།ཡེ་་་ནས།བསྒྲལ་་་ཟིན་པ།ཡིན༔་་་གྱི། དེ་ལས་ལོགས་ན་བསྒྲལ་བ་མེད༔་་་པའོ། །རང་སེམས།་་་འདི་ནི་འབྲས་བུ་་་སངས་རྒྱས།ཡེ་་་ནས།གྲུབ་་་པ།ཡིན༔་་་གྱི། དེ་ལས་ལོགས་ན་འབྲས་བུ་་་གཞན་དུ།མེད༔་་་དོ། །རང་སེམས།་་་འདི་ནི་འཁོར་འདས་་་ཐམས་ཅད་ཀྱི།རྩ་བ་ཡིན༔་་་གྱི། དེ་ལས་་་འཁོར་འདས་ཀྱི།ས་བོན་གཞན་་་གང་ན་ཡང་།མེད༔ དེ་ནི་སྐུ་གསུམ་ལྷུན་གྲུབ་ཡིན༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ སྔགས་ཀྱི་བརྡ་སྦྱོར་འཕྲུལ་ཡིག༔ རང་གཤེད་བྲིས་ཆོག་བསྟན་པ་དང༔ དགྲ་ཡི་མཁོན་ཟས་བསྲུང་བ་དང༔ ཁོ་རང་ལ་གཤེད་དུ་གཏོང་བ་དང༔ འཁོར་འདས་དང་ཕན་གནོད་ཐམས་ཅད་སེམས་སུ་བསྟན་པ་དང༔ སེམས་ཡེ་ནས་སྐུ་གསུམ་ལྷུན་གྲུབ་ཏུ་བསྟན་པའི་ལེའུ་སྟེ་ང་གཉིས་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ སྲོག་སེར་གཏད་དང་ཆོ་འཕྲུལ་གནོད་བྱ་ལ༔ དགྲ་བོ་ལྷ་དང་བྲལ་བ་རབ་ཏུ་གཅེས༔ དགྲ་བོ་ལྷ་དང་བྲལ་ན་ལྷ་སྲིན་རྣམས༔ སྲོག་ལ་ཧབ་ཐོབ་བྱེད་དེ་གསོད་པའོ༔ དཔེར་ན་ལུག་ལ་རྫིའུ་མེད་པ་དེ༔ ཅེ་སྤྱང་གདུག་པས་མ་ལུས་གསད་དང་མཚུངས༔ དེ་ཡི་མན་ངག་འདི་ལྟ་སྟེ༔ རྟེན་འབྲེལ་རྫས་དང་ནུས་པ་སྔགས་གཉིས་སོ༔ རྫས་ལ་གཉིས་ཏེ་འཁོར་ལོ་བདུག་རྫས་སོ༔ ལིང་ག་དག་ལ་མི་མཐུན་བདུག་པའི་རྫས༔ གུ་གུལ་་་སྔགས་མ་བཏབ་པ།ནག་པོ་་་དང་།ར་་་དང་།ལུག་ཐུག་པོའི་སྦྲེ༔་་་དང་། ཁྱི་ལུད་་་དང་།བྱ་བྲུན་ལ་སོགས་་་མི་གཙང་བའི།རྫས་རྣམས་དང༔ མཛེ་ཕོའི་ལྷམ་འབོབ་་་དང་།ཡུགས་ས་ཕོ་མོའི་དོར་རྟ་དང༔ མི་ཚིལ་་་དང་།མུ་ཟི་ནག་པོའི་དུ་བས་བདུག༔་་་གོ །འཁོར་ལོ་བྲི་ཐབས་དག་ལ་འདི་ལྟ་སྟེ༔ གདུག་པའི་རོ་རས་་་སམ།ཤིང་ཤུན་ལ༔ དུག་་་སྣ་དང་།ཁྲག་་་སྣ་དང་།ལྷ་དབྱེའི་རྫས་་་གོང་གི་བདུག་པའི་སྐབས།ཀྱིས་བྲིས༔་་་ཏེ། དེ་ཡང་།་་་བྱ་རོག་་་དང་།འུག་པའི་ལྟོ་བ་རུ༔ གྲུ་གསུམ་དགྲ་ཡི་ལིང་ག་་་ནང་དུ།གནས༔་་་པ་བྲི། མིང་རུས་ལ་སོགས་་་ལེའུ་བརྒྱད་པ་དང་བཅོ་ལྔ་པ།སྤྱི་དང་མཐུན༔ ཕྱིའི།་་་ཟླ་གམ་གསུམ་ལ་དགྲ་བོའི་མིང༔་་་གི་མཐར། ལྷ་ལྔ་སྤྱིར་དབྱེ་བའོ།་་་དྷེ་བ་ཨ་ཏྲག་རཀྴ་བྷི་ཏང་ཤ་ཡ༔ ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ དཀྲུགས་ཕྱེ་ཕྱེ༔ ཕོ་ལྷ།་་་དྷེ་བ་ཨ་པྲ་ཤག་ཕྱེ་ཕྱེ༔ སྲོག་ལྷ་དང་དབྱེ།་་་ཨ་ནཱ་ག་དུ་ནེ༔ དགྲ་ལྷ་འདི་ཡུལ་ལྷ་ཡིན་ཟེར་བའང་འདུག།་་་ཡུ་ཀ་ལ་ཏི་པ་ཙ་ཡ༔ འདི་དགྲ་ལྷ་ཡིན་ཟེར་བའང་འདུག།་་་ཡུལ་ལྷ།་་་ཤེ་མ་མ་དུ་ནེ༔ འདི་ཕོ་ལྷ་ཡིན་ཟེར་བའང་འདུག།་་་ཞང་ལྷ།་་་ཛྙཱ་རག་ཤ་དུ་ནེ༔ མ་ལྷ།་་་ན་རག་མོ་དུ་ནེ༔ ས་མ་ཡ་ཛཿཛ༔ བྷི་ཏང་ཤ་ཡ་ཆེ་གེ་མོ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ༔ པྲ་ཤག་ཕྱེ་ཕྱེ༔ ཡ་ཡཱ༔ ཆེ་གེ་མོ་དྷེ་བ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ ཅེས་པ་ཡིག་མགོ་ནང་དུ་བསྟན་པ་བྲི༔ དེའི་ཕྱི་མུ་ཁྱུད་་་ལ།ལྷ་ལྔའི་མིང༔ འདི་ལྟར་བྲིས་ཏེ།་་་དགྲ་བོ་ཆེ་གེ་མོ་སྲོག་ལྷ་དང་ཕྱེས་ཤིག༔ བྷི་ཏང་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ དེ་བཞིན་དུ་ཕོ་ལྷ་དང་ཕྱེས་ཤིག༔ བྷི་ཏང་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ མ་ལྷ་དང་ཕྱེས༴ བྷི་ཏང་ཤ་ཡ༴ ཡུལ་ལྷ༴ བྷི་ཏང༴ དགྲ་ལྷ་དང་ཕྱེས་ཤིག༔ བྷི་ཏང་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ དེའི་ཕྱི་རིམ་རྩིབས་བཅོ་བརྒྱད་དང༔ དྲེགས་པ་གཟིར་བའི་སྔགས་མཇུག་ཏུ༔ དགྲ་བོ་མགོན་སྐྱོབས་ལྷ་ལྔ་དང་ཕྱེ་ཞིག་་་ཞེས་སོགས།བྲི༔་་་དགོས་ཏེ། དཔེར་ན། དེ་ཡང་གཤིན་རྗེ་ལྟ་བུ་ལ༔ བཛྲ་སརྦ་དུཥྚཱཎ་ཡ་མ་ཏྲིག་ནན༔ སྙིང་གཟེར་རྦུད་ནན༔ ཡ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་ནན༔ ཡ་མ་ཡ་དགྲ་ལ་བྷྱོ་བྷྱོ༔ དགྲ་བོ་ཆེ་གེ་མོའི་མགོན་སྐྱོབ་ལྷ་ལྔ་དང་ཕྱེ་ཞིག༔ དྷེ་བ་ཨ་བྷི་ཏང་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ ཅེས་པ་ཀླུ་ཡི་བར་དུ་་་བཅུ་བདུན།འགྲེ་བར་ཤེས༔ རྩིབས་བར་དགྲ་བོ་ཆེ་གེ་མོ་མགོན་སྐྱོབ་ལྷ་ལྔ་དང་ཕྱེ་ཕྱེ་པྲ་ཤག་ཕཊ་ཕཊ༔ དྷེ་བ་ཨ་བྷི་ཏང་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ ཅེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ནྲྀ་ཏྲག་རག་ཤ་རུ་ཏྲ་ཆེ་གེ་མོ་མཱ་ར་ཡ་རྦད་ནན༔ པྲ་ཤག་ཕྱེ་ཕྱེ༔ མ་མ་ཏྲག་རག་ཤ་རུ་ཏྲ་མཱ་ར་ཡ་རྦད་ནན༔ པྲ་ཤག་ཕྱེ་ཕྱེ༔ ཡཾ་ཡཾ༔ ཡ་ཏྲི་དགྲ་བོ་མགོན་སྐྱོབ་ལྷ་ལྔ་དང་པྲ་ཤག་ཕྱེ་ཕྱེ༔ མཾ་མཾ་མ་ཏྲི་དགྲ་བོ་མགོན་སྐྱོབ་ལྷ་ལྔ་དང༴ རཱ་ཙ་སུ་རུ་སུ་རུ་དགྲ་བོ་མགོན་སྐྱོབ་ལྷ་ལྔ༴ ཏྲིའུ་ཏྲིའུ་དགྲ་བོ་མགོན་སྐྱོབ༴ ཁ་ཁ་འུར་འུར་དགྲ་བོ་མགོན་སྐྱོབ༴ ཏྲི་ས་ཤིག་ནི་ས་མ་ཡ་དགྲ་བོ་མགོན་སྐྱོབ༴ རག་ཤ་ནག་མོ་དགྲ་བོའི་མགོན་སྐྱོབ་ལྷ་ལྔ་དང་སི་ལི་ལི་པྲ་ཤག་ཕྱེ་ཕྱེ༔ བཛྲ་སརྦ་དུཥྚཱཎ་ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ སྙིང་གཟེར་རྦུད་ནན༔ ཨཱེཿཧུར་ཐུམས་ཛཿམཱ་ར་ཡ་རྦད་སོད་ནན༔ བཛྲ་སརྦ་དུཥྚཱཎ་ཨཱེཿསྭཱ་ཧཱ༔ ས་མ་ཡ༔ དགྲ་བོ་མགོན་སྐྱོབ་ལྷ་ལྔ་དང་བཅས་པ་ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ སྙིང་གཟེར་རྦུད་ནན༔ ཤ་ཏྲཱུཾ་སྲོག་རཾ་ནྲྀ་བཾ་ཆེ་གེ་མོ་ཤ་ཏྲཱུཾ་སྲོག་བཾ་ནྲྀ་རཾ་ཧུར་ཐུམས་འདྲེ་ཕྱུངས་ཨཱ་ཀར་ཤ་ཡ་ཛཿཛཿཆེ་གེ་མོ་མགོན་སྐྱོབ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕཊ་ཕཊ༔ ཕྱེ་ཕྱེ་ཕྱེ༔ ཨེ་ཡཾ་བཾ་རཾ་སུཾ༔ ཆེ་གེ་མོ་དྷེ་བ་ཨ་བྷི་ཏང་ཤ་ཡ་པྲ་ཤག་ཨུ་ཙ་ཏ་ཡ་ཕཊ་ཕཊ་ཕཊ༔ ཅེས་སོ༔ དེའི་ཕྱི་རིམ་ལ༔ ཛ་ཨ་ཕཊ་ནྲྀ་ཛ༔ ཅེས་པ་མང་དུ་བྲིའོ༔ དེ་ལྟར་ཨོག་་་རོག་དང་།འུག་་་པ།གཉིས་བྲིས་ཏེ༔ འུག་པ་་་ནི།མོ་འཁོར་་་ཏེ།སྔགས་མགོ་ནང༔་་་དུ་བསྟན་པ་བྲི། ཨོག་རོག་་་ནི།ཕོ་འཁོར་་་ཏེ།སྔགས་མགོ་ཕྱི༔་་་ལ་བསྟན་པ་བྲི། འུག་་་པའི་འཁོར་ལོ།ལ་ག་པུར་་་གུར་གུམ་ཅུ་གང་།གྲང་རྫས་བྱུགས༔ ཨོག་་་རོག་གི་འཁོར་ལོ།ལ་ཚ་བ་གསུམ་་་སྒ་པི་ཕོ་ད་བྱི་མོང་།ཡང་བྱུགས༔ བར་དུ་ལིང་རྐྱང་་་ནི་འཁོར་ལོའི།དཀྱིལ་གྱི་ལྟེར༔་་་བྲིས་པ་དེ་འདྲ་བ་ལ། ལིང་གའི་ཕྱི་རོལ་དུ་འཁོར་ལོའི།་་་ཟླ་གམ་གསུམ་གྱི་སྔགས་ཀྱིས་་་དེ་ཉིད།བསྐོར༔ གུ་གུལ་ནག་པོ་ལ་སོགས་པ༔ ལྷ་དབྱེའི་རྫས་་་གོང་དུ་བཤད་པ་དེ་རྣམས།དང་་་དགྲའི།དྲི་མ་དྲུག༔་་་གང་རྙེད་དང་། དམེ་ཁྲག་་་དང་།དུག་་་སྣ་དང་།ཁྲག་་་དང་།ལྡོང་རོས་་་རྣམས།བྱུགས༔ རག་ཤ་མུ་ཙུ་རུ་ལུ་བྷྱོ་དགྲ་བོ་མགོན་སྐྱོབ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ༔ བྱ་རོག་ཁ་ནས་ཟློས་པར་བྲི༔ ཁ་ལ་རག་ཤ་ཐུན་བྷྱོ༔ དགྲ་བོ་མགོན་སྐྱོབ་ལྷ་ལྔ་དང་ས་མ་ཡ་པྲ་ཤག་ཕྱེ་ཕྱེ༔ ཞེས་པ་འུག་པའི་ཁ་ནས་་་ཟློས་པ་བྲིས།སོ༔ དེ་ནས་་་ཡང་།འུག་པ་་་དང་།ཕོ་རོག་་་ལ་བྲིས་པ།ལྟར༔ བྲི་ཐབས་ཐམས་ཅད་གཅིག་པ་ལ༔ ཁྱད་པར།་་་ཕྱི་ལ་ཁྱབ་འཇུག་ཞལ་བཀོད་པ༔་་་འི་འཁོར་ལོ། གཉིས་བྲིས་་་གཉིས་ཀའི།སྔགས་མགོ་ཕྱི་རུ་བསྟན༔ ཨོག་་་རོག་གི།ནང་་་ངོས་ནས་དང་།འུག་པའི་་་ནང་།ངོས་ནས་ཨོག་འུག་བར་དུ་ལིང་རྐྱང་རེ་བལྟེམས་ཏེ་དགབ༔ མེ་ཆུའི་ཙཀྲ་་་ཆེ་བ།གཉིས་་་པོ།བྲིས་ཏེ༔ སྔགས་ཞབས་་་ཆེ་གེ་མོ།མགོན་སྐྱབས་ལྔ་དང་ཕྱེ་ཕྱེ༔ ཞེས་པས་བསྒྱུར༔ ཆུ་འཁོར།་་་གྲང་བ་ཨོག་་་རོག་གི་ཕྱི་ངོས།ལ་མེ་འཁོར།་་་ཚ་བ་འུག༔་་་པའི་ཕྱི་ངོས་ནས་སྤྲད། དེ་ལྟར་འཁོར་ལོ་་་རྣམས།བལྟེམས་་་པར།བྱས་ཏེ༔ དེ་ལྟར་ཆ་གསུམ་བཅས་པའི།་་་ཆ་གཅིག་་་ནི།རང་གནས་སྒྲུབ་ཁང་་་སྟེང་དུ་རླུང་ལ་འཕྱར།ལ༔ ཆ་གཅིག་དགྲ་མཐོང་བའི་རི་རྩེར་་་རླུང་ལ་འཕྱར་བ།གཅད༔་་་པ་ཡིན་ལ། གདགས་སྲིབ་་་སོ་སོར་སྐྱེས་པའི།ཕོ་མོའི་ཤིང་་་སྒྲུབ་ཁང་སྟེང་དང་རི་རྩེར་འཕྱར་བ་གཉིས་འཁོར་ལོ་རྣམས།ལ་བལྟེམ༔ འཁོར་ལོའི་ངོས་སུ།་་་བྱ་རོག་་་གི་སྒྲོ་དང་།འུག་པའི་སྒྲོ་ཡིས་བརྒྱན༔་་་ནས་རླུང་ལ་འཕྱར། དེ་ནི་སྐྱིན་ཐང་རླུང་གི་ལས༔་་་ཟབ་མོ་ཡིན་ནོ། །སྐབས་སུ་་་དྲེགས་པ་དང་ཁོའི་ལྷ་ལྔ་ལ།བསྟོད་བསྐུལ་་་བྱ་ཞིང་།ལིངྒ་་་ཀུན་ལ་ཐུན།བྲབ༔ དེ་ནས་ཨོག་་་རོག།འུག་་་པའི་འཁོར་ལོ།ཆ་གཅིག་ནི༔ གོང་ལྟར་བྲིས་ཏེ་འབྲུབ་ཁུང་ནང༔ གསད་པའི་ལིང་ག་་་འི་སྟེང་ནས།བལྟེམ་པར་བྱ༔ སྐབས་སུ་ཟློག་པ་་་ལ།བྲིས་་་པའི།སྔགས་་་དེ་ཉིད།བཟླས༔ གུ་གུལ་ར་དུག་ལ་སོགས་པ༔ ལྷ་དབྱེ་་་གོང་དུ་བཤད་པ།འི་རྫས་ཀྱིས་་་ལྷ་དབྱེའི་འཁོར་ལོ་དེ་རྣམས་ལ།ཐུན་ཡང་བྲབ༔ རང་ཉིད་་་ལ།དུ་བ་མི་འབྱུང་བར༔ ཕྱི་་་སྒྲུབ་ཁང་མིན་པའི།ལོགས་་་སུ།ལིང་ག་་་ལ།དུད་་་པའི།རྫས་་་ཀྱིས་ལིང་རྐྱང་ཀུན།བདུག༔ ཁོ་ཡི་མགོན་སྐྱོབ་་་ལྷ་ལ།གཏོར་མ་སྦྱིན༔ ཡེ་ཤེས་འཇིག་རྟེན་གང་ལ་ཡང༔ མ་གནས་་་དགྲ་བོ་ཆེ་གེ་མོ་ལ།མགོན་སྐྱོབ་མ་བྱེད་་་ཅེས་བཀའ་བསྒོ།བྱ༔ ཡེ་ཤེས་་་པ།གཤེགས་ལ་འཇིག་རྟེན་གཟིར༔ ཨོག་འུག་འཁོར་ལོའི།་་་མྱུ་ཁྱུད་ཕྱི་མའི་སྔགས་རྣམས་བཟླ༔ སྲོག་སེར་གཏད་ལ་སོགས་པ་ཡི༔ དྲག་པོའི་ལས་རྣམས་གང་བྱེད་ཀྱང༔ དགྲ་བོ་མགོན་སྐྱོབ་ལྷ་དབྱེ་་་འདི་བྱ་བ།གཅེས༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ དགྲ་བོ་ལྷ་དང་དབྱེ་བའི་ལེའུ་སྟེ་ང་གསུམ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ཕན་གནོད་ལས་ལ་བསམ་ཡས་ཀྱང༔ རྡོ་རྗེ་གཙུག་ལག་ཕྱག་ཆའི་སྐོར༔ གནམ་ལྕགས་རྔུར་མོ་ལ་སོགས་ཀུན༔ གནོད་བྱའི་གདམས་པ་མཐར་ཐུག་ཡིན༔ དྲག་སྔགས་བཀའ་ཡི་གསང་རྒྱུད་ཀུན༔ འདི་ལ་མ་བརྟེན་གང་ཡང་མེད༔ དེ་ཕྱིར་མན་ངག་སྙིང་པོའི་མཆོག༔ འདི་ནི་སྙིང་གི་མེ་ལོང་ཡིན༔ དེ་བས་སྙིང་ལ་བརྣག་པར་བྱ༔ མ་རུངས་གདུག་པ་གསད་པའི་ལས༔ འདོད་ཆགས་འབར་བའི་ངན་སྔགས་ལ༔ ཤིང་།་་་རྐང་གཅིག་སྡོང་པོ་གནོད་སྦྱིན་གནས༔ དེ་རུ་ཤ་ཁྲག་གཏོར་མ་དང༔ ཉམས་པའི་ལིང་ག་བྲིས་ནས་ནི༔ རང་ཉིད་ཡི་དམ་གསལ་བ་ཡིས༔ ཁྲོས་པས་དྲག་ཏུ་སྔགས་བཟླས་པས༔ ལས་མཁན་དངོས་སུ་མདུན་ལ་འོང༔ བདུན་ནམ་བཅུ་བཞི་ཉེར་གཅིག་བསྒྲུབ༔ འོད་དང་སྒྲ་དང་དུ་བ་འབྱུང༔ བརྡ་འོད་ཁང་པ་ཚག་པ་དང༔ རླུང་ནག་འཚུབ་མ་ཆེན་པོར་འོང༔ དེ་ལྟར་གྲུབ་རྟགས་བྱུང་བ་དང༔ ཐལ་ཆེན་བརྡལ་ཏེ་རྗེས་ཀྱང་བརྟག༔ རྗེས་བྱུང་གྲུབ་པས་གཏོར་མ་་་དགྲ་ཡུལ་དུ།བསྐྱལ༔ ཨེ་ཧི་ཨེ་ཧི་འདྲམ་འདྲམ༔ ཙིཏྟ་ཙིཏྟ༔ སུ་རུ་ཛ་སུ་རུ་ཛཿ རག་ཤ་ཛ་ལ༔ རུ་ཊ་རུ་ཊ༔ སྤུ་རུ་སྙིང་ཙིཏྟ་རྦད་རྦད༔ ཐུན་བྲབ་གོང་གི་རྟགས་བྱུང་ནས༔ ལིང་ག་དགྲ་བོའི་ཕྱོགས་སུ་མནན༔ ཅེས་སོ༔ མ་རུངས་གདུག་པ་གསད་པའི་ལས༔ གཏི་མུག་འབར་བའི་ངན་སྔགས་ལ༔ མཚོ་ནག་འཁྱིལ་བའི་རྔུར་འགྲམ་དུ༔ མི་ཡི་སྙིང་ལ་གཏོར་མ་བྱ༔ འབྲུབ་ཁུང་ལིང་ག་ལ་སོགས་བྲི༔ རང་ཉིད་ཡི་དམ་གསལ་བ་ཡི༔ མན་ངག་མན་ཏྲ་བཟླས་པ་ན༔ རང་རང་རེངས་ལྐུགས་མྱོས་པ་དང༔ ཁ་ཡི་ནང་དུ་འབྲུམ་བུ་འབྱུང༔ དེ་ནི་གྲུབ་པའི་རྟགས་ཡིན་ནོ༔ ལིང་ག་དོན་པོའི་ཕུགས་སུ་མནན༔ ཧཾ་ཧཾ་ཧྲུལ་ཧྲུལ་ཙིཏྟ་ཙིཏྟ༔ འབར་འབར་ཛ་ལ་རྦད་རྦད༔ ཐུན་བྲབ་ལིང་གཏོར་དགྲ་ཕྱོགས་མནན༔ བདུན་གསུམ་ཉི་ཤུ་རྩ་གཅིག་འགྲུབ༔ ཅེས་སོ༔ མ་རུངས་གདུག་པ་གསད་པའི་ལས༔ ཞེ་སྡང་འབར་བའི་ངན་སྔགས་ལ༔ བྲག་ནག་བདུད་པོ་གནས་པའི་སར༔ ཤ་ཁྲག་གཏོར་མ་འབྲུབ་ཁུང་ལིང་ག་བཅའ༔ རང་ཉིད་ཡི་དམ་གསལ་བ་ཡིས༔ དྲག་སྔགས་གདུག་པ་རྔམ་པས་བཟླ༔ ཐལ་ཆེན་རྒྱས་གདབ་རྗེས་བྱུང་ནས༔ ལིང་ག་དགྲ་བོའི་ཕྱོགས་སུ་མནན༔ ཉེར་གཅིག་ཞག་གིས་འགྲུབ་པར་ངེས༔ ཞེས་སོ༔ འདོད་ཆགས་མ་མོ་གཏི་མུག་གཤིན་རྗེ་ལ༔ ཞེ་སྡང་གནོད་སྦྱིན་གདུག་པའི་ལས༔ དུག་གསུམ་གཤེད་དུ་དབབ་པའི་མན་ངག་གོ༔ མ་རུངས་གདུགས་པ་གསད་པའི་ལས༔ དགྲ་བོ་སྐྱེས་པ་ཕུང་བྱེད་ན༔ རབས་ཆད་རྟ་ཡི་ཐོད་པ་རུ༔ སྐྱེས་པ་ཕོ་ཡི་ལིང་ག་བྲུབ༔ ཉེར་གཅིག་ཞག་ཏུ་བསྒྲུབས་བྱས་ལ༔ གཏོར་མ་བྱིན་ཏེ་དགྲ་ཡུལ་གྱི༔ གོང་གསུམ་གཉའ་རི་ལ་མནན་ན༔ སྐྱེས་པ་རབས་རྒྱུད་ཆད་པར་བྱེད༔ སྐར་མ་བིའུ་རྫི་དག་ལ་མནན༔ བཙན་དང་ཕུང་སྲིས་སྐྱེ་རྒྱུད་གཅོད༔ ཨཱོྃ་རྗེ་ཁྲམ་ཏ་ཁྲམ་ཝ་ཁྲམ་ཆེ་གེ་མོ་ལ་རྦད་རྦད༔ ཅེས་སོ༔ མ་རུངས་གདུག་པ་གསད་པའི་ལས༔ དགྲ་བོ་མོ་རྒྱུད་རབས་གཅད་ན༔ ཕག་གི་ཐོད་པར་མོ་རིགས་ལིང་ག་བྲུབ༔ ཉེར་གཅིག་སྒྲུབ་ཅིང་གཏོར་མ་སྦྱིན༔ ཡུལ་དེའི་ལུང་གསུམ་མདོ་རུ་མནན༔ ནཱ་ག་དུམ་བུ་རྦད་ཧུ་ཡ༔ ལིང་ག་སྦལ་པའི་གསོབ་ཏུ་དྲིལ༔ ཕག་ཐོད་ནང་དུ་བཅུག་ལ་མནན༔ སྐར་མ་ཁྲུམས་སྨད་ལ་མནན་ནོ༔ ཞེས་སོ༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ དགྲ་ཡུལ་ཆུ་མིག་སྐམ་བྱེད་ན༔ ཁྱི་ལུད་གླ་རྩིའི་ཆུ་ལ་ནི༔ སྔགས་འདི་འབུམ་ཕྲག་གསུམ་གྱིས་འགྲུབ༔ རྫས་ཀྱི་ཆུ་དེ་ཆུ་མིག་ཏུ།་་་བླུག་གམ་ཆུ་མིག་ནང་དུ་རྫས་་་ཀྱི།ཐུམ་བུ་སྦའོ༔ ཧེ་ཧེ་དུམ་བུ་ཧུ་ཡ་ནཱ་ག་དུང༔ ཞེས་སོ༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ རྨིག་ཟླུམ་གསད་པ་འདི་ལྟ་སྟེ༔ རྟ་ཡི་གློ་བ་་་དང་།ཁྲག་ལ་བཟླས༔ ཐུམ་བུ་རྟ་ཡི་བྲེས་ཉིད་དམ༔ ར་བའི་ཁང་རྨང་དག་ཏུ་སྦ༔ ཨཱོྃ་བྲེས་འདི་བུས་ཐུམས་སུ་གྷྲི་ན་དུར་གྲི་ད་དུར་འཛིངས་རྦད༔ འབུམ་ཚོ་གསུམ་གྱིས་འགྲུབ་པ་ཡིན༔ ཅེས་སོ༔ མ་རུངས་གདུག་པ་འདུལ་བའི་ཕྱིར༔ དགྲ་བོའི་རྨིག་པ་ཁ་དབྲག་ཅན༔་་་གསོད་པར་འདོད་ན། ར་་་དང་།ཁྱི་་་དང་།མེན་དང་གནག་གི་གློ་བ་རྩོ༔ འབུམ་ཚོ་གསུམ་གྱིས་གནག་ལ་བྲབ༔ ཕྱུགས་ཀྱི།་་་གདང་དུ་ཡང་ནི་གཏོར་བར་བྱ༔ དེ་ཡིས་གནག་རྣམས་འཆི་བ་ཡིན༔ ཨཱོྃ་ངར་ཐུམས་ངར་བྱེར་རྦད༔ ཅེས་སོ༔ ར་ཁྲག་ར་ཡི་གློ་བ་དང༔ ལུག་ཁྲག་ལུག་གི་གློ་བ་རྩོ༔ ཐུམ་པོར་སྦས་པས་ར་ལུག་གསོད༔ ར་རྭ་ལུག་རྭ་དག་ཏུ་གཏོར༔ ར་ལུག་ལ་ཡང་གཏོར་བར་བྱའོ༔ སྔགས་ནི་འབུམ་ཚོ་གསུམ་གྱིས་འགྲུབ༔ རྦད་ཐུམས་ཙི་ཏྲི་མཱ་ར་ན་གྲམ་ཐུམས་ཐུམས༔ ར་ལུག་གསད་པ་དེས་བྱ་འོ༔ ཅེས་སོ༔ གནག་ལ་སྐར་མ་བིའུ་རྫི་སྟེ༔ ལུག་ལ་སྦོ་ཡིན་ར་ཡང་དེ་བཞིན་ནོ༔ དེ་ཡིས་དགྲ་བོའི་ཕྱུགས་ཀྱང་བརླག༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ལས་ཐོར་བུ་བསྟན་པའི་ལེའུ་སྟེ་ང་བཞི་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ཕན་གནོད་ལས་ལ་བསམ་ཡས་ཀྱང༔ རྒྱལ་བའི་ཕྲིན་ལས་རྣམ་བཞིར་བཅས༔ དེ་ཡང་ཞི་རྒྱས་དབང་དྲག་རྣམ་པ་བཞི༔ དྲག་པོའི་ལས་ནི་སྲོག་་་དང་།སེར་་་བ།གཏད་དང་ཐོག༔་་་དང་། ཆོ་འཕྲུལ་ལ་སོགས་གནོད་བྱའི་རིམ་པ་སྟེ༔ ཞིབ་ཏུ་གོང་དུ་བསྟན་པ་དེ་རྣམས་ཡིན༔ ཞི་རྒྱས་དབང་གསུམ་རིམ་པས་བསྟན་པ་ནི༔ འདི་ལ་རྫས་སྔགས་ཏིང་འཛིན་རྣམ་པ་གསུམ༔ རྫས་ནི་རབ་དངུལ་་་ཞི་བ།གསེར་་་རྒྱས་པ།དང་ཟངས༔་་་དབང་། དབྱིབས་ནི།་་་ཟླུམ་པོ་་་ཞི་བ།གྲུ་བཞི་་་རྒྱས་པ།ཟླ་གམ༔་་་དབང་། འབྲིང་ནི་དཔག་བསམ་ཤིང་ལ་རྩི་ཡིས་བྱུག༔ ཐ་མ་རྫ་ཡི་ག་འུ་ཞི་རྒྱས་དབང༔ དཀར་སེར་དམར་པོའི་ནང་དུ་ནི༔ རྩི་སྨན་ལ་སོགས་དྲི་བཟང་བྱུག༔ དེ་རྣམས་ཞི་བ་ཤར་ལ་རྒྱས་པ་ལྷོ༔ དབང་ནི་ནུབ་ཏུ་བསྒྲུབ་པར་བྱའོ༔ རང་རང་ཁ་དོག་མཐུན་པ་ཡི༔ དར་སྣ་རྣམས་ཀྱིས་ཙཀྲ་དྲིལ༔ དེ་ཉིད་ག་འུ་གཙང་མར་བསྩལ༔ སྐྱེད་བཟླས་ཏིང་འཛིན་འཕྲོ་འདུ་བྱའོ༔ དེ་ནས་འཁོར་ལོ་བྲི་བའི་རིམ་པ་ནི༔ འདི་གསུམ་ཕན་པར་བྱ་བའི་ལས་ཡིན་ཏེ༔ ཕན་གནོད་རྫས་དང་བྲི་དུས་ལ་སོགས་པ༔ ལེའུ་བརྒྱད་པའི་ནང་བཞིན་འདི་རུ་ཤེས༔ ཀ་ནི་བཅའ་དུས་བཀྲ་ཤིས་བྱིན་རླབས་ཅན༔ དཀར་པོའི་རྫས་ཀུན་འདི་རུ་ཤིས་པ་ཡིན༔ དེ་ནས་་་སོ་སོའི།ལས་གསུམ་འཁོར་ལོ་བྲི་བ་ནི༔ དང་པོ་ནད་གདོན་ཞི་བའི་འཁོར་ལོ་ནི༔ དངུལ་གྱི་ཟ་མ་ཏོག་ནང་ཟླུམ་པོ་རུ༔ མཐོ་གང་བ་ཡི་གཞི་མ་ལ༔ མུ་ཁྱུད་བརྒྱད་པ་བསྐོར་བྱས་ལ༔ ལྟེ་བ་ཟླུམ་ནང་ཉི་ཟླ་པདྨའི་སྟེང༔ རང་ཉིད་རྡོ་རྗེ་འཆང་སྐུ་ཡབ་ཡུམ་ནི༔ གཉིས་མེད་ལྷུན་སྦྱོར་ཞི་བ་དཀར༔ སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་པས་བརྒྱན༔ ཡབ་ནི་གཡས་གཡོན་རྡོ་རྗེ་ཐོད་ཁྲག་གསོལ༔ ཡུམ་ནི་གཡས་གཡོན་དྲིལ་བུ་ཐོད་ཁྲག་སྟོབ༔ ཐུགས་ཀར་ཡབ་ཡུམ་ཧཱུྃ་ཧཱུྃ་བྲི༔ སྐུ་གསུང་ཐུགས་ལ་ཡིག་འབྲུ་གསུམ༔ ཨཱོྃ་ཨཱཿཧཱུྃ༔ དབུ་ལ་ཡེ་ཤེས་ལྔ་ཡིས་བརྒྱན༔ ཧཱུྃ་ཨཱོྃ་སྭཱ་ཨཱཾཿཧཱ༔ སྐུ་གཟུགས་དེ་མཐར་ཨཱོྃ་ཨཱཿཧཱུྃ་གསུམ་གྱི་ཞབས༔ ཡི་དམ་གང་ཡིན་སྙིང་པོ་འམ༔ རིགས་གསུམ་མགོན་པོའི་སྙིང་པོའི་ཞབས༔ འདོད་དོན་སྲུང་བ་འདི་ལྟར་བྲི༔ ན་མོཿརཏྣ་ཏྲ་ཡཱ་ཡ༔ ཏདྱ་ཐཱ༔ ཨཱོྃ་བདག་འཆང་བ་པོ་ཆེ་གེ་མོའི་མི་ནོར་ཟས་གསུམ་ལ༔ དགྲ་བགེགས་ནད་གདོན་འབྱུང་པོ་སརྦ་སྲུངས་ཤིག་རཀྵ༔ དགྲ་བགེགས་ནད་གདོན་སརྦ་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་བཅུ་དྲུག་བྲི་བར་བྱ༔ ཨ་ཨཱ་ལ་སོགས་ལེའུ་བཅུ་པ་ལྟར་རོ༔ དེའི་ཕྱི་རྩིབས་བཅུ་ཁྲོ་བོ་བཅུ༔ སྔགས་རྣམས་ཀ་ནིའི་བུམ་པའི་ནང༔ བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཀ་ར་ལ་སོགས༔ ལེའུ་ཞེ་དྲུག་པ་བཞིན་དགོད༔ སྔགས་ཞབས་འདོད་དོན་གོང་ལྟར་བལྟེམ༔ རྩིབས་བར་གཡོན་ངོས་ཕྱོགས་སྐྱོང་བཅུ༔ རིམ་པས་དགོད་དེ་་་ཨིནྡྲ་ཡེ་བདག་ལ་རཀྵ་སྭཱ་ཧཱ་དེས་འགྲེ་བར་བྱའོ།རྩིབས་བར་དགྲ་བགེགས་ནད་གདོན་སརྦ་རཀྵ་སྭཱ་ཧཱ་བྲིའོ།འདོད་དོན་བལྟེམ༔ དེ་འི་ཕྱི་རྩིབས་བཅོ་བརྒྱད་ལ༔ བཛྲ་སརྦ་དུཥྚཱཎ་ས་མ་ཡ༔ ཞེས་པ་ལ་འདོད་དོན་ཤམ་བུ་གདགས༔ དེས་འགྲེ་ཀླུ་ཡི་བར་དུ་དགོད༔ དེའི་ཕྱི་མུ་ཁྱུད་དྲེགས་པ་དབབ༔ ཨཱོྃ་བཛྲ་སརྦ་དུཥྚཱཎ་ཏྲིག་ནན་ཨཱེཿཧུར་ཐུམས་ཛ༔་་་དེའི་ཞབས་ལ། ཨཱ་ཀར་ཤ་ཡ་ཛ་ཛཿཧྲིཾ་ཧྲིཾ༔་་་འདི་ཡི་སྐབས་བཟླས་པ་ཡང་བྱའོ། །ཅེས་པའི་སོ་ལ་འདོད་དོན་གང་ཡོད་སྦྱར༔ ཀླད་དུ་ཆེ་བ་རྒྱལ་པོའི་སྔགས་རྣམས་དང༔ ཨེ་ཀ་ཡ་མ་ལ་སོགས་ཡེ་ཤེས་པ་གོང་ལྟར་དང༔ ལེའུ་ཞེ་ལྔ་པ་ལྟར་ཀུན་འགྲུབ་ཀྱི༔ སྔགས་རྣམས་འདོད་དོན་བསྲུང་བར་བྱ༔ ཀ་ཀཾ་དྷ་ཡ་ལ་སོགས་བྲི་བར་བྱ༔ དེའི་ཕྱི་རིམ་ཀཱ་ལི་སུམ་ཅུ་དང༔ རྟེན་འབྲེལ་སྙིང་པོ་བྲི་བར་བྱ༔ དེའི་ཕྱི་རིམ་རྡོ་རྗེ་མེ་རིས་བསྐོར༔ དེ་ཕྱི་སྲུང་བྱེད་ཞི་བ་ཡི༔ རྡོ་རྗེ་འཆང་དང་ཁྱབ་འཇུག་དགོད༔ དེ་ཡང་ཙཀྲ་ཆ་གསུམ་བྲིས་པ་ཡི༔ ཐམས་ཅད་གོང་ལྟར་འདྲ་བ་ལ༔ གཅིག་ནི་སྔགས་མགོ་ཕྱི་རུ་བསྟན༔ ཡབ་ཉིད་རྒྱལ་བ་རྡོ་རྗེ་འཆང་གི་ལྟོ་བར་བྲི༔ སྔགས་མགོ་ནང་བསྟན་ཀུན་ཏུ་བཟང༔ གཅིག་ནི་སྔགས་མགོ་ཕྱིར་བསྟན་ཁྱབ་འཇུག་ཞལ༔ དཀར་པོ་རྡོ་རྗེ་རཏྣ་ཐོགས་པ་བྲི༔ དེ་ནས་བསྲུང་བྱའི་རཱུ་པ་སོར་གསུམ་པ༔ ཤོག་གུ་ལ་བྲི་གོང་ལྟར་ཙཀྲ་ཡི༔ ལྟེ་བ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་དག་དང་མཚུངས༔ རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི༔ དེ་ཉིད་ཁྱབ་འཇུག་ལྟོ་བར་སྦྱར༔ དེ་ཉིད་རྒྱལ་བ་ཡབ་ཡུམ་་་གྱི་ཙཀྲའི།བར་དུ་བལྟེམ༔ ཙཀྲའི་དབུས་སུ་བསྲུང་བྱ་ལ༔ རང་གི་སྐྲ་གོས་དྲི་མ་གླན༔ འཁོར་ལོ་སྔགས་སོགས་ཐམས་ཅད་ལ༔ རནྟ་ལྔ་དང་རྩི་སྨན་སོགས༔ བཀྲ་ཤིས་བྱིན་རླབས་ཅན་རྫས་བྱུགས༔ དྲི་བཟང་སྤོས་སྣ་ཚོགས་པས་བདུག༔ འཁོར་ལོའི་སྔགས་ཀུན་བརྒྱ་སྟོང་བཟླ༔ རྟེན་འབྲེལ་སྙིང་པོས་མེ་ཏོག་འཐོར༔ ཚིགས་སུ་བཅད་པས་བཀྲ་ཤིས་བརྗོད༔ ལྷ་ཀུན་རང་སྔགས་དག་ལས་སྐྱེད༔ དམ་ཚིག་སྐྱེད་དང་ཡེ་ཤེས་བསྟིམ༔ སྤྱན་དྲངས་བཞུགས་གསོལ་ལ་སོགས་པ༔ ཀ་ནི་རབ་གནས་བྱ་བའི་དུས༔ ལེའུ་ཞེ་དགུ་པ་བཞིན་བྱ༔ དྲེགས་པ་བཅོ་བརྒྱད་སྔགས་ཡིག་སྐྱེད༔ ནད་གདོན་བསྲུང་བའི་ཕྲིན་ལས་བཅོལ༔ ཆ་གཅིག་གང་བསྲུང་མགུལ་དུ་གདགས༔ ཆ་གཅིག་རིན་ཆེན་་་དངུལ་གྱི།ཟ་མ་ཏོག༔ ནང་དུ་བསྩལ་ཏེ་ཤར་ངོས་གཞུག༔ ཡར་ངོ་གཟའ་སྐར་བཟང་པོ་ལ༔ རབ་གནས་ཆོ་ག་ལེགས་པར་བྱས༔ སྐྱེད་རིམ་མཆོད་བསྟོད་ཏིང་འཛིན་སྤྲོ༔་་་ལ་སོགས་ཨཱོྃ་ཨཱཿཧཱུྃ་དེ་ཞབས་ཡི་དམ་སྙིང་པོ་དང་། མུ་ཁྱུད་ཕྱི་མའི་བར་དུ་དུཥྚཱཎ་གྱི་སྔགས་བརྒྱ་བརྒྱའམ་ཉེར་གཅིག་རེས་སྤྲོ་བསྡུ་བྱའོ། །རཏྣ་ལྔ་དང་འབྲུ་་་འི་སྤོས་དང་།ཐུན་བྲབ༔ སྤྱན་དྲངས་བཞུགས་གསོལ་ལ་སོགས་པ་ཀ་ནི་རབ་ཏུ་གནས་པའི་དུས་དང་འདྲའོ། ཁྱད་པར་རཱ་ཧུ་ལས་གཙོར་བྱས་དྲེགས་པ་བཅོ་བརྒྱད་ཀྱིས། དགྲ་བགེགས་ཞི་བའི་ཕྲིན་ལས་བཅོལ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཡིས༔ འདོད་དོན་སྲུང་བའི་ལས་རྣམས་ཐམས་ཅད་ཀུན༔ མ་ཐོགས་མྱུར་དུ་སྒྲུབ་པར་བསམ༔ དེ་ཡིས་རྣལ་འབྱོར་དོན་ལྡན་ནི༔ བསམ་པ་ཡིད་བཞིན་འགྲུབ་པ་ཡིན༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཕྲིན་ལས་རྣམ་པ་བཞི་སྟོན་པ་སྟེ༔ ཞི་བའི་ལས་ཀྱི་དགྲ་བགེགས་ནད་གདོན་ཐམས་ཅད་སྲུང་བའི་ལེའུ་སྟེ་ང་ལྔ་པའོ༔ སྟོབས་ལྡན་དཔའ་པོས་ཡང་གསུངས་པ༔ དུས་མཐའི་འགྲོ་བ་ཉོན་མོངས་དབུལ་བ་དང༔ རྣལ་འབྱོར་སྒྲུབ་པ་པོ་ཡི་དོན་ཆེད་དུ༔ མཆོག་ཐུན་དངོས་གྲུབ་འབྱུང་བ་རྒྱས་པའི་ལས༔ རིན་ཆེན་གཏེར་མཛོད་ལྟ་བུ་བདག་གིས་བཤད༔ དེ་ལ་རྫས་སྔགས་ཏིང་འཛིན་རྣམ་པ་གསུམ༔ རྫས་ནི་རིན་ཆེན་གསེར་གྱི་ཟ་མ་ཏོག༔ ནང་ནི་གྲུ་བཞི་ལེགས་པར་བྱ༔ བྲི་བའི་དུས་དང་གཞི་གོང་བཞིན༔ སྣག་ཚ་བཀྲ་ཤིས་བྱིན་རླབས་ཅན༔ རྒྱས་པའི་རང་བཞིན་དར་སེར་ལ༔ མུ་ཁྱུད་རིམ་པ་བརྒྱད་དུ་བསྐོར༔ ལྟེ་བ་རྒྱས་པ་གྲུ་བཞིའི་ནང༔ ཉི་ཟླ་པད་སྟེང་ཚེ་དཔག་མེད༔ ཡབ་ཡུམ་དམར་སེར་་་ལོངས་སྤྱོད་རྫོགས་སྐུའི།རྒྱན་དང་ལྡན༔ ཡབ་ནི་གཡས་གཡོན་རཏྣ་བུམ༔ ཡུམ་ནི་ལྕགས་ཀྱུ་བུམ་པ་འོ༔ ཐུགས་ཀར་རང་སྲོག་ནྲྀ་ཨཱཿཧྲཱིཿབྷྲཱུྃ་ཛ༔ ནྲྀ་དབུས་་་ཨ་ནྲྀ་བྷྲཱུྃ་ཛཿ།ཡིག་བཞིས་མཐའ་མར་བསྐོར༔ སྐུ་གཟུགས་་་སྐུ་གསུང་ཐུགས་ལ་ཨཱོྃ་ཨཱཿཧཱུྃ་དང་དབུ་ལ་ཧཱུྃ་ཨཱོྃ་སྭཱ་ཨཱཾཿཧཱ་ལྔ་དབང་བསྐུར་བ་སོགས་ཞི་བའི་སྐབས་ལྟར་རོ།ཐ་མར་ཨཱོྃ་ཨཱཿཧཱུྃ༔ དེ་ཞབས་ཡི་དམ་སྙིང་པོའི་ཞབས༔ ཚེ་དཔག་མེད་པའི་སྙིང་པོས་བསྐོར༔ ཨཱོྃ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཛཿཨཱ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཏེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨཱོྃ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཛྙཱ་ན་སརྦ་སིདྡྷི་ཨ་པ་རི་མི་ཏ་ཨཱ་ཡུ་ཤེ༔ སརྦ་སཾསྐཱ་རི༔ པ་རི་ཤུདྡྷེ་དྷརྨ་ཏེ༔ ག་ག་ན་ས་མུཏྒ་ཏེ༔ སྭ་བྷཱ་བ་བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་བཱ་ར་ཡེ་སྭཱ་ཧཱ༔ བདག་ཆེ་གེ་མོའི་ཚེ་དང་བསོད་ནམས་སྲིད་དང་ལོངས་སྤྱོད་ཡེ་ཤེས་སརྦ་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འདོད་དོན་དང་བཅས་པ་བྲིའོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་བཅུ་དྲུག་འདོད་དོན་ཅན་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ གནོད་སྦྱིན་ནོར་བདག་ཡབ་ཡུམ་སྔགས༔ ཨཱོྃ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ༔ དེ་ལ་འདོད་དོན་གདགས༔ ཡུམ་ནོར་རྒྱུན་མའི༔ ཨཱོྃ་བ་སུ་དྷཱ་རི་ཎྱཻ་དྷ་ནཾ་མེ་དྷི་ཧྲཱིཿསྭཱ་ཧཱ༔ འདོད་དོན་གདགས་སོ༔ དེ་ཡི་ཕྱི་རིམ་པད་འདབ་བརྒྱད༔ ནོར་བདག་བརྒྱད་ཀྱི་སྙིང་པོ་ནི༔ རང་མདུན་ལྷོ་རུ་ནོར་བུ་བཟང་དང་ཟླ་འོད་མ༔ ཨཱོྃ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ༔ ཡབ་བོ༔ ཨཱོྃ་ཙནྡྲ་ཀཱནྟ་ཡཻ་སྭཱ་ཧཱ༔ ཡུམ་མོ༔ ཨཱོྃ་པཱུར་ཎ་བྷ་དྲཱ་ཡ་སྭཱ་ཧཱ༔ ཡབ་གང་བ་བཟང་པོ་འོ༔ ཨཱོྃ་དཏྟཱ་ཡཻ་སྭཱ་ཧཱ༔ ཡུམ་སྦྱིན་པ་མོ་འོ༔ ཨཱོྃ་དྷ་ན་དཱ་ཡ་སྭཱ་ཧཱ༔ ཡབ་ནོར་སྦྱིན་པ་འོ༔ ཨཱོྃ་སུ་དཏ་ཏཱ་ཡཻ་སྭཱ་ཧཱ༔ ཡུམ་རབ་སྦྱིན་མའོ༔ ཨཱོྃ་བཻ་ཤྲཱ་བ་ཎཱ་ཡ་སྭཱ་ཧཱ༔ ཡབ་རྣམ་ཐོས༔ ཨཱོྃ་ཨཱརྻཱ་ཡཻ་སྭཱ་ཧཱ༔ ཡུམ་འཕགས་མའོ༔ ཨཱོྃ་ཀི་ལི་མཱི་ལི་ནི་སྭཱ་ཧཱ༔ ཡབ་བཞད་ཕྲེང༔ ཨཱོྃ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ༔ ཡུམ་རབ་བཟང་མའོ༔ ཨཱོྃ་ཙི་པི་ཀུཎྜ་ལཱི་ནི་སྭཱ་ཧཱ༔ ཡབ་འཇམ་པོ་འཁྱིལ་བ༔ ཨཱོྃ་གུཔ་ཏཱ་ཡཻ་སྭཱ་ཧཱ༔ ཡུམ་སྦས་མའོ༔ ཨཱོྃ་མུ་ཁེན་དྲཱ་ཡ་སྭཱ་ཧཱ༔ ཡབ་སྒོའི་དབང་པོ༔ ཨཱོྃ་དེ་བྱི་སྭཱ་ཧཱ༔ ཡུམ་ལྷ་མོའོ༔ ཨཱོྃ་ཙ་རེན་དྲཱ་ཡ་སྭཱ་ཧཱ༔ ཡབ་སྤྱོད་པའི་དབང་པོ༔ ཨཱོྃ་ས་ར་སྭ་ཏྱཻ་སྭཱ་ཧཱ༔ ཡུམ་དབྱངས་ཅན་མའོ༔ ཞེས་པ་གནོད་སྦྱིན་ནོར་བདག་བརྒྱད༔ ཡབ་ཡུམ་འདོད་དོན་བཅས་པ་བྲི༔ དེ་ཡི་པད་མཆན་བརྒྱད་པོ་ལ༔ རྒྱས་བྱེད་པུཥྚིཾ་ཀུ་རུ་རཏྣ་སིདྡྷི་སིདྡྷི༔ མ་ཧཱ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཛཿཛ༔ ཅེས་བྲི༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ དྲེགས་པ་བཅོ་བརྒྱད་སྔགས་ཞབས་ལ༔ གོང་གི་འདོད་དོན་བཅས་པ་བྲི༔ བཛྲ་སརྦ་དུཥྚཱཎ༔ ཡ་མ་ཏྲིག་ནན༔ དེ་ལ་གོང་གི་འདོད་དོན་གདགས༔ ཀླུ་ཡི་བར་དུ་དེས་འགྲེའོ༔ དེའི་ཕྱི་མུ་ཁྱུད་ལ་དྲེགས་པ་རྣམས༔ ཨཱོྃ་བཛྲ་སརྦ་དུཥྚཱཎ་ཏྲིག་ནན༔ ཨཱེཿཧུར་ཐུམས་ཛ༔ ཨཱ་ཀར་ཤ་ཡ་ཛཿཛཿཧྲིཾ༔ ཞེས་འདོད་དོན་བཅས་པ་བྲི༔ དེ་ཡི་ཞབས་ལ་ལས་ཀུན་འགྲུབ་སྔགས༔ལ། རྒྱས་པའི་འདོད་དོན་བཅས་པ་བྲི༔ དེའི་ཕྱི་མུ་ཁྱུད་ཀཱ་ལི་སུམ་ཅུ་དང༔ རྟེན་འབྲེལ་སྙིང་པོ་འདོད་དོན་བཅས་པ་བྲི༔ དེའི་ཕྱི་རིན་ཆེན་འབར་བ་དང༔ རྡོ་རྗེས་རབ་ཏུ་གཏམས་པ་བྲི༔ དེའི་ཕྱི་ལྷ་ཞལ་རྣམ་པ་གསུམ༔ སྔགས་མགོ་ཕྱིར་བསྟན་ཚེ་དཔག་མེད༔ ཡབ་ནི་སྐུ་མདོག་དང་ཕྱག་མཚན་དབུས་དང་འདྲ་བ་འོ༔ ཡུམ་ནི་ཡིག་མགོ་ནང་དུ་བསྟན༔ རྒྱན་དང་ཆ་ལུགས་དབུས་དང་འདྲ༔ རཱ་ཧུ་ལ་ནི་ཡིག་མགོ་ཕྱི༔ སྐུ་མདོག་སེར་པོ་ཞི་བའི་ཞལ༔ རཏྣ་བུམ་པ་བསྣམས་པ་འོ༔ རང་གི་རཱུ་པ་དཀྱིལ་བྲིས་བཞིན༔ སོར་བཞི་པ་ཡི་ཚད་དུ་བྲི༔ རང་ཉིད་ཡི་དམ་སྙིང་པོ་དང༔ ཚེ་དཔག་མེད་པའི་སྙིང་པོས་བསྐོར༔ རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲི༔ རཱ་ཧུ་ལ་དང་ལྟོ་སྦྱར་བ༔ རང་གི་སྐྲ་དང་དྲི་མ་དང༔ རཏྣ་ལྔ་དང་འབྲུ་སྣ་ལྔ༔ རྩི་སྨན་སྣ་ཚོགས་བཏབ་བྱས་ཏེ༔ བཀྲ་ཤིས་བྱིན་རླབས་ཅན་རྣམས་བླུགས༔ དེའི་ཕྱི་མགོན་པོ་ཚེ་དཔག་མེད༔ ཡབ་ཡུམ་བལྟེམ་པར་བྱ་བ་སྟེ༔ ཐམས་ཅད་གོང་ལྟར་རཏྣ་སྤོས༔ སྨན་རིགས་དྲི་བཟང་བྱུགས་པར་བྱའོ༔ དར་སེར་དྲི་བཟང་ཟ་མ་ཏོག༔ ལེགས་ཤིང་འགྲིགས་པའི་ནང་དུ་གཞུག༔ རང་རང་སྔགས་ཀྱིས་ལྷའི་སྐུར་སྐྱེད༔ ཡེ་ཤེས་བསྐྱེད་བསྟིམ་སྐུ་གསུང་ཐུགས༔ ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས༔ ཨཱོྃ་ཨཱཿཧཱུྃ༔ ཡེ་ཤེས་ལྔ་ཡི་དབང་ཡང་བསྐུར༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ༔ སྤྱན་དྲངས་བཞུགས་དང་ཕྱག་འཚལ་དང༔ མཆོད་དང་བསྟོད་པ་ལ་སོགས་བྱ༔ དེ་ཡང་ཞི་བ་ཉིད་དང་མཚུངས༔ རབ་གནས་མངའ་གསོལ་བཀྲ་ཤིས་བརྗོད༔ ཆ་གཅིག་རང་གི་ལུས་ལ་བཅང༔ ཚེ་སྲོག་སྲིད་དང་ལོངས་སྤྱོད་རྒྱས༔ ཆ་གཅིག་ཟ་མ་ཏོག་གྲུ་བཞི༔ སེར་པོའི་ནང་རྩར་རང་གི་ལྷོར༔ དེ་བཞུགས་སྐབས་སུ་ཡར་ངོའི་དུས༔ ཡི་དམ་ཞབས་ལ་ཚེ་དཔག་མེད༔ དེ་ཞབས་ཛཾ་ལྷ་ཡབ་ཡུམ་གདགས༔ དེ་ཞབས་དྲེགས་པ་སྦམས་ཏེ་བཟླ༔ འདོད་དོན་གདགས་ཏེ་འཕྲོ་འདུ་བྱ༔ ཡེ་ཤེས་འཇིག་རྟེན་སརྦ་ཡིས༔ རྒྱས་པའི་འདོད་དོན་ལས་བྱེད་བསམ༔ རཏྣ་འབྲུ་ཡིས་ཐུན་ཡང་བྲབ༔ དེ་ཡིས་ཚེ་སྲོག་ལོངས་སྤྱོད་དང༔ ཡེ་ཤེས་རྒྱས་པར་ཐེ་ཚོམ་མེད༔ ཅེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཕྲིན་ལས་རྒྱས་པའི་ལས་བསྟན་པའི་ལེའུ་སྟེ་ང་དྲུག་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ལས་དང་སྐལ་བར་ལྡན་པའི་རྣལ་འབྱོར་པས༔ བདག་གཞན་དོན་རྣམས་བསྒྲུབ་ཕྱིར་དབང་གི་ཕྲིན་ལས་བསྟན༔ ཟངས་སམ་ཟླ་གམ་དམར་པོའི་ཟ་མ་ཏོག་ནང་དུ༔ བྲི་དུས་གཞི་དང་སྣག་ཚ་བཀྲ་ཤིས་ཤིང༔ བྱིན་རླབས་ཅན་དང་རཏྣ་འབྲུ་སྣ་དང༔ དྲི་བཟང་དཀར་དམར་ལ་སོགས་གོང་དུ་ཤེས༔ ཁྱད་པར་དར་དམར་རྒྱ་སྐྱེགས་་་མེ་ཏོག།ལུག་རུ་དམར༔ ན་ཆུང་ཁྱེའུ་ལོ་བརྒྱད་དྲི་ཆུའམ༔ བྱམ་སེམས་སིནྡྷུ་ར་ཉིད་དབང་གི་རྫས༔ དར་དམར་ཤོག་ཤོག་ལ་སོགས་རྒྱ་སྐྱེགས་བྱུག༔ མཐོ་གང་ཚད་ལ་དབུས་སུ་ཟླ་གམ་གདན༔ ཉི་ཟླ་པད་སྟེང་བདག་ཉིད་དབང་གི་སྐུ༔ ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ དམར་ནག་ཞབས་ནི་བརྐྱང་བསྐུམ་དོར་སྟབས་ཚུལ༔ དབང་མཚན་ཁྲག་གི་ཐིག་ལེ་དམར་པོ་དང༔ རཏྣ་ལ་སོགས་ཞི་བའི་རྒྱན་གྱིས་མཛེས༔ ཡབ་ནི་གཡས་གཡོན་རྡོ་རྗེ་ལྕགས་ཀྱུ་ལ༔ ཡུམ་ནི་བུམ་པ་ལྕགས་ཀྱུ་གཡས་གཡོན་ནོ༔ གཉིས་མེད་འཁྲིལ་སྦྱོར་སྣང་སྲིད་དབང་སྡུད་བྲི༔ཐུགས་ཀར་ཡབ་ཧྲཱིཿཡུམ་བཾ་ལ༔ ཛཿཧཱུྃ་བཾ་ཧོཿབཞི་ཡིས་བསྐོར་བའོ༔ སྐུ་གཟུགས་ཕྱི་རོལ་དབང་སྔགས་བསྐོར༔ ཨཱོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཡབ་བོ༔ ཨཱོྃ་ཛྷཾ་བྷེ་མཽ་ཧ་ར་ལ་སྭཱ་ཧཱ༔ ཡུམ་གྱི་ཡིན་ནོ༔ ལས་སྔགས་ནི༔ ཨཱོྃ་གཡེམས་གཡེམས༔ ཀཾ་ཀཾ་ཙཀ་ཙཀ༔ དུང་དུང༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ༔ སརྦ་དུཥྚཱཎ༔ བདག་ཆེ་གེ་མོའི་དབང་དུ་ཨཱ་ཀར་ཤ་ཡ་ཛཿཛཿཧྲིཾ་ཧྲིཾ་ཨ་ཨཱ༔ ས་མ་ཡ་ཛ་ཛ༔ ལྷ་འདྲེ་མི་གསུམ་གྱི་རྣམ་ཤེས་ཨཱེཿནྲྀ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་འགུལ་འགུལ་ཧྲིཾ་ཧྲིཾ༔ མ་མ་ཁ་ཤི་མི་སྙིང་སྒུལ༔ དཀྲུགས་སྒྱུར༔ ཧྲིང་ཧྲིང་ཛཿཛཿསྡུས་སྡུས༔ མ་མ་ཁ་ཤི་བཾ་བཾ་ཛཿཛཿསྭཱ་ཧཱ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱ་ལི་བཅུ་དྲུག་བྲིས་ལ་ལས་སྔགས་བལྟེམ༔ དེ་ཕྱིར་འཁོར་ལོ་རྩིབས་བཞིའི་ནང༔ དང་པོ་ནོར་བདག་ཡབ་ཡུམ་སྔགས༔ ཨཱོྃ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཨཱོྃ་བ་སུ་དྷཱ་རི་ཎཱི་ཡཻ་སྭཱ་ཧཱ༔ གཉིས་པར་ཨ་ཛི་ཏ་ཡབ་ཡུམ༔ ཨཱོྃ་ཧྲིལ་ཧཱུྃ་ཨ་པ་ར་ཙི་ཏ་ཧྲིང་སྭཱ་ཧཱ༔ ཨུ་མ་རི་རི་ཧྲིང་ཧྲིང་འཛོ་པོ་འཛོ་པོ་རི་ཧྲིང་ཧྲིང་ཧཱུྃ་ཧཱུྃ༔ གསུམ་པར་དབང་ཕྱུག་ཡབ་ཡུམ་དགོད༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཧྲིང་ཛ༔ ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་བྷ་སུ་དྷཱ་རི་ཎི་དུང་དུང་སྭཱ་ཧཱ༔ ཨུག་གེ་ཨུག་གེ་ལོ་ཀ་ཏྲི་མི་ནོར་ཟས་གསུམ་པཱ་ཤང་ཀུ་རུ་ཨཱ་ཀར་ཤ་ཡ་སྭཱ་ཧཱ༔ བཞི་པར་ཕག་མོ་འཁོར་དང་བཅས༔ ཨཱོྃ་ཧ་རི་ནི་ས་ཧྲིང་ཧྲིང་ཕེཾ་ཕེཾ༔ དྷཱ་ཀི་ནི་སརྦ་དུཥྚཱཎ་པཱ་ཤཾ་ཀུ་རུ་ཨཱ་ཀར་ཤ་ཡ་ཛཿཧྲིང་སྭཱ་ཧཱ༔ རེ་རེའི་ཞབས་ལ་འདོད་དོན་གདགས༔ དེའི་ཕྱི་རྩིབས་ནི་བཅོ་བརྒྱད་ལ༔ དྲེགས་པ་བཅོ་བརྒྱད་སྔགས་གོང་ལྟར༔ ཤམ་བུ་འདི་ཡིས་བསྒྱུར་བ་དགོད༔ རྩིབས་བར་མི་ནོར་ཟས་གསུམ་པཱ་ཤང་ཀུ་རུ་ཡེ་ཨཱ་ཀར་ཤ་ཡ་ཛཿཛཿཧྲིང་ཧྲིང་ཨ༔ ཞེས་བྲི་དེ་ཡི་ཕྱི་རིམ་དྲེགས་པ་སྦམ༔ གོང་ལྟར་དང་ནི་ཀུན་འགྲུབ་སྔགས༔ གཉིས་ཀར་འདོད་དོན་འདི་ཡིས་སྤྲས༔ དེ་ཕྱི་མུ་ཁྱུད་ཀཱ་ལི་རྟེན་འབྲེལ་ལ༔ འདོད་དོན་འདི་ཡིས་སྤྲས་པ་བྲི༔ དེའི་ཕྱི་དབང་གི་ལྕགས་ཀྱུ་དམར༔ གཉིས་གཉིས་ཁ་སྤྲོད་བར་དུ་ནི༔ ཨ་ནྲ་ྀརཏྣ་སིདྡྷི༔ ལྕགས་ཀྱུ་འབར་བ་ཛཿདམར་གཏམས༔ ཕྱི་ནས་འགུགས་པའི་ཚུལ་དུ་བྲི༔ དེའི་ཕྱི་བདེ་མཆོག་ཡབ་ཡུམ་སྐུ༔ ཙཀྲའི་ལྟོ་བ་ཇི་བཞིན་བྲི༔ ཁྱབ་འཇུག་ལྟོར་ཡང་དེ་བཞིན་བྲི༔ ཞི་མ་ཁྲོ་ལ་ལྕགས་ཀྱུ་ཞགས༔ དམར་ནག་ཁྱབ་འཇུག་དབང་གི་སྐུ༔ ཡབ་དང་ཁྱབ་འཇུག་སྔགས་མགོ་ཕྱི༔ ཡུམ་ནི་སྔགས་མགོ་ཕྱི་རུ་བསྟན༔ རང་གི་རཱུ་པ་དཀྱིལ་ལྟར་བྲི༔ ཡབ་ཡུམ་སྔགས་ཀྱིས་ཐ་མར་བསྐོར༔ རྟེན་འབྲེལ་སྙིང་པོ་རྒྱབ་ཏུ་བྲི༔ རང་གི་དྲི་མ་སྐྲ་ཡང་བླན༔ ཁྱབ་འཇུག་ལྟོ་སྦྱར་དེ་ཡི་ཕྱི༔ འདོད་རྒྱལ་ཡབ་ཡུམ་བལྟེམ་པར་བྱ༔ ཕོ་འཁོར་སྟེང་སྟེ་མོ་འཁོར་འོག༔ བྱང་སེམས་སིནྡྷུ་ར་དང་ནི༔ མེ་ཏོག་ལུག་རུ་་་དམར་པོ།གུར་གུམ་བྱུག༔ དབང་རྫས་ཀུན་གྱིས་བརྒྱན་པར་བྱའོ༔ དམ་ཚིག་་་ཙཀྲ་ལ།རང་སྔགས་རྣམས་ལས་སྐྱེད༔ ཡེ་ཤེས་པ་རྣམས་བཀུག་ལ་བསྟིམ༔ སྤྱན་དྲངས་ལ་སོགས་གོང་དང་མཐུན༔ ཡབ་ཡུམ་སྔགས་དང་ཕག་མོ་དང༔ ནོར་ལྷ་་་རྣམས་དང་གནོད་སྦྱིན་་་ཨ་པ་ར་ཙི་ཏ་དང་།དབང་ཕྱུག་སོགས༔ དྲེགས་པ་གཅིག་ཏུ་སྦམས་པའི་སྔགས༔ སྦྲེལ་ཏེ་འདོད་དོན་སྤྲས་བྱས་ལ༔ བཟླས་པའི་འོད་ཟེར་སྤྲོ་བསྡུ་ནི༔ སྣང་སྲིད་ལྕགས་ཀྱུས་ཁེངས་དབང་བསྡུས༔ རང་གི་སྙིང་ལ་ཐིམ་པར་བསམ༔ རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ འབྲུ་སྣ་མེ་ཏོག་དམར་པོ་འཐོར༔ བཀྲ་ཤིས་བརྗོད་ཅིང་པྲ་སྟོན་རྒྱ་ཆེར་བྱ༔ དར་དམར་ཟངས་ཀྱི་གབ་ཙེར་བཅང༔ ཆ་གཅིག་ལུས་ལ་རྒྱུན་དུ་བརྟེན༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ཆ་གཅིག་རང་གི་ནུབ་ངོས་མཆོད༔ ཚེས་བཅུར་གོང་གི་འཕྲོ་འདུ་དང༔ ཕྱི་ནང་མཆོད་འབུལ་ལས་ལ་སྦྱར༔ དེ་ཡིས་སྣང་སྲིད་དབང་དུ་འདུས༔ ངེས་པར་འགྲུབ་པའི་མན་ངག་ཡིན༔ ཅེས་སོ༔ དེ་ལྟར་ཕྲིན་ལས་བཞི་དག་ནི༔ བདེ་གཤེགས་འགྲོ་བའི་དོན་བྱེད་མཆོག༔ ཁྱད་པར་ལས་ཀྱི་ལྷ་ཉིད་བཀོལ༔ ཁྱབ་འཇུག་ཆེན་པོ་ཀུན་ལ་ཤིས༔ དྲེགས་པ་སྦམས་པའི་སྔགས་ལ་འདུས༔ ཞི་དང་སྲུང་དུས་ལས་ཀྱི་ལྷ༔ རང་ཉིད་ཡི་དམ་རྡོ་རྗེ་འཆང༔ ཁྱད་པར་ཁྲོ་བོ་བཅུ་ཡིས་ཤིས༔ རྒྱས་པ་ལ་ནི་ཚེ་དཔག་མེད༔ ནོར་བདག་ཡབ་ཡུམ་བྱ་བར་ཤིས༔ དབང་ལ་འདོད་རྒྱལ་ཡབ་ཡུམ་དང༔ ཕག་མོ་ནོར་བདག་དབང་ཕྱུག་ཆེ༔ ཨ་པ་ར་རྣམས་ཤིས་པ་ཡིན༔ དྲེགས་པ་སྟོབས་ལྡན་ནག་པོ་དང༔ དྲེགས་པ་བཅོ་བརྒྱད་འཁོར་བཅས་དང༔ ཁྱད་པར་རང་བདུད་བྱེད་པ་ཤིས༔ ཁྱབ་འཇུག་ཀུན་ལ་ཁྱབ་ཡིན་འཇུག༔ ཕྲིན་ལས་རྣམ་བཞི་ཡོངས་ལ་སྦྱར༔ དེ་ལྟར་ཤིས་པའི་ལྷ་རྣམས་ཀྱིས༔ སྔགས་ཀུན་ཡི་དམ་ཞབས་ལ་གདགས༔ མཆོད་བསྟོད་འཕྲོ་འདུ་ཡང་ཡང་བྱ༔ རང་རང་རྫས་མཐུན་འཁོར་ལོ་བྲབ༔ རང་ཉིད་འགྲོ་ཉལ་འདུག་སྡོད་དང༔ ཉེ་རིང་སྐྱིད་སྡུག་ཅིར་སྲིད་ཀྱང༔ སེམས་ཉིད་སྟོང་གསལ་མ་འགགས་པས༔ དམིགས་པའི་རྟེན་ལ་འཕྲོ་འདུ་སྤྲོ༔ སེམས་ཀྱིས་གང་བསམ་འགྲུབ་པ་ཡིན༔ དེ་ཕྱིར་ཕན་གནོད་སེམས་ཡིན་ནོ༔ སེམས་ཀྱིས་གང་བསམ་དེ་ལྟར་སྣང༔ དེ་བས་ཕན་གནོད་སེམས་ལ་ཚང༔ ནོར་བུ་རིན་ཆེན་མ་འགགས་སྤྱོད༔ དེ་ལྟར་ལས་བཞི་གང་ལ་ཡང༔ ཕན་གནོད་འབྱུང་བས་བྱེད་པས་ན༔ འབྱུང་བ་གྲོགས་སུ་བཀོད་ཤེས་བྱ༔ ཏིང་འཛིན་སྒྲུབ་པོ་རང་གི་སེམས༔ སྒྲུབ་བྱེད་རྫས་ནི་འབྱུང་བ་ལྔ༔ བསྒྲུབ་བྱ་ཕན་གནོད་ལས་ཀུན་ཡིན༔ དེ་ཕྱིར་ནམ་མཁའ་རླུང་དང་ཆུ༔ མེ་དང་ས་ལྔ་ལས་ལ་བཀོལ༔ སྣང་སྲིད་འཁོར་འདས་འབྱུང་བ་ལས་གྲུབ་རྟེན༔ དེ་ཕྱིར་འདི་ཡི་གྲོགས་སུ་ཤེས༔ ཁྱད་པར་མེ་ཆུ་གཉིས་ཀྱིས་བལྟེམ༔ ཅེས་སོ༔ སྔགས་ཀྱི་ཚད་མས་གཞལ་བྱས་ལ༔ ཞི་རྒྱས་དབང་དྲག་ལ་སོགས་པ༔ ཕན་གནོད་ལས་ཀུན་བལྟེམ་ཡིན་སྤྱད༔ མནྟྲའི་འདོད་དོན་བསྒྱུར་ཡིན་འཕྲུལ༔ འཁོར་ལོ་སྔགས་པ་སྤྱི་ལ་གདགས༔ རྒྱ་འབག་བཞིན་དུ་ཤེས་པར་བྱ༔ ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ཞི་རྒྱས་དབང་གསུམ་གྱི་ཕྲིན་ལས་བསྟན་པ་དང༔ འབྱུང་བ་ལྔའི་སོ་གདགས་པ་བསྟན་པའི་ལེའུ་སྟེ་ང་བདུན་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ཀྱེ་མ་གསང་བའི་བདག་པོ་ལེགས་པར་ཉོན༔ བློ་ཆུང་མིག་གི་རབ་རིབ་བསལ་བའི་ཕྱིར༔ གསེར་མིག་གཡུ་ཡིས་སྤྲས་པ་འདྲ་བ་ཡི༔ རྒྱུད་ཀྱི་ས་གཅོད་བསྟན་པ་འདི༔ རྡོ་རྗེ་གཙུག་ལག་དྲག་པོའི་ལས༔ རང་བྱུང་གདུག་པའི་མཚོན་ཆ་འདི༔ ཕྲིན་ལས་དྲག་པོ་མངོན་ཕྱུང་རྒྱུད༔ དགོས་དགུ་ཚང་བ་ཡིད་བཞིན་ནོར་བུ་འདྲ༔ བཀའ་ཡི་གསང་རྒྱུད་ཇི་སྙེད་དུ༔ ཡེ་ཤེས་འཇིག་རྟེན་ལ་སོགས་པའི༔ སྲིད་པའི་སྔགས་རྣམས་ཐམས་ཅད་ལ༔ འདི་ཉིད་གཅེས་པའི་སྙིང་ལྟར་ཤེས༔ རིན་ཆེན་ནོར་བུ་བརྒྱུས་པ་བཞིན༔ འདོད་དགུ་བརྒྱུད་པས་རྒྱུད་ཅེས་བྱ༔ དེ་རྣམས་རིམ་པས་བསྟན་པ་ཡང༔ འདི་ལ་དབུ་ཞབས་བསྡུས་དོན་གསུམ༔ ཐམས་ཅད་འདི་གསུམ་དག་ལ་འདུས༔ འདི་ཉིད་དྲག་པོའི་ལས་ཡིན་ཕྱིར༔ གཟིར་བ་པོ་དང་གཟིར་བྱ་དང༔ གཟིར་བྱེད་རྣམ་པ་གསུམ་དུ་འདུས༔ དང་པོ་གཟིར་བ་པོ་ཉིད་ནི༔ སློབ་དཔོན་སློབ་བུའི་མཚན་ཉིད་དང༔ རྣལ་འབྱོར་རབ་འབྲིང་ཐ་མ་དང༔ དབང་དང་གདམས་པའི་ཞུ་ཐབས་སོ༔ གཟིར་བྱ་དགྲ་བགེགས་རྣམ་པ་གཉིས༔ གོ་རིམ་དྲུག་དང་བཅས་པས་བསྟན༔ གཟིར་བྱེད་དག་ལ་རྣམ་པ་གསུམ་དུ་བཤད༔ རྫས་དང་སྔགས་དང་ཏིང་འཛིན་ནོ༔ དང་པོ་རྫས་ལ་གསུམ་དུ་ཤེས༔ མཆོད་རྫས་རྟེན་རྫས་གཟིར་རྫས་སོ༔ མཆོད་རྫས་སྤྱིར་ན་གསང་སྔགས་མཐུན༔ ཁྱད་པར་དྲེགས་པའི་མཐུན་རྫས་སོ༔ རྟེན་རྫས་སྤྱི་དང་སྒོས་གཉིས་ཡིན༔ བླ་རྡོ་བཅངས་པའི་ཐབས་ཡིན་ནོ༔ གཟིར་རྫས་དག་ལ་སྤྱི་དོན་བདུན་གྱིས་བསྟན༔ གནས་དང་འབྲུབ་ཁུང་ལིང་ག་དང༔ བླ་རྡོ་མི་མཐུན་གཟིར་བའི་རྫས༔ ཐུན་སོགས་བརྡེག་པ་བདུན་ཡིན་ནོ༔ དང་པོ་གནས་ལ་སྤྱི་དང་ཁྱད་པར་གཉིས༔ གནས་དེར་འཇུག་པའི་དུས་ཚོད་ནི༔ གཟའ་སྐར་ཐེབས་ལྡོག་ལ་སོགས་བསྟན༔ དེ་ནས་བཀྲ་མི་ཤིས་པའི་ཕུང་ས་ལ༔ འབྲུབ་ཁུང་བན་དགྲའི་བཙོན་ཁང་བཅའ་བ་ལྟེར༔ འབྲུབ་ཁུང་ནང་དུ་ལིང་ག་གཞུག་པ་ནི༔ དགྲ་བགེགས་སྤྱི་དང་བྱེ་བྲག་དང༔ དམ་ཉམས་དགྲ་བོ་གསུམ་དུ་བསྟན༔ དེ་དག་རེ་རེ་ལ་ཡང་རྣམ་པ་བརྒྱད༔ གཞི་དང་དུས་དང་སྣག་ཚ་དང༔ སྨྱུ་གུ་རྟེན་དང་གནས་ཉིད་དང༔ ཚད་ལ་སོགས་ཏེ་བརྒྱད་བརྒྱད་དོ༔ དེ་ཡང་རྟེན་ནི་སྤྱི་རུ་ཁྱབ་འཇུག་ཞལ༔ ཁྱད་པར་དྲེགས་པ་རེ་དང་དགྲ་བོ་བསྟན༔ ཁྱབ་འཇུག་ལ་ཡང་དངོས་དང་གཡེན་པོའི་བྲི་ཐབས་སོ༔ དེ་རྫས་འཁོར་ལོ་སྤྱི་ཐེམས་བསྟན་པའོ༔ བླ་རྡོ་ལ་ཡང་སྤྱི་དང་བྱེ་བྲག་གཉིས༔ མི་མཐུན་རྫས་ལའང་སྤྱི་དང་བྱེ་བྲག་གཉིས༔ ཐུན་ཉིད་རྡེག་པའི་དུས་སུ་ཡང༔ སྤྱི་དང་བྱེ་བྲག་གཉིས་ཡིན་ནོ༔ གཉིས་པ་གཟིར་བྱེད་སྔགས་ལ་ཡང༔ རྣམ་པ་གསུམ་གྱིས་བསྟན་པ་སྟེ༔ དང་པོ་སྔགས་ཀྱི་མཚན་ཉིད་དང༔ གཉིས་པ་དགོད་པའི་སྔགས་ཉིད་དང༔ གསུམ་པ་བཟླས་པའི་སྔགས་བསྟན་པའོ༔ དང་པོ་སྔགས་ཀྱི་མཚན་ཉིད་ལ་ཡང་རྣམ་པ་གཉིས་སུ་བསྟན༔ དེ་ཡང་སྔགས་ཀྱི་རྒྱུ་གང་ལས་བྱུང་བསྟན་པ་དང༔ འདོགས་ལུགས་དང་སོ་བསྟན་པའོ༔ གཉིས་པ་སྔགས་ཀྱི་དགོད་ཐབས་བསྟན་པ་ནི༔ གཉིས་ཡིན་ཏེ༔ ཡིག་འབྲུ་ལུས་ལ་གནས་ལུགས་བསྟན་པ་དང༔ འཁོར་ལོ་དགོད་ཐབས་བསྟན་པའོ༔ ཡིག་འབྲུའི་གནས་ལུགས་ལ་ཡང་གཉིས་ཏེ༔ ཡེ་ཤེས་ལ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པར་བསྟན་པ་དང༔ འཇིག་རྟེན་པའི་གནས་ལུགས་བསྟན་པའོ༔ འཇིག་རྟེན་པ་ལ་ཡང་བཞི་སྟེ༔ ཕྱི་སྙིགས་མ༔ ནང་དྭངས་མ༔ རྗེས་སུ་དྲན་པ་དང༔ རང་དབང་མེད་པར་བཞིར་གནས་སོ༔ གཉིས་པ་འཁོར་ལོ་དག་ལ་འགོད་པ་ཡང༔ ལུས་ལ་བླ་རྟེན་དགོད་པ་དང༔ རང་གཤེད་ཡི་གེ་དགོད་པ་དང༔ ལུས་ཀྱི་ནང་དུ་ཙཀྲ་དགོད་པའོ༔ ཙཀྲ་དགོད་པའི་རིམ་པ་ལ་ཡང༔ རྩིབས་ཅན་དགོད་དང་རྩིབས་མེད་དགོད་པའོ༔ གསུམ་པ་བཟླས་པའི་སྔགས་ལ་རྣམ་པ་གཉིས༔ གསང་སྔགས་སྤྱི་ཡི་བཟླས་ཐབས་ནི༔ ཕྱི་ནང་གསང་བ་ཡང་གསང་དང༔ གཏེར་དུ་བཟླས་པ་ལྔ་ཡིན་ནོ༔ འདི་ཉིད་བཟླས་པའི་ཐབས་ལ་ནི༔ མིང་ནས་བོད་དང་སྲོག་དང་སྦྲེལ་བ་དང༔ དམར་འབྱིན་བཟླས་དང་གསུམ་ཡིན་ནོ༔ དེ་ལྟར་སྔགས་ནི་གང་ཟློས་ཀྱང༔ རེ་རེ་ལ་ནི་རང་བཞིན་དང༔ དྲག་པོ་བཙན་ཐབས་གཟིར་བ་དང༔ ཤི་ས་མེ་ཆུ་བལྟེམ་པ་དང༔ འབྱུང་བ་གྲོགས་སུ་བསྟན་པའོ༔ དེ་རྣམས་གྲོགས་སུ་དུག་ལྔ་གཤེད་དབབ་དང༔ འབྱུང་བའི་ཙཀྲ་བྲི་ཐབས་བསྟན་པའོ༔ དེ་རྣམས་སྔགས་ཀྱི་བཟླས་ཐབས་སོ༔ གསུམ་པ་ཏིང་འཛིན་སྔགས་ཉིད་དང༔ རྫས་ཀྱི་ཏིང་འཛིན་གསུམ་ཡིན་ནོ༔ དེ་ནི་སྤྱི་ཐེམས་བསྟན་པ་འོ༔ ཅེས་གསུངས་སོ༔ རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ རྒྱུད་ཀྱི་སྐྱ་གཅོད་གཟིར་བ་པོ་དང༔ གཟིར་བྱ་གཟིར་བྱེད་ལ་སོགས་བསྟན་པ་དང༔ དེ་གསུམ་ལ་ཡང་ཕྱེ་ན༔ གཟིར་བ་པོ་རྣལ་འབྱོར་པའི་མཚན་ཉིད༔ གཟིར་བྱ་དགྲ་བགེགས་རྣམ་པ་གཉིས་བསྟན་པ་དང༔ གཟིར་བྱེད་རྫས་སྔགས་ཏིང་འཛིན་ལ་སོགས་པའི༔ སྐྱ་གཅོད་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ དེ་ལྟར་རྡོ་རྗེ་གཙུག་ལག་་་དྲག་པོའི།ཕྱག་ཆ་ལ༔ གཟིར་བྱེད་གྲོགས་ཀྱི་སྐྱ་གཅོད་འདི་ལྟ་སྟེ༔ དངོས་གྲུབ་་་མཆོག་ཐུན་མོང་།རྣམ་གཉིས་འབྱུང་ཕྱིར་དམ་ཚིག་བསྲུང་བ་བསྟན༔ ལེགས་ཉེས་བརྟག་ཕྱིར་རྟགས་ཀྱི་མེ་ལོང་བསྟན༔ དམ་ཅན་ལས་ལ་བསྐུལ་ཕྱིར་སྐྱེད་རིམ་བསྟོད་བསྐུལ་བསྟན༔ ཐུགས་དང་འགལ་ཏེ་ཉམས་ཆག་སྐོང་བ་དང༔ དགྲ་ལ་ཟ་ལམ་བསྟན་ཕྱིར་མདོས་ཀྱང་བསྟན༔ ལས་སྒྲུབ་སྦྱོར་བ་སྒྲོལ་ཕྱིར་དབུགས་དབྱུང་དང༔ ལས་མཇུག་བསྡུ་ཕྱིར་མནན་བསྲེག་འཕང་གསུམ་བསྟན༔ ཁྱད་པར་ཀླུ་ལ་གཏད་ཅིང་མནན་པ་དང༔ རྫས་གསག་སྒྲུབ་དང་གསང་ཐབས་དང༔ རང་སྲུང་བ་དང་ཀླུ་ཡི་གནས་ལུགས་དང༔ ཐེབས་ཟློག་རྟགས་དང་ཐེབས་ཟློག་དུས་བསྟན་པའོ༔ བདག་གཞན་འཁོར་བར་མི་འཁྱམས་ཕྱིར༔ འཕོ་འཇུག་གནས་སྤོར་གདམས་པ་བསྟན༔ ལས་རྣམས་ཀུན་ལ་སྟོངས་གདབ་དང༔ དགྲ་བོ་ལྷ་དང་དབྱེ་བའི་ཐབས་དང་མན་ངག་དང༔ མ་གྲུབ་སྤོགས་ཕྱིར་དུག་དབྱུང་རྒྱན་གདགས་དང༔ མདོས་ལ་སོགས་པ་གྲོགས་ལྔའི་གདམས་པ་བསྟན༔ གཟིར་བྱ་གདུག་པའི་ལྷ་ཡིན་ཏེ༔ དྲག་པོའི་ལས་ནི་རྣམ་པ་བདུན༔ སྲོག་དང་ཐོག་སེར་ལ་སོགས་པ༔ དགྲ་བོ་གཟིར་ཕྱིར་དྲག་སྔགས་བསྟན༔ དགྲ་བགེགས་གནད་ལ་དབབ་པའི་ཕྱིར༔ སྙིང་གཟེར་དྲག་པོའི་ལས་ཀྱང་བསྟན༔ ཁྱད་པར་ཡང་གཅེས་བརྣག་པའི་ལས༔ ཚེ་ལོ་ལྔ་བཅུ་་་མན་ཆད།ཉི་ཤུ་་་ཡན་ཆད།འི་དུས༔ རྡོ་རྗེ་ནང་དམེ་འབྱུང་བ་ན༔ ལྷ་སྲིན་སྲོག་རྩ་དམར་འབྱིན་ཅིང༔ གནམ་ལྕགས་རྔུར་མོའི་ལས་རྣམས་བསྟན༔ འདི་ལ་རྣམ་པ་བཞི་ཡིན་ཏེ༔ སྲུང་ཟློག་གསད་མནན་བཞི་རུ་ཤེས༔ ཕྱག་ཆ་རྔུར་མོའི་ལས་སུ་བསྟན་པ་ཡིན༔ ཡང་སྙིང་ནག་པོར་ཤེས་པར་གྱིས༔ དམིགས་ཀྱི་བརྣག་པ་བསྒྲལ་བའི་ཕྱིར༔ རང་གཤེད་དྲུག་པོ་བསྟན་པ་ཡིན༔ མ་རུངས་མགོན་སྐྱོབ་བསྒྲལ་བའི་ཕྱིར༔ དམ་ཉམས་ལྷ་དང་ཕྲལ་བ་བསྟན༔ ལོག་པར་ལྟ་བ་སུན་དབྱུང་ཕྱིར༔ འདོད་ཆགས་ཞེ་སྡང་ལ་སོགས་དང༔ བྱོལ་སོང་བསྒྲལ་བའི་རིམ་པ་བསྟན༔ རྣལ་འབྱོར་པ་ཉིད་མཆོག་དང་ཐུན་མོང་གི༔ དངོས་གྲུབ་འབྲས་བུ་ཐོབ་པར་བྱ་བའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་ལས་ཀྱང་བསྟན༔ རྒྱུད་བཤད་རྒྱ་མཚོ་ལྟ་བུ་ལས༔ མདོ་དོན་ངང་མཆུས་འོ་མ་བསྡུ་བ་ལྟར༔ དབུ་ཞབས་རྒྱུད་ཀྱི་སྐྱ་གཅོད་འདི་རྣམས་བསྟན༔ ཅེས་གསུངས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ གཟིར་བྱེད་གྲོགས་ཀྱི་སྐྱ་གཅོད་བསྟན་པའི་ལེའུ་སྟེ་ང་དགུ་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ཉོན་ཅིག་གསང་སྔགས་ཕྲིན་ལས་བདག༔ ང་ཡིས་བཤད་པའི་རྒྱུད་ཆེན་འདི༔ དགོས་དགུ་ཚང་སྟེ་རྒྱལ་པོའི་ཕོ་བྲང་འདྲ༔ གསོལ་བཏབ་དངོས་གྲུབ་འབྱུང་་་བར།བྱེད་པའི༔་་་ཕྱིར། དགོས་འདོད་ཡིད་བཞིན་ནོར་བུ་འདྲ༔ དགྲ་བགེགས་ཕྱག་ཆ་རང་ལ་བསྐོར༔་་་བ་ལ་མྱུར་བས། གནམ་ལྕགས་་་ཀྱི།རལ་གྲི་་་ལ།ཏིལ་མར་་་གྱིས།ངར་བླུད་་་པ་དང་།འདྲ༔་་་སྟེ་གང་ལ་བརྒྱབ་ཀྱང་ཐོགས་རྡུགས་མེད། དེ་ཕྱིར་ང་ཡི་མཚོན་ཆ་འདི༔ དུས་མིན་བྱུང་ན་སྲིད་པ་སྲེག༔ དུས་ཀྱི་སྙིགས་མར་ཟད་ཙམ་ན༔ ཚེ་ལོ་ཉི་ཤུར་གྱུར་ཙམ་ན༔ ཞི་ཁྲོའི་དངོས་གྲུབ་ཡལ་ཙམ་ན༔ ཕུར་པའི་དབལ་ནུས་ཟད་ཙམ་ན༔ འཇམ་དཔལ་འཁོར་ལོ་ཞི་ཙམ་ན༔ ཕྱག་རྡོར་ནུས་པ་ཡལ་ཙམ་ན༔ ཁྱུང་ཆེན་མཆུ་སྡེར་ཟད་ཙམ་ན༔ ཁྲོ་བོའི་སྟངས་སྟབས་ནུབ་ཙམ་ན༔ དབང་ཆེན་ནུས་པ་ཡལ་ཙམ་ན༔ མ་མོའི་རྦོད་གཏོང་བརླགས་ཙམ་ན༔ སྡེ་བརྒྱད་ནུས་པ་ཤི་ཙམ་ན༔ ལྷ་མགོན་སྒྲུབ་མཐུ་ཞི་ཙམ་ན༔ སྒྲོལ་གིང་དྲག་སྔགས་ནུབ་ཙམ་ན༔ སངས་རྒྱས་བསྟན་པ་འཇིག་པ་དང༔ སེམས་ཅན་ཡོངས་ལ་འཚེ་བ་དང༔ བླ་མའི་སྐུ་ལ་བསྡོ་བ་དང༔ རྣལ་འབྱོར་སྲོག་ལ་དབབ་པ་དང༔ རྡོ་རྗེ་དམེ་འཐབ་བྱུང་བའི་ཚེ༔ སེང་གེ་ཁ་འཐབ་བྱུང་བའི་ཚེ༔ སྟག་མོ་མཆེ་འཐབ་བྱུང་བའི་ཚེ༔ སྦལ་ནག་མཇིང་འཐབ་བྱུང་བའི་ཚེ༔ བུད་མེད་སྙིང་རིང་བྱེད་པའི་དུས༔ དྲག་སྔགས་ནུས་པ་འགྲན་པའི་དུས༔ ཐུན་ཕུར་ཟོར་ཁ་འཕེན་པའི་དུས༔ ཏིང་འཛིན་རྦ་ཀློང་གཡེང་བའི་དུས༔ དེ་ཚེ་མཚོན་འདི་ཕྱུངས་ལ་སྤྱོད༔ ནམ་ཞིག་ལས་ཅན་་་རྣམས་དང་།འདི་འཕྲད་ནས༔ གསང་ཞིང་མི་སྤེལ་ཉམས་སུ་བླང༔ སྦྱོར་ཀ་རིག་པ་ཅན་གྱིས་ཤེས༔ རྒྱུད་ལུང་མན་ངག་དཔང་དུ་གཟུག༔ གཞན་པའི།་་་ཐོས་བསམ་སྒོམ་སྒྲུབ་་་མང་པོའི།སྤྲོས་པ་བཅད༔་་་ནས། འདི་ཉིད།་་་སྔགས་ཀྱི་ཚད་མའི་དོན་གཞལ་ཏེ༔་་་བསྒྲུབས་ནས་ལས་ཐམས་ཅད་གང་དགོས། ཤེས་རབ་སྙིང་རྗེ་ཅན་གྱིས་་་ལོངས།སྤྱད༔་་་པར་བྱའོ། །བློ་རབ་ཐེག་ཆེན་སྤྱོད་ཡུལ་ལས༔་་་གཞན་པའི། ཐེག་དམན་་་རྟོག་གེ་པ།བློ་དང་ཤེས་རབ་ཆུང༔་་་བ་རྣམས་ལ་ནི། མན་ངག་་་འདི་རྣམས་མགོ་རྩ་མེད་པར།སྐྲ་ཤད་གཟེངས་་་པ་དང་།འདྲ་་་བར།འགྱུར༔་་་བས་དེ་འདྲ་བ་དེས་ནི། བདག་་་དང་།གཞན་་་ལ།ཕན་་་པ་དང་།གནོད་་་པའི།ལས་ཀུན་གཡེལ༔་་་ཞིང་འགྱང་ངོ་། །རྒྱུད་འདི་ཤིན་ཏུ།་་་ཟབ་ཕྱིར་གབ་པ་དཀྲུགས་པ་་་གོང་འོག།རྣམས༔་་་ནི། སྐྱེ་བོ་ཕལ་པ།་་་ཀུན་གྱིས་མི་རིག་་་པས།མུན་པ་འཐིབས༔་་་པ་ལྟར་ལུས་པར་འགྱུར། དེ་ཕྱིར་་་གང་ཟག།ཐེག་ཆེན་་་ལ་སྦྱངས་པ།བློ་་་གྲོས།རབ་་་ཏུ་རྒྱས་པ་ཞིག།གཅེས༔་་་སོ། །དེ་་་ལྟ་བུ།ཡིས་་་རྣལ་འབྱོར་པ་དེས་ནི།མན་ངག་་་འདི།གཞུང་་་དང་།མ་འགལ༔་་་ཞིང་། གོང་འོག་དགོད་པ་སྐབས་དོན།་་་འཕྲུལ་ཤེས་་་པས་ལོངས་སྤྱོད་ན།ཡིད་བཞིན་་་གྱི།ནོར་བུ་་་རིན་པོ་ཆེ་དང་།འདྲ༔ མཚན་མོ་་་ནི།ཉི་མས་སྤངས་པ་ཡི༔་་་ཕྱི་ནང་གང་ཡང་མི་གསལ་བས། མུན་པ་་་ནག་པོ་དེ།མར་མེས་གསལ་་་བར་བྱས།པ་་་དང་།འདྲ༔་་་བར། རྒྱུད་་་དང་།ལུང་་་དང་།མན་ངག་་་ཐམས་ཅད་ཀྱི།དོན་་་ཐམས་ཅད།གཅིག་་་ཅར།ཤེས༔་་་པས། ཡིད་བཞིན་ནོར་བུ་འཆང་བ་་་དང་།འདྲ༔་་་བར། དགོས་འདོད་ཐམས་ཅད་འདི་ལས་འབྱུང༔་་་ངོ་། །ཞེས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ མན་ངག་སྤྱོད་པའི་དུས་བསྟན་པ་དང༔ གང་ཟག་བློ་ཆུང་ལ་ཕན་གནོད་བསྟན་པའི་ལེའུ་སྟེ་དྲུག་ཅུ་པའོ༔ དེ་ནས་སྟོབས་ལྡན་དཔའ་བོ་ཆེན་པོ་ཡིས༔ འདུས་པའི་འཁོར་རྣམས་ལ་རྒྱུད་གཏད་པ་འདི་ལྟ་སྟེ༔ ཨེ་མ་ཧོ༔ འདུས་པའི་འཁོར་ཚོགས་རྣམས༔ འཇིག་རྟེན་འདས་དང་མ་འདས་དང༔ མ་སྲིང་མཁའ་འགྲོ་དྲེགས་པའི་ཚོགས༔ སྣང་སྲིད་ལྷ་འདྲེ་མཐུ་ཆེན་རྣམས༔་་་དང་། ཁྱད་པར།་་་གསང་་་བའི།བདག་་་པོ།ཆེན་པོ་་་དང་བཅས་པ།ཁྱེད་རྣམས་ལ༔ ང་ཡི་གསང་རྒྱུད་་་རྡོ་རྗེ་གཙུག་ལག།འདི་གཏད་དོ༔ དྲག་པོ་མངོན་ཕྱུང་འདི་གཏད་དོ༔ ཕྲིན་ལས་རོལ་པ་འདི་གཏད་དོ༔ ཡིད་བཞིན་ནོར་བུ་འདི་གཏད་དོ༔ བརྣག་པའི་ཡིད་ལ་འདི་ཆོངས་ཤིག༔ བརྩེ་བས་སྙིང་ལ་འདི་སྟིམས་ཤིག༔ ཟབ་ཕྱིར་ནན་ཏན་རྒྱ་ཡིས་ཐོབས༔ ཞེས་བཀའ་བསྒོས་སོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་ཅུ་རྩ་གཅིག་པའོ༔ སྟོབས་ལྡན་དཔའ་བོས་ཡང་གསུངས་པ༔ ནམ་ཞིག་་་རྒྱུད་འདི་སྟོན་པའི།དུས་ལ་བབས་པ་ན༔ གདུལ་བྱ་ནི།་་་ལས་་་འཕྲོ་བཟང་བ།དང་ཤེས་རབ་་་ཆེ་ཞིང་།སྙིང་རྗེར་ལྡན༔ རིག་པའི་གནས་ལྔར་་་སྒྲ་ཚད་བཟོ་གསོ་བ་སྟེ་དེ་རྣམས་ལ།མ་རྨོངས་ཤིང༔་་་བྱང་བ། སེམས་ཞུམ་པ་མེད་པ།་་་དཔའ་བ་གང་ལ་ཡང་ཐེ་ཚོམ་མེད་པར།་་་བརྟུལ་་་ཕོད་ཅིང་སེམས་མི་འགྱུར་བར།་་་བརྣག་པ་རབ་ཏུ་གཅེས༔ སྔགས།་་་བཟླས་བརྗོད་་་དེ་ལྷ།སྒོམ་་་པ་དང་།སྒྲུབ་་་པ།བརྩོན་འགྲུས་ཅན༔ སྔགས་ཀྱི་ཚད་མའི་དོན་་་རྟགས།གཞལ་ཤེས༔ གསང་སྔགས་་་ཟབ་མོའི།ཆོས་་་འདི།ལ་བརྩོན་འགྲུས་མེ་ལྟར་འབར༔ ལྟ་་་བ་དང་།སྤྱོད་་་པ་ཡ་མ་བྲལ་བར།ཟུང་དུ་འཇུག་་་པས།འབྲས་བུ་སྐུ་གསུམ་འཆང༔ དེ་ཉིད་་་ནི།དུས་གསུམ་་་གྱི།རྒྱལ་བའི་ཐུགས་ཀྱི་སྲས་ཡིན་་་པའི།ཕྱིར༔ གང་ཟག་དེ་འདྲ་བ་དེ་ལ།་་་ཡེ་ཤེས་་་ཀྱི།ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས༔ རིག་འཛིན་རྩལ་འཆང་རྣམས་ཀྱིས་དབང་ཡང་སྐུར༔ མ་སྲིང་མཁའ་འགྲོ་རྣམས་ཀྱིས་དངོས་གྲུབ་བྱིན༔ དམ་ཅན་སྲུང་མ་རྣམས་ཀྱིས་སྟོངས་གྲོགས་མཛོད༔ དྲེགས་པའི་ལྷ་སྲིན་རྣམས་ཀྱིས་དགྲ་བགེགས་སྲོག་རྩ་ཆོད༔ ཕྱི་ནང་ལྷ་སྲིན་རྣམས་ཀྱིས་ཕྲིན་ལས་རྣམ་བཞི་སྒྲུབས༔ ཅེས།་་་བསྟན་པ་འཛིན་སྐྱོང་སྲུང་བའི་གང་ཟག་ལ༔ བྱིན་གྱིས་རློབ་ཅིང་སྟོངས་གྲོགས་བྱེད་པའི་ཕྲིན་ལས་བཅོལ་བའོ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ ལས་དང་སྐལ་བར་ལྡན་པའི་གང་ཟག་ལ༔ བཀས་གནང་ཞིང་བྱིན་གྱིས་བརླབས་པ་དང༔ སྡོངས་གྲོགས་བྱ་བར་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་སོ༔ དེ་ནས་འཁོར་འདུས་པ་ཆེན་པོའི་ཚོགས༔ ཡེ་ཤེས་དང་ལས་ལས་གྲུབ་པ་དང༔ མ་དང་སྲིང་མོ་མཁའ་འགྲོ་དང༔ དཔའ་བོ་དཔའ་མོ་ལ་སོགས་པ༔ ལས་ཀྱི་གཤིན་རྗེ་ལ་སོགས་དྲེགས་པ་ཅན་རྣམས་དང༔ སྣང་སྲིད་ཀྱི་ལྷ་མ་སྲིན་རྗེས་སུ་ཡི་རངས་ཤིང༔ བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་རྣམས་ལ་ཤིན་ཏུ་དང་བའི་སྒོ་ནས་ལུས་ངག་ཡིད་གསུམ་དང་བས་མངོན་པར་བསྟོད་དོ༔ སྟོབས་ལྡན་དཔའ་བོ་ཆེན་པོའང་ཆོས་ཉིད་ཀྱི་ངང་དུ་བཞུགས་པར་གྱུར་ཏོ༔ དཔལ་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ལས༔ འཁོར་རྣམས་རྗེས་སུ་ཡི་རང་བ་དང༔ བཅོམ་ལྡན་འདས་ཀྱིས་སྐུའི་ངང་ལས་སངས་རྒྱས་པའི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ༔ དཔལ་རྡོ་རྗེ་གཙུག་ལག་ཡིད་བཞིན་གྱི་ནོར་བུའི་རྒྱུད་ཅེས་ཀྱང་བྱ༔ བསྐལ་པ་དུམ་བུའི་རྒྱུད་ཅེས་ཀྱང་བྱ༔ ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ཆེན་པོ་རྫོགས་སོ༔ འཇམ་དཔལ་བཤེས་གཉེན་གྱིས༔ མཁའ་འགྲོ་མའི་ཡི་གེ་ལས༔ རྒྱ་ནག་གི་ཡི་གེར་བསྒྱུར་བའོ༔ གཙུག་ལག་གི་རྒྱུད་ཐམས་ཅད་ཕྱུང་བའོ༔ མན་ངག་གི་རྒྱུད་ཆེན་པོ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ཁ་ཐཾ༔ རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤྲཱི་སིཾ་ཧ་ལ་ཞུས་ཏེ༔ བོད་ཀྱི་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་བའོ༔ ཡེ་ཤེས་ལྷ་དང་འཇིག་རྟེན་ལ་སོགས་པ༔ གསང་སྔགས་སྤྱི་ཡི་གནད་བྱང་ཆེན་མོ་ཡིན་ནོ༔ ཞེས་བི་མ་ལས་གསུངས་སོ༔ སྙིང་གི་ཡང་ཏིག་དམ་པ་ཡིན་ནོ་གསུང་ངོ༔ བོད་ཡུལ་ཙམ་དུ་རྒྱལ་པོའི་བླ་དཔེ་མ་ཡིན་པར་རྒྱུད་འདི་ཉིད་ལས་གྲགས་པ་མེད་དོ༔ དེ་བས་ན་ནན་ཏན་ཆེ་བར་བྱ་བ་གཅེས་སོ༔ པ་གོར་ཆེན་པོ་བཻ་རོ་ཙ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གཞན་ལ་མི་སྤེལ་བར་བཀའ་གདམས་པའོ༔ བྱང་པྲ་དུན་རྩེའི་མཆོད་རྟེན་གྱི་བུམ་པ་ནས་དབུས་པ་དུ་གུ་རིན་ཆེན་སེང་གེས་གཏེར་ནས་གདན་དྲངས་པའོ། །ཡང་ཆུ་ཕོ་རྟ་ལོ་མཆུ་ཉ་ཆོའི་འཕྲུལ་ཟླ་བར་ཕོ་བྲང་བཀྲ་ཤིས་ཚུགས་སུ་ཞུས་དག་ཚར་གཅིག་བདག་འབྲི་གུང་པ་དྷརྨཱ་ཀཱིརྟིས་བགྱིས་པའོ། །བདག་དྷརྨཱ་ཀཱིརྟིས་སྒམ་པོ་པ་དཔལ་མི་ཕམ་ཆོས་ཀྱི་དབང་ཕྱུག་ཕོ་བྲང་འདི་ཉིད་ལ་ཕེབས་དུས་རྒྱུད་འདི་ཡི་ལུང་ལེགས་པར་ནོད་པ་ཡིན་གསུངས་པའི་ཡིག་ཆུང་ཕྱག་བྲིས་མ་ཡོད་པའི་དཔེ་ལས་ཞལ་བཤུས་པ་ལགས་སོ། །མངའ་རིས་རིག་འཛིན་ཆེན་པོ་ཡན་སྤྱི་དང་མཐུན། དེ་ནས་དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། སྔགས་འཆང་དོན་བཀྲས་པ། རྩ་བའི་བླ་མ་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་ངག་དབང་བློ་བཟང་རྒྱ་མཚོ་ལ་བཀའ་དྲིན་དུ་བསྩལ་པའོ། །ཆེར་རློམས་ཆམ་ལ་འབེབ་པར་མཁོ་བར་འདུག་གོ། ༈ །།དབུས་པ་དུ་གུ་རིན་ཆེན་སེང་གེས་བསམ་ཡས་ནས་ཁ་བྱང་རྙེད་དེ་སྟག་ལོ་ལ་གནམ་ལྕགས་རྔུར་མོའི་ཡིག་ཆུང་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དང་བཅས་པ་བྱང་སྤྲ་དུན་རྩེའི་མཆོད་རྟེན་གྱི་བུམ་པ་དང་། རྒྱུད་སྔ་ཕྱི་ཀུན་དང་དེའི་སྒྲུབ་ཡིག་བཅས་མཆོད་རྟེན་གྱི་རྨང་ནས་སྤྱན་དྲངས་པའི་རྒྱུད་ལ་ལེའུ་དྲུག་ཅུ་རེ་གསུམ་དཔེ་རིས་སྐོར་བཅས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་སྟོབས་ལྡན་ནག་པོ། ཞུ་བ་པོ་གསང་བདག་ཕྱག་ན་རྡོ་རྗེ། ཕུང་བྱེད་ཤཱནྟིཾ་གརྦྷ། སློབ་དཔོན་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིཾ་ཧ། པཎ་ཆེན་བི་མ་ལ་མི་ཏྲ། པ་གོར་བཻ་རོ་ཙ་ན། ཡང་ན་འཇམ་དཔལ་བཤེས་གཉེན་ནས། གྲུ་གུ་ཡང་དབང་དབང་ཆེན་གསེར་སླག་ཅན། དེས་བཻ་རོ་ཙ་ན་ལ་གནང་། བི་མ་ལ་དང་བཻ་རོས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གནང་། གཏེར་སྟོན་དབུས་པ་དུ་གུ་རིན་ཆེན་སེང་གེ།་་་རང་སྲུང་དང་གཟའ་བདུད་ཁ་ཆིངས་ཀྱི་འཁོར་ལོ་མ་བྱས་ཤིང་གཏེར་སྲུང་ལ་མཆོད་པ་ཞན་པའི་འཚུབས་ཀྱིས་གཙང་གི་ལུས་མཚོ་གྲུ་ཁར་འདི་གཉིས་མ་མཐུན་པར་གཅིག་གིས་གཅིག་གྲི་ཁར་བཀྲོངས།་་་མཆན་ནོ།་་་གཙང་པ་རིན་ཆེན་ཤེས་རབ། གཡས་རུ་ཤངས་ཀྱི་ཟླ་འོད་གྲགས།་་་གནས་པོ་ཡིན་པས་གཏེར་སྟོན་དཔོན་སློབ་གཉིས་གྲོངས་ཤུལ་ཤོག་སེར་རྣམས་འདི་ལ་བྱུང་།་་་མཆན། དེའི་སྲས་མོ་འོད་ལྡེ།་་་ཇོ་སྲས་མ་འདི་ལས་འཕྲོ་སད་ཅིང་སྙིང་རུས་ཆེ་བས་གྲུབ་པ་ཐོབ་སྟེ་ཆོས་འདི་སྤེལ་ལོ།་་་མཆན། རྗེ་བཙུན་བྲམ་ཟེ་སྨྱོན་པ། དམ་པ་བདག་པོ། གུར་མོ་ལོ་ཙཱ་བ་ཤེས་རབ་རྩེ་མོ། སློབ་དཔོན་བཀྲ་ཤིས་རྒྱལ་མཚན། ལྷ་སྒོམ་དམ་པ། དེ་གཉིས་ཀ་ལ་མཐུ་ཆེན་གངས་བ་ཤཱཀྱ་འབུམ་གྱིས་གསན། དེ་ནས་གྲྭ་ཕྱི་གཡུང་སྟོན་རྡོ་རྗེ་དཔལ། འགྲོ་མགོན་ཚེ་བདག་དཔལ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ།་་་བསྟན་གཉིས་གླིང་པ།་་་མཆན། མངའ་རིས་ལྷ་བཙུན་ལེགས་ལྡན་རྡོ་རྗེ། མི་ཉག་བྱང་པ་གཏེར་སྟོན་དཔལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ཆེན་པོ་ངག་གི་དབང་པོ། གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས། དྲིན་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་ལ་མཚོན་ཆར་གནང་བ་ནི་བྱང་ཆུབ་བར་དུའང་བཀའ་དྲིན་གཞལ་དུ་མེད་པའོ།། །། ༈ འདི་ནང་རྩ་གཞུང་དང་མཆན་ཡིག་གི་ཆེ་ཆུང་རྔོ་ཐོགས་པ་ཞིག་མ་དཔེ་དག་ལ་མ་བྱུང་ཞིང་། འདིར་ནི་དེང་དུས་འཕྲུལ་ཡིག་ཆེ་ཆུང་ངེས་གསལ་གྱིས། མ་ངེས་པར་ཟོམ་འཇོག་བྱ་བའི་གནས་མེད་རྐྱེན། དོ་གལ་དང་དཔྱད་པ་གང་ནུས་ཀྱིས་དབྱེ་གསལ་བྱས་ཀྱང་རྒྱུད་ཀྱི་ཚིག་དོན་འཇལ་བའི་བློ་སྤོབས་གང་ཡང་མེད་ངེས་རང་གསལ་ལགས་ཤིང་། འདི་ཙམ་མ་བྱས་ཐབས་བྲལ་གྱིས་ནོངས་གྱུར། རང་རིག་བླ་མ་ལྷ་དང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་། རྩལ་སྣང་སྲིད་པའི་དྲེགས་ཚོགས་རྣམས་ལ་མཐོལ་ལོ་བཤགས་སོ། །ཞེས་ཞུ་དག་ཐ་མའི་ཁུར་འཛིན་པད་བཀོད་སྒམ་སྤྲུལ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་ཞུ་འོ། །སླད་ནས་དཔེ་ཁུངས་དག་རྙེད་ན་བསྡུར་གལ་ཆེའོ། །མངྒ་ལཾ།། །།
མངའ་དབང་རིན་ཆེན་འབར་བའི་ལག་ལེན་གསལ་བར་བསྡེབས་པ་དགེ་ལེགས་ནོར་བུའི་གཟི་འབར་ (Volume 51, Text 40)
༄༅། །མངའ་དབང་རིན་ཆེན་འབར་བའི་ལག་ལེན་གསལ་བར་བསྡེབས་པ་དགེ་ལེགས་ནོར་བུའི་གཟི་འབར་ཞེས་བྱ་བ་བཞུགས་སོ། ། ན་མོ་རཏྣ་གུ་རུ་ཙིནྟཱ་མ་ཎིཿཡེ། ཁྱོད་དྲན་མོས་དང་གསོལ་བ་བཏབ་ཙམ་གྱིས། །འཕྲལ་ཡུན་འདོད་རྒུའི་ཆར་པ་འཛད་མེད་སྙིལ། །བཻ་ཌཱུའི་སྙིང་པོས་ཆར་ཡང་མི་བསྒྲུན་པ། །དཀོན་མཆོག་སྤྱི་གཟུགས་པདྨ་རྒྱལ་པོར་འདུད། །བོད་ལ་ལྷག་པར་དགོངས་པའི་ཐུགས་རྗེའི་ཤས། །ཆོས་སྐྱོང་མངའ་སྐྱེད་ནོར་བུར་བསྒྲིལ་བ་ཉིད། །བརྒྱུད་ལྡན་ལམ་ལས་སྐལ་ལྡན་དཔྱིད་འཕོས་པས། །ལག་ལེན་རྒྱུན་མི་འཆད་ཕྱིར་རྣམ་གསལ་དགོད། །དེའང་ཟབ་གཏེར་ཟངས་མཛོད་ལས་བྱོན་པའི་དབང་གི་རྟེན་འབྲེལ་ཆོས་བདུན་གྱི་གཙོ་བོ་མངའ་སྐྱེད་རིན་ཆེན་འབར་བ་ལག་ཏུ་བླང་ བ་ལ་གསུམ། ཕུན་སུམ་ཚོགས་པའི་རྒྱུ་བཙལ་བ། རྟེན་ཅིང་འབྲེལ་བའི་རྫས་གསག་པ། མངའ་དབང་བསྐུར་བའི་བྱ་བ་དངོས་སོ། །དང་པོ་ནི། དབང་འདིས་གང་ལ་མངའ་གསོལ་བའི་ཡུལ། མདོ་སྔགས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ། བཤད་སྒྲུབ་ཀྱི་སྡེ་སྐྱོང་བའི་བླ་མ་སློབ་དཔོན། རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་རྣམས་ལའོ། །མངའ་དབང་བསྐུར་བའི་དགོས་པ་ནི། མངའ་དབང་འདི་ཐོབ་ཕྱིན་ཆད། དེའི་བསོད་ནམས་མངའ་ཐང་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་ནས་འགྲོ་བ་མང་པོའི་དོན་འབྱུང་བར་གསུངས་སོ། །མངའ་དབང་སྤང་བའི་ཡུལ་ནི། བདུད་ཀྱིས་བསླུས་པའི་གང་ཟག །ནང་པའི་ལྟ་སྤྱོད་ཀྱི་འགལ་ཟླ་འཛིན་པ། སྡིག་སྤྱོད་རྒྱལ་པོ། དམངས་རིགས་གདོལ་པའི་རིགས་ལ་བསྐུར་ན། དེ་དག་གི་མངའ་ཐང་རྒྱས་ནས་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད་ལ་གནོད་པས་ཤིན་ཏུའང་མི་རུང་བར་གསུངས་སོ། །མངའ་གསོལ་བའི་དུས་ནི། རྒྱལ་ཟླ་བའི་ཚེས་གཅིག་དང་བརྒྱད་དང་ལྷག་པར་བཅོ་ལྔའི་ཉིན་མོ་གསུམ་པོ་རྒྱུད་ལས་དམིགས་བསལ་དུ་བསྔགས་པ་ཡིན་ལ། ཅི་སྟེ་མ་འགྲིགས་ན་བྱང་བགྲོད་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་བཟང་པོ་ལ་བརྩམ་མོ། །དེའང་གཞུང་ལས། མངའ་དབང་རིན་པོ་ཆེ་འབར་བ་འདིས་རྒྱལ་གྱི་ཟླ་བ་ཤར་བའི་ཚེ༔ ལོ་རེ་བཞིན་རྒྱལ་པོ་ལ་མངའ་གསོལ་ལོ༔ གསུངས་པ་བཞིན་གྲུབ་ན་ལོ་རེའི་མངའ་ཐང་འཕེལ་བར་ངེས་པས་ཤིན་ཏུ་གལ་ཆེའོ། །གཉིས་པ་རྟེན་ཅིང་འབྲེལ་བའི་རྫས་གསག་པ་ལ་གཉིས། ཡོ་བྱད་སྟ་གོན་དུ་བྱ་བ། སྐབས་སུ་བབས་པའི་བཤམ་བཀོད་དོ། །དང་པོ་ནི། འབྲི་མཁན་དམ་ཚིག་དང་ལྡན་པས་དུས་རྒྱལ་ཟླ་བའི་ཚེས་གཅིག་གི་ནམ་ལངས་སྐབས་སུ་བྱང་ཆུབ་སེམས་བསྐྱེད་བླང་། ཡན་ལག་ལྔ་ཁྲུས་བྱ། གདན་གཙང་མར་བསྡད། འབྲི་གཞི་མཐིང་ཤོག་གམ་གྲོ་ཤོག་གཙང་མ་ལ། འབྲི་རྫས་གསེར་རམ་རྒྱ་མཚལ་ལ་མཆོག་གི་རིན་པོ་ཆེ་ལྔའི་ཁུ་བ་བསྲེས་པས། ཇི་ལྟར་འབྲི་བའི་ཚུལ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལེའུ་བཞི་པ་ནས་གསུངས་པ་ལྟར་རེ་ཁཱ་ཟླུམ་པོའི་ནང་དུ་ཚངས་པའི་འཇིག་རྟེན་སྲོག་གི་ཡི་གེ་རང་གནས་སུ་བསྐོར་བ་ཉིད་བརྡ་ཡིག་ཤིན་ཏུ་དག་པར་བྲི། མཐའ་སྐོར་དུ། ཨོཾ་མ་ཧཱ་དེ་བ་བྲཧྨ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ སོགས་འདོད་གསོལ་འཐད་འོས་རྒྱས་པར་བྲིས་ལ་སྦྱང་ཁྲུས་བྱ། དངུལ་ཟངས་སོགས་རིན་པོ་ཆེའི་སྣོད་དུ་བཞག །དར་ཚོན་ལྔས་དགབ། སློབ་དཔོན་གྱིས་ཕྱག་རྡོར་གང་ཡང་རུང་བའི་བདག་བསྐྱེད་ བཟླས་པ་དང་བཅས་པ་བྱས་ལ། ཙཀྲ་ཉིད་རིན་ཆེན་ལྷུན་པོ་རི་མཚོ་གླིང་དང་ལྕགས་རི་སོ་སོར་སྲོག་ཡིག་གིས་མཚན་པར་གསལ། རང་གི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འཇིག་རྟེན་གྱི་ཁམས་གང་། སྲིད་པའི་རྩེ་མོ་ནས་རྒྱ་མཚོའི་གཏིང་ཆེན་ཡན་ཆད་ཀྱི་ལྷ་ཀླུ་མི་དང་སྡེ་བརྒྱད་མཐུ་བོ་ཆེ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་གཟི་བརྗིད་དབང་ཐང་ཐམས་ཅད་ནོར་བུ་དབྱིག་གི་སྙིང་པོ་དྭངས་མ་འོད་ལྔའི་རྣམ་པར་བསྡུས་ཏེ་ཙཀྲ་ལ་ཐིམ་པར་མོས་ལ། ཡི་དམ་སྔགས་ཤམ་དུ་འཁོར་ལོའི་སྔགས་རྣམས་གྲངས་ཅི་རིགས་སུ་བཟླ། མཐར་རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། ཤིས་པ་བརྗོད། རྒྱས་བཏབ་ལ་དར་སྣས་དྲིལ། དབང་རྫས་ལ་དེ་ཙམ་གྱིས་ཆོག་པར་མངོན། གཡང་རྟེན་བྱེད་ན་ལེའུ་ལྔ་པར་གསུངས་པའི་འཐོར་སྡུད་ངར་བླུད་ཀྱི་འབྲུ་སོ་གཉིས་པའང་ཤེས་ན་བཟླ། མི་ཤེས་ན་བྲིས་ལ་ཙཀྲ་བཏུམ། རིན་པོ་ཆེའི་གའུར་བཅུག་གོ །བྲི་དུས་འདི་བཞིན་མ་འཛོམ་པར་མངའ་གསོལ་གློ་བུར་དུ་དགོས་པ་སོགས་ལའང་ཡར་ཚེས་གཅིག་ལ་འབྲི་བ་སོགས་རྟེན་འབྲེལ་ལེགས་པར་བསྒྲིག་པ་ལས་གང་བྱུང་བྱས་ན་མི་ཤིས་པར་འགྱུར་རོ། །གཞན་ཡང་འོག་ནས་བཤད་པའི་རྒྱལ་པོའི་རྟགས་དྲུག །བཀྲ་ཤིས་པའི་རྫས་བཞི་སོགས་དང་། གདན་ལ་འདིང་རྒྱུ་དར་རས་སམ་ཤོག་གུ་ཁ་དོག་ལྔ་ལ་བཟང་སྨན་གྱི་ཁུ་བ་བསྲེས་པའི་གསེར་རམ་མཚལ་ལ་སོགས་པས། ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ག་ཨེ་ཡིག་གིས་མཚན་པ། རླུང་དཀྱིལ་གཞུ་དབྱིབས་ལྗང་གུ་ཡཾ། མེ་དཀྱིལ་གྲུ་གསུམ་དམར་པོ་རཾ། ཆུ་དཀྱིལ་ཟླུམ་པོ་དཀར་པོ་བཾ། ས་དཀྱིལ་གྲུ་བཞི་སེར་པོ་ལཾ་གྱིས་མཚན་པ་རྣམས་དང་། འགྲུབ་ན་ལྷ་འདྲེ་མི་གསུམ་གཙོ་ཆེ་བ་རྣམས་ཀྱི་མིང་བྱང་གི་མཐར་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲིས་པའམ། བསྡུ་ན། ལྷའི་སྲོག་ཡིག་ཨ། མིའི་སྲོག་ཡིག་ནྲྀ། འདྲེའི་སྲོག་ཡིག་ཏྲི་རྣམས་བྲིས་པ་སོགས་སྔ་ཚགས་སུ་ཚུད་པར་བྱའོ། །གཉིས་པ་སྐབས་སུ་བབས་པའི་བཤམ་བཀོད་ནི། མངའ་དབང་བསྐུར་བར་སྐབས་སུ་བབས་པའི་ཉིན་མོར། གནས་ཁང་བྱི་དོར་བྱ། ས་རྒྱན་གནམ་རྒྱན་སོགས་བཀོད་པ་ཅི་མཛེས་སུ་བྱས་པའི་ཕུགས་སུ་དཀོན་མཆོག་གི་རྟེན་མཆོད་པ་བཅས་བཤམ། རང་གི་ཉེ་ལོགས་སུ་མངའ་དབང་རྗེས་སུ་སྔགས་ཕྱི་ནང་གི་དབང་བསྐུར་དགོས་པར་གསུངས་པས། ཐེག་དགུའི་དབང་གང་རུང་ངམ། འདིར་འབྲེལ་བྱང་ཆུབ་སྤྱོད་དབང་དང་། དྲག་པོ་རྩལ་གྱི་སྨིན་ལམ་འབྲིང་པོ་ལྟ་བུའི་དཀྱིལ་འཁོར་དང་དབང་རྫས་སོ་སོའི་གཞུང་ལྟར་བཀོད། རང་གི་མདུན་ངོས་ཀྱི་ཆར་རིན་པོ་ཆེའི་ཁྲི་སྟེང་དུ་གོས་བཟང་པོའི་སྟན་རིམ་པ་གསུམ་མམ། བདུན་ནམ། བཅུ་གསུམ་བརྩེགས་པའི་ཁར་ནམ་མཁའ། རླུང་། མེ། ཆུ། སའི་དཀྱིལ་འཁོར་རྣམས་སོ་སོའི་དྭངས་བཅུད་འདུས་པའི་བདག་ཉིད་ཀྱི་དཀྱིལ་འཁོར་དངོས་སུ་བསམས་ལ་བཀོད། དེའི་སྟེང་དུ་ལྷ་འདྲེ་མི་གསུམ་གྱི་སྲོག་ཡིག་བཏིང་བའི་ཁར་སྟན་དཀར་རྡོ་རྗེ་རྒྱ་གྲམ་གྱི་རི་མོས་མཛེས་པ་བཏིང་། ཕྱོགས་བཞིར་ཡང་རྒྱ་གྲམ་གྱི་མཚན་མ་གདབ། དབང་གཞིའི་མདུན་ངོས་ལྟ་བུ་སྟབས་གང་བདེར་སྟེགས་བུའི་སྟེང་འབུད་དུང་དཀར་པོ་དར་སྣའི་ཆུན་འཕྱང་ལྡན་པ། ཟ་འོག་གི་རྒྱལ་མཚན་ནོར་བུའི་ཏོག་གིས་མཛེས་པ། རིན་པོ་ཆེའི་ཡུ་བ་ལ་བརྟེན་པའི་བ་དན་ལྕེ་གསུམ་པ་འཕན་མགོས་མཛེས་པ། རྔ་བོ་ཆེ་སྟེ་བཀྲ་ཤིས་པའི་རྫས་བཞི་དང་། པདྨས་བཏེགས་པའི་རིན་པོ་ཆེ་འབར་བའམ་འཕྲུ་ལྟ་བུའི་གཙུག་ནོར། གོས་བཟང་གི་ཞྭ་ཟླུམ་པོའི་གཞི་ལ་བརྟེན་པའི་དར་ཚོན་སྣ་ལྔའི་སྲོག་གཉིས་གཉིས་ཀྱིས་གཡས་གཡོན་མཛེས་པའི་ལྷག་མ་འཕྱང་འཕྲུལ་དུ་གཡོ་བའི་དབུ་ཞྭ། དར་དཀར་གྱི་ཤ་གོས། ཟབ་ཆེན་བཟང་པོ་ལས་གྲུབ་པའི་རྩེ་བེར། གསེར་གྱི་ཕྲ་ཚོམ་ཆེ་བ་བཞི་དང་མཐའ་གཉིས་སུ་ཕྱེད་ཀ་གཉིས་ཀྱི་ཕ་གུས་མཛེས་པའི་སྐེ་རགས་སམ། མ་གྲུབ་ན་དར་སེར་གྱི་སྐ་རགས། ཧོར་ལྷྭམ་བཟང་པོའི་མཐིལ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་སྟེ་རྒྱལ་པོའི་རྟགས་དྲུག །གོང་སྨྲོས་ཚངས་པའི་འཇིག་རྟེན་གྱི་འཁོར་ལོ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་སྣ་བདུན། ཁྲུས་ཆས། ཚོགས་ཀྱི་འཁོར་ལོ་སོགས་ཞལ་གསོའི་སྟོན་མོ་རྒྱས་པ། ཁྲི་ཆེ་བའི་ཉེ་ལོགས་སུ་ཁྲིའུ་ཤིང་། འབུད་དཀྲོལ་གྱི་རོལ་མོའི་བྱེ་བྲག་བཟང་དགུ །བགེགས་གཏོར། གུལ་ཡུངས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པ་ཚོགས་པར་བྱའོ།། །།གསུམ་པ་མངའ་དབང་བསྐུར་བའི་བྱ་བ་དངོས་ལ་གཉིས། དངོས་དང་། རྗེས་ཀྱི་བྱ་བའོ། །དང་པོ་ནི། སློབ་དཔོན་གྱིས་བྱང་གླིང་གཏུམ་པོ་ལྟ་བུ་ཕྱག་རྡོར་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། ཁྲུས་བུམ་དུ་རྣམ་འཇོམས་སྨེ་བརྩེགས་གང་ཡང་རུང་བའི་བསྐྱེད་བཟླས་འོད་ཞུ་བྱས་ལ། མངའ་གསོལ་བའི་ཡུལ་རྒྱལ་པོ་སོགས་ཕྱི་རོལ་ནས་ཡན་ལག་ལྔ་ཁྲུས་དག་པར་བྱས་ནས་ནང་དུ་འཇུག་པའི་ཚེ་ལས་རྡོར་གྱིས་ལས་བུམ་ཆུས་ཁྲུས་བྱ། སློབ་དཔོན་གྱིས། ཇི་ལྟར་བལྟམས་པ་སོགས་དང་། རྣམ་འཇོམས་གཟུངས། སྨེ་བརྩེགས་སྙིང་པོ་སོགས་བརྗོད། བགེགས་གཏོར་སྤྱི་ལྟར་བཏང་། བདེན་པ་བརྡར་ཅིང་བགེགས་བསྐྲད། གུ་གུལ་བདུག །ཡུངས་ཐུན་བྲབ། རོལ་མོའི་ཚམ་རྔམ་བྱས་ལ་ཁྲིའུ་ཤིང་གི་སྟེང་དུ་འཁོད་དུ་གཞུག་སྟེ་སྲུང་འཁོར་བརྟན་པོར་བསྒོམ། དེ་ནས་ལོ་རྒྱུས་ཀྱིས་མཚམས་སྦྱོར་བ་ནི། འོ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་སུ་དམ་པའི་ཆོས་བསྒྲུབ་པ་དང་། མཐར་ཐུག་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཆོས་སྐྱོང་བའི་རྒྱལ་པོར་མངའ་གསོལ་བའི་དབང་བསྐུར་ཞུས་ནས་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་འཐོབ་པར་བྱའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། གསན་པར་བྱ་བའི་ཆོས་འདིའི་ལོ་རྒྱུས་ཅུང་ཟད་བརྗོད་ན། དེའང་ཕྱོགས་དུས་རྒྱལ་བ་མ་ལུས་པའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གཅིག་ཏུ་བསྡུས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་དྷ་ན་ཀོ་ཥའི་རྒྱ་མཚོར་པདྨའི་དབུས་སུ་བརྫུས་ཏེ་འཁྲུངས་པའི་ཚུལ་བསྟན་པ་ན། ཟླ་བ་ཡར་ངོའི་སྐར་མ་རྒྱལ་ལ་བབས་པའི་ཉིན་མོ་རྒྱ་མཚོའི་ཁྱོན་ཐམས་ཅད་ལྷའི་མེ་ཏོག་པདྨ་གསར་པ་ཤ་སྟག་གིས་ཁེངས། མཐའ་རྡོ་རྗེའི་བྲག་རིས་གཏམས་པའི་དབུས་དང་སྟེང་གི་ཕྱོགས་སུ་ཡེ་ཤེས་མཁའ་འགྲོ་སྔོན་མོ། ཤར་དང་ཤར་ལྷོར་དཀར་མོ། ལྷོ་དང་ལྷོ་ནུབ་ཏུ་སེར་མོ། ནུབ་དང་ནུབ་བྱང་དུ་དམར་མོ། བྱང་དང་བྱང་ཤར་དུ་ལྗང་མོ་སྟེ་འབྱུང་བ་ལྔའི་རང་བཞིན། ཐམས་ཅད་ཀྱང་ཞི་མ་ཁྲོའི་ཆ་བྱད་ཅན། ཕྱག་ན་ཁ་དོག་སྣ་ཚོགས་པའི་རིན་པོ་ཆེ་འབར་བ་ཤ་སྟག་འཛིན་པ། རང་འོད་འཁྲུགས་ཤིང་གཟི་བྱིན་འབར་བ་སྤྲིན་ལྟར་དུ་གཏིབས་པའི་མདུན་གྱི་ནམ་མཁར། རྫུ་འཕྲུལ་གཏེར་གྱི་བདག་མོ་སྲིད་གསུམ་དབང་འདུས་ཀྱི་ཌཱ་ཀི་སྐུ་མདོག་དམར་མོ་ཤིན་ཏུ་ཆགས་པའི་ཉམས་ཅན་མཛེས་སྡུག་གི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཕྱག་ན་རིན་པོ་ཆེའི་བུམ་པ་ཐོགས་པ་ཞིག་བྱོན་ནས། ཞལ་ནས་ཨེ་ཡཾ་རཾ་བཾ་ལཾ་ཞེས་འབྱུང་བ་ལྔའི་སྣོད་བཅུད་ཐམས་ཅད་དབང་དུ་སྡུད་པའི་སྒྲ་སྒྲོག་ཅིང་ཡི་གེའི་རང་བཞིན་གྱི་འོད་ཟེར་ཕྱོགས་བཅུར་སྤྲོས་ཏེ་སྲིད་གསུམ་གྱི་ཚེ་སྲོག་དབང་ཐང་ཐམས་ཅད་བསྡུས་ནས། སློབ་དཔོན་ཆེན་པོའི་སྐུའི་གནས་བཅོ་བརྒྱད་དུ་བརྡ་དོན་རྟགས་ཀྱི་ཕྱག་རྒྱས་དབང་བསྐུར། དམ་ཚིག་གསུམ་ཕོག །རྒྱ་གསུམ་གྱིས་བཏབ་སྟེ་ཕྱོགས་མཚམས་ཀྱི་ལྷ་དང་མཁའ་འགྲོ་ཐམས་ཅད་རྫུ་འཕྲུལ་བདག་མོ་རང་གི་ཐུགས་ཀར་བསྡུས་ཏེ། དེ་ཉིད་ཀྱང་གུ་རུའི་ཐུགས་ཀར་ཐིམ་པས་བསམ་ཡས་བརྗོད་པ་དང་བྲལ་བའི་བདེ་སྟོང་གི་ཡེ་ཤེས་ཆེན་པོར་མངོན་བྱང་ཆུབ། དེའི་ཚེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁར་བྱོན་ཏེ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་རིན་པོ་ཆེའི་གླེགས་བམ་མཐོ་གང་བ་གུ་རུ་རིན་པོ་ཆེར་གནང་སྟེ་བརྡ་གསུམ་གསུངས་ནས་ནམ་མཁའ་ལ་འུར་སྒྲ་བཅས་གཤེགས། དེའི་བྱིན་རླབས་ཀྱི་སྟོབས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷིས་རྒྱ་མཚོར་བྱོན་ནས་གུ་རུ་དང་མཇལ། གདན་དྲངས་ཏེ་རྒྱལ་པོར་མངའ་གསོལ། ལོ་དྲུག་གི་བར་རྒྱལ་སྲིད་མཛད། རིམ་གྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་སོགས་འགྲོ་འདུལ་གྱི་བཀོད་པ་མཐའ་ཡས་པ་གདུལ་བྱའི་ཞིང་ཐམས་ཅད་དུ་ཡུན་རིང་པོར་བསྟན། གདོང་དམར་བོད་ཡུལ་གྱི་གདུལ་བྱ་སྨིན་པའི་སྐབས་སུ་བབས་པ་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། འཕགས་ཡུལ་གྱི་མཁན་པོ་ཤཱནྟ་རཀྵི་ཏ་ལ་སོགས་པ་རྣམས་ཀྱང་གུ་རུ་ཉིད་ཀྱི་ཐུགས་རྗེའི་རྩལ་གྱི་ཆོ་འཕྲུལ་ལས་ཤར་ཏེ། ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་སློབ་དཔོན་སངས་རྒྱས་གཉིས་པ་སྐུ་དངོས་ཀྱིས་བོད་དུ་ཕེབས། དཀྱིལ་འཁོར་ཆེན་པོ་ལ་འཁོད་པའི་བོད་སྐྱོང་དྲེགས་པའི་སྡེ་དཔོན་གྱི་ཚུལ་འཛིན་པ་ཐམས་ཅད་འདུལ་བའི་བཀོད་པ་བསྟན། དེའི་དབང་གིས་བསམ་ཡས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གེགས་མེད་དུ་གྲུབ། དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། དེའི་ཚེ་སློབ་དཔོན་ཆེན་པོས་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་བཏུས་ཏེ་མངའ་དབང་རིན་ཆེན་འབར་བའི་ཆོ་གའི་སྒོ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་དབང་བསྐུར། རྟེན་འབྲེལ་གྱི་སྒོ་ཕུན་སུམ་ཚོགས་པ་བསྒྲིགས། དགེ་མཚན་དུ་མ་མངོན་དུ་གྱུར། དེ་ནས་རྒྱལ་པོའི་མངའ་ཐང་ཟླ་བྲལ་ཏུ་གྱུར་ཏེ། མཐའ་བཞིའི་རྒྱལ་པོ་ཐམས་ཅད་དབང་དུ་འདུས། བོད་ཁམས་ཆོས་ཀྱིས་བཀང་། ཆབ་སྲིད་མངའ་ཐང་ཤིན་ཏུ་རྒྱས་པའི་ངང་ནས་དགུང་དུ་གཤེགས་པ་སྟེ། གུ་རུ་ཉིད་ཀྱི་ཞལ་ནས། འགྲོ་འདུལ་རྒྱལ་པོ་པདྨ་ངས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ བོད་ཡུལ་བྱང་ཆུབ་སེམས་ཀྱིས་བཏུལ༔ ཡིད་བཞིན་ནོར་བུ་དབང་གི་མཆོག༔ སྙིང་དང་འདྲ་བའི་མན་ངག་འདི༔ འབྱུང་པོ་འདུལ་བྱེད་རྒྱུད་ནས་བཏུས༔ ཞེས་སོགས་གསུངས་པ་དང་། རྒྱུད་ཀྱི་འཇུག་དོན་ལས། དེ་ནས་ཨོ་རྒྱན་རྒྱལ་པོ་ངས༔ འཇིག་རྟེན་གདུལ་བྱ་དབང་དུ་བསྡུས༔ ཐམས་ཅད་དགེ་བའི་ཆོས་ལ་བཀོད༔ སྔོན་གྱི་ལས་ཀྱི་འཕྲོ་མཐུད་ནས༔ ཁྲི་སྲོང་ལྡེའུ་བཙན་བསམ་པ་བསྒྲུབས༔ སྙིགས་མའི་སེམས་ཅན་དོན་བྱའི་ཕྱིར༔ འཛམ་གླིང་སྲོག་གི་བཅུད་བསྡུས་པ༔ བོད་ན་གཅེས་པའི་མན་ངག་འདི༔ རིན་ཆེན་གཏེར་དུ་སྦས་ཏེ་བཞག༔ ཅེས་གསུངས་པ་ལྟར་མ་འོངས་སྙིགས་མའི་བསྟན་འགྲོའི་ཕན་བདེའི་མངའ་ཐང་སྐྱེད་པ་ལ་དགོངས་ནས་བོད་ཡུལ་ལ་སྟོད་བྱང་གི་སྒྲུབ་གནས་ཟང་ཟང་ལྷ་བྲག་གི་ནུབ་ཟངས་མཛོད་དམར་པོར་རྒྱས་བཏབ། དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་ལ་གཉེར་དུ་གཏད་པ། ཕྱིས་དུས་ལ་བབས་པའི་ཚེ་ཇི་སྐད་དུ། རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན༔ པདྨ་བདག་གིས་བྱིན་གྱིས་བརླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང༔ ཞེས་ལུང་བསྟན་པ་བཞིན། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས། མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་རྣམས་ལ་རིམ་པར་བརྒྱུད་པ། གཞན་ལ་མ་གྲགས་པའི་ཁྱད་ཆོས། རྟེན་འབྲེལ་ལེགས་ཚོགས་འབད་མེད་དུ་འགྲིགས་པའི་ཐབས་མཁས་ངོ་མཚར་རྨད་དུ་བྱུང་བ་སྟེ། གཞུང་ལས། བོད་ལ་གཅེས་པའི་གཏེར་མཛོད་བཞི༔ མཛོད་བཞིའི་སྙིང་ཁྲག་མན་ངག་བརྒྱད༔ སེམས་བསྐྱེད་བསམ་པ་བཟང་པོ་ཡིས༔ ང་ཡི་བཀའ་བཞིན་བསྒྲུབས་པ་ན༔ བོད་ཡུལ་བདེ་སྐྱིད་ལྡན་པར་འགྱུར༔ ཞེས་ཆེད་དུ་བསྔགས་པ་མན་ངག་བརྒྱད་ཀྱི་ནང་ཚན། ཆོས་ཚན་དྲུག་གི་ཕྱི་ཐེམ་ལས། རྒྱལ་པོའི་མངའ་ཐང་རྒྱས་པའི་ཕྱིར༔ མངའ་དབང་རིན་ཆེན་འབར་བ་ཡོད༔ ཅེས་གསུངས་པའི་ཆོ་ག་ཉིད་བསྒྲུབ་པ་ཡིན་པས་ཏིང་ངེ་འཛིན་འདི་རྣམས་རིམ་པར་གསལ་འདེབས་པར་ཞུ། གནས་ཁང་གི་ཁོར་ཡུག་འདི་དག་ཐམས་ཅད་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་འདོད་དགུའི་ཕུན་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་བསྟི་གནས་མཐའ་དབུས་དང་བྲལ་བར་གྱུར་པའི་དབུས་སུ། སློབ་དཔོན་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་མངོན་སུམ་དུ་བཞུགས་ཡོད་སྙམ་པ་དང་། ཁྱེད་རང་གི་གཞི་ལུས་ལྷའི་ཕོ་བྲང་ཆེན་པོར་གསལ་འདེབས་པའི་དམིགས་པ་རྣམས་ཀྱང་ངེད་ཀྱིས་བརྡ་སྤྲོད་པ་ལྟར་བསྒོམ་པར་མཛོད་ཅིག །ལས་སྔགས་དང་ལས་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྣོད་བཅུད་ལྕང་ལོ་ཅན། །ཀུན་བཟང་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཀྱིས། །མངོན་པར་ཕྱུག་པའི་ཞིང་ཁམས་ཆེན་པོའི་དབུས། །རྒྱལ་པོའི་སྲོག་ཡིག་ཨ་ལ་ནྲྀ་བརྒྱད་ཀྱིས། །བསྐོར་བའི་གཟི་བྱིན་ཕུན་སུམ་ཚོགས་པ་ལས། །འོད་འཕྲོས་སྣང་སྲིད་ཀུན་གྱི་བཅུད་རྣམས་བསྡུས། །ཡིག་འབྲུར་ཐིམ་པས་ཡོངས་སུ་གྱུར་པ་ལས། །ཆོས་ཀྱི་རྒྱལ་པོ་རང་གི་ཆ་བྱད་ཅན། །མཚན་དཔེའི་གཟི་ལྡན་འོད་ལུས་སྟོང་ཆེན་གྱི། །སྤྱི་བོར་འཇམ་དཔལ་སེར་པོ་གླེགས་རལ་འཛིན། །མགྲིན་པར་ཐུགས་རྗེ་ཆེན་པོ་གངས་རིའི་མདོག །ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པདྨ་འཛིན། །ཐུགས་ཀར་གསང་བདག་སྔོན་པོ་རྡོར་དྲིལ་བསྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱི། །དཀྱིལ་འཁོར་འཁོར་ལོའི་ཕོ་བྲང་གནས་གསུམ་དུ། །བཏབ་པའི་གཟི་བྱིན་ཕྱོགས་བཅུར་འབར་བ་དེས། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །ཆེ་བཙན་འགྲན་ཟླ་ཐམས་ཅད་བྲལ་བར་གྱུར། །དེ་ནས་གདོད་ནས་རང་བྱུང་གི་གཞི་ལུས་ལྷའི་ཕོ་བྲང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དང་དབྱེར་མི་ཕྱེད་པར་གསལ་བཏབ་པ་དེ་ལ། ཆོས་སྐྱོང་རྒྱལ་པོའི་ཆེ་བའི་རྟགས་དྲུག་གིས་རིམ་པར་མངའ་གསོལ་བའི་ཐོག་མར། ཞབས་ལ་ཟབ་ལྷྭམ་གསེར་གྱི་རྒྱ་གྲམ་གྱིས་མཚན་པ་གསོལ་བས་ཁམས་གསུམ་ཟིལ་གྱིས་གནོན་པའི་མངའ་ཐང་ཆེན་པོ་ཐོབ་པའི་མོས་འདུན་མཛོད་ཅིག །ཞབས་ལྷྭམ་བཀོན་ལ། ཧཱུྃ༔ འཇིག་རྟེན་གཡོ་བ་འབྱུང་བའི་དཀྱིལ་འཁོར་ལ༔ མི་གཡོ་བརྟན་པར་བྱེད་པའི་རྒྱ་གྲམ་མཚན༔ ཆོས་སྐྱོང་རྒྱལ་པོའི་ཞབས་ལ་འདི་གསོལ་བས༔ ཁམས་གསུམ་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གརྦྷེ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དར་དཀར་གྱི་ལའུ་སྐུ་ལ་གསོལ་བས་དྲི་མ་མེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས་འགྲོ་བ་ཐམས་ཅད་དགེ་བ་བཅུའི་ལམ་ལ་འགོད་པའི་མངའ་ཆེན་ཐོབ་པར་མཛོད་ཅིག །དར་དཀར་གྱི་ཤ་གོས་བཀོན་ལ། ཧཱུྃ༔ དར་དཀར་ལྷ་ཡི་པཉྩ་ལི་ཀ་འདི༔ ཐུགས་རྗེ་ཆེན་པོའི་སྐུ་ཡི་ན་བཟར་གསོལ༔ རྟག་ཏུ་བྱང་ཆུབ་སེམས་དང་ལྡན་པ་ཡིས༔ དགེ་བཅུ་དཀར་པོའི་ཆོས་ལ་སྤྱོད་པར་ཤོག༔ ཛྙཱ་ན་བི་ཤུདྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ གསེར་གྱི་སྐ་རགས་རིན་པོ་ཆེའི་ཕྲ་བཏབ་པ་རྐེད་ལ་གསོལ་བས་ཚད་མེད་རྣམ་བཞིས་གཞན་དོན་རྒྱུན་ཆད་མེད་པར་མཛད་པའི་མངའ་ཆེན་ཐོབ་པར་མཛོད་ཅིག །སྐ་རགས་བཅིངས་ལ། ཧཱུྃ༔ ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་ཅིང༔ འགྲོ་དྲུག་ཐུགས་རྗེས་གཟུང་ཞིང་གཞན་དོན་མཛད༔ བརྡ་དོན་མཚོན་པའི་གསེར་གྱི་སྐུ་རགས་འདི༔ ཐུགས་རྗེས་ནན་གྱིས་ཆིངས་ལ་གཞན་དོན་མཛོད༔ དྷརྨ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཟ་འོག་གི་བེར་ཆེན་སྐུ་ལ་གསོལ་བས་རིན་པོ་ཆེའི་བང་མཛོད་ཁ་ཕྱེས་པ་ལྟར་འདོད་དགུའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་དབང་བསྐུར་བའི་མངའ་ཆེན་ཐོབ་པར་མཛོད་ཅིག །བེར་གསོལ་ལ། ཧཱུྃ༔ བཀྲ་ཤིས་ལོངས་སྤྱོད་སྣ་ཚོགས་མཚོན་པའི་བརྡ༔ ཟབ་ཆེན་བེར་འདི་སྐུ་ལ་གསོལ་བ་ཡིས༔ ཅི་འདོད་ཕུན་སུམ་ཚོགས་པའི་གཏེར་འཛོམས་ནས༔ འགྲོ་རྣམས་དབུལ་ཕོངས་སྡུག་བསྔལ་སེལ་བར་ཤོག༔ ནཱ་ག་ཨ་བྷྱ་ལི་ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་ཞལ་ནས་གསུངས་པའི་ཚིགས་གཅད་ཀྱིས་ཐོག་དྲང་། བཀྲ་ཤིས་རྒྱ་ཆེར་བརྗོད། རྟེན་སྙིང་གི་མེ་ཏོག་འཐོར། རོལ་མོ་བསྒྲག །སྨོན་ལམ་བཟང་པོ་མང་དུ་གདབ། དེ་ནས་བསྒྲུབ་བྱ་ཉིད་ཁྲི་ལ་འཁོད་དུ་གཞུག་སྟེ། བརྟན་གཡོའི་དྭངས་བཅུད་འདུས་པའི་དབང་ཆེན་འབྱུང་ལྔའི་དཀྱིལ་འཁོར་གྱི་སྟེང་། རིན་པོ་ཆེའི་ཁྲི་མཐོ་བརྗིད་བརྟན་པ་ལ་བཞུགས་པས་འཇིག་རྟེན་མཐའ་དབུས་ཐམས་ཅད་ཟིལ་གྱིས་ནོན། སྣང་སྲིད་ཀྱི་ཁམས་ཐམས་ཅད་བདེ་སྐྱིད་ཀྱི་ཆ་སྙོམས་པའི་མངའ་ཆེན་ཐོབ་པར་མཛོད་ཅིག །ཧཱུྃ༔ ཁམས་གསུམ་ཟིལ་གྱིས་གནོན་པའི་རཏྣའི་གདན༔ དབང་ཆེན་འབྱུང་བ་ལྔ་ཡི་དཀྱིལ་འཁོར་འདིར༔ ཆོས་སྐྱོང་རྒྱལ་པོས་མཐའ་དང་དབུས་ནོན་ཏེ༔ སྲིད་པ་ཆ་སྙོམས་བདེ་སྐྱིད་ལྡན་པར་ཤོག༔ ཨེ་ཡཾ་རཾ་བཾ་ལཾ་རཏྣ་མཎྜལ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ དར་སྣ་ལྔའི་ཟེའུ་པྲོག་དབུ་ལ་བཅིངས་པས་སྐྱེ་དགུ་རིས་སུ་མ་ཆད་པ་རྣམས་ཀྱིས་མགོ་བོའི་ཐོད་བཞིན་དུ་ཁུར་ཅིང་ཅི་བསྒོ་བའི་བཀའ་ཉན་པའི་མངའ་ཆེན་ཐོབ་པར་མཛོད་ཅིག །དབུ་ཞྭའམ་དར་ཐོད་བཅིངས་ལ། ཧཱུྃ༔ འབྱུང་བ་ལྔ་ཡི་དྭངས་མ་ཁ་དོག་ལྔ༔ རང་གསལ་འོད་ཀྱི་དྭངས་མ་དར་གྱི་ཐོད༔ རིན་ཆེན་འབར་བའི་དབྱིབས་སུ་གསོལ་བ་ཡིས༔ ཀུན་གྱིས་ཐོད་བཞིན་བཀུར་ཞིང་བཀའ་ཉན་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་གཙུག་ཏུ་བརྒྱན་པས་སེམས་ཅན་ཀུན་གྱི་རེ་འདོད་ཡིད་བཞིན་དུ་སྐོང་བ་ལ་ཐོགས་པ་མེད་པའི་མངའ་ཆེན་ཐོབ་པར་མཛོད་ཅིག །གཙུག་ཏུ་ནོར་བུའི་ཏོག་སོགས་ཀྱིས་བརྒྱན་ལ། ཧཱུྃ༔ ནོར་བུ་རིན་ཆེན་དབང་གི་རྒྱལ་པོ་འདི༔ ཆོས་སྐྱོང་རྒྱལ་པོའི་སྤྱི་བོར་བཞུགས་པ་ཡིས༔ སེམས་ཅན་ཐམས་ཅད་བསམ་པའི་དོན་གྲུབ་ནས༔ རྒྱལ་པོས་ཀུན་ལ་ཅི་འདོད་སྦྱིན་པར་ཤོག༔ དྷ་ནཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཚངས་པའི་འཇིག་རྟེན་སྲོག་ཡིག་དང་བཅས་པའི་ཙཀྲ་ཕྱག་ཏུ་ཕུལ་བས། བསོད་ནམས་ལོངས་སྤྱོད་མངའ་ཐང་ལ་སོགས་པ་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་ཞིང་རྒྱས། སྟོང་གསུམ་འཇིག་རྟེན་ཟིལ་གྱིས་ནོན་ཅིང་དབང་སྒྱུར་བའི་མངའ་ཆེན་ཐོབ་པར་མཛོད་ཅིག །བསྒྲུབས་པའི་ཙཀྲ་ཕྱག་ཏུ་གཏད་ལ། ཧཱུྃ༔ ཚངས་པའི་འཇིག་རྟེན་སྲོག་གི་ཡི་གེས་བསྐོར༔ ཆོས་སྐྱོང་རྒྱལ་པོའི་ཕྱག་ཏུ་ཕུལ་བ་ཡིས༔ བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་པར་འགྱུར༔ སྟོང་གསུམ་ཟིལ་གནོན་རྒྱལ་པོར་དབང་བསྐུར་རོ༔ རཏྣ་སིདྡྷི་ཛཿཛཿཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱི་མངའ་དབང་དངོས་གཞི་བསྐུར་བ་གྲུབ་ནས། མཐའ་རྟེན་དགེ་ལེགས་སུ་བྱེད་པའི་སྲིད་ཞིའི་དཔལ་འབྱོར་རྣམས་ཀྱིས་རིམ་པར་མངའ་གསོལ་བའི་ཐོག་མར། བཀྲ་ཤིས་པའི་རོལ་མོ་དང་ཡོ་བྱད་རྣམ་པ་བཞི་ཕྱག་ཏུ་ཕུལ་བས། ཁམས་གསུམ་དགེ་བཅུའི་ཆོས་སྒྲས་གང་། སྙན་གྲགས་འབྲུག་སྒྲ་ལྟར་སྒྲོག །སངས་རྒྱས་བསྟན་པའི་རྒྱལ་མཚན་སྒྲེང་། རྒྱལ་པོའི་མངའ་ཐང་དར་བས་སེམས་ཅན་བདེ་སྐྱིད་ལྡན་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པར་མོས་མཛོད། དུང་འབུད་དུ་གཞུག་ལ། ཧཱུྃ༔ ནོར་བུ་དུང་ཆེན་གཡས་སུ་འཁྱིལ་བ་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ ཁམས་གསུམ་ཐམས་ཅད་ཆོས་ཀྱི་སྒྲ་ཡིས་གང༔ སེམས་ཅན་ཐམས་ཅད་དགེ་བཅུ་སྤྱོད་པར་ཤོག༔ རྔ་རྡུང་དུ་གཞུག་ལ། ཧཱུྃ༔ རྔ་ཆེན་རོལ་མོ་སྙན་པའི་སྒྲ་ཆེན་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ འཇིག་རྟེན་ཆོས་ཀྱི་སྒྲ་ཡིས་གང་ནས་ཀྱང༔ སྙན་གྲགས་ནམ་མཁའི་འབྲུག་ལྟར་སྒྲོག་པར་ཤོག༔ རྒྱལ་མཚན་སྒྲེང་དུ་གཞུག་ལ། ཧཱུྃ༔ མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ བླ་མེད་ཆོས་ཀྱི་རྒྱལ་མཚན་སྒྲེང་བར་ཤོག༔ འཕན་ཕྱར་དུ་གཞུག་ལ། ཧཱུྃ༔ ཁམས་གསུམ་དབང་སྡུད་དར་གྱི་འཕན་ཕྲན་འདིས༔ ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་མངའ་གསོལ་བས༔ རྒྱལ་པོའི་མངའ་ཐང་བསོད་ནམས་དར་ཞིང་རྒྱས༔ སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་ཤོག༔ ཅེས་བརྗོད། དེ་ནས་བཀྲ་ཤིས་པའི་རྫས་བརྒྱད་གཏོད་པའི་ཚིག་ལྷུག་སྐབས་སུ། དེང་འདིར་ཡང་བསྟན་པ་འཛིན་པའི་སྐྱེས་བུའམ། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཉིད་ལི་ཁྲིའི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག་སོགས་ལི་ཁྲིས་ཐོག་དྲང་། བིལྦས་མཐའ་རྟེན་པའི། རྫས་བརྒྱད་དང་། རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་རྣམས་སྤྱི་ལྟར་གཏོད། དེ་དག་རྣམས་ཀྱི་སྐབས་སུ་ཆོག་གྲོགས་ཡོད་ན་དབྱངས་བཅས་བརྗོད་ཅིང་བར་མཚམས་རྣམས་སུ་རོལ་མོ་འབུད་དཀྲོལ་བྱ། འགྲུབ་ན་སྐབས་འདིར་ཚོགས་འཁོར་རྒྱས་བསྡུས་གང་འགྲུབ་བཏང་ལ་ཚོགས་རྫས་དྲང་། དཀར་སྤྲོའི་སྟོན་མོ་བཟང་པོས་ཞལ་གསོ། སླར་ཡང་ཤིས་བརྗོད་རྒྱས་པ་དང། ཤིན་ཏུ་སྤྲོ་ཞིང་འགྲུབ་ཏུ་རུང་ན་གླུ་བྲོ་གར་གྱི་རིམ་པའང་བྱ་བར་གསུངས་སོ། །འདི་དག་གི་སྐབས་སུ་གཞུང་ལས། སེམས་བསྐྱེད་དང་ཁ་བརྡ་བཟང་ཞིང་རྒྱ་ཆེ་བ་མང་དུ་བསྒྲིག༔ རིག་པ་ངར་བསྐྱེད༔ རྟེན་འབྲེལ་གནད་ཡིན་ཏེ༔ བརྟུལ་ཞུགས་དང་སེམས་ཀྱི་དཔའ་བསྐྱེད་དོ༔ ཞེས་གསུངས་པས་སྣང་བ་ཟིལ་གྱིས་གནོན་པའི་གདིང་དང་སྤྲོ་དགའི་ངར་སྐྱེད། རྟེན་འབྲེལ་ལེགས་ཚོགས་རྒྱ་ཅི་ཆེ་སྒྲིག་པ་གནད་ཡིན་ནོ།། །། གཉིས་པ་རྗེས་ཀྱི་བྱ་བ་ནི། གཞུང་ལས། དེའི་དུས་སུ་རྒྱལ་པོ་ཐེག་པ་ཆེན་པོའི་དབང་གིས་སྨིན་པར་བྱ་སྟེ༔ རྣལ་འབྱོར་ཕྱིའི་དབང་བསྐུར་ན་རྒྱལ་ཁམས་སུ་རྒྱུའི་ཆོས་དར་བར་འགྱུར༔ གསང་སྔགས་ནང་གི་དབང་བསྐུར་ན༔ ཡང་དག་འབྲས་བུའི་ཆོས་དར་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་འགྲུབ་ན་གལ་ཆེ་བས་གོང་གི་ཆོ་ག་རྣམས་གྲུབ་པའི་རྗེས་བསྒྲུབ་བྱ་རང་གནས་སུ་བྱོན། སློབ་དཔོན་གྱིས་དབང་སྒྲུབ་བྱས་ལ་ཕྱི་ནང་གི་དབང་བསྐུར། མངའ་གསོལ་བའི་ཆས་རྣམས་ཀྱང་གལ་ཆུང་དུ་མི་བྱ་བར། གཞུང་ལས། རྒྱལ་པོའི་བཀའ་རྟགས་ཀྱི་ནོར་བུ་དྲུག༔ རིན་པོ་ཆེ་སྲོག་གི་སྙིང་པོ༔ རིན་པོ་ཆེའི་ཕྲེང་བ་དང་བཅས་ཏེ་རྒྱལ་པོའི་ཕོ་བྲང་དུ་བཞུགས་ཏེ༔ ཆོས་ སྐྱོང་རྒྱལ་པོ་མ་ཡིན་པ་དམངས་ཀྱིས་ལོངས་སྤྱད་པར་མི་བྱ༔ དུས་རྒྱུན་མཆོད་པ་འབུལ༔ ཅེས་གསུངས་པ་ལྟར་ཚུལ་བཞིན་བསྒྲུབ་པ་དང་། ཁྱད་པར་ཚངས་པའི་འཇིག་རྟེན་གྱི་ཙཀྲ་ཇི་ལྟར་འཆང་བའི་ཚུལ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལེའུ་ལྔ་པ་ལས་གསུངས་པ་བཞིན་བྱས་ན། ཆོས་ལྡན་གྱི་ཆབ་སྲིད་ཡར་ཟླ་ལྟར་རྒྱས་པ་ལ་གདོན་མི་ཟའོ།། །།རིན་ཆེན་འབར་བའི་མངའ་དབང་ཏོག་བཀོད་པས། །བསྟན་འཛིན་སྐྱེས་བུ་ཆོས་ལྡན་རྒྱལ་པོ་རྣམས། །མངའ་ཐང་རྒྱལ་མཚན་སྲིད་པའི་རྩེ་མོར་སྙེག །འདོད་རྒུའི་ཆར་པས་ལུས་ཅན་ཚིམ་བྱེད་ཤོག །ལྷག་བསམ་བཟང་པོས་མཛོད་བཞིའི་བཅུད། །འདི་སྤེལ་དགེ་བས་སྙིགས་མཐར་ཡང་། །ཆོས་ཀྱི་ཆབ་སྲིད་རབ་རྒྱས་ཏེ། །ཕན་བདེའི་དགའ་སྟོན་ནུབ་མེད་ཤོག །ཅེས་པ་འདི་ཉིད་རྒྱུན་དཀོན་ཅིང་རྣམ་པར་དག་པའི་ལག་ལེན་ཡང་ནུབ་ཏུ་ཉེ་བས། གོང་མའི་གསུང་དང་བླ་མའི་ཕྱག་ལེན་བཞིན་རྒྱལ་དབང་པདྨའི་རྗེས་སུ་ཞུགས་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བསྡེབས་པ་དགེ་ལེགས་འཕེལ།། །།
རྫས་སྲུང་གི་གདམས་པ་ (Volume 44, Text 40)
༄༅། །རྫས་སྲུང་གི་གདམས་པ་བཞུགས་སོ། ། བླ་མ་ཡི་དམ་མཁའ་འགྲོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གལ་པོ་ཆེ་ཡི་མན་ངག་ལ། །པདྨ་རྒྱལ་པོས་ཕྱི་རབས་དོན། །མནའ་དང་ཕྲུ་སློག་གཏད་ཁྲམ་དང་། །ཀླུ་གཉན་ས་བདག་བསྲུང་བའི་ཕྱིར། །རྫས་ཀྱི་སྦྱོར་ཐབས་གསུངས་པ་རྣམས། །བུ་ལ་ཕན་ཕྱིར་བསྡེབ་ཀྱིས་གསོན། །རྟ་ནག་མི་ནག་ཁྱི་ནག་དང་། །སྤྱང་ཀི་སྟག་དང་དོམ་ལ་སོགས། ཁྱི་རྒོད་པད་མཚལ་གཙང་མ་དང་། །ཡུགས་ཁྲག་བྱ་ཡི་ཁྲག་རྣམས་དང་། ཁྲག་སྣ་ཐམས་ཅད་གཏང་བར་བཤད། །སྤྱང་དུག་དང་ནི་ར་དུག་པ། །བང་ང་ནག་པོ་བོང་དུག་པ། །མདོར་ན་དུག་སྣ་ཐམས་ཅད་གཏང་། །འོན་ཀྱང་ཁྱད་པར་དབྱེ་བ་ནི། །བསེ་དྲི་དོམ་ཁྲག་ལུག་གི་ཁྲག །དམེ་ཁྲག་ཕྱི་བ་ཕུག་རོན་ཁྲག །མཛོ་དྲིའུ་སྔགས་པའི་ཁྲག་རྣམས་དང་། །བཙུན་པ་བོན་པོ་བྱ་རྒོད་ཁྲག །འདི་རྣམས་མ་གཏོགས་ཀུན་ལ་གསག །གཞན་ཡང་དུག་གི་ཁྱད་པར་ནི། །སྤྱང་དུག་གཡའ་དུག་བིག་པན་མཚུར། །མུ་ཟི་ནག་པོ་ལ་སོགས་སྤང་། །དེ་མ་གཏོགས་པའི་དུག་ཀུན་གསག །ཐོད་པ་སོ་སོར་དུག་རྣམས་བླུག །སྟེགས་བུའི་སྟེང་དུ་བཞུགས་བྱ་སྟེ། །རང་ཉིད་ཡི་དམ་གང་རུང་བསྒོམ། །སྒོམ་བཟླས་བྱས་པའི་རྗེས་ཐོབ་ཏུ། །བསང་སྦྱང་བྱས་ཏེ་སྟོང་པ་ལས། །རྫས་རྣམས་ཐམས་ཅད་ཁྲོ་བོ་ནི། །རང་གི་ལྷ་དང་མཚུངས་པར་བསྒོམ། །སྙིང་རྗེའི་སྔགས་ལས་འོད་འཕྲོས་པས། །ཀུན་ཀྱང་མེ་རུ་བསྒོམ་བྱ་སྟེ། །མེ་ནི་སྦུད་པས་བུས་པ་བཞིན། །སྔགས་བཟླས་ཚེ་ན་མེ་རྣམས་ཀུན། །རབ་ཏུ་འབར་བས་དགྲ་བགེགས་ནི། །ཐམས་ཅད་སྲེག་པ་ཉིད་དུ་བསྒོམ། །ཨོཾ་ན་མོ་བུདྡྷ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ཙནྡྷེ་ཙནྡྷེ། མི་ལི་མི་ལི། བྷནྡྷ་བྷནྡྷ། ནཱ་ག་ནི་སྭཱ་ཧཱ། སྔགས་འདི་འབུམ་དུ་བཟླ་བར་བྱ། །རྟགས་ནི་མེ་འོད་འབར་བ་འམ། །ཐོད་པ་འཕར་བ་ལ་སོགས་ཀྱང་། །རྨི་ལམ་དངོས་སུ་འབྱུང་བར་བཤད། །དེ་ཡི་རྗེས་སུ་དུག་ཁྲག་རྣམས། །དྲག་ལས་བྱེད་ན་རྒོད་རུ་གཡས། །གཡས་གཡོན་རྒུར་བ་མན་ངག་གོ །གཞི་གཅིག་གནས་ན་ཨོཾ་བྷིར་བྱ། །ཀུན་ལ་སྤྲ་རྩི་སྒོ་ངས་བྱུག །དེ་ནང་དུག་ཁྲག་ཀུན་བླུགས་ཏེ། ཁྲག་རློན་དག་གིས་སྦྱར་བྱས་ནས། ཁ་བཅད་གཟུངས་ཐག་བཏགས་ནས་ནི། །སྔར་ལྟར་སྒོམ་བཟླས་འབུམ་དུ་བྱས། །རྟགས་ནི་དྲོད་བརྟན་དགུན་མི་འཁྱག །དེ་སོགས་དངོས་སུ་འབྱུང་བ་ཡིན། ༈ །མེད་ཐབས་མེད་པའི་རྫས་བཤད་ཀྱིས། ཁྲ་དང་གྲི་ཁྲག་པདྨའི་ཁྲག །ཁྲག་སྣ་འདི་རྣམས་མེད་མི་རུང་། །བོང་ང་ཤ་ཆེན་འབྲི་ཚིལ་མ། །དུག་སྣ་འདི་རྣམས་མེད་མི་རུང་། ༈ །དུག་ཁྲག་སྦྱོར་ལུགས་བསྟན་པ་ནི། །རང་གི་ལྷ་སྲུང་དགྱེས་བྱའི་ཕྱིར། །བཟང་དྲུག་ཐུམ་པོ་བཏགས་པར་བྱ། །དྲག་ལས་ཆུ་མིག་གཉན་དུ་འབོ། །ཕྲུ་སློག་ལ་སོགས་མནའ་བྱེད་ན། །གནས་གསུམ་དུག་ཁྲག་ཐིག་ལེ་བྱ། །རིམས་དང་འགོ་བག་ལ་སོགས་ལ། །བུ་ག་དགུ་པོར་ཐིག་ལེ་བྱ། །སེར་སྲུང་ལ་སོགས་ཕྲན་ཚེགས་ལ། །རང་རང་གཞུང་ལྟར་བྱས་པས་འགྲུབ། །འདི་ཡི་ཕན་ཡོན་དཔག་ཏུ་མེད། །ཀླུ་དང་ས་བདག་གཏད་ཁྲམ་ལྡོག །མཛེ་འཕྲོ་གཅོད་ཅིང་མནའ་ཡང་ལྡོག །རིམས་དང་གག་ལྷོག་གཟེར་རྣམས་ཐུབ། །མདོར་ན་ཀུན་ཐུབ་རྒྱལ་པོ་ཡིན། །འདི་ལ་དམ་ཚིག་རྣམ་གཉིས་ཏེ། །བུད་མེད་རྣམས་ཀྱིས་མཐོང་མི་རུང་། །ལག་པས་རེག་པ་སྨྲོས་ཅི་དགོས། །དམ་མེད་དགྲ་ལ་བསྟན་མི་བྱ། །གནམ་ལྕགས་སེར་བ་འབབ་གྱུར་ན། །ཐོ་ཅོས་ས་ལ་བརྡབ་མི་བྱ། །འདི་ལ་དགོས་པ་རྣམ་གཉིས་ཡོད། །ཉིན་རེར་ལྕགས་མཁར་འོད་ཀྱི་སྔགས། ཁ་གསོའི་ཕྱིར་དུ་གདབ་པར་བྱ། །རླན་དང་མ་བྲལ་ཆང་གཙང་བླུག །འདི་ནི་མན་ངག་གདམས་པ་ཡིན། །འདི་ལ་འཁོར་ལོ་གསུམ་ཡོད་དེ། །ཕོ་འཁོར་མོ་འཁོར་སྤྱི་འཁོར་གསུམ། །ལུས་ལ་བཏགས་པས་ཀུན་ཐུབ་ཡིན། ཁྱད་པར་ཀླུ་དང་ས་བདག་ཐུབ། །གཞན་གྱི་མནན་གཏད་བྱད་རྣམས་ཐུབ། །འཁོར་ལོ་ཡིག་ཆུང་ཟུར་ན་གསལ། ༈ །སྔགས་རྣམས་ཤམ་བུ་བསྟན་པ་ནི། །ལྕགས་འཁོར་འོད་སྔགས་ཤམ་བུ་ནི། །རཱ་ཛ་མཱ་ར་ཡ་ནི་རྦད། རཱ་ཙ་སིདྡྷི་མཱ་ར་ཡ་གཏུབ། རཱ་ཛ་སིདྡྷི་མཱ་ར་ཡ་ཛཿ ཕོ་གདོན་གནོད་ན་གདགས་པར་བྱ། །མ་མ་ཞུང་ཏྲི་ཛ་མཱ་ར་ཡ་ཛ། མ་ནུ་ཏྲི་མཱ་ར་ཡ་རྦད། །མོ་གདོན་གནོད་ན་གདགས་པར་བྱ། །ཏྲིའུ་མཱ་ར་ཡ་ཛ། ཏྲི་ཤི་མཱ་ར་ཡ། ཏྲིའུ་མཱ་ར་ཡ་རྦད། འགོང་པོ་གནོད་ན་གདགས་པར་བྱ། ཨོཾ་ས་ར་ས་ར་བི་ཡ་ར་ཧཱུྃ་ཕཊ། ཞོ་ཆང་བསྲུང་ན་གདགས་པར་བྱ། །ཧཱུྃ་བྷ་ཏ་ཡ། བྷ་ཏ་ཡ། ལོ་ཀ་བྷ་ཏ་ཡ་ཧཱུྃ་ཕཊ་ཟློག །རྦོད་གཏོང་ཟློག་ན་གདགས་པར་བྱ། ཨོཾ་ཏདྱ་ཐཱ། ཏིག་གི་ཏིག་གུ་ལི་ཨུ་ལི་ཤ་ཤུ་གི་གུ་ལ་ཏི་བྷི་རི་ཧུ་ཡ་ཧུ་ཡ། ཧི་རི་ཧི་རི་སྭཱ་ཧཱ། སེར་བ་སྲུང་ན་གདགས་པར་བྱ། ཨོཾ་ཀ་ཤ་ཀ་ཤ་ཀ་པྲ་ཚལ་ཤག་ནད་ཀྱི་སྙིང་མགོ་དཀར་པོ་ཆོད་སྭཱ་ཧཱ། ལྷ་སྲིན་སྡེ་བརྒྱད་ས་བདག་ཀླུ་གཉན་དང་། །སྡེ་བརྒྱད་ཀུན་ལ་རྒྱུན་དུ་བཟླས་པས་ཆོག །དེ་རྣམས་སྔགས་ཀྱི་ངར་གསོ་བསྟན་པའོ། ༈ །ལས་མཐའ་སོ་སོར་བསྟན་པ་ནི། །སྲུང་བ་བྱེད་ན་གཞུང་བཞིན་བྱ། །ཕོ་གདོན་གནོད་ན་ཁྱི་དཀར་ཐོད་ལིང་གཞུག །ཉུངས་དཀར་ཉུངས་ནག་གུ་གུལ་དྲིས། །ཐུན་གྱིས་བྲབས་ལ་རྒྱ་གྲམ་མནན། །མོ་གདོན་ཁྱི་མོ་ནག་མོ་ཡི། །ཐོད་པར་ལིངྒ་ཀུན་བཅུག་ལ། །ཉུངས་དཀར་ཉུངས་ནག་མུ་ནག་དང་། །ཟི་ར་ནག་པོའི་ཐུན་གྱིས་བྲབ། །མ་ཐེམ་འོག་ཏུ་མནན་པ་བྱ། །འགོང་པོས་གནོད་པར་རི་བོང་གི །ཐོད་པའི་ནང་དུ་ལིང་ག་བཙུད། །ཉུངས་དཀར་ཉུངས་ནག་ཀེ་ཚེ་དང་། །ཐུན་གྱིས་ལེགས་པར་དེ་ལ་བྲབ། །ཐ་མ་མལ་གྱི་འོག་ཏུ་མནན། །གང་ལ་བྱེད་ཀྱང་ཞག་གསུམ་གཟིར། །ཞོ་ཆང་རྡེའུ་དཀར་ནག་སྔགས། །སྣོད་ཀྱི་ཕྱི་ནང་དུག་ཁྲག་བྱུག །རྦོད་གཏོང་ཟློག་ན་དམར་གཏོར་ལ། །སྔགས་ཏེ་ཟོར་དུ་འཕངས་པས་ཟློག །སེར་སྲུང་ཕུར་པ་བཅུ་ལ་སྔགས། །ཕྱོགས་མཚམས་དབུས་སུ་འཛུག་པར་བྱེད། །ཀེ་ཚེ་ཐལ་ཆེན་ཉུངས་དཀར་ནག །སྔགས་བཟླས་བྱུང་ཚེ་གདོང་དུ་བརྡེག །ཕུར་པ་གསོར་ཞིང་སྡིགས་པར་བྱ། །འཁོར་ལོ་བསྟན་ཞིང་ཞག་བདུན་བསྒྱུར། །དེས་ནི་ལོ་ཏོག་ཐུབ་ངེས་སོ། །ནད་རིམས་བསྲུང་བར་འདོད་པ་ན། །ཚོན་སྐུད་ལྔ་ལ་སྲུང་སྔགས་བཟླས། །དུག་ཁྲག་ཐུམ་པོ་ལུས་ལ་བཏགས། །ནད་དང་རིམས་ཀྱིས་ཚུགས་མི་འགྱུར། །ལས་ཀྱི་མཐའ་བསྒྱུར་བསྟན་པའོ། །སྲིའུ་གསོ་བར་འདོད་པ་ན། །སྐར་མ་རྒྱལ་གྱི་ནམ་ཕྱེད་ལ། །མ་ལ་སྲུང་བཏགས་དབང་བསྐུར་བྱ། །སྐྱེས་ནས་བུ་ལ་ཆགས་མེད་བསྐུར། །གལ་ཏེ་སྨྱོ་འབོག་འདུལ་བ་ན། །དུག་ཁྲག་རིལ་བུ་ཁོག་ཏུ་བཏང་། །རང་གི་གདོང་དང་ལུས་ལ་བྱུག །དྲག་སྔགས་བཟླས་ཤིང་སྤྱི་བརྡེག་བྱ། །ཤོ་མུར་ཁྱི་ནག་ཐོད་པ་རུ། །དུག་ཁྲག་ཐལ་ཆེན་ཉུངས་དཀར་ནག །བླུགས་ལ་ཡུགས་སའི་དོར་རྟས་དྲིལ། །ཚོན་སྐུད་སྣ་ལྔས་རྒྱ་གྲམ་དཀྲིས། །རང་ལ་སྦས་པས་ངེས་པར་ཐུབ། །འདི་ལྟར་པདྨ་འབྱུང་གནས་ཀྱིས། །མངའ་བདག་རྗེ་ལ་གདམས་པ་ཡིན། །མན་ངག་རིན་ཆེན་གསེར་འདྲ་འདི། །ཆོས་དཔལ་བཟང་པོ་ཞེས་བྱ་ཡིས། །ཀུན་ལ་ཕན་ཕྱིར་ཡི་གེར་བྲིས། །དགེ་ཞིང་བཀྲ་ཤིས་མངྒ་ལཾ།། །། ༈ བླ་མ་ལ་ན་མོ། འདིར་ཐུན་གྱི་ཟིན་བྲིས་ལ། སྣོད་གསུམ་ལ་རྭ་གཉིས་ཨོཾ་བྷི་དང་གསུམ། རྫས་ནི་ཁྲག་སྣ་ཚོགས་ཚད་ལ། ཡུགས་ས། མཛེ་ཅན། སྔགས་པ། ལུག །བཙུན་པ། བསེ་དྲི་ཅན། མཛོ་དང་དྲེའུ་དམེ་ཅན་གྱི་ཁྲག་སྤང་། མེད་དུ་མི་རུང་བ་ལ་སྐྱེས་དར་མ་གྲིར་ཤི་བའི་ཁྲག །བྲ་དཀར། ཉ་དཀར། ཨག་ཙེ། སྤྱང་ཀི །རྟ་གཡག །ཁྱི་ནག །གཙོད། གཅན་གཟན། དྲི་ཅན་མ་ཡིན་པའི་ཁྲག །པདྨ་སད་ཀྱིས་མ་ཁྱེར་བའི་ཁྲག །སྤྱང་དུག་དབྱིག་དུག་མ་ཡིན་པའི་དུག་སྣ་ཚོགས་ཚད་ལ་མཚུར་བིག་པན། མུ་ཟི་དམན་གྱི་རིགས་མི་ཉན། མེད་དུ་མི་རུང་བ་ལ་བཙན་དུག་ཤང་ལང་ནག་པོ། ར་དུག་ནག་པོ། འབྲི་ཚིལ། ཐར་ནུ། དུར་བྱིད། ཐང་ཕྲོམ་པ། བོང་ང་ནག་པོ། ༈ སྒྲུབ་པ་ལ་སྐམ་སྒྲུབ་དང་རློན་སྒྲུབ་གཉིས་ལས། ཐོད་པའི་ནང་དུ་ཁྲག་རྣམས་ཉི་མ་ལ་བསྐམས་པ་ཆབ་ཧྲོལ་པོས་ཐོད་པ་ཅི་ཁེངས་པར་བཀང་། ལྷ་གང་ཡིན་བདག་བསྐྱེད་རྫོགས་རྗེས། མདུན་བསྐྱེད་འོད་ཟེར་སྤྲོ་བསྡུ། ཁྲོ་ཆུང་མེ་རིས་དགྲ་བགེགས་ལོག་འདྲེན་ས་བདག་ཀླུ་གཉན་བསྲེགས་བཅོམ་པར་བསམ་ལ། རྟགས་ནམ་བྱུང་བཟླ། ཐུན་མཚམས་མ་ད་ན་ཉུང་བ་གཅིག་ལ་མཆིལ་མ་བཏབ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རྫས་དང་རོ་གཅིག་ཏུ་གྱུར་པས་རྫས་ནུས་ལྡན་དུ་གྱུར་པར་བསམ། དེ་དག་གཏུན་དུ་ཕྱེ་མར་བརྡུངས་ནས། སྣོད་གསུམ་གང་རུང་ནང་དུ། སུ་རཱ་དང་། སྔགས་ཀྱི་སུ་རཱ་རྙིང་པས་བསྐ་སླ་ཞོ་ཙམ་དུ་བྱས་ལ། བདག་མདུན་དམིགས་པ་སྔར་དང་མཐུན། ལྷ་སྔགས་ཤམ་དུ། བུདྡྷ་ཡ་ཡི་ཤམ་བུ་བཏགས་ལ། རྟགས་མ་བྱུང་བར་དུ་ཕུས་བཏབ་ཅིང་བཟླ། འདིར་ཡེ་ཤེས་པ་ཡང་ཡང་ཐིམ་པའི་རྫས་ནུས་ལྡན་དུ་བསམ། རྟགས་ཁོ་ལས་མེ་འབར། རླངས་པ་འབྱུང་། དྲོད་སྐྱེས་འབྱུང་། དམ་ཚིག་བུད་མེད་ཀྱིས་མཐོང་མི་རུང་ཞིང་། རེག་པ་ཡང་མཚུངས། ཕན་ཡོན་ཚད་པས་ཤེས་སོ། །རྭ་དོང་གི་སྙན་བརྒྱུད་རྭ་བན་ཆོས་དཔལ་བཟང་པོས་བདག་བྱ་བྲལ་ནམ་མཁའ་དགེ་ལ་གནང་བའོ། །དེ་ནས་རིམ་བརྒྱུད་རིན་ཆེན་བཀྲ་བཟང་བས་བདག་སྒྲོལ་མ་པ་ཆོས་རྒྱལ་ལའོ།། །།
གསོལ་འདེབས་བར་ཆད་ལམ་སེལ་ (Volume 45, Text 40)
༁ྃ༔ གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པོ་ཏི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས་བདག༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེས༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩིས་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔ བསྒྲིལ་ཞིང་ཙནྡན་ནགས་སུ་འཕངས༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམས༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླགས༔ འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་པའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོས་པའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་སྟོན་པ༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དཔལ་མོ་ཐང་གི་དཔལ་ཐང་དུ༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལྷ་ཡར་བཞུད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སཾ་བྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཅན༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས༴ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་ལ་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རང་གི་སྒྲུབ་པ་རང་གིས་མཛད༔ རྗེས་འཇུག་ཇོ་མོ་མཚོ་རྒྱལ་གྱིས༔ ཕྱི་རབས་གང་ཟག་བརྒྱུད་འཛིན་རྣམས༔ བར་ཆད་སེལ་ཕྱིར་ཞུས་པ་ཡིན༔ རྗེས་འཇུག་གང་ཟག་བརྒྱུད་འཛིན་རྣམས༔ ཉམས་སུ་ལོངས་ལ་གསོལ་བ་ཐོབས༔ གསོལ་བ་ལན་གཅིག་བཏབ་པས་ཀྱང༔ ཉིན་ཞག་གཅིག་གི་བར་ཆད་སེལ༔ ཅི་བསམ་འགྲུབ་པར་ཐེ་ཚོམ་མེད༔ བརྒྱུད་འཛིན་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སྤྲུལ་སྐུ་བ་མཁལ་སྨུག་པོས་སྤྱན་དྲངས་པའོ།། །།
སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་གི་ལག་ལེན་གྲུབ་གཉིས་བཅུད་འབེབ་ (Volume 27, Text 40)
༄༅། །སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་གི་ལག་ལེན་གྲུབ་གཉིས་བཅུད་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། རང་རིག་རྒྱལ་པོ་དཔལ་ཆེན་པོ། །སྲིད་ཞིར་ཉམས་བརྒྱས་རོལ་པ་ཡི། །གར་མཛད་དེ་ལ་བཏུད་བྱས་ནས། །སྨིན་བྱེད་ལག་ལེན་འདུས་གསལ་དགོད། །ཡང་དག་སྙིང་པོའི་དབང་བསྐུར་འདིའི་སྒོ་ནས་སྐལ་ལྡན་རྗེས་སུ་གཟུང་བའི་བྱ་བ་ལ་གསུམ། སྔོན་འགྲོ་བཤམ་གྱི་ལག་ལེན། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་མཇུག་གི་བྱ་བའི་རིམ་པའོ། །དང་པོ་ནི། རྟེན་གྱི་མདུན་སྟེགས་བུའི་དབུས་སུ་ཨེ་ཁྲོམ་ལ་སྒྲུབ་ཕུར་ཚད་ལྡན་དར་མཐིང་ནག་གི་ཅོད་པན་ཅན་གཟུག་པའི་སྟེང་དུ་འཕྲུལ་སྟེགས་ལ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གྱིས་སྤྲས་པ་དང་། དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། གཡས་གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་བ་དང་། རིག་ཙཀ །ལས་བུམ། ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར་རྣམས་ཅི་བདེར་བཀྲམ། མདུན་དུ་སྨན་གཏོར་རཀྟ། མཐར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། བསྒྲལ་དབང་ཆས། ལས་ཕུར། དབྱེ་རྫས་བྱ་འུག་སྒྲོ། ཡུངས་དཀར། བྱད་ཐག །དུག་ཁྲག །སྒྲོལ་གྲི །ཐོ་བ། ཧོམ་གཟར། ལྕགས་ཧོམ་དུ་ལིངྒ། གསེར་སྐྱེམས་ཆས། གཏོར་ཟོར་གྲུ་གསུམ་མཚེ་ཡུངས་ཀྱིས་བརྒྱན་པ་རྣམས་སྟེགས་ཅི་བདེར་བཞག །ཕྲིན་ལས་ལ་དགོས་པའི་མཆོད་གཏོར་ཡོ་བྱད་རྣམས་ཀྱང་འདུ་བྱའོ། །གཉིས་པ་དངོས་གཞི་ལ། དང་པོ་ཕྲིན་ལས་ཚང་བ་མཐར་ཆགས་སུ་གཏང་། བསྟོད་པའི་རྗེས་སུ་བདག་འཇུག་དབང་བཞི་བླང་། ཛཔ྄་ཁང་ཕྱེས་ནས་བདག་མདུན་ལ་དམིགས་པའི་བཟླས་པ་ཅི་ནུས་དང་། བུམ་པར་གསལ་གདབ་སྤྱི་ལྟར་བྱས་ནས་རུ་ལུའི་བཟླས་པ་བརྒྱ་རྩ་ཙམ་བྱ། ཚེ་ཛཔ྄་ཚེ་འགུགས་རྣམས་གྲུབ་ནས་མཆོད་བསྟོད་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་སྤྱི་མཐུན་དང་། སྲུང་མའི་གཏོར་འབུལ། ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་ནས། སྔར་དབང་མ་བླང་ན་རིག་པའི་མེ་ཏོག་དོར། བླངས་ན་མི་དགོས་པས་སློབ་མ་བཞུག་པར་གནང་བ་ནོད་པ་ཙམ་བྱའོ། །གཉིས་པ་དབང་བསྐུར་བ་ལ། སློབ་མ་ཁྲུས་ནས་དབྱུང་། ལས་བྱང་ལྟར་བགེགས་གཏོར་གཏང་། མཚམས་གཅོད་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་གཅིག་ལ་འགྲུབ་པར་བྱེད་པའི་ཡི་དམ་ལྷག་པའི་ལྷ་ནི་མཁའ་འགྲོ་སྒྱུ་མ་བདེ་མཆོག་དཔལ་ཡང་དག་ཧེ་རུ་ཀ་ཉིད་ལས་མཆོག་ཏུ་གྱུར་པ་གཞན་མ་མཆིས་ཤིང་། དེ་ཉིད་སྒྲུབ་པའི་གེགས་དང་བར་དུ་གཅོད་པ་སེལ་བ་ལ་བདུད་འདུལ་ཁྲོ་བོའི་རྒྱལ་པོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་འགྲན་ཟླ་ཐམས་ཅད་དང་བྲལ་བས། རྒྱ་བོད་ཀྱི་མཁས་གྲུབ་མ་ལུས་པ་རྣམས་ཀྱི་ཐུགས་དམ་ཡང་ཕུར་གཉིས་ཞེས་ཉི་ཟླ་ལྟར་གྲགས། སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱིས་ཀྱང་གདུལ་བྱའི་སྣང་ངོར་བལ་ཡུལ་ཡང་ལེ་ཤོད་དུ་དཔལ་ཆེན་ཡང་དག་ལྷ་དགུའི་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚུལ་བསྟན་པའི་ཚེ། ལོག་འདྲེན་འབྱུང་པོའི་འཚེ་བ་དུ་མས་བར་གཅོད་རྩོམ་པ་ན་རྒྱ་གར་ནས་རྡོ་རྗེ་ཕུར་པའི་ཆོས་སྐོར་སྤྱན་དྲངས་ཏེ་བལ་ཡུལ་དུ་ཕེབས་པ་ཙམ་གྱིས་བར་གཅོད་ཐམས་ཅད་རང་བཞིན་གྱིས་ཞི། ཕྱག་རྒྱའི་རིག་པ་འཛིན་མཆོག་མངོན་དུ་བརྙེས་པའི་ཚུལ་བསྟན། ཡང་དག་དང་ཕུར་པ་སོ་སོར་སྒྲུབ་པ་དང་སྦྲགས་ཏེ་སྒྲུབ་པའི་ཆོས་སྐོར་རྒྱས་བསྡུས་མཐའ་ཡས་པ་མཛད། བོད་ཡུལ་དུ་རྒྱལ་བསྟན་གྱི་ཉིན་མོ་གསལ་བར་མཛད་པའི་སྐབས་སུ་རྗེ་འབངས་གྲོགས་གསུམ་གཙོ་བོར་གྱུར་པའི་ལས་ཅན་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། སོ་སོའི་སྐལ་པ་དང་འཚམ་པའི་ཆོས་སྐོར་རྒྱས་བསྡུས་དཔག་ཏུ་མེད་པ་བསྩལ་པ་རྣམས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་གཏེར་རིགས་དུ་མར་སྦས་པ་རྣམས། ལས་འཕྲོ་སད་པའི་གཏེར་སྟོན་རིག་འཛིན་རྩལ་འཆང་སོ་སོས་རིམ་པར་སྤྱན་དྲངས་ཏེ་བསྟན་འགྲོའི་དོན་མཐའ་ཡས་པར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི། ཆོས་རྒྱལ་ཁྲི་ལྡེའི་ཡང་སྲིད་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་ལུང་བསྟན་པ་ལྟར་རིམ་པར་བྱོན་པ་ཀུན་གྱི་ཕྱི་མ་བཅུ་གསུམ་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། བཀའ་བབས་བདུན་གྱི་མངའ་བདག་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་དགུང་གྲངས་བརྒྱད་དུ་ཕེབས་པའི་སྐབས། འབྱུང་བོའི་བར་ཆད་ཀྱི་འཚེ་བས་ཕྱག་གཉིས་ཞུགས་ཀྱིས་ཉེན་པའི་ཟུག་རྔུས་ཤིན་ཏུ་གདུང་བར་གྱུར་པ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞལ་དངོས་སུ་བསྟན། བྱིན་གྱིས་བརླབས་ཤིང་ལུང་བསྟན་གྱིས་དབུགས་དབྱུང་། སྒྲུབ་ཐབས་འདི་ཉིད་སྙན་བརྒྱུད་དུ་གདམས་པས་བསྙུན་ལས་གྲོལ་ཅིང་བར་ཆད་ཀྱི་གཡུལ་ལས་རྒྱལ། འོན་ཀྱང་གདམས་ངག་ཡི་གེར་འགོད་པ་སོགས་མ་མཛད་ནས་ཡུན་རིང་འདས་པ་ཕྱིས་དགུང་གྲངས་བཞི་བཅུ་རྩ་བརྒྱད་ལ་ཕེབས་པའི་སྐབས། ལུང་གིས་བསྐུལ་བ་སོགས་ཀྱིས་མཚམས་སྦྱར་ཏེ་གཏན་ལ་ཕབ་པར་མཛད་པའི་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་བསྐུར་བར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་དབང་ཕྱུག་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ༔ སྒྲིབ་པའི་གདུང་བ་ཀུན་བཅོམ་པའི༔ ཁྲག་འཐུང་ཆེན་པོ་བདག་ལ་དགོངས༔ རྡོ་རྗེའི་ཡེ་ཤེས་དཀྱིལ་འཁོར་དུ༔ སྐལ་ལྡན་ཡོངས་སུ་སྨིན་མཛད་གསོལ༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཔལ་ཆེན་ཧེ་རུ་ཀ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་དོན་རེ་རེ་བཞིན་གསལ་ཐོབས་ལ་ཚིག་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། སྨོན་པ་དང་འཇུག་པ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོཾ༔ ཀུན་བཟང་བླ་ན་མེད་པ་ཡི༔ སོགས་ལས་བྱང་ལྟར་ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱིས་ངང་ལས། སྣོད་རྣམ་པར་དག་པ་འོག་མིན་གསང་ཆེན་རོལ་པའི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པད་ཟླ་ཉི་མ་ལྷ་ཆེན་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་སྐུ་དང་རྩ་ཞལ་མཐིང་ནག་གཡས་ཞལ་དཀར་ཞིང་གཡོན་ཞལ་དམར་བ། ཕྱག་གཡས་གཉིས་ཀྱིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་གཉིས་ཀྱིས་མེ་དཔུང་དང་ཁ་ཊྭཱཾ་བསྣམས་ཤིང་། ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ། ཞབས་བཞི་གྱད་ཆེན་པོའི་འདོར་ཐབས་ཅན། དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྔོན་མོ་ཨུཏྤལ་དང་དུང་ཁྲག་བསྣམས་པས་འཁྱུད་ཅིང་གཟིག་ཤམ་སོགས་ཁྲོ་མོའི་ཆས་རྫོགས་པ། དེའི་སྤྱི་བོར་པདྨ་ཟླ་ཉི་དྲེགས་པའི་གདན་ལ་བླ་མ་དཔལ་ཆེན་ཡང་དག་ཧེ་རུ་ཀ་མཐིང་ནག་ནམ་མཁའི་མདངས་ཅན། ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་། ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་། གཡོན་གསུམ་དྲིལ་བུ་དུང་དམར་རྒྱུ་ཞགས་བསྣམས་པ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོ་སྐྱ་རྡོ་རྗེ་དང་དུང་ཁྲག་བསྣམས་པས་འཁྱུད་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཅན། ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེ་འོད་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་སྒྲུབ་པའི་སླད་དུ་བདག་མདུན་གྱི་ཐུགས་སྲོག་དང་ཁྱེད་རང་གི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་ཙམ་དུ་སྤྱན་དྲངས། ཆར་ཆེན་པོ་འབབ་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག་ཐོད་རྔ་དྲིལ་བུའི་སྒྲས་བསྐུལ་ལ་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་གྱེར། སྙིང་པོ་གཉིས་ཀྱི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ༔ བཏགས་པ་མང་དུ་བརྗོད་ལ་འབེབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་བརྟན་པར་བྱ། དེ་ནས་དབང་བསྐུར་དངོས་གཞི་ལ་བླ་མ་ཡང་དག་ཧེ་རུ་ཀ་ལ་བསྟེན་ཏེ་བྱང་ཆུབ་སྒྲུབ་པའི་དབང་བཞི་དང་། དཔལ་ཆེན་རྡོ་རྗེ་ཕུར་པ་ལ་བསྟེན་ཏེ་དགྲ་བགེགས་བསྒྲལ་བ་མངོན་སྤྱོད་དྲག་པོའི་རྗེས་གནང་གཉིས་ཡོད་པས་དེ་དག་ཞུ་བའི་ཡོན་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། བླ་མ་ཧེ་རུ་ཀ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་ནམ་མཁའི་དབྱིངས་ཐམས་ཅད་སྣང་བར་བྱས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། མདུན་གྱི་ནམ་མཁའ་གང་བར་བྱོན་ནས་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་བུམ་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར་པས་སྤྱི་བོ་ནས་དབང་བསྐུར་བས། སྒྲིབ་པའི་དྲི་མ་རྣམས་དག །སྐུ་དང་ཡེ་ཤེས་ཀྱི་ཆོས་མངོན་དུ་གྱུར་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཨོཾ༔ ནམ་མཁའ་གང་བའི་དེ་བཞིན་གཤེགས༔ ཏིལ་གྱི་གོང་བུ་ལྟ་བུ་ནི༔ སྙོམས་འཇུག་བྱང་སེམས་བདུད་རྩིའི་ཆུས༔ རྡོ་རྗེའི་སྐུ་རུ་ཁྱོད་དབང་བསྐུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་རུ་ལུ་མང་དུ་བཟླ་ཞིང་ཡུལ་སྣང་སྟོང་ཆུ་ཟླ་ལྟ་བུའི་ཉམས་བསྐྱང་། དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱང་། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བླ་མ་ཧེ་རུ་ཀའི་སྤྱི་བོ་ནས་ཞུགས། ཡབ་ཡུམ་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པའི་བྱང་སེམས་དང་རོ་གཅིག་ཏུ་འདྲེས་པ་ཐོད་པའི་ནང་དུ་བསྐྱིལ་བའི་བྱང་སེམས་བདུད་རྩིའི་རྒྱུན་རྡོ་རྗེའི་ལྕེ་ལ་བཞག་པས་ལུས་ཐམས་ཅད་ལ་ཁྱབ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ དཀར་དམར་བདེ་སྟོང་རོ་གཅིག་པ༔ ལྷག་པ་ཆེན་པོའི་བྱང་ཆུབ་སེམས༔ དཔའ་བོ་ཁྱོད་ཀྱི་ལྕེ་ལ་བཞག༔ རྣམ་པར་མི་རྟོག་ཉིད་གྱུར་ཅིག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱ༔ ཞེས་དང་རུ་ལུ་བཟླ་ཞིང་ཡུལ་ཅན་གསལ་སྟོང་རྣམ་པར་མི་རྟོག་པའི་ཉམས་བསྐྱང་། དེ་ལྟར་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱང་། ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་བརླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །བླ་མ་རྒྱལ་བའི་འཁོར་ལོ་རྣམས་ཀྱི་ཡུམ་ལས་རང་འདྲ་བའི་གཉིས་པ་སྤྲོས། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བའི་རིག་མར་གྱུར་པ་དེས་འཛུམ་པ་ལ་སོགས་པ་འདོད་པའི་སྒྱུ་རྩལ་སྣ་ཚོགས་ཀྱིས་བདེ་བ་བསྐུལ། འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱོར་བའི་དགའ་བཞིའི་རིམ་པས་ལྷན་སྐྱེས་བདེ་བ་མཆོག་ཏུ་བརྟན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ འདི་ལས་ཡང་དག་བྱུང་བས་ན༔ འདིར་ཞུགས་འདིར་ལྟོས་འདི་དོན་སྤྱོད༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཡཱ་ཧོ༔ ཨ་ནུ་རཱ་ག་ཡ་མི༔ ཞེས་རུ་ལུ་བཟླ་ཞིང་བདེ་སྟོང་གི་ཉམས་བསྐྱང་། ལག་གཉིས་འཁྱུད་རྒྱ་དང་བཅས་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱང་། ལམ་ཕོ་ཉ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པའི་དུས་སུ་དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱིས་མཚོན་བྱེད་དུ་བྱས་ཏེ་མཚོན་བྱ་དོན་དམ་རང་གི་ཡེ་ཤེས་བསམ་བརྗོད་བློ་འདས་ཀ་དག་ཟང་ཐལ་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཧོ༔ གདོད་ནས་རྣམ་པར་གྲོལ་བ་ཡི༔ ཡེ་ཤེས་མཆོག་ནི་འདི་ཡིན་ཏེ༔ ཉམས་སུ་མྱོང་བཞིན་བསམ་བརྗོད་འདས༔ བློ་འདས་ཆེན་པོར་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་མཉམ་པར་འཇོག་ཏུ་བཅུག །རུ་ལུ་བཟླ་ཞིང་རིག་སྟོང་ཟུང་འཇུག་བློ་བྲལ་ཆེན་པོའི་ཉམས་བསྐྱང་། དེ་ལྟར་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་ལ་ཤིས་བརྗོད་མདོར་བསྡུས་བྱ། དེ་ནས་མངོན་སྤྱོད་དྲག་པོའི་རྗེས་གནང་བྱ་བ་ཡིན་པས། སློབ་དཔོན་དང་ཁྱེད་རང་རྣམས་ཀྱང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གསལ་སྣང་དང་ང་རྒྱལ་བརྟན་པོས་ལས་ཀྱི་རིམ་པ་སོ་སོ་དང་མཐུན་པའི་ཏིང་ངེ་འཛིན་རྣམས་རིམ་པ་བཞིན་དུ་གསལ་འདེབས་པར་མཛོད་ཅིག །སློབ་དཔོན་གྱི་མདུན་དུ་གཡབ་དར། གསེར་སྐྱེམས། ལྕགས་ཧོམ། ལིང་ག །བསྒྲལ་ཆས་ཚང་བ་བཅས་བཀོད། ཐོག་མར་བསྐུལ་བ་ནི། ཧཱུྃ༔ ཆོས་ཉིད་གདོད་ནས་སྐྱེ་བ་མེད་པ་ལས༔ སྙིང་རྗེ་ཆེན་པོས་སྐྱེ་བའི་སྐུར་བསྟན་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང༔ རིགས་ལྔ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྤྲུལ་པར་བཅས༔ དུས་ལས་ཡལ་ཡོལ་དབྲི་བཀོལ་མི་མཛད་པར༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་ངང་ཉིད་ལས༔ ཐུགས་དམ་དབང་གིས་ཁྲོས་འཁྲུགས་སྐུར་བཞེངས་ཏེ༔ གདུག་ཅན་དགྲ་བགེགས་གཏུམ་པོ་ཕམ་མཛད་ཕྱིར༔ འཁོར་བཅས་ཐ་ཚིག་གཉན་པོའི་དུས་ལ་བབ༔ གསོལ་ཡང་མི་དགོངས་བསྐུལ་ཡང་མི་བགྱིད་ན༔ ཐུགས་དམ་ཞལ་བཞེས་དམ་བཅའ་རྫུན་དུ་ཐལ༔ དེ་ཕྱིར་ཡེ་ཤེས་ཆེན་པོའི་རྩལ་སྐྱེད་ལ༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་གྲུབ་མཛོད༔ དེ་ནས་གསེར་སྐྱེམས་བྱིན་རླབས་སོགས་སྤྱི་ལྟར་བྱས་ལ། རིག་འཛིན་རྩ་བརྒྱུད་ལྟ་བུས་ཕུལ། རྟེན་བསྐྱེད་ནི། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ནྲྀ་ཏྲི་ལས་གནོད་པར་བྱེད་པའི་དགྲ་བགེགས་དམ་སྲི་དངོས་སུ་གསལ་བར་གྱུར། ཚོགས་ཐ་མའི་སྐབས་ལྟར་བདེན་སྟོབས་ལན་གསུམ་གྱིས་བཀུག །འགུགས་པ་ནི་ལྕགས་ཀྱུའི་ཕྱག་རྒྱ་བཅས། ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ལྷ་དང་དབྱེ་བ་ནི། གུ་གུལ་བདུག །བྱ་འུག་སྒྲོས་བྱབ་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་བའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊ༔ གཟུགས་ལ་དབབ་པ་ནི། ཡུངས་དཀར་བྲབ་ལ། ཧཱུྃ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཕོབ་ཅིག་རྣམ་པར་གཟིར་བར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ༔ བྱད་དུ་གཞུག་པ་ནི། སྐུད་པ་སྔོན་དམར་གྱིས་འཆིང་ལ། ཧཱུྃ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་སརྦ་ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ སྨྱོར་གཞུག་པ་ནི། དུག་ཁྲག་གཏིགས་ལ། ཧཱུྃ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རིངས་པར་ཁུག་ལ་སྨྲར་ཆུགས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ དེ་ནས་གདབ་ལས་དངོས་ལ་འཇུག་པ་ལ་དམིགས་པ་འདི་ལྟར་དུ་མཛོད། རང་ཉིད་དཔལ་ཆེན་པོ། ཕུར་བུ་སྲས་མཆོག །ལིངྒ་དགྲ་བགེགས་དངོས་སུ་གསལ། ཕུར་བུའི་འོད་ཟེར་གྱིས་ཁོའི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་བསལ་ནས་བསྒྲལ་འོས་ཀྱི་སྐལ་ལྡན་དུ་བྱས། ཚེ་བསོད་ཀྱི་དྭངས་བཅུད་འོད་ཀྱི་ཐིག་ལེའི་རྣམ་པར་ཧྲིལ་གྱིས་འདུས་པ་ཕུར་རྩེས་ཡེར་གྱིས་བླངས་པ་རང་གི་ཐུགས་སྲོག་ལ་ཐིམ། རྣམ་པར་ཤེས་པ་ཨ་ཡིག་གི་རྣམ་པར་གནས་པ་ཕུར་རྩེས་བླངས་ཏེ་འོག་མིན་གྱི་གནས་སུ་དཔལ་ཆེན་པོ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས་རྒྱལ་བའི་སྲས་སུ་གྱུར། ཕུང་པོ་ཤུལ་མཚོན་ཆའི་ཆར་པས་དུམ་བུར་གཏུབ་པར་གྱུར། ལས་ཕུར་སྟངས་སྟབས་དང་པོ་སློབ་དཔོན་གྱིས་མཛད། དེ་ནས་དེ་སློབ་མ་ལ་གཏད་པ་སོགས་བྱས་ལ། ལས་བྱང་གི་ཚོགས་ཐ་མའི་བསྒྲལ་བ། ཧཱུྃ་བྷྱོ༔ བསྟན་དང་འགྲོ་ལ་འཚེ་བ་སོགས་ཀྱིས་ཕུར་བུས་གདབ་རྩ་སྔགས་ཤམ་དུ། མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་གནོད་བྱེད་དགྲ་བགེགས་བྱད་མའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཏགས་པ་སྤུ་གྲིའི་སྔགས་བརྗོད་ལ་རལ་གྲིས་དུམ་བུར་གཏུབ། དེ་ནས་རྡུལ་དུ་བརླག་པ་ནི། ཐོ་གཏུན་ཐོགས་ལ། ཧཱུྃ༔ ས་བདག་ཆེན་མོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊ༔ བསྒྲལ་བའི་ཤ་ཁྲག་བདུད་རྩིར་སྤར་ཏེ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་བཞེས་པར་གྱུར། ལས་བྱང་ལྟར། ཧཱུྃ་བྷྱོ༔ གནམ་ས་ཙམ་གྱི་ཞལ་གདོངས་སོགས་ཀྱིས་དཀྱིལ་འཁོར་ལ་འབུལ་ཞིང་སློབ་མ་རྣམས་ལའང་བཀྱེ། ཧོམ་གཟར་ཁྲག་ཆང་གིས་བཤལ་བ་མཆོད་ལ། ཧཱུྃ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ང་ཡི་དབང་དུ་གྱུར་ནས་ཀྱང༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ མཐར་བདག་ཕུར་འབེན་གསུམ་དབྱེར་མེད་པ་ཆོས་ཉིད་མཉམ་པ་ཆེན་པོའི་ངང་དུ་འཇོག་པར་ཞུ། ཞེས་དགོངས་པ་བསྐྱང་། འཕང་བ་ཟོར་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། གཏོར་ཟོར་ནད་དུག་མཚོན་ཆའི་ཕུང་པོར་གྱུར་པ། མདུན་བསྐྱེད་དང་ཁྱེད་རང་རྣམས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བའི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པ་སྤྲུལ་པ་རྣམས་ཀྱིས། ཁྲོས་འཁྲུགས་རྔམས་པའི་སྟབས་ཀྱིས་ཀླ་ཀློ་གདུག་པ་ཅན་གཙོ་བོར་གྱུར་པའི་དགྲ་བགེགས་རྣམས་ཀྱི་སྟེང་དུ་འཕངས་པས་རྡུལ་དུ་བརླགས་པར་མོས་ཤིག །གཏོར་ཟོར་བཏེགས་ལ། ཧཱུྃ་བྷྱོ་བྷྱོ༔ དགོངས་སུ་གསོལ་ལོ་སངས་རྒྱས་རྣམས༔ གསན་དུ་གསོལ་ལོ་ཡི་དམ་ལྷ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཚོགས༔ ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག༔ བསྟན་པ་གཤིགས་པའི་དགྲ་བོ་དང༔ བར་གཅོད་བྱེད་པའི་བགེགས་ཚོགས་ཀྱི༔ སྐྱོབ་པའི་ལྷ་དང་སྲུང་མ་དང༔ འགོ་བའི་དགྲ་བླ་བརྒྱུད་དང་བཅས༔ སྡོང་ཟླ་བྱེད་པའི་འབྱུང་པོ་ཀུན༔ ཡེ་ཤེས་མེ་ཡི་མཚོན་ཆས་གཟིར༔ རིག་སྔགས་དམོད་པས་རྨང་མེད་བཅོམ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་ཆོད༔ མིང་དང་བརྡ་ཙམ་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུལ་དུལ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་བརྗོད་ལ་གཏོར་མ་སློབ་མའི་ལག་ཏུ་གཏད་ལ་ཕྱི་རོལ་དུ་འཕང་དུ་གཞུག་ལ་ཐལ་མོ་བརྡབ། དེ་ནས་མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་འཆི་མེད་ཚེ་ཡི་བདག༔ ཧེ་རུ་ཀ་དཔལ་བདག་ལ་དགོངས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། དེ་ལ་ཐོག་མར་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། མདུན་བསྐྱེད་དང་ཁྱེད་རང་རྣམས་དཔལ་ཆེན་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་མཐིང་ནག་ཚེའི་སྔགས་ཀྱིས་བསྐོར་བ། བླ་མ་ཡང་དག་ཧེ་རུ་ཀའི་སྐུ་ལས་གནས་ཡུལ་གྱི་ལྷ་མོ་རྣམས་དང་། རྡོ་རྗེ་གཞོན་ནུའི་སྐུ་ལས་ཕུར་སྲུང་དམ་ཅན་བཅུ་གཉིས་སོགས་སྤྲུལ་པའི་ཕོ་ཉ་ཡང་སྤྲུལ་འཇིག་རྟེན་གྱི་ཁམས་གང་བར་སྤྲོས་ཏེ། རང་རང་གི་བླ་ཚེ་ཆད་ཉམས་ཡར་པ་བརྐུས་ཕྲོགས་སུ་གྱུར་པ་རྣམས་དང་། འཁོར་འདས་གཉིས་ཀྱི་ཚེའི་དྭངས་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་བཀུག་ནས་ཁྱེད་རང་རྣམས་དང་མདུན་གྱི་སྒྲུབ་རྫས་ལ་སིབ་སིབ་ཐིམ་པར་མོས་ཤིག །ཚེ་མདའ་གཡབ་ལ། ཨོཾ༔ འཆི་མེད་རྟག་པ་དམ་པའི་སྐུ༔ སོགས་ཚེ་འགུགས་གྱེར། ཚེ་ཛཔ྄་བཟླ། ཚེ་བུམ་ཐོགས་ལ། བུམ་པ་འོད་ལྔ་འབར་བའི་གཞལ་མེད་ཁང་དུ་ཚེ་བདག་བླ་མ་དཔལ་ཆེན་པོ་དང་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བའི་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་མི་ཤིགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་སྒོམས་ཤིག །ཨོཾ་ཨཱཿཧཱུྃ༔ སྙིང་པོའི་བུམ་པ་འོད་ལྔའི་ཀློང༔ ཧེ་རུ་ཀ་དཔལ་ཚེ་ཡི་བདག༔ གསང་གསུམ་བྱིན་རླབས་དཔལ་འབར་བས༔ སྐུ་གསུང་ཐུགས་སུ་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་མི༔ ཞེས་ཚེ་འབྲང་གནས་གསུམ་དུ་བཞག །སྲིད་ཞིའི་དྭངས་བཅུད་གཅིག་ཏུ་བསྡུས་པའི་འཆི་མེད་ཚེའི་བཟའ་བཏུང་བཅུད་དུ་རོལ་པས། ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་འཆི་མེད་རྡོ་རྗེའི་ཚེ་དང་ཡེ་ཤེས་ལ་དབང་འབྱོར་པར་མོས་ཤིག །ཚེ་རིལ་དང་ཚེ་ཆང་སྦྱིན་ལ། ཧཱུྃ༔ ཐབས་ཤེས་ཟུང་འཇུག་ཚེ་ཡི་རྫས༔ བཟའ་བཏུང་བདུད་རྩིའི་དྭངས་མའི་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ འཆི་མེད་ཡེ་ཤེས་རྒྱས་པར་ཤོག༔ ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ དེ་ལྟར་ལུས་ཀྱི་ནང་གང་བའི་འཆི་མེད་ཚེའི་བཅུད་དང་དྭངས་མ་ཐམས་ཅད་ཐུགས་སྲོག་མི་འགྱུར་བའི་ཧཱུྃ་ཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་འབར། ཉི་ཟླའི་གྭའུ་ཁ་བསྒྲིགས། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་རྟག་པ་དམ་པའི་ཚེ་དབང་བརྙེས་པར་མོས་ལ་བརྗོད་བྲལ་ཀ་དག་གི་དབྱིངས་སུ་མཉམ་པར་ཞོག་ཅིག །ཨ༔ འཁོར་འདས་དྭངས་བཅུད་སོགས་བརྗོད་ལ་རྒྱས་གདབ། དེ་ནས་མཚམས་སྦྱོར་བཅས་ཤིས་བརྗོད་རྒྱས་པར་བྱ། དེ་དག་རྣམས་ཀྱི་སྒོ་ནས་སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་དབང་བསྐུར་ལེགས་པར་གྲུབ་པ་སྟེ། གཏེར་གཞུང་རྡོ་རྗེའི་གསུང་ལས། དེ་ལྟ་བུ་ཡི་གདམས་པ་ནི༔ རྒྱུད་ལས་ལུང་དང་མན་ངག་དོན༔ གྲུབ་པའི་སློབ་དཔོན་ཆེན་པོ་ཡི༔ དགོངས་ཉམས་གཅིག་ནས་གཅིག་དྲིལ་བ༔ མ་འོངས་ང་ལ་མོས་པ་ཡི༔ སློབ་དཔོན་དང་ནི་སློབ་མ་དང༔ དེ་ཡི་རྗེས་འབྲང་དང་བཅས་པར༔ ཤིན་ཏུ་བརྩེ་བའི་བསམ་པ་ཡིས༔ སྙན་བརྒྱུད་ངེས་པའི་བརྡ་སྦྱར་ཏེ༔ སྣོད་ལྡན་དང་ནི་སྐལ་ལྡན་ལ༔ བསྣན་དང་འཕྲི་བ་མེད་པ་རུ༔ བྱིན་གྱིས་བརླབས་པའི་གཟི་བྱིན་གྱིས༔ པདྨ་བདག་གི་བཀའ་བརྒྱུད་དང༔ དེ་ལས་གཞན་པའི་སྒྲུབ་བརྒྱུད་སྲོག༔ ནམ་ཡང་ནུབ་པ་མེད་པ་རུ༔ འཕེལ་ཞིང་རྒྱས་པར་འགྱུར་བ་ཡིན༔ ཞེས་སོགས་གསུངས་པ་ལྟར་མཆོག་ཐུན་མོང་གི་དངོས་གྲུབ་གཉིས་པོ་བདེ་བླག་ཏུ་འགྲུབ་ཅིང་སྤྱི་དང་བྱེ་བྲག་ལ་ཕན་པའི་གནད་ཁྱད་པར་ཅན་དང་ལྡན་པ་ལགས་པས་འདི་ཉིད་ཡི་དམ་དུ་འཆང་བ་དང་། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་བའི་འདུན་པ་བརྟན་པོས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། གསུམ་པ་མཇུག་གི་བྱ་བ་སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་གཏང་། སྲུང་མའི་གཏོར་འབུལ་དང་། ཆད་བརྟན། རྟ་བྲོ། གཏང་རག །མཆོད་བསྟོད། ནོངས་བཤགས། གཤེགས་བསྡུ། བསྔོ་སྨོན། ཤིས་བརྗོད་ཡན་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ཟབ་ཆོས་ཁྱད་པར་ཅན་འདི་འདྲ། །འཕྲད་རྣམས་སྐལ་པ་བཟང་ཤེས་ནས། །རང་ཉམས་བླངས་ཏེ་གཞན་ལ་སྤེལ། །མཁའ་ཁྱབ་སྐྱེ་རྒུ་སྒྲོལ་བྱེད་ཤོག །གཏེར་ཆེན་བླ་མ་ཉིད་ནས་འདི་དག་བཏང་སྙོམས་སུ་མཛད་ནས་ཡུན་རིང་འདས་པ། དགུང་གྲངས་ཞེ་བརྒྱད་མེ་ཡོས་ལོར་ཡང་ཁྲོད་འདིར་ཞབས་བཀོད་པའི་སྐབས་སུ་སླར་ཡེ་ཤེས་མཁའ་འགྲོ་ཆེན་མོས་བསྐུལ་བྱང་བྱུང་ཚུལ་བཀའ་འཕྲོས་ཕེབས་པས། གཏན་ལ་འབེབ་ཐུབ་པར་ནན་ཏན་ཆེན་པོས་གསོལ་བ་བཏབ་ཅིང་ཡི་གེ་པའང་རང་ཉིད་ཀྱིས་ཞུས་ཤིང་སྨིན་གྲོལ་བཅས་བཀའ་དྲིན་དུ་བསྩལ་བ་ཐོབ་པ། ཕྱིས་སུ་སྔ་འགྱུར་བསྟན་པའི་སྒྲོན་མེ་ཟེ་ཆེན་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུས་གསུང་བསྐུལ་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་དབང་གི་མཚམས་སྦྱོར་མདོར་བསྡུས་ཏེ་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་བཀོད་པ་དགེ་ལེགས་འཕེལ།། །།
གསང་ཐིག་སྐོར་གསུམ་ལས། རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ (Volume 32, Text 40)
༄༅། །གསང་ཐིག་སྐོར་གསུམ་ལས། རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་ཚོགས་མཆོད་ཕྲིན་ལས་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། གྲུབ་མཆོག་ཀུན་གྱི་ཐུགས་དམ་ལྷ། །བདུད་འདུལ་ཁྲོ་བོ་ཆེན་པོ་ལ། །གུས་པས་ཕྱག་བྱས་ཚོགས་མཆོད་ཚུལ། །ཉུང་ངུར་འབྲི་ལ་དགེ་ལེགས་སྩོལ། །ལྷ་འདི་ལ་ཚོགས་མཆོད་འབུལ་བར་འདོད་ཅིང་ཕྲིན་ལས་རྒྱས་པ་བློས་མི་ལྕོགས་པ་དག་གིས། དཔལ་གཏོར་སྨན་རཀ་ཕྱི་མཆོད་ཚོགས་ཀྱི་རྫས་ཅི་འབྱོར་པ་བཤམས་ལ། གཏེར་གཞུང་གི་བདག་བསྐྱེད་བཟླས་པ་ཅི་འགྲུབ་བྱས་ནས་མཐར་དབང་ལེན་འགྲུབ་མིན་གང་བདེས་ཆོག །དེ་ནས་གཏོར་མ་བྲན་ལ་གཏོར་འབུལ་ཕྲིན་བཅོལ་བཅས་གྲུབ་པ་དང་། ཚོགས་རྫས་ཆུ་ཆང་ནང་མཆོད་ཀྱིས་སྦྱངས་ལ། ཧཱུྃ༔ རང་བྱུང་རིག་པའི་ཡེ་ཤེས་ཀྱིས༔ རཾ་ཡཾ་ཁཾ་གིས་དངོས་འཛིན་སྦྱངས༔ བྷྲཱུྃ་ལས་དབྱིངས་ཀྱི་ཀ་པཱ་ལར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ཀྱིས༔ བདེ་གཤེགས་རིགས་ལྔའི་དམ་ཚིག་རྫས༔ ཁ་དོག་དྲི་རོ་ནུས་པར་ལྡན༔ ཨོཾ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་ཧཱུྃ་ཧྲཱིཿཋཱ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ སྲུང་མ་དམ་ཅན་འཁོར་དང་བཅས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ བཛྲ་ས་མཱ་ཛ༔ མཆོད་པ་ནི། ཧཱུྃ༔ ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ འདོད་ཡོན་མཆོད་སྤྲིན་བསམ་མི་ཁྱབ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྐབས་འདིར་སྐོང་བ་སྤྲོ་ན། ཧཱུྃ༔ མ་བཅོས་སྤྲོས་མེད་དེ་བཞིན་ཉིད་དབྱིངས་ལས༔ བདེ་ཆེན་ལྷུན་གྲུབ་འབར་བའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ རྡོ་རྗེ་ཕུར་བུའི་རིག་པ་འཛིན་རྣམས་དང༔ ཁྲོ་བཅུ་ཡབ་ཡུམ་ཟ་བྱེད་གསོད་བྱེད་ཚོགས༔ སྲས་མཆོག་ཉེར་གཅིག་ཁྲོ་མོ་སྒོ་མ་བཞི༔ ཤྭ་ན་བདག་ཉིད་ས་བདག་སྐྱེས་བུའི་ཚོགས༔ ཕུར་པའི་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་རྫས་ཕྱི་ནང་གསང་བའི་ཚོགས་མཆོད་དང༔ བདུད་རྩི་རཀྟ་གཏོར་མའི་མཆོད་པ་བཞེས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི༔ སྒོ་གསུམ་ལོངས་སྤྱོད་བཅས་པ་སྲུང་བ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པ་དང༔ དགྲ་བགེགས་ཐལ་བར་བརླག་པའི་ཕྲིན་ལས་མཛོད༔ བྱད་ཁ་ཕུར་ཁ་ཐམས་ཅད་ཟློག་ཏུ་གསོལ༔ བཀྲ་ཤིས་བདེ་ལེགས་འབྱུང་བར་མཛད་དུ་གསོལ༔ ཚར་གྲངས་ལྟ་བུ་ཤིན་ཏུ་བསྡུ་སྐབས་སྐོང་བ་འདི་མ་བྱས་ཀྱང་ཆོག །བཤགས་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་སྤྱོད་པས་དམ་འགལ་བ༔ ཚོགས་ཀྱི་འཁོར་ལོས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བསྒྲལ་བ་ནི། ཧཱུྃ༔ མ་རིག་གཉིས་འཛིན་དགྲ་དང་བགེགས༔ རྣམ་ཐར་གསུམ་གྱི་ཨེ་དབྱིངས་སུ༔ ཡེ་ཤེས་ཕུར་པའི་མཚོན་གྱིས་བསྒྲལ༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས༔ མ་ཏྲཾ་རུ་དྲ་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ གལ་ཏེ་ཡུན་ཐུང་ངུས་ཚར་གྲངས་གསག་དགོས་པ་བྱུང་ན། ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དཔལ་ཆེན་འཁོར་དང་བཅས་རྣམས་ཀྱིས༔ མཆོད་པ་རྒྱ་མཚོ་འདི་བཞེས་ཤིག༔ ཉམས་ཆག་རྒྱ་མཚོ་མ་ལུས་བཤགས༔ ཐུགས་དམ་རྒྱ་མཚོ་མ་ལུས་བསྐང༔ དངོས་གྲུབ་རྒྱ་མཚོ་བསྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་མ་ལུས་སྒྲུབས༔ ཞེས་པ་ལ་གྲངས་གཟུང་ངོ་། །དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ལྷག་མ། ཨོཾ་ཨཱཿཧཱུྃ༔ དཔལ་གྱི་བཀའ་ཉན་དམ་ཚིག་ཅན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེས་ཚོགས་ཀྱི་ཕྲིན་ལས་གྲུབ་ཅིང་། རྗེས་མཆོད་བསྟོད་ནི། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་དྷརྨ་པཱ་ལ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ཀྱིས༔ བདེ་ཆེན་གསང་བའི་མཁའ་ཀློང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་། ཧཱུྃ༔ སྣང་སྲིད་ཕུར་བུའི་དཀྱིལ་འཁོར་རྣམས༔ ཐུགས་ཀྱི་ཐིག་ལེ་ཆེན་པོར་ཐིམ༔ དཔལ་ཆེན་པོ་ཡི་དབྱིངས་ཉིད་ལས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ༔ ཞེས་བསྡུ་ལྡང་བྱ། གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ། ཞེས་མགྲོན་ཐབས་འཇིག་རྟེན་པ་གཤེགས། ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ནས༔ རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ༔ འགྲོ་བ་ཀུན་གྱི་དཔལ་དུ་ཤོག༔ ཧཱུྃ༔ རིག་འཛིན་རྩལ་འཆང་བྱིན་རླབས་ཀུན་གྱི་བདག༔ སྲིད་པའི་ཕུར་བུ་དངོས་གྲུབ་ཀུན་གྱི་གཏེར༔ མ་མོ་མཁའ་འགྲོ་མྱུར་མགྱོགས་ཕྲིན་ལས་ཅན༔ ཕུར་པའི་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱའོ། །དཔལ་ཆེན་དགྱེས་པའི་ཉི་འོད་ཀྱིས། །ལྷ་མིན་མུན་ཚོགས་རབ་བསལ་ནས། །གནས་སྐབས་མཐར་ཐུག་གྲུབ་གཉིས་ཀྱི། །དགེ་མཚན་རྒྱས་པའི་དཔལ་དུ་ཤོག །ཅེས་པའང་ཉེ་བར་གནས་པ་ཀརྨ་ནོར་འཕེལ་ནས་དོན་དུ་གཉེར་བའི་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་གཏེར་གཞུང་རྣམས་ཀྱི་དགོངས་པ་བསྡེབས་པ་དགེ་ལེགས་འཕེལ།། །།
དག་སྣང་ཚོགས་མཆོད་དང་སྐོང་བཤགས་ཤིན་ཏུ་བསྡུས་པ་ (Volume 41, Text 40)
དག་སྣང་ཚོགས་མཆོད་དང་སྐོང་བཤགས་ཤིན་ཏུ་བསྡུས་པ་བཞུགས། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཀ་པཱ་ལ་སོགས་མཚན་ལྡན་སྣོད་མཆོག་ཏུ། ཁ་དོག་དྲི་རོ་ནུས་བཅུད་ཚོགས་མཆོད་འདིས། །ག་ལ་བ་དེར་དམིགས་པའི་ཡི་དམ་ལྷ། །ང་བདག་འཛིན་པ་བྲལ་བར་ཐུགས་དམ་བསྐང་། །ཅ་རེ་དབང་པོའི་ཡུལ་དུ་གང་ཤར་བ། །ཆ་ཤས་ཡོངས་རྫོགས་གཟུགས་སྒྲ་དྲི་རོ་རེག །ཇ་ཆང་སྐྱེམས་ལས་ལྷག་པའི་འདོད་ཡོན་གྱིས། །ཉ་ཡི་ཏོག་ཅན་ཕམ་མཛད་ཐུགས་དམ་བསྐང་། །ཏཱ་ལའི་འདབ་ལྟར་ཡངས་པའི་པད་སྣོད་དུ། །ཐ་དད་ཟུང་འཇུག་སྨན་རཀ་གཏོར་མའི་ཚོགས། །ད་ལྟ་དངོས་སུ་བཤམས་དང་ཡིད་སྤྲུལ་གྱིས། །ན་མར་རྩ་གསུམ་རྒྱལ་བའི་ཐུགས་དམ་བསྐང་། །པཱ་ར་མི་ཏཱ་རྡོ་རྗེ་བཙུན་མོའི་དབྱིངས། །ཕ་རོལ་ཕྱིན་པ་དྲུག་རྫོགས་སྦྱོར་མཆོད་དང་། །བ་ལིཾ་ཤ་ཁྲག་རུས་པའི་སྒྲོལ་མཆོད་ཀྱིས། །མ་ལུས་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང། །ཙ་རི་ཏྲ་སོགས་རྡོ་རྗེ་ལུས་ཀྱི་དཀྱིལ། །ཚ་གྲང་རླུང་ཐིག་ཐིམ་པའི་བཞད་སྒྲ་ཡིས། །ཛ་ཡ་དཔའ་པོ་དཔའ་མོའི་ཚོགས་རྣམས་ཀུན། །ཝ་ལེར་རང་རིག་ངང་དུ་ཐུགས་དམ་བསྐང་། །ཞ་རེངས་བྲལ་བ་འོད་གསལ་དབུ་མའི་དབྱིངས། །ཟྭ་ལྟར་རྩུབ་པའི་རླུང་སེམས་ངལ་གསོས་པས། །འ་འུར་ཚིག་གིས་མི་མཚོན་རྫོགས་པ་ཆེ། །ཡ་མཚན་མངོན་སུམ་རིག་པས་ཐུགས་དམ་བསྐང་། །རཱ་ས་ན་སོགས་རྩ་ཁམས་ལྷ་སྐུར་དག །ལ་ལ་ཙམ་མིན་སྲོག་རྩོལ་དྷཱུ་ཏིར་རྫོགས། །ཤ་ཁྲག་དྭངས་མ་མི་ཤིགས་ཐིག་ལེར་སྨིན། །ས་བཅུ་རྒྱུན་མཐར་སོན་པས་ཐུགས་དམ་བསྐང་། །ཧ་ཧིའི་གླུ་གར་བསྒྱུར་བའི་ཌཱ་ཀི་ནཱིས། །ཨ་ཧཾ་འབར་འཛག་ཞུ་བདེའི་ཚོགས་ཀྱིས་མཆོད། །ཉམས་ཆག་ཉེས་ལྟུང་རྟོག་པ་དབྱིངས་སུ་བཤགས། །གཟུང་འཛིན་དགྲ་བགེགས་བསྒྲལ་པའི་དགའ་སྟོན་ཆེས། །ཧ་ལ་ལྟ་བུའི་སྒྲིབ་གཉིས་མུན་པ་སངས། །ཨ་དོན་ནང་གསལ་མཁྱེན་གཉིས་ཡེ་ཤེས་རྒྱས། །མི་སློབ་ཟུང་འཇུག་འཁོར་ལོ་ཚོགས་ཆེན་གྱི། །གོ་འཕང་ཚེ་འདིར་འགྲུབ་པའི་དངོས་གྲུབ་སྩོལ། །ཅེས་ཉམས་སྣང་སྒྱུ་མས་སྤྲུལ་པའི་ཁང་བཟང་བཀོད་ལེགས་པར། གཏེར་སྟོན་སྤྲུལ་པའི་སྐུ་རིག་འཛིན་ཡོལ་མོ་བ་ཆེན་པོ་བསྟན་འཛིན་ནོར་བུས་འདི་ལྟ་བུའི་རྡོ་རྗེའི་ཚིག་དབྱངས་སྙན་པོས་གསུངས་པ་ཐོས་པའི་རྗེས་ཐོབ་དེ་མ་ཐག་པར་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་བྲིས་པ་དགེ །མངྒ་ལཾ།། ༈ །།རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་ཤིན་ཏུ་བསྡུས་པ་བཞུགས། །ཨོོཾ་སྭསྟི། རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་གྲངས་མང་གསོག་པ་ལྟ་བུའི་ཚེ། ལས་གཞུང་གང་ལ་བརྟེན་པའི་སྐོང་བཤགས་རྒྱས་པ་ཚར་གཅིག་སྔོན་དུ་སོང་ནས། སྐོང་གཏོར་སོགས་གསོ་བྲན་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། མཆོད་གཏོར་དང་སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྟག་པ་བཞིས་བྱིན་གྱིས་བརླབས་ལ། མཆོག་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས། ཁྱད་པར་རྒྱུད་གསུམ་དམ་ཅན་རྒྱ་མཚོ་དང་། །ནོར་ལྷ་གཏེར་བདག་འཁོར་བཅས་འདིར་གཤེགས་ཤིག །བདེ་སྟོང་ཏིང་འཛིན་རོལ་པ་ལས་བྱུང་བའི། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཕྱག་རྒྱ་ཆེས། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །སྡོམ་དང་དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །བསྟན་འགྲོའི་ཕན་བདེ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་ཚར་གྲངས་ཇི་ལྟར་རིགས་པའི་མཇུག་གཞུང་གི་རྗེས་ཆོག་སོགས་དཀྱུས་ལྟར་བྱའོ། །ཞེས་པའང་འཇམ་མགོན་རྡོ་རྗེ་འཆང་༧པདྨ་གར་གྱི་དབང་ཕྱུག་གི་བཀས་རྗེས་སུ་གནང་བ་ལ་བརྟེན་ནས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཱམ་མངྒ་ལཾ་བྷ་བནྟུ།། ༈ །།རྩ་གསུམ་ཚོགས་མཆོད་ཉེར་བསྡུས་དངོས་གྲུབ་ཆར་འབེབ་བཞུགས་སོ། །རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕྱི་སྣོད་བདེ་ཆེན་དབྱིངས་ཀྱི་ཀ་པཱ་ལར། །ནང་མཆོད་རིག་པ་ཡེ་ཤེས་བདུད་རྩིའི་སྤྲིན། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བ་འདིས། །རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷར་བཅས། །སྐྱབས་གནས་མཆོད་འོས་རྒྱ་མཚོའི་ཚོགས་རྣམས་མཆོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ནས་ཀྱང་། །གཟུང་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །དཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ཚོགས། །གཏོར་མ་བཞེས་ལ་རྣམ་བཞིའི་ཕྲིན་ལས་སྒྲུབས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཡི་གེ་བརྒྱ་པའི་མཐར། ཨུཙྪིཥྚ་བ་ལིཾ་ཏ་པཱུ་ཛ་ཧོ། ཞེས་པའང་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་མཚོ་ལས་ཕྱུང་བའོ།། །།
གནམ་ཆོས་ཐུགས་གཏེར་གྱི་སྐོར་ལས༔ གྲུབ་ཆེན་ཌོམྦི་པའི་སྒྲུབ་ཐབས་ (Volume 11, Text 40)
གནམ་ཆོས་ཐུགས་གཏེར་གྱི་སྐོར་ལས༔ གྲུབ་ཆེན་ཌོམྦི་པའི་སྒྲུབ་ཐབས་བཞུགས་སོ༔ ཌོམྦི་ཧེ་རུ་ཀ་ལ་འདུད༔ དེ་ཡི་སྒྲུབ་ཐབས་འདི་ལྟ་སྟེ༔ དཀྱིལ་འཁོར་གཏོར་མ་སྟ་གོན་མེད༔ དམིགས་པ་ཌོམྦི་སྐུ་མདོག་སྨུག༔ ཡུམ་སྨུག་འཁྱུད་དེ་ཡབ་ཡུམ་གྱི༔ ཕྱག་ན་དུག་སྦྲུལ་བུ་ཆེན་འཛིན༔ སྟག་མོ་གྲུས་མའི་སྟེང་ན་ནི༔ ཡབ་ཡུམ་སེམས་སྐྱིལ་གྱིས་བཞུགས་པ༔ སྣ་བུག་གཡས་ནས་རླུང་བུས་པས༔ ཌོམ་གྱི་སྒྲ་ནི་གྲགས་པ་ལས༔ ཌོམྦི་པ་ནི་སྤྱན་དྲངས་བསམ༔ སྣ་བུག་གཡོན་ནས་རླུང་རྔུབས་པས༔ བི་ཞེས་བྱ་བའི་སྒྲ་གྲགས་པས༔ ཌོམྦི་རང་དང་དབྱེར་མེད་བསམ༔ རླུང་ནི་རན་པར་བཞག་པའི་ཚེ༔ ཀ་ཞེས་བྱ་བའི་སྒྲ་གྲགས་པས༔ ཌོམྦི་པ་ནི་འགྲུབ་པར་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཌོམྦི་ཀ་སརྦ་སིདྡྷི་ཧཱུྃ༔ དེ་ཡིས་ཌོམྦི་པ་འགྲུབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ འདིའི་ཞལ་གདམས་ལ༔ དབུ་སྐྲ་ཐོར་ཚུགས་རུས་པའི་རྒྱན་དྲུག་སྟག་གི་ཤམ་ཐབས༔ ཡུམ་གཅེར་བུ་ཡུམ་གྱི་ཕྱག་ཏུ་ཡང་དུག་སྦྲུལ་འཛིན་པ༔ ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཞེས་པ་གདོང་ངན་གྱི་ལོ་ཐ་སྐར་ཟླ་བའི་ཉེར་གཉིས་སྟོན་པ་ལྷ་ལས་བབ་པའི་དུས་ཆེན་གྱི་ནུབ། ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་བྱོན་ནས་གདམས་པ་འདི་དངོས་སུ་གསུངས་ཏེ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་ལའོ། །འདིའི་དབང་གཟུངས་དབང་ལྟར་རོ།།
གཏུམ་པོ་དྲེགས་པ་ཀུན་འདུལ་ལས། ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་དབང་བསྐུར་གདོན་འདུལ་གློག་གི་མེ་ལྕེ་ (Volume 46, Text 40)
༄༅། །གཏུམ་པོ་དྲེགས་པ་ཀུན་འདུལ་ལས། ཁྱུང་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་དབང་བསྐུར་གདོན་འདུལ་གློག་གི་མེ་ལྕེ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། ཧེ་རུ་ཀ་དཔལ་གདུག་ཅན་གྱི། །གཉེན་པོ་མཁའ་ལྡིང་སྐུར་བཞེངས་པ། །མཐུ་སྟོབས་ཟླ་མེད་དེར་བཏུད་ནས། །བྱིན་རླབས་སྙིང་པོ་འདིར་གསལ་བྱ། །འདི་ཉིད་ཀྱི་དབང་བསྐུར་གཏོར་དབང་བྱིན་རླབས་ཆར་འབེབ་ཀྱི་ཆིངས་སྦྱོར་བ་བརྒྱུད་པའི་ཕྱག་ལེན་ལྟར་བསྒྲུབ་པར་འདོད་པས། སྔོན་འགྲོ་སྟེགས་བུ་བཟང་པོར་མཎྜལ་ལ་འབྲུའི་ཚོམ་བུ་གཅིག་བཀོད། དེ་སྟེང་རྐང་གསུམ་ཁར་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། གཡས་སུ་ཐོད་པར་ཆང་ལ་ཨ་མྲྀཏ་སྦྱར་བ་དང་གཡོན་དུ་གནམ་ལྕགས་རྡོ་རྗེ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། ལས་བུམ། སྔོན་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སྔོན་འགྲོའི་རིམ་པ་རྒྱས་པ་དྲེགས་འདུལ་གྱི་ལས་བྱང་ལྟར་ལ་བསྡུ་ན་སྐྱབས་སེམས་ཚོགས་གསག་མཆོད་པ་བྱིན་རླབས་ཙམ་མདོར་བསྡུས་ཏེ་བྱ། དེ་ནས་ཁྱུང་གི་སྒོས་སྒྲུབ་གདུག་པ་ཀུན་འཇོམས་ལྟར་བདག་མདུན་དབྱེར་མེད་དུ་བསྐྱེད་ཆོག་ཀྱང་བློ་རྟོགས་དམན་ན་ཚིག་གཅིག་གིས་བདག་དང་གཏོར་མ་ཅིག་ཆར་དུ་སོ་སོར་གསལ་བཏབ། སྤྱན་འདྲེན་ནས་མཆོད་བསྟོད་བར་དེ་ནང་ལྟར་བྱེད། བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ལ། རྩ་སྔགས་ཅི་ནུས་དང་དྲག་སྔགས་ཀྱང་ཅུང་ཟད་བཟླས་མཐར། མཆོད་བསྟོད་མདོར་བསྡུས་བྱས་ལ་ཏིང་ངེ་འཛིན་གྱི་དབང་བླང་། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱའོ། །དངོས་གཞིའི་ཐོག་མར་སློབ་མ་འཚོགས་ལ། རང་གཞུང་ངམ་སྤྱི་འགྲེ་མདོར་བསྡུས་ཀྱིས་དཀར་གཏོར་དང་བགེགས་གཏོར་བཏང་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་འཇིགས་བྱེད་དྲག་པོ་ཆེན་པོའི་སྐུ༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བར༔ བར་ཆད་རྩོམ་པའི་ལོག་འདྲེན་འདིར་མ་འདུག༔ གལ་ཏེ་མི་འགྲོ་འདུག་ན་ཁྲོ་ཚོགས་ཀྱིས༔ ལུས་ངག་རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་མ་འདུག་རང་རང་གནས་སུ་དེངས༔ ཁྲོ་རྒྱལ་འབར་བ་ཆེན་པོའི་མཚམས་ལས་ནི༔ བགེགས་དང་བར་ཆད་སུ་ཡང་འདའ་མ་བྱེད༔ རྩ་སྔགས་ཤམ་དུ། སརྦ་བིགྷྣཱཾ་ཨུཙྪ་ཏ་ཡ་ཕཊ་ཕཊ༔ ཅེས་གཏོར་མ་ཕྱིར་དོར། ཐུན་གྱིས་བྲབ། གུ་གུལ་བདུག །རོལ་མོ་དྲག་ཏུ་འཁྲོལ་ཞིང་སྲུང་འཁོར་ནི། ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་ཆེན་པོའི་ཐུགས་ཀ་ནས༔ མེ་དཔུང་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་འཕྲོས༔ སྟེང་འོག་ཕྱོགས་མཚམས་གོ་སྐབས་མེད་པར་གཏམས༔ གཞོམ་མེད་རྡོ་རྗེའི་གུར་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ལས་ཀྱི་རྡོ་རྗེས་སློབ་བུ་རྣམས་ལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། མེ་ཏོག་བཀྲམ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། དེའང་དཔལ་ཆེན་ཧེ་རུ་ཀ་ཉིད་ཀྱིས་མ་རུངས་པའི་གདུག་པ་ཅན་རྣམས་གཉེན་པོ་སྟོབས་ཀྱི་ཕྱག་རྒྱས་འདུལ་བའི་ཆེད་དུ་ནམ་མཁའ་ལྡིང་གི་རྒྱལ་པོའི་ཚུལ་དུ་རྣམ་པར་འཕྲུལ་པ་ཡེ་ཤེས་ཀྱི་བྱ་ཁྱུང་དང་། བྱང་ཆུབ་སེམས་དཔའ་འགའ་ཞིག་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་འགྲོ་ལ་རྣམ་པར་འཚེ་བའི་ཀླུ་གཉན་རྣམས་མགོ་གནོན་ཅིང་ཤིན་ཏུ་མི་བསྲུན་པ་ཚར་གཅོད་པའི་ཕྱིར་བརྫུས་སྐྱེས་ཀྱི་ཚུལ་དུ་བྱུང་བ་ལས་ཀྱི་བྱ་ཁྱུང་དང་། རི་རབ་ཀྱི་རྩེ་མོ་ལ་སོགས་པར་སྒོང་སྐྱེས་ཀྱི་སེམས་ཅན་ལས་ཀྱི་རྫུ་འཕྲུལ་དང་ལྡན་པས་གཞན་གྱིས་མི་ཐུབ་པའི་མཐུ་རྩལ་ཅན་འཇིག་རྟེན་པའི་བྱ་ཁྱུང་རྒྱལ་བའི་བཀའ་ལ་སྡོད་པ་སྟེ། དེ་དག་སོ་སོའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་ཀྱི་རིམ་པ་ཕྱི་ནང་བན་བོན་ཐམས་ཅད་ལ་མང་དུ་མཆིས་པ་ལས། འདིར་སྔ་འགྱུར་གཏེར་མའི་བཀའ་སྲོལ་ལས་བྱོན་པ་ཁྱུང་ཆེན་ཡེ་ཤེས་པ་ལྟར་སྒྲུབ་པའི་ཐབས་ཡིན་ལ། དེ་ལའང་རིགས་སོ་སོ་དང་། རིགས་བསྡུས་དང་། གཙོ་རྐྱང་དང་། དཀྱིལ་འཁོར་ཚོམ་བུའི་ཚུལ་དུ་སྒྲུབ་པའི་ཐབས་ཅི་རིགས་བཞུགས་པ་ལས། འདིར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་སྒོས་བཀའ། རིགས་འདུས་ཁྱུང་ཁྲ་གཙོ་རྐྱང་དུ་སྒྲུབ་པ་ཟབ་ཅིང་ཤིན་ཏུ་གཉན་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་ཡེ་ཤེས་ཁྱུང་ཆེན་ཐ་མི་དད་པ་ལ་མི་ཕྱེད་པའི་དད་གུས་དྲག་པོས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པའི་སྐུ༔ ཐུགས་རྗེས་བརྩེར་དགོངས་བདག་ཅག་སྨིན་གྲོལ་ཕྱིར༔ ཁྲོ་རྒྱལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཀྱེ༔ ཉོན་ཅིག་སྐལ་ལྡན་སྐྱེས་བུ་རྣམས༔ གསང་སྔགས་གཉན་པོར་འཇུག་པ་ལ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ནུས་ན་དབང་མཆོག་བསྐུར་གྱིས་སྨྲོས༔ ཞེས་དྲིས་པ་ལ་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། ཧོ༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་བུ་རྣམས་ཀྱིས༔ གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང༔ དེ་བས་དངོས་གྲུབ་མཆོག་སྩོལ་མཛོད༔ ཡང་སློབ་དཔོན་གྱིས། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ དངོས་གྲུབ་མཆོག་ཉིད་ཐོབ་འདོད་ན༔ མཆོག་གསུམ་ལ་ནི་སྐྱབས་འགྲོ་ཞིང༔ སྡིག་སོགས་ཉེས་ཀུན་བཤགས་པ་དང༔ གསང་སྔགས་ཕྱི་ནང་གསང་བ་དང༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཚུལ་བཞིན་བསྲུང་ཞིང་བྱང་ཆུབ་མཆོག༔ བླ་ན་མེད་པར་སེམས་སྐྱེད་ཅིག༔ བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་པ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ནས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྒོ་གསུམ་སྤྱོད་ལམ་མཐུན་པ་དང་། བྱང་ཆུབ་བར་དུ་སྐྱབས་སུ་མཆི་བ་དང་། ཉེས་ལྟུང་སྒྲིབ་པའི་ཚོགས་བཤགས་ཤིང་རྡོ་རྗེ་ཐེག་པའི་དམ་ཚིག་བླངས་ནས་ཚུལ་བཞིན་དུ་བསྲུང་ཞིང་། སེམས་ཅན་ཀུན་གྱི་དོན་དུ་ཡེ་ཤེས་ཀྱི་མཁའ་ལྡིང་ཁྱུང་ཆེན་གྱི་གོ་འཕང་བསྒྲུབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མཆོག་གསུམ་རྩ་གསུམ་ཞི་ཁྲོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྔོན་ཆད་ཉེས་པ་ཅི་མཆིས་བཤགས༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ དམ་ཚིག་ཚུལ་བཞིན་བསྲུང་བར་འཚལ༔ ཁྲོ་རྒྱལ་ཆེན་པོའི་རྣལ་འབྱོར་གྱིས༔ འགྲོ་ཀུན་སྲིད་པའི་མཚོ་བསྒྲལ་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་སློབ་དཔོན་གྱིས་སློབ་མའི་མགོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བླུད་ནས། ཧཱུྃ༔ ང་ནི་རྡོ་རྗེ་འཛིན་པའི་སྐུ༔ ཁྱོད་རྣམས་ང་ཡིས་བསྒོས་བཞིན་གྱིས༔ བླ་མེད་གསང་བའི་བྱིན་རླབས་འདི༔ དམ་མེད་མདུན་དུ་མ་སྨྲ་ལ༔ རྡོ་རྗེ་ཐེག་པའི་དམ་ཚིག་རྣམས༔ བསྲུངས་ན་དངོས་གྲུབ་གཞི་ཡིན་ཅིང༔ མ་བསྲུང་ཉེས་པས་དམྱལ་བར་ལྟུང༔ རྡོ་རྗེ་འདིས་ནི་མགོ་བོ་འགེམས༔ ཆུ་འདིས་བརྒྱལ་བར་གདོན་མི་ཟ༔ དེ་བས་ཇི་ལྟར་བསྒོས་བཞིན་དུ༔ གཅེས་པའི་སྲོག་ལ་ཐུག་ན་ཡང༔ འདའ་བར་མ་བྱེད་ས་མ་ཡ༔ ཨོཾ་བཛྲ་ས་མ་ཡ་ཨི་དཾ་གྲྀཧྞ་བཛྲ་ཨུ་ད་ཋ་ཀ་ན་ར་ཀན་སི་ཧཱུྃ༔ དེས་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་དམ་ལ་བཞག་པ་སོང་ནས། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་གསལ་ཐོབས་ཤིག །ལས་ཆུ་འཐོར། བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་བྲག་རིའི་སྟེང༔ སོགས་སྒྲུབ་ཐབས་ལྟར་བསྐྱེད་ཆོག་དང་། སྤྱན་འདྲེན་གྱི་བར་བརྗོད། སྤོས་རོལ་དང་རྩ་སྔགས་མཇུག་ཏུ། བཛྲ་པྲ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་སྤྱི་བོར་བཞག་ལ། ཛྙཱ་ན་སཏྭ་ཏིཥྛ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་དག་གིས་དབང་གི་གཞི་འགོད་པ་སོང་ནས། དངོས་གཞི་གཏོར་མ་ལ་བརྟེན་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་བསྐུར་བའི་དང་པོ་སྐུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་ཆོས་དབྱིངས་རང་བྱུང་དྲག་པོའི་གཞལ་ཡས་ཁང་དུ་ཡེ་ཤེས་ཁྱུང་ཆེན་འབར་བའི་ལྷ་ཚོགས་དངོས་སུ་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ལུས་ལ་ཐིམ་པས་ཡི་དམ་ལྷའི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་མཛོད། གཏོར་མ་སྐུ་གཟུགས་བཅས་ཐོགས་ལ། ཧཱུྃ༔ གཏོར་མ་ཆོས་དབྱིངས་ལྷུན་གྲུབ་གཞལ་ཡས་སུ༔ ཡེ་ཤེས་ཁྱུང་ཆེན་འབར་བའི་ལྷ་ཚོགས་བཞུགས༔ སྐུ་ལས་སྐུ་འཕྲོས་སློབ་མའི་ལུས་ལ་ཐིམ༔ ལུས་སྒྲིབ་དག་ནས་བསྐྱེད་རིམ་བསྒོམ་ལ་དབང༔ སྣང་སྟོང་རྒྱལ་བའི་སྐུ་མཆོག་མངོན་དུ་གྱུར༔ འགྱུར་མེད་ཡེ་ཤེས་ལྔ་ཡི་ཡོན་ཏན་རྫོགས༔ ཡེ་ཤེས་ཁྱུང་ཆེན་སྐུ་དང་གཉིས་སུ་མེད༔ མཚན་དཔེའི་གཟི་བྱིན་འབར་བའི་དབང་ཐོབ་ཤོག༔ ཅེས་དང་རྩ་སྔགས་མཇུག་ཏུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་སྤྱི་བོར་བཞག །དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་ནས་གཟི་བརྗིད་འབར། ལམ་བསྐྱེད་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྣང་སྟོང་རྒྱལ་བའི་སྐུ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་དབང་ལ་ཐོག་མར་བཟླས་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཕྲེང་བ་སྦྲེལ་ལ་རྩ་སྔགས་དང་དྲག་སྔགས་བཅས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་གསུང་དབང་དངོས་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་མ་ཁྱུང་ཆེན་འབར་བ་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་ཁྱབ། གསུང་ལས་གསང་སྔགས་ཀྱི་ཡིག་འབྲུའི་ཚོགས་འཕྲོས། ཁྱེད་རང་གི་ངག་ལ་ཐིམ་པས་ཡི་དམ་ལྷའི་གསུང་དང་གཉིས་མེད་དུ་གྱུར་པར་མོས་ཤིག །གཏོར་མ་དང་ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ གཏོར་མ་ཁྱུང་ཆེན་འབར་བར་གསལ་བ་ཡི༔ སྦྱོར་མཚམས་བྱང་སེམས་སློབ་མའི་སྤྱི་བོར་བབས༔ གསུང་གི་ངོ་བོ་ཡིག་འབྲུ་རབ་འཕྲོས་པས༔ སློབ་མའི་ལྕེར་ཐིམ་སྒྲིབ་དག་སྔགས་བཟླས་དབང༔ གྲགས་སྟོང་རྒྱལ་བའི་གསུང་མཆོག་མངོན་དུ་གྱུར༔ འགག་མེད་ཚངས་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཁྱུང་ཆེན་འབར་བའི་གསུང་དང་གཉིས་སུ་མེད༔ ཆོས་སྒོ་མཐའ་ཡས་གཞན་ལ་སྟོན་ནུས་ཤོག༔ རྩ་སྔགས་མཇུག་ཏུ། བཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བཏགས་པ་བརྗོད་ལ་གཏོར་མ་མགྲིན་པའི་ཐད་དུ་བཞག །བདུད་རྩི་བླུད་དོ། །དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག་ནས་ནུས་པ་བསྐྱེད། ལམ་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་བརྗོད་ལ་དབང་། གྲགས་སྟོང་ཚངས་པའི་གསུང་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་ལ་འདུན་པ་འདི་བཞིན་དུ་མཛོད། གཏོར་མ་ཁྱུང་ཆེན་འབར་བའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་ཕྱག་མཚན་ཐིག་ལེའི་ཚོགས་འཕྲོས། ཁྱེད་རང་གི་ཡིད་ལ་ཐིམ་པས་ཡི་དམ་ལྷའི་ཐུགས་དགོངས་དང་གཉིས་སུ་མེད་པར་གྱུར་པར་མོས་ལ། ལུས་གནད་བསམ་གཏན་གྱི་ཆོས་དང་ལྡན་པས་ཆོས་ཐམས་ཅད་བདག་མེད་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་ཞོག་ཅིག །སློབ་དཔོན་ཡང་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་པ་ལས་མ་གཡོས་པར། གཏོར་མ་དང་རྡོ་རྗེ་ཐོགས་ལ། ཧཱུྃ༔ གཏོར་མ་སྐྱེ་མེད་ཆོས་དབྱིངས་ཕོ་བྲང་དུ༔ ཁྱུང་ཆེན་འབར་བ་འགག་མེད་སྐུ་རུ་སྣང༔ གཉིས་མེད་རོལ་པའི་འོད་ཟེར་སློབ་མ་ཡི༔ སྙིང་ལ་རབ་ཐིམ་སྒྲིབ་དག་དོན་བསྒོམ་དབང༔ བདེ་སྟོང་རྒྱལ་བའི་ཐུགས་མཆོག་མངོན་དུ་གྱུར༔ འཁྲུལ་མེད་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ༔ ཁྱུང་ཆེན་འབར་བའི་ཐུགས་དང་གཉིས་སུ་མེད༔ མཁྱེན་བརྩེ་ནུས་ལྡན་ཆོས་ཉིད་ཟད་ཕྱིན་ཤོག༔ རྩ་སྔགས་མཇུག་ཏུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཏགས་པ་བརྗོད་ལ་སྙིང་གར་གཏོར་མ་དང་རྡོ་རྗེ་བཞག་གོ །དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ནས་ཏིང་འཛིན་བསྐྱེད། ལམ་རྣམ་པར་མི་རྟོག་པ་བསྒོམ་པ་ལ་དབང་། བདེ་སྟོང་ཡེ་ཤེས་ཀྱི་ཐུགས་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་དབང་ལ་དམིགས་པ་འདི་ལྟར་དུ་མཛོད། གཏོར་མ་ཁྱུང་ཆེན་འབར་བའི་ལྷ་ཚོགས་ཀྱི་ལྟེ་བ་ནས་སྤངས་རྟོགས་ཀྱི་ངོ་བོ་འོད་ཟེར་ཐིག་ལེ་སེར་པོའི་ཚོགས་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ་པས་ཡི་དམ་ལྷའི་ཡོན་ཏན་རྒྱུད་ལ་རྫོགས་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མ་དངོས་གྲུབ་ཀུན་འབྱུང་གཞལ་ཡས་སུ༔ ཁྱུང་ཆེན་འབར་བ་ཡོན་ཏན་ལྷུན་རྫོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་རྒྱལ་བའི་དགོངས་དོན་མཐར་ཕྱིན་ཤོག༔ རྩ་སྔགས་མཇུག་ཏུ། གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལྟེ་བའི་ཐད་དུ་བཞག་གོ །དེས་ཡོན་ཏན་གྱི་དབང་ཐོབ། ཉོན་སྒྲིབ་དག་ནས་ཡོན་ཏན་རྒྱས། ལམ་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང་། བྲལ་སྨིན་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་དབང་ལ་དམིགས་པ་འདི་བཞིན་དུ་འཚལ། གཏོར་མ་ཁྱུང་ཆེན་འབར་བའི་ལྷ་ཚོགས་ཀྱི་གསང་བ་ནས་འོད་ཟེར་ཐིག་ལེ་ལྗང་གུའི་ཚོགས་འཕྲོས། ཁྱེད་རང་གི་གསང་གནས་སུ་ཐིམ་པས་ཡི་དམ་ལྷའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ གཏོར་མ་ཐབས་མཁས་སྤྲུལ་སྐུའི་ཞིང་ཁམས་སུ༔ ཁྱུང་ཆེན་འབར་བ་ཞི་ཆགས་སྒེག་ཁྲོས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཤོག༔ རྩ་སྔགས་མཇུག་ཏུ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་གསང་བར་བསྐུར་ཚུལ་བྱའོ། །དེས་ཕྲིན་ལས་ཀྱི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དག་ནས་མཐུ་སྟོབས་རྒྱས། ལས་བཞི་བསྒྲུབ་པ་ལ་དབང་། རྟག་ཁྱབ་ཕྲིན་ལས་ལ་མངའ་བརྙེས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་ལ་མེ་ཏོག་འཐོར་ཞིང་ཤིས་བརྗོད་གང་འོས་བྱ། དེས་ཁྱུང་གི་སྒོས་སྒྲུབ་གདུག་པ་ཀུན་འཇོམས་ཀྱི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་གཟུང་ཞིང་དམ་ཚིག་གི་རིམ་པ་ལ་ཚུལ་བཞིན་བསླབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བྱ། སྤྲོ་ན་རྩ་གསུམ་སྤྱིའི་ལས་བྱང་ལྟ་བུའི་ཚོགས་སྐོང་བྱ། རྗེས་ཀྱི་རིམ་པ་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་བསྡུ་གཤེགས་སྤྱི་དང་མཐུན། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། དགེ་བསྔོ་ཤིས་བརྗོད་བྱའོ། །ཡེ་ཤེས་མཁའ་ལྡིང་རིག་སྔགས་འཇིགས་དུས་མེ། །ལེགས་པར་གྲུབ་ནས་མ་རུངས་སྟེང་འོག་གི །དོན་བགེགས་ཚང་ཚིང་སྟོང་ཉིད་དབྱིངས་སུ་བཅོམ། །རྣམ་གྲོལ་འོད་གསལ་ཆེན་པོར་བྱང་ཆུབ་ཤོག །ཚུལ་འདི་ཉེར་མཁོ་དོན་དུ་གཉེར་བ་མང་ཡང་སྨིན་བྱེད་ཚུལ་བཞིན་ནོད་པ་དཀོན་པས་གཞུང་ལས་ཁོལ་ཕྱུང་བཀླག་ཆོག་ཉིད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
གསང་འདུས་རྡོ་རྗེའི་ཐིགས་པ་ལས༔ དྲག་པོ་རྩལ་གྱི་ལས་བྱང་གནམ་ལྕགས་རྡོ་རྗེའི་ཕྲེང་བ་ (Volume 13, Text 40)
གསང་འདུས་རྡོ་རྗེའི་ཐིགས་པ་ལས༔༙ དྲག་པོ་རྩལ་གྱི་ལས་བྱང་གནམ་ལྕགས་རྡོ་རྗེའི་ཕྲེང་བའོ༔༙ མ་ཧཱ་གུ་རུའི་སྐུ་ལ་ཕྱག་འཚལ་ལོ༔༙ བདག་འདྲ་པདྨ་འབྱུང་གནས་ཀྱིས༔༙ མ་འོངས་སེམས་ཅན་དོན་སླད་དུ༔༙ དབང་དྲག་པདྨའི་ལས་བྱང་འདི༔༙ པདྨ་བདག་གིས་ཡི་གེར་བཀོད༔༙ ཕྱི་རབས་སེམས་ཅན་རྣམས་ཀྱི་དོན༔༙ བུད་མེད་ཡེ་ཤེས་མཚོ་རྒྱལ་དང༔༙ རྟོགས་ལྡན་ཆོས་བློ་མགོན་ལ་གནང༔༙ མ་འོངས་བཞི་བཅུའི་ཡང་མཐའ་ཉིད༔༙ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ༔༙ དྲག་སྒྲུབ་ཟེར་ཞིང་གཏེར་རྫུན་མང༔༙ མཐའ་དམག་བོད་ཡུལ་དབུས་སུ་འོང༔༙ རྒྱལ་འགོང་འབྱུང་པོའི་ཚ་རག་བཏང༔༙ དགྲ་འདྲེ་བྱུར་གསུམ་དར་བའི་དུས༔༙ ཆོས་བློ་མགོན་པོའི་སྐྱེ་མཐའ་མཆོག༔༙ ཡེ་ཤེས་རྩལ་དང་འཕྲད་པར་ཤོག༔༙ དྲེགས་པ་ཐམས་ཅད་ཐུལ་བར་ཤོག༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ ྀཨཚ༔༙ ྈྈྈྈྈ དེ་ཡང་འདིར་རྡོ་རྗེ་དྲག་པོ་རྩལ་གྱི་ལས་བྱང་གཞུང་བསྲང་བར་འདོད་པས༔༙ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ༔༙ དང་པོ་སྔོན་དུ་འགྲོ་བ་ནི༔༙ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་དང༔༙ བཀའ་བསྒོ་མཚམས་གྱེར་བརྡ་སྒོ་དབྱེ་བ་དང༔༙ མཆོད་པ་ཕྱི་ནང་བྱིན་བརླབ་ལས་རིམ་བདུན༔༙ ས་མ་ཡ༔༙ ྀཨཚ༔༙ དང་པོ་སྐྱབས་སུ་འགྲོ་བ་ནི༔༙ ན་མོ༔༙ བླ་མ་བདེ་གཤེགས་འདུས་པའི་སྐུ༔༙ དཀོན་མཆོག་གསུམ་གྱི་རང་བཞིན་ལས༔༙ གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ བདག་ཉིད་བྱང་ཆུབ་མ་ཐོབ་བར༔༙ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔༙ དེ་ནས་སེམས་བསྐྱེད་པ་ན༔༙ བདག་ནི་རྣལ་འབྱོར་དབང་ཕྱུག་གིས༔༙ རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི༔༙ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔༙ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔༙ ཡན་ལག་བདུན་པ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་གཤེགས༔༙ དྲེགས་པ་སྡེ་བརྒྱད་གདན་ལ་བཞུགས༔༙ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔༙ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔༙ ཉམས་སྒྲིབ་བཤགས་ལ་རྗེས་ཡི་རང༔༙ དྲག་པོའི་ཆོས་འཁོར་བསྐོར་དུ་གསོལ༔༙ མྱ་ངན་མི་འདའ་གཞན་དོན་བཞུགས༔༙ དྲག་པོའི་ཕྲིན་ལས་འགྲུབ་པར་ཤོག༔༙ དེ་ནས་བགེགས་ལ་བཀའ་བསྒོ་ལ༔༙ སྔོན་འགྲོ་ཕྱིར་བསྒྱུར་ལ༔༙ ཧཱུྃ༔༙ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔༙ ཐུགས་སྲོག་ཧཱུྃ་ལས་འཕྲོས་པ་ཡི༔༙ ཁྲོ་བོ་འཕྲོས་པས་ནམ་མཁའ་གང༔༙ ཁྲོ་མོ་འཕྲོས་པས་ས་གཞི་གང༔༙ གཉིས་མེད་འཕྲོས་པས་བར་སྣང་གང༔༙ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔༙ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག༔༙ སྡེ་བརྒྱད་ཚོགས་རྣམས་རབ་ཏུ་བརླག༔༙ དཀྱིལ་འཁོར་མི་ལྡན་བགེགས་ཀྱི་ཚོགས༔༙ ལན་ཆགས་གླུད་གཏོར་འདི་ཁྱེར་ལ༔༙ འདི་རུ་མ་འདུག་རང་སར་དེངས༔༙ འབྱུང་པོ་ཨུྞྨ་ཏ་ཡ་ཕཊ༔༙ ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ༔༙ གྲྀཧྞ་གྲྀཧྞ་ཧཱུྃ༔༙ གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ༔༙ ཨཱ་ན་ཡ་ཧོ༔༙ བྷ་ག་བ་ཏེ་བིདྱཱ་རཱ་ཛ་ཧཱུྃ་ཕཊ༔༙ དེ་ནས་མཚམས་གྱེར་བ་ནི༔༙ ཧཱུྃ༔༙ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔༙ ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོས༔༙ འཁོར་ལོ་རྡོ་རྗེ་ཕུར་པའི་གུར༔༙ གྲི་གུག་རལ་གྲི་ལ་སོགས་པའི༔༙ མཚོན་ཆ་རྣམ་ལྔ་རབ་ཏུ་འཁྲུགས༔༙ ཡེ་ཤེས་མེ་དཔུང་ཆེན་པོ་ནི༔༙ འུར་འུར་ཆེམ་ཆེམ་མེ་སྒྲ་ཡིས༔༙ སྟོང་གསུམ་གང་བར་འབར་བར་བསྒོམ༔༙ མེ་ཡི་ཚ་ཚ་ཐུ་ལུ་ལུ༔༙ སྡེ་བརྒྱད་འབྱུང་པོའི་སྙིང་ལ་གཟིར༔༙ ལུས་ངག་ཐལ་བའི་རྡུལ་དུ་བརླག༔༙ དྲེགས་པ་སྡེ་བརྒྱད་བགེགས་ཀྱི་ཚོགས༔༙ བླ་མེད་དཀྱིལ་འཁོར་མི་ལྡན་རྣམས༔༙ གནས་འདིར་མ་འདུག་གཞན་དུ་དེངས༔༙ གལ་ཏེ་མི་འགྲོ་བར་གཅོད་ན༔༙ བདག་ཉིད་རྡོ་རྗེ་དྲག་རྩལ་གྱིས༔༙ མཚོན་ཆ་ལྔ་ཡི་རྩེ་ལ་སྐྱོན༔༙ མེ་འོབ་ཆེན་པོའི་ཀློང་དུ་བསྲེགས༔༙ ཁྲོ་ཆུ་ཁོལ་མའི་ནང་དུ་སྦྱར༔༙ རི་རབ་ཆེན་པོའི་འོག་ཏུ་མནན༔༙ ཆུ་སྲིན་གདུག་པའི་གྲེ་བར་བརྫངས༔༙ ལྕགས་ཀྱི་སྡིག་པའི་རྭ་བར་གཏེམས༔༙ ཡཀྴ་མེ་དབལ་གྱིས་རྡུལ་དུ་རློག༔༙ སྡེ་བརྒྱད་སྲོག་ལ་ཧུར་ཐུམ་ཛཿཆིངས༔༙ ཨོཾ་བཛྲ་པདྨ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་བི་ཤྭ་ཀྲོ་ཏ་ཧཱུྃ༔༙ སོད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔༙ དེ་ནས་བརྡ་སྒོ་དབྱེ་བ་ནི༔༙ དྲག་པོའི་ལྷ་ཚོགས་དངོས་སུ་མཇལ་བར་དམིགས་ལ༔༙ ཧཱུྃ༔༙ སྣང་སྲིད་རྣམ་དག་གཞལ་ཡས་ཁང༔༙ གཟུགས་སྣང་ཐམས་ཅད་ཧེ་རུ་ཀ༔༙ གཉིས་འཛིན་རྣམ་རྟོག་སྒོ་བཅད་པ༔༙ ཆོས་དབྱིངས་ཡེ་ཤེས་འཆར་སྒོ་དབྱེ༔༙ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔༙ དེ་ནས་བརྡ་ཕྱག་འཚལ་བ་ནི༔༙ ཧཱུྃ༔༙ རང་རིག་རྡོ་རྗེ་དྲག་པོ་རྩལ༔༙ མ་རྟོགས་གཉིས་འཛིན་བློས་བཟུང་ནས༔༙ ཡེ་ཤེས་ཡོད་ཀྱང་དོན་མ་མཐོང༔༙ རང་གསལ་ངང་དུ་བརྡ་ཕྱག་འཚལ༔༙ ན་མོ་པུ་རུ་ཤ་ཡ་ཧོ༔༙ དེ་ནས་དམ་བཅའ་བཟུང་བ་ནི༔༙ ཧཱུྃ༔༙ བླ་མ་རྡོ་རྗེ་དྲག་པོ་རྩལ༔༙ དུས་གསུམ་འབྲལ་མེད་ཁྱེད་ཉིད་ནི༔༙ བདག་དང་གཉིས་མེད་གཅིག་པ་ལ༔༙ སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔༙ བཛྲ་ཙིཏྟ་ཧཱུྃ༔༙ དེ་ནས་བཤགས་པ་བྱ་བ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་དགོངས༔༙ ཁྱོད་ནི་ཆོས་སྐུ་དྲི་མ་མེད༔༙ བདག་ནི་བག་ཆགས་ཉོན་མོངས་བསྒྲིབས༔༙ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔༙ བཛྲ་ས་མ་ཡ་ཤུདྡྷེ་ཨ༔༙ དེ་ནས་བྱིན་དབབ་པ་ནི༔༙ ཧཱུྃ༔༙ གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ ཆོས་ཀྱི་དབྱིངས་ནས་བཞེངས་ནས་ཀྱང༔༙ དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔༙ གནས་འདིར་དབང་སྐུར་བྱིན་ཕོབ་ཅིག༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ བཛྲ་ས་མ་ཡ་ཛ༔༙ ཨཱ་བེ་ཤ་ཡ་ཨ་ཨཱ༔༙ དེ་ནས་མཆོད་རྫས་བྱིན་བརླབ་པ་ནི༔༙ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔༙ སྟོང་པའི་ངང་ལས༔༙ སྣོད་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྨན་ཕུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ༔༙ བདུད་རྩིར་བྱིན་བརླབ་པ་ནི༔༙ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔༙ ཞེས་ལན་གསུམ་བརྗོད༔༙ དེ་ནས་རཀྟ་བྱིན་བརླབ་པ་ནི༔༙ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔༙ ཞེས་ལན་གསུམ་བརྗོད་ལ་རཀྟ་བྱང་སེམས་དམར་པོར་བསམ་མོ༔༙ དེ་ནས་གཏོར་མ་བྱིན་བརླབ་པ་ནི༔༙ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿཋཱ༔༙ ཞེས་ལན་གསུམ་བརྗོད་པས་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསམ༔༙ དེ་ནས་ཕྱི་མཆོད་བྱིན་བརླབ་པ་ནི༔༙ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་མ་ཧཱ་པཱུ་ཛ་ཧོ༔༙ དེ་ནས་གསང་མཆོད་བྱིན་བརླབ་པ་ནི༔༙ ཨོཾ་ཨཱཿཧཱུྃ༔༙ བོ་དྷི་ཙིཏྟ་གྷ་ཎ་གུ་ཧྱ་མ་ཧཱ་པཱུ་ཙ་ཧོ༔༙ ཞེས་དེ་དག་ཀུན་ལའང་གསུམ་རེ་བརྗོད་པས་འདོད་ཡོན་གྱི་མཆོད་སྤྲིན་དུ་བསམ་མོ༔༙ རྡོ་རྗེ་དྲག་པོ་རྩལ་གྱི་སྔོན་དུ་འགྲོ་བའི་ལས་རིམ་བདུན་པ་བདག་ཐོད་ཕྲེང་རྩལ་གྱིས་སྦྱར་བ་རྫོགས་སོ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ ྈྈྈྈ ༁ྃ༔༙ ྈྈྈྈྈྈྈྈྈྈྈྈྈྈ ཨེ་མ་ཧོ༔༙ སྲིན་པོའི་ཁྲོད་དུ་རྡོ་རྗེའི་ངུར་སྒྲ་སྒྲོག༔༙ ལྷ་སྲིན་སྡེ་བརྒྱད་འདར་བའི་དབུས་ནས་ཀྱང༔༙ རྡོ་རྗེ་དྲག་པོའི་ལས་བྱང་དངོས་གཞི་གསུང༔༙ གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་ཅིང༔༙ བཞུགས་སུ་གསོལ་དང་ཕྱག་འཚལ་མཆོད་པ་འབུལ༔༙ བསྟོད་པ་ཚོགས་བཅས་དངོས་གཞི་བདུན་ལྡན་ནོ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ དེ་ལ་དང་པོ་ཏིང་འཛིན་གསུམ་ལས༔༙ ཐོག་མར་དེ་བཞིན་ཉིད་ནི༔༙ ཧཱུྃ༔༙ ཆོས་རྣམས་ཡེ་ནས་དམིགས་སུ་མེད༔༙ དམིགས་མེད་སྟོང་པའི་ངང་ཉིད་ལས༔༙ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔༙ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་ས་མཱ་ཏི་ཧཱུྃ༔༙ གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི༔༙ ཨཱ༔༙ སྟོང་གསལ་འགག་མེད་རང་རྩལ་ལས༔༙ སེམས་ཅན་མ་ལུས་ཀུན་ཁྱབ་པའི༔༙ བརྩེ་བའི་སྙིང་རྗེ་མཐའ་ཁྱབ་གསལ༔༙ ཨོཾ་དྷརྨཱ་དྷཱ་ཏུ་ས་མཱ་ཏི་ཧཱུྃ༔༙ གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི༔༙ ཨོཾ༔༙ དེ་ཉིད་སྙིང་རྗེའི་ངང་ཉིད་ལས༔༙ འགྲོ་དོན་དཔག་མེད་བྱེད་པ་ལ༔༙ རྒྱུ་ཡི་སེམས་ཉིད་ཀ་དག་འདི༔༙ ཡི་གེ་ཧཱུྃ་མཐིང་ལྟ་བུར་གསལ༔༙ ཨོཾ་ཛྙཱ་ན་བཛྲ་ས་མཱ་ཏི་ཧཱུྃ༔༙ དེ་ནས་འབྱུང་བ་རིམ་བརྩེགས་ནི༔༙ ཧཱུྃ་ལས་འོད་འཕྲོས་ཡི་གེ་བདུན༔༙ ཨེ་ཡཾ་རཾ་སུཾ་ཀེཾ་ར་བྷྲཱུྃ༔༙ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔༙ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང༔༙ རཾ་ལས་བསྐལ་པའི་མེ་དཔུང་ཀློང༔༙ ར་ལས་རཀྟའི་རྦ་རླབས་འཕྱོ༔༙ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔༙ ཀེཾ་ལས་ཀེཾ་རུས་རི་རབ་སྟེང༔༙ དེ་ནས་གཞལ་ཡས་ཁང་ལ༔༙ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔༙ ཐོད་པ་སྐམ་རློན་གསུམ་གྱིས་བརྩེགས༔༙ ལྷ་ཆེན་བརྒྱད་ཀྱི་ཀ་བ་རྔམ༔༙ རུས་སྦལ་ཆུ་སྲིན་ཀ་གདན་བྱས༔༙ ཉི་ཟླའི་ག་འུ་སྟེང་ནས་གསལ༔༙ གཟའ་བརྒྱད་ཀླུ་བརྒྱད་གདུང་མ་བྲན༔༙ རྒྱུ་སྐར་ཉེར་བརྒྱད་གྲ་བཞིར་བྱས༔༙ གཤིན་རྗེའི་པགས་པའི་ཐིགས་ཚག་ལ༔༙ རྡོ་རྗེ་རྭ་བཞི་ཐེམ་པ་དང༔༙ ཕྱོགས་བཞིར་གནམ་ལྕགས་སྒོ་བཞི་ལྡན༔༙ ཐོད་པའི་བ་གམ་རྒྱལ་མཚན་བསྐོར༔༙ རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་ཕོ༔༙ ཞིང་ཆེན་འཕན་གདུགས་ཀེང་རུས་བརྒྱན༔༙ རྟ་བབས་ཆོས་འཁོར་གསེར་གདུགས་མཛེས༔༙ བདེན་རྫུན་དྲང་མཁན་རི་དྭགས་དང༔༙ སྦྲུལ་ནག་གཤིབས་པའི་ཟ་ར་ཚག༔༙ རྩེ་ན་གནམ་ལྕགས་ཕྱོགས་བཅུར་ལྡིང༔༙ ཁྲོ་ཆུ་ཁོལ་མའི་གཟེར་གྱིས་གཏམས༔༙ དུར་ཁྲོད་བརྒྱད་སོགས་དཀྱིལ་འཁོར་རྫོགས༔༙ ཆོས་དབྱིངས་ཡེ་ཤེས་དཔལ་དུ་ཤར༔༙ ཕྱི་གསལ་ནང་གསལ་དྲི་མ་མེད༔༙ བདེ་གཤེགས་ཀུན་འདུས་ཕོ་བྲང་གསལ༔༙ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨཱ༔༙ ཛྙཱ་ན་ཙཀྲ་མཎྜ་ལ༔༙ མ་སཱུརྱ་མཎྜ་ལ༔༙ ཨ་ཙནྡྲ་མཎྜ་ལ༔༙ རུ་དྲ་ཀྲོ་ཏི་ཏི་ར་བཾ༔༙ ཧཱུྃ་སྥ་ར་ཎ་ཕཊ༔༙ སཾ་ཧ་ར་ཎ་ཧཱུྃ༔༙ དེ་ནས་ལྷ་བསྐྱེད་པ་ནི༔༙ ཧཱུྃ༔༙ གཞལ་ཡས་ཁང་པ་དེ་ཡི་ནང༔༙ གྲུ་གསུམ་དམར་ནག་ཆོས་འབྱུང་དབུས༔༙ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔༙ བདུད་བཞི་རྒྱལ་བསེན་པདྨ་དང༔༙ ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔༙ གནམ་ལྕགས་རྡོ་རྗེའི་ལྟེ་བ་རུ༔༙ མཐིང་ནག་ཧཱུྃ་གིས་མཚན་པར་བསྒོམ༔༙ ཧཱུྃ༔༙ དེ་ཉིད་ཡོངས་སུ་གྱུར་པ་ལས༔༙ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔༙ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔༙ གཡས་ཞལ་དཀར་ཞིང་གཡོན་ཞལ་དམར༔༙ ཆོས་ཉིད་འགྱུར་མེད་དབུས་མཐིང་ནག༔༙ གཡས་གསུམ་གྲི་གུག་རྡོ་རྗེ་གྲི༔༙ གཡོན་གསུམ་བྷན་དམར་ཁ་ཊྭཱཾ་སྡིག༔༙ རྡོ་རྗེའི་གཤོག་པ་གཡས་སུ་གདེངས༔༙ རིན་ཆེན་གཤོག་པ་གཡོན་དུ་གདེངས༔༙ སྐུ་ལ་རྡོ་རྗེའི་གོ་ཁྲབ་སྤྲས༔༙ སེང་གླང་ཞིང་ཆེན་སྐུ་ལ་གསོལ༔༙ སྟག་ཤམ་སྦྲུལ་ཆུན་མི་ལྤགས་དཀྲིས༔༙ རཀྟ་ཞག་ཐིག་ཐལ་ཆེན་གྱི༔༙ ཐིག་ལེ་ཟོ་རིས་ཚོམ་བུས་བརྒྱན༔༙ གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ༔༙ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔༙ གཡས་པས་གྲི་གུག་མགུལ་ནས་འཁྱུད༔༙ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔༙ ཁྲོ་གཉེར་མཆེ་གཙིགས་སྤྱན་གསུམ་མ༔༙ དབུ་སྐྲ་ཆུན་འཕྱང་ཕག་སྐད་ངུར༔༙ ཐོད་སྐམ་རིན་ཆེན་པྲོག་ཞུ་གསོལ༔༙ རུས་པའི་རྒྱན་གསོལ་དུར་ཁྲོད་ཆས༔༙ ཞབས་གཉིས་བརྐྱང་བསྐུམ་ཡབ་ལ་འཁྲིལ༔༙ ཡབ་ཡུམ་གཉིས་མེད་གར་དགུ་ལྡན༔༙ གཟི་བརྗིད་མདངས་དང་ལྡན་པར་བསྐྱེད༔༙ མེ་དཔུང་འབར་བའི་དབུས་སུ་བཞུགས༔༙ སྤྱི་གཙུག་མཁའ་ལྡིང་ག་རུ་ཌ༔༙ གནམ་ལྕགས་ཁྲོ་ཆུ་ཁོལ་མའི་ལུས༔༙ རྡེབ་བྱེད་མེ་ཡི་གཤོག་པ་རྡེབ༔༙ འཇིགས་བྱེད་ལྕགས་ཀྱི་སྡེར་མོ་ཅན༔༙ གནམ་ལྕགས་མཆུ་དང་གློག་གི་ལྕེ༔༙ ལྕགས་རྭ་བསེ་མིག་དུང་གི་མཆེ༔༙ དུག་སྦྲུལ་ཕོ་མོ་ཞལ་དུ་གསོལ༔༙ དྲག་རྩལ་སྤྱི་གཙུག་རྒྱན་དུ་བཞུགས༔༙ ཧྲཱི༔༙ དེ་ཡི་སྤྱི་གཙུག་ཟླ་བའི་སྟེང༔༙ པདྨ་གེ་སར་སྡོང་པོ་ལ༔༙ གུ་རུ་པདྨ་འབྱུང་གནས་ནི༔༙ སྐུ་མདོག་དཀར་དམར་མདངས་དང་ལྡན༔༙ ཞལ་གཅིག་ཕྱག་གཉིས་འཛུམ་པའི་ཞལ༔༙ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔༙ ཕྱག་གཉིས་རྡོ་རྗེ་བྷན་དྷ་བསྣམས༔༙ མཐིང་ནག་ཟབ་བེར་ཆོས་གོས་དམར༔༙ པད་ཞྭ་རྒོད་སྒྲོ་དར་དཔྱང་ཅན༔༙ མེ་ལོང་སྙན་ཆ་མགུལ་རྒྱན་མཛེས༔༙ བདེ་ཆེན་མཁའ་འགྲོ་མཚོ་རྒྱལ་དཀར༔༙ ཕྱག་གཉིས་གྲི་ཐོད་ཡབ་ལ་འཁྱུད༔༙ ཞབས་གཉིས་ཟུང་འཇུག་དགྱེས་པར་འཁྲིལ༔༙ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔༙ སྣ་ཚོགས་དར་གྱི་ན་བཟས་བཀླུབས༔༙ འོད་ལྔའི་ཀློང་ན་བཞུགས་པར་བསྐྱེད༔༙ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང༔༙ པདྨ་མགོན་པོ་འོད་དཔག་མེད༔༙ སྐྱིལ་ཀྲུང་མཉམ་གཞག་ལྷུང་བཟེད་འཛིན༔༙ སྐུ་མདོག་པདྨ་རཱ་གའི་མདངས༔༙ དར་དམར་ཆོས་གོས་སྐུ་ལ་གསོལ༔༙ མཚན་དང་དཔེ་བྱད་ལྡན་པར་བསྐྱེད༔༙ དཔྲལ་བར་མཛོད་སྤུ་ཁྲོ་གཉེར་སྟེང༔༙ གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུས༔༙ ཨོཾ༔༙ སྐུ་ཡི་སྤྲུལ་པ་འཇམ་དཔལ་ནི༔༙ གཤིན་རྗེ་གཤེད་པོ་གསེར་གྱི་མདོག༔༙ ཞལ་གཅིག་ཕྱག་གཉིས་འདོར་ཐབས་བསྒྲད༔༙ ཁྲོ་གཉེར་སྤྱན་གསུམ་མཆེ་བ་གཙིགས༔༙ གཡས་པས་ཤེས་རབ་རལ་གྲི་ཕྱར༔༙ གསེར་གྱི་འཁོར་ལོ་གཡོན་ན་འཆང༔༙ དུར་ཁྲོད་ཆས་བརྒྱད་མཛེས་པར་བརྒྱན༔༙ གཏུམ་དྲག་ཁྲོ་བོའི་ཚུལ་དུ་བསྐྱེད༔༙ མགྲིན་པར་པདྨ་འདབ་བཞིའི་དབུས༔༙ ཨཱ༔༙ གསུང་གི་སྤྲུལ་པ་རྟ་མགྲིན་ནི༔༙ སྐུ་མདོག་དམར་པོ་བྱེ་རུའི་མདོག༔༙ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔༙ གཡས་པས་གྲི་གུག་ནམ་མཁར་ཕྱར༔༙ གཡོན་པས་ཐོད་པ་ཁྲག་བཀང་བསྣམས༔༙ གཏུམ་རྔམ་མཆེ་གཙིགས་རྟ་སྐད་སྒྲོག༔༙ དུར་ཁྲོད་དཔའ་ཆས་མཛེས་པར་བརྒྱན༔༙ གར་སྟབས་ཁྲོ་བོའི་ཚུལ་དུ་བསྐྱེད༔༙ ཐུགས་ཀར་གསེར་གྱི་མཆོད་རྟེན་དབུས༔༙ ཧཱུྃ༔༙ ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིན༔༙ སྐུ་མདོག་མཐིང་ནག་བཻ་ཌཱུར་མདོག༔༙ རབ་ཏུ་ཁྲོ་ཞིང་གཏུམ་པའི་ཞལ༔༙ གཡས་པས་རྡོ་རྗེ་ནམ་མཁར་ཕྱར༔༙ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔༙ ཀླུ་བརྒྱད་སྐུ་ཡི་རྒྱན་དུ་ཆེ༔༙ དུར་ཁྲོད་ཆས་གསོལ་འདོར་ཐབས་བསྒྲད༔༙ བདུད་འདུལ་དཔའ་བོའི་ཚུལ་དུ་བསྐྱེད༔༙ ལྟེ་བར་ཆོས་འབྱུང་འབར་བའི་དབུས༔༙ སྭཱ༔༙ ཡོན་ཏན་སྤྲུལ་པ་ཌཱ་ཀི་ནཱི༔༙ སངས་རྒྱས་ཁྲོ་མོ་སྐུ་མདོག་མཐིང༔༙ གཡས་པས་གྲི་གུག་ནམ་མཁར་ཕྱར༔༙ གཡོན་པས་ཐོད་ཁྲག་ཁ་ཊྭཱཾ་བརྟེན༔༙ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔༙ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་འགྱིང༔༙ རང་འདྲའི་འཁོར་བཞིས་བསྐོར་བར་བསྐྱེད༔༙ གསང་གནས་རྡོ་རྗེ་རྒྱ་གྲམ་དབུས༔༙ ཧཱ༔༙ ཕྲིན་ལས་སྤྲུལ་པའི་ཁྲོ་བོ་ནི༔༙ ཡཀྴ་མེ་དབལ་སྐུ་མདོག་སྨུག༔༙ སྤྱན་གསུམ་དམར་ཟླུམ་གཏུམ་ལ་རྔམ༔༙ ཞལ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ༔༙ གཡས་པས་མེ་ཡི་ཞགས་པ་འདེབས༔༙ གཡོན་པས་ཐོ་ལུམ་མེ་འབར་ཐོགས༔༙ དུར་ཁྲོད་ཆས་བརྒྱད་མཛེས་པར་བསྐྱེད༔༙ གཙོ་བོའི་ཕྱི་རིམ་རྩིབས་བཞིའི་སྟེང༔༙ ཤར་དུ་བཛྲ་དྲག་པོ་རྩལ༔༙ དཀར་ནག་ཞལ་གཅིག་ཕྱག་གཉིས་པ༔༙ གཡས་གཡོན་རྡོ་རྗེ་སྡིག་པ་འཛིན༔༙ དུར་ཁྲོད་ཆས་རྫོགས་འདོར་སྟབས་བསྐྱེད༔༙ ལྷོ་རུ་རཏྣ་དྲག་པོ་རྩལ༔༙ སེར་ནག་ཞལ་གཅིག་ཕྱག་གཉིས་པ༔༙ གཡས་གཡོན་རིན་ཆེན་སྡིག་པ་འཛིན༔༙ དུར་ཁྲོད་ཆས་རྫོགས་འདོར་ཐབས་བསྐྱེད༔༙ ནུབ་ཏུ་པདྨ་དྲག་པོ་རྩལ༔༙ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔༙ གཡས་གཡོན་པདྨ་སྡིག་པ་འཛིན༔༙ དུར་ཁྲོད་ཆས་རྫོགས་འདོར་ཐབས་བསྐྱེད༔༙ བྱང་དུ་ཀརྨ་དྲག་པོ་རྩལ༔༙ ལྗང་ནག་ཞལ་གཅིག་ཕྱག་གཉིས་པ༔༙ གཡས་གཡོན་རྒྱ་གྲམ་སྡིག་པ་འཛིན༔༙ དུར་ཁྲོད་ཆས་རྫོགས་འདོར་ཐབས་བསྐྱེད༔༙ དེ་ཡི་ཕྱི་རིམ་རྩིབས་བཅུ་ལ༔༙ ཁྲོ་བོ་ཆེན་པོ་ཕྱོགས་སྐྱོང་བཅུ༔༙ རང་རང་སྐུ་མདོག་ཕྱག་མཚན་བསྒྱུར༔༙ དུར་ཁྲོད་ཆས་རྫོགས་འདོར་ཐབས་བསྐྱེད༔༙ ཐུགས་སྲས་ཀཱི་ལ་མཆེད་བཞི་ནི༔༙ སྐུ་སྟོད་ཞལ་གཅིག་ཕྱག་གཉིས་པ༔༙ སྐུ་སྨད་ཕུར་བུ་གཤོག་པ་ཅན༔༙ གཏུམ་རྔམ་མཆེ་གཙིགས་ཕུར་པ་བསྒྲིལ༔༙ སྐུ་མདོག་ཕྱོགས་མཐུན་གཟི་བརྗིད་བསྐྱེད༔༙ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔༙ ཤར་སྒོར་སེང་གདོང་ལྕགས་ཀྱུ་དཀར༔༙ ལྷོ་སྒོར་ཕག་གདོང་ཞགས་པ་སེར༔༙ ནུབ་སྒོར་ཁྱུང་གདོང་ལྕགས་སྒྲོག་དམར༔༙ བྱང་སྒོར་སྦྲུལ་གདོང་དྲིལ་བུ་ལྗང༔༙ དཀྱིལ་འཁོར་སྒོ་བཞིའི་བར་ཆད་སྲུང༔༙ དུར་ཁྲོད་ཆས་རྫོགས་གར་ཐབས་བཞུགས༔༙ ཧ་ཧ་ཧི་ཧི་རྔམ་ཚུལ་བསྐྱེད༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ༔༙ ཤྲཱི་ཧེ་རུ་ཀ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ༔༙ པདྨ་སིདྡྷི་ ཨ་མི་དྷེ་ཝ་ ཁྲོཾ་ག་རུ་ཌ་ ཡ་མཱནྟ་ཀ་ ཧྱ་གྲཱི་ཝ་ བཛྲ་པཱ་ཎི་ བཻ་རོ་ཙ་ན་ ཧ་རི་ནི་ས་ ཡཀྴ་རཀྴ་ བཛྲ་རཏྣ་པདྨ་ཀརྨ་ བཛྲ་ཀཱི་ལི་ཀཱི་ལ་ཡ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ བཛྲ་ཨངྐུ་ཤ་ཛ༔༙ བཛྲ་པཱ་ཤ་ཧཱུྃ༔༙ བཛྲ་སྥོ་ཊ་བཾ༔༙ བཛྲ་གཎྜེ་ཧོ༔༙ ཨེ་ཨཱ་རཱལླི་ཕེཾ་ཕེཾ༔༙ ཛཿཛ༔༙ དེ་ནས་སྤྱན་འདྲེན་པ་ནི༔༙ རྡོ་རྗེ་སྲིན་པོའི་ངུར་སྒྲས་འདི་སྐད་དོ༔༙ ཧཱུྃ༔༙ གླིང་མཆོག་རྒྱལ་པོ་རྔ་ཡབ་གླིང༔༙ ལང་ཀ་མགྲིན་བཅུ་སྲིན་པོའི་ཡུལ༔༙ གསང་ཆེན་རོལ་པའི་དཀྱིལ་འཁོར་དུ༔༙ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔༙ པདྨ་འོད་ཀྱི་གཞལ་ཡས་ནས༔༙ རྗེ་བཙུན་པདྨ་འབྱུང་གནས་ལ༔༙ རྡོ་རྗེ་དྲག་པོ་རྩལ་ཞེས་གྲགས༔༙ སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ༔༙ ཧྲཱི༔༙ རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔༙ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔༙ ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ནས༔༙ སྣང་བ་མཐའ་ཡས་གཤེགས་སུ་གསོལ༔༙ རི་རབ་འབར་བའི་རྩེ་མོ་ནས༔༙ ཁྱུང་ནག་འབར་བ་གཤེགས་སུ་གསོལ༔༙ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས༔༙ འཇམ་དཔལ་གཤིན་རྗེ་གཤེགས་སུ་གསོལ༔༙ བདེ་ཆེན་གསུང་གི་དཀྱིལ་འཁོར་ནས༔༙ པདྨ་དབང་ཆེན་གཤེགས་སུ་གསོལ༔༙ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས༔༙ རྡོ་རྗེ་འཛིན་པ་གཤེགས་སུ་གསོལ༔༙ ཡུལ་ཆེན་ཉི་ཤུ་རྩ་བཞི་ནས༔༙ མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ༔༙ མངོན་སྤྱོད་དྲག་པོའི་དཀྱིལ་འཁོར་ནས༔༙ ཡཀྴ་མེ་དབལ་གཤེགས་སུ་གསོལ༔༙ གནས་མཆོག་སུམ་ཅུ་སོ་གཉིས་ནས༔༙ དཔའ་བོ་གིང་བཅས་གཤེགས་སུ་གསོལ༔༙ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔༙ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔༙ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔༙ རྒྱལ་བསེན་འདུལ་ཕྱིར་གཤེགས་སུ་གསོལ༔༙ དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔༙ མཐའ་དམག་འདུལ་ཕྱིར་གཤེགས་སུ་གསོལ༔༙ མུ་སྟེགས་འདུལ་ཕྱིར་གཤེགས་སུ་གསོལ༔༙ སྲིན་པོ་འདུལ་ཕྱིར་གཤེགས་སུ་གསོལ༔༙ ས་བདག་འདུལ་ཕྱིར་གཤེགས་སུ་གསོལ༔༙ བྱད་མ་འདུལ་ཕྱིར་གཤེགས་སུ་གསོལ༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ༔༙ ཤྲཱི་ཧེ་རུ་ཀ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ༔༙ པདྨ་སིདྡྷི་ཨ་མི་དྷེ་ཝ་ཁྲོཾ་ག་རུ་ཌ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་བཻ་རོ་ཙ་ན་ཧ་རི་ནི་ས་ཡཀྴ་རཀྴ་བཛྲ་རཏྣ་པདྨ་ཀརྨ་བཛྲ་ཀཱི་ལི་ཀཱི་ལ་ཡ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ བཛྲ་ཨངྐུ་ཤ་ཛ༔༙ བཛྲ་པཱ་ཤ་ཧཱུྃ༔༙ བཛྲ་སྥོ་ཊ་བཾ༔༙ བཛྲ་གཎྜེ་ཧོ༔༙ ࿊ ཨེ་ཨཱ་རཱལླི་ཕེཾ་ཕེཾ༔༙ ཧྲཱིཾ་ཧྲཱིཾ༔༙ ཛ་ཛ༔༙ དེ་ནས་བཞུགས་སུ་གསོལ་བ་ནི༔༙ ཧཱུྃ༔༙ ཆོས་དབྱིངས་དབང་གི་དཀྱིལ་འཁོར་ནས༔༙ གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔༙ ཕོ་བྲང་དམ་ཚིག་དཀྱིལ་འཁོར་འདིར༔༙ མེ་རི་སྨུག་ནག་འབར་བའི་ཀློང༔༙ པདྨ་ཉི་ཟླ་བདུད་བཞི་དང༔༙ རྒྱལ་བསེན་ཕོ་མོ་བསྣོལ་བའི་སྟེང༔༙ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔༙ ཆུ་ལ་ཆུ་བཞག་ཨེ་མ་ཧོ༔༙ ཞེས་གོང་གི་སྔགས་ཤམ་དུ༔༙ བཛྲ་ས་མ་ཡ་ཏིཥྛ་ལྷན༔༙ དེ་ནས་ཕྱག་འཚལ་བ་ནི༔༙ ཧཱུྃ༔༙ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔༙ སྐུ་གསུང་ཐུགས་དང་ཡོན་ཏན་དང༔༙ ཕྲིན་ལས་གཅིག་ཏུ་འདུས་པའི་བདག༔༙ བླ་མ་དཔལ་ཆེན་ཧེ་རུ་ཀ༔༙ དྲེགས་པ་འདུལ་མཛད་དྲག་པོ་རྩལ༔༙ གནམ་ལྕགས་མེ་ཡི་ཕྲེང་བ་ཅན༔༙ ཡབ་ཡུམ་སྲས་འཁོར་བཅས་པ་ལ༔༙ རྣལ་འབྱོར་བདག་ཉིད་རབ་གདུང་བས༔༙ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔༙ སྔགས་གཤམ་དུ༔༙ ཨ་ཏི་པཱུ་ཧོ༔༙ པྲ་ཏི་ཛ་ཧོ༔༙ ཨ་ལ་ལ་ཧོ༔༙ དེ་ནས་ཕྱི་མཆོད་འབུལ་བ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ ཕྱི་མཆོད་རྣམ་ལྔ་འབུལ་བ་ནི༔༙ མེ་ཏོག་བདུག་སྤོས་སྣང་གསལ་དྲི༔༙ ཞལ་ཟས་སྒྲ་སྙན་དྲི་མཆོག་ལྔ༔༙ འདོད་ཡོན་ལོངས་སྤྱོད་བརྒྱན་པ་འདི༔༙ དྲག་པོའི་ཚོགས་ལ་མཆོད་པ་འབུལ༔༙ འགྲོ་བའི་དོན་དུ་བཞེས་སུ་གསོལ༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ༔༙ ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ༔༙ ཨོཾ་བཛྲ་པུཥྤེ་སོགས་མཆོད་པ་རྣམ་ལྔ་མཆོད༔༙ དེ་ནས་ནང་མཆོད་འབུལ་བ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ རང་བྱུང་ནང་མཆོད་འབུལ་བ་ནི༔༙ དབང་པོ་རྣམ་ལྔའི་མེ་ཏོག་མཆོད༔༙ གསུར་ཆེན་བདུག་སྤོས་དྲི་ཡིས་མཆོད༔༙ ཞུན་ཆེན་སྣང་གསལ་མར་མེས་མཆོད༔༙ རྡོ་རྗེ་དྲི་ཆུ་བྱུག་པས་མཆོད༔༙ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔༙ རྐང་གླིང་ཐོད་རྔ་སྒྲ་ཡིས་མཆོད༔༙ བྱང་སེམས་དཀར་དམར་བདུད་རྩིས་མཆོད༔༙ འགྲོ་བའི་དོན་དུ་བཞེས་སུ་གསོལ༔༙ གོང་གི་སྔགས་གཤམ་དུ༔༙ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོཿ དེ་ནས་དུག་ལྔའི་མཆོད་པ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ དུག་ལྔའི་མཆོད་པ་འབུལ་བ་ནི༔༙ འདོད་ཆགས་ཞེ་སྡང་གཏི་མུག་དང༔༙ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔༙ སྦྱོར་སྒྲོལ་ཏིང་འཛིན་མཆོད་པ་བཞེས༔༙ སྔགས་གཤམ་དུ༔༙ པཉྩ་ཧ་ལ་པཱུ་ཛ་ཧོ༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ དུག་གསུམ་མཆོད་པ་འབུལ་བ་ནི༔༙ ཞེ་སྡང་རུས་དང་འདོད་ཆགས་ཁྲག༔༙ གཏི་མུག་ཤ་སོགས་བླ་མེད་རྫས༔༙ བླ་མེད་དུག་གསུམ་མཆོད་པ་འདི༔༙ སྐུ་གསུང་ཐུགས་ཀྱི་ཀློང་དུ་ཐིམ༔༙ སྔགས་གཤམ་དུ༔༙ ཀེཾ་རཀྟ་མཱཾ་ས་ཁཱ་ཧི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ གཉིས་མེད་གསང་མཆོད་འབུལ་བ་ནི༔༙ ཡབ་ཡུམ་གཉིས་མེད་སྦྱོར་བ་ཡིས༔༙ དགྱེས་པ་ཆེན་པོའི་ཆོས་ཉིད་དང༔༙ བདེ་བ་བྱང་ཆུབ་སེམས་ཀྱི་བཅུད༔༙ ཐིག་ལེ་དཀར་དམར་འདྲེས་པ་ཡིས༔༙ སྐུ་ལུས་དགྱེས་ཕྱིར་བཞེས་སུ་གསོལ༔༙ བོ་དྷི་ཙིཏྟ་མ་ཧཱ་པཱུ་ཙ་ཧོ༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ བདུད་རྩི་སྨན་མཆོད་འབུལ་བ་ནི༔༙ སྣང་སྲིད་རྩི་ཤིང་སྨན་གྱི་ཚོགས༔༙ རྩ་བ་བརྒྱད་དང་ལོ་འདབ་སྟོང༔༙ ཡེ་ཤེས་གསལ་བའི་བཅུད་དུ་བལྟམས༔༙ རྡོ་རྗེ་དྲག་རྩལ་ཚོགས་ལ་འབུལ༔༙ ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ༔༙ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ གཉིས་མེད་རཀྟ་འབུལ་བ་ནི༔༙ ཞིང་བཅུ་བསྒྲལ་པའི་རཀྟ་དང༔༙ གཉིས་སྦྱོར་པདྨའི་རཀྟ་དང༔༙ རྟེན་འབྲེལ་མཱུ་ལ་རཀྟར་བཅས༔༙ འདོད་ཆགས་སྦྱང་ཕྱིར་བཞེས་སུ་གསོལ༔༙ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ སྒྲོལ་བའི་མཆོད་པ་འབུལ་བ་ནི༔༙ ཡང་དག་དོན་རྟོགས་བློ་ཡིས་ནི༔༙ མ་རྟོགས་སེམས་ཅན་གནས་སུ་བསྒྲལ༔༙ དྲག་པོའི་ལྷ་ཚོགས་དེ་ལ་དགྱེས༔༙ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔༙ མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔༙ པྲ་བེ་ཤ་ཡ་ཧཱུྃ་ཕཊ༔༙ ཏི་ཧཱུྃ༔༙ ཨེ་སྥ་ར་ཎ་ཕཊ༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ བ་ལིཾ་མཆོད་པ་འབུལ་བ་ནི༔༙ ཕྱི་སྣོད་བྷནྡྷའི་གཏོར་གཞོང་དུ༔༙ ནང་བཅུད་བ་ལིཾ་གཏོར་མ་བཤམས༔༙ འབྲུ་བཅུད་ཨ་མྲྀ་ཏ་ཡིས་བྲན༔༙ བ་ལིཾ་མཆོད་པ་ཆེན་པོ་འབུལ༔༙ འགྲོ་བའི་དོན་དུ་བཞེས་སུ་གསོལ༔༙ ཨོཾ་ཨཱཿཧཱུྃ༔༙ སོགས་གོང་གི་སྔགས་གཤམ་དུ་ཁ་བསྒྱུར་ནས༔༙ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔༙ དེ་ནས་བསྟོད་པ་བྱ་བ་ནི༔༙ བརྡ་དོན་རྟགས་སུ་མཐུན་པའི་སྒོ་ནས་འདི་སྐད་དོ༔༙ ཧཱུྃ༔༙ པདྨ་འཇིགས་བྱེད་དྲག་པོ་རྩལ༔༙ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔༙ གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་བསྒྲད༔༙ སྐུ་མདོག་མཐིང་ནག་རྔམ་ལ་འཁྲུགས༔༙ བསྐལ་པའི་མེ་དཔུང་ཀློང་ན་བརྗིད༔༙ རིན་ཆེན་གསེར་གྱི་གོ་ཁྲབ་གསོལ༔༙ རྡོ་རྗེ་དྲག་པོ་རྩལ་ལ་བསྟོད༔༙ དབུ་སྐྲ་དམར་སེར་སྤྲིན་ལྟར་གཏིབས༔༙ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔༙ མེ་ཡི་ཚྭ་ཚྭ་རབ་ཏུ་འཁྲུགས༔༙ སྤྱན་དགུ་དམར་ཟླུམ་སྡང་མིག་བསྒྲད༔༙ བར་སྣང་ཁམས་ཀྱི་གདོན་ཚོགས་རྣམས༔༙ ཐམས་ཅད་གཏན་ནས་རློག་པར་བྱེད༔༙ སྨིན་མ་གློག་ལྟར་འཁྱུག་བྱེད་ཅིང༔༙ བསྐལ་པ་ཆེན་པོའི་མེ་ལྟར་འབར༔༙ རྡོ་རྗེ་དྲག་པོ་རྩལ་ལ་བསྟོད༔༙ ཧཱུྃ༔༙ ཕྱག་གཡས་དང་པོས་གྲི་གུག་བསྣམས༔༙ རྩེ་ལ་ཧཱུྃ་དགུས་མཚན་པ་ནི༔༙ རི་རབ་ཀུན་ཀྱང་ཐལ་བར་བརླག༔༙ བར་པས་རྡོ་རྗེ་བསྣམས་པ་ནི༔༙ རྭ་ལ་ཕཊཿདགུས་མཚན་པ་ཡིས༔༙ རྒྱ་མཚོ་ཀུན་ཀྱང་ཆོལ་བར་བཏང༔༙ འོག་མས་རལ་གྲི་བསྣམས་པ་ནི༔༙ རྩེ་ལ་རཾ་དགུས་མཚན་པ་ཡིས༔༙ གནམ་ཐེལ་དཀར་པོའི་ཀླད་པ་འགེམས༔༙ རྡོ་རྗེ་དྲག་པོ་རྩལ་ལ་བསྟོད༔༙ ཧཱུྃ༔༙ གཡོན་གྱི་དང་པོས་ཐོད་ཁྲག་བསྣམས༔༙ རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས༔༙ པེ་དཀར་རྒྱལ་པོ་རྡུལ་དུ་བརླག༔༙ བར་མས་ཁ་ཊྭཱཾ་བསྣམས་པ་ནི༔༙ རྩེ་ལ་མེ་ཆེན་འབར་བ་ཡིས༔༙ རཀྴ་སྲིན་པོ་མགོ་ལུས་ཕྲལ༔༙ འོག་མས་ལྕགས་སྡིག་འཛིན་པ་ཡི༔༙ རྭ་ལས་མེ་ཡི་ཚྭ་ཚྭ་འཕྲོ༔༙ སྲོག་བདག་རྒྱལ་པོའི་སྙིང་ཁྲག་འཇིབས༔༙ རྡོ་རྗེ་དྲག་པོ་རྩལ་ལ་བསྟོད༔༙ ཧཱུྃ༔༙ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔༙ དྲེགས་པ་སྡེ་བརྒྱད་སྲོག་རྩ་གཅོད༔༙ གཡས་ཀྱི་གཤོག་རྩེར་རྡོ་རྗེ་བརྒྱན༔༙ སྟེང་གདོན་གཟའ་རྣམས་བརླག་པར་བྱེད༔༙ གཡོན་གྱི་གཤོག་རྩེར་རིན་ཆེན་བརྒྱན༔༙ དགོས་འདོད་མཆོག་གི་ཆར་པ་འབེབ༔༙ རྡོ་རྗེ་དྲག་པོ་རྩལ་ལ་བསྟོད༔༙ ཧཱུྃ༔༙ བདེ་སྟོང་ཟུང་འཇུག་ཕག་མོ་ཡུམ༔༙ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔༙ དབུ་སྐྲ་ཆུན་འཕྱང་ཕག་སྐད་ངུར༔༙ རིན་ཆེན་པྲོག་ཞུ་རུས་རྒྱན་གསོལ༔༙ ཡབ་འཁྲིལ་ཁྲོ་གཉེར་མཆེ་བ་གཙིགས༔༙ རྡོ་རྗེ་རྣལ་འབྱོར་སྐུ་ལ་བསྟོད༔༙ དེ་ནས་གོ་ཆ་འཁོར་ཚོགས་རྒྱ་མཚོ་ལ་བསྟོད་པ་ནི༔༙ ཧཱུྃ༔༙ དུས་གསུམ་བདེ་གཤེགས་འདུས་པའི་དཔལ༔༙ རིགས་མཆོག་རྒྱལ་བ་འོད་དཔག་མེད༔༙ མཚན་བཟང་དཔེ་བྱད་བརྒྱད་ཅུས་སྤྲས༔༙ སྐུ་མདོག་པདྨ་རཱ་ག་ལྟར༔༙ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔༙ མཉམ་གཞག་ལྷུང་བཟེད་ཆོས་གོས་དམར༔༙ རིགས་མཆོག་བདག་པོའི་སྐུ་ལ་བསྟོད༔༙ ཧཱུྃ༔༙ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔༙ ཕྲིན་ལས་འགྲོ་རྣམས་ཐབས་ཀྱིས་འདུལ༔༙ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་ལ༔༙ རྡོ་རྗེ་བནྡྷ་བདེ་སྟོང་འཁྲིལ༔༙ ཕོད་ཀ་སྣམ་སྦྱར་ཆོས་གོས་དམར༔༙ པད་ཞྭ་ཟ་འོག་ཧ་རིས་ཅན༔༙ སློབ་དཔོན་པདྨའི་སྐུ་ལ་བསྟོད༔༙ སྤྱི་གཙུག་ཡོན་ཏན་བྱ་ཁྱུང་ནི༔༙ མཁའ་ལྡིང་རྒྱལ་པོ་ག་རུ་ཌ༔༙ གནམ་ལྕགས་ཁྲོ་ཆུ་ཁོལ་མའི་ལུས༔༙ རྡེབ་བྱེད་མེ་ཡི་གཤོག་པ་རྡེབ༔༙ འཇིགས་བྱེད་ལྕགས་ཀྱི་སྡེར་མོ་ཅན༔༙ རྡུང་བྱེད་ཟངས་རྭ་ཟེངས་སེ་ཟེང༔༙ གསེར་མིག་འབར་བ་ཀྱི་ལི་ལི༔༙ རྡོ་རྗེའི་མཆུ་ནི་ཐེབས་སེ་ཐེབ༔༙ གློག་དམར་ལྕེ་ནི་ལྡེམས་སེ་ལྡེམ༔༙ སྤུ་གྲིའི་སོ་ནི་ཐེམས་སེ་ཐེམ༔༙ རིན་ཆེན་སྤུ་ནི་སྤྲུགས་པ་ལས༔༙ གནམ་ལྕགས་སེར་རྒོད་ཤ་ར་ར༔༙ ཀླུ་རིགས་སྦྲུལ་མགོ་ཁར་བཅུག་ནས༔༙ བཟུང་ཞིང་རྒྱ་མཚོའི་གཏིང་ནས་འདྲེན༔༙ ཀྲིང་ཀྲོང་སྒྲ་སྒྲོག་རླབས་ཀྱིས་གཅོད༔༙ གཤོག་གཡས་རི་རབ་ཐལ་བར་བརླག༔༙ གཤོག་གཡོན་ཉི་ཟླ་ཐང་ལ་འབེབ༔༙ སྤྱི་གཙུག་ནོར་བུས་དངོས་གྲུབ་སྟེར༔༙ མཁའ་ལྡིང་བྱ་ཁྱུང་སྐུ་ལ་བསྟོད༔༙ ཧཱུྃ༔༙ སྐུ་ཡི་སྤྲུལ་པ་འཇམ་དཔལ་ནི༔༙ སྐུ་མདོག་སེར་པོ་གསེར་འོད་འབར༔༙ ཤིན་ཏུ་ཁྲོ་གཏུམ་རྔམ་པའི་ཞལ༔༙ ཕྱག་གཡས་རལ་གྲི་ཀླད་ལ་བསྐོར༔༙ ཉོན་མོངས་བག་ཆགས་འདུལ་བར་བྱེད༔༙ གཡོན་པས་འཁོར་ལོ་རྩིབས་སྟོང་འབར༔༙ དགྲ་བགེགས་ལོག་འདྲེན་ཕྱེ་མར་གཏུབས༔༙ གླང་ཆེན་ཞིང་ཆེན་གཡང་གཞི་གསོལ༔༙ དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན༔༙ བརྐྱང་བསྐུམ་སྟག་གི་ཤམ་ཐབས་གསོལ༔༙ ཧཱུྃ་སྒྲ་སྒྲོག་ཅིང་དྲེགས་པ་འདུལ༔༙ ཡེ་ཤེས་མེ་དཔུང་ཀློང་ན་བརྗིད༔༙ ཁྲོ་རྒྱལ་འཇམ་དཔལ་སྐུ་ལ་བསྟོད༔༙ ཧཱུྃ༔༙ གསུང་གི་སྤྲུལ་པ་རྟ་མགྲིན་ནི༔༙ སྐུ་མདོག་མེ་དཔུང་འབར་བ་འདྲ༔༙ དབུ་གཙུག་རྟ་མགོ་འཚེར་བ་ཡིས༔༙ མ་མོ་མཁའ་འགྲོ་དབང་དུ་སྡུད༔༙ གཡས་པས་གྲི་གུག་ཕྱར་བ་ཡིས༔༙ ལོག་འདྲེན་ཕུང་པོ་འཇོམས་པར་བྱེད༔༙ གཡོན་པས་ཐོད་ཁྲག་བསྣམས་པ་ནི༔༙ ཁམས་གསུམ་ཁྲག་ཏུ་རོལ་བར་བྱེད༔༙ གཡང་གཞི་སྟག་ཤམ་སྐུ་སྨད་གསོལ༔༙ ཐོད་ཕྲེང་སྦྲུལ་ཆུན་སྐུ་ལ་བརྒྱན༔༙ ཁྲོ་རྒྱལ་རྟ་མཆོག་དཔལ་ལ་བསྟོད༔༙ ཧཱུྃ༔༙ ཐུགས་སྤྲུལ་ཕྱག་ན་རྡོ་རྗེ་ནི༔༙ སྐུ་མདོག་མཐིང་ནག་ཁྲོས་པའི་སྐུ༔༙ གླང་ཆེན་ཞིང་ལྤགས་སྐུ་སྟོད་གསོལ༔༙ དར་དང་སྟག་ཤམ་སྐུ་སྨད་དཀྲིས༔༙ ཕྱག་གཡས་རྡོ་རྗེ་ཕྱར་བ་ཡིས༔༙ གནོད་བྱེད་དགྲ་བགེགས་ཐལ་བར་བརླག༔༙ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔༙ སྟོང་གསུམ་ཆོས་སྒྲས་འགེངས་པར་བྱེད༔༙ གསང་སྔགས་རིག་སྔགས་གསང་བ་འཛིན༔༙ ལྷ་མཆོག་གཏུམ་ཆེན་འབར་བའི་སྐུ༔༙ གསང་བདག་ཕྱག་རྡོར་སྐུ་ལ་བསྟོད༔༙ ཧཱུྃ༔༙ ཡོན་ཏན་མཁའ་འགྲོ་སྡེ་ལྔ་ནི༔༙ དཀར་སེར་དམར་ལྗང་མཐིང་འོད་འབར༔༙ གཡས་པ་རྣམས་ཀྱིས་གྲི་གུག་ཕྱར༔༙ དུག་ལྔ་རྩད་ནས་གཅོད་པར་བྱེད༔༙ གཡོན་པ་རྣམས་ཀྱིས་ཐོད་ཁྲག་བསྣམས༔༙ དངོས་གྲུབ་མ་ལུས་མྱུར་དུ་སྟེར༔༙ རུས་རྒྱན་གར་སྟབས་ཁ་ཊྭཱཾ་བརྟེན༔༙ སྤྱན་གསུམ་ཁྲོ་གཉེར་གད་རྒྱངས་སྒྲོག༔༙ ལས་བཞི་འགྲུབ་ཅིང་བར་ཆད་སེལ༔༙ མཁའ་འགྲོ་སྡེ་ལྔའི་སྐུ་ལ་བསྟོད༔༙ ཧཱུྃ༔༙ ཕྲིན་ལས་ཡཀྴ་མེ་དབལ་ནི༔༙ སྐུ་མདོག་སྨུག་ནག་འཇིགས་ཚུལ་ཅན༔༙ སྐུ་སྟོད་མེ་རི་འབར་བ་ཡིས༔༙ ལྷ་སྲིན་སྡེ་བརྒྱད་སྲེག་པར་བྱེད༔༙ དཔའ་བོའི་སྟག་ཤམ་སྐུ་སྨད་དཀྲིས༔༙ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔༙ རལ་པའི་གསེབ་ནས་ཚྭ་ཚྭ་འཕྲོ༔༙ གནོད་བྱེད་ཐམས་ཅད་སྲེག་པར་བྱེད༔༙ ཕྱག་གཡས་མེ་ཞགས་ཀླད་ལ་བསྐོར༔༙ རྒྱལ་བསེན་ཕོ་མོ་འཇོམས་ཤིང་བཅིངས༔༙ གཡོན་པས་མེ་ཡི་ཐོ་བ་བསྣམས༔༙ དམ་སྲི་འབྱུང་པོའི་ཀླད་པ་འགེམས༔༙ དུག་སྦྲུལ་སྐུ་རྒྱན་དོ་ཤལ་བྱས༔༙ སྐུ་ལས་ཁྲོ་ཆུང་ཆར་པ་འབེབ༔༙ བ་སྤུའི་རྩེ་ལས་མེ་ཆེན་འབར༔༙ ཡཀྴ་མེ་དབལ་སྐུ་ལ་བསྟོད༔༙ ཧཱུྃ༔༙ འཁོར་ལོ་རྩིབས་བཅུ་འབར་བའི་སྟེང༔༙ ཕྱོགས་སྐྱོང་བཅུ་སྟེང་ཁྲོ་བོ་བཅུ༔༙ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔༙ གཡས་གཡོན་རྡོ་རྗེ་ཐོད་ཁྲག་བསྣམས༔༙ དུར་ཁྲོད་ཆས་རྫོགས་མཛེས་པར་བརྒྱན༔༙ ཡེ་ཤེས་ཁྲོ་བོ་བཅུ་ལ་བསྟོད༔༙ ཧཱུྃ༔༙ ཐུགས་སྲས་ཀཱི་ལ་མཆེད་བཞི་ནི༔༙ གཏུམ་རྔམ་ཐུགས་ཀར་ཕུར་པ་འདྲིལ༔༙ བསྒྲལ་བའི་ཞིང་བཅུའི་སྙིང་ག་ན༔༙ ཚད་མེད་བཞི་ལྡན་ཕུར་པ་འདེབས༔༙ ཀཱི་ལ་ཡ་ཡི་སྒྲ་ཆེན་སྒྲོག༔༙ སྟོང་གསུམ་འཇིག་རྟེན་ཕོ་རྒྱུད་དང༔༙ མོ་རྒྱུད་ཐམས་ཅད་དབང་དུ་སྡུད༔༙ ཕུར་པ་སྒྲིལ་མཛད་བཞི་ལ་བསྟོད༔༙ ཧཱུྃ༔༙ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔༙ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔༙ འགུག་འཆིང་སྡོམ་བྱེད་ཕྲིན་ལས་བཞི༔༙ མཛད་པའི་སྒོ་མ་བཞི་ལ་བསྟོད༔༙ ཧཱུྃ༔༙ ཕྱི་རིམ་དུར་ཁྲོད་གནས་བརྒྱད་ནས༔༙ ཆོས་སྐྱོང་བཀའ་སྲུང་དམ་ཅན་ཚོགས༔༙ རབ་འཇིགས་མེ་དཔུང་དམར་ནག་ཀློང༔༙ མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔༙ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་ཁྱབ༔༙ གནམ་ལྕགས་ཧཱུྃ་སྒྲ་དི་རི་རི༔༙ འཇིགས་བྱེད་སྔགས་སྒྲ་འུ་རུ་རུ༔༙ ཆོས་སྐྱོང་སྲུང་མའི་ཚོགས་ལ་བསྟོད༔༙ དེ་ནས་འཛབ་བསྙེན་བྱེད་པ་ནི༔༙ དང་པོ་གཙོ་བོ་ལ༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ༔༙ ཤྲཱི་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ༔༙ ཨ་ཧཱུྃ་ཧཱུྃ་ཕཊ༔༙ གཉིས་པ་འཁོར་བསྙེན་ནི༔༙ ཨོཾ་ཨ་མི་དྷེ་ཝ༔༙ བཛྲ་གུ་རུ་ ཁྲོཾ་ག་རུ་ཌ་ ཡ་མཱནྟ་ཀ་ ཧྱ་གྲི་བ་ བཛྲ་པཱ་ཎི་ བཻ་རོ་ཙ་ནི་ཧ་རི་ནི་ས་ ཡཀྴ་རཀྴ་ བཛྲ་རཏྣ་པདྨ་ཀརྨ་ བཛྲ་ཀཱི་ལི་ཀཱི་ལ་ཡ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ༔༙ བཛྲ་ཨངྐུ་ཤ་ཛ༔༙ བཛྲ་པཱ་ཤ་ཧཱུྃ༔༙ བཛྲ་སྥོ་ཊ་བཾ༔༙ བཛྲ་གྷཎྜེ་ཧོ༔༙ དེ་ནས་དབྱངས་གསལ་སོགས་བཟླས་ཤིང༔༙ འགལ་མེ་ལྟ་བུར་བསྐོར་བའི་དམིགས་པ་བྱའོ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ དེ་ནས་བདུན་པ་ཚོགས་བྱ་བ་ནི༔༙ བདུད་རྩི་ཚོགས་ལ་གཏོར་ཞིང་འདི་སྐད་དོ༔༙ ཨོཾ་ཨཱཿཧཱུྃ༔༙ བིགྷྣན་ཏ་ཀྲྀཏ་ཧཱུྃ་ཕཊ༔༙ ཅེས་ལན་གསུམ་གྱིས་བགེགས་རྣམས་བསྐྲད༔༙ དེ་ནས་བསངས་སྦྱངས་ལ་འདི་སྐད་དོ༔༙ ཧཱུྃ༔༙ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔༙ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔༙ རཾ་འཕྲོས་མེ་བྱུང་དངོས་འཛིན་བསྲེགས༔༙ ཡཾ་འཕྲོས་རླུང་བྱུང་བག་ཆགས་གཏོར༔༙ ཁཾ་འཕྲོས་ཆུ་བྱུང་གཉིས་འཛིན་བཀྲུས༔༙ དེ་ཕྱིར་རཾ་ཡཾ་ཁཾ་ཞེས་བྱ༔༙ དེ་ནས་བྱིན་བརླབ་པ་ནི༔༙ ཨོཾ་ཨཱཿཧཱུྃ་ཧྲཱི༔༙ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔༙ བྱིན་གྱིས་བརླབ་ཕྱིར་ཡི་གེ་འཕྲོས༔༙ ཧཱུྃ་གིས་ཚོགས་ཀྱི་རྣམ་རྟོག་སྦྱངས༔༙ ཨཱཿཡིས་ཡེ་ཤེས་བདུད་རྩིར་བསྒྱུར༔༙ ཨོཾ་གྱིས་འདོད་ཡོན་སྣང་སྲིད་གང༔༙ ཧྲཱིཿཡིས་ཐུགས་དམ་ལྷ་ཚོགས་དགྱེས༔༙ དེ་ཕྱིར་ཨོཾ་ཨཱཿཧཱུྃ་ཞེས་བྱ༔༙ དེ་ནས་ཚོགས་ཞིང་སྤྱན་འདྲེན་པ་ནི༔༙ ཧཱུྃ༔༙ ཆོས་དབྱིངས་དག་པའི་ཕོ་བྲང་ནས༔༙ གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔༙ སྐུ་ལ་སྒྲིབ་སེལ་མི་མངའ་ཡང༔༙ འགྲོ་རྣམས་བསོད་ནམས་གསག་བྱའི་ཕྱིར༔༙ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔༙ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་འདིར༔༙ པདྨ་ཉི་ཟླའི་གདན་མཆོག་ལ༔༙ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས༔༙ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔༙ བགེགས་དང་ལོག་འདྲེན་བར་ཆད་སོལ༔༙ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔༙ ཚོགས་མཆོད་ཟག་མེད་བདུད་རྩིར་གྱུར༔༙ བཛྲ་ས་མ་ཡ་ཏིཥྛ་ལྷན༔༙ དེ་ནས་ཚོགས་ཕུད་རིམ་གསུམ་བྱས་ཏེ༔༙ དང་པོ་འབུལ་བ་འདི་སྐད་དོ༔༙ ཧཱུྃ༔༙ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔༙ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔༙ གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ ཡབ་ཡུམ་སྲས་འཁོར་བཅས་པ་ལ༔༙ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔༙ ཨ་ལ་ལ་ཏེ་བཞེས་སུ་གསོལ༔༙ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔༙ གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་ག་ཎ་ཙཀྲ་པཱུ་ཛ་ལ་ཁ་རཾ་ཁཱ་ཧི༔༙ དེ་ནས་བར་པ་བཤགས་པ་བྱ་བ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་ལ༔༙ སྔོན་བྱུང་དུས་ནས་ད་ལྟའི་བར༔༙ གཉིས་འཛིན་དབང་གིས་བདག་རྒྱུད་ཀྱིས༔༙ མཆོག་གི་དོན་དང་འགལ་བ་བཤགས༔༙ བཛྲ་ས་མ་ཡ་ཧོ༔༙ ཐ་མ་བསྒྲལ་མཆོད་བྱ་བ་ནི༔༙ བདག་ཉིད་ཆེ་མཆོག་ཐོད་ཕྲེང་རྩལ་དུ་གསལ་ལ་འདི་སྐད་དོ༔༙ ཧཱུྃ༔༙ ཆེ་མཆོག་རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ༔༙ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་གདེངས༔༙ གཡོན་པས་ཕུར་བུས་དགྲ་བགེགས་སྙིང་ལ་གཟིར༔༙ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔༙ བར་ཆད་བྱེད་པའི་དམ་སྲི་འབྱུང་པོ་སོགས༔༙ རྡུལ་དུ་རློགས་ལ་གཟུགས་ཕུང་དབྱིངས་སུ་སྒྲོལ༔༙ རུ་དྲའི་ལྔ་ཕུང་རྩད་ནས་ད་ཆོད་ཅིག༔༙ གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་དགྲ་བགེགས་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔༙ དེ་ནས་བསྟབ་པ་བྱ་བ་ནི༔༙ འཆམས་སྟབས་བྱ་ཞིང་འདི་སྐད་དོ༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་རྣམས༔༙ རི་རབ་ཙམ་གྱི་སྐུ་བཞེངས་ལ༔༙ ཉི་ཟླ་ཙམ་གྱི་སྤྱན་གཟིགས་ཤིག༔༙ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔༙ གངས་རི་ཙམ་གྱི་མཆེ་གཙིགས་ཤིག༔༙ གློག་དམར་ཙམ་གྱི་ལྗགས་རྐྱོངས་ལ༔༙ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔༙ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔༙ མགུལ་དུ་སྟིམས་ཤིག་ཨཱ་རཱལླི༔༙ ཆོས་ཀྱི་དབྱིངས་སུ་བཞེས་སུ་གསོལ༔༙ གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་ཧི༔༙ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔༙ མ་ཧཱ་རཀྟ་ལ་ཁཱ་ཧི༔༙ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔༙ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔༙ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔༙ དེ་ནས་སློབ་མས་རྡོ་རྗེ་སློབ་དཔོན་གྱི་མདུན་དུ་ཚོགས་ཕུད་བཏེག་ལ་འདི་སྐད་དོ༔༙ ཧོ༔༙ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔༙ འདོད་ཡོན་ཚོགས་ཀྱི་འཁོར་ལོ་འདི༔༙ གཙང་དང་མི་གཙང་གཉིས་འཛིན་བྲལ༔༙ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔༙ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔༙ ཨ་ལ་ལ་སྟེ་བཞེས་སུ་གསོལ༔༙ ཞེས་པདྨའི་ཕྱག་རྒྱས་བླངས་ལ་འདི་སྐད་དོ༔༙ ཨེ་མ་ཧོ༔༙ ཚོགས་ཀྱི་འཁོར་ལོ་གསང་སྔགས་རྫས༔༙ འདི་ལ་རྣམ་རྟོག་བྱ་མི་རུང༔༙ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔༙ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔༙ ཨ་ལ་ལ་ཧོ༔༙ དེ་ནས་ཚོགས་གཞན་གྲལ་བཞུགས་རྣམས་ལ་སྤེལ་ནས་སྨོན་ལམ་གདབ་པ་ནི༔༙ ཧོ༔༙ རྣལ་འབྱོར་མཆེད་ལྕམ་འཁོར་བཅས་ཀྱིས༔༙ དུས་གསུམ་བསགས་པའི་དགེ་བ་རྣམས༔༙ ཚོགས་ཀྱི་འཁོར་ལོར་རྒྱས་བཏབ་སྟེ༔༙ བླ་མེད་འབྲས་བུ་ཐོབ་པར་ཤོག༔༙ ཅེས་སྨོན་ལམ་གདབ་བོ༔༙ རྡོ་རྗེ་དྲག་པོ་རྩལ་གྱི་དངོས་གཞིའི་ལས་རིམ་བདུན་པ་བདག་ཐོད་ཕྲེང་རྩལ་གྱིས་སྦྱར་བ་རྫོགས་སོ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ ྀཨཚ༔༙ ྈྈྈྈྈ གསུམ་པ་རྗེས་ཀྱི་ལས་རིམ་བདུན་པ་ནི༔༙ ལྷག་མ་མཆོད་བསྐུལ་ཆད་མདོ་བྱ༔༙ བསྟན་སྐྱོང་རྟ་བྲོའི་ཆོ་ག་བྱ༔༙ བཀྲ་ཤིས་སྨོན་ལམ་བསྡུ་ཆོག་བྱ༔༙ རྗེས་ཀྱི་ལས་རིམ་བདུན་དུ་བསྟན༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ དེ་ནས་དང་པོ་ལྷག་མ་བྲན་ལ་འདི་སྐད་དོ༔༙ ཧཱུྃ༔༙ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔༙ བླ་མ་ཡི་དམ་ཕུད་ལ་དགྱེས༔༙ བར་དུ་ལྷག་མས་མི་བརྔན་རྒྱུ༔༙ དྲག་པོའི་བཀའ་ཉན་ལྷག་ལ་རྔམས༔༙ གཉིས་མེད་གཅིག་ཏུ་མི་བསྲེ་རྒྱུ༔༙ ཆོས་རྣམས་ཡེ་ནས་རྒྱུ་འབྲས་གཅིག༔༙ དེ་ནས་ཕུད་ལྷག་བསྲེ༔༙ སློབ་དཔོན་གྱིས་ཞལ་ཆབ་བྲན་ནས༔༙ ཐ་མ་ཁ་ཆུས་མི་བྲན་རྒྱུ༔༙ ཁྱོད་དང་བདག་གཉིས་ཐ་ཚིག་གཅིག༔༙ བྷྱོ༔༙ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔༙ དབང་ཕྱུག་མཁའ་འགྲོ་གིང་ཆེན་དང༔༙ འབར་མ་གིང་དང་ལང་ཀའི་བདག༔༙ མ་བདུན་སྲིང་བཞི་ཕོ་ཉའི་ཚོགས༔༙ འབུམ་ཕྲག་ལྷག་སྡུད་མཁའ་འགྲོ་མ༔༙ མཛེས་པའི་སྐུ་ལ་འཇིགས་ཚུལ་སྟོན༔༙ མེ་ཏོག་མཛེས་པའི་ཕྲེང་བ་ཅན༔༙ དྲིལ་བུ་གཡེར་ཁའི་སྐ་རགས་བཅིངས༔༙ རིན་ཆེན་གཞོང་ཐོགས་གཏོར་ལེན་མ༔༙ རྡོ་རྗེ་ཕྲ་མེན་ཕོ་ཉའི་ཚོགས༔༙ བཀའ་ཡི་ཕ་འབབ་འདི་བཞེས་ལ༔༙ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔༙ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔༙ དེ་ནས་ཐུགས་དམ་བསྐུལ་པ་ནི༔༙ ཧཱུྃ༔༙ དུར་ཁྲོད་མེ་དཔུང་དམར་ནག་ཀློང༔༙ རབ་ཏུ་འཇིགས་པའི་དཀྱིལ་འཁོར་ནས༔༙ གུ་རུ་རྡོ་རྗེ་དྲག་པོ་རྩལ༔༙ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔༙ ཟིལ་གནོན་ཁྲོ་བོ་ཁྲོ་མོའི་ཚོགས༔༙ ལས་བྱེད་ཆོས་སྐྱོང་སྲུང་མ་རྣམས༔༙ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔༙ བསྐུལ་ལོ་འགྲོ་བའི་དོན་དུ་སྐུལ༔༙ མཛོད་ཅིག་བཅོལ་པའི་ཕྲིན་ལས་མཛོད༔༙ སྒྲོལ་ཅིག་དགྲ་བགེགས་དམ་ཉམས་སྒྲོལ༔༙ ཧཱུྃ༔༙ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔༙ སྤྱི་གཙུག་རལ་པའི་སྐྲ་གསེབ་ནས༔༙ མཁའ་ལྡིང་ཁྱུང་ཆེན་ཐུགས་དམ་སྐུལ༔༙ དཔྲལ་བ་ཁྲོ་གཉེར་མཛོད་སྤུའི་དབུས༔༙ སྐུ་མཆོག་འགྱུར་མེད་ཕོ་བྲང་ནས༔༙ མཁྱེན་རབ་འཇམ་དཔལ་ཐུགས་དམ་སྐུལ༔༙ མགྲིན་པར་པདྨ་འདབ་བཞིའི་དབུས༔༙ གསུང་མཆོག་འགག་མེད་ཕོ་བྲང་ནས༔༙ རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐུལ༔༙ ཐུགས་ཀར་གསེར་གྱི་མཆོད་རྟེན་དབུས༔༙ ཐུགས་མཆོག་འགག་མེད་ཕོ་བྲང་ནས༔༙ ཕྱག་ན་རྡོ་རྗེའི་ཐུགས་དམ་སྐུལ༔༙ ལྟེ་བ་ཆོས་འབྱུང་འབར་བའི་དབུས༔༙ ཡོན་ཏན་མཐའ་རྒྱས་ཕོ་བྲང་ནས༔༙ མཁའ་འགྲོ་སྡེ་ལྔའི་ཐུགས་དམ་སྐུལ༔༙ གསང་གནས་རྡོ་རྗེ་རྒྱ་གྲམ་དབུས༔༙ མངོན་སྤྱོད་དྲག་པོའི་དཀྱིལ་འཁོར་ནས༔༙ ཡཀྴ་མེ་དབལ་ཐུགས་དམ་སྐུལ༔༙ དྲག་པོའི་ཕྲིན་ལས་གདོན་བགེགས་གཟིར༔༙ གནོད་བྱེད་འབྱུང་པོའི་གཤེད་དུ་ཆེ༔༙ ལྕགས་སྡིག་ནག་པོའི་ཐུགས་དམ་སྐུལ༔༙ ཧཱུྃ༔༙ ཞེ་སྡང་མེ་ལྟར་འབར་བ་ནས༔༙ ཞི་བའི་ཕྲིན་ལས་སྒྲུབ་མཛད་པ༔༙ བཛྲ་དྲག་པོའི་ཐུགས་དམ་སྐུལ༔༙ ང་རྒྱལ་རི་ལྟར་སྤུངས་པ་ནས༔༙ རྒྱས་པའི་ཕྲིན་ལས་སྒྲུབ་མཛད་པ༔༙ རཏྣ་དྲག་པོའི་ཐུགས་དམ་སྐུལ༔༙ འདོད་ཆགས་ཁྲག་གི་རྒྱ་མཚོ་ནས༔༙ དབང་གི་ལས་རྣམས་སྒྲུབ་མཛད་པ༔༙ པདྨ་དྲག་པོའི་ཐུགས་དམ་སྐུལ༔༙ ཕྲག་དོག་རླུང་ནག་འཚུབ་དཀྱིལ་ནས༔༙ མངོན་སྤྱོད་ལས་རྣམས་སྒྲུབ་མཛད་པ༔༙ ཀརྨ་དྲག་པོའི་ཐུགས་དམ་སྐུལ༔༙ ཧཱུྃ༔༙ ཕྱོགས་བཅུར་སྤྲུལ་པ་འགྱེད་མཛད་པ༔༙ མི་བཟད་གཏུམ་ཆེན་མེ་ལྟར་འབར༔༙ ཁྲོ་བོ་བཅུ་ཡི་ཐུགས་དམ་སྐུལ༔༙ ཧཱུྃ༔༙ དྲག་པོའི་ཐུགས་ཀྱི་སྤྲུལ་པ་ནི༔༙ སྟོང་གསུམ་འཇིག་རྟེན་ཁ་ལོ་བསྒྱུར༔༙ སྲས་མཆོག་རིགས་བཞིའི་ཐུགས་དམ་སྐུལ༔༙ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔༙ འགུགས་འཆིང་སྡོམ་དགྱེས་ལས་ཀུན་སྒྲུབ༔༙ སྒོ་མ་བཞི་ཡི་ཐུགས་དམ་སྐུལ༔༙ ཕྱི་རིམ་དུར་ཁྲོད་གནས་བརྒྱད་ནས༔༙ དམ་ཅན་བཀའ་སྡོད་སྲུང་མའི་ཚོགས༔༙ རྣམ་འགྱུར་སྣ་ཚོགས་ཅིར་ཡང་སྟོན༔༙ རྔམ་པའི་གད་རྒྱངས་སྲིད་གསུམ་གཡོ༔༙ ཧཱུྃ་ཕཊ་སྒྲ་ཆེན་འབྲུག་ལྟར་སྒྲོག༔༙ འཇིགས་པའི་མཚོན་ཆ་ཟེངས་སེ་ཟེང༔༙ ཁྱེད་རྣམས་ནུས་མཐུ་དཔའ་སྐྱེད་ལ༔༙ སྡང་བའི་དགྲ་དང་གནོད་པའི་བགེགས༔༙ རྒྱལ་བསེན་ཕོ་མོ་བདུད་ཀྱི་ཚོགས༔༙ སྙིང་ཁྲག་ཐུངས་ལ་གཟུགས་ཕུང་རྣམས༔༙ ཐལ་བ་རྡུལ་དུ་བརླག་པར་མཛོད༔༙ རྡུལ་ཕྲན་ཙམ་ཡང་མེད་པར་གྱིས༔༙ དུས་ལོག་མཐའ་དམག་ངན་པ་དང༔༙ ཕ་རོལ་བསམ་སྦྱོར་ངན་པ་ཟློག༔༙ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔༙ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔༙ དེ་ནས་ཆད་མདོ་ནི༔༙ ཧཱུྃ༔༙ སྔོན་ཚེ་མ་ལ་ཡ་ཡི་རྩེ་མོ་རུ༔༙ དཔལ་ཆེན་ཁྲག་འཐུང་པདྨ་ཧེ་རུ་ཀས༔༙ རུ་དྲ་ཕོ་མོ་སྦྱོར་སྒྲོལ་མཛད་པའི་ཚེ༔༙ མངའ་བདག་དྲེགས་པ་སྡེ་དཔོན་ཐམས་ཅད་ཀྱིས༔༙ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང༔༙ སྒྲུབ་མཆོག་འཁོར་བཅས་བར་ཆད་བཟློག་པ་དང༔༙ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔༙ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔༙ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔༙ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔༙ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔༙ ཧཱུྃ༔༙ དེ་འོག་བར་གྱི་བསྐལ་པའི་དབུ་མ་ལ༔༙ བོད་ཡུལ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔༙ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔༙ རྡོ་རྗེ་དྲག་པོའི་སྐུ་རུ་བཞེངས་པའི་ཚེ༔༙ བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས༔༙ སྲོག་གི་སྙིང་པོ་མངོན་དུ་ཕུལ་ནས་ཀྱང༔༙ སྒྲུབ་པ་པོ་ཡི་ཚེ་སྲོག་བསྲིང་བ་དང༔༙ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔༙ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔༙ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔༙ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔༙ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔༙ ཧཱུྃ༔༙ དེ་འོག་དུས་ངན་བསྐལ་པའི་མཐའ་མ་ལ༔༙ རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར༔༙ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔༙ སྲིན་པོ་རྣམས་ལ་དམ་ཆོས་བསྟན་པའི་ཚེ༔༙ ཆོས་བློ་མགོན་སོགས་གྲུབ་ཆེན་ཉེར་ལྔ་ནི༔༙ འགྲོ་བའི་དོན་དུ་གཏེར་ཆོས་སྟོན་པའི་ཚེ༔༙ ཁྱབ་འཇུག་གཟའ་དང་ཀུན་དགའ་གཞོན་ནུ་སོགས༔༙ བདུད་བཙན་ཀླུ་གསུམ་གཏེར་སྲུང་ཐམས་ཅད་ཀྱིས༔༙ རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང༔༙ སྒྲུབ་མཆོག་འཁོར་བཅས་བར་ཆད་བཟློག་པ་དང༔༙ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔༙ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔༙ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔༙ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔༙ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔༙ དེ་ནས་བརྟན་མ་སྐྱོང་བ་ནི༔༙ ཧཱུྃ༔༙ བཀའ་ཡི་ཚོགས་དང་བཅས་ཉིད་དུ༔༙ ཁྲག་འཐུང་སྡེ་བཞི་ནམ་མཁའི་སྐུ༔༙ རྡོ་རྗེ་དྲག་པོའི་སྤྱན་སྔ་རུ༔༙ ཁས་བླངས་དམ་བཅས་མ་གཡེལ་ལ༔༙ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས༔༙ འདིར་གཤེགས་དམ་སྐོངས་ཕྲིན་ལས་མཛོད༔༙ བྷྱོ༔༙ དམ་ལ་གནས་པའི་མ་སྲིང་ཚོགས༔༙ རྡོ་རྗེ་ཀུན་གྲགས་ཧ་རི་དང༔༙ གངས་ཡུམ་འབྲོག་ཆེན་འཁོར་འདུལ་གཙོ༔༙ ཤ་མེད་ཁ་རག་ཁྱུང་བཙུན་མ༔༙ གཏེར་ཆེན་མཁའ་ལྡིང་དྲག་མོ་རྒྱལ༔༙ ཀོང་བཙུན་དེ་མོ་བཙན་རོལ་མ༔༙ གཡུ་ཡི་དྲིལ་བུ་སྨན་བཙུན་དྲག༔༙ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང༔༙ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔༙ སྟག་ཚང་སེང་གེ་བསམ་གྲུབ་ཏུ༔༙ རྡོ་རྗེ་དྲག་པོའི་སྐུར་བཞེངས་ཚེ༔༙ ཁྱེད་རྣམས་རང་རྟགས་སྲོག་སྙིང་ཕུལ༔༙ དམ་ཚིག་བསྲུང་བར་ཁས་བླངས་ནས༔༙ ཕྱི་རབས་རྣལ་འབྱོར་སྐྱོང་བར་བྱས༔༙ བརྟན་མ་བཅུ་གཉིས་ཁྱེད་རྣམས་ཀྱང༔༙ དམ་ཚིག་བཀའ་ལས་མ་འདའ་བར༔༙ དམར་གྱི་གཏོར་མ་འདི་བཞེས་ལ༔༙ མི་མཐུན་རྐྱེན་རྣམས་ཞི་བ་དང༔༙ དགྲ་བགེགས་གདོན་རྣམས་བརླག་པ་དང༔༙ བསམ་པ་ཐམས་ཅད་སྒྲུབ་པ་དང༔༙ ཚེ་དང་དཔལ་འབྱོར་རྒྱས་པ་དང༔༙ འཁོར་དང་ལོངས་སྤྱོད་སྐྱོང་བ་དང༔༙ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔༙ ལཱ་ལཱ༔༙ ལྟིང་ལྟིང༔༙ རགྨོ་རགྨོ༔༙ མ་མཱ༔༙ ཧྲཱིཾ་ཧྲཱིཾཿ བ་ལིཾ་ཏ་ཁཱ་ཧི༔༙ དེ་ནས་གཏོར་སྣོད་རྣམས་སྦུབས་ལ་དགྲ་བགེགས་ཐམས་ཅད་དེའི་འོག་ཏུ་ཚུད་པར་བསྒོམ༔༙ གནོད་བྱེད་དགྲ་བགེགས་འབྱུང་པོ་དང༔༙ དམ་སྲི་ཕོ་མོ་བདུག་པའི་ཚོགས༔༙ མནན་ནོ་རི་རབ་འོག་ཏུ་མནན༔༙ བཅིང་ངོ་རྒྱ་མཚོའི་གཏིང་དུ་བཅིངས༔༙ བརྫང་ངོ་ཆུ་སྲིན་གྲེ་བར་བརྫང༔༙ བསྡམ་མོ་འཁོར་ལོའི་ཕྱག་རྒྱས་བསྡམ༔༙ གཉེར་རོ་ལས་མཁན་རྣམས་ལ་གཉེར༔༙ གཏད་དོ་གཤིན་རྗེའི་ལག་ཏུ་གཏད༔༙ བསྐྱུར་རོ་མནར་མེད་གནས་སུ་སྐྱུར༔༙ ནམ་ཞིག་བྱང་ཆུབ་སེམས་དཔའ་ཡི༔༙ སྙིང་རྗེ་མཆོག་སེམས་མ་སྐྱེས་བར༔༙ ཁྱོད་ཉིད་མནན་པར་བྱས་ཡིན་གྱིས༔༙ ཕྱིན་ཆད་ལྡང་བར་མ་བྱེད་ཅིག༔༙ ལྕགས་སྒྲོག་བཅིངས་པར་བྱས་ཡིན་གྱིས༔༙ ནམ་ཡང་གྲོལ་བར་མ་བྱེད་ཅིག༔༙ སརྦ་ཤ་ཏྲཱུཾ་ཨ་མུ་ཀཾ༔༙ ཨོཾ་ལཾ༔༙ ཧཱུྃ་ལཾ༔༙ ས་མ་ཡ༔༙ ན་ཤ་ཡ༔༙ བྷནྡྷ་ཡ༔༙ མཱ་ར་ཡ་ཧཱུྃ་ཕཊ༔༙ དེ་ཡི་སྟེང་དུ་ཁྲག་འཐུང་རྣམས་བྲོ་བརྡུང་བར་བྱས༔༙ མཆེད་ལྕམ་རྣམས་ལག་པ་སྦྲེལ་ལ་འདི་སྐད་དོ༔༙ ཧཱུྃ་ཧྲཱི༔༙ དྲག་པོའི་བརྟུལ་ཤུགས་ཆེན་པོ་འདིར༔༙ དགྲ་བགེགས་བསྒྲལ་བའི་ཕུང་པོ་ལ༔༙ དུག་ལྔ་འཇོམས་ཕྱིར་ཧཱུྃ་སྒྲ་སྒྲོག༔༙ ཕོ་ཉ་ལས་བྱེད་སྤྲིན་ལྟར་གཏིབས༔༙ ཁྲོ་བོ་ཁྲོ་མོ་རྒྱུག་ཅིང་འཕྱོ༔༙ རྡོ་རྗེ་དྲག་པོའི་འོད་ཟེར་འཕྲོ༔༙ མཆེད་ལྕམ་གར་ཐབས་ལིངས་སེ་ལིང༔༙ དགྲ་བགེགས་ཕྲག་དོག་རྒྱུན་ཆོད་ཅིག༔༙ ཨོཾ་ལཾ༔༙ དགྲ་བགེགས་གནོད་བྱེད་ཤ་ཏྲཱུན་སཏྭམ་བྷ་ཡ་ནན༔༙ དེ་ནས་དཀྱིལ་འཁོར་ལ་གཏང་རག་མཆོད་པ་བྱའོ༔༙ དེ་ནས་བཟོད་གསོལ་ནི༔༙ ཧོ༔༙ ཆོ་ག་ལྷག་ཆད་བྱུང་བ་དང༔༙ མ་འབྱོར་པ་དང་ཉམས་པ་དང༔༙ བསྐྱེད་རྫོགས་བཟླས་བརྗོད་གྲངས་ཉུང་བ༔༙ དྲག་པོའི་ལྷ་ཚོགས་བཟོད་པར་གསོལ༔༙ ཞེས་ཡི་གེ་བརྒྱ་པ་དང་དབྱངས་གསལ་རྣམས་བཟླས་སོ༔༙ དེ་ནས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས༔༙ དཀྱིལ་འཁོར་གྱི་ལྷ་རྣམས་མཐའ་ནས་རིམ་པ་བཞིན་དཀྱིལ་འཁོར་དབུས་ཀྱི་གཙོ་བོ་ལ་ཐིམ༔༙ སླར་ཡང་ཡི་དམ་དུ་གསལ་བའི་ཐུགས་སྲོག་ཧཱུྃ་དུ་གྱུར༔༙ ཧཱུྃ་ཟླ་ཚེས་ཐིག་ལེ༔༙ ཐིག་ལེ་ཆོས་ཀྱི་དབྱིངས་སུ་གྱུར་པར་བསྒོམས་ལ༔༙ རང་སེམས་མ་བཅོས་པར་ཅི་འདུག་ལ་བཞག་པར་བྱའོ༔༙ དེ་ལས་ལྡངས་ནས་རྒྱུན་སྤྱོད་ལ་འཇུག་གོ༔༙ ཧྲཱི༔༙ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔༙ ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་དཀྱིལ་འཁོར་རྒྱས༔༙ སྤྲུལ་པ་འགྲོ་དོན་ལྷུན་གྲུབ་མཐར་ཕྱིན་ཅིང༔༙ ཡང་གསང་དྲག་པོའི་དཀྱིལ་འཁོར་ཆོས་དབྱིངས་རྒྱས༔༙ སྐྱེ་མེད་ཆོས་དབྱིངས་ངང་དུ་བཛྲ་མུ༔༙ དེ་ནས་སྨོན་ལམ་གདབ་པ་ནི༔༙ ན་མོ་བདག་ནི་རིག་འཛིན་སྒྲུབ་པ་པོ༔༙ རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བསྒྲུབས་ལ་སོགས༔༙ དུས་གསུམ་ཚོགས་རྣམས་ཅི་དང་ཅི་བསགས་པ༔༙ ཡོན་ཏན་མ་ལུས་ཐམས་ཅད་རབ་རྫོགས་ནས༔༙ ཕྲིན་ལས་གང་བསམ་ལྷུན་གྱིས་གྲུབ་པར་ཤོག༔༙ དེ་ནས་བཀྲ་ཤིས་བརྗོད་པ་ནི༔༙ མེ་ཏོག་འཐོར་ལ་འདི་སྐད་དོ༔༙ ཨོཾ༔༙ གདོད་ནས་མ་སྐྱེས་ཡེ་ནས་རྣམ་པར་དག༔༙ ཡེ་ཤེས་དབྱིངས་ཀྱི་རང་བཞིན་དཀྱིལ་འཁོར་གསལ༔༙ མ་སྐྱེས་མི་འགག་ལྷུན་གྱིས་གྲུབ་པའི་མཆོག༔༙ རྣམ་དག་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔༙ རང་རྩལ་མ་འགགས་ཅིར་ཡང་སྣང་བ་ལ༔༙ སྣ་ཚོགས་རོལ་པའི་ཆོ་འཕྲུལ་དུ་མ་སྟོན༔༙ མཚན་དང་དཔེ་བྱད་རབ་སྤྲས་དཔལ་འབར་བ༔༙ རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔༙ ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོ་ཡིས༔༙ འགྲོ་འདུལ་ཕྲིན་ལས་རྣམ་བཞི་ལ་སོགས་པའི༔༙ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔༙ འགྲོ་འདུལ་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔༙ འགྲོ་བ་སེམས་ཅན་མ་ལུས་དོན་གྱི་ཕྱིར༔༙ ཆོས་དབྱིངས་བྱང་སེམས་སྙིང་རྗེའི་ངང་ཉིད་ལས༔༙ ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་འགྱེད༔༙ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔༙ ཀུན་རྫོབ་སྒྱུ་མ་ལྟར་སྣང་རོལ་པ་ལས༔༙ ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་མཛད༔༙ ཤན་འབྱེད་ས་འཛིན་སངས་རྒྱས་བསྟན་པ་སྲུང༔༙ རིག་འཛིན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔༙ ཅེས་རྟེན་འབྲེལ་སྙིང་པོ་བཟླས་ཤིང་སྲུང་འཁོར་བསྒོམ༔༙ རྡོ་རྗེ་དྲག་པོ་རྩལ་གྱི་ལས་བྱང་གནམ་ལྕགས་རྡོ་རྗེའི་ཕྲེང་བའི་རྗེས་ཀྱི་ལས་རིམ་བདུན་པ་བདག་འདྲ་པདྨ་ཐོད་ཕྲེང་རྩལ་གྱིས་སྦྱར་བ་རྫོགས་སོ༔༙ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མཱ་ཡ༔༙ རྒྱ་རྒྱ་རྒྱ༔༙ ྀཨཚ༔༙ ཨེ་མ་ཧོ༔༙ སྣང་སྲིད་དབང་བསྒྱུར་པདྨ་ཐོད་ཕྲེང་རྩལ༔༙ རཀྴ་སྲིན་པོ་འཁྲུགས་པའི་དབུས་ཉིད་དུ༔༙ ཆོས་བློ་མགོན་སོགས་མཁའ་འགྲོའི་ཚོགས་བཅས་ལ༔༙ སྣང་གྲགས་རྡོ་རྗེའི་བཀའ་དེ་བསྩལ་བ་དང༔༙ ཀུན་ཀྱང་རྗེས་སུ་ཡི་རངས་བསྟོད་པར་གྱུར༔༙ ཕྱི་རབས་ང་ཡིས་རྗེས་སུ་འཇུག་འདོད་རྣམས༔༙ གུས་པས་སྤྱོད་ལ་སྒྲུབ་ཐབས་འདི་ལ་འབོད༔༙ གང་བསམ་ཕྲིན་ལས་འགྲུབ་པར་ཐེ་ཚོམ་མེད༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ གཏེར་རྒྱ༔༙ སྦས་རྒྱ༔༙ ཟབ་རྒྱ༔༙ གུ་ཧྱ་རྒྱ་རྒྱ་རྒྱ༔༙ ཨེ་མ༔༙ བཀྲ་ཤིས༔༙ འདིའི་ཆོས་སྐོར་རྒྱས་པ་ནི་དུས་རྟགས་དང་བསྟུན་དགོས་པ་ཡོད༔༙ ཤུ་བྷཾ༔༙ ཞེས་བདག་འདྲ་བསམ་གཏན་སྟག་གི་ཤམ་ཐབས་ཅན་ངས། རི་བྲག་ཡོན་ཏན་ཅན་གྱི་གནས་སྒྲོལ་དཀར་སྤྱན་བདུན་མའི་པདྨོ་ནས་མཚན་མོ་ཌཱ་ཀི་རྒྱུ་དུས་གདན་དྲངས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་འགྱུར་ཤོག །ཤོག་སེར་ཚ་བོ་ལས་ཞལ་བཤུས་སོ།། །།
པདྨ་གཡང་འབུམ་ཡིད་བཞིན་ནོར་བུ་ (Volume 50, Text 40)
༄༅༔ པདྨ་གཡང་འབུམ་ཡིད་བཞིན་ནོར་བུ་བཞུགས་སོ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་བོད་ཡུལ་དབུས་སུ་བྱོན་ནས་དཔལ་གྱི་བསམ་ཡས་བཞེངས་པའི་སྐབས་སུ༔ སྦྱིན་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ༔ ཀྱེ༔ སློབ་དཔོན་རིག་སྔགས་འཆང་བ་ཆེན་པོ་ལགས༔ སེམས་ཅན་དབུལ་བའི་གདུང་བས་གཟིར་བ་ལ༔ རིན་ཆེན་གཏེར་མཛོད་དབུལ་བ་སེལ་བའི་ཐབས༔ ཉི་ཟླ་གཡང་འབུམ་རིན་ཆེན་འོད་འབར་བ༔ འགྲོ་བའི་མགོན་པོ་ཆོས་རྗེས་བཤད་དུ་གསོལ༔ ཅེས་ཞུས་པས་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་བཀའ་བསྩལ་པ༔ རྒྱལ་པོ་ཆེན་པོ་ཁྱེད་ཉོན་ཅིག༔ ད་ལྟ་དང་མ་འོངས་པའི་སེམས་ཅན་དབུལ་ཞིང་ཕོངས་པས་གདུང་བ་རྣམས་ཀྱིས་རིན་པོ་ཆེའི་ཕྱྭ་གཡང་བསྒྲུབ་པར་འདོད་ན༔ རས་དཀར་པོ་ཁ་གྲུ་མ་ཉམས་པའི་སྟེང་དུ་ནས་ཀྱི་ཚོམ་བུ་ལྔ་བཀོད༔ དབུས་སུ་དཔལ་བཤོས་ཆེན་པོ་དར་གདུགས་ཅན་ཟས་སྣས་གཏམས་ཤིང་སྦྲང་ཆང་གིས་བྲན་པ་བཤམ༔ མདའ་རྒོད་སྒྲོས་བརྒྱན་པ་ལ་རིན་ཆེན་སྣ་ལྔ་དང༔ རྔ་མ་དཀར་ནག༔ གཡང་གི་སྙིང་པོ་ནོར་ལྷའི་གཟུངས་བྲིས་པ་དར་སྣ་དང་བཅས་པ་བཏགས༔ སྟག་རས་གཟིག་རས་ཁྲབ་བྱང་གིས་བརྒྱན༔ ཤར་དུ་གཡང་གི་སྐུ་མཁར་དཀར་པོ༔ ལྷོར་རིན་པོ་ཆེའི་མཛོད༔ ནུབ་ཏུ་ཕྱུགས་ཀྱི་ར་བ་གང་བ༔ བྱང་དུ་བ་དན་དཀར་པོ་བྲི༔ རྨུ་ཐག་གཡང་ཕུར་ལ་གཏོད༔ གཞན་ཡང་བཀྲ་ཤིས་རྫས་རྟགས༔ རིན་ཆེན་སྣ་བདུན༔ དཔག་བསམ་ཤིང་དང་བུམ་པ་བཟང་པོ༔ མ་རྨོས་ལོ་ཏོག་དང་འདོད་འཇོའི་བ༔ ཀ་ཆ་དཀོར་ཆ་མང་པོ་དངོས་སུ་དགྲམ༔ རི་མོར་བྲི༔ གཡང་སྒྱེ་ནེའུ་ལེའི་རྐྱལ་པའི་ནང་ཞིང་ས༔ འབྲུ་བཅུད༔ རྟ་ཕྱུགས་ཀྱི་སྤུ་སྣ༔ ཕྱུག་པོ་གཡང་ཅན༔ བླ་སྡེ་ཆེན་པོའི་རྫས་ཅི་མང་བསགས༔ གཡང་ཕོར་ཆེན་པོ་ཆང་དང་མར་ཁུས་གཏམས་པའང་འཛུག༔ མཆོད་པ་མང་ཞིང་བཟང་བ་བཤམ༔ སྔགས་མཁན་ཏིང་འཛིན་དང་ལྡན་པས་མཚམས་བཅད༔ ཚོགས་བསགས༔ དེ་ནས་གཡང་རབས་གྱེར་བར་བྱའོ༔ ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས༔ དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་དམ་ཅན༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་གཤེགས་སུ་གསོལ༔ ཆོས་དབྱིངས་མངོན་པར་བྱང་ཆུབ་སྐུ་བརྙེས་ནས༔ སྐུ་གསུང་ཐུགས་ཀྱིས་འགྲོ་བའི་དོན་ཀུན་མཛད༔ ཕྱོགས་བཅུའི་སངས་རྒྱས་ཡི་དམ་ཞི་ཁྲོའི་ལྷ༔ ཐུགས་རྗེ་ཆེན་པོས་དགོངས་ཏེ་གཤེགས་སུ་གསོལ༔ ཉོན་མོངས་ནད་སེལ་ཡོན་ཏན་འབྱུང་བའི་གནས༔ གསུང་རབ་ཡན་ལག་བཅུ་གཉིས་རྒྱལ་བའི་བཀའ༔ བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས༔ རྣམ་དག་ཆོས་ཀྱི་དབྱིངས་ནས་གཤེགས་སུ་གསོལ༔ ས་བཅུའི་རྒྱལ་ཚབ་ཆེ་ལ་མངའ་བརྙེས་པས༔ བྱམས་དང་སྙིང་རྗེ་བརྩོན་འགྲུས་གོ་བགོས་ནས༔ ཤེས་རབ་ཐབས་ཀྱིས་ལམ་སྣ་འདྲེན་མཛད་པ༔ བྱང་ཆུབ་སེམས་དཔའ་མ་ལུས་གཤེགས་སུ་གསོལ༔ ཡིད་བཞིན་དོན་རྟོགས་ལས་མཐར་སྤངས་བྱས་ཤིང༔ ཚུལ་ཁྲིམས་དྲི་མེད་དུག་ལྔའི་རྣམ་རྟོག་བཅོམ༔ འཕགས་ལམ་མངོན་བརྩོན་ཡོན་ཏན་རྒྱས་པ་ཡི༔ ཉན་ཐོས་རང་རྒྱལ་མ་ལུས་གཤེགས་སུ་གསོལ༔ ཧཱུྃ༔ ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནས༔ རིན་ཆེན་ཤེལ་གྱི་གཞལ་ཡས་ན༔ སེང་ཆེན་བསྣོལ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི༔ ཕྱག་ན་རྡོ་རྗེ་དྲིལ་བུ་སྣམས༔ ཡུམ་ཆེན་དབྱིངས་ཕྱུག་དཀར་མོ་འཁྲིལ༔ རྡོ་རྗེ་རིགས་ཀྱི་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་དྷཱ་ཏྭཱི་ཤྭ་རཱི༔ བཛྲ་སརྦ་ཏ་ཐཱ་ག་ཏ་སིདྡྷི་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་ཞིང་ཁམས་ནས༔ རིན་ཆེན་གསེར་གྱི་གཞལ་ཡས་ན༔ ཅང་ཤེས་བསྣོལ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི༔ ཕྱག་ན་ནོར་བུ་འབར་བ་བསྣམས༔ ཡུམ་ཆེན་མཱ་ཀཱི་སྔོན་མོ་འཁྲིལ༔ རིན་ཆེན་རིགས་ཀྱི་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས་གོང་ལྟར་འགྲེའོ༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་ར་ཏྭཱི༔ རཏྣ་སརྦ་ཏ་ཐཱ་ག་ཏ་སིདྡྷི་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ ནུབ་ཕྱོགས་བདེ་ཅན་ཞིང་ཁམས་ནས༔ བྱེ་རུ་འབར་བའི་གཞལ་ཡས་ན༔ རྨ་བྱ་བསྣོལ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་སྣང་བ་མཐའ་ཡས་ནི༔ ཕྱག་ན་པདྨ་དམར་པོ་བསྣམས༔ ཡུམ་ཆེན་གོས་དཀར་དམར་མོ་འཁྲིལ༔ པདྨ་རིགས་ཀྱི་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་ཨཱ་རོ་ལྀཀ྄༔ པཱཾ་རཱ་ག་ར་ཏྭཱི༔ པདྨ་སརྦ་ཏ་ཐཱ་ག་ཏ་སིདྡྷི་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ བྱང་ཕྱོགས་ཕྲིན་ལས་ཞིང་ཁམས་ནས༔ ཨིནྡྲ་ནཱི་ལའི་གཞལ་ཡས་ན༔ ཤང་ཤང་བསྣོལ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་དོན་ཡོད་གྲུབ་པ་ནི༔ ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས༔ ཡུམ་ཆེན་དམ་ཚིག་ལྗང་མོ་འཁྲིལ༔ ཀརྨ་རིགས་ཀྱི་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས༔ ཧཱ་པྲ་ཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་ར་ཏྭཱི༔ ཀརྨ་སརྦ་ཏ་ཐཱ་ག་ཏ་སིདྡྷི་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ སྟེང་ཕྱོགས་ཆོས་དབྱིངས་ཕོ་བྲང་ནས༔ འོད་ལྔ་འབར་བའི་གཞལ་ཡས་ན༔ གླང་ཆེན་བསྣོལ་བའི་ཁྲི་སྟེང་དུ༔ བཅོམ་ལྡན་རྣམ་པར་སྣང་མཛད་ནི༔ ཕྱག་ན་ཡིད་བཞིན་འཁོར་ལོ་བསྣམས༔ ཡུམ་ཆེན་སྤྱན་མ་དཀར་མོ་འཁྲིལ༔ བདེར་གཤེགས་རིགས་ཀྱི་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་ཛི་ན་ཛིཀ྄༔ ལཱཾ་དྭེ་ཥ་ར་ཏྭཱི༔ བུདྡྷ་སརྦ་ཏ་ཐཱ་ག་ཏ་སིདྡྷི་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ བསྟན་སྲུང་གཡང་ལྷའི་རྒྱལ་པོ་ནི༔ བྱང་ཕྱོགས་རྡོ་རྗེའི་བྲག་སྟེང་ནས༔ ཡབ་གཅིག་ལེགས་ལྡན་ནག་པོ་ཆེ༔ ཕྱག་ན་ཙནྡན་བིང་ཆེན་བསྣམས༔ སྐུ་ལ་དར་དཀར་འཇོལ་བེར་གསོལ༔ ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར༔ བྱང་གི་ཕྱོགས་ནས་སྤྱན་འདྲེན་ནོ༔ གནས་འདིར་སྤྱན་འདྲེན་སོགས༔ ཧཱུྃ༔ བྱང་ཤར་སྐུ་མཁར་གཞལ་ཡས་ནས༔ མ་གཅིག་དཔལ་ལྡན་ལྷ་མོ་ནི༔ ཆིབས་སུ་དྲིལ་ནག་ཁ་དཀར་འཆིབ༔ ཕྱག་ན་རྩེ་གསུམ་ནོར་རྐྱལ་བསྣམས༔ སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན༔ ལྷ་མོ་འབུམ་དང་བཅས་པ་ཡང༔ གནས་འདིར་སྤྱན་འདྲེན་སོགས༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ༔ བི་ཏོ་རི་ནི༔ བི་ཏོ་རི་ནི༔ ཀི་ལི་ཀི་ལི་བི་ཏོ་མ་ཧཱ་ན་ཏི༔ ལུ་ལུ་ལུ་ལུ༔ ཙུ་ལུ་ཙུ་ལུ༔ ཏོ་ལུ་བི་ཏོ་ལུ་བི༔ ཤ་ཤ་ཙ་བ་རཾ༔ སྭསྟི་སརྦ་སཱ་དྷ་ན༔ སིདྡྷི་ན་བི་མ་མེ་མནྟྲ་ཡེ་སྭཱ་ཧཱ༔ སྔགས་འདི་ལན་གཅིག་བརྗོད་པ་ཙམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་ཀྱིས་མི་གཡང་དང་ཕྱུགས་གཡང་རབ་ཏུ་འཕེལ་བར་འགྱུར་རོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཀུ་ཊེ་ཀུ་ཊེ་ནི༔ ཨོཾ་ཨི་བི་རི་ཏི་ཀོ་ཤ་ནི༔ ཨོཾ་མི་རི་ཏི་མི་རི་ཡེ་སྭཱ་ཧཱ༔ སྔགས་འདི་ལན་གཅིག་བརྗོད་པ་ཙམ་གྱིས་མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ༔ ཏདྱ་ཐཱ༔ ཨོཾ་བྷནྡྷ་ར་ནི༔ སུ་པྲ་ཏིཥྛནྟུ༔ ན་མ་སུ་པྲ་ཏིཥྛ༔ བི་ཏི་ཛྭ་ལ་སྭཱ་ཧཱ༔ ཊ་ཏ་ཡ་སཿདྷརྨ་པྲ་ཛྙཱ་ན་པྲ་ཏི་ཨ་བ་ས་ཀ་ན་ཀུ་ཏྲ༔ བི་ཁ་ལ་མི་ཏ་ཤཱི་ལ་སཱ་དྷ་ནི༔ ཨ་པ་ར་ཏེ༔ པཱ་ཏ་ནི་ཀུ་ཏྲ་ག་བི་ཁ་ལ༔ མ་ཏི་བ་མ་ཧི༔ ཤ་རི་ཤ་རི་ཨཱརྻ་ཤཱ་ཡ་སྭཱ་ཧཱ༔ འདི་ལན་གཅིག་བརྗོད་པས་རིགས་ལྔའི་སངས་རྒྱས་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས་མི་ནོར་འཕེལ་ཞིང་བཀྲ་ཤིས་པར་འགྱུར་རོ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཡ་མ་ཏི་དྷ་མ་ཧཱ་ཀཱ་ལ་རཀྵ་སྭཱ་ཧཱ༔ ཨོཾ་མ་ཡཾ་ཏ་ཐཱ་ག་ཏ་ཨཱ་ཀརྵ་ཡ་ན༔ ཨི་ལི་མི་ལི༔ ཀི་ལི་ཁི་ཁི་མི་སྭཱ་ཧཱ༔ འདི་ལན་གཅིག་བརྗོད་པ་ཙམ་གྱིས་མགོན་པོ་དང་ལྷ་མོ་གཉིས་ཀྱིས་མི་ནོར་གྱི་གནོད་པ་ཐམས་ཅད་བསྐྲད་པར་འགྱུར་རོ༔ ཧཱུྃ༔ ཤར་ཕྱོགས་འཇིག་རྟེན་དེ་ན་རུ༔ རིན་ཆེན་ཤེལ་གྱི་གཞལ་ཡས་ནས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ སྲས་མཆོག་གཡས་ལ་བཙུན་མོ་གཡོན༔ ནོར་བུ་བ་དན་ཕྱག་ན་བསྣམས༔ རིན་ཆེན་ཤེལ་གྱི་བང་མཛོད་ནས༔ རིན་ཆེན་ཤེལ་གྱི་དངོས་གྲུབ་སྩོལ༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཧཱུྃ༔ ལྷོ་ཕྱོགས་འཇིག་རྟེན་དེ་ན་རུ༔ རིན་ཆེན་གསེར་གྱི་གཞལ་ཡས་ནས༔ ནོར་ལྷའི་རྒྱལ་པོ་འཕགས་སྐྱེས་པོ༔ སྲས་མཆོག་གཡས་ལ་བཙུན་མོ་གཡོན༔ ནོར་བུ་བ་དན་ཕྱག་ན་བསྣམས༔ རིན་ཆེན་གསེར་གྱི་བང་མཛོད་ནས༔ རིན་ཆེན་གསེར་གྱི་དངོས་གྲུབ་སྩོལ༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཧཱུྃ༔ ནུབ་ཕྱོགས་འཇིག་རྟེན་དེ་ན་རུ༔ བྱེ་རུ་འབར་བའི་གཞལ་ཡས་ནས༔ ནོར་ལྷའི་རྒྱལ་པོ་སྤྱན་མི་བཟང༔ སྲས་མཆོག་གཡས་ལ་བཙུན་མོ་གཡོན༔ ནོར་བུ་བ་དན་ཕྱག་ན་བསྣམས༔ རིན་ཆེན་ཟངས་ཀྱི་བང་མཛོད་ནས༔ རིན་ཆེན་ཟངས་ཀྱི་དངོས་གྲུབ་སྩོལ༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཧཱུྃ༔ བྱང་ཕྱོགས་འཇིག་རྟེན་དེ་ན་རུ༔ རིན་ཆེན་གཡུ་ཡི་གཞལ་ཡས་ནས༔ ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས༔ སྲས་མཆོག་གཡས་ལ་བཙུན་མོ་གཡོན༔ ནོར་བུ་བ་དན་ཕྱག་ན་བསྣམས༔ རིན་ཆེན་གཡུ་ཡི་བང་མཛོད་ནས༔ རིན་ཆེན་གཡུ་ཡི་དངོས་གྲུབ་སྩོལ༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཧཱུྃ༔ ཤར་ལྷོ་མཚམས་ནས་གཡང་འབོད་པ༔ ནོར་ལྷའི་རྒྱལ་པོ་ཛཾ་བྷ་ལ༔ གཡས་ན་ནོར་བུ་འབར་བ་བསྣམས༔ གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས༔ སྲས་མཆོག་བཙུན་མོ་སྐུ་ལ་བརྟེན༔ ཆིབས་སུ་ཆུ་རིས་སྔོན་པོ་འཆིབ༔ གསེར་སྒ་སེར་པོ་ཝངས་སེ་ཝང༔ གཡུ་མཐུར་སྔོན་པོ་བྲེངས་སེ་བྲེང༔ ཤིང་ཐོག་སྣ་ཚོགས་སྔ་རུར་བཏགས༔ ནོར་གྱི་རྐྱལ་པ་ཕྱི་ལ་བཏགས༔ སྔོ་ཁྲ་མང་པོ་རོལ་དུ་ཁྲིད༔ རྟ་སེར་མང་པོ་ཕྱི་ན་འབྲང༔ ལྕགས་ཀྱི་བྱ་ཁྲ་གླད་ན་ལྡིང༔ ནོར་ལྷ་མཆེད་བརྒྱད་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཧཱུྃ༔ ལྷོ་ནུབ་མཚམས་ནས་གཡང་འབོད་པ༔ ནོར་ལྷའི་རྒྱལ་པོ་མཛེས་ལྡན་སྲས༔ སེང་གེ་དཀར་མོ་ཆིབས་སུ་འཆིབ༔ ཕྱག་ན་དར་ཚོན་སྣ་ལྔ་འཛིན༔ བཙུན་མོ་རིན་ཆེན་སྔོན་ནས་བརྟེན༔ སྲས་མཆོག་དམ་པས་རྒྱབ་ནས་བརྟེན༔ ལྷ་དམག་མང་པོའི་འཁོར་གྱིས་བསྐོར༔ བྱ་ཁྱུང་དཀར་པོ་གླད་ན་ལྡིང༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་སྱཱདྰ་ཐེ་དན༔ པྲ་ཏི་སུམྦྷ་ནི་སུམྦྷ༔ ཙ་ར་ན་ཙ་ར༔ ས་མནྟ་ཤོ་དྷ་ནི་མ་ཧཱ་བོ་རཏྣ་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ ནུབ་བྱང་མཚམས་ནས་གཡང་འབོད་པ༔ ནོར་ལྷའི་རྒྱལ་པོ་ཤ་བ་རི༔ ཆིབས་སུ་གླང་པོ་རིན་ཆེན་འཆིབ༔ བཙུན་མོ་རིན་ཆེན་གཡོན་ནས་འཁྱུད༔ སྲས་མཆོག་དམ་པས་གཡས་ནས་བརྟེན༔ གླང་ཆེན་མང་པོ་རོལ་དུ་ཁྲིད༔ རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ སྐུ་ལ་དངུལ་གྱི་ཐིག་ལེ་བཀྲ༔ ནོར་ཕྱུགས་ཐམས་ཅད་སྐྱོང་བར་མཛོད༔ བེའུ་ལུག་ཐམས་ཅད་འཕེལ་བར་མཛོད༔ འབྲུ་ཞིང་རྟ་ནོར་སྤེལ་དུ་གསོལ༔ གོད་འདྲེ་གོད་ཡམས་རྡུལ་དུ་རློགས༔ གཡས་ན་ནོར་བུ་འབར་བ་བསྣམས༔ གཡོན་ན་རིན་ཆེན་བུམ་པ་འཛིན༔ ཕྱུགས་ལྷ་མང་པོའི་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་པརྞ་ཤ་བ་རི་ཨ་པ་རི་ས་མནྟ་བཻ་མ་ཧཱ་ཀཱ་ལ་ཡ་སྭཱ་ཧཱ༔ ཧཱུྃ༔ བྱང་ཤར་མཚམས་ནས་གཡང་འབོད་པ༔ ནོར་ལྷ་གཙུག་ཏོར་ལྗང་གུ་ནི༔ སྐུ་ལ་ཟ་འོག་ན་བཟའ་གསོལ༔ ཡིད་བཞིན་ནོར་བུས་དབུ་ལ་བརྒྱན༔ ཕྱག་ན་ནོར་བུ་རྒྱལ་མཚན་བསྣམས༔ རིན་ཆེན་གསེར་གྱི་སྐ་རགས་བཅིངས༔ ཆིབས་སུ་རྟ་དཀར་རྔོག་ནག་འཆིབ༔ སྲས་དང་བཙུན་མོས་སྐུ་ལ་བརྟེན༔ ཕོ་ལྷ་རྣམས་ཀྱི་དགྲ་བླ་ཡིན༔ བུ་དང་ཚ་བོ་འཕེལ་བར་མཛོད༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་བ་རུ་ནཱ་ཀ་ཡེ༔ ཨོཾ་ཨཱརྻ་ས་མནྟ༔ མ་ཏ་མ་ཧཱ་ཀི་ནི་ཡེ་སྭཱ་ཧཱ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་འབོད་པ་ནི༔ ཚེ་སྲིང་ལྷ་མོ་གནས་འདིར་བྱོན༔ ལྷོ་ཡི་ཕྱོགས་ནས་འབོད་པ་ནི༔ ནོར་འཕེལ་ལྷ་མོ་གནས་འདིར་བྱོན༔ ནུབ་ཀྱི་ཕྱོགས་ནས་འབོད་པ་ནི༔ ན་བཟའི་ལྷ་མོ་གནས་འདིར་བྱོན༔ བྱང་གི་ཕྱོགས་ནས་འབོད་པ་ནི༔ ལོ་ཏོག་ལྷ་མོ་གནས་འདིར་བྱོན༔ མ་དང་འདྲ་བའི་ལྷ་མོ་རྣམས༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་ཨཱ་ཡུར་བཱ་སུ་ཝསཏྲ་ཕ་ལ་དེ་ཧི་དེ་ཧི་བ་ར་དེ་མ་ཧཱ་པུཎྱ་སིདྡྷི་སྭཱ་ཧཱ༔ ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ནས༔ རིན་ཆེན་གཏེར་གྱི་གདན་སྟེང་དུ༔ ལྷ་མོ་ནོར་གྱི་བློ་གྲོས་མ༔ དར་སྣ་ལྔ་ཡི་ཅོད་པན་ཅན༔ གཡས་ན་ནོར་བུའི་སྙེ་མ་བསྣམས༔ གཡོན་ན་རིན་ཆེན་གཏེར་བུམ་འཛིན༔ རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ ལྷ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ཧཱུྃ༔ དཔལ་ལྡན་ལྷ་མོ་ནོར་རྒྱུན་མའི༔ སྲས་ནི་ནོར་ལྷ་མཆེད་བརྒྱད་ཡིན༔ ཕྱག་གཡས་ནོར་བུ་འབར་བ་བསྣམས༔ གཡོན་པས་ནོར་གྱི་རྐྱལ་པ་འཛིན༔ སེང་གེ་དཀར་མོ་བརྒྱད་ལ་འཆིབ༔ རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ ནོར་དང་ལོངས་སྤྱོད་རྒྱས་པར་མཛད༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་བཱ་སུ་ར་ཡེ་ཨཥྚ་དེ་བཱ་ཡ་སྭཱ་ཧཱ༔ ཧཱུྃ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ དབང་གི་རྒྱལ་པོ་འབྲུ་ཡི་ལྷ༔ ཕྱག་གཡས་བ་དན་དཀར་པོ་ཕྱར༔ གཡོན་པས་གསེར་གྱི་ལྡེ་མིག་བསྣམས༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་ཨཱི་ཤྭ་རཱ་ཡ་ཕ་ལ་དེ་ཧི་སྭཱ་ཧཱ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་ཕ་ཀི་ན༔ རྟ་ལྷའི་རྒྱལ་པོ་རེ་མནྟ༔ གཡས་ན་ནོར་བུ་འབར་བ་འཛིན༔ གཡོན་ན་བ་དན་རྩེ་གསུམ་ཕྱར༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ རྟ་སྔོན་ཉྭ་བཞི་ནག་པོ་འཆིབ༔ མེ་ཏོག་ཕྲེང་བས་དོ་ཤལ་བྱས༔ ལྕགས་ཀྱི་བྱ་ཁྲ་གཡས་གཡོན་ལྡིང༔ རྒྱ་སྟག་གཉིས་ནི་སྔོན་ན་འགྲོ༔ སེང་གེ་གཉིས་ནི་ཕྱི་ནས་འབྲང༔ སྤྱི་གཙུག་བྱ་ཁྱུང་སྔོན་པོ་ལྡིང༔ ཉི་མ་ཤར་རོ་དཔལ་ཤར་རོ༔ དཔལ་རབ་འཆང་བའི་མགོན་པོ་སྟེ༔ ལམ་ལྷའི་རྒྱལ་པོ་བདེ་མཛད་པ༔ དགྲ་བླའི་མཆོག་སྟེ་ཉི་མའི་སྲས༔ གཟི་ལྡན་ཁྱོད་ལ་ཕྱག་འཚལ་ལོ༔ འགྲོ་བ་ཉམ་ཐག་དོན་སླད་དུ༔ ཐུགས་རྗེའི་དབང་གིས་མགོན་གྱུར་ཅིང༔ ལམ་གྱི་དགྲ་དང་འཇིགས་པ་སེལ༔ ཁྱུ་མཆོག་རྟ་རྣམས་སྤེལ་མཛད་པ༔ མངའ་མཛད་ཐུབ་དབང་ལྷ་ཡི་ལྷ༔ ཕྱག་འཚལ་གཞོན་ནུ་རེ་མནྟ༔ གནོད་གྱུར་དགྲ་ལས་རྒྱལ་བ་དང༔ ལམ་གྱི་དཔག་ཚད་ཐམས་ཅད་དུ༔ སྐྱོང་ཞིང་རྟ་ནོར་བསྲུང་བ་དང༔ བདག་གི་རྟ་རྣམས་ཐམས་ཅད་ལ༔ སྲུང་ཞིང་སྐྱོང་དང་སྤེལ་བར་མཛོད༔ སྐྱེས་རབ་མཆོག་ལ་དད་པ་ཡིས༔ རེ་བའི་སེམས་ཀྱིས་ཕྱག་འཚལ་ལོ༔ མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས༔ རྟ་རྣམས་སྲུང་ཞིང་བསྐྱབ་ཏུ་གསོལ༔ དེ་རིང་བདག་དང་ཡོན་བདག་གིས༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་ཨཱརྻ་རེ་མནྟ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་ཕ་ཀི་ན༔ གནམ་ལྷའི་རྒྱལ་པོ་ག་རུ་ཌ༔ སྐུ་མདོག་དཀར་པོ་འོད་ཟེར་འཕྲོ༔ ཕྱག་ན་རྔ་ཡབ་དཀར་པོ་བསྣམས༔ ལུས་ལ་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཕྱུགས་དང་བེའུ་ལུག་སྐྱོང་བར་མཛད༔ མི་དང་ཕྱུགས་གཉིས་འཕེལ་བར་མཛད༔ རི་རབ་རི་ཡི་ཡང་རྩེ་ནས༔ གོད་ཁ་གོད་འདྲེ་བརླག་པར་མཛད༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་རཏྣ་ག་རུ་ཌཿབཛྲ་ཡ་སྭཱ་ཧཱ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་ཕ་ཀི་ན༔ ནོར་ལྷའི་རྒྱལ་པོ་དབྱུག་ཏོ་འཛིན༔ གཡས་ན་དབྱུག་ཏོའི་རྒྱལ་མཚན་འཛིན༔ གཡོན་ན་གསེར་གྱི་རྐྱལ་པ་འཛིན༔ གསེར་དངུལ་བང་མཛོད་བདག་པོ་མཛད༔ དབུལ་པོ་རྣམས་ལ་ཟས་སྟེར་བའི༔ ཕྱུག་པོ་རྣམས་ཀྱི་ནོར་ལྷ་མཛད༔ སྲས་དང་བཙུན་མོ་འཁོར་གྱིས་བསྐོར༔ གནས་འདིར་སྤྱན་འདྲེན་སོགས༔ ཨོཾ་རཏྣ་དཎྜཱི་ཡེ་སྭཱ་ཧཱ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་མངོན་པར་རྟོགས་པའི་ཕྱིར༔ སྣ་ཚོགས་མཆོད་པ་བཀོད་པ་ཡང༔ འབྲས་ཆེན་འབྲས་བུ་བཀོད་པ་དང༔ འབྲས་ཆུང་འབྲུ་སྣ་མང་པོ་དང༔ ན་བཟའ་གདུགས་དང་ལག་པན་འཕན༔ བུ་རམ་ཀ་ར་སྦྲང་ལ་སོགས༔ སྤྱན་གཟིགས་བཀོད་པ་སྣ་ཚོགས་དང༔ མར་མེ་ཡོན་ཆབ་ཞལ་ཟས་དང༔ དྲི་ཆབ་མེ་ཏོག་སྣ་ཚོགས་དང༔ ཁ་ཚར་མ་ཉམས་རས་ཡུག་དང༔ དར་སྣ་ཕྱེ་མར་སྣ་ཚོགས་འབུལ༔ ཆུ་གཙང་འོ་མ་ལ་སོགས་པ༔ རོ་བཅུད་ལྡན་པའི་བཏུང་བ་དང༔ གཞན་ཡང་སྙན་ཆ་མགུལ་རྒྱན་དང༔ ཕྱག་གདུབ་ཞབས་གདུབ་སེ་མོ་དོ༔ དོ་ཤལ་སྐེ་རགས་གཡེར་ཁ་ཅན༔ མཁའ་ལྡིང་རི་དྭགས་གཡུང་དྭགས་འཁོར༔ རྔ་དང་གླིང་བུ་པི་ཝཾ་དང༔ རོལ་མོ་སིལ་སྙན་ཡོད་པ་རྣམས༔ བཅོམ་ལྡན་རྒྱལ་བའི་དཀྱིལ་འཁོར་དང༔ གཡང་ལྷ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བདག་དང་ཡོན་བདག་གི༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཞེས་བརྗོད་དོ༔ དཔལ་བཤོས་ལ་དཔའ་བོ་སྦྲང་ཆང་བླུགས་ལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་པ་ལྷ་དང་མི་ཡི་ཞལ་ཟས་ཕུན་སུམ་ཚོགས་པར་བསམ་ལ༔ ན་མོ་བུདྡྷ་ཡ་སྭཱ་ཧཱ༔ ན་མོ་དྷརྨཱ་ཡ་སྭཱ་ཧཱ༔ ན་མོ་སཾ་གྷཱ་ཡ་སྭཱ་ཧཱ༔ ན་མོ་མ་ཧཱ་གུ་ར་བེ་སྭཱ་ཧཱ༔ ན་མོ་པྲ་དེ་བཱི་ཡ་སྭཱ་ཧཱ༔ ན་མོ་མནྟྲ་ཡ་སྭཱ་ཧཱ༔ ན་མོ་མ་ཧཱ་ཙ་ར་ཎ་ཡ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཧི་ལི་ཧི་ལི༔ མི་ལི་མི་ལི་ཡེ་སྭཱ་ཧཱ༔ གུ་ལི་མ་ཧཱ་མ་ཧཱ་གནྡྷ་རི་སྭཱ་རི་སྭཱ་ཧཱ༔ ཨོཾ་གནྡྷཱརྠ་མ་ཧཱ་གནྡྷ་རི་སྭཱ་རི་སྭཱ་ཧཱ༔ ཨོཾ་པྲ་ལི་ཏྲ་ཏྲི་མ་ཏི་མ་ཏི་སྭཱ་ཧཱ༔ ཨོཾ་ཏཾ་བྷི་མུ་ཁ་དུ་ཡེ་སྭཱ་ཧཱ༔ ཨོཾ་ཧི་ཧི་ཧི་ཧི་སྭཱ་ཧཱ༔ ཨོཾ་ཧཾ་ཧཾ་ཧཾ་ཧཾ་སྭཱ་ཧཱ༔ ཨོཾ་ཧ་ལེ་ཧ་ལེ་སྭཱ་ཧཱ༔ ཨོཾ་གནྡྷ་མེ་སྭཱ་ཧཱ༔ ཨོཾ་ཙ་ཙ་སྭཱ་ཧཱ༔ ཨོཾ་ཙི་ཙི་སྭཱ་ཧཱ༔ ཨོཾ་ཙནྡྷ་ཤ་སྭཱ་ཧཱ༔ ཨོཾ་ཤ་ཁི་རི་སྭཱ་ཧཱ༔ ཨོཾ་ཧྲཱི་ཧཱ་སྭཱ་ཧཱ༔ ཨོཾ་བྷ་ག་བཱན་པཉྩ་ཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་ལོ་ཀ་སིདྡྷི་སཱ་དྷ་ཡ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ནོར་ལྷ་གཡང་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མཉེས་པར་གྱུར་ཅིག༔ གཟུངས་འདི་བརྗོད་པ་ཙམ་གྱིས་ལྷ་དང༔ གནོད་སྦྱིན་དང་ནོར་ལྷ་གཡང་ལྷ་ཀླུ་ལ་སོགས་པ་རྣམས་ཀྱིས་གཡང་གི་དངོས་གྲུབ་ཆར་བཞིན་དུ་འབེབ་པར་འགྱུར་རོ༔ སྦྲང་ལ་སྦྲང་མ་འདུས་པ་བཞིན་དུ༔ གཡང་བཤོས་གསོལ་བས་ལྷ་དང་ནོར་ལྷས་དགོངས་ཤིང་མཉེས་ནས༔ བདག་དང་ཡོན་གྱི་བདག་པོའི་མི་ནོར་ཟས་གསུམ་འཕེལ་བར་གྱུར་ཅིག༔ ཧཱུྃ༔ གཡང་ལྷ་འཁོར་དང་བཅས་པ་རྣམས༔ རྣལ་འབྱོར་བདག་ལ་དགོངས་སུ་གསོལ༔ དཔལ་གྱི་གཡང་བཤོས་དམ་པ་འདི༔ རྒྱུ་ནི་རིན་ཆེན་འབྲུ་ལས་བྱས༔ མིང་ནི་རོ་མཆོག་བརྒྱ་ལྡན་མིང༔ དཔེ་ནི་རི་རབ་རི་ལ་བླངས༔ མཐོ་ནི་སྲིད་པའི་རྩེ་དང་མཉམ༔ ཆེ་བ་ཡོན་ཏན་བརྒྱད་དང་ལྡན༔ ཞབས་ནི་འབྱུང་བ་ས་ལ་བརྟེན༔ ལོགས་ལ་མཛེས་པའི་རྒྱན་མཆོག་ལྡན༔ མེ་ཏོག་ཧ་ལོ་འབར་བ་བཞིན༔ རྩེ་མོ་མར་དང་སྦྲང་གིས་བརྒྱན༔ འདོད་པའི་ཡོན་ཏན་ལྔ་དང་ལྡན༔ ནོར་ལྷ་ནོར་བུའི་ཞལ་ཟས་ལྡན༔ རོ་མཆོག་བརྒྱ་དང་ལྡན་པ་འདི༔ བཅོམ་ལྡན་རྒྱལ་བའི་དཀྱིལ་འཁོར་དང༔ གཡང་ལྷ་འཁོར་བཅས་དཀྱིལ་འཁོར་ལ༔ ཡོན་བདག་འཁོར་དང་བཅས་རྣམས་ཀྱིས༔ དད་པའི་སེམས་ཀྱིས་འབུལ་ལགས་ན༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔ བདག་དང་ཡོན་བདག་འཁོར་བཅས་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་བུ་ཡི་དངོས་གྲུབ་སྩོལ༔ འདོད་པ་ནོར་གྱི་དངོས་གྲུབ་སྩོལ༔ ཏདྱ་ཐཱ༔ ཨོཾ་སིདྡྷི་སིདྡྷི་མོ་ཙ་ནི་མོཀྵ་ནི༔ བདག་ལ་སིདྡྷི་ཡེ་སྭཱ་ཧཱ༔ དེ་ནས་ཆང་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ཨ་མྲྀཏ་ཧྲཱིཿསྭཱ་ཧཱ༔ ཧོ༔ སློབ་དཔོན་པདྨའི་བྱིན་རླབས་ལས༔ བདུད་རྩི་གསེར་གྱི་རོ་མཆོག་འདི༔ མེས་པོ་མཁའ་ལས་གྲུབ་པ་ཡིན༔ ཕྱི་མོ་ས་ལས་བསྐྲུན་པ་ཡིན༔ ཆང་གི་ཕ་ནི་ཕབས་ལ་སྦྱར༔ ཆང་གི་མ་ནི་ཆུ་ལས་གྲུབ༔ ཆང་གི་དཀྱིལ་འཁོར་དེ་ལས་བྱུང༔ འབྱོར་སྨན་ཆེན་པོ་དར་ལས་བྱས༔ བུ་ནི་འབྲས་དྲུག་ཆང་དུ་གྲུབ༔ མཐུ་དང་རྩལ་གྱིས་འགྲོ་བ་འདུལ༔ རོ་མཆོག་བརྒྱ་ལྡན་བདུད་རྩིའི་མཆོག༔ རོ་ལྡན་ཡངས་ལ་འཇམ་པ་དང༔ ལྟོ་ལ་མི་གནོད་མགྲིན་པར་བདེ༔ མཐོང་བ་ཙམ་གྱིས་འཛུམ་དང་ལྡན༔ འཐུང་བས་སྐོམ་པའི་སྡུག་བསྔལ་སེལ༔ ལག་ཏུ་བླངས་ན་ཉམས་རེ་དགའ༔ རྣལ་འབྱོར་བདག་གིས་བྱིན་བརླབས་ནས༔ བླ་མེད་དཀོན་མཆོག་རྩ་བ་གསུམ༔ རིགས་ལྔ་ཡབ་ཡུམ་འཁོར་དང་བཅས༔ མ་མགོན་ལྕམ་དྲལ་ལྷ་ཚོགས་དང༔ ནོར་ལྷ་འཁོར་དང་བཅས་ལ་འབུལ༔ བདག་དང་ཡོན་བདག་འཁོར་བཅས་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་བུ་ཡི་དངོས་གྲུབ་སྩོལ༔ འདོད་པ་ནོར་གྱི་དངོས་གྲུབ་སྩོལ༔ དེ་ནས་མདའ་དར་ལག་ཏུ་བླངས་ལ་འདི་སྐད་དོ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ རི་རབ་རི་ཡི་ལྷོ་ཕྱོགས་ངོས༔ རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན༔ དཔའ་བོའི་ཡུལ་གྱི་ཕ་རོལ་ན༔ བཀྲ་ཤིས་ནགས་ཚལ་ཆེན་པོ་རུ༔ སྦ་རྒོད་སྨྱུག་རྒོད་ཡོད་པ་དེ༔ ཕྱི་ཤུན་སྔོན་པོ་དར་དང་འདྲ༔ འཇམ་ནི་དར་བས་རབ་ཏུ་འཇམ༔ རྩེ་མོ་ནམ་མཁའི་དབྱིངས་སུ་སླེབས༔ ལོ་ལྗང་འབྲས་བུ་ཐིབས་སེ་ཐིབ༔ རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས༔ ལྕགས་ཀྱི་ཟོར་བ་རྣོན་པོས་བརྔས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ བཤམས་ཤིང་མཚན་ལྡན་མདའ་དར་བྱས༔ བྱ་རྒྱལ་རྒོད་པོའི་གཤོག་པ་བསྒྲོན༔ ཡ་མཚན་རྨད་དུ་ཆེ་བར་གྲགས༔ ཕ་ནི་གནམ་ལ་མ་ནི་ས༔ བུ་ནི་སྦ་སྨྱུག་ལྡེམས་སེ་ལྡེམ༔ ཚིགས་གསུམ་སྐུ་གསུང་ཐུགས་སུ་བརླབས༔ ཁོང་སེང་བྱང་ཆུབ་སེམས་སུ་བརླབས༔ མེ་ཏོག་གཡུ་ལོ་རབ་ཏུ་འབར༔ དེ་འདྲའི་ཡོན་ཏན་ལྔ་པོ་འདི༔ མཛེས་པའི་དར་སྣས་རབ་ཏུ་བརྒྱན༔ གཡང་ལྷ་འཁོར་དང་བཅས་ལ་འབུལ༔ སྐུ་ཡི་རྟེན་དུ་མདའ་དར་མཛོད༔ གསུང་གི་རྟེན་དུ་མདའ་དར་མཛོད༔ ཐུགས་ཀྱི་རྟེན་དུ་མདའ་དར་མཛོད༔ གཡང་ལྷ་རྣམས་ཀྱང་བརྟན་པར་བཞུགས༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ དེ་ནས་ཕྱེ་མར་དང་ཤུག་པ་བསྲེགས་ལ༔ ཧཱུྃ༔ ཡུལ་ནི་བཀྲ་ཤིས་ཁྲི་སྒོ་ན༔ གཡུ་ཤུག་སྔོན་མོ་ལོ་འབྲས་ཅན༔ ཙནྡན་སྨུག་པོའི་སྡོང་པོ་ཡིན༔ དེས་ཀྱང་ངོ་མཚར་རྨད་དུ་བྱུང༔ ཤིང་གི་ལྷ་དང་ལྷ་མོ་ཡིས༔ རིན་ཆེན་འོད་འབར་ཟོར་བས་བརྔས༔ འབྱུང་བ་ཆེན་པོ་མེ་ལ་བསྲེགས༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་པས༔ དྲི་བཟང་སྔོན་མོའི་དུད་པ་ལས༔ འདོད་ཡོན་ལོངས་སྤྱོད་ཆར་དུ་འབེབ༔ ཕྱེ་མར་འོ་སྐོལ་ཕུད་ཀྱིས་མཆོད༔ ལྷ་དང་མི་ཡི་ཞལ་ཟས་ཏེ༔ ཟག་མེད་རོ་མཆོག་བརྒྱ་དང་ལྡན༔ གཡང་ལྷ་འཁོར་དང་བཅས་ལ་འབུལ༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ཧོ༔ ཕྱྭ་དང་གཡང་གི་ལྷ་ཡི་རབས༔ དཀོན་མཆོག་རྩ་གསུམ་རབ་འབྱམས་དང༔ ཁྱད་པར་ཡེ་ཤེས་རིགས་མཆོག་ལྔ༔ འཇིག་རྟེན་སྐྱོང་བ་འཁོར་དང་བཅས༔ རྒྱང་ངེ་གཡེལ་ལེ་མ་མཛད་པར༔ བཀྲ་ཤིས་སྐྱིད་པའི་གནས་འདི་རུ༔ མདའ་དར་སྣ་ལྔའི་འཕུར་ལྕེ་དང༔ རྔ་མ་དཀར་ནག་གཡབ་ལ་བྱོན༔ ཕྱེ་མར་འོ་སྐོལ་སྣ་ཚོགས་དང༔ བཟང་ཤིང་བསྲེགས་པའི་ངད་ལ་བྱོན༔ དངུལ་དཀར་མེ་ལོང་རང་གསལ་དང༔ མར་ཁུའི་མཚོ་མོའི་མདངས་ལ་བྱོན༔ རིན་ཆེན་དར་ཟབ་འབྲས་བུ་དང༔ གཡག་ལུག་ར་གསུམ་རྟེན་ལ་བྱོན༔ དཔའ་བོ་ཆང་གི་ངར་བཅུད་དང༔ སྦྲང་རྩི་བུ་རམ་རོ་ལ་བྱོན༔ གནམ་ས་བར་གསུམ་ཐམས་ཅད་ཀྱི༔ གཡང་གི་སྤྱན་རྟེན་གཟིགས་ལ་བྱོན༔ ཤར་ནས་ལྷ་དང་གཡང་གི་ཚོགས༔ ཉི་མ་བཞིན་དུ་ཤར་ཞིང་བྱོན༔ ལྷོ་ནས་ལྷ་དང་གཡང་གི་ཚོགས༔ ལྷོ་སྤྲིན་བཞིན་དུ་འཐིབ་ཅིང་བྱོན༔ ནུབ་ནས་ལྷ་དང་གཡང་གི་ཚོགས༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ བྱང་ནས་ལྷ་དང་གཡང་གི་ཚོགས༔ རླུང་དམར་བཞིན་དུ་འཚུབས་ཤིང་བྱོན༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ཕྱྭ་ཆ་གཡང་ཆའི་རྟེན་རྣམས་ལ༔ མི་འབྲལ་ཡུན་དུ་བརྟན་པར་བཞུགས༔ དཔལ་དང་གཟི་བརྗིད་འཕེལ་བ་དང༔ འདོད་རྒུའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་སརྦ་ཏ་ཐཱ་ག་ཏ་ལོ་ཀ་པཱ་ལ་ས་མ་ས་མ༔ སི་མི་སི་མི༔ བཱ་སུ་ནཱ་ནཱ་ཁ་དྷེ་རཏྣ་སརྦ་སིདྡྷི་སྡུས་སྡུས་བྷྲཱུྃ་བྷྲཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་མང་དུ་བཟླའོ༔ དེའི་སྐབས་སུ་མདའ་དར་གཡབ༔ བཟང་ཤིང་དང་ཕྱེ་མར་བསྲེག༔ རོལ་མོ་དང་དུང་དཀར་གྱི་སྒྲ་སྦྱོར་རོ༔ གཡང་ཁུག་པའི་རྟགས་སྣུམ་འོད་བག་དྲོ་བྱིན་ཆགས་པ་བྱུང་ན་གཡང་སྒོ་གཏད་པ་ནི༔ ཀྱེ༔ ད་ནི་གཡང་རྟེན་རྟེན་རེ་ཡག༔ གཡང་རྣམས་རྟེན་ལ་བཞུགས་སུ་གསོལ༔ ཡོན་བདག་མི་ནོར་འཁོར་བཅས་ལ༔ ཚེ་དཔལ་བསོད་ནམས་བརྟན་པར་ཤོག༔ ཅེས་དང་རྟེན་འབྲེལ་སྙིང་པོ་བཟླས་ལ་མེ་ཏོག་གཏོར༔ གཡང་སྒོ་བསྡམ་པ་ནི༔ ཀྱེ༔ སྟག་དང་སེང་གེ་ཕྱྭ་གཡང་རྟེན༔ ཆོས་སྐྱོང་སྲུང་མའི་ཕོ་ཉ་ཡིན༔ ཕྱུགས་སྒོ་གཡང་སྒོ་བསྲུང་བར་མཛོད༔ ནང་མི་ཕྱུགས་བདག་གཡང་བདག་གི༔ ཕྱི་ཡི་བསེ་རག་མ་གཏོང་ཞིག༔ ནང་གི་ཕྱྭ་གཡང་མ་ཤོར་ཅིག༔ བང་མཛོད་འབྲུ་དང་ནོར་གྱིས་གང༔ སྣོད་བཟང་ཇ་ཆང་འོ་ཞོས་གང༔ ར་བ་རྟ་ཕྱུགས་རྐང་བཞིས་གང༔ ཞིང་ས་འབྲུ་དྲུག་སྨིན་པས་གང༔ ཐབ་དང་དུ་བ་རྒྱུན་མ་གཅད༔ སྣོད་དང་གཡོ་བསྐོལ་རྒྱུན་མ་གཅད༔ ཚོང་དང་སྐྱེད་འཕེལ་རྒྱུན་མ་གཅད༔ རྟ་ཕྱུགས་འཕན་དར་རྒྱུན་མ་གཅད༔ མི་རྒྱུད་ཆུ་བས་རིང་བར་མཛོད༔ མི་བཀྲག་མར་བས་སྣུམ་པར་མཛོད༔ མི་འཕེལ་འབྲས་བས་འཕེལ་བར་མཛོད༔ མི་ནོར་ཟས་གསུམ་འཛོམ་པར་མཛོད༔ ཁུ་ཡེ་ཁུ་ཡེ་ཕྱྭ་ཁུ་ཡེ༔ སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཡང་ན་གཡང་རྟེན་རྣམས་སྦྱིན་བདག་གི་ལག་ཏུ་གཏད་ལ༔ ཀྱེ༔ དང་པོ་གཡང་གཏད་གར་སྲིད་ན༔ རྒྱལ་པོ་ཟས་གཙང་ཆེན་པོ་ཡིས༔ ལྷ་སྲས་རྒྱལ་བུ་དོན་གྲུབ་ལ༔ བུ་རམ་ཤིང་པའི་ཕྱྭ་གཡང་གཏད༔ གཡང་གཏད་འབྲས་བུ་མངོན་སངས་རྒྱས༔ དེ་ནས་གཡང་གཏད་གར་སྲིད་ན༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ འཛམ་བུ་གླིང་གི་ཕྱྭ་གཡང་གཏད༔ ཆོས་དང་སྲིད་ཀྱི་ཕུན་ཚོགས་རྒྱས༔ ད་ལྟ་གཡང་གཏད་གར་སྲིད་ན༔ སྔགས་འཆང་རྣལ་འབྱོར་བདག་ཅག་གིས༔ འཁོར་འདས་ཀུན་གྱི་ཕྱྭ་དང་གཡང༔ ཡོན་བདག་ཕོ་མོའི་ལག་ཏུ་གཏད༔ ནད་གདོན་བར་ཆད་ཞི་བར་ཤོག༔ ཚེ་བསོད་དཔལ་འབྱོར་རྒྱས་པར་ཤོག༔ མི་གཡང་རབ་ཏུ་འཕེལ་བར་ཤོག༔ ཕྱུགས་གཡང་རབ་ཏུ་འཕེལ་བར་ཤོག༔ ནོར་གཡང་རབ་ཏུ་འཕེལ་བར་ཤོག༔ འབྲུ་གཡང་རབ་ཏུ་འཕེལ་བར་ཤོག༔ ཚེ་གཡང་རབ་ཏུ་འཕེལ་བར་ཤོག༔ ནོར་ལྷ་མི་དང་མ་འབྲལ་ཤོག༔ ཕྱྭ་གཡང་རབ་ཏུ་བརྟན་པར་ཤོག༔ ཅི་བསམ་དོན་རྣམས་འགྲུབ་པར་ཤོག༔ བཀྲ་ཤིས་བདེ་སྐྱིད་ལྡན་པར་ཤོག༔ གཞན་ཡང་སྨོན་ལམ་རྒྱ་ཆེར་བཏབ་བོ༔ དེ་ནས་གཡང་སྒོ་བསྡམས་ཏེ་སྲུང་ཕུར་བཙུག་པ་ནི༔ ཧོ༔ ཤར་རྡོ་རྗེ་སེམས་དཔས་གཡང་སྒོ་སྲུངས༔ རྡོ་རྗེ་རྩེ་ལྔའི་གཡང་ཕུར་བཙུག༔ ཤེལ་ཕྲེང་བརྒྱ་རྩས་གཡང་ཐག་བཏགས༔ ཕྱྭ་གཡང་མི་འགྱུར་བརྟན་པར་ཤོག༔ ལྷོ་རིན་ཆེན་འབྱུང་ལྡན་གཡང་སྒོ་སྲུངས༔ ནོར་བུ་རིན་ཆེན་གཡང་ཕུར་བཙུག༔ གསེར་ཕྲེང་བརྒྱ་རྩས་གཡང་ཐག་བཏགས༔ ཕྱྭ་གཡང་མི་འགྱུར་བརྟན་པར་ཤོག༔ ནུབ་སྣང་བ་མཐའ་ཡས་གཡང་སྒོ་སྲུངས༔ པདྨ་འབར་བའི་གཡང་ཕུར་བཙུག༔ བྱེ་རུ་བརྒྱ་རྩས་གཡང་ཐག་བཏགས༔ ཕྱྭ་གཡང་མི་འགྱུར་བརྟན་པར་ཤོག༔ བྱང་དོན་ཡོད་གྲུབ་པས་གཡང་སྒོ་སྲུངས༔ རྒྱ་གྲམ་འབར་བའི་གཡང་ཕུར་བཙུག༔ གཡུ་ཕྲེང་བརྒྱ་རྩས་གཡང་ཐག་བཏགས༔ ཕྱྭ་གཡང་མི་འགྱུར་བརྟན་པར་ཤོག༔ དབུས་རྣམ་པར་སྣང་མཛད་གཡང་སྒོ་སྲུངས༔ འཁོར་ལོ་འབར་བའི་གཡང་ཕུར་བཙུག༔ དུང་ཕྲེང་བརྒྱ་རྩས་གཡང་ཐག་བཏགས༔ ཕྱྭ་གཡང་མི་འགྱུར་བརྟན་པར་ཤོག༔ གཡང་གི་ཕུར་པ་མ་བུད་ཅིག༔ ཕྱྭ་ཡི་རྨུ་ཐག་མ་ཆད་ཅིག༔ ཕྱྭ་གཡང་ལོངས་སྤྱོད་འཕེལ་ཞིང་བརྟན༔ ཀུན་ནས་བདེ་ལེགས་འགྲུབ་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བརྗོད་ཅིང་མེ་ཏོག་གཏོར་རོ༔ དེ་ནས་ཞལ་བསྲོ་བ་ནི༔ བླ་མཆོད་དང་སྦྱིན་བདག་ཐམས་ཅད་གོས་བཟང་པོས་བརྒྱན༔ ཕྱེ་མར་སོགས་དྲངས་ལ༔ ཀྱེ༔ ལྷ་ཡི་མར་དང་ཀླུ་ཡི་ཞོ༔ གནོད་སྦྱིན་གཏེར་གྱི་འབྲས་བུའི་ཕྱེ༔ ཕྱྭ་གཡང་འཕེལ་བའི་དངོས་གྲུབ་རྫས༔ མཐུན་བསྡེབས་རོ་བཅུད་ལྡན་པ་ཡིན༔ མི་གཡང་བཀྲག་མདངས་མེ་རེ་རེ༔ ནོར་གཡང་འོད་ཟེར་ཀྱི་ལི་ལི༔ ཕྱུགས་གཡང་རྩེ་ཀྱུ་བྲེངས་སེ་བྲེང༔ ཨ་ལ་ལ་ཧོ་སིདྡྷི་བྷྲཱུྃ༔ དེ་ནས་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་མེ་ཏོག་འཐོར༔ སྐྱིད་པའི་གླུ་ལེན༔ དགའ་བའི་བྲོ་བརྡུང༔ རྟེན་འབྲེལ་ཁ་བརྡ་བཟང་པོ་བྱའོ༔ དེ་ལྟར་བྱས་པས་དབུལ་པོ་ཕྱུག༔ ལྟོགས་པ་རྒྱགས༔ ཕོངས་པ་སྐྱིད༔ ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་ནོར་བུ་ལ་གསོལ་བ་བཏབ་པ་ལས་ལྷག་པར་འགྲུབ་བོ༔ མི་ནོར་ཤི་གོད་རྒྱུན་ཆད༔ ཁྱིམ་དང་ཡུལ་ཕྱོགས་ཐམས་ཅད་བཀྲ་ཤིས་པ་སོགས་ཕན་ཡོན་མང་དུ་འབྱུང་བར་འགྱུར་རོ༔ ས་མ་ཡ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་གཡང་འབུམ་རིན་པོ་ཆེ་འདི༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་གསེར་གྱི་བུམ་པ་སྦྲང་ཆང་གིས་གང་བ་ཕུལ་ནས་ཞུས༔ ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ཏེ་རྒྱལ་པོ་ལ་གཏད་ནས་གཏེར་དུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་གདན་དྲངས་ཏེ་རིམ་པར་བརྒྱུད་པ་ལགས་སོ། །འདི་ལ་མ་ཕྱི་མ་དག་པ་དང་། འཕྲི་བསྣན་ཤིན་ཏུ་མང་བས་དཔེ་རྒྱུན་མི་གཅིག་པ་ཤ་སྟག་ཏུ་སྣང་ནའང་། འདིར་གཏེར་གཞུང་གི་ཚིག་ཁོ་ན་བྲིས་པ་ཅུང་ཟད་དག་ཡོད་སྙམ་མོ།། །། ༄༅༔ པདྨ་གཡང་འབུམ་ཡིད་བཞིན་ནོར་བུའི་སྨོན་ལམ་དང་བཀྲ་ཤིས་བཞུགས་སོ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ རྒྱལ་བ་རིགས་ལྔའི་བདེན་པ་དང༔ ནོར་ལྷ་གཡང་ལྷ་ལ་སོགས་པ༔ འཇིག་རྟེན་སྐྱོང་བའི་མཐུ་སྟོབས་ཀྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས༔ བསོད་ནམས་རི་བོ་བརྟན་པར་ཤོག༔ མི་གཡང་སྟོབས་རྩལ་འཕེལ་བར་ཤོག༔ ཕྱུགས་གཡང་བཀྲག་བཅུད་རྒྱས་པར་ཤོག༔ འབྲུ་གཡང་མ་རྨོས་སྐྱེ་བར་ཤོག༔ ཚོང་གཡང་འདོད་རྒུ་འབྱུང་བར་ཤོག༔ ཚེ་གཡང་བྲག་ལྟར་སྲ་བར་ཤོག༔ རྡོ་རྗེ་བཞིན་དུ་བརྟན་པར་ཤོག༔ ཉི་ཟླ་བཞིན་དུ་གསལ་བར་ཤོག༔ དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་ཀུན༔ རྒྱ་ཆེ་ས་གཞི་ལྟ་བུར་ཤོག༔ དགོས་འབྱུང་ནོར་བུ་ལྟ་བུར་ཤོག༔ ཟིལ་གནོན་སེང་གེ་ལྟ་བུར་ཤོག༔ རྒྱུན་རིང་ཆུ་བོ་ལྟ་བུར་ཤོག༔ མི་འཕེལ་ཁང་ཁྱིམ་གང་བར་ཤོག༔ ནོར་འཕེལ་བང་མཛོད་གང་བར་ཤོག༔ རྟ་འཕེལ་བྲེས་ཁང་གང་བར་ཤོག༔ ཕྱུགས་འཕེལ་ལྷས་མལ་གང་བར་ཤོག༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀུན༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་ཤོག༔ བསོད་ནམས་ཡེ་ཤེས་རྒྱས་པར་ཤོག༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ སིདྡྷི་སིདྡྷི་བྷྲཱུྃ་སྭཱ་ཧཱ༔ ཨོཾ༔ ཕུན་སུམ་ཚོགས་པ་བླ་མེད་དཀོན་མཆོག་གསུམ༔ བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ཤིས་པ༔ གྲགས་པའི་བཀྲ་ཤིས་འཇིག་རྟེན་ཡོངས་ལ་ཁྱབ༔ དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཝ་རཱ་ཎ་སཱི་ཉམས་དགའ་བདེ་སྐྱིད་ལྡན༔ ཡུལ་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ གྲོང་ཁྱེར་སེར་སྐྱ་དཔལ་དང་ཡོན་ཏན་རྒྱས༔ གྲོང་རྡལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ལྷས་བསྟན་ཁབ་ཏུ་ཆོས་དང་འབྱོར་པས་གང༔ ཁང་ཁྱིམ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་པོ་ཟས་གཙང་འཁོར་ལོས་སྒྱུར་བའི་རིགས༔ སྐྱེས་པ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ བཙུན་མོ་སྒྱུ་འཕྲུལ་རྒྱལ་བ་སྐྱེད་པའི་ཡུམ༔ བུད་མེད་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་བུ་དོན་གྲུབ་ལེགས་པའི་དཔལ་ཀུན་འབྱོར༔ ལྷ་སྲས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ས་འཚོ་གྲགས་འཛིན་ཡོན་ཏན་དམ་པས་བརྒྱན༔ བཙུན་མོ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཅང་ཤེས་བསྔགས་ལྡན་སྤྲིན་གྱི་ཤུགས་ཆེན་འཆང༔ རྟ་མཆོག་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ནཻ་རཉྫཱ་ནཱ་མེ་ཏོག་འབྲས་བུས་བརྒྱན༔ སྐྱེད་ཚལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཡངས་པ་ཅན་དུ་འབྲུ་ནོར་ལོངས་སྤྱོད་འཕེལ༔ ས་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྡོ་རྗེ་གདན་དུ་ཐུབ་པ་མངོན་སངས་རྒྱས༔ གནས་རྟེན་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ བྱ་རྒོད་སྤུངས་རིར་ཐེག་ཆེན་ཆོས་འཁོར་བསྐོར༔ ཆོས་ར་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་བྱེད་ཚལ་དུ་འཕགས་པའི་དགེ་འདུན་འདུ༔ དགོན་སྡེ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཉིན་མོ་བཀྲ་ཤིས་བདེ་བའི་ཉི་མ་ཤར༔ མཚན་མོ་བཀྲ་ཤིས་སྐྱིད་པའི་ཟླ་བ་གསལ༔ ཉིན་མཚན་བཀྲ་ཤིས་བདེ་སྐྱིད་ཕྱྭ་གཡང་འཕེལ༔ བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ སྭསྟི་སྭསྟི་བྷྲཱུྃ་བྷྲཱུྃ་སྭཱ་ཧཱ༔ འདི་ལ་སྨོན་ལམ་དང་བཀྲ་ཤིས་ལེའུ་ཚན་ཤིན་ཏུ་མང་བར་སྣང་བ་ལས་ཕྱོགས་གཅིག་ཁོལ་དུ་ཕྱུང་བ་དགེའོ།། །།
བླ་མ་བདེ་མཆོག་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་ (Volume 6, Text 40)
བླ་མ་བདེ་མཆོག་འཁོར་ལོའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། ཁྱབ་བདག་ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་། །ལོངས་སྐུ་དཔལ་ལྡན་འཁོར་ལོ་བདེ་བའི་མཆོག །སྤྲུལ་སྐུ་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །འཆི་མེད་པདྨ་བཛྲ་ལྷ་ལྕམ་ཡུམ། །དབྱིངས་ཕྱུག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ། །འཇམ་མགོན་ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །རྣམ་སྣང་ལོ་ཙཱ་རྒྱལ་བ་མཆོག་གི་དབྱངས། །གཏེར་འབྱེད་རྒྱ་སྟོན་པདྨ་དབང་ཕྱུག་དང་། །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །བརྒྱུད་གསུམ་རིག་འཛིན་ཡི་དམ་རྒྱལ་བའི་ལྷ། །དཔའ་བོ་དྷཱ་ཀི་དམ་ཅན་ཆོས་སྐྱོང་ཚོགས། །འཁོར་འདས་དྲྭ་བ་སྡོམ་པའི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །ཐ་མལ་སྣང་ཞེན་ལྷ་ཡི་འཁོར་ལོར་ཤར། །རྡོ་རྗེའི་བཟླས་པས་ལས་དང་དངོས་གྲུབ་འགྲུབ། །བདག་བྱིན་རླབས་ཀྱིས་གཟུང་འཛིན་རྟོག་ཚོགས་ཞི། །མངོན་ཤེས་དྲུག་གི་གསལ་སྣང་ཐོབ་པར་ཤོག །སྣ་ཚོགས་རྡོ་རྗེས་རླུང་སེམས་དབུ་མར་ཐིམ། །ཛཱ་ལན་དྷ་རས་རྩ་ཁམས་འཇའ་སྐུར་སྨིན། །ནོར་བུ་འགེངས་པས་ཕྱག་རྒྱ་བཞི་ཡི་ལམ། །བདེ་ཆེན་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་ཤོག །མཐར་ཐུག་བསམ་མི་ཁྱབ་པའི་རྣལ་འབྱོར་གྱིས། །དོན་གྱི་ལྷན་སྐྱེས་མངོན་དུ་གྱུར་ནས་ཀྱང་། །ཟུང་འཇུག་བདེ་ཆེན་པདྨ་བཛྲ་རྩལ། །བདག་གཞན་འགྲོ་བས་མྱུར་དུ་འགྲུབ་པར་ཤོག །ཅེས་པའང་ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གུས་པས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།
བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་ཀྱི་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བགེགས་འདུལ་གནམ་ལྕགས་རལ་གྲི་ (Volume 26, Text 40)
༄༅། །བྱང་སེམས་ཟླ་བ་རྒྱལ་མཚན་ལུགས་ཀྱི་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་བགེགས་འདུལ་གནམ་ལྕགས་རལ་གྲི་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་ར་བེ། གར་གྱི་དབང་ཕྱུག་ཁྲག་འཐུང་དཔལ། །ཕྲིན་ལས་དྲག་པོའི་སྐུར་བཞེངས་པ། །དུས་མཐའི་སྤྲིན་གྱི་མདོག་ཅན་ལ། །བཏུད་ནས་སྒྲུབ་ཐབས་རྗེས་གནང་དགོད། །དེ་ལ་དང་པོ་སྒྲུབ་ཐབས་ཀྱི་རྣལ་འབྱོར་བསྒོམ་པར་འདོད་པས་སྔོན་འགྲོ་ནི། སྐྱབས་འགྲོ་སྤྱི་མཐུན་ལན་གསུམ་བྱ། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་རྟ་མགྲིན་བསྒོམ་པར་བགྱིའོ། །ལན་གསུམ། ཚོགས་གསོག་ནི། རང་སྐད་ཅིག་གིས་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་དཔལ་རྟ་མགྲིན་གྱི་དབུའི་ཆ་ལ་སངས་རྒྱས་འོད་དཔག་མེད་བཞུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ན་མོ་གུ་རུ་བྷྱཿ ན་མོཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་ཧྱ་གྲཱི་ཝ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ནས་ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། དངོས་གཞི་ལ་བསྐྱེད་པའི་རྣལ་འབྱོར་ནི། ཨོཾ་སྭ་བྷཱ་བ་སོགས་བརྗོད། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཧྲཱིཿདམར་ནག་དེ་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་ཐམས་ཅད་བསལ་ནས་རྟ་མགྲིན་གྱི་སྐུར་གྱུར། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་རལ་གྲི་མེ་འབར་བ་འཕྱར་ཐབས་སུ་འཛིན་ཅིང་། གཡོན་པས་ཐུགས་ཀར་སྡིགས་མཛུབ་དང་བཅས་པས་ནད་གདོན་སྲེག་པའི་མེའི་ཕུང་པོ་རབ་ཏུ་འབར་བ་བསྣམས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། ཞལ་མཆེ་བ་དཀར་ལ་དམར་བའི་མདངས་ཡོད་པ་གཙིགས་ཤིང་། གཡོན་དུ་རྔམ་པ། སྨ་ར་དང་། སྨིན་མ་དང་། དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་འོད་ཟེར་སྣ་ཚོགས་འཕྲོ་བ། སྤྱི་བོ་ནས་རྟ་མགོ་སྔོ་ལྗང་ཐོན་ཞིང་རྟ་སྐད་ཀྱིས་ཁམས་གསུམ་དབང་དུ་སྡུད་པ། ཀླུ་རྒྱལ་རིགས་དཀར་པོས་དབུར་བརྒྱན་པ། བྲམ་ཟེའི་རིགས་དམར་པོས་མགུལ་པ་བརྒྱན་པ། རྗེའུ་རིགས་སེར་པོས་ཕྱག་གདུབ། གདོལ་པའི་རིགས་ནག་པོས་ག་ཤལ། དམངས་རིགས་སེར་པོས་ཞབས་གདུབ་བྱས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ལ་སོགས་པ་དཔའ་བོའི་ཆས་བརྒྱད་ཀྱིས་བརྒྱན་པ་ཁྲོ་གཉེར་ཤིན་ཏུ་གཉེར་ཞིང་། རབ་ཏུ་འཇིགས་པར་བྱེད་པ། ལྟོ་བ་འཕྱང་ཞིང་སྐུ་ལུས་སྦོམ་ལ་ཐུང་བ། རུ་དྲ་ཕོ་མོ་བསྣོལ་བའི་སྟེང་དུ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་སྟོད་དུ་ཧྲཱིཿདམར་ནག་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་གོང་ལྟར་བྱ། ཛཿཧཱུྃ་བཾ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་སོགས་ནས། ཤྲཱི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། ཚོགས་ཞིང་སྐབས་ལྟར་མཆོད། ཧཱུྃ། གདུག་པ་འདུལ་མཛད་ཡེ་ཤེས་ལྔ་ཡི་སྐུ །སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ། ཁམས་གསུམ་དབང་དུ་སྡུད་པའི་རྟ་སྐད་འཚེར། །ཡེ་ཤེས་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཟླས་པའི་རྣལ་འབྱོར་ནི། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧྲཱིཿའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་བསྐོར་བ། དེ་དག་ལས་འོད་ཟེར་ཕོ་ཉ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། ནད་གདོན་སྡིག་སྒྲིབ་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་བསྲེགས་ཤིང་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཞལ་ནས་འཐོན་ཏེ་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམས་ལ། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་སརྦ་ཙིཏྟ་ཀ་ལ་མེ་དཔུང་གཏུབས། ཧ་ཧ་རྦད་རྦུད་གཏུབས། ཤག་ཧ་ནན་རྦད་རྦུད་གཏུབས། གྲཱྀཧྞ་རཱ་ཛ་ཡ་རྦད། མཱ་ར་ཡ་རྦད། ཅེས་ཅི་ནུས་བཟླ། ཐུན་མཐར་མཆོད་བསྟོད་གོང་བཞིན་བྱ། བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བགེགས་དང་ལོག་འདྲེན་སོགས་འབྱུང་པོ་མི་དང་མི་མ་ཡིན་པའི་ཉེར་འཚེ་ཐམས་ཅད་ཞི་བ་དང་། མྱུར་དུ་བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་འདོད་དོན་གསོལ། ཐུན་འཇོག་པ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །བཅོམ་ལྡན་རྟ་མགྲིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་བ་དང་སྨོན་ལམ་ཅི་ཤེས་བྱ་ཞིང་བསྙེན་པ་བྱེད་ན་འབུམ་ཕྲག་བཞི་བཟླ་བར་བཤད་དོ། །ཐུན་མཚམས་སུ་གཏོར་མ་འབུལ་ན། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམ། ཆུ་གཙང་གིས་བྲན་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་དཔལ་རྟ་མགྲིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཧཱུྃ། གཉིས་མེད་རང་བྱུང་དག་པའི་དཀྱིལ་འཁོར་ནས། །བརྗོད་མེད་ཆོས་ཉིད་དོན་ལས་མ་གཡོས་ཀྱང་། །དགྲ་བགེགས་གདུག་པ་འདུལ་བའི་དོན་སླད་དུ། །བརྩེ་བའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། ས་མ་ཡ་ཛ་ཛཿ ཛ་ཧཱུྃ་བཾ་ཧོ། ཧཱུྃ། འཇིག་རྟེན་རྣལ་འབྱོར་དག་པའི་དཀྱིལ་འཁོར་འདིར། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་ན། །རུ་དྲ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། །རྔམ་བརྗིད་ངར་དང་བཅས་ཏེ་བཞུགས་སུ་གསོལ། །ས་མ་ཡ་སཏྭཾ། གདུག་པ་འདུལ་མཛད་ཡེ་ཤེས་ལྔ་ཡི་སྐུ །སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ། ཁམས་གསུམ་དབང་དུ་སྡུད་པའི་རྟ་སྐད་འཚེར། །ཡེ་ཤེས་རོལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་བྱོན་པར་བསམ། ཨོཾ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་གསོལ་བར་བསམ་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ། ཧཱུྃ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། ཞེས་ལན་གསུམ་གྱིས་དབུལ། ཨོཾ་བཛྲ་པུཥྤེ་ནས་ནཻ་ཝིདྱ་ཨཱཿཧཱུྃ། ཧཱུྃ། སྐྱེ་འགག་གཉིས་སུ་མེད་པའི་ངོ་བོ་ལས། །ཆོས་ཉིད་མི་འགྱུར་རྟ་མཆོག་རོལ་པའི་སྐུ། གསུང་མཆོག་རྟ་སྐད་འཚེར་བས་འགྲོ་བ་འདུལ། །དབྱེར་མེད་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་འགྱུར་མེད་རྟོགས་པས་སྐུ་མདོག་ནག །ཤེས་རབ་རལ་གྲི་འཕྱར་བས་འཁོར་བ་གཅོད། །གཡོན་ན་མེ་ཕུང་བསྣམས་པས་བདུད་ཁམས་སྲེག །འཇིགས་བྱེད་དྲག་པོ་ཁྱོད་ལ་ཕྱག་འཚལ་ལོ། ཁམས་གསུམ་དབང་དུ་སྡུད་པའི་རྟ་སྐད་འཚེར། །སྲིད་གསུམ་སྲེག་མཛད་སྤྱན་གསུམ་མེ་ཕུང་འཕྲོ། །སྨིན་མ་གློག་སྟོང་མ་རིག་མུན་པ་འཇོམས། །གཤིན་རྗེ་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །རྣམ་ཐར་བརྒྱད་ལྡན་དཔལ་གྱི་ཆས་བརྒྱད་གསོལ། །ཞབས་གཉིས་དོར་སྟབས་བགྲད་པས་བདུད་རྣམས་འཇོམས། །དབང་ཆེན་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །འགག་མེད་པདྨའི་གསུང་ལ་ཕྱག་འཚལ་ལོ། །དབྱེར་མེད་བརྩེ་བའི་ཐུགས་ལ་ཕྱག་འཚལ་ལོ། །དམ་རྫས་འབར་བའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །འདོད་དོན་གསོལ་བ་ནི། བཅོམ་ལྡན་འདས་དཔལ་རྟ་མགྲིན་སོགས་ནས། བྱིན་གྱིས་བརླབ་ཏུ་གསོལ། བར་སྔ་མ་ལྟར་བརྗོད། མ་འབྱོར་པ་དང་ཉམས་པ་དང་།སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། ཨོཾ་ཨཱཿཧཱུྃ་ཞེས་པས་རང་གི་གནས་གསུམ་བསྲུངས་ལ་བསྔོ་བ་དང་བཀྲ་ཤིས་གང་ཤེས་བྱའོ། ༈ །འདིའི་རྗེས་གནང་བྱེད་པར་འདོད་ན། གནས་དབེན་པར་མཎྜལ་བ་བྱུང་གིས་བྱུགས་པ་ལ་མེ་ཏོག་ནག་པོའི་ཚོམ་བུ་གཅིག་བཀོད། དེའི་དབུས་སུ་རྟ་མགྲིན་གྱི་སྐུ་དང་དཔལ་གཏོར་དར་གདུགས་མཐིང་ནག་གིས་སྤྲས་པ། གཡས་སུ་སྒྲུབ་ཐབས་ཀྱི་གླེགས་བམ། གཡོན་དུ་སེང་ལྡེང་གི་ཕུར་པ། རྒྱབ་ཏུ་རྡོ་རྗེ་བཀོད། ཆུ་གཉིས་ཉེར་སྤྱོད་དང་འབུལ་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམ། ཡོ་བྱད་གཞན་སྤྱི་ལྟར་འདུ་བྱས་ལ། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་སྤྱི་འགྲོ་བྱ། སྐྱབས་སེམས་ནས་བརྩམ་བདག་བསྐྱེད་བསྒོམ་བཟླས་དང་། ཚོམ་བུའི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ། མཆོད་བསྟོད། གཏོར་མ་འབུལ་བ། བཟླས་པ་བྱ་བ་རྣམས་བདག་མདུན་གྱི་ཁྱད་པར་མ་འཛོལ་བར་གྲུབ་རྗེས། སློབ་མ་རྣམས་ཁྲུས་བྱས་ཏེ་གྲལ་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་བྱ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་སྒྲུབ་སྡེ་ཆེན་པོ་སྡེ་བརྒྱད་ཀྱི་ནང་ཚན་པདྨ་གསུང་གི་རིགས་དབང་ཆེན་རྟ་མཆོག་རོལ་པ་ལ། རྟ་མགྲིན་རིགས་ལྔ་དང་ཡེ་ཤེས་དང་ལས་ཀྱི་ཚུལ་དུ་སྟོན་པའི་སྒྲུབ་པའི་བཀའ་སྲོལ་མཐའ་ཡས་པ་བྱུང་བ་ལས། འདིར་ཕྲིན་ལས་དྲག་པོར་ཁྲོས་པ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་དུ་གྲགས་པ། འདི་ལའང་བཀའ་གཏེར་ལས་བྱོན་པའི་སྒྲུབ་ཐབས་ཀྱི་རིམ་པ་རྒྱས་བསྡུས་ལས་ཚོགས་ཀྱི་བྱེ་བྲག་བཅས་མང་དུ་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དང་རྣམ་དབྱེར་མེད་པའི། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་ཞལ་གཟིགས་ནས་བྱིན་གྱིས་བརླབས་པས་གདམས་ངག་ཉེ་བརྒྱུད་དུ་བྱུང་བའི་རྟ་མགྲིན་ཟླ་རྒྱལ་ལུགས་ཞེས་ཡོངས་སུ་གྲགས་ཤིང་། དམ་པའི་ཆོས་སྒྲུབ་པ་ལ་ཉེ་བར་འཚེ་བའི་འགལ་རྐྱེན་བར་དུ་གཅོད་པ་སྤྱི་དང་། ནད་གདོན་བགེགས་ཀྱི་རིགས་ཐམས་ཅད་ཞི་ཞིང་ཚར་གཅོད་པ་ལ་མཆོག་ཏུ་བསྔགས་པ་འདི་ཉིད་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། རྗེས་སུ་གནང་བའི་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ལ་མཎྜལ་དབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་རྣམས་དགོས་པ་ཡིན་པས། སློབ་དཔོན་ལ་བཅོམ་ལྡན་འདས་དཔལ་རྟ་མགྲིན་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པའི་སྒོ་ནས་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། །དེ་ལྟར་མཎྜལ་ཕུལ་ནས་ཕྱག་མེ་ཏོག་དང་བཅས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་དབང་བསྐུར་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྟ་མགྲིན་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ། ཁྲོ་བོ་ཁྲོ་མོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་བཞུགས་པར་མོས། དེ་རྣམས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས་བྱ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་དཔལ་རྟ་མགྲིན་གྱི་གོ་འཕང་མ་འཐོབ་ཀྱི་བར་དུ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡི་དམ་དུ་འཛིན་པར་འཚལ་གྱིས། བཅོམ་ལྡན་འདས་བདག་ལ་འགོ་བར་མཛད་དུ་གསོལ། དེས་སྔོན་འགྲོའི་ཆོས་རྣམས་གྲུབ། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཁྱེད་རང་རྣམས་ཀྱི་སྐུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཀྱི་སྡིག་སྒྲིབ་བག་ཆགས་སྣང་བའི་དངོས་པོ་དང་བཅས་པ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་མཐིང་ནག །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སློབ་མ་རྣམས་ཀྱི་སྤྱི་བོར་མེ་ཏོག་རེ་བཞག་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་ནག་དེ་ལས་འོད་ཟེར་འཕྲོས་འདུས། ཡོངས་སུ་གྱུར་པ་ལས་དཔལ་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཞེས་པ་ནས། འོད་དཔག་ཏུ་མེད་པས་དབུར་བརྒྱན་པར་གྱུར། ཅེས་པའི་བར་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་མཆོད་པ་གོང་བཞིན་བྱ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །དཔལ་རྟ་མགྲིན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདི་ལ་དབང་སྐུར་ཅིག །དུས་འདི་ནས་ནི་བཟུང་ནས་སུ། །རྟ་མགྲིན་གོ་འཕང་མ་འཐོབ་བར། །ཡི་དམ་ལྷ་རུ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས། རྟ་མགྲིན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལ་ཐིམ་པའི་མོས་པ་མཛོད། དེ་གསང་སྔགས་པའི་ལུགས་ཀྱི་ཡེ་ཤེས་པ་བསྟིམ་པ་བྱ་བ་ཡིན། དེ་ལྟར་ཐིམ་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་སྐུ་མདོག་ནག་པོ། ཅེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། བར་སྒྲུབ་ཐབས་ལྟར་བསྐྱེད། དེ་ནས་སྐུའི་རྗེས་སུ་གནང་བའི་སླད་དུ། མདུན་བསྐྱེད་སློབ་དཔོན་དང་བཅས་པས་དཔལ་རྟ་མགྲིན་གྱི་སྐུ་ཁྱེད་རྣམས་ཀྱི་སྤྱི་བོར་བཞག་སྟེ། ལུས་ལ་བར་དུ་གཅོད་པར་བྱེད་པའི་བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་བཅད་ནས། རྟ་མགྲིན་གྱི་སྐུའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་ཏེ། སྐུའི་རྗེས་སུ་གནང་བ་བྱིན་པར་མོས། བྲིས་སྐུ་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །གང་གིས་བསྒོམས་པ་ཙམ་གྱིས་ནི། །བདུད་དང་ཉོན་མོངས་འཇོམས་པར་བྱེད། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་བཅོམ་ལྡན་འདས་རྟ་མགྲིན་གྱི་སྐུར་བྱིན་གྱིས་བརླབས་པའི་མོས་པ་མཛོད། གསུང་གི་རྗེས་གནང་གི་སླད་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པས་གླེགས་བམ་ཁྱེད་རང་གི་མགྲིན་པར་གཏུགས་ཏེ། ངག་ལ་བར་དུ་གཅོད་པར་བྱེད་པའི་བདུད་དང་ཉོན་མོངས་པ་ཐམས་ཅད་སྦྱངས་ནས། རྟ་མགྲིན་གྱི་གསུང་གི་བྱིན་རླབས་མ་ལུས་པ་ངག་ལ་ཞུགས་ཏེ། གསུང་གི་རྗེས་སུ་གནང་བ་བྱིན་པར་མོས། པུསྟི་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་གསུང་གི་དབང་། །གང་གིས་བཀླགས་པ་ཙམ་གྱིས་ནི། །དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར། །དེ་རིང་སོགས་ནས། གྲཱི་ཝ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་བཟླས་ལུང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་གསོལ་བ་བཏབ་ནས་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་སྙིང་གའི་དཀྱིལ་དུ་ཡི་གེ་ཧྲཱིཿདམར་ནག་ཅིག་སྒོམས་མཛོད། སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། སློབ་དཔོན་གྱི་སྙིང་ག་ནས་འོད་ཟེར་འཕྲོས། མཎྜལ་གྱི་སྟེང་གི་རྟ་མགྲིན་ལ་ཕོག་པས་དེའི་ཐུགས་རྒྱུད་བསྐུལ། རྟ་མགྲིན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཆུ་བུར་བརྡོལ་བ་བཞིན་ཐོལ་ཐོལ་བྱུང་། རྟ་མགྲིན་གྱི་ཞལ་ནས་འཐོན། ཁྱེད་རང་དེར་བསྒོམས་པའི་ཞལ་དུ་ཞུགས། ཧྲཱིཿདམར་ནག་གི་མཐའ་སྐོར་དུ་འཁོད་པའི་མོས་པ་མཛོད་ལ་འདིའི་རྗེས་ཟློས་མཛོད། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་སོགས་རྩ་སྔགས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །དེ་ནས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །ཞེས་པ་ནས། སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པའི་བར་བརྗོད་ལ་མེ་ཏོག་གཏོར། དེས་གསུང་གི་རྗེས་སུ་གནང་བ་ཐོབ།ཅེས་སོགས་གོང་གི་ངོ་སྤྲོད་འདོན་པ་བསྒྱུར། ཐུགས་ཀྱི་རྗེས་གནང་གི་སླད་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པས་རྡོ་རྗེ་རྩེ་ལྔ་པ་ཁྱེད་རང་གི་སྙིང་གར་གཏུགས་ཏེ་མཐར་ཕྱག་གཡས་སུ་བྱིན་པས། སེམས་ལ་བར་དུ་གཅོད་པར་བྱེད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཚར་བཅད་ནས། རྟ་མགྲིན་གྱི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་སེམས་ལ་ཞུགས་ཏེ། ཐུགས་ཀྱི་རྗེས་སུ་གནང་བ་བྱིན་པར་མོས། ཡེ་ཤེས་ལྔའི་རང་བཞིན་རྡོ་རྗེ་སྤྱི་བོརབ་ཞག་ལ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་། །གང་གིས་བཅངས་པ་ཙམ་གྱིས་ནི། །བདུད་དང་ལོག་ལྟ་འཇོམས་པར་བྱེད། །དེ་རིང་སོགས་ནས། གྲཱི་ཝ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་ཅེས་སོགས་ངོ་སྤྲོད་འདོན་པ་བསྒྱུར། ཕྲིས་ཀྱི་རྗེས་གནང་གི་སླད་དུ་མདུན་བསྐྱེད་སློབ་དཔོན་དང་བཅས་པས་ཕུར་པ་ཁྱེད་རང་གི་ཕྱག་ཏུ་བྱིན་ཏེ། བྱེད་ལས་བར་དུ་གཅོད་པའི་བདུད་དང་དགྲ་བགེགས་ཐམས་ཅད་ཚར་བཅད་ནས། རྟ་མགྲིན་གྱི་ཕྲིན་ལས་ཀྱི་བྱིན་རླབས་མ་ལུས་པ་ཁྱེད་རྣམས་ཀྱི་བྱེད་ལས་ལ་ཞུགས་ཏེ། ཕྲིན་ལས་ཀྱི་རྗེས་སུ་གནང་བ་བྱིན་པར་མོས། སེང་ལྡེང་ཕུར་བུ་བསྒྲིལ་ཞིང་གཏད་ལ། སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །གང་གིས་བསྒྲིལ་བ་ཙམ་གྱིས་ནི། །བདུད་དང་དགྲ་བགེགས་གསོད་པར་བྱེད། །དེ་རིང་སོགས་ནས། གྲཱི་ཝ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཨ་བྷི་ཥིཉྩ་ཧཱུྃ། དེས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ། བྱེད་ལས་ཀྱི་བར་ཆད་ཞི་བར་བྱས། བྱེད་ལས་བཅོམ་ལྡན་འདས་རྟ་མགྲིན་གྱི་ཕྲིན་ལས་སུ་བྱིན་གྱིས་བརླབས་པར་མོས་པ་མཛོད། འདིར་རྩ་གཞུང་དུ་གཏོར་མའི་བྱིན་བརླབ་བཤད་པ་ལྟར་བྱེད་ན། གཏོར་མ་ཉིད་སྒྲུབ་ཐབས་ལྟར་དམ་ཚིག་པར་བསྐྱེད། ཚིགས་བཅད་སྔགས་དང་བཅས་པས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ནས་དབང་བསྐུར་རྒྱས་གདབ་བར་བྱ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། ཧཱུྃ། སྐྱེ་འགག་གཉིས་སུ་མེད་པའི་སོགས་བསྟོད་པ་ཤོ་ལོ་ཀ་ལྔའི་མཐར། རྣལ་འབྱོར་ཚེ་ཡི་བར་ཆད་ཟློག་ཏུ་གསོལ། །ཅེས་པས་བསྟོད་ཅིང་གསོལ་བ་གདབ། གཏོར་མའི་དཔལ་འབར་སྤར་ལ་བྱིན་རླབས་བྱ་བར་གསུངས་པ་འདི་ཁོ་ནས་དབང་རྫོགས་སུའང་འགྱུར་བས་རྒྱས་པར་སྤྲོ་ན་དེ་ལྟར་བྱ། རྗེས་གནང་དང་སྦྲེལ་བའི་ཚེ་བཀའ་བསྒོ་ཙམ་ལ་གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་དཔལ་རྟ་མགྲིན་ནག་པོ་དངོས་སུ་གསལ་བའི་དབུ་གཙུག་ཏུ་རྩ་བའི་བླ་མ་ནས་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་མཐར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་ནས་ཡོད་པར་མོས་པ་བྱས་ཏེ། དེ་སློབ་དཔོན་གྱིས་ཁྱེད་རང་གི་སྤྱི་བོར་བཞག་ནས་བཀའ་བསྒོས་པར་མོས་པ་མཛོད། མཚན་མོ་ཡིན་ན་གཏོར་མ་ལ་དཔལ་འབར་བཙུགས། ཉིན་མོ་མི་དགོས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་སརྦ་ཙིཏྟ་ཀཱ་ལ་མེ་དཔུང་གཏུབས། ཧ་ཧ་རྦད་རྦུད་གཏུབས། ཤག་ཧ་ནན་རྦད་རྦུད་གཏུབས། གྲཱྀཧྣ་རཱ་ཛ་ཡ་རྦད། མཱ་ར་ཡ་རྦད། བ་ལིཾ་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བཅོམ་ལྡན་འདས་ཤྲཱི་ཧ་ཡ་གྲཱི་ཝ། བྱང་སེམས་ཟླ་བ་རྒྱལ་མཚན། ཞང་སྐྱི་ཚ་འོད་ཆེན། ཞང་དབུ་དཀར་བ། ཞང་ལོ་ཙཱ་བ། ཞང་བྱང་ཆུབ་རིན་ཆེན་ནས་རིམ་པར་བྱོན་པའི་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ། འདི་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། འདི་རྣམས་ཀྱི་ནད་དང་གདོན་བགེགས་བར་གཅོད་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་རྣམས་དབང་ཕྱུག་ལ་སོགས་པ་ལེགས་པའི་ཡོན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་ཡང་ལས་ངན་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་དཔལ་རྟ་མགྲིན་རྡོ་རྗེའི་སློབ་མ་འདི་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ། འདི་རྣམས་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། འགོ་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། གཏོར་མ་རྟ་མགྲིན་དུ་གསལ་བ་དེ་ལས་བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱི་སྐུ་མཐེ་བོང་གི་ཚད་ཙམ་པ་ཞིག་མཆེད་དེ་ཁྱེད་རང་གི་སྤྱི་བོར་ཐིམ་པའི་མོས་པ་མཛོད། རྗེས། གཙོ་བོས་ཇི་ལྟར་སོགས་དང་། གཏར་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་སྤྱི་ལྟར་བྱ། མདུན་བསྐྱེད་ལ་མཆོད་བསྟོད་འབུལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། ཙཀ་ལི་ལ་བརྟན་བཞུགས་བྱ། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་སྨོན་ལམ་ཅི་ཤེས་གང་རིགས་བཏབ་ལ། ལས་ཀྱི་རྗེས་མི་མངོན་པར་བྱ་བར་གསུངས་སོ། །སྟོབས་བཅུའི་ཤུགས་འཆང་ཉིན་བྱེད་གཟིས། །བདུད་བགེགས་མུན་རུམ་མཐར་བསྐྲད་ནས། །ཡང་དག་ཡེ་ཤེས་སྣང་བའི་ལམ། །བྱང་ཆུབ་བར་དུ་བདེར་བགྲོད་ཤོག །ཅེས་པ་འདིའང་རཏྣ་གཏེར་གྱི་བང་མཛོད་ཆེན་པོར་དབྱིག་གི་བཅུད་མཆོག་ཡོངས་སུ་རྫོགས་པའི་ཆ་རྐྱེན་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྩ་གཞུང་གི་དགོངས་པ་བཅོས་མེད་སོར་བཞག་ཏུ་བཀོད་པ་དགེ་ལེགས་འཕེལ། །དགེའོ། །དགེའོ། །དགེའོ།། །།
བླ་མ་ཡིད་བཞིན་ནོར་བུའི་གསོལ་འདེབས་དབང་བཞི་མྱུར་འབེབས་བཞུགས་སོ༔་གསོལ་འདེབས་ལེའུ་བཞི་པ་ཕྱི་ནང་གསང་གསུམ་ཟབ་བོ་ (Volume 5, Text 40)
བླ་མ་ཡིད་བཞིན་ནོར་བུའི་གསོལ་འདེབས་དབང་བཞི་མྱུར་འབེབས་བཞུགས་སོ༔༙ གསོལ་འདེབས་ལེའུ་བཞི་པ་ཕྱི་ནང་གསང་གསུམ་ཟབ་བོ༔༙ ྀཨྠི༔༙ བླ་མ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔༙ བླ་མ་ཡིད་བཞིན་ནོར་བུ་ལས༔༙ དཀྱིལ་འཁོར་མུ་ཏིག་ཕྲེང་སྐོར་ལུགས་ཀྱི་གསོལ་འདེབས་དབང་བཞི་མྱུར་འབེབས་བྱ་བ་ནི༔༙ ཇོ་མོ་མཚོ་རྒྱལ་གུས་པས་ཉོན༔༙ དག་སྣང་ཚོམ་བུར་བྱུང་བཞིན་དུ༔༙ དམིགས་པས་གསོལ་བ་འདེབས་པར་གྱིས༔༙ བྱིན་རླབས་ཐོག་བབ་ཉིད་དུ་འབྱུང༔༙ ཨེ་མ་ཧོ༔༙ གསང་སྔགས་བསྟན་པ་རྨད་བྱུང་ཤཱཀྱའི་ཞིང༔༙ གསང་སྔགས་བདག་པོ་ཨོ་རྒྱན་ཆོས་ཀྱི་རྗེ༔༙ འཁོར་དུ་གྲུབ་ཐོབ་རིག་འཛིན་རྒྱ་མཚོས་བསྐོར༔༙ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔༙ གུ་རུ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས༔༙ གསོལ་འདེབས་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔༙ ཅེས་ཚིག་འོག་མ་གསུམ་པོ་འགྲེས་སུ་བྱ། འོག་མིན་ཆོས་དབྱིངས་དག་པའི་ཞིང་ཁམས་སུ༔༙ སྟོན་པ་པད་འབྱུང་རྡོ་རྗེ་འཆང་ཆེན་ལ༔༙ བདེ་གཤེགས་རིགས་ཀྱི་ཚོམ་བུ་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔༙ གུ་རུ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས༔༙ གསོལ་འདེབས་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔༙ ལྷུན་གྲུབ་འོད་ལྔ་དག་པའི་ཞིང་མཆོག་ན༔༙ པདྨ་ལོངས་སྐུ་སངས་རྒྱས་རིགས་ལྔ་ལ༔༙ རིགས་ལྔ་ཞི་ཁྲོ་ཚོམ་བུ་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འཇའ་འོད་མེ་དཔུང་འབར་བའི་ཞིང་ཁམས་སུ༔༙ པདྨ་ཆེ་མཆོག་དཔལ་ཆེན་ཧེ་རུ་ཀ༔༙ ཁྲོ་བོ་ཁྲག་འཐུང་ལྷ་ཚོགས་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རབ་བརྟན་བདེ་བ་ཆེན་པོའི་ཞིང་ཁམས་སུ༔༙ སྟོན་པ་ཨོ་རྒྱན་མགོན་པོ་ཚེ་དཔག་མེད༔༙ འཆི་མེད་ཚེ་ཡི་རིག་འཛིན་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཕོ་བྲང་རི་བོ་ཏ་ལའི་ཞིང་མཆོག་ཏུ༔༙ པདྨ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལ༔༙ ཐུགས་རྗེ་རིགས་འདུས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འཁོར་ལོ་རྩེ་ལྔ་འབར་བའི་ཞིང་ཁམས་སུ༔༙ པདྨ་འཇམ་དཔལ་གཞོན་ནུར་གྱུར་པ་ལ༔༙ སྐུ་ཡི་རིག་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དབང་ཆེན་རྟ་མཆོག་རོལ་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་དབང་ཆེན་རྟ་མཆོག་ལ༔༙ གསུང་གི་རིག་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གནས་མཆོག་ལྕང་ལོ་འབར་བའི་ཞིང་ཁམས་སུ༔༙ པདྨ་གསང་སྔགས་མཛོད་འཛིན་ཕྱག་རྡོར་ལ༔༙ ཐུགས་ཀྱི་རིག་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བཻ་ཌཱུརྱ་ཡི་ཞིང་ཁམས་དྲི་མེད་དུ༔༙ པདྨ་སངས་རྒྱས་སྨན་བླ་ཆེན་པོ་ལ༔༙ དྲང་སྲོང་སྨན་གྱི་ལྷ་ཚོགས་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བསྐལ་བཟང་སངས་རྒྱས་གངྒའི་ཞིང་ཁམས་སུ༔༙ པདྨ་སངས་རྒྱས་ཕྲིན་ལས་གཅིག་བསྡུས་ལ༔༙ བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གནས་མཆོག་པདྨ་འོད་ཀྱི་ཞིང་ཁམས་སུ༔༙ པདྨ་ཆོས་རྒྱལ་དྲག་པོར་སྨྲ་བ་ལ༔༙ ཤ་ཟ་སྲིན་པོའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཨོ་རྒྱན་མཁའ་སྤྱོད་རིག་འཛིན་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་གར་གྱི་དབང་ཕྱུག་ལ༔༙ དཔའ་བོ་མཁའ་འགྲོ་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དབང་དྲག་རྟ་མཆོག་རོལ་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་དྲེགས་འདུལ་པདྨ་དབང་དྲག་ལ༔༙ རྟ་མཆོག་རོལ་པ་གསང་སྔགས་ལྷ་ཡིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འཐུག་པོ་བཀོད་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་ཆེན་པོ་བྷུདྡྷ་ཐོད་ཕྲེང་རྩལ༔༙ སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ མངོན་པར་དགའ་བའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔༙ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཔལ་དང་ལྡན་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་ཆེན་པོ་རཏྣ་ཐོད་ཕྲེང་རྩལ༔༙ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བདེ་བ་ཅན་གྱི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔༙ པདྨ་རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ལས་རབ་རྫོགས་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་ཆེན་པོ་ཀརྨ་ཐོད་ཕྲེང་རྩལ༔༙ ཀརྨ་རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཤར་ཕྱོགས་གཏུམ་དྲག་འབར་བའི་དུར་ཁྲོད་ནས༔༙ ཨོ་རྒྱན་རིག་འཛིན་པདྨ་འབྱུང་གནས་ལ༔༙ མི་ཕྱེད་རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔༙ གུ་རུ་ཨོ་རྒྱན་པདྨ་སཾ་བྷ་ལ༔༙ མི་འདའ་གཉན་གྱི་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ལྷོ་ཕྱོགས་སྐུ་ལ་རྫོགས་པའི་དུར་ཁྲོད་ནས༔༙ གུ་རུ་པདྨ་བློ་ལྡན་མཆོག་སྲེད་ལ༔༙ གཟི་བརྗིད་རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ལྷོ་ནུབ་བདེ་ཆེན་བརྡལ་བའི་དུར་ཁྲོད་དུ༔༙ ཨོ་རྒྱན་ཆེན་པོ་པདྨ་རྒྱལ་པོ་ལ༔༙ སྣ་ཚོགས་དབང་གི་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ནུབ་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་ནས༔༙ གུ་རུ་པདྨ་ཉི་མ་འོད་ཟེར་ལ༔༙ དྲི་མེད་པདྨ་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ནུབ་བྱང་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ནས༔༙ གུ་རུ་པདྨ་ཤཱཀྱ་སེངྒེ་ལ༔༙ ཀུན་ཏུ་རྒྱུ་བའི་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བྱང་ཕྱོགས་ཀཱི་ལ་སྒྲོག་པའི་དུར་ཁྲོད་དུ༔༙ གུ་རུ་པདྨ་སེངྒེ་སྒྲ་སྒྲོག་ལ༔༙ མི་ཐུབ་ཀརྨ་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བྱང་ཤར་ལངྐ་བརྩེགས་པའི་དུར་ཁྲོད་ན༔༙ གུ་རུ་པདྨ་རྡོ་རྗེ་གྲོ་ལོད་ལ༔༙ རིག་འཛིན་འཇིག་རྟེན་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དྲི་མ་མེད་པའི་ཞིང་མཆོག་དམ་པ་ན༔༙ གུ་རུ་པདྨ་སྐྱེད་བཟང་ཆེན་པོ་ལ༔༙ དྲི་མེད་རིགས་ཀྱི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཡོན་ཏན་འབྱུང་གནས་ཞིང་མཆོག་དམ་པ་ན༔༙ གུ་རུ་པདྨ་འོད་བཀོད་ཆེན་པོ་ལ༔༙ ཡོན་ཏན་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྒྱན་རྣམས་བཀོད་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་གུ་རུ་པདྨ་གར་དབང་ལ༔༙ རིག་འཛིན་མཁའ་འགྲོ་འབུམ་ཕྲག་དུ་མས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བག་ཚ་མེད་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་དོན་ཡོད་རྡོ་རྗེ་ལ༔༙ དོན་གྲུབ་རིགས་ཀྱི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་པར་མཛེས་ལྡན་དམ་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་འཁྲུལ་ཞིག་སེངྒེ་ལ༔༙ རྟོག་བྲལ་རྣལ་འབྱོར་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རབ་ཏུ་སྣང་བར་བྱེད་པའི་ཞིང་མཆོག་ཏུ༔༙ ཨོ་རྒྱན་པདྨ་འཛུམ་བཞད་རྩལ་འཆང་ལ༔༙ ཕ་རྒྱུད་གསལ་སྣང་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རབ་ཏུ་སྣང་བྱེད་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཐུགས་རྗེ་འགྲོ་འདུལ་ལ༔༙ ཐུགས་རྗེ་རིགས་འདུས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གདུང་བ་རབ་སེལ་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་འཇིག་རྟེན་དབང་ཕྱུག་ལ༔༙ གསུང་གི་དབང་ཕྱུག་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་པར་ཡོངས་སུ་སྣང་བའི་ཞིང་མཆོག་ཏུ༔༙ ཨོ་རྒྱན་པདྨ་འཁོར་བ་དོང་སྤྲུགས་ལ༔༙ ཐུགས་རྗེ་ཅན་གྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རིན་ཆེན་བཀོད་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་རབ་བྱུང་ཐུབ་དབང་ལ༔༙ ཉན་ཐོས་ཆ་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་པར་བཀྲམ་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཤུགས་ཅན་འཁོར་ལོ་ལ༔༙ འཇིགས་བརྒྱད་སྐྱོབ་པའི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རིན་ཆེན་གསེར་འོད་དམ་པའི་ཞིང་མཆོག་ཏུ༔༙ ཨོ་རྒྱན་པདྨ་དཔལ་འབར་ཞེས་བྱ་ལ༔༙ གསེར་གྱི་ཡན་ལག་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བཻ་ཌཱུརྱ་ཡི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཀུན་སྐྱོང་ཆེན་པོ་ལ༔༙ སྨན་བླ་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཡིད་ལ་མངོན་དགའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་མེ་ལོང་རྒྱལ་པོ་ལ༔༙ སྟོང་ཉིད་ཡེ་ཤེས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཀྱིལ་འཁོར་མེ་ལོང་བརྒྱན་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་ཅོད་པན་ཐོད་ཕྲེང་རྩལ༔༙ མཉམ་ཉིད་གྲུབ་པའི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཟླ་བ་རབ་བརྒྱན་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཡིད་སྣང་ཅོད་པན་ལ༔༙ སོ་སོར་རྟོག་པའི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཉི་ཟླ་འོད་གསལ་བརྒྱན་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་ཨིནྡྲ་ནཱི་ལ་ལ༔༙ བྱ་གྲུབ་ཡེ་ཤེས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ སྤོས་ཀྱི་དྲི་ལྡན་ཞིང་ཁམས་དམ་པ་རུ༔༙ ཨོ་རྒྱན་པདྨ་རྣམ་དག་ཡེ་ཤེས་ལ༔༙ ཆོས་དབྱིངས་ཡེ་ཤེས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་པར་སྤྲོ་བྱེད་ཞིང་ཁམས་དམ་པ་རུ༔༙ ཨོ་རྒྱན་པདྨ་མེ་ལོང་རྒྱལ་པོ་ལ༔༙ མེ་ཏོག་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རིན་ཆེན་འཕྲོ་བྱེད་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་རྒྱལ་པོ་ཀི་ལིང་ལ༔༙ ཐུགས་ཀྱི་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འོད་ཟེར་འབྱུང་གནས་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་འགྲོ་བ་ཀུན་སྐྱོང་ལ༔༙ གསུང་གི་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དགའ་བ་རྣམ་དག་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་གཡུལ་ངོ་རྣམ་རྒྱལ་ལ༔༙ སྐུ་ཡི་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གཙུག་ཏོར་རྣམ་བཀོད་ཞིང་མཆོག་དམ་པ་རུ༴ ཨོ་རྒྱན་པདྨ་སྲིད་གསུམ་མགོན་པོ་ལ༔༙ ཡོན་ཏན་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ངེས་པ་ཅན་གྱི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཀོ་ཤའི་རྒྱལ་པོ་ལ༔༙ ཕྲིན་ལས་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ངེས་པར་འཕགས་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་བཤེས་གཉེན་ལམ་སྟོན་ལ༔༙ རྦོད་གཏོང་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བདེ་བར་སྤྱོད་པར་བྱེད་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་གཅོད་འཇོམས་ཆེན་པོ་ལ༔༙ མཆོད་བསྟོད་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ པདྨ་བཀྲམ་བྱེད་རྒྱས་པའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་རང་བྱུང་འདོད་དགུ་ལ༔༙ དྲག་སྔགས་རིགས་ཀྱི་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཡོངས་སུ་རབ་གྲགས་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་འདྲེན་མཆོག་དེད་དཔོན་ལ༔༙ སྐུ་གསུམ་རིགས་འདུས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་པར་འཕྲུལ་བྱེད་ཞིང་ཁམས་དམ་པ་རུ༔༙ ཨོ་རྒྱན་པདྨ་བཀའ་རྟགས་རྒྱལ་པོ་ལ༔༙ ཕ་རྒྱུད་ལྷ་ཚོགས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་པར་སྦྱངས་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཀློང་ཡངས་རྣམ་དག་ལ༔༙ མ་རྒྱུད་ལྷ་ཚོགས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ པདྨ་སྨན་མཆོག་རྣམ་རྒྱལ་ཞིང་མཆོག་ཏུ༔༙ ཨོ་རྒྱན་པདྨ་རབ་དགའ་སྤྱོད་ཡུལ་ལ༔༙ སྨན་གྱི་ལྷ་ཚོགས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གསེར་གྱི་སྣང་འོད་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་རིན་ཆེན་སྣ་ཚོགས་ལ༔༙ འདོད་འབྱུང་ནོར་ལྷའི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བཀོད་པ་འོད་ཟེར་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་དྲག་པོ་ཕུར་པ་ལ༔༙ སྒྲོལ་བྱེད་ལྷ་ཚོགས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རིན་ཆེན་དམ་པ་གསེར་འབྱུང་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་ལྷུན་གྲུབ་དབང་ཆེན་ལ༔༙ དབང་གི་ལྷ་ཚོགས་ཚོམ་བུ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཔལ་གྱི་འབྱུང་གནས་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་སྐྱེ་མེད་མཐའ་བྲལ་ལ༔༙ ཕྱག་རྒྱ་ཆེན་པོའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ སྣང་བྱེད་དམ་པའི་ཞིང་ཁམས་འོད་སྣང་དུ༔༙ ཨོ་རྒྱན་པདྨ་འཇིགས་མེད་བདེ་སྦྱིན་ལ༔༙ ཚེ་ལ་དབང་བའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ མྱ་ངན་མེད་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་མཐོང་གྲོལ་ལེགས་པ་ལ༔༙ ས་ལ་གནས་པའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དགའ་བ་མདངས་ཅན་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་སྐྱེས་མཆོག་ནམ་མཁའ་ལ༔༙ རྣམ་པར་སྨིན་པའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གཟི་བརྗིད་འབྱུང་བའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་པདྨ་སཾ་བྷ་ལ༔༙ ལྷུན་གྱིས་གྲུབ་པའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འདུས་བྱས་སངས་རྒྱས་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་རིན་ཆེན་ཕྲེང་སྤྲས་ལ༔༙ བྱ་རྒྱུད་རིགས་ཀྱི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཡང་དག་སྦྱོང་བྱེད་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་བཀྲམ་རྒྱན་དབྱེར་མེད་ལ༔༙ སྦྱོང་རྒྱུད་རིགས་ཀྱི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ སྦྱོང་བྱེད་ཐ་དད་སྣང་བའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་མི་ནུབ་རྒྱལ་མཚན་ལ༔༙ གཉིས་མེད་རིགས་ཀྱི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཔུང་རྒྱན་རྒྱལ་མཚན་ཞེས་བྱའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་མུན་སེལ་སྣང་བྱེད་ལ༔༙ བླ་མེད་རྣལ་འབྱོར་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ པདྨ་རྒྱན་མཛེས་ཞིང་ཁམས་དམ་པ་རུ༔༙ ཨོ་རྒྱན་པདྨ་མི་ཡི་རྒྱལ་པོ་ལ༔༙ མ་ཧཱ་ཡོ་གའི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རབ་ཏུ་མཛེས་པར་སྣང་བའི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་འཁོར་བའི་གཡུལ་ཟློག་ལ༔༙ ཨ་ནུ་ཡོ་གའི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཙནྡན་བཀོད་པའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་རྣམ་པར་རོལ་པ་ལ༔༙ ཨ་ཏི་རིགས་ཀྱི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ སེངྒེ་འབྱུང་གནས་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ཐ་མི་དད་པ་ལ༔༙ ཡང་ཏི་ཏི་ལའི་ལྷ་ཚོགས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འོག་ཕྱོགས་རྒྱ་མཚོ་ཆེན་པོའི་ཞིང་མཆོག་ཏུ༔༙ ཨོ་རྒྱན་པདྨ་ཀླུ་རྒྱལ་དགའ་བོ་ལ༔༙ ཀླུ་ཡི་རིགས་ཀྱི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ མི་ཡུལ་ཨོ་རྒྱན་རྒྱ་གར་བོད་ཡུལ་དུ༔༙ ཨོ་རྒྱན་པདྨ་མི་ཡི་སློབ་དཔོན་ལ༔༙ མི་ཡི་རིག་འཛིན་བྱང་སེམས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཞིང་མཆོག་དམ་པ་རུ༔༙ ཨོ་རྒྱན་པདྨ་ལྷ་ཡི་རིག་འཛིན་ལ༔༙ ལྷ་ཡི་རིག་འཛིན་དྲང་སྲོང་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དམྱལ་བ་ན་ར་ཀ་ཡི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་རྣམ་པར་གནོན་པ་ལ༔༙ སྡུག་བསྔལ་སེལ་བྱེད་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཡི་དྭགས་པྲེ་ཏ་ཀ་ཡི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་རྣམ་པར་སྣང་བྱེད་ལ༔༙ དབུལ་བ་སེལ་བའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བྱོལ་སོང་ཏིརྻ་ཀ་ཡི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་སེངྒེ་སྒྲ་སྒྲོག་ལ༔༙ མུན་སེལ་ཤེས་རབ་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འཛམ་གླིང་དབུས་འགྱུར་མི་ཡི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་མི་ཡི་རིག་འཛིན་ལ༔༙ རིག་འཛིན་གྲུབ་ཐོབ་འབུམ་ཕྲག་དུ་མས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དགའ་ལྡན་ཕུན་ཚོགས་ལྷ་ཡི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་སྲིད་ཐུབ་འཛིན་པ་ལ༔༙ ལྷ་ཡི་རིག་འཛིན་སངས་རྒྱས་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ལྷ་མིན་ཧེ་ས་ཀ་ཡི་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་རྣམ་པར་རྒྱལ་བ་ལ༔༙ ལྷ་མིན་སྡེ་བརྒྱད་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ མ་འོངས་བསྐལ་པ་བྱམས་ཆེན་ཞིང་ཁམས་སུ༔༙ ཨོ་རྒྱན་པདྨ་རྒྱལ་སྲས་འགྲོ་འདུལ་ལ༔༙ མ་འོངས་བྱང་སེམས་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གཏེར་འབྱུང་མི་ཟད་ཞིང་མཆོག་དམ་པ་ན༔༙ གུ་རུ་པདྨ་ཟིལ་གནོན་རྩལ་ཞེས་ལ༔༙ སྨོན་ལམ་རྣམ་དག་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ འདོད་འབྱུང་བསོད་ནམས་རང་བཞིན་ཞིང་ཁམས་ན༔༙ གུ་རུ་པདྨ་ནོར་གྱི་དབང་ཕྱུག་ལ༔༙ ནོར་འབྱུང་གནོད་སྦྱིན་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ཁམས་གསུམ་དབང་དུ་སྡུད་པའི་ཞིང་ཁམས་ན༔༙ གུ་རུ་པདྨ་དབང་མཛད་རྡོ་རྗེ་ལ༔༙ དབང་སྡུད་རིག་བྱེད་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དྲག་པོས་དགྲ་བགེགས་བསྒྲལ་བའི་ཞིང་ཁམས་ན༔༙ གུ་རུ་པདྨ་འཇིགས་བྱེད་དྲག་པོ་རྩལ༔༙ སྒྲོལ་བྱེད་དྲེགས་པའི་རིག་འཛིན་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ལྷ་སྲིན་སྡེ་བརྒྱད་བསྒྲལ་བའི་ཞིང་ཁམས་ན༔༙ གུ་རུ་པདྨ་དམར་ནག་མེ་ཕྲེང་རྩལ༔༙ དྲེགས་པ་སྡེ་བརྒྱད་རིགས་ཀྱི་རིག་འཛིན་འབུམ༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཀྱིལ་འཁོར་ཤར་ཕྱོགས་དུར་ཁྲོད་ཞིང་ཁམས་སུ༔༙ རྡོ་རྗེ་རིགས་ལ་དབང་བའི་སྒོ་སྲུང་ཆེ༔༙ ཞི་བྱེད་རྡོ་རྗེ་གིང་ཆེན་ཡབ་ཡུམ་ལ༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཀྱིལ་འཁོར་ལྷོ་ཕྱོགས་དུར་ཁྲོད་ཞིང་ཁམས་སུ༔༙ རིན་ཆེན་རིགས་ལ་དབང་བའི་སྒོ་སྲུང་ཆེ༔༙ རྒྱས་མཛད་རིན་ཆེན་གིང་ཆེན་ཡབ་ཡུམ་ལ༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཀྱིལ་འཁོར་ནུབ་ཕྱོགས་དུར་ཁྲོད་ཞིང་ཁམས་སུ༔༙ པདྨའི་རིགས་ལ་དབང་བའི་སྒོ་སྲུང་ཆེ༔༙ དབང་མཛད་པདྨ་གིང་ཆེན་ཡབ་ཡུམ་ལ༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དཀྱིལ་འཁོར་བྱང་ཕྱོགས་དུར་ཁྲོད་ཞིང་ཁམས་སུ༔༙ ཀརྨ་རིགས་ལ་དབང་བའི་སྒོ་སྲུང་ཆེ༔༙ སྒྲོལ་བྱེད་ཀརྨ་གིང་ཆེན་ཡབ་ཡུམ་ལ༔༙ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔༙ གུ་རུ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས༔༙ གསོལ་འདེབས་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔༙ ཅེས་དེ་ལྟར་རྒྱུད་ཆད་མེད་པར་གསོལ་བ་ཐོབ༔༙ གསོལ་བ་བཏབ་པས་བྱིན་རླབས་འབྱུང༔༙ ཚེ་འདིར་པདྨ་བདག་གི་ཐུགས་རྗེས་བཟུང༔༙ སྒོ་གསུམ་སྨིན་ཅིང་གྲོལ་ཏེ་སངས་རྒྱས་ཐོབ༔༙ ཕྱི་མ་བར་དོར་ཚོམ་བུའི་ལྷ་ཚོགས་མཇལ༔༙ ལྷུན་གྲུབ་འོད་གསལ་ཚོམ་བུའི་ཀློང་དུ་ཐིམ༔༙ ཐ་མ་སྲིད་པ་བར་དོར་པདྨ་བདག༔༙ གསོལ་འདེབས་བུ་དེ་བསུ་བར་མ་གཅིག་པོས༔༙ བུ་ཉིད་རབ་ཁར་འཕྲད་ལྟར་མཁའ་སྤྱོད་དུ༔༙ ངེས་པར་འདྲེན་ནོ་པདྨའི་ཐ་ཚིག་ཡིན༔༙ ཞེས་གསུངས་དེ་ནས་ཇོ་མོ་ཡིས༔༙ ཕྱི་ལྟར་གསོལ་འདེབས་དེ་ལྟར་ན༔༙ ནང་ལྟར་གསོལ་བ་ཇི་ལྟར་བཏབ༔༙ ཅེས་ཞུས་གུ་རུས་གསུངས་པ་ལ༔༙ ཨེ་མ་ཧོ༔༙ ཉོན་དང་ཇོ་མོ་སྐལ་པ་ཅན༔༙ ནང་གི་གསོལ་བ་བཏབ་ཡུལ་ནི༔༙ ཡི་དམ་དཀྱིལ་འཁོར་ལྷ་ཡིན་ཏེ༔༙ ལྷ་ཚོགས་ཕྱི་རོལ་ཡུལ་དུ་མེད༔༙ རང་ལུས་རྒྱལ་བའི་ཕོ་བྲང་ལ༔༙ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་ཡོད༔༙ སྙིང་ཁར་གསང་ཆེན་ཞི་བའི་ལྷ༔༙ དཔྲལ་བར་ཆེ་མཆོག་ཁྲོ་བོ་ལ༔༙ མགྲིན་པར་ཐུགས་རྗེ་ཆེན་པོ་ལ༔༙ ལྟེ་བར་རྟ་མཆོག་རོལ་པ་ལ༔༙ གསང་བར་མཁའ་འགྲོ་མ་མོའི་ཚོགས༔༙ བ་སྤུ་རྡོ་རྗེ་གསང་སྔགས་ལྷ༔༙ རྡོ་རྗེ་ཐེག་པའི་ལྷ་ཀུན་ཡོད༔༙ སྤྱི་བོར་བཀའ་བརྒྱུད་བླ་མར་བཅས༔༙ ཡན་ལག་ཆོས་སྲུང་དཔའ་བོ་གིང༔༙ དེ་ཕྱིར་གསོལ་བ་འདི་བཞིན་ཐོབ༔༙ ཧཱུྃ༔༙ ཆོས་དབྱིངས་དག་པ་མཁའ་སྤྱོད་ཞིང༔༙ གཙུག་ཏོར་ནམ་མཁའི་ཕོ་བྲང་དུ༔༙ བཀའ་བརྒྱུད་རིག་འཛིན་སྟོན་པ་བཅུ༔༙ དགོངས་བརྡ་སྙན་བརྒྱུད་བཅས་པ་ལ༔༙ མོས་གུས་གདུང་བས་གསོལ་བ་འདེབས༔༙ གསོལ་འདེབས་བུ་ལ་དབང་སྐུར་ཅིག༔༙ ས་ལ་གནས་དང་ཚེ་ལ་དབང༔༙ ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ༔༙ རྣམ་པར་སྨིན་པའི་རིག་འཛིན་དང༔༙ ཨོ་རྒྱན་རིག་འཛིན་པདྨ་འབྱུང༔༙ རིག་འཛིན་བརྒྱུད་པའི་བླ་མ་ལ༔༙ མོས་གུས་གདུང་བས་གསོལ་བ་འདེབས༔༙ གསོལ་འདེབས་བུ་ལ་དབང་སྐུར་ཅིག༔༙ འོག་མིན་སྟུག་པོ་བཀོད་པའི་གནས༔༙ ཙིཏྟ་འོད་ལྔའི་ཕོ་བྲང་ན༔༙ བཅོམ་ལྡན་རིགས་ལྔ་སེམས་དཔའ་བརྒྱད༔༙ ཉེ་འཁོར་ཡབ་ཡུམ་བཅུ་བཅུས་བསྐོར༔༙ སྒོ་བ་ཡབ་ཡུམ་ཐུབ་ཆེན་དྲུག༔༙ གསང་ཆེན་དམ་པ་རིགས་བརྒྱ་ལ༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ དུར་ཁྲོད་འཇིགས་པའི་ཕོ་བྲང་ཆེ༔༙ དུང་ཁང་མེ་རི་འབར་བ་ན༔༙ ཁྲག་འཐུང་ཁྲོ་ཆེན་རིགས་ལྔ་དང༔༙ བཀའ་བརྒྱད་མ་མོ་ཕྲ་མེན་ཚོགས༔༙ དབང་ཕྱུག་ཉི་ཤུ་རྩ་བརྒྱད་བཅས༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ ཐུགས་རྗེ་པོ་ཏ་ལ་ཡི་ཞིང༔༙ ལོངས་སྤྱོད་མགྲིན་པའི་ཕོ་བྲང་ན༔༙ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔༙ ས་བཅུའི་སེམས་དཔའ་སེམས་མ་དང༔༙ ཐུགས་རྗེས་སྤྲུལ་པའི་ལྷ་ཚོགས་ལ༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ མེ་རླུང་རྟ་མཆོག་རོལ་པའི་ཞིང༔༙ ལྟེ་བ་སྤྲུལ་པའི་ཕོ་བྲང་ན༔༙ ཡི་དམ་རྟ་མགྲིན་ཡབ་ཡུམ་སྲས༔༙ སྒྲོལ་ཡུམ་ཕྲ་མེན་སྐུ་གསུང་ཐུགས༔༙ སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས༔༙ གྲངས་མེད་ལྷག་པའི་ལྷ་ཚོགས་ལ༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ དུར་ཁྲོད་གསང་ཆེན་རོལ་པའི་ཞིང༔༙ གསང་གནས་བདེ་ཆེན་ཕོ་བྲང་ན༔༙ བདུད་འདུལ་སིཾ་ཧ་མུ་ཁ་ལེ༔༙ ཕྱག་བཞི་མ་མོ་དམ་ཅན་ཚོགས༔༙ ཞིང་སྐྱོང་གཟའ་དང་རྡོ་རྗེ་ལེགས༔༙ སྲོག་ལེན་ཁྱུང་ཞོན་དྲག་པོ་བཞི༔༙ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ དབྱིངས་དང་ཡེ་ཤེས་དག་པའི་ཞིང་ཁམས་སུ༔༙ རྩ་རླུང་ཐིག་ལེ་འབར་བའི་དུར་ཁྲོད་ན༔༙ རྟ་ཕག་ཡབ་ཡུམ་གསང་བ་ཡེ་ཤེས་ལ༔༙ དཀར་དམར་མཐིང་དང་སྒྲོལ་མ་ལྷ་མོའི་ཚོགས༔༙ མཁའ་འགྲོ་རིགས་ལྔ་ཡེ་ཤེས་ལས་ལས་གྲུབ༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ སྲིད་པ་གསུམ་གྱི་དུར་ཁྲོད་གཉན་པོའི་གནས༔༙ བྱེ་བ་ཕྲག་བརྒྱ་ཕུང་པོའི་དུར་ཁྲོད་ན༔༙ ཞིང་སྐྱོང་མཁའ་འགྲོ་གིང་དང་ལངྐའི་ཚོགས༔༙ དཔལ་མགོན་བདུན་ཅུ་ཕོ་ཉ་བཀའ་སྡོད་སོགས༔༙ ལེགས་ཉེས་སྟངས་འཛིན་དམ་ཅན་རྒྱ་མཚོ་ལ༔༙ མོས་གུས་གདུང་བས༴ གསོལ་འདེབས་བུ་ལ༴ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔༙ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔༙ དངོས་གྲུབ་སྩོལ་དང་མཁའ་འགྲོ་པདྨ་འབྱུང༔༙ བར་ཆད་སོལ་ཅིག་ཆོས་སྐྱོང་བླ་མ་རྗེ༔༙ ཕྲིན་ལས་སྒྲུབས་ཤིག་དམ་ཅན་ཐོད་ཕྲེང་རྩལ༔༙ སྒྲུབ་མཆོག་བུ་ལ་དབང་བཞི་ཡོངས་རྫོགས་སྐུར༔༙ བསྐྱེད་རྫོགས་ཟུང་འཇུག་སྒྲུབ་པ་མཐར་ཕྱིན་ནས༔༙ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བྱིན་གྱིས་རློབས༔༙ གུ་རུའི་སྐུ་གསུང་ཐུགས་ཡོན་མཛད་མཉམ་ནས། བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔༙ སྲིད་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ༔༙ གང་འདུལ་སྤྲུལ་པ་འགྱེད་པར་བྱིན་གྱིས་རློབས༔༙ གུ་རུ་ཁྱེད་ཀྱིས་དངོས་གྲུབ་བརྙེས་པ་དེ༔༙ སྒྲུབ་མཆོག་བུ་ཡིས་བརྙེས་པར་བྱིན་གྱིས་རློབས༔༙ གུ་རུ་ཁྱེད་ཀྱིས་སྤྲུལ་པ་འགྱེད་པ་ལྟར༔༙ སྒྲུབ་མཆོག་བུ་ཡིས་འགྱེད་པར་བྱིན་གྱིས་རློབས༔༙ ཚེ་རབས་སྐྱེ་བ་དག་པར་རྒྱུད་བསྐུལ་ནས༔༙ འགྲོ་དོན་འཁོར་བ་དོང་སྤྲུགས་ནུས་པར་ཤོག༔༙ ཅེས་པའི་གསོལ་བ་བཏབ་པ་དང༔༙ གུས་པས་སྐྱོ་ཤས་མོས་གུས་བསྐྱེད༔༙ ངེས་འབྱུང་དད་པ་སྐྱེས་པ་དང༔༙ གཉིས་མེད་ཡིད་ཀྱིས་མཉམ་པར་ཞོག༔༙ གང་ལྟར་འདོད་པ་དེ་ཡིས་འགྲུབ༔༙ ཅེས་གསུངས་པས་མཚོ་རྒྱལ་གྱིས་ཞུས་པ༔༙ ནང་ལྟར་གསོལ་འདེབས་དེ་ལྟར་ན༔༙ གསང་བའི་གསོལ་འདེབས་ཇི་ལྟར་ལགས༔༙ མ་ཧཱ་གུ་རུས་གསུང་དུ་གསོལ༔༙ ཨེ་མ་ཧོ༔༙ ཉོན་ཅིག་སྣོད་ལྡན་སྐལ་ལྡན་མོ༔༙ གསང་ལྟར་གསོལ་བ་འདི་ལྟར་ཐོབ༔༙ ཅེས་གསུངས་གུ་རུ་འོད་དཔག་མེད་དུ་གྱུར༔༙ སྤྱི་བོར་བཛྲ་གུ་རུ་ཡབ་ཡུམ་ལ༔༙ རྡོ་རྗེ་མཁའ་འགྲོ་སུམ་བརྒྱ་དྲུག་ཅུ༔༙ མགྲིན་པར་པདྨ་གུ་རུ་ཡབ་ཡུམ་ལ༔༙ པདྨ་མཁའ་འགྲོ་བཅུ་དྲུག༔༙ ཐུགས་ཀར་བུདྡྷ་གུ་རུ་ཡབ་ཡུམ་ལ༔༙ བུདྡྷ་ཌཱ་ཀི་བརྒྱད༔༙ ལྟེ་བར་རཏྣ་གུ་རུ་ཡབ་ཡུམ་ལ༔༙ རཏྣ་ཌཱ་ཀི་དྲུག་ཅུ༔༙ གསང་གནས་ཀརྨ་གུ་རུ་ཡབ་ཡུམ་ལ༔༙ ཀརྨ་ཌཱ་ཀི་ཉི་ཤུ་རྩ་བཞིས་བསྐོར་བ་དང༔༙ གཞན་ཡང་བ་སྤུའི་ཁུང་བུ་ཐམས་ཅད་དཔའ་བོ་དཔའ་མོའི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བསྟན་ནས་བཀའ་བསྩལ་པ༔༙ ཨེ་མ་ཧོ༔༙ སྐུ་གསུམ་དག་པའི་ཞིང་ཁམས་སུ༔༙ སངས་རྒྱས་རིགས་འདུས་ཨོ་རྒྱན་པདྨ་ལ༔༙ སྐུ་གསུམ་ཡི་དམ་ཌཱ་ཀིའི་ཚོགས་ཀྱིས་བསྐོར༔༙ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔༙ གུ་རུ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས༔༙ གསོལ་འདེབས་བུ་ལ་དབང་བཞི་ལྷུན་གྲུབ་སྐུར༔༙ རྩེ་མོ་རྣམ་བཀོད་སྤྱི་བོའི་འཁོར་ལོ་རུ༔༙ ལྷ་མཆོག་བཛྲ་གུ་རུ་ཡབ་ཡུམ་ལ༔༙ རྡོ་རྗེ་ཌཱ་ཀི་སུམ་བརྒྱ་དྲུག་ཅུས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ མགྲིན་པ་རོ་འདུས་ངག་གི་འཁོར་ལོ་རུ༔༙ ལྷ་མཆོག་པདྨ་གུ་རུ་ཡབ་ཡུམ་ལ༔༙ པདྨ་རིགས་ཀྱི་ཌཱ་ཀི་བཅུ་དྲུག་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ སྙིང་ཁ་དྲན་བཀོད་ཆོས་ཀྱི་འཁོར་ལོའི་དབུས༔༙ ལྷ་མཆོག་བུདྡྷ་གུ་རུ་ཡབ་ཡུམ་ལ༔༙ བུདྡྷ་རིགས་ཀྱི་ཌཱ་ཀི་བརྒྱད་ཀྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ ལྟེ་བ་སྤྲུལ་པ་སྐྱེད་བྱེད་དཀྱིལ་འཁོར་དབུས༔༙ ལྷ་མཆོག་རཏྣ་གུ་རུ་ཡབ་ཡུམ་ལ༔༙ རིན་ཆེན་རིགས་ཀྱི་ཌཱ་ཀི་དྲུག་ཅུས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ གསང་གནས་བདེ་བ་མྱོང་བྱེད་ཙཀྲའི་དབུས༔༙ ལྷ་མཆོག་ཀརྨ་གུ་རུ་ཡབ་ཡུམ་ལ༔༙ ཀརྨ་རིགས་ཀྱི་ཌཱ་ཀི་རྩ་བཞིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྩ་ཆེན་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རུ༔༙ རིགས་འདུས་གུ་རུ་ཆེན་པོ་གཙོ་དགུ་ལ༔༙ རྫོགས་པའི་སངས་རྒྱས་སྟོང་ཕྲག་བདུན་ཅུས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ རྣམ་ཤེས་ཚོགས་བརྒྱད་འབྱུང་ལྔ་ཁམས་ལྔའི་ཞིང༔༙ སྤྲུལ་པའི་སྐུ་མཆོག་གུ་རུ་མཚན་བརྒྱད་ལ༔༙ རིགས་ལྔ་ཡབ་ཡུམ་མཁའ་འགྲོ་འབུམ་གྱིས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ དབང་པོ་ཚོགས་དྲུག་རྟེན་འབྲེལ་བཅུ་གཉིས་ལ༔༙ ཨོ་རྒྱན་གུ་རུ་ཞི་ཁྲོ་སྣ་ཚོགས་གཟུགས༔༙ འདོད་ཡོན་ཚོགས་དྲུག་ལྷ་དང་ལྷ་མོས་བསྐོར༔༙ གསོལ་བ་འདེབས་སོ༴ གུ་རུ་ཐུགས་རྗེ༴ གསོལ་འདེབས་བུ་ལ༴ བ་སྤུ་བྱེ་བ་ཉི་ཁྲི་ཆིག་སྟོང་ལ༔༙ ཨོ་རྒྱན་ཡང་སྤྲུལ་བྱེ་བ་ཉི་ཁྲིའི་ཚོགས༔༙ གིང་དང་ཆོས་སྐྱོང་དམ་ཅན་རྒྱ་མཚོས་བསྐོར༔༙ གསོལ་བ་འདེབས་སོ་ཨོ་རྒྱན་མཁའ་འགྲོའི་ཚོགས༔༙ གུ་རུ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས༔༙ གསོལ་འདེབས་བུ་ལ་དབང་བཞི་ལྷུན་གྲུབ་སྐུར༔༙ ཐུགས་ཡིད་གཅིག་ཏུ་བསྲེས་ལ་དབང་འདི་ཞུས༔༙ ཧོ༔༙ སྤྲུལ་པའི་སྐུ་མཆོག་ཨོ་རྒྱན་རིན་པོ་ཆེ༔༙ སྒྲུབ་མཆོག་བུ་དང་མཁའ་མཉམ་འགྲོ་ཀུན་གྱི༔༙ སྤྱི་བོ་བདེ་ཆེན་ལུས་ཀྱི་འཁོར་ལོའི་དབུས༔༙ བརྟན་པར་བཞུགས་ལ་དགའ་བའི་བུམ་དབང་སྐུར༔༙ གང་འདུལ་སྤྲུལ་པ་འགྱེད་པར་བྱིན་གྱིས་རློབས༔༙ ལོངས་སྤྱོད་རྫོགས་སྐུ་ཨོ་རྒྱན་རིན་པོ་ཆེ༔༙ སྒྲུབ་མཆོག་བུ་དང་མཁའ་མཉམ་འགྲོ་ཀུན་གྱི༔༙ མགྲིན་པ་རོ་འདུས་ངག་གི་འཁོར་ལོའི་དབུས༔༙ བརྟན་པར་བཞུགས་ལ་མཆོག་དགའི་གསང་དབང་སྐུར༔༙ ཐེག་ཆེན་ཆོས་ཀྱིས་འགྲོ་འདུལ་བྱིན་གྱིས་རློབས༔༙ ཆོས་སྐུ་ཀུན་བཟང་ཨོ་རྒྱན་རིན་པོ་ཆེ༔༙ སྒྲུབ་མཆོག་བུ་དང་མཁའ་མཉམ་འགྲོ་ཀུན་གྱི༔༙ སྙིང་ཁ་དྲན་བཀོད་ཆོས་ཀྱི་འཁོར་ལོའི་དབུས༔༙ བརྟན་པར་བཞུགས་ལ་དགའ་བྲལ་ཤེར་དབང་སྐུར༔༙ མཁྱེན་གསུམ་དབྱེར་མེད་འགྲོ་འདུལ་བྱིན་གྱིས་རློབས༔༙ ངོ་བོ་ཉིད་སྐུ་ཨོ་རྒྱན་རིན་པོ་ཆེ༔༙ སྒྲུབ་མཆོག་བུ་དང་མཁའ་མཉམ་འགྲོ་ཀུན་གྱི༔༙ ལྟེ་བ་སྤྲུལ་པ་སྐྱེད་བྱེད་འཁོར་ལོའི་དབུས༔༙ བརྟན་པར་བཞུགས་ལ་ལྷན་དགའི་དོན་དབང་སྐུར༔༙ སྣང་སྲིད་འཁོར་འདས་དབང་བསྐུར་བྱིན་གྱིས་རློབས༔༙ མངོན་པར་བྱང་ཆུབ་ཨོ་རྒྱན་རིན་པོ་ཆེ༔༙ སྒྲུབ་མཆོག་བུ་དང་མཁའ་མཉམ་འགྲོ་ཀུན་གྱི༔༙ གསང་གནས་བདེ་བ་མྱོང་བྱེད་ཙཀྲའི་དབུས༔༙ བརྟན་པར་བཞུགས་ལ་ཕྲིན་ལས་བཞི་དབང་སྐུར༔༙ བསྡུ་བ་རྣམ་བཞིས་འགྲོ་འདུལ་བྱིན་གྱིས་རློབས༔༙ རྡོ་རྗེ་སྐུ་མཆོག་ཨོ་རྒྱན་རིན་པོ་ཆེ༔༙ སྒྲུབ་མཆོག་བུ་དང་མཁའ་མཉམ་འགྲོ་ཀུན་གྱི༔༙ ཙིཏྟ་རིན་ཆེན་སེམས་ཀྱི་དཀྱིལ་འཁོར་དུ༔༙ བརྟན་པར་བཞུགས་ལ་ཨ་ཏི་གཅིག་ཅར་སྐུར༔༙ རྒྱལ་ཚབ་རྡོ་རྗེ་སློབ་དཔོན་བྱིན་གྱིས་རློབས༔༙ ཨེ་མ་ཧོ༔༙ ཨ་ལ་ལ༔༙ དབང་བསྐུར་རྡོ་རྗེ་རྒྱལ་པོར་བྱིན་བརླབས་ནས༔༙ དབང་བཞིའི་ཆུ་བོས་བདག་རྒྱུད་ལེགས་འཁྲུད་ཅིང༔༙ དགའ་བ་རྣམ་བཞིའི་དྲི་ཡིས་ལེགས་བྱུགས་ལ༔༙ བསྡུ་བ་རྣམ་བཞིས་འགྲོ་ཀུན་དབང་དུ་སྡུས༔༙ ཕྲིན་ལས་རྣམ་བཞིས་འགྲོ་དོན་ཐོགས་མེད་ཀྱིས༔༙ སྐྱེ་གནས་བཞི་དང་འགྲོ་ཀུན་མ་ལུས་པ༔༙ བྱང་ཆུབ་བདེ་ཆེན་ལམ་ལ་བཀོད་གྱུར་ནས༔༙ ཁམས་གསུམ་སྲིད་པ་འཁོར་བ་སྟོངས་གྱུར་ཅིག༔༙ ཅེས་པས་དབང་བླང་རྗེས་ཤེས་ངོ་བོ་ལ༔༙ མོས་གུས་སེམས་བཟུང་རྡོ་རྗེའི་སྙིང་པོ་བཟླས༔༙ སྣང་སྲིད་འཁོར་འདས་ཐམས་ཅད་རང་སེམས་ཏེ༔༙ རང་སེམས་ངོ་བོ་བླ་མར་སྒྲུབ་པ་ལ༔༙ སྒྲུབ་ཐབས་ཕྱི་ནང་གྲངས་མང་སོ་སོར་བསྟན༔༙ ཚེ་གཅིག་རང་སེམས་སངས་རྒྱས་ཐོབ་པའི་ཕྱིར༔༙ གསང་སྔགས་ཀུན་གྱི་ལམ་མཆོག་སྒྲུབ་པའི་ཐིག༔༙ མོས་གུས་གསོལ་འདེབས་ཁོ་ན་ཟབ་ལ་མཆོག༔༙ དེ་ཕྱིར་ཚེ་གཅིག་གསང་སྔགས་སྒྲུབ་པའི་ཐབས༔༙ གསང་སྔགས་རྩ་བ་བླ་མ་ཉིད་ཡིན་པས༔༙ བླ་མ་རྟག་ཏུ་སྒོམས་ལ་གསོལ་བ་ཐོབ༔༙ ཅེས་གསུངས་སོ༔༙ ཡང་མཚོ་རྒྱལ་གྱིས་ཞུས་པ༔༙ བླ་མེད་ཡང་གསང་ལྟར་དུ་གསོལ་བ་ཇི་ལྟར་གདབ༔༙ ཅེས་ཞུས་ཨོ་རྒྱན་གུ་རུས་བཀའ་བསྩལ་པ༔༙ ཨེ་མ་ཇོ་མོ་གུས་པས་ཉོན་གསུངས་ནས༔༙ གུ་རུའི་ཐུགས་ཀར་འོད་ལྔའི་དབུས་སུ༔༙ ཙིཏྟ་རིན་ཆེན་འབར་བ་ཟུར་བརྒྱད་པའི་སྟེང་དུ་འོད་དཔག་མེད་སྐུ་མདོག་དམར་པོ་རྒྱན་དུ་མས་སྤྲས་པ༔༙ ཕྱག་མཉམ་གཞག་བུམ་པ་བསྣམས་པ༔༙ འཁོར་བྱང་ཆུབ་སེམས་དཔའ་ཡབ་ཡུམ་བཅུ་དྲུག༔༙ དེའི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་མཐིང་ག་མཉམ་གཞག་རྒྱན་མེད་པ༔༙ དེའི་ཐུགས་ཀར་པདྨའི་ཟེའུ་འབྲུའི་ནང་དུ༔༙ པདྨ་རཱ་གའི་རྡོ་རྗེ་ཕྱེད་པའི་ལྟེ་བར་གུ་རུ་ཡབ་ཡུམ་ཉུངས་དཀར་ཙམ་དམར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔༙ ཡུམ་ནོར་བུ་དང་ཐོད་པ་བསྣམས་པ་དཀར་མོ་སྐུ་ལ་འཁྲིལ་པ༔༙ དེའི་ཐུགས་སྲོག་ཧྲཱིཿལ་སྔགས་འཁོར་བར་བསྟན་ནས་འདི་སྐད་གསུངས༔༙ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔༙ ཆོས་ཉིད་འགྱུར་མེད་སྐྱེ་འགག་བྲལ་བའི་ངང༔༙ བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔༙ ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་རིས་མེད༔༙ བླ་མ་ཨོ་རྒྱན་ཆོས་ཀྱི་སྐུ་མཆོག་ལ༔༙ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔༙ བདེ་ཆེན་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ༔༙ བྱ་རྩོལ་ལྷུན་གྲུབ་འོད་གསལ་འདུས་མ་བྱས༔༙ གང་འདུལ་བདེ་ཆེན་དཀྱིལ་འཁོར་འབྱུང་བའི་གནས༔༙ འོད་དཔག་མེད་པ་སེམས་དཔའ་ལོངས་སྤྱོད་རྫོགས༔༙ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔༙ འོག་མིན་པདྨ་འོད་ཀྱི་ཕོ་བྲང་དུ༔༙ ཐུགས་རྗེས་གང་འདུལ་འགྲོ་བའི་དོན་དུ་ཤར༔༙ གདུལ་བྱ་སྣ་ཚོགས་སོ་སོར་སྐུར་བསྟན་ནས༔༙ གསང་སྔགས་ཐེག་ཆེན་ལམ་ལ་འགོད་མཛད་པའི༔༙ བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ་མཆོག་ལ༔༙ གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔༙ ཞེས་པ་བླ་མ་སྐུ་གསུམ་ངོ་བོ་ལ༔༙ གསོལ་བ་བཏབ་པས་བྱིན་རླབས་ཐོག་བབ་འབྱུང༔༙ བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ནི༔༙ མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཡིན༔༙ བདེ་གཤེགས་རྒྱལ་བ་ཀུན་འདུས་གུ་རུ་ལ༔༙ མ་འོངས་རྗེས་འཇུག་བྱང་ཆུབ་ཐོབ་པའི་ཕྱིར༔༙ ནངས་ནུབ་དུས་དྲུག་ཐུན་བཟུང་གསོལ་བ་ཐོབ༔༙ རྗེས་འཇུག་བྱང་ཆུབ་ཐོབ་པར་གདོན་མི་ཟ༔༙ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་དེ་ལྟར་ཞོག༔༙ མ་འོངས་ཐ་མའི་དུས་སུ་བདག་གི་བུ༔༙ ཤིང་ཁམས་ལུག་ལོ་དཔའ་བོ་རྒྱན་དྲུག་ཐོགས༔༙ ཀུན་གྱིས་ཐེ་ཚོམ་ཆུང་ཞིང་དད་པའི་མི༔༙ རྡོ་རྗེའི་མིང་ཅན་དེ་དང་འཕྲད་པར་འགྱུར༔༙ དེ་དུས་སེམས་ཅན་བསོད་ནམས་དམན་པ་ལ༔༙ དུས་འགྱུར་སྣ་ཚོགས་བྱ་ལོང་སྐད་ལྟར་སྒྲོག༔༙ མི་ཆེན་མ་ལུས་ཟས་ངན་དུག་གིས་གསོད༔༙ ནང་ནས་སེམས་ཅན་ཁྲེལ་དང་ངོ་ཚ་མེད༔༙ ཉོན་མོངས་དུག་ལྔ་འཇོལ་ཉོག་སྤྱོད་པར་བྱེད༔༙ ཕྱི་ནང་རྒྱལ་བློན་ཁྲིམས་རར་མནའ་གཞུང་མེད༔༙ གང་ངན་གང་ཐུབ་ཅི་ནུས་འབད་ནས་སྤྱོད༔༙ གང་ནས་ལྷ་མི་སྐྱིད་སྡུག་ཟད་པའི་མཐུས༔༙ གང་བཙོག་ལས་ངན་དག་ལ་མི་འཇུག་མེད༔༙ དེ་དུས་སྡུག་བསྔལ་སྐྱོབ་པའི་སེམས་བསྐྱེད་ནས༔༙ བླ་མ་ནོར་བུ་ཡི་དམ་རྟ་མགྲིན་དབང༔༙ མཁའ་འགྲོར་བཅས་པ་ཡོ་ག་གསུམ་གྱི་ཆོས༔༙ རིན་ཆེན་གཏེར་སྦས་བྱང་ཆུབ་སེམས་དཔའ་ཞིག༔༙ འགྲོ་ལ་ཕྱོགས་རིས་མེད་པའི་སྙིང་རྗེ་ཅན༔༙ སྐལ་ལྡན་དེ་དང་འཕྲད་པའི་སྨོན་ལམ་བྱེད༔༙ ཆོས་བདག་རྩ་བ་མ་ནོར་བརྟགས་ལ་སྦྱིན༔༙ སྤྲུལ་པ་གཉིས་ཡིན་ཏེ༔༙ གངས་ཅན་འགྲོ་བ་འདྲེན་པའི་སྨོན་ལམ་ཡོད༔༙ པདྨ་བདག་དང་སྤྱན་གཟིགས་དངོས་ཡིན་པས༔༙ ཀུན་གྱིས་བཀུར་ན་གངས་ཅན་སེམས་ཅན་བདེ༔༙ རིས་སུ་བཅད་ན་རྒྱལ་ཁམས་སིལ་བུར་འགྱུར༔༙ དེ་ཕྱིར་བོད་ཀྱི་བསྟན་པ་འཚོ་ཤེས་མཛོད༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ གསོལ་འདེབས་ལེའུ་བཞི་པ་ཞེས་བྱ་བ་རྫོགས་སོ༔༙ ྀཨཚ༔༙ ཟབ་རྒྱ༔༙ དམ་རྒྱ༔༙ གཉན་རྒྱ༔༙ སྦས་རྒྱ༔༙ གཏད་རྒྱ༔༙ གསང་རྒྱ༔༙ བདག་སྟག་ཤམ་པས་སྤྲེའུ་ལོ་ཧོར་ཟླ་གཉིས་པ་ལ་ཤོག་སེར་ནས་བཤུས་སོ།། །།
རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་ནོར་མཆོག་གི་གདམས་སྐོར་ཤིན་ཏུ་ཟབ་མོ་ཆ་ཚང་བ་ (Volume 4, Text 40)
༄༅། །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་ནོར་མཆོག་གི་གདམས་སྐོར་ཤིན་ཏུ་ཟབ་མོ་ཆ་ཚང་བ་བཞུགས་སོ།། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་དག་སྣང་མ་ྀཨཚ། ། རྫུན་བྲིས་དང་པོར་བཀོད་པའི་ཡི་གེ་ཨུ་པ་དེ་ཤ། ཨེ་མ་ཧོ། དུས་མཐའི་སྤྲང་བན་རཏྣའི་མིང་ཅན་བདག་གི་ས་སྦྲུལ་གྱི་ལོ་བཅུ་གསུམ་པའི་སྐེག་གི་ཐོག །གནམ་ལྷ་བརྒྱད་གངས་ཀྱི་རྭ་བས་བསྐོར་བའི་དབུས། རི་འབྲང་རྒྱས་འདྲ་བའི་ངོགས། བདེ་ཆེན་ཡངས་པ་ཅན་གྱི་ཆོས་གྲ་ཆེན་པོར། ཧོར་ཟླ་གསུམ་པའི་ཡར་གྱི་ཚེས་བརྒྱད་ནས་བརྩམ། སྒྲོལ་མ་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ལ་འབད་པའི་འདུན་པ་གཏད་དེ། ཞག་བཅོ་ལྔ་སོང་བའི་ནུབ་རྨི་ལམ་དུ་བུ་མོ་མདོག་དཀར་རྒྱན་ཆ་དུ་མ་དང་ལྡན་པ། དར་དཀར་དང་རས་དཀར་གྱི་ཅོད་པན་རྣ་ལྟག་ཏུ་འཕྱང་བ། ཕྱག་གཡས་མདའ་དར་དང་། གཡོན་མར་མེ་བསྣམས་པ་གསུམ་རྒྱ་མཐོངས་ནས་སྤྲིན་དཀར་གྱི་ལམ་སྐྱ་ཤ་རེ་བ་གསུམ་གྱི་སྣ་ལ་ཞུགས་ནས་ས་ལ་མ་རེག་པར་དགུང་སྔོན་གྱི་མཐོངས་ནས། དབུས་མས་བདག་ལ་འདི་སྐད་གསུངས། རིགས་ཀྱི་བུ་ཁྱོད། རང་རིག་གདོད་མའི་དབྱིངས་སུ་ཆོས་སྐུ་ཡེ་ཤེས་ལྔ་ལྡན་གྱི་གདན་ས་རྙོགས་པར་སྤྲོའམ་གསུངས། སྤྲོ་ལགས་ཞུས་པས། གཡས་ཀྱི་དེས་ལོངས་སྐུ་ཡེ་རྫོགས་ཆེན་པོའི་རྒྱན་གྱིས་བརྒྱན་པར་སྤྲོའམ་གསུངས། གོང་ལྟར་ཞུས་པས། གཡོན་གྱི་དེས་ངེས་དང་མ་ངེས་ཀྱི་རང་མདངས་ཀྱི་སྤྲུལ་སྐུས་གདུལ་བྱ་དྲང་བར་སྤྲོའམ་གསུངས། སྔར་ལྟར་ཞུས་པས། བུ་མོ་ཐ་མ་གཉིས་དབུས་མ་ལ་ཐིམ་སྟེ། དབུས་མ་ཡང་བཞེངས་ནས་བདག་ལ་འདི་སྐད་གསུངས། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་པའི་་་་ད་ལྟའི་དུས་འདི་ཉིད་་་་ཚེ། །མི་དགེའི་སྤྱོད་པ་ངང་གིས་འཕེལ་འགྱུར་ཞིང་་་དགེ་བ་སྤྱོད་པ་ཉུང་། །ཆོས་དང་སེམས་ལ་ལོག་རྟོག་དུ་མས་བསྒྲིབས་་་ཡེ་ཤེས་མ་རིག་འཇོམས་བྱེད་དགོས། །ཆོས་བྱེད་སྒྲུབ་པོའི་ཚེ་སྲོག་བདུད་ཀྱིས་ཁྱེར་་་ཚེ་སྒྲུབ་བདུད་རྩི་ཟླ་ཟེར་དགོས། །དགེ་སྤྱོད་སྐྱེས་བུ་ཟས་ནོར་བཏུང་བས་དབེན་་་དབང་སྡུད་ཞགས་དམར་དང་། ནོར་སྒྲུབ་ཡིད་བཞིན་ནོར་བུ་དགོས། །གདུལ་བྱའི་དད་སེམས་ཕ་རོལ་བདུད་ཀྱིས་བསྒྱུར། །རི་ཁྲོད་བས་མཐར་་་་སྒྲུབ་པ་བགྱིད་པ་གནས་ན་་་མི་དང་མི་མིན་གྱིས། །སྲོག་་་གཅོད་པའི་གཤེད་་དུ་་འཇིགས་པས་་་་བཀའ་སྲུང་ཁྲོ་ཆུ་དགོས་་་ཆོས་བྱེད་ཨར་ལ་གཏོད། །དེ་རྣམས་་རྩ་རླུང་་རང་་གི་་གནད་་དང་་བདུད་་ཀྱི་བར་ཆད་་བྱེད་་པ་་མ་ཤེས་པར། །རྡོ་རྗེ་སློབ་དཔོན་དངོས་གྲུབ་འབྱུང་གནས་ལ། །འདིས་ལེན་འདིས་ཉེས་ཞེས་་་་ལོག་རྟོག་དམ་ཉམས་་ན་དམྱལ་བ་་་་མནར་མེད་སེམས་སྡུག་་བསྔལ་་འཆར།་་ཐམས་ཅད་ཀྱི་རྩ་བ་སྲོག་བླ་དགོས། ལྟུང་མེད་དེ་རུ་ལྷུང་ན་ཐར་ཐབས་མེད་་་་གདམས་ངག་གི་དགོས་ཆེད་དུ་གསུང་བར་གོ །བག་ཡོད་མིག་ལྡན་ཡོད་ན་ང་ཕྱིར་འདོངས། །ང་ནི་རྡོ་རྗེ་འཆང་གི་ཁོང་སེང་ལམ་་་སེམས་ཉིད་ཀྱི་ངོ་བོ་མཐོང་བ། །དགོས་དགུའི་གཏེར་མཛོད་རིན་ཆེན་བང་མཛོད་་་་ལས་མཐའ་ཕྲན་བུ་ཁ་བསྒྱུར་མང་དུ་ཡོད་པས་་་་ལམ། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་་རྟགས་མྱུར་དུ་འབྱུང་བས་མིག་འཕྲུལ་་་ལྟ་བུའི་་་ལམ། །ལམ་མཆོག་་ངལ་བ་མེད་པ་་་དེ་འདྲར་བདག་ནི་འགྲོ་བ་ཡིན། ཁྱོད་ཀྱང་འདི་རུ་མ་འདུག་ང་ཕྱིར་འདོང་། །ཞེས་གསུངས་པ་ལ། འདི་སྐད་ཞུས། སྔོན་དུས་རྒྱ་གར་ཡུལ་ན་ཧཱུྃ་ཀཱ་ར་་་སྐྱེ་བ་དྲན་སྣང་ཀུན་ཟུར་དུ་གསལ། །བོད་ཡུལ་འདི་ན་ལས་ཀྱིས་སྐྱེ་མང་བླངས། །འགྲོ་ལ་ཕན་པ་གཞན་དབང་གིས་་་དཀའ་བར་བྱུང་གྱུར་ཀྱང་། །གཞན་ཕྱིར་སེམས་བསྐྱེད་ཉམས་པའི་གོ་སྐབས་མེད། །ད་ནི་ལུས་ལེན་སྐྱེ་བའི་མཐའ་རྫོགས་ཤིང་། །རྣམ་སྨིན་བྱས་བསགས་ཟད་པའི་དུས་ཡིན་པས། །སྤྲང་པོའི་ལུས་རྒྱ་བྲལ་ན་དགའ་བ་ལ། །སྤྲང་པོ་ཐོད་པ་བོར་ན་ང་རང་ཤེས། །རང་སེམས་བླ་མ་འདི་ནི་འབྲལ་ཐབས་མེད། །དེ་ཕྱིར་ཕྱི་རོལ་དམ་ཚིག་སྲུང་སྡོམ་བྲལ། །སེམས་ཀྱི་བྱིའུ་ཆུང་སྐྱེ་དང་འཆི་བ་མེད། །རྣམ་རྟོག་ཡེ་ནས་ཆོས་སྐུ་ལོག་རྟོག་དང་། །དམྱལ་བ་རང་སྣང་འཁྲུལ་བྱེད་རང་ལ་རག །རྡོ་རྗེ་འཆང་གི་ཁོང་པའི་ནང་ཞུགས་ཀྱང་། །ཆགས་སྡང་འཁྲུལ་པའི་དབང་དུ་མི་འགྲོ་ཙམ། །རང་སར་རང་བདེ་ཁྱེད་ཅག་གང་བདེར་གཤེགས། །ཞེས་བརྟག་པའི་ཕྱིར་དེ་སྐད་ཅེས་སྨྲས་པས། ཡང་དེ་ན་རེ། བདེན་ནོ་ཡུས་སོ་ཁྱེད་རང་ངེས་ཀྱིས་བདེན། །འོན་ཀྱང་མང་པོ་སྨྲ་བའི་ལོང་མེད་པས། ཁྱོད་ཀྱིས་བསྒྲུབས་ཤིང་བསྟེན་པའི་ལྷ་ང་ཡིན། ཁྱོད་ཀྱི་ཚེ་ཡི་བར་ཆད་སེལ་ཕྱིར་འོངས། ཁྱོད་ལ་སྐྱེ་གནས་འཆི་བ་ཁྱད་མེད་ཀྱང་། །འགྲོ་བ་གཞན་ལ་ཕན་པ་ཆེ་བ་དང་། །བཟང་ངན་གཏམ་དང་ལོ་ཀ་དྷརྨ་སོགས། །གང་འབྲེལ་མཐོང་ཐོས་དྲན་རེག་འདྲོངས་པ་དང་། །ལས་ཅན་འགའ་ཞིག་སྨིན་པར་བྱ་བའི་ཕྱིར། །དོ་ནུབ་ད་ལྟ་ང་ཕྱིར་ད་འགྲོ་འོ། །ཞེས་ཟེར་བས། བདག་ཀྱང་ལངས་ཏེ། དཔེར་ན་བར་སྣང་ལ་སྣམ་བུ་བྲེས་པའི་སྟེང་དུ་ཕྱིན་པ་དང་འདྲ་བ་ཞིག་ལ། བུ་མོ་དེས་མདུན་ནས་ལམ་སྣ་བྱས་སོང་བ་ལས། འགྲོ་བ་རིགས་དྲུག་གི་བཀོད་པའི་མཐོང་སྣང་གསལ་བ་ཞིག་བྱུང་། དེ་ནས་ཕྱིན་པས་ཐང་དམར་པོ་ཤིན་ཏུ་ཡངས་པ་ཞིག་གི་དབུས་སུ། བྲག་རི་མཚོན་ཆ་གཟེངས་པ་འདྲ་བ་མཐོ་བ་དང་དམའ་བ་དུ་མས་བསྐོར་བའི་དབུས། རཀྟའི་རྒྱ་མཚོ་ཆེན་པོ་མེར་བའི་ལྟེ་བར། རི་ཆེན་པོ་རྩེ་མོ་སྤྲིན་དང་ན་བུན་གྱི་དཀྱིལ་དུ་སླེབ་པ། རྩ་བ་རྒྱ་མཚོ་དེའི་ནང་དུ་ཟུག་པ། དེ་ཡང་རྩེ་མོ་གངས་རི། རྐེད་པ་སྤང་རི། རྩ་བ་བྲག་རིར་ཡོད་པ་དེ་ལྟ་བུ་ཞིག་སྣང་བ་ལ། བྲག་དང་རཀྟ་འཐབ་པའི་བར་དེར། སྤྲིན་གྱི་ལམ་སྣེ་དེ་ཡང་དེར་ཟུག་སྣང་བས་ཕྱིན་པ་ལས། ཕྱི་དབྱིབས་ཆོས་འབྱུང་གི་རྣམ་པ་ལ་ནང་དུ་ཤ་ཁྲག་གི་དྲི་མི་རུང་བ་སྣ་ཚོགས་བྲོ་བ་སྣང་། དེའི་ནང་དུ་ཡར་ལ་བལྟས་པས། རྒྱ་མཐོངས་ཀྱི་ཚུལ་དུ་དབུས་སུ་སྔོན་པོ། གཡས་སུ་དཀར་པོ། གཡོན་དུ་དམར་པོའི་རྣམ་པ་ཅན་སྟོང་ཧ་རེ་བ་གསུམ་སྣང་བ་ལ། བུ་མོ་དེས་འདིའི་ནང་དུ་འགྲོ་རྒྱུ་ཡིན་ཟེར། གྲུ་གུ་ཞིག་འཕངས་སོང་བ་ལ། དེའི་སྣ་ལ་གཉིས་ཀ་འཇུས་ཏེ་སོང་བས། ད་ཅིའི་དེ་ལས་ཡངས་པའི་ཕུག་པ་དབྱིབས་གྲུ་བཞིར་ཡོད་པ་སྣང་། ཡང་སྔར་ལྟར་སོང་བ་ལས། ཕུག་པ་ནང་གྲུ་བརྒྱད་དུ་ཡོད་པ་ཞིག་སྣང། ཡང་སྔར་ལྟར་སོང་བ་ལས། ནང་ཟླ་གམ་དུ་ཡོད་པའི་ཕུག་པ་ཞིག་སྣང་། ཡང་སོང་བས་ཕུག་པ་དཀར་སིལ་ཡངས་པ་ཞིག་སྣང་། ཡང་སོང་བས་བགྲོད་བཀའ་དཔངས་དམའ་བའི་ཕུག་པ་ཆུང་ངུ་བ་གྲུ་གསུམ་པ་ཞིག་སྣང་། ཡང་སོང་བས་སྤྲིན་དང་ན་བུན་གྱི་གུར་ཁང་འཇའ་འོད་ཀྱིས་བསྐོར་བའི་དབུས། བླ་མ་རྡོ་རྗེ་འཆང་ལ། སྲོག་བླའི་བསྐྱེད་རྫོགས་ཞུས། དེའི་འོག་ཏུ་འཇམ་དབྱངས་ལ་ཡེ་ཤེས་མ་རིག་འཇོམས་བྱེད་བསྐྱེད་རྫོགས་ཞུས། དེའི་འོག་ཏུ་ཚེ་སྒྲོལ་ཡབ་ཡུམ་ལ་ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་བསྐྱེད་རྫོགས་ཞུས། དེའི་འོག་ཏུ་ཀུ་རུ་ཀུལླེ་ལ་དབང་སྡུད་ཞགས་དམར་གྱི་བསྐྱེད་རྫོགས་ཞུས། དེའི་འོག་ཏུ་ལྷན་སྐྱེས་ཡབ་ཡུམ་ལ་ཡི་དམ་འཁོར་ལོ་སྡོམ་སྙིང་གི་བསྐྱེད་རྫོགས་ཞུས། དེའི་འོག་ཏུ་རྣམ་སྲས་ལ་ནོར་སྒྲུབ་ཡིད་བཞིན་ནོར་བུའི་བསྐྱེད་རྫོགས་ཞུས། དེའི་འོག་ཏུ་མགོན་པོ་ལ་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ཀྱི་བསྐྱེད་རྫོགས་ཞུས། དེ་ནས་རང་ལུས་སྤྲུལ་པ་དང་བསྒྱུར་བ་ལ་དབང་ཐོབ་སྟེ་མདུན་རི་དེའི་རྩེར་ཕྱིན་པས་བུ་མོ་དེ་རང་གིས་རང་ལུས་རྡོ་རྗེར་ངོ་སྤྲོད། ཞལ་གདམས་རྒྱུན་གྱི་ཉམས་ལེན། ལས་མཐའ་ཕྲིན་ལས་ཟུར་བཀོལ། འཕོ་བ་སྐར་མདའ་བསམ་མེད། རིགས་བསྡུས་དམིགས་དབང་གི་གདམས་པ། ལུང་བསྟན་མ་བུ་ཞལ་མཇལ་རྣམས་གནང་སྟེ། བདག་གིས་ཀྱང་མཆོད་པའི་བྱེ་བྲག་དུ་མས་མཉེས་པར་བྱས་ཏེ། སླར་བུ་མོ་དེས་རང་གི་གནས་ཁང་དུ་བསྐྱལ། བུ་མོ་དེ་རང་ཡང་བདག་ལ་ཐིམ་པའི་སྣང་བ་ལ་གཉིད་སད་པས། ཐོ་རངས་ཀྱི་ཐུན་ལ་འཇུག་རན་པར་གདའ་འོ། །དེ་རྣམས་འཁྲུལ་སྣང་བདེན་བཟུང་གི་སྐོར་ཏེ་ལོ་རྒྱུས་དང་པོར་བཀོད་པའོ། །ཤུ་བྷཾ། །ྀཨཚ། ༈ སྲོག་བླའི་བསྐྱེད་རྫོགས་ཀྱི་གདམ་པ་ཨུ་པ་དེ་ཤ༔ ན་མོ་གུ་རུ་ཝེ། གདམས་པ་འདི་ལ་སྦྱོར་བ། དངོས་གཞི། མཇུག་གསུམ་ལས། དང་པོ་འཁྲུལ་སྣང་བདེན་བཟུང་གི་སྐོར་དང་། དངོས་གཞི་ལུས་སེམས་བསྐྱེད་རྫོགས་སྐོར་དང་། མཇུག་གི་ཆོས་ལ་བདུན་དུ་དབྱེ་བའི། དང་པོར་རང་ལུས་རྡོ་རྗེར་ངོ་སྤྲོད་དང་གཅིག །ཞལ་གདམས་རྒྱུན་གྱི་ཉམས་ལེན་དང་གཉིས། ལས་མཐའ་ཕྲིན་ལས་ཟུར་བཀོལ་དང་གསུམ། འཕོ་བ་སྐར་མདའ་བསམ་མེད་དང་བཞི། རིགས་བསྡུས་དམིགས་དབང་གི་གདམས་པ་དང་ལྔ། ལུང་བསྟན་མ་བུ་ཞལ་མཇལ་དང་དྲུག །ཀུན་ད་ལུས་རྒྱས་བདེ་བ་དང་བདུན་ནོ། །དེ་ལ་སྔོན་འགྲོ་འཁྲུལ་སྣང་བདེན་བཟུང་གི་སྐོར་ལོ་རྒྱུས་དང་པོར་བཀོད་ནས། དངོས་གཞི་ལུས་སེམས་བསྐྱེད་རྫོགས་ཀྱི་སྐོར་ལ། དང་པོ་མོས་གུས་སྲོག་བླའི་བསྐྱེད་རྫོགས་ནི། རང་གི་སྤྱི་བོ་གཙུག་ཏོར་ནོར་བུའི་རྩེར་པདྨ་འདབ་མ་བཞི་དང་ལྡན་པ། དེའི་ལྟེ་བར་བླ་མ་ཀུན་འདུས་པའི་བདག་ཉིད་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་། སྐུ་བདེ་བ་ཆེན་པོའི་ཉམས་དང་ལྡན་པ། འདབ་མ་རྣམས་ལ་མདུན་དུ་གྲུབ་ཆེན་ཏེ་ལོ་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། རས་དཀར་གྱི་ཨང་རག་དང་སྒོམ་ཐག་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། བླ་མ་སངས་རྒྱས་ཀྱི་མཚན་འབུམ་སྐྲ་གསེབ་ཏུ་འཆང་བ། ཞབས་ཕྱེད་སྐྱིལ་དུ་བཞུགས་པ། ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། གཡས་སུ་མཁས་པ་ནཱ་རོ་པ་སྐུ་མདོག་སྨུག་ནག་མདངས་དང་ལྡན་པ། ཕྱག་གཉིས་གཡས་སྐྱབས་སྦྱིན། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། རས་དཀར་གྱི་ཨང་རག་དང་སྒོམ་ཐག་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། བླ་མ་སངས་རྒྱས་ཀྱི་མཚན་འབུམ་སྐྲ་གསེབ་ཏུ་འཆང་བ། ཞབས་ཕྱེད་སྐྱིལ་དུ་བཞུགས་པ། ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། རྒྱབ་ཏུ་མངའ་བདག་མར་པ་ལོ་ཙཱ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། སྔགས་འཆང་རྡོ་རྗེ་འཛིན་པའི་ཆ་བྱད་ཅན། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། ཐུགས་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། གཡོན་གྱི་འདབ་མ་ལ་རྗེ་བཙུན་མི་ལ་རས་པ་སྐུ་མདོག་སྔོ་སངས་རས་དཀར་གྱི་ན་བཟའ་གསོལ་བ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། ཞབས་ཕྱེད་སྐྱིལ་ཅན། ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། འདས་མ་འོངས་ད་ལྟ་དུས་གསུམ་གྱི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ཡི་བར་དང་ཕྱི་ནང་མེད་པར་འོད་ཕུང་དུ་བསམ་ཞིང་། མོས་གུས་ཀྱི་གདུང་བ་དང་བཅས་པས་གསོལ་བ་འདེབས་པ་ནི། ན་མོ་གུ་རུ། ཀུན་བཟང་བདེ་ཆེན་དག་པའི་ཀློང་། །སྣང་སྟོང་ཡབ་ཡུམ་བསྐྲུན་པའི་སྲས། །རང་བཞིན་རང་རིག་དངོས་གྱུར་པ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །ངེས་འབྱུང་སྐྱོ་ཤས་སྐྱེ་བ་དང་། །རང་བྱུང་རང་ངོ་ཤེས་པ་རུ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བཀའ་བཞི་བརྒྱུད་པས་བྱིན་བརླབས་ཤིང་། །ཡེ་ཤེས་མཆོག་གི་དངོས་གྲུབ་བརྙེས། །སྐལ་ལྡན་རྒྱུད་ལ་བྱིན་རློབ་པའི། །གྲུབ་ཆེན་ཏཻ་ལོ་ཤེར་བཟང་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །ངེས་འབྱུང་སྐྱོ་ཤས་སྐྱེ་བ་དང་། །རང་བྱུང་རང་ངོ་ཤེས་པ་རུ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡི་དམ་ལྷ་ཡིས་ལུང་བསྟན་ཞིང་། །བཅུ་གཉིས་དཀའ་སྤྱད་རྗེ་དང་མཇལ། །ཕྱག་རྒྱ་ཆེ་ལ་དབང་བསྒྱུར་བའི། །མཁས་པ་ནཱ་རོ་པཎ་ཆེན་ལ། མོས་གུས༴ ངེས་འབྱུང༴ རང་བྱུང༴ གསོལ་བ༴ གསང་སྔགས་མཆོག་གི་དོན་རྣམས་ལ། །མོས་དང་རྩོལ་བ་དུ་མ་ཡིས། །རྒྱལ་བའི་བསྟན་པ་རྒྱས་མཛད་པ། །མར་པ་ཆོས་ཀྱི་བློ་གྲོས་ལ། །མོས་གུས༴ ངེས་འབྱུང༴ རང་བྱུང༴ གསོལ་བ༴ གསང་སྔགས་མཆོག་གི་དོན་རྣམས་ལ། །མོས་དང་རྩོལ་བ་དུ་མ་ཡིས། །རྒྱལ་བའི་བསྟན་པ་རྒྱས་མཛད་པ། །མར་པ་ཆོས་ཀྱི་བློ་གྲོས་ལ། །མོས་གུས༴ ངེས་འབྱུང་བྱུང༴ རང༴ གསོལ་བ༴ བླ་མའི་བཀའ་བཞིན་ལྷུར་བླངས་ཏེ། །རང་སྲོག་ཡལ་བར་བོར་ནས་ནི། །སྒྲུབ་པའི་བསྟན་འཛིན་དངོས་གྲུབ་བརྙེས། །མི་ལ་རྡོ་རྗེ་རྒྱལ་མཚན་ལ། །མོས་གུས༴ ངེས་འབྱུང༴ རང་བྱུང༴ གསོལ་བ༴ ཡང་ཟབ་གསང་བའི་མན་ངག་གི །གདམས་མཆོག་ཆུ་རྒྱུན་འབེབས་མཁས་ཤིང་། །བསམ་ཞིང་སྲིད་པར་ཉེར་སྤྲུལ་པ། །རིག་འཛིན་གནམ་ལྕགས་མེ་འབར་ལ། །མོས་གུས༴ ངེས་འབྱུང༴ རང་བྱུང༴ གསོལ་བ༴ བཀའ་བརྒྱུད་ཀུན་འདུས་བླ་མ་ལ། །མི་ཕྱེད་དད་པའི་གདུང་ཤུགས་ཀྱིས། །གསོལ་བ་འདི་ལྟར་བཏབ་པའི་མཐུས། །བདག་གཞན་འགྲོ་བ་མ་ལུས་ཀུན། །རང་རིག་གདོད་མའི་དོན་རྟོགས་ཏེ། །སེམས་ཅན་སངས་རྒྱས་ཐོབ་པར་ཤོག །ཅེས་གསོལ་བ་བཏབ་པ་དང་སྔགས་བཟླ་བའི་དུས་སུ་སྐུ་གསལ་བ་དང་། མཐར་གཙོ་འཁོར་ཐམས་ཅད་འོད་ཀྱི་གོང་བུར་བསམ་ཞིང་། མཐར་དབྱེར་མེད་བྱས་ལ། ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ། །སྔགས་ནི། ཨོཾ་གུ་རུ་སརྦ་བུདྡྷ་བཛྲ་དྷྲྀཀ྄་ས་པ་རི་ཝཱ་ར་ཛྙཱ་ན་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་བཟླ་བར་བྱའོ། །མོས་གུས་སྲོག་བླའི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ། །ྀཨཚ། ༈ ཡིད་བཞིན་ནོར་མཆོག་གི་མཎྜལ་ཚིགས་སུ་བཅད་པ་བཞུགས་ཨུ་པ་དེ་ཤ །ཨོཾ་ཨཱཿཧཱུྃ། བདག་ལུས་གཟུགས་ཕུང་སྐྱེ་མཆེད་རྣམ་ཤེས་བཅས། །ཕྱི་རོལ་རི་དབང་གླིང་དང་གླིང་ཕྲན་ཚུལ། །འདོད་ཡོན་མཆོག་གི་འབྲས་སྟེར་མཎྜལ་འདི། །རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་རྣམས་ལ་འབུལ། །མཉེས་བྱེད་མཎྜལ་སོགས་བརྗོད། ཅེས་ཡིད་བཞིན་ནོར་མཆོག་གི་རང་ལུས་ཀྱི་མཎྜལ་འབུལ་བའི་ཚིགས་སུ་བཅད་པ་འདི་ཉིད། ཆོས་འདི་ཉིད་ཀྱི་ལུང་ནས་ཟིན་ཅིང་མཚན་ལྟས་དང་མཐུན་པར་གྱུར་པ་གཙང་ཉང་སྟོད་ཕྱོགས་ཀྱི་སེ་བྲག་ནས་བླ་མ་ནམ་མཁའ་བློ་ལྡན་རྡོ་རྗེས་བསྐུལ་བ་ལས། བྱ་བྲལ་བ་རཏྣའི་མིང་ཅན་གྱིས་བདེ་ཆེན་ཡངས་པ་ཅན་དུ་བྲིས་པའོ།། ༈ ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་གདམས་པ་བཞུགས་ཨུ་པ་དེ་ཤ༔ ཡེ་ཤེས་མ་རིག་སེལ་བྱེད་ཀྱི་གདམས་པ་ནི༔ རང་གི་སྤྱི་བོའི་ཐད་གཙུག་ཏོར་བུམ་པའི་ནང་དུ༔ པདྨ་འདབ་མ་བཞིའི་ལྟེ་བར༔ འཇམ་དཔལ་སྐུ་མདོག་དཀར་པོ༔ གཡས་རལ་གྲི་དང༔ གཡོན་པོ་ཏི་བསྣམས་པ༔ འདབ་མ་བཞི་ལ་དབྱངས་ཅན་མ་བཞི་པི་ཝཾ་སྦྲེང་བ་བཞིས༔ སྒྲ་སྙན་གྱིས་རྒྱུན་དུ་མཆོད་པ༔ གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས༔ འཇིག་རྟེན་ལས་འདས་པ་དང་མ་འདས་ཀྱི་ས་ལ་བཞུགས་པ་རྣམས་ཀྱི་ཤེས་རབ་དང་ངག་གི་དངོས་གྲུབ་གྲུབ་པ་རྣམས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་གཙོ་འཁོར་གྱི་བར་དང་ཕྱི་ནང་མེད་པ་འོད་ཕུང་གི་རྣམ་པར་བསམ་ཞིང༔ འདོད་པའི་དོན་ལ་གསོལ་བ་གདབ་པ་དང་སྔགས་བཟླ་བའི་ཚེ་སྐུ་གསལ་བ་དང༔ མཐར་འོད་ཕུང་དུ་བསམ་ཞིང་དབྱེར་མེད་བྱ༔ ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ སྔགས་ནི༔ ཤ་ཤ་དྷ་ར་མི་བ་ཤུ་བྷྲཾ༔ ཥཌྒ་པུསྟ་ཀ་པཱ་ཎི༔ སུ་རུ་ཙི་ར་མ་ཤཱནྟི༔ པཉྩ་ཙི་རི་ཀུ་མཱ་རི༔ པྲི་ཐུ་ར་ཏི་ཝ་ར་མོཀྵཾ༔ པདྨ་སཏྟྲ་ཡ་ཙཀྵུ༔ ཀུ་མ་ཏི་དཧྣ་དཀྵཾ༔ མཉྫུ་གྷོ་ཥཾ་པྲ་ཎ་མེ༔ འདི་ཉིད་བར་དུ་བསྟན་པའི་བསྙེན་པ་ནི༔ ཧྲཱིཿཝཱ་གཱི་ཤྭ་རི་མཱུཾ༔ པྲ་ཛྙཱ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་བར་བྱའོ༔ ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་གདམས་པ་བཞུགས་ཨུ་པ་དེ་ཤ༔ ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་གདམ་པ་ནི༔ སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས༔ པདྨ་དཀར་པོ་འདབ་མ་སུམ་ཅུ་སོ་གཉིས་ཀྱི་ལྟེ་བར༔ ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག༔ ཕྱག་གཉིས་ཚེ་བུམ་དང་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ༔ ཡུམ་ཡིད་བཞིན་འཁོར་ལོ་ཞལ་གཅིག་ཕྱག་གཉིས་གཡས་ཨུཏྤ་ལ་དང༔ གཡོན་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་དར་དང་རིན་པོ་ཆེས་བརྒྱན་པ༔ ཡུམ་གྱི་ཞབས་པདྨོའི་སྐྱིལ་ཀྲུང་གིས་འཁྲིལ་བ༔ འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རེ་རེ༔ དེ་རྣམས་ཀྱི་ལྟེ་བརཿཊཱྀ་དང་ཏཱཾ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པ་ལས༔ གཙོ་འཁོར་རྣམས་ལས་འོད་ཟེར་ཟླ་ཟེར་གྱི་རྣམ་པར་འཕྲོས༔ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་དང༔ ལྷ་མི་འཆི་མེད་ཚེའི་རིག་འཛིན་གྲུབ་པ་རྣམས་ཀྱི་བྱིན་རླབས་བདུད་རྩིའི་ཟླ་ཟེར་གྱི་རྣམ་པར་སྤྱན་དྲངས༔ གཙོ་འཁོར་གྱི་བར་དང་ཕྱི་ནང་འོད་ཕུང་གི་རྣམ་པར་བསམ༔ འདོད་པའི་དོན་ལ་གསོལ་བ་འདེབས་པ་དང༔ བཟླས་པའི་སྐབས་སུ་སྐུ་རྣམས་གསལ་བ་དང༔ མཐར་འོད་ཀྱི་གོང་བུར་བསམ་ཞིང་དབྱེར་མེད་བྱ༔ ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ སྔགས་ནི༔ ཨོཾ་ཨ་པ་ར་མི་ཏཱ༔ ཏཱ་རཱ་དེ་ཝཱི་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ་བར་བྱའོ༔ ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ དབང་སྡུད་ཞགས་དམར་གྱི་གདམས་པ་བཞུགས་ཨུ་པ་དེ་ཤ༔ དབང་སྡུད་ཞགས་དམར་གྱི་གདམས་པ་ནི༔ མགྲིན་པར་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར༔ ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ གར་སྟབས་ལིང་ངེ༔ ཕྱོགས་བཅུར་མདའ་འཕེན་པའི་ཚུལ༔ རུས་པ་དང་རཏྣས་བརྒྱན་པ༔ འདབ་མ་རྣམས་ལ་ཞགས་པ་དམར་པོ་ཧྲཱིཿས་མཚན་པ༔ གཙོ་འཁོར་རྣམས་ལས་འོད་ཟེར་འཕྲོས༔ སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་འདོད་དགུ་དང་གང་འདོད་ཀྱི་འདོད་ཡོན་ལྔ་བཀུག་སྟེ་བསྟིམ་ཞིང༔ འོད་ཟེར་དམར་པོས་གཙོ་འཁོར་གྱི་བར་དང་ཕྱི་ནང་མེད་པར་འོད་ཕུང་གི་རྣམ་པར་བསམ༔ འདོད་པའི་དོན་ལ་གསོལ་བ་གདབ་པ་དང༔ སྔགས་བཟླ་བའི་ཚེ་ལྷ་གསལ་བ་དང༔ མཐར་འོད་ཀྱི་གོང་བུར་བསམས་ལ་དབྱེར་མེད་བྱ༔ ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ སྔགས་ནི༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ཝ་ཤཾ་ཀུ་རུ་ཧོ༔ ཞེས་བཟླ་བར་བྱ༔ དབང་སྡུད་ཞགས་དམར་གྱི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ ཡི་དམ་འཁོར་ལོ་སྡོམ་སྙིང་གི་གདམས་པ་བཞུགས་ཨུ་པ་དེ་ཤ༔ ཡི་དམ་འཁོར་ལོ་སྡོམ་སྙིང་གི་གདམ་པ་ནི༔ རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ༔ བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས༔ གཡས་རིན་པོ་ཆེ་དབང་གི་རྒྱལ་པོ་དང༔ གཡོན་ཀཱ་པ་ལ་བདུད་རྩིས་གང་བ་འཛིན་པ༔ ཡུམ་ལ་འཁྱུད་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པས་འཇིགས་དུས་མནན་པ༔ དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ༔ གཡས་རྡོ་རྗེ་དང་གཡོན་ཐོད་པ་རིན་པོ་ཆེ་ཙིཏྟ་འབར་བས་བརྒྱན་པ་བསྣམས་པ༔ ཞབས་གཡོན་བརྐྱང་ཞིང༔ གཡས་བསྐུམ་པས་ཡབ་ལ་འཁྲིལ་བ༔ ཡབ་ཡུམ་གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པ༔ ཐོད་པ་སྐམ་རློན་དང་སྟག་ཤམ་གྱི་རྒྱན་སོགས་སྤྱི་ལྟར་ལ༔ ཡབ་ཀྱི་དབུ་སྐྲ་ཕྱེད་བཅིངས་དང༔ ཡུམ་གྱི་དབུ་སྐྲ་གྲོལ་བའི་སྤྱི་བོའི་ཐད་ཀྱི་སྐྲ་གསེབ་ཏུ་ནོར་བུ་དབང་རྒྱལ་རེ་རེས་མཚན་པ༔ འདབ་མ་རྣམས་ལ་ཐོད་པ་ནོར་བུ་རིན་པོ་ཆེ་ཙིཏྟ་འབར་བས་མཚན་པ་རེ་རེའི་དབུས་སུ་ཧཱུྃ་དང་བཾ་མཐིང་དམར་གྱིས་བརྒྱན་པ༔ གཙོ་འཁོར་རྣམས་ལས་འོད་ཟེར་འཕྲོས་པས༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་པ་རྣམས་ལ་ཕོག༔ ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་བསྡུས་ཏེ༔ འོད་ཟེར་སྔོ་དམར་གྱི་རྣམ་པར་སྤྱན་དྲངས་གཙོ་འཁོར་གྱི་བར་དང་ཕྱི་ནང་མེད་པར་འོད་ཕུང་གི་རྣམ་པར་བསམ༔ གང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང༔ སྔགས་བཟླ་བའི་ཚེ་སྐུ་གསལ་བ་དང༔ མཐར་འོད་ཕུང་དུ་བསམ་ཞིང་དབྱེར་མེད་བྱ༔ ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ སྔགས་ནི༔ ཨོཾ་ཤྲཱི་ཙ་ཀྲ་སཾ་བྷ་ར་བུདྡྷ་ཌཱ་ཀི་ནཱི་ཙིཏྟ་མ་ཎི་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་བར་བྱའོ༔ ཡི་དམ་འཁོར་ལོ་སྡོམ་སྙིང་གི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ ནོར་སྒྲུབ་ཡིད་བཞིན་ནོར་བུའི་གདམས་པ་བཞུགས་ཨུ་པ་དེ་ཤ༔ ནོར་སྒྲུབ་ཡིད་བཞིན་ནོར་བུའི་གདམ་པ་ནི༔ ལྟེ་བ་སྤྲུལ་པའི་འཁོར་ལོར༔ པདྨ་དམར་པོ་འདབ་མ་དྲུག་ཅུ་རྩ་བཞིའི་ལྟེ་བ་གེ་སར་གྱི་སྟེང་དུ༔ གསེར་གྱི་དགའ་བ་འཁྱིལ་པའི་དབུས་སུ༔ རྣམ་སྲས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་གཡས་ནོར་བུ་བཻཌཱརཡ་འབར་བ་དང༔ གཡོན་ལྕགས་ཀྱུ་འཛིན་པ༔ སྐུ་ལ་རུས་པ་དང་དར་སྣས་བརྒྱན་པ༔ ཞབས་ཕྱེད་སྐྱིལ་གྱིས་འགྱིང་བ་དང་བཅས་པ༔ འདབ་མ་རྣམས་ལ་ནོར་བུ་འབར་བ་རེ་རེའི་ལྟེ་བར་བཻ་གསེར་གྱི་མདོག་ཅན་གྱིས་བརྒྱན་པ༔ གཙོ་འཁོར་རྣམས་ལས་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཕྱྭ་གཡང་ཐམས་ཅད་ལ་ཕོག༔ དེ་རྣམས་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་ཆར་བཞིན་བབས་ཤིང་གཙོ་འཁོར་བར་དང་འཁོར་ཡུག་ཐམས་ཅད་འོད་ཕུང་དུ་བསམ༔ འདོད་པའི་དོན་ལ་གསོལ་བ་གདབ་པ་དང༔ སྔགས་བཟླ་བའི་ཚེ་སྐུ་གསལ་བ་དང༔ མཐར་འོད་ཕུང་དུ་བསམ་ཞིང་དབྱེར་མེད་བྱ༔ ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ སྔགས་ནི༔ ཨོཾ་བཻ་ཤྲ་མ་ཎ་ཡེ༔ སརྦྦ་སྭཱསྟི་མངྒ་ལ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་བར་བྱའོ༔ ནོར་སྒྲུབ་ཡིད་བཞིན་ནོར་བུའི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ བཀའ་སྲུང་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ཀྱི་གདམས་པ་བཞུགས་ཨུ་པ་དེ་ཤ༔ གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ཀྱི་གདམས་པ་ནི༔ གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ༔ ཁྲོ་ལས་གྲུབ་པའི་བྲག་ཚ་ལ་རྩུབ་པ་དང༔ འཁོར་ཡུག་ཏུ་ཡང་བསྐོར་བ༔ དེའི་དབུས་སུ༔ མགོན་པོ་སྒྲོལ་བྱེད་དང་དུར་ཕག་ནག་པོའི་གདོང་ཅན༔ ཕྱག་གཉིས་གཡང་གཞི་རང་སྔགས་ཀྱིས་བརྒྱན་པ་ནམ་མཁའ་ལ་འཕྱར་བ༔ དེ་ལས་ནད་དང་མཚོན་ཆ་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བ་བསྣམས་པ༔ སྐུ་དང་ཡན་ལག་ཀླུ་གདོལ་པས་བརྒྱན་པ༔ མདུན་དུ་ཁྲོ་ཆུའི་ཕ་ཝང་གི་སྟེང་དུ༔ གཤིན་རྗེ་ཨ་ཝ་གླང་མགོ་གླང་གི་མགོ་ཅན༔ གཡོན་ལྕགས་ཀྱུ་དང༔ གཡས་ཐོད་དབྱུག་གདེངས་པ༔ གཡོན་ཕྱོགས་སུ་ཤན་པ་ར་མགོ་རའི་མགོ་ཅན༔ གཡོན་སྐམ་པ་དང་གཡས་གསལ་ཤིང་འཛིན་པ༔ དེ་གཉིས་ཀྱིས་དགྲ་བགེགས་བྱད་མ་གང་ཡིན་བཀུག་པའི་དུས་སུ༔ ཨ་ཝ་གླང་མགོས་ལྕགས་ཀྱུས་སྙིང་ནས་བཟུང༔ དབྱུག་པས་རྒྱབ་ནས་དེད་ཅིང་བཀུག༔ ཤན་པ་ར་མགོས་སྐམ་པ་དང༔ གསལ་ཤིང་གིས་རྐང་པ་གཉིས་བརྒྱངས༔ ཨ་ཝ་གླང་མགོས་སླར་ལྕགས་ཀྱུ་དང་དབྱུག་པས་ལག་གཉིས་བརྒྱངས་པ་ལས༔ དམིགས་བྱ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་དང༔ གཞན་ཡང་ཆོས་བྱེད་རྣམས་ཀྱི་སྤྱི་དགྲ་སྒོས་དགྲ་བྱད་མ་བན་བོན་ཐམས་ཅད་བཀུག་སྟེ་བསྟིམ༔ དགུག་གཞུག་བྱ༔ དེ་རྣམས་ཀྱི་སྲུང་མ་རྣམས་ནི་ཁོ་རང་གི་བདུད་དུ་ཕབ་སྟེ་ལས་བྱེད་པར་བསམ༔ སྔགས་བཟླ་བའི་ཚེ་གཡང་གཞི་ལས་ནད་དང་མཚོན་ཆའི་ཆར་པ་དང༔ ཁྲོ་ཆུའི་ཚྭ་ཚྭ་མེ་ཕུང་ལྟ་བུ་ཐོག་ལྟར་ལྷུང་བས་གཞོབ་ཐུལ་ཐུལ་ཚིག་པར་བསམ་ཞིང༔ དབུས་སུ་དེ་ལྟར་བསྐྱེད་པ་བཞིན་ཕྱོགས་བཞིར་ཡང་བསྒོམ༔ ཕྱོགས་བཞི་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ཐམས་ཅད་ཀྱི་ནུས་པ་འོད་ཟེར་གྱིས་བསྡུས་ཏེ༔ གཙོ་འཁོར་རྣམས་ལ་བསྟིམ་ཞིང༔ མེ་ཕུང་གི་རྣམ་པས་སྐར་མདའ་འཁྲུགས་པ་ལྟར་བསམ༔ སྔགས་ནི༔ ཨོཾ་བཛྲ་རཀྴ་ཧ་ལ་ནག་པོ་ཀཱ་ལ་རཱུ་པ་ས་མ་ཡ་དགྲ་བགེགས་མཱ་ར་ཡ་རྦད༔ ཅེས་བསྙེན་སྔགས་བཟླའོ༔ དམིགས་པ་ནི༔ གཡང་གཞི་བརྡབས་པས་དགྲ་བོ་ཐལ་བར་བཏང་བར་བསམས་ལ་ཐལ་མོ་བརྡབ༔ གཏོར་མ་བྱིན་གྱིས་བརླབས་ལ་ཧ་ལ་ནག་པོ་ལ་འཁོར་གྱི་ལས་སྔགས་བཏགས་པའི་མཐར༔ ས་པ་རི་ཝཱ་ར་ཁཱ་ཧི་བཏགས་ལ་འབུལ༔ འདོད་པའི་དོན་ལ་གསོལ་བ་གདབ༔ མཐར་ཕྱོགས་བཞིའི་འཁོར་རྣམས་གཙོ་བོ་ལ་ཐིམ༔ གཙོ་བོ་རྣམས་བྲག་རིལ་ཐིམ༔ དེ་རྣམས་ཀྱང་ཁྲོ་ཆུར་ཞུ་སྟེ་འཁོར་རྣམས་ལ་ཐིམ༔ འཁོར་རྣམས་ཀྱང་ཁྲོ་ཆུར་ཞུ་སྟེ་གཙོ་བོ་ལ་ཐིམ༔ གཙོ་བོ་ཡང་ཁྲོ་ཆུའི་རང་བཞིན་མེ་འོད་ཚ་ལ་རྩུབ་པ་ཚྭ་ཚྭ་འཕྲོ་བཞིན་པ་དམར་ཧྲི་ལི་ལི་བསྒོམ༔ མཐར་དབྱེར་མེད་བྱས་ལ་ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ ལས་སྔགས་ནི༔ ཡཾ་རཾ་ཛྭ་ལ་ཨེ་ཡ་མ་ཨ་ཝ་རཀྵ༔ སརྦ་བིགྷཱ་ནན༔ ཆེ་གེ་མོ་ཤ་ལ་མ་ཝ་རཱུ༔ ཀྴརཀྵ་ར་མ་གྷོ༔ ར་རཀྴ་རུ་རཀྵ༔ ཏེ་ཙེ་ཨེ་ཧུར་ཐུམ༔ སྙིང་ལ་མཱ་ར་ཡ་རྦད༔ ཏྲི་དུ་རཱ་ཙ་ཕཊ༔ ཨེ་བཾ་ལཾ་བཾ་རིལ་རྦད༔ ཅེས་པ་ནི་ལས་སྔགས་སོ༔ བཀའ་སྲུང་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ཀྱི་བསྐྱེད་རྫོགས་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ རང་ལུས་རྡོ་རྗེར་ངོ་སྤྲོད་ཀྱི་གདམས་པ་བཞུགས་ཨུ་པ་དེ་ཤ༔ རང་ལུས་རྡོ་རྗེར་ངོ་སྤྲོད་ནི༔ གོང་གི་རྩ་བའི་གདམ་པ་མ་ལུས་པ་ཀུན་ཡོངས་སུ་རྫོགས་ནས༔ སླར་མདུན་རི་དེའི་རྩེར་སླེབ་པ་ལས༔ ལམ་སྣ་བྱེད་པའི་བུད་མེད་དེ་རང་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་སྐུ་དངོས་སུ་བསྟན་ཏེ༔ རང་ལུས་རྡོ་རྗེར་ངོ་སྤྲོད་འདི་དང༔ ཞལ་གདམས་རྒྱུན་གྱི་ཉམས་ལེན༔ ལས་མཐའ་ཕྲིན་ལས་ཟུར་བཀོལ༔ འཕོ་བ་སྐར་མདའ་བསམ་མེད༔ རིགས་བསྡུས་དམིགས་དབང་གི་གདམས་པ༔ ལུང་བསྟན་མ་བུ་ཞལ་མཇལ་རྣམས་གནང་བའོ༔ དང་པོ་ནི་འདི་སྐད་ཅེས་གསུངས་ཏེ༔ འདི་ལྟར་སྣང་བ་ཕྱི་ཡི་ཡུལ༔ སྲིད་པ་བརྟན་པ་སྣོད་རྣམས་ཀུན༔ རང་ལུས་རྡོ་རྗེ་ཁོ་ན་ལས༔ གཞན་དུ་གློ་བུར་བརྟན་ཟུག་མིན༔ རང་ལུས་རུས་པའི་རི་བོ་ལས༔ ཕྱི་རོལ་རྡོ་རྗེ་བྲག་རི་སྲ༔ རང་ལུས་ཤ་བེམ་སྲབ་མཐུག་ལས༔ ཕྱི་རོལ་ས་གཞི་ས་ཡི་ཡུལ༔ སྣབས་མཆིལ་མཆི་མ་དྲི་ཆུ་རྣམས༔ ཕྱི་ཡུལ་རླན་གཤེར་ཆུ་རིགས་སོ༔ སྐྲ་དང་བ་སྤུ་སྤུ་ཚོགས་ཀྱིས༔ ཕྱི་རོལ་རྩི་ཤིང་ནགས་ཚལ་སྣང༔ སོ་སེན་དཀར་མདོག་སྐྲ་དཀར་ལས༔ གངས་རི་རྣམ་པ་དུ་མར་བཅས༔ ཁ་ལུས་རླུང་དྲོད་འབར་བ་ལས༔ སྤྲིན་དང་ན་བུན་མེ་དྲོད་འབར༔ མདོག་དབྱིབས་བཟང་ངན་གྱུར་པ་ལས༔ དུས་བཞི་ཕྲ་རགས་ཡུལ་ཉམས་གསལ༔ རྩ་འཁོར་བདུན་ལྡན་གནས་པ་ནི༔ རིགས་དྲུག་དག་པ་སངས་རྒྱས་བདུན༔ གཡས་ཐབས་རྐྱང་མ་ཀུནྡ་འབབ༔ ཟླ་བ་རྒྱུ་སྐར་འཁོར་བཅས་དཀར༔ གཡོན་ཤེས་རོ་མ་ཁྲག་འབབ་རྩ༔ ཉི་མ་གཟའ་དང་དམར་ཁམས་གསལ༔ གཉིས་སྤངས་དབུ་མས་ནམ་མཁའི་ཁམས༔ ངེས་བྲལ་ཀུན་གསལ་ཐམས་ཅད་འདུ༔ ང་ནི་འདི་ལྟར་ཤེས་པར་བྱ༔ སྤྲིན་ལམ་འོད་ལུས་བུ་མོ་གསུམ༔ ཆོས་ལས་ལོངས་སྤྲུལ་འགྲོ་དོན་བྱེད༔ འོད་ཀྱི་ལམ་དང་མར་མེ་ཐོགས༔ ཤེས་རབ་དམར་ཆའི་དྭངས་མས་ཁྲིད༔ རིགས་དྲུག་འཁོར་ལོ་གསལ་བ་དེ༔ ལུས་གནས་འགྲོ་དྲུག་རྩ་རླུང་གནད༔ ཐང་དམར་ཡངས་མར་སྣང་བ་དེ༔ ཆགས་བཅས་དམར་ཁམས་རྒྱས་པ་འོ༔ བྲག་རི་མཚོན་ཆ་གཟིངས་འདྲ་དེ༔ རུས་བསྐྱེད་ཞེ་སྡང་སེམས་ལས་གྲུབ༔ རཀྟའི་རྒྱ་མཚོ་མེར་བ་དེ༔ ཁྲག་བསྐྱེད་འདོད་ཆགས་སེམས་ལས་སྣང༔ རི་ཆེན་རྩེ་མོ་ན་བུན་དེ༔ སྲོག་ལྡན་སྤྱི་བོའི་རླངས་པ་འོ༔ རྩ་བ་རྒྱ་མཚོ་གདིང་མེད་སླེབ༔ གཉིས་མེད་གཏི་མུག་ཆ་ལས་བསྐྱེད༔ རྩེ་མོ་གངས་རི་ཧཾ་ལས་གྲུབ༔ རྐེད་པ་སྤང་རི་ཤ་ལས་མཐོང༔ རྩ་བ་བྲག་རི་རུས་ལས་བསྐྱེད༔ རི་ཆེན་འདི་ཉིད་རང་ལུས་ཡིན༔ བྲག་དང་རཀྟ་འཐབ་པའི་མཚམས༔ སྐུ་གསུམ་ཕུག་པ་ནང་གནས་ཏེ༔ མངོན་སྤྱོད་དྲག་པོའི་ས་ཡིན་ནོ༔ དེ་དབུས་མཐོང་ཚུལ་ཁུང་བུ་གསུམ༔ རྩ་གསུམ་ཡིན་ནོ་ངེས་ཤེས་སྐྱེད༔ དབུས་ནང་གྲུ་གུ་འཕངས་པ་དེ༔ བྱང་སེམས་གྱེན་ལ་མས་བརྟན་འཕངས༔ དེ་སྟེང་གྲུ་བཞིའི་ཕུག་པ་དེ༔ ལྟེ་བ་ལོངས་སྤྱོད་ས་ཡིན་ནོ༔ སྔར་ལྟར་བགྲོད་པའི་སྦྱོར་བ་ནི༔ བྱང་སེམས་གྱེན་འཕངས་ཀུནྡ་བསྒྲིལ༔ དེ་སྟེང་གྲུ་བརྒྱད་ཕུག་པ་ནི༔ སྙིང་ག་ཀུན་འདུས་ས་ཡིན་ནོ༔ སྔར་གྱི་སྦྱོར་བས་བགྲོད་པ་ཡིས༔ དེ་སྟེང་ཕུག་པ་ཟླ་གམ་དམར༔ དབང་བྱེད་མགྲིན་པའི་ས་ཡིན་ནོ༔ སླར་ཡང་མས་བཟློག་བྱང་སེམས་བགྲོད༔ དེ་སྟེང་བསིལ་ཡངས་ཕུག་པ་ཟླུམ༔ སྤྱི་བོ་སྲེག་སྟེར་བདེ་ཆེན་ས༔ དེ་སྟེང་སྔར་ལྟར་བགྲོད་པ་ལས༔ གྲུ་གསུམ་འཕང་དམའི་ཕུག་པ་ནི༔ གཙུག་ཏོར་བུམ་པའི་ས་ཡིན་པས༔ མ་རིག་འཇོམས་བྱེད་ས་རུ་འདོད༔ དེ་སྟེང་སྔར་བགྲོད་སྦྱོར་བ་ནི༔ ཕྱིར་མི་ལྡོག་པའི་ས་མཆོག་གནས༔ སྐུ་གསུམ་དབྱིངས་སུ་འགྲོལ་བའི་ས༔ གཙུག་ཏོར་ནོར་བུ་དགོས་འདོད་གཏེར༔ ཕྱིར་ལོག་བསྐྱེད་རྫོགས་གདམས་པ་ཀུན༔ ཀུནྡ་ལུགས་འབྱུང་དབབ་དགྲམས་ལས༔ བྱིན་རླབས་ཤེས་རབ་ཚེ་དང་དགུག༔ མཆོག་ཐུན་ནོར་དང་མཐུ་སྒྲུབ་སོགས༔ དམིགས་བཅས་ཡབ་ཡུམ་འཁོར་གདན་དང༔ དམིགས་བྲལ་སྤྲོས་མེད་དབྱིངས་རྒྱན་སོགས༔ རྩ་རླུང་འཁོར་ལོ་དེ་རྣམས་སུ༔ གདམས་པའི་འཁོར་ལོ་འབད་མེད་སྣང༔ ཞེས་སོ༔ དེ་ལྟར་ངེས་པར་གྱིས་ཤིག༔ གཞན་ཡང་གསང་སྔགས་ཀྱི་རྒྱུད་སྡེ་དུ་མ་ལས་ལེགས་པར་གསུངས་པའི་རྡོ་རྗེ་ལུགས་ཀྱི་གནས་ལུགས་ནི༔ གབ་པའི་ཚུལ་དུ་སྦས་པ་སྟེ༔ གདམས་པ་འདི་དང་ཚིག་དོན་མི་འདྲ་བ་རྣམས་འགལ་བར་འཛིན་པ་དང༔ ཕྱོགས་སུ་མ་ལྷུང་ཞིག༔ དོན་དུ་འདི་ལྟ་སྟེ༔ ཁམས་གསུམ་གྱི་སེམས་ཅན་རྣམས་ལའང༔ སངས་རྒྱས་ཀྱི་ཆེ་བ་དབུའི་གཙུག་ཏོར་སོགས་མཚན་དཔེ་ཐམས་ཅད་དང་ལྡན་པ་ཁོ་ན་ཉིད་ཡིན་ཡང༔ དེ་ལྟར་མ་ཤེས་ཤིང་ཐ་མལ་དུ་འཛིན་བློ་འདི་ཉིད་ལ་ཨ་འཐས་པས༔ མཚན་དཔེ་དང་ལྡན་པའི་སངས་རྒྱས་འགྲུབ་ཉུང་བ་དེས་ལེན༔ དེ་བས་གཞི་ལུས་ད་ལྟ་ནས་མཚན་དཔེ་དང་ལྡན་པར་སྒྲུབ་ཤེས་དགོས་པས་འདི་གཅེས་སོ༔ གཡས་པ་ཐབས་དང་གཡོན་པ་ཤེས་རབ་ཡིན་པ་ལ༔ གཡས་ཁྲག་འབབ་པའི་རྩ་ཤེས་རབ་དང༔ གཡོན་དྲི་ཆུ་འབབ་པའི་རྩ་ཐབས་དང༔ དབུ་མ་ནས་ཁམས་འབབ་པར་བཟུང་ན༔ དོན་དུ་གཡས་གཡོན་གོ་ནོར་བ་དང༔ དབུ་མ་གཟུང་འཛིན་གཉིས་སྤངས་སུ་མི་འགྱུར༔ འདི་མ་ཤེས་ན་ཕུང་ཁམས་སྐྱེ་མཆེད་དང་ཚ་གྲང་ལ་གནད་དུ་མི་འགྲོ་བ་དེས་ལེན༔ དེ་བས་གཡས་གཡོན་ཐབས་ཤེས་གོ་མ་ལོག་པ་དང༔ དབུ་མ་ནས་དྲི་ཆུ་འབབ་པར་ཤེས་པ་ནི་གནད་ཆེ༔ རང་ལུས་ལས་ཕྱི་རོལ་དུ་ལྷ་དང་བླ་མ་སོགས་བསྐྱེད་ནས་དེ་ལ་བརྟེན་ཉམས་རྟོགས་འཆར་བ་དང༔ ཕྲིན་ལས་འགྲུབ་པར་གསུངས་ཀྱང༔ འདི་ཡང་བྲག་སྐམ་ལ་ཆུར་བལྟས་ནས་ཆུ་འདོད་པ་དང་འདྲ་སྟེ༔ གྲུབ་ཐག་རིང་བ་འདིས་ལེན༔ དེ་བས་རང་ལུས་ལ་རྟེན་འབྲེལ་བསྒྲིག་པ་གནད་ཆེ༔ གསང་གནས་སུ་གཡས་གཡོན་གྱི་རྩས་མི་སླེབ་པར་བཤད་མོད་ཀྱང༔ དེ་ལྟར་སོར་བཞག་ནས་བསྒྲུབས་ན༔ མཐུ་བྱས་ཚད་དམྱལ་བར་སྐྱེད་པ་དེས་ལེན༔ ལོངས་སྤྲུལ་མ་ཚང་བའི་སྐྱོན་ཡོད༔ དེས་ན་གསང་གནས་ཉིད་དུ་རྩ་གསུམ་འདུ་བར་བྱའོ༔ ཞེས་གསུང་ངོ༔ རང་ལུས་རྡོ་རྗེ་ངོ་སྤྲོད་ཀྱི་གདམ་པ་རྫོགས་སོ༔ ྀཨཚ༔ ༈ ཞལ་གདམས་རྒྱུན་གྱི་ཉམས་ལེན་གྱི་གདམས་པ་བཞུགས་ཨུ་པ་དེ་ཤ༔ ཞལ་གདམས་རྒྱུན་གྱི་ཉམས་ལེན་ནི༔ གོང་དུ་བསྐྱེད་རྫོགས་ཀྱི་གདམས་པ་སོ་སོར་བསྟན་པ་རྣམས་ཆབས་ཅིག་ཏུ་ཉམས་སུ་ལེན་ཚུལ་ནི་འདི་ལྟ་སྟེ༔ ཐོ་རངས་མི་ཚིག་གཞན་གྱིས་བར་མ་ཆོད་པའི་གཉིད་སད་ཕྲལ་དུ༔ ལུས་གནད་ནི་རྐང་པ་རེའུ་མིག་ཏུ་བསྣོལ༔ ལག་པ་ཐབ་མགལ་གྱི་ཕྱག་རྒྱ་བྱས༔ དེ་རྗེས་རླུང་རོ་ཅུང་ཟད་ནང་དུ་མནན༔ འོག་རླུང་ཁ་སྦྱར་ལ་དཀྲུགས་རྗེས༔ རླུང་རོ་ལན་གསུམ་འབུད༔ དེས་ནི་སྣོད་ངན་པ་བཀྲུ་བཤལ་བྱེད་པ་དང་ཁྱད་མེད༔ དེ་རྗེས་ལུས་གནད་དེ་ཅུང་ཟད་དགྱེ་བ་དང་བཅས་པའི་ངང་ནས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ དངོས་གཞི་ནི༔ རང་ལུས་ཕྱི་དབྱིབས་ཐུབ་པ་ཆེན་པོའི་རྣམ་པ་ལ༔ ནང་སྟོང་རར་བསམས་པའི་ཁོང་པའི་ནང༔ དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ༔ ཡར་སྣེ་གཙུག་ཏོར་ནོར་བུ་དང༔ མར་སྣ་གསང་གནས་སུ་སླེབ་པ༔ གཡས་སུ་རྐྱང་མ་དཀར་པོ་ཡར་སྣེ་གཙུག་ཏོར་ནོར་བུ་དང་མར་སྣ་གསང་གནས་སུ་སླེབ་པ༔ གཡོན་རོ་མ་དམར་པོ་ཡར་མར་གྱི་སྣ་རྐྱང་མ་དང་མཚུངས་པ༔ གསུམ་ཀའང་སྦོམ་པ་མདའ་སྨྱུག་ཙམ་པ་ནས༔ ཕྲ་བ་རྟ་རྔ་ཙམ་པ་ཡན་འོད་ཀྱི་སྐུད་པ་འཐེན་པ་ལྟར་བསྒོམས་པའི་གསང་གནས་སུ་ཆོས་འབྱུང་དམར་ནག༔ ལྟེ་བར་གྲུ་བཞི་སེར་པོ༔ སྙིང་གར་ཟུར་བརྒྱད་སྔོན་པོ༔ མགྲིན་པར་ཟླ་གམ་དམར་པོ༔ ཀླད་པ་དུང་ཁང་ཟླུམ་པོ་དཀར་པོ༔ གཙུག་ཏོར་བུམ་པ་ཆུ་ཤེལ་ལྟ་བུ་གྲུ་གསུམ་པ༔ གཙུག་ཏོར་ནོར་བུ་འཇའ་འོད་འཁྱིལ་པའི་གུར་ཁང་རྣམས་སུ་བསྒོམ་པར་བྱ༔ དེ་ལྟར་མས་ཡར་གནས་རྣམས་གསལ་བཏབ་རྗེས༔ ཡས་མར་རིམ་པ་བཞིན་བསྐྱེད་རྫོགས་ཀྱི་དམིགས་པ་དེ་དང་རླུང་ཐུན་རེ་སྦྲགས་ལ༔ གཞུང་ལྟར་ཉམས་སུ་བླངས་རྗེས་བཀའ་སྲུང་གི་ཁྲོ་ཆུའི་དམིགས་པ་ལ་མཉམ་པར་གཞག༔ དེ་ནས་གཙུག་ཏོར་ནོར་བུའི་འོད་ཕུང་ཁ་དོག་སྣ་ལྔ་རྩ་གསུམ་དང་བཅས་པ་དབྱེར་མེད་དུ་འདྲེས་པ་མར་བབས༔ བུམ་པའི་འོད་ཕུང་དང་འདྲེས༔ དེ་ཡང་སྤྱི་བོའི་འོད་ཕུང་དང་བསྲེས༔ དེ་ཡང་མགྲིན་པའི་འོད་ཕུང་དང་བསྲེ༔ དེ་རྗེས་གསང་གནས་ཀྱི་མེ་འོད་ལྟེ་བའི་འོད་ཕུང་ལ་ཡར་བསྡུ༔ དེ་ཡང་སྙིང་གའི་འོད་ཕུང་དང་འདྲེ་བར་སྟབས་ཅིག་ཏུ༔ མགྲིན་པའི་འོད་ཕུང་མར་བབ་པ་དང་མཉམ་དུ་བསྲེ༔ དེ་ནས་དམིགས་པ་མ་གསལ་གྱི་བར་རླུང་བཟུང་བ་དང་སྦྱར་ཏེ༔ དང་པོར་རང་ལུས་ནང་འོད་ཕུང་ལ་ཕྱི་དབྱིབས་ཐུབ་པའི་སྐུར་གསལ་བ་ལ་བསླབ༔ དེ་ནས་དེར་འཛིན་ཀྱང་མི་དམིགས་པར༔ ཕྱི་ཡུལ་སྣོད་བཅུད་འཇའ་འོད་ཀྱི་ཡིད་ལུས་སུ་རོ་གཅིག་པར་བལྟས་ཏེ་ཅི་གནས་སུ་འཇོག༔ དེ་ནས་ནི་མེད་དགག་གི་འཇོམས་ལྟ་མི་དགོས་ཏེ༔ འཇའ་ཚོན་ཉིད་ཀྱི་ངང་ལ་གཞག་པས་ནི་ངོ་བོའི་རང་ཞལ་མཐོང་བ་ལ་གེགས་མེད་ཅིང༔ མྱུར་ཁྱད་འཇའ་ལུས་སུ་འཆར་རོ༔ ཐུན་མཚམས་སྤྱོད་ལམ་ཀུན་ཏུ་ཚོགས་དྲུག་གི་སྣང་ཆའི་སྒོ་གང་ཤར་ཐམས་ཅད་སྒྱུ་མ་འཇའ་ཚོན་དུ་བྱས་ཏེ༔ གཟུགས་སུ་སྣང་བ་ཐམས་ཅད་ནི་འཇའ་ལུས་སྣང་སྟོང༔ སྒྲ་ནི་འཇའ་འོད་སྟོང་པའི་རང་སྒྲ༔ དྲི་ནི་འཇའ་འོད་རང་སྟོང་གི་དྲི༔ རོ་ནི་འཇའ་མཚུངས་འཛིན་མེད་ཀྱི་རོ༔ རེག་བྱ་ཡང་མཛེས་དབང་པོའི་གཞུ་ཚོན་ཁོ་ན་ཉིད་དུ་ངེས་པར་བྱས་པས་དེ་ལྟར་མྱུར་དུ་འཆར་རོ༔ མཚན་རྟགས་ནི༔ དང་པོ་རྣམས་སུ་སྒྲིབ་པ་དག་པ་དང༔ ཕྲིན་ལས་བཞིའི་རྟགས་ཀྱང་འབྱུང་ཞིང༔ རྗེས་རྣམས་སུ་ནི་ཉིན་མཚན་གྱི་སྣང་ཆ་གང་ལའང་ཉམས་རྟོགས་ཁོ་ན་ཉིད་ཀྱིས་དུས་འདའ་སྟེ༔ དེ་ལ་མཐོ་དམན་གྱི་ཉམས་ཇི་ལྟར་ཀྱང་རྩེ་གཉིས་ཀྱི་བློ་སྤངས་ཏེ༔ འདི་ཉིད་ཀྱི་ཉམས་ལེན་ལ་གནད་དུ་གང་འགྲོ་བགྱིས་ན༔ ས་ལམ་གྱི་རྩིས་གདབ་མི་འཚལ་བར་སྒྱུ་ལུས་འདི་ཉིད་འཇའ་ལུས་སུ་སངས་རྒྱས་སོ༔ ཞེས་གསུངས་སོ༔ ཞལ་གདམས་རྒྱུན་གྱི་ཉམས་ལེན་གྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ ལས་མཐའ་ཕྲིན་ལས་ཟུར་བཀོལ་རྣམས་ཡོད་པ་ལས༔ ཐོག་མར་སྲོག་བླའི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔ ལས་མཐའ་ཕྲིན་ལས་ཟུར་བཀོལ་ནི༔ གང་གིས་བྱང་ཆུབ་སྒྲུབ་པ་ཉམས་སུ་ལེན་༄། རྩ་གསུམ་འཁོར་ལོའི་དཔེའུ་རིས་ཡིན༔ བཀའ་སྲུང་གི་རྒྱ་ཡོད༔ རང་བཟོ་མི་ཉན༔ པ་ལ༔ བླ་མ་ལ་མོས་གུས་མེད་ན་མཆོག་མི་འགྲུབ་ཅིང་ཐུན་མོང་ལའང་རྟགས་མི་འབྱུང་བས༔ མོས་གུས་སྐྱེད་བྱེད་སྲོག་བླའི་ལས་་་་་ མཐའ་ནི༔ གོང་ལྟར་རྩ་གསུམ་གནས་བདུན་མས་ཡར་གསལ་གདབ་ལ༔ ཡས་མར་རིམ་པ་བཞིན་གཙུག་ཏོར་ནོར་བུ་ཁོ་ནའི་དམིགས་ པ་གསལ་བཏབ་ལ༔ ཁྱད་པར་ནི་དབུས་སུ་རྡོ་རྗེ་འཆང་གི་དོད་དུ༔ འདི་སྟོན་བྱེད་ཀྱི་བླ་མ་རང་གི་སྐུ་ངོ་བོ་ཉིད་བསྒོམས་ལ༔ མོས་་་་་ གུས་བྱ་ཞིང་བསྙེན་པ་དང་གསོལ་གདབ་གནད་དུ་གང་འགྲོ་དང་བསྟུན་ལ་བྱ༔ རླུང་སྦྱོར་འོད་ཕུང་ཕྱི་ནང་དབྱེར་མེད་བྱ་བ་གོང་མ་རྣམས་དང་ འདྲའོ༔ དེས་ནི་མོས་གུས་ངང་ངམ་ཤུགས་ཀྱིསའཆར༔ གང་ཟག་དེ་ཉིད་ལ་དག་པའི་སྣང་བ་འཆར་རོ༔ གཞན་རྒྱུད་ལོག་ལྟ་སྒྱུར་་་ ་ནོར་བུ༔ བུམ་པ༔ ཀླད་པ་དུང་ཁང༔ མགྲིན་པ༔ སྙིང་ག༔ ལྟེ་བ༔ གསང་གནས༔ བྱེད་ནི་འཁོར་ལོའི་གནས་བརྗེ་བར་བྱ་སྟེ་ཞལ་ལ་དྲིས༔ དེས་ནི་སྐལ་མེད་ལོག་ལྟ་ཅན་ཡང་བྱང་ཆུབ་ལམ་དུ་ཚུད་པར་འགྱུར་རོ༔ སྲོག་བླའི་ལས་མཐའ་རྫོགས་སོ༔ ྀཨཚ༔ ༈ ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔ ཤེས་རབ་སྐྱེད་པར་འདོད་ན༔ ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་ལས་མཐའ་ནི༔ རྩ་གསུམ་དང་གནས་བདུན་རྣམས་ལྷ་སྐྱེད་ལུགས་ཡར་ཕྱིར་གོང་དང་འདྲ་བ་ལ༔ གནས་རྣམས་སུ་གཙུག་ཏོར་བུམ་པའི་ནང་གི་དམིགས་པ་ཁོ་ན་ཉིད་སྐྱེད་ཅིང་བློ་ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་བསམས་ལ་བསྙེན་པ་ལ་འབད༔ རླུང་སྦྱོར་འོད་ཕུང་ཕྱི་ནང་དབྱེར་མེད་བྱ་བ་གོང་བཞིན་འགྲེའོ༔ དེས་ནི་ཤེས་རབ་མྱུར་དུ་སྐྱེ་བར་འགྱུར་རོ༔ གཞན་རྒྱུད་ཤེས་རབ་སྐྱེད་བྱེད་ནི་ལུང་ལས་ལེགས་པར་དབོག་སྟེ་ཞལ་ལ་དྲིས༔ དེས་ནི་ཚིག་གཅིག་མི་ཟིན་པ་ཡང་ཐོགས་མེད་ཀྱི་སྤོབས་པ་དང་ལྡན་པར་འགྱུར་རོ༔ ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་ལས་མཐའ་རྫོགས་སོ༔ ྀཨཚ༔ ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔ ཚེ་བསྒྲུབ་པར་འདོད་ན༔ བདུད་རྩི་ཟླ་ཟེར་གྱི་ལས་མཐའ་ནི༔ རྩ་གནས་ལྷ་བསྐྱེད་ལུགས་ཡས་མར་གོང་དང་འདྲ་བ་ལ༔ འཁོར་ལོ་རྣམས་སུ་ཀླད་པ་དུང་ཁང་གི་དམིགས་པ་ཁོ་ན་གསལ་བཏབ་ལ༔ ཚེ་ཡི་འོད་ཕུང་འབར་བར་བསམ༔ བསྙེན་པ་ལ་འབད༔ རླུང་སྦྱོར་འོད་ཕུང་ཕྱི་ནང་དབྱེར་མེད་བྱ་བ་གོང་གིས་འགྲེ༔ དེས་ནི་བར་ཆད་སེལ་ཞིང་ཚེ་ལ་དབང་བར་འགྱུར་རོ༔ གཞན་གྱི་ཚེ་བསྲིང་བ་ནི་གཞན་བདག་ཡིན་ཏེ་ཞལ་ལ་དྲིས༔ ཚེ་སྒྲུབ་ཁོལ་དུ་ཕྱུང་ ཕོ༔ བའོ༔ ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་གདམས་པའི་ལས་མཐའ་རྫོགས་སོ༔ ྀཨཚ༔ ༈ དབང་སྡུད་ཞགས་དམར་གྱི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔ དབང་སྡུད་བྱ་བར་འདོད་ན༔ ཞགས་དམར་གྱི་ལས་མཐའ་ནི༔ རྩ་གནས་ལྷ་སྐྱེད་ལུགས་ཡས་མར་གོང་དང་འདྲ་བ་ལས༔ འཁོར་ས་རྣམས་སུ་མགྲིན་པའི་དམིགས་པ་ཁོ་ན་ཉིད་བྱས་ལ༔ ཕོ་ལ་པདྨའི་ལྕགས་ཀྱུ་ལ་ཞགས་དམར་སྒྲིལ་བ་དང༔ མོ་ལ་རྡོ་རྗེའི་ལྕགས་ཀྱུ་ལ་ཞགས་དམར་སྒྲིལ་མས་འགུགས་པའི་དམིགས་པས་བསྡུས་ལ་བསྟིམ་ཞིང༔ སརྦའི་མལ་དུ་མིང་འཇུག་བྱེད་པ་ནི་ཞལ་ལ་དྲིས༔ དེ་་ ལྟར་བསྙེན་པར་བྱ་ཞིང༔ རླུང་སྦྱོར་འོད་ཕུང་ཕྱི་ནང་དབྱེར་མེད་བྱ་བ་གོང་གིས་འགྲེའོ༔ དེས་ནི་གང་ལ་བྱ་བ་དེ་ཉིད་མྱུར་བར་དབང་དུ་འགྱུར་་ རོ༔ དབང་སྡུད་ཞགས་དམར་གྱི་ལས་མཐའ་རྫོགས་སོ༔ ྀཨཚ༔ ༈ ཡི་དམ་འཁོར་ལོ་སྡོམ་སྙིང་གི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔བྱིན་ མོ༔ རླབས་ དང་ངག་ནུས་ཆེ་བར་འདོད་ན༔ ཡི་དམ་འཁོར་ལོ་སྡོམ་སྙིང་གི་ལས་མཐའ་ནི༔ རྩ་གནས་ལྷ་སྐྱེད་ལུགས་ཡས་དམར་གོང་དང་འདྲ་བ་ལ༔ འཁོར་ས་རྣམས་སུ༔ སྙིང་གའི་དམིགས་པ་ཁོ་ན་ཉིད་བསྒོམས་ལ༔ ཡི་དམ་དུ་མའི་བྱིན་རླབས་བསྡུས་ལ་བསྟིམ་ཞིང༔ བསྙེན་པ་ལ་འབད༔ རླུང་སྦྱོར་འོད་ཕུང་ཕྱི་ནང་དབྱེར་མེད་བྱ་བ་གོང་གིས་འགྲེ༔ བྱིན་རླབས་དྲག་པོས་སྨྱོ་འདུལ་བྱ་བ་ནི༔ ཁྲོ་ཆུ་དང་བསྲེས་ལ་བསྒྲུབ་པར་བྱ་སྟེ༔ གང་ལ་བྱ་བ་དེ་ཉིད་རང་གི་གཟུགས་ལ་ཐོག་ཆེན་དབབ་པར་བྱ་བ་ནི་ཞལ་ལ་དྲིས་ཤིག༔ དེ་ནི་བྱིན་རླབས་ཆེ་ཞིང་འགྲོ་བ་ལ་ཕན་ནོ༔ ཡི་དམ་འཁོར་ལོ་སྡོམ་སྙིང་གི་ལས་མཐའ་རྫོགས་སོ༔ ྀཨཚ༔ ༈ ནོར་སྒྲུབ་ཡིད་བཞིན་ནོར་བུའི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔ ནོར་བསྒྲུབ་པར་འདོད་ན༔ ཡིད་བཞིན་ནོར་བུའི་ལས་མཐའ་ནི༔ རྩ་གནས་ལྷ་བསྐྱེད་ལུགས་ཡས་མར་གོང་དང་འདྲ་བ་ལས༔ འཁོར་ས་རྣམས་སུ་ལྟེ་བའི་དམིགས་པ་ཁོ་ན་ཉིད་གསལ་བཏབ་ལ༔ གང་འདོད་ཀྱི་ཟས་ནོར་ཆར་བཞིན་འབབ་པར་བསམ་མོ༔ བཟླས་པ་བྱ་བ་ནི༔ རླུང་སྦྱོར་ཕྱི་ནང་འོད་ཕུང་བསྲེ་བ་གོང་གིས་འགྲེའོ༔ མངྒ་ལའི་མཇུག་ཏུ༔ ཨོཾ་པྲི་ཡང་ཀུ་རུ་བྷ་ཧཱུ་ཏ༔ རཏྣ་བྷ་ཧཱུ་ཏ༔ གོ་ར་བྷ་ཧཱུ་ཏ༔ མང་ས་བྷ་ཧཱུ་ཏ༔ སོ་ན་བྷ་ཧཱུ་ཏ༔ བཛྲ་ཧོ་བྷ་ཧཱུ་ཏ༔ མ་ཧཱ་ན་མེ་ཏི་ནི་བྷ་ཧཱུ་ཏ༔ སིདྡྷི་དྷེ་ཧཱུ་དྷེ་ཧཱུ་ཏ་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་པའི་འབྱིན་འཇུག་འདི་ཞལ་ལ་དྲིས་ཤིག༔ འདིས་ནི་གང་འདོད་ཐམས་ཅད་འབད་མེད་དུ་འདུ་བར་འགྱུར་རོ༔ ནོར་སྒྲུབ་ཡིད་བཞིན་ནོར་བུའི་ལས་མཐའ་རྫོགས་སོ༔ ྀཨཚ༔ ༈ བཀའ་སྲུང་གི་ལས་མཐའ་ཡོད༔ ཨུ་པ་དེ་ཤ༔ བསྟན་དགྲས་འཚེ་བར་གྱུར་ན༔ གཡང་གཞི་ཁྲོ་ཆུའི་ལས་མཐའ་བྱ་སྟེ༔ དེ་ཡང་རྩ་གནས་ལྷ་བསྐྱེད་ལུགས་ཡས་མར་གོང་དང་འདྲ་བ་ལ༔ ཁྱད་པར་ནི་འཁོར་ལོ་རྣམས་སུ་གསང་གནས་ཀྱི་དམིགས་པ་ཁོ་ན་བྱ་སྟེ༔ གཙུག་ཏོར་ནོར་བུར་གཡང་གཞི་བརྡབས་པས་དགྲ་བོའི་ལུས་ལ་ནད་ཀྱིས་ཐེབས༔ བུམ་པར་གཡང་གཞི་བརྡབས་པས་བྱད་མའི་ལུས་ལ་ནད་ཀྱིས་ཟིན༔ ཀླད་པ་དུང་ཁང་དུ་བརྡབས་པས་ལུས་ཀྱི་དབང་པོ་གཟེར་གྱིས་མནར༔ རང་གི་ལུས་ཀྱི་ན་ཚ་བསྟིམ༔ མགྲིན་པར་བརྡབས་པས་ངག་ལྐུག༔ སྙིང་གར་བརྡབས་པས་སྙིང་གཟེར་གྱིས་ཐེབས་ཤིང་སྨྱོ་བ་དང་འབོག༔ རང་གི་སྟོད་ཚ་བའི་ནད་རྣམས་བསྟིམ༔ ལྟེ་བར་བརྡབས་པས་ལུས་པོ་ཞིག༔ གསང་བར་བརྡབས་པས་ཐལ་བར་བཏང་བར་བསམ་ཞིང༔ རང་གི་སྨད་གྲང་བའི་ནད་རིགས་སུ་གྱུར་པ་བསྟིམ༔ ལུས་ཀྱི་སྙིགས་མ་ཅུང་ཟད་ཕྱི་རོལ་ཏུ་འབུད་པའོ༔ སྔགས་ནི་བསྙེན་པའི་མཇུག་ཏུ་ལས་སྔགས་བཏགས་ལ་བཟླ༔ བར་བར་ཐལ་མོ་བརྡབ༔ དགྲ་བོའི་ཤ་ཁྲག་གཏོར་མར་བསྔོ༔ མཐར་ཐུག་མངོན་སྤྱོད་ཀྱི་གནད་ནི༔ དོང་གྲུ་གསུམ་བྲུ་བ་ནི་ཧོམ་ཁུང༔ ནང་དུ་དགྲ་བོ་དངོས་སུ་བསམ་ཞིང༔ འོག་གི་ཐུན་སྒོ་གཉིས་སུ་སྒྲོལ་བྱེད་གཙོ་འཁོར་སྐབས་དང་སྦྱར་ལ་བསྐྱེད༔ སྙིགས་མ་དུག་གསུམ་གྱི་རང་བཞིན་དུ་དམིགས་ལ༔ སྐམ་ཐུན་གཤེར་ཐུན་རང་བྱུང་གི་ཐུན་གྱིས་བྲབ༔ སྐམ་ཐུན་ཐོག་མདའ་རི་རབ་ཏུ་བསྐྱེད༔ གཤེར་ཐུན་དུག་ཆུ་གསོད་བྱེད་དུ་བྱའོ༔ འདིའི་ཞལ་ཤེས་མེད་ན༔ གོང་མ་རྣམས་ལ་ནུས་པ་མི་འབྱུང་བས༔ འདི་ཞལ་ལ་དྲིས་ཤིག༔ བཀའ་སྲུང་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ཀྱི་ལས་མཐའ་རྫོགས་སོ༔ ྀཨཚ༔ འདི་རྣམས་ཀྱིས་ལས་མཐའ་ཕྲིན་ལས་ཟུར་བཀོལ་རྫོགས་སོ༔ ྀཨཚ༔ ༈ འཕོ་བ་སྐར་མདའ་བསམ་མེད་ཀྱི་གདམས་པ་ཡོད་པ་ཨུ་པ་དེ་ཤ༔ འཕོ་བ་སྐར་མདའ་བསམ་མེད་ཀྱི་གདམས་པ་ནི༔ ལུས་གནད་ཙོག་པུར་བྱས་ལ༔ འདི་ལའང་གཉིས་ཏེ༔ སྦྱང་བ་དང༔ ལས་ལ་སྦྱར་བའོ༔ དང་པོ་ནི༔ རང་ལུས་ཅི་ཡང་མི་དམིགས་པའི་ངང་ལས༔ རྩ་དབུ་མ་ཁ་དོག་སྔོན་པོ་ཕྲ་སྦོམ་སྦ་ལྕག་ཙམ་པ༔ རིང་ཐུང་འདོམ་གང་གི་ཚད་ལྡན༔ ནང་སྦུབས་ཡངས་པ་དང་བཅས་པ༔ མས་མཐིལ་རང་གྲུབ་ཀྱིས་བཅད་པ༔ སྟོང་སྦུབས་ཀྱི་སྣ་ཡང་ཚིགས་ཀྱིས་བཅད་པ་ལྟ་བུའི་དབུས་སུ་བུག་པ་ཅུང་ཟད་དང་བཅས་པ༔ དེའི་མ་གདན་གྱི་ནང་དུ་སེམས་ཀྱི་ངོ་བོ་བྱིའུའི་སྒོ་ང་ཙམ་གྱི་ཐིག་ལེ་དམར་པོ་སྐར་ཆེན་ཤར་བ་ལྟ་བུ་ཞིག་བསམ༔ སྟེང་རླུང་མནན་ཅིང་རྒྱབ་རླུང་འཐེན་ནས་སླར་རླུང་མིག་སེམས་གསུམ་གྱེན་དུ་གཏད་ལ་དེ་ཉིད་བུག་པ་ལས་བརྒྱུད༔ ནང་དུ་འདྲིལ་ཞིང་སྦུད་པ་ལས༔ ཐིག་ལེ་སྤར་ཏེ་སྟེང་གི་བུག་པར་ཐུག་པར་བྱ༔ དེ་ཡང་རླུང་གིས་སྤར་བས་སྟེང་དུ་བུད་ལ་ཁད་དུ་བསམ༔ རླུང་ཕྱིར་དབྱུང་བས་མར་བབས་པར་བསམ༔ དེ་ལ་གོམས་པས་སྤྱི་བོ་ཟ་ཞིང་ན་བ་དང༔ ཤུ་ཐོར་འབྲུམ་བུ་འབྱུང༔ དེ་ལྟར་བྱུང་ཚེ་བརྩོན་པ་ཅུང་ཟད་འདོར༔ དེ་ནི་སྦྱང་བའོ༔ གཉིས་པ་ནི༔ དམིགས་པ་གཞན་རྣམས་གོང་དུ་འདྲ་བ་ལ༔ དབུ་མའི་ཡར་སྣ་ཟང་ཐལ་དུ་བྱ༔ རླུང་དང་སྦྱར་བས་ཐིག་ལེ་ཡར་འགྲོ་བ་དང་སྟབས་གཅིག་ཏུ༔ རྩ་ཡང་བསྡོགས་ཏེ་མཉམ་དུ་འདྲེས་ཏེ་སྐར་མདའ་འཕངས་པ་ལྟར་ནམ་མཁའ་ལ་འཕང་ངོ༔ དེ་ལའང་གཉིས་ཏེ༔ རྟེན་ཅན་དང་རྟེན་མེད་དོ༔ དང་པོ་ནི༔ སྒྲོལ་མའི་ཐུགས་ཀར་འཕང་ངོ༔ རྟེན་མེད་ནི་དབྱིངས་རིག་བསྲེ་བའོ༔ གང་ལྟར་ཡང་ལུས་ལ་ཕྱི་མིག་མི་བལྟ་བ་གནད་དུ་ཆེའོ་གསུང༔ འཕོ་བ་སྐར་མདའ་བསམ་མེད་ཀྱི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ རིགས་བསྡུས་དམིགས་དབང་གི་གདམ་པ་ཡོད་ཨུ་པ་དེ་ཤ༔ རིགས་བསྡུས་དམིགས་དབང་གདམ་པ་ནི༔ ཡིད་བཞིན་ནོར་མཆོག་གི་ཟབ་ལམ་འདི་ཉིད་སྦྱིན་པ་དང༔ ཉམས་རྟོགས་མ་སྐྱེས་པའི་དུས་སུ་དགོས་ཏེ༔ དེ་ལ་ཐོག་མར་སློབ་མས་བླ་མ་ལ་རང་ལུས་ཀྱི་མཎྜལ་ཕུལ་ལ༔ བླ་མས་རང་ལུས་ཞལ་གདམས་ལྟར་ལྷ་སྐུ་བསྐྱེད་བཟླས་ཀྱི་རིམ་པ་དང༔ གནས་རྣམས་སུ་འོད་ཕུང་རྫོགས་རིམ་རགས་པའི་འོད་ཟེར་གསལ་གདབ༔ དེ་ནས་བླ་མའི་གཙུག་ཏོར་ནོར་བུའི་འོད་ཕུང་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་འཕྲོས༔ སློབ་མའི་གཙུག་ཏོར་དབུ་མའི་ནང་དུ་ཞུགས༔ ལུས་འོད་ཟེར་སྣ་ལྔས་གང༔ སྲོག་བླའི་སྒྲུབ་སྟོན་བྱེད་པ་ལ་དབང༔ བླ་མའི་བྱིན་རླབས་ཞུགས༔ གཙུག་ཏོར་བུམ་པའི་འོད་ཕུང་ལས་གཉིས་པ་འཕྲོས༔ སློབ་མའི་གཙུག་ཏོར་བུམ་པར་ཞུགས༔ ལུས་འོད་དཀར་པོས་གང༔ ཡེ་ཤེས་མ་རིག་འཇོམས་བྱེད་སྒྲུབ་སྟོན་བྱེད་པ་ལ་དབང༔ འཇམ་དབྱངས་ཀྱི་བྱིན་རླབས་ཞུགས་པར་བསམ༔ བླ་མའི་ཀླད་པ་དུང་ཁང་གི་འོད་ཕུང་ལས་གཉིས་པ་སྤྲོས༔ སློབ་མའི་དུང་ཁང་དུ་ཞུགས༔ སླར་རང་ལུས་འོད་དཀར་པོས་གང༔ ཚེ་སྒྲུབ་བདུད་རྩིའི་ཟླ་ཟེར་སྒྲུབ་སྟོན་བྱེད་པ་ལ་དབང༔ ཀུ་རུ་ཀུལླེའི་བྱིན་རླབས་ཞུགས་པར་བསམ༔ བླ་མའི་ཐུགས་ཀ་ནས་འོད་ཕུང་གཉིས་པ་འཕྲོས༔ སློབ་མའི་སྙིང་གར་ཐིམ༔ ལུས་འོད་སྔོན་པོས་གང༔ ཡི་དམ་འཁོར་ལོ་སྡོམ་སྙིང་སྒྲུབ་སྟོན་བྱེད་པ་ལ་དབང༔ ཡི་དམ་དུ་མའི་བྱིན་རླབས་ཞུགས་པར་བསམ༔ བླ་མའི་གསང་གནས་ཀྱི་འོད་ཕུང་ལས་གཉིས་པ་ཆད༔ སློབ་མའི་གསང་གནས་སུ་ཞུགས༔ ལུས་མེ་འོད་ཚ་ལ་རྩུབ་པས་གང༔ བཀའ་སྲུང་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་སྒྲུབ་སྟོན་བྱེད་པ་ལ་དབང༔ མགོན་པོ་སྒྲོལ་བྱེད་འཁོར་བཅས་ཀྱི་བྱིན་རླབས་ཞུགས་པར་བསམ༔ འོད་ཕུང་ཡར་མར་སྙིང་གར་འདུས་པ་ལས་འོད་ཟེར་ཆེར་འབར༔ ལུས་ཀྱི་ནང་ཐམས་ཅད་བྱིན་རླབས་འདུས་པའི་འོད་ཕུང་གིས་གང་བར་བསམ༔ ཡིད་བཞིན་ནོར་བུ་འདིའི་མྱུར་ལམ་གྱི་ཆོས་ཆ་ལག་མ་ལུས་པ་སྒྲུབ་སྟོན་བྱེད་པ་ལ་དབང༔ དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་མཐའ་ཡས་འགྲོ་བ་རྣམས་ལ་བུ་ལྟར་བརྩེ་བ་ཅན༔ ཞི་རྒྱས་དབང་དྲག་གི་ཚུལ་འཛིན་ཆ་ལུགས་སུ་སྟོན་པ་གང་དག་ཇི་སྙེད་ཡོད་པ་རྣམས་ཀྱི་བྱིན་རླབས་ཞུགས་པར་བསམ༔ འདི་དུས་བླ་མ་རང་ཡང་འོད་ཕུང་ཆེན་པོར་འབར་སྣང་བ་དང༔ སློབ་མ་ཡང་འོད་ཀྱི་གོང་བུར་བསམ་པ་གཉིས་འདྲེས་པ་ལས་འོད་ཟེར་ཆེར་འབར་བས༔ ནང་བཅུད་ཀྱི་སེམས་ཅན་རྣམས་སྦྱངས་ཏེ་འོད་ཕུང་དུ་བསམ༔ གདུལ་བྱ་ངེས་མེད་རིགས་དྲུག་གི་འགྲོ་བ་རྣམས་ལ་ལམ་སྟོན་པའི་དབང་དང་ལྡན༔ མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཇའ་ལུས་སུ་སངས་རྒྱས་པར་བསམ༔ དེ་ནས་བླ་མ་དང་སློབ་མ་དབྱེར་མེད་ཅིང༔ ནང་བཅུད་འོད་ཕུང་གི་རང་བཞིན་དུ་གྱུར་པའང་ཆེར་འབར༔ ཕྱི་སྣོད་ནང་བཅུད་འཇིག་རྟེན་གྱི་ཁམས་རྣམས་ཀྱང་གང༔ ཡར་མཐའ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་ནས༔ རིགས་དྲུག་གི་སྡུག་བསྔལ་གྱི་འཁོར་ས༔ མ་མཐའ་དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ཐམས་ཅད་མཉམ་པ་ཆེན་པོའི་རང་མདངས་འོད་ཀྱི་ཡུལ་རིས་དང་གཞལ་མེད་ཁང་དུ་མཉམ་པར་བྱེད་པའི་དབང་ཐོབ༔ གང་ལ་གང་འདུལ་གྱི་ཚུལ་དུ་སྣོད་བཅུད་སྦྱོང་བའི་ནུས་མཐུ་དང་ལྡན་པར་བསམ་ཞིང༔ དེའི་ངང་ལ་ཅུང་ཟད་མཉམ་པར་འཇོག་གོ༔ གོང་གི་དགོས་ཆེད་གཉིས་པ་ནི༔ འདི་ཉམས་སུ་ལེན་ན་བདག་འཇུག་བྱ་བ་དང༔ དེ་རྗེས་བསྐྱེད་རྫོགས་ཀྱི་གདམ་པ་ཆ་ལག་དང་བཅས་པ་སྦྱིན་པར་བྱ་སྟེ༔ མཎྜལ་ནི་ཐོག་མཐའ་ཐམས་ཅད་དུ་འགྲེ་བ་ཞལ་ལ་དྲིས་ཤིག༔ རིགས་བསྡུས་དམིགས་དབང་གི་གདམས་པ་རྫོགས་སོ༔ ྀཨཚ༔ ༈ ལུང་བསྟན་མ་བུ་ཞལ་མཇལ་གྱི་གདམས་པ་ཡོད༔ ཨུ་པ་དེ་ཤ༔ ལུང་བསྟན་མ་བུ་ཞལ་མཇལ་ནི༔ དེ་ལྟར་གོང་དུ་བསྟན་པ་ལྟར༔ གདམས་པ་མ་བུ་ཚང་བ་དང་བཅས་ཏེ༔ གང་ཟག་འདི་ཉིད་ཀྱི་སྐལ་པ་དང་ལྡན་པ་གང་དེ་དག༔ ཚེ་འདི་ཉིད་ལ་མཚུངས་མེད་འཇའ་ལུས་སུ་སངས་རྒྱ་བར་བྱེད་པའི་མྱུར་ལམ༔ འདི་རྣམས་སྦྱིན་པར་བྱ་བའི་ཡུལ་དང་ཚུལ་ནི་འདི་ལྟ་སྟེ༔ ད་ལོ་སྦྲུལ་ལོ་ནས་གསུམ་བར་དག་ཏུ༔ གདམས་པ་འདི་ཡོད་སྙིང་གི་དབུས་སུ་སྦོས༔ དེ་རྗེས་ཡི་གེ་རིས་སུ་བྲི་བ་ནི༔ ཤོག་དཀར་དྲི་མེད་དཀྱུས་ནི་སོར་ཆེན་བདུན༔ ངོས་ཤིག་སོར་ཆེན་གསུམ་གྱི་ཚད་དག་ལ༔ ཁ་བྱང་མཇུག་ཏུ་ཨུ་པ་དེ་ཤ་དང༔ བ་ཚག་ཚིག་མཚམས་ཀུན་ཏུ་བརྒྱན་པ་སྟེ༔ སྡེ་ཚན་རང་གྲངས་གཡས་མ་སྤྱི་གྲངས་གཡོན༔ རྫོགས་མཇུག་ྀཨཚ་ཞེས་རྣམས་སྣག་ཚས་བྲིས༔ རང་ལུས་སྙིང་ཐད་གཡོན་དུ་བཅང་བར་བྱ༔ མཐར་ཡང་རང་ཉིད་གང་འགྲོར་འབྲལ་མི་ཉན༔ ཉིན་ཆ་རེ་ལ་ཞལ་གདམས་རྒྱུན་ལྟར་བསྒོམ༔ གཞན་ལ་སྦྱིན་པའི་བུ་ནི་ཉི་ཤུ་གཅིག༔ ཁྱོད་ལོ་ཉི་ཤུ་རྩ་བརྒྱད་ཚུན་ཆད་ལ༔ དབུས་འབྲོག་ཁམས་གཙང་རྣམས་སུ་འབྱུང་བ་སྟེ༔ ཉེར་གཅིག་ཕྱིན་ལ་བཅུ་བཞི་དེ་ནས་བདུན༔ དབུས་ནས་སྤྲེལ་སྟག་གླང་ལུག་ལོ་པ་ནི༔ བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམ་པར་རྒྱལ༔ བན་གཉིས་ལྷོ་བྱང་སྡེ་ཕྲན་ཚུལ་ཅན་ནོ༔ འབྲོག་ནས་བྱི་སྟག་ཡོས་འབྲུག་ལོ་པ་ནི༔ རིན་ཆེན་དགའ་བ་རབ་བརྟན་ཀུན་དགའི་མིང༔ བན་གཟུགས་ཆོས་ཚུལ་གནས་དང་མི་གནས་ཚུལ༔ ཁམས་ནས་སྦྲུལ་བྱ་ཁྱི་ཕག་ལོ་པ་ནི༔ ཤཱཀ་ཡེ་སངས་རྒྱས་ནམ་མཁའི་མིང་ཅན་ཏེ༔ བན་གསུམ་སྔགས་ཚུལ་གཅིག་དང་བཙུན་པ་གཉིས༔ གཙང་ནས་རྟ་ལུག་ཕག་སྦྲུལ་ཡོས་བུ་དང༔ འབྲུག་བྱ་ལོ་པ་བདུན་ནི་འབྱུང་བ་སྟེ༔ བླ་ཆེན་གསུམ་དང་བླ་བྲན་གཉིས་གཞན་བཙུན༔ དེ་ལྟར་ཉི་ཤུ་རྩ་གཅིག་ལུང་ཟིན་བུ༔ དེ་རྣམས་ལ་ནི་གདམས་པ་ཚང་བ་བྱིན༔ གཞན་ཡང་དངོས་ཉམས་རྨི་ལམ་གང་རུང་ལ༔ སད་བྱེད་ལུང་བསྟན་བྱུང་ན་དེ་ལ་བྱིན༔ དེ་རྣམས་ཀྱིས་ནི་གྲངས་མེད་ཀུན་ལ་བྱིན༔ ཚེ་འདིར་ཐུན་མོང་མཆོག་རྣམས་ཐོབ་པར་བྱེད༔ ཅེས་གསུང་ངོ༔ ལུང་བསྟན་མ་བུ་ཞལ་མཇལ་གྱི་གདམས་པ་རྫོགས་སོ༔ ྀཨཚ༔ གོང་གི་མཎྜལ་བདག་ལུས་གཟུགས་ཕུང་མ་དཀར་ཆག་ཏུ་སྐབས་འདིར་ཡོད༔ ༈ རྫུན་བྲིས་བར་མའི་སྐོར་རྣམས་ཡོད༔ ཨུ་པ་དེ་ཤ༔ ཡང་ཕྱིས་བྱི་བ་ལོ༔ རང་ལོ་ཉི་ཤུ་པ་ལ༔ ཟླ་བ་བརྒྱད་པའི་ཡར་ཚེས་ནས་བཟུང༔ འབྲི་ཁུང་གི་གཟིམས་ཁང་མཚེའུ་ཁའི་མངོན་དགའ་ནང་མར་མཚམས་བཅད་པའི༔ ཚེས་བཅུ་བདུན་གྱི་ནུབ་རྨི་ལམ་དུ༔ ཟླ་བ་གཅིག་ཤར་བྱུང་བའི་ཟེར་ལ་འོད་ལམ་གྱི་སྣང་བ་བྱས་སོང་བ་ལས༔ གྲོང་ཁྱེར་ཆེན་པོ་ཞིག་གི་སྲང་མདོར་མི་མང་པོ་ཚོགས་སྣང་བའི་དབུས་སུ་སླེབས་པ་ལས༔ བདག་གིས་བུད་མེད་གཅིག་ལ་འདི་རྣམས་ཅི་བྱེད་པ་ཡིན་སྨྲས་པས༔ བུད་མེད་དེ་ན་རེ༔ འདི་ན་གྲུབ་ཆེན་མ་ཏང་གིས་རྒྱ་གར་ནས་ཆོས་གསུང་གི་ཡོད་པ་ཡིན་ཟེར༔ དེ་ན་བདག་ཀྱང་མཇལ་དུ་འགྲོ་བྱས་པས༔ མོས་ལམ་སྣ་བྱས་སོང་བ་ལས༔ སྲང་མདོ་ཆེན་པོ་དེའི་དབུས་སུ༔ སེང་གེ་མཇིང་བསྣོལ་གྱི་ཁྲི་ཆེན་པོ་བརྩེགས་པའི་སྟེང་ན༔ གྲུབ་ཆེན་ཛོ་ཀིའི་ཆ་བྱད་ཅན༔ རུས་པའི་རྒྱན་གྱིས་བརྒྱན་པ༔ སྟག་ཤམ་ཅན༔ ཕྱག་གཡས་ཌཱ་མ་རུ་དང༔ གཡོན་པོ་ཏི་བསྣམས་པ༔ ཞབས་གར་སྟབས་སུ་བཞུགས་པའི་ཞལ་ནས་དབྱངས་གསལ་དང་སྒྲོལ་མའི་བསྙེན་པ་གསུང་བ་ཞིག་སྣང༔ དེ་ལ་བདག་གིས་ཕྱག་འཚལ་དྲུང་དུ་བསྡད་ཙ༔ བུད་མེད་དེས་འདི་སྐད་ཅེས༔ མི་འདི་དོ་ནུབ་ནམ་གྱི་གུང་ཐུན་ལ༔ བཤུལ་ཐག་རིང་པོའི་ལམ་འཕྲང་ལས་ཐར་ཏེ་འདིར་ལྷགས་པར་མཆིས་པས༔ ན་ནིང་འཕྲོ་མའི་ཀུནྡ་ལུས་རྒྱས་བདེ་བའི་ཆོས་སྐོར་དང༔ གཞན་ཡང་ལུང་བསྟན་ཆེ་འབྲིང་ཞིབ་རྒྱས་སུ་འགྲོལ་བར་ཞུ༔ ཞེས་ཕྱག་གསུམ་འཚལ་ནས་སྐུ་ལུས་ལ་ཐིམ་སོང་ངོ༔ དེར་གྲུབ་ཆེན་དེས་བདག་ལ་འདི་སྐད་གསུངས༔ ཨ་ཙ་མ་བོད་ཁ་བ་ཅན་གྱི་ཡུལ་ནས་འདིར་ས་ཐག་རིང་ཞིང༔ ཉེ་ཞོ་ཆེ་བ་ལ༔ ཇི་ལྟར་སླེབ་ཅེས་གསུང་བ་ལ༔ བདག་གིས་ཡོང་ལུགས་རྣམས་ཞིབ་པར་ཞུས་པ་ལ༔ ཨ་ཅང་དེ་རྣམས་ང་རང་རྒྱུས་ཞིབ་པར་ཡོད༔ ཅེས་གསུང་ཞིང༔ གཞན་ཡང་བཀའ་རྒྱ་མང་པོ་ཞིག་གི་རྗེས་སུ༔ ན་ནིང་སྔ་དུས༔ རི་འབྲང་རྒྱས་ཀྱི་ངོས་ང་ཡི་སྲིང་མོས་བསྟན་པའི་ཆོས་རྣམས་ལ་ཀུནྡ་ལུས་རྒྱས་བདེ་བའི་ཆོས་སྐོར་འདི་མ་ཚང་ཡོད་པས་སྟེར་བ་ཡིན༔ དེས་ཆོས་འདི་ཆ་ལག་ཡོངས་སུ་རྫོགས་པས༔ ཁྱོད་རང་ཡང་ཉམས་སུ་ལོངས་ལ་སྒོམས༔ སེམས་ཅན་རྣམས་ལའང་ཕན་པར་འགྱུར༔ ནམ་ཞིག་ཡིག་སྣ་རྣམས་རིན་ཆེན་ས་ཡི་བུམ་པར་སྦོས་ལ༔ སྨོན་ལམ་ཐོབ༔ མ་འོངས་འགྲོ་བ་རྣམས་ལ་ཕན་པ་ཆེར་འགྱུར་བ་ཡང་སྲིད༔ ཁྱོད་ཀྱང་རྒྱུ་བ་རིངས་པའི་སྐྱོན་ལ་བརྟེན༔ གདམས་པ་ཀུན་རྒྱས་པར་ཡི་གེར་མ་བྲིས་སྣང་བ་ཡང་བྲིས་ཞེས་གསུངས་ཏེ༔ ཀུནྡ་ལུས་རྒྱས་བདེ་བའི་གདམས་པ་ཚང་བར་གནང་བའི་རྗེས་སུ༔ བདག་ཀྱང་སྔར་གྱི་འོད་ལམ་ལ་ཡོང་བའི་སྣང་བ་ལ་གཉིད་སད་དེ༔ ཐོར་ཐུན་ལ་འཇུག་རན་པར་གོའོ༔ འདི་ཡང་འཁྲུལ་སྣང་བདེན་བཟུང་སྟེ༔ ལོ་རྒྱུས་བར་མ་བཀོད་པའོ༔ ྀཨཚ༔ ༈ ཀུནྡ་ལུས་རྒྱས་བདེ་བའི་ཆོས་སྐོར་ཡོད༔ ཨུ་པ་དེ་ཤ༔ ཀུནྡ་ལུས་རྒྱས་བདེ་བའི་གདམས་པ་ནི༔ དགོས་ཆེད་གཉིས་ཏེ༔ གནས་སྐབས་དང་མཐར་ཐུག་གོ༔ དང་པོ་ལུས་ལ་དྲི་མ་མི་ཆགས་ཤིང༔ ཡང་རྩལ་ཆེ་བ་དང༔ གཟི་འོད་འབར་ཞིང༔ སྟོབས་ཤུགས་དང་ལྡན་པའོ༔ གཉིས་པ་ནི་ཀུནྡ་ལུས་ལ་རྒྱས་པས༔ ལམ་དུས་ཡོན་ཏན་འཆར་བ་སླ་ཞིང༔ མཚུངས་མེད་འཇའ་ལུས་འགྲུབ་པར་ཉེ་བའོ༔ དེ་ཡང་ཐོག་མར་ལུས་གནད་ནི༔ རྐང་པ་རེའུ་མིག་ཏུ་བསྣོལ༔ ལག་པ་གཉིས་ཀྱི་གྲུ་མོ་པུས་མོ་ཁར་བསླངས་ལ༔ དཔྲལ་བར་ཐལ་མོ་སྦྱར༔ དེ་རྗེས་གདམས་པ་མང་མ་རྣམས་ཉམས་སུ་ལེན་མུས་ཡིན་ན་ནི༔ རླུང་ཁྲུས་མི་དགོས་ཤིང༔ དེ་ལྟར་མིན་ན༔ རླུང་ཁྲུས་སོགས་སྦྱོར་བ་སྔོན་ལྟར་བྱས་ལ༔ དམིགས་པ་ནི༔ རང་ལུས་འདི་ཉིད་ཀྱི་ངང་ལས༔ ཁོང་སྟོང་གི་དབུས་སུ་ཐིག་ལེ་བྱང་སེམས་དཀར་ལ་དམར་བའི་མདངས་དང་ལྡན་པ༔ ཆེ་ཆུང་བྱ་ཆེན་གྱི་སྒོ་ང་ཙམ་དུ་གསལ་གདབ༔ སྟོད་རླུང་མནན་ཞིང༔ འོག་རླུང་འཐེན་ལ་ཁ་སྦྱར་ཏེ་མནན་པས་བསྣུན་ཅིང༔ དེ་ཉིད་ལ་བརྟེན༔ ཐིག་ལེ་ལས་བྱང་སེམས་ཀྱི་རྒྱུན་བབས༔ ལུས་ཀྱི་ནང་ཁེངས་ཤིང༔ ལུས་མདོག་དུང་དཀར་སྲིན་མེད་ལྟར་གྱུར་པའི་ཕྱིར་སྡིག་སྒྲིབ་དང་དྲི་མ་ཐམས་ཅད་དྲག་པ་སྣུམ་གྱིས་སྦགས་པ་ལྟ་བུར་གོས་པ་ཀུན་ནང་གི་བྱང་སེམས་རླུང་གིས་བསྐུལ་བ་ལས་དྲོད་སྐྱེད་དེ༔ ཕྱི་རོལ་གྱི་ལུས་དྲག་ནག་ཉིལ་ཉིལ་བུད་པར་བསམས་ལ༔ ལུས་ལ་བདེ་སྟོང་གི་ཉམས་མྱོང་ཁྱད་པར་ཅན་སྐྱེས་ཏེ་བདེ་ཧྲིལ་གྱི་ན་ཆོམ་ཆོམ་སོ་སོ་བའི་དམིགས་པ་དང་བཅས་པའི་ངང་ནས༔ ལུས་ཀུན་བཀྲུ་བའི་འཁྲུལ་འཁོར་ལན་གསུམ་བྱའོ་གསུང༔ ཀུནྡ་ལུས་རྒྱས་བདེ་བའི་ཆོས་སྐོར་གྱི་གདམས་པ་ཆ་ལག་ཕྲན་བུ་དང་བཅས་པ་ཡོངས་སུ་རྫོགས་སོ༔ ཞལ་ཤེས་འདི་རྣམས་བླ་མ་རང་གི་ངག་ལ་དྲིས་ཤིག༔ ྀཨཚ༔ ྀཨཚ༔ ྀཨཚ༔ རྫོགས་སོ༔ ྀཨཚ་འདི་ཡན་གྱི་གདམས་པ། ༈ རྫུན་བྲིས་འོག་མའི་སྐོར་ཡོད༔ ཨུ་པ་དེ་ཤ༔ ཡང་ཕྱིས་གླང་ལོ་ཟླ་བ་དྲུག་པའི་དབྱར་ཆོས་ཀྱི་སྐབས་སུ༔ ཚེས་གསུམ་གྱི་ནུབ་རྨི་ལམ་དུ༔ རྟེན་མེད་ནམ་མཁའི་མཐོངས་ནས་གཟུགས་མེད་པའི་བུད་མེད་ཀྱི་སྐད་ཅིག་གིས་འདི་སྐད་ཅེས༔ རང་བྱུང་རྒྱལ་བའི་ས་བོན་ཀུན་གྱི་གཞི༔ མཁའ་མཉམ་འགྲོ་བ་འདྲེན་པའི་རྟེན་ཡུལ་མཆོག༔ ངོ་སྤྲོད་བསྐྱེད་རྫོགས་གདམས་པའི་ཟབ་ལམ་ལས༔ དྲུག་སྐྱེ་འཁོར་བའི་སྡུག་བསྔལ་རང་དག་བྱེད༔ དེ་ཕྱིར་འཁོར་བའི་སྲིད་པར་གཟུགས་བཟུང་ནས༔ མར་གྱུར་འགྲོ་སྒྲོལ་སྐྱེ་གཟུགས་རང་ཆོས་ཀྱིས༔ གདུལ་བྱ་འདུལ་བྱེད་ཕྱིར་དུ་ཟབ་ཆོས་ཀུན༔ སྟེར་འབུལ་བྱ་བར་སེམས་གྱུར་དེ་སྨྲས་ཀྱང༔ ད་རེས་ལས་སྨོན་སྨོན་ལམ་ཤུགས་དྲག་པོས༔ འདུལ་བྱེད་སྐྱེ་སྤྲུལ་ཐ་མ་ཡོངས་རྫོགས་ཤིང༔ འགྲོ་ཀུན་འདི་སྟོན་སྐལ་བར་ལྡན་མི་ལྡན༔ སྤང་བླང་མི་བྱ་པོ་ཏིས་བྱིན་རླབས་བྱོས༔ དེ་རྣམས་མ་འོངས་ཆོས་འདིས་འདུལ་བར་བྱེད༔ གདམས་པའི་ཐ་མ་ཡིན་ནོ་སྙིང་ལ་ཆོངས༔ ཟེར་ཏོ༔ ྀཨཚ༔
རྟ་མགྲིན་ཡིད་བཞིན་འབར་བ་ལས༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་གསང་བ་རྨད་བྱུང་ (Volume 20, Text 40)
༁ྃ༔ རྟ་མགྲིན་ཡིད་བཞིན་འབར་བ་ལས༔ རིག་འཛིན་ཚེ་ཡི་སྒྲུབ་ཐབས་གསང་བ་རྨད་བྱུང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ རྟ་མགྲིན་གསང་བའི་རྣལ་འབྱོར་པས༔ ཚེ་སྒྲུབ་ཟབ་མོ་འདི་ལྟར་བྱ༔ མ་རྡལ་དམར་པོ་མདའ་གང་དབུས༔ ཚེ་ཡི་བུམ་པ་བཅུད་ལྡན་དང༔ གཏོར་མ་བཟའ་བཏུང་མཆོད་ཚོགས་བཤམ༔ སྐྱབས་སེམས་ཚོགས་གསག་མཚམས་གཅོད་བྱ༔ མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ༔ དེ་ནས་ཏིང་འཛིན་གསལ་བ་ནི༔ ཧྲཱི༔ འཆི་མེད་གཉུག་མ་དེ་བཞིན་ཉིད་ཀྱི་རྩལ༔ ཀུན་སྣང་སྙིང་རྗེ་རྒྱུ་ཡི་ཡི་གེར་ཤར༔ སྣང་སྲིད་ཧྲཱིཿཡིག་འོད་ཀྱིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་ཡེ་ཤེས་བྱིན་འོད་འཁྲུགས༔ འཇའ་ཚོན་ལྟ་བུའི་རྡོ་རྗེ་ཕོ་བྲང་དབུས༔ རྨ་བྱས་བཏེགས་པའི་རིན་ཆེན་པད་ཟླའི་སྟེང༔ བདག་མདུན་ཧྲཱིཿལས་རིགས་བདག་ཚེ་ཡི་ལྷ༔ སྐུ་མདོག་དམར་གསལ་ཞི་འཛུམ་རྗེས་ཆགས་ཉམས༔ དར་དང་རིན་ཆེན་རྒྱན་རྫོགས་མཉམ་གཞག་སྟེང༔ ཚེ་བུམ་འཛིན་པར་རིག་ཡུམ་ཙཎྜ་ལཱི༔ མདའ་དར་བུམ་པ་འཛིན་དང་མཉམ་པར་སྦྱོར༔ རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་ལྷམ་མེར་བཞུགས༔ ཐུགས་ཀར་པདྨ་ཉི་མ་བམ་རོའི་སྟེང༔ ཡེ་ཤེས་སེམས་དཔའ་ཚེ་བདག་ཧ་ཡ་གྲཱི༔ དམར་སྨུག་པདྨ་ཚེ་ཡི་བྷནྡྷ་བསྣམས༔ ཁྲོ་བོའི་ཆས་དང་རྣམ་འགྱུར་ཟད་མི་ཤེས༔ རྡོ་རྗེ་ཕག་མོ་ཡུམ་དང་གཉིས་མེད་འཁྲིལ༔ ཡབ་ཡུམ་སྤྱི་བོར་རྟ་གདོང་ཕག་ཞལ་བཞད༔ རྩ་གསུམ་ཚེ་ལྷ་ཕོ་ཉ་མགྱོགས་མའི་ཚོགས༔ སྤྲོ་ཞིང་བསྡུ་བའི་བདག་ཉིད་ཆེན་པོར་གསལ༔ ཐུགས་སྲོག་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཧཱུྃ་ཧྲཱི༔ འཆི་མེད་ཚེ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ དབང་དང་བྱིན་རླབས་ཡེ་ཤེས་ཆར་ལྟར་ཕོབ༔ བརྟན་པར་བཞུགས་ལ་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཧྲཱིཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ མཚན་ཙམ་ཐོས་པས་འཆི་བདག་བདུད་དཔུང་འཇོམས༔ འཆི་མེད་ཡེ་ཤེས་དཔལ་གྱི་འདོད་འཇོ་བ༔ ཡིད་བཞིན་རེ་སྐོང་མཆོག་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱི༔ ལྷ་རྫས་ཉེར་སྤྱོད་ཕྱི་ཡི་མཆོད་པ་དང༔ རང་བྱུང་འདོད་ཡོན་ནང་གི་མཆོད་པ་དང༔ སྨན་རཀ་གཏོར་ཚོགས་གསང་བའི་མཆོད་པ་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱི༔ སོར་རྟོག་ཡེ་ཤེས་པདྨ་རིགས་ཀྱི་ལྷ༔ ཚེ་དབང་མཆོག་སྩོལ་སྐུ་མདོག་དམར་པོར་བཞུགས༔ ཐུགས་རྗེའི་གཏེར་ཆེན་མགོན་པོ་ཚེ་དཔག་མེད༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བསྐྱེད་རིམ་གྱི་ཕྲིན་ལས་དང་བཅས་ལྷ་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསལ་བརྟན་ཐོབ་པར་བྱའོ༔ ཛཔ྄་བཟླ་བ་ནི༔ ཧཱུྃ་ཧྲཱི༔ སྣང་བ་མ་འགགས་བཅོམ་ལྡན་ཚེ་ཡི་ལྷ༔ སྟོང་པའི་རིག་མདངས་འཆི་མེད་ཙཎྜ་ལཱི༔ ཞི་ཁྲོ་དབྱེར་མེད་ཛཔ྄་ཀྱི་ལས་ལ་བསྐུལ༔ ཐུགས་སྲོག་ཧྲཱིཿདང་སྔགས་ཀྱི་འོད་ཟེར་གྱིས༔ འཕགས་པ་མཉེས་མཆོད་འགྲོ་བའི་ཚེ་བསོད་སྤེལ༔ འཁོར་འདས་དྭངས་བཅུད་བསྡུས་ནས་རང་ལ་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧ་ཡ་གྲཱི་ཝ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་རྒྱུན་དུ་ནར་མར་བཟླ་ཞིང༔ དུས་སུ་འབུམ་ཕྲག་གསུམ་བཟླས་པས་ཚེའི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཚེ་འགུགས་ནི༔ མདའ་དར་གཡབ་ལ་ཏིང་ངེ་འཛིན་གསལ་ཞིང༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ མགྱོགས་མ་དཀར་མོའི་ཚོགས་སྤྲོས་པས༔ འཁོར་འདས་ཆུ་ཡི་བཅུད་སྡུས་ལ༔ བདེ་གཤེགས་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ མགྱོགས་མ་སེར་མོའི་ཚོགས་སྤྲོས་པས༔ འཁོར་འདས་ས་ཡི་བཅུད་སྡུས་ལ༔ རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ མགྱོགས་མ་དམར་མོའི་ཚོགས་སྤྲོས་པས༔ འཁོར་འདས་མེ་ཡི་བཅུད་སྡུས་ལ༔ པདྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ མགྱོགས་མ་ལྗང་མོའི་ཚོགས་སྤྲོས་པས༔ འཁོར་འདས་རླུང་གི་བཅུད་སྡུས་ལ༔ ཀརྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཐུགས་ཀ་ནས༔ མགྱོགས་མ་སྔོན་མོའི་ཚོགས་སྤྲོས་པས༔ འཁོར་འདས་ནམ་མཁའི་བཅུད་སྡུས་ལ༔ རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་ཡབ་ཡུམ་དང༔ ཁྲོ་རྒྱལ་རྟ་མགྲིན་དབང་གི་ལྷ༔ ཚེ་ཡི་རིག་འཛིན་དྲང་སྲོང་དང༔ ཚེ་ལྷ་རྒྱལ་བ་རྒྱ་མཚོའི་ཚོགས༔ མ་གཡེལ་ཐུགས་དམ་དུས་ལ་བབ༔ ཐུགས་རྗེའི་ཕོ་ཉ་ཕྱོགས་བཅུར་འཕྲོས༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ བླ་ཚེ་སྲོག་དབུགས་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོའི་བར་ཆད་སོལ༔ སྣོད་ཀྱི་དཔལ་དང་བཅུད་ཀྱི་ཚེ༔ ཡེ་ཤེས་ཆེན་པོའི་དངོས་གྲུབ་ཀུན༔ བདག་ལ་བསྟིམས་པས་འཆི་མེད་གྲུབ༔ རྫས་ལ་བསྟིམས་པས་གཟི་བྱིན་སྐྱེད༔ གནས་ལ་བསྟིམས་པས་བཀྲ་ཤིས་སྩོལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ས་མ་ཡ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཚེ་བསྟིམ་ཞིང་རྒྱས་གདབ་པ་ནི༔ ཧཱུྃ་ཧྲཱི༔ ད་ནི་ཚེ་བསྟིམ་རྒྱ་ཡང་གདབ༔ སྣོད་ཀྱི་དཔལ་འབྱོར་ལུས་ལ་བསྟིམས༔ སྲོག་གི་གཟི་མདངས་ངག་ལ་བསྟིམས༔ བཅུད་ཀྱི་དྭངས་མ་སེམས་ལ་བསྟིམས༔ ལུས་ངག་ཡིད་གསུམ་རྩ་རླུང་ཐིག༔ འོད་གསལ་རྟག་པའི་ཚེ་ལ་ཐིམ༔ འཕོ་མེད་གཉུག་མའི་རྒྱས་བཏབ་པས༔ མི་འགྱུར་མི་ཤིགས་སྐྱེ་འཆི་བྲལ༔ ཨོཾ་བྷྲཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཨོཾ་ཨཱཿཧཱུྃ་ཨ་ཨ་ཨ༔ དེ་ལྟར་ཐུན་བཞིའམ་དྲུག་ཏུ་བརྩོན་པས་དངོས་སུ་ལྷ་ཞལ་མཐོང་བ༔ བུམ་ཆུ་ཁོལ་ཞིང་ལུད་པ༔ ཚེ་མདའ་རིང་བ༔ མར་མེ་ཡུན་དུ་འཚོ་བ་སོགས་འབྱུང་བ༔ རྨི་ལམ་དུ་ཉི་ཟླ་ཤར་བ༔ བདུད་རྩི་འཐུང་བ༔ ཤིང་ཏོག་ཟ་བ༔ ཆུ་བོ་རྒྱས་པ༔ སཱཙྪ་དཀར་པོ་མཐོང་བ༔ གཞན་ཡང་ཉམས་དགའ་བག་ཕེབ་གནས་ཁང་དུ་ཡུན་རིང་སྡོད་སྙིང་འདོད་པ་སོགས་ཚེ་འཕེལ་བའི་རྟགས་སུ་བཤད་དོ༔ གྲུབ་ནས་རྫས་ལ་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱི༔ འཆི་མེད་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་ཞག་ཐེམས་ཏིང་འཛིན་ཉི་ཟླ་གསལ༔ དངོས་གྲུབ་འབྱུང་བའི་དུས་ལ་ད་བབ་པས༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཨཱ་ཡུ་ཥེ་ཧཱུྃ་ཨ༔ ཞེས་བསྐུལ་ཞིང་བུམ་པ་སྤྱི་བོར་བཞག༔ བུམ་ཆུ་སོགས་རྫས་ལ་ལོངས་སྤྱོད༔ དགའ་སྟོན་ཚོགས་མཆོད་ཀྱི་ཞལ་སྤྲོ་རྒྱ་ཆེན་བྱའོ༔ རྒྱས་པར་བདག་དོན་དུ་ཚེ་དབང་བླང་བའམ༔ གཞན་ལ་དབང་བསྐུར་ན་གསོལ་འདེབས་ནི༔ བླ་མ་དབང་ཆེན་ཚེ་ཡི་བདག༔ འཆི་མེད་མགོན་པོ་དགོངས་སུ་གསོལ༔ བདག་ཅག་ཚེ་ཡི་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དབང་བསྐུར་སྩོལ༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་བཟུང༔ དེ་ནས་དབང་བསྐུར་བ་དངོས་ལ༔ སྔོན་འགྲོ་བར་ཆད་སེལ་བའི་དབང་དང༔ དངོས་གཞི་ཚེའི་དངོས་གྲུབ་སྦྱིན་པའི་དབང་གཉིས་ལས༔ དང་པོ་ནི༔ དཔལ་གཏོར་རྟ་མགྲིན་དུ་གསལ་བ་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ དཔལ་གྱི་གཏོར་མ་ཡེ་ཤེས་གཟི་བྱིན་འབར༔ རྟ་མཆོག་དབང་གི་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་ཡི་བར་ཆད་མ་ལུས་ཞི་བར་ཤོག༔ ཧྲཱིཿཧ་ཡ་གྲཱི་ཝ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ལྷ་བསྟིམས་པས་སློབ་མ་ཚེ་དཔག་མེད་ཡབ་ཡུམ་དམ་ཚིག་པར་གསལ་བ་ལ་ཡེ་ཤེས་པ་བསྟིམ་ཞིང་བརྟན་པར་བྱའོ༔ གཉིས་པ་ཚེའི་དངོས་གྲུབ་སྦྱིན་པ་དངོས་གཞིའི་དབང་ནི༔ ཚེ་འགུགས་བྱ༔ བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ སྐུ་ཡི་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྡོ་རྗེའི་སྐུ་དང་དབྱེར་མེད་འགྲུབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་ཕྲེང་མགྲིན་པར་བཞག་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ གསུང་གི་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྡོ་རྗེའི་གསུང་དང་དབྱེར་མེད་འགྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སྙིང་གར་བཞག་ལ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྡོ་རྗེའི་ཐུགས་དང་དབྱེར་མེད་འགྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྦྱིན་ལ། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ ཡོན་ཏན་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ ཡོན་ཏན་མི་ཟད་རྒྱན་གྱི་དཔལ་ཐོབ་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཚེ་ཆང་སྦྱིན་ལ། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ ཕྲིན་ལས་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ ཕྲིན་ལས་ཐོགས་པ་མེད་པའི་རྩལ་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཚེ་བསྟིམ་ཞིང་སྦ༔ བཀྲ་ཤིས་པའི་ཡོ་བྱད་དང་ཚིགས་སུ་བཅད་པས་མངའ་གསོལ༔ དབང་དང་ཆོ་གའི་རྗེས་རིམ་སྤྱི་ལྟར་བྱའོ༔ ས་མ་ཡ༔ རྟ་མགྲིན་ཡིད་བཞིན་ནོར་བུ་ཡང་ཟབ་ཆོས༔ ཐེམས་སུ་མ་བསྟན་སྙན་བརྒྱུད་ཚུལ་དུ་གདམས༔ བཻ་རོ་ཙ་ན་རང་གི་ཐུགས་དམ་མཛོད༔ མ་འོངས་དོན་ཕྱིར་ཤར་རོང་མཚམས་སུ་སྦོས༔ སྤྲུལ་པས་རྙེད་ནས་རང་གསང་ཉམས་སུ་ལོངས༔ འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གི༔ སྤྲུལ་པ་དམར་མཐིང་ཅོད་པཎ་འཆང་བ་དང༔ མངའ་བདག་སྐྱེ་མཐའ་སྐལ་བཟང་མིང་ཅན་དང༔ ཆོས་ཀྱི་སྤྱན་ལྡན་རྣམས་ལ་འདི་འཕྲོད་ན༔ སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རོང་དོང་ལུང་པ་ནག་པོའི་སྲིན་རྫོང་བྲག་དམར་དཀྱིལ་ནས་རོག་རྗེ་གླིང་པ་འགྲོ་འདུལ་རྩལ་གྱིས་སྤྱན་དྲངས་པའོ། །དགེ་ལེགས་འཕེལ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་སྙིང་པོ་ (Volume 3, Text 40)
གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་པདྨ་སིདྡྷི་ཧཱུྃ། མཁའ་ཁྱབ་ཞིང་གི་མགོན་པོ་སྣང་མཐའ་ཡས། །འགྲོ་འདུལ་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །གར་གྱི་དབང་ཕྱུག་རྟ་མཆོག་རྒྱལ་པོ་ལ། །གསོལ་བ་འདེབས་སོ་དོན་བརྒྱུད་བྱིན་རླབས་སྩོལ། །སྐུ་ལྔ་རིགས་བརྒྱའི་གར་མཁན་པདྨ་འབྱུང་། །བདེ་ཆེན་དངོས་གྲུབ་མཆོག་བརྙེས་ཐང་སྟོང་རྗེ། ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དོན་བརྒྱུད་བྱིན་རླབས་སྩོལ། །གསང་བ་རྒྱ་མཚོའི་མཛོད་འཛིན་རྡོ་རྗེ་འཆང་། །པདྨ་གར་དབང་གཡུང་དྲུང་གླིང་པའི་ཞབས། །གདམས་པའི་བཀའ་བབས་ཆོས་བདག་རིམ་བྱོན་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བྱིན་རླབས་དངོས་གྲུབ་ཀུན་བདག་དཀྱིལ་འཁོར་ལྷ། །བླ་མ་ཞི་ཁྲོ་འགྲོ་འདུལ་སྤྱན་རས་གཟིགས། །རྟ་མཆོག་དབང་ཆེན་རྡོ་རྗེ་ཕག་མོ་ཡུམ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གཞན་ཡང་ཕྱོགས་དུས་བདེ་གཤེགས་བླ་མ་ལྷ། །མཁའ་འགྲོ་དཔལ་མགོན་དམ་ཅན་བདུན་རྫོགས་དང་། །གནས་གཏེར་སྐྱོང་མཛད་སྲུང་མ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་གྲུབ་གཉིས་སྩོལ། །རྟོག་བཞིའི་ཆུ་བོ་ཀུན་བཟང་ཀློང་དུ་ཐིམ། །རྣམ་ཤེས་དྲི་མ་ཡེ་ཤེས་ཉི་མས་བཅོམ་། །སྤྱོད་ཡུལ་ལམ་བྱེད་དབང་རྫོགས་དམ་ཚིག་གཙང་། །འབྲས་བུ་བདེ་ཆེན་སྙིང་པོ་མཆོག་འགྲུབ་ཤོག །ཅེས་འདི་ཉེར་མཁོའི་ཆ་རྐྱེན་དུ། །སྡོམ་བརྩོན་བླ་མ་འཇམ་ཚུལ་ངོར། །འཇམ་མགོན་ཉི་ཟླ་ཟུང་གི་འབངས། །མཁའ་ཁྱབ་རྡོ་རྗེས་སྤྱར་བ་དགེ། །།
ཟབ་བདུན་བཀའ་སྲུང་སྐོར་དག་ལས༔ རུ་མཚོན་འབུལ་བའི་ཆོ་ག་ (Volume 39, Text 40)
༁ྃ༔ ཟབ་བདུན་བཀའ་སྲུང་སྐོར་དག་ལས༔ རུ་མཚོན་འབུལ་བའི་ཆོ་ག་བཞུགས་སོ༔ ྈྈྈ ཟབ་བདུན་བཀའ་སྲུང་སྐོར་དག་ལས༔ རུ་མཚོན་འབུལ་བའི་ཆོ་ག་བཞུགས༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་བར་ཆད་སེལ་བ་དང༔ གང་འདོད་ཕྲིན་ལས་བསྒྲུབ་པའི་ཕྱིར༔ བཀའ་སྲུང་བསྟེན་པ་ཤིན་ཏུ་གཅེས༔ ཕྱི་རྟེན་གྲི་ལྕགས་ཁ་ཊྭཱཾ་ག༔ གཡེར་ཁ་ཐོད་སྐམ་བ་དན་ནག༔ གཡག་རྒོད་རྔ་མའི་ཕོན་ཚར་ཅན༔ སྐུ་གཟུགས་སྔགས་བྱང་མེ་ལོང་དང༔ དྲག་པོའི་རྒྱན་གྱིས་བརྒྱན་པ་ཕྱར༔ རྟ་དྲེལ་བོང་བུ་གཡག་ལུག་ར༔ བྱ་གཅན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དཔའ་བོ་ཞུབས་ཅན་ཀུ་སྒྲ་སྒྲོགས༔ ཆས་ཞུགས་འཆམ་དང་རོལ་ཆེན་བསྒྲག༔ ནང་རྟེན་རིན་ཆེན་སྣོད་ཀྱི་ནང༔ འབྲུ་སྣ་ཁྲག་ཆང་མར་ཁུས་བྲན༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཞེངས༔ སྐུ་སྔགས་མེ་ལོང་མདའ་དར་བཅས༔ བཟའ་བཏུང་དར་སྨན་རིན་ཆེན་སྦྲགས༔ གསང་བ་རང་བྱུང་རིན་ཆེན་རྡོ༔ སྲོག་ཡིག་སྔགས་བྱང་སྐུ་ཕྱག་མཚན༔ དཀོར་ཆ་རིན་ཆེན་ཁང་བུར་བྲུབས༔ བགེགས་ཕྲལ་ཁྲུས་བྱ་སྔགས་དྲུག་དང༔ ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ༔ ཧཱུྃ་ཧྲཱི༔ ཆོས་ཀྱི་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་སྐུ༔ གང་འདུལ་དེར་སྣང་བསྟན་པ་བསྲུང་བའི་ཕྱིར༔ དྲེགས་པའི་སྐུར་སྣང་དམ་ཅན་རྒྱ་མཚོ་རྣམས༔ འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ལ༔ ཆོས་ཀྱི་དབྱིངས་ལས་ཤར་བའི་མཆོད་སྤྲིན་ནི༔ མི་འབྲལ་བླ་རྡོ་ཐུགས་སྲོག་གསུང་སྔགས་སྐུ༔ ཡོན་ཏན་དཀོར་ཆ་ཕྲིན་ལས་ཕྱག་མཚན་ལྔ༔ རྟག་པར་བཞུགས་པའི་སྲོག་གི་རྟེན་དུ་འབུལ༔ འབྲུ་སྣའི་རྗེན་ཕྱེ་ཁྲག་ཆང་མར་ཁུས་སྦྲུས༔ སྐུ་གསུང་ཐུགས་རྟགས་ཆགས་པའི་རྒྱན་གྱིས་བརྒྱན༔ དགྱེས་པ་སྐྱེད་པའི་བཟའ་བཏུང་སྣ་ཚོགས་བཅས༔ རྣལ་འབྱོར་བསམ་པ་སྒྲུབ་པའི་བརྔན་དུ་འབུལ༔ བསམ་ཆོད་མེ་འབར་ཁ་ཊྭཱཾ་སྲིད་རྩེར་སྙེག༔ རྔ་མའི་ཕོན་ཚར་ལྷོ་སྤྲིན་ནམ་མཁའ་ཁེངས༔ དར་ཆེན་བསྐལ་པའི་རླུང་ནག་བར་སྣང་གང༔ གཡེར་ཁའི་འབྲུག་སྒྲོག་ཅོད་པན་གློག་དམར་འཁྱུག༔ འུར་འུར་ཆེམ་ཆེམ་དྲག་པོའི་ཐོག་རྒོད་འབེབ༔ དམ་ཅན་རྒྱ་མཚོའི་སྐུ་གསུང་ཐུགས་རྟགས་བཅས༔ དགྲ་འདུལ་གཉེན་སྐྱོང་ལྷ་ཡི་སོ་པ་སྟེ༔ དཔལ་གྱི་རུ་མཚོན་ཆེན་པོ་འདི་འབུལ་ལོ༔ རྟ་ནག་སྤྲིན་ཆེན་རླུང་ནག་འཕྱོ་བ་འདྲ༔ དྲེལ་དང་བོང་བུ་སྟོང་གསུམ་ཡུད་ཀྱིས་བསྐོར༔ བྱ་ནག་བྱེ་བ་ས་ཡ་སེར་ལྟར་འབེབ༔ ཁྱི་ནག་གཅན་གཟན་གཏུམ་པོས་ངར་སྐད་སྒྲོག༔ གཡག་ནག་ལུག་ནག་དུས་མཐའི་མུན་ལྟར་གཏིབས༔ སྐྱེས་བུ་དཔའ་བོ་ཞུབས་ཅན་བསྭོ་སྒྲ་སྒྲོག༔ ཆས་ཞུགས་འཆམ་སོགས་ལྷ་དམག་ཆས་པ་བཞིན༔ ཁྱད་པར་ཕྲིན་ལས་ཞུ་བའི་རྟེན་དུ་འབུལ༔ དེ་ལྟར་ཕྱི་ནང་གསང་བའི་རྟེན་འདི་དག༔ རིག་འཛིན་རྩལ་འཆང་ཡི་དམ་སྲུང་མ་ལ༔ སྔར་བཅོལ་ལེགས་པར་མཛད་པའི་བརྔན་དུ་འབུལ༔ ད་བཅོལ་གང་བསམ་འགྲུབ་པའི་བརྔན་ལགས་ཤིང༔ ཕྱིས་བཅོལ་ཕྲིན་ལས་སྒྲུབ་པའི་རྟེན་དུ་བཞེས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཅེས་ལྟོས་པ་མེད་པར་ཕུལ་བས་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་གྲོས་མཐའ་ཡས་སོ།། །།
སྒྲོལ་མ་འཇིགས་པ་ཀུན་སེལ་དང་འབྲེལ་བའི་མཎྜལ་གྱི་ཆོ་ག་བཀྲ་ཤིས་ཆར་འབེབ་ (Volume 36, Text 40)
༄༅། །སྒྲོལ་མ་འཇིགས་པ་ཀུན་སེལ་དང་འབྲེལ་བའི་མཎྜལ་གྱི་ཆོ་ག་བཀྲ་ཤིས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻ། བཀྲ་ཤིས་མཚན་གྱི་སྣང་བ་ཐོས་ཙམ་གྱིས། །དགེ་ལེགས་འདོད་རྒུའི་གྲུ་ཆར་འབེབ་མཁས་པ། །བླ་མ་རྗེ་བཙུན་འཕགས་མའི་ཞབས་པདྨོས། །ས་གསུམ་ཀུན་ཏུ་ཤིས་པ་སྦྱིན་གྱུར་ཅིག །གང་དེ་མཎྜལ་ཆོ་ག་ཡིས། །མཆོད་ཅིང་བསྙེན་པའི་སྐལ་བཟང་ལ། །བརྟེན་ནས་དངོས་གྲུབ་མཆོག་ཐོབ་ཕྱིར། །མཚོ་སྐྱེས་དགྱེས་པའི་ཞལ་ལུང་སྤེལ། །དེ་ལ་སངས་རྒྱས་གཉིས་པ་ཨོ་ཌཱི་ཡཱ་ནའི་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་ལས། མཎྜལ་ལ་བརྟེན་ཚོགས་རྫོགས་པས༔ འདོད་པའི་དོན་རྣམས་ཐམས་ཅད་འགྲུབ༔ དེ་ཕྱིར་ཕྱི་རབས་དད་ལྡན་རྣམས༔ འདི་ལ་རྟག་ཏུ་བརྩོན་པར་བྱ༔ ཞེས་གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འཇོ་བའི་རྗེ་བཙུན་མྱུར་མ་དཔའ་མོའི་མཎྜལ་གྱི་ཆོ་ག་འདི་ལ་དོན་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གཞུང་རྩ་བ་ལས། གཙང་མའི་གནས་སུ་བྲིས་སྐུའི་མདུན༔ མཎྜལ་མཆོད་གཏོར་རྒྱས་པར་བཤམ༔ ཞེས་གསུངས་པ་ལྟར། བཀྲ་ཤིས་ཤིང་ཡིད་དང་མཐུན་པའི་གནས་གཙང་ཞིང་བླ་བྲེ་སོགས་བཀོད་པས་མཛེས་པར། གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང་ཁྱད་པར་རྗེ་བཙུན་མའི་སྣང་བརྙན་བྲིས་འབུར་གང་ཡང་རུང་བ་རབ་གནས་དང་ལྡན་པའི་སྤྱན་སྔར། སྟེགས་བུ་ཁེབས་ལྡན་གྱི་ཁར་མཎྜ་ལར་དྲི་བཟང་གིས་རེ་ཁཱ་ཟླུམ་པོ་ཁོར་ཡུག་གཉིས་བྲིས་པར་ཚོམ་བུ་བདུན་བཀོད་པ་བཞི་དང་། དེ་རེ་རེ་བཞིན་མཆོད་ཡོན། སྤོས་ཀྱི་རེང་བུ། མར་མེ། དྲི་མཆོག །ཞལ་ཟས་ཏེ་རྣམ་པ་ལྔས་བསྐོར། དེ་དག་གི་མདུན་དུ་གཏོར་མ་དང་། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་སྦྲེང་ཚར་དུ་བཀོད། མེ་ཏོག་ནི་སྣོད་བཟང་པོར་བླུགས་ཏེ་གསོལ་བ་འདེབས་དུས་སུ་འཐོར་ཞེས་གསུངས། གཞན་ཡང་བསང་ཆུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ལ། གཞུང་ལས། སྐྱབས་སོང་བྱང་ཆུབ་སེམས་གཉིས་བསྐྱེད༔ མཆོད་པའི་ཚོགས་རྣམས་བྱིན་བརླབས་ལ༔ ཞེས་པ་ལྟར་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། མཆོད་པ་བྱིན་གྱིས་བརླབ་པའོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་རྗེ་བཙུན་མ་ལ་དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་མོས་ཏེ། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ་ལ་སོགས་སྐྱབས་སུ་འགྲོ །གཉིས་པ་སེམས་བསྐྱེད་པ་ནི། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞིས་བློ་སྦྱང་། སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། གསུམ་པ་མཆོད་པ་བྱིན་རླབས་ནི། གནས་དང་མཆོད་རྫས་རྣམས། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན་མཆོད་པའི་རྣམ་པ་ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་པས་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ་ནཱ་ད་སམྦྷཱ་ཝི་ཏེ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཿཁཾཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་དབབ་བོ། །གཉིས་པ་དངོས་གཞི་ལ་གཉིས། མཎྜལ་དང་པོ་དཀོན་མཆོག་སྤྱི་དང་། ཕྱི་མ་རྗེ་བཙུན་མ་ལ་འབུལ་བའི་ཆོ་གའོ། །དང་པོ་ནི། གཞུང་ལས། དཀོན་མཆོག་རྒྱ་མཚོ་མདུན་དུ་དམིགས༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ ཅེས་པ་ལྟར་གསུམ། ཚོགས་ཞིང་སྤྱན་དྲང་བ། ཕྱག་མཆོད་འབུལ་བ། མཇུག་འདོད་དོན་ལ་གསོལ་བ་གདབ་པའོ། །དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲང་། པདྨ་ཀ་མ་ལཱ་ཡ་སཏྭཾ། གྱིས་གདན་ཕུལ་བས་སྤྱན་དྲངས་པའི་ཚོགས་ཞིང་རྣམས་མདུན་གྱི་ནམ་མཁར་མཆོད་པའི་སྤྲིན་ཕུང་རྒྱ་མཚོའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་མངོན་སུམ་བཞིན་དུ་བཞུགས་པར་བསམ་མོ། །གཉིས་པ་ཕྱག་མཆོད་འབུལ་བ་ནི། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་ནས་ཐལ་མོ་སྦྱར་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སོགས་བརྗོད་ཅིང་དྭངས་འདོད་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་གསོལ་བ་སྔོན་དུ་འགྲོ་བས། ཨོཾ་ན་མ་མཉྫུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿསུ་ཤྲཱི་ཡེ་སྭཱ་ཧཱ། ན་མཿཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ཕྱག་འཚལ་བའི་སྔགས་དང་བཅས་ཏེ་ཕྱག་འཚལ་རྒྱས་པ་གཞན་ནས་འབྱུང་བ་ལྟར་རམ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་ལན་གསུམ་གྱིས་ཕྱག་འཚལ། ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶ྄ཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཞེས་བཟླས་པས་ཕྱག་གང་བྱས་ཀྱང་འབུམ་དུ་འགྱུར་བར་གསུངས་སོ། །དེ་ནས། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་དང་། སྤྲོ་ཞིང་ནུས་ན་སྤྱོད་འཇུག་གི་མཆོད་ཕྲེང་སོགས་ཀྱང་བྱ། མཎྜལ་འབུལ་བ་ནི་ཚོམ་བུ་སོ་བདུན་མ་སྤྱི་ལྟར་རམ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་། བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་འབུལ་ཞིང་མེ་ཏོག་འཐོར་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པཥྤེ། པུཥྤེ་ཨུྞྦཝེ། པུཥྤེ་སམྦྷ་ཝེ། པུཥྤེ་ཨ་བ་ཀི་ར་ཎི་སྭཱ་ཧཱ། ཞེས་ལན་བདུན་དང་། སྤྲོ་ན་མཁན་ཆེན་བོ་དྷི་སཏྭའི་གསུང་བྱང་ཆུབ་སེམས་ཀྱི་ཤིས་པ་བརྗོད་པ་འདིའང་བྱ་སྟེ། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པས། །སོ་སོ་སྐྱེ་བོ་རྟོག་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པ་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག །གསུམ་པ་མཇུག་འདོད་དོན་ལ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་མེ་ཏོག་འཐོར་བ་དང་བཅས་ཏེ། ན་མོ༔་་་ཞལ་གདམས་སྙིང་བྱང་ལས་སོ། །སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེས༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང༔ ཚེ་དང་བསོད་ནམས་འཕེལ་བ་དང༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ༔ མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ རྟེན་མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ༔ སྔོན་གྱི་སྡིག་པའི་ཚོགས་ལ་བདག་གནོང་ཞིང༔ ད་ལྟའི་མི་དགེ་འགྱོད་པས་རབ་ཏུ་བཤགས༔ ཕྱིན་ཆད་དེ་ལས་ལྡོག་ཕྱིར་བདག་གིས་བསྡམ༔ བསོད་ནམས་དགེ་ཚོགས་ཀུན་ལ་ཡི་རང་ངོ༔ རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བར༔ སྡེ་སྣོད་གསུམ་དང་བླ་མེད་ཆོས་འཁོར་སྐོར༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོག༔ སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་འདི༔ རྒྱལ་བ་ཀུན་ཏུ་བཟང་དང་དེ་སྲས་དང༔ འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཁྱེན་པ་ལྟར༔ དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཤོག༔ བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམས༔ ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོག༔ ཉི་ཟླ་བཞིན་དུ་ཀུན་ལ་གསལ་བར་ཤོག༔ རི་བོ་བཞིན་དུ་རྟག་ཏུ་བརྟན་པར་ཤོག༔ བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ༔ ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོག༔ བསྟན་པའི་སྙིང་པོ་གསང་སྔགས་སྒྲུབ་པའི་སྡེ༔ དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ཤོག༔ བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་ཡང༔ ཆབ་སྲིད་རྒྱས་ཤིང་བསྟན་ལ་སྨན་པར་ཤོག༔ བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་པོ་ཡང༔ བློ་གྲོས་རབ་འཕེལ་རྩལ་དང་ལྡན་པར་ཤོག༔ བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས༔ ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་མེད་པར་ཤོག༔ བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁམས་ཀུན༔ བདེ་སྐྱིད་ལྡན་ཞིང་བར་ཆད་ཞི་བར་ཤོག༔ ལམ་ལ་གནས་པའི་རྣལ་འབྱོར་བདག་ཉིད་ཀྱང༔ དམ་ཚིག་མི་ཉམས་བསམ་པ་འགྲུབ་པར་ཤོག༔ བདག་ལ་བཟང་ངན་ལས་ཀྱིས་འབྲེལ་གྱུར་གང༔ གནས་སྐབས་མཐར་ཐུག་རྒྱལ་བས་རྗེས་འཛིན་ཤོག༔ འགྲོ་རྣམས་བླ་མེད་ཐེག་པའི་སྒོར་ཞུགས་ནས༔ ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔ ཅེས་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་བྱིན་རླབས་ཅན་འདི་ཉིད་ལ་འདུན་པ་རྩེ་གཅིག་པས་ལན་གསུམ་སོགས་ཇི་ལྟར་ནུས་པ་དང་། སྤྲོ་ན་འདོད་གསོལ་རྒྱས་པ་གཞན་ཡང་བརྗོད་དོ། །གཉིས་པ་མཎྜལ་ཕྱི་མ་གསུམ་རྗེ་བཙུན་མ་ལ་འབུལ་བའི་ཆོ་ག་ནི། གཞུང་ལས། དེ་ནས་མདུན་དུ་རྗེ་བཙུན་མ༔ འཁོར་བཅས་བསྐྱེད་ཅིང་སྤྱན་དྲངས་བསྟིམ༔ དབང་བསྐུར་མཆོད་བསྟོད་ཁྱད་པར་དུ༔ ཕྱག་འཚལ་ཉི་ཤུ་རྩ་གཅིག་ནི༔ གཉིས་གསུམ་བདུན་དང་མཎྜལ་བསྐྱར༔ བཟླས་པ་བྱ་ཞིང་ཐུགས་རྒྱུད་བསྐུལ༔ ཞེས་གསུངས་པ་ལྟར་གསུམ། མཎྜལ་དང་པོ་བསྙེན་པ་དང། གཉིས་པ་སྒྲུབ་པ་དང་། གསུམ་པ་ལས་སྦྱོར་དང་ཚུལ་མཐུན་པར་འབུལ་བའོ། །དང་པོ་ལ་གསུམ། ཚོགས་ཞིང་བསྒྲུབ་ཅིང་མཆོད་བསྟོད་སྤྱིར་བྱ་བ། བྱེ་བྲག་ཏུ་ཕྱག་མཆོད་འབུལ་ཞིང་བཟླས་པས་ཐུགས་དམ་བསྐུལ་བ། མཇུག་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དང་པོ་ནི། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར༔ པད་དཀར་ཟླ་བ་རྒྱས་པའི་དབུས༔ ཏཱཾ་ཡིག་ལྗང་གུའི་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་ཀུན་བར་ཆད་བསལ༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ དབུས་སུ་རྗེ་བཙུན་སྒྲོལ་མ་ལྗང༔ ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་མཛད༔ གཡོན་པས་སྐྱབས་སྦྱིན་ཨུཏྤལ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས༔ སྣང་སྟོང་འོད་ལྔ་འཁྲིགས་པའི་ཀློང༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པས་བཞུགས༔ སྐུ་ལས་རང་འདྲའི་རྗེ་བཙུན་མ༔ ནམ་མཁའ་གང་བར་རབ་སྤྲོ་བས༔ འགྲོ་རྣམས་གནས་སྐབས་མཐར་ཐུག་གི༔ འཇིགས་པ་ཀུན་ལས་སྐྱོབ་མཛད་པའི༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེའི་མཐར་པད་འདབ་ཉི་ཤུ་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་གྱིས་ཟླ་བའི་གདན་རེ་རེའི་སྟེང་དུ། ཞི་བའི་སྒྲོལ་མ་དཀར་མོ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་ཨུཏྤ་ལ་བསྣམས་པ། ས་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་མཐིང་ག་གཡོན་ཨུཏྤ་ལར་གནས་པའི་རྡོ་རྗེ་བསྣམས་པ། ཆུ་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ནོར་བུ་མེ་ཤེལ་བསྣམས་པ། མེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་ནོར་བུ་ཆུ་ཤེལ་ཆུ་བོའི་རྒྱུན་འབེབ་བཞིན་པ་བསྣམས་པ། རླུང་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་འཁོར་ལོས་མཚན་པའི་རི་རབ་བསྣམས་པ། རྒྱས་པའི་སྒྲོལ་མ་སེར་མོ་སྒེག་པའི་ཉམས་ཅན་གཡས་རིན་པོ་ཆེ་དང་གཡོན་ལྕགས་ཀྱུ་བསྣམས་པ། རྡོ་རྗེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་མོ་གཡོན་སྣ་ཚོགས་རྡོ་རྗེ་བསྣམས་པ། མཚོན་ཆའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སྔོན་མོ་གཡོན་རལ་གྲི་བསྣམས་པ། རྒྱལ་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ལྕགས་ཀྱུ་བསྣམས་པ། ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་དགྲ་སཏྭ་བསྣམས་པ། དབང་གི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན་གཡས་པདྨའི་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ། ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་ཕུར་པ་བསྣམས་པ། གླང་ཆེན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དུད་ཀ་གཡོན་མདུང་ཐུང་བསྣམས་པ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་མེ་ཕུང་འབར་བ་བསྣམས་པ། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ནོར་བུ་ཆུ་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ། དྲག་པོའི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ། ནད་ཀྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་སེར་གཡོན་ཨ་རུ་ར་བདུད་རྩིའི་འོད་ཟེར་འཕྲོ་བ་བསྣམས་པ། འཆི་བའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ཚེའི་བུམ་པ་བསྣམས་པ། ཕོངས་པའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་གཏེར་ཆེན་པོའི་བུམ་པ་བཟང་པོ་བསྣམས་པ། དོན་ཉམས་པའི་འཇིགས་པ་ལས་སྐྱོབ་ཅིང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྒྲོལ་མ་ལྗང་སེར་ཕྱག་གཡོན་དཔལ་བེའུ་བསྣམས་པ། ལས་བཞིའི་སྒྲོལ་མ་མ་གཏོགས་པ་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ་དགྱེས་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱང་ཞིང་། གཡོན་མེ་ཏོག་ཨུཏྤལ་སྔོན་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་ཟེའུ་འབྲུར་སོ་སོའི་ཕྱག་མཚན་གྱིས་མཚན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཏེ་ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རོལ་སྟབས་ཀྱིས་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་ཏཱཾ་ཡིག་རིགས་ཀྱི་ཁ་དོག་དང་ལྡན་པས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྗེ་བཙུན་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཏཱཾ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགག་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱརྻ་ཏཱ་རེ་ཛ༔ ཞེས་དང་། སྤྲོ་ན། པོ་ཏ་ལ་ཡི་གནས་མཆོག་ནས༔་་་རཏྣའི་མཚོ་རྒྱལ་སྐོར་གསུམ་གྱི་ནང་སྒྲུབ་སྒྲོལ་མའི་ཆོ་ག་ལས་སོ། །ཐུགས་རྗེའི་སྤྱན་དང་ཏཱཾ་ཡིག་ལས༔ འགྲོ་བ་སྐྱོབ་པར་སྐུ་སྤྲུལ་མ༔ ཡིད་བཞིན་དངོས་གྲུབ་ཀུན་གྱི་གཏེར༔ འགྲོ་བ་མགོན་མེད་རྣམས་ལ་ནི༔ བརྩེ་བ་ཆེན་པོས་གཤེགས་སུ་གསོལ༔ འཇིགས་བརྒྱད་ཞི་དང་ཚེ་དབང་རྒྱས༔ ཁམས་གསུམ་དབང་སྡུད་དྲག་པོ་ཡིས༔ མི་མཐུན་ཕྱོགས་རྣམས་ཟློག་པ་དང༔ བདག་ལ་མཆོག་དང་ཐུན་མོང་སོགས༔ རེ་བའི་འདོད་དོན་མ་ལུས་པ༔ ཐམས་ཅད་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་གཙོ་མོ་ལ་འོད་དཔག་མེད་དང་། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་གསལ་བཏབ་ལ་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་སླར་ཡང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་པས་རྒྱས་པར་སྤེལ་ལ། ཐལ་མོ་སྦྱར་ཏེ། རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་པ་དྱཱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨཱོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་གསལ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ནཻ་ཝིདྱཱ་པྲ་ཏཱིཙྪ་སྭཱ་ཧཱ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ན་མསྶརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ཨོཾ་སརྦ་བིཏ་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟྱེ་བྷྱཿསྭཱ་ཧཱ། ཞེས་མཆོད་པ་འབྱུང་བའི་སྔགས་ཀྱང་བརྗོད། ཨོཾ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ཅེས་དང་། གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བདག་ཅག་འཁོར་དང་བཅས་རྣམས་ཀྱི༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ རྟག་ཏུ་ཐུགས་རྗེས་བསྐྱང་མཛད་གསོལ༔ ཞེས་གསོལ་བ་གདབ་བོ། །གཉིས་པ་ཕྱག་མཆོད་བཟླས་པས་ཐུགས་རྒྱུད་བསྐུལ་བ་ལ་གསུམ། ཕྱག་འཚལ་བ། མཎྜལ་གྱིས་མཆོད་པ། བཟླས་པ་བྱ་བའོ། །དང་པོ་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་རྡོ་རྗེའི་སྔགས་རྒྱུད་ཀྱི་བསྟོད་ཚིག་ནམ་མཁའ་ཁྱབ་པའི་སྒྲ་དབྱངས་ཟབ་མོ་དང་བཅས་ཕྱག་འཚལ་བའི་ལས་ལ་འཇུག་པར་བསམ་ལ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཉིས་ཕྱག་འཚལ་བའི་སྔགས་དང་བཅས་ཏེ་བྱ། ཕན་ཡོན་རྗེས་སུ་དྲན་བཞིན་པས། ལྷ་མོ་ལ་གུས་སོགས་ཚར་གཅིག་བརྗོད་དོ། །གཉིས་པ་མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་དང༔ དབྱེར་མེད་བླ་མ་རྗེ་བཙུན་མ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང་། གོང་དུ་སྨྲོས་པའི་མཎྜལ་བསྡུས་པ་མེ་ཏོག་འབུལ་བའི་སྔགས་དང་བཅས་ཏེ་ཕུལ། གསུམ་པ་བཟླས་པ་བྱ་བ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། མདུན་བསྐྱེད་གཙོ་མོ་རྗེ་བཙུན་མའི༔ ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཏཱཾ་ཡིག་ལྗང་གུའི་མཐའ་སྐོར་དུ༔ རྡོ་རྗེའི་ཡི་གེ་བཅུ་པས་བསྐོར༔ བཟླས་པས་སྔགས་རྣམས་སྒྲར་བཅས་འཁོར༔ འོད་ཟེར་དཔག་ཡས་ཕྱོགས་བཅུར་འཕྲོས༔ འཕགས་མཆོད་བྱིན་རླབས་རང་ལ་ཐིམ༔ འགྲོ་ཀུན་འཇིགས་པ་ཀུན་བསལ་ནས༔ འཕགས་མ་སྒྲོལ་མའི་གོ་འཕང་བཀོད༔ བདག་གི་ལུས་ངག་ཡིད་གསུམ་དང༔ རྗེ་བཙུན་འཕགས་མའི་སྐུ་གསུང་ཐུགས༔ དབྱེར་མེད་སྲུང་བ་ཆེན་པོར་གྱུར༔ ཅེས་བརྗོད་ཅིང་། ཨོཾ་ཨཱཿཧཱུྃ༔ ཞེས་པས་བདག་དང་བསྲུང་བྱའི་སྒོ་གསུམ་རྗེ་བཙུན་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་དང་དབྱེར་མེད་པར་བྱིན་གྱིས་བརླབས་པར་བསམ་ལ། འོད་ཟེར་སྤྲོ་བསྡུ་ལ་དྲན་པ་རྩེ་གཅིག་ཏུ་བཞག་པ་དང་། རིག་སྔགས་ཀྱི་རྒྱལ་མོའི་བྱིན་རླབས་ལ་མོས་གུས་ཤུགས་དྲག་པོ་དང་བཅས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བཟླས་པའི་སྐྱོན་སྤངས་ཏེ་བརྒྱ་ཕྲག་གཉིས་བཟླ། ལས་ཀྱི་ཚོགས་སྤྱི་ཙམ་དུ། མདུན་བསྐྱེད་ཀྱི་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་གྱི་ལྷ་མོ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། སོ་སོའི་ཐུགས་ཀའི་ས་བོན་ལས་རང་འདྲ་བའི་སྐུ་དང་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས་པས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་མཛད་པར་བསམ་ལ། ལས་དམིགས་བསལ་ཡོད་ན་དེའི་སྔགས་བརྒྱ་རྩ་དང་། གཞན་རྣམས་ཅུང་ཟད་རེ་བཟླ་ཞིང་། དམིགས་བསལ་མེད་ན་ལས་སྔགས་ཐམས་ཅད་ལན་བདུན་སོགས་ཅི་ནུས་བཟླའོ། །གཉིས་པ་བྱེ་བྲག་གི་ལས་སོ་སོར་སྒྲུབ་པའི་ཚུལ་ནི། གཞུང་ལས། བྱེ་བྲག་སོ་སོའི་ལས་སྒྲུབ་ན༔ ལས་ལྷ་གཙོ་བོར་བྱ་བ་འམ༔ སོ་སོའི་བཟླས་པ་གཙོ་བོར་བྱ༔ འཇིགས་པའི་ཚོགས་རྣམས་མྱུར་དུ་ཞི༔ ཞེས་གསུངས་པའི་ལས་ལྷ་གཙོ་བོར་བྱ་ཚུལ་ནི་འོག་ཏུ་མདོ་ཙམ་འཆད་པར་འགྱུར་ལ། འདིར་སྐབས་སུ་བབས་པ་སོ་སོའི་བཟླས་པ་གཙོ་བོར་བྱ་བའི་ཚུལ་ནི། ལས་ཀྱི་ཚོགས་ཉི་ཤུ་ལས། དང་པོ་ཞི་བའི་ལས་སྤྱི་ལ་མཚོན་ན། མདུན་བསྐྱེད་ཀྱི་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཞི་བའི་སྒྲོལ་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཏཱཾ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་རང་འདྲ་བའི་སྐུ་དང་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས་པས། བདག་དང་བསྲུང་བྱ་གཙོ་བོར་གྱུར་པའི་སེམས་ཅན་ཀུན་གྱི་ནད་གདོན་འཇིགས་བརྒྱད་བར་ཆད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བསམ་ལ། ཨོཾ་བཛྲ་ཏཱ་རེ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ། དེ་བཞིན་དུ་ས་ཡི་འཇིགས་པ་ཞི་བ་ལ། གཙོ་མོའི་ཐུགས་ཀའི་འོད་ཀྱིས་ས་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྐུ་དང་འོད་ཟེར་སྤྲོ་བསྡུས་བདག་གཞན་ལ་ས་གཡོ་བའི་འཇིགས་པ་ལ་སོགས་པ་འབྱུང་བ་ས་ལས་གྱུར་པའི་བར་ཆད་ཐམས་ཅད་ཞི་ཞིང་བསྲུངས་བར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ལཾ་ལཾ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེས་མཚོན་ཏེ་དམིགས་པ་ཁ་བསྒྱུར་ཞིང་། སྔགས་ཀྱི་ཁྱད་པར། ཆུ་ཡི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་བཾ་བཾ་ཛ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མེ་ཡི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་རཾ་རཾ་ཛྭ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རླུང་གི་འཇིགས་པ་ཞི་བ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཡཾ་ཡཾ་ཙ་ལ་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པའི་ལས་སྤྱི་དང་བྱེ་བྲག་མངོན་ཤེས་ཀྱི་རྩལ་ཁ་རྒྱས་པར། ཨོཾ་རཏྣ་ཏཱ་རེ་སརྦ་ལོ་ཀ་ཛྙཱ་ན་བིདྱཱ་དྷ་ར་དྷ་ར་དྷི་རི་དྷི་རི་ཧྲཱིང་ཧྲཱིང་ཛཿཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ རྡོ་རྗེ་སྟེ་ཐོག་སེར་གྱི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཨེ་ཨེ་མ་ཧཱ་ཧ་ན་བྷཱ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མཚོན་ཆའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་ཏིག་ཏིག་ཏཱིཀྵྞ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ༔ རྒྱལ་པོའི་ཆད་པའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་སརྦ་རཱ་ཛ་དུཥྚཱན་ཀྲོ་དྷ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཆོན་རྐུན་གྱི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཙཽར་བྷནྡྷ་བྷནྡྷ་ཏྲིག་ཐུམ་སྭཱ་ཧཱ༔ དབང་གི་ལས་སྤྱི་ལ། ཨོཾ་པདྨ་ཏཱ་རེ་སནྟཱ་ར་ཧྲཱིཿསརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧོ༔ དམིགས་བསལ་ཡོད་ན་སརྦ་ལོ་ཀའི་ཚབ་ཏུ་དམིགས་བྱའི་མིང་སྤེལ། ཤ་ཟ་སྟེ་གཟའ་ཀླུ་རྒྱལ་པོའི་གདོན་སོགས་ཀྱི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན་བིགྷྣཱན་བཾ་ཕཊ྄་སྭཱ་ཧཱ༔ གླང་ཆེན་སོགས་སྲོག་ཆགས་ཁྲོས་པའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཧཾ་ཧཾ་དུཥྚཱན་ཧ་ན་ཧ་ན་ཏྲ་ས་ཡེ་ཕཊ་སྭཱ་ཧཱ༔ བྱེ་བྲག་སེང་གེ་དང་སྟག་གཟིག་སོགས་གཅན་གཟན་ཁྲོ་བོའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཧེ་ཧེ་ཙ་ལེ་ཙ་ལེ་བྷནྡྷ་ཕཊ་སྭཱ་ཧཱ༔ དུག་སྦྲུལ་སོགས་བརྟན་གཡོའི་དུག་གི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཙ་ལ་ཡ་ཧ་ར་ཧ་ར་ཕཊ་སྭཱ་ཧཱ༔ དྲག་པོའི་ལས་སྤྱི་དང་བྱེ་བྲག་བདུད་སྡེའི་བར་ཆད་ཚར་གཅད་པ་ལ། ཨོཾ་ཀརྨ་ཏཱ་རེ་སརྦ་ཤཱ་ཏྲཱུན་བིགྷྣཱན་མཱཱ་ར་སེ་ན་ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཾ་ཧཾ་བྷིནྡྷ་བིནྡྷ་ཕཊ༔ རིམས་སོགས་ཡམས་ནད་གཙོ་བོར་གྱུར་པའི་ནད་ཀྱི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཛྭ་ར་སརྦ་དུཿཁ་པྲ་ཤ་མ་ན་ཡ་ཕཊ་སྭཱ་ཧཱ༔ དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དབུལ་ཞིང་ཕོངས་པའི་འཇིགས་པ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛམྦྷེ་མོ་ཧེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ དོན་ཉམས་པ་སྟེ་འབད་པས་བརྩམས་པའི་དོན་མི་འགྲུབ་པའི་འཇིགས་པ་ཞི་ཞིང་འདོད་རྒུའི་དངོས་གྲུབ་འབད་མེད་དུ་འགྲུབ་པར་འདོད་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཞེས་པ་སྟེ། དེ་རྣམས་གོང་དུ་སྨྲོས་པ་ལྟར་བཟླའོ། །གསུམ་པ་མཇུག་འདོད་དོན་གསོལ་བ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། སྤྲོ་ཞིང་ནུས་ན་རཏྣའི་གཏེར་བྱོན་མཚོ་རྒྱལ་སྐོར་གསུམ་གྱི་ནང་སྒྲུབ་སྒྲོལ་མའི་སྐབས་སུ་གསུངས་པའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་། གཞན་ཡང་འདོད་གསོལ་རྒྱས་པ་ཇི་ལྟར་རིགས་པར་བྱ་ཞིང་། དེ་ཙམ་མི་ནུས་ན། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པ།་་་རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཞེས་སོགས་ཡོངས་གྲགས་ཀྱི་འདོད་གསོལ་བརྗོད་ཅིང་མེ་ཏོག་འཐོར་བ་ནི་རྗེ་བཙུན་མ་ལ་མཎྜལ་དང་པོ་འབུལ་བའི་ཆོ་གའོ། །གཉིས་པ་སྒྲུབ་པ་དང་ཚུལ་མཐུན་པའི་མཎྜལ་ནི། མཆོད་པའི་སྤྲིན་གྱི་སྔགས་བརྗོད་ཅིང་མཆོད་པ་ནས་གཟུང་སྟེ་འདོད་གསོལ་གྱི་བར་གོང་དུ་སྨྲོས་པ་ཇི་ལྟ་བ་ལ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གསུམ་དང་། རྩ་སྔགས་ཡི་གེ་བཅུ་པ་སུམ་བརྒྱ། དམིགས་བསལ་གྱི་ལས་སྔགས་བརྒྱ་དང་ལྔ་བཅུ་བཟླ་བ་དང་། གསུམ་པ་ལས་སྦྱོར་དང་ཚུལ་མཐུན་པའི་མཎྜལ་ལ། བསྟོད་པ་ཚར་བདུན། རྩ་སྔགས་བདུན་བརྒྱ། ལས་སྔགས་སུམ་བརྒྱ་དང་ལྔ་བཅུ་བཟླ་བའི་ཁྱད་པར་ལས་གཞན་འདྲའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ། གཞུང་ལས། གཏོར་མ་འབུལ་ཞིང་འདོད་དོན་གསོལ༔ མཐར་ནི་ནོངས་བཤགས་ཡེ་ཤེས་གཤེགས༔ དམ་ཚིག་རང་བསྟིམ་བསྔོ་སྨོན་དང༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ ཞེས་གསུངས་པ་ལྟར་གསུམ། གཏང་རག་འབུལ་བ་དང་། ནོངས་བཤགས་དང་བརྟན་བཞུགས་བྱ་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ལ་གསུམ། གཏོར་མ་འབུལ་བ། མཆོད་བསྟོད་བྱ་བ། འདོད་དོན་གསོལ་བའོ། །དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། མདུན་བསྐྱེད་ཀྱི་འཕགས་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམ་ལ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ༔ ཧེ་ཧེ་བྷ་ག་ཝ་ཏཱི༔ མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ༔ མཱ་བི་ལམྦ་མཱ་བི་ལམྦ༔ ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས་ལན་བདུན་ནམ་གསུམ་གྱིས་ཕུལ། ཨོཾ་གུ་རུ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྗེ་བཙུན་མྱུར་མ་དཔའ་མོ་དང༔ འཇིགས་པ་ཐམས་ཅད་སེལ་མཛད་མ༔ འཁོར་གྱི་ཚོགས་དང་བཅས་ལ་བསྟོད༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ འབྱུང་བཞི་འཁྲུགས་དང་གནམ་ལྕགས་ལྟུང༔ མཚོན་ཆ་རྒྱལ་པོའི་ཆད་པ་དང༔ ཆོམ་རྐུན་ཤ་ཟ་གླང་ཆེན་ཁྲོས༔ གཅན་གཟན་ཁྲོ་བོ་གདུག་པའི་སྦྲུལ༔ ནད་གདོན་དུས་མིན་འཆི་བའི་རྐྱེན༔ དབུལ་ཕོངས་འདོད་དོན་ཉམས་པ་སོགས༔ མི་བཟད་འཇིགས་པའི་ཚོགས་རྣམས་ཀུན༔ སྲུང་དང་ཞི་དང་ཟློག་པར་མཛོད༔ འཁོར་བ་ངན་སོང་སྡུག་བསྔལ་སྒྲོལ༔ ཚེ་དང་བསོད་ནམས་ཡེ་ཤེས་སོགས༔ མཆོག་ཐུན་ཕྲིན་ལས་རྒྱས་པར་མཛོད༔ ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། གཏོར་མ་གཉིས་པ་ཆོས་སྐྱོང་སྤྱི་ལ་འབུལ་བ་སོགས་སྤྲོ་ན་མཎྜལ་བཞི་པའི་ཆོ་ག་སྤྱི་ལྟར་གཏང་། མ་གྲུབ་ཀྱང་གཞུང་རྩ་བ་ལས་དམིགས་བསལ་མ་གསུངས་པས་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གཉིས་པ་མཆོད་བསྟོད་ནི། སྤྱི་མཆོད་ལ་དམིགས་ཏེ་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ཅིང་། རྗེ་བཙུན་འཕགས་མའི་ལྷ་ཚོགས་སྤྱན་ལམ་དུ༔ ཞེས་སོགས་མཆོད་ཕྲེང་གིས་མཆོད། སྤྱན་རས་གཟིགས་དབང་བརྩེ་བའི་ཐུགས་རྗེ་ཅན༔ འགྲོ་བ་ཀུན་གཟིགས་དག་པའི་སྤྱན་ཉིད་ལས༔ འགྲོ་བའི་དོན་དུ་སྤྲུལ་པའི་བཅོམ་ལྡན་མ༔ བརྩེ་བའི་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་ཨིནྡྲ་ནཱི་ལའི་མདོག༔ གཞོན་ནུ་ལང་ཚོ་བཅུ་དྲུག་ལོན་པའི་ཚུལ༔ གཡས་པ་མཆོག་སྦྱིན་གཡོན་པས་ཨུཏྤལ་བསྣམས༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ རིན་ཆེན་རྒྱན་སྤྲས་འཛུམ་པའི་འོད་ཟེར་ཅན༔ ལོངས་སྤྱོད་རབ་རྫོགས་རྒྱན་རྣམས་མ་ལུས་རྫོགས༔ ཕྲིན་ལས་རྣམ་བཞི་དངོས་གྲུབ་ཀུན་གྱི་གཏེར༔ དགོས་འདོད་རེ་སྐོང་མ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གསུམ་པ་འདོད་དོན་གསོལ་བ་ནི། ཨོཾ༔་་་རཏྣའི་གཏེར་ཁ་ལས་སོ། །འགྲུབ་པར་གྱུར་ཅིག་རྗེ་བཙུན་ཐུགས་རྗེ་ཅན༔ འཕགས་མ་ཁྱོད་ལ་བསྙེན་སྒྲུབ་མཆོད་པ་དང༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ དེང་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ འཕགས་མ་ཁྱོད་དང་རྟག་ཏུ་མི་འབྲལ་ཞིང༔ ནད་མེད་ཚེ་དབང་ལོངས་སྤྱོད་འཕེལ་བ་དང༔ བྱང་ཆུབ་སྒྲུབ་ལ་བར་གཅོད་མི་འབྱུང་ཞིང༔ ས་དང་ལམ་གྱི་ཡོན་ཏན་མྱུར་རྫོགས་ནས༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཅེས་ལན་གསུམ་བརྗོད་ཅིང་མེ་ཏོག་འཐོར། གཉིས་པ་ནོངས་པ་བཤགས་ཤིང་བརྟན་བཞུགས་བྱ་བ་ནི། ལྷག་ཆད་ཁ་བསྐང་བའི་ཕྱིར་དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པ་རྣམས་ལན་གསུམ་རེའི་མཐར། རཏྣའི་གཏེར་ཁ་ལས་སོ།་་་བདག་ནི་རྨོངས་པའི་བློ་ཅན་ཏེ༔ ཏིང་འཛིན་དམིགས་པ་མ་གསལ་དང༔ ཆོ་ག་ལྷག་ཆད་ཉེས་གྱུར་རྣམས༔ འཕགས་མའི་ཚོགས་ཀྱིས་བཟོད་པར་མཛོད༔ ཅེས་པས་ནོངས་པ་བཟོད་པར་གསོལ་ལ། མདུན་བསྐྱེད་ཀྱི་རྟེན་མེད་ན་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྟིམ་པ་ཡིན་ཡང་། རྟེན་ཡོད་པའི་དབང་དུ་བྱས་ཏེ་བརྟན་བཞུགས་བྱ་བ་ནི། ཐལ་མོ་སྦྱར་ཏེ། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱི་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་དམ་ཡེ་གཉིས་ཀ་རྟེན་དང་དབྱེར་མེད་དུ་བསམས་ལ་མེ་ཏོག་འཐོར། གསུམ་པ་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་ནི། རཏྣའི་གཏེར་ཁ་ལས་སོ།་་་བདག་གིས་དུས་གསུམ་བསགས་པ་ཡི༔ བསྙེན་སྒྲུབ་ལ་སོགས་དགེ་ཚོགས་དང༔ གཞན་ཡང་དགེ་སྤྱད་བསྐུལ་བཏབ་དང༔ རྗེས་སུ་ཡི་རང་ལས་བྱུང་དང༔ འཕགས་མ་ཁྱོད་མཆོད་བྱིན་རླབས་ཀྱིས༔ ནད་མེད་ཚེ་རིང་དཔལ་དང་གྲགས༔ བཀྲ་ཤིས་བདེ་ལེགས་མཆོག་ཐོབ་ཅིང༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་དང་གཞན་ཡང་གོང་དུ་སྨྲོས་པའི། ཕྱོགས་བཅུ་དུས་བཞིའི་སོགས་བསྔོ་སྨོན་རྒྱས་པར་བྱ་ཞིང་། སྟོན་མཆོག་དམ་པ་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་དང་། དུས་་་རཏྣའི་གཏེར་ཁ་ལས་སོ།གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ༔ དགོས་འདོད་རེ་སྐོང་ཡིད་བཞིན་ནོར་བུའི་མཆོག༔ བཀྲ་ཤིས་ཀུན་གྱི་མཆོག་བརྙེས་དོན་གྲུབ་མ༔ དཔལ་ལྡན་ཐོག་མ་བར་དང་མཐར་དགེ་བའི༔ ཕྲིན་ལས་ཀུན་འགྲུབ་མྱུར་མ་དཔའ་མོ་སྟེ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །ཞར་བྱུང་གོང་དུ་སྨྲོས་པའི་ལས་སོ་སོར་བསྒྲུབ་པ་ལ་ལས་ལྷ་གཙོ་བོར་བྱ་བའི་ཚུལ་མདོ་ཙམ་བརྗོད་ན། ཆོ་གའི་ཁྱད་པར་གཞན་འདྲ་བ་ལ། མདུན་བསྐྱེད་ཀྱི་སྐབས་སུ་ལས་ཀྱི་ལྷ་མོ་གང་ཡིན་པ་དེས་གཙོ་མོར་བྱ་ཞིང་། དེའི་གནས་སུ་གཙོ་མོ་སེང་ལྡེང་ནགས་སྒྲོལ་ཉིད་བསྒོམ། བཟླས་པའི་སྐབས་ལས་སྔགས་དང་ལས་དེ་བསྒྲུབ་པའི་འོད་ཟེར་སྤྲོ་བསྡུ་ཁོ་ན་གཙོ་བོ་བྱ་བ་སྟེ། དཔེར་ན་ཞི་བའི་ལས་ལ་དབུས་སུ་ཞི་བའི་སྒྲོལ་མ་དང་། དེའི་གནས་སུ་སེང་ལྡེང་ནགས་ཀྱི་སྒྲོལ་མ་བསྒོམ། བཟླས་པའི་སྐབས་སུ་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་གྱིས་འཁོར་གྱི་ལྷ་མོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཞི་བའི་ལས་རབ་འབྱམས་བསྒྲུབས་པར་བསམ་ཞིང་བཛྲ་ཏཱ་རེ་གཙོ་བོར་བཟླས་པས་མཚོན་ཏེ་ཤེས་པར་བྱའོ། །གཞན་ཡང་གོང་དུ་བཤད་པའི་ཆོ་ག་འདི་ནི་ངག་འདོན་ཁྱེར་བདེ་འབྲིང་པོ་ཙམ་ཡིན་ལ། རྒྱས་པར་སྤྲོ་ན་ཕྱག་འཚལ་དང་། འདོད་གསོལ་སོགས་སོ་སོའི་སྐབས་སུ་ཁ་འཕངས་པ་ལྟར། ས་ལུགས་ཀྱི་ཆོ་ག་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་ལྷན་ཐབས་དང་བཅས་པ། ཇོ་བོ་ལུགས་རིག་འཛིན་ཚེ་དབང་ནོར་བུའི་ཆོག་སྒྲིག་བཀའ་བརྒྱུད་ཕྱོགས་ལ་དར་སྲོལ་ཆེ་བ་ཡོངས་གྲགས་ཚད་ཐུབ་ཀྱི་གཞུང་ནས་བླང་དུ་རུང་མོད། འོན་ཏེ་ཆོ་ག་གང་གི་ཚེའང་དམིགས་པ་གསལ་བ་དང་། ཚིག་དལ་ཞིང་དོད་ལ་སྐབས་ཕྱེད་པ་ཁོ་ན་གཙོ་ཆེ་བ་ལས། འདོན་ཆ་མང་བ་གཙོ་བོར་བཏོན་ན་དམིགས་པ་ལྟ་ཞོག་ཚིག་ཀྱང་ཕལ་ཆེར་མི་འགྲོ་བའི་བྱས་ལ་མ་བསགས་པའི་རྣམ་གཡེང་དེ་འདྲ་ལ་ནི་སྙིང་པོ་ཅིའང་མེད་པས། རྒྱུན་དུ་ནི་གོང་གི་དཀྱུས་སུ་བཀོད་པ་འདི་ཁོ་ནས་དོན་གྲུབ་པར་ཡོད་ལ། བྱེས་བགྲོད་ལྟ་བུའི་སྐབས་ཤིན་ཏུ་བསྡུས་པ་ལ་མོས་ན། སྦྱོར་བའི་སྐབས་སུ་རྟེན་མེད་ཀྱང་རུང་བར་རིག་འཛིན་ཆེན་པོས་གསུངས་པ་ལྟར། འདིར་ཡང་སྦྱོར་བའི་སྐབས་སུ་བྲིས་སྐུ་དགྲམ་པར་གསུངས་ནའང་། རྗེས་ཆོག་ཏུ་གཤེགས་གསོལ་གསུངས་པ་རྟེན་མེད་པའི་དབང་དུ་མཛད་པས་རུང་བར་མངོན་ཅིང་། མཆོད་པ་ཚར་རེ་ལས་མ་འབྱོར་ན་རེ་རེ་བཞིན་ཞལ་གསོ། མཎྜལ་གཅིག་ལས་མ་འབྱོར་ན་ཚོམ་བུ་བརྗེ་ནས་བསྐྱར་ཏེ་དབུལ་བར་ཚད་ལྡན་གྱི་གཞུང་ལས་གསུངས། ངག་འདོན་ཡང་སྐབས་སུ་བབས་པའི་ཅུང་ཟད་བསྡུས་ཏེ་བྱ་ཞིང་། མདོར་བསྡུས་པའི་ཚུལ་ཞིག་སྒྲུབ་ཐབས་ཀྱི་སྐབས་སུའང་འབྲི་བར་འགྱུར་རོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། སྤྱིར་རྗེ་བཙུན་སྒྲོལ་མའི་བསམ་གཏན་དང་ཡི་གེ་བཅུ་པའི་བཟླས་བརྗོད་བགྱིས་པས་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་མཐའ་ཡས་པ་ཐོབ་པའི་ཚུལ་སྒྲོལ་མའི་སྔགས་རྒྱུད་རྣམས་ལས་རྒྱ་ཆེར་གསུངས་ཤིང་། གཞུང་འདི་ཉིད་ལས་ཀྱང་། འབུམ་ཕྲག་ལ་སོགས་པ་བཟླས་པས་བཅོམ་ལྡན་འདས་མས་བྱིན་གྱིས་རློབ་པར་འགྱུར་རོ༔ འཇིགས་པ་ཐམས་ཅད་ཞི་བར་འགྱུར་རོ༔ བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ༔ རྟག་ཏུ་ཚེ་རབས་དྲན་ཅིང་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ༔ བར་དོར་ཡང་རྗེ་བཙུན་མས་རྗེས་སུ་འཛིན་ཅིང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ༔ ཞེས་གསུངས་པ་དང་། བྱེ་བྲག་མཎྜལ་གྱི་ཆོ་ག་ཉམས་སུ་བླངས་པའི་ཕན་ཡོན་ནི་བསྟོད་པའི་རྒྱུད་ཀྱི་རྒྱལ་པོའི་ཕན་ཡོན་ལས། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་དང་། གཞུང་ལས། བར་ཆད་ཐམས་ཅད་ཞི་བ་དང༔ འདོད་དོན་ཡིད་བཞིན་འགྲུབ་པར་འགྱུར༔ ཞེས་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བར་བསྔགས་པས་མཚོན་མཐའ་ཡས་ཤིང་། མངོན་སུམ་གྱི་མྱོང་བས་ཀྱང་གྲུབ་པའི་ཕྱིར་སྐལ་པ་བཟང་པོ་རྣམས་ཀྱི་ཚུལ་འདི་ཁོ་ན་ལ་བརྩོན་པས་རང་དང་གཞན་གྱི་ཕན་བདེའི་འདོད་རྒུ་ཡིད་བཞིན་དུ་འཇོ་བ་ལ་བརྟེན་ནས་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་རྒྱས་པར་བྱའོ། །སངས་རྒྱས་གཉིས་པ་མཚོ་སྐྱེས་རྗེའི། །གདམས་ཟབ་བདུད་རྩིའི་ཆུ་གཏེར་ལས། །བཀྲ༵་ཤིས༵་འདོད་རྒུའི་ཆ༵ར་འབེ༵བ་པའི། །ཆོ་ག་རྫོགས་ལྡན་སྤྲིན་འདི་དབྱུང་། །གང་ལས་ཐོབ་པའི་ལེགས་བྱས་ཟིལ་དངར་གྱིས། །ས་གསུམ་འགྲོ་བའི་གདུང་བ་ཀུན་ཞི་ཞིང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །ཕན་བདེའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག །ཅེས་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །རྗེ་བཙུན་སྒྲོལ་མ་འཇིགས་པ་ཀུན་སེལ་དང་རྗེས་སུ་འབྲེལ་བའི་མཎྜལ་གྱི་ཆོ་ག་འདི་ནི། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་འཁྲུལ་མེད་རྡོ་རྗེའི་ལུང་གིས་ལང་གྲོ་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་དུ་བསྔགས་ཤིང་། ཆོས་འདིའི་བདག་པོར་ཁྱད་པར་དུ་གྲུབ་པ་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱིས་བཀྲ་ཤིས་པའི་ལྷ་རྫས་དང་། རིན་པོ་ཆེ་དང་པོའི་མེ་ཏོག་བཅས་བཀའི་ཅོད་པན་སྤྱི་བོར་ལྷུང་བ་གུས་པས་མཆོད་དེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་དྲིན་ལས་ཟབ་ཆོས་འདི་ཉིད་དང་པོར་ཐོབ་པའི་སྐལ་པ་བཟང་པོ་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བའི་སྒྲུབ་གནས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་གྱི་ཕུག་པའི་འདབས་འབྱོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ག་ལ་བར། གཏེར་གཞུང་རྡོ་རྗེའི་གསུང་རྩ་བར་བཟུང་། གསར་རྙིང་བཀའ་གཏེར་གྱི་ཆོ་ག་ཚད་མས་གྲུབ་པ་དག་གིས་ཀྱང་ཅུང་ཟད་ཟུར་བརྒྱན་ཏེ་ངག་འདོན་བཀླགས་པས་གྲུབ་པར་ས་ཕོ་རྟའི་གནམ་ལོ་གསར་དུ་འཆར་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་རྫོགས་པར་སྦྱར་བའི་དགེ་བས། རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་སྤྱི་དང་བྱེ་བྲག་མཚོ་སྐྱེས་ཀུན་ཏུ་འཆང་དངོས་དཔལ་པདྨའི་སྙིང་པོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཕྲིན་ལས་འཇིག་རྟེན་གསུམ་དུ་རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་བླ་བསླུ་ཚེ་འགུགས་ (Volume 49, Text 40)
ྈ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་བླ་བསླུ་ཚེ་འགུགས་བཞུགས་སོ༔ པད་གླིང་གཏེར་བྱོན། སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ བླ་བསླུ་ཚེ་མདོས་ཀྱི་བཅའ་ཐབས་ལ༔ མཁར་ཐབས་གྲུ་བཞིའི་སྟེང་དུ་མི་ནག་ཞགས་པ་འཛིན་པ༔ གཡས་ན་བྱ་ནག་ལྡིང་བ༔ གཡོན་ན་ཁྱི་ནག་ཁྲིད་པ༔ དེའི་ཕྱོགས་བཞིར་མི་ནག་ཞགས་པ་འཛིན་པ་བཞི་བཞག༔ བྱ་ནག་བཞི་ཀླད་ན་ལྡིང་བ༔ ཁྱི་ནག་བཞི་ཕྱི་ན་ཁྲིད་པ༔ མདུན་དུ་ཡོན་བདག་གི་གླུད་བཞག༔ ཤ་བ༔ ལུག༔ འབྲོང༔ རྟ་གང་རུང་བཞག༔ མཐར་སྡེ་བརྒྱད་ཀྱི་བཤོས་བུས་བསྐོར༔ གླུད་བྲན་ལོ་སྐོར་བཅུ་གཉིས་ཀྱིས་བསྐོར༔ ཕོ་ཐང་མོ་ཐང་དང༔ སྨན་སྣ༔ འབྲུ་སྣ༔ དར་ཚོན་སྣ་ལྔ་བཞག༔ རྒྱས་པར་བྱེད་ན་གཞི་དཀར་ནག་གཉིས་དགོས༔ དཀར་པོའི་སྟེང་དུ་ནས་བྲེ་གང༔ ངར་མི་དཀར་པོ༔ བླ་ཤྭ་དཀར་པོ༔ བླ་གཡུ༔ བླ་རྡིལ་དཀར་པོ་གསུམ༔ ལྷ་བཤོས༔ བླ་རྐང་རྣམས་བཤམ༔ མདའ་དར༔ གཞི་ནག་པོའི་སྟེང་དུ་ངར་མི་ནག་པོ༔ བདུད་ཤྭ་ནག་པོ་རྡེའུ་ནག་པོ་གསུམ༔ བདུད་བཤོས་ནག་པོ་རྣམས་བཞག༔ བླ་མཚོ་ནང་དུ་བླ་གཟུགས་བཞག༔ རང་གི་ཡི་དམ་ལྷ་གཞུང་བསྲང༔ ཧཱུྃ༔ བླ་མ་ཡི་དམ་རྟེན་ལ་བྱོན༔ ཆོས་སྐྱོང་སྲུང་མ་རྟེན་ལ་བྱོན༔ སྲིད་པའི་ལྷ་དགུ་རྟེན་ལ་བྱོན༔ ཡུལ་ལྷ་གཞི་བདག་རྟེན་ལ་བྱོན༔ བླ་རྟགས་འདི་ལ་བྱིན་གྱིས་རློབས༔ བླ་མདའ་འདི་ལ་རྟགས་ཤིག་ཐོན༔ བླ་གཡུ་འདི་ལ་འོད་ཅིག་ཐོན༔ བླ་དར་འདི་ལ་བཀྲག་ཅིག་ཕོབ༔ ནས་ནི་བྲེ་དང་ཕུལ་མང་ཐོངས༔ བླ་རྡིལ་འདི་ལ་བྱིན་གྱིས་རློབས༔ བླ་ཤྭ་འདི་ལ་བྱིན་གྱིས་རློབས༔ བླ་མཚོ་འདི་ལ་བྱིན་ཕོབ་ཅིག༔ གཞི་མ་ལྷ་གཞི་དཀར་པོའི་སྟེང༔ ཀྱེ༔ སྣང་བ་འོད་ཀྱི་དང་པོ་ལ༔ ཡུལ་ནི་སྲིན་ཡུལ་སྒང་དྲུག་ཏུ༔ བླ་གཡུ་འོད་གཅིག་བརྐུས་པ་རྨིས༔ བླ་མཁར་རྩེ་ནས་འགྱེལ་བ་རྨིས༔ བླ་མཚོ་གཏིང་ནས་སྐམ་པ་རྨིས༔ རང་ལྷོ་ཡི་ཕྱོགས་དེར་འཁྱམས་པ་རྨིས༔ དེར་དགོངས་པ་ཐོད་དཀར་ཞལ་ན་རེ༔ བླ་གཡུ་འོད་ཅན་བརྐུས་པ་ལ༔ མོ་མ་མཁས་པས་མོ་བརྡར་འཚལ༔ མང་མཐོང་སངས་རྒྱས་སྤྱན་དྲངས་ནས༔ མོ་བཏབ་དེ་ནི་རྩིས་བཀོད་པས༔ མོ་མ་དེ་ཡི་ཞལ་ན་རེ༔ ཁྱོད་ཀྱི་ལྷ་རྣམས་མ་གསོལ་བས༔ ལྷ་ཡིས་ཁྱོད་ནི་མགོན་མ་ནུས༔ འཕྲུལ་གྱི་རྒྱལ་པོ་སྤྱན་དྲངས་ནས༔ རྒྱུ་སྦྱོར་ཡོན་བདག་བླ་བསླུ་འོ༔ ཕོ་གླུད་དེ་ནི་གཡས་སུ་འབུལ༔ མོ་གླུད་དེ་ནི་གཡོན་དུ་འབུལ༔ སྤྱི་གླུད་དེ་ནི་མཁའ་ལ་འབུལ༔ མདོས་གླུད་དེ་ནི་ཐད་དུ་འབུལ༔ ཀྱེ༔ ཡུལ་ནི་བླ་ཡུལ་འཛད་སྲིད་ན༔ བདུད་མཁར་ནག་པོ་རྩེ་དགུའི་ནང༔ སྐྱེ་འགྲོའི་སྲོག་བདག་དེ་ན་བཞུགས༔ སྲོག་བདག་དུང་གི་ཐོར་ཚུགས་ཅན༔ དཔེ་གཅིག་ལ་འདིར།་་་སྐུ་མདོག་ནག་པོ་མུན་པའི་མདོག༔ དུག་རླངས་ནག་པོའི་ན་བཟའ་གསོལ༔༽ ཕྱག་ན་བླ་འཛིན་ཞགས་པ་བསྣམས༔ བླ་བྱ་ནག་པོ་ཀླད་ན་ལྡིང༔ བླ་ཁྱི་ནག་པོ་རོལ་དུ་ཁྲིད༔ དེ་རིང་ཡོན་བདག་གླུད་ཅིག་ཁྱོད་ལ་འབུལ༔ ཁྲག་ལ་དགའ་བ་སྒལ་ཚིགས་གཉེར་མ་ཅན༔ ཁྲག་གི་གླུད་ཅིག་ཁྱོད་ལ་འབུལ༔ བླ་ཡི་བདུད་དུ་མ་འབེབ་ཅིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་བསྡམས་པ་གློད༔ མདོས་གླུད་གཙང་མ་འདི་བཞེས་ལ༔ བླ་ཚེ་གཉན་པོ་ཚུར་ལ་བླང༔ ཀྱེ༔ ཡུལ་ནི་བླ་ཡུལ་ཤར་ཕྱོགས་ན༔ བླ་བདུད་དཀར་པོ་ཆེན་པོ་ནི༔ ཕྱག་ན་བླ་འཛིན་ཞགས་པ་བསྣམས༔ བླ་བྱ་དཀར་པོ་ཀླད་ན་ལྡིང༔ བླ་ཁྱི་དཀར་པོ་རོལ་དུ་ཁྲིད༔ ཡོན་བདག་དབང་ལྔའི་གླུད་ཅིག་ཁྱོད་ལ་འབུལ༔ བླ་ཡི་བདུད་དུ་མ་འབེབ་ཅིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་བསྡམས་པ་གློད༔ མདོས་གླུད་གཙང་མ་འདི་བཞེས་ལ༔ བླ་ཚེ་གཉན་པོ་ཚུར་ལ་བླང༔ ཀྱེ༔ ཡུལ་ནི་བླ་ཡུལ་ལྷོ་ཕྱོགས་ན༔ བླ་བདུད་སེར་པོ་ཆེན་པོ་ནི༔ ཕྱག་ན་བླ་འཛིན་ཞགས་པ་བསྣམས༔ བླ་བྱ་སེར་པོ་ཀླད་ན་ལྡིང༔ བླ་ཁྱི་སེར་པོ་རོལ་དུ་ཁྲིད༔ ཡོན་བདག་པགས་པའི་གླུད་ཅིག་ཁྱོད་ལ་འབུལ༔ བླ་ཡི་བདུད་དུ་མ་འབེབ་ཅིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་བསྡམས་པ་གློད༔ མདོས་གླུད་གཙང་མ་འདི་བཞེས་ལ༔ བླ་ཚེ་གཉན་པོ་ཚུར་ལ་བླང༔ ཀྱེ༔ ཡུལ་ནི་བླ་ཡུལ་ནུབ་ཕྱོགས་ན༔ བླ་བདུད་དམར་པོ་ཆེན་པོ་ནི༔ ཕྱག་ན་བླ་འཛིན་ཞགས་པ་བསྣམས༔ བླ་བྱ་དམར་པོ་ཀླད་ན་ལྡིང༔ བླ་ཁྱི་དམར་པོ་རོལ་དུ་ཁྲིད༔ ཡོན་བདག་རུས་པའི་གླུད་ཅིག་ཁྱོད་ལ་འབུལ༔ བླ་ཡི་བདུད་དུ་མ་འབེབ་ཅིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་བསྡམས་པ་གློད༔ མདོས་གླུད་གཙང་མ་འདི་བཞེས་ལ༔ བླ་ཚེ་གཉན་པོ་ཚུར་ལ་བླང༔ ཀྱེ༔ ཡུལ་ནི་བླ་ཡུལ་བྱང་ཕྱོགས་ན༔ བརྒྱ་བྱིན་ནག་པོ་དུང་གི་ཐོར་ཚུགས་ཅན༔ ཕྱག་ན་བླ་འཛིན་ཞགས་པ་བསྣམས༔ བླ་བྱ་ནག་པོ་ཀླད་ན་ལྡིང༔ བླ་ཁྱི་ནག་པོ་རོལ་དུ་ཁྲིད༔ ཡོན་བདག་སྐྲ་དང་བ་སྤུའི་གླུད་ཅིག་ཁྱོད་ལ་འབུལ༔ བླ་ཡི་བདུད་དུ་མ་འབེབ་ཅིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་བསྡམས་པ་གློད༔ མདོས་གླུད་གཙང་མ་འདི་བཞེས་ལ༔ བླ་ཚེ་གཉན་པོ་ཚུར་ལ་བླང༔ ལྷ་ཀླུ་བདུད་བཙན་མ་མོ་དང༔ གཤིན་རྗེ་རྒྱལ་བསེན་ཕོ་མོའི་ཚོགས༔ ཡུལ་ཕྱོགས་ཀུན་གྱི་སྲོག་བདག་རྣམས༔ གསལ་བྱེད་མཁྲིས་པ་ནང་རོལ་ཟ༔ ཡོན་བདག་ནང་རོལ་གླུད་ཅིག་འབུལ༔ བླ་ཡི་བདུད་དུ་མ་འབེབ་ཅིག༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་བསྡམས་པ་གློད༔ མདོས་གླུད་གཙང་མ་འདི་བཞེས་ལ༔ བླ་ཚེ་གཉན་པོ་ཚུར་ལ་བླང༔ ལྷ་ཡི་ལག་ནས་བླ་བསླུ་འོ༔ ཀླུ་ཡི་ལག་ནས་བླ་བསླུ་འོ༔ བདུད་ཀྱི་ལག་ནས་བླ་བསླུ་འོ༔ བཙན་གྱི་ལག་ནས་བླ་བསླུ་འོ༔ མ་མོའི་ལག་ནས་བླ་བསླུ་འོ༔ གནོད་སྦྱིན་ལག་ནས་བླ་བསླུ་འོ༔ གཤིན་རྗེའི་ལག་ནས་བླ་བསླུ་འོ༔ རྒྱལ་བསེན་ལག་ནས་བླ་བསླུ་འོ༔ ཐེའུ་རང་ལག་ནས་བླ་བསླུ་འོ༔ འདྲེ་མོའི་ལག་ནས་བླ་བསླུ་འོ༔ ཡུལ་འདྲེའི་ལག་ནས་བླ་བསླུ་འོ༔ དེ་ནས་མདའ་དར་ལག་ཏུ་ཐོགས་ལ༔ བླ་འགུགས་གྱེར་ལ་འདི་སྐད་དོ༔ ཀྱེ༔ དབུས་ཕྱོགས་ཟླ་གམ་དམར་པོའི་གཞལ་ཡས་ནས༔ དཔའ་བོ་རྟ་མཆོག་རྒྱལ་པོ་དང༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ནི༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ཐུགས་དམ་གནད་ནས་སྐུ་སྐྱོད་ལ༔ བླ་ཚེ་ཉམས་པ་འགུགས་པའི་ཕྲིན་ལས་མཛོད༔ དཔའ་བོ་ཡབ་ཡུམ་དབུ་སྟེང་ན༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡུམ་ཆེན་རྡོ་རྗེ་དབྱིངས་ཕྱུག་མ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ འགྲོ་དྲུག་གནས་ནས་ཚེ་འགུགས་མ༔ བླ་ཚེ་ཉམས་པ་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ རྡོ་རྗེ་མཁའ་འགྲོ་དཔའ་བོ་གིང༔ དཀར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ཌཱ་ཀི་དཀར་མོ་འབུམ༔ བླ་ཚེ་ཉམས་པ་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ རིན་ཆེན་མཁའ་འགྲོ་དཔའ་བོ་གིང༔ སེར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ཌཱ་ཀི་སེར་མོ་འབུམ༔ བླ་ཚེ་ཉམས་པ་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ པདྨ་མཁའ་འགྲོ་དཔའ་བོ་གིང༔ དམར་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ཌཱ་ཀི་དམར་མོ་འབུམ༔ བླ་ཚེ་ཉམས་པ་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ཀརྨ་མཁའ་འགྲོ་དཔའ་བོ་གིང༔ ལྗང་མོ་མགྱོགས་མ་ཚེ་ཡི་བུམ་པ་འཛིན༔ ཐུགས་ཀྱི་སྤྲུལ་པ་ཌཱ་ཀི་ལྗང་མོ་འབུམ༔ བླ་ཚེ་ཉམས་པ་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཡེ་ཤེས་དབྱིངས་ནས་ཚེ་འགུགས་མ༔ བདེ་གཤེགས་སངས་རྒྱས་མཁའ་འགྲོ་མ༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ ཆོས་ཀྱི་དབྱིངས་ནས་ཚེ་དྲོངས་ལ༔ ནམ་མཁའི་ཁམས་ནས་བླ་བསླུ་འོ༔ ཧཱུྃ༔ སངས་རྒྱས་མཁའ་འགྲོ་ཞི་བྱེད་མ༔ སྔོན་མོ་ཚེ་ཡི་བུམ་པ་འཛིན༔ ནམ་མཁའི་ཁམས་ནས་ཚེ་དྲོངས་ལ༔ རླུང་གི་ཁམས་ནས་བླ་བསླུ་འོ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་སྐྱོང་བྱེད་མ༔ མཐིང་ག་ཚེ་ཡི་བུམ་པ་འཛིན༔ རླུང་གི་ཁམས་ནས་ཚེ་དྲོངས་ལ༔ མེ་ཡི་ཁམས་ནས་བླ་བསླུ་འོ༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་དྲག་བྱེད་མ༔ སེར་མོ་ཚེ་ཡི་བུམ་པ་འཛིན༔ མེ་ཡི་ཁམས་ནས་ཚེ་དྲོངས་ལ༔ ཆུ་ཡི་ཁམས་ནས་བླ་བསླུ་འོ༔ ཧཱུྃ༔ པདྨ་མཁའ་འགྲོ་རྨོངས་བྱེད་མ༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ ཆུ་ཡི་ཁམས་ནས་ཚེ་དྲོངས་ལ༔ ས་ཡི་ཁམས་ནས་བླ་བསླུ་འོ༔ ཧཱུྃ༔ ལས་ཀྱི་མཁའ་འགྲོ་གཏུམ་བྱེད་མ༔ ལྗང་མོ་ཚེ་ཡི་བུམ་པ་འཛིན༔ ས་ཡི་ཁམས་ནས་ཚེ་དྲོངས་ལ༔ འབྱུང་བའི་ཁམས་ནས་བླ་བསླུ་འོ༔ ཧཱུྃ༔ དུར་ཁྲོད་བརྒྱད་ནས་བླ་འགུགས་མ༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར༔ ཕྱག་ན་ཚེ་ཡི་མདའ་དར་འཛིན༔ ཤར་ཕྱོགས་དྲི་ཟའི་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་བླ་བསླུ་འོ༔ ཀླུ་ཡི་ལག་ནས་བླ༴ བདུད་ཀྱི་ལག་ནས་བླ༴ བཙན་གྱི་ལག་ནས་བླ༴ མ་མོའི་ལག་ནས་བླ༴ གནོད་སྦྱིན་ལག་ནས་བླ༴ གཤིན་རྗེའི་ལག་ནས་བླ༴ རྒྱལ་བསེན་ལག་ནས་བླ༴ ཐེའུ་རང་ལག་ནས་བླ༴ ཡུལ་འདྲེའི་ལག་ནས་བླ༴ བླ་དང་ཚེ་ནི་ཁུག་གྱུར་ན༔ བླ་གཡུ་འོད་དང་ལྡན་གྱུར་ཅིག༔ བླ་དར་བཀྲག་མདངས་ལྡན་གྱུར་ཅིག༔ མདའ་མོ་ལྟོང་དང་ལྡན་གྱུར་ཅིག༔ ནས་ནི་བྲེ་དང་ཕུལ་མང་ཞིང༔ བླ་རྡིལ་དཀར་པོ་ཕྱག་ཏུ་ཤོག༔ བླ་ཤྭ་དཀར་པོ་ཆེ་གྱུར་ཅིག༔ བླ་གཟུགས་གཉན་པོའི་མདུན་སྟོན་ཅིག༔ བླ་དང་ཚེ་ནི་མ་ཁུག་ན༔ བླ་གཡུ་འོད་དང་མི་ལྡན་ནོ༔ བླ་དར་བཀྲག་མདངས་མི་ལྡན་ནོ༔ མདའ་མོ་ལྟོང་དང་མི་ལྡན་ནོ༔ ནས་ནི་བྲེ་དང་ཕུལ་ཉུང་ཞིང༔ བདུད་རྡིལ་ནག་པོ་ལག་ན་ཤོག༔ བདུད་ཤྭ་ནག་པོ་ཆེ་གྱུར་ཅིག༔ བླ་གཟུགས་གཉན་པོའི་རྒྱབ་ཚུར་སྟོན༔ ཧཱུྃ༔ ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་སྐུ་མདོག་སེར༔ ཕྱག་ན་ཚེ་ཡི་མདའ་དར་འཛིན༔ ལྷོ་ཕྱོགས་གྲུལ་བུམ་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་སོགས། ཧཱུྃ༔ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་སྐུ་མདོག་དམར༔ ཕྱག་ན་ཚེ་ཡི་མདའ་དར་འཛིན༔ ནུབ་ཕྱོགས་ཀླུ་གདོན་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་སོགས། ཧཱུྃ༔ བྱང་ཕྱོགས་ཀཱི་ལ་ཡ་ཡི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང༔ ཕྱག་ན་ཚེ་ཡི་མདའ་དར་འཛིན༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་སོགས། ཆེ་གྱུར་ཅིག༔ བླ་གཟུགས་གཉན་པོའི་རྒྱབ་ཚུར་སྟོན༔་་་འདི་ནས་བླ་གཟུགས་བསྐོར་བར་བྱ། བླ་གཟུགས་ཀྱི་གཡས་དང་མདུན་བསྟན་ན་ཁུག་རྟགས་ཡིན་པས་དེ་གར་བཞག །རྒྱབ་དང་གཡོན་སྟོན་ན་མ་ཁུག་པས་བསྐུལ་བ་བྱ་ཞིང་བསྐྱར་རོ། །དེ་ནས་མཚམས་བཞིའི་མཁའ་འགྲོ་བསྐུལ་ལ། བླ་གཟུགས་བསྐོར་བ་དང་། བླ་གཡུ་བླ་རྡིལ་བསྙབ་གསུངས་སོ། །མཆན། དམིགས་པ་དང་མ་བྲལ་བར་མཚམས་བཞིའི་མཁའ་འགྲོ་བསྐུལ་བ་ནི༔ ཧཱུྃ༔ ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་དྲག་ཤུལ་ཅན༔ དཀར་མོ་མགྱོགས་བྱེད་ཕོ་ཉ་མོ༔ ཕྱག་ན་ལྕགས་ཀྱུ་འབར་བ་འཛིན༔ ཤར་ལྷོ་མེ་ལྷའི་ལག་ནས་ཚེ་དྲོངས་ལ༔ དྲང་སྲོང་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་བླ་བསླུ་འོ༔ ཀླུ་ཡི་ལག་ནས་བླ༴ བདུད་ཀྱི་ལག་ནས་བླ༴ བཙན་གྱི་ལག་ནས་བླ༴ མ་མོའི་ལག་ནས་བླ༴ གནོད་སྦྱིན་ལག་ནས་བླ༴ གཤིན་རྗེའི་ལག་ནས་བླ༴ རྒྱལ་བསེན་ལག་ནས་བླ༴ ཐེའུ་རང་ལག་ནས་བླ༴ ཡུལ་འདྲེའི་ལག་ནས་བླ༴ བླ་དང་ཚེ་ནི་ཁུག་གྱུར་ན༔ བླ་གཡུ་འོད་དང་ལྡན་གྱུར་ཅིག༔ བླ་དར་བཀྲག་མདངས་ལྡན་གྱུར་ཅིག༔ མདའ་མོ་ལྟོང་དང་ལྡན་གྱུར་ཅིག༔ ནས་ནི་བྲེ་དང་ཕུལ་མང་ཞིང༔ བླ་རྡིལ་དཀར་པོ་ཕྱག་ཏུ་ཤོག༔ བླ་ཤྭ་དཀར་པོ་ཆེ་གྱུར་ཅིག༔ བླ་གཟུགས་གཉན་པོའི་མདུན་སྟོན་ཅིག༔ བླ་དང་ཚེ་ནི་མ་ཁུག་ན༔ བླ་གཡུ་འོད་དང་མི་ལྡན་ནོ༔ བླ་དར་བཀྲག་མདངས་མི་ལྡན་ནོ༔ མདའ་མོ་ལྟོང་དང་མི་ལྡན་ནོ༔ ནས་ནི་བྲེ་དང་ཕུལ་ཉུང་ཞིང༔ བདུད་རྡིལ་ནག་པོ་ལག་ན་ཤོག༔ བདུད་ཤྭ་ནག་པོ་ཆེ་གྱུར་ཅིག༔ བླ་གཟུགས་གཉན་པོའི་རྒྱབ་ཚུར་སྟོན༔ ཧཱུྃ༔ ལྷོ་ནུབ་གཏུམ་དྲག་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་མི་ཐུབ་མ༔ སེར་མོ་མགྱོགས་བྱེད་ལས་མཁན་མོ༔ ཕྱག་ན་ཞགས་པ་འབར་བ་འཛིན༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་དྲོངས་ལ༔ འབྱུང་པོའི་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་སོགས། ཧཱུྃ༔ ནུབ་བྱང་རབ་རྒྱུའི་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་རྒྱུག་མ༔ དམར་མོ་མགྱོགས་བྱེད་དྲག་རྩལ་ཅན༔ ཕྱག་ན་ལྕགས་སྒྲོག་འབར་བ་འཛིན༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་དྲོངས་ལ༔ ཐེའུ་རང་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་སོགས། ཧཱུྃ༔ བྱང་ཤར་ཧ་ཧ་དགོད་པའི་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་རྔམས་བྱེད་མ༔ ལྗང་མོ་གཏུམ་དྲག་ལས་མཁན་མོ༔ ཕྱག་ན་དྲིལ་བུ་འབར་བ་འཛིན༔ བྱང་ཤར་དབང་ལྡན་ལག་ནས་ཚེ་དྲོངས་ལ༔ ས་བདག་ཀླུ་གཉན་ལག་ནས་བླ་བསླུ་འོ༔ ལྷ་ཡི་ལག་ནས་སོགས། བླ་གཟུགས་གཉན་པོའི་རྒྱབ་ཚུར་སྟོན༔ དེ་ནས་བླ་གཟུགས་བསྐོར་ལ་མདུན་བསྟན་ན་བཟང༔ བླ་ཁུག་རྟགས་ཡིན༔ དེས་མ་ཁུག་ན་ལན་གསུམ་བསྐོར༔ བླ་གཡུ་བླ་རྡིལ་རྣམས་བསྙབ་པས་རྡིལ་དཀར་གཡུ་རྣམས་ཟིན་ན་བཟང༔ དེ་ནས་སྐྱེས་པ་མཚན་བཟང་གཅིག་གིས་ཤྭ་དཀར་པོ་བཟུང་ལ་འདི་སྐད་དོ༔ ཀྱེ༔ འབྱུང་བ་ལྔ་ཡི་ཕོ་བྲང་ནས༔ འཇའ་ཚོན་གུར་ཕུབ་ཀྱི་ལི་ལི༔ ཆོས་ཉིད་སྟོང་ལྡིང་ཡ་ལ་ལ༔ ལྷ་ཡི་རོལ་མོ་དི་རི་རི༔ ལྷན་ཅིག་སྐྱེས་པའི་ཕོ་ལྷ་བཞུགས༔ སྐུ་ལ་དར་དཀར་ན་བཟའ་གསོལ༔ ཕྱག་ན་མདའ་དར་ཚེ་ཤུག་འཛིན༔ དཀར་པོ་དགེ་བའི་སྟོངས་གྲོགས་མཛོད༔ ཁྱོད་ལྷན་ཅིག་སྐྱེས་པའི་ལྷ་ཡིན་ན༔ ལྷ་ཡང་བདུད་དུ་མ་འབེབ་ཅིག༔ ཡོན་བདག་བླ་ཚེ་ལྷས་སྐྱོབས་ཤིག༔ ཚེ་ཡི་བརྟན་ཕུར་མ་འབུད་ཅིག༔ བླ་འཁྱམས་འདྲེ་ལ་མ་ཤོར་ཅིག༔ ཉིན་མཚན་མེད་པར་ལྷས་སྐྱོབས་ཤིག༔ ཧཱུྃ༔ བླ་མ་ཡི་དམ་གཟུ་དང་དཔང༔ ཆོས་སྐྱོང་སྲུང་མ་གཟུ་དང་དཔང༔ དམ་ཅན་རྒྱ་མཚོ་གཟུ་དང་དཔང༔ ཡུལ་ལྷ་གཞི་བདག་གཟུ་དང་དཔང༔ དེ་རིང་གཟུ་དང་དཔང་མཛོད་ཅིག༔ བླ་དང་ཚེ་ནི་ཁུག་གྱུར་ན༔ བླ་ཤྭ་དཀར་པོ་ཆེ་བར་ཤོག༔ ཤྭ་དཀར་པོ་ལན་གསུམ་འགྱེད་དོ༔ ལན་གསུམ་ཕམ་ཤོར་ན་ཤིན་ཏུ་ངན༔ བླ་མ་ཡི་དམ་གཏོར་སྐུ་འཛུགས་དགོས༔ རིམ་གྲོ་ཆེ་བར་བྱེད་དགོས་སོ༔ ཤྭ་དཀར་ནག་གཉིས་རེས་མོས་བྱེད་དགོས༔ དེ་ནས་བུད་མེད་མཚན་ངན་གྱིས་ཤྭ་ནག་པོ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ མུན་ནག་འཁྲིགས་པའི་ཀློང་དཀྱིལ་ནས༔ སྲོག་བདག་ནག་པོ་ང་རོ་ཅན༔ སྐྱེ་འགྲོ་ཡོངས་ཀྱི་སྲོག་དབུགས་ལེན༔ ཁྱོད་ལྷན་ཅིག་སྐྱེས་པའི་ལྷ་བདུད་ཡིན༔ ལག་ན་ཤྭ་ནག་རྡིལ་ནག་འགྲིམ༔ བླ་དང་ཚེ་ནི་མ་ཁུག་ན༔ བདུད་ཤྭ་ནག་པོ་ཆེ་གྱུར་ཅིག༔ ཤྭ་ནག་འགྱེད་དོ༔ བླ་རྡིལ་དཀར་པོ་ཡོད་པ་དང༔ ཤྭ་དཀར་པོ་ཆེ་བ་དང༔ བླ་གཟུགས་མདུན་བསྟན་པ་དང༔ དེ་རྣམས་གལ་ཆེ་འོ༔ དེ་ནས་བླ་བདུད་ལམ་བསྟན་པ་ནི༔ ཀྱཻ༔ བླ་བདུད་ཁྱོད་ལ་ལམ་བསྟན་འཚལ༔ ཉི་མ་ཕྱོགས་མཚམས་ཕ་ཀི་ན༔ མུན་པ་ནག་པོའི་ཀློང་དཀྱིལ་ནས༔ བདུད་ཡུལ་ནག་པོ་གནས་རེ་དགའ༔ བདུད་མཁར་ནག་པོ་རྫོང་རེ་བཙན༔ བདུད་མཁར་ནག་པོའི་སྟེང་རོལ་ནས༔་་་རྫོངས་འདེབས་བྱ། མཆན། འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས༔ འདི་རུ་ཁྱོད་ནི་གནས་མ་མཆིས༔ བླ་བདུད་ཆེན་པོ་གཤེགས་སུ་གསོལ༔ ཀྱཻ༔ ད་ནི་བླ་བདུད་འགྲོ་རེ་རན༔ ངར་མི་འགྲོས་དང་ལྡེམས་སེ་ལྡེམ༔ ཡས་ཁུར་དེ་ནི་སི་ལི་ལི༔ བདུད་ལ་ངོ་ལོངས་བཙན་ལ་ཤག་ཐོབས་ཤིག༔ བླ་བདུད་ལམ་བསྟན་ཕྱོགས་བཞིར་བསྟན༔ ཕྱོགས་ཀྱི་གདོན་ཆེན་སྡེ་བཞི་ཡི༔ གླུད་ལ་ཅོ་ཞིང་ཡས་ལ་ཆོས༔ མདོས་གླུད་ལམ་བསྟན་དེ་རུ་བསྟན༔ གླུ་ལེན་བྲོ་རྡུང་ཁྲིགས་སེ་ཁྲིག༔ གཤེགས་སོ་དེ་ནི་ཤ་ར་ར༔ བདུད་སོང་དེ་ནི་སི་ལི་ལི༔ རང་རང་སོ་སོའི་གནས་སུ་གཤེགས༔ ཧཱུྃ༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་རྣམས༔ མདོས་གླུད་གཏོར་མ་འདི་བཞེས་ལ༔ བདུད་ཤྭ་ནག་པོ་དགྲ་ལ་ཐོབས༔ དགྲ་བོ་མི་ནོར་རྩིས་ལ་ཐོབས༔ བདུད་རྡིལ་ནག་པོ་དགྲ་ལ་གཏོར༔ དགྲ་བོའི་ཡུལ་དུ་རྡོ་ཆར་ཕོབ༔ ཞགས་པ་ནག་པོ་དགྲ་ལ་ཐོབས༔ དགྲ་བོ་མི་ནོར་མགུལ་ནས་ཆིངས༔ བླ་རྐུན་ཐ་མ་དགྲ་ལ་རྒྱུགས༔ དགྲ་བོ་མི་ནོར་རྡུལ་དུ་རློགས༔ ཨོཾ་སུམྦྷ་ནི་སོགས་ཀྱི་ཐུན་གྱིས་བྲབ༔ ལམ་སུམ་མདོ་འམ་ལུང་གསུམ་མདོ་ལ་བསྐྱལ་ལོ༔ ༈ ཡར་ཕྱིན་ནས་བླ་འགུགས་གྱེར་རོ༔ བླ་མཚོའི་ནང་དུ་བླ་ནས་བྲེ་གང་བླ་གཡུ་བླ་རྡིལ་མདའ་དར་བཙུགས་ལ༔ ཡང་བླ་གཟུགས་རང་ངམ་ནད་པ་ཡོན་བདག་སོགས་ཀྱིས་སྐོར༔ བླ་གཟུགས་ནད་པ་ཡོན་བདག་རང་ལ་མདུན་བསྟན་ན་བཟང༔ ནས་ཕུལ་འཇལ་བས་ཕུལ་ཁ་མཐོ་ན་བཟང༔ བླ་ཁུག་ནང་དུ་བླ་གཟུགས་བླ་གཡུ་བླ་རྡིལ་བླ་རྐང་བླ་ཤྭ་དཀར་པོ་རྣམས་བཅུགས་ལ༔ ནད་པའམ་ཡོན་བདག་ལ་གཏད་ལ༔ དེ་ནས་བླ་ཚེ་རྒྱས་གདབ་པ་ནི༔ ཧཱུྃ༔ དབུས་ནས་བཀྲ་ཤིས་ཚེ་དཔག་མེད༔ རྣམ་པར་སྣང་མཛད་ཚེ་དཔག་མེད༔ ཚེ་རྟེན་འདི་ལ་རབ་བརྟན་ནས༔ ཚེ་གཟུངས་གནས་སུ་ཐིམ་པར་མཛོད༔ ཧཱུྃ༔ ཤར་ནས་རྡོ་རྗེ་ཚེ་དཔག་མེད༔ ཚེ་རྟེན་འདི་ལ་རབ་བརྟན་ནས༔ ཚེ་གཟུངས་གནས་སུ་ཐིམ་པར་མཛོད༔ ཧཱུྃ༔ ལྷོ་ནས་རིན་ཆེན་ཚེ་དཔག་མེད༔ ཚེ་རྟེན་འདི་ལ་རབ་བརྟན་ནས༔ ཚེ་གཟུངས་གནས་སུ་ཐིམ་པར་མཛོད༔ ཧཱུྃ༔ ནུབ་ནས་སྣང་མཐའ་ཚེ་དཔག་མེད༔ ཚེ་རྟེན་འདི་ལ་རབ་བརྟན་ནས༔ ཚེ་གཟུངས་གནས་སུ་ཐིམ་པར་མཛོད༔ ཧཱུྃ༔ བྱང་ནས་དོན་གྲུབ་ཚེ་དཔག་མེད༔ ཚེ་རྟེན་འདི་ལ་རབ་བརྟན་ནས༔ ཚེ་གཟུངས་གནས་སུ་ཐིམ་པར་མཛོད༔ ཧཱུྃ༔ ནམ་མཁའི་ཁམས་ནས་ཚེ་འཛིན་མ༔ སངས་རྒྱས་ཡུམ་ཆེན་མཁའ་འགྲོ་མ༔ འཁོར་ལོ་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འཛིན་མ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལ་སྲོག་འདི་སྡོམས༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་འཛིན་མ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ རིན་ཆེན་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་འཛིན་མ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ པདྨ་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་འཛིན་མ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ རྒྱ་གྲམ་འབར་བས་རྒྱས་ཐོབས་ལ༔ ཚེ་འདི་བཅོལ་ལོ་སྲོག་འདི་སྡོམས༔ དེ་ནས་བཀྲ་ཤིས་ནི༔ ཀྱེ༔ རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག༔ རིན་ཆེན་ཚེ་ཡི་བཀྲ་ཤིས་ཤོག༔ པདྨ་ཚེ་ཡི་བཀྲ་ཤིས་ཤོག༔ ཀརྨ་ཚེ་ཡི་བཀྲ་ཤིས་ཤོག༔ ལྷ་མོ་ལྔ་ཡི་བཀྲ་ཤིས་ཤོག༔ བཀྲ་ཤིས་སྨོན་ལམ་རྒྱས་པར་ཤོག༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྐང་གཉིས་ཚེ་ཡི་བར་ཆད་མཐུད༔ འདི་ལས་ལྷག་པའི་བླ་འགུགས་ནི༔ རྟ་རྨིག་ལྕགས་ཀྱིས་བཏུམས་ནས་སུ༔ འཇིག་རྟེན་མ་ལུས་བཙལ་གྱུར་ཀྱང༔ རྙེད་པར་འགྱུར་རེ་ན་ར་ཀན༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ པདྨ་གླིང་པའི་གཏེར་མའོ།། །། ༈ འདིའི་ལུང་། གནས་མདོ་ཀར་བརྒྱུད་ཕྱོགས་ནས་རིམ་པར་བརྒྱུད་དེ། རྟོགས་ལྡན་དཀོན་མཆོག་རྒྱལ་མཚན། ཀུན་གཟིགས་མཁྱེན་བརྩེའི་དབང་པོ། དེས་སོ།། །།
ནོར་ལྷ་སྤྱིའི་སྒབ་འདྲེ་མནན་པའི་མན་ངག་ (Volume 40, Text 40)
༄༅། །ནོར་ལྷ་སྤྱིའི་སྒབ་འདྲེ་མནན་པའི་མན་ངག་བཞུགས་སོ། ། དངོས་གྲུབ་ནོར་ལྷ་སྒྲུབ་པ་ལ། །བར་ཆད་གནོད་བྱེད་མ་མནན་ན། །དངོས་གྲུབ་མི་ཐོབ་བཀྲ་མི་ཤིས། །དེ་ཡི་མནན་ཐབས་པདྨ་བདག་གིས་བསྟན། །ཕུང་འདྲེ་བསེ་རག་རི་བོང་གཟུགས། །མི་ལ་བླ་རྐུན་བྱིས་པའི་གཟུགས། །གོད་འདྲེ་གནོད་བྱེད་དོམ་གྱི་གཟུགས། །ཟ་འདྲེ་བསེན་མོ་བུད་མེད་གཟུགས། །འདི་བཞི་བསྣོལ་མར་བྲིས་ལ་སྔགས་ཀྱིས་བསྐོར། མི་ལ་ཀུ་རུ་ནན། བསེ་རག་ཤན་ཏྲི་ནན། གོད་འདྲེ་ཙནྟྲི་ནན། བསེ་མོ་རུ་ཏྲི་ནན། ཀ་ལ་ཤ་ཏྲཱུཾ་ནན། གནོད་བྱེད་སྒབ་འདྲེ་མཱ་ར་ཡ་ནན། ཅེས་སོ། །གོད་མནན་བྱེད་ན། གནོད་བྱེད་གོད་འདྲེ་མཱ་ར་ཡ་ནན། །དང་པོ་ཞག་གསུམ་བཟླས་ལ་མནན། རང་གི་ཐེམ་པའི་ཞབས་སུ་མནན་ནོ། །བསྐལ་པ་སྟོང་དུ་མི་གཏང་བར་བསམ། །ཕྱིས་ཀྱང་ཉི་མ་ཐལ་ཁ་བརྒྱ་རེ་བཟླས། །བཀྲ་ཤིས་བསོད་ནམས་དོན་གྲུབ་འཕེལ། གོད་འདྲེ་གནོད་བྱེད་ཞི་བར་འགྱུར་རོ། །འདིའང་མན་ངག་རྩ་བ་ཡིན་པས་ཟུངས་སུ་ཟུངས། བཞི་བསྒྲིལ་ཅིང་འབྱུང་པོ་འདུལ་བྱ་བ་ཡིན་པས་གནད་ཤིན་ཏུ་ཆེ་བ་ཡིན། རང་ཡི་དམ་ལྷའི་ང་རྒྱལ་གྱིས་འགུགས་གཞུག་བྱེད། ཐུན་གྱིས་བྲབ་བོ། །སྒབ་འདྲེ་མནན་པ་རྫོགས་སོ། །མི་ལ་ཀུ་རུ་མཱ་ར་ཡ་ནན། བསེ་རག་ཤནྟི་ནན། གོད་འདྲེ་ཙ་ཏྲི་ནན། བསེ་མོ་རུ་ཏྲི་ནན། ཀ་ལ་ཤན་ཏྲི་ནན། ར་ཏྲི་རུ་ཏྲི་ནན། བྱ་ཏྲི་ནན། བྱི་ཏྲི་ནན། གོད་འདྲེ་མཱ་ར་ཡ་ནན། གོད་སྲི་མཱ་ར་ཡ་ནན། དགྲ་འདྲེ་ནན། དགྲ་སྲི་ནན། ཕུང་འདྲེ་ནན། ཕུང་སྲི་ནན། བརླག་འདྲེ་ནན། བརླག་སྲི་ནན། གནོད་བྱེད་གདུག་པ་ཅན་གྱི་བདག་པོ་བདག་མོ་ཐམས་ཅད་མཱ་ར་ཡ་ནན། སྒྲུབ་པ་འདི་ལ་བར་ཆད་བྱེད་མི་སྒབ་འདྲེ་སྒབ་སྲི་གནོད་བྱེད་ཐམས་ཅད་མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། ནྲྀ་ཛ་གནོད་བྱེད་སྒབ་འདྲེ་སྒབ་སྲི་ཕོ་མོ་ཁུག་ཛ་ཛཿ པདྨ་གླིང་པའི་རྟ་མགྲིན་ནས་སོ།། ༈ མཚོན་འཁྲུག་ཕུང་སྲི་མནན་པའི་མན་ངག་གཤིན་རྗེ་གསལ་ཤིང་ནག་པོའི་རྒྱུད་ལས་བཏུས་པ་བཞུགས་སོ། །དུས་སྙིགས་མར་མཚོན་ཆའི་རིགས་བྱེད་སྔར་མ་གྲགས་པ་མང་པོ་དར། དེ་ལ་བརྟེན་ནས་མི་རྣམས་ཀྱི་རྒྱུད་འགྱུར་ནས་འཁྲུག་པ་ལ་དགའ། ཐ་མ་རང་གཞན་ཐམས་ཅད་ཕུང་ཐལ་ཆེན་པོར་འགྲོ །ལོ། ཟླ་བ། ཞག །ཟ་མ། དུས་ཚོད་ལ་སྲི་ངན་ཡང་ཡང་ལྡང་། སྟེང་ནས་ལྷ་འཁྲུག །བར་ནས་མི་འཁྲུག །འོག་ནས་ཀླུ་འཁྲུག །ཡུལ་ཐམས་ཅད་སྟོང་ལ་ཉེ་བ་འབྱུང་བའི་དུས་སུ། བྱང་ཆུབ་སེམས་དང་དམ་ཚིག་ལྡན་པ་ཡི། །སྔགས་པས་ལས་ཀྱི་སྦྱོར་ཀ་འདི། །མཚོན་འཁྲུག་ཕུང་སྲི་དར་བའི་དུས་སུ་འབད་པར་བྱ། །དེ་ཡིས་རང་གཞན་མང་པོ་བདེ་བར་འགྱུར། །ཅེས་རྒྱུད་ལས་གསུངས་སོ། །དང་པོ་མཚོན་བྱུང་གང་ནས་བྱུང་། །མཚོན་བྱུང་ལྷ་མིན་ཡུལ་དུ་བྱུང་། །ལྷ་མ་ཡིན་གྱི་རྒྱལ་པོ་དེས། །ཕུང་བའི་མཚོན་ཆ་མང་པོ་བཟོས། །བརྒྱ་བྱིན་ལྷ་དང་གཡུལ་སྤྲད་ཚེ། །གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་གྱིས། །དཔལ་ཆེན་གཤིན་རྗེ་གཤེད་ཀྱི་ཐུགས་དམ་བསྐུལ། ཁྲོ་རྒྱལ་གཉིས་ཀྱི་མཐུ་སྟོབས་ཀྱིས། །མཚོན་ཆ་བཅག་ཅིང་འཁྲུག་སྲི་མནན། །ཕུང་སྲིའི་རྒྱུན་བཅད་དེ་ནས་སྲིད། །ཅེས་སོགས་སྔོན་བྱུང་མང་པོ་གསུངས་སོ། །གདམས་པ་འདིའི་བྱ་ཐབས་ནི། རུ་སྦལ་ནག་པོ་མི་ཟན་གྱི་ལྟོ་བར་མཚོན་སྲི་ལ་ཤ་བའི་མགོ། འཁྲུག་སྲི་ལ་སྤྲེའུའི་མགོ །ཕུང་སྲི་ལ་རྔ་མོང་གི་མགོ་ཅན་གྱི་ལིངྒ་བྲི། ལིངྒའི་ཁོག་པར་དགུ་གླིང་བྲི། དགུ་གླིང་གི་དབུས་སུ་ཡཾ། ཕྱོགས་མཚམས་བརྒྱད་དུ། ཡ། ས། ཡ། ཎ། ཡ། ར། ཡ། ནི། བྲི། དེ་རྒྱབ་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་ལ། གཤིན་རྗེ་གཤེད་ཀྱི་སྔགས་་་ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་སོགས། མཆན།སྡེ་ཚན་བརྒྱད་དུ་བྲི། རྩིབས་མཆན་ལ། མཚོན་སྲི་ཙ་ཏྲི་ནི་ཛཿཧཱུྃ་བཾ་ཧོཿ དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཀཱ་ལ་རཱུ་པ་ཡ་བྷྱོ་ཛ་ཧཱུྃ་ཕཊ། ལོ་རྒྱལ་པོའི་མཚོན་སྲི་ཐམས་ཅད་ཙ་ཏྲི་ནི་ཛཿཧཱུྃ་བཾ་ཧོཿསཏྭཾ་བྷ་ཡ་ནན་ཆིངས་བྲུབས། དེ་བཞིན་དུ། ཟླ་བ་བློན་པོའི༴ ཞག་དམག་མིའི༴ དུས་ཚོད་མཚོན་ཆའི༴ སྐྱེས་པའི༴ བུད་མེད་ཀྱི༴ བྱིས་པའི༴ ཞེས་སོགས། དེ་ལྟར། འཁྲུག་སྲི་རཱ་ཛ་ཧཾ་ཤཾ་ཛཿཧཱུྃ་བཾ་ཧོཿསོགས་འགྲེ །ཕུང་སྲི་ཏྲིའུ་ཤཾ་རཱ་ཙ་ཛཿཧཱུྃ་བཾ་ཧོཿསོགས། བྲི་གཞི་ནི། གྲིར་ཤི་བའི་རོ་རས་སམ། ཕུང་རེའམ་དུག་ཤོག །བྲི་རྫས་ནི་བླ་རྟགས་ཤ་བ་སོགས་སོ་སོའི་ཁྲག་དང་། གཞན་ཡང་གྲི་ཁྲག །དུག་སྣ། རོ་སོལ། དུས་ཉི་མ་ནག་པོའི་སྲོད་ལ། བྲི་བའི་གནས་མགར་བའི་ཚང་སྒོ། གཡུལ་འཁྲུགས་པའི་གནས་དང་། ཕུང་བའི་ཤུལ་ལའོ། །གཞན་ཡང་ལིངྒ་སྤྱི་ལྟར་དུ་བྲི་རྫས་ནི། མཚོན་སྲི་ལ་མཚོན་ཆ་མང་པོའི་དྲེག་པ། བཙན་རྒོད་ནག་ཕྱོགས་གནས་པའི་བྲག་གི་རྡོ། ཤ་བའི་རྭ་རྩེ་བཅས་ལྟེ་བར་གཞུག་གོ །འཁྲུག་སྲི་ལ། གཡུལ་འཁྲུག་ཆེན་པོ་བྱུང་བའི་ས། སྤྲེའུའི་སྙིང་ཁྲག །ལྷ་ཁང་གོག་པོའི་ཡག་ཤིང་། ཕུང་སྲི་ལ་ཕུང་ཤུལ་གྱི་ས་རྡོ། རྔ་མོང་གི་སྤུ། ལམ་སྲང་བཞི་མདོ་དང་གནས་གཞི་གོག་པོའི་ས་བཅས་སོ། །སྤྱིར་མཚོན་ཆ་མང་པོ་དར་བ་ནི་ནག་ཕྱོགས་ཀྱི་བཙན་གྱི་ཆོ་འཕྲུལ་ཡིན། འཁྲུག་པ་ལངས་པ་ནི་རྒྱལ་པོའི་ཆོ་འཕྲུལ་ཡིན། ཕུང་ཐལ་དུ་འགྲོ་བ་ནི་འགོང་པོའི་ཆོ་འཕྲུལ་ཡིན་པས་དེ་རྣམས་གཟིར་མནན་ལ་འབད་དགོས་སོ། །དེ་ལ་སྔགས་པ་གཤིན་རྗེ་གཤེད་ཀྱི་ས་མཱ་དྷི་ཤིན་ཏུ་བརྟན་པོ་བསྒྲུབ། དགུག་གཞུག་མང་དུ་བྱ། མཚོན་སྲི་བཙན་ཤ་བ་དམར་པོའི་རྣམ་པ། འཁྲུག་སྲི་རྒྱལ་པོ་སྤྲེའུ་སྔོན་པོའི་རྣམ་པ། ཕུང་སྲི་འགོང་པོ་རྔ་མོང་ཐལ་སྐྱའི་རྣམ་པར་འགུགས་འདྲེན་དྲག་ཏུ་བྱ་ཞིང་བསྟིམ། རྟགས་ནི་ཐོག་འཚེད་པ། ལིངྒ་འཕར་བ། འོད་སོ་སོའི་མདོག་ཅན་འཁྲིགས་པ་བྱུང་ན་ཁུག་རྟགས་ཡིན་པས་བླངས་ནས་གཞན་གྱིས་མ་མཐོང་བར་ཤི་བལྟབ་བྱ། འདི་དུས་སྔགས་པ་ཡ་མཱནྟ་ཀའི་ང་རྒྱལ་བརྟན་པོས་འོད་ཀྱི་དྲྭ་བ་དམར་ནག་ཟངས་སྐུད་ལྕགས་སྐུད་ལྟ་བུས་འདྲེ་རྣམས་དབང་མེད་དུ་བཅིངས་པར་བསམ་ལ་ཚོན་སྐུད་སྔོ་དམར་གྱིས་བཅིང་། ཤ་བའི་ཐོད་པ་སོགས་སོ་སོའི་ནང་དུ་བྲུབ། ཕུང་རེས་དཀྲི །ཡུགས་མའི་སྐྲ་སྐུད་ཀྱིས་ཚེམ། དུག་ཤིང་གི་རྩང་དམར་པོས་གཟེར། རོ་སོལ་གྱི་ཧོམ་ནག་པོར་བཅུག །སྟེང་ནས་རི་རབ་ཀྱིས་མནན་པར་བསམ་ལ། སཱཙྪ་ནག་པོས་མནན། ཏིང་ངེ་འཛིན་གསལ་ལ་ལིངྒ་ལ་བཀོད་པའི་སྔགས་བརྒྱ་སྟོང་ཁྲི་འབུམ་རྟགས་མ་བྱུང་བར་བཟླའོ། །རྟགས་ནི་བླ་བསད་པ། མནན་པ། བཅིངས་པ་སོགས་ཉམས་དང་རྨི་ལམ་འབྱུང་ངོ་། །རྟགས་བྱུང་ནས་མཚོན་སྲི་ལ་བཙས་ཀྱི་འོག་གམ་མགར་བ་ནག་པོའི་ཁང་འོག །འཁྲུག་སྲི་འཐབ་རའམ་ལྷ་ཁང་གོག་པོའི་འོག །ཕུང་སྲི་གྲོག་པོ་ཕུག་རྡུགས་སམ་ཕུང་ཤུལ་གྱི་འདབས་སུ་མནན། གྲུབ་ན་དེའི་སྟེང་དུ་མཆོད་རྟེན་ནག་པོ་བཞེངས། མཆོད་རྟེན་གྱི་བུམ་པར་གཤིན་རྗེའི་ཕོ་བྲང་བྱ། ཁྱད་པར་གྱི་རྟེན་འབྲེལ་ནི། མཚོན་སྲི་ལ་ཡུལ་ཐ་དད་ཀྱི་མཚོན་ཆའི་རིགས་ཐམས་ཅད་བསྡུས་ལ་དུམ་བུ་མང་པོར་བཅགས་པ་ལིང་གའི་གདན་བྱའོ། །འཁྲུག་སྲི་ལ་གཡུལ་འཁྲུག་ཆེན་པོ་བྱུང་བའི་ས་རྡོ་ཆུ་ཤིང་། ཕུང་སྲི་ལ་ཕུང་ཤུལ་ཆེན་པོ་དགུའི་ས་རྡོ་ཆུ་ཤིང་ཚེ་ཟད་རྣམས་དང་ལྷན་ཅིག་ཏུ་མནན་ནོ། །གཞན་ཡང་བཙུན་པས་ཤེར་ཕྱིན་ཀློག་ཅིང་བདུད་ཟློག་བྱ། སྔགས་པས་གཏོར་མ་དང་མདོས་ཆེན་འཕང་ཞིང་ཧོམ་སྦར། མི་སྐྱ་ཕོ་མོས་དམོད་མོ་འུར། མཐར་ཐམས་ཅད་ཚོགས་དང་འབྲང་རྒྱས་ལ་རོལ་ཞིང་བཀྲ་ཤིས་དགའ་སྟོན་བྱ། སྐྱིད་པའི་གླུ་ལེན་ཞིང་བྲོ་བརྡུང་བ་སོགས་བྱའོ། །སྔོན་བལ་པོའི་ཡུལ་དུ་གནོད་སྦྱིན་ཕུང་བྱེད་ནག་པོ་འཁོར་དང་བཅས་པ་མི་ལ་ཞུགས། མཚོན་ཆའི་རིགས་མི་གཅིག་པ་སྟོང་དང་རྩ་བརྒྱད་བཟོས། ལོ་གསུམ་དུ་འཁྲུག་པ་ཟླ་དུས་སུ་ལངས། ཡུལ་ཁམས་ཐམས་ཅད་ཕུང་བ་ལ་ཐུག་པའི་ཚེ། སློབ་དཔོན་བ་སུ་དྷཱ་རས་འདི་མཛད་པས། མཚོན་ཆའི་ངར་ཆག །འཁྲུག་པ་ཆུ་བཅད་པ་བཞིན་གྱུར། ཡུལ་ཁམས་ཐམས་ཅད་བདེ་སྐྱིད་ལྷ་ཡུལ་དང་མཉམ་པར་གྱུར་ཏོ། །དེས་གནུབས་སངས་རྒྱས་རིན་པོ་ཆེ་ལ་གནང་ངོ་། །མཚོན་འཁྲུག་ཕུང་སྲི་མནན་པ་རྒྱལ་ཁམས་བདེ་བྱེད་ཀྱི་ཤོག་དྲིལ་མགུལ་ཁུག་མ་ཨི་ཐི། འདི་ལས་རྒྱས་པ་གཅིག་ཀྱང་ཡོད་དེ། སྔགས་འཆང་མགར་སྟོན་འབུམ་མེས་ཕྱག་ལེན་འདི་ལ་མཛད་གསུངས། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ལས་བྱང་ནོར་བུའི་ཕྲེང་བ་ (Volume 31, Text 40)
༄༅༔ ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་ལས་བྱང་ནོར་བུའི་ཕྲེང་བ་བཞུགས་སོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཕུར་པ་ཡང་གསང་སྤུ་གྲི་ཡི༔ ལས་བྱང་རིམ་པ་འདི་ལྟ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྔོན་དུ་འགྲོ་ལ་དགུ༔ དང་པོ་ཚོགས་གསག་སྐྱབས་སུ་འགྲོ༔ སེམས་བསྐྱེད་བགེགས་བསྐྲད་མཚམས་གཅད་ཅིང༔ བརྡ་སྒོ་དབྱེ་དང་བརྡ་ཕྱག་འཚལ༔ དམ་བཅའ་བྱིན་འབེབ་མཆོད་བྱིན་རླབས༔ བཤགས་པ་དང་ནི་བཅུ་རུ་བསྟན༔ དང་པོ་ཚོགས་གསག་སྐྱབས་འགྲོ་ནི༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད༔ ཨེ་མ་ཧོ༔ སེམས་ཅན་མ་ལུས་ཀུན་མགྲོན་གཉེར༔ བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག༔ གཉིས་པ་འཇུག་སེམས་བསྐྱེད་པ་ནི༔ ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་པའི༔ དེ་བཞིན་བླ་མེད་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་བགྱིས་ནས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བསྒྲལ་བ་རྣམས་བདག་གིས་བསྒྲལ༔ མ་གྲོལ་བ་རྣམས་གྲོལ་བར་བགྱི༔ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ལན་གསུམ༔ གསུམ་པ་བགེགས་གཏོར་བྱིན་གྱིས་བརླབས་ཏེ༔ བཀའ་བསྒོ་བ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་གིས་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་འབར་བ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ༔ ཨ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ༔ བཞི་པ་མཚམས་གཅད་པ་ནི༔ ཧཱུྃ༔ སྟེང་ཡང་ཕུར་པའི་བླ་རེ་ལ༔ ཕུར་པའི་ཐོག་ཆེན་ཆར་ལྟར་འབེབ༔ འོག་ཀྱང་ཕུར་པའི་ས་གཞི་ལ༔ ཕུར་པའི་འཕྲོ་འདུ་མེ་ལྟར་འབར༔ ཕྱོགས་མཚམས་ཕུར་པས་གཏམས་པ་ལ༔ ཕུར་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཕུར་པའི་མཚམས་ལས་མ་འདའ་ཞིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡྷ་བྷིན་དྷ་སྥོ་ཊ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ལྔ་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་དུ༔ བདག་ཅག་དད་པས་འཇུག་པར་བགྱི༔ ཚད་མེད་བཞི་ལྡན་སྒོ་མ་བཞིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ཤིག༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ༔ དྲུག་པ་བརྡ་ཕྱག་འཚལ་བ་ནི༔ ཧོ༔ ཡང་དག་གསང་བའི་ཕོ་བྲང་དུ༔ ལྷ་དང་སློབ་དཔོན་རྡོ་རྗེའི་མཆེད༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ་པྲ་ཏཱིཙྪ་ཧོ༔ བདུན་པ་དམ་བཅའ་བ་ནི༔ ཧཱུྃ༔ ལྷག་པའི་ལྷ་ཁྱོད་དགོངས་སུ་གསོལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ རྟག་ཏུ་འགྲོ་དོན་མི་སྐྱོ་ཞིང༔ བྱང་ཆུབ་སེམས་བསྐྱེད་དམ་བཅའ་འོ༔ ཨོཾ་བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ བརྒྱད་པ་བྱིན་དབབ་པ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ གཉིས་མེད་དག་པའི་མཁའ་དབྱིངས་ལས༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ དྷེ་བ་བྷ་སརྦ་ཨ་དྷིཥྛཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ དགུ་པ་མཆོད་པ་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ༔ རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཁ་ཏ་ལི་བྷྲཱུྃ་མ་ཧཱ་བ་ལིཾ་ཏ་ཨཱ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱ་ ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་ཀེཾ་ནི་རི་ཏི༔ མ་ཧཱ་པཉྩ་པུ་ཙ་ཧོ༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛཿཧོ༔ ཨོཾ་ཨཱཿཧཱུྃ༔ བཅུ་པ་བཤགས་པ་བྱ་བ་ནི༔ ཧོ༔ རྡོ་རྗེ་གཞོན་ནུ་སྲས་འཁོར་མ་ལུས་དགོངས༔ ཆོས་རྣམས་མཉམ་ཡངས་སྤྲོས་དང་ཡེ་བྲལ་ཡང༔ མ་རིག་དབང་གིས་ཐ་དད་སོ་སོར་བཟུང༔ དོན་དམ་དབྱེར་མེད་ངང་དུ་མཐོལ་ལོ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ལན་གསུམ་མོ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེག༔ གཞལ་ཡས་ལྷ་བསྐྱེད་སྤྱན་དྲངས་ཤིང༔ བཞུགས་གསོལ་ཕྱག་འཚལ་དབང་བསྐུར་ཞིང༔ གཉིས་མེད་བསྟིམ་དང་ཕྱི་ནང་མཆོད༔ སྨན་མཆོད་གཏོར་མ་རཀྟ་དང༔ སྦྱོར་སྒྲོལ་མཆོད་དང་བསྟོད་པ་བསྙེན༔ དངོས་གྲུབ་བླང་དང་བཅུ་བཞི་འོ༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཧཱུྃ༔ ཆོས་རྣམས་སྟོང་ཞིང་བདག་མེད་པ༔ རྟག་ཆད་གཉིས་མེད་དེ་བཞིན་ཉིད༔ སྟོང་པའི་ངང་ལས་འགྲོ་རྣམས་ལ༔ སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང༔་་་ཀུན་སྣང་། ཨེ༔ སྤྲོས་བྲལ་ནམ་མཁའི་ཀློང་ཡངས་སུ༔ རྒྱུའི་ཏིང་ངེ་འཛིན།་་་ཧཱུྃ་ལས་རིམ་བརྩེགས་ཡི་གེ་བདུན༔ འབྱུང་བ་རིམ་བརྩེག།་་་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཨེ་ལས་ནམ་མཁའ་ཆོས་འབྱུང་མཐིང༔ ཡཾ་ལས་རླུང་དཀྱིལ་རྒྱ་གྲམ་ལྗང༔ ར་ལས་རཀྟའི་རྒྱ་མཚོ་ཟླུམ༔ སུམ་སེར་ནག་ལས་ཤ་ཆེན་གྱི༔ ས་གཞི་དཀྱིལ་འཁོར་གྲུ་བཞི་པ༔ ཀེཾ་ལས་རུས་པའི་རི་རབ་གཞི༔ རཾ་ལས་ཡེ་ཤེས་མེ་དཔུང་ཀློང༔ བྷྲཱུྃ་ལས་འོད་ཟེར་ལྔ་འཕྲོས་པས༔ ཡེ་ཤེས་གཞལ་ཡས་ཁང་དུ་གསལ༔ ཨེ་མཎྜལ༔ ཡཾ་ཀརྨ་རཀྵ་ཧཾ༔ ར་རཀྟ་མཎྜ་ལ༔ སུཾ་ཏིག་ན་མཎྜ་ལ༔ ཀེཾ་ནི་རི་ཏི་མཎྜ་ལ༔ རཾ་ཛྭ་ལ་རཾ༔ བྷྲཱུྃ་བྷི་ཤྭ་བི་ཤུདྡྷེ་རཏྣ་མཎྜ་ལ༔ ཨེ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ གཉིས་པ་གཞལ་ཡས་ལྷ་བསྐྱེད་ནི༔ རབ་བརྗིད་དུར་ཁྲོད་གཞལ་ཡས་ཁང༔ ཕྱི་ནི་མཆོད་རྟེན་རྣམ་པ་ལ༔ གྲུ་གསུམ་མཐིང་ནག་རིན་ཆེན་འབར༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ ངོ་མཚར་ཡེ་ཤེས་མེ་འོད་གསལ༔ རྡོ་རྗེ་བྲག་གཏམས་ས་གཞི་ལ༔ ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་བསྣོལ༔ ཐབས་ཤེས་ཉི་ཟླ་པདྨའི་གདན༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ མ་སཱུརྻ་མཎྜ་ལ༔ ཨ་ཙཎྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ འོད་ཟེར་དོན་གཉིས་ཧཱུྃ་ལ་ཐིམ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ རྡོ་རྗེ་རྩེ་དགུ་ལྟེ་བར་ཧཱུྃ༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་སྐུ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ བདག་ཉིད་ཆེན་པོ་ཀཱི་ལ་ཡ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུ་བརྒྱན་ཐུགས་སྲོག་གསལ༔ དང་པོ་རྩེ་དགུ་མེ་དཔུང་འབར༔ བར་གཉིས་རྩེ་ལྔ་ཁ་ཊྭཱཾ་ག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པར་ལྡན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཡས་པ་གཙོ་འཁྱུད་ཁ་ཊྭཱཾ་བསྣམས༔ གཡོན་པ་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཟུང་འཇུག་བསྐྱེད་པ་ཡི༔ དཔལ་ཆེན་ཡབ་ཀྱི་ཐུགས་ཀ་ཡི༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་སུ༔ ཡེ་ཤེས་སེམས་དཔའ་་་ཚོན་གང་བ།སྐུ་མདོག་དཀར༔ རྡོར་དྲིལ་རིན་ཆེན་རྒྱན་ལྡན་པའི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་་་སྲན་གཤག་ཙམ།སྟེང༔ རྡོ་རྗེའི་་་ནས་འབྲས་ཙམ།ལྟེ་བར་ཧཱུྃ་་་ཡུངས་འབྲུ་ཙམ།གིས་མཚན༔ ཐ་མར་སྙིང་པོ་འབྲུ་དགུས་བསྐོར༔ སྲོག་གི་སྒོ་སྲུང་རྟ་མགྲིན་དམར༔ ཡུམ་འཁྱུད་གྲི་ཐོད་ཆས་བརྒྱད་ལྡན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བྷིག་ནཱན་བཾ་ཧཱུྃ་ཕཊ༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཆོས་འབྱུང་ཕྱི་རོལ་ཟླ་གམ་གསུམ༔ ཁམས་གསུམ་དུས་གསུམ་བསྒྲལ་བའི་ཕྱིར༔ མཐིང་ནག་བདུན་དང་ལྗང་ནག་བདུན༔ དམར་ནག་བདུན་གྱི་ཧཱུྃ་འཕྲོས་པས༔ ཁམས་གསུམ་ལུས་ངག་ཡིད་གསུམ་སྦྱངས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྲས་མཆོག་ཉེར་གཅིག་སྐུར་གྱུར་ཏེ༔ ཀུན་ཀྱང་དབུ་གསུམ་ཕྱག་དྲུག་པ༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ ཕྱག་དྲུག་གཡས་གཡོན་དང་པོ་ནི༔ རྡོ་རྗེ་རྩེ་དགུ་མེ་དཔུང་བསྣམས༔ བར་པ་རྡོ་རྗེ་་་རྩེ་ལྔ།ཁ་ཊྭཱཾ་བསྣམས༔ མཐའ་གཉིས་ཕུར་པ་འདྲིལ་ཞིང་འདེབས༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་པ༔ ཆུ་སྲིན་ཁ་ནས་མེ་འོད་འཕྲོ༔ དུག་གསུམ་དགྲ་བགེགས་སྙིང་གར་བཙུགས༔ ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ སླར་ཡང་གསང་བའི་སྦྱོར་མཚམས་ནས༔ ཕྱོགས་སྐྱོང་བཅུ་ཡི་གདན་སྟེང་དུ༔ ཧཱུྃ་ཡིག་ཟུང་བཅུ་འཕྲོས་པ་ལས༔ ཁྲོ་བཅུ་ཟ་གསོད་སྒོ་བའི་ཚོགས༔ ཧཱུྃ༔ སྟེང་དུ་ཧཱུྃ་ཀཱར་ཁྲོ་བོའི་སྐུ༔ སྔོ་སྐྱ་དཀར་དང་དམར་བའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་མདའ་གཞུ་འགེང་ཞིང་འཕེན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་ཉི་ཟླའི་གདན་ལ་བཞུགས༔ རྡོ་རྗེ་སྒྲ་འབྱིན་སྐུ་ལ་འཁྲིལ༔ གཡས་པ་བེ་ཅོན་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ གཡས་པ་ཉི་ཟླ་གཡོན་ཕུར་འདྲིལ༔ ཧཱུྃ༔ ཤར་དུ་རྣམ་རྒྱལ་ཁྲོ་བོའི་སྐུ༔ དཀར་པོ་སྔོ་དང་སེར་ལྗང་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་འཁོར་ལོ་ཏྲི་ཤུལ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་བརྒྱ་བྱིན་གདན་ལ་བཞུགས༔ རྡོ་རྗེ་སྙེམས་མ་སྐུ་ལ་འཁྲིལ༔ གཡས་པ་རལ་གྲི་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ རྡོ་རྗེ་ལྕགས་ཀྱུ་ཕུར་པ་འདྲིལ༔ ཧཱུྃ༔ ཤར་ལྷོ་དབྱུག་སྔོན་ཁྲོ་བོའི་སྐུ༔ སྔོ་སྐྱ་དཀར་དང་དམར་བའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་གཉིས་མེ་དབལ་དབྱུག་ཐོ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་མེ་ལྷའི་གདན་ལ་བཞུགས༔ རྡོ་རྗེ་སྡེར་མོ་སྐུ་ལ་འཁྲིལ༔ གཡས་པ་ལྕགས་ཀྱུ་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ དབྱུག་ཐོ་མེ་དབལ་ཕུར་པ་འདེབས༔ ཧཱུྃ༔ ལྷོ་རུ་གཤིན་རྗེ་ཁྲོ་བོའི་སྐུ༔ སྔོ་སྐྱ་ལྗང་དང་སྔོ་བའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུག༔ བར་པས་དགྲ་སཏྭ་དབྱུག་ཐོ་འཕྱར༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་གཤིན་རྗེའི་གདན་ལ་བཞུགས༔ དུར་ཁྲོད་བདག་མོ་སྐུ་ལ་འཁྲིལ༔ གཡས་པ་ཐོད་དབྱུག་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་ཤ་བ་འུག་པའི་མགོ༔ དགྲ་སཏྭ་ཞགས་པ་ཕུར་པ་འདེབས༔ ཧཱུྃ༔ ལྷོ་ནུབ་མི་གཡོ་ཁྲོ་བོའི་སྐུ༔ ལྗང་སྔོན་སྔོ་དང་སྨུག་ནག་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་རལ་གྲི་ཞགས་པ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་སྲིན་པོའི་གདན་ལ་བཞུགས༔ རྡོ་རྗེ་གཏུན་ཁུང་ཡུམ་དང་འཁྲིལ༔ གཡས་པ་ཐོ་བ་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ རལ་གྲི་ལྕགས་ཀྱུ་ཕུར་པ་འདེབས༔ ཧཱུྃ༔ ནུབ་ཏུ་རྟ་མགྲིན་ཁྲོ་བོའི་སྐུ༔ དམར་སེར་དཀར་དང་སྔོ་བའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་སྤུ་གྲི་ཞགས་པ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་ཆུ་ལྷའི་གདན་ལ་བཞུགས༔ རྡོ་རྗེ་གཏུམ་མོ་སྐུ་ལ་འཁྲིལ༔ གཡས་པ་སྤུ་གྲི་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ལྕགས་ཀྱུ་སྤུ་གྲི་ཕུར་པ་འདེབས༔ ཧཱུྃ༔ ནུབ་བྱང་འདོད་རྒྱལ་ཁྲོ་བོའི་སྐུ༔ དམར་སྐྱ་སེར་དང་ལྗང་བའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་བ་དན་རྔ་ཡབ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་རླུང་ལྷའི་གདན་ལ་བཞུགས༔ རྡོ་རྗེ་མདའ་སྙེམས་སྐུ་ལ་འཁྲིལ༔ གཡས་པ་ཐོ་བ་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ བ་དན་རྔ་ཡབ་ཕུར་པ་འདེབས༔ ཧཱུྃ༔ བྱང་དུ་བདུད་རྩི་འཁྱིལ་པ་ནི༔ ལྗང་ནག་སེར་དང་དུད་ཁའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་རྒྱ་གྲམ་དྲིལ་བུ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་གནོད་སྦྱིན་གདན་ལ་བཞུགས༔ རྡོ་རྗེ་རླུང་འབྱིན་སྐུ་ལ་འཁྲིལ༔ གཡས་པ་དགྲ་སཏྭ་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་སེང་གེ་ཕ་ཝང་མགོ༔ རྡོ་རྗེ་མེ་སྒྲོན་ཕུར་པ་འདེབས༔ ཧཱུྃ༔ བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ༔ སེར་ནག་དཀར་དང་ལྗང་ནག་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པ་གཉིས་ན་རྡོ་རྗེ་ཞགས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་དབང་ལྡན་གདན་ལ་བཞུགས༔ རྡོ་རྗེ་གསོད་བྱེད་སྐུ་ལ་འཁྲིལ༔ གཡས་པ་གྲི་གུག་གཡོན་ཐོད་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ དྲིལ་བུ་ལྕགས་ཀྱུ་ཕུར་པ་འདེབས༔ ཧཱུྃ༔ འོག་ཏུ་སྟོབས་ཆེན་ཁྲོ་བོའི་སྐུ༔ དུད་ཁ་ནག་དང་ལྗང་བའི་ཞལ༔ དང་པོས་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་པས་ཐོ་བ་ཞགས་པ་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོར་གཤོག་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ ལྕགས་ཕུར་ས་བདག་གདན་ལ་བཞུགས༔ རྡོ་རྗེ་སྐུལ་བྱེད་སྐུ་ལ་འཁྲིལ༔ གཡས་པ་རྩེ་དགུ་གཡོན་དུང་ཁྲག༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ རྡོ་རྗེ་སོག་ལེ་ཕུར་པ་འདེབས༔ དེ་ཡི་ཕྱི་རོལ་གྲུ་ཆད་བཞིར༔ བྷྱོ༔ ཤར་གྱི་དབང་ཕྱུག་མ་བདུན་ནི༔ སྨུག་ནག་གཡག་མགོ་ཐོད་རློན་ཐོགས༔ ཚངས་པ་་་དམར་སེར།སྦྲུལ་གདོང་པདྨ་ཐོགས༔ ལྷ་ཆེན་་་དཀར།གཟིག་མགོ་དྲིལ་བུ་ཐོགས༔ བརྒྱ་བྱིན་་་དཀར།ཁྱུང་མགོ་ཨིནྟྲ་གདེང༔ རྟོགས་འདོད་་་སྔོ།བྱི་ལ་འཁོར་ལོ་ཐོགས༔ གཞོན་ནུ་་་དམར།ཕ་ཝང་མདུང་ཐུང་ཐོགས༔ རྡོ་རྗེ་ཁུ་བྱུག་་་ནག།ལྕགས་ཀྱུ་འཛིན༔ ལྷོ་ཡི་དབང་ཕྱུག་མ་བདུན་ནི༔ བྷྱོ༔ རྡོ་རྗེ་་་སེར།དོམ་མགོ་ཐོད་ཁྲག་འཐུང༔ བདུད་རྩི་་་དམར།ཆུ་སྲིན་བུམ་པ་འཛིན༔ ཟླ་བ་་་དཀར།སྡིག་མགོ་པུན་ཟླ་འཛིན༔ བེ་ཅོན་་་ལྗང་ནག།ཁྲ་མགོ་དབྱུག་ཐོ་འཕྱར༔ སྲིན་མོ་་་དམར་ནག།ཝ་གདོང་དུང་ཁྲག་འཐུང༔ ཟ་བ་་་ལྗང་ནག།སྟག་མགོ་བ་སུ་འདྲེན༔ ར་མགོ་དམར་སེར་ཞགས་པ་ཐོགས༔ ནུབ་ཀྱི་དབང་ཕྱུག་མ་བདུན་ནི༔ བྷྱོ༔ དགའ་བ་བྱ་རྒོད་དར་དཀར་འཆང༔ སྟོབས་ཆེན་རྟ་མགོ་གཤོལ་མདའ་འཛིན༔ གཅིག་སྤྱོད་ཤང་ཤང་སྤུ་གྲིས་གཅོད༔ འདོད་དམར་སྤྱང་ཀི་མདའ་གཞུ་འགེང༔ ནོར་སྲུང་པུ་ཤུད་་་དཀར།བུམ་པ་འཛིན༔ རླུང་ལྷ་ཤ་མགོ་་་སྔོན་མོ།བུམ་པ་ཐོགས༔ བུམ་སྣ་སྤྲེལ་མགོ་་་སྔོ་ནག།ལྕགས་སྒྲོག་ཐོགས༔ བྱང་གི་དབང་ཕྱུག་མ་བདུན་ནི༔ བྷྱོ༔ གསོད་བྱེད་ཕག་མགོ་་་དམར་མོ།རལ་གྲི་ཐོགས༔ མེ་མོ་སྐྱིན་མགོ་་་དམར།གསལ་ཤིང་འཛིན༔ ཕག་མགོ་དམར་མོ་མཆེ་ཞགས་འཛིན༔ རྒན་བྱེད་ཀཾ་ཀ་་་དམར།ཞིང་ཆུང་འཛིན༔ སྣ་ཆེན་རྔ་མོང་ཐོད་ཁྲག་འཐུང༔ ཆུ་ལྷ་བྱ་རོག་་་སྔོན་མོ།སྦྲུལ་ཞགས་འཛིན༔ གསུས་ཆེན་སྤྱང་མགོ་་་སེར་ནག།དྲིལ་བུ་ཐོགས༔ གཡོན་པ་ཐམས་ཅད་ཕུར་པ་འདེབས༔ གཟིག་ཤམ་ཞིང་ལྤགས་གཡང་གཞི་གསོལ༔ ཞིང་ཆེན་དགྲ་བགེགས་སྟེང་ན་འགྱིང༔ དེ་ཡི་ཕྱི་རོལ་བར་ཁྱམས་ལ༔ ཕུར་པའི་སྲུང་མ་བཅུ་གཉིས་ནི༔ ཤོ་ན་མུ་ཁ་ཞེས་བྱ་བ༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ མི་མོ་ལྕགས་ཀྱི་མགོ་ཅན་ཞོན༔ སྲི་ལ་མུ་ཁ་ཞེས་བྱ་བ༔ གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ མི་མོ་གསེར་གྱི་མགོ་ཅན་ཞོན༔ སྲི་ལ་མུ་ཁ་ཞེས་བྱ་བ༔ ཟངས་ཀྱི་ཝ་མོ་རྐང་གསུམ་ལ༔ མི་མོ་ཟངས་ཀྱི་མགོ་ཅན་ཞོན༔ ཤོ་ན་མུ་ཁ་ཞེས་བྱ་བ༔ ལྕགས་ཀྱི་ཁྱི་མོ་རལ་པ་ཅན༔ མི་མོ་ལྕགས་ཀྱི་མགོ་ཅན་ཞོན༔ གཡས་རྣམས་རྡོ་རྗེ་ཐོད་ཕྲེང་འདྲེན༔ གཡོན་རྣམས་རིན་ཆེན་ཕུར་པ་འདྲིལ༔ དཔལ་ལྡན་ནག་མོ་རེ་མ་ཏི༔ མི་ལྤགས་རློན་པ་སྐུ་ལ་གསོལ༔ ཕྱག་ན་སྤུ་གྲི་རྣོན་པོ་ཐོགས༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ དཔལ་ལྡན་ལྷ་མོ་རེ་མ་ཛི༔ དམར་ནག་བཙོས་དམར་ལ་འུ་གསོལ༔ ཁྲག་སྐམ་ལྕགས་ཀྱུ་ཕྱག་ན་བསྣམས༔ ཆུ་གླང་སྔོན་པོ་ཆིབས་སུ་འཆིབ༔ དཔལ་ལྡན་ལྷ་མོ་རེ་མ་ཛ༔ སེར་ནག་རྨ་བྱའི་ཐུལ་པ་གསོལ༔ གསེར་གྱི་ཟོར་བ་ཕྱག་ན་བསྣམས༔ ཆིབས་སུ་ཤ་བ་ཡུ་མོ་འཆིབ༔ དཔལ་ལྡན་ནག་མོ་རེ་མ་ཛུ༔ ལྗང་ནག་ཆུ་དར་སྐུ་ལ་གསོལ༔ མཐིང་ནག་ཁྲམ་བམ་ཕྱག་ན་བསྣམས༔ ཆིབས་སུ་རྔ་མོང་སྔོ་ནག་འཆིབ༔ རྡོ་རྗེ་ཡ་བྱིན་མཐུ་མོ་ཆེ༔ མཐིང་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་ན་བདུད་ཞགས་ལྕགས་ཀྱུ་བསྣམས༔ བདུད་རྟ་ནག་པོ་ཆིབས་སུ་འཆིབ༔ རྡོ་རྗེ་དེ་བྱིན་རྩལ་མོ་ཆེ༔ སྐུ་མདོག་སེར་ནག་འབར་བ་ལ༔ གསེར་ཞགས་སྐྱེར་ཕུར་ཕྱག་ན་བསྣམས༔ ཆིབས་སུ་གཟའ་རྟ་སེར་པོ་འཆིབ༔ རྡོ་རྗེ་བསེ་བྱིན་འཕྲུལ་མོ་ཆེ༔ ནག་པོ་བེར་སྨུག་སྐུ་ལ་གསོལ༔ བཙན་ཞགས་སེང་ལྡེང་ཕུར་པ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་འཆིབ༔ རྡོ་རྗེ་ཕག་བྱིན་མཐུ་མོ་ཆེ༔ སྔོ་ནག་བེར་ནག་སྐུ་ལ་གསོལ༔ གཡུ་ཞགས་མཆོག་ཕུར་ཕྱག་ན་བསྣམས༔ ཆུ་རྟ་སྔོན་པོ་ཆིབས་སུ་འཆིབ༔ དཀྱིལ་འཁོར་ཕྱོགས་བཞི་སྒོ་བཞི་རུ༔ ཤར་སྒོར་སྟག་གདོང་ལྕགས་ཀྱུ་འཛིན༔ ལྷོར་སྒོར་ཕག་གདོང་ཞགས་པ་འཛིན༔ ནུབ་སྒོར་སེང་གདོང་ལྕགས་སྒྲོག་མ༔ བྱང་ཤར་སྤྱང་གདོང་དྲིལ་བུ་འཁྲོལ༔ ཀུན་ཀྱང་གཟིག་ཤམ་ཞིང་ལྤགས་གསོལ༔ དགྲ་བགེགས་སྟེང་དུ་འགྱིང་བར་བསྐྱེད༔ ཕྱི་རོལ་འཁོར་ཡུག་ལྕགས་རི་ལ༔ བཀའ་ཉན་དམ་ཅན་སྡེ་གསུམ་དང༔ མ་བདུན་སྲིང་བཞི་ལ་སོགས་དང༔ བཀའ་སྡོད་དམ་ཅན་མ་ལུས་བསྐྱེད༔ བཞི་པ་སྤྱན་དྲང་བ་ལ་སྙན་གསན་དང་སྤྱན་དྲང་བ་གཉིས་ལས༔ དང་པོ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་སྒྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་བཛྲ་ས་མན་ཛ༔ གཉིས་པ་སྤྱན་དྲང་བ་དངོས་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ སྐྱེ་བའི་ཆོ་འཕྲུལ་སྐུར་སྟོན་པ༔ དཔལ་ལྡན་ཡབ་ཡུམ་སྤྱན་འདྲེན་གཤེགས༔ སྲིད་གསུམ་གདུག་པ་མ་ལུས་བསྒྲལ་བའི་ཕྱིར༔ སྲས་མཆོག་ཁྲོ་བོའི་ཚོགས་རྣམས་སྤྱན་འདྲེན་གཤེགས༔ ཕྱོགས་བཅུ་དྲེགས་པ་ཐམས་ཅད་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྤྱན་འདྲེན་གཤེགས༔ དབང་ཕྱུག་མཁའ་འགྲོ་སྲུང་མ་དམ་ཅན་རྣམས༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་སྤྱན་འདྲེན་གཤེགས༔ སྲིད་པའི་ཕུར་པ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཏིང་འཛིན་དཀྱིལ་འཁོར་འདི་ལ་དབྱེར་མེད་དགོངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨེ་ཧྱེ་ཧི་བྷ་ག་ཝཱན༔ ས་མ་ཡ་ཛ་ཛ༔ ལྔ་པ་བཞུགས་སུ་གསོལ་བ་ནི༔ སྣང་སྲིད་ཡོངས་སྒྲོལ་དཀྱིལ་འཁོར་འདིར༔ དྲེགས་པ་ཉི་ཟླ་པདྨའི་གདན༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་ཕྱག་འཚལ་བ་ནི༔ ཧོ༔ སྲིད་གསུམ་གདུག་པ་འདུལ་བ་དང༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛཿཧོ༔ བདུན་པ་དབང་ཞུ་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་བྱིན་རླབས་བདག་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ༔་་་དཀར་དམར་མཐིང་གསུམ། ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔་་་རིགས་ལྔས་དབུ་བརྒྱན་པར་བསམ། བརྒྱད་པ་གཉིས་མེད་བསྟིམ་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་པའི༔ བདག་དང་དབྱེར་མེད་ཐིམ་གྱུར་ལ༔་་་མདུན་གྱི་ཡེ་ཤེས་པ་བདག་བསྐྱེད་ལ་བསྟིམ། རབ་ཏུ་དགྱེས་ཤིང་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ དགུ་པ་ཕྱི་ནང་མཆོད་པ་ནི༔ ཧཱུྃ༔ དཔལ་ཆེན་ཡོངས་རྫོགས་ལྷ་ཚོགས་ལ༔ ཕྱི་མཆོད་ལྔ་དང་ནང་མཆོད་ལྔ༔ ཕྱི་ནང་དབང་པོ་དགྱེས་ཕྱིར་འབུལ༔ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ༔ ཤབྡ་མ་ཧཱ་པཉྩ་པཱུ་ཙ་ཧོ༔ བཅུ་པ་སྨན་མཆོད་བྱ་བ་ནི༔ ཧོ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རྩ་བ་འབུམ་ཕྲག་ཡངས་པའི་བཅུད༔ ར་སཱ་ཡཱ་ན་ལ་སོགས་པའི༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་བསྒྲུབས་པའི་རྫས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བའི༔ དུག་ལྔ་སེལ་བའི་སྨན་གྱི་མཆོག༔ དཔའ་བོའི་རོ་དང་མཉམ་སྦྱར་བ༔ རྒྱལ་བའི་དཀྱིལ་འཁོར་ཡོངས་ལ་འབུལ༔ བླ་མེད་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ བདུད་འདུལ་འཇིགས་བྱེད་ཁྲོ་བོ་ཡབ་ཡུམ་བཅུར༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཟླ་གམ་དབང་ཆེན་ཨེ་ཡི་གདན་སྟེང་དུ༔ གདུག་པའི་ཚོགས་སྒྲོལ་སྲས་མཆོག་ཕུར་པ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁཱ་ཧི༔ གཞལ་ཡས་ཆེན་པོའི་གྲུ་ཆད་བཞི་རྣམས་ལ༔ དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ དཀྱིལ་འཁོར་ཕྱོགས་ཀྱི་བར་ཁྱམས་གཞལ་ཡས་སུ༔ བཀའ་ཡི་སྐྱོང་མ་ཕུར་སྲུང་བཅུ་གཉིས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ གཞལ་ཡས་སྒོ་མ་བཞི་ཡི་ཞལ་དུ་ཡང༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ བསེ་ལྕགས་དུང་སོགས་གིང་ཆེན་བཞི་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ མ་བདུན་སྲིང་བཞི་འབར་མའི་ཞལ་དུ་ཡང༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཨོཾ་ཨཱཿཧཱུྃ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ བཅུ་གཉིས་པ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ ཆོས་ཉིད་སྐྱེ་བ་མེད་ཀློང་ནས༔ འདོད་ཡོན་རྣམ་ལྔས་རབ་ཏུ་སྤྲས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བ་ལིཾ་ཏ་ཁཱ་ཧི༔ ཉོན་མོངས་རྩ་བ་འཁོར་བའི་ཁྲག༔ ཁམས་གསུམ་འཁོར་བ་སྟོངས་བྱའི་ཕྱིར༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ བཅུ་གཉིས་པ་སྦྱོར་སྒྲོལ་མཆོད་པ་ནི༔ གཏི་མུག་ཤ་ཆེན་ཕུངས་སེ་ཕུང༔ འདོད་ཆགས་ཁྲག་ཆེན་མེ་རེ་རེ༔ ཞེ་སྡང་རུས་གྲམ་ཉི་ལི་ལི༔ དཔལ་ཆེན་ཁྲོ་བོའི་ཚོགས་ལ་འབུལ༔ མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ༔ ཁ་ཏཾ་ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་ཡཀྵ་ཀྲོ་ཏ་ཁཱ་ཧི༔ ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཅུ་གསུམ་པ་བསྟོད་པས་བསྙེན་པ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཤེས་རབ་གསལ་བའི་དོན༔ འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་བསྟོད༔ ས་བཅུའི་མངའ་བདག་ཞིང་བཅུ་ཚར་གཅོད་པ༔ ཁྲོ་རྒྱལ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད༔ ཕ་རོལ་ཕྱིན་བཅུའི་རང་བཞིན་ཤེས་རབ་དཔལ༔ ཁྲོ་མོ་ཆེན་མོ་བཅུ་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་ཉི་ཤུ་གནས་སུ་སྒྲོལ་མཛད་པ༔ ཁྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་ཐམས་ཅད་སྒྲོལ༔ སྲས་མཆོག་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་བར་ཆད་བསྲུང་བའི་ལས་ལ་བརྩོན༔ དྲག་མོ་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྤྱན་སྔར་དམ་བཅས་དབང་མོ་ཆེ༔ ཕུར་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཅུ་བཞི་པ་བསྙེན་ཅིང་དངོས་གྲུབ་བླང་བ་ནི༔ གཞུང་གི་དམིགས་པ་གསལ་གདབ་ཅིང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིགྷ་ནཱན་བཾ་ཧཱུྃ་ཕཊ༔ ཅེས་དངོས་གྲུབ་ཐོབ་པར་བསམ༔ ཛ་ཧཱུྃ་ཨཱ༔ བདུན་འབུམ་ཉི་ཁྲི་རྟགས་དང་སྦྱར༔ དངོས་གྲུབ་བླང་བ་ནི༔ དཔལ་ཆེན་ལྷ་ཚོགས་དགོངས་སུ་གསོལ༔ འདིར་བཞུགས་བདག་ཅག་འཁོར་བཅས་རྣམས༔ སྨིན་གྲོལ་གཉིས་ཀྱི་རྒྱུད་སྦྱངས་ཏེ༔ བསྐྱེད་རྫོགས་ཟུང་འཇུག་འདི་བཟུང་ནས༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ དངོས་གྲུབ་ད་ལྟ་མི་སྩོལ་ན༔ རྒྱལ་བ་ཐུགས་རྗེ་མི་ཆུང་ངམ༔ སྒྲུབ་པའི་ཞག་གྲངས་ཐེམས་ལགས་སོ༔ གཏོར་ཚོགས་འབྱོར་པས་བསྐངས་ལགས་སོ༔ ཐུགས་རྗེ་བརྩེ་བས་རབ་དགོངས་ནས༔ ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླང་ངོ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ ཚོགས་དང་ལྷག་མ་བསྐུལ་དང་ནི༔ བཟློག་གཞུང་གྱེར་དང་སྒོ་དབྱེ་བྱ༔ ཆད་མདོ་ཟོར་འཕང་བརྟན་སྐྱོང་མནན༔ ཚེ་འགུགས་བསྡུ་ཆོག་སྨོན་ལམ་བཏབ༔ བཀྲ་ཤིས་དང་ནི་བཅུ་གཉིས་སོ༔ དང་པོར་ཚོགས་བྱང་ནི༔ སྭ་བྷཱ་ཝས་སྟོང་པར་སྦྱངས༔ བྷྲཱུྃ་གྱིས་སྣོད་གཞལ་ཡས་ཁང་དུ་བསྐྱེད༔ རཾ་ཡཾ་ཁཾ༔ ཉེས་སྐྱོན་ཐམས་ཅད་བསྲེགས་སྦྱངས་བཀྲུས༔ ཨོཾ་ཨཱཿཧཱུྃ༔ འདོད་ཡོན་བདུད་རྩིར་བྱིན་གྱིས་བརླབས༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཕཊ༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་ལ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ བླ་མ་ཡི་དམ་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་གུ་རུ་དེ་ཝཱ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ སྐབས་འདིར་སྐང་གསོའི་རིམ་པ་གཞན་ཡང་བྱ༔ ཚོགས་ཕུད་གསུམ་ལས་དང་པོ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་ཕུར་པའི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ན་ཆད་པ་གཅོད༔ བདག་ཅག་མ་རིག་སྒོ་གསུམ་བག་མེད་པས༔ འདོད་འཁྲུལ་གཏི་མུག་དབང་གིས་ནོངས་བྱས་བཤགས༔ ཚོགས་ཀྱིས་མཆོད་དོ་ཚངས་དབང་དངོས་གྲུབ་སྩོལ༔ ས་མ་ཡ་ཧོ༔ ཐ་མ་ལིངྒ་བཅས་ཏེ༔ གསལ་བ་གསུམ་དང་ལྡན་པས༔ ལིངྒ་ལ་འགུགས་འདྲེན་བྱས༔ ཧཱུྃ་ཛ༔ དམ་ཚིག་ཆེན་པོའི་་་དཔལ་ཆེན་ཡབ་ཡུམ།དུས་ལ་བབ༔ སྤྲུལ་པ་ཆེན་པོའི་་་སྲས་མཆོག།དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་་་ཁྲོ་བཅུ་ཁྲ་ཐབས།དུས་ལ་བབ༔ ཤྭ་ན་མུ་ཁའི་་་མཆེད་བཞི།དུས་ལ་བབ༔ བདག་ཉིད་ཆེན་མོའི་་་རེ་མ་ཏི་མཆེད་བཞི།དུས་ལ་བབ༔ ས་བདག་ཆེན་མོའི་་་བསེ་མོ་མཆེད་བཞི།དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གཅིག་གིས་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིགས་ནས་ཀྱང༔ དངོས་གྲུབ་བར་དུ་གཅོད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་ཏེ་བསྒྲལ་བར་བྱ༔ བཅོལ་པའི་ཕྲིན་ལས་མྱུར་དུ་མཛོད༔ ཅེས་བསྒྲལ་ཏེ་བསྟབ་པ་བྱ་བ་ནི༔ ཧཱུྃ༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ དགྲ་བགེགས་བསྒྲལ་པའི་ལྔ་ཕུང་འདི༔ དཔལ་ཆེན་ཡབ་ཡུམ་ཞལ་དུ་བསྟབ༔ སྲས་མཆོག་ཕུར་པའི་ཞལ་དུ་བསྟབ༔ ཁྲོ་རྒྱལ་ཡབ་ཡུམ་ཞལ་དུ་བསྟབ༔ ཟ་གསོད་སྒོ་མའི་ཞལ་དུ་བསྟབ༔ མཁའ་འགྲོ་གིང་ཚོགས་ཞལ་དུ་བསྟབ༔ རྡུལ་ཕྲན་ཙམ་ཡང་མེད་པར་མཛོད༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལིང་རོ་གཏོར་མར་འབུལ་ལོ༔ དེ་རྗེས་དམར་སྦྲེང༔ བདུད་རྩི་བྲན༔ འཐོར་ཕུད་ཀྱི་རིམ་པ་ཡང་འདི་ནས་བྱའོ༔ དེ་ནས་སློབ་བུས་ཚོགས་བཏེགས་ལ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ སོགས་བྱའོ༔ བླ་མས༔ རིན་ཐང་མེད་ལ་ལེགས་འོངས་ཆོས༔ སོགས་ཀྱིས་བླང༔ དེ་ནས་དཔལ་ཆེན་ལྷ་ཚོགས་སུ་གསལ་བས་ཚོགས་ལ་རོལ༔ ཚོགས་ཀྱི་འཁོར་ལོ་ཕུལ་བའི་བསོད་ནམས་ཀྱིས༔ མི་ཟད་གཏེར་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་སྣང་བ་རང་གསལ་ནས༔ ཀ་དག་ཆེན་པོའི་ས་ཐོབ་ཤོག༔ གཉིས་པ་ལྷག་མ་བསྡུས་ལ་ཁ་ཆུས་བྲན་ལ་འདི་སྐད་དོ༔ ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་པ༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ལྷག་མའི་མཆོད་པ་འདི་བཞེས་ལ༔ བསྟན་པ་གཉན་པོ་བསྲུང་དུ་གསོལ༔ བུདྡྷ་ཌཱ་ཀི་ནཱི༔ བཛྲ་ཌཱ་ཀི་ནཱི༔ རཏྣ་ཌཱ་ཀི་ནཱི༔ པདྨ་ཌཱ་ཀི་ནཱི༔ ཀརྨ་ཌཱ་ཀི་ནཱི༔ སརྦ་ཌཱ་ཀི་ནཱི༔ ཁ་ཁ་ཁཱ་ཧི༔ གིང་ཀ་ར་པཉྩ་ཨ་མྲྀཏ་བ་ལིངྟ་རཀྟ་ཁཱ་ཧི༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཨེ་ཡི་དཀྱིལ་འཁོར་གནས་པ་ཡི༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་ཕུར་པའི་ཚོགས་དང་བཅས༔ འཁོར་འདས་དཔལ་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲོ་རྒྱལ་རྣམ་རྒྱལ་ཡབ་ཡུམ་དང༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ དྲི་ཟའི་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་དབྱུག་སྔོན་ཡབ་ཡུམ་དང༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ མེ་ལྷའི་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་གཤིན་རྗེ་ཡབ་ཡུམ་དང༔ ཕྲ་མེན་ཤ་བ་འུག་པའི་མགོ༔ གཤིན་རྗེའི་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་མི་གཡོ་ཡབ་ཡུམ་དང༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ སྲིན་པོའི་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་དང༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ཆུ་ལྷའི་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་འདོད་རྒྱལ་ཡབ་ཡུམ་དང༔ ཕྲ་མེན་སྤྱང་མོ་ཁྲ་ཡི་མགོ༔ རླུང་ལྷའི་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་ཡབ་ཡུམ་དང༔ ཕྲ་མེན་སེང་གེ་ཕ་ཝང་མགོ༔ གནོད་སྦྱིན་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཡབ་ཡུམ་དང༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ དབང་ལྡན་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་ཆེན་ཧཱུྃ་ཀཱར་ཡབ་ཡུམ་དང༔ ཕྲ་མེན་ཕག་དང་རྨིགས་བུའི་མགོ༔ ཉི་ཟླ་གཟའ་སྐར་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ཧཱུྃ༔ ཁྲོ་རྒྱལ་སྟོབས་ཆེན་ཡབ་ཡུམ་དང༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ས་བདག་ཚོགས་ལ་དབང་སྒྱུར་ཞིང༔ ཐུགས་དམ་རྒྱུད་བསྐུལ༴ ལྕགས་ཀྱུ་མ་ཡིས་དགྲ་བགེགས་ཁུག༔ ཞགས་པ་མ་ཡིས་དགྲ་བགེགས་ཆིངས༔ ལྕགས་སྒྲོག་མ་ཡིས་དབང་དུ་སྡུས༔ དྲིལ་བུ་མ་ཡིས་གནས་སྤོར་ལ༔ ཐུགས་དམ་རྒྱུད་བསྐུལ༴ དབང་ཕྱུག་ཆེན་པོ་ཉེར་བརྒྱད་རྣམས༔ མྱང་འདས་ཆོས་ཀྱི་སྐུར་བཞུགས་ཀྱང༔ འཇིག་རྟེན་ཆ་ལུགས་ཅིར་ཡང་སྟོན༔ སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དཔལ་གྱི་སྲུང་མ་བཅུ་གཉིས་དང༔ མ་བདུན་སྲིང་བཞི་གིང་ལངྐ༔ དམ་ཅན་སྲུང་མའི་ཚོགས་བཅས་རྣམས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་སོ༔ རྒྱས་པར་ལྷག་མཆོད་དང་དགོས་བསྐུལ་ན་ཡོད་དོ༔ འདིའི་དབང་བསྐུར་བ༔ འདིའི་སྦྱིན་སྲེག༔ ཕྲིན་ལས་བཞིའི་ལས་གང་ཡང་བྱ་ཞིང༔ བཟློག་གཞུང་བྱེད་ན༔ ལིངྒ་བཅའ་བ༔ སྙན་གསན༔ གཟུ་དཔང༔ བླ་སྲོག་འགུགས་པ༔ ལྷ་དབྱེ༔ མི་འཆོར་བྱད་དུ་འཇུག་པ༔ ཆོས་བཤད༔ བཟློག་གཞུང་བྱེད་པ༔ ཚེ་ལུང་ཁྲུས་ལུང༔ ཐུན་གདབ༔ བླ་སྲོག་ཕྲལ་བ༔ ལིངྒ་བཤའ་བ༔ ཞལ་དུ་བསྟབ་པ༔ གནས་སྤར་བ༔ ལུང་བསྟན་པ༔ སྨོན་ལམ་དང༔ བསྔོ་བ་སྟེ༔ བཅུ་བདུན་གྱིས་སྒྲོལ་ལས་མདོར་བསྟན་དུ་བྱེད་དོ༔ བཟློག་གཞུང་བསྡུས་པ་འདི་ལྟར་དུ་བྱའོ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རིགས་ཀྱི་ཁྲོ་རྒྱལ་ཐམས་ཅད་དབང་སྡུས་ལ༔ གཞན་སྤྲུལ་ཁྲོ་བོའི་དམག་ཚོགས་ཐམས་ཅད་ཟློག༔ ཞལ་གསུམ་དུག་གསུམ་སྐུ་གསུང་ཐུགས་སུ་ཟློག༔ ཞལ་གཡས་དཀར་པོས་ཕོ་རྒྱུད་གནོད་བྱེད་ཟློག༔ ཞལ་གཡོན་དམར་པོས་མོ་རྒྱུད་གནོད་པ་ཟློག༔ ཞལ་དབུས་མཐིང་ཁས་གཉིས་འཛིན་དགྲ་བགེགས་ཟློག༔ ཉོན་མོངས་དུག་གསུམ་བར་ཆད་དབྱིངས་སུ་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ཡིས༔ སྲིད་གསུམ་གདུག་པའི་དགྲ་བགེགས་ཐམས་ཅད་ཟློག༔ ཞལ་གྱི་མཆེ་བ་དཀར་པོ་གཙིགས་པ་ཡིས༔ ཤ་ཟ་འབྱུང་པོ་ཐམས་ཅད་བསྒྲལ་དུ་གསོལ༔ ཐོད་སྐམ་རིགས་ལྔའི་དབུ་རྒྱན་དབུ་ལ་རྫོགས༔ ཁྲག་འཐུང་ཕོ་ཉ་གནོད་བྱེད་ཐམས་ཅད་ཟློག༔ སྤྱན་གསུམ་སྡང་མིག་གྱེན་ཐུར་གཡོ་བ་ཡིས༔ སྟེང་འོག་བར་གསུམ་གདོན་བགེགས་ཐམས་ཅད་ཟློག༔ ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ་ཡིས༔ ས་དགུའི་རྟོག་ཚོགས་བར་ཆད་ཐམས་ཅད་ཟློག༔ གཉིས་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ཡིས༔ ཉོན་མོངས་དུག་ལྔའི་བར་ཆད་ཐམས་ཅད་ཟློག༔ གཡོན་གྱི་དང་པོའི་ཡེ་ཤེས་མེ་དཔུང་གིས༔ མཚན་འཛིན་འཁོར་བའི་དགྲ་བགེགས་བསྲེགས་ཤིང་ཟློག༔ ཐ་མ་གཉིས་ན་རི་རབ་ཕུར་པ་ཡིས༔ ས་ལམ་བར་ཆོད་དགྲ་བགེགས་བཟློག་ཅིང་སྒྲོལ༔ ཞིང་ཆེན་གཡང་གཞིའི་སྟོད་གཡོགས་བྱས་པ་ཡིས༔ ཕྲག་དོག་ལས་བྱུང་དགྲ་བགེགས་ཐམས་ཅད་ཟློག༔ གླང་ཆེན་ཀོ་རློན་གཏི་མུག་དགྲ་བགེགས་ཟློག༔ ཐོད་པའི་ཕྲེང་བས་སེམས་བྱུང་རྟོག་ཚོགས་ཟློག༔ ཕྱག་ཞབས་སྦྲུལ་གྱི་ཆུན་པོས་བརྒྱན་པ་ཡིས༔ འོག་ཕྱོགས་ཀླུ་ཡི་གདོན་རྣམས་ཐམས་ཅད་ཟློག༔ ཐོད་པ་སྐམ་པོས་དབུ་རྒྱན་བྱས་པ་ཡིས༔ སྟེང་ཕྱོགས་ལྷ་ཡི་གདོན་རྣམས་ཐམས་ཅད་ཟློག༔ སྟག་གི་པགས་པས་ཤམ་ཐབས་བྱས་པ་ཡིས༔ ང་རྒྱལ་དྲེགས་པའི་གདོན་ཚོགས་ཐམས་ཅད་ཟློག༔ ཐལ་ཆེན་ཚོམ་བུ་ཞག་གི་ཟོ་རིས་ཀྱིས༔ འཁོར་བའི་བཅུད་གསོལ་སྐྱེ་ཤིའི་སྡུག་བསྔལ་ཟློག༔ ཞབས་གཉིས་ཐབས་དང་ཤེས་རབ་བརྐྱང་བསྐུམ་གྱིས༔ ཉོན་མོངས་བདུད་བཞི་མ་ལུས་ཐམས་ཅད་ཟློག༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མས༔ མོ་རྒྱུད་གདོན་བགེགས་ཐམས་ཅད་ཟློག་ཏུ་གསོལ༔ སྤྲུལ་པའི་སྲས་མཆོག་ཉི་ཤུ་རྩ་གཅིག་གིས༔ ལུས་ངག་ཡིད་གསུམ་བར་ཆད་ཐམས་ཅད་ཟློག༔ ཁྲོ་ཆེན་ཧཱུྃ་ཆེན་ཡབ་ཡུམ་སྤྲུལ་པ་ཡིས༔ ཚངས་པ་ཉི་ཟླའི་གདོན་ཚོགས་དགྲ་ལ་ཟློག༔ ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་སྤྲུལ་པ་ཡིས༔ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་དགྲ་ལ་ཟློག༔ ཁྲོ་ཆེན་དབྱུག་སྔོན་ཡབ་ཡུམ་སྤྲུལ་པ་ཡིས༔ ཤར་ལྷོ་མེ་ལྷའི་གདོན་ཚོགས་དགྲ༴ ཁྲོ་ཆེན་གཤིན་རྗེ་ཡབ་ཡུམ་སྤྲུལ་པ་ཡིས༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་དགྲ༴ ཁྲོ་ཆེན་མི་གཡོ་ཡབ་ཡུམ་སྤྲུལ་པ་ཡིས༔ ལྷོ་ནུབ་སྲིན་པོའི་གདོན་ཚོགས་དགྲ༴ ཁྲོ་ཆེན་རྟ་མགྲིན་ཡབ་ཡུམ་སྤྲུལ་པ་ཡིས༔ ནུབ་ཕྱོགས་ཀླུ་དབང་གདོན་ཚོགས་དགྲ༴ ཁྲོ་ཆེན་འདོད་རྒྱལ་ཡབ་ཡུམ་སྤྲུལ་པ་ཡིས༔ ནུབ་བྱང་རླུང་ལྷའི་གདོན་ཚོགས་དགྲ༴ ཁྲོ་ཆེན་བདུད་རྩི་ཡབ་ཡུམ་སྤྲུལ་པ་ཡིས༔ བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་དགྲ༴ ཁྲོ་ཆེན་ཁམས་གསུམ་ཡབ་ཡུམ་སྤྲུལ་པ་ཡིས༔ བྱང་ཤར་དབང་ལྡན་གདོན་ཚོགས་དགྲ༴ ཁྲོ་ཆེན་སྟོབས་ཆེན་ཡབ་ཡུམ་སྤྲུལ་པ་ཡིས༔ འོག་ཕྱོགས་ས་བདག་གདོན་ཚོགས་དགྲ༴ དབང་ཕྱུག་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས༔ ལྷ་ཆེན་ཉེར་བརྒྱད་གདུག་རྩུབ་དགྲ༴ བརྟན་མ་སྐྱོང་མ་ཕུར་སྲུང་བཅུ་གཉིས་ཀྱིས༔ ནད་ཁ་རིམས་ཁ་ཐམས་ཅད་དགྲ་ལ༴ ཡེ་ཤེས་སྒོ་མ་བཞི་ཡི་ལྷ་ཚོགས་ཀྱིས༔ ཕྱག་རྒྱ་བཞི་ཡིས་དགྲ་བགེགས་སྒྲོལ་ཞིང་ཟློག༔ ཡས་ཀྱི་བདུད་དུ་གཡོས་པ་ཟློག༔ མས་ཀྱི་སྲི་རུ་ལངས་པ་ཟློག༔ ཉེ་བའི་བྱོལ་པོ་ཐམས་ཅད༴ མ་མོའི་ཁྲག་ཟོར་འཕེན་པ༴ བདུད་ཀྱི་སྤྲུལ་པའི་འགྲིམ་ཆགས༴ ཕ་ཚན་ནང་གི་རྒྱབ་འདྲེ༴ གཤིན་རྗེའི་འཁོར་ལོ་བསྐོར་བ༴ བདུད་ཀྱིས་ཁྲམ་ལ་འདེབས་པ༴ བཙན་གྱི་རྒྱན་ཁ་ཐམས་ཅད༴ ས་བདག་ཀླུ་ཡིས་གདུག་བྱེད༴ རྒྱལ་པོའི་སྨྱོ་འདྲེ་ཐམས་ཅད༴ གཟའ་ཡིས་ཀིང་ཀང་འཕེན་པ༴ མུ་སྟེགས་ངན་སྔགས་དམོད་མོ༴ ཐེའུ་བྲང་སྲིས་ལ་རྐུ་བ༴ ནད་ཁ་རིམས་ཁ་སླར་ཕྱིར་ཟློག༔ ཕུར་པའི་དབལ་ཁ་ཐམས་ཅད༴ ཆོས་པའི་ཆོས་ཟོར་འཕེན་པ༴ བོན་པོའི་བོན་ཟོར་འཕེན་པ༴ སུམ་པའི་གླང་ཟོར་འཕེན་པ༴ མི་ཉག་པ་ཡི་བོ་ལོ༴ ལོ་ཀེག་ཟླ་ཀེག་ཞག་ཀེག༴ མོ་ངན་རྨི་ལྟས་ངན་པ༴ ཕོ་བརྒྱས་མདའ་ལྟར་གསོར་བ༴ མོ་བརྒྱས་དུག་གཡོས་བྷྱོ་ཞིང་ཟློག༔ དགྲ་ལ་བྷྱོ་ཞིང་བསྒྲལ་དུ་གསོལ༔ མི་ནག་སྐྱེ་བོའི་ཡ་ག༴ བྲན་ཁོལ་ངན་པའི་དམོད་མཆུ༴ དགྲ་ལ་བྷྱོ་ཞིང་བསྒྲལ་དུ་གསོལ༔ བགེགས་ལ་བྷྱོ་ལས་རྡུལ་དུ་རློགས༔ བཞི་པ་དཀྱིལ་འཁོར་དབྱེ་བ་ནི༔ ཛ༔ དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ན༔ སྒོ་མ་ཆེན་མོ་སྟག་གདོང་མ༔ ཐུགས་རྗེ་ཐབས་ཀྱི་ལྡེའུ་མིག་དང༔ རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ གཏོར་མ་ཟོར་གྱི་ལམ་ཕྱེས་ཤིག༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་ན༔ སྒོ་མ་ཆེན་མོ་ཕག་གདོང་མ༔ ཐུགས་རྗེ་ཐབས་ཀྱི་ལྡེའུ་མིག་དང༔ རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ གཏོར་མ་ཟོར་གྱི་ལམ་ཕྱེས་ཤིག༔ བཾ༔ དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་ན༔ སྒོ་མ་ཆེན་མོ་སེང་གདོང་མ༔ ཐུགས་རྗེ་ཐབས་ཀྱི་ལྡེའུ་མིག་དང༔ རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ ནུབ་སྒོ་ཟངས་སྒོ་དམར་པོ་ཕྱེས༔ གཏོར་མ་ཟོར་གྱི་ལམ་ཕྱེས་ཤིག༔ ཧོ༔ དཀྱིལ་འཁོར་ཆེན་པོའི་བྱང་སྒོ་ན༔ སྒོ་མ་ཆེན་མོ་སྤྱང་གདོང་མ༔ ཐུགས་རྗེ་ཐབས་ཀྱི་ལྡེའུ་མིག་དང༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱང་སྒོ་གཡུ་སྒོ་སྔོན་པོ་ཕྱེས༔ གཏོར་མ་ཟོར་གྱི་ལམ་ཕྱེས་ཤིག༔ ལྔ་པ་ཆད་མདོ་བྱ་བ་ནི༔ གཏོར་མ་སྒོ་མཚམས་སུ་བཏེགས་ལ་གསེར་སྐྱེམས་གཏོར་ཞིང་འདི་སྐད་དོ༔ ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ རིགས་ཀྱི་ཁྲོ་རྒྱལ་ཐམས་ཅད་དབང་བསྡུས་ནས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ མོན་ཁ་སྣ་རིང་སེང་གེ་རྫོང་གསུམ་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཕུར་སྲུང་བཅུ་གཉིས་གིང་དང་དམ་ཅན་གྱིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ རྔ་ཡབ་གླིང་ཕྲན་ཟང་མདོག་དཔལ་རིའི་རྩེར༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་དང༔ རིག་འཛིན་སྔགས་འཆང་པདྨ་གླིང་པ་ཡིས༔ ཡང་གསང་བླ་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་ཕྱིར་ཁྱེར༔ ཟོར་འཕང་བ་ནི༔ ཧཱུྃ༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ ཤར་གྱི་ཕྱོགས་སུ་འཕང་སྙམ་པས༔ དྲི་ཟའི་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ ལྷོ་ཡི་ཕྱོགས་སུ་འཕང་སྙམ་པས༔ གཤིན་རྗེའི་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ ནུབ་ཀྱི་ཕྱོགས་སུ་འཕང་སྙམ་པས༔ ཆུ་ལྷའི་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ བྱང་གི་ཕྱོགས་སུ་འཕང་སྙམ་པས༔ གནོད་སྦྱིན་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ ཤར་ལྷོའི་ཕྱོགས་སུ་འཕང་སྙམ་པས༔ མེ་ལྷའི་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ ལྷོ་ནུབ་མཚམས་སུ་འཕང་སྙམ་པས༔ སྲིན་པོའི་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ ནུབ་བྱང་མཚམས་སུ་འཕང་སྙམ་པས༔ རླུང་ལྷའི་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ བྱང་ཤར་མཚམས་སུ་འཕང་སྙམ་པས༔ དབང་ལྡན་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ སྟེང་གི་ཕྱོགས་སུ་འཕང་སྙམ་པས༔ ཚངས་པ་ཉི་ཟླ་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སྙིང་རྗེའི་གཏོར་ཟོར་གཉན་པོ་འདི༔ འོག་གི་ཕྱོགས་སུ་འཕང་སྙམ་པས༔ ས་བདག་ཚོགས་རྣམས་སྐུ་ཟུར་ཅིག༔ ཟོར་འདི་གནོད་བྱེད་དགྲ་བགེགས་འཕེན༔ སངས་རྒྱས་བསྟན་ལ་གནོད་པ་དང༔ སྐྱེ་བོ་ཡོངས་ལ་འཚེ་བ་དང༔ མདོར་ན་ཞིང་བཅུར་གྱུར་པ་ཡི༔ སྡང་དགྲ་གནོད་བྱེད་ཐམས་ཅད་དང༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་གྱི༔ ཚེ་སྲོག་བར་དུ་གཅོད་པ་ཡི༔ དགྲ་བགེགས་སྟེང་དུ་གཏོར་ཟོར་རྒྱོབ༔ ཐུམ་རི་ལི་ལི་རྦད་རྦད་བྷྱོ་བྷྱོ༔ དྲག་སྔགས་རྣམས་ཀྱིས་དཔུང་བསྐྱེད་དོ༔ བདུན་པ་བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ བདག་དཔལ་ཆེན་དུ་གསལ་ལ་འདི་སྐད་དོ༔ བྷྱོ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ སློབ་མ་མཁར་ཆེན་མཚོ་རྒྱལ་གྱིས༔ མོན་ཁ་སྣ་རིང་རྫོང་གསུམ་དུ༔ ཞིང་ཆེན་བསྒྲལ་བའི་གདན་སྟེང་དུ༔ རྣལ་འབྱོར་གྲལ་ལ་བཞག་ནས་ནི༔ ཐར་པ་ཐོབ་པའི་མཚན་ཡང་བཏགས༔ སྒྲུབ་པ་པོ་ལ་ཕན་གདགས་ཕྱིར༔ བྲན་གྱི་ཚུལ་དུ་ཁས་བླངས་ནས༔ དམ་ལ་མ་འདའ་ད་ཚུར་བྱོན༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ༔ ལ་ལ༔ ཏ་ཏ༔ ཏེ་ཏེ༔ པཉྩ་བྷ་ལིང་ཏ་ཁཱ་ཧི༔ བརྒྱད་པ་གཏོར་མནན་བྱ་བ་ནི༔ གཏོར་གཞོང་རི་རབ་ཏུ་གསལ་པའི་འོག་ཏུ་དམ་སྲི་མནན་པར་བསམ་སྟེ༔ ཡི་དམ་དཔལ་ཆེན་སྟངས་སྟབས་ཀྱིས་མནན་པར་བྱ་སྟེ༔ ལུ་གུ་རྒྱུད་དུ་སྦྲེལ་ལ་འདི་སྐད་དོ༔ ཧོ༔ དགྲ་བགེགས་བསྒྲལ་པའི་ལྔ་ཕུང་ལ༔ དཔལ་ཆེན་ལྷ་ཚོགས་བྲོ་བརྡུངས་པས༔ དགྲ་བགེགས་ཕུང་ཁམས་རྡུལ་དུ་རློག༔ དགྲ་ནི་ཐལ་བར་རློག་པའི་བྲོ༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ ཡ་མ་དམ་སྲི་ནཱ་ག་རཱ་ཙ་ཛ་ནན༔ ཞེས་མནན་ནོ༔ དགུ་པ་ཚེ་འགུགས་བྱ་བ༔ <!TCC Tibetan character 4,97 undefined in unicode!>࿋<!TCC Tibetan character 4,98 undefined in unicode!> བཅུ་པ་དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་སྣང་སྲིད་འོད་དུ་ཞུ༔ གཞལ་ཡས་ཁང་ལ་ཐིམ༔ གཞལ་ཡས་ལྷ་ཚོགས་ ལྷ་རྣམས་འཁོར་ནས་རིམ་གྱིས་གཙོ་བོར་བསྡུ༔ གཙོ་བོ་ཡེ་ཤེས་སེམས་དཔའ་ལ་བསྡུ༔ ཡེ་ཤེས་སེམས་དཔའ་ཐུགས་སྲོག་ཧཱུྃ་ལ༔ ཧཱུྃ་གྱེན་རྫོགས་ཀྱི་ཐིག་ལེར་ཡལ་ཏེ༔ རྟག་མཐའ་བསལ་ལོ༔ རྡུལ་ཚོན་རྣམས་རྡོ་རྗེས་མཐའ་ནས་དབུས་སུ་བསྡུའོ༔ ཡིག་བརྒྱས་ཁ་བསྐང༔ བཅུ་གཅིག་པ་སྨོན་ལམ་ནི༔ དེ་ལྟར་གསང་སྔགས་སྤྱོད་པ་མཆོག༔ རྨད་བྱུང་སྤྱད་པའི་མཐུ་བྱིན་གྱིས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་མི་ཟད་རྒྱན་འཁོར་ལ༔ སྤྱོད་ཅིང་སྐལ་པ་མཉམ་གྱུར་ཅིག༔ བཅུ་གཉིས་པ་བཀྲ་ཤིས་བྱ་བ་ནི༔ རྒྱལ་བ་ཀུན་གྱི་ཕྲིན་ལས་མཆོག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས༔ དུག་གསུམ་འཇོམས་པའི་བཀྲ་ཤིས་ཤོག༔ ཕྱོགས་བཅུའི་དགྲ་བགེགས་ཀུན་སྒྲོལ་བ༔ ཁྲོ་བོ་བཅུ་ཡི་བཀྲ་ཤིས་ཤོག༔ དགེ་བཅུ་ཡར་འཕེལ་མི་དགེ་གཅོད༔ ཁྲོ་མོ་བཅུ་ཡི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་ཀུན་སྒྲུབ་ཅིང༔ མ་སྲིང་བརྩེ་གདུང་བཀྲ་ཤིས་པ༔ མཁའ་འགྲོ་དམ་ཅན་བཀྲ་ཤིས་ཤོག༔ མི་འཛད་གཏེར་ལ་མངའ་བརྙེས་ཤིང༔ འཛད་མེད་ནོར་གྱི་བཀྲ་ཤིས་པ༔ དོན་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ ཕུར་པ་ཡང་གསང་གི་ལས་བྱང་ཁྲིགས་ཆོག༔ བདག་པདྨ་གླིང་པས་ཁྲིགས་སུ་བསྒྲིགས་པའོ༔ མངྒ་ལཾ།། །།
ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་ (Volume 23, Text 40)
༄༅། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་དབང་བསྐུར་ཆོ་ག་འགྲིགས་ཆགས་སུ་བཀོད་པ་ཟླ་བ་རྒྱས་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཎི་པདྨ་དྷཱ་རཱ་ཡ། ཟླ་གཞོན་བྱེ་བའི་མདངས་ཀྱིས་མི་བསྒྲུན་ཅིང་། །རབ་དཀར་ཐུགས་རྗེ་བདུད་རྩིའི་བསིལ་རྒྱུན་གྱིས། །འགྲོ་དྲུག་སྙིང་གི་ཚ་གདུང་སེལ་མཛད་པ། །འཕགས་མཆོག་སྤྱན་རས་ཡངས་པས་རྟག་གཟིགས་གསོལ། །གསར་རྙིང་གདམས་ངག་རྒྱ་མཚོ་ལས། །བོད་ཀྱི་ཡབ་ཆོས་བདུད་རྩིའི་ཐིགས། །འདི་ཉིད་ཁོ་ན་གནད་ཟབ་ཕྱིར། །ལྗོངས་འདིའི་སྐྱེ་དགུའི་སྐལ་པར་ལོངས། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྒོ་ནས་སློབ་མ་རྗེས་སུ་བཟུང་བ་ནི། གནས་ཁང་གཙང་མར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་གཙང་མ་ལ། དཀྱིལ་འཁོར་སྒོ་ཁྱམས་རྟ་བབས་ཁོར་ཡུག་སོགས་ཞི་བ་སྤྱི་མཐུན་ལས། ལྟེ་བ་དཀར་པོའི་མཐར་པདྨ་འདབ་བཞི་ཕྱོགས་མདོག་མཐིང་སེར་དམར་ལྗང་དང་། དེ་རྒྱབ་འདབ་མ་བཅུ་གཉིས་མཛེས་ཚོན་ལ་མུ་ཁྱུད་འོད་ཟེར་ལྔ་ལྡན་གྱིས་བསྐོར་བའི་རྡུལ་ཚོན་ནམ་རས་བྲིས་གང་འབྱོར་བྱ། མ་འབྱོར་ན་མཎྜལ་ལ་འབྲས་དཀར་གྱི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ་དང་། མཐའ་སྐོར་དུ་བཅུ་གཉིས། དེ་མཐར་ཕྱོགས་བཞིར་སྒོ་བཞི་དང་། བར་ཁྱམས་སུ་ཐུབ་པ་དྲུག་དང་། སངས་རྒྱས་སྟོང་གི་མཚོན་བྱེད་དང་བཅས་གང་ཤོང་ཙམ་བཀོད་པའི་སྟེང་ལྡིང་ཁྲིའི་ཁར་བུམ་པ་དཀར་པོ་བ་དཀར་མོའི་འོ་མ་དང་བུམ་རྫས་ཉེར་ལྔས་སུམ་གཉིས་བཀང་པ་མགུལ་ཆིངས་དཀར་པོ། ཁ་རྒྱན་གྱི་གསེབ་ཏུ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་ལ་རྟ་སྔགས་བྲིས་པ་དཔལ་རྟ་མགྲིན་གྱིས་བར་ཆད་སྲུང་བར་དམིགས་ལ་བཅུགས་ཏེ་བཞུགས། དེའི་ཤར་དུ་གཙོ་འཁོར་གྱི་སྐུ་བརྙན་ཚང་མའི་ཙཀླི་དང་མེ་ལོང་། ལྷོར་དབུ་རྒྱན་རིགས་ལྔ། ནུབ་ཏུ་ཐོད་པ་བདུད་རྩིས་གང་བའི་ཁ་གཅོད་མེ་ལོང་སིནྡྷུ་རས་བྱུགས་ཆོས་འབྱུང་བྲིས་པའི་སྟེང་དུ་གསང་དབང་གི་རྫས་བྱང་སེམས་དཀར་དམར་ཅུ་གང་གུར་གུམ་ཀ་ར་བུ་རམ་རྣམས་སྦྱར་བའི་རིལ་བུ་སློབ་མའི་གྲངས་མཉམ་དང་། བྱང་དུ་རྡོ་རྗེ་དྲིལ་བུ། མཚམས་རྣམས་སུ་ཡི་གེ་དྲུག་མའི་འབྲུ་ཐ་དད་བྲིས་པའི་ཙཀ་ལི་དང་ཤེལ་ཕྲེང་། ཆོས་དབྱུག་སྦ་དཀར་ཚིགས་གསུམ། རྗེས་གནང་གི་ཡོ་བྱད་གདུགས་དང་དུང་དཀར་འཁོར་ལོ་སྤྱི་བླུགས། ཆོས་བཀའ་འདི་ཉིད་ཀྱི་པོ་ཏི་སོགས་བཞག །ཤར་སྒོར་ལས་བུམ་མགུལ་ཆིངས་དམར་པོ་ཅན་གྱི་ཁ་རྒྱན་ལ་རྟ་མགྲིན་གྱི་སྐུའམ་ཧྲཱིཿདམར་བྲིས་པའི་བུམ་ནང་དུ་དྲི་བཟང་གི་ཆུ་ལ་ཡུངས་དཀར་བཏབ་པས་བཀང་ལ་བཤམས་ཤིང་། དཀྱིལ་འཁོར་གྱི་མདུན་དུ་ཟླུམ་གཏོར་དཀར་པོ་ཁ་ཟས་བཟང་དགུས་བརྒྱན་པ་དང་གཏེར་སྲུང་གཏོར་མ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། རྒྱལ་མཚན་འཕན་སོགས་དཀྱིལ་འཁོར་ཡོ་བྱད་ཡོད་ན་བག་དྲོ་མཛེས་བརྗིད་དང་ལྡན་པར་བཀོད། ཕྲིན་ལས་ལ་མཁོ་བའི་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་ཀྱང་འདུ་བྱ་ལ། དེ་ནས་དབང་དོན་བདག་མདུན་སྒྲུབ་པ་ནི། སྔོན་འགྲོ་དཀར་གཏོར། སྐྱབས་སེམས་ནས་བརྩམ། ལས་བྱང་ལྟར་མཐར་ཆགས་སུ་གཏང་ཞིང་། བློ་རབ་ཀྱིས་སྣང་སྲིད་དཀྱིལ་འཁོར་གཅིག་རྫོགས་སུ་བསྒོམ་པར་གསུངས་པས་བདག་མདུན་གྱི་སྤྲོས་པ་མི་དགོས་ལ། རྟོགས་པ་ཀློང་དུ་མ་གྱུར་པའི་དབང་པོ་ཐ་མས་རྣམ་པ་འཆར་བདེ་བའི་ཕྱིར་བདག་མདུན་བུམ་གསུམ་སོ་སོར་དཀྱིལ་འཁོར་ཆ་གསུམ་ཚིག་རིས་གཅིག་གིས་བསྒོམ། དེ་ཙམ་ཡང་མི་གསལ་ན། བདག་བསྐྱེད་ནམ་མཁའི་རྒྱལ་པོ་གཙོ་རྐྱང་། མདུན་བསྐྱེད་དཀྱིལ་འཁོར་ཡོངས་རྫོགས། བུམ་བསྐྱེད་བསྙེན་པའི་མཐར་སྐད་ཅིག་གིས་མོས་བསྐྱེད་གསལ་འདེབས་སྤྱི་ལྟར་བྱས་ཀྱང་ཆོག །གང་ལྟར་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་ཀྱི་བར་སོང་ནས། སྤྲོ་བསྡུ་གསལ་བཏབ་ལ་གཟུངས་རིང་དང་ཡིག་དྲུག་ཅི་ནུས་བཟླ། བུམ་པར་སྔར་གསལ་མ་ཐེབས་ན་སྐབས་འདིར་གཟུངས་ཐག་བླངས་ལ་བཟླས་དམིགས་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང༔ རྟ་མགྲིན་དམར་པོ་བེ་ཅོན་དང༔ ཐོ་བ་གདེངས་ཤིང་དུར་ཁྲོད་ཆས༔ ཞབས་གཉིས་འདོར་ཐབས་དབུ་ཡི་གཙུག །རྟ་ཞལ་དམ་ཡེ་དབྱེར་མེད་གསལ༔ བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་མ་ཧཱ་ཀྲོ་དྷ་ཧཱུྃ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཨོཾ་པདྨཱནྟ་ཀྲྀཏ་ཧཱུྃ་ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་ཅི་ནུས་བཟླ། མཐར་སྔགས་བཟླས་པའི་ཡུངས་དཀར་བླུགས་ལ། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་ཀྱི་བར་དུ་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་སྲུངས་ཤིག །ཅེས་ཕྲིན་ལས་བཅོལ། དབང་རྫས་གཞན་རྣམས་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རྣམ་པར་སྤྱན་དྲངས་ཅོད་པན་ལ་སོགས་པའི་དབང་རྫས་རྣམས་ལ་ཐིམ་པར་གྱུར་པར་དམིགས་ནས་ཡིག་དྲུག་ཅི་ནུས་བཟླ། ཀ་པཱ་ལའི་བདུད་རྩི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཟག་པ་མེད་པའི་བདེ་བ་སྐྱེད་ནུས་པའི་སྨན་གྱི་བཅུད་ལེན་འཆི་མེད་ཀྱི་རང་བཞིན་དུ་གྱུར་པར་མོས་ལ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ། མེ་ལོང་གི་དམ་རྫས་བདུད་རྩི་དཀར་དམར་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྒྱ་རྩ་བཟླས་ལ་ཡིག་འབྲུ་བཞིའི་རྣམ་པར་མོས་ལ་བྱིན་བརླབ། དེ་ནས་ལས་བྱང་ལྟར་མཆོད་བསྟོད་གཏོར་འབུལ་རྣམས་དང་། སྲུང་མའི་གཏོར་འབུལ་སྒེར་དུ་སྤྲོ་ནའང་འདིར་བྱ། ནུས་ཤིང་སྤྲོ་ན་སློབ་མའི་བྱ་བ་དངོས་གཞི་མཐའ་དག་བདག་འཇུག་ཏུ་བླང་། མི་ནུས་ན། མདུན་བསྐྱེད་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བདག་ལ་ཐིམ་པ་ཙམ་གྱིས་འགྱུར་མེད་སྐུ །འགག་མེད་གསུང་། འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་རང་ལ་ཐིམ་སྟེ་མཁྱེན་རྟོགས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པར་མོས་པའམ། ཡང་ན། ལས་བྱང་ལྟར་དངོས་གྲུབ་ལེན་ཆོག་བརྗོད་ལ་བུམ་པ་སོགས་གནས་གསུམ་དུ་གཏུགས། དེ་ནས་སློབ་མ་ལ་དབང་བསྐུར་བ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལ་ལྔ་ཡོད་པའི་ཐོག་མར་ཁྲུས་བྱ་བ་ནི། ལས་རྡོར་གྱིས་སྒོ་དྲུང་དུ། ཇི་ལྟར་བལྟམས་པ་སོགས་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། གཉིས་པ་བགེགས་བསྐྲད་པ་ནི། ནང་དུ་འཇུག་པ་དང་། བགེགས་གཏོར་བྱིན་རླབས་བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱ་བ་ལས། དེང་འདིར་དཀྱིལ་འཁོར་བསྒྲུབ་པས་ཞེས་པར། དེང་འདིར་དབང་བསྐུར་བསྒྲུབ་པས་ཞེས་ཁ་བསྒྱུར། གསུམ་པ་གསོལ་བ་གདབ་པ་ནི། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི། འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཡིན་ཏེ། དེ་ལ་འཕགས་མཆོག་འདི་ནི་སངས་རྒྱས་སྲས་དང་བཅས་པ་གང་ལས་འཁྲུངས་པའི་རྩ་བ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན་པས། རྣམ་ཐར་ཡོངས་སུ་རྫོགས་པ་སངས་རྒྱས་རྡོ་རྗེའི་ལྗགས་ཀྱིས་བསྐལ་པ་བརྒྱར་ཡང་ཆ་ཤས་ཙམ་བརྗོད་པར་མི་ནུས་པར་གསུངས་ཀྱང་ཚུར་མཐོང་གདུལ་བྱ་ཕྱོགས་རེ་བའི་སྣང་ཚུལ་གྱི་དབང་དུ་བྱས་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱལ་སྲས་ས་བཅུ་པའི་ཚུལ་བཟུང་ནས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རྒྱ་མཚོ་ལ་དབང་བསྒྱུར་ཞིང་གང་ལ་གང་འདུལ་གྱི་ཕྲིན་ལས་རབ་འབྱམས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་གནས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོས་བསྒྲལ་ཏེ་འཁོར་བ་དོང་ནས་སྤྲུགས་པའི་མཛད་པ་ནམ་ཡང་རྒྱུན་ཆད་མི་མངའ་བ་ལ། ཁྱད་པར་རྒྱལ་བས་ཞབས་ཀྱིས་མ་གཅགས་པའི་གངས་ཅན་མུན་པའི་ལྗོངས་འདི་སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་སྐབས་སུ། འཕགས་པ་ཉིད་ལ་བྱིན་གྱིས་བརླབས་ཤིང་བཀའ་བསྒོས་པ་ལྟར་གདུལ་བྱའི་ཞིང་དུ་བདག་གིར་བཞེས་ཏེ་ཐོག་མར་མི་དང་ནོར་གྱི་ས་བོན་བསྐྲུན། རིམ་གྱིས་བསྟན་པའི་གཞི་མ་ཁྱིམ་བདག །བསྟན་པ་སྐྱོང་བའི་རྒྱལ་བློན། བསྟན་འཛིན་གྱི་མཁས་གྲུབ་བཤེས་གཉེན་རྣལ་འབྱོར་ཕོ་མོ་མཐའ་ཡས་པ་སྙིགས་མའི་མཐར་ཡང་རྒྱུན་ཆད་མེད་པར་སྤྲུལ་པ་དང་། རྒྱུད་བྱིན་གྱིས་བརླབས་ཤིང་འཕགས་ཡུལ་ལས་ཀྱང་ལྷག་པའི་རྒྱལ་བསྟན་ཉིན་མོར་བརྡལ་བའི་ཞིང་དུ་མཛད་པ་ལས། ལྷ་ཐོ་རི་སྙན་ཤལ་གྱིས་བསྟན་པའི་དབུ་བརྙེས་པའི་རྗེས་ཐོག་ཏུ་འཕགས་པ་ཉིད་མི་རྗེ་སྲོང་བཙན་སྒམ་པོའི་སྐུར་བསྟན་ནས་བོད་ཁམས་སུ་དགེ་བ་བཅུའི་ཁྲིམས་བཅས། མཐའ་དབུས་ཀྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དམ་པའི་ཆོས་བསྒྱུར་པའི་སྲོལ་བཏོད། སྤྱན་རས་གཟིགས་ཀྱི་གདམས་སྐོར་མཐའ་ཡས་པ་གསུངས་ནས་སྐལ་ལྡན་རྣམས་རྣམ་གྲོལ་གྱི་གོ་འཕང་ལ་བཀོད། གདམས་སྐོར་ཕལ་ཆེར་དང་བཀའ་ཆེམས་རྣམས་མ་འོངས་པའི་དོན་དུ་གཏེར་དུ་སྦས། གདུང་རབས་ལྔ་ན་འཇམ་དབྱངས་སྤྲུལ་པའི་དབོན་སྲས་འབྱུང་བར་ལུང་བསྟན་པའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་འཕགས་ཡུལ་ནས་འོད་དཔག་མེད་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་གཙོས་པཎ་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས། མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པའི་རྗེས་སུ་ཉི་མ་ཤར་བ་ལྟར་མཐའ་དབུས་མེད་པར་དར་ཞིང་རྒྱས་པར་མཛད་པའི་སྐབས་ཤིག །ལྷ་སའི་གཙུག་ལག་ཁང་དུ་ཇོ་བོ་བཅུ་གཅིག་ཞལ་དང་སྤྲུལ་པའི་ཆོས་རྒྱལ་ཐ་མི་དད་པས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གདམས་པ་འདི་ཉིད་ཀྱི་བཀའ་གཏད་ནས་མ་འོངས་སྙིགས་མཐའི་སེམས་ཅན་གྱི་དོན་དུ་ཟབ་མོའི་གཏེར་དུ་གཞུག་པར་གྱིས་ཤིག་པའི་ཞལ་གདམས་གཏད་རྒྱ་ནན་ཆགས་གནང་བ་ལྟར། སློབ་དཔོན་གྱིས་ཀྱང་རྒྱལ་པོའི་གསུངས་བཞིན་ཆོས་བཀའ་རྩ་བ་ཡན་ལག་མ་བུ་ཆ་ལག་ཚང་བར་ཤོག་སེར་ལ་བཀོད་ནས་ཕྱག་རྒྱས་བཏབ་པ་དང་། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤའི་རིལ་བུ་ལ་གུ་རུ་ཉིད་ཀྱིས་མ་ཎིའི་སྒྲུབ་པ་མཛད་པའི་དམ་རྫས། འཆི་མེད་ཚེ་ཆུ་བུམ་ཆུང་དང་བཅས་པ་རྣམས་ལྷན་ཅིག །དབུས་རི་ནག་པོའི་མར་སྣ། ཤར་ཕྱོགས་ཀོང་ཡུལ་གྱི་སའི་ལྟེ་བ། བོད་སྲིན་མོ་གན་རྐྱལ་འདྲ་བའི་གྲུ་མོ་གནོན་ཕྱིར། སྤྲུལ་པའི་ཆོས་རྒྱལ་ཉིད་ཀྱིས་བཞེངས་པའི་གཙུག་ལག་བུ་ཆུ་ལྷ་ཁང་དུ་གྲགས་པར་ཇོ་བོ་བཅུ་གཅིག་ཞལ་གྱི་སྐུ་བརྙན་གྱི་དྲུང་དུ་གཏེར་དུ་གཏམས་ནས། ཉང་བན་ཏིང་འཛིན་བཟང་པོའི་སྨོན་ལམ་གྱི་མཐུ་ལས་སྤྲུལ་པའི་སྐྱེས་ཆེན་གྱིས་འཐོན་ཏེ་དུས་མཐའི་འགྲོ་བ་ངན་སོང་གི་གཏིང་རྡོ་རྣམས་འདྲེན་ནུས་པར་བདེན་སྟོབས་སྨོན་ལམ་གྱིས་མཚམས་སྦྱར་བར་མཛད་པ་ལྟར། བྱང་སེམས་ནམ་མཁའི་སྙིང་པོ་དང་ཉང་བན་ཤའི་སྤྱན་ལྡན་སོགས་ཀྱི་ཐུགས་རྗེའི་རོལ་གར་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན་ཨོ་རྒྱན་ལས་འཕྲོ་གླིང་པས་སྤྱན་དྲངས་ཏེ། ལུང་ནས་བསྟན་པའི་ཆོས་བདག་སྐྱེས་ཆེན་རྣམས་ཀྱིས་ཐོག་དྲངས་པའི་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་། འགོད་པར་འགྱུར་བ་སྟེ། ལུང་བྱང་ལས། ཐུགས་རྗེ་ཆེན་པོའི་ཆོས་འདི་ཡི༔ ཆོས་བདག་བྱང་ཆུབ་སེམས་དཔའ་བཅུ༔ མཁའ་སྤྱོད་གནས་སུ་ངེས་པར་སྐྱེ༔ འགྲོ་བ་མང་པོ་དེ་རུ་ཁྲིད༔ སྐལ་ལྡན་རིགས་བདག་བརྒྱད་པོ་ནི༔ མ་ངེས་འཁྲུལ་ཞིག་རང་གྲོལ་འགྱུར༔ གཞན་ཡང་ཆོས་འདིའི་དབང་སྐལ་ནི༔ བརྒྱ་དང་ཉེར་གཅིག་གྲུབ་ཐོབ་འགྱུར༔ སྟོང་དང་ཉེར་ལྔ་ཕྱིར་མི་ལྡོག༔ ཁྲི་དང་འབུམ་ནི་ས་གནས་ཐོབ༔ བྱེ་བ་ཕྲག་ནི་འཁོར་བ་གྲོལ༔ དུང་ཕྱུར་ཙམ་ནི་ལས་འབྲེལ་ཐོབ༔ བྱང་སེམས་དཀྱིལ་འཁོར་གཅིག་ཏུ་འདྲེས༔ ཏ་ལའི་གཞལ་མེད་གསལ་སྟོང་ཁང༔ ཡེ་གྲོལ་ཆེན་པོའི་འོད་གང་འཁྱིལ༔ སྣང་སེམས་དབྱེར་མེད་འཇའ་འོད་འགྱུར༔ ཞེས་བསླུ་མེད་རྡོ་རྗེའི་གསུང་གི་ངེས་པས། དཀྱིལ་འཁོར་འདིར་ཞུགས་པའང་འབྲེལ་ཐོབ་དུང་ཕྱུར་གྱི་ནང་དུ་ངེས་པར་འདུ་བ་ཡིན་པས་དད་སྤྲོ་སྐྱེད་ལ་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ༔ འདུན་པའི་རྩེ་ལ་རབ་ཏུ་གནས༔ ཞེས་པ་ལྟར་འདུན་པ་དང་སྣང་བ་དག་དགོས་པས། བདག་རྡོ་རྗེ་སློབ་དཔོན་ལ་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུའི་བཀོད་པའི་སྒྱུ་འཕྲུལ་དུ་མོས་པར་མཛོད་ལ། ཐལ་མོ་སྦྱར་ཞིང་དད་གུས་ཀྱི་ཤུགས་བསྐྱེད་པའི་ངོས་ནས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། སློབ་དཔོན་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་ལ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། རིགས་ཀྱི་བུ་ཁྱོད་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་བར་འདོད་པ་དེ་ལེགས་སོ༔ དེ་ལྟར་ན་དུས་དེ་རིང་ནས་བཟུང་སྟེ་སྐྱབས་སུ་འགྲོ་ཞིང་སྡོམ་པ་བཟུང་བ་དང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་གྱིས་ཤིག༔ ཅེས་གནང་བ་སྦྱིན། བཞི་པ་སྐྱབས་སེམས་སྡོམ་བཟུང་ནི། བླ་མ་དང་དཀྱིལ་འཁོར་བ་དབྱེར་མེད་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་གཙོ་འཁོར་སྤྲུལ་པ་དང་བཅས་པ་རྣམས་ཕྱི་ལྟར་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ངོ་བོ། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་རང་བཞིན། གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཐུགས་རྗེའི་རྣམ་རོལ་དུ་བཞུགས་པའི་སྤྱན་སྔར། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བ་ཁོ་ན་དོན་དུ་གཉེར་བའི་བློས་སྐྱབས་སེམས་སྡོམ་བཟུང་གི་ཆོ་ག་འདི་དག་ལན་གསུམ་དུ་རྗེས་ཟློས་མཛོད། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བ་ཡིས༔ དུས་ཚོད་འདི་ནས་བཟུང་ནས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ གུས་པས་ཡང་དག་བཟུང་བར་བགྱི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པ་གསུམ༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར༔ སྨོན་པའི་སེམས་དང་འཇུག་པའི་སེམས༔ དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ བདེ་གཤེགས་སྐུ་ཡི་རིགས་མཆོག་དང༔ རྡོ་རྗེའི་རིགས་དང་རིན་ཆེན་རིགས༔ པདྨའི་རིགས་དང་ལས་ཀྱི་རིགས༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ དམ་ཚིག་རྗེས་སུ་བཟུང་བར་བགྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ དབང་བསྐུར་མཆོག་དེ་བདག་ལ་སྩོལ༔ ལན་གསུམ། དེ་དག་གིས་ཕྱི་ནང་གསང་བའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་སྤྱི་དང་རིགས་ལྔའི་དམ་ཚིག་ཁྱད་པར་བ་རྣམས་ལེགས་པར་བཟུང་གྲུབ་པ་ལགས་པས་དེང་ཕྱིན་ཆད་དེ་དག་གི་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་སློབ་དགོས་པ་ལགས། ལྔ་པ་བྱིན་དབབ་པ་ནི། དེ་རྣམས་ཀྱིས་ཁྱེད་ཅག་གི་རྒྱུད་ལ་དབང་གི་ཡེ་ཤེས་སྐྱེ་བའི་ཡུལ་དང་སྣོད་དུ་རུང་བར་སྒྲུབ་པའི་ཐབས་ཀྱི་རིམ་པ་ཡིན་ལ། དབང་གི་དངོས་གཞིའི་རྩ་བ་ཡེ་ཤེས་པ་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་རྩེ་གཅིག་ཏུ་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ་ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་ལས་སྒྲིབ་སྡུག་བསྔལ་བསལ། ཚུར་འདུས་ཧྲཱིཿལ་ཐིམ་ནས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་གངས་ལ་ཉི་མ་ཤར་བའི་མདངས་བཞིན་དཀར་ལ་འཚེར་བ། ཞལ་བཅུ་གཅིག་ལས་འོག་མ་གསུམ་དཀར་ཞིང་མཛེས་པ། དེའི་སྟེང་ཞལ་གསུམ་སེར་ཞིང་བཞད་པ། དེའི་སྟེང་གཉིས་དམར་ལ་ཁྲོ་འཛུམ། དེ་སྟེང་གཉིས་མཐིང་ནག་ཁྲོས་པ། དེའི་རྩེ་མོར་འོད་དཔག་མེད་པ་སྤྲུལ་སྐུའི་ཞལ་དམར་སེར་འཛུམ་མདངས་ཅན་གྱིས་མཚན་པར་གསལ། རྩ་བའི་ཕྱག་བཅུའི་ཐོག་མ་གཉིས་ཐུགས་ཀར་ཐལ་སྦྱར། དེ་འོག་ཕྱག་གཡས་གཡོན་ཤེལ་ཕྲེང་པད་དཀར། དེ་འོག་གཉིས་འཁོར་ལོ་སྤྱི་བླུགས། དེ་འོག་གཉིས་མཆོག་སྦྱིན་དང་རིན་ཆེན། དེ་འོག་གཉིས་སངས་རྒྱས་སྤྲུལ་པའི་སྐུ་དང་ཐབས་ཤེས་ཀྱི་མདའ་གཞུ་བསྣམས་པ། དེའི་ཡན་ལག་གི་ཕྱག་སོ་བརྒྱད་ཀྱི་གཡས་པ་བཅུ་དགུ་པོས་རིམ་པ་ལྟར། རིན་པོ་ཆེ། ཞགས་པ། ལྷུང་བཟེད། རལ་གྲི །རྡོ་རྗེ། རྒྱ་གྲམ། ནོར་བུ་མེ་ཤེལ། གཞུ། ལྕུག་མ། རྔ་ཡབ། ཕུབ། བུམ་པ། དགྲ་སཏྭ། ཕྲེང་བ། པད་སྔོན། སྤྱི་བླུགས། ཉི་མ། པདྨ་དཀར་པོ། སྙེ་མ་རྣམས་དང་། གཡོན་གྱི་བཅུ་དགུས། སྤྲིན་དཀར། སྤྱི་བླུགས། གསེར་གྱི་པདྨ། རལ་གྲི །དུང་དཀར། ཐོད་དབྱུག །ཕྲེང་བ། དྲིལ་བུ། རྡོ་རྗེ། ལྕགས་ཀྱུ། མཁར་གསིལ། སྤྲུལ་པའི་སྐུ་གཟུགས། གཞལ་ཡས་ཁང་། གླེགས་བམ། འཁོར་ལོ། སྐུ་གཟུགས། ཤིང་ཐོག །པདྨ་དམར་པོ། རིན་ཆེན་ཟུར་བརྒྱད་པ་རྣམས་འཛིན་པ། ཉིང་ལག་གི་ཕྱག་སྟོང་རྩ་གཉིས་ནི་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་ན་ཡེ་ཤེས་ཀྱི་སྤྱན་རེ་རེས་མཚན་པ་ཅན། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་བཀབ་པ། ཕྱག་ཞབས་རྣམས་ལ་སྦྲུལ་གྱིས་དཀྲིས་ནས་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཅིང་། དར་དམར་མཐིང་གི་ཤམ་ཐབས་དང་། དར་ཟབ་ཁ་དོག་སྣ་ཚོགས་པའི་སྟོད་གཡོགས་དང་སྐ་རགས་དར་དཔྱང་འཕུར་བ། འཇའ་འོད་ལྔ་ལྡན་གྱི་ཀློང་ན་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེའི་འོག་ཏུ་པདྨ་འདབ་མ་དྲུག་པའི་ལྟེ་བར་ཧྲཱིཿཡིག་དཀར་པོ་དང་འདབ་མ་རྣམས་ལ་ཡི་གེ་དྲུག་མའི་འབྲུ་རེ་རེ་དང་བཅས་པ་གསལ་ཐོབ་ཅིག །བདག་མདུན་གྱི་ཐུགས་ཀའི་འོད་ཟེར་དང་། ཁྱེད་རང་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ཧྲཱིཿདང་བཅས་པ་རྣམས་ལས་ཀྱང་ཚད་མེད་པ་རྣམ་པ་བཞི་དང་དད་པའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འཕགས་མཆོག་ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ་ནམ་མཁའི་དབྱིངས་གང་བར་བྱོན་ནས་ཁྱེད་རང་རྣམས་ལ་མཚོ་ལ་ཁ་བ་བབས་པ་ལྟར་རྒྱུན་མི་ཆད་པར་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག །འབེབ་པའི་སྤོས་དུད་དང་རོལ་མོའི་སྒྲ་སྦྱར་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཐུགས་རྗེ་ཆེན་པོ་འདིར་གཤེགས་ཤིག༔ མི་ཕམ་མགོན་པོ་འདིར་གཤེགས་ཤིག༔ སྤྱན་རས་གཟིགས་དབང་འདིར་གཤེགས་ཤིག༔ འཇིག་རྟེན་དབང་ཕྱུག་འདིར་གཤེགས་ཤིག༔ རྗེ་འགྲོ་བའི་སྐྱབས་ལ་བྱོན་ཙ་ན༔ སྐུ་གསལ་ལེ་གཟི་བརྗིད་མ་ཆུང་ཞིག༔ གསུང་མ་ཎིའི་སྒྲ་དབྱངས་མ་ཆུང་ཞིག༔ ཐུགས་ཞི་བའི་བྱིན་རླབས་མ་ཆུང་ཞིག༔ རྗེ་འགྲོ་བའི་མགོན་པོ་བྱོན་ཙམ་ན༔ དགོངས་པ་མཁའ་ལྟར་ཡངས་པ་ལ༔ གྲྭ་ཚོགས་ཀྱི་སྐར་ཚོགས་ཤིགས་སེ་ཤིག༔ བྱིན་རླབས་ཀྱི་སྤྲིན་དཔུང་ཐིབས་སེ་ཐིབ༔ ཐུགས་རྗེའི་ཉི་འོད་ཏ་ལ་ལ༔ ཉམས་ཀྱི་འཇའ་ཚོན་ཝ་ལ་ལ༔ བདེན་པའི་འབྲུག་སྒྲ་འུ་རུ་རུ༔ སྙིང་རྗེའི་གློག་དམར་ཆེམས་སེ་ཆེམ༔ གཟི་བརྗིད་ཀྱི་སེར་ཆེན་ཤ་ར་ར༔ བྱམས་པའི་ཆར་ཆེན་སི་ལི་ལི༔ ང་རྒྱལ་གྱི་ཐ་རྒོད་ཞིང་ས་ལ༔ ཉམས་ཀྱི་ཆུ་བོ་བྲེངས་སེ་བྲེང༔ དུག་ལྔ་ཡི་མེ་ཆེན་འབར་བ་ཡི༔ སྡུག་བསྔལ་གྱི་ཚད་པ་ཉ་ལ་ལ༔ ཀུན་གཞིའི་ཞིང་ས་གཤིན་པོ་ལ༔ གདམས་ངག་གི་ས་བོན་ཐོ་རོ་རོ༔ ཐོས་བསམ་གྱི་རོལ་ནག་བྲེངས་སེ་བྲེང༔ བྱང་ཆུབ་ཀྱི་མྱུ་གུ་རོངས་སེ་རོང༔ སྐུ་གསུམ་གྱི་འབྲས་བུ་ཤ་ར་ར༔ ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ༔ འགྲོ་བའི་དོན་ལ་ཐུགས་རྗེས་གཟིགས༔ འདིར་བྱོན་མོས་ལྡན་བྱིན་གྱིས་རློབས༔ མོས་པས་རྗེ་ཡི་མཚན་བརྗོད་ན༔ རྗེ་འགྲོ་བའི་མགོན་པོ་སྤྱན་རས་གཟིགས༔ ཕོངས་པ་རྣམས་ལ་ཐུགས་རྗེས་གཟིགས༔ སྡུག་བསྔལ་གྱི་ཚད་པ་བསལ་དུ་གསོལ༔ རྒྱལ་བའི་གསུང་གིས་བསླུས་པ་མེད༔ རྗེ་ཡི་ཐུགས་རྗེས་མི་གཟིགས་སམ༔ ཞི་བའི་ཐུགས་རྗེས་འདིར་གཤེགས་ཤིག༔ བདེ་གཤེགས་དགོངས་པའི་བྱིན་རླབས་ཀྱིས༔ འགྲོ་བའི་སྡུག་བསྔལ་ཞི་བར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཡང་ཡང་བརྗོད་ལ་བྱིན་དབབ། ཕེབ་པའི་རྟགས་བྱུང་ནས་རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག་ཅིང་མེ་ཏོག་འཐོར་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཀཱ་ཡ་བཱ་ཀ་ཙིཏྟ་ས་མ་ཡ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བརྗོད་དོ། །གཉིས་པ་དངོས་གཞི་ལ་དྲུག །བུམ་དབང་གིས་ལུས། གསང་དབང་གིས་ངག །ཤེར་དབང་གིས་ཡིད་སྨིན་པར་བྱ་བ་དང་། ཕྱི་ལྷ་དབང་ལུས། ནང་ཆོས་དབང་ངག །གསང་བ་རིག་པའི་རྩལ་དབང་སེམས་ལ་བསྐུར་བའོ། །དེ་དག་གིས་དབང་གི་གཞི་འགོད་པ་གྲུབ་ནས་དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་ཕུལ། དབང་བསྐུར་དངོས་ལ་རྣམ་པ་དྲུག་ཏུ་ཡོད་པའི་དང་པོ་ཕྱི་བུམ་པའི་དབང་གིས་ལུས་སྨིན་པར་བྱ་བ་ལ། མཚོན་བྱེད་རྟགས་ཀྱི་བུམ་པ་ནི་ལུས་དབང་རྒྱལ་བའི་དཀྱིལ་འཁོར། མཚོན་བྱ་དོན་གྱི་བུམ་པ་ནི་སེམས་ཉིད་ཐིག་ལེ་ཉག་གཅིག་ཡིན་ལ། སྐབས་འདིར་ནི་མཚོན་པ་བརྡའི་བུམ་པ་སྟེ། དེའང་བུམ་པ་ཟླུམ་པོར་བྱུང་བ་ནི་ཆོས་སྐུ་སྤྲོས་དང་བྲལ་བའི་བརྡ་དང་། བུམ་རྒྱན་སྣ་ཚོགས་ལྡན་པ་ནི་ལོངས་སྐུ་མཚན་དཔེ་རྫོགས་པ་དང་། བུམ་ཆུ་རྫས་དང་བཅས་པ་ནི་སྤྲུལ་སྐུས་འགྲོ་དོན་མཛད་པར་མཚོན་པ་ཡིན་ཏེ། དེ་ལྟ་བུའི་བུམ་པ་མཚན་ཉིད་དང་ལྡན་པ་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་མ་ལུས་པའི་ཕོ་བྲང་དུ་ལྷུན་གྱིས་གྲུབ་པའི་བྱིན་རླབས་ཀྱི་ཟ་མ་ཏོག་ཏུ་གྱུར་པ་འདི་ཁྱེད་ཅག་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བབས་པས་ཁྱོད་ཀྱི་ཚངས་བུག་ཏུ་ཞུགས་ནས་ལུས་ཐམས་ཅད་མེར་གྱིས་གང་ཞིང་། ལས་དང་ཉོན་མོངས་ཀྱི་སྒྲིབ་པ་མཐའ་དག་བྱང་ཞིང་འཕགས་པའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་དང་ངེས་ཤེས་སྐྱེད་པར་ཞུ། རྣམ་བུམ་ཐོགས་ལ། ཧྲཱི༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པའི་གནས༔ གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་བག་ཆགས་སྒྲིབ་བྱང་ནས༔ ལྷ་ཡི་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བུམ་པ་མགོར་བཞག་ལ་བུམ་ཆུ་སྦྱིན། དེའི་རྗེས་འབྲེལ་དུ་གཙོ་བོའི་སྐུ་ལས་རང་འདྲ་བའི་སྐུ་ཞིག་བྱོན་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པའི་མོས་པ་མཛོད་ཅིག །ཧྲཱི༔ བདེ་གཤེགས་འདུས་པ་ལྷ་ཡི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ རིགས་འདུས་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་ཀཱ་རུ་ཎི་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཞེས་སྤྱི་གཙུག་ཏུ་བསྐུར་ཞིང་། མེ་ཏོག་འཐོར་ལ། སྤྱན་རས་གཟིགས་དབང་ཐུགས་རྗེའི་སྐུ༔ སངས་རྒྱས་ཀུན་འདུས་དབང་མཆོག་འདི༔ དེ་རིང་ཁྱོད་ལ་བསྐུར་བ་ཡིས༔ ཐུགས་རྗེ་མཆོག་གི་བཀྲ་ཤིས་ཤོག༔ དེ་ལྟར་ལྷ་དབང་ལུས་ལ་བསྐུར་པས་ཐ་མལ་གྱི་ལུས་ངག་ཡིད་གསུམ་དག་ནས། རྒྱལ་བའི་སྐུ་གསུང་ཐུགས་སུ་འགྲུབ་པའི་ངེས་ཤེས་མཛོད་ཅིག །དེའི་རྗེས་འབྲེལ་དུ་ཁམས་གསུམ་འཁོར་བའི་གཞི་རྩ་བཅད་ནས་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གྲོལ་བར་བྱ་ཕྱིར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ལ། དབང་རྫས་རྣམས་ངོ་བོ་ཐུགས་རྗེ་ཆེན་པོ་རང་བཞིན་རྒྱལ་བ་རིགས་ལྔ་པོ་རྣམས་དབང་རྫས་ལྔའི་ཚུལ་གྱིས་དབང་བསྐུར་བའི་མོས་པ་མཛོད། སླར་རྣམ་བུམ་དཔྲལ་བར་བཞག་ཅིང་ཁྲུས་བྱས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་ཁྲུས་གསོལ་ལོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་དབང་བསྐུར་བས༔ ཞེ་སྡང་རྣམ་པར་དག་པ་ཡི༔ མེ་ལོང་ཡེ་ཤེས་དབང་ཐོབ་ནས༔ ཐོགས་པ་མེད་པའི་བཀྲ་ཤིས་ཤོག༔ ཤིས་བརྗོད་རྣམས་ལ་མེ་ཏོག་འཐོར་བ་འགྲེའོ། །དེ་ལྟར་བུམ་པས་དབང་བསྐུར་པས་ཀུན་གཞིའི་རྣམ་ཤེས་གནས་སུ་དག་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས། དབང་རྟགས་སུ་སངས་རྒྱས་མི་བསྐྱོད་པ་དཔྲལ་བའི་སྟེང་དུ་བཞུགས་པར་མོས་ཤིག །དབུ་རྒྱན་རྣ་ལྟག་གཡས་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་དབང་བསྐུར་བས༔ ང་རྒྱལ་རྣམ་པར་དག་པ་ཡི༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ནས༔ ཡོན་ཏན་རྫོགས་པའི་བཀྲ་ཤིས་ཤོག༔ རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་པས། ཉོན་ཡིད་རྣམ་ཤེས་གནས་སུ་དག་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་རྣ་བ་གཡས་པའི་སྟེང་དུ་བཞུགས་པར་མོས་ཤིག །རྡོ་རྗེ་ལྟག་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ པདྨ་རིགས་ཀྱི་དབང་བསྐུར་བས༔ འདོད་ཆགས་རྣམ་པར་དག་པ་ཡི༔ སོར་རྟོག་ཡེ་ཤེས་དབང་ཐོབ་ནས༔ ཤེས་རབ་མཆོག་གི་བཀྲ་ཤིས་ཤོག༔ རྡོ་རྗེས་དབང་བསྐུར་པས་ཡིད་ཀྱི་རྣམ་ཤེས་གནས་སུ་དག་ནས། སོ་སོར་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་སྣང་བ་མཐའ་ཡས་ལྟག་པའི་སྟེང་དུ་བཞུགས་པར་མོས་ཤིག །དྲིལ་བུ་རྣ་ལྟག་གཡོན་པར་བཞག་ལ། ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷརྨ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་དབང་བསྐུར་བས༔ ཕྲག་དོག་རྣམ་པར་དག་པ་ཡི༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ནས༔ ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔ དྲིལ་བུས་དབང་བསྐུར་པས་སྒོ་ལྔའི་རྣམ་ཤེས་གནས་སུ་དག་ནས། བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་དོན་ཡོད་གྲུབ་པ་རྣ་ལྟག་གཡོན་གྱི་སྟེང་དུ་བཞུགས་པར་མོས་ཤིག །མེ་ཏོག་ཅོད་པན་སྤྱི་བོའི་གཙུག་ཏུ་བཞག་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བུདྡྷ་ནཱམ་ཨ་བྷི་ཥིཉྩ་མཱཾ༔ ཀྱེ། འགྲོ་འདུལ་ཐུགས་རྗེའི་དབང་ཕྱུག་ཅེས་བྱའོ། །ཞེས་གསང་མཚན་བཏགས། ཧཱུྃ༔ བདེ་གཤེགས་རིགས་ཀྱི་དབང་བསྐུར་བས༔ གཏི་མུག་རྣམ་པར་དག་པ་ཡི༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ནས༔ ཏིང་འཛིན་མཆོག་གི་བཀྲ་ཤིས་ཤོག༔ ཅོད་པན་མིང་གི་དབང་བསྐུར་པས་ཀུན་གཞིའི་རྣམ་ཤེས་གནས་སུ་དག་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། སངས་རྒྱས་རྣམ་པར་སྣང་མཛད་སྤྱི་བོར་བཞུགས་པར་མོས་ཤིག །དབང་དེ་རྣམས་ཀྱིས་མ་རིག་པ་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས། རིགས་ལྔ་ལམ་དུ་བྱེད་པས་རིག་པའི་དབང་ཞེས་བྱ་བའོ། །དེ་ལྟར་བུམ་དབང་གིས་ལུས་སྨིན་པས་ལུས་སྒྲིབ་དག་ཅིང་ལུས་ལྷར་བསྒོམ་པ་ལ་དབང་། མཐར་ཐུག་གི་འབྲས་བུ་སྤྲུལ་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་གསང་དབང་ནི། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་བདུད་རྩིའི་རིལ་བུ་དང་བཅས་པ་ཐོགས་ནས། ནང་གསང་བའི་དབང་གིས་ངག་སྨིན་པར་བྱ་བ་ལ། མཚོན་བྱེད་བརྡའི་གསང་དབང་ཐབས་ཤེས་བྱང་ཆུབ་སེམས་ཀྱི་རྫས་མཆོག་བདུད་རྩིའི་རིལ་བུས་ཁྱེད་རང་རྣམས་ཀྱི་ལུས་ཀྱི་གནས་བཞིར་རེག་ཅིང་ལྕེ་ཐོག་ཏུ་བྱིན་པ་ལ་བརྟེན་ནས། འཐོབ་བྱའི་དོན་གྱི་དབང་ནི། རྡོ་རྗེ་སློབ་དཔོན་གྱི་སྐུའི་གནས་བཞི་ནས་འོད་འཕྲོས་ཁྱེད་ཀྱི་གནས་བཞིར་ཕོག་པས། རྩ་འདབ་འཁོར་ལོ་བཞི་བྱིན་གྱིས་བརླབས་ཤིང་རྒྱལ་བའི་སྐུ་བཞི་འགྲུབ་པའི་ས་བོན་རྒྱུད་ལ་ཐེབས་པའི་མོས་པ་མཛོད་ཅིག །ཧཱུྃ༔ བྱང་སེམས་དཀར་དམར་ཐབས་དང་ཤེས་རབ་ཀྱི༔ བཅུད་ཆེན་བདུད་རྩིའི་རོ་མཆོག་བདེ་བ་སྐྱེད༔ ཡབ་ཡུམ་གཉིས་མེད་སྙོམས་འཇུག་བྱང་སེམས་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྗགས་ལ་བདུད་རྩིའི་རོ་མཆོག་མྱང་གྱུར་ནས༔ ལུས་ངག་ཡིད་ཀྱི་བདེ་བ་སྐྱེ་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་དེ། བླ་མས་མཐེབ་སྲིན་གྱིས་རིལ་བུ་རེ་བླངས་ལ། སློབ་མ་རེ་རེ་བཞིན་གྱི་སྤྱི་མགྲིན་སྙིང་ལྟེར་དབང་བསྐུར་ནས་རིལ་བུ་ཟར་གཞུག་ལ། དེ་ལྟར་རིལ་བུའི་རོ་ཞིམ་པར་མྱང་བ་ནི་བདེ་བ། ཞིམ་ཞིང་བདེ་བའི་ཚོར་བ་འགག་མེད་ཀྱི་རང་བཞིན་ནི་གསལ་བ། གསལ་ཞིང་ཚོར་མཁན་དངོས་པོ་ལ་ཨ་འཐས་སུ་མ་གྲུབ་པའི་ངོ་བོ་ནི་མི་རྟོག་པ། བདེ་གསལ་མི་རྟོག་གསུམ་ཡང་རིག་ཐོག་ཏུ་དབྱེར་མེད་པས་ན་ཟུང་འཇུག་གི་ཡེ་ཤེས་ཏེ་དེ་ལྟར་ངོ་ཤེས་པར་མཛོད་ཅིག །དེས་ཟབ་མོ་གསང་བའི་དབང་ཐོབ་པས་ངག་སྨིན། ངག་སྒྲིབ་དག་ཅིང་སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཤེར་དབང་ནི། ཐོད་པའི་བདུད་རྩི་ཐོགས་ལ། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན་པར་བྱེད་པ་ལ། དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་མཉམ་སྦྱོར་གྱི་བདེ་བའི་ཡེ་ཤེས་བདུད་རྩིའི་ཚུལ་དུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བསྟིམས་པས་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་བར་མོས་ཤིག །ཧཱུྃ༔ ཐབས་ཤེས་དབྱེར་མེད་བདེ་བའི་བཅུད༔ ཕྱག་རྒྱ་བཞི་ལྡན་ཆོས་ཀྱི་དབྱིངས༔ དགའ་བཞིའི་ཡེ་ཤེས་ཁྱད་པར་ཆེ༔ ཟག་མེད་བདེ་ཆེན་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བོ་དྷི་ཙིཏྟ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པ་སྙིང་གར་གཏུག་ཅིང་བདུད་རྩི་ཧུབ་གསུམ་འཐུང་དུ་གཞུག །ཐབས་དེ་ལ་བརྟེན་ནས་ཁྱེད་རང་གི་རྩ་ཁམས་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་བཞུགས་པ་རྣམས། ཕྱག་རྒྱ་བཞི་ལྡན་གྱིས་སྙོམས་འཇུག་མཛད་པས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིར་རིམ་གྱིས་བབས་ཏེ་དགའ་བ་བཞི་ལུགས་འབྱུང་ལུགས་བཟློག་སྤེལ་མར་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྒྱུད་སྨིན་པས། ཉོན་མོངས་པའི་སྒྲིབ་པ་དག་ཅིང་ཐབས་ལམ་ཟབ་མོ་བསྒོམ་པ་ལ་དབང་། འབྲས་བུ་བདེ་བ་ཆེན་པོའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །བཞི་པ་ཕྱི་ལྷ་དབང་ལུས་ལ་སྐུར་བ་ནི། ཤིན་ཏུ་བསྡུ་ན་ལྷ་དབང་གོང་དུ་སོང་བས་ཀྱང་འཐུས། ཕྱི་སྒྲུབ་ཁོ་ན་ལ་སྐབས་འདིར་དེ་ཙམ་བསྐུར་ཡང་ཆོག་མོད། འཇའ་ཚོན་རང་ལུགས་ཆོས་བཀའ་རྫོགས་ཤིང་ཙཀ་ལི་འཛོམ་པའི་དབང་དུ་བྱས་ཏེ་གཏེར་གཞུང་ལྷ་དབང་ཚང་བར་བཀོད་པ་ལ། ཐོག་མར་ཕྱི་སྒྲུབ་ཀྱི་ཙཀ་ལི་རྣམས་རིམ་པར་ཐོགས་ལ། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ་སྒྲུབ་པར་བྱེད་པའི་སླད་དུ་ཐོག་མར་ཕྱི་ལྷ་དབང་ལུས་ལ་བསྐུར་ནས་ལུས་ལྷ་རུ་བྱིན་གྱིས་རློབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སོ་སོའི་སྐུ་ལས་རང་འདྲའི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་སོ་སོ་ལ་ཐིམ་པ་ཙམ་གྱིས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཕགས་པ་ཐུགས་རྗེའི་བདག་པོ་གཙོ་འཁོར་གྱི་ངོ་བོར་གྱུར་པའི་ངེས་ཤེས་སྐྱེད་མཛོད་ཅིག །ཧྲཱི༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་མཆོག་གཙོ་བོས་དབང་བསྐུར་བས༔ ཉོན་མོངས་བག་ཆགས་དངོས་འཛིན་བྲལ༔ ཡེ་ཤེས་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ རྒྱལ་ཡུམ་ཡི་གེ་དྲུག་མ་མཁའ་དབྱིངས་ལྟར༔ སྲས་མཆོག་ནོར་བུ་འཛིན་པ་རིག་མདངས་འོད༔ སྲས་མོ་རིག་སྔགས་འཛིན་མ་སྟོང་གསལ་ཆེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་འདུས་གཙོ༔ ཡབ་ཡུམ་སྲས་དང་བཅས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བུདྡྷ་དྷརྨ་སངྒྷཱ་ཡ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་རིགས་དྲུག་ཕ༔ ལྷ་ཚོགས་ཀུན་གྱི་གཙོ་མོ་རིགས་དྲུག་མ༔ རྒྱལ་བ་རིགས་དྲུག་ཡབ་ཡུམ་སྐུ་སྐྱོད་ལ༔ ཁམས་གསུམ་རྒྱུད་དྲུག་བག་ཆགས་སྡུག་བསྔལ་བྱང༔ རིགས་ཀུན་མཉམ་ཉིད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿཧཱུྃ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དོན་དམ་སེམས་ལ་འཁོར་འདས་གཉིས་མེད་ཀྱང༔ མ་རྟོགས་དབང་གིས་ཆགས་སྡང་གཟུང་འཛིན་བྱུང༔ མ་རིག་དུག་ལྔས་རིགས་དྲུག་འཁྱམས་པ་ལ༔ བཅོམ་ལྡན་ཐུབ་དྲུག་བྱིན་རླབས་དུས་ལ་བབས༔ སྡུག་བསྔལ་ལམ་དྲུག་སྡོམ་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀྲེཾ་བྲེཾ་ཀྲུཾ་ཀྵཾ་སྲུཾ་ཡེ་སརྦ་ན་ར་ཀ་ག་ཏེ་ཡེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ ཐོག་མེད་དུས་ནས་བྱང་ཆུབ་ཐུགས་བསྐྱེད་དེ༔ ཚོགས་གཉིས་ཡོངས་རྫོགས་དགོངས་པ་མཐར་ཕྱིན་པས༔ འགྲོ་བའི་དོན་མཛད་ཡང་ནས་ཡང་དུ་བྱོན༔ དུས་གསུམ་སེམས་ཅན་ལས་དབང་འཁྱམས་པ་ལ༔ བསྐལ་བཟང་སངས་རྒྱས་སྟོང་རྩའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ བདག་གཞན་མ་རིག་ཉོན་མོངས་བར་ཆད་བསལ༔ བརྟུལ་ཞུགས་ནུས་པའི་དག་སྣང་དངོས་གྲུབ་སྟེར༔ ལུས་དང་གྲིབ་མ་བཞིན་དུ་སྐྱོབ་མཛད་པའི༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སྲུང་མའི་ཚོགས༔ དད་ལྡན་བུ་ཡི་བར་ཆད་ཞི་བར་མཛོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ནང་སྒྲུབ་གཙོ་བོ་རྩ་ཕྱག་བརྒྱད་པའི་སྐུ་རྟེན་གྱི་བསྐུར་ཚིག་ནི་གོང་མ་ལྟར་བྱ་བའམ་བསྡུ་ན། གཙོ་འཁོར་ལྷན་ཅིག་པའི་ཚིག་འདིར་ཡང་ཚང་བས་ན་རིམ་པ་བཞིན་བསྐུར་བར་བྱ་སྟེ། ཧྲཱི༔ དཀྱིལ་འཁོར་མ་ལུས་རིགས་འདུས་སྤྱན་རས་གཟིགས༔ འཇམ་དབྱངས་མི་གཡོ་སྒྲོལ་མ་ཛམྦྷ་ལ༔ འཆད་རྩོད་རྩོམ་པའི་བྱིན་རླབས་ཐུགས་རྗེས་ནི༔ བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ འགྲོ་མགོན་དུས་གསུམ་སངས་རྒྱས་མར་མེ་མཛད༔ ཤཱཀ་ཐུབ་བྱམས་པ་པདྨ་ཐོད་ཕྲེང་རྩལ༔ མཁྱེན་བརྩེ་ནུས་ལྡན་འགྲོ་བའི་སྐྱབས་གནས་རྣམས༔ མི་མངོན་དབྱིངས་ནས་སྒྱུ་མར་སྐུར་བཞེངས་ལ༔ དུས་གསུམ་སངས་རྒྱས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་དྷརྨ་ཨེ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དཀྱིལ་འཁོར་སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུ་སྒོ་མ་བཞི་པོ་ནི༔ རིགས་དྲུག་ལམ་དགག་ཐར་པའི་གནས་སུ་འདྲེན༔ ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་མཛད་པའི༔ སྒོ་མ་ཆེན་མོ་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ གསང་སྒྲུབ་གཙོ་བོའི་བསྐུར་ཚིག་ཕྱི་སྒྲུབ་ལྟར་བྱ། འཁོར་ལ། ཧྲཱི༔ རྣམ་སྣང་དཀར་པོ་ཕྱག་ན་ཤེལ་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་སྤྱི་བོའི་གཙུག་ཏུ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྣང་མཐའ་དམར་པོ་བྱེ་རུའི་བུམ་པ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་མགྲིན་པའི་གནས་སུ་དབང་བསྐུར་བས༔ འགག་མེད་གསུང་གི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ མི་བསྐྱོད་མཐིང་ག་ཕྱག་ན་མཐིང་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་སྙིང་གའི་གནས་སུ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ རིན་འབྱུང་སེར་པོ་ཕྱག་ན་གསེར་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་ལྟེ་བའི་གནས་སུ་དབང་བསྐུར་བས༔ ཡོན་ཏན་རེ་བ་སྐོང་བའི་དབང་ཐོབ་ཤོག༔ ཨོཾ་ཏྲཱཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ དོན་གྲུབ་ལྗང་གུ་ཕྱག་ན་གཡུ་བུམ་འཛིན༔ འཆི་མེད་རྡོ་རྗེ་ཚེ་ཡིས་རབ་བཀང་ནས༔ བུ་ཡི་གསང་བའི་གནས་སུ་དབང་བསྐུར་བས༔ ཕྲིན་ལས་ཐོགས་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བཛྲ་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ མ་དག་ཕུང་པོ་ལྔ་པོ་དག་པའི་ཆུ༔ འཕགས་པ་རིགས་ལྔ་ཡབ་ཡུམ་དབང་བསྐུར་བས༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ དེང་འདིར་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཌཱ་ཀི་ནཱི་སིདྡྷི་སྭཱ་ཧཱ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྔོན་ཆད་རང་སེམས་རང་དབང་མ་ཐོབ་པས༔ ཁམས་གསུམ་རྒྱུད་དྲུག་འཁྱམས་ཤིང་ལས་འབྲས་སྨིན༔ དེང་འདིར་དབང་ཆེན་འབར་བ་རིགས་བཞི་ཡི༔ སྐུ་བཞི་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས༔ འཁོར་འདས་རང་དབང་འདུ་བའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔ སྔོན་ཆད་མ་རིག་དབང་གིས་ལུས་མང་བླངས༔ མངལ་དང་སྒོང་དང་དྲོད་གཤེར་བརྫུས་ཏེ་སྐྱེས༔ གཟུང་འཛིན་ལས་ལུས་སྡུག་བསྔལ་མྱོང་བས་ན༔ སྒོ་མ་བཞི་ཡི་ཐུགས་རྗེའི་ཕྱག་རྒྱ་བཞིས༔ དེང་ནས་སྐྱེ་གནས་བཞི་པོའི་སྒོ་ཆོད་ཅིག༔ ཛཿཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་ཨཱ༔ འདིར་དེ་བཞིན་ཉིད་སྒྲུབ། ཕྱག་བཞི་པ། ཕྱག་གཉིས་པ། རྟ་མགྲིན། གསང་ཡེ་རྣམས་ཀྱང་གཙོ་བོའི་བསྐུར་ཚིག་ཁ་བསྒྱུར་ནས་བསྐུར་བར་གསུངས་པ་ལྟར་སྤྲོ་ན་བྱ་ཆོག་ཅིང་དཀྱུས་སུ་འདི་ཙམ་མོ། །དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་ཐོབ་པས་གནས་སྐབས་སུ་བར་ཆད་འགལ་རྐྱེན་མཐའ་དག་ཞི་ཞིང་སྲུང་བ་དང་། ཡི་དམ་ལྷའི་བསྐྱེད་རིམ་བསྒོམ་པ་གང་ལ་ཡང་རང་བྱན་ཚུད་ནས་འགྲུབ་སླ་ཞིང་བྱིན་རླབས་མྱུར་དུ་འཇུག་པར་འགྱུར་ལ། མཐར་ཐུག་ལུས་མིར་སྣང་རུང་སེམས་ཡི་དམ་ལྷར་སྨིན་ཏེ་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་ཐོབ་ནས་འགྲོ་བའི་དོན་རྒྱ་ཆེར་སྤྱོད་པར་འགྱུར་བ་ཡིན་ནོ། །ལྔ་པ་ནང་ཆོས་དབང་ངག་ལ་སྐུར་བ་ལ་རྒྱས་བསྡུས་གཉིས་ལས། དང་པོ་ནི་ཡིག་དྲུག་སོ་སོའི་ཙཀ་ལི་ཐོགས་ཏེ། ནང་སྔགས་དབང་ངག་ལ་བསྐུར་ནས་ངག་སྔགས་སུ་བྱིན་གྱིས་རླབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་དྲུག་པ་ལྟེ་བར་ཧྲཱིཿཡིག་དཀར་པོས་མཚན་པ་གཅིག་གསལ་བ་ལ། སློབ་དཔོན་གཙོ་བོར་གསལ་བའི་ཐུགས་ཀ་ནས་ཡི་གེ་དྲུག་པའི་སྔགས་ཕྲེང་ཤེལ་དཀར་གྱི་ཕྲེང་བ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གའི་པད་འདབ་སྟེང་དུ་འཁོད་པ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། རྒྱལ་བའི་ཐུགས་རྗེ་ནུས་པ་མཐའ་དག་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པ་ཙམ་གྱིས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ། སྟོང་ཁམས་ཐམས་ཅད་ཡིག་དྲུག་གི་སྔགས་སྒྲས་འུར་དིར་དུ་གྱུར་པའི་མོས་པ་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ༔ སངས་རྒྱས་ཀུན་གྱིས་བསྔགས་གྱུར་པའི༔ དམ་ཆོས་མ་ལུས་བསྡུས་པའི་བཅུད༔ འགྲོ་བ་ཀུན་གྱི་དཔལ་དུ་ཤར༔ ཡི་གེ་དྲུག་པའི་དབང་ཞིག་བསྐུར༔ སངས་རྒྱས་ཀུན་གྱི་སྙིང་པོའི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བགྱི༔ སངས་རྒྱས་ཐམས་ཅད་བསྡུས་ནས་ནི༔ རིག་སྔགས་རྒྱལ་པོའི་དབང་འདི་བསྐུར༔ ཨོཾ་ནི་སྦྱིན་པའི་ཕ་རོལ་ཕྱིན༔ སེར་སྣ་མེད་པའི་བཅོམ་ལྡན་འདས༔ སངས་རྒྱས་ཀུན་འདུས་ཆོས་ཀྱི་སྐུ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ མ་ནི་བཟོད་པའི་ཕ་རོལ་ཕྱིན། ཁྲོ་བ་མེད་པའི་བཅོམ་ལྡན་འདས༔ བདེ་བ་ཆེན་པོའི་ལོངས་སྤྱོད་རྫོགས༔ དབང་སྐུར་བྱིན་གྱིས༴ ཎི་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན༔ ཉོན་མོངས་སྐྱོན་བྲལ་བཅོམ་ལྡན་འདས༔ སྐུ་གསུམ་ལྷུན་གྲུབ་སྤྲུལ་པའི་སྐུ༔ དབང་སྐུར་བྱིན་གྱིས༴ པད་ནི་བསམ་གཏན་ཕ་རོལ་ཕྱིན༔ རྣམ་གཡེང་མེད་པའི་བཅོམ་ལྡན་འདས༔ ཤེས་བྱ་ཐམས་ཅད་མཁྱེན་པའི་སྐུ༔ དབང་སྐུར་བྱིན་གྱིས༴ མེ་ནི་བརྩོན་འགྲུས་ཕ་རོལ་ཕྱིན༔ ལེ་ལོ་མེད་པའི་བཅོམ་ལྡན་འདས༔ མཁྱེན་བརྩེས་འགྲོ་བ་ཁྱབ་པའི་གསུང༔ དབང་སྐུར་བྱིན་གྱིས༴ ཧཱུྃ་ནི་ཤེས་རབ་ཕ་རོལ་ཕྱིན༔ ཕྲིན་ལས་ཀུན་འདུས་བཅོམ་ལྡན་འདས༔ མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཐུགས༔ དབང་སྐུར་བྱིན་གྱིས༴ གསུང་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ སངས་རྒྱས་ཀུན་གྱིས་བྱིན་བརླབས་པས༔ ཆོས་ཀྱི་སྙིང་པོ་བླ་ན་མེད༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་འཛབ་དབྱངས་དང་བཅས་སྔགས་བྱང་མགྲིན་པར་བཞག །གཉིས་པ་བསྡུས་པ་ནི་ཡིག་དྲུག་གཅིག་བསྡུས་ཐོགས་ལ། ཧྲཱིཿ ཡི་གེ་འབྲུ་དྲུག་སྤྲུལ་སྐུ་ཆོ་འཕྲུལ་དྲུག༔ འགྲོ་དྲུག་སྐྱེ་སྒོ་གཅོད་ཅིང་སྒྲིབ་པ་སྦྱོང༔ ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་བག་ཆགས་ཀུན་བྱང་ནས༔ ཐུགས་རྗེ་ཆེན་པོའི་གསུང་དང་དབྱེར་མེད་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རྒྱས་བསྡུས་གཉིས་ཀར་མཐར་ཤེལ་ཕྲེང་ལག་ཏུ་གཏད་ལ་ཡིག་དྲུག་ལན་བདུན་བཟླས་སུ་བཅུག་པ་ནི་བཟླས་ལུང་འབོགས་པའོ། །ཕན་ཡོན་བཤད་པ་ནི། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན༔ མ་ནི་ཐུགས་རྗེ་ཀུན་ལ་ཁྱབ༔ ཎི་ཡིས་འགྲོ་བ་འདྲེན་པར་བྱེད༔ པད་ཀྱིས་སྡུག་བསྔལ་ཐམས་ཅད་ཞི༔ མེ་ཡིས་སྡིག་སྒྲིབ་སྲེག་པར་བྱེད༔ ཧཱུྃ་གིས་ཡོན་ཏན་ཐམས་ཅད་སྡུད༔ ཡི་གེ་དྲུག་པའི་བྱིན་རླབས་ཀྱིས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ནི༔ ཐར་པའི་ལམ་ལ་འཁོད་པར་འགྱུར༔ རྒྱལ་བ་ཀུན་གྱིས་བྱིན་བརླབས་པ༔ ཡང་སྙིང་འདུས་པའི་སྙིང་པོ་འདི༔ ཕན་བདེ་ཀུན་གྱི་འབྱུང་གནས་ཡིན༔ དངོས་གྲུབ་ཀུན་གྱི་རྩ་བ་ཡིན༔ མཐོ་རིས་བགྲོད་པའི་སྐས་ཀ་ཡིན༔ ངན་སོང་བཀག་པའི་སྒོ་མོ་ཡིན༔ འཁོར་བ་སྒྲོལ་བའི་གྲུ་རྫིང་ཡིན༔ མུན་པ་སེལ་བའི་སྒྲོན་མེ་ཡིན༔ དུག་ལྔ་འཇོམས་པའི་དཔའ་བོ་ཡིན༔ སྡིག་སྒྲིབ་སྲེག་པའི་མེ་དཔུངཡིན༔ སྡུག་བསྔལ་བརྡུང་བའི་ཐོ་བ་ཡིན༔ མདོ་རྒྱུད་བསྟན་བཅོས་དུ་མ་དང༔ ཐོས་བསམ་སྒོམ་གསུམ་ཐམས་ཅད་ཀྱི༔ སྙིང་པོ་གཅིག་ཏུ་བསྡུས་པའི་བཅུད༔ གཅིག་ཆོག་རྒྱལ་པོ་རིན་པོ་ཆེ༔ ཡི་གེ་དྲུག་པ་འདི་ཟློས་ཤིག༔ ཅེས་སྤྲུལ་པའི་རྒྱལ་པོ་དང་གུ་རུ་དབྱེར་མེད་པའི་རྡོ་རྗེའི་གསུང་ཐུགས་ལ་ངེས་པས་ཡི་གེ་དྲུག་མའི་བཟླས་པ་ལ་བརྩོན་པར་ཞུ། དེ་ལྟར་སྔགས་ཀྱི་དབང་ཐོབ་པས་གནས་སྐབས་ངག་བྱིན་གྱིས་བརླབས་པས་བཟླས་བརྗོད་གང་བྱས་འབུམ་འགྱུར་དུ་འཕེལ་བས་མཐུ་ནུས་མྱུར་དུ་འབྱུང་བ་དང་། མཐར་ཐུག་སངས་རྒྱས་རྣམས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཆོས་སྒོ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་དུ་འགྱུར་བ་ཡིན་ནོ། །དྲུག་པ་གསང་བ་རྩལ་དབང་སེམས་ལ་སྐུར་བ་ནི། ཆོས་དབྱུག་སྦ་དཀར་ཚིགས་གསུམ་པ་ཐོགས་ལ། གསང་བ་རྩལ་དབང་སེམས་ལ་བསྐུར་ནས་ཉོན་མོངས་པ་ཡེ་ཤེས་སུ་ངོ་སྤྲོད་པ་ལ་སྦ་དཀར་ཚིགས་པ་གསུམ་པའི་བརྡས་མཚོན་པ་ཡིན་པས་བརྡའི་དོན་འདི་བཞིན་དུ་གོ་བར་གྱིས་ཤིག །དེའང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྟགས་སུ་ཁ་དོག་དཀར་པོ། མ་བཅོས་རང་བྱུང་གི་རྟགས་སུ་གཅིག་པུར་སྐྱེས་པ། སྐུ་གསུམ་རང་ཤར་གྱི་རྟགས་སུ་ཚིགས་པ་གསུམ་དང་ལྡན་པ་སྟེ། དཔེ་འདི་ཇི་ལྟ་བར་རང་གི་སེམས་གདོད་མ་ནས་རྣམ་པར་དག་ཅིང་འཕོ་འགྱུར་མེད་པ། སུས་ཀྱང་མ་བྱས་ཤིང་རང་བྱུང་བ། སྐུ་གསུམ་ཡེ་ཤེས་ལྔ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཚང་ཞིང་རྫོགས་པ་ཡིན་ཏེ། དེ་ཉིད་གང་ཡིན་ན་ད་ལྟའི་ཤེས་པ་རྗེན་པ་བཅོས་སླད་མ་བྱས་པའི་རང་ངོ་འདི་ཉིད་ཡིན་ཏེ། འདིའི་རང་ངོ་རིག་མ་རིག་གི་ཁྱད་པར་ལས་འཁོར་འདས་སོ་མཚམས་གྱེས་པ་ཡིན་ནོ། །སེམས་ཉིད་རང་དབང་ཐོབ་པ་ལས་གཞན་པའི་དབང་བསྐུར་དུ་མེད་དོ། །བསྐུར་དུ་མེད་པའི་དབང་མཆོག་འདི་ནི་རིག་པ་རྩལ་གྱི་དབང་དམ་པ་ཡིན་པས་ངོ་ཤེས་པརམཛོད་ཅིག །ཅེས་བརྗོད་ཅིང་ཆོས་དབྱུག་སློབ་མའི་སྙིང་གར་གཏད་ལ། རང་བྱུང་ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྣ་ཚོགས་འཆར་བ་རིག་པའི་རྩལ་ཡིན་ཏེ༔ དབང་པོ་ཚོགས་དྲུག་ཡུལ་དྲུག་དབྱིངས་ན་གསལ༔ ཉོན་མོངས་དྲུག་ནི་སྐུ་དྲུག་ཡེ་ཤེས་དྲུག༔ རང་ཤར་རང་གྲོལ་ཆོས་ཉིད་རོལ་པའི་ངང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཀྱེ། རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་ཉོན་མོངས་པ་དྲུག་སྤང་དུ་མེད་དོ༔ ཡེ་ཤེས་དྲུག་དང་སྐུ་དྲུག་རང་བྱུང་དུ་ཤར་ཞིང་རང་བྱུང་དུ་གྲོལ་བ་ཡིན་ནོ༔ འདི་ལྟར་དབང་ཐམས་ཅད་ཀྱི་མེས་པོ་རིག་པ་རྩལ་གྱི་དབང་ཐོབ་པས་ནི་དབང་ཐམས་ཅད་དུས་གཅིག་ལ་ཐོབ་པ་ཡིན་ནོ༔ དབང་ཡང་དག་པ་དེ་གང་ལ་བྱ་ཞེ་ན༔ དེ་ཡང་སངས་རྒྱས་དང་སེམས་ཅན་ནི་རིག་མ་རིག་ལས་བྱུང་སྟེ༔ མ་རིག་ན་འཁོར་བ་ངན་སོང་ཡིན་ཞིང༔ རིག་ན་སངས་རྒྱས་ཡིན་ཕྱིར༔ རང་རིག་པ་བྱང་ཆུབ་ཀྱི་སེམས་ནི༔ ནངས་རྟོགས་ན་ནངས་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས༔ བྱང་ཆུབ་ཀྱི་སེམས་འདི་ཉིད་ཀྱི་རང་ངོ་ལ་ནི་སངས་རྒྱས་པ་ལྟར་སྣང་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་མ་གྲུབ༔ ངན་སོང་དུ་འགྲོ་བ་ལྟར་སྣང་ཡང་ངན་སོང་གི་ངོ་བོ་ཉིད་ཀྱང་མ་གྲུབ་སྟེ༔ བདེ་སྡུག་ཇི་ལྟར་སྣང་ཡང་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ལ་བྲི་བ་དང་གང་བ་མེད་དོ༔ འོ་ན་དེ་ལྟ་བུའི་དབང་དེ་སློབ་དཔོན་གང་གིས་སློབ་མ་གང་ལ་བསྐུར་ན༔ བླ་མ་རང་སེམས་སུ་རྟོགས་པ་གཅིག་གིས༔ སློབ་མ་ཡེ་ཤེས་ཀྱི་ཆ་ལ་གཏོགས་པ་ལ་བསྐུར་ཏེ༔ སྣང་སྲིད་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་གི་གཟུགས་བརྙན་རང་བྱུང་གི་དཀྱིལ་འཁོར་ཡིན་ཏེ༔ དེ་ལྟ་བུའི་དཀྱིལ་འཁོར་མཐོང་བར་འདོད་པ་ནི་གདོང་གཡོགས་གྲོལ་བ་ཡིན་ནོ༔ རང་རིག་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉག་གཅིག་སྟོང་གསལ་ཆེན་པོ་མཐོང་བ་ནི་མིག་ཕྱེ་བའོ༔ རང་རིག་པ་ཆོས་ཀྱི་སྐུར་ཡིད་ཆེས་པ་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་མཇལ་བའོ༔ དེའི་ངང་ལས་རང་སེམས་ཆོས་ཀྱི་སྐུ་ལས་མི་འགྱུར་བ་ནི་དཀྱིལ་འཁོར་དུ་ཞུགས་པའོ༔ རང་རིག་ཆོས་སྐུར་བརྟན་པ་ཐོབ་ཅིང་མངོན་དུ་གྱུར་པ་ནི་དབང་དང་དངོས་གྲུབ་ཐོབ་པ་ཡིན་ནོ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པས། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དང་ཤེས་སྒྲིབ་དག །འབྲས་བུ་ཆོས་ཀྱི་སྐུ་ཐོབ། ལམ་གྱི་མཆོག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྐལ་པ་ཅན་དུ་གྱུར་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ། རྗེས་གནང་། ངོ་སྤྲོད། དམ་ཚིག་བཟུང་བ་ལ་སོགས་པའོ། །དང་པོ་རང་དོན་དུ་རྗེས་སུ་གནང་བ་ནི། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་དུས་ད་ནས་བཟུང་སྟེ་མཐར་ཐུག་བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུས་ནམ་དུའང༔ ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་འཁོར་ལོ། སེམས་ཆོས་ཉིད་ཀྱི་རོལ་པ་ལས་སྐད་ཅིག་ཀྱང་མི་འབྲལ་བ་ལ་འབད་པར་གྱིས་ཤིག །དེས་ནི་ཚེ་འདིར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་འགྲུབ་ངེས་པ་ཡིན་ནོ༔ གཉིས་པ་གཞན་དོན་རྗེས་གནང་ནི། སློབ་མ་གཞན་དོན་ནུས་པ་ལ་གདན་ཁྲི་བཤམ་པ་སོགས་ལག་ལེན་ལྟར་བྱ། སྤྱི་ལ་ཡིད་ཀྱིས་དམིགས་ཤིང་། གདུགས་སོགས་ཚིག་དང་བསྟུན་ཅིང་གཏད་ལ། ཁྱེད་རང་རྣམས་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་དཀྱིལ་འཁོར་གཙོ་མཆོག་ཐུགས་རྗེ་ཆེན་པོའི་གཟུགས་ཀྱིས་འཁོད་པའི་སྟེང་དུ་གདུགས་ཕུབ། ཕྱག་ཏུ་ཆོས་དུང་སོགས་གཏད། མཆོད་པའི་བྱེ་བྲག་གིས་མཐའ་བསྐོར་ཏེ་མངའ་གསོལ་བར་མོས་ཤིག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས༔ འགྲོ་བའི་སྡུག་བསྔལ་སྐྱོབ་པར་གྱིས༔ ཆོས་ཀྱི་དུང་ནི་བླ་མེད་མཆོག༔ དྲི་མེད་ཀུན་ཏུ་གང་བར་གྱིས༔ འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས༔ སྙིང་རྗེ་ཆེན་པོ་བློ་ཡི་མཆོག༔ བདུད་རྩིའི་ཆུ་རྒྱུན་དབབ་པར་གྱིས༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཉོན་མོངས་སྐྱོན་གྱིས་མ་གོས་གྱིས༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ སེམས་ཅན་དོན་ཀུན་སྒྲུབ་པར་གྱིས༔ རྡོ་རྗེ་འཛིན་པ་སློབ་དཔོན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བསྐུར་ཞིང་མེ་ཏོག་འཐོར། ཆོས་བཀའ་ཡོངས་རྫོགས་ཀྱི་གླེགས་བམ་ན་བཟས་དྲིལ་བ་ལག་ཏུ་གཏད་ལ། རིགས་ཀྱི་བུ་ཁྱོད་ཀྱིས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་འདི་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་སྟོབས་བསྐྱེད་ནས་སྒྲུབས་ཤིག༔ ཤོད་ཅིག༔ སྟོན་ཅིག༔ འགྲོ་དོན་རྒྱ་ཆེན་པོ་གྱིས་ཤིག༔ ཅེས་དང་དབྱངས་གསལ་རྟེན་སྙིང་བརྗོད་དོ། །གཉིས་པ་དབང་གི་ངོ་སྤྲོད་ནི། རྒྱས་པར་སྤྲོ་ན་གཏེར་གཞུང་ཉིད་བླངས་ལ་འདིར་མཐར་ཆགས་སུ་བཀླག །སྐབས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། མི་སྤྲོ་ན་ཆད་པའི་སྐྱོན་ཡང་མེད་དོ། །གསུམ་པ་དམ་ཚིག་བཟུང་བ་ནི། མཐར་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་ལས་འགྲོ་གླིང་པའི་ཟབ་གཏེར་གངས་ཅན་ལྗོངས་ཀྱི་ལྷ་སྐལ་ཡབ་ཆོས་ཁྱད་པར་དུ་གྱུར་པ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ངན་སོང་རང་གྲོལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་ཡིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པས་གཞན་དོན་རླབས་པོ་ཆེ་སྒྲུབ་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་ཚུལ་བཞིན་དུ་སློབ་པར་ཁས་བླང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་མཆོད་བྱིན་དབབ་ནས་ཤིས་བརྗོད་བར་བྱས་པས་འགྲུབ་བོ། །སྟོང་ཉིད་མཁའ་ལ་སྙིང་རྗེའི་འཛུམ་ཟེར་བཞད། །འཁོར་བ་ངན་སོང་སྡུག་བསྔལ་གསུམ་གྱི་མུན། །འཕགས་མཆོག་དགོངས་པའི་ཀློང་དུ་རང་གྲོལ་ནས། །སྲིད་ཞི་མཉམ་ཉིད་ཐིག་ལེ་གཅིག་གྱུར་ཤོག །ཅེས་གྲུབ་དབང་རྒོད་ཕུག་པ་ཆེན་པོའི་གསུང་རབ་ཚིག་ཚོགས་མང་བས་དབང་བསྐུར་མཁན་པོ་ཚར་སྐྱེན་འདོད་པ་རྣམས་ཀྱིས་ངལ་གསོར་བཞུགས་སུ་གསོལ་བར་སྣང་བས། རང་མཉམ་ལ་ཁྱེར་བདེར་དམིགས་ནས་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་འཕགས་པའི་བཞུགས་གནས་དཔལ་རི་གླང་ཆེན་འགྱིང་འདྲའི་ནགས་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲོ་རྒྱལ་སྨེ་བརྩེགས་ཀྱི་སྒོ་ནས་ཉམས་གྲིབ་མེ་ཡིས་སྲེག་ཐབས་སྦྱིན་སྲེག་བལྟས་ཆོག་ཏུ་བཀོད་པ་ (Volume 47, Text 40)
༄༅། །གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲོ་རྒྱལ་སྨེ་བརྩེགས་ཀྱི་སྒོ་ནས་ཉམས་གྲིབ་མེ་ཡིས་སྲེག་ཐབས་སྦྱིན་སྲེག་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། གཏུམ་ཆེན་འཆོལ་བའི་ཁྲོ་རྒྱལ་ཆེ། །སྨེ་བརྩེགས་པ་ལ་གུས་བཏུད་ནས། །མི་གཙང་ཉམས་གྲིབ་བསྲེག་བྱའི་ཕྱིར། །གཏེར་གཞུང་དགོངས་པ་ཇི་བཞིན་བཤད། །དེ་ལ་སྦྱོར་བ་ཡོ་བྱད་བཤམ་པ། དངོས་གཞི་ཆོ་ག་ལག་ལེན་བྱེད་པ། རྗེས་ཀྱི་ཆོ་ག་དང་གསུམ་ལས། དང་པོ་ནི། ས་སློང་དང་བཅས་ཞི་བའི་མེ་ཐབ་སྤྱི་བཞིན་བྲི་ཞིང་། བ་ལུ་སོགས་ཞི་བའི་ཤིང་དང་ལྕི་བ་སྲོག་ཆགས་མེད་པའི་བུད་ཤིང་ཟླུམ་པོར་བརྩེག །གཡས་ཕྱོགས་སུ་གཞི་དཀར་པོའི་སྟེང་། ཡམ་ཤིང་། ཏིལ། ཟས་མཆོག །འབྲས། དཱུརྦཱ། སོ་བ། ནས། སྲན་མ་དཀར་པོ། ཀུ་ཤ །གྲོ་བཅས་བསྲེག་རྫས་བཅུ། ཤེལ་དང་དུང་སོགས་སྣོད་དཀར་པོའི་ནང་དུ་བཤམ། གཡོན་ཕྱོགས་སུ་གཞི་དཀར་པོའི་སྟེང་དངུལ་སྣོད་དུ་ཉེར་མཆོད་ཕྲེང་ཚར། གོས་ཟུང་གོ་ཡུ་དང་ཚ་ལ་དཀར་པོ་བསྲེས་པའི་སོ་རྩི། མེ་ལྷའི་གཏོར་མ་བཅས་དང་། རང་མདུན་དུ། ཡུངས་དཀར། བསང་ཆུ། མར་ཁུ། དགང་གཟར་བླུག་ཁ་སྦྱར། ཌཱ་དྲིལ་འཐོར་ནས་སོགས་འདུ་བྱ། བདེ་བའི་སྟན་དཀར་པོ་ལ་ཆས་གོས་དཀར་པོ་ཤེལ་དང་མུ་ཏིག་སོགས་ཀྱི་རྒྱན་དང་བཅས་ཞལ་ཤར་དུ་ཕྱོགས་པས་འཁོད། ལུས་གནད་སྐྱིལ་ཀྲུང་དང་། ལག་གཉིས་རྡོར་དྲིལ་དང་མ་བྲལ་བར། ངག་སྨྲ་བཅད། ཡིད་ཏིང་འཛིན་དང་མ་བྲལ་བར་བྱ། གཉིས་པ་དངོས་གཞི་ལ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོ་གའོ། །ཐོག་མར་སྐྱབས་སེམས་ཚོགས་གསག་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་བཅས་བྱས་ལ་མིག་གྱེན་དུ་བལྟས་ནས། སྦྱིན་སྲེག་གི་མཆོད་པ་བྱིན་བརླབ། ཨོཾ་བཛྲ་ཨ་མྲྀཏ་སོགས། སྟོང་པའི་ངང་ལས་མཆོད་སྦྱིན་རྫས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་རང་རང་དྭངས་མའི་བཅུད༔ ལས་ཀུན་སྒྲུབ་པའི་ནུས་ལྡན་གྱུར༔ ཨོཾ་སྭཱ་ཧཱ༔ ཨོཾ་ཨཱཿསྭཱ་ཧཱ༔ ཨོཾ་ཤྲཱིཾ་སྭཱ་ཧཱ༔ ཨོཾ་ཛྲིཾ་སྭཱ་ཧཱ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཛྭ་ལ་རཾ་ཞེས་མེ་སྦར༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་རླུང་གཡབ་ཀྱིས་གཡབ༔ ཀུ་ཤ་བཀྲམ་པའི་ལུགས་བྱ་ན་སྭཱ་ཧཱ་བརྒྱད་ཀྱིས་བཀྲམ། མཆན། ཧཱུྃ་ཞེས་བརྗོད་པས་བདེ་བར་གཤེགས༔ སྲས་དང་བཅས་པའི་བྱིན་རླབས་ཀུན༔ ཧཱུྃ་གི་རྣམ་པས་ནམ་མཁའ་གང༔ གཅིག་ཏུ་འདུས་ནས་ཧཱུྃ་དུ་གྱུར༔ དེ་ཉིད་ས་གཞིར་བབས་པ་ལས༔ སྨེ་བ་བརྩེགས་པའི་སྐུ་རུ་གྱུར༔ ཐུགས་ཀའི་ཧཱུྃ་ལས་མེ་འབར་བས༔ ཁམས་གསུམ་འཇིག་རྟེན་བསྲེགས་ཤིང་སྦྱངས༔ ཁྲོ་བོ་འོད་ཞུ་ཨོཾ་ཨཱཿཧཱུྃ༔ ཨོཾ་ལས་ཁོར་ཡུག་ཤེལ་གྱི་གཞི༔ ཡངས་ཤིང་རྒྱ་ཆེ་བཀོད་ལེགས་པར༔ ཨཱཿལས་དཔག་ཚད་ཁྱབ་པའི་ཐབ༔ དཀར་གསལ་ཚད་དང་མཚན་ཉིད་རྫོགས༔ ཧཱུྃ་ལས་ཁྲོ་བོའི་རང་བཞིན་གྱི༔ འབར་བ་མེ་ཡི་དཀྱིལ་འཁོར་དབུས༔ མེ་ཡི་དྭངས་བཅུད་འདུས་པའི་དངོས༔ རཾ་ལས་མེ་ལྷ་སྐུ་མདོག་དཀར༔ ཕྱག་གཉིས་སྐྱབས་སྦྱིན་བགྲང་ཕྲེང་འཛིན༔ རིན་ཆེན་རྒྱན་ལྡན་ར་སྐྱེས་འཆིབ༔ འབར་བའི་ཀློང་ན་དྲང་སྲོང་ཚོགས༔ འབུམ་ཕྲག་མང་པོས་བསྐོར་བ་ཡི༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ མེ་ལྷ་འཁོར་བཅས་སྤྱན་དྲངས་བསམ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་འབྱུང་པོའི་རྒྱལ་པོ་ཆེ༔ ཨགྣེ་རཱ་ཛ་འཁོར་དང་བཅས༔ མཆོད་སྦྱིན་བཞེས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨགྣེ་རཱ་ཛ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཕེཾ་ཕེཾ༔ ཡུངས་དཀར་བྲབ་ཅིང་རྡོ་རྗེ་གསོར༔ ཧཱུྃ་བཞིས་ཕྱིར་འབྲངས་བགེགས་བསྐྲད་དེ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དམ་ཚིག་པ་དང་ཡེ་ཤེས་པ། །དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཨོཾ་ཨགྣེ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ སོགས་ཀྱིས་མཆོད། ལག་གཉིས་ཀྱིས་དགང་བླུག་འཛིན་བཞིན། དགང་བླུག་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེའི་ལྗགས་སྟེང་རཾ་དམར་པོས༔ བསྲེག་བླུག་བདུད་རྩི་དྲངས་ཤིང་གསོལ༔ མཉེས་ཚིམས་ཕྲིན་ལས་མཛད་པར་བསམ༔ མར་ཁུ་ལན་གསུམ་སོགས་ཕུལ། ཧཱུྃ༔ རྣམ་དག་ཡེ་ཤེས་ཞལ་ཧོམ་དུ༔ རང་བཞིན་དག་པའི་བདུད་རྩིའི་ཚོགས༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ ཉམས་གྲིབ་སྦྱང་བའི་ཕྲིན་ལས་མཛོད༔ ཨོཾ་ཨགྣེ་རཱ་ཛ་ཏིང་ངེ་འཛིན་ལ་དམ་གྲིབ་ཕོག་པ་དང་ཕོག་པའི་རྒྱུ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱོན་སྐྱེམས་སོ༔ དེ་ནས་བསྲེག་རྫས་རྣམས་རིམ་བཞིན་འབུལ་ཞིང་འབུལ་ཚུལ་ཕྱག་ལེན་སྤྱི་བཞིན་བྱའོ། །ཨོཾ་ཨགྣེ་རཱ་ཛ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ༔་་་བཅུའམ་བདུན་སོགས་སྐབས་དང་སྦྱར། མཆན། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡམ་ཤིང་ངོ༔ ཨོཾ་ཨགྣེ་རཱ་ཛ་ཨགྣ་ཡེ་ཤྲཱིཾ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མར་ཁུའོ༔ ཨོཾ་དང་རྫས་སྔགས་བར་ཨགྣེ་རཱ་ཛ་སྦྱར་བ་འོག་མ་ཀུན་ལ་འགྲེའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྒྲིབ་པ་མེད་པ་ཕུན་སུམ་ཚོགས་པ་ལ༴ ཏིལ་ལོ༔ ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ༴ ཟས་མཆོག་གོ༔ ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ བཀྲ་ཤིས་པ་ཕུན་སུམ་ཚོགས་པ་ལ༴ འབྲས་སོ༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཚེ་ཕུན་སུམ་ཚོགས་པ་ལ༴ དཱུརྦཱའོ༔ ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཕྱོགས་ལས་རྣམ་པར་རྒྱལ་བ་ཕུན་སུམ་ཚོགས་པ་ལ༴ སོ་བའོ༔ ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ༴ ནས་སོ༔ ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ༴ སྲན་མ་དཀར་པོའོ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ སྲུང་བ་ཕུན་སུམ་ཚོགས་པ་ལ༴ ཀུ་ཤའོ༔ ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གྲོའོ༔ བརྒྱ་རྩ་ལ་སོགས་ཕུལ་བའི་མཐར༔ ཡུངས་དཀར་འཐོར་ཞིང་འདོད་དོན་གསོལ༔ ཧོ༔ དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བདག་ཅག་ལ་་་གནས་འདིར་ཞེས་སྒྱུར།མཆན། གྲིབ་དང་མི་གཙང་བ་དང་དམ་ཚིག་ཉམས་ཆག་གི་རྐྱེན་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་ལེགས་པའི་ལམ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༔ མེ་ཉིད་ཡེ་ཤེས་ཆེན་པོའི་མེར་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ མར་ཁུ་བླུག་གཟར་བཀང་སྟེ་་་ལན་བདུན།ཕུལ༔ དེ་དག་ནི་འཇིག་རྟེན་པའི་མེ་ལྷར་བསྲེག་བླུག་འབུལ་བའི་ཆོ་གའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཆོ་ག་ནི། མེ་ལྷ་འབར་བའི་རྣམ་པའི་ཀློང༔ ཁྲོ་རྒྱལ་སྨེ་བ་བརྩེགས་པ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་ཏུ་ཁྲོས་པའི་གཟི་བྱིན་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་འཇིགས་པའི་ལྟ་སྟངས་ཅན༔ དབུ་སྐྲ་གྱེན་བརྫེས་རྡོ་རྗེའི་ཏོག༔ རྡོ་རྗེའི་ཐོད་རིམ་གཉིས་བརྩེགས་བཅིངས༔ རིན་ཆེན་སྦྲུལ་དང་དུར་ཁྲོད་ཆས༔ རྡོ་རྗེའི་ཕྲེང་བའི་དོ་ཤལ་འཕྱང༔ ཡེ་ཤེས་མེ་དཔུང་ཆེར་འཁྲུགས་ཀློང༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་འགྱིངས༔ རྩ་བརྒྱུད་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོས་བསྐོར༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསམ༔ བདུག་སྤོས་འཐུལ་ཞིང་དབྱངས་སྙན་པོས༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ འགྲོ་དོན་དུས་ལ་ད་བབས་ཀྱི༔ འཕགས་པའི་ཚོགས་བཅས་གཤེགས་སུ་གསོལ༔ བདག་གི་ལས་འདི་འགྲུབ་པར་མཛོད༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷཱ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ བྱོན་སྐྱེམས་འབུལ་བ་ནི། མར་ཁུ་ལན་བདུན་འབུལ་ཞིང་། ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ས་པ་རི་ཝཱ་ར་ཏིང་ངེ་འཛིན་ལ་དམ་གྲིབ་ཕོག་པ་དང་ཕོག་པའི་རྒྱུ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་དང་། བཞུགས་གསོལ་ནི། ཧཱུྃ༔ བཀྲ་ཤིས་གནས་མཆོག་ཉམས་དགའ་བར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རིག་པ་ཡེ་ཤེས་ཕྱག་རྒྱའི་ལྷ༔ དགྱེས་ཤིང་ཕྲིན་ལས་མཛད་ཕྱིར་བཞུགས༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཕྱག་འཚལ་བ་ནི། ཧཱུྃ༔ སྒྲིབ་མེད་རོལ་པའི་སྐུ་གསུང་ཐུགས༔ སེམས་ཅན་ཁམས་ལ་རྗེས་བརྩེ་བས༔ གང་འདུལ་འགྲོ་བའི་དོན་མཛད་པའི༔ མགོན་པོ་ཁྱོད་ལ་བདག་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སོགས། ཤབྡའི་བར་གྱིས་མཆོད། དགང་བླུག་སྦྲེང་བཞིན། དགང་བླུག་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེའི་ལྗགས་སྟེང་ཧཱུྃ་དམར་པོས༔ བསྲེག་བླུག་བདུད་རྩི་དྲངས་ཤིང་གསོལ༔ དེ་ཡིས་རབ་ཏུ་མཉེས་ཤིང་ཚིམས༔ ཟླ་བ་ལྟ་བུའི་འོད་ཟེར་གྱིས༔ སྣོད་བཅུད་ཉམས་གྲིབ་ཀུན་སྦྱངས་བསམ༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ས་པ་རི་ཝཱ་ར་ཏིང་ངེ་འཛིན་ལ་དམ་གྲིབ་ཕོག་པ་དང་ཕོག་པའི་རྒྱུ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བསྲེས་རྫས་རྣམས་རིམ་བཞིན་འབུལ་ཞིང་། ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ས་པ་རི་ཝཱ་ར་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡམ་ཤིང་ངོ༔ དེ་བཞིན་ལྷ་སྔགས་འདི་ལྟར་སྤེལ་བཞིན་གོང་གི་མེ་ལྷའི་སྐབས་ལྟར་བསྲེག་རྫས་བཅུ་པོ་གྲངས་ཅི་ནུས་འབུལ་ལ། མཐར་གོས་ཟུང་འབུལ་བ་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་ཕུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲ་ཡ་སྭཱ་ཧཱཿ ཞེས་འབུལ། ཨོཾ་བཛྲ་ཏམྦུ་ལ་སྭཱ་ཧཱ༔ ཞེས་པས་སོ་རྩི་འབུལ། འདོད་དོན་གསོལ་བ་ནི། ཧོ༔ བཅོམ་ལྡན་ཐུགས་རྗེའི་བདག་ཉིད་ཀྱིས༔་་་རྫས་རེ་རེ་མཐར་འདོད་གསོལ་རེ་རེ་སྦྱར། མཆན། རང་གིས་ཉམས་དང་རྐྱེན་གྱིས་ཉམས༔ དམ་གྲིབ་ཕོག་པའི་ཉམས་པ་ཡིས༔ གནས་སྐབས་མཐར་ཐུག་ལེགས་ཚོགས་ལ༔ བར་དུ་གཅོད་པ་ཐམས་ཅད་ཀུན༔ ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ ཆོས་ཉིད་བདེན་པའི་བྱིན་རླབས་དང༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་དང༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་གྱི༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི༔ ནུས་མཐུ་བསམ་གྱིས་མི་ཁྱབ་དང༔ ཁྱད་པར་བདེ་གཤེགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོ་ནི༔ བཅོམ་ལྡན་སྨེ་བ་བརྩེགས་པ་ཡི༔ བདེན་པའི་བྱིན་རླབས་ནུས་མཐུ་ཡིས༔ ཉམས་གྲིབ་ཟས་གྲིབ་གོས་ཀྱི་གྲིབ༔ གནས་གྲིབ་འགོས་གྲིབ་གདོན་གྱི་གྲིབ༔ དམེ་གྲིབ་ཡུགས་གྲིབ་ལ་སོགས་པ༔ གྲིབ་དང་མི་གཙང་རྒྱུར་བཅས་ཀུན༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེགས༔ ཆོས་ཉིད་རླུང་གིས་རྗེས་མེད་གཏོར༔ བྱང་སེམས་ཆུ་ཡིས་བག་ཆགས་བཀྲུས༔ འབྱུང་བ་ལྔ་ཡི་དབྱིངས་སུ་ཐིམ༔ ལྷག་མ་མེད་པར་དག་གྱུར་ཅིག༔ ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎ་ཡེ་བྷུར་ཙི་བྷུར་ཀི་བྷི་མ་ལེ་ཨུ་ཙུཥྨ་ཀྲོ་དྷཱ་ཧཱུྃ་ཕཊ༔ སརྦ་མ་ལ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ༴ རཾ་ཧོ༴ བཾ་ཧོ༴ ལཾ་ཧོ༴ ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་ལན་བདུན་སོགས་བརྗོད། མེ་ཟེར་ཕྱོགས་མཚམས་ཀུན་ཏུ་གཏོར༔ བདག་གཞན་རྟེན་དང་བརྟེན་པ་ཡི༔ གྲིབ་དང་མི་གཙང་ལྷག་མེད་བསྲེགས༔ ཆོས་ཉིད་དབྱིངས་སུ་དག་པར་བསམ༔ གསུམ་པ་རྗེས་ཀྱི་ཆོ་ག་ལ་འཇིག་རྟེན་ལས་འདས་པ་དང་། མ་འདས་པ་གཉིས་སོ། །དང་པོ་ནི། ཨོཾ་ཨུ་ཙུཥྨ་ཀྲོ་དྷ་ས་པ་རི་ཝཱ་ར་ཨརྒྷཾ༴ པུཥྤེ་སོགས་ཀྱིས་མཆོད་ཅིང་། བསྟོད་པ་ནི། ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ ཁྲོ་བོའི་རྒྱལ་པོ་འཆོལ་བ་ཆེ༔ སངས་རྒྱས་ཀུན་གྱི་བྱིན་རླབས་བདག༔ ཉམས་གྲིབ་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཡེ་ཤེས་པ་རྣམས་རང་བཞིན་གནས་སུ་གཤེགས། །དམ་ཚིག་པ་རང་ལ་ཐིམ་པར་གྱུར། །ཅེས་བརྗོད། མར་ཁུ་ལན་གསུམ་ཕུལ་ལ།་་་ཨོཾ་ཨགྣ་ཡེ་སྭཱ་ཧཱཿ མཆོད་ཡོན་སྦྲེང་ལ།་་་ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔་་་མཆན། སླར་ཡང་འབར་བའི་རྣམ་པ་ལས། །བཞེངས་ནས་དྲང་སྲོང་སྔར་བཞིན་གྱུར། །ཡམ་ཤིང་ནས་གྲོའི་བར་བསྲེག་རྫས་རྣམས་སྔར་མེ་ལྷའི་སྐབས་བཞིན་ཅི་ནུས་འབུལ། དེ་ནས་གཏོར་མ་དགང་བླུག་གིས་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཧཱུྃ༔ མེ་ལྷའི་རྒྱལ་པོ་གཟི་བརྗིད་ཅན༔ རྒྱལ་བ་ཀུན་གྱི་ཕྲིན་ལས་པ༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ འཇིག་རྟེན་མགོན་ལ་ཕྱག་འཚལ་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཉམས་གྲིབ་མི་གཙང་ཞི་བ་དང༔ ཚེ་དཔལ་འབྱོར་པ་རྒྱས་མཛད་གསོལ༔་་་ཨརྒྷཾ་སོགས་ཀྱིས་མཆོད། གོས་ཟུང་སོ་རྩི་སྔར་ལྟར་འབུལ། བསྟོད་པ། ཧཱུྃ༔ ཤར་ལྷོའི་ཕྱོགས་ལ་དབང་བསྒྱུར་བ༔ འཛིན་བྱེད་འབར་བ་མེ་ཡི་ལྷ༔ ཞི་བའི་ལས་ཀུན་འགྲུབ་མཛད་པར༔ མཆོད་ཅིང་བསྟོད་དོ་ཕྲིན་ལས་མཛོད༔ ཅེས་བསྟོད། ཞེས་བརྗོད། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ།་་་མཆོད་ཡོན་སྦྲེང་། མཆན། གཤེགས་བསྡུ་དགེ་བ་བསྔོ་བ་སྤྱི་བཞིན་དང་། ཤིས་བརྗོད་མེ་ཏོག་འཐོར་བར་བྱའོ། །དེ་ལྟར་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ལས་བྱུང་བའི་སྨེ་བརྩེགས་ཀྱི་སྒོ་ནས་ཉམས་གྲིབ་སེལ་བའི་ཆོ་ག་འདི་བཞིན། གཏེར་གཞུང་སོར་བཞག་ལ་བལྟས་ཆོག་ཏུ་བཀོད་པ་འདི་ནི། རང་གཞན་མང་པོའི་དོན་དུ་ཀརྨ་པ་བཅུ་བཞི་པ་ཐེག་པ་མཆོག་གི་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ། སླར་ཡང་གཏེར་ཆེན་ཉིད་ཀྱིས་མཆན་འདེབས་པར་མཛད་པའོ།། །།
འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས༔ རྩ་བའི་སྒྲུབ་ཐབས་སྒྱུ་འཕྲུལ་དྲྭ་བ་ (Volume 10, Text 40)
འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས༔ རྩ་བའི་སྒྲུབ་ཐབས་སྒྱུ་འཕྲུལ་དྲྭ་བ་བཞུགས་སོ༔ ༔ འཆི་མེད་རྩ་གསུམ་ལྷ་ལ་འདུད༔ མ་འོངས་སྐལ་ལྡན་སྐྱེས་བུ་རྣམས༔ པདྨ་བདག་ལ་སྐྱབས་གསོལ་ནས༔ དངོས་གྲུབ་རྣམ་གཉིས་དོན་གཉེར་ན༔ དབང་ཐོབ་དམ་ཚིག་ལ་གནས་པས༔ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ ཡར་མར་ཚེས་བཅུའི་དུས་ཀྱི་ཚེ༔ སྐུ་གསུང་ཐུགས་ཀྱི་སྣང་བརྙན་མདུན༔ ཕྱི་ནང་མཆོད་ཚོགས་བཟང་དུ་བཤམ༔ ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ཏེ༔ སྔོན་དངོས་རྗེས་ཀྱི་རྣལ་འབྱོར་གྱིས༔ ཟབ་མོའི་ལམ་འདིར་འཇུག་པར་བྱ༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་བ་གསུམ་གྱི་དངོས༔ རང་རིག་མཚོ་སྐྱེས་རྡོ་རྗེ་ལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ གཞན་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ རིམ་གཉིས་རྣལ་འབྱོར་ཉམས་བླངས་ནས༔ སྲིད་ཞིར་མི་གནས་འོད་གསལ་དབྱིངས༔ ཁམས་གསུམ་བསྒྲལ་བར་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བདུན་པ་ནི༔ ཧོ༔ འཆི་མེད་རྩ་གསུམ་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཆོས་དབྱིངས་སྙིང་པོར་བསྔོ༔ བཞི་པ་སྔོན་གཏོར་སྦྱིན་པ་ནི༔ ཧཱུྃ༔ ཀུན་བརྟགས་འཁྲུལ་པའི་གདོན་བགེགས་ཚོགས༔ གཞན་དབང་དག་པ་རབ་འབྱམས་ཀྱི༔ འདོད་ཡོན་གཏོར་མ་འདི་ལོངས་ལ༔ ཡོངས་གྲུབ་གཉུག་མའི་དབྱིངས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧྲཱི༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་ཕྱོགས་མཚམས་ཀུན༔ གཟུང་འཛིན་མཚན་མས་མི་ཕྱེད་པའི༔ རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཛྙཱ་ན་རཀྵ་ཧཱུྃ་བྷྲཱུྃ༔ དྲུག་པ་ཡེ་ཤེས་བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ དབྱིངས་རིག་ཟུང་འཇུག་ཕོ་བྲང་ནས༔ འཆི་མེད་རྩ་གསུམ་ལྷ་ཚོགས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ གནས་ཡུལ་བདེ་ཆེན་པདྨོ་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་འདོད་ཡོན་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ དང་པོ་བསྐྱེད་པའི་རྣལ་འབྱོར་ལས༔ དམ་ཚིག་འཁོར་ལོ་བསྐྱེད་པ་ནི༔ ཨ༔ གཞི་དབྱིངས་ཀ་དག་དེ་བཞིན་ཉིད༔ སྔོན་གྱི་བསྐལ་པ་དང་པོ་ལ༔ གཞི་སྣང་ལྷུན་གྲུབ་སྙིང་རྗེའི་རྩལ༔ སྐུ་དང་ཞིང་ཁམས་རང་ཤར་བའི༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སིནྡྷུ་རྒྱ་མཚོར་རོལ་པའི་གླིང༔ ཤིན་ཏུ་ཉམས་དགའ་ངོ་མཚར་གྱི༔ བཀོད་པ་དུ་མས་མཛེས་པའི་གཞིར༔ ཡན་ལག་བརྒྱད་ལྡན་ཆུ་གཏེར་དབུས༔ པདྨ་གེ་སར་སྡོང་པོ་ལ༔ ཐབས་ཤེས་ཉི་ཟླའི་གདན་གྱི་སྟེང༔ སོ་སོར་རྟོག་པའི་རིག་གདངས་རྩལ༔ རང་སེམས་ཧྲཱིཿཡིག་དམར་པོ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ འོག་མིན་པདྨོ་བཀོད་པའི་ཞིང༔ མི་ཟད་རྒྱན་གྱི་འཁོར་ལོར་རྫོགས༔ ཚུར་འདུས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿཡིས་མཚན་པར་གྱུར༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་འཆི་མེད་མཚོ་སྐྱེས་རྗེ༔ རིག་འཛིན་བླ་མ་ཀུན་གྱི་དངོས༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔ ཞི་འཛུམ་གཞོན་ཚུལ་མཚན་དཔེར་ལྡན༔ ཕྱག་གཡས་སྡིགས་མཛུབ་དང་བཅས་པས༔ གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་ཀ་པཱ་ལ༔ འཆི་མེད་བདུད་རྩིས་བཀང་བ་བསྣམས༔ རང་འོད་བདེ་སྟེར་གསང་བའི་ཡུམ༔ གྲི་གུག་ཐོད་པ་འཛིན་པས་འཁྱུད༔ དར་དང་རིན་ཆེན་ཨུཏྤལ་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་པདྨ་ཟླ་བའི་དབུས༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས༔ དབང་མདོག་ཞལ་གཅིག་ཕྱག་བཞི་པ༔ ཐལ་སྦྱར་ཕྲེང་བ་པདྨ་བསྣམས༔ སྤྱི་བོར་པད་ཉི་བམ་རོའི་སྟེང༔ ཡི་དམ་ཡོངས་འདུས་རྟ་མཆོག་དཔལ༔ དམར་སྨུག་གར་དགུའི་ཉམས་དང་ལྡན༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ སྦྱོར་ཡུམ་འབུམ་ཕྲག་མཁའ་འགྲོའི་གཙོ༔ ཕག་མོ་མཐིང་ནག་དགྱེས་པར་རོལ༔ སྤྱི་གཙུག་རྟ་གདོང་ཕག་ཞལ་བཞད༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ ཞབས་ཟུང་གྱད་ཀྱི་དོར་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་དབུས་ན་འགྱིངས༔ དེ་ཡི་སྤྱི་བོར་པད་ཟླའི་སྟེང༔ རིགས་ཀྱི་བདག་པོ་སྣང་མཐའ་ཡས༔ དམར་གསལ་མཉམ་གཞག་ལྷུང་བཟེད་འཛིན༔ སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་མཛེས༔ སྟེང་ཕྱོགས་འཇའ་ཟེར་ཐིག་ལེའི་ཀློང༔ རྩ་བརྒྱུད་བླ་མ་རིག་འཛིན་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་ཞིང༔ མེ་ཏོག་ཆར་འབེབ་རོལ་མོ་སྒྲོག༔ ཤིས་བརྗོད་རྡོ་རྗེའི་དབྱངས་སུ་ལེན༔ བར་མཚམས་དཔའ་བོ་རྣལ་འབྱོར་མས༔ ཕྱི་ནང་མཆོད་པ་སྤྲིན་ལྟར་གཏིབས༔ མཐའ་སྐོར་རྒྱུད་གསུམ་དྲེགས་པའི་སྡེ༔ བཀའ་ཉན་བྲན་གཡོག་ཚུལ་དུ་འཁོད༔ ཀུན་ཀྱང་སྣང་སྟོང་ཟུང་འཇུག་ངང༔ གཙོ་བོ་གསུམ་གྱི་གནས་གསུམ་དུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲང་གྱུར༔ དེ་ནས་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ མདུན་གྱི་ནམ་མཁར་བཞུགས་པ་ཡི༔ ཡེ་ཤེས་ལྷ་ཚོགས་གནས་གསུམ་ནས༔ གསང་བ་གསུམ་གྱི་བྱིན་རླབས་ཀུན༔ ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི༔ རྣམ་པར་བྱོན་ཏེ་རང་ལ་ཐིམ༔ སྒྲིབ་བཞི་དག་ཅིང་དབང་བཞིས་སྨིན༔ སྐུ་བཞིའི་ས་བོན་རྒྱུད་ལ་བཞག༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ གསོལ་འདེབས་རྡོ་རྗེའི་ཚིག་བདུན་དང༔ བསྙེན་པའི་སྔགས་འདི་སྤེལ་ལ་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ས་མ་ཡ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ལྷ་སྣང་གསལ་ཞིང་བརྟན་པ་ལ༔ རང་ལས་སྤྲུལ་པའི་ལྷ་མོ་ཡིས༔ ཕྱག་འཚལ་མཆོད་ཅིང་བསྟོད་པར་བསམ༔ ཧོ༔ གདོད་ནས་རང་རིག་རྩ་གསུམ་ལྷ༔ འདུ་འབྲལ་མེད་པར་རོ་གཅིག་ཀྱང༔ གཉིས་འཛིན་འཁྲུལ་པ་སྦྱང་བའི་ཕྱིར༔ གུས་པའི་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ རབ་འབྱམས་རྒྱ་མཚོའི་མཆོད་རྫས་རིགས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ འཆི་མེད་རྩ་གསུམ་ལྷ་ཚོགས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཡུལ་དང་དབང་པོ་མཉམ་སྦྱོར་བའི༔ བདེ་ཆེན་རྡོ་རྗེའི་དམ་ཚིག་མཆོག༔ འདོད་ཡོན་རྣམ་པ་ཐམས་ཅད་པས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏིཙྪ་སྭཱ་ཧཱ༔ ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ ཁམས་གསུམ་བསྒྲལ་པའི་རཀྟ་དང༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ འཆི་མེད་རྩ་གསུམ་ལྷ་ཚོགས་མཆོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ ཨཱ༔ དགའ་བཞི་དབུ་མར་སྦྱར་བ་ལས༔ གཟུང་འཛིན་རྟོག་ཚོགས་དབྱིངས་སུ་བསྒྲལ༔ འཁོར་གསུམ་མཚན་མ་ལས་འདས་པའི༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ ཏ་ན་ག་ཎ་ཛྙཱ་ན་པཱུ་ཛ་ཧོ༔ ཧྲཱི༔ ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང༔ སྐུ་གསུམ་དབྱེར་མེད་ཁྱོད་ལ་བསྟོད༔ རིག་འཛིན་བླ་མ་ཀུན་གྱི་དངོས༔ ཡི་དམ་ཞི་ཁྲོའི་འཁོར་ལོས་སྒྱུར༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་རྗེ༔ རྩ་གསུམ་ཀུན་འདུས་ཁྱོད་ལ་བསྟོད༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས༔ མཆོག་གསུམ་ངོ་བོ་མཚོ་སྐྱེས་རྗེ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད༔ དེ་ལྟར་མཆོད་ཅིང་བསྟོད་པའི་མཐུས༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་དང༔ མཐར་ཐུག་འཆི་མེད་སྐུ་གསུམ་གྱི༔ གོ་འཕང་ཚེ་འདིར་འགྲུབ་གྱུར་ཅིག༔ དེ་ནས་ཛཔ྄་ཀྱི་དགོངས་པ་ནི༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ ཐབས་ཤེས་ཉི་ཟླའི་གྭ་འུའི་དབུས༔ ཏིང་འཛིན་སེམས་དཔའ་ཧྲཱིཿདམར་པོ༔ དེ་མཐར་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཀྱིས་རྩ་གསུམ་ལྷ་ཚོགས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སླར་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ ལྷ་སྔགས་ཡེ་ཤེས་འཁོར་ལོར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་བསྙེན་དང་སྒྲུབ་པའི་སྔགས༔ རྩེ་གཅིག་འབུམ་ཕྲག་བཅུ་གཉིས་བཟླ༔ དངོས་སམ་ཉམས་དང་རྨི་ལམ་དུ༔ དངོས་གྲུབ་ཐོབ་པའི་རྟགས་རྣམས་འབྱུང༔ ས་མ་ཡ༔ གསུམ་པ་ལས་ལ་སྦྱར་བ་ནི༔ མཆོད་ཅིང་བསྟོད་པ་སྔོན་འགྲོ་བས༔ གདུང་བའི་དབྱངས་དང་རོལ་མོར་བཅས༔ མི་ཕྱེད་དད་པས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ༔ ཀ་དག་དབྱིངས་ཀྱི་ཕོ་བྲང་ནས༔ ངོ་བོ་ཆོས་སྐུ་འོད་མི་འགྱུར༔ མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་སྐུལ༔ གཟུང་འཛིན་ཞི་བའི་ཕྲིན་ལས་མཛོད༔ ལྷུན་གྲུབ་རིག་པའི་ཕོ་བྲང་ནས༔ རང་བཞིན་ལོངས་སྐུ་སྙིང་རྗེའི་གཏེར༔ ཐོད་ཕྲེང་རིགས་ལྔའི་ཐུགས་དམ་སྐུལ༔ ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཟུང་འཇུག་འགྲོ་འདུལ་ཕོ་བྲང་ནས༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་གར༔ མཚན་མཆོག་བརྒྱད་ཀྱི་ཐུགས་དམ་སྐུལ༔ རླུང་སེམས་དབང་འདུས་ཕྲིན་ལས་མཛོད༔ སྐུ་བཞི་དབྱེར་མེད་ཕོ་བྲང་ནས༔ རྩ་གསུམ་ཀུན་འདུས་ཧེ་རུ་ཀ༔ པདྨ་དྲག་པོའི་ཐུགས་དམ་སྐུལ༔ གཉིས་འཛིན་ཚར་གཅོད་ཕྲིན་ལས་མཛོད༔ གཟུགས་སྣང་རྡོ་རྗེའི་སྐུ་རུ་ཟློག༔ སྲོག་རྩོལ་དབུ་མའི་ཕྱག་རྒྱར་སྟིམས༔ རྟོག་ཚོགས་གདོད་ནས་རང་གྲོལ་བར༔ སྐྱེ་འཆི་བྲལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ཀརྨ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལྷ་ཚོགས་ཀུན་གྱི་ཐུགས་ཀ་ནས༔ ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཐུན་མོང་མཆོག་གི་དངོས་གྲུབ་དང༔ ཕྲིན་ལས་རྣམ་བཞི་འགྲུབ་པར་བསམ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃཔུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་བཟླས་རླུང་སེམས་དབྱིངས་ལ་བསྐྱལ༔ རྣམ་བཞིའི་ཕྲིན་ལས་གང་བརྩམ་འགྲུབ༔ ས་མ་ཡ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་བཟའ་བཏུང་དམ་ཚིག་རྫས༔ གཙང་ཞིང་བཀོད་པས་མཛེས་པར་བཤམ༔ བདུད་རྩིས་བྲན་ལ་བྱིན་གྱིས་བརླབ༔ ཧྲཱི༔ བདག་ཉིད་ཐུགས་ལས་འོད་འཕྲོས་པས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་སྦྱངས༔ ཕྱི་སྣོད་བདེ་ཆེན་ཀ་པཱ་ལར༔ ནང་བཅུད་འདོད་ཡོན་བདུད་རྩིར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧྲཱི༔ འོག་མིན་བདེ་ཆེན་ཞིང་ཁམས་ནས༔ ཆོས་སྐུ་འོད་མི་འགྱུར་བ་ལ༔ བདེ་གཤེགས་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ཕྱོགས་རི་བོ་ཏ་ལ་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ རྒྱལ་སྲས་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ནུབ་རྔ་ཡབ་དཔལ་རི་ནས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་ལ༔ རྩ་གསུམ་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་བརྒྱད་རྣམས་ནས༔ ཡེ་ཤེས་མགོན་པོ་མ་ནིང་ནག༔ ཆོས་སྐྱོང་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང༔ ཚོགས་རྫས་ཟག་མེད་བདུད་རྩིའི་བཅུད༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ དང་པོ་འདོད་ཡོན་རྒྱ་མཚོས་མཆོད༔ ཨོཾ་ཨཱཿཧཱུྃ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ ལྷུན་གྲུབ་ཕུང་པོའི་ཀ་པཱ་ལར༔ རྩ་རླུང་ཐིག་ལེའི་ཚོགས་གཏོར་བཤམས༔ སྣང་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ འོད་གསལ་དབུ་མའི་ཀ་པཱ་ལར༔ སྲོག་རྩོལ་ཁ་སྦྱོར་ཚོགས་གཏོར་བཤམས༔ གྲགས་སྟོང་རང་གྲོལ་མཆོད་སྤྲིན་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ ལུགས་ལྡོག་ཐིག་ལེའི་ཀ་པཱ་ལར༔ དགའ་བཞིའི་ཡེ་ཤེས་ཚོགས་གཏོར་བཤམས༔ བདེ་སྟོང་དབྱེར་མེད་མཆོད་སྤྲིན་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ གཞི་དབྱིངས་གདོད་མའི་ཀ་པཱ་ལར༔ གཞི་སྣང་ཡེ་ཤེས་ཚོགས་གཏོར་བཤམས༔ བླ་མེད་མཆོག་གི་མཆོད་སྤྲིན་འདིས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ ཡིད་བཞིན་འདོད་འབྱུང་ཀ་པཱ་ལར༔ བཟའ་བཅའ་བཏུང་བའི་ཚོགས་གཏོར་བཤམས༔ ལོངས་སྤྱོད་རྣམ་པ་ཐམས་ཅད་པས༔ རྩ་གསུམ་ལྷ་ཚོགས་མཉེས་གྱུར་ཅིག༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་ལྷས༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པས་དམ་ཚིག་ཉམས་ཆག་བཤགས༔ ཧོ༔ ཐོག་མེད་དུས་ནས་ད་ལྟའི་བར༔ ལས་དང་ཉོན་མོངས་གཞན་དབང་གིས༔ བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ བདག་ཏུ་ལྟ་བའི་དགྲ་དང་བགེགས༔ བདག་མེད་རྡོ་རྗེའི་མཚོན་གྱིས་བསྒྲལ༔ ཕུང་ཁམས་རིགས་ལྔའི་དམ་ཚིག་རྫས༔ རྩ་གསུམ་ལྷ་ཚོགས་ཞལ་དུ་སྦྱོར༔ སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་མ་ཧཱ་པཉྩ་ཨ་མྲྀཏ་པཱུ་ཛ་ཧོ༔ དེ་ནས་ལུས་ཀྱི་དཀྱིལ་འཁོར་ལྷ༔ འདོད་ཡོན་རྡོ་རྗེའི་དམ་ཚིག་དང༔ སྙོམས་འཇུག་བྱང་སེམས་བདུད་རྩིས་མཆོད༔ ལྷག་གཏོར་བསྡུས་ཏེ་བྱིན་གྱིས་བརླབ༔ ཕེཾ་ཕེཾ༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ དབང་ཕྱུག་གིང་དང་ལངྐའི་ཚོགས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷུཉྫ་ཧོ༔ སྲུང་མར་སྔོན་གྱི་ཐ་ཚིག་བསྒྲག༔ ཧཱུྃ་བྷྱོ༔ དབྱིངས་ཀྱི་ཐིག་ལེ་ཨེ་ཀ་ཛ༔ རིག་པ་རང་ཤར་རཱ་ཧུ་ལ༔ གཉིས་མེད་ཡེ་ཤེས་མ་ནིང་ནག༔ རྒྱུད་གསུམ་དྲེགས་པའི་ཚོགས་དང་བཅས༔ སྔོན་ཚེ་ཀུན་བཟང་ཆེ་བའི་མཆོག༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་དམ་བཅས་བཞིན༔ འདིར་གཤེགས་དམ་རྫས་གཏོར་མ་ལོངས༔ རིག་འཛིན་བདག་ཅག་འཁོར་བཅས་ཀྱི༔ དུས་མིན་འཆི་དང་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྤེལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ བཤལ་ཆུས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ དུས་སྦྱོར་འཕོ་བ་གནས་དག་པའི༔ བདེན་དོན་ཡན་ལག་བཅུ་གཉིས་ཀློང༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཚུལ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ ཚུར་གཤེགས་རྩ་གསུམ་དཀྱིལ་འཁོར་དུ༔ ཧེ་རུ་ཀ་ཡི་འདུ་བར་སྤྱོན༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ གངས་ཅན་འགྲོ་ཀུན་བདེ་བ་དང༔ བསྟན་པ་དར་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིང་ཧྲཱིང་ཨ་མྲྀཏ་པཱུ་ཛ་ཧོ༔ ལས་མཐའ་རྡོ་རྗེའི་བྲོ་ཡིས་བསྡུ༔ ཧཱུྃ༔ གཉིས་འཛིན་འཁྲུལ་པའི་དམ་སྲིའི་ཚོགས༔ རྣམ་ཐར་གསུམ་ལྡན་དབྱིངས་སུ་མནན༔ རྡོ་རྗེའི་གར་གྱི་རྒྱས་བཏབ་པས༔ བྱང་ཆུབ་བར་དུ་མ་ལྡངས་ཤིག༔ སརྦ་ཤཱ་ཏྲཱུན་བིགྷྣཱན་སཏྭམྦྷ་ཡ་ནན༔ དེ་ལྟར་བརྩོན་པའི་རྣལ་འབྱོར་པ༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༔ མི་མཐུན་བར་ཆད་ཞི་བ་དང༔ འདོད་པའི་དངོས་གྲུབ་མྱུར་ཐོབ་འགྱུར༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དང་པོ་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ༔ བྱིན་རླབས་གཏེར་ཆེན་དངོས་གྲུབ་མཛོད༔ ཕྲིན་ལས་ཆར་འབེབ་ལྷག་པའི་ལྷ༔ རྩ་གསུམ་ཀུན་འདུས་ལྷ་ཚོགས་རྣམས༔ དེང་འདིར་རྣལ་འབྱོར་བདག་ཅག་ལ༔ འཆི་མེད་ཚེ་དང་འཛད་མེད་ནོར༔ ནུས་པ་སྔགས་དང་ཏིང་འཛིན་སྒོ༔ ལས་བཞི་གྲུབ་པ་ཆེན་པོ་བརྒྱད༔ རིག་འཛིན་བཞི་དང་དབང་བཅུའི་དཔལ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ ཐུན་མོང་མཆོག་གི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བསྩལ་ནས་ཀྱང༔ དོན་གཉིས་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ གཉིས་པ་ནོངས་པ་བཤགས་པ་ནི༔ ཧོ༔ དོན་དམ་གཟོད་ནས་སྤྲོས་བྲལ་ལ༔ གཟུང་འཛིན་མཚན་མ་ལས་འདས་ཕྱིར༔ ཀུན་རྫོབ་གློ་བུར་འཁྲུལ་པའི་ཚོགས༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ གསུམ་པ་ཉེར་བསྡུའི་རྣལ་འབྱོར་ནི༔ ཨ༔ སེམས་ཉིད་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་དཀྱིལ་འཁོར་ལྷ༔ མཁའ་ལ་འཇའ་ཚོན་ཡལ་བ་ལྟར༔ འོད་གསལ་གཉུག་མའི་ཀློང་དུ་ཐིམ༔ ཨ་ཨ་ཨ༔ བཞི་པ་ཆད་མཐའ་བསལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་ཅིར་སྣང་ལྷ་ཡི་སྐུ༔ སྒྲར་གྲགས་གཞོམ་མེད་རྡོ་རྗེའི་སྒྲ༔ རྟོག་ཚོགས་རང་གྲོལ་རིག་པའི་དབྱིངས༔ ཟུང་འཇུག་སྒྱུ་མའི་ངང་ནས་སྤྱོད༔ ལྔ་པ་དགེ་བ་བསྔོ་བ་ནི༔ ཧོ༔ བདག་དང་མཐའ་ཡས་སེམས་ཅན་གྱིས༔ བསོད་ནམས་ཡེ་ཤེས་དགེ་བའི་ཚོགས༔ དུས་གསུམ་བསགས་དང་གསག་འགྱུར་ཀུན༔ བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ དྲུག་པ་སྨོན་ལམ་གདབ་པ་ནི༔ དེང་ནས་ཚེ་རབས་ཐམས་ཅད་དུ༔ བླ་མ་མཆོག་དང་མི་འབྲལ་ཞིང༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ རང་གཞན་དོན་གཉིས་མྱུར་འགྲུབ་ཤོག༔ བདུན་པ་ཤིས་པ་བརྗོད་པ་ནི༔ ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་གཅིག་ཏུ་བསྡུས་པའི་དངོས༔ རྩ་བརྒྱུད་རིག་འཛིན་བླ་མ་ཡིས༔ བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་འཕྲུལ་ཅིར་ཡང་ཤར༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ གནས་ཡུལ་དུར་ཁྲོད་ཞིང་རྣམས་སུ༔ ཚར་གཅོད་རྗེས་འཛིན་བསྟན་པ་སྲུང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིས༔ བཀའ་བཞིན་སྒྲུབ་པའི་བཀྲ་ཤིས་ཤོག༔ སྲིད་ཞིའི་ཕན་བདེ་འབྱུང་བའི་གནས༔ རྒྱལ་བསྟན་ཕྱོགས་བཅུར་དར་བ་དང༔ བསྟན་འཛིན་སྐྱེས་བུ་ཞབས་པད་བརྟན༔ འཇིག་རྟེན་དགེ་བའི་བཀྲ་ཤིས་ཤོག༔ ཐུན་མོང་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ མཐར་ཐུག་མཆོག་ཏུ་མི་འགྱུར་དབྱིངས༔ མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ༔ ས་མ་ཡ༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་ལྷ༔ བསྙེན་ཅིང་སྒྲུབ་པའི་ཕྲིན་ལས་འདི༔ དད་བརྩོན་ལྡན་པས་ཉམས་བླངས་ན༔ ཚེ་འདིར་མི་མཐུན་ཕྱོགས་ཀུན་ཞི༔ མཆོག་ཐུན་དངོས་གྲུབ་འབད་མེད་འབྱུང༔ ཕྱི་མ་རྔ་ཡབ་དཔལ་གྱི་རིར༔ འཆི་མེད་རིག་འཛིན་ངེས་པར་འགྲུབ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས༔ སྨིན་བྱེད་རྩ་བའི་དབང་བཞི་བཞུགས༔ འཆི་མེད་རྩ་གསུམ་ལྷ་ལ་འདུད༔ སྨིན་བྱེད་དབང་གི་རིམ་པ་ནི༔ མཚན་ཉིད་ལྡན་པའི་སློབ་དཔོན་གྱིས༔ དབེན་པར་ཕྱི་ནང་གསང་བ་དང༔ དེ་ཁོ་ན་ཉིད་མཚོན་བྱེད་པའི༔ མཎྜལ་གཏོར་ཚོགས་བཅས་པ་བཤམ༔ སྣང་སྲིད་ལྷ་ཡི་འཁོར་ལོར་བསྒྲུབ༔ བཟླས་བརྗོད་སྔགས་ཀྱིས་རྒྱུད་བསྐུལ་ནས༔ དབང་བཞིའི་ཡེ་ཤེས་ལམ་དུ་བྱ༔ སྣོད་ལྡན་སློབ་མ་ཁྲུས་ནས་ཕྱུང༔ བགེགས་ཕྲལ་སྲུང་བའི་འཁོར་ལོས་བཅིང༔ དེ་ནས་གསོལ་བ་གདབ་པ་ནི༔ ཨེ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྣོད་ལྡན་རིགས་ཀྱི་བུ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྒོ་གསུམ་སྨིན་པར་མཛད་དུ་གསོལ༔ ལན་གསུམ་སྐྱབས་སེམས་སྡོམ་གསུམ་སྦྱིན༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ དངོས་གཞིར་བུམ་པའི་བདུད་རྩི་ནི༔ རྩ་གསུམ་ལྷ་ཚོགས་ངོ་བོར་བསྒོམ༔ ཨོཾ༔ འཆི་མེད་རྩ་གསུམ་ལྷ་ཚོགས་ཀྱི༔ གསང་གསུམ་གནས་ལས་བྱུང་བ་ཡི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དབང་བསྐུར་ལུས་གང་སྒྲིབ་པ་དག༔ གང་སྣང་ལྷ་སྐུར་འཆར་བར་བསམ༔ བཟླས་བརྗོད་སྔགས་ཀྱི་ལུང་བྱིན་ཞིང༔ འོད་གསལ་ཉེར་བསྡུའི་དོན་ངོ་སྤྲད༔ བླ་མ་སྤྱན་རས་གཟིགས་ཡབ་ཡུམ༔ སྙོམས་པར་ཞུགས་པའི་བྱང་སེམས་སྦྱིན༔ ཨཱ༔ འཇིག་རྟེན་དབང་ཕྱུག་བདེ་བ་ཆེ༔ རྡོ་རྗེ་བཙུན་མོར་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ རྩ་རླུང་དབུ་མར་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩིས་རྩ་ཁམས་ཀུན་ཁྱབ་པས༔ སྟོང་གསལ་ཡེ་ཤེས་སྐྱེས་པར་བསམ༔ རྟ་ཕག་ཡབ་ཡུམ་ཕྱག་རྒྱ་ནི༔ མེ་ལོང་གཟུགས་བརྙན་བརྡས་མཚོན་ཏེ༔ ཧཱུྃ༔ བདེ་ཆེན་ཐབས་མཆོག་གར་གྱི་དབང༔ ཤེས་རབ་སྟོང་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་ཕྱག་རྒྱས་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་གསུམ་ལྡན་རྣལ་འབྱོར་གྱིས༔ དགའ་བཞི་ལྷན་སྐྱེས་མཚོན་པར་བྱ༔ གཏོར་མ་དབྱིངས་དང་རིག་པའི་བརྡ༔ རིགས་ཀྱི་བདག་པོར་གསལ་བཏབ་སྟེ༔ ཨ༔ གཏོར་སྣོད་ཀ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ལྷུན་གྲུབ་རིག་པའི་སྐུ༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་དྷརྨ་དྷཱ་ཏུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཨ་ཨ་ཨ༔ གཉིས་མེད་བསྟིམས་པས་བྱིན་བརླབས་ནས༔ རིག་རྩལ་ཡེ་ཤེས་གོང་དུ་སྤར༔ དཔོན་སློབ་གཉིས་ཀས་མཉམ་པར་བཞག༔ ལྟ་སྒོམ་སྤྱོད་འབྲས་ངོ་སྤྲད་གདབ༔ ས་མ་ཡ༔
གུ་རུའི་སྒྲུབ་ཐབས་ཀུན་གྱི་ཡང་ཞུན་སྙིང་གི་ཐིག་ལེ་ཡིད་བཞིན་ནོར་བུའི་མན་ངག་བསམ་པ་ལྷུན་གྲུབ་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ་ (Volume 9, Text 40)
༄༅༔ གུ་རུའི་སྒྲུབ་ཐབས་ཀུན་གྱི་ཡང་ཞུན་སྙིང་གི་ཐིག་ལེ་ཡིད་བཞིན་ནོར་བུའི་མན་ངག་བསམ་པ་ལྷུན་གྲུབ་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ་ཞེས་བྱ་བ་བཞུགས་སོ༔ ༈ ཡང་ཟབ་ཡིད་བཞིན་ནོར་བུ་དགོངས་པའི་གཏེར་ཨུ་པ་དེ་ཤ༔ །ྀཨཚ།༔ ན་མོ་པདྨ་བཛྲ་ཤྲཱི༔ དུས་གསུམ་སངས་རྒྱས་ཀུན་གྱི་ཕྱག་གི་གནས༔ དང་པོའི་སངས་རྒྱས་ཀུན་བཟང་འོད་དཔག་མེད༔ འགྲོ་འདུལ་པདྨ་འབྱུང་གནས་ཞེས་བྱ་བ༔ དེ་བཞིན་གཤེགས་ཀུན་རྒྱལ་པོ་དེར་ཕྱག་འཚལ༔ རིགས་དང་དཀྱིལ་འཁོར་ཀུན་གཙོ་ཆེ་བའི་མཆོག༔ བླ་མེད་བླ་མའི་སྒྲུབ་ཐབས་བྱེ་བ་འབུམ༔ ཡང་སྙིང་ཞུན་ཏིག་མོས་གུས་གསོལ་འདེབས་ཉིད༔ དེ་ཡི་མཐར་ཐུག་དགོས་འདོད་ཀུན་འབྱུང་གཏེར༔ གངས་ཅན་ལྷ་གཅིག་སངས་རྒྱས་པད་འབྱུང་གིས༔ བོད་ཡུལ་ཐུན་མོང་སྐུ་དངོས་གདུལ་བྱ་རྣམས༔ བཏུལ་བྱས་རྔ་ཡབ་གཤེགས་སྐབས་གུང་ཐང་ལར༔ རྗེ་འབངས་རྣམས་ལ་ཞལ་ཆེམས་ཚུལ་གསུངས་པའི༔ གསོལ་འདེབས་རྒྱལ་པོ་བསམ་པ་ལྷུན་གྲུབ་ཅེས༔ མན་ངག་བཅུ་གསུམ་བསམ་འཕེལ་དངོས་གྲུབ་མཛོད༔ གང་གི་སྒྲུབ་ཐབས་ཡོངས་སྙིང་པཎྜིརྠ༔ བསྡུས་ལ་གསལ་བ་མ་ནོར་ཚུལ་བཞིན་དུ༔ པད་འབྱུང་ཉིད་ཀྱི་བྱིན་རླབས་ཐུགས་རྗེའི་ཆབ༔ བདག་བློའི་བུམ་པར་ཆ་ཤས་ཕྲ་མོ་ཞིག༔ ཞུགས་པའི་མཐུ་ལས་སྐལ་ལྡན་འགྲོ་བའི་གསོས༔ གདམས་བཟང་བདུད་རྩི་དུས་འདིར་བཤད་པར་བྱ༔ དེ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན༔ སྤྱིར་ནི་སྣོད་བཅུད་མཚན་ལྡན་འཛོམ་པའི་དུས༔ ཡིད་འོང་དབེན་པར་བློ་སྦྱོང་ཕྱག་རྒྱ་བཞི༔ གསག་སྦྱོང་སྔོན་འགྲོ་ཕྱི་ནང་དབང་བསྐུར་བྱ༔ དེ་ནས་དངོས་གཞི་རྩ་བའི་སྒྲུབ་པ་ལ༔ མཐུན་རྐྱེན་བསོད་ནམས་ཚོགས་ཞིང་མདུན་མཁར་དམིགས༔ སྐྱབས་སེམས་ཡན་ལག་བཅུ་ཕུལ་ཚོགས་ཀྱི་ཞིང༔ རང་ལ་ཐིམ་པས་དབྱེར་མེད་རོ་མཉམ་འདྲེས༔ ཡེ་ཤེས་ཚོགས་ཕྱིར་སྣང་སེམས་རྩ་ཡན་ལག༔ བདག་མེད་སྟོང་སྦྱངས་རྟོག་བྲལ་ངང་ལ་བཞག༔ མི་མཐུན་སེལ་བྱེད་སྲུང་བའི་འཁོར་ལོ་དྲུག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡེ་ཤེས་སོ༔ ཞིང་ཁམས་གཞལ་ཡས་པད་སྡོང་འོད་ཐིག་སོགས༔ གང་མོས་ཡོན་ཏན་ཕྲིན་ལས་མེ་རླུང་ཆུ༔ དེ་ཡང་སེམས་ཉིད་ངོ་བོ་ཡེ་ཤེས་ཀྱི༔ རང་སྣང་སྒྱུ་མ་ལྟ་བུར་སྤྲོ་བ་འོ༔ སྙིང་པོར་བདག་ཉིད་ཕུང་ཁམས་སྐྱེ་མཆེད་སོགས༔ ཡི་དམ་གདན་གསུམ་ཚང་བའི་སྐུ་རུ་བསམ༔ སྤྱི་བོའི་གཙུག་གི་མདུན་གྱི་ནམ་མཁའ་རུ༔ རྒྱལ་བ་ཀུན་འདུས་པདྨ་འབྱུང་གནས་གསལ༔ ཚིག་བདུན་གདུང་ཤུགས་དྲག་པོས་ཞིང་གི་མཆོག༔ བདེ་བ་ཅན་ནས་འོད་དཔག་མེད་མགོན་གྱི༔ ཐུགས་ཀྱི་དབུས་ནས་གུ་རུ་པདྨ་འབྱུང༔ སྤྱན་དྲངས་དམ་ཚིག་ཡེ་ཤེས་རོ་མཉམ་བཞུགས༔ ཕྱག་མཆོད་བསྟོད་ཕུལ་གསོལ་འདེབས་ཚན་ལྔ་ཡིས༔ ཡོན་ཏན་རྗེས་དྲན་ཐུན་མོང་ཚུལ་གསོལ་འདེབས༔ ཐུན་མིན་རྒྱལ་བ་ཀུན་གྱི་སྲོག་གི་སྙིང༔ བཛྲ་གུ་རུས་ཕུར་ཚུགས་མོས་གུས་བསྐྱེད༔ མཐར་ནི་འབྲུ་བཞིའི་འོད་ཟེར་གྱིས་དབང་བླང༔ དོན་དེས་འཁོར་ལོ་ཁ་སྦྱོར་རྒྱུན་གྱིས་དགང༔ རང་རིག་ངོ་བོ་བླ་མའི་ཡེ་ཤེས་ཡིན༔ ཡིན་ལུགས་ཤེས་བཞིན་རོ་གཅིག་ཨར་ལ་གཏད༔ སེམས་དཔའ་སུམ་བརྩེགས་རྡོ་རྗེ་བཞི་ཡི་དངོས༔ གཟེར་དུ་བཏབ་ནས་བཅུ་གཉིས་རྡོ་རྗེའི་སྒྲ༔ མ་ཡེངས་ཡིད་ཀྱིས་བསྐྱེད་བཟླས་རྫོགས་པའི་རིམ༔ ཕྱག་ཆེན་ཡི་དམ་སྙིང་སྲོག་དེ་ཉིད་བསྒྲུབ༔ གཉིས་པ་བྱེ་བྲག་ཡིད་བཞིན་ནོར་བུ་བཞིན༔ བཅུ་གསུམ་སྒྲུབ་པའི་མན་ངག་ཟབ་མོ་ལ༔ རེ་རེར་མདུན་བསྐྱེད་གསོལ་བཏབ་དབང་བཞི་བླང༔ བདག་བསྲེ་རྗེས་སྡུད་རྫོགས་རིམ་དྲུག་གིས་བསྡམ༔ མདུན་གྱི་ནམ་མཁར་གུ་རུ་ཅི་འདོད་སྐུ༔ གསལ་གདབ་སྤྱན་འདྲེན་བཞུགས་དབང་རྒྱས་གདབ་མཆོད༔ འདོད་དོན་གསོལ་འདེབས་གཞུག་བཅས་རྩེ་གཅིག་བསམ༔ གསོལ་བ་འདེབས་གཞུག་ངག་གི་དབང་བཞི་བླང༔ དེ་ནས་གུ་རུའི་དཔྲལ་ནས་རང་འདྲའི་སྐུ༔ འཕྲོ་འདུ་དང་བཅས་བདག་གི་དཔྲལ་བར་བསྟིམ༔ དེ་བཞིན་ཐུགས་ཀའི་ས་བོན་སྔགས་ཕྲེང་བ༔ ལྗགས་ནས་འཕྲོ་འདུ་བཅས་ཏེ་བདག་ལྕེར་བསྟིམ༔ ཐུགས་ལས་རང་མདོག་ཐིག་ལེ་མཱ་ཤའི་ཚད༔ རབ་འཚེར་འཕྲོ་འདུ་དང་བཅས་སྙིང་གར་བསྟིམ༔ དེ་དག་རྣམས་ཀྱིས་བུམ་གསང་ཤེས་རབ་ཀྱིས༔ སྦྱངས་ཐོབ་སྨིན་བྱས་སྒོ་གསུམ་རང་བབ་ངང༔ གུ་རུའི་སྐུ་གསུང་ཐུགས་དང་རོ་མཉམ་པ༔ བཞི་པའི་དབང་དོན་རྒྱུད་ལ་སྐྱེས་པར་བསམ༔ མཐར་ནི་གུས་པའི་གདུང་ཤུགས་ཆེན་པོ་ཡིས༔ བླ་མ་རང་ཐིམ་བདག་ཉིད་དེའི་སྐུར་གྱུར༔ སེམས་དཔའ་སུམ་བརྩེགས་འཕྲོ་འདུ་རང་སྔགས་བཟླ༔ ཐུན་མཐར་རྗེས་གཞིག་སྟོང་གཞིལ་ལྷ་སྐུར་ལྡང༔ ཆོ་ག་རྒྱས་བསྡུས་གང་ཟག་བློ་སྒོར་དཔག༔ རྫོགས་རིམ་མན་ངག་གནད་ལ་ཐེབས་པར་བཏབ༔ ༈ མན་ངག་བཅུ་གསུམ་དང་པོ་མེ་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཞལ་གསུམ་ཕྱག་དྲུག་པ༔ དབུ་དགུ་བཅོ་བརྒྱད་ཕྱག་ལྡན་གང་མོས་སྐུ༔ ཁྲོ་གར་དུར་ཁྲོད་དཔལ་ཆས་ཡུམ་དང་བཅས༔ འཁོར་དུ་འཇིག་རྟེན་དྲེགས་པ་ཡོངས་ཀྱི་གཙོ༔ ཡ་མ་རྐོས་རྗེ་གློག་ཕྲེང་མེ་དབལ་གཟའ༔ ཀླུ་བདུད་ལྷ་ཆེན་མ་ཧཱ་ཀཱ་ལ་བརྒྱད༔ ཟ་བྱེད་རེ་ཏི་ཁྲག་མིག་མི་སྲུན་མ༔ གནམ་སྨན་ལྕམ་གཅིག་ཨུ་མ་དུང་སྐྱོང་མ༔ སྔགས་བདག་མ་མོ་བརྒྱད་དང་ལྷན་དུ་རོལ༔ གཞན་ཡང་སྔགས་བདག་སྡེ་དཔོན་དཔལ་མགོན་པོ༔ སྡེ་བརྒྱད་སྡེ་རིགས་གྲངས་ལས་འདས་པས་བསྐོར༔ གསོལ་བ་བཏབ་ཚེ་མེ་ཕྲེང་ཐུགས་ཀ་ནས༔ ཁྲོ་བོ་གྲངས་མེད་སྡེ་བརྒྱད་འཁོར་དང་བཅས༔ མེ་རླུང་མཚོན་ཆས་སྤྱི་ལ་མཐའ་དམག་དང༔ བྱེ་བྲག་རྒྱལ་པོའི་འཚེ་བ་ཚར་བཅད་ནས༔ ཚུར་འདུས་སྲུང་བའི་འཁོར་ལོ་རྡོ་རྗེ་མེ༔ ཁྲོ་བོ་དྲེགས་པའི་གུར་ཁང་རབ་ཏུ་གཏམས༔ མཐར་ནི་རང་ཉིད་གུ་རུ་དྲག་པོའི་སྐུ༔ ཐུགས་ཀར་ཧཱུྃ་དམར་སྔགས་ཕྲེང་འོད་འཕྲོ་འདུས༔ དྲེགས་པའི་སྲོག་སྙིང་གཏའ་བླང་གདན་དུ་གཟིར༔ རྩེ་བསྣོལ་འཁོར་ལོས་དགྲ་བགེགས་ཕྱེ་མར་བཏང༔ མདོར་ན་མཆོག་ཐུན་དངོས་གྲུབ་གང་འདོད་པ༔ རྩེ་གཅིག་ཡེངས་མེད་བསྐྱེད་བཟླས་འདི་ལ་བརྩོན༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄ཿ ཨཱཿཧཱུྃ་ཧཱུྃ་ཕཊ྄་ཕཊ྄ཿ རྒྱལ་བ་ཡོངས་ཀྱི་བྱིན་རླབས་དྲག་པོའི་སྔགས༔ གནས་སྐབས་བརྒྱ་སྟོང་བཟླས་ཀྱང་བགེགས་ཞི་ཞིང༔ ཉམས་ཆག་དག་བྱེད་བར་དོར་ལམ་སྣ་ཟིན༔ མང་དུ་བཟླས་པས་དེ་ཕྱིར་སྨོས་ཅི་དགོས༔ ལས་སྦྱོར་སྡེ་བརྒྱད་དྲེགས་པའི་སྲོག་སྙིང་ལ༔ འགུགས་གཟིར་གཅོད་བྱེད་མནན་བསད་གང་འདོད་སྦྱོར༔ ཚུལ་དེའི་ཁ་བསྒྱུར་མདེའུ་ཐུང་རིག་པའི་མདའ༔ སྤྱོད་པས་བསམ་འཕེལ་ཡིད་བཞིན་ནོར་བུ་ཡིན༔ རྫོགས་པའི་རིམ་པ་ཉམས་སུ་ལེན་པ་ནི༔ ཕྱི་ཡི་དམག་འཁྲུག་ནང་གི་སྡང་སེམས་ལྡང༔ གཉེན་པོ་བྱམས་པ་སྙིང་རྗེ་བྱང་ཆུབ་སེམས༔ རང་མདངས་སྒྱུ་མ་ལྟ་བུའི་ལམ་ཁྱེར་བསྒོམ༔ དེ་ཡང་མ་དག་སྒྱུ་ལུས་ལ་དམིགས་ནས༔ སྣང་སྲིད་བདེན་མེད་ཞེན་མེད་གཏན་ལ་དབབ༔ དག་པ་སྒྱུ་ལུས་ལྷ་སྐུ་ལ་དམིགས་ནས༔ བསྐྱེད་རིམ་ལྷ་ཁྲིད་ཟབ་གསལ་བསྒོམ་ལ་འབད༔ ༈ མན་ངག་གཉིས་པ་གུ་རུ་སྨན་བླ་བསྒྲུབ༔ མདུན་གྱི་མཁའ་ལ་གུ་རུ་སྨན་གྱི་བླ༔ བདེ་གཤེགས་བརྒྱད་ཀྱི་ཐུགས་སྨོན་གཅིག་བསྡུས་དཔལ༔ ཨ་རུ་རིགས་ལྔ་བདུད་རྩིའི་ལྷུང་བཟེད་འཛིན༔ འཁོར་དུ་བདེ་གཤེགས་མཆེད་བརྒྱད་ཤར་ནས་རིམ༔ བཻ་ཌཱུརྻ་འོད་མཆོག་སྦྱིན་རྣམ་རྒྱལ་འཛིན༔ མངོན་མཁྱེན་རྒྱལ་པོ་ཆོས་གྲགས་རྒྱ་མཚོའི་དབྱངས༔ དམར་པོ་མཆོག་སྦྱིན་མྱ་ངན་མེད་པའི་དཔལ༔ དམར་པོ་མཉམ་གཞག་གསེར་བཟང་དྲི་མེད་ནི༔ དཀར་སེར་རིན་ཆེན་ཟླ་བ་དམར་ལ་སེར༔ མཚན་ལེགས་སེར་པོ་གཡས་པ་མཆོག་སྦྱིན་རྒྱ༔ ཤཱཀྱ་ཐུབ་པ་གསེར་མདོག་བདུད་འདུལ་རྒྱ༔ ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་གཡོན་མཉམ་གཞག༔ བདེ་གཤེགས་ཚངས་སྤྱོད་ཆོས་གོས་རྣམ་གསུམ་གསོལ༔ གཞན་ཡང་སངས་རྒྱས་སྟོང་དང་བདུད་རྩི་སྨན༔ རིགས་དྲུག་དྲང་སྲོང་ལྷ་དང་ལྷ་མོས་བསྐོར༔ གསོལ་བ་བཏབ་ཚེ་བདེ་གཤེགས་སྨན་བླ་བརྒྱད༔ ཐུགས་ཀ་མཛོད་སྤུ་ཕྱག་གི་ཟ་ཏོག་ནས༔ ནད་འཇོམས་འཆི་མེད་བདུད་རྩི་སྤྲོ་བསྡུའི་རྒྱུན༔ འོད་ཟེར་བཅས་འབབ་སེམས་ཅན་མཐའ་དག་གི༔ སྤྱི་བོ་ནས་ཞུགས་ལུས་ནང་ཀུན་ཁེངས་ནས༔ ནད་ཀྱི་གཞི་རྩ་དུག་གསུམ་མ་རིག་པ༔ ནད་ཀྱི་དངོས་པོ་རླུང་མཁྲིས་བད་འདུས་པ༔ ནད་ཀྱི་བྱེད་ལས་ཚོར་བ་སྡུག་བསྔལ་བ༔ མཐའ་དག་བསངས་སྦྱངས་དྲི་མེད་ཤེལ་སྒོང་ལྟར༔ དྭངས་ཤིང་རྙོག་བྲལ་འཆི་མེད་སྐུ་རུ་གྱུར༔ འོད་ཟེར་ཚུར་བསྡུས་སྣང་སྲིད་འབྱུང་ཁམས་བཅུད༔ བདག་ཐིམ་འཆི་མེད་ཚེ་ཡི་རིག་འཛིན་བསམ༔ བྱེ་བྲག་རང་གཞན་ན་བའི་ལུས་གནས་དེར༔ གུ་རུ་སྨན་བླ་གཙོ་འཁོར་གསལ་དྭངས་སྐུ༔ ཆེ་ཆུང་རན་ལས་བདུད་རྩིའི་ཆུ་རྒྱུན་བབས༔ ནད་རྣམས་སེལ་བསྒོམ་རྩེ་གཅིག་གསོལ་བ་གདབ༔ དེ་ཡང་རླུང་ལ་བདུད་རྩི་མར་ཁུའི་མདོག༔ མཁྲིས་པར་དཀར་པོ་བད་ཀན་ལ་དམར་པོ༔ འདུས་པར་སྔོ་སྐྱ་གདོན་ལ་ཁྲོ་ཆུ་བཞིན༔ མེ་འོད་དང་བཅས་སྒྲིབ་སྦྱང་ཤེལ་མདོག་བསྒོམ༔ རང་ཉིད་སྨན་བླའི་ཐུགས་ཀར་ཟླ་བའི་སྟེང༔ ཨོཾ་མཐིང་ཆ་ལྔ་མཐའ་ལ་གཟུངས་སྔགས་བཀོད༔ དེ་ལས་འོད་བྱུང་རྒྱལ་བར་དགྱེས་མཆོད་འབུལ༔ སེམས་ཅན་རྣམས་ལ་ཕོག་པས་དེ་དག་ཀུན༔ སངས་རྒྱས་གུ་རུ་པདྨ་འོད་དཔག་མེད༔ བདེ་གཤེགས་དགུ་ཡི་ཐུགས་བསྐྱེད་སྨོན་ལམ་གྱི༔ མཐུ་ཡིས་སྡིག་སྒྲིབ་སྡུག་བསྔལ་མཐའ་དག་སྦྱངས༔ མཐར་ནི་སྨན་བླའི་སྐུར་གྱུར་གཟུངས་སྔགས་ལྡིར༔ ན་མོ་བྷ་ག་ཝཱ་ཏེ༔ བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱཻ༔རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ གཟུངས་རིང་ཅི་ནུས་མཐར་ནི་གཟུངས་ཐུང་བཟླ༔ སངས་རྒྱས་རྣམས་ཀྱི་ཡོན་ཏན་བསམ་མི་ཁྱབ༔ དེ་ཡི་གཟུངས་སྔགས་ཕན་ཡོན་བསམ་མི་ཁྱབ༔ ཤེས་ནས་དད་གུས་སྤྲོ་བས་གཟུངས་སྔགས་བཟླ༔ སྐབས་སུ་སྨན་བླ་བདེ་ཆེན་ཞིང་མདོ་བཀླག༔ འོད་དཔག་མེད་དང་བདེ་གཤེགས་བརྒྱད་མཚན་རྫོགས༔ བརྗོད་ནས་ཕྱག་སོགས་ཡན་ལག་བདུན་པ་འབུལ༔ ཐུན་མཚམས་ཆོས་སྤྱོད་བཅུ་ལ་བརྩོན་པར་བྱ༔ དེས་ནི་ཚེ་རབས་གྲངས་མེད་སྡིག་སྒྲིབ་འདག༔ འདི་དང་ཕྱི་མའི་ནད་གདོན་མ་ལུས་ཞི༔ བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་བྱེད༔ དེ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཐོབ༔ འོན་ཀྱང་ལས་འབྲས་སྨིན་འོས་དུས་བབ་ནི༔ འཕགས་པའི་གོ་འཕང་བརྙེས་ཀྱང་མི་ལྡོག་ན༔ གཞན་ལ་ཅི་སྨོས་སྒྲིབ་སྦྱང་ཚོགས་རྫོགས་ལམ༔ འབད་རུང་ལས་འབྲས་སྨིན་ལ་ལོག་རྟོག་སྤང༔ དགེ་འབྲས་སྨིན་ཚབ་ཆེ་ཆུང་སྟོབས་ཀྱི་དུས༔ འདི་ཕྱི་བར་དོ་གང་རིགས་བདེ་གོང་འཕེལ༔ ཐོབ་ངེས་སངས་རྒྱས་གསུང་ནི་མི་བསླུ་བས༔ ཡིད་ཆེས་སྤྲོ་བས་དགེ་ལ་འབད་གཅེས་སོ༔ རྫོགས་རིམ་ཕྱི་ལུས་ཚོར་བ་དྲག་པོའི་ནད༔ གཞི་རྟེན་ནང་ན་རྨོངས་པའི་བདག་འཛིན་བློ༔ བདག་གཅེས་བཟུང་བ་འཛིན་པའི་དམིགས་ཡིན་ལ༔ དེ་ནི་འཁྲུལ་པ་གློ་བུར་དྲི་མ་ཡིན༔ གཉེན་པོ་བདག་མེད་སྟོང་ཉིད་ཡེ་ཤེས་ཏེ༔ སྒོམ་ཐབས་མི་གཡོ་བཞི་ལྡན་སྒོ་གསུམ་མིག༔ མཁའ་ལ་རང་བབ་དུས་གསུམ་བློས་བྱས་ཀྱི༔ རྣམ་རྟོག་ལས་འདས་རང་རིག་རྗེན་པར་བཞག༔ དེ་ལས་རིམ་གྱིས་གོམས་པས་ཉམས་རིམ་བཞི༔ གནས་དང་མི་གཡོ་མཉམ་ཉིད་ལྷུན་གྲུབ་པ༔ རེ་རེར་གཡོ་གོམས་བརྟན་པ་ཐོབ་པར་སྦྱོར༔ ས་ལམ་ངེས་འབྱེད་བླ་མའི་མན་ངག་ཡིན༔ ༈ མན་ངག་གསུམ་པ་གུ་རུ་ནོར་ལྷ་བསྒྲུབ༔ མདུན་གྱི་མཁའ་ལ་གུ་རུ་ཛམྦྷ་ལ༔ པད་ཟླར་གཏེར་བུམ་ཞབས་སྤྲོད་ཉི་མའི་སྟེང༔ ཛཾ་བཾ་རྨུགས་འཛིན་མཁའ་འགྲོའི་དྲ་བ་སྡོམ༔ དམར་པོ་བརྗིད་ལྡན་ཆགས་རྒྱས་ཡིད་ཙམ་ཁྲོ༔ གཡས་གཡོན་ནོར་བུ་ནེའུ་ལེ་ཐུགས་ཀར་དཀུར༔ འཛིན་ཅིང་རིན་ཆེན་རྒྱན་སྤྲས་གཡས་བརྐྱང་སྟབས༔ ཡུམ་མཆོག་བདེ་རྒྱས་ནོར་བུ་ཐོད་ཁྲག་འཁྱུད༔ གཞན་ཡང་ངོ་བོ་གུ་རུ་རྣམ་པ་ནི༔ རྨུགས་འཛིན་དཀར་སེར་དམར་ནག་ལྗང་གང་མོས༔ སྒོམ་རུང་འཁོར་དུ་ནོར་བདག་གཙོ་བོ་ཆེ༔ ཤར་ནས་ཕྱོགས་བཞི་མཚམས་བཞི་གཡས་རིམ་དུ༔ ནོར་བཟང་ཟླ་ཤེལ་གང་བ་བཟང་སྦྱིན་མ༔ ནོར་སྦྱིན་སྦྱིན་བཟང་རྣམ་ཐོས་བུ་འཕགས་མ༔ ལ་ལི་རབ་བཟང་འཇམ་འཁྱིལ་རབ་སྦས་མ༔ ཞལ་དབང་ལྷ་མོ་སྤྱོད་དབང་དབྱངས་ཅན་མ༔ ཡབ་ཡུམ་ཁ་སྦྱོར་ཕྱོགས་མཚམས་བརྒྱད་དུ་གནས༔ གཞན་ཡང་ནོར་ལྷའི་རིགས་གྱུར་བྱེ་བ་བརྒྱ༔ གྲངས་ལས་འདས་པས་རིན་ཆེན་ཆར་འབེབ་ཅིང༔ དགོས་འདོད་དངོས་གྲུབ་ཆེན་པོ་སྤྲིན་དུ་གཏིབས༔ གསོལ་བ་བཏབ་ཚེ་གཙོ་འཁོར་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་དུས་ཀྱི༔ རྒྱལ་བ་སྲས་བཅས་སློབ་མར་བཅས་པ་ཡི༔ སྨིན་མཚམས་ཐུགས་ཀ་ཞལ་སྒོ་ཕྱག་མཐིལ་ནས༔ ཡོ་བྱད་དབང་ཕྱུག་ནམ་མཁའ་མཛོད་ཆེན་གཏེར༔ རིན་ཆེན་རྣམ་པར་སྤྱན་དྲངས་དེ་ལས་གཞན༔ འཇིག་རྟེན་དཔལ་འབྱོར་འབྱུང་བའི་དྭངས་བཅུད་ཀུན༔ བསྡུས་བྱས་དེ་དང་ལྷན་ཅིག་གུ་རུ་ཡི༔ སྦྱོར་མཚམས་ལྟེ་བ་ཞལ་སྒོ་ནེའུ་ལེའི་ཁ༔ གཏེར་བུམ་རྣམས་ནས་རིན་ཆེན་ཆར་རྒྱུན་བབས༔ བདག་དང་དབུལ་ཕོངས་བཀྲེས་སྐོམ་ཉམ་ཐག་འགྲོའི༔ ལུས་དང་གནས་ཁང་ཐམས་ཅད་ཕྱུར་ཁེངས་པས༔ བསོད་ནམས་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་རྒྱས༔ མཐར་ནི་ཀུན་ཀྱང་འཁོར་ལོས་སྒྱུར་རྒྱལ་གྱུར༔ དེ་དག་ཞིང་མཆོག་སངས་རྒྱས་མཆོད་བཀུར་ལ༔ བརྩོན་པས་ཀུན་ནས་བྱང་ཆུབ་མཆོག་ཐོབ་བསམ༔ རང་ཉིད་ཛམ་དམར་སྙིང་དབུས་རང་འདྲའི་སྐུ༔ ཁ་སྦྱོར་མཐའ་མར་གུ་རུའི་སྙིང་པོས་བསྐོར༔ ཡེ་ཤེས་ཐུགས་ཀར་ས་བོན་ཛམྦྷ་ལའི༔ སྔགས་ཕྲེང་འོད་ཟེར་སྤྲོ་བསྡུས་གོང་ལྟར་གྱི༔ སྐྱབས་ཡུལ་བྱིན་རླབས་སྣང་སྲིད་དྭངས་བཅུད་བསྡུས༔ ས་བོན་ལ་ཐིམ་བདག་ལུས་རིན་ཆེན་ཁེངས༔ བསོད་ནམས་ཚད་མེད་དཔག་ཏུ་མེད་པ་རྒྱས༔ ཁམས་གསུམ་འགྲོ་ཀུན་བདག་གི་དབང་གྱུར་བསམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་སྭཱ་ཧཱ༔ མཐར་འགྲོ་འཁོར་སྒྱུར་རྨུགས་འཛིན་ཀུན་བདག་ཐིམ༔ རང་ཉིད་མཐུ་དཔལ་གཟི་བྱིན་ཆེར་རྒྱས་བསམ༔ ཐུན་མཚམས་ཆུ་སྦྱིན་འབྱུང་པོ་སྤྱི་གཏོར་གཏང༔ གསེར་འོད་ནོར་རྒྱུན་མདོ་བཀླག་མཆོད་སྦྱིན་འབད༔ ཁྱད་པར་བླ་མ་མཁན་སློབ་ཕ་མ་དང༔ དགེ་བའི་བཤེས་གཉེན་སྐུ་གསུང་ཐུགས་རྟེན་མཆོད༔ བརྩོན་པས་ཚེ་རབས་སྒྲིབ་སྦྱངས་བསོད་ནམས་རྒྱས༔ དབུལ་བྲལ་རྟག་ཏུ་འབྱོར་ལྡན་ལུས་ཐོབ་འགྱུར༔ འདི་ཡི་རྫོགས་རིམ་ཕྱི་ཡི་མུ་གེའི་རྟེན༔ ནང་ན་ཆགས་ཞེན་སེར་སྣས་བཅིངས་པས་ལན༔ གཉེན་པོ་བདེན་མེད་ཆགས་མེད་ཆོས་ཐམས་ཅད༔ ཞེན་མེད་ངང་ལ་མཆོད་སྦྱིན་བརྩོན་པ་ཡིན༔ དེ་ཡང་བདག་གི་དྲོད་དབུགས་ཤ་རུས་ཁྲག༔ ཀུན་གྱིས་དཀོན་མཆོག་མཆོད་ཅིང་དམ་ཅན་བསྐང༔ རིགས་དྲུག་ཚིམ་ཞིང་ལན་ཆགས་ཁྱེར་བ་སྦྱིན༔ འཁོར་གསུམ་དམིགས་མེད་ངང་བཞག་སྙན་སྨྲ་སྤྱོད༔ མ་ཡེངས་བསྒོམ་པའི་ངང་བཞག་དོན་སྤྱོད་ཅིང༔ སྒོམ་བྲལ་ལྟ་བར་ལ་ཟླ་དོན་མཐུན་པར༔ དེ་ལྟར་བསྡུ་དངོས་བཞི་ཡི་ངེས་དོན་ལ༔ སྒྱུ་མ་ལྟ་བུར་མཉམ་རྗེས་མེད་པར་འབད༔ ༈ མན་ངག་བཞི་པ་གུ་རུ་ཡི་དམ་བསྒྲུབ༔ དེ་ལ་ངོ་བོ་བླ་མ་རྣམ་པ་སྐུ༔ ཡི་དམ་རང་གི་ཡིད་ལ་གང་མོས་ལས༔ མཐའ་བཟུང་གཅིག་མིན་གང་ཟག་བློ་རིགས་དང༔ མཐུན་མོང་འོན་ཀྱང་རྒྱུད་ལུང་མན་ངག་གིས༔ ཟིན་ངེས་ཡི་དམ་གསལ་བཏབ་དེའི་ངོ་བོ༔ བླ་མར་ཤེས་ལས་རྒྱུད་དང་མན་ངག་གི༔ མ་ཟིན་བློ་བཅོས་ལྷ་སྒོམ་བྱིན་རླབས་མེད༔ དེ་བས་བྱིན་རླབས་མ་ཉམས་གཞུང་མན་ངག༔ ལྡན་ལ་ཉམས་ལེན་བྱེད་པ་གལ་འགག་ཡིན༔ འདིར་ནི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལམ༔ ཐུགས་སྒྲུབ་གསེར་ཞུན་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡང་ན་ཆེ་མཆོག་རྡོ་རྗེ་གཞོན་ནུའི་སྐུ༔ གང་མོས་ཡུམ་བཅས་མདུན་གྱི་མཁའ་ལ་བསྒོམ༔ བདེ་གཤེགས་ཡོངས་སུ་འདུས་པ་སྒྲུབ་སྡེ་བརྒྱད༔ འཇམ་དཔལ་རྟ་མགྲིན་ཡང་དག་ཆེ་མཆོག་དང༔ བླ་མེད་རིག་འཛིན་དྲེགས་འདུལ་སྟོབས་ལྡན་ལ༔ ཡུམ་མཆོག་རོ་ལངས་གཟི་ལྡན་རྡོར་དབྱིངས་མ༔ གནམ་ཞལ་དབྱིངས་ཕྱུག་ཉིད་བཞི་མུ་ཁ་ལེ༔ རྣལ་འབྱོར་སྤྱི་འདུལ་འབྱུང་ལྔའི་བདག་མོ་རྣམས༔ འཁྲིལ་སྦྱོར་ཁྲོ་གར་དུར་ཁྲོད་དཔལ་ཆས་རྫོགས༔ གཞན་ཡང་ཡི་དམ་ཐེག་དགུ་རྒྱུད་སྡེ་དྲུག༔ ཞི་བ་ཁྲོ་བོ་ཞི་མ་ཁྲོ་ལ་སོགས༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཚོམ་བུ་འབུམ༔ གྲངས་མེད་སྤྲིན་ཕུང་འཐིབས་ལྟར་བསྐོར་བར་བསྒོམ༔ གསོལ་བ་བཏབ་ཚེ་ཕྱོགས་དུས་རྒྱལ་བ་ཀུན༔ འདུས་ནས་སྐུ་ནི་ཆེ་ཆུང་མ་ངེས་པར༔ ཆར་བཞིན་བབས་པས་བདག་གི་ལུས་བྱིན་བརླབས༔ དེ་བཞིན་གསུང་ལ་ཡིག་འབྲུ་སྒྲ་དང་བཅས༔ ཐུགས་ལ་ཐིག་ལེ་ཕྱག་མཚན་སྣ་ཚོགས་པ༔ ཡོན་ཏན་འོད་ལྔ་ཕྲིན་ལས་མེ་རླུང་ཆུ༔ འབར་བའི་ཚུལ་གྱིས་བདག་ལ་ཐིམ་པ་ཡིས༔ སྒོ་གསུམ་དབང་པོ་རླུང་རྣམས་བྱིན་གྱིས་བརླབས༔ གཏེར་བདག་དྲེགས་པ་མཐུ་ཆེན་ཀུན་འདུས་ནས༔ བདག་ལ་དངོས་གྲུབ་ཆེ་མཆོག་རྣམས་སྩོལ་དམིགས༔ མཐར་ནི་རང་ཉིད་ཡི་དམ་ཀུན་འདུས་དཔལ༔ ཆེ་མཆོག་རྡོ་རྗེ་ཐོད་ཕྲེང་སྐུ་རུ་བསམ༔ ཆོས་སྐྱོང་དམ་ཅན་ཀུན་གྱི་སྲོག་སྙིང་པོ༔ དབང་མེད་བདག་ལ་ཕུལ་ནས་ཕྲིན་ལས་བསྒྲུབས༔ སྣང་སྲིད་ཀུན་ཀྱང་གཞལ་ཡས་ལྷ་ཡི་སྐུ༔ གཉིས་མེད་ཡེ་ཤེས་རང་སྔགས་སྒྲོག་པར་དམིགས༔ གསལ་བ་གསུམ་ལྡན་དགོངས་པའི་ཡི་གེ་ཧཱུྃ༔ ཞི་བར་རྐྱང་སྟེ་དྲག་པོར་ཉིས་བརྩེགས་དང༔ དབང་ལ་ལྔ་སྒྲིལ་རྒྱས་པར་བདུན་སྒྲིལ་བཟླ༔ མཐར་ཐུག་དབུགས་ཉིད་ཧཱུྃ་སྟེ་རྒྱུན་ཆད་མེད༔ གཞན་ནི་རང་གི་ཡི་དམ་ལྷག་པའི་ལྷ༔ གསང་སྔགས་བཟླ་ཞིང་དམིགས་པའི་གཟེར་གདབ་བྱ༔ སྐབས་སུ་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་མཆོག༔ སྙིང་པོ་གསེར་གྱི་ཡང་ཞུན་ཛཔ྄་ཀྱང་བཟླ༔ དེ་བཞིན་བླ་མ་དགོངས་འདུས་རྒྱུད་ཀྱི་སྙིང༔ རྩ་གསུམ་སྤྱི་དྲིལ་སྙིང་པོ་འདི་ཡང་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་བསྒྲུབས་པའི་གང་ཟག་དེ་ཉིད་ཀྱིས༔ ཡི་དམ་རྩ་བ་གསུམ་ཞལ་དངོས་ཉམས་རྨིར༔ མཇལ་ཞིང་ལུང་སྟོན་བྱིན་བརླབས་གནས་ལུགས་དོན༔ རྗེན་མཐོང་མཆོག་ཐུན་དངོས་གྲུབ་མཛོད་ལ་དབང༔ གཏེར་དབང་གང་ཟག་ཡིན་ན་ཚུལ་འདི་ཉིད༔ གཏེར་སྒྲུབ་མཆོག་དེ་དངོས་གྲུབ་མྱུར་ཐོབ་འགྱུར༔ རྫོགས་རིམ་དོན་ལ་སྤྱིར་ནི་རྒྱ་ཆེའི་དོན༔ འཁོར་འདས་སྣང་སྲིད་ཀུན་ཀྱང་གཏེར་ཡིན་ལ༔ འདོན་ཚུལ་བསམ་གྱིས་མི་ཁྱབ་བརྗོད་མི་ལང༔ འོན་ཀྱང་མཁྱེན་གཉིས་བསྒྲུབ་ལ་ཡོངས་སུ་འདུ༔ གཏེར་གྱི་མདོ་དོན་སྙིང་པོ་ཟབ་པ་ནི༔ དྲི་མེད་རིག་པ་ཆོས་ཀྱི་སྐུ་ཡིན་ཏེ༔ དེ་ནི་གཏེར་དུ་ཇི་ལྟར་བཞུགས་ཤེ་ན༔ འཁྲུལ་སྣང་བྲག་རིའི་དབུས་ན་ཚོགས་བདུན་གྱི༔ རྒྱས་བཏབ་ཀུན་གཞིའི་རིན་ཆེན་གཏེར་སྒྲོམ་ན༔ བྲི་གང་མེད་པའི་ཟབ་གཏེར་མཆོག་དེ་བཞུགས༔ དེ་ཉིད་རྒྱལ་བའི་བཀའ་ལུང་ཁ་བྱང་ལ༔ བླ་མའི་མན་ངག་བྱིན་རླབས་སྙིང་བྱང་སྟེ༔ དད་མོས་གུས་པ་དམ་ཚིག་བརྩོན་འགྲུས་ཅན༔ སྐལ་ལྡན་བུ་ཡིན་དེས་ཀྱང་ཚུལ་བཞིན་དུ༔ བླ་མ་དགྱེས་བྱས་སྒོམ་སྒྲུབ་ལ་བརྩོན་པས༔ གཏེར་རྣམས་ཀུན་གྱི་རྒྱལ་པོ་དེ་རྙེད་འགྱུར༔ དེ་སྐད་སྤྱི་དོན་གླིང་གཞི་བསྟན་བྱས་ནས༔ སྙིང་པོ་ཉམས་ལེན་གཏན་ལ་ཕབ་པ་ནི༔ དུས་གསུམ་སངས་རྒྱས་ཀུན་གྱི་བགྲོད་གཅིག་ལམ༔ ཡི་དམ་དཀྱིལ་འཁོར་ཀུན་གྱི་སྲོག་སྙིང་མཆོག༔ སངས་རྒྱས་ཡེ་ཤེས་དྲང་ཐད་ངོ་སྤྲོད་པ༔ རིག་པ་གཅེར་མཐོང་ཁྲེགས་ཆོད་གདམས་པ་མཆོག༔ སྔོན་དུ་ཐེ་ཚོམ་སེམས་ཀྱི་དྲི་མ་བསལ༔ དངོས་གཞི་ངོ་སྤྲོད་ཐག་ཆོད་གདིང་འཆའ་འོ༔ དེ་ཉིད་ཉམས་ལེན་བརྩོན་པ་མ་བྲལ་ན༔ ཚེ་གཅིག་སངས་རྒྱས་རྫོགས་རིམ་རྒྱལ་པོ་ཡིན༔ རང་གཞན་དོན་གཉིས་ལྷུན་གྲུབ་ཟབ་གཏེར་འདི༔ སུས་ཐོན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིན༔ ༈ མན་ངག་ལྔ་པ་ཟིལ་གནོན་གུ་རུ་བསྒྲུབ༔ མདུན་མཁར་གུ་རུ་ཟིལ་གནོན་དྲག་པོ་རྩལ༔ དཀར་དམར་ཁྲོ་འཛུམ་བེར་ཕོད་ཆོས་གོས་གསོལ༔ པད་ཞུ་ཁྱུང་ལྡེམ་ཕྱག་གཡས་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་མེ་འབར་ཁ་གདེངས་འཕྱར༔ གཡོན་པས་དྲེགས་པ་སྡེ་བཅུའི་སྙིང་ཕྲེང་འདྲེན༔ དཔྲལ་མགྲིན་སྙིང་ལྟེ་གསང་བར་འཇམ་དཔལ་ནག༔ རྟ་ཕྱག་མགོན་པོ་སྒྲ་གཅན་དཀྱིལ་འཁོར་རྫོགས༔ འཁོར་དུ་ཞིང་སྐྱོང་བསྭེ་ལྕགས་དུང་སྐྱེས་ཕྱོགས༔ རྡོར་ལེགས་རྨ་ཐང་དྲེལ་ཞོན་ལྷ་མོ་མཚམས༔ གཞན་ཡང་དགེ་བསྙེན་བརྟན་མ་སྲིད་པའི་ལྷ༔ ཆེ་གཉན་བྲག་བཙན་རི་དབང་མགུལ་ལྷ་སོགས༔ ཀུན་ཀྱང་བཀའ་ཉན་གསུང་སྡོད་བྲན་གྱི་ཚུལ༔ རིན་ཆེན་རང་རྟགས་སྲོག་གིས་གུ་རུ་མཆོད༔ གསོལ་བ་བཏབ་ཚེ་གུ་རུའི་ཐུགས་ཀ་ནས༔ འོད་ཟེར་འབར་བས་འཁོར་རྣམས་གནད་དབབ་པས༔ ཀུན་ཀྱང་སྔོན་གྱི་གཡར་དམ་རྗེས་དྲན་ནས༔ སྙིགས་མ་ལྔས་དབེན་བདེ་ལྡན་སྦས་པའི་ཡུལ༔ བདག་ལ་སྟེར་ཞིང་རང་ཉིད་གང་གནས་ཕྱོགས༔ དེ་རུ་དཔལ་གཡང་ཐམས་ཅད་བསྐྱེད་པར་བསམ༔ མཐར་ནི་རང་ཉིད་པདྨ་ཟིལ་གནོན་སྐུ༔ གནས་ལྔའི་ལྷ་བཅས་ཐུགས་ཀའི་འོད་ཟེར་ལས༔ འཁོར་འདས་ལྷ་ཚོགས་བསྡུས་ནས་གནས་ལྔར་ཐིམ༔ གང་འདོད་དངོས་གྲུབ་ཡིད་བཞིན་ཐོབ་པར་བསམ༔ ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ སྦུར་ཐུཾ་ཛ་ཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་རྣྲྀ་ཏྲི་སིདྡྷི་ཕ་ལ་ཛ་ཛ་ཛ༔ གསང་སྔགས་འདི་ལ་འཁོར་འདས་འབྱུང་པོའི་སྲོག༔ ཀུན་ཚང་ཕོ་མོ་མ་ནིང་གཉིས་སུ་མེད༔ བཟླས་ན་མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིང༔ འཕོ་ཚེ་བདེ་བ་ཅན་དུ་སྐྱེ་བར་གསུངས༔ ཁྱད་པར་སྦས་པའི་ཡུལ་གྱི་སྒོ་འབྱེད་པར༔ མཆོག་སྔགས་གུ་རུའི་སྒྲུབ་ཐབས་མཆོག་ཡིན་པས༔ སྦས་ཡུལ་འཇུག་དང་སྒོ་འབྱེད་འདོད་རྣམས་ཀྱིས༔ གུ་རུའི་གསོལ་འདེབས་སྒྲུབ་ཐབས་འདི་ཉིད་ལ༔ འབད་པས་དངོས་ཉམས་རྨི་ལམ་སྣང་བ་རུ༔ སྦས་ཡུལ་འབྱེད་དང་མི་འབྱེད་ལུང་སྟོན་འབྱུང༔ འབྱེད་པའི་ལུང་བསྟན་བྱུང་ན་ལམ་ཡིག་ལྟར༔ སྟ་གོན་བྱས་ནས་དལ་ལ་བརྩོན་བསྐྱེད་འཇུག༔ ལུང་སྟོན་མེད་པར་སྦས་ཡུལ་འཇུག་འདོད་ཀྱི༔ བརྐམ་ཆགས་དྲག་པོ་རང་ཉིད་ངལ་བྱེད་ཡིན༔ དེ་བས་ཐོག་མར་གུ་རུའི་སྒྲུབ་པ་ལ༔ ནན་ཏན་རྨི་ལམ་མཚན་མ་ཐོབ་པ་གཅེས༔ སྤྱིར་ཡང་དམ་ཚིག་ཤེས་རབ་བརྩོན་འགྲུས་ཅན༔ རྟེན་འབྲེལ་ཐབས་ལ་མཁས་པས་བརྩམ་བྱ་ཡིན༔ བབ་ཆོལ་བྱས་ན་མི་རུང་ཆོ་འཕྲུལ་འབྱུང༔ དེས་ན་ཚུལ་བཞིན་སྤྱོད་པ་ཞིབ་ཏུ་གྱིས༔ སྦས་ཡུལ་འབྱེད་སོགས་མིན་ཡང་འདི་བསྒྲུབས་པས༔ གོང་དུ་བཤད་པའི་ཡོན་ཏན་ཀུན་ཐོབ་ཅིང༔ སྡེ་བརྒྱད་དྲེགས་པས་བཀའ་ཉན་ཕྲིན་ལས་སྒྲུབ༔ གུ་རུའི་བྱིན་རླབས་ཞུགས་ནས་མཆོག་ཐོབ་འགྱུར༔ རྫོགས་རིམ་ཕྱི་ལྟར་སྙིགས་མ་ལྔ་སྐྱོབ་ཕྱིར༔ སྦས་པའི་ཡུལ་ཏེ་ནང་ན་འཁྲུལ་སྣང་གིས༔ དབེན་ས་མི་འགྱུར་བདེ་ཆེན་སྦས་ཡུལ་ཏེ༔ དེ་ཉིད་ལམ་བྱེད་ཐབས་གྲོལ་སྟེང་འོག་སྒོ༔ འདིར་ནི་སྟེང་སྒོ་ཕྱི་ནང་སྟོང་རའི་མཐར༔ རླུང་སྦྱོར་བཞི་ལྡན་གཏུམ་མོའི་མེ་སྦར་ཞིང༔ ཨ་ཧཾ་འདུ་འཕྲོད་བདེ་དྲོད་ཡེ་ཤེས་བསྐྱེད༔ བརྟན་པ་ཐོབ་ནས་བདེ་བོགས་འོག་སྒོས་འདོན༔ དེ་ཡང་རོ་འབར་རྐྱང་འཛག་དབུ་མར་ཞུགས༔ འཁོར་ལོ་བཞི་བསྲེག་རི་བོང་ཅན་འཛག་འཁྱིལ༔ ཡས་མས་དགའ་བ་རྗེས་དྲན་ཏིང་འཛིན་པ༔ ལམ་རིམ་མ་འདྲེས་ངེས་འབྱེད་ཤེས་པར་བྱ༔ ༈ མན་ངག་དྲུག་པ་གུ་རུ་སེང་སྒྲ་བསྒྲུབ༔ དེ་ཡང་མདུན་མཁར་གསང་བདག་སེང་གེའི་སྒྲ༔ ཁྲོ་གཏུམ་རྡོ་རྗེ་སྡིགས་མཛུབ་དྲག་མོས་འཁྱུད༔ སྐྲ་གསེབ་སེང་ཞལ་དུར་ཁྲོད་དཔལ་ཆས་རྫོགས༔ འཁོར་དུ་དཔའ་བོ་རིགས་བཞི་ཡུམ་བཅས་ཕྱོགས༔ འགུགས་འཛིན་སྟོབ་རྒྱུག་གིང་བཞི་ཡུམ་བཅས་མཚམས༔ གཞན་ཡང་དཔའ་བོ་མཁའ་འགྲོ་གིང་ཕོ་མོ༔ བྱེ་བ་གྲངས་མེད་འཁོར་དུ་བསྐོར་བར་བསམ༔ གསོལ་བ་བཏབ་ཚེ་གུ་རུའི་ཐུགས་ཀ་ནས༔ འོད་འཕྲོས་ཕྱོགས་དུས་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཚུར་འདུས་བདག་གི་འཇིགས་པ་མཐའ་དག་ཞི༔ འགྲོ་ཀུན་གདུག་པའི་སེམས་ཅན་གནོད་ལས་གྲོལ༔ མཐར་ནི་རང་ཉིད་གསང་བདག་གསལ་བཏབ་ཅིང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་རྩེ་དགུའི་ལྟེར༔ ཧཱུྃ་མཐར་སྔགས་ཕྲེང་འོད་ཟེར་འགལ་མེ་ལྟར༔ འཁོར་ཞིང་མེ་འབར་སྲུང་བའི་གུར་ཁང་བརྟས༔ ཕྱི་ཡི་བར་ཆད་གདུག་པའི་གཅན་གཟན་དང༔ ནང་གི་མ་རུངས་ཕྲ་མེན་གནོད་པའི་ཚོགས༔ གསང་བ་བྱད་ཁ་རྦོད་གཏོང་ངན་པ་རྣམས༔ རང་གཤེད་རང་དབབ་ཐལ་བའི་རྡུལ་བརླག་བསམ༔ ཨོཾ་བཛྲ་གུ་རུ་སིཾ་ཧ་གཎྜེ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ དེ་ལྟར་རྩ་སྔགས་སྤྱི་དྲིལ་མཚན་བརྒྱ་པ༔ བདུད་འདུལ་དྲག་མོའི་གསང་སྔགས་ཡང་སྙིང་སྟེ༔ གང་མོས་གཙོ་བོར་བཟླ་ཞིང་རྟགས་རྫོགས་ཚེ༔ ལས་ཚོགས་གང་བརྩམ་ཐོགས་མེད་འགྲུབ་པར་འགྱུར༔ རྫོགས་རིམ་ཕྱི་ནང་འབྲོག་ཆེན་འཇིགས་པའི་འཕྲང༔ ནང་ན་རྣམ་རྟོག་འཕོ་བཅས་དབང་གིས་ནི༔ སྐྱེ་འཆི་བར་དོར་འཁྱམས་པའི་འབྲོག་ཆེན་ཏེ༔ འཇིགས་སྐྱོབ་མན་ངག་བར་དོའི་གདམས་སྒོམ་བཅས༔ དེ་ཡང་བར་དོ་དྲུག་ལ་རྣམ་པ་གསུམ༔ རང་བཞིན་བར་དོར་འདུ་ལ་དེར་ལམ་བསྒོམ༔ འདིར་ནི་འཆི་ཁ་ཆོས་ཉིད་སྲིད་པ་སྟེ༔ མེ་ལོང་མ་པང་ཝ་འཛུགས་ཚུལ་དུ་གདམས༔ ༈ མན་ངག་བདུན་པ་པདྨ་བཛྲ་བསྒྲུབ༔ དེ་ཡང་མཁའ་ལ་དགུ་རྫོགས་ཐེག་པའི་གདན༔ དེ་སྟེང་འོད་དཔག་མེད་མགོན་བདེ་བ་ཆེ༔ པདྨ་བཛྲ་ཞལ་གསུམ་ཕྱག་དྲུག་དམར༔ ཁྲོ་འཛུམ་རྫོགས་པའི་སངས་རྒྱས་འགྱིང་བའི་སྐུ༔ གཡས་དཀར་གཡོན་མཐིང་ཐོར་ཚུགས་རལ་པའི་རྩེར༔ འོད་དཔག་མེད་བརྒྱན་ལྷ་ལྕམ་གསང་ཡེས་འཁྱུད༔ གཡས་གསུམ་རྡོ་རྗེ་རལ་གྲི་ཚེ་ཡི་བུམ༔ གཡོན་གསུམ་དྲིལ་བུ་བྷཉྫ་ནམ་མཁའི་དབྱུག༔ གཟི་བརྗིད་འོད་དཔག་མེད་མགོན་ཐུགས་རྗེའི་སྐུ༔ དཀྱིལ་འཁོར་ཡོངས་ཀྱི་འཁོར་ལོས་སྒྱུར་མཛད་དཔལ༔ བླ་མ་དགོངས་འདུས་དཀྱིལ་འཁོར་གཙོ་མཆོག་ཡིན༔ འཁོར་དུ་འབྱུང་བཞིའི་ལྷ་ནི་རིགས་ལྔ་སྟེ༔ དེ་ཕྱིར་མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་ཡིན༔ འདིར་ནི་དཀྱིལ་འཁོར་གཙོ་འབྲེལ་རྒྱུད་དོན་བཞིན༔ རིགས་ལྔ་ཧེ་རུ་ཀར་བསྟན་རྡོ་རྗེ་བརྒྱད༔ ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང༔ འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེ་སེམས༔ གཏི་མུག་རྡོ་རྗེ་བདེ་བ་རྡོ་རྗེ་སེམས༔ མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་འཆང༔ ཡུམ་བརྒྱད་སྐྱེད་བྱེད་གཤིན་རྗེ་འཇོམས་མ་དང༔ སྲེག་བྱེད་ཙན་ཏི་ཀ་དང་རྨོངས་བྱེད་མ༔ ལཱ་མ་མནྡཱ་ར་བ་གསོད་བྱེད་མ༔ འཁྲིལ་སྦྱོར་དེ་ལྟར་དེ་བཞིན་གཤེགས་པ་བརྒྱད༔ ཡེ་ཤེས་རང་འོད་མེ་རི་ཁ་དོག་ལྔ༔ འཁྲིགས་དབུས་ཞི་མ་ཁྲོ་ཚུལ་རང་འོད་འབར༔ གཞན་ཡང་འབྱུང་ལྔའི་མཁའ་འགྲོ་བྱེ་བ་འབུམ༔ གྲངས་མེད་ཀུན་ཀྱང་བདག་ལ་བརྩེ་བས་བཞུགས༔ གསོལ་བ་བཏབ་ཚེ་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ལས་འོད་འཕྲོས་ཕྱི་ལྟར་འབྱུང་བའི་དགྲ༔ ནང་ལྟར་འདུ་འཁྲུགས་འབྱུང་བ་ཚ་གྲང་གེགས༔ གསང་བ་ཉོན་མོངས་དུག་ལྔའི་རྣམ་རྟོག་ཞི༔ མཐར་ནི་རང་ཉིད་པདྨ་བཛྲ་རྩལ༔ ཐུགས་ཀར་ཉི་ཟླའི་སྟེང་དུ་རྡོ་རྗེའི་ལྟེར༔ འདབ་བརྒྱད་དབུས་སུ་སངས་རྒྱས་འོད་དཔག་མེད༔ མཉམ་གཞག་ཚེ་བུམ་ནང་དུ་རྡོ་རྗེ་གསུམ༔ ཐུགས་ཀར་ཧྲཱིཿབཅས་སྐུ་མཐར་སྔགས་ཕྲེང་འཁོར༔ འོད་ཟེར་སྤྲོ་བསྡུས་རྒྱལ་ཀུན་ཐུགས་རྗེ་བསྡུས༔ སངས་རྒྱས་ཀུན་འདུས་བདག་གྱུར་ཞིང་འདི་ཡང༔ འབྱུང་བཞིའི་གནོད་བྲལ་བདེ་བ་ཅན་དུ་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿདྷུ་མ་གྷ་ཡེ་ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སྭཱ་ཧཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་རྣྲྀ་ཏྲི་ཛཿསརྦ་ཨཾ་གུ་ཤ་ཛཿཙིཏྟ་ཧྲཱིང་ཧྲཱིང་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ དེ་ལྟར་པདྨ་བཛྲ་རྩ་སྔགས་དང༔ མཁའ་འགྲོ་ཡབ་ཡུམ་སྲོག་སྔགས་རྩ་གསུམ་གྱི༔ སྤྱི་དྲིལ་སྔགས་ཏེ་རང་གི་གང་མོས་བཟླ༔ ཡང་སྙིང་བཛྲ་གུ་རུ་དག་ཀྱང་ངོ་༔ ལས་སྦྱོར་འབྱུང་བཞིའི་གནོད་པ་ལས་སྐྱོབ་བྱེད༔ དམིགས་པ་རྟེན་འབྲེལ་རྫས་སྔགས་ཁ་ཡང་བསྒྱུར༔ ནང་ལྟར་འབྱུང་འཁྲུག་རྩ་རླུང་ཐིག་ལེའི་གེགས༔ བསལ་ལ་གང་འོས་མན་ངག་བཞིན་དུ་བྱ༔ རྫོགས་རིམ་གསང་བ་ཏིང་འཛིན་སེམས་ཀྱི་གེགས༔ བསལ་མཁས་ཟབ་གསལ་མན་ངག་བསྒོམ་པ་སྟེ༔ བྱིང་རྨུགས་འཐིབས་པ་གཏི་མུག་ས་ཡི་གེགས༔ འཕྲོ་བ་འདོད་ཆགས་ཆུ་སྟེ་རྒོད་སྡང་མེ༔ འཐོར་བ་ཕྲག་དོག་རླུང་ཡིན་གེགས་དེ་དག༔ སེལ་ཐབས་སྒྲིམ་ཀློད་རང་བབ་རང་གྲོལ་བཞག༔ དེ་བཞིན་བསམ་གཏན་དང་པོ་གཉིས་གསུམ་བཞིར༔ འདོད་པ་དགའ་གཡོ་བརྟན་པའི་ཉམས་བསལ་ནས༔ མུ་བཞིར་མ་ལྷུང་ལྷག་མཐོང་ཡེ་ཤེས་ཀྱི༔ རང་ཞལ་ལྟ་བ་སྒོམ་མེད་ཡེངས་མེད་བྱ༔ དེ་ཡི་གནད་ནི་མཉམ་གཞག་མཚན་ཉིད་བཞི༔ ཕྲ་དང་གསལ་བའི་མི་རྟོག་ངང་དུ་བཞག༔ སྟོང་ཕྱོགས་རྫོགས་རིམ་གེགས་སེལ་བོགས་འདོན་པ༔ ཕལ་ཆེར་འདི་ལ་ཚང་ཞིང་གནད་འདུས་པས༔ ཟབ་མོའི་རྫོགས་རིམ་འདི་ལ་གོམས་འདྲིས་གཅེས༔ དེས་ནི་འདྲ་མིན་གེགས་གོལ་བྲལ་བར་བྱེད༔ གསལ་བ་འབྱུང་ཁམས་རྩ་རླུང་ཐིག་ལེ་རྣམས༔ དག་བྱེད་སྟོང་པའི་གཟུགས་སྒྲ་བདེ་བ་ཆེ༔ གཡོ་མེད་ལམ་གྱི་བསྙེན་སྒྲུབ་ལ་འབད་ནས༔ མི་ཤིགས་རྡོ་རྗེ་གསུམ་འབྲས་མངོན་སྦྱོར་བྱེད༔ ༈ མན་ངག་བརྒྱད་པ་གུ་རུ་རྟ་མགྲིན་བསྒྲུབ༔ དེ་ཡང་རྒྱ་མཚོ་མེ་དཔུང་ཀེང་རུས་སྟག༔ རུ་དྲ་ཉི་སྟེང་ཁྲོ་མཆོག་རྟ་མགྲིན་ནག༔ མི་ཐུང་གེལ་ཚུལ་ཕྱག་གཉིས་སེང་རྔ་བརྡུང༔ རྡོ་རྗེ་ཁྲོས་མ་གྲི་ཐོད་འཛིན་པས་འཁྱུད༔ ཕྱོགས་བཞིར་ཕྱག་རྒྱ་བཞི་འཛིན་མཁའ་འགྲོ་བཞི༔ སྤྱི་བོར་པདྨ་ཐོད་ཕྲེང་ཐོད་རྔ་དྲིལ༔ རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་དང་རོལ༔ གསང་ཡེ་སྡེ་བཞི་ཅང་ཏེའུ་དྲིལ་བུ་ཐོགས༔ གཞན་ཡང་ཁྲོ་བོ་ཁྲོ་མོ་གྲངས་མེད་པ༔ བུ་ཡུག་ལྟར་འཚུབས་མེ་ལྕེ་རྡོ་རྗེ་རཾ༔ ཀུན་ཏུ་འཕྲོ་དབུས་འཇིགས་སུ་རུང་བར་བསྐྱེད༔ གསོལ་བ་བཏབ་ཚེ་མེ་དཔུང་འཕྲོ་ཞིང་འདུ༔ རབ་འབར་འཁོར་ལོས་དགྲ་ཇག་ཆོམ་རྐུན་དང༔ བྱུར་གེགས་ལྟས་ངན་སྲི་ཁ་ཀེག་ཆག་བྱད༔ ཉམ་ང་མཐའ་དག་ཕྱེར་བརླག་སྲུང་གུར་གྱུར༔ མཐར་ནི་རང་ཉིད་གུ་རུ་རྟ་མགྲིན་སྐུ༔ ཞལ་ནས་མེ་འཕྲོས་ཕྱི་གདོན་བར་ཆད་བསྲེག༔ ནང་དུ་བཀུག་པས་ནད་གདོན་ནད་བཅས་བསྲེག༔ བར་གྱི་གཉིས་སྣང་མཐའ་དག་སྟོང་པར་སྦྱངས༔ ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་ཧ་རི་ནི་ས་ས་མ་ཡ་ཛཿཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྃ༔ ལས་སྦྱོར་ཕྱི་ལྟར་དགྲ་ཇག་ཆོམ་རྐུན་འཆིང༔ ནང་ལྟར་གཟའ་ཀླུ་གདུག་པའི་གནོད་པ་འཆིང༔ དེ་དག་ཡེངས་མེད་བསྐྱེད་རིམ་སྔགས་ནུས་པ༔ རྙེད་པས་ལས་རྣམས་ཐོགས་མེད་འགྲུབ་པར་ངེས༔ རྫོགས་རིམ་གསང་བ་རྣམ་རྟོག་ལམ་དུ་ཁྱེར༔ དེ་ཡང་ཕྲ་སྦོམ་རགས་པ་ཚོགས་དྲུག་གི༔ ཡུལ་ལ་ཞེན་པས་འཁོར་བའི་རྒྱུ་སྐྱེད་བྱེད༔ ཞེན་མེད་སྤང་གཉེན་བྲལ་བའི་གཤིས་ལ་བཞག༔ ༈ མན་ངག་དགུ་པ་གུ་རུ་གྲོ་ལོད་བསྒྲུབ༔ མཁའ་དཀྱིལ་རྡོ་རྗེའི་གུར་ཁང་མེ་དཔུང་ཀློང༔ རྡོ་རྗེ་གྲོ་ལོད་དམར་སྨུག་འཆོལ་བའི་སྐུ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིར༔ དབུ་སྐྲ་དམར་སེར་གྱེན་བརྫེས་ཐོད་སྐམ་བརྒྱན༔ ཞབས་གཉིས་གར་སྟབས་ལིང་ལིང་འགྱིང་བག་རོལ༔ ཟ་འོག་བེར་ཕོད་ཆོས་གོས་རུས་རྒྱན་གསོལ༔ ཕྱག་གཉིས་རྡོ་རྗེ་རྩེ་དགུ་ཕུར་བུ་གསོར༔ འཁོར་དུ་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ༔ ཧཱུྃ་ཀར་རྣམ་རྒྱལ་གཤེད་ཆེན་རྟ་སྐད་ཅན༔ བདུད་རྩི་དབྱུག་སྔོན་མི་གཡོ་གཞན་མི་ཐུབ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ༔ ཀུན་ཀྱང་མཐིང་ནག་གནམ་ལྕགས་ཕུར་བུ་འདྲིལ༔ སྒྲ་འབྱིན་མདའ་སྙེམས་དུར་བདག་ཙཎྜ་ལཱི༔ རླུང་འབྱིན་སྡེར་མོ་གཏུན་ཁུང་སྐུལ་བྱེད་མ༔ གསོད་བྱེད་མ་སྟེ་ཡབ་ཡུམ་ལྷན་ཅིག་རོལ༔ གཞན་ཡང་ཁྲོ་ཆུང་རྡོ་རྗེའི་བུ་ཡུག་འཚུབས༔ གསོལ་བ་བཏབ་ཚེ་ཐུགས་ཀའི་ས་བོན་དང༔ བ་སྤུའི་བུ་ག་དབུ་སྐྲ་ཕྱག་མཚན་ལས༔ ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ་ཡིས༔ བདག་ལ་སྡང་སེམས་ལྡན་པའི་དགྲ་བགེགས་ཀུན༔ ཕྱེ་མར་བརླག་ཅིང་ཤ་ཁྲག་རུས་པ་ལ༔ ཁྲོ་ཆུང་ལྕགས་སྡིག་རྣམས་ཀྱིས་ཧབ་ཧབ་རོལ༔ ཚུར་འདུས་སྟེང་འོག་ཕྱོགས་མཚམས་རྡོ་རྗེ་ཡི༔ གུར་ཁང་མི་ཕྱེད་གོང་བུ་གཅིག་ཏུ་གྱུར༔ མཐར་ནི་རང་ཉིད་རྡོ་རྗེ་གྲོ་བོ་ལོད༔ ཡེ་ཤེས་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ༔ ཉི་སྟེང་ཧཱུྃ་དམར་མཐའ་ལ་སྔགས་ཕྲེང་འཁོར༔ འོད་འཕྲོས་རྒྱལ་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ མི་དང་མི་མིན་གདུག་པའི་བསམ་སྦྱོར་ཞི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཀུན་སེལ་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ རྩ་སྔགས་དེ་ཡིན་ཨརྩིག་ནིརྩིག་གམ༔ ཡང་ན་ཟུར་ཆག་སྐད་འགྱུར་རྩ་བའི་སྔགས༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ འདི་གསུམ་རང་གི་བློ་ལ་གང་མོས་བཟླ༔ སྐབས་སུ་རྩ་སྔགས་ཤམ་བུར་ཧཱུྃ་ཕཊ་ཅེས༔ ངར་ལྡན་མང་བཟླས་སྣང་བའི་ཡུལ་རྣམས་ལ༔ ཐོགས་རྡུགས་མེད་པར་རིག་པའི་རྩལ་ཡང་སྦྱང༔ རྙིང་མ་འགའ་དང་གསར་མ་རེ་ཟུང་ན༔ ཟུར་ཆག་སྔགས་འགྱུར་འདི་འདྲ་བྱུང་བ་ལ༔ རྟོག་གེ་པ་འགའ་རྒྱ་མིན་བོད་མིན་ཞེས༔ དགག་པ་རང་ཉིད་ཆོས་སྤངས་སྒྲིབ་བསགས་ལས༔ ཇི་བཞིན་དོན་ལ་འབྱོར་པ་མ་ཡིན་ཏེ༔ འབྱོར་ཞེས་སྨྲ་ན་ཨོ་རྒྱན་ཤམྦྷ་ལ༔ འགྲོ་ལྡིང་སྲིན་པོ་ཀླུ་ཡི་སྐད་ལ་སོགས༔ ཚུལ་བཞིན་ཤེས་པ་ཕྱོགས་འདིར་སྨོས་ཅི་དགོས༔ ལེགས་སྦྱར་སྐད་ལ་དཔྱད་པར་རློམ་ན་ཡང༔ ལེགས་སྦྱར་མཐའ་དག་དབང་པོས་མི་ཤེས་ན༔ ཕལ་པ་གཞན་གྱིས་སྤྱོད་ཡུལ་ག་ལ་ཞིག༔ འཕགས་ཡུལ་ལེགས་སྦྱར་མདོ་གཞུང་ཡོངས་རྫོགས་པ༔ བོད་འདིར་མེད་ཅིང་ཡོད་པ་ཅུང་ཟད་ཀྱང༔ བྲམ་ཟེའི་གསང་ཚིག་ཚིག་སྡུད་གྱུར་པ་རྣམས༔ བོད་ཀྱི་ལོ་ཙཱས་རང་གར་རྟོགས་ནུས་མེད༔ རྟག་ཏུ་གསང་ཆེན་རྙིང་མའི་མན་ངག་རྣམས༔ ལེགས་སྦྱར་ཁོ་ནས་སྟོན་པ་མ་ཡིན་གྱི༔ ཚུལ་འདིར་བསམ་གྱིས་མི་ཁྱབ་ཁོ་ནར་དྲན༔ དེ་ལྟ་ན་ཡང་གང་ཟག་བློ་སྐྱོན་གྱིས༔ བར་སྐབས་བཅོས་བསླད་རྫུན་ཟོག་ཡིག་ནོར་སོགས༔ ཡིན་མིན་བསྲེག་བཅད་བརྡར་བའི་གསེར་བཞིན་བརྟག༔ ཚད་ལྡན་ཡི་དམ་བསྒྲུབ་ན་རྟགས་ལྡན་ཞིང༔ བཟླས་ན་ནུས་འབྱུང་བསྒོམ་ན་ཉམས་རྟོགས་འཆར༔ འདི་ཕྱི་བར་དོར་བདེ་སྐྱིད་ཐོབ་ན་ཡིན༔ དེ་སྐད་ཟབ་མོའི་སྔགས་ལ་ལོག་རྟོག་བློ༔ དག་བྱེད་ཚེ་དབང་ནོར་བུས་ཞར་བྱུང་སྨྲས༔ དེ་ལྟར་གྲོ་ལོཏ་རྩ་སྔགས་གང་མོས་ལ༔ བཟླ་ཞིང་ནུས་པ་ཐོན་ན་ལས་ལ་སྦྱོར༔ དེ་ཡང་མཚོན་ཟློག་རིག་སྔགས་རྒྱལ་པོ་འདི༔ དམིགས་པའི་ཁ་བསྒྱུར་ཏིང་འཛིན་ངར་དང་བཅས༔ ཨོཾ་རྣོར་སོད་ཟློག་ཆུཾ་དྲིལ་སྭཱ་ཧཱ༔ བཟླ་ཞིང་རྟེན་འབྲེལ་རྫས་འཁོར་སྲུང་བ་ཡང༔ བྱས་པས་མཚོན་གྱི་གནོད་པ་ཟློག་པར་བྱེད༔ དེ་ཡང་སྔོན་ལས་ཅི་རིགས་ཕྱིར་ནུར་བྱེད༔ འཕྲལ་རྐྱེན་ཡིན་ན་ངེས་པར་བཟློག་འགྱུར་རོ༔ ཕྱི་ལྟར་མཚོན་ཆའི་གནོད་པ་དེ་ཉིད་ཀྱང༔ ནང་ན་ཉོན་མོངས་ཧྲག་པ་ཉིད་ལས་བྱུང༔ དེས་ན་ཉོན་མོངས་ལམ་ཁྱེར་རྫོགས་རིམ་བསྒོམ༔ དེ་ཡང་ཞེ་སྡང་ཀམ་གྱིས་སྐྱེས་པ་ན༔ འཕྲོ་རྗེས་མི་མཐུད་ཁོ་ཡི་རང་ངོར་བལྟ༔ བལྟས་པས་རང་ཡལ་སྤང་གཉེན་ཡུལ་ལས་འདས༔ རིག་པ་གསལ་སྟོང་རྗེན་པ་ཅེར་གྱིས་འཆར༔ དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ དེ་བཞིན་འདོད་ཆགས་ང་རྒྱལ་ཕྲག་དོག་དང༔ གཏི་མུག་ལ་ཡང་དེ་ལྟར་ཉམས་མྱོང་བའི༔ ཉོན་མོངས་རང་དག་ཡེ་ཤེས་ཆེན་པོར་འཆར༔ ཉོན་མོངས་བྲལ་ལ་ཡེ་ཤེས་སྐྱེ་བར་བྱ༔ ༈ མན་ངག་བཅུ་པ་པདྨ་རྒྱལ་པོ་བསྒྲུབ༔ དེ་ཡང་མཁའ་ལ་རང་འོད་ཡེ་ཤེས་དབུས༔ པདྨ་རྒྱལ་པོ་སྐུ་དམར་ཞལ་གཅིག་པ༔ ཕྱག་གཉིས་ཐལ་སྦྱོར་གསང་ཡེ་ཡུམ་ལ་འཁྱུད༔ ཞི་ཚུལ་ལོངས་སྐུའི་ཆས་རྫོགས་རྡོར་སྐྱིལ་བཞུགས༔ ཐུགས་ཀར་རྡོར་སེམས་སྤྱི་བོར་སྣང་མཐའ་ཡས༔ ཕྱི་རིམ་འདབ་བརྒྱད་ཉེ་སྲས་སེམས་དཔའ་བརྒྱད༔ གཞན་ཡང་སངས་རྒྱས་བྱང་སེམས་གྲངས་མེད་བསྐོར༔ གསོལ་བ་བཏབ་ཚེ་གཙོ་འཁོར་འོད་ཟེར་གྱིས༔ འགྲོ་དྲུག་སྒྲིབ་སྦྱངས་འོད་ཟེར་ལྕགས་ཀྱུ་ཡིས༔ བདེ་བ་ཅན་གྱི་ཞིང་དུ་ཀུན་དྲངས་ནས༔ པདྨ་ལས་འཁྲུངས་སྣང་མཐའི་ཞལ་མཇལ་བསམ༔ མཐར་ནི་རང་ཉིད་ལྷར་གྱུར་ཐུགས་དབུས་སུ༔ པད་ཉི་ཟླ་སྟེང་འབྲུ་བཞི་བརྩེགས་མའི་མཐར༔ རྒྱལ་བ་ཀུན་གྱི་ཡང་སྙིང་ཡི་གེ་དྲུག༔ འཁོར་བས་སྣོད་བཅུད་དག་པའི་རང་བཞིན་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ སྐབས་སུ་སངས་རྒྱས་བྱང་སེམས་མཚན་བརྒྱ་དང༔ ཟ་མ་ཏོག་བཀླག་ཉིན་མཚན་ཐུན་དྲུག་ཏུ༔ འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང༔ བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ༔ རྫོགས་རིམ་འཆི་བ་ལམ་ཁྱེར་བསྒོམ་པ་སྟེ༔ འཆི་བའི་རྒྱུ་ནི་འཕོ་བཅས་རྟོག་པ་ཡིན༔ ལམ་ཁྱེར་རྟོག་མེད་འཐུག་པོའི་འོད་གསལ་བསྒོམ༔ དེ་ལ་གོམས་ན་འཆི་ཁ་གྲོལ་བ་ཐོབ༔ ༈ མན་ངག་བཅུ་གཅིག་འོད་དཔག་མེད་མགོན་བསྒྲུབ༔ མདུན་མཁར་སངས་རྒྱས་ཞིང་ཁམས་བདེ་བ་ཅན༔ དབུས་སུ་སངས་རྒྱས་འོད་དཔག་མེད་མགོན་ནི༔ དམར་པོ་མཉམ་གཞག་ཆོས་གོས་རྣམ་གསུམ་གསོལ༔ བྱང་ཆུབ་ཤིང་མཆོག་རིན་ཆེན་པདྨོ་ནི༔ རྣམ་པར་སྣང་ལ་སྐུ་རྒྱབ་རྟེན་ནས་བཞུགས༔ ཕྱི་རིམ་ཤར་དུ་སངས་རྒྱས་མི་འཁྲུགས་པ༔ དེ་ནས་གཡས་སྐོར་སངས་རྒྱས་དཔའ་བོ་བདུན༔ སངས་རྒྱས་རྣམ་གཟིགས་ས་གནོན་མཉམ་གཞག་མཛད༔ གཙུག་ཏོར་ཅན་ནི་མཆོག་སྦྱིན་མཉམ་གཞག་བྱེད༔ ཐམས་ཅད་སྐྱོབ་ནི་སྐྱབས་སྦྱིན་མཉམ་པར་གཞག༔ འཁོར་བ་འཇིག་ནི་ཏིང་ངེ་འཛིན་གྱི་རྒྱ༔ གསེར་གྱི་ཐུབ་པ་ཆོས་འཆད་མཉམ་གཞག་མཛད༔ འོད་སྲུངས་མཆོག་སྦྱིན་ཆོས་གོས་རི་དྭགས་རྣ༔ ཤཱཀྱ་ཐུབ་པ་ཆོས་འཆད་ཕྱག་རྒྱ་མཛད༔ བདུན་ཀ་གསེར་མདོག་ཆོས་གོས་རྣམ་གསུམ་གསོལ༔ ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་རྡོར་སྐྱིལ་བཞུགས༔ རང་རང་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན༔ གཞན་ཡང་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང༔ བྱེ་མའི་གྲངས་དང་མཉམ་པས་མཐའ་སྐོར་བསམ༔ གསོལ་བ་བཏབ་ཚེ་གཙུག་ཏོར་མཛོད་སྤུ་ནས༔ འོད་ཀྱིས་འགྲོ་བའི་སྒྲིབ་པ་ཡོངས་སུ་སྦྱངས༔ ཀུན་ཀྱང་འཕགས་པའི་ས་ལ་ཡོངས་བཀོད་དེ༔ བདེ་ཆེན་པདྨོའི་གདན་ལ་འཁོད་པར་བསམ༔ མཐར་ནི་རང་ཉིད་འོད་དཔག་མེད་དུ་བསྒོམ༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེ་བར་ཧྲཱི༔ མཐའ་མར་མཚན་གཟུངས་འཁོད་ལས་འོད་འཕྲོས་པས༔ དོན་གཉིས་ཡོངས་རྫོགས་སྣོད་བཅུད་སངས་རྒྱས་ཞིང༔ ཨཱོཾ་ཨ་མི་ཏ་བྷཱ་ཧྲཱི༔ ཞེས་དང་འོད་དཔག་མེད་ཀྱི་མཚན་བརྒྱའི་སྔགས༔ དཔའ་བོ་བདུན་དང་མི་འཁྲུགས་གཟུངས་སྔགས་བཟླ༔ ཐུན་མཚམས་དཀོན་བརྩེགས་འོད་དཔག་མེད་མདོ་བཀླག༔ སེམས་བསྐྱེད་འགྱུར་བ་བཅུ་ཡང་ཅི་ནུས་འབད༔ རྫོགས་རིམ་བར་དོའི་སྣང་བའི་གཞི་རྩ་ནི༔ ཀུན་གཞི་རྣམ་རྟོག་ལས་རླུང་བསྐྱོད་ལས་ཤར༔ བར་དོ་ལམ་ཁྱེར་ཉམས་ལེན་སྙིང་པོ་ནི༔ རྨི་ལམ་ངོས་བཟུང་སྒྱུར་སྤེལ་སྦྱང་བཅས་བྱ༔ ༈ མན་ངག་བཅུ་གཉིས་བླ་མ་ཀུན་བཟང་བསྒྲུབ༔ མཁའ་ཉིད་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང༔ དབུས་སུ་འོད་ལྔའི་ཐིག་ལེ་བཀྲག་འཚེར་བ༔ སྙིང་པོ་ཀུན་བཟང་ཡབ་ཡུམ་གཅེར་བུའི་སྐུ༔ མཉམ་གཞག་ཡུམ་གྱི་རྡོར་དྲིལ་མཐིང་དྭངས་གསལ༔ མདུན་དུ་རིགས་འདུས་དཔལ་ལྡན་རྡོ་རྗེ་སེམས༔ ཕྱོགས་བཞིར་རྣམ་སྣང་རིན་འབྱུང་འོད་དཔག་མེད༔ དོན་གྲུབ་རང་རྟགས་ཕྱག་མཚན་ཡུམ་ལ་འཁྱུད༔ མཚམས་བཞི་བདུད་བཞི་འདུལ་མཛད་ཁྲོ་བོའི་རྒྱལ༔ རྡོ་རྗེ་གཞོན་ནུ་བཛྲ་ཧེ་རུ་ཀ༔ རྟ་མགྲིན་རྒྱལ་པོ་འཆི་མེད་བདུད་རྩི་འཁྱིལ༔ ཡེ་ཤེས་མེ་འོད་ལྔ་ལྡན་དབུས་ན་བཞུགས༔ གཞན་ཡང་ཞི་ཁྲོ་དམ་པ་རིགས་བརྒྱ་དང༔ རིགས་ལྔ་རིགས་གཅིག་རང་བཞིན་གྲངས་མེད་པ༔ སྒྱུ་འཕྲུལ་དྲྭ་བ་བསམ་གྱིས་མི་ཁྱབ་སྐུ༔ དཔག་གིས་མི་ལང་མཁའ་ཁམས་ཁེངས་པས་བསྐོར༔ གསོལ་བཏབ་ཡེ་ཤེས་རང་འོད་མེ་དཔུང་གིས༔ ཁམས་གསུམ་འཁོར་བའི་རྒྱུ་རྩ་དྲུང་ནས་ཕྱུང༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་བྱིན་བརླབས་ནས༔ མི་འགྱུར་བདེ་ཆེན་མཆོག་ལ་སྤྱོད་པར་དམིགས༔ མཐར་ནི་རང་ཉིད་ཀུན་བཟང་ཡབ་ཡུམ་གྱུར༔ ཐུགས་ཀར་ཡེ་ཤེས་ཐིག་ལེ་ལྔ་ལྡན་དབུས༔ འབྲུ་དགུ་བརྩེགས་པས་འགྲོ་ཀུན་སྒྲིབ་པ་སྦྱངས༔ ཀུན་བཟང་སྐུར་གྱུར་སྔགས་ཀྱི་རང་སྒྲ་སྒྲོག༔ ཨོཾ་ཨཱཿཧཱུྃ༔ འ་ཨ་ཤ་ས་མ་ཧ༔ འདི་ནི་ཀུན་བཟང་དགོངས་པའི་ཡང་སྙིང་སྟེ༔ རྫོགས་ཆེན་འབུམ་ཕྲག་དྲུག་ཅུའི་སྙིང་པོ་ཡིན༔ བཟླས་པས་རིགས་དྲུག་སྡུག་བསྔལ་དྲུངས་ནས་འདོན༔ མངོན་སུམ་སྣང་བ་ཚད་ལ་མྱུར་ཕེབས་འགྱུར༔ ཐུན་སྐབས་སངས་རྒྱས་སྲས་གཅིག་ས་བོན་རྒྱུད༔ བཏགས་གྲོལ་རྒྱུད་དྲུག་གསེར་གྱི་ཞུན་མའི་རྒྱུད༔ ཀུན་ཏུ་བཟང་པོའི་སྨོན་ལམ་མཆོག་ལ་སོགས༔ གང་མང་བཀླག་ཅིང་དོན་ལ་སེམས་པར་བྱ༔ རྒྱལ་བ་ཐབས་མཁས་ཆོས་ཀྱི་སྒོ་མང་ཡང༔ འཁྲུལ་སྣང་བཙན་ཐབས་བཟློག་ཅིང་སངས་རྒྱས་ཀྱི༔ གོ་འཕང་མྱུར་སྒྲུབ་སངས་རྒྱས་ཡེ་ཤེས་དངོས༔ སྟོན་བྱེད་རྫོགས་ཆེན་རྒྱུད་ཀློག་ཆོས་སྤྱོད་མཆོག༔ སྡུག་བསྔལ་དྲག་པོའི་རྒྱུ་ནི་དངོས་ཞེན་གྱི༔ འཛིན་པ་དམ་པོས་བྱས་ཏེ་དེ་ཟློག་བྱེད༔ འཁྲུལ་སྣང་རང་གྲོལ་ཆོས་ཉིད་མངོན་སུམ་བལྟ༔ ཐུན་མིན་འཕོ་བའི་གདམས་པ་ཉམས་སུ་ལེན༔ ༈ མན་ངག་བཅུ་གསུམ་རྩ་བའི་བླ་མ་བསྒྲུབ༔ རང་གི་དྲིན་ཆེན་རྩ་བའི་བླ་མ་ནི༔ སྤྱིར་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཁྱད་པར་པད་འབྱུང་སྒྱུ་འཕྲུལ་ཉིད་དུ་ངེས༔ དེ་ཉིད་གུ་རུ་རྩ་སྒྲུབ་སྐབས་ལྟར་རམ༔ ཡང་ན་གུ་རུ་མཉམ་གཞག་ཕྱག་མཐིལ་དུ༔ ནོར་བུ་བསམ་འཕེལ་མཚོ་རྒྱལ་ཡུམ་དང་བཅས༔ དྲན་པས་སྡུག་བསྔལ་གཏན་ནས་འཇོམས་པར་བསམ༔ ཕྱོགས་བཞིར་རིག་འཛིན་བཞི་སྟེ་སྐུའི་ཆ་ལུགས༔ གཙོ་བོ་ཇི་བཞིན་འཁོར་ལོ་རྡོ་རྗེ་དང༔ པདྨ་རྒྱ་གྲམ་མཉམ་གཞག་ཕྱག་རྒྱས་འཛིན༔ མཚམས་བཞིར་སློབ་དཔོན་བཞི་སྟེ་ཐོད་བུམ་འཛིན༔ གཞན་ཡང་རིག་འཛིན་བྱེ་འབུམ་གཟི་བརྗིད་འབར༔ རྩ་བ་བརྒྱུད་པའི་བླ་མ་སྤྲིན་བཞིན་འཁྲིགས༔ གསོལ་བ་བཏབ་པས་དད་པའི་མཐུ་ནུས་ཀྱིས༔ གནམ་ས་འཐབ་པ་ལྟ་བུའི་དགའ་བདེ་བཅས༔ བྱིན་རླབས་དངོས་གྲུབ་རྟེན་འབྲེལ་རབ་འབྱམས་ཀུན༔ རང་བབས་རང་ཐིམ་ཆར་བཞིན་རབ་ཏུ་འབབ༔ རྒྱལ་བ་ཡོངས་འདུས་གུ་རུ་པདྨ་ཡི༔ སྐུ་གསུང་ཐུགས་ཀྱི་ནུས་བྱིན་བདག་ལ་ཞུགས༔ མཐར་ནི་རང་ཉིད་བླ་མའི་སྐུ་རུ་གྱུར༔ སྙིང་གར་རྒྱལ་བ་ཀུན་གྱི་ཡེ་ཤེས་མཆོག༔ གཅིག་བསྡུས་བླ་མའི་སྐུ་གཟུགས་ཚོན་གང་པ༔ ཐུགས་ཀའི་དབུས་སུ་རིག་པ་རྩེ་གཅིག་གི༔ རྡོ་རྗེ་ཐིག་ལེ་མངོན་སུམ་སྣང་བ་བཅས༔ བསམ་གྱིས་མི་ཁྱབ་སྐུ་དང་ཞིང་ཁམས་རྫོགས༔ ས་བོན་སྔགས་ཀྱི་ཕྲེང་བས་རྒྱལ་ཀུན་གྱི༔ ཡེ་ཤེས་བདག་གི་རྒྱུད་ལ་སྐྱེས་པར་བསམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་ཅི་ནུས་ཉིད་དང་ཐུན་མཚམས་སུ༔ ཚིག་བདུན་གསོལ་འདེབས་གདུང་ཤུགས་དྲག་པོས་བྱ༔ མདོར་ན་མན་ངག་བཅུ་གསུམ་ཐམས་ཅད་ཀྱི༔ ཡང་སྙིང་བླ་མར་མོས་གུས་ཁྲིད་འདིར་འདུ༔ དེ་ཡང་རྒྱལ་བའི་གསུང་རབ་མཐའ་དག་གི༔ འཇུག་སྒོ་མེད་ཐབས་མེད་པ་འདི་ཁོ་ན༔ ལམ་གྱི་གཞུང་ཤིང་འབྲས་བུའི་སྐྱེལ་སོ་ཆ༔ བླ་མ་སངས་རྒྱས་རྗེས་སུ་དྲན་པ་ལས༔ ལྷག་པའི་ཆོས་གཞན་ནམ་ཡང་ཡོད་མ་ཡིན༔ ཚེ་གཅིག་སངས་རྒྱས་ཉེ་མྱུར་ཟབ་མོའི་ལམ༔ བླ་མེད་སྔགས་ཆོས་ཀུན་ཀྱང་འདི་རག་ལུས༔ འདི་མེད་སྔགས་ལམ་སྙིང་མེད་ལུས་ཁོག་འདྲ༔ དེས་ན་བླ་མར་དད་གུས་མོས་པའི་ཁྲིད༔ འདི་ནི་དུས་གསུམ་རྒྱལ་བ་ཀུན་གྱི་ལམ༔ ཟབ་མྱུར་ཁྱད་འཕགས་ཆོས་ཀྱི་རྒྱལ་པོ་མཆོག༔ འཁོར་ལོས་སྒྱུར་རྒྱལ་མཚུངས་པ་མེད་པ་ཡིན༔ ཟབ་ཟབ་ལེགས་ལེགས་ཆོས་ཚུལ་ཅི་འདྲ་བ༔ བསྒོམ་ཡང་དད་པ་མོས་གུས་དང་བྲལ་ན༔ བྱིན་རླབས་འཇུག་པའི་སྒོ་དང་བྲལ་བ་ཡིན༔ མོས་གུས་ཅན་ལ་བླ་མའི་བྱིན་རླབས་འཇུག༔ བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན༔ བྱང་ཆུབ་ལམ་ལ་རང་དབང་མེད་པར་འགྲོ༔ ས་ལམ་ཡོན་ཏན་མི་འདོད་ན་ཡང་འཆར༔ ཡི་དམ་མཁའ་འགྲོ་ཞར་བྱུང་ཉིད་ལ་འགྲུབ༔ ཅི་ཕྱིར་ཡི་དམ་བསྒྲུབས་ཀྱང་བྱིན་རླབས་སྒོ༔ བླ་མ་ལས་གཞན་མ་ཡིན་ཆོས་ཐམས་ཅད༔ བླ་མའི་མོས་གུས་ལྟེམ་རྐྱང་མེད་ལ་འདུ༔ ཁྱད་པར་རྡོ་རྗེ་ཐེག་པའི་སྲོག་སྙིང་སྟེ༔ འདི་ཡོད་སྲོག་ཡོད་འདི་མེད་སྲོག་མེད་འགྱུར༔ དེས་ན་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང༔ བླ་མའི་མོས་གུས་དམ་ཚིག་འབྲལ་མི་རུང༔ རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ༔ སངས་རྒྱས་ཀུན་འདུས་པད་འབྱུང་ངོ་བོར་བསམ༔ པདྨ་འབྱུང་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་ཐུགས་རྗེ་སྨོན་ལམ་གཅིག་བསྡུས་པ༔ རྒྱལ་བ་གཞན་ལས་སྙིགས་དུས་ཐུགས་རྗེ་མྱུར༔ དོན་དེས་སྙིགས་དུས་སྐྱེས་པའི་འགྲོ་བ་རྣམས༔ བློ་གཏད་ཕུར་ཚུགས་བྱ་ས་པདྨ་འབྱུང༔ ལྷག་པར་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས༔ བླ་མའི་སྐལ་པ་པདྨ་འབྱུང་གནས་ཡིན༔ ཨེ་མ་ངོ་མཚར་སངས་རྒྱས་འོད་དཔག་མེད༔ དངོས་གྱུར་མགོན་འདིའི་གདུལ་བྱར་སྐྱེས་པ་ཡི༔ བསོད་ནམས་འདི་འདྲ་རང་སེམས་དགའ་བདེ་ཆེས༔ ཉིན་མཚན་ཁོར་ཡུག་དེ་ཉིད་ཁོ་ནས་ཁྱབ༔ དེས་ན་ཐུན་དྲུག་ཀུན་ཏུ་གུ་རུ་ཡི༔ གསོལ་འདེབས་དུང་དུང་བཀླགས་ལ་ཤིན་ཏུ་འབད༔ དེ་ནི་ཚེ་འདི་འམ་ནི་བར་དོ་དང༔ ཕྱི་མ་གང་རིགས་བྱང་ཆུབ་ལམ་རྫོགས་འགྱུར༔ རྫོགས་རིམ་དག་ནི་བླ་མ་རང་སེམས་དང༔ རོ་མཉམ་ཟབ་གསལ་བདེ་བ་ཆེན་པོས་ཁྱབ༔ རང་མདངས་བླ་མར་མོས་གུས་ཚད་བཟུང་བྲལ༔ དེ་ནི་བླ་མ་ཆོས་སྐུར་མཇལ་ཞེས་བྱ༔ རྫོགས་རིམ་ཀུན་གྱི་མཐར་ཐུག་སྙིང་པོ་སྟེ༔ དོན་འདི་རྟོགས་ལ་གཅིག་ཤེས་ཀུན་གྲོལ་ཞེས༔ མདོ་རྒྱུད་དགོངས་དོན་མ་ནོར་བྱན་ཆུད་ཅིང༔ བྱང་ཆེན་འབྲས་བུ་མཆོག་ལ་འཁོད་པར་འགྱུར༔ ༈ དེ་ལྟར་སྒྲུབ་པའི་རིམ་པ་ཀུན་ལ་ཡང༔ བསྐྱེད་རིམ་གསལ་བརྟན་ང་རྒྱལ་དག་དྲན་པས༔ རྣམ་དབྱེ་ལས་དང་པོ་དང་ཡེ་ཤེས་ཕེབས༔ ཆེས་ཕེབས་ཡེ་ཤེས་ལ་དབང་ལམ་རིམ་བགྲོད༔ སྔགས་རིམ་བརྡའ་འགྱུར་བཟླས་པའི་སྐྱོན་ལྔ་སྤང༔ མ་ཡེངས་ཡིད་དང་ཁ་སྦྱོར་གྱི་འགོག་བཟླས༔ ཁྱད་པར་ཀུན་རྫོབ་དོན་དམ་རྡོར་བཟླས་ཀྱིས༔ སྲོག་རྩོལ་དྷཱུ་ཏིར་ཞུགས་གནས་ཐིམ་པར་བྱེད༔ རྫོགས་རིམ་མཚན་མར་གྱུར་ལ་གང་གིས་གང༔ ཇི་ལྟར་གནད་དུ་བསྣུན་པ་མ་འཆུག་གཟིར༔ མཚན་མེད་གོལ་ཤོར་མཐའ་སྤངས་ཞི་ལྷག་གི༔ ཉམས་རྟོགས་སོ་སོའི་སྤུ་རིས་མ་ནོར་ཞིང༔ མཉམ་གཞག་སྒྲིམ་ལྷོད་སྒོམ་ཡེངས་བྲལ་བ་ཡིས༔ རང་ངོ་ཟབ་གསལ་རིག་པ་བརྟོད་ལ་ཕུར༔ རང་མདངས་རྣམ་རྟོག་ཅི་ལྟར་ཤར་ན་ཡང༔ སྤྲོ་བསྡུ་བླང་དོར་མེད་པར་ལ་ཡང་བཟླ༔ རྗེས་ཐོབ་སྐབས་སུ་དགེ་སྡིག་ཤན་དབྱེ་བས༔ མི་དགེ་སྡིག་སྤང་དགེ་བ་ཅི་ནུས་འབད༔ ཉམས་ལེན་གེགས་སེལ་བོགས་འདོན་མཐར་ཐུག་ནི༔ བླ་མའི་སྒྲུབ་པ་དང་མཚུངས་གཞན་ཡོད་མིན༔ ཉམས་མྱོང་རྟགས་མཚན་བཟང་པོ་ཅི་བྱུང་ཡང༔ དགའ་བྲོད་རློམ་པ་མི་བྱ་དབྱིངས་སུ་བསྐྱུར༔ ལྟས་ངན་ཆོ་འཕྲུལ་སེམས་ལྷོང་ཅི་བྱུང་ཡང༔ སྙེམས་འཕྲིགས་ཡ་ང་སྒྱིད་ལུག་སོགས་མི་བྱ༔ བཟང་ངན་ཀུན་ཀྱང་རྣམ་རྟོག་རྟེན་འབྲེལ་གྱི༔ རོལ་པར་ཤེས་ཤིང་སྒྱུ་མ་ལྟ་བུར་བལྟ༔ དུས་ཀུན་གུ་རུ་ཡིད་དང་མི་འབྲལ་བར༔ དད་གུས་ཕུར་ཚུགས་གསོལ་འདེབས་རྒྱུན་མི་བཅད༔ དམ་ཚིག་རང་གི་སྲོག་ལས་ལྷག་པར་བལྟ༔ ངོ་ལྐོག་མེད་པར་རང་སེམས་དཔང་ཚུགས་བྱ༔ དེ་དག་བསྐྱེད་བཟླས་རྫོགས་པའི་རིམ་པ་ཡི༔ གནད་ཀྱི་མན་ངག་ཞལ་ཐེམས་ཚུལ་དུ་བཀོད༔ རྗེས་ཀྱི་བྱ་བ་དགེ་ཚོགས་བྱང་ཆེན་རྒྱུར༔ བསྔོ་ཞིང་འགྲོ་དོན་སྨོན་ལམ་རྒྱ་ཆེན་གདབ༔ སྤྱོད་ལམ་ཀུན་ཏུ་སྟོང་པ་ཉིད་སྙིང་རྗེ༔ ཟུང་དུ་འཇུག་པ་མི་འབྲལ་རྟག་ཏུ་བསྐྱང༔ གདམས་པའི་ཁ་སྐོང་འགྲོ་དུས་བསྐོར་བ་དང༔ ཟས་ནི་ཚོགས་འཁོར་དབུགས་ནི་གསང་སྔགས་སྒྲ༔ རིག་པ་ཆོས་སྐུ་རྣམ་ཤེས་སྒྱུ་མའི་འཕྲུལ༔ ཅིར་སྣང་ཆོས་ཉིད་རོལ་པར་ལམ་དུ་ཁྱེར༔ མདོར་ན་རྒྱལ་བའི་བཀའ་ལ་ཡིད་ཆེས་པས༔ བླ་མ་སངས་རྒྱས་བྱང་སེམས་དགྱེས་པའི་ལས༔ བསྐྱེད་རྫོགས་ལྟ་བ་རྟོགས་པའི་གདེང་ཚད་བསྐྱལ༔ ལྷག་བསམ་གཞན་ཕན་ལས་ལ་ཅི་ནུས་འབད༔ རང་གཞན་མི་བསླུ་གཏན་བདེའི་ལམ་བཟང་པོར༔ འཇུག་ལ་དལ་མེད་སྤྱོད་པ་བརྩམ་པ་སྟེ༔ ཏིང་འཛིན་ཤེས་རབ་སྡོམ་གསུམ་རྣམ་པར་དག༔ བྱང་ཆུབ་ལས་ཀུན་ཡོངས་སུ་འདུ་བར་འགྱུར༔ ཨེ་མ༔ རབ་འབྱམས་རྒྱལ་བ་རྒྱ་མཚོ་སྒྲུབ་པའི་ཐབས༔ ཀུན་གྱི་མཐར་ཐུག་སྙིང་གི་ཐིག་ལེ་ནི༔ གཅིག་ཆོག་བླ་མའི་སྒྲུབ་ཐབས་ཟབ་མོ་སྟེ༔ དེ་ཡང་མཚུངས་མེད་བླ་མ་པདྨ་འབྱུང༔ རྫོགས་པའི་སངས་རྒྱས་གཟི་བརྗིད་འོད་དཔག་མེད༔ དེ་སྒྲུབ་ཡང་སྙིང་ཡིད་བཞིན་བསམ་འཕེལ་དབང༔ ཇི་བཞིན་མན་ངག་མཆོག་གྱུར་བཅུ་གསུམ་གྱི༔ བསྐྱེད་རྫོགས་སྦྱོར་དངོས་རྗེས་གསུམ་ཟབ་སྒྲིལ་གནད༔ དོན་བཟང་དོན་རྒྱས་དོན་གྱི་མདོ་མཐའ་དག༔ ལེགས་བཤད་ལེགས་གདམས་ལེགས་པར་བཀོད་པ་ཉིད༔ སླར་ཡང་དེ་དོན་མན་ངག་སྙིང་པོའི་སྡོམ༔ ས་བཅད་མདོ་རུ་བསྡུས་པ་འདི་ལྟ་སྟེ༔ བླ་མའི་སྒྲུབ་ཐབས་ཀུན་འདུས་ནོར་བུ་ལུགས༔ དེ་ཡི་བསྐྱེད་སྔགས་རྫོགས་རིམ་རྩ་བ་ཡིན༔ སྒྲུབ་ཐབས་བཅུ་གསུམ་མེ་ཕྲེང་སྨན་གྱི་བླ༔ རྨུགས་འཛིན་དག་གིས་དམག་དང་ནད་མུག་བཟློག༔ རྡོ་རྗེ་ཐོད་ཕྲེང་ཟིལ་གནོན་སེང་གེ་སྒྲ༔ གཏེར་དང་སྦས་ཡུལ་སྒོ་འབྱེད་འབྲོག་ཆེན་སྒྲོལ༔ པདྨ་བཛྲ་རྟ་ནག་གྲོ་བོ་ལོཏ༔ འབྱུང་བཞིའི་གནོད་པ་ཨར་ཇག་དགྲ་བོ་ཞི༔ སྤྱན་རས་གཟིགས་དང་སྣང་མཐའ་ཀུན་བཟང་གིས༔ འཆི་དང་བར་དོའི་དུཿཁ་དྲག་པོ་སེལ༔ ཀུན་གྱི་ངོ་བོ་རྩ་བའི་བླ་མ་སྟེ༔ དེ་བསྒྲུབ་གུ་རུའི་ཐུགས་རྗེས་འཕོ་མེད་གཟིགས༔ ཕྱི་ཡི་དེ་ཉིད་ནང་ལ་སྒྱུར་བ་ཡི༔ མན་ངག་ནོར་བུ་རྫོགས་རིམ་བཅུ་གསུམ་བྱུང༔ ཕྱི་ནང་སྦྱར་བའི་བཤད་པ་སྤྲོ་བ་ན༔ མང་མོད་འདི་ནི་ཟུར་ཙམ་ཁོ་ན་ཉིད༔ སྒྱུ་ལུས་བདག་མེད་ཕུང་པོ་མཆོད་སྦྱིན་གསུམ༔ དམག་ནད་མུ་གེའི་གཞི་རྩ་དུག་གསུམ་སེལ༔ ཁྲེགས་ཆོད་ལྟ་བ་ཐབས་ལམ་གཏུམ་མོ་ཡིས༔ ཆོས་ཉིད་གཏེར་དང་བདེ་ཆེན་སྦལ་ཡུལ་འབྱེད༔ ལམ་གྱི་ཆ་རྐྱེན་བར་དོའི་གདམས་པ་ཡིས༔ ནང་གི་འབྲོག་ཆེན་འཇིགས་པ་སེལ་བར་བྱེད༔ ཏིང་འཛིན་གེགས་སེལ་རྡོ་རྗེའི་རྣལ་འབྱོར་གྱིས༔ ནང་གི་འབྱུང་ཁམས་འཁྲུལ་སྣང་གཞི་རྩ་གཅོད༔ ཚོགས་དྲུག་ལམ་ཁྱེར་ཉོན་མོངས་ལམ་ཁྱེར་གྱིས༔ ནང་གི་ཨར་ཇག་དགྲ་བོའི་གནོད་པ་སྒྲོལ༔ འོད་གསལ་རྨི་ལམ་འཕོ་བའི་མན་ངག་གིས༔ འཆི་དང་བར་དོའི་འཁྲུལ་སྣང་རང་དག་བྱེད༔ བླ་མ་རང་སེམས་དབྱེར་མེད་མན་ངག་གིས༔ འོད་གསལ་ཁོར་ཡུག་འབྲས་བུ་མངོན་སུམ་བྱེད༔ རྫོགས་རིམ་འདི་རྣམས་རྒྱ་ཆེ་ཟབ་བརླིང་དོན༔ བླ་མའི་མན་ངག་ཁོ་ནར་རག་ལུས་པས༔ ཚིག་གི་ན་ཡམ་འོལ་ཕྱིར་མ་སོང་བར༔ གནད་དོན་མ་འཁྲུལ་ཡང་དག་གཏན་ཕབ་གཅེས༔ མན་ངག་ཆེན་པོ་རྫོགས་རིམ་བཅུ་གསུམ་དོན༔ ཚུལ་བཞིན་གོ་ན་བརྒྱད་ཁྲི་བཞི་སྟོང་ཆོས༔ ཀུན་གྱི་དགོངས་དོན་རྫོགས་རིམ་མ་ལུས་པ༔ བདེ་བླག་རྟོགས་ཤིང་རང་བྱན་ཚུད་པར་འགྱུར༔ ཉམས་སུ་བླངས་པས་ཚེ་གཅིག་རྫོགས་སངས་རྒྱས༔ སྐུ་བཞིའི་དབང་ཕྱུག་ཆེན་པོ་དེས་ཐོབ་བོ༔ ཨ་ཏི་གམྦྷི་ར་གུ་ཧྱ༔ །ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ ༔དེ་ལྟར་གུ་རུའི་སྒྲུབ་ཐབས་རྣམས་མང་པོ༔ བྱེ་བ་ཕྲག་བརྒྱའི་རྩེ་མོར་གྱུར་པ་ནི༔ གུ་རུ་ཙིནྟ་མ་ཎིའི་སྐོར་བརྒྱ་རྩ༔ ཀུན་གྱི་ཡང་ཞུན་བསྐྱེད་རྫོགས་ཟུང་འཇུག་ཆོས༔ མན་ངག་ཡིད་བཞིན་ནོར་བུ་དབང་གི་རྒྱལ༔ འདི་ཕྱི་གཏན་བདེ་དགེ་ལེགས་ཕུན་ཚོགས་དཔལ༔ མ་ལུས་འབྱུང་གནས་བསམ་པ་ལྷུན་གྲུབ་ཅེས༔ གུ་རུའི་བཀའ་ཆེམས་སྒྲུབ་ཐབས་མཆོག་འདི་ཉིད༔ གཞན་གསུང་གཞུང་བརྐུས་ཁ་སྒྱུར་བསྲེ་བསླད་བཅོས༔ བཀའ་ལ་གཟུ་ལུམ་རས་ཆོད་དོན་ནོར་འཁྲུལ༔ ཆོས་མིན་ཆོས་བརྫུ་དྲན་གསར་རྟོག་གེའི་བློས༔ རྙོག་མའི་སྐྱོན་གྱུར་ནམ་ཡང་ཡོད་མ་ཡིན༔ འོན་ཀྱང་གཞུང་འདི་བཤད་ལ་ཉེས་པའི་ཆ༔ བདག་རྨོངས་སོ་སྐྱེ་བྱིས་བློའི་དྲིས་ཅི་སྦགས༔ དཔང་གྱུར་རྩ་གསུམ་སྤྱན་སྔར་མཐོལ་བཤགས་ཀྱི༔ སྒྲིབ་མེད་དག་ཚངས་མཆོག་གི་དབུགས་དབྱུང་སྩོལ༔ ཨེ་མ་གུ་རུའི་སྒྲུབ་ཐབས་མཆོག་གྱུར་གྱི༔ གཙོ་ཀུན་གཅིག་དྲིལ་འདི་འདྲ་ངོ་མཚར་རྨད༔ བསྐྱེད་རྫོགས་འདི་དག་གནའ་ནས་བཞུགས་བཞིན་ཏེ༔ དོན་དེས་བསྐྱེད་རྫོགས་སྔར་མེད་འདིར་བརྗོད་མེད༔ མན་ངག་བཅུ་གསུམ་བསྐྱེད་རྫོགས་གོ་རིམ་གྱི༔ འཆད་ཚུལ་འདི་འདྲ་སྔོན་ཆད་གཞན་དག་གི༔ མ་མྱོང་བས་ན་སྔོན་མེད་ལེགས་བཤད་ཉིད༔ པད་འབྱུང་ཡབ་ཡུམ་ཐུགས་རྗེའི་གཟིགས་པ་ཡིས༔ མ་དོར་མཐུ་ལས་བདག་སྐལ་བཟང་པོས་རྙེད༔ རྩོད་བྲལ་སྤྲུལ་སྐུ་རིག་འཛིན་པདྨ་དབང༔ གཏེར་བྱོན་མན་ངག་བཅུ་གསུམ་ཡོན་ཏན་མཛོད༔ ཤིན་ཏུ་ཐུགས་རྗེའི་བྱིན་རླབས་ཆེ་མྱུར་བ༔ སྔོན་ནས་སྐལ་ལྡན་རྣམས་ལ་སྣང་གྱུར་མོད༔ དེ་ནི་ཤོག་སེར་འདི་ནི་དགོངས་གཏེར་ཁྱད༔ རྒྱུད་ཁུངས་ལུགས་སྲོལ་ཐ་དད་ཅེས་ཀྱང་བྱ༔ དགོངས་གཏེར་སྔ་མའི་རྗེས་འབྲང་གསར་བྱོན་མོད༔ བརྡ་མཐུན་ཕན་ཚུན་ཡང་བསྐྱར་འབྱོན་མ་མཐོང༔ དགོངས་གཏེར་བརྡ་ཁྱད་ཅི་བཞིན་ཤོག་སེར་དུ༔ བྱོན་པ་དག་ནི་མང་དུ་མཐོང་མོད་པས༔ དེས་ན་ཕྱི་མའི་དུས་སམ་ད་ལྟའང་རུང༔ སྤྲུལ་སྐུ་གཏེར་སྟོན་ཚད་ལྡན་གྱུར་པ་ཡིས༔ སྒྲུབ་སྐོར་འདི་འདྲ་ཤོག་སེར་ནས་འཐོན་སྲིད༔ དེ་བས་ཕྱིས་འབྱུང་གཞན་ཀུན་འདི་མཐུར་ངེས༔ ས་མ་ཡ་དྷ་ཐིམ༔ དེ་སྐད་རྔ་ཡབ་གླིང་ནས་པད་འབྱུང་གིས༔ དགོངས་གཏད་རྗེས་སུ་གནང་བའི་བྱིན་རླབས་མཐུས༔ རིག་འཛིན་བླ་མའི་མན་ངག་ཀུན་འདུས་ཤིང༔ མཁའ་འགྲོ་རྣམས་ཀྱི་གཏད་རྒྱ་སྦྱིན་པའི་ཆོས༔ བསླད་མེད་ཆེས་ཟབ་ཆོས་བཀའ་ཁུངས་ལྡན་ཞིང༔ བྱིན་རླབས་ནུས་མཐུ་དྲོད་མ་ཡལ་བ་འདི༔ པདྨཱ་ཀ་རའི་ཐུགས་ཀྱི་སྒྱུ་འཕྲུལ་ནི༔ གྲུབ་མཆོག་བྱེ་བས་མཆོད་འོས་ནམ་མཁའི་སྙིང༔ གང་གི་མཚན་ཙམ་ཁོ་ནས་བྱིན་བརླབས་ཀྱང༔ དགེ་བའི་སྙིང་སྟོབས་རྒྱས་ལ་སོམ་ཉི་ཅི༔ ཚུལ་དེས་རིག་འཛིན་ཚེ་དབང་ནོར་བུ་འམ༔ འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ༔ དེ་ཡིས་གཞན་ཕན་ལྷག་བསམ་དག་པ་ཡིས༔ ཚུལ་བཞིན་ཡི་གེའི་རིས་སུ་བཀོད་པ་སྟེ༔ བཤད་ཚེ་མ་ནོར་ཇི་བཞིན་སྨྲ་སྤོབས་ཤིང༔ སྒོམ་པ་ཉམས་མྱོང་བྱིན་རླབས་རྒྱུན་མ་ཆད༔ བརྒྱུད་པར་དམ་སེལ་འདྲེས་ཁྱེར་མ་ཆུད་ཅིང༔ རང་བཟོ་བསྲེ་བསླད་ཟོག་གི་སྐྱོན་མེད་པ༔ འདི་ཡང་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ༔ རྩ་བའི་བླ་མའི་བཀའ་དྲིན་ཉིད་དུ་ངེས༔ ཆོས་འདི་པདྨ་ཧེ་རུ་ཀའི་བཀའ་འབངས༔ སྔགས་བདག་དྲེགས་པའི་སྡེ་དཔོན་མི་སྲུན་པ༔ མཐུ་ཆེན་དམ་ཅན་རྒྱ་མཚོར་གཉེར་གཏད་ཀྱིས༔ ཐུབ་པར་སྲུང་མཛོད་བཛྲ་ས་མ་ཡ༔ ཉིན་མཚན་དུས་དྲུག་ཆོས་འདིའི་བྱ་ར་གྱིས༔ ལེགས་ཉེས་སྟངས་ཟུངསརྟགས་མཚན་འཕྲལ་དུ་སྟོན༔ ཟབ་བརླིང་སྙིང་པོ་བསྡུས་པའི་གཞུང་ཡིན་པས༔ དེས་ན་བཀའ་འགྲེལ་རྒྱས་བཤད་ཅི་རིགས་དང༔ གང་ཟག་མོས་བསྟུན་བསྐྱེད་རྫོགས་དུམ་དུམ་ཁྲིགས༔ ཅི་འདོད་མ་ནོར་སྤེལ་བར་རྗེས་གནང་གི༔ དེ་ལ་ཆོས་སྲུང་ཀོ་ལོང་མེད་པ་དང༔ དགྱེས་པའི་དབུགས་དབྱུང་དགེ་ལེགས་བསྩལ་དུ་གསོལ༔ གཞུང་འདིའི་རྗེས་སུ་འཇུག་མིན་ཕན་ཚུན་དུ༔ འདྲ་མིན་བཟོ་བཅོས་བསྲེ་བསླད་ཁ་བསྒྱུར་བརྐུ༔ རྩོམ་གཞིའི་ཡི་གེ་འཐུ་བ་སོགས་བྱས་ན༔ དེ་ཡི་ཚེ་སྲོག་དྲོད་དབུགས་དུས་དེར་སྡུས༔ སྙིང་དང་སྙིང་ཁྲག་དགྱེས་པའི་དགའ་སྟོན་རོལ༔ མཐུ་ནུས་རྩལ་ཤུགས་མ་ཞན་དམ་ཅན་ཚོགས༔ ཆོས་འདི་ལ་མོས་ཉམས་ལེན་འཆད་ཉན་ཀློག༔ གུས་པས་ཡི་གེར་འབྲི་སྦྱང་བྱེད་པ་རྣམས༔ རིག་འཛིན་བཀའ་སྡོད་རྒྱ་མཚོས་གྲོགས་མཛོད་ལ༔ ཡིད་བཞིན་མཆོག་ཐུན་དངོས་གྲུབ་མཆོག་སྩོལ་ཅིག༔ འདི་ནི་སྙིགས་དུས་དུཿཁ་ཀུན་སེལ་ཞིང༔ སྐལ་ལྡན་གསོས་གྱུར་བདུད་རྩི་བླ་མེད་དེ༔ མི་རྣམས་དམ་ཆོས་དོན་གཉེར་ཆུང་བ་དང༔ ཕྱོགས་འཛིན་གདོན་གྱིས་བསླད་ཅིང་ཕྲག་དོག་དབང༔ ཕལ་ཆེར་ལམ་ཟབ་འདི་ལ་འཇུག་དཀའ་ཡང༔ གུ་རུའི་སྤྱན་སྔར་སྨོན་ལམ་བཟང་པོའི་མཐུ༔ ཐོབ་གྱུར་བཀའ་བབ་དམ་པ་མང་པོ་ཡིས༔ གདུལ་བྱར་གྱུར་ལ་མན་ངག་རྒྱས་སྤེལ་ངེས༔ རྫོགས་རིམ་རྣམས་ལ་ཡེ་གསང་རྒྱཿཡོད་པས༔ ཚུལ་བཞིན་སྟོན་ནུས་སྐྱེས་མཆོག་རེ་རེ་ཙམ༔ འོན་ཏེ་མོས་པའི་བརྟུལ་ཞུགས་ཁོ་ནས་ཀྱང༔ མི་བསླུ་དོན་གཉིས་འགྲུབ་པ་གཏད་པའི་རྒྱ༔ བསླུ་མེད་དགོངས་གཏེར་རྣམ་པར་དག་པ་ལ༔ རྒྱ་དེས་བཅིངས་པ་ཀུན་ལ་ཤེས་ཀྱང་བྱ༔ ཀྱེ་མ་དེང་སང་དུས་ཀྱི་དབང་ཉིད་ཀྱིས༔ ཉམས་མེད་མུ་ཏིག་དོ་ལོ་རིན་ཐང་མཉམ༔ ཆོས་བཞིན་སྤྱོད་ལས་ཆོས་མིན་གཡོན་ཅན་བྲིམ༔ ཚུལ་བཞིན་ཤེས་ཤིང་གཟུར་གནས་རེ་རེ་ཙམ༔ རྒྱུ་འབྲས་ཡིད་ཆེས་ཟོལ་མེད་དྲང་ཚིག་ལས༔ མི་ཆོས་བླ་རྫུན་འོད་འུད་སྒྲོག་ལ་མགུ༔ ཐོས་བསམ་ལ་གཡེལ་ཆེ་འདོད་འདྲེ་མཐོང་འུར༔ དཀོན་མཆོག་མཆོད་དང་འདྲེ་མཆོད་ངོ་སོ་མཉམ༔ དྲོད་མེད་སྔགས་སྒྲོག་འདུལ་འཛིན་ནག་ཆང་རྔམས༔ ཁྲེལ་མེད་རྣལ་འབྱོར་ཐོ་ཅོ་གྲུབ་ཐོབ་ཟོལ༔ འགའ་ཞིག་ཆོས་བརྒྱད་སྙིང་གབ་གཏེར་སྟོན་བརྫུ༔ ཚུལ་མིན་ཆོས་ལྟར་བྱས་པས་རྒྱལ་བསྟན་སྨད༔ ཞི་དུལ་གཟུགས་ལ་ཉོན་མོངས་ཆེར་རྒྱས་སེམས༔ སྒོམ་ཆེན་ཟོལ་གྱུར་ཆོས་བརྒྱད་ཡོ་ལངས་མཁན༔ དེ་ལྟ་ན་ཡང་འགའ་ནི་གནས་ཚུལ་ཉིད༔ ཕལ་ཆེར་རང་སྣང་མ་དག་ཁོ་ནའི་སྐྱོན༔ འོན་ཀྱང་མ་སྨྲས་རྒྱལ་བསྟན་སེམས་ཁུར་ཆུང༔ སྨྲས་ན་ཀུན་གྱི་ལྟས་ངན་དགྲ་ལྟར་འཛིན༔ མི་རྣམས་མ་བརྟགས་གསར་ངས་དད་འཇུག་སྐྱེན༔ ནམ་ཞིག་ལོག་ལྟས་ངན་སོང་སྐྱེ་འཕེལ་བཏང༔ དེ་བས་ཚུལ་བཞིན་སྙིགས་དུས་དཔྱད་དཀའ་ཡང༔ ཆོས་འབྲེལ་མེད་སྐབས་ཆ་ཤས་ཙམ་དཔྱད་གཅེས༔ དེ་ལྟར་རང་བློ་གཟུ་བོར་གནས་སེམས་རུང༔ གཞན་བློས་ལོག་མཐོང་སྡིག་པར་མ་གྱུར་ཅིག༔ བདག་ནི་སྤངས་རྟོགས་ཡོན་ཏན་ཅང་མེད་ཀྱང༔ རང་བློ་གཞན་གྱི་ཅལ་སྒྲོག་མ་ཡིན་པར༔ པད་འབྱུང་རྡོ་རྗེའི་གསུང་གིས་དབུགས་དབྱུང་མཐུས༔ གཞན་དོན་སེམས་རུང་བཟོད་པ་མ་ཐོབ་སྟོབས༔ ཇི་ལྟར་བྱས་ཀྱང་འགྲོ་བ་མགུ་དཀའ་ཞིང༔ དམན་བཟུང་ཁྱད་གསོད་དྲང་ཚིག་ང་རྒྱལ་འཛིན༔ གཞན་བསྟུན་མི་ཆོས་མ་བསྟུན་གཤིས་ངན་བཟུང༔ དེང་སང་མི་རྣམས་ཆགས་སྡང་ཕྲག་དོག་འཚུབས༔ ཚུལ་བཞིན་ཤེས་པ་སྲིད་མཐའ་ཙམ་ཡིན་རུང༔ ལྷ་བདུད་ངོས་འཛིན་བྱེད་མཁན་ཆུ་བཞིན་བྲེལ༔ ཕྱོགས་རིས་ཆགས་སྡང་ཕྲག་དོག་རླུང་ལྟར་འཚུབས༔ དེས་ན་གཞན་དོན་མི་འགྲུབ་རང་དོན་གཡེལ༔ སྤྱིར་ཡང་རང་དོན་ཚད་ལྡན་སྔོན་སོང་ན༔ འགྲོ་དོན་བྱ་ས་མི་རྙེད་དྭོགས་དགོས་ཅི༔ འཁོར་བའི་རྒྱ་མཚོ་ཟད་མཐའ་མེད་ལགས་སོ༔ དེ་བས་རེ་ཞིག་དབེན་པའི་སར་གཞོལ་ནས༔ དམ་སྡོམ་རྣམ་དག་བསྐྱེད་རྫོགས་འབད་བསྒོམས་པས༔ ནམ་ཞིག་གདུལ་བྱ་མ་དད་བཟློག་ནུས་པའི༔ རྫུ་འཕྲུལ་ཡ་ཟུང་མངོན་པར་ཤེས་པ་བཅས༔ ལུས་འདི་འབྱུང་བཞིས་མི་བརྫི་སྒྱུ་མའི་སྐུ༔ ཐོབ་ཚེ་གདུལ་བྱ་རྣམས་ལ་ཕན་པའི་མཆོག༔ རྒྱལ་བསྟན་ཡོངས་རྫོགས་མ་ནོར་དོན་གསལ་བར༔ ཕྱོགས་དུས་ཀུན་ཏུ་རྒྱ་ཆེན་སྤེལ་བར་སྨོན༔ དེ་ལྟར་མ་གྱུར་ན་ཡང་བསྐྱེད་རྫོགས་དྲོད༔ ཇི་བཞིན་ནམ་ཐོབ་དབེན་པར་བསྒོམ་ལ་སྨོན༔ འོན་ཀྱང་བདག་ལ་གཡོ་སྒྱུ་བདུད་ལས་ཀྱི༔ འགྲོ་བ་བསླུ་བའི་ཆོས་ངན་ལྐོག་གྱུར་དཀོན༔ རང་ཉིད་གཅིག་པུའི་ཞི་བདེ་འབའ་ཞིག་དང༔ འཁོར་བའི་གནས་ལྷུང་དོགས་པའི་སྐྱི་ཟིང་ཆུང༔ དེ་ལྟ་ན་ཡང་མ་ལངས་ཆང་ལ་ཆུ༔ བསྲིང་འདྲའི་འགྲོ་དོན་ཡད་ཡུད་འདིས་ཅི་བྱ༔ ཀྱེ་ཧོ༔ བདག་ནི་ཡང་དག་བཟོད་པ་མ་ཐོབ་བར༔ དལ་འབྱོར་རྟེན་བཟང་ཡང་ཐོབ་ཆོས་སྒོར་ཞུགས༔ ཆོས་སྟོན་དགེ་བཤེས་མཆོག་གིས་རྗེས་བཟུང་ནས༔ ཐོས་བསམ་བཟང་པོས་ཉིན་མཚན་དུས་འདའ་ཤོག༔ ཚེ་འདི་ཡུན་ཐུང་ཆོས་འདི་འཚེ་མང་བས༔ སྒོམ་ལ་འབད་ཕྱིར་དབེན་པའི་གནས་སུ་གཞོལ༔ ཐེག་ཆེན་མཐར་ཐུག་སྔགས་ཀྱི་ལམ་ལ་ཞུགས༔ མཉེས་པ་གསུམ་གྱིས་སློབ་དཔོན་མཉེས་པར་ཤོག༔ སྡོམ་པ་གསུམ་ལ་ཉེས་མེད་རྣམ་དག་ཅིང༔ རིམ་གཉིས་ལམ་སྒོམ་རིང་པོར་མི་ཐོགས་པར༔ ས་ལམ་ངེས་འབྱེད་ཡོན་ཏན་གཞུང་བཞིན་སྐྱེ༔ དོན་གཉིས་ཕུན་ཚོགས་མྱུར་དུ་འགྲུབ་པར་ཤོག༔ དེ་སྲིད་བྱ་བ་ཐམས་ཅད་བྱང་སེམས་ཟིན༔ བདག་གི་སྒོ་གསུམ་གཞན་ལ་སྡིག་མི་བསགས༔ གཞན་གྱིས་བདག་ལའང་གསོག་པར་མི་བྱེད་ཅིང༔ ཀུན་དགའ་བདེ་བའི་དཔལ་ལ་སྤྱོད་པར་ཤོག༔ བྱང་སེམས་སྤྱོད་པ་རླབས་ཆེན་ཡོངས་གྲུབ་ནས༔ གནས་སྐབས་ལེགས་ཚོགས་སྤྱོད་ལ་མི་བརྩི་བར༔ ཞི་རྒྱས་དབང་དྲག་ཕྲིན་ལས་དུ་མ་ཡིས༔ གང་ལ་གང་འདུལ་འགྲོ་དོན་སྤྱོད་པར་ཤོག༔ གལ་ཏེ་བདག་ལ་གཤེ་སྐུར་ངན་བརྗོད་མཁན༔ རྟག་ཏུ་ཞེ་སྡང་ཕྲག་དོག་འཁྲུགས་རྣམས་ཀྱང༔ སྡིག་པའི་རྣམ་སྨིན་ནམ་ཡང་མི་མྱོང་བར༔ བདག་གི་འཁོར་གྱུར་བྱང་ཆུབ་ལྷན་སྤྱོད་ཤོག༔ བདག་གི་ལོངས་སྤྱོད་འཁོར་གཉེན་ལ་འཚེ་ཞིང༔ བརྣག་དཀའ་ལུས་དང་སྲོག་ལ་བདོ་བ་ཡང༔ དམྱལ་ནས་མྱུར་ཐར་བདག་གི་བྱང་ཆེན་ལམ༔ སྤྱོད་པའི་གྲོགས་དང་ཕྲིན་ལས་བྱེད་པོར་ཤོག༔ རྒྱལ་བ་གཞན་གྱིས་ཆེས་ཆེར་གདུལ་དཀའི་འགྲོ༔ ལོག་སྲེད་ཅན་རྣམས་བདག་གི་གདུལ་བྱར་གྱུར༔ དེ་དག་རང་དབང་མེད་པར་སངས་རྒྱས་ལ༔ མི་ཕྱེད་དད་སྐྱེས་བྱང་སེམས་བསྐྱེད་ནུས་ཤོག༔ བཟོད་པ་ཐོབ་ཚེ་ངན་སོང་གནས་ཀུན་ཏུ༔ བསམ་བཞིན་འཇུག་ནས་དེར་གནས་ཉོན་མོངས་ཅན༔ ཀུན་གྱི་སྒྲིབ་པ་སྦྱང་ཞིང་བྱང་ཆུབ་ལམ༔ ཡང་དག་ས་ལ་བདག་གིས་བཞག་པར་ཤོག༔ གང་ཞིག་འགྲོ་བ་མི་དགེ་མཚམས་མེད་སྤྱོད༔ སོ་ཐར་སྡོམ་ཞིག་སྔགས་ཀྱི་དམ་ཚིག་རལ༔ མི་བཟད་སྡིག་ཅན་ཀུན་ཀྱང་བདག་གི་མིང༔ ཐོས་པས་སྡིག་ཟད་ཐར་པའི་ལམ་ཞུགས་ཤོག༔ བདག་ནི་སྐྱེ་བ་ཁ་ཤས་ཙམ་ཁོ་ནས༔ རྫོགས་སངས་རྒྱས་ཀྱི་གོ་འཕང་མངོན་ཐོབ་བྱེད༔ དེ་ལྟ་ན་ཡང་དག་པའི་ས་གསུམ་ན༔ གནས་ཚུལ་བྱང་ཆུབ་སེམས་དཔར་སྣང་གྱུར་ཤོག༔ སྐྱེ་འགྲོ་ཇི་སྲིད་པ་རུ་ཚུལ་དེ་འཛིན༔ རྫོགས་སངས་རྒྱས་དང་སྲས་སློབ་འཕགས་པ་རྣམས༔ དགྱེས་པའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ༔ རྒྱུན་ཆད་མེད་པར་བདག་གིས་འབད་པར་ཤོག༔ རྒྱལ་དང་རྒྱལ་སྲས་གཞན་གྱིས་འདུལ་དཀའ་བའི༔ གདུལ་བྱ་ཐམས་ཅད་བདག་གིས་དང་ལེན་ནས༔ ཐབས་མཁས་ཞི་དྲག་སྤྱོད་པ་དུ་མ་ཡིས༔ དེ་དག་སངས་རྒྱས་སྲས་སུ་གཞུག་པར་ཤོག༔ གང་ཞིག་སངས་རྒྱས་ཀྱིས་འདུལ་འགྲོ་བ་ལ༔ སངས་རྒྱས་སུ་སྤྲུལ་དེ་བཞིན་གང་འདུལ་བ༔ དེ་ཡི་གཟུགས་སྤྲུལ་གདུལ་བྱའི་བློ་དབང་མེད༔ བསྒྱུར་ནས་ཐེག་ཆེན་ལམ་ལ་གཞུག་བྱེད་ཤོག༔ བདག་ནི་དད་པའི་བྱང་ཆུབ་ཚུལ་བཟུང་ནས༔ བྱང་སེམས་སྤྱོད་པས་བྱང་སེམས་ཉེ་སྲས་བརྒྱད༔ ཐེག་ཆེན་སྨོན་ལམ་མཛད་ཕྲིན་མཐའ་དག་ཀུན༔ གཅིག་ཏུ་བཟླུམས་ལྟར་བདག་གིས་འགྲུབ་པར་ཤོག༔ ནམ་ཞིག་བདག་ཉིད་རྫོགས་སངས་རྒྱས་གྱུར་ན༔ བདེ་ཆེན་ཞིང་འདྲའི་སངས་རྒྱས་གངྒཱ་ཀླུང༔ སྐུ་ཚེ་མཛད་ཕྲིན་འདུས་པ་དམ་ཆོས་ཡུན༔ དེ་སྙེད་བདག་གིས་གཅིག་ཅར་མངོན་བྱེད་ཤོག༔ དེ་ལྟར་བདག་གི་ཐེག་ཆེན་སྨོན་ལམ་ཀུན༔ དཀོན་མཆོག་བདེན་པས་བསླུ་མེད་ཉིད་འགྲུབ་ཅིང༔ བདག་གང་མཐོང་ཐོས་དྲན་རེག་འགྲོ་བས་ཀྱང༔ སྨོན་ལམ་མཆོག་འདི་ཐུན་མོང་སྤྱོད་པར་ཤོག༔ དེ་བཞིན་བདག་གི་འདུས་དང་འདུས་མ་བྱས༔ དགེ་ཚོགས་མ་གྱུར་འགྲོ་ལ་ཡོངས་བསྔོས་པས༔ ཀུན་ཀྱང་ལྷག་བསམ་བྱང་ཆུབ་སེམས་བསྐྱེད་ནས༔ བདག་གི་སྨོན་ལམ་བཟང་པོ་འདིར་འཇུག་ཤོག༔ བདག་གི་ཆོས་ཀྱི་བརྒྱུད་འཛིན་སློབ་མའི་རིགས༔ ཅི་ཙམ་གནས་པ་དེ་དག་ཐམས་ཅད་ལ༔ རིག་འཛིན་རྒྱལ་བ་རྒྱ་མཚོས་བྱིན་བརླབས་ནས༔ བྱང་ཆུབ་ཆེན་པོའི་འབྲས་བུ་མྱུར་ཐོབ་ཤོག༔ དེ་སྲིད་འཇིག་རྟེན་མགོན་དང་འཇིག་རྟེན་ལས༔ འདས་པའི་ཆོས་ཀུན་འབད་མེད་ཡོངས་སུ་ཐོབ༔ མདོར་ན་བདག་གིས་སྨོན་ལམ་མཆོག་གང་བཏབ༔ དགེ་འབྲས་རྣམས་ལ་དེ་དག་ངེས་སྤྱོད་ཤོག༔ སྙིགས་དུས་སྡུག་བསྔལ་གྱིས་མནར་འགྲོ་བ་རྣམས༔ སྐྱོབ་བྱེད་གུ་རུའི་སྒྲུབ་ཐབས་ཐམས་ཅད་ཀྱི༔ དགོངས་བཅུད་བསྐྱེད་རྫོགས་མན་ངག་ཀུན་འདུས་འདི༔ ཚུལ་བཞིན་ཡི་གེར་བཀོད་པའི་དགེ་བས་ཀྱང༔ བོད་ཡུལ་རྗེ་འབང་བདེ་སྐྱིད་རྒྱས་པ་དང༔ ཤཱཀྱའི་ཏོག་གི་བསྟན་པ་ཉམས་མེད་ཅིང༔ འོད་གསལ་རྡོ་རྗེ་སྙིང་བསྟན་དར་ཞིང་རྒྱས༔ བཤད་སྒྲུབ་བཟང་པོས་ནོར་འཛིན་ཡོངས་ཁྱབ་ཤོག༔ མ་ལུས་འགྲོ་བའི་སྙིང་དབུས་ཕན་བདེའི་མཆོག༔ གུ་རུ་པདྨའི་བྱིན་རླབས་ཡོངས་ཞུགས་ནས༔ སྨིན་གྲོལ་གདིང་ཐོབ་བདེ་བ་ཅན་ཞིང་དུ༔ རྒྱལ་ཚབ་ས་ཐོབ་བྱང་ཆེན་མྱུར་འགྲུབ་ཤོག༔ ངོ་བོ་འགྲོ་ཀུན་ལམ་འདིར་འཇུག་སྨོན་པས༔ དེ་ལྟར་གྱུར་ནས་དྲིན་ལན་ལྡོན་པ་དང༔ ཚུལ་འདིས་ཁྱབ་བདག་རྩ་བའི་བླ་མ་ཡི༔ དགོངས་པ་བསྐང་ཕྱིར་བསྔོ་བས་དགྱེས་གྱུར་ཤོག༔ དེ་ལྟར་པད་འབྱུང་ཐུགས་རྗེའི་ཆུ་གཏེར་ལས༔ རྨད་བྱུང་དམ་ཆོས་སྒྲ་དབྱངས་རྒྱུན་མི་ཆད༔ ཕུན་ཚོགས་རིན་ཆེན་མཆོག་གིས་ཡོངས་ཁེངས་པས༔ སྐྱེ་དགུའི་དགེ་ལེགས་དཔལ་ཀུན་རྒྱས་གྱུར་ཅིག༔ ཅེས་སངས་རྒྱས་ཡོངས་ཀྱི་རྒྱལ་པོ༔ སངས་རྒྱས་ཀྱི་སྤྲིན་འཕྲོ་བ༔ གུ་རུ་པདྨཱ་ཀ་རའི་གསོལ་འདེབས་གཙོ་བོ་བསམ་པ་ལྷུན་གྲུབ་ཀྱི་མན་ངག༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ་བླ་མའི་སྒྲུབ་ཐབས་ཐམས་ཅད་ཀྱི་དགོངས་བཅུད་ཡིད་བཞིན་ནོར་བུ་ངོ་མཚར་རྨད་དུ་བྱུང་བ་འདི་ནི༔ གུ་རུའི་བྱིན་རླབས་ཀྱི་མཚན་མ་རྙེད་ནས་དུས་རིང་ཞིག་ལོན་པ་ལྕགས་ཕག་ལོར་ལ་སྟོད་རྒྱལ་གྱི་ཤྲཱི་རུ་ཡི་གེར་བཀོད་པར་སེམས་ཚེ༔ ཉང་གི་རིག་འཛིན་སྐྱེས་བུ་མཆོག་གྱུར་པདྨ་དབང་དྲག་ནས་རིག་འཛིན་ཡོངས་འདུས་ལུགས་བསམ་པ་ལྷུན་གྲུབ་ཞལ་ཐང་ཞིག་གནང་བ་ཡང་རྟེན་འབྲེལ་ལེགས་ལམ་དུ་གྱུར་ཅིང༔ དེ་མུས་སུ་གངས་ཆེན་བུ་ལེར་ཕྱིན་ནས་དེར་འབྲི་བར་བརྩམས་ཀྱང་ཇི་བཞིན་དུས་ལ་མ་བབས་པར་རྟོགས་པས་རེ་ཞིག་བཞག༔ ཕྱིས་ཆུ་བྱི་ལོར་ལ་སྟོད་བྱང་གནས་ཆེན་ཟང་ཟང་ལྷ་བྲག་ཏུ་བཀའ་རྒྱ་གྲོལ་བའི་ལྟས་བྱུང་བར་བརྟེན༔ དེའི་དགུན་ལ་སྟོད་ལྷོ་གྲམ་མཚོ་བསམ་རྫོང་དུ་དོན་གཉེར་ཅན་རྣམས་ལ་ཆོས་སྒོ་ཅུང་ཟད་ཕྱེས་ཤིང༔ སླར་ཆུ་གླང་ལོ་གཞུག་ཏུ་ཕྱོགས་ནས་ལས་སྐལ་སྨོན་ལམ་བཟང་པོས་གྲུབ་གྱུར་སྐྱེས་བུ་ཅི་རིགས་པ་ཆོས་འདིའི་ཆེད་དུ་འདུས་ཤིང་གསོལ་བ་བཏབ་པ་དང༔ མཁའ་འགྲོས་ཀྱང་གནང་བ་ཡང་དག་སྦྱིན་པ་ཐོབ་པས་དུས་ལ་བབས་པར་ཤེས་ནས༔ གུ་རུའི་སྒྲུབ་གནས་རུ་ལག་གྲམ་པ་རྒྱང་གི་བྱ་འདབས་སུ༔ རིག་འཛིན་ཚེ་དབང་ནོར་བུས་རང་ལོ་སུམ་ཅུའི་གུང་དུ་སླེབ་པ༔ ཧོར་ཟླ་བཅུ་གཉིས་པ༔ རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་གདན་བཞི་དང་མཁའ་འགྲོ་རྒྱ་མཚོའི་བཞེད་པ་ལྟར་ན་ཀུན་དགའ་ཞེས་ཤིང་སྟག་གི་ལོ་ཞལ་གསར་དུ་ངོམས་པ་རྒྱལ་གྱི་ཟླ་བའི་ཡར་ཚེས་ལྔ་ནས་ཐུན་སྐབས་སུ་ཅུང་ཟད་རེ་བྲིས་པའི་འཕྲོ་ཚེས་བཟང་བཅོ་ལྔ་ལ་གྲུབ་པར་བྱས་པ་སྟེ་བཀའ་རྒྱ༔ གཏེར་རྒྱ༔ དམ་རྒྱ༔ གསང་རྒྱ༔ སྤེལ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ མན་ངག་འདི་ལ་ཤིན་ཏུ་ཟབ་ཅིང་རབ་ཏུ་གཅེས་པའི་རྒྱ་བདུན་ཡོད་དོ༔ ྀཨཚ༔ གུ་ཧྱ༔ ཡང་སྨྲས་པ༔ སྔོན་ཆོས་ཟབ་མོར་བརྒྱུད་པ་ཉེ་རིང༔ ཉེ་བརྒྱུད་ཆོས་ལ་ཡིད་གཉིས་མ་བྱེད༔ བླ་མེད་ཆོས་ལ་རྩེ་གཅིག་བསྒོམ་འཚལ༔ རིང་མིན་རྡོ་རྗེ་སེམས་དཔའ་འགྲུབ་བོ༔ ཞེས་པའང་གདམས་སོ༔ མངྒ་ལཾ་བྷ་ཝནྟུ༔
དབང་ཆེན་གསང་བ་འདུས་པ་ལས༔ ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ་ (Volume 53, Text 40)
དབང་ཆེན་གསང་བ་འདུས་པ་ལས༔ ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ་བཞུགས་སོ༔ གཏེར་སྟོན་རཏྣ་གླིང་པའི་མཚོན་ཆ་ཨི་ཐི་བ་འདི་ཁོ་ནའོ། །ལེགས་པར་གཟིགས་ཤིག །ྈྈྈྈྈ དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ཚེ་ཡི་བདག་པོའི་ཡང་ཞུན་ལས༔ ཡང་ཟློག་རྡོ་རྗེ་ཕ་ལམ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐུ་ལ་རྫོགས་པའི་དུར་ཁྲོད་དུ༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༔ སྐུ་མཆོག་གཤིན་རྗེ་སྒྲུབ་པའི་སྐོར༔ མན་ངག་བརྒྱ་དང་རྩ་བརྒྱད་ཞུས༔ ཡང་ཟློག་རྡོ་རྗེ་ཕ་ལམ་འདི༔ གཅེས་པའི་སྲོག་ལྟར་བཙས་ནས་ཀྱང༔ ད་ལྟ་སྤེལ་བའི་གནས་མེད་དེ༔ རིན་ཆེན་གཏེར་དུ་སྦས་ཏེ་བཞག༔ མ་འོངས་དུས་ཀྱི་མཐའ་མ་ལ༔ སྐལ་ལྡན་གཅིག་དང་འཕྲད་ནས་ཀྱང༔ སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ཡང་ཟློག་རྡོ་རྗེ་ཕ་ལམ་གྱི༔ དམིགས་པའི་ཡང་གཅེས་གུད་དུ་སྦས་པ་ནི་འདི་ཡིན་ཏེ༔ རང་གི་ཆོས་སྐྱོང་དགྲ་ལ་རྦད་པའི་དུས་སུ༔ ཁོ་ཡིས་ཟློག་པ་བྱས་ཏེ༔ རང་ལ་བཟློགས་པའི་རྟགས་བྱུང་ན༔ སྔགས་དང་ཕན་ཡོན་ནི་གཞུང་ན་གསལ་བ་ལས༔ བདུད་དང་རུ་ཏྲ་གླང་རྒོད་ཆུ་གླང་ཟུང་བཞི་བསྣོལ་བའི་སྟེང༔ པདྨ་དང་ཉི་མ་ཟླ་བ་བརྩེགས་པའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་མཐིང་ནག་འབར་བ༔ སྐུ་ཆེ་ལ་ཡན་ལག་རགས་པ་རི་རབ་དང་མཉམ་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གངས་རི་ལྟར་གཙིགས་པ༔ སྡང་མིག་ཕྱོགས་བཅུར་བསྒྲད་པ༔ ཨག་ཚོམ་ལས་མེ་འབར་བ༔ སྨིན་མ་ལས་གློག་འཁྱུགས་པ༔ ཕྱག་གཡས་པ་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་རྣོ་བའི་ངར་དང་ལྡན་པ་ནམ་མཁའ་ལ་འཕྱར་བ༔ གཡོན་པས་སྡིགས་མཛུབ་ཀྱིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ ཧ་ཧ་ཧཱུྃ་ཧཱུྃ་ཞེས་པའི་སྒྲ་སྒྲོག་པས་ཁམས་གསུམ་གཡོ་བ༔ རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ་པ༔ སྣང་སྲིད་སྡེ་བརྒྱད་ཐམས་ཅད་འདར་སྔངས་འབོག་བརྒྱལ་བྱེད་པ་འཇིགས་སུ་རུང་བ༔ ཆེ་བཙན་འགྲན་ཟླ་དང་བྲལ་བ་གཅིག་བསྒོམས་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གསལ་བར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ལྷོ་ཕྱོགས་ཀྱི་འོག་མིན་གནས་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ༔ སླར་ཡང་བདག་ཉིད་གཟི་བརྗིད་འོད་དང་ལྡན་པར་བསྒོམ༔ དེའི་ཞབས་འོག་ཏུ་རང་གི་དགྲ་བོ་བྱད་མ་མཁན་དུ་ཡོད་པ་སྒྱེལ་ནས་མནན་པ༔ ཕྱག་གཡོན་པའི་ལྕགས་ཀྱུས་དགྲ་བོ་རྣམས་ཀྱི་སྙིང་དཀར་ནག་མཚམས་ནས་བཟུང་བ༔ ཞགས་པས་མགུལ་ནས་བཅིངས༔ སྡིགས་མཛུབ་ཀྱིས་བསྡིགས་པས་ཁ་འདར་ལུས་སྦྲིད་སྐྱོབ་པའི་ལྷ་དང་བྲལ་ནས་འདུག་པ་ལ༔ ཕྱག་གཡས་འཁོར་ལོས་མགོ་ལུས་ཐམས་ཅད་དུམ་བུར་གཏུབས་ཤིང་རྡུལ་ཕྲན་བཞིན་དུ་སོང་བར་བསམ་ལ༔ མན་ངག་ལྟར་སྔགས་བདུན་ཉེར་གཅིག་བརྒྱ་སྟོང་ལ་སོགས་ཕ་རོལ་གྱི་རྟགས་དང་བསྟུན་ལ་བཟླ༔ རྗེས་ལ༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ༴ དཔལ་ཚེ་བདག་ནག་པོའི་བཀའ༴ སྔགས་འཆང་བདག་གི་ངག་བདེན་པའི་མཐུས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་དམག་ཚོགས༔ རྦོད་གཏོང་དང་རྦད་འདྲེ༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཁོ་རང་གི་སྟེང་དུ་ཟློགས་ཤིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་ཐུངས་ཤིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག༔ བྷྱོ་བྷྱོ༔ ཅེས་ལག་པ་གཡས་པ་གནམ༔ གཡོན་པ་ས༔ གནམ་ས་གཉིས་ཀྱི་བར་དུ་དགྲ་བོ་རྣམས་སྒོང་ལྤགས་བཅར་བའམ༔ རྡུལ་ཕྲན་བཞིན་དུ་སོང་བར་བསམ་ལ༔ བདེན་པའི་སྟོབས་དང་བཅས་ཏེ་ཐལ་མོ་ལན་གསུམ་བརྡབ་བོ༔ འདི་ལྟ་བུའི་སྦྱོར་བས་ནི༔ སླར་ཡང་ཁོ་རང་གི་ནུས་པ་དང༔ ཁོ་རང་གིས་རྦད་པའི་ཆོས་སྐྱོང༔ ཁོ་རང་གི་གཤེད་དུ་བབ་སྟེ་བརླག་པར་འགྱུར་རོ༔ གནད་ཀྱི་མན་ངག་འདི་ནི༔ སུ་ལ་ཡང་སྦྱིན་དུ་མི་རུང་ངོ༔ བསྟན་འཛིན་གྱི་བུ་ལ་སྙན་བརྒྱུད་ཞལ་ཤེས་སུ་བྱས་ཏེ༔ དཔེ་ཡི་གེའི་རིས་སུ་མི་བཏབ་པ་ནི་གདམས་པ་འདི་ཡི་བཀའ་རྒྱ་ཡིན་ནོ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རཏྣ་གླིང་པའི་གཡར་དམ་ལྷོ་བྲག་གནམ་སྐས་ཅན་གྱི་གཏེར་མ། དཔེ་ཡི་གེའི་རིས་སུ་བཀའ་རྒྱ་གདམས་ཀྱང་། རང་གི་བརྗེད་ཐོ་ལ་ཤོག་སེར་བུ་ཡིག་ལས་བཤུས་སོ། །མངྒ་ལཾ།། །།
རླུང་འཁྲུག་འབུམ་གྱི་ཡང་སྙིང་། གཤིན་རྗེའི་སྲོག་སྒྲུབ་མེའི་སྤུ་གྲི་གློག་ཞགས་དུག་གི་འཁོར་ལོའི་དཔེ་བྲིས་བཅའ་གཞིའི་ཤོག་ཁྲ་ (Volume 54, Text 40)
སྙུག་མའི་བར་ འཁོར་ལོ། ལྕགས་ཀྱི་སྲོག་ཤིང་སྟེང་དུ་སྙུག་ལྕགས་སྟེགས་བུ་བཞི་སྒྲོམ། ༈ སྤོག་ཆོག་གཡས་སུ་བསྐོར་བའི་རླུང་སྒོ། རྣལ་མ་གཡོན་དུ་བསྐོར་ བའི་རླུང་སྒོ། རླུང་ཁང་གི་བཞི་ཆ་ཡར་བཅད་ནས་གསུམ་ཆ་མར་བཅད་ མཚམས་སུ་ཤིང་གི་གདུང་མ་བཏང་བའི་རྐེད་པར་ཕུག་པར་ སྲོང་ཤིང་བཙུགས། སྲོག་ཤིང་གདུང་མའི་སྟེང་དུ་ནན་ མཚམས་སུ་ལྕགས་ཀྱི་རྒྱ་གྲམ་སྟེང་དུ་འཁོར་ལོ་ལས་རྒྱ་ཆེ་ ཙམ་གྱིས་སྙུག་མ་བཞི་སྒྲོ་བསྡམ་སྟེ། དེ་སྟེང་འཁོར་ལོ་ བཞག །དེ་སྟེང་སྙུག་མ་རྒྱ་གྲམ་འོག་མ་དང་། རྒྱ་གྲམ་ ཆེ་ཆུང་འདྲ་བ་བཏང་ནས་སྙུག་མའི་སྣེ་མོ་གོང་འོག་དར་སྐུད་ ཀྱིས་བསྡམས་ནས་འཁོར་ལོ་ལྟེ་བ་མ་ཕུག་པར་བསྐོར་རོ།།
༈ སྒྲོ་འདབ་བཞི་ལ་མ་མོ་བཞི་བྲིས་པའི་སྤྱན་མའི་སྙིང་ གར་ལཾ་ལཾ་བུདྡྷ་ལོ་ཙ་ནི་དགྲ་བོ་མཱ་ར་ཡ་རྦད་ཕྱེ་དཀྲུགས་གཏོར་ སོད། དེ་བཞིན་མཱ་མ་ཀཱིའི་སྙིང་གར་བཾ་བཾ་མཱ་མ་ཀཱི་དགྲ༴ གོས་དཀར་མོའི་སྙིང་གར་རཾ་རཾ་བཛྲ་པཎྜ་རི་དེ་ཧི་དེ་ཧི་སིརྣ་བོ་ དྷི་ལོ་ཀོཏྟ་རཾ་དགྲ༴ སྒྲོལ་མའི་སྙིང་གར་ཡཾ་ཡཾ་ཏཱ་རེ་ཏུཏྟཱ་རེ་ ཏུ་རེ་དགྲ༴ ཞེས་སྦྱར་བ་སྒྲོ་འདབ་བཞི་ལ་བྲིའོ། །སྤྱན་ མའི་སྙིང་གར་ཧ།་་ས་བོན། མཱ་མ་ཀཱིའི་སྙིང་གར་རི། གོས་དཀར་མོའི་སྙིང་གར་ནི། སྒྲོལ་མའི་སྙིང་གར་ས།
བཞི་སྒྲོམ། གདུང་མ།
རྡོ་རྗེ་ཕུར་པའི་ཚེ་འགུགས་པའི་སྦྱོར་ར་ (Volume 31, Text 41)
རྡོ་རྗེ་ཕུར་པའི་ཚེ་འགུགས་པའི་སྦྱོར་ར་བཞུགས་སོ༔ ྈྈྈྈྈྈྈྈ ཤྲཱི་ཀུ་མཱ་ར་ལ་ན་མོ༔ རྡོ་རྗེ་ཕུར་པའི་ཚེ་འགུགས་ཆོ་ག་གསང་བ་ལག་ལེན་འདི་ལ་གསུམ་སྟེ༔ སྦྱོར་བ་དང་དངོས་གཞི་རྗེས་རིམ་མོ༔ ཚེ་འགུགས་པའི་སྦྱོར་བ་ནི༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཆེན་པོའི་ལྷར༔ ཚེའི་དཀྱིལ་འཁོར་བཅའ་བ་ནི༔ གངས་རྒྱུད་མ་ཆད་པའི་རི་བཀྲ་ཤིས་པའི་རིའི་ས་ལ༔ དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ་འཁོར་ལོ་རྩིབས་བརྒྱད་སེར་པོ་བྲིས་པའི་ལྟེ་བར༔ རྫ་བུམ་སོས་སྨིན་པ་དཀར་པོས་བྱུགས་པའི་ནང་དུ༔ ཆུ་འདུས་ཆུ་གཙང་བའི་ཆུས་བསིངས་པའི་ཆང་ལ་བདུད་རྩི་བཏབ༔ འབྲི་ལོ་བཅུའམ་བདུན་ལོན་པའི་མར་རིལ་མཆེད་ཚོ་དང་གྲངས་མཉམ་པ་སྒྲུབས༔ རྒད་པོ་བཀྲ་ཤིས་པ་ལོ་བརྒྱད་ཅུ་ཙམ་ལོན་པ་ལས་བླངས་པའི་ནས་ལ་ཕྱེ་བྱས་པའི་ཚེའི་འབྲང་རྒྱས་ཟླུམ་བརྗིད་ཀྱིས་ཁ་བཅད༔ ཚེའི་མདའ་དར་གཟུག༔ གཟུངས་ཐག་དཀར་པོ་བཏགས་ཏེ་ཚེ་ཕུར་ལ་གཏོད་དོ༔ དངོས་ནི༔ བདག་རྩ་བའི་དཀྱིལ་འཁོར་གསུམ་སྲུང་མར་བཅས་པའི་ཐུགས་དམ་བསྐུལ༔ འོད་ཟེར་སྣ་ཚོགས་ལྕགས་འདྲ་བའི་ཕོ་ཉ་སྤྲོས༔ ཕྱོགས་བཅུར་ཁྱབ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༔ སྟེང་ལྷ༔ འོག་ཀླུ༔ བར་མི༔ ཕྱི་སྣོད༔ ནང་བཅུད༔ ཐམས་ཅད་ཀྱི་དངོས་གྲུབ་ཚེའི་རང་བཞིན་བདུད་རྩིར་བཀུག་ལ༔ བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་རྡོ་རྗེའི་གུར་ཆེན་དུ་དཀྱིལ་བར་བསམ་ཞིང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཁྲོ་བཅུ་སྲས་མཆོག་སྲུང་མ་ཐམས་ཅད་ཀྱི་སྔགས་ཤམ་དུ་སྦྱར་ཏེ༔ བཟླས་པ་བརྒྱ་སྟོང་ཅི་འགྲུབ་ཏུ་བྱའོ༔ དེ་ནས་ཕོ་ཉ་བསྐུལ་བ་ནི༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་རྗེས་འོད་འཕྲོས་ཚེ་འགུགས་ལྷ༔ ཁྲོ་རྒྱལ་ཡབ་ཡུམ་སྲས་འཁོར་བཅས༔ ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཀཱར་སྒྲ་འབྱིན་ཕག་དང་རྨིགས་བུའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཡི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ འདོད་རྒྱལ་མདའ་སྙེམས་སྤྱང་ཀི་ཁྲ་ཡི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ བདུད་རྩི་རླུང་འབྱིན་སེངྒེ་ཕ་ཝང་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཁམས་གསུམ་གསོད་བྱེད་དོམ་དང་སྲེ་མོང་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ སྟོབས་ཆེན་བསྐྱོད་བྱེད་དྲེད་དང་བྱི་བའི་མགོ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཀཱི་ལ་ཡ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཚད་མེད་བཞི་ལྡན་ཡེ་ཤེས་སྒོ་མ་བཞིས༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ མ་ལྟར་བྱམས་མཛད་དམ་ཅན་རྒྱ་མཚོའི་ཚོགས༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཛ་ཛ༔ ཞེས་མདའ་དར་གཡབ་ལ་བུམ་པར་བསྟིམ་མོ༔ རྗེས་ལ་ཚེ་བསྟིམ་པ་ནི༔ ཚེ་བུམ་དང་བཅས་པ་བཏེག་སྟེ་སྤྱི་བོར་བཞག་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་ཨཱ་ཡུ་ཤེ་ཨ་བྷི་ཥིཉྩ་ཧཱུྃ་ཛ༔ ཀཱ་ཡ་ཨཱ་ཡུ་ཤེ་ཨོཾ༔ ཝཱ་ཀ་ཨཱ་ཡུ་ཤེ་ཨཱ༔ ཙིཏྟ་ཨཱ་ཡུ་ཤེ་ཧཱུྃ༔ ཞེས་གནས་གསུམ་དུ་སྐུ་གསུང་ཐུགས་ཚེ་ཡི་དངོས་གྲུབ་བསྟིམ་ཞིང་དབང་བསྐུར༔ བདུད་རྩི་འཐུང༔ ཚེ་མར་སྤྱི་གཙུག་ཏུ་བྱུགས༔ ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་ཅིས་ཀྱང་མི་ཤིགས་པར་བསམ༔ ངག་གྲགས་སྟོང་ཀཱི་ལ་ཡར་གྲགས་པར་བསམ༔ ཡིད་སྟོང་གསལ་གཡུང་དྲུང་ཀློང་དུ་གསལ༔ བླ་མས་མེ་ཏོག་གཏོར༔ རབ་གནས་བྱ༔ བཀྲ་ཤིས་གསོལ༔ ཚེ་ཟན་གཡས་སུ་ཁམ་ཁམ་ཟ༔ ཆང་གཡོན་སྐོར་དུ་ཧུབ་ཧུབ་བཏུང༔ ཚེ་མདུད་ལན་གསུམ་དུ་བྱུང་ན་ཚེའི་དངོས་གྲུབ་ཐོབ་བོ༔ རྡོ་རྗེ་ཕུར་པའི་ཚེ་འགུགས་ཀྱི་ཆོ་ག་ལག་ལེན་ནོ༔ ྀཨཚ༔ ས་མ་ཡཱ༔ བདག་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ། །མངྒ་ལཾ།། །།
ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས༔ ཁྲུས་ཆབ་དང་རིལ་བུ་སྒྲུབ་ཐབས་ཕན་ཡོན་དང་བཅས་པ་ (Volume 23, Text 41)
༁ྃ༔ ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས༔ ཁྲུས་ཆབ་དང་རིལ་བུ་སྒྲུབ་ཐབས་ཕན་ཡོན་དང་བཅས་པ་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ཡང་ཁྲུས་ཆབ་ཀྱི་སྒྲུབ་ཐབས་དང་ཕན་ཡོན་ནི༔ བུམ་པ་མཚན་ལྡན་གཙང་མ་བཀྲུས་ལ་གུ་གུལ་གྱིས་བདུག༔ དར་གྱིས་མགུལ་བཅིང༔ མཎྜལ་གྱི་སྟེང་དུ་བཀོད༔ མཆོད་པ་བཤམ༔ ཆུ་གཙང་སྲོག་ཆགས་མེད་པས་སུམ་ཆ་བཀང༔ བུམ་རྫས་ཉེར་ལྔ་བླུག༔ དྲི་བཟང་གིས་ཁ་དོག་བསྒྱུར༔ དེ་ཡང་ཕྱི་བུམ་པ་ལ་ནང་གཞལ་མེད་ཁང་འོད་ཟེར་གྱི་རང་བཞིན་ཅན་དུ་བསྒོམ༔ དེའི་ནང་དུ་བཅོམ་ལྡན་འདས་འཕགས་པ་ནམ་མཁའི་རྒྱལ་པོ་བསྐྱེད༔ མཆོད་བསྟོད་བྱ༔ བདག་མདུན་ཐ་མི་དད་པའི་འོད་ཟེར་སྤྲོ་བསྡུ་ལ་དམིགས་ནས་ཡིག་དྲུག་བྱེ་བ་ལ་སོགས་ཅི་མང་བཟླ༔ སླར་བུམ་པའི་ལྷ་ཆུ་དང་དབྱེར་མེད་དུ་བསྟིམ༔ ཆུ་དེས་བདག་གཞན་ཐམས་ཅད་བཀྲུ་བ་དང་འཐུང་བ་ལ་སོགས་བྱའོ༔ ཡང་ན་མེ་ལོང་ལ་སོགས་ཅི་རིགས་པས༔ ཁང་ཁྱིམ་དང༔ ཡུལ་དགོན་ནམ༔ རྟེན་གསུམ་ཁྱད་པར་ཅན་ནམ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་བ་གསུམ་དང་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་སྐྱོང་བའི་གཞི་བདག་དང་བཅས་པ་ལ་སྐུ་ཁྲུས་གསོལ་བར་བྱ་སྟེ༔ དེ་དག་གི་ནུས་པས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་འཕྲལ་དུ་འདག་གོ༔ ཕྱིས་སྡོམ་གསུམ་དང་འགལ་བའི་ལས་སྤངས་ན་བཤགས་པ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ གང་ལ་ལ་ཞིག་གིས་ཁྲུས་ཆུ་དེ་ནམ་མཁའ་ལ་འཐོར་ན་ནམ་མཁའི་ཁམས་ན་གནས་པའི་སེམས་ཅན་མང་པོའི་དོན་བྱེད་དོ༔ དེ་བཞིན་དུ་ཆུ་དང༔ ས་དང༔ ཤིང་དང༔ བྲག་ལ་གནས་པའི་སེམས་ཅན་མང་པོའི་དོན་བྱེད་དོ༔ གང་ཞིག་ཚེའི་དུས་བྱེད་པའི་སེམས་ཅན་གྱི་རོའམ་རུས་པ་ལ་སོགས་པ་ལ་འཐོར་ན་ཡང་བསྐལ་པའི་ལས་སྒྲིབ་དུས་གཅིག་ལ་དག་གོ༔ གཞན་ཡང་འཕྲལ་དུ་ཀླུའི་དུག་དང་བྱད་ཁ་དང་རྦོད་གཏོང༔ རིམས་ནད་དང་མི་གཙང་བའི་གྲིབ་ཐམས་ཅད་ཞི་བར་འགྱུར་རོ༔ ལོ་ཀག་ཟླ་ཀག་ལ་སོགས་དུས་མ་ཡིན་པར་འཆི་བའི་དུས་བྱེད་པ་ཐམས་ཅད་བཟློག་པར་འགྱུར་རོ༔ འབྱུང་བའི་གནོད་པ་དང༔ དུག་མཚོན་གྱི་གནོད་པ་ཡང་བསྲུང་ནུས་སོ༔ ཁྱད་པར་ཡང་རིམས་ནད༔ ནོར་ནད༔ འགོ་ཡམས༔ ལོ་ནད་ཐམས་ཅད་ལ་ཕན་པར་འགྱུར་རོ༔ སྨྱོ་འབོག་གི་ནད་ཐམས་ཅད་དག་པར་འགྱུར་རོ༔ མདོར་ན་ཁྲུས་བྱེད་པ་དང༔ འཐུང་ནས་ཁོང་དུ་སོང་བ་ན༔ ཅི་བསམ་ཐམས་ཅད་རྫོགས་པར་གདོན་མི་ཟའོ༔ བུ་འདོད་པས་ཀྱང་བུ་རྙེད་དོ༔ རླུང་མཁྲིས་བད་ཀན་གྱི་ནད་ཐམས་ཅད་ཞི་བ་དང༔ འདོད་ཆགས་ཞེ་སྡང་གཏི་མུག་གི་སྡིག་སྒྲིབ་ཐམས་ཅད་རང་བཞིན་དུ་དག་པར་འགྱུར་རོ༔ གྲོགས་དམ་ཉམས་དང༔ སྡོམ་ཤོར༔ ཁྲིམས་འཆལ་ལ་སོགས་པའི་ཉེས་པ་ཐམས་ཅད་འདིས་དག་པར་འགྱུར་རོ༔ ལས་ངན་སྡིག་སྒྲིབ་ཕྱི་དུས་སུ་མ་ལུས་པར༔ ད་ལྟ་ཉིད་དུ་དག་པའི་གདམས་པ་ཁྱད་པར་ཅན་འདི་ཡིན་ནོ༔ ༈ འདིའི་ཁྲུས་ཆབ་ཀྱི་རིལ་བུ་ནི༔ ས་བཟང་པོ་འམ༔ གནས་ཆེན་གྱི་ཤིང་སྣ་རྡོ་སྣའམ༔ ཞིབ་ཟན་གྱིས་རིལ་བུ་བྱས་ནས་ཕྱོགས་ཐམས་ཅད་དུ་སྤྱན་དྲངས་ཏེ་རི་ཆེན་པོའི་རྩེ་ལ་འཐོར༔ ཆུ་ཆེན་པོའི་འགོ་ལ་འཐོར༔ འབུ་སྦྲང་རྒྱུ་བའི་སྲང་ལ་འཐོར༔ མི་མང་འདུས་པའི་ཁང་པ་ལ་འཐོར་བ་ལ་སོགས་སེམས་བསྐྱེད་དང་ལྡན་ན་ཕན་ཡོན་བརྗོད་ལས་འདས་པར་གསུངས་སོ༔ བུམ་རྫས་ཉེར་ལྔ་ནི༔ སྨན་སྣ་ལྔ་ལ༔ ཤུ་དག༔ ཀཎྜ་ཀ་རི༔ སླེ་ཏྲེས༔ དབང་ལག༔ རྒྱ་མཚོ་ལྦུ་བ་དང་ལྔའོ༔ འབྲུ་ལྔ་ནི༔ ནས༔ གྲོ༔ འབྲས༔ སོ་བ༔ སྲན་མའོ༔ དྲི་ལྔ་ནི༔ ཙནྡན༔ ཛཱ་ཏི༔ གུར་གུམ༔ ག་པུར༔ གླ་རྩིའོ༔ སྙིང་པོ་ལྔ་ནི༔ འོ་མ༔ མར༔ བུ་རམ༔ སྦྲང་རྩི༔ ལན་ཚྭའོ༔ རིན་པོ་ཆེ་ལྔ་ནི༔ གསེར༔ དངུལ༔ མུ་ཏིག༔ མུ་མེན༔ བྱི་རུའོ༔ ལག་ལེན་ལ་རིན་ཆེན་ལྔ་དང༔ འབྲུ་ལྔ་སྨན་ལྔ་ནི་རས་གཙང་མས་ཐུམ༔ དྲི་ལྔ་ནི་ཕྱེ་མ་བྱ༔ སྙིང་པོ་ལྔ་ནི་མར་གྱིས་ཐུམ༔ ༈ དམ་རྫས་རིལ་བུ་སྒྲུབ་ཐབས་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡང་གནས་ཆེན་གྲགས་ཆེ་བ༔ རྒྱལ་བ་གོང་མའི་ཞབས་ཀྱིས་བཅགས་ཤིང་བཀྲ་ཤིས་བྱིན་ཆགས་རབ་གནས་ཅན་གྱི་ས་རྡོ་ཤིང་འབྲས་དང༔ བླ་མ་མཚན་ཉིད་དང་ལྡན་པའི་དབུ་ལོ༔ དམ་རྫས་ཟོལ་མེད་ཁྱད་པར་ཅན་དང༔ སྔོན་དུས་གྲུབ་ཐོབ་གོང་མས་བསྒྲུབས་པའི་དམ་རྫས་ཁྱད་པར་ཅན་གྱི་ཕབས་རྒྱུན་ལ་སྨན་བཟང་པོ་བསྲེས༔ བུམ་རྫས་ཉེར་ལྔ་དང༔ ཏི་སེའི་གངས་ཐིག༔ སིནྡྷུར་དང༔ བྱེ་མ་ས་དཀར་ལ་གཞི་བྱས༔ ཡི་གེ་དྲུག་པའི་གཟུངས་ཆུས་འདམ་ཐག་ཞིབ་ཏུ་བཏགས༔ རིལ་བུ་ཅི་མང་བྱ༔ བསང་སྦྱང་དྲི་མ་བཀྲུ་བ་དང༔ བུམ་པ་མཚན་ལྡན་དུ་གཞུག༔ རིལ་བུ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་སུ་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་ཕུལ༔ མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱའོ༔ དེའི་ཚེ་སྣང་སྲིད་སྣོད་བཅུད་ཐམས་ཅད་རྣལ་འབྱོར་གསུམ་དུ་གསལ་ནས༔ འུར་ཏིང་གི་སྔགས་སྒྲ་འབྲུག་ལྟར་སྒྲོག་པར་བསྒོམས་ནས་ཡིག་དྲུག་རབ་དུང་ཕྱུར༔ འབྲིང་བྱེ་བ༔ ཐ་མ་འབུམ་ཐེར་གཅིག་བཟླས་པའོ༔ ཐུན་བཞི་ལ་མཆོད་པ་ཅི་འབྱོར་བཤམ༔ གསོལ་བ་དྲག་པོ་གདབ༔ རོལ་མོ་དབྱངས་དང་ལྡན་པའི་བསྟོད་པ་བྱའོ༔ བྱིན་འབེབ་བྲོ་བརྡུང་ཡང་ཡང་བྱེད༔ བར་ཆད་བྱུང་ན་རྟ་བྲོ་བརྡུང་སྟེ༔ རིག་པ་ངར་བསྐྱེད་དོ༔ ཐུན་འཇོག་ཁར་མདུན་བསྐྱེད་ཀྱི་ལྷ་རྣམས་རིལ་བུ་ལ་བསྟིམ༔ བཀྲ་ཤིས་སྨོན་ལམ་གདབ་བོ༔ སྐབས་སུ་ཆ་གསུམ་གཏོར་མ་བསྔོས་ལ༔ ལྷ་དང་ལྷ་མིན་འབྱུང་པོ་ལ་བདེན་པ་བརྡར༔ ཡུལ་ལྷ་དང་གཞི་བདག་ལ་གསོལ་མཆོད་གཏང༔ སྒྲུབ་པ་མ་ཐོན་བར་དུ་དཀྱིལ་འཁོར་མི་ལ་མི་སྟོན༔ གྲིབ་དང་མི་གཙང་བ་ལ་འཛེམས་ཤིང་གོས་གཙང་མ་གྱོན༔ ཁྲུས་ལ་བརྩོན༔ བག་མེད་ཀྱི་ཁ་ཟས་སྤངས༔ བཙོང་སྒོག་ལ་སོགས་མི་ཟ༔ སྡོམ་པ་དམ་ཚིག་དང་ལྡན་པའི་དཔོན་སློབ་རྣམས་ཀྱིས་རྒྱལ་བའི་བཀའ་ལ་ཡིད་ཆེས་ནས་མདོ་སྔགས་དཔང་དུ་འཛུག༔ དཀོན་མཆོག་ལ་ངེས་ཤེས་འདྲོངས་པས༔ དམ་པའི་ཆོས་ལ་དད་པ་ཐུན་མོང་མ་ཡིན་པར་ཡིད་ཁྱེད་ཤེས་ཀྱི་དམ་བཅའ་བརྟན་པོ་དང་ཁྱད་པར་དུ་ཡང༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་དད་པ་ངོས་ལྐོག་མེད་པར་བློ་འགེལ་ཏེ༔ གཞུང་ནས་བཤད་པ་ལ་རས་གཅོད་དང་གཟུ་ལུམ་རང་འདོད་ཀྱི་འཁྲི་བ་མེད་པར་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་ནུས་ན༔ རིལ་བུ་འཕེལ་བ་དང༔ སྦོས་པ་དང༔ འཕུར་བ་དང༔ སེང་སྒྲ་འུར་སྒྲ་ལ་སོགས་འབྱུང་བ་དང༔ ནམ་མཁའ་ནས་འཇའ་ཟུག་པ་དང༔ མེ་ཏོག་གི་ཆར་བབ་པ་དང༔ ནམ་མཁའ་ལ་ཡི་གེ་དྲུག་པའི་རང་སྒྲ་སྒྲོག་པ་དང༔ དཀྱིལ་འཁོར་གྱི་སྟེང་དུ་འོད་འཆར་བ་ལ་སོགས་པ་རྟགས་མཚན་ཁྱད་པར་ཅན་མང་དུ་ཡོང༔ བུམ་ཆུ་ཁོལ་བ་དང༔ ལུད་པ་དང༔ རླངས་པ་ཕྱུར་བ་དང༔ མཆོད་པ་ཐམས་ཅད་བཀྲག་མདངས་སྐྱེས༔ སྤོས་དང་མར་མེ་ཡུན་རིང་འཛིན་པ༔ ཡོན་ཆབ་མི་འཁྱག་ཅིང་གནས་ཁང་ལ་བྱིན་ཆགས་ཏེ་བག་དྲོ་འུར་བ༔ དཔོན་སློབ་རྣམས་ཉམས་འུར་བས་བདེ་གསལ་མི་རྟོག་རང་ཤུགས་ལ་འཆར་བ་ཡོང༔ དེ་རྣམས་བར་ཆད་མེད་ཅིང་བྱིན་རླབས་ཞུགས་པའི་རྟགས་མཚན་ཡིན༔ དེ་ལྟ་བུའི་དམ་རྫས་རིལ་བུ་ནི་འགྲོ་བ་གང་གི་ཁོང་དུ་སོང་ཡང་ངན་སོང་གི་སྡུག་བསྔལ་ལས་གྲོལ༔ ལོ་ཟླ་ཞག་བདུན་ཕྲག་ཏུ་བཅུད་ལེན་དུ་བསྟེན་ན༔ གནས་སྐབས་སུ་ཚེ་ཉི་ཟླ་དང་མཉམ༔ ལུས་བཀྲག་མདངས་སྐྱེ༔ སྐྲ་དཀར་དང་གཉེར་མ་ཉུང༔ དཔའ་རྩལ་དང་བང་མགྱོགས་ན་ཚ་དང་བསིལ་དྲོད་སྙོམས༔ གདོན་བགེགས་དང་འབྱུང་པོས་མི་གནོད་ཅིང༔ རྒྱུད་ཞི་དུལ་དུ་འགྲོ༔ མི་ཀུན་གྱིས་བྱམས༔ མཐོང་ཙམ་ཉིད་ནས་ཡིད་འཕྲོག་སྟེ༔ འགྲོ་བ་ཐམས་ཅད་དགའ་ཞིང་མགུ་ལ་རྗེས་སུ་ཡི་རངས་པར་འགྱུར་རོ༔ ལས་ངན་སྡིག་སྒྲིབ་འཕྲལ་དུ་དག་པ་དང༔ འཆི་བ་སྙིང་ནས་དྲན་པའི་ངེས་འབྱུང་སྐྱོ་ཤས་དང༔ དམ་པའི་ཆོས་ལ་དད་པ་བཙན་ཐབས་སུ་སྐྱེ་བར་འགྱུར་རོ༔ ཡང་རིལ་བུ་དེ་ཉིད་ལུས་ལ་བཅངས་པ་ཙམ་གྱིས་ནད་རིམས་ཀྱིས་མི་ཚུགས༔ དུག་དང་མཚོན་གྱིས་མི་ཚུགས༔ ཀག་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་བཟློག་པ་དང༔ བར་ཆད་ཐམས་ཅད་རང་བཞིན་དུ་ཞི་བར་འགྱུར་རོ༔ ཡང་རིལ་བུ་འདི་ཉིད་རི་ཆེན་པོའི་རྩེ་ལ་ཡོད་ན་དཔག་ཚད་སུམ་བརྒྱ་དྲུག་ཅུའི་འགྲོ་བ་ལ་ཕན་ནོ༔ ཡང་རིལ་བུ་འདི་ཉིད་ཆུ་ལ་བསྲེས་ཏེ་ཞིང་ལ་འཐོར་ན༔ ལོ་ནད་ཀྱི་རིགས་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ༔ སད་དང་སེར་བའི་གནོད་པ་ལས་སྐྱོབ་པར་འགྱུར་རོ༔ སྔོན་ཆད་བག་མེད་ཀྱི་མི་དམ་པའི་ཆོས་མི་དྲན་པ་ཐམས་ཅད་ཀྱང༔ རིལ་བུ་འདི་ཁ་ལ་སོང་བ་ཙམ་གྱིས་ཉོན་མོངས་པའི་རྩ་མདུད་ཞིག་པར་འགྱུར་རོ༔ ཕྱིན་ཆད་དམ་པའི་ཆོས་དང་ལྡན་པར་འགྱུར་རོ༔ འཕགས་པ་སྤྱན་རས་གཟིགས་ཀྱི་ཡོན་ཏན་ནི་དེ་ལྟ་བུའོ༔ ཐུགས་རྗེའི་ཕྲིན་ལས་ནི་དེ་ལྟ་བུའོ༔ ཀུན་གྱིས་འབད་པར་རིགས་སོ༔ སྒྲུབ་མཆོད་འདི་ལ་བརྩོན་པར་གྱིས་ཤིག༔ འགྲོ་དོན་འདི་ལས་ལྷག་པ་མེད་དོ༔ འདི་ཁོ་ན་ལ་འབོད་ཅིག༔ འདི་ཁོ་ན་ལ་བརྩོན་ཅིག༔ འདི་ཁོ་ན་ལ་འབུངས་ཤིག༔ འདི་ཁོ་ན་ལ་མྱུར་ཅིག༔ རིལ་བུ་ཁོང་དུ་མིད་པའི་ཚེ་ན༔ འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐུ་ཉུངས་འབྲུ་ཙམ་དུ་གྱུར་ནས་ཁོང་པའི་ནང་དུ་སོང༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས༔ འོད་དང་འོད་འདྲེས་པ་ལྟ་བུར་བསྒོམ༔ མ་ཎི་ཅི་ནུས་རེ་བཟླ༔ མཐར་མཉམ་གཞག་གི་ངང་དུ་ཀློད་དོ༔ འཕགས་པའི་སྒྲུབ་མཆོད་རིལ་བུའི་ཕན་ཡོན༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་བཀོད་པ་འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ ས་མ་ཡ༔ ཞེས་སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་ལས་འཕྲོ་གླིང་པས། གླང་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་ལ་ཀོང་བུ་ཆུ་ལྷ་ཁང་ནས་གདན་དྲངས་པའོ།། །།༁ྃ༔ ྈྈྈྈྈྈྈྈྈྈྈ ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས༔ སྐུ་གསུང་ཐུགས་རྟེན་གྱི་ཕན་ཡོན་བཞུགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྤྲུལ་པའི་ཆོས་རྒྱལ་ཉིད་ཀྱི་ཞལ་སྔ་ནས༔ ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་ནམ་མཁའི་རྒྱལ་པོ་འདི་ནི་མདོ་སྔགས་ཐམས་ཅད་ཀྱི་ཡང་སྙིང༔ མན་ངག་ཐམས་ཅད་ཀྱི་ཡང་རྩེ༔ བསྐྱེད་རིམ་ཐམས་ཅད་ཀྱི་མཐར་ཐུག༔ རྫོགས་རིམ་ཐམས་ཅད་ཀྱི་བཅུད་བསྡུས༔ ཉམས་ལེན་ཐམས་ཅད་ཀྱི་གནད་ཐིག༔ འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ༔ མ་འོངས་སངས་རྒྱས་ཐམས་ཅད་ཀྱི་ལམ་ཆེན༔ ད་ལྟའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཞུང་ལམ་འཁྲུལ་མེད༔ སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་ཐུན་མོང་མ་ཡིན་པ༔ བདག་འདྲ་པདྨས་འབྲལ་བ་མེད་པའི་ཡི་དམ༔ མ་འོངས་པ་ན་འགྲོ་དོན་ཐམས་ཅད་ཀྱི་སྒོ་འབྱེད༔ གདུལ་བྱ་ཐམས་ཅད་ཀྱི་རེ་ས༔ གཞན་ལས་ཁྱད་པར་དུ་འཕགས་པ༔ འདིའི་སྐུ་རྟེན་རས་སམ་ཤོག་གུའམ༔ ཞལ་བའི་ལོགས་སམ༔ ཡང་ན་ས་རྡོ་ཤིང་ངམ༔ གསེར་དངུལ་ཟངས་ལ་སོགས་པ་ལ་བྱས་ན༔ དེ་ནི་མཐོང་བ་ཙམ་གྱིས་བསྐལ་པའི་སྡིག་སྒྲིབ་དག་ཅིང༔ གང་གིས་ཕྱག་མཆོད་ཕུལ་བ་ཐམས་ཅད་མྱུར་དུ་ཚོགས་རྫོགས་སྒྲིབ་པ་བྱང་བར་འགྱུར་རོ༔ མཚན་ལན་གཅིག་ཏུ་ཐོས་པ་ཙམ་གྱིས་ངན་སོང་དུ་མི་ལྟུང་བདེ་བ་ཅན་དུ་སྐྱེའོ༔ ཡིད་ལ་དྲན་པ་ཙམ་གྱིས་ཚེ་འདིའི་ཨ་འཐས་ཀྱི་འཁྲུལ་པ་ཞིག་ནས༔ དག་སྣང་གི་ཉམས་ཁྱད་པར་ཅན་ཆུ་ཟླ་ལྟ་བུར་འཆར་རོ༔ ཨོཾ་མ་ཎི་པད་མེ་ཧཱུྃ༔ ཡི་གེ་འབྲུ་དྲུག་འདི་ཡང་གསེར་ཟངས་སམ༔ ཐ་མ་རྡོ་ལ་བྲིས་ཏེ་ལམ་འཕྲང་འགྲིམ་པའི་མདོ་ལ་བཞུགས་ཚེ༔ སུ་གང་དང་གང་གིས་བསྐོར་བ་ཐེབས་པ་རྣམས་ནི་ཕྱིར་མི་ལྡོག་སྟེ་འཁོར་བ་མཐའ་ཅན་དུ་འགྱུར་རོ༔ ཆུ་ལ་བསྐྱུར་ན་ཆུའི་སྲོག་ཆགས་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ༔ ཡི་གེ་དྲུག་པ་འདི་ཡང་རླུང་ལ་བསྐོར་ན༔ དཔག་ཚད་རྒྱང་གྲགས་ཀྱི་འགྲོ་བ་མི་དང་མི་མ་ཡིན་པ་མང་པོ་ལ་ཕན་ནོ༔ མཆོད་རྟེན་བརྩིགས་ན་ཕྱོགས་ཡུལ་ཕྱོགས་ཐམས་ཅད་བཀྲ་ཤིས༔ བྱིན་ཆགས༔ ལོ་འབྲས་ཕུན་སུམ་ཚོགས་པ་འབྱུང་ངོ༔ རང་ཉིད་ལྷ་རུ་གསལ་ཏེ་ཕྱག་ཐམས་ཅད་ནས་ཡེ་ཤེས་ཆུ་རྒྱུན་བབས་པར་དམིགས་ཏེ་བསྔོས་ན༔ མཁའ་ལ་རྒྱུ་བའི་འབྱུང་པོ་ཐམས་ཅད་ཚིམ་པར་འགྱུར་རོ༔ ཡེ་ཤེས་མེ་ལྷ་བསྐྱེད་དེ་མཆོད་སྦྱིན་བྱས་ན་ཚེ་རབས་ཀྱི་ལས་སྒྲིབ་བསྲེག་ཅིང་འཕྲལ་དུ་ཤེས་པ་གསལ་བ་དང༔ གྲིབ་ཀྱིས་མི་ཚུགས༔ ཟས་ནོར་ལོངས་སྤྱོད་མེ་འབར་བ་བཞིན་དུ་ཡོང༔ སྦྱིན་སྲེག་གི་ཐལ་བ་ནི་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ན༔ བརྒྱུད་འཛིན་གྱི་བུ་སློབ་དར་ལ་ཡུན་རིང་བར་ཡོང༔ ཟས་སྐོམ་ལ་ལོངས་སྤྱོད་ཚེ་ལྷའི་རྣལ་འབྱོར་དང་མ་བྲལ་བར་བྱས་ན༔ ཚེ་རབས་ཐམས་ཅད་དུ་ཆོས་དང་མཐུན་པའི་ལོངས་སྤྱོད་འབད་མེད་ལྷུན་གྲུབ་ཏུ་འབྱུང༔ གྲོགས་ཐམས་ཅད་ལ་ལྷའི་འདུ་ཤེས་སྐྱེས་པས་ཁོན་འཛིན་ཁོང་ཁྲོ་ཞི་ཞིང་ཕན་ཚུན་བྱམས་པ་དང་ལྡན་ཞིང་བྱིན་རླབས་ཞུགས་ནས་མཐར་ཐུག་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ༔ ཞེས་སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་ལས་འཕྲོ་གླིང་པས། གླང་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་ལ་ཀོང་བུ་ཆུ་ལྷ་ཁང་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ།། །།
གཙུག་ཏོར་གདུགས་དཀར་གྱི་ཆོ་ག་ (Volume 47, Text 41)
༄༅། །གཙུག་ཏོར་གདུགས་དཀར་གྱི་ཆོ་ག་བཞུགས་སོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཙུག་ཏོར་གདུགས་དཀར་གྱི་ཆོ་ག་བྱེད་པར་འདོད་པས། སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱི་ཆོ་གའོ། །དང་པོ་ལ་གཉིས། ས་ཆོག་དང་། ཡོ་བྱད་སྟ་གོན་ནོ། །དང་པོ་ནི་དགོས་པ་དང་མི་དགོས་པ་བརྟགས་ཏེ། དགོས་པའི་ས་ནི་སྣང་མི་སྣང་ལ་བསླང་སྟེ། འབྱུང་པོའི་ཚོགས་ལ་གཏོར་མ་བྱིན། །ནོར་འཛིན་གནས་དང་མཆོད་གཏོར་བཤམ། །བསྐྱེད་འགུགས་མཆོད་བསྟོད་གསོལ་བ་གདབ། །གནང་བ་བྱིན་བསམ་བདག་གིར་བྱ། །སྙིང་པོ་བརྗོད་ཅིང་བྱ་བས་སྦྱང་། །ཧཱུྃ་བརྗོད་རྡོ་རྗེའི་གཞིར་བྱ་འོ། །སྔར་བྱས་གནས་སུ་ཏིང་འཛིན་གྱི། །རཾ་ཡཾ་ཁཾ་གི་ས་བོན་གྱིས། །བསྲེག་སྦྱང་གཏོར་ཞིང་བྱིན་གྱིས་བརླབ། །ས་ཡི་བྱ་བ་མདོར་བསྡུས་པའོ། །གཉིས་པ་ནི་ཡོ་བྱད་སྟ་གོན་ལ་སོགས་པ་སྟེ། དེ་ཡང་། ཐིག་སྐུད་ཚོན་དང་གཙུག་ཏོར་དང་། །ཕུར་པ་འཁོར་ལོ་མཆོད་གཏོར་དང་། །བསྒྲུབ་བྱའི་གཟུགས་དང་སྦྱིན་སྲེག་ཐབ། །བུམ་པ་ལ་སོགས་ཐམས་ཅད་ཀུན། །གཞུང་ལས་གསུངས་པ་ཇི་བཞིན་དུ། །དེ་དག་སྦྱོར་བའི་ཆོ་ག་འོ། །དངོས་གཞི་ལ་གཉིས་ལས། དཀྱིལ་འཁོར་གྱི་བྱ་བ་དང་། སྒྲུབ་པ་དངོས་སོ། །དང་པོ་ནི། ཐིག་གདབ་བྲི་ཞིང་ཕྱག་འཚལ་དགོད། །མཆོད་གཏོར་ལེགས་བཤམ་སྔོན་འགྲོ་འོ། །སྒྲུབ་པ་དངོས་ལ་གསུམ་སྟེ། སྲུང་འཁོར་དང་། རིག་པ་གཏད་པ་དང་། སྨད་ལས་སོ། །དང་པོ་ནི། སྐད་ཅིག་གིས་བདག་ཡི་དམ་གྱི་ལྷའམ་ཐུབ་པ་ཆེན་པོ་གང་རུང་གི་ང་རྒྱལ་བསྐྱེད་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། ལས་གང་བསྒྲུབ་པའི་སེམས་བསྐྱེད་དེ། འབྱུང་པོ་ལ་གཏོར་མ་བྱིན་ནས་སྲུང་བའི་སྔགས་བརྗོད་དེ། མཚམས་བཅད་དོ། །དེ་ནས་རང་གི་སྙིང་གར་ཡི་གེ་ཨ་གནས་པ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ། དང་པོ་ཕྱག་འཚལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཨུཏྤ་ལའི་གསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོའི་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །པདྨའི་གདུང་ལ་ཕྱག་འཚལ་ལོ། །གླང་པོའི་གདུང་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །ཀླུའི་གདུང་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་གཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་ལྷན་ཅིག་པ་རྣམས་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་ནས་ཡན་ལག་བདུན་པ་བྱའོ། །དེ་ནས་བསྐྱེད་པའི་རིམ་པ་ལ་འཇུག་པར་བྱ་སྟེ། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་བདག་ལ་བསྡུས་པ་ལས། །ཨ་ཡི་འཕྲོ་འདུ་ཡི་གེ་ཧཱུྃ། །ཡཾ་རཾ་ཁཾ་གི་སྦྱོར་བ་ལས། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རཾ་གྱིས་བསྲེགས་ཤིང་ཡཾ་གིས་གཏོར། ཁཾ་གིས་བཀྲུས་པས་དག་པར་བསམ། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ཡིས་ཐམས་ཅད་སྟོང་པའི་ངང་། །དེ་ནས་འབྲུ་ལྔའི་འོད་འཕྲོས་ཏེ། །ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །སྔོ་ནག་བ་དན་གྱིས་མཚན་པའོ། །རཾ་ལས་མེ་ཡི་དཀྱིལ་འཁོར་འབར། ཁཾ་ལས་བདུད་རྩིའི་རྒྱ་མཚོ་དཀར། །མཾ་ལས་གསེར་གྱི་ས་གཞིའི་དབུས། འབྱུང་བ་ལྔ་ཡི་འཕྲོ་འདུ་ལས། །སུཾ་ལས་རིན་ཆེན་རི་རབ་གྱུར། །དེ་སྟེང་པཾ་ལས་པདྨ་སྟེ། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་གུར། །བྷྲཱུྃ་ལས་གྱུར་པའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་ལྡན། །རྟ་བབས་བཞིས་བརྒྱན་སྣམ་བུ་དང་། །རྩིག་པ་ལྔ་ལྡན་ཕ་གུས་མཛེས། །དྲྭ་བ་དྲྭ་བ་ཕྱེད་པས་བརྒྱན། །གསེང་མ་རིན་ཆེན་ཤར་བུས་བསྐོར། །ཐོག་ནི་ཕྱུར་བུ་ཁ་དོག་བཞི། །རིན་ཆེན་ཆར་ཁེབས་ཏོག་གིས་མཛེས། །ཀ་བ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེ་དབུས་བྷྲཱུྃ་ལས་འཁོར་ལོ་ནི། །རྩིབས་བཞི་རྩིབས་བཅུ་པ་ཡི་སྟེང་། །དབུས་སུ་རྣམ་པར་བསམ་པ་ནི། །རིན་ཆེན་འབར་བའི་སེང་གེའི་ཁྲི། །པཾ་ལས་པདྨ་འདབ་བརྒྱད་དེ། །ཨ་ལས་ཟླ་བའི་གདན་དུ་བསམ། །ཕྱོགས་བཞི་ཕྱོགས་བཅུ་སྒོ་མཚམས་སུ། །པདྨ་ཉི་ཟླ་བརྩེགས་པར་བསྒོམ། །དབུས་ཀྱི་གདན་སྟེང་ཡི་གེ་ཧཱུྃ། །ཡོངས་གྱུར་ཨ་བྷྲཱུྃ་དཀར་སེར་བསམ། དེ་ལས་འོད་ཟེར་འཕྲོས་པ་ལས། །ཐམས་ཅད་ལྷུང་བཟེད་མཁར་གསིལ་གྱིས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་སྟེ། །སླར་འདུས་བཅོམ་ལྡན་ཤཱཀྱ་ཐུབ། །སྐུ་མདོག་གསེར་མདོག་འབར་བ་ལ། །མཚན་ནི་སུམ་ཅུ་རྩ་གཉིས་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །གསུང་དབྱངས་ཡན་ལག་དྲུག་ཅུ་སྟེ། །ཐུགས་ནི་ཡེ་ཤེས་ལྔ་ལྡན་པ། །དེ་འདྲ་བདེ་བར་གཤེགས་པའི་སྐུས། །ནམ་མཁའ་ས་གཞི་བར་སྣང་རྣམས། །ཏིལ་གོང་བཞིན་དུ་གང་བར་བསྒོམ། །བདེ་གཤེགས་དེ་ཡི་གཙུག་ཏོར་ལ། །པདྨ་ཉི་ཟླ་བརྩེགས་པའི་གདན། །ཐུགས་ལས་བྷྲཱུྃ་གྱི་ཡི་གེ་འཕྲོས། །དེ་ལས་གཙུག་ཏོར་གདུགས་དཀར་མོ། །ཞལ་གཅིག་ཕྱག་བཞི་ཞི་བའི་ཚུལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དང་པོ་ཕྲེང་བ་རྒྱལ་མཚན་དང་། །འོག་མ་སྐྱབས་སྦྱིན་མཉམ་གཞག་ཅན། །འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམ། །དེ་ཡི་ཐུགས་ལས་བྷྲཱུྃ་ལྔ་འཕྲོས། །བྷྲཱུྃ་གཅིག་ཤཱཀ་ཐུབ་ཐུགས་ཀར་ཞུགས། །བྷྲཱུྃ་བཞི་གཙུག་ཏོར་བཞི་ལ་ཐིམ། །འོད་དུ་ཞུ་ཞིང་ཡོངས་གྱུར་པས། །ཐུགས་ཀའི་བདེ་གཤེགས་གཙུག་ཏོར་ནི། །གསེར་མདོག་དབུ་རྒྱན་འཁོར་ལོ་བསྣམས། །ཤར་ཕྱོགས་རྡོ་རྗེའི་གཙུག་ཏོར་ནི། །དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་ཕྱོགས་རིན་ཆེན་གཙུག་ཏོར་ནི། །སྔོན་པོ་རིན་ཆེན་ནོར་བུ་འཛིན། །ནུབ་ཕྱོགས་ཆོས་ཀྱི་གཙུག་ཏོར་ནི། །དམར་པོ་པདྨ་བུམ་པ་བསྣམས། །བྱང་ཕྱོགས་ལས་ཀྱི་གཙུག་ཏོར་ནི། །ལྗང་སེར་རྒྱ་གྲམ་ལྕགས་ཀྱུ་བསྣམས། །དེ་ལྔའི་ཐུགས་ཀྱི་དཀྱིལ་འཁོར་ནས། །བྷྲཱུྃ་ནི་གཉིས་གཉིས་འཕྲོས་པ་ལས། །བདེ་གཤེགས་ཐུགས་ཀའི་བྷྲཱུྃ་གཉིས་ནི། ཁ་དོག་སྔོ་སྐྱ་དཀར་ནག་སྔོ། །སྟེང་འོག་གཙུག་ཏོར་གཉིས་ལ་ཐིམ། །རྡོ་རྗེའི་གཙུག་ཏོར་ཐུགས་ཀ་ནས། །དཀར་དང་གནག་པའི་བྷྲཱུྃ་གཉིས་འཕྲོས། །ཤར་དང་ཤར་ལྷོ་གཉིས་ལ་ཐིམ། །རིན་ཆེན་གཙུག་ཏོར་ཐུགས་ཀ་ནས། །སྔོ་དང་སེར་བའི་བྷྲཱུྃ་གཉིས་འཕྲོས། །ལྷོ་དང་ལྷོ་ནུབ་གཉིས་ལ་ཐིམ། །པདྨའི་གཙུག་ཏོར་ཐུགས་ཀ་ནས། །དམར་དང་སྨུག་པའི་བྷྲཱུྃ་གཉིས་འཕྲོས། །ནུབ་དང་ནུབ་བྱང་གཉིས་ལ་ཐིམ། །ལས་ཀྱི་གཙུག་ཏོར་ཐུགས་ཀ་ནས། །ལྗང་དང་དུད་ཁའི་བྷྲཱུྃ་གཉིས་འཕྲོས། །བྱང་དང་བྱང་ཤར་གཉིས་ལ་ཐིམ། །དེ་རྣམས་རང་རང་ཁ་དོག་བཞིན། །འོད་དུ་ཞུ་བས་བྷྲཱུྃ་དུ་གྱུར། །བྷྲཱུྃ་ལས་གཙུག་ཏོར་ཆེན་པོ་བཅུ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་གཙུག་ཏོར་གཡོན་བུམ་པ། །རེ་རེའང་སྤྲུལ་པ་བཅུ་བཅུ་སྟེ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བརྗིད་པའི་ཚུལ་དུ་མཉམ་གནས་བསྒོམ། །རྒྱལ་བ་དེ་རྣམས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་བར་ཨོཾ་དཀར་པོ། །མགྲིན་པར་པདྨར་ཨཱཿཡིག་དམར། །ཐུགས་དཀྱིལ་ཉི་མར་ཧཱུྃ་སྔོན་པོ། །ལྟེ་བར་སྭཱ་ཡིག་སེར་པོ་སྟེ། །གསང་བར་ཧཱ་ལྗང་པདྨར་གནས། །བྱིན་གྱིས་བརླབ་པའི་ཆོ་འཕྲུལ་ལོ། །རྒྱལ་བའི་སྐུ་ལས་འོད་འཕྲོས་ཏེ། །ཕྱོགས་བཅུའི་བདེ་གཤེགས་མ་ལུས་མཆོད། །ཚུར་འདུས་ཡེ་ཤེས་དབང་བསྐུར་ཞིང་། །གཉིས་སུ་མེད་པར་གྱུར་པར་བསྒོམ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཨ་དྷི་ཏིཥྛ་སྭཱ་མཾ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སྤྱི་བོ་རྣ་བ་གཡས་གཡོན་དང་། །ལྟག་པ་དཔྲལ་བ་དག་ཏུ་དགོད། །རིགས་ཀྱི་ལྷ་རུ་གྱུར་པར་བསམ། །བུདྡྷ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེ་ནི་དབང་བསྐུར་བའི་ཆོ་འཕྲུལ་ལོ། །རྫོགས་པའི་སྐུ་མཆོག་ཐུགས་ཀ་ནས། ཛཿཧཱུྃ་བཾ་ཧོཿརྣམ་བཞི་འཕྲོས། །སྒོ་བཞིའི་ཕུར་པ་བཞི་ལ་ཐིམ། །ཤར་དུ་ལྕགས་ཀྱུ་འཛིན་མ་དཀར། །ལྷོ་རུ་ཞགས་པ་འཛིན་མ་སྔོ། །ནུབ་ཏུ་ལྕགས་སྒྲོག་དམར་མོ་སྟེ། །བྱང་དུ་དྲིལ་བུ་ལྗང་གུ་འོ། །ལས་ཀྱི་ཕོ་ཉ་རྣམ་བཞི་འོ། །བདུག་པ་མེ་ཏོག་མར་མེ་མ། །དྲི་ཆབ་མཆོད་པའི་ལྷ་མོ་བཞི། །རྒྱལ་བའི་ཚོགས་རྣམས་མཉེས་བྱས་ནས། །ཚུར་འདུས་ཚད་མེད་རྣམ་བཞི་ཡི། །དཀྱིལ་འཁོར་མཚམས་སུ་རྣམ་པར་བརྒྱན། །དེ་ལྟར་དཀྱིལ་འཁོར་ཡོངས་རྫོགས་ནས། །ཕྱི་རོལ་སྣམ་བུའི་ཕུར་པ་རྣམས། །ལས་ཀྱི་ཁྲོ་མོར་བྱིན་གྱིས་བརླབས། །སྐུ་སྟོད་ཁྲོ་མོ་འབར་བའི་སྐུ །དབུ་སྟོང་ཕྱག་ནི་སྟོང་ཕྲག་མ། །སྤྲུལ་པའི་མཚོན་ཆ་འབུམ་གྱིས་བརྒྱན། །སྤྱན་ནི་བྱེ་བ་བརྒྱ་སྟོང་མངའ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །སྐུ་སྨད་གནམ་ལྕགས་དབལ་དྲག་ཅན། །ས་གསུམ་དཀྱིལ་འཁོར་མངའ་མཛད་མ། །ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བར་བསྒོམ། །ཕྱི་རོལ་རྡོ་རྗེའི་ས་གཞི་ལ། །ཚངས་དང་དབང་པོ་སྲེད་མེད་བུ། །དཀའ་ཟློག་ལེགས་ལྡན་ནག་པོ་དང་། །བཀའ་ཉན་འབྱུང་པོ་ཐམས་ཅད་དང་། །ལས་ཀྱི་ཕོ་ཉ་བསམ་པར་བྱ། །དེ་ལྟར་བསྐྱེད་པའི་ཏིང་ངེ་འཛིན་གྱི་རིམ་པ་རྫོགས་ནས། བདག་ཉིད་ལྷའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་མངོན་པར་འཕྲོས་པར་བསྒོམས་ནས། སླར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བཀུག་ནས། སླར་ཡང་དཀྱིལ་འཁོར་ལ་གཞུག་ཅིང་མཆོད་ཅིང་བསྟོད་པར་བྱའོ། །ཨོཾ། ཕྱོགས་བཅུ་རབ་འབྱམས་འཇིག་རྟེན་ན། །རྒྱལ་བ་གང་བཞུགས་འཁོར་དང་བཅས། །གཙུག་ཏོར་ཆེན་པོ་འཁོར་བཅས་རྣམས། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། པྲ་ཛྙཱ་པཱ་ར་མི་ཏཱ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཛཿ ཞེས་སྤྱན་དྲང་ངོ་། །རྒྱལ་བ་འཁོར་བཅས་ཚུར་གཤེགས་གདན་ལ་བཞུགས། །རིན་ཆེན་སྟེགས་དང་སེང་གེའི་ཁྲི་མཆོག་ལ། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེངས་སུ། །ཚུལ་ཁྲིམས་ལྡན་པའི་གནས་འདིར་བཞུགས་སུ་གསོལ། །པདྨ་ས་མ་ཡ་སཏྭཾ། ཞེས་བཞུགས་སུ་གསོལ་ལོ། །སྲིད་གསུམ་སྟོན་པ་མི་དང་ལྷ་ཡི་ལྷ། །བཅོམ་ལྡན་མགོན་པོ་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་བའི་སྤྱི་གཙུག་ན། །ཡ་མཚན་རྨད་བྱུང་གཙུག་ཏོར་གདུགས་དཀར་སྐུ །སྲིད་གསུམ་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ། དེ་ནས་མཆོད་པ་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་བསང་སྟེ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པཱ་དྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་པྲོཀྵ་ནཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་ཆུ་བཞི་ཕུལ་ལ་སྔར་གྱི་མཆོད་པའི་ལྷ་མོ་རྣམས་ལས་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། བདུག་སྤོས་ཇི་སྙེད་ཡོད་པ་དང་། །སྣང་གསལ་ཇི་སྙེད་ཡོད་པ་དང་། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །རོལ་མོ་ཇི་སྙེད་ཡོད་པ་དང་། །ཞེས་འདོན་པ་བསྒྱུར་ལ། རྗེས་སུ་ཡང་། དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱ། ཤབྡ་ཞེས་མཆོད་པར་བྱའོ། །དེ་བཞིན་དུ་ནང་དང་། རྒྱལ་སྲིད་ལ་སོགས་པ་ཕུལ་ནས། བསྟོད་པ་ནི། དཔལ་ལྡན་ཐུབ་པའི་དབང་པོ་ཆེ། །གསེར་གྱི་ལྷུན་པོ་ལྟར་མཛེས་པ། །མཚན་དང་དཔེ་བྱད་རབ་ལྡན་པའི། །དྲི་མེད་སྐུ་ཁྱོད་ཕྱག་འཚལ་ལོ། །ཡན་ལག་དྲུག་ཅུའི་གསུང་ལྡན་ཞིང་། །མི་ཤེས་ཐེ་ཚོམ་གཅོད་པར་མཛད། །ལམ་ཡང་དྲི་མེད་ཉེར་སྟོན་པའི། །ཐུབ་པའི་གསུང་ཁྱོད་ཕྱག་འཚལ་ལོ། །མཁའ་ལྟར་འདུས་མ་བྱས་པའི་ཐུགས། །ས་བཅུའི་དབང་ཕྱུག་ཀུན་གྱིས་ཀྱང་། ཁྱོད་ཐུགས་གཏིང་དཔག་རབ་དཀའ་བས། །དཔག་ཡས་ཐུགས་མངའ་ཕྱག་འཚལ་བསྟོད། །རྒྱལ་བའི་ཐུགས་ལས་རབ་འཕྲུལ་ཞིང་། །ཅོད་པན་རབ་མཛེས་ཞི་བའི་ཚུལ། །ཀུ་མུད་ཟླ་བཟང་ལྟ་བུར་མཛེས། །གདུགས་དཀར་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་ཆུ་སྐྱེས་བུམ་འཁྲུངས་པས། །རྒྱན་ལྡན་ཚད་མེད་རྣམ་བཞིའི་ཕྱག །ཕྲེང་བ་རྒྱལ་མཚན་སྐྱབས་སྦྱིན་དང་། །མཉམ་གཞག་ཕྱག་མངའ་ཁྱོད་ལ་བསྟོད། །ཐུགས་ཀར་བདེ་གཤེགས་གཙུག་ཏོར་ནི། །འཛམ་བུའི་གསེར་ལྟར་ལྷང་ངེ་བ། །དབུ་རྒྱན་འཁོར་ལོའི་ཕྱག་གིས་མཛེས། །དེ་བཞིན་གཤེགས་རིགས་ཁྱོད་ལ་བསྟོད། །ཤར་གྱི་ཕྱོགས་སུ་ཉེར་མཛེས་པའི། །རབ་དཀར་རྡོ་རྗེ་གཙུག་ཏོར་ནི། །རྟོག་པས་མི་ཕྱེད་རྡོ་རྗེ་དང་། །དྲིལ་བུ་འཛིན་པ་ཁྱོད་ཕྱག་འཚལ། །ལྷོ་ཕྱོགས་རིན་ཆེན་གཙུག་ཏོར་ནི། །བཻ་ཌཱུརྻ་ལྟར་དག་པའི་སྐུ །རིན་ཆེན་རིགས་ལ་རིན་ཆེན་དང་། །ནོར་བུ་འཛིན་པ་ཁྱོད་ལ་བསྟོད། །ཆུ་བདག་ཕྱོགས་སུ་ཉེར་མཛེས་པ། །བདེ་གཤེགས་ཆོས་ཀྱི་གཙུག་ཏོར་ནི། །པདྨོ་བུམ་པས་ཕྱག་མཛེས་པ། །པདྨ་དམར་འདྲ་ཁྱོད་ལ་བསྟོད། །བྱང་ཕྱོགས་ལས་ཀྱི་གཙུག་ཏོར་ནི། །མརྒད་མདོག་ཅན་རྒྱ་གྲམ་དང་། །ལྕགས་ཀྱུས་ཕྱག་གིས་ཉེར་མཛེས་པའི། །ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། །བྷྲཱུྃ་གྱི་ས་བོན་ལས་བྱུང་བའི། །རིགས་ཀྱི་གཙུག་ཏོར་ཆེན་པོ་བཅུ། །ཞལ་གཅིག་ཕྱག་གཉིས་གཙུག་ཏོར་དང་། །བུམ་པ་འཛིན་པ་རྣམས་ལ་བསྟོད། །ཛཿཧཱུྃ་བཾ་ཧོཿལས་བྱུང་བའི། །ཚད་མེད་བཞི་ཡི་རང་བཞིན་ཅན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་འཛིན་ལ་ཕྱག་འཚལ་བསྟོད། །ཨོཾ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་མོ་ཆེན་མོ་སྟོབས་ཆེན་མོ། །འབར་མ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེའི་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིག་གསེར་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མོ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མ་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ལ། །མཆོད་ཅིང་གུས་པས་ཕྱག་འཚལ་བསྟོད། །མེ་ཏོག་བདུག་པ་མར་མེ་མ། །དྲི་ཆབ་མཆོད་པའི་ལྷ་མོ་རྣམས། །རྒྱལ་བའི་ཚོགས་རྣམས་མཉེས་བྱེད་མ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཚངས་དང་དབང་པོ་སྲེད་མེད་བུ། །དཀའ་ཟློག་ལེགས་ལྡན་དྲག་པོ་སོགས། །ཆོས་རྒྱལ་བསྟན་པ་སྐྱོང་མཛད་པ། །དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པའི་བྱིན་རླབས་ཀྱིས། །ཕ་རོལ་རྒོལ་བ་ཚར་བཅད་ཅིང་། །བདུད་བཞིའི་སྟོབས་རྣམས་རབ་བཅོམ་སྟེ། །བླ་མེད་ཆོས་རྒྱལ་ཐོབ་པར་ཤོག །དེ་ནས་མན་ངག་བཞིན་དུ་ཟློག་པ་བྱ་སྟེ། དེ་ནས་མཚམས་ལ་བབ་པའི་ཚེ། སྲུང་བའི་བཟླས་པ་ཅི་རིགས་པ་བྱ་སྟེ། སྔགས་ནི། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷཱ་ར་ཎི། བནྡྷ་བནྡྷ། བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་དྲཱུཾ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསྙེན་པའི་སྔགས་སོ། །ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་ཥྚོཾ་བནྡྷ་བནྡྷ། མ་མ་རཀྵ་རཀྵ་མཱཾ་སྭཱ་ཧཱ། ཨོཾ་ཥྚོཾ་བནྡྷ་བནྡྷ། བཛྲ་བདག་ལ་རཀྵ་རཀྵ། བཛྲ་པཱ་ཎི་ཡེ་སྭཱ་ཧཱ། ཨོཾ་རཏྣ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ཝ་ལོ་ཀི་ཏེ་མཱུརྡྷ་ཏེ་ཛོ་རཱ་ཤི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་པདྨ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཀརྨ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ༈ ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྛ་ན་ཨ་དྷིཥྛཱི་ཏེ། སརྦ་ཏ་ཐཱ་ག་ཏོ་ཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ༈ ཨོཾ་རྀ་ཥི་ག་ཎ་པྲ་ཤཱསཏྲ་ཡ། སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་དྲཱུཾ། ཛམྦྷ་ན་ཀ་རཱི་ཧཱུྃ་དྲཱུཾ། སཏྭམྦྷ་ན་ཀ་རཱི་ཧཱུྃ་དྲཱུཾ། མ་ཧཱ་བིདྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུྃ་དྲཱུཾ། པ་ར་བིདྱཱ་སཾ་བྷཀྵ་ཎ་ཀ་རཱི་ཧཱུྃ་དྲཱུཾ། སརྦ་དུཥྚཱ་ནཱཾ་སཏྭམྦྷ་ན་ཀ་རཱི་ཧཱུྃ་དྲཱུཾ། སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ཧཱུྃ་དྲཱུཾ། ཙ་ཏུ་རཱ་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བི་དྷྭན་ས་ན་ཀ་རཱི་ཧཱུྃ་དྲཱུཾ། ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་དྷ་ན་ཀ་རཱི་ཧཱུྃ་དྲཱུཾ། ཨཥྚ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭན་ས་ན་ཀ་རཱི་ཧཱུྃ་དྲཱུཾ། བདག་ལ་སྲུང་དུ་གསོལ། ཞེས་ཚར་ཅི་རིགས་བརྗོད་ནས། རྗེས་སུ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན་རྡོ་རྗེ་ཡངས་པ་ཆེན་པོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོ། ཀུན་ནས་བདག་ལ་སྲུང་དུ་གསོལ་སྲུང་དུ་གསོལ། ཨོཾ་རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། ལྕེ་འབབ་པའི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། སྐར་མདའ་ལྟུང་བའི་འཇིགས་པ་དང་། རྒྱལ་པོའི་ཆད་པའི་འཇིགས་པ་དང་། ལྷའི་འཇིགས་པ་དང་། ཀླུའི་འཇིགས་པ་དང་། གློག་གི་འཇིགས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ལྷའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དྭགས་ཀྱི་གདོན་དང་། མཁའ་འགྲོ་མའི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། ནམ་གྲུའི་གདོན་དང་། དེ་དག་ཐམས་ཅད་ལས་ཀྱང་བདག་བདེ་ལེགས་སུ་གྱུར་ཅིག །གཟི་བརྗིད་འཕྲོག་པ་དང་། མདངས་འཕྲོག་པ་དང་། ཟས་སུ་མངལ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་ཞག་ཟ་བ་དང་། ཟས་སུ་ཤ་ཟ་བ་དང་། ཟས་སུ་ཚིལ་ཟ་བ་དང་། ཟས་སུ་རྐང་ཟ་བ་དང་། ཟས་སུ་བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། ཟས་སུ་སྐྱུག་པ་ཟ་བ་དང་། ཟས་སུ་མི་གཙང་བ་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་དང་། ཟས་སུ་ལྷག་མ་ཟ་བ་དང་། ཟས་སུ་མཆིལ་མ་འཐུང་བ་དང་། ཟས་སུ་སྣབས་ཟ་བ་དང་། ཟས་སུ་རྣག་ཟ་བ་དང་། ཟས་སུ་གཏོར་མ་ཟ་བ་དང་། ཟས་སུ་ཕྲེང་བ་ཟ་བ་དང་། ཟས་སུ་དྲི་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། སེམས་འཕྲོག་པ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་འབྲས་བུ་ཟ་བ་དང་། ཟས་སུ་ལོ་ཏོག་ཟ་བ་དང་། ཟས་སུ་སྦྱིན་སྲེག་ཟ་བ་ལས་བདག་བདེ་ལེགས་སུ་གྱུར་ཅིག །རིམས་ཉིན་གཅིག་པ་རྣམས་དང་། ཉིན་གཉིས་པ་རྣམས་དང་། ཉིན་གསུམ་པ་རྣམས་དང་། ཉིན་བཞི་པ་རྣམས་དང་། རྟག་པའི་རིམས་རྣམས་དང་། རིམས་མི་བཟད་པ་རྣམས་དང་། རིམས་ལྡང་དུབ་པ་རྣམས་དང་། འབྱུང་པོའི་རིམས་རྣམས་དང་། རླུང་ལས་གྱུར་པ་རྣམས་དང་། མཁྲིས་པ་ལས་གྱུར་པ་རྣམས་དང་། བད་ཀན་ལས་གྱུར་པ་རྣམས་དང་། འདུས་པ་ལས་གྱུར་པ་རྣམས་དང་། རིམས་ནད་ཐམས་ཅད་དང་། ཀླད་པ་ན་བ་བསལ་དུ་གསོལ། གཞོག་ཕྱེད་ན་བ་དང་། ཡི་ག་འཆུས་པ་དང་། མིག་ནད་དང་། སྣ་ནད་དང་། ཁ་ནད་དང་། མགུལ་ནད་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། ཀླད་པ་ན་བ་དང་། རྩིབ་ལོག་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། རྐེད་པ་ན་བ་དང་། ཆུ་སོ་ན་བ་དང་། བརླ་ན་བ་དང་། རྗེ་ངར་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་རབ་ཏུ་བསལ་དུ་གསོལ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། ཞེས་པ་ནས།་་་སྔར་གྱི་བསྟོད་པའི་སྐབས་ལྟར། ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ཀྱིས། །བདག་ལ་བསྲུང་བར་མཛད་དུ་གསོལ། །ཞེས་བརྗོད། དེ་ནས་གཏོར་མ་གཏང་བར་བྱ་སྟེ། དང་པོ་གཙུག་ཏོར་གདུགས་དཀར་ཕྱག་རྒྱའི་ལྷ་མོ་དང་བཅས་པ་ལ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིས་བྱིན་གྱིས་བརླབས་ལ། རྩ་བའི་སྔགས་ལ་བ་ལིཾ་ཏ་བཏགས་པས་འབུལ་ཞིང་བསྟོད་པ་ནི། བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ཡི། །དབུ་རྒྱན་རིན་ཆེན་འབར་བའི་གཙུག་ཏོར་ལས། །ཐུགས་རྗེས་སྤྲུལ་པ་གཙུག་ཏོར་གདུགས་དཀར་སྐུ །ཞལ་གཅིག་མཆེ་གཙིགས་ཡེ་ཤེས་སྡང་མིག་ཅན། །ཕྱག་བཞིས་རིགས་བཞིའི་ཉོན་མོངས་བདུད་བཞི་འཇོམས། །རང་བཞིན་རྒྱས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་དབུ་སྟོང་ཁ་དོག་ཅིར་ཡང་གསལ། །ཕྱག་ནི་འབུམ་ཕྲག་སྤྲུལ་པའི་ཕྱག་མཚན་བསྣམས། །ཐུགས་རྗེའི་གོ་ཆ་ཅིས་ཀྱང་མི་ཐུབ་གསལ། །འབར་བའི་མཚན་རྟགས་ཐུགས་རྗེའི་ཉི་མ་ཤར། །ཐུགས་རྗེ་འབར་བའི་འོད་ཟེར་ཀུན་ལ་ཁྱབ། །རིག་སྔགས་དྲག་པོ་ཕྲ་མེན་ཚོགས་འཇོམས་ཤིང་། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །ལོག་པའི་སྐྱོན་རྣམས་སེལ་ལ་ཕྱག་འཚལ་བསྟོད། །དེ་ནས་ལེགས་ལྡན་དྲག་པོ་ལ་སོགས་པ་རྣམས་ལ་གཏོར་མ་གཏང་། འབྱུང་པོ་དང་ཡི་དྭགས་རྣམས་ལ་གཏོར་མ་གཅིག །སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པས་དབུལ་ཞིང་བདེན་པ་བདར། ཐུན་མཚམས་སུ་དགུག་གཞུག་བྱ་ཞིང་། ཨ་སི་ཏཱ་ཨ་ན་བསྐུལ་ཚིག་དང་བཅས་པས་ཚར་འགའ་ཡང་བརྗོད། དེ་ལྟར་ཐུན་བཞིའམ་གཉིས་སུ་གཅད་ལ་བསྒྲུབ་པར་བྱའོ། ༈ །གཉིས་པ་རིག་གཏད་སྦྱིན་ཞིང་སྲུང་བའི་འཁོར་ལོ་གདགས་པ་ནི། རིན་པོ་ཆེའི་བུམ་པ་སྔར་སྟ་གོན་བྱས་པ་དྲུག་གམ་གཉིས་ཀྱང་རུང་སྟེ། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་རྒྱས་པར་བསྐྱེད་པའམ། ཡང་ན་གདུགས་དཀར་མོ་ཕྱག་རྒྱའི་ལྷ་མོ་རྣམས་ཀྱིས་བསྐོར་བར་བསྒོམ་སྟེ། དེ་ཡང་། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ། །དྲག་ཤུལ་ཆེན་མོ་གཏུམ་མོ་ཆེ། །འབར་མ་ཆེན་མོ་སྟོབས་ཆེན་མོ། །ལྷ་དཀར་སེར་དང་སྔོ་ལྗང་མ། །གཡས་གཡོན་མཐུན་པར་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། །བུམ་པ་བཟུང་པས་འགྱིང་བ་འོ། །ཉི་ཟླའི་གདན་བཞུགས་བསམ་པར་བྱ། །དེ་ཡི་དཀྱིལ་འཁོར་འཁོར་ལོ་ལ། །ཤར་ཕྱོགས་འཁོར་ལོ་རྣམ་བཞི་ལ། །གོས་དཀར་མོ་དང་ཁྲོ་གཉེར་ཅན། །ཕྲེང་བ་པདྨ་རྡོ་རྗེ་མ། །སེར་མོ་ཕྲེང་མ་ཨུཏྤལ་མ། །སྔོ་བསང་ལྗང་གུ་དམར་པོ་འོ། །ལྷོ་ཡི་ཕྱོགས་ཀྱི་འཁོར་ལོ་ནི། །གཞན་གྱིས་མི་ཐུབ་སྒྲ་གཅན་མ། །མཆོད་མོ་གཟི་བརྗིད་ཆེན་མོ་ནི། །དཀར་དང་སེར་ནག་ལྗང་གུ་མ། །རྡོ་རྗེ་རིན་ཆེན་དབྱུག་པ་བསྟེན། །ནུབ་ཀྱི་དཀྱིལ་འཁོར་འཁོར་ལོ་ལ། །སྤོས་དང་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་རིན་ཆེན་རིང་བསྲེལ་ཕྲེང་། །དམར་དང་སེར་ལྗང་དཀར་ལྗང་མ། །རྡོ་རྗེ་དང་ནི་བགྲང་ཕྲེང་བསྣམས། །བྱང་དུ་རྡོ་རྗེ་རིན་ཆེན་མ། །གཙུག་ཏོར་འགྱིང་མ་གསེར་སྤྱན་མ། །དམར་མོ་དཀར་དང་ལྗང་ཀུ་སེར། །སྣ་ཚོགས་རྡོ་རྗེ་བགྲང་ཕྲེང་མ། །སྒྲོལ་མ་དཀར་མོ་ནམ་མཁའ་མ། །འགྱིང་བ་སྐྱབས་སྦྱིན་བསམ་པར་བྱ། །པདྨའི་སྤྱན་ནི་འོག་ཏུ་བསམ། །དཀར་མོ་རྡོ་རྗེ་སྐྱིལ་ཀྲུང་བཅས། །ལྷ་མོ་འདི་ནི་ཐམས་ཅད་ཀྱང་། །ཡིད་ཙམ་ཁྲོ་འཛུམ་གཙོ་ལ་གཟིགས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དཀྱིལ་འཁོར་འཁོར་ལོ་གསལ་བར་བསྒོམ། །སྒོ་གསུམ་བྱིན་བརླབ་ཡེ་ཤེས་གཞུག །དབང་བསྐུར་དབུ་བརྒྱན་མཆོད་ཅིང་བསྟོད། །དེ་ནི་བུམ་པའི་རིམ་པ་འོ། །ལས་ཀྱི་བུམ་པ་ནི། བདུད་རྩི་འཁྱིལ་པ་བསྐྱེད་ལ་བཟླས་པ་བྱ་སྟེ། དེ་ནས་རིག་པ་གཏད་པ་ལེན་པར་བྱེད་པ་སློབ་མ་རྣམས་ཀྱིས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལས་ཀྱི་བུམ་པས་ཁྲུས་བྱས་ཤིང་། མཎྜལ་ཕུལ་ནས་སྔོན་དུ་ཕྱག་བཙལ་བ་བྱས། ཡན་ལག་བདུན་པ་རྒྱས་པར་བྱའོ། །དེ་ནས་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོས། དུས་ཐམས་ཅད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ། གཙུག་ཏོར་གྱི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཐོགས་ནས། དབང་བསྐུར་བར་བསམ་སྟེ། ཨོཾ། དུས་གསུམ་བདེར་གཤེགས་ལ་སོགས་པའི་ཚིགས་བཅད་དང་། འདིར་ནི་དབང་བསྐུར་མཛད་དུ་གསོལ། །ཞེས་བཏགས་ལ། ཨ་ན་ལེ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པ་དང་། བུདྡྷ་ཨ་བྷི་ཥིཉྩ་ལ་སོགས་པ་བརྗོད་ནས། དབང་བསྐུར་སྔགས་ཀྱི་རྗེས་གནང་སྦྱིན། སྲུང་སྔགས། རྀ་ཥི་ག་ཎ་ལ་སོགས་པ་ཡང་བརྗོད། དེ་ནས་འཁོར་ལོ་འདོགས་ན་ཡང་གདགས། བཀྲ་ཤིས་སྨོན་ལམ་བྱའོ། ༈ །གསུམ་པ་སྨད་ལས་ནི། སྔ་མ་བཞིན་དུ་གཏོར་མ་བཏང་ཞིང་། ལས་ཀྱི་ཁྲོ་མོར་བསྒོམས་ནས། ལིངྒ་ནྲྀ་དང་ཏྲི་ལས་དགྲ་བགེགས་གང་རུང་དུ་བསྐྱེད་ལ་ཕོ་ཉ་བཞིས་རང་དབང་མེད་པར་བཀུག་ཅིང་། ངག་ཏུ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུ་དང་། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་མཐུ་སྟོབས་ཀྱིས། སྡང་བ་དང་། གདུག་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་མྱུར་དུ་ཁུག་ཅིག །དུས་གསུམ་བདེར་གཤེགས་ཐམས་ཅད་ཀྱི། །ཐུགས་རྗེའི་སྤྲུལ་པ་གཙུག་ཏོར་ནི། །སྤྲུལ་པའི་དབུ་སྟོང་སྣ་ཚོགས་མངའ། །སྤྱན་ནི་བྱེ་བ་བརྒྱ་སྟོང་མངའ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །རྡོ་རྗེ་ཡངས་པ་ཆེན་མོ་ནི། །ས་གསུམ་དཀྱིལ་འཁོར་མངའ་མཛད་མ། །རྫུ་འཕྲུལ་ཆེན་མོས་དབང་མཛད་ཅིང་། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་མཐུ་ཡིས་མྱུར་དུ་ཁུག །ཁྱོད་ཀྱི་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ལྕགས་ཀྱུ་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །ལྕགས་ཀྱུ་འབར་བས་སྙིང་ནས་ཁུག །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། །རིན་ཆེན་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ཞགས་པ་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་པོས་མྱུར་དུ་ཁུག །ཞགས་པ་འབར་བས་དུམ་བུར་ཆིངས། །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། པདྨ་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ལྕགས་སྒྲོག་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་པོས་མྱུར་དུ་ཁུག །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། །ལས་ཀྱི་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ལྷ་མོ་དྲིལ་བུ་མ། །སྡང་བར་བྱེད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །དྲིལ་བུ་འབར་བས་མྱོས་པར་མཛོད། །ཛཿཧཱུྃ་བཾ་ཧོཿ ཨཾ་ཀུ་ཤ་ཛཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་བཀའི་ཕོ་ཉ་དང་བཅས་པ་རྣམས་ཀྱིས། མི་དང་མི་མ་ཡིན་པ། སྡང་བའི་སེམས་དང་ལྡན་པ་དང་། གནོད་པའི་སེམས་དང་ལྡན་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གནོད་པར་བྱེད་པ་ཐམས་ཅད་ཨཱ་ཀརྵ་ཡ་ཛཿ ཞེས་དགུག་གཞུག་བྱའོ། དེ་དག་ནི་གཞུང་གི་ཕྱག་རྒྱ་བཞིས་ནི་དགུག་ཅེས་བྱ་བའི་དོན་ཏོ། །དེ་ནས་ཕུར་བུས་གདབ་པར་བྱ་སྟེ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀཱ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ཧ་ད་ཧ། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། པ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་ར་ཡ་ཕཊ། ཨ་སུ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་ཏེ་བྷྱཿཕཊ། སརྦ་ག་རུ་ཌེཿབྷྱཿཕཊ། སརྦ་གནྡྷརྦེ་བྷྱཿཕཊ། སརྦ་ཀིནྣ་རེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་རཱཀྴ་སི་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་ཀུམྦྷཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡྷེ་བྷྱཿཕཊ། སརྦ་ཨུནྨ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པསྨཱ་རེ་བྷྱཿཕཊ། སརྦ་ཨོསྟཱ་ར་གེ་བྷྱཿཕཊ། སརྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦ་རེ་བ་ཏཱི་བྷྱཿཕཊ། སརྦ་ཡ་མ་ཡེ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མཱ་ཏྲི་ནནྡི་ཀེ་བྷྱཿཕཊ། སརྦ་སྐམྦུ་ཀི་མ་ནེ་བྷྱཿཕཊ། སརྦ་ཨ་ལམྦ་ཀེ་བྷྱཿཕཊ། སརྦ་ཀ་ཏ་ད་ནེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཿཕཊ། སརྦ་དུཥྤྲེ་ཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་ཀྲྀ་ཏྱཱ་ཀརྨ་ཎཱ་ཀཱ་ཁོར་དེ་བྷྱཿཕཊ། ཀི་ར་ཎ་བཻ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཥ་ཀ་དུཤྩྩརྡི་ཏེ་བྷྱཿཕཊ། དུརྦྷུཀྟེ་བྷྱཿཕཊ། སརྦ་ཏཱརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎི་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར། སརྦ་ཨརྠ་སཱ་དྷ་ཀེ་བྷྱོ། བིདྱཱ་ཙ་རེ་བྷྱཿཕཊ། ཙ་ཏུར་བྷྱོ་བྷ་གི་ནི་བྷྱཿཕཊ། བཛྲ་ཀོཽ་མཱ་རཱི་ཡེ་བྷྱཿཕཊ། བིདྱཱ་རཱ་ཛྙཱི་ཡེ་བྷྱཿཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲྀཾ་ཁ་ལཱ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲྀ་ག་ཎ་ན་མཿཀྲྀ་ཏཱ་ཡ་བྷྱཿཕཊ། བིཥྞ་བཱི་ཡེ་ཕཊ། བྲཧྨ་ཎཱི་ཡེ་ཕཊ། ཨགྣཱི་ཡེ་ཕཊ། ཡ་མ་ཡེ་ཕཊ། ནིྱྱི་ཏཱི་ཡེ་ཕཊ། བ་རུ་ཎ་ཡེ་ཕཊ། མ་རུ་ཏཱི་ཡེ་ཕཊ། སཽ་མཱ་ཡེ་ཕཊ། ཨཱི་ཤཱ་ནཱི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨིནྡྲཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། ཀཽ་མཱ་རི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙ་མུནྜཱི་ཡེ་སྭཱ་ཧཱ། རཱ་ཏྲཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་བཱ་སི་ནཱི་ཡེ་ཕཊ་སྭཱ་ཧཱ། སེམས་ཅན་གང་སུ་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཟི་བྱིན་འཕྲོག་པ་རྣམས་དང་། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྐེམ་བྱེད་དང་། སྨྱོ་བྱེད་དང་། གྲིབ་གནོན་དང་། བརྗེད་བྱེད་དང་། གནོན་པོ་དང་། མཁའ་འགྲོ་མ་དང་། ནམ་གྲུ་དང་། གཤིན་རྗེ་དང་། བྱའི་གདོན་རྣམས་དང་། མ་མོ་དགའ་བར་བྱེད་པ་དང་། ཀུན་ཏུ་འབྲང་བ་དང་། ཚེར་མ་འདོན་པའི་གདོན་རྣམས་དང་། ཟས་སུ་མདངས་ཟ་བ་རྣམས་དང་། མངལ་ཟ་བ་རྣམས་དང་། ཁྲག་འཐུང་བ་རྣམས་དང་། ཞག་ཟ་བ་དང་། ཤ་ཟ་བ་དང་། ཚིལ་ཟ་བ་དང་། རྐང་ཟ་བ་དང་། བཙས་པ་ཟ་བ་དང་། སྲོག་འཕྲོག་པ་དང་། སྐྱུགས་པ་ཟ་བ་དང་། མི་གཙང་བ་ཟ་བ་རྣམས་དང་། གཅིན་འཐུང་བ་རྣམས་དང་། སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང་། ལྷག་མ་དང་། མཆིལ་མ་འཐུང་བ་རྣམས་དང་། སྣབས་དང་། ངར་སྣབས་དང་། རྣག་དང་། གཏོར་མ་དང་། ཕྲེང་བ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་། དེ་དག་ལ་སོགས་པའི་གདོན་ཐམས་ཅད་ཀྱི་གནོད་པ་བཅིང་བར་བགྱིའོ། །གདོན་དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །ཕྱུགས་བདག་ཆེན་པོས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་པོ། །རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །བྷྲིཾ་གི་རི་ཏི་དང་དགའ་བྱེད་དབང་ཕྱུག་དང་ཚོགས་ཀྱི་བདག་པོས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་རོ་ལངས་དང་། མཁའ་འགྲོ་མ་དང་། རིམས་དང་། ཤུ་བ་དང་། གཡའ་བ་དང་། འབྲས་དང་། འབྲུམ་བུ་ཕྲ་མོ་དང་། མཛེ་དང་། ཕོལ་མིག་དང་། བས་བལྡགས་དང་། མེ་དབལ་དང་། གཡན་པ་དང་། ལྷོག་པ་དང་། སྐེམ་པ་དང་། སྐྲག་པ་དང་། དབྱིག་དུག་དང་། དུག་སྦྱར་མ་དང་། བྱད་དང་། མེ་དང་། ཆུ་དང་། མི་ངས་དང་། བདུད་དང་། དགྲ་དང་། གནོད་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲཻ་མ་བུ་ག་དང་། ཏྲཻ་ལ་ཏ་དང་། སྡིག་པ་དང་། སྦྲུལ་དང་། སྲེ་མོ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྤྱང་ཀི་དང་། ཆུ་སྲིན་དང་། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གདོན་ཐམས་ཅད་བཅིང་བར་བགྱིའོ། །གནོད་པར་བྱེད་པ་ཐམས་ཅད་བཅིང་བར་བགྱིའོ། །མཱ་ར་ཡ་ཕཊ། དང་པོ་ཐུན་མཚམས་སུ་ཚར་ཁ་ཡར་བྱ། ཐོན་པའི་དུས་སུ་སྔགས་རེ་རེས་ཕུར་པ་རེ་རེ་གནོད་བྱེད་ཀྱི་གཟུགས་ལ་གདབ། དེ་ནས་བསྲེག་པའི་ལིངྒ་བྱ་བ་ནི། དྲག་པོའི་ཐབ་ཁུང་གྲུ་གསུམ། དབུས་སུ་གྲི་གུག །མཐར་ལྕགས་ཀྱུ། རྡོ་རྗེ་མེ་རི་ཕྲེང་བ་དང་བཅས་པ་བྲིས་པའམ་བརྩིག །དུག་ཤིང་དང་དྲག་པོའི་ཤིང་ཚེར་མ་ཅན་གྱིས་ཟུར་གསུམ་དུ་བརྩིགས་ཏེ། ལས་ཀྱི་ཁྲོ་མོའམ་གང་རུང་དུ་བསྐྱེད་ལ། ཡེ་ཤེས་དགུག་གཞུག་མཆོད་བསྟོད་བྱས་ཏེ་ལིངྒ་གཏུབ་ཅིང་ཤ་དང་སྦྲགས་ནས་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམས་ཤིང་། ཞལ་དུ་འབུལ་བར་བསམས་ཏེ་བསྲེག་གོ །དང་པོ་ཕུར་བུ་བཏབ་ཐོན་པའི་རྗེས་སུ་ལས་ཀྱི་ཕུར་པ་གཅིག་གིས་བཏབ་ཅིང་། ངག་ཏུ། ཧཱུྃ། ང་ནི་བདེར་གཤེགས་འདུས་པའི་སྐུ །འཇིག་རྟེན་དྲེགས་པ་མ་ལུས་ཀུན། ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །དབལ་དྲག་ཕུར་པ་སྙིང་ལ་ཡ། །སྲོག་རྩ་དམར་པོ་ཆོད་ལ་རེ། །བཀའ་དང་དམ་ལས་མ་འདའ་བར། །བཅོལ་པའི་ཕྲིན་ལས་མྱུར་བར་མཛོད། །ཧཱུྃ། ཡེ་ཤེས་འཕྲོ་འདུ་དཔལ་གྱི་ཕུར་པ་འདི། །སྐུ་གསུམ་ལྷུན་གྲུབ་དབལ་དྲག་གདུག་རྩུབ་འབར། །འཕྲོ་འདུ་བརྗིད་པས་དགྲ་བགེགས་མ་ལུས་འདུལ། །བཅངས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །མ་བཏབ་རང་བཞིན་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་བྱེད། །གཏི་མུག་མུན་པས་གཏིབས་པའི་མགོ་ལ་རྒྱོབ། །ང་རྒྱལ་དྲེགས་པས་འགྱིངས་པའི་ཁ་ལ་རྒྱོབ། །འདོད་ཆགས་ཞེན་པས་གདུང་བའི་ལྟོ་བར་རྒྱོབ། །ཕྲག་དོག་སེར་སྣས་བཅིངས་པའི་གསང་བར་རྒྱོབ། །དུས་གསུམ་སངས་རྒྱས་ཁྲོ་རྒྱལ་འདུས་པའི་སྐུ །དབལ་དྲག་འབར་བའི་ཕུར་པ་ཆེན་པོ་འདིས། །དགྲ་བགེགས་འབྱུང་པོ་མ་ལུས་ཐལ་བར་རློགས། །གནོད་པར་བྱེད་པ་རྡུལ་ཕྲན་བཞིན་དུ་གཏོར། །གཞན་གྱི་རྦོད་གཏོང་རིག་སྔགས་ཐམས་ཅད་ཆོད། །ཕུར་བུ་ཡིས་ནི་འབྱུང་པོ་མཱ་ར་ཡ། །ཞེས་བརྗོད་ནས་ཐུན་དང་ཕུར་པས་གདབ་ཅིང་གཏུབ་བསྲེག་གོ །མར་གྱི་དགང་བླུག་དང་དུག་ཁྲག་ཡུངས་དཀར་ཀེ་ཚེ་ལ་སོགས་པ་ལ་སྔགས་ཨ་སི་ཏཱ་ཨ་ན་དང་། ཤཱ་ས་ན་གང་རུང་དབུལ། གཏོར་མ་བཏང་ལ། ཐལ་བ་ལམ་རྒྱ་གྲམ་དུ་མནན། ལས་སྒྲུབ་པའི་སྐུལ་ཚིག་ནི་སོ་སོར་གདགས་སོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། ཆོ་ག་ཐོན་པའི་ཕྱི་ཉིན་གཙུག་ཏོར་རྣམས་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས། མཆོད་པའི་ཚོགས་དུ་མ་དང་བཅས་པས་གྲོང་ཁྱེར་གྱི་ཕྱི་རོལ་བསྐོར་ཞིང་། དབུས་དང་ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་དང་མཆོད་པ་དགའ་སྟོན་ཆེན་པོ་བྱའོ། །དེའི་ཕན་ཡོན་ནི་གཞུང་ནས་གསུངས་པ་བཞིན་ནོ། །ལས་ཚོགས་ནི་གཞུང་དང་གདམས་ངག་ན་ཡོད་པ་བཞིན་དུ་བསྒྲུབ་པར་བྱའོ། །གཙུག་ཏོར་གདུགས་དཀར་ཆོ་གའི་རིམ་པ་འདི། །རྒྱལ་བའི་གཙུག་ཏོར་ནས་བྱུང་ཉེར་བསྡུས་པ། །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་། །འཇམ་དཔལ་བཤེས་གཉེན་ལས་བརྒྱུད་སྒྲུབ་པའི་ཐབས། །དྲི་མེད་བཤེས་གཉེན་མཁས་པའི་མཆོག་གིས་མཛད། །གུ་རུ་སིཾ་ཧ་ཛྙཱ་ན་ཀུ་མཱ་ར། །རིན་ཆེན་མཆོག་དང་ལིང་མན་ལོ་ཙཱ་དང་། །ཙོ་རོག་སྟོན་དང་སྨན་སྟོན་གྷུ་དེ་བ། །ཆོས་རྗེ་བྲག་མཁར་བ་དང་བྲག་མཁར་དགོན། །གཞོན་ནུ་གདུགས་དཀར་ཞེས་གྲགས་ལས་བརྒྱུད་པའི། །ལག་ལེན་རིམ་པ་ཚུལ་བཞིན་བྲིས་པ་འདི། །བརྒྱུད་པའི་གདམས་པ་ཚུལ་བཞིན་མཐོང་བ་དང་། །བློ་དམན་རྣམས་ལ་ཕན་པར་བྱ་བའི་ཕྱིར། །རང་བྱུང་རྡོ་རྗེས་གསལ་བར་བསྡུས་པ་ཡིན། །དགེ་དེས་རྒྱལ་བའི་བསྟན་པ་རྒྱས་པ་དང་། །གདུག་པའི་ཚོགས་རྣམས་ཀུན་ལས་རྒྱལ་གྱུར་ཅིག། །།
འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་མཆོད་ཕྲེང་ལྷན་ཐབས་སུ་སྦྱར་བ་སྒྱུ་འཕྲུལ་དྲྭ་བའི་རྒྱན་ (Volume 10, Text 41)
འཆི་མེད་མཚོ་སྐྱེས་སྙིང་ཏིག་གི་མཆོད་ཕྲེང་ལྷན་ཐབས་སུ་སྦྱར་བ་སྒྱུ་འཕྲུལ་དྲྭ་བའི་རྒྱན་ཞེས་བྱ་བ་བཞུགས་སོ། །ཐོག་མར་ཕྱི་མཆོད་ནི། དྭངས་བསིལ་རྙོགས་མེད་ཡི་གར་འོང་། །ཡན་ལག་བརྒྱད་ལྡན་ལྷ་ཡི་ཆུ། །སྒྲིབ་མེད་དག་པའི་མདུན་སར་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྡོ་རྗེའི་སྐུ་ལ་རྙོགས་མེད་ཀྱང་། །འགྲོ་བའི་སྒྲིབ་གཉིས་བཀྲུ་བའི་ཕྱིར། །དག་བྱེད་གཙང་མའི་ཞབས་བསིལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །སྔགས་གོང་འོག་འགྲེས་སྦྱར་ཏེ་པཱ་དྱཾ་ཞེས་གཞུག །ཡོངས་འདུས་མེ་ཏོག་མནྡཱ་ར། །པདྨ་ཨུཏྤལ་འཁྲི་ཤིང་སོགས། །ཆགས་མེད་ཡེ་ཤེས་སྤྱན་ལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །པུཥྤེ༴ དྲི་ཞིམ་ཡིད་འཕྲོག་ནགས་ཀྱི་སྤོས། །ངད་བཟང་ཞིང་ཁམས་ཀུན་ཁྱབ་པ། །ཀུན་ཏུ་མཁྱེན་པའི་ཤངས་ལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །དྷཱུ་པེ༴ རིན་ཆེན་ཉི་ཟླའི་སྒྲོན་མེ་དང་། །རྩི་བཅུད་འབྲུ་ཡི་སྣང་གསལ་སོགས། །འགྱུར་མེད་བདེ་ཆེན་ཐུགས་ལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཨཱ་ལོ་ཀེ༴ ག་པུར་ཙནྡན་གུར་གུམ་སོགས། །སིམ་པ་རབ་སྐྱེད་དྲི་ཡི་ཆབ། །འཆི་མེད་རྡོ་རྗེའི་སྐུ་ལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །གནྡྷེ༴ བཟའ་བཅའ་བཏུང་བའི་བྱེ་བྲག་ནི། །སྦྱར་དང་རང་བྱུང་བཅུད་མཆོག་ལྡན། །བདེ་བ་དམ་པའི་ལྗགས་ལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ནཻ་བིདྱ༴ ལྷ་མི་དྲི་ཟའི་སྒྲ་སྙན་དང་། །ཡན་ལག་འབུམ་ལྡན་བསྔགས་པའི་དབྱངས། །རྣམ་ཐར་བསམ་ཡས་སྙན་ལ་འབུལ། །བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཤབྡ༴ ནང་མཆོད་རྒྱས་པར་སྤྲོ་ན། སྣ་ཚོགས་གཟུགས་ཀྱི་རྡོ་རྗེ་མ། །སྣང་སྟོང་བདེ་ཆེན་རོལ་མོའི་ཚོགས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །རྡོ་རྗེའི་སྤྱན་ལ་ཐིམ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ། སྣ་ཚོགས་སྒྲ་ཡི་རྡོ་རྗེ་མ། །གྲགས་སྟོང་བདེ་ཆེན་རོལ་མོའི་ཚོགས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །རྡོ་རྗེའི་སྙན་ལ་ཐིམ་གྱུར་ཅིག །སྔགས་ཐོག་མཐའ་སྔར་ལྟར་ལ། ཤབྡ༴ སྣ་ཚོགས་དྲི་ཡི་རྡོ་རྗེ་མ། །ཚོར་སྟོང་བདེ་ཆེན་རོལ་མོའི་ཚོགས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །རྡོ་རྗེའི་ཤངས་ལ་ཐིམ་གྱུར་ཅིག །གནྡྷེ༴ སྣ་ཚོགས་རོ་ཡི་རྡོ་རྗེ་མ། །གསལ་སྟོང་བདེ་ཆེན་རོལ་མོའི་ཚོགས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །རྡོ་རྗེའི་ལྗགས་ལ་ཐིམ་གྱུར་ཅིག །རཱ་ས༴ སྣ་ཚོགས་རེག་བྱའི་རྡོ་རྗེ་མ། །རིག་སྟོང་བདེ་ཆེན་རོལ་མོའི་ཚོགས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །རྡོ་རྗེའི་སྐུ་ལ་ཐིམ་གྱུར་ཅིག །སྤརྴེ༴ སྨན་རཀ་གཏོར་གསུམ་འབུལ་ཚིག་སོ་སོར་སྤྲོ་ན། ཨོཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ། །ཞེ་སྡང་སྐྱེ་བ་མེད་པའི་བཅུད། །གསལ་བའི་དམ་ཚིག་ཆེན་པོར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཨཱཿ རྒྱུད་དྲུག་འཁོར་བ་རྩད་ནས་བཅད། །འབྱུང་བའི་དྭངས་མ་འོད་དུ་གསལ། །འདོད་ཆགས་འགག་པ་མེད་པའི་བཅུད། །བདེ་བའི་དམ་ཚིག་ཆེན་པོར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། ཚོགས་ཆེན་ལྷུན་གྲུབ་དཔལ་གྱི་བཤོས། །རྨད་བྱུང་ཡེ་ཤེས་ཡངས་པ་ཆེ། །གཏི་མུག་གནས་པ་མེད་པའི་བཅུད། །མི་རྟོག་དམ་ཚིག་ཆེན་པོར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཧོཿ གཏེར་གཞུང་དང་མཆོད་ཕྲེང་རྒྱས་བསྡུས་གང་བྱེད་ཀྱང་སྨན་མཆོད་གཤམ་དུ་སྦྱོར་རྒྱུའི་མཚན་དོན་ནི། སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་དང་། །མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་མཁའ་འགྲོ་མ། །གདམས་པའི་བཅུད་འཛིན་རྗེ་འབངས་གྲོགས་གསུམ་ལ། །ཟག་མེད་ཡེ་ཤེས་བདུད་རྩིའི་དགྱེས་མཆོད་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། སྤྲུལ་པའི་རིག་འཛིན་རྡོ་རྗེ་གཟི་བརྗིད་རྩལ། །པདྨ་གར་གྱི་དབང་དང་མཆོག་གྱུར་གླིང་། །དཀྱིལ་འཁོར་ཁྱབ་བདག་དྲིན་ཅན་བླ་མ་ལ། །ཟག་མེད་ཡེ་ཤེས་བདུད་རྩིའི་དགྱེས་མཆོད་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། སངས་རྒྱས་བྱང་སེམས་རིག་འཛིན་ཕོ་མོའི་ཚོགས། །དབང་ཆེན་ཡབ་ཡུམ་དྷཱ་ཀི་ཆོས་གཏེར་སྐྱོང་། །འདུས་པ་ཆེན་པོའི་མཆོད་མགྲོན་ཐམས་ཅད་ལ། །ཟག་མེད་ཡེ་ཤེས་བདུད་རྩིའི་དགྱེས་མཆོད་འབུལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ཞེས་ཐིགས་གཏོར་ཕུལ་བའི་བདུད་རྩིའི་ལྷག་མ་གནས་གསུམ་དུ་ཐིག་ལེ་བྱ་ཞིང་ལྕེར་མྱང་ལ། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧོཿ སྦྱོར་སྒྲོལ་དོན་མཆོད་རྒྱས་པར་སྤྲོ་ན། ཧྲཱིཿ སྣང་བ་ཡབ་ལ་སྟོང་པ་ཡུམ། །མཉམ་སྦྱོར་ཟག་མེད་དགའ་བ་ཆེ། །མི་འགྱུར་དབུ་མའི་དབྱིངས་སུ་རོལ། །རྩ་གསུམ་ལྷ་ཚོགས་དགྱེས་གྱུར་ཅིག །མ་ཧཱ་སུ་ཁ་ཨ་ལ་ལ་ཧོཿ ཧཱུྃ། ཐུགས་རྗེ་ངང་གིས་ཁྲོས་པ་ཡིས། །གཟུང་འཛིན་མཚན་མ་རྩད་ནས་བཅད། །འཁོར་འདས་ཡོངས་སྒྲོལ་དགོངས་སྤྱོད་མཆོག །རྩ་གསུམ་ལྷ་ཚོགས་དགྱེས་གྱུར་ཅིག །ཏ་ན་ག་ཎ་པཱུ་ཛ་ཧོཿ ཨཿ རང་རིག་རྒྱལ་པོ་སྤྱོད་ཡུལ་བྲལ། །འཁོར་གསུམ་ཀ་དག་ཁྱབ་བརྡལ་ཆེ། །སྤང་བླང་མེད་པར་ལྷུན་གྱིས་གྲུབ། །འོད་གསལ་ཟང་ཐལ་ངང་དུ་རོལ། །དྷརྨ་དྷཱ་ཏུ་ཛྙཱ་ན་པཱུ་ཛ་ཧོཿ རྡོ་རྗེའི་ཚིག་རྐང་རྡོ་རྗེའི་ཕྲེང་། །སོ་སྐྱེའི་ཚིག་སྦྱོར་མགལ་དུམ་གྱིས། །བསླད་འོས་མིན་ཀྱང་རྗེ་བླ་མ། །ཀུན་མཁྱེན་གསང་བའི་བདག་པོའི་བཀས། །མཆོད་ཕྲེང་སྦྱོར་ཅེས་རྗེས་གནང་ཕྱིར། །སྙོམ་ལས་པདྨ་གར་དབང་གིས། །བསྙེན་པའི་ཐུན་མཚམས་བྲིས་འདིས་ཀྱང་། །རྩ་གསུམ་དགྱེས་པའི་རོལ་མོར་ཤོག །སརྦ་མངྒ་ལཾ།། །།
དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབ་ (Volume 9, Text 41)
༄༅། །དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སརྦ་སིདྡྷི་ཧཱུྃ། ཀུན་བཟང་གདོད་མའི་མགོན་པོ་སྣང་མཐའ་ཡས། །ངེས་པ་ལྔ་ལྡན་རྣམ་སྣང་སྤྱན་རས་གཟིགས། །རང་བྱུང་རྒྱལ་ཀུན་སྤྱི་དཔལ་པདྨ་འབྱུང་། །རིགས་འདུས་སྐུ་གསུམ་བླ་མར་གསོལ་བ་འདེབས། །ཆོས་སྐྱོང་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག །མཁར་ཆེན་མཚོ་རྒྱལ་དགེ་སློང་ནམ་མཁའི་སྙིང་། །རྡོ་རྗེ་བདུད་འཇོམས་ལྷ་སྲས་མུ་ཁྲི་བཙན། །ལས་ཅན་དག་པའི་འཁོར་ལྔར་གསོལ་བ་འདེབས། །ཟབ་གཏེར་སྒོ་འབྱེད་མང་ལམ་བཟང་པོ་གྲགས། །བོད་འབངས་སྐྱབས་གཅིག་རྒོད་ཀྱི་ལྡེམ་འཕྲུ་ཅན། །འགྲོ་འདུལ་བཀའ་བབས་བརྩོན་འགྲུས་རྒྱལ་མཚན་སོགས། །རྩ་བའི་གཏེར་བརྒྱུད་རྣམས་ལ་གསོལ་བ་འདེབས། །པདྨ་དབང་རྒྱལ་ཡེ་ཤེས་རོལ་པ་རྩལ། །ཆོས་ཀྱི་རྒྱལ་ཚབ་རིན་ཆེན་ཕུན་ཚོགས་ཞབས། །ཆོས་བདག་རིག་འཛིན་ངག་གི་དབང་པོ་སོགས། །བཀའ་འདུས་ཕྱི་མའི་བརྒྱུད་པར་གསོལ་བ་འདེབས། །ཐུགས་ཀྱི་རིགས་འཆང་ལ་ལི་ཏ་བཛྲ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ། །ཐུགས་ཀྱི་སྲས་ལྔ་ཉེ་བའི་བུ་བརྒྱད་སོགས། །བྱིན་རླབས་དགོངས་གཏེར་བརྒྱུད་པར་གསོལ་བ་འདེབས། །ཡིད་བཞིན་ནོར་འདྲ་མ་ཧཱ་གུ་རུ་རྗེ། །གང་འདོད་དངོས་གྲུབ་སྩོལ་བའི་སྐུར་སྟོན་པ། །གཏུམ་དྲག་མེ་ཕྲེང་དྲེགས་པའི་སྡེ་དཔོན་བརྒྱད། །བཅོམ་ལྡན་སྨན་བླ་དེ་བཞིན་གཤེགས་པ་བརྒྱད། །དྲྭ་བ་སྡོམ་པ་གནོད་གནས་དབང་པོ་བརྒྱད། །རྡོ་རྗེ་གཞོན་ནུ་ཡི་དམ་སྒྲུབ་སྡེ་བརྒྱད། །ཟིལ་གནོན་དྲག་རྩལ་གཞི་གནས་སྐྱོང་བ་བརྒྱད། །གསང་བདག་སེང་སྒྲོག་དཔའ་བོ་གིང་ཆེན་བཞི། །པདྨ་བཛྲ་ཁྲག་འཐུང་རྡོ་རྗེ་བརྒྱད། །གུ་རུ་རྟ་མགྲིན་གསང་ཡེ་ཕྱག་རྒྱ་བཞི། །རྡོ་རྗེ་གྲོ་ལོཏ་བདུད་འདུལ་ཁྲོ་བོ་བཅུ། །པདྨ་རྒྱལ་པོ་ཉེ་སྲས་སེམས་དཔའ་བརྒྱད། །འོད་དཔག་མེད་མགོན་མི་འཁྲུགས་དཔའ་བོ་བདུན། །ཀུན་བཟང་རྡོར་སེམས་རིགས་བཞི་བདུད་འདུལ་བཞི། །རྩ་བའི་བླ་མ་རིག་འཛིན་སློབ་དཔོན་བཞི། །རྒྱལ་བ་ཀུན་འདུས་བླ་མའི་དཀྱིལ་འཁོར་ལ། །བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །ཆོས་ཀྱི་སྡོམ་བཞིས་སྲིད་ཞིར་ངེས་པར་འབྱུང་། །བསགས་དང་སྦྱངས་པས་ཟབ་མོའི་སྣོད་དུ་རུང་། །གཞི་ལམ་དབང་བཞིས་སྒོ་གསུམ་རྡོ་རྗེར་སྨིན། །དཀྱིལ་འཁོར་རྣམ་གསུམ་འགྲུབ་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དང་སྒྱུ་ལུས་ཟབ་གསལ་འབྱོངས། །བསྟན་འཚེའི་དམག་དཔུང་སྡང་སེམས་རྒྱུ་བཅས་ཞི། །མི་གཡོ་བཞིར་གནས་ཉམས་བཞིས་བདག་མེད་རྟོགས། །འབྱུང་འཁྲུགས་བདག་འཛིན་ཆོམ་པར་བྱིན་གྱིས་རློབས། །ཞེན་མེད་མཆོད་དང་སྦྱིན་སོགས་བསྡུ་དངོས་ཀྱིས། །དབུལ་ཕོངས་ཞེན་ཆགས་སེར་སྣའི་མདུད་པ་ཁྲོལ། །ཡོན་ཏན་ཀུན་འབྱུང་བདེ་གཤེགས་སྙིང་པོའི་གཏེར། །གཅེར་མཐོང་རིག་པས་ཐོན་པར་བྱིན་གྱིས་རློབས། །དཔྱིད་ཐིག་ཁ་སྦྱོར་སྲོག་རྩོལ་དབུ་མར་ཐིམ། །འཁྲུལ་རྟོག་གིས་དབེན་བདེ་ཆེན་སྦས་ཡུལ་ཕྱེད། །ཐོས་བསམ་སྒོམ་པས་རྟོག་བཅས་འཕོ་བ་འགག །འབྲོག་ཆེན་བར་དོར་གྲོལ་བར་བྱིན་གྱིས་རློབས། །མཚན་ཉིད་བཞི་ལྡན་རང་བབ་མཉམ་གཞག་ལ། །བརྟན་ཐོབ་ཕྱི་ནང་འབྱུང་བའི་གེགས་ལས་རྒྱལ། །ཚོགས་དྲུག་ཀུན་རྟོག་ཆོམ་པོ་ཕྲ་སྦོམ་རགས། །སྤང་གཉེན་གཤིས་ཐོག་ཕེབ་པར་བྱིན་གྱིས་རློབས། །ཉོན་མོངས་ལམ་ལྷོང་ཅི་སྣང་ཡེ་ཤེས་འཆར། །རྡོ་རྗེའི་གོ་ཆས་དུག་ལྔའི་མཚོན་རྩེ་གཞོམ། །འོད་གསལ་རྣམ་བཞིར་གོམས་འདྲིས་བརྟན་ཐོབ་ནས། །འཆི་བ་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས། །རྨི་ལམ་བར་དོ་ཆོས་ཉིད་སྒྱུ་མར་རྟོགས། །ལས་རླུང་གཞིར་ཐིམ་གཞི་སྣང་དབྱིངས་སུ་དག །སྣང་བཞིའི་ལམ་ནས་ཡིད་ཆོས་འཁྲུལ་པའི་ཚོགས། །ལྷུན་གྲུབ་སྦུབས་སུ་འཕོ་བར་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །འཁོར་འདས་ཀུན་ཀྱང་ཡེ་ཤེས་ཆེན་པོར་ཤར། །འབྲེལ་བར་བཅས་ཀུན་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་མི་མཐུན་འགལ་རྐྱེན་ཞི། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །རང་གཞན་དོན་གཉིས་འབད་མེད་མཐའ་རུ་ཕྱིན། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདིའང་མཁྱེན་པའི་གཏེར་ཆེན་རྗེ་དབོན་འཆི་མེད་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་གནང་མཛད་ངོར་པདྨ་ནཱིརྟེ་ཤྭ་རས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཚེས་བཟང་པོར་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།།
ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་ཕས་རྒོལ་ཕྱིར་ཟློག་ (Volume 53, Text 41)
ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་ཕས་རྒོལ་ཕྱིར་ཟློག་ནི། ན་མོ། བླ་མ་མཆོག་གསུམ་འཇམ་དཔལ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་ལམ་འགོད་ཕྱིར། །འཇམ་དཔལ་ཁྲག་འཐུང་བསྒྲུབ་པར་བགྱི། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་དྲེགས་པ་དང་། །རུ་དྲ་ཆུ་གླང་པད་ཉིའི་སྟེང་། །རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད། །མཐིང་ནག་སྐུ་ཆེ་ཡན་ལག་རགས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །དམར་ཟླུམ་སྤྱན་བསྒྲད་སྨིན་མ་དང་། །ཨག་ཚོམ་མེ་འབར་གློག་སྟོང་འཁྱུག །ཕྱག་གཡས་གསེར་འཁོར་རྩིབས་བརྒྱད་པ། །རྣོ་བའི་ངར་ཅན་མཁའ་ལ་འཕྱར། །གཡོན་པས་སྡིགས་མཛུབ་ལྕགས་ཀྱུ་དང་། །ཞགས་པ་འཛིན་ཅིང་ཞབས་གཉིས་བགྲད། །ཞལ་ནས་ཧ་ཧ་ཧཱུྃ་ཧཱུྃ་ཞེས། །རྔམ་པའི་ང་རོས་ཁམས་གསུམ་གཡོ། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ། །སྣང་སྲིད་དྲེགས་པ་དངངས་ཤིང་འདར། །བརྒྱལ་འབོག་མྱོས་སུ་འཇུག་པ་ཡི། །ཆེ་བཙན་འགྲན་ཟླ་ཀུན་བྲལ་བའི། །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ། །ཧཱུྃ་ལས་འོད་འཕྲོས་འོག་མིན་ནས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར། །ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར། །སླར་ཡང་བདག་ཉིད་གཟི་བརྗིད་མཐུ། །རབ་འབར་ཞབས་འོག་བྱད་མ་རྣམས། །སྒྱེལ་ཞིང་མནན་པ་ལྕགས་ཀྱུས་བཟུང་། །ཞགས་པས་སྐེ་བཅིངས་སྡིགས་མཛུབ་ཀྱིས། །གཟིར་བས་ཁ་འདར་ལུས་སྦྲིད་ནས། །སྐྱོབ་པའི་ལྷ་བྲལ་ཉམ་ཐག་རྣམས། །གཡས་པའི་འཁོར་ལོ་ཤུགས་དྲག་ཏུ། །བསྐོར་བས་མགོ་ལུས་རྡུལ་ཕྲན་བཞིན། །དུམ་བུར་བཅད་ཅིང་གཏོར་བར་གྱུར། །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀི་ལ་ཡ་བྷྱོ༔ བརྒྱ་རྩ་སོགས་བཟླས་ལ། སླར་ཡང་ལག་གཡས་ནམ་མཁའ་དང་། །གཡོན་པ་ས་གཉིས་བརྡབས་པའི་བར། །དགྲ་བོ་བྱད་མ་ལྷ་སྲུང་བཅས། །རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །ན་མོ༔ བླ་མའི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ༴ དཔལ་ཚེ་བདག་ནག་པོའི་བཀའ༴ སྔགས་འཆང་བདག་གི་ངག་བདེན་པའི་མཐུས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་དམག་ཚོགས༔ རྦད་འདྲེ་རྦོད་སྟོང༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་ཐུངས་ཤིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཀྱང་ཁོ་ཡི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག་བྷྱོ་བྷྱོ༔ ཞེས་ཐལ་མོ་རྡེབ་པར་བྱའོ། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས། །གནོད་བྱེད་དགྲ་བགེགས་མ་ལུས་པ། །ལུས་ངག་ཐལ་བའི་རྡུལ་བཞིན་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །དགེ་བ་འདི་ཡིས་མྱུར་དུ་བདག །གཤིན་རྗེ་གཤེད་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །གུ་རུ་ཆོས་ཀྱི་དབང་ཕྱུག་དང་། །རཏྣའི་གཏེར་བྱོན་ཡང་ཟློག་གི །སྙིང་པོའི་བཅུད་བསྡུས་མན་ངག་གི །ངག་འདོན་བསྡུས་ཏེ་ཉུང་ངུར་སྤེལ།་་་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས།། །།
ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ་ (Volume 48, Text 41)
༄༅། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་རྒྱས་པ་བསྐུར་ཐབས་འགྲོ་དོན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། ། གདོད་མའི་དབྱིངས་སུ་ཀུན་ཁྱབ་ཆོས་ཀྱི་སྐུ །མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་སྐུར་སྣང་། །མོས་པ་དེར་སྣང་བླ་མ་ཐུགས་རྗེ་ཅན། །འཁོར་བ་དོང་ནས་སྤྲུག་ལ་ཕྱག་འཚལ་ནས། །དེ་ཡི་གོ་འཕང་ཉེ་བར་བགྲོད་པའི་ལམ། །འཇུག་པའི་དང་པོ་སྨིན་བྱེད་དབང་གི་རིམ། །ལེགས་པར་བཤད་ཀྱིས་ཚུལ་དང་ལྡན་བཞིན་པས། །མོས་ལྡན་ཐམས་ཅད་འདི་ལ་ཞུགས་པར་གྱིས། །དེ་ལ་སློབ་དཔོན་རང་ཉིད་དབང་དང་དམ་ཚིག་ལྡན་ཞིང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས་རང་དོན་མཐར་ཕྱིན་ནས། སྣོད་དང་ལྡན་པའི་སློབ་མ་སྨིན་གྲོལ་བགྱི་བའི་ཚེ། གང་དུ་བྱ་བའི་གནས་ཁང་དེ་ཉིད་ཕྱག་དར་བྱས་ལ་སྤོས་ཆུས་ཆག་ཆག་གདབ། རྒྱན་གྱིས་བརྒྱན་ཏེ། སྟེགས་གཙང་མ་ཁེབས་ལྡན་གྱི་ཁར་མེ་ཏོག་སིལ་མ་དགྲམ། མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཧྲཱིཿདམར་པོ་བྲིས་པའི་ལྟེ་བར་མཉྫིའི་ཁར་བུམ་པ་ཡན་ལག་བརྒྱད་ལྡན་ཆུ་དང་སྤོས་སོགས་སོ་ལྔའི་རྫས་ཀྱིས་བུམ་པའི་སུམ་གཉིས་བཀང་བ་མགུལ་ཆིང་དང་ལྡན་པ། ཐོད་བཟང་ལ་ཨ་མྲྀཏ་སྦྱར་བའི་ཆང་གིས་བཀང་བའི་ཁ་གཅོད། མེ་ལོང་དྭངས་གསལ་ཧྲཱིཿདམར་པོ་བྲིས་པས་བཀབ་ལ་སྟེང་ནས་དར་གུར་དམར་པོ་ཕུབ། མྱོང་གྲོལ་གྱི་དབང་བསྐུར་ན། ཉེ་ལོགས་སུ་མཉྫིའི་ཁར་རིལ་བུའི་བུམ་པ་དར་གྱིས་མགུལ་ཆིངས་དང་ལྡན་པ་བཞག །མདུན་ནས་ཉེར་སྤྱོད་རྣམས་སྦྲེང་ཚར་དང་། རྒྱབ་ཏུ་དཔལ་གཏོར་དམར་པོ་པད་འདབ་ཅན་མུ་རན་ནག་པོ་ལ་དཀར་ཐིག་གིས་སྤྲས་པ་ལྔ་རྒྱན་དང་ཉི་ཟླ་མེ་རིས་མཚན་པ་ལ་དར་དམར་གྱི་གདུགས་དང་སྐུ་རྟེན་གཟུག་ལ་ཟས་སྣས་གཏམས་པ། དེ་ཡི་གཡས་སུ་ཨ་མྲྀཏ་ཆང་དང་སྦྱར་བའི་སྨན། གཡོན་དུ་སོ་ལྔ་སྦྱར་བའི་རཀྟ། ཚོགས་ཀྱི་ལོངས་སྤྱོད་རྣམས་བཤམ། རང་ཉིད་སྟན་བདེ་བར་གནས་པའི་མདུན་དུ། ནང་མཆོད། རྡོར་དྲིལ། ཌཱ་མ་རུ། གུལ་ཡུངས་རྣམས་འདུ་བྱ། གཏེར་གཞུང་སྒྲུབ་ཐབས་སྐྱབས་འགྲོ་ནས་བརྩམ་བུམ་བཟླས་ཀྱི་མཐར། འགྲོ་དོན་ཆོས་དྲུག་ནང་གི་མྱོང་གྲོལ་རྫས་སྒྲུབ་ལས་སྦྱོར་གྱི་བཟླས་པའི་མཐར། ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིགས་ཀྱི་མཆོད་པ་བྱ། ལས་ཆུ། ཨོཾ་བཛྲ་ཨ་མྲྀཏ་སོགས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། དབང་ཆོག་བཞིན་བདག་འཇུག་བླངས་ནས་སློབ་མ་རྣམས་མདུན་དུ་དགུག །ཨོཾ་བཛྲ་ཨ་མྲྀཏ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བིགྷྣན་ཨངྐུ་ཤ་ཛཿས་བགེགས་བཀུག །ཨོཾ་སརྦ་བིགྷྣན་ན་མཿསརྦ་སོགས་ཀྱིས་གཏོར་མ་བསྔོ། ཧཱུྃ༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ གུ་གུལ་བདུག །ཡུངས་དཀར་གྱིས་བྲབ། དྲག་སྔགས་བརྗོད་ཅིང་བགེགས་བསྐྲད། སྲུང་འཁོར་བསྒོམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོད་དེ་གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སྒོ་ནས་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་གསན་འཚལ། དེ་ཡང་རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་གྱི་ཁམས་ཀྱི་ཉོན་མོངས་པ་བསམ་གྱིས་མི་ཁྱབ་པའི་གཉེན་པོར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་པ་དེ་དག །ཕུང་པོར་བསྡུ་ན་བརྒྱད་ཁྲི་བཞི་སྟོང་། སྡེ་ཚན་དུ་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས། དབང་པོ་དང་འཚམ་པར་བསྟན་པ་ཐམས་ཅད་ཆ་མཐུན་རགས་པ་ཙམ་དུ་བསྡུ་ན་ཐེག་པ་རིམ་པ་དགུ། དེ་ཡང་མདོར་བསྡུ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་བ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར་རྣམ་པ་གཉིས་ལས། ད་ལམ་འབྲས་བུ་སྔགས་ཀྱི་ཐེག་པ། དེ་ལའང་རྒྱ་གར་དུ་མ་གྲགས་ཀྱང་བོད་ལ་འགྱུར་སྔ་ཕྱིའི་དབང་གིས་གསར་མ་དང་རྙིང་མ་གཉིས་ལས། འདིར་ཆེ་བ་དྲུག་ལྡན་གྱིས་འཕགས་པ་རྙིང་མ། དེ་ལའང་། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་བཀའི་བབས་སོ་གསུམ་ལས། འདི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་གསུམ་ཀ་ལའང་རང་སྐད་ཐུན་མོང་མ་ཡིན་པར། ཕྱི་པ་དཀའ་ཐུབ་དང་། ནང་པ་ཐབས་རྒྱུད་གཉིས་ལས། འདི་ནི་ནང་པ་ཐབས་ཁྱད་པར་དུ་འཕགས་པ་ཡིན། དེ་ལ་བསྐྱེད་རིམ་གཙོ་བོར་སྟོན་པ་ཐབས་ཕའི་རྒྱུད་མ་ཧཱ་ཡོ་ག །རྫོགས་རིམ་གཙོ་བོར་སྟོན་པ་ཤེས་རབ་མའི་རྒྱུད་ཨ་ནུ་ཡོ་ག །གཉིས་ཀ་ཟུང་འཇུག་སྟོན་པ་གཉིས་མེད་རྒྱུད་ཨ་ཏི་ཡོ་ག་དང་གསུམ་ལས། འདི་ནི་མ་ཧཱ་ཡོ་ག །འདི་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་དབྱེ་བ་ལས། འདི་ནི་སྒྲུབ་སྡེ་བརྒྱད་ཀྱི་ཡ་གྱལ་པདྨ་གསུང་གི་སྐོར་ཡིན། དེ་ཉིད་ལ། ཞི་བ་ཚེ་དཔག་མེད་དང་སྤྱན་རས་གཟིགས། ཁྲོ་བོ་རྟ་མགྲིན་དམར་ནག་སོགས་ཀྱི་རྒྱུད་དང་སྒྲུབ་ཐབས་ཆེས་ཆེ་བར་ཡོད་པ་ལས། སྐབས་འདིར། གུ་རུ་རིན་པོ་ཆེའི་ལོ་རྒྱུས་ཤེལ་ཕྲེང་ལས། ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ཞེས་པ་ནས། བོད་འབངས་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་པས། ཟབ་ལ་འདྲིལ་བའི་སྒྲུབ་ཐབས་འདི་ནི་མདོ་ཁམས་ཟླ་སྲིབ་གནས་མཆོག་ཀརྨའི་འབུམ་རྫོང་པདྨ་དབང་ཕུག་ནས་ཀུན་གྱིས་མཐོང་བར་སྤྱན་དྲངས་པ་གོང་དུ་ལོ་རྒྱུས་ལས་གསུངས་པ་བཞིན། སྒྲུབ་ཐབས་དང་སྨིན་བྱེད། ལས་ཚོགས་དང་ལོ་རྒྱུས་བཅས། ཆོས་ཚན་བཞི་ཡོད་པ་ལས། ད་ལམ་སྨིན་བྱེད་དབང་བསྐུར་ཏེ་དེ་ལའང་རྒྱས་བསྡུས་གཉིས་ལས་རྒྱས་པ་མྱོང་གྲོལ་རྫས་ཀྱི་དབང་བསྐུར་བ་དང་བཅས་པ་བགྱིད་པའི་སྐབས་སུ་བབས་ཤིང་། དབང་ལའང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི་ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་པས་རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་མངོན་པར་གཏོར་ཞིང་བླུག་པ་སྟེ། སྒོ་གསུམ་གྱི་དྲི་མ་འཁྲུད་ཅིང་འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་ཅན་འཇོག་པས་ན་དབང་ངོ་། །དབྱེ་བ་ནི། དཔལ་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་བཞིར་དབྱེ་བའོ། །དེ་ལྟ་བུའི་དོན་དང་ལྡན་པའི་དབང་བསྐུར་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་ནས། སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཕུལ། ཅེས་མཎྜལ་རྒྱས་བསྡུས་གང་རིགས་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཧོ༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔སོགས། དེ་ལྟར་གསོལ་བ་བཏབ་ནས། རྒྱུད་ཡོངས་སུ་དག་པའི་ཕྱིར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་ཀྱི་ཚིག་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་རྗེས་ཟློས་གྱིས། ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔སོགས། དེ་ལྟར་རྒྱུད་ཡོངས་སུ་དག་པར་བྱས་ནས། དངོས་གཞི་དབང་བསྐུར་བ་ལ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་དབང་བསྐུར་བ་མ་ཡིན། བསྐུར་ཀྱང་རྒྱུད་ལ་དབང་གི་ཡོན་ཏན་མི་ཆགས་པས་ན། དཀྱིལ་འཁོར་དུ་བཅུག་པ་དངོས་ནི་ཡེ་ཤེས་པ་དབབ་པ་ཡིན་པས། དེ་ལ་སྦྱོར་བ་དམ་ལ་བཞག་པ་ནི། གསང་སྔགས་ཀྱི་འཇུག་པའི་སྒོ་ནི་དབང་། དབང་གི་རྩ་བ་ནི་དམ་ཚིག་ཡིན་པས་གསང་ཆེན་རྨད་དུ་བྱུང་བའི་ཐེག་པ་འདི་དག་གི་དམ་ཚིག་རྣམས་སྲོག་བཞིན་དུ་བསྲུང་སྙམས་པའི་སྒོ་ནས་ཁས་ལེན་པ་འདི་ཡི་རྗེས་ཟློས་གྱིས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་སྡོམ་པ་གཟུང་། ཡེ་ཤེས་པ་དབབ་པ་ནི་ལུས་གནད་ཆོས་བདུན་ལྡན་པ་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང་། དམིགས་པའི་གནད་འདི་ལྟ་བུ་སྒོམས་ཤིག །ཧཱུྃ༔ སྣང་སྲིད་འཁོར་འདས་སོགས་ནས། པདྨ་ཟླ་བའི་གདན་དུ་གསལ༔ དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསལ་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། ཞེས་དམིགས་པ་འབོགས་ལ། སྤོས་བསྲེག་རོལ་མོ་བསྒྲག་དབྱངས་དང་བཅས་པས། ཧཱུྃ༔ ཤར་ཕྱོགས་པོ་ཏ་ལ་ཡི་ཞིང༔སོགས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཡེ་ཤེས་པ་དེ་དག་མི་ཉམས་ཤིང་བྱང་ཆུབ་བར་དུ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། སྤྱི་བོར་རྡོ་རྗེ་བཀོད། དེ་ནས་དབང་དངོས་གཞི་བསྐུར་བ་ལ། མཎྜལ་སྔོན་དུ་སོང་ནས་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་བཅས་པས་མཆོད། ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་མཛོད། ཧཱུྃ༔ རིན་ཆེན་བུམ་པ་སོགས། སྐུ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་བླུད་ལ། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དེ་ལྟར་བུམ་པའི་དབང་བསྐུར་པས། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཇི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་དབང་ནི། དབང་ལྷ་ཡབ་ཡུམ་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་པར་མོས་མཛོད། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་སོགས། གསུང་གི་དབང་བསྐུར་ཡོངས་རྫོགས་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་གྱུར། དེ་ལྟར་གསང་བའི་དབང་བསྐུར་པས། ངག་གི་དྲི་མ་དག །ལམ་རང་ལུས་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། སྒྱུ་མ་ཆུ་ཟླ་ལྟ་བུར་བདག་བྱིན་གྱིས་རླབས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སྣང་སྟོང་དབྱེར་མེད་དམ། མེ་ལོང་སྟོང་པ་ཉིད་ཡུམ་གྱི་མཁའ་དབྱིངས་དང་། ཧྲཱིཿཡིག་རིག་པ་བདེ་བ་ཆེན་པོ་ཡབ་ཀྱི་རྡོ་རྗེ། གཉིས་ཀ་ལྷན་ཅིག་གནས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཚོན་པ་ཤེས་པར་གྱིས་ཤིག །མེ་ལོང་སྙིང་གར་བཟུང་། ཧཱུྃ༔ མེ་ལོང་སྟོང་པ་སོགས། ཐུགས་ཀྱི་དབང་རྣམས་ཡོངས་རྫོགས་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་དྲི་མ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དབང་བཞི་པ་སྣོད་བཅུད་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་སྣོད་དབྱིངས་རྣམ་པར་དག་པ་འོད་ཀྱི་ཐིག་ལེར། གཏོར་མ་རིག་པ་བྱང་ཆུབ་ཀྱི་སེམས་ཐུགས་རྗེ་ཆེན་པོར་གསལ་བའི། རང་རྩལ་གང་ཤར་སྣ་ཚོགས་འགག་མེད་དུ་འཆར་བའི་སྐུའི་ཆ་རྣམས་ནས། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་བབ་པ་བཞིན་དུ་ཁྱེད་རང་ལ་ཐིམ་ཞིང་། མཐར་གཏོར་མའི་ལྷ་ཡང་ཁྱེད་རང་གི་གཉུག་མའི་སེམས་དང་དབྱེར་མེད་འདྲེས་པས། བྱ་རྩོལ་དང་བྲལ་བའི་ངང་ལ་མཉམ་པར་ཞོག་མཛོད། ཧཱུྃ༔ གཏོར་མ་རིན་ཆེན་སོགས། འབྲེལ་ཚད་གྲོལ་བར་བྱིན་གྱིས་རློབས༔ ཡིག་དྲུག་དང་། གཟུངས་རིང་མཐར། ཀ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ དེ་ལྟར་དབང་བཞི་པ་བསྐུར་པས། བག་ཆགས་ཀྱི་དྲི་མ་དག །ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། ཤིན་ཏུ་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །མྱོང་གྲོལ་དམ་རྫས་ཀྱི་དབང་བསྐུར་བ་ལ། སྣོད་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་རེ་རེ་བཞིན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྐུ་གཟི་བྱིན་འབར་བཞིན་བཞུགས་པའི་ཕོ་བྲང་། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས་རང་གི་རྒྱུད་གྲོལ། གཞན་དོན་འཁོར་བ་དོང་ནས་སྤྲུག་པའི་ཐུགས་རྗེ་ཆེན་པོའི་ཕྲིན་ལས་དང་མཉམ་པའི་དབང་ཐོབ་པར་གྱུར་སྙམ་པའི་མོས་འདུན་མཛོད། ཅེས་རིལ་བུའི་སྣོད་སྤྱི་བོར་བཀོད་ལ། ཧཱུྃ༔ རང་བྱུང་ཐུགས་རྗེའི་ལྷ་ཚོགས་རྣམས༔སོགས། རིལ་བུ་ཁར་སྦྱིན་ལ། རིལ་བུ་འཁོར་བ་དོང་སྤྲུག་སྐུ༔སོགས་དང་། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁའ་གང་བར་བྱོན་ནས། མེ་ཏོག་མནྡྷཱ་ར་བའི་ཆར་བསྙིལ་ཞིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་མངའ་གསོལ་བའི་མོས་འདུན་རྩེ་གཅིག་ཏུ་མཛོད། སྟོན་མཆོག་དམ་པ་ལྷ་མིའི་སོགས་དང་། བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་སོགས། གཞན་ཡང་ཤིས་བརྗོད་སྟོན་པའི་ཞལ་ནས་གསུངས་པའི་རིགས་ཇི་སྙེད་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོའི་སྒྲ་བསྒྲག །དེ་ལྟར་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་བཞི་ལེགས་པར་ཐོབ་པ་ཡིན་པས། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བ་དང་ལུས་ཐུགས་རྗེ་ཆེན་པོར་རྟག་ཏུ་བསྒོམ་ཞིང་། ངག་ཡི་གེ་དྲུག་པ་རྒྱུན་དུ་བཟླ། སེམས་བྱམས་སྙིང་རྗེ་དང་མི་འབྲལ་བར་བྱ་སྙམ་པའི་སྒོ་ནས་ཁས་ལེན་པ་འདི་ཡི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སོགས། དེ་ལྟར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་ཕུལ། མཎྜལ་རྒྱས་བསྡུས་གང་རུང་འབུལ་དུ་གཞུག །དེར་མ་ཟད་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ནས་བླ་མ་དང་དཀྱིལ་འཁོར་གྱི་དྲུང་དུ་འབུལ་ན། ཆ་ཤས་ཤིག་ལོངས་སྤྱད་དུ་གསོལ་སྙམ་པས། དེང་ནས་བརྩམ་སྟེ་བདག་བྲན་སོགས། དེ་དག་ལ་བརྟེན་ཏེ་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །བསོད་ནམས་འདི་ཡིས་སོགས། སློབ་མ་རྣམས་སོ་སོར་གྱེས། རྗེས་མཆོད་བསྟོད། ལྷ་གཤེགས་བསྡུ། ལྡང་བ། བསྔོ་བ་སྨོན་ལམ། བཀྲ་ཤིས་རྣམས་བྱ། ཞེས་པ་འདི་ནི་གནས་མདོ་བླ་མ་དྷརྨ་ཀཱིརྟི་ཤྲཱི་བྷ་དྲས་བསྐུལ་ངོར། རཏྣ་དྭཱི་པས་ཐུན་མཚམས་སུ་སྦྱར་བའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་པདྨ་མ་ཏིས་བགྱིས་པ་འགྲོ་རྣམས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འཇུག་པར་གྱུར་ཅིག། །།
འཆི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས་ཕོ་ཉ་མྱུར་མགྱོགས་ (Volume 38, Text 41)
༄༅། །འཆི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས་ཕོ་ཉ་མྱུར་མགྱོགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་བཛྲ་ཀྲོ་དྷཱ་ཡ། འཇམ་དཔལ་དཔའ་བོ་མ་རུངས་གདུལ་དཀའི་འགྲོར། །རྗེས་ཆགས་དཔལ་ལྡན་ཁྲོ་རྒྱལ་དུས་ཀྱི་དགྲའི། །བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེ་ཡི། །དགྱེས་སྐོང་ཕྲིན་ལས་ཕོ་ཉ་མྱུར་མགྱོགས་བྲི། །དེ་ཡང་འཇོམས་བྱེད་རྩ་བའི་དབང་དང་འདིའི་རྗེས་སུ་གནང་བ་ལེགས་པར་ནོད་པའི་སྔགས་པས། དུར་ཁྲོད་ལ་སོགས་པའི་གནས་སུ་དམར་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་སོགས་མཐུན་པའི་དམ་རྫས་རྣམས་ཚང་བར་བཤམས་ལ། རང་ཉིད་ཁ་ལྷོར་ཕྱོགས་པས་འདུག་སྟེ་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་རྫོགས་པར་གསལ། མཆོད་གཏོར་རྣམས་བསང་སྦྱང། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ཝུ་ཕྲེང་འཁྲིག་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར་ཅེས་དང་། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་གི་མདུན་དུ་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་དབུས་སུ། ཐོད་པ་ལྕགས་ཀྱི་གྲོང་ཁྱེར་བསྐལ་པའི་མེ་རླུང་དམར་ནག་འབར་ཞིང་འཚུབས་པས་ཡོངས་སུ་བསྐོར་བའི་ནང་དུ་པད་ཉི་དང་དགྲ་བགེགས་གདུག་པ་ཅན་མཐའ་དག་བརྫིས་པའི་སྲིན་གྱི་མ་ཧེ་སེར་ནག་རབ་ཏུ་ཁྲོས་པའི་སྟེང་དུ། ཡ་ལས་འཆི་བདག་ལས་ཀྱི་གཤིན་རྗེ་སྐུ་མདོག་སྨུག་ནག་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དགྲ་ལ་གཟིར་ཞིང་། མཆེ་བ་དྲག་ཏུ་བཙིགས་པའི་ཞལ་གདངས་ནས་ངར་སྐད་ཕྱོགས་བཅུར་སྒྲོག་པ། སྨིན་མ་དང་ཨག་ཚོམ་མེར་འབར་ཞིང་རལ་པ་བསིགས་པའི་གསེབ་ནས་གཤིན་རྗེའི་ཕོ་ཉ་སྤྲོ་བ། ཕྱག་གཡས་ཐོད་དབྱུག་མཁའ་ལ་ཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། མི་ལྤགས་རློན་པས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་བོ་དང་རུས་པའི་ཕྲེང་བ་སོགས་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་གནས་པ། དེའི་གཡོན་དུ་ཡུམ་གཏུམ་མོ་དུག་ཧྲུལ་མ་ནག་མོ་མི་ལྤགས་ཀྱི་གོས་ཅན་འཁོར་ལོ་དང་ཐུན་ཁྲག་འཛིན་པ། མཐའ་སྐོར་དུ་ཡ་བ་ཏི། མིག་དམར། ཆོས་རྒྱལ། ཕྱ་སང་། ཏེལ་པ། རྨིག་པ། ཨ་ཝ་གླང་མགོ །རལ་པ་ཚར་དགུ་སྟེ་གཤིན་རྗེའི་སྡེ་དཔོན་ཆེན་པོ་བརྒྱད་རང་རང་གི་ཆུང་མ་དང་བཅས་པའི་ཡབ་རྣམས་ཐོད་དབྱུག་དང་ཞགས་པ། ཡུམ་རྣམས་སྤུ་གྲི་དང་ཐོད་ཁྲག་ཐོགས་པ། ཐམས་ཅད་ཀྱང་གཅེར་བུ་རལ་པ་གཟེངས་པ་གཏུམ་དྲག་འཇིགས་པའི་ཉམས་དུ་མར་འཆར་བ། ལོ་ཟླ་ཞག་གཤེད་སོགས་གཤིན་རྗེའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་རྣོན་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་སྐད་ཅིག་གིས་ལྷགས་པར་གྱུར་པར་བསམ་ཞིང་། སྤྱན་དྲང་བ་ནི། དར་ནག་གི་གཡབ་མོ་དང་ཤ་ཆེན་གྱི་སྤོས་བསྲེག །རྐང་གླིང་དང་བཤུགས་པས་དྲངས་པའི་རོལ་མོ་དབྱངས་དང་བཅས་པས། ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི༔ འཇིགས་སུ་རུང་བ་མུན་པའི་ཀློང༔ དྲེགས་པ་ཀུན་གྱི་བཤན་ཁང་ནས༔ ལས་བྱེད་གཤིན་རྗེ་འཁོར་དང་བཅས༔ བདག་གིས་དད་པས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་བཞིན། །མ་ཐོགས་རིངས་པའི་ཚུལ་གྱིས་ནི། །དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ཨེ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤྱན་དྲངས་ལ། དམ་བཞག་ནི་རྡོ་རྗེ་སྤྱི་བོར་བཞག་དམ་ཆུ་ལྗགས་ལ་བྱིན་པར་མོས་ཏེ། ཧཱུྃ༔ སྔོན་ཚེ་འཇམ་དཔལ་གཤིན་རྗེ་ཡི༔ སྤྱན་སྔར་ཞལ་བཞེས་དམ་བཅས་ལྟར༔ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད༔ གལ་ཏེ་དམ་ལས་འདས་པ་ན༔ དུས་གསུམ་རྒྱལ་བའི་བཀའི་ཆད་པས༔ ཁྱོད་ཀྱང་ཉམས་པར་གདོན་མི་ཟ༔ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་དམ་ལ་བཞག །མཆོད་གཏོར་འབུལ་བ་ནི། ཧཱུྃ༔ ལས་མཛད་གཤིན་རྗེ་འཁོར་བཅས་ལ༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ དམར་ཆེན་ཁྲག་དང་དབང་པོ་ལྔ༔ ཚིལ་ཆེན་གསུར་དུད་ཞུན་ཆེན་མེ༔ མཁྲིས་ཆེན་བདུད་རྩི་སྨན་གྱི་བཅུད༔ ཤ་ཁྲག་དམར་གྱི་གཏོར་མ་སོགས༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ བདག་ཅག་དད་པས་འབུལ་ལགས་ན༔ བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། མ་ཧཱ་པཱུ་ཛ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ། བསྟོད་པ་ནི། ཧཱུྃ༔ ཁྲག་འཐུང་གཤིན་རྗེ་གཤེད་པོ་ཡི༔ བཀའ་ཉན་འཇིགས་བྱེད་མ་རུངས་པ༔ ཁམས་གསུམ་སྐྱེ་འགྲོའི་སྲོག་གི་བདག༔ རྫུ་འཕྲུལ་ཆེ་ཞིང་མཐུ་དང་ལྡན༔ བསྟན་པ་སྲུང་མཛད་དམ་ཚིག་ཅན༔ ཉམས་པ་སྒྲོལ་བའི་གཤེད་པོ་ཆེ༔ དགེ་སྡིག་ཤན་འབྱེད་དཔང་པོ་མཛད༔ རྡོ་རྗེ་འཛིན་པའི་ཕོ་ཉ་བ༔ ལས་མཛད་ནག་པོ་ཁྱོད་ལ་བསྟོད༔ གཏུམ་དྲག་བཟོད་པར་དཀའ་བའི་གཟུགས། །དབྱུག་པ་ཕྱར་ཞིང་ཐོད་ཁྲག་འཛིན། །དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན། །དྲག་ཤུལ་ཆེན་པོའི་གར་སྟབས་ཀྱིས། །སྲིན་གྱི་མ་ཧེ་ཁྲོས་པ་བརྫིས། །ཡུམ་ཆེན་གཏུམ་མོ་དུག་ཧྲུལ་མ། །བཀའ་ཉན་ཕོ་བརྒྱད་མོ་བརྒྱད་སོགས། །ལས་བྱེད་གཤིན་རྗེའི་ཚོགས་ཀྱིས་བསྐོར། །ས་གསུམ་ཀུན་ལ་མངའ་མཛད་པའི། །དྲག་ཤུལ་ཆེན་པོ་ཁྱོད་ལ་བསྟོད། །ཅེས་བསྟོད། བཟླས་པ་ནི། ལས་གཤིན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཡ་ཡིག་གི་མཐར་སྲོག་སྔགས་ཀྱི་ཕྲེང་བས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་གདུངས་པས་ཅི་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་པ་ཅི་ནུས་བྱས་ལ། དྲག་པོར་བསྐུལ་བ་ནི། ཨྱཻ། འཇམ་དཔལ་བཀའ་ཉན་དྲེགས་པའི་གཙོ། །འཆི་བདག་ནག་པོ་གཤིན་རྗེའི་གཤེད། །ཡུམ་ནི་གཏུམ་མོ་འཇིགས་བྱེད་མ། །བཀའ་ཉན་ཕོ་བརྒྱད་མོ་བརྒྱད་སོགས། །སྣང་སྲིད་དྲེགས་པའི་ཚོགས་དང་བཅས། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། ཁྱེད་ཀྱི་ནུས་པ་གློག་ལྟར་འཁྱུག༔ ཤུགས་ནི་ནམ་མཁའི་ཐོག་ལས་ཆེ༔ དྲག་རྩལ་རི་རབ་ཀླད་ལ་བསྐོར༔ རྫུ་འཕྲུལ་སྣ་ཚོགས་ཅིར་ཡང་བསྒྱུར༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་བོ་སོད་ལ་ཤོག༔ བདུན་རྒྱུད་རྩད་ནས་ཆོད་ལ་ཤོག༔ ལེགས་པའི་བྱ་བ་བཤོལ་ལ་ཤོག༔ ཉེས་པའི་བྱ་བ་བསྐུལ་ལ་ཤོག༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ ས་ཡི་རྟེན་ཕུར་ཕྱུངས་ལ་ཤོག༔ གདུག་པའི་དཔུང་ཚོགས་འཇོམས་པར་མཛོད༔ ཅེས་བསྐུལ་ལ་གཏོར་མ་དགྲ་ཕྱོགས་སུ་བཏང་། སླར་ཡང་མངོན་པར་བསྟོད་ནས་ནོངས་པ་བཟོད་པར་གསོལ། དམ་ཚིག་ཡེ་ཤེས་གཉིས་མེད་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་ཡེ་ཤེས་གཤེགས་ཤིང་དམ་ཚིག་པ་བདག་ལ་བསྡུ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱ་བ་རྣམས་ཡིན་ནོ། །འཆི་བདག་ལས་ཀྱི་གཤིན་རྗེའི་ཕྲིན་ལས་ཕོ་ཉ་མྱུར་མགྱོགས་ཞེས་བྱ་བ་འདི་ནི་སྲིན་པོའི་ལོ་ནག་པ་ཟླ་བའི་སྟོང་གི་མཚན་མོའི་ཉིང་འཁྲུལ་གྱི་ངེས་པ་བརྟན་པོ་ལས་མི་རིང་བའི་དུས་དེ་ཉིད་དུ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་བཛྲ་ཨཀྵ་རས་ཡི་གེར་བཏབ་པའོ།། །།
དཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ་ (Volume 52, Text 41)
༄༅། །དཔལ་བདེ་མཆོག་མཁའ་འགྲོ་གསང་སྒྲུབ་ཀྱི་སྨིན་བྱེད་ཆོག་ཟིན་བལྟས་ཆོག་ཏུ་བཀོད་པ་དབང་ཆེན་འཕྲུལ་གྱི་བཅུད་འབེབ་ ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཙཀྲ་སམྦ་རཿཡེ། བདེ་མཆོག་བདེ་བའི་གཟི་བརྗིད་ཀྱིས། །སྲིད་ཞིའི་དྲྭ་བ་ཡོངས་སུ་སྡོམ། ཁམས་གསུམ་དབང་མཛད་ལྷ་མཆོག་དེས། །སྣང་སེམས་རང་དབང་འདུས་བྱིན་རློབས། །གར་གྱི་དབང་ཕྱུག་གསང་མཛོད་བཅུད། །རྨད་བྱུང་སྒྲུབ་ཐབས་ནོར་བུའི་དབྱིག །ཕྱོགས་ལྷུང་འདམ་དུ་བོར་བ་གང་། །བྱི་དོར་སྐལ་པ་དེང་འདིར་བབས། །དཔལ་བདེ་མཆོག་འཁོར་ལོ་དབང་མཛད་མཁའ་འགྲོ་གསང་སྒྲུབ་ཀྱི་དབང་བསྐུར་བགྱི་བ་ལ་དོན་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། དབེན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་གསང་སྒྲུབ་ཀྱི་བླ་རྡོ་ཙཀྲ་སོགས་བཀྲམ་པའི་མདུན་དུ་སྟེགས་བུ་ལ་མཎྜལ་དབུས་ཟླ་གམ་དམར་པོ། དེ་རྒྱབ་པདྨ་འདབ་བརྒྱད་ཕྱོགས་མདོག་ཏུ་བྲིས་པའི་སྟེང་ཁྲིའུའི་ཁར་མོ་ཐོད་མཚན་ལྡན་གྱི་ནང་ཆང་ལ་ཨ་མྲྀཏ་སྨན་སྣ་ཚོགས་ཚད་བཏབ་པའི་ཁར་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཟླ་གམ་གྱི་དབུས་སུ། གུ་རུ་པདྨ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ་ཧྲཱིཿམ། གྲྭ་རྣམས་ལ་ཧ་རི་ནི་ས་ར་ཙ་ཧྲི་ཡ། དེ་རྒྱབ་མུ་ཁྱུད་ལ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ༔ ཁྱོད་ནི་འདོད་པའི་གཙོ་མོ་སྟེ༔ སྲིད་གསུམ་ཐམས་ཅད་དབང་དུ་སྡུས༔ བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ བྱ་བ་བྲིས་པ་བཀབ་པའི་སྟེང་དུ་བྱང་སེམས་དཀར་དམར་དང་། བུ་རམ་ཅུ་གང་བསྲེས་པའི་རིལ་བུ་སློབ་མའི་གྲངས་མཉམ་བཞག་ལ་དར་དམར་པོའི་གུར་ཕུབ། མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་གྱི་སྐུ་ཙཀ་བཀོད། རྒྱབ་ངོས་སུ་དབང་གཏོར་ཟླ་གམ་དམར་པོ་རྒྱན་ལྡན་དར་དམར་གྱི་གདུགས་ཕུབ་པ་དང་། མདུན་ངོས་སྨན་གཏོར་རཀྟ། ཕྱི་མཆོད་བསྐོར་བཤམ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པ་རྣམས་ཉེ་བར་བསྡོག་གོ །གཉིས་པ་དངོས་གཞི་ལ། དང་པོ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་དང་སྐྱབས་སེམས་ནས་བརྩམ་ལས་གཞུང་བསྲང་། བདག་བསྐྱེད་གསལ་བཏབ་ཟིན་པ་དང་། བདག་ཉིད་ཡི་དམ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་ཨཱོྃ་གུ་རུ་པདྨ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཞེས་མདུན་གྱི་མེ་ལོང་དུ་འཕྲོས་པས་དཔལ་བདེ་མཆོག་ཡབ་ཡུམ་བླ་མ་ཐོད་ཕྲེང་རྩལ་དཔའ་བོ་མཁའ་འགྲོ་རིགས་ལྔ་དང་བཅས་པའི་དཀྱིལ་འཁོར་གསལ་བར་གྱུར། ཅེས་བསྒོམས་ལ། སྤྱན་འདྲེན་ནས་བསྟོད་པའི་བར་ལྷན་ཅིག་ཏུ་བྱ། དེ་ནས་རྩ་བའི་བསྙེན་པ་ནི། བདག་ཉིད་ཡབ་ཡུམ་གྱི་ཐུགས་ཀར་ཧྲཱིཿམ་ལ་རྩ་སྔགས་སོ་སོས་བསྐོར་བ། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ཡུམ་གྱི་ཞལ་ནས་ཐོན། ཡབ་ཞལ་ནས་ཐུགས་ཀར་བབས། སྲོག་སྔགས་གཉིས་འབྲེལ་དབུ་མའི་ནང་ནས་མར་སོང་། ཞལ་ནས་པདྨར་བབས། པདྨ་ནས་དྷཱུ་ཏིའི་ནང་བརྒྱུད་མགལ་མེའི་འཁོར་ལོ་ལྟར་འཁོར་བར་བསམ་ལ། ཨཱོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨཱོྃ་ཛཾ་བྷི་མོ་ཧ་ར་ལ་སྭཱ་ཧཱ༔ ཞེས་པ་སྟོང་ཕྲག་བཟླ། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ལྷའི་ཐུགས་ཀར་ཕོག༔ དེ་ལས་འོད་འཕྲོས་འཕགས་པའི་ཚོགས་རྣམས་མཆོད༔ འོད་ཟེར་ཚུར་འདུས་ལྷའི་ཐུགས་ཀར་ཐིམ༔ དེས་ཐུགས་རྒྱུད་བསྐུལ་ནས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་མེ་ལོང་ཐོད་པར་བབས༔ དེ་ལས་འོད་ཟེར་འཕྲོས་ལྷ་འདྲེ་མི་གསུམ་དབང་དུ་བསྡུས༔ ལོངས་སྤྱོད་ཆར་བཞིན་དུ་བབས་པར་གྱུར༔ ཅེས་བསྒོམ་ལ། ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ཏྲི་ནྲྀ་ཛ་སིདྡྷི་ཀུ་རུ་སྡུས་པཱ་ཤཾ་ཀུ་རུ་ཧཱུྃ་ཛ༔ ཞེས་ཅི་ནུས་བཟླ། སྟོང་ཚིགས་མཆོད་བསྟོད་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས། བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་དབང་བསྐུར་བའི་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བྱིན་བརླབས་ལ་བསྔོ། ལས་བྱང་ལྟར་བགེགས་བསྐྲད་མཚམས་བཅད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་ཇི་ལྟར་རིགས་པ་དང་། ཁྱད་པར། འདིར་སྐབས་སུ་བབས་པའི་ལོ་རྒྱུས་ཅུང་ཟད་སྙད་ན། དཔལ་བདེ་མཆོག་འཁོར་ལོ་དབང་ཆེན་རྟ་མགྲིན་རྒྱལ་པོ་དང་དབྱེར་མེད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཕེབས་པའི་ཚེ། ཕ་ཝཾ་མཆོད་རྟེན་འདྲ་བ་ནུབ་མོར་དཔའ་བོ་མཁའ་འགྲོས་བསྐོར་བ་བྱེད། དུས་བཟང་རྣམས་སུ་སྲིད་པ་ཕོ་རྒྱུད་མོ་རྒྱུད་མི་དང་མི་མ་ཡིན་མང་པོ་འདུས་ནས་ཕྱག་དང་བསྐོར་བ་བྱེད་པ་གཟིགས་པས་དེར་གདམས་པ་ཁྱད་པར་ཅན་ཞིག་ཡོད་པར་དགོངས་ཏེ། བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་གཏོར་རྒྱ་ཆེན་པོ་ཕུལ་ནས་བཏོན་པས་བསེའི་གྭའུ་ནང་ནས་བདེ་མཆོག་འཁོར་ལོའི་གསང་སྒྲུབ་འདི་ཉིད་བྱུང་། དེར་ཕྱག་ལེན་མཛད་པས་རྒྱ་གར་བའི་ཡུལ་ལྗོངས་ཐམས་ཅད་དབང་དུ་འདུས། བོད་ཡུལ་དུ་མངའ་བདག་རྒྱལ་པོས་སྤྱན་དྲངས་ཏེ་དཔལ་གྱི་བསམ་ཡས་བཞེངས་གྲུབ་པའི་ཚེ་དབུ་རྩེའི་བྱ་འདབས་སུ་སློབ་དཔོན་ཉིད་དགོངས་པ་ལ་བཞུགས་པའི་དུས་སུ། རྒྱལ་པོས་གསེར་གཡུ་མུ་ཏིག་གི་མཎྜལ་ཕུལ། གསེར་སྐྱེམས་ཞལ་དུ་དྲངས་ནས་མི་ནོར་ཟས་གསུམ་དབང་དུ་སྡུད་པའི་གདམས་པ་ཞིག་གནང་བར་ཞུས་པས། སྔོན་གྱི་ལོ་རྒྱུས་རྣམས་གསུངས་ཤིང་སྲིད་པ་ཕོ་རྒྱུད་ཀྱི་བདག་པོ་བདེ་མཆོག་དང་། སྲིད་པ་མོ་རྒྱུད་ཐམས་ཅད་ཀྱི་རྒྱལ་མོ་རྡོ་རྗེ་ཕག་མོ་མཛེས་མ་རྒྱན་གྱི་འཁོར་ལོ་ཞེས་བྱ་བའི་གདམས་ངག་རྫོགས་པར་གནང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དཔེ་ཚར་གསུམ་དུ་བྲིས་ཏེ། གཅིག་དང་ལུང་ཕུ། གཅིག་སྲིན་མོ་སྦར་རྗེས་བྲག་ལ་སྦས། ཐམས་ཅད་ཀྱི་མཐར་ཐུག་ཆ་ལག་ཚང་བ་འདི་ཉིད་བསམ་ཡས་དབུ་རྩེའི་སྟེང་ཁང་གི་གདུང་གཡུང་དྲུང་རིས་གསེར་གྱི་པ་ཏྲ་འཁྱིལ་བར་གཏེར་དུ་སྦས་ཤིང་རྒྱལ་པོ་གཡུ་ཕྲེང་ཅན་ལ་གཉེར་དུ་གཏད་པ། ཕྱི་དུས་ལྷ་སྲས་དམ་འཛིན་ཡེ་ཤེས་རོལ་པ་རྩལ་གྱི་སྐྱེ་མཐའ་རིག་འཛིན་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་གསང་བའི་གཏེར་ནས་ཕྱུང་སྟེ་སྐལ་ལྡན་རྣམས་ལ་སྤེལ་བར་མཛད་པ། བདེ་མཆོག་འཁོར་ལོ་མཁའ་འགྲོ་གསང་སྒྲུབ་ཡིད་བཞིན་ནོར་བུའི་དབང་བསྐུར་བ་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་དཔལ་བདེ་མཆོག་ཡབ་ཡུམ་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པ་ལ། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་ཡི་དམ་སོགས་ལས་བྱང་ལྟར་ལན་གསུམ། མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་བདེ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་ཆེན་ཟབ་མོའི་ཉེ་ལམ་བསྒྲུབ་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་གིས་དུས་འདི་སོགས་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཡན་ལག་བདུན་ལྡན་གྱི་གསག་སྦྱོང་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་སོགས་གསུམ། སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ བདག་ནི་ལས་དང་སྐལ་པར་ལྡན༔ བདག་གཞན་ཐུགས་རྗེས་བསྐྱབ་པའི་ཕྱིར༔ རྩ་བ་གསུམ་གྱི་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་བླ་མས༔ ཀྱེ་མ་རིགས་ཀྱི་བུ་ཁྱོད་གསོན༔ ཀུན་ནས་བར་ཆད་མི་མངའ་འམ༔ འབྱོར་པ་ཀུན་དང་ལྡན་གྱུར་ཏམ༔ ཡོ་བྱད་རྫས་རྣམས་ཀུན་ཚོགས་སམ༔ རྩ་གསུམ་དམ་ཚིག་བསྲུང་ནུས་སམ༔ འགྲོ་དོན་རྒྱ་ཆེན་བྱེད་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བར་མོས་ལ་འདིའི་རྗེས་ཟློས། བདག་ནི་བླ་མས་ཅི་ལྟར་གསུང་བཞིན་ལྡན༔ དམ་ཚིག་དུས་ལས་འདའ་རེ་ཀན༔ ཞེས་བརྗོད་དུ་གཞུག །དེ་ནས་དམ་ཚིག་གི་མནའ་ཆུ་བླུད་པ་ནི། དུང་ཞལ་གྱི་ཆུ་ནང་མཆོད་སྦྱར་བ་བྱིན་ལ། ཧཱུྃ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ འདས་ན་སྲེག་ཅིང་དམྱལ་བར་ལྟུང༔ བསྲུངས་ན་དངོས་གྲུབ་ཆེན་པོ་ཐོབ༔ ཅེས་དམ་ཆུ་བླུད༔ དེང་ཕྱིན་ཆད་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་ཚུལ་བཞིན་བསྲུང་བར་བྱ་དགོས་སོ། །ཞེས་གདམས། དེ་ནས་དབང་དོན་གྱི་དངོས་གཞི་ཡེ་ཤེས་པའི་བྱིན་རླབས་རྒྱུད་ལ་འབེབ་པ་ཡིན་པས་ཁྱོད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ་བའི་ངང་། །རྟོག་མེད་རོ་གདན་པདྨ་ཉི་ཟླའི་སྟེང༔ རང་རིག་ཧྲཱིཿལས་རྡོ་རྗེ་ཡོངས་གྱུར་པ། ཁྱེད་རྣམས་ཁྲོ་རྒྱལ་བདེ་མཆོག་འཁོར་ལོའི་སྐུ༔ སོགས་མངོན་རྟོགས་ལྟར་བརྗོད། ཞབས་རྣམས་བརྐྱང་བསྐུམ་བརྗིད་ལྡན་ཚུལ་གྱིས་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་དང་སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། རང་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད་ཅིག །འབེབ་རྫས་བདུག །ཌཱ་དྲིལ་དབྱངས་ཀྱིས་བསྐུལ་ཏེ་སྤྱན་འདྲེན་དང་། སྙིང་པོ་ཚན་གཉིས་ཀྱི་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །དེ་ནས་དངོས་གཞི་དབང་བཞི་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཐོད་པ་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་ལུས་དཀྱིལ་དཔའ་བོ་མཁའ་འགྲོ་སྤྱི་བོར་རིགས་བདག་བླ་མ་རྡོ་རྗེ་ཐོད་ཕྲེང་དང་བཅས་པར་གསལ་བའི། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་སྤྱི་གཙུག་ཏུ་ཕོག༔ ལུས་ཀྱི་སྡིག་སྒྲིབ་གསུམ་པོ་ལ་སོགས་པ་དག་ནས༔ དཔའ་བོ་དྷཱ་ཀི་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ནས་ལུས་ལ་ཐིམ་པས༔ སྐུའི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་གཉིས་སུ་མེད་པར་སྒོམས་ཤིག༔ བྷནྡྷ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་རིགས་ལྔ་གསང་བའི་སྐུ༔ བྷནྡྷ་ཟླུམ་པོ་ཡེ་ཤེས་ཕོ་བྲང་ནས༔ དྷཱ་ཀི་ཡབ་ཡུམ་སྐུ་ཡི་དབང་བསྐུར་རོ༔ ཧྲཱིཿམ་ཕ་ལ་སིདྡྷི་གུ་རུ་དྷཱ་ཀི་ནཱི་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད༔ དེས་ལུས་དག་པར་བྱེད་པ་བུམ་པའི་དབང་ཐོབ༔ སྐལ་པ་བསྐྱེད་རིམ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུ་ཐོབ༔ གཟུགས་སུ་གྱུར་པ་ཐམས་ཅད་དབང་དུ་འགྱུར་རོ༔ གཉིས་པ་གསང་བའི་དབང་ལ་དམིགས་པ་འདི་ལྟར་མཛོད། ལྷ་ཚོགས་རྣམས་ཀྱི་གསུང་ལས་འོད་ཟེར་དམར་པོ་འཕྲོས༔ སློབ་མའི་མགྲིན་པར་ཕོག༔ ངག་གི་སྒྲིབ་པ་བཞི་ལ་སོགས་པ་ཐམས་ཅད་དག་ནས༔ དྷཱ་ཀི་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ངག་ལ་ཐིམ་ནས༔ གསུང་གི་དངོས་གྲུབ་ཐོབ་གཉིས་སུ་མེད་པར་སྒོམས་ཤིག༔ མེ་ལོང་མགྲིན་པར་བཞག །ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ བྱང་སེམས་དཀར་དམར་ཧེ་རུ་ཡབ་ཡུམ་བཅུ༔ བོ་དྷི་ཙིཏྟ་བྱང་ཆུབ་སེམས་ཀྱི་རྒྱུན༔ གསང་བའི་དམ་རྫས་བདུད་རྩིའི་བཅུད་ཆེན་པོ༔ དྷཱ་ཀི་ཡབ་ཡུམ་གསུང་གི་དབང་བསྐུར་རོ༔ ཧྲཱིཿམ་ཨཱརྱ་དེ་ཝ་ཕ་ལ་སིདྡྷི་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད༔ དེས་ངག་དག་པར་བྱེད་པ་གསང་བའི་དབང་ཐོབ༔ སྐལ་པ་བདུད་རྩི་ལྔ་ལ་སྤྱོད་པ་དང༔ ངག་སྙིང་པོ་བཟླ་བ་ལ་དབང༔ འབྲས་བུ་ལོངས་སྐུ་ཐོབ༔ སྒྲ་གྲགས་སྟོང་དབང་དུ་འདུ་འོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དམིགས་པ་འདི་ལྟར་མཛོད་ཅིག །ལྷ་ཚོགས་རྣམས་ཀྱི་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་ཐུགས་ཀར་ཐིམ༔ ཡིད་ཀྱི་སྒྲིབ་པ་གསུམ་པོ་ཐམས་ཅད་ལ་སོགས་པ་བྱང་ནས༔ དཔའ་བོ་དྷཱ་ཀི་མ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ཐུགས་ལ་ཐིམ་ནས༔ ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་གཉིས་སུ་མེད་པར་སྒོམས་ཤིག༔ བྱང་སེམས་རིལ་བུ་སྦྱིན་ལ། ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཡི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ལས་བྱུང༔ འགྱུར་མེད་ཡེ་ཤེས་ཆོས་སྐུ་བདེ་བ་ཆེ༔ ཕྱག་རྒྱ་ཆེན་པོ་རྫོགས་པའི་དབང་བསྐུར་རོ༔ ཧྲཱིཿམ་ཧ་རི་ནི་ས་ན་མ་ཏི་ཨ་ཨ༔ ན་མ་སིདྡྷི་ཧཱུྃ་ཧཱུྃ་ཧྲིང་ཧྲིང༔ ཞེས་བརྒྱ་རྩ་བརྒྱད་བརྗོད༔ དེས་ཡིད་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྐལ་པ་རྫོགས་པའི་རིམ་པ་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་སྐུ་ཐོབ༔ སངས་རྒྱས་ཐུགས་གནས་ཆོས་དབང་དུ་འདུ་འོ༔ བཞི་པ་ཚིག་དབང་རིན་པོ་ཆེས་ངོ་སྤྲད་པ་ཡིན་པས་བརྡ་འདི་ཉིད་ཀྱིས་མཚོན་ནས་དོན་གྱི་གནས་ལུགས་རྟོགས་པར་གྱིས་ཤིག །དཔའ་བོ་མཁའ་འགྲོ་རིགས་ལྔ་ཡབ་ཡུམ་བཅུའི་སྐུ་ཙཀ་མེ་ལོང་ངོས་སུ་ཤར་བར་བྱས་པ་བསྟན་ལ། འདི་ལྟར་སྐུ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་ངོ་ཤེས་པར་གྱིས་ཤིག །ཐུགས་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་ངོ་ཤེས་པར་གྱིས་ཤིག །དྷཱ་ཀི་ཡབ་ཡུམ་ལྔ་ཡང་ཕྱི་ལྟར་ན་སྐུ་ལྔ༔ ནང་ལྟར་ན་མཁའ་འགྲོ་ལྔ༔ གསང་བ་ལྟར་ན་ཡེ་ཤེས་ལྔའོ༔ ཕྱི་ལྟར་ན་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་ཆོས་ཀྱི་སྐུ༔ རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྤྲུལ་པའི་སྐུ༔ པདྨ་མཁའ་འགྲོ་ཡབ་ཡུམ་ངོ་བོ་ཉིད་ཀྱི་སྐུ༔ ཀརྨ་མཁའ་འགྲོ་ཡབ་ཡུམ་མངོན་པར་བྱང་ཆུབ་པའི་སྐུ༔ ནང་ལྟར་ན༔ བྷུདྡྷ་ཡབ་ཡུམ་གཏི་མུག་རྣམ་པར་དག་པ༔ བཛྲ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ༔ རཏྣ་ཡབ་ཡུམ་ང་རྒྱལ་རྣམ་པར་དག་པ༔ པདྨ་ཡབ་ཡུམ་འདོད་ཆགས་རྣམ་པར་དག་པ༔ ཀརྨ་ཡབ་ཡུམ་ཕྲག་དོག་རྣམ་པར་དག་པ༔ གསང་བ་ལྟར་ན༔ ཡེ་ཤེས་ལྔ་ནི༔ བུདྡྷ་ཡབ་ཡུམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས༔ བཛྲ་མེ་ལོང་ཡེ་ཤེས༔ རཏྣ་མཉམ་ཉིད་ཡེ་ཤེས༔ པདྨ་སོར་རྟོག་ཡེ་ཤེས༔ ཀརྨ་བྱ་གྲུབ་ཡེ་ཤེས༔ ལྟ་བ་སངས་རྒྱས་དྷཱ་ཀི་ཡབ་ཡུམ་སྟེ༔ གང་ཤར་རང་བྱུང་མ་འགགས་པ༔ རང་བཞིན་མི་འགྱུར་རང་ལ་ཤར་བ་ཡིན༔ སྒོམ་པ་རྡོ་རྗེ་དྷཱ་ཀི་ཡབ་ཡུམ་སྟེ༔ མི་འགྱུར་མི་ཤིགས་རང་གསལ་བསྒོམ་དང་བྲལ༔ སྤྱོད་པ་རིན་ཆེན་དྷཱ་ཀི་ཡབ་ཡུམ་སྟེ༔ ཆགས་མེད་སྐྱོན་བྲལ་ཅིར་ཡང་མཐུན་པར་སྤྱོད༔ འབྲས་བུ་པདྨ་དྷཱ་ཀི་ཡབ་ཡུམ་སྟེ༔ ཆགས་མེད་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ དམ་ཚིག་ལས་ཀྱི་དྷཱ་ཀི་ཡབ་ཡུམ་སྟེ༔ འགྲོ་དོན་ཐབས་མཁས་ཕྲིན་ལས་སྣ་ཚོགས་སྤྱོད༔ ལྟ་སྒོམ་སྤྱོད་པ་འབྲས་བུ་ཡང༔ མཁའ་འགྲོ་ཕོ་མོའི་སྲོག་ལ་ཚང༔ ཧྲཱིཿནི་མི་འགྱུར་ཆོས་དབྱིངས་ངང༔ མ་ནི་ཡེ་ཤེས་རྩལ་ཉིད་དོ༔ ཧྲཱིཿནི་ཐབས་ཆེན་འགྱུར་བ་མེད༔ མ་ནི་བདེ་ཆེན་འགྱུར་མེད་དབྱིངས༔ དབྱེར་མེད་ཉི་མའི་འོད་ཀྱི་ཚུལ༔ ཧ་ནི་སྲ་མཁྲེགས་འབྲས་བུ་སྟེ༔ ཕྱོགས་ལྷུང་མེད་པའི་ནམ་མཁའ་འདྲ༔ རི་ནི་མི་འགྱུར་སྒོམ་པ་ཡིན༔ རི་རབ་བརྟན་ཅིང་མི་འགྱུར་བ༔ ནི་ནི་དབང་སྡུད་གཅོད་པ་སྟེ༔ འབྱུང་བ་ཆེན་པོ་ཀུན་ཏུ་གཡོ༔ ས་ནི་སྲ་མཁྲེགས་འབྲས་བུ་སྟེ༔ རིན་ཆེན་གླིང་དུ་ཕྱིན་པ་འདྲ༔ ར་ནི་རང་བཞིན་ལྟ་བ་ཆུ་ལ་རལ་གྲི་བཏབ་པ་འདྲ༔ ཙ་ནི་སྒོམ་པ་ཡེངས་མེད་ཆུ་རྒྱུན་འདྲ༔ ཧྲི་སྤྱོད་པ་ཉམས་མྱོང་རྒྱ་མཚོ་བརྡོལ་བ་འདྲ༔ ཡ་འབྲས་བུ་སྤྱད་ཀྱིས་མི་ཟད་འདྲ༔ ཡི་གེ་བཅུ་པོ་ཡབ་ཡུམ་སྲོག༔ རང་བྱུང་ཆེན་པོ་ཡེ་ནས་གནས༔ བཟླས་པ་ཙམ་གྱིས་མཁའ་འགྲོ་འོང༔ མ་ལ་བུས་འབོད་བྱ་བ་ཡིན༔ སྣང་སྲིད་གྲགས་ཚད་དྷཱ་ཀིའི་སྒྲ༔ གྲགས་པ་གསུང་གི་ཁྱེར་སོ་ཡིན༔ ངག་ཏུ་བཟླས་པས་དྷཱ་ཀི་འོང༔ ཡིད་ཀྱིས་བཟླས་པས་རྟོགས་པ་འཆར༔ སེམས་ཉིད་སྟོང་པ་ཆེན་པོའི་ངང༔ རང་བྱུང་རང་རྩལ་མ་འགགས་གསལ༔ རྣམ་རྟོག་འགྱུ་དྲན་དངོས་པོ་སྟོང༔ ཡེ་ཤེས་ལྷག་གིས་སྐྱེས་པར་གནས༔ ད་གདོད་གསལ་ཞིང་བསྒྲུབ་ཏུ་མེད༔ དེ་ལྟར་དཀྱིལ་འཁོར་གསུམ་བསྒོམས་པས༔ ལུས་ནི་ལྷ་ཡི་དཀྱིལ་འཁོར་ལ༔ བྲེང་ཆད་མེད་པར་རྒྱུན་དུ་གནས༔ ངག་ནི་སྔགས་ཀྱི་དཀྱིལ་འཁོར་ལ༔ གྲངས་ཚད་མེད་པར་རྒྱུན་དུ་གནས༔ སེམས་ནི་ཆོས་ཉིད་དཀྱིལ་འཁོར་ལ༔ མཉམ་རྗེས་མེད་པར་རྒྱུན་དུ་གནས༔ དེ་ལྟར་རྒྱུན་ཆད་མེད་པ་རུ༔ རྟག་ཏུ་དེ་ཉིད་ངང་གནས་ན༔ ལུས་ལ་མཁའ་འགྲོ་དབང་འདུ་བས༔ བུད་མེད་རིགས་ཀུན་འདུ་བར་འགྱུར༔ སེམས་ལ་རྟོགས་པ་ཤར་བ་ཡིས༔ རང་ཤར་རང་གྲོལ་ཆོས་རྣམས་འདུ༔ ཚེ་འདིར་ཐུན་མོང་དངོས་གྲུབ་འབྱུང༔ ཕྱི་མ་ཆོས་སྐུ་སྐྱེ་མེད་ལས༔ ལོངས་སྐུ་སྤྲུལ་སྐུ་འགག་མེད་འཆར༔ མཆོག་གི་དངོས་གྲུབ་སྐུ་གསུམ་འགྲུབ༔ དེ་ལྟར་ངོ་སྤྲད་པས་གོང་གི་དབང་བསྐུར་བྱ་སྐུར་བྱེད་ཀྱི་འཛིན་པ་དག༔ མཁའ་འགྲོའི་དོན་ཆོས་ཉིད་དུ་ངོ་སྤྲད་པ་ནི༔ དབང་བཞི་པ་ཚིག་དབང་རིན་པོ་ཆེ་འོ༔ དེས་ལུས་ངག་ཡིད་གསུམ་གྱི་ཆགས་ཉམས་ཀྱི་འཛིན་སྒྲིབ་དག་ནས༔ སྐལ་པ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་ཞིང༔ འབྲས་བུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་འགྱུར་རོ༔ མཐའ་རྟེན་དུ་དབང་དོན་བརྟན་པར་བྱེད་པ་ནི། དེ་ནས་དྷཱ་ཀི་ཡབ་ཡུམ་གྱི་སྤྱི་བོའི་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པའི་ངང་ལས༔ རང་དྷཱ་ཀི་ཡབ་ཡུམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་ལོངས་སྤྱོད་རྫོགས་པའི་སྐུར་གསལ་བཏབ་ནས༔ ངག་གྲགས་སྟོང་དང༔ སེམས་རིག་སྟོང་དུ་གནས་པར་གྱིས་ཤིག༔ ཅེས་བརྗོད་དོ། །དེ་ནས་དབང་གཏོར་ཐོགས་ལ། གཏོར་མ་འོད་རྣམ་པ་ལྔའི་གཞལ་ཡས་ཁང་དུ་བླ་མ་དྷཱ་ཀི་ཡབ་ཡུམ་འཁོར་དང་བཅས་པ་བཞུགས་པ་རྣམས་ཀྱིས་བྱིན་གྱིས་རློབས་པའི་འདུན་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ༔ ཨཱོྃ་ཨཱཿཧཱུྃ༔ གུ་རུ་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བ་ལིཾ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ལ་གཏོར་མས་དབང་བསྐུར། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་བ་གྲུབ། རྗེས་ཀྱི་དམ་ཚིག་ལ༔ ལུས་དྷཱ་ཀི་ཡབ་ཡུམ་དུ་སྒོམས༔ ངག་བཟླས་པ༔ ཡིད་ཆོས་ཉིད་དང་མ་བྲལ་བར་བྱའོ༔ ཤིས་བརྗོད་གང་འོས་བྱ། མཚམས་སྦྱོར་སྤྱི་འཚམ་བཅས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བ་བསྔོ་བ་རྣམས་བྱས་ལ་སློབ་མ་རང་གནས་སུ་གཏང་། གསུམ་པ་རྗེས་ནི། སློབ་དཔོན་གྱིས་ལས་བྱང་ལྟར་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར། སྐོང་བཤགས་སྤྱི་རྒྱུགས་མདོར་བསྡུས་གཏང་། ཚོགས་ལ་རོལ། ལྷག་མ། ཆད་བརྟན་སོགས་རྗེས་ཀྱི་རིམ་པ་རྣམས་རྒྱལ་འདུས་བླ་མའི་ལས་བྱང་ལྟར་རམ། དཀོན་སྤྱི་ལྟ་བུའི་སྤྱི་འགྲོ་ཉུང་འདུས་སྦྱར་ལ་ས་བཅད་ཀྱི་འགྲིགས་གསང་བ་སྤྱི་ལྟར་བྱས་པས་འཐུས་སོ། །གནས་སྐབས་སྲིད་ཞིའི་དཔལ་འབྱོར་ཀུན། །རང་དབང་འདུས་ནས་གཞན་དོན་འགྲུབ། །མཐར་ཐུག་ཆོས་རྣམས་དབང་བསྒྱུར་པའི། །བདེ་ཆེན་སྣང་བའི་སྐུ་བརྙེས་ཤོག །འདིའང་ཐུན་མོང་དང་མཆོག་སྒྲུབ་པ་ལ་ཟབ་ཅིང་འདྲིལ་བའི་གཞུང་ཉུང་འདུས་ཁྱད་པར་འཕགས་པར་མཐོང་ཡང་རྒྱུན་དཀོན་པས་ཞབས་ཏོག་ཏུ་འགྱུར་བའི་ལྷག་བློས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཀྱི་བཅའ་གཤོམ་འདོན་འགྲིགས་ཟིན་བྲིས་ (Volume 43, Text 41)
བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཀྱི་བཅའ་གཤོམ་འདོན་འགྲིགས་ཟིན་བྲིས་བཞུགས་སོ། །ཨོཾ་སྭསྟི། བཅའ་བཤམ་རྣམས་གཞུང་གསལ་ལྟར་ལ་སྟོན་པའི་སྐུ་དར་དམར་སེར་གང་རུང་གི་ན་བཟའ་ཅན་བཞུགས་སུ་གསོལ་བའི་མདུན་དུ་གཡོན་ནས་བརྩམ་སྟེ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། ལྟེ་བར་ཁྲི་སྟེགས་ཁར་ཡོན་བདག་གི་འདྲ་གླུད་ཀྱི་ལྟོ་བར་ཨེ། རཾ། ཡཾ། ཁཾ་བཞི་པོ་དབུ་ཅན་བྲིས་པ་དང་། ཞོ་ཤ །དུང་། བསེ། མཚལ། ཟེར་མོ། མུ་ཏིག །ལུང་ཐང་། འགྲོན་བུ། དར་དམར། དབང་ལག །ལྕགས་ཟངས་ཚལ་བུ་རྣམས་གླུད་འཕྱོང་ནང་ལྟར་གནས་སོ་སོར་བཅུག །ཤིང་བྱང་རྒྱབ་ཏུ་འདོད་གསོལ་སྐབས་ཐོབ་གང་དགོས་ལྟར་སོ་སོར་ཁ་བསྒྱུར་ལ་བྲི། བདུད་བཞིའི་རྒྱབ་ཏུ་རང་མདོག་དང་མཐུན་པའི་མདའ་དར་བཞི་འཛུག །ཤེར་སྙིང་གཟུངས་དང་རྟེན་སྙིང་གཟུངས་གཞུག་ཅན་གྱི་སཱཙྪ་བཅུ་ཚར། དྲི་བཟང་གིས་མདོག་བསྒྱུར་པའི་རབ་གནས་འཐོར་ནས་བཅས་ཉེ་ཆར་བཀོད། གཞན་རྣམས་གཞུང་བསྟན་ལྟར་ལས་བསྣན་འཕྲི་མེད། དངོས་གཞིའི་ཐོག་མར། སྨྲ་བསམ་བརྗོད་མེད་སོགས་དང་། འདི་སྐད་བདག་གིས་ཐོས་པ་སོགས་ནས། མངོན་པར་བསྟོད་དོ།བར་ཚར་གཅིག་མཐར། ཆོས་སྤྱོད་ལས་འབྱུང་བ་ལྟར་སྐྱབས་སེམས་དང་ཚད་མེད་བཞི་ཡན་གྲུབ་ནས་གཞུང་གི །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས་ལྷུག །ས་མ་ཡ་ཛཿཛཿཞེས་རྡོར་དྲིལ་བཅས་བསྡུ་རྒྱ། ཐལ་སྦྱར་བཅས། མགོན་པོ་ཐུགས་རྗེ་སོགས་ཡོ་གདངས་དང་ལྷུག་གཉིས་གང་བདེ། པད་མེད་རང་རྒྱ་བཅས་ཨརྒྷཾ་སོགས་ཤབྡར་རོལ་སིལ། རང་རྒྱ་བཅས་ཛཿཧཱུྃ་བཾ་ཧོཿསོགས་ནས། བསྐོར་བར་གྱུར།བར། བཟླས་པ་༡༠༠༠ རང་གི་ཐུགས་ཀའི་སོགས། རྡོར་གསོར་དང་བཞི་དྲིལ་བཅས་ཆོས་སྤྱོད་ལྟར། མ་ལུས་སེམས་ཅན་སོགས་ནས། མཆོད་པའི་གནས་འདིར་གཤེགས་སུ་གསོལ། བར་ཡོ་གདངས་དང་ལྷུག་གཉིས་གང་བདེ། མཇུག་རོལ་སིལ། པད་མེད་རང་རྒྱས་ཨརྒྷཾ་སོགས་རོལ་སིལ། ཡོ་ག་བཞི་དྲིལ་བཅས། བསྟོད་པར་འོས་པ་སོགས་མཐར། ནམ་མཁའི་ལྷ་སོགས་ནས། ཐིམ་པར་གྱུར།བར། རྟེན་སྙིང་ཉེར་གཅིག་བཟླས་མཐར་ནས་བརླབས། ཐམས་ཅད་མཁྱེན་པ་ལ་སོགས་ནས། ཡང་དག་པ་རྣམས་སོ།བར། དེ་ནས་ཞྭ་བཅས་ཡེ་དྷར་དང་དྲིལ་གསིལ་སྔོན་འགྲོས་རང་གདངས་སམ་ལྷུག་གཉིས་གང་བདེ་བཞི་དྲིལ་བཅས་ཕུན་སུམ་ཚོགས་པ་སོགས་ལྷུ་གསུམ། མཇུག་རོལ་སིལ། ཞྭ་ཕུད། པད་མེད་རང་རྒྱ་བཅས། ཨརྒྷཾ་སོགས་རོལ་སིལ། བཞི་དྲིལ་དང་ཡོ་གདངས་བཅས། བསྟོད་པར་འོས་པ་སོགས། དྲིལ་བཞག །ལྷུག་གིས་ཇི་སྙེད་སུ་དག་སོགས་ནས། ཆེན་པོར་བསྔོ།བར། སྔགས་དྲུག་སྐབས་པད་མེད་རང་རྒྱ་བཅས་སོ་སོའི་སྔགས་ཚར་གསུམ་རེ་དང་གྱུར་ཅེས་དུས་རྒྱ་བཀྲོལ་ཏེ་སེ་གོལ་རེ། ན་མོ། བདག་གི་བསམ་པའི་སོགས་ལྷུག་འདོན། སྐབས་འདིར་གསེར་སྐྱེམས་འདོན་ན་རང་གདངས་རོལ་བཅས་འདོན། རྗེས་ཟིལ་མཇུག་དང་། གསེར་སྐྱེམས་མི་འདོན་ན། ཐང་གསུམ་ཟིལ་མཐར། སྦྲམ་ སྦྲམ་ ཐང་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ ཐང་ སྦྲམ་ ཐང་ སྦྲམ་ ཐང་ཟད་ནས་རྩེ་ཕྲན་གྱིས་བདུད་མགོན་བསྟོད་དབྱངས་ལྟར། ཀྱེ། སངས་ རྒྱས་ རྐང་ གཉིས་ གཙོ་ སྟེ་ བདེན་ པའི་ མཆོག །ཆོས་ ཉིད་ ཆགས་ དང་ བྲལ་ ཏེ་ བདེན་ པའི་ མཆོག །དགེ་ འདུན་ འདུས་ པའི་ གཙོ་ སྟེ་ བདེན་ པའི་ མཆོག །བདེན་ པའི་ མཆོག་ ནི་ དཀོན་ མཆོག་ གསུམ་ གྱི་ བཀའ། སྦྲམ་ ༡ ༢ སོགས་ཡང་སྐྱར་རོལ་གདངས་གོང་ལྟར་གྱིས་བཀའ་ལ་ཉོན།བར། དེ་ནས་དབྱངས་རོལ་རྗེས་ཟློག་རོལ་ཆུང་བས། ཀྱེ། སྲིད་གསུམ་འདི་ན་སོགས་ནས། ཕྱག་སོར་བཞི་ཡི་རྩེ་ལ་བཞུགས།བར། སྦྲམ་སོགས་ཟློག་རོལ་ཆུང་བ་དང་ཟིལ་འབེབ་འོག་སྔགས། མཐར་ཟློག་རོལ་ཆུང་བས། ཀྱེ། སྔོན་ཚེ་རྒྱལ་བ་སོགས་ནས། སྲི་ཞུའི་མགྲོན་དང་ལྡན་གྱུར་ཅིག །སྦྲམ་ སྦྲམ་ ༡ ༢ ༣ ༤ ༥ ༦ ༧ ༨ ༩ སྦྲམ་ སྦྲམ་གྱིས་བཞག །དེ་ནས་ཁ་འབར་མའི་སྔགས། ན་མཿས་མནྟ་བུདྡྷ་ནཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ།གིས་བསྔོ་ཞིང་། བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ལོངས་སྤྱོད་ཀྱི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿས་ཕྲིན་ལས་གསོལ། གཏེར་ཆེན་ཟིན་བྲིས་ལ་དེ་ལྟར་མི་འབྱུང་ཡང་ཞལ་ཁྲིད་ལས་འབྱུང་བ་ལྟར་བཀོད་པ་ལགས། གོང་དུ་གསེར་སྐྱེམས་མ་གྲུབ་ན་འདིར་གཏང་། དེ་ནས་མགོ་རོལ་མེད་པས། ཀྱེ། མཐོ་བ་རྣམས་ནི་སོགས་ནས། རླུང་ལྷའི་དམག་ཚོགས་ཟློག་ཏུ་གསོལ། །ཨོཾ་ཨ་པ་ར་སོགས། ཡེ་སྭཱ་ཧཱ། སྦྲམ་སོགས་ཟློག་ཆུང་གིས་བཞག །ཟིལ་མེད། སྐབས་སོ་སོར་གཞུང་གསལ་ལྟར་སྐྱེམས་འབུལ་ཞིང་། ནས་ནག་གིས་བྲབ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་སོགས་མཐར། ནམ་མཁའ་མཛོད་སྔགས་རང་རྒྱ་བཅས་ལན་གསུམ། མགོ་རོལ་མེད་པས། ཧཱུྃ། སྲིད་གསུམ་འདི་ན་སོགས་ནས། སྐྱེ་མཆེད་མུ་བཞིའི་གནས་སུ་དེངས།བར་གཏང་། ཟློག་ཆུང་གིས་བཞག །ཟིལ་མེད། ཐལ་སྦྱར་མེ་ཏོག་བཅས། ན་མོ། བརྒྱ་བཞིའི་སོགས་སྨན་གདངས། མཐར་མེ་ཏོག་འཐོར། མགོ་རོལ་མེད་པས། ཀྱེ། མཆོད་སྦྱིན་བརྒྱ་བཞིའི་སོགས་ནས། ཆག་ཆེ་ཉམ་ང་བརྒྱ་བཞིས་ཟློག །བར་རོལ་ཟློག་ཆུང་གིས། གོང་གི་ ཀྱེ། མཐོ་བ་རྣམས་ནི་སོགས་ནས་འདི་ཡན་གྲངས་བསགས། ཚར་རྗེས་མའི་ཟློག་པར་གཞུང་གསལ་ལྟར་ཐལ་རྡེབ་བྱ། དེ་མིན་གྲངས་གསག་ཚེ་ཐལ་རྡེབ་མེད། སྐབས་འདིར་གྲངས་རྫོགས་ཉེ་བའམ་ཡང་ན་ཚོགས་གྲོལ་ཚེ་མཆོད་གཡོག་པས་མཐོང་བརྒྱུད་བཞིན་ནང་ནས་སྒོའི་བར་རིམ་པར། དང་པོ་གླུད་གཏོར་རྣམས་སྣོད་གཅིག །ཕུང་བདུད་སེར་པོ་དང་སཱཙྪ་སྣོད་གཅིག །འཆི་བདུད་ནག་པོ་དང་ལན་ཆགས་སྣོད་གཅིག །ཉོན་བདུད་དམར་པོ་དང་མར་མེ་སྣོད་གཅིག །ལྷ་བདུད་དཀར་པོ་དང་ཞལ་ཟས་སྣོད་གཅིག །དེ་དག་གི་མདུན་གསེར་སྐྱེམས་བཅས་བཤམ། ཚར་རྗེས་མའི་ཟློག་རོལ་ཆུང་བས་སམ། ཚོགས་གྲོལ་བ་ཡིན་ན་ཐང་གསུམ་ཟིལ་དང་ཟློག་ཆུང་གིས། ཧཱུྃ། ཉོན་ཅིག་བགེགས་དང་སོགས་ནས། དམ་ཚིག་ལས་ནི་མ་འདའ་ཞིག །བར། ཟློག་ཆུང་མཐར་ཟིལ་བཞག །དེ་ནས་རང་རོལ་དབྱངས་བཅས། ཧཱུྃ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན། །གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ། །དཀར་པོའི་ཕྱོགས་ལ་མི་འཕེན་ནོ། །ཁྱེད་རྣམས་རང་རང་གནས་ལ་གཤེགས། །ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན། །ཕྱོགས་དེར་གནས་པའི་གཞི་བདག་རྣམས། །སྐུ་གཟུར་དབུ་སྨོད་ཞབས་སྡུས་ལ། །དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེ། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར། །དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག །ཅེས་གསེར་སྐྱེམས་གཏང་། ཡས་གླུད་རྣམས་ནད་པ་སོགས་ཕོ་ལ་གཡས་དང་མོ་ལ་གཡོན་དུ་བསྐོར་བ་དང་བཅས། ཟློག་རོལ་ཆུང་བས། ཧཱུྃ། བགེགས་ཀྱི་རྒྱལ་པོ་སོགས་ནས། སྐྱེ་མཆེད་རིགས་བཞིའི་གནས་སུ་དེངས།བར། ཟློག་ཆུང་མཐར་སྦྲེལ་ཏེ་དྲག་རྡུང་གིས། གང་ཞིག་མཚན་མོ་སོགས། འདིའི་དུས་ལྷ་བདུད་དང་ཞལ་ཟས་ཤར། ཉོན་བདུད་དང་མར་མེ་ནུབ། འཆི་བདུད་དང་ལན་ཆགས་ལྷོ། ཕུང་བདུད་དང་སཱཙྪ་བྱང་དུ་འཕེན། གླུད་གཏོར་ཡས་ལམ། དུར་ཁྲོད། འདྲེ་ལྔ། བདུད་གཅོད་སོགས་གང་གནོད་དུ་ཕུལ། མཇུག་དྲག་རྡུང་ཟིལ་འབེབ་དང་ཆེ་མཆོག་པདྨ་རྒྱག་སྟེ་ཟིལ་བཞག །དེ་ནས་གཞུང་གསལ་ཤེས་རབ་སྙིང་པོའི་གཟུངས་སྔགས་བརྒྱ་སྐོར་འདོན་མཐར། ཐང་ ༡ སྦྲམ་ སྦྲམ་ བྱས་ ༡ ༢ སོགས་དྲག་རྡུང་གིས་མཚམས་གཅོད་གང་འོས་འདོན། མཇུག་དྲག་རྡུང་མཐར་ཟིལ་ནས་བཞག །སཱཙྪ་བཅུར་རེ་རེ་བཞིན། རྟེན་སྙིང་ ༢༡ ཙམ་བཟླས་ཏེ། འདིར་ནི་གཟུགས་སོགས་སྔགས་བཅས་ཀྱིས་བརྟན་བཞུགས་བྱས་ཏེ། གདངས་ལྷུག་གང་བདེས། ཆེ་བའི་ཆེ་མཆོག་སོགས་ཀྱི་བཀྲ་ཤིས་བརྗོད། མཐར་རོལ་སིལ། ཁང་པའི་ཕྱོགས་མཚམས་རྣམས་སུ་གཞུང་གསལ་ལྟར་འཇོག །བར་འདིར་འགའ་ཞིག་གིས་བདུད་བཞིའི་གཟུགས་རྒྱབ་ཀྱི་མདའ་དར་བཞི་པོ་ཐོགས་ཏེ་ཚེ་འགུགས་བྱ་སྲོལ་སྣང་བ་ལྟར་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་གཞུང་དོན་ཆད་སྐྱོན་དུ་འགྲོ་བ་ནི་མ་ཡིན་པས་འདིར་མཛད་སྲོལ་མེད་ཅེས་གསུངས། དེ་ནས་མཆོད་པ་རྣམས་ཁ་གསོས་ཏེ་པད་གཅིག་རང་རྒྱ་སེ་གོལ་བཅས་ཨརྒྷཾ་སོགས་རོལ་སིལ། རྡོ་དྲིལ་བཅས་ཡང་དག་རྩ་གདངས་ཀྱིས། ན་མོ། དཀོན་མཆོག་གསུམ་སོགས་བཞི་དྲིལ། མཇུག་རོལ་སིལ་བཅས་ཀྱིས་གྲུབ། ཕྱག་གིས་རྡུལ་ཚོན་བསྡུས་ཏེ་ཁང་སྟེང་ལྟ་བུ་གཙང་སར་གཤེགས་ཏེ་ལས་རྗེས་བསྡུའོ། །དེ་ལྟར་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ཀྱི་འདོན་ཟིན་འདི་ནི་རྣམ་འདྲེན་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་དང་ཚོགས་ཆེན་བྱང་འདྲེན་པ་འཇམ་དཔལ་ཚུལ་ཁྲིམས་ཟུང་གིས་ཞལ་ཁྲིད་ཇི་ལྟར་བསྩལ་པ་རྣམས་རང་གི་དྲན་གསོས་སུ་བཏབ་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།བདག་བསྐྱེད་ཀྱི་ཆོ་ག་གཞན་དང་སྦྲེལ་ནས་གཏང་ཚུལ་ནི། གཏེར་ཆེན་ཉིད་ཀྱི་ཟིན་བྲིས་ལྟར་ཤེས་པར་བྱའོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
རྩ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ་ (Volume 16, Text 41)
༁ྃ༔ རྩ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ་བཞུགས་སོ༔ ན་མོ་མཉྫུ་ཤྲཱི༔ འདིའི་གདམས་པ་ལས༔ མཆོག་ཏུ་གཅེས་པའི་ཡིག་ཆུང་ནི༔ རྩ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ༔ དེའི་ལས་ཕྲན་ཡིག་ཆུང་ལས༔ མཚན་ཡང་དག་པར་བརྗོད་པ་ལ་བརྟེན་ནས་ཐར་པ་དོན་དུ་གཉེར་ཞིང༔ གནས་སྐབས་བར་དོར་གཤིན་རྗེའི་འཇིགས་པ་ལས་སྐྱོབ་པར་ཞུ་བ༔ རྟེན་འབྲེལ་བཅུ་གཉིས་ལ་བརྟེན་ནས་ཕ་རོལ་གྱི་ཆོམ་རྐུན་གྱི་གནོད་པ་ལས་གྲོལ་བར་བྱེད་པ༔ ཨཱ་ལི་བཅུ་དྲུག་ལ་བརྟེན་ནས་གཞན་དབང་དུ་བྱ་བ་དང༔ ཀཱ་ལི་སོ་ལྔ་ལ་བརྟེན་ནས་ཚེ་བསྲིང་བ༔ རེའུ་མིག་ཞེ་དགུའི་སྦྱོར་བ་ལ་བརྟེན་ནས་ཕ་རོལ་གྱི་རིག་སྔགས་བཟློག་པ་དང་དྲུག་གི་དང་པོ་རྩ་བ་ཡེ་ཤེས་སེམས་དཔའི་གསང་སྒྲུབ་ནི༔ གཟའ་སྐར་ཚེས་གྲངས་བཟང་པོ་འཛོམས་པའི་དུས་སྔ་དྲོ་དང་པོ་ལ༔ དར་དམར་སེར་ལ་སིན་དྷུ་ར་དང༔ གུར་གུམ༔ གི་ཝང༔ ལི་ཁྲི་རྣམས་བ་དམར་མོའི་འོ་མར་སྦྱར་བའི་ཁུ་བས༔ ཡེ་ཤེས་སེམས་དཔའ་འོག་ནས་འབྱུང་བའི་མངོན་རྟོགས་ལྟར་ལེགས་པར་བྲིས་པའི་རྒྱབ་ཏུ་རྩ་བའི་སྔགས་རྣམས་ཀྱང་ཡི་གེ་དབུ་ཅན་དུ་བྲིས་པ་དེ་ཉིད་དབང་གི་ཕྱོགས་སུ་རྗེས་གནང་གི་དཀྱིལ་འཁོར་བཞེངས་་པའི་དབུས་སུ་ཞལ་རང་ལ་བལྟ་བའི་ཕྱི་རོལ་དུ༔ མཆོད་པའི་བྱེ་བྲག་དང་གཏོར་ཚོགས་ཀྱང་རྗེས་གནང་གི་ཆོ་གའི་སྐབས་སུ་བྱུང་བ་ལྟར་བཤམ༔ དེ་ནས་སྔོན་དུ་འགྲོ་བའི་རིམ་པ་སྒྲུབ་གཞུང་ལྟར་བྱས་ལ༔ གཞལ་ཡས་ཁང་གདན་དང་བཅས་པ་ཡང་གཞུང་ལྟར་གསལ་ཞིང༔ ལྷ་བསྐྱེད་པ་ནི༔ དབུས་སུ་དྷཱིཿདང་རལ་གྲིའི་ཡུ་བ་མུཾ་གྱིས་མཚན་པ་ལས༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་དང་པོ་རལ་གྲི༔ གཡོན་གྱི་དང་པོ་ཨུཏྤ་ལའི་སྟེང་ན་པོ་ཏི༔ འོག་མ་མདའ་གཞུ་འཛིན་པས་ཡུམ་ལ་འཁྱུད་པ༔ དར་དང་རིན་པོ་ཆེས་སྤྲས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ དེའི་པང་ན་རེག་བྱ་རྡོ་རྗེ་མ་ལྗང་གུ་གཡས་ཨུཏྤལ་འཛིན་པས་ཡབ་ལ་འཁྱུད་ཅིང༔ གཡོན་པས་ལེ་བརྒན་དར་གྱིས་ལྕིབས་པའི་ཚུལ་ཅན༔ དར་དང་རིན་པོ་ཆེ་དུ་མས་སྤྲས་པ༔ དེ་དག་གི་ཤར་དུ་བདུག་སྤོས་མ་དཀར་མོ་སྤོས་ཀྱི་རེང་བུ་འཛིན་པ༔ ལྷོར་མེ་ཏོག་མ་སེར་སྐྱ་མེ་ཏོག་གི་ཆུན་པོ་འཛིན་པ༔ ནུབ་ཏུ་མར་མེ་མ་དམར་མོ་མར་མེའི་སྡོང་བུ་འཛིན་པ༔ བྱང་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཞལ་འཛིན་པ༔ དེ་དག་ཀྱང་དར་དང་རིན་པོ་ཆེས་སྤྲས་པ༔ དེ་རྣམས་ཀྱི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ སྙིང་གའི་དྷཱིཿདང་མུཾ་ལས་འོད་འཕྲོས༔ ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་དེ༔ ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བྱ༔ ཡང་འོད་འཕྲོས་རིགས་ལྔ་སྤྱན་དྲངས་ལ་མཆོད་དེ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཤྲཱི་ཡེ་ཧཱུྃ༔ ཞེས་དབང་བསྐུར་ཏེ༔ གཙོ་བོ་ལ་མི་བསྐྱོད་པ༔ ཡུམ་ལ་དོན་ཡོད་གྲུབ་པ༔ བདུག་སྤོས་མ་ལ་རྣམ་སྣང༔ མེ་ཏོག་མ་ལ་རིན་འབྱུང༔ མར་མེ་མ་ལ་སྣང་མཐའ༔ དྲི་ཆབ་མ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན༔ ཐུགས་ཀའི་རལ་གྲི་དྷཱིཿདང་མུཾ་གྱིས་མཚན་པ་ལ༔ འོད་ཟེར་དང་བཅས་པའི་སྔགས་ཀྱི་ཕྲེང་བ༔ ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་དྷཱིཿམུཾ་སྤརྴེ་མཱུརྟི་ཨཱ༔ བཱ་གཱི་ཤྭ་རི་མུཾ༔ ཞེས་པས་བསྐོར་བ་ལས་ཀློག་པའི་ཚུལ་དུ་བཟླ༔ འཁོར་བཞི་ལ་ཡང༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ཞེས་པ་སྟེ༔ གཙོ་བོ་ལ་གསུམ་འབུམ༔ འཁོར་ལ་སུམ་ཁྲི་བཟླས་པས་མཚན་མ་གཞུང་ལྟར་འབྱུང༔ བསྐྱེད་པ་དང༔ ཐུན་མཚམས་རྣམས་ལ་མཆོད་པ་དང༔ ཨེ་མ་ཧོ༔ གཞོན་ནུ་མཛེས་པའི་དཔའ་བོ་གེ་སར་ལས་བྱུང་བ༔ སྒྲིབ་གཉིས་སྐྱོན་བྲལ་ལེགས་སྐྱེས་གུར་གུམ་གཞོན་ནུའི་མདོག༔ ཞལ་གཅིག་ཕྱག་བཞི་གཡས་གཡོན་དང་པོས་གྲི་དང་ནི༔ ཨུཏྤལ་མཐའ་གཉིས་མདའ་གཞུ་ཡིས་ནི་བདུད་དཔུང་འཇོམས༔ ཡུམ་གྱུར་གཉིས་མེད་བདེ་རོལ་ཡེ་ཤེས་སེམས་དཔའ་ཁྱོད་ཕྱག་འཚལ༔ ཆགས་བྲལ་རེག་བྱ་ཡུམ་གྱུར་མར་གད་མདོག་འདྲ་ཞིང༔ ཨུཏྤལ་དར་དཔྱང་འཛིན་བཅས་བདེ་བ་སྐུལ་བྱེད་མ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་ལ་སོགས༔ འགྲོ་དོན་འདོད་དགུར་བསྒྱུར་བའི་གཙོ་དང་འཁོར་བཅས་ལ༔ བདག་སོགས་ལུས་ངག་ཡིད་གུས་དང་བས་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད༔ ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ༔ དང་པོར་དུས་གསུམ་བརྒྱུད་པའི་བླ་མ་དང༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ༔ དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་དང༔ ཡི་དམ་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་འབུལ༔ དེ་ནས་རང་གིས་ཀྱང་བདུད་རྩི་མྱང༔ དེ་ནས་ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ གཏོར་མ་ནི༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་མཆོག་མ་བ་དན་གྱིས་མཚན་པ༔ རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ༔ དེའི་སྟེང་དུ་ཀཾ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ༔ ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་འཇམ་པ༔ ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ༔ བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་ཡེ་ཤེས་ལྔར་བསམ༔ རླུང་གཡོས་མེ་སྦར་རྫས་རྣམས་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ༔ ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ལ༔ གོང་མའི་རྩ་སྔགས་རྣམས་ཀྱི་གཤམ་དུ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་ལ་སྔགས་བདུན་སོགས་ཀྱིས་དབུལ༔ གོང་གི་བསྟོད་པ་ཡང་བྱ༔ ཅི་ལྟར་འདོད་པའི་སྨོན་ལམ་དང༔ འདོད་གསོལ་ཡང་བྱ༔ མཐར་གཏོར་མ་གཙང་མར་བསྐྱལ༔ ཡང་ན་དངོས་གྲུབ་ཀྱི་རྫས་སུ་རོལ༔ སྤྱོད་ལམ་རྣམ་བཞི་ལྷ་ཡེ་ཤེས་སེམས་དཔའི་ང་རྒྱལ་གྱིས་བྱ༔ རྗེས་ཀྱི་བྱ་བ་གཞན་རྣམས་སྤྱི་དང་མཐུན་པར་བྱ༔ འཇམ་དཔལ་ཡེ་ཤེས་སེམས་དཔའི་གསང་སྒྲུབ་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ ༁ྃ༔ རང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ མདུན་གྱི་དཀྱིལ་འཁོར་དབུས་སུ་བཞུགས་པའི་བྲིས་སྐུ་ལ་ཕོག་པས༔ བྲིས་སྐུ་སྟོང་པའི་ངང་ལས༔ རང་གིས་བསྐྱེད་པ་ལྟ་བུའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གསལ་བར་བསྐྱེད་ལ༔ ཡེ་ཤེས་པ་གྲངས་མེད་པ་སྤྱན་དྲངས་ལ་བསྟིམ༔ མཆོད་བསྟོད་དང་གཏོར་མ་འབུལ་བ་ལ་སོགས་པ་ཡང་གཞུང་ལྟར་བྱས་ལ་རྒྱུན་དུ་བསྙེན་པ་ནི་མཚན་མ་མ་བྱུང་གི་བར་དུའོ༔ མཚན་མ་སྣ་རེ་བྱུང་ནས༔ དུས་ཚེས་གཟའ་སྐར་ཤིས་པ་ལ་ཚོགས་ཀྱི་འཁོར་ལོ་དང་བཅས་ཏེ་བྲིས་སྐུ་དར་སྣ་ཚོགས་པས་དྲིལ་ཏེ་རབ་གནས་དང་ལྡན་པ་རིན་པོ་ཆེའི་གའུར་གཞུག༔ ལུས་ལ་བཅང་ཞིང་དུས་རྒྱུན་དུ་གསལ་གདབ༔ བསྙེན་པའང་ནར་མར་བཟླའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ན་མ་ཨཱརྻ་མཉྫུ་ཤྲཱི༔ དེ་ལྟར་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྩ་བའི་གསང་སྒྲུབ་བྱས་ནས༔ གཉིས་པ་མཚན་ཡང་དག་པར་བརྗོད་པ་ལ་བརྟེན་ནས༔ ཐར་པ་དོན་དུ་གཉེར་ཞིང་གནས་སྐབས་བར་དོར་གཤིན་རྗེའི་ཕོ་ཉའི་འཇིགས་པ་ལས་སྐྱོབ་པར་ཞུ་བ་ནི༔ སྐྱེས་བུ་གང་དག་མཚན་ཡང་དག་པར་བརྗོད་པ་ཁ་ཏོན་དུ་བྱེད་པ་བདག་གིས༔ དེ་ཉིད་ཀྱི་ལུང་དང༔ གོང་དུ་སྨོས་པའི་རྗེས་སུ་གནང་བ་ཐོབ་པར་བྱས་ལ༔ སྐྱབས་སུ་འགྲོ་བ་དང༔ བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་ཆོས་སྤྱོད་ཀྱི་ཡན་ལག་སྔོན་དུ་སོང་བར་བྱས་ནས༔ སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་སྟོང་པའི་ངང་ལས༔ རང་ཉིད་མངོན་རྟོགས་ནས་འབྱུང་བ་ལྟར་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔར་བསྐྱེད༔ རང་གི་མདུན་དུ་ཡང་བསྐྱེད་པ་ལ་སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་ལ་སོགས་ཀྱང་གཞུང་ལྟར་བྱ༔ དེ་ནས་རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿལ༔ དེེ་ནས་དཔལ་ལྡན་རྡོ་རྗེ་འཆང༔ ཞེས་པ་ནས༔ བདག་ཅག་ཡི་རང་ངོ༔ ཞེས་པའི་བར་གྱི་ཡིག་འབྲུ་ཐམས་ཅད་ཀྱིས་བསྐོར་ནས་ཡོད་པ་ལས༔ འོད་ཟེར་ཁ་དོག་ལྔ་པ་གཅིག་ཤར་གྱིས་འཕྲོས་ཏེ༔ མདུན་བསྐྱེད་ཀྱི་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕོག་པས༔ དེའི་ཐུགས་ཀ་ནས་སླར་ཡང་འོད་ཟེར་ཉི་མའི་ཟེར་ཐག་ལྟར་འཕྲོས་ནས་བྱུང་སྟེ༔ ཐུགས་ཀའི་ཡིག་འབྲུ་ཐམས་ཅད་ལ་ཕོག་པས༔ ཡིག་འབྲུ་ཐམས་ཅད་རང་སྒྲ་དི་རི་རི་ཀློག་དར་མ་འདོན་པ་ལྟར་གྲགས་པར་དམིགས་ལ་རང་གིས་ཀྱང་འདོན་པ་ནི༔ དལ་བ་མ་ཡིན༔ བུལ་བ་མ་ཡིན༔ གསོང་མཐོ་བ་མ་ཡིན༔ དམའ་ཞིང་ཤུབ་ཤུབ་མ་ཡིན་པར༔ ཆུ་བོ་ཆེན་པོའི་རྒྱུན་འབབ་ལྟར་ཁྱུ་རུ་རུ་བཀླག༔ ཡིག་འབྲུ་ཐམས་ཅད་ལས་འོད་ཟེར་སྒྲ་དང་དབྱངས་དང་བཅས་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པས་ཚོགས་དྲུག་གི་སྣང་བ་ཡུལ་བྱུང་རྐྱེན་བསྐུལ་དང་བཅས་པ༔ ཟག་བཅས་ཟག་མེད་སྲིད་མཐར་བཅས་པ་སྣང་བ་ཡིག་འབྲུ༔ གྲགས་པ་འབྲུ་ཀློག་པའི་ཚིག་ཏུ་དི་རི་རི་གྲགས་པར་བསྒོམས་ལ༔ མཚན་བརྗོད་ཚར་གཅིག་བཀླགས་པས་རང་གཞན་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཏན་ནས་དག་ནས༔ འོད་དུ་སྤུང་གིས་ཞུ་སྟེ༔ རང་གཞན་སྣོད་བཅུད་ཡིག་འབྲུ་དང་བཅས་པ་མདུན་གྱི་ལྷའི་ཐུགས་ཀར་ཐིམ༔ གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣོད་བཅུད་སྣང་གྲགས་ཐམས་ཅད་ཀྱང་མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ༔ མཐར་ལྷ་དེ་ཉིད་ཀྱང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ༔ མཐར་བར་སྣང་གི་འཇའ་ཡལ་བ་ལྟར་སྟོང་པ་ཉིད་དུ་ཝལ་གྱིས་ཡལ་བར་དམིགས་པའི་ངང་དུ་གཏད་མེད་དུ༔ མཚན་བརྗོད་ཇི་ཙམ་ནུས་པར་བཀླག༔ ཚུལ་དེ་ལྟ་བུ་རབ་ནར་མ༔ འབྲིང་ཉིན་ལན་གསུམ༔ མཚན་ལན་གསུམ༔ ཐ་མ་ཡང་དུས་སྐབས་བཟང་པོར་བྱས་ན༔ དེའི་བསོད་ནམས་དཔག་པར་དཀའ་ཞིང་བློའི་ཡུལ་ལས་འདས་སོ༔ དེའི་ཕྱིར་ན་སྐྱེས་བུ་བརྩོན་ལྡན་རྣམས་དེ་ལྟར་རྟག་ཏུ་བརྩོན་པར་རིགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ༁ྃ༔ ན་མ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་སཏྭ༔ གསུམ་པ་རྟེན་འབྲེལ་སྙིང་པོ་ལ་བརྟེན་ནས༔ ཕ་རོལ་པོའི་ཆོམ་རྐུན་གྱི་གནོད་པ་ལས་གྲོལ་བར་བྱེད་པ་ནི༔ གང་གི་ཚེ་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས༔ རང་ཉིད་ཡེ་ཤེས་སེམས་དཔར་གནས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿལ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་སོགས་ནས༔ ཤྲ་མ་ཎ་ཡེ༔ ཞེས་པས་བསྐོར་བ་ལ་ཤེས་པ་གཏད་ཅིང༔ དེ་ཉིད་ལ་གྲངས་ཁྲི་ཐེམ་པར་བཟླ༔ དེ་ནས་རས་ལས་བྱུང་བའི་སྲད་བུའམ་བལ་དཀར་པོའི་སྲད་བུ་འདོམ་གང་བ་བྱས་པ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་མདུད་པ་བཅུ་གཉིས་བྱས་པ་ལ་རྟེན་འབྲེལ་སྙིང་པོ་སྟོང་བཟླས་པས་བྱབ༔ ཡིག་འབྲུ་ཡང་བསྟིམས་ཏེ༔ འགྲོ་བ་གཞན་གང་གིས་ཀྱང་མ་མཐོང་བར་བྱ༔ ནམ་ཞིག་སྦྱོར་བ་ལ་བབ་པ་དེའི་ཚེ༔ གང་ལ་བྱ་བའི་དམིགས་ཡུལ་གྱི་རཱུ་པ་རྒྱ་ཤོག་ལ་དུག་གིས་བྲིས་པ་ལ༔ མིང་དང་རུས་ཀྱང་ཤེས་ན་བྲི༔ མ་ཤེས་ཀྱང་ཡུལ་ཆེ་གེ་མོའི་གནོད་བྱེད་སྡང་བའི་སེམས་དང་ལྡན་པ༔ གདུག་པའི་སེམས་དང་ལྡན་པ༔ དྲག་ཤུལ་གྱི་སེམས་དང་ལྡན་པ༔ གནོད་ཅིང་གནག་པའི་སེམས་དང་ལྡན་པ་རྣམས་ཀྱི་ལུས་བཅིང་བར་བགྱིའོ༔ ངག་བཅིང་བར་བགྱིའོ༔ ཡིད་བཅིང་བར་བགྱིའོ༔ དེ་དག་གི་རྣམ་པར་ཤེས་པ་མྱོས་ཤིག༔ དེ་ཉིད་ཀྱི་རྟེན་འབྲེལ་བཅུ་གཉིས་རང་གཤེད་རང་ལ་ཕོབ་ཅིག༔ སྟོབས་དང་རྫུ་འཕྲུལ་ཤིགས་ཤིག༔ མ་རིག་པ་མུན་པའི་སྨག་རུམ་གཏིབས་ཤིག༔ རྒ་ཤི་རྟེན་དང་ཕྲོལ་ཅིག༔ སྐྱེ་བ་དབང་པོ་སྡོམས་ཤིག༔ སྲིད་པ་ལྔ་ཕུང་ཆོམས་ཤིག༔ ལེན་པ་མདངས་ཕྲོགས་ཤིག༔ སྲེད་པ་ཚང་ཤིགས་ཤིག༔ ཚོར་བ་མྱ་ངན་དུ་ཕོབ་ཅིག༔ རེག་པ་ཁུངས་ཕྱུངས་ཤིག༔ སྐྱེ་མཆེད་དྲུག་འགགས་སུ་ཆུག་ཅིག༔ མིང་དང་གཟུགས་སྒྲིབས་ཤིག༔ རྣམ་པར་ཤེས་པ་རྟེན་དང་ཕྲོལ་ཅིག༔ འདུ་བྱེད་སྐྱེངས་སུ་ཆུག་ཅིག༔ རྟེན་འབྲེལ་བཅུ་གཉིས་འཁྲུགས་སུ་ཆུག་ཅིག༔ ཅེས་པ་རཱུ་པའི་མཐའ་སྐོར་དུ་ཡང་བྲི༔ དམོད་པ་ཡང་བརྗོད་ལ༔ གོང་གི་སྲད་བུ་དཀར་པོས་ལེགས་པར་བཅིངས་ནས༔ རྟེན་འབྲེལ་སྙིང་པོའི་གུར་དུ་བཅུག་ནས་ཐར་པའི་གནས་མེད་པར་བསམ༔ རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིས་རབ་གནས་བྱས་ལ་རང་གི་ལུས་ལ་བཅང༔ འཇིགས་པ་ལས་ཐར་ནས་སྲད་བུ་བཀྲོལ་ལ་སྔར་བཞིན་སྦ༔ རཱུ་པ་དྲི་བཟང་པོའི་ཆུས་བཀྲུས་ཏེ་རྗེས་མི་མངོན་པར་བྱ༔ ཚུལ་དེ་ལྟ་བུའི་སྦྱོར་བས་ནི་གཤིན་རྗེས་འཚེ་བ་ཡང་མྱོས་ཤིང་ཞི་བར་བྱེད་ན༔ གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས༔ དེས་ན་དེ་ལྟ་བུའི་སྦྱོར་བ་ལ་བརྩོན་པར་རིགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ན་མ་ཨཱརྻ་མཉྫུ་ཤྲཱི༔ བཞི་པ་ཨཱ་ལི་བཅུ་དྲུག་ལ་བརྟེན་ནས་གཞན་དབང་དུ་བྱ་བ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས༔ རང་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བའི་སྤྱི་བོར་ཨ་ཨཱ༔ མིག་གཉིས་ལ་ཨི་ཨཱི༔ སྣ་ལ་ཨུ་ཨཱུ༔ ལྕེ་ལ་རྀ་རཱྀ༔ རྣ་བ་གཉིས་ལ་ལྀ་ལཱྀ༔ སྙིང་ལ་ཨེ་ཨཻ༔ ལག་པ་གཡས་གཡོན་ལ་ཨོ་ཨཽ༔ གསང་སྒོ་ལ་ཨཾ༔ སྲིན་ཞལ་ལ་ཨཿརྣམས་དམིགས་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཞེས་པ་ལ་ཁྲིའི་བཟླས་པ་ཐེམས་པར་བཟླ༔ དེ་ཉིད་ཐེམས་ནས་གང་དབང་དུ་བྱ་བ་དེ་ཉིད་མདུན་དུ་གསལ༔ རང་གི་གནས་སོ་སོའི་ཡིག་འབྲུ་རྣམས་ལས་ཡིག་འབྲུ་དངོས་འདྲ་བ་རེ་རེ་ཁ་དོག་དམར་བ་དབྱིབས་ལྕགས་ཀྱུའི་རྣམ་པ་ལྟ་བུ་འཕྲོས༔ དམིགས་ཡུལ་གྱི་གནས་སོ་སོ་ནས་བཟུང་སྟེ༔ ཁོའི་ཚེ་བསོད་ནམས་དཔལ་དང་འབྱོར་པ་བཀྲག་དང་གཟི་མདངས་སྟོབས་དང་རྫུ་འཕྲུལ༔ ལུས་ངག་ཡིད་གསུམ་ལ་རང་དབང་མེད་པར་བཀུག་ནས་རང་ལ་ཐིམ་པས༔ རང་ཉིད་ཚེ་དང་བསོད་ནམས་གཟི་མདངས་ལ་སོགས་པ་ཕུན་སུམ་ཚོགས་པ་དར་ཞིང་རྒྱས་པར་དམིགས་ལ༔ ཨཱ་ལི་བཅུ་དྲུག་གི་མཐར་ཆེ་གེ་བཱ་ཤཾ་ཀུ་རུ་ཡེ་ཨཾ་ཀུ་ཤ་ཛཿཧྲཱིང་ཧྲཱིང༔ ཞེས་སྟོང་ཕྲག་ཡན་བཟླས་པས་དམིགས་ཡུལ་གང་ལ་བྱས་པ་དབང་དུ་འགྱུར༔ ཚུལ་དེ་དག་གི་སྦྱོར་བ་ནི༔ ཟླ་བ་ཉ་ལ་བབ་པའི་དུས་སུ་ཡང་ཡང་བྱས་པས་མཆོག་ཏུ་ཤིས་སོ༔ དབང་དུ་གྱུར་པས་འདོད་པའི་དོན་གྲུབ་པ་དང༔ གནས་སུ་བསྐྱལ་ཏེ་འཇམ་དཔལ་གྱི་གོ་འཕང་ཐོབ་པར་བཀོད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ན་མ་ཨཱརྻ་མཉྫུ་ཤྲཱི༔ ལྔ་པ་ཀཱ་ལི་སོ་ལྔ་ལ་བརྟེན་ནས་ཚེ་བསྲིང་བར་འདོད་པ་ན༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས༔ དུས་ཚོད་ཡར་ཚེས་གཟའ་སྐར་དར་ཞིང་ཤིས་པ་ལ༔ བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་སུ་ཕྱིན་ལ༔ ས་བཟང་པོའི་སྟེགས་བུ་མདའ་གང་བའི་ངོས་ལ་མཎྜལ་དབུས་སུ་པད་འདབ་བཞི་པའི་ཕྱི་རོལ་སུམ་ཅུ་ལ༔ ཀཱ་ལི་གསལ་ཡིག་སོ་ལྔ་དབུས་ནས་བཟུང་སྟེ་བཀོད་པ་རེ་ཁཱ་དཀར་པོས་བྲིས་པའི་དབུས་སུ་རིན་པོ་ཆེའི་བུམ་པ་གས་ཆག་མེད་པ༔ བ་དང་འབྲི་ལས་བྱུང་བའི་འོ་མར༔ སྙིང་པོ་རཏྣ་ལྔ༔ འབྲུ་ལྔ༔ སྨན་ལྔ༔ དྲི་ལྔ༔ བདུད་རྩི་ལྔ་བླུགས་པ་ལ་སོགས་ཏེ༔ རྒྱུན་འབབ་ཀྱི་ཆུ་དང་བཅས་པས་བུམ་པ་གང་བར་བྱས༔ དཔག་བསམ་འབྲས་བུ་ཅན་གྱི་ཤིང་ངམ༔ ཀུ་ཤའི་ཆུན་པོའི་ཁ་རྒྱན་དང༔ དར་རས་ལ་སོགས་པ་ཁ་ཚར་མ་ཉམས་པས་མགུལ་དཀྲིས་བྱས་ལ་བཞག༔ མཆོད་པ་ལྔས་བསྐོར་བར་བཤམས་ནས༔ རང་ཡེ་ཤེས་སེམས་དཔར་གསལ་བཏབ་ལ༔ བཟླས་པ་ཅི་རིགས་པར་བྱ༔ བུམ་པ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས༔ བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ༔ བུམ་རྫས་དྷཱིཿལས་ཡེ་ཤེས་སེམས་དཔར་བསྐྱེད༔ སྤྱན་འདྲེན་དགུག་གཞུག་མཆོད་བསྟོད་བྱས་པའི་མཐར༔ ཀ་ཁ་ག་གྷ་ང༔ སོགས་ནས༔ ཤ་ཥ་ས་ཧ་ཀྵ༔ ཞེས་པ་དམིགས་པ་ལས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱིན་རླབས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ༔ བུམ་ནང་གི་ལྷ་དང་ཡིག་འབྲུ་ལ་སེམས་དམིགས་ལ་བཟླས་པ་ཁྲི་ཐེམས་པར་བཟླ༔ ཐུན་བར་དུ༔ ལྷ་དང་ཡིག་འབྲུ་འོད་དུ་ཞུ་བའི་བདུད་རྩིར་གྱུར༔ བུམ་ཅོལ་ནས་དཀར་ནར་གྱིས་བྱུང་བས་རང་གི་སྤྱི་གཙུག་ཚངས་པའི་བུ་ག་ནས་མར་བབས་པས༔ ལུས་ཐམས་ཅད་འཆི་མེད་བདུད་རྩིའི་ཆུ་ཡིས་མེར་གྱིས་གང་ཞིང་ལུས་ཆགས་འཇིག་མེད་པ་རྡོ་རྗེའི་སྐུར་གྱུར་པར་དམིགས༔ གྲུབ་ནས་བུམ་ཆུས་ལུས་ཁྲུས་བྱ་ཞིང༔ ཁོང་དུ་ཡང་འཐུང༔ གཞན་རྗེས་ཀྱི་བྱ་བ་ཐམས་ཅད་སྤྱི་མཐུན་དུ་བྱའོ༔ དེ་ལྟ་བུའི་སྦྱོར་བས་ཚེའི་རིག་འཛིན་བརྙེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ ༁ྃ༔ ན་མ་ཨཱརྻ་མཉྫུ་ཤྲཱི༔ དྲུག་པ་རེའུུ་མིག་ཞེ་དགུའི་སྦྱོར་བ་ལ་བརྟེན་ནས༔ ཕ་རོལ་གྱི་རིག་སྔགས་བཟློག་པ་ནི༔ མཐིང་ཤོག་མཐོ་གང་པ་གཅིག་ལ༔ གསེར་གྱི་རེའུ་མིག་ལིང་ཚེ་ཞེ་དགུ་པའི་ནང་དུ་ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲཱྀ་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུྃ་ཧྲཱི༔ བྷ་ག་ཝཱན་ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་བ་ཙ༔ སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷེ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ༔ ཞེས་པ་དབུ་ཅན་དུ་བྲིས་པ་དེ་ཉིད་གཞི་མ་དཀར་པོའི་སྟེང་དུ་བཞག་ལ༔ རང་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བཏབ་ལ༔ བཟླས་པ་ཅི་རིགས་པར་བྱ༔ ཙཀྲ་མི་དམིགས་པ་ལས༔ རེའུ་མིག་གཞལ་ཡས་ཁང་རེ་རེའི་དབུས་སུ་ཡི་གེ་འབྲུ་རེ་རེ་ཞིང་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔར་བསྐྱེད་ལ་གྲངས་མེད་པ་སྤྱན་དྲངས་ལ་བསྟིམ༔ སྔགས་གོང་མ་ཉིད་ཁྲི་ཐེམས་པར་བཟླས་པའི་མཐར་རྟེན་འབྲེལ་སྙིང་པོ་ཡང་བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས་པར་བྱ༔ ལྷ་ཚོགས་འོད་དུ་ཞུ་བ་ལས་བྱུང་བའི་ཡིག་འབྲུར་གསལ༔ ཙཀྲ་དར་སྣ་ཚོགས་པས་དྲིལ་ཏེ་སྔགས་པ་དམ་ཉམས་ཀྱིས་མ་རེག་པར་བྱས་ལ་ལུས་ལ་གདགས༔ དེ་ཡི་སྦྱོར་བས་ཕ་རོལ་མི་དང་མི་མ་ཡིན་པའི་རིག་སྔགས་བྱད་ཟོར་མཐའ་དག་པས་མི་ཚུགས་ཤིང༔ ཕར་ལ་འཇོམས་པའི་ནུས་པ་དང་ལྡན་པའི་ཕྱིར༔ འདིའི་སྦྱོར་བ་ལ་བརྩོན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ འདི་རྣམས་ཀྱི་མཚན་མ་ནི༔ མཚན་ཡང་དག་པར་བརྗོད་པ་ལ༔ རབ་ཡིག་འབྲུའི་ཚོགས་བར་སྣང་ལ་དངོས་སུ་མཐོང་བར་འགྱུར༔ འབྲིང་ལུས་ཤིང་བལ་ལྟར་ཡང་ཞིང་དྲི་བཟང་པོའི་ངད་པ་ཆིལ་ཆིལ་འབྱུང༔ ཐ་མ་རྨི་ལམ་དུ་འབྱུང་བ་བརྗོད་ལས་འདས་པས་རིག་པས་དཔྱད་དོ༔ རྟེན་འབྲེལ་སྙིང་པོའི་སྦྱོར་བ་ལ་ནི༔ རང་གི་རྣམ་ཤེས་འཁྲུག་ལ་ཁད་པ་དང༔ སྣང་ཡུལ་འཁོར་བ་དང༔ ལུས་རེངས་པ་འབྱུང༔ ཨཱ་ལི་བཅུ་དྲུག་གི་སྦྱོར་བ་ལ་ནི༔ དགོས་མེད་རྒྱུད་ལ་སྐྱེ་བ་དང༔ ཆགས་པའི་བློ་དང་བྲལ་བ་དང༔ སྣང་བ་ལ་དངོས་པོར་འཛིན་པའི་མཚན་མ་དང་བྲལ་བ་འབྱུང༔ ཀཱ་ལིའི་སྦྱོར་བ་ལ་ནི༔ ཉི་ཟླ་ཤར་བ་དང༔ རང་ལུས་མི་སྣང་བ་སྙམ་བྱེད་པ་དང༔ དབང་པོའི་སྟོབས་འཕེལ་བ་ལ་སོགས་འབྱུང༔ རེའུ་མིག་གི་སྦྱོར་བ་ལ་ནི༔ གཡུལ་འགྱེད་པ་དང༔ ཤིང་བཅད་པ་དང༔ སྟོབས་འགྲན་པས་རང་རྒྱལ་བ་དང༔ མཚོན་རྣོན་པོ་ལག་ཏུ་ཐོགས་ནས་གཞན་འཇོམས་པ་ལ་སོགས་པ་འབྱུང༔ མདོར་ན་རྟགས་དང་མཚན་མའི་རྣམ་གྲངས་དཔག་ཏུ་མེད་པ་འབྱུང་སྟེ༔ ཕལ་ཆེར་སྐྱེས་བུ་ཤེས་རབ་ཅན་གྱིས་རིག་པས་དཔྱད་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ བརྡ་ཐིམ༔ ༈ གཞོན་ནུ་ཆུ་སྐྱེས་ལས་རྩ་བའི་སྒྲུབ་པ་དང༔ ལས་ཕྲན་ལྔ་སྟོན་པ་ལས༔ དང་པོ་ནི་ཚད་མེད་པ་བཞི་ལ་སོགས་པ་སྐྱབས་སུ་འགྲོ་བ་སྔོན་དུ་བྱ༔ ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་པ་འཐིབ་པོ་རྣམས་བསལ་ལ༔ ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་བྱ་བ་ལ་བཀོད༔ དེའི་ཆེད་དུ་བདག་གིས་འཕགས་པ་གཞོན་ནུ་ཆུ་སྐྱེས་བསྒྲུབ་སྙམ་དུ་བྱང་ཆུབ་ཀྱི་སེམས་དར་གཅིག་བསྒོམ༔ དེ་ནས༔ སྭ་བྷཱ་ཝ་བི་ཤུདྡྷེཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་པ་དང༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་དམིགས་པའི་ངང་ལས༔ བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར་ཞིང་ཡངས་པ༔ ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ༔ མཐའ་ནེའུ་གསིང་མར་གང་བ་གམ་འཁྲིགས་པ་ལྟ་བུས་བརྒྱན་པའི་སྟེང་ན༔ རིན་པོ་ཆེ་སྣ་ཚོགས་པ་གཅལ་དུ་བཀྲམ་ཞིང༔ གླང་པོ་ཆེ་དང་འདོད་འཇོ་སྣ་ཚོགས་གནས་པ༔ མཚོའི་ནང་ན་ལྷ་དང་མིའི་མེ་ཏོག་སྣ་ཚོགས་བཀྲམ་པའི་སྟེང་ན༔ ཆུ་བྱ་དུ་མས་སྐད་སྙན་དཔག་ཏུ་མེད་པ་ཆོས་ཀྱི་སྒྲ་དབྱངས་སུ་སྒྲོག་པས་བརྒྱན་པ༔ དེ་ལྟ་བུའི་དབུས་སུ༔ པཾ་ལྗང་སེར་ལས་པདྨའི་སྡོང་པོ༔ ཤིན་ཏུ་མཛེས་ཤིང་དབེན་པ༔ ཡལ་ག་དང་ལོ་འདབ་ཐམས་ཅད་བཻ་ཌཱུརྱ་ལྟར་གསལ་བ་ལས་ཀྱང་གསེར་སྦྱངས་དབུར་མའི་མདོག་ལྟར་འོད་འཕྲོ་ཞིང་ཡལ་འདབ་རྒྱས་པའི་དབུས་སུ༔ པདྨ་འདབ་བརྒྱད་རྒྱས་པའི་གེ་སར་གུར་གུམ་གྱི་མདོག་ལྟར་འཕྲོས་པའི་སྟེང་ན༔ ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་གཅིག་ཏུ་གྱུར་པ་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་དཔག་ཏུ་མེད་པ་འཕྲོས་པས༔ འཕགས་པ་རྣམས་མཆོད༔ སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་སྒྲིབ་པའི་འཐིབ་པོའི་སྒྲིབ་པ་སྦྱངས༔ ཤེས་རབ་ཀྱི་སྣང་བ་ལ་བཀོད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་འཕགས་པ་གཞོན་ནུ་ཆུ་སྐྱེས་སྐུ་མདོག་རབ་ཏུ་དཀར་ལ་འཚེར་བའི་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་པས་ཨུཏྤལའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་གྱེས་པའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་པོ་ཏི་འཛིན་ཅིང༔ རབ་ཏུ་དགྱེས་པའི་སྤྱན་གདངས་པ༔ ཞལ་འཛུམ་ཞིང་ཞབས་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ བརྒྱད་གཉིས་ལོན་པའི་ན་ཚོད་ཙམ་ལ་འོད་ཟེར་གྱི་མདངས་རྒྱས་ཤིང་འཕྲོ་བ་གཅིག་བསྒོམས་པའི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ་ལྟེ་བར་ཨ་དཀར་པོས་མཚན་པ༔ རྩིབས་དྲུག་ལ་མདུན་ཕྱོགས་ནས་བརྩམ་སྟེ༔ ཨོཾ་བཱ་ཀྱེ་དཾ་ན་མ༔ ཞེས་པའི་ཡིག་འབྲུ་དྲུག་བཀོད་ལ༔ འཁོར་ལོ་ལ་ཡས་མར་ལ་མ་རེག་པའི་ཚུལ་གྱིས་གཡས་སུ་བསྐོར་བར་བསམ༔ དེ་ནས་འཁོར་ལོ་གཡས་ལ་ཡིག་འབྲུ་གཡོན་དུ་བསྐོར་ཅིང༔ མ་རིག་པའི་སྨག་རུམ་དང་ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་སངས་དག་པར་བསམ་ཞིང༔ ཨོཾ་བཱ་ཀྱེ་དཾ་ན་མ༔ ཞེས་འབུམ་ཚོ་དྲུག་བཟླས་པ་ནི་གྲངས་ཀྱི་བསྙེན་པའོ༔ ཟླ་བ་གཅིག་གི་བསྙེན་པ་ནི་དུས་ཀྱི་བསྙེན་པའོ༔ ཞལ་མཐོང་ཞིང་གསུང་ཐོས་པའམ༔ གཞན་ཡང་པོ་ཏི་དང་མཚོན་རྣོན་པོ་ངར་ཅན་ཐོགས་པ་དང༔ མེ་ཏོག་བཏུས་པ་དང༔ མར་མེ་གཏམས་པ་དང༔ ཉི་ཟླ་ཤར་བ་དང༔ དར་ཕྱར་ཞིང་རོལ་མོ་འབུད་འཁྲོལ་བྱེད་པ་དང༔ སྣག་ཚྭ་འཐུང་བ་དང༔ སྤོས་སྒྲིལ་བསྲེག་བྱེད་པ་དང༔ ནམ་མཁའ་ལ་འཕུར་བ་དང༔ ལུས་ལ་མེ་འབར་བ་དང༔ ཆུ་བོ་ཆེན་པོ་ལ་གྲུ་གཟིངས་བཅས་ནས་ཕྱིན་པའམ༔ ཟམ་པ་ལ་སོགས་ཏེ་ཆུ་ལས་བརྒལ་བ་དང༔ གོས་དཀར་པོ་དྲི་མ་མེད་པ་གོན་པ་ལ་སོགས་ཏེ༔ ལྟས་བཟང་པོ་རྨིས་ན་མཚན་མའི་བསྙེན་པའོ༔ དེ་ལྟར་བསྙེན་སྒྲུབ་ཀྱི་བར་སྐབས་ཐུན་གྱི་མགོ་མཇུག་རྣམས་སུ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་ཡོན་ཆབ་དང་གོང་མའི་མཐར༔ པུཥྤཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་མེ་ཏོག་དང༔ དྷཱུ་པེ༔ བདུག་སྤོས༔ ཨཱ་ལོ་ཀེ༔ མར་མེ༔ གནྡྷེ༔ དྲི་ཆབ༔ ནཻ་ཝིདྱ༔ ཞལ་ཟས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་རོལ་མོ་རྣམས་ཀྱིས་མཆོད་པའི་མཐར་མཎྜལ་ཡང་འབུལ༔ ཐུན་གྱི་བར་སྐབས་སུ༔ མཚན་ཡང་དག་པར་བརྗོད་པ་ཚར་རེ་ཡང་བཀླག༔ བསྟོད་པ་གཞོན་ནུ་ཆུ་སྐྱེས་ཀྱི་གཞུང་ནས་འབྱུང་བས་ཀྱང་བསྟོད༔ འདོད་པའི་དོན༔ བཅོམ་ལྡན་འདས་འཕགས་པ་འཇམ་པའི་དབྱངས་ཁྱེད་ཀྱི་བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ མཁྱེན་པའི་ཡེ་ཤེས་ཀྱིས་བདག་རྗེས་སུ་བཟུང་དུ་གསོལ༔ སྐྱབས་འོག་དམ་པར་ཚུད་པར་མཛད་དུ་གསོལ༔ མ་རིག་པའི་མུན་པ་སངས་ནས་ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་མཛད་དུ་གསོལ༔ ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ༔ མི་བརྗེད་པའི་གཟུངས་ཐོབ་པར་མཛད་དུ་གསོལ༔ ཞེས་མོས་གུས་གདུང་སེམས་དང་ལྡན་པས་གསོལ་བ་བཏབ་པའི་དུས་སུ་གཞོན་ནུ་ཆུ་སྐྱེས་བསྐྱེད་ལ༔ རང་ཉིད་ཐ་མལ་པའི་གཟུགས་སུ་བྱ༔ ཚུལ་དེ་ལྟ་བུའི་བསྙེན་སྒྲུབ་མཚན་མ་མ་བྱུང་གི་བར་དུ་བྱ༔ མཚན་མ་བྱུང་ནས་ཇི་ལྟར་འདོད་པའི་ལས་ལ་སྦྱར་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཕྲན་ལྔ་ལས༔ ཉེས་བྱས་འཇོམས་པའི་ལས་ཕྲན༔ ཡོན་ཏན་སྒྲུབ་པ༔ ངག་བཀྲོལ་བ༔ གཞན་དང་རྩོད་པ་བྱ་བ༔ མཱ་ཤ་ལ་བརྟེན་པའི་ལས་སྦྱོར་དང་ལྔའི་དང་པོ་ཉེས་བྱས་འཇོམས་པ་ནི༔ རང་ཉིད་གཞོན་ནུ་ཆུ་སྐྱེས་མངོན་རྟོགས་ནས་བྱུང་བ་ལྟར་བསྐྱེད་པའི་སྙིང་གི་རྩེ་མོ་གྱེན་དུ་བསྟན་པའི་རྩེ་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ༔ ལྟེ་བ་ཨས་མཚན་པ་རྩིབས་དྲུག་ལ་མདུན་ཕྱོགས་ནས་བརྩམ་སྟེ་གཡས་སྐོར་དུ༔ ཨོཾ་བཱ་ཀྱེ་དཾ་ན་མ༔ ཞེས་དཀར་ཧྲང་ངེ་བཀོད་ལ་འཁོར་ལོ་གཡས་སུ་འཁོར༔ ཡིག་འབྲུ་གཡོན་དུ་འཁོར་བས་ཚེ་རབས་ལས་ཀྱི་སྡིག་པ་དང་སྒྲིབ་པ་དང་མ་རིག་པའི་སྨག་རུམ་ཐམས་ཅད་སངས་སངས་དག་པར་བསམས་ལ་བཟླས་པ་བྱའོ༔ དེ་ཡང་འཁོར་ལོ་དྲག་ཏུ་བསྐོར༔ འཁོར་ལོའི་རྩེ་མོ་ཐམས་ཅད་ཀྱང་རླུང་སྤུ་གྲི་རེག་གཅོད་ཀྱི་སོ་ལྟར་རྣོ་བར་བསམ་པས༔ སྙིང་རླུང་དང་ཡིད་འཆུས་ཞི༔ བློ་དང་ཤེས་རབ་དར་ཞིང་རྒྱས་པར་འགྱུར༔ དམིགས་པ་བསྒོམ་པའི་དུས་སུ་སྟོང་ཉིད་ཀྱི་ངང་དུ་བཟླས་པ་བྱ༔ གསལ་མིན་མི་གསལ་མིན་པའི་བན་བུན་བྱས་ན་བློ་སྤུན་པོར་འགྱུར༔ ལྟེ་བའི་ཨ་དང་ཟེའུ་འབྲུ་འཁོར་དུ་མི་གཞུག༔ དེ་འཁོར་ན་ཤེས་རབ་སྨྱོན་པར་འགྱུར་ཞིང་ཡིད་གཟུང་མེད་པར་འགྱུར༔ ཡིག་འབྲུ་དང་འཁོར་ལོ་ལ་སོགས་པ་ཐམས་ཅད་ཤིན་ཏུ་དཀར་བའི་མདངས་དང་ལྡན་པར་བསྒོམས་པས་བློ་གསལ་ཡིད་འཛིན་བཟང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ གཉིས་པ་ཡོན་ཏན་སྒྲུབ་པ་ནི༔ རང་གཞོན་ནུ་ཆུ་སྐྱེས་གསལ་བའི་ལྕེའི་སྟེང་དུ་མེ་ཏོག་པདྨ་དཀར་པོའི་སྟེང་དུ་ཨ་དཀར་པོ་གཅིག་བསམ༔ དེ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་སྤྱན་དྲངས་ལ༔ འོད་ཟེར་གཉིས་པ་འཕྲོས་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་གྲངས་མེད་པ་སྤྱན་དྲངས་ལ༔ རང་གི་ལྕེ་པདྨ་དཀར་པོའི་སྟེང་གི་ཨ་ལ་ཐིམ་པས་ལུས་ཐམས་ཅད་ཨ་དཀར་པོས་མེར་གྱིས་གང་བར་བསམས་ལ་བཟླས་པ་བྱའོ༔ དེ་ལྟ་བུའི་སྦྱོར་བས་ངག་གི་ནུས་པ་འཕེལ་ཞིང་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ངག་བཀྲོལ་བ་ནི༔ གྲིབ་ལ་སོགས་པ་ལ་བརྟེན་ནས་ངག་ལ་ཉེས་པའི་ལས་དིག་ལྐུགས་ལ་སོགས་པ་བྱུང་ན༔ རང་ཉིད་གཞོན་ནུ་ཆུ་སྐྱེས་སུ་གནས་པའི་ལྕེའི་སྟེང་དུ་ཉེས་པའི་ངོ་བོ་ཀཾ་ནག་པོ་གཅིག་བསམ༔ མགྲིན་པར་ཡེ་ཤེས་ཀྱི་ངོ་བོ་རཾ་དམར་པོ་གཅིག་བསམ༔ སྙིང་གའི་འཁོར་ལོ་རྩིབས་དྲུག་གི་ལྟེ་བར་ཡཾ་གཅིག་བསམ༔ འཁོར་ལོ་གཡས་ལ་ཡིག་འབྲུ་གཡོན་དུ་འཁོར་བས་ཡཾ་ལས་རླུང་བྱུང༔ མགྲིན་པའི་རཾ་ལ་ཕོག༔ རཾ་ལས་ཡེ་ཤེས་ཀྱི་མེ་ལྕེ་དམར་ལྷབས་སེ་བྱུང་སྟེ༔ ལྕེའི་ཀཾ་ནག་པོ་ཐུལ་གྱིས་བསྲེགས་པས་ངག་གི་ཉེས་སྐྱོན་ཐམས་ཅད་ཚིག་ཅིང་ཡེ་མི་གནས་པར་དམིགས་ལ༔ ཡི་གེ་དེ་ཉིད་ཡི་གེ་ཨ་དཀར་པོ་གཅིག་བསམས་ལ་བཟླས་པ་བྱ༔ ངག་གིས་མི་ནུས་པ་བྱུང་ན་ཡིད་ཀྱིས་བྱ༔ དེ་ལྟར་ཡང་ཡང་བྱས་པས་ངག་གི་ཉེས་པ་ལས་གྲོལ་ནས༔ ངག་ཚངས་པའི་དབྱངས་སམ་མིའམ་ཅིའི་བུ་མོའི་མགྲིན་པ་ལྟར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཞན་དང་རྩོད་པ་བྱ་བ་ནི༔ རང་གཞོན་ནུ་ཆུ་སྐྱེས་གསལ་བའི་ལག་པ་གཡས་པའི་མཐེ་བོང་ལ༔ རལ་གྲི་སྔོན་པོ་ཡུ་བ་ལ་ཨཿས་མཚན་ཅིང་གྲི་རྩེ་ལ་ཡེ་ཤེས་ཀྱི་མེ་འབར་བ་གཅིག་བསྒོམ༔ དེའི་ཨ་ལས་འོད་འཕྲོས་པས་ཕྱིར་རྒོལ་བའི་སྙིང་གར་ཤེས་རབ་ཀྱི་ངོ་བོ་ཨ་དཀར་པོ་ལ་ཕོག་པས་རྡོ་ཁབ་ལེན་ལ་ལྕགས་འདུས་པ་བཞིན་ཚུར་འདུས་རལ་གྲིའི་སོ་ལ་ཐིམ༔ དེ་རང་གི་སྙིང་གར་ཐིམ་པས་ཁོའི་ཤེས་རབ་རང་གི་གྲོགས་སུ་གྱུར་པར་བསྒོམ༔ གྲི་རྩེ་ལས་ཡེ་ཤེས་ཀྱི་མེ་ཆད༔ ཕྱིར་རྒོལ་བའི་ལྕེའི་སྟེང་དུ་ཕོག་པས་ལྕེ་ཐུལ་གྱིས་ཚིག་པར་བསྒོམ་མོ༔ དེ་ལྟར་བྱས་ན་རང་རྩོད་པ་ལས་མི་རྒྱལ་མི་སྲིད་དོ༔ གང་ལ་ཡང་ཐོགས་པ་མེད་པར་རང་ཉིད་རྒྱལ་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ མཱ་ཤ་ལ་བརྟེན་པའི་ལས་སྦྱོར་ནི༔ སྲན་མ་དཀར་པོ་མེ་དང་སྣུམ་གྱིས་མ་གོས་ཤིང་སྨིན་ནས་རུལ་སུངས་དང་དྲི་མས་མ་གོས་པ༔ དར་དཀར་པོ་དྲི་མ་དང་ནག་ནོག་མེད་པས་དྲིལ་ལ༔ རང་ཉིད་གཞོན་ནུ་ཆུ་སྐྱེས་སུ་གསལ་བའི་ལྕེ་འོག་ཏུ་བཅུག་སྟེ༔ ཉི་མ་དང་ཟླ་བ་གང་རུང་སྒྲ་གཅན་གྱིས་བསྒྲིབས་ནས་མ་གྲོལ་གྱི་བར་དུ་བཟླས་པ་བྱས་ན་མྱུ་གུ་འབྱུང་བར་འགྱུར་རོ༔ དེ་ནས་སྲན་མ་དེ་མིས་མ་མཐོང་ཞིང་མྱུ་གུ་མ་ཆད་པ༔ ར་དཀར་པོའི་འོ་མ་དང༔ ཆུ་བོ་ཆེན་པོའི་ཆུུ་གངས་ལ་ཉི་མ་མ་ཤར་བར་བླངས་པའི་ནང་དུ་ཙནྡན་དཀར་པོ་དང༔ པདྨ་དཀར་པོའི་ལྡེ་གུས་བཏབ་པས་ཕུལ་ཞིང་མིད་ལ༔ ཅི་ལྟར་འདོད་པའི་དོན་ཡིད་ལ་བྱ་ཞིང་གསོལ་ཚིག་ཀྱང་བརྗོད་པར་བྱའོ༔ དེའི་མཐུས་ཤེས་རབ་འཕེལ་ཞིང་ལུས་ལ་སྐྲ་དཀར་དང་གཉེར་མ་སྲིན་བུ་མི་འབྱུང་ཞིང་ཚེ་རིང་ནད་མི་འབྱུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟ་བུའི་ལས་ཀྱི་སྦྱོར་བ་དང་སྒྲུབ་པ་གང་བྱེད་ཀྱང༔ གྲིབ་དང་རྨེ་བཙོགས་ལ་འཛེམ་ཞིང་སྨྲ་བ་བཅད་ལ་བསྒྲུབ་པར་བྱའོ༔ དམ་ཚིག་ཏུ༔ གཞན་ལ་མི་སྨོད་དད་གུས་བྱ༔ འབྱོར་པས་དཀོན་མཆོག་རྟག་ཏུ་མཆོད༔ དཀོན་མཆོག་རྟེན་དང་བྲིས་བཅའ་སོགས༔ མཆོད་རྫས་རྙིང་པ་འགོམ་མི་བྱ༔ རྫུན་དང་ཕྲ་མ་གཡོ་སྒྱུ་སྤང༔ ཆོས་སྤྱོད་བཅུ་ལ་རྟག་ཏུ་འཇུག༔ འཆད་རྩོད་རྩོམ་ལ་འབད་པས་བསྒྲུབ༔ སྒྲུབ་ཚེ་ཤ་ཆང་སྒོག་བཙོང་སྤང༔ བུད་མེད་མཛེ་དང་དཀོར་ཟས་སྤང༔ མེ་ཏོག་སྤོས་སོགས་མཆོད་པའི་རྫས༔ ཇི་སྙེད་འཇམ་དབྱངས་རྟག་ཏུ་མཆོད༔ དེ་མཉེས་ཡིད་སྨོན་གང་འདོད་འགྲུབ༔ ས་མ་ཡ༔ ངང་པས་མཚོ་ལས་འོ་མ་ལེན་པ་ལྟར༔ པདྨས་མུན་སེལ་སྨྲ་བའི་སེང་གེ་ལས༔ རྗེས་འཇུག་དོན་དུ་ལེགས་གསལ་བོད་དུ་བསྒྱུར༔ མཚོ་རྒྱལ་བདག་གིས་ཟབ་ཕྱིར་ཡི་གེར་བྲིས༔ མ་འོངས་འདུལ་དོན་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་བསྐལ་པའི་དུས་ཞབས་བབ་པའི་ཚེ༔ སྐལ་ལྡན་ལས་ཅན་རྣམས་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔
ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས། དབང་གི་ལག་ཁྲིད་གསལ་བར་བཀོད་པ་དྲི་མེད་པད་དཀར་སྡོང་བུ་ (Volume 21, Text 41)
༄༅། །ཉང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལས། དབང་གི་ལག་ཁྲིད་གསལ་བར་བཀོད་པ་དྲི་མེད་པད་དཀར་སྡོང་བུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀཱ་ཡ། མཁའ་མཉམ་འགྲོ་ཀུན་ཐུགས་རྗེའི་སྤྱན་རས་ཀྱིས། །རྟག་ཏུ་གཟིགས་ནས་འཕྲལ་ཡུན་སྡུག་བསྔལ་ལས། །བུ་བཞིན་སྐྱོབ་མཛད་བླ་མེད་འཇིག་རྟེན་མགོན། །དབྱེར་མེད་བླ་མར་འདུད་དོ་དགྱེས་པས་སྐྱོངས། །གངས་ཅན་ལྷ་ཡི་སྐལ་པར་རྒྱལ་བས་བསྔགས། །བཟླས་པས་གྲོལ་བའི་རིག་པ་སྲིད་གསུམ་ན། །རྙེད་དཀའ་གང་དེ་སྒྲུབ་ལ་འཇུག་པའི་སྒོ །སྨིན་བྱེད་དབང་གི་ལག་ཁྲིད་གསལ་དགོད་བྱ། །སྤྱན་རས་གཟིགས་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་དབང་རྒྱས་པར་བསྐུར་བ་ལ། གཏེར་གཞུང་རྩ་བར་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྡུས། དང་པོ་སྔོན་འགྲོ་ལ་གནས་བཙལ་བ། ས་ཆོག །སྔོན་འགྲོའི་ཡན་ལག །ལྷག་གནས་སྟ་གོན་བཅས་བཞིར་གསུངས་པ་ལས། དང་པོ་གཉིས་སྒྲུབ་གནས་རྙིང་པ་ལ་མི་དགོས་ཤིང་། གསུམ་པའང་སྒྲུབ་ཆེན་དང་འབྲེལ་བས་འདིར་མ་སྨོས། བཞི་པ་ལ་རྣམ་གྲངས་ལྔར་བཤད་ཀྱང་འདིར་ལག་ལེན་སྤྱི་མཐུན་གོ་བདེ་བར་བརྗོད་པ་ལ་གསུམ། དབང་རྫས། ལྷ། སློབ་མ་ལྷག་གནས་བྱ་བའོ། །དང་པོ་ལ་བདག་བསྐྱེད་སྔོན་དུ་འགྲོ་དགོས་པས་དེའི་ཚུལ་མདོར་བསྡུས་པ་དེ་ཁོ་ན་ཉིད་དུ་སྒྲུབ་པ་ལས་འབྱུང་བ་ནི། སྐྱབས་སེམས་ཚད་མེད་བཞི་སྤྱི་ལྟར་བྱ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་མ་རྟོགས་པའི་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་གྱིས་གདུང་བ་རྣམས་སྙིང་རེ་རྗེ། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ། དེའི་འོད་ཀྱིས་ལུས་ཐ་མལ་གྱི་དངོས་པོ་སྦྱངས། ཧྲཱིཿའོད་དུ་ཞུ་ནས་པདྨ་དཀར་པོར་གྱུར། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་པདྨའི་གདན་ལ་བཞུགས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་བགྲང་ཕྲེང་འཛིན་པ། གཡོན་གྱི་འོག་མས་པདྨ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོའི་མཐར་ཡི་གེ་དྲུག་པས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་པུཥྤེ་ཧཱུྃ། ནས་ནཻ་བིདྱ་བར་གྱིས་མཆོད། རང་ལ་གཉིས་མེད་དུ་ཐིམ་པར་གྱུར། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་གི་སྡིག་སྒྲིབ་མ་ལུས་པ་དག་པར་བསམ་ལ་ཡིག་དྲུག་ཅི་འགྲུབ་བཟླ། མཐར། ལྷ་སྐུ་འོད་ཀྱི་རང་བཞིན་དུ་ཞུ་ནས་ཧྲཱིཿལ་ཐིམ། དེའང་ཇེ་ཆུང་ཡལ་ནས་སྟོང་པ་ཉིད་དུ་གྱུར་པ་ལ་མཉམ་པར་བཞག །སླར་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་མོས། སྔོན་འགྲོ་དཀར་གཏོར་དང་གསེར་སྐྱེམས་རྣམས་ལ་ཆབ་བྲན། རཾ་ཡཾ་ཁཾ༔ རཏྣ་པཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཞེས་མགྲོན་འགུགས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ས་བདག་ལྷ་ཀླུ་འཁོར་དང་བཅས༔ གཏོར་མ་དམ་པ་འདི་བཞེས་ལ༔ བདག་གི་སྒྲུབ་པ་མ་ཐོན་བར༔ ཁྱེད་ལ་གནས་འདི་བདག་གཡར་གྱིས༔ ཅི་བདེ་བར་ནི་གཞན་དུ་སོང༔ སྔགས་མཐར་གཙྪ་བཏགས་པས་གཤེགས། དེས་ས་སློང་གི་གོའང་ཆོད། དེ་ནས་དཀྱིལ་འཁོར་གྱི་སྟེགས་བུ་ལ་བའི་རྣམ་ལྔ་དང་དྲི་བཟང་གིས་བྱུགས། མེ་ཏོག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །དེའི་གཡས་གཡོན་མདུན་གསུམ། དེ་རྒྱབ་བཅུ་གཉིས། དེ་རྒྱབ་དྲུག་བཀོད་པ་ནི་དཀྱིལ་འཁོར་ལྷག་གནས་ཀྱི་དོན་ཡིན་ལ། འོག་ནས་འབྱུང་བའི་དབང་རྫས་རྣམས་ཀྱང་སྐབས་འདིར་ཚོགས་པར་བྱ་དགོས། བུམ་པ་ལྷག་པར་གནས་པ་ནི། རིན་པོ་ཆེའི་བུམ་པ་གཉིས་གུ་གུལ་གྱི་དུད་པས་བདུག །ནང་དུ་ཉེར་ལྔའི་རྫས་དྲི་བཟང་གི་ཆུས་བཀང་། རྣམ་བུམ་མགུལ་ཆིངས་དཀར་པོ། ལས་བུམ་ལྗང་གུ་ཁ་རྒྱན་རིགས་ལྔའི་ཕྱག་མཚན་དང་བཅས་པ་གཡས་གཡོན་དུ་བཀོད་པ་ཕྱི་མཆོད་ཀྱིས་བསྐོར། རྒྱས་པར་བྱེད་ན་ལས་བྱང་བཏང་ལ་ལྷ་བསྐྱེད་མཆོད་བསྟོད་བཟླས་པ་བྱ་དགོས་ཀྱང་མདོར་བསྡུ་ན་ལས་བྱང་ལྟར་མཆོད་པ་བྱིན་བརླབ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཚོ་རྫིང་དྭངས་པར་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། སྔགས་ཙམ་གྱིས་མཆོད། བསྟོད་པ་ཤློ་ཀ་གཅིག་གིས་བསྟོད། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས་བུམ་པའི་ལྷ་རྣམས་ལ་ཕོག །སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་དུ་འཁྱིལ་པར་བསམ་ལ་ཡིག་དྲུག་བཟླ། མཐར། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་མཆོད་ཡོན་ཕུལ་བས་ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་སྤྱི་ལྟར་བྱ། དབང་རྫོགས་པར་བསྐུར་བའི་སྐབས་ཁྲུས་དབང་སྐབས་འདིར་བསྒྲུབ་ན་བདེ་བས། སྟེགས་བུའི་ལོགས་ཤིག་ཏུ་མཎྜལ་མེ་ཏོག་གི་ཚོམ་བུ་བཀོད་པའི་ཁར་བུམ་པ་དྲི་ཆབ་ཉེར་ལྔའི་རྫས་དང་ཆུ་ཤེལ་གྱི་བཅུད་ལྡན་མགུལ་ཆིངས་དཀར་པོས་སྤྲས་པ་རིགས་ལྔའི་ཕྱག་མཚན་ཅན་ཁ་རྒྱན་དང་བཅས་པ་གུ་གུལ་གྱིས་བདུག །སུམྦྷ་ནིས་བགེགས་བསྐྲད་ལ་བཀོད། བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་པོ་སོགས་རིན་ཆེན་བརྒྱད་ཀྱི་གཟུགས་བྲིས་པའང་བཞག །ཕྱི་མཆོད་ཀྱིས་བསྐོར། ལས་བྱང་ལྟར་བྱིན་བརླབ། གཟུངས་ཆོག་ལྟར་བདག་བསྐྱེད་བསྒོམ། མདུན་བསྐྱེད་སྐབས་གཙོ་བོའི་གསལ་འདེབས་བདག་བསྐྱེད་ལྟར་བསྐྱར། སྤྱན་འདྲེན་ནས་མཆོད་པའི་བར་གཏང་། གཟུངས་ཐག་བླངས་ལ་བཟླས་དམིགས་བཅས་ཞི་ཁྲོའི་སྔགས་སྦྲེལ་བ་བརྒྱ་རྩ་ལས་མི་ཉུང་བར་བཟླའོ། །དེ་ནས་ལྷ་ལྷག་པར་གནས་པ་ནི། ལས་བྱང་གི་སྐྱབས་སེམས་ནས་བརྩམ་སྔོན་འགྲོ་རྣམས་དང་། དངོས་གཞིའི་བསྟོད་པའི་བར་དུ་གཏང་། རྒྱས་པར་ལྕོགས་ན་ཚོགས་མཆོད་ཀྱང་བྱས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དེ་ནས་སློབ་མ་ལྷག་པར་གནས་པ་ལ། སོ་ཤིང་དང་ར་བ། ཀུ་ཤའི་ཆུན་པོ། སྲུང་སྐུད་དཀར་པོ་རྣམས་ཉེ་བར་བསྡོགས་ལ། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། ཕྱག་བཅས་ནང་དུ་འཁོད་པ་ལ་བློ་བཅོས་པའི་ཆོས་བཤད་ཅི་རིགས་པ་དང་སེམས་བསྐྱེད་གསལ་གདབ། དེ་ལ་སྐབས་འདིར་འཆད་པར་བྱ་བ། གངས་ཅན་བོད་ཡུལ་གྱི་ལྷའི་སྐལ་པ་ཐུན་མོང་མ་ཡིན་པ། མཚན་ཙམ་བཟུང་བས་འཁོར་བ་དོང་ནས་སྤྲུགས་ཤིང་འབྲེལ་པ་ཐོགས་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་བཅད་དེ་བདེ་བ་ཅན་གྱི་ཞིང་དུ་ལམ་སྣ་འདྲེན་པར་མཛད་པ། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱུད་དང་སྒྲུབ་ཐབས་མན་ངག་མཐའ་ཡས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། སྤྲུལ་པའི་གཏེར་ཆེན་མངའ་བདག་ཉང་རལ་པ་ཅན་གྱི་ཟབ་གཏེར་ལས་བྱོན་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ལྷ་ཉེར་གསུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སྔོན་འགྲོ་སྟ་གོན་གྱི་ཆོས་དང་དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་སྔོན་འགྲོ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སློབ་མ་ལྷག་གནས་ཀྱི་ཆོས་ལ་རྣམ་གྲངས་དགུར་གསུངས་པའི་དང་པོ་རང་རྒྱུད་དག་པར་བྱ་བའི་ཕྱིར་སྡིག་པ་བཤགས་པ་ནི། ཁྱེད་རང་རྣམས་ཀྱི་ཚེ་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་བསགས་པའི་སྡིག་པ་མི་དགེ་བ་ཅི་མཆིས་པ་ཐམས་ཅད་བློས་བླངས་ནས་ཡུལ་མཆོག་རྣམས་ཀྱི་མདུན་དུ་གནོང་འགྱོད་དྲག་པོས་བཤགས་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་སློབ་དཔོན་རིག་པ་འཛིན་པ་རྣམས་དང༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བས༔ ཚེ་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་བླངས་ཀྱི་བར་དུ་སྡིག་པ་མི་དགེ་བའི་ལས་མཚམས་མེད་པ་ལྔ་དང༔ དེ་དང་ཉེ་བ་ལྔ་དང༔ ལྕི་བ་བཞི་དང༔ ལོག་པ་བརྒྱད་དང༔ མི་དགེ་བ་བཅུ་དང༔ ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་དང༔ བྱང་ཆུབ་སེམས་པའི་སྡོམ་པ་ཉམས་པ་དང༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ མི་འཆབ་མི་སྦེད་དོ༔ སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ༔ བྱང་ཞིང་དག་པའི་ཚངས་པ་བསྩལ་དུ་གསོལ༔ ལན་གསུམ། དེ་ལྟར་བཤགས་པ་ཕུལ་བས་སྡིག་པ་ཐམས་ཅད་སྐད་ཅིག་གིས་དག་ནས་ལུས་ཐམས་ཅད་དཀར་སངས་སོང་བར་སྒོམས་ཤིག །གཉིས་པ་ཐེག་པ་ཆེན་པོའི་བླ་མ་ལ་མོས་པ་བསྐྱེད་པའི་ཕྱིར་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་སློབ་དཔོན་སོགས་ནས། དགོངས་སུ་གསོལ༔ བར་གོང་ལྟར་དང་། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ རྒྱུ་ལམ་ཐམས་ཅད་དུ་དགེ་བ་དང་བཅས་པ་ལེགས་པའི་ཡོན་ཏན་ཀུན་གྱི་གཞིར་གྱུར་པ༔ དམ་པའི་ཆོས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ སྒྲིབ་གཉིས་བསལ་ནས་ས་དང་ལམ་ལ་གནས་ཏེ་སེམས་ཅན་གྱི་དོན་མཛད་པ༔ འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ ཞེས་ལན་གསུམ། དེ་ལྟར་བྱས་པས་དཀོན་མཆོག་རྣམས་ཀྱི་སྐྱབས་འོག་ཏུ་ཚུད་པར་མོས་ཤིག །གསུམ་པ་ཐེག་པ་དམན་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་སོགས་དགོངས་གསོལ་གོང་བཞིན། བདག་མིང་འདི་ཞེས་བྱ་བ་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་དང་བྱིན་རླབས་ཞུ་བས༔ བདག་ལ་ཐུགས་རྗེས་བཟུང་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། བླ་མས་གནང་བ་སྦྱིན་པ། ཀྱཻ༔ རིགས་ཀྱི་བུ་ཁྱོད་དབང་དང་བྱིན་རླབས་འདོད་ན༔ བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༔ ཐེག་པ་ཆེན་པོའི་བླ་མ་ལ་མོས་པ་བསྐྱེད་པ་དང༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་དད་གུས་རབ་ཏུ་སྐྱེད་ཅིག༔ དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱའོ༔ ཞེས་བརྗོད། དེ་ནས་གཞན་དོན་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཀྱི་སྨོན་པ་དང་དེ་ཉིད་སྒྲུབ་པའི་ཐབས་ཟབ་མོ་ལ་འཇུག་པར་སེམས་བསྐྱེད་པའི་བློས་འདིའི་རྗེས་ཟློས། ཧོ༔ བླ་མ་སོགས་དགོངས་གསོལ་གོང་བཞིན། བདག་མིང་འདི་ཞེས་བྱ་བས༔ དུས་འདི་ནས་བཟུང་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར༔ འཕགས་པ་ཐུགས་རྗེ་ཆེན་པོ་བསྒྲུབ་པའི་སེམས་བརྟན་པོ་བློས་བསྐྱེད་པར་བགྱིའོ༔ ལན་གསུམ། དེ་ནས་སློབ་དཔོན་གྱིས་ལུང་སྦྱིན་པ། ཀྱཻ༔ རིགས་ཀྱི་བུ་ཁྱོད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་གྱིས༔ ཐུགས་རྗེ་ཆེན་པོ་ཡི་དམ་གྱི་ལྷར་ཟུངས༔ ལུས་དང་སྲོག་གི་ཕྱིར་ཡང་མ་སྤང་བར༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོ་སྒྲུབས་ལ༔ འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཤིག༔ ཅེས་གནང་བ་བྱིན་པའི་དོན་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་དང་མི་འབྲལ་བར་བྱ་དགོས་པའོ། །བཞི་པ་དངོས་གྲུབ་ཀྱི་པྲ་བརྟག་པའི་སླད་དུ། སོ་ཤིང་གྲུ་བཞི་སོར་བརྒྱད་པ་དྲིས་བྱུགས་ཤིང་མེ་ཏོག་གིས་བརྒྱན་པ་འདི་ཉིད་ཐལ་མོ་སྦྱར་བའི་བར་དུ་ཟུངས། སོ་ལ་འདྲུད་པ་དང་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། སོ་ཤིང་གཏད། ར་བ་མདུན་དུ་བཞག་ལ། ཧོ༔ སོར་བརྒྱད་གཙང་མའི་སོ་ཤིང་འདི༔ སོ་ཡིས་བཟུང་ནས་བདག་བོར་གྱིས༔ འཕགས་པའི་རྒྱལ་པོ་བཞུགས་པའི་གནས༔ དབུས་ཕྱོགས་དགའ་ལྡན་གནས་སུ་བོབས༔ དེ་ལྟར་དོར་བའི་སོ་ཤིང་ཉིད་མཎྜལ་གྱི་དབུས་སུ་བབ་ན་དངོས་གྲུབ་འཐོབ། ཚུར་ལོག་ན་སྡིག་བཤགས་བྱ་དགོས་པར་གསུངས་སོ། །ལྔ་པ་འཇུག་པའི་རྨིས་ལྟས་བརྟག་པའི་ཕྱིར་དུ། ཀུ་ཤའི་ཆུན་པོ་ཆུང་བ་ལག་གཡས་སུ་གཏད་པ་སྔས་དང་། ཆེ་བ་གཡོན་དུ་གཏད་པ་སྟན་གྱི་དོན་དུ་ཟུངས་ཤིག །ཀུ་ཤ་ལས་ཆུས་བསངས་པ་གཏད་ལ། ཀྱཻ༔ ཀུ་ཤ་གཙང་མ་ལྷ་ཡི་གདན༔ དག་ཅིང་དྲི་མ་མེད་པའི་རྫས༔ ཉལ་བའི་སྟན་དང་སྔས་སུ་སྦྱིན༔ ལེགས་ཉེས་རྨི་ལྟས་སྟོན་པར་ཤོག༔ དོ་ནུབ་དག་བྱེད་རྩ་མཆོག་འདི་སྔས་སྟན་དུ་བྱས་ལ་ཉལ་ཏེ་རྨི་ལམ་གྱི་མཚན་མ་བརྟག་པར་བྱ་དགོས་སོ། །དྲུག་པ་བར་ཆད་ཀྱི་བགེགས་བསྲུང་བར་བྱ་བའི་ཕྱིར་སྲུང་བའི་སྐུད་པ་གདགས་པ་ནི། མདུད་པ་གསུམ་སྐུ་གསུང་ཐུགས་ལ་སྲུང་སྐུད་སྔགས་ཀྱི་ཕྲེང་བར་གྱུར། སྐུད་པ་དཀར་པོ་སུམ་བསྒྲིལ་མདུད་པ་གསུམ་བཏབ། ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་ལན་མང་དུ་བརྗོད་ལ་སྔགས། འདི་ཉིད་དཔུང་པར་བཅིངས་པས་སྒོ་གསུམ་ལ་བར་ཆད་ཀྱིས་མི་ཚུགས་པར་སྲུང་བའི་གོ་བགོས་པར་མོས་ཤིག །ཧཱུྃ༔ རྡོ་རྗེའི་ཕྲེང་ཐག་སྔགས་མདུད་འདི༔ གཡོན་གྱི་དཔུང་པར་བཅིངས་པ་ཡིས༔ ལུས་ངག་ཡིད་གསུམ་བར་ཆད་བགེགས༔ སྟོང་ཕྲག་བརྒྱད་ཅུ་སྲུང་བར་ཤོག༔ ཅེས་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིང་། བདུན་པ་ཟབ་མོའི་གནས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་འདི་ལ་གསན་འཚལ། ཀྱེ་མ་ཧོཿསྐལ་ལྡན་རྣལ་འབྱོར་པ༔ དལ་འབྱོར་མི་ལུས་རིན་ཆེན་ཐོབ༔ ལོག་དང་དམན་པའི་སེམས་སྤངས་ནས༔ ཐེག་ཆེན་དོན་དང་འཕྲད་པ་དང༔ ཁྱད་པར་གསང་སྔགས་བླ་ན་མེད༔ འཕགས་པའི་དཀྱིལ་འཁོར་མཆོག་མཐོང་བ༔ འདི་ནི་རྙེད་པར་དཀའ་བ་ཡིན༔ དགའ་ཞིང་དང་བས་སྤྲོ་བར་གྱིས༔ བརྒྱད་པ་དཀྱིལ་འཁོར་དུ་འཇུག་པ་ལ་ཐེ་ཚོམ་དང་བྲལ་བའི་ཕྱིར་གནང་བ་སྦྱིན་པ་ལགས་ཏེ། ཀྱེ་མ༔ སྐལ་པ་དང་ལྡན་པའི་བུ་རྣམས་ཉོན་ཅིག༔ ཁྱེད་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་དཀྱིལ་འཁོར་འདིར་བཅུག་ལ༔ དབང་བསྐུར་བ་དང་བྱིན་གྱིས་བརླབ་པར་བྱ་བས༔ འདིས་འགྲོ་དྲུག་འཁོར་བ་དོང་ནས་སྤྲུགས་ཏེ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་ཞལ་མཇལ་ནས༔ བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཚེ་འདི་ཉིད་ལ་འཐོབ་པ་ཡིན་པས་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་འདིར་ཞུགས་ཤིག༔ ཅེས་གནང་བ་སྦྱིན་ནོ། །དགུ་པ་དཀྱིལ་འཁོར་དུ་གཞུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་སྲས་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅག་བསོད་ནམས་སྐལ་པར་ལྡན༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ དཀྱིལ་འཁོར་གཉན་པོར་བདག་འཇུག་པས༔ བླ་མས་བརྩེ་བར་དགོངས་ནས་ནི༔ འཁོར་བའི་གནས་ལས་བསྒྲལ་དུ་གསོལ༔ ལན་གསུམ། དེ་དག་གིས་སློབ་མ་ལྷག་པར་གནས་པའི་རིམ་པ་རྣམས་གྲུབ་བོ། །འདིར་ཁྲུས་དབང་བསྐུར་ན་སྟབས་བདེ་བས། དེ་ནས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པ་ལ་ཁྱད་པར་དུ་བསྔགས་པ་བུམ་པའི་གཟུངས་ཆོག་དང་འབྲེལ་བའི་དབང་བསྐུར་བའི་ཐོག་མར་བུམ་པའི་ལྷ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ལགས་ཏེ། སྐྱེ་མེད་དབྱིངས་ལས་སོགས་གཟུངས་ཆོག་ལྟར་བསྟོད། གཟུངས་བུམ་མགོར་བཞག་ལ། བུམ་པས་དབང་བསྐུར་སོགས་ཀྱིས་དབང་བསྐུར། སྙིང་པོ་ཞི་དྲག་སྦྲེལ་མ་དང་གཤམ་དུ་འབྱུང་བའི་སྒྲིབ་སྦྱོང་། ནད་སེལ། གྲིབ་སེལ་བཅས་ཚན་གསུམ་ཤམ་བུ་སོ་སོར་སྦྲེལ་བ་ཚར་གསུམ་བདུན་ལ་སོགས་པ་བརྗོད་ལ་ཁྲུས་བྱ། ཁོང་དུ་བླུད། དེ་ལྟར་སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་དག་ནས་སྒོ་གསུམ་གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པ་ལ་བཀྲ་ཤིས་པའི་རྟགས་བརྒྱད་དང་། རིན་ཆེན་རྣམ་པ་བརྒྱད་ཀྱིས་མངའ་གསོལ་བས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་དཔལ་ལ་མངའ་དབང་འབྱོར་པར་མོས་ཤིག །རིན་ཆེན་གསེར་གདུགས་སོགས་ཀྱིས་རྟགས་བརྒྱད་དང་། རྒྱལ་པོ་རིན་ཆེན་སོགས་རིན་ཆེན་སྣ་བརྒྱད་གཏད། ཤིས་བརྗོད་ཇི་ལྟར་འོས་པ་སྤེལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། ཁྲུས་བུམ་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུར་ཞུ། རང་ལྷར་བསྒོམས་ལ་སྟོང་ཉིད་ཀྱི་རྒྱས་གདབ་བོ། །སློབ་དཔོན་གྱིས་ལྷ་ལ་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ལ། ཀྱཻ༔ འཕགས་པ་སྤྱན་རས་གཟིགས་དབང་མཆོག༔ ཡབ་ཡུམ་སྲས་དང་འཁོར་དུ་བཅས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ སློབ་མ་རྣམས་ལ་བྱིན་གྱིས་རློབས༔ ང་ནི་དཀྱིལ་འཁོར་བྲི་འཚལ་བས༔ སྟ་གོན་ལ་ནི་བཞུགས་སུ་གསོལ༔ ཞེས་གསོལ། སེ་གོལ་སྒྲས་མཚོན་སྟ་གོན་གྱི་དཀྱིལ་འཁོར་པ་རྣམས་བར་སྣང་འོད་ཀྱི་དྲྭ་བར་བཞུགས་པར་མོས་ལ་ཚོམ་བུ་སོགས་བསྡུའོ། །གཉིས་པ་དངོས་གཞི་ལ་སྤྱི་དོན་རྣམ་པ་བཞིར་གསུངས་པའི་དང་པོ་དཀྱིལ་འཁོར་དང་སྒྲུབ་རྫས་བཤམ་པ་ནི། སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་དབུས་སུ་ཁྲིའུའི་ཁར་སྔར་སྟ་གོན་བྱས་པའི་རྣམ་བུམ་བཞག །དེའི་ཁར་ཐོད་པ་མཚན་ལྡན་ཆང་དང་ཨ་མྲྀཏས་བཀང་བའི་སྟེང་མེ་ལོང་ལ་མཚལ་ལམ་སིནྡྷུ་རའི་ཡིག་དྲུག་བྲིས་པས་བཀབ། ནང་དབང་རྫས། དབུ་རྒྱན། ཅོད་པན། རྡོ་རྗེ། དྲིལ་བུ། ཤེལ་ཕྲེང་། སྦ་ལྕག་ཚིགས་གསུམ། ཁྱད་པར་རྫས། ལྷ་ཙཀ་ཉེར་གཉིས། དངུལ་གྱིས་བྲིས་པའི་ཡིག་དྲུག་དང་། པུསྟི། ཁྲི་གདུགས་ཙཀ་ལི་རྣམས་ཅི་བདེར་བཀོད། ཕྲིན་ལས་བཞིའི་དབང་རྫས་ཤར་དུ་དངུལ་བུམ་ནང་དུ་དྲི་སྨན་རིན་པོ་ཆེ་ཆུ་སྣ་འོ་མས་བཀང་བ་ཆུ་ཤེལ་དང་བཅས་པ། མགུལ་ཆིངས་དཀར་པོ། ཁ་རྒྱན་མེ་ལོང་ལྡན་པ། ལྷོར་ཚོགས་གཏོར། དཀར་གསུམ། མངར་གསུམ། ཁུར་བ། ཤ་བཙོས་བསྲེགས་རློན་པ་དང་བཅས་པ། ནུབ་ཏུ་ཟངས་གཞོང་དུ་དབང་གཏོར་ཟླ་གམ་དམར་པོ་རྒྱ་སྐྱེགས་དང་སིནྡྷུ་རས་བྱུགས་ཤིང་ཆང་དང་སྨན་སྣ་བཅས་པ། བྱང་དུ་ཟངས་སམ་སེང་ལྡེང་ཕུར་པ་རྟ་ཞལ་ཅན། མདུན་ངོས་སུ་ཚེ་བུམ་མགུལ་ཆིངས་དམར་པོ་དྲི་ཆབ་དང་སོ་ལྔས་བཀང་བའི་ཁར་ཚེའི་འབྲང་རྒྱས་བཞག་པ་དང་ཚེ་རིལ་ཚེ་ཆང་། རྒྱབ་ཏུ་སྨན་གྱི་ཕོ་བྲང་རྣམས་ཀྱང་དེ་དག་གི་དབང་བསྐུར་ཆེད་དུ་བཀོད། ཕྱི་མཆོད་བསྐོར་བཤམ། ལས་བཞིའི་འབུལ་གཏོར་སོགས་ལས་བྱང་ནས་བཤད་པ་ལྟར་དང་། གཞན་ཡང་ལས་བུམ། མིག་དར་མེ་ཏོག །སྔོན་གཏོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་ཕྲིན་ལས་ཀྱི་གཞུང་བསྲང་བ་ནི། ལས་བྱང་གི་བརྒྱུད་འདེབས་ནས་བརྩམ་སྔོན་འགྲོ་རྣམས་གཏང་། སྟ་གོན་གྱི་ལྷ་དཀྱིལ་འཁོར་ལ་དབབ། དངོས་གཞི་ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་དུ་བསྒོམ་ཡང་ཆོག་མོད་ཚིག་རིས་གཅིག་གིས་བདག་མདུན་དཀྱིལ་འཁོར་གཉིས་གསལ་འདེབས་པ་ལུགས་འདི་ལ་འཐད་པ་ཡིན་པས་དེ་ལྟར་བྱས་ལ་མངོན་རྟོགས་ནས་བཟླས་པ་དང་འཛབ་བསྟོད་གྲུབ་ཀྱི་བར་གཏང་། བུམ་བཟླས་གྲུབ་ན་སྤྱི་ལྟར་བྱ། མ་གྲུབ་ཀྱང་སྔོན་དུ་སོང་བས་འཐུས། ཕྲིན་ལས་བཞིའི་རྫས་བསྒྲུབ་པ་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་ཧཱུྃ༔ སརྦ་དྷརྨ་སྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ བུམ་པ་དང་རྫས་ཀྱི་སྐྱོན་རྣམ་པར་དག་ནས་སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང་དུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་མྲྀཏེ་ཀུཎྜ་ལཱི་སརྦ་བི་ཤུདྡྷེ་ཧཱུྃ༔ བུམ་པའི་ནང་དུ་རྣམ་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ་ངོ་བོ་བདུད་རྩིའི་ཆུ་རྒྱུན་དཀར་པོ། ན་བ་གསོ། ཤི་བ་སློང་། སྡིག་སྒྲིབ་དག་པར་བྱེད་པ། ཚོགས་ཀྱི་ཡོ་བྱད་ལྷའི་ཞལ་ཟས་དྲི་མ་མེད་པ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པ། ཟངས་གཞོང་དུ། ཨོཾ་ཨཱཿཧཱུྃ༔ ལན་གསུམ། བདུད་རྩིའི་རྒྱ་མཚོ་དམར་པོ་ལས་ཡེ་ཤེས་ཀྱི་འོད་ཟེར་དམར་པོ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ་ནས་དངོས་གྲུབ་ཀྱི་བཅུད་བསྡུས། འགྲོ་བ་མི་དང་ལོག་ལྟའི་དགྲ་བགེགས་ལ་ཕོག་པས་རང་དབང་མེད་པར་ལུས་ངག་ཡིད་གསུམ་དབང་དུ་སྡུད་པར་གྱུར། ཕུར་པ་ཁྲོ་བོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ། ཕྱག་གཡས་རྡོ་རྗེ་དང་གཡོན་ཕུར་པ་བསྣམས་པ། སྤྱི་གཙུག་ན་རྟ་སྐད་འཚེར་བ། ཞབས་ཀྱིས་དགྲ་བགེགས་མནན་ཅིང་སྒྲོལ་བ། མེ་ཕུང་དམར་ནག་གི་དབུས་ན་བཞུགས་པར་གྱུར། ཅེས་དམིགས་ལ། ཡིག་དྲུག་ཤམ་དུ། ཤཱནྟིང་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཅི་འགྲུབ་བཟླ། བླ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས་བདག་ལ་བྱིན་གྱིས་བརླབས་པར་བསམ། དེ་ནས་ཚེ་སྒྲུབ་ནི། གཞུང་ཟུར་གསལ་ལྟར་རྟ་སྔགས་ཀྱིས་བགེགས་བསྐྲད། ཚེ་བུམ་བྷྲཱུྃ་ལས་སོགས་ལྷ་བསྐྱེད། བསྙེན་པ་ཡིག་བཅུ། སྒྲུབ་སྔགས། ལས་སྦྱོར་རྣམས་ཅི་འགྲུབ་བཟླས་ལ་སྟོང་ཚིགས་མཆོད་འབུལ། བསྐུལ་བ་དང་ཚེ་འགུགས་བྱ། དེ་ནས་སྨན་སྒྲུབ་པ་ནི། བདུད་རྩི་ཕོ་བྲང་དང་བཅས་པའི་འོག་ཏུ༔ ཡཾ་ལས་རླུང་གི་དལ་བ་དན་གྱིས་མཚན་པ་གཅིག་བསྒོམ༔ དེར་ཐོད་པ་གསུམ་གྱི་སྒྱེད་པུའི་ཁ་ན༔ བདུད་རྩིའི་སྣོད་བྷན་དྷའི་གཞལ་ཡས་ཁང་ན་བདུད་རྩིས་གང་ནས་གནས་པ་ལས༔ འོག་ནས་རླུང་གནས་པ་ལས་མེ་སྦར༔ མེས་ཐོད་པ་དྲོས་པས་དམ་ཚིག་བདུད་རྩི་འོ་མ་ཁོལ་བ་ལྟར་བསྒོམ༔ ཐོད་པའི་སྟེང་ན་ཐུགས་རྗེ་ཆེན་པོ་ཡབ་ཡུམ༔ རིགས་དྲུག་གི་ལྷ་ཚོགས་སྦྱོར་བ་བྱས་པས༔ ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་ནས་བབས་ཏེ༔ དམ་ཚིག་བདུད་རྩི་དང་འདྲེས་ཏེ༔ ཐོད་པ་རྒྱ་ཆེར་གང་ནས་ལྷུད་ལྷུད་བྱུང་བར་བསམ་མོ༔ ཧཱུྃ༔ འགྲོ་བ་འདུལ་བའི་ད་ལ་རུ༔ མཚན་ལྡན་ཞལ་བུ་ཀ་པཱ་ལ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན༔ ཉི་ཟླ་གསལ་བའི་ད་ལ་རུ༔ མུ་ཏིག་དཀར་པོ་དྲི་མེད་ལྟར༔ བདུད་རྩི་ཆེན་པོའི་ཀློང་དུ་འཁྱིལ༔ སྒྲུབ་པ་པོས་ནི་ནན་ཏན་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་ཅི་འགྲུབ་བཟླ། བདུད་རྩི་དབབ་པའི་སྔགས། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་པྲ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་ཅུང་ཟད་བཟླས་ལ། རིགས་དྲུག་ཡབ་ཡུམ་གྱི་མཁའ་ནས་ཡེ་ཤེས་ཀྱི་བདུད་རྩི་ཕོ་བྲང་དུ་བབས་པར་བསྒོམ་མོ༔ དེ་ནས་བདུད་རྩི་བསྐྱིལ་བ་ནི། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋ༔ ཞེས་བཟླ་ཞིང་། བདུད་རྩི་བྷནྡྷའི་གཞལ་ཡས་སུ་འཁྱིལ་ནས་གང་བར་བསམ་མོ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་གུ་ཡ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཅེས་བཟླས་ཤིང་དངོས་གྲུབ་བླང་ཞིང་བསྡུའོ། །དེ་ནས་ལས་བྱང་ལྟར་འདས་གཏོར་དང་ཆོས་གཏེར་སྲུང་མའི་གཏོར་འབུལ་བྱ། རིག་པའི་མེ་ཏོར་དོར། སློབ་མ་གཞུག་པར་གསོལ་བ་གདབ་བོ། །གསུམ་པ་སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་བྱིན་གྱིས་བརླབ་པ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། འདིར་སྐབས་སུ་བབས་པའི་འཆད་བྱ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་འདུས་པའི་ཐུགས་རྗེ་ཆེན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ། དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཏུ་གྱུར་ཀྱང་རྒྱལ་སྲས་སེམས་དཔའི་རྣམ་པར་རོལ་པས་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་བསམ་ལས་འདས་པའི་རྣམ་པར་ཐར་པའི་སྤྲིན་བཀོད་པ་ལ་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བ། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་མདོ་དང་རྒྱུད་དང་རྟོག་པ་མཐའ་ཡས་པ་འཇིག་རྟེན་དུ་བྱོན་ཅིང་། དེ་དག་ལ་བརྟེན་པའི་སྒྲུབ་ཐབས་དང་མན་ངག་ཇི་སྙེད་པ་འཕགས་བོད་གཉིས་སུ་བྱུང་བ་རྣམས་ཀྱི་ནང་ནས། མཆོག་གམ་ཕུལ་དུ་གྱུར་པ་ནི། འཕགས་མཆོག་ཉིད་སྤྲུལ་པའི་སྐུའི་རྣམ་པར་རོལ་པ་སློབ་དཔོན་ཆེན་པོ་པདྨཱ་ཀ་རའི་བཀའ་སྲོལ་ལས་བྱོན་པ་རྣམས་ཡིན་ཞིང་། སློབ་དཔོན་སངས་རྒྱས་གཉིས་པ་དེ་ཉིད་གངས་ཅན་བོད་ཀྱི་ལྗོངས་འདིར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བསྩལ་པའི་སྐབས་སུ། སངས་རྒྱས་བཀའི་བརྒྱུད་པ། བྱང་སེམས་ཐུགས་རྗེའི་བརྒྱུད་པ། གྲུབ་ཐོབ་སྙན་དུ་བརྒྱུད་པ་སྟེ་བརྒྱུད་པ་གསུམ་ལྡན་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་རྩ་བ་དང་ཡན་ལག་གི་རྒྱུད། ཕྱི་དྲུག་སྐོར། ནང་བཞི་སྐོར། གསང་བ་གསུམ་སྐོར། དེ་ཁོ་ན་ཉིད་ཆིག་སྐོར། ལས་ཁ་ཚར་དང་བཅས་པའི་ཆོས་སྐོར་རྣམས་སྐལ་ལྡན་རྗེ་འབངས་རྣམས་ལ་གདམས་པར་མཛད། མ་འོངས་པའི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་ལྷོ་བྲག་གཏམ་ཤུལ་གྱི་བྲག་སྲིན་མོ་སྦར་རྗེས་ཅན་དུ་ཟབ་མོའི་གཏེར་རྒྱས་བཏབ་པ། སྙིགས་དུས་དྲུག་ཅུ་ཁ་རལ་པའི་སྐབས་སུ་བབས་པ་ན་ཆོས་རྒྱལ་ཆེན་པོའི་སྐུའི་སྐྱེ་བ་བཅོ་ལྔ་པ། གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས། མཆོག་གི་སྤྲུལ་པའི་སྐུ་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་ཏེ་ཉམས་བཞེས་མཐར་ཕྱིན་པ་མཛད་པས་རྩོད་པ་མེད་པའི་གྲུབ་ཐོབ་ཀྱི་སྙན་པས་ས་སྟེང་ཁྱབ་ཅིང་། ཕྲིན་ལས་ནམ་མཁའ་དང་མཉམ་པས་ད་ལྟའི་བར་དུའང་གཏེར་ཁ་གོང་མའི་ལུགས་སྲོལ་ཞེས་ཉི་ཟླ་ལྟར་གྲགས་པ་འདི་བྱུང་བ་ཡིན་ཞིང་། འགྲོ་མགོན་ནམ་མཁའ་དཔལ་སོགས་སྲས་བརྒྱུད་དང་སློབ་བརྒྱུད་ལས་སྨིན་གྲོལ་བྱིན་རླབས་ཀྱི་རྒྱུན་ཟམ་མ་ཆད་པར་བྱོན་ཅིང་། ཁྱད་པར་མངའ་བདག་ཉང་རལ་ཉིད་ཀྱིས་རྡོ་རྗེའི་ལུང་གིས་གསལ་བར་བསྟན་ཅིང་ཐུགས་རྒྱུད་ཀྱི་ཡེ་ཤེས་དབྱེར་མེད་པ། བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཉེ་བརྒྱུད་དུ་བྱོན་པའི་སྨིན་གྲོལ་ཡན་ལག་བཅས་ཆ་ཚང་བ་བཀའ་དྲིན་དུ་ཐོབ་པ་ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་འཇུག་པ་དང་དབང་བསྐུར་བ་གཉིས་སུ་ཡོད། འཇུག་པ་ལའང་ཆོས་བརྒྱད་དུ་གསུངས་པ་ལས། ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་ལྟར་བྱས་ལ་གདོང་གཡོགས་དང་མེ་ཏོག་སྦྱིན། གཉིས་པ་བརྡ་སྦྱར་ཅིང་བར་ཆད་བརྟག་པའི་ཕྱིར་དྲི་བ་བྱེད་པ་ལ་གསན་འཚལ། ཀྱཻ་མ༔ རིགས་ཀྱི་བུ་ཁྱེད་རྣམས་གང་ཡིན༔ མིང་ཅི་ཡིན༔ ཅིའི་ཕྱིར་འདིར་འོང༔ དོན་གྱི་དངོས་པོ་ཅི་ཞིག་འདོད༔ ཅེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། བདག་ནི་སྐལ་བཟང་སྣོད་ལྡན་རིགས༔ རྡོ་རྗེ་ཆེ་གེ་མོ་ཞེས་བྱ༔ རྡོ་རྗེ་བླ་མ་སངས་རྒྱས་ལ༔ དབང་དང་བྱིན་རླབས་ཞུ་བར་མོས༔ འགྲོ་བ་འདུལ་བའི་དཀྱིལ་འཁོར་འདིར༔ ཐུགས་རྗེས་དམ་པར་བཟུང་དུ་གསོལ༔ ཡང་སློབ་དཔོན་གྱིས་བར་གཅོད་དྲི་བ་ནི། ཀྱེ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ འགྲོ་བ་ཐབས་ཀྱིས་འདུལ་མོད་ཀྱང༔ ལེགས་དྲན་ཉམས་དགས་ལྟ་བ་འམ༔ བླ་མ་ཕ་མས་མ་གནང་ངམ༔ སྡིག་ཅན་དམ་ཚིག་ཉམས་པ་འམ༔ རེ་ཞིག་ཙམ་གྱི་ཕྱིར་མིན་ནམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། ཀྱེ༔ བདག་ནི་ལུས་ངག་ཡིད་གསུམ་གྱི༔ དད་གུས་མོས་པས་འཇུག་པ་ལགས༔ མ་གནང་བ་དང་ཉམས་པ་མེད༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས༔ དབང་སྐུར་བྱིན་གྱིས་བརླབ་པར་ཞུ༔ གསུམ་པ་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་འདེབས་པ་ནི་སློབ་དཔོན་གྱི་བགྱི་བ་ལགས་ཏེ། སློབ་དཔོན་གྱིས་དཀྱིལ་འཁོར་ལ་ཕྱག་དང་མཎྜལ་ཕུལ། ཨོཾ༔ ཐུགས་རྗེ་ཆེན་པོ་ལྷ་ཡི་ལྷ༔ གཙོ་དང་འཁོར་དུ་བཅས་པ་ལ༔ ཕྱག་འཚལ་མཆོད་འབུལ་གསོལ་བ་འདེབས༔ སྐལ་ལྡན་རིགས་ཀྱི་བུ་འདི་རྣམས༔ འཁོར་བའི་རྒྱ་མཚོ་ཆེན་པོ་ལས༔ བྱང་ཆུབ་སྐམ་སར་བསྒྲལ་བའི་ཕྱིར༔ དཀྱིལ་འཁོར་ཆེན་པོར་འཇུག་པར་གསོལ༔ ཞེས་གསོལ་བ་ལན་གསུམ་གདབ་བོ། །བཞི་པ་མེ་ཏོག་དོར་ཞིང་གསང་མཚན་གདགས་པ་ཡིན་པས༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རིན་ཆེན་སྣ་ལྔ་ལས་གྲུབ་པའི་ཅོད་པན་དུ་མོས་ལ་ཐལ་མོ་སྦྱར་བའི་བར་དུ་ཐོགས་ནས། རང་རང་གི་ཚེ་རབས་སྔོན་ནས་འབྲེལ་པའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པ་དང་ཚིག་འདིའི་རྗེས་ཟློས་བཅས་ཏེ་འདོར་བར་ཞུ། ཀྱེ༔ ཐུགས་རྗེ་ཆེན་པོ་དབང་གི་ལྷ༔ བདག་ཅག་དཀྱིལ་འཁོར་འདིར་ཞུགས་པས༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ༔ པྲ་ཏི་རཏྣ་པུཥྤེ་པཱུ་ཛ་ཧོ༔ ཞེས་མེ་ཏོག་དཀྱིལ་འཁོར་རམ་འགྲིམ་དཀྱིལ་དུ་འདོར་གཞུག །དབུས་སུ་བབས་ན་རྡོ་རྗེ་དབང་ཕྱུག་རྩལ། ཡུམ་ལ་རྡོ་རྗེ་རིག་པའི་རྒྱལ། སྲས་རྡོ་རྗེ་གྲུབ་པ་གཙོ། སྲས་མོ་ལ་རྡོ་རྗེ་རིག་སྔགས་གཙོ། རིགས་གཞན་རྣམས་ལ་སོ་སོའི་རིགས་དང་བསྟུན་པའི་མིང་གདགས་སོ། །ལྔ་པ་ཡེ་ཤེས་པ་སྤྱན་འདྲེན་ཅིང་སྙིང་ལ་གཞུག་པ་ཡིན་པས་ཁྱེད་རང་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་གྱིས་ཤིག །ཁྱེད་རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་དམར་པོ་སྲན་མ་ཙམ་ཞིག་སྒོམས། དེ་ལ་ཅུང་ཟད་སེམས་བཟུང་། ཐིག་ལེ་དེ་ཆེར་སོང་བས་མེ་དམར་སལ་གྱིས་འབར་བ་ལ་སེམས་ཟུངས། རང་བཞིན་གྱི་གནས་དང་དཀྱིལ་འཁོར་པ་རྣམས་ལས་ལྷ་ཡེ་ཤེས་པའི་ཚོགས་དཔག་ཏུ་མེད་པ་བྱོན་ཏེ་སློབ་མའི་སྤྱི་བོ་ནས་སྙིང་གའི་དཀྱིལ་དུ་ཞུགས་པར་གྱུར། ཅེས་བསྒོམས་ལ་རྒྱལ་པོ་ལུགས་ལས་འབྱུང་བའི་བྱིན་འབེབ་བམ་བབས་དྲུག་ལྟ་བུ་དང་ཡིག་དྲུག་ལ། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད། དྲི་བཟང་པོའི་སྤོས་དང་རོལ་མོའི་སྒྲ་བཅས་བྱིན་དབབ་བོ། །དྲུག་པ་མིག་དབྱེ་ཞིང་ལྷ་ངོ་བསྟན་པ་ཡིན་པས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་། མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཀྱཻ༔ ཐོག་མ་མེད་པའི་དུས་ཉིད་ནས༔ མ་རིག་ལོག་རྟོག་གིས་ལྡོངས་པའི༔ མི་ཤེས་རྨོངས་པ་བདག་གིས་བསལ༔ ད་ནི་རབ་ཏུ་དང་བ་ཡིས༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཡེ་ཤེས་ལྷ་ངོ་ཤེས་པར་གྱིས༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་རས་བསལ། དེ་ལྟར་དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པས་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་གྱུར་པ་ནི། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་གཞལ་ཡས་ཁང་གི་ནང་དུ། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ལས་ཚད་མེད་སྙིང་རྗེ་ཆེན་པོས་འགྲོ་བ་རིགས་དྲུག་གི་སེམས་ཅན་གང་ལ་གང་འདུལ་གཟུགས་ཀྱི་རྣམ་པར་ཤར་བའི་འགྲོ་འདུལ་སྤྱན་རས་གཟིགས་དབང་ཕྱུག །ཡུམ་ཡི་གེ་དྲུག་མ། སྲས་ནོར་བུ་འཛིན་པ། སྲས་མོ་གསང་སྔགས་འཛིན་མ། རྒྱལ་བ་རིགས་དྲུག་ཡབ་ཡུམ། སྤྲུལ་སྐུ་ཐུབ་པ་དྲུག་བཅས་ལྷ་ཉི་ཤུ་རྩ་གཉིས་པོ་རྣམས་རྒྱན་དང་ཕྱག་མཚན་བརྡ་དོན་རྟགས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་སྟེ། འདི་ལྟ་བུའི་དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་ཀྱང་ཐོགས་མེད་ནས་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་ཞིང་ཕྱིར་མི་ལྡོག་པའི་ཐར་པ་ཆེན་པོར་དབུགས་འབྱིན་པར་འགྱུར་བ་ལགས་པས་དད་མོས་སྤྲོ་དགའ་རྒྱ་ཆེན་པོ་བསྐྱེད་པར་མཛོད་ཅིག །བདུན་པ་དམ་ཚིག་རྡོ་རྗེའི་ཆུ་བླུད་ཅིང་རྡོ་རྗེའི་དམ་ཚིག་འབོགས་པ་ཡིན་པས་ཁེ་ཉེན་གྱི་གནད་ངེས་པར་གྱིས་ཤིག །ཀ་པཱ་ལའི་བདུད་རྩི་རྡོ་རྗེས་བླངས་ལ་སློབ་མའི་ལྕེ་ལ་བཞག་སྟེ། ཨེ་མ་འདི་ནི་དམ་ཚིག་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་ཐོབ༔ ཡེ་ཤེས་སེམས་དཔར་གྱུར་ནས་ཀྱང༔ སྙིང་ལ་ཐིམ་ནས་སྒྲིབ་པ་སྲེག༔ དམ་ཚིག་ཉམས་པར་གྱུར་ན་ནི༔ ལྕགས་སྡིག་མགོ་དགུ་པར་གྱུར་ནས༔ སྙིང་ཁྲག་འཇིབས་ནས་དམྱལ་བར་ལྟུང༔ དེ་བས་དམ་ཚིག་མཆོག་ཏུ་སྲུངས༔ ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ ཞེས་བདུད་རྩི་ལན་གསུམ་སྦྱིན། དེང་ཕྱིན་ཆད་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་གཉན་པོ་རྣམས་ངོ་ཤེས་པར་བྱས་ལ་ཚུལ་བཞིན་དུ་བསྲུང་དགོས་སོ། །བརྒྱད་པ་བྱིན་རླབས་ཞུ་ཞིང་བྱིན་གྱིས་རློབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་ཧོ༔ བླ་མ་སངས་རྒྱས་ཀུན་ལས་ལྷག༔ བླ་མ་སངས་རྒྱས་ཀུན་དང་མཉམ༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ བླ་མས་བདག་ལ་ཐུགས་རྗེས་ཟུངས༔ བླ་མས་བདག་ལ་བྱིན་གྱིས་རློབས༔ བླ་མས་བདག་ཅག་སྨིན་པར་མཛོད༔ ལན་གསུམ། བླ་མས་གནང་བ་སྦྱིན་པ། ཀྱཻ་མ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྲས་སུ་དབང་བསྐུར་བ༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར༔ དད་ལྡན་སྐལ་བར་ལྡན་པ་རྣམས༔ འཁོར་བའི་གནས་ལས་བསྒྲལ་བའི་ཕྱིར༔ ང་ཡིས་རྡོ་རྗེའི་དབང་བསྐུར་སྦྱིན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུྃ༔ ཞེས་བརྗོད་ཅིང་གནས་གསུམ་དུ་བདུད་རྩིའི་ཐིག་ལེ་བཀོད། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོས་མཚན་པར་གྱུར། དེ་རྣམས་ཀྱིས་འཇུག་པའི་ཆོས་ལེགས་པར་གྲུབ་པ་ལགས་སོ། །བར་འདིར་བསྙེན་སྒྲུབ་ཀྱི་གཞུང་བསྲང་བར་གསུངས་པ་ནི་སྨིན་སློབ་ཀྱི་དབང་དུ་མཛད་པ་ཡིན་ལ། ད་ལྟའི་དབང་རྐྱང་ཙམ་གྱི་སྐབས་གོང་དུ་ཕྲིན་ལས་བཏང་བ་ནི་ལུགས་སྤྱི་དང་མཐུན་ཞིང་དོན་གྲུབ་པ་ཡིན་ནོ། །བཞི་པ་དབང་དངོས་གཞི་རྣམས་རིམ་པར་བསྐུར་བ་ཡིན་པས་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བས༔ འཕགས་པ་ཐུགས་རྗེ་ཆེན་པོའི་དབང་དང་བྱིན་རླབས་ཞུ་བས༔ སྤྱི་ཐུན་མོང་གི་དབང་བསྐུར་དུ་གསོལ༔ ཕྱི་བུམ་པའི་དབང་བསྐུར་དུ་གསོལ༔ ནང་གསང་བའི་དབང་བསྐུར་དུ་གསོལ༔ དེ་ཁོ་ན་ཉིད་ཀྱི་དབང་བསྐུར་དུ་གསོལ༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ སྔགས་དབང་ངག་ལ་བསྐུར་དུ་གསོལ༔ ཆོས་དབང་སེམས་ལ་བསྐུར་དུ་གསོལ༔ ལུས་ངག་ཡིད་སྨིན་པར་མཛད་དུ་གསོལ༔ དབང་དང་བྱིན་རླབས་དམ་པ་མཛད་དུ་གསོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པའི་སྣོད་ལྡན་ལ་སྨིན་བྱེད་ཀྱི་དབང་རྫོགས་པར་སྦྱིན་པ་ལ་ཐུན་མོང་གི་དབང་དྲུག །ཁྱད་པར་གྱི་དབང་དྲུག །ཕྲིན་ལས་བཞི། རྡོ་རྗེ་སློབ་དཔོན། མཐའ་རྟེན་ཚེ་དང་སྨན་གྱི་དབང་རྣམས་སུ་ཡོད་པ་ལས། དང་པོ་ཐུན་མོང་གི་དབང་རྣམས་བསྐུར་བ་ཡིན་པས་སོ་སོའི་ཚིག་དོན་དང་མཐུན་པའི་ཡོན་ཏན་རྒྱུད་ལ་ཐོབ་པར་མོས་ཤིག །རིགས་ལྔའི་དབུ་རྒྱན་མགོ་ལ་བཀོན་ལ། ཧཱུྃ༔ རྒྱལ་བ་རིགས་ལྔ་ཡེ་ཤེས་རྣམ་པ་ལྔ༔ རིགས་ཀྱི་བདག་པོས་དབུ་ལ་དབང་བསྐུར་བས༔ སྐུ་ལྔ་དབྱེར་མེད་ངོ་བོ་གཅིག་པའི་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཨཱཿཨཱ༔ ཅོད་པན་མགོར་གདགས་ལ། ཧཱུྃ༔ ཡེ་ཤེས་ལྔ་དང་ལྡན་པའི་ཅོད་པན་འདིས༔ དུག་ལྔ་དབྱིངས་སུ་དག་པར་དབང་བསྐུར་བས༔ འཁོར་བ་མ་སྤང་བྱང་ཆུབ་རྒྱལ་བའི་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨ་ཨཱ༔ རྡོ་རྗེ་ལག་གཡས་པར་གཏད་དེ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་རྩེ་ལྔ་སྐུ་ལྔར་ལྡན༔ མི་འགྱུར་རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས༔ བདུད་དང་བར་ཆད་ཀུན་ལས་རྒྱལ་བའི་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ ཨོཾ་ཏིཥྛ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཅེས་ལན་གསུམ་གསོར་དུ་བཅུག་གོ །དྲིལ་བུ་ལག་གཡོན་པར་གཏད་དེ། ཧཱུྃ༔ ཤེས་རབ་དྲིལ་བུ་ཆོས་ཀྱི་སྒྲ་སྒྲོག་པ༔ གྲགས་སྟོང་སྟོང་གསུམ་ཆོས་སྐུས་དབང་བསྐུར་བས༔ དབྱིངས་ལས་མ་སྐྱེས་ཡེ་ཤེས་དག་པའི་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ ཤབྡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་སྒྲོགས་སུ་གཞུག་གོ །ཤེལ་ཕྲེང་ལག་པར་བསྒྲང་དུ་བཅུག་ལ། ཧཱུྃ༔ རིན་ཆེན་ཤེལ་ཕྲེང་ནོར་བུ་དྲི་མ་མེད༔ ཕྲེང་ཐག་རྒྱུན་ཆད་མེད་པ་བྱང་ཆུབ་ལམ༔ ཐུགས་རྗེ་ཆེན་པོ་བསྙེན་ཅིང་སྒྲུབ་པའི་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ རཏྣ་མ་ལཱེ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་བསྒྲང་བའི་ལུང་འབོགས་སོ། །སྦ་དཀར་ལག་ཏུ་གཏད་ལ། ཧཱུྃ༔ སེམས་ཉིད་མ་བཅོས་རང་བྱུང་གཅིག་པུར་སྐྱེས༔ སྐུ་གསུམ་རང་ཤར་ཚིགས་པ་གསུམ་དང་ལྡན༔ བྱིན་རླབས་ནུས་པར་ལྡན་པའི་སྒྲུབ་རྫས་དབང༔ སྐལ་ལྡན་ཁྱོད་ཀྱིས་དེང་འདིར་ཐོབ་པར་ཤོག༔ དྷརྨཱ་ནཱི་ལ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་ལུས་ལ་བྱབ་བོ། །རྡོ་རྗེ་མིང་གི་དབང་བསྐུར་བ། ཧཱུྃ༔ ཁྱོད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྲས་ཀྱི་དམ་པར་དེང་འདིར་ངས་བྱས་པས༔ ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་མཐའ་དག་ཀུན༔ རྡོ་རྗེ་མིང་དུ་གྲགས་པར་དབང་བསྐུར་རོ༔ ཆེ་གེ་མོ་ནཱམ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་པ་དང་། གསང་མཚན་ནས་ལན་གསུམ་འབོད་དོ། །གཉིས་པ་ཁྱད་པར་གྱི་དབང་དྲུག་གི་དང་པོ་ཕྱི་བུམ་པའི་དབང་བསྐུར་བ་ལ། སློབ་དཔོན་དང་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་ཁྲུས་བྱས་ཤིང་དབང་བསྐུར་བར་མོས་ཤིག །རྣམ་བུམ་གྱི་དབང་དང་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ ལྷ་ཚོགས་ཀུན་བཞུགས་གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་ཀུན་ཀུན་བྱང་ནས༔ འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ཡི༔ སྐུ་གསུང་ཐུགས་སུ་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཕྱི་བདུད་རྩི་བུམ་པའི་ཆུས་དབང་བསྐུར་བས༔ བུམ་པའི་ཆུ་རྣམས་ལྷ་ལ་ངོ་བོ་ཆུར་བྱུང་བས༔ སློབ་མའི་རྒྱུད་ལ་གནས་པའི་སྒྲིབ་པ་ཐམས་ཅད་དག་ནས༔ ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་དབང་ཐོབ་པར་གྱུར་ཅིག༔ གཉིས་པ་ནང་གི་དབང་ནི། གཙོ་བོ་དང། རིགས་དྲུག་གི་རྒྱལ་བ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཐོད་པའི་བདུད་རྩིའི་ཆུས་གང་བར་མོས། ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་འཐུང་དུ་གཞུག་ལ། ཧཱུྃ༔ ཐོད་པ་བྷནྡྷའི་གཞལ་ཡས་ཡེ་ཤེས་ཆེ༔ ཐུགས་རྗེ་ཆེན་པོ་ཡབ་ཡུམ་གཉིས་སུ་མེད༔ ཐབས་དང་ཤེས་རབ་སྲས་དང་སྲས་མོར་བཅས༔ རྒྱལ་བ་རིགས་དྲུག་ཡབ་ཡུམ་གཉིས་མེད་སྦྱོར༔ བདུད་རྩི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ དབྱིངས་དང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨ་ཨཱ༔ ནང་ཐོད་པའི་གཞལ་ཡས་ཁང་ནས༔ ལྷ་ཚོགས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ ཐབས་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་པར་གྱུར་ཅིག༔ གསུམ་པ་དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། མེ་ལོང་དང་གཟུགས་བརྙན་གྱི་དཔེས་གནས་ལུགས་ཀྱི་དོན་མཚོན་པར་མཛོད་ཅིག །མེ་ལོང་གི་ཡི་གེ་ཕྱིས་པ་སྙིང་གར་བྱུག །མེ་ལོང་གསལ་བར་ཕྱིས་ཏེ་མིག་ལ་བསྟན་ལ། ཧཱུྃ༔ ཐུགས་རྗེ་ཆེན་པོ་རང་བྱུང་ཡེ་ཤེས་ལྷ༔ ཚིག་དང་ཡི་གེས་མཚོན་པ་རང་གི་སེམས༔ རྩོལ་མེད་མ་བཅོས་ཡེ་ནས་ཆོས་ཀྱི་སྐུ༔ བསྟན་པ་ཙམ་གྱིས་རང་ངོ་རང་གིས་ཤེས༔ བལྟས་པ་ཙམ་གྱིས་མཐོང་མེད་ཡུལ་ལས་འདས༔ སེམས་ཉིད་ཐུགས་རྗེ་ཆེན་པོར་རྟོགས་པར་ཤོག༔ བོ་དྷི་ཙིཏྟ་ཛྙཱ་ན་མ་ཧཱ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཅེས་པ་དང་། དཔེར་ན་མེ་ལོང་གི་བྱད་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་ལས་གཞན་ན་མེད་ལ༔ སྣང་བའི་དུས་ན་རང་བཞིན་གང་དུ་ཡང་མ་གྲུབ་པས་རང་གསལ༔ འགག་མེད་དེ་ཁོ་ན་ཆོས་ཀྱི་སྐུའི་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་ནོ༔ རང་ངོ་རང་གིས་ཤེས་པར་གྱིས་ཤིག༔ བཞི་པ་ཕུང་པོ་ཐ་མལ་གྱི་མངོན་ཞེན་ལས་གྲོལ་བར་བྱ་བའི་ཕྱིར། ལྷ་དབང་ལུས་ལ་བསྐུར་བ་ཡིན་པས། གཙོ་འཁོར་གྱི་ལྷ་སོ་སོ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་ལྷ་སོ་སོ་དང་གཉིས་སུ་མེད་པའི་གོ་འཕང་ཐོབ་པར་མོས་ཤིག །གཙོ་འཁོར་རྣམས་ཀྱི་ཙཀ་ལི་རིམ་བཞིན་སྤྱི་བོར་བཞག་ལ། ཧྲཱི༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐུ་མདོག་དཀར༔ མཉམ་སྦྱོར་ཤེལ་ཕྲེང་པདྨ་ཕྱག་ན་བསྣམས༔ འགྲོ་དྲུག་ཐུགས་རྗེས་འཛིན་པའི་དབང་ཐོབ་ཤོག༔ ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་ཀྱི་དབང་བསྐུར་པས༔ འགྲོ་དྲུག་གི་སེམས་ཅན་ཐུགས་རྗེས་བཟུང་ནས་འཁོར་བ་ལས་སྒྲོལ་བའི་དབང་ཐོབ་པར་གྱུར་ཅིག༔ ཧཱུྃ༔ ཤེས་རབ་རང་བཞིན་ཡིག་དྲུག་ཡུམ་ཆེན་མོ༔ ཞལ་དང་སྐུ་མདོག་ཕྱག་མཚན་ཡབ་དང་མཐུན༔ ཡབ་ཡུམ་གཉིས་སུ་མེད་པས་དབང་བསྐུར་བས༔ ཐབས་དང་ཤེས་རབ་གཉིས་མེད་དབང་ཐོབ་ཤོག༔ ཨོཾ་དེ་བཱི་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་ཡིག་དྲུག་རིག་མས་དབང་བསྐུར་པས༔ ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་པར་གྱུར་ཅིག༔ ནོར་བུ་འཛིན་པ་ཞལ་གཅིག་ཕྱག་གཉིས་དཀར༔ དགོས་འདོད་འབྱུང་བའི་ནོར་བུ་རིན་ཆེན་འཛིན༔ ཡོན་ཏན་རེ་བ་སྐོང་བ་ཐབས་ཀྱི་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ རཏྣ་དྷཱ་ར་ཨ་བྷི་ཥིཉྩ་ཨཱ༔ སྲས་ནོར་བུ་འཛིན་པས་དབང་བསྐུར་པས༔ སེམས་ཅན་གྱི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྐོང་བའི་དབང་དམ་པ་དང་ལྡན་པར་གྱུར་ཅིག༔ རིག་སྔགས་འཛིན་མ་ཞལ་གཅིག་ཕྱག་གཉིས་དཀར༔ ཕྱག་ན་དྲི་མེད་དཀར་པོ་ཤེལ་ཕྲེང་འཛིན༔ བྱང་ཆུབ་ལམ་སྣ་འདྲེན་པའི་ཤེས་རབ་དབང༔ སྐལ་ལྡན་ཁྱེད་ཀྱིས་དེང་འདིར་ཐོབ་པར་ཤོག༔ བིདྱཱ་མནྟྲ་དྷཱ་རེ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྲས་མོ་རིག་སྔགས་འཛིན་མས་དབང་བསྐུར་པས༔ འཁོར་བའི་སེམས་ཅན་བྱང་ཆུབ་ཀྱི་ལམ་ལ་འདྲེན་པའི་དབང་ཐོབ་པར་གྱུར་ཅིག༔ རྒྱལ་བ་རིགས་དྲུག་གི་དབང་བསྐུར་བ་ནི། ཧཱུྃ༔ སྤྱན་རས་གཟིགས་དབང་སྐུ་མདོག་དཀར༔ ཞལ་གཅིག་ཕྱག་གཉིས་པདྨ་འདབ་བརྒྱད་འཛིན༔ རྒྱལ་བ་རིགས་ལྔ་འདུས་པའི་དབང་བསྐུར་བས༔ རང་བྱུང་ཡེ་ཤེས་རྟོགས་པའི་དབང་ཐོབ་ཤོག༔ མ་ཧཱ་ཀཱ་རུ་ཎི་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨཱ༔ རིགས་དྲུག་སྤྱན་རས་གཟིགས་ཀྱི་དབང་བསྐུར་པས༔ འཁོར་འདས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ ཨོཾ༔ རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་འཁོར་ལོ་རྩིབས་བཞི་འཛིན༔ རྒྱལ་བ་དེ་བཞིན་རིགས་ཀྱི་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པའི་དབང་ཐོབ་ཤོག༔ ཨོཾ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨ་ཨཱ༔ དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དབང་བསྐུར་པས༔ གཟུགས་ཀྱི་ཕུང་པོ་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་འཛིན༔ རྒྱལ་བ་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་རྟོགས་པའི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨ་ཨཱ༔ རྡོ་རྗེའི་རིགས་ཀྱི་རྡོ་རྗེ་སེམས་དཔའི་དབང་བསྐུར་པས༔ རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ སྭཱ༔ རིན་ཆེན་འབྱུང་ལྡན་སེར་པོ་སྤྲུལ་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་འབར་བ་འཛིན༔ རྒྱལ་བ་རིན་ཆེན་རིགས་ཀྱི་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པའི་དབང་ཐོབ་ཤོག༔ སྭཱ་རཏྣ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་ཨ་ཨཱ༔ རཏྣའི་རིགས་ཀྱི་རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར་པས༔ ཚོར་བའི་ཕུང་པོ་གནས་སུ་དག་ནས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ ཨོཾ༔ སྣང་བ་མཐའ་ཡས་མངོན་པར་བྱང་ཆུབ་སྐུ༔ ཞལ་གཅིག་ཕྱག་གཉིས་པདྨ་འདབ་བཞི་འཛིན༔ རྒྱལ་བ་པདྨ་རིགས་ཀྱི་དབང་བསྐུར་བས༔ སོ་སོར་ཀུན་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་བ་ཧྲཱིཿཨ་བྷི་ཥིཉྩ་ཨ་ཨཱ༔ པདྨའི་རིགས་ཀྱི་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་པས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་ནས༔ ཆོས་ཐམས་ཅད་གསལ་ལ་མ་འདྲེས་པར་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ ཧཱ༔ དོན་ཡོད་གྲུབ་པ་ལྗང་གུ་རྡོ་རྗེའི་སྐུ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་རྒྱ་གྲམ་བསྣམས༔ རྒྱལ་བ་ལས་ཀྱི་རིགས་ཀྱི་དབང་བསྐུར་བས༔ བྱ་བ་ནན་ཏན་ཡེ་ཤེས་དབང་ཐོབ་ཤོག༔ ཧཱཿཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨ་ཨཱ༔ ལས་ཀྱི་རིགས་ཀྱི་དོན་ཡོད་གྲུབ་པའི་དབང་བསྐུར་པས༔ འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་ནས༔ བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཡུམ་དྲུག་གི་དབང་བསྐུར་བ་ནི། ཧཱུྃ༔ ཤེས་རབ་ཕ་རོལ་ཕྱིན་མ་ཆོས་ཀྱི་སྐུ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་སྟེ༔ ཕྱག་མཚན་པུས་ཏི་འཛིན་མས་དབང་བསྐུར་བས༔ ཆོས་ཉིད་སྤྲོས་བྲལ་རྟོགས་པའི་དབང་ཐོབ་ཤོག༔ པྲ་ཛྙ་པཱ་ར་མི་ཏཱ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་དབང་བསྐུར་པས༔ མ་རིག་པ་གནས་སུ་དག་ནས༔ དོན་དམ་སྤྲོས་མེད་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ བསམ་གཏན་ཕ་རོལ་ཕྱིན་མ་སངས་རྒྱས་སྤྱན༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐུ་མདོག་དཀར༔ ཕྱག་རྒྱ་མཉམ་གཞག་ཅན་གྱིས་དབང་བསྐུར་བས༔ གཡོ་མེད་བསམ་གཏན་ཏིང་འཛིན་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ལོ་ཙ་ནི་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་སངས་རྒྱས་སྤྱན་མས་དབང་བསྐུར་པས༔ གཡེང་བ་གནས་སུ་དག་ནས༔ ཆོས་ཉིད་མི་གཡོ་བ་ལ་གནས་པའི་དབང་ཐོབ་པར་གྱུར་ཅིག༔ བརྩོན་འགྲུས་ཕ་རོལ་ཕྱིན་མ་ཀུན་ཏུ་བཟང༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་བུ་འཛིན་མས་དབང་བསྐུར་བས༔ དབྱིངས་རིག་འབྲལ་མེད་རྟོགས་པའི་དབང་ཐོབ་ཤོག༔ ཨ་ས་མནྟ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་ཀུན་ཏུ་བཟང་མོས་དབང་བསྐུར་པས༔ ལེ་ལོའི་དྲི་མ་གནས་སུ་དག་ནས༔ བརྩོན་འགྲུས་ཀྱིས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པའི་དབང་ཐོབ་པར་གྱུར་ཅིག༔ སྦྱིན་པའི་ཕ་རོལ་ཕྱིན་མ་གོས་དཀར་མོ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐུ་མདོག་སེར༔ ཕྱག་མཚན་རིན་ཆེན་འཛིན་མས་དབང་བསྐུར་བས༔ འགྲོ་བའི་དགོས་འདོད་སྐོང་བའི་དབང་ཐོབ་ཤོག༔ སྭཱ་པཎྜ་རི་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་གོས་དཀར་མོས་དབང་བསྐུར་པས༔ སེར་སྣའི་དྲི་མ་གནས་སུ་དག་ནས༔ འགྲོ་བའི་དགོས་འདོད་ཡིད་བཞིན་དུ་སྐོང་བའི་དབང་ཐོབ་པར་གྱུར་ཅིག༔ ཚུལ་ཁྲིམས་ཕ་རོལ་ཕྱིན་མ་མཱ་མ་ཀཱི༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐུ་མདོག་དཀར༔ ཕྱག་ན་པདྨ་བསྣམས་པས་དབང་བསྐུར་བས༔ ཆགས་མེད་སྐྱོན་དང་བྲལ་བའི་དབང་ཐོབ་ཤོག༔ མཱ་མ་ཀཱི་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་མཱ་མ་ཀཱིའི་དབང་བསྐུར་པས༔ འཆལ་བའི་དྲི་མ་གནས་སུ་དག་ནས༔ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག༔ བཟོད་པའི་ཕ་རོལ་ཕྱིན་མ་དམ་ཚིག་སྒྲོལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐུ་མདོག་ལྗང༔ རྒྱ་གྲམ་དྲིལ་བུ་འཛིན་མས་དབང་བསྐུར་བས༔ མི་འགྱུར་ཕྲིན་ལས་རྫོགས་པའི་དབང་ཐོབ་ཤོག༔ ཏཱཾ་བཛྲ་རཱ་ཏི་པ་རཱ་མི་ཏཱ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡུམ་དམ་ཚིག་སྒྲོལ་མས་དབང་བསྐུར་པས༔ ཁོང་ཁྲོའི་དྲི་མ་གནས་སུ་དག་ནས༔ བཟོད་པའི་ཕ་རོལ་ཏུ་ཕྱིན་པས༔ འགྲོ་བའི་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་སྤྲུལ་པའི་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བ་ནི། ཧཱུྃ༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་དཀར་པོ་པི་ཝཾ་བསྣམས༔ ལྟུང་བའི་སྡུག་བསྔལ་ཞི་བྱེད་སྐྱེ་སྒོ་བཅད༔ ལྷ་ཡི་འཁོར་བའི་གཡང་ས་གཅོད་པའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་གྱིས་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཀྲེཾ་ཨ་བྷི་ཥིཉྩ་ཨ་ཨཱ༔ ལྷའི་ཐུབ་པས་དབང་བསྐུར་པས༔ ང་རྒྱལ་རང་སར་དག་ནས་ལྷའི་འཁོར་བའི་གནས་སྟོངས་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་ཅན༔ འཐབ་རྩོད་སྡུག་བསྔལ་ཞི་བྱེད་སྐྱེ་སྒོ་གཅོད༔ ལྷ་མིན་འཁོར་བའི་གཡང་ས་གཅོད་པའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་གྱིས་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཏྲཱུཾ་ཨ་བྷི་ཥིཉྩ་ཨ་ཨཱ༔ ལྷ་མིན་ཐུབ་པ་ཐགས་བཟང་རིས་ཀྱི་དབང་བསྐུར་པས༔ ཁོང་ཁྲོ་ཕྲག་དོག་རང་སར་དག་ནས་ལྷ་མིན་གྱི་འཁོར་བ་གནས་སྟོངས་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཧཱུྃ༔ མི་ཡི་ཐུབ་པ་སེར་པོ་གསེག་ཤང་བསྣམས༔ འགྱུར་བའི་སྡུག་བསྔལ་ཞི་བྱེད་སྐྱེ་སྒོ་གཅོད༔ མི་ཡི་འཁོར་བའི་གཡང་ས་གཅོད་པའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་གྱིས་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཧཱུྃ་ཏྲཱུཾ་ཨ་བྷི་ཥིཉྩ་ཨ་ཨཱ༔ མི་ཡི་ཐུབ་པ་ཤཱཀྱ་ཐུབ་པས་དབང་བསྐུར་པས༔ འདོད་ཆགས་རང་སར་དག་ནས་མི་ཡི་འཁོར་བ་གནས་སྟོངས་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཧཱུྃ༔ བྱོལ་སོང་ཐུབ་པ་ནག་པོ་པུསྟི་བསྣམས༔ གླེན་ལྐུགས་སྡུག་བསྔལ་ཞི་བྱེད་སྐྱེ་སྒོ་གཅོད༔ བྱོལ་སོང་འཁོར་བའི་གཡང་ས་གཅོད་པའི་དབང༔ སྐལ་ལྡན་ཁྱེད་ལ་བསྐུར་གྱིས་ཐོབ་པར་ཤོག༔ ཨོཾ་མུ་ནི་སྲུཾ་ཨ་བྷི་ཥིཉྩ་ཨ་ཨཱ༔ བྱོལ་སོང་གི་ཐུབ་པ་ཤཱཀྱ་སེང་གེས་དབང་བསྐུར་པས༔ གཏི་མུག་རང་སར་དག་ནས༔ དུད་འགྲོའི་འཁོར་བ་སྟོངས་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཧཱུྃ༔ ཡི་དྭགས་ཐུབ་པ་དམར་པོ་སྒྲོམ་བུ་འཛིན༔ བཀྲེས་སྐོམ་སྡུག་བསྔལ་ཞི་བྱེད་སྐྱེ་སྒོ་གཅོད༔ ཡི་དྭགས་འཁོར་བའི་གཡང་ས་གཅོད་པའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་གྱིས་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཀྵཾ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཡི་དྭགས་ཀྱི་ཐུབ་པ་ནམ་མཁའ་མཛོད་ཀྱི་དབང་བསྐུར་པས༔ སེར་སྣ་གནས་སུ་དག་ནས་ཡི་དྭགས་ཀྱི་འཁོར་བའི་གནས་སྟོངས་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཧཱུྃ༔ དམྱལ་བའི་ཐུབ་པ་ནག་པོས་མེ་ཆུ་ཐོགས༔ ཚ་གྲང་སྡུག་བསྔལ་ཞི་བྱེད་སྐྱེ་སྒོ་གཅོད༔ དམྱལ་བའི་འཁོར་བའི་གཡང་ས་གཅོད་པའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་གྱིས་ཐོབ་པར་ཤོག༔ ཨོཾ་མུ་ནེ་ཡེ་ཨ་བྷི་ཥིཉྩ་ཨ་ཨཱ༔ དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོས་དབང་བསྐུར་པས༔ ཚ་གྲང་རང་སར་དག་ནས་དམྱལ་བའི་འཁོར་བའི་གནས་སྟོངས་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ལྔ་པ་སྒྲ་རྣམས་སྔགས་སུ་ཤེས་པའི་ཕྱིར་དངུལ་དཀར་གྱི་ཡི་གེ་བཅུ་པ་མགྲིན་པར་བཞག་པས་སྔགས་དབང་ངག་ལ་ཐོབ་པར་མོས་ཤིག །ཡིག་བཅུ་མགྲིན་པར་བཞག་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ འབྲུ་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡང་སྙིང་ཧྲཱིཿནི་ཐུགས་ཀྱི་ས་བོན་ཡིན༔ ཡི་གེ་འབྲུ་དྲུག་སྤྲུལ་སྐུ་འགྲོ་དྲུག་སྦྱོང༔ སྙིང་པོ་སྔགས་ཀྱི་རང་སྒྲས་དབང་བསྐུར་པས༔ སྒྲ་རྣམས་སྔགས་སུ་རྟོགས་པའི་དབང་ཐོབ་ཤོག༔ ཧྲྀ་ད་ཡ་མནྟྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྙིང་པོ་གསང་བའི་སྔགས་ཀྱི་དབང་བསྐུར་པས༔ བདེ་བར་གཤེགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་བ་དང༔ སེམས་ཅན་རིགས་དྲུག་འཁོར་བའི་གནས་ནས་འདྲེན་པ་དང༔ སྒྲར་གྲགས་པ་གསུང་གི་དཀྱིལ་འཁོར་དུ་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྙིང་པོ་བསྒྲགས་པའི་རྗེས་གནང་སྦྱིན་ནོ། །དྲུག་པ་ཆོས་དབང་སེམས་ལ་བསྐུར་བ་ནི། ཐུགས་རྟེན་སྦ་ལྕག་ཚིགས་གསུམ་པས་མཚོན་ནས་རང་སེམས་ངོ་བོ་གདོད་ནས་དྲི་མེད་སྐུ་གསུམ་གྱི་རང་བཞིན་དུ་རྟོགས་པར་གྱིས་ཤིག །ཆོས་དབྱུག་སྙིང་གར་གཏད་ལ། ཀྱཻ༔ ཡི་དམ་སྐུ་གསུམ་ཐུགས་རྗེ་ཆེན་པོ་ནི༔ རང་གི་སེམས་ཉིད་འདི་དང་གཉིས་སུ་མེད༔ གཞན་ནས་མ་བཙལ་སྐྱེ་མེད་ཆོས་ཀྱི་སྐུ༔ རང་བྱུང་རང་གི་ལྷ་རུ་དབང་བསྐུར་གྱིས༔ རེ་དོགས་གཉིས་འཛིན་གྲོལ་བའི་དབང་ཐོབ་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཨ་ཧོཿསུ་ཁ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཆོས་དབང་སེམས་ལ་བསྐུར་པས༔ སེམས་ཉིད་སྐུ་གསུམ་གྱི་རང་ངོ་ཤེས་ནས༔ འགྲོ་བའི་གཉིས་འཛིན་ལས་གྲོལ་ནས༔ འབྲས་བུ་མངོན་དུ་གྱུར་ཏེ་འགྲོ་བའི་དོན་མཐར་ཕྱིན་པར་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ཅེས་སེམས་ཉིད་ཀྱི་དོན་རང་ངོ་སྤྲོད་དོ། །དེ་ནས་ཕྲིན་ལས་རྣམ་པ་བཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བླ་མ་སངས་རྒྱས་ཀུན་བས་ལྷག༔ བླ་མ་སངས་རྒྱས་ཀུན་དང་མཉམ༔ བདག་ལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་དུ་གསོལ༔ སྨིན་པར་མཛད་དུ་གསོལ༔ ཤིན་ཏུ་སྨིན་པར་མཛད་དུ་གསོལ༔ བྱིན་གྱིས་བརླབ་ཏུ་གསོལ༔ ཐུན་མོང་མཆོག་གི་དངོས་གྲུབ་ནི༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ཞེས་ལན་གསུམ་བརྗོད། དེ་ནས་སློབ་དཔོན་གྱིས། ཞི་བའི་དབང་བུམ་པས་བསྐུར་ཏེ། བུམ་པ་བཀྲ་ཤིས་རྣམ་རྒྱལ་ཀ་ལ་ཤ༔ ཁ་རྒྱན་མེ་ལོང་ཡེ་ཤེས་གསལ་བའི་ངང༔ མགུལ་ཆིངས་རས་དཀར་རྣམ་རྟོག་དྲི་མ་མེད༔ ཡེ་ཤེས་ཆུ་བོ་ཁྲུས་ཀྱི་བདུད་རྩི་འཁྱིལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ནད་དང་གནོད་པའི་སྡིག་སྒྲིབ་ཀུན་བྱང་ནས༔ འཇིགས་པ་བརྒྱད་ཀྱི་གནོད་པ་ཞི་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཀྲ་ཤིས་བུམ་པའི་ཆུས་དབང་བསྐུར་པས་རིགས་ཀྱི་བུ་འདིའི་ནད་བཞི་བརྒྱ་རྩ་བཞི་དང༔ གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ ལས་དང་ལས་ཀྱི་རྣམ་པར་སྨིན་པའི་སྡིག་སྒྲིབ་བྱང་ནས༔ རྒྱལ་པོའི་ཆད་པའི་འཇིགས་པ་དང༔ ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང༔ ཕ་རོལ་གྱི་མཐུ་དང་ནུས་པའི་འཇིགས་པ་དང༔ མེ་དང་ཆུ་ཡི་འཇིགས་པ་དང༔ ལམ་གྱི་དགྲ་དང་གནོད་པའི་འཇིགས་པ་དང༔ རིམས་དང་འགོ་བའི་ནད་ཀྱི་འཇིགས་པ་དང༔ གཅན་གཟན་ཁྲོ་བོའི་འཇིགས་པ་དང༔ དུག་དང་མཚོན་གྱི་འཇིགས་པའི་གནོད་པ་དང༔ འཇིགས་པ་བརྒྱད་ལས་སྐྱོབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་རྒྱས་པའི་དབང་། ཞལ་ཟས་སྣ་ཚོགས་ཀྱིས་དབང་བསྐུར་ལ། བཟའ་དང་བཅའ་དང་བཏུང་བ་མྱང་བ་དང༔ ཁ་མངར་སྐྱུར་རྩུབ་ལན་ཚྭ་སྤོད་སྣ་ཚོགས༔ ཞལ་ཟས་རོ་མཆོག་སྣ་ཚོགས་བདའ་དགུར་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་དང་གཟི་བརྗིད་ལོངས་སྤྱོད་ཀུན་ལྡན་ཏེ༔ རྒྱས་པས་འབྱོར་པ་དྲུག་དང་ལྡན་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རྒྱས་པ་པུླྞིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞལ་ཟས་རོ་མཆོག་སྣ་ཚོགས་ཀྱི༔ ཚོགས་ཀྱི་མཆོད་པས་དབང་བསྐུར་པས༔ ཚེ་རིང་བ་དང་དཔལ་དང་བུ་འཕེལ་བ་དང༔ ནོར་དང་ཟས་འཕེལ་བ་དང༔ འཁོར་དང་དབང་ཐང་རྒྱས་པ་དང༔ ཚེ་དང་བསོད་ནམས་རྒྱས་པ་དང༔ རྒྱས་པ་འབྱོར་པ་དྲུག་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་དབང་གི་དབང་དམ་རྫས་གཏོར་མས་དབང་བསྐུར་ལ། དམ་རྫས་གཏོར་མ་བདུད་རྩི་རྣམ་ལྔས་བརྒྱན༔ ཡེ་ཤེས་ལྷ་ནི་མཆོད་ཅིང་ཐུགས་དམ་བསྐང༔ དྷཱ་ཀི་ཆོས་སྐྱོང་རྣམས་ནི་དབང་དུ་སྡུད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཇིག་རྟེན་འཇིག་རྟེན་འདས་པ་ལྷ་དང་མི༔ མོས་པ་རྣམ་བཞིས་དབང་དུ་སྡུད་པར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དབང་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ རྨད་དུ་བྱུང་བའི་གཏོར་མས་དབང་བསྐུར་པས༔ ཡེ་ཤེས་ཀྱི་ལྷ་དང་ཡི་དམ་གྱི་ལྷ་ནི་བསྙེན་ཅིང་བསྒྲུབས་ནས་མ་མོ་དང་དྷཱ་ཀི་མ་དང་དམ་ཅན་ཆོས་སྐྱོང་རྣམས་དབང་དུ་སྡུད་ཅིང་ལས་ལ་འཁོལ་བ་དང༔ ལོག་པར་ལྟ་བའི་དགྲ་དང་བགེགས་ཐམས་ཅད་ཀྱིས་སློབ་དཔོན་ལྟར་བྱས་ཏེ་མོས་པས་དབང་དུ་བསྡུ་བ་དང༔ ཕ་ལྟར་བྱས་ཏེ་མོས་པས་དབང༴ མ་ལྟར་བྱས་ཏེ༴ རྒྱལ་པོ་ལྟར་བྱས་ཏེ༴ རྗེ་དཔོན་ལྟར་བྱས་ཏེ་མོས་པས་དབང་དུ་བསྡུ་བ་དང༔ དབང་གིས་མོས་པ་རྣམ་བཞིས་དབང་དུ་སྡུད་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་དྲག་པོའི་དབང་བསྐུར་བ་ནི། སེང་ཕུར་དང་རྡོ་རྗེ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། སེང་ལྡེང་ཕུར་པ་པདྨ་དབང་གི་སྐུ༔ རྡོ་རྗེ་ཕུར་པ་རྟ་མགྲིན་དབང་གི་ཐུགས༔ རྟ་སྐད་འཚེར་བས་ཁམས་གསུམ་དབང་སྡུད་གསུང༔ སྤྱན་རས་གཟིགས་དབང་ཁྲོས་པས་རྟ་མགྲིན་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོག་པར་ལྟ་བའི་དགྲ་བགེགས་ཚར་བཅད་ནས༔ དགྲ་དཔུང་འཇོམས་ཤིང་བགེགས་དཔུང་བཏུལ་ནས་ནི༔ བར་ཆད་བདུད་རྣམས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྲག་པོ་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོའི་ཕུར་པ་དང༔ རྡོ་རྗེས་དབང་བསྐུར་པས༔ དགྲ་བགེགས་གདུག་པ་ཅན་རྣམས་གསད་པ་དང༔ གདུལ་བ་དང༔ གཟིར་བ་དང༔ བཅིངས་པ་དང༔ མནན་པ་དང༔ བསྐྲད་པ་དང༔ ཚར་བཅད་པ་ལ་སོགས་པ་དང་མངོན་སྤྱོད་ཀྱི་ལས་ཐམས་ཅད་མྱུར་དུ་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག༔ ཅེས་སྨོན་ལམ་བཅས་བསྐུར་རོ། །དེ་ནས་ཐུགས་རྗེས་འགྲོ་བ་འདུལ་བའི་ཕྲིན་ལས་མཐར་རྒྱས་པར་བྱེད་པའི་སླད་དུ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་དོན་དུ་རི་རབ་གླིང་བཞི། རིན་ཆེན་སྣ་བརྒྱད་བཀྲ་ཤིས་པའི་རྫས་བརྒྱད་རྣམས་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རིན་ཆེན་སྣ་ཚོགས་མཛེས་པའི་མཎྜལ་ལ༔ གླིང་བཞི་རི་རབ་ཉི་ཟླའི་རྒྱན་གྱིས་སྤྲས༔ རིན་ཆེན་སྣ་བརྒྱད་བཀྲ་ཤིས་རྫས་བརྒྱད་བཅས༔ བླ་མ་རྡོ་རྗེ་སློབ་དཔོན་ཉིད་ལ་འབུལ༔ འགྲོ་དོན་བྱེད་པའི་བཀའ་ལུང་དབང་བསྐུར་ཞུ༔ ལན་གསུམ། དེ་ནས་ཁྱེད་རང་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་བཞག །སྟེང་དུ་གདུགས་དཀར་པོ་ནོར་བུའི་ཏོག་གིས་སྤྲས་པ་ཕུབ། ལག་ཏུ་ཐུགས་རྗེ་ཆེན་པོའི་བཀའ་བརྒྱུད་ཀྱི་གླེགས་བམ་གཏད་ནས་འགྲོ་དོན་བྱེད་པར་རྗེས་སུ་གནང་བར་མོས་ཤིག །དོ་གལ་ཆེ་ན་དངོས་སུ་དེ་ལྟར་བྱ་དགོས་ཤིང་དཀྱུས་འགྲེ་ཙམ་ལ་ཙཀ་ལི་དང་། གླེགས་བམ་དངོས་སུ་གཏད་ལ། བདག་གིས་ཐུགས་རྗེ་ཆེན་པོའི་ཆོས་ལ༔ ཉན་དུ་རུང་བ་ཐོས་པའི་དབང་དང༔ བཤད་དུ་རུང་བ་བཀའ་བརྒྱུད་ཀྱི་དབང་དང༔ འགྲོ་དོན་བྱ་བ་བྱིན་རླབས་ཀྱི་དབང་སྦྱིན་གྱིས༔ ཁྱོད་ཀྱིས་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་བྱ་བར་སེམས་སྐྱེད་ཅིག༔ དེ་ནས་ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་ཕྱག་བྱས་ཤིང་མེ་ཏོག་ཕུལ་ཏེ་ཞབས་སྤྱི་བོར་བླངས་པར་མོས་ལ་སྨོན་ལམ་དུ་གསོལ་བ་འདིའི་རྗེས་ཟློས། ན་མོ༔ འཇིག་རྟེན་གྱི་ཁམས་འདི་དང༔ གཞན་དག་ན་བཞུགས་པའི་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༔ བརྒྱུད་པའི་བླ་མ་རྗེ་བཙུན་པ་རྣམས་དང༔ ཡི་དམ་གྱི་ལྷ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་དང༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་འཁོར་དང་བཅས་པ་རྣམས་དང༔ ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་རྣམས་བདག་རྡོ་རྗེ་ཆེ་གེ་མོ་ལ་དགོངས་སུ་གསོལ༔ བདག་གི་ཚེ་ཐོག་མ་མེད་པ་ནས་སྐྱེ་བ་གྲངས་མེད་པ་ནས་བཟུང་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་ལ༔ ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དང༔ ཉན་ཐོས་ཀྱི་འདུལ་ཁྲིམས་བསྲུངས་པ་དང༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༔ བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པར་བྱས་པ་དང༔ གསང་སྔགས་ཀྱི་དབང་བསྐུར་ནས་ལུས་ངག་ཡིད་གསུམ་སྨིན་པར་བྱས་ཏེ༔ རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུངས་པ་ལ་སོགས་པའི་བྱིན་རླབས་དང་དགེ་བ་དང༔ བདག་གིས་ཐོས་པ་དང༔ བསམ་པ་དང༔ བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་ལ་བརྟེན་ནས༔ འཕགས་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་ནས༔ འགྲོ་བ་ཐམས་ཅད་འཁོར་བའི་གནས་ནས་འདྲེན་པའི་དེད་དཔོན་ཆེན་པོར་གྱུར་ལ་བདག་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་འདིས༔ སེམས་ཅན་གཅིག་གི་དོན་བྱེད་པར་གྱུར་ཅིག༔ སེམས་ཅན་གཉིས་ཀྱི་དོན་བྱེད་པར་གྱུར་ཅིག༔ གསུམ༔ བཞི༔ ལྔ༔ དྲུག༔ བདུན༔ བརྒྱད༔ དགུ༔ བཅུའི༔ ཉི་ཤུའི༔ སུམ་ཅུའི༔ བཞི་བཅུའི༔ ལྔ་བཅུའི༔ དྲུག་ཅུའི༔ བདུན་ཅུའི༔ བརྒྱད་ཅུའི༔ དགུ་བཅུའི༔ བརྒྱའི༔ སེམས་ཅན་སྟོང་གི༔ སེམས་ཅན་ཁྲིའི༔ སེམས་ཅན་འབུམ་གྱི༔ སེམས་ཅན་བྱེ་བའི༔ སེམས་ཅན་ས་ཡའི༔ སེམས་ཅན་ཐེར་འབུམ༔ སེམས་ཅན་བྱེ་བ་ཁྲག་ཁྲིག་གི༔ སེམས་ཅན་གྲངས་ལས་འདས་པའི༔ སྟོང་ཆུང་ངུའི་སེམས་ཅན་གྱི༔ སྟོང་གཉིས་པ་བར་མའི༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི༔ ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ ཨོཾ་ནིར་མ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་སམྦྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད། འདིར་གཞུང་ལས། ཞབས་སྤྱི་བོར་བླངས་པ་ལ་ལན་གཅིག་བརྗོད། ཐུགས་རྗེ་ཆེན་པོའི་ཆོས་གཏད་པ་ལ་ལན་གཅིག་བརྗོད། སློབ་མས་བླ་མ་ལ་ལུས་དང་ཡོན་འབུལ་བ་ལ་ལན་གཅིག་བརྗོད་པར་གསུངས་པ་ལྟར་འགྲུབ་ན་ལན་གསུམ་དེ་ལྟར་དུ་བྱའོ། སླར་ཡང་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་སེམས་ཅན་གྱི་དོན་བྱེད་པར་སྨོན་པ་འདིའི་རྗེས་ཟློས། བདག་གིས་དུས་འདི་ནས་བཟུང་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འཕགས་པ་སྤྱན་རས་གཟིགས་ལྟ་བུར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་བྱེད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཟང་ཟིང་གི་དྲི་མ་མེད་པའི་ཆོས་སྟོན་པར་གྱུར་ཅིག༔ ཞེ་སྡང་གི་དྲི་མ་མེད་པའི༴ འདོད་ཆགས་ཀྱི་དྲི་མ༴ གཏི་མུག་གི༴ ཕྲག་དོག་གི༴ ང་རྒྱལ་གྱི༴ སེར་སྣའི༴ ཕྱོགས་རིས་མེད་པའི༴ སྟོང་གསུམ་ཆོས་སྒྲས་ཁྱབ་པའི་ཆོས་སྟོན་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད་དོ། །དེ་ནས་བཀྲ་ཤིས་བརྗོད་པ་ནི། སློབ་མ་ལ་འབྲུ་སྣ་དང་མེ་ཏོག་འཐོར་ཞིང་། རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོ་སྐྱེད་ལ༔ འཕགས་པ་ཐུགས་རྗེ་ཆེན་པོའི་ཆོས་འདི་འགྲོ་བ་སེམས་ཅན་ལ་བསྟན་ཅིང་བཤད་པས༔ སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཤིག༔ ཤིས་བརྗོད་ཀྱི་སྨོན་ལམ་འདི་ཡང་རྗེས་སུ་ཟློས་པར་ཞུ། དེ་ལྟར་སྟོན་པ་ལ༔ ལུས་ལ་ནད་ཀྱི་བར་ཆད་མེད་པར་སྐུ་ཚེ་རིང་ཞིང་འགྱུར་བ་མེད་པའི་བཀྲ་ཤིས་པར་གྱུར་ཅིག༔ ངག་ལ་བདུད་ཀྱི་བར་ཆད་མེད་པར་ཐེག་པ་ཆེན་པོའི་ཆོས་དར་ཞིང་ཅི་སྨྲས་གཞན་དོན་དུ་འགྲོ་བའི་བཀྲ་ཤིས་པར་གྱུར་ཅིག༔ སེམས་ལ་རྣམ་པར་གཡེང་བའི་བར་ཆད་མེད་པར་ཏིང་ངེ་འཛིན་བརྟན་པར་མཐར་ཕྱིན་པའི་བཀྲ་ཤིས་པར་གྱུར་ཅིག༔ ཐུགས་རྗེ་ཆེན་པོའི་ཆོས་འདི་ཡང་བཀྲ་ཤིས་པ་དང༔ བྱིན་ཆེ་བ་དང༔ ཞལ་དྲོ་བ་དང༔ དར་ཞིང་རྒྱས་པའི་བཀྲ་ཤིས་པར་གྱུར་ཅིག༔ ཅེས་ཤིས་བརྗོད་ལན་གསུམ་བྱ་བར་གསུངས་སོ། །དེ་དག་རྣམས་ཀྱིས་དབང་གི་དངོས་གཞི་ཡན་ལག་བཅས་རྒྱས་པར་གྲུབ་ནས་མཐའ་རྟེན་བདུད་རྩི་སྨན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སྨན་གྱི་ཕོ་བྲང་བཏེགས་ལ། བདུད་རྩིའི་ཕོ་བྲང་ཉིད་རྣམ་པ་བདུད་རྩི་ལ་ངོ་བོ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཞུགས་པས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གསུང་ཐུགས་འཆི་བ་མེད་པ་ཚེ་དང་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་འདི༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ སྐུ་ལྔ་དང་ནི་ཡེ་ཤེས་རྣམ་པ་ལྔ༔ དུག་གསུམ་མ་སྤངས་ཡེ་ཤེས་ལྔ་རུ་རྫོགས༔ སྐུ་ལྔ་མ་བསྒྲུབས་བདུད་རྩི་ཆེན་པོར་གྲུབ༔ སྐལ་ལྡན་སྒྲུབ་པ་པོ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་བདུད་རྩིའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱིཿཋ༔ ཞེས་དབང་བསྐུར། དེ་ནས་རྒྱ་བཀྲོལ་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཞེས་བདུད་རྩི་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ། བདུད་རྩི་ཐུམ་པོ་སྐེ་ལ་གདགས་པའམ། མ་གྲུབ་ན་གནས་གསུམ་དུ་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨཱ་ཡུཿཕ་ལ་གུ་ཡ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཚེ་ཡི་སྙིང་པོ་འབྲུ་གསུམ་མོ༔ སྲོག་གི་སྙིང་པོ་འབྲུ་གསུམ་པོ༔ སྐུ་དང་གསུང་དང་ཐུགས་ལ་ཐིམ༔ བྱང་ཆུབ་སེམས་ལ་རབ་ཏུ་ཐིམ༔ ཞེས་དང་ཤིས་པ་བརྗོད། དེ་ནས་བཀྲ་ཤིས་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ༔ དེ་ལ་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱེད་རང་སྐད་ཅིག་གིས་པད་ཟླའི་གདན་ལ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཚེའི་བུམ་པ་འཛིན་པ། ཡུམ་མཱ་མ་ཀཱི་དམར་མོ་ཚེའི་བུམ་པ་འཛིན་པས་འཁྱུད་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ལྡན་ཞབས་མཉམ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཚེ་སྲོག་གི་རྟེན་ནྲྀ་ལྗང་གུས་མཚན་པར་གསལ་ཐོབ། སློབ་དཔོན་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཚེའི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་ལས་འོད་ཟེར་འཁོར་འདས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འཕྲོས་པ་དང་། རིགས་ཀྱི་ཡུམ་བཞི། ཕོ་ཉ་མགྱོགས་མ་བཞི། སྒོ་མ་ཕྱག་རྒྱ་བཞི་རྣམས་ལས་རང་འདྲའི་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་འཚུབས་པ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ། གདོན་བགེགས་འབྱུང་པོ་མཐུ་བོ་ཆེས་བརྐུས་ཕྲོགས་གཞོམ་པ་ལ་སོགས་པ་རྣམས་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་བཅུད་དང་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། བ་སྤུའི་བུ་ག་ནས་སྙིང་དབུས་ནྲྀ་ཡིག་ལ་ཐིམ་པས་བཀྲག་མདངས་རབ་ཏུ་རྒྱས་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །མདའ་དར་གཡབ་ལ། ཚེ་སྒྲུབ་ནང་གི །ཧཱུྃ༔ བཅོམ་ལྡན་མགོན་པོ་སོགས་ཚེ་འགུགས་ཚང་བ་གཏང་། ཚེ་བུམ་དང་ཚེ་འབྲང་མ་བྲལ་བར་སྤྱི་བོར་བཞག་ལ། ཚེ་རྟེན་ཚེ་དཔག་མེད་དངོས་སུ་གསལ་བ་སྤྱི་བོར་བྱོན། ཡབ་ཡུམ་སྙོམས་འཇུག་མཛད་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་དམར་གྱི་རྒྱུན་བབས་ལུས་ཀྱི་ནང་ཐམས་ཅད་གང་། དུག་ལྔའི་སྒོ་ནས་ཚེ་ཉམས་པའི་ལས་སྒྲིབ་ཐམས་ཅད་སངས་ཀྱིས་དག །སྐུ་ལྔ་ཡེ་ཤེས་ལྔའི་ཚེའི་དབང་དང་དངོས་གྲུབ་ཐོབ་པར་མོས་ཤིག །བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སོགས་སྔགས་དང་ཤིས་བརྗོད་བཅས་བྱ། མགོ་བོའི་གནས་ལྔར་དབང་བསྐུར། ཚེ་བསྟིམ་ཞིང་བརྟན་པར་བྱ་བ། བཅོམ་ལྡན་མགོན་པོ་སོགས་ནས། ཚེ་ལ་ཐིམ༔ ཚེའི་བཅུད་དང་དྭངས་མ་ཐམས་ཅད་ལུས་ངག་ཡིད་གསུམ་གྱི་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་ནས་ཚེ་འགྱུར་མེད་དུ་བརྟན་པར་བྱས། དཔལ་རྟ་མགྲིན་ཚོན་གང་བ་ཞིག་གིས་ཙིཏྟའི་སྒོ་བསྲུངས་ཏེ་ཚེ་ལ་བར་དུ་གཅོད་པའི་བགེགས་དང་བར་གཅོད་གང་གིས་ཀྱང་མི་ཚུགས་པར་གྱུར། ཤིས་བརྗོད་ནི། མདའ་དར་མགོར་བཞག །མེ་ཏོག་འཐོར་ལ། བཅོམ་ལྡན་མགོན་པོ་ནས། སངས་རྒྱས་ཤོག༔ བར་བརྗོད། ཚེ་བུམ་གྱི་ལྷ་རྣམས་འོད་དུ་ཞུ་ནས་འཆི་བ་མེད་པའི་བདུད་རྩི་དངོས་གྲུབ་ཀྱི་རྫས་སུ་གྱུར་པར་མོས་ལ། ཚེ་འབྲང་དང་། བུམ་ཆུ། ཚེ་རིལ། ཚེ་ཆང་རྣམས་སྦྱིན་ལ་སྨོན་ལམ་གདབ་པ་ནི། ཚེ་ཟན་ཡེ་ཤེས་སོགས་བརྗོད། དབང་གི་རྗེས་སུ་དངོས་གྲུབ་ཀྱི་བཅུད་བསྡུ་བར་གསུངས་པ་དེ་ཀས་ཚང་། དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཞལ་ནས་གསུངས་པའི་ཐོག་དྲང་ཤིས་བརྗོད་རྒྱས་པར་སྤེལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དབང་གི་རྗེས་ནི། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་སྤྱི་མེས་མངའ་བདག་ཉང་རལ་ཉི་མ་འོད་ཟེར་ཞེས་རྩོད་པ་མེད་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཟབ་གཏེར་གྱི་གསང་མཛོད་ཆེན་པོ་ལས་བྱོན་པའི། ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་རྩ་བའི་དབང་བསྐུར་དང་ཡན་ལག་དབང་ཕྲན་རྣམས་དང་བཅས་ཡོངས་སུ་རྫོགས་པ་གྲུབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་ཁྱད་པར་གྱིས་བསྡུས་པ་རྣམས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏོང་རག་མཎྜལ་དང་ལུས་ལོངས་སྤྱོད་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། ལས་བྱང་གི་རྗེས་རིམ་ནི། ཚོགས་བྱིན་གྱིས་བརླབ་པ་ནས་བཟུང་ཚོགས་མཆོད་ལྷག་གཏོར་གཏང་བ་ཡན་ཚང་བ་དང་། གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་རྒྱས་པར་གཏང་བས་གྲུབ་བོ། །མཁའ་དང་འགྲོ་ཁམས་ཇི་སྲིད་ཐུགས་རྗེ་ཆེའི། །ཐུགས་བསྐྱེད་ཕྲིན་ལས་མི་འཛད་དེ་སྲིད་དུ། །ཟབ་ཆོས་འདི་ཡི་ཕྲིན་ལས་ཕྱམ་གཅིག་པར། །ཞུགས་ནས་འགྲོ་ཀུན་ཕྱིར་མི་ལྡོག་འགྱུར་ཤོག །འདིའི་དབང་དོན་བསྡུས་པ་ཙམ་འདོད་བུམ་དུ་བཞུགས་ཀྱང་གཞུང་གི་དབང་ཆེན་ཡན་ལག་དང་བཅས་པའི་རྒྱུན་༧ཀུན་མཁྱེན་བླ་མ་ཐུགས་རྗེའི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་དྲིན་ལས་སྐལ་པ་བཟང་པོའི་དཔྱིད་དུ་ཐོབ་པ་ཉིད་བསྟན་འགྲོར་ཕན་བདེའི་བཙས་སུ་མི་ནུབ་འཕེལ་ཞིང་རྒྱས་པའི་སྒོར་དམིགས་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་རྩ་བའི་གཞུང་ལས་བཏུས་ཏེ་ལག་ལེན་རྣམ་གསལ་བཀླག་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།
ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་དྲག་པོའི་རྗེས་གནང་ (Volume 61, Text 41)
དེ་ནས་དྲག་པོའི་རྗེས་གནང་ནི། ལྕགས་ཁང་དམིགས་རྟེན་བྱས་པའི་མཐར། །དྲག་པོའི་རྫས་རྣམས་དགྲམ་པར་བྱ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམ་བསྐུལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་སྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་རྫོགས་པར་སྦྱིན། །སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། །དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་བུ་ཡིས་བླང་བར་བྱ། །བཛྲ་ཁྙྑ་ཨ་བྷི་ཥིཉྩ་ཧཱུྃ། ཏི་རའི་བེང་ཆེན་གསལ་ཤིང་འདི། །སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་བུ་ཡིས་བླང་བར་བྱ། །ཏི་ར་རཏྣ་དྷ་ཀ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །དུག་ལྔ་དབྱིངས་སུ་བསྒྲལ་བ་དང་། །སྡིག་ཅན་ལྔ་ཕུང་བཤིག་པའི་ཕྱིར། །དེ་རིང་བུ་ཡིས་བླང་བར་བྱ། །བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དྲག་པོ་གནམ་ལྕགས་ཕུར་བུ་འདི། །དབྱིངས་ནས་ཡེ་ཤེས་ཤར་བ་དང་། །ཞིང་བཅུ་གནས་སུ་བསྒྲལ་བའི་ཕྱིར། །དེ་རིང་བུ་ཡིས་བླང༴ བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་རློན་གདུག་པའི་ཁྲག་གིས་བཀང་། །འཁོར་བ་དོང་ནས་སྤྲུག་པ་དང་། །དམ་ཉམས་སྙིང་ཁྲག་འཐུང་བའི་ཕྱིར། །དེ་རིང་བུ་ཡིས་བླང༴ ཀ་པཱ་ལ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ། མདུང་རྣོན་གཡང་གཞིའི་རུ་མཚོན་འདི། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །བན་དགྲའི་སྙིང་གཟེར་གདབ་པའི་ཕྱིར། །དེ་རིང་བུ་ཡིས་བླང༴ བཛྲ་ཤཱུ་ལ་ཨ་བྷི་ཥིཉྩ་ཧཱུྃ། དུག་སྦྲུལ་འབར་བའི་ཞགས་པ་འདི། །འཁོར་བཅས་གནས་ནས་དྲང་བ་དང་། །དགྲ་སྲོག་ཡན་ལག་སྡོམ་པའི་ཕྱིར། །དེ་རིང་བུ་ཡིས་བླང༴ ནཱ་ག་པཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྐུ་ཡོན་ཏན་མཆོག་མངའ་བའི། །ཕྱག་མཚན་དྲག་པོ་ཙ་མ་ར། །དམ་ཅན་གནས་ནས་འབོད་པའི་ཕྱིར། །དེ་རིང་བུ་ཡིས་བླང༴ བཛྲ་ཙ་མ་ར་ཨ་བྷི་ཥིཉྩ་ཧཱུྃ། ལེགས་ལྡན་ཁྲོ་རྒྱལ་ཐུགས་ཀ་ནས། །ཙར་ཤ་པ་ནི་མཚོན་ཆ་མཆོག །ཡུངས་དཀར་རྒྱལ་པོ་ཤ་རཱི་རཾ། །དེ་རིང་བུ་ཡིས་བླང༴ བཛྲ་པེ་ཏཱ་ལི་རཀྴ་ཡཀྴ་ཨ་བྷི་ཥིཉྩ་ཧཱུྃ། གུ་གུལ་སྦྱར་བའི་རྫས་མཆོག་འདི། །དགྲ་བོ་ལྷ་དང་དབྱེ་བ་དང་། །བགེགས་རྣམས་མྱོས་ནས་བསྐྲད་པའི་ཕྱིར། །དེ་རིང་བུ་ཡིས་བླང༴ མ་གུ་ཏ་ལ་པྲ་ཏ་ལ་ཨ་བྷི་ཥིཉྩ་ཧཱུྃ། རི་རབ་གླིང་བཞི་རྒྱ་གྲམ་འདི། །རྟོག་པའི་ཟུག་རྔུ་གཞིལ་བ་དང་། །གདུག་པ་ཅན་རྣམས་གནན་པའི་ཕྱིར། །དེ་རིང་བུ་ཡིས་བླང༴ བྷི་ཤྭ་བཛྲ་སུཾ་ཨེ་བཾ་མཱ་ཡཱ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབར་བའི་མེ་ཕུང་འདི། །ཉོན་མོངས་འཁོར་བ་བག་ཆགས་དང་། །དགྲ་བགེགས་ཐམས་ཅད་བསྲེག་པའི་ཕྱིར། །དེ་རིང་བུ་ཡིས་བླང༴ བཛྲ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ། ཐབས་ཤེས་ཆགས་སྡང་མདའ་གཞུ་དང་། །དྲག་པོའི་ཐུན་ཟོར་དམ་རྫས་འདི། །དགྲ་བགེགས་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་བུ་ཡིས་བླང་བར་བྱ། །བཛྲ་ཏཱིྑྜྷ་ཁྙྑ་ཨ་བྷི་ཥིཉྩ་ཧཱུྃ། གཙང་ཤོད་པའི་དབང་ཆོག་ནས་ཟུར་ཕྱུང་ངོ་།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་ཀྱི་བྱང་བུ་ (Volume 62, Text 41)
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་ཀྱི་བྱང་བུ་བཞུགས༔ ྈྈྈ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ནང་སྐོར་ཡི་དམ་ཁྲོ་བོ་ཡི༔ སྔགས་རྣམས་སོ་སོར་བཟླ་འདོད་ན༔ སྙིང་པོར་དྲིལ་བའི་རིམ་པ་ནི༔ སྟེང་ཁང་ཞི་བ་རབ་འབྱམས་སྔགས༔ ཨཱོྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ འོག་ཁང་རྒྱུད་ལུང་མཁའ་འགྲོའི་གཙོ༔ མངོན་རྫོགས་རྒྱལ་པོའི་སྒོས་སྔགས་ནི༔ ཨཱོྃ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ དེ་ནས་སོ་སོའི་སྔགས་སྦྲེལ་བཟླ༔ གཉིས་པ་གནས་ཡུལ་སྒོ་སྐྱོང་ལ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་དབང་མོ་ཉེར་བརྒྱད་ལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བཞི་པ་མཁའ་འགྲོ་སོ་གཉིས་ལ༔ ཨེ་ཨཱ་རལླི་ཧཱུྃ༔ ལྔ་པ་མ་བདུན་སྲིང་བཞི་ལ༔ མ་མ་དྷཱ་ཏུ་ཧཱུྃ༔ བཛྲ་དུནྟིཾ་བྷྱོ༔ དྲུག་པ་གིང་ཆེན་བཅོ་བརྒྱད་ལ༔ ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བདུན་པ་ཁྲོ་བོ་དྲུག་ཅུ་ལ༔ ཀྲོ་དྷ་ཀྲོ་དྷཱི་ཧཱུྃ༔ བརྒྱད་པ་མ་མོ་ཉིས་བརྒྱ་དང༔ བཞི་བཅུའི་ཕོ་ཉ་རིགས་བཞི་ལ༔ བྷ་ན་ཧ་ན་གརྫ་པ་ཙ་ཛཿཧཱུྃ་བཾ་ཧོ༔ དགུ་པ་མ་མོ་དྲུག་ཅུ་ལ༔ མ་མེ་ཤྭ་ར་ཧཱུྃ༔ རྒྱུ་ཡི་རྟ་བབས་ཁོར་ཡུག་གི༔ རིག་འཛིན་བྱེ་བ་ས་ཡ་ལ༔ ཨཱོྃ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ༔ ཕྱི་འཁོར་ཡན་ལག་དཀྱིལ་འཁོར་ལས༔ བྱང་ཤར་ངན་སོང་གནས་འདྲེན་ལ༔ ཨཱོྃ་བཛྲ་པཱ་ཎི་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ྄༔ ནུབ་བྱང་ལྷ་མིའི་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་ཡེ་ཀྵཾ་བྲཾ་ཏྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་སྲུཾ་ཀྲེཾ་སྭཱ་ཧཱ༔ ལྷོ་ནུབ་ཉན་ཐོས་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ༔ ཤར་ལྷོ་རང་རྒྱལ་དཀྱིལ་འཁོར་ལ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔ བྱང་ཕྱོགས་བྱང་སེམས་དཀྱིལ་འཁོར་ལ༔ ཨཱོྃ་མ་ཧཱ་ཀཱ་རུ་ཎི་སརྦ་བོ་དྷི་སཏྭ་སྭཱ་ཧཱ༔ ནུབ་ཕྱོགས་ཀྲི་ཡའི་དཀྱིལ་འཁོར་ལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ་ཨཱོྃ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ཞེས་དང་རིགས་གསུམ་སྔགས་ཀྱང་བཟླ༔ ཨཱོྃ་ཝཱ་གཱི་ཤྭ་རི་མཱུཾ༔ ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ལྷོ་ཕྱོགས་ཨུ་བྷ་རིགས་བཞི་ལ༔ ཨཱོྃ་བཛྲ་བཻ་རོ་ཙ་ན་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཧཱུྃ་སྭཱ་ཧཱ༔ ཤར་ཕྱོགས་རྣམ་སྣང་རྡོར་དབྱིངས་ལ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུྃ༔ ངན་སོང་སྦྱོང་བའི་གཟུངས་ཀྱང་བཟླ༔ ཁྲག་འཐུང་རབ་འབྱམས་དྲིལ་བའི་སྔགས༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབྲུ་བརྒྱད་རིན་པོ་ཆེ༔ རྡོ་རྗེའི་སྔགས་ཀྱི་མཐར་ཐུག་གོ༔ ས་མ་ཡ་རྒྱ༔ དེ་ལྟ་བུ་ཡི་ཛཔ྄་དགོངས་ལ༔ ཐོག་མར་ཞི་བའི་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གིས་བྱིན་བརླབས་བསམ༔ འབུམ་ཕྲག་བཞི་བཟླས་བྱིན་དབང་ཐོབ༔ ས་མ་ཡ༔ ཁྲག་འཐུང་གཙོ་བོའི་བཟླས་པའི་སྐབས༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་བསམ༔ འབུམ་ཕྲག་གཅིག་བཟླས་དངོས་གྲུབ་འགྱུར༔ ས་མ་ཡ༔ ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ དོ་ལིའི་བཟླས་དམིགས་གོང་ལྟར་བྱ༔ འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ ས་མ་ཡ༔ གནས་ཡུལ་ལ་སོགས་བཟླས་པའི་སྐབས༔ བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་སོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ཁྲི་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ས་མ་ཡ༔ ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་འཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔ རྩ་བའི་དཀྱིལ་འཁོར་ཕྱི་རོལ་གྱི༔ ཡན་ལག་ངན་སོང་གནས་འདྲེན་སོགས༔ སོ་སོའི་བཟླས་པའི་དམིགས་པ་ནི༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡན་ལག་དཀྱིལ་འཁོར་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ནས་ཡེ་ཤེས་ཀྱི༔ སྣང་བས་འཁོར་འདས་ཞིང་ཀུན་ཁྱབ༔ འཕགས་རྣམས་མཆོད་ཅིང་དགྱེས་པར་བསྐྱེད༔ སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ བདག་དང་འགྲོ་དྲུག་ཡིད་ཅན་ཀུན༔ ངན་སོང་འཁོར་བའི་སྡུག་བསྔལ་བསལ༔ མཐོ་རིས་ཐར་པའི་གོ་འཕང་བཀོད༔ བྱང་ཆུབ་གསུམ་གྱི་ས་བོན་དང༔ འབྲས་བུ་མངོན་དུ་གྱུར་ནས་ཀྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཁྲི་ཕྲག་རེ་རེ་བཟླས་པ་ཡིས༔ སོ་སོའི་བྱིན་རླབས་དངོས་གྲུབ་འགྱུར༔ ས་མ་ཡ༔ དེ་ལྟར་དེ་གསུམ་ནང་སྐོར་གྱི༔ རྩ་བ་ཡན་ལག་དཀྱིལ་འཁོར་པའི༔ སྔགས་ཀྱི་ཕྲེང་བ་དགོངས་པ་བཅས༔ ཤྲཱི་སིཾ་ཧའི་ཐུགས་ཀྱི་བཅུད༔ ཐུན་མོང་མ་ཡིན་ལུང་ཆེན་པོའི༔ བཅུད་འདྲིལ་མན་ངག་ཡང་ཞུན་འདི༔ བཻ་རོ་བདག་གི་ཐུགས་དམ་སྟེ༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ མ་འོངས་མངའ་བདག་ཡབ་སྲས་ཀྱི༔ སྤྲུལ་པ་སྒྱུ་མའི་སྐྱེས་བུ་ཟུང༔ དུས་ཀྱི་ཐ་མར་འབྱུང་བ་དང༔ འཕྲད་ནས་གཞན་ལ་ཕན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མནྟྲ་ཨུ་པ་དེ་ཨ་ཏི་གུ་ཧྱ་ས་མ་ཡ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །། ངན་སོང་སྦྱོང་བའི་གཟུངས་ནི། རྒྱས་པ།་་་ཨཱོྃ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། ࿊ བསྡུས་པ།་་་ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ༔
སངས་གླིང་བླ་མ་དགོངས་འདུས་སྲུང་བརྒྱའི་རབ་གནས་སྐབས་ཀྱི་བཟླས་པ་འཁོར་ལོ་ལ་བཀོད་པའི་སྔགས་བྱང་ (Volume 42, Text 41)
སངས་གླིང་བླ་མ་དགོངས་འདུས་སྲུང་བརྒྱའི་རབ་གནས་སྐབས་ཀྱི་བཟླས་པ་འཁོར་ལོ་ལ་བཀོད་པའི་སྔགས་བྱང་ནི། ཨཱོྃ་ཨཱཾཿཧཱུྃ་ཧྲཱིཿབཛྲ་གྷུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ༈ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱི༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱ༔ ཀ་ཁ་ག་གྷ་ང༔ ཅ་ཆ་ཇ་ྖྶ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ༈ ན་མཿས་མནྟ་བུདྡྷཱ་ནཱཾ༔ ན་མཿས་མནྟ་དྷརྨཱ་ནཱཾ༔ ན་མཿས་མནྟ་སཾ་གྷཱ་ནཱཾ༔ ཨཱོྃ་སི་ཏཱ་ཏ་པ་ཏྲེ༔ ཨཱོྃ་བི་མ་ལེ༔ ཨཱོྃ་ཤངྐ་ར༔ ཨཱོྃ་པྲ་ཏྱཾ་གི་ར༔ ཨཱོྃ་བཛྲ་ཨུཥྞི་ཥ་ཙཀྲ་ཝརྟི༔ སརྦ་ཡནྟྲ༔ མནྟྲ༔ མཱུ་ལ་ཀརྨ༔ བནྡྷ་ནཱཾ༔ ཏཱ་ཊཱ་ནཱཾ༔ ཀཱི་ལཱ་ནཱཾ་ཝཱ༔ མ་མ་ཀྲི་ཏེ༔ ཡེ་ན་ཀེ་ན་ཙིཏྟ༔ ཀྲྀ་ཏནྟ་སརྦནྟུ༔ ཙྪིནྡྷ་ཙྪིནྡྷ༔ བྷིནྡྷ་བྷིནྡྷ༔ ཙི་རི་ཙི་རི༔ གི་རི་གི་རི༔ མཱ་ར་མཱ་ར༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ མ་མ་རཀྵཾ་ཀུརྦནྟུ༔ ༈ ཏདྱ་ཐཱ་ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ བཻ་རོ་ཙ་ན་ཨཱོྃ༔ བཛྲ་ཨཀྵོ་བྷྱ་ཧཱུྃ༔ རཏྣ་སཾ་བྷ་ཝ་ཏྲཱཾ༔ པདྨ་དྷཱ་ར་ཧྲཱི༔ ཨ་མོ་གྷ་སིདྡྷི་ཨཱ༔ ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ མ་མ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔
རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་ལྷག་མ་དང་བྲོ་རབས་ (Volume 25, Text 41)
༄༅༔ རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་ལྷག་མ་དང་བྲོ་རབས་བཞུགས་སོ༔ དེ་ནས་ལྷག་མ་བྱིན་གྱིས་བརླབ་པ་ནི༔ མ་སཱུརྻ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་པས་ཕུད་གཞོང་ཉི་མའི་ད་ལར་གྱུར་པ་ལས༔ གཏོར་མ་བྱང་ཆུབ་སེམས་ཀྱི་རང་བཞིན༔ ཧཱུྃ་གི་ཚོགས་འཕྲོ་བར་བསམ༔ པཾ་པདྨ་མཎྜ་ལ་ཧཱུྃ༔ ཞེས་བརྗོད་པས་ལྷག་མའི་གཞོང་པ་པདྨ་འདབ་བརྒྱད་དུ་གྱུར་པ་ལ་ཞལ་ཟས་ནི་བྱང་ཆུབ་སེམས་ཀྱི་རང་བཞིན༔ ཧྲཱིཿའབར་བ་འཕྲོ་ཞིང་འདུ་བར་བསམ༔ དེ་ནས་སྐུལ་ཚིག་འདི་སྐད་གྱེར་རོ༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས༔ འབྱུང་བ་ཆུ་བོའི་རྒྱུན་འབྱུང་བའི༔ མཁའ་འགྲོ་པདྨའི་གཞལ་ཡས་སུ༔ བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོས༔ མཁར་འགྲོའི་འཁོར་ཚོགས་ཐམས་ཅད་ལ༔ དགྱེས་མཉེས་མཆོག་གི་སྦྱིན་པས་ཚིམ༔ ཞེས་བརྗོད་ལ་ཁ་ཆུ་གདབ་བོ༔ ཛྙཱ་ན་ཧཱུྃ༔ ཞེས་བརྗོད་པས༔ ཧཱུྃ་དང་ཧྲཱིཿགཉིས་འདྲེས་པ་ལས་འདོད་ཡོན་དུ་བསྒྱུར་ནས་ཕུད་དང་ལྷག་མ་བསྲེའོ༔ འདོད་ཡོན་དེ་ལས་སོ་སོ་ཅི་ལ་དགའ་བའི་མཆོད་སྦྱིན་དུ་གྱུར་པར་བསམ་ནས༔ ཡང་འདི་སྐད་བརྗོད་པར་བྱའོ༔ ཧཱུྃ༔ ཕུད་དང་གཙང་མ་མི་སྦྲགས་རྒྱུ༔ གར་གྱི་དབང་ཕྱུག་ཕུད་ཀྱི་བདག༔ དེ་ཕྱིར་ཕུད་དང་གཙང་མར་སྦྲགས༔ ལྷག་མ་ཁ་ཆུས་མི་གདབ་རྒྱུ༔ ཁྱེད་དང་འོ་སྐོལ་དམ་ཚིག་གཅིག༔ བཀའ་ཡི་ཕ་འབབ་མི་བསྩལ་རྒྱུ༔ དབང་ཕྱུག་མ་ནི་བྲན་གྱི་ཚུལ༔ ཧཱུྃ༔ དབང་ཆེན་པདྨ་གསེར་གྱི་གདན་ཁྲི་ལ༔ གསེར་གྱི་སེང་གེ་འདེགས་པའི་རྔམ་ཚུལ་ཅན༔ ཁ་རླངས་ཧྲཱིཿཡི་འོད་ཟེར་སྣ་ཚོགས་འཕྲོ༔ རྩལ་གྱི་རྔམ་གྱིས་འཁོར་བའི་འབྲོས་ཁུངས་གཅོད༔ སྟོབས་ཀྱི་རླབས་ཀྱིས་རྒྱལ་བའི་ཕོ་བྲང་འདེགས༔ སྐད་ཀྱི་གཅོམ་གྱིས་གསང་བའི་ཐུགས་དམ་བསྐུལ༔ གསེར་གྱི་འོད་ཀྱིས་མ་རིག་མུན་པ་སེལ༔ ཧེ་རུ་མ་བདུན་ཕྲ་མེན་ཚོགས་དང་བཅས༔ ཕྱག་བརྙན་གཏུམ་ཆེན་ཁྱུང་གི་ཁྲ་ཐབས་ཐོགས༔ བསྐལ་པ་མེ་རི་ཁྱབ་པའི་རྩེ་འཇོམས་ཤིང༔ ཀེང་རོ་གསར་རྙིང་བཅད་འདྲལ་ཁྲ་ལ་ལ༔ ཚར་གསུམ་ལྕང་ལོ་རཀྟའི་རྦ་ཀློང་འཁྱིལ༔ རྔམས་པའི་ཞལ་ནས་འབྲུག་སྒྲ་གསུང་སྒྲོག་པས༔ བོད་ཁམས་སྐྱོང་བའི་བརྟན་མ་དམ་ཅན་རྣམས༔ རྣམ་དག་ཡུམ་གྱི་མཁའ་ལས་བཞེངས་ནས་སུ༔ བདུད་རྩི་སྨན་གྱི་ཕྱག་རྒྱས་གཡབ་འདོར་ན༔ གླུ་དང་སྤྱུགས་པའི་བརྡ་ཡིས་མཚོན་ནས་ཀྱང༔ མ་ཚོགས་ནང་གི་དམ་ལ་བཏགས་སོ་འཚལ༔ བཀའ་དང་དམ་ཚིག་བཞིན་དུ་གཤེགས་སུ་གསོལ༔ གསང་སྔགས་ཧེ་རུ་ཀ་དཔལ་བཀའ་བསྒོས་པའི༔ དབང་ཕྱུག་མ་དང་བརྟན་མ་གིང་གི་ཚོགས༔ ལྷག་མའི་མཆོད་སྦྱིན་བཞེས་པར་དམ་བཅས་རྣམས༔ དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལ༔ ཧཱུྃ༔ ཐབས་ཆེན་ཟླ་གསང་ཐིག་ལེ་ལས༔ ཡལ་གམ་ཅན་ལ་རབ་དགོངས་པའི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མཆེད༔ སྟོང་གསུམ་མ་ལུས་དག་བྱེད་པའི༔ བདག་ཉིད་ཆེན་མོ་གཤེགས་སུ་གསོལ༔ བྱང་གི་འབྲོག་ཆེན་འཁོར་འདུལ་མ༔ གློག་ཕྲེང་འབར་བའི་དཀྱིལ་འཁོར་ནས༔ འཇིགས་བྱེད་རྔམས་པའི་ཚུལ་སྟོན་ཅིང༔ ཕོ་ཉ་འཁོར་བཅས་གཤེགས་སུ་གསོལ༔ དམར་གྱི་ཨརྒྷཾ་སྦྲེང་བ་དང༔ སྤྱུགས་པ་བླང་ཞིང་གཡབ་འདོར་ན༔ ཕྲ་མེན་མཁའ་འགྲོ་མ་ལུས་ཀུན༔ སྤྲིན་ཕུང་བཞིན་དུ་གཤེགས་སུ་གསོལ༔ མཆེད་ལ་གདུང་སྟེ་གཤེགས་སུ་གསོལ༔ དམ་ལ་གནས་ཏེ་གཤེགས་སུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ བྷྱོ་མ་མ་མ་ཧཱ་རཀྴ་སཱི་ས་མ་ཡ་ཛ་ཛ༔ ཞེས་དབང་ཕྱུག་མའི་སྙིང་པོ་བསྒྲང༔ དེ་ནས་གཏོར་བསྐྱང་ནི༔ བྷྱོ༔ ཤར་ཕྱོགས་རིག་པའི་རྒྱལ་མོ་བདུན༔ སྲིན་མོ་གཡག་དང་ཚངས་པ་སྦྲུལ༔ ཁྲོ་མོ་གཟིག་དང་ཁྱབ་འཇུག་སྲེ༔ གཞོན་ནུ་ཕ་ཝང་དབང་མོ་དྲེད༔ ནག་མོ་ཁུ་བྱུག་རལ་པ་ཅན༔ རྡོ་རྗེ་རིགས་ཀྱི་དབང་ཕྱུག་མ༔ དམ་ཚིག་ཚུལ་བཞིན་མཆོད་པར་འབུལ༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ བྷྱོ༔ ལྷོ་ཡི་ཕྱོགས་ནས་བློན་མོ་བདུན༔ དམར་མོ་དབང་མོ་བདུད་རྩི་ཆུ༔ ཟླ་བ་སྡིག་པ་བེ་ཅོན་ཁྲ༔ སྲིན་མོ་ཝ་དང་ཟ་བའི་ཁྱི༔ སེར་མོ་ར་དང་ཞགས་འདྲེན་མ༔ རིན་ཆེན་རིགས་ཀྱི་དབང་ཕྱུག་མ༔ དམ་ཚིག་ཚུལ་བཞིན་མཆོད་པར་འབུལ༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ བྷྱོ༔ ནུབ་ཀྱི་ཕྱོགས་ནས་དབང་མོ་བདུན༔ དགའ་མོ་འདོད་དང་ཁྲག་འཐུང་རྟ༔ གཅིག་སྤྱོད་བྱི་ལ་མདངས་སྤེལ་དང༔ གྲུབ་པའི་པུ་ཤུད་རླུང་མོ་སྤྲ༔ བུམ་རྣ་སེང་མགོ་ལྕགས་སྒྲོག་མ༔ པདྨ་རིགས་ཀྱི་དབང་ཕྱུག་མ༔ དམ་ཚིག་ཚུལ་བཞིན་མཆོད་པར་འབུལ༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ བྷྱོ༔ བྱང་གི་ཕྱོགས་ན་གཡོག་མོ་བདུན༔ གསོད་བྱེད་སྐྱིན་དང་འདོད་པ་མོ༔ ནག་མོ་ཕག་དང་གཤིན་རྗེ་གླང༔ སྣ་ཚོགས་གླང་དང་རླུང་མོ་ཆུ༔ ནག་མོ་དྲེད་མགོ་དྲིལ་འཁྲོལ་དགྱེས༔ ལས་ཀྱི་རིགས་ཀྱི་དབང་ཕྱུག་མ༔ དམ་ཚིག་ཚུལ་བཞིན་མཆོད་པར་འབུལ༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ ཅེས་ལྷག་མ་བསྐྱང་ངོ༔ དེ་ནས་བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ བྷྱོ༔ བརྟན་མ་སྐྱོང་མ་མ་དང་སྲིང༔ དཔལ་ལྡན་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱན་ཏིང་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་ཏེ༔ བརྟན་མ་བཅུ་གཉིས་བཤལ་ཆུ་བཞེས༔ མི་མཐུན་གནོད་པའི་རྐྱེན་རྣམས་ཟློག༔ ཆོས་དང་མཐུན་པའི་དོན་རྣམས་སྒྲུབས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་ཆད་མདོ་ནི་ལས་གཏོར་ལ་བྱའོ༔ བྷྱོ༔ སྔོན་གྱི་འདས་དུས་བསྐལ་པ་དང་པོ་ལ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ དཔལ་ཆེན་པདྨ་གར་གྱི་དབང་ཕྱུག་དེས༔ སྲིད་པ་མ་མོ་དམ་ལ་བཏགས་པའི་ཚེ༔ ཀེ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ཀྱིས༔ སོ་སོའི་གཟུགས་བསྟན་དམ་ལ་བཏགས་ནས་ཀྱང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ བཅོལ་བའི་ལས་རྣམས་བྱ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ བ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ སྒྲུབ་མཆོག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དུས་བསྐལ་འདས་པ་དེ་ཡི་འོག་ཙམ་ན༔ རྒྱ་གར་རྡོ་རྗེ་གདན་གྱི་དབེན་གནས་སུ༔ སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཡིས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མཁའ་འགྲོ་ཆེན་མོ་སུམ་ཅུ་རྩ་གཉིས་ཀྱིས༔ སོ་སོའི་གཟུགས་བསྟན་དམ་ལ་བཏགས་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ༴ བཅོལ་བའི་ལས་རྣམས༴ སྔོན་ཚེ་ཞལ་བཞེས༴ བ་ལིང་རྒྱན་གྱི༴ སྒྲུབ་མཆོག་བཅོལ་པའི༴ དུས་དང་བསྐལ་པ་དེ་ཡི་འོག་རོལ་དུ༔ སློབ་དཔོན་ཆེན་པོ་ནམ་མཁའི་སྙིང་པོ་ཡིས༔ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ གནམ་ལྕགས་ཕུར་པ་བྲག་ལ་བཏབ་པའི་ཚེ༔ མ་བདུན་སྲིང་བཞི་འཁོར་དང་བཅས་རྣམས་ཀྱིས༔ སོ་སོའི་གཟུགས་བསྟན༴ བཀའ་ཡི་གཏོར་མ༴ རྣལ་འབྱོར་སྐུ་ཚེ༴ བཅོལ་བའི་ལས་རྣམས༴ སྔོན་ཚེ་ཞལ་བཞེས༴ བ་ལིང་རྒྱན་གྱི༴ སྒྲུབ་མཆོག་བཅོལ་པའི༴ དུས་སྐབས་འདས་པ་དེ་ཡི་འོག་རོལ་དུ༔ སྤ་གྲོ་སྟག་ཚང་སེང་གེའི་ཡང་ཕུག་ཏུ༔ སློབ་དཔོན་ཆེན་པོ་རླངས་ཆེན་དཔལ་སེང་གིས༔ ཡང་དག་གྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ཀྱིས༔ སོ་སོའི་གཟུགས་བསྟན་དམ་ལ་བཏགས་ནས་ཀྱང༔ བཀའ་ཡི་གཏོར་མ་བླང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ བཅོལ་བའི་ལས་རྣམས་བྱ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལ་མ་འདའ་བར༔ བ་ལིང་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ སྒྲུབ་མཆོག་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དུས་སྐབས་འདས་པ་དེ་ཡི་འོག་ཙམ་དུ༔ སློབ་དཔོན་གཉགས་ཀྱི་ཛྙཱ་ན་ཀུ་མཱ་རས༔ ཡར་མོ་ལུང་གི་གད་པའི་ཕུག་རིང་དུ༔ ཕུན་སུམ་ཚོགས་པའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དམ་སྲི་རྣམ་གསུམ་རྡུལ་དུ་བརླག་པའི་དུས༔ ལྕེ་སྤྱང་ནག་མོ་འཁོར་དང་བཅས་རྣམས་ཀྱིས༔ སོ་སོའི་གཟུགས་བསྟན༴ བཀའ་ཡི་གཏོར་མ༴ རྣལ་འབྱོར་སྐུ་ཚེ༴ བཅོལ་བའི་ལས་རྣམས༴ སྔོན་ཚེ་ཞལ་བཞེས༴ བ་ལིཾ་རྒྱན་གྱི༴ རྣལ་འབྱོར་བཅོལ་པའི༴ དུས་སྐབས་འདས་པ་དེ་ཡི་ཕྱི་རོལ་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བྲག་དམར་བསམ་ཡས་ཨརྻ་པ་གླིང་དུ༔ མན་ངག་ལྟ་བའི་ཕྲེང་བ་བཤད་པའི་ཚེ༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས༔ སོ་སོའི་གཟུགས་བསྟན༴ བཀའ་ཡི་གཏོར་མ༴ བཅོལ་བའི་ལས་རྣམས༴ སྔོན་ཚེ་ཞལ་བཞེས༴ དོ་ནུབ་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ བདག་ཅག་རིག་འཛིན་སྔགས་འཆང་གི༔ ལོ་ཀག་ཟླ་ཀག་བཟློག་ཏུ་གསོལ༔ འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ༔ ཚེ་སྲིངས་ནོར་སྤེལ་བསམ་པ་སྒྲུབས༔ ལས་དང་འབྲས་བུ་མཆིས་པར་མཛོད༔ ཅེས་ཆད་མདོ་བྱའོ༔ དེ་ནས་བྲོ་དང་ཚས་ཀྱིས་དགྲ་བགེགས་མནན་པ་ནི༔ ཧཱུྃ༔ ནུབ་ཕྱོགས་སྣང་བ་མཐའ་ཡས་ཞིང་ཁམས་ན༔ དབང་གི་ཟླ་གམ་གདེངས་པའི་གཞལ་ཡས་སུ༔ གཟི་ལྡན་འབར་བའི་དཀྱིལ་འཁོར་ཆེན་པོ་རུ༔ གདུག་པའི་ཀླུ་བརྒྱད་བརྩེགས་པའི་ཁྲི་སྟེང་ནས༔ ལས་ལ་མངའ་མཛད་པདྨ་ཧེ་རུ་ཀ༔ ཁྲག་འཐུང་ཁྲོ་བོ་རབ་འབྱམས་དབྱིངས་ནས་བཞེངས༔ ཧཱུྃ༔ འཛུམ་པའི་མདངས་ཀྱིས་མཆོད་པ་འབུལ༔ དགྱེས་པའི་ཚུལ་གྱིས་མཆོད་པར་བཞེས༔ ཆེ་མཆོག་བཛྲ་ཧེ་རུ་ཀ༔ ཕྱི་མཆོད་རྡོ་རྗེའི་གླུ་དྲུག་བྲོ༔ གླུ་ཡང་དྲུག་ལ་བྲོ་ཡང་དྲུག༔ གླུ་དྲུག་གསང་བའི་དབྱིངས་དང་སྦྱོར༔ བྲོ་དྲུག་འདུལ་བའི་ལས་དང་སྦྱོར༔ གླུ་དྲུག་དབྱངས་སུ་བླང་བ་ནི༔ ཚངས་པའི་གླུས་ནི་ཞིང་ཁམས་སྦྱོང༔ དཔལ་གྱི་གླུས་ནི་འཕྲོ་འདུ་གསལ༔ ཁྲོ་བོའི་གླུས་ནི་བདུད་བཞི་འདུལ༔ གདུང་བའི་གླུས་ནི་མ་སྲིང་བསྟེན༔ ཧཱུྃ་སྒྲའི་གླུས་ནི་འཕྲོ་འདུ་འཁྲུགས༔ དབུ་མའི་གླུས་ནི་དགོངས་རྒྱུད་གསལ༔ འདི་ཡན་གླུ་དྲུག་གོ༔ དབང་གི་གླུས་ནི་སྲིན་པོ་འདུལ༔ ལས་ཀྱི་གླུས་ནི་ཕོ་ཉ་འགྱེད༔ གླུ་དྲུག་རྫོགས་པར་ལྡན་པར་བཤད༔ བྲོ་དྲུག་རྫོགས་པར་ལྡན་པར་བརྡུང༔ ཁྲོ་བོའི་བྲོ་བརྡུང་དྲེགས་པ་འཇོམས༔ དཔལ་གྱི་བྲོ་བརྡུང་བདུད་བཞི་འདུལ༔ མ་སྲིང་བྲོ་བརྡུང་གདུག་པ་འདུལ༔ དབང་གི་བྲོ་བརྡུང་སྲིན་པོ་འདུལ༔ ལས་ཀྱི་བྲོ་བརྡུང་ཕོ་ཉར་འགྱེད༔ རྣལ་འབྱོར་བྲོ་བརྡུང་ཐུགས་དམ་བསྐུལ༔ འདི་ནི་དཔལ་གྱི་ཐུགས་དམ་ཡིན༔ འདི་ནི་ཡུམ་གྱི་གསང་ཚིག་ཡིན༔ འདི་ནི་མ་སྲིང་དངོས་གྲུབ་ཡིན༔ འདི་ནི་ཕོ་ཉའི་ལོངས་སྤྱོད་ཡིན༔ འདི་ནི་རྣལ་འབྱོར་ལྟ་བའི་བྲོ༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་ནི་ཕྱེ་མར་གཏོང་བའི་བྲོ༔ རྒྱུད་དྲུག་གནས་སུ་སྦྱོང་བའི་བྲོ༔ འགྲོ་དྲུག་གཡང་ས་གཅོད་པའི་བྲོ༔ འཇིགས་པའི་བདུད་བཞི་འདུལ་བའི་བྲོ༔ གསང་བའི་དགྲ་གསུམ་གསོད་པའི་བྲོ༔ ཏིང་འཛིན་དགོངས་རྒྱུད་དག་པས་བརྡུང༔ ད་ནི་མར་ལ་དགྲ་བགེགས་ཚར་གཅོད་པའི་བྲོ་བརྡུང་བ་ནི༔ ཧཱུྃ༔ འཇིག་རྟེན་དྲུག་གི་ཡུལ་དྲུག་ནས༔ འཁོར་ཡུག་དུར་ཁྲོད་ཆེན་པོ་ན༔ མ་ཏྲཾ་རུ་དྲ་བསྒྲལ་བའི་ཚེ༔ ང་ནི་ཡ་མཱནྟ་ཀ་ཡིན༔ ཆེ་བ་ཟིལ་གྱིས་གནོན་པའི་ཚེ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ དུས་གསུམ་སངས་རྒྱས་བརྒྱུད་པའི་ཚེ༔ ང་ནི་རིགས་ལྔའི་སངས་རྒྱས་ཡིན༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ང་ནི་རྟ་མགྲིན་རྒྱལ་པོ་ཡིན༔ ཆོས་སྐུ་འགྱུར་བ་མེད་པའི་ཕྱིར༔ ང་ནི་རྡོ་རྗེ་གཞོན་ནུ་ཡིན༔ དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར༔ ང་ནི་ཕྱག་ན་རྡོ་རྗེ་ཡིན༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་ན༔ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ རྡོ་རྗེའི་རིགས་ཀྱི་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་ནི་ཕྱེ་མར་བཏང་བའི་བྲོ༔ དངུལ་ལམ་དཀར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ལོགས་ལ་ཞི་བའི་ལྷ་བསྒོམས་ནས༔ བཏབ་ན་ཐམས་ཅད་ཞི་བར་མཛད༔ ཞི་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ཅག་དགེ་སྡེ་གྲྭ་ཚན་གྱི༔ དགྲ་བགེགས་འབྱུང་པོ་ཞི་བར་མཛོད༔ ཞི་བར་གྱུར་ཅིག་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན༔ ང་རྒྱལ་རིན་ཆེན་འཁོར་བཅས་ཀྱིས༔ རིན་ཆེན་རིགས་ཀྱི་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་ནི་ཕྱེ་མར་བཏང་བའི་བྲོ༔ གསེར་རམ་སེར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་གྲུ་བཞི༔ ལོགས་ལ་རྒྱས་པའི་ལྷ་བསྒོམས་ནས༔ བཏབ་ན་ཐམས་ཅད་རྒྱས་པར་མཛད༔ རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ བདག་ཅག་དགེ་སྡེ་གྲྭ་ཚན་གྱི༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན༔ འདོད་ཆགས་པདྨ་འཁོར་བཅས་ཀྱིས༔ པདྨ་རིགས་ཀྱི་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་ནི་ཕྱེ་མར་བཏང་བའི་བྲོ༔ ཟངས་སམ་དམར་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླ་གམ༔ ལོགས་ལ་དབང་གི་ལྷ་བསྒོམས་ནས༔ བཏབ་ན་ཐམས་ཅད་དབང་དུ་མཛད༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ཅག་དགེ་སྡེ་གྲྭ་ཚན་གྱི༔ དགྲ་བགེགས་འབྱུང་པོ་དབང་དུ་སྡུས༔ དབང་དུ་སྡུས་ཤིག་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་ན༔ ཕྲག་དོག་ཕྲིན་ལས་འཁོར་བཅས་ཀྱིས༔ ལས་ཀྱི་རིགས་ཀྱི་བྲོ་བརྡུངས་པས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་ནི་ཕྱེ་མར་བཏང་བའི་བྲོ༔ ལྕགས་སམ་དྲག་པོའི་ཤིང་དག་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ༔ ལོགས་ལ་དྲག་པོའི་ལྷ་བསྒོམས་ནས༔ བཏབ་ན་ཐམས་ཅད་བརླག་པར་མཛད༔ བདག་ཅག་དགེ་སྡེ་གྲྭ་ཚན་གྱི༔ དགྲ་བགེགས་འབྱུང་པོ་བརླག་པར་མཛོད༔ བརླག་པར་གྱུར་ཅིག་ཨ་མུ་ཀཾ་མཱ་ར་ཡ་ཕཊ༔ ཕྲིན་ལས་རྣམ་བཞིའི་བྲོ་རབས་རྫོགས་སོ༔ ༔
དྷཱ་ཀི་གཙུག་གི་རྒྱན་གཅིག་གི་དབང་གི་ཆོ་ག་ཆོག་ཁྲིགས་སུ་བཀོད་པ་བདེ་ཆེན་ལམ་བཟང་ (Volume 34, Text 41)
༄༅། །དྷཱ་ཀི་གཙུག་གི་རྒྱན་གཅིག་གི་དབང་གི་ཆོ་ག་ཆོག་ཁྲིགས་སུ་བཀོད་པ་བདེ་ཆེན་ལམ་བཟང་བཞུགས་སོ། ། བདེ་ཆེན་འགྱུར་མེད་ཡེ་ཤེས་མཆོག་སྟེར་མ། །འབུམ་ཕྲག་དྷཱ་ཀི་ཀུན་གྱི་གཙུག་གི་རྒྱན། །གངས་ལྗོངས་འགྲོ་བ་ལྷག་པར་སྐྱོབ་པའི་མགོན། །མཁར་ཆེན་རྒྱལ་མོའི་ཞབས་ལ་གུས་པས་འདུད། །གང་གི་བྱིན་རླབས་དངོས་གྲུབ་ཀུན་གྱི་དབྱིག །བདག་གཞན་སྨིན་ཅིང་གྲོལ་བའི་ལམ་བཟང་ཉིད། །འཇམ་དབྱངས་བླ་མའི་དྲིན་ལས་ལེགས་ཐོབ་པ། །འདི་རུ་གསལ་བྱེད་བདེ་ཆེན་ལམ་བཟང་འགོད། །དེ་ལ་འདིར་དམ་ཚིག་སྲུང་ནུས་པའི་སློབ་མ་སྨིན་བྱེད་ཀྱིས་རྗེས་སུ་འཛིན་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་ཅིང་དབང་བསྐུར་བ། རྗེས་ཆོག་གོ །དང་པོ་ནི། དབེན་པའི་གནས་སུ་དཀྱིལ་འཁོར་པདྨ་འདབ་བཞི་དམར་པོ་བྲིས་པར་ཚོམ་བུ་ལྔ་འགོད། དེ་སྟེང་བུམ་པ་བཅུད་ལྡན་གྱི་ཁར་ཐོད་པ་ཨ་མྲྀཏས་བཀང་བ། མེ་ལོང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བསྣོལ་མའི་དབུས་པདྨ་འདབ་བཞིའི་དབུས་སུ་མ་ཡིག་གི་མིག་ཏུ་ཧྲཱིཿདང་འདབ་བཞིར་ཧ་རི་ནི་ས་བྲིས་པས་བཀབ། མཐར་སྨན་གཏོར་རཀྟ་ཉེར་སྤྱོད་ཀྱིས་བསྐོར། སྔོན་གཏོར། ཚོགས་དང་བརྟན་མ། འཐོར་ནས། ཌཱ་དྲིལ། ལས་བུམ་སོགས་ཉེ་བར་གསག་གོ །གཉིས་པ་སྒྲུབ་ཅིང་དབང་སྐུར་བ་ནི་སྒྲུབ་ཐབས་ལྟར་ཕྱི་ནང་སྒྲུབ་མཆོད་ཚུལ་ལྡན་བྱ། རྣམ་བུམ་ལ་དམིགས་བཟླས། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཚོགས་བཅས་གྲུབ་ནས་སྒྲུབ་ཐབས་ལྟར་བདག་དབང་ལེན། སློབ་མ་གཞུག་པའི་གསོལ་གདབ་བཅས་གྲུབ་ནས། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་དང་ནང་དུ་འཁོད་ནས་བགེགས་བསལ། སྲུང་འཁོར་བསྒོམ། ཆོས་བཤད་ཇི་རིགས་སྔོན་དུ་འགྲོ་བས། ད་ལམ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་ཅིང་མྱུར་ལ་ཆེས་མཆོག་ཏུ་གྱུར་པ་དྷཱ་ཀི་གཙུག་གི་རྒྱན་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་ཟབ་དབང་བསྐུར་བ་ཡིན། དེའང་བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སྤྱན་དྲངས། གཙུག་ལག་ཁང་དང་དམ་པའི་ཆོས་ཀྱི་སྡེ་བཙུགས། བོད་དཀར་པོའི་ཆོས་སུ་བསྒྱུར་བའི་སྐབས་གུ་རུ་པདྨ་ཉིད་བོད་ཁམས་མཐའ་དབུས་ཀུན་ཏུ་བྱོན་ཏེ་སྣོད་བཅུད་ཐམས་ཅད་བྱིན་གྱིས་བརླབས་པའི་སྐབས། མོན་མཁར་སྟེང་དུ༔ མོན་མོ་བཀྲ་ཤིས་འདྲེན་གྱིས་གསེར་སྐྱོགས་གཡུས་བཀང་བ་གཅིག་ཕུལ་ནས་ཞུས་པ༔ གུ་རུ་པདྨ་ཧེ་རུ་ཀ༔ ཧེ་རུ་ཀ་དང་ཡང་དག་སྦྱོར༔ ཇོ་མོ་མ་གཅིག་མཚོ་རྒྱལ་འདི༔ བདག་སོགས་ཀུན་ལ་དྲིན་ཆེ་བས༔ གཙུག་གི་རྒྱན་གཅིག་རྣལ་འབྱོར་མ༔ ཐང་ཅིག་མ་དང་གནས་འགྱངས་ཚེ༔ རང་རིག་གསེར་དང་འདྲ་བ་འདིས༔ མ་གཅིག་བསྒྲུབ་ཅིང་གསོལ་འདེབས་གང༔ བདག་སོགས་ཕྱི་རབས་དོན་ཆེད་དུ༔ གུ་རུ་ཉིད་ཀྱིས་གསུང་བར་ཞུའོ༔ ཞེས་ཕྱག་དང་བསྐོར་བ་མང་དུ་བྱས་ནས་ཞུས་པས༔ གུ་རུས་དགྱེས་བཞིན་དུ་བཀའ་བསྩལ་པ༔ ཉོན་ཅིག་དད་ལྡན་སྣོད་ལྡན་མ༔ མཚན་ལྡན་ཌཱ་ཀི།་་་འོད་འཆང་སྤྲུལ་པ་ཁྱོད་ཉོན་ཅིག༔ དེ་དོན་ཁྱོད་ཀྱིས་ཞུས་པ་ལེགས༔ མཚོ་རྒྱལ་མ་གཅིག་འདུག་པ་འདི༔ ལྷ་མོ་སྒྲོལ་མའི་སྤྲུལ་པ་ཡིན༔ སྔོན་ནི་གངྒཱའི་ལྷ་མོ་ཡིན༔ ད་ལྟ་བོད་མོའི་ཆ་ལུགས་བཞུགས༔ ཕྱི་ལྟར་ཡུམ་ཆེན་མཚོ་རྒྱལ་མ༔ ནང་ལྟར་མ་གཅིག་མཚོ་རྒྱལ་མ༔ གསང་བ་མ་མོ་བདག་མེད་མ༔ འདི་ཉིད་བསྒྲུབ་ཅིང་གསོལ་འདེབས་ན༔ ཕྱི་ནང་གསང་བའི་ཚུལ་དུ་བསྒྲུབ༔ ཅེས་བཀའ་བསྩལ་ཏེ་སྒྲུབ་ཐབས་ཕྱི་ནང་གསང་བ་སྨིན་གྲོལ་ཁྱད་པར་ཅན་དང་བཅས་པ་བསྩལ་ཅིང་གཏེར་དུ་སྦས་པ། གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་སྤྱན་དྲངས་པའི་མ་གཅིག་མཚོ་རྒྱལ་གྱི་སྒྲུབ་ཐབས་ཀུན་གྱི་ཕྱི་མོར་གྱུར་པའི་སྨིན་བྱེད་དབང་དང་གདམས་ཁྲིད་སྟབས་གཅིག་ཏུ་བྱ་བ་ལ་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དེ་ནས་ཐོག་མར་རྒྱུད་སྦྱང་བའི་སླད་དུ་དམིགས་པ་འདི་ལྟར་མ་ཡེངས་པར་མཛོད། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་པདྨའི་སྟེང་དུ་མ་གཅིག་ཇོ་མོ་མཁར་ཆེན་མ་དཀར་དམར་གྱི་མདངས་ཆགས་པ། དབུ་སྐྲ་ཐོར་ཅོག་ཕྱེད་བཀྲོལ་བ་དར་སྣ་ལྔས་བརྒྱན་པ། ཕྱག་གཉིས་ཐལ་སྦྱར་ནོར་བུ་དགོས་འདོད་ཀུན་འབྱུང་བསྣམས་པ། དར་གོས་མཛེས་པར་གསོལ་ཞིང་། ཞབས་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཨོ་རྒྱན་པདྨ་སྤྲུལ་སྐུའི་ཆ་ལུགས་ཅན་གཟི་བརྗིད་འོད་དུ་འབར་བ། འཁོར་མཁའ་འགྲོ་མ་བཞིས་བསྐོར་བ་མངོན་སུམ་ལྟ་བུར་གསལ་བར་མོས། དེ་ལ་གདུང་ཤུགས་དྲགས་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་འགྲོ་ཀུན་ཡོངས་སུ་བསྒྲལ་བའི་བློས་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། ཐོག་མེད་ཀྱི་སྡིག་ལྟུང་ལ་འགྱོད་སྡོམ་དྲག་པོའི་བློས་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ༔ སརྦ་དྷརྨ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ སྣོད་བཅུད་ལུས་དང་ལོངས་སྤྱོད་མཎྜལ་དུ་བཀོད་དེ་འབུལ་བའི་བློས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་དང་། བདག་གི་ལུས་དང་ལོངས་སྤྱོད་དང༔ དུས་གསུམ་དགེ་བའི་དངོས་པོ་རྣམས༔ ཀུན་བཟང་མཆོད་སྤྲིན་ཆེར་སྤེལ་ནས༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ རྒྱུན་བཤགས་ཡན་ལག་བཅུ་པ་ཚིག་ཕྱིར་དོན་དྲན་པས་འདིའི་རྗེས་ཟློས། བླ་མ་མཁའ་འགྲོའི་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རངས༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། ཡིད་ཁྱེད་ཤེས་བློ་གཏད་ཁ་ཙམ་མིན་པའི་མོས་གུས་གཏིང་ཚུགས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡུམ་ཆེན་གོས་དཀར་མོ༔ མདངས་ལྡན་མ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡུམ་ཆེན་ཀུན་སྒྲོལ་མ༔ འགྲོ་ཀུན་སྒྲོལ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཇོ་མོ་རྣལ་འབྱོར་མ༔ བདག་མེད་སྟོན་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཇོ་མོ་མཚོ་རྒྱལ་མ༔ ལས་ཅན་སྐྱོང་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡེ་ཤེས་ལྔ་ལྡན་མ༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་གཏེར་གྱི་མངའ་བདག་མོ༔ ཐུགས་གཏེར་གསང་བའི་སྒོ་ཕྱེས་ཤིག༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཡིད་བཞིན་ནོར་འཆང་མ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མཁའ་འགྲོ་སྡེ་བཞི་མ་གཅིག་འཁོར༔ ཕྲིན་ལས་རྣམ་བཞིས་འགྲོ་འདུལ་མཛོད༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མཁའ་འགྲོ་ཚད་མེད་བཞི་ལྡན་མ༔ ངན་སོང་སྐྱོབ་ལ་གསོལ་བ་འདེབས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ མ་གཅིག་ཁམས་གསུམ་དབང་སྡུད་མ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཨོཾ་ཨཱཿཧཱུྃ༔ ཨ་མ་ཇོ་མོ༔ ཇོ་མོ་ལ་གསོལ་བ་འདེབས་སོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་མོས་གུས་དྲག་ཏུ་བྱས་པས་མདུན་གྱི་མཁའ་འགྲོ་འཁོར་དང་བཅས་པ་ཁྱེད་རང་རྣམས་ལ་ཐིམ་པར་མོས། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། བླ་མ་ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་ནས་འོད་ཟེར་བྱུང་། ཁྱེད་རང་ལ་ཐིམ་པས་ཕུང་ཁམས་ཀྱིས་མཚོན་པའི་སྣོད་བཅུད་དངོས་འཛིན་ཐམས་ཅད་དག་པར་སྦྱངས། དེའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་མ་དམར་མོ་བསམ། དེ་ལས་འོད་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུར་འདུས་མ་ལ་ཐིམ། ཨོཾ་ཨཱཿཧཱུྃ་ཧྲཱིཿམ་གུ་རུ་རྐྱེན་ཟློག་དྲག་མོ་རྩལ་བཛྲ་ས་མ་ཡ་ཛ༔ ཧ་རི་ནི་ས་ཧཱུྃ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་མ་གཅིག་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་པ་ནི། རང་རང་ཇོ་མོ་རྣལ་འབྱོར་མ༔ གཅེར་བུ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པ་དབང་སྡུད་ཕྱག་རྒྱ་ཅན༔ གཡོན་པས་ཐོད་ཁྲག་རིན་ཆེན་བསྣམས༔ བཅུ་དྲུག་ན་ཚོད་རུས་རྒྱན་ཅན༔ དབུ་སྐྲ་ཕྱེད་གྲོལ་སྐུ་མདོག་དམར༔ ཞབས་གཉིས་བརྐྱང་བསྐུམ་ཉི་ཟླ་བརྫིས༔ ཞི་མ་ཁྲོ་ཚུལ་ཐུགས་ཀ་ནས༔ པདྨ་འདབ་བཞི་དམར་དཀྱིལ་ཧྲཱི༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ༔ རྒྱན་མེད་ཕྱག་གཡས་དབང་སྡུད་ཅན༔ གཡོན་པའི་ཞགས་པས་ཐམས་ཅད་འགུགས༔ དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ རྣམ་པ་རྟ་མགྲིན་འདྲ་མོད་ཀྱང༔ ངོ་བོ་ཨོ་རྒྱན་ང་རུ་བསམ༔ འདབ་བཞིར་མ་ལས་ཡི་གེ་བཞི༔ དྷཱ་ཀི་བཞི་ཡི་ངོ་བོར་བསམ༔ གསང་སྔགས་སྒྲོག་དང་གསོལ་གདབ་ཚེ༔ དེ་རྣམས་ཀུན་ལས་འོད་འཕྲོས་པས༔ ཕེཾ་ཕེཾ་ཧྲཱིཿཡི་སྒྲ་དང་བཅས༔ འོད་ཟེར་སྟོང་གསུམ་གང་བར་བསམ༔ སྣང་སྲིད་དབང་སྡུད་དངོས་གྲུབ་ཀྱི༔ ཆར་འབེབ་འགྲོ་དྲུག་འདུལ་བར་བསམ༔ གཞལ་ཡས་འདབ་བཞིའི་ཡིག་བཞི་ལས༔ མཁའ་འགྲོ་སྡེ་བཞི་དམར་མོར་སྐྱེད༔ དེ་ཡང་བཅུ་དྲུག་ན་ཚོད་ལ༔ ཞལ་གཅིག་ཕྱག་གཉིས་གཡས་དབང་སྡུད༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ རང་རང་ས་བོན་ཐུགས་ཀར་མཚན༔ རང་འདྲའི་ཌཱ་ཀི་འབུམ་འབུམ་བསྐོར༔ དཔའ་བོ་གིང་གི་ཚོགས་དང་བཅས༔ སྣང་སྲིད་དབང་སྡུད་རང་བཞིན་དུ༔ གར་སྟབས་ཤིགས་སེ་སྒྱུར་བར་སྒོམས༔ སློབ་དཔོན་ཡེ་ཤེས་མཁའ་འགྲོ་ཨོ་རྒྱན་དབྱེར་མེད་ལ་མོས་གུས་དུང་དུང་པ་རེ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། བདག་མདུན་གྱི་འོད་ཀྱིས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་རང་དབང་མེད་པར་བསྐུལ་ཏེ་ནམ་མཁའ་བར་སྣང་ས་གཞི་གང་བ་ཙམ་དུ་སྤྱན་དྲངས། དབྱེར་མེད་དུ་ཐིམ་པའི་མོས་པ་མཛོད། སྤྱན་འདྲེན་བྱ་ཞིང་འབེབ་སྤོས་རོལ་མོ་བཅས་བྱིན་དབབ། ཏིཥྛ་བཛྲ་ས་བསྟིམ། དེས་འཇུག་པའི་ཆོས་རྣམས་གྲུབ། དངོས་གཞི་དབང་བསྐུར་བ་ལ་བུམ་གསང་ཤེར་ཡེ་ཚིག་དབང་གདམས་ཁྲིད་བཅས་འབྱུང་བ་ལས། ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ སྔོན་ཚེ་ཇི་ལྟར་དབང་བསྐུར་པས༔ བདག་ཀྱང་ལྷ་མོར་དབང་བསྐུར་ཞིང༔ དངོས་གྲུབ་མཆོག་ཀྱང་བསྩལ་དུ་གསོལ༔ ལན་གསུམ། གནང་བ་སྦྱིན་པ་འདི་ལ་གསན་འཚལ། དབྱེར་མེད་ཆེན་པོར་དབང་བསྐུར་བས༔ གསང་གསུམ་གནས་ནས་བྱུང་བ་ཡི༔ རྩ་བ་གསུམ་གྱི་དམ་བསྲུང་ན༔ སངས་རྒྱས་ཀུན་གྱི་དབང་སྦྱིན་བྱ༔ བླ་མ་ཡེ་ཤེས་མཁའ་འགྲོའི་ཐུགས་ཀའི་རྟ་མགྲིན་ལས་རིགས་ལྔ་ཡབ་ཡུམ་བུམ་པ་ཐོགས་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོར་བདུད་རྩི་བླུགས་པས་ཚངས་བུག་ནང་དུ་བབས། ལུས་ཀྱི་སྡིག་སྒྲིབ་དག་པར་མོས་ལ། བུམ་པ་ཐོགས་ཏེ། ཨོཾ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས། །སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་བུམ་ཆུ་བླུད། ཆུ་རྔུབ་མཐའ་མ་སྤྱི་གཙུག་འཁྱིལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལྔ་ལས༔ ཡེ་ཤེས་ལྔ་ཡིས་དབུར་བརྒྱན་བསམ༔ དེས་ནི་བུམ་པའི་དབང་ཐོབ་ཅིང༔ སྐུ་ཡི་དངོས་གྲུབ་ཐོབ་པ་ཡིན༔ གསང་ཐོད་ཐོགས་ལ། གསང་དབང་གི་སླད་དུ་བླ་མ་ཡེ་ཤེས་མཁའ་འགྲོ་ཡེ་ཤེས་སེམས་དཔའ་ཡི་དམ་རྟ་མགྲིན་དང་མཉམ་པར་རོལ་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས། ཐོད་པའི་བདུད་རྩི་དང་འདྲེས་པ་ལྕེ་ཐོག་ཏུ་བཞག་པས་ཁྱེད་རང་རྣམས་ཀྱི་ལུས་བདེ་བས་རྒྱས་པར་སྒོམས། ཨཱ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས། །གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ༔ ངག་གི་སྒྲིབ་པ་སྦྱང་དུ་གསོལ༔ གསུང་སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་བླུད། དེས། ངག་གི་སྒྲིབ་དག་གསང་དབང་ཐོབ༔ གསུང་གི་དངོས་གྲུབ་ཐོབ་པ་ཡིན༔ ཤེར་དབང་ལ། མེ་ལོང་སྙིང་གར་བཞག །དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྔ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། གསལ་ལ་འཛིན་པ་མེད་པའི་བདེ་ཉམས་སྐྱེས། ཡིད་ཀྱི་སྒྲིབ་པ་དག་པར་མོས། ཧཱུྃ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས། །ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས། ཤེས་རབ་ཡེ་ཤེས་དབང་ཐོབ་ཅིང༔ ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན༔ དེ་ནས་དབང་བཞི་པའི་དོན་དུ་ཁྱེད་རང་རྣམས་ཀྱིས་མོས་གུས་དུང་དུང་པ་རེ་སྐྱེད་ཅིག །དེའི་རྐྱེན་གྱིས་བླ་མ་ཁྱེད་རང་རྣམས་ལ་ཚུར་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་རིག་པའི་དྲི་མ་དག །དྲན་རྟོག་དབྱིངས་སུ་ཐིམ་པར་མོས་ཤིག །ཧྲཱི༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཡེ་ཤེས་ལྔ་ཡི་དབང་སྐུར་ཅིག༔ གསོལ་འདེབས་བརྒྱུད་འཛིན་བྱིན་གྱིས་རློབས༔ དབང་བཞིའི་ཡེ་ཤེས་རྫོགས་ཐོབ་ཤོག༔ རྩ་སྔགས། སརྦ་ཨ་བྷི་ཥིཉྩ་ཧྲཱིཿ རིག་པ་ཁོང་གློད་ལ་རང་གི་སེམས་ཉིད་མ་བཅོས་སྤྲོས་བྲལ་གྱི་ངང་ལ་ཞོག །ཅེས་མཉམ་པར་འཇོག་ཏུ་བཅུག །དེས། རིག་པ་ཡེ་ཤེས་དབང་ཐོབ་ཅིང༔ མཆོག་གི་དངོས་གྲུབ་ཐོབ་པ་ཡིན༔ དེས་སྨིན་བྱེད་དབང་གི་རིམ་པ་གྲུབ། དེ་ནས་ཇོ་མོའི་གསང་སྒྲུབ་གདམས་པའི་ཁྲིད་ལ་སེམས་མ་ཡེངས་པར་གསོན་ཅིག །མ་གཅིག་ཇོ་མོ་མཚོ་རྒྱལ་ནི༔ གསང་བར་མ་མོ་བདག་མེད་མ༔ འཁོར་བ་བློས་བཏང་གངས་བྲག་གི༔ རི་ཁྲོད་དབེན་སར་འབོལ་གདན་སྟེང༔ གསང་སྔགས་བླ་མ་བཟང་བསྟེན་ནས༔ གཙུག་གི་རྒྱན་གཅིག་བདག་མེད་མ༔ རང་དང་གཉིས་མེད་བལྟ་འདོད་ན༔ འདི་ལྟར་བདག་ལ་གཞིག་པ་བཏང༔ ཕྱི་ནང་ཡུལ་ལ་བདག་ཚོལ་ཅིག༔ སྣང་ཡུལ་སེམས་ལ་ཕར་བརྟགས་པས༔ སྣང་བའི་ཡུལ་ལ་བདག་མེད་ན༔ མིང་རུས་བདག་ཏུ་འདུག་གམ་ལྟོས༔ མིང་དང་རུས་ནི་བདག་ཡིན་ན༔ མིང་རུས་འཕོ་ཚེ་བདག་མི་འཕོ༔ དེ་ཕྱིར་མིང་རུས་བདག་མ་ཡིན༔ ལུས་འདི་བདག་ཏུ་འདུག་གམ་ལྟོས༔ ལུས་འདི་བདག་ཉིད་ཡིན་གྱུར་ན༔ ལུས་འདི་བསྲེགས་ཚེ་བདག་མི་ཚིག༔ ཕྱི་ཡི་ལུས་ནི་བདག་མ་ཡིན༔ འོ་ན་སེམས་ནི་བདག་ཡིན་ནམ༔ སེམས་འདི་བདག་གཅིག་ཡིན་གྱུར་ན༔ ད་ལྟ་གར་གནས་དང་པོ་གང་ནས་བྱུང༔ རྗེས་ལ་གར་འགྲོ་དབྱིབས་དང་ཁ་དོག་ལྟོས༔ གང་དུ་ཡང་ནི་གྲུབ་པ་མེད༔ སེམས་ནི་སྟོང་པ་སྐྱེ་འགག་མེད༔ དེ་ཕྱིར་སེམས་ལ་ང་བདག་མེད༔ གཞན་ནའང་ཡོད་པ་མ་ཡིན་ཏེ༔ དེ་ལྟར་ལྟ་བྱེད་བདག་མ་ཡིན༔ ཅི་སྟེ་རང་བཞིན་བརྗོད་དང་བྲལ༔ བདག་མེད་པ་ལ་བདག་བཟུང་བས༔ སེམས་ཅན་ཐམས་ཅད་འཁྲུལ་ཅིང་སྡུག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང༔ རྩ་བ་བདག་ཏུ་རྟོག་ལས་གྱེས༔ བདག་མེད་རང་རིག་དེ་རྟོགས་ན༔ སངས་རྒྱས་བྱང་ཆུབ་བདེ་བ་རྒྱས༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང༔ བདག་མེད་ཟད་སར་སྐྱོལ་ལ་འདུས༔ དེ་ཕྱིར་མ་མོ་བདག་མེད་མ༔ མ་ནི་སྐྱེ་བ་མེད་པའི་དོན༔ མོ་ནི་འགག་པ་མེད་པའི་དོན༔ བདག་མེད་སྐྱེ་འགག་གཉིས་ལས་འདས༔ དེ་ལྟར་རྟོགས་ན་ལྟ་བ་ཡིན༔ རང་རིག་བདག་མེད་གསལ་བ་དེ༔ མ་ཡེངས་རྒྱུན་དུ་བསྒོམ་པ་ཡིན༔ དེ་ལས་མི་འདའ་དམ་ཚིག་ཡིན༔ ཡིད་ལ་མི་བྱེད་གེགས་སེལ་ཡིན༔ དེ་བཞིན་སྤྱད་པ་སྤྱོད་པ་ཡིན༔ དེ་དོན་མངོན་གྱུར་འབྲས་བུ་ཡིན༔ དེ་ནི་ཐེག་པ་ཀུན་གྱི་གཙུག༔ མྱ་ངན་འདས་པའི་རྒྱན་གཅིག་ཡིན༔ བདག་མེད་ཡོངས་གྲོལ་ངོ་མཚར་ཆེ༔ བདག་མེད་དབང་ཐོབ་ཆོས་སྐུ་ཡིན༔ ཇི་ལྟར་ནམ་མཁའ་དྭངས་པ་ལ༔ ཉི་མའི་འོད་ཟེར་འཆར་བ་བཞིན༔ གཟུགས་སྐུ་རྣམ་གཉིས་ཤུགས་ལ་འབྱུང༔ འགྲོ་དོན་ལྷུན་གྲུབ་ཆེན་པོར་སྤྱོད༔ འདི་ལྟ་བུ་ཡི་རིན་ཆེན་འདི༔ བློ་དམན་རྣམས་ལ་གསང་བའི་དོན༔ སྐལ་ལྡན་འདི་སྤྱོད་གསང་སྒྲུབ་ཅེས༔ ཐ་སྙད་ཙམ་དུ་བཏགས་པ་བས༔ དེ་ཕྱིར་གསང་སྒྲུབ་འདི་ལྟར་རྟོགས༔ བཀྲ་ཤིས་འདྲེན་ཁྱོད་སྐལ་ལྡན་ནམ༔ གཙུག་གི་རྒྱན་གཅིག་རྣལ་འབྱོར་མ༔ བདག་མེད་པ་ཡི་དོན་རྟོགས་ཤོག༔ ཇོ་མོའི་གསང་སྒྲུབ་ཡང་དག་དོན་གྱི་ལེའུ་སྟེ་བཞི་པའོ༔ ཞེས་གསུངས་པ་ལྟར་སྔོན་འགྲོ་ཕྱི་སྒྲུབ་ཀྱི་བློ་སྦྱང་། དངོས་གཞི་ནང་སྒྲུབ་ལྷ་ཡི་རྣལ་འབྱོར། བཟླས་པ་སྔགས་ཀྱི་རྣལ་འབྱོར། ཁྱད་པར་གསང་སྒྲུབ་ཟབ་མོའི་དོན་ཁྲིད་ཚུལ་བཞིན་ཉམས་སུ་བླང་བར་མཛད་འཚལ། །དེས་སྨིན་གྲོལ་ཆིག་རྫོགས་སུ་ལེགས་པར་གྲུབ་པའོ། །དེ་ལྟར་དབང་ཐོབ་པས་དེང་ནས་དམ་ཚིག་ཚུལ་བཞིན་འཛིན་པ་གལ་ཆེ་བས་འདི་ལ་གསན་མཛོད། བླ་མའི་དམ་ཚིག་ཅི་གསུང་བསྒྲུབ༔ ཡི་དམ་དམ་ཚིག་སྒྲུབ་ལ་བརྩོན༔ ཌཱ་ཀིའི་དམ་ཚིག་གསང་ཐུབ་པ༔ སྐུ་གསུང་ཐུགས་དང་མཉམ་པར་སྦྱོར༔ ཞེས་གསུངས་པ་དང་ནམ་ཡང་མི་འགལ་བར་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་དབུལ་དགེ་བསྔོ་ཚུལ་བཞིན་བྱ། སློབ་མ་གྲོལ། གསུམ་པ་རྗེས་ཆོག་ནི། བླ་མས་ཚོགས་ལ་རོལ་ནས་ཆོ་གའི་རྗེས་ཆོག་ཚུལ་བཞིན་བྱའོ། །རྒྱལ་བའི་ཡུམ་གཅིག་མཚོ་རྒྱལ་སྨིན་གྲོལ་བཅུད། །གཏེར་ཆེན་ཆོས་ཀྱི་དབང་ཕྱུག་ཟབ་གཏེར་མཆོག །རྨད་བྱུང་འཇམ་དབྱངས་བླ་མའི་དྲིན་ལས་ཐོབ། །འདི་བྲིས་དགེ་བས་བསྟན་འགྲོ་དགེ་བར་ཤོག །ཅེས་པའང་ཟབ་ཆོས་འདི་ཉིད་ཀྱི་སྨིན་གྲོལ་ཤིན་ཏུ་ཉག་ཕྲ་བས་མི་ཉམས་དར་རྒྱས་སུ་འབྱུང་བར་དམིགས་ཏེ་བླུན་རྨོངས་དྲི་མེད་འོད་ཟེར་གྱིས་དཔལ་སྤུངས་ཡིད་དགའ་ཆོས་འཛིན་གྱི་ཆོས་གྲྭར་ས་འབྲུག་ཧོར་ཟླ་དྲུག་པའི་ཚེས་བཞིའི་སྔ་ཆར་བྲིས་པ་དགེ་ལེགས་འཕེལ།། ༈ །།ཞེས་པ་འདི་ནི་ཁ་སྐོང་དུ་སྤར་གསར་དུ་བསྒྲུབ་པའོ།།
གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་ (Volume 18, Text 41)
༄༅། །གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་བཞུགས་སོ། ། བླ་མ་དང་ལྷག་པའི་ལྷ་དཔལ་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །འདིར་འཇམ་དཔལ་ལས་ཀྱི་གཤིན་རྗེ་རིགས་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་བསྒྲུབ་པར་འདོད་པའི་གང་ཟག་གིས། འདི་ཉིད་ཀྱི་དཀྱིལ་འཁོར་དུ་སློབ་དཔོན་ནུས་ལྡན་ལས་དབང་ལུང་ལེགས་པར་ཐོབ་ཅིང་གཞུང་དང་མན་ངག་གི་མཐའ་རྒྱ་ཆོད་པའི་རྣལ་འབྱོར་པས། སྒྲུབ་པའི་ཐབས་ནི་གསུམ་སྟེ། བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བའོ། །དང་པོ་བསྙེན་པ་ལ། དུར་ཁྲོད་ལ་སོགས་པ་དྲག་པོ་མངོན་སྤྱོད་ཀྱི་ལས་སུ་ཤིས་པའི་གནས་རྣམས་སུ། གཟའ་སྐར་འགྲུབ་སྦྱོར་རམ་བདུད་རྒྱལ་གང་རུང་དང་ལྡན་པའི་དུས་སུ། ཤ་ལྔ། བདུད་རྩི་ལྔ། མི་ནག །རྟ་ནག །བྱ་ནག །གཡག་ནག །ར་ནག །སྟག་གཟིག་ལ་སོགས་པའི་ཤ་ཁྲག་དང་། བཙན་དུག་ཐང་ཕྲོམ་ལ་སོགས་པའི་དུག་སྣ་དང་། འབྲུ་སྣ་ཚོགས་ཚད་བསྲེས་པ་ཆང་དང་སེམས་ཅན་གྱི་གསོན་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་ཕུར་བུའི་དབལ་ལྟ་བུ་ལ་ཆུང་བ་དྲུག་དང་། གཙོ་བོ་ལས་ཆུང་ཙམ་སྟེ་དྲུག་ལས་ཅུང་ཟད་ཆེ་བ་གཅིག་ཡུམ་གྱི་གཏོར་མ་སྟེ་དེ་ལྟར་ན་འཁོར་ཆུང་བདུན་གྱིས་བསྐོར་བ་ལ་དྲག་པོའི་རྩང་གིས་བསྐོར་ཞིང་རྒྱན་དང་ལྡན་པ་ཤ་ཁྲག་གིས་བརྒྱན་པ་གཏོར་གདུགས་དང་མདའ་དར་གྱིས་སྤྲས་པ་སྟེ། གཏོར་སྣོད་ནི་ལྕགས་སམ་ཐོད་པ་ལ་བྱའོ། །གཞན་ཡང་བྲིས་སྐུ་དང་རྟེན་རྫས་ལ་སོགས་པ་བཀྲམ། ལྕགས་སམ་བྷནྡྷའི་སྣོད་ལོགས་ཤིག་ཏུ་ལས་གཤིན་སྤྱི་གཤེད་ཀྱི་གཏོར་མ་ཤ་ཁྲག་དང་རྩང་གིས་བརྒྱན་པའང་བཤམ། རྟེན་གཏོར་དང་འཛིན་གཏོར་གྱི་རྒྱུ་ཡང་བཤད་མ་ཐག་པ་ལྟ་བུ་ཉིད་ལ་བྱའོ། །དེ་ལྟར་བཀོད་ལེགས་པར་བགྱིས་པའི་མདུན་དུ་པཉྩ་ཨ་མྲྀཏས་སྦགས་པའི་ཆང་ཞིམ་པོའི་སྨན་མཆོད་དང་། མིའི་ཁྲག་གམ་དུད་འགྲོའི་གསོན་ཁྲག་ལ་དུག་སྣ་དང་ཁྲག་ཆེན་གྱིས་སྦགས་པའི་རཀྟ་དང་། ལས་བྱང་གི་མཆོད་པའི་བྱིན་རླབས་ནས་བཤད་པ་ལྟ་བུའི་རྒྱུ་སོ་སོས་སྦགས་པའི་མཆོད་པ་རྣམས་བཤམ་མོ། །ཡང་སྨན་སྡོང་དུག་གི་བྱིན་རླབས་ཀྱི་དབང་གཏོར་ནི། ཟན་གྲུ་གསུམ་གྱི་ངོས་མདུན་དུ་བསྟན་པའི་སྟེང་དུ་རོ་གདན་མགོ་མདུན་དུ་ཕྱོགས་པའི་སྟེང་དུ་གཏོར་མ་ཟུར་གསུམ་པའི་ངོས་མདུན་དུ་བསྟན་པ་རྒྱན་སྣ་ཚོགས་པས་བརྒྱན་པ་བྱ་འཁོར་ནི་མེད་དོ། །དབང་གཏོར་མ་གཏོགས་པ་བསྙེན་སྒྲུབ་ལས་གསུམ་གྱི་གཏོར་མ་ཐམས་ཅད་ནི་ཟུར་ལ་མདུན་བྱ་དགོས་སོ། །དེ་ལྟར་གོང་དུ་བཤད་པ་ལྟར་བཤམས་ཟིན་ནས། སྒྲུབ་པ་པོ་མཚམས་དམ་པར་བྱ། གཏོར་མ་ཆ་གསུམ་ལྟར་བྱིན་ལ་བར་ཆད་མི་འབྱུང་ཞིང་བསམ་དོན་འགྲུབ་པའི་བཀའ་བསྒོ། ལས་བྱང་གཞུང་བསྲང་ཞིང་ས་མཱ་དྷིའི་དམིགས་པ་དང་བཅས་བཤམས་པའི་ངང་ནས་རྩ་སྔགས་ལ་སྲུང་ཟློག་བསད་པའི་ཤམ་བུ་མ་བཏགས་པ་ཁོ་ན་ངག་བཅད་ལ་བཟླ། ཉིན་མཚན་ཐུན་དྲུག་ཏུ་བཅད་པའི། ཉི་ཤར་དང་། ཉིན་གུང་། ཉི་ནུབ། ནམ་སྲོད། ནམ་གུང་། ཐོ་རངས་ཏེ་ཐུན་དྲུག་ལ་གཏོར་མ་མཐེབ་སྐྱུ་དང་ཤ་དང་སྨན་རག་གིས་གསོས་ལ་གཏོར་བསྔོས་དང་བསྟོད་པ་གང་རུང་བྱ། ནངས་ཞོགས་ལག་ཡིག་མི་མཐོང་བའི་དུས་ཙམ་ནས་གཤིན་རྗེ་ཚེ་བདག་གི་མངོན་རྟོགས་སྒོམ་ཞིང་དེའི་མཇུག་ཏུ་ཁྲོ་ཆུའི་ལས་གཞུང་བསྲང་། ཉིན་གུང་གི་ཐུན་ཙམ་ལ་རྩ་སྔགས་མཇུག་ཏུ་ཡུམ་སྔགས་བཏགས་པ་སུམ་བརྒྱ་ཙམ་རེ་བཟླ། དགོང་ཐུན་ཐོག་ལ་ཚོགས་མཆོད་བྱ་ཞིང་མངའ་གསོལ་དང་སྐོང་བ་བྱ། སྲོད་ཐུན་གྱི་དུས་ཐུན་གཏོར་རེ་ལས་གཤིན་གྱི་བསྐུལ་གྱིས་ཁང་སྟེང་དུ་འབུལ། རྣམ་གཡེང་དང་རྒྱུ་དལ་སྤངས་ལ། རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་ལྷ་འགྲུབ་པའི་མཚན་མ་བརྟན་པོ་མ་མཐོང་གི་བར་སྒྲུབ། དེའི་རིང་ལ་དམ་ཉམས་དང་ཡུགས་གྲིབ་སོགས་མི་གཙང་བ་མཐའ་དག་ལ་འཛེམ། བུད་མེད་སོགས་དང་ཉལ་པོ་སྤང་། མདོར་ན་ལྷ་སྒྲུབ་པའི་གེགས་མཐའ་དག་སྤངས་ལ་བསྒྲུབ་པར་བྱའོ། །དེ་ལྟར་བསྒྲུབས་ནས་འགྲུབ་པའི་མཚན་མ་མཐོང་མ་ཐག་གཏའ་གཏོར་འབུལ་ཞིང་། རྟེན་གཏོར་སྒུལ་བསྐྱོད་མེད་པར་སྒྲུབ་ཁང་གི་ཕུགས་བཞུགས་སུ་གསོལ། འཛིན་གཏོར་འཕྲལ་དུ་གསོ་ཞིང་གཏོར་བསྔོས་དང་མངའ་གསོལ་སྐོང་བ་མ་ཆག་པར་བྱ། ཁྱད་པར་རབ་ཀྱིས་དགུ་གསུམ། འབྲིང་གིས་དགུ་གཉིས་སམ་ཚེས་བཅུ་དང་ཉེར་དགུ །ཐ་མས་ཉེར་དགུ་ལ་ལས་བྱང་མངའ་གསོལ་སྐོང་བ་སོགས་མ་ཆག་པར་བྱ། འཕྲལ་ལ་ལྷའི་བསྐྱེད་རིམ་དང་བསྙེན་པ་མ་ཆག་པར་བྱ་བ་སོགས་ལྷ་སྒྲུབ་གཞན་ལྟར་བྱ་ཞིང་། ལྷ་དང་བླ་མ་ལ་ཐེ་ཚོམ་སྤངས་པའི་ཡིད་ཆེས་པར་བྱ་ཞིང་། རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པ་དུས་དང་ཡུན་དུ་བྱ་བ་གལ་ཤིན་ཏུ་ཆེའོ། །གཉིས་པ་དེ་ལྟར་བསྙེན་པས་ལྷ་རྟགས་མཐོང་བའི་རྣལ་འབྱོར་པས། སྒྲུབ་པ་ལ་འཇུག་པ་ལ་ཡང་གསུམ། སྲུང་བ། ཟློག་པ། བསད་པའོ། །དང་པོ་སྲུང་བ་ནི། བཅའ་གཞི་སྔ་མ་ལྟ་བུ་ལ། རྩ་སྔགས་ལ་སྲུང་སྔགས་བཏགས་པ་བཟླ་ཞིང་། གདུགས་ལྟར་འབུབ་པའི་ཙཀྲ་དཔེའུ་ཆུང་ལྟར་བྲིས་ལ་གཏོར་མའི་སྟེང་ནས་འབུབ། ནང་གཞུག་གི་འཁོར་ལོ་དཔེའུ་རིས་ལྟར་བྲིས་པ་དྲི་བཟང་དང་དུག་ཁྲག་མན་ངག་ལྟར་བྱུགས་པ་མགོ་མཇུག་མ་ཟློག་པར་ལྕགས་སྦུབས་སོགས་སུ་བཅུག་པ་གཏོར་མའི་ནང་དུ་གཞུག །སྒྲུབ་པ་ཐོན་ནས་ཚུར་བཏོན་ལ་རང་གིས་ཚག་བྱ་ཞིང་། གདུགས་ལྟར་འབུབ་པའི་འཁོར་ལོ་དང་ནང་གཞུག་གི་འཁོར་ལོ་རྗེས་སུ་ཡང་བལྡབ་ཆོག །གཏོར་མ་རྒྱུ་སོགས་བསྙེན་དུས་ལྟར་ལ་དེ་ལས་ཆེ་བར་བྱ། གཙོ་བོ་ཆུ་སྲིན་གྱི་ཞལ་རྔམས་འདོན་པ་སོགས་་་ཡིག་ཆ་རྙིང་པ་ལ་ལར་གཙོ་བོའི་གཏོར་མ་དུག་གཏོར་དམར་ནག་རྩེ་གསུམ་པར་ཡང་བཤད། ལ་ལར་ཆུ་སྲིན་གྱི་ཞལ་རྔམས་ཀྱང་བཤད། ཁུང་ཐུབ་ཡིག་ཆ་རྙིང་པ་རྣམས་སུ་གཏོར་མ་ཟུར་གསུམ་དམར་ནག་ཅེས་པ་ཙམ་ལས་གཞན་མ་བཤད་པས། སྤྲོས་པ་ལ་དགའ་ན་ཆུ་སྲིན་གྱི་ཞལ་སོགས་བྱ་ལ་སྤྲོས་པ་ལ་མི་དགའ་བས་ནི་ཆུ་སྲིན་གྱི་ཞལ་སོགས་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྲོ་བ་ཁོ་ནར་ངེས་སོ། །ཡུམ་དང་འཁོར་དྲུག་གི་གཏོར་མ་གྲངས་ཚང་བ་གལ་ཆེའོ་་་མཐོང་རྒྱུད་ལྟར་བྱ། སྲོད་ཐུན་མ་གཏོགས་པ་ཐུན་ལྔ་པོར་ཐུན་གཏོར་རེ་རེ་གནོད་བྱེད་ཀྱི་ཤ་ཁྲག་ཏུ་དམིགས་ལ་གཏོར་ཆེན་ལ་འབུལ་ཞིང་བསྟོད་བསྐུལ་གྱི་སྲུང་བའི་ཤམ་བུ་ཡང་ཟློག་མེའི་སྤུ་གྲི་ལྟར་གདགས་ཤིང་འཕྲིན་ལས་བཅོལ། སྲོད་ཐུན་གྱི་དུས་ཐུན་གཏོར་ལས་གཤིན་གྱི་བསྐུལ་བས་ཕྱིར་འཕང་། གཞན་ཐམས་ཅད་བསྙེན་དུས་ལྟར་བྱ། དམིགས་པ་ནི་ས་མ་དྷི་དགུ་སྐོར་ཉིད་ཡིན་ནོ། །གཞན་སྲུང་བའི་ལག་ལེན་རྣམས་ནི་ཡང་ཟློག་ལྟར་བྱ་ཞིང་། སྲུང་རྟགས་གཤིན་རྗེའི་བྱ་ལམ་ནས་བཤད་པ་ལྟར་བྱུང་ནས་མཚམས་གྲོལ། སྒྲུབ་ཁང་གི་ཐོག་ཏུ་གསེར་སྐྱེམས་ཕུལ་ནས་གཏོར་ཆེན་བསྐུལ་རིང་བས་བསྐུལ། དགུག་གཞུག་གསུམ་སོགས་བྱ་ཞིང་། གཏོར་བསྔོས་ཀྱི་མཇུག་ཏུ་སྲུང་བའི་ཕྲིན་ལས་བཅོལ། སླར་བསྐུལ་ཐུང་གིས་ཕྱིར་སྤགས། རྦད་བསད་ཐུན་བསྐུལ་དང་དེའི་མཐར་་་ལས་གཤིན་གྱི་བསྐུལ་བས་གཏོར་མ་རྣམས་ཐེབས་དང་བསྟུན་ལ་རྒྱག །གཏོར་མནན་སོགས་ལས་གཞུང་ལྟར་བྱས་པས་འགྲུབ་བོ། །གཉིས་པ་ཟློག་པའི་མན་ངག་ནི། གཟའ་སྐར་རྩུབ་ཅིང་དྲག་པོ་ལ་་་གཡུལ་བཀྱེས་པའི་ས་ལ་སོགས་པ་བཀྲ་མི་ཤིས་པ་སྣ་ཚོགས་ལ་སྟེགས་བུ་རྒྱར་མདའ་གང་དཔངས་སུ་ཁྲུ་གང་བའི་དབུས་སུ་བྲུབ་ཁུང་གྲི་ལྕགས་སམ་གོང་གི་ས་ལས་བྱས་པ་ཁ་ཁྱེར་བང་རིམ་གསུམ་ལྡན་ཆེ་ཆུང་འཚམ་པའི་་ནང། གྲི་ཁྲག་ལ་སོགས་ཁྲག་སྣ་དུག་སྣ་བསྲེས་པས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་བྱུགས་པའི་ཁ་ཁྱེར་ལ་དྲག་པོའི་རྩང་ཕུར་དུག་ཁྲག་དང་གྲི་ཁྲག་རོ་སོལ་གྱིས་སྦགས་པ་ཉེར་བརྒྱད་སྲིན་མོ་འགྲོས་སུ་བཙུགས།་་་་རྩེ་མོར་ཤ་དུམ་ཟན་ལིང་མགོ་མཇུག་བཟློག་པས་བརྒྱན་དགོས་པར་བཤད་དོ། །སྟེགས་བུའི་མཐར་ཡང་བཤད་མ་ཐག་པ་ལྟ་བུའི་རྩང་བརྒྱད་ཅུ་བཙུགས་པའི་རྩེ་རྣམས་སུ་དགྲ་བོའི་ལིང་ཆུང་དང་ཤ་དུམ་བསྐྱོན། བཅའ་གཞི་འདི་རྒྱུད་ཀྱི་དགོངས་པ་ཡིན་ཞིང་། ཁ་ཅིག་མ་ཏྲཾ་གི་ལྟོ་བར་ཆོས་འབྱུང་གི་དབུས་སུ་བཤམ་པ་འདུག་པ་ནི་ཟོར་སྟན་དང་བཅའ་གཞི་ནོར་བས་ཤིན་ཏུ་ནོངས་སོ། །དེ་ནས་བཤད་མ་ཐག་པའི་བྲུབ་ཁུང་དུ་དགྲའི་དྲི་མ་དྲུག་གང་རུང་དང་བསྲེས་པའི་་་བགེགས་ལ་བྱེད་ན་རང་ལ་གང་གནོད་དེའི་ལྷ་འདྲེ་གནས་པའི་ས་རྡོ་ཤིང་ཆུ་སོགས་ལིང་གར་བསྲེ་མིང་ཡང་དེ་བཞིན་དུ་བསྒྱུར་བ་སོགས་ཞལ་ལས་ཤེས་སོ། །བག་ཟན་གྱི་ལིངྒའི་སྙིང་གར་བྱད་མ་ལྷ་སྲུང་དང་བཅས་པའི་མིང་རུས་དུག་ཁྲག་གིས་བྲིས་པ་བཅུག །ལིངྒ་དེ་ལ་ཡང་དུག་ཁྲག་བྱུགས་ལ་གན་རྐྱལ་དུ་བྲུབ་ཁུང་ནང་དུ་མགོ་རང་ས་ལ་བསྟན་ནས་བཞག །དེའི་སྟེང་དུ་ཁྲིའུ་འམ་མཉྫིའི་ཁར་སྔར་སྲུང་བའི་དུས་བཤད་པ་ལྟ་བུའི་གཏོར་ཆེན་བྲིས་སྐུས་བརྒྱན་པ་བཤམ། ལས་གཤིན་ལ་ཡང་སྔར་བཤད་པ་ལྟར་གཏོར་མ་གཅིག་བཤམ། སྟེགས་བུའི་སྟེང་གི་རྩང་གི་ནང་སྐོར་དུ། སྦོམ་ནག་སྐྱེར་པ། རོ་བསྲེགས་པའི་ཤིང་སྟེ་གདུག་པ་ཅན་གྱི་ཤིང་དེ་གསུམ་ལ། འུག་པ་སྲིན་བྱ་ཕོ་རོག་སྟེ་ལྟས་ངན་དེ་གསུམ་གྱི་སྒྲོ་བསྒྲོན་པའི་མདའ་གྲི་ལྕགས་ཀྱི་མདེའུ་སྤྲས་པ་དུག་ཁྲག་གིས་སྦགས་པའི་མདེལ་མཚམས་སུ་ཟློག་པའི་སྔགས་བྱང་བྲིས་པ་མཆོག་ཆེན་གྱི་གཞུ་དང་བཅས་པའི་མདའ་ཟོར་དང་། རི་གསུམ་འདུས་པའི་ས་དང་། གཡུལ་བཀྱེས་པའི་ས་དང་། དུར་ཁྲོད་ཀྱི་ས་ལ་སོགས་པ་བཀྲ་མི་ཤིས་པའི་ས་སྣ་ཚོགས་ཚད་་་དུག་ཆུས་སྦྲུས་པ་་་ལ་དྲག་པོའི་ཀོང་བུ་ཟུར་གསུམ་པ་དཔངས་མཐོ་གང་་་རྒྱར་སོར་བཞི་པ་གང་ཡང་རུང་ངོ་།་་རྒྱར་ངོས་རེ་རེར་སོར་བཅུ་པ། ནང་གྲི་ཁྲག་དང་མཚལ་བྱུགས་ཕྱི་རོ་སོལ་དང་དུག་ཁྲག་བྱུགས་པའི་ནང་དུ་ཐུན་སྣ་ཚོགས་་་ཡུངས་དཀར་ནག་དུར་རྡོ་གྲི་ལྕགས་ཐུན་རྫས་སྣ་ཚོགས་ཟློག་བསད་ཀྱི་སྔགས་དང་ཐུན་སྔགས་ཀྱིས་གཟིར་བ་་་བླུགས་པའི་ཁ་བལ་མཚོན་གྱིས་བཀབ་རྩང་གིས་བརྒྱན་པ། ཡང་ས་དེ་ཉིད་ལས་བྱས་པའི་ཁྲག་ཟོར་ཟུར་གསུམ་དཔངས་སོར་བཞི་རྒྱར་སོར་དྲུག་ཕྱི་རོ་སོལ་དང་དུག་ཁྲག་ནང་གྲི་ཁྲག་དང་མཚལ་གྱིས་བྱུག་པའི་ནང་དུ་ཁྲག་སྣ་ཚོགས་ཚད་བླུགས་པ་་་ཁ་བལ་མཚོན་གྱིས་བཀབ་་་རྩང་གིས་བརྒྱན་པའི་ཁྲག་ཟོར་དང་། ལྕགས་སམ་བྷནྡྷར་ནས། གྲོ། སྲན་མ། སོ་བ། འབྲས་ཏེ་འབྲུ་ལྔ་པོ་ངར་ཕྱེར་བྱས་པ་དུག་ཁྲག་་་སྣ་ཚོགས་ཚད་་་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་མཐོ་གང་བ་དུག་ཁྲག་གིས་སྦགས་པ་རྒྱན་མེད་པ་མདའ་མདུང་མཚེ་ཡུངས་་་རྩང་བཅོ་ལྔ་གཟུག་གོ་་་རྩང་གིས་བརྒྱན་པའི་གཏོར་ཟོར། དེ་ལྟ་བུའི་ཟོར་རྣམས་་་་ཟོར་རྫས་ཐམས་ཅད་ལ་དུག་ཤོག་དུག་ཁྲག་གིས་རྩ་སྔགས་དང་སྡེ་བརྒྱད་ཀྱི་སྔགས་ཤམ་དུ་ཟློག་བསད་གང་ཡིན་གྱི་ཤམ་བུ་ཐེམས་བཅས་བྲིས་པ་རེ་རེ་མདའ་བྲི་ཞིང་གཞན་རྣམས་ཀྱི་ནང་དུ་གཞུག་གོ་་་རབ་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་འཕེན་པའི་དབང་གིས་ཟོར་བཞི་པོ་བཅུ་བཅུ་དང་། དེ་མ་འབྱོར་ནའང་ཕྱོགས་བཞིར་འཕང་བའི་དབང་གིས་བཞི་བཞི་པོ་ཐམས་ཅད་ལ་ཟློག་སྔགས་བྲིས་པས་བརྒྱན་ཅིང་ཟློག་བསད་ཀྱི་སྔགས་ཀྱིས་ངར་བླུད་པ་དག་ཕྱོགས་སུ་སྤེལ་ནས་ཟོར་བསྐུལ་ལྟར་སྔ་ཕྱི་མ་ལོག་པར་བཤམ། དེ་དག་གི་མདུན་དུ་འདེབས་ཁའི་གཏོར་མ་ལྷ་གྲངས་དང་མཉམ་པ་ཤ་ཁྲག་གིས་སྦགས་པ་དང་། མཐར་མཆོད་པ་དང་ཐུན་གཏོར་སོགས་གོང་ལྟར་བཤམ། གདབ་ལས་འཕྲལ་ལ་བྱ་རྒྱུ་ལྕགས་སམ་བྷནྡྷར་དགྲའི་དྲི་མ་བསྲེས་པའི་ཟན་ལིང་ནང་དུ་དགྲའི་མིང་རུས་བྲིས་པ་བཅུག་ཅིང་དུག་ཁྲག་གིས་སྦགས་པ་གཏོར་ཆུང་ཆངས་བུ་སྐྱུ་གུ་དང་བཅས་པ་དང་། གཞན་ཡང་ཕུར་བུ་ཐུན་མཚོན་ཆ་ལ་སོགས་པ་གདབ་ལས་ལ་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ། དེ་ནས་ལས་བྱང་སོགས་སྔར་བཤད་པ་ལྟར་ལས། ཚོགས་མཆོད་གུང་ཐུན་ལ་བྱ། རྩང་གྱེར་ཟློག་གཞུང་ལ་སོགས་པ་སྨད་ལས་ཐམས་ཅད་དགོང་ཐུན་དང་སྲོད་ཐུན་ལ་བྱ། དུས་དྲུག་ཏུ་ཐུན་གཏོར་་་རྦད་གསོད་ཐུན་བསྐུལ་དང་དེའི་མཐར་་་ལས་གཤིན་གྱི་བསྐུལ་བས་གང་གནོད་པའི་དགྲ་ཕྱོགས་སུ་འཕང་ཞིང་བསྐུལ་གྱི་སྔོན་དུ་དགུག་གཞུག་གསུམ་རེ་དང་གཏོར་བསྔོས་བྱ་ཞིང་ཟློག་པའི་འདོད་གསོལ་བྱ། ཟློག་པའི་དམིགས་པ་རི་རབ་ཁོང་ཉུལ་ལྟར་ལས་བྱང་དུ་བྲིས་ཡོད་པས་དེ་ལྟར་བསྒོམ་ཞིང་རྩ་སྔགས་མཇུག་ཏུ་ཟློག་པའི་ཤམ་བུ་བཏགས་ལ་བཟླ་ཞིང་། ཟློག་པའི་རྟགས་གཤིན་རྗེའི་བྱ་ལམ་སྲུང་ཐབས་སུ་བཤད་པ་ལྟར་མཐོང་ནས། བྲུབ་ཁུང་ནང་གི་ལིངྒ་ཚུར་བཏོན་ནས་གདབ་ལས་བྱས་ལ་འབུལ། སྒྲུབ་ཁང་གི་ཐོག་ཏུ་གསེར་སྐྱེམས་མཇུག་ལ་ཟོར་རྣམས་རང་རང་གི་བསྐུལ་གྱིས་ཕྱོགས་མཚམས་སུ་འཕང་། གཏོར་ཆེན་བསྐུལ་བ་སོགས་སྲུང་བའི་དུས་ལྟར་བྱ། དེ་ལྟར་ཟློག་པའི་མན་ངག་འདི་ཡང་སྲུང་བའི་མཐར་སྦྲེལ་ན་འཐད་ཅིང་དེ་ལྟར་བྱེད་ན་བཅའ་གཞི་སྲུང་བའི་གོང་ནས་བྱ་དགོས་སོ། །བྲུབ་ཁུང་ནང་གི་ལིངྒ་ལ་ཡང་ཟློག་པའི་རིང་ལ་སྲོད་ཐུན་གྱི་ཐོག་ཙམ་ལ་ནུབ་རེ་བཞིན་འགུགས་འདྲེན་ལྷ་དབྱེ་སོགས་གདབ་ལས་ལྟར་བྱའོ། །གཞན་ཡང་ཟློག་པའི་ལག་ལེན་རྣམས་ནི་ཡང་ཟློག་མེའི་སྤུ་གྲི་ལྟར་བྱའོ། །གསུམ་པ་བསད་པའི་མན་ངག་ནི། བྲུབ་ཁུང་དང་གཏོར་ཆེན་ཟོར་ལ་སོགས་པ་ཟློག་པའི་དུས་ལྟར་ལས། རོ་རས་སམ་་་འཆི་སྦྱོར་སོགས་ལ་ཟིན་ཕུང་ལ་སོགས་རྒྱུ་བ་དང་བསྟུན་ནས།་་དུག་ཤོག་ལ་དུག་སྣ་ཁྲག་སྣ་སྣག་ཚ་དང་བསྲེས་ལ་དུག་གསུམ་ཁྲོས་པ་གཡས་སེང་ཞལ་གཡོན་ཕག་ཞལ་དབུས་ཆུ་སྲིན་གྱི་ཞལ་ཅན་གཡས་དང་པོ་དང་མཐའ་མ་རལ་གྲི་བར་མ་ཁྲམ་ཤིང་། གཡོན་དང་པོས་ཀླུའི་མཇུག་མ་ནས་བཟུང་བ། བར་མ་སྦྲུལ་ཞགས། མཐའ་མ་རྡོ་རྗེའི་ཞགས་པ་ཞབས་གཉིས་གེལ་པའི་སྟབས་ཀྱིས་དགྲ་གཟུགས་སྦྲུལ་གྱིས་བཅིངས་པའི་སྟེང་དུ་གནས་པ། སྟག་ཤམ་ཅན་རུས་པས་བརྒྱན་པ་སྐྲ་བརྫེས་པ་ཚོན་རྩིས་བསྒྱུར་བའི་ལྟོ་བ་ཡངས་པར་བྱས་པའི་ནང་དུ་དགྲའི་ལིངྒ་མགོ་ལས་གཤིན་གྱི་གསང་གནས་སུ་བསྟན་པ་ལྕགས་སྒྲོག་གིས་བཅིངས་པ་དེའི་གཡས་སུ་སྦྲུལ། གཡོན་དུ་ཕག །གསང་བར་བྱ་གཟུགས་རྣམས་ཀྱི་མཆུ་དང་པོས་ལིངྒ་ལ་ཟ་ཚུལ་ཅན་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་མནན་པའི་མཐར་གསང་བའི་སྔགས་མགོ་ནང་དུ་བསྟན་ནས་བསྐོར། བགེགས་ལ་བྱེད་ན་ཞལ་ལ་ཤེས་ཤིང་རྫས་ནི་དགྲ་བགེགས་ཁྱད་མེད་དོ།་་་ལིངྒའི་གནས་ཡིག་གཤིན་རྗེའི་ཡང་ཟློག་ལྟར་བཀོད། ལིངྒའི་ཁོང་པར་དགྲ་དུ་ཡོད་ཀྱི་མིང་རུས་བྲི། ལས་གཤིན་གྱི་གཟུགས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར། དེ་ལྟ་བུའི་རྒྱབ་ཕྱོགས་སུ་ལྷ་སྲུང་་་བན་དགྲ་ཡིན་ན་ཁོ་རང་གི་ཆོས་སྐྱོང་གི་མིང་དང་སྔགས་མཐར་ཁོ་རང་གི་མིང་རུས་དང་དམོད་མོ་བྲིའོ།གི་སྙིང་པོ་དང་ཁོའི་ཕ་ཚན་ཡུལ་ཞིང་མཁར་ལ་སོགས་པ་བྲི། དུག་སྣ་་་མཛེ་ཁྲག་ཡུགས་སའི་མངལ་ཁྲག་ཕུག་རོན་གྱི་ཁྲག་རྣམས་མེད་དུ་མི་རུང་གཞན་ཁྲག་སྣ་ཅི་འཛོམ་བྱའོ།དང་ཁྲག་སྣ་བྱུགས་ལིངྒ་ལ་ཁོའི་ཟག་རྫས་བྱུག །ལས་གཤིན་ལ་མི་བྱུག །ཡང་རོ་རས་སམ་དུག་ཤོག་ལ་དགྲ་དུ་ཡོད་པའི་གྲངས་དང་མཉམ་པའི་ལིང་རྐྱང་བསད་སྔགས་ཛ་ཁྲམ་གྱིས་བསྐོར་བ་ཁོང་པར་མིང་རུས་དང་རྒྱབ་ལོགས་སུ་ཁོ་དང་སོ་སོའི་ལྷའི་སྔགས་དང་ཕ་ཚན་ཡུལ་མཁར་གྱི་མིང་བྲིས་པ་དུག་ཁྲག་བྱུག་པ་ཡང་བྱ། དེ་ལྟ་བུའི་ལིང་རྐྱང་རྣམས་གོང་གི་ལས་གཤིན་གྱི་གཟུགས་ཡོད་པའི་ལིངྒ་དེའི་སྟེང་དུ་བརྩེགས་་་སྙིང་གར་གྲི་ལྕགས་ཀྱི་ཕུར་བུས་ནྲྀ་མིག་མ་བུག་ཙམ་གཟེར་ལ་ཐུན་ཐག་ཚུར་དྲངས་པའི་སྣེ་རང་གིས་བཟུང་དགོས། ཡང་ཁྲོ་ཆུའི་གཞུང་དུ་ཕུར་བུ་མ་གཏོགས་ཐུན་ཐག་གསལ་ཁ་མ་བཤད་པས་མ་བྱས་ཀྱང་རུང་བྱེད་ན་ཤི་སྐྲའམ་གྲི་རྒྱུས་ལ་བྱ་གྲི་ལྕགས་ཀྱི་ཕུར་བུ་གཞུང་ནས་བཤད་པས་མེད་མི་རུང་དུ་དགོས་སོ།ནས་རབས་ཆད་་་འདི་ངེས་པར་ཐོད་པ་དབྱེ་བ་ཞིག་མེད་མི་རུང་ངོ་།ཐོད་པ་གས་ཆག་མེད་པའི་ཀླད་ཁུང་ནས་བཅུག་དེ་ཡང་དགྲ་མང་ན་འབྲུབ་ཁུང་དུ་བཅུག་ཉུང་ན་ཐོད་པའི་ནང་དུ་བརྒྱངས་ལ་བཞག་ཅེས་བཤད་དོ།ལ་ཐོད་པ་དེ་སྔར་གྱི་བྲུབ་ཁུང་དུ་ཀླད་ཁུང་གནམ་ལ་བསྟན་ཅིང་ཁ་མིག་རང་ངོས་ལ་བསྟན་ནས་བཞག །འབྲུབ་ཁུང་ཁ་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་རི་རབ་བྲིས་ཤིང་ཐུན་ཁུང་ཕུག་པ་ཞིག་གི་ཐུན་ཁུང་དེ་ཡང་ལྕགས་ཀྱི་ཕུར་པས་བཅད་ལ་བཞག་་་ཐུན་ཕུར་དང་ཐུན་ཁའི་ཕུར་པ་གཉིས་གཤིན་རྗེ་དམར་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་གཡོན་སྡིགས་མཛུབ་ཀྱི་ཐུན་ཐག་ཞགས་པའི་ཚུལ་དུ་འཛིན་པ་ཞབས་གཉིས་དོར་སྟབས་སུ་ཨེ་རུ་རྔམ་པའི་ཚུལ་དུ་བཞུགས།ཐུན་ཁུང་མ་གཏོགས་པ་་བྲུབ་ཁུང་ནང་དུ་དཀར་ཆ་དང་རླུང་ཅུང་ཟད་ཙམ་ཡང་མི་ཐར་བ་བྱ། དེ་དག་གི་ཉེ་ལོགས་སུ་ཐོད་པ་མཚན་ངན་གྱི་ནང་དུ། དུག་སྣ་ཁྲག་སྣས་སྦྲུས་པའི་ཐུན་ཡུངས་དཀར་ནག་ལྕགས་ཕྱེ་་་ཐུན་རྫས་ལ་གྲི་ལྕགས་ཀྱི་ཕྱེ་མ་མེད་དུ་མི་རུང་ངོ་།ཟངས་ཕྱེ་རྣམས་བསྲེགས་པའི་ཐུན་ཡང་བཞག །མཐར་བསྒྱུར་མནན་སྲེག་གི་རྫས་རྣམས་ཀྱང་རང་གཞུང་ནས་བཤད་པ་ལྟར་འདུ་བྱ། གཞན་ཐམས་ཅད་བཟློག་པའི་དུས་ལྟར་བྱ་ཞིང་། འཕྲལ་ལ་གདབ་ལས་བྱེད་པའི་ཟན་ལིང་ལ་སོགས་པ་ཡང་སྔར་ལྟར་འདུ་བྱའོ། །དེ་ནས་ལས་གཞུང་སོགས་སྔར་ལྟར་ལས་བསད་པའི་དམིགས་པ་བདུད་བཞི་གཤེད་འབེབ་ལས་བྱང་དུ་བཤད་པ་ལྟར་སྒོམ་ཞིང་རྩ་སྔགས་ལ་བསད་སྔགས་གདགས་ལ་བཟླ། མཁྱེན་གཟུ་དཔང་བཙུགས་སོགས་རྒྱས་པར་བྱ། བྲུབ་ཁུང་བསྐྱེད་པ་སོགས་བྱ་ཞིང་། ཐུན་དྲུག་ཏུ་དགུགས་འདྲེན་དང་བླ་འགུགས་པའི་སྔགས་སྟོང་ཚོ་རེ་ཙམ་རེ་བཟླ། དགོང་ཐུན་ལ་རྩང་བསྟོད་ལ་སོགས་པ་ཟློག་པའི་གཞུང་བསྲང་ཞིང་འདེབས་ཁ་སོགས་པའི་འདོན་ཆ་ཐམས་ཅད་བྱ། སྲོད་ཐུན་དུས་ཐོད་པའི་ལིངྒ་ལ་དམིགས་པའི་བྲུབ་ཁུང་བསྐྱེད་ཅིང་བླ་འགུགས་ལྷ་དབྱེ་རྣམས་བྱ་ཞིང་ཟན་ལིང་ལ་གདབ་ལས་བྱས་ལ་འབུལ་མཚམས་དང་ངག་བཅད་དམ་པར་བྱ། ཅུང་ཟད་ཀྱང་མི་གཡེལ་བར་གསང་ནས་བསྒྲུབ། སྒྲུབ་པ་འདིའི་དུས་སུ་ཕྲིན་ལས་བསྐུལ་བ་ལ་གཙོ་བོར་བྱ། དེ་ཡང་ཕྱི་པ་མུ་སྟེགས་པ་དང་བོན་པོ་སོགས་ལ་བྱེད་ན་ཟློག་བསད་སྤེལ་ཞིང་འདོན་ཆ་སོགས་རྒྱས་པར་བྱ། ཡུན་བསྲིང་།་་་སྒྲུབ་པ། སྐྱེ་བོ་ཕལ་པ་དང་བུད་མེད་ལ་ཅུང་ཟད་ཙམ་རེ་བྱ།་་་སྒྲུབ་པ་ཡུན་ཐུང་བ། ནང་པ་དང་། དགེ་བཤེས། སྔགས་པ། རྒྱལ་པོ་སོགས་ལ་ལས་སྒྲུབ་འདི་ཉིད་ཀྱི་སྐབས་སུ་བབ་པའི་འདོན་ཆ་མ་གཏོགས་ཆོས་སྤྱོད་དང་སྐོང་གསོ་ཟུར་པ་ཅི་ཡང་མི་བྱེད་པར་ནག་སྒྲུབ་ཁོ་ན་བྱ་སྟེ། དེ་ནི་མུ་སྟེགས་ལྟར་སྒྲུབ་པ་ཞེས་ཤིན་ཏུ་རྟགས་མྱུར་ཞིང་རྣོ་བ་ཡིན་ནོ། །བླ་ཁུག་པའི་རྟགས་ངེས་པ་ཅན་གསུམ་ཡན་ཆད་མ་་བྱུང་གི་བར་དུ་ཐོད་པའི་ལིངྒ་ལ་ཐུན་བྲབ་པ་སོགས་མི་བྱ་ཞིང་།་་་་བླ་ཁུགས་པའི་རྟགས་མ་བྱུང་བར་བསད་ལས་བྱས་ན་ཕྱིས་དགྲ་སོད་པར་མི་འགྱུར་བས་ཁུགས་རྟགས་ཐོན་པ་གལ་ཆེའོ། །དུས་དྲུག་ལ་ཐུན་གཏོར་ལ་དགུག་གཞུག་གསུམ་སོགས་བྱ་ཞིང་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་འབུལ། སླར་ཐུན་གཏོར་གཤིན་རྗེའི་དམག་ཚོགས་སུ་བསམས་ལ། ལས་གཤིན་གྱིས་བསྐུལ་ལ་དགྲ་ཕྱོགས་སུ་འཕང་། དེ་ལྟར་བསྒྲུབ་པས་བླ་རྟགས་ངེས་པ་ཅན་བྱུང་ན་ཐུན་གྱིས་གཟིར་བ་ནི། སྔར་བཤད་པའི་ཐུན་ལ་བསད་སྔགས་མང་དུ་བཟླས་པས་ངར་བླུད་པ་དུས་དྲུག་ཏུ་ཐོད་པའི་ལིངྒ་ལ་བྲབ་ཅིང་། རྦད་གསོད་ཐུན་བསྐུལ་གྱི་མཇུག་ཏུ།་་་ཐུན་སྔགས་འདི་བསད་སྔགས་ལ་བཏགས་ལ་བྲབ་བོ། །ཡ་མ་རཀྴ། ཀྲོ་དྷ་པ་ཙ་ལ། དགྲ་བོའི་རྩ་དྲུག་ཏ་ཐུན་ཏ་ཤ་ཀུ་རུ་ཏྲ་ཐུན་ར་ག་ཙིཏྟ་རྦད། ཡ་མ་ཡ་ཀ་ཤ་ལ་ཛཿཛཿ བྷྱོ་བྷྱོ་སྙིང་ཁ་རག་མོ། དགྲ་བོའི་རྩ་ལ་ཐུན། ནག་པོ་ཙིཏྟ་དགྲ་བོའི་སྲོག་ལ་ཐུན། ཡ་མ་རཱ་ཛཿ དགྲ་བོའི་སྲོག་ལ་ཐུན་ཡ། ཏྲི་ན་དགྲ་བོའི་དབུགས་ལ་ཐུན། མ་མ་ཏྲི་ན་དགྲ་བོའི་སྙིང་ལ་ཐུན། ཧ་རི་ཡ་ཤ་དགྲ་བོའི་སྙིང་ལ་ཐུན། ར་ཙ་སྙིང་ཕུག །ཧ་ཤ་སྙིང་ཁ་རག་མ་མོ་རཱ་ཛ་དགྲ་བོའི་དབུགས་ལ་ཐུན། ཧ་རི་ཡ་ཤ་དགྲ་བོའི་སྙིང་ཁྲག་ཤམ་མོ་ཐུན་ཐུན་བྷྱོ་བྷྱོ། ཞེས་ཐུན་ཁུང་གི་ཕུར་པ་ཚུར་བཏོན་ནས་ཐུན་རྡེག་པའི་ཚེ། དམིགས་པ་ནི། བྲུབ་ཁུང་གི་ནང་དུ་དུག་གི་མཚོ་འཁྲུག་པའི་ནང་དུ་ལས་ཀྱི་གཤིན་རྗེ་ནག་པོ་ཤིན་ཏུ་འཇིགས་པ་ཁྲོ་བ་རྔམས་པ་ལུས་ལ་ནད་དང་དུག་དང་མཚོན་ཆའི་ཆར་འབེབ་པ་ཞལ་གྲུ་གསུམ་ཡར་གདངས་པ་མཆེ་བ་གངས་རི་ལྟར་གཙིགས་པ། ལྗགས་ལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། བྲུབ་ཁུང་དུ་གན་རྐྱལ་དུ་ཡོད་པའི་ཞལ་གྱི་ནང་དུ་བྱད་མ་དེ་ཡོད་པར་བསམ། བདག་གི་ཐུན་བརྒྱབས་པས་ནད་དང་དུག་དང་མཚོན་ཆའི་ཆར་བབས་ནས། དགྲ་བོ་དེ་བསད་བཅད་གཏུབས་ཤིང་ལུས་དུམ་བུར་བརླགས་པར་བསམ། ཐུན་བརྒྱབས་ཟིན་ནས་ཐུན་ཁུང་ཕུར་བུས་བཅད་པའི་ཚེ། གཤིན་རྗེ་དེ་ཡང་ཞལ་བཙུམ་མཆེ་བ་བསྡམས་པས་དགྲ་བོ་དེ་འགུལ་དབང་མེད་པ་སྦྲུལ་པར་བུར་བཅུག་པ་ལྟ་བུར་གྱུར་པར་བསམ། ཡང་སྐབས་སུ་བྱད་མའི་ཁོག་པར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་མེད་པ་གཉིས་བསྣོལ་མར་འཁོར་བས་ཁོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ཐམས་ཅད་རྦད་རྦད་བཅད་ཅིང་། ཤ་ཁྲག་དམར་ཐ་ར་ར་བཏང་བ་ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས་ཀྱིས་ཤ་ཟོས་ཁྲག་འཐུངས་རུས་པ་མུར་མིང་ཡང་མེད་པར་བརླགས་པར་བསམ། དུས་རྟག་ཏུ་ལས་བྱང་དུ་བཤད་པའི་བདུད་བཞིའི་གཤེད་འབེབ་ཁོ་ན་བསྒོམ་ཞིང་བསད་སྔགས་ལ་འབད། དུས་དྲུག་ཏུ་ཐུན་གཏོར་གཤིན་རྗེ་ལས་ཀྱི་བཤན་པ་དུག་གསུམ་ཁྲོས་པའི་དམག་ཏུ་བསམས་ལ་ལས་གཤིན་གྱི་བསྐུལ་བྱ་ཞིང་བྲུབ་ཁུང་དུ་རྒྱབ་པའི་ཚེ་ལས་ཀྱི་གཤིན་རྗེས་དགྲ་བོ་དེ་བསད་བཅད་ཤ་རུས་ཟོས་པར་བསམ་ལ་བྲུབ་ཁུང་དུ་རྡེག་གོ །གཞན་ཡང་བསད་པའི་སྒྲུབ་པ་བྱ་ཚུལ་འདིར་མི་གསལ་བ་རྣམས་ཡང་ཟློག་མེའི་སྤུ་གྲིའི་སྒྲུབ་གཞུང་ལྟར་འབད་པས་སྒྲུབ་ཅིང་། བསད་རྟགས་རྣམས་གཤིན་རྗེ་བྱ་ལམ་སྲུང་ཐབས་ནས་བཤད་པ་ལྟར་རམ་གཞན་ཡང་མངོན་སྤྱོད་ཀྱི་སྤྱི་གཞུང་སྲིད་པ་གཏེར་ཁྱིམ་དང་གསེར་ཐུར་རྣམ་གསུམ་སོགས་ནས་བཤད་པ་ལྟ་བུའི་མཚན་མ་བརྟན་པོ་མ་མཐོང་གི་བར་འབད།་་་་བསད་པའི་ནང་རྟགས་ངེས་པ་ཅན་ལན་ཁ་ཡར་བྱུང་ནས་བསད་ལས་འཕྲོ་བཅད་ལ་ཆོས་སྐྱོང་ངལ་གསོ་བའི་ཕྱིར་ཡུད་ཙམ་བཞག །བསད་ལས་ཚད་ལས་ཐལ་ན་སྔགས་པ་གྲི་རུ་འཆི་བའི་ཉེས་པ་ཡོད་དོ། །དེ་བས་ནང་རྟགས་ལ་མཁས་དགོས་སོ། །སྐབས་སྐབས་སུ་སྔགས་སྡེབ་ལྟར་ཚེ་ཟད་ལས་ཟད་ཀྱི་སྦྱོར་བ་དང་སྡེ་བརྒྱད་བསྐུལ་བ་སོགས་ཀྱང་བྱ། ཡང་སྐབས་སུ་ཞལ་གདམས་ཕར་འཕྲོ་ཚུར་འཕྲོའི་དམིགས་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་དམིགས་པའི་དགྲ་བོ་དེའི་སྙིང་ལ་ཕོག་མ་ཐག །དགྲ་དེའི་སྙིང་གི་ནང་ན་རྣམ་པར་ཤེས་པའི་ངོ་བོ་རྣྲྀ་ལྗང་གུ་གནས་པ་ལ་ཕོག་དེ་ཉིད་རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་བཀུག་ནས་ལིངྒའི་རྣྲྀ་ལ་བསྟིམ། དེ་ནས་རང་གི་སྣ་བུག་གཉིས་ནས་རླུང་ཕར་རྒྱུ་བའི་ཚེ་རླུང་དང་ལྷན་ཅིག་ཏུ་རང་གི་ནད་གདོན་སྡིག་སྒྲིབ་ཚེའི་བར་་ཆད་ལ་སོགས་པ་ཐམས་ཅད་ཕར་ཐོན་ནས་ཐུན་ཁུང་དུ་དགྲ་བོ་དངོས་སུ་གསལ་བའི་སྣ་བུག་ཏུ་ཕར་ལ་ཞུགས་ནས་སྙིང་ནང་གི་རྣམ་ཤེས་ཀྱི་ཡིག་འབྲུ་རྣྲྀ་ལ་ཐིམ། ཡང་ཁོའི་ཚེ་བསོད་དཔལ་འབྱོར་བཀྲག་མདངས་གཟི་བརྗིད་ཐམས་ཅད་ཁོ་རང་གི་སྣ་བུག་ནས་ཕྱིར་ཐོན་བདག་གི་སྣ་བུག་གི་རླུང་ནང་དུ་རྔུབ་པ་དང་ལྷན་ཅིག་ཏུ་བདག་གི་སྣ་བུག་གཉིས་སུ་ཞུགས་ཏེ་སྙིང་གར་འདུས་པས་བདག་ཉིད་བཀྲག་མདངས་གཟི་བརྗིད་ཉི་མ་ལྟར་འབར་ཞིང་ཚེའི་གྲུབ་པ་ཐོབ། གཟས་པ་པོ་ནག་ཧྲུལ་ཧྲུལ་སོང་བར་ཡང་བསམ། དགུག་གཞུག་དང་བླ་འགུགས་ཀྱི་དུས་རང་གི་ཐུགས་ཀ་ནས་བླ་གཤེད་ཀྱི་ཕོ་ཉ་གནོད་སྦྱིན་སྲིན་པོ་ལ་སོགས་པ་བརྒྱད་སྤྲོས་ཏེ་ཁོའི་བླ་འཁྱམས་མི་ལ་སོགས་པ་བརྒྱད་དུ་བརྫུ་བ་སྐད་ཅིག་གིས་བཀུག་ནས་ལིངྒ་ལ་བསྟིམ་པར་བསམ་ཞིང་བླ་འགུགས་གདབ་ལས་ལྟར་གྱེར། ཡང་ལྷ་དབྱེའི་དུས་བདག་གི་ཐུགས་ཀ་ནས་ཁྲོ་བོ་ཆེན་པོ་གཉིས་དབུ་དང་གཤོག་པ་བྱ་རོག་དང་འུག་པ་ལ་གཞན་ཐམས་ཅད་ཁྲོ་བོའི་ཆ་བྱད་ཅན་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ་གཉིས་ཀྱི་ཕྱག་སོ་སོར་རང་རང་གི་སྒྲོ་ཐོགས་ནས་བྱད་མའི་སྟེང་གི་ཐད་ཀྱི་ནམ་མཁར་ཕར་ལྡིང་ཚུར་ལྡིང་བྱེད་ཅིང་གཤོག་པས་བྲབ་ཅིང་། སྒྲོས་བྱབས་པས་བྱད་མའི་སྲུང་སྐྱོབ་མཁན་གྱི་ལྷ་སྲུང་ཐམས་ཅད་བྱ་རོག་འུར་རྡོས་དེད་པ་ལྟར་ཕྱིའི་རྒྱ་མཚོའི་ཕ་མཐར་བསྐྲད་པས་ཁོ་སྐྱོབ་བྱེད་ཐམས་ཅད་དང་བྲལ་ཞིང་གསོད་བྱེད་ཀྱི་སྡེ་བརྒྱད་བཤན་པ་ཐམས་ཅད་དང་འཕྲད་ནས་འདར་ཕྲིལ་ཕྲིལ་ཡོད་པར་བསམ་མོ། །ལྷ་སྲུང་གིས་ཁོ་སྐྱོབ་པའི་རྟགས་སོ་སོར་བྱུང་ན། དེ་དག་སོ་སོར་དབྱེ་བའི་ཆོ་ག་དང་བླ་དྭགས་བརྒྱད་སོ་སོ་གང་བྱུང་བ་དེ་ཉིད་འགུགས་པའི་སྔགས་དང་། བླ་ཕུར་སྙིང་ཕུར་སྲོག་ཕུར་གསུམ་སོ་སོའི་ཆོ་ག་སོགས་ནི་ཡང་ཟློག་གི་ནང་ལྟར་ཤེས་པར་བྱ་དགོས་ཤིང་། ལྷ་དབྱེའི་རྫས་རྣམས་ནི་སྲིད་པ་གཏེར་ཁྱིམ་དུ་བཤད་པ་ལྟར་བྱས་ན་ལེགས་སོ། །དེ་ལས་བསད་པའི་རྟགས་རྣམས་རྫོགས་པའི་ངེས་པ་བརྟན་པོ་རྙེད་ནས། ཚེ་ཁྲུས་ལུང་གི་དགོངས་པས་གནས་མ་སྤར་ན་སྔགས་པ་ནག་པོ་རུ་ཏྲར་གོལ་བའི་ཉེས་པ་འབྱུང་བས་དེས་ན་གཏད་དང་མནན་པ་འི་ལིངྒ་ཡོད་ན་དེ་ཉིད། མ་གཏོགས་པ་སྦྱིན་སྲེག་དང་གདབ་ལས་བྱ་རྒྱུའི་་་ལས་གཤིན་གྱི་ལྟོ་བར་དུག་གསུམ་གནད་འབེབས་ཡོད་པའི་ལིངྒ་དེ་ལ་སོགས་པ་བརྡེག་པ་དང་གདབ་ལས་འོས་པའི།ལིངྒ་རྣམས་ལྕགས་སྣོད་་་སླ་ང་སོགས།དུ་ཚུར་བཏོན། གཏད་མནན་བྱེད་རྒྱུའི་ལིངྒ་རྣམས་སྔར་ལྟར་ཐོད་པར་བཅུག་ལ་བཞག །དེ་ནས་དཔང་གཟུ་མཁྱེན་གསོལ་དང་ཐུན་དང་གཏོར་ཟོར་སོགས་རྒྱོབས་ལ་བསྒྲལ་ཁར། རང་གི་ལག་པའི་ཕུར་བུའི་རྩེའི་དབལ་གྱི་ཟུར་གསུམ་དུ་ཕཊ་གསུམ་དང་འདེབས་གསུམ་ཧཱུྃ་གསུམ་གྱིས་མཚན་པ་དེ་ཉིད། གཟས་པ་པོ་དེའི་སྙིང་གི་ནང་དུ་ཚེའི་བ་རྒྱ་ཁྲག་གི་དྭངས་མ་བྱེའུའི་སྒོ་ང་ཙམ་གྱི་ནང་དུ་ཚེའི་ངོ་བོ་ཨཿདཀར་པོ། དེའི་ནང་དུ་སྲོག་གི་ངོ་བོ་ནྲྀ་ལྗང་དམར་གནས་པ་དེ་ལ་བཏབ་པས། ཚེའི་བ་རྒྱ་བཀྲལ་ནས་ཨཿདེ་ཡེར་གྱི་ཕུར་བུའི་དབལ་རྩེས་བླངས་ཏེ་་ཁོའི་ཉོན་མོངས་ཉེས་ལྟུང་ཐམས་ཅད་ཁོ་རང་གི་ཕུང་པོ་ལིང་རོ་དང་ལྷན་ཅིག་ཏུ་བཞག་ནས།རང་གི་སྙིང་གར་བཅུག་པས། ཚེའི་ངོ་བོ་དེ་ཞུ་ནས་རང་ལ་ཐིམ་པས་རང་ཉིད་ཚེ་དཔལ་ཐམས་ཅད་ཤིན་ཏུ་རྒྱས་པར་བྱེད་པ་ནི་ཚེ་ལུང་གི་དགོངས་པ་དང་། དེ་དག་གིས་ཁོ་ཉོན་མོངས་པ་དང་བྲལ་ཏེ་སེམས་དག་པའི་ངོ་བོ་ཡིན་ཀྱང་། ད་དུང་གླ་རྩིའི་ཐུམས་ཤུན་ལ་གླ་རྩི་དངོས་མེད་ཀྱང་དྲི་མ་འབྱུང་བ་ལྟར། ཁོའི་བག་ཆགས་ཀྱི་དྲི་མ་ཕྲན་བུ་དང་། བདག་ཉིད་ཀྱི་རྩོལ་གྲིབ་དྲི་མས་གོས་པའང་སྲིད་པས། དེ་སྦྱོང་བའི་ཕྱིར། སླར་ཕུར་བུའི་དབལ་རྩེས་རང་གི་སྙིང་ག་ནས་ཧཱུྃ་གསུམ་གྱིས་ཁོའི་སྲོག་གི་དྭངས་མ་ནྲྀ་ཡིག་དེ་ཚུར་བླངས་ཏེ་ཕཊ་་་ཕུར་བུའི་རྩེ་མོ་གྱེན་དུ་བསྟན་པ་ཙམ་གྱིས།གསུམ་གྱིས་འོག་མིན་དུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཐུགས་ཀར་འཕངས་་་་ལྷའི་ཐུགས་དང་ཁོའི་རྣམ་ཤེས་དབྱེར་མེད་དུ་བསྲེས་ལ་བཞག །པས་ཆོས་ཀྱི་སྐུ་འགྲུབ་པར་བྱས། སླར་ཡབ་ཀྱི་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྲས་སུ་ལོངས་སྐུ་ངེས་པ་ལྔ་ལྡན་དུ་བྱོན་པས་ལོངས་སྐུའི་གོ་འཕང་ཐོབ་པར་བྱས་པ་རྣམས་ནི་ཁྲུས་ལུང་གི་དགོངས་པ་དག་གོ །དེའི་མོད་ལ་རང་ཉིད་རླུང་རོ་སངས་ཀྱིས་འབུད། ལྟ་སྟངས་ནམ་མཁའ་ལ་ཆེར་བྱ། རང་རིག་པའི་ཡེ་ཤེས་ངོས་བཟུང་ལ་དབྱིངས་རིག་བསྲེ། ཤེས་པ་ཧུར་ལིང་ངེ་བྱས་ལ་དར་གཅིག་མཉམ་པར་བཞག་གོ །དེ་ནས་ལིང་རོ་གདབ་ལས་ལྟར་མཚོན་གྱིས་གཏུབ་ནས་ཕྱེད་ཙམ་གཏོར་མར་བསྒྲོན་ནས་ཁོའི་ཤ་ཁྲག་རྣམས་གཤིན་རྗེའི་ལྷ་ཚོགས་ལ་ཚོགས་མཆོད་དུ་ཕུལ་བས། ཁོ་ཚོགས་གཉིས་སྐད་ཅིག་ལ་རྫོགས་ནས་ཁོས་གཙོ་བྱས་བདག་གཞན་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་པར་བསམ། གསུམ་པ་ལས་ལ་སྦྱར་བ་ནི། ལས་ཀྱི་མཐའ་རྒྱས་བསྟན་པ་ཡིན་ཏེ། འདི་ལ་ཡང་གསུམ། བསྲེག་པ། འཕང་བ། མནན་པའོ། །དང་པོ་བསྲེག་པ་ནི། ཁྲོ་ཆུའི་གཞུང་ནས་བཤད་པ་ལྟ་བུའམ། དྲག་པོའི་སྲེག་ཆོག་གཞན་གྱིས་ཀྱང་རྒྱས་བཀབ་ནས་ལིང་རོ་རྣམས་དང་། རྒྱས་པར་ལིང་ཆུང་བརྒྱ་རྩ་བརྒྱད་སླར་བྲིས་ནས་ཕུལ་ཡང་རུང་ལ། བསྡུས་པར་ན་ལིང་རོ་ཁོ་ནས་ཀྱང་རུང་ངོ་། །དེ་དག་གང་བྱེད་ཀྱང་སྦྱིན་སྲེག་ལུགས་མཐུན་རྫས་སྣ་བཅུ་གསུམ་མེ་ལྷ་གཉིས་དང་ལྡན་པ་ཉིད་གྲུབ་ན་ཤིན་ཏུ་ལེགས་ཤིང་། དེ་ཡང་མ་གྲུབ་ན་དྲག་པོའི་ཤིང་དུག་ཁྲག་གིས་སྦགས་པ་གྲུ་གསུམ་དུ་བརྩེགས་ལ་མེ་འབར་ནས་ལྷ་ཚོགས་བསྐྱེད་པ་ནས་བསྟོད་པའི་བར་ལས་བྱང་ལྟར་བྱས་ནས་ལིང་རོ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ནས་འབུལ་ཞིང་སྨན་རཀ་གཏོར་གསུམ་གྱིས་མཆོད། བསྟོད་བསྐུལ་བཟོད་གསོལ་གཤེགས་བསྡུ་སོགས་ལས་བྱང་ལྟར་བྱས་ལ་མེ་དུག་ཁྲག་གིས་གཞིལ་ལོ། །གཉིས་པ་འཕང་བ་ནི། ཟོར་གྱི་དགྲ་བགེགས་བསད་པའི་དོན་ཡིན་པས། སྒྲུབ་ཁང་གི་ཐོག་སྟེང་དུ་ཞིང་ལྤགས་སམ། གཅན་གཟན་གྱི་པགས་པའི་སྟེང་དུ་མ་ཏྲཾ་གི་ལྟོ་བར་ཆོས་འབྱུང་བསྣོལ་མའི་དབུས་སུ་སྔར་གྱི་མཎྜལ་མཐར་བཀོད་པའི་ཟོར་རྣམས་བཤམ། གསེར་སྐྱེམས་དཀར་གཏོར་ལ་སོགས་པ་བཤམ། དར་ཕྱར་དུང་འབུད། བསང་བྱ། གཞི་བདག་ལ་དཀར་གཏོར་དེ་སྦྱིན། དེ་ནས་གསེར་སྐྱེམས་འབུལ། དེའི་མཇུག་ཏུ་ཟོར་རྫས་རྣམས་རང་གི་བསྐུལ་གྱིས་འཕང་། དེ་ཡང་ཟོར་བཅུ་ཡོད་ན་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུར་འཕང་། བཞི་ཡོད་ན་ཕྱོགས་བཞིར་འཕང་། གཅིག་ལས་མེད་ན་གང་གནོད་པའི་ཕྱོགས་སུ་འཕང་ངོ་། །དེ་ནས་ནང་དུ་འོངས་ནས་གཏོར་ཆེན་བསྐུལ་བ་ནས་གཏོར་མནན་གྱི་བར་ལས་བྱང་ལྟར་དང་མཐོང་བརྒྱུད་ལྟར་བྱས་ལ་འཕང་། གཟའ་ས་བདག་སྡེ་བརྒྱད་ཀྱི་རྒྱུ་དུས་ཐེབས་དང་བསྟུན་པ་་་མནན་གཏད་དུས་ཚོད་དཔའ་བོའི་མཚོན་ཆ་ཞེས་པ་ཁྲོ་ཆུ་རང་གི་ཆོས་ཚན་དུ་ཡོད་པ་དེ་ལགས་སོ།ཤིན་ཏུ་གལ་ཆེ་ཞིང་། སྦྱིན་སྲེག་གི་ཐལ་སོལ་དུམ་གཅིག་གཏོར་ཆེན་ལ་བྲན་པ་ཡང་མན་ངག་གནད་ཟབ་བོ། །གསུམ་པ་མནན་པའི་ལས་ལ་ཡང་གཉིས། ས་ལ་མནན་པ་དང་། ཀླུ་ལ་གཏད་པའོ། །དང་པོ་ས་ལ་མནན་པར་འདོད་ན། ལིང་རྐྱང་དཔྲལ་བར་རམ་ཉེར་གཅིག །སྤྱི་བོར་ནན་ཉེར་གཅིག །འགྲམ་པ་གཡས་ལ་རྦད་ཉེར་གཅིག །གཡོན་དུ་སོད་ཉེར་གཅིག །མིག་གཉིས་ལ་རྨུགས་བདུན་རེ། ཁ་ལྐུགས། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བྲི། ལིངྒའི་མཐར་སྤྱི་བོ་ནས་རྩིས་ཏེ་སྔགས་མགོ་ཕྱིར་བསྟན་ལ། དུ་ཏྲི་ནས་པ་ཙ་ལའི་མཇུག་ཏུ་དགྲ་བོ་ཆེ་གེ་མོའི་ས་ཁམས་ནན། དེ་བཞིན་དུ། རླུང་ཁམས། ཆུ་ཁམས། མེའི་ཁམས། ནམ་མཁའི་ཁམས། སྔ་དགྲ་ལག་ལ་བརྡར་བ་་འི་དགྲ་བོ་ནན། ཕྱི་དགྲ་ཞེ་ལ་བསམ་པ༴ ད་དགྲ་དངོས་སུ་འཁུ་བ༴ རྒྱབ་ནས་འདེད་པ༴ སྔོན་ནས་རྒྱུག་པ༴ ལོགས་ལ་སྤྲེལ་ལྟར་འཛེགས་པ༴ ལུས་ལ་གྲིབ་ལྟར་འགྲོགས་པ༴ བརྒྱ་མི་མང་གིས་གླེང་བ༴ སྟོང་བྲ་མང་གིས་རྩོད་པ༴ དགྲ་སྡང་བས་དངོས་སུ་འཚེ་བ༴ གཉེན་བྱམས་པས་ལྐོག་ཏུ་གླེང་བ༴ གཞན་གྱི་བྱོལ་ཟོར་མཐུ་གཏད་ལོ་ཟླ་ཞག་དུས་ཀྱི་སྐག་ངན་མོ་ལྟས་རྨི་ལམ་ངན་པ་ཐམས་ཅད་སཏྭམྦྷ་ཡ་ནན། བྱ་བ་གཞན་ཡང་དམོད་པ་ཤེས་ཚད་ཀྱིས་བསྐོར། ཕྱི་རོལ་ཛ་ཁྲམ་གྱིས་བསྐོར། དུག་སྣ་དང་ཁྲག་སྣས་བྱུག །ལིངྒའི་ཁོང་པར་དམིགས་བྱ་ཡོད་ན་དེའི་མིང་རུས་བྲིས། རྫས་བྱུག །དམིགས་བྱ་མེད་ན་དགྲ་མནན་སྤྱི་འགྲོ་ཁ་ལ་རྒྱས་འདེབས་ལྟར་བྱ། དེ་ནས་འབྲུབ་ཁུང་དུ་ཐོད་པ་བཅུག་ལ་གོང་གི་སྔགས་ཞག་བདུན་སོགས་རྟགས་དང་སྦྱར་ལ་བསྒྲུབ། རྟགས་ཐོན་ནས་ཤི་ཡུགས་ཀྱི་སྐྲས་བཅིང་། ཐོད་ངན་ནམ། སྤྱང་ཐོད། ཕག་ཐོད་དུ་བཅུག །ཕུང་རེས་དྲིལ་ཐོད་པའི་ནང་དུ་སྔར་གྱི་སྦྱིན་སྲེག་གི་ཐལ་བ་དུམ་གཅིག་ཀྱང་བླུག །ཚོན་སྐུད་ཀྱིས་བསྡམ། རྩང་དང་ཁྲོ་ཞལ་གྱི་རྒྱས་བཏབ་ལ། ལྷ་ཁང་གི་ཐེམ་འོག་གམ། མཆོད་རྟེན་ཅན་གྱི་འོག་གམ། སྡེ་བརྒྱད་གནས་ངེས་པའི་རི་བྲག་ཤིང་སོགས་ཀྱི་རྩ་བའམ། ཟམ་དངུར་རམ་ལམ་རྒྱ་གྲམ་སོགས་དོང་གྲུ་གསུམ་་་ཟབས་སུ་་་ཁྲུ་གསུམ་བྲུས་ལ་ལས་གཤིན་བསྐྱེད་ནས་དེ་ལ་གཏད་པར་བསམ་ལ་དོང་དུ་བྲུབ།་་་རྦད་གསོད་ཐུན་བསྐུལ་དང་ལས་གཤིན་གྱི་བསྐུལ། སྟེང་དུ་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་དང་རི་རབ་གླིང་བཞི་བྲིས་པས་མནན། དེ་སྟེང་དུ་འབྱུང་བ་བཞིའི་རྒྱས་གདབ། དེའི་སྟེང་དུ་རྟ་བྲོ་ལས་བྱང་ལྟར་བྱས་ལ་ནང་དུ་འོངས་ནས་བཟླས་སྒོམ་ལ་འབད། དེ་ནི་མནན་པའི་ཤོག་དྲིལ་མེའི་རང་བཞིན་ཅང་ཤེས་ཀྱི་རྒྱ་ཅན་ཞེས་བྱ་བའི་ཟབ་དོན་བསྡུས་ནས་བཤད་པའོ། །གཉིས་པ་ལས་མཇུག་གདུག་པ་ཀླུ་ལ་གཏད་པར་འདོད་ན། ལིང་རྐྱང་སྦྲུལ་ནག་གཉིས་ཀྱིས་བཅིངས་པ་གནས་ཡིག་སྤྱི་འགྲོ་ལྟར་དང་ཁོང་པར་མིང་རུས་དམོད་མོ་གཏད་ཀྱི་ཁ་བསྒྱུར་ཅན་བྲི། སྦྲུལ་དང་ལིངྒའི་བར་དུ་རཱུ་པའི་མགོ་ནས་གཡས་ངོས་སུ། དུ་ཏྲི་ནས་པ་ཙ་ལ་ཅན་སྔགས་གསུམ་གྱི་མཇུག་ཏུ། ཕོ་སྔགས་བདུན་ཅུ་དོན་གཅིག་ཡིན་ནོ་བསྲེ་སླད་མ་བྱེད།་་་ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ༔ ཧེ་ཁུ་ལང༔ ཕོ་ཤན་ཕོས་ཕོས་ཤིག་ཤིག༔ ཆུམ་ཆུམ༔ ཀླུ་ནག་པོ་མགོ་དགུ་པས༔ དགྲ་བོ་ཆེ་གེ་མོ་ཟུང་ཟུང༔ ཆིངས་ཆིངས༔ ནཱ་ག་འདུ༔ ནཱ་ག་ཞེན་འདུ༔ ཧེ་ལིང་རྒེ་མི་འདུས་འདུས༔ ནག་པོ་བམ་ཙི་ཙི་རྒྱས༔ ཏྲག་ཐུར་སྙིང་ལ་གུལ་གུལ༔ མྱོགས་མྱོགས༔ རྩ་བཞི་ཁུམ༔ ཤན་ཤན་སྲོག་ལ་ཤན༔ ཐུར་སོད༔ ཅེས་པའི་མཇུག་ཏུ་དམོད་མོ་ཅི་ཤེས་སྦྱར་བས་མགོ་ནང་དུ་བསྟན་པས་བསྐོར། ཡང་ལིངྒའི་མགོ་ནས་གཡོན་ངོས་སུ་སྔགས་གསུམ་གྱི་མཇུག་ཏུ། མོ་སྔགས་བཞི་བཅུ་ཞེ་ལྔ་པ་ཡིན་བཅོས་སླད་མ་བྱེད།་་་ནཱ་ག་གུར་ལིང་སྙིང་ལ་འདུས་འདུས༔ སྙིང་ཁྲག་བཾ་མོ་རུལ་སྙིང་ལ་འདུས་འདུས༔ ནཱ་ག་ཀོན་རྩེ་སྙིང་ལ་འདུས་འདུས༔ ནཱ་ག་འདུས༔ ནཱ་ག་འདུས༔ ནི་ཡ་འདུས་འདུས༔ ནི་ལང་ནི་ཆོད༔ ས་མ་ཡ་དམ་ཛ་ཛ༔ ཞེས་པའི་མཇུག་ཏུ་དམོད་པ་ཅི་ཤེས་བཏགས་མགོ་ཕྱིར་བསྟན་པས་བསྐོར། ལིང་ཁྲུས་བྱས་ལ། དགྲའི་ཟག་རྫས་དང་། དཀར་གསུམ། མངར་གསུམ་ནད་ཀྱི་ཁ་བསྒྱུར་་་མཛེས་ཁྱེར་བར་འདོད་ན་མཛེ་ཁྲག་བྱུག །གྲིར་འཆི་བར་འདོད་ན་གྲི་ཁྲག་བྱུག །རིམས་ཀྱིས་འཆི་བར་འདོད་ན་རིམས་ཁྲག་བྱུག །དེ་ལ་སོགས་གང་འདོད་རྫས་ཀྱི་ཁ་བསྒྱུར་བ་གལ་ཆེའོ།གྱིས་བྱུག །རྫའི་སྦལ་པའམ། མཛེ་ཐོད་དུ་བཅུག །སྔར་གྱི་སྦྱིན་སྲེག་གི་ཐལ་སོལ་དུམ་གཅིག་བླུགས་ལ་བྲུབ་ཁུང་དུ་བཅུག །སྔགས་གསུམ་གྱི་མཇུགཏུ་ནཱ་ག་གུར་ལིང་མ་ཅན་བཏགས་ལ་བསྒྲུབ། ཞག་གྲངས་ལྔའམ་བདུན་བཟླས་པས། ཁྱེའུ་བུ་མོ་བཀའ་ཉན་དང་། །སྦལ་སྦྲུལ་མང་པོ་ཁྲོལ་བ་དང་། །ཕྱུགས་མ་མང་པོ་དེད་པ་དང་། །དེ་རྣམས་འགྲུབ་པའི་རྟགས་སུ་བསྟན། །སྡོང་པོ་རྟ་གྲིས་བཅད་པ་དང་། །ལོ་ཏོག་ཟོར་བས་འདེབས་པ་དང་། །བྲག་ཆེན་འཇོར་གྱིས་གཤག་པ་དང་། །རྡོ་ཆེན་ཐོ་བས་གཅོག་པ་དང་། །ཞིང་ལ་འོད་བ་གཏོང་བ་དང་། །བ་གླང་དཀའ་སྟོད་ཞིང་རྨོད་དང་། །དེ་དག་ལས་རྣམས་འགྲུབ་པའི་རྟགས། །དེ་ལས་བཟློག་ན་ཟློག་རྟགས་ཡིན།་་་་རྟགས་རྣམས་རྫོགས་ནས་སྡེེ་བརྒྱད་གནས་ངེས་པའི་མཚོའམ། ཀླུ་གནས་ངེས་པའི་ཆུ་མིག་ལ་གཏད། ཆུ་མིག་ལས་མཚོ་དགའ། མཚོ་འཕྲལ་འཇམ་ཡང་མཐུ་ཆེ་བས། དགྲ་མང་ན་དགའ་འོ། །ཆུ་མིག་འཕྲལ་རྩུབ་ཐུལ་ཆུང་བས་དགྲ་ཉུང་ན་དགའ། སྒྲུབ་པའི་ཡུངས་དཀར་ལ་སྒྲུབ་སྔགས་བཟླས་བྲབ། དེའི་རིང་ལ་གྲོགས་གཅིག་གིས་ཆབ་གཏོར་གཏང་། དེ་ལྟར་འགྲུབ་པའི་མཚན་མ་མཐོང་ནས། སྒྲིབ་ཤིང་ལ་སོགས་པའི་སྲུང་བ་ཐབས་རྟེན་འབྲེལ་རྗེས་གཅོད་ལོགས་གཏད་ཀྱི་གདམས་པ་བཅུད་ཕུར་ལྔ་པ་དང་གཏད་ཀྱི་གཟེར་དགུ་ནས་བཤད་པ་ལྟར་ཁྱེར་ནས་མཚོའམ་ཆུ་མིག་གི་རྩར་ཕྱིན་ལ། དང་པོ་ཆབ་གཏོར་བཏང་། དེ་ནས་གྲོགས་གཅིག་གིས་ནཱ་ག་གུར་ལིང་མ་ཅི་འགྲུབ་དང་དམ་ཚིག་འབྲུ་དགུ་པ་བཟླ། རང་ཉིད་གཤིན་རྗེའམ་ཀླུ་བདུད་དུ་བསྒོམ། དགུག་གཞུག་དམོད་མོ་་་དང་རྦད་གསོད་ཐུན་བསྐུལ་གྱི་རྗེས་སུ།ལས་གཤིན་གྱི་བསྐུལ་དང་བཅས་པས་གཏད་རྒྱག །བརྒྱབས་ཟིན་ནས་རྗེས་གཅོད་གཞུང་ནས་བཤད་པ་ལྟར་བྱ་ཞིང་། རངྈྈྈྈྈྈྈྈྈ བྱ་ཁྱུང་དུ་བསྒོམ། མཚོ་ཡིན་ན་མཚོ་ཡི་ཟངས་ཁ་གང་ཡིན་ནས་འཕང་། ཐེབས་ལྡོག་རྩི་བ་གལ་ཆེ། གཏད་བྱེད་ཉིན་ཚུར་ལྡོག་ན་གནམ་འཚུབ་དང་སེར་བ་འབབ། ཕར་ལ་ཐེབས་འདོད་ན་གནམ་འཇམ་ཞིང་ཤར་ནས་སྤྲིན་ཟོར་བ་འདྲ་བ་བྱུང་ན་ཐེབས་རྟགས་ཡིན། མཚོ་གཏད་མི་ལེན་ན་མཚོའི་སྟེང་དུ་སྡོད་ཅིང་མཚོ་ཁོལ་ཡོང་། མཚོ་དང་ཆུ་མིག་ནང་དུ་མི་གཏང་བ་གསུམ་ནི་རང་གི་གྲིབ་མ་དང་དྲི་མ་ཁ་རླངས་གསུམ་མི་གཏང་། གཏད་ཟིན་ནས་དགྲ་ལ་རྟགས་མ་ཐོན་བར་དུ་དགོང་རེ་བཞིན་ཆུ་གཏོར་བཏང་ལ་དགྲ་ཕྱོགས་སུ་གཏོར། གཤིན་རྗེའི་ཐུན་གཏོར་འཕང་ངོ་། །མདོར་ན་ལས་མཇུག་ཀླུ་ལ་གཏད་པ་འདི་ནི་བསྙེན་པ་ཐེམས། དམ་ཚིག་གཙང་། ལག་ལེན་མཁས། རྟོགས་པ་བཟང་། སྙིང་རྗེ་ཆེ་བའི་རྣལ་འབྱོར་པ་དག་གི་སྤྱོད་ཡུལ་ཡིན་ནོ། །དེ་ཡང་འཕང་བསྲེག་ནི་དགྲ་བགེགས་གང་ལ་ཡང་རུང་ལ། དགྲ་བོ་སྤྱི་དང་བགེགས་དང་འདྲེ་གདོན་ལ་མནན་པ་ཤིས། དགྲ་བོ་དམིགས་བསལ་ལ་གཏད་བྱས་ན་ནུས་མཐུ་མྱུར་བ་ཡིན་ནོ། །དེ་ནས་ལས་སྦྱོར་གང་བྱེད་ཀྱང་བྱས་ཟིན་ནས་དགྲ་ལ་རྟགས་མ་ཐོན་བར་དུ་ཟོར་ཡང་ཡང་འཕང་དཔུང་འཕུལ་ལ་འབད། བདག་ཉིད་འཁོར་བཅས་སྲུང་ཟློག་གི་རིམ་པ་ལ་འབད་དོ། །རྟགས་ཐོན་ནས་གཏང་རག་རྒྱས་པར་གཏང་། མདོར་ན་བསད་པའི་སྐབས་འདིར་མ་གསལ་བ་ཐམས་ཅད་མངོན་སྤྱོད་ཀྱི་སྤྱི་གཞུང་རྣམས་སུ་རྟོགས་པར་བྱ་དགོས་པ་ཁོ་ན་དག་གོ །དེ་ལྟར་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་སྒྲུབ་ལས་སྦྱོར་རྣམས་ཀྱི་ཟབ་གནད་དགོས་ངེས་རྣམས་སྔོན་ཆད་ཁྲོ་ཆུ་རང་གི་ཡིག་ཆ་རྣམས་སུ་འཐོར་ནས་འདུག་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཅའ་གཞི་ལག་ལེན་གྱི་ཤོག་དྲིལ་འདི་ནི། འབྲི་གུང་པ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་རིག་འཛིན་ཆོས་ཀྱི་གྲགས་པས་ཤིང་བྱི་སྨིན་དྲུག་ཟླ་བའི་ཚེས་བཅོ་བརྒྱད་་་ལ་གཞུ་སྨད་སྤྲོ་ལུང་དུ་སྦྱར་བ་ཡིན་གྱི། འདི་ནི་རང་རེའི་བརྒྱུད་པ་འཛིན་ངེས་དམ་ཚིག་གཙང་བ་རེ་རེ་ཙམ་མ་གཏོགས་ཀུན་ལ་སྤེལ་ན་ལས་ཀྱི་གཤིན་རྗེས་བཀའི་ཆད་པ་མྱུར་དུ་ཆོད་ཅིག །འདི་ལ་རང་བཟོ་དང་གཞན་གྱིས་བསྲེ་སླད་མ་བྱེད་ཅིག །མངྒ་ལཾ།། །།
བསྐྱེད་པ་བཞི་ལྡན་གྱི་གཏོ་ཆོག་ (Volume 51, Text 41)
༄༅། །བསྐྱེད་པ་བཞི་ལྡན་གྱི་གཏོ་ཆོག་བཞུགས་སོ། ། སྲོག་སྐྱེད་པའི་གཏོ་བཞུགས་སོ། །མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྲོག་སྐྱེད་པའི་གཏོ་ལ་གསུམ་སྟེ། སྔགས་དང་། བྲི་ཐབས་དང་། གྱེར་ཐབས་སོ། །དང་པོ་སྔགས་ནི། ཨོཾ་ཨཱཿཧྲཱིཿསྲོག་ཐ་ཏྲི་ཡར་སྐྱེད་ལམ་ལམ་ཡལ་ཡལ་བྷྲཱུྃ་རཾ་ནྲྀ་སྐྱེད། ཅེས་པ་འདི་བཟླས་པས་ཀྱང་སྲོག་གི་དཔལ་སྐྱེད་པར་བྱེད་དོ། །གཉིས་པ་བྲི་ཐབས་ནི། སྲོག་ས་ཁམས་པ་ཡིན་ན་དར་དམར་པོ་ལ་མཚལ་གྱིས་བྲི། མེ་ཤེལ་ལམ་མེ་རྡོ་དང་བཅས་མགུལ་དུ་གདགས། སྲོག་ཆུ་ཁམས་པ་ཡིན་ན་དར་དཀར་ལ་ར་དཀར་མོའི་འོ་མས་བྲི། ལྕགས་ཁྲོ་དུམ་བུའམ་ལྕགས་རྡོ་དང་བཅས་མགུལ་དུ་གདགས། སྲོག་ཤིང་ཁམས་པ་ཡིན་ན་དར་སྔོན་པོ་ལ་ཁ་ཆར་གྱི་ཆུས་སྦྱང་པའི་སྣག་ཚས་བྲི། ཆུ་ཤེལ་ལམ་ཆུ་ཆེན་པོའི་གཞུང་གི་རྡེའུ་དང་བཅས་གདགས། སྲོག་མེ་ཁམས་པ་ཡིན་ན་དར་ལྗང་གུ་ལ་ཐང་ཆུའམ་སྦང་མའི་ཁུ་བས་བྲི། རྒུན་འབྲུམ་མམ་ཨ་རུ་ར་དང་བཅས་ཏེ་གདགས། སྲོག་ལྕགས་ཁམས་པ་ཡིན་ན་དར་སེར་པོ་ལ་ཡུང་བའི་ཁུ་བས་བྲི། ས་དུམ་བུའམ་གསེར་ས་བྱུང་མེས་མ་རེག་པ་དང་བཅས་ཏེ་བཏགས་པས་སྲོག་སྐྱེད་པར་བྱེད་དོ། །གསུམ་པ་གྱེར་ཐབས་ནི། ནས་དཀར་མོའི་ཕྱེ་གཙང་མ་ལ། བུ་རམ་དང་། སྦྲང་རྩི་དང་། མར་དཀར་དང་། ལན་ཚྭ་རྣམས་བསྲེས་ལ་འབྲང་རྒྱས་ལྔ་བཅོས། སྲོག་གི་ཁམས་དང་མཐུན་པའི་གདན་གྱི་སྟེང་དུ་རི་རབ་གླིང་བཞི་བྲིས་པ་ལ་བཞག །དཔལ་འབར་སྦར་ལ་བཙུགས། བསང་དང་ཕྱེ་མར་གྱིས་མཆོད་ཅིང་འདི་སྐད་དོ། །ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །རྟེན་འབྲེལ་ཆོ་ག་འདི་བགྱིས་པས། །ལྷ་རྣམས་ཚེ་དང་དཔལ་གཡང་རྒྱས། །དེ་ནས་བསྐལ་པ་བར་མ་ལ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །རྟེན་འབྲེལ་ཆོ་ག་འདི་བགྱིས་པས། །མི་ཡི་ཚེ་ལས་ལྷག་པར་བཞུགས། །ཐ་མ་ཀོང་ཚེ་འཕྲུལ་རྒྱལ་གྱིས། །རྟེན་འབྲེལ་ཆོ་ག་འདི་བགྱིས་པས། །མི་ལོ་ཁྲི་ཕྲག་དུ་མ་རུ། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །དེ་རིང་སྔགས་འཆང་བདག་ཅག་གིས། །ཉི་མ་ཐམས་ཅད་དགེ་བའི་དུས། །རྒྱུ་སྐར་ཐམས་ཅད་བཟང་བའི་དུས། །དུས་ཚོད་ཐམས་ཅད་མཐུན་པའི་དུས། །རྟེན་འབྲེལ་ལྷ་གཞི་བཀྲ་བའི་སྟེང་། །དཔག་བསམ་ཤིང་ལ་དཔེ་བླངས་ནས། །རྩ་བར་རི་རབ་གླིང་བཞི་བྲིས། །བར་དུ་འབྲང་རྒྱས་སྣ་ལྔ་སྡོམ། །རྩེ་མོར་ཉི་ཟླ་འོད་དུ་འབར། །རྒྱུ་ནི་སྙིང་པོའི་བཅུད་ལས་གྲུབ། །ཕུད་ཀྱིས་ནམ་མཁའ་གང་བ་ཡི། །དཀོན་མཆོག་ཡི་དམ་ལྷ་ཚོགས་མཆོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས། །སྲོག་གི་རྩ་བ་བརྟན་པར་ཤོག །བར་གྱིས་བར་སྣང་གང་བ་ཡི། །གཟའ་དང་རྒྱུ་སྐར་ཐམས་ཅད་མཆོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྲོག་གི་ལོ་འདབ་རྒྱས་པར་ཤོག །ཐ་མས་ས་གཞི་གང་བ་ཡི། །ས་བདག་ཀླུ་གཉན་ཐམས་ཅད་མཆོད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་ཡི་མེ་ཏོག་གསལ་བར་ཤོག །ཤིང་གི་སྲོག་ནི་ཆུ་ཡིས་སྐྱེད། །ཚེ་སྲོག་ཆུ་བས་རིང་བར་ཤོག །མེ་ཡི་སྲོག་ནི་ཤིང་གིས་སྐྱེད། །ཚེ་སྲོག་ཤིང་ལྟར་རྒྱས་པར་ཤོག །ས་ཡི་སྲོག་ནི་མེ་ཡིས་སྐྱེད། །ཚེ་སྲོག་མེ་ལྟར་འབར་བར་ཤོག །ལྕགས་ཀྱི་སྲོག་ནི་ས་ཡིས་སྐྱེད། །ཚེ་སྲོག་ས་ལྟར་བརྟན་པར་ཤོག །ཆུ་ཡི་སྲོག་ནི་ལྕགས་ཀྱིས་སྐྱེད། །ཚེ་སྲོག་ལྕགས་ལྟར་སྲ་བར་ཤོག །བླ་སྲོག་ཉམས་པའི་བར་ཆད་ཞི། །ཚེ་དང་བསོད་ནམས་དབང་ཐང་རྒྱས། །སྲིད་པའི་མགྲོན་རིགས་ཐམས་ཅད་ཀྱིས། །ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ། །སྭསྟ་སྭསྟི་བྷྲཱུྃ། ཞེས་དང་། གོང་གི་སྔགས་བཟླས་ནས་འབྲང་རྒྱས་ཀྱི་ཕུད་ཐོག་ཁ་གཙང་སར་ཕུལ། ལྷག་མ་སྦྱིན་བདག་གིས་རོལ། རྒྱབ་ཆོས་སུ་འཆི་ངེས་པའི་སྲོག་བསླུ། སྦྲང་ཚང་དང་། ཉེའུ་འདོན། ཤོག་བུ་ལ་ཚེ་དཔག་མེད་ཀྱི་སྙིང་པོ་དང་། རྒྱབ་ཏུ་ན་ཟླ་གསུམ་གྱི་མིང་བྲི། སྦྱིན་བདག་གི་སྤྱི་བོར་གདགས། ལྷ་མ་སྲིན་སྡེ་བརྒྱད་ལ་གསེར་སྐྱེམས་གཏོང་། འདིའི་ཚེ་དབང་ཐམས་ཅད་ཐོབ་བོ། །ཞེས་འབོད། ཚེ་གཟུངས་ལ་ཡི་དམ་བྱེད་དུ་བཅུག་པས་བླ་སྲོོག་ཚེ་གསུམ་གྱི་བར་ཆད་ཞི། ཉམས་པ་གསོ། གནས་པ་འཕེལ། འཕེལ་བ་བརྟན། ཚེ་རིང་པོའི་དགོས་འདོད་ཐམས་ཅད་འདིའི་འགྲུབ་པ་ཡིན་ནོ། །སྲོག་སྐྱེད་པའི་གཏོ་ཐབས་མན་ངག་དང་བཅས་པ་རྫོགས་སོ། །མངྒ་ལཾ།། །། ༈ ལུས་སྐྱེད་པའི་གཏོ་བཞུགས་སོ། །འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ལུས་སྐྱེད་པའི་གཏོ་ལ་གསུམ་སྟེ། སྔགས་དང་བྲི་ཐབས་དང་། གྱེར་ཐབས་སོ། །དང་པོ་སྔགས་ནི། ཧཱུྃ་བྷྲཱུྃ་ཧྲཱིཿཏྲཾ་ཡལ་སྐྱེད། མེ་རཾ་ཏྲཾ་ཡལ་བྷྲཱུྃ་ཡར་སྐྱེད། ཅེས་པ་འདི་བཟླས་པས་ཀྱང་ལུས་ཀྱི་དཔལ་སྐྱེད་པར་བྱེད་དོ། །གཉིས་པ་བྲི་ཐབས་ནི། ལུས་ཤིང་ཁམས་པ་ཡིན་ན་གོས་སྔོ་ནག་གམ་དར་ནག་པོ་ལ་བྲི། མེ་ཁམས་པ་ཡིན་ན་དར་ལྗང་གུ་ལ་བྲི། ས་ཁམས་པ་ཡིན་ན་དར་དམར་པོ་ལ་བྲི། ལྕགས་ཁམས་པ་ཡིན་ན་དར་སེར་པོ་ལ་བྲི། ཆུ་ཁམས་པ་ཡིན་ན་དར་དཀར་པོ་ལ་བྲི། དེ་ལྟར་བྲིས་པ་གོས་ཀྱི་གོང་བ་ལ་བཙེམས་ཏེ་གོན་པས་ལུས་ཀྱི་དཔལ་སྐྱེད་པར་བྱེད་དོ། །གསུམ་པ་གྱེར་ཐབས་ནི། སྣོད་གཙང་མར་ཀ་ར་དང་བུ་རམ་དང་། སྦྲང་རྩི་དང་། བ་དམར་མོའི་མར་དང་། ཏིལ་མར་རྣམས་སྦྱར་བའི་མར་མེ་གཙང་མ་ལྔ་བྱ། དབང་པོ་ལག་པ་དང་། རྒྱ་མཚོ་ལྦུ་བ་དང་། སྲན་མ་དཀར་པོ་རྣམས་ཀྱི་ཕྱེ་མ་བཏབ། གཞི་གཙང་མའི་སྟེང་དུ་སྦར། བསང་དང་། གསེར་སྐྱེམས་དང་། དཀར་གསུམ་མངར་གསུམ་གྱིས་མཆོད་ཅིང་འདི་སྐད་དོ། །ཀྱེ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །གཟའ་དང་རྒྱུ་སྐར་ཐམས་ཅད་དང་། །སྤར་སྨེ་ལོ་ཡི་ས་བདག་དང་། །གཞན་ཡང་གཙུག་ལག་འབྱུང་བའི་ལྷ། །སྐར་མ་བཀྲམ་པ་ལྟ་བུ་ཀུན། །དེ་རིང་མཐུན་པའི་གནས་འདིར་གཤེགས། །འཕགས་པ་འཇམ་དཔལ་བྱིན་རླབས་དང་། །སྔགས་འཆང་བདག་གི་བདེན་སྟོབས་ཀྱིས། །སྲིད་པ་ཉི་ཟླའི་སྣང་གསལ་སྒྲོན། །རིན་ཆེན་སྣ་ལྔའི་ཀོང་བུ་རུ། །སྟོབས་ཀྱི་ཞུན་མར་རབ་ཏུ་འཁྱིལ། །དཔག་བསམ་ལྗོན་ཤིང་སྡོང་བུ་བཙུགས། །ནོར་བུའི་འོད་ཟེར་ཏ་ལ་ལ། །སྲིད་པའི་མུན་པ་ཐམས་ཅད་སེལ། །སྟོབས་དང་དབང་པོའི་ཡོན་ཏན་སྐྱེད། །དེ་འདྲའི་མཆོད་པ་ཁྱད་པར་ཅན། །འབུལ་བ་སྔགས་འཆང་བདག་གིས་འབུལ། །དོན་ནི་སྦྱིན་པའི་བདག་པོའི་དོན། །ལས་ནི་ལུས་ཀྱི་དཔལ་གཡང་སྐྱེད། །གཞན་ཡང་དཀར་གསུམ་བཏུང་བའི་མཚོ། །མངར་གསུམ་བཟའ་བ་རི་རབ་ཙམ། །མཆོད་དོ་གསོལ་ལོ་ལྷ་ཡི་ཚོགས། །བཞེས་ཤིག་རོལ་ཅིག་མཆོད་པའི་རྫས། །དགོངས་ཤིག་མཛོད་ཅིག་བདག་ཅག་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལུས་ཀྱི་ན་ཚ་ཞི་བར་མཛོད། །སྟོབས་དང་དཔལ་གཡང་རྒྱས་པར་མཛོད། །ཤིང་གི་ལུས་ནི་ཆུ་ཡིས་སྐྱེད། །རིགས་རྒྱུད་ཆུ་ལས་རིང་བར་ཤོག །མེ་ཡི་ལུས་ནི་ཤིང་གིས་སྐྱེད། །བཀྲག་མདངས་ཤིང་ལྟར་རྒྱས་པར་ཤོག །ས་ཡི་ལུས་ནི་མེ་ཡིས་སྐྱེད། །གཟི་བརྗིད་མེ་ལྟར་འབར་བར་ཤོག །ལྕགས་ཀྱི་ལུས་ནི་ས་ཡིས་སྐྱེད། །ལུས་སྲོག་ས་ལྟར་བརྟན་པར་ཤོག །ཆུ་ཡི་ལུས་ནི་ལྕགས་ཀྱིས་སྐྱེད། །སྟོབས་རྩལ་ལྕགས་ལྟར་ངར་བར་ཤོག །ལུས་སྲོག་ཉམས་པ་ཐམས་ཅད་ཞི། །རྒས་ཤིང་རྒུད་པ་མལ་ནས་སློངས། །ནད་དང་གནོད་པའི་འཕྲང་ལས་སྒྲོལ། །སྟོབས་དང་ལང་ཚོ་དཔའ་རྩལ་སྐྱེད། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ལྷ་རྒྱལ་ལོ། །ཞེས་འབོད་ཅིང་མར་མེ་སྦྱིན་བདག་གི་ལག་ཏུ་བཞག །དཀར་གསུམ་མངར་གསུམ་གྱི་ཞལ་ཟས་བཟང་པོའི་དགའ་སྟོན་ལ་ལོངས་སྤྱད། མར་མེ་རྣམས་ཀྱང་སྦྱིན་བདག་གིས་རྟེན་གསུམ་གྱི་མདུན་ནམ་རླུང་མེད་པའི་ཁྱིམ་ཕུགས་གཙང་མར་འབར་དུ་གཞུག །རྗེས་འབྲེལ་དུ་སཱཙྪ་གདབ། ས་བདག་བཅོས། འཕགས་མ་ནོར་རྒྱུན་མའི་གཟུངས་བཟླ་ཞིང་དབང་བསྐུར། སྦྱིན་བདག་ནད་པ་ཡིན་ན་ལུས་བསྒྱུར། གོས་གསར་གྱོན། མིང་ལེགས་པར་གསར་དུ་གདགས་སོ། །དེ་ལྟར་བྱས་པས་ལུས་རྒུད་པ་ཞི། ནད་རྙིང་པ་འབྱང་། གསར་པ་མི་སྐྱེ། རྒས་པ་གཞོན་ནུར་འགྱུར། སྟོབས་དང་རྩལ་དང་གཟི་བརྗིད་ཕུན་སུམ་ཚོགས་པས་ཁྲོམ་ཟིལ་གྱིས་གནོན་པ་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་རོ། །ལུས་སྐྱེད་པའི་གཏོ་ཐབས་མན་ངག་དང་བཅས་པ་རྫོགས་སོ། །མངྒ་ལཾ།། །། ༈ དབང་ཐང་སྐྱེད་པའི་གཏོ་བཞུགས་སོ། །འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དབང་ཐང་སྐྱེད་པའི་གཏོ་ལ་གསུམ་སྟེ། སྔགས་དང་། བྲི་ཐབས་དང་། གྱེར་ཐབས་སོ། །དང་པོ་སྔགས་ནི། ཨོཾ་སྤེལ་སྤེལ་ཡཾ་སྤེལ་ཡཾ་སྤེལ། ཡལ་ཡལ་དཾ་དཾ་རཾ་སྤུངས་རཾ་སྤུངས་འདུ་འདུ་ཧེ་ཧེ་འདུས། དབང་ཐང་དཔལ་དུ་སྐྱེད་ཅིག །ཞེས་བཟླས་པས་ཀྱང་དབང་ཐང་སྐྱེད་པར་བྱེད་དོ། །གཉིས་པ་བྲི་ཐབས་ནི། དབང་ཐང་ཤིང་ཡིན་ན་ཆུ་ཤེལ་ལམ་ཆུ་རྡོ་ལ་ཁ་ཆར་གྱི་ཆུས་སྦྱང་པའི་སྣག་ཚས་སྔགས་བྲི། མེ་ཡིན་ན་ཙནྡན་གྱི་བྱང་བུ་ལ་ཐང་ཆུའམ་སྦང་མའི་ཁུ་བས་བྲི། ས་ཡིན་ན་མེ་ཤེལ་ལམ་མེ་རྡོ་ལ་མཚལ་གྱིས་བྲི། ལྕགས་ཡིན་ན་གསེར་རམ་ར་གན་གྱི་བྱང་བུ་ལ་ཡུང་བས་བྲི། ཆུ་ཡིན་ན་ལྕགས་ཀྱི་བྱང་བུ་ལ་ར་དཀར་མོའི་འོ་མས་བྲིས་ནས་བཏགས་པས་དབང་ཐང་འཕེལ་བར་འགྱུར་རོ། །གསུམ་པ་གྱེར་ཐབས་ནི། རིན་པོ་ཆེའི་བུམ་པ་ལྔའམ་གཅིག་གི་ནང་དུ་དཔལ་དང་གཡང་ཅན་གྱི་ས་སྣ་ཆུ་སྣ། འབྲུ་སྣ། དར་སྣ། གོས་སྣ། ཟས་སྣ། རྟ་ཕྱུགས་ཀྱི་སྤུ་སྣ། ཕྱུག་པོ་དང་། དབང་ཐང་དང་། བསོད་ནམས་ཅན་གྱི་སེམས་རྟེན་རིགས་གང་རྙེད། མེ་རྒྱུན་མ་ཆད་པའི་ཐབ་ཆེན་པོའི་ས། ཆུ་རྒྱུན་མ་ཆད་པའི་ཆུ་རའི་དྲེག་པ། དབང་ཐང་རྒྱུན་མ་ཆད་པའི་མཁར་གྱི་རྨིང་ས་སོགས་ཀྱིས་དགང་། དབང་ཐང་གི་མ་དང་མཐུན་པའི་ཁ་དོག་སྒྱུར། ནོར་བུ་འབར་བ་བྲི། ཁ་གཅོད་དང་བཅས་གཡུང་དྲུང་རིས་ཀྱི་དབུས་སུ་བཞག །གཏའ་ལ་མ་ཐཱ་གཉན་ལ་ཐཱ། །མི་འཛད་ཡུན་གྱི་གཏེར་མཛོད་ཅིག །སིདྡྷི་ཕ་ལ་ཧཱུྃ། ཞེས་མང་དུ་བརྗོད་པས་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཀྱེ། དགོངས་སུ་གསོལ་ལོ་དཀོན་མཆོག་གསུམ། །གསན་དུ་གསོལ་ལོ་སྲིད་པའི་ལྷ། །གཤེགས་སུ་གསོལ་ལོ་ནོར་བདག་ཚོགས། །དེ་རིང་བཀྲ་ཤིས་གནས་འདིར་བྱོན། །གཏེར་གྱི་བུམ་པ་བཟང་པོ་འདི། །འཕགས་པ་འཇམ་དཔལ་བྱིན་གྱིས་བརླབས། །ལྷ་ཆེན་ཚངས་པས་བསྐོས་སུ་བཏབ། །ཀོང་རྩེ་རྒྱལ་པོས་བདེན་པས་བཀྲལ། །སྣོད་ནི་རིན་ཆེན་ལྔ་ལས་གྲུབ། །རྒྱ་ཆེན་བཀོད་ལེགས་འོད་དུ་འབར། །བཅུད་ནི་སྲིད་པའི་དཔལ་འབྱོར་བསྡུས། །དབང་ཐང་ལོངས་སྤྱོད་མཚོ་རུ་བསྐྱིལ། །དགོས་འདོད་འབྱུང་བའི་ནོར་བུ་ཆེ། །དེ་རིང་སྔགས་འཆང་བདག་ཅག་གིས། །སྦྱིན་བདག་དབང་ཐང་སྐྱེད་པའི་ཕྱིར། །དཔལ་དང་ལྡན་པའི་མགྲོན་ལ་འབུལ། །སྤྱན་གྱིས་གཟིགས་ལ་ཐུགས་ཀྱིས་དགོངས། །བཞུགས་པའི་གནས་དང་བརྟེན་པའི་མཁར། །བཀྲ་ཤིས་བུམ་པ་འདི་ལ་མཛོད། །སྦྱིན་བདག་དབང་ཐང་བསྐྱེད་དུ་གསོལ། །ཤིང་གི་དབང་ཐང་ཆུ་ཡིས་སྐྱེད། །དབང་ཐང་ཆུ་རྒྱུན་ཆད་མེད་ཤོག །མེ་ཡི་དབང་ཐང་ཤིང་གིས་སྐྱེད། །ལོངས་སྤྱོད་ཤིང་ལྟར་རྒྱས་པར་ཤོག །ས་ཡི་དབང་ཐང་མེ་ཡིས་སྐྱེད། ཁ་རྗེ་མེ་ལྟར་འབར་བར་ཤོག །ལྕགས་ཀྱི་དབང་ཐང་ས་ཡིས་སྐྱེད། །བསོད་ནམས་ས་ལྟར་ཆེ་བར་ཤོག །ཆུ་ཡི་དབང་ཐང་ལྕགས་ཀྱིས་སྐྱེད། །མཐུ་རྩལ་ལྕགས་ལྟར་ངར་བར་ཤོག །དབང་ཐང་སྒོ་བཞི་ཡོད་པ་དེ། །ཤར་ནས་བསོད་ནམས་དབང་ཐང་སྐྱེད། །བསོད་ནམས་རི་རྒྱལ་བརྟན་པར་ཤོག །ལྷོ་ནས་ཁས་བཙན་དབང་ཐང་སྐྱེད། །བཙན་བརྗིད་མེ་ལྟར་འབར་བར་ཤོག །ནུབ་ནས་སྙན་གྲགས་དབང་ཐང་སྐྱེད། །གྲགས་པ་འབྲུག་ལྟར་ཆེ་བར་ཤོག །བྱང་ནས་དཔལ་འབྱོར་དབང་ཐང་སྐྱེད། །འདོད་རྒུའི་རྒྱ་མཚོ་འཁྱིལ་བར་ཤོག །ཚེ་ཡི་རྫིང་བུ་མ་ཉམས་ཤིག །སྲོག་གི་ལྗོན་ཤིང་མ་ཆག་ཅིག །ལོངས་སྤྱོད་མཚོ་མོ་མ་སྐམས་ཤིག །རིགས་རྒྱུད་ཆུ་རྒྱུན་མ་ཆད་ཅིག །དཀོན་མཆོག་གསུམ་གྱི་ཕྱྭ་གཡང་ཕོབ། །སྲིད་པའི་ལྷ་ཡི་ཕྱྭ་གཡང་ཕོབ། །གནོད་སྦྱིན་ནོར་ལྷའི་ཕྱྭ་གཡང་ཕོབ། །ཕྱྭ་ཡི་ཉི་མ་སྒ་ར་ར། །གཡང་གི་ཟླ་བ་ཀྱི་ལི་ལི། །དབང་ཐང་གཟི་བརྗིད་མེ་རེ་རེ། །སྦྱིན་བདག་འདི་ལ་བརྟན་པར་ཤོག །སྭསྟི་སྭསྟི་བྷྲཱུྃ། ཞེས་དང་། གོང་གི་སྔགས་བཟླས་ལ། འབྲུ་སྣ་ཚོགས། ཕུད་སྣ་ཚོགས་ཀྱིས་མཆོད། བུམ་པ་དེ་ཡིད་བཞིན་གྱི་ནོར་བུར་བསམས་ལ་སྦྱིན་བདག་གི་ལག་ཏུ་གཏད། དེས་ཀྱང་སྤྱི་ལ་ཡིན་ན་ཁྱིམ་ཕུགས་སམ་མཛོད་ཕུགས་སུ་སྦ། སྒེར་དུ་ཡིན་ན་རང་གི་སྔས་མགོར་སྦ། དུས་དུས་སུ་མཆོད། རྒྱབ་ཆོས་སུ་བསང་མཆོད་ཆེན་པོ་གཏོང་། སྦྱིན་པ་རྒྱུན་མི་གཅད། ཛམྦྷ་ལའི་གཟུངས་བཟླ། འབྱོར་པའི་ཕུད་ཐམས་ཅད་ཀྱིས་བུམ་པ་ལ་མཆོད། ཕྱྭ་གཡང་དགུག་གོ །ཡང་། བུམ་པའི་རྫས་ལུགས་གཅིག་ལ་བཟང་ཤིང་མི་འདྲ་བ་བཅུ་གསུམ་གྱི་རྩེ་མོ། རི་ཆེན་པོ་བཅུ་གསུམ་གྱི་ས། བྲག་ཆེན་པོ་བཅུ་གསུམ་གྱི་རྡོ། ལུང་པ་ཆེན་པོ་བཅུ་གསུམ་གྱི་ཆུ། ཞིང་ཆེན་པོ་བཅུ་གསུམ་གྱི་ས་དང་འབྲུ་སྣ། སྔོ་སྨན་བཟང་པོ་བཅུ་གསུམ། འབྲུ་སྣ་བཅུ་གསུམ། ཕྱུག་པོ་བཅུ་གསུམ་གྱི་མར་དང་འབྲུ། བ་དམར་ཟལ་བཅུ་གསུམ་གྱི་འོ་མ། དེ་རྣམས་བཅུག་ཅིང་བླུགས་པར་གསུངས། སྐམ་རྫས་རྣམས་ཕྱེ་མར་བྱས་ཏེ་རློན་རྫས་རྣམས་ཀྱིས་རིལ་བུར་བྱས་ཏེ་བཀང་ཡང་རུང་ངོ་། །འདིའི་དམ་ཚིག་ཏུ་མཆོད་སྦྱིན་ཚོགས་གསོག་ལ་འབད། གཡང་སྐར་བཟང་པོའི་དུས་ནོར་ཕྱུགས་དང་། ཀ་ཆ་ཕྱིར་མི་གཏོང་། ཚོང་འགྲོ་འདུག །སོ་ནམ་བྱེད་པ། འབྲུ་སྡུད་པ། རྟ་ཕྱུགས་ཉོ་བ། རྟ་ཕྱུགས་སྤེལ་བ་སོགས་གཡང་སྐར་བཟང་པོའི་དུས་སུ་བྱ་བ་གཅེས། དེ་ལྟར་བགྱིས་པས་བསོད་ནམས་དང་དབང་ཐང་དཔལ་འབྱོར་རྒུད་པ་ཐམས་ཅད་སོར་ཆུད། བར་ཆད་ཞི། བསམ་རྒུ་འགྲུབ། བཀའ་བཙན། དབང་ཐང་དང་དཔལ་འབྱོར་རབ་ཏུ་རྒྱས་པར་འགྱུར་རོ། །དབང་ཐང་སྐྱེད་པའི་གཏོ་ཐབས་མན་ངག་དང་བཅས་པ་རྫོགས་སོ། །མངྒ་ལཾ།། །། ༈ ཀླུང་རྟ་སྐྱེད་པའི་གཏོ་བཞུགས་སོ། །འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཀླུང་རྟ་སྐྱེད་པའི་གཏོ་ལ་གསུམ་སྟེ། སྔགས་དང་། བྲི་ཐབས་དང་། གྱེར་ཐབས་སོ། །དང་པོ་སྔགས་ནི། ཨོཾ་ཨཱཿཧཱུྃ་ཧོ་ཧེ་སྟག་སེང་ཁྱུང་འབྲུག་འདིར་ཡར་སྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོ། ཞེས་བཟླས་པས་ཀྱང་ཀླུང་རྟ་སྐྱེད་པར་བྱེད་དོ། །གཉིས་པ་བྲི་ཐབས་ནི། ཀླུང་རྟ་ཤིང་ཁམས་པ་ཡིན་ན་དར་རམ་རས་སྔོན་པོ། མེ་ལ་ལྗང་གུ། ས་ལ་དམར་པོ། ལྕགས་ལ་སེར་པོ། ཆུ་ལ་དཀར་པོ་རྣམས་ཀྱི་གཞིར་སྣག་ཚ་ལ་རིན་པོ་ཆེ་བརྡར་བས་བྲིས་ཏེ་སྤྱི་བོར་བཏགས་པས་དྲག་ཞན་ཐམས་ཅད་ཀྱིས་རང་ལ་བྱམས་ཤིང་འདུན་པ་དང་། ཅི་སྨྲས་ཉན་པ་སོགས་ཀླུང་རྟའི་དཔལ་སྐྱེད་པར་བྱེད་དོ། །གསུམ་པ་གྱེར་ཐབས་ནི། བྲིས་པའི་སྔགས་དང་། ཤིང་རྩི་སྣ་ཚོགས་རི་དང་བྲག་མཐོན་པོའི་རྩེ། ཤིང་རིང་པོའི་རྩེ། མཁར་ཆེན་པོའི་རྩེ་སོགས་སུ་བཙུག །བསང་དང་མཆོད་པ་བྱས་ལ་འདི་སྐད་དོ། །ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །སྲིད་པ་ཡེ་སྨོན་རྒྱལ་པོ་དང་། །སྲིད་པ་ཡེ་སྨོན་རྒྱལ་མོ་གཉིས། །ལས་དང་སྨོན་ལམ་མཐུན་པའི་ཚེ། །སྟངས་དང་དཔྱལ་དུ་ཚོགས་པ་ལས། །སྲས་བུ་ཀླུང་རྟ་སྤུན་ལྔ་སྲིད། ཁྲི་དང་དགུ་འབུམ་འཁོར་གྱིས་བསྐོར། །འགྲོ་བ་ཡོངས་ཀྱི་ཀླུང་རྟ་སྐྱེད། །དེ་རིང་བཀྲ་ཤིས་གནས་འདི་རུ། །སྔགས་འཆང་བདག་གིས་འབོད་པའི་ཚེ། །ནམ་མཁའི་སྤྲིན་བཞིན་གཏིབ་ལ་བྱོན། །བར་སྣང་ཆར་བཞིན་འབབ་ལ་བྱོན། །ས་གཞིའི་རླངས་ལྟར་རྡོལ་ལ་བྱོན། །ལྷ་རྟེན་འདི་ལ་གཟིགས་སུ་གསོལ། །ཀྱེ། མཆོད་དོ་གསོལ་ལོ་དཀོན་མཆོག་གསུམ། །ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །བརྔན་ནོ་སྦྱིན་ནོ་ལྷ་ཀླུ་གཉན། །ཞི་དང་རྒྱས་དང་བཀྲ་ཤིས་མཛོད། །བསྐང་ངོ་མགྲོན་ནོ་ཀླུང་རྟའི་ཚོགས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ལུས་ཀྱི་ཀླུང་རྟ་བསྐྱེད་དུ་གསོལ། །དཔའ་རྩལ་གཟི་བརྗིད་ཐོགས་མེད་མཛོད། །ངག་གི་ཀླུང་རྟ་བསྐྱེད་དུ་གསོལ། །ཅི་སྨྲས་ཀུན་གྱིས་ཉན་པར་མཛོད། །ཡིད་ཀྱི་ཀླུང་རྟ་བསྐྱེད་དུ་གསོལ། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །ཤིང་གི་ཀླུང་རྟ་ཆུ་ཡིས་སྐྱེད། །ཕྲིན་ལས་ཆུ་རྒྱུན་རིང་བར་ཤོག །མེ་ཡི་ཀླུང་རྟ་ཤིང་གིས་སྐྱེད། །ཅི་འདོད་འབྲས་བུ་འབྱུང་བར་ཤོག །ས་ཡི་ཀླུང་རྟ་མེ་ཡིས་སྐྱེད། །སྟོབས་རྩལ་མེ་ལྟར་འབར་བར་ཤོག །ལྕགས་ཀྱི་ཀླུང་རྟ་ས་ཡིས་སྐྱེད། །ཆབ་སྲིད་ས་ལྟར་བརྟན་པར་ཤོག །ཆུ་ཡི་ཀླུང་རྟ་ལྕགས་ཀྱིས་སྐྱེད། །དབང་ཤུགས་ལྕགས་ལྟར་ངར་བར་ཤོག །དཔལ་དང་འབྱོར་པའི་རི་བོ་ལ། །སྙན་གྲགས་ཆེན་པོའི་རྒྱལ་མཚན་ཕྱར། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་སྩོལ། །སྭསྟི་སྭསྟི་བྷྲཱུྃ། ཞེས་དང་། གོང་གི་སྔགས་བཟླས། མཆོད་པ་དང་རོལ་མོ་རྒྱ་ཆེར་བྱ། རྒྱབ་ཆོས་སུ་འབུམ་སྡེ་ལྔ་སྒྲོགས། མར་མེ་མང་དུ་དབུལ། བྱ་སྟོན་དང་། བྱིས་སྟོན་དང་། སྤྲང་སྟོན་བྱ། གཞན་ཡང་རི་རྩེ་རྒྱས་ཀྱི་རྩེ་མོའི་ས། ཤིང་རྩེ་རྒྱས་ཀྱི་རྩེ་མོ། བྲག་རྩ་བ་བརྟན་རྒྱས་ཀྱི་རྡོ། ཤ་བའི་རྭ་རྩེ་གཡས་རྣམས་ཐུམ་པོ་བྱ། འབྱུང་བ་ལྔའི་སྙིང་པོ་་་༼སྤྱིར་ཨེ་ཡཾ་རཾ་བཾ་ལཾ། འབྱུང་རྩིས་རང་ལུགས་ཡཾ་རཾ་བྷྲཱུྃ་ཀཾ་ཁཾ།མཆན།༽དང་། ཡུལ་ཕྱོགས་དེའི་བཙན་ཕྱུག་འཕན་དར་འཛོམ་པ་ན་ཚོད་དར་མ་བཅུ་གསུམ་གྱི་མིང་བྲིས་པའི་མཇུག་ཏུ་འདི་ཐམས་ཅད་ཀྱི་དབང་ཐང་ཀླུང་རྟ་ཐམས་ཅད་མིང་འདི་ཞེས་བྱ་བས་ཐོབ་པར་ཤོག་ཅིག །ཅེས་གསོལ་བྱང་བྲིས་པའི་ཤོག་དྲིལ། ཤིང་འབྲས་བུ་ཅན་ལ་བཏགས་ཏེ་སྒོ་གོང་དུ་འཛུགས་སོ། །དེ་ལྟར་བྱས་པས་ཀླུང་རྟ་ཉམས་པ་གསོ། གནས་པ་འཕེལ། ཅི་སྨྲས་ཉན། ཅི་བསམ་འགྲུབ་པ་སོགས་ཡོན་ཏན་ཐམས་ཅད་དབྱར་གྱི་མཚོ་ལྟར་འཕེལ་བར་འགྱུར་རོ། །ཀླུང་རྟ་སྐྱེད་པའི་གཏོ་ཐབས་མན་ངག་དང་བཅས་པ་རྫོགས་སོ། །མངྒ་ལཾ།། །། ༈ འདི་རྣམས་རྒྱ་ནག་གི་གཏོ་སྒྲོམ་འབུམ་ཏིག་དང་། སྣང་གསལ་སྒྲོན་མེ་དང་། སྲིད་པའི་གྱེར་ཐབས་སོགས་ལ་བརྟེན་པ་སྟེ་ཕུག་པ་དཔལ་མགོན་ཕྲིན་ལས་ཀྱི་ཕྱག་དཔེ་ལས་ཀྱང་འབྱུང་ཞིང་ཕྱག་ལེན་དུ་མཛད་པ་ཡིན་ལ། གཏོ་ཐབས་ལྟར་གྱེར་བའི་ཚེ་བསང་བརྔན་དང་གསེར་སྐྱེམས་ཀྱིས་ཁོག་ཕུབ་ལ་བྱ། ཉེས་སེལ་གྱི་འཁོར་ལོ་ལས་འབྱུང་བའི་སྐྱེད་པ་བཞི་ལྡན་ཡང་བཏགས་པས་ཤིན་ཏུ་ཟབ་པར་འགྱུར་རོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།
བླ་མ་རིག་འཛིན་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང་ཕས་ཀྱི་ལྷ་ལྔས་སྐྱོབ་པའི་མན་ངག་གདམས་པ་ (Volume 44, Text 41)
༄༅༔ བླ་མ་རིག་འཛིན་རྒྱ་མཚོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་དང་ཕས་ཀྱི་ལྷ་ལྔས་སྐྱོབ་པའི་མན་ངག་གདམས་པ་བཞུགས་སོ༔ དཔལ་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ སྤྱི་ཁྱབ་ལྷ་དབྱེའི་གདམས་པ་ལས་རྣལ་འབྱོར་པ་རང་སྲུང་ཞིང་འགོ་བའི་ལྷ་ལྔ་དང་སྲུང་མས་སྐྱོབ་པའི་གདམས་པ་ཀུན་གྱི་ཐུན་མོང་མ་ཡིན་པའོ༔ འདི་ཡི་ལག་ལེན་བསྟན་པ་ནི༔ ཟླ་བ་ཡར་ངོ་རང་གི་བླ་གཟའ་དར་བའི་དུས༔ ཉི་མ་སྔ་དྲོ་དང་པོ་ལ༔ ཁ་ལྷོར་བསྟན་ཏེ་དར་དཀར་རམ་ནི་རྒྱ་ཤོག་ལ༔ འཁོར་ལོ་རིམ་པ་བཅུ་བསྐོར་ཏེ༔ ལྟེ་བ་ལ༔ བདེ་བར་གཤེགས་པའི་ཐུགས་རྟེན་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ༔ རང་སྲོག་ནྲྀ་དང་ཧཱུྃ་ཡིག་བྲི༔ རྭ་ཀུན་ལ་ཡང་ཧཱུྃ་རེ་བྲི༔ གཡས་གཡོན་དུ་ཕཊ་རེ་བྲི༔ རྡོ་རྗེ་དེའི་མཐའ་མ་ལ༔ རང་གི་ཡི་དམ་ལྷ་ཡི་སྔགས་ཞབས་ལ༔ བདག་ལ་ལྷ་ལྔ་དང༔ སྲུང་མ་ཐམས་ཅད་དང༔ སྣང་སྲིད་ལྷ་འདྲེས་སྐྱོབས་ཤིག་རཀྵ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ རིགས་གསུམ་མགོན་པོའི་ཡང་སྙིང་བྲི་བར་བྱ་སྟེ༔ བཛྲ་པཱ་ཎི༔ མ་ཎི་པདྨེ༔ ཝཱ་གི་ཤྭ་རི༔ གསུམ་གྱི་གཤམ་ལ་བདག་ལ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བྲི༔ དེའི་ཕྱི་རིམ་རྩིབས་ལྔ་ལ༔ ལྷ་ལྔས་སྐྱོབ་པའི་སྔགས་བྲི་སྟེ༔ དང་པོ་སྲོག་ལྷས་སྐྱོབ་པ་ནི༔ ཨ་ནཱ་ག་དུ་ན་ཛཿཛ༔ བདག་ལ་སྲོག་ལྷས་སྐྱོབས་ཤིག་སྭཱ་ཧཱ༔ གཉིས་པ་དགྲ་ལྷས་སྐྱོབ་པ་ནི༔ ཤེ་ཡ་མ་དུ་ནེ་ཛཿཛ༔ བདག་ལ་དགྲ་ལྷས་སྐྱོབས་ཤིག་སྭཱ་ཧཱ༔ གསུམ་པ་ཕོ་ལྷས་སྐྱོབ་པ་ནི༔ ཛྙཱ་རཀྴ་དུ་ནེ་ཛཿཛ༔ བདག་ལ་ཕོ་ལྷས་སྐྱོབས་ཤིག་སྭཱ་ཧཱ༔ བཞི་པ་མ་ལྷས་སྐྱོབ་པ་ནི༔ ན་རཀྨོ་དུ་ནེ་ཛཿཛ༔ བདག་ལ་མ་ལྷས་སྐྱོབས་ཤིག་སྭཱ་ཧཱ༔ ལྔ་པ་ཡུལ་ལྷས་སྐྱོབ་པ་ནི༔ ཡུ་ཏི་པ་ཀ་དུ་ནེ་ཛཿཛ༔ བདག་ལ་ཡུལ་ལྷས་སྐྱོབས་ཤིག་སྭཱ་ཧཱ༔ རྩིབས་མཆན་ལྔ་ལ༔ དང་པོ་ལ༔ སྲོག་ལྷའི་གནོད་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཉིས་པ་ལ༔ དགྲ་ལྷའི་གནོད་པ༴ གསུམ་པ་ལ༔ ཕོ་ལྷའི་གནོད་པ༴ བཞི་པ་ལ༔ མ་ལྷའི་གནོད་པ༴ ལྔ་པ་ལ༔ ཡུལ་ལྷའི་གནོད་པ༴ དེའི་ཕྱི་རིམ་རྩིབས་ལྔ་ལ༔ རིགས་ལྔས་བདག་ལ་སྲུང་བ་ནི༔ རྩིབས་དང་པོར༔ ཨོཾ་བདག་གི་ལུས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ནད་གདོན་འབྱུང་པོ་མི་མཐུན་རྐྱེན་ངན་པའི་ཕྱོགས་ཐམས་ཅད་སྲུངས་ཤིག་རཀྵ་སྭཱ་ཧཱ༔ གཉིས་པ་ལ༔ ཨཱཿབདག་གི་ངག་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་ནད་གདོན༴ ཞེས་འགྲེའོ། །གསུམ་པ་ལ༔ ཧཱུྃ་བདག་གི་ཡིད་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ནད་གདོན༴ བཞི་པ་ལ༔ སྭཱ་བདག་གི་ཡོན་ཏན་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱིས་ནད་གདོན༴ ལྔ་པ་ལ༔ ཧཱ་བདག་གི་ཕྲིན་ལས་ལ་བཅོམ་ལྡན་འདས་དོན་ཡོན་གྲུབ་པས་ནད་གདོན༴ རིགས་ལྔ་དང་ལྷ་ལྔའི་བར་དུ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་དང་མིང་འཇུག་སྲུང་ཡིག་དང་བཅས་པ་བྲི༔ རིགས་ལྔའི་ཕྱི་རིམ་དུ་མུ་ཁྱུད་ལ་རྡོ་རྗེ་རྣམ་འཇོམས་སྙིང་པོ་སྲུང་ཡིག་དང་བཅས་པ་བྲི༔ དེའི་ཕྱི་རིམ་ལ་ཚེ་དཔག་མེད་ཀྱི་སྙིང་པོ་དང༔ སྣང་བརྒྱད་ཀྱི་སྙིང་པོ་སྲུང་ཡིག་བཅས་བྲི༔ དེའི་ཕྱི་རིམ་ལྷ་ལྔའི་སྐུལ་ཚིག༔ ཀྱེ༔ འགོ་བའི་ལྷ་ལྔ་སྤྱན་འདྲེན་ནོ༔ ཞེས་སོགས་དང༔ ཆེ་གེ་བདག་ཉིད་ལྷ་དང་མི་རུ་མ་བྲལ་ཅིག༔ ཅེས་པ་ནས་ཆེ་གེ་ལ་རཀྵ་རཀྵ་སྭཱ་ཧཱ༔ ཡན་བྲི༔ དེའི་ཕྱི་རིམ་ལ་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ཕྱི་རིམ་ལ་རྡོ་རྗེའི་ར་བ་བྲི༔ དེའི་ཕྱི་རིམ་ལ་མེ་རི་བྲིའོ༔ དེ་རྣམས་ཀྱི་ཡིག་མགོ་ཕྱིར་བསྟན་ལ་གཟབ་མར་བྲིའོ༔ གི་ཝཾ་ལ་སོགས་བཟང་དྲུག་དང༔ ཙན་དན་ལ་སོགས་དྲི་བཟང་གིས༔ འཁོར་ལོ་དག་ལ་བྱུག་པར་བྱ༔ དེ་ནས་རས་དཀར་དྲི་མེད་སྟེང༔ འཁོར་ལོ་བཞག་ལ་རབ་གནས་ནི༔ བསང་སྦྱང་ལྷ་བསྐྱེད་དགུག་བསྟིམ་བྱ༔ དེ་ནས་སྔགས་འདི་བརྒྱ་རྩ་བརྒྱད༔ རྫས་དང་འཁོར་ལོ་དག་ལ་བཏབ༔ ཨ་ནཱ་ག་དུ་ན་ཛ༔ ཤེ་ཡ་མ་དུ་ནེ་ཛ༔ ཛྙཱ་རཀྴ་དུ་ནེ་ཛ༔ ན་རཀྨོ་དུ་ནེ་ཛ༔ ཡུ་ག་མ་ཏི་པ་ཙ་ཡ་ཛཿསྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བདག་ཆེ་གེའི་ལུས་ངག་ཡིད་གསུམ་ལ་འགོ་བའི་ལྷ་ལྔས་སྐྱོབས་ཤིག་རཀྵ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་དང༔ ཚེ་དཔག་མེད་ཀྱི་སྙིང་པོ་ཉེར་གཅིག་བཟླས་ལ་བཏབ་བོ༔ རྟེན་འབྲེལ་སྙིང་པོའི་མེ་ཏོག་འཐོར་ལ་སྲུངས་ཤིག་པའི་གསོལ་བ་གདབ༔ བཀྲ་ཤིས་བརྗོད༔ རྫས་ནི༔ སྲོག་ལྷའི་རྟེན་ལ༔ ཕ་སྤུན་གྱི་མདུང་ལྕགས༔ དགྲ་ལྷའི་རྟེན་ཡུལ་མི་འཕན་པོའི་མདེའུ༔ ཕོ་ལྷ་ལ་ནས་དཀར་མོ་འབྲུ་བདུན༔ མ་ལྷ་ལ་རང་གི་མའམ་སྲུ་མོའི་འཕང༔ སྲོག་མི་ཉམས་པར་གཡུ་མིག་མེད༔ མདངས་མི་ཉམས་པར་དར་དམར་པོ༔ བླ་མི་ཉམས་པར་བྱང་བུ་མིག་དགུ༔ གཞན་ཡང་གསེར༔ དངུལ༔ ཟངས༔ ལྕགས༔ བྱེ་རུ༔ ཤེལ༔ མ་ཤིང༔ ཕ་ཤིང༔ བུ་ཤིང་གསུམ༔ དེ་རྣམས་རས་དཀར་དུམ་རེས་དྲིལ་ལ་འཁོར་ལོའི་དཀྱིལ་དུ་གཞུག༔ སྔགས་གོང་ལྟར་གདབ༔ ལྷ་ལྔ་མཆོད་པའི་རྫས༔ བཤོས་བུ༔ འབྲང་རྒྱས༔ བསང་ལུག་ར་གཡག་དཀར་པོ༔ ཆང་ཕུད༔ ནས་འབྲུ་དེ་རྣམས་བྱིན་གྱིས་བརླབས་ལ༔ མཆོད་པ་ནི༔ ཀྱེ༔ འགོ་བའི་ལྷ་ལྔ་སྤྱན་འདྲེན་ནོ༔ དགྱེས་པའི་མཆོད་པ་འབུལ་ལགས་ན༔ ཆེ་གེ་ལ་སྲུང་ཞིང་སྐྱོབ་པའི་ཕྱིར༔ གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ༔ སྲོག་ལྷ་འཛིན་པོ་སྤྱན་འདྲེན་ནོ༔ ཙིཏྟ་སྙིང་གི་དཀྱིལ་ནས་གཤེགས་སུ་གསོལ༔ སྤྲུལ་པ་མི་དཀར་མང་པོར་སྤྲུལ༔ ར་སྐྱེས་ཁམ་པ་འདི་ཡིས་མཆོད་ལགས་ན༔ བདག་ལ་སྲུང་ཞིང་སྐྱོབ་ཏུ་གསོལ༔ དགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ༔ ཕྲག་པ་གཡས་ནས་གཤེགས་སུ་གསོལ༔ སྤྲུལ་པ་མི་དཀར་ཞུབ་ཅན་སྤྲུལ༔ མཆོད་པ་བཤོས་བུ་གཙང་མས་མཆོད༔ ཆེ་གེ་ལ་སྲུང་ཞིང༴ ཕོ་ལྷ་གཉན་པོ་སྤྱན་འདྲེན་ནོ༔ མཆན་ཁུང་གཡས་ནས་གཤེགས་སུ་གསོལ༔ སྤྲུལ་པ་ཕ་སྤུན་དར་མར་སྤྲུལ༔ མཆོད་པ་བསང་ལུག་གཙང་མས་མཆོད༔ ཆེ་གེ་ལ་སྲུང་ཞིང༴ མ་ལྷ་གཉན་པོ༴ མཆན་ཁུང་གཡོན་ནས༴ སྤྲུལ་པ་ན་ཆུང་མང་པོར་སྤྲུལ༔ མཆོད་པ་སྨན་ལེབ་གཙང་མས་མཆོད༔ ཆེ་གེ་ལ་སྲུང་ཞིང༴ ཡུལ་ལྷ་གཉན་པོ༴ སྤྱི་བོའི་གཙུག་ནས༴ སྤྲུལ་པ་ཡུལ་གྱི་གཙོ་རྗེར་སྤྲུལ༔ མཆོད་པ་གཡག་དཀར་དག་གིས་མཆོད༔ ཆེ་གེ་ལ་སྲུང་ཞིང་སྐྱོབ་ཏུ་གསོལ༔་་་འདི་ཡན་ཆད་མུ་ཁྱུད་ལ་བྲི། མཆན། ཀྱེ༔ ལྷ་དང་མི་རུ་མ་བྲལ་ཅིག༔ བདུད་ཆར་ལྟར་དུ་བབ་ན༔ ལྷས་སྦྲ་ལྟར་སྐྱོབས་ཤིག༔ གདོན་དགྲ་ལྟར་གནོད་ན༔ ལྷས་ཟིན་ལྟར་སྐྱོབས་ཤིག༔ འདྲེས་རྐུན་ལྟར་འཇབ་ན༔ ལྷས་ཁྱི་ལྟར་ཟུག་ཅིག༔ ལྷའི་འོག་ནས་མི་མ་ཡར་ཅིག༔ སྦྲའི་འོག་ནས་གོད་མ་གཏོང་ཞིག༔ སྲུང་འོག་ནས་གདོན་མ་ལྡང་ཞིག༔ གཉེན་འོག་ཏུ་སྨྲས་མ་ལྡང་ཞིག༔ ཁྱི་འོག་ཏུ་རྐུན་མ་མ་འཇབ་ཅིག༔ གནོད་པའི་དགྲ་བགེགས་ཐམས་ཅད་སྲུང་བ་འདི་ལས་མ་འདའ་ཞིག༔ བཀྲ་ཤིས་གཞུག་ལེགས་པའི་གཏས་སྲུངས་ཤིག༔ ལོ་བརྒྱ་ཐུབ་ལ་སྟོན་བརྒྱ་ཟ་བའི་གཏས་སྲུངས་ཤིག༔ བཀྲ་ཤིས་ནད་མེད་བསམ་པ་འགྲུབ་པ་དང༔ ནད་གདོན་འབྱུང་པོ་མ་ལུས་ཞི་བ་དང༔ ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང༔ ཆེ་གེའི་ལུས་ངག་ཡིད་གསུམ་ལ་མི་མཐུན་པའི་ནད་གདོན་སྲུང་ཞིང་ཞི་བར་མཛོད་ཅིག་སྭཱ་ཧཱ༔ ཞེས་ལྷ་ལྔ་མཆོད་ལ་སྲུང་བ་གདག་གོ༔་་་མཆན་ཁུང་གཡོན་ནམ་མགུལ་དུ་གདག་གོ །བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འགྲོ་བ་ལྷ་ལྔས་སྐྱོབ་པའི་ཕྱིར༔ གཅེས་པའི་སྲོག་སྲུང་དམ་པ་མཛད༔ སྲུང་བ་འདི་ཡི་ཡོན་ཏན་ནི༔ རང་ཉིད་བཙན་པོའི་མཁར་གནས་འདྲ༔ འདི་འཆང་གང་ཟག་སུ་ཡང་རུང༔ འགོ་བའི་ལྷ་ལྔས་སྐྱོབ་པ་དང༔ བདེ་གཤེགས་ཡོངས་ཀྱིས་བྱིན་བརླབ་ངེས༔ སྔགས་པས་དགྲ་བོ་ལྷ་དབྱེའི་དུས༔ འདི་ཡིས་རང་ལ་སྐྱོབ་པ་སྟེ༔ དགྲ་བོའི་ལྷ་ལྔ་དབང་དུ་སྡུད༔ གཞན་ཡང་བུས་པ་སྐྱེ་བོ་སོགས༔ འདི་བརྟེན་སྲོག་གི་མཁར་སོ་ཡིན༔ སྲུང་བ་གཞན་ལས་ཁྱད་པར་འཕགས༔ རྦོད་གཏོང་ནང་རྒྱས་ལོ་ཟླ་དང༔ ཞག་དང་ཟ་མའི་ཀག་ལས་ཐར༔ བསམ་པ་ཀུན་འགྲུབ་སྲུང་བ་འོ༔ དེ་ཕྱིར་ཀུན་གྱིས་ཉམས་སུ་ལོངས༔ བདག་འདྲ་པདྨ་འབྱུང་གནས་ངས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྒྱུད་ལུང་མན་ངག་ཀུན་གྱི་ལྟོ་ཚིལ་འདི༔ ཕྱི་རབས་བསྟན་པ་སྲུང་བའི་དོན་དུ་བསྒྱུར༔ ངེས་པའི་དོན་ཆེ་ལག་ཁྲིད་ཡིག་ཆུང་འདི༔ ཐེ་ཚོམ་ཡིད་གཉིས་མེད་པར་ཉམས་སུ་ལོངས༔ ངེས་པའི་ཤེས་པ་མེད་ན་གདམས་པ་ཡིན་རེ་ཤི༔ འདི་ལྟར་གཞུང་དོན་མན་ངག་ཉམས་བླངས་ན༔ དགྲ་བོ་ལྷ་དང་འབྲལ་བར་གདོན་མི་ཟ༔ ཉམས་སུ་བླངས་པའི་གདམས་པ་སྙིང་འདྲ་ཡིན༔ དེ་ཕྱིར་ཀུན་ལ་མི་སྤེལ་གསང་བར་བྱ༔ པ་གོར་བེ་རོ་ཙ་ན་འཇམ་དབྱངས་སྤྲུལ་པ་ཁྱོད༔ ལས་དང་ལྡན་པས་རྒྱ་གར་ཡུལ་དུ་ཕྱིན༔ སྔོན་གྱི་ལས་འཕྲོས་གསང་བའི་མན་ངག་རྣམས༔ གུ་རུ་རྣམ་བཞིའི་ཐུགས་ཀྱི་ཀློང་ནས་བྱོ༔ གནམ་ལྕགས་ཐོག་དང་འདྲ་བའི་མན་ངག་སྤུ་གྲི་ཀུན༔ ཕྱི་རབས་དོན་དུ་ས་ཡི་གཏེར་དུ་སྦས༔ ཞལ་གདམས་ཐུགས་ཐིག་ལུས་ཀྱི་ཁོག་པ་འདྲ༔ འགྲེལ་བྱེད་ལག་ཁྲིད་ཁོག་པའི་སྙིང་དང་འདྲ༔ སྤྱི་ཁྱབ་ལྷ་དབྱེ་རྣོ་བའི་ངར་དང་འདྲ༔ དེ་ཡི་ཕྱིར་ན་གསང་ཞིང་སྦ་བའི་གནད༔ ས་མ་ཡ༔ ཞེས་སྤ་གོར་ལ་གདམས་སོ༔ རྒྱ་རྒྱ་རྒྱ༔ སྤ་གོར་ཉིད་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་དབུ་རྩེར་སྦས་ནས་རྒྱས་བཏབ་བོ༔ ཟབ་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱི་གཏེར་མའོ། །ཤུ་བྷཾ།། །།
ཕྱིར་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པའི་སྐོར་རྣམས་ (Volume 45, Text 41)
༄༅། །ཕྱིར་ཟློག་འཁོར་ལོ་འབར་བའི་གཞུང་མན་ངག་དང་བཅས་པའི་སྐོར་རྣམས་བཞུགས་སོ། ། སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དུས་སྙིགས་མ་ལ་མང་ཡུལ་གུང་ཐང་དུ་ལྷ་སྲས་མུ་ཁྲི་བཙན་པོའི་གདུང་རྒྱུད་གཙང་མ་གཅིག་འབྱུང༔ དེ་ལ་བདུད་ཀྱི་བར་དུ་གཅོད་པ་བསྲུང་ཞིང་བསྐྱབ་ཕྱིར་བྲག་ལྟོ་འཕྱེ་སྤུངས་པ་ལ་གཏེར་དུ་སྦས་སོ༔ གལ་ཏེ་གཏེར་ཆོས་དང་མ་འཕྲད་པར་བདུད་ཀྱིས་བར་དུ་གཅོད་ན༔ བོད་ཀྱི་སྐྱིད་པ་ཟད་པར་འགྱུར་རོ༔ དེ་བསྲུང་བ་དང་གཏེར་འདོན་པའི་ལས་ཅན་དེའི་རྗེས་འཇུག་རྣམས་དང༔ རྒྱལ་པོའི་གདུང་རྒྱུད་ཕྱི་མ་རྣམས་བདུད་ཀྱིས་བར་དུ་གཅོད་པ་བསྲུང་བའི་ཕྱིར༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་འདི་རུ་ལག་རྒྱང་གི་ཡོན་པོ་ལུང་དུ་སྦས་སོ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ རྒྱ་གར་སྐད་དུ༔ ཙཀྲ་ཛྭ་ལ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བའི་ཚེ༔ རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་བདག་ཅག་རིག་འཛིན་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི་ཞེས་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱིས༔ འདི་ལོངས་ཤིག༔ ཆོངས་ཤིག༔ ཀློགས་ཤིག༔ ཡིད་ལ་གྱིས་ཤིག༔ སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ༔ བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་མེད་པར་འགྱུར་རོ༔ སྔགས་ནི་འདི་འོ༔ ༼༡ ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔ གཟུང་ཞིང་གཟུང་བའི་འཁོར་ལོ། ༼༢ ཛ་ཡ་ཛ་ཡ་ཙཀྲ༔ རྒྱལ་ཞིང་རྒྱལ་བའི་འཁོར་ལོ། ༼༣ ཧ་ན་ཧ་ན་ཙཀྲ༔ བསྣུན་ཞིང་བསྣུན་པའི་འཁོར་ལོ། ༼༤ བྷུ་རུ་བྷུ་རུ་ཙཀྲ༔ འགེབས་ཤིང་འགེབས་པའི་འཁོར་ལོ། ༼༥ བྷྲ་མ་ར་བྷྲ་མ་ར་ཙཀྲ༔ གཡོ་ཞིང་གཡོ་བའི་འཁོར་ལོ། ༼༦ བྷེ་དུ་མ་ནི་ཙཀྲ༔ འཇིགས་པར་སེམས་པའི་འཁོར་ལོ། ༼༧ ཛྭ་ལ་ཛྭ་ལ་ཙཀྲ༔ འབར་ཞིང་འབར་བའི་འཁོར་ལོ། ༼༨ སཾ་བྷཱ་བ་ག་ན་ནཱ་ཡ་སཱ་ར་ཙཀྲ༔ ཡང་དག་པར་ཚོགས་པའི་ཐུགས་ཀྱིས་འདྲེན་ཅིང་བསྐྱོད་པའི་འཁོར་ལོ། ༼༩ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ གནོན་ཞིང་གནོན་པའི་འཁོར་ལོ། ༼༡༠ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ༔ ཉམས་ཤིང་ཉམས་པའི་འཁོར་ལོ། ༼༡༡ བཾ་བཾ་ཙཀྲ༔ རླན་ཞིང་གཤེར་བའི་འཁོར་ལོ། ༼༡༢ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ༔ ཀུན་ཏུ་ཟློག་པའི་འཁོར་ལོ། ༼༡༣ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ༔ མཚོན་ཆའི་འཁོར་ལོ། སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོས་མི་སྡང་ཞིང་ཤི་ཁ་བྱེ་བ་ཐམས་ཅད་ཀྱི་སྲི་ལས་ཐར་བར་འགྱུར་རོ༔ དེ་སྐད་ཅེས་བཀའ་བསྩལ་པ་དང་རིགས་འཛིན་དང་བྱང་ཆུབ་སེེམས་དཔའི་ཚོགས་ཡི་རངས་ཏེ༔ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༔ མཚལ་དང་གུ་གུལ་དཀར་པོ་ལ་སྔགས་བཟླས་ནས་དུད་པས་བདུག་གོ༔ ཡུངས་དཀར་ལ་བཟླས་ལ་གདོང་དུ་གཏོར་རོ༔ ཚོན་སྐུད་སྣ་ལྔའི་སྐུད་པ་ལ་བརྒྱ་རྩ་བརྒྱད་བཟླས་ལ་མགུལ་དུ་གདགས་སོ༔ མར་ལ་བཟླས་ནས་ལུས་ལ་བྱུག་པར་བྱའོ༔ སྔགས་འདིས་ནི་ཕུར་ཁ་དང་བྱོལ་ཁ་ཐམས་ཅད་ཟློག་པར་འགྱུར་རོ༔ འདིའི་ཆོ་ག་ནི༔ མཆོད་རྟེན་དཀར་པོ་ཁྲུ་གང་བ་གཅིག་བྱའོ༔ དེའི་བུམ་པའི་ནང་དུ་ཁམ་ས་ལ་རིན་པོ་ཆེ་བརྡར་ལ༔ གང་བསྲུང་བའི་གཟུགས་བྱས་པ་ལ་སྙིང་གར་མིང་བྱས་ལ་གཞུག༔ དེའི་སྟེང་དུ་འཁོར་ལོ་རྩིབས་བཞི་བསྒོམ་མོ༔ མཆོད་རྟེན་དེ་མི་དམིགས་པ་ལས་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཕྱག་གཡས་ན་རྡོ་རྗེ་བསྣམས་ཏེ་ས་གནོན་གྱི་ཕྱག་རྒྱ་མཛད་པ༔ གཡོན་པ་མཉམ་གཞག་མཛད་པའི་ལྷུང་བཟེད་ཀྱི་ནང་དུ་གང་བསྲུང་བ་དེ་བསམས་ཏེ༔ སྐུ་ཚངས་པའི་འཇིག་རྟེན་གང་བར་བསམ་ལ༔ དེའི་ཐུགས་ཀ་ནས་ཧཱུྃ་འཕྲོས་པས་མདུན་གྱི་པདྨའི་སྟེང་དུ་ཁྲོ་བོ་དུད་ཀ་དབྱུག་པས་བགེགས་ཐམས་ཅད་ཚར་གཅོད་པའམ་བཀའ་ཉན་པར་བསམ༔ བསྙེན་པ་ནི་འབུམ་བསྐྱལ་ལོ༔ སྲི་ཅན་དང་བདུད་འདུལ་བའི་མན་ངག་འཁོར་ལོ་འབར་བ་ཞེས་བྱ་བ་རྫོགས་སོ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཕྱིར་ཟློག་སྲི་ཅན་མཐར་བྱེད་འདི༔ གུང་ཐང་རྒྱལ་པོའི་དོན་དུ་བཞག༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རུ་ལག་རྒྱང་གི་ཡོན་པོ་ལུང་ནས་རི་ཁྲོད་པ་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་གདན་དྲངས་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་གནང་བའོ།། །། ༈ ཕྱིར་ཟློག་འཁོར་ལོ་འབར་བའི་བཅས་བཤམ་འདོན་སྒོམ་དམིགས་བཟླས་ཀྱི་རིམ་པ་རྣམས་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ། ཕྱིར་ཟློག་འཁོར་ལོ་འབར་བའི་སྒོ་ནས་སྲི་ངན་ལས་རྒྱལ་བའི་ཆོ་ག་བྱ་བ་ལ་གཉིས་ཏེ། སྤྲོས་བཅས་མཆོད་རྟེན་ལ་བརྟེན་པ་དང་། སྤྲོས་མེད་ཏིང་ངེ་འཛིན་ལ་བརྟེན་པའོ། །དང་པོ་ལ་གཉིས་ཏེ། བཀོད་བཤམ་དང་ཆོ་ག་དངོས་སོ། །དང་པོ་ནི། འཇིམ་པ་བཟོ་ཐུབ་ལ་བྱིན་རླབས་སྔོན་དུ་འགྲོ་བས། བྱང་ཆུབ་མཆོད་རྟེན་ནམ་བདུད་འདུལ་མཆོད་རྟེན་དཀར་པོ་ཁྲུ་གང་བ་ཕྱག་ཚད་མཚན་ཉིད་དང་ལྡན་པར་བྱས་པའི་བུམ་པའི་ནང་དུ། ཁམ་ས་ལ་རིན་པོ་ཆེ་བརྡར་བའི་ཕྱེ་མ་བཏབ་པའི་འཇིམ་པར་བསྲུང་བྱའི་གཟུགས་སྙིང་གར་མིང་རུས་བྲིས་པའི་ཤོག་བྱང་བཀོད་པ་བཅུག་སྟེ་བུམ་ལྡིང་ནང་དུ་དགོད། དེའི་སྟེང་དུ་དབུབ་པའི་འཁོར་ལོ་ནི། ལྟེ་བར་བསྲུང་བྱའི་མིང་སྤེལ་ཚིག་དང་། རྩིབས་བཅུ་ལ་རང་སྔགས། དེ་མཐར་སྤྲོ་ན་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། དེ་མཐར་རྡོ་རྗེའི་རྭ་བ་དང་མེ་རིས་བསྐོར་བ་ལ་ཆོས་སྨན་བྱུགས་ཏེ་མཆོད་རྟེན་གྱི་རྩེར་གདུགས་ལྟར་དབུབ། དེ་མཐར་ཉེར་སྤྱོད་ལྔ་སོགས་མཆོད་པ་རྒྱ་ཆེན་པོ་བཤམ། རབ་གནས་རྒྱས་བསྡུས་གང་རིགས་བྱ། གཉིས་པ་ཆོ་ག་དངོས་ལ་སྐྱབས་སེམས་ཚད་མེད་བཞི་བྱང་གཏེར་སྤྱི་ལྟར་བྱས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས་རྒྱ་སྐད་ནས་བཟུང་སྟེ་གླེང་གཞི་ཚར་གཅིག་སོང་རྗེས། སྔགས་དེ་ཅི་མང་བཟླས་ཤིང་ཐུན་མཐར་ཐལ་རྡེབ་དང་། ཕན་ཡོན་སོགས་མཇུག་གི་རྫོགས་བྱང་བར་གཏོང་། དགེ་བསྔོ་ཤིས་བརྗོད་བྱའོ། །དེའི་དུས་སུ་དམིགས་པ་ནི། དམིགས་རྟེན་མི་དམིགས་སྟོང་པའི་ངང་ལས་མཆོད་རྟེན་གཞུང་ལྟར་མཚན་ཉིད་ཚང་བ་ཤིན་ཏུ་ཆེ་བ་གནམ་ས་ཁེངས་པ་ཙམ་དུ་བསྒོམས་པའི་བུམ་པའི་ལྟེ་བར། ཐུབ་དབང་མཚན་ཉིད་ཚང་བ་མཚན་དཔེས་སྤྲས་པ་ས་གནོན་མཉམ་གཞག་མཛད་པའི་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་བསྲུང་བྱ་གཟུགས་དང་སྐྱེ་མཆེད་གསལ་བར་གྱུར་པར་བསྒོམ། ཐུབ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་དུ་པད་སྟེང་དུ་ཁྲོ་བོ་དུད་ཀ་དབྱུག་ཏོ་འཕྱར་བས་བགེགས་དང་ལོག་འདྲེན་ཚར་གཅོད་ཅིང་བཀའ་ཉན་པར་བསྒོམ་མོ། །སྤྲོ་ན། མ་ལུས་སེམས་ཅན་སོགས་ཀྱིས་སྤྱན་དྲངས་གདན་འབུལ་བརྟན་བཞུགས་ཁྲུས་གསོལ་ཡན་ལག་བདུན་པ་མཆོད་བསྟོད་རྣམས་བྱ། མ་བྱུང་ཡང་གཞུང་ན་མི་གསལ་བས་ཆད་པའི་སྐྱོན་མེད། མཆོད་རྟེན་ཕྱིར་བྲིས་པའི་འཁོར་ལོ་དམིགས་རྟེན་བྱས་པའི་སྲུང་འཁོར་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་སྦུབས་སྟོང་ལྡིར་བ། ཁ་དོག་དམར་སེར་གང་རིགས་མེ་རི་གཡས་སུ་འཁོར་བས་སྲི་ཅན་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་བསམ་ལ་སྔགས་བཟླ། སྤྲོ་ན་སྐབས་སུ་མཆོད་རྟེན་ལ་ཕྱག་དང་བསྐོར་བ་ཅི་འགྲུབ་བྱ། བསྙེན་པ་འབུམ་སོང་བ་དང་བཅས་རྣམས་དབེན་པར་བཞག །ནམ་དགོས་དུས་སུ་ལོངས་སྤྱད། བྱིས་པ་གསོ་ན་ཕྱེ་མར་གྱི་རིལ་བུ་ལ་སྔགས་བཏབ་སྟེ་སྦྱིན་པ་དང་། གཞན་ཡང་མཚལ་དང་སྤོས་དཀར་ལ་སྔགས་བཏབ་ནས་དུད་པས་བདུག་པ་དང་། ཡུངས་དཀར་ལ་བཟླས་ཏེ་བྲབ་པ་དང་། ཆུ་གཙང་ལ་བཟླས་ཏེ་འཁྲུ་བ་དང་། ཚོན་སྐུད་ལ་བཏབ་སྟེ་སྐེ་ལ་གདགས་པ་དང་། མར་ལ་བཏབ་སྟེ་ལུས་ལ་བྱུགས་པ་སོགས་བྱས་པས་བྱད་ཕུར་ཟློག་ཅིང་སྲི་ལས་ཐར་བར་བཤད་པ་སོགས་གཞུང་ལྟར་རོ། །འདི་ཡང་དགེ་སློང་རྡོ་རྗེ་འཛིན་པ་མཉྫུཀིརྟིའི་བཀའ་ཕེབས་པ་བཞིན་དགེ་སློང་པདྨ་ཕྲིན་ལས་ཀྱིས་གཞུང་ལྟར་བསྲེ་བསླད་མེད་པར་བྲིས་པ་ལགས།། ༈ གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ འདིར་རུ་ལག་རྒྱང་གི་གཏེར་བྱོན་ཕྱིར་ཟློག་འཁོར་ལོ་འབར་བའི་ཆོ་ག་སྤྲོས་བཅས་མཆོད་རྟེན་ལ་བརྟེན་པའི་བཅའ་གཞི་དང་འཁོར་ལོ་བྲི་ཡིག་ལོགས་སུ་གསལ་བ་ལྟར་གྲུབ་རྗེས། སྤྲོས་མེད་ཏིང་ངེ་འཛིན་ལ་བརྟེན་པའི་ངག་འདོན་ཇི་ལྟར་བྱ་བ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་ལན་གསུམ་དང་ཚད་མེད་བཞི་ཚར་གཅིག་རྗེས་མཆོད་རྟེན་ལ་དམིགས་ཏེ། སྭཱ་བྷཱ་བ་སོགས། མཆོད་རྟེན་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ས་འཛིན་སེང་ཁྲིའི་སྟེང་། །བྱང་ཆུབ་མཆོད་རྟེན་གྲུ་བཞི་ཚད་མེད་བཞི། །བུམ་པ་བྲེ་དང་གདུགས་ཏོག་ཆོས་འཁོར་མཛེས། །རབ་དཀར་མཐོ་ཞིང་ལྷུན་སྡུག་སྲིད་རྩེར་སླེབ། །བུམ་ནང་པདྨ་ཟླ་བའི་གདན་སྟེང་དུ། །ཐུབ་དབང་ཤཱཀྱའི་རྒྱལ་པོ་བཅོམ་ལྡན་འདས། །གསེར་མདོག་ལ་སོགས་མཚན་དཔེས་རབ་སྤྲས་པ། །ཚངས་པའི་འཇིག་རྟེན་ཁེངས་པའི་སྐུ་ཡི་ཁྱོན། །ཕྱག་གཡས་རྡོ་རྗེར་བཅས་པའི་ས་གནོན་དང་། །གཡོན་པས་མཉམ་གཞག་ལྷུང་བཟེད་འཛིན་པའི་ནང་། །བསྲུང་བྱའི་ཕུང་ཁམས་སྐྱེ་མཆེད་གསལ་བར་གྱུར། །ཐུབ་དབང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །མདུན་དུ་པད་སྟེང་ཁྲོ་བོ་དུད་ཀའི་མདོག །རྡོ་རྗེའི་དབྱུག་པས་བགེགས་རྣམས་ཚར་གཅོད་གྱུར། །མཆོད་རྟེན་ཕྱི་རོལ་བྲིས་པའི་འཁོར་ལོ་ཉིད། །བསྐྱེད་གཞིར་གྱུར་པ་མཚོན་ཆའི་འཁོར་ལོ་ནི། ཁ་དོག་དམར་ནག་སྟེང་འོག་ཕྱོགས་མཚམས་བརྒྱད། །སྦུབས་སྟོང་རྩེ་རྣོ་མེ་རི་རབ་འབར་བ། །གཡས་སུ་འཁོར་བས་སྲི་ཅན་ཚར་གཅོད་གྱུར། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་སོགས་ཀྱིས་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས་སོགས་ཀྱིས་བཞུགས་སུ་གསོལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །སོགས་ནས། སྐུ་ཐོབ་ཤོག།བར་གྱིས་གོས་ཟུང་དབུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་དབུལ། ཇི་སྙེད་སུ་དག་ཕྱོགས་བཅུའི་སོགས་ཡན་ལག་བདུན་པ་བྱ། བསྡུ་ན། ཕྱག་འཚལ་བ་དང་མཆོད་ཅིང་སོགས་ཤློ་ཀ་གཅིག་པོ་བརྗོད། རྒྱ་སྐད་ནས་གཟུང་སྟེ་གླེང་གཞི་ཚར་གཅིག་སྔོན་དུ་འགྲོ་བས་བཟླས་པ་ཅི་འགྲུབ་བྱ། ཐུན་བསྡུ་བར་འདོད་ན་ཐལ་རྡེབ་ལན་གསུམ་བྱ། ཕན་ཡོན་དང་རྫོགས་བྱང་བར་དུ་བཏང་ལ་བསྔོ་སྨོན་བཀྲ་ཤིས་བྱ། ཐུན་མཚམས་མཆོད་རྟེན་ལ་ཕྱག་དང་བསྐོར་བ་ཅི་འགྲུབ་བྱ་ཞིང་བསྙེན་པ་འབུམ་བསྐྱལ་ལོ། །འདི་ཡང་ཉེ་བར་མཁོ་ཕྱིར་དགེ་སློང་པདྨ་ཕྲིན་ལས་ཀྱིས་མྱུར་བར་བྲིས་པའོ།། །། ༄༅། །ཕྱིར་ཟློག་འཁོར་ལོ་འབར་བའི་བཅས་བཤམ་དང་ངག་འདོན་བཀླག་ཆོག་ཏུ་བཀོད་པ་གྲུབ་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། གང་ཞབས་དྲན་པས་བདུད་སྡེའི་དཔུང་། །མཐར་མཛད་ཤཱཀྱའི་གཙོ་བོ་ལ། །བཏུད་ནས་འགལ་རྐྱེན་ཕྱིར་ཟློག་པ། །གྲུབ་པའི་རལ་གྲི་འདི་ན་གདེངས། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཟབ་མོའི་གཏེར་དུ་སྦས་པ། ཕྱིས་སྤྲུལ་སྐུ་བཟང་པོ་གྲགས་པས་སྤྱན་དྲངས་ཤིང་གྲུབ་མཐའ་ཐམས་ཅད་ལ་ཁྱབ་བརྡལ་དུ་རླུང་ལྟར་གྲགས་པའི་ཕྱིར་ཟློག་འཁོར་ལོ་འབར་བའི་མཆོད་རྟེན་སྒྲུབ་པ་དང་འབྲེལ་བའི་བཅས་བཤམ་ངག་འདོན་བཀླག་ཆོག་ཏུ་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྤྱིར་དབང་བསྐུར་བ་ཅི་རིགས་པ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། ཁྱད་པར་འདིའི་མན་ངག་ཐོབ་པའི་སྒྲུབ་པ་པོས་རས་གཞིའམ། རྒྱ་ཤོག་གཙང་མ་ལ་མཚལ་ལམ་སྣག་ཚས་འཁོར་ལོ་རྩིབས་བཅུ་གསུམ་པ་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ་ཧཱུྃ། དེ་མཐར་བསྲུང་བྱ་མིང་འདི་ཞེས་བྱ་བ་ལ་གནོད་པར་བྱེད་པའི་སོགས་ནས། གདོན་སྲི་སོགས་ཞེས་པའི་བར་འོག་གི་ངག་འདོན་དམོད་མོའི་སྐབས་ལྟར་ལ་མཐར་རཀྵ་རཀྵ། ཞེས་པ་ལྟ་བུས་མཚོན་ཏེ་སྤེལ་ཚིག་རྒྱས་བསྡུས་གང་རིགས་སྦྱར། དེ་རྒྱབ་རྩིབས་བཅུ་གསུམ་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་དུ། ཨོཾ་དྷུ་རུ་དྷུ་རུ་ཙཀྲ་སོགས་སྔགས་ཚན་བཅུ་གསུམ། དེ་རྒྱབ་དབྱངས་གསལ་རྟེན་སྙིང་རྡོར་རྭ་མེ་རི་རྣམས་སྤྱི་ལྟར་བྲི། ཆོས་སྨན་གྱིས་བྱུག །འཇིམ་པ་ལ་རིན་པོ་ཆེ་བསྲེས་ལ་རྒྱུ་བྱིན་གྱིས་བརླབ་པའམ། ལྷ་ཤིང་ལས་བྱང་ཆུབ་མཆོད་རྟེན་ནམ་བདུད་འདུལ་མཆོད་རྟེན་དུ་གྲགས་པ་ཁྲུ་གང་ཕྱག་ཚད་དང་ལྡན་པར་བཞེངས། ཁ་དོག་དཀར་པོ་བྱ། སྲོག་ཤིང་དང་རིང་བསྲེལ་རྣམ་བཞིའི་གཟུངས་གཞུག་སོགས་སྤྱི་ལྟར་ལ། སྤྲོ་ན་བུམ་པའི་ནང་དུ་ཐུབ་པའི་དབང་པོའི་སྐུ་གཟུངས་གཞུག་དང་བཅས་པ་མངོན་རྟོགས་དང་མཐུན་པར་བཞེངས་པའི། ཕྱག་གཡོན་ལྷུང་བཟེད་ཀྱི་ནང་དུ་ཁམ་ས་ལ་རིན་པོ་ཆེ་བརྡར་བས་བསྒྲུབ་བྱ་སྐྱེ་མཆེད་དོད་པར་བཟོས་པའི་སྙིང་གར་མིང་རུས་གཞུག་ཅིང་ཐུབ་པའི་དབང་པོར་ཐལ་མོ་སྦྱར་ཏེ་གུས་པའི་ཚུལ་གྱིས་གདོང་ཕྱོགས་པའི་རྣམ་པ་བྱ། མ་གྲུབ་ན་བསྒྲུབ་བྱ་རྐྱང་པའི་གཟུགས་ཀྱི་སྙིང་གར་མིང་རུས་བཀོད་པས་ཀྱང་འཐུས། དེ་ལྟ་བུའི་འཁོར་ལོ་དང་མཆོད་རྟེན་ལ་རབ་གནས་ལེགས་པར་བྱ། གནས་ཁང་ཕྱག་བདར་ཀྱིས་གཙང་བར་བྱས་པའི་གུང་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་འབྲུ་དཀར་གྱིས་སིལ་མར་གཏོར་བའི་དབུས་སུ་མཆོད་རྟེན་བཞུགས་སུ་གསོལ། དེའི་སྟེང་དུ་ཐོག་ཁར་སྲུང་འཁོར་བླ་བྲེ་ལྟར་དབུབ། མཆོད་རྟེན་གྱི་མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པའང་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་མཛེས་སུ་བཤམ། བདུག་རྫས་མཚལ་དཀར་དང་སྤོས་དཀར་ཤུག་ཕྱེ་གཙང་མ་ལ་བསྲེས་པ། ཐུན་རྫས་ཡུངས་དཀར། སྲུང་རྫས་སྐུད་པ་སྣ་ལྔ་སུམ་སྒྲིལ་དུ་བྱས་ཤིང་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ། བྱུག་རྫས་བ་དམར་སེར་གྱི་མར་སོགས་ཡོད་ན་རང་གི་ཉེ་ལོགས་གང་བདེར་བཞག །མདུན་དུ་རྡོ་རྗེ། དྲིལ་བུ། འཐོར་ནས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ་མཚམས་དམ་དུ་གཅད་པར་བྱའོ། །གཉིས་པ་དངོས་གཞི་ནི། གཏེར་གཞུང་དུ་བདག་བསྐྱེད་ཀྱི་ཁ་གསལ་མེད་ཀྱང་། ལས་དང་པོ་ལ་བདག་མདུན་སོ་སོར་བསྒོམ་ན་དམིགས་པ་འཆར་བདེ་ཞིང་འགལ་བ་མེད་པས། ཐོག་མར་བདག་བསྐྱེད་ནི། གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ སྲིད་གསུམ་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །འདུས་པའི་འཁོར་ཚོགས་རིག་འཛིན་བྱང་ཆུབ་སེམས། །རྡོ་རྗེའི་སྐུ་བརྙེས་པདྨཱ་ཀ་ར་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །ཆོས་ཀྱི་རྒྱལ་པོ་ལྷ་སྲས་མུ་ཁྲི་བཙན། །ཟབ་གཏེར་མངའ་བརྙེས་བཟང་པོ་གྲགས་པ་དང་། །མགོན་དེས་རྗེས་བཟུང་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །ཀུན་སྤངས་ཆེན་པོ་རི་པ་སངས་རྒྱས་དང་། །འདུལ་བ་འཛིན་པ་ནམ་མཁའ་མཆོག་བཟང་པོ། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །སྔགས་འཆང་ཆེན་པོ་འཇམ་དབྱངས་རྒྱལ་མཚན་དང་། །མཐུ་སྟོབས་མངའ་བདག་རིག་འཛིན་བདུད་འཇོམས་རྗེ། །ཐུགས་སྲས་སྔགས་འཆང་དབང་པོའི་སྡེ་ཉིད་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །འདི་ནས་ཤློ་ཀ་གསུམ་ལྔ་པ་རིན་པོ་ཆེས་མཛད།་་་མ་ལུས་རྒྱལ་བའི་སྤྱི་གཟུགས་འཁོར་ལོའི་མགོན། །གང་འདུལ་སྤྲུལ་པའི་རོལ་པར་ཡོངས་ཤར་བ། །རིག་འཛིན་ཆེན་པོ་ངག་གི་དབང་པོ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །རིག་འཛིན་མཆོག་དེས་རྗེས་བཟུང་ཐུགས་ཀྱི་སྲས། །ཟབ་ཆོས་གདམས་པ་ཀུན་གྱི་མཛོད་འཛིན་པའི། །མཁྱེན་བརྩེ་ནུས་ལྡན་ཟུར་ཆེན་བླ་མ་རྗེར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །ཚེ་རབས་དུ་མར་པདྨཱ་ཀ་ར་ཡིས། །རྗེས་སུ་བཟུང་བའི་བཟང་པོའི་ལས་འཕྲོ་ཅན། །གང་ཤར་རང་སར་གྲོལ་བའི་རིག་འཛིན་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །འདི་མན་གསར་དུ་ཞལ་སྐོང་།་་་པདྨ་ཕྲིན་ལས་གཏེར་བདག་གླིང་པ་སོགས། །བཀའ་སྲོལ་བྱིན་རླབས་དངོས་བརྒྱུད་བླ་མ་དང་། །ཡི་དམ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་ཟློག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་དེ། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཤིང་། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི་བརྒྱུད་འདེབས་ཞལ་སྐོང་དང་བཅས་པ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་སྐྱབས་སེམས་ཅི་ནུས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང་། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་ཅིང་གདོད་མའི་སྟོང་ཆེན་གྱི་དོན་དྲན་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་སྲུང་འཁོར་ལྷ་དང་བཅས་པ་གསལ་གདབ་པ་ནི། ཆོས་ཀུན་ཀ་དག་སྤྲོས་དང་བྲལ་བའི་ངང་། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ། །རྩེ་མོ་རྡོ་རྗེའི་ཏོག་གིས་ལེགས་མཚན་པར། །ཕྲ་རབ་རྡུལ་གྱི་རྡོ་རྗེས་ཡོངས་སུ་གཏམས། །ཕྱི་རོལ་ཁ་དོག་ལྔ་ལྡན་མེ་ཕུང་འབར། །གུར་ཁང་ནང་དུ་གསེར་འཁོར་བཅུ་གསུམ་རྩིབས། རྩིབས་ལོགས་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། །གཡས་འཁོར་རྩིབས་ལ་སྔགས་རྣམས་གྱེན་འགྲེང་བ། །སྔགས་ཀྱི་སྒྲ་རྣམས་འབྲུག་སྟོང་ལྟ་བུར་ལྡིར། །འོད་ཟེར་འཕྲོ་ཞིང་ལྟེ་བར་བྷྲཱུྃ་ཡིག་ལས། །གསེར་སྦྱངས་ལས་གྲུབ་བྱང་ཆུབ་མཆོད་རྟེན་ཆེ། །ལྟེ་བར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་སྤྲུལ་སྐུ་ཤཱཀྱ་སེང་གེའི་སྐུ །ས་གནོན་མཉམ་གཞག་བདུད་འདུལ་ཕྱག་རྒྱ་ཅན། །ཕྱག་གཡས་རྡོ་རྗེ་གཡོན་པས་ལྷུང་བཟེད་ནང་། །འདི་ནས་ཚིག་རྐང་དྲུག་གཏེར་གཞུང་དང་མཐུན་པར་གསར་དུ་བཙུད་པའོ། །བསྲུང་བྱ་འདུད་པའི་ཚུལ་ཅན་འཛིན་པར་མཛད། །སྐུ་ཡིས་ཚངས་པའི་འཇིག་རྟེན་ཁྱོན་ཀུན་གང་། །དེ་ཡི་ཐུགས་ནས་ཧཱུྃ་འཕྲོས་མདུན་པད་སྟེང་། ཁྲོ་བོ་དུད་ཀ་དབྱུག་པ་བསྣམས་པ་ཡིས། །བགེགས་རྣམས་ཚར་གཅོད་བཀའ་ཉན་ལས་ཀུན་བྱེད། །རིག་འཛིན་བྱང་སེམས་ཉན་རང་འཁོར་གྱིས་བསྐོར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡི། །ཧཱུྃ་ལས་འོད་འཕྲོས་རྟེན་དང་བརྟེན་པར་བཅས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿས་དམ་ཡེ་དབྱེར་མེད་པར། །རིག་པའི་རང་རྩལ་ངང་དུ་རོ་གཅིག་གྱུར། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པས་མཆོད། མཚན་མཆོག་ལྡན་པ་དྲི་མེད་ཟླ་འདྲའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་སྤྱན་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ༈ རང་ཉིད་ཐུབ་པར་གསལ་བའི་ཐུགས་ཀ་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ་ལ་སོགས། །ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཐོགས་པ་སྟོང་གསུམ་ཁྱབ་སྤྲོས་པས། །ལོ་ཟླ་ཞག་དུས་ཟ་མའི་ཀེག་རིགས་དང་། །ཆེ་སྲི་ཆུང་སྲི་དར་སྲི་ཕོ་ཡི་སྲི། །མོ་སྲི་ན་སྲི་དུར་སྲི་སྒོས་སྲི་དགྲ། །ཕུང་སྲི་རྒྱལ་སྲི་གདོན་སྲི་རྒན་གཞོན་སྲི། །ལོ་ཟླ་ཞག་དང་དུས་ཀྱི་སྲི་ངན་ཀུན། །སོ་སོའི་གཟུགས་དང་བྱད་དབྱིབས་ཇི་བཞིན་པ། །ཕྱི་ནང་རྩིབས་བར་བསྒོམས་པའི་གཟུགས་བྱང་ལ། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛཿ རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ། །དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱ། །ཕྱི་ནང་རྩིབས་གཉིས་དྲག་ཏུ་འཁོར་བའི་བར། །གནོད་བྱེད་གདོན་བགེགས་ཕྱེ་མ་དུམ་བུར་གཏུབ། །སྔགས་ཕྲེང་ལས་འཕྲོས་མེ་ཡིས་གཞོབ་ཐུལ་བསྲེག །ཐལ་བ་རྡུལ་ཕྲན་ལྟ་བུར་བརླག་པར་གྱུར། །ཅེས་དམིགས་པའི་གསལ་སྣང་བརྟན་པོ་རྩེ་གཅིག་ཏུ་བསྐྱེད་ལ་གཟུངས་བཟླ་བ་ནི། རྒྱ་གར་སྐད་དུ༔ ཙཀྲ་ཛྭ་ལ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བའི་ཚེ༔ རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ༔ བཅོམ་ལྡན་འདས་བདག་ཅག་རིག་འཛིན་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི་ཞེས་ཞུས་སོ༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱིས༔ འདི་ལོངས་ཤིག༔ ཆོངས་ཤིག༔ ཀློགས་ཤིག༔ ཡིད་ལ་གྱིས་ཤིག༔ སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ༔ བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་མེད་པར་འགྱུར་རོ༔ སྔགས་ནི་འདིའོ༔ ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ བྷྲ་མ་ར་བྷྲ་མ་ར་ཙཀྲ༔ བྷེ་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སམྦྷ་བ་ག་ན་ནཱ་ཡ་སཱ་ར་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ༔ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ༔ ཅེས་པའི་སྔགས་འདི་བརྒྱ་སྟོང་སོགས་གང་འོས་བཟླས་པའི་མཐར། སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོས་མི་སྡང་ཞིང་ཤི་ཁ་བྱེ་བ་ཐམས་ཅད་ཀྱི་སྲི་ལས་ཐར་བར་འགྱུར་རོ༔ དེ་སྐད་ཅེས་བཀའ་བསྩལ་པ་དང༔ རིག་འཛིན་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༔ ཞེས་ཕན་ཡོན་ཡང་དོན་ཡིད་ལ་དྲན་བཞིན་པས་འདོན། སླར་ཡང་ཅུང་ཟད་བཟླས་རྗེས། རང་ཉིད་ཤཱཀ་ཐུབ་སྐུར་གསལ་ཕྱག་མཐིལ་གཉིས། །ཉི་ཟླར་གསལ་བའི་བར་དུ་ཀེག་ངན་དང་། །སྲི་སོགས་གནོད་བྱེད་གདོན་བགེགས་མ་ལུས་པ། །ཕྱེ་མར་བཏགས་ནས་རྗེས་ཤུལ་མེད་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ་ཐལ་མོ་མཉམ་པར་སྦྱར་ཏེ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན་པ་དང་། མཉམ་མེད་ཤཱཀྱའི་རྒྱལ་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་རྣམ་པར་དག་པའི་བཀའ་བདེན་པ་དང་། རིག་འཛིན་སྔགས་འཆང་བདག་གི་བཀའ་བདེན་པ་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་ལོ་ཀག །ཟླ་ཀག །ཞག་ཀག །ཟ་མའི་ཀག །ཆེ་སྲི་ཆུང་སྲི་དར་སྲི་དུར་སྲི་ནད་སྲི་གོད་སྲི་ཕུང་སྲི་རྒྱལ་སྲི་གདོན་སྲི་སོགས་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བརྗོད་པ་དང་ཐལ་མོ་བསྒྱུར་ཞིང་བརྡབ་པ་ལན་གསུམ་གྱི་མཐར། སྤྲོ་ན། རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །ཅེས་འདོད་གསོལ་སྨོན་ལམ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་བཀྲ་ཤིས་ཀྱང་བརྗོད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྲུང་འཁོར་མཆོད་རྟེན་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། རང་ཐུབ་པ་ཆེན་པོའི་ང་རྒྱལ་བརྟན་པོའི་ངང་། མདུན་བསྐྱེད་ཀྱི་མཆོད་པ་བྱིན་རླབས་རང་རང་གི་ལུགས་ཀྱི་རྒྱས་བསྡུས་གང་རུང་ཀྱང་རུང་མོད། འདིར་སྤྱིར་བཏང་དུ། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། མཆོད་རྟེན་འཁོར་ལོ་དང་བཅས་པ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། མདུན་རྟེན་མི་དམིགས་སྟོང་པ་ཉིད་ཀྱི་ངང་། །ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །རྡོ་རྗེའི་ར་བ་དྲྭ་བ་གུར་བླ་བྲེ། །རྩེ་མོ་རྡོ་རྗེའི་ཏོག་གིས་ལེགས་མཚན་པར། །ཕྲ་རབ་རྡུལ་གྱི་རྡོ་རྗེས་ཡོངས་སུ་གཏམས། །ཕྱི་རོལ་ཁ་དོག་ལྔ་ལྡན་མེ་ཕུང་འབར། །གུར་ཁང་ནང་དུ་གསེར་འཁོར་བཅུ་གསུམ་རྩིབས། །རྩིབས་ལོགས་རྩ་རྩེ་རྒྱ་གྲམ་ལྟེ་བར་ཟུག །དེ་ནང་བཅུ་གསུམ་རྩིབས་རྩེ་ཕྱིར་བསྟན་པ། །གཡས་འཁོར་རྩིབས་ལ་སྔགས་རྣམས་གྱེན་འགྲེང་བ། །སྔགས་ཀྱི་སྒྲ་རྣམས་འབྲུག་སྟོང་ལྟ་བུར་ལྡིར། །འོད་ཟེར་འཕྲོ་ཞིང་ལྟེ་བར་བྷྲཱུྃ་ཡིག་ལས། །གསེར་སྦྱངས་ལས་གྲུབ་བྱང་ཆུབ་མཆོད་རྟེན་ཆེ། །ལྟེ་བར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་སྤྲུལ་སྐུ་ཤཱཀྱ་སེང་གེའི་སྐུ །ས་གནོན་མཉམ་གཞག་བདུད་འདུལ་ཕྱག་རྒྱ་ཅན། །ཕྱག་གཡས་རྡོ་རྗེ་གཡོན་པས་ལྷུང་བཟེད་ནང་། །བསྲུང་བྱ་འདུད་པའི་ཚུལ་ཅན་འཛིན་པར་མཛད། །སྐུ་ཡིས་ཚངས་པའི་འཇིག་རྟེན་ཁྱོན་ཀུན་གང་། །དེ་ཡི་ཐུགས་ནས་ཧཱུྃ་འཕྲོས་མདུན་པད་སྟེང་། ཁྲོ་བོ་དུད་ཀ་དབྱུག་པ་བསྣམས་པ་ཡིས། །བགེགས་རྣམས་ཚར་གཅོད་བཀའ་ཉན་ལས་ཀུན་བྱེད། །རིག་འཛིན་བྱང་སེམས་ཉན་རང་འཁོར་གྱིས་བསྐོར། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ཡི། །ཧཱུྃ་ལས་འོད་འཕྲོས་རྟེན་དང་བརྟེན་པར་བཅས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ ཞེས་དང་སྤྲོ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་རྣམས་གཤེགས་སུ་གསོལ། །ཞེས་སོགས་ཚིགས་གཅད་རྒྱས་བསྡུས་ཇི་ལྟར་རིགས་པས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་སྔགས་དང་བཅས་པས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་སྐུ་ཕྱི། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསཏྲ་ཡ་སྭཱ་ཧཱ། ཞེས་པས་གོས་ཟུང་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སཏྭམ་གྱིས་གདན་ཕུལ་བ་ལ། ཛཿཧཱུྃ་བཾ་ཧོཿས་དམ་ཡེ་དབྱེར་མེད་པར། །བསྐྱེད་པའི་ལྷ་ཚོགས་རྣམས་དང་རོ་གཅིག་གྱུར། །ཅེས་བརྗོད་པས་མདུན་བསྐྱེད་དང་དབྱེར་མེད་དུ་བཞུགས་པར་བསམ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཚང་བའམ་ཕྱག་མཆོད་ཙམ་དང་། མཎྜལ་རྒྱས་པའམ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་ཚར་གྲངས་ཇི་ལྟར་རིགས་པས་དབུལ། མཚན་མཆོག་ལྡན་པ་དྲི་མེད་ཟླ་འདྲའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་སྤྱན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བསྡུ་ན་སྤྱན་འདྲེན་སོགས་མ་བྱས་ཀྱང་ཆད་པའི་སྐྱོན་མེད་པས་བདག་བསྐྱེད་སྐབས་ལྟར་བྱས་ཀྱང་རུང་། དེ་ནས། བདག་མདུན་ཐུབ་པར་གསལ་བའི་ཐུགས་ཀ་ནས། ལག་ན་རྡོ་རྗེ་སྟོབས་པོ་ཆེ་སོགས་ནས་གཟུངས་བཟླ་བའི་བར་གོང་ལྟར་ལ་ཐུན་གྱི་དངོས་གཞིར་བཟླས་པ་གང་འགྲུབ་བྱ། །ཐུན་བསྡུ་རན་པ་ན་བདུག་རྫས་སོགས་ཡོད་ན་ཕུས་གདབ་ཅིང་བསྔགས། སྔགས་འདི་བཟླས་པ་ཙམ་གྱིས་སོགས་ཕན་ཡོན་དང་། བདག་མདུན་ཤཱཀ་ཐུབ་སྐུར་གསལ་སོགས་ཐལ་རྡེབ་བར་གོང་ལྟར་བྱ། དེ་ནས་མདུན་བསྐྱེད་ལ་གཏང་རག་གི་ཚུལ་དུ། མེ་ཏོག་དམ་པ་སོགས་ཀྱིས་མཆོད། མཚན་མཆོག་ལྡན་པ་སོགས་ཀྱིས་བསྟོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་བཞུགས་བྱ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར། ཅེས་གནས་གསུམ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །ཐུབ་པའི་དབང་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། ཆེ་བའི་ཆེ་མཆོག་ལྟ་བུ་མདོ་རྒྱུད་ལས་བྱུང་བའི་མཚོན་ཤིས་པ་བརྗོད་པའི་ཚིགས་སུ་གཅད་པས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུ། ཇི་སྙེད་སུ་དག་སོགས་དང་བཅས་མཆོད་རྟེན་ལ་ཕྱག་དང་། གཟུངས་བཟླ་བཞིན་དུ་བསྐོར་བ་ཉེར་གཅིག་སོགས་གང་འགྲུབ་རེ་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་བཞི་སོགས་སུ་གཅད་ལ་གཟུངས་འབུམ་ཕྲག་གཅིག་བཟླ་བར་གསུངས། དེའང་ཟླ་བ་གཅིག་ལ་མཚོན་ན་ཐོག་མར་ཞག་གསུམ་ཙམ་དུ་བདག་བསྐྱེད་གཙོ་བོར་བཏོན་ལ་མཇུག་ཏུ་བདག་བསྐྱེད་མ་ཆག་ཙམ་བྱ། དེ་ནས་དངོས་གཞི་བདག་བསྐྱེད་སྒོམ་བཟླས་ཅུང་ཟད་རེ་སྔོན་དུ་འགྲོ་བས་མདུན་བསྐྱེད་གཙོ་བོར་བཏོན་ལ། གཟུངས་སྔགས་འབུམ་ཕྲག་གཅིག་ཁ་སྐོང་དང་བཅས་པ་འགྲོ་ངེས་སུ་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་གྲོལ་ནས་འཁོར་ལོ་དང་མཆོད་རྟེན་མཆོད་གྲལ་ལྟ་བུའི་གནས་སུ་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ་ཞིང་མཆོད་པ་བྱ། འཁོར་ལོ་མང་པོ་ཡོད་ན་སྤྱི་བཞིན་དུ་ལྟེ་བ་མ་ཉམས་པར་བལྟབས་ལ་ཚོན་སྐུད་ཀྱིས་བཅིངས། སླར་ཡང་རབ་གནས་མདོར་བསྡུས་དང་བཅས་བསྲུང་བྱ་ལ་གདགས་ཀྱང་ལེགས། བདུག་རྫས་ཀྱིས་བདུག་པ་དང་། སྔགས་མར་བྱུགས་ཤིང་སྲིའུ་སོགས་ལ་ནུ་ཞོ་དང་སྦྱར་ནས་སྦྱིན་ཀྱང་རུང་། སྲུང་སྐུད་མགུལ་ལམ་དཔུང་པར་གདགས། གནོད་འཚེ་སོགས་བྱུང་བའི་སྐབས་སུ་གཟུངས་སྔགས་བཟླ་བཞིན་ཡུངས་དཀར་གྱིས་བྲབ་པ་རྣམས་ལག་ཏུ་བླངས་པས་སྲི་ཀེག་ཐམས་ཅད་ལས་ཐར་བར་འགྱུར་བ་ནི་ངེས་པའོ།། །། ༈ ཞར་བྱུང་དམིགས་རིམ་གྱི་གསལ་བྱེད་ཅུང་ཟད་བཤད་ན། སྭ་བྷཱ་བའི་སྔགས་བརྗོད་པ་དང་ལྷན་ཅིག །གཟུང་འཛིན་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་མའི་སྟོང་ཆེན་ཀ་དག་གི་དབྱིངས་སུ་ཐིམ་པའི་རང་རྩལ་ཧཱུྃ་གསེར་གྱི་མདོག་ཅན་ཡོངས་སུ་གྱུར་པ་ལས། འོག་གཞི་སྣ་ཚོགས་རྡོ་རྗེ་དབང་ཆེན་གསེར་གྱི་ས་གཞི་དང་མཉམ་པའི་བར་མཚམས་ཐམས་ཅད་སྣ་ཚོགས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པ། དེའི་མཐའ་སྐོར་ནས་གྱེན་དུ་རིམ་པར་ཟླུམ་པའི་རྡོ་རྗེའི་རྭ་བ་སྟེང་ནས་གུར་ཁང་ལྕགས་རྨོག་ཁ་སྦུབས་པ་ལྟ་བུ་དང་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་རྡོ་རྗེའི་དྲྭ་བ་དང་དྲྭ་ཕྱེད། ནང་གི་བར་སྣང་དུ་རྡོ་རྗེའི་བླ་བྲེ། རྩེར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ཡོད་པའི་སྟེང་དུ་རྡོ་རྗེ་རྭ་གདེངས་པ་ཕྱེད་པའི་ཏོག་གིས་མཚན་པ། དེ་དག་ཐམས་ཅད་ཀྱི་བར་མཚམས་ཀུན་ཏུ་རྡོ་རྗེ་ཆུང་ངུས་ཞལ་བའི་མིག་ཚགས་ལྟར་བཀག་པས་ཤིན་ཏུ་འཐས་པར་གྱུར་པས་ཕྱི་ནས་རླུང་མི་ཐར་ཞིང་ནང་ནས་ཆུ་མི་འཛག་པ་ལྟ་བུའི་སྲ་ཞིང་མཁྲེགས་པ། ཕྱི་རོལ་དུ་མེ་ཕུང་ཁ་དོག་ལྔ་ལྡན་དུ་འུར་འུར་འབར་བའི་སྒྲ་དང་བཅས་པ། དེ་ལྟ་བུའི་སྲུང་འཁོར་གྱི་ནང་དུ་གསེར་ལས་གྲུབ་པའི་སིལ་སྙན་ཁ་སྦྱར་བའི་ལོ་མ་རྩིབས་ཀྱི་དབལ་ཁ་གཏོད་པ་ལྟ་བུའི་ནང་ཁོང་སེང་ཅན་ཕྱོགས་འཁོར་བཅུ་གསུམ་རྩིབས་ནང་དུ་ལོག་པའི་རྣམ་པ་སྟེ། དཔེར་ན་ཁུག་མ་གྲུ་བཞིའི་ཟུར་ནང་དུ་སློག་པ་ལྟར་དབལ་རྩེ་ནང་དུ་ལོག་ཅིང་། རང་རང་གི་སྦུབས་ཕྱི་ལ་ཧུ་རེ་མངོན་པ་ཆུ་འཁོར་ལྟ་བུའི་འཕྲུལ་དང་ལྡན་པ། ལྟེ་བའི་སྦུབས་ཀྱི་ཡས་མས་ཀྱི་དབུས་ནས་མདུང་སོ་ལྟ་བུའི་ཁོང་སེང་ཅན་གྱི་རྩིབས་རྩེ་གཉིས་སྲུང་འཁོར་གྱི་སྟེང་འོག་གི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་མ་ཎིའི་འཁོར་ལོའི་རྟིང་ལྕགས་ལྟར་ཟུག་པ། དེའི་ནང་དུ་སྤུ་གྲི་མཚོན་འཁོར་གྱི་རྣམ་པ་ཅན་གྱི་འཁོར་ལོ་རྩིབས་བཅུ་གསུམ་པའི་རྩེ་མོ་ཕྱིར་བསྟན་པ་གཡས་སུ་འཁོར་བའི་སྟེང་དུ། ཨོཾ་དྷུ་རུ་དྷུ་རུ་སོགས་སྔགས་མཚན་བཅུ་གསུམ་གྱེན་དུ་འགྲེང་ཞིང་སྔགས་འབྲུ་རང་རང་གི་སྒྲ་འབྲུག་སྟོང་ལྟར་ལྡིར་བ་ཉི་མ་བྱེ་བའི་གཟི་འོད་ཅན། དེའི་ལྟེ་བར་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་གསེར་བཙོ་མ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡངས་ཤིང་རྒྱ་ཆེ་བ། དེའང་གཏེར་གཞུང་ལས་མཆོད་རྟེན་ཁ་དོག་དཀར་པོར་བྱ་བར་གསུངས་པ་ཙམ་ལས་བསྒོམ་དོན་སྐབས་ཀྱི་ཁ་དོག་མི་གསལ་ཞིང་རིག་འཛིན་པད་ཕྲིན་སོགས་ཀྱིས་ཀྱང་དམིགས་བསལ་མ་གསུངས་མོད། འདིར་ཀུན་མཁྱེན་ལྔ་པའི་གསུང་སོར་བཞག་པ་ཡིན། དེའི་བུམ་པའི་ནང་དུ་ཧཱུྃ་གསེར་མདོག་ཡོངས་སུ་གྱུར་པ་ལས་བདུད་བཞིས་བཏེགས་པའི་རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་ཐུབ་པའི་དབང་པོ་སྐུ་ཤིན་ཏུ་ཆེ་བ་ཚངས་པའི་འཇིག་རྟེན་ཁྱོན་གང་བ་སྐུ་མདོག་སེར་པོ། གཡས་རྡོ་རྗེ་དང་བཅས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་དུ་ལྷུང་བཟེད་བསྣམས་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་གི་མདོག་ཅན་གསོལ་ཞིང་མཚན་དཔེའི་གཟི་བྱིན་འབར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷུང་བཟེད་ཀྱི་ནང་དུ་བསྲུང་བྱ་མངོན་སུམ་ལྟ་བུ་གོས་རྒྱན་གཟབ་འཕྱོར་དང་བཅས་ཏེ་ཐུབ་པའི་དབང་པོའི་ཞལ་ལ་བལྟ་ཞིང་སྐྱབས་གསོལ་བའི་ཚུལ་གྱིས་ཐལ་མོ་སྦྱར་ཏེ་འཁོད་པ། ཐུབ་པའི་ཐུགས་ནས་ཧཱུྃ་འཕྲོས་པས་མདུན་དུ་ལས་བྱེད་ཀྱི་ཁྲོ་བོ་དུད་ཀ་གཡས་རྡོ་རྗེའི་དབྱུག་པ་ཕྱར་བས་བགེགས་རྣམས་ཚར་གཅོད་ཅིང་། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བས་ཐམས་ཅད་ལས་ལ་བཀོལ་བ། འཁོར་རིག་འཛིན། བྱང་སེམས། ཉན་ཐོས། རང་རྒྱལ་ཏེ་ཐེག་པ་ཡོངས་རྫོགས་ཀྱི་དགེ་འདུན་དཀོན་མཆོག་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པས་བསྐོར་བ་གསལ་གདབ། གནས་གསུམ་བྱིན་རླབས། ཡེ་ཤེས་པ་བསྟིམ་པ། མཆོད་བསྟོད་སོགས་གཞུང་གསལ་ལྟར་དང་། རང་དང་མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀ་ནས་ལག་ན་རྡོ་རྗེ་དང་ཁྲོ་བོ་སྟོབས་པོ་ཆེ་ལ་སོགས་ཕྱག་རྒྱ་བཞི་ལྡན་གྱི་ཕོ་ཉ་ནམ་མཁའ་གང་བར་སྤྲོས་པས། འཁོར་ལོ་ཕྱི་ནང་གི་རྩིབས་བར་དུ་སྲི་རྐང་བཅུ་གསུམ་གཙོ་བོར་གྱུར་པའི་གནོད་བྱེད་འབྱུང་པོའི་གཟུགས་བརྙན་མངོན་སུམ་ལྟ་བུར་གསལ་བ་ལ་དེ་རྣམས་ཀྱི་རྣམ་ཤེས་དགུག་གཞུག་འཆིང་མྱོས་དབྱེ་ཞིང་དབབ་པས་དབྱེར་མེད་དུ་གྱུར། སྔགས་བཟླས་པའི་རྐྱེན་གྱིས་ཕྱི་རྩིབས་གཡོན་དང་། ནང་རྩིབས་གཡས་སུ་འཁོར་བའི་སོ་འཐབ་བར་དུ་སྤུ་གྲིས་ཤ་བཙབས་པ་ལྟར་ཐར་ཐར་དུ་རྡུལ་དུ་བརླག །སྔགས་ཕྲེང་ལས་བྱུང་བའི་མེ་ལྕེས་རོ་མའང་ཐལ་བ་བུན་བུན་དུ་བསྲེགས་པས་དམིགས་མེད་ཀ་དག་གི་དབྱིངས་སུ་ཐིམ་པར་བསམ་ལ་གཟུངས་སྔགས་རྩེ་གཅིག་ཏུ་བཟླ། མཐར་བདེན་བརྗོད་ཐལ་རྡེབ་སོགས་ཀྱི་དམིགས་པ་ནི་གོ་སླའོ། །རྒྱུན་ཁྱེར་དང་ཚོགས་འདོན་ལྟ་བུར་ནི་བདག་བསྐྱེད་རྐྱང་པས་འཐུས། མཆོད་རྟེན་སྒྲུབ་པའི་མདུན་བསྐྱེད་སྐབས། བདག་ཉིད་མདུན་བསྐྱེད་ཀྱི་ཐུབ་པའི་མདུན་དུ་ཞལ་སྤྲོད་ཀྱིས་འཁོད་པར་མོས་པས་ཆོག །དེ་ལྟ་བུའི་ལག་ལེན་དང་དམིགས་རིམ་ནི་གཙོ་བོར་རིག་འཛིན་ཡོལ་མོ་བའི་ཞལ་གདམས་སྐྱི་སྟོན་གུ་རུ་ཚེ་བརྟན་གྱི་གསུང་རྒྱུན་ལྟར་ཀུན་མཁྱེན་ལྔ་པ་རིན་པོ་ཆེས་ལྗགས་བསྒྲིགས་སུ་མཛད་པ་ཉིད་དེང་སང་གྲགས་ཆེ་བས་དེ་ལྟར་བཀོད་པ་ཡིན་ལ། གཏེར་གཞུང་དུ་འཁོར་ལོ་རྩིབས་བཞི་པ་ཞེས་དང་། རིག་འཛིན་པད་ཕྲིན་གྱིས་རྩིབས་བཅུར་མཛད་པ་སོགས་འདྲ་མིན་ཅུང་ཟད་སྣང་བས་ལུགས་དེ་ལ་མོས་ན་རིག་འཛིན་མཆོག་གི་ཡིག་ཆ་ལེ་ཚན་གྱི་དགོངས་དོན་ལྟར་ཉམས་སུ་བླངས་པས་དོན་གྲུབ་པ་ཉིད་དོ། །སྔགས་རིག་གྲུབ་པའི་རལ་གྲི་བཞིན། །གདམས་པ་འདི་བརྗོད་བསོད་ནམས་མཐུས། །འགྲོ་ཀུན་བར་ཆད་བདུད་ལས་རྒྱལ། །ཕན་བདེའི་མཆོག་ལ་རེག་གྱུར་ཅིག །ཅེས་པའང་རང་གཞན་མང་པོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ཕན་པའི་བསམ་པས་ཀུན་ནས་བསླངས་པའི་ཡིད་ཀྱིས་ཟིན་ཐུན་ཉུང་ངུ་འདིའང་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །། ࿊ ཕྱིར་ཟློག་འཁོར་ལོ་འབར་བའི་ཙཀྲ་བཅའ་ཚུལ་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། སྤྲུལ་སྐུ་བཟང་པོ་གྲགས་པའི་གཏེར་བྱོན་ཕྱིར་ཟློག་འཁོར་ལོའི་བཅའ་ཚུལ་ནི། རྒྱ་ཤོག་ལ་མཚལ་ལམ་རྒྱ་སྣག་གིས་མཚོན་ཆའི་འཁོར་ལོ་རྩིབས་བཅུ་གསུམ་དབལ་དང་ལྡན་པ། དེའི་ཕྱི་རོལ་དུ་རྡོར་རྭ་མེ་རི། འཁོར་ལོའི་ལྟེ་བ་ཡངས་པར་བྱང་ཆུབ་མཆོད་རྟེན་སེར་པོ། །དེའི་བུམ་པའི་ནང་དུ་གསེར་གྱི་ཧཱུྃ་གི་ཁོག་པར་ནྲྀ་ལྗང་གུ། དེའི་ཁོག་པར་ཨ་དཀར་པོ། རྩིབས་བཅུ་གསུམ་ལ། ཨོཾ་དྷུ་རུ་དྷུ་རུ་ཙཀྲ་འཆང་བ་པོ་ལ་ཆེ་སྲི་ཐམས་ཅད་རཀྵ་རཀྵ༔ དེ་བཞིན་དུ། ཛ་ཡ་ཛ་ཡ་ཙཀྲ་འཆང་བ་པོ་ལ་ཆུང་སྲི་ཐམས་ཅད་རཀྵ་རཀྵ༔ ཧ་ན་ཧ་ན་ཙཀྲ་འཆང་བ་པོ་ལ་དར་སྲི༴ བྷུ་རུ་བྷུ་རུ་ཙཀྲ་འཆང་བ་པོ་ལ་ཕོ་སྲི༴ བྷྲ་མ་ར་བྷྲ་མ་ར་ཙཀྲ་འཆང་བ་པོ་ལ་མོ་སྲི༴ བྷེ་དུ་མ་ནི་ཙཀྲ་འཆང་བ་པོ་ལ་ནད་སྲི༴ ཛྭ་ལ་ཛྭ་ལ་ཙཀྲ་འཆང་བ་པོ་ལ་དུར་སྲི༴ སཾ་བྷ་བ་ག་ན་ནཱ་ཡ་སཱ་ར་ཙཀྲ་འཆང་བ་པོ་ལ་རྒན་སྲི༴ སཱ་ལ་ཡ་སཱ་ལ་ཡ་ཙཀྲ་འཆང་བ་པོ་ལ་གཞོན་སྲི༴ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ་འཆང་བ་པོ་ལ་ལོའི་སྲི༴ བཾ་བཾ་ཙཀྲ་འཆང་བ་པོ་ལ་ཟླ་བའི་སྲི༴ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ་འཆང་བ་པོ་ལ་ཞག་གི་སྲི༴ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ་འཆང་བ་པོ་ལ་དུས་ཚོད་ཀྱི་སྲི་ངན་ཐམས་ཅད་རཀྵ་རཀྵ༔ ཞེས་བྲི། མཆོད་རྟེན་བྲི་མ་གྲུབ་ན་བྷྲཱུྃ་ཡིག་གི་ཁོག་པར་ཧཱུྃ་ཡིག་སོགས་བྲིས་ཀྱང་རུང་། གང་ལྟར་ཡང་གུར་གུམ། གི་ཝཾ། ཆོས་སྨན་གྱིས་བྱུག །འཁོར་ལོ་གཞུང་གི་དམིགས་པ་ལྟར་བསྐྱེད་བསྟིམ་དང་། མུ་ནི། རང་སྔགས། རྟེན་འབྲེལ་སྙིང་པོ་བཅས་ཀྱིས་རབ་གནས་བྱ། ལེགས་པར་བལྟབས་ལ་ཚོན་སྐུད་སྣ་ལྔས་དཀྲིས་ནས་སྤྱི་བོའམ་མགུལ་དུ་འཆང་ན་སྲི་ཅན་གྱི་གནོད་པ་ཐམས་ཅད་སྲུང་བར་ངེས་སོ། །འདི་གཏེར་གཞུང་དུ་མི་གསལ་ཡང་བསྒོམ་བྱ་དང་མཐུན་པར་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་གྱི་ཕྱག་ལེན་ཞལ་ཤེས་ཡིན་གསུངས་འདུག །དེའང་མཆོད་རྟེན་སྒྲུབ་པ་དང་འབྲེལ་བའི་ཚེ་དཀྱུས་སུ་སྨྲོས་པའི་བྲི་ཡིག་ལྟར་བྲི་བར་བྱ་བ་ཡིན་ལ། བསྒྲུབ་བྱ་ལ་འདོགས་པའི་སྐབས་འདིར་བཤད་པ་བཞིན་བྲིས་ན་ལེགས། རབ་གནས་ནི་མཆོད་རྟེན་སྒྲུབ་པ་དང་འབྲེལ་སྐབས་ཐོག་མར་ཕྱོགས་གཅིག་ཏུ་རབ་གནས་རྒྱས་བསྡུས་གང་རིགས་བྱས་ནས་བླ་རེའི་ཙཀྲའི་སྟེང་ནས་རིམ་པར་བརྩེགས་ལ་བཤམས་ཏེ་དམིགས་པས་ཁྱབ་པར་བྱས་ན་ལེགས་ཤིང་། ཙཀྲ་རྐྱང་པའི་སྐབས་འཁོར་ལོ་བྲི་བ་དང་རྫས་བྱུག་པ་གྲུབ་ནས་མདུན་དུ་སྟེགས་བུའི་དབུས་མེ་ཏོག་སིལ་མ་བཀྲམ་པའི་སྟེང་དུ་བཞག །མཆོད་པ་ཅི་འབྱོར་བཤམ། བདག་བསྐྱེད་དང་སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱ། དེ་ནས་འཁོར་ལོ་བསང་སྦྱང་། འཁོར་ལོ་མི་དམིགས་སྟོང་པ་ཉིད་ཀྱི་ངང་། །ཞེས་སོགས་ནས་བཟླས་པའི་བར་མཆོད་རྟེན་སྒྲུབ་པའི་མདུན་བསྐྱེད་ལྟར་ལ། སྔགས་མུ་ནི་ཅི་ནུས། རང་སྔགས་བརྒྱ་རྩ། རྟེན་སྙིང་ཉེར་གཅིག་ཙམ་བཟླས་མཐར། ཕན་ཡོན་དང་ཐལ་རྡེབ་ནས་བརྟན་བཞུགས་བར་བྱས་རྗེས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་བྲིས་པའི་འཁོར་ལོ་འོད་འབར་བའི་རྣམ་པ་ནུས་བྱིན་དང་ལྡན་པར་བསམ་ལ། སླར་ཡང་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་པའི་མེ་ཏོག་འཐོར། བསྔོ་སྨོན་ཤིས་བརྗོད་སོགས་རྒྱས་པར་བྱས་ནས་ལྟེ་བ་མ་ཉམས་པར་བལྟབས་ལ་ཚོན་སྐུད་སྣ་ལྔ་འབྱུང་ཁམས་མཐུན་སྡེབ་ཀྱིས་དཀྲིས་ཏེ་བསྒྲུབ་བྱའི་སྤྱི་བོའམ་མགུལ་དུ་གདག་གོ །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ །སརྦ་དཱ་སཏྭ་བི་ཛ་ཡནྟུ།། །།
དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་རྒྱུད་ཀྱི་རྩ་དུམ་སྐུ་གསུམ་ཉི་ཟླ་འབར་བ་ (Volume 27, Text 41)
༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་རྒྱུད་ཀྱི་རྩ་དུམ་སྐུ་གསུམ་ཉི་ཟླ་འབར་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈ ཤྲཱི་བཛྲ་ཧེ་རུ་ཀ་ན་མ༔ ཡང་དག་པའི་སྐད་དུ༔ དཔལ་རྡོ་རྗེ་ཁྲག་འཐུང་ཞེས་བྱ་བ༔ དཔལ་ཧེ་རུ་ཀའི་རོལ་པ་ཆེན་པོ་སྐུའི་ཕྱག་རྒྱར་བསྟན་ཏེ་ཡང་དག་པར་འདི་གསུངས་སོ༔ ཧཱུྃ༔ ཆོས་ཀུན་མཉམ་པའི་དཀྱིལ་འཁོར་འདིར༔ སྐུ་གསུམ་ཞལ་ནི་ཐལ་ལེ་བ༔ ཕྱག་དྲུག་རྣམ་པར་འགྱུར་བ་ཅན༔ འདུལ་དོན་བསྡུ་བཞིའི་ཞབས་བཞི་བསྒྲད༔ སྙིང་པོ་ཡེ་ཤེས་རྡོ་རྗེ་གསོར༔ དུག་གསུམ་རྣམ་གྲོལ་ཁ་ཊྭཱཾ་ག༔ རྣལ་འབྱོར་ཌཱ་མ་རུ་ཡི་སྒྲ༔ རྟོགས་པ་མཐར་ཕྱིན་གཡས་ན་གསལ༔ ཤེས་རབ་དྲིལ་བུས་འགྲོ་རྣམས་སད༔ འཁོར་བ་སྟོངས་པའི་དུང་ཁྲག་བསྐྱིལ༔ ཐུགས་རྗེས་འགྲོ་སྒྲོལ་རྒྱུ་ཞགས་འཕེན༔ སྙིང་རྗེ་མཐར་ཕྱིན་གཡོན་ན་བསྣམས༔ རུ་ཊའི་ཆོས་རྣམས་ཡོན་ཏན་རྫོགས༔ དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན༔ དཔལ་གྱི་གར་ནི་རྣམ་པར་འགྱུར༔ གཤོག་བརྒྱང་འབར་བའི་ཕྲེང་བ་འཁྲུགས༔ གཡོན་གྱི་ཞལ་ཕྱག་བརྒྱད་རྣམས་ལ༔ རྣལ་འབྱོར་མ་ནི་བརྒྱད་ཤར་ཞིང༔ འོད་ལ་ཟླ་གམ་ཆེན་པོར་ཤར༔ འདི་ནི་ཀུན་གཞི་ཡེ་ཤེས་ལ༔ བཞེངས་པའི་དཔལ་གྱི་འཁོར་ལོ་གསལ༔ རྣལ་འབྱོར་མཆོག་གི་ཡེ་ཤེས་ལ༔ དོན་དུ་གཉེར་ན་ཕྱག་རྒྱ་བཙལ༔ ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་བསྟེན་བྱས་ཏེ༔ ཚུལ་བཞིན་དབང་གིས་སྨིན་པར་བྱ༔ ཟླ་གམ་འདྲ་བའི་གནས་དག་ཏུ༔ མཐུན་རྐྱེན་བཀྲ་ཤིས་ཕུན་ཚོགས་ལ༔ རྣལ་འབྱོར་རང་གི་བློ་སྦྱངས་ཏེ༔ བསོད་ནམས་ཚོགས་ཆེན་གསག་པར་བྱ༔ ཞིང་གི་ཧཱུྃ་ལ་རྣལ་འབྱོར་བསྒོམ༔ ཧཱུྃ་གིས་སྤྲུལ་བསྒྱུར་ཅི་ནུས་བྱ༔ ཞི་བར་བསྙེན་ནས་ཁྲོ་བོར་ཉེ༔ དེ་ཡང་ཟླ་གམ་སྒོ་གཅིག་གོ༔ བསྒྲུབ་ཕྱིར་རང་ལས་ཟླ་གམ་དགུ༔ སྒྲུབ་ཆེན་མདུན་དུ་ཟླ་གམ་བསྐྱེད༔ སྣོད་བཅུད་ཟླ་གམ་ཆེན་པོར་བལྟ༔ ལས་ཀྱང་ཟླ་གམ་ཆེན་པོས་ཤེས༔ ཟླ་གམ་ཐབས་དང་ཤེས་རབ་ཡིན༔ བདེ་ཆེན་ཡེ་ཤེས་ཟླ་གམ་ཆེ༔ རྣལ་འབྱོར་མཆོག་འདོད་ཟླ་གམ་བསྒོམ༔ ཧེ་རུ་ཀ་དཔལ་ང་ཡིས་བཤད༔ ཅེས་གསུངས་སོ༔ སྐུ་གསུམ་ཉི་ཟླ་འབར་བའི་རྒྱུད་ལས་ལྷ་སྐུ་ཕྱག་རྒྱའི་བསྒོམ་ཚུལ་གྱི་ལེའུ་སྟེ་དང་པོའོ༔ ྈྈྈྈ ཡང་དཔལ་ཆེན་པོས་རྡོ་རྗེའི་གསུང་གིས་འཇིག་རྟེན་གྱི་ཁམས་གཡོ་བར་མཛད་དེ་འདི་གསུངས་སོ༔ ཨཱ༔ རུ་ལུ་འབྲུ་བརྒྱད་རྡོ་རྗེའི་སྒྲ༔ གྲགས་དང་མ་གྲགས་མིང་ཡང་མེད༔ རང་བྱུང་ཆོས་ཀྱི་དབྱིངས་ནས་ཤར༔ ཨཱོཾ་ནི་ཡེ་ཤེས་ལྔའི་བདག་ཉིད༔ རུ་ནི་གཡོ་བའི་དགའ་བ་སྟེ༔ ལུ་ནི་ཁྱབ་པའི་དགའ་བ་ཆེ༔ རུ་ཤར་བརྟན་པའི་མཆོག་གི་དགའ༔ ལུ་ཤར་བྱང་ཆུབ་དགའ་བྲལ་རྫོགས༔ ཧཱུྃ་གིས་མཆོག་གི་ས་ལ་སྦྱོར༔ བྷྱོ་ཡིས་མ་མོ་དབང་དུ་བསྡུས༔ ཧཱུྃ་གིས་དྲེགས་པ་ཟིལ་གྱིས་ནོན༔ རྣལ་འབྱོར་སྒོམ་པའི་ཆོ་ག་ཡང༔ གཟེར་ལྟར་བཏབ་ཅིང་གློག་ལྟར་བསྐོར༔ བྲན་ལྟར་མངག་ཅིང་སིལ་བུར་བཀྲམ༔ མ་ཡེངས་རུ་ལུ་འབྲུ་བརྒྱད་བསྒོམ༔ རུ་ལུ་འབྲུ་བརྒྱད་འབུམ་བརྒྱད་ཀྱིས༔ དཀའ་ཚེགས་མེད་པར་མཆོག་ཐོབ་འགྱུར༔ རུ་ལུས་ཐུན་མོང་དངོས་གྲུབ་འགྲུབ༔ རུ་ལུ་གྲིར་བཏབ་གང་བསམ་གཅོད༔ མཆོག་བདུན་ཏྲི་ཤ་སྦྱར་བ་ལ༔ རུ་ལུའི་སྔགས་བཏབ་མཁའ་སྤྱོད་འགྲུབ༔ སྐུ་ཤ་ཁྭ་ཤིང་རིལ་བུ་ལ༔ སྔགས་བཏབ་འཆང་བས་མིས་མི་མཐོང༔ ལག་པར་སྔགས་བསྒོམ་རྐང་ལ་བྱུགས༔ རུ་ལུའི་སྔགས་བཟླས་མཁའ་ལ་འགྲོ༔ མིག་གསུམ་རྫས་ལ་རུ་ལུ་བཏབ༔ མཐོང་བྱེད་ལ་བྱུགས་གང་འདོད་མཐོང༔ རུ་ལུའི་འབྲུ་ཡི་ཕོ་ཉ་སྤྲོས༔ བཅུད་རྣམས་བསྡུས་པས་འཆི་མེད་འགྲུབ༔ རུ་ལུའི་སྒྲ་ཡིས་ཚོགས་མཆོད་བརྩམ༔ རུ་ལུའི་སྒྲ་ཡིས་སྦྱིན་སྲེག་བྱ༔ རུ་ལུའི་སྒྲ་ཡིས་མེ་དཔུང་འཕེན༔ རུ་ལུའི་མར་མེས་ཉམས་ཆག་བསྐང༔ རུ་ལུའི་སྒྲ་ཡིས་ཐོག་སེར་འབེབ༔ རུ་ལུའི་སྒྲ་ཡིས་ཆུ་བོ་གཅོད༔ རུ་ལུའི་སྒྲ་ཡིས་ནོར་རྣམས་འགུགས༔ བརྩམ་པ་ཙམ་གྱིས་ལས་འགྲུབ་པའི༔ ཡིད་བཞིན་ནོར་བུ་འདི་འཆང་བྱ༔ རིན་ཆེན་དབྱིག་དང་ནོར་གྱིས་བསླུ༔ ཞེས་གསུངས༔ སྐུ་གསུམ་ཉི་ཟླ་འབར་བའི་རྒྱུད་ལས་གསུང་རུ་ལུ་འབྲུ་བརྒྱད་ཀྱི་ལེའུ་སྟེ་གཉིས་པའོ༔ ྈྈྈ ཡང་དཔལ་ཆེན་པོའི་ཐུགས་མཉམ་ཉིད་ཞི་བ་ཆེན་པོ་དང་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་རྩལ་ལྡན་པས་སྙོམས་པར་ཞུགས་ཏེ་བློ་ཆེ་བའི་རྣལ་འབྱོར་པ་ཐམས་ཅད་དཔལ་ཆེན་པོའི་གོ་འཕང་ལ་བཀོད་དོ༔ དེའི་ཚེ་དཔལ་ཆེན་པོས་འདི་སྐད་གསུངས་སོ༔ ཧཱུྃ༔ ཡང་དག་ལྟ་བ་མཁའ་ལ་ཁྱབ༔ དམིགས་མེད་སྙིང་རྗེ་མཐའ་ཡས་ཤིང༔ ཐུགས་རྗེས་འགྲོ་རྣམས་དུས་གཅིག་བསྒྲལ༔ སྲིད་པར་འཁོར་བ་མ་ཡིན་ཞིང༔ ཞི་བར་ཆགས་པའང་མ་ཡིན་ནོ༔ ཟང་ཐལ་ཆོས་ཀྱི་སྐུ་ཉིད་དེ༔ ལོངས་སྤྱོད་རྫོགས་སྐུར་ལྷུན་གྱིས་གྲུབ༔ སྤྲུལ་པ་མཐའ་ཡས་འགྲོ་བ་འདྲེན༔ ཅི་ཡང་མེད་ལ་ཅི་ཡང་གསལ༔ སྐྱེས་པ་མེད་ལ་ཅི་ཡང་སྐྱེས༔ སྐྱེས་པ་ཐམས་ཅད་འགག་པ་སྟེ༔ འགག་པ་མེད་ཅིང་ཅིར་ཡང་གནས༔ གནས་པ་མེད་ལ་འགྲོ་འོང་ཅན༔ འགྲོ་འོང་བྲལ་བ་ཀ་ནས་དག༔ དབྱིངས་ཡེ་ཟུང་འཇུག་ངོས་འཛིན་བྲལ༔ དེ་ཉིད་རྟོགས་པར་བྱ་བའི་ཕྱིར༔ རྣལ་འབྱོར་དབེན་པའི་གནས་སུ་འདུག༔ ལུས་ངག་ཡིད་གསུམ་རུ་ཤན་ཕྱེ༔ རྩ་གསུམ་འཁོར་ལོ་དྲུག་བསྒོམས་ལ༔ སྟེང་འོག་བདེ་དྲོད་འབར་འཛག་གི༔ བདེ་ཆེན་ཡེ་ཤེས་བླ་མེད་བསྒོམ༔ འབབ་སྐྱིལ་ལྡོག་ཁྱབ་ནུས་ལྡན་བྱ༔ མཚན་ཉིད་ལྡན་པའི་ཡུམ་ཉིད་ལ༔ ཚུལ་གསུམ་ལྡན་པས་མཁའ་གསང་སྤྲད༔ སྐད་ཅིག་གཅིག་གིས་བདེ་ཆེན་རྟོགས༔ བརྟུལ་ཞུགས་སྤྱོད་པས་དུར་ཁྲོད་ཉུལ༔ གཟའ་གཏད་བྲལ་བའི་ངང་ལ་བཞག༔ ཚོགས་དྲུག་སྣང་བ་ཐམས་ཅད་ཀུན༔ ཆོས་སྐུའི་རྒྱན་དུ་བལྟ་བར་བྱ༔ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང༔ རྒྱན་དུ་བལྟས་ནས་ལོངས་སྤྱོད་ལ༔ བདེ་ཆེན་ཡེ་ཤེས་ཆེས་ཆེར་སྦར༔ དང་པོ་ཡེ་ཤེས་ཐོབ་མཆེད་བྲལ༔ ཡེ་ཤེས་མངོན་སུམ་མཐོང་བར་འགྱུར༔ བར་པ་ཡེ་ཤེས་འགྱུར་བ་མེད༔ བདེ་ཆེན་ཡེ་ཤེས་གོང་དུ་འཕེལ༔ བལྟ་བྱ་ལྟ་བྱེད་བྲལ་བའི་ཐུགས༔ བདེ་ཆེན་ཡེ་ཤེས་རྒྱས་པར་རྫོགས༔ བདེ་ཆེན་ཡེ་ཤེས་ཚད་ལ་ཕེབས༔ བསྒོམ་པ་མེད་པར་ལྷུན་གྱིས་གྲུབ༔ བློ་ཟད་ཆོས་ཟད་ཉིད་དུ་སོང༔ བསྒོམ་པའི་མཐའ་དང་བྲལ་བ་སྟེ༔ ཚེ་འདིར་ཚེ་ལ་དབང་བ་ནས༔ ཕྱག་རྒྱ་ཆེན་པོའི་ལས་ལ་སྦྱོར༔ སྐུ་ལྔའི་རྒྱལ་སྲིད་ཆེན་པོ་ཐོབ༔ ཨ་ལ་ལ་ཧོཿ ཅེས་གསུངས་སོ༔ སྐུ་གསུམ་ཉི་ཟླ་འབར་བའི་རྒྱུད་ལས་ཐུགས་ཡེ་ཤེས་ཆེན་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ༔ ྈྈྈྈ ཨོ་རྒྱན་མཁས་པ་པདྨ་བདག༔ ཡང་དག་བསྒྲུབས་པས་དངོས་གྲུབ་ནི༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ གསང་སྔགས་སློབ་དཔོན་མང་ན་ཡང༔ རིག་རྩལ་དབང་ཐོབ་ཁོ་བོ་ཙམ༔ གྲུབ་རྟགས་ཨོ་རྒྱན་ཟ་ཧོར་ཡུལ༔ གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ བྱ་ཁྱུ་མཁའ་ལ་འཕུར་བ་བཞིན༔ ཞག་བདུན་ཁོངས་ནས་ཆོས་ཀྱི་དབྱིངས༔ བདེ་བ་ཆེན་པོའི་ས་ལ་དྲངས༔ དེ་ལྟ་བུ་ཡི་ཡོན་ཏན་ཡང༔ དཔལ་ཆེན་ཡང་དག་འདི་ལས་གྲུབ༔ འདི་ཕན་ཨོ་རྒྱན་པདྨ་འབྱུང༔ བདག་གི་གཙུག་རྒྱན་ནོར་བུར་འཆང༔ ད་ནི་ཕྱི་རབས་སྐལ་ལྡན་དོན༔ ཟླ་གམ་འདྲ་བའི་བྲག་ལ་སྦས༔ ལྷ་སྲས་ཆོས་ཀྱི་བློ་གྲོས་ཀྱི༔ སྐྱེ་མཐའ་ཞིག་གིས་རྙེད་པར་ཤོག༔ རྙེད་ནས་རྟ་ལོ་ཊ་ཡི་མིང༔ ཕྱག་རྟགས་དམར་པོ་འཛིན་པ་ཡིས༔ ཐབ་ནས་སྤུ་ལ་སྒྲུབ་པའི་ཚེ༔ གྲོགས་ལ་ཨ་ཞིག་རྙེད་པ་ན༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ༔ ཡང་ནི་གཙང་ལུང་ཕྱོགས་ཞིག་ནས༔ རྣལ་འབྱོར་སྐྲ་ཡི་གོས་ཅན་ཞིག༔ ཧ་ལ་བསྒྲུབས་པས་མཆོག་ཐོབ་བྱེད༔ ཡང་ནི་མོན་གྱི་བྲག་དཀར་འདབས༔ ཁྱེའུ་རྡོ་རྗེའི་མིང་ཅན་དང༔ བུ་མོ་པདྨའི་མིང་ཅན་གཉིས༔ རྒྱུད་འདི་བསྟེན་ནས་མཆོག་ཐོབ་བྱེད༔ དེ་རྣམས་ལ་ནི་འཕྲོད་པར་གྱིས༔ ས་མ་ཡ་རྒྱ་རྒྱ༔ གཞན་ཡང་འདི་ཉིད་ཉམས་སུ་བླངས་པས་ཚེ་འདིར་འཚང་རྒྱ་བ་ནི་མང་དུ་འབྱུང་ངོ༔ དེ་བས་ན་ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ྈྈྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་ཐིག་ལེ་ལས༔ རྒྱུད་ཀྱི་དགོངས་འགྲེལ་བཞུགས་སོ༔ ༁ྃ༔ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་ཀྱི་དབྱིངས་ལས་བཞེངས་པ་སྟེ༔ བདག་རྐྱེན་མགོན་པོ་ཉིད་ཀྱི་སྤྲུལ༔ སྐུ་གསུམ་མཚོན་པའི་ཞལ་གསུམ་བསྟན༔ ཕྱག་དྲུག་རྣམ་པར་འགྱུར་བ་ཅན༔ རྡོ་རྗེ་སྙིང་པོའི་དོན་རྟོགས་ཏེ༔ ཁ་ཊྭཱཾ་དུག་གསུམ་དབྱིངས་སུ་བསྒྲལ༔ ཐོད་རྔས་རྣལ་འབྱོར་ཡེ་ཤེས་བསྐྱེད༔ དྲིལ་བུས་སེམས་ཅན་སད་པར་བྱེད༔ ཐོད་ཁྲག་འཁོར་བ་གནས་ནས་སྤོར༔ རྒྱུ་ཞགས་ཐུགས་རྗེའི་དཔྱང་ཐག་ཅན༔ ཚད་མེད་བཞི་ཡི་ཞབས་བཞི་བསྒྲད༔ བདེ་སྟོང་གཉིས་མེད་ཡུམ་དང་སྦྱོར༔ ཚོགས་བརྒྱད་བསྒྲལ་ཕྱིར་རྣལ་འབྱོར་བརྒྱད༔ མཆོག་གི་དངོས་གྲུབ་ཆེ་བའི་ཕྱིར༔ སྣང་སྲིད་ཟླ་གམ་ཆེན་པོར་མཛད༔ བསྙེན་པ་ཞི་བ་ཕྱག་རྒྱ་རྐྱང༔ ཟླ་གམ་སྒོ་གཅིག་བྱེད་པར་བསྟན༔ ཉེ་བསྙེན་ཟླ་གམ་དགུ་ལས་བཀོད༔ སྔགས་ནི་ཐིག་ལེའི་རྣལ་འབྱོར་བསྒོམ༔ སྒྲུབ་པ་དམ་ཚིག་ཡེ་ཤེས་དབྱེ༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ སྒྲུབ་པ་སྣོད་ནི་ཟླ་གམ་བསྒོམ༔ བཅུད་ནི་ཧེ་རུ་ཀ་འཁོར་བཅས༔ ལྷ་རུ་མ་གྱུར་གཅིག་ཀྱང་མེད༔ སྔགས་སྒྲ་འབྲུག་ལྟར་ལྡིར་བར་བསྒོམ༔ དེ་ལྟ་བུ་ཡི་སྐུ་རྒྱུད་གསུང༔ འཁོར་བའི་སེམས་ཅན་བསྒྲལ་བའི་ཕྱིར༔ གསུང་གིས་འཇིག་རྟེན་གཡོ་བར་མཛད༔ རྡོ་རྗེའི་སྒྲ་ནི་གཞོམ་པ་མེད༔ གསུང་བའང་མ་ཡིན་རང་བྱུང་སྒྲ༔ ཡེ་ཤེས་ལྔ་ལྡན་གཙོ་བོ་ལ༔ གཡོ་བ་དགའ་བ་དང་པོ་ལ༔ ཙཽ་རཱི་གཽ་རཱི་གཉིས་སུ་གསུངས༔ ཁྱབ་པ་བདེ་བ་ཆེན་པོ་སྟེ༔ པྲ་མོ་བཻ་ཏཱ་གཉིས་སུ་གསུངས༔ བརྟན་པ་མཆོག་གི་དགའ་བ་སྟེ༔ ཙཎྜ་པུཀྐ་གཉིས་སུ་བྱུང༔ བྱང་ཆུབ་བདེ་སྟོང་ཆེན་པོ་སྟེ༔ སྨེ་ཤ་གྷསྨ་གཉིས་སུ་བྱུང༔ མཆོག་ནི་བདེ་ཆེན་ཡེ་ཤེས་ཏེ༔ མ་མོ་དབང་སྡུད་བྲན་དུ་འཁོལ༔ རུ་དྲ་ལ་སོགས་དྲེགས་པ་སྟེ༔ དེ་ཉིད་བསྒོམ་དང་སྒྲུབ་པའི་ཚེ༔ གཟེར་ནི་གཡོ་མེད་མར་མེ་ལྟར༔ གློག་ནི་མགལ་མེའི་འཁོར་ལོ་བཞིན༔ བྲན་ནི་ཡིག་འབྲུའི་སྤྲོ་བསྡུ་ཡིན༔ སིལ་བུ་སྣང་སྲིད་ཡི་གེས་བཀང༔ མ་ཡེངས་པ་ཡི་གནད་གཟིར་ཏེ༔ འབུམ་ཕྲག་བརྒྱད་ཀྱིས་མཆོག་ཐོབ་གསུངས༔ དཀའ་ཚེགས་མེད་པས་སྦྱང་མི་དགོས༔ རྫས་དང་རྒྱུ་རྐྱེན་རྟེན་འབྲེལ་འཛོམ༔ དེ་ལ་རིག་སྔགས་སྦྱོར་བ་ཡིས༔ ཐུན་མོང་དངོས་གྲུབ་ཁྱད་པར་ཉེ༔ ཐུགས་ནི་དམིགས་མེད་སྙིང་རྗེ་ཡི༔ ཁྱབ་པ་མཐའ་ལས་འདས་པ་སྟེ༔ དམིགས་པ་མེད་ནས་འཛིན་རྟོག་བྲལ༔ བསྒྲལ་བ་མཆོག་གི་ས་ལ་བཀོད༔ ཆགས་དང་འཛིན་པའང་ཡོད་མ་ཡིན༔ རིག་མེད་སྟོང་པར་མི་འགྱུར་ཞིང༔ ཟང་ཐལ་ཀུན་ལ་འོད་གསལ་བ༔ ལྷུན་གྱིས་གྲུབ་ནས་མ་བྱས་པ༔ སྤྲུལ་པ་མཁའ་ཡི་ཆར་པ་བཞིན༔ བྱུང་བའི་ཡུལ་ཡང་བྲལ་བ་སྟེ༔ འགྲོ་ལ་སྨན་པ་བླ་ན་མེད༔ ཟུག་རྔུ་འབྱིན་པར་བྱེད་པ་སྟེ༔ སྐྱེས་པའི་ཡུལ་མེད་ཅི་ཡང་སྣང༔ འགག་པ་མེད་ལ་བརྗོད་བྱ་བྲལ༔ གང་དང་གནས་ཡུལ་ཡོད་མ་ཡིན༔ འགྲོ་འོང་བྱེད་པ་རྐྱེན་ཡང་ཡིན༔ ངོ་བོ་རང་བཞིན་དབྱིངས་ཡེ་གཉིས༔ ཟུང་དུ་འཇུག་པ་བདེ་ཆེན་ཐུགས༔ དེ་ཉིད་རང་གིས་རྟོགས་པའི་ཕྱིར༔ ལུས་ངག་ཡིད་གསུམ་རྣམ་སྦྱངས་ཏེ༔ རིམ་གྱིས་རྟོགས་པར་འབར་འཛག་སྦྱོར༔ སྐད་ཅིག་རྟོགས་པར་མཁའ་གསང་སྤྲད༔ དབང་པོ་རྣོ་རྟུལ་ཁྱད་པར་ཆེ༔ བརྟུལ་ཞུགས་སྤྱོད་པས་རིག་རྩལ་འདོན༔ ལོངས་སྤྱོད་རྒྱན་དུ་བལྟ་བ་སྟེ༔ ཆེར་འབར་རྩལ་འདོན་ཐབས་ཡིན་ནོ༔ ཐོབ་མཆེད་མཉམ་གཞག་རྗེས་ཐོབ་ལ༔ མངོན་སུམ་མཐོང་བ་སྐད་ཅིག་གཅིག༔ འགྱུར་མེད་ཉིན་མཚན་རིས་མེད་པ༔ འཕེལ་བ་ཡེངས་པ་ཆུང་བ་དང༔ ཚད་ལ་ཕེབས་པ་ཡེངས་པ་བྲལ༔ ཟད་སར་འཁྱོལ་བ་ལྟ་བྱེད་བྲལ༔ བརྒྱུད་པའི་སྒོ་ནས་རྣམ་སྨིན་དང༔ ཚེ་འདི་ལ་ནི་ཚེ་དབང་སྟེ༔ བརྩོན་འགྲུས་བློ་ནི་ཆེ་ཆུང་ཁྱད༔ ཆོས་ཀྱི་དབྱིངས་སུ་ཐིམ་པ་ནི༔ མཐར་རྫོགས་སྟོན་འཁོར་དབྱེར་མེད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ༁ྃ༔ ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཟབ་པའི་དབང་བཞི་བསྐུར་བ་བཞུགས་སོ༔ ༁ྃ༔ ྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡང་དག་ཐུགས་ཀྱི་སྙིང་པོའི་དབང་བསྐུར་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ༔ དང་པོ་དཀྱིལ་འཁོར་བཤམས་པ་དང༔ སྒྲུབ་པ་གཉིས༔ དཀྱིལ་འཁོར་བཞེངས་པ་ནི༔ གནས་ཕུན་སུམ་ཚོགས་པར་ས་ཡི་ཆོ་ག་ཚུལ་བཞིན་བྱས་པར༔ སྟེགས་བུ་གྲུ་བཞི་པ་ལ་བྱང་སེམས་དཀར་དམར་གྱིས་ཆག་ཆག་གདབ༔ སྒོ་རྫོགས་སྤྱི་འགྲོ་གདབ་པའི་ནང་ཟླ་གམ་དགུ་ཕྱག་རྒྱས་མཚན་པ་བྲིས༔ དེའི་དབུས་སུ་ཁྲིའུའི་ཁར་བུམ་པ་ཆང་དང་བདུད་རྩི་བྱང་སེམས་ཀྱིས་བཀང་བ་ཆས་ཀྱིས་སྤྲས་པའི་སྟེང༔ ཐོད་པ་བདུད་རྩིས་གང་བ༔ མེ་ལོང་གིས་ཁ་བཀབ༔ དེའི་སྟེང་དུ་མར་མེ་དགུ༔ ཐོད་པ་ལ་གཙོ་བོའི་སྐུ་བྲིས་པ་དར་གྱི་གུར་ཕུབ་དང་བཅས་ཐོ་བརྩེགས་སུ་བཤམ༔ ཕྱི་ནང་གསང་བའི་མཆོད་པས་བསྐོར་ཞིང༔ རིག་མ་ཆས་དང་ལྡན་པ༔ དམ་རྫས་གཏོར་ཆེན་རྣམས་ཡོལ་བས་བསྒྲིབ༔ གཉིས་པ་སྒྲུབ་པ་ནི་ཕྲིན་ལས་གཞུང་བཞིན་གཏང༔ དབང་བསྙེན་ཅི་ནུས་བྱ༔ སྤྱི་དོན་གཉིས་པ་དངོས་གཞི་ནི༔ སློབ་བུ་རྣམས་ལ་ཁྲུས་བྱ༔ བགེགས་བསྐྲད༔ སློབ་བུ་རྣམས་ཀྱིས་ཀྱང་མཎྜལ་ཕུལ༔ གདོང་གཡོགས༔ མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ༔ ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བྱིང་བ་སྐྱབས་མེད་རྣམས་ལ་སྐྱོབས༔ ཡང་དག་དཀྱིལ་འཁོར་བསྟན་དུ་གསོལ༔ སློབ་དཔོན་གྱིས༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ ཞུགས་པ་ཙམ་གྱིས་དངོས་གྲུབ་ཐོབ༔ བསྐལ་པ་དུ་མར་རྙེད་མི་འགྱུར༔ དེ་ཕྱིར་སྐལ་ལྡན་སྤྲོ་བ་སྐྱེད༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པས་རྒྱུད་སྦྱངས་ཤིང་ཚོགས་གསག་ཏུ་འཇུག༔ དམ་ལ་བཞག་པ་ནི༔ ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ བུ་ཁྱོད་འཇུག་པར་སྤྲོ་ན་ཡང༔ གསང་སྔགས་འདི་ནི་ལམ་འཕྲང་དམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ སློབ་བུས༔ བླ་མེད་རྒྱུད་ལས་གང་བཤད་པ༔ སྲོག་གི་ཕྱིར་ཡང་བསྲུང་བར་བགྱི༔ ཁྱད་པར་རྡོ་རྗེ་སློབ་དཔོན་ནི༔ ཧེ་རུ་ཀ་རུ་བལྟ་བར་བྱ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ ང་ལ་བརྙས་པར་མ་བྱེད་པར༔ ང་ཡི་བསྒོ་བའི་བཀའ་ལ་ཉོན༔ སྐད་ཅིག་ལོག་པར་བལྟ་མི་རུང༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ སློབ་མས༔ ཨི་དན་ན་ར་ཀན༔ སློབ་དཔོན་གྱིས་དམ་ཆུ་སྦྱིན་ཅིང༔ འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ ཉམས་ན་སྙིང་སྲེག་དམྱལ་བར་ལྟུང༔ དམ་བསྲུང་མཆོག་གི་དངོས་གྲུབ་ཐོབ༔ ཡེ་ཤེས་བསྐྱེད་པའི་ཆུ་ཡིན་ནོ༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋཿཋཿཋ༔ ཡེ་ཤེས་པ་དབབ་པ་ནི༔ སློབ་བུ་ཡང་དག་དཔའ་བོ་གཅིག་པར་གསལ་བའི་སྙིང་ནང་ཧཱུྃ་ཡིག་མར་མེ་ལྟར་འབར་བ་ལ་སེམས་བཟུང་དུ་གཞུག༔ སློབ་དཔོན་གྱིས༔ ཡེ་ཤེས་པ་བསྟིམ༔ ཕེབས་རྟགས་བྱུང་ན་བརྟན་པར་བྱ༔ སློབ་དཔོན་གྱིས༔ བསྐལ་པ་གོང་ནས་འབྲེལ་བ་ཡི༔ བརྟག་པའི་མེ་ཏོག་ལྷ་ལ་འབུལ༔ ཡེ་ཤེས་མཆོག་ཐོབ་ངེས་བྱེད་པས༔ ལྟོས་པ་མེད་པར་དོར་བར་གྱིས༔ སློབ་མ་རྣམས་ཀྱིས༔ པུཥྤེ་སིདྡྷི་ཧོ༔ ཞེས་པས་འདོར༔ རིགས་གང་ལ་ཕོག་པ་བརྟགས་ཏེ༔ དབུས་སུ་བབ་ན༔ སྣ་ཚོགས་རང་གྲོལ༔ ཤར་དུ༔ འོད་གསལ༔ ལྷོར༔ སྙིང་པོ༔ ནུབ༔ བདེ་བ༔ བྱང་དུ༔ རྣམ་རྟོག་རང་གྲོལ་རྣམས་བཏགས༔ མེ་ཏོག་དེ་ཉིད་མགོ་བོར་འཆིངས་ལ༔ ཧཱུྃ༔ ཡེ་ཤེས་ལྷ་ཡིས་བྱིན་བརླབས་པའི༔ རིག་པའི་མེ་ཏོག་ཅོད་པན་འདི༔ ཡེ་ཤེས་ལྷ་དང་ངོ་འཕྲད་པའི༔ རིགས་ཀྱི་རྟགས་སུ་འཆང་བར་གྱིས༔ སློབ་མས་མིག་དབྱེ་བའི་དོན་དུ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཐབས་མཁས་རྒྱལ་པོའི་ཡེ་ཤེས་ཀྱིས༔ བདག་གི་མ་རིག་མིག་ཕྱེ་ཞིང༔ སྙིང་པོའི་དཀྱིལ་འཁོར་བསྟན་དུ་གསོལ༔ སློབ་དཔོན་གྱིས༔ རིག་པ་ཡེ་ཤེས་ཧེ་རུ་ཀས༔ མ་རིག་མིག་ནི་དབྱེ་བར་མཛད༔ བདེ་ཆེན་ཡེ་ཤེས་མཐོང་བྱའི་ཕྱིར༔ ཁྱོད་ཀྱི་མིག་ནི་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ལྷ་ངོ་སྤྲད་པ་ནི༔ སློབ་དཔོན་གྱིས་དལ་གྱི་ལྷ་ཚོགས་ལ༔ ཧེ་རུ་ཀ་དཔལ་བཙུན་མོར་བཅས༔ ཡབ་ཡུམ་སྲས་སུ་འདོད་པ་ཡི༔ སྐལ་བ་ཅན་འདི་ཐུགས་རྗེས་ཟུངས༔ ཞེས་གསོལ་བ་བཏབ་པས་གཞལ་ཡས་ཁང་གི་སྒོ་རྣམས་ཕྱེས༔ གཽ་རཱི་དཀར་མོས་ཁྲིད་དེ༔ བླ་མ་དང་ཧེ་རུ་ཀ་དབྱེར་མེད་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་གཙོ་བོའི་མདུན་དུ་འཁོད་ལ༔ དབང་བསྐུར་བར་གསོལ་བ་གདབ་པ་ནི༔ བདེ་ཆེན་རྒྱལ་པོ་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཁྱོད་ཀྱི་གོ་འཕང་ཐོབ་བྱའི་ཕྱིར༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་སློབ་བུ་ཧཱུྃ་དུ་གྱུར་པ༔ གཙོ་བོའི་ཞལ་དུ་མིད༔ སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁར་བབས་པས་ཧེ་རུ་ཀར་གྱུར་པ་ལ་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པ་ཟླ་གམ་ཕོ་བྲང་ན༔ ཧེ་རུ་ཀ་དཔལ་ལྷ་ཚོགས་བཞུགས༔ བདེ་ཆེན་ཞུ་བའི་བྱང་སེམས་ཆུས༔ དབང་བསྐུར་ལུས་ནི་ལྷར་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི༔ ཐོད་སྐུ་ཐོགས་ལ༔ ཧཱུྃ༔ དབུས་ཀྱི་ཟླ་གམ་ཕོ་བྲང་ན༔ བླ་མེད་དཔལ་ཆེན་ཧེ་རུ་ཀ༔ རང་རིག་བྱང་ཆུབ་སེམས་ལས་བཞེངས༔ ཧེ་རུ་ཀ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཙོ་བོའི་ཐུགས་དམ་སྐོང་མཛད་པའི༔ སྟོང་ཉིད་དབྱིངས་ལས་བཞེངས་པ་མོ༔ ཡུམ་ཆེན་བཛྲ་རྣལ་འབྱོར་མ༔ དབྱིངས་ཡེ་ཟུང་འཇུག་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ནཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་ཡི་དབྱིངས་ལས་བཞེངས་པ་ཡི༔ ཤར་གྱི་ཕྱོགས་ནས་གཽ་རཱི་དཀར༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ གཽ་རཱི་དཀར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་དབྱིངས་ལས་བཞེངས་པ་ཡི༔ ནུབ་ཀྱི་ཕྱོགས་ནས་པྲ་མོ་ཧ༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ པྲ་མོ་དམར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་པྲ་མོ་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་དབྱིངས་ལས་བཞེངས་པ་ཡི༔ ཤར་ལྷོའི་ཕྱོགས་ནས་ཙཎྜ་ལཱི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ ཙཎྜ་ལཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དབྱིངས་ལས་བཞེངས་པ་ཡི༔ ལྷོ་ཡི་ཕྱོགས་ནས་ཙཽ་རཱི་མ༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ ཙཽ་རཱི་སེར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་དབྱིངས་ནས་བཞེངས་པ་ནི༔ བྱང་གི་ཕྱོགས་ནས་བཻ་ཏཱ་ལི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ བཻ་ཏཱ་ལི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་དབྱིངས་ལས་བཞེངས་པ་ནི༔ ལྷོ་ནུབ་ཕྱོགས་ནས་པུཀྐ་སི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ པུཀྐ་སི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཟི་བརྗིད་དབྱིངས་ལས་བཞེངས་པ་ནི༔ ནུབ་བྱང་ཕྱོགས་ནས་སྨེ་ཤ་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ སྨེ་ཤ་ནི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དངོས་གྲུབ་དབྱིངས་ནས་བཞེངས་པ་ནི༔ བྱང་ཤར་ཕྱོགས་ནས་གྷསྨ་རཱི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ གྷསྨ་རཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆས་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ རུ་དྲའི་ཆས་རྣམས་མ་སྤངས་ཡོན་ཏན་དུ༔ ལྷུན་གྱིས་གྲུབ་པ་དཔལ་དང་དུར་ཁྲོད་ཆས༔ བརྒྱན་པའི་དཔལ་གྱི་སྐུ་རུ་ལྷུན་གྲུབ་ནས༔ མ་མོ་མཁའ་འགྲོ་དབང་དུ་འདུས་པར་ཤོག༔ དེས་སྐུ་བུམ་པའི་དབང་བསྐུར་པས་ལུས་ཀྱི་སྒྲིབ་པ་དག༔ ལུས་ལྷར་འགྱུར་བའི་རྟེན་འབྲེལ་བསྒྲིགས་པའོ༔ གསང་བའི་དབང་བསྐུར་བ་ནི༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་ཐོད་པའི་བདུད་རྩི་དང་འདྲེས་པ་ལྕེ་ལ་བཞག༔ མེ་ལོང་སིནྡྷུ་རའི་སྔགས་བྱང་གིས་དབང་བསྐུར་ལ༔ ཧཱུྃ༔ ཐོད་པ་ཟླ་གམ་གཞལ་ཡས་ཁང༔ ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བཀང༔ སྔགས་ཕྲེང་ངོ་བོ་ཁར་ཕྱིན་པས༔ རྩ་ཁམས་ཐམས་ཅད་བདེ་བས་ཁྱབ༔ རླུང་ཁམས་སྔགས་སུ་འགྱུར་བར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ རིག་མ་སློབ་བུའི་ལག་ཏུ་གཏད་དེ༔ འདི་ནི་དགའ་ཆེན་ལྷ་མོ་སྟེ༔ བཞིན་བཟང་འདི་སྤྱོད་བདེ་ཆེན་རྟོགས༔ བདེ་ལ་མ་ཞེན་འཛིན་པ་སྤོངས༔ དབབ་བཟུང་བཟློག་ཁྱབ་ཐབས་མཁས་ཀྱིས༔ གོམས་ན་སྤང་བླང་འཛིན་པ་བྲལ༔ བདེ་སྟོང་ཟུང་འཇུག་རྟོགས་པར་ཤོག༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ༔ ཞེས་སློབ་བུ་ཡབ་ཡུམ་འདུ་ཤེས་གསུམ་ལྡན་མཁའ་གསང་བྱིན་གྱིས་བརླབས་ལ༔ ལྟ་བ་དང༔ འཇིབ་པ་དང༔ འཁྲིལ་བ་དང༔ སྲུབ་པའི་སྦྱོར་བ་བྱེད་དུ་བཅུག་ལ་དགའ་བ་བཞི་ངོ་སྤྲོད༔ དབང་བཞི་པ་བསྐུར་བ་ནི༔ མར་མེ་དགུ་བསྟན་ཅིང་དབང་བསྐུར་ལ༔ ཆོས་ཉིད་དབྱིངས་ལ་ཟླ་གམ་སྟེ༔ ཡེ་ཤེས་ལྷ་དགུའི་མར་མེ་གསལ༔ ངོ་བོ་ཀ་དག་བལྟ་བྱ་བྲལ༔ རང་བཞིན་ལྷུན་གྲུབ་མྱོང་ཞིང་གསལ༔ བྱ་རྩོལ་བྲལ་བའི་དོན་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དྷརྨ་དྷཱ་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་ཡེ་ཤེས་བསྐྱེད་པ་དང་བགེགས་འདུལ་བའི་སླད་དུ་གཏོར་མའི་དབང་བསྐུར་བ་ནི༔ གསོལ་བ་གདབ་སྟེ༔ བླ་མ་མགོན་པོ་ཧེ་རུ་ཀ༔ ཐུགས་རྗེའི་བརྩེ་བས་བདག་ལ་གཟིགས༔ བདག་གི་ནད་གདོན་བགེགས་ཕྲལ་ཞིང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བླ་མས་གཏོར་མའི་དབང་བསྐུར༔ ཧཱུྃ༔ དཔལ་གྱི་གཏོར་མ་མེ་འབར་ཞིང༔ ནང་དུ་ཁྲག་འཐུང་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ལས་འོད་འཕྲོས་པས༔ སྐལ་ལྡན་ལུས་ངག་ཡིད་ལ་ཐིམ༔ བདུད་བགེགས་ཐམས་ཅད་ཚར་བཅད་དེ༔ སྡིག་སྒྲིབ་ནད་རྣམས་ཞི་བར་མཛོད༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས༔ ཆོས་སྐུ་རང་ངོ་འཕྲོད་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཅེས་དབང་བསྐུར༔ གོང་གི་དབང་བཞི་ནི་མཆོག་གི་དངོས་གྲུབ་ཐོབ་འདོད་ཅན་སྔོན་ནས་རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པ་ཚེ་གཅིག་སངས་རྒྱས་འདོད་པའི་བློ་ཆེ་བའི་སློབ་མ་སྙིང་དང་འདྲ་བ་རེ་རེ་ཙམ་ལ་བསྐུར་བ་ལས་གར་ཐོད་ཐོད་དུ་མི་བྱ་བར་གསང་ཐུབ་པར་བྱ༔ བཀའ་རྒྱ་ཤིན་ཏུ་གཉན་པར་སློབ་དཔོན་རྣམས་ཀྱིས་གདམས༔ འདི་ལྟ་བུ་ཐོབ་ཕྱིན༔ མཆོག་གི་དངོས་གྲུབ་མ་ཐོབ་ན་མི་རུང་བས༔ དངོས་གྲུབ་མ་ཐོབ་ཀྱི་བར་དུ་སྒྲུབ་པ་རྩེ་གཅིག་ཏུ་བྱེད་པའི་དམ་བཅའ་བྱེད་དུ་བཅུག་གོ༔ འདི་བསྒྲུབས་པས་ཉམས་རྟོགས་སྣ་རེ་མི་སྐྱེ་མི་སྲིད་དོ༔ དེ་བས་ལོ་ཟླ་གང་ནུས་སུ་ཉམས་ལེན་བྱ་ཞིང༔ རྒྱུན་དུ་ཉམས་ལེན་ནར་མར་བྱས་པས་པདྨ་བདག་གི་ཡང་དག་པའི་རྗེས་འཇུག་ཡི་དམ་འཛིན་པའི་ཐུགས་སྲས་དམ་པར་འགྱུར་རོ༔ འདི་ཡི་དམ་དུ་འཛིན་ཅིང་དབང་ཁྲིད་བསྟན་པ་འཛིན་པའི་སློབ་དཔོན་དེ་ཉིད་ང་དང་གཉིས་སུ་མེད་པ་ཡིན༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ ྀཨཚ་རྒྱ༔ ྈྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ རྩ་བའི་སྒྲུབ་པ་ཟླ་གམ་ཤོག་གཅིག་མ་བཞུགས་སོ༔ ༁ྃ༔ ྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡང་དག་ཧེ་རུ་ཀ་དཔལ་ནི༔ བསྒྲུབས་ནས་དངོས་གྲུབ་མཆོག་ཐོབ་བྱེད༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ སྔོན་འགྲོ་དབེན་པའི་གནས་དག་ཏུ༔ མཆོག་གི་དངོས་གྲུབ་ཐོབ་འདོད་པས༔ ངེས་འབྱུང་བསམ་པ་བརྟན་པོ་ཡིས༔ མཐུན་རྐྱེན་ཐམས་ཅད་འཛོམ་པ་རུ༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་བཀྲམ༔ ལུས་གནད་ཆོས་བདུན་བྱས་ནས་སུ༔ ཚོགས་གསག་སྒྲིབ་པ་སྦྱངས་བྱས་ཏེ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྷརྨ་དྷཱ་ཏུ་ཨཱ༔ ཆོས་ཀུན་དམིགས་མེད་སྤྲོས་དང་བྲལ༔ ཨོཾ་ལས་ཟླ་གམ་སྒོ་གཅིག་པ༔ ཕྱི་རོལ་སྲུང་བའི་འཁོར་ལོ་འབར༔ ཨཱཿལས་རུ་དྲ་པདྨའི་སྟེང༔ ཧཱུྃ་ལས་དཔལ་ཆེན་ཡང་དག་སྐུ༔ སྐུ་གསུམ་མཚོན་པའི་ཞལ་གསུམ་བསྟན༔ དཀར་དམར་མཐིང་བ་ཁྲོ་འཛུམ་ཞལ༔ གཡས་པ་རྡོ་རྗེ་ཁ་ཊྭཱཾ་ཌཱ༔ གཡོན་པ་དྲིལ་བྷན་རྒྱུ་ཞགས་འཕེན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ ཡུམ་ཆེན་བཛྲ་ཀྲོ་དྷཱི་མ༔ ཁ་ཊྭཱཾ་ཐོད་པ་འཛིན་པས་འཁྱུད༔ ཞབས་བཞི་གར་སྟབས་རུ་དྲ་བརྫིས༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ སྙིང་གར་ཉི་སྟེང་ཧཱུྃ་འབར་བ༔ རུ་ལུ་མར་མེའི་ཕྲེང་ལྟར་བཀོད༔ དེ་ལ་སེམས་བཟུང་བསྙེན་པ་ཡིན༔ སྟེགས་བུ་དྲིས་བྱུགས་ཟླ་གམ་སྟེང༔ སྒོ་བཅུད་མེ་གཅིག་དམ་ཚིག་རྟེན༔ ཕྲིན་ལས་བཞིན་དུ་བདག་བསྐྱེད་བསྒོམ༔ སྔགས་ཕྲེང་བྱང་སེམས་རང་བཞིན་ནི༔ ཡབ་ཡུམ་བར་ནས་ཆད་མེད་བསྐོར༔ དེ་ནི་ཉེ་བར་བསྙེན་པ་ཡིན༔ སྒོ་རྫོགས་ཟླ་གམ་དགུ་བྲིས་ལ༔ ཐོད་བྱང་ལ་ནི་ཕྱག་རྒྱ་བྲིས༔ རབ་གནས་དར་གྱིས་དྲིལ་བྱས་ལ༔ དཀྱིལ་འཁོར་དབུས་ཀྱི་ཁྲི་ལ་བཞག༔ མར་མེ་དགུ་ནི་ཁྱད་པར་རྫས༔ དམ་ཚིག་དཀྱིལ་འཁོར་ལུས་ལ་བཀོད༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་དབྱེ༔ རང་གི་སྔགས་ཀྱིས་ཐུགས་དམ་བསྐུལ༔ མདུན་གྱི་སྔགས་ཀྱིས་དངོས་གྲུབ་བསྩལ༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱེད༔ རང་ལ་བསྡུས་པའི་དངོས་གྲུབ་ཐོབ༔ ཟླ་གམ་དགུ་པ་སྒྲུབ་པ་ཡིན༔ སྣོད་ཀྱི་འཇིག་རྟེན་མ་ལུས་པ༔ ཟླ་གམ་དཀྱིལ་འཁོར་ཆེན་པོར་བསྒོམ༔ བཅུད་ཀྱི་སེམས་ཅན་མ་ལུས་པ༔ ཕོ་རྣམས་ཡང་དག་ཧེ་རུ་ཀ༔ མོ་རྣམས་རྣལ་འབྱོར་གཽ་རཱི་བརྒྱད༔ ལྷ་རུ་མ་གྱུར་གཅིག་ཀྱང་མེད༔ སྔགས་ནི་བུང་བ་ཚང་ཞིག་ལྟར༔ བཟླས་པས་སྒྲུབ་པ་ཆེན་པོ་སྟེ༔ དེ་ནས་དངོས་གྲུབ་བླང་བའི་ཕྱིར༔ དཀྱིལ་འཁོར་ཤར་སྒོའི་ཁྲི་འུ་ལ༔ ཐོད་པ་བདུད་རྩིས་བཀང་བྱས་ལ༔ ཡབ་ཡུམ་མཁའ་གསང་ཧཱུྃ་ཨཾ་གསལ༔ མདུན་བསྐྱེད་མཆོད་ཅིང་དངོས་གྲུབ་བསྡུ༔ སིདྡྷི་ཕ་ལ་ཧཱུྃ་ཞེས་སྦྱར༔ བཟླས་ཤིང་མཆོད་ལ་དངོས་གྲུབ་བསྡུ༔ བསྐུལ་ཞིང་དངོས་གྲུབ་བླང་བ་འོ༔ ཚད་ཀྱང་རུ་ལུ་འབྲུ་བརྒྱད་པོ༔ བསྙེན་པ་འབུམ་བརྒྱད་ཉེ་བསྙེན་བརྒྱད༔ སྒྲུབ་པ་བརྒྱད་དང་སྒྲུབ་ཆེན་བརྒྱད༔ མ་ཡེངས་འབུམ་ཕྲག་བརྒྱད་བཟླས་ནས༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ཕྱག་རྒྱ་མཚན་ལྡན་གྲོགས་སུ་བཙལ༔ མཚམས་ནི་དམ་དུ་གཅད་པ་གནད༔ དམ་ཚིག་མ་ཉམས་པ་རུ་གྱིས༔ ཚོགས་ཀྱི་འཁོར་ལོ་ཡང་ཡང་གཏང༔ ཉམས་དང་རིག་པའི་རྩལ་ཡང་འདོན༔ བརྒྱུད་པའི་བླ་མར་གསོལ་བ་གདབ༔ དད་པ་མོས་གུས་ཚད་མེད་བྱ༔ དེ་ཚེ་ཉམས་འུར་རིག་པ་འཕྱོ༔ སྟོང་ཉིད་ལྟ་བ་རྟོགས་པ་དང༔ རིག་པ་གསལ་མདངས་རྒྱུན་ཆད་མེད༔ རླུང་ནི་འགྲོ་འོང་མི་ཚོར་བ༔ དེ་དག་གསང་བའི་རྟགས་སུ་བཤད༔ ཞལ་མཐོང་ལུང་བསྟན་སྔགས་སྒྲ་ཐོས༔ དེ་དག་ནང་གི་རྟགས་སུ་བཤད༔ ཉམས་ལ་ནམ་མཁའ་སྤྱི་བོར་ཐིམ༔ མ་མོ་བརྒྱད་ཀྱིས་འཁྲིལ་བ་དང༔ ནམ་མཁའི་ཁམས་སུ་ཁྱེར་བ་དང༔ ཉི་ཟླའི་ནང་དུ་བཅུག་པ་དང༔ མཁའ་འགྲོའི་གླིང་ཕྱིན་ཚོགས་འཁོར་བསྐོར༔ དངོས་ཉམས་རྨི་ལམ་གང་བྱུང་བ༔ དེ་དག་ཕྱི་ཡི་རྟགས་སུ་བཤད༔ མཆོག་སྒྲུབ་མཐར་ཐུག་འདི་ཡིན་པས༔ སྙིང་གི་ནོར་དུ་འདི་ཆོངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཉམས་ལེན་རྒྱུན་གྱི་རྣལ་འབྱོར་བཞུགས༔ ༁ྃ༔ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡང་དག་རྒྱུན་གྱི་རྣལ་འབྱོར་ནི༔ སྐྱབས་འགྲོ་སེམས་བསྐྱེད་ལྷ་སྐུ་བསྒོམ༔ དབུས་ཞལ་བདག་ཉིད་ཆེན་པོ་ལ༔ གཡས་ཞལ་ཕྱག་དྲུག་རྣམ་བཞི་ནི༔ གཽ་རཱི་ཙཽ་རཱི་པྲ་མོ་ཧ༔ བཻ་ཏཱ་ལི་སོགས་ངོ་བོ་སྟེ༔ གཡོན་ཞལ་ཕྱག་དྲུག་རྣམ་པ་བཞི༔ ཙཎྜ་པུཀྐ་སྨེ་ཤ་དང༔ གྷསྨ་རྣམ་བཞིའི་ངོ་བོར་གསལ༔ རིག་མ་བཛྲ་དབྱིངས་ཕྱུག་མ༔ ཕྱི་སྣོད་ཟླ་གམ་གཞལ་ཡས་ཁང༔ ནང་བཅུད་ཧེ་རུ་རྣལ་འབྱོར་མ༔ སྒྲ་གྲགས་རུ་ལུ་འབྲུ་བརྒྱད་དེ༔ དྲན་རྟོག་ཡེ་ཤེས་རོལ་པ་ཆེ༔ སྤྱོད་པ་འཛིན་མེད་འགྲོ་བའི་དོན༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་ཤར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཧཱུྃ༔ དམིགས་མེད་རྫོགས་པ་ཆེན་པོར་གནས༔ སྤྱོད་པ་ཉམས་སྐྱོང་རིག་རྩལ་འདོན༔ རྐྱེན་རྣམས་བདེ་ཆེན་ངང་དུ་བལྟ༔ ལྟས་ངན་དངོས་གྲུབ་གཡང་དུ་ལེན༔ ཡོན་ཏན་རྣམས་ལ་ཆེད་འཛིན་སྤང༔ རེ་དོགས་འདི་བྱ་མེད་པ་ཡི༔ རང་འདོད་མེད་པའི་འགྲོ་དོན་ཡང༔ བྱང་སེམས་སྙིང་རྗེའི་རྟ་ལ་ཞོན༔ ལེ་ལོ་མེད་པའི་ཐང་ལ་རྒྱུག༔ བརྟུལ་ཞུགས་གོ་ཆ་མི་ཞེན་པར༔ རིག་པས་ཐོག་རྫིས་ཕ་རོལ་རྒོལ༔ ཨོ་རྒྱན་ངས་ཀྱང་དེ་ལྟར་སྤྱད༔ སྐལ་ལྡན་རྣམས་ཀྱིའང་དེ་ལྟར་མཛོད༔ གདམས་ངག་ཕྱི་རབས་དོན་དུ་བཞག༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་བཞུགས༔ ༁ྃ༔ ྈྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡང་དག་ཚོམ་བུ་ཚོགས་སྒྲུབ་ནི༔ གནས་དུས་སྟོན་འཁོར་ཆོས་ཕུན་ཚོགས༔ ཡོ་བྱད་ཆེ་ན་སྒྲུབ་ཆེན་བྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་ས་བརྟག་སྦྱང་དབང་བཟུང༔ ཕྱི་ནང་གསང་མཚམས་བཤགས་པར་བྱ༔ དཀྱིལ་འཁོར་བྲི་ཞིང་སྒྲུབ་རྫས་ནི༔ ཐོད་པ་ཞུན་ཆེན་གྱིས་བཀང་སྟེ༔ རུས་ཆེན་རོ་རས་ཀྱིས་དྲིལ་ལ༔ སྡོང་བུ་བཙུག་པའི་མར་མེ་དགུ༔ སྒྲུབ་རྫས་གཞན་ཡང་ཁྲི་ལ་བཀོད༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཀོད༔ སོ་སོར་ལས་བསྐོས་སྐྱེམས་དྲངས་ཤིང༔ དཔལ་གྱི་ཆས་སྦྱིན་བྱིན་རླབས་དབང༔ སྤྱི་དོན་གསུམ་པ་དངོས་གཞི་ནི༔ ཕྲིན་ལས་ནར་མར་བཏང་བྱས་ལ༔ ཛཔ྄་ཀྱི་གསུང་རྒྱུན་མ་ཆད་བྱ༔ སྐབས་སུ་ཛཔ྄་དབྱངས་འདི་ལྟར་བྱ༔ སྣང་སྲིད་ཟླ་གམ་དགུ་ཀློང་ཆེ༔ ཕྱོགས་ལྷུང་བྲལ་བའི་གཞལ་ཡས་ཁང༔ མ་ཆགས་པདྨ་ཉི་ཟླའི་སྟེང༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ ཡུམ་ནི་བཛྲ་རྣལ་འབྱོར་མ༔ སྤྲུལ་པའི་རྣལ་འབྱོར་གཽ་རཱི་བརྒྱད༔ ཐམས་ཅད་སྐུ་ནི་མཚན་དཔེ་འབར༔ གསུང་ནི་རུ་ལུའི་སྔགས་སྒྲ་སྒྲོག༔ ཐུགས་ནི་བདེ་ཆེན་ཡེ་ཤེས་ངང༔ ཚུལ་བཞིན་བདག་གིས་བསྒྲུབས་ལགས་པས༔ མཆོག་གི་དངོས་གྲུབ་སྩོལ་བ་དང༔ ཛཔ྄་ཀྱི་ཕྲིན་ལས་མཛད་དུ་གསོལ༔ ཕྲ་འགྱུར་རུ་ལུའི་ཛཔ྄་དབྱངས་བྱ༔ ཉམས་སྤར་བདེ་ཆེན་ཡེ་ཤེས་སྐྱེད༔ དམ་ཚིག་སྲོག་ཏུ་བཟུང་བྱས་ནས༔ དངོས་གྲུབ་དུས་ལ་བབ་པ་ན༔ ཐོད་བཟང་ཆང་བཀང་ཤར་སྒོར་བཞག༔ བདུད་རྩིར་བྱིན་བརླབས་ལྷ་ལ་འབུལ༔ ལྷ་རྣམས་སྦྱོར་བའི་དངོས་གྲུབ་ནི༔ རང་གི་སྦྱོར་བས་ཐུགས་ཀར་བསྡུ༔ བདེ་ཆེན་ཐོབ་བསྒོམ་འདི་ལྟར་བསྐུལ༔ ཧཱུྃ༔ བདེ་བར་གཤེགས་པ་ཧེ་རུ་ཀ༔ རྣལ་འབྱོར་ཡུམ་ཚོགས་དགོངས་སུ་གསོལ༔ བདག་ཅག་དམ་བཅའ་མཐར་ཕྱིན་ཅིང༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ སྔོན་གྱི་ཐུགས་དམ་དེ་དགོངས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ ཐོད་ཆང་བཏུང་ཞིང་སྒྲུབ་རྫས་རྣམས༔ སྤྱི་བོར་བཟུང་ཞིང་དབང་ཡང་བླང༔ དེར་འཚོགས་དཔོན་སློབ་ཐམས་ཅད་ཀྱི༔ དངོས་གྲུབ་ཞལ་ཟས་ལོངས་སུ་སྤྱོད༔ གཏོར་སྐྱོང་བྲོ་རྡུང་དཀྱིལ་འཁོར་བསྡུ༔ མཚམས་བཀྲོལ་བཀྲ་ཤིས་སྨོན་ལམ་བྱ༔ དཀྱིལ་འཁོར་རྡུལ་ཚོན་ཆུར་གཤེགས་ལ༔ གཏེར་སྦ་གནས་སྲུང་དེ་ལྟ་བུས༔ ཚོམ་བུ་དེ་ཉིད་གྲོལ་བར་འགྱུར༔ སྤྲོས་པའི་སྙིང་པོ་ཤིན་ཏུ་ཟབ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཐབས་ལམ་རིམ་སྐྱེས་པ་ལ་གདམས་པ་བཞུགས༔ ༁ྃ༔ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཐབས་ལམ་རིམ་གྱིས་བསྒོམ་པ་ནི༔ དབེན་པའི་གནས་སུ་ནང་ཚངས་ཅན༔ འབོལ་གྱི་སྟེང་དུ་སྐྱིལ་ཀྲུང་བཅས༔ རྒལ་བསྲང་མགོ་བཀུག་ཡ་རྐན་ལ༔ ལྕེ་སྦྱར་མིག་ནི་གྱེན་དུ་ལྟ༔ དཔུང་མགོ་འཐེན་ལ་གྲུ་མོ་བརྒྱང༔ ལག་གཉིས་ལྟེ་འོག་མཉམ་པར་གཞག༔ ལུས་ནི་ཕྲུ་མ་ཕུས་བཏབ་ལྟར༔ རྩ་གསུམ་གྱེན་འགྲེང་སྲོག་ཤིང་ཚུལ༔ གཉེར་བདུན་ལྡན་པ་ལྟེ་འོག་ཏུ༔ སོར་བཞིའི་ཐད་དུ་དབུས་སུ་ཐིམ༔ གཡས་གཡོན་ཡར་སྣེ་སྣ་སྒོར་ཟུག༔ སྤྱི་བོར་རྩ་འདབ་སུམ་ཅུ་གཉིས༔ མགྲིན་པར་བཅུ་དྲུག་སྙིང་གར་བརྒྱད༔ ལྟེ་བར་དྲུག་ཅུ་རྩ་བཞི་བསྒོམ༔ གདུགས་རྩིབས་ལྟ་བུའི་མདུད་ལྡན་བསྒོམ༔ དེ་ཉིད་ལེགས་པར་གསལ་ཐེབས་ནས༔ གཡས་གཡོན་དབུས་ནས་དགུ་ཕྲུགས་འབུད༔ ནད་གདོན་སྡིག་སྒྲིབ་བྱང་བར་བསམ༔ སོར་བཞིའི་ཐད་ནས་རླུང་ལྔ་ལྡན༔ གཡོན་ནས་བརྩམ་སྟེ་དལ་བུས་རྔུབས༔ རྩ་གཉིས་བརྒྱུད་དེ་སྙིང་གར་ཐིམ༔ འཁོར་ལོའི་རྩ་རྣམས་ཐམས་ཅད་གང༔ རྩ་མདུད་རིམ་བཤིག་ཐང་རེ་བརྒྱད༔་་་འདི་གབ་པར་གསུངས། མཆན། ཡན་ལག་གཤད་ཅིང་བརྐྱང་བསྐུམ་བྱ༔ ལག་པས་ནམ་མཁའ་འཛིན་བྱས་ལ༔ མཁའ་ལ་བཏེགས་ཏེ་སྐྱིལ་ཀྲུང་བཅས༔ ལག་པ་གཉིས་ཀྱིས་ནམ་མཁའ་མནན༔ ལྟེ་འོག་ལ་ནི་ཚིར་གྱིས་མནན༔ ལག་མནན་ཕྱེད་སྐྱིལ་གདན་དུ་ཕབ༔ ཚུགས་མ་ཤོར་བར་རླུང་ཕྱིར་འཕང༔ སྤྱི་བོ་ནས་བརྒྱུད་ཐལ་ལེ་བར༔ སྲིད་པའི་རྩེ་མོར་འགྲོ་བ་དང༔ རྡོ་རྗེ་གཙུག་ནས་ཐོན་པར་བསམ༔ འོག་རླུང་བཟུང་ཞིང་སྣ་ནས་བཏང༔ རྒྱ་མཚོ་སྒལ་པ་ལ་སྦྱར་རོ༔ རླུང་ནི་ཁས་བཟུང་འོག་སྒོ་བསྒྲད༔ རིམ་དགུའི་འོག་ཏུ་འགྲོ་བར་བྱ༔ དེ་ལ་གེགས་སེལ་བྱ་བ་ནི༔ གྲང་རླུང་ཁས་རྔུབས་རྒྱབ་ནས་ཐོན༔ ཐིག་ལེ་སྔོ་བསིལ་སྨིན་པར་བསྒོམ༔ དེ་ཡིས་ཚད་པའི་ནད་རྣམས་ཞི༔ རེག་བྱ་ཚ་བའི་རླུང་བཟུང་ལ༔ འོག་སྒོའི་ཐད་དུ་ཐིག་ལེ་དམར༔ ལུས་ཀྱི་སྨད་རྣམས་བསྲེགས་པར་བསམ༔ མགོ་བོ་འཁོར་ན་ལྟག་སྒོ་ཕྱེ༔ སྙིང་རླུང་བྱུང་ན་ཐིག་ལེ་དཀར༔ སྙིང་ནང་བདུད་རྩིས་གང་བར་བསམ༔ བོགས་འདོན་རྩ་འདབ་ཐམས་ཅད་ཀྱི༔ བ་སྤུའི་བར་དུ་ཟང་ཐལ་ལེ༔ འོད་ལྔའི་རླུང་རྣམས་བ་སྤུ་ཡི༔ ཁུང་བུ་ནས་བྱུང་ལུས་འོད་ལྔས༔ ཁྲིག་གེར་དགང་གཞིལ་ལུས་འོད་གྱུར༔ བ་སྤུ་ནས་འཕངས་ལུས་ནམ་མཁར༔ འདྲེས་པར་བསམས་ལ་མཉམ་པར་གཞག༔ དེ་ནི་རྩ་རླུང་སྦྱང་བ་འོ༔ དེ་ནས་ལྟེ་འོག་ཨ་ཤད་བསྒོམ༔ རླུང་གིས་བུས་པས་རེག་བྱ་ཚ༔ ལྟེ་བས་ལག་པ་དྲོས་པ་ན༔ མེ་འབར་སྤྲུལ་པའི་འཁོར་ལོ་གང༔ དེ་བཞིན་སྤྱི་བོའི་བར་དུ་སྦར༔ ལུས་ཀྱི་སྟོད་སྨད་ཀུན་དྲོས་ནས༔ སྤྱི་བོའི་མེ་ནི་མདུན་དུ་བྱུང༔ འོག་སྒོ་ནས་ཞུགས་ལག་པ་ནས༔ ཐོན་ཏེ་རྐང་པའི་མཐིལ་ནས་ཞུགས༔ ལུས་ཀྱི་ཕྱི་ནང་མེད་པར་སྦར༔ གེགས་སེལ་རྩུབ་ན་བདེ་བ་དང༔ བདེ་ན་སྟོང་པ་ཉིད་དུ་སྦྱང༔ ཡལ་ན་བོགས་འདོན་དྲུག་འཆིང་བྱ༔ ཁ་ཡི་མེ་ནི་ལྟེ་བར་སྦར༔ མེ་ཡིས་སྦྲིད་ཆིལ་བསྐོར་འཁྱིལ་འབར༔་་་འདི་ཡང་གབ་པར་གསུངས། མཆན། དེ་ནི་གཏུམ་མོ་སྦྱང་བ་ཡིན༔ ད་ནི་སྤྱི་བོའི་ཧཾ་ཡིག་མཐར༔ དྭངས་མའི་ཐིག་ལེ་བཅུ་དྲུག་བསྒོམ༔ གཏུམ་མོས་བཞུས་ལ་མགྲིན་པར་དབབ༔ སླར་ཡང་བཟློག་ལ་ཐིག་ལེར་བསྟིམ༔ དེ་ནི་དགའ་བ་དང་པོ་འོ༔ སྤྱི་བོ་ཟ་ཡི་བར་དུ་བསྒོམ༔ མགོ་བོ་བདེ་བས་གང་བར་བྱ༔ སྤྱི་བོ་ནས་གང་སྔར་བཞིན་ལ༔ མགྲིན་པར་ཐིག་ལེ་བཅུ་དྲུག་བསྒོམ༔ གཏུམ་མོས་བཞུས་ལ་སྙིང་ཁར་ཕབ༔ དེ་ནི་དགའ་བ་ཆེན་པོ་འོ༔ སླར་ཡང་མགྲིན་པའི་ཐིག་ལེར་བསྟིམ༔ རྩ་གསུམ་ཐིག་ལེ་སྤྱི་བོར་བསྟིམ༔ མགྲིན་པ་བདེ་བས་གང་བར་བསླབ༔ དེ་ནས་སྔར་བཞིན་སྙིང་གར་ཕབ༔ ཐིག་ལེ་ཧཱུྃ་དང་ཧཾ་བརྒྱད་བསྒོམ༔ གཏུམ་མོས་བཞུས་ལ་ལྟེ་བར་དབབ༔ སླར་ཡང་སྙིང་གའི་ཐིག་ལེར་བསྟིམ༔ རྩ་གསུམ་ཐིག་ལེ་སྤྱི་བོར་བསྟིམ༔ སྙིང་ཁ་བདེ་བས་གང་བར་བསླབ༔ དེ་ནི་ཁྱད་པར་དགའ་བ་འོ༔ དེ་ནས་སྔར་བཞིན་ལྟེ་བར་ཕབ༔ ཐིག་ལེ་དྲུག་ཅུ་རྩ་བཞི་བསྒོམ༔ གཏུམ་མོས་བཞུས་ལ་གསང་བར་ཕབ༔ སྔར་བཞིན་ལྟེ་བའི་རྩ་ནང་གི༔ ཐིག་ལེ་དྲུག་ཅུ་རྩ་བཞིར་ཐིམ༔ ལྟེ་བ་བདེ་བས་གང་བར་བསླབ༔ འཁོར་ལོ་སོ་སོར་འཁོར་ཞིང་འཁྱིལ༔ ཐིག་ལེ་ཡིག་འབྲུ་བརྟན་ལ་གཏད༔་་་འདིའང་གབ་པར་གསུངས། དེ་ནི་ལྷན་སྐྱེས་དགའ་བ་འོ༔ དེ་ནས་སྟོང་ཉིད་ངང་དུ་བཞག༔ གེགས་སེལ་རྒྱ་མཚོ་སྒལ་པར་སྦྱར༔ ཉྭ་བཞི་གླིང་བཞི་སྒྲིམ་ཞིང་བསྡམ༔ སྒོ་ནི་གྱེན་བསྒྲད་རླུང་ཕྱིར་འཕེན༔ བོགས་འདོན་ཡིད་ཀྱི་ཕྱག་རྒྱར་བསྟེན༔ ཟླ་བརྟུལ་རྡོ་རྗེ་འབྲུ་བཞིས་བཀག༔ སྤྱི་བོར་གཡོ་བ་རྣམ་བཞི་དང༔ མགྲིན་པར་ཁྱབ་པ་རྣམ་བཞི་དང༔ སྙིང་གར་བརྟན་པ་རྣམ་བཞི་དང༔ ལྟེ་བར་བྱང་ཆུབ་རྣམ་བཞི་སྟེ༔ དགའ་བ་ཆེན་པོ་བཅུ་དྲུག་ཡིན༔ དེ་ནི་ཐིག་ལེ་སྦྱང་བ་འོ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཐབས་ལམ་གཅིག་ཆར་བ་རྣམས་ལ་གདམས་པ་བཞུགས་སོ༔ ༁ྃ༔ ྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཐབས་ལ་བསྟེན་པས་སྐད་ཅིག་ཏུ༔ བདེ་ཆེན་ཡེ་ཤེས་རྟོགས་བྱའི་ཕྱིར༔ དབེན་པའི་གནས་སོང་བདེ་གྲོགས་ལ༔ ཕྱི་ནང་ཆོས་ཀྱིས་སྨིན་པར་བྱས༔ ཁྲུས་བྱས་རྒྱན་བཏགས་མེ་ལོང་ལ༔ འཆར་དུ་གཞུག་ལ་སྒྱུ་མར་ལྟ༔ ཆགས་པའི་བསྟན་བཅོས་སྣ་ཚོགས་ཀྱིས༔ བདེ་བ་ཡོངས་སུ་སྨིན་པར་བྱ༔ དེ་ནས་ཡབ་ཡུམ་རྒྱན་ཕྲལ་ལ༔ ཧེ་རུ་ཀ་དཔལ་ཡབ་ཡུམ་ནི༔ ཆགས་པའི་རྡོ་རྗེ་དམར་པོར་བསྒོམ༔ དེ་ཉིད་ལྷ་ཡི་འདུ་ཤེས་ཡིན༔ ཡབ་ཡུམ་རྩ་འཁོར་རྩ་རླུང་བཞིན༔ སྤྱི་བོའི་གནས་ལྔར་རིགས་ལྔ་དང༔ གནས་གསུམ་ཡིག་འབྲུ་གསུམ་མཚན་པ༔ སྔགས་བཟླས་བྱིན་རླབས་དབང་བསྐུར་བྱ༔ ཡབ་གསང་ཟླ་བར་ཧཱུྃ་ཡིག་ལས༔ དབུ་མའི་མར་སྣེ་རྡོ་རྗེ་སྔོ༔ བུ་ག་ཧཱུྃ་གིས་བཀག་པར་བསམ༔ ཡུམ་པད་མཾ་ལས་ཉི་མའི་དབུས༔ པདྨའི་འདབ་མ་ཁ་ཟུམ་བསྒོམ༔ དེ་ཡང་མཉེན་འཇམ་རྒྱས་པར་བསྒོམ༔ བུ་ག་ཕཊ྄་ཀྱིས་བཀག་པར་བསམ༔ དེ་ནི་ཡི་གེའི་འདུ་ཤེས་ཡིན༔ བདག་གིས་ཐབས་འདི་ལ་བསྟེན་ཏེ༔ བདེ་ཆེན་ཡེ་ཤེས་རྟོགས་ནས་ཀྱང༔ ཧེ་རུ་ཀ་དཔལ་གོ་འཕང་ཐོབ༔ སེམས་ཅན་ཀུན་གྱི་དོན་བྱ་སྙམ༔ དེ་ནི་ཆོས་ཀྱི་འདུ་ཤེས་ཡིན༔ དེ་ནས་ཕན་ཚུན་ལྟ་བ་དང༔ ཕན་ཚུན་འཆང་ཞིང་སེན་མོས་རྡེག༔ རྡོ་རྗེས་པདྨའི་ཐོ་ཕྱིར་རེག༔ ཤིན་ཏུ་འཁྲིལ་ཞིང་དལ་བུས་བསྲུབ༔ རིམ་གྱིས་བདེ་བ་བཅུ་དྲུག་བསྒོམ༔ རྡོ་རྗེའི་རྩ་བར་སླེབས་པ་ན༔ བདེ་ལ་སེམས་བཟུང་བདེ་སྟོང་བསྒོམ༔ རྩ་བ་མཐར་ཕྱིན་དང་པོའི་དགའ༔ བྲོ་བ་མཐར་ཕྱིན་དགའ་བ་ཆེ༔ རྐེད་པ་མཐར་ཕྱིན་དགའ་བའི་མཆོག༔ རྩེ་མོ་མཐར་ཕྱིན་དགའ་བྲལ་ལོ༔ བྱང་ཆུབ་རྣམ་པ་ཉི་ཤུ་འོ༔ དབབ་ཅིང་བཟུང་བ་གནད་ཡིན་ལ༔ ཏིལ་འབྲུ་ཙམ་ཡང་ཉམས་མི་རུང༔ ལས་ནི་དང་པོར་དེ་བཞིན་ལ༔ དཔུང་མགོ་འཐེན་ཅིང་རྒྱ་མཚོ་བཏེགས༔ བཞི་ཚན་བསྒྲིལ་བསྡམ་ཉི་ཟླ་གྱེན༔ ཧཱུྃ་དང་ཧིཀ྄་སྒྲས་གྱེན་ཏུ་དྲང༔ རླུང་ནི་ཕྱིར་འཕང་འདྲེན་པའི་གནད༔ རིམ་སྐྱེས་བཞིན་དུ་ཐིག་ལེར་བསྟིམ༔ ཡབ་ཡུམ་སོ་སོར་ཕྲལ་བྱས་ལ༔ འདར་བའི་ཚུལ་གྱིས་བཀྲམ་བྱས་ཤིང༔ གཡོན་གྱི་སྲིན་ལག་ལ་བཀལ་ལ༔ དགང་ཞིང་གཞིལ་བས་ཁྱབ་པར་འགྱུར༔ དེ་ལྟར་ཡང་ཡང་བསྒོམས་བྱས་པས༔ བདེ་ཆེན་ཡེ་ཤེས་རྟོགས་པར་ཤེས༔ སྟོང་ཉིད་རྩི་ཡིས་ཟིན་པ་གཅེས༔ བློ་ཆེའི་དོན་དུ་ཡི་གེར་བཀོད༔ མ་འོངས་དོན་དུ་གཏེར་དུ་སྦས༔ ཟབ་ལམ་འདི་འདྲ་སུས་སྤྱོད་པ༔ དེ་ནི་རིག་འཛིན་རྒྱལ་བའི་སྲས༔ གནས་དེར་ལྷ་ཡིས་མེ་ཏོག་ཆར༔ ཀླུ་ཡིས་དགོས་འདོད་མི་ཟད་གཏེར༔ རྒྱུན་མི་འཆད་པར་འབེབ་པར་བྱིན༔ ལོ་ཉེས་འཁྲུགས་རྩོད་མུ་གེ་ཞི༔ དེ་དང་འབྲེལ་ཚད་དོན་ཆེན་ལྡན༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཕྱག་རྒྱ་བརྟགས་ཐབས་བཞུགས་སོ༔ ༁ྃ༔ ྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མཆོག་གི་དངོས་གྲུབ་སྒྲུབ་པ་ལ༔ གྲོགས་ནི་ཕྱག་རྒྱ་མཚན་ལྡན་བསྟེན༔ དེ་ཉིད་བརྟག་པའི་ཐབས་བསྟན་ཏེ༔ ཞིང་སྐྱེས་མཁའ་འགྲོ་ཡོད་པའི་ཕྱིར༔ གནས་རི་ཡུལ་བཟང་རྣམས་ནས་བཙལ༔ རིགས་བཟང་ཕ་མ་རྣམས་ལ་བརྟག༔ བཅུ་དྲུག་ནས་ནི་ཞེ་ལྔའི་བར༔ སྟོད་སྨད་ཤ་རྒྱས་མཁྲེགས་ལ་འཇམ༔ འདོམ་ཡངས་རྐེད་ཕྲ་དཔྲལ་བ་ཟླུམ༔ སྨིན་མཚམས་རི་མོ་གྱེན་འགྲེང་གསུམ༔ སྐྲ་ལི་མིག་དཀྱུས་མདོག་དམར་བ༔ རབ་ལ་དཔྲལ་བར་དགའ་འཁྱིལ་རིས༔ འབྲིང་ལ་ཐིག་ལེ་དམར་པོ་དང༔ ཐ་མར་སྨེ་བ་དམར་པོས་མཚན༔ མཆུ་ནི་པདྨ་ལྟ་བུ་སྟེ༔ ངང་པའི་སྐད་ལྡན་བཞིན་བཟང་མ༔ སོ་དཀར་དྲི་བཟང་ལྡན་པ་དང༔ ཤངས་བུག་ཆུང་ན་གསང་དམ་རྟགས༔ འཇམ་པོར་སྨྲ་ཞིང་ཟུར་མིག་ལྟ༔ ཆགས་པའི་བཞིན་སྟོན་ཚིག་སྨྲ་ལ༔ ཧ་ཅང་འཆོལ་པོ་མ་ཡིན་པ༔ བློ་ཆེ་ཁོང་ཡངས་ཤེས་དང་ལྡན༔ གསང་སྒོ་ཤིན་ཏུ་དམ་པར་གཅེས༔ དེ་ནི་ཐབས་མཁས་ནོར་གྱིས་བསླུ༔ མེད་ཐབས་མེད་པའི་གྲོགས་ཡིན་པས༔ མཆོག་ཐོབ་འདོད་ན་དེ་ཉིད་བཙལ༔ རྟོགས་པར་ལྡན་ནས་སྤང་བླང་མེད༔ དང་པོའི་ལས་ཅན་ཐམས་ཅད་ཀྱིས༔ གདོང་དམར་ཚིག་རྩུབ་མིག་གྲུ་གསུམ༔ གཟུགས་མི་སྙོམས་ཤིང་མིག་སེར་ཅན༔ ཡིད་མི་འོང་དང་མཛེ་མོ་དང༔ རིགས་ངན་དམེ་ཡུག་མནོལ་བ་སྤང༔ སྤང་བླང་ཞིབ་ཏུ་བརྩི་བ་གཅེས༔ ས་མ་ཡ་རྒྱཿརྒྱཿརྒྱ༔ ྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཕྱག་རྒྱའི་བཅུད་བསྡུས་བཞུགས་སོ༔ ༁ྃ༔ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕྱག་རྒྱའི་བཅུད་བསྡུས་ཚེ་སྒྲུབ་ནི༔ ཕྱག་རྒྱ་པད་ཅན་ཤིན་ཏུ་གཅེས༔ འབོལ་སྟེང་ཞྭ་ཙམ་ཕྱིང་པའི་སྟེང༔ དེ་སྟེང་གན་རྐྱལ་ཚང་རྟིང་བཞག༔ དར་གྱི་ཕོ་ལྷང་མགོ་བོ་ཙམ༔ མཁལ་སྟེང་བཞག་ལ་དར་གྱིས་བསྡམ༔ ཕྱག་རྒྱའི་ལུས་རྔུལ་གདོང་དམར་ཞིང༔ ཆགས་པའི་སྐད་ནི་སྣ་ཚོགས་སྨྲ༔ མི་བཟོད་བར་དུ་བདེ་བ་བསླང༔ འོག་སྒོ་ཕྱིང་དྲིལ་གྱིས་བརྒྱངས་ལ༔ སྲིན་ལག་རྒྱུ་མས་དཀྲིས་བྱས་ཏེ༔ མར་གྱིས་བྱུགས་ལ་རྩ་ཉུལ་ལ༔ རྩ་སྣེ་མངོན་ན་གཡེར་མས་བྱུག༔ རང་གི་རྡོ་རྗེར་རྫས་བྱུགས་ལ༔ བསྐྱོད་པས་རྩ་གཉིས་འཕྲོད་པའི་རྟགས༔ ཡབ་ཡུམ་རླུང་རྒྱུ་མི་ཚོར་བར༔ ཚོར་བ་ཐམས་ཅད་འགགས་པ་ན༔ རང་གི་ཐུགས་ཀའི་ཧཾ་བརྒྱད་ལས༔ འོད་འཕྲོས་རྡོ་རྗེའི་སྦུ་གུར་བརྒྱུད༔ སྦྱོར་མཚམས་ནས་འཕྲོས་འོད་ཟེར་གྱིས༔ འཁོར་འདས་སྣོད་བཅུད་བདུད་རྩི་བསྡུས༔ ཕྱག་རྒྱའི་ལུས་ཐིམ་བདུད་རྩིས་གང༔ འདི་དུས་བུག་གཉིས་ཡིག་འབྲུ་གསལ༔ གསང་བའི་རྩ་བར་སྡུད་བྱེད་ཀྱི༔ ཡི་གེ་ཨཱཾ་ཡིག་དམར་པོ་ཡིས༔ ཕྱག་རྒྱའི་བཅུད་དྲངས་རང་གི་ལུས༔ རྩ་ཁམས་དྭངས་མ་དཀར་དམར་གྱིས༔ གང་སྟེ་འཆི་མེད་ཚེ་མཆོག་ལུས༔ བྱེ་རུ་མར་ཁུས་བྲན་བཞིན་བསྒོམ༔ ལུས་ཁམས་སྦྲིད་ཆིལ་བདེ་བ་ན༔ དེ་དུས་དྭངས་མ་འདུས་པའི་རྟགས༔ གཞན་ཡང་རྩ་ཁམས་བཟང་བ་དང༔ རིག་མ་མཚན་དང་ལྡན་པ་ན༔ རྣལ་འབྱོར་དམ་ཚིག་ལྡན་པ་ཡིས༔ གོང་གི་ཐབས་རྣམས་མ་བྱས་ཀྱང༔ བཅུད་རྣམས་རང་བཞིན་འདུས་པ་སྟེ༔ རྟགས་ནི་གོང་དང་མཚུངས་པར་འགྱུར༔ འདི་ནི་ཟླ་བ་གསུམ་བསྟེན་པས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ དབང་པོ་ལག་པའི་བཅུད་ལེན་བཞུགས༔ ༁ྃ༔ ྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བཅུད་ལེན་གདམས་པ་བསྟན་པར་བྱ༔ དབང་ལག་ཞིབ་པར་འཐག་བྱས་ལ༔ འོ་མ་ཕུལ་དགུ་གཅིག་ཏུ་གདུས༔ དེ་གཉིས་སྦྱར་བའི་རིལ་བུ་ནི༔ ཤ་བའི་རིལ་མ་ཙམ་དུ་དྲིལ༔ རུ་ལུའི་སྔགས་བསྒོམ་བཅུད་རྣམས་བསྡུས༔ བདུད་རྩིར་བསྒྱུར་ལ་འབུམ་ཕྲག་གསུམ༔ བཟླས་པས་འོད་དང་སིལ་སྒྲ་འབྱུང༔ དྲི་བཟང་འཐུལ་ཞིང་རྨིས་ལྟས་ལེགས༔ རྫས་དེ་ཟླ་བ་གསུམ་བརྟེན་ན༔ ཚེ་ཟད་ཡིན་ཀྱང་ལོ་གསུམ་བསྲིང༔ ཟས་མེད་གཅིག་པུར་སྒོམ་པ་ཡི༔ ལུས་གནད་ལྡན་པའི་ཧ་སྤྲུག་བྱ༔ ཁམས་གསུམ་ནམ་མཁའ་བདུད་རྩིར་བྱ༔ ཁ་ཡི་ཧུབ་ཧུབ་རྔུབས་བྱས་ལ༔ ལུས་རྣམས་བདུད་རྩིས་ལྟེམས་ཀྱིས་གང༔ ཐུན་བར་སྟོང་ཉིད་ངང་ལ་བཞག༔ རིལ་བུ་དེ་ཉིད་དུས་དྲུག་ཟ༔ རགས་པའི་ཟས་སྤང་ཆུ་བསྐོལ་འཐུང༔ སྐབས་སུ་གཏུམ་མོ་ཡང་ཡང་བསྒོམ༔ འདི་ནི་གདམས་ངག་ཤིན་ཏུ་ཟབ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཐུགས་ཁྲིད་ཟབ་མོ་བཞུགས༔ ༁ྃ༔ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡང་གསང་ཐུགས་ཀྱི་སྙིང་པོ་ཆེ༔ ཀ་དག་ཟང་ཐལ་རྟོགས་བྱའི་ཕྱིར༔ དལ་འབྱོར་ལུས་རྟེན་ཐོབ་དཀའ་བ༔ མི་རྟག་འཆི་བ་དྲན་པར་བྱ༔ སྡུག་བསྔལ་རྣམས་ལ་ལེགས་བསམ་སྟེ༔ ཚེ་གཅིག་སངས་རྒྱས་ཐོབ་འདོད་ཀྱི༔ གདུང་བས་ངེས་འབྱུང་བསམ་པ་བརྟན༔ རྩ་བ་གསུམ་ལ་སྐྱབས་འགྲོ་ཞིང༔ བྱང་ཆུབ་སེམས་ལྔ་བསྐྱེད་པར་བྱ༔ རྡོར་སེམས་བསྒོམ་པས་སྡིག་སྒྲིབ་སྦྱང༔ སྙིང་པོས་མཎྜལ་འབུལ་བར་བྱ༔ བླ་མ་སྤྱི་བོར་བསྒོམས་བྱས་ནས༔ དབང་བཞི་ཡང་ཡང་བླང་བ་ཡིས༔ བདག་རྒྱུད་ངེས་པར་བྱིན་རླབས་བསྒོམ༔ བདག་ཉིད་ལུས་ནི་གཅེར་བུར་བུད༔ འགྲོ་བ་རིགས་དྲུག་སྤྱོད་ལམ་བྱ༔ སྡུག་བསྔལ་ངོ་བོ་བརྟག་པ་དང༔ བདེ་བའི་སྙིང་པོ་མེད་པར་ལྟ༔ ལུས་ནི་རྡོ་རྗེའི་འདུག་སྟངས་བྱ༔ རྡོ་རྗེར་བསྒོམས་ལ་གར་གནས་བརྟག༔ ཧཱུྃ་གིས་སྣོད་བཅུད་ཟང་ཐལ་འབིགས༔ ཧཱུྃ་དབྱངས་ལེན་ཞིང་འགྲོ་འོང་བརྟག༔ དེ་ནས་ལུས་སེམས་ལྷོད་དེ་བཞག༔ སེམས་ཀྱི་སྐྱེ་འགག་གནས་གསུམ་བརྟག༔ གང་དུའང་བརྟག་པ་མེད་པ་ན༔ རང་གི་སེམས་ཉིད་སྟོང་པར་ཤེས༔ དེ་ཚེ་ཕྱི་ཡི་ཡུལ་རྣམས་ལ༔ དངོས་པོ་ཡོད་དམ་མེད་དུ་བརྟག༔ ཕྱི་ནང་དངོས་མེད་རྟོགས་པ་ན༔ ཐམས་ཅད་སྟོང་པ་ཉིད་དུ་གནས༔ དེ་ནས་བསྐྱེད་རིམ་རྩ་རླུང་བསྒོམ༔ བདེ་བ་ཆེན་པོའི་ལམ་ལ་སྦྱང༔ དེ་ནས་ཀ་དག་དོན་ལ་བརྟག༔ ལྟ་བྱེད་མཁན་པོ་འདི་བརྟག་ན༔ སེམས་ལས་གཞན་པ་སུ་ཞིག་ཡོད༔ ལྟ་བའི་ཡུལ་འདི་བརྟགས་པ་ན༔ དེ་འང་སེམས་ལས་གཞན་མེད་དོ༔ བལྟ་བྱ་ལྟ་བྱེད་མེད་པ་ན༔ ལྟ་ཚུལ་ཅི་ཞེས་ཟེར་བ་ན༔ གཞི་ལམ་འབྲས་བུ་གསུམ་ལ་བརྟག༔ གཞི་ནི་ངོ་བོ་ཀ་དག་ལ༔ རང་བཞིན་ལྷུན་གྲུབ་འོད་གསལ་བ༔ འདི་ལ་སྐུ་གཉིས་འབྲས་བུར་སྨིན༔ དང་པོ་འབྲས་བུར་སྨིན་པ་ན༔ ལམ་གྱིས་ཅི་ཕན་ཟེར་བ་ན༔ རང་བཞིན་ལྷུན་གྲུབ་ངོ་མ་ཤེས༔ དབུལ་པོས་འོག་གཞིའི་གཏེར་བཞིན་དུ༔ ལྷུན་གྲུབ་ངོ་མ་ཤེས་པ་ཡིས༔ རང་གི་རང་ཉིད་བསྒྲིབས་པར་གྱུར༔ དེ་ཉིད་བསལ་ཕྱིར་ལམ་དགོས་པས༔ དེ་ལ་རྣམ་པ་གསུམ་ཡིན་ཏེ༔ རྣམ་གྲོལ་ཐབས་དང་སྐད་ཅིག་སྟེ༔ རྣམ་གྲོལ་ལམ་ནི་རིང་བའི་ལམ༔ ཐབས་ནི་ཉེ་བའི་ལམ་ཡིན་ལ༔ དེ་ལས་ཁྱད་འཕགས་སྐད་ཅིག་གཅིག༔ དབང་པོ་རྣོ་རྟུལ་ཁྱད་པར་ཆེ༔ ལམ་གསུམ་གང་ལ་སྦྱང་བས་ཀྱང༔ དབུལ་པོའི་ཁྱིམ་ནས་གཏེར་རྙེད་ལྟར༔ ཀ་དག་ལྷུན་གྲུབ་རྟོགས་པར་འགྱུར༔ དེ་ཡང་དང་པོ་སེམས་འདི་ནི༔ རང་བཞིན་བརྗོད་ཚིག་བྲལ་ན་ཡང༔ བླ་མས་མན་ངག་གིས་མ་བཀྲོལ༔ གོ་ཉམས་རྟོགས་པས་མ་གཅུན་ན༔ རང་བཞིན་རྟོགས་པར་ག་ལ་འགྱུར༔ ད་ནི་མན་ངག་གིས་བཀྲོལ་ཏེ༔ སེམས་འདི་མ་བཅོས་ཅོག་གཞག་ཆེ༔ འདི་ཡིན་ངོས་འཛིན་མེད་པ་འདི༔ ངོ་བོ་ཀ་དག་འདི་ཡིན་ཞིང༔ མཐོང་རྒྱུ་མེད་པའང་མ་ཡིན་ཏེ༔ མྱོང་བ་ཅན་དུ་གནས་པ་འདི༔ གསལ་ལ་ཧྲིག་གེར་སལ་ལེ་བ༔ འདི་ནི་རང་བཞིན་ལྷུན་གྲུབ་སྟེ༔ ངོ་རང་གཉིས་སུ་དབྱེ་བ་ཅི༔ སྙམ་ན་ངོ་བོ་རང་བཞིན་གཉིས༔ གསེར་དང་འོད་བཞིན་དབྱེ་གཞི་མེད༔ ཚིག་ལ་གསེར་དང་འོད་སོ་སོར༔ མིང་དུ་མ་བརྟགས་བཤད་མི་ཤེས༔ དེ་ཕྱིར་ཀ་དག་རང་བཞིན་གཉིས༔ དོན་དུ་དབྱེ་རུ་ཅི་ལ་འཚལ༔ རང་རིག་རྫོགས་པ་ཆེན་པོ་འདི༔ རེ་དོགས་བལྟས་པས་མཐོང་མི་འགྱུར༔ མ་བལྟས་བཞག་ན་ངེས་པར་མཐོང༔ བལྟ་བྱ་ལྟ་བྱེད་བྲལ་བ་ན༔ དེ་ནི་རང་ངོ་འཕྲོད་པ་ཡིན༔ ད་ནི་དེ་ལ་རྩལ་སྦྱངས་ཏེ༔ སྤྱོད་ལམ་ཀུན་ལ་བསྲེས་ནས་ཀྱང༔ ཡེངས་མེད་ཆགས་འཛིན་མེད་པར་སྦྱང༔ འཇིག་རྟེན་ཆོས་རྣམས་ཐམས་ཅད་ཀྱི༔ རྟོགས་པའི་གྲོགས་སུ་གང་འགྲོ་བྱ༔ སྤྱོད་ལམ་ཐམས་ཅད་ཅི་བདེར་བྱ༔ སྒོམ་དང་བསྒྲུབ་རྒྱུ་ཅི་ཡང་མེད༔ བྱར་གཏད་མེད་ཅིང་གཡེང་བ་ཆུང༔ ཉིན་མཚན་མེད་ན་མངོན་སུམ་མཐོང༔ ས་ནི་དང་པོའི་རང་བཞིན་ཉིད༔ འདི་ནས་ཚེ་འཕོས་རྣམ་སྨིན་ཐོབ༔ དེ་ནས་སྦྱང་ན་ཡེངས་པ་བྲལ༔ ཅི་ཡང་མི་རྟོག་ངང་དུ་གནས༔ རིག་པ་ཚད་ལ་ཕེབས་པ་དང༔ ས་དགུར་གནས་ཤིང་ཚེ་ལ་དབང༔ བསྒོམ་དང་མི་བསྒོམ་རང་བཞིན་བྲལ༔ ས་བཅུ་ལ་གནས་ཕྱག་རྒྱ་ཆེ༔ ལུས་ནི་ནམ་མཁའི་གར་བསྒྱུར་ཞིང༔ ཆོས་ཉིད་ཟད་སར་འཁྱོལ་བ་སྟེ༔ ཀུན་ཏུ་འོད་དུ་ལྷུན་གྱིས་གྲུབ༔ དེ་ནས་ལོངས་སྤྱོད་རྫོགས་སྐུ་ཡི༔ སྐུ་ལྔ་གསུང་ལྔ་ཐུགས་ལྔ་དང༔ ཡོན་ཏན་ལྔ་དང་ཕྲིན་ལས་ལྔ༔ མི་ཟད་རྒྱན་གྱི་འཁོར་ལོར་འགྲུབ༔ དེ་ནས་ཆོས་ཀྱི་སྐུ་འགྲུབ་སྟེ༔ སྔོན་གྱི་སྨོན་ལམ་ཆེན་པོ་ཡིས༔ འགྲོ་བའི་དོན་དུ་སྨན་པར་མཛད༔ དེ་ལྟ་བུ་ཡི་ལམ་འདི་ནི༔ ཧེ་རུ་ཀ་ཡི་གསང་བའི་ལམ༔ སྔོན་གྱི་རྒྱལ་བ་གཤེགས་པའི་ཤུལ༔ མ་འོངས་སངས་རྒྱས་རྣམས་ཀྱི་ལམ༔ ད་ལྟའི་རིག་འཛིན་ཐམས་ཅད་ཀྱང༔ ལམ་འདིར་གནས་པ་ཁོ་ན་ཉིད༔ འདི་ནི་མཁའ་འགྲོའི་སྙིང་ཁྲག་སྟེ༔ ལུས་སྲོག་བུ་དང་ཆུང་མ་དང༔ ཅི་ཡོད་བླ་མར་འབུལ་བྱས་ལ༔ གདམས་ངག་ཞུས་ལ་རྩེ་གཅིག་བསྒོམ༔ དེ་ཕྱིར་གདམས་ངག་འདི་འདྲ་བ༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ མ་འོངས་སངས་རྒྱས་ཐོབ་འདོད་རྣམས༔ འདི་ཉིད་སྙིང་ལྟར་གཅེས་སྤྲས་གྱིས༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ཁ་ཐཾ་རྒྱཿརྒྱཿརྒྱ༔ ྈྈྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ རུ་ལུའི་ཚོགས་ཀྱི་མཆོད་པ་བཞུགས༔ ༁ྃ༔ ྈྈྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རུ་ལུའི་ཚོགས་ཀྱི་མཆོད་པ་ནི༔ ལག་གཡས་ཉི་མར་རུ་ལུ་བསྒོམ༔ གཡོན་པར་ཟླ་བར་རུ་ལུ་བསྒོམ༔ གཡས་པས་བདུད་རྩི་གཡོན་ལྷ་ཚོགས༔ གཡས་པའི་བདུད་རྩི་གཡོན་ལ་འབུལ༔ རྗེས་ཆགས་བདེ་སྦྱོར་འོད་དུ་ཞུ༔ ཐོད་པའི་ཆང་དང་དབྱེར་མེད་འདྲེས༔ ཐོད་པ་ཉི་ཟླའི་སྣོད་ཡངས་པར༔ ཚོགས་ཆང་རུ་ལུ་འབྲུ་བརྒྱད་བསྒོམ༔ འོད་འཕྲོས་སྣོད་བཅུད་བདུད་རྩི་བསྡུས༔ སྔགས་ལ་ཐིམ་ནས་འོད་དུ་ཞུ༔ ཡེ་ཤེས་བདུད་རྩི་ཆེན་པོར་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རང་ཉིད་ཧེ་རུ་ཀ་དཔལ་གསལ༔ མགྲིན་པར་རིག་འཛིན་བླ་མའི་ཚོགས༔ སྙིང་གར་ཡི་དམ་ཞི་ཁྲོའི་ལྷ༔ ལྟེ་བར་གཽ་རཱི་མཁའ་འགྲོ་རྣམས༔ གསང་བར་དམ་ཅན་ཆོས་སྐྱོང་ཚོགས༔ ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་པས༔ ལུས་ལྷ་བདེ་བ་ཆེན་པོར་མཉེས༔ བྱིན་རླབས་དངོས་གྲུབ་སྩོལ་བ་དང༔ བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ༔ བདེ་ཆེན་ཡེ་ཤེས་རྩལ་རྒྱས་ཤིང༔ ཉམས་རྟོགས་གོང་ནས་གོང་འཕེལ་ཞིང༔ ཧེ་རུ་ཀ་པའི་གོ་འཕང་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྷག་མ་དྲིན་ཅན་འགྲོ་དྲུག་དང༔ ལན་ཆགས་རྣམས་ཀྱིས་ཐོབ་པར་བསྔོས༔ གནོད་སེམས་སྡུག་བསྔལ་ལན་ཆགས་བྱང༔ ཐམས་ཅད་བདེ་ཆེན་ཐོབ་པར་ཤོག༔ དེ་ལྟ་བུ་ཡིས་དཀོར་སྒྲིབ་དག༔ ནད་ཞི་གདོན་བརླག་སྡིག་སྒྲིབ་ཞི༔ དངོས་གྲུབ་རང་བཞིན་ཐོབ་པ་ཡི༔ ལས་ཚོགས་འདི་ཉིད་ངོ་མཚར་ཆེ༔ ཡང་དག་ཡི་དམ་བྱེད་པ་ཡི༔ རྣལ་འབྱོར་རྣམས་ཀྱིས་ཉམས་ལེན་མཛོད༔ ཁྱད་པར་ཉམས་ཆག་ཐམས་ཅད་བསྐང༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ རུ་ལུའི་ཐུན་མོང་སྒྲུབ་པ་བཞུགས་སོ༔ ༁ྃ༔ ྈྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རུ་ལུའི་ཐུན་མོང་སྒྲུབ་པ་ནི༔ རབ་ནི་རོ་ལངས་ལྕེ་དག་ལ༔ རལ་གྲི་བྱས་ཏེ་འགྲུབ་པ་ཡིན༔ སྡིགས་མཛུབ་རྩེ་ལ་རུ་ལུའི་སྔགས༔ ཕྲེང་བ་ལྟ་བུར་ཕྲེད་ལ་བསྒྲེངས༔ དཔལ་གྱི་སྐུར་གསལ་གཟིར་བ་ཡིས༔ ཆུ་ཆད་བྲག་ཞིག་རི་ཡང་ཉིལ༔ དཔལ་གྱི་སྐུར་གསལ་སྡིགས་མཛུབ་གཉིས༔ ཕྱིར་བསྒྲད་མིག་ནི་ནམ་མཁར་བལྟ༔ ཆས་དང་བཅས་པ་ནམ་མཁར་བསྒོམ༔ དེས་ནི་མི་མངོན་པར་འགྱུར་རོ༔ སྐྱེ་བདུན་ཤ་དང་བྱ་རྒོད་ཤ༔ ལི་ཁྲི་སྔགས་བཏབ་སྔགས་གྱུར་ཚེ༔ རྫས་ནི་འཕར་གཡོ་ཁོལ་བ་ལ༔ སྨིན་མཚམས་ལ་བྱུགས་གྲོང་ཁྱེར་ཉུལ༔ དགའ་འཁྱིལ་མཚན་པའི་རྣལ་འབྱོར་མར༔ འཁྲིལ་བས་མཁའ་སྤྱོད་གནས་སུ་ཁྲིད༔ ཡང་ན་རྫས་ཀྱིས་འགྲུབ་པའང་སྲིད༔ དེ་རྣམས་ཐུན་མོང་ཆེན་པོ་ཡིན༔ གྲི་ལྕགས་རལ་གྲི་སོར་བཞི་པར༔ རུ་ལུའི་འབྲུ་རྣམས་གྱེན་འགྲེང་བསྒོམ༔ མེ་འབར་བྱུགས་ན་གང་བསམ་གཅོད༔ གཞན་ཡང་ཤིང་ལ་འདོམ་གང་བར༔ སྔགས་ལ་སེར་བ་བཟློག་པར་འགྱུར༔ བྱ་རྒོད་ཤ་དང་སྐྱེ་བདུན་ཤ༔ ཞིབ་པར་བཏགས་ལ་ཆང་གིས་སྦྲུས༔ ཐོད་པར་བླུགས་ལ་རུ་ལུར་བསྒོམ༔ འོག་ཏུ་དཀྱིལ་འཁོར་མར་མེ་བཤམ༔ མར་མེ་ལྷར་བསྒོམ་རྫས་ཁོལ་ནས༔ གང་གིས་མྱོང་ཚད་མཁའ་སྤྱོད་འགྲོ༔ དེ་ལ་ཁབ་ལེན་རྫས་བཏབ་ནས༔ རུ་ལུའི་ལྕགས་ཀྱུའི་སྦྱོར་བ་ཡིས༔ ཤི་མ་ཐག་པའི་རོའི་སྤྱི་བོར༔ བྱུགས་པས་མཁའ་སྤྱོད་གནས་སུ་འདྲེན༔ ཀུ་ཀུ་ནག་པོའི་མི་མངོན་ཤ༔ ཁྭ་ཁའི་ཚང་ཤིང་གྱེན་འགྲོ་བ༔ དེ་གཉིས་སྦྱར་ལ་རུ་ལུར་བསམ༔ སྒྲ་འོད་ཁོལ་བའི་བར་དུ་སྔགས༔ སྨིན་མཚམས་བྱུགས་པས་མངོན་མི་འགྱུར༔ བྲྀ་ཏ་ཧུ་ལུའི་མིག་ཚིལ་ལ༔ མིག་སྨན་བཏབ་སྟེ་ཐོད་པར་བླུག༔ སྔར་བཞིན་བསྒྲུབས་པས་མིག་ནད་སེལ༔ མཆོག་ཏུ་འགྲུབ་ན་ས་འོག་གི༔ གཏེར་ཡང་མཐོང་འགྱུར་ཐེ་ཚོམ་མེད༔ ལག་པའི་ནང་དུ་རུ་ལུ་བསྒོམ༔ ལག་མཐིལ་རུ་ལུ་མངོན་སུམ་ཤར༔ དེ་མ་ཐག་ཏུ་རྐང་མཐིལ་དུ༔ བྱུགས་པས་མཁའ་ལ་འཕུར་བ་དང༔ རྐང་མགྱོགས་ཐེ་ཚོམ་མེད་པར་འགྲུབ༔ ཚེར་མ་ཅན་གྱི་ཤིང་རྣམས་ལ༔ རུ་ལུའི་སྔགས་བཏབ་མེ་སྦར་ལ༔ མེ་ནི་རུ་ལུའི་རང་བཞིན་ལ༔ གང་གནོད་ཕྱོགས་འཕང་གདོན་དེ་བརླག༔ ཡུངས་དཀར་ལ་བཏབ་གདོང་ལ་གཏོར༔ སེང་ལྡེང་ཕུར་པའམ་སྐྱེར་པའང་རུང༔ ཕུར་པ་ཁྲུ་གང་ཙམ་ཞིག་ལ༔ དར་ནག་ཅོད་པན་བཏགས་བྱས་པ༔ དེ་ཉིད་རུ་ལུ་འབྲུ་བརྒྱད་བསྒོམ༔ འབུམ་ཕྲག་གིས་སྒྲུབ་ཤྭ་རྦུད་དང༔ རྦབ་ཀྱི་ལམ་ལ་བཏབ་པས་ཐུབ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཁྲག་ཆེན་ཐལ་ཆེན་བསྲེས་པ་ཡི༔ རྫས་ལ་སྔགས་བཏབ་མཚལ་དང་བསྲེ༔ རྩིབས་བརྒྱད་ཧཱུྃ་དང་འབྲུ་བརྒྱད་མཚན༔ རྡོར་ར་མེ་རི་དང་ལྡན་པའི༔ ཐེའུ་བཏབ་ལ་རུ་ལུར་བསྒོམ༔ འབུམ་ཕྲག་གིས་འགྲུབ་དེ་ཉིད་ནི༔ དར་མཐིང་གིས་སྒྲིལ་མགུལ་དུ་བཏགས༔ དེས་ནི་གདོན་རྣམས་ཐམས་ཅད་ཐུབ༔ དེ་ཡང་རྒྱལ་ཉ་འཛོམ་ལ་བྱ༔ པ་སངས་སྣར་མ་ནམ་འཛོམ་དུས༔ མཚན་བཟང་ཟས་འབུད་གང་བྱུང་ལ༔ རུ་ལུ་སེར་པོ་བསྒོམས་བྱས་ལ༔ སྒྲོམ་བུར་བཅུག་ལ་འབུམ་ཕྲག་བཟླས༔ ཡིད་བཞིན་ནོར་བུར་བསམས་བྱས་ལ༔ མཛོད་ཀྱི་ཕུགས་སུ་སྦས་ལ་མཆོད༔ ལོངས་སྤྱོད་ནམ་མཁའི་མཐའ་དང་མཉམ༔ དགེ་འདུན་ཚོགས་དུང་རུ་ལུར་བསྒོམ༔ དམར་པོ་འོད་ཟེར་ལྕགས་ཀྱུར་བསྒོམ༔ འབུམ་ཕྲག་བསྒྲུབས་ནས་རྒྱལ་ཉ་འཛོམ༔ ཉི་མ་རྩེ་ཤར་དུས་སུ་འབུད༔ ཐེག་ཆེན་དགེ་འདུན་འདུ་བར་འགྱུར༔ ཚོགས་དུང་དེ་ལའང་བསྐུར་བསྟི་བྱ༔ ནམ་མཁའ་རུ་ལུ་འབྲུ་བརྒྱད་བསྒོམ༔ འོད་འཕྲོས་གཟའ་ཀླུ་བཀུགས་ལ་བསྟིམ༔ སྤྲིན་ནག་འདུས་པར་གྱུར་པ་ན༔ རུ་ལུ་ཐོག་འབྲུག་གློག་ཏུ་བསྒོམ༔ ཐོག་འབྲུག་གློག་གི་བདག་པོ་བསྟིམ༔ ཐོག་འབྲུག་གློག་རྣམས་འཁྱུགས་པའི་ཚེ༔ གང་འདོད་ས་ལ་དམིགས་པ་གཏད༔ བདག་ཉིད་ཧེ་རུ་ཀར་གསལ་བའི༔ སྡིགས་མཛུབ་བསྒྲེངས་ལ་ཧཱུྃ་ཧཱུྃ་བརྗོད༔ ཐོག་དང་སེར་བས་གང་འདོད་བརླག༔ ཆུ་མིག་གཉན་པོར་ཀླུ་གཏོར་བཏང༔ ཆུ་སྐྱིལ་སྟེང་དུ་རུ་ལུ་བསྒོམ༔ ཀླུ་དགུ་བསྟིམས་ལ་སྔགས་བཟླས་ལ༔ ཆུ་ལ་རླངས་པ་བྱུང་བ་དང༔ ས་ལ་རླན་ཆགས་གྲང་ཤུམ་བྱེད༔ དེ་ཚེ་ཆུ་ཡི་འབྲུ་བརྒྱད་ལས༔ གཉིས་པ་འཕྲོས་ཏེ་ནམ་མཁར་བསམ༔ དེ་ལ་ཀླུ་རྣམས་བསྟིམས་བྱས་ལ༔ རུ་ལུའི་ཆར་པ་བབ་པར་བསྒོམ༔ ཐལ་མོ་གཡས་གཡོན་རུ་ལུར་བསྒོམ༔ རླུང་ལྷ་བསྟིམས་ལ་སྔགས་འབུམ་བཟླས༔ ཐལ་མོ་བརྡབས་པས་འཐོར་རླུང་འབྱུང༔ གང་ལ་བསམ་པ་ཐམས་ཅད་གཏོར༔ ཤོག་བུར་ཡཾ་བྲིས་ལྷྭམ་ནང་བཅུག༔ དེ་ལ་རླུང་ལྷ་བཀུག་བྱས་ལ༔ རྐང་པ་རུ་ལུ་འབྲུ་བརྒྱད་བསྒོམ༔ སྔགས་བཟླས་ས་ལ་བརྡབས་པ་ཡིས༔ རླུང་གི་གནོད་པ་མི་འབྱུང་ངོ༔ ཆུ་ལ་བསྒོམས་ཏེ་མེ་ལ་བཏབ༔ གཞན་ཡང་ལས་ཚོགས་གང་དགོས་པ༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ རུ་ལུའི་ཐོག་གི་སྲུང་བ་ནི༔ སྡིགས་མཛུབ་རུ་ལུ་ལ་བསྒོམ་སྟེ༔ ནམ་མཁར་ཐོག་རིས་རྩིབས་བརྒྱད་བྲིས༔ དེ་ནང་ཧཱུྃ་ཡིག་འབྲུ་བརྒྱད་བསྒོམ༔ དེ་ཡིས་གནམ་ལྕགས་ཐོག་ལས་སྲུང༔ དར་རམ་ཤོག་བུར་དེ་བཞིན་བྲི༔ རུ་ལུ་འབུམ་ཕྲག་གཅིག་གིས་བསྒྲུབས༔ མགུལ་དུ་བཏགས་པས་ཐོག་སྲུང་འགྱུར༔ རྩིབས་བར་རྣམས་སུ་མཚོན་ཆ་བྲི༔ རྟེན་སྙིང་རྡོར་ཕྲེང་མེ་རིས་བསྐོར༔ སྔགས་ནི་འབུམ་ཕྲག་གསུམ་གྱིས་བསྒྲུབ༔ དེ་ཡིས་མཚོན་ཆ་བསྲུང་བར་འགྱུར༔ འདི་ལ་དང་པོ་སྔོན་འགྲོ་བ༔ བསྙེན་སྒྲུབ་ཚད་ལྡན་བསྐྱལ་དགོས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ འཆི་མེད་ཚེའི་སྒྲུབ་པ་བཞུགས་སོ༔ ༁ྃ༔ ྈྈྈྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མཆོག་གི་དངོས་གྲུབ་སྒྲུབ་པ་ལ༔ སྔོན་དུ་འཆི་མེད་ཚེ་ཉིད་བསྒྲུབ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཆོས་རྣམས་བདག་མེད་དེ་བཞིན་ཉིད༔ འགྲོ་ལ་ཀུན་ཁྱབ་སྙིང་རྗེ་བསྒོམ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ༔ ཧཱུྃ་ལས་སྲུང་བའི་འཁོར་ལོའི་དབུས༔ བྷྲཱུྃ་ལས་ཟླ་གམ་གཞལ་ཡས་ཁང༔ པདྨ་འདབ་བརྒྱད་ལྟེ་དབུས་སུ༔ ཚེ་བདུད་ཕོ་མོ་སྒྱེལ་བའི་སྟེང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་གི་འཕྲོ་འདུས་ཚེ་བཅུད་བསྡུས༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ དམར་གསལ་ཞལ་གསུམ་ཕྱག་དྲུག་པ༔ དང་པོའི་ཕྱག་གཉིས་ཐུགས་ཀ་རུ༔ ཐལ་སྦྱར་ཚེ་ཡི་བུམ་པ་འཛིན༔ ལྷག་མས་རྡོ་རྗེ་བྷནྡྷ་དང༔ ཁ་ཊྭཱཾ་གཡོབ་ཅིང་དྲིལ་བུ་འཁྲོལ༔ ཡུམ་ནི་སྡུད་བྱེད་དམར་སེར་ལ༔ ཁ་ཊྭཱཾ་ཚེ་ཡི་བུམ་པ་འཛིན༔ གཽ་རཱི་ལྷ་མོ་བརྒྱད་རྣམས་ཀྱང༔ དམར་གསལ་ཁ་ཊྭཱཾ་ཚེ་བུམ་འཛིན༔ འཇའ་འོད་འཁྲུགས་པའི་ཀློང་དུ་གསལ༔ བྱིན་རླབས་དབང་བསྐུར་སྤྱན་དྲངས་ཤིང༔ དབྱེར་མེད་བསྟིམ་ཞིང་གདན་འབུལ་བྱ༔ ཕྱག་འཚལ་ཕྱི་ནང་མཆོད་པས་མཆོད༔ ཧཱུྃ༔ ཟླ་གམ་དབང་གི་གཞལ་ཡས་ན༔ ཡང་དག་ཚེ་ཡི་ལྷ་ཚོགས་བཞུགས༔ སྙིང་པོ་མི་ཤིགས་རྡོ་རྗེའི་བདག༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་རྒྱ་གྲམ་གཉིས་ཀྱི་དབུས༔ ཉི་ཟླ་ཟླ་གམ་ག་འུའི་ནང༔ བྷྲཱུྃ་ལ་ཨ་ནྲྀ་ཧཱུྃ་གིས་མཚན༔ རུ་ལུ་འབྲུ་བརྒྱད་སྔགས་ཀྱིས་བསྐོར༔ འོད་ཟེར་སྟོང་ཁམས་ཁྱབ་པར་འཕྲོས༔ འཁོར་འདས་ཚེ་བཅུད་ཐམས་ཅད་ཀུན༔ ཨཱ་ཡུར་ཚེ་ཡི་རྣམ་པར་བསྡུས༔ སྙིང་གར་ཐིམ་ཞིང་བཀྲག་མདངས་འབར༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ རྩེ་གཅིག་འབུམ་ཕྲག་གསུམ་བཟླས་པས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ༔ དེ་ནས་དངོས་གྲུབ་བླང་བ་ནི༔ མདུན་དུ་སྟེགས་བུར་དྲི་ཆབ་བྱུགས༔ མེ་རི་རྡོར་རྭ་པདྨའི་སྟེང༔ ཟླ་གམ་སྒོ་གཅིག་དབུས་སུ་ནི༔ པདྨ་དམར་པོ་འདབ་བརྒྱད་བྲི༔ དབུས་སུ་ཁྲི་འུ་གཅིག་གི་སྟེང༔ རིན་ཆེན་བུམ་པ་དྲི་མེད་ནང༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་བཀང༔ སྙིང་པོ་ལྔ་ནི་གཙོར་གྱུར་པའི༔ བཅུད་ཀྱིས་ལེགས་པར་བལྟམས་བྱས་ཤིང༔ མགུལ་ཆིངས་ཁ་རྒྱན་གཟུངས་ཐག་བཏགས༔ གཡས་གཡོན་ཚེ་འབྲང་ཚེ་ཆང་དང༔ མདའ་རྒོད་ལེ་བརྒན་ཅོད་པན་ཅན༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ བདག་མདུན་དབྱེར་མེད་ཕྲིན་ལས་གཏང༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་ཕྱེ༔ གཙོ་འཁོར་ཐམས་ཅད་འདི་ལྟར་བསྐུལ༔ ཧཱུྃ༔ ཟླ་གམ་དབང་གི་གཞལ་ཡས་ནས༔ འཆི་མེད་རྡོ་རྗེའི་ཚེ་ཡི་བདག༔ ཧེ་རུ་ཀ་དཔལ་ཡབ་ཡུམ་གཉིས༔ ཐུགས་དམ་གནད་ནས་དེང་བསྐུལ་གྱིས༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ སྐུ་ཡི་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་གཽ་རཱི་མ༔ ཤར་ཕྱོགས་ནམ་མཁའ་ཁྱབ་པར་སྤྲོས༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ གསུང་གི་དབྱིངས་ལས༴ ཚེ་ཡི་ལྷ་མོ་པྲ་མོ་ཧ༔ ནུབ་ཕྱོགས་ནམ་མཁའ༴ ཀླུ་དབང་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག་བདག་ལ༴ ཨོཾ་བཛྲ་པྲ་མོ་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཐུགས་ཀྱི་དབྱིངས་ལས༴ ཚེ་ཡི་ལྷ་མོ་ཙཎྜ་ལཱི༔ ཤར་ལྷོ་ནམ་མཁའ༴ མེ་ལྷའི་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག༴ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཡོན་ཏན་དབྱིངས་ལས༴ ཚེ་ཡི་ལྷ་མོ་ཙཽ་རཱི་མ༔ ལྷོ་ཕྱོགས་ནམ་མཁའ༴ གཤིན་རྗེའི་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག༴ ཨོཾ་བཛྲ་ཙཽ་རཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཕྲིན་ལས་དབྱིངས་ལས༴ ཚེ་ཡི་ལྷ་མོ་བཻ་ཏཱ་ལི༔ བྱང་ཕྱོགས་ནམ་མཁའ༴ གནོད་སྦྱིན་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག༴ ཨོཾ་བཛྲ་བཻ་ཏཱ་ལི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས༴ ཚེ་ཡི་ལྷ་མོ་པུཀྐ་སི༔ ལྷོ་ནུབ་ནམ་མཁའ༴ སྲིན་པོའི་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག༴ ཨོཾ་བཛྲ་པུཀྐ་སི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ གཟི་བརྗིད་དབྱིངས་ལས༴ ཚེ་ཡི་ལྷ་མོ་སྨེ་ཤ་ནི༔ ནུབ་བྱང་ནམ་མཁའ༴ རླུང་ལྷའི་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག༴ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ འཆི་མེད་དབྱིངས་ལས༴ ཚེ་ཡི་ལྷ་མོ་གྷསྨ་རཱི༔ བྱང་ཤར་ནམ་མཁའ༴ དབང་ལྡན་ལག་ནས༴ སྙིང་པོ་བུམ་པའི༴ སྒྲུབ་མཆོག༴ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ འཁོར་གྱི་དབྱིངས་ལས་བཞེངས་པ་ཡི༔ སིཾ་ཧ་དབང་ཕྱུག་ཉེར་བརྒྱད་རྣམས༔ སྟེང་འོག་ནམ་མཁའ་ཁྱབ་པར་སྤྲོས༔ སྟེང་གདོན་ལྷ་དང་གཟའ་རྒྱུ་སྐར༔ འོག་གདོན་ས་བདག་ཐེའུ་རང་སོགས༔ འབྱུང་པོའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ འབྱུང་བ་བཞི་ཡི་བཅུད་སྡུས་ལ༔ ཤ་ཁྲག་དྲོད་རླུང་སེམས་རྣམས་ལ༔ ཐིམ་པས་དེ་དང་དེ་རྣམས་ཀྱི༔ ཡོན་ཏན་སྟོབས་འཕེལ་དཔལ་དང་ལྡན༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཚེ་བཅུད་བུམ་པར་བསྟིམས་བྱས་ལ༔ སྔགས་ནི་འབུམ་ཕྲག་གཅིག་བཟླ་འོ༔ དེ་ནས་གསོལ་བ་འདི་སྐད་གདབ༔ ཧེ་རུ་ཀ་དཔལ་ཚེ་ཡི་བདག༔ བདག་ལ་བརྩེ་བས་དགོངས་སུ་གསོལ༔ གསོལ་ཞིང་གནད་བསྐུལ་མི་འཚལ་ཡང༔ ཡང་གསང་ཐུགས་ཀྱི་སྙིང་པོའི་ཚེ༔ ཚེ་དབང་ཐོབ་ཕྱིར་བདག་ལ་སྩོལ༔ བསྐུལ་ཞིང་གསོལ་བ་བཏབ་པའི་མཐུས༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ བདག་ལ་དབང་བསྐུར་མཛད་པར་བསམ༔ ཧཱུྃ༔ བཀྲ་ཤིས་ཚེ་ཡི་རྡོ་རྗེའི་དབང༔ དབང་གི་ཟླ་གམ་བུམ་པ་མཆོག༔ མཆོག་ཐུན་ཚེ་ཡི་བདུད་རྩིའི་བཅུད༔ བཅུད་མཆོག་བྱང་སེམས་དཀར་དམར་ཆེ༔ ཆེ་བའི་ཆེ་མཆོག་ཧེ་རུ་ཀ༔ ཀ་དག་ཀློང་ནས་ལྷུན་གྱིས་གྲུབ༔ གྲུབ་མཆོག་ཚེ་ཡི་དངོས་གྲུབ་དཔལ༔ དཔལ་ཆེན་རྡོ་རྗེ་ཚེ་ཡི་བདག༔ བདག་ཉིད་ཆེན་པོའི་དབང་བསྐུར་རོ༔ བུམ་པ་སྤྱི་བོར་བཞག་བྱས་ལ༔ ཧཱུྃ༔ མི་འགྱུར་ཐུགས་ཀྱི་ཐིག་ལེ་ཆེ༔ ཆེ་མཆོག་རྡོ་རྗེའི་སྲོག་འགྲུབ་ཤོག༔ མི་འགྱུར་སྐུ་ཡི་ཐིག་ལེ་ཆེའི༔ བགྲེས་རྒུད་མེད་པའི་དབང་ཐོབ་ཤོག༔ གཞོམ་མེད་གསུང་གི་རྡོ་རྗེའི་ཚེ༔ མི་འགག་ཚངས་པའི་ཚེ་ཐོབ་ཤོག༔ འཁྲུལ་མེད་ཐུགས་ཀྱི་ཚེ་ཡི་མཆོག༔ འཆི་མེད་བདེ་ཆེན་ཐོབ་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་འབྲང་སྦྱིན་ལ༔ ཧཱུྃ༔ འབྱུང་བ་ལྔ་ཡི་བཅུད་བསྡུས་ལ༔ བཀྲ་ཤིས་བྷནྡྷའི་ནང་དུ་བསྐྱིལ༔ དམ་རྫས་ཚེ་ལ་ལོངས་སྤྱོད་པའི༔ འབྱུང་བ་ལྔ་ཡི་སྟོབས་རྒྱས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ཚེ་བྷྲཱུྃ༔ ཚེ་ཆང་ལོངས་སྤྱོད་འདི་སྐད་དབྱངས༔ ཧཱུྃ༔ བདུད་རྩི་ཀུན་གྱི་བཅུད་བསྡུས་ལ༔ བཀྲ་ཤིས་བྷནྡྷའི་ནང་དུ་བསྐྱིལ༔ བདེ་བ་ཆེན་པོར་ལོངས་སྤྱོད་པས༔ ཚེ་ནི་རྣམ་པར་འཕེལ་གྱུར་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཚེ་མདས་གནས་ལྔར་རྒྱས་གདབ་ལ༔ མི་འགྱུར་མི་ཤིགས་སྐུ་ལྔ་ཡིས༔ ཚེ་ནི་རྣམ་པར་རྒྱས་བཏབ་སྟེ༔ འབྱུང་བ་ལྔ་ཡི་བཅུད་རྣམས་བསྡུས༔ ཤ་ཁྲག་དྲོད་དབུགས་སྲོག་ལ་བསྟིམས༔ མི་འགྱུར་མི་ཤིགས་ཚེ་ཐོབ་ནས༔ རྡོ་རྗེའི་སྲོག་དང་ལྡན་པར་ཤོག༔ ཨོཾཿབྷྲཱུྃཿཨཱཿབྷྲཱུྃཿཧཱུྃཿབྷྲཱུྃཿསྭཱཿབྷྲཱུྃཿཧཱཿབྷྲཱུྃ༔ ཚེ་ཡི་བཅུད་རྣམས་ཐུགས་ཀ་ཡི༔ ཨ་ནྲྀ་ཧཱུྃ་གསུམ་རྣམས་ལ་ཐིམ༔ ཟླ་གམ་ཚེ་ཡི་བདུད་རྩིས་གང༔ སྟེང་འོག་རྒྱ་གྲམ་རྭ་རྣམས་མདུད༔ རྡོ་རྗེ་ཕྱེད་པའི་འཛེར་གྱིས་གདབ༔ ལུས་ནི་སྣུམ་ཆགས་འོད་ཟེར་འབར༔ གནས་ལྔར་འོད་ཟེར་དགའ་འཁྱིལ་བསྒོམ༔ ལུས་ཕྱི་འོད་ཀྱི་དྲྭ་བས་གཡོགས༔ མི་ཤིགས་ཐིག་ལེ་ཆེན་པོར་བསྒོམ༔ དཀྱིལ་འཁོར་ཐམས་ཅད་རང་ལ་བསྟིམ༔ རྡོ་རྗེའི་གུར་དུ་ཚུད་པར་བསམ༔ སློབ་བུར་དབང་བསྐུར་གོང་བཞིན་བྱ༔ འདི་ནི་གཅིག་བརྒྱུད་ཁོ་ན་འོ༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ༔རྒྱ༔རྒྱ༔ ྈྈྈྈྈྈ མཆོག་གྱུར་གླིང་པའི་གཏེར་མ་ཡང་དག་པའོ།། །།
གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ་ (Volume 32, Text 41)
༄༅། །གསང་ཐིག་སྐོར་གསུམ་ལས་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་གཏོར་དབང་གི་ཆོ་ག་རྡོ་རྗེའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། སངས་རྒྱས་ཕྲིན་ལས་འདུས་པའི་ལྷ། །ས་ལམ་བར་ཆད་སེལ་མཛད་དེར། །གུས་པས་བཏུད་ནས་བྱིན་རླབས་ཀྱི། །སྙིང་པོ་ནོར་བུའི་སྒྲོན་མེ་སྦར། །རང་མདུན་སྟེགས་བུའི་ཁར་རིན་པོ་ཆེ་དང་བྷཉྫ་ལ་སོགས་པའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་གྱིས་སྤྲས་པ། གཡས་གཡོན་དུ་སྨན་རཀ །མདུན་དུ་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྨན་རཀ་ཉེར་སྤྱོད་མ་འབྱོར་ན་ཡིད་ཀྱིས་དམིགས་པས་ཀྱང་ཆོག །སྐྱབས་ཡུལ་མདུན་གྱི་ནམ་མཁར་གསལ་གདབ་ལ། སྐྱབས་སེམས་ལན་གསུམ། བདག་བསྐྱེད་དང་བཟླས་པ་ཅི་འགྲུབ་བྱ། དེ་ནས་གཏོར་མ་ལ་དམིགས་ཏེ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ སོགས་ནས་བཟླས་པའི་བར་བསྐྱར་མར་བཏང་ལ་བཟླས་པ་དང་དབང་ལེན་བཅས་གཏེར་གཞུང་དངོས་བསྟན་མཐར་ཆགས་སུ་གཏང་། བསང་ཆུའམ་ལས་བུམ་གྱི་ནང་དུ། པད་ཉིའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་ཅིང་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གསལ་ལ། བཛྲ་ཨ་མྲྀཏའི་སྔགས་ཀྱིས་བྱིན་བརླབ། ཁྲོ་བོ་འོད་དུ་ཞུ་ནས་ཆུའི་རྡུལ་རེ་རེ་ཞིང་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་མོས། སློབ་མ་རྣམས་ལ། ཇི་ལྟར་བལྟམས་པས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་གུ་གུལ་ཡུངས་ཐུན་རོལ་མོའི་སྦྱོར་བས་བགེགས་བསྐྲད། རྡོ་རྗེའི་རང་བཞིན་གྱི་སྲུང་བའི་འཁོར་ལོ་མཚོན་ཆ་ཁྲོ་ཆུང་མེ་ཕུང་གི་དཀྱིལ་འཁོར་རྔམ་དྲག་བརྟན་པས་མཚམས་བཅིངས་པར་གྱུར། བཛྲ་པཉྩ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ མེ་ཏོག་བཀྱེ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེའང་བཅོམ་ལྡན་འདས་ཁྲག་འཐུང་བཛྲ་ཀཱི་ལ་ཡ་འདི་ཉིད་ཞི་བའི་དུས་ན་དཔལ་རྡོ་རྗེ་སེམས་དཔའ། སྔགས་ཕྱི་པའི་སྐབས་སུ་རྡོ་རྗེ་རྣམ་པར་འཇོམས་པ། བྱང་ཆུབ་སེམས་དཔའི་གྲལ་དུ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་པར་སྣང་ཞིང་། མདོར་ན་བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྤྲུལ་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་ཕྲིན་ལས་ཀྱི་གསང་བ་གཅིག་ཏུ་བསྡུས་པ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་བ་སྟེ། རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་དང་། གསང་རྒྱུད་ལས། ཀུན་གྱི་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ །ཞེས་སོགས་གསུངས་ཏེ། ལྷག་པའི་ལྷ་མཆོག་འདི་ཉིད་ལ་བསྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་གྲུབ་ཐོབ་འཕགས་བོད་གཉིས་སུ་གནམ་གྱི་སྐར་མ་ཙམ་བྱོན་པ་དང་། ལྷག་པར་སངས་རྒྱས་ཀྱི་བསྟན་པའི་གཞུག་བདུད་དང་དམ་སྲི་ཁ་འཕྱུར་བའི་སྐབས་འདིར་དེ་དག་འདུལ་བའི་གཉེན་པོར་ལྷ་མཆོག་འདི་ཉིད་ཆེད་དུ་བསྔགས་པ་སྟེ། ཨོ་རྒྱན་ཆེན་པོའི་ཞལ་ནས། ཡིད་གཉིས་ཐེ་ཚོམ་མེད་པར་མོས་བྱེད་ཅིང་། །སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་། །ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན། །ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས། །ཞེས་རྡོ་རྗེའི་གསུང་ལ་བསླུ་བ་མ་མཆིས་པས། རྩོད་དུས་ཀྱི་ཐ་མ་འདིར་ལྷ་སྔགས་གཞན་གྱི་ནུས་པ་རྡུགས་པ་ལྟར་སྣང་ནའང་རྡོ་རྗེ་ཕུར་བུའི་རྟགས་མཚན་མངོན་དུ་གྱུར་པས་བར་ཆད་ཀྱི་བདུད་ཐུལ་ཞིང་། སྐལ་པ་དང་འཚམ་པའི་དངོས་གྲུབ་ཐོབ་པ་ཟམ་མ་ཆད་པའི་ཕྱིར་ན། གསར་རྙིང་མཁས་གྲུབ་ཀུན་གྱི་ཐུགས་དམ་ལྷ་གཅིག་མར་ཡོངས་སུ་གྲགས་པ་འདི་ལ། སྒྲུབ་ཐབས་རྒྱས་བསྡུས་བཀའ་གཏེར་དག་སྣང་གི་སྲོལ་ཀ་མང་དུ་མཆིས་པའི་ནང་ཚན། བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། རྩོད་བྲལ་དུས་བབ་ཀྱི་ཟབ་ཆོས། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ལུག་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། གནས་ཆེན་དེ་བཱི་ཀོ་ཊིའི་སྙིང་པོ་ཤར་ཕྱོགས་ཀྱི་ཆ་ཙ་འདྲ་རིན་ཆེན་བྲག་རི་དཔལ་ཆེན་པོའི་སྐུའི་རྣམ་པར་ཆགས་པའི་ཕྲག་གཡས་གུ་རུའི་གསང་ཕུག་ནས་སྤྱན་འདྲེན་པར་མཛད་པ། གསང་ཐིག་སྐོར་གསུམ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བྱིན་རླབས་གཏོར་མའི་དབང་བསྐུར་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་འཚལ། བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་སྩོལ༔ ཅེས་གསོལ་བ་ལན་གསུམ་གདབ། བླ་མ་དང་ཁྲག་འཐུང་རྡོ་རྗེ་གཞོན་ནུ་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་དྲུང་དུ། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས་མཛོད། བླ་མ་དཀོན་མཆོག་གསུམ་རྣམས་དང༔ ཧེ་རུ་ཀ་དང་མཁའ་འགྲོ་མ༔ སྐྱབས་ཡུལ་རྒྱ་མཚོ་ཁྱེད་རྣམས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ལ་གནས་སྐབས་ས་དང་ལམ་ལ་བར་དུ་གཅོད་པའི་བདུད་སྡེ་དཔུང་དང་བཅས་པ་འདུལ་ཞིང་མཐར་ཐུག་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་བྱ་བའི་སླད་དུ། བྱིན་རླབས་དབང་བསྐུར་ཟབ་མོས་རྒྱུད་སྨིན་པར་བྱས་ལ་རྣལ་འབྱོར་ཉམས་སུ་ལེན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དཔལ་ཆེན་གོ་འཕང་ཐོབ་པར་བྱ༔ ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་པོ་དཔལ་ལྡན་བླ་མ་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་རྩལ་ལས། རང་ཤར་བའི་ཚུལ་དུ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པའི་སྤྱན་སྔར་ཕྱག་འཚལ་བ་ལ་སོགས་པ་གསག་སྦྱོང་གི་སྙིང་པོ་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་བརྗོད། དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ་པའི་སླད་དུ་ཁྱེད་རང་ལྷའི་སྐུ་དམ་ཚིག་སེམས་དཔའ་འདི་ལྟར་དུ་གསལ་ཐོབ་མཛོད། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཧཱུྃ་གི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྣང་སྲིད་ཕུར་བུའི་ཞིང་ཁམས་གྱུར༔ མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ བྲག་ཆེན་པད་ཉི་ལྷ་ཆེན་སྟེང༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན༔ འོད་ཟེར་མཆོག་ཏུ་འབར་བ་ལས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ དྲག་པོའི་སྤྱན་དགུ་ཕྱོགས་བཅུར་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཤིང༔ ཨཱ་རལླི་ཡི་སྒྲ་ཆེན་སྒྲོག༔ སྨ་ར་སྨིན་མ་མེ་ལྟར་འབར༔ དབུ་སྐྲ་གྱེན་འཁྱིལ་སྐྲ་གསེབ་ཏུ༔ རྡོ་རྗེ་ཕྱེད་པས་མཚན་པ་ཡི༔ ལྟེ་བར་བླ་མ་མི་བསྐྱོད་པ༔ གཡས་པ་དང་པོ་རྩེ་དགུ་དང༔ བར་པས་རྩེ་ལྔ་ཕྱོགས་བཅུར་གཟིར༔ གཡོན་པ་དང་པོས་མེ་ཕུང་དང༔ བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཐ་མས་རི་རབ་ཕུར་བུ་བསྒྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ གླང་ཆེན་ཞིང་ལྤགས་སྟོད་དུ་གསོལ༔ སྟག་གི་པགས་པའི་ཤམ་ཐབས་མཛད༔ ཐོད་ཕྲེང་ཚར་གསུམ་དོ་ཤལ་དང༔ ཐོད་སྐམ་རྣམས་ཀྱིས་དབུ་བརྒྱན་ཅིང༔ རིན་པོ་ཆེ་ཡི་རྩེ་བྲན་དང༔ སྦྲུལ་རིགས་ལྔ་ཡི་ཆུན་པོས་བརྒྱན༔ ཁྲག་ཞག་ཐལ་བ་རྣམས་ཀྱིས་བྱུགས༔ རུས་པའི་རྒྱན་དྲུག་ལ་སོགས་པའི༔ དཔལ་གྱི་ཆས་བཅུ་སྐུ་ལ་རྫོགས༔ ཞབས་བཞི་རོལ་པའི་སྟབས་ཀྱིས་འགྱིང༔ དེ་ཡི་པང་དུ་སྦྱོར་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་མཐིང་ནག་འབར༔ ཕྱག་གཡས་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ༔ ལང་ཚོ་རྒྱས་པའི་འགྱུར་བག་ཅན༔ ཕྱག་རྒྱ་ལྔ་ཡི་རྒྱན་འཆང་ཞིང༔ གཡོན་བསྐུམ་ཡབ་ཀྱི་རྐེད་ལ་འཁྲིལ༔ གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར༔ བ་སྤུ་རྡོ་རྗེ་ཕྱེད་པ་དང༔ སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ༔ ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོས་མཚན་པར་གྱུར། གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབས་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་གྱི་ཚོགས་དང་བཅས་པ། ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དང་ཁྲོ་ཆུང་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་ཐོབ། སྐུའི་བྱིན་རླབས་ལུས་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེས་ལ༔ གཟི་བརྗིད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ འཇའ་ལུས་རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ གཞན་ཡང་བྱད་ཁ་རྦོད་གཏོང་ཟློག་པ་དང༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ༔ སྔགས་མཐར། ཀཱ་ཡ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་གཏོར་མ་སྤྱི་བོར་བཞག །གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མེ་རི་མེ་ཕུང་འཚུབས་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་གྱི་ཚོགས་དང་བཅས་པ། ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་མགྲིན་པའི་ཨཱཿལས་འོད་ཟེར་དང་ཁྲོ་ཆུང་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། གསུང་གི་བྱིན་རླབས་ངག་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེ་ལ༔ ཚངས་དབྱངས་གསུང་གི་དབང་མཆོག་ངག་ལ་སྩོལ༔ ངག་སྒྲིབ་ངག་མནན་དིག་ལྐུགས་བསལ་བ་དང༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་ཟློག་པ་དང༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ༔ སྔགས་མཐར། ཝཱ་ཀ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་གཏོར་མ་མགྲིན་པར་བཞག །གཏོར་སྣོད་ཆོས་དབྱིངས་མཐིང་ནག་གྲུ་གསུམ་ཨེ་ཀློང་འབར་བའི་གཞལ་ཡས་ཁང་ཆེན་པོ་མི་རི་མེ་ཕུང་འཚུབས་མར་འཁྱིལ་བའི་ཀློང་དུ། གཏོར་མ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་གྱི་ཚོགས་དང་བཅས་པ། ཡེ་ཤེས་སེམས་དཔའི་རང་བཞིན་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དང་ཁྲོ་ཆུང་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས་པའི་མོས་པ་མཛོད། ཧཱུྃ༔ གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་དབྱིངས༔ གཏོར་མའི་ངོ་བོ་དཔལ་ཆེན་ཧེ་རུ་ཀ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཡུམ་མཆོག་སྒྲོལ་མ་འཁོར་ལོ་རྒྱས་འདེབས་མ༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་དང༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༔ དུས་འདིར་ཐུགས་དམ་གཉན་པོའི་སྒོ་ཕྱེས་ལ༔ སྤྲོས་བྲལ་ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ ཡིད་སྒྲིབ་སྨྱོ་འབོག་བརྒྱལ་ནད་ཞི་བ་དང༔ བདེ་ཆེན་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་བྱད་ཁ་རྦོད་གཏོང་ཟློག་པ་དང༔ གདུག་ཅིང་སྡང་སེམས་ལྡན་པ་ཚར་ཆོད་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ༔ སྔགས་མཐར། ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་གཏོར་མ་སྙིང་གར་བཞག །དེ་ནས་སྤྱི་ལུགས་ལྟར་གཏོར་མའི་བཀའ་བསྒོ་བྱ་བར་འདོད་ན། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡབ་ཡུམ་འཁོར་དང་བཅས་པར་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཞི་བ་དང་ཁྲོ་བོ། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་གསང་བ་གསུམ་ལས་འབྲུ་གསུམ་དང་བྱིན་རླབས་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟན་ཐོག་འདི་ཉིད་དུ་ཐོབ་པའི་མོས་པ་མཛོད་ཅིག །ཁྱབ་བདག་རྡོ་རྗེ་སེམས་དཔའ། དཔལ་ཆེན་ཁྲག་འཐུང་རིགས་ལྔ། སློབ་དཔོན་པྲ་བྷ་ཧསྟི། གུ་རུ་རྡོ་རྗེ་ཐོད་ཕྲེང་། ཡུམ་མཆོག་བདུད་འདུལ་རྒྱལ་མོ། བཀའ་བབ་རྗེ་འབངས་ཉེར་ལྔ། མཆོག་གྱུར་བདེ་ཆེན་གླིང་པ་ལ་སོགས་པ་རྩ་བརྒྱུད་བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་དང་། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། ཡེ་ཤེས་ཀྱི་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཁྲ་ཐབས། སྒོ་སྐྱོང་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། འཇིགས་པ་བཅུ་དྲུག་ནད་གདོན་རྐྱེན་ངན་གཟུང་འཛིན་འཁྲུལ་རྟོག་བག་ཉལ་དང་བཅས་པའི་ཕྱི་ནང་གསང་བའི་འགལ་རྐྱེན་སྡིག་སྒྲིབ་མ་ལུས་པ་ཞི་བ་དང་། བྱད་ཕུར་རྦོད་གཏོང་ལོ་ཟླ་ཞག་ཀག་བདུད་དང་དམ་སྲིའི་གནོད་པ་ལ་སོགས་པ་ལས་དང་རྐྱེན་ལས་གྱུར་པའི་འཕྲལ་ཡུན་གྱི་བར་ཆད་ཐམས་ཅད་ཟློག་པ་དང་། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། རིག་འཛིན་རྣམ་པ་བཞིའི་གོ་འཕང་མཐར་ཕྱིན་ནས་ཁྱབ་བདག་འབྲས་བུའི་ཧེ་རུ་ཀ་ཆེན་པོ་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་སྟེ། མདོར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཞེས་གཏོར་མ་གནས་གསུམ་དུ་བཞག་གོ །གལ་ཏེ་གཏོར་དབང་ཚར་གྲངས་གསག་དགོས་པ་བྱུང་ན། སླར་ཡང་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། ཞེས་མཚམས་སྦྱར་ལ། མཎྜལ། གསོལ་གདབ། སློབ་མ་རྡོ་རྗེ་གཞོན་ནུར་གསལ། །གཏོར་མ་ལྷ་ཡི་གནས་གསུམ་ནས༔ སོགས་ནས་སྔགས་བརྗོད་པའི་བར་གཏེར་གཞུང་བཅོས་མེད་ཉིད་བསྐྱར་རོ། །མཐར་ཡང་སྤྲོ་ན་གཏོར་མའི་བཀའ་བསྒོ་གོང་ལྟར་བྱ་ཞིང་། ཤིས་པ་བརྗོད། དེ་ལྟར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པའི་བྱིན་རླབས་གཏོར་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས། གསང་བ་གསུམ་གྱིས་བསྡུས་པའི་དམ་ཚིག་རྩ་བ་དང་ཡན་ལག་ཐམས་ཅད་ལེགས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། དེང་ནས་བརྩམ་སྟེ་སོགས། དགེ་བསྔོ་བཅས་ཀྱིས་གྲུབ་བོ། །དེ་ནས་གཏོར་མ་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ་གིས་གཏོར་མ་བསྲེགས་གཏོར་བཀྲུས༔ ཞེས་སོགས་གཏོར་འབུལ་ཕྲིན་བཅོལ་ཡན་གཏེར་གཞུང་ལྟར་བྱ། ཨོཾ་ཨཱཿཧཱུྃ་གཏོར་མའི་ལྷ་ཡེ་ཤེས་པ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། གཏོར་མགྲོན་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། བདག་བསྐྱེད་ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ཟུང་འཇུག་གི་སྐུར་ལྡངས་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་། དགེ་བསྔོ་བཀྲ་ཤིས་སྤྱི་ལྟར་རམ་ཡང་དག་ཕྱག་རྒྱ་གཅིག་པ་ལྟར་བྱའོ། །ཡོན་མཆོད་གཉིས་ཀར་བྱ་སླ་ཞིང་། །ཟབ་འདྲིལ་འདི་ཉིད་ནན་ཏན་དུ། །སྤེལ་ནས་ཕྲིན་ལས་རྒྱ་མཚོ་ཡིས། །བདུད་སྡེའི་དཔུང་བཅས་ཕམ་བྱེད་ཤོག །ཅེས་པ་འདིའང་ལུང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བས་སྤྲས་པ་རྡོར་སློབ་ཀརྨ་རཏྣས་ཆེད་དུ་བསྐུལ་བའི་ངོར། ཟབ་ཆོས་འདི་ཉིད་རང་སྐལ་དུ་ཐོབ་པའི་ལས་འཕྲོ་དགེ་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་གཏེར་གནས་ཉིད་དང་འདབས་འབྱོར་བའི་བསམ་གཏན་ཁང་བུར་བྲིས་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བསྡུས་ (Volume 41, Text 41)
རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བསྡུས་བཞུགས་སོ། །ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག༔ སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགས༴ བཀའ་བརྒྱུད་གཏེར་དུ་སྦེད་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས༴ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས༴ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགས༴ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས༴ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས༴ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས༴ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་བྲལ་ཆོས་སྐུའི་ཐུགས༴ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཐུགས༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས༴ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས༴ ཐུགས་རྗེའི་གདུང་གསོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགས༴ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་རྣམས་ཀྱི་ཐུགས༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ་ཐུགས༴ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས༴ སློབ་དཔོན་ཆེན་པོས་བཀའ་ཡི་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ ཚུལ་བཞིན་སྒྲུབ་པར་བྱེད་པའི་སྡོངས་གྲོགས་མཛད༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་བཅུའི་ཐུགས༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ དཔལ་མགོན་མ་ནིང་ནག་པོའི་ཐུགས༴ སྟོང་ཁམས་འདི་ན་དྲག་རྩལ་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར་ཐུགས༴ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛཱ་ཊིའི་ཐུགས༴ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ བཤན་པ་སྲོག་སྒྲུབ་ནག་མོའི་ཐུགས༴ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་བཤན་པ་དམར་ནག་ཐུགས༴ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགས༴ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི་ཐུགས༴ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧཱ་རའི་ཐུགས༴ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི་ཐུགས༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས༴ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འབྲུ་བཅུད་སྟོང་ལ་སྦྱར་པའི་ཛ་གད་དང༔ པདྨ་མཱཾ་ས་བཅས་པའི་རཀྟ་དང༔ ཛཔ྄་དང་གར་འཆམ་གིང་དང་སྟངས་སྟབས་དང༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང༔ སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགས༴ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས༴ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས༴ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས༴ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང༔ ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ༔ སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་སྤྱན་དྲངས་པའོ། །བཀྲ་ཤིས་སོ།། །།
གནམ་ཆོས་ལས་བིརྺ་པའི་བླ་སྒྲུབ་ (Volume 11, Text 41)
གནམ་ཆོས་ལས་བིརྺ་པའི་བླ་སྒྲུབ་བཞུགས་སོ༔ ན་མོ་མ་ཧཱ་སིདྡྷི་ཡེ༔ གྲུབ་ཆེན་བིརྺ་སྒྲུབ་པ་ནི༔ དཀྱིལ་འཁོར་གཏོར་མ་སོགས་མི་དགོས༔ བིརྺ་པ་ནི་སྐུ་མདོག་སྨུག༔ ཞལ་གཅིག་ཕྱག་གཉིས་ཉི་ཟེར་དང༔ བྷནྡྷ་བདུད་རྩིས་བཀང་བ་འཛིན༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ ན་མོ་བིརྺ་ཀ་སིདྡྷི་ཧཱུྃ༔ དེ་ཡིས་བིརྺ་པ་འགྲུབ་བོ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ ཧ་ཀ་ག༔ ཉིན་གཅིག་ཚར་བདུན་བཏོན་པ་ན༔ ཉི་མ་བདུན་གྱི་བར་ཆད་སེལ༔ གསེར་གྱིས་བྲིས་ནས་བཏགས་པ་ན༔ ཟླ་བ་སྟོང་གི་བར་ཆད་སེལ༔ དངུལ་གྱིས་བྲིས་ནས་བཏགས་པ་ན༔ ཉིན་ཞག་སྟོང་གི་བར་ཆད་སེལ༔ བཻཌཱུརྻ་ཡིས་བྲིས་བཏགས་ན༔ ཉི་མ་སྟོང་གི་བར་ཆད་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཀ་ཧ་ན༔ ཡུ་གེ་ཡུ་གེ༔ ཨང་འགའ་གེ༔ ཨང་འགའ་གེ༔ ཨ་གུ་ཧ་ར༔ ཨ་གུ་ཧ་ར༔ ཡང་ཏ་ཡ༔ ཡང་ཏ་ཡ༔ མ་ར་ག་ཏ༔ མ་ར་ཏ་ན་བ་ན་བ༔ ཨུ་གེ་ད་ཨུ་གེ༔ ཉིན་གཅིག་ཚར་བདུན་བཏོན་པ་ན༔ བཏོན་ཉིན་དེ་ཡི་བར་ཆད་སེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཧ།༔ ཧྱ༔ འདིའི་ཞལ་གདམས་ལ༔ བདག་བསྐྱེད་བྱ༔ ཐོར་ཚུགས་དང་རུས་པའི་རྒྱན་དྲུག་རས་སྨུག་པོའི་ཨང་རག་ཅན༔ ཀྲྀཥྞ་སཱ་རའི་པགས་པའི་སྟེང་ན་བཞུགས་པའོ༔ ཐུགས་ཀར་ཧཱུྃ་ལ་བསྙེན་སྔགས་ན་མོ་ཅན་གྱིས་བསྐོར༔ སྤྱན་འདྲེན་མི་དགོས་དྲན་རྫོགས་སོ༔ ཧ་ཀ་གའི་སྔགས་སོགས་ལས་སྔགས་མང་ཉུང་གང་འདོན་ཡང་བསྙེན་སྔགས་དང་སྦྲེལ་མི་དགོས༔ སྔོན་སྒྲུབ་པའི་བསྙེན་པ་ཚར་ནས༔ ལས་སྦྱོར་དུས་བསྙེན་སྔགས་བཟླ་མི་དགོས༔ བཏགས་རྒྱུ་དེ་རྣམས་རང་སྔགས་དེས་རབ་གནས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་གདོང་ངན་གྱི་ལོ་ཐ་སྐར་ཟླ་བའི་ཉེར་གཅིག་ནུབ། གཡས་སུ་གྲུབ་ཆེན་བིརྺ་པ་མངོན་རྟོགས་དང་མཚུངས་པ། གཡོན་དུ་ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་དུས་གཅིག་ལ་ཞལ་གཟིགས་ཏེ། སྒྲུབ་ཐབས་འདི་བིརྺ་པས་དངོས་སུ་གསུངས་ནས། སྔགས་རྣམས་ཨོ་རྒྱན་གྱིས་ཚར་རེ་ཞུ་དག་གི་ཚུལ་དུ་གསུངས་ཏེ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་ལའོ། །འདིའི་དབང་གཟུངས་དབང་ལྟར་རོ།། །།
རྡོ་རྗེ་གཙུག་ལག་གི་རྒྱུད་ཀྱི་ལས་བྱང་ངག་བསྒྲིགས་སུ་ཁོལ་བུར་བྱས་པ་ཉེ་བར་མཁོ་བ་ (Volume 33, Text 41)
༄༅། །རྡོ་རྗེ་གཙུག་ལག་གི་རྒྱུད་ཀྱི་ལས་བྱང་ངག་བསྒྲིགས་སུ་ཁོལ་བུར་བྱས་པ་ཉེ་བར་མཁོ་བ་བཞུགས་སོ།།དམོད་པ་དྲག་སྔགས། ན་མོ་བ་ལ་བ་ཏི་ཀྲིཥྞ་ཡ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་སོང་ནས། ཧཱུྃ༔ ཆོས་རྣམས་སྣང་མེད་མཁའ་ལྟར་སྟོང༔ ཆོས་རྣམས་དེ་བཞིན་སྤྲོས་དང་བྲལ༔ མ་རྟོགས་སེམས་ཅན་ཀུན་ལ་ཁྱབ༔ ལོངས་སྐུ་ཐུགས་རྗེས་འགྲོ་ལ་གཟིགས༔ རྒྱུ་ཡི་རིག་པ་ཧཱུྃ་དུ་འབར༔ སྤྲུལ་པས་འགྲོ་བ་མ་ལུས་འདྲེན༔ འོག་ཕྱོགས་་་སུ།ཨེ་འཕྲོས་ནམ་མཁའ་གྲུ་གསུམ་་་མཐིང་ནག།ཡངས༔ དེ་དབུས་་་ཡཾ་ལས་རླུང་་་གཞུ་ལྟ་བུས།འདེགས་རཾ་་་ལས།མེ་་་གྲུ་གསུམ།རབ་ཏུ་འབར༔ བཾ་ལས་ཆུ་དཀྱིལ་་་ཟླུམ་པོ།སུཾ་འཕྲོས་ས་གཞི་་་གྲུ་བཞི།འོ༔ ཀེཾ་ལས་རུས་པའི་རི་རབ་ཐོད་པའི་མཁར༔ གྲུ་བཞི་་་རྩ་བ་ཕྲ་བ།ཁ་ནི་སོག་ཁ་གྱེན་དུ་འབར༔་་་དེའི་སྟེང་། བྷྲཱུྃ་སྨུག་་་ནག་ལས།ཐོད་པའི་གཞལ་ཡས་ཁང༔ དུར་ཁྲོད་རྒྱན་ལྡན་དབུས་སུ་ཨེ༔་་་གྲུ་གསུམ། དེའི་ཕྱི།་་་མཐིང་ནག་ཐོད་ཕྲེང་མུ་ཁྱུད་ཟླུམ༔་་་པོ་གཉིས་བརྩེགས་ཀྱི་ཕྱི། གྲུ་ཆད་་་བཞི།དང་ལྡན་་པའི་མུ་ཁྱུད་ཕྱི་མའི་ནང་དུ།འཁོར་་་ལོ།རྩིབས་བཅོ་བརྒྱད་སེར༔ གཞལ་ཡས་ཁང་དེ་ཡང་།་་་རིན་ཆེན་སྣ་ལྔའི་ཁྱམས་སྒོ་་་བཞི།སྒོ་ཁྱུད་ལྡན༔ ཕྱི་རོལ་དུ།་་་སྲ་མཁྲེགས་རྡོ་རྗེའི་རྭ་བ་་་དང་དེའི་ཕྱི་རོལ་་་མེ་རི་སྨུག་ནག་འབར༔ གཞལ་ཡས་ཁང་དེ་ཡང་།་་་ལྷ་བརྒྱད་ཀ་གདན་ཀླུ་བརྒྱད་ཀ་བ་ལ༔ གཟའ་བརྒྱད་ཀ་ཞུ་མཆོག་ཆེན་་་གྱི།གདུང་མ་བྱས༔ མཆོག་ཕྲན་་་གྱི།གྲལ་མ་ཞིང་ཆེན་ཐོག་གཡོགས་བཀབ༔ ཞིང་ཆུང་་་དང་།ཐོད་པ་དྲྭ་བ་དྲྭ་ཕྱེད་འཕྱང༔ རྣག་ཁྲག་ཞག་དང་ཆུ་སེར་ཞམ་ཆུ་འབབ༔ ཕྱི་ནང་རབ་གསལ་ཉི་ཟླ་གཟའ་སྐར་བརྒྱན༔ དེ་དབུས་ལྷ་ཀླུ་བརྒྱད་དང་རུ་ཏྲའི་སྟེང༔ མ་ཨ་པཾ་གསུམ་་་ལས།པདྨ་ཟླ་ཉིའི་གདན༔ སྟེང་དུ་་་རང་སེམས།མཐིང་ནག་ཡི་གེ་ཧཱུྃ་དུ་བབས༔ ཕཊ་ཀྱིས་་་འོད་ཟེར།རབ་སྤྲོས་དོན་་་གཉིས།བྱས་་་འདུས་པས།རྡོ་རྗེར་གྱུར༔ དེ་ལས་འོད།་་་འཕྲོས་འདུས་ཡོངས་་་སུ།གྱུར་་་པ་ལས།བདག་ཉིད་ཆེ་མཆོག་སྐུ༔ དཔལ་ཆེན་སྟོབས་ལྡན་ནག་པོ་ཆེན་པོར་གྱུར༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཤྲཱི་ཧེ་རུ་ཀ་ཧཱུྃ་ཨཱ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ དབུས་ཞལ་གསུམ་མཐིང་གཡས་གསུམ་དཀར༔ གཡོན་གསུམ་དམར་ལ་ཞབས་བརྒྱད་པོ༔ གཡས་བསྐུམ་གཡོན་བརྐྱང་དྲེགས་པ་བརྫིས༔ དབུ་སྐྲ་ཁམ་ནག་ཐོད་སྐམ་ནང༔ རིགས་ལྔས་དབུ་བརྒྱན་སྡེ་བརྒྱད་ཀྱི༔ མགོ་བཅད་ཐོད་པའི་སེ་རལ་ཁ༔ སྐུ་སྟོད་ཞིང་ལྤགས་སྐུ་སྨད་ལ༔ ཆུ་སྲིན་ལྤགས་པའི་ཤམ་ཐབས་འཆང༔ ཀླུ་བརྒྱད་་་དང་།དུར་ཁྲོད་ཆས་བརྒྱད་ཀྱིས༔ སྐུ་བརྒྱན་གཡས་དགུ་་་གསེར་གྱི།རྡོ་རྗེ་དང༔ གཡོན་དགུ་བྷན་དྷ་དམར་བཀང་འཛིན༔ དཔའ་སྒེག་འཇིགས་རུང་དགོད་གཤེ་རྔམ་ཞི་དུལ་སྙིང་རྗེ།་་་གར་དགུའི་ཉམས་ལྡན་སྤྱི་བོར་ཁྱུང༔་་་སེར་པོ་སྤུ་གྲིའི་འདབ་གཤོག་གདེངས་པ་གནམ་ལྕགས་ཀྱི་མཆུས་སྦྲུལ་ཟ་བ་རྡོ་རྗེའི་སྡེར་མོས་རོ་ཉེ་འཛིན་པ། མགྲིན་པར་རྟ་མགྲིན་་་དམར་པོ་གཡས་ཟངས་ཀྱི་རྡོ་རྗེ་གཡོན་བྷནྡྷ་བསྣམས་པ།སྙིང་ག་རུ༔ རྡོ་རྗེ་གཞོན་ནུ་་་མཐིང་ནག་གཡས་རྡོ་རྗེ་གཡོན་ཕུར་བུ་གདེངས་པ།རྐེད་པར་ནི༔ ཕྱག་རྡོར་་་མཐིང་ནག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་གདེངས་པ།གསང་གནས་གཤིན་རྗེས་་་མཐིང་ནག་གཡས་འཁོར་ལོ་རྩིབས་བརྒྱད་གཡོན་ཐོད་དབྱུག་འཛིན་པ། རྟ་མགྲིན་རྡོར་གཞོན་ཕྱག་རྡོར་གཤིན་རྗེ་རྣམས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས།་་་བརྒྱན༔ ཐུགས་ཀར་ཧཱུྃ་ལ་སྙིང་པོས་བསྐོར༔ དེ་ལས་བྷྱོཿམཆེད་་པ་ལས་་གཡོན་་་ནས།འཁྱུད་ཡུམ༔ འབྱུང་བ་ལྔ་ཡི་བདག་མོ་ནི༔ དམར་མོ་ཞལ་གསུམ་ཕྱག་དྲུག་པ༔ དང་པོའི་ཕྱག་གཉིས་གྲི་་་གུག།ཐོད་་་པ།དང༔ བར་གཉིས་ཏྲི་ཤུལ་ཞིང་དབྱུག་ལ༔ ཐ་གཉིས་བདུད་ཀྱི་ཞིང་ལྤགས་གཡབ༔ དུར་ཁྲོད་ཆས་བརྒྱད་ཞབས་བཞིར་ལྡན༔ སྟོབས་ལྡན་ནག་པོའི།་་་ཐུགས་སྲོག་ཧཱུྃ་ལས་ཨེ་མཆེད་པས༔ གྲུ་གསུམ་་་གྱི།མདུན་ཟུར་་་དུ།ཨེ་་་དེ་བབ་པ།ལས་ནི༔ དྲེགས་པ་སྤྱི་གཟིར་གཉེན་པོ་གཟའ་འཇིག་རྟེན་པ།་་་གཟའ་བདུད་་་རཱ་ཧུ་ལ།དུད་ཁ་དབུ་དགུ་པ༔ སྟེང་དུ་བྱ་རོག་ཏོང་སྒྲ་འབྱིན༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ མགོ་ལུས་མེད་པར་མིག་གིས་གང༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་འཕྱར༔ གཡོན་པས་རྭ་ཡི་མདའ་གཞུ་འཛིན༔ གཞན་ཡང་།་་་གྲུ་གཡས་ཏྲི་ལས་་་འཆི་བདག།སྲོག་ལེན་ནག༔ གཡས་པ་རི་རབ་གཡོན་རྒྱ་གྲམ༔ སྟག་ཤམ་ཞིང་ལྤགས་རློན་པ་གྱོན༔ མུ་ལས་གནོད་བྱེད་ཁྲག་འཐུང་་་མ།ནག༔ གཡས་གཡོན་མི་སྙིང་ཐོད་ཁྲག་ཐོགས༔ གཟིག་ཤམ་མི་ལྤགས་གོས་སུ་གྱོན༔ གྲུ་གཡོན་ཡི་གེ་ཏྲི་གསུམ་ལས༔ སྐུ་ཡི་མོན་པ་ལྗང་ནག་ནི༔ འཁོར་ལོ་གཡས་ལ་བེ་ཅོན་གཡོན༔ གསུང་གི་མོན་པ་དམར་ནག་ནི༔ གཡས་གཡོན་བེ་ཅོན་རྒྱུ་ཞགས་ཐོགས༔ ཐུགས་ཀྱི་མོན་པ་མཐིང་ནག་ནི༔ གཡས་པ་རལ་གྲི་གཡོན་བེ་ཅོན༔ ཀུན་ཀྱང་སྟག་ཤམ་ཞིང་ལྤགས་གྱོན༔ གཙོ་བོ།་་་སྟོབས་ལྡན་ཞལ་ལྷོར་ཕྱོགས་པ་ཡི༔ མདུན་རྩིབས་ནས་བཟུང་གཡས་བསྐོར་དུ༔ ཡ་ལས་་་གཤིན་རྗེ།འཆི་བདག་ནག་པོ་ནི༔ ཐོད་པ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་གཡག་འཆིབ༔ མ་ལས་་་མ་མོ།སྐྱེ་འགྲོ་སྲོག་བདག་ནག༔ ཐོད་པ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་རྟ་འཆིབ༔ ཨ་ལས་་་ལྷ་ཆེན།མ་ཧཱ་དྷེ་ཝ་དཀར༔ ཤེལ་གྲི་གཡས་ལ་བ་དན་གཡོན༔ ཞིང་ལྤགས་གསོལ་ཏེ་མི་རྒོད་ཞོན༔ ཐ་ལས་་་མུ་སྟེགས།ཀཱ་ལ་ཡཀྴ་ནག༔ ཁ་ཊྭཱཾ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་དུར་ཕག་ཞོན༔ དུ་ལས་བདུད་་་ཕོ།མེའི་ཁ་རླངས་ནག༔ ཁྲམ་ཤིང་གཡས་ལ་རྒྱུ་ཞགས་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་རྟ་འཆིབ༔ དུ་ལས་བདུད་མོ་ཁྲག་འཛག་ནག༔ དར་ནག་གཡས་ལ་ཁྲམ་ཤིང་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་བྱ་ཞོན༔ ར་ལས་་་སྲིན་པོ།རཀྴ་གློག་ཕྲེང་ནག༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཞིང་ལྤགས་གསོལ་ཏེ་འབྲུག་ལ་ཞོན༔ ར་ལས་་་སྲིན་མོ།སྦལ་མགོ་ཁྲག་མིག་དམར༔ གྲི་གུག་གཡས་ལ་མི་མགོ་གཡོན༔ ཞིང་ལྤགས་གསོལ་ཏེ་མི་ལ་ཞོན༔ རཱ་ལས་གཟའ་བདུད་སྐུ་མདོག་སྨུག༔ དགྲ་སཏྭ་གཡས་ལ་ཁྲམ་བམ་གཡོན༔ ཞིང་ལྤགས་གསོལ་ཏེ་གློག་ལ་ཞོན༔ ཀྵ་ལས་་་གནོད་སྦྱིན།གང་བ་བཟང་པོ་ལྗང༔ ཤན་གྲི་གཡས་ལ་རུ་མཚོན་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ ཀྵ་ལས་་་གནོད་སྦྱིན་མོ།ཤ་ཟ་རལ་ཅན་ལྗང༔ དར་ནག་གཡས་ལ་རུ་མཚོན་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ ཙ་ལས་་་རྒྱལ་པོ།ལི་བྱིན་ཧར་ལེགས་དཀར༔ ཤེལ་གྲི་གཡས་ལ་དར་དཀར་གཡོན༔ ཞིང་ལྤགས་གསོལ་ཏེ་སྤྲེལ་ནག་ཞོན༔ པ་ལས་དམུ་རྗེ་བཙན་པོ་ནག༔ དར་ནག་གཡས་ལ་ཞགས་པ་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ ཙ་ལས་་་བཙན་རྒོད།ཡམ་ཤུད་དམར་པོ་དམར༔ མདུང་དམར་གཡས་ལ་བཙན་གྲི་གཡོན༔ ཞིང་ལྤགས་གསོལ་ཏེ་བཙན་རྟ་རྒྱུག༔ ཏྲི་ལས་་་དགེ་བསྙེན།རྡོ་རྗེ་ལེགས་པ་དམར༔ དར་དཀར་གཡས་ལ་ལྕགས་ཀྱུ་གཡོན༔ ཞིང་ལྤགས་གསོལ་ཏེ་ར་སྐྱེས་ཞོན༔ ཏྲི་ལས་་་འགོང་པོ།ཁུ་ལེ་ལག་དགུ་སེར༔ རྔ་ཡབ་གཡས་ལ་ལྕགས་ཀྱུ་གཡོན༔ ཞིང་ལྤགས་གསོལ་ཏེ་ཅེ་སྤྱང་ཞོན༔ ཏྲི་ལས་་་དམ་སྲི།རྐང་ལག་རིང་པོ་ནག༔ བེར་ག་གཡས་ལ་མི་མགོ་གཡོན༔ ཞིང་ལྤགས་གསོལ་ཏེ་བོང་བུ་ཞོན༔ ཕུ་ལས་་་ཀླུ་རྒྱལ།གཞོན་ནུ་གཏུམ་པོ་སྔོ༔ བུམ་པ་གཡས་ལ་རུས་སྦལ་གཡོན༔ ཞིང་ལྤགས་གསོལ་ཏེ་ཆུ་སྲིན་ཞོན༔ ཀུན་ཀྱང་ཏི་ར་རོ་གདན་ལ༔ བསྒྲུབ་་་པའི།ཚེ་་་དྲེག་པ་རྣམས།ཞལ་ནང་བལྟ་བར་བསྐྱེད༔ ལས་་་སྦྱོར།དུས་ཞལ་་་དྲག་པོ།ཕྱིར་བལྟ་བར་བསྐྱེད༔་་་དོ། །གང་གི་དུས་ཀྱང་།་་་དེ་རྣམས་སྙིང་གར་་་རང་རང་གི།རྣམ་ཤེས་ཀྱི༔ ཡིག་འབྲུ་རེ་ལ་རང་མིང་་་གིས།བསྐོར༔ གཟིར་འཕྲོག་གཅོད་སོགས་སྐབས་ཀྱིས་བསྒྱུར༔་་་བའི་ཤམ་བུ་བཅས། དྲེགས་པ་དེ་དག་རེ་རེ་ལའང༔་་་འཁོར། ཕོ་རྒྱུད་མོ་རྒྱུད་ཀླུ་རྒྱུད་་་གསུམ།ཀྱིས༔ བསྡུས་པའི་་་ལྷ་འདྲེ།བྱེ་བ་ས་ཡ་དང༔ སྟོང་ཕྲག་བརྒྱད་ཅུས་རབ་བསྐོར་བའི༔ དེ་རྣམས་ཀྱི་ཡང་།་་་སྙིང་གར་རང་རང་རྣམ་ཤེས་ཀྱི༔ ཡིག་འབྲུ་རེ་ལ་རང་མིང་བསྐོར༔ ཐམས་ཅད་བདག་གི་བཀའ་ཉན་ཅིང༔ ཅི་བགྱིའི་ཕོ་ཉར་གསལ་བར་གྱུར༔ ཅེས་བསྒོམ༔ ཤ་ཆེན་གྱི་སྤོས་དང་བཅས་སྤྱན་དྲངས་བཞུགས་གསོལ་སོགས་ནི༔ ཧཱུྃ༔ ཐབས་ཤེས་སྟོང་གསལ་ཆོས་སྐུའི་དཀྱིལ་འཁོར་ནས༔ ཡེ་ཤེས་སྟོབས་ལྡན་ཡབ་ཡུམ་གཤེགས་སུ་གསོལ༔ གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་སྟེང་དུ་བཞུགས་སུ་གསོལ༔ སྡེ་བརྒྱད་དམག་དཔོན་གཟའ་བདུད་གཤེགས་སུ་གསོལ༔ འཆི་བདག་སྲོག་ལེན་ཡབ་ཡུམ་གཤེགས་སུ་གསོལ༔ ལས་མཁན་མོན་པ་རྣམ་གསུམ་གཤེགས་སུ་གསོལ༔ ནམ་མཁའི་མཐའ་དང་མཉམ་པའི་ཞིང་ཁམས་ནས༔ ཅི་བགྱིའི་བཀའ་ཉན་དྲེགས་པ་གཤེགས་སུ་གསོལ༔ ཏི་ར་རོ་ཡི་གདན་ལ་བཞུགས་སུ་གསོལ༔ བཛྲ་སརྦ་དུཥྚཱཾ༔ ཨཱེཿཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྲིན་ལས་གཟིར་གནོན་དྲག་པོས་དྲེགས་པ་འདུལ༔ ཐབས་ཤེས་གཉིས་མེད་སྟོབས་ལྡན་ཡབ་ཡུམ་ལ༔ ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་ལོ༔ ལས་ཀྱི་དབང་གིས་དྲེགས་པའི་སྟོབས་རྙེད་ཅིང༔ དམ་ཚིག་དབང་གིས་བཀའ་ཡི་བསྟན་པ་སྲུང༔ སྡེ་དཔོན་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཛྲ་སརྦ་དུཥྚཱཾ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨེ་མ་ཧོ༔ མཛེས་པའི་ཞལ་བུ་བྷནྡྷ་ཀཱ་པ་ལ་ཡི་ནང༔ ཕྱི་ནང་གསང་བའི་མཆོད་པ་མ་ལུས་སྦྱར༔ ཤ་ཁྲག་དམར་དང་སྙིང་སྣས་རབ་ཏུ་བརྒྱན༔ ཆང་ཕུད་ཨ་མྲྀཏ་དང་རཀྟས་བྲན༔ སྣོད་དང་བཅུད་ལྡན་མཐུན་པའི་མཆོད་པ་འབུལ༔ ལྷ་མཆོག་སྟོབས་ལྡན་ཡབ་ཡུམ་མཉེས་གྱུར་ཅིག༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཚིམ་གྱུར་ཅིག༔ བཛྲ་སརྦ་དུཥྚཱཾ་ཧཱུྃ་ཛ་ཛ༔ བྷ་ལིནྟ་ཨ་མྲྀཏ་རཀྟ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ དེ་ནས་སྨན་རཀ་གཏོར་མར་སྒྲོན་ལ། དྲག་པོའི་གཏོར་མ་བྱིན་བརླབ་ཀྱི་སྔགས་རྒྱས་བྱིན་བརླབས་ནས། ཨཱོྃ་བཛྲ་སརྦ་དུཥྚཱན་ཨི་མཾ་བ་ལིཾ་ཨ་མྲྀཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ཨི་མཾ་བ་ལིཾ༴ ཏྲི་མུ་ཨི་མཾ༴ ཏྲི་ཏྲི་ཏྲི་ཨི་མཾ༴ ཡ་མ་ཨི་མཾ༴ མ་མ་རུ་ལུ་ཨི་མཾ༴ དྷེ་ཝ་ཨི་མཾ༴ ཏིརྟི་ཀ་ཨི་མཾ༴ དུ་ཁྲག་ཨི་མཾ༴ དུནྟིཾ་ཨི་མཾ༴ རཀྴ་ཨི་མཾ༴ རག་མོ་ཨི་མཾ༴ རཀྵ་ཨི་མཾ༴ ཡཀྵ་ཨི་མཾ༴ ཡག་མོ་ཨི་མཾ༴ རཱ་ཙ་ཨི་མཾ༴ མུན་མུན་ཨི་མཾ༴ ཤུ་ལ་ཨི་མཾ༴ བཛྲ་སཱ་དྷུ་ཨི་མཾ༴ ཧཾ་ཤཾ་ཨི་མཾ༴ རུ་ཏྲི་ཨི་མཾ༴ ས་ནཱ་ག་ཨི་མཾ༴ སརྦ་ས་པ་རི་ཝཱ་ར་ཨི་མཾ་བ་ལིཾ་ཨ་མྲྀཏ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྔགས་རྣམས་ཉེར་གཅིག་གམ་བདུན་ནམ་གསུམ་གྱིས་གཏོར་མ་འབུལ། ཕན་གནོད་ལས་གང་བྱེད་ཀྱི་ཕྲིན་ལས་བཅོལ་ལོ། །དྲེགས་པ་རྣམས་བཀྲག་མདངས་མཐུ་དང་དྲག་རྩལ་ལྡན་ནས་གང་བཅོལ་ཕན་གནོད་ལས་བྱེད་པར་བསམ། དེ་ནས་རང་བཞིན་བསྟོད་ཅིང་བསྒྲུབ་པ་ནི༔ ཛཿབྷྱོ༔ ཆོས་དབྱིངས་མི་འགྱུར་ཕོ་བྲང་ནས༔ གྲུ་གསུམ་མཐིང་ནག་བསྐལ་པའི་མེ་དཔུང་ཀློང༔ མི་འགྱུར་མི་ཤིགས་སྟོབས་ལྡན་ནག་པོའི་སྐུ༔ དབུ་དགུ་ཕྱག་ནི་རྣམ་པ་བཅོ་བརྒྱད་དེ༔ གཡས་ཞལ་གསུམ་དཀར་སྐྱེ་མེད་ཆོས་ཀྱི་སྐུ༔ གཡོན་ཞལ་གསུམ་དམར་ཐུགས་རྗེ་སྤྲུལ་པའི་སྐུ༔ དབུས་ཞལ་གསུམ་མཐིང་ལོངས་སྤྱོད་རྫོགས་པའི་སྐུ༔ ཞབས་བརྒྱད་དྲེགས་པའི་སྙིང་གར་རབ་ཏུ་གཟིར༔ དབུ་སྐྲ་ཁམ་ནག་ཐོད་པ་རིགས་ལྔས་བརྒྱན༔ སྡེ་བརྒྱད་མགོ་བཅད་ཐོད་པའི་སེ་རལ་ཁ༔ སྐུ་སྟོད་ཞིང་ལྤགས་ཆུ་སྲིན་ཤམ་ཐབས་ཅན༔ ཀླུ་བརྒྱད་སྐུ་བརྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱག་གཡས་དགུས་ནི་གསེར་གྱི་རྡོ་རྗེ་འཕེན༔ སྣང་སྲིད་དྲེགས་པ་མ་ལུས་གཟིར་བར་བྱེད༔ གཡོན་དགུས་བྷན་དམར་དྲེགས་པའི་སྙིང་ཁྲག་འཐུང༔ ཞབས་བརྒྱད་དྲེགས་པའི་སྙིང་གར་རབ་གཟིར་དབང་དུ་སྡུད༔ སྟོབས་ལྡན་ནག་པོ་དཔལ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་དབང་སྡུད་ཟིལ་གྱིས་གནོན་པར་མཛོད༔ བྷྱོ༔ ཡུམ་གཅིག་འབྱུང་བ་ལྔ་ཡི་བདག་མོ་ནི༔ ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་ལ་གཤེ༔ གཡས་གཡོན་དང་པོས་གྲི་གུག་བྷནྡྷ་བསྣམས༔ བར་པས་ཏྲི་ཤུལ་ཞིང་གི་དབྱུག་པ་འཕེན༔ ཐ་མས་བདུད་ཀྱི་ཞིང་ལྤགས་གཡབ་མོ་འདེབས༔ ཞབས་བཞིས་དྲེགས་པ་ཀུན་གཟིར་དུར་ཁྲོད་ཆས་བརྒྱད་གསོལ༔ སྣང་སྲིད་མ་མོ་ཟིལ་གནོན་དབང་དུ་སྡུད༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ བྷྱོ༔ ནམ་མཁའ་གཡུ་འོད་འབར་བའི་ལྡིང་ཁང་ནས༔ གཟའ་བདུད་ཆེན་པོ་མ་རུངས་པ༔ ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ༔ འཇིགས་བྱེད་ཆེན་པོར་སྤྲུལ་པའི་ཚེ༔ ཕ་ནི་སྲིན་ལ་མ་ནི་ཀླུ༔ ཀླུ་སྲིན་ཚོགས་པའི་མཐུ་བོ་ཆེ༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ དབུ་དགུ་སྡེ་བརྒྱད་རོག་ཏིའི་སྤྲུལ་པ་འགྱེད༔ མགོ་ལུས་མེད་པར་མིག་གིས་ཁེངས༔ སྐུ་ནི་རབ་འཇིགས་དུད་ཁ་པོ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་བསྣམས༔ གཡོན་ན་རྭ་ཡི་མདའ་གཞུ་འཕེན༔ དམ་ཉམས་དགྲ་བོའི་སྙིང་ལ་ཡ༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ལ༔ ནུབ་ཀྱི་ཕྱོགས་ནས་ལམ་དུ་ཞུགས༔ ཟླ་བའི་རྗེས་གཅོད་ཤར་དུ་རྒྱུག༔ ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག༔ ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་རྒྱུག༔ བར་སྣང་ཁམས་ལ་རྒྱུག་ཙམ་ན༔ འཇིག་རྟེན་ཁམས་ཀུན་དཀྲུག་ཅིང་སྲེག༔ ལོ་ཉེས་འཁྲུག་པ་རིམས་ནད་གཏོང༔ ཉི་མ་ཟླ་བ་ཁྱུར་མིད་བྱེད༔ རྒྱ་མཚོའི་སྟེང་ན་གནས་ཙམ་ན༔ ཀླུ་རྣམས་འཁྲུག་ཅིང་ཐོག་སེར་གཏོང༔ བྷྱོ༔ འཇིགས་བྱེད་ཆེན་པོ་མ་རུངས་པ༔ མིང་བརྒྱ་པོ་ལ་མཚན་སྟོང་པོ༔ དུས་ཚོད་ཚེས་གྲངས་ཀུན་གྱི་བདག༔ ལྷ་སྲིན་སྡེ་བརྒྱད་ནང་དབྱེན་བྱེད༔ འབྱུང་བ་ལྔ་ཡི་དུག་ཆེན་པོ༔ ཁྱོད་ལ་མིང་ནི་རྣམ་པ་དགུ༔ ནུབ་ཀྱི་ཕྱོགས་ནས་བསྐྱོད་པའི་ཚེ༔ ཀིང་ཀཾ་འབར་བ་ཙ་ར་ཀ༔ མ་མོའི་དལ་ཡམས་དགྲ་ལ་བྷྱོ༔ ཤར་ལྷོ་མཚམས་ནས་བསྐྱོད་པའི་ཚེ༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ དགྲ་ལྷའི་རྒྱལ་མོའི་ཐོག་སེར་བྷྱོ༔ བྱང་གི་ཕྱོགས་ནས་བསྐྱོད་པའི་ཚེ༔ བདུད་པོ་རོག་ཏི་འབར་བའི་སྐུ༔ བདུད་ནད་ཧུར་ཐུམས་དགྲ་ལ་བྷྱོ༔ ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ༔ སྲིན་པོ་རཀྴ་བྱི་ཏྲི་ཏ༔ སྲིན་པོའི་གྲི་འཐབ་དགྲ་ལ་བྷྱོ༔ ཤར་གྱི་ཕྱོགས་ནས་བསྐྱོད་པའི་ཚེ༔ དམུ་བདུད་ཆེན་པོ་ཧ་ལི་ཀ༔ དམུ་ནད་དམུ་རྡོ་དགྲ་ལ་བྷྱོ༔ ནུབ་བྱང་མཚམས་ནས་བསྐྱོད་པའི་ཚེ༔ ཀླུ་བཙན་དུ་བ་མཇུག་རིང་པོ༔ གཟེར་ནད་གཟེར་ཤུ་དགྲ་ལ་བྷྱོ༔ ལྷོ་ཡི་ཕྱོགས་ནས་བསྐྱོད་པའི་ཚེ༔ ཁྱབ་འཇུག་ཆེན་པོ་ཞེས་བྱ་བ༔ གཤིན་རྗེའི་དམག་དཔུང་དགྲ་ལ་བྷྱོ༔ བྱང་ཤར་མཚམས་ནས་བསྐྱོད་པའི་ཚེ༔ བྱི་ནཱ་ཡ་ཀ་ཞེས་བྱ་བ༔ བགེགས་ཀྱི་དམག་དཔུང་དགྲ་ལ་བྷྱོ༔ རི་རབ་ཁོང་སེང་ནས་བསྐྱོད་ཚེ༔ ཀིཾ་ཀཾ་ལྗང་སྔོན་དྲག་པོ་ཆེ༔ སྐར་ཆེན་འབར་བ་འོད་པོ་ཆེ༔ སུ་འཕྲད་ཟ་ཞིང་གཏོང་མི་བྱེད༔ ཁྱོད་ནི་ཁྲོ་ཆེན་ཕོ་ཉ་ཡིན༔ ཁམས་གསུམ་མཐུ་ཆེན་འགྲན་ཟླ་མེད༔ བསྐལ་པ་གྲངས་མེད་སྔོན་རོལ་དུ༔ སངས་རྒྱས་ཀུན་གྱི་བསྟན་པ་བསྲུངས༔ འཇིག་རྟེན་ཕུང་བའི་དྲག་ཤུལ་ཅན༔ ཕྱག་རྡོར་གཤིན་རྗེ་བྱ་ཁྱུང་རྒྱལ༔ རྟ་མགྲིན་རོག་ཏི་རྡོ་རྗེ་འཆང༔ སྤྱན་སྔར་ཁས་བླངས་དམ་ཡང་བཅས༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ རྣལ་འབྱོར་གྲོགས་བྱེད་དམ་ཉམས་སྒྲོལ༔ སྟོན་པའི་བཀའ་ལས་མ་འདའ་བར༔ བཅོལ་པའི་ལས་འདི་མྱུར་དུ་གྱིས༔ དུས་ལ་བབ་པོ་ས་མ་ཡ༔ གཟའ་བདུད་ཆེན་པོའི་དུས་ལ་བབ༔ མ་ཧཱ་དྷེ་ཝའི་དུས་ལ་བབ༔ འཆི་བདག་གཤིན་རྗེའི་དུས་ལ་བབ༔ ཀླུ་བདུད་ནག་པོའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྣང་སྲིད་དྲེགས་པ་ལས་ལ་དགྱེ་བ་དང༔ གཟིར་ཞིང་གསད་མནན་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་སོ༔ ནན་དུ་ཡང་ཡང་བསྐུལ་བ་རབ་ཏུ་གཅེས༔ སྡེ་བརྒྱད་ཡོངས་ཀྱི་བྱ་མ་རྟ༔ ལས་རྣམས་ཀུན་གྱི་ནང་དབྱེན་ཡིན༔ ཞེས་པས་སོ༔ སྲོག་ལེན་ཡབ་ཡུམ་དང་མོན་པ་རྣམ་གསུམ་བསྐུལ་བ་ནི༔ བྷྱོ༔ གསོད་བྱེད་དྲེགས་པའི་སྡེ་དཔོན་ནི༔ རྒྱ་དང་བལ་པོའི་སོ་མཚམས་ན༔ འཆི་བདག་སྲོག་ལེན་ནག་པོ་བྷྱོ༔ གསོད་བྱེད་ཁྲག་འཐུང་ནག་མོ་བྷྱོ༔ ལས་མཁན་མོན་པ་རྣམ་གསུམ་བྷྱོ༔ སྐུ་ཡི་མོན་པ་ལྗང་ནག་ལ༔ གསུང་གི་མོན་པ་དམར་ནག་པོ༔ ཐུགས་ཀྱི་མོན་པ་མཐིང་ནག་སྟེ༔ ལས་ཀྱི་གཤིན་རྗེ་རྣམ་པ་གསུམ༔ ཚེ་བདག་སྲོག་བདག་འཆི་བདག་བྷྱོ༔ དགྲ་བགེགས་ཚེ་སྲོག་དུས་མཐའ་སྟུངས༔ གདུག་བྱེད་མཚོན་ཆ་རང་གཤེད་ཕོབ༔ འབྱུང་བཞིའི་བཅུད་སྡུས་སྲོག་དབུགས་ཆོད༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་པ་ཡ་བག་ཤ་ཡི་ལས་འདི་ནི༔ ཧ་ལ་ནག་པོ་ཙ་མ་རི༔ ཞེས་སོ༔ དེ་ནས་བཅོ་བརྒྱད་རིམ་པར་བསྐུལ༔ ཛཿབྷྱོ་ཡ༔ ཡ་ལས་སྐུ་བསྐྱེད་གཤིན་རྗེ་ནག་པོ་ཁྱོད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཐོད་པ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་གཡག་འཆིབ༔ བསྟན་པ་སྲུངས་ཤིག་གཤིན་རྗེའི་ཚོགས༔ མ་ལས།་་་འཆི་བདག་ནག་པོའི་བཙུན་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཐོད་པ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་རྟ་འཆིབ༔ བསྟན་པ་སྲུངས་ཤིག་མ་མོའི་ཚོགས༔ ཨ་ལས་སྐུ་བསྐྱེད་ལྷ་ཆེན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཤེལ་གྲི་གཡས་ལ་བ་དན་གཡོན༔ ཞིང་ལྤགས་གསོལ་ཏེ་མི་རྒོད་ཞོན༔ བསྟན་པ་སྲུངས་ཤིག་ལྷ་ཡི་ཚོགས༔ ཐ་ལས་སྐུ་བསྐྱེད་མུ་སྟེགས་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཁ་ཊྭཱཾ་གཡས་ལ་གྲི་གུག་གཡོན༔ ཞིང་ལྤགས་གསོལ་ཏེ་དུར་ཕག་ཞོན༔ བསྟན་པ་སྲུངས་ཤིག་མུ་སྟེགས་ཚོགས༔ དུ་ལས་སྐུ་བསྐྱེད་བདུད་ཕོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ ཁྲམ་ཤིང་གཡས་ལ་རྒྱུ་ཞགས་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་རྟ་བཅིབས༔ བསྟན་པ་སྲུངས་ཤིག་བདུད་ཕོའི་ཚོགས༔ དུ་ལས།་་་དེ་དང་གཉིས་མེད་བདུད་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ དར་ནག་གཡས་ལ་ཁྲམ་ཤིང་གཡོན༔ ཞིང་ལྤགས་གསོལ་ཏེ་བདུད་བྱ་ཞོན༔ བསྟན་པ་སྲུངས་ཤིག་བདུད་མོའི་ཚོགས༔ ར་ལས་སྐུ་བསྐྱེད་སྲིན་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཞིང་ལྤགས་གསོལ་ཏེ་འབྲུག་ལ་ཞོན༔ བསྟན་པ་སྲུངས་ཤིག་སྲིན་པོའི་ཚོགས༔ ར་ལས།་་་དེ་དང་གཉིས་མེད་སྲིན་མོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གྲི་གུག་གཡས་ལ་མི་མགོ་གཡོན༔ ཞིང་ལྤགས་གསོལ་ཏེ་མི་ལ་ཞོན༔ བསྟན་པ་སྲུངས་ཤིག་སྲིན་མོའི་ཚོགས༔ རཱ་ལས་སྐུ་བསྐྱེད་གཟའ་བདུད་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག༔ དགྲ་སཏྭ་གཡས་ལ་ཁྲམ་བམ་གཡོན༔ ཞིང་ལྤགས་གསོལ་ཏེ་གློག་ལ་ཞོན༔ བསྟན་པ་སྲུངས་ཤིག་རཱ་ཧུ་ལ༔ ཀྵ་ལས་སྐུ་བསྐྱེད་གནོད་སྦྱིན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ ཤན་གྲི་གཡས་ལ་རུ་མཚོན་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ བསྟན་པ་སྲུངས་ཤིག་གནོད་སྦྱིན་ཚོགས༔ ཀྵ་ལས་སྐུ་བསྐྱེད་གནོད་སྦྱིན་མོ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང༔ དར་ནག་གཡས་ལ་རུ་མཚོན་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ བསྟན་པ་སྲུངས་ཤིག་གནོད་སྦྱིན་མོ་ཡི་ཚོགས༔ ཙ་ལས་སྐུ་བསྐྱེད་རྒྱལ་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཤེལ་གྲི་གཡས་ལ་དར་དཀར་གཡོན༔ ཞིང་ལྤགས་གསོལ་ཏེ་སྤྲེལ་ནག་ཞོན༔ བསྟན་པ་སྲུངས་ཤིག་རྒྱལ་པོའི་ཚོགས༔ པ་ལས་སྐུ་བསྐྱེད་དམུ་བདུད་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ དར་ནག་གཡས་ལ་ཞགས་པ་གཡོན༔ ཞིང་ལྤགས་གསོལ་ཏེ་རྟ་ནག་ཞོན༔ བསྟན་པ་སྲུངས་ཤིག་དམུ་ཡི་ཚོགས༔ ཙ་ལས་སྐུ་བསྐྱེད་བཙན་རྒོད་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ མདུང་དམར་གཡས་ལ་བཙན་གྲི་གཡོན༔ ཞིང་ལྤགས་གསོལ་ཏེ་བཙན་རྟ་རྒྱུག༔ བསྟན་པ་སྲུངས་ཤིག་བཙན་གྱི་ཚོགས༔ ཏྲི་ལས་སྐུ་བསྐྱེད་དགེ་བསྙེན་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ དར་དཀར་གཡས་ལ་ལྕགས་ཀྱུ་གཡོན༔ ཞིང་ལྤགས་གསོལ་ཏེ་ར་སྐྱེས་བཅིབས༔ བསྟན་པ་སྲུངས་ཤིག་ཐེའུ་རང་ཚོགས༔ ཏྲི་ལས་སྐུ་བསྐྱེད་འགོང་པོ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར༔ རྔ་ཡབ་གཡས་ལ་ལྕགས་ཀྱུ་གཡོན༔ ཞིང་ལྤགས་གསོལ་ཏེ་ཅེ་སྤྱང་ཞོན༔ བསྟན་པ་སྲུངས་ཤིག་འགོང་པོའི་ཚོགས༔ ཏྲི་ལས་སྐུ་བསྐྱེད་དམ་སྲི་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ བེར་ག་གཡས་ལ་མི་མགོ་གཡོན༔ ཞིང་ལྤགས་གསོལ་ཏེ་བོང་བུ་ཞོན༔ བསྟན་པ་སྲུངས་ཤིག་དམ་སྲིའི་ཚོགས༔ ཕུ་ལས་སྐུ་བསྐྱེད་ཀླུ་རྒྱལ་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ༔ བུམ་པ་གཡས་ལ་རུས་སྦལ་གཡོན༔ ཞིང་ལྤགས་གསོལ་ཏེ་ཆུ་སྲིན་ཞོན༔ བསྟན་པ་སྲུངས་ཤིག་ཀླུ་རྒྱལ་ཚོགས༔ ཞེས་དམ་རྫས་གཏོར་མ་བྱིན་ལ་ཕྲིན་ལས་བཅོལ༔ གང་འདོད་ལས་རྣམས་བྱེད་པར་ངེས༔ ཞེས་སོ༔ དྲེགས་པ་རྣམས་ཀྱི་སྤྱི་བོར་ཏྲིག་ནན་སྙིང་གར་རང་རང་གི་རྣམ་ཤེས་ལ་ཧུར་ཐུམས་ཛཿས་བསྐོར་བའི་མཐར་སོ་སོའི་མིང་གིས་བསྐོར་བ་སྲོག་ཡིག་རྣམ་པ་གསུམ་དང་ལྡན་པ་ལ་གཟིར་འཕྲོག་གཅོད་པའི་མཚོན་ཆས་བསྐུལ་ཞིང་། བདག་གིས་སྔགས་བཟླས་པས་ཐུགས་ཀའི་ས་བོན་ལས་འོད་འཕྲོས་དྲེགས་པ་རྣམས་ཀྱི་སྲོག་ལ་ཕོག་པས་བསྐུལ་ཏེ་རང་དབང་མེད་པར་ཕན་གནོད་ཀྱི་ལས་གང་བཅོལ་མ་ཐོགས་མྱུར་དུ་བྱེད་པར་གྱུར་པར་བསམ། མིང་ནས་འབོད་དམ། མིང་སྲོག་སྦྲགས་སམ། སྲོག་དམར་འབྱིན་གང་འོས་ལ། སྐབས་ཐོབ་ཕན་གནོད་གཟིར་ཕྲོག་གཅོད་སོགས་ཤམ་བསྒྱུར་དང་བཅས་པ་གཞུང་བཞིན་བཟླའོ། །གཞུང་གི་ཕན་གནོད་ཀྱི་མདོས་ཟོར་དང་གསད་གསོ་དབབ་གཅད་སྲུང་ཟློག་གསད་མནན་སྲེག་འཕང་སོགས་ལས་རབ་འབྱམས་གང་སྒྲུབ་སྐབས་སུ་གང་བབ་ཐམས་ཅད་མཚམས་འདིར་བྱ་བ་ཡིན་ནོ། །དེ་ནས་དམ་ཉམས་རང་གཤེད་རང་ལ་དབབ་པ༔ དྲག་པོའི་དུས་སུ་ལས་ལ་བསྐུལ་བ་ནི༔ སྲིན་མོ་རལ་པ་བསིགས་པ་གྲིབ་སོ་རབ་རུབ་བམ། དགྲ་བོའི་བླ་འཁྱམས་ནམ་གྱི་གུང་འཇིངས་ཉིད་ལ༔ ཤ་ཁྲག་དམར་གཏོར་བྱིན་ལ་འདི་སྐད་དྲག་ཏུ་བསྐུལ་ལོ༔ ཛཿབྷྱོ་ཡ༔ ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས༔ བཅོམ་ལྡན་དྲེགས་བདག་སྟོབས་ལྡན་ནག་པོ་བྷྱོ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ གཡས་ཀྱི་ཕྱག་དགུས་གསེར་གྱི་རྡོ་རྗེ་འཕེན༔ སྣང་སྲིད་དྲེགས་པ་མ་ལུས་གཟིར་བར་བྱེད༔ གཡོན་དགུས་བྷན་དམར་དྲེགས་པའི་སྙིང་ཁྲག་འཐུང༔ སྡེ་བརྒྱད་མགོ་བཅད་ཐོད་པའི་སེ་རལ་བརྒྱན༔ ཞབས་བརྒྱད་དྲེགས་པའི་སྙིང་ཁར་རབ་ཏུ་གཟིར༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་སྐུ་ལ་གསོལ༔ ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་རབ་ཏུ་བརྒྱན༔ དཔའ་བ་སྒེག་པ་འཇིགས་སུ་རུང་བ་དང༔ བཞད་དང་གཤེ་དང་རབ་ཏུ་རྔམ་པའི་གསུང༔ ཞི་བ་དུལ་བ་སྙིང་རྗེར་ལྡན་པ་འོ༔ འབར་བའི་གར་དགུ་ལྡན་ལ་ཕྱག་འཚལ་བསྟོད༔ དཔལ་གྱི་སྐུ་ལ་གཉིས་མེད་ལྷུན་སྦྱོར་ཡུམ༔ མ་མོ་མཁའ་འགྲོ་འབྱུང་བ་ལྔའི་བདག་མོ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་ཚུལ༔ ཡབ་ཡུམ་ཐབས་ཤེས་གཉིས་མེད་ཕྱག་འཚལ་བསྟོད༔ སྤྱི་གཙུག་མཁའ་ལྡིང་མགྲིན་པར་རྟ་མཆོག་དཔལ༔ ཐུགས་ཀར་རྡོ་རྗེ་གཞོན་ནུ་རྐེད་པར་ཕྱག་རྡོར་འཕྲོ༔ གསང་གནས་གཤིན་རྗེའི་གཤེད་པོས་བརྒྱན་པ་ནི༔ ཐམས་ཅད་འབར་བའི་གར་དགུ་ལྡན་ཞིང་དྲེགས་པ་སྒྲོལ༔ སྐུ་ནི་ཤ་ཟ་དྲེགས་འཇོམས་གདུག་པ་འདུལ་བར་བྱེད༔ གསུང་ནི་དྲག་སྔགས་འོད་ཟེར་ཚྭ་ཚྭ་ཕྱོགས་བཅུར་འཕྲོ༔ ཐུགས་ནི་སྐྱེ་འགག་མེད་དེ་འཁོར་འདས་དམྱལ་ཐག་གཅོད༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་དབང་དུ་སྡུད༔ དྲེགས་པ་ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད༔ དམ་ཅན་ལས་ལ་དགྱེ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་ཟིལ་གནོན་སྒྲོལ་བའི་དུས་ལ་བབ༔ བྷྱོ༔ རྣལ་འབྱོར་བདག་ལ་བཀའ་སྲུང་ར་མདར་ཟློག༔ གཤིན་རྗེ་མ་མོ་ལ་སོགས་པ༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དྲེགས་པ་སྤྱི་ཡི་སྡེ་དཔོན་བྷྱོ༔ བཛྲ་སརྦ་དུཥྚཱཎ་ཨཱེཿཡིས་གནད་ནས་བསྐུལ་ཙམ་ན༔ སྙིང་པོ་སྐུ་གསུང་ཐུགས་ལས་མ་འདའ་ཞིག༔ གལ་ཏེ་དམ་ལས་ཁྱོད་འདའ་ན༔ གཟིར་བར་བྱེད་པའི་ཡི་གེ་ཡིས༔ ལུས་ཀྱི་དབང་པོ་གཟིར་བར་མཆིའོ༔ འཕྲོག་པར་བྱེད་པའི་ཡི་གེ་ཡིས༔ སྙིང་དཀྱིལ་རྣམ་ཤེས་འཕྲོག་པར་བྱེད༔ གསོད་པར་བྱེད་པའི་མཚོན་ཆ་ཡིས༔ རང་སྲོག་རང་གིས་གཅོད་པར་མཆིའོ༔ མེ་ཆུ་ཚ་གྲང་སྡུག་བསྔལ་འབྱུང༔ དེ་བས་དམ་ལ་མ་འདའ་ས་མ་ཡ༔ ཛཿབྷྱོཿཡ༔ བཅོམ་ལྡན་ཐུགས་རྗེའི་སྤྲུལ་པ་ལས༔ བཅོམ་ལྡན་སྐུ་ཡི་སྤྲུལ་པ་བྱུང༔ བཅོམ་ལྡན་སྐུ་ཡི་རོལ་པ་ལས༔ བཅོམ་ལྡན་གསུང་གི་ང་རོ་བྱུང༔ བཅོམ་ལྡན་གསུང་གི་ང་རོ་ལས༔ ཡི་གེ་འབར་བ་ཛཿརུ་བྱུང༔ ཛཿལས་སྟོང་གསུམ་ཕོ་ཉར་འགྱེད༔ སྟེང་ཕྱོགས་ཡི་གེའི་འཕྲོ་འདུ་ལས༔ ཞེ་སྡང་ཡི་གེ་ཡ་རུ་བྱུང༔ ཡ་ལས་ཡབ་གཅིག་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྱོད་ཀྱི་ཐུགས་ནི་ཞེ་སྡང་མེ་ལྟར་འབར༔ ཞེ་སྡང་དབང་གིས་དགྲ་བགེགས་མྱུར་དུ་སྒྲོལ༔ འོག་ཕྱོགས་ཡི་གེའི་འཕྲོ་འདུ་ལས༔ འདོད་ཆགས་ཡི་གེ་མ་རུ་བྱུང༔ མ་ལས་འབྱུང་ལྔའི་བདག་མོ་བྱུང༔ ཁྱེད་ཀྱི་ཐུགས་ནི་འདོད་ཆགས་ཆུ་ལྟར་འབྲུབ༔ འདོད་ཆགས་དབང་གིས་སྣང་སྲིད་དབང་དུ་སྡུད༔ འདོད་ཆགས་ཞེ་སྡང་གཉིས་མེད་ལས༔ མ་ནིང་ཡི་གེ་ཨཱེཿརུ་བྱུང༔ ཨཱེཿལས་བཀའ་སྲུང་དྲེགས་པའི་ཚོགས་རྣམས་བྱུང༔ ཁྱོད་རྣམས་སྔགས་ཀྱི་བདག་པོར་དབང་བསྐུར་རོ༔ རྒྱལ་བའི་བཀའ་བྱུང་བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཛཿབྷྱོ་ཡ༔ བྷྱོ་ཡ་མ་ཡ་ཡིས་གནད་ནས་བསྐུལ་ཙམ་ན༔ གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ འཆི་བདག་གཤིན་རྗེ་ནག་པོ་དགྲ་ལ་བྷྱོ༔ བྷྱོ་མ་མ་རུ་ལུ་མ་ཡིས་གནད་ནས་བསྐུལ་ཙམ་ན༔ མ་མོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ སྐྱེ་འགྲོ་སྲོག་གི་བདག་མོ་དགྲ་ལ་བྷྱོ༔ བྷྱོ་དྷེ་བ་ཨ་ཡིས་གནད་ནས་བསྐུལ་ཙམ་ན༔ ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ ལྷ་ཆེན་མ་ཧཱ་དྷེ་ཝ་དགྲ་ལ་བྷྱོ༔ བྷྱོ་ཏིརྟི་ཀ་ཐ་ཡིས་གནད་ནས་བསྐུལ་ཙམ་ན༔ མུ་སྟེགས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ མུ་སྟེགས་ཀཱ་ལ་ཡཀྵ་དགྲ་ལ་བྷྱོ༔ བྷྱོ་དུ་ཁྲག་དུ་ཡིས་གནད་ནས་བསྐུལ་ཙམ་ན༔ བདུད་ཕོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ བདུད་ཕོ་མེ་ཡི་ཁ་རླངས་དགྲ་ལ་བྷྱོ༔ བྷྱོ་དུནྟིཾ་དུ་ཡིས་གནད་ནས་བསྐུལ་ཙམ་ན༔ བདུད་མོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ བདུད་མོ་ནག་མོ་ཁྲག་འཛག་དགྲ་ལ་བྷྱོ༔ བྷྱོ་རཀྴ་ར་ཡིས་གནད་ནས་བསྐུལ་ཙམ་ན༔ སྲིན་པོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ སྲིན་པོ་རཀྴ་གློག་ཕྲེང་དགྲ་ལ་བྷྱོ༔ བྷྱོ་རགྨོ་ར་ཡིས་གནད་ནས་བསྐུལ་ཙམ་ན༔ སྲིན་མོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ སྲིན་མོ་སྦལ་མགོ་ཁྲག་མིག་དགྲ་ལ་བྷྱོ༔ བྷྱོ་རཀྵ་རཱ་ཡིས་གནད་ནས་བསྐུལ་ཙམ་ན༔ གཟའ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ གཟའ་བདུད་རཱ་ཧུ་ལ་ཡང་དགྲ་ལ་བྷྱོ༔ བྷྱོ་ཡཀྵ་ཀྵ་ཡིས་གནད་ནས་བསྐུལ་ཙམ་ན༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ གནོད་སྦྱིན་གང་བ་བཟང་པོ་དགྲ་ལ་བྷྱོ༔ བྷྱོ་ཡགྨོ་ཀྵ་ཡིས་གནད་ནས་བསྐུལ་ཙམ་ན༔ གནོད་སྦྱིན་མོ་ཡི་སྡེ་དཔོན་དགྲ་ལ་བྷྱོ༔ གནོད་སྦྱིན་མོ་ཤ་ཟ་རལ་ཅན་དགྲ་ལ་བྷྱོ༔ བྷྱོ་རཱ་ཙ་ཙ་ཡིས་གནད་ནས་བསྐུལ་ཙམ་ན༔ རྒྱལ་པོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ རྒྱལ་པོ་ལི་བྱིན་ཧར་ལེགས་དགྲ་ལ་བྷྱོ༔ བྷྱོ་མུན་མུན་པ་ཡིས་གནད་ནས་བསྐུལ་ཙམ་ན༔ དམུ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ དམུ་རྗེ་བཙན་པོ་དགྲ་ལ་བྷྱོ༔ བྷྱོ་ཤུ་ལ་ཙ་ཡིས་གནད་ནས་བསྐུལ་ཙམ་ན༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ བཙན་རྒོད་ཡམ་ཤུད་དམར་པོ་དགྲ་ལ་བྷྱོ༔ བྷྱོ་བཛྲ་སཱ་དྷུ་ཏྲི་ཡིས་གནད་ནས་བསྐུལ་ཙམ་ན༔ ཐེའུ་རང་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ དགེ་བསྙེན་རྡོ་རྗེ་ལེགས་པ་དགྲ་ལ་བྷྱོ༔ བྷྱོ་ཧཾ་ཤཾ་ཏྲི་ཡིས་གནད་ནས་བསྐུལ་ཙམ་ན༔ འགོང་པོ་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ འགོང་པོ་ཁུ་ལེ་ལག་དགུ་དགྲ་ལ་བྷྱོ༔ བྷྱོ་རུ་ཏྲི་ཏྲི་ཡིས་གནད་ནས་བསྐུལ་ཙམ་ན༔ དམ་སྲི་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ དམ་སྲི་རྐང་ལག་རིང་པོ་དགྲ་ལ་བྷྱོ༔ བྷྱོ་ས་ནཱ་ག་ཕུ་ཡིས་གནད་ནས་བསྐུལ་ཙམ་ན༔ ཀླུ་རྣམས་ཡོངས་ཀྱི་སྡེ་དཔོན་དགྲ་ལ་བྷྱོ༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་དགྲ་ལ་བྷྱོ༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཀུན༔ འདིར་གཤེགས་དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ལས་ལེགས་ཉེས་དཔང་པོ་ཁྱོད་ཀྱིས་མཛོད༔ རྣལ་འབྱོར་བདག་གིས་མ་ལན་མ་ཉེས་མ་ཡོ་འོ༔ སྔགས་འཆང་བདག་དང་འགྲས་པའི་དགྲ་བོ་འདི༔ སངས་རྒྱས་བསྟན་པ་གཉན་པོ་འདི་ཡིས་བཤིགས༔ དཀོན་མཆོག་དབུ་འཕང་འདི་ཡིས་སྨད༔ བཀའ་སྲུང་དམ་ཅན་ཁྱོད་ལ་འགྲན་གྱི་དོ་བཙུགས་སོ༔ མིང་དང་བཅས་པའི་དགྲ་བོ་འདི༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་ཁུག་ལ་ཤོག༔ ཤ་ཁྲག་མཆོད་པ་དམ་པ་བཞེས༔ དུས་ལ་བབ་བོ་ས་མ་ཡ༔ ཛཿབྷྱོ་ཡ༔ བཀའ་སྲུང་དྲེགས་པ་བཅོ་བརྒྱད་འཁོར་དང་བཅས༔ ཐོག་མར་བྱུང་ཡང་བདེ་གཤེགས་བཀའ་ལས་བྱུང༔ བར་དུ་གནས་ཀྱང་བདེ་གཤེགས་བཀའ་ལ་གནས༔ ཐ་མར་བྱེད་ཀྱང་བདེ་གཤེགས་བཀའ་ལས་བྱེད༔ དེ་ཕྱིར་བདེ་གཤེགས་བཀའ་ལས་མ་འདའ་བར༔ དམ་ཉམས་རང་གཤེད་དབབ་པའི་དུས་ལ་བབ༔ དང་པོ་ཡེ་ཤེས་ལྷ་ཡི་བཀའ༔ བར་དུ་རིག་འཛིན་རྣམས་ཀྱི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་པའི་ལས་རྣམས་མ་ལུས་གྱིས༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ གལ་ཏེ་དམ་ལས་ཁྱོད་འདའ་ན༔ རང་ལུས་རང་གིས་གཟིར་བར་བྱེད༔ རང་ཁྲག་རང་འཐུང་རང་ཤ་ཟ༔ རང་སྲོག་རང་གིས་གཅོད་པར་བྱེད༔ དེ་བས་རང་སྲོག་སྲུང་ཞིང་དགྲ་བགེགས་སྒྲོལ༔ ཅེས་ཁྲོས་པས་དྲག་ཏུ་བསྐུལ་ཞིང༔ གཏོར་མ་བྱིན་ལ་ཕུར་ཐུན་ལ་སོགས་རྦོད་གཏོང་གི་ལས་སྦྱོར་བྱའོ༔ ཞེས་པ་ནི་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ཀྱི་ལེའུ་ཉེར་བཞི་པའི་ལྷ་བསྐྱེད་པ་དང་། ཏིང་འཛིན་བསྟོད་བསྐུལ་སོགས་རྒྱུན་དུ་དགོས་པ་རྣམས་ངག་དོན་བསྒྲིགས་ཆགས་སུ་བཏོན་ནས་བྲིས་པ་ཡིན་ནོ། །མངྒ་ལཾ།། །། ༈ རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ཀྱི་ལས་བྱང་གི་ཁ་སྐོང་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཕྲིན་ལས་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་ལས་བྱང་གི་ཁ་སྐོང་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཕྲིན་ལས་ཀྱི་ཤིང་རྟ་ཞེས་བྱ་བ། བླ་མ་དང་ལྷ་མཆོག་སྟོབས་ལྡན་འཇིགས་བྱེད་འབར་བ་ལ་ཕྱག་འཚལ་ལོ། །དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། བསྙེན་པ་ཐེམས་པའི་སྔགས་པས་ཕྲིན་ལས་གཞུང་བསྲང་བའི་ཚེ་ལྷ་ཚོགས་རྣམས་ཐུགས་དམ་བསྐང་ཞིང་ལས་རབ་འབྱམས་བསྒྲུབ་པའི་ཕྱིར་ཚོགས་ཀྱི་མཆོད་པ་བྱ་བ་ནི། ཐུན་མཚམས་སུ་རང་གི་མདུན་དུ་ཞིང་ངམ་གཅན་གཟན་གྱི་པགས་པ་གཅལ་བའི་སྟེང་དུ། ཟན་དང་མཱཾ་ས་མ་ད་ན་ལ་སོགས་པ་བཟའ་བཅའ་བཏུང་བའི་ལོངས་སྤྱོད་སྣ་ཚོགས་པ་དང་། ཡི་དྭགས་ཀྱི་ལྷུང་བཟེད་དམ་ལྕགས་སྣོད་དུ་ལིང་ག་ཁྲག་གིས་སྦགས་པ་ཤ་རུས་ཀྱི་དུམ་བུ་དང་བཅས་པ་དང་། གལ་འགགས་ལ་ཐུག་པ་ཡིན་ན་གཟུགས་ཅན་ལ་དེའི་མིང་རུས་དང་དྲི་མ། གཟུགས་མེད་ལ་དེའི་མིང་དང་དེ་གནས་པའི་ས་ཤིང་ཆུ་རྡོ་ལ་སོགས་པས་གཟུགས་ལ་སྦགས་ཤིང་། ལེའུ་བརྒྱད་པ་དང་བཅོ་ལྔ་པར་གསུངས་པའི་གནས་ཡིག་རྣམས་བྲིས་པ་དུག་ཁྲག་གིས་སྦགས་ཏེ་གནས་སོ་སོར་བཏབ། ཕུང་རེའམ་རོ་རས་ནག་པོའི་གདན་དང་ཁེབས་བྱ། གདབ་ཕུར་ཐུན་རྫས། མི་བསད་པའི་མཚོན་ཆ། དུར་རྡོའི་གཏུན་གྲུ་གསུམ། གྲི་རྒོད་ཀྱི་ཨ་ཐོ། གྲི་རྐང་གི་གཟར་བུ་ལ་སོགས་པ་འདུ་བྱས། རང་ཉིད་སྟོབས་ལྡན་ནག་པོའི་ང་རྒྱལ་ལ་གནས་པས། ཚོགས་རྫས་རྣམས་མེ་ཆུ་རླུང་གིས་སྦྱངས་ཤིང་། ཧཱུྃ༔ བདག་ཉིད་སྟོབས་ལྡན་ཐུགས་སྲོག་ལས༔ རཾ་ཡཾ་ཁཾ་ལས་མེ་རླུང་ཆུ༔ སྤྲོས་པས་ཚོགས་ཀྱི་འབགས་བཙོག་དང༔ དངོས་འཛིན་ཉེས་པའི་དྲི་མ་རྣམས༔ བསྲེགས་གཏོར་བཀྲུས་ནས་དག་པར་བྱས༔ རཾ་བཛྲ་ཛྭ་ལ་རཾ༔ ཡཾ་བཛྲ་སྥ་ར་ཎ་ཡཾ༔ ཁཾ་བཛྲ་སྣ་ཏ་ཁཾ༔ བདུད་རྩི་བྲན་ལ། ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་བུའི་སྟེང༔ ཨ་ལས་ཚོགས་གཞོང་བྷནྡྷ་འབར༔ དེ་ནང་དྲི་ཆུ་བཞི་མཉམ་དང༔ རཀྟ་ཁུ་བ་ཀླད་པ་ལྔར༔ ཨཱོྃ་དང་ཨཱཿཧཱུྃ་སྭཱ་ཧཱས་མཚན༔ དེ་སྟེང་དབུས་སུ་མི་ཡི་ཤ༔ མཚམས་བཞིར་བ་གླང་ཁྱི་གླང་རྟ༔ སོ་སོར་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ གྱིས་མཚན་རླུང་གཡོས་མེ་སྦར་ཁོལ༔ རྫས་ཞུ་དེ་སྟེང་ཧཱུྃ་ཨཱཿཨཱོྃ༔ མཐིང་དམར་དཀར་བ་བརྩེགས་པ་ལས༔ འོད་འཕྲོས་རྒྱལ་མཆོད་སྣོད་བཅུད་ཀྱི༔ བདུད་རྩི་བཀུག་ནས་དེ་ལ་ཐིམ༔ དེ་ཉིད་འོད་ཞུ་བཅུད་དང་འདྲེས༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་དང་། ཧ་ཧོ་ཧྲཱི༔ ལན་གསུམ་བརྗོད། ཚོགས་ནས་འཐོར་ཕུད་བཅད། སླར་གཏོར་མར་སྒྲོན་ཅིང་ཚོགས་ཆང་དང་སྨན་རཀ་ཀྱང་བྲན་ལ། ཧཱུྃ༔ ཆོས་དབྱིངས་མཁའ་ཁྱབ་ཨེ་ཡི་ཞིང་ཁམས་ནས༔ ལྷ་མཆོག་སྟོབས་ལྡན་ནག་པོ་ཡབ་དང་ཡུམ༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས༔ སྣ་ཚོགས་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ ཚེ་དང་དབང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ལས་ཀྱི་བདག་པོ་གཟའ་མཆོག་རཱ་ཧུ་ལ༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས༔ སྣ་ཚོགས་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ ཕྲིན་ལས་རབ་འབྱམས་དངོས་གྲུབ་བསྩལ་དུ་གསོལ༔ རྒྱ་དང་བལ་པོའི་ས་མཚམས་ཡུལ་ཤེད་ནས༔ འཆི་བདག་སྲོག་ལེན་ནག་པོ་ཡབ་དང་ཡུམ༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས༔ སྣ་ཚོགས་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ རྣམ་བཞིའི་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མོན་ཡུལ་ངམ་ཁྲོད་འབར་བའི་ཕུག་ཤེད་ནས༔ སྐུ་གསུང་ཐུགས་ཀྱི་མོན་པ་རྣམ་པ་གསུམ༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས༔ སྣ་ཚོགས་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ བཅོལ་བའི་ལས་ཀུན་འགྲུབ་པའི་དངོས་གྲུབ་སྩོལ༔ འཛམ་གླིང་སྲིད་པ་ལས་ཀྱི་ཞིང་ཁམས་ནས༔ སྔགས་བདག་དྲེགས་པའི་སྡེ་དཔོན་བཅོ་བརྒྱད་པོ༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གནས་འདིར་གཤེགས༔ སྣ་ཚོགས་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྔགས་འཆང་ལས་གྲུབ་དངོས་གྲུབ་བསྩལ་དུ་གསོལ༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཨེ་ཏྲི་མུ་ཏྲི་ཏྲི་ཏྲི་ཡ་མ་མ་མ་རུ་ལུ་དྷེ་ཝ་ཏིརྟི་ཀ་དུ་ཁྲག་དུནྟིཾ་རཀྴ་རགྨོ་རཀྵ་ཡཀྵ་ཡགྨོ་རཱ་ཙ་མུན་མུན་ཤུ་ལ་བཛྲ་སཱ་དྷུ་ཧཾ་ཤཾ་རུ་ཏྲི་ས་ནཱ་ག་སརྦ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་དབུལ། བར་པས་བསྐང་ཞིང་བཤགས་པ་ནི། ཤ་ཟན་ཚོགས་རྫས་སྨན་རཀ་བྲན་ལ། ཧཱུྃ༔ ནམ་མཁའི་ཁམས་རྣམས་ཡོངས་གང་བའི༔ ཞལ་ཟས་ཚོགས་ཀྱི་མཆོད་པ་ནི༔ བཟའ་བཅའ་བཏུང་བ་གཟུགས་སྒྲ་དྲི༔ རོ་དང་རེག་བྱ་ཆོས་ཀྱི་དབྱིངས༔ དགྱེས་དགུའི་ལོངས་སྤྱོད་མཐའ་ཡས་པ༔ དངོས་བཤམས་ཡིད་ཀྱིས་སྤྲུལ་པ་དང༔ དགྲ་བོའི་སྲོག་དབུགས་བླ་དང་ཚེ༔ ཕུང་ཁམས་སྐྱེ་མཆེད་མི་ནོར་རྫས༔ མ་ལུས་དྲེགས་པའི་ཚོགས་ལ་འབུལ༔ སྟོབས་ལྡན་ཡབ་ཡུམ་ཐུགས་དམ་བསྐང༔ རཱ་ཧུ་ལ་ཡི་ཐུགས་དམ་བསྐང༔ སྲོག་ལེན་ཡབ་ཡུམ་ཐུགས་དམ་བསྐང༔ མོན་པ་རྣམ་གསུམ་ཐུགས་དམ༴ འཆི་བདག་གཤིན་རྗེའི་ཐུགས་དམ༴ སྲོག་བདག་མ་མོའི་ཐུགས་དམ༴ མ་ཧཱ་དྷེ་ཝའི་ཐུགས་དམ༴ ཀཱ་ལ་ཡཀྴའི་ཐུགས༴ བདུད་མེའི་ཁ་རླངས་ཐུགས༴ བདུད་མོ་ཁྲག་འཛག་ཐུགས༴ སྲིན་པོ་གློག་ཕྲེང་ཐུགས༴ སྲིན་མོ་ཁྲག་མིག་ཐུགས༴ གཟའ་བདུད་ནག་པོའི་ཐུགས༴ གནོད་སྦྱིན་གང་བཟང་ཐུགས༴ ཤ་ཟ་རལ་ཅན་ཐུགས༴ རྒྱལ་པོ་ལི་བྱིན་ཐུགས༴ དམུ་རྗེ་བཙན་པོའི་ཐུགས༴ ཡམ་ཤུད་དམར་པོའི་ཐུགས༴ རྡོ་རྗེ་ལེགས་པའི་ཐུགས༴ ཁུ་ལེ་ལག་དགུའི་ཐུགས༴ རྐང་ལག་རིང་པོའི་ཐུགས༴ གཞོན་ནུ་གཏུམ་པོའི་ཐུགས༴ འཁོར་ཚོགས་ཕོ་རྒྱུད་ཐུགས༴ འཁོར་ཚོགས་མོ་རྒྱུད་ཐུགས༴ འཁོར་ཚོགས་ཀླུ་རྒྱུད་ཐུགས༴ ཐུགས་དམ་བསྐངས་ལ་ཕྲིན་ལས་སྒྲུབས༔ ཞེས་དང་། བཤགས་པ་ནི། ཧོ༔ ལྷ་ཆེན་སྟོབས་ལྡན་དཔའ་བོ་ཡབ་དང་ཡུམ༔ ཁྱབ་འཇུག་ཆེན་པོ་སྲོག་ལེན་ཡབ་དང་ཡུམ༔ ཚེ་སྲོག་འཆི་བདག་མོན་པ་རྣམ་པ་གསུམ༔ སྔགས་བདག་དྲེགས་པའི་སྡེ་དཔོན་བཅོ་བརྒྱད་སོགས༔ རང་རང་འཁོར་བཅས་བདག་ལ་དགོངས་སུ་གསོལ༔ ཁྱོད་རྣམས་ཡེ་ཤེས་སྤྱན་ལྡན་མཐུ་རྩལ་བདག༔ ལེགས་ཉེས་སྟངས་འཛིན་དམ་ཚིག་བྱ་ར་མཛད༔ བདག་ཅག་མ་རིག་རྨོངས་ཤིང་འཁྲུལ་པས་འཁོར༔ སྐུ་ཡི་ཕྱག་རྒྱ་མ་གསལ་སྔགས་མ་དག༔ ཏིང་འཛིན་གཡེལ་ཞིང་མཆོད་གཏོར་དུས་ལས་འགྱང༔ བསྙེན་སྒྲུབ་ལས་སྦྱོར་འབོད་རྦད་གསད་མནན་སོགས༔ དྲོད་ཚད་མ་རྟོགས་བབ་ཅོལ་འཆོལ་བར་སྤྱད༔ དྲེགས་པའི་མཐུན་རྫས་གཟིར་རྫས་མཆོད་པའི་རྫས༔ སྐོང་རྫས་སྒྲུབ་རྫས་རྟེན་པའི་རྫས་ལ་སོགས༔ དགོས་པའི་ཡོ་བྱད་མ་འཛོམ་དེས་ཆོག་དང༔ དེས་ཡོང་དབང་ཟ་ཚོད་ཡོད་རས་གཅོད་ནོངས༔ ཀུན་ཀྱང་འབག་བཙོག་རྒྱུ་ཆུང་ཕུད་ཉམས་ཤིང༔ ལྷག་འདྲེས་གསང་སྒོ་གཡེལ་དང་ལྷག་པར་གཡེལ༔ སྐུ་གསུང་ཐུགས་ཀྱི་རྩ་བ་ཡན་ལག་གི༔ དམ་ཚིག་ལས་འདས་འགལ་ཉམས་ཅི་མཆིས་པ༔ གནོང་ངོ་འགྱོད་དོ་དམ་ཅན་སྲུང་མའི་ཚོགས༔ གནོང་འགྱོད་སེམས་ཀྱིས་དེ་རིང་མཐོལ་ཞིང་བཤགས༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང༔ སྒྲིབ་བྲལ་ཚངས་པའི་དངོས་གྲུབ་དེང་སྩོལ་ཅིག༔ ཅེས་གོང་གི་སྔགས་མཐར་ཡིག་བརྒྱ་བཏགས་པ་ཚར་གང་འགྲུབ་བཟླ། ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ལིང་ཁེབས་བསལ། གསེར་སྐྱེམས་བཤམ་ལ། མཁྱེན་པར་གསོལ་ཞིང་གཟུ་དཔང་བྱ་བ་ནི། ཧཱུྃ༔ རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོའི་ཚོགས༔ ཡི་དམ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་ཤུགས་འགྲོ་གིང་ལང་ཀ༔ ཡུལ་ལྷ་གཞི་བདག་གཉན་དགུ་གཟུ་དང་དཔང༔ ལྷ་མཆོག་དྲེགས་བདག་སྟོབས་ལྡན་ཡབ་ཡུམ་དང༔ ཅི་བགྱིའི་ཕོ་ཉ་གཟའ་བདུད་རཱ་ཧུ་ལ༔ སྲོག་ལེན་ཡབ་ཡུམ་ལས་མཁན་མོན་པ་གསུམ༔ སྔགས་བདག་དྲེགས་པ་བཅོ་བརྒྱད་གཟུ་དང་དཔང༔ ལྷ་སྲིན་སྡེ་བརྒྱད་ཕོ་མོ་ཀླུ་རྒྱུད་ཀྱིས༔ བསྡུས་པའི་དྲེགས་པ་ལས་ལ་གྲུབ་པའི་ཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ གཡེལ་མེད་སྣང་སྲིད་དྲེགས་པ་གཟུ་དང་དཔང༔ བདག་ནི་ཟོལ་མེད་དོན་གྱི་རྣལ་འབྱོར་པ༔ སེམས་ཅན་དོན་སླད་བྱང་ཆུབ་སྒྲུབ་པའི་ཕྱིར༔ འདུལ་ཁྲིམས་བྱང་སེམས་སྔགས་ཀྱི་སྡོམ་པ་སོགས༔ རྒྱལ་བས་གསུངས་པའི་ལམ་བཟང་ཉམས་བླངས་ནས༔ ཚེ་གཅིག་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ༔ ཞིང་བཅུའི་དགྲ་དང་བགེགས་ཀྱིས་མ་སྟེར་རོ༔ སངས་རྒྱས་བསྟན་བཤིག་དམ་ཆོས་ཉམས་པར་བགྱིས༔ དགེ་འདུན་སྡེ་སྨད་དབེན་རི་གཉན་པོ་བཅོམ༔ རྒྱུ་འབྲས་ཁྱད་བསད་འགྲོ་དྲུག་ཡོངས་ལ་འཚེ༔ རྡོ་རྗེ་སློབ་དཔོན་སྨད་ཅིང་ཡི་དམ་བརྙས༔ དཀོན་མཆོག་གསུམ་སྨོད་ཆོས་སྐྱོང་ཁྱད་དུ་བསད༔ བསྙེན་སྒྲུབ་བར་བཅད་མཆེད་ལྕམ་ཡོངས་ལ་འཁུ༔ དམ་ཚིག་ལས་ལྡོག་དམ་ཚིག་ཅན་ལ་སྨོད༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཚོགས་ལ༔ བདག་གིས་དང་པོར་མ་ལན་སེམས་མ་ཉེས༔ བར་དུ་མི་འགྱོད་ཁ་ཡིས་ངན་མ་སྨྲས༔ ཐ་མར་མ་ལན་ལག་གིས་ཕོད་མ་བཙུགས༔ ངན་ལན་བཟང་བཅལ་ཕན་བཏགས་དྲིན་བཟོས་ཀྱང༔ ཉེས་བྱེད་དགྲ་འདིས་དུས་ཀུན་འཚེ་བས་ན༔ རྩ་གསུམ་སྲུང་མ་དྲེགས་པའི་ཚོགས་རྣམས་ཀྱིས༔ གཟུ་དང་དཔང་མཛོད་ལེགས་ཉེས་ཞལ་ལྕེ་ཆོད༔ བདེན་པའི་རྒྱབ་ཟུངས་ཉེས་བྱེད་ད་ལྟ་སྒྲོལ༔ མ་གཡེལ་མ་འདའ་བསྒྲུབས་པའི་སྲུང་མ་རྣམས༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྒྲག །རྟེན་དང་བརྟེན་པ་བསྐྱེད་པ་ནི། ལིང་ག་ལ་རཀྟ་བྲན་ལ། ཕཊ༔ སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་གཅིག་མཆེད་པ་མདུན་དུ་འཕྲོས་པ་ཡོངས་སུ་གྱུར་པ་ལས། དྲག་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཤིན་རྗེའི་ཞིང་ཁམས་དགྲ་བགེགས་ཀྱི་ལས་ངན་ཐམས་ཅད་སྨིན་པར་བྱེད་པའི་བཙོན་ཁང་ནག་པོ་གྲུ་གསུམ་དུག་ལྔའི་མེ་ཆུ་ས་ཤིང་ལྷ་སྲིན་སྡེ་བརྒྱད་ཀྱི་བཤན་པས་ཡོངས་སུ་གང་བའི་ནང་། ནྲྀ་ལས་དགྲའམ་ཏྲི་ལས་བགེགས་ཆེ་གེ་མོའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རིད་ལ་ཉམ་ཐག་པ་ནད་དང་སྡུག་བསྔལ་གྱིས་གཟིར་བ། འོ་དོད་འབོད་ཅིང་སྐྲ་འབལ་བྲང་བརྡུང་བ་སྐྱོབ་པའི་སྲུང་མས་སྤངས་ཏེ་གསོད་བྱེད་ལས་ཀྱི་བཤན་པས་ཡོངས་སུ་བཟུང་བ་ཞིག་ཏུ་གྱུར་པར་བསམ། རང་གི་ཐུགས་ཀ་ནས་འོད་འཕྲོས་ཁྱབ་འཇུག་དང་སྲོག་ལེན་ཡབ་ཡུམ་མོན་པ་རྣམ་གསུམ་སྔགས་བདག་དྲེགས་པ་བཅོ་བརྒྱད་རྣམས་ཀྱི་སྙིང་གའི་སྲོག་ཡིག་ལ་ཕོག་པས། སྐད་ཅིག་ལ་བསྐུལ་ཏེ་དེ་རྣམས་ཀྱིས་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་སྤྲོས། དགྲ་བགེགས་དམིགས་བྱ་དེ་དག་གནས་ནས་བཀུག་ཅིང་ལྕགས་ཀྱུས་སྙིང་ནས་དྲངས། ཞགས་པས་སྐེ་ནས་བཟུང་། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུའི་རྒྱབ་ནས་ཕུལ་ཏེ་སྐད་ཅིག་ལ་ཁྲིད། ཤ་ཏྲཱུཾ་པྲ་ཝེ་ཤ་ཡ་ཕཊཿ ཅེས་པས་ཕོ་ཉ་བཀྱེས་པས་ཁོག་པ་ཁ་ཕྱེས། ཨཱ་ཝེ་ཤ་ཡ་ཨཱཿ ཅེས་པས་བཀུག་པའི་བླ་སྲོག་རྣམ་ཤེས་དེ་ཉིད་ལིང་གའི་སྙིང་ནང་དུ་ནྲྀའམ་ཏྲི་གནས་པ་ལ་བསྟིམ། བཾ་སེ་ཤ་བཾཿ ཅེས་པས་ཁོག་པ་ཁ་བསུམ་སྟེ་གསོན་པོའི་སྣང་བ་ཅི་འདྲ་བ་དེ་ཁོ་ན་ཉིད་དུ་གྱུར་ཅེས་དམིགས། དོ་གལ་བསྟུན་པའི་བདེན་སྟོབས་འགུགས་གཞུག་བརྒྱ་ཕྲག་གམ་ཉེར་གཅིག །དགུ་བདུན་ལྔ་གསུམ་ལ་སོགས་པ་ཅི་རིགས་བརྗོད་ཅིང་། ཕོ་ཉས་འགུགས་པ་ནི། ཧཱུྃ༔ ང་ནི་དྲེགས་བདག་སྟོབས་ལྡན་དཔལ༔ ཁྲོས་པའི་ཐུགས་ཀྱི་འོད་ཟེར་གྱིས༔ ཁྱབ་འཇུག་སྲོག་ལེན་མོན་པ་དང༔ སྔགས་བདག་དྲེགས་པ་གནད་ནས་བསྐུལ༔ འཁོར་ཚོགས་སྣང་སྲིད་སྡེ་བརྒྱད་བཅས༔ ནམ་མཁའི་སྐར་ལྟར་ཕོ་ཉའི་ཚོགས༔ ལྕགས་ཀྱུ་འབར་བ་ཐོགས་རྣམས་ཀྱིས༔ སྙིང་ནས་དྲོངས་ལ་མྱུར་དུ་ཁུག༔ ཞགས་པ་འབར་བ་ཐོགས་རྣམས་ཀྱིས༔ རྐེ་ནས་ཁྲིད་ལ་མྱུར་དུ་ཁུག༔ ལྕགས་སྒྲོག་འབར་བ་ཐོགས་རྣམས་ཀྱིས༔ ཡན་ལག་སྡོམས་ལ་མྱུར་དུ་ཁུག༔ དྲིལ་བུ་འབར་བ་ཐོགས་རྣམས་ཀྱིས༔ རྒྱབ་ནས་ཕུལ་ལ་མྱུར་དུ་ཁུག༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣགས་པའི་དགྲ་བགེགས་འདི༔ ད་ལྟ་ཉིད་དུ་གནས་འདིར་ཁུག༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ དམ་ཉམས་དགྲ་བོ་གཉིད་ལོག་གི༔ དེའི་ཚེ་བླ་སྲོག་འཁྱམས་པ་ན༔ འགུགས་བྱེད་ཕོ་ཉ་ཁྱོད་རྣམས་ཀྱིས༔ འཇབ་ཅིང་རྒྱུག་ཅིང་འདེད་པ་དང༔ འཛིན་ཞིང་གསོད་པའི་ལས་གྱིས་ལ༔ མ་ཤོར་རབ་ཏུ་ཁུག་ལ་ཤོག༔ མ་གཏང་མྱུར་དུ་ཁྲིད་ལ་ཤོག༔ བླ་སྲོག་རྣམ་ཤེས་གཟུགས་ལ་ཕོབ༔ དགུག་གཞུག་བཅིངས་དང་དབང་དུ་གྱིས༔ རྟེན་ལ་ཕོབ་ཅིག་ཨངྐུ་ཤ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་ཕོ་ཉ་དྲག་ཏུ་བཏང་ལ་དགུག །སླར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་འགུགས་པ་ནི། ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཏིང་ངེ་འཛིན་གོང་བཞིན་པར། སྔགས་ནི། ཧཱུྃ་ཕཊ་སརྦ་དུཥྚཱཎ༔ ཏྲིག་ནན༔ ཨཱེཿས་མ་ཡ་ཆེ་གེ་མོའི་སྲོག་ལ་ཐུམས་རིལ་བྷྱོ་བྷྱོ་ཡཱ༔ ཆེ་གེ་མོ་ཤ་ཏྲཱུཾ་སྲོག་ནྲྀ་ཧུར་ཐུམས་ཛཿཛ༔ ཨཱ་ཀར་ཤ་ཡ་ནྲྀ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་གལ་ཆེ་ཆུང་དང་བསྟུན་ལ་གྲངས་མང་ཉུང་ཅི་རིགས་པར་བཟླའོ། །དེ་ནས་ལྷ་དང་ཕྲལ་བ་ནི། ཧཱུྃ༔ སྟོབས་ལྡན་འཇིགས་བྱེད་འབར་བའི་སྐུ༔ འཁོར་ཚོགས་སྔགས་བདག་དྲེགས་པར་བཅས༔ ཐུགས་དམ་བསྐུལ་ལོ་ས་མ་ཡ༔ དམ་ཉམས་ལས་ངན་དགྲ་བོ་འདི༔ ཁ་སྦྱོར་དབྱེ་བའི་དུས་ལ་བབ༔ སྐྱོབ་བྱེད་སྲུང་མའི་ཚོགས་དང་ཕྲོལ༔ གསོད་བྱེད་བཤན་པའི་ལག་ཏུ་སྤྲོད༔ དགྲ་ལྷ་དང་ཕྱེས་དགྲ་འདྲེར་སྤྲོད༔ ཕོ་ལྷ་དང་ཕྱེས་ཕོ་འདྲེར་སྤྲོད༔ ཡུལ་ལྷ་དང་ཕྱེས་ཡུལ་འདྲེར་སྤྲོད༔ སྲོག་ལྷ་དང་ཕྱེས་སྲོག་བདུད་སྤྲོད༔ ཞང་ལྷ་དང་ཕྱེས་ཞང་འདྲེར་སྤྲོད༔ མ་ལྷ་དང་ཕྱེས་མོ་འདྲེར་སྤྲོད༔ བན་བོན་ལྷ་ཕྱེས་བདུད་དང་སྤྲོད༔ བང་ལྷ་དང་ཕྱེས་བང་འདྲེར་སྤྲོད༔ དམ་ཉམས་ལས་ངན་དགྲ་འདི་ལ༔ སྐྱོབ་པར་བྱེད་པའི་ལྷ་སྲུང་རྣམས༔ དམ་ཉམས་སྡིག་ཅན་འདི་སྤོངས་ལ༔ རང་རང་གནས་སུ་འགྲོ་བར་གྱིས༔ གལ་ཏེ་མི་ཉན་འདི་སྲུང་ན༔ དགྲ་དང་སྲུང་མ་ལྷན་ཅིག་ཏུ༔ ད་ལྟ་ཉིད་དུ་སྒྲོལ་བར་གྱིས༔ དེ་བས་རང་རང་སྲོག་སྲུངས་ལ༔ བྱེར་ཅིག་དེངས་ཤིག་བྷི་ཏང་ཤ༔ ཅི་སྟེ་སྟོབས་ལྡན་བཀའ་ལས་ནི༔ ཁྱོད་རྣམས་འདའ་ན་བཀའ་ཆད་ཀྱིས༔ ཁྱོད་ཀྱི་ལུས་སེམས་རྡུལ་ཕྲན་ལྟར༔ བརླགས་ནས་རྡོ་རྗེ་དམྱལ་བ་རུ༔ མེ་ཆུ་ཚ་གྲང་སྡུག་བསྔལ་རྒྱུ༔ དེ་བས་ད་ལྟ་འགྲོ་བར་གྱིས༔ ཞེས་དང་། དྷེ་ཝ་ཨ་ཏྲག་རཀྴ་བྷི་ཏང་ཤ་ཡ༔ ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ དཀྲུགས་ཕྱེ་ཕྱེ༔ དྷེ་ཝ་ཨ་པྲ་ཤག་ཕྱེ་ཕྱེ༔ ཨ་ནཱ་ག་དུ་ནེ༔ ཡུ་ཀ་ལ་ཏི་པ་ཙ་ཡ༔ ཤེ་མ་མ་དུ་ནེ༔ ཛྙཱ་རག་ཤ་དུ་ནེ༔ ན་རགྨོ་དུ་ནེ༔ ས་མ་ཡ་ཛཿཛ༔ བྷི་ཏང་ཤ་ཡ་ཆེ་གེ་མོ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ༔ པྲ་ཤག་ཕྱེ་ཕྱེ༔ཡ་ཡ༔ ཆེ་གེ་མོའི་དྷེ་ཝ་ཨུ་ཙ་ཏ་ཡ་ཕཊ་ཕཊ༔ ཅེས་ཅི་ནུས་བཟླ། དོ་གལ་ཆེ་ན་རྫས་བདུག་ཀ་ཨུའི་འདབ་མ་སོགས་གཞུང་ལྟར་དབྱེ་བའི་ལས་བྱའོ། །དེ་ནས་ཐུན་བྲབ་པ་ནི། གཞུང་ལྟར་ཚོགས་པའི་ཐུན་རྫས་སྔགས་ཀྱིས་ངར་བཏགས་པའི་ཐུན་སྣོད་ལག་གཡོན་པས་བཟུང་། གཡས་པས་བྲབ་ཅིང་བསྐུལ་བ་ནི། ཧཱུྃ༔ ང་ནི་སྟོབས་ལྡན་འཇིགས་བྱེད་རྒྱལ༔ སྟོང་གསུམ་དབང་བྱེད་ཁྱབ་འཇུག་ནི༔ དྲེགས་བདག་ང་ཡི་བྱ་མ་རྟ༔ སྲོག་ལེན་ཕོ་མོ་མོན་པ་གསུམ༔ སྔགས་བདག་བཅོ་བརྒྱད་འཁོར་དང་བཅས༔ དྲག་པོ་ཐུན་གྱི་དམག་དཔུང་གིས༔ དམ་ཉམས་སྡིག་ཅན་རློག་པར་བྱེད༔ ཉེས་བྱེད་དགྲ་བོ་ལས་ངན་འདིའི༔ བླ་ཚེ་སྲོག་ལ་ཐུན་ཟོར་ཡ༔ དབུགས་མདངས་བཅུད་ལ་ཐུན་ཟོར་ཡ༔ ནམ་ཤེས་ཚོགས་ལ་ཐུན་ཟོར་ཡ༔ དབང་པོ་ལྔ་ལ་ཐུན་ཟོར་ཡ༔ ཕུང་པོ་ལྔ་ལ་ཐུན་ཟོར་ཡ༔ འབྱུང་བ་ལྔ་ལ་ཐུན་ཟོར་ཡ༔ སྐྱེ་མཆེད་དྲུག་ལ་ཐུན་ཟོར་ཡ༔ དོན་སྣོད་རྩ་ལ་ཐུན་ཟོར་ཡ༔ ཤ་ཁྲག་རུས་ལ་ཐུན་ཟོར་ཡ༔ ཐུན་ཟོར་སྔགས་བདག་དྲེགས་པའི་དམག༔ མདའ་ཐུན་རལ་གྲི་ཐོག་སེར་ནད༔ ས་ཆུ་མེ་རླུང་ལག་ཏུ་ཐོགས༔ འུར་འུར་ཆེམས་ཆེམ་དགྲ་ཡ་ཡ༔ ཆིལ་ཆིལ་ཤར་ཤར་དགྲ་ལ་ཡ༔ དགྲ་བགེགས་རྩད་ཆོད་དྲུངས་ནས་ཕྱུངས༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ ཨཱེཿས་མ་ཡ་དགྲ་ལ་བྷྱོ༔ གརྦྷ་ནག་པོ་ཨ་མུ་ཀཾ༔ དགྲ་བོ་ཆེ་གེ་མོ་ཤ་ཏྲཱུཾ༔ ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ སྲོག་ནྲྀ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད་རྦད༔ ཁམ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ དགྲ་བོ་ཆེ་གེ་མོའི་སྲོག་རྩ་དམར་པོ་མཱ་ར་ཡ་ནྲྀ་རྦད༔ རྩ་ཏིག་སྲོག་ཏིག་སྙིང་ཏིག་ལ་ཕོབ་ཡ༔ ཞེས་གནམ་ལྕགས་ཨུར་མོའི་གསད་སྔགས་བཟླ་ཞིང་ཐུན་བྲབ་ཕུར་བུ་གདབ་པ་ནི། གདབ་ཕུར་ཐལ་མོའི་བར་དུ་བཅུག་ལ། ཧཱུྃ༔ ང་ནི་འཇིགས་བྱེད་འབར་བའི་སྐུ༔ དཔལ་ཆེན་སྟོབས་ལྡན་ཁྲོ་བོའི་རྒྱལ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་གདེངས༔ ཞབས་བརྒྱད་དྲེགས་པ་གཟིར་ཞིང་གནོན༔ དང་པོའི་ཕྱག་གཉིས་ཕུར་བུ་བསྒྲིལ༔ གཡས་པ་ཐབས་ཀྱི་རང་བཞིན་ནི༔ རྒྱལ་བ་ཁྲག་འཐུང་ཡབ་ལྔ་ལ༔ གཡོན་པ་ཤེས་རབ་རང་བཞིན་ཅན༔ ཁྲག་འཐུང་ཡུམ་ལྔའི་རང་བཞིན་ཏེ༔ ཡབ་ཡུམ་སྙོམས་པར་ཞུགས་པ་ལས༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོ་ལ༔ སྐུ་སྨད་གནམ་ལྕགས་ཕུར་བུ་འབར༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་སྒྲིལ༔ རྡོ་རྗེའི་ལྟེ་བར་ཀུན་ཏུ་བཟང༔ ཡར་གྱི་རྭ་ལྔར་ཁྲག་འཐུང་ལྔ༔ མར་གྱི་རྭ་ལྔར་ཀྲོ་ཏཱི་ལྔ༔ རྒྱ་མདུད་གོང་མ་རྩ་བརྒྱུད་ཀྱི༔ བླ་མའི་ཕོ་བྲང་འོག་མ་ནི༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་གནས༔ དབལ་ལ་དམ་ཅན་དྲེགས་པའི་ཚོགས༔ སྤྲིན་ལྟར་འཁྲིགས་ཤིང་གློག་ལྟར་འཁྱུགས༔ གཟས་པའི་སྙིང་ནང་ཁྲག་ཐིག་ནི༔ ཐིག་ལེའི་དབུས་སུ་རླུང་དྭངས་མ༔ འོད་ལྔའི་ཀློང་དུ་རྣམ་ཤེས་རྟེན༔ ཨ་དཀར་ཚེ་རྟེན་ནྲྀ་ལྗང་གུ༔ སྲོག་རྟེན་ཧྲཱིཿདམར་དང་བཅས་གནས༔ ཞེས་ཕུར་བུ་བསྒྲིལ་ཞིང་ཉ་བོའི་སྙིང་གར་བསྟིམ་གྱིས་དབལ་ནུབ་པར་བཏབ་ལ། ཕུར་བུ་བསྒྲིལ་ཞིང་འདེབས་པའི་ཚེ༔ ཁྲག་གི་དྭངས་མ་འུབ་ཀྱིས་སྐམ༔ རླུང་གི་དྭངས་མ་ཡུད་ཀྱིས་གཏོར༔ རྣམ་ཤེས་ཚེ་སྲོག་རྟེན་ཨ་ནྲྀ༔ ཧྲཱིཿརྣམས་ཕུར་བུའི་རྩེ་མོ་ནས༔ ཁོང་སེང་ལམ་བརྒྱུད་ཚེ་སྲོག་རྟེན༔ ཕུར་བུའི་སྟེང་ནས་བདག་ལ་བསྟིམ༔ རྣམ་ཤེས་ངོ་བོ་ཨ་དཀར་པོ༔ ཕུར་བུའི་ནང་བརྒྱུད་ཀུན་བཟང་གི༔ ཐུགས་ཀར་ཐིམ་པས་མངོན་སངས་རྒྱས༔ ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་ཕུར་བུ་བཏོན་ལ། སླར་སྒྲིལ་ཞིང་གནས་རྣམས་སུ་འདེབས་པ་ནི། ཧཱུྃ༔ རྡོ་རྗེ་ཕུར་བུའི་དབལ་རྩེ་ནས༔ ནད་མཚོན་ཐོག་སེར་ཆར་ཕབ་པས༔ གཟས་པོ་གཏན་ནས་བརླག་པར་གྱིས༔ དྲན་བྱེད་སེམས་ལ་ཀཱི་ལ་ཡ༔ མཐོང་བྱེད་མིག་ལ་ཀཱི་ལ་ཡ༔ ཐོས་བྱེད་རྣ་བར་ཀཱི་ལ་ཡ༔ སྣོམ་བྱེད་སྣ་ལ་ཀཱི་ལ་ཡ༔ སྨྲ་བྱེད་ལྕེ་ལ་ཀཱི་ལ་ཡ༔ འདུ་བྱེད་ལུས་ལ་ཀཱི་ལ་ཡ༔ ལས་བྱེད་ལག་ལ་ཀཱི་ལ་ཡ༔ འགྲོ་བྱེད་རྐང་ལ་ཀཱི་ལ་ཡ༔ མེ་ཁམས་སྙིང་ལ་ཀཱི་ལ་ཡ༔ ཆུ་ཁམས་མཁལ་མར་ཀཱི་ལ་ཡ༔ ལྕགས་ཁམས་གློ་བར་ཀཱི་ལ་ཡ༔ ཤིང་ཁམས་མཆིན་པར་ཀཱི་ལ་ཡ༔ ས་ཁམས་མཚེར་པར་ཀཱི་ལ་ཡ༔ བླ་དབུགས་སྲོག་ལ་ཀཱི་ལ་ཡ༔ ཚེ་བསོད་འབྱོར་པར་ཀཱི་ལ་ཡ༔ སྲོག་དང་ལུས་ལ་ཀཱི་ལ་ཡ༔ དབང་ཐང་ཀླུང་རྟར་ཀཱི་ལ་ཡ༔ གོང་གི་ཕ་ལ་ཀཱི་ལ་ཡ༔ འོག་གི་མ་ལ་ཀཱི་ལ་ཡ༔ རྒན་པ་ཕུ་བོར་ཀཱི་ལ་ཡ༔ གཞོན་པ་ནུ་བོར་ཀཱི་ལ་ཡ༔ སྲིད་ཀྱི་ཆུང་མར་ཀཱི་ལ་ཡ༔ མཆན་གྱི་བུ་ལ་ཀཱི་ལ་ཡ༔ ཆུང་རྒྱུད་བུ་མོར་ཀཱི་ལ་ཡ༔ འོག་རྟ་འགེལ་མཛོར་ཀཱི་ལ་ཡ༔ ནོར་རྫས་ཞིང་ལ་ཀཱི་ལ་ཡ༔ ཡུལ་མཁར་ཁྱིམ་ལ་ཀཱི་ལ་ཡ༔ ཞེས་དང་། ཨཱོྃ་བཛྲ་སརྦ་དུཥྚཱཾ་ཨེ་ཏྲི་མུ་ཏྲི་ཏྲི་ཏྲི་ཡ་མ་ཨ་ཐ་དུ་དུ་ར་ར་རཱ་ཀྵ་ཀྵ་ཙ་པ་ཙ་ཏྲི་ཏྲི་ཏྲི་ཕུ་སརྦ་ས་མ་ཡ་དགྲ་བོ་ཨ་མུ་ཀཾ་ཤཱ་ཏྲཱུཾ་ཏྲིག་ནན༔ རྦད་ནན༔ བྷི་ན་ཙིཏྟ་རྦད་ནན༔ བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་མཱ་ར་རྦད་ཡ་ཕཊ༔ ཅེས་གདབ། མི་བསད་ཀྱི་མཚོན་ཆས་བརྡེག་ཅིང་། ཧཱུྃ༔ སྒྲོལ་བྱེད་སྟོབས་ལྡན་ཧེ་རུ་ཀ༔ ཁྱབ་འཇུག་སྲོག་ལེན་མོན་པ་གསུམ༔ སྔགས་བདག་དྲེགས་པ་བཅོ་བརྒྱད་ཚོགས༔ བཤན་པ་ལྷ་སྲིན་སྡེ་བརྒྱད་བཅས༔ རྣོ་མཚོན་གློག་ལྟར་འཁྱུགས་པ་ཡིས༔ དགྲ་བོའི་ལྔ་ཕུང་རྩད་ནས་ཆོད༔ སྒྲོལ་བའི་ལས་ཀྱིས་གདུག་པ་འདུལ༔ གཏི་མུག་ཆོས་དབྱིངས་ངང་དུ་བསྒྲལ༔ ཞེ་སྡང་མེ་ལོང་ངང་དུ་བསྒྲལ༔ ང་རྒྱལ་མཉམ་ཉིད་ངང་དུ་བསྒྲལ༔ འདོད་ཆགས་སོར་རྟོག་ངང་དུ་བསྒྲལ༔ ཕྲག་དོག་བྱ་གྲུབ་ངང་དུ་བསྒྲལ༔ ཕུང་ལྔ་ཁྲག་འཐུང་ཡབ་ལྔར་བསྒྲལ༔ འབྱུང་ལྔ་ཁྲག་འཐུང་ཡུམ་ལྔར་བསྒྲལ༔ སྐྱེ་མཆེད་སེམས་དཔའ་སེམས་མར་བསྒྲལ༔ ཉོན་མོངས་ཁྲོ་བོ་བཅུ་རུ་བསྒྲལ༔ ཚིགས་རྩ་ཁྲོ་མོ་བཅུ་རུ་བསྒྲལ༔ རླུང་བཅུ་ཕ་རོལ་ཕྱིན་བཅུར་བསྒྲལ༔ རྣམ་ཤེས་ཀུན་བཟང་དགོངས་ཀློང་བསྒྲལ༔ དགྲ་བགེགས་འཁོར་བའི་སྐྱེ་རྒྱུད་ཆོད༔ ལས་ངན་རྣམ་སྨིན་ཞི་བར་མཛོད༔ ཅེས་དུམ་བུར་བསྒྲལ་ལོ། །བསྟབ་པ་ནི། ལིང་རོར་སྨན་རཀ་བྲན་ལག་ཏུ་ཐོགས་ལ། ཧཱུྃ༔ བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ༔ དམ་ཉམས་བསྒྲལ་པའི་དབུགས་བླ་སྲོག༔ ཤ་ཁྲག་རུས་པགས་དོན་སྣོད་བཅས༔ ཁྲག་འཐུང་སྟོབས་ལྡན་ཞལ་དུ་བསྟབ༔ འབྱུང་ལྔའི་བདག་མོའི་ཞལ་དུ་བསྟབ༔ ཁྱབ་འཇུག་ཆེན་པོའི་ཞལ་དུ་བསྟབ༔ སྲོག་ལེན་ཡབ་ཡུམ་ཞལ་དུ་བསྟབ༔ མོན་པ་རྣམ་གསུམ་ཞལ་དུ་བསྟབ༔ འཆི་བདག་གཤིན་རྗེ་ལ་སོགས་པ༔ གཤིན་རྗེ་ཡོངས་ཀྱི་ཞལ་དུ་བསྟབ༔ སྐྱེ་འགྲོའི་སྲོག་གི་བདག་མོ་སོགས༔ མ་མོ་ཡོངས་ཀྱི་ཞལ་དུ་བསྟབ༔ ལྷ་ཆེན་མ་ཧཱ་དྷེ་ཝ་སོགས༔ ལྷ་རབས་ཡོངས་ཀྱི་ཞལ་དུ་བསྟབ༔ མུ་སྟེགས་ཀཱ་ལ་ཡཀྴ་སོགས༔ ལོག་འདྲེན་ཡོངས་ཀྱི་ཞལ་དུ་བསྟབ༔ བདུད་པོ་མེ་ཡི་ཁ་རླངས་སོགས༔ ཕོ་བདུད་ཡོངས་ཀྱི་ཞལ་དུ་བསྟབ༔ བདུད་མོ་ནག་མོ་ཁྲག་འཛག་སོགས༔ བདུད་མོ་ཡོངས་ཀྱི་ཞལ་དུ་བསྟབ༔ སྲིན་པོ་རཀྴ་གློག་ཕྲེང་སོགས༔ སྲིན་པོ་ཡོངས་ཀྱི་ཞལ་དུ་བསྟབ༔ སྲིན་མོ་སྦལ་མགོ་ཁྲག་མིག་སོགས༔ སྲིན་མོ་ཡོངས་ཀྱི་ཞལ་དུ་བསྟབ༔ གཟའ་བདུད་རཱ་ཧུ་ལ་ལ་སོགས༔ གཟའ་རྣམས་ཡོངས་ཀྱི་ཞལ་དུ་བསྟབ༔ གནོད་སྦྱིན་གང་བ་བཟང་པོ་སོགས༔ གནོད་སྦྱིན་ཡོངས་ཀྱི་ཞལ༴ ཤ་ཟ་རལ་པ་ཅན་ལ་སོགས༔ གནོད་སྦྱིན་མོ་ཀུན་ཞལ༴ རྒྱལ་པོ་ལི་བྱིན་ཧ་ར་སོགས༔ རྒྱལ་པོ་ཡོངས་ཀྱི་ཞལ༴ དམུ་རྗེ་བཙན་པོ་ཆེན་པོ་སོགས༔ དམུ་རྣམས་ཡོངས་ཀྱི་ཞལ༴ བཙན་རྒོད་ཡམ་ཤུད་དམར་པོ་སོགས༔ བཙན་རྣམས་ཡོངས་ཀྱི་ཞལ༴ དགེ་བསྙེན་རྡོ་རྗེ་ལེགས་པ་སོགས༔ མ་སངས་ཡོངས་ཀྱི་ཞལ༴ འགོང་པོ་ཁུ་ལེ་ལག་དགུ་སོགས༔ འགོང་པོ་ཡོངས་ཀྱི་ཞལ༴ དམ་སྲི་རྐང་ལག་རིང་པོ་སོགས༔ དམ་སྲི་ཡོངས་ཀྱི་ཞལ༴ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་སོགས༔ ཀླུ་རྣམས་ཡོངས་ཀྱི་ཞལ་དུ་བསྟབ༔ བཀའ་འཁོར་འཇིག་རྟེན་དྲེགས་པའི་དམག༔ ཕྱི་ནང་གསང་སྦས་བསྟན་སྐྱོང་དང༔ དྲག་སྔགས་བཏགས་ཆགས་མ་ཆགས་དང༔ ལས་བྱེད་བསྟན་སྲུང་མྱུར་མགྱོགས་ཀྱི༔ སྡེ་བརྒྱད་ཕོ་མོ་ཀླུ་རྒྱུད་ཀྱིས༔ བསྡུས་པའི་ཚོགས་ཀུན་མ་ལུས་པ༔ ཤ་རུལ་དྲི་ལ་སྦྲང་མ་བཞིན༔ དམ་ཉམས་བསྒྲལ་པའི་ཤ་ཁྲག་རུས༔ དོན་སྣོད་དབང་པོ་རྐང་ཀླད་ཚིལ༔ སྨན་རཀ་གཏོར་མའི་དགའ་སྟོན་ལ༔ རིངས་པར་མགྱོགས་པ་ལ་འུར་དུ༔ འདུས་ཤིག་འཚོགས་ཤིག་དྲེགས་པའི་ཚོགས༔ ཤ་ལ་དགའ་བ་ཤ་ལ་ཟོ༔ ཤ་ཟན་རྐན་སྒྲ་ཏོག་ཅིང་རོལ༔ ཁྲག་ལ་དགའ་བ་ཁྲག་ལ་ཐུངས༔ ཁྲག་འཐུང་མིད་པ་ཁྱུར་གྱིས་རོལ༔ རུས་ལ་དགའ་བ་རུས་ལ་མུར༔ རུས་མུར་སོ་སྒྲ་ཆེམས་ཆེམ་རོལ༔ པགས་པར་དགའ་བ་པགས་པ་གྱོན༔ པགས་གྱོན་བརྗིད་ལྷུབ་འཇིགས་པར་རོལ༔ དོན་སྣོད་དགའ་བ་དོན་སྣོད་ཟོ༔ ཅག་ཅག་ལྕིབ་ལྕིབ་དང་བཅས་རོལ༔ ཀླད་པར་དགའ་བ་ཀླད་པ་ལྡོགས༔ ཀླད་ལྡག་ལྕེ་དམར་ཡུག་གིས་རོལ༔ ལྗན་ལྗིན་དགའ་བ་ལྗན་ལྗིན་ཟོ༔ ཁ་གདངས་མཆེ་གཙིགས་རྔམས་པར་རོལ༔ དགྱེས་པའི་ལོངས་སྤྱོད་སྨན་རཀྟ༔ གཏོར་མ་བཟའ་བཅའ་བཏུང་བར་བཅས༔ བསྟབ་པ་བདག་གིས་མ་ནོར་གྱིས༔ བཞེས་པ་ཁྱོད་ཀྱིས་མ་ནོར་ཞིག༔ གསོལ་ལོ་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཅེས་དང་། མི་རྐང་གི་གཟར་བུས་གཏོར་མར་སྦྲོན་ཅིང་། ཨཱོྃ་བཛྲ་སརྦ་དུཥྚཱཾ་ཨེ་ཏྲི་མུ་ཏྲི་ཏྲི་ཏྲི། ཞེས་དང་སྔགས་རྣམས་མིང་རྐྱང་། ཡ་མ༔ མ་མ་རུ་ལུ༔ དྷེ་བ༔ ཏིར་ཏི་ཀ༔ དུ་ཁྲག༔ དུན་ཏིང༔ རཀྴ༔ རག་མོ༔ རཀྵ༔ ཡཀྵ༔ ཡག་མོ༔ རཱ་ཙ༔ མུན་མུན༔ ཤཱུ་ལ༔ བཛྲ་སཱ་དྷུ༔ ཧཾ་ཤཾ༔ རུ་ཏྲི༔ ས་ནཱ་ག༔ ཞེས་སམ། མིང་སྲོག་སྦྲགས་པ། མིང་།་་་ཡ་མ་སྲོག།་་་ཡ༔ དེས་འགྲེ།་་་མ་མ་རུ་ལུ་མ༔ དྷེ་བ་ཨ༔ ཏིར་ཏི་ཀ་ཐ༔ དུ་ཁྲག་དུ༔ དུན་ཏིང་དུ༔ རཀྴ་ར༔ རག་མོ་ར༔ རཀྵ་རཱ༔ ཡཀྵ་ཀྵ༔ ཡག་མོ་ཀྵ༔ རཱ་ཙ་ཙ༔ མུན་མུན་པ༔ ཤཱུ་ལ་ཙ༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ རུ་ཏྲི་ཏྲི༔ ས་ནཱ་ག་ཕུ༔ ཞེས་སམ། སྲོག་རྐྱང་པ། ཡ་ མ་ ཨ་ ཐ་ དུ་ དུ་ ར་ ར་ རཱ་ ཀྵ་ ཀྵ་ ཙ་ པ་ ཙ་ ཏྲི་ ཏྲི་ ཏྲི་ ཕུ༔ ཞེས་པ་གང་རུང་མཐར། སརྦ་ས་པ་རི་ཝཱ་ར། མ་ཧཱ་མཱཾ་ས་རཀྟ་ཙིཏྟ༔ བ་སུ་ཏ་གོ་རོ་ཙ་ན༔ ཀིཾ་ནི་རི་ཏི༔ ཙིཏྟ་སྲོག་ཨ་ཛྙཱ་ཨ་མྲྀཏ་རཀྟ་ཁཱ་ཧི་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བསྟབ་ཅིང་བསྔོའོ། །དེ་ནས་ཚོགས་ནས་བར་ལྷག་དུམ་ཙམ་ཞིག་བཅད་ལ་ལོགས་སུ་བཞག །གཞན་རྣམས་ཁ་ན་མ་ཐོ་བའི་ཐ་མལ་པའི་སྤྱོད་པ་དང་མི་ལྡན་པས་ལོངས་སྤྱད། ལྷག་མ་བསྡུས་པ་དང་བར་ལྷག་དང་སྔར་བཅད་པའི་འཐོར་ཕུད་རྣམས་སྣོད་སོ་སོར་བཤམ། སྨན་རག་བྲན་ལ། རཾ་ཡཾ་ཁཾ། ལྷག་མའི་གཏོར་མ་དམ་ཉམས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤ་ཁྲག་རུས་པའི་ཕུང་པོ་སྨན་རཀ་གཏོར་ཚོགས་ཀྱི་འདོད་ཡོན་ལ་སོགས་པ། ལྷ་ཚོགས་ཐམས་ཅད་ཀྱི་དགྱེས་པ་སྐྱེད་ནུས་པའི་མཆོད་ཚོགས་ངོ་བོ་རང་བཞིན་རྨད་དུ་བྱུང་བ་ནམ་མཁའི་ཁམས་གང་བ་ཟད་མི་ཤེས་པའི་ལོངས་སྤྱོད་དམ་པར་གྱུར། ཨཱོྃ་ཨཱཿཧཱུྃ། ལན་གསུམ་དང་། ཧ་ཧོ་ཧྲཱི༔ ལན་གསུམ་གྱིས་བྱིན་གྱིས་བརླབ། ཨེ་ཨཱ་རལླི་ཨུཙྪིཥྚ་པ་ཏི་སརྦ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཕེཾ་ཕེཾ་ཧཱུྃ། ཞེས་བྱིན་གྱིས་བརླབས་སྤྱན་དྲངས། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཔལ་ཆེན་འཁོར་བཅས་ཕུད་ཀྱི་བདག༔ བར་དུ་ཚོགས་ལ་མི་རོལ་རྒྱུ༔ སྔགས་འཆང་ལོངས་སྤྱོད་རོལ་པའི་རྒྱན༔ ཐ་མ་ལྷག་མས་མི་བརྔན་རྒྱུ༔ འཁོར་གྱི་ལས་བྱེད་ལྷག་ལ་དབང༔ མཆོད་ནས་ལས་ལ་མི་བསྐུལ་རྒྱུ༔ ཞིང་བཅུ་དམ་ཉམས་བསྒྲལ་རེ་རན༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཀུན་གདོད་ནས་རང་བཞིན་གཅིག༔ ཅེས་གསུམ་པོ་གཅིག་ཏུ་དྲིལ། སྨན་རག་བྲན་མར་མེ་བལྟམས་ལ། ཧཱུྃ་ཨཱེཿཡ༔ ལྷ་མཆོག་སྟོབས་ལྡན་འཁོར་བཅས་ཀྱི༔ དཀྱིལ་འཁོར་སྲུང་བའི་དམ་ཅན་དང༔ བྲན་དང་བཀའ་ཉན་ཕོ་ཉ་དང༔ གཡོག་དང་ཡང་གཡོག་བཅས་པའི་ཚོགས༔ མཁའ་འགྲོ་ཤུགས་འགྲོ་གིང་ཆེན་དང༔ ལངྐ་ས་བདག་འབར་མའི་ཚོགས༔ སྤོར་མ་ཕོ་ཉ་མོ་དང་སྲིང༔ ཤ་ཟ་སྨྱོ་བྱེད་རྗེད་བྱེད་གདོན༔ འབྱུང་པོ་ཡི་དྭགས་དྲེགས་པའི་ཚོགས༔ སྣང་ཞིང་སྲིད་པའི་དྲེགས་པ་རྣམས༔ སྟོབས་ལྡན་དྲེགས་བདག་དམ་བཞིན་དུ༔ བཀའ་ཡི་ཕོ་ཉ་རྩལ་མ་ཞན༔ དགྲ་བགེགས་བརླག་ཕྱིར་བང་མ་བུལ༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ བསྐུལ་བའི་ཚེ་ན་སྒབ་མ་ལྗི༔ རྦད་པའི་ཚེ་ན་མཐུ་མ་ཆུང༔ བསྟེན་པའི་ཚེ་ན་རྒྱང་མ་རིང༔ ཁུར་བའི་ཚེ་ན་ཕྲག་མ་ལྕི༔ གསོལ་བའི་ཚེ་ན་འཁུ་མ་ལྡོག༔ ལྷག་མའི་ལོངས་སྤྱོད་འདི་དག་ནི༔ སྣོམས་ཤིག་བཞེས་ཤིག་རོལ་པར་གྱིས༔ དགྱེས་ཤིང་ཚིམས་ནས་བཅོལ་པའི་ལས༔ མ་ཐོགས་མྱུར་དུ་གྲུབ་པར་མཛོད༔ བརྔན་པའི་མཆོད་པ་མི་བཞེས་ཤིང༔ བཅོལ་པའི་ཕྲིན་ལས་མི་བསྒྲུབ་ན༔ དྲེགས་བདག་ཁྲག་འཐུང་བཀའ་འདས་ཤིང༔ དཔལ་གྱི་ལུང་ལས་འགལ་བའི་ཕྱིར༔ དེ་ཡི་ཆད་པ་མི་བཟད་པས༔ ཁྱོད་རྣམས་ཉམས་ཤིང་བརླགས་ནས་ཀྱང༔ རྡོ་རྗེ་དམྱལ་བར་ཤི་ཀ་རེ༔ མེ་ཆུ་ཚ་གྲང་སྡུག་བསྔལ་འབྱུང༔ དེ་བས་དམ་ལ་མ་འདའ་བར༔ རང་ལས་བཅོལ་པ་མྱུར་སྒྲུབས་ཤིག༔ ཨཱོྃ་ཨུཙྪིཥྚ་པ་ཏི་སརྦ་ཀཱ་མཾ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཙང་སར་མི་གཏོར་བར་སྤུང་གིས་ཕུལ། བཤལ་ཆུ་བཏང་ངོ་། །དེ་ལྟར་ཚོགས་ཀྱི་འཁོར་ལོ་འདི་ཡང་དྲེགས་པའི་བསྙེན་སྒྲུབ་ཀྱི་ཚེ་འབྱོར་ན་ཤིན་ཏུ་ལེགས་ལ། ཕན་གནོད་ཀྱི་མདོས་ལ་སོགས་པའི་ཚེ་ནི་མེད་མི་རུང་ཡིན་པས་ཤེས་པར་བྱ་ཞིང་། ཡང་འཁོར་ལོ་ལིང་ག་སོགས་ལས་སྦྱོར་གྱི་ཚེ་རྣམས་སུ་ཡང་ལིང་ག་ལ་དམིགས་ནས་གོང་གི་གཟུ་དཔང་ནས་ཞལ་བསྟབ་བར་གང་དགོས་བྱས་ན་དྲག་པོ་མངོན་སྤྱོད་བསྒྲལ་འདྲེན་གྱི་ལས་ཀྱིས་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱ་བའི་གདམས་པ་དཔྱིས་ཕྱིན་པར་འགྱུར་ལ། དེང་སང་དགྲའི་ངན་ཐབས་གྱི་ན་ཙམ་ལ་གཞན་སྲོག་འཕྲོག་པ་ནི་ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་དུ་རྡོ་རྗེའི་དམྱལ་བར་ཨ་ལ་ལ་ཞེས་སོགས་ལོ་རྒྱུས་རྣམས་སུ་གསུངས་པ་ཉམས་སུ་མྱོང་བའི་ཉན་ཆེ་བར་གདའ་བས་ཡ་ཆ་འོ། །སྨྲས་པ། ལོག་དགྲའི་གཡུལ་ལས་རྒྱལ་བའི་དཔའ་བོ་ངས། །རིམ་གཉིས་རྡོ་རྗེའི་གོ་ཆ་བཙན་གྱོན་ཅིང་། །དྲག་པོ་སྔགས་ཀྱི་བསོ་སྒྲས་སྟོང་གསུམ་བཀང་། །དྲེགས་བྱེད་མ་རུངས་དཔུང་གི་ཚོགས་བསྐུལ་ནས། །ཕུར་ཐུན་མཚོན་ཆའི་འཕྲུལ་འཁོར་དྲག་པོ་ཡིས། །ལས་ངན་དགྲ་བགེགས་མགོ་སྙིང་བཀས་ནས་ཀྱང་། །བསྒྲལ་པའི་ཤ་ཁྲག་སྲུང་མར་དགའ་སྟོན་དུ། །བཏང་བས་བདུད་བཞིའི་གཡུལ་ངོ་རྨིང་མེད་པར། །བྱས་འདིས་སྔགས་པ་ནག་པོ་ང་མིན་སུ། །དེ་ལྟར་རྡོ་རྗེ་གཙུག་ལག་ཕྲིན་ལས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད་ཀྱི་ལས་གཞུང་གི་ཁ་སྐོང་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཕྲིན་ལས་ཀྱི་ཤིང་རྟ་ཞེས་བྱ་བ་འདི་ཡང་། འབྲི་ཁུང་པ་ཤཱཀྱའི་དགེ་སློང་སྔགས་འཆང་ཐུགས་ཀྱི་རྡོ་རྗེས་མེ་བྱ་ཆོ་འཕྲུལ་ཟླ་བའི་དཀར་པོའི་རྒྱལ་བ་གསུམ་པ་ལ་དབུར་སྟོད་རྩེ་བ་གཞིས་ཀ་སྲ་བརྟན་རྡོ་རྗེའི་གནས་མཆོག་ཏུ་སྦྱར་བ་སིདྡྷི་རསྟུ།། །། ༈ རྡོ་རྗེ་གཙུག་ལག་གི་རྒྱུན་གསོལ་མདོར་བསྡུས་བཞུགས་སོ། །སྤྱན་དྲང་བ་ནི། ཧཱུྃ་ཨཱེཿ ཆོས་དབྱིངས་དྲག་པོ་ཨེ་ཡི་ཞིང་ཁམས་ནས། །དཔལ་ཆེན་སྟོབས་ལྡན་ནག་པོ་གཤེགས་སུ་གསོལ། །དེ་ཡི་སྐུ་ལ་དགྱེས་པ་སྐྱེད་པའི་ཡུམ། །འབྱུང་བ་ལྔ་ཡི་བདག་མོ་གཤེགས་སུ་གསོལ། །སྲིད་པ་གསུམ་གྱི་སྲོག་བདག་རཱ་ཧུ་ལ། །ལྷ་ཆེན་ཁྱབ་འཇུག་ཆེན་པོ་གཤེགས་སུ་གསོལ། །རྒྱ་དང་བལ་པོའི་སོ་མཚམས་ཕོ་བྲང་ནས། །འཆི་བདག་སྲོག་ལེན་ཡབ་ཡུམ་གཤེགས་སུ་གསོལ། །དུག་གསུམ་འབར་བའི་གཞལ་ཡས་ཆེན་པོ་ནས། །ལས་མཁན་མོན་པ་རྣམ་གསུམ་གཤེགས་སུ་གསོལ། །ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྔགས་བདག་དྲེགས་པ་བཅོ་བརྒྱད་གཤེགས་སུ་གསོལ། །ཨཱོྃ་བཛྲ་སརྦ་དུཥྚཱན་ཨེ་ཏྲི་མུ་ཏྲི་ཏྲི་ཏྲི་ཡ་མ་ཨ་ཐ་དུ་དུ་ར་ར་རཱ་ཀྵ་ཀྵ་ཙ་པ་ཙ་ཏྲི་ཏྲི་ཏྲི་ཕུ་སརྦ་ཛ་ཛཿཧྲིཾ་ཧྲིཾ། བཞུགས་སུ་གསོལ་བ་ནི། ཨཱེཿ དུར་ཁྲོད་འབར་བའི་གཞལ་ཡས་འདིར། །རང་རང་མཐུན་པའི་གདན་ཡངས་པར། །སྟོབས་ལྡན་ཡབ་ཡུམ་རཱ་ཧུ་ལ། །སྲོག་ལེན་ཡབ་ཡུམ་མོན་པ་གསུམ། །སྔགས་བདག་བཅོ་བརྒྱད་འཁོར་དང་བཅས། །དགྱེས་བཞིན་བཞུགས་ལ་ལས་མཛོད་ཅིག །ཨཱོྃ་བཛྲ་སརྦ་དུཥྚཱན་ཨཱེཿཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་ནི། ཨཱེཿ ལྷ་མཆོག་སྟོབས་ལྡན་ཡབ་ཡུམ་དང་། །གཟའ་མཆོག་སྲོག་ལེན་མོན་པར་བཅས། །སྔགས་བདག་བཅོ་བརྒྱད་འཁོར་བཅས་ལ། །ཕྱི་མཆོད་ཨརྒྷཾ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་པའི། །རྟགས་རྫས་བརྒྱད་སོགས་བདག་གིས་འབུལ། །ནང་མཆོད་དམར་ཆེན་ཨརྒྷཾ་དང་། །དབང་པོའི་མེ་ཏོག་ཤ་ཆེན་སྤོས། །མཁྲིས་པའི་དྲི་ཆབ་ཤ་རུས་ཟས། །ཐོད་རྔ་རྐང་གླིང་ལ་སོགས་པ། །དུར་ཁྲོད་དྲག་པོའི་རྫས་ཀྱིས་མཆོད། །གསང་མཆོད་ཐབས་ཤེས་ཡབ་དང་ཡུམ། །མཉམ་སྦྱོར་བྱང་སེམས་དཀར་དམར་གྱི། །དམ་རྫས་བདེ་སྟོང་མཆོད་པ་འབུལ། །དོན་གྱི་མཆོད་པ་སྤྲོས་དང་བྲལ། །འཁོར་གསུམ་མི་དམིགས་མཉམ་པ་ཉིད། །ཏིང་འཛིན་རྡོ་རྗེའི་མཆོད་པ་འདི། །འབུལ་གྱིས་བཞེས་ལ་དགྱེས་ཚིམ་མཛོད། །ཨཱོྃ་བཛྲ་སརྦ་དུཥྚཱཎ་ཨཱེཿས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤབྡ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཁྱད་པར་གྱི་མཆོད་པ་ནི། ཨཱེཿ མཚན་ལྡན་བྷནྡྷའི་དོ་ར་རུ། །རྩ་བརྒྱད་སྟོང་སྦྱར་རྒྱ་མཚོ་ཆེ། །བཅུད་མཆོག་འདབ་སྟོང་འབར་བ་འདི། །དངོས་གྲུབ་སྦྲང་རྩི་འབྱུང་བའི་གཞི། །དྲེགས་པ་རྐང་དྲུག་འདུ་བའི་རྟེན། །གསང་བ་འཆི་མེད་བདུད་རྩི་འདི། །འབུལ་ལོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །སྐྲ་དང་བཅས་པའི་ཐོད་རློན་དུ། །རྒྱུ་རྐྱེན་སྦྱར་བའི་རུ་དྷི་ར། །དམར་ཆེན་ཁྲག་གི་ཨརྒྷཾ་འདི། །དྲེགས་པ་དགྱེས་ཕྱིར་འབུལ་གྱིས་བཞེས། །བྷནྡྷ་སྟོང་ཁམས་མཉམ་པའི་ནང་། །ཤ་ཁྲག་རུས་པས་རབ་སྦགས་པའི། །དམར་གྱི་གཏོར་མ་བརྗིད་ལྡན་འདི། །སྔགས་བདག་དྲེགས་པའི་ཚོགས་ལ་འབུལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ཞེས་དང་གཏོར་མ་ལ་སྨན་རཀ་བྲན། དྲག་པོའི་གཏོར་མ་བྱིན་རླབས་ཀྱི་སྔགས་རྒྱས་བྱིན་བརླབས་ལ། ཨཱོྃ་བཛྲ་སརྦ་དུཥྚཱན་ཨེ་ཏྲི་མུ་ཏྲི་ཏྲི་ཏྲི། ཞེས་དང་དྲེགས་པའི་མིང་།་་་ཡ་མ་སྲོག།་་་ཡ། དེས་འགྲེ།་་་མ་མ་རུ་ལུ་མ། དྷེ་བ་ཨ། ཏིར་ཏི་ཀ་ཐ། དུ་ཁྲག་དུ། དུན་ཏིང་དུ། རཀྴ་ར། རག་མོ་ར། རཀྵ་རཱ། ཡཀྵ་ཀྵ། ཡག་མོ་ཀྵ། རཱ་ཙ་ཙ། མུན་མུན་པ། ཤཱུ་ལ་ཙ། བཛྲ་སཱ་དྷུ་ཏྲི། ཧཾ་ཤཾ་ཏྲི། རུ་ཏྲི་ཏྲི། ས་ནཱ་ག་ཕུ། ལ། ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ། ཤཱ་ཏྲཱུཾ་ཨ་མུ་ཀ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན། པཉྩ་སྐནྡྷ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་སོགས་དང་། དྲེགས་པ་རྣམས་ཀྱི་མིང་སྨྲོས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སོགས་ཀྱིས་འབུལ། སྐོང་བ་ནི། ཨཱེཿ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྨན་རག་གཏོར་མ་ཤ་ཁྲག་རུས་པར་བཅས། །ཕྱི་ནང་གསང་མཆོད་འདོད་པའི་ཡོན་ཏན་ཚོགས། །རང་རང་རིགས་མཐུན་དམ་རྫས་སྤྱན་གཟིགས་དང་། །མཐུན་རྫས་བླ་རྡོ་སྲོག་འཁོར་གསང་བའི་རྟེན། །མ་ཚང་མེད་པ་དངོས་འབྱོར་ཡིད་སྤྲུལ་པ། །མཁའ་ཁྱབ་རབ་བརྗིད་མི་ཟད་གཏེར་ཆེན་པོས། །ལྷ་ཆེན་སྟོབས་ལྡན་ཡབ་ཡུམ་ཐུགས་དམ་བསྐང། ཁྱབ་འཇུག་རཱ་ཧུ་ལ་ཡི་ཐུགས༴ སྲོག་ལེན་འཆི་བདག་ཡབ་ཡུམ་ཐུགས༴ ལས་མཁན་མོན་པ་གསུམ་གྱི་ཐུགས༴ སྔགས་བདག་དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང་། །བསྐངས་གྱུར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བཤགས་པ་ནི། ཧོཿ དྲེགས་པ་མིང་སྲིང་འཁོར་བཅས་བདག་ལ་དགོངས། ཁྱོད་ཀྱི་སྐུ་གསུང་ཐུགས་དང་འགལ་བ་དང་། །དམ་རྫས་མ་ཚང་བསྙེན་སྒྲུབ་གཡེལ་བ་དང་། །གཏོར་མཆོད་ཆུང་དང་འགལ་ཉམས་ནོངས་པ་ཀུན། །བཟོད་པར་གསོལ་གྱིས་ཚངས་པར་མཛད་ནས་ཀྱང་། །བདག་འདོད་སྒྲུབ་པའི་འབྲས་བུ་མྱུར་སྩོལ་ཅིག །ཅེས་དང་ཡིག་བརྒྱ་ཅི་འགྲུབ་བརྗོད། བསྟོད་པ་ནི། ཧཱུྃ་ཨཱེཿ དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ། །དྲག་པོའི་སྐུར་བསྟན་སྟོབས་ལྡན་ནག་པོ་ཆེ། །ཡུམ་མཆོག་འབྱུང་བ་ལྔ་ཡི་བདག་མོར་བཅས། །དྲེགས་པ་དབང་སྡུད་ཟིལ་གནོན་སྐུ་ལ་བསྟོད། །ནམ་མཁའ་སྟོང་ལ་དབང་བསྒྱུར་རཱ་ཧུ་ལ། །འཆི་བདག་སྲོག་ལེན་ཡབ་ཡུམ་བཀའ་སྡོད་གཙོ། །ལས་མཁན་སྐུ་གསུང་ཐུགས་ཀྱི་མོན་པ་གསུམ། །བཀའ་སྲུང་ཕོ་ཉ་རྣམས་ལ་བདག་བསྟོད་དོ། །སྔགས་བདག་གཤིན་རྗེ་སྐྱེ་འགྲོ་སྲོག་བདག་མོ། །མ་ཧཱ་དྷེ་ཝ་མུ་སྟེགས་ཀཱ་ལ་དང་། །བདུད་མེའི་ཁ་རླངས་བདུད་མོ་ཁྲག་འཛག་མ། །སྲིན་པོ་གློག་ཕྲེང་སྲིན་མོ་ཁྲག་མིག་མ། །གཟའ་བདུད་རཱ་ཧུ་གནོད་སྦྱིན་གང་བ་བཟང་། །གནོད་སྦྱིན་མོ་ནི་ཤ་ཟ་རལ་པ་ཅན། །ལི་བྱིན་ཧར་ལེགས་དམུ་རྗེ་བཙན་པོ་ཆེ། །ཡམ་ཤུད་དམར་པོ་དགེ་བསྙེན་རྡོ་རྗེ་ལེགས། ཁུ་ལེ་ལག་དགུ་རྐང་ལག་རིང་པོ་དང་། །གཞོན་ནུ་གཏུམ་པོ་རང་རང་འཁོར་གྱི་ཚོགས། །ཕོ་མོ་ཀླུ་རྒྱུད་ཀྱིས་བསྡུས་བྱེ་བ་འབུམ། །སྣང་སྲིད་དྲེགས་པའི་ཚོགས་ལ་བདག་བསྟོད་དོ། །དམ་རྫས་མཐུན་པའི་མཆོད་པ་ཀུན་ཚང་བའི། །རང་རང་རྟེན་ལ་དགྱེས་ཤིང་འཁོར་བཞུགས་ནས། །སྔགས་འཆང་འདོད་པའི་དོན་རྣམས་གང་ཡིན་པ། །མ་ལུས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །དྲེགས་པའི་མིང་དང་མིང་སྲོག་སྦྲགས་པ་དང་སྲོག་རྐྱང་པ་སོགས་སྐབས་སྦྱར་ཅི་ནུས་བཟླ། གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི། གོང་ལྟར་གཏོར་མ་བྱིན་གྱིས་བརླབས་པ་ཕུལ་ནས། ཧཱུྃ་ཨཱེཿ ལྷ་མཆོག་སྟོབས་ལྡན་འཇིགས་བྱེད་འབར་བའི་སྐུ །འབྱུང་ལྔའི་བདག་མོ་ཤེས་རབ་ཡུམ་གྱི་མཆོག །ཁྱབ་འཇུག་ཆེན་པོ་སྲོག་ལེན་ཡབ་དང་ཡུམ། །མོན་པ་རྣམ་གསུམ་གཤིན་རྗེ་མ་མོ་ལྷ། །མུ་སྟེགས་བདུད་ཕོ་བདུད་མོ་སྲིན་པོ་ནི། །ཕོ་མོ་གཟའ་བདུད་གནོད་སྦྱིན་ཕོ་དང་མོ། །རྒྱལ་པོ་དམུ་དང་བཙན་རྒོད་དགེ་བསྙེན་བཅས། །འགོང་པོ་དམ་སྲི་ཀླུ་རྒྱལ་སྔགས་ཀྱི་བདག །རང་རང་འཁོར་བཅས་སྨན་རག་གཏོར་མ་སོགས། །དགྱེས་དགུའི་དམ་རྫས་རྣམས་ལ་རྟག་རོལ་ལ། །དགྱེས་ཤིང་མི་འབྲལ་རྟག་ཏུ་འགྲོགས་པ་དང་། །གང་བཅོལ་ལས་རྣམས་ཐོགས་མེད་འགྲུབ་པར་མཛོད། །སྔོན་ཚེ་སྟོབས་ལྡན་འཇིགས་བྱེད་འབར་བ་ཡིས། །དུར་ཁྲོད་རབ་གཏུམ་གདུག་པའི་ཚལ་ཆེན་དེར། །དྲག་པོའི་སྐུར་བསྟན་གསུང་གི་རྔམ་སྒྲ་ཡིས། །དྲེགས་པ་གཟིར་ཚེ་སྲོག་སྙིང་མདོངས་གསོལ་དུ། །ཕུལ་ནས་ཁས་བླངས་དམ་བཅས་དྲན་མཛོད་ལ། །དམ་ལས་མ་འདའ་དམ་སྲུངས་སྒྲུབ་པོ་སྐྱོངས། །གལ་ཏེ་ཐ་ཚིག་དམ་ལས་ཁྱོད་འགལ་ན། །དམ་ཚིག་རྡོ་རྗེའི་ཆད་པ་མི་བཟད་པས། །དམ་ཉམས་དྲེགས་པའི་མགོ་སྙིང་རབ་བཅོམ་སྟེ། །ལུས་སེམས་ཕྲལ་ནས་རྡོ་རྗེའི་དམྱལ་བ་རུ། །ཡུན་རིང་སྡུག་བསྔལ་མྱོང་ལ་མི་འཇིགས་སམ། །དེ་བས་དམ་སྲུངས་བདག་གི་མོས་གདུང་གི །བློ་ཡིས་འབོད་དོ་འདིར་བྱོན་རྟེན་ལ་བཞུགས། །དམ་རྫས་མཆོད་པ་བཞེས་ལ་ཕྲིན་ལས་སྒྲུབས། །དུས་ལ་བབ་པོ་སྔགས་བདག་འཁོར་དང་བཅས། །ཞི་རྒྱས་དབང་དྲག་རབ་འབྱམས་ལས་ཐམས་ཅད། །གང་བཅོལ་མ་ཐོགས་མྱུར་དུ་འགྲུབ་པར་མཛོད། །ས་མ་ཡ་ཧོ་སྔགས་བདག་དམ་ལ་འདུས། །དམ་ལས་མ་འདའ་དམ་ལ་གནས་པར་མཛོད། །སྟོབས་ལྡན་དྲེགས་བདག་བཀའ་ལས་ཁྱོད་མ་འདའ། །ལྷ་སྔགས་ཏིང་འཛིན་གསུམ་ལས་བདག་མི་འདའ། །དེ་བས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་གཏོར་མ་འབུལ། འདི་ནི་དུས་གཏོར་སོགས་ལ་ཁྱེར་བདེ་བའི་ཕྱིར་སྦྱར་གྱིས། ལས་སྒྲུབ་དགོས་གལ་གྱི་དུས་ནི་གཞུང་ལྟར་ཉམས་སུ་བླང་ངོ་། །སྔགས་བདག་དྲེགས་པའི་ཕྲིན་ལས་རྡོ་རྗེའི་ཐོག །བསྟན་དགྲའི་མགོ་སྙིང་འགེམས་པའི་ལྕེ་འབབ་པས། །གང་གནོད་མིང་གི་ལྷག་མར་བཏང་བྱས་ནས། །འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་འདི་དགེ་བསྔོ། །དེ་སྐད་སྨྲ་བ་སྐྱུ་རའི་བན་རྒན་ནི། །དུས་མཐའི་སྔགས་པ་ནག་པོའི་མན་ངག་གོ །བཀྲ་ཤིས་དཔའ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་དཱ་མངྒ་ལཾ།། །། ༈ དྲེགས་པའི་མིང་ཀྱང་ནི། ཡ་མ༔ མ་མ་རུ་ལུ༔ དྷེ་བ༔ ཏིར་ཏི་ཀ༔ དུ་ཁྲག༔ དུན་ཏིང༔ རཀྴ༔ རག་མོ༔ རཀྵ༔ ཡཀྵ༔ ཡག་མོ༔ རཱ་ཙ༔ མུན་མུན༔ ཤཱུ་ལ༔ བཛྲ་སཱ་དྷུ༔ ཧཾ་ཤཾ༔ རུ་ཏྲི༔ ས་ནཱ་ག༔ ༈ མིང་སྲོག་སྦྲགས་པ་ནི། མིང་།་་་ཡ་མ་སྲོག།་་་ཡ༔ དེས་འགྲེ།་་་མ་མ་རུ་ལུ་མ༔ དྷེ་བ་ཨ༔ ཏིར་ཏི་ཀ་ཐ༔ དུ་ཁྲག་དུ༔ དུན་ཏིང་དུ༔ རཀྴ་ར༔ རག་མོ་ར༔ རཀྵ་རཱ༔ ཡཀྵ་ཀྵ༔ ཡག་མོ་ཀྵ༔ རཱ་ཙ་ཙ༔ མུན་མུན་པ༔ ཤཱུ་ལ་ཙ༔ བཛྲ་སཱ་དྷུ་ཏྲི༔ ཧཾ་ཤཾ་ཏྲི༔ རུ་ཏྲི་ཏྲི༔ ས་ནཱ་ག་ཕུ༔ ༈ སྲོག་རྐྱང་ནི། ཡ་ མ་ ཨ་ ཐ་ དུ་ དུ་ ར་ ར་ རཱ་ ཀྵ་ ཀྵ་ ཙ་ པ་ ཙ་ ཏྲི་ ཏྲི་ ཏྲི་ ཕུ༔ ཅེས་སོ།།
དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་རྡོ་རྗེའི་མེ་འོད་འབར་བ་ (Volume 46, Text 41)
དྲག་པོ་ལྷ་གསུམ་གྱི་གསོལ་འདེབས་རྡོ་རྗེའི་མེ་འོད་འབར་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཀུན་བཟང་འོད་དཔག་མེད་དང་སྤྱན་རས་གཟིགས། །རྟ་མགྲིན་རྟ་སྐད་བཞད་ལ་གསོལ་བ་འདེབས། །གསང་ཆེན་བཀའ་ཡི་བསྡུ་བ་ཕྱག་རྡོར་ཆེ། །སྙིང་རྗེའི་བདག་ཉིད་ཁྱུང་ལ་གསོལ་བ་འདེབས། །པདྨ་ཐོད་ཕྲེང་ཌཱ་ཀི་མཚོ་རྒྱལ་མ། །བཻ་རོ་ནམ་སྙིང་བཅས་ལ་གསོལ་བ་འདེབས། །ཟབ་གཏེར་མངའ་བདག་བདུད་འཇོམས་རྡོ་རྗེ་རྩལ། །དྲན་ཆོག་ཚེ་དབང་ནོར་བུར་གསོལ་བ་འདེབས། །སྨིན་གྲོལ་ཆོས་སྟོན་གདུལ་བྱ་སྐྱོང་མཛད་དཔལ། །དྲིན་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །ཡི་དམ་དྲག་པོ་ལྷ་གསུམ་རིགས་བཞིའི་འཁོར། །བདུད་འདུལ་ཁྲོ་བཅུའི་ཚོགས་ལ་གསོལ་བ་འདེབས། །ཟབ་གཏེར་ཌཱ་ཀི་སྙིང་ཐིག་གདམས་པའི་ཆོས། །བསྐྱེད་རྫོགས་བྱིན་རླབས་ལྡན་ལ་གསོལ་བ་འདེབས། །རྒྱལ་བསྟན་སྲུང་མཛད་བདུད་མགོན་ལྕམ་དྲལ་དང་། །སྤུ་གྲི་མཆེད་གསུམ་བཅས་ལ་གསོལ་བ་འདེབས། །དྲེགས་འདུལ་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི། །བླ་མ་ལྷར་བཅས་རྣམས་ལ་གསོལ་བ་འདེབས། །རང་རིག་གཉུག་མའི་ལྷ་མཆོག་མངོན་ཞལ་མཇལ། །གཟུང་འཛིན་རུ་ཏྲའི་བར་ཆད་མྱུར་སྒྲོལ་ནས། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས། །འགྲོ་ཀུན་སྡུག་བསྔལ་མ་ལུས་མྱུར་འཇོམས་ཤིང་། །གེགས་མེད་བྱང་ཆུབ་འབྲས་བུ་ཆེ་ཐོབ་ནས། །སྣང་བ་མཐའ་ཡས་སྐུ་གསུང་ཐུགས་འགྲུབ་ཤོག །ཅེས་ལས་སྨོན་མཆོག་གྲུབ་བླ་མ་རྣམ་རྒྱལ་གྱིས་བསྐུལ་ངོར་ཆོས་སྐྱོང་དཔལ་ལྡན་གྱིས་སྨྲས་པའོ། །བཀྲ་ཤིས།། །།
དྲག་སྒྲུབ་རྡོ་རྗེའི་ཐིགས་པ་ལས༔ འཛབ་དགོངས་ཛཔ྄་བསྐུལ་ཛཔ྄་བྱང་ལས་མཐའ་རྒྱལ་བསེན་གཅུན་ཐབས་དང་ཨར་གཏད་བཅས་པ་ (Volume 13, Text 41)
དྲག་སྒྲུབ་རྡོ་རྗེའི་ཐིགས་པ་ལས༔༙ འཛབ་དགོངས་ཛཔ྄་བསྐུལ་ཛཔ྄་བྱང་ལས་མཐའ་རྒྱལ་བསེན་གཅུན་ཐབས་དང་ཨར་གཏད་བཅས་པ་བཞུགས༔༙ ཛཔ྄་བྱང་བདུད་རྩིའི་ཕྲེང་བ་ལགས༔༙༔༙ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔༙ དྲག་སྒྲུབ་རྡོ་རྗེའི་ཐིགས་པ་ལས༔༙ ཛཔ྄་བསྐུལ་བདུད་རྩིའི་ཕྲེང་བ་བསྟན་པ་ནི༔༙ རྩ་རྒྱུད་དྲེགས་པ་སྙིང་འབྱིན་ལས༔༙ ཏིང་འཛིན་དེ་དང་མ་བྲལ་བར༔༙ དྲག་སྔགས་དྲག་པོ་བཟླས་གྱུར་ན༔༙ ལྷ་སྲིན་སྡེ་བརྒྱད་མ་ལུས་པ༔༙ ཐུལ་ནས་མཆོག་ཐུན་དངོས་གྲུབ་འབྱུང༔༙ ཞེས་གསུངས་པས༔༙ འདི་ལ་དོན་གསུམ་སྟེ༔༙ ཛཔ྄་དགོངས༔༙ ཛཔ྄་བསྐུལ༔༙ ཛཔ྄་བྱང་ངོ༔༙ དང་པོ་ཛཔ྄་དགོངས་ནི༔༙ རང་ཉིད་རྡོ་རྗེ་དྲག་པོར་གསལ་བའི་ཐུགས་ཀར་གསེར་གྱི་མཆོད་རྟེན་པུ་རིའི་བུམ་དབུས་སུ་ཕྱག་ན་རྡོ་རྗེ༔༙ དེའི་ཐུགས་ཀར་མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ༔༙ རང་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་སྤུས་བྲིས་པ་ཙམ་གྱི་མཐའ་མ་རུ༔༙ གསང་སྔགས་རུས་པའི་ཕྲེང་བ་ལྟར་གཡས་སྐོར་དུ་འཁོར་བར་བསམ༔༙ དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང༔༙ སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དང༔༙ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་དང༔༙ ཁྱད་པར་རྔ་ཡབ་གླིང་ཕྲན་ནས༔༙ སློབ་དཔོན་ཆེན་པོ་ལ་ཕོག་པས༔༙ སྔོན་གྱི་ཐུགས་དམ་ཞལ་བཞེས་དྲན་བཞིན་སྐད་ཅིག་ཏུ་རྡོ་རྗེ་དྲག་པོའི་སྐུར་གྱུར་ནས༔༙ དཀྱིལ་འཁོར་གྱི་ལྷ་དང་བཅས་པ་བྱོན་ནས་བདག་ལ་ཐིམ་པར་བསམ་མོ༔༙ གཉིས་པ་ཛཔ྄་བསྐུལ་ནི༔༙ ཧཱུྃ༔༙ རྡོ་རྗེ་དྲག་པོའི་ལྷ་ཚོགས་དགོངས༔༙ བདག་ནི་སྐལ་ལྡན་སྒྲུབ་པ་པོ༔༙ སྐུ་གསུམ་དབྱེར་མེད་བསྙེན་ཅིང་བསྒྲུབ༔༙ དངོས་གྲུབ་སྩོལ་བའི་དུས་ལ་བབ༔༙ ཁྱོད་ཐུགས་ཉི་མའི་དཀྱིལ་འཁོར་དབུས༔༙ ཐུགས་སྲོག་ཧཱུྃ་ལ་སྙིང་པོས་བསྐོར༔༙ འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ༔༙ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔༙ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔༙ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔༙ གསུམ་པ་འཛབ་བྱང་ནི༔༙ ཨོཾ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔༙ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔༙ ཨ་ཧཱུྃ་ཧཱུྃ་ཕཊ༔༙ བཛྲ་ཧཱུྃ༔༙ ཡཀྴ་ཧཱུྃ༔༙ རཀྴ་ཧཱུྃ༔༙ ཨ་ཡ་མ་དུ་རུ་ཙ་ཤ་ན༔༙ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔༙ དེ་ནི་རྩ་བའི་སྙིང་པོ་རྒྱུན་དུ་བསྙེན་པའོ༔༙ འཁོར་བསྙེན་ནི༔༙ ཨོཾ་ཨ་མི་དྷེ་བ་ཨཱ་ཡུཿསིདྡྷི་ཧཱུྃ༔༙ ཨོཾ་བཛྲ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔༙ ཨོཾ་པདྨཱནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔༙ ཨོཾ་བཛྲ་པཱ་ཎི་ནཱི་ལམ་དྷཱ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔༙ ཨོཾ་བུདྡྷ་ཌཱ་ཀི་ནཱི་མ་ཧ་རི་ནི་ས་ཧཱུྃ་ཛ༔༙ ཨོཾ་བཛྲ་ཧཱུྃ༔༙ ཡཀྴ་ཧཱུྃ༔༙ རཀྴ་ཧཱུྃ༔༙ ཨོཾ་བཛྲ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔༙ ཨོཾ་བཛྲ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔༙ ཨོཾ་རཏྣ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔༙ ཨོཾ་པདྨ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔༙ ཨོཾ་ཀརྨ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔༙ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔༙ ཧཱུྃ་ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ་ཧཱུྃ༔༙ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔༙ ཨོཾ་བཛྲ་ཨངྐུ་ཤ་ཛཿཧཱུྃ་ཕཊ༔༙ ཨོཾ་བཛྲ་པཱ་ཤ་ཧཱུྃ་ཧཱུྃ་ཕཊ༔༙ ཨོཾ་བཛྲ་སྥོ་ཊ་བཾ་ཧཱུྃ་ཕཊ༔༙ ཨོཾ་བཛྲ་གྷཎྜེ་ཧོ་ཧཱུྃ་ཕཊ༔༙ གཞན་ཡང་ལས་བཞིའི་སྐབས་སུ༔༙ ཨོཾ་བཛྲ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔༙ ཨོཾ་རཏྣ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔༙ ཨོཾ་པདྨ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔༙ ཨོཾ་ཀརྨ་མ་རཱ་ཡ་ཧཱུྃ་ཕཊ༔༙ ཅེས་པ་སྐབས་ལ་གང་བབ་སྦྱར༔༙ ྀཨཚ༔༙ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔༙ རྒྱལ་འགོང་བསེན་མོ་མ་རུངས་པས༔༙ ཕོ་ཤི་མོ་ཤི་སྲི་ཆེན་སྡུད༔༙ བནྡེ་བོན་པོ་སྔགས་པ་གསུམ༔༙ ཕལ་ཆེར་རྒྱལ་འགོང་སྐྱེས་པ་མང༔༙ དེ་དག་སྲིད་པའི་འདྲེ་དང་བསྡོངས༔༙ ཆོས་བྱེད་ཀུན་ལ་བར་ཆད་བྱེད༔༙ དེ་དག་མ་ལུས་འདུལ་ཐབས་བསྟན༔༙ ྈྈྈ རྒྱ་རྒྱ་རྒྱ༔༙ ྀཨཚ༔༙ གོང་གི་བཟླས་པས་མ་ཞི་ན༔༙ དྲག་པོའི་བསད་པའི་གདམས་པ་ནི༔༙ ཤོག་བུ་རོ་རས་གྲོ་ག་ལ༔༙ རྩིབས་བརྒྱད་དུག་དང་ཁྲག་གིས་བྲིས༔༙ ཁྱི་དཀར་སྣ་དམར་ཐོད་པར་གཞུག༔༙ རང་ཉིད་བསྐྱེད་རིམ་གསལ་བར་བསྒོམ༔༙ ཁྱི་ཐོད་མི་དམིགས་ལྕགས་ཁང་ནང༔༙ ཏྲིཿལས་གནོད་བྱེད་འབྱུང་པོ་བསྐྱེད༔༙ སྐྲག་ཅིང་འདར་དངངས་རིད་པར་བསམ༔༙ དེ་ཡི་སྙིང་གར་གནམ་ལྕགས་ལས༔༙ གྲུབ་པའི་འཁོར་ལོ་རྩིབས་བརྒྱད་པ༔༙་ མུ་ཁྱུད་མེད་པ༔༙ རྣོ་བའི་ངར་དང་ལྡན་པ་གཅིག༔༙ གཡོན་སྐོར་དྲག་ཏུ་འཁོར་བར་བསམ༔༙ དམ་སྲི་ཕོ་མོ་རྒྱལ་བསེན་གྱི༔༙ སྲོག་རྩ་མྱལ་མྱལ་བཅད་པར་བསམ༔༙ ཁྲོ་བོའི་ཚོགས་རྣམས་ཐམས་ཅད་ཀྱིས༔༙ རྡོ་རྗེས་བརྡུང་ཞིང་མཚོན་ཆའི་ཆར༔༙ དམ་སྲིའི་སྟེང་དུ་ཕབ་པར་བསམ༔༙ ཡུངས་ཀར་ཡུངས་ནག་ལྕགས་ཕྱེའི་ཐུན༔༙ མཚོན་ཆའི་ཆར་དུ་བསམས་ལ་་་ལིངྒ་་་བྲབ༔༙ ཐུན་འགོར་དཀོན་མཆོག་བདེན་སྟོབས་དང༔༙ བླ་མ་དྲག་པོའི་ཏིང་འཛིན་དང༔༙ ཡཀྴའི་སྤྲུལ་པས་དམ་སྲི་དགུག༔༙ གཟུགས་ལ་ཡང་ཡང་བསྟིམ་པར་བྱ༔༙ དེ་ནས་བཟླས་པའི་རིམ་པ་ནི༔༙ དྲག་སྔགས་ཤམ་ལ་འདི་ཉིད་གདགས༔༙ ཏྲི་རཱ་ཙ་རྒྱལ་པོའི་ཙིཏྟ་ཟུང་ཟུང༔༙ རཱ་ཙ་ཁ་རེག་སྨ་ཤ་རྦད་རྦད༔༙ རཱ་ཙ་ཁུ་ན་དུམ་བུར་ཤིག་ཤིག༔༙ འདའ་ན་རཱ་ཙའི་ཙིཏྟ་ཕྱུང་ཕྱུང༔༙ ལྡོག་ན་རཱ་ཙའི་ཙིཏྟ་གཏུབས་གཏུབས༔༙ ཡ་ཏྲི་ཡ༔༙ ཡ་ཏྲི་ཡ༔༙ མ་ཏྲི་ཡ༔༙ མ་ཏྲི་ཡ༔༙ མ་ཞུང་ཏྲི་ཡ༔༙ མ་ཞུང་ཏྲི་ཡ༔༙ བྲམ་ཟ་བྲམ་ཟ༔༙ རཱ་ཙ་ཏྲི་ཧུར་ཐུམ་ཛ༔༙ མཱ་ར་ཡ་རྦད༔༙ བསེན་མོ་ཧུར་ཐུཾ་ཛ་མཱ་ར་ཡ་རྦད༔༙ ཁྲི་ཕྲག་བཟླས་པས་རྟགས་རྣམས་འབྱུང༔༙ ཁྱི་ཐོད་འགུལ་ཚག་བུ་ཆུང་ངུ་༔༙ བནྡེ་ནག་ཆགས་བརྡུང་པ་དང༔༙ ལྷ་ཁང་ལྡེར་སོ་ཁྱི་བོང་བསད༔༙ རྒྱལ་བསེན་ཐུལ་བའི་རྟགས་སུ་བསྟན༔༙ དེ་ནས་སྦྱིན་སྲེག་བྱ་བ་ནི༔༙ དྲག་པོའི་ཚེར་ཤིང་གྲུ་གསུམ་བརྩིགས༔༙ མེ་སྦར་མེ་ལྷ་སྡིག་པ་བསྐྱེད༔༙ རྒྱལ་བསེན་གཟུགས་དང་འཁོར་ལོ་རྣམས༔༙ དུག་ཁྲག་དམར་གཏོར་སྦྲགས་ལ་བཤམ༔༙ གཞན་ཡང་ཤ་ཆེན་སྲེག་རྫས་བཞག༔༙ རྒྱལ་བསེན་ལིངྒ་བརྒྱ་རྩ་བརྒྱད༔༙ དུག་ཤིང་སྟག་མའི་ལོ་མ་འམ༔༙ དུག་ཤོག་དུག་ཁྲག་དག་གིས་བྲིས༔༙ དམར་གཏོར་ཟན་ལིང་སྦྲགས་མ་ལ༔༙ སྐྱེར་རྩང་གཟུག་ལ་བཤམས་པ་དང༔༙ གོང་གི་དྲག་སྔགས་ཤམ་ཅན་ཤམ༔༙ དམ་སྲིའི་སྲོག་སྔགས་འདི་ཉིད་གདགས༔༙ ཨགྣེ་ཡེ་དམ་སྲི་ཕོ་མོ་མཱ་ར་ཡ་ཛྭ་ལ་རཾ་ཕཊ༔༙ རཾ་ཕཊ༔༙ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔༙ རྒྱལ་བསེན་དམ་སྲི་བསྲེགས་པར་བསམ༔༙ སྦྱིན་སྲེག་ཐལ་བ་དེ་དག་ནི༔༙ མཆོད་རྟེན་ལྷ་ཁང་འོག་ཏུ་མནན༔༙ རྡོ་རྗེ་རྒྱ་གྲམ་བྲིས་པས་མནན༔༙ སྟེང་དུ་ཁྲོ་བོའི་བྲོ་བརྡུང་བྱ༔༙ བསྐལ་པའི་མཐར་ཡང་མནན་པར་བསམ༔༙ དམ་སྲི་ཕོ་མོ་མྱུར་དུ་འདུལ༔༙ གདོན་ཕྲན་རྣམས་ལ་སྨོས་ཅི་དགོས༔༙ རྒྱལ་པོ་བསེན་མོའི་གཉེན་པོ་འདི༔༙ ཤིན་ཏུ་ཟབ་བོ་དམ་པར་གསང༔༙ ཞེས་དམ་སྲི་འདུལ་བའི་ལས་མཐའ་རྫོགས་སོ༔༙ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔༙ ྀཨཚ༔༙ ྈྈྈ རྒྱ་རྒྱ་རྒྱ༔༙ གཏད་རྒྱ༔༙ དམ་རྒྱ༔༙ ཟབ་རྒྱ༔༙ ྈྈྈ ྈྈྈ བདག་སྟག་ཤམ་པའི་གཏེར་མའོ། །ཤུ་བྷཾ།། །།
ཆོས་དབང་པདྨའི་གཡང་འབུམ་འགྲེས་བྱང་ (Volume 50, Text 41)
ཆོས་དབང་པདྨའི་གཡང་འབུམ་འགྲེས་བྱང་ནི། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔ ༈ ཆོས་དབང་པདྨའི་གཡང་འབུམ་འགྲེས་བྱང་ནི། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མི་གཡང་རབ་ཏུ་སྤེལ་དུ་གསོལ༔ ཕྱུགས་གཡང་རབ་ཏུ་སྤེལ་དུ་གསོལ༔ ནོར་གཡང་རབ་ཏུ་སྤེལ་དུ་གསོལ༔ འབྲུ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཚེ་གཡང་རབ་ཏུ་སྤེལ་དུ་གསོལ༔ ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ༔
ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་རིམ་གཉིས་སྙིང་པོ་བསྡུས་པ་བདེ་ཆེན་ཡེ་ཤེས་མཐོང་གྲོལ་ (Volume 6, Text 41)
༄༅༔ ༔ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་རིམ་གཉིས་སྙིང་པོ་བསྡུས་པ་བདེ་ཆེན་ཡེ་ཤེས་མཐོང་གྲོལ་བཞུགས་སོ༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བླ་མ་དང་ནི་ལྷག་པའི་ལྷ༔ དབྱེར་མེད་ཐུགས་ཀྱི་སྒྲུབ་པའི་ཐབས༔ བསྐྱེད་རྫོགས་སྙིང་པོར་འདྲིལ་བའི་བཅུད༔ རྣལ་འབྱོར་མཆོག་གི་དོན་དུ་བསྟན༔ ས་མ་ཡ༔ དང་པོ་བསྐྱེད་རིམ་སྒྲུབ་ཐབས་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ བླ་མ་འཁོར་ལོ་བདེ་བའི་མཆོག༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོ༔ སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན༔ སྐུ་དང་ཡེ་ཤེས་མཆོག་ཐོབ་ཕྱིར༔ བདེ་ཆེན་པདྨ་བཛྲ་གྱི༔ རྣལ་འབྱོར་ཟབ་མོ་བསྒོམ་པར་བགྱི༔ གསུམ་པ་སྡིག་སྒྲིབ་སྦྱོང་བ་ནི༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་མཉམ་སྦྱོར་ཐུགས་སྲོག་མཐར༔ སྔགས་ཕྲེང་འཁོར་ལས་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་ཏེ་བདག་ལ་ཐིམ༔ སྡིག་སྒྲིབ་ཉེས་ལྟུང་ཀུན་བྱང་གྱུར༔ ཧེ་རུ་ཀའི་ཡིག་བརྒྱ་བཟླས་མཐར་བཤགས་སྡོམ་བྱ་ཞིང་རང་ལ་བསྟིམ༔ བཞི་པ་བླ་མའི་རྣལ་འབྱོར་ནི༔ རང་མདུན་ནམ་མཁར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ པདྨ་ཐོད་ཕྲེང་རཱ་གའི་མདངས༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྱུད༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དང་བཅས་པ༔ འཁོར་གསུམ་སྤྲོས་པ་བྲལ་བའི་ངང༔ བླ་མ་མཆོག་ལ་འབུལ་བར་བགྱི༔ གུ་རུ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ སྙིང་ནས་གུས་པས་གསོལ་འདེབས་ན༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྩེ་གཅིག་བསྙེན་པས་གསོལ་བཏབ་མཐུས༔ བླ་མ་འོད་ཞུ་རང་ལ་ཐིམ༔ གསང་གསུམ་དབྱེར་མེད་བྱིན་གྱིས་བརླབས༔ དབང་བཞིའི་ཡེ་ཤེས་སྨིན་པར་བསམ༔ དྲུག་པ་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་འདིར༔ བགེགས་ཚོགས་འདུག་པའི་སྐབས་མེད་པས༔ རང་རང་གནས་སུ་བདེ་བར་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ དྲག་སྔགས་བཟླ་ཞིང་རྒྱང་རིང་བསྐྲད༔ བདུན་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་མཉམ་ཉིད་ངང་གིས་ཁྲོ༔ ཐུགས་རྗེ་ཁྲོས་པའི་རང་རྩལ་ལས༔ རྡོ་རྗེ་མེ་མཚོན་ཁྲོ་ཚོགས་ཀྱིས༔ བགེགས་ཀྱི་སྦྱོར་བ་མཚམས་བཅད་དོ༔ བཛྲ་ཀྲོ་དྷ་རཀྵ་ཧཱུྃ༔ བརྒྱད་པ་ཡེ་ཤེས་དབབ་པ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་བདེ་མཆོག་ཧེ་རུ་ཀ༔ ཡི་དམ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ གནས་འདིར་ཡེ་ཤེས་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དགུ་པ་མཆོད་པ་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ རིན་ཆེན་བྷནྡྷའི་སྣོད་ཡངས་སུ༔ སྨན་གཏོར་རཀྟ་འོད་དུ་འབར༔ ཕྱི་ནང་ཉེར་སྤྱོད་བསམ་མི་ཁྱབ༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་རཀྟ་བྷ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཨོཾ༔ ཆོས་རྣམས་སྤྲོས་བྲལ་དེ་བཞིན་ཉིད༔ དམིགས་མེད་སྙིང་རྗེར་ཀུན་ཏུ་སྣང༔ རྒྱུ་ཡི་ས་བོན་ཧཱུྃ་དམར་པོའི༔ འོད་ཀྱིས་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་བརྩེགས༔ རིན་ཆེན་རི་དབང་སྲུང་བའི་གུར༔ དུར་ཁྲོད་གཞལ་མེད་ཁང་ཆེན་དབུས༔ པད་ཉི་དྲེགས་པའི་གདན་སྟེང་དུ༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ བདེ་མཆོག་པདྨ་བཛྲ་རྩལ༔ སྐུ་དམར་རཱ་གའི་མདངས་འོད་འཚེར༔ ཁྲོ་ཞིང་རྗེས་ཆགས་ཉམས་འགྱུར་ཅན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ༔ མཆེ་གཙིགས་ལྗགས་འདྲིལ་སྨར་སྨིན་དང༔ དབུ་སྐྲ་གནག་སྣུམ་མེ་འོད་འཕྲོ༔ རལ་པའི་ཐོར་ཚུགས་ནོར་བུ་དང༔ གཡོན་ངོས་ཟླ་བ་ཚེས་པས་བརྒྱན༔ ཞིང་གླང་སྟོད་གཡོགས་སྟག་ཤམ་འཆང༔ ཐོད་སྦྲུལ་རིན་ཆེན་རུས་པས་སྤྲས༔ ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ༔ མནྡྷཱ་ར་བ་རྣལ་འབྱོར་མ༔ དམར་གསལ་གྲི་ཐོད་འཛིན་པས་འཁྱུད༔ ཞབས་ཟུང་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་དབུས་ན་འགྱིང༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོས་བསྐོར༔ སྐུ་ཡི་གནས་ལྔར་འོད་ཀྱི་ཀློང༔ ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་གྱི༔ ཐུགས་ཀར་པད་ཟླའི་གདན་སྟེང་དུ༔ སྤྱི་བོར་སྐུ་མཆོག་གཤིན་རྗེའི་གཤེད༔ དབྱེར་མེད་འཇམ་དཔལ་བཤེས་གཉེན་རྩལ༔ མགྲིན་པར་རྟ་མགྲིན་ཀླུ་སྒྲུབ་སྙིང༔ ཐུགས་ཀར་ཡང་དག་ཧཱུྃ་ཀཱ་ར༔ ལྟེ་བར་ཆེ་མཆོག་བི་མ་ལ༔ གསང་གནས་ཕུར་པ་པྲ་ཧསྟི༔ ནོར་བུར་བླ་མེད་དྷ་ན་སཾ༔ ཐབས་ཤེས་བརླ་ཡི་དཀྱིལ་འཁོར་དུ༔ དྲེགས་འདུལ་རོམྦུ་གུ་ཧྱ་དང༔ སྟོབས་ལྡན་ཤཱནྟིཾ་གརྦྷ་རྩལ༔ རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ སྙིང་ཁའི་ནང་སྐོར་རྩ་འདབ་ཀྱི༔ ཕྱོགས་བཞིར་རིགས་བཞིའི་རྣལ་འབྱོར་མ༔ སྨིན་མཚམས་ལ་སོགས་གནས་ཉེར་བཞིར༔ ཡུལ་ཆེན་ཉེར་བཞིའི་དཔའ་བོ་དང༔ མཁའ་འགྲོའི་ཚོགས་རྣམས་འཁྲིལ་སྦྱོར་རོལ༔ ཡན་ལག་སྒོ་མ་མཚམས་མ་བརྒྱད༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ རྩ་གསུམ་རྒྱལ་བ་ཞི་དང་ཁྲོ༔ ཏིལ་གོང་ཁ་ཕྱེ་ལྟ་བུར་བཞུགས༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་རྒྱས་གདབ་ཅིང༔ ཡེ་ཤེས་ལྔ་ཡི་དབང་བསྐུར་བས༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཨོཾ་ཏྲཱཾ་ཧཱུྃ་ཨཱཿཨ་བྷི་ཥིཉྩཱ་མི༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་བཛྲ་དྷཱུ་མ་གྷ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་གསོལ་ཕྱག་འཚལ་ནི༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྷ་ཚོགས་དགྱེས་པར་བཞུགས༔ རང་ལས་སྤྲུལ་པའི་དྷཱ་ཀི་ནཱིས༔ གུས་པའི་བརྡ་ཡིས་ཕྱག་བགྱི་འོ༔ ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཞི་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ལྷ་རྫས་དྲག་པོའི་ཉེར་སྤྱོད་བསམ་མི་ཁྱབ༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས་སུ་སྦྱོར༔ སྨན་རཀ་གཏོར་ཚོགས་མཆོད་པའི་སྤྲིན་ཆེན་པོས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ དྲུག་པ་རྣམ་པ་གསལ་བ་ནི༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང༔ ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷ༔ སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟར༔ གསལ་ལ་མ་འདྲེས་རྩེ་གཅིག་བསྒོམ༔ ཨོཾ་པདྨ་བཛྲ་ཧཱུྃ༔ ཞེས་བཟླས་རྩེ་གཅིག་སེམས་འཛིན་བྱ༔ བདུན་པ་ང་རྒྱལ་བརྟན་པ་ནི༔ ཧཱུྃ༔ ང་ནི་པདྨ་བཛྲ་རྩལ༔ བདེ་བ་མཆོག་གི་རང་བཞིན་ཆེ༔ སྐུ་དང་ཡེ་ཤེས་ཡོན་ཏན་དང༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་དོ༔ ཨོཾ་པདྨ་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཞེས་བཟླས་ང་རྒྱལ་བརྟན་པོར་བཟུང༔ བརྒྱད་པ་དག་པ་དྲན་པ་ནི༔ རིག་པ་རང་བྱུང་གཉུག་མའི་ལྷ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཕྱིར༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྣང༔ ཞལ་གཅིག་དབྱིངས་ལས་འགྱུར་བ་མེད༔ ཕྱག་གཉིས་ཐབས་དང་ཤེས་རབ་སྟེ༔ སྤྱན་གསུམ་རྣམ་པར་ཐར་པའི་སྒོ༔ མཆེ་གཙིགས་མི་འཇིགས་བདུད་བཞི་འདུལ༔ ལྗགས་འདྲིལ་ཡེ་ཤེས་ཆེན་པོར་སྦྱོར༔ རྡོ་རྗེ་དྲིལ་བུ་བདེ་སྟོང་རྒྱས༔ སྟོང་ཉིད་ཤེས་རབ་ཡུམ་དང་འཁྲིལ༔ ཡུམ་གྱིས་གཟུང་འཛིན་གཅོད་པ་དང༔ ཉོན་མོངས་རང་དག་གྲི་ཐོད་བསྣམས༔ མཁའ་གསང་ཨེ་ཝཾ་མཉམ་པར་སྦྱོར༔ ཞི་ཉམས་ཆོས་ཉིད་སྤྲོས་བྲལ་ལས༔ ཁྲོ་ཚུལ་ལོངས་སྤྱོད་ཆེན་པོར་རྫོགས༔ རྗེས་ཆགས་གདུལ་བྱར་རྩེ་གཅིག་དགོངས༔ སྐུ་དམར་འགྲོ་འདུལ་ཆགས་པའི་ཚུལ༔ ཆེ་བའི་ཡོན་ཏན་རྫོགས་པ་དང༔ ཉོན་མོངས་མ་སྤང་ཞི་ཁྲོའི་ཆས༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཞི་དང་སྲིད་པའི་མཐའ་གཉིས་གནོན༔ ཡེ་ཤེས་མེ་ཡིས་མ་རིག་སྲེག༔ དྲེགས་པ་ཉི་ཟླ་པདྨའི་སྟེང༔ ཁམས་གསུམ་དབང་ཕྱུག་ཆེན་པོར་བཞེངས༔ སྐུ་ལ་རྩ་གསུམ་ཞི་ཁྲོའི་ལྷ༔ ཕུང་ཁམས་སྐྱེ་མཆེད་དག་པར་རྫོགས༔ གཞལ་མེད་ཁང་ཆེན་བྱང་ཆུབ་ཆོས༔ དུར་ཁྲོད་ཚོགས་བརྒྱད་གཟུང་འཛིན་བསྒྲལ༔ རྡོ་རྗེའི་སྲུང་འཁོར་འགྱུར་མེད་དབྱིངས༔ མདོར་ན་གང་དང་ཅིར་སྣང་བ༔ དེ་ཀུན་ལྷ་དང་ཞིང་ཁམས་ཏེ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འོ༔ ཨོཾ་པདྨ་བཛྲ་སརྦ་ཛྙཱ་ན་ཀཱ་ཡ་ཨ་ཨ་ཨ༔ དགུ་པ་བཟླས་པ་བྱ་བ་ལ༔ བསྙེན་དང་སྒྲུབ་དང་ལས་སྦྱོར་རོ༔ དང་པོ་རྩ་བའི་བསྙེན་པ་ནི༔ ཧཱུྃ༔ བདག་ཉིད་པདྨ་བཛྲ་རྩལ༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབྱིངས༔ ཧཱུྃ་ཆེན་ཀཱ་རའི་ཐུགས་དབུས་སུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་གྱི༔ ལྟེ་བར་ཧཱུྃ་དམར་མེ་འོད་འཕྲོ༔ མཐའ་སྐོར་སྔགས་ཀྱི་ཕྲེང་བས་མཚན༔ གསལ་ཞིང་འབར་བའི་ཏིང་འཛིན་ལས༔ རྡོ་རྗེའི་གསང་སྔགས་བར་མེད་འཕྲོས༔ ཕྱི་ནང་ཡབ་ཡུམ་ཞལ་དང་ནི༔ གསང་བའི་གནས་བརྒྱུད་མགལ་མེ་ལྟར༔ བསྐོར་དང་བདེ་ཆེན་གཟི་བྱིན་གྱིས༔ ཟག་མེད་བདེ་བ་རབ་ཏུ་འབར༔ དངོས་གྲུབ་ཡེ་ཤེས་བརྟན་པར་བསམ༔ ཨོཾ་པདྨ་བཛྲ་ཧཱུྃ༔ རྡོ་རྗེའི་ཡི་གེ་དྲུག་པ་ཡི༔ བཟླས་བརྗོད་ཆུ་བོའི་རྒྱུན་ལྟར་བྱ༔ འབུམ་ཕྲག་བདུན་གྱིས་འགྲུབ་པར་འགྱུར༔ ཡོངས་རྫོགས་སྒྲུབ་པའི་རིམ་པ་ནི༔ ཧཱུྃ༔ སླར་ཡང་ཐུགས་སྲོག་ས་བོན་མཐར༔ སྒྲུབ་པའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་བདེ་ཆེན་འོད་ཟེར་སྤྲིན༔ ལུས་ཀྱི་དཀྱིལ་འཁོར་ཀུན་ལ་ཁྱབ༔ ལྷ་རྣམས་སྙོམས་ཞུགས་བདེ་བའི་སྒྲ༔ འོད་དང་སྤྲུལ་པ་བསམ་ཡས་འཕྲོས༔ མཁའ་ཁྱབ་རྩ་གསུམ་རབ་འབྱམས་མཆོད༔ བྱིན་རླབས་དྭངས་བཅུད་རང་ལ་ཐིམ༔ སླར་འཕྲོས་སྣོད་བཅུད་སྣང་ཞེན་སྦྱངས༔ ཡུལ་ཀུན་འཇའ་ཚོན་ལྷ་སྐུར་དག༔ སྒྲར་གྲགས་རང་བྱུང་སྔགས་སུ་རྫོགས༔ དྲན་རྟོག་བསམ་གྱིས་མི་ཁྱབ་པ༔ ཕྱག་རྒྱ་ཆེན་པོའི་དབྱིངས་སུ་སྨིན༔ ཨོཾ་ཨཱཿཧཱུྃ་པདྨ་བཛྲ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ སྒྲུབ་པའི་གསང་སྔགས་འབྲུ་ཉེར་གཅིག༔ འབུམ་ཕྲག་བཞི་བཟླས་ཡེ་ཤེས་འཆར༔ དེ་ནས་ལས་ལ་སྦྱར་བ་ནི༔ ཨོཾ༔ སྤྱི་བོའི་བུདྡྷ་ཐོད་ཕྲེང་གི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་དཀར་པོ་མཁའ་ཁྱབ་འཕྲོས༔ ཞི་བའི་ལས་ཀུན་ལྷུན་གྲུབ་གྱུར༔ ཨོཾ་བུདྡྷ་ཐོད་ཕྲེང་རྩལ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཏྲཱཾ༔ ལྟེ་བའི་རཏྣ་ཐོད་ཕྲེང་གི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་གསེར་མདོག་མཁའ་ཁྱབ་འཕྲོས༔ རྒྱས་པའི་ལས་ཀུན་ལྷུན་གྲུབ་གྱུར༔ ཨོཾ་རཏྣ་ཐོད་ཕྲེང་རྩལ་སརྦ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱི༔ མགྲིན་པའི་པདྨ་ཐོད་ཕྲེང་གི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་དམར་པོ་མཁའ་ཁྱབ་འཕྲོས༔ དབང་གི་ལས་ཀུན་ལྷུན་གྲུབ་གྱུར༔ ཨོཾ་པདྨ་ཐོད་ཕྲེང་རྩལ་སརྦ་པཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་སྔོན་པོ་མཁའ་ཁྱབ་འཕྲོས༔ དྲག་པོའི་ལས་ཀུན་ལྷུན་གྲུབ་གྱུར༔ ཨོཾ་བཛྲ་ཐོད་ཕྲེང་རྩལ་སརྦ་མཱ་ར་ཡ་ཕཊ༔ ཧཱ༔ གསང་གནས་ཀརྨ་ཐོད་ཕྲེང་གི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་ལྗང་གུ་མཁའ་ཁྱབ་འཕྲོས༔ ཕྲིན་ལས་ཐམས་ཅད་ལྷུན་གྲུབ་གྱུར༔ ཨོཾ་ཀརྨ་ཐོད་ཕྲེང་རྩལ་སརྦ་ཀརྨ་ཀུ་རུ་ཀུ་རུ་ཧཱུྃ༔ ལས་སྦྱོར་ཁྲི་ཕྲག་བཞི་རེ་བཟླས༔ སོ་སོའི་ལས་ཀུན་འགྲུབ་པར་འགྱུར༔ ཁྱད་པར་མཆོག་གི་ལས་སྦྱོར་ནི༔ བདུད་རྩི་སྨན་གྱི་སྒྲུབ་པ་དང༔ ཐུན་མོང་དངོས་གྲུབ་ཀུན་གྱི་གཞི༔ རྡོ་རྗེ་ཚེ་ཡི་སྒྲུབ་པ་བྱ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཞིང་ངམ་གཅན་གཟན་ལྤགས་པའི་སྟེང༔ མཚན་ལྡན་བྷནྡྷའི་སྣོད་མཆོག་ཏུ༔ མ་ད་ན་དང་བ་ལ་སོགས༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ བསང་ཆུས་འཐོར་ཞིང་བདུད་རྩིས་བྲན༔ ཧཱུྃ༔ གཉིས་མེད་རྡོ་རྗེ་ལྟ་བུ་ཡི༔ ཏིང་འཛིན་མཆོག་གི་རོལ་རྩལ་ལས༔ རིག་པའི་ཡེ་ཤེས་མེ་རླུང་ཆུས༔ ཚོགས་གཏོར་དངོས་འཛིན་བག་ཆགས་སྦྱངས༔ སྟོང་པའི་ངང་ལས་བྷཉྫའི་སྣོད༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ ཚོགས་རྫས་ཟག་མེད་བདུད་རྩིའི་བཅུད༔ འདོད་ཡོན་སྤྲིན་ཕུང་མཁའ་ཁྱབ་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སརྦ་ག་ཎ་ཙཀྲ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ་ཧྲཱི༔ ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ བདེ་ཆེན་པདྨ་བཛྲ་རྩལ༔ རིག་འཛིན་རྒྱ་མཚོའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གཉིས་སྣང་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཤ་ཁྲག་བདེ་སྟོང་ཞལ་དུ་སྦྱོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ འོག་མིན་གསང་ཆེན་ཕོ་བྲང་ནས༔ ལྷན་སྐྱེས་ཁྲག་འཐུང་ཡབ་དང་ཡུམ༔ ཡི་དམ་རྒྱ་མཚོའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གཉིས་སྣང་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཤ་ཁྲག་བདེ་སྟོང་ཞལ་དུ་སྦྱོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་དེ་བ་ག་ཎ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཉི་ཤུ་རྩ་བཞིའི་ཡུལ་མཆོག་ནས༔ ཞིང་སྐྱེས་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གཉིས་སྣང་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཤ་ཁྲག་བདེ་སྟོང་ཞལ་དུ་སྦྱོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་ཌཱ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ རབ་འཇིགས་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་མགོན་པོ་ལྕམ་དྲལ་དང༔ ཆོས་སྲུང་རྒྱ་མཚོའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གཉིས་སྣང་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཤ་ཁྲག་བདེ་སྟོང་ཞལ་དུ་སྦྱོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས༔ ནོར་ལྷ་བྱེ་བའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ གཉིས་སྣང་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཤ་ཁྲག་བདེ་སྟོང་ཞལ་དུ་སྦྱོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བ་སུ་དེ་ཝ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ ཐུགས་དམ་བསྐང་ངོ་གསོལ་ལོ་མཆོད༔ བདུག་སྤོས་མེ་ཏོག་སྣང་གསལ་སོགས༔ ལྷ་རྫས་ཕྱི་ཡི་མཆོད་པས་བསྐང༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ རང་བྱུང་ནང་གི་མཆོད་པས་བསྐང༔ པདྨ་ཅན་སོགས་ཕྱག་རྒྱ་དང༔ མཉམ་སྦྱོར་གསང་བའི་མཆོད་པས་བསྐང༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས༔ དཔལ་གྱི་འབྱོར་པས་ཐུགས་དམ་བསྐང༔ རྡོ་རྗེའི་རིག་མ་བཅུ་དྲུག་སོགས༔ ངོ་མཚར་མཆོད་པས་ཐུགས་དམ་བསྐང༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་སོགས༔ རྨད་བྱུང་མཆོད་པས་ཐུགས་དམ་བསྐང༔ རང་བཞིན་སྤྲོས་བྲལ་བྱང་ཆུབ་སེམས༔ བླ་མེད་མཆོག་གི་མཆོད་པས་བསྐང༔ ཧཱུྃ་ཧྲཱི༔ རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ བྱིན་གྱིས་རློབས་ལ་དབང་བཞི་སྐུར༔ ཡི་དམ་ཞི་ཁྲོའི་ཐུགས་དམ་བསྐང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ རྩ་ཁམས་རླུང་ལ་ཡེ་ཤེས་སྐྱེད༔ ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས༔ ནོར་ལྷ་གཏེར་བདག་ཐུགས་དམ་བསྐང༔ འདོད་རྒུའི་དཔལ་འབྱོར་ཆར་ལྟར་ཕོབ༔ ཧཱུྃ་ཧྲཱི༔ བསྐང་ངོ་ཀལྤས་ཐུགས་དམ་བསྐང༔ སྣང་བ་སེམས་ཉིད་ཀློང་དུ་བསྐང༔ སེམས་ཉིད་སྟོང་པ་ཆེན་པོར་བསྐང༔ སྟོང་པ་སྤྲོས་བྲལ་ཀློང་དུ་བསྐང༔ སྤྲོས་བྲལ་འདུས་མ་བྱས་པའི་དབྱིངས༔ ཟུང་འཇུག་ཐིག་ལེའི་ཀློང་དུ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་དག༔ ཡེ་ཤེས་ཕྱག་རྒྱ་མངོན་གྱུར་ཤོག༔ དེ་ལྟར་ཕྱི་ཡི་ཚོགས་ཀྱིས་མཆོད༔ ཉམས་པ་བསྐང་ཞིང་བསམ་རྒུ་འགྲུབ༔ ནང་ལྟར་དམ་རྫས་ལོངས་སྤྱོད་པས༔ ཕུང་ཁམས་ལྷ་རྣམས་དགྱེས་པ་བསྐྱེད༔ གསང་བ་སྙོམས་འཇུག་བདེ་ཆེན་སྤེལ༔ མཆོག་གི་ཡེ་ཤེས་མངོན་འགྱུར་བྱ༔ ལྷག་མ་བསྡུས་ལ་བདུད་རྩིས་བྲན༔ ཧཱུྃ་བྷྱོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་གྱི༔ མུ་རན་སྐྱོང་བའི་ལྷག་སྡུད་ཀུན༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ འཁོར་སྲུངས་རྐྱེན་ཟློག་ཕྲིན་ལས་སྒྲུབས༔ ཨོཾ་ཨུཥཙིཥྚ་བ་ལིཾ་ཏ་ཁ་ཧི༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་དུ༔ ཕྱི་ནང་གཞན་གསུམ་དབྱེར་མེད་པའི༔ ཚོགས་ཀྱི་ལོངས་སྤྱོད་ཕུལ་བ་ཡིས༔ དངོས་གྲུབ་སྣང་བ་རྒྱས་པར་ཤོག༔ གཉིས་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ གནས་མཆོག་ཟངས་མདོག་དཔལ་རིའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ བདེ་ཆེན་པདྨ་བཛྲ་རྩལ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ ཐུགས་རྗེ་ཐུགས་དམ་གནད་ནས་བསྐུལ༔ ཡེ་ཤེས་ཆེན་པོའི་མཐུ་རྩལ་སྐྱེད༔ བདག་དང་མོས་པའི་བུ་རྣམས་ཀྱི༔ འགལ་རྐྱེན་བར་ཆད་ཞི་བར་མཛོད༔ མཐུན་རྐྱེན་ཚེ་བསོད་ལེགས་ཚོགས་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ ཕྱི་ནང་དུས་ཀྱི་རྒུད་པ་སོལ༔ མཐའ་དམག་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ མཐར་ཐུག་ཟུང་འཇུག་ཡེ་ཤེས་སྐུ༔ ཚེ་འདིར་འགྲུབ་པའི་ཕྲིན་ལས་མཛོད༔ རྡོ་རྗེའི་སྲུང་མར་ཐ་ཚིག་གསོལ༔ ཧཱུྃ་བྷྱོ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ བསྟན་པ་བསྲུང་ཕྱིར་འབར་བའི་སྐུ༔ དཔལ་ལྡན་མ་ཧཱ་ཀཱ་ལ་དང༔ ལྷ་མོ་ནག་མོ་རེ་མ་ཏཱི༔ ལྕམ་དྲལ་བཀའ་སྡོད་དམ་ཅན་ཚོགས༔ དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཀུན༔ སྨན་རཀ་གཏོར་མའི་མཆོད་པ་བཞེས༔ བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་དམ་བཅས་བཞིན༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་ཟློག༔ ཚེ་དཔལ་འབྱོར་པ་སློབ་བརྒྱུད་སྤེལ༔ དགྲ་དཔུང་བདུན་བརྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ སངས་རྒྱས་བསྟན་པ་འཕེལ་བ་དང༔ འགྲོ་བའི་བདེ་སྐྱིད་རྒྱས་པར་མཛོད༔ ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་སརྦ་ཀརྨ་ཀུ་རུ་ཧོ༔ གཏོར་མའི་བཤལ་ཆུས་བརྟན་མ་མཆོད༔ ཧཱུྃ་བྷྱོ༔ དགུང་སྔོན་སྟེང་དང་གཡའ་རིའི་རྩེ༔ གངས་བྲག་རི་མཚོ་གཉན་པོ་སོགས༔ བོད་ཁམས་མཐའ་དབུས་ཐམས་ཅད་ནས༔ སོ་ཁ་སྐྱོང་བའི་དམ་ཅན་མ༔ བརྟན་མ་ཆེན་མོ་བཅུ་གཉིས་དང༔ ཡ་མ་སྐྱོང་མའི་ཚོགས་བཅས་ཀུན༔ འདིར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ ཁྲག་འཐུང་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡི༔ སྤྱན་སྔར་གཡར་དམ་ཞལ་བཞེས་ལྟར༔ གངས་ཅན་འགྲོ་ཀུན་བདེ་བ་དང༔ ཟབ་གཏེར་བསྟན་པ་རྒྱས་པར་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི་ཀརྨ་ཀུ་རུ་ཧོ༔ ལས་མཐའ་རྡོ་རྗེའི་བྲོ་ཡིས་བསྡུ༔ ཧཱུྃ་ཧཱུྃ༔ ང་ནི་པདྨ་དྲག་པོ་རྩལ༔ དཔལ་གྱི་རྟ་གདོང་རྔམ་བཞད་འཚེར༔ དབང་དྲག་འབར་བའི་བྲོ་བརྡུངས་པས༔ ལོག་འདྲེན་འབྱུང་པོ་དབྱིངས་སུ་མནན༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་སཏྭཾ་བྷ་ཡ་ནན༔ གསུམ་པ་དངོས་གྲུབ་གསོལ་བ་ནི༔ མཆོད་ཅིང་བསྟོད་པ་སྔོན་འགྲོ་བས༔ སྒྲུབ་རྟེན་ལྷར་གསལ་སྤྱི་བོར་བཏེགས༔ ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དབྱིངས༔ འོད་གསལ་སྤྲོས་པ་བྲལ་བ་ལས༔ ཐུགས་རྗེའི་དབང་གིས་སྐུར་བཞེངས་པའི༔ གུ་རུ་པདྨ་བཛྲ་རྩལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ དམིགས་མེད་མཁྱེན་བརྩེའི་རང་བཞིན་ལ༔ གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ གདུལ་བྱའི་མོས་གུས་རྩེ་གཅིག་པས༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ སྒྲུབ་སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ གནས་གསུམ་རེག་ཅིང་དམ་རྫས་མྱང༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ བཞི་པ་ནོངས་ཚོགས་བཟོད་གསོལ་ནི༔ ཧོ༔ བསྙེན་སྒྲུབ་ཕྲིན་ལས་བརྩམས་པ་ལ༔ ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས༔ ནོངས་པར་གྱུར་པ་ཅི་མཆིས་ཀུན༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བརྗོད༔ ལྔ་པ་བསྐྱེད་རིམ་ཉེར་བསྡུ་ནི༔ ཨ༔ སེམས་ལས་སེམས་བྱུང་སྣང་ཆའི་ལྷ༔ སེམས་ཉིད་སྐྱེ་བ་མེད་པའི་ཀློང༔ མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ བསམ་གྱིས་མི་ཁྱབ་ངང་དུ་བཞག༔ ཨ་ཨ་ཨ༔ དྲུག་པ་ཐུན་མཚམས་ལྡང་བ་ནི༔ ཧཱུྃ༔ སླར་ཡང་བདེ་རླུང་སེམས་ཉིད་ལས༔ རང་དང་སྣང་བ་ཐམས་ཅད་ཀུན༔ ལྷ་སྔགས་ཡེ་ཤེས་སྒྱུ་མའི་ངང༔ རྒྱུན་དུ་འགྲོ་བའི་དོན་ལ་སྤྱོད༔ ཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ བདུན་པ་དགེ་བ་བསྔོ་བ་ནི༔ ཧོ༔ བདེ་ཆེན་པདྨ་བཛྲ་རྩལ༔ བསྙེན་ཅིང་བསྒྲུབས་པའི་དགེ་བས་མཚོན༔ དུས་གསུམ་བསགས་པའི་ལེགས་བྱས་ཀུན༔ གཞན་དོན་སངས་རྒྱས་ཐོབ་ཕྱིར་བསྔོ༔ བརྒྱད་པ་སྨོན་ལམ་གདབ་པ་ནི༔ དེང་ནས་སྐྱེ་བ་ཐམས་ཅད་དུ༔ བླ་མ་མཆོག་དང་མི་འབྲལ་ཞིང༔ བསྙེན་སྒྲུབ་ཕྲིན་ལས་མཐར་ཕྱིན་ནས༔ སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག༔ དགུ་པ་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་གིས༔ མི་མཐུན་ཀུན་ཞི་ལེགས་ཚོགས་འཕེལ༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ དེ་ལྟར་ཕྲིན་ལས་རིམ་པ་འདི༔ རྒྱུན་གྱི་དུས་དང་ཁྱད་པར་དུ༔ ཚོགས་དང་མཆོད་པའི་དཔུང་བསྐྱེད་ལ༔ ཡར་མར་ཚེས་བཅུར་བརྩོན་པ་ཡིས༔ ལམ་གྱི་བར་ཆད་ཞི་བ་དང༔ ཡེ་ཤེས་རིག་རྩལ་གོང་དུ་འཕེལ༔ ཁྱད་པར་པདྨ་བདག་ཉིད་ཀྱིས༔ ངེས་པར་བྱིན་གྱིས་རློབ་པར་འགྱུར༔ ས་མ་ཡ༔ བསྐྱེད་རིམ་ཟབ་མོའི་དྲོད་ཐོབ་ཕྱིར༔ རྩེ་གཅིག་ཉམས་སུ་བླང་བའི་ཚུལ༔ ཟབ་མོ་ཁྲིད་ཀྱི་རིམ་པ་ནི༔ དབེན་ཞིང་བྱིན་རླབས་ལྡན་པའི་སར༔ ཕྱི་ནང་མཚམས་བཅད་རྣམ་གཡེང་སྤང༔ ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས༔ སྐྱབས་སེམས་སྒྲིབ་སྦྱོང་ནན་ཏན་བྱ༔ ཁྱད་པར་བླ་མའི་རྣལ་འབྱོར་ནི༔ མོས་གུས་དྲག་པོས་གནད་དུ་བསྣུན༔ གནས་ཁང་བྱི་དོར་ཆག་ཆག་གདབ༔ སྐུ་གསུང་ཐུགས་ཀྱི་རྟེན་དང་ནི༔ མཆོད་ཚོགས་ཇི་ལྟར་འབྱོར་པ་བཤམ༔ ཐུན་བཞིར་ཕྲིན་ལས་གཞུང་བསྲངས་ལ༔ ལྷ་སྐུའི་གསལ་སྣང་བརྟན་པོར་བསྒྲུབ༔ ཏིང་འཛིན་གཟེར་བཏབ་བྱིང་རྒོད་བསལ༔ སྐབས་སུ་ང་རྒྱལ་བརྟན་པར་བཟུང༔ རེས་འགའ་དག་པ་རབ་འབྱམས་དྲན༔ ཀུན་ཀྱང་དགོངས་པ་མི་འགྱུར་བའི༔ སེམས་དང་ལྷ་སྐུ་རོ་མཉམ་གཞག༔ དེ་ལྟར་ཡང་ཡང་གོམས་པ་ལས༔ ཐ་མལ་སྣང་ཞེན་འགོག་ནུས་པའི༔ ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར༔ ཡན་ལག་དངོས་གྲུབ་མྱུར་བའི་ཕྱིར༔ བཀོད་པའི་བཟླས་པར་སེམས་བཟུང་ཞིང༔ འཁོར་བའི་བཟླས་པས་བདེ་ཆེན་བརྟན༔ ཕོ་ཉ་ལྟ་བུར་སྤྲོ་བ་དང༔ བུང་བ་ཚང་ཞིག་ལྟ་བུ་ཡིས༔ དངོས་གྲུབ་བསྒྲུབ་ཅིང་ལས་ལ་སྦྱར༔ སྣང་གྲགས་རྟོག་པའི་རྙོག་མ་ཀུན༔ རྡོ་རྗེ་གསུམ་དུ་རང་ཤར་ན༔ བུམ་དབང་ལམ་ཁྱེར་བསྐྱེད་པའི་རིམ༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ ས་མ་ཡ༔ དེ་ལྟར་བསྐྱེད་རིམ་རྟེན་བྱས་ནས༔ བརྟེན་པ་བདེ་སྟོང་ལྷན་སྐྱེས་ཀྱི༔ ཡེ་ཤེས་རྒྱུད་ལ་འཆར་བའི་ཕྱིར༔ མན་ངག་རྫོགས་པའི་རིམ་པ་ནི༔ བདག་བྱིན་བརླབ་ཀྱི་ཏིང་འཛིན་གྱིས༔ ཡིད་ཀྱི་རྣམ་རྟོག་དག་པར་བྱེད༔ སྣ་ཚོགས་རྡོ་རྗེའི་རྣལ་འབྱོར་གྱིས༔ རླུང་གི་རྒྱུ་བ་དབུ་མར་བཅད༔ ཛཱ་ལནྡྷ་རའི་འབར་འཛག་གིས༔ རྩ་ཁམས་ཤིན་སྦྱངས་བདེ་བས་ཁྱབ༔ ནོར་བུ་འགེངས་པ་ལ་བརྟེན་ནས༔ བདེ་ཆེན་དཔེ་ཡི་ཡེ་ཤེས་དྲང༔ མཐར་ཐུག་བསམ་མི་ཁྱབ་པ་ཡིས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ དེ་ལ་རིམ་པ་དང་པོ་ནི༔ དབང་པོ་རྣོན་པོའི་རྣལ་འབྱོར་པས༔ བདེ་བའི་སྟན་ལ་ལུས་གནད་བསྲང༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཏེ༔ བླ་མའི་ཐུགས་དང་རང་གི་སེམས༔ དབྱེར་མེད་མ་བཅོས་གཉུག་མའི་ངང༔ ཚོགས་དྲུག་སྣང་བར་གང་ཤར་ཡང༔ སྤང་བླང་བསལ་བཞག་ལས་འདས་པའི༔ རྣམ་པར་མི་རྟོག་ངང་མདངས་བསྐྱང༔ དབང་པོ་འབྲིང་དང་རྟུལ་པོ་དག༔ དེ་ཡིས་གནས་སུ་མ་བཏུབ་ན༔ རང་ཉིད་པདྨ་བཛྲ་ཡབ༔ དྭངས་གསལ་རྙོག་མེད་ཐུགས་ཀ་རུ༔ ཟླ་བའི་གདན་ལ་ཨཾ་དམར་སྐྱ༔ མི་ཤིགས་ཐིག་ལེས་མཚན་པར་བསྒོམ༔ སྟོང་གསལ་ཟུང་འཇུག་ཏི་ལ་ཀར༔ རྩེ་གཅིག་སེམས་གཏད་ཡེངས་མེད་འཇོག༔ དབང་ཤེས་ཡུལ་ལ་འཕོ་བ་ན༔ མིག་ཏུ་རྣམ་ཤེས་རྒྱུ་བའི་ཚེ༔ གནས་དེར་ཐིག་ལེ་དཀར་པོར་གསལ༔ དེ་བཞིན་རྣ་བར་ཐིག་ལེ་ནག༔ སྣར་སེར་ལྕེ་ཡི་འདོམས་རྩར་དམར༔ རྡོ་རྗེའི་བུ་གར་ལྗང་གུར་བསྒོམ༔ དེ་ལ་སེམས་བཟུང་རྟོག་མེད་འཇོག༔ མཐར་ནི་ཚོགས་དྲུག་དབང་ཤེས་ཡུལ༔ དབྱེར་མེད་རྩོལ་བྲལ་ངང་དུ་ཀློད༔ བུམ་པ་ཅན་གྱི་སྦྱོར་བ་ཡིས༔ རླུང་སེམས་ཐིག་ལེར་བརྟན་པར་བཅིང༔ དེ་ལྟར་རྩེ་གཅིག་གོམས་པ་ལས༔ ཡིད་ཀྱི་གཟུང་འཛིན་རྟོག་ཚོགས་ཞི༔ མངོན་པར་ཤེས་པ་དྲུག་ཐོབ་ཅིང༔ སྣང་རིག་སྟོང་པ་ཟུང་འཇུག་པའི༔ ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར༔ རིམ་པ་གཉིས་པའི་རྣལ་འབྱོར་ནི༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ དྷཱུ་ཏཱི་འོད་ཀྱི་རང་བཞིན་བསྒོམ༔ སྲོག་རྩོལ་ཁ་སྦྱར་དྲག་ཏུ་གཅུན༔ དབུ་མའི་ཡས་སྣ་སྤྱི་བོའི་སྟེང༔ སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང༔ དེ་ནང་ཨ་ལས་ཆོས་འབྱུང་དང༔ ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཟླ་སྟེང་ཧཱུྃ་ཡིག་ནི༔ དཀར་དམར་མདངས་ཅན་དེ་ཉིད་དང༔ མཐར་ནི་ཧཱུྃ་གི་ཐིག་ལེ་ལ༔ རྩེ་གཅིག་སེམས་བཟུང་མཉམ་པར་གཞག༔ དེ་ལས་རླུང་སེམས་གཡོ་བ་ན༔ ཧཱུྃ་གི་ཐིག་ལེའི་འོད་ཟེར་དང༔ རླུང་ཉིད་དྷཱུ་ཏཱིའི་ནང་དུ་སོན༔ བདེ་བའི་ཡེ་ཤེས་སྐྱེས་པར་བསྒོམ༔ དེ་བཞིན་གསང་བའི་གནས་སུ་ཡང༔ སྣ་ཚོགས་རྡོ་རྗེ་ཆོས་འབྱུང་སོགས༔ བསྒོམ་དང་སེམས་འཛིན་སྔར་ལྟར་བྱ༔ དབང་ཤེས་ཡུལ་ལ་འཇུག་པའི་ཚེ༔ དེ་དང་དེ་རུ་སྤྲོས་ཏེ་བསྒོམ༔ འབད་པས་ཉམས་སུ་བླངས་པ་ལས༔ རླུང་སེམས་ཟིན་པའི་ཕྱི་རྟགས་སུ༔ དུ་བ་ལ་སོགས་ཉམས་འཆར་ཞིང༔ ནང་དུ་རྟགས་ཅན་འོད་གསལ་གྱི༔ ཡེ་ཤེས་རྒྱུད་ལ་མྱོང་བར་འགྱུར༔ དེ་ཡི་བོགས་འབྱིན་ཏིང་འཛིན་ནི༔ ས་བོན་མེད་པའི་བསྒོམ་ཚུལ་ཏེ༔ ལུས་བསྲང་རླུང་རོ་གཡས་ནས་བསལ༔ མཛོད་སྤུར་ཉི་མའི་དཀྱིལ་འཁོར་བསམ༔ གཡོན་ནས་བསལ་བས་དེ་ཡི་སྟེང༔ ཟླ་བའི་དཀྱིལ་འཁོར་ལམ་སྟེ་གྱུར༔ གཉིས་ཀ་དུས་མཉམ་བསལ་བ་ཡིས༔ དེ་སྟེང་དབུས་མཐིང་ཕྱོགས་མདོག་གི༔ ཐིག་ལེ་གསལ་བཏབ་རིམ་པ་བཞིན༔ མ་ཡེངས་སེམས་གཏད་མཉམ་པར་འཇོག༔ རླུང་ནི་ཕྱི་རུ་ཐུབ་ཚད་བཟུང༔ མི་ཐུབ་ནང་དུ་དལ་བུས་རྔུབས༔ དེ་བཞིན་གསང་བའི་རྩེ་མོ་དང༔ དབང་པོའི་སྒོར་ཡང་སྤྲོས་ཏེ་བསྒོམ༔ རླུང་སེམས་ལས་སུ་རུང་བ་ལས༔ ལྷ་ཡི་མིག་སོགས་ཡེ་ཤེས་འཆར༔ རིམ་པ་གསུམ་པའི་རྣལ་འབྱོར་ནི༔ རང་གི་ལྟེ་འོག་སོར་བཞིའི་ཐད༔ རྩ་གསུམ་སྦུབས་གཅིག་གྱུར་པའི་སྣེར༔ ཕྱི་དཀར་ནང་དམར་ཆོས་འབྱུང་དབུས༔ དབུས་མཐིང་ཕྱོགས་མདོག་ཐིག་ལེ་གསལ༔ སྲོག་རྩོལ་བུམ་ཅན་སྦྱོར་བས་གཅུན༔ ལྔ་ལྡན་ཕྲ་མོའི་མེ་ལྕེ་སྦར༔ དེ་ལ་སེམས་གཏད་གོམས་པ་ན༔ མེ་རྣམས་ཆེར་འབར་འོད་ཟེར་ལྔ༔ གཅིག་འདྲེས་སྣ་བུག་གཡས་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི༔ ཤངས་བུག་གཡས་ཞུགས་ལྟེ་བར་སོན༔ ཡེ་ཤེས་མེ་དང་ལྷན་ཅིག་འབར༔ འཁོར་ལོའི་གནས་བཞིར་བཞུ་བཏུལ་གྱིས༔ བྱང་སེམས་དཀར་དམར་རྣམ་པས་དྲངས༔ ཤངས་བུག་གཡོན་ནས་ཕྱིར་ཐོན་ཏེ༔ རང་གི་སྣ་བུག་གཡོན་ནས་ཞུགས༔ སྤྱི་བོའི་དྷཱུ་ཏཱིའི་ནང་བརྒྱུད་དེ༔ ལྟེ་བའི་མེ་ལ་ཐིམ་པ་ཡིས༔ བདེ་སྟོང་དྲོད་ཀྱི་ཡེ་ཤེས་སྐྱེས༔ སླར་ཡང་མེ་ལྔ་ཆེར་འབར་བས༔ ཡེ་ཤེས་བྱང་སེམས་ཞུ་ཞིང་ཁོལ༔ སྤྱི་གཙུག་ནས་བཟུང་རྐང་སོར་བར༔ འབར་འཛག་རྒྱུན་གྱིས་རབ་ཏུ་གང༔ དྲོད་དང་བདེ་བའི་དེ་ཁོ་ནར༔ རྩེ་གཅིག་སེམས་བཟུང་བུམ་ཅན་བརྟན༔ འཇའ་ཚོན་ལྟ་བུའི་སྐུ་ཐོབ་བསམ༔ ཐིག་ལེ་གང་དུ་བརྟན་པ་ལས༔ རྩ་མདུད་གྲོལ་ཞིང་བདེ་ཆེན་སྐྱེ༔ ལམ་གྱི་ཡོན་ཏན་རྒྱུད་ལ་འཆར༔ མི་ཤིགས་འཇའ་ལུས་སྐུ་ཐོབ་ན༔ གསང་དབང་ལམ་ཁྱེར་རིམ་གསུམ་གྱི༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ རིམ་པ་བཞི་པའི་རྣལ་འབྱོར་ལ༔ ཡིད་རིག་དམ་ཚིག་ཕྱག་རྒྱ་ནི༔ ལུས་བསྲང་འབྱུང་བའི་རླུང་དུག་བསལ༔ རང་དང་ཡིད་དུ་འོང་བ་ཡི༔ རིག་མ་བདེ་ཆེན་ཡབ་ཡུམ་དང༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གསལ༔ མཁའ་གསང་རྡོ་རྗེ་པདྨ་ཡི༔ བུ་གར་ཧཱུྃ་ཕཊ་ཡི་གེས་དགག༔ ལྟེ་བར་ཧོཿསེར་སྙིང་གར་ཧཱུྃ༔ མཐིང་གསལ་མགྲིན་པར་ཨཱཿདམར་པོ༔ སྤྱི་བོར་ཨོཾ་དཀར་སོ་སོ་ལས༔ སྔགས་ཀྱི་ཕྲེང་བ་འཕྲོ་ཞིང་འདུ༔ བདེ་སྟོང་དགའ་བཞིའི་ངོ་བོར་བསམ༔ མཐའ་ཡས་སེམས་ཅན་སྒྲོལ་བའི་སླད༔ བདེ་ཆེན་མངོན་དུ་བྱ་བའི་བློས༔ སྙོམས་པར་ཞུགས་པའི་རྗེས་ཆགས་མེས༔ སྤྱི་བོའི་ཧཾ་ལས་བདེ་བའི་རྒྱུན༔ གནས་བཞིའི་འཁོར་ལོར་སོན་པ་ཡིས༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་བསམ་མི་ཁྱབ་པ་སྐྱེས༔ རྡོ་རྗེ་ནོར་བུའི་བར་དུ་དགང༔ བདེ་ལ་སེམས་བཟུང་མི་རྟོག་བཞག༔ ཧཱུྃ་གི་གཞུ་ལ་རླུང་གི་མདའ༔ བཙན་ཐབས་དམིགས་པའི་རྒྱུད་སྦྱར་ཏེ༔ འཁྲུལ་འཁོར་རྩོལ་བས་གྱེན་དུ་དྲང༔ མས་བརྟན་དགའ་བཞིར་མཉམ་གཞག་བྱ༔ ཁྱབ་པར་དགྲམ་ཞིང་མི་ཉམས་བརྟན༔ དེ་ལྟའི་འཛིན་འགྲེམ་དབང་ཐོབ་ནས༔ དངོས་རིག་ལས་ཀྱི་ཕྱག་རྒྱ་ནི༔ པདྨ་ཅན་སོགས་རིགས་བཟང་པོ༔ བཅུ་དྲུག་ཉེར་ལྔ་མན་ཆད་ཀྱི༔ ན་ཚོད་དར་ཞིང་ཡིད་འོང་བ༔ རྫས་སྔགས་དམིགས་པའི་ལྕགས་ཀྱུས་དགུག༔ དྲང་ངེས་ཆོས་བཤད་བློ་ཁ་བསྒྱུར༔ དབང་གིས་སྨིན་བྱས་དམ་ཚིག་དབོག༔ རིམ་གཉིས་ཉམས་མྱོང་རྒྱུད་ལ་བསྐྱེད༔ དེ་ལྟར་ལེགས་པར་སྦྱངས་བྱས་མཐར༔ བཅུད་ལེན་ཐབས་ཀྱིས་ཀུནྡ་སྤེལ༔ ཁྲུས་བྱས་རྒྱན་གདགས་བཀུ་མཉེ་བྱ༔ ཤིན་ཏུ་དབེན་པའི་གསང་ཁང་དུ༔ བདེ་བའི་གདན་ལ་ཡབ་ཡུམ་འཁོད༔ འཛུམ་པའི་མདངས་ཕྱུང་ཟུར་གྱིས་བལྟ༔ ཆགས་པའི་གཏམ་སྨྲ་དྲི་ལ་བསྣོམ༔ མ་མཆུ་ལྕེ་ཡི་སྦྲང་རྩི་གཞིབ༔ འོ་བྱ་ལུས་སེམས་བདེ་བ་བསྐྱེད༔ རེ་རེ་ལ་ཡང་སེམས་གཟུང་ཞིང༔ ཚོགས་དྲུག་ལྷུག་པའི་ངང་དུ་བཞག༔ དེ་ནས་འདུ་ཤེས་གསལ་བཏབ་ལ༔ རྡོ་རྗེ་པདྨར་རེག་པ་དང༔ དལ་བུས་བསྲུབས་ཤིང་བསྐྱོད་པ་ལས༔ དབབ་དང་བསྐྱིལ་དང་གྱེན་དུ་བཟློག༔ ཁྱབ་པར་དགྲམ་པ་གོང་ལྟར་བྱ༔ བདེ་སྟོང་བསམ་མི་ཁྱབ་པའི་དབྱིངས༔ ཀ་དག་ངང་དུ་ཡུན་རིང་བཞག༔ མཐའ་རྟེན་ཆོས་ཀྱི་ཕྱག་རྒྱ་ནི༔ སྙོམས་འཇུག་བྱ་བ་ཟིན་མ་ཐག༔ རྡོ་རྗེ་ནོར་བུའི་རྩེ་མོ་ནས༔ རིག་པ་ཧཱུྃ་ཡིག་དམར་སྐྱའི་གཟུགས༔ ཐུར་སེལ་རླུང་གིས་གནས་བཞིར་དྲངས༔ སྤྱི་བོའི་ཧཾ་དང་དབྱེར་མེད་བསྟིམ༔ དམིགས་བསམ་བརྗོད་བྲལ་རང་ངོ་བསྐྱང༔ ཚོགས་དྲུག་སྣང་བ་གང་ཤར་ཀུན༔ བདེ་སྟོང་ཉམས་དང་དབྱེར་མེད་པར༔ ཡུལ་དང་ཡུལ་ཅན་རོ་མཉམ་པའི༔ བརྟུལ་ཞུགས་སྤྱོད་པས་རབ་ཏུ་བསྲེ༔ འབྲས་བུ་ཕྱག་རྒྱ་ཆེན་པོ་ནི༔ བདེ་བས་ཐབས་བྱས་སྟོང་པ་ཉིད༔ སོ་སོ་རང་གིས་རིག་པའི་ཚུལ༔ མྱོང་བ་ཡོད་ཀྱང་དམིགས་སུ་མེད༔ ཡིད་ཆེས་ཡོད་ཀྱང་སྨྲ་མི་བཏུབ༔ གཞོན་ནུ་མ་ཡི་བདེ་བ་བཞིན༔ ཤེས་དང་ཤེས་བྱ་རོ་གཅིག་པས༔ ཡེ་ཤེས་མངོན་སུམ་མཚོན་ནུས་པའི༔ ཉམས་མྱོང་རྒྱུད་ལ་སྐྱེས་པ་ན༔ ཤེར་དབང་ལམ་ཁྱེར་བདེ་བ་ཆེའི༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ རིམ་པ་ལྔ་པའི་རྣལ་འབྱོར་ནི༔ རང་ཉིད་ཁྲག་འཐུང་ཡབ་ཡུམ་གསལ༔ སྙིང་གར་ཟླ་སྟེང་ཧཱུྃ་དམར་སྐྱ༔ འབར་བའི་ཕྲེང་བ་འཁྲིགས་པ་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ ལུས་གང་གཟུང་འཛིན་རྟོག་པ་སྦྱངས༔ སླར་འཕྲོས་ཁམས་གསུམ་ཐམས་ཅད་ཁྱབ༔ བདེ་ཆེན་ངོ་བོར་མེར་མེར་གཡོས༔ ཆུ་ཟླ་འཇའ་ཚོན་ལྟ་བུའི་ངང༔ མེ་ལོང་ཧས་བཏབ་ཡལ་བ་བཞིན༔ ཧཱུྃ་ཡིག་ནཱ་དའི་བར་དུ་ཐིམ༔ ནཱ་ད་ཤིན་ཏུ་ཕྲ་བ་ཡང༔ གློག་ལྟར་སྟོང་པ་ཉིད་དུ་སྦྱངས༔ གཟུང་འཛིན་ཆོས་ཀུན་མི་དམིགས་པའི༔ སྟོང་ཉིད་ངང་དུ་ཆམས་ཏེ་བཞག༔ མཚོན་བྱེད་ཐབས་ལས་སྐྱེས་པ་ཡི༔ སྟོང་ཉམས་ཙམ་དུའང་མི་རྟོག་པར༔ སྟོང་པ་དང་ནི་མི་སྟོང་དང༔ དབུ་མར་འཛིན་པ་ཀུན་སྤངས་ནས༔ མཁའ་མཉམ་རྡུལ་བྲལ་དོན་དམ་པའི༔ ལྷན་ཅིག་སྐྱེས་པ་མངོན་གྱུར་ན༔ བཞི་པའི་ལམ་ཁྱེར་བསམ་མི་ཁྱབ༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ དེ་ལྟར་བསྒོམ་པའི་དུས་ཀུན་ཏུ༔ སྟོང་ཉམས་ཆེ་ན་ནཱ་ད་ལས༔ རླབས་བཞིན་སྣང་སྟོང་ལྷ་སྐུར་ལྡང༔ སྣང་བའི་གཟུང་འཛིན་སྐྱེས་པ་ན༔ སྟོང་པར་སྦྱངས་ཏེ་མི་དམིགས་བཞག༔ སྣང་སྟོང་མཐའ་ལས་འདས་པ་ཡི༔ ཟུང་འཇུག་ཡེ་ཤེས་མངོན་གྲུབ་འགྱུར༔ དེ་ལྟའི་རིམ་པ་རྣམ་ལྔ་ཡང༔ རབ་ཀྱིས་གཅིག་གིས་འགྲུབ་པ་སྟེ༔ འབྲིང་པོས་ཐོད་རྒལ་ཚུལ་དུ་འཆར༔ ཐ་མས་རིམ་གྱིས་སྔ་མ་ལ༔ ཉམས་མྱོང་བརྟན་ནས་ཕྱི་མར་འཇུག༔ ཡིད་གཡེང་སྤངས་ཏེ་མཐར་དབྱུང་བས༔ ཚེ་གཅིག་ཟུང་འཇུག་མངོན་དུ་བྱེད༔ གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་རང་ཉིད་གང་གོམས་པའི༔ ཏིང་འཛིན་བརྟན་པོ་གསལ་བཏབ་ནས༔ མི་རྟོག་ངང་དུ་མཉམ་གཞག་ན༔ འོད་གསལ་ཆོས་སྐུར་རོ་གཅིག་པའི༔ རྗེས་ཐོབ་ཟུང་འཇུག་རང་ཤར་འབྱུང༔ དེར་ཡང་བརྟན་པ་མ་ཐོབ་ན༔ བར་དོར་བླ་མ་ལྷ་དང་ནི༔ གདམས་ངག་དྲན་པས་མཚམས་སྦྱར་ཏེ༔ ཟབ་མོའི་ཏིང་འཛིན་བརྟན་པ་ཡིས༔ རླུང་སེམས་ལྷ་ཡི་སྐུར་ཤར་ནས༔ མཁའ་སྤྱོད་ལ་སོགས་རིག་འཛིན་འགྲུབ༔ ཡང་ན་རྡོ་རྗེའི་ལུས་བཟུང་ནས༔ ལམ་གྱི་ལྷག་མ་མངོན་དུ་བྱེད༔ དེ་ལྟ་བུ་ཡི་ལམ་རིམ་ནི༔ སྐལ་ལྡན་ཚེ་གཅིག་གྲོལ་བྱེད་པ༔ ཧེ་རུ་ཀ་དཔལ་དགྱེས་པའི་ལུང༔ མན་ངག་སྙིང་པོར་གདམས་པ་འོ༔ ས་མ་ཡ༔ རིམ་གཉིས་ཟབ་མོའི་སྣོད་རུང་ཕྱིར༔ ཡེ་ཤེས་ས་བོན་གདབ་པ་ནི༔ ལམ་གྱི་རྩ་བ་དབང་བསྐུར་དང༔ བྱིན་རླབས་ཟབ་མོ་གཞུག་བྱ་སྟེ༔ དབེན་པར་མཚན་མའི་དཀྱིལ་འཁོར་དང༔ བུམ་པ་དམ་ཚིག་གསང་བའི་རྫས༔ ཕྱི་ནང་མཆོད་ཚོགས་ལེགས་པར་བཤམ༔ བསྐྱེད་དང་བཟླས་པས་ཚུལ་བཞིན་བསྒྲུབ༔ ཚོགས་དང་མཆོད་པས་མཉེས་པར་བྱ༔ བདག་ཉིད་བྱིན་རླབས་ནུས་ཐོབ་ནས༔ སྣོད་ལྡན་ངེས་པའི་སློབ་མ་རྣམས༔ ཁྲུས་ནས་དབྱུང་ཞིང་འགལ་རྐྱེན་བསལ༔ གདོང་གཡོགས་འཆིང་ཞིང་མེ་ཏོག་གཏད༔ མཎྜལ་དང་བཅས་གསོལ་གདབ་ནི༔ དགའ་ཆེན་སྟོན་པ་ཧེ་རུ་ཀ༔ ཁྱབ་བདག་པདྨ་བཛྲ་རྩལ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ་ཞུ་ཞིང་དམ་ཚིག་དབོག༔ ལེགས་འོངས་སྐལ་ལྡན་རིགས་ཀྱི་བུ༔ ཟབ་མོའི་སྨིན་གྲོལ་དོན་གཉེར་ན༔ རྩ་བ་ཡན་ལག་དམ་ཚིག་སྲུངས༔ འདའ་ཀ་རྡོ་རྗེའི་བྲོ་བོར་ཞིག༔ ཞེས་གདམས་བདུད་རྩིའི་ཆུ་ནན་སྦྱིན༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ བུས་ཀྱང་ཐ་ཚིག་དང་བཅས་འཐུང༔ ས་མ་ཡ་ཨི་དཾ་རཀྵ་མི༔ སྐྱབས་སེམས་ཚོགས་གསག་སྡོམ་གསུམ་སྦྱིན༔ ནང་ལྟར་འཇུག་ཕྱིར་སློབ་དཔོན་གྱི༔ ཐུགས་ནས་ཚད་མེད་བཞིའི་རང་བཞིན༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས༔ སློབ་མ་མདུན་དུ་དགུག་བྱས་ལ༔ ཛཿཧཱུྃ་བཾ་ཧོའི་སྔགས་ཚིག་བརྗོད༔ བཛྲ་ས་མ་ཡ་སཏྭཾ༔ སེང་གེས་བཏེག་པའི་རིན་ཆེན་དང༔ པད་ཟླ་ཉི་མའི་ཁྲི་ལ་བཞག༔ དངོས་གཞི་ཡེ་ཤེས་དབབ་པ་ནི༔ མོས་གུས་དྲག་པོའི་མཚམས་སྦྱར་བས༔ སློབ་དཔོན་ཐུགས་ནས་བདེ་ཆེན་གྱི༔ འོད་ཟེར་མེ་ལྕེ་ལྟ་བུར་འཕྲོས༔ སློབ་མའི་ལུས་ལ་རེག་པའི་མོད༔ རྣམ་སྨིན་ཕུང་པོ་སྟོང་པར་བསྲེགས༔ དྭངས་མ་རྡུལ་བྲལ་ཧཱུྃ་དམར་པོ༔ ཞལ་ཞུགས་ཐུགས་ཀར་འོད་དུ་ཞུ༔ མཁའ་གསང་བྱང་སེམས་གོང་བུ་ལས༔ སྐད་ཅིག་ཁྲག་འཐུང་ཡབ་དང་ཡུམ༔ ལུས་དཀྱིལ་ལྷ་དང་བཅས་པར་གསལ༔ མཁའ་ནས་ཕྱུང་སྟེ་གདན་ལ་བཀོད༔ གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་གི༔ འོད་ཟེར་ལྕགས་ཀྱུས་མཁའ་ཁྱབ་ཀྱི༔ ཡེ་ཤེས་གསང་གསུམ་ཕྱག་རྒྱར་དྲངས༔ སྤྱི་བོ་ནས་ཞུགས་སྙིང་གར་ཐིམ༔ བདེ་ཆེན་ཡེ་ཤེས་ཕེབས་པར་བསམ༔ སྤོས་དང་རོལ་མོའི་བརྡས་བསྐུལ་ཏེ༔ མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་སཏྭཱ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ ར་ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾ༔ ཏིཥྛ་བཛྲས་བརྟན་པར་བྱ༔ གུས་པའི་ཚུལ་གྱིས་མེ་ཏོག་འདོར༔ ཧོ༔ བླ་མ་བདེ་ཆེན་ཧེ་རུ་ཀའི༔ རྡོ་རྗེའི་སྐུ་ཡི་དཀྱིལ་འཁོར་དུ༔ བདག་གིས་རིག་པའི་མེ་ཏོག་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ རཏྣ་མཱ་ལ་པྲ་ཏཱིཙྪ་ཧོ༔ སྤྱི་བོའི་གཙུག་ཏུ་བབས་པ་ཉིད༔ བླངས་ཏེ་སློབ་མའི་སྤྱི་བོར་བཅིང༔ པུཥྤེ་མཱ་ལ་གྲྀཧྞ་ཧོ༔ ཡེ་ཤེས་ཐུར་མས་མ་རིག་བསལ༔ ཛྙཱ་ན་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ བླ་མ་སློབ་མར་བཅས་པ་ཡི༔ ལུས་ཀྱི་དཀྱིལ་འཁོར་མཐོང་བར་བསམ༔ ཞུགས་ལ་མངོན་པར་དབང་བསྐུར་ཕྱིར༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ དབང་ལྷ་སྤྱན་དྲངས་ལྷན་ཅིག་པས༔ ཐོག་མར་བུམ་པས་དབང་བསྐུར་བྱ༔ ཨོཾ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀྱིས༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ ཐ་མལ་སྣང་ཞེན་དག་པར་ཤོག༔ སྒྲུབ་སྔགས་མཐར་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཀ་ལ་ཤ་ཨ་བྷི་ཥིཉྩཱ་མི༔ རྗེས་འབྲེལ་ཕྱག་རྒྱ་གཉིས་པ་བསྟིམ༔ སྐུ་ཡི་ཡེ་ཤེས་བསྐྱེད་པར་བསམ༔ ཧཱུྃ༔ བདེ་མཆོག་འབར་བའི་ཕོ་བྲང་ནས༔ པདྨ་བཛྲ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ ཨོཾ་པདྨ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ བྱིན་རླབས་ཀློང་ཡངས་ཕོ་བྲང་ནས༔ བླ་མ་རིག་འཛིན་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ བཀོད་པ་ཚད་མེད་ཕོ་བྲང་ནས༔ ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉོན་མོངས་ཕུང་པོ་རང་གྲོལ་ཤོག༔ ཨོཾ་བཛྲ་གུ་རུ་ཐོད་ཕྲེང་རྩལ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ ལྷ་དང་དབྱེར་མེད་ཕོ་བྲང་ནས༔ དཔལ་ཆེན་རིག་འཛིན་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚོགས་ཡུལ་རྟོག་པ་རང་གྲོལ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ ཚད་མེད་བཞི་ལྡན་ཕོ་བྲང་ནས༔ བདེ་ཆེན་རིགས་བཞིའི་དྷཱ་ཀི་ནཱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་དྷཱ་ཀི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ ཉེར་བཞིའི་ཡུལ་གྱི་ཕོ་བྲང་ནས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་རྩལ་རྫོགས་དབང་ཐོབ་ཤོག༔ ཨོཾ་བཱི་ར་ཡོ་གི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ དུར་ཁྲོད་གནས་བརྒྱད་ཕོ་བྲང་ནས༔ སྒོ་མཚམས་སྐྱོང་བའི་ཕོ་ཉ་མོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་ཀརྨ་དྷཱ་ཀི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ བསྙེན་སྒྲུབ་ལས་ཀྱི་དགོངས་པ་དང༔ ཛཔ྄་ཀྱི་བཟླས་ལུང་བྱིན་པ་ཡིས༔ གསུང་གི་ཡེ་ཤེས་བསྐྱེད་པར་བསམ༔ རྗེས་འབྲེལ་སྔགས་ཕྲེང་མགྲིན་པར་བཞག༔ ཨཱ༔ ལྷ་སྔགས་དབྱེར་མེད་བཀོད་པ་དང༔ བདེ་ཆེན་སྤྲོ་བསྡུའི་བཟླས་པ་ཡིས༔ འགྱུ་བའི་རླུང་ཁམས་སྔགས་སུ་དག༔ གསུང་གི་ཡེ་ཤེས་འགྲུབ་པར་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཆོས་ཉིད་དགོངས་པ་ངོ་སྤྲད་ཅིང༔ མེ་ལོང་གསལ་བསྟན་མཚོན་བྱས་པས༔ ཐུགས་ཀྱི་ཡེ་ཤེས་བསྐྱེད་པར་བསམ༔ ཧཱུྃ༔ འདི་ལྟར་སྣང་ཞིང་གྲགས་པ་ཀུན༔ གསལ་སྟོང་མེ་ལོང་གཟུགས་བརྙན་ལྟར༔ ཆོས་ཉིད་དོན་གྱི་དབང་བསྐུར་བས༔ ཐུགས་ཀྱི་ཡེ་ཤེས་འགྲུབ་པར་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དབང་ལྷ་བསྟིམ་ཞིང་ཤིས་པ་བརྗོད༔ དེ་ལྟར་བུམ་པའི་དབང་བསྐུར་བས༔ བརྟན་གཡོའི་སྣང་ཞེན་དྲི་མ་དག༔ ཕྱི་ནང་བསྐྱེད་རིམ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་མངོན་དུ་འགྱུར༔ གསང་བའི་རྫས་ལ་བརྟེན་ནས་ནི༔ ཞུ་བདེའི་ཡེ་ཤེས་བསྐྱེད་པའི་ཕྱིར༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་སེམས་ཧཱུྃ་དམར་རྣམ་པར་སྤྲོས༔ དམ་ཚིག་རྫས་དང་རོ་གཅིག་པར༔ འོད་ཞུ་ཆགས་པའི་དམར་མདངས་ཅན༔ ལྕེ་ལ་བཞག་ཅིང་བསང་གཏོར་བྱ༔ ཨཱ༔ ཞུ་བདེས་དྲངས་པའི་བྱང་སེམས་ཧཱུྃ༔ དམར་གསལ་ཆགས་པའི་མདངས་འོད་འཚེར༔ རྩ་ཁམས་རླུང་ལ་དབྱེར་མེད་ཐིམ༔ མི་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ སྒྲུབ་སྔགས་འབྲུ་གསུམ་སྤེལ་བས་སྦྱིན༔ ཆོས་རྣམས་སེམས་ཀྱི་རོལ་རྩལ་ཏེ༔ སེམས་བྱུང་སེམས་ཉིད་ཀློང་དུ་ཐིམ༔ ཉམས་མྱོང་མཚོན་བརྗོད་ལས་འདས་ངང༔ གསལ་ལ་མི་རྟོག་རྩེ་གཅིག་བསྐྱང༔ དེ་ལྟར་གསང་བའི་དབང་བསྐུར་བས༔ རླུང་དང་རྟོག་པའི་དྲི་མ་དག༔ བདག་བྱིན་བརླབ་སོགས་བསྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་མངོན་དུ་འགྱུར༔ ལས་ཀྱི་ཕྱག་རྒྱའི་རེག་བྱ་ལས༔ དཔེ་ཡི་ཡེ་ཤེས་བསྐྱེད་པའི་ཕྱིར༔ མཚན་ལྡན་རིག་མ་རྒྱུད་འབྱོངས་པ༔ བྱིན་གྱིས་བརླབས་ནས་སློབ་མར་སྦྱིན༔ ཧཱུྃ༔ རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ནི༔ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས༔ སྙོམས་པར་འཇུག་པའི་སྦྱོར་བ་ཡིས༔ བདེ་བ་དམ་པ་མྱོང་བར་གྱིས༔ ཀརྨ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་ཧཱུྃ༔ འདུ་ཤེས་གསུམ་དང་ལྡན་པ་ཡིས༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱད༔ དེ་ཚེ་བླ་མའི་ཐུགས་ཀ་ནས༔ མི་ཤིགས་བདེ་ཆེན་ཐིག་ལེ་ཧཱུྃ༔ ཤངས་བུག་གཡས་ནས་སྤྲོས་པ་ཉིད༔ སློབ་མའི་སྣ་བུག་གཡོན་ནས་ཞུགས༔ སྙིང་གར་ཟླ་བའི་གདན་ལ་འཁོད༔ དེ་ལས་བདེ་སྟོང་འོད་ཟེར་ནི༔ དཀར་ལ་དམར་བའི་མདངས་ཅན་འཕྲོས༔ ལུས་གང་ཟག་མེད་བདེ་བས་ཁྱབ༔ ཧེ་རུ་ཀ་དཔལ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་བསམ༔ དེ་ལྟར་གསུམ་པའི་དབང་བསྐུར་བས༔ ཟག་བཅས་ཐིག་ལེའི་དྲི་མ་དག༔ ཕོ་ཉའི་ཡེ་ཤེས་བསྒོམ་ལ་དབང༔ འབྲས་བུ་ཆོས་སྐུ་མངོན་དུ་འགྱུར༔ རྡོ་རྗེའི་ཚིག་གིས་མཚོན་བྱས་ནས༔ དོན་གྱི་ཡེ་ཤེས་ངོ་སྤྲོད་ཕྱིར༔ སློབ་མ་ལུས་བསྲང་རླུང་རོ་བསལ༔ སྙིང་གའི་ཧཱུྃ་ལ་སེམས་གཏད་པས༔ དེ་ཡང་མི་དམིགས་སྟོང་པར་ཡལ༔ ཟུང་འཇུག་བློ་བྲལ་དགོངས་པ་བསྐྱང༔ བླ་མས་ཚིག་གིས་མཚོན་པར་བྱ༔ ཧོ༔ ཁམས་གསུམ་སྣོད་བཅུད་གཟུང་འཛིན་ཀུན༔ བསམ་གྱིས་མི་ཁྱབ་ཡེ་ཤེས་ངང༔ སྤང་བླང་བསལ་བཞག་བྲལ་བར་བསྐྱང༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ དེ་ལྟར་བཞི་པའི་དབང་བསྐུར་བས༔ གཟུང་འཛིན་རྟོག་པའི་དྲི་མ་དག༔ བསམ་མི་ཁྱབ་པ་བསྒོམ་ལ་དབང༔ འབྲས་བུ་ཉིད་སྐུ་མངོན་དུ་འགྱུར༔ ཚུལ་བཞིན་ཉམས་ལེན་སྣོད་ལྡན་ལ༔ སོ་སོའི་དབང་དང་རྗེས་འབྲེལ་བར༔ གདམས་ངག་ཁྲིད་ཀྱི་རིམ་པ་གདབ༔ སྨིན་གྲོལ་ཚང་སྤྲུགས་ཉིད་དུ་བྱ༔ རྗེས་ནི་བཀྲ་ཤིས་གླུ་བླངས་ཤིང༔ དགའ་སྟོན་ཚོགས་ཀྱི་ལོངས་སྤྱོད་སྤེལ༔ དམ་ཚིག་ཁས་བླང་གཏང་རག་སོགས༔ སྤྱི་ལྟར་བྱས་ལ་མཐར་དབྱུང་ངོ་༔ དེ་ལྟར་ཚུལ་བཞིན་དབང་བསྐུར་པས༔ རྩ་གསུམ་རྒྱ་མཚོའི་བྱིན་རླབས་འཇུག༔ ལམ་གྱི་ས་བོན་རྒྱུད་ལ་བཞག༔ འབྲས་བུའི་ཡེ་ཤེས་མྱུར་སྨིན་འགྱུར༔ ས་མ་ཡ༔ མཆོག་གི་ལས་ཀྱི་སྦྱོར་བ་ནི༔ མཐོང་ཚོར་མྱང་རེག་སྐལ་ལྡན་ཀུན༔ རིག་འཛིན་ས་ལ་གྲོལ་བྱེད་པ༔ བདུད་རྩི་སྨན་གྱི་སྒྲུབ་པ་བྱ༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ ཤིས་པའི་ས་བླངས་སྟེགས་བུ་བསྐྲུན༔ དྲི་དང་བདུད་རྩིས་ཆག་ཆག་གདབ༔ དབང་གི་ཕོ་བྲང་ཟླ་གམ་དབྱིབས༔ དམར་པོ་སྒོ་གཅིག་ལྷ་མཚན་ཅན༔ དེ་སྟེང་ཁྲི་འུ་ཤིང་གི་ཁར༔ མཚན་ལྡན་ཐོད་པའི་སྣོད་ནང་དུ༔ བདུད་རྩི་ལྔ་དང་ཤ་ཆེན་ལྔ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས༔ ཇི་ལྟར་རྙེད་པ་ཁྲོལ་བུས་གཏམས༔ མཆོད་ཚོགས་བག་དྲོ་བརྗིད་པར་བཤམ༔ ཕྱི་ནང་མཚམས་བཅད་དྲག་ཏུ་བྱ༔ བདག་ཉིད་སྒོམ་བཟླས་ནུས་ལྡན་པས༔ རྫས་ཀྱི་བགེགས་དང་དྲི་མ་སྦྱང༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་རླུང་མེ་དང༔ ཐོད་པའི་སྒྱེད་པུ་ལ་གནས་པའི༔ པདྨ་བྷཉྫའི་སྣོད་ཡངས་པར༔ རྫས་རྣམས་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་ལྡན་པར༔ བདག་གི་ཐུགས་ལས་འོད་འཕྲོས་པས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ ཞུ་ཁོལ་འོད་ཀྱི་རླངས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔ མི་བསྐྱོད་ཨིནྡྲ་ནཱི་ལའི་མདངས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ རང་འོད་སྙེམས་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ལྔ་འཁྲུགས་པའི་ཀློང་ན་རོལ༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན༔ ཞི་ཁྲོ་རབ་འབྱམས་ཕྱག་རྒྱར་རྫོགས༔ ཐུགས་ཀར་པད་ཉིའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་བདུད་རྩི་འཁྱིལ༔ ལྗང་སེར་པདྨའི་ཐལ་མོ་ཡིས༔ བདུད་རྩིས་གང་བའི་བུམ་པ་བསྣམས༔ རང་འདྲའི་ཡུམ་འཁྱུད་ཁྲོ་ཆགས་ཉམས༔ རིན་ཆེན་རུས་པ་སྟག་ཤམ་ཅན༔ ཞབས་ཟུང་གེལ་པའི་སྟངས་ཀྱིས་བཞུགས༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ སྤྱན་དྲངས་དབྱེར་མེད་བརྟན་བཞུགས་བསམ༔ སྤྱན་འདྲེན་མཆོད་བསྟོད་ལ་སོགས་པ༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ སྨན་སྲུང་དྲང་སྲོང་སྤྱན་དྲངས་ལ༔ རྟོག་པ་བསལ་ཞིང་གཟི་བྱིན་བསྐྱེད༔ བདག་གི་ཐུགས་ནས་འོད་འཕྲོས་པས༔ མདུན་བསྐྱེད་ཐུགས་ཀར་ཕོག་པའི་མོད༔ བདེ་བས་དགྱེས་ཤིང་ཐུགས་དམ་བསྐུལ༔ སྙོམས་ཞུགས་བདེ་སྟོང་རོལ་པ་ཡི༔ སྒྲ་དང་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བའི་ཡེ་ཤེས་དང༔ ཁམས་གསུམ་བརྟན་གཡོའི་དྭངས་བཅུད་ཀུན༔ ཁ་དོག་ལྔ་ལྡན་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་ཏེ་ཕྱི་ནང་གི༔ ཡབ་ཡུམ་ཞལ་ཞུགས་སྦྱོར་མཚམས་ནས༔ བདུད་རྩིའི་ཆུ་རྒྱུན་དཔག་མེད་བབས༔ དམ་ཚིག་རྫས་ལ་ཐིམ་པ་ཡིས༔ དྲི་མ་སྦྱངས་ཤིང་ནུས་པ་བསྐྱེད༔ མཐོང་རེག་མྱོང་ཚོར་གྲོལ་བ་ཡི༔ ཡེ་ཤེས་ཆེན་པོའི་བཅུད་དུ་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ དམིགས་བཟླས་ཆུ་བོའི་རྒྱུན་ལྟར་བྱ༔ སྐབས་སུ་དངོས་གྲུབ་འཕྲོག་པ་ཡི༔ བར་ཆད་བགེགས་ལ་ཕུར་བུས་གདབ༔ བྱིན་ཆེན་དབབ་ཅིང་ཚོགས་ཀྱིས་མཆོད༔ དུས་དྲུག་རྩེ་གཅིག་བསྒྲུབས་པ་ལས༔ འོད་དང་དྲི་སོགས་རྟགས་བྱུང་ན༔ གཏང་རག་མཆོད་བསྟོད་ནོངས་པ་བཤགས༔ ཡེ་ཤེས་དམ་ཚིག་རྫས་ལ་ཐིམ༔ དངོས་གྲུབ་བཅུད་དུ་འཁྱིལ་པར་བསམ༔ སྨན་མཆོད་བྱ་ཞིང་སིདྡྷི་བླང༔ ཡབ་ཡུམ་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ་དང་སྔགས་ཀྱི་གླུ་བླངས་ལ༔ བཏགས་བཙགས་སྦོལ་ཞིང་དྲོད་ཕབས་ཏེ༔ གཏའ་དང་ཕབས་ཀྱིས་ལེགས་པར་བྲན༔ རིན་ཆེན་ཐོད་པའི་ནང་དུ་བསྩལ༔ དཀྱིལ་འཁོར་དབུས་སུ་མངའ་གསོལ་ཞིང༔ མཆོད་ཚོགས་དྲོད་འབེབ་མར་མེ་སྦར༔ ཡེ་ཤེས་གཟི་བྱིན་ལྷག་པར་དབབ༔ རྩ་བའི་ལས་གཞུང་ཚུལ་བཞིན་བསྲང༔ བསྒོམ་དང་བཟླས་པ་ནན་ཏན་བྱ༔ དེ་ནས་མདུན་རྟེན་བསང་ཞིང་སྦྱང༔་་་ཨོཾ་སྭ་བྷཱ་ཝ་སོགས་ནས་ཐོད་པ་དྲོས༔བར་གོང་ལྟ།་་མཆན། བྷནྡྷའི་སྣོད་དུ་བདུད་རྩིའི་བཅུད༔ ཞུ་ཁོལ་འོད་ཀྱི་རླངས་པའི་དབུས༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཡེ་ཤེས་ཕྱག་རྒྱ་གཉིས་པ་བྱེ༔ པད་ཉི་དྲེགས་པའི་གདན་སྟེང་དུ༔ བདེ་མཆོག་པདྨ་བཛྲ་རྩལ༔ ལུས་དཀྱིལ་ལྷ་དང་བཅས་པ་གསལ༔ རྒྱས་གདབ་དབང་བསྐུར་སྤྱན་དྲང་སོགས༔ ལས་ཀྱི་རིམ་པ་རྒྱས་པར་བྱ༔ སྨན་སྲུང་སྤྱན་དྲང་ཛཔ྄་དགོངས་སོགས༔ ཇི་སྐད་བཤད་པའི་དམིགས་པ་བཅས༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཁྲི་དང་འབུམ་སོགས་གྲངས་ལྡན་བསྒྲུབ༔ ཐུན་མཚམས་གེགས་བསལ་བྱིན་ཆེན་དབབ༔ ཚོགས་མཆོད་ལ་སོགས་དུས་དྲུག་བརྩོན༔ ཅི་རིགས་རྟགས་མཐོང་གསང་བའི་སྒོ༔ དབྱེ་ཞིང་དབབ་བསྐྱིལ་དམིགས་བཟླས་ནི༔ སླར་ཡང་བདག་གི་ཐུགས་ཀ་ནས༔ ཡེ་ཤེས་འོད་ཟེར་རྗེས་ཆགས་མདངས༔ བདེ་བ་ཆེན་པོའི་རྣམ་པར་སྤྲོས༔ མདུན་བསྐྱེད་ལྷ་ཚོགས་གསང་བར་ཐིམ༔ བདེ་སྟོང་ཡེ་ཤེས་ལྷག་པར་འབར༔ འཁོར་འདས་དྭངས་བཅུད་དབང་མེད་བསྡུས༔ ཞལ་ཞུགས་ཐབས་ཤེས་མཁའ་གསང་དུ༔ སྤྲིན་ཕུང་གཏིབས་ལྟར་འཁྱིལ་བ་ཉིད༔ གསང་བ་མཆོག་གི་སྒོ་དབྱེ་བས༔ བདུད་རྩི་ཆར་ལྟར་དྲག་ཏུ་བབས༔ རྫས་ཀྱི་བདུད་རྩིའི་ཕུང་པོ་དང༔ ཆོས་ཀྱི་བདུད་རྩི་རོ་གཅིག་འཁྱིལ༔ དོན་གྱི་བདུད་རྩི་བདེ་ཆེན་དབྱིངས༔ རྟགས་ཀྱི་བདུད་རྩི་ཡེ་ཤེས་ལྔ༔ ཁ་དོག་དྲི་རོ་ནུས་བཅུད་འབར༔ མྱོང་གྲོལ་མཆོག་གི་རྒྱ་མཚོར་བསམ༔ སྒྲུབ་སྔགས་ཤམ་བུར་མདེའུ་ནི༔ པདྨ་བཛྲ་པྲ་ཝེ་ཤ་ཡ་ཕཊ྄༔ སརྦ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋ༔ དེ་ལྟར་རྩེ་གཅིག་བརྩོན་པ་ལས༔ ལྷ་ཡི་རྟགས་སུ་དགྱེས་ཞལ་མཐོང༔ ཡང་ན་འོད་ཀྱི་ཕུང་པོར་འབར༔ སྔགས་ཀྱི་རྟགས་སུ་ཡ་མཚན་སྒྲ༔ དགོངས་པའི་རྟགས་སུ་མང་དུ་འཕེལ༔ ཡོན་ཏན་ཕྲིན་ལས་ཆེ་བའི་རྟགས༔ འཇའ་སྤྲིན་མེ་ཏོག་ཆར་འབེབ་དང༔ དྲི་བཟང་རིང་དུ་ཚོར་བ་སོགས༔ ཏིང་འཛིན་ཉམས་རྟགས་ཐོན་པ་ན༔ ཐོ་རངས་དངོས་གྲུབ་སྣོད་རུང་ཕྱིར༔ ཚོགས་ཀྱི་འཁོར་ལོས་བསོད་ནམས་གསག༔ བརྗོད་མེད་བཤགས་པས་ཉམས་ཆག་སྦྱང༔ བྱིན་ཆེན་དབབ་ཅིང་ཡེ་ཤེས་སྦར༔ མཆོད་ཅིང་བསྟོད་པ་སྔོན་འགྲོ་བས༔ སྒྲུབ་རྟེན་སྤྱན་དྲང་སྤྱི་བོར་བླང༔ ཨོཾ་ཨཱཿཧཱུྃ༔ གསང་བ་གསང་ཆེན་རྨད་བྱུང་བ༔ བདུད་རྩི་མཆོག་གི་དཀྱིལ་འཁོར་དུ༔ པདྨ་བཛྲ་བདེ་བའི་མཆོག༔ ཡབ་ཡུམ་སྤྲུལ་པར་བཅས་པ་རྣམས༔ དང་པོར་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་དངོས་གྲུབ་གསོལ་ལགས་ན༔ དམིགས་མེད་ཐུགས་རྗེའི་རྩལ་སྐྱེད་ནས༔ ཞི་རྒྱས་དབང་དྲག་ཕྲིན་ལས་བཞི༔ ཚེ་དང་སྐོང་དང་ནད་གདོན་འཕྲོག༔ གྲུབ་ཆེན་བརྒྱད་དང་དབང་བཅུའི་དཔལ༔ བདེ་ཆེན་བསམ་མི་ཁྱབ་པའི་དབྱིངས༔ འོད་གསལ་ཐིག་ལེར་རོ་གཅིག་པའི༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས༔ སྒྲུབ་པའི་དམ་རྫས་ལ་བརྟེན་ནས༔ ད་ལྟ་ཉིད་དུ་བསྩལ་ནས་ཀྱང༔ མཐོང་ཚོར་མྱོང་བས་གྲོལ་བ་ཡི༔ ཡོན་ཏན་ཕྲིན་ལས་རྫོགས་མཛད་གསོལ༔ སྒྲུབ་སྔགས་ཤམ་དང་བཅས་པའི་མཐར༔ ཀཱ་ཡ་ཛྙཱ་ན་སིདྡྷི་ཨོཾ༔ ཝཱ་ཀ་ཛྙཱ་ན་སིདྡྷི་ཨཱ༔ ཙིཏྟ་ཛྙཱ་ན་སིདྡྷི་ཧཱུྃ༔ ཞེས་བརྗོད་གནས་གསུམ་བཀོད་བྱས་ལ༔ ཕོ་བྲང་ཞལ་དབྱེ་དེ་མ་ཐག༔ ལྷ་ཚོགས་གནས་ནས་བདུད་རྩིའི་རྒྱུན༔ འབྲུ་གསུམ་འོད་ཀྱི་རྣམ་པར་བྱུང༔ རང་གི་གནས་གསུམ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་བཛྲ་ཨ་མྲྀཏ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བསྐུལ་དགོངས་པའི་རྩལ་བསྐྱེད་པས༔ ལྷ་ཚོགས་སྙོམས་ཞུགས་བདུད་རྩིར་ཞུ༔ དམ་ཚིག་རྫས་དང་དབྱེར་མེད་བསམ༔ ཕུད་ཀྱིས་རྩ་གསུམ་རབ་འབྱམས་མཆོད༔ དེ་ནས་རང་གིས་ཚུལ་བཞིན་མྱང༔ ལྷག་མ་རིན་ཆེན་སྣོད་དུ་བསྩལ༔ སྒྲུབ་པའི་ཐུན་རྣམས་ཐམས་ཅད་ལ༔ ཞི་བའི་བཏུང་བ་བཞིན་མྱངས་པས༔ མཆོག་གི་ཡེ་ཤེས་མྱུར་ཐོབ་ན༔ ཐུན་མོང་དངོས་གྲུབ་སྨོས་ཅི་དགོས༔ ཁྱད་པར་དམ་ཚིག་ཉམས་ཆག་སྐོང༔ ཚེ་བསྲིང་ནད་ཞི་གདོན་ཀུན་འཕྲོག༔ མཐོང་ཚོར་མྱང་རེག་ཐམས་ཅད་ཀུན༔ ཧེ་རུ་ཀ་ཡིས་བྱིན་བརླབ་འགྱུར༔ སྣོད་ལྡན་སློབ་མ་རྗེས་བཟུང་ན༔ སླར་ཡང་བདུད་རྩིའི་དཀྱིལ་འཁོར་ནི༔ རྟེན་དང་བརྟེན་པ་སྔར་ལྟར་གསལ༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ ཧོ༔ ཁྱབ་བདག་པདྨ་བཛྲ་རྩལ༔ བདེ་བ་མཆོག་གི་ཧེ་རུ་ཀས༔ བདུད་རྩི་གསང་བའི་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བའི་དབང་བསྐུར་སྩོལ༔ ཞེས་ཞུ་རྒྱུད་སྦྱང་ལྷར་བསྐྱེད་ལ༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ བདུད་རྩིའི་ཕོ་བྲང་སྤྱི་བོར་བཀོད༔ ཨོཾ་ཨཱཿཧཱུྃ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ དོན་དམ་བདུད་རྩི་ཆོས་ཀྱི་སྐུ༔ བསམ་གྱིས་མི་ཁྱབ་འོད་གསལ་དབྱིངས༔ ཆོས་ཀྱི་བདུད་རྩི་ལོངས་སྤྱོད་རྫོགས༔ ཁ་སྦྱོར་བདེ་ཆེན་ཡེ་ཤེས་སྐུ༔ རྟགས་ཀྱི་བདུད་རྩི་སྤྲུལ་པའི་སྐུ༔ སྣོད་བཅུད་རིགས་ལྔའི་རོལ་པར་ཤར༔ རྫས་ཀྱི་བདུད་རྩི་རྣམ་པ་ལྔ༔ རྩ་བ་ཡན་ལག་བཅུད་དུ་འཁྱིལ༔ རྟེན་དང་བརྟེན་པར་བཅས་པ་ཡི༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཆོག་ཐུན་དངོས་གྲུབ་ཡོངས་རྫོགས་ཤོག༔ རྟགས་ཀྱི་བདུད་རྩིས་དབང་བསྐུར་བས༔ སྣང་སྟོང་བུམ་པའི་དབང་ཐོབ་ཤོག༔ རྫས་ཀྱི་བདུད་རྩིས་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཆོས་ཀྱི་བདུད་རྩིས་དབང་བསྐུར་བས༔ ཡེ་ཤེས་གསུམ་པའི་དབང་ཐོབ་ཤོག༔ དོན་གྱི་བདུད་རྩིས་དབང་བསྐུར་བས༔ བློ་འདས་བཞི་པའི་དབང་ཐོབ་ཤོག༔ སྣང་གྲགས་ལྷ་དང་སྔགས་སུ་སྨིན༔ རྟོག་ཚོགས་འོད་གསལ་དབྱིངས་སུ་གྲོལ༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ ཧེ་རུ་ཀ་དང་དབྱེར་མེད་ཤོག༔ སྒྲུབ་སྔགས་ཤམ་བཅས་ཛཔ྄་དབྱངས་བྱ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སོགས་བརྗོད་ཅིང་གནས་གསུམ་བཞག༔ སྨན་གྱི་ཕོ་བྲང་ཞལ་དབྱེ་སོགས༔ ཇི་ལྟར་སྨོས་པ་བཞིན་དུ་བྱ༔ ཤིས་པ་བརྗོད་ཅིང་དགའ་སྟོན་སྤེལ༔ དབང་འདི་ལན་གཅིག་འབྲེལ་བས་ཀྱང༔ མི་མཐུན་ཀུན་ཞི་ཡེ་ཤེས་འཕེལ༔ ཧེ་རུ་ཀ་དཔལ་གདུང་འཛིན་པའི༔ རྡོ་རྗེའི་རིགས་སུ་ངེས་པར་འགྱུར༔ དེ་ལྟར་བསྙེན་པས་རྫས་སྦྱངས་ཤིང༔ བསྒྲུབ་པས་ཡེ་ཤེས་བཅུད་དུ་བསྐྱིལ༔ ལས་སྦྱོར་དངོས་གྲུབ་བླང་བ་ཡིས༔ རང་གཞན་འབྲེལ་ཚད་དོན་ལྡན་འགྱུར༔ ས་མ་ཡ༔ ཐུན་མོང་དངོས་གྲུབ་ཀུན་གྱི་གཞི༔ རིང་པོར་འཚོ་བའི་ཚེ་དང་ནི༔ ལང་ཚོ་བཅུད་ཀྱིས་ལེན་པའི་ཕྱིར༔ རྡོ་རྗེ་ཚེ་ཡི་ཆོ་ག་བྱ༔ དབེན་པའི་གནས་སུ་སྟེགས་བུའི་དབུས༔ སྙིང་པོ་ལྔ་ཡི་འབྲང་རྒྱས་ནི༔ ཚེ་ཡི་སྙིང་པོའི་གཟུངས་ལྡན་པ༔ བག་དྲོ་རྒྱན་དང་ལྡན་པར་བཤམ༔ གཡས་སུ་ཚེ་རྫས་དང་སྦྱར་བའི༔ བདུད་རྩིས་གང་བའི་ཐོད་པ་དང༔ གཡོན་དུ་འབྲས་གསུམ་དཀར་དམར་གཉིས༔་་་ཅོང་ཞི་བྲག་ཞུན་། རྩ་བ་དྲུག་དང་་་རྩ་བ་ལྔ་དང་དབང་ལག་རྟག་ཏུ་ངུ༔ དཀར་དམར་བཅུད་ལེན་རིལ་བུ་བཀོད༔ མཆོད་གཏོར་ཚེ་མདའ་རྒྱན་ལྡན་སོགས༔ དགོས་པའི་ཡོ་བྱད་ཀུན་ཚོགས་ནས༔ བསྐྱེད་རིམ་ཕྲིན་ལས་གཞུང་བསྲངས་ལ༔ པདྨ་བཛྲ་བདེ་བའི་མཆོག༔ ཕྱག་གཡས་པདྨ་དམར་པོ་དང༔ གཡོན་པས་ཚེ་བུམ་ཐུགས་ཀར་བསྣོལ༔ མནྡྷ་ར་བ་རྣལ་འབྱོར་མ༔ དམར་གསལ་པདྨའི་གྲི་གུག་དང༔ བདུད་རྩིའི་ཐོད་པ་འཛིན་པས་འཁྱུད༔ རྒྱན་དང་རྣམ་འགྱུར་ཡོངས་རྫོགས་གསལ༔ སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔ པདྨ་ཚེ་དཔག་མེད་པ་དམར༔ མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔ དར་དང་རིན་ཆེན་རུས་པས་བརྒྱན༔ བརྒྱུད་གསུམ་བླ་མ་ཚེ་ཡི་ལྷ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ གཞན་ཡང་ལུས་དཀྱིལ་ལྷ་ཚོགས་བཅས༔ བདག་མདུན་དབྱེར་མེད་ཚུལ་དུ་གསལ༔ བྱིན་བརླབ་དབང་བསྐུར་སྤྱན་དྲང་སོགས༔ ལས་ཀྱི་རིམ་པས་གཞི་བཟུང་ལ༔ འཆི་མེད་སྒྲུབ་པའི་དམིགས་བཟླས་ནི༔ ཧྲཱི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ མི་ཤིགས་སྲོག་གི་ཐིག་ལེ་ཧྲཱི༔ དམར་གསལ་ཚེ་ཡི་སྔགས་ཀྱིས་བསྐོར༔ བཟླས་པས་བདེ་ཆེན་ཡེ་ཤེས་སྤྲིན༔ འོད་ཟེར་དཔག་ཡས་མཁའ་ཁྱབ་འཕྲོས༔ བླ་ཚེ་ཆད་ཉམས་ཡར་བ་དང༔ སྣོད་བཅུད་འབྱུང་བའི་དྭངས་མའི་སྲོག༔ རྩ་གསུམ་རབ་འབྱམས་ཡེ་ཤེས་དབྱིག༔ འོད་ཟེར་བདུད་རྩིའི་རྣམ་པར་དྲངས༔ སྤྱི་བོའི་རིགས་བདག་ཡབ་ཡུམ་གྱི༔ ཕྱག་གི་བུམ་པའི་ནང་དུ་ཞུགས༔ དེ་ཉིད་འཆི་མེད་བདུད་རྩིར་ཞུ༔ ཁོལ་ཞིང་འཕྱུར་བའི་ཆུ་རྒྱུན་གྱིས༔ རང་གི་ཚངས་པའི་སྦུབས་ནས་ཞུགས༔ ལུས་ཀྱི་ལྷ་ཚོགས་ཀུན་ལ་ཐིམ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི༔ བླ་ཚེ་ཉམས་པ་རང་སོར་ཚུད༔ ཚེ་དང་ཡེ་ཤེས་གཟི་བྱིན་འཕེལ༔ དྭངས་བཅུད་མི་ཤིགས་ཐིག་ལེར་ཐིམ༔ བདེ་ཆེན་རྡོ་རྗེའི་སྲོག་འགྲུབ་བསམ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་འབུམ་ཕྲག་བཞི་བཟླས་པས༔ རིག་འཛིན་ཚེ་ཡི་མཆོག་འགྲུབ་འགྱུར༔ ཐུན་མཚམས་མཆོད་བསྟོད་ཐུགས་དམ་བསྐུལ༔ མདའ་དར་གཡོབ་ཅིང་གདུང་བའི་གླུས༔ ཧྲཱི༔ འཆི་མེད་གཉུག་མའི་ཕོ་བྲང་ནས༔ པདྨ་བཛྲ་བདེ་བའི་མཆོག༔ རིགས་ཀྱི་ཡུམ་ཆེན་རྣལ་འབྱོར་མ༔ གཙོ་འཁོར་སྤྲུལ་པ་བཅས་པ་ཀུན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཡབ་ཡུམ་མཉམ་སྦྱོར་འཕྲོ་འདུ་ལས༔ བདེ་ཆེན་འབར་བའི་ཆོ་འཕྲུལ་གྱི༔ འོད་ཟེར་ཕོ་ཉ་ཕྱོགས་བཅུར་འཕྲོས༔ བླ་ཚེ་འཐོར་དང་ཡར་བ་ཁུག༔ སྲོག་ཚེ་ཉམས་དང་རྒུད་པ་གསོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་སྡུས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཞེས་བསྐུལ་སྔགས་བཟླས་རོལ་མོ་འཕྲོལ༔ ཨ༔ སྣང་གྲགས་རྟོག་གསུམ་དྭང་མའི་བཅུད༔ རྩ་སྲོག་ཐིག་ལེའི་དབྱིངས་སུ་ཐིམ༔ མི་འགྱུར་མི་ཤིགས་བློ་ལས་འདས༔ སྐྱེ་མེད་གཉུག་མའི་རྒྱས་གདབ་བོ༔ བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཨ་ཨ་ཨ༔ ཞེས་པས་རྒྱས་གདབ་མཉམ་པར་གཞག༔ རྟགས་མཐོང་བདག་དོན་དངོས་གྲུབ་བླང༔ ཡང་ན་བདག་ཉིད་འཇུག་པ་འམ༔ སློབ་མ་གཞུག་ཕྱིར་དབང་བསྐུར་ནི༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ རྣལ་འབྱོར་མ་དཔལ་དགྱེས་རོལ་པའི༔ ཁྱབ་བདག་པདྨ་བཛྲ་རྩལ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ ཚེ་དང་ཡེ་ཤེས་དབང་མཆོག་སྩོལ༔ རྒྱུད་སྦྱང་སྡོམ་བཟུང་ཡེ་ཤེས་དབབ༔ བརྟན་པར་བྱ་ཞིང་ཐུགས་དམ་བསྐུལ༔ དེ་ནས་ཚེ་འབྲང་སྤྱི་བོར་བླང༔ ཧྲཱི༔ པདྨ་བཛྲ་བདེ་ཆེན་ཚེ་ཡི་ལྷ༔ གསང་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ དབྱེར་མེད་རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱིས༔ མི་འགྱུར་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མགྲིན་པར་བཞག་ཅིང་མྱང༔ ཧྲཱི༔ ཨེ་དབྱིངས་པདྨ་བྷཉྫའི་སྣོད་མཆོག་ཏུ༔ ཝཾ་ཡིག་འཁོར་འདས་ཚེ་བཅུད་བདུད་རྩིར་བསྐྱིལ༔ དབྱེར་མེད་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ འགག་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྙིང་གར་གཏུགས་ཤིང་རོལ༔ ཧྲཱི༔ སྲིད་ཞིའི་དྭངས་མ་བདེ་ཆེན་བཅུད་ཀྱིས་ལེན༔ རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོའི་དཔལ༔ མི་ཤིགས་སྙིང་པོའི་ཐིག་ལེར་རོ་གཅིག་པས༔ འོད་གསལ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་སུ་རྒྱས་གདབ་ཤིས་པ་བརྗོད༔ དགའ་སྟོན་བྱ་ཞིང་བསོད་ནམས་སྤེལ༔ བཅུད་ལེན་རིལ་བུ་ཡུན་དུ་བརྟེན༔ རྡོ་རྗེ་སེམས་དཔའི་ཚེ་དང་ནི༔ ལང་ཚོའི་གཟི་བརྗིད་རབ་འབར་ཞིང༔ བདེ་ཆེན་ཡེ་ཤེས་ལ་བརྟེན་ནས༔ མི་འགྱུར་རྟག་པའི་ཚེ་ཐོབ་འགྱུར༔ ས་མ་ཡ༔ དེ་ལྟར་བླ་མ་ཡི་དམ་གྱི༔ རྣམ་པར་སྒོམ་པའི་ཐབས་ཆེན་པོ༔ ཐུགས་སྒྲུབ་ཀུན་གྱི་མཐར་ཐུག་པ༔ བསྐྱེད་རྫོགས་དམར་བྱང་སྙིང་པོ་འདི༔ འཕགས་པ་དགྱེས་པའི་རི་ཡི་སུལ༔ མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ བདག་ཉིད་པདྨ་བཛྲ་དང༔ ཚེ་ལམ་གྲོགས་མཆོག་མནྡྷཱ་རས༔ འཆི་མེད་རིག་འཛིན་བསྒྲུབས་པའི་ཚེ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ལོངས་སྐུ་དཔལ་ལྡན་བདེ་བའི་མཆོག༔ སྤྲུལ་སྐུ་ལྷན་སྐྱེས་རྣལ་འབྱོར་མས༔ རང་བྱུང་གསང་བའི་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་བརླབས་གདམས་པ་གཏད༔ ཧེ་རུ་ཀ་དང་དབྱེར་མེད་གྱུར༔ དེ་ནས་གངས་ཅན་ཡུལ་དབུས་སུ༔ མངའ་བདག་རྒྱལ་པོས་གསོལ་བཏབ་ངོར༔ གདམས་ཟབ་རྒྱས་འབྲིང་གསུམ་དུ་དབྱེས༔ རྒྱས་པ་སྲིན་སྦར་བྲག་ཏུ་སྦས༔ ཆོས་རྒྱལ་ཆེན་པོའི་སྤྲུལ་པས་འདོན༔ འབྲིང་པོ་རུ་མཚམས་བྱང་དུ་སྦས༔ ལོ་ཙཱ་ཆེན་པོའི་སྐྱེ་བས་འདོན༔ སྙིང་པོའི་བཅུད་འདྲིལ་རྨད་བྱུང་བ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ བཻ་རོ་མཆོག་དབྱངས་བདུད་འཇོམས་རྩལ༔ ཐུགས་ཀྱི་གཟུང་མར་བཅས་ལ་གདམས༔ རང་རང་ཉམས་བླངས་དྲོད་ཚད་ཕྱུང༔ བརྡ་རིས་ཨེ་ཡིས་མཚན་པའི་ཡུལ༔ གངས་བར་རྡོ་རྗེ་ཕུག་མོ་ཆེའི༔ ཕ་བོང་དབང་ཕྱུག་མཚན་རྟགས་ཅན༔ དེར་ནི་བསེ་ཡི་སྤར་བུ་རུ༔ ཆོས་དང་བསྟན་སྲུང་དམ་རྫས་བཅས༔ མི་འཇིག་ཕྱག་རྒྱས་བསྡམས་ལ་སྦོས༔ དྲུག་ཅུ་ཁ་རལ་སྙིགས་མའི་དུས༔ སྟོད་སྨད་ཧོར་གྱི་འཁྲུགས་ལོང་གཡོ༔ བོད་ཁམས་རྣལ་དུ་མི་གནས་ཚེ༔ རྒྱལ་བ་མཆོག་དབྱངས་སྤྲུལ་པ་ནི༔ སྟོན་པ་པདྨའི་མིང་གིས་རྙེད༔ གཞན་དོན་ཅུང་ཟད་འབྱུང་ཡང་སྲིད༔ བརྡ་རིས་ཡང་གཏེར་རྒྱས་བཏབ་ན༔ ཆེར་སྙིགས་སུམ་ཅུ་ཁ་རལ་དུས༔ མངའ་བདག་སྐྱེ་མཐའ་པདྨའི་མིང༔ འགྲོ་འདུལ་སྒྱུ་མའི་སྐྱེས་བུ་ལ༔ ཡེ་ཤེས་མཁའ་འགྲོའི་བརྡས་མཚོན་ཏེ༔ དགོངས་བརྒྱུད་མངོན་སུམ་བྱིན་བརླབས་མཐུས༔ ཚིག་བརྒྱུད་ཡི་གེའི་རིས་སུ་བྲིས༔ དོན་བརྒྱུད་སྣོད་ལྡན་འདུས་པ་ལ༔ སྨིན་གྲོལ་བྱིན་རླབས་ཆིག་རྫོགས་སྟོན༔ ལས་ཅན་འགའ་ཙམ་དོན་དུ་འགྱུར༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ མནྟྲ་གུ་ཧྱ་ས་མ་ཡ༔
དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ཆོས་སྐོར་ལས༔ ལོ་རྒྱུས་རིན་ཆེན་ཕྲེང་བ་ (Volume 26, Text 41)
༁ྃ༔ དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ཆོས་སྐོར་ལས༔ ལོ་རྒྱུས་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་དེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས༔ བྲག་དམར་འོམ་བུའི་ཚལ་དུ་བཞུགས་སུ་གསོལ་ཏེ༔ ཟ་འོག་གི་གདན་བཏིང༔ ན་བཟའ་རྡོ་རྗེའི་གསང་ལམ་སྐུ་ལ་གསོལ༔ གསེར་གཡུའི་མཎྜལ་ཕུལ༔ གསེར་སྐྱོགས་ཀྱི་ནང་དུ་རྒུན་ཆང་དྲངས་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་ཀྱིས་དུས་གསུམ་ཐམས་ཅད་མ་བསྒྲིབས་ས་ལེར་གཟིགས་པས་དུས་བཟང་ངན་ཇི་ལྟར་འབྱུང་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རྗེ་ལགས་དུས་ཀྱི་ཐ་མར་བསླེབས་ཙ་ན༔ སངས་རྒྱས་ཀྱི་བསྟན་པ་ཉི་རྒས་ལྟར་འགྲིབ༔ རྨུ་རྒོད་ཀྱི་སེམས་ཅན་མེ་ལྟར་འབར་ཞིང་རླུང་ལྟར་འཚུབས༔ དུས་ངན་སྙིགས་མའི་དུས་སུ༔ གདོན་ནི་ཀླུ་དང་རྒྱལ་བསེན་གནོད༔ ནད་ནི་མཛེ་དང་སྨྱོ་འབོག་དར༔ གཉན་དང་དྲང་སྲོང་གི་ནད་ཁ་འཕྱོ༔ འཕྲལ་དུ་བཙོག་ལ་ཕུགས་སུ་ངན་པ་ཞིག་འོང་གསུངས༔ དེའི་ཚེ་དེ་དག་ལ་ཕན་པའི་ཐབས་ཚེགས་ཆུང་ལ་དོན་ཆེ་བ༔ བྱ་སླ་ལ་འགྲུབ་མགྱོགས་པ་ཞིག་གསུང་འཚལ་ཞུས་པས༔ གུ་རུའི་ཞལ་ནས༔ ཀྱེ་ལྷ་སྲས་ཉོན་ཅིག༔ བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི༔ འཛམ་གླིང་གྲུ་ཆད་ཀྱི་ངན་ཤོས་ཡིན་ཏེ༔ བོད་ཡུལ་མུན་པའི་སྨག་རུམ་དང་འདྲ་བ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་འདུལ་བ་ལས༔ ཞི་བས་མི་ཐུལ་བ་རྣམས་ལ་དཔལ་རྟ་མགྲིན་དུ་སྤྲུལ་ནས་འདུལ་བ་ཡིན༔ དེ་ལ་དུས་ངན་སྙིགས་མའི་དུས་སུ༔ ས་བདག་ཀླུ་གཉན་རྒྱལ་བསེན་འདུལ་བའི་གཉེན་པོ་ནི༔ རྟ་མགྲིན་ནག་པོ་ཁྲོས་པའི་ཁྲོ་བོ་འདི་ཡིན་ནོ༔ འདི་ཤིན་ཏུ་གཉན་པས་སྔགས་དང་ཏིང་ངེ་འཛིན་དང་གཏོར་མ་ལ་བརྩོན་པར་བྱའོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་དབང་གི་དངོས་གྲུབ་བརྙེས༔ སྣང་སྲིད་འཇིག་རྟེན་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ དེ་ཕྱིར་དབང་ཆེན་རྟ་མགྲིན་གྱི༔ སྒྲུབ་ཐབས་བྱེ་བ་ས་ཡ་བརྩམས༔ ལ་ལ་མཆོག་གི་དོན་ལ་དགོངས༔ ལ་ལ་དྲེགས་པ་གཅུན་ལ་དགོངས༔ ལ་ལ་དགྲ་བགེགས་འདུལ་ལ་དགོངས༔ འདི་ནི་དགོངས་པ་གཅིག་ཏུ་དྲིལ༔ དེ་དག་ཀུན་གྱི་སྙིང་པོ་ཡིན༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ དྲག་སྔགས་ཀུན་གྱི་རྣོ་སོ་ཡིན༔ བྱ་སླ་ཚེགས་ཆུང་དོན་ཆེན་འདི༔ རྗེས་འཇུག་དོན་དུ་ཟབ་པར་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་ནས་མཚོ་རྒྱལ་དང༔ མངའ་བདག་རྒྱལ་པོ་ཉིད་ལ་གདམས་པ༔ དེ་ཉིད་ཀྱིས་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས༔ ཀ་བ་མཁའ་འགྲོའི་གཏེར་མཛོད་དུ༔ རིན་པོ་ཆེ་ཚེ་ཡི་སྒྲུབ་པ་དང༔ ཕག་མོ་སྙིང་ཏིག་གི་ཤོག་དྲིལ་དང༔ བསྟན་པ་སྲུང་བའི་དྲག་སྔགས་འདི་གང་ཟག་གཅིག་གི་ཆ་རྐྱེན་དུ་གཏེར་དུ་སྦས༔ དེ་ནས་མངའ་བདག་སྤྲུལ་པ་ཉང་གིས་བཏོན་ཏེ་རིམ་པར་བརྒྱུད་པའོ༔ ༁ྃ༔ དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ཀྱི་གཞུང་བཞུགས་སོ༔ རྒྱ་གར་སྐད་དུ༔ ཤྲཱི་ཧ་ཡ་གྲཱི་བ་ཀཱ་ལ་ཙིཏྟ་སཱ་དྷ་ནཾ༔ བོད་སྐད་དུ༔ དཔལ་རྟ་མགྲིན་ནག་པོ་ཐུགས་ཀྱི་སྒྲུབ་ཐབས༔ བཅོམ་ལྡན་དཔའ་བོ་གཅིག་ཏུ་བསྒྲུབ་པ་ལ་ཕྱག་འཚལ་ལོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེའི་ཕྲིན་ལས་གཅིག་བསྡུས་ནས༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ཞི་བས་མི་འདུལ་གདུག་པ་ཅན༔ ཚར་གཅོད་རྟ་མགྲིན་ནག་པོར་བསྟན༔ དེ་ཉིད་ཤིན་ཏུ་ཁྲོས་པ་ནི༔ གནོད་སྦྱིན་ནག་པོ་ལྕགས་རལ་ཅན༔ དགྲ་དང་བགེགས་དང་བྱད་མ་དང༔ གཟའ་ཀླུ་རྒྱལ་བསེན་གཉེན་པོར་བསྟན༔ ཆོས་སྐུ་ཞི་བའི་ངང་ཉིད་ལས༔ གདུག་པ་འདུལ་ཕྱིར་དྲག་པོའི་སྐུ༔ རྟ་མགྲིན་ནག་པོ་ཞེས་ཀྱང་བྱ༔ ཡཀྴ་ནག་པོ་ཞེས་ཀྱང་བྱ༔ གནོད་སྦྱིན་ནག་པོ་ཞེས་ཀྱང་བྱ༔ མགོན་པོ་ནག་པོ་ཞེས་ཀྱང་བྱ༔ མ་ཧཱ་ཀཱ་ལ་རྟ་གདོང་ཅན༔ ཐུགས་རྗེ་མཚུངས་མེད་བླ་མ་ཡིན༔ བྱིན་རླབས་མྱུར་མཛད་ཡི་དམ་ཡིན༔ བསྟན་པ་སྲུང་ཕྱིར་ཆོས་སྐྱོང་ཡིན༔ དགྲ་བགེགས་སྒྲོལ་ཕྱིར་ལས་མཁན་ཡིན༔ འདི་ལ་རྒྱས་བསྡུས་འགའ་ཡོད་ཀྱང༔ དཔའ་བོ་གཅིག་ཏུ་བསྒྲུབ་པ་འདི༔ འཁོར་གྱི་རྣམ་གྲངས་ངེས་མེད་ཕྱིར༔ བཀྲ་ཤིས་རྒྱུད་ནི་འཇམ་པ་ཡིན༔ གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཚོགས༔ རང་བཞིན་ཤུགས་ཀྱིས་འཁོར་བའི་ཕྱིར༔ ཤིན་ཏུ་རྣོ་ལ་མྱུར་བ་ཡིན༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལྷ་སྲིན་སྡེ་བརྒྱད་མེ་ལྟར་འབར༔ སྐྱེ་བོ་རྨུ་རྒོད་རླུང་ལྟར་འཚུབས༔ ནད་མུག་མཚོན་གསུམ་ཆུ་ལྟར་འཁྲུགས༔ གློ་བུར་བར་གཅོད་ཐོག་ལྟར་འབེབ༔ དེ་ཚེ་སྔགས་འཆང་སྒྲུབ་པ་པོ༔ དཔའ་བོ་གཡུལ་ངོར་ཞུགས་པ་འདྲ༔ དེ་ལ་དགོས་པ་རྣམ་པ་གཉིས༔ ཚུར་ལ་གང་ཡང་མི་ཚུགས་པའི༔ གོ་ཆ་ལྟ་བུའི་མན་ངག་དགོས༔ ཕར་ལ་གང་ཡང་མི་བཏང་བའི༔ མཚོན་ཆ་ལྟ་བུའི་མན་ངག་དགོས༔ དགོས་པ་གཉིས་པོ་འདི་མེད་ན༔ དཔའ་བོ་གཅེར་བུ་མཚོན་མེད་འདྲ༔ གཡུལ་ངོ་བཟློག་པ་ཤིན་ཏུ་དཀའ༔ ༈ དེ་ལ་དགོས་པ་དང་པོ་ནི༔ གོ་ཆ་ལྟ་བུའི་མན་ངག་ལ༔ ཁྲོ་ཆུ་ལྟ་བུའི་རྫས་དང་གཅིག༔ གནམ་ལྕགས་ལྟ་བུའི་སྔགས་དང་གཉིས༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གསུམ༔ ལུས་ངག་ཡིད་གསུམ་སྲུང་བ་ཆེ༔ དང་པོ་རྫས་ལ་རྣམ་པ་གསུམ༔ བྱུག་པ་བདུག་པ་སྲུང་བ་གསུམ༔ བྱུག་པའི་རྫས་ནི་དགུ་ཡིན་ཏེ༔ བཙན་དུག་མུ་ཟི་གུ་གུལ་གསུམ༔ མཁན་པ་སྤྲུ་བ་སྤྱང་ཚེར་དྲུག༔ གླ་བ་ཤིང་ཀུན་སྒོག་སྐྱ་དགུ༔ གཅིག་གསུམ་ལྔ་གསུམ་དགུ་གསུམ་དང༔ ཉ་སྟོང་བརྒྱད་གསུམ་དུས་གཉན་ལ༔ ལུས་ཀུན་བཀྲུ་ཞིང་བྱུག་པར་བྱ༔ གནོད་བྱེད་གང་གིས་ཉེ་མི་འགྱུར༔ བདུག་པའི་རྫས་ལ་དགུ་གཉིས་བསྟན༔ བཙན་དུག་ཐང་དུག་བོང་དུག་གསུམ༔ ར་དུག་རེ་ལྕག་ཐང་ཕྲོམ་དྲུག༔ གླ་བ་གུ་གུལ་ཤིང་ཀུན་དགུ༔ མུ་ཟི་ལྡོང་རོས་རྟ་བོན་གསུམ༔ འབའ་ཆ་སྤང་སྤོས་བཤུལ་ཚིག་དྲུག༔ བྱིལ་ཁྱི་སྤྱང་ཀིའི་བྲུན་དང་དགུ༔ དགུ་གཉིས་སྦྱར་བའི་རིལ་བུ་བསྲེགས༔ བདུག་པས་གདོན་རྣམས་བྲོས་པར་འགྱུར༔ སྲུང་བའི་རྫས་ནི་དགུ་གསུམ་བསྟན༔ བཙན་དུག་བོང་ང་ཐར་ནུ་གསུམ༔ ར་དུག་རེ་ལྕག་ཐང་ཕྲོམ་དྲུག༔ ཨ་ཤོ་བ་བླ་སྤྱང་ཚེར་དགུ༔ དུག་སྣ་དགུ་ཡི་སྲུང་བ་ཡིན༔ མི་ཁྲག་ཁྱི་ཁྲག་ཕག་ཁྲག་གསུམ༔ རྒྱ་ཁྲག་མངལ་ཁྲག་གཙོད་ཁྲག་དྲུག༔ གྲི་ཁྲག་བྱ་རོག་སྤྱང་ཁྲག་དགུ༔ ཁྲག་སྣ་དགུ་ཡི་སྲུང་བ་ཡིན༔ གླ་བ་གུ་གུལ་ཤིང་ཀུན་གསུམ༔ ཙནྡན་སྤང་སྤོས་ཤ་ཆེན་དྲུག༔ མུ་ཟི་ལྡོང་རོས་རྟ་བོན་དགུ༔ སྨན་སྣ་དགུ་ཡི་སྲུང་བ་ཡིན༔ དགུ་གསུམ་སྦྱར་བའི་རིལ་བུ་བྱ༔ གཡག་ནག་རོག་པོའི་རྭ་རྩེ་འམ༔ གྲི་རྐང་ནང་དུ་བླུགས་ལ་འཆང༔ གནོད་བྱེད་གང་གིས་མཐོང་མི་འགྱུར༔ མཐོང་ཡང་ཚུགས་པར་མི་འགྱུར་རོ༔ ༈ གཉིས་པ་སྔགས་ཀྱིས་སྲུང་བ་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཡཀྴ་ནག་པོ་ནྲྀ་ཏྲི་ཧུར་ཐུཾ་ཛ༔ གནོད་བྱེད་མཱ་ར་ཡ༔ སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ ཙིཏྟ་ཟུང་ཟུང༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་རིལ༔ ཡ་ཡ་བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཁཾ་ཁཾ༔ ལཾ་ལཾ༔ ཚལ་པར་རྦད་རྦད༔ དུམ་བུར་རྦུད་རྦུད༔ ཐུཾ་མྱོག་བཾ་རིལ་མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ༔ ཨུ་ཙ་ཏ་ཡ་ཕཊ༔ ཧ་ཡ་གྲཱི་བའི་འབྲུ་བཅུ་གཅིག༔ རྟ་མགྲིན་རྩ་བའི་སྔགས་སུ་བཤད༔ ཡཀྴ་ནག་པོ་མན་ཆད་ནི༔ ལས་སྔགས་གནམ་ལྕགས་སྤུ་གྲི་ཡིན༔ ནྲྀ་ཏྲི་དགྲ་དང་བགེགས་ཀྱི་སྲོག༔ ཧུར་ཐུཾ་ཛཿནི་འགུགས་པའི་སྔགས༔ གནོད་བྱེད་གང་ཡིན་མིང་གི་ཐེམ༔ མཱ་ར་ཡ་ནི་བསད་པ་འོ༔ རྦད་ཚོ་བརྒྱད་པོ་བསད་པའི་སྔགས༔ ཡང་ན་རལ་གྲིའི་ལས་སུ་འདོད༔ ཙིཏྟ་ཟུང་ནས་བྷྱོ་ཡི་བར༔ ཉི་ཤུ་རྩ་བརྒྱད་རྦད་པའི་སྔགས༔ ཡང་ན་ལྕགས་ཀྱུའི་ལས་སུ་འདོད༔ སྲོག་རྩ་ཆོད་ནས་རྦད་སོད་བར༔ ཡིག་འབྲུ་ཉི་ཤུ་རྩ་དགུ་ནི༔ ཐུན་མོང་བསད་པའི་སྔགས་སུ་བསྟན༔ ཛྭ་ལ་རཾ་གྱིས་སྲེག་པར་བྱེད༔ ཨུ་ཙ་ཏ་ཡས་བསྲེག་ཅིང་གཏོར༔ ཕཊ་ཀྱིས་ཐམས་ཅད་འཇོམས་པར་བྱེད༔ འདི་ཡིས་མི་ཐུབ་གང་ཡང་མེད༔ དཔེར་ན་གནམ་ལྕགས་སྤུ་གྲི་འདྲ༔ རྣོ་བའི་ཚད་ནི་མེ་ལྟ་བུ༔ མྱུར་བའི་ཚད་ནི་གློག་ལྟ་བུ༔ རྒོད་པའི་ཚད་ནི་ཐོག་ལྟ་བུ༔ གཏུམ་པའི་ཚད་ནི་རྦབ་ལྟ་བུ༔ དགྲ་དང་བགེགས་དང་བྱད་མ་དང༔ ནད་ཀྱི་རིགས་དང་གདོན་གྱི་རིགས༔ གཉན་རིགས་ལྷོག་པ་ཐབ་ཀྱི་རིགས༔ མཛེ་ཤུ་འབྲུམ་པ་སྐྲང་ལྷོག་དང༔ སྨྱོ་འབོག་བརྒྱལ་ནད་ལ་སོགས་པ༔ གང་དང་གང་དུ་བཏབ་པ་དེ༔ མེ་དང་རྩྭ་སྦུར་དཔེ་བཞིན་དུ༔ སྲེག་ཅིང་རབ་ཏུ་སྲེག་པར་བྱེད༔ རླུང་དང་ཐལ་བ་ཇི་བཞིན་དུ༔ གཏོར་ཞིང་རབ་ཏུ་གཏོར་བར་བྱེད༔ དྲག་སྔགས་བསྟན་པ་མང་ཡོད་ཀྱང༔ རྣོ་མྱུར་ལྡན་པ་འདི་ལས་མེད༔ འདི་ལ་རིགས་ནི་འགའ་ཡོད་ཀྱང༔ སྔགས་འགྲིགས་ཚང་བ་འདི་ལས་མེད༔ འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ༔ བསྙེན་པའི་དུས་སུ་རྩ་སྔགས་བཟླ༔ སྒྲུབ་པའི་དུས་སུ་ལས་སྔགས་བཟླ༔ ལས་སྦྱོར་ལས་སྔགས་རྐྱང་པ་བཟླ༔ བསྙེན་སྔགས་བུང་བས་ཚང་ཚོལ་འདྲ༔ སྒྲུབ་སྔགས་མེ་དཔུང་འབར་བ་འདྲ༔ ལས་སྔགས་སེར་ཆེན་འབེབ་པ་འདྲ༔ སྔགས་ཀྱི་གནད་ལ་གསུམ་ཡིན་ཏེ༔ འགལ་མེ་འཁོར་བ་ལྟ་བུ་དང༔ བ་ཐག་འཁྲིད་པ་ལྟ་བུ་དང༔ མེ་སྒྱོགས་འཕངས་པ་ལྟ་བུ་འོ༔ ༈ གསུམ་པ།་་་ཏིང་འཛིན་གསུམ་གྱི་སྲུང་བ་ནི༔ རྩ་སྔགས་ལན་གཅིག་བཟླས་པ་ཡིས༔ སྐད་ཅིག་དྲན་རྫོགས་ཏིང་འཛིན་གྱིས༔ གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས༔ གཡས་པས་སྒྲོལ་བྱེད་རལ་གྲི་ཡིས༔ དགྲ་བགེགས་མགོ་ལུས་དུམ་བུར་ཕྲལ༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་བསྣམས༔ དགྲ་བགེགས་མ་ལུས་སྲོག་སྙིང་འདྲེན༔ ཞབས་གཉིས་དགྲ་བགེགས་མ་ལུས་མནན༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་གདེངས༔ རྟ་སྐད་དྲག་པོ་ནམ་མཁར་འཚེར༔ ཁམས་གསུམ་མ་ལུས་དབང་དུ་འདུས༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ སྐུ་སྟོད་ཞིང་ཆེན་གཡང་གཞི་དང༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས༔ བ་སྤུའི་གསེབ་ནས་ཚྭ་ཚྭ་འཕྲོ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ དབུ་སྐྲ་གནམ་ལྕགས་རལ་པ་ཅན༔ རལ་པ་བསིག་པའི་སྐྲ་གསེབ་ནས༔ ཁྲོ་ཆུང་དཔག་མེད་ཕར་འཕྲོས་པས༔ དགྲ་བགེགས་ཐམས་ཅད་ཚར་བཅད་དེ༔ ཚུར་འདུས་ཁྲོ་བོའི་གུར་དུ་གྱུར༔ སྲུང་ཟློག་བསད་པའི་ཁྲོ་བོ་ནི༔ རིམ་པ་གསུམ་གྱི་ཚུལ་དུ་བསམ༔ བདག་ཉིད་དམ་ཚིག་སེམས་དཔའ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཉི་མའི་གདན་ལ་ཧཱུྃ་མཐིང་ནག༔ གཟི་བརྗིད་ལྡན་པའི་མཐའ་སྐོར་དུ༔ རྩ་སྔགས་གཡས་སུ་འཁོར་བར་བསམ༔ འོད་ཟེར་སྤྲོ་བསྡུའི་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ མེ་རི་ཁྲོ་བོའི་རང་བཞིན་ལས༔ གནོད་བྱེད་མིང་ཡང་མེད་པར་བསམ༔ སེམས་ཉིད་སྟོང་གསལ་སྐྱེ་མེད་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ལོ༔ དྲན་པ་ཙམ་གྱིས་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི༔ སྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ གལ་ཏེ་དམིགས་བྱ་བསྲུང་ན་ནི༔ ལུས་ངག་ཡིད་གསུམ་སྦ་བ་གཅེས༔ ལུས་ནི་སྲུང་བའི་གུར་དུ་སྦ༔ ངག་ནི་སྲོག་སྙིང་བར་དུ་སྦ༔ ཡིད་ནི་ཐིག་ལེའི་བར་དུ་སྦ༔ ཐུན་མོང་མ་ཡིན་ཁྱད་པར་གནད༔ སུས་ཀྱང་མཐོང་བར་མི་འགྱུར་རོ༔ མཐོང་ཡང་བསྐལ་པའི་མེ་ཆེན་འགྱུར༔ གལ་ཏེ་ཕ་རོལ་རྦོད་གཏོང་སོགས༔ གནོད་བྱེད་བཟློག་ཅིང་བསད་པ་ན༔ གནམ་ས་ལྕགས་བསྲེགས་འཁོར་ལོ་ལས༔ མེ་འབར་ཚྭ་ཚྭ་ནང་ནས་འཕྲོས༔ ཚུར་ལ་བསྲེག་ཅིང་འཁོར་བར་བསམ༔ བདག་གི་སྲུང་བའི་གུར་ཁང་ལས༔ མེ་འབར་རླུང་འཚུབས་མཚོན་ཆ་འཕྲོས༔ ཕྱི་ལ་བསྲེག་ཅིང་གཏོར་བར་བསམ༔ བར་དུ་གནོད་བྱེད་བྱད་མ་རྣམས༔ བརླགས་ནས་མིང་ཡང་མེད་པར་བསམ༔ གལ་ཏེ་བློ་རྒྱ་ཆུང་བ་འམ༔ ལུས་ལ་གདོན་ཆེན་ཞུགས་པ་ན༔ ལྟེ་བར་རཾ་ཡིག་དམར་པོ་བསམ༔ རཾ་ལས་མེ་འབར་ལུས་ཀུན་བསྲེགས༔ རང་ཉིད་མེ་དཔུང་ཆེན་པོར་བསམ༔ རཾ་གྱི་ཚྭ་ཚྭ་འཕྲོས་པ་ལས༔ མེ་སྒྲ་སྔགས་སྒྲ་སྒྲོག་པར་བསམ༔ དེ་ལྟར་སྒོམ་ཞིང་བཟླས་པ་བྱ༔ འབུམ་ཕྲག་བཅུ་གཅིག་ཐེམས་གྱུར་ན༔ གདོན་བསླང་ཆོ་འཕྲུལ་ངེས་པར་འབྱུང༔ དེ་ནས་སྒྲུབ་པ་བརྩམ་པར་བྱ༔ དུས་དང་གཟའ་སྐར་བཟང་པོ་ལ༔ དབེན་པའི་གནས་སུ་མཎྜལ་ནི༔ གྲུ་གསུམ་ཁྲག་དང་སོལ་བས་བྱུག༔ དབུས་སུ་དཔལ་གཏོར་ཟུར་གསུམ་བཤམ༔ ཤ་ཁྲག་དམར་ཚོགས་དུ་མས་བརྒྱན༔ ཁྲོ་ཟངས་ལྕགས་ཀྱི་སྣོད་དུ་བཤམ༔ བྱ་རྒོད་མདའ་དང་མཐིང་ནག་དར༔ ཙནྡན་རལ་གྲི་ཁྲུ་གང་དང༔ སེང་ལྡེང་ཕུར་བུ་མཐོ་གང་བ༔ མཐིང་ཤོག་དག་ལ་བཟང་དྲུག་དང༔ བཙན་དུག་གུ་གུལ་གྲི་ཁྲག་གིས༔ སྐུ་དང་སྔགས་དང་འཁོར་ལོ་བྲིས༔ སྐུ་གསུང་ཐུགས་ཀྱི་རྟེན་དུ་བཟུང༔ དེ་ལ་རྟེན་འབྲེལ་བསྐྱེད་བསྟིམ་བྱ༔ ཐུགས་དམ་བསྐང་ཞིང་བཟླས་པ་བྱ༔ མཆོད་གཏོར་འབུལ་ནས་ཕྲིན་ལས་བཅོལ༔ འགྲུབ་རྟགས་རབ་འབྲིང་ཐ་མ་གསུམ༔ རབ་ནི་ལྷ་ཞལ་མཐོང་བ་དང༔ རྟ་མགོ་འཚེར་དང་རྟ་སྐད་འདོན༔ རང་གིས་རྟ་སྐད་འབྱིན་པ་དང༔ མི་ནག་ལྕགས་ཀྱི་རལ་པ་ཅན༔ རྟ་ནག་འཚེར་ཞིང་དངོས་སུ་འོང༔ འབྲིང་ནི་ཉམས་དང་སྣང་བ་ལ༔ ཐ་མ་རྨི་ལམ་དག་ཏུ་འབྱུང༔ གནས་ཁང་རྟེན་རྫས་གཏོར་མ་ལས༔ མེ་འབར་འོད་འཕྲོ་དུད་པ་འཐུལ༔ ཚེག་སྒྲ་ཆོ་འཕྲུལ་ཆེན་པོ་འབྱུང༔ རྨི་ལམ་རྟགས་ཀྱི་མཚན་མ་ནི༔ རྫོང་ཆེན་བརྩིགས་དང་གོ་ཁྲབ་གྱོན༔ འཁོར་གསུམ་བཏགས་དང་མཚོན་ཆ་བརྡར༔ མེ་ཆེན་འབར་དང་རླུང་ཆེན་འཚུབས༔ རྔ་ཆེན་བརྡུང་དང་དུང་ཆེན་འབུད༔ དར་ཆེན་ཕྱར་དང་དམག་ཆེན་དཔོན༔ ཕྱོགས་ལས་རྒྱལ་བའི་མཚན་ཉིད་ཡིན༔ མཚོན་ཆ་མདའ་གཞུ་བཅག་པ་དང༔ བྲག་ཆེན་བཤིག་དང་རྫོང་ཆེན་ཕབ༔ ཕ་བོང་རློག་དང་གཡག་རྒོད་བསད༔ ཤ་བཙོན་བཟུང་དང་གློ་སྙིང་སྟེར༔ དགྲ་ལས་རྒྱལ་བའི་མཚན་ཉིད་ཡིན༔ ཁྲག་ཟོར་གཟིར་དང་ཕུར་པ་བཅག༔ སེར་བ་བཟློག་དང་སྤྲིན་ནག་གཏོར༔ གཤའ་རྦུད་ཆུ་བཟློག་གློག་ལྕེ་བཅད༔ བྱད་ལས་རྒྱལ་བའི་མཚན་ཉིད་ཡིན༔ ཆུ་མིག་མཚོ་སྐམ་སྦལ་སྦྲུལ་ཟོས༔ སྡོམ་སྡིག་ཉ་ལྕོང་ལུས་ལས་ཐོན༔ ལྷ་ཁང་ལྡེར་སོ་བཤིག་པ་དང༔ བན་བོན་ནག་ཆགས་བྱིས་པ་བརྡུངས༔ བྱི་ལ་ཅེ་སྤྱང་ཁྱི་སྦྲུལ་བསད༔ བགེགས་ལས་རྒྱལ་བའི་མཚན་ཉིད་ཡིན༔ མི་ནག་ཁྲོས་དང་རྟ་ནག་བདས༔ མཛེ་ལོང་དམེ་སྤྱང་ཚུར་ལ་རྒོལ༔ མི་མཐུན་མཚན་མ་བྱུང་བ་ན༔ ཐུགས་དམ་བསྐང་ཞིང་མངའ་གསོལ་བྱ༔ བདུན་གསུམ་དག་ལ་ངེས་པར་འགྲུབ༔ གྲུབ་ནས་རྫས་རྣམས་རྟེན་དུ་བཟུང༔ ལྷ་བསྟིམ་སྲུང་འཁོར་ལུས་ལ་འཆང༔ གཏོར་མ་དགྲ་གདོན་ཕྱོགས་སུ་བསྐྱལ༔ དེ་དག་བསྙེན་ཅིང་སྒྲུབ་པ་སྟེ༔ དགོས་པ་གཉིས་ཀྱི་དང་པོ་ནི༔ གོ་ཆ་ལྟ་བུའི་མན་ངག་ཡིན༔ ༈ ད་ནི་དགོས་པ་ཕྱི་མའི་དོན༔ མཚོན་ཆ་ལྟ་བུའི་མན་ངག་ནི༔ དྲག་སྔགས་ལས་ལ་སྦྱར་བ་ནི༔ མེས་ཚིག་གཡུལ་འགྱེད་མདའ་འཕེན་པ༔ ཁང་བརྡིབས་ཡུལ་ཤོར་གྲོང་རྡལ་ས༔ གཤའ་སྦུད་ས་ཞིག་དུར་ཁྲོད་ས༔ ཕུང་ཤུལ་དྲག་པོའི་ས་རྣམས་ལ༔ པུ་རི་ཟུར་གསུམ་མཐོ་གང་བ༔ བང་རིམ་དགུ་པ་ཁོང་སེང་བྱ༔ འོག་ཏུ་ཟུར་གསུམ་རྐང་གང་པ༔ ཁ་ཁྱེར་རྫབ་དང་ལྡན་པར་བྱས༔ གཉིས་ཀའི་ཕྱི་ནང་དུག་ཆུ་དང༔ དུར་སོལ་དག་གིས་ནག་པོར་བྱ༔ ནང་ནི་ཁྲག་དང་བཙག་གིས་བྱུག༔ གྲུ་གསུམ་ཁ་ལ་རྩང་གིས་བསྐོར༔ པུ་རིའི་ཁ་ལ་ཐུན་ལམ་བྱ༔ ཚེར་ནག་ཕུར་པ་རྐང་གང་ལ༔ དྲག་སྔགས་བྲིས་པས་ཐུན་ལམ་བཅད༔ པུ་རི་ལ་སོགས་མ་གྲུབ་ན༔ མལ་འོག་འཁྲུལ་འཁོར་ཤེས་པར་བྱ༔ དེ་ནས་དགྲ་བགེགས་བྱད་མ་སོགས༔ གང་ལ་བྱ་བའི་ལིང་ག་ཡི༔ སྲོག་ཡིག་སྔགས་ཐེམ་ཚང་བར་བྲིས༔ གྲུ་གསུམ་ནང་དུ་གན་རྐྱལ་གཞུག༔ ཁྱད་པར་བགེགས་ལ་ཁ་སྒྱུར་རྫས༔ བསད་པར་འདོད་ན་གྲི་ཁྲག་གིས༔ ལྐུག་པར་འདོད་ན་ཕུག་རོན་ཁྲག༔ ཞ་རེངས་འདོད་ན་ཁུག་རྟའི་ཁྲག༔ སྨྱོ་བར་འདོད་ན་སྨྱོ་ཀླད་ཆུ༔ དབྱེ་འདོད་བྱ་རོག་འུག་པའི་ཁྲག༔ ཕོ་གདོན་རྒྱལ་པོ་ཁྱི་དཀར་ཁྲག༔ མོ་གདོན་རྒྱལ་མོ་ཁྱི་ནག་ཁྲག༔ གཟའ་ལ་གཟའ་ར་རོག་པོའི་ཁྲག༔ ཀླུ་ལ་གླང་དམར་སྦལ་སྦྲུལ་ཁྲག༔ བཙན་ལ་ཤ་ཁྱི་དམར་པོའི་ཁྲག༔ བདུད་ལ་གཡག་ནག་རོག་པོའི་ཁྲག༔ གཤིན་རྗེ་གྲི་རྒོད་ཁྲག་གིས་བྲིས༔ ཐེའུ་རང་ར་ཁམ་ཁྲག་གིས་བྲིས༔ ཆུང་སྲི་བྱི་ལའི་ཁྲག་གིས་བྲིས༔ དྲག་པོའི་ཐུན་རྫས་སྣ་དགུ་ནི༔ ཡུང་དཀར་ཡུང་ནག་རམ་རྒོད་དང༔ ཀེ་ཚེ་ཤང་ཚེ་ཐང་ཕྲོམ་གསུམ༔ ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་རྣམས༔ དྲག་སྔགས་ངར་བླུད་ཐུན་གྱིས་བྲབ༔ བདག་ཉིད་ཞེ་སྡང་དྲག་པོའི་ཤུགས༔ རྟ་མགྲིན་ཁྲོས་པའི་ང་རྒྱལ་གྱིས༔ སྐུ་ལས་འཕྲོས་པའི་ཁྲོ་ཆུང་ཚོགས༔ ཐོ་བ་ལྕགས་ཀྱུ་ཐོགས་པ་སྤྲོས༔ ལྷས་བྱིན་སྙིང་ནས་ལྕགས་ཀྱུས་བཟུང༔ ཐོ་བས་ཀླད་ནས་བཅོམ་པར་བརྡུངས༔ རང་དབང་མེད་པར་བཀུག་ཅིང་བསྟིམས༔ བདུག་པའི་རྫས་ཀྱིས་ལྷ་དང་ཕྱེ༔ དེ་ནས་མདུན་གྱི་གྲུ་གསུམ་དེ༔ ལྕགས་བསྲེགས་ཁང་པ་སྒོ་མེད་བསམ༔ དམིགས་བྱ་དངོས་སུ་ཚུད་པར་བསམ༔ སྟེང་གི་པུ་རི་ནག་པོ་དེ༔ གནམ་ལྕགས་རི་རབ་བང་རིམ་ལ༔ ལྷ་སྲིན་སྡེ་བརྒྱད་དམག་ཚོགས་བསམ༔ པུ་རིའི་ཁ་ཡི་ཕུར་པ་དེ༔ ཁྲོ་བོ་ནག་པོ་འཇིགས་སུ་རུང༔ གནམ་ལྕགས་འབར་བའི་རལ་པ་ཅན༔ ལག་ན་རལ་གྲི་ལྕགས་ཀྱུ་ཐོགས༔ ལྟེ་བ་མན་ཆད་སྐུ་སྨད་ནི༔ གནམ་ལྕགས་ཕུར་པ་ཟུར་གསུམ་པ༔ གང་ལ་བྱེད་ཀྱི་སྙིང་ལ་གཟིར༔ ཁྲོ་བོས་རྣམ་ཤེས་གཟིར་བར་བསམ༔ ཟུར་གསུམ་ཕུར་པའི་དབལ་སོ་ལས༔ གདུག་པའི་མཚོན་གྱི་ཆར་ཕབ་ནས༔ ཕུང་པོ་དུམ་བུར་གཏུབས་པར་བསམ༔ ཁྱད་པར་ཁོ་ཡི་སྙིང་ནང་དུ༔ ངན་སེམས་གདུག་པའི་རྣམ་སྨིན་དེ༔ ལྕགས་བསྲེགས་འཁོར་ལོ་རྩིབས་དྲུག་པ༔ དྲག་སྔགས་དང་བཅས་འཁོར་བ་ཡིས༔ སྙིང་ཁྲག་གཏོར་ཞིང་སྙིང་རྩ་བཅད༔ རྣམ་ཤེས་མར་མེ་བསད་པར་བསམ༔ དྲེགས་པ་སྡེ་བརྒྱད་དམག་ཚོགས་ཀྱིས༔ ཤ་ཟོས་ཁྲག་འཐུངས་རུས་པ་བརླགས༔ རྡུལ་ཕྲན་ཙམ་ཡང་མེད་པར་བསམ༔ དྲག་སྔགས་གཟིར་ཞིང་ཐུན་གྱིས་བྲབ༔ དེ་དག་དགྲ་བགེགས་སྤྱི་ཡི་ལས༔ གོ་རིམ་བཞིན་དུ་ཤེས་པར་བྱ༔ ༈ ད་ནི་ཁྱད་པར་ལས་བསྟན་པ༔ བྱད་མ་བསད་པའི་ལས་བྱེད་ན༔ མི་འགྱུར་རྫས་གཅིག་ཁོང་དུ་བཏང༔ ལྷ་མི་གཉིས་ཀྱི་མནྟྲ་ནི༔ སྟེང་འོག་གཉིས་སུ་ཤེས་པར་བྱ༔ ལག་ཏུ་ཕུར་པ་རེ་རེ་བསྐུར༔ སྔོ་དམར་ཚོན་གྱིས་བྱད་དུ་བཅུག༔ བྱད་ཐག་གཉན་པོ་ཉིད་ལ་གཏད༔ ལྷ་དང་བཅས་པ་དགུག་ཅིང་བསྟིམ༔ ཁྱད་པར་སྤྲུལ་པའི་ཁྲོ་ཆུང་ཚོགས༔ ཐོ་བས་སྲུང་བའི་གུར་ཁང་བཅོམ༔ མི་མཐུན་རྫས་ཀྱི་བྱུག་པ་ཡིས༔ སྔགས་ཀྱི་ནུས་པ་བཤིག་པར་བསམ༔ སྟེང་གི་ཁྲོ་བོའི་ཕུར་པ་ཡིས༔ ཁོ་ཡི་ལྷ་སྲུང་སྤྱི་བོ་ནས༔ དྲག་ཏུ་གཟིར་བས་མ་བཟོད་དེ༔ ལེན་རྩ་བྱད་མ་རང་ལ་བཟློག༔ རིག་སྔགས་བདག་པོ་རང་ཉིད་ཀྱི༔ ཕུར་པ་འདྲིལ་ཞིང་གདབ་པ་ཡིས༔ ཁོ་རང་ལྷ་སྲུང་སྙིང་གར་ཕོག༔ ལྷས་བྱིན་ཤིན་ཏུ་ཁྲོས་པ་ཡིས༔ སླར་ཡང་ཕུར་པ་བསྒྲིལ་ཞིང་བཏབ༔ སྲོག་རྩ་བྲལ་ཞིང་རྣམ་ཤེས་བསད༔ རང་གཤེད་རང་ལ་ཕོག་པར་བསམ༔ ཁྱད་པར་ཁོ་ཡི་རྣམ་ཤེས་ལས༔ གདུག་པའི་དུག་སྦྲུལ་དཀར་ནག་གཉིས༔ སྤྱི་བོ་བཤང་ལམ་གཉིས་ནས་ཞུགས༔ སྙིང་གི་མགོ་མཇུག་གཉིས་ནས་འཇུས༔ རྣམ་ཤེས་དྲན་འཛིན་ཕུང་བ་དང༔ སྙིང་ཁྲག་འཇིབས་ནས་བསད་པར་བསམ༔ ངན་སྔགས་བཟླས་པའི་ནུས་པ་དེ༔ ལྕེ་སྟེང་ལྕགས་བསྲེགས་འཁོར་བ་ཡི༔ སྡིག་པ་ནག་པོ་མགོ་དགུ་འཇིགས་སུ་རུང༔ ཁོ་ཡི་དགེ་སྡིག་ཉེས་པ་དང༔ སྔགས་ཀྱི་ནུས་པས་འཇིག་པར་བསམ༔ བསམ་པ་ངན་པའི་རྣམ་སྨིན་དེ༔ གནམ་ལྕགས་འཁོར་ལོ་རྩིབས་དྲུག་པ༔ སྙིང་གི་ནང་ན་འཁོར་བ་ཡིས༔ སྙིང་ཁྲག་གཏོར་ཞིང་སྙིང་རྩ་གཅོད༔ རྣམ་ཤེས་ཀཾ་ཀཾ་བསད་པར་བསམ༔ དེ་ནི་བྱད་མ་བསད་པའི་ལས༔ རང་གཤེད་རང་ལ་བསྐོར་བའི་ལས༔ ཀུན་དང་ཐུན་མོང་མ་ཡིན་པ༔ བསད་ལས་དུག་མདའ་ནག་པོ་འདི༔ གང་ལ་རྒྱབ་ཀྱང་ཤོར་མི་སྲིད༔ མཚམས་མེད་ལྔ་བས་སྡིག་ཆེ་བས༔ ཕར་ལ་མ་བསྟན་རང་ལ་སྡིག༔ སངས་རྒྱས་བསྟན་དང་རང་སྲོག་ལ༔ དགོས་པ་བྱུང་ན་ཉེས་པ་ཆུང༔ ༈ སེར་བ་ཕབ་པའི་ལས་བྱེད་ན༔ སྲུང་བའི་ཁྲག་སྣ་དགུ་པོ་དང༔ མཛེ་ཕོ་རབས་ཆད་ཡུགས་སའི་ཁྲག༔ གཞན་ཡང་ཁྲག་སྣ་ཚོགས་ཚད་དང༔ རི་གཉན་རྡོ་དང་ཆུ་གཉན་ཆུ༔ ར་ཐུག་ནག་པོའི་གྲོད་པར་བླུག༔ རྒྱབ་ཏུ་གཟའ་ཡི་ཁ་མིག་བྲིས༔ ཆུ་མིག་གཉན་པོའི་སྔས་སུ་མནན༔ གཟའ་ཀླུ་སྡེ་བརྒྱད་བསྐྱེད་བསྟིམ་བྱ༔ སྐབས་སུ་དྲག་པོའི་ཐུན་གྱིས་བྲབ༔ དེ་ནས་གང་སྡོད་ཡུལ་ལྷའི་སྒོར༔ གདུག་པའི་རྫས་ཀྱིས་བདུག་པ་བཏང༔ ར་གྲོད་རྫས་ལ་བུག་པ་སྟོན༔ གཟའ་ཀླུ་སྡེ་བརྒྱད་ཁྲག་ཏུ་སྐྱུགས༔ ཁྲག་སེར་དགྲ་ཡུལ་ཕུང་བར་བསམ༔ གར་འདོད་ས་རུ་རྫས་རྣམས་ཁྲིད༔ གང་ཁྲིད་ས་རུ་ཁྲག་སེར་འབེབས༔ ༈ སེར་བ་སྲུང་བའི་ལས་བྱེད་ན༔ སྡེ་བརྒྱད་སྲོག་གི་འཁོར་ལོ་བྲི༔ གྲུ་གསུམ་ནང་དུ་གན་རྐྱལ་མནན༔ གཟའ་ཀླུ་སྡེ་བརྒྱད་བསྐྱེད་ཅིང་མནན༔ ཞག་གསུམ་དྲག་སྔགས་ཐུན་གྱིས་བྲབ༔ སེང་ལྡེང་ཚེར་ནག་ཕུར་པ་དང༔ ཙནྡན་རྒྱ་ཤུག་རལ་གྲི་ལ༔ ཙནྡན་གུ་གུལ་གྲི་ཁྲག་གིས༔ སྔགས་བྲིས་བསྐྱེད་བསྟིམ་རབ་གནས་བྱ༔ ཕུར་པ་ཕྱོགས་མཚམས་རྣམས་སུ་བཀྲམ༔ འཁོར་ལོ་ཞིང་ལྤགས་ནང་དུ་དྲིལ༔ ངན་པར་སེར་སྤྲིན་སྔགས་ཀྱིས་གཏོར༔ གདོང་བཟློག་ཞྭ་གོས་ནག་པོ་གྱོན༔ རྟ་མགྲིན་ཁྲོས་པའི་ང་རྒྱལ་གྱིས༔ སྤྱི་བོར་མེ་ཡི་བྱ་ཁྱུང་བསྒོམ༔ འཁོར་ལོ་རྡོག་པས་དྲིལ་ཞིང་བརྡབས༔ སྡེ་བརྒྱད་ཞབས་ཀྱིས་གཟིར་བར་བསམ༔ ཕྱག་ན་རལ་གྲིའི་འཁོར་ལོ་བསྐོར༔ མེ་འབར་ཚྭ་ཚྭ་འཕྲོས་པ་ཡིས༔ སེར་བྱེད་གཏུབ་ཅིང་བསྲེགས་པར་བསམ༔ ཤིང་རལ་གདོང་ལ་གཡུག་ཅིང་འདེབས༔ ཞལ་ནས་ཡེ་ཤེས་མེ་ཆེན་འབར༔ ཞལ་ནས་དྲག་པོའི་རླངས་པ་གཡོས༔ སེར་བ་དགྲ་ཡུལ་ཁྱེར་བར་བསམ༔ དྲག་སྔགས་བཟླས་ཤིང་གདོང་ལ་འདུག༔ ལོ་ཐོག་རྩི་ཤིང་ནགས་ཚལ་ཡང༔ ཁྲོ་བོའི་མེ་རིའི་རང་བཞིན་བསམ༔ རྩི་ཐོག་འདུས་ནས་ཕུར་པ་སྡུད༔ གཏང་རག་མངའ་གསོལ་དུས་སུ་བྱ༔ ༈ ཆར་པ་ཕབ་པའི་ལས་བྱེད་ན༔ བར་དུ་གཅོད་པའི་རྒྱལ་བསེན་དང༔ འབྱུང་པོ་རླུང་ལྷའི་ལིངྒ་བྲི༔ གྲུ་གསུམ་ནང་དུ་བཀུག་ཅིང་གཟིར༔ གྲོ་ག་དག་ལ་ཙཀྲ་བྲི༔ གོང་དུ་བསྟན་པའི་ཁྲག་སྣ་བླུགས༔ ལ་སྦལ་ནག་པོའི་ལྟོ་བར་བཅུག༔ ཡུགས་སའི་བྱད་ཐག་ཁ་ནས་དྲང༔ ནུབ་བྱང་མཚམས་ལ་ཁ་བསྟན་པའི༔ ཆུ་མིག་གཉན་པོའི་ཕུགས་སུ་བཅུག༔ སེང་ལྡེང་ཕུར་བུ་སྔགས་བཅས་བཟུང༔ སྟེང་དུ་ཁྲི་བཅས་རང་ཉིད་འདུག༔ རྟ་མགྲིན་ཁྲོས་པའི་ང་རྒྱལ་གྱིས༔ ཆུ་མིག་ཀླུ་ཡི་ཕོ་བྲང་དུ༔ ལ་སྦལ་ཀླུ་བདུད་ནག་པོར་བསམ༔ ཕུར་པ་ཡཀྴ་ལྷ་རུ་བསྐྱེད༔ ཀླུ་བདུད་སྙིང་ལ་གཟིར་བར་བསམ༔ དགུག་གཞུག་བསྐྱེད་བསྟིམ་དྲག་ཏུ་བྱ༔ ཞག་གསུམ་བར་དུ་དྲག་སྔགས་གཟིར༔ བབས་ནས་དཀར་གསུམ་མངར་གསུམ་གྱི༔ ཀླུ་སྨན་ཀླུ་གཏོར་མཆོད་པ་བྱ༔ ༈ ཆར་པ་གཅོད་པའི་ལས་བྱེད་ན༔ ཀླུ་ཡི་ཙཀྲ་སྔགས་བཅས་བྲི༔ བག་ཟན་སྦལ་བའི་ནང་དུ་བཅུག༔ གྲུ་གསུམ་ནང་དུ་གཡའ་མས་བཀབ༔ ཀླུ་རྣམས་བསྐྱེད་བསྟིམ་དྲག་ཏུ་བྱ༔ སྟེང་དུ་མེ་དཔུང་བདུག་རྫས་བསྲེག༔ དྲག་སྔགས་གཟིར་བས་ཆད་པར་འགྱུར༔ ༈ སྨྱོ་འབོག་འདུལ་བའི་ལས་བྱེད་ན༔ དང་པོ་སྨྱོ་འདྲེ་བརྟག་པ་ནི༔ ནམ་མཁར་ལྟ་ན་རྒྱལ་པོ་ཡིན༔ ངུ་འབོད་བྱེད་ན་བསེན་མོ་ཡིན༔ སྐད་ངན་ལེན་ན་འགོང་པོ་ཡིན༔ སྤྲིང་སྤྲིང་རྒྱུག་ན་བདུད་རིགས་ཡིན༔ གཟེར་ཞིང་འཕག་ན་བཙན་རིགས་ཡིན༔ གླུ་རྒྱང་ལེན་ན་སྨན་རིགས་ཡིན༔ སྡང་ཞིང་འདར་ན་ཆུ་གྲི་ཡིན༔ འགག་ཅིང་འབོག་ན་འགག་འདྲེ་ཡིན༔ རྒོད་ཅིང་འབོག་ན་ཐེའུ་རང་ཡིན༔ འཛུམ་ཞིང་འབོག་ན་བྱད་འདྲེ་ཡིན༔ སྨྱོ་ཞིང་རེངས་ལ་བཅོས་མི་ཕན༔ རྩ་རྒྱུས་འཆུགས་སམ་སྔོན་ལས་སྨིན༔ མིག་རྩ་དམར་ཞིང་མིག་འགྱུར་ན༔ ཅིས་ཀྱང་གདོན་གྱིས་བཏབ་པའི་རྟགས༔ རྟ་མགྲིན་ཁྲོས་པའི་ང་རྒྱལ་གྱིས༔ ཁོ་ཡི་སྲིན་ལག་གཡོན་པ་བཟུང༔ བདུག་པའི་རྫས་ཀྱིས་སྣ་ནས་བདུག༔ ཕུར་པ་སྔགས་བཅས་མགོ་ལ་གཟིར༔ དྲག་སྔགས་བཟླས་ཤིང་ཐུན་གྱིས་བྲབ༔ རང་མིང་སྟོན་ཞིང་ཁས་ལེན་བྱེད༔ དེ་ནས་གླུད་ཡས་སྦྱིན་ལ་བསྐྲད༔ མ་ཕན་དྲག་པོའི་གཏོར་ཟློག་དང༔ བསྲེག་མནན་ལས་ཀྱི་མཐའ་སྡུད་བྱ༔ ༈ མཛེ་ཕོ་གསོ་བའི་ལས་བྱེད་ན༔ ཀླུ་དང་བསྡོངས་ཟླ་གང་ཡིན་གྱི༔ ལིངྒ་གྲུ་གསུམ་ནང་དུ་གཟིར༔ ཁྱད་པར་རྒྱལ་པོའི་བུམ་ཆོག་བཅའ༔ མཎྜལ་སྟེང་དུ་ཚོམ་བུ་བཀོད༔ བུམ་པ་དྲི་བཟང་ཆུ་ཡིས་བཀང༔ དེ་སྟེང་ཐོད་པར་དྲི་ཆུ་བླུག༔ གླ་བ་ཤིང་ཀུན་སྤང་སྤོས་གདབ༔ དར་ནག་ཞལ་ཁེབས་གཟུངས་ཐག་སྦྲེལ༔ དེ་ལ་རྟ་མགྲིན་བསྐྱེད་བསྟིམ་བྱ༔ སྔགས་ཕྲེང་འོད་ཟེར་མེ་དཔུང་འཕྲོ༔ ཞལ་ནས་ཞུགས་ཤིང་མགལ་མེ་བཞིན༔ མེ་སྒྲ་འུར་འུར་འཁོར་བར་བསམ༔ མེ་ལྕེ་ཕྱིར་འཕྲོས་ནད་གདོན་བསྲེགས༔ ཚུར་འདུས་རང་ལུས་མེ་དཔུང་བསམ༔ སྐབས་སུ་ལྷ་སྲུང་འོད་དུ་ཞུ༔ ཁྲོ་ཆུ་ཞུན་མ་ལྟ་བུར་བསམ༔ ཡུངས་དཀར་ཐལ་ཆེན་གསར་དུ་སྔགས༔ ནང་དུ་བཏུང་དང་ཕྱི་རུ་བཀྲུས༔ བྱུག་པས་བྱུགས་ཤིང་བདུག་པས་བདུག༔ ནད་པ་སོས་ནས་མི་ལྡོག་ཕྱིར༔ སྲུང་བའི་རྫས་དང་འཁོར་ལོ་བཏགས༔ ༈ སྲི་འུ་གསོ་བའི་ལས་བྱེད་ན༔ ཆུང་སྲི་དམན་མོ་གང་བསྒྲེན་གྱི༔ ལིངྒ་གྲུ་གསུམ་ནང་དུ་གཟིར༔ བུམ་པ་ལ་སོགས་གོང་ལྟར་བཅས༔ མ་དང་བུ་གཉིས་བཀྲུ་ཞིང་བཏུང༔ གཏོར་མའི་དབང་དང་བྱིན་བརླབ་བྱ༔ སྲུང་སྐུད་ནག་པོ་ལྷར་བསྐྱེད་བཏགས༔ རྟ་མགྲིན་ལ་ནི་གཉེར་དུ་གཏད༔ ཟླ་རེ་བཞིན་དུ་དེ་བཞིན་བྱ༔ བྱིས་པ་ལ་སོགས་གང་གསོ་ཡང༔ བུམ་པ་ལ་སོགས་དེ་བཞིན་བྱ༔ གང་དག་བསྲུང་བའི་ལས་བྱེད་ན༔ བཙན་དུག་གུ་གུལ་གྲི་ཁྲག་གིས༔ སྡེ་བརྒྱད་སྲོག་གི་འཁོར་ལོ་བྲི༔ དགུག་གཞུག་རབ་གནས་བསྐྱེད་བསྟིམ་བྱ༔ ལྟེ་བར་སྲུང་བའི་རྫས་རྣམས་བླུག༔ ཡུངས་དཀར་ཐལ་ཆེན་གསར་དུ་བསྣན༔ ཙཀྲ་དར་སྣ་ལྔ་ཡིས་དྲིལ༔ དེ་ཡང་ཞིང་ལྤགས་ཁུག་མར་བཅུག༔ གང་བསྲུང་དེ་ལ་བཏགས་པར་བྱ༔ ཐོག་བསྲུང་འདོད་ན་སྤྱི་བོར་བཏགས༔ རྦོད་གཏོང་བསྲུང་ན་དཔུང་པར་བཏགས༔ ནད་ཡམས་བསྲུང་ན་སྒོ་ལ་བཏགས༔ ངག་བསྲུང་འདོད་ན་མགྲིན་པར་བཏགས༔ སྒྲིབ་ཤིང་འདོད་ན་སྙིང་གར་བཏགས༔ མངལ་བསྲུང་འདོད་ན་ལྟེ་བར་བཏགས༔ རྟ་ཕྱུགས་བསྲུང་ན་བྲེས་ལ་བཏགས༔ ནོར་ལུག་བསྲུང་ན་ར་བར་བཏགས༔ ཞོ་ཆང་བསྲུང་ན་སྣོད་ལ་བཏགས༔ ལོ་ཏོག་བསྲུང་ན་ཞིང་དཀྱིལ་བཏགས༔ གཤའ་རྦུད་བྱུང་ན་གཤའ་སྒོ་རུ༔ སེང་ལྡེང་ཕུར་པའི་ཟུར་ལ་བཏགས༔ མདོར་ན་གང་ལ་བཏགས་གྱུར་ཀྱང༔ དེ་ལ་གནོད་བྱེད་ཚུགས་མི་འགྱུར༔ ༈ གདོན་ཆེན་འདུལ་བའི་ལས་བྱེད་ན༔ བཙོ་བ་བརྔོ་བ་བསྲེག་པ་གསུམ༔ དང་པོ་བཙོ་བའི་ལས་བྱེད་ན༔ གྲུ་གསུམ་དུར་ཁྲོད་སྒྱེད་པུ་བཙུགས༔ མགོན་ཟངས་ནང་དུ་ཆུ་གཙང་བཀོལ༔ སྟེང་དུ་དྲག་པོའི་གཏོར་མ་བཤམ༔ མགོན་ཟངས་དུར་ཁྲོད་གཞལ་ཡས་སུ༔ མགོན་ཆུ་རྟ་མགྲིན་ནག་པོར་བསྐྱེད༔ གཏོར་མ་གནོད་བྱེད་དངོས་སུ་བསྐྱེད༔ བསྐྱེད་བསྟིམ་མཆོད་བསྟོད་དྲག་ཏུ་བྱ༔ དེ་ནས་རྟ་མགྲིན་འོད་དུ་ཞུ༔ ཁྲོ་ཆུ་ཁོལ་མ་ལྟ་བུར་བསམ༔ ལྷ་ཚོགས་གསོལ་ཞིང་སྲུང་མ་བསྐུལ༔ མགོན་ཆུ་སྤྲོ་ཞིང་གདོན་ཆེན་བཏུལ༔ དྲག་སྔགས་གཟིར་ཞིང་ལྕག་གིས་བྲབ༔ དེ་ནས་མགོན་ཟངས་གྲུ་གསུམ་དུ༔ གནོད་བྱེད་བཀུག་ལ་གཏོར་མ་བརྡེག༔ མགོན་ཟངས་སྦུབས་ལ་རྟ་བྲོ་བརྡུང༔ ༈ གཉིས་པ་བརྔོ་བའི་ལས་བྱེད་ན༔ རབས་ཆད་ནག་པོའི་སླ་ང་རུ༔ མར་ནག་དུག་སྣ་སྦྱར་ལ་བསྐོལ༔ སྟེང་དུ་གནོད་བྱེད་ལིངྒ་བཅའ༔ མེ་ཐབ་རྟ་མགྲིན་ནག་པོར་བསྐྱེད༔ སླ་ང་ཁྲོ་བོའི་ཞལ་དུ་བསྐྱེད༔ མར་ཁུ་དུག་ཁྲག་རྒྱ་མཚོར་འཁྱིལ༔ ལིངྒར་གནོད་བྱེད་བསྐྱེད་བསྟིམ་བྱ༔ ཆང་དང་བུལ་ཏོག་སྔགས་ཐུན་བརྡེག༔ མེ་འབར་གནོད་བྱེད་དངོས་སུ་བསྲེག༔ གཏོར་མ་ལ་སོགས་གོང་ལྟར་བྱ༔ ༈ གསུམ་པ་སྲེག་པའི་ལས་བྱེད་ན༔ མཎྜལ་ནག་པོ་གྲུ་གསུམ་སྟེང༔ དྲག་པོའི་ཤིང་སྣ་ཟུར་གསུམ་བརྩིགས༔ མེ་སྦར་མེ་ལྷ་རྟ་མགྲིན་བསྐྱེད༔ ལིངྒ་བ་ལིཾ་ཤ་ཁྲག་ལ༔ གནོད་བྱེད་བསྟིམས་ལ་ཉེར་གཅིག་འབུལ༔ དགྲ་བགེགས་དངོས་སུ་གསོལ་བར་བསམ༔ རྗེས་ཀྱི་བྱ་བ་དེ་བཞིན་ནོ༔ ༈ གཏད་ཅིང་མནན་པའི་ལས་བྱེད་ན༔ སྔགས་པ་གཤིན་རྗེའི་ལག་ཏུ་གཏད༔ གྲི་ཐོད་མཛེ་ཐོད་ནང་དུ་བླུག༔ སྔགས་པའི་དབེན་ཁང་འོག་ཏུ་མནན༔ བནྡེ་རྒྱལ་པོའི་ལག་ཏུ་གཏད༔ ཁྱི་ཐོད་སྤྲེལ་ཐོད་ནང་དུ་བླུག༔ ལྷ་ཁང་འདྲེ་ཅན་འོག་ཏུ་མནན༔ སྐྱེ་བོ་གྲི་བཙན་ལག་ཏུ་གཏད༔ ཤ་ཁྱི་དམར་པོའི་ཐོད་པར་བྲུབ༔ ལ་བཙས་གོང་བུ་དམར་པོར་མནན༔ བུད་མེད་སྲིན་མོའི་ལག་ཏུ་གཏད༔ ཁྱི་མོ་ནག་མོའི་ཐོད་པར་བྲུབ༔ མཆོད་རྟེན་རྙིང་པའི་འོག་ཏུ་མནན༔ བྱིས་པ་ཐེའུ་རང་ལག་ཏུ་གཏད༔ ར་ཁམ་ཐོད་པའི་ནང་དུ་བྲུབ༔ བྲག་ཕུག་སྟོང་པའི་སྒོ་ཁར་མནན༔ སྲི་འུ་ཆུང་སྲིའི་ལག་ཏུ་གཏད༔ བྱི་ལ་ནག་པོའི་ཐོད་པར་བྲུབ༔ བཅའ་ཏི་རྙིང་པའི་འོག་ཏུ་མནན༔ ཕ་ཚན་ཆེ་ན་ཀླུ་ལ་གཏད༔ གླང་དམར་རྭ་ཡི་ནང་དུ་བྲུབ༔ ཆུ་མིག་གཉན་པོའི་འགྲམ་དུ་མནན༔ མ་ཚན་ཆེ་ན་གཟའ་ལ་གཏད༔ གཟའ་ར་རོག་པོའི་ཐོད་པར་བྲུབ༔ རྒྱ་ལམ་བསྣོལ་མའི་འོག་ཏུ་མནན༔ བགེགས་ལ་གཏད་ན་སོ་སོ་ཡི༔ ཐོད་པ་རང་རང་གནས་སུ་མནན༔ ༈ དེ་ལྟར་ལས་སྦྱོར་གང་བྱེད་ཀྱང༔ ལས་སྔགས་གནམ་ལྕགས་སྤུ་གྲི་ཡིན༔ གང་བྱེད་སྲོག་ཐེམ་སོ་སོར་སྦྱར༔ གོ་རིམ་མ་ནོར་ཤེས་པར་བྱ༔ ཆར་སེར་འགུགས་གསུམ་གཞན་དུ་ཤེས༔ ཀུན་ལ་ཏིང་འཛིན་ངར་ལྡན་གྱིས༔ རྟ་མགྲིན་ཁྲོ་བོའི་ང་རྒྱལ་བསྐྱེད༔ དྲག་སྔགས་གཟིར་ཞིང་ཐུན་གྱིས་བྲབ༔ ཤ་ཁྲག་དམར་གྱི་གཏོར་མ་བཤམ༔ དུས་དྲུག་མཆོད་སོགས་བསྟོད་བསྐུལ་བྱ༔ གང་བྱེད་ལས་ཀྱི་ཕྲིན་ལས་བཅོལ༔ གཏོར་མ་དགྲ་གདོན་ཕྱོགས་སུ་བཏང༔ མ་གྲུབ་བར་དུ་བརྟུལ་ཞུགས་བསྐྱེད༔ འགྲུབ་པའི་རྗེས་སུ་གཏང་རག་བཏང༔ གང་ལྟར་བྱས་པ་དེ་ལྟར་འགྲུབ༔ ཐེ་ཚོམ་ཅན་གྱིས་འགྲུབ་མི་འགྱུར༔ ཡིད་གཉིས་སྤངས་ན་ངེས་ཤེས་སྐྱེ༔ སྤྲོ་བ་དྲག་པོས་ཉམས་སུ་བླང༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་མཆོག་གི་དངོས་གྲུབ་བརྙེས༔ སྣང་སྲིད་འཇིག་རྟེན་དབང་དུ་འདུས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ དེ་ཕྱིར་དབང་ཆེན་རྟ་མགྲིན་གྱི༔ སྒྲུབ་ཐབས་བྱེ་བ་ས་ཡ་བརྩམས༔ ལ་ལ་མཆོག་གི་དོན་ལ་དགོངས༔ ལ་ལ་བར་ཆད་སེལ་བར་དགོངས༔ ལ་ལ་དྲེགས་པ་གཅུན་ལ་དགོངས༔ ལ་ལ་དགྲ་བགེགས་འདུལ་ལ་དགོངས༔ འདི་ནི་དགོངས་པ་གཅིག་ཏུ་དྲིལ༔ དེ་དག་ཀུན་གྱི་སྙིང་པོ་ཡིན༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ དྲག་སྔགས་ཀུན་གྱི་རྣོ་སོ་ཡིན༔ བྱ་སླ་ཚེགས་ཆུང་དོན་ཆེན་འདི༔ རྗེས་འཇུག་དོན་དུ་ཟབ་པར་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས་ཀྱི་ཀ་བ་མཁའ་འགྲོའི་གཏེར་མཛོད་ནས་སྤྱན་དྲངས་པའོ།། །། ༈ ཧ་ཡ་གྲཱི་བ་ལ་ན་མོ༔ གདོན་ཆེན་འདུལ་བའི་ལས་བྱེད་ན༔ སྤྱི་དང་བྱེ་བྲག་གཉིས་སུ་བསྟན༔ དྲག་པོའི་གཏོར་མའི་ལས་བྱེད་ན༔ སྤྱིར་ནི་ལྷ་རྣམས་འགོ་བ་དང༔ བར་ཆད་སེལ་དང་དངོས་གྲུབ་འབྱུང༔ བྱིན་རླབས་རྩ་བ་གཏོར་མ་ལ༔ དུས་དང་རྒྱུན་དུ་བརྩོན་པར་བྱ༔ བྷནྡྷ་རིན་ཆེན་སྣོད་མཆོག་ཏུ༔ ཤ་ཆང་འབྲས་ཟན་ལ་སོགས་པ༔ ཅི་འབྱོར་པ་ཡི་གཏོར་མ་བཤམ༔ བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཡི་གེ་གསུམ་གྱི་བྱིན་གྱིས་བརླབ༔ ལྷ་ཚོགས་མདུན་དུ་སྤྱན་དྲངས་ལ༔ སྔགས་འདིས་ལན་གསུམ་འབུལ་བར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ༔ མཱཾ་ས༔ རཀྟ༔ ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ༔ ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ལྗགས་ལ་རྡོ་རྗེའི་སྦུ་གུ་བྱུང༔ གཏོར་མ་ཏིམ་ཏིམ་གསོལ་བར་བསམ༔ བསྟོད་བསྐུལ་ཕྲིན་ལས་རིམ་བཞིན་བྱ༔ བྱེ་བྲག་སྐོང་ཟློག་ལ་སོགས་པ༔ ཁྲོ་ལྕགས་ལ་སོགས་དྲག་པོའི་སྣོད་ནང་དུ༔ དཔལ་གཏོར་དམར་ནག་ཟུར་གསུམ་བཤམ༔ དེ་ལ་གཏོར་ཕྲན་བརྒྱད་ཀྱིས་བསྐོར༔ ཤ་ཁྲག་སྙིང་སྣ་དུ་མས་བརྒྱན༔ མཚེ་དང་རྩང་དང་ཡུངས་དཀར་གཟུག༔ བྱད་མའི་ལིངྒ་ནང་དུ་གཞུག༔ དགུག་གཞུག་བསད་ལས་བྱིན་བརླབ་བྱ༔ མདུན་དུ་ལྷ་ཚོགས་སྤྱན་དྲངས་ལ༔ གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ༔ ལས་རིམ་བདུན་དུ་ཤེས་པར་བྱ༔ དེ་ནས་ལྷ་ཚོགས་ཐུགས་ཁྲོས་པས༔ གཏོར་མ་ནད་དུག་མཚོན་དུ་བསྒྱུར༔ དགྲ་བགེགས་བྱད་མའི་ཕྱོགས་སུ་གཏོར༔ ཉེས་བྱེད་བྱུང་ན་ཟོར་དུ་འཕང༔ རྒྱལ་བསེན་ལ་སོགས་གདོན་ཆེན་རྣམས༔ བཏུལ་བའི་མན་ངག་འདི་ཡིན་ནོ༔ ༁ྃ༔ དཔལ་རྟ་མགྲིན་ཡང་ཕྱུང་ནག་པོ་ལྕགས་རལ་ཅན་གྱི་བུ་ཡིག་གནད་ཀྱི་མདེའུའི་ཤོག་དྲིལ་བཞུགས༔ ཤྲཱི་ཧ་ཡ་གྲཱི་བ་ལ་ན་མོ༔ རྟ་མགྲིན་ཡང་ཕྱུང་ནག་པོ་ཡི༔ ལས་སྔགས་གནམ་ལྕགས་སྤུ་གྲི་ལས༔ ཆར་སེར་དགུག་གསུམ་གཞན་དུ་ཤེས༔ ཞེས་པའི་ལྡེ་མིག་འདི་ཡིན་ནོ༔ ༈ ཆར་པ་འབེབ་པའི་ལས་སྔགས་ནི༔ ཡཀ་ཤ་ནག་པོ་ཏྲི་ཧུར་ཐུཾ་ཛ༔ ནཱ་ག་ཏྲག་རཀྴ་དུན་ཏྲི་བྷ་རི་ཤ་ཡ༔ བྷ་རི་ཤ་ཡ༔ བྷ་རི་ནག་པོ་ཐིབ་ཐིབ༔ འདུས་འདུས་འུར་འུར་ཆེམ་ཆེམ༔ ཆར་ཆེན་པོ་ཕོབ༔ དྲག་ཏུ་ཕོབ་ཅིག༔ དེ་ནི་ཆར་འབེབ་ལྡེ་མིག་ཡིན༔ ༈ སེར་བ་འབེབ་པའི་ལས་སྔགས་ནི༔ ཡཀ་ཤ་ནག་པོ་ནྲྀ་ཏྲི་ཧུར་ཐུཾ་ཛ༔ རཱ་ཧུ་ལ་ཏྲག་ཕྲོམ༔ ནཱ་ག་རག་ཤ་ཕྲམ༔ ནཱ་ག་ཕྲམ༔ སྡེ་བརྒྱད་གཟེར་འཁྲུག༔ སྲོག་རྩ་ཁྲག་རྩ་གཟེར༔ སྙིང་ཁྲག་ཧབ་སྐྱུགས༔ སེར་བ་ཧྲིལ་ཧྲིལ༔ ཤར་ཤར༔ བྷྱོ་བྷྱོ༔ ཡ་ཡ་དགྲ་ལ་བྷྱོ༔ དེ་ནི་སེར་ཐུན་ལྡེ་མིག་ཡིན༔ ༈ དགྲ་བོའི་བླ་འགུགས་ལས་སྔགས་ནི༔ ཡཀྴ་ནག་པོ་ནྲྀ་ཏྲི་ཧུར་ཐུཾ་ཛ༔ ཆེ་གེའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུཾ་ཐུཾ༔ མྱོག་མྱོག་ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག་ལིང༔ མྱོག་ལིང་ཤ་ལིང་ཐུམ༔ ཙ་མུན་ཏྲི་བྷྱོ༔ ཛཿཧཱུྃ་བཾ་ཧོ༔ དེ་ནི་བླ་འགུགས་ལྡེ་མིག་ཡིན༔ ཁྱད་པར་བླ་འགུགས་ལྡེ་མིག་འདི༔ དགྲ་བོ་གང་ལ་བྱས་པ་ཉིད༔ ཁྱད་དུ་ཁུག་རྟགས་མ་བྱུང་བར༔ འདི་ལ་འབད་པ་མན་ངག་ཡིན༔ མན་ངག་འདི་དང་མི་ལྡན་ན༔ བསད་ལས་བྱེད་པ་དོན་མེད་ཡིན༔ དེ་ཕྱིར་གནད་རྣམས་ཤེས་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཧ་ཡ་གྲཱི་བ་ལ་ན་མོ༔ རྟ་མགྲིན་ཡང་ཕྱུང་ནག་པོ་ཡི༔ ལས་མཐའ་སྔགས་ཀྱི་ཁ་བསྒྱུར་ནི༔ ལས་སྔགས་གནམ་ལྕགས་སྤུ་གྲི་ཡི༔ བསད་སྔགས་ཉི་ཤུའི་མཚམས་སུ་སྦྱར༔ ཡ་མ་རཀྴ་ཆེ་གེ་མོ་མཱ་ར་ཡ༔ སྔགས་པ་གཤིན་རྗེའི་ལག་ཏུ་གཏད༔ རཱ་ཙ་རག་ཤ་ཆེ་གེ་མོ༔ བནྡེ་རྒྱལ་པོའི་ལག་ཏུ་གཏད༔ རུ་ཏྲི་རཀྴ་ཆེ་གེ་མོ༔ སྐྱེ་བོ་གྲི་བཙན་ལག་ཏུ་གཏད༔ རག་མོ་རཀྴ་ཆེ་གེ་མོ༔ བུད་མེད་བསེན་མོའི་ལག་ཏུ་གཏད༔ ཐིའུ་རཀྴ་ཆེ་གེ་མོ༔ བྱིས་པ་ཐིའུ་རང་ལག་ཏུ་གཏད༔ ཏྲིའུ་རཀྴ་ཆེ་གེ་མོ༔ སྲིའུ་ཆུང་སྲིའི་ལག་ཏུ་གཏད༔ ནཱ་ག་རཀྴ་ཆེ་གེ་མོ༔ ཕ་ཚན་ཆེ་ན་ཀླུ་ལ་གཏད༔ ར་ཏྲི་རཀྴ་ཆེ་གེ་མོ༔ མ་ཚན་ཆེ་ན་གཟའ་ལ་གཏད༔ དགྲ་བོ་གང་ཡིན་མིང་གི་ཐེམ༔ གོ་རིམ་མ་ནོར་ཤེས་པར་བྱ༔ ལིངྒ་ལ་ཡང་དེ་བཞིན་ནོ༔ ཏིང་འཛིན་གནམ་ལྕགས་སྤུ་གྲི་ཡི༔ བང་རིམ་གང་བའི་ལས་མཁན་བསྐྱེད༔ དགྲ་བོའི་གཤེད་མ་བྱེད་པར་བསམ༔ ལས་མཐའ་འདི་དང་མི་ལྡན་ན༔ ཕུར་པའི་དབལ་སོ་མེད་དང་མཚུངས༔ ཕལ་ལ་མ་བསྟན་རང་ལ་སྡིག༔ དེ་ཕྱིར་ཤིན་ཏུ་གསང་བར་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ལས་སྔགས་གནམ་ལྕགས་སྤུ་གྲི་ཡི༔ སྲོག་ཐེམ་མིང་ཐེམ་སོ་སོར་བསྒྱུར༔ གོ་རིམ་མ་ནོར་ཤེས་པར་བྱ༔ ཞེས་པ་སྲོག་གི་མིང་ཡིག་ནི༔ དགྲ་ལ་ནྲྀ་དང་བགེགས་ལ་ཏྲི༔ མིང་ཐེམ་དགྲ་བགེགས་ཆེ་གོ་མོ༔ བྱད་མའི་སྲོག་ཐེམ་ནྲྀ་ཏྲི་སྦྱར༔ དེ་ལྟར་བྱས་ན་འཆུགས་མེད་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ རྒྱལ་བསེན་ལ་སོགས་གདོན་ཆེན་རྣམས༔ བརྡུང་བའི་ལས་སྔགས་འདི་ཡིན་ནོ༔ ཏྲི་རཱ་ཙ་རྒྱལ་པོའི་ཙིཏྟ་ལ་ཟུང་ཟུང༔ རཱ་ཙ་ཁ་རག་སྨེ་ཤ་རྦད་རྦད༔ འཁུ་ན་རཱ་ཙའི་ཙིཏྟ་དུམ་བུར་ཤིག་ཤིག༔ འདའ་ན་རཱ་ཙའི་ཙིཏྟ་ཕྱུངས་ཕྱུངས༔ ལྡོག་ན་རཱ་ཙའི་ཙིཏྟ་གཏུབས་གཏུབས༔ ཡ་ཏྲི་ཡ་ཡ་ཏྲི་ཡ༔ མ་ཏྲི་ཡ་མ་ཏྲི་ཡ༔ མ་ཞུ་ཏྲི་ཡ༔ བྲཾ་ཟ་བྲཾ་ཟ༔ རཱ་ཙ་ཏྲི་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད༔ བསེན་མོ་ཏྲི་ཧུར་ཐུཾ་ཛ༔ མཱ་ར་ཡ་རྦད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཀྲུ་བ་ཁྲུས་ཀྱི་མན་ངག་ནི༔ མཎྜལ་སྟེང་དུ་ཚོམ་བུ་བཀོད༔ བུམ་པ་དྲི་བཟང་ཆུས་བཀང་བའི༔ སྟེང་དུ་ཐོད་པ་དྲི་ཆུས་བཀང༔ དར་ནག་བཀབ་ཅིང་གཟུངས་ཐག་འགོད༔ གཏོར་མཆོད་ཚོགས་གཏོར་གཞུང་བཞིན་བཤམ༔ བདག་ཉིད་དབང་གི་ཏིང་འཛིན་ལྡན༔ མདུན་གྱི་བུམ་རྫས་ཐོད་རྫས་ལ༔ ལྷ་ཚོགས་བསྐྱེད་བསྟིམ་སྤྲོ་བསྡུ་བྱ༔ གྲུ་གསུམ་མཐིང་ནག་འབར་བའི་གདན་གྱི་སྟེང༔ བྷྲཱུྃ་ལས་བུམ་པ་རིན་ཆེན་གཞལ་ཡས་ཁང༔ ཕྱི་དཀར་ནང་དམར་འོད་འབར་ཡངས་པའི་ནང༔ སྐད་ཅིག་བརྫུས་སྐྱེས་རྟ་མགྲིན་ནག་པོ་བསྐྱེད༔ བདག་ཉིད་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ བུམ་ལྷའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ༔ དེ་ཡི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ སངས་རྒྱས་བྱང་སེམས་ཡེ་ཤེས་ཁྲོ་བོའི་ཚོགས༔ ཐམས་ཅད་དབང་གི་སྐུར་གྱུར་བུམ་ལྷར་ཐིམ༔ སླར་ཞུ་བདུད་རྩིར་གྱུར་པས་བུམ་པ་གང༔ ཞོར་ལ་ཐོད་ལྷ་དེ་བཞིན་ཁྲོ་ཆུར་ཞུ༔ རིམ་པར་ཐོད་བུམ་ཆུས་བཀྲུས་ནད་སྡིག་དག༔ དག་བྱེད་ཁྲུས་ཀྱི་གཟུངས་མཆོག་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་ཨ་སྭཱ་ཧཱ༔ དེ་ལྟར་གསལ་ནས་བཟླས་པ་ཡིས༔ ནད་གདོན་སྡིག་སྒྲིབ་དག་པར་བསམ༔ དུས་བཞིར་དྲི་ཆུས་ལུས་པོ་བཀྲུ༔ དེ་སྟེང་བུམ་པའི་ཆུ་ཡིས་བཀྲུ༔ བཟང་དྲུག་སྦྱར་ལ་ཁོང་དུ་བཏང༔ ནང་གདོན་སྡིག་སྒྲིབ་དག་པར་བསམ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐུབ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ དགྲ་བགེགས་སྲེག་པའི་ལས་བྱེད་ན༔ དུག་ཁྲག་བྱུག་པའི་མཎྜལ་སྟེང༔ རྟ་མགོ་གདེངས་པའི་སྒྱེད་པུ་གསུམ༔ དེ་སྟེང་སླ་ངའི་ནང་དུ་ནི༔ མར་ནག་དུག་སྣ་སྦྱར་ལ་བླུག༔ མཆོད་པ་ཚོགས་གཏོར་རྒྱས་པར་བཤམ༔ དགྲ་བོའི་ལིང་ག་བརྒྱ་རྩ་བྲིས༔ མགོ་ལྡོག་སྐྱེར་ཚེར་ཁ་ལ་གདབ༔ དཀྱིལ་འཁོར་ཐ་མར་གཟུག་པར་བྱ༔ སྐམ་ཐུན་སྦང་སྐམ་མུ་ཟི་ཚྭ༔ ལྕགས་ཕྱེ་ཟངས་ཕྱེ་དུག་སོགས་ཐུན༔ རློན་ཐུན་ཆང་ལ་བུལ་ཏོག་བཏབ༔ དྲག་པོའི་ཤིང་གིས་མར་ཁུ་བཀོལ༔ བདག་ཉིད་དཔལ་གྱི་ཆས་སུ་ཞུགས༔ ཏིང་འཛིན་དྲག་པོའི་ངར་དང་ལྡན༔ རིག་པ་ཧུར་ཕྱུང་གསོལ་བ་གདབ༔ རྟ་མགྲིན་དྲེགས་པ་སྡེ་བརྒྱད་ཚོགས༔ དྲག་ཏུ་བསྐུལ་ཞིང་རློན་ཐུན་བརྡེག༔ སྐམ་ཐུན་ལིངྒ་དག་ལ་བརྡེག༔ ཡང་ན་དྲག་པོའི་ཤིང་ལ་བསྲེག༔ དྲག་སྔགས་ཤམ་ལ་འདི་ཉིད་བཏགས༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཛྭ་ལ་རཾ་རཾ༔ མེ་ལྕེ་རྟ་མགྲིན་ཁྲོ་ཚོགས་ཀྱིས༔ དགྲ་བགེགས་དངོས་སུ་གསོལ་བར་བསམ༔ ལིང་ག་བསྲེག་རྫས་ཤ་ཁྲག་འབུལ༔ ཏིང་འཛིན་འདི་དང་ལྡན་པར་གཅེས༔ ཏིང་འཛིན་མེད་ན་རང་ཉིད་ཕུང༔ ཤིན་ཏུ་གཉན་པས་གསང་བར་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ གདུག་པ་གཟིར་བའི་མན་ངག་ལ༔ འདྲེ་གདོན་སྨྱོ་འབོག་གང་འདུལ་ཡང༔ བདུག་རྫས་རོ་སྐྲ་བ་སྤུ་དང༔ མུ་ཟི་འབའ་ཆ་སྦང་ཕྱེ་དང༔ ལྷམ་འབོག་སེ་བའི་མེ་ལ་བསྲེག༔ ནད་པ་ས་ཕུག་བྲག་ཕུག་གི༔ ཕུགས་སུ་བཙུད་ལ་མར་སྣེ་བགག༔ དུད་པས་བདུག་ཅིང་དྲག་སྔགས་བཟླ༔ ཨོཾ་བཛྲ་ཡཀྴ་ནག་པོ་གནོད་བྱེད་འབྱུང་པོའི་ཙིཏྟ་ཟུང་ཟུང༔ ཁ་རག་སྨེ་ཤ་རྦད་རྦད༔ འཁུ་ན་དུམ་བུར་ཤིག་ཤིག༔ འདའ་ན་རག་ཤ་ཙིཏྟ་ཕྱུངས་ཕྱུངས༔ ལྡོག་ན་རཀྴ་ཙིཏྟ་མྱོག་མྱོག༔ རྦད་རྦད་ཏྲི་གཏུབས་གཏུབས༔ ཨོཾ་བཛྲ་ཀྲོ་ཏ་རཱ་ཛ་སིདྡྷི་ཨ་མྲྀཏ་ཧཱུྃ་ཕཊ༔ ཨོཾ་རཱ་ཙ་ཐུན་ཨ་ཏི་རྦད༔ རཀྴ་ཐུཾ་ཁྲག་ཏི་རྦད༔ རཱ་ཙ་སུ་ཏྲི་ཏྲི་ནན་སོད༔ རཱ་ཙ་མ་ཏི་རྦད༔ མུ་ལིང་ཙ་པ་ཏི་རྦད༔ ཏྲི་བཛྲ་ཏྲི་བཛྲ་ཡ་མ་རཱ་ཙ༔ དུ་ཏྲི་ཕུ་ཏྲི་མཱ་ར་ཡ་སོད༔ ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ཧཱུྃ་ཕཊ༔ དུམ་བུར་ཤིག་ཤིག༔ རྡུལ་དུ་བརླག་བརླག༔ ནན་ནན༔ རྦད་རྦད་སོད་སོད༔ དྲག་ཏུ་གཟིར་ཞིང་ཐུན་གྱིས་བྲབ༔ གདུག་པ་འདར་ཞིང་སྐད་ངན་ཙེར༔ དེ་ནས་སྲིན་ལག་གཡོན་ལ་ཚོན་སྐུད་བཏགས༔ ཡུངས་དཀར་ཡུངས་ནག་ཀེ་ཚེ་དང༔ ལྕགས་ཕྱེ་ཟངས་ཕྱེའི་ཐུན་གྱིས་བརྡེག༔ ཞིང་ལྤགས་བརྡབས་ཤིང་མིང་ནས་དྲི༔ མིང་ཟིན་པ་དང་བསྐྲད་དམ་གཏད༔ གནོད་པ་བྱེད་རེ་མནའ་བསྒག་བཅོལ༔ གཟིར་ལ་དྲག་པོས་མཚམས་བཅད་ན༔ ལྷ་འདྲེ་གདུག་པ་ཅན་རྣམས་ཀྱང༔ དཔག་ཚད་ཉེ་ཞིང་བལྟ་མི་ནུས༔ མི་ཡིས་སྲིན་པོ་མཐོང་བ་ལྟར༔ འདའ་མི་ཕོད་པ་དམ་ཚིག་ཡིན༔ ཤིན་ཏུ་གཉན་པས་གསང་བར་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ དགྲ་བགེགས་མནན་པའི་མན་ངག་ནི༔ སྦྱིན་སྲེག་བྱས་པའི་ཐལ་བ་དང༔ དགྲ་བགེགས་ལིང་ག་བྱས་ནས་ནི༔ དམར་ནག་ཚོན་གྱིས་བྱད་དུ་བཅུག༔ དྲག་སྔགས་ཞག་གསུམ་བཟླས་ནས་ནི༔ ལ་ལ་ཆུ་བོའི་གཞུང་དུ་བསྐྱལ༔ ལ་ལ་མཆོད་རྟེན་ཞབས་སུ་མནན༔ ལ་ལ་ལ་བཙས་ནང་དུ་བཅུག༔ ལ་ལ་རྒྱ་གྲམ་ལམ་དུ་མནན༔ ལ་ལ་རང་གི་འོག་ཏུ་མནན༔ ཕྱིས་ནས་གནོད་པ་མི་སྲིད་དོ༔ ཤིན་ཏུ་གཉན་པས་གསང་བར་བྱ༔ གནོད་བྱེད་ངོས་བཟུང་གཞུང་ནས་གསལ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ པུ་རི་ལ་སོགས་མ་གྲུབ་ན༔ མལ་འོག་འཁྲུལ་འཁོར་ཤེས་པར་བྱ༔ ཞེས་པའི་དོན་ནི་འདི་ཡིན་ཏེ༔ དགྲ་བགེགས་བྱད་མ་ལ་སོགས་པ༔ གང་ལ་བྱ་བའི་ལིང་ག་ནི༔ མལ་འོག་གྲུ་གསུམ་ནང་དུ་གཞུག༔ སྟེང་དུ་བདག་ཉིད་གོང་ལྟར་བསྐྱེད༔ ཁྱད་པར་རྡོ་རྗེ་རྩེ་དགུ་ཡི༔་་་རྡོ་རྗེའི་ལྟེ་བར་མ་རེག་ཙམ་གྱིས་འཁོར་བ་ལའོ།་་་འོག་གི་རྩེ་མོ་མདུང་ལྟ་བུས༔ ཁོ་ཡི་སྙིང་ལ་འཛེར་བར་བསམ༔ ལྟེ་བར་རལ་གྲི་འཁོར་ལོ་ལ༔ མཚོན་ཆ་སྣ་ཚོགས་ཆར་དུ་བབས༔ ཤ་ཁྲག་མྱལ་མྱལ་གཏུབ་པར་བསམ༔ རྣམ་པར་ཤེས་པ་ནྲྀ་ཡི་གཟུགས༔ རྡོ་རྗེ་སྦུ་གུའི་ཁོང་གསེང་ནས༔ ཡར་བྱུང་རང་གི་ཐུགས་ཀར་ཐིམ༔ སྐྱེ་མེད་ཆོས་སྐུ་ཐོབ་པར་བསམ༔ གཞན་རྣམས་གཞུང་ལྟར་ཤེས་པར་བྱ༔ ཁྱད་པར་བྱད་མ་བསད་པ་ནི༔ མི་འགྱུར་རྫས་གཅིག་ཁོང་དུ་བཏང༔ ཞེས་པའི་དོན་ནི་འདི་ཡིན་ནོ༔ དྲི་ཆེན་དྲི་ཆུ་རབ་ཡིན་ཏེ༔་་་ཕྲེང་བའི་དྲེག་པ་རྙེད་ན་རབ༔ ཟེར་བའང་ཡོད། ལུས་དྲེག་མཆིལ་སྣབས་སྐྲ་གོས་འབྲིང༔ རྗེས་ས་རྙེད་ན་ཐ་མ་འོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཧ་ཡ་གྲཱི་བ་ལ་ན་མོ༔ དེ་ནས་སྲུང་འཁོར་བྲི་ཐབས་ནི༔ གྲོ་ག་རས་སམ་མཐིང་ཤོག་ལ༔ རྟ་མགྲིན་ནག་པོའི་ལྟོ་བ་རུ༔ འཁོར་ལོ་རྩིབས་བཅུ་མུ་ཁྱུད་གཉིས༔ ལྟེ་བར་ཧཱུྃ་དང་གང་བསྲུང་ལ༔ གནོད་བྱེད་སྲུངས་ཤིག་མིང་སྤེལ་བྲི༔ ལྟེ་བའི་མུ་ཁྱུད་དག་ལ་ནི༔ རྟ་མགྲིན་རྩ་སྔགས་སྤེལ་ཚིག་བཅས༔ རྩིབས་བཅུ་དག་ལ་སྔགས་འདི་བཀོད༔ ཡཀྴ་ནག་པོ་བདག་ལ་གནོད་བྱེད་ཕོ་མའི་སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ རྩ་རྒྱུས་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ ཡཀྴ་ནག་པོ་བདག་ལ་གནོད་བྱེད་ཕོ་མོའི་ཙིཏྟ་ཟུང་ཟུང༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་ཐུཾ༔ ཧྲིལ་ཧྲིལ་ཡ་ཡ་བྷྱོ་བྷྱོ༔ ཡཀྴ་ནག་པོ་བདག་ལ་གནོད་བྱེད་ཕོ་མོའི་སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཁཾ་ཁཾ་ལཾ་ལཾ༔ ཚལ་པར་རྦད་རྦད༔ དུམ་བུར་རྦུད་རྦུད༔ གནོད་བྱེད་ནཱ་ག་རཱ་ཙ་མཱ་ར་ཡ་རྦད་སོད༔ ཐུཾ་མྱོག་བཾ་རིལ་མཱ་ར་ཡ་རྦད་སོད༔ རྩིབས་མཆན་དག་ལ་བྲི་བ་ནི༔ ཆེ་གེ་ལ་རཀྵ་རཀྵ༔ རྩིབས་མཆན་ཀུན་ལ་དེས་འགྲེ། མུ་ཁྱུད་ཕྱི་མ་དག་ལ་འདི༔ ཨོཾ་རཱ་ཙ་དུ་ན་བདག་ལ་གནོད་བྱེད་ཕོ་མོའི་མགོ་ལ་ཆོམ་ཆོམ༔ ནཱ་གའི་མགོ་ལ་ཆོམ་ཆོམ༔ ཞེ་སྡང་ཤ་ལ་མྱོག་མྱོག༔ ནཱ་གའི་ཤ་ལ་མྱོག་མྱོག༔ འདོད་ཆགས་ཁྲག་ལ་རྦུད་རྦུད༔ ནཱ་གའི་ཁྲག་ལ་རྦུད་རྦུད༔ ང་རྒྱལ་སྙིང་ལ་གཟེར་གཟེར༔ ནཱ་གའི་སྙིང་ལ་གཟེར་གཟེར༔ དབང་པོ་ཡན་ལག་ཟུང་ཟུང༔ ནཱ་གའི་དབང་པོ་ཡན་ལག་ཟུང་ཟུང༔ འགྲིམ་འགྲིམ༔ ནཱ་གའི་དབང་པོ་ལྔ་ལ་འགྲིམ་འགྲིམ༔ རྩ་ཐང་རྩ་ཐང་ནཱ་གའི་རྩ་རྒྱུས་སྙིང་ལ་རྩ་ཐང་ཐང༔ དབུགས་ལ་ཐུཾ་ཧྲིལ༔ ནཱ་གའི་དབུགས་ལ་ཐུཾ་ཧྲིལ༔ དྲག་བྱེད་རུས་ལ་ཁྲུཾ་ཁྲུཾ༔ ནཱ་གའི་རུས་ལ་ཁྲུཾ་ཁྲུཾ༔ འཆིང་བྱེད་སྲོག་ལ་རྦད་རྦད༔ ནཱ་གའི་སྲོག་ལ་རྦད་རྦད༔ བརྒྱལ་བྱེད་རྩ་ལ་རྦུད་རྦུད༔ ནཱ་གའི་རྩ་ལ་རྦུད་རྦུད༔ ནཱ་ག་རཱ་ཙ་སོད་སོད༔ བྱིང་བྱིང༔ ཐིབ་ཐིབ༔ མྱོས་མྱོས༔ རྦད་རྦད༔ ནན་ནན༔ ནཱ་ག་རཱ་ཙའི་སྲོག་ལ་ཐིབ་ཐིབ༔ ཕོབ་ཕོབ་སྙིང་ཐིག་ལ་ཕོབ་ཕོབ༔ དོན་སྙིང་ལ་ཕོབ་ཕོབ༔ སྤུ་གྲི་འབར་བས་གནོད་བྱེད་ཕོ་མོའི་སྙིང་ལ་དྲོངས་ཤིག༔ ནཱ་ག་རཱ་ཙ་ཐུཾ་ཧྲིལ་ཛ༔ མཱ་ར་ཡ་བཾ་རིལ་རྦད་ཡ༔ གླ་བ་དང་ནི་གི་ཝཾ་བྱུག༔ ༈ དེ་ནས་རབ་གནས་བྱེད་པ་ནི༔ གཏོར་ཚོགས་མཆོད་པ་འབྱོར་ཚད་བཤམ༔ རྣམ་བཞིའི་མགྲོན་ལ་གཏོར་མ་སྦྱིན༔ རྟ་མགྲིན་ནག་པོའི་ལས་གཞུང་བསྲང༔ དེ་ནས་མེ་ཏོག་འཐོར་བ་ནི༔ སྟོང་པའི་ངང་ལས་ལྷར་བསྐྱེད་ལ༔ ཨོཾ་སརྦ་བིདྱཱ་ཧཱུྃ༔ སྤྲོས་བྲལ་སྟོང་པ་ཉིད་དུ་གྱུར༔་་་པར་བསམ། དེ་ནི་ཆོས་སྐུའི་རབ་གནས་ཡིན༔ དེ་ནས་རྟེན་འབྲེལ་སྙིང་པོ་ཡི༔ རབ་གནས་བརྒྱ་དང་རྩ་བརྒྱད་བརྗོད༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྟིམ༔ དེ་ནི་ལོངས་སྐུའི་རབ་གནས་ཡིན༔ དེ་ནས་རྟ་མགྲིན་རྩ་སྔགས་བརྗོད༔ རྟ་མགྲིན་སྐུ་རུ་གྱུར་པར་བསམ༔ དེ་ནི་སྤྲུལ་སྐུའི་རབ་གནས་ཡིན༔ དེ་ནས་དར་ནག་ཁུག་མར་བཅུག༔ ཡོན་བདག་ཁྲུས་བྱས་སྲུང་བ་བཏགས༔ བཀྲ་ཤིས་བརྗོད་ཅིང་སྨོན་ལམ་བཏབ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐུབ༔ རྒྱལ་བསེན་ས་བདག་སྨོས་ཅི་དགོས༔ ཡོན་དུ་གསེར་ཞོ་རེ་རེ་དགོས༔ མང་དུ་བྱས་ན་རང་ལ་གནོད༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཤམགསབུམཱར༔ ༈ ཧ་ཡ་གྲཱི་བ་ལ་ན་མོ༔ སྒྲུབ་པའི་རྟེན་གྱི་གཙོ་བོ་ཡི༔ འཁོར་ལོའི་ཐེམ་ཡིག་བསྟན་པར་བྱ༔ དབུས་སུ་ཧཱུྃ་ཡིག་ཐ་མར་བདག༔ སྒྲུབ་པ་པོ་ལ་སྲུངས་ཤིག་དང༔ རཀྵ་རཀྵ་སྭཱ་ཧཱ་བྲི༔ མུ་ཁྱུད་ཨཱ་ལི་ཀཱ་ལི་དང༔ སྔར་བཞིན་སྤེལ་ཚིག་བྲི་བར་བྱ༔ རྩིབས་དྲུག་རྩེ་ལ་རྩ་སྔགས་ཀྱི༔ ཨོཾ་དང་རྩ་བར་ཧཱུྃ་དང་ཕཊ༔ དབུས་སུ་ཕྲེང་གཅིག་དཀྱུས་སྔགས་བྲི༔ རྩིབས་མཆན་སྔར་བཞིན་སྤེལ་ཚིག་བྲི༔ དེ་རྒྱབ་མུ་ཁྱུད་གསུམ་ཡོད་པའི༔ དང་པོར་ཡཀྴའི་ལས་སྔགས་བྲི༔ གཉིས་པར་རཱ་ཙ་དུ་ན་སོགས༔ གསུམ་པར་དབྱངས་གསལ་རྟེན་འབྲེལ་སྙིང༔ སུ་པྲ་ཏིཥྛ་ལ་སོགས་བྲི༔ ཕྱི་རོལ་ཁྲོ་བོའི་སྐུ་བྲི་འོ༔ སྔགས་རྣམས་ཡིག་མགོ་ཕྱིར་བསྟན་ལ༔ ཞལ་གྱི་ཐད་ནས་སྔགས་ཀྱི་དབུ༔ བཟུང་ལ་དབུ་ཅན་དག་ཏུ་བྲི༔ ལས་སྔགས་གཉིས་དང་སྤེལ་ཚིག་ལ༔ ཚག་གིས་ཆོད་པར་བྱ་དགོས་སོ༔ སྔགས་མང་མུ་ཁྱུད་གཅིག་ནང་དུ༔ བསྐོར་བ་གཉིས་གསུམ་གང་དགོས་ཀྱང༔ སྔགས་མགོ་ནང་ངོས་ཡོད་པ་ཡི༔ ཕྱི་ནས་སྔགས་མཇུག་རྫོགས་པར་བྲི༔ ཞེས་སོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ སྲུང་བ་རྡོ་རྗེའི་རྫོང་ཆེན༔ ཧ་ཡ་གྲཱི་བ་ལ་ན་མོ༔ རྟ་མགྲིན་ཡང་ཕྱུང་ནག་པོ་ཡི༔ རྡོ་རྗེའི་རྫོང་ཆེན་མན་ངག་ནི༔ གཞན་དུ་ཤེས་པར་བྱ་བ་སྟེ༔ ཞེས་པའི་དོན་ནི་འདི་ཡིན་ནོ༔ དྲག་སྔགས་ལན་གཅིག་བརྗོད་པ་ཡིས༔ རང་ལུས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་མེ་འབར་ཚྭ་ཚྭ་འཕྲོ༔ སྟོང་གསུམ་ཁྱབ་པ་གཅིག་ཏུ་བསམ༔ ལྟེ་བར་རལ་གྲིའི་འཁོར་ལོ་ནི༔ བསྣོལ་མ་གཡས་དང་གཡོན་དུ་འཁོར༔ བྱད་མ་གནོད་བྱེད་ཐམས་ཅད་ནི༔ ཚལ་པ་དུམ་བུར་གཏུབ་པར་བསམ༔ རྡོ་རྗེའི་ལྟེ་བ་ཁོང་གསེང་དུ༔ ཉི་མ་ཟླ་བ་གཉིས་རིམ་གྱི༔ གུར་ཁང་སྲ་ཞིང་འཐུག་པར་བསམ༔ དབུས་སུ་གྲུ་གསུམ་མཐིང་ནག་ཏུ༔ དགྲ་བགེགས་བྱད་མ་མནན་པའི་སྟེང༔ རང་གི་སེམས་ཉིད་སྐད་ཅིག་གིས༔ ཁྲོ་བོ་རྟ་མགྲིན་གཞུང་ལྟར་བསམ༔ སྤྲོ་བསྡུ་འཁོར་ལོ་ཏིང་འཛིན་གྱིས༔ སྲུང་ཟློག་བསད་གསུམ་གོ་རིམ་བཞིན༔ གུར་ཁང་རིམ་པས་ཤེས་པར་བྱ༔ ཚུར་འདུས་ཧཱུྃ་གི་ཐིག་ལེ་ཡི༔ དབུས་སུ་ཉི་ཟླ་ཁ་སྦྱོར་དུ༔ བསྲུང་བྱ་བསྒོམ་པ་གནད་ཡིན་ནོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ ཟློག་པ་ཐལ་མོ་བརྡབས་ཆོག༔ ཧ་ཡ་གྲཱི་བ་ལ་ན་མོ༔ རྟ་མགྲིན་ཡང་ཕྱུང་ནག་པོ་ཡི༔ ཐལ་མོ་བརྡབས་ཆོག་འདི་ལྟར་བྱ༔ གཡས་པ་ལྕགས་ལ་གཡོན་པ་ཟངས༔ འཁོར་ལོ་རྩིབས་དྲུག་རེ་རེ་བསམ༔ ཟངས་འཁོར་རྩིབས་དྲུག་ནང་དུ་ནི༔ ཡང་སྤྲུལ་སྡིག་པ་ནག་པོ་དྲུག༔ མགོ་དགུ་ནང་དུ་ཁ་ཕྱོགས་ནས༔ ཁྱད་པར་ཟངས་འཁོར་ལྟེ་བ་རུ༔ ནྲྀ་ལས་དགྲ་དངོས་ཚུད་པར་བསམ༔ ལག་གཉིས་ཐལ་མོ་སྦུབས་པ་ཡི༔ ཟངས་ལྕགས་འཁོར་ལོ་གཡས་གཡོན་འཁོར༔ དགྲ་བོ་ཡོས་ལྟར་བཏགས་པར་བསམ༔ དྲག་སྔགས་བཟླས་ཤིང་ཐལ་མོ་བརྡབ༔ བྲག་ལ་སྒོ་ང་བརྡབ་པ་བཞིན༔ དགྲ་བོ་ཆར་ཆར་སོང་བར་བསམ༔ ཤ་ཁྲག་རུས་པ་རྩིབས་བར་གྱི༔ སྡིག་པ་རྣམས་ཀྱིས་ཟོས་པར་བསམ༔ དྲག་སྔགས་བརྒྱ་རེ་ཐོན་པ་དང༔ ཐལ་མོ་དགུ་རེ་བརྡབ་པར་བྱ༔ དྲག་སྔགས་སྟོང་གིས་ལས་རྣམས་འགྲུབ༔ ཕལ་ལ་མ་བསྟན་རང་ལ་སྡིག༔ བསྟན་དགྲ་འདུལ་བའི་མཚོན་ཆར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༈ བསད་པ་མལ་འོག་འཁྲུལ་འཁོར༔ ལས་ལ་གཟིར་བའི་འཁྲུལ་འཁོར་ནི༔ སྔར་བཤད་བཞིན་དུ་ཤེས་པར་བྱ༔ རྫས་སྔགས་ཏིང་འཛིན་རིམ་པ་རྣམས༔ སྤྱི་དང་ཁྱད་པར་སྐབས་བཞིན་སྦྱོར༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་པ་བུ་ཡིག་གནད་ཀྱི་མདེའུའི་ཤོག་དྲིལ་མངའ་བདག་ཉང་གི་གཏེར་མའོ།། །། ༁ྃ༔ དཔལ་རྟ་མགྲིན་ནག་པོ་ལས་དྲག་པོའི་སྦྱིན་སྲེག་བཞུགས་སོ༔ ཧ་ཡ་གྲཱི་བ་ལ་ན་མོ༔ འདིར་རྟ་མགྲིན་ཡང་ཕྱུང་ནག་པོའི་སྒོ་ནས་དྲག་པོའི་སྦྱིན་སྲེག་བྱེད་པར་འདོད་ན༔ མཆོད་པ་དང་སྨན་རཀ་གཏོར་མ་རྣམས་གཞུང་ལྟར་བཤམ༔ ཁྱད་པར་ཕུང་ཤུལ་ལམ་དུར་ཁྲོད་ཀྱི་ས་ལ་མེ་ཐབ་གྲུ་གསུམ་བརྩེགས༔ དུར་སོལ་གྱིས་བྱུག༔ མེ་ཐབ་ཀྱི་དབུས་སུ་ཧཱུྃ་ནག་པོ་གཅིག་བྲི༔ ཤིང་ཚེར་མ་ཅན་གྲུ་གསུམ་བརྩེགས༔ བསྲེག་རྫས་ལ་སོགས་ནི༔ དགྲ་བགེགས་གང་ལ་བྱ་བའི་ལིངྒ་དང༔ མིང་ཡིག་ཉེར་གཅིག༔ བ་ལིང་ཉེར་གཅིག༔ ཤ་དུམ་ཉེར་གཅིག༔ རཀྟ་དང་བཅས་པ་གཡང་གཞི་ལ་སོགས་པའི་གདན་ལ་བཤམ༔ དེ་ནས་བསྐྱེད་རྫོགས་བཟླས་པ་དང་བཅས་པ་བྱ༔ མདུན་གྱི་ལིང་ག་རྣམས་ལ་དགྲ་བགེགས་དགུག་གཞུག་དྲག་ཏུ་བྱས་ལ་བསྟིམ༔ བསད་པའི་ལས་བཞི་བྱ༔ དེ་ནས་ལིང་ག་བ་ལིཾ་རྣམས་རཀྟས་བྲན་ལ༔ ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ༔ དེ་ནས་མདུན་གྱི་མེ་ཐབ་ལ་མེ་སྦར་ནས༔ བསང་སྦྱང་བྱས་ལ་སྟོང་པར་བསམ༔ སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་མེ་རི་རབ་ཏུ་འབར་བའི་དཀྱིལ་དུ༔ དགྲ་བགེགས་གདུག་པ་ཅན་གན་རྐྱལ་དུ་མནན་པའི་སྟེང་དུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཁྲོ་བོ་རྟ་མགྲིན་གཞུང་ལྟར་བསྐྱེད༔ གནས་གསུམ་བྱིན་གྱིས་བརླབ༔ སྤྱན་འདྲེན༔ བཞུགས་གསོལ༔ ཕྱག་འཚལ༔ མཆོད་འབུལ༔ བསྟོད་པ་ཡན་ཆད་ཚར་ནས༔ དེ་ནས་བསྲེག་རྫས་ལིང་ག་རེ༔ ཉ་བོ་རེ༔ བ་ལིཾ་རེ༔ ཤ་དུམ་རེ༔ རཀྟ་དང་བཅས་པ་སྦྲགས་ལ༔ སྲེག་སྐྱོགས་ནང་དུ་བླུག་ཅིང་འབུལ༔ སྔགས་རིང་ཚར་རེ་དང་སྦྲགས་ལ་རིམ་པ་ལྟར་ཁྲོ་བོ་རྟ་མགྲིན་གྱི་ཞལ་དུ་འབུལ༔ ཡེ་ཤེས་མེ་འབར་བའི་ཞལ་ལའོ༔ དགྲ་བགེགས་ཐམས་ཅད་གསོལ་ཞིང་བསྲེགས་པར་བསམ་ལ་ཐལ་མོ་བརྡབ༔ དམོད་པ་དང་མནན་པ་བྱ༔ བསྲེག་རྫས་ཉེར་གཅིག་འབུལ༔ གཏོར་མ་སྨན་རཀ་གིས་བྲན་ལ་བྱིན་གྱིས་བརླབས་ནས་གཏོར་སྔགས་ཀྱིས་འབུལ་ལོ༔ བསྐུལ་པ་བྱ༔ གཏོར་མ་དགྲ་བོ་དངོས་སུ་བསམ་ལ་རྟ་མགྲིན་ཞལ་གྲུ་གསུམ་གདངས་པའི་ནང་དུ་འཕང༔ གཏོར་མ་ལོག་ན་བསྐྱར་ནས་འཕང༔ རྗེས་ཆོག༔ བཟོད་གསོལ༔ ཡིག་བརྒྱ༔ མེ་ཐབ་ཀྱི་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ མི་དམིགས་པའི་རྒྱས་གདབ༔ མེ་ཐབ་བསྡུ༔ རྟ་བྲོ་བརྡུང༔ བསྔོ་བ་སྨོན་ལམ་བྱ༔ ཐལ་བ་ལམ་རྒྱ་གྲམ་ལ་སོགས་སུ་མནན༔ ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བྱའོ༔ འདི་མངའ་བདག་ཉང་གི་གཏེར་བྱོན་རྟ་མགྲིན་ནག་པོའི་ཆོས་ཚན་ནོ། །མངྒ་ལཾ།། ༄༅། །དཔལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ་བཞུགས་སོ། །ཆོས་སྐུ་མགོན་པོ་ཚེ་དཔག་མེད། །ལོངས་སྐུ་མགོན་པོ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་དང་། །ཡི་དམ་ཁྲོ་བོ་རྟ་མགྲིན་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །ཡི་དམ་ཆོས་སྐྱོང་གཉིས་མེད་པ། །དཔལ་ཆེན་རྟ་མགྲིན་ནག་པོ་ལ། །སྒྲུབ་ཐབས་གཞུང་ནས་བསྟན་པ་བཞིན། །མ་ནོར་ཚུལ་བཞིན་བཤད་པར་བྱ། །འདིར་དཔལ་རྟ་མགྲིན་ནག་པོའི་སྒྲུབ་ཐབས་འདི་ལ་དོན་རྣམ་པ་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་བསྟན་པ་དང་། ཕྱག་འཚལ་བ། མཚན་དོན་རྒྱས་པར་བཤད་པའོ། །དང་པོ་མཚན་བསྟན་པ་ནི། རྒྱ་གར་སྐད་དུ་ཞེས་པ་སྟེ། རྒྱ་གར་ཆོས་ཀྱི་འབྱུང་གནས་ཡིན་པས་ཁུངས་བཙུན་པར་བསྟན་པའོ། །ཤྲཱི་ནི་དཔལ། ཧ་ཡ་གྲཱི་བ་རྟ་མགྲིན། ཀཱ་ལ་ཞེས་པ་ནག་པོ། ཙིཏྟ་ནི་ཐུགས། སཱ་དྷ་ནཾ་ནི་སྒྲུབ་ཐབས་ཞེས་པའོ། །མཚན་ཐོག་མར་སྨོས་པས་བརྗོད་བྱ་བདེ་བླག་ཏུ་རྟོགས་ཤིང་ཐེ་ཚོམ་མི་ཟ་བའོ། །གཉིས་པ་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་དཔའ་བོ་གཅིག་ཏུ་བསྒྲུབ་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དགོས་པ་ནི་བརྩམ་པ་མཐར་ཕྱིན་པ་ལ་སོགས་པའོ། །གསུམ་པ་མཚན་དོན་རྒྱས་པར་བཤད་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དགོས་ཆེད་ཀྱི་དོན་བཤད་པ་དང་། ཉམས་སུ་ལེན་པའི་ཚུལ་བསྟན་པའོ། །དང་པོ་ནི། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཞེས་སོགས་ཏེ། དེ་དུས་དེ་རྣམས་ཀྱི་གཉེན་པོར་དཔའ་བོ་གཅིག་ཏུ་བསྒྲུབ་པ་འདི་བསྟན་པའོ། །གཉིས་པ་ཉམས་སུ་ལེན་པའི་ཚུལ་ནི། དེ་ལ་དགོས་པ་རྣམ་པ་གཉིས། །ཞེས་སོགས་ཏེ། གོ་ཆ་ལྟ་བུའི་མན་ངག་ནི་བསྙེན་ཅིང་བསྒྲུབ་པ་ཡིན་ལ། མཚོན་ཆ་ལྟ་བུའི་མན་ངག་ནི། ལས་སྦྱོར་ཡིན་ཏེ་འོག་ནས་སྟོན་ནོ། །གོ་ཆ་ལྟ་བུའི་མན་ངག་བསྙེན་སྒྲུབ་གཉིས་ཀྱི་དང་པོ་བསྙེན་པ་ལ། ཁྲོ་ཆུ་ལྟ་བུའི་རྫས་དང་། གནམ་ལྕགས་ལྟ་བུའི་སྔགས་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གསུམ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི་སྐུ་བསྐྱེད་རིམ་ལ་ཟེར་བ་ཡིན་ཏེ། དེ་ཡང་སྔོན་དུ་འགྲོ་བ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གཉིས། དངོས་གཞི་ལྷར་བསྒོམ་པ་དང་གསུམ་ལས། དང་པོ་ལ་སྐྱབས་ཡུལ་གསལ་བཏབ་ནས་སྐྱབས་འགྲོ་ཉེར་གཅིག་ཡན་ཆད་དང་། གཉིས་པ་སེམས་བསྐྱེད་པ་ནི། ཚད་མེད་བཞི་ལན་གསུམ་བྱའོ། །གསུམ་པ་དངོས་གཞི་ལྷར་བསྒོམ་པ་ནི། རྩ་སྔགས་ལན་གཅིག་བརྗོད་པས་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། བདག་ཉིད་ཁྲོ་བོ་རྟ་མགྲིན་དུ་བསྒོམ། དབུ་སྐྲའི་གསེབ་ནས་འཕྲོས་པའི་ཁྲོ་ཆུང་རྣམས་ཀྱིས། དགྲ་བགེགས་ཚར་བཅད་ནས་ཚུར་འདུས་པ་ལས་སྲུང་ཟློག་བསད་པའི་ཁྲོ་བོའི་གུར་ཁང་དུ་བསམ། དེ་ནས་བདག་ཉིད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་ལ་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་མེ་དཔུང་ལྟ་བུ་འཕྲོས། ལུས་ཕྱི་ནང་མེ་དཔུང་གི་རང་བཞིན་དུ་འབར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ནས། མེ་ལྕེ་བ་སྤུའི་གསེབ་ནས་ཕྱིར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་དངོས་པོར་གྱུར་ཚད་ཐམས་ཅད་མེ་རི་མེ་དཔུང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་མི་དང་མི་མ་ཡིན་འགྲོ་བ་གཟུགས་ཡོད་མེད་ཐམས་ཅད་ཁྲོ་བོའི་རྣམ་པར་གྱུར་ནས་གནོད་བྱེད་ཀྱི་མིང་ཡང་མེད་པར་བསམ་མོ། །དེ་ལྟར་བསྒོམ་པ་ལ་ཡང་མཚན་ཉིད་གསུམ་དང་ལྡན་དགོས་ཏེ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའོ། །དེ་ལ་རྣམ་པ་གསལ་བ་ནི། ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ནག་ནོག་དང་རབ་རིབ་མ་ཡིན་པར་རས་བྲིས་དང་འབག་སྐུ་ལ་ལྟ་བ་བཞིན་གསལ་པོར་མ་ཟིན་གྱི་བར་དུ་བསྒོམ། རྣམ་དག་དྲན་པ་ནི། དངོས་པོ་གདོས་བཅས་སུ་བསྒོམ་པ་མ་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟར་བསྒོམ། ང་རྒྱལ་བརྟན་པ་ནི། ལྷ་ཡི་རྣམ་པ་རེས་འགའ་གསལ། རེས་འགའ་མི་གསལ་བ་མ་ཡིན་ཏེ། སྤྱོད་ལམ་རྣམ་བཞི་ལ་སོགས་དུས་ནམ་ཡང་ལྷའི་འདུ་ཤེས་དང་མི་འབྲལ་བར་བྱའོ། །དེ་ཡང་། སེམས་ཉིད་སྐྱེ་མེད་སྟོང་གསལ་འདི། །ཞེས་སོགས་གསུངས་ཏེ། སེམས་ཉིད་སྟོང་གསལ་འཛིན་མེད་འདི། ཡེ་གདོད་མ་ནས་ལྷར་རང་ཆས་སུ་སྣང་བས། དེ་ལས་ལྷག་པའི་ཡེ་ཤེས་པ་མེད་པའི་ཕྱིར་དགུག་ཅིང་བསྟིམ་དུ་མེད་དོ། །དེས་ན་མངོན་བྱང་ལྔ་དང་ཆོ་ག་གསུམ་གྱིས་བསྐྱེད་ཅིང་། གནས་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་པ་དགུག་པ། དབང་བསྐུར་བ་ལ་སོགས་གཉིས་སྣང་གི་མཚན་མ་འདིར་མ་བཤད་པས་བྱ་མི་དགོས་སོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི། །སྲུང་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་པའི་རྡོ་རྗེའི་དོན་ནི་སྟོང་པ་ཉིད་ཡིན་ཏེ། འགྱུར་བ་མེད་ཅིང་འཇིག་པ་མེད་པའི་ཕྱིར། ལྷ་ཡི་ཏིང་ངེ་འཛིན་ལ་བརྟེན་པ་དེ་དང་འདྲ་བས། ཕ་རོལ་གྱི་གནོད་པ་གང་གིས་ཀྱང་མི་ཚུགས་ཏེ་སྲུང་བའི་མཆོག་ཏུ་བཤད་པའོ། །མ་སྲིང་ལ་སོགས་མོ་རིགས་གཡོན་དུ་བསྒོམ། བུ་དང་ཆུང་མ་མདུན་དུ་བསྒོམ། ནོར་རྫས་ལོངས་སྤྱོད་རྒྱབ་ཏུ་བསྒོམ། དེ་ཡང་རང་ཉིད་ཁྲོ་བོར་གསལ་བ་དང་། བསྲུང་བྱ་རྣམས་ཀྱང་ཁྲོ་བོར་གསལ་བ་གལ་ཆེ། བསྲུང་བྱ་རྣམས་ཀྱི་མགྲིན་པ་ནས་ངག་གི་དབང་པོ་ཡི་གེ་ཨཱཿའི་རྣམ་པ་ཅན་རྩ་སྔགས་ལ་བསྟིམ། སྙིང་ག་ནས་རྣམ་པར་ཤེས་པའི་ཡི་གེ་ནྲྀ་ཡིག་གི་རྣམ་པ་ཅན་ཡེ་ཤེས་སེམས་དཔའི་ཧཱུྃ་ལ་བསྟིམ་པར་བྱའོ། །གལ་ཏེ་ཕ་རོལ་རྦོད་གཏོང་སོགས། །ཞེས་སོགས་ཀྱིས་གནམ་ས་གཉིས་ལྕགས་བསྲེགས་ཀྱི་འཁོར་ལོ་གའུ་ཁ་སྦྱོར་བ་བཞིན་དུ་ཡོད་པའི་ནང་དུ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་ཤུགས་ཀྱིས་ཚུད་དེ། འཁོར་ལོའི་མེ་ལྕེས་ཚུར་སྲེག་ཅིང་ནང་གི་སྲུང་ཟློག་གི་ཁྲོ་བོ་རྣམས་ལས་མེ་འབར། རླུང་འཚུབས། མཚོན་ཆ་སྣ་ཚོགས་ཕྱིར་འཕྲོས་པས་གཏུབ་ཅིང་བསྲེགས་ཏེ་གཏོར་བར་བསམ་མོ། །གལ་ཏེ་བློ་རྒྱ་ཆུང་བའམ། །ཞེས་སོགས་ཀྱི་དོན་ནི། ཐུགས་ཀར་སྔགས་འཁོར་བསྐོར་བའི་ཏིང་ངེ་འཛིན་ལས་ཤུགས་ཀྱིས་རྫོགས་པ་ཡིན་པས། འདིར་ཆེད་དུ་མི་དགོས་སོ། །གཉིས་པ་སྔགས་ཀྱིས་སྲུང་བ་ལ་དོན་གསུམ་སྟེ། སྔགས་འགྲིགས་དང་། སྔགས་ཀྱི་དོན་བཤད་པ་དང་། ཕན་ཡོན་བཤད་པའོ། །དང་པོ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་ཚོགས་སོ། །དང་པོ་བསྙེན་པའི་དུས་སུ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་པའི་རྩ་སྔགས་ཡི་གེ་བཅུ་པ་འདི། བུང་བས་ཚང་ཚོལ་བའི་སྐད་ལྟར། མཐོ་དམན་དྲག་ཞན་རིང་ཐུང་མེད་པར་ཁོད་སྙོམས་པས་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟར་བཟླས་པ་བྱའོ། །གྲངས་ནི། འབུམ་ཕྲག་བཅུ་གཅིག་ཐེམས་གྱུར་ན། །ཞེས་སོགས་ནི། འབུམ་ཕྲག་བཅུ་གཅིག་གམ་སུམ་འགྱུར་བཏོན་པས་དངོས་སམ་ཡང་ན་རྨི་ལམ་དུ་གདོན་སློང་བའི་རྟགས་ཤ་འགུལ་ཚ་ཚག་སྣ་ཁྲག་དངོས་སུ་འོང་ཞིང་། རྨི་ལམ་དུའང་སྦལ་སྦྲུལ་ཉ་ལྕོང་སྡོམ་སྡིག་གྲོག་སྦུར་ལ་སོགས་འབུ་སྲིན་འཇུས་པ་རྨིས་སོ། །གཉིས་པ་སྒྲུབ་པའི་དུས་སུ། རྩ་སྔགས་དང་ལས་སྔགས་སྦྲེལ་བ་མེ་དཔུང་འབར་བ་ལྟར་རིག་པ་ངར་དང་ལྡན་པས་ཁོང་ཤུགས་བསྐྱེད་ལ་དྲག་ཏུ་འུར་སྒྲ་དང་བཅས་ཏེ་བཟླའོ། །གསུམ་པ་ལས་སྦྱོར་གྱི་སྔགས་ནི། ཡཀྴ་ནག་པོ་ཞེས་པ་ནས་ཨུ་ཙ་ཏ་ཡ་ཕཊ། ཡན་ཆད་ཀྱི་སྔགས་རིང་དེ། ཆར་སེར་འགུགས་གསུམ་མ་གཏོགས་པ་ལས་ཚོགས་སྤྱི་སྒོས་གང་བསྟན་པ་ཀུན་འདི་ཁོ་ནས་ཆོག །གནོད་བྱེད་ཟེར་བའི་མལ་དུ་དགྲ་བགེགས་བྱད་མའི་མིང་གཞུག་པར་བྱས་ལ། སེར་ཆེན་འབེབ་པ་ལྟར་ཤིན་ཏུ་མཐོ་ཞིང་དྲག་ལ་མྱུར་བར་བྱའོ། །གཉིས་པ་སྔགས་དོན་བཤད་པ་ནི། ཧ་ཡ་གྲཱི་བའི་འབྲུ་བཅུ་གཅིག །ཅེས་སོགས་སོ། །གསུམ་པ་སྔགས་ཀྱི་ཕན་ཡོན་བཤད་པ་ནི། འདིས་ནི་མི་ཐུབ་གཅིག་ཀྱང་མེད། །ཅེས་སོགས་སོ། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ། །ཞེས་སོགས་ཀྱིས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་དང་འདོན་ལུགས་དམིགས་པ་རྣམས་བསྟན་ཏེ། གོང་དུ་ཏིང་ངེ་འཛིན་གྱི་སྐབས་སོགས་དང་སྦྱར་ཞིང་ཤེས་པར་བྱའོ། །གསུམ་པ་རྫས་ཀྱིས་སྲུང་བ་ནི། བདུག་པ་དང་། བྱུག་པ། སྲུང་བ་གསུམ་སྟེ། དང་པོ་རྫས་ལ་རྣམ་པ་གསུམ། །ཞེས་སོགས་ཀྱིས་གསལ་བར་བསྟན་ཏོ། །གཞུང་དོན་གཉིས་པ་སྒྲུབ་པ་ལ། བཅའ་ཐབས་དང་འཇུག་པ་གཉིས་ལས། དང་པོ་ནི། དེ་ནས་སྒྲུབ་པ་བརྩམ་པར་བྱ། །ཞེས་པ་ལ་སོགས་ཏེ། དུས་དང་གཟའ་སྐར་བཟང་པོ་འཛོམ་པར་དབེན་པའི་གནས་སུ། མཎྜལ་གྲུ་གསུམ་པ་ཁྲག་དང་སོལ་བ་བྱུག །དབུས་སུ་ཁྲིའུའམ་མཉྫིའི་ཁར་ཁྲོ་ཟངས་ལྕགས་ཀྱི་སྣོད་གང་རུང་གི་ནང་དུ་འབྲུ་ཟན་ལ་དཔལ་བཤོས་ཟུར་གསུམ་པ་ཤིན་ཏུ་འགྱིང་བ་ཞིག་ལ་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ་བཤམ། ཁྲག་གིས་བྱུགས་ལ་བོང་ཤ་མ་གཏོགས་པ་ཤ་སྣ་ཚོགས་ཀྱིས་བརྒྱན། མདའ་རྒོད་སྒྲོ་མ་ལ་དར་ནག་ལ་རྟ་མགྲིན་གྱི་སྐུ་བྲིས་པ་ཞིག་བཏགས་གཏོར་མ་ལ་བཙུགས། ཙནྡན་གྱི་རལ་གྲི་ཁྲུ་གང་བ་དང་། སེང་ལྡེང་གི་ཕུར་པ་མཐོ་གང་བ་ལ་སྒྲུབ་སྔགས་ཚང་བར་བྲི། མཐིང་ཤོག་ལ་བཟང་དྲུག་དང་བཙན་དུག་དང་། གུ་གུལ་གྲི་ཁྲག་མཚལ་དཀར་སྦྱར་ལ། སྐུ་དང་སྔགས་དང་འཁོར་ལོ་རྣམས་དཔེའུ་རིས་ལྟར་བྲིས་ལ། ནུས་པ་ཅན་གྱིས་རབ་གནས་ལེགས་པོ་བྱས་ནས་དར་ནག་དང་མཉམ་དུ་བཏག །གཏོར་མའི་གཡས་སུ་རལ་གྲི །གཡོན་དུ་ཕུར་པ་བཞག །མཆོད་པ་རྣམ་པ་ལྔ་དང་། སྨན་རཀ་དང་རྒྱུན་གཏོར་རྣམས་ཀྱིས་དཀྱིལ་འཁོར་བསྐོར། གཞན་བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ་རྣམས་ཆེ་ཆུང་མང་ཉུང་འབྱོར་པ་དང་བསྟུན་ལ་བྱང་ཕྱོགས་སམ་ནུབ་ཕྱོགས་ངོས་སུ་བཤམ། གཞན་ཡང་རྟེན་བྱིན་རླབས་ཅན་དང་རྟ་མགྲིན་གྱི་བྲིས་སྐུ་འབག་སྐུ་གང་ཡོད་རྣམས་བཀྲམ། རྔ་དང་ཐོད་པ་ལྟག་སྤྲོད། ཚིལ་ཆེན་སྤོས་དཀར་སོགས་མཁོ་བའི་ཡོ་བྱད་རྣམས་ཚགས་བྱས་ལ་སྒྲུབ་པ་མ་ཐོན་གྱི་བར་དུ་ཕྱི་མཚམས་བཅད་ནས་ནང་མཚམས་བསྡམ་མོ། །གཉིས་པ་འཇུག་པ་ནི། ཕྱོགས་སྐྱོང་ལ་གཙང་གཏོར་འབུལ། བགེགས་ལ་གཏོར་མ་བྱིན་ཏེ་མཚམས་བཅད། ཐུན་མོང་གི་སྲུང་འཁོར་བསྒོམ། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྒོམ་བཟླས་བསྙེན་པའི་སྐབས་ལྟར་བྱས་ལ་མཆོད་པ་བྱིན་གྱིས་བརླབ། སྨན་རཀ་གཏོར་གསུམ་ཡང་བྱིན་གྱིས་བརླབ་ཅིང་སྔགས་རྣམས་ལན་གསུམ་གསུམ་བརྗོད། རྟེན་གཏོར་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཁྲོ་མཆོག་དབང་གི་རྒྱལ་པོས་སྤྱན་གྱིས་གཟིགས། ཐུགས་ཀྱི་དགོངས་པ་ཆགས་ནས་བཞུགས་པའི་རྟེན་དུ་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་བདུན་བརྗོད། དེ་ནས་མདུན་བསྐྱེད་བསྒོམ་པ་ནི། རྩ་སྔགས་ལན་གཅིག་བརྗོད་པས། ཨེ་ལས་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་སྐུ་གསུང་ཐུགས་ཀྱི་རྟེན་ཙཀྲ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྟ་མགྲིན་དུ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས་པར་བསམ་ལ། ཤ་ཆེན་དང་སྤོས་དཀར་བསྲེག །རྔ་དུང་དང་ལྟག་སྤྲོད་ལ་སོགས་པ་རོལ་མོ་དང་བཅས་པས། སྤྱན་འདྲེན་བཞུགས་སུ་གསོལ། ཕྱག་འཚལ། མཆོད་འབུལ་རྣམས་བྱ། གཏོར་སྔགས་ལན་བདུན་ལ་སོགས་པ་བརྗོད་ཅིང་འབུལ། བསྟོད་པ་བྱའོ། །དེ་ནས་སྔགས་ཐུན་ལ་འཇུག་པ་ནི། བདག་མདུན་གཉིས་ཀྱི་ཐུགས་ཀར་ཉི་མའི་གདན་གྱི་སྟེང་དུ་ཡེ་ཤེས་སེམས་དཔའ་ཡི་གེ་ཧཱུྃ་མཐིང་ནག་གི་མཐའ་སྐོར་དུ། རྩ་བའི་སྔགས་ཕྲེང་དམར་པོ་གཡས་སུ་འཁོར་ཏེ། རང་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་འོད་ཟེར་མེ་དང་བཅས་པ་རང་གི་ཞལ་ནས་ཕར་འཕྲོས། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། ཐུགས་དམ་གྱི་རྒྱུད་བསྐུལ། ཧཱུྃ་གི་ཞབས་ཀྱུ་ནས་ཐོན། ལྟེ་བ་ནས་ཚུར་བྱུང་། རང་གི་ལྟེ་བ་ནས་ཚུར་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་བཞིན་དུ་སྔགས་ཀྱི་ཕྲེང་བ་བ་ཐག་ཁྲིད་པ་ལྟར་དམར་སྒ་ར་ར་འཁོར་བ་ལས། མེ་དཔུང་ཚྭ་ཚྭ་བཅས་པ་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་། དབང་དྲག་གི་ལས་འགྲུབ་པར་བསམ་ལ། སྒྲུབ་པའི་སྔགས་རིང་བཟླ། དེ་ནས་ཐུན་འཇོག་པའི་དུས་སུ་ཡང་མཆོད་གཏོར་འབུལ་ཞིང་བསྟོད་བསྐུལ་བྱ། དབང་དྲག་གི་དོན་ལ་གསོལ་བ་འདེབས། མདུན་བསྐྱེད་ནི་ལྷ་བསྐྱེད་པའི་རྟེན་ཙཀྲ་དངོས་ལ་བསྟིམས་ལ། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་བྱ། མི་དམིགས་པའི་ངང་ལ་ཐུན་མཚམས་འཇོག་གོ །དེ་ལྟར་ཉམས་སུ་ལེན་པ་ལ་ཐུན་བཞིར་བཅད། ཐུན་འགོ་ཐམས་ཅད་དུ་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་སྟེ། བདག་མདུན་གྱི་རིམ་པ་མཆོད་བསྟོད་ཡན་ཆད་ཚང་བར་བྱས་ལ། དང་པོ་སྔ་ཐུན་ལ་འཇུག་པའི་ཚེ་ཡང་སྐད་ཅིག་ཀྱང་མ་ཡེངས་པར་ཏིང་ངེ་འཛིན་ལ་འབད་པར་བྱའོ། །རྗེས་ཐུན་བཞག་པའི་ཚེ་ཡང་མཆོད་གཏོར་འབུལ། བཀྲ་ཤིས་བསྔོ་བ་སྨོན་ལམ་དང་བཅས་པ་བྱ། སྒྲུབ་པའི་ཚེ་ནི་ཐུན་གྱི་འགོ་མཇུག་གཉིས་ཀ་ན་རྒྱུན་གཏོར་འབུལ་ལོ། །དེ་ལྟར་ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས། རྟགས་ཀྱི་རིམ་པ་ནི། འགྲུབ་རྟགས་རབ་འབྲིང་ཐ་མ་གསུམ། །ཞེས་སོགས་ཀྱིས་གསལ་བར་གསུངས་པ་ལྟར་འབྱུང་ཞིང་། གྲུབ་ནས་ཀྱང་མཆོད་གཏོར་མང་དུ་ཕུལ། རྟེན་རྫས་རྣམས་མི་མངོན་པར་བྱ་བ་སོགས་བྱའོ། །དེ་ཡན་ཆད་ཀྱིས་སྒྲུབ་པ་རྫོགས་པར་བསྟན་ནོ། །དེས་དགོས་པ་དང་པོ་གོ་ཆ་ལྟ་བུའི་མན་ངག་བསྟན་ཟིན་ཏོ། །ད་དགོས་པ་ཕྱི་མ་མཚོན་ཆ་ལྟ་བུའི་མན་ངག་དྲག་པོ་སྔགས་ཀྱི་ལས་སྦྱོར་ལ། དོན་རྣམ་པ་གཉིས་བསྟན་ཏེ། དགྲ་བགེགས་སྤྱི་ཡི་ལས་དང་། ཁྱད་པར་གྱི་ལས་སོ། །དང་པོ་སྤྱི་ཡི་ལས་ལ་བཅའ་ཐབས་དང་འཇུག་པ་གཉིས་ལས། བཅའ་ཐབས་ནི། མེ་ཡིས་ཚིག་པ་ལ་སོགས་པ་དྲག་པོའི་ས་སྣ་བསྡུས་ལ། པུ་རི་ཟུར་གསུམ་མཐོ་གང་བ་བང་རིམ་དགུ་ཡོད་པ། ཁོང་སེང་ཅན་བྱ་སྟེ། འོག་ཏུ་གྲུ་གསུམ་རྐང་གང་བ་ཁ་ཁྱེར་རྫབ་དང་ལྡན་པ་བྱས། པུ་རི་གྲུ་གསུམ་གཉིས་ཀའི་ཕྱི་ཁྲག་དང་དུག་ཆུ་དུར་སོལ་གྱིས་བྱུགས་ལ་ནག་པོ་བྱ། ནང་ཁྲག་དང་མཚལ་གྱིས་བྱུགས་ལ་དམར་པོ་བྱ། གྲུ་གསུམ་གྱི་ཁ་ཁྱེར་རྩང་གིས་བསྐོར། པུ་རི་ནག་པོའི་ཁ་ལ་ཐུན་ལམ་བྱ། ཚེར་ནག་གི་ཕུར་པ་རྐང་གང་པ་ལ་དྲག་སྔགས་ཚང་བར་བྲིས་ལ། ཕུར་པ་དེ་རྟ་མགྲིན་དུ་བསྒོམ། བྱིན་རླབས་རབ་གནས་མངའ་གསོལ་བྱས་ལ། པུ་རིའི་ཁ་ཐུན་ལམ་དུ་བཙུག་གོ །དེ་ནས་དགྲ་བགེགས་ལ་སོགས་གང་ལ་བྱེད་པའི་ལིང་ག་ཡང་། སོ་སོའི་གཟུགས་ཇི་ལྟ་བ་བཞིན་བྱས་ལ། བྱད་མ་དང་དགྲ་ལ་བྱེད་ན་དཔྲལ་བར་རུས་པ། སྙིང་གར་ནྲྀ་ལ་མིང་གིས་བསྐོར། སྤྱི་བོར་སུཾ། མགྲིན་པར་དུང་དང་། ལྟེ་བར་རཾ། འདོམས་སུ་ཕཊཿ རྐང་ཞབས་སུ་ཡཾ། བརླ་ལ་རྦད། དཔུང་པ་ལ་ཆིངས། ཕྲག་གོང་གཡས་ལ་ཛཿ གཡོན་ལ་ཧཱུྃ། མཁལ་ཟུར་གཡས་པར་བཾ། གཡོན་པར་ཧོཿ དེ་རྒྱབ་སྔགས་ཚང་མས་བསྐོར། སྔགས་མགོ་ནང་དུ་བསྟན་ལ་དྲིལ། རྫས་ནི་ཁྲག་སྣ་རྣམས་གཞུང་དུ་གསལ་བ་བཞིན་བྱའོ། །བགེགས་ལ་བྱེད་ན་ལིང་ག་རྣམས་ནི་འདྲེ་གང་ཡིན་པ་སོ་སོའི་གཟུགས་བྲིས་ལ། སྤྱི་བོར་ནན། དཔྲལ་བར་མིང་། སྙིང་གར་ཏྲི་ལ་ཁུག་ཛ་ཛཿས་བསྐོར། ལྟེ་བར་མཱ་ར་ཡ་རྦད། ཡན་ལག་ལ་ཆིངས་ཤིག་ཛཿཧཱུྃ་བཾ་ཧོཿ གོང་ལྟར་བྲི། ཁྱད་པར་སྙིང་གར་ཏྲི་ཞབས་སུ་རྒྱལ་པོ་ལ་ཙ། གཤིན་རྗེ་ལ་ཡ། མ་མོ་ལ་མ། བདུད་ལ་དུ། བཙན་ལ་རུ། གནོད་སྦྱིན་ལ་ཤ །གཟའ་ལ་ར། འདྲེ་སྤྱི་ལ་ཏྲི་ཁོ་ནས་ཆོག །ལིང་ག་སྔར་ལྟར་སྔགས་ཀྱིས་བསྐོར། དེ་ནས་རྟ་མགྲིན་གྱི་ང་རྒྱལ་དང་ལྡན་པས་བདེན་བདར་མང་དུ་བྱས། དགྲ་བགེགས་གང་ཡིན་པ་དེ་བཀུག་ནས་ལིང་ག་ལ་ཡང་ཡང་བསྟིམ་ཞིང་། གྲུ་གསུམ་ནང་དུ་མགོ་རང་ལ་བསྟན་ལ་གན་རྐྱལ་དུ་བཞག་སྟེ། ལིང་ག་ཉི་ཤུ་རྩ་གཉིས་བྱས་ལ་བཞག །ལས་གྲུབ་ནས་རྩ་གཅིག་སྦྱིན་སྲེག་བྱས་ལ། གཅིག་སོ་སོའི་གཏད་ལིང་བཅུག་སྣོད་ཀྱི་མགོ་རུས་ནང་དུ་བཅུག་ལ། སྦྱིན་སྲེག་ཐལ་བ་དང་ལྷན་དུ་གཞུང་ནས་བཤད་པ་བཞིན། སོ་སོའི་གཏད་འཕང་སར་མནན། ཡུངས་དཀར་སོགས་དྲག་པོའི་ཐུན་རྫས་རྣམས་ཐོད་པ་མཚན་ངན་ནང་དུ་བླུགས་ལ་དྲག་སྔགས་ཕུས་བཏབ་ཅིང་ཐུན་ལམ་ནས་མར་བྲབས་སོ། །ཕུགས་སུ་ལྷ་རྟེན་བཟང་པོ་བཀོད། དྲག་པོའི་སྣོད་དུ་ཤ་ཁྲག་དམར་གྱི་གཏོར་མ་བཤམ། དེ་ལ་སྙིང་སྣ་དང་མགོ་ལ་དར་སྣ་བཙུག །དེའི་མདུན་དུ་རྣམ་ལྔ་དང་སྨན་རཀ་ཐུན་གཏོར་རྣམས་བཤམ། གཉིས་པ་འཇུག་པ་ནི། ཕྱོགས་སྐྱོང་དང་གནས་པོ་གཞི་བདག་ལ་གཙང་གཏོར་འབུལ། དྲག་པོ་མངོན་སྤྱོད་ཀྱི་ལས་སྒྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་སོགས་བཀའ་བསྒོ་བྱ། མགོན་པོ་ལ་མཆོད་བསྟོད་སྐོང་བཤགས་མངའ་གསོལ་ལས་རིམ་བདུན་པ་ལྟར་བྱས་ལ། ལུས་ངག་ཡིད་གསུམ་གྱི་མཚམས་དམ་པོ་གཅད་དེ། ལུས་ཀྱི་མཚམས་དམ་དུ་བསྡམས་པས་མི་དང་གདོང་མི་སྤྲད། ངག་གི་མཚམས་དམ་དུ་བསྡམས་པས་གཞན་དང་གཏམ་མི་སྨྲ། ཡིད་ཀྱི་མཚམས་དམ་དུ་བསྡམས་པས་སྐད་ཅིག་ཀྱང་མི་གཡེང་བར་རིག་པ་མདུང་སློང་དུ་ཏིང་ངེ་འཛིན་དང་དྲག་སྔགས་ལ་འབད་པ་ཡིན། ཞག་གཅིག་ལ་ཐུན་དྲུག་ཏུ་བཅད་པའི་ཐུན་འགོ་རྣམས་ན་སྐྱབས་འགྲོ་སེམས་བསྐྱེད་བདག་བསྐྱེད་དང་བཅས་པ་བྱས་ལ། དེ་ནས་རང་ཉིད་ཁྲོ་བོའི་ང་རྒྱལ་དང་ལྡན་པས། སྐུ་ལས་སྤྲུལ་པའི་ཁྲོ་ཆུང་ཐོ་བ་དང་ལྕགས་ཀྱུ་ཐོགས་པ་མང་པོ་སྤྲོས་པས། དགྲ་བགེགས་བྱད་མ་རྣམས་ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། ཐོ་བ་ཅན་གྱིས་ཀླད་ནས་བཅོམ་ཞིང་བརྡུང་སྟེ་རང་དབང་མེད་པར་བཀུག་ནས་གྲུ་གསུམ་ནང་གི་ལིང་ག་ལ་བསྟིམ། བདུག་པའི་རྫས་ཀྱིས་ལྷ་དང་ཕྱེས་ཏེ། མདུན་གྱི་གྲུ་གསུམ་དེ་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་ལ་ཟབ་ཅིང་སྒོ་མེད་པ་ཞིག་གི་ནང་དུ། དམིགས་བྱ་གང་ཡིན་པ་དངོས་སུ་ཚུད་ནས་གར་ཡང་འགྲོ་དབང་མེད་པར་བསམ། སྟེང་གི་པུ་རི་ནག་པོ་དེ་གནམ་ལྕགས་ཀྱི་རི་རབ་ཤིན་ཏུ་འགྱིངས་ཤིང་དཔའ་བ་ཞིག་ཏུ་གྱུར་པའི་བང་རིམ་ལ། གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་བསམ་གྱིས་མི་ཁྱབ་པ་བསམ། པུ་རི་ཁའི་ཕུར་པ་དེ་ཁྲོ་བོ་ནག་པོ་འཇིགས་སུ་རུང་བ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་སྒྲོལ་བྱེད་རལ་གྲི་གླད་ལ་ཕྱར་བ། གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུ་ཐུགས་ཀར་འཛིན་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་བཞི་རབ་ཏུ་གཙིགས་པ། སྤྱན་གསུམ་བསྒྲད་ཅིང་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་པ། གནམ་ལྕགས་འབར་བའི་རལ་པ་ཅན། སྤྱི་གཙུག་ཏུ་རྟ་དབུ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བ། ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ། ཐོད་རློན་གྱི་དོ་ཤལ་དང་། ཞིང་ལྤགས་ཀྱི་སྟོད་གཡོགས་ཅན་བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ། ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ། གང་ལ་བྱེད་པའི་སྙིང་ལ་གཟིར་ནུས་པ་དེས། ཁོའི་རྣམ་པར་ཤེས་པ་གཟིར་ཞིང་ཕུར་པའི་དབལ་སོ་ལས་མཚོན་ཆའི་ཆར་ཕབ་པས་དགྲ་བགེགས་གང་ཡིན་པའི་ཕུང་པོ་དུམ་བུར་གཏུབ་པར་བསམ། ཁྱད་པར་ཁོའི་སྙིང་གི་ནང་དུ་ངན་སེམས་གདུག་པའི་རྣམ་སྨིན་དེ་ཉིད་ལྕགས་བསྲེགས་ཀྱི་འཁོར་ལོ་རྩིབས་དྲུག་པ་དྲག་སྔགས་དང་བཅས་པ། གཡོན་དུ་འཁོར་བས་སྙིང་ཁྲག་དམར་ཐོར་ཐོར་གཏོར་ཞིང་སྲོག་རྩ་རྦད་རྦད་བཅད། རྣམ་ཤེས་མར་མེ་བསད་པ་ལྟར་ནག་ཀེམ་ཀེམ་སོང་ནས། དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་རྣམས་ཀྱིས་ཤ་ཟོས་ཁྲག་འཐུང་། རུས་པ་འཆོས་པས་རྡུལ་ཕྲན་ཙམ་ཡང་མེད་པར་བསམ་ཞིང་། དྲག་པོའི་སྔགས་ཀྱིས་གཟིར་ཞིང་ཐུན་གྱིས་བྲབ་བོ། །མལ་འོག་འཁྲུལ་འཁོར་ཅེས་པ་ནི། པུ་རི་ཕུར་པ་མ་གཏོགས་པ་གཞན་མཆོད་གཏོར་ལིང་ག་བྲི་བ་ཀུན་སྔོན་དང་འདྲ་བ་ལ། ཁྱད་པར་ནི་རང་གི་གྲྭ་མལ་ཞབས་སུ་གྲུ་གསུམ་གྱི་ཟུར་གཅིག་མདུན་དུ་བསྟན་པར་བྱས་ལ་ལིང་ག་སྔར་ལྟར་བཅས་ལ་བཞག །རང་ཉིད་ལྟེ་བ་མན་ཆད་ཕུར་བུར་བསྒོམ་ཞིང་། གཞན་ཡང་སྔགས་ཐུན་ཏིང་ངེ་འཛིན་རྣམས་གོང་ལྟར་བྱའོ། །དེ་ལྟར་པུ་རི་དང་མལ་འོག་ལས་སྦྱོར་གང་བྱེད་ཀྱང་། ཐུན་འགོ་ཐམས་ཅད་དུ་ཏིང་ངེ་འཛིན་དང་དངོས་གཞི་དྲག་སྔགས་གོང་ལྟར་ལ་ཐུན་མཚམས་སུ་རྒྱུན་གཏོར་འབུལ་ཞིང་བསྟོད་བསྐུལ་བྱས་ལ། མངོན་སྤྱོད་ཀྱི་ལས་འགྲུབ་པའི་གསོལ་འདེབས་བྱ། ཡི་གེ་བརྒྱ་པ་འདོན། བཀྲ་ཤིས་བསྔོ་བ་སྨོན་ལམ་བྱ། མཐར་མི་དམིགས་པར་བཞག །ལས་སྦྱོར་ཇི་ལྟར་ཐོན་ནས་ལིང་ག་སྦྱིན་སྲེག་བྱ། གཏོར་མ་དགྲ་ཕྱོགས་སུ་བསྐྱལ། ལིང་ག་ཐལ་སོལ་གྱི་བྱ་བ་ཡང་བྱ། དེས་དགྲ་བགེགས་སྤྱི་ཡི་ལས་ཁ་ཚང་བར་བསྟན་ཟིན་ཏོ། །གཉིས་པ་ཁྱད་པར་གྱི་ལས་བསྟན་པ་ནི། ལས་བཅུ་གཅིག་ཡོད་པ་གཞན་རྣམས་གཞུང་དུ་བསྟན་ལ། འདིར་བྱད་མ་བསད་པའི་ལས་བྱེད་ན། གཞན་བཅའ་ཀ་ཐམས་ཅད་གོང་དང་འདྲ། བྱེ་བྲག་ནི་བག་ཟན་ལ་མིང་གཟུགས་ཇི་ལྟ་བ་བཞིན་བྱས་ལ་དེའི་ཁོག་ཏུ་དགྲ་བོའི་ལིང་ག་དང་ཟག་རྫས་མཆིལ་སྣབས། དྲི་མ་སྐྲ་གོས་དུམ་བུ་ཟ་འཕྲོ་རྗེས་ས་གང་རྙེད་བཅུག་ལ། ལག་པ་གཡས་པས་སེ་ཤིང་གི་ཕུར་བུ་བཟུང་དུ་བཅུག་ལ་གྲུ་གསུམ་ནང་དུ་གན་རྐྱལ་དུ་གཞུག །ཡང་བག་ཟན་ལ་ཁོ་རང་བྱད་མའི་ལྷ་གང་ཡིན་པ་དེ་ཡི་གཟུགས་ཤིག་བྱས་ལ། ཤིང་སེ་བའི་ཕུར་ཆུང་གཅིག་བཟུང་བཅུག་ལ་བྱད་མའི་གཟུགས་དེའི་སྟེང་དུ་ཁ་སྦུབས་སུ་བཞག །སྐུད་པ་སྔོ་དམར་གྱིས་བྱད་མ་དང་ལྷ་སྲུང་གཉིས་ཀའི་རྐེ་ལ་བཏགས་ནས། ཡར་སྣེ་ཕུར་བུའི་མགུལ་དུ་བཏགས། ཏིང་ངེ་འཛིན་གྱི་རིམ་པ་ནི། རང་ཉིད་ཁྲོ་བོ་རྟ་མགྲིན་གྱི་ང་རྒྱལ་གྱིས་སྤྲུལ་པའི་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་སྤྲུལ་ནས། བྱད་མའི་སྲུང་འཁོར་གཡས་ཀྱི་ཐོ་བས་བཅོམ། གཡོན་གྱི་ལྕགས་ཀྱུས་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་ནས་བཟུང་། རང་དབང་མེད་པར་བཀུག་ཅིང་གཟུགས་ལ་བསྟིམ། བདུག་པའི་རྫས་དང་། ཁྱི་ར་གཉིས་ཀྱི་སྤུ་དང་། བྱ་རོག་འུག་པ་གཉིས་ཀྱི་ཤས་བདུག །སྟེང་གི་ཕུར་པའི་ཁྲོ་བོ་དེ་ཤིན་ཏུ་ཁྲོས་ནས། ཕུར་པའི་དཔལ་སོ་ཤིན་ཏུ་རྣོ་ཞིང་མེ་འབར་བ་དེས་ཁོ་ཡི་ལྷ་སྲུང་གི་སྤྱི་བོ་ནས་དྲག་ཏུ་གཟིར་བས་མ་བཟོད་དེ། ལན་རྩ་བྱད་མ་རང་ལ་དེད་པས་བྱད་མས་ཕུར་བུ་འདྲིལ་ཞིང་ཡར་ཁྲོ་བོ་ལ་བཏབ་པས་ཁོ་རང་གི་ལྷ་སྲུང་གི་སྙིང་གར་ཕོག །ལྷ་སྲུང་ཤིན་ཏུ་ཁྲོས་ནས་སླར་ལ་ཕུར་པ་འདྲིལ་ཞིང་བྱད་མའི་སྙིང་ལ་བཏབ་པས། སྲོག་ལ་གཟིར་ཞིང་རྣམ་ཤེས་མར་མེ་བཞིན་དུ་བསད་རང་གཤེད་རང་ལ་ཕབ་པར་བསམ། ཁྱད་པར་ཁོ་ཡི་ཞེ་སྡང་ལས་གྲུབ་པའི་དུག་སྦྲུལ་དམར་པོ་གཅིག་སྤྱི་བོ་ནས་མར་ཞུགས་སྙིང་གི་མགོ་ནས་འཇུས། དུག་སྦྲུལ་ནག་པོ་གཅིག་བཤང་ལམ་ནས་ཡར་ཞུགས། སྙིང་གི་མཇུག་ནས་ཡར་འཇུས། རྣམ་ཤེས་དང་ཏིང་ངེ་འཛིན་གྱི་ནུས་པ་སྙིང་ཁྲག་ཐམས་ཅད་འཇིབས་ནས་བསད་པར་བསམ། ངན་སྔགས་བཟླས་པའི་ནུས་པ་དེ། ཁོའི་ལྕེའི་སྟེང་དུ་ལྕགས་བསྲེགས་ཀྱི་སྡིག་པ་མགོ་དགུ་པ་ཞིག་གིས། ངག་གི་དབང་པོ་དང་སྔགས་ཀྱི་ནུས་པ་ཐམས་ཅད་འཇིབས་པར་བསམ། བསམ་པ་ངན་པའི་རྣམ་སྨིན་དེ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པ་ཞིག་སྙིང་གི་ནང་དུ་གཡོན་སྐོར་དུ་སྒ་ར་ར་འཁོར་བས། སྙིང་ཁྲག་གཏོར་ཞིང་རྣམ་ཤེས་ནག་ཀམ་ཀམ་བསད་པར་བསམ་མོ། །དེ་ནི་བྱད་མ་བསད་པའི་ལས་ཞེས་སོགས་གསུངས་ཏེ། ཤིན་ཏུ་རྣོ་ཞིང་ཉེས་པ་ཆེ་བས་གར་ཐོད་ཐོད་དུ་མི་བྱ། རྐུན་ནོར་ལྟར་གསང་ཞིང་སྦ་བར་བྱའོ། །དེ་ནས་མན་ངག་སྤྱིའི་ཆིངས་བསྟན་པ་ནི། དེ་ལྟར་ལས་སྦྱོར་གང་བྱེད་ཀྱང་། །ཞེས་སོགས་ཏེ་གདམས་ངག་དག་གམ་མི་དག་སྙམ་པའི་ཐེ་ཚོམ་ཡིད་གཉིས་སྤངས་ལ། འདི་བདག་གི་ལྷ་དང་ཆོས་སྐྱོང་གི་སྐལ་པ་ཡིན་པས་སྲོག་ལ་ཐུག་ཀྱང་མི་སྤང་སྙམ་པའི་ངེས་ཤེས་བསྐྱེད་ལ། སྤྲོ་བ་དྲག་པོས་བརྩོན་འགྲུས་དང་ལྡན་པས་བསྒྲུབས་ན་འགྲུབ་ཐག་ཉེ་བས་མི་འགྲུབ་མི་སྲིད་དེ། ཨོ་རྒྱན་པདྨའི་ཞལ་ནས། བརྩོན་འགྲུས་ལྡན་པའི་མིས་བྲག་ལ་ཆུ་ཐོན། །ངེས་ཤེས་སྐྱེས་ན་འདྲེ་ཡང་ལྷ་རུ་འགྱུར། །ཅེས་གསུངས་སོ། །སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གསུམ་སྟེ། མཛད་པ་པོ། སྒྲུབ་ཐབས་དངོས། མི་སྤེལ་བའི་དམ་བཅའོ། །དང་པོ་ནི། བདག་འདྲ་པདྨ་འབྱུང་གནས་ཀྱིས། །ཞེས་སོགས་སོ། །གཉིས་པ་ནི། དེ་ལྟ་བུའི་གུ་རུ་པདྨ་འབྱུང་གནས་ཀྱིས་མཆོག་དང་ཐུན་མོང་ལ་དགོངས་ནས་པདྨ་དབང་ཆེན་གྱི་སྒྲུབ་ཐབས་བསྟན་པའི་ཚུལ་ནི། དེ་ཕྱིར་དབང་ཆེན་རྟ་མགྲིན་གྱི། ཞེས་སོགས་ཏེ། རྟ་མགྲིན་སྒྲུབ་ཐབས་བསམ་ཡས་མཛད་པའི་ནང་ནས་ཁྱད་པར་དུ་ཟབ་པ། ཡི་དམ་ཆོས་སྐྱོང་གཉིས་མེད། མཆོག་དང་ཐུན་མོང་གཉིས་མེད། བསྐྱེད་རྫོགས་གཉིས་མེད། ཚིག་ཉུང་ལ་དོན་འདུས་པ་འདི་གསུངས་སོ། །གསུམ་པ་ནི། དེ་ནས་སློབ་དཔོན་གྱིས་མཚོ་རྒྱལ་དང་རྒྱལ་པོ་གཉིས་ལ། ད་ལྟ་མ་སྤེལ་གཏེར་དུ་སྦོས། །ཞེས་གསུངས་པ་བཞིན་གཏེར་དུ་སྦས་ནས། ལས་ཅན་གཅིག་དང་འཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་པས། ཕྱིས་རྒྱལ་པོའི་སྐྱེ་མཐའ་མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་སྤྱན་དྲངས་པའོ། །དཔལ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་དོན་གསལ་བར་ཕྱེས་པ་འདི་མངའ་བདག་ཉང་རལ་པ་ཅན་གྱིས་མཛད་པ་ཡིན་ཅེས་རྗེ་བཙུན་རྒྱལ་མཚན་གྱིས་གསུངས་ཤིང་། འདི་ཡི་མ་དཔེ་ལ་གཞུང་དཀྱུས་སུ་ཤོར་བ་འགའ་ཞིག་དང་སྒྲུབ་ཐབས་དང་འདྲེས་པ་དང་། གཏེར་ཁ་གཞན་གྱི་ལུགས་འདིར་བསྲེས་པ་ལ་སོགས་པ་དུས་རིང་བའི་དབང་གིས་ཚིག་དོན་འཆུགས་པ་ཅུང་ཟད་དང་བཅས་པའི་འགྲེལ་པ་ཡི་གེ་ཤིན་ཏུ་ཉོག་པ་གཅིག་སྣང་བ་དེའི་སྟེང་ན་འཆད་ཉན་མཛད་ཅིང་འདུག་པ་ལས། དེ་དག་ལ་དབྲི་བསྣན་དང་ཞུ་དག་ལེགས་པར་བྱས་ནས་ཡི་གེ་ཅུང་ཟད་ཉུང་དུ་བཏང་ནས་ཤཱཀྱའི་བཙུན་པ་ཝཱ་གིནྡྲ་སྡྱི་རས་རང་ལོ་ཉེར་ལྔ་ལོན་པ་ས་ཕོ་སྤྲེའུའི་ལོའི་དབྱར་མདོ་ཁམས་སྟོད་ཀྱི་ས་ཆ་གྱིང་ཐང་དུ་བྲིས་བཤུས་དག་པར་བགྱིས་པའོ། །སརྦ་མངྒ་ལཾ།། །། ༁ྃ༔ དཔལ་རྟ་མགྲིན་ནག་པོ་ལྕགས་རལ་གྱི་རྗེས་གནང་དང་སྲོག་དབང་སྐུར་བའི་ཚུལ་བཞུགས་སོ༔ ༁ྃ༔ བླ་མ་དང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ རྟ་མགྲིན་ནག་པོའི་སྒོ་ནས་བྱིན་རླབས་ཀྱིས་སློབ་མ་རྗེས་སུ་འཛིན་པར་འདོད་ན༔ འདིའི་ཆོ་གའི་རིམ་པ་བླ་མའི་ཕྱག་ལེན་བཞིན༔ རྒྱས་བསྡུས་འབྲིང་གསུམ་གང་སྤྲོ་སྐབས་དང་བསྟུན༔ དེ་ནས་སློབ་མ་རྣམས་བུམ་པའི་ཆུས་ཁྲུས་བྱས༔ བགེགས་བསྐྲད་ལ་སྲུང་འཁོར་བསྒོམ༔ དེ་ནས་ཡན་ལག་བདུན་པ་དང་སྐྱབས་འགྲོ་སེམས་བསྐྱེད་འབོགས་པ་རྣམས་སྔོན་དུ་སོང་ནས༔ དངོས་གཞི་ཐོག་མར་རྗེས་གནང་གི་དོན་དུ་མཎྜལ་ཕུལ་ནས༔ གསོལ་བ་གདབ་པ་ནི༔ དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ སྐུ་ཡི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ གསུང་གི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཡོན་ཏན་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཕྲིན་ལས་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ༔ དེ་ནས་སློབ་མ་རྣམས་རྟ་མགྲིན་དུ་བསྐྱེད་ལ་དམ་ཚིག་སེམས་དཔར་བསྒོམ༔ གཏོར་མ་སྤྱི་བོར་བཞག་ལ་རྟ་མགྲིན་ཡེ་ཤེས་སེམས་དཔར་བསྒོམ༔ དེ་ནས་ཡེ་ཤེས་སེམས་དཔའི་སྐུའི་ཆ་ཐམས་ཅད་ནས༔ ཁྲོ་ཆུང་གི་ཚོགས་སྐུ་ཆུང་ལ་ཡན་ལག་རགས་པ་ནས་འབྲས་ཙམ་དཔག་ཏུ་མེད་པ་བྱོན་ནས་ཕྱིར་འཕྲོས་པས༔ ཕྱིའི་བར་དུ་གཅོད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཁྲོ་ཆུང་ཐམས་ཅད་འདུས་སློབ་མའི་ལུས་ངག་ཡིད་གསུམ་ཐམས་ཅད་ཁྲོ་ཆུང་གིས་གང་ནས༔ ནང་གི་བར་དུ་གཅོད་པའི་ནང་གདོན་སྡིག་སྒྲིབ་བསྲེགས་པར་བསམ་ལ་རྩ་སྔགས་ཤམ་བུ་དང་བཅས་པ་ལན་གསུམ་བརྗོད་ཅིང་རོལ་མོའི་སྒྲ་དྲག་ཏུ་བྱའོ༔ དེ་ནི་སྐུའི་བྱིན་རླབས་ཀྱི་རྗེས་སུ་གནང་བའོ༔ ཡང་ཡེ་ཤེས་སེམས་དཔའི་ཞལ་ནས་སྔགས་ཕྲེང་དམར་པོ་མེ་དཔུང་གི་རང་བཞིན༔ ཚྭ་ཚྭ་དམར་སི་ལི་ལི་བྱུང་ནས་སློབ་མའི་ཁར་ཞུགས༔ ལུས་ཐམས་ཅད་དམར་མེ་རེ་རེ་གང་ནས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ལ༔ སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག༔ དེ་ནི་སྔགས་ཀྱི་རྗེས་སུ་གནང་བའོ༔ དེ་ནས་སྤྱི་བོའི་ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་ཚངས་བུག་ཏུ་མར་བྱོན་ནས༔ སྙིང་གར་ཐིམ་པས་དཔལ་ཁྲོ་བོ་རྟ་མགྲིན་གྱི་ཐུགས་ཀྱི་ཡེ་ཤེས་དང༔ སློབ་མའི་རྣམ་ཤེས་གཉིས་དབྱེར་མེད་དུ་ཆུ་དང་འོ་མ་འདྲེས་པ་ལྟར་དུ་གྱུར་པར་བསམ་ལ༔ དམིགས་མེད་དུ་མཉམ་པར་བཞག་པར་བྱའོ༔ དེ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ༔ དེ་ནས་སློབ་མ་རྟ་མགྲིན་དུ་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ༔ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ༔ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ག༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་དམིགས་ལ༔ གནས་གསུམ་བདུད་རྩིའི་ཐིག་ལེ་བྱས་ལ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད༔ དེ་ནི་ཡོན་ཏན་གྱི་རྗེས་སུ་གནང་བའོ༔ དེ་ནས་གཏོར་མ་ལག་ཏུ་གཏད་ལ༔ རྡོ་རྗེའི་སློབ་མ་ཁྱོད་ལ་དཔལ་རྟ་མགྲིན་ནག་པོའི་སྲོག་དབང་བསྐུར་པ་ཡིན་པས༔ རྟ་མགྲིན་ནག་པོ་ཡི་དམ་གྱི་ལྷར་ཟུངས་ཤིག༔ ཆོངས་ཤིག༔ སྒོམས་ཤིག༔ སྒྲུབས་ཤིག༔ ཐོན་ཅིག༔ ལྷ་མ་སྲིན་སྡེ་བརྒྱད་དང་དྲེགས་པ་ཅན་དབང་དུ་སྡུས་ཤིག༔ དམ་ལ་ཐོགས་ཤིག༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་ཆོད་ཅིག༔ ཅེས་བརྗོད༔ དེ་ནི་ཕྲིན་ལས་ཀྱི་རྗེས་སུ་གནང་བའོ༔ དེ་ནས་རྗེས་ཀྱི་བྱ་བ་གཏང་རག་གི་ཡོན་དུ་མཎྜལ་འབུལ༔ ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་ཁས་བླང་ངོ༔ འདི་རྟ་མགྲིན་ནག་པོའི་སྲོག་དབང་ཞེས་བྱ་སྟེ༔ ཉམས་སུ་ལེན་པའི་སློབ་མ་རེ་རེ་མ་གཏོགས་གཞན་ལ་མི་སྦྱིན༔ རང་ལ་ཆད་པ་འོང་བས་བཀའ་རྒྱ་ཤིན་ཏུ་བསྡམ་པ་གལ་ཆེའོ༔ གལ་ཏེ་ནད་པ་ལ་སོགས་པའི་བར་ཆད་བསལ་བར་འདོད་ན༔ བྱིན་རླབས་ཁྲོ་བོ་ཆར་འབེབ་ཀྱི་རྗེས་སུ་གནང་བ་ནི༔ སྐུའི་རྗེས་གནང་སྐབས་སུ༔ དང་པོ་སྐུའི་ཁྲོ་ཆུང་དཀར་པོ༔ དེ་ནས་གསུང་གི་ཁྲོ་ཆུང་དམར་པོ༔ དེ་ནས་ཐུགས་ཀྱི་ཁྲོ་ཆུང་ནག་པོ༔ དེ་ནས་ཡོན་ཏན་གྱི་ཁྲོ་ཆུང་སེར་པོ༔ དེ་ནས་ཕྲིན་ལས་ཀྱི་ཁྲོ་ཆུང་ལྗང་གུ༔ དེ་རྣམས་རིམ་པ་ལྟར་སྤྲོ་བསྡུ་བྱ་ཞིང་སྔགས་དང་རོལ་མོའི་སྒྲ་དྲག་ཏུ་བྱའོ༔ འདི་ནི་ཤིན་ཏུ་རྣོ་ལ་བྱིན་རླབས་ཆེ་བས་བར་ཆོད་སེལ་བ་ལ་ལྷག་པར་ཤིས་སོ༔ དེ་ནས་གཏོར་མ་ལ་དགྲ་བགེགས་དགུག་གཞུག་བྱས་ལ་བསྟིམས༔ སྨན་རཀ་ཀྱིས་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ༔ མདུན་དུ་ཁྲོ་བོ་འཁོར་དང་བཅས་པ་སྐད་ཅིག་གིས་དམིགས་ལ་གཏོར་མ་འབུལ༔ བསྐུལ་བྱས་ལ་གནོད་བྱེད་ཀྱི་ཕྱོགས་སུ་བསྐྱལ༔ རྗེས་སུ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་བོ༔ ༈ བཅོམ་ལྡན་འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ༔ རྟ་མགྲིན་ནག་པོའི་སྲོག་དབང་བསྐུར་བར་འདོད་པས༔ མཎྜལ་གྲུ་གསུམ་ནག་པོར་བྱུག་པའི་སྟེང་དུ་ཧཱུྃ་གཅིག་བྲི༔ དེའི་སྟེང་དུ་ཁྲིའུའམ་མཉྫིའི་ཁར༔ ཁྲོ་ཟངས་ལྕགས་ཀྱི་སྣོད་ནང་དུ་དཔལ་བཤོས་ཤ་ཁྲག་གིས་བརྒྱན་པ་བཤམ༔ མདའ་དར་ལ་རྟ་མགྲིན་གྱི་སྐུ་དང་སྲོག་འཁོར་བཏགས་ལ་བཙུགས༔ དེའི་གཡས་སུ་རལ་གྲི༔ གཡོན་དུ་ཕུར་པ༔ མདུན་དུ་ལྕགས་ཀྱུ༔ དཀྱིལ་འཁོར་གྱི་མདུན་དུ་ཉེར་སྤྱོད་ལྔ་དང་སྨན་རག་གཏོར་གསུམ་གྱིས་བསྐོར༔ དེ་ནས་སློབ་མ་ཁྲུས་བྱས་ལ་ནང་དུ་གཞུག༔ ཕྱོགས་སྐྱོང་དང་གཞི་བདག་ལ་གཙང་གཏོར་ཕུལ་ཏེ་བཀའ་བསྒོ༔ བགེགས་ལ་གཏོར་མ་བྱིན༔ མཚམས་བཅད༔ སྲུང་འཁོར་བསྒོམ༔ སྐྱབས་འགྲོ་སེམས་བསྐྱེད་བྱ༔ བདག་བསྐྱེད་བསྒོམ༔ བཟླས་པ་བྱ༔ མཆོད་པ་སྨན་རཀ་གཏོར་གསུམ་བྱིན་གྱིས་བརླབ༔ དཔལ་གཏོར་ལ་མདུན་བསྐྱེད་བསྒོམ་གནས་གསུམ་བྱིན་གྱིས་བརླབ༔ སྤྱན་འདྲེན་མཆོད་བསྟོད་བྱས་ལ༔ ཏིང་འཛིན་དང་བཟླས་པའི་ཐུན་བྱ༔ དེ་ནས་མཎྜལ་ཕུལ་ཏེ་དཀྱིལ་འཁོར་དུ་འཇུག་པའི་གསོལ་བ་གདབ་པ་ནི༔ ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ བཅུག་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་བརྗོད༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནི༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ བྱང་ཆུབ་སེམས་ལ་སྐྱབས་སུ་མཆི༔ དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ བསྟན་དང་འགྲོ་བའི་དོན་སླད་དུ༔ བསྙེན་ཅིང་བསྒྲུབ་པར་དམ་བཅའ་འོ༔ དེ་ནས་སློབ་མའི་གནས་གསུམ་དུ་བདུད་རྩི་སྲིན་ལག་གིས་རེག་ཅིང༔ སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ༔ སྙིང་གར་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ༔ ཞེས་སློབ་མ་ལ་བསྒོམ་དུ་གཞུག༔ སྐབས་འདིར་ཡན་ལག་བདུན་པའི་ཚོགས་གསག་པ་ནི༔ མདུན་གྱི་ནམ་མཁར་བླ་མ་དང་དཔལ་རྟ་མགྲིན་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་བསམ་ལ༔ བླ་མ་རྒྱལ་བའི་དཀྱིལ་འཁོར་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ རང་གཞན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་འགྲོ་ཀུན་ཡོངས་ལ་བསྔོ༔ ཞེས་ལན་གསུམ་བརྗོད༔ དེ་ནས་སྡོམ་པ་བཟུང་བ་ནི༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ སྔོན་ཚེ་རྒྱལ་བས་ཐུགས་བསྐྱེད་ལྟར༔ བྱང་ཆུབ་སེམས་ནི་བཟུང་བར་བགྱི༔ སངས་རྒྱས་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རྡོ་རྗེའི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རིན་ཆེན་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ པདྨའི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ཞེས་ལན་གསུམ་བརྗོད༔ དེ་ནས་དངོས་གཞིའི་དོན་དུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི༔ དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ སྐུ་ཡི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་པས༔ མདུན་བསྐྱེད་ཀྱི་ཁྲོ་བོའི་སྐུ་གསུང་ཐུགས་ལས༔ ཁྲོ་བོ་དཀར་དམར་མཐིང་གསུམ་ནས་འབྲས་ཙམ་བསམ་གྱིས་མི་ཁྱབ་པ་བུ་ཡུག་འཚུབས་པ་བཞིན་བྱུང་ནས༔ སློབ་མའི་བ་སྤུའི་བུ་ག་ནས་ཐིམ་པས༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སང་སང་དག་པར་བསམ་ཞིང༔ དར་ནག་གི་སྐུའི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ དར་ནག་སྐུ་ཡི་དབང་བསྐུར་བས༔ སྣང་སྲིད་ཟིལ་གྱིས་ནོན་པར་ཤོག༔ རྩ་སྔགས་དང༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་པས་སྐུའི་དབང་ཐོབ༔ གསོལ་བཏབ་སྔར་བཞིན༔ ཡང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་ཨཱ་ལི་ཀཱ་ལི་དང་བཅས་པ་དམར་ན་ར་ར་བྱུང་བ༔ སློབ་མའི་མགྲིན་པར་ཐིམ་པས་ལུས་ཐམས་ཅད་སྔགས་ཀྱིས་དམར་ལྟེམ་མེ་གང་ནས༔ དྲག་སྔགས་ལ་ནུས་པ་ཐོན་པར་བསམ་ཞིང༔ ལྕགས་ཀྱུས་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ལྕགས་ཀྱུ་གསུང་གི་དབང་བསྐུར་བས༔ ལོག་འདྲེན་དབང་དུ་སྡུད་པར་ཤོག༔ རྩ་སྔགས་དང༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧྲཱི༔ ཅེས་པས་གསུང་གི་དབང་བསྐུར་བ་ཐོབ༔ གསོལ་བ་བཏབ༔ ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ༔ འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་དཔག་ཏུ་མེད་པ་བྱུང་ནས༔ སློབ་མའི་སྙིང་གར་ཐིམ་པས་ལུས་ཐམས་ཅད་ཧཱུྃ་སྔོན་པོས་གང་ནས༔ རྟོགས་པ་འཆར་ཞིང་ནུས་པ་དང་ལྡན་པར་བསམ་ལ་ཕུར་པའི་དབང་བསྐུར༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ཕུར་པ་ཐུགས་ཀྱི་དབང་བསྐུར་བས༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་དང༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཐུགས་ཀྱི་དབང་བསྐུར་བ་ཐོབ༔ གསོལ་བ་བཏབ༔ ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཚ་ལ་མྱུར་བ་དཔག་ཏུ་མེད་པ་འཕྲོས་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ༔ མ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དྲེགས་པ་ཕོ་མོ་རྣམས་ཀྱི་སྲོག་སྙིང་མཐུ་ནུས་ཐམས་ཅད་དབང་དུ་བསྡུས་ནས༔ སླར་འདུས་ཏེ་ཁྲོ་བོའི་ཐུགས་ཀར་ཐིམ་པས༔ ཁྲོ་བོའི་ཐུགས་དང་གཉིས་སུ་མེད་པའི་འོད་ཀྱི་ཐིག་ལེ་སྔོན་པོ་གཅིག་ཏུ་གྱུར༔ དེ་སློབ་མའི་ལྟེ་བར་ཐིམ་པས་རྟ་མགྲིན་གྱི་སྲོག་དབང་ཐོབ་པར་བསམ༔ ཙཀྲའི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ཡོན་ཏན་ཙཀྲའི་དབང་བསྐུར་བས༔ ཁྲོ་བོའི་མཐུ་རྩལ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས་དང༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ ཞེས་པ་ཡོན་ཏན་ནོ༔ གསོལ་བ་བཏབ༔ མདུན་བསྐྱེད་ཀྱི་དབུ་སྐྲ་བསིགས་པའི་སྐྲ་གསེབ་ནས་ཁྲོ་ཆུང་ལྗང་ནག་དཔག་ཏུ་མེད་པ་འཕྲོས་པས༔ སློབ་མ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མངའ་གསོལ་བར་བསམ་ལ༔ རལ་གྲིའི་དབང་བསྐུར་ཏེ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ཕྲིན་ལས་རལ་གྲིའི་དབང་བསྐུར་བས༔ དགྲ་བགེགས་རྩད་ནས་གཅོད་པར་ཤོག༔ རྩ་སྔགས་དང༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཅེས་པ་ཕྲིན་ལས་ཀྱི་དབང་ངོ༔ དེ་ནས་གཏོར་མ་མགོ་ཐོག་ཏུ་བཞག་སྟེ༔ མདུན་བསྐྱེད་སློབ་མའི་སྤྱི་བོ་ནས་ཐིམ་པས༔ དཔལ་ཁྲོ་བོ་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སློབ་མའི་ལུས་ལ་ཞུགས་པར་བསམ་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ བ་ལིཾ་གཏོར་མའི་དབང་བསྐུར་བས༔ ལོངས་སྤྱོད་མཐུན་རྐྱེན་འཕེལ་བར་ཤོག༔ རྩ་སྔགས་དང༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་དབང་ཐོབ་པར་བསམ༔ དེ་ནས་གཏང་རག་ཏུ་མཎྜལ་ཕུལ༔ ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་འབུལ་ཞིང་བཀའི་ཟུར་ཙམ་ཡང་མི་ཉམས་པ་བྱེད་སྙམ་པས་འདིའི་རྗེས་ཟློས་མཛོད༔ དེང་ནས་བརྩམ་སྟེ་བདག་བྲན་དུ༔ སོགས་བརྗོད༔ སྲོག་དབང་ཤིན་ཏུ་གཉན་པའོ༔ འདིའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཉང་རལ་ཅན་ནས་བརྒྱུད་དོ།། །། ༁ྃ༔ རྟ་མགྲིན་ཡང་ཕྱུང་ནག་པོའི་ལས་བྱང་ལག་ལེན་གྱི་རིམ་པ་བཞུགས་སོ༔ བླ་མ་དང་བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ དཔལ་རྟ་མཆོག་རོལ་པའི་རྒྱུད་ཀྱི་དུམ་བུ་ནག་པོ་ཀླུ་འདུལ་གྱི་རྒྱུད་ནས་ཕྱུང་བ༔ རྟ་མགྲིན་ཡང་ཕྱུང་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ལག་ཏུ་བླང་བའི་རིམ་པ་འདི་ལ༔ ཐོག་མར་བཀའ་ལུང་ཐོབ་ཅིང་མན་ངག་དང་ལྡན་པས༔ ཤིན་ཏུ་དབེན་ཅིང་ཡིད་དང་མཐུན་པའི་གནས་སུ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ༔ སྔོན་འགྲོ་ལའང་གསུམ་སྟེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ བདག་ནི་དེང་ནས་བྱང་ཆུབ་མ་འཐོབ་བར༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུངས༔ ཞེས་ལན་གསུམ་བྱའོ༔ གཉིས་པ་སེམས་བསྐྱེད་པ་ནི༔ སེམས་ཅན་མ་ལུས་ཐམས་ཅད་ཀུན༔ སངས་རྒྱས་ས་ལ་འགོད་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྒྲུབ་པར་བགྱི༔ ཞེས་ལན་གསུམ་བྱའོ༔ གསུམ་པ་ཡན་ལག་བདུན་པས་ཚོགས་གསག་ཅིང་རྒྱུད་སྦྱོང་བ་ནི༔ ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི༔ བླ་མ་ཡི་དམ་ལྷ་ཚོགས་དང༔ རྒྱལ་བ་མ་ལུས་སྲས་དང་བཅས༔ དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་ཡི་རང་ངོ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ་བྱའོ༔ བསྟན་པ་དང་སེམས་ཅན་གྱི་དོན་དུ༔ དེང་ནས་སངས་མ་རྒྱས་ཀྱི་བར་དུ༔ ལུས་ངག་ཡིད་གསུམ་དགེ་བ་ལ་བསྐུལ་ཞིང༔ རྟ་མགྲིན་ནག་པོའི་སྒོམ་བཟླས་ལ་འཇུག་པར་བགྱིའོ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས༔ སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་པོའི་སྤྱན་གསུམ་བསྒྲད་ཅིང༔ སྨིན་མཚམས་སུ་ཁྲོ་གཉེར་བསྡུས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་རབ་ཏུ་གཙིགས་པ༔ ཕྱག་གཡས་སྒྲོལ་བྱེད་ཀྱི་རལ་གྲིས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབ་པ༔ གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྲོག་སྙིང་འདྲེན་པ༔ ཞབས་གཉིས་དོར་ཐབས་ཀྱིས་དགྲ་བགེགས་ནོན་པར་གནོན་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ༔ སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར་བས༔ ཁམས་གསུམ་མ་ལུས་དབང་དུ་སྡུད་ཅིང་སྲིད་གསུམ་མ་ལུས་ཟིལ་གྱིས་གནོན་པ༔ སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ ཐོད་སྐམ་ལྔའི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ དབུ་སྐྲ་གནམ་ལྕགས་ཀྱི་རལ་པ་བསིགས་པའི་སྐྲ་གསེབ་ནས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་ཕྱིར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཁྲོ་ཆུང་ཐམས་ཅད་ཚུར་འདུས་སྲུང་བའི་གུར་ཁང་དང་ཟློག་བསད་ཀྱི་ལས་མཛད་པར་བསམ༔ བདག་ཉིད་ཁྲོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཐུགས་ཡེ་ཤེས་སེམས་དཔའ་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་གཅིག་བསམ༔ ཧཱུྃ་གི་མཐའ་སྐོར་དུ་རྩ་བའི་སྔགས་ཕྲེང་དམར་པོ་འོད་ཟེར་དང་བཅས་པ༔ འགལ་མེ་འཁོར་བ་ལྟ་བུ་གཡས་སྐོར་དུ་དམར་སྒ་ར་ར་འཁོར་བ་གཅིག་ཏུ་གྱུར་པར་བསམ༔ ཧཱུྃ་དང་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་ཕྱིར་འཕྲོས་པས༔ ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས༔ འོད་ཟེར་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས་པས༔ ཕྱི་སྣོད་འཇིག་རྟེན་གྱི་ཁམས་རི་བྲག་རྩི་ཤིང་ནགས་ཚལ་དངོས་པོར་གྱུར་ཚད་ཐམས་ཅད་མེ་རི་དང་མེ་དཔུང་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་མི་དང་མི་མ་ཡིན་པའི་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཐམས་ཅད་ཁྲོ་བོའི་རང་བཞིན་དུ་གྱུར་ནས༔ སྔགས་ཀྱི་རང་སྒྲ་འུ་རུ་རུ་སྒྲོག་པར་བསམ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བུང་བས་ཚང་ཚོལ་བ་ལྟ་བུ་དི་རི་རི་བཟླས་པར་བཤད་དོ༔ འདི་ལ་སྭ་བྷཱ་བས་སྟོང་པར་སྦྱོང་བ་དང༔ ལྷ་ས་བོན་ལས་བསྐྱེད་པ་དང༔ ཡེ་ཤེས་པ་བསྟིམ་པ་དང༔ དབང་བསྐུར་ཞིང་རྒྱས་གདབ་པ་རྣམས་མ་བཤད་དེ༔ གཞུང་ནས༔ སེམས་ཉིད་སྐྱེ་མེད་སྟོང་གསལ་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ཏེ༔ དྲན་པ་ཙམ་གྱིས་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི༔ སྲུང་བ་རྣམས་ཀྱི་མཆོག་ཡིན་ནོ༔ ཞེས་བྱུང་ངོ༔ ཐུན་བར་དུ་གཏོར་མ་འབུལ་བར་འདོད་ན༔ སྣོད་གཙང་མར་ཤ་ཁྲག་ལ་སོགས་པ་གང་འབྱོར་བའི་གཏོར་མ་བཤམས་ལ༔ ཨོཾ་བརྗོད་པས་སྟོང་པར་བསམ༔ ཨཱཿབརྗོད་པས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ༔ ཧཱུྃ་བརྗོད་པས་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག༔ ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་བསམ༔ ཨོཾ་ཨཱཿཧཱུྃ་ལན་བདུན་གྱིས་བརླབ༔ དེ་ནས་སྐད་ཅིག་གིས་མདུན་དུ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ དཔལ་རྟ་མགྲིན་ནག་པོ་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བྱོན་པར་བསམ༔ རོལ་མོ་དང་བཅས་པས༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐུགས་རྗེ་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཅེས་པས་སྤྱན་དྲང༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེངས་སུ༔ དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ༔ ཧཱུྃ༔ ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ༔ རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་འཚལ༔ ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དང༔ དུག་ལྔ་སྨན་སྦྱར་བདུད་རྩི་ཆེན་པོ་འདི༔ ཁྲོ་མཆོག་དབང་གི་སྐུ་ལ་མཆོད་པར་འབུལ༔ སྲིད་གསུམ་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ༔ མ་ཧཱ་པཱུ་ཙ་ཧོ༔ ཞེས་མཆོད་པ་འབུལ༔ དེ་ནས་ཁྲོ་བོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཡཀྴ་ནག་པོ༔ དགྲ་བགེགས་མཱ་ར་ཡ༔ མཱཾ་ས༔ རཀྟ༔ ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ༔ ཀིཾ་ནི་རི་ཏི༔ བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ༔ དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང༔ འབར་བའི་ཁྲོ་བོ་དབང་གི་སྐུར་སྤྲུལ་ནས༔ འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན༔ སྤྱི་གཙུག་རྟ་དབུ་སྣ་ཚོགས་ཕྲིན་ལས་རྫོགས༔ བདུད་འདུལ་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་རལ་གྲིས་དགྲ་བགེགས་རྩད་ནས་གཅོད༔ གཡོན་པའི་ལྕགས་ཀྱུས་མ་རུངས་སྙིང་ནས་འདྲེན༔ ལྕགས་རལ་གསེབ་ནས་ཁྲོ་ཆུང་སྤྲུལ་པ་འགྱེད༔ གནོད་སྦྱིན་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་སྨིན་མ་གློག་སྟོང་འགྱུ༔ དཔལ་གྱི་ཆས་ལྡན་མེ་དཔུང་ཀློང་ན་འགྱིང༔ རབ་འཇིགས་དཔའ་བོ་ཆེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་གི་ང་རོས་ཁམས་གསུམ་དབང་དུ་སྡུད༔ ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་མ་རུངས་འཇོམས༔ རྟ་སྐད་དྲག་པོས་དྲེགས་པ་ལས་ལ་བསྐུལ༔ གསུང་མཆོག་རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད༔ ཐུགས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས༔ ཡེ་ཤེས་ལྔ་ཡི་མཚན་མ་ཅིར་ཡང་སྟོན༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་གིས་ཁྲོ་རྒྱལ་སྐུར་སྟོན་པ༔ གར་གྱི་དབང་ཕྱུག་ཁྲོ་བོ་ཀུན་གྱི་རྗེ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས༔ བྱང་ཆུབ་ལམ་གྱི་བར་ཆད་བསྒྲལ་བ་དང༔ བསྟན་པ་བཤིག་པའི་དགྲ་བགེགས་ལ་སོགས་པ༔ བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་ཡི་དམ་ལྟར་མཆོད་ཅིང་ཕྲིན་ལས་བཅོལ་བའོ༔ དེ་ནས་དྲག་ལས་ཀྱི་དུས་སུ་ཆོས་སྐྱོང་ལྟར་རྦད་པ་ནི༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་ནས༔ རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག༔ ཡཀྴ་ནག་པོ་སྐུ་བཞེངས་ཤིག༔ གནོད་སྦྱིན་ནག་པོ་སྐུ་བཞེངས་ཤིག༔ ལས་མཁན་ནག་པོ་སྐུ་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་དྲག་པོའི་སྐུ༔ སྐུ་མདོག་ནག་པོ་འཇིགས་པ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ སྤྱི་གཙུག་རྟ་དབུ་ལྗང་ཞུར་འཚེར་བ་ཡིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྐུ་ལ་དར་ནག་བེར་ཆེན་གསོལ་བ་ཡིས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔ དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན་པ་ནི༔ རིག་པའི་དབང་རྫོགས་དོན་ལྡན་དགྱེས་པའི་རྟགས༔ དབུ་སྐྲ་ལྕགས་ཀྱི་རལ་་པ་བསིགས་པ་ལས༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཚར་གཅོད་མཛད༔ སྙན་ནས་དྲག་པོའི་འབྲུག་སྒྲ་སྒྲོག་པ་ཡིས༔ དགྲ་བགེགས་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ སྤྱན་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ དགྲ་བགེགས་མ་ལུས་སྲེག་པར་བྱེད༔ ཤངས་ནས་དྲག་པོའི་དུད་རླུང་འབུད་པ་ཡིས༔ དགྲ་བགེགས་མ་ལུས་གཏོར་བར་བྱེད༔ ཞལ་ནས་ཁྲོ་བོའི་གད་རྒྱངས་སྒྲོག་པ་ཡིས༔ དགྲ་བགེགས་མ་ལུས་བརྒྱལ་བར་བྱེད༔ མཆེ་བ་དཀར་པོ་ཟུར་གསུམ་གཙིགས་པ་ཡིས༔ དགྲ་བགེགས་མ་ལུས་ཟ་བར་བྱེད༔ གཡས་པས་སྒྲོལ་བྱེད་རལ་གྲི་བསྣམས་པ་ཡིས༔ དགྲ་བགེགས་མ་ལུས་དུམ་བུར་གཏུབ་པར་བྱེད༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་བསྣམས་པ་ཡིས༔ དགྲ་བགེགས་མ་ལུས་སྙིང་ནས་འདྲེན་པར་བྱེད༔ ཞབས་གཉིས་རོལ་པའི་རྟ་བྲོ་བརྡུང་བ་ཡིས༔ དགྲ་བགེགས་མ་ལུས་ཐལ་བ་རྡུལ་དུ་རློག༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ཡིས༔ དགྲ་བགེགས་བསྒྲལ་ནས་ཐུགས་དམ་གཉན་པོ་སྐོང༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ་བ་ཡིས༔ ཉོན་མོངས་ཕྲག་དོག་གནས་སུ་དག་པར་བྱེད༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་གསོལ་བ་ཡིས༔ ང་རྒྱལ་སྡུག་བསྔལ་རྩད་ནས་གཅོད་པར་བྱེད༔ བ་སྤུ་བསྐལ་པའི་མེ་ལྟར་འབར་བ་ཡིས༔ ས་བདག་ཀླུ་གཉན་མ་ལུས་གཞོབ་ཐུལ་སྲེག༔ གནམ་ལྕགས་སྡིག་པའི་ཚྭ་ཚྭ་འཕྲོ་བ་ཡིས༔ རྒྱལ་བསེན་འབྱུང་པོ་ཐལ་བ་རྡུལ་དུ་རློག༔ ཧཱུྃ༔ བསྐུལ་ལོ་ཡཀྴ་མཐུ་བོ་ཆེ༔ རྦད་དོ་དམ་ཉམས་དགྲ་ལ་རྦད༔ མ་གཡེལ་སྲུང་མ་ཐུགས་དམ་ཅན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས༔ ཡོན་བདག་བར་ཆད་ཁྱེད་ཀྱིས་སོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཐུན་མཚམས་སུ་སྨོན་ལམ་ནི༔ ཧཱུྃ༔ ཁྲོ་རྒྱལ་རྟ་མགྲིན་དགོངས་སུ་གསོལ༔ ཁྱེད་ལ་མཆོད་བསྟོད་བགྱིས་པའི་བྱིན་རླབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང༔ དབང་དྲག་འགུགས་བསྐྲད་མནན་གཟིར་ལ་སོགས་པའི༔ ཕྲིན་ལས་ཐམས་ཅད་སྒྲུབ་པར་མཛད་དུ་གསོལ༔ བཤགས་པ་ནི༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་དང༔ སྒོ་གསུམ་ཉེས་པའི་ཚོགས་རྣམས་ཅི་བགྱིས་པ༔ ཁྲོ་མཆོག་རྟ་མགྲིན་སྐུ་ལ་མཐོལ་ལོ་བཤགས༔ བསྔོ་བ་ནི༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ཁྲོ་བོ་རྟ་མགྲིན་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ བཀྲ་ཤིས་ནི༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ མཆོག་ཐུན་དངོས་གྲུབ་ཐོབ་ནས་ཀྱང༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ རྟ་མགྲིན་ལྕགས་རལ་ཅན་གྱི་སྤྱན་འདྲེན་ཐུགས་དམ་སྐོང་བ་བཤགས་པ་མངའ་གསོལ་ཟློག་པ་དགྲ་ཆོས་རྟ་བྲོ་རྣམས་བཞུགས་སོ༔ ཧཱུྃ༔ སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་སྤྱན་སྔ་རུ༔ ཐུགས་བསྐྱེད་རྣམ་དག་རྒྱ་ཆེན་གྱིས༔ ཐུགས་དམ་གཉན་པོ་ཞལ་བཞེས་པའི༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ གསུང་གི་དབང་ཕྱུག་གཤེགས༴ གར་གྱི་དབང་ཕྱུག་གཤེགས༴ དབང་གི་རྒྱལ་པོ༴ ཧ་ཡ་གྲཱི་བ༴ རྟ་མགྲིན་ནག་པོ༴ གནོད་སྦྱིན་ནག་པོ༴ ཡཀྴ་ནག་པོ༴ བདུད་འདུལ་ནག་པོ༴ ཀླུ་འདུལ་ནག་པོ༴ གཟའ་འདུལ་ནག་པོ༴ གདོན་འདུལ་ནག་པོ༴ བགེགས་འདུལ་ནག་པོ༴ སྲི་འདུལ་ནག་པོ༴ དགྲ་འདུལ་ནག་པོ༴ དཔལ་མགོན་ནག་པོ༴ ལེགས་ལྡན་ནག་པོ༴ བསྟན་སྲུང་ནག་པོ༴ ལས་མཁན་ནག་པོ༴ སྲོག་བདུད་ནག་པོ༴ བཤན་པ་ནག་པོ༴ མོན་པ་ནག་པོ༴ སྤྲུལ་པ་ནག་པོ༴ ཡང་སྤྲུལ་ནག་པོ༴ བཀའ་ཉན་ཕོ་ཉ༴ དྲེགས་པ་ཕོ་མོ༴ ལྷ་སྲིན་སྡེ་བརྒྱད༴ བསྟན་པ་བསྲུང་ཕྱིར༴ དགྲ་བགེགས་འདུལ་ཕྱིར༴ ཕྲིན་ལས་བསྒྲུབ་ཕྱིར༴ ཐུགས་དམ་བསྐང་ཕྱིར༴ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བསྒྲུབ་ཅིང་མཆོད་པའི་གནས་འདི་རུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གཉིས་པ་ཐུགས་དམ་སྐོང་བ་ནི༔ ཧཱུྃ༔ སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་གཟུགས་ཀྱིས་ཐུགས་དམ་བསྐང༔ སྙན་གྱི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་སྒྲ་ཡིས་ཐུགས་དམ་བསྐང༔ ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་དྲི་ཡིས་ཐུགས་དམ་བསྐང༔ ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་རོ་ཡིས༴ སྐུ་ཡི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་རེག་བྱས༴ གསུང་གི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་དབྱངས་ཀྱིས༴ ཐུགས་ཀྱི་དབང་པོ་ཚིམ་པའི་ཕྱིར༔ སྣ་ཚོགས་ཆོས་ཀྱིས༴ ཕྱི་ཡི་བར་ཆད་ཞི་བའི་ཕྱིར༔ ཕྱི་ཡི་མཆོད་པས༴ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར༔ ནང་གི་མཆོད་པས༴ སྣང་བ་དབང་དུ་བསྡུ་བའི་ཕྱིར༔ གསང་བའི་མཆོད་པས༴ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ ཤ་ཁྲག་དམར་གྱིས༴ སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར༔ བདུད་རྩི་སྨན་གྱིས༴ དབང་དང་བྱིན་རླབས་འབེབ་པའི་ཕྱིར༔ དམར་ཆེན་རཀྟས༴ སྣ་ཚོགས་ཕྲིན་ལས་མཛད་པའི་ཕྱིར༔ དམ་རྫས་གཏོར་མས༴ བསོད་ནམས་ཕུན་སུམ་ཚོགས་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང༔ ཧཱུྃ༔ འགྲོ་དྲུག་ཐབས་ཀྱིས་འདྲེན་པའི་ཕྱིར༔ ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང༔ ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར༔ སྤྱན་རས་གཟིགས་དབང༴ འཁོར་འདས་ཆོས་ལ་དབང་བསྒྱུར་ཕྱིར༔ འཇིག་རྟེན་དབང་ཕྱུག༴ གསུང་གི་ཕྲིན་ལས་སྤྲུལ་པའི་ཕྱིར༔ གསུང་གི་དབང་ཕྱུག༴ གང་ལ་གང་འདུལ་སྟོན་པའི་ཕྱིར༔ གར་གྱི་དབང་ཕྱུག༴ ཁྱད་པར་དབང་གི་ལས་མཛད་ཕྱིར༔ དབང་གི་རྒྱལ་པོའི༴ ཐུགས་རྗེ་ཁྲོས་པའི་གར་མཛད་ཕྱིར༔ ཧ་ཡ་གྲཱི་བའི༴ འཇིག་རྟེན་དྲེགས་པ་ཚར་གཅོད་ཕྱིར༔ རྟ་མགྲིན་ནག་པོའི༴ གདུག་པ་མ་ལུས་འདུལ་བའི་ཕྱིར༔ གནོད་སྦྱིན་ནག་པོའི༴ རྒྱལ་བསེན་ཕོ་མོ་འདུལ་བའི་ཕྱིར༔ ཡཀྴ་ནག་པོའི༴ འཆི་བདག་ཕོ་མོ་འདུལ་བའི་ཕྱིར༔ བདུད་འདུལ་ནག་པོའི༴ གདོལ་པ་ཕོ་མོ་འདུལ་བའི་ཕྱིར༔ ཀླུ་འདུལ་ནག་པོའི༴ དྲང་སྲོང་ཕོ་མོ་འདུལ་བའི་ཕྱིར༔ གཟའ་འདུལ་ནག་པོའི༴ ས་བདག་ཀླུ་གཉན་འདུལ་བའི་ཕྱིར༔ གདོན་འདུལ་ནག་པོའི༴ མ་ཡམས་ཐམས་ཅད་འདུལ་བའི་ཕྱིར༔ བགེགས་འདུལ་ནག་པོའི༴ དམ་སྲི་ཐམས་ཅད་འདུལ་བའི་ཕྱིར༔ སྲི་འདུལ་ནག་པོའི༴ དགྲ་སྡང་ཐམས་ཅད་འདུལ་བའི་ཕྱིར༔ དགྲ་འདུལ་ནག་པོའི༴ དཔེ་ལ་ལར།་་་དམ་ཉམས་སྲོག་དབུགས་ལེན་པའི་ཕྱིར༔ སྡིག་པ་ནག་པོའི༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་ལྡན་མགོན་པོའི༴ འབྱུང་པོ་ཕོ་མོ་འདུལ་བའི་ཕྱིར༔ ལྕགས་རལ་ནག་པོའི༴ ལྷ་མིན་གཡུལ་ངོ་ཟློག་པའི་ཕྱིར༔ ལེགས་ལྡན་ནག་པོའི༴ བསྟན་པའི་རུ་དྲ་བསྒྲལ་བའི་ཕྱིར༔ སྲུང་མ་ནག་པོའི༴ དྲག་པོའི་ལས་ལ་མངའ་མཛད་ཕྱིར༔ ལས་མཁན་ནག་པོའི༴ ཚེ་དང་སྲོག་ལ་མངའ་མཛད་ཕྱིར༔ སྲོག་བདུད་ནག་པོའི༴ གསོད་དང་གཅོད་ལ་མངའ་མཛད་ཕྱིར༔ ཤན་པ་ནག་པོའི༴ ཤ་དང་ཁྲག་ལ་མངའ་མཛད་ཕྱིར༔ མོན་པ་ནག་པོའི༴ སྟོང་གསུམ་དགྲ་བགེགས་འདུལ་བའི་ཕྱིར༔ སྤྲུལ་པ་ནག་པོའི༴ བདུན་རྒྱུད་རྩད་ནས་གཅོད་པའི་ཕྱིར༔ ཡང་སྤྲུལ་ནག་པོའི༴ གཙོ་བོའི་བཀའ་བཞིན་བསྒྲུབ་པའི་ཕྱིར༔ བཀའ་ཉན་ཕོ་ཉའི༴ དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར༔ དྲེགས་པ་ཕོ་མོའི༴ བཀའ་དང་དམ་ལ་གནས་པའི་ཕྱིར༔ ལྷ་སྲིན་སྡེ་བརྒྱད༴ མཆོད་ན་དགེ་བའི་གྲོགས་མཛད་ཕྱིར༔ ཡུལ་ལྷ་ཟོ་དོར་ཐུགས་དམ་བསྐང༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་བསྐངས་གྱུར་ཅིག༔ ཆག་ཆེ་ཉམ་ང་མེད་པར་མཛོད༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན༔ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་སྤེལ་བ་དང༔ འཁོར་དང་བསྟན་པ་རྒྱས་པར་མཛོད༔ སྣང་བ་དབང་དུ་འདུས་པ་དང༔ བསམ་པ་ཡིད་བཞིན་འགྲུབ་པར་མཛོད༔ ལུས་ངག་ཡིད་གསུམ་བསྲུང་བ་དང༔ ཕྱི་ནང་བར་ཆད་ཟློག་ཏུ་གསོལ༔ བྱིན་རླབས་མཐུ་རྩལ་ཆེན་པོ་དང༔ དབང་དྲག་ཕྲིན་ལས་ཐོག་ལྟར་ཕོབ༔ དགྲ་ལ་རྦད་ན་དགྲ་དཔུང་ཆོམས༔ བགེགས་ལ་རྦད་ན་བགེགས་དཔུང་ཐུལ༔ གདོན་ལ་རྦད་ན་གདོན་སྐུང་ཕུད༔ ལུས་གདོན་ནད་གདོན་རྩད་ནས་ཆོད༔ གོད་འདྲེ་ཡུལ་འདྲེ་ཕུགས་ནས་ཕྱུངས༔ དམ་སྲི་འདྲེ་མོ་ཚང་ནས་ཐོན༔ ས་བདག་ཀླུ་གཉན་སྙིང་ནས་དྲོངས༔ རྒྱལ་བསེན་འབྱུང་པོ་སྤྱི་ནས་ཆོམས༔ གཟའ་གདོན་ཐམས་ཅད་རྡུལ་དུ་རློགས༔ བྱད་མ་རང་གཤེད་རང་ལ་ཕོབ༔ ནད་པ་ཡོད་ན་མལ་ནས་སློངས༔ སྲི་འུ་ཡོད་ན་ཚང་ནས་སྐྱེད༔ ཤི་ཁ་ཆོད་ལ་གོད་ཁ་སྡོམས༔ གོད་ཁ་ཆོད་ལ་ནོར་ཕྱུགས་སྐྱོངས༔ མི་ཁ་སྒྱུར་ལ་ཡམས་ཁ་ཟློག༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ གསུམ་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ བྱམས་མགོན་ཐུགས་རྗེ་ཕྱོགས་རིས་མི་མངའ་ཡང༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐའ་ཡས་ཀྱིས༔ ཞི་ལ་ཞི་དང་ཁྲོ་ལ་ཁྲོ་བོ་སོགས༔ གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང༔ ཕྲིན་ལས་རྣམ་བཞིས་འགྲོ་བ་ཐབས་ཀྱིས་འདུལ༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ བྱམས་མགོན་ཐུགས་རྗེ་ཅན་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་བསྩལ་དུ་གསོལ༔ ཧཱུྃ༔ རྟ་མགྲིན་ནག་པོ་གསན་ཅིང་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་སྟོབས་ཀྱིས་ཚར་གཅོད་རྗེས་བཟུང་མཛད༔ ཤིན་ཏུ་ཁྲོས་པ་གནོད་སྦྱིན་ནག་པོའི་གཟུགས༔ གནམ་ལྕགས་རལ་པས་སྟོང་ཁམས་མུན་ལྟར་གཏིབས༔ ཆོས་ཉིད་ཡངས་པས་འཇིག་རྟེན་ལྟོ་བར་བཅུག༔ སྙིང་རྗེ་རྔམས་པས་འགྲོ་དྲུག་ཐབས་ཀྱིས་འདྲེན༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་གྱིས་དམ་ལས་འགའ་གྱུར་པ༔ འཕགས་མཆོག་སྤྱན་རས་གཟིགས་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་བསྩལ་དུ་གསོལ༔ ཧཱུྃ༔ ཡཀྴ་ནག་པོ་གསན་ཅིང་དགོངས་སུ་གསོལ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐུགས་རྗེའི་དབང་གིས་མ་རུངས་ཚར་གཅོད་ཕྱིར༔ ཤིན་ཏུ་མི་བཟད་གནོད་སྦྱིན་གདུག་པ་ཅན༔ ཁྲོ་གཏུམ་སྲིན་པོའི་ཆ་ལུགས་སྲོག་ལ་རྔམས༔ རབ་འཇིགས་དྲག་པོའི་འཁོར་ཚོགས་ལས་ལ་འགྱེད༔ བསྟན་པ་བསྲུང་ཕྱིར་བཀའ་ཡི་བྱ་ར་མཛད༔ དཀར་པོའི་ཕྱོགས་སྐྱོང་ནག་པོའི་ཕྱོགས་རྣམས་འཇོམས༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པ༔ དབང་ཆེན་དྲེགས་པ་འདུལ་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ༔ ཧཱུྃ༔ གསང་སྔགས་གཉན་པོའི་སྒོར་ཞུགས་རྣལ་འབྱོར་པ༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་པས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ༴ ཐུགས་ཀྱི་དམ་ཚིག༴ རྩ་བའི་དམ་ཚིག༴ ཡན་ལག་དམ་ཚིག༴ ཕྲིན་ལས་དམ་ཚིག༴ སྡོམ་པ་སྤྱི་དང་འགལ་བ་མཐོལ༴ བཀའ་ལུང་དབང་དང་མི་ལྡན་མཐོལ༴ དམ་ཚིག་སྣོད་དང་མི་ལྡན་མཐོལ༴ མན་ངག་བཅུད་དང་མི་ལྡན༴ ཉམས་ལེན་གདིངས་དང་མི་ལྡན༴ ཡི་དམ་བླང་དོར་བྱས་པ་མཐོལ༴ བསྙེན་སྒྲུབ་བར་ཆད་བྱས་པ༴ བསྐྱེད་རིམ་ཏིང་འཛིན་མ་གསལ༴ རྫོགས་རིམ་དགོངས་པ་མ་རྫོགས༴ བཟླས་བརྗོད་སྙིང་པོ་མ་དག༴ ཕྲིན་ལས་གཞུང་བཞིན་མ་བསྲང༴ མཆོད་པ་ལོ་ཟླར་འདས་པ༴ ཚོགས་དང་གཏོར་མ་ཆག་པ༴ དུས་དང་དུས་ལས་འདས་པ་མཐོལ་ལོ་བཤགས༔ དུས་མིན་ལས་ལ་སྦྱར་བ༴ མཐོལ་ལོ་བཤགས་སོ་བླ་མ་ཡི་དམ་ལྷ༔ གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ བཟོད་པར་གསོལ་ལོ་སྲུང་མ་དམ་ཚིག་ཅན༔ ཚངས་པར་སྩོལ་ཅིག་བཛྲ་ས་མ་ཡ༔ ཨ་ཨ༔ བཞི་པ་མངའ་གསོལ་ནི་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་མ་ཧཱ་ཀཱ་ལ་རྟ་གདོང་ཞལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བླ་མར་མངའ་གསོལ་ཚད་མེད་ཐུགས་རྗེ་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཡི་དམ་མངའ་གསོལ་བྱམས་མགོན་སྤྱན་རས་གཟིགས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དཔའ་བོར་མངའ་གསོལ་རྟ་མགྲིན་དབང་གི་ལྷ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཁྲོ་བོར་མངའ་གསོལ་གནམ་ལྕགས་རལ་པ་ཅན༔ ཁྱེད་ལ་མཆོད་ཅིང༴ མགོན་པོར་མངའ་གསོལ་དཔལ་ལྡན་ནག་པོ་ཆེ༔ ཁྱེད་ལ་མཆོད་ཅིང༴ ཆོས་སྐྱོང་མངའ་གསོལ་མ་ཧཱ་ཀཱ་ལ་ཆེ༔ ཁྱེད་ལ་མཆོད་ཅིང༴ བསྟན་སྲུང་མངའ་གསོལ་ལྷ་ཆེན་ཚོགས་ཀྱི་བདག༔ ཁྱེད་ལ་མཆོད་ཅིང༴ ལས་མཁན་མངའ་གསོལ་ཡཀྴ་མཐུ་བོ་ཆེ༔ ཁྱེད་ལ་མཆོད་ཅིང༴ ཤན་པར་མངའ་གསོལ་གནོད་སྦྱིན་སྲོག་ལ་རྔམས༔ ཁྱེད་ལ་མཆོད་ཅིང༴ ཚར་གཅོད་མངའ་གསོལ་ཕྱག་གཡས་རལ་གྲི་བསྣམས༔ ཁྱེད་ལ་མཆོད་ཅིང༴ རྗེས་བཟུང་མངའ་གསོལ་ཕྱག་གཡོན་ལྕགས་ཀྱུ་འཛིན༔ ཁྱེད་ལ་མཆོད་ཅིང༴ ཟིལ་གནོན་མངའ་གསོལ་དར་ནག་བེར་ཆེན་གསོལ༔ ཁྱེད་ལ་མཆོད་ཅིང༴ དབང་དྲག་མངའ་གསོལ་སྤྱི་གཙུག་རྟ་སྐད་འཚེར༔ ཁྱེད་ལ་མཆོད་ཅིང༴ ཡོན་ཏན་མངའ་གསོལ་དཔལ་གྱི་ཆ་ལུགས་ཅན༔ ཁྱེད་ལ་མཆོད་ཅིང༴ ཕྲིན་ལས་མངའ་གསོལ་སྲིད་གསུམ་གདུག་པ་འདུལ༔ ཁྱེད་ལ་མཆོད་ཅིང༴ ལྷ་དབང་མངའ་གསོལ་ལྷ་རྣམས་ཟིལ་གྱིས་གནོན༔ ཁྱེད་ལ་མཆོད་ཅིང༴ ཀླུ་དབང་མངའ་གསོལ་ཀླུ་རྣམས་ཟས་སུ་ཟ༔ ཁྱེད་ལ་མཆོད་ཅིང༴ སྟོབས་ལྡན་མངའ་གསོལ་དྲེགས་པ་ལས་ལ་བསྐུལ༔ ཁྱེད་ལ་མཆོད་ཅིང༴ ཡེ་ཤེས་མངའ་གསོལ་མེ་དཔུང་དབུས་ན་བཞུགས༔ ཁྱེད་ལ་མཆོད་ཅིང༴ འཇིག་རྟེན་མངའ་གསོལ་སྡེ་བརྒྱད་ཕོ་ཉར་འགྱེད༔ ཁྱེད་ལ་མཆོད་ཅིང༴ དམ་ཅན་མངའ་གསོལ་སངས་རྒྱས་བསྟན་པ་བསྲུང༔ ཁྱེད་ལ་མཆོད་ཅིང༴ དགྲ་བླར་མངའ་གསོལ་དགྲ་བགེགས་རྩད་ནས་གཅོད༔ ཁྱེད་ལ་མཆོད་ཅིང༴ རྣལ་འབྱོར་བདག་གིས་ཁྱེད་ལ་མངའ་གསོལ་བས༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ནས༔ ཡོན་ཏན་ཕྲིན་ལས་སྟོབས་ཀྱི་རྩལ་ཕྱུངས་ལ༔ བསྟན་པའི་དགྲ་བགེགས་མ་རུངས་རྡུལ་དུ་རློགས༔ བདག་ཅག་ཡོན་མཆོད་འཁོར་བཅས་བསྲུང་དུ་གསོལ༔ མི་མཐུན་རྐྱེན་ཟློག་བཅོལ་པའི་ཕྲིན་ལས་མཛོད༔ ལྔ་པ་ཟློག་པ་ནི༔ ཀྱེ༔ ཡང་ཅིག་ཐུགས་རྗེ་ཆེན་པོ་སྙན་གསོན་དང༔ རྟ་མགྲིན་ནག་པོ་སྙན་གསོན་དང༔ ནག་པོ་ཆེན་པོ་སྙན་གསོན་དང༔ ཡཀྴ་ནག་པོ་སྙན་གསོན་དང༔ འཁོར་གྱི་དྲེགས་པ་སྙན་གསོན་དང༔ ཕོ་ཉ་ལས་མཁན་སྙན་གསོན་དང༔ ཁྱོད་ནི་སྔོན་གྱི་ཐུགས་དམ་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བདག་ནི་ཁྱེད་ལ་མཆོད་ཅིང་གསོལ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབས༔ དུས་ལ་བབ་བོ་དམ་ཚིག་ཅན༔ ཁྱེད་ལ་ཟློག་སྒྱུར་ཕྲིན་ལས་བཅོལ༔ ཟློག་སྒྱུར་ཕྲིན་ལས་བཅོལ་བ་ནི༔ སྔོན་ཚེ་ཟློག་པ་གང་ནས་བྱུང༔ སྟོང་གསུམ་སྟོང་གི་འཇིག་རྟེན་དུ༔ རུ་དྲ་སྡེ་གསུམ་དར་བའི་ཚེ༔ དཔལ་ཆེན་རིགས་གསུམ་མགོན་པོ་ཡིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ རུ་དྲ་སྡེ་གསུམ་གཏན་ནས་བརླགས༔ དེ་ནས་ཟློག་པ་གར་སྲིད་ན༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་དང་ལྷ་མིན་འཐབ་པའི་ཚེ༔ ལྷ་དབང་རྒྱལ་པོ་སྟོབས་ཆེན་གྱིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ ལྷ་མིན་གཡུལ་ངོ་བཟློགས་པར་མཛད༔ དེ་ནས་ཟློག་པ་གར་སྲིད་ན༔ རྒྱ་གར་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་དམག་ཚོགས་རྒོལ་བའི་ཚེ༔ སློབ་དཔོན་ཤཱཀྱ་སེངྒེ་ཡིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ མུ་སྟེགས་དམག་ཚོགས་ཕམ་པར་མཛད༔ སྔོན་བྱུང་སྲིད་པ་དེ་བཞིན་དུ༔ ད་ལྟ་སྔགས་འཆང་སྒྲུབ་པ་པོས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཕྱི་ནང་བར་ཆད་བཟློག་པའི་ཕྱིར༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་རྡུང༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ མི་མཐུན་བར་ཆད་ཟློག་གྱུར་ཅིག༔ བྷྱོ༔ དྲག་པོ་དཔལ་གྱི་གཏོར་ཆེན་འདི༔ གསང་སྔགས་འདུས་པའི་བྱིན་རླབས་ཡིན༔ རིག་སྔགས་འདུས་པའི་མཚོན་ཆ་ཡིན༔ ཁྲོ་བོ་འདུས་པའི་མཐུ་རྩལ་ཡིན༔ ཁྲོ་མོ་འདུས་པའི་དྲག་རྩལ་ཡིན༔ ཕོ་ཉ་འདུས་པའི་ལས་མཁན་ཡིན༔ སྡེ་བརྒྱད་འདུས་པའི་དམོད་མོ་ཡིན༔ འདི་ཡིས་མི་ཟློག་གང་ཡང་མེད༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ཆག་ཆེ་ཉམ་ང་མཆིས་པ་ཡང༔ ཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྔོན་གྱི་ལས་ལས་གྱུར་པ་ཡང༔ ཟློག་གོ་དམར་ཆེན་གཏོར་མས་ཟློག༔ འཕྲལ་གྱི་རྐྱེན་ལས་གྱུར་པ་ཡང༔ ཟློག་གོ༴ ཡས་ཀྱི་བདུད་ཁ་གཡོས་པ་ཡང༔ ཟློག་གོ༴ མས་ཀྱི་སྲི་ཁ་ལྡངས་པ་ཡང༴ ཟློག་གོ༴ ཕ་རོལ་རྦོད་གཏོང་བཏང་བ་ཡང༔ ཟློག་གོ༴ ཚེ་ལ་བར་དུ་གཅོད་པ་ཡང༴ ཟློག་གོ༴ སྲོག་ལ་ཧུར་ཐུམ་འབྱུང་བ་ཡང༔ ཟློག་གོ༴ ལུས་ཀྱི་འབྱུང་བ་འཁྲུགས་པ་ཡང༔ ཟློག་གོ༴ སེམས་ལ་སྡུག་བསྔལ་འབེབ་པ་ཡང༔ ཟློག་གོ༴ དུས་མིན་འཆི་བ་ཐམས་ཅད་ཀྱང༔ ཟློག་གོ༴ ཧེ་རུ་ཀ་ཡི་དྲག་སྔགས་ཀྱང༔ ཟློག་གོ༴ ཁྲོ་ཚོགས་ཡབ་ཀྱི་དྲག་སྔགས་ཀྱང༔ ཟློག་གོ༴ མ་ཚོགས་ཡུམ་གྱི་དྲག་སྔགས་ཀྱང༔ ཟློག་གོ༴ འཁོར་ཚོགས་སྤྲུལ་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ཕོ་ཉ་ལས་ཀྱི་དྲག་སྔགས་ཀྱང༔ ཟློག་གོ༴ མགོན་པོས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ མ་མོས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ གཤིན་རྗེས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ གནོད་སྦྱིན་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ཕོ་རྒྱུད་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ མོ་རྒྱུད་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ལྷ་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ཀླུ་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ གཉན་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ གཟའ་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ བདུད་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ བཙན་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ རུ་དྲས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ མ་ཡམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ འགོང་པོས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ རྒྱལ་པོས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ བསེན་མོས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ཐེའུ་རང་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ས་བདག་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ མུ་སྟེགས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ བགེགས་རྣམས་དམོད་པའི་དྲག་སྔགས་ཀྱང༔ ཟློག་གོ༴ ལྷ་ཡིས་དལ་ཟོར་འཕེན་པ་ཡང༔ ཟློག་གོ༴ ལྷ་མིན་མཚོན་ཆ་འཁྲུགས་པ་ཡང༔ ཟློག་གོ༴ གཟའ་རྒོད་ཀིང་ཀང་འབེབས་པ་ཡང༔ ཟློག་གོ༴ གཤིན་རྗེས་འཁོར་ལོ་བསྐོར་བ་ཡང༔ ཟློག་གོ༴ མ་མོས་ཁྲག་ནད་གཏོང་བ་ཡང༔ ཟློག་གོ༴ འཆི་བདག་ཁྲམ་ལ་བཏབ་པ་ཡང༔ ཟློག་གོ༴ བདུད་ཀྱིས་ཞགས་པ་འཕེན་པ་ཡང༔ ཟློག་གོ༴ བཙན་གྱིས་ཇག་སྣ་རྒྱུག་པ་ཡང༔ ཟློག་གོ༴ རྒྱལ་པོས་སྨྱོ་འབོག་གཏོང་བ་ཡང༔ ཟློག་གོ༴ འབྱུང་པོས་བར་ཆད་བྱེད་པ་ཡང༔ ཟློག་གོ༴ གནོད་སྦྱིན་ཟ་ཁ་སྟོན་པ་ཡང༔ ཟློག་གོ༴ ས་བདག་ཁྲམ་ལ་བཏབ་པ་ཡང༔ ཟློག་གོ༴ ཀླུ་ཡིས་གཏད་ཁྲམ་བཅུག་པ་ཡང༔ ཟློག་གོ༴ ཐེའུ་རང་སྲིས་ལ་རྐུ་བ་ཡང༔ ཟློག་གོ༴ མུ་སྟེགས་ངན་སྔགས་བྱེད་པ་ཡང༔ ཟློག་གོ༴ བནྡེས་རིག་སྔགས་བྱེད་པ་ཡང༔ ཟློག་གོ༴ བོན་པོས་མཐུ་སྒྲུབ་བྱེད་པ་ཡང༔ ཟློག་གོ༴ སྐྱེ་བོས་མདའ་ཟོར་འཕེན་པ་ཡང༔ ཟློག་གོ༴ བུད་མེད་དུག་ཟོར་བཤམས་པ་ཡང༔ ཟློག་གོ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང༔ ཟློག་གོ༴ ནད་རིགས་བཞི་བརྒྱ་རྩ་བཞི་ཡང༔ ཟློག་གོ༴ ཀེག་རིགས་སུམ་བརྒྱ་དྲུག་ཅུ་ཡང༔ ཟློག་གོ༴ ལྟས་ངན་བརྒྱད་ཅུ་རྩ་བཞི་ཡང༔ ཟློག་གོ༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང༔ ཟློག་གོ༴ གློ་བུར་ཉིས་ཁྲི་ཆིག་སྟོང་ཡང༔ ཟློག་གོ༴ དུས་མིན་འཆི་བ་བཅོ་བརྒྱད་ཀྱང༔ ཟློག་གོ༴ མོ་ལྟས་མཚན་མ་ངན་པ་ཡང༔ ཟློག་གོ༴ ཕ་ཚན་ནང་གི་རྒྱབ་འདྲེ་ཡང༔ ཟློག་གོ༴ མ་ཚན་ནང་གི་བྱུར་འདྲེ་ཡང༔ ཟློག་གོ༴ དར་ཚན་ནང་གི་སྟོང་འདྲེ་ཡང༔ ཟློག་གོ༴ དར་སྲི་གཞོན་སྲི་ཆུང་སྲི་ཡང༔ ཟློག་གོ༴ བརྒྱ་ཡི་མི་ཁ་ཟུག་པ་ཡང༔ ཟློག་གོ༴ སྟོང་གི་བྲ་མཆུ་ཟུག་པ་ཡང༔ ཟློག་གོ༴ མ་ཉེས་ཁ་ཡོག་ངན་པ་ཡང༔ ཟློག་གོ༴ མི་ཡི་ན་ཚ་ཐམས་ཅད་ཀྱང༔ ཟློག་གོ༴ ནོར་གྱི་གོད་ཀ་ཐམས་ཅད་ཀྱང༔ ཟློག་གོ༴ ཞིང་གི་བཙའ་སད་སེར་གསུམ་ཡང༔ ཟློག་གོ༴ ཐན་ལྟས་ངན་པ་ཐམས་ཅད་ཀྱང༔ ཟློག་གོ༴ ཟློག་སྒྱུར་ཕྲིན་ལས་བཅོལ་པ་བཞིན༔ སྒྱུར་རོ་ལྟས་ངན་ཚེར་རྩུབ་སྒྱུར༔ ཟློག་པའི་རྒྱལ་པོས་ཟློག་ཏུ་གསོལ༔ སྒྱུར་བའི་རྒྱལ་པོས་སྒྱུར་དུ་གསོལ༔ བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ དྲུག་པ་དགྲ་ཆོས་བྱ་བ་ནི༔ ཧཱུྃ༔ ང་ནི་ཐུགས་རྗེ་ཆེན་པོའི་སྐུ༔ ང་ནི་རྟ་མགྲིན་དབང་གི་ལྷ༔ ང་ནི་ཁྲོ་བོ་ཀུན་གྱི་རྗེ༔ ང་ནི་མཁའ་འགྲོ་ཀུན་གྱི་གཙོ༔ ང་ནི་སྣང་སྲིད་ཀུན་གྱི་བདག༔ ཁམས་གསུམ་སྲིད་གསུམ་ང་ཡི་ཟས༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ ཆུང་བའི་ལྷ་རྣམས་ང་ཡི་བྲན༔ མཐུ་ཆེན་སྟོབས་ལྡན་ཟིལ་གྱིས་གནོན༔ ང་ཡི་ཐུགས་ཀྱི་སྤྲུལ་པ་སྟེ༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་སྐུ༔ མ་ཧཱ་ཀཱ་ལ་རྟ་གདོང་ཞལ༔ ཡཀྴ་ནག་པོ་མཐུ་བོ་ཆེ༔ ལས་མཁན་གནམ་ལྕགས་རལ་པ་ཅན༔ རབ་འཇིགས་གནོད་སྦྱིན་ནག་པོ་རྔམས༔ གཏིང་ནས་ཁྲོས་ཤིང་ཆས་ཙ་ན༔ སྟོང་གསུམ་ཀུན་ཀྱང་ཤིགས་སེ་ཤིག༔ གནམ་ས་ཀུན་ཀྱང་འུ་རུ་རུ༔ རི་རབ་ཀུན་ཀྱང་སྒ་ར་ར༔ རྒྱ་མཚོ་ཀུན་ཀྱང་མེ་རེ་རེ༔ ཉི་ཟླ་གཟའ་སྐར་ཆ་ལ་ལ༔ རིགས་དྲུག་སེམས་ཅན་ཉི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ མཁའ་ལ་འབྲུག་སྒྲ་དི་རི་རི༔ བར་སྣང་གློག་དམར་ཁྱུགས་སེ་ཁྱུག༔ གནམ་ལྕགས་སེར་ཆེན་ཁྲ་ལ་ལ༔ རླུང་ནག་འཚུབས་མ་ཀྱི་ལི་ལི༔ བསྐལ་པའི་མེ་འབར་ལམས་སེ་ལམ༔ མཚོན་ཆའི་ཚྭ་ཚྭ་སྤུངས་སེ་སྤུང༔ བསྐུལ་ལོ་སྟོབས་ལྡན་ནག་པོ་ཆེ༔ རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ སྟོབས་ལྡན་ནག་པོ་དགྲ་ལ་ཆོས༔ ཡཀྴ་ནག་པོ་དགྲ་ལ་ཆོས༔ གནོད་སྦྱིན་ནག་པོ་དགྲ་ལ༴ རུ་དྲ་ནག་པོ་དགྲ་ལ༴ སྲོག་བདུད་ནག་པོ༴ ལས་མཁན་ནག་པོ༴ ཤན་པ་ནག་པོ༴ མོན་པ་ནག་པོ༴ ལྷ་དམག་འབུམ་དང་དགྲ་ལ་ཆོས༔ ཀླུ་དམག་འབུམ་དང་དགྲ་ལ༴ གཉན་དམག་འབུམ་དང༴ བདུད་དམག་འབུམ་དང༴ བཙན་དམག་འབུམ་དང༴ མི་ནག་འབུམ་དང༴ བྱ་ནག་འབུམ་དང༴ ཁྱི་ནག་འབུམ་དང༴ གཅན་གཟན་འབུམ་དང༴ དགྲ་བོའི་མི་དཔའ་རྟ་མགྱོགས་ཀྱི༔ དཔུང་པ་ཆོགས་ལ་རྒྱུས་པ་ཆིངས༔ གོ་ཆ་ཤུས་ལ་རྣོ་མཚོན་ཕྲོགས༔ མི་རྟ་ཕྱེས་ལ་ནང་ཚན་དཀྲུགས༔ དམག་དཔོན་སོད་ལ་དམག་མི་གཏོར༔ དགྲ་བོའི་བུ་རྟ་ཆམ་ལ་ཕོབ༔ དགྲ་བོའི་ཕོ་རྒྱུད་རྩད་ནས་ཆོད༔ དགྲ་བོའི་མོ་རྒྱུད་མངལ་ནས་སྐེམས༔ དགྲ་བོའི་རིགས་རྒྱུད་མཐའ་ནས་སྡུས༔ དགྲ་བོའི་བླ་རི་རྨང་ནས་ཤིགས༔ དགྲ་བོའི་བླ་མཚོ་གཏིང་ནས་སྐེམས༔ དགྲ་བོའི་བླ་ཤིང་རྐེད་ནས་ཆོགས༔ དགྲ་བོའི་སྒོ་ནོར་ཕྱགས་མས་ཐོབས༔ དགྲ་བོའི་ཡུལ་མཁར་རླུང་ལ་སྐུར༔ གཏོར་མ་འདི་དང་དགྲ་བོ་གཉིས༔ མཉམ་པོར་བཞེས་ལ་མེད་པར་མཛོད༔ ཀྱེ༔ སངས་རྒྱས་ཆོས་ལ་དགྲ་བྱུང་ན༔ སྲུང་མ་དམ་ཅན་ར་མདར་ལྡོགས༔ རེམ་ཞིག་ཆོས་སྐྱོང་མཐུ་རྩལ་ཅན༔ ཆོས་ཤིག་དགྲ་དང་བགེགས་ལ་ཆོས༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ མ་མོའི་དམག་ཚོགས་དགྲ་ལ་ཆོས༔ གཤིན་རྗེའི་དམག་ཚོགས་དགྲ་ལ་ཆོས༔ གནོད་སྦྱིན་དམག་ཚོགས་དགྲ་ལ་ཆོས༔ ལྷ་ཡི་དམག་ཚོགས་དགྲ་ལ་ཆོས༔ ཀླུ་ཡི་དམག་ཚོགས་དགྲ་ལ༴ གཉན་གྱི་དམག་ཚོགས༴ གཟའ་ཡི་དམག་ཚོགས༴ བདུད་ཀྱི་དམག་ཚོགས༴ བཙན་གྱི་དམག་ཚོགས༴ རྒྱལ་པོའི་དམག་ཚོགས༴ འགོང་པོའི་དམག་ཚོགས༴ ཐེའུ་རང་དམག་ཚོགས༴ ས་བདག་དམག་ཚོགས༴ ཡུལ་ལྷའི་དམག་ཚོགས༴ ཟོ་དོར་དམག་ཚོགས་དགྲ་ལ་ཆོས༔ དམག་ཚོགས་དགྲ་ལ་ཆས་ཙ་ན༔ བཙན་པོ་གྱོན་ལ་རྣོན་པོ་ཐོགས༔ གོ་ཆ་གྱོན་ལ་མཚོན་ཆ་བདོར༔ མགྱོགས་པ་ཞོན་ལ་རིངས་པར་རྒྱུགས༔ དཔའ་བའི་གོ་གྱོན་ལྷུབས་སེ་ལྷུབ༔ མགྱོགས་པའི་རྟ་རྒྱུག་སྤྲིངས་སེ་སྤྲིང༔ ཤན་པས་མཚོན་ཐོགས་ཟངས་སེ་ཟང༔ ཀི་བསོ་ཆ་སྒྲ་ཏི་རི་རི༔ དར་ནག་རུ་མཚོན་པུ་རུ་རུ༔ རླུང་ནག་འཚུབས་མ་ཀྱི་ལི་ལི༔ ནད་ཀྱི་ན་བུན་ཐིབས་སེ་ཐིབ༔ ཡམས་ཀྱི་རླངས་པ་ཕྱུ་རུ་རུ༔ ཁྲག་གི་སེར་བ་ཧྲི་ལི་ལི༔ དུག་གི་ཁུ་འཕང་ཤ་ར་ར༔ མཚོན་གྱི་ཆར་པ་སི་ལི་ལི༔ སྔགས་ཀྱི་འབྲུག་སྒྲ་དི་རི་རི༔ ཐུན་གྱི་གློག་དམར་ཁྱུགས་སེ་ཁྱུག༔ ཟོར་གྱི་ཐོག་མདའ་ཆེམས་སེ་ཆེམ༔ ཟོར་མདའ་དགྲ་བོའི་སྙིང་ལ་རྒྱོབ༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ ཀྱེ༔ ལས་ངན་སྡིག་ཅན་དགྲ་བོ་འདིས༔ བདེ་གཤེགས་རྒྱལ་བའི་བསྟན་པ་བཤིག༔ ཐེག་པ་ཆེ་ལ་སྐུར་པ་བཏབ༔ དགེ་འདུན་འདུས་པའི་དཀོར་ལ་ཕྲོགས༔ དགེ་བ་བཅུ་པོ་རྒྱབ་ཏུ་བསྐྱུར༔ མི་དགེ་བཅུ་པོ་དང་དུ་བླངས༔ དམ་ཅན་ཡོངས་ལ་དོ་ཡང་བསྡོས༔ སྔགས་འཆང་བདག་ལ་འགྲས་སུ་བཙལ༔ སྒྲུབ་པ་པོ་ལ་ལྷ་མེད་ཟེར༔ སངས་རྒྱས་ཆོས་ལ་བདེན་མེད་ཟེར༔ སྲུང་མ་ཁྱོད་ལ་མཐུ་མེད་ཟེར༔ བདག་གིས་མ་ཉེས་ཁོ་ཡིས་ཉེས༔ ཆགས་པ་མེད་པར་བུ་ལོན་བདས༔ བྱས་པ་མེད་པར་སྲོག་ལ་རྒོལ༔ དེ་བས་བསྒྲལ་བའི་ཞིང་དུ་གྱུར༔ ཞིང་བཅུ་ཚང་བའི་སྡིག་པོ་ཆེ༔ སྡིག་ཅན་མྱུར་དུ་མ་བསྒྲལ་ན༔ དཀོན་མཆོག་གསུམ་གྱི་བསྟན་པ་བཤིག༔ སྲུང་མ་དམ་ཚིག་ཉམས་པར་འགྱུར༔ དེ་བས་སྲུང་མ་དམ་མ་གཡེལ༔ དེ་བས་སྲུང་མ་མཐུ་མ་ཆུང༔ དེ་བས་སྲུང་མ་རྩལ་མ་ཞན༔ དུས་ལ་བབ་བོ་དམ་ཚིག་ཅན༔ གཏད་དོ་གཉེར་རོ་དགྲ་དང་བགེགས༔ ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས༔ སོད་ཅིག་ཐུལ་ཅིག་མེད་པར་མཛོད༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ ས་ཡི་རྟེན་ཕུར་ཕུད་ལ་ཤོག༔ ཚེ་ཡི་འདུ་བྱེད་བསྡུས་ལ་ཤོག༔ སྲོག་གི་འཕར་ཐག་ཆོད་ལ་ཤོག༔ སེམས་ཀྱི་མར་མེ་སོད་ལ་ཤོག༔ དགྲ་བོ་ལས་ངན་སྡིག་ཅན་འདི༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ ལས་ཀྱི་གཤིན་རྗེའི་ཤན་པ་ཡིས༔ ཕོ་རྒྱུད་རྣམས་ཀྱིས་ཤ་ལ་ཟོ༔ མོ་རྒྱུད་རྣམས་ཀྱིས་ཁྲག་ལ་ཐུངས༔ བྱ་གཅན་རྣམས་ཀྱིས་ནང་ཁྲོལ་ཟོ༔ ཁོང་ཁྲག་ཁ་ནས་སྐྱུག་ཏུ་ཆུགས༔ ནང་དབུགས་ཕྱི་རུ་འདྲེན་དུ་ཆུགས༔ ཕུང་པོ་ས་ལ་འགྱེལ་དུ་ཆུགས༔ འོ་དོད་གནམ་དུ་འབོད་དུ་ཆུགས༔ ཡན་ལག་བྲང་ལ་བརྡུང་དུ་ཆུགས༔ ཡར་ཤ་ཡར་ལ་དགྲ་ཤ་ཟོ༔ མར་ཤ་མར་ལ་དགྲ་ཁྲག་ཐུངས༔ ཕར་ཤ་ཚུར་ལ་དགྲ་རུས་མུར༔ ཏིལ་འབྲུ་ཙམ་ཡང་མེད་པར་མཛོད༔ མཱ་ར་ཡ་ཡི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ བདུན་པ་རྟ་བྲོ་ནི༔ ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་ལ༔ དཔའ་བོ་ཆེན་པོས་བྲོ་བརྡུངས་པས༔ ཕྱོགས་བཅུ་ནམ་མཁའི་ཁམས་གང་ནས༔ ཁྲོ་བོའི་ཚོགས་དང་ཁྲོ་མོའི་ཚོགས༔ མ་སྲིང་ཚོགས་དང་ཕོ་ཉའི་ཚོགས༔ བྲོ་ལ་གཤེགས་སོ་ཆེམས་སེ་ཆེམ༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ རྟ་སྐད་ལན་གསུམ་སྟེང་དུ་སྒྲོག༔ དང་པོས་གཟུགས་མེད་ཁམས་ཀུན་གཡོས༔ གཉིས་པས་གཟུགས་ཁམས་དབང་དུ་བསྡུས༔ གསུམ་པས་འདོད་ཁམས་ཟིལ་གྱིས་མནན༔ འདི་ནི་རྟ་མགྲིན་བརྟུལ་ཞུགས་ཡིན༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ རྟ་བྲོ་འཁོར་གསུམ་འོག་ཏུ་བརྡུང༔ དང་པོས་ས་སྟེང་འཇིག་རྟེན་གཡོ༔ གཉིས་པས་ས་བླ་དབང་དུ་སྡུད༔ གསུམ་པས་ས་འོག་ཟིལ་གྱིས་གནོན༔ འདི་ནི་རྟ་མགྲིན་མཐུ་རྩལ་ཡིན༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ དུག་གསུམ་དགྲ་བགེགས་ཞབས་སུ་མནན༔ ཞེ་སྡང་ཕོ་རྒྱུད་གཡས་སུ་མནན༔ འདོད་ཆགས་མོ་རྒྱུད་གཡོན་དུ་མནན༔ གཏི་མུག་རིགས་རྒྱུད་རྩད་ནས་བརླག༔ འདི་ནི་ཕོ་ཉའི་ཕྲིན་ལས་ཡིན༔ ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་དམ་སྲི་གདོན་གྱི་ཚོགས༔ ཞབས་ཀྱི་འོག་ཏུ་བསྡུས་ནས་ནི༔ རྟ་མགྲིན་ཁྲོས་པའི་ཚོགས་ཀྱིས་བརྡུངས༔ ཡེ་ཤེས་རི་རབ་ལྕིད་ཀྱིས་གནོན༔ དྲག་སྔགས་རྡོ་རྗེའི་མཚོན་གྱིས་གཏུབ༔ གཟི་བརྗིད་མེ་དཔུང་འབར་བས་བསྲེག༔ སྲིད་པ་ལས་ཀྱི་རླུང་གིས་གཏོར༔ ཇི་སྲིད་བསྐལ་པ་མ་རྫོགས་བར༔ དགྲ་བགེགས་ལྡང་བར་མ་གྱུར་ཅིག༔ སརྦ་བིགྷྣཱན་ཤ་ཏྲཱུཾ་སཏྭམྦྷ་ཡ་ནན༔ དཔལ་རྟ་མགྲིན་ནག་པོའི་སྐོང་བ་མངའ་གསོལ༔ ཟློག་པ་དགྲ་ཆོས་གང་བྱེད་ཀྱང༔ ཁྲོའམ་ལྕགས་གང་རུང་གི་སྣོད་དུ༔ དཔལ་གཏོར་དམར་ནག་ཟུར་གསུམ་བཤམ༔ ཤ་སྣ་དང་སྙིང་སྣ་ཁྲག་སྣས་བརྒྱན༔ ཁྱད་པར་ཟློག་པ་དང་དགྲ་ཆོས་བྱེད་ན༔ ཚེར་མ་དང་ཡུངས་དཀར་སྒང་བུ་རྩང་རྣམས་ཀྱིས་བསྐོར་ལ་བཙུག༔ དགྲ་བགེགས་བྱད་མའི་ལིང་ག་བྱས་ལ་བཙུག༔ དེ་ནས་རྟ་མགྲིན་ཁྲོས་པའི་ང་རྒྱལ་གྱི་ཤུགས་ཀྱིས༔ དགྲ་བགེགས་བྱད་མ་དགུག་གཞུག་བྱས་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབས་ནས༔ མདུན་གྱི་ནམ་མཁར་རྟ་མགྲིན་ནག་པོ་ལ་གནོད་སྦྱིན་ནག་པོ་སྡེ་བརྒྱད་ཀྱིས་བསྐོར་བ་སྤྱན་དྲང༔ གཏོར་མ་འབུལ༔ ལས་རིམ་བདུན་མ་གྱེར༔ དེ་ནས་རྟ་མགྲིན་ནག་པོ་ཐུགས་ཁྲོས་ནས༔ གཏོར་མ་ནད་མུག་མཚོན་གསུམ་ཕུང་པོར་བསམ༔ དགྲ་ཕྱོགས་སུ་བཏང༔ གལ་ཆེ་ན་ཟོར་དུ་འཕང༔ གཏོར་སྣོད་ཁ་སྦུབས་ལ་རྟ་བྲོ་བརྡུང༔ མི་དམིགས་པར་རྒྱས་གདབ་པར་བྱའོ༔ དཔལ་རྟ་མགྲིན་ནག་པོའི་ལས་རིམ་བདུན་པ། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས་ཀ་བ་མཁའ་འགྲོའི་གཏེར་མཛོད་ནས་སྤྱན་དྲངས་པའོ།། །།
གུ་རུ་པདྨ་འབྱུང་གནས་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་ (Volume 5, Text 41)
གུ་རུ་པདྨ་འབྱུང་གནས་ཀྱི་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་བཞུགས་སོ༔ ཧྲཱི༔ རྒྱ་མཚོར་སྐུ་འཁྲུངས་མཚོ་སྐྱེས་རྡོ་རྗེ་ཞེས༔ པདྨ་སྣ་ཚོགས་ལས་བྱུང་པདྨ་འབྱུང༔ རྒྱལ་པོའི་སྲས་མཛད་པདྨ་རྒྱལ་པོ་དང༔ སྒྱུ་རྩལ་རྒྱལ་བུ་གྱད་མཆོག་ལ་ཕྱག་འཚལ༔ རྩལ་ཆེན་རྒྱལ་བུ་མི་ཐུབ་སེངྒེ་དང༔ རྒྱལ་སྲིད་སྤངས་མཛད་མི་བསྐྱོད་རྡོ་རྗེ་དང༔ དགེ་བར་གཞོལ་མཛད་རྒྱལ་བུ་ཡིད་གཅག་དང༔ བསིལ་ཚལ་གུ་རུ་པད་འབྱུང་ལ་ཕྱག་འཚལ༔ བམ་རོ་སྒྲུབ་པའི་རོ་ལངས་བདེ་བ་དང༔ བརྟུལ་ཞུགས་སྤྱོད་མཛད་ཤཱནྟ་རཀྵི་ཏ༔ ཀུན་གྱིས་མི་ཐུབ་ཤོར་བ་གཞོན་ནུ་དང༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ རབ་བྱུང་བསྟན་བདག་ཤཱཀྱ་སེངྒེ་དང༔ བཀའ་ཡི་བགྲོ་མཛད་སེམས་དཔའ་པུརྣེ་ཏྲ༔ སྐུ་ལ་རྫོགས་པར་ཉི་མ་འོད་ཟེར་ཞེས༔ གསང་མཚན་བླ་མེད་རྡོ་རྗེ་ལ་ཕྱག་འཚལ༔ གསང་ལམ་བསྣོལ་མར་ཉི་མ་འོད་ཟེར་དང༔ རྡོར་སེམས་དྲུང་དུ་བློ་ལྡན་མཆོག་སྲེད་དང༔ ཆོས་ཀྱི་དབྱིངས་སུ་ཡེ་ཤེས་རྡོ་རྗེ་དང༔ གུ་རུ་སེངྒེ་སྒྲ་སྒྲོག་ལ་ཕྱག་འཚལ༔ བཀོད་པ་ལྷུན་གྲུབ་ཀུན་ཏུ་འཆང་ཆེན་དང༔ མཁས་གྲུབ་པཎ་ཆེན་པདྨ་སཾ་བྷ་ཝ༔ ཆོས་ཀྱི་དབྱིངས་སུ་རང་བྱུང་ཡེ་ཤེས་རྩལ༔ པད་བརྩེགས་རྡོ་རྗེ་གྲོ་བོ་ལོད་ཕྱག་འཚལ༔ གསང་ཆེན་རོལ་པར་རྡོ་རྗེ་ཐོད་ཕྲེང་རྩལ༔ མངོན་པར་དགའ་བར་ཞི་བ་སྙིང་པོ་དང༔ བླ་མེད་གསང་ཆེན་བསྡུ་བ་རྡོ་རྗེ་ཆོས༔ རྒྱ་ནག་རྩིས་མཁན་ཚངས་པ་ལ་ཕྱག་འཚལ༔ གཤིན་རྗེའི་གུ་རུ་འཁོར་ལོས་སྒྱུར་རྒྱལ་དང༔ ཐུགས་ཆེན་གུ་རུ་དབང་ཕྱུག་མགོན་པོ་དང༔ ཞི་ཁྲོའི་ཨོ་རྒྱན་རྡོ་རྗེ་སྙིང་པོ་དང༔ ཨོ་རྒྱན་དྲང་སྲོང་ཐོར་ཅན་ལ་ཕྱག་འཚལ༔ ཕུར་པའི་ཨོ་རྒྱན་ཀརྨ་བདུད་འདུལ་དང༔ བླ་མེད་ཨོ་རྒྱན་གཟི་བརྗིད་འབར་བ་དང༔ དྲེགས་འདུལ་གུ་རུ་པྲ་ཀྲྀཏ་གཏེར་ཕྱག་འཚལ༔ དྲགས་སྔགས་གུ་རུ་དགྲ་འདུལ་དྲག་པོ་དང༔ རྫོགས་ཆེན་ཨོ་རྒྱན་ཀུན་བཟང་སྙིང་པོ་དང༔ དབང་རྫོགས་ཨོ་རྒྱན་པདྨ་མྱུ་གུ་དང༔ པདྨ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ༔ དངོས་གྲུབ་གྲུབ་པའི་ཌོམྦི་ཧེ་རུ་ཀ༔ བཅུད་ཀྱི་དབང་ཕྱུག་པདྨ་ཟས་སྤྱོད་རྒྱལ༔ མཐུ་སྟོབས་བིརྻ་ནག་པོ་སྤྱོད་པ་དང༔ གྲུབ་ཆེན་མཻ་ཏྲི་དྷ་ར་ལ་ཕྱག་འཚལ༔ དབང་ཆེན་པདྨ་དྷཱ་ཀི་དབང་སྡུད་དང༔ བཅུད་ཀྱི་དབང་ཕྱུག་རིན་ཆེན་སྙིང་པོ་དང༔ སྨན་བླ་པདྨ་ཚེ་ཡི་དངོས་གྲུབ་དང༔ ཤུགས་སྒྲོལ་རྡོ་རྗེ་སྙིང་པོ་ལ་ཕྱག་འཚལ༔ ཁྲོ་རྒྱལ་མགོན་པོ་དམ་སྲི་འདུལ་མཛད་དང༔ ཀླུ་འདུལ་ཚེ་ན་ནཱ་ག་ཀླུ་འདུལ་དང༔ གནོད་སྦྱིན་འདུལ་མཛད་རྡོ་རྗེ་བེ་ཅོན་དང༔ བགེགས་འཇོམས་དེད་དཔོན་བགེགས་འཇོམས་ལ་ཕྱག་འཚལ༔ འཇམ་དཔལ་སྒྲུབ་ཚེ་ཚེ་བདག་ཆེན་པོ་དང༔ སྲིན་འདུལ་སྲིན་པོ་ཛྭ་ལ་དཀར་དམར་དང༔ བདུད་རྣམས་འདུལ་མཛད་ཡཀྴ་མེ་དབལ་དང༔ བཙན་འདུལ་སྐུ་མཆོག་དམར་པོ་ལ་ཕྱག་འཚལ༔ གཟའ་རྣམས་འདུལ་བྱེད་གསང་བདག་ཁྱབ་འཇུག་དང༔ གཤིན་རྗེ་འདུལ་བྱེད་འཇིགས་བྱེད་ཆེན་པོ་དང༔ པེ་ཧར་འདུལ་བྱེད་པདྨ་སྲིད་རྒྱལ་འཛུམ༔ རྔམ་ཆེན་ཀུན་འདུལ་མུ་སྟེགས་གཤེད་ཕྱག་འཚལ༔ འཆི་མེད་གྲུབ་མཛད་མགོན་པོ་ཚེ་དཔག་མེད༔ ཡང་དག་ཡེ་ཤེས་རྡོ་རྗེའི་སྙིང་པོ་དང༔ སྐུ་མཆོག་ཡེ་ཤེས་ཁྱེའུ་ཆུང་ནམ་མཁའ་ལྡིང༔ གསུང་མཆོག་པདྨ་སྙིང་པོ་ལ་ཕྱག་འཚལ༔ ཕྲིན་ལས་ཡེ་ཤེས་ཀུ་མཱ་རྡོ་རྗེ་དང༔ བླ་མེད་ཡེ་ཤེས་དེ་ཝ་ཙནྡྲ་དང༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡོངས་འདུས་དབང་ཕྱུག་རྒྱལ་ལ་ཕྱག་འཚལ་ལོ༔ མཐུ་རྩལ་ཡོངས་རྫོགས་བདུད་འདུལ་མཆོག་གི་རྒྱལ༔ བདེ་གཤེགས་རིགས་འདུས་ཆེ་མཆོག་ཡོན་ཏན་རྩལ༔ དབྱིངས་སྒྲོལ་ཡེ་ཤེས་དབང་ཆེན་འདུས་པ་རྩལ༔ རྔ་སྒྲ་འདུལ་མཛད་དབང་པོའི་སྡེ་ཕྱག་འཚལ༔ སྡིག་རྒྱལ་འདུལ་བྱེད་ཀུན་ཏུ་འཆང་ཆེན་དང༔ མུ་སྟེགས་བཅོམ་མཛད་ཤཱཀྱ་འོད་ལྡན་དང༔ གཞན་འཇོམས་ཡན་ལག་མེད་པའི་རྡོ་རྗེ་དང༔ སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ༔ བདེ་ལྡན་པདྨ་བདེ་བའི་འབྱུང་གནས་དང༔ བརྟུལ་ཞུགས་མཆོག་ཐོབ་ཌོམྦི་ཧེ་རུ་ཀ༔ ཟ་ཧོར་འདུལ་མཛད་པདྨ་ཐོད་ཕྲེང་དང༔ ཡོངས་གྲོལ་མཁྱེན་རབ་ཆེ་མཆོག་ལ་ཕྱག་འཚལ༔ ཟུང་འཇུག་མཆོག་ཐོབ་སཽ་ཁྱ་དེ་ཝ་དང༔ མུ་སྟེགས་འདུལ་མཛད་པདྨ་བཛྲ་དང༔ ཕ་རོལ་རྒོལ་འཇོམས་སེངྒེ་སྒྲ་སྒྲོག་དང༔ སྟོན་པ་ཀུན་ལས་ཁྱད་པར་འཕགས་ཕྱག་འཚལ༔ ནང་པའི་བསྟན་ལ་ཉི་མ་འོད་ཟེར་དང༔ ཕ་རོལ་འཇོམས་མཛད་ཀུན་ཐུབ་རྒྱལ་པོ་དང༔ ཚངས་པ་གཙུག་ཕུད་རིན་ཆེན་འོད་འཕྲོ་དང༔ སྐྲག་བྱེད་སྒྲ་གཅན་སྙིང་པོ་ལ་ཕྱག་འཚལ༔ ཧ་ཤང་ཡར་ཁྱབ་མར་འཇུག་མ་ཧཱ་དང༔ ཀླུ་འདུལ་འཇོག་པོའི་རྒྱལ་པོ་ཁྱུང་གཤོག་དང༔ བདུད་བཅོམ་བདེ་མཆོག་དུས་ཀྱི་སྙིང་པོ་དང༔ པདྨ་འགྲོ་མགོན་རྒྱལ་མཚན་ལ་ཕྱག་འཚལ༔ རི་བོ་ཏ་ལར་པདྨ་དབང་ཕྱུག་མགོན༔ དབང་མཆོག་པདྨ་གྲུབ་པའི་བློ་གྲོས་དང༔ ལས་རྣམས་ཐོགས་མེད་པདྨ་ཆེ་མཆོག་རྩལ༔ ཐབས་ལམ་པདྨ་མཁའ་འགྲོ་དབང་སྡུད་དང༔ མགོན་པོ་བིརྺ་པ་ལ་ཕྱག་འཚལ་བསྟོད༔ སྤྱོད་པ་མཐར་ཕྱིན་ནག་པོ་སྤྱོད་པ་དང༔ སྒྲུབ་པའི་དྲོད་ཉུལ་ཁྱེའུ་ཆུང་མཁའ་ལྡིང་རྩལ༔ འབྱུང་ལྔ་དབང་སྒྱུར་པདྨ་མངའ་བདག་དང༔ མཁའ་མཉམ་པདྨ་ཀུན་ཏུ་སྒྱུར་ཕྱག་འཚལ༔ གང་འདོད་དཔལ་དུ་པདྨ་འདོད་ཆགས་མཆོག༔ མ་ལུས་ཚིམས་མཛད་པདྨ་འགྲོ་སྐྱོང་དང༔ དགོས་འདོད་ལྷུན་གྲུབ་པདྨ་ཕྲིན་ལས་མགོན༔ པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ༔ སྦྱིན་པའི་དབང་ཕྱུག་དོན་ཡོད་ཞགས་པ་དང༔ ཀུན་ནས་འགྲོ་མགོན་ཐོགས་མེད་ཐོག་འབར་རྩལ༔ འཁོར་བ་དོང་སྤྲུགས་པདྨ་ཐོད་ཕྲེང་རྩལ༔ ཡོངས་འདུས་བདག་ཉིད་ཆེན་པོར་ཕྱག་འཚལ་ལོ༔ དེ་ལྟར་ཕྱག་འཚལ་གུས་པས་མཆོད་པའི་མཐུས༔ འགལ་རྐྱེན་གཏན་བྲལ་མཐུན་རྐྱེན་ཕུན་ཚོགས་ཀྱིས༔ ཚོགས་རྫོགས་སྒྲིབ་སྦྱངས་སྐུ་བཞིའི་དབང་ཐོབ་ནས༔ རྣམ་འདྲེན་ཆོས་ཀྱི་རྒྱལ་པོའི་ས་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་མགོན་ཚོགས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་རོལ་པ་བདེ་ཆེན་ཁང་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཤར་ཤིང་སྒོ་གངས་ཀྱི་ར་བར་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་སྟོབས་ཆེན་གྱིས་བགྱིས་པའོ།། །།
ཡིད་བཞིན་ནོར་མཆོག་གི་ཞལ་ཤེས་ཡིག་ཆུང་རྣམས་ཡོད༔ འདི་ནི་འདྲ་མིན་དང་པོ་ཡིན་ནོ༔ འདི་ཅུང་ཟད་བསྡུས་པ་ཡོད་དོ། (Volume 4, Text 41)
༄༅། །ཡིད་བཞིན་ནོར་མཆོག་གི་ཞལ་ཤེས་ཡིག་ཆུང་རྣམས་ཡོད༔ འདི་ནི་འདྲ་མིན་དང་པོ་ཡིན་ནོ༔ འདི་ཅུང་ཟད་བསྡུས་པ་ཡོད་དོ། ། ན་མོ་གུ་རུ༔ འདིར་ཡིད་བཞིན་ནོར་མཆོག་གི་ལས་མཐའ་ཀུན་ཕྱོགས་གཅིག་ཏུ་ཞལ་ཤེས་ཀྱི་གདམ་པ་ཀུན་བྲི་བར་བྱ་སྟེ༔ རྗེ་བཙུན་མཚུངས་མེད་དཔལ་ལྡན་བླ་མ་དམ་པ་རྒྱལ་བའི་དབང་པོ་དྷརྨ་ཀཱིརྟི་ཛྙཱ་ན་ཤྲཱི་བྷ་དྲ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོ་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་བཟོད་པར་གསོལ་ལ་རྗེས་སུ་གནང་བའི་བཀའ་དྲིན་བསྩལ་དུ་གསོལ༔ དེ་ཡང་ཐོག་མར་སྲོག་བླའི་ལས་མཐའ་མོས་གུས་སྐྱེད་བྱེད་ཀྱི་ལས་མཐའ་ནི༔ རང་ཉིད་ཀྱི་ལུས་ལ་བརྟེན་ནས་དམིགས་པ་བྱེད་པ་ཡིན་ལ༔ གཞན་རྒྱུད་ལོག་ལྟ་སྒྱུར་བྱེད་ནི༔ བདག་བསྐྱེད་སྲོག་བླའི་དམིགས་པ་ཁོ་ན་ཉིད་གནས་རྣམས་སུ་གསལ་གདབ༔ རྫོགས་རིམ་རགས་པའི་ངང་ལ་བཞག༔ གང་ལ་དམིགས་པ་དེ་མདུན་དུ་བདག་བསྐྱེད་ལ༔ རྩ་གསུམ་དང་གནས་བདུན་གསལ་གདབ༔ གནས་རྣམས་སུ་གཙོ་བོ་རང་ལུས་ཀྱིས་བྱས་པའི་གྲུབ་ཆེན་བཞི་དང་བཅས་པ་བསྒོམས་ལ༔ བསྙེན་པ་བྱ་ཞིང༔ མཐར་རྫོགས་རིམ་རགས་པ་འོད་ཕུང་དུ་བྱ་ཞིང༔ དེ་ནས་རང་གི་གནས་ཀུན་ནས་འོད་ཕུང་དང་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་གནས་རྣམས་སུ་ཕོག༔ རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པ་ལྟར་ཁོའི་གནས་ཀྱི་འོད་ཕུང་བསྡུས་ཏེ་རང་གི་གནས་སུ་བསྟིམ༔ དེ་ལྟར་ཡང་ཡང་དམིགས་པ་དང་བསྙེན་པ་བསྐོར་ཏེ་བྱའོ༔ ཨུ་པ་དེ་ཤ༔ ༈ ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་ཞལ་ཤེས་ལས་མཐའ་ཡོད་ཨུ་པ་དེ་ཤ༔ རང་ཤེས་རབ་འཕེལ་བར་འདོད་ན། ལས་མཐའ་གཞུང་བཞིན་ལ༔ རང་ལ་ཡིད་བརྟེན་པར་བྱེད་པའི་སློབ་མ་གང་དག་ཤེས་རབ་བསྒྲུབ་པར་འདོད་ན༔ རང་ལ་ཇི་ལྟར་བསྒོམས་པ་བཞིན་ལས་མཐའི་དམིགས་པ་ཕོག་ལ་ཧྲཱིཾ་ཝཱ་གཱི་ཤྭ་རི་མཱུཾ༔ པྲ་ཛྙཱ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་བསྙེན་པ་དང་གསོལ་འདེབས་ལ་འབད་དུ་གཞུག༔ ༈ ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་ཞལ་ཤེས་གསལ་བྱེད་བཞུགས༔ རང་ཚེ་བསྒྲུབ་པར་འདོད་ན༔ ལས་མཐའ་ལྟར་སྒོམ་བཟླས་བྱ༔ གཞན་གྱི་རིམ་གྲོའི་ཚེ་སྒྲུབ་བྱེད་ན༔ བདག་བསྐྱེད་སྒོམ་བཟླས་རྫོགས་རིམ་འབྲིང་པོ་འོད་ལུས་སུ་བྱས་ཏེ༔ དེའི་ངང་ལས་མདུན་དུ་བསྒྲུབ་བྱ་བསམས་ལ༔ དེའི་གནས་རྣམས་སུ་ལས་མཐའི་དམིགས་པ་གསལ་བཏབ་སྟེ་བཟླས་པ་བྱ༔ ཐུན་མཚམས་སུ་འོད་ཕུང་དུ་བསྡུས་ལ་རང་དང་དབྱེར་མེད་བྱའོ༔ ཨུ་པ་དེ་ཤ༔ ༈ དབང་སྡུད་ཞགས་དམར་གྱི་ལས་མཐའ་ཞལ་ཤེས༔ དབང་སྡུད་སྒོས་སུ་བཀོལ་བར་འདོད་ན༔ རང་གི་གནས་རྣམས་སུ་ཞགས་དམར་གྱི་དམིགས་པ་བྱ༔ ཕོ་འགུགས་ན་པདྨའི་ལྕགས་ཀྱུ་དང་ཞགས་དམར་སྒྲིལ་མ༔ མོ་འགུགས་ན་རྡོ་རྗེའི་ལྕགས་ཀྱུ་ལ་ཞགས་དམར་སྤྲོ་བསྡུའི་དམིགས་པ་ནི་དཔེའུ་རིས་སུ་བྲིས་པ་ལྟར་བསམ་མོ༔ ཞལ་ཤེས་དངོས༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཆེ་གེ་ཝ་ཤཾ་ཀུ་རུ་ཧོཿ ཞེས་བཟླས་ཤིང་རྫོགས་རིམ་ལ་མཉམ་པར་འཇོག་གོ༔ ཨུ་པ་དེ་ཤ༔༈ ཡི་དམ་གྱི་ལས་མཐའ་ཞལ་ཤེས༔ བྱིན་རླབས་ངག་ནུས་ཆེ་བར་འདོད་ན༔ ལས་མཐའ་གཞུང་ལྟར་སྒོམ་བཟླས་དང་མཉམ་གཞག་བྱ་ཞིང༔ གཞན་གྱི་སྨྱོ་འདུལ་བྱེད་ན༔ རྩ་གསུམ་དང་གནས་བདུན་ཡར་མར་གསལ་བཏབ་ལ༔ གཙུག་ཏོར་ནོར་བུ་ཡི་དམ་གྱི་རྫོགས་རིམ་རགས་པའི་བར་དུ་བྱ་ཞིང༔ བུམ་པར་ཁྲོ་ཆུ་ཐལ་རྡེབ་ཀྱི་སྒོམ་བཟླས་རྫོགས་རིམ་རགས་པ་ལ་བཞག༔ དེ་བཞིན་དུ་འཁོར་ལོ་རྣམས་སུ་སྤེལ་ཏེ་གོང་ལྟར་བྱ་ཞིང༔ གནོད་བྱེད་གང་རུང་བཀུག་ལ༔ དེ་ཉིད་ཀྱི་གཟུགས་ལ་གཡང་བཞི་བརྡབ་པར་བྱའོ༔ དབྱེར་མེད་ངང་རྫོགས་རིམ་ལ་བཞག་གོ༔ ཨུ་པ་དེ་ཤ༔ ༈ ནོར་སྒྲུབ་ཀྱི་ཞལ་ཤེས་ནི༔ ནོར་བསྒྲུབ་པར་འདོད་ན༔ ལས་མཐའ་སྒོམ་བཟླས་རྣམས་ལས་མཐའ་ལྟར་བྱས་ལ༔ ཞལ་ཤེས་ནི༔ ཨོཾ་བྷཻ་ཤྲཱ་མ་ཎ་ཡེ་སརྦ་སྭསྟི་མངྒ་ལེ༔ ཨོཾ་པྲི་ཡངྐུ་རུ་བྷ་ཧུ་ཏཱ༔ སོགས་ལས་མཐར་གསལ་བ་ལྟར་བྱ་ཞིང༔ རྫོགས་རིམ་ལ་མཉམ་པར་གཞག་གོ༔ ཨུ་པ་དེ་ཤ༔ ༈ བཀའ་ལུང་གི་ལས་མཐའ་ཞལ་ཤེས་ཡོད༔ དགྲ་བོ་བསྒྲལ་བའི་ལས་མཐའ་ནི༔ ལས་མཐའ་གཞུང་ལྟར༔ རྩ་གནས་ལྷ་བསྐྱེད་པ་དང༔ བཟླས་པ་སོགས་བྱས་ལ༔ དོང་གྲུ་གསུམ་པ་ཞིག་བྲུས་པ་དེ་ལ་སྤྱོད་ལམ་བྱ་བ་ནི༔ ལུས་ཀྱི་སྙིགས་མ་ཅུང་ཟད་ཕྱི་རོལ་དུ་བུད་པའོ༔ ཞེས་པ་ནི༔ དང་པོར་དོང་དེར་རང་གི་ཟག་པ་དོར་བར་བྱའོ༔ དགྲ་བོའི་ཤ་ཁྲག་གཏོར་མར་བསྔོ་ཞེས་པ་དང༔ བཀའ་སྲུང་གི་དངོས་གཞིའི་སྐབས་སུ་གཏོར་མ་བྱིན་གྱིས་བརླབས་ལ༔ ཞེས་པ་ནི༔ དགྲ་བོའི་ཤ་ཁྲག་འབུལ་བ་ཁོ་ན་ཉིད་དེ༔ གཏོར་སྔགས་ནི་གཞུང་དུ་གསལ་ལོ༔ འོག་གི་ཐུན་སྒོ་གཉིས་སུ་སྒྲོལ་བྱེད་གཙོ་འཁོར་སྐབས་དང་སྦྱར་ལ་བསྐྱེད༔ ཞེས་པ་ནི༔ དྲི་ཆུ་འདོར་ན་གསང་གནས་དང༔ དྲི་ཆེན་འདོར་ན་འོག་སྒོར་བསྐྱོད་ལ༔ དྲི་ཆེན་དང་དྲི་ཆུ་དུག་གསུམ་གྱི་རང་བཞིན་དུ་མོས་ལ༔ སྐམ་ཐུན་དང་གཤེར་ཐུན་ཞེས་པ་ནི་དེ་ཉིད་དོ༔ བསམ་བྱ་རྣམས་ནི་ལས་མཐའ་རང་ནས་གསལ་ལོ༔ དེ་རྣམས་ཀྱིས་ལས་མཐའ་ཕྲིན་ལས་ཟུར་བཀོལ་གྱི་ཞལ་ཤེས་ཀུན་རྫོགས་སོ༔ ྀཨཚ༔ ༈ རིགས་བསྡུས་དམིགས་དབང་གི་གདམས་པའི་ཞལ་ཤེས་ཡོད༔ དམིགས་དབང་གི་སྐབས་སུ༔ གོང་གི་དོན་བྱེད་གཉིས་པ་ཞེས་པ་ནི༔ རང་ལས་སྒྲིབ་ཆེས་པའི་དབང་གིས་ཉམས་རྟོགས་མ་སྐྱེས་ན༔ མདུན་དུ་བླ་མ་བསྟན་པའི་བདག་པོའི་སྐུ་ལ་རྩ་གསུམ་དང་གནས་བདུན་གསལ་བཏབ་ལ༔ ལྷ་བསྐྱེད་བཟླས་དང་རྫོགས་རིམ་རགས་པ་འོད་ཕུང་དུ་བསྡུས་ལ༔ རང་ལུས་ཀྱང་རྩ་གསུམ་དང་གནས་བདུན་པ་གོང་ལྟར་ལ༔ བླ་མའི་སྐུ་ལས་འོད་ཕུང་མར་མེ་གཉིས་ཆད་ཀྱི་ཚུལ་དུ་བྱུང་བ་སོགས་དམིགས་དབང་གི་སྐབས་ཁོ་ན་ལྟར་བྱའོ༔ མཎྜལ་ཐོག་མཐའ་བར་གསུམ་དུ་འགྲོ་བ་ཞལ་ལས་ཤེས་ཞེས་པ་ནི༔ གདམས་པ་འདི་ཉིད་ཞུ་བའི་དུས་ཐམས་ཅད་དུ༔ གཅོད་ཀྱི་ཉམས་ལེན་ཀུན་ལས་འབྱུང་བ་ལྟར༔ རང་ལུས་ཀྱི་མཎྜལ་དབུལ་བར་བྱའོ༔ དེ་ལྟར་ཡིད་བཞིན་ནོར་མཆོག་གི་བསྐྱེད་རྫོགས་ཀྱི་གདམས་པ་ཀུན་མ་ལུས་པ་བླ་མའི་ངག་ལ་ལྟོས་པ་ཀུན༔ ཕྱི་རབས་ཀྱི་ལས་ལྡན་སློབ་མ་ཀུན་ལ་ཕན་པར་བྱ་བའི་ཕྱིར་དུ་བྲི་བར་གྱིས་ཤིག་ཅེས་གདུང་རིགས་ཕུན་སུམ་ཚོགས་པའི་དཔལ་གྱི་འབྱོར་པས་བརྒྱན་ཅིང༔ བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་ཉིན་མོར་བྱེད་པའི་མཐུ་མངའ་བ་རྒྱ་སྟོན་གདན་ས་པ་ནམ་མཁའ་ལེགས་པ་རྒྱལ་མཚན་དཔལ་བཟང་པོ་སྟེ༔ ག་ག་ན་སཱ་དྷུ་དྷཱ་ཛ་ཤྲཱི་བྷ་དྲ་ཞེས་བགྱི་བའི་གསུང་གིས་བསྐུལ་བ་ལས༔ འབྲི་ཁུང་གི་ཕྱོགས་སུ་གནས་པའི་སྙོམ་ལས་པ་སྐྱུ་རའི་གདུང་རབས་ལས་བཅུ་པའི་ཐོག་ཏུ་གནས་པ༔ རཏྣ་རཀྵྨཱི་དྷརྨ་རཱ་ཛ་ཞེས་བྱ་བས༔ མཚེའུ་ཁ་བདེ་ལྡན་གྱི་གཙུག་ལག་ཁང་དུ་བྲིས་པའོ༔ ྀཨཚ༔
ཚེ་སྒྲུབ་གསང་བ་རྨད་བྱུང་གི་དབང་བསྐུར་བའི་ཆོ་ག་དགོས་པ་རྨད་བྱུང་ (Volume 20, Text 41)
༄༅། །ཚེ་སྒྲུབ་གསང་བ་རྨད་བྱུང་གི་དབང་བསྐུར་བའི་ཆོ་ག་དགོས་པ་རྨད་བྱུང་ཞེས་བྱ་བ་བཞུགས་སོ། ། གང་གི་མཚན་ཙམ་འཛིན་པས་འཆི་བདག་གི །མུན་པ་གཏན་བཅོམ་ཚེ་དབང་དངོས་གྲུབ་དབྱིག །གཅིག་ཆར་སྩོལ་མཛད་བླ་མ་ལྷག་པའི་ལྷར། །བཏུད་ནས་ཤིན་ཏུ་རྨད་བྱུང་དབང་ཆོག་དགོད། །རྟ་མགྲིན་ཡིད་བཞིན་འབར་བའི་ཆ་ལག་བྱིན་རླབས་ཟབ་མོས་ཁྱད་པར་དུ་བྱས་པའི་ཚེའི་དབང་བསྒྲུབ་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། སྟེགས་བུའི་སྟེང་ཞི་དཀྱིལ་ལམ་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་སྐུའམ་ཚེ་བུམ་བྲིས་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཉེར་ལྔའི་བཅུད་མགུལ་ཆིངས་དམར་པོ་ཁ་རྒྱན་བཅས། མདུན་དུ་དཔལ་གཏོར་རྟ་མགྲིན་གྱི་སྐུ་ཙཀ་བཙུགས་པ། བུམ་པའི་གཡས་གཡོན་དུ་ཚེ་རིལ་ཚེ་ཆང་དང་། གཏོར་མའི་གཡས་གཡོན་དུ་ཕྲེང་བ་དང་། རྡོ་རྗེ་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་ལས་བུམ་སོགས་ཉེར་མཁོ་རྣམས་འདུ་བྱའོ། །གཉིས་པ་ནི། སྔོན་འགྲོ་རྣམས་སྤྱི་རྒྱུག་ཞིག་གིས་བཀབ་སྟེ། ལས་བྱང་གཏང་ལ་བདག་མདུན་དབྱེར་མེད་དམ་ཐ་དད་དུ་བསྒྲུབ་ཀྱང་རུང་། བུམ་པ་གཉིས་སྒྲུབ་ཚུལ་སྤྱི་དང་འདྲ། ཚེ་འགུགས་དང་གཏེར་སྲུང་གཏོར་འབུལ། ཏིང་ངེ་འཛིན་གྱི་དབང་ལེན་བྱས་ནས། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་དང་། སེམས་བསྐྱེད་གསལ་བཏབ་ལ། དེའང་མཁའ་ཁྱབ་ཀྱི་འགྲོ་བ་རིས་སུ་མ་ཆད་པ་སྤྱི་དང་ཁྱད་པར་གདོང་དམར་མུན་པའི་རྒྱལ་ཁམས་སུ་སྐྱེས་པའི་རྨུ་རྒོད་ཀྱི་སྐྱེ་བོ་སྐྱབས་མེད་པ་རྣམས་ལ། དུས་རྟག་པར་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་གང་ལ་གང་འདུལ་གྱི་ཕྲིན་ལས་མཛད་པ་ལ་མངའ་བརྙེས་ཤིང་དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བར་མཛད་པ། སངས་རྒྱས་ཀུན་དངོས་འཆི་མེད་པདྨཱ་ཀ་རས་སྔོན་དུས་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་བའི་འཆི་མེད་ཚེ་དབང་སྒྲུབ་པའི་གདམས་པ་བྱེ་བ་ཕྲག་བརྒྱ་ལས་སྙིང་པོར་གྱུར་པ་འདི་ཉིད། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་གཅིག་དང་དུ་མར་སྟོན་པ་སོགས་སོ་སྐྱེའི་བློ་ལས་འདས་པའི་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ལས། མདོ་ཁམས་རྟའུའི་ས་ཆར་སྐུ་འཁྲུངས་པ་རོག་རྗེ་གླིང་པ་འགྲོ་འདུལ་རྩལ་གྱིས། མདོ་སྨད་ཀྲེ་བོའི་སའི་ཆར་གཏོགས་རྟའུའི་རོང་དོང་ལུང་པ་ནག་པོའི་སྲིན་རྫོང་བྲག་དམར་དཀྱིལ་ནས་སྤྱན་དྲངས་པའི་རྟ་མགྲིན་ཡིད་བཞིན་འབར་བའི་ཆ་ལག་རིག་འཛིན་ཚེའི་སྒྲུབ་ཐབས་གསང་བ་རྨད་བྱུང་འདི་ནི། གཞུང་ལས། རྟ་མགྲིན་ཡིད་བཞིན་ནོར་བུ་ཡང་ཟབ་ཆོས༔ ཐེམས་སུ་མ་བསྟན་སྙན་བརྒྱུད་ཚུལ་དུ་གདམས༔ བཻ་རོ་ཙ་ན་རང་གི་ཐུགས་དམ་མཛོད༔ མ་འོངས་དོན་ཕྱིར་ཤར་རོང་མཚམས་སུ་སྦོས༔ སྤྲུལ་པས་རྙེད་ནས་རང་གསང་ཉམས་སུ་ལོངས༔ འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གི༔ སྤྲུལ་པ་དམར་མཐིང་ཅོད་པན་འཆང་བ་དང༔ མངའ་བདག་སྐྱེ་མཐའ་སྐལ་བཟང་མིང་ཅན་དང༔ ཆོས་ཀྱི་སྤྱན་ལྡན་སོགས་ལ་འདི་འཕྲོད་ན༔ སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པར་འགྱུར༔ ཞེས་པའི་ལུང་དོན་རྒྱལ་དབང་ཞྭ་དམར་ནག་དང་སྐལ་བཟང་རྒྱ་མཚོ་རྣམས་ཡུལ་དུས་ཀྱིས་བསྐལ་ནས་ཕྱག་ཏུ་མ་འཕྲོད་ཀྱང་། ཀུན་གཟིགས་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་ལ་གསང་ཐབས་ལྟ་བུས་ཕུལ་བས་སྐུ་ཚེ་དང་མཛད་ཕྲིན་ནམ་མཁའ་དང་མཉམ་ཞིང་མཐར་ཕྱིན། སླད་ཀྱིས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༧རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། གཏེར་སྟོན་དང་ཆོས་བདག་སི་ཏུ་རིན་པོ་ཆེ་རྣམ་པ་གཉིས་ཆར་གྱིས་བྱིན་རླབས་ཐོབ་པས་དབང་ལུང་ཉེ་བརྒྱུད་ཀྱི་ཚུལ་དུ་སྤེལ་བར་མཛད་པའི་ཚེ་སྒྲུབ་ཟབ་མོ་འདི་ཉིད་དང་འབྲེལ་བར་ཚེ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་མི་ཕྱེད་དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དབང་ཆེན་ཚེ་ཡི་བདག༔ འཆི་མེད་མགོན་པོ་དགོངས་སུ་གསོལ༔ བདག་ཅག་ཚེ་ཡི་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དབང་བསྐུར་སྩོལ༔ ལན་གསུམ། འདིར་སྤྲོ་ན་སྐྱབས་སེམས་མཚམས་སྦྱོར་བཅས་རིགས་མཐུན་བརྗོད་བདེ་ནས་ལེན་ལ་རྒྱུན་བཤགས་སྦྱར། བསྡུ་ན། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་བཅོམ་ལྡན་འདས་ཚེ་དཔག་མེད་གཉིས་སུ་མེད་པ་རྩ་གསུམ་སྲུང་མའི་ཚོགས་དང་བཅས་པའི་སྤྱན་སྔར་ཡན་ལག་བརྒྱད་པ་ཚུལ་བཞིན་བགྱི་བའི་ཏིང་ངེ་འཛིན་སོ་སོར་གསལ་ཐོབས་ལ་རྒྱུན་བཤགས་ཀྱི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ་བྱ། དེ་ལྟར་རྒྱུད་སྦྱང་བ་སྔོན་དུ་སོང་ནས། ཚེའི་དབང་བསྐུར་བ་དངོས་ལ། སྔོན་འགྲོ་བར་ཆད་སེལ་བའི་དབང་དང་། དངོས་གཞི་ཚེའི་དངོས་གྲུབ་སྦྱིན་པའི་དབང་གཉིས་ལས། དང་པོའི་སླད་དུ་དམིགས་པ་འདི་ལྟར་མཛོད། དཔལ་གཏོར་འདི་ཉིད་རྟ་མགྲིན་དབང་ཆེན་གཟི་བརྗིད་ཉི་མ་ལྟར་འབར་བ་ཁྱེད་རང་གི་སྤྱི་བོར་བྱོན། འོད་ཟེར་གྱིས་ལུས་ཀྱི་ཕྱི་ནང་ཐམས་ཅད་དུ་ཁྱབ། སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སངས་ཀྱིས་བསལ་བར་མོས་ཤིག །དཔལ་གཏོར་སྐུ་རྟེན་བཅས་སྤྱི་བོར་བཞག་ལ། ཧཱུྃ་ཧྲཱི༔ དཔལ་གྱི་གཏོར་མ་ཡེ་ཤེས་གཟི་བྱིན་འབར༔ རྟ་མཆོག་དབང་གི་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་ཡི་བར་ཆད་མ་ལུས་ཞི་བར་ཤོག༔ ཧྲཱིཿཧ་ཡ་གྲཱི་ཝ་བ་ལིན་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་མ་དཔལ་རྟ་མགྲིན་དུ་གསལ་བ་ཁྱེད་རང་ལ་ཐིམ་པས་ཚེ་ལ་བར་དུ་གཅོད་པའི་བདུད་བཞི་སོགས་ནད་གདོན་བགེགས་དང་འབྱུང་པོ་ལུས་སྲོག་ལ་བར་དུ་གཅོད་པ་ཐམས་ཅད་ལྷག་མེད་དུ་བསལ་བར་མོས་ཤིག །གཉིས་པ་ཚེའི་དངོས་གྲུབ་སྦྱིན་པའི་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་རྣམས་རྩེ་གཅིག་ཏུ་སྒོམས་ཤིག །དེ་ལྟར་ལྷ་བསྟིམས་པའི་རྐྱེན་གྱིས་ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་གྱུར་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨ་དྲ་བའི་ཞིང་དང་གཞལ་ཡས་ཁང་ཆེན་པོར་ཁྱེད་རང་གང་དུ་གནས་པའི་གོ་སར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་དང་པདྨ་དང་ཟླ་བའི་སྟེང་དུ། ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། དུས་མ་ཡིན་པའི་འཆི་བ་བསལ། འཆི་མེད་རིག་འཛིན་གྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་ཕྱག་གཉིས་མཉམ་གཞག་གི་མཐིལ་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་དུ་ཡུམ་འཆི་མེད་ཙཎྜ་ལཱི་དམར་མོ་མདའ་དར་དང་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ཞི་འཛུམ་རྗེས་སུ་ཆགས་པའི་ཉམས་ལྡན་དར་དང་རིན་པོ་ཆེའི་རྒྱན་ཅན། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར། དེའི་ཐུགས་ཀར་པདྨ་ཉི་མ་བམ་རོའི་སྟེང་དུ་ཡེ་ཤེས་སེམས་དཔའ་ཚེའི་བདག་པོ་རྟ་མགྲིན་རྒྱལ་པོ་དམར་སྨུག་པདྨ་དང་བྷནྡྷ་བསྣམས་པ། ཡུམ་རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པ་དང་སྦྱོར་བ། དཔལ་དང་དུར་ཁྲོད་ཀྱི་ཆ་བྱད་ཡོངས་སུ་རྫོགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་ཧྲཱིཿདམར་པོ། དེ་དང་བདག་མདུན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་སོགས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་གསུམ་ནས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་སྤྱན་དྲངས་པ་དང་། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་གི་སྤྱི་བོ་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །སྤོས་རོལ་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་གང་རུང་གི་མཐར། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧྱ་གྲཱི་བ་ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱ༔ ཞེས་རྩ་སྔགས། ཨོཾ་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་མང་དུ་བཟླ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་བཞག །དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་མོས་གུས་བྱས་པས་དེའི་ཐུགས་ཀ་ནས་ཕོ་ཉ་མགྱོགས་མའི་ཚོགས་དང་འོད་ཟེར་སྟེང་འོག་ཕྱོགས་མཚམས་ཁྱབ་པར་སྤྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ། སྡེ་བརྒྱད་མཐུ་བོ་ཆེས་བརྐུས་ཕྲོགས་གཞོམ་པ་རྣམས་དང་། སྣོད་བཅུད་ཀྱི་དཔལ་དང་དྭངས་མ་འཁོར་འདས་ཀུན་གྱི་ཚེའི་དངོས་གྲུབ་ཐམས་ཅད་བདུད་རྩིའི་འོད་ཟེར་གྱི་རྣམ་པར་ནམ་མཁའ་གང་བར་བསྡུས། བ་སྤུའི་བུ་ག་ནས་སིབ་ཀྱིས་ཐིམ། སྲོག་རྟེན་མི་ཤིགས་པའི་ཐིག་ལེར་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་མོས་ཤིག །མདའ་དར་གཡབ་ལ་ལས་བྱང་གི་ཚེ་འགུགས་བཏང་། རྣམ་བུམ་ཐོགས་ལ། བུམ་ཆུ་འཆི་མེད་ཡེ་ཤེས་ཀྱི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། མགོན་པོ་ཚེ་དཔག་མེད་པའི་སྐུའི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ སྐུ་ཡི་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྡོ་རྗེའི་སྐུ་དང་དབྱེར་མེད་འགྲུབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་དང་གཉིས་སུ་མེད་པ་འཆི་མེད་ཚེའི་དབང་མཆོག་ཐོབ་པར་གྱུར་ཅིག །སྔགས་ཕྲེང་མགྲིན་པར་བཞག་པས་ཡེ་ཤེས་ཀྱི་སྔགས་ཕྲེང་མགྲིན་པ་ནས་ཞུགས། མགོན་པོ་ཚེ་དཔག་མེད་པའི་གསུང་གི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ གསུང་གི་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྡོ་རྗེའི་གསུང་དང་དབྱེར་མེད་འགྲུབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་དང་གཉིས་སུ་མེད་པ་འཆི་མེད་ཚེའི་དབང་མཆོག་ཐོབ་པར་གྱུར་ཅིག །རྡོ་རྗེ་སྙིང་གར་བཞག་ནས་ཡེ་ཤེས་ཀྱི་ཕྱག་མཚན་སྙིང་གར་ཞུགས། མགོན་པོ་ཚེ་དཔག་མེད་པའི་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པར་མོས་ཤིག །ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ རྡོ་རྗེའི་ཐུགས་དང་དབྱེར་མེད་འགྲུབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་དང་གཉིས་སུ་མེད་པ་འཆི་མེད་ཚེའི་དབང་མཆོག་ཐོབ་པར་གྱུར་ཅིག །འཁོར་འདས་ཀྱི་ཚེ་བཅུད་འདུས་པའི་རིལ་བུ་བྱིན་པས་མགོན་པོ་ཚེ་དཔག་མེད་པའི་ཡོན་ཏན་གྱི་དབང་དང་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ ཡོན་ཏན་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ ཡོན་ཏན་མི་ཟད་རྒྱན་གྱི་དཔལ་ཐོབ་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་དང་གཉིས་སུ་མེད་པ་འཆི་མེད་ཚེའི་དབང་མཆོག་ཐོབ་པར་གྱུར་ཅིག །བརྟན་གཡོའི་དྭངས་བཅུད་བསྡུས་པའི་བདུད་རྩི་མྱང་བས་མགོན་པོ་ཚེ་དཔག་མེད་པའི་ཕྲིན་ལས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་ཆང་སྦྱིན་ལ། ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་ཡི༔ ཕྲིན་ལས་དབང་དང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་སློབ་མ་འདི་ལ་བསྩལ་ནས་ཀྱང༔ ཕྲིན་ལས་ཐོགས་པ་མེད་པའི་རྩལ་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་དང་གཉིས་སུ་མེད་པ་འཆི་མེད་ཚེའི་དབང་མཆོག་ཐོབ་པར་གྱུར་ཅིག །དེ་ལྟར་ཚེ་དབང་བསྐུར་པས་ལུས་ཀྱི་ནང་འཆི་མེད་ཚེའི་བཅུད་ཀྱིས་གང་བའི་དྭངས་མ་ཐམས་ཅད་སྒོ་གསུམ་མི་ཤིགས་པའི་ཐིག་ལེ་ལ་ཐིམ། དེ་ཡང་རང་བྱུང་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་ཆེན་པོའི་ཀློང་དུ་རྒྱས་བཏབ་པས་ནམ་ཡང་སྐྱེ་འཆི་འཕོ་འགྱུར་དང་བྲལ་བ་རྡོ་རྗེ་རྟག་པ་དམ་པའི་གོ་འཕང་མངོན་དུ་གྱུར་པར་སྒོམས་ཤིག །ལས་བྱང་གི་ཚེ་སྦ་བསྟིམ་བྱ། སྤྲོ་ན་རྒྱལ་སྲིད་རྟགས་རྫས་ཀྱི་མཐའ་རྟེན་སྦྱིན་ལ་ཤིས་བརྗོད་སྤེལ། གསུམ་པ་དབང་གི་དམ་ཚིག་ཁས་བླངས་སོགས་དང་། ཕྲིན་ལས་ཀྱི་རིམ་པ་གཏང་རག་མཆོད་བསྟོད། ནོངས་བཤགས། གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་རྣམས་ཀྱང་སྤྱིའི་འགྲོས་བཞིན་བྱའོ། །འདི་དགེས་བསྟན་འཛིན་སྐྱེས་བུ་རྣམས། །མི་ཤིགས་སྲོག་གི་ཀ་བ་ཚུགས། །གཞན་ཕན་ཕྲིན་ལས་མཐའ་ཡས་པས། །རྒྱལ་བསྟན་མཁའ་ཁྱབ་སྤེལ་བྱེད་ཤོག །ཅེས་པ་འདིའང་རྩོད་བྲལ་གྱི་ཟབ་གཏེར་དུ་གྲུབ་ཀྱང་མཚན་ཙམ་ཡང་ཐོས་པར་དཀོན་པ་ལ། རྗེ་བླ་མ་མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་མཆོག་གི་བཀའ་དྲིན་ལས་ཟབ་ཆོས་བདུད་རྩི་བསྐྱིལ་བའི་སྣོད་ལྡན། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྒྱུན་ལ་དམིགས་ནས་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་སླད་དུ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ (Volume 3, Text 41)
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་བཞུགས༔ ༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ ཐོག་མར་ཡིད་ཆེས་བསྐྱེད་པའི་ཕྱིར༔ ལོ་རྒྱུས་ལུང་གི་ངེས་པ་ནི༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པ༔ གཏད་མེད་སྒྱུ་མའི་སྐྱེས་བུ་བདག༔ སྒྱུ་མ་རྨི་ལམ་ལྟ་བུའི་ངང༔ རྒྱ་གར་རྒྱ་ནག་བལ་པོ་ལི༔ བོད་ཡུལ་མཐའ་དབུས་ཀུན་ཏུ་ཕྱིན༔ བླ་མ་ལྷ་དང་མཁའ་འགྲོ་ཡིས༔ རྗེས་སུ་གནང་ཞིང་བྱིན་གྱིས་བརླབས༔ ཁྱད་པར་ཨོ་རྒྱན་ཆེན་པོ་ཡིས༔ དངོས་སུ་སྤྲུལ་པའི་དཀྱིལ་འཁོར་དུ༔ དབང་བསྐུར་གདམས་ངག་བསམ་ཡས་བསྩལ༔ ཙ་རི་ཏྲ་དང་ཏི་སེའི་རོང༔ དཔལ་གྱི་མཆིམས་ཕུའི་བྲག་སོགས་ནས༔ ཟབ་མོའི་གཏེར་ཁ་འགའ་ཞིག་ཕྱུང༔ འོན་ཀྱང་པདྨ་ཐོད་ཕྲེང་གིས༔ གསུང་གིས་རྗེས་སུ་གནང་བ་དང༔ སྔོན་ལས་འཕྲལ་རྐྱེན་མཚམས་སྦྱར་ནས༔ ཕྲིན་ལས་འགྲོ་འདུལ་རླབས་པོ་ཆེ༔ ཆུ་ཆེན་རྣམས་ལ་ལྕགས་ཟམ་བཙུགས༔ ས་གནད་མེ་བཙའ་གྲངས་མེད་བཞེངས༔ ཀླ་ཀློ་བཏུལ་ཅིང་མཐའ་དམག་བཟློག༔ གངས་ཅན་སྣོད་བཅུད་རྒུད་པ་གསོས༔ ནད་མུག་མཚོན་འཁྲུགས་སྐལ་ངན་བཅད༔ ཆོས་དང་སྲིད་ཀྱི་ལེགས་ཚོགས་སྤེལ༔ འབྲེལ་ཚད་དོན་ལྡན་རྨད་བྱུང་བ༔ ཨོ་རྒྱན་གཉིས་པའི་ཕྲིན་ལས་བསྐྱངས༔ བོད་ལ་བཀའ་དྲིན་ཆེ་བར་བྱས༔ ཁྱད་པར་ཟབ་མོའི་གདམས་པ་རྣམས༔ སྐལ་ལྡན་རྣམས་ལ་ཅི་རིགས་བསྟན༔ དེ་ཡང་འགའ་ཞིག་ཁྱབ་ཅིང་བརྡལ༔ ལ་ལ་སྙན་བརྒྱུད་གསང་བར་གདམས༔ ཐམས་ཅད་སྤེལ་བའི་གནས་མེད་པས༔ ཕལ་ཆེར་ལྷ་རྩེའི་བྲག་དང་ནི༔ ཟབ་ལུང་མཆིམས་ཕུའི་རི་སུལ་དུ༔ ཡང་གཏེར་བསྟན་པའི་བཙས་སུ་བཞག༔ དེ་རྣམས་ཀུན་གྱི་བཅུད་ཕྱུང་བ༔ མདོ་རྒྱུད་སྙིང་པོ་གདམས་ངག་ལྔ༔ སྒྲུབ་པ་ལུང་ཆེན་འདུས་པའི་བཀའ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་དང༔ ཀུན་གྱི་རྒྱབ་རྟེན་ཁོ་བོ་ཡི༔ ཟབ་ལམ་བླ་མ་སྒྲུབ་པའི་ཐབས༔ དྲྭ་བ་རྣམ་བཞིའི་གསེང་ལམ་བཅས༔ མ་འོངས་དོན་དུ་སྦས་པའི་ཚུལ༔ གཏེར་གནས་གཞན་ལས་ཁྱད་འཕགས་ཏེ༔ བྱང་ཆུབ་སྙིང་པོ་རྡོ་རྗེའི་ལུས༔ གཏེར་སྣོད་གཞན་ལས་ཁྱད་འཕགས་པ༔ སྐྱེ་འཇིག་བྲལ་བ་དབྱིངས་ཀྱི་སྒྲོམ༔ གཏེར་ཡིག་གཞན་ལས་ཁྱད་འཕགས་ཏེ༔ འཕེལ་འགྲིབ་མེད་པ་རིག་པའི་བརྡ༔ གཏེར་སྟོན་གཞན་ལས་ཁྱད་འཕགས་པ༔ བདག་དང་གཉིས་མིན་རྣལ་འབྱོར་ནི༔ བཀའ་བབས་བདུན་ལྡན་མདོ་སྔགས་གླིང༔ མདོ་ཁམས་མཐིལ་དུ་འབྱུང་དང་འཕྲད༔ མཚོན་ཚུལ་གཞན་ལས་ཁྱད་འཕགས་ཏེ༔ དངོས་ཀྱིས་ཡང་ཡང་བྱིན་གྱིས་བརླབས༔ ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང༔ རིག་འཛིན་ཌཱ་ཀིའི་འདུ་བ་ཡིས༔ རྩ་ཁམས་རླུང་ལ་བྱིན་ཕབ་པས༔ རྩོལ་མེད་ངང་གིས་རྒྱུད་ལ་འཆར༔ ཐེ་ཚོམ་མ་བྱེད་གཏན་ལ་ཕོབ༔ རིང་དུ་གསང་བས་རང་ཉམས་ལོང༔ དུས་སུ་བབ་ཚེ་རིམ་པར་སྤེལ༔ མ་ཉམས་མ་འཆལ་བཀའ་རྒྱ་སྡོམས༔ སྔོན་གྱི་གདམས་ངག་གསོ་བ་དང༔ བསྟན་འགྲོར་སྨན་པའི་སྨོན་ལམ་ཐོབ༔ འབྲེལ་ཚད་དོན་དང་ལྡན་པ་ཡི༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་པདྨ་མདོ་སྔགས་གླིང་པས་ཟབ་མོའི་དགོངས་གཏེར་ལས་ཕྱུང་པའོ།། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ བླ་མ་ཞི་བའི་སྒྲུབ་ཐབས་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ བླ་མ་ཞི་བའི་སྒྲུབ་ཐབས་ནི༔ ལམ་གྱི་རིམ་པར་འབྲེལ་བ་སྟེ༔ དང་པོ་ལྟ་བ་ལམ་བྱེད་པས༔ ཡང་དག་གནས་ལུག་གཏན་ལ་དབབ༔ དེ་ཡང་དབང་ཐོབ་དམ་ཚིག་ལ༔ གནས་པའི་ལམ་མཆོག་དོན་གཉེར་བས༔ དབེན་པར་འདུ་འཛིའི་སྤྲོས་པ་བཅད༔ ངེས་འབྱུང་དྲག་པོས་མཚམས་སྦྱར་ནས༔ བྱམས་དང་སྙིང་རྗེར་བློ་སྦྱངས་ཏེ༔ བྱང་ཆུབ་སེམས་མཆོག་རྩེ་གཅིག་བསྐྱེད༔ སྡིག་ལྟུང་སྦྱང་ཞིང་ཚོགས་གཉིས་སྤེལ༔ ཁྱད་པར་བླ་མའི་རྣལ་འབྱོར་བསྒོམ༔ བཟོད་དུ་མེད་པའི་མོས་གུས་བསྐྱེད༔ ཚད་བཟུང་མེད་པའི་བྱིན་ཆེན་དབབ༔ བསམ་དུ་མེད་པ་གཉུག་མའི་ངང༔ གཉིས་སུ་མེད་པར་ཐུགས་ཡིད་བསྲེ༔ དེ་རྣམས་སྔོན་འགྲོའི་བློ་སྦྱོང་སྟེ༔ མེད་དུ་མི་རུང་ལམ་སྟེགས་སོ༔ དངོས་གཞི་སྙིང་པོའི་ཏནྟྲ་ལས༔ མ་རྟོགས་པ་དང་ལོག་པར་རྟོག༔ ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས༔ འདུལ་དང་དགོངས་དང་གསང་བ་དང༔ རང་བཞིན་གསང་བའི་དོན་ཅེས་པས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ལྟ་བའི་ཕྲེང་བ་བཀོད་ནས་ཀྱང༔ འོག་མའི་ལོག་རྟོག་གོང་མས་བསལ༔ མཐར་ཐུག་རང་བཞིན་གསང་བའི་དོན༔ རྫོགས་པ་ཆེན་པོར་ལ་བཟླའི་ཚུལ༔ མ་རྟོགས་ཕྱལ་པ་རྒྱུ་དང་འབྲས༔ ཡོད་མེད་མ་ཤེས་ཀུན་ཏུ་འཁྱམས༔ ལོག་རྟོག་རྒྱང་འཕེན་སྔ་ཕྱིའི་མཐའ༔ ཤེས་མིན་འདི་དོན་ཉི་ཚེ་བསྒྲུབ༔ མུར་ཐུག་ཁྱད་པར་ལྟ་བ་དང༔ མུ་སྟེགས་བདག་ཏུ་ལྟ་བས་བརླག༔ དེ་རྣམས་ཚུལ་ལ་ལེགས་དཔྱད་ན༔ རྒྱུ་འབྲས་མངོན་སུམ་བསླུ་བ་མེད༔ ཚེ་འདིའི་དོན་ཙམ་ཕྱུགས་ཀྱང་ཤེས༔ མེད་པ་ཅི་ཕྱིར་སྐྱེ་བར་འགྱུར༔ བདག་ལྟ་ཚད་མས་མ་དམིགས་ཕྱིར༔ ཀུན་ཀྱང་འཁྲུལ་ལས་ཉིང་འཁྲུལ་ལོ༔ ཕྱོགས་ཙམ་རྟོགས་པའི་ཉན་ཐོས་པས༔ བཏགས་པའི་བདག་དང་ཡོད་མེད་མཐའ༔ བསལ་ནས་གཟུང་འཛིན་རྫས་གྲུབ་འདོད༔ དེ་ནི་རྫས་སུ་མ་གྲུབ་སྟེ༔ རྡུལ་ཕྲན་སྐད་ཅིག་ཆ་མེད་ཕྱིར༔ རང་རྒྱལ་གཟུང་དོན་རྟོག་པ་སྤངས༔ འཛིན་པ་མ་སྤངས་དེ་ཉིད་ཀྱང༔ དུས་གསུམ་ཕྲད་མེད་སྟོང་པར་ཤེས༔ ཡང་དག་མ་རྟོགས་ཐེག་ཆེན་སྤྱི༔ དོན་དམ་རང་བཞིན་མེད་པ་དང༔ ཀུན་རྫོབ་སྒྱུ་མ་ལྟ་བུར་རྟོགས༔ དེ་ཡང་གཟོད་ནས་བདེན་པ་གཉིས༔ མཉམ་པར་ཤེས་པས་སྒྱུ་འཛིན་ལྡོག༔ སྔགས་ཀྱི་འདུལ་བ་བྱ་སྤྱོད་དག༔ དོན་དམ་མཐའ་བཞིའི་སྤྲོས་བྲལ་ལ༔ ཀུན་རྫོབ་དམ་ཡེ་ཐ་དད་བསྒོམ༔ བདེན་གཉིས་གཟོད་ནས་དབྱེར་མེད་ལ༔ ཐ་དད་འཛིན་པ་རྟོག་པ་ཉིད༔ རྡོ་རྗེ་ཐེག་པའི་དགོངས་དོན་གྱི༔ གཞིར་གྱུར་རྣལ་འབྱོར་རྒྱུད་སྡེ་ལས༔ མཉམ་གཞག་དམ་ཡེ་དབྱེར་མེད་ལ༔ རྗེས་ཐོབ་ཐ་མལ་ཉིད་དུ་བརྟག༔ དེ་ཡང་རེས་འཇོག་སྐྱོན་དུ་འགྱུར༔ གསང་བ་བསྐྱེད་དང་སྦྱོར་སྒྲོལ་སོགས༔ རྨད་བྱུང་མ་ཧཱ་ཡོ་གས་ཀྱང༔ བཅོས་མའི་སྒྲོ་བཏགས་སྣ་ཚོགས་ཀྱིས༔ མ་བཅོས་རྣལ་མའི་དོན་ལས་གཡེལ༔ རང་བཞིན་གསང་བ་གདོད་མ་ནས༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་པས༔ བསལ་བཞག་ལས་འདས་རྫོགས་པ་ཆེ༔ ངོ་བོ་སྐྱེ་མེད་རྒྱུ་གཅིག་པུ༔ རོལ་པ་འགག་མེད་ཡི་གེའི་ཚུལ༔ དེ་ལ་བྱིན་རླབས་མཐུ་ཡོད་པས༔ རང་རིག་རྣལ་འབྱོར་མངོན་སུམ་རྟོགས༔ ཤེས་ཤིང་འཇུག་པས་འབྲས་བུ་ལ༔ སྦྱོར་བྱེད་མཚན་མེད་བསྙེན་སྒྲུབ་བཞི༔ བསྙེན་པ་བྱང་ཆུབ་སེམས་ཤེས་པས༔ ཉེ་བསྙེན་འཛིན་སེམས་རང་སར་གྲོལ༔ སྒྲུབ་པ་གཟུང་ཡུལ་ངང་གིས་དག༔ སྒྲུབ་ཆེན་དབྱེར་མེད་འོད་གསལ་བ༔ རྟོགས་ཤིང་གོམས་པ་མཐར་ཕྱིན་པས༔ བདེན་གཉིས་རྣམ་དབྱེར་མེད་པ་ཡི༔ ངོ་བོའི་བཞུགས་ཚུལ་མངོན་གྱུར་ནས༔ མྱུར་དུ་བྱང་ཆུབ་མཆོག་ལ་སྦྱོར༔ དེ་ཡང་ལྟ་བས་རྒྱུད་སྦྱངས་ནས༔ སྒོམ་པས་ཉམས་སུ་བླང་པ་ལ༔ གཉིས་པ་རྣམ་ཤེས་ལམ་བྱེད་པ༔ བསྐྱེད་པའི་རིམ་ལ་བསླབ་བྱ་སྟེ༔ དེ་ཡང་མ་རྟོགས་སེམས་ཅན་རྣམས༔ འཁྲུལ་སྣང་ལུ་གུ་རྒྱུད་ལ་སྤྱོད༔ ལོག་རྟོག་འཇིག་རྟེན་ལྷ་ཆེན་པོའི༔ སྒོམ་དང་བཟླས་པས་སླར་ཡང་འཆིང༔ སྦྱང་བྱ་དེ་དག་སྦྱོང་བྱེད་ལམ༔ ཕྱོགས་རྟོགས་ཡང་དག་མ་རྟོགས་པས༔ སངས་རྒྱས་རྗེས་སུ་དྲན་པ་ཙམ༔ འདུལ་དང་དགོངས་པས་ཕྱི་རོལ་ལ༔ དམིགས་བཟླས་དངོས་གྲུབ་ཅི་རིགས་འགྲུབ༔ དེ་རྣམས་ཀུན་ལས་ཁྱད་པར་བ༔ ཐ་མལ་སྣང་བ་ལྷར་བལྟ་ཞིང༔ ཞེན་པ་གསལ་སྣང་བརྟན་པོས་སྦྱང༔ ཨ༔ དབྱིངས་ཉིད་གདོད་ནས་སྟོང་པ་ཆེ༔ རིག་པ་མཚན་མེད་སྙིང་རྗེར་ཤར༔ ཟུང་འཇུག་སྨོན་པ་མེད་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོའི༔ འོད་ཀྱིས་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་དག་པ་ཡུམ་ལྔའི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ རྡོ་རྗེ་སྲུང་བའི་འཁོར་ལོས་བསྐོར༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ སེམས་ཉིད་དག་པ་རྒྱུ་ཡི་ཧྲཱི༔ ཡོངས་གྱུར་གཉུག་མ་རང་བཞིན་ལྷ༔ ཞལ་ཕྱག་སྐུར་བཞེངས་པདྨ་འབྱུང༔ དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་མཉམ་གཞག་བྷནྡྷ་དང༔ འཆི་མེད་ཚེ་ཡི་བུམ་བཟང་བསྣམས༔ གསང་ཕོད་ཆོས་གོས་ཟབ་བེར་གསོལ༔ དབུ་ལ་པདྨའི་སྙན་ཞུས་བརྗིད༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་རོལ༔ སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དབུས༔ ལོངས་སྐུ་པདྨ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་རྒྱས༔ རང་འོད་ཡུམ་འཁྱུད་མཚན་དཔེར་འབར༔ དེ་སྤྱིར་པད་ཉི་ཟླ་བའི་སྟེང༔ ཆོས་སྐུ་མི་འགྱུར་ཀུན་ཏུ་འཆང༔ མཐིང་གསལ་རྡོ་རྗེ་དྲིལ་བུའི་རྒྱས༔ དབྱིངས་ཕྱུག་ཡུམ་འཁྱུད་དར་གོས་དང༔ རིན་ཆེན་རུས་པའི་རྒྱན་གྱིས་སྤྲས༔ ཕྱི་རོལ་པདྨ་འདབ་བཞིའི་སྟེང༔ མདུན་དང་ཕྱོགས་བཞིར་རིགས་མཆོག་ལྔ༔ ཐོད་ཕྲེང་སྡེ་ལྔའི་རྣམ་པར་བཞེངས༔ སོ་སོའི་རིགས་ཀྱི་བཙུན་མོར་བཅས༔ ཁ་སྦྱོར་བདེ་བའི་རོལ་པར་བཞུགས༔ དེ་ཕྱིར་རིན་ཆེན་ཟུར་བརྒྱད་ལ༔ ཕྱི་ནང་སེམས་དཔའ་སེམས་མའི་དངོས༔ སྤྲུལ་པའི་གུ་རུ་མཚན་མཆོག་བརྒྱད༔ རང་རང་རིགས་ཀྱི་ཡུམ་བཅས་གསལ༔ བར་ཁྱམས་སྟེང་འོག་ཕྱོགས་བཞི་རུ༔ ཡང་སྤྲུལ་གུ་རུ་རིགས་དྲུག་དང༔ སྒོ་བཞིར་མཐར་བྱེད་ཡབ་ཡུམ་བརྒྱད༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ རིག་འཛིན་བླ་མའི་འཁོར་ལོར་རྫོགས༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་ཕྱག་རྒྱས་གདབ༔ ནམ་མཁའ་གང་བའི་དབང་གི་ལྷས༔ བདེ་ཆེན་བདུད་རྩིའི་ཆར་འབེབས་པས༔ ཕུང་པོ་གནས་གྱུར་ཉོན་མོངས་དག༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི་སུ་ར་ཏཱ་སཏྭཾ་ཨ་ཧཾ༔ དེ་ལྟར་ལེགས་པར་གསལ་བཏབ་པས༔ མེད་བཞིན་འཆར་བའི་གཟུང་འཛིན་ཀུན༔ སྣང་སྲིད་གཞིར་བཞེངས་ཆེན་པོ་ཡི༔ རིག་འཛིན་བླ་མའི་འཁོར་ལོར་བསྒོམ༔ སྤྲོ་ན་ཡེ་ཤེས་དྲང་བསྟིམ་སོགས༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ བསྙེན་པ་ཕྱག་རྒྱ་གཅིག་པ་དང༔ ཉེ་བསྙེན་ཕྱག་རྒྱ་སྤྲོས་བཅས་ལ༔ རྩེ་གཅིག་སེམས་གཟུང་གསལ་སྣང་བསྒྲུབ༔ སྐུ་དང་ཡེ་ཤེས་དབྱེར་མེད་པའི༔ ང་རྒྱལ་བརྟན་པོ་དྲག་ཏུ་བསྐྱེད༔ གཞི་ལམ་འབྲས་གསུམ་རོ་མཉམ་པའི༔ དག་པ་དྲན་པས་རྒྱས་བཏབ་མཐུས༔ ཐ་མལ་སྣང་ཞེན་འགོག་ནུས་པའི༔ བསྐྱེད་པའི་ཚུལ་ལ་དྲོད་ཐོབ་ནས༔ སྒྲུབ་པ་བདག་མདུན་ཐ་དད་པར༔ དམིགས་ཤིང་སྤྲོ་བསྡུས་ཐུགས་དམ་བསྐུལ༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེས༔ རིག་པ་འཛིན་པའི་ས་ལ་སྦྱོར༔ ཡན་ལག་བཟླས་པའི་ཛཔ྄་དགོངས་ནི༔ རང་ཉིད་དཀྱིལ་འཁོར་གཙོ་མཆོག་གི༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ དེ་ཡི་ཐུགས་དབུས་ཉི་ཟླའི་སྦུབས༔ ཧྲཱིཿཡིག་དཀར་དམར་མཐའ་བསྐོར་དུ༔ སྔགས་ཕྲེང་རང་སྒྲ་སྒྲོག་བཞིན་པར༔ གཡས་བསྐོར་འོད་ཟེར་འཕྲོ་བར་བསམ༔ དེ་ཉིད་ཁོ་ནར་སེམས་བཟུང་ནས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསྙེན་པ་འབུམ་ཕྲག་བཞི་ཡིས་འགྲུབ༔ ཉེ་བར་བསྙེན་པའི་དགོངས་པ་ནི༔ སླར་ཡང་ཐུགས་སྲོག་སྔགས་ཕྲེང་གིས༔ བསྐོར་ལས་གཉིས་པ་བར་མེད་བྱུང༔ རང་གི་ཞལ་ནས་རང་འོད་ཀྱི༔ ཡུམ་གྱི་ཞལ་ཞུགས་གསང་བར་བརྒྱུད༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ མཆོག་ཏུ་མི་འགྱུར་བདེ་ཆེན་འབར༔ སྦྱོར་མཚམས་ནས་ཐོན་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཞུགས༔ རང་རང་ཐུགས་སྲོག་ལས་བྱུང་བའི༔ སྔགས་ཕྲེང་མགལ་མེ་བཞིན་དུ་འཁོར༔ བདེ་སྟོང་ཡེ་ཤེས་ཉམས་འབར་ནས༔ ཐུགས་རྗེ་ལྷག་པར་ཉེ་བ་ཡིས༔ རང་རྒྱུད་བྱིན་གྱིས་བརླབས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་ཡིས་ཉེ་བར་བསྙེན༔ དངོས་གྲུབ་སྒྲུབ་པའི་དགོངས་པ་ནི༔ ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ དཀྱིལ་འཁོར་ལྷ་ཚོགས་ཡེ་ཤེས་བསྐུལ༔ གཙོ་འཁོར་ཀུན་གྱི་ཐུགས་ཀ་ནས༔ བདེ་ཆེན་གཟི་བྱིན་དཔལ་དུ་འབར༔ མཁའ་ཁྱབ་རྩ་གསུམ་རབ་འབྱམས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སླར་འཕྲོས་འགྲོ་ཀུན་སྡིག་སྒྲིབ་སྦྱངས༔ དྲེགས་པ་གཏུམ་པོ་ལས་ལ་བསྐོལ༔ ཞི་རྒྱས་དབང་དྲག་མཆོག་ཐུན་གྱི༔ གང་འདུལ་ཕྲིན་ལས་ལྷུན་གྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཞི་བཟླས་ཕྲིན་ལས་འགྲུབ༔ སྐབས་སུ་སྔགས་ཤམ་ཅི་རིགས་སྤེལ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝ་ཤཾ་ཀུ་རུ་ཧོ༔ ཧཱུྃ་མཱ་ར་ཡ་ཕཊ༔ སྒྲུབ་པ་ཆེན་པོའི་དགོངས་པ་ནི༔ སླར་ཡང་འོད་ཟེར་མཁའ་ཁྱབ་འཕྲོས༔ ས་ཆུ་སྤྱན་དང་མཱ་མ་ཀཱི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༔ གཉུག་མར་གནས་པ་མངོན་དུ་སད༔ ནང་བཅུད་འགྲོ་དྲུག་སེམས་ཅན་ཀུན༔ རིག་འཛིན་བླ་མའི་ཕྱག་རྒྱར་ཤར༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས༔ གདན་གསུམ་དཀྱིལ་འཁོར་ཆེན་པོར་རྫོགས༔ སྒྲ་གྲགས་སྔགས་ཀྱི་རང་སྒྲར་འུར༔ དྲན་རྟོག་འོད་གསལ་ཁྱབ་གདལ་ཆེ༔ སྣང་སྲིད་གཞིར་བཞེངས་རྡོ་རྗེ་གསུམ༔ དག་པ་རབ་འབྱམས་ངང་ནས་བཟླས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་བཛྲ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་རིག་འཛིན་འགྲུབ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་དང༔ རྗེས་རིམ་ཕྲིན་ལས་བཞིན་དུ་བྱ༔ གསུམ་པ་ཡེ་ཤེས་ལམ་བྱེད་པ༔ ཟབ་མོ་རྫོགས་རིམ་ཐབས་གྲོལ་ལམ༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ དེ་ཡང་མ་རྟོགས་ཐ་མལ་གྱི༔ ཟག་སྲེད་ཞེན་པས་སྡུག་བསྔལ་སྤེལ༔ ལོག་རྟོག་རྩ་རླུང་ཐིག་ལེའི་ལམ༔ ཐམས་ཅད་འཁྲུལ་པ་མཆེད་པའི་རྒྱུ༔ ཕྱོགས་རྟོགས་ཡང་དག་མ་རྟོགས་པས༔ བསམ་གཏན་བདེ་བའི་རོ་མྱོང་སོགས༔ ཉམས་ཀྱི་ཞེན་པས་ཀུན་ནས་བཅིངས༔ འདུལ་དང་དགོངས་པས་བལྟས་སོགས་ཀྱི༔ བདེ་བ་ལམ་དུ་བྱེད་མོད་ཀྱི༔ ཇི་བཞིན་ཡེ་ཤེས་བསྐྱེད་མི་ནུས༔ དེ་དག་ཀུན་ལས་ཁྱད་འཕགས་པ༔ གསང་བ་རྣལ་འབྱོར་ཆེན་པོ་ཡིས༔ ཞུ་བདེའི་ཐབས་ཀྱིས་ཡེ་ཤེས་མཚོན༔ རང་བཞིན་གསང་བ་རྫོགས་པ་ཆེས༔ དོན་གྱི་ལྷན་སྐྱེས་མངོན་བྱེད་ཕྱིར༔ སྦྱོར་བ་སྔོན་འགྲོས་རྒྱུད་སྦྱངས་ནས༔ ལུས་རྩ་རླུང་གི་སྟོང་ར་བསྒོམ༔ རྡོ་རྗེའི་བཟླས་པས་ལམ་དུ་གཞུག༔ བུམ་པ་ཅན་གྱིས་རླུང་སེམས་བསྲེ༔ དེ་ཡིས་ལྟེ་བའི་མེ་བསྐུལ་བས༔ གཏུམ་མོ་དྲོད་ཀྱི་ཡེ་ཤེས་སྦར༔ སྤྱི་བོའི་ཧཾ་ལས་ཁམས་བཞུ་བ༔ འཁོར་ལོ་བཞིར་དབབ་བདེ་བ་སྤེལ༔ དྲོད་དང་བདེ་བ་དབྱེར་མེད་པ༔ མི་རྟོག་ཀ་དག་ངང་དུ་བཞག༔ དེ་ལྟར་རླུང་སྦྱོར་བསྙེན་པ་སྟེ༔ གཏུམ་མོ་ཉེ་བསྙེན་བདེ་བ་སྒྲུབ༔ མི་རྟོག་སྒྲུབ་པ་ཆེན་པོ་འོ༔ དངོས་གཞི་གསུམ་པའི་དབང་གི་ལམ༔ འོག་སྒོ་ཁམས་གསུམ་རོལ་པ་ནི༔ རང་ལུས་ཐབས་ལྡན་ལ་བརྟེན་ཏེ༔ ཐིག་ལེ་འཛིན་འགྲེམས་དབང་ཐོབ་ནས༔ རིགས་ཅན་ལྔ་སོགས་མཚན་ལྡན་པ༔ བླ་མ་ལྷ་ཡིས་རྗེས་གནང་གང༔ དགུག་ཅིང་སྨིན་སྦྱོང་ལུས་ཟུངས་གསོ༔ འདོད་པའི་སྒྱུ་རྩལ་ཅི་ཡང་རྩེ༔ ཁྱད་པར་ལྟ་དགོད་ལག་སྦྲེལ་ཞིང༔ འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས༔ འདོད་ཆགས་ཆེན་པོའི་མེ་སྤར་བས༔ ཡས་བབས་རྒྱུ་ཡི་དགའ་བཞི་བསྐྱེད༔ ནོར་བུའི་རྩེ་འམ་མགྲིན་པ་ནས༔ གྱེན་དྲངས་འབྲས་བུའི་དགའ་བཞི་སྤེལ༔ དེ་ཚེ་བདེ་བས་ཐབས་བྱས་པའི༔ ལྷན་སྐྱེས་དཔེ་ཡི་ཚུལ་དུ་འཆར༔ ཡུན་རིང་གོམས་པ་བརྟན་པ་ལས༔ འཇིག་རྟེན་ཆོས་ཀྱི་མཆོག་འགྲུབ་བོ༔ དེ་ཡང་འདོད་པའི་སྒྱུ་རྩལ་གྱིས༔ བསྙེན་ནས་སྙོམས་ཞུགས་ཉེ་བར་བསྙེན༔ ཡས་བབས་སྒྲུབ་དང་མས་བརྟན་གྱིས༔ སྒྲུབ་པ་ཆེན་པོ་མངོན་དུ་འགྱུར༔ རྗེས་ནི་བཞི་པའི་དབང་གི་ལམ༔ དོན་གྱི་ཡེ་ཤེས་རྫོགས་པ་ཆེ༔ གྲོལ་ལམ་མཐར་ཐུག་མངོན་གྱུར་པས༔ ས་ལམ་སྤངས་ཐོབ་རིག་ངོར་རྫོགས༔ ལྟ་བ་བདེན་གཉིས་དབྱེར་མེད་པ༔ ལྷག་པའི་ཆོས་སྐུ་མཉམ་པ་ཉིད༔ བླ་མའི་བྱིན་རླབས་འབའ་ཞིག་ལ༔ བརྟེན་ནས་རིག་སྟོང་རྗེན་པར་མཐོང༔ སྒོམ་པ་མ་བཅོས་གཉུག་མའི་བབས༔ བསལ་བཞག་བྲལ་བའི་ངང་བསྐྱངས་པས༔ དུས་གསུམ་རྟོག་ཚོགས་དབྱིངས་སུ་ཐིམ༔ གནས་ལུགས་འགྱུར་མེད་གདིང་ཆེན་ཐོབ༔ སྤྱོད་པ་གཟུང་ཡུལ་ཞེན་པ་དག༔ འཛིན་སེམས་སྦྲུལ་མདུད་བཞིན་དུ་གྲོལ༔ སྣང་སེམས་རོ་གཅིག་འོད་གསལ་ངང༔ མཉམ་རྗེས་དབྱེར་མེད་ལྷུག་པར་ཁྱེར༔ དེ་ལྟར་མཐོང་ཞིང་གོམས་པ་ཡི༔ བསྙེན་དང་ཉེ་བར་བསྙེན་པ་དང༔ རོ་མཉམ་སྤྱོད་པའི་སྒྲུབ་པ་ཡིས༔ འབྲས་བུ་ཆོས་ཟད་སྒྲུབ་པ་ཆེ༔ སྐུ་དང་ཡེ་ཤེས་དབྱེར་མེད་པ༔ དོན་གྱི་ཀུན་བཟང་པདྨ་འབྱུང༔ མྱུར་དུ་འགྲུབ་བྱེད་ལམ་གྱི་རིམ༔ བྱེ་བ་ཕྲག་བརྒྱའི་སྙིང་པོ་འོ༔ བཞི་པ་སྤྱོད་ཡུལ་ལམ་ཁྱེར་བ༔ ལས་ཀྱི་ཕྲེང་བའི་རྣལ་འབྱོར་ནི༔ མ་རྟོགས་འཁྲུལ་སྣང་རང་གར་སྤྱོད༔ ལོག་རྟོག་དཀའ་ཐུབ་བརྟུལ་ཞུགས་དང༔ འཇིག་རྟེན་ལྷ་ཆེན་མཆོད་པ་སོགས༔ ཐམས་ཅད་ཉོན་མོངས་འབའ་ཞིག་རྒྱུ༔ ཕྱོགས་རྟོགས་ཡང་དག་མ་རྟོགས་པས༔ རང་རང་ལས་ཀྱི་ཆོ་ག་དང༔ ཀུན་ཏུ་སྤྱོད་པ་ཐམས་ཅད་ཀྱང༔ ཐར་དང་བྱང་ཆུབ་རིང་རྒྱུ་ཙམ༔ འདུལ་དང་དགོངས་པའི་རྒྱུད་དག་ལས༔ དེ་ཉིད་བཅུ་སོགས་ལས་ཀྱི་རིམ༔ རྒྱ་ཆེར་བསྟན་ཀྱང་བདག་དང་ལྷ༔ ཐ་དད་འཛིན་པས་དངོས་གྲུབ་རིང༔ ཀུན་ལས་ཁྱད་འཕགས་རྣལ་འབྱོར་ཆེ༔ དབང་བསྒྱུར་གསང་བའི་ལས་རིམ་ལ༔ རང་བཞིན་གསང་བས་རྒྱས་བཏབ་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ༔ དེ་ལ་སྨིན་བྱེད་དབང་བསྐུར་དང༔ བསྙེན་སྒྲུབ་ཕྲིན་ལས་རིམ་པ་དང༔ རབ་གནས་སྲེག་བླུགས་སྐོང་ལ་སོགས༔ ཀུན་ཀྱང་སྦྱོར་བ་བསྙེན་པ་སྟེ༔ འཚོགས་ཆས་སྟ་གོན་ཉེ་བར་བསྙེན༔ དངོས་གཞི་སྒྲུབ་དང་ལས་སྦྱར་བ༔ སྒྲུབ་པ་ཆེན་པོའི་ཚུལ་གྱིས་སྤྱད༔ གང་ཡང་བདེན་གཉིས་དབྱེར་མེད་པ༔ ཡོངས་གྲུབ་ལྷ་སྔགས་ཆོས་སྐུའི་ངང༔ ཡེ་ཤེས་སྒྱུ་མའི་ཏིང་འཛིན་ཆེ༔ གཞན་དབང་དག་པ་རབ་འབྱམས་ཀྱིས༔ ཀུན་བརྟགས་ཕྲ་རགས་དབྱིངས་སུ་ཐིམ༔ ཟག་བཅས་ཟག་མེད་ཚོགས་ཆེན་རྫོགས༔ སྐུ་དང་ཡེ་ཤེས་ཕྲིན་ལས་འགྲུབ༔ དེ་ལྟར་སྙིང་པོའི་རྒྱུད་སྡེ་དང༔ རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཡི༔ ལམ་རིམ་གཞན་ལས་ཕུལ་བྱུང་བ༔ རྒྱས་པར་ཕྲེང་བ་སྐོར་བཞིའི་གཞུང༔ ཟབ་བུའི་གཏེར་ལུང་བདུན་པར་སྦས༔ པདྨས་བྱིན་བརླབས་རིག་པ་འཛིན༔ འགྲན་ཟླ་བྲལ་བས་སྤྱོད་ཀྱང་སྲིད༔ གལ་ཏེ་རྟེན་འབྲེལ་དུས་ཡོལ་ན༔ བཻ་རོའི་སྐྱེ་མཐའི་སྐལ་བར་འགྱུར༔ འབྲིང་པོ་རྣལ་འབྱོར་བཞི་ཡི་ལམ༔ དགོངས་དོན་ཟབ་ཏིག་གཞུང་ཆེན་དང༔ ལྷན་ཅིག་ཧས་པོའི་རི་སུལ་གཏམས༔ རྡོ་རྗེ་རྒྱལ་པོས་གསང་བར་སྤྱོད༔ བསྡུས་པ་མཆིམས་ཕུའི་རི་སུལ་ནས༔ ཤོག་དྲིལ་ལྔ་ལྡན་བདག་གིས་རྙེད༔ དེ་ལས་བླ་མ་སྒྲུབ་པ་ཡི༔ གདམས་སྐོར་ཡང་གཏེར་རྒྱས་བཏབ་པའི༔ སྙིང་པོ་བདུད་རྩིའི་ཞུན་འདྲིལ་འདི༔ ཀློང་ལྔའི་དབྱིངས་སུ་རིག་པའི་བརྡར༔ བྱིན་བརླབས་ཕྱི་མ་ཕྱི་མའི་དུས༔ བདག་དང་དབྱེར་མེད་རྣལ་འབྱོར་པའི༔ དགོངས་པའི་གཏེར་དུ་སྦས་རྒྱས་གདམས༔ དུས་བབས་རྟེན་འབྲེལ་མངོན་གྱུར་ཚེ༔ རང་གཞན་དོན་མང་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རྗེ་གྲུབ་ཐོབ་ཆེན་པོའི་བྱིན་རླབས་ལས་རང་ཤར་བའི་གསང་བ་རྨད་དུ་བྱུང་བ་རྡོ་རྗེའི་ཚིག་ཉུང་ངུས་དོན་གྱི་གནས་དཔག་པར་དཀའ་བ་འདོམས་པ་འདི་ཉིད་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་པདྨ་འོད་གསལ་མདོ་སྔགས་གླིང་པས་ཁྱབ་བདག་བླ་མ་འཇམ་པའི་རྡོ་རྗེ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གཏན་ལ་ཕབ་པ་ཤིང་རྟའི་ལམ་སྲོལ་མཆོག་གི་ས་བོན་དུ་གྱུར་ཅིག། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ བླ་མ་དྲག་པོའི་སྒྲུབ་ཐབས་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ བླ་མ་དྲག་པོའི་རྣལ་འབྱོར་ནི༔ ཞི་བས་མི་འདུལ་གདུག་པ་ཅན༔ སྡེ་བརྒྱད་སྤྱི་དང་ཁྱད་པར་དུ༔ རྒྱལ་བསེན་དམ་སྲིའི་གཉེན་པོའི་ལྷ༔ གུ་རུ་དྲག་པོའི་ཚུལ་དུ་བསྒྲུབ༔ ཨཱ༔ དབྱིངས་ཉིད་གདོད་ནས་སྟོང་པ་ཆེ༔ རིག་གདངས་ཚད་མེད་སྙིང་རྗེར་ཤར༔ ཟུང་འཇུག་སྨོན་པ་མེད་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧཱུྃ་དམར་པོའི༔ འོད་ཀྱིས་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་དག་པ་ཡུམ་ལྔའི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྗིད༔ རྡོ་རྗེ་སྲུང་བའི་འཁོར་ལོས་བསྐོར༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དབུས༔ པད་ཉི་རྒྱལ་བསེན་བསྣོལ་བའི་སྟེང༔ སེམས་ཉིད་དག་པ་རྒྱུ་ཡི་ཧཱུྃ༔ ཡོངས་གྱུར་གཉུག་མ་རང་བཞིན་ལྷ༔ ཞལ་ཕྱག་སྐུར་བཞེངས་དྲག་པོ་རྩལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ གཡོན་པས་ལྕགས་སྡིག་སྙིང་ནས་གཟིར༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད༔ ཁྲོ་གཏུམ་གར་དགུའི་གཟི་བྱིན་འབར༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ སྨར་སྨིན་དབུ་སྐྲ་མེ་ལྟར་གཡོ༔ ཞབས་གཉིས་གྱད་ཀྱི་དོར་ཐབས་ཀྱིས༔ དྲག་མེ་འཁྲུགས་པའི་ཀློང་ན་རོལ༔ སྦྱོར་ཡུམ་རྡོ་རྗེ་ཕག་མོ་མཐིང༔ གྲི་ཐོད་ཕྱག་རྒྱ་འཛིན་པས་འཁྱུད༔ སྤྱི་གཙུག་ཁྱུང་ཆེན་རིགས་ལྔ་འཕྲོ༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ གསང་བདག་མཁའ་འགྲོ་སྡེ་ལྔ་དང༔ ཡཀྴ་མེ་དབལ་གོ་ཆས་གཏམས༔ ཕྱི་རོལ་འཁོར་ལོ་རྩིབས་བཞི་པའི༔ མདུན་དང་ཕྱོགས་བཞིར་པད་ཉིའི་སྟེང༔ བུདྡྷ་བཛྲ་རཏྣ་དང༔ པདྨ་ཀརྨ་དྲག་པོ་རྩལ༔ དཀར་མཐིང་སེར་དམར་ལྗང་གུའི་མདོག༔ རྒྱན་དང་ཆ་ལུགས་གཙོ་བོའི་ཚུལ༔ རང་འོད་ཡུམ་འཁྱུད་བདེ་སྟོང་སྦྱོར༔ དེ་ཕྱིར་གསེར་དང་ཁྲག་ཁྱམས་ལ༔ གནས་ཡུལ་མ་མོ་ཕྲ་མེན་དང༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ ཕྱི་འཁོར་དབང་ཕྱུག་ཉེར་བརྒྱད་སོགས༔ ཕོ་ཉ་དམ་ཅན་སྤྲིན་ལྟར་གཏིབས༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་ཕྱག་རྒྱས་གདབ༔ ནམ་མཁའ་གང་བའི་དབང་གི་ལྷས༔ བདེ་ཆེན་བདུད་རྩིའི་ཆར་འབེབས་པས༔ ཕུང་པོ་གནས་གྱུར་ཉོན་མོངས་དག༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་བདག༔ ཐོད་ཕྲེང་རིགས་ལྔའི་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩཱ་མི་སུ་ར་ཏ་སཏྭཾ་ཨ་ཧཾ༔ ཧཱུྃ༔ པདྨ་གསང་ཆེན་མཆོག་གི་ཞིང༔ དུར་ཁྲོད་རོལ་པའི་ཕོ་བྲང་ནས༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་བཞེངས༔ རྒྱལ་བསེན་དམ་སྲི་ཚར་བཅད་ཅིང༔ གཟུང་འཛིན་དགྲ་བགེགས་འདུལ་བ་དང༔ ཐ་མལ་སྣང་ཞེན་སྦྱོང་བའི་ཕྱིར༔ དྲག་ཤུལ་སྟོབས་ཀྱིས་གནས་འདིར་གཤེགས༔ ཨོཾ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ཕྱག་མཆོད་ཅི་རིགས་བྱ༔ བསྟོད་ཅིང་དངོས་གྲུབ་གསོལ་བ་ནི༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འཇིགས་པའི་གད་མོས་ས་གསུམ་གཡོ༔ བདེ་སྟོང་ཡེ་ཤེས་དབྱིངས་སུ་རོལ༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྤྲོ༔ པདྨ་དྲག་པོའི་དཀྱིལ་འཁོར་ལྷར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ལྷར་གསལ་ཐ་མལ་སྣང་བ་དང༔ སེམས་འཛིན་ཞེན་པ་ཀུན་སྦྱངས་ཏེ༔ ང་རྒྱལ་བརྟན་ཅིང་དག་དྲན་པས༔ བསྐྱེད་རིམ་གྱད་དུ་འགྱུར་ལ་བསླབ༔ ཡན་ལག་བཟླས་པའི་རྣལ་འབྱོར་ནི༔ སྙིང་དབུས་ཕྱག་རྡོར་ཐུགས་ཀ་རུ༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ལྟེ་བ་རྡོ་རྗེ་རྩེ་དགུའི་སྦུབས༔ ཉི་མའི་གདན་ལ་ཧཱུྃ་ཡིག་མཐར༔ སྔགས་ཕྲེང་རང་སྒྲ་སྒྲོག་བཞིན་འཁོར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ བདག་ཉིད་བྱིན་རླབས་ནུས་བསྐྱེད་བསམ༔ ཨོཾ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ འབུམ་ཕྲག་བཞི་བཟླས་བྱིན་ཐོབ་འགྱུར༔ དེ་ནི་བསྙེན་པའི་རིམ་པ་འོ༔ སླར་ཡང་ཐུགས་སྲོག་སྔགས་ཕྲེང་གི༔ འོད་ཀྱིས་རྩ་གསུམ་རྒྱལ་བ་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ འགྲོ་ཀུན་སྒྲིབ་སྦྱངས་སྣོད་དང་བཅུད༔ པདྨ་ཁྲག་འཐུང་ཕྱག་རྒྱར་སད༔ ཞི་རྒྱས་དབང་དྲག་མཆོག་ཐུན་གྱི༔ དངོས་གྲུབ་ཀུན་ལ་དབང་འབྱོར་བསམ༔ ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ སྒྲུབ་དང་ལས་སྦྱོར་ཐུན་མོང་བ༔ འབུམ་ཕྲག་བཞི་ཡིས་དངོས་གྲུབ་འཐོབ༔ ཁྱད་པར་དྲག་པོའི་ལས་སྦྱོར་ནི༔ གསང་གནས་ཡཀྴ་མེ་དབལ་ལས༔ རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོས༔ སྣོད་བཅུད་ཐམས་ཅད་ཁྱབ་པར་བདལ༔ སྡེ་བརྒྱད་དྲེགས་པ་ལས་ལ་བསྐོལ༔ རྒྱལ་བསེན་དམ་སྲི་ཚར་ཐག་བཅད༔ དགྲ་བགེགས་འབྱུང་པོ་རྡུལ་དུ་བརླག༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་བསམ༔ གོང་གི་སྔགས་ཀྱི་ཤམ་བུ་རུ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁྲི་ཕྲག་གཅིག་གིས་ལས་འགྲུབ་འགྱུར༔ ཤིན་ཏུ་གདུག་པའི་རྒྱལ་འགོང་ལ༔ ཨར་གཏད་སྔགས་ཀྱི་སྤུ་གྲི་གདགས༔ མ་རུངས་འདུལ་བའི་མཐར་ཐུག་གོ༔ དེ་ལྟར་བླ་མ་ཞི་དྲག་གི༔ སྒོམ་དང་བཟླས་པས་གྲུབ་པའི་རྟགས༔ རབ་དངོས་འབྲིང་ཉམས་ཐ་མ་ནི༔ རྨི་ལམ་ཞལ་མཐོང་གསུང་ཐོས་དང༔ ཕྱག་མཚན་རྙེད་དང་ཡེ་ཤེས་སྐྱེ༔ སྒྲུབ་རྫས་བྱིན་ཆགས་འཕེལ་དང་ཁོལ༔ མར་མེ་རང་འབར་དྲི་བཟང་འཐུལ༔ ཁྱད་པར་ཞི་བའི་རྨི་རྟགས་ནི༔ ཉི་ཟླ་ཤར་དང་བདུད་རྩི་བཏུང༔ མེ་ཏོག་ཆར་འབེབས་ཚལ་དུ་ཕྱིན༔ སྐྱེ་བོ་མང་པོས་འདུད་བསྟོད་དང༔ རིག་འཛིན་མཁའ་འགྲོའི་འདུ་བ་འབྱུང༔ དྲག་པོར་གདུག་པ་ཐུལ་བ་དང༔ གོ་གྱོན་མཚོན་ཐོགས་གཡུལ་ལས་རྒྱལ༔ རི་བྲག་བཤིག་དང་རྒྱ་མཚོ་འཐུང༔ ལྷ་ཁང་འབག་སེང་གོག་པོ་བཅོམ༔ ལུས་ལས་མེ་འབར་ཆུ་འབྲུབ་སོགས༔ ངོ་མཚར་ཆོ་འཕྲུལ་ཅིར་ཡང་འབྱུང༔ གང་ཡང་རློམ་དང་ཞུམ་པ་སྤངས༔ རེ་དོགས་མེད་པར་ལྟ་གདིང་བསྐྱེད༔ མཉམ་པར་གཞག་པས་ལམ་དུ་བསླང༔ རྒྱས་པར་ལམ་གྱི་རིམ་པ་ནི༔ བླ་མ་ཞི་བའི་གཞུང་ལྟར་སྐྱར༔ གཞན་ཡང་སྲུང་དང་ཞི་བ་དང༔ རྒྱས་དང་དབང་དྲག་ཕྲ་མོ་ཡི༔ ཚར་གཅོད་རྗེས་འཛིན་ལ་སོགས་ཀུན༔ དྲག་སྒྲུབ་སྤྱི་བཞིན་རྗེས་སུ་སྤྱད༔ ཁྱད་པར་ཚེ་ཡི་སྒྲུབ་བྱེད་ན༔ སྤྱི་བོའི་བུདྡྷ་ཐོད་ཕྲེང་གི༔ སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ བླ་མ་མགོན་པོ་ཚེ་དཔག་མེད༔ དམར་གསལ་མཉམ་གཞག་ཚེ་བུམ་འཛིན༔ ལོངས་སྐུའི་རྒྱན་རྫོགས་ཡུམ་དང་སྦྱོར༔ རྡོ་རྗེའི་སྐྱིལ་ཀྲུང་འོད་ཕུང་འབར༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར༔ རྡོ་རྗེ་ཚེ་ཡི་རིག་པས་བསྐོར༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་མཐུས༔ འོད་ཀྱིས་འཁོར་འདས་ཀུན་ཏུ་ཁྱབ༔ རང་གི་བླ་ཚེ་ཡར་ཉམས་དང༔ འཁོར་འདས་བརྟན་གཡོའི་དྭངས་མའི་བཅུད༔ དབང་མེད་བསྡུས་ཏེ་བུམ་ནང་ཞུགས༔ ཞུ་ཞིང་ཁོལ་བའི་བདུད་རྩིའི་རྒྱུན༔ བདག་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་སྦྱངས༔ ཚེ་ཡི་བར་ཆད་ཐམས་ཅད་བསལ༔ ཉམས་པ་གསོས་ཤིང་གནས་པ་སྤེལ༔ དྭངས་བཅུད་སྙིང་གའི་ས་བོན་ལ༔ ཐིམ་པས་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ འབུམ་ཕྲག་གསུམ་གྱིས་ཚེ་དཔལ་འཕེལ༔ དབང་སྒྲུབ་ལྷ་ལྔ་ལ་བསྟེན་ནས༔ མཆོག་གི་བྱིན་རླབས་དབབ་པ་ནི༔ དཔལ་ལྡན་རྩ་བའི་བླ་མ་ཡི༔ ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ སྤྱི་བོའི་ཐོད་ཕྲེང་རིགས་ལྔ་ལ༔ བཟོད་མེད་མོས་གུས་གདུང་ཤུགས་བསྐྱེད༔ རྡོ་རྗེའི་ཚིག་བདུན་གསོལ་འདེབས་དང༔ ཐོད་ཕྲེང་རྩལ་གྱི་ཛཔ྄་བཟླས་ནས༔ སྤྱི་གཙུག་རིགས་བདག་ཐོད་ཕྲེང་ལྔའི༔ ཐུགས་རྒྱུད་བསྐུལ་ཞིང་གསོལ་བཏབ་པས༔ སྙོམས་ཞུགས་བདེ་སྟོང་རོལ་པ་ཡི༔ འོད་ཟེར་དཔག་ཡས་མཁའ་ཁྱབ་འཕྲོས༔ རྩ་གསུམ་རབ་འབྱམས་ཐུགས་དམ་བསྐུལ༔ དེ་རྣམས་ཀུན་གྱི་བྱིན་རླབས་དང༔ དབང་དང་དངོས་གྲུབ་ཡེ་ཤེས་དབྱིག༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ ཞལ་ཞུགས་སྐུ་ཡི་ཆ་ཀུན་གང༔ གཞིར་གནས་བྱང་ཆུབ་སེམས་རྒྱུན་དང༔ དབྱེར་མེད་རོ་གཅིག་ཉིད་གྱུར་པ༔ སྦྱོར་མཚམས་ནས་བྱུང་རང་ཉིད་ཀྱི༔ སྤྱི་བོའི་ཚངས་པའི་སྒོ་ནས་ཞུགས༔ འཁོར་ལོའི་གནས་བཞི་མེར་གྱིས་ཁེངས༔ རྩ་རླུང་ཐིག་ལེའི་གེགས་དང་ནི༔ ཕྱི་ནང་གསང་བའི་བར་ཆད་བསལ༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ གསང་གསུམ་ཡེ་ཤེས་བྱིན་ནུས་ཐོབ༔ འབྲས་བུ་སྐུ་བཞི་འགྲུབ་པ་ཡི༔ སྐལ་བ་རྒྱུད་ལ་བཞག་པར་བསམ༔ ཐུགས་ཡིད་བསྲེས་ཏེ་མཉམ་པར་གཞག༔ འདི་ནི་དྲག་སྒྲུབ་ཐམས་ཅད་ཀྱི༔ གེགས་སེལ་བོགས་འདོན་རྒྱལ་པོ་སྟེ༔ འདི་མེད་ནུས་མཐུ་ཙམ་གྱི་ཆེད༔ བླ་མ་དྲག་པོ་སྒྲུབ་བྱེད་ན༔ ཕལ་ཆེར་བར་ཆད་དབང་དུ་འགྲོ༔ གོ་མེད་གཡུལ་ངོར་ཞུགས་པ་འདྲ༔ དེ་བས་ཤིན་ཏུ་གཅེས་པར་ཟུངས༔ ཟབ་མོའི་རྣལ་འབྱོར་གཞན་ལ་ཡང༔ འདི་ཉིད་སྦྱར་ན་མཆོག་ཏུ་འགྱུར༔ ཐུན་མོང་གཏོར་མ་ལ་བརྟེན་ནས༔ འགལ་རྐྱེན་ཟློག་པའི་ལས་སྦྱོར་ནི༔ རྒྱས་པར་གཞན་དུ་བསྟན་པས་ཤེས༔ མདོར་བསྡུས་རྒྱུན་གྱི་ཕྲིན་ལས་ནི༔ མདུན་དུ་དཀྱིལ་འཁོར་སྒྲུབ་རྟེན་དང༔ ཕྱི་ནང་མཆོད་ཚོགས་སྤྱི་ལྟར་དགྲམ༔ ཁྱད་པར་ཕུང་སའི་སྟེགས་བུའི་དབུས༔ ལས་ཁུང་ནང་དུ་ལིངྒ་གཞུག༔ དེ་སྟེང་ཟོར་གྱི་གཏོར་མ་དང༔ དྲག་པོའི་མཆོད་གཏོར་བརྗིད་ལྡན་བཤམ༔ བདག་མདུན་དབྱེར་མེད་ལས་གཞུང་བསྲང༔ བསྙེན་སྒྲུབ་བཟླས་པས་ནུས་ལྡན་བྱ༔ དེ་ནས་ཟོར་གཏོར་ལྷར་གསལ་ལ༔ སྤྱན་འདྲེན་མཆོད་བསྟོད་ཅི་རིགས་བྱ༔ ལས་སྦྱོར་སྔགས་ཀྱི་ཤམ་བུ་རུ༔ མ་ཧཱ་ཤཱ་རི་རཾ་སརྦ་དུཥྚཱན་པྲ་ཏྱཾ་གི་ར་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་བཟླས་ཚོགས་ཀྱི་མཆོད་པ་བྱ༔ དྲག་པོའི་ལས་ལ་ཐུགས་དམ་བསྐུལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ པདྨ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ བདག་ཅག་སྙིགས་མའི་དུས་མཐར་སྐྱེས་པ་རྣམས༔ བླ་མ་དྲག་པོའི་གདུང་འཚོབ་བརྒྱུད་འཛིན་ཕྱིར༔ བསྙེན་སྒྲུབ་རྣལ་འབྱོར་ཟབ་མོ་བརྩོན་སྙམ་ཡང༔ ཕྱི་ནང་དགྲ་བགེགས་འགལ་རྐྱེན་བྱད་ཕུར་གྱིས༔ ཚེ་སྲོག་ཆོས་ལ་བར་དུ་གཅོད་བྱེད་ན༔ ལྷ་མཆོག་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ གདུག་པ་ཅན་རྣམས་བསད་ཅིང་བསྐྲད་པ་དང༔ ཕྱིར་ཟློག་མངོན་སྤྱོད་སྟོབས་ཀྱི་དུས་ལ་བབ༔ ཞེས་བསྐུལ་གསེར་སྐྱེམས་གཟུ་དཔང་གསོལ༔ བྲུབ་ཁུང་དགྲ་བགེགས་བསྐྱེད་བསྟིམ་བྱ༔ ཁྱད་པར་ཕོ་ཉ་བསྐུལ་བ་ནི༔ ཛ༔ པདྨ་དྲག་པོའི་འགུགས་བྱེད་ཕོ་ཉ་ཆེ༔ རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན་པའི་ཚོགས༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་ཀུན་ཏུ་སྤྲོས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་མྱུར་དུ་ཁུག༔ ལས་སྦྱོར་གྱི་སྔགས་མཐར༔ བཛྲ་ཧ་ཡ་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་ཨཾ་གུ་ཤ་ཛ༔ ཧཱུྃ༔ པདྨ་དྲག་པོའི་འཆིང་བྱེད་ཕོ་ཉ་ཆེ༔ ཕག་གདོང་སེར་མོ་ཞགས་པ་ཐོགས་པའི་ཚོགས༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་ཀུན་ཏུ་སྤྲོས༔ དགྲ་བགེགས་རྣམ་ཤེས་རྟེན་དང་དབྱེར་མེད་ཆིངས༔ བཛྲ་སུ་ཀ་ར་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་པཱ་ཤ་ཧཱུྃ༔ བཾ༔ པདྨ་དྲག་པོའི་སྡོམ་བྱེད་ཕོ་ཉ་ཆེ༔ སེང་གདོང་དམར་མོ་ལྕགས་སྒྲོག་ཐོགས་པའི་ཚོགས༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་ཀུན་ཏུ་སྤྲོས༔ དགྲ་བགེགས་རྣམ་ཤེས་རྟེན་དང་དབྱེར་མེད་སྡོམས༔ བཛྲ་སིཾ་ཧ་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་སྥོཊ་བཾ༔ ཧོ༔ པདྨ་དྲག་པོའི་མྱོས་བྱེད་ཕོ་ཉ་ཆེ༔ སྦྲུལ་གདོང་ལྗང་མོ་དྲིལ་བུ་ཐོགས་པའི་ཚོགས༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་ཀུན་ཏུ་སྤྲོས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་མྱོས་སུ་ཆུག༔ བཛྲ་ནཱ་ག་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་གཎྜེ་ཧོ༔ ཕཊ༔ པདྨ་དྲག་པོའི་འབེབ་བྱེད་ཕོ་ཉ་ཆེ༔ རྡོ་རྗེ་བྱ་རོག་འུག་པའི་གདོང་ཅན་ཚོགས༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་ཀུན་ཏུ་སྤྲོས༔ དགྲ་བགེགས་རྣམ་ཤེས་མགོན་སྐྱབས་ལྷ་དང་ཕྲོལ༔ བཛྲ་ཀཾ་ཀ་ཨུ་ལུ་ཀ་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་པྲ་བེ་ཤ་ཡ་ཕཊ༔ ཨཱ༔ པདྨ་དྲག་པོའི་འབེབས་བྱེད་ཕོ་ཉ་ཆེ༔ མི་སྲུན་ཐོད་རློན་ཐུན་ཁྲག་ཐོགས་པའི་ཚོགས༔ ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་ཀུན་ཏུ་སྤྲོས༔ དགྲ་བགེགས་རྣམ་ཤེས་སླར་ཡང་གཟུགས་ལ་ཕོབ༔ བཛྲ་རཀྴ་སཱི་སརྦ་དུཥྚཱན་ནྲྀ་ཏྲི་ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ནས་ལས་ཀྱི་ཕུར་བུ་འདྲིལ༔ ཧཱུྃ༔ པདྨ་དྲག་པོའི་གསོད་བྱེད་ཕོ་ཉ་ཆེ༔ ཤིན་ཏུ་མི་བཟད་ཡཀྴ་ཧེ་རུ་ཀ༔ ཕྱག་གཡས་རྣོ་དབལ་གདུག་པའི་ཕུར་བུ་འདྲིལ༔ གཡོན་པས་འཆོར་མེད་ལྕགས་ཀྱུ་རྣོན་པོ་གདེངས༔ དགྲ་བགེགས་གནོད་བྱེད་གདུག་ཅིང་གཏུམ་པའི་ཚོགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་སྙིང་གར་ཐོབ༔ ཚེ་བསོད་དྭངས་མ་སྒྲུབ་མཆོག་རྣམས་ལ་སྟིམས༔ རྣམ་ཤེས་རྡོ་རྗེ་སེམས་དཔའི་སྲས་སུ་དྲོངས༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་དུམ་བུར་གཏུབས༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ བཛྲ་ཡཀྴ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཱན་ཨཱ་ཡུར་པུཎྱེ་ཛཿབྷྲཱུྃ༔ ནྲྀ་ཏྲི་བིནྡུ་ཨ་ཕཊ༔ བྷིནྡྷ་བྷིནྡྷ་མཱ་ར་ཡ་རྦད༔ ཅེས་བསྒྲལ་སླར་ཡང་ཐུན་གྱིས་བརྡེག༔ བསད་གྲིས་གཏུབས་ལ་ཚོགས་སུ་དབུལ༔ ཧཱུྃ༔ པདྨ་དྲག་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་འབྱུང་པོ་བསྒྲལ་པའི་ཤ་ཁྲག་རུས༔ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཞེས༔ དུག་གསུམ་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་སླར་ཡང་དམར་གཏོར་ལ༔ དགྲ་བགེགས་བཀུག་བསྒྲལ་ཞལ་དུ་བསྟབ༔ ཟློག་པའི་ཕྲིན་ལས་གསོལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང༔ གདུག་པ་ཅན་རྣམས་ཐབས་ཀྱིས་འདུལ་བའི་ཕྱིར༔ འཇིགས་བྱེད་ཁྲོ་བོ་རོལ་པའི་སྐུར་སྟོན་པ༔ པདྨ་དྲག་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་དང༔ སྨན་རག་ཕུད་ཀྱི་མཆོད་པ་དགྱེས་པར་བཞེས༔ མཐུ་རྩལ་ནུས་པའི་གཟི་བྱིན་མཆོག་ཏུ་སྐྱེད༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སྔོན་ལས་འཕྲལ་རྐྱེན་ཀུན་ཏུ་བརྟགས་པ་ལས༔ གཟུང་འཛིན་གཞན་དབང་མེད་བཞིན་འཁྲུལ་པ་ཡི༔ ནད་གདོན་བགེགས་དང་བར་དུ་གཅོད་པ་ཀུན༔ ཕྱིར་ཟློག་མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་མཛོད༔ ལུས་དང་སྲོག་ལ་འཚེ་བའི་ནད་རིགས་ཟློག༔ ལོག་པའི་ལམ་དུ་འདྲེན་པའི་གདོན་བགེགས་ཟློག༔ གདུག་ཅིང་གཏུམ་པའི་སྡེ་བརྒྱད་འབྱུང་པོ་ཟློག༔ མ་རུངས་རྒྱལ་བསེན་དམ་སྲིའི་གཡོ་འཁྲུགས་ཟློག༔ མེ་ཆུ་དུག་མཚོན་བརྒྱད་གཉིས་འཇིགས་པ་ཟློག༔ གློ་བུར་ཡེ་འདྲོག་ཐན་དང་ལྟས་ངན་ཟློག༔ འབྱུང་བཞི་འཁྲུགས་པས་སྣོད་བཅུད་རྒུད་པ་ཟློག༔ བྱད་ཕུར་རྦོད་གཏོང་ཀེག་བྱུར་ཕུང་སྲི་ཟློག༔ ཕྱི་ནང་འཁྲུགས་རྩོད་མཁའ་འགྲོའི་སུན་མ་ཟློག༔ མཐའ་བཞིའི་དམག་དཔུང་བསྟན་ལ་འཚེ་བ་ཟློག༔ གངས་ཅན་སྐྱེ་འགྲོའི་བདེ་སྐྱིད་འཕྲོག་པ་ཟློག༔ མདོར་ན་མི་མཐུན་མི་འདོད་ཉེར་འཚེ་ཀུན༔ ཟློག་གོ་དྲག་པོ་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་དགྲ་བགེགས་དམ་སྲིའི་སྟེང་དུ་སྒྱུར༔ ཟློག་སྒྱུར་ཡོངས་གྲུབ་འོད་གསལ་ཆེན་པོའི་དབྱིངས༔ མི་ལྡོག་ཕྱག་རྒྱས་འདེབས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས༔ རིགས་ཀྱི་གཙོ་བོ་བླ་མ་དྲག་པོ་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ༔ མི་བཟད་གར་དགུའི་ཕྱག་རྒྱས་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས་འགྲེ༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་ཤེས་རབ་དཀྱིལ་འཁོར་ནས༔ འཁོར་འདས་ཀུན་འབྱུང་བཛྲ་ཝཱ་རཱ་ཧཱི༔ ཞི་ཁྲོ་རབ་འབྱམས་མཁའ་ལས་སྤྲོ་ཞིང་བསྡུ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་བདེ་ཆེན་འཁོར་ལོ་ནས༔ འཁོར་འདས་ཟིལ་གནོན་འཇམ་དཔལ་གཤིན་རྗེ་གཤེད༔ ཞི་ཁྲོ་རབ་འབྱམས་ཕྱག་རྒྱའི་སྐུར་སྣང་བ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་ལོངས་སྤྱོད་འཁོར་ལོ་ནས༔ འཁོར་འདས་དབང་སྒྱུར་རྟ་མཆོག་ཧེ་རུ་ཀ༔ ཞི་ཁྲོ་རབ་འབྱམས་རྡོ་རྗེའི་གསུང་གི་བདག༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་ཆོས་ཀྱི་འཁོར་ལོ་ནས༔ འཁོར་འདས་ཁྱབ་བདག་ལག་ན་རྡོ་རྗེ་འཆང༔ ཞི་ཁྲོ་རབ་འབྱམས་ཐུགས་ཀྱི་ཡེ་ཤེས་རྫོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་སྤྲུལ་པའི་འཁོར་ལོ་ནས༔ འཁོར་འདས་ཀུན་ཁྱབ་ཡེ་ཤེས་མཁའ་འགྲོ་ལྔ༔ ཞི་ཁྲོ་རབ་འབྱམས་ཡོན་ཏན་རྒྱན་དུ་ཤར༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་བདེ་སྐྱོང་འཁོར་ལོ་ནས༔ འཁོར་འདས་རྩལ་འཆང་ཡཀྴ་མེ་དབལ་ཆེ༔ ཞི་ཁྲོ་རབ་འབྱམས་ཕྲིན་ལས་ནུས་སྟོབས་འཆང༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་འཁོར་ལོའི་དབུས་ཕྱོགས་ནས༔ འཁོར་འདས་ལྷུན་གྲུབ་བུདྡྷ་དྲག་པོ་རྩལ༔ ཞི་ཁྲོ་རབ་འབྱམས་བདེ་གཤེགས་འདུས་པའི་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་འཁོར་ལོའི་ཤར་རྩིབས་ནས༔ འཁོར་འདས་དབྱེར་མེད་བཛྲ་དྲག་པོ་རྩལ༔ ཞི་ཁྲོ་རབ་འབྱམས་རྡོ་རྗེ་འདུས་པའི་དཔལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་འཁོར་ལོའི་ལྷོ་རྩིབས་ནས༔ འཁོར་འདས་མཉམ་ཉིད་རཏྣ་དྲག་པོ་རྩལ༔ ཞི་ཁྲོ་རབ་འབྱམས་རིན་ཆེན་འདུས་པའི་དཔལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་འཁོར་ལོའི་ནུབ་རྩིབས་ནས༔ འཁོར་འདས་ཀུན་རྟོག་པདྨ་དྲག་པོ་རྩལ༔ ཞི་ཁྲོ་རབ་འབྱམས་པདྨ་འདུས་པའི་དཔལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་འཁོར་ལོའི་བྱང་རྩིབས་ནས༔ འཁོར་འདས་རྩལ་རྫོགས་ཀརྨ་དྲག་པོ་རྩལ༔ ཞི་ཁྲོ་རབ་འབྱམས་ཕྲིན་ལས་འདུས་པའི་དཔལ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་དཀྱིལ་འཁོར་བར་ཁྱམས་ནས༔ འཁོར་འདས་ཕོ་ཉ་གནས་ཡུལ་མ་མོའི་ཚོགས༔ ཞི་ཁྲོ་རབ་འབྱམས་མངོན་སྤྱོད་ལས་ཀྱི་བདག༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་དཀྱིལ་འཁོར་སྒོ་བཞི་ནས༔ འཁོར་འདས་རྒྱས་འདེབས་སྒོ་སྐྱོང་གདོང་མོ་བཞི༔ ཞི་ཁྲོ་རབ་འབྱམས་ཕྱག་རྒྱའི་ཕྲིན་ལས་མཛད༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་དཀྱིལ་འཁོར་འཁོར་ཡུག་ནས༔ འཁོར་འདས་ཀུན་ཉུལ་དབང་ཕྱུག་ཉི་ཤུ་བརྒྱད༔ ཞི་ཁྲོ་རབ་འབྱམས་ཕོ་ཉའི་ལས་ཀུན་མཛད༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་དབྱིངས་ཀྱི་དཀྱིལ་འཁོར་ནས༔ འཁོར་འདས་སྟོབས་རྫོགས་རྡོ་རྗེ་ནམ་མཁའ་ལྡིང༔ ཞི་ཁྲོ་རབ་འབྱམས་ཟློག་སྒྱུར་ཕྲིན་ལས་མཛད༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་བཀའ་སྡོད་དཀྱིལ་འཁོར་ནས༔ འཁོར་འདས་མ་ངེས་སྡེ་བརྒྱད་དྲེགས་པའི་ཚོགས༔ ཞི་ཁྲོ་རབ་འབྱམས་ཅི་བཅོལ་བཀའ་བཞིན་སྒྲུབ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ པདྨ་ཁྲག་འཐུང་རྡོ་རྗེའི་སྲུང་གུར་ནས༔ སྟོབས་བཅུའི་རྩལ་རྫོགས་ཁྲོ་རྒྱལ་ཆེན་པོ་བཅུ༔ ཕྱོགས་བཅུའི་དགྲ་བགེགས་གཉེན་པོ་སྟོབས་ཀྱི་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཧཱུྃ་བྷྱོ༔ གཞན་ཡང་དམ་ཚིག་ཆེན་པོས་རྗེས་དགོངས་ནས༔ ཐུགས་རྗེའི་དབང་གིས་འཁོད་པའི་རྩ་གསུམ་ལྷ༔ རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་སྐུར་སྟོན་པ༔ གཙོ་འཁོར་སྤྲུལ་པར་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་རུས་པའི་སོགས༔ ཟློག་སྔགས་བརྗོད་ཅིང་ཐལ་མོ་བརྡབ༔ དེ་ལྟར་ཡང་ཡང་བསྐྱར་པའི་མཐར༔ ཟོར་གྱི་དཀྱིལ་འཁོར་རྟེན་བརྟེན་པ༔ དམ་ཡེ་དབྱེར་མེད་ནམ་མཁར་བཏེག༔ གཏོར་མ་མཚོན་ཆ་གཟིངས་པ་དང༔ ནད་དང་དུག་གི་ཕུང་པོར་བསམ༔ གསེར་སྐྱེམས་གཏོར་ཞིང་ལྟ་གདིང་བསྐྱེད༔ ཧཱུྃ༔ པདྨ་ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་གཡེལ་མ་གཡེལ་ཐུགས་དམ་དུས་ལ་བབ༔ གཏོར་ཟོར་ནད་མཚོན་དུག་གི་ཆར་ཆེན་པོ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ སྡང་དགྲ་གནོད་བགེགས་བྱད་མའི་སྟེང་དུ་ཕོབ༔ གསང་བའི་དགྲ་གསུམ་ཀ་དག་དབྱིངས་སུ་སོད༔ འཇིགས་པའི་བདུད་བཞི་འོད་གསལ་ཕྱག་རྒྱས་ཐོབ༔ བར་ཆད་འཕྲང་གསུམ་ཡེ་ཤེས་རལ་གྲིས་ཆོད༔ ཆག་ཆེ་ཉམ་ང་མི་མཐུན་ཕྱོགས་ཀུན་ཟློག༔ དགྲ་དཔུང་ཐུལ་ལ་བགེགས་དཔུང་རྩད་ནས་ཆོད༔ མངོན་སྤྱོད་དམོད་པའི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཟློག་སྔགས་དང་བཅས་ལྟ་སྟངས་གཟིར༔ སྟངས་སྟབས་དྲག་པོའི་གར་གྱིས་འཕང༔ གཏོར་ཟོར་ནད་མཚོན་དུག་གི་ཆར༔ ཐོག་ལྟར་འཁྱུག་པའི་རྗེས་འབྲེལ་དུ༔ པདྨ་དྲག་པོའི་ལྷ་ཚོགས་དང༔ བཀའ་སྡོད་སྡེ་བརྒྱད་དྲེགས་པའི་ཚོགས༔ འཇིགས་རུང་དམག་དཔུང་རླུང་ལྟར་རྒྱུགས༔ དགྲ་བགེགས་བྱད་མ་ལྷ་སྲུང་བཅས༔ ཁ་ཕུང་རྗེས་མེད་བཏང་བར་བསམ༔ ཐལ་མོ་དང་ནི་དུལ་མོ་བརྡབ༔ ཕྱི་མིག་མི་བལྟ་རང་གནས་ལོག༔ སྒོ་དྲུང་རྗེས་འབྲངས་དམ་སྲི་མནན༔ ནང་དུ་ལོག་ནས་ཚེ་སྤེལ་ཞིང༔ རྗེས་ཀྱི་ཆོ་ག་སྤྱི་ལྟར་བྱ༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ བྱང་ཆུབ་ལམ་གྱི་བར་ཆད་ཞི༔ མི་མཐུན་བདུད་ཀྱི་གཡུལ་ལས་རྒྱལ༔ ཚེ་བསྲིང་དཔལ་བསྐྱེད་བསམ་ཀུན་འགྲུབ༔ ཁྱད་པར་ཆག་ཆེ་ཉམ་ང་ཀུན༔ ཟློག་པའི་ཕྲིན་ལས་མཐར་ཐུག་གོ༔ ས་མ་ཡ༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ ཁྲོ་བོ་རོལ་པའི་སྒྲུབ་ཐབས་འདི༔ ལྔ་ལྡན་བུ་ལ་གཏད་དོ་རྒྱ༔ རང་གཞན་དོན་ཀུན་སྒྲུབ་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེའོ།། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ འགྲོ་འདུལ་འཕགས་པའི་སྒྲུབ་ཐབས་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ནི༔ རང་གཞན་འབྲེལ་ཚད་འགྲོ་བ་ཀུན༔ བྱང་ཆུབ་ལམ་དུ་དགོད་པའི་ཕྱིར༔ ཟབ་མོའི་ལམ་འདི་བསྒོམ་པར་བྱ༔ ཨ༔ དབྱིངས་ཉིད་གདོད་ནས་སྟོང་པ་ཆེ༔ རིག་གདངས་མཚན་མེད་སྙིང་རྗེར་ཤར༔ ཟུང་འཇུག་སྨོན་པ་མེད་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོའི༔ འོད་ཀྱིས་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་དག་པ་ཡུམ་ལྔའི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ རྡོ་རྗེ་སྲུང་བའི་འཁོར་ལོས་བསྐོར༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དབུས༔ སྣ་ཚོགས་པདྨ་ཟླ་བའི་སྟེང༔ སེམས་ཉིད་དག་པ་རྒྱུ་ཡི་ཧྲཱི༔ ཡོངས་གྱུར་གཉུག་མ་རང་བཞིན་ལྷ༔ ཞལ་ཕྱག་སྐུར་བཞེངས་འཕགས་པ་མཆོག༔ འགྲོ་འདུལ་ཐུགས་རྗེ་ཆེན་པོ་ནི༔ དཀར་གསལ་ཞལ་གཅིག་ཕྱག་བཞི་པ༔ རྩ་ཕྱག་ཐུགས་ཀར་ཐལ་མོ་སྦྱར༔ ལྷག་མ་བགྲང་ཕྲེང་པདྨ་འཆང༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་རོལ༔ གསང་བ་ཡེ་ཤེས་དཀར་དམར་མདངས༔ ཌཱ་རུ་ཐོད་ཆང་བསྣམས་པས་འཁྲིལ༔ ཡིད་ཆོས་དག་པ་དཀྱིལ་འཁོར་གཙོ༔ དབྱིངས་རིག་ཡབ་ཡུམ་ངོ་བོར་བཞུགས༔ ཕྱི་རོལ་པདྨ་འདབ་མ་བཞིའི༔ མདུན་དང་ཕྱོགས་བཞིའི་གདན་གྱི་སྟེང༔ ཕུང་པོ་དག་པ་རིགས་ལྔ་ཡབ༔ རྣམ་ཤེས་དག་པ་ཡུམ་ལྔས་འཁྲིལ༔ མཐིང་དཀར་སེར་དམར་ལྗང་བའི་མདོག༔ གཡས་རྣམས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ རྡོ་རྗེ་ལ་སོགས་རང་རྟགས་དང༔ གཡོན་པས་སྐྱབས་སྦྱིན་ཨུཏྤ་ལ༔ རིགས་ཀྱི་དྲིལ་བུས་མཚན་པ་བསྣམས༔ འཕགས་མཆོག་རིགས་ལྔའི་རྣམ་པར་བཞུགས༔ དེ་ཕྱིར་པདྨ་འདབ་བརྒྱད་ལ༔ དབང་ཤེས་ཡུལ་དུས་རྣམ་དག་པ༔ སེམས་དཔའ་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ དེ་ཕྱིར་པད་འདབ་མུ་ཁྱུད་བཞིར༔ དུས་གསུམ་རྟོག་ཚོགས་རྣམ་དག་པ༔ བསྐལ་བཟང་སེམས་དཔའ་སྟོང་རྩ་དང༔ ཁྱམས་ཀྱི་སྟེང་འོག་ཕྱོགས་བཞི་རུ༔ ཉོན་མོངས་དག་པ་ཐུབ་པ་དྲུག༔ སྒོ་བཞིར་ལུས་ཆོས་ལྟ་བ་བཞི༔ རྣམ་དག་མཐར་བྱེད་ཡབ་ཡུམ་བརྒྱད༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ འགྲོ་འདུལ་ཐུགས་རྗེའི་འཁོར་ལོར་རྫོགས༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་ཕྱག་རྒྱས་གདབ༔ ནམ་མཁའ་གང་བའི་དབང་གི་ལྷས༔ བདེ་ཆེན་བདུད་རྩིའི་ཆར་འབེབས་པས༔ ཕུང་པོ་གནས་གྱུར་ཉོན་མོངས་དག༔ ཡེ་ཤེས་དབང་བསྐུར་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི་སུ་ར་ཏ་སཏྭཾ་ཨ་ཧཾ༔ སྤྲོ་ན་སྤྱན་འདྲེན་གདུང་ཤུགས་བསྐྱེད༔ ཧྲཱི༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི༔ སྙིང་རྗེ་ཆེན་པོའི་ཡེ་ཤེས་སྐུ༔ འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་ལྷ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་སྔགས་ཀྱི་བྱིན་ཆེན་ཕོབ༔ ཡིད་ལ་ཡེ་ཤེས་དབང་མཆོག་སྐུར༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱརྻལོ་ཀེ་ཤྭ་ར་བཛྲ་དྷཱ་ཏུ་སརྦ་མཎྜ་ལ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ བཞུགས་ཕྱག་མཆོད་བསྟོད་ཅི་རིགས་བྱ༔ རྩེ་གཅིག་གསལ་སྣང་བརྟན་པོར་བསྒྲུབ༔ ང་རྒྱལ་དྲག་པོས་མཚམས་སྦྱར་ནས༔ དག་པ་དྲན་པས་དབུགས་དབྱུང་ཞིང༔ ལྷ་དང་བདག་དབྱེར་མེད་པར་བཞག༔ ཡན་ལག་བསྙེན་སྒྲུབ་ལས་གསུམ་གྱི༔ ཛཔ྄་དགོངས་གསུམ་ལས་དང་པོ་ནི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་རྟ་མཆོག་དཔལ༔ དམར་གསལ་པདྨ་བྷཉྫ་བསྣམས༔ དེ་ཡི་ཐུགས་ཀར་ཟླ་གདན་ལ༔ ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་རང་ལ་ཐིམ་པ་ཡིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ ཁྱད་པར་འགྲོ་འདུལ་ཐུགས་རྗེ་ཆེའི༔ བྱིན་རླབས་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ འབུམ་ཕྲག་བདུན་གྱིས་བྱིན་དབང་ཐོབ༔ གཉིས་པ་སྒྲུབ་པའི་དགོངས་པ་ནི༔ སླར་ཡང་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་འཕྲོས་ཐ་མལ་ཞེན་རྟོག་སྦྱངས༔ སྣང་གྲགས་རིག་གསུམ་ལྷ་སྔགས་དང༔ ཡེ་ཤེས་ཆེན་པོའི་གཟི་བྱིན་འབར༔ གང་འདུལ་ཕྲིན་ལས་ལྷུན་གྲུབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ གསུམ་པ་ཁྱད་པར་ལས་སྦྱོར་ནི༔ ཁམས་གསུམ་ཡིད་ཅན་ཐམས་ཅད་ལ༔ སྙིང་རྗེའི་ཏིང་འཛིན་རྩལ་བསྐྱེད་པས༔ སྔགས་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ འགྲོ་དྲུག་ཉོན་མོངས་སྡུག་བསྔལ་སྦྱངས༔ ཡེ་ཤེས་དྲུག་གིས་བྱིན་བརླབས་པས༔ འཇིག་རྟེན་དབང་ཕྱུག་རིགས་དྲུག་གི༔ རྟེན་དང་བརྟེན་པའི་ཞིང་དུ་སྦྱངས༔ ངན་སོང་འཁོར་བ་དོང་སྤྲུགས་བསམ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ ཨ་ནྲྀ་སུ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཁྲི་ཕྲག་བཟླས་པས་རྟགས་མཐོང་འགྱུར༔ ས་མ་ཡ༔ མཆོག་གི་དངོས་གྲུབ་མྱུར་བའི་ལམ༔ སྐྱེ་བདུན་རྫས་ཀྱི་ལས་སྦྱོར་ནི༔ འཕགས་པ་གསུམ་གྱི་རིང་བསྲེལ་དང༔ རྣལ་འབྱོར་གྲུབ་པ་ཐོབ་པའི་གདུང༔ ཁྱད་པར་སྤྱན་རས་གཟིགས་དབང་གི༔ རྣམ་འཕྲུལ་བྲམ་ཟེ་ཉེར་གཅིག་སོགས༔ ཁུངས་བཙུན་སེལ་མེད་སྐྱེ་བདུན་ཤ༔ འབྲས་གསུམ་བཟང་དྲུག་རྟག་ཏུ་ངུ༔ ཤིང་ཚ་ཤུ་དག་རུ་རྟ་དང༔ མ་ནུ་པ་ཏྲ་པྲི་ཡཾ་ཀུ༔ ཅོང་ཞི་བྲག་ཞུན་གི་འུ་ཝཾ༔ སིནྡྷུ་ར་དང་ཅུ་གང་རྣམས༔ ཞིབ་བཏགས་འབྲུ་དཀར་ཕྱེ་མ་བསྲེ༔ སྒྲུབ་པའི་བུམ་ཆུས་རིལ་བུར་དྲིལ༔ རང་བྱུང་ལི་ཁྲིའི་ན་བཟའ་གསོལ༔ རིན་ཆེན་བུམ་པའི་ནང་དུ་བསྩལ༔ ལེགས་པར་བརྒྱན་ཅིང་དལ་དབུས་བཞག༔ མཆོད་གཏོར་བཟང་པོས་མཐའ་བསྐོར་བྱ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ བུམ་པའི་སྣོད་བཅུད་བསང་ཞིང་སྦྱང༔ སྟོང་པའི་ངང་ལས་པད་ཟླའི་སྟེང༔ ཕྱི་ནི་རིན་ཆེན་བུམ་པ་ལ༔ ནང་ནི་ཡེ་ཤེས་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་རྫོགས་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ རིལ་བུ་ཧྲཱིཿལས་སྤྱན་རས་གཟིགས༔ ཡབ་ཡུམ་མཉམ་པར་སྦྱོར་བའི་འཁོར༔ རིགས་ལྔ་སེམས་དཔའ་ལྕམ་དྲལ་དང༔ སངས་རྒྱས་སྟོང་རྩ་ཐུབ་པ་དྲུག༔ སྒོ་སྐྱོང་རྩ་གསུམ་རབ་འབྱམས་ལྷ༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ བྱིན་རླབས་དབང་བསྐུར་སྤྱན་འདྲེན་སོགས༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ བུམ་ལྷའི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ གཟུངས་ཐག་འོད་ཀྱི་སྦུ་གུ་ནས༔ རབ་སྤྲོས་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དགྱེས་པ་ཆེན་པོའི་འོད་ཟེར་གྱིས༔ རྩ་གསུམ་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ སྲིད་ཞིའི་དྭངས་བཅུད་ཡེ་ཤེས་དབྱིག༔ ཚུར་འདུས་ཐུགས་ཀྱི་ཐིག་ལེར་ཐིམ༔ སླར་འཕྲོས་སྣང་གྲགས་རྟོག་པའི་ཆོས༔ ལྷ་སྔགས་འོད་གསལ་འཁོར་ལོར་ཤར༔ གྲགས་སྟོང་ཟུང་འཇུག་རྡོ་རྗེའི་སྒྲས༔ འཁོར་འདས་ཞིང་ཀུན་གང་བར་བསམ༔ ཡི་གེ་བདུན་པའི་སྔགས་ཤམ་དུ༔ ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་སྭཱ་ཧཱ༔ སྐབས་སུ་ལས་སྦྱོར་སྔགས་ཀྱང་བཟླ༔ བདུན་ཕྲག་གཅིག་གིས་འགྲུབ་པའི་རྟགས༔ རིལ་བུ་འཕེལ་དང་དྲི་བཟང་འཐུལ༔ རྒྱང་རིང་འཕུར་ཞིང་ལྡིང་བ་དང༔ སྙན་པའི་སྒྲ་དང་གསལ་བའི་འོད༔ ཉམས་དགའ་བྱིན་ཕེབས་རྟགས་བཟང་མཐོང༔ དེ་ཚེ་དངོས་གྲུབ་བླངས་ནས་ཀྱང༔ ལྷ་ཉིད་རིལ་བུའི་གཟུགས་སུ་བསམ༔ རྡོ་རྗེའི་ལྗགས་ཀྱིས་མྱངས་པ་ལས༔ སྙིང་གའི་ཧྲཱིཿདང་དབྱེར་མེད་གྱུར༔ བྱིན་རླབས་དངོས་གྲུབ་བརྟན་པར་མོས༔ སྐལ་ལྡན་གཞན་ལའང་དབང་བསྐུར་སྦྱིན༔ རིལ་བུ་མཐོང་དང་དྲི་ཚོར་དང༔ མྱང་དང་འཆང་བས་ལས་སྒྲིབ་ཟད༔ ཐུགས་རྗེ་ཆེན་པོའི་སྲས་སུ་འགྱུར༔ ཚེ་འཕོས་བདེ་བ་ཅན་དུ་སྐྱེ༔ དེ་ཕྱིར་འབྲེལ་ཚད་དོན་ལྡན་པའི༔ འགྲོ་འདུལ་ཕྲིན་ལས་རྨད་བྱུང་ངོ་༔ གཞན་ཡང་ལམ་གྱི་རིམ་པ་ནི༔ བླ་མ་ཞི་བའི་གཞུང་ལྟར་སྦྱར༔ གཞན་ཕན་ལས་ཚོགས་རབ་འབྱམས་ཀྱང༔ ཐུགས་རྗེའི་སྔགས་རྒྱུད་སྤྱི་ལྟར་སྤྱོད༔ གངས་ཅན་ལྷ་གཅིག་སྙིང་རྗེའི་གཏེར༔ སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་ཕུལ༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པས༔ རེ་ཞིག་སྤེལ་བའི་གནས་མེད་པས༔ མ་འོངས་ང་སྤྲུལ་སྐྱེས་བུ་ལ༔ སྨོན་ལམ་གཏད་རྒྱ་དང་བཅས་ཏེ༔ ཆོས་དབྱིངས་ཐུགས་ཀྱི་ཐིག་ལེར་སྦས༔ ནམ་ཞིག་རྟེན་འབྲེལ་དུས་བབ་ཚེ༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རྗེ་གྲུབ་ཐོབ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས་འོད་གསལ་སྤྲུལ་པའི་རྡོ་རྗེས་ཟབ་མོ་དགོངས་པའི་གཏེར་ལས་ཕབ་པའོ།། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ རྟ་མཆོག་རོལ་པའི་སྒྲུབ་ཐབས་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྟེང་གདོན་གཟའ་དང་འོག་གདོན་ཀླུ༔ བར་གདོན་རྒྱལ་བཙན་དམ་སྲི་སོགས༔ གདུག་པ་ཅན་རྣམས་འདུལ་བ་དང༔ བདུད་བཞིའི་གཡུལ་ལས་རྒྱལ་བ་དང༔ འཁོར་འདས་ཀུན་ལ་དབང་བསྒྱུར་ཕྱིར༔ རྟ་མགྲིན་ཁྲག་འཐུང་རོལ་པ་ཡི༔ སྒྲུབ་ཐབས་ཟབ་མོ་བསྒོམ་པར་བྱ༔ ཨ༔ དབྱིངས་ཉིད་གདོད་ནས་སྟོང་པ་ཆེ༔ རིག་གདངས་མཚན་མེད་སྙིང་རྗེར་ཤར༔ ཟུང་འཇུག་སྨོན་པ་མེད་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་པོའི༔ འོད་ཀྱིས་གཟུང་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་དག་པ་ཡུམ་ལྔའི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྗིད༔ རྡོ་རྗེ་སྲུང་བའི་འཁོར་ལོས་བསྐོར༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དབུས༔ པད་ཉི་སྦྲུལ་བརྒྱད་བསྣོལ་བའི་སྟེང༔ སེམས་ཉིད་དག་པ་རྒྱུ་ཡི་ཧྲཱི༔ ཡོངས་གྱུར་གཉུག་མ་རང་བཞིན་ལྷ༔ ཞལ་ཕྱག་སྐུར་བཞེངས་རྟ་མཆོག་དཔལ༔ དམར་སྨུག་ཞལ་གསུམ་ཕྱག་དྲུག་པ༔ དབུས་དམར་གཡས་ལྗང་གཡོན་དཀར་ཞལ༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་འཚེར༔ རྡོ་རྗེ་ཁ་ཊྭཱཾ་རལ་གྲི་གཡས༔ སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས་གཡོན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྗིད༔ ཁྲོ་གཏུམ་གར་དགུའི་གཟི་བྱིན་འབར༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ སྨར་སྨིན་དབུ་སྐྲ་མེ་ལྟར་གཡོ༔ ཞབས་བརྒྱད་གྱད་ཀྱི་དོར་སྟབས་ཀྱིས༔ དྲག་མེ་འཁྲུགས་པའི་ཀློང་ན་རོལ༔ སྦྱོར་ཡུམ་རྡོ་རྗེ་ཕག་མོ་མཐིང༔ གྲི་ཐོད་ཕྱག་རྒྱ་འཛིན་པས་འཁྱུད༔ དབུ་གཙུག་ཁྱུང་ཆེན་རིགས་ལྔ་འཕྲོ༔ སྤྱི་བོར་འཇམ་དཔལ་གཤིན་རྗེ་གཤེད༔ མགྲིན་པར་པདྨ་དྲག་པོ་རྩལ༔ ཐུགས་ཀར་ཡང་དག་ཁྲག་འཐུང་ཆེ༔ ལྟེ་བར་བླ་མེད་ཧེ་རུ་ཀ༔ གསང་གནས་རྡོ་རྗེ་གཞོན་ནུ་རྣམས༔ སེར་དམར་མཐིང་སྨུག་ལྗང་གུའི་མདོག༔ ཞལ་གཅིག་ཕྱག་གཉིས་ཕྱག་མཚན་དང༔ དུར་ཁྲོད་ཆས་རྫོགས་གཟི་བྱིན་འབར༔ ཕྱི་རོལ་འཁོར་ལོ་རྩིབས་བཞི་པའི༔ མདུན་དང་ཕྱོགས་བཞིར་པད་ཉིའི་སྟེང༔ བུདྡྷ་བཛྲ་རཏྣ་དང༔ པདྨ་ཀརྨ་རྟ་མཆོག་དཔལ༔ ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བགྲད༔ དཀར་མཐིང་སེར་དམར་ལྗང་གུའི་མདོག༔ གཡས་རྣམས་རང་རྟགས་ཕྱག་མཚན་དང༔ གཡོན་རྣམས་བྷནྡྷ་ཁྲག་བཀང་རོལ༔ རྒྱན་དང་ཆ་ལུགས་གཙོ་བོའི་ཚུལ༔ སྤྱི་གཙུག་རྟ་གདོང་རྔམ་བཞད་འཚེར༔ རང་འོད་ཡུམ་འཁྱུད་བདེ་སྟོང་སྦྱོར༔ པད་ཉི་དྲེགས་པ་ཕོ་མོའི་སྟེང༔ དྲག་མེ་འཁྲུགས་པའི་ཀློང་ན་འགྱིང༔ དེ་ཕྱིར་གསེར་ཁྱམས་ཁྲག་ཁྱམས་ལ༔ གནས་ཡུལ་མ་མོ་ཕྲ་མེན་དང༔ སྒོ་བཞིར་སྒོ་མ་གདོང་ཅན་བཞི༔ ཕྱི་འཁོར་དབང་ཕྱུག་ཉེར་བརྒྱད་སོགས༔ ཕོ་ཉ་དམ་ཅན་སྤྲིན་ལྟར་གཏིབས༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་ཕྱག་རྒྱས་གདབ༔ ནམ་མཁའ་གང་བའི་དབང་གི་ལྷས༔ བདེ་ཆེན་བདུད་རྩིའི་ཆར་འབེབས་པས༔ ཕུང་པོ་གནས་གྱུར་ཉོན་མོངས་དག༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་བདག༔ ཐོད་ཕྲེང་རིགས་ལྔའི་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི་སུ་ར་ཏ་སཏྭཾ་ཨ་ཧཾ༔ ཧཱུྃ༔ བདེ་ཆེན་འབར་བ་ཨེ་ཡི་དབྱིངས༔ དུར་ཁྲོད་གསང་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ ཁྲག་འཐུང་རོལ་པའི་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མི་མཐུན་བདུད་བཞིའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དབང་སྐུར་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཤྲཱིཿཔདྨ་ཧ་ཡ་གྲཱི་ཝ་སརྦ་ཀྲོ་དྷ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ༔ དབང་ཆེན་རོལ་པའི་ཕོ་བྲང་འདིར༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དབྱེར་མེད་བཞུགས༔ ཐུགས་རྗེའི་ཕྲིན་ལས་མཛད་དུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ཉིད་ལས༔ ཐབས་ཀྱིས་གདུག་པ་འདུལ་བའི་ཕྱིར༔ དྲག་ཤུལ་ཆེན་པོའི་སྐུར་སྟོན་པ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དགྲ་བགེགས་བསྒྲལ་པ་ལས་བྱུང་བའི༔ དྲག་པོའི་ཉེར་སྤྱོད་འདོད་ཡོན་དང༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ སྐུ་གསུང་ཐུགས་ནི་གར་དགུར་ལྡན༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ ཧེ་རུ་ཀ་དཔལ་དཀྱིལ་འཁོར་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ལྷ་ལ་སེམས་གཟུང་སྐྱོན་བཅོས་ཤིང༔ སྤྲོ་བསྡུས་རྩལ་སྦྱང་རྣལ་དུ་དབབ༔ ང་རྒྱལ་བརྟན་ཅིང་དག་པ་དྲན༔ བསྐྱེད་རིམ་གྱད་དུ་འགྱུར་ལ་བསླབ༔ ཏིང་ངེ་འཛིན་གྱི་གཟེར་ཡིན་ནོ༔ བསྙེན་པ་སྔགས་ཀྱི་གཟེར་གདབ་ཕྱིར༔ བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ༔ བ་སྤུའི་ཁུང་བུ་ཚུན་ཆད་ཀྱང༔ རང་འདྲའི་ཁྲོ་བོའི་ཚོགས་ཀྱིས་གཏམས༔ སྙིང་གའི་ཡང་དག་ཧེ་རུ་ཀའི༔ ཙིཏྟ་རིན་ཆེན་གསང་བའི་སྦུབས༔ པདྨ་ཟླ་བའི་གདན་སྟེང་དུ༔ ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས༔ དཀར་གསལ་མཆོག་སྦྱིན་པདྨ་འཆང༔ དེ་ཡི་ཐུགས་ཀར་པད་ཟླའི་དབུས༔ ཧྲཱིཿམཐར་འབར་བའི་སྔགས་ཀྱིས་བསྐོར༔ རྩེ་གཅིག་སེམས་བཟུང་བཟླས་པ་ཡིས༔ ལུས་དཀྱིལ་ཁྲོ་བོའི་ཚོགས་ཀྱིས་ཀྱང༔ སྔགས་ཀྱི་རང་སྒྲ་སྒྲོག་པ་ལས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ ཡེ་ཤེས་གཟི་བྱིན་ཐོབ་པར་བསམ༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ༔ འབུམ་ཕྲག་བཅུ་ཡིས་བྱིན་རློབ་འགྱུར༔ འཕྲོ་འདུ་ཕྲིན་ལས་སྒྲུབ་པ་ནི༔ སླར་ཡང་ཐུགས་སྲོག་སྒྲུབ་སྔགས་ཀྱིས༔ རང་སྒྲ་སྒྲོག་བཞིན་བསྐོར་བ་ལས༔ འབར་བའི་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་ཞི་ཁྲོ་མཆོད་པས་མཉེས༔ དམ་ཅན་ཕོ་ཉ་ལས་ལ་བསྐུལ༔ སྡེ་བརྒྱད་འབྱུང་པོ་ཟིལ་གྱིས་མནན༔ དགྲ་བགེགས་གདུག་པ་ཚར་ཐག་བཅད༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཆོས་ཉིད་ངང་ནས་བཟླས༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ འབུམ་ཕྲག་བཅོ་ལྔ་བཟླས་པ་ཡིས༔ རྟ་མཆོག་དཔལ་གྱི་ནུས་ཐོབ་བྱེད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཁྲག་འཐུང་ཡོངས་རྫོགས་སྔགས་འདི་ཡང༔ འབུམ་ཕྲག་བཞི་སོགས་ཅི་རིགས་བཟླ༔ སྒྲུབ་པའི་བྱེ་བྲག་ལས་སྦྱོར་ནི༔ ཐུགས་ནས་ཚ་ཞིང་རྩུབ་པ་ཡི༔ འོད་འཕྲོས་ལུས་དཀྱིལ་ཁྲོ་ཚོགས་དང༔ དཀྱིལ་འཁོར་ཡོངས་ཀྱི་ཐུགས་དམ་བསྐུལ༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་བསྐྱེད༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་དང༔ མཚོན་ཆ་མེ་ཕུང་ཕོ་ཉའི་ཚོགས༔ ཉི་ཟེར་རྡུལ་བཞིན་ཀུན་ཏུ་འཕྲོས༔ དགྲ་བགེགས་དམ་སྲི་གདུག་པ་ཅན༔ མ་རུངས་འབྱུང་པོའི་ཚོགས་རྣམས་ཀྱི༔ སྙིང་ནས་བཟུང་ཞིང་སྲོག་ནས་དྲངས༔ བསད་བཅད་གཏུབས་ཤིང་ཞལ་དུ་གསོལ༔ རྗེས་ཤུལ་ལྷག་མ་མེད་པར་བསམ༔ སྒྲུབ་སྔགས་ཐ་མར་སྤུ་གྲི་གདགས༔ ཨོཾ་བཛྲ་དུ་ན་བྷྱོ་ཏིག་ནན་ཛ་ཛ༔ ས་མ་ཡ་སཏྭཾ༔ ཁཾ་རཀྴ་ས་མ་ཡ་ཛ༔ ཁཾ་རཀྴ་ས་མ་ཡ་བྷྱོ༔ ཁཾ་རཀྴ་ས་མ་ཡ་ཟློག༔ ཁཾ་རཀྴ་ས་མ་ཡ་གཏུབས༔ ཁཾ་རཀྴ་ས་མ་ཡ་བྱེར༔ ཁཾ་རཀྴ་ས་མ་ཡ་རྦད༔ ཁཾ་རཀྴ་ས་མ་ཡ་རྦད་རྦུད་ཕཊ་ཡ༔ སརྦ་ཤ་ཏྲཱུན་བི་གྷྣཱན་འབྱུང་པོ་མཱ་ར་ཡ་ཛ༔ མཱ་ར་ཡ་རྦད༔ མཱ་ར་ཡ་བྷྱོ༔ མཱ་ར་ཡ་ཟློག༔ མཱ་ར་ཡ་ཕཊ༔ དྲག་པོའི་ལས་ཀྱི་སྔགས་འདི་ནི༔ ལྟ་དགོངས་གདིང་དང་ལྡན་པ་ཡིས༔ ཁྲི་ཕྲག་བཟླས་པས་ལས་འགྲུབ་བོ༔ མཐར་ཐུག་དགོངས་པ་མི་འགྱུར་བ༔ ཆོས་ཉིད་གཟེར་གྱིས་གདབ་པ་ནི༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་སེམས་གདོད་ནས་རྣམ་དག་པ༔ བདེན་གཉིས་ཟུང་འཇུག་གནས་ལུགས་ངང༔ ལྷ་སྔགས་དབྱེར་མེད་མཉམ་གཞག་པས༔ དོན་གྱི་དཔལ་ཆེན་ཚེ་འདིར་འགྲུབ༔ ཁྱད་པར་བསྐྱེད་དང་རྫོགས་པའི་ཚུལ༔ ལམ་གྱི་རིམ་པ་བཞིན་དུ་སྦྱར༔ ཐུན་མོང་བསད་ཟློག་མདོར་བསྡུས་པ༔ བླ་མ་དྲག་པོའི་གཞུང་ཉིད་ལ༔ ལྷ་སྔགས་ཁ་སྒྱུར་ཙམ་གྱིས་འགྲུབ༔ གཞན་ཡང་ལས་ཚོགས་རབ་འབྱམས་རྣམས༔ རྟ་མཆོག་རོལ་པའི་ཏནྟྲ་དང༔ མན་ངག་བཞིན་དུ་སྦྱར་བར་བྱ༔ ཁྱད་པར་ལུས་སྲོག་ལོངས་སྤྱོད་དང༔ ལམ་ལ་བར་དུ་གཅོད་བྱེད་པའི༔ བདུད་བཞི་དམ་སྲི་སྒབ་འདྲེའི་དཔུང༔ སྙིགས་མའི་དུས་སུ་རླུང་ལྟར་ལངས༔ དེ་རྣམས་གཟིར་ཞིང་མནན་པ་དང༔ རྡོ་རྗེའི་རྟ་བྲོའི་ཆོ་ག་ཡིས༔ ཕྱིར་ཟློག་ལྡང་མེད་རྒྱས་གདབ་པ༔ རྣལ་འབྱོར་རྣམས་ཀྱི་དང་དུ་བླང༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ དབུས་སུ་དམ་སྲིའི་ལིངྒ་དང༔ ཕྱོགས་བཞིར་བདུད་བཞི་མཚམས་བཞི་རུ༔ སྒབ་འདྲེའི་ལིང་གཟུགས་ཐམས་ཅད་ཀྱི༔ སྙིང་གར་ཏྲི་ཛ་ཁ་སྤྲོད་མཐར༔ དམ་སྲི་སོགས་ལ་རིམ་པ་བཞིན༔ ཕུང་བྱེད་རྒྱལ་བསེན་དམ་སྲི་གློ་བུར་དུ་ལྷགས་པ་བཅས་པ་ཐམས་ཅད་རཱ་ཛ་ཧབ་ལེ་ཧབ་ལེ་ཤ་མ་རུ་ཏི་པི་ཤ་ཙཱི་ཏྲི་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ རུལ་རུལ༔ མྱོག་མྱོག༔ དུར་དུར༔ ཡེད་ཡེད༔ ཐུམ་ཐུམ༔ མཱ་ར་ཡ་མཱ་ར་ཡ༔ བྷིནྡྷ་བྷིནྡྷ༔ ཧ་ན་ཧ་ན༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ་ནན་ནན་ལཾ་བྷྲཱུྃ་ལཾ་བྷྲཱུྃ༔ ཤི་ཀྲི་མཱ་ར་ཡ་ཕཊ༔ བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་དང་འབྱུང་པོའི་ཚོགས་ཐམས་ཅད་ཏྲི་མཱ་ར་སེ་ན་ཛ་ཛ༔ རུལ་རུལ་སོགས་འགྲེ༔ སྒྲུབ་པ་ལ་འགལ་རྐྱེན་གློ་བུར་བྱེད་པའི་སྒབ་འདྲེ་གདུག་པ་ཅན་ཐམས་ཅད་ཏྲིའུ་ཏྲིའུ་ཛ་ཛ༔སོགས༔ གཞན་ཡང་མིག་ལ་ལོང་སོགས་པའི༔ དམོད་པའི་ཡི་གེས་གཏམས་ཀྱང་རུང༔ ཐ་མར་དམོད་ཚིག་ཛ་ཁྲོཾ་བསྐོར༔ ཚྭ་སྣ་གསུམ་དང་ཚ་བ་གསུམ༔ དུག་ཁྲག་བྱུགས་ཤིང་ཐོད་ངན་ནང༔ ཐུན་རྫས་དང་བཅས་ཤི་ལྟེབ་ཀྱིས༔ ལས་ཁུང་ནང་དུ་གཞུག་པར་བྱ༔ བདག་གི་རྣལ་འབྱོར་ལྷག་པར་གསལ༔ སྒྲུབ་དང་ལས་སྦྱོར་གོང་སྔགས་བཅས༔ སྟོང་རྩ་བཟླས་པས་ཐུན་ལ་བསྔགས༔ སྲིད་པ་ལས་ཀྱི་བྲུབ་ཁུང་ནང༔ ལིངྒ་བདུད་བགེགས་དངོས་སུ་གསལ༔ འགུགས་གཞུག་རྒྱས་པ་སྔོན་འགྲོ་བས༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་དང༔ ཆོས་ཉིད་ཆོས་ཅན་བསླུ་མེད་མཐུས༔ སྡང་དགྲ་གནོད་བྱེད་བདུད་བཞིའི་དཔུང༔ དམ་སྲི་སྒབ་འདྲེ་འབྱུང་པོ་ཀུན༔ མཚན་མའི་རྟེན་ལ་མྱུར་དུ་ཁུག༔ དབྱེར་མེད་སྟིམས་ཤིག་དམ་པར་སྡོམས༔ མྱོས་པར་གྱིས་ཤིག་ལྷ་དང་ཕྲོལ༔ གཟུགས་ལ་ཕོབ་ཅིག་མཱ་ར་ཡ༔ བདུད་བཞི་དམ་སྲི་སྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་བཛྲ་ཨཾ་གུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བརྒྱ་རྩ་ལ་སོགས་ཁུག་པའི་རྟགས༔ ཡིད་ཆེས་མ་བྱུང་བར་དུ་བྱ༔ དེ་ནས་དྲག་སྔགས་སྤུ་གྲི་བཅས༔ ཐུན་གྱིས་བརྡེག་ཅིང་བསད་པ་ལས༔ ལུས་རེངས་ངག་ལྐུགས་ཡིད་མྱོས་ཏེ༔ རྟོག་ཚོགས་རྒྱུ་བ་རགས་པ་འགག༔ རྟེན་དང་དབྱེར་མེད་བསྒྲལ་བར་བསམ༔ ཡུག་སའི་སྐྲ་ཡིས་རྒྱ་ཆིངས་གདབ༔ དུག་ཤིང་སྐམ་པའི་བར་དུ་གཏེམ༔ ཕུང་རེས་དྲིལ་ལ་བཙེམ་བྱས་ཏེ༔ ཐུན་རྫས་དང་བཅས་ཐོད་ངན་གཞུག༔ སླར་ཡང་ཕུང་རེས་གཏུམས་པ་ལ༔ རྡོ་རྗེས་རྒྱས་གདབ་སྐྱེར་ཕུར་གཟེར༔ བྱིན་རླབས་ཅན་གྱི་མཆོད་རྟེན་དང༔ ལྷ་རྟེན་དྲག་པོའི་འོག་རོལ་ལམ༔ གྲིབ་མས་ནོན་སར་གྲུ་གསུམ་དོང༔ གཏིང་ཟབ་བྲུས་པའི་ནང་དུ་འཕང༔ བདེན་བརྗོད་དགུག་གཞུག་དྲག་ཏུ་བྱ༔ དུར་གཡམ་རི་རབ་རྒྱ་གྲམ་དང༔ ས་ཆུ་མེ་ཡིས་ཁ་བཅད་ལ༔ ཧཱུྃ༔ བདུད་དང་དམ་སྲི་སྒབ་འདྲེའི་དཔུང༔ བསྟན་དང་འགྲོ་ལ་ཉེར་འཚེ་ཞིང༔ ཁྱད་པར་རྣལ་འབྱོར་སྒྲུབ་པ་ལ༔ བར་དུ་གཅོད་པའི་བགེགས་ཆེན་འདིས༔ དང་པོར་བརྒྱུད་པའི་བཀའ་ལས་འགལ༔ བར་དུ་རྣལ་འབྱོར་དམ་ལས་ལོག༔ ཐ་མ་སྒྲུབ་ལ་བར་དུ་གཅོད༔ བསྟན་དང་འགྲོ་ལ་འཚེ་བའི་ཕྱིར༔ གཟིར་ཞིང་མནན་པའི་དུས་ལ་བབ༔ བསྐྱུར་རོ་ཀླུ་བདུད་གྲེ་བར་བསྐྱུར༔ གཏད་དོ་གཤིན་རྗེའི་ཁ་རུ་གཏད༔ མནན་ནོ་ཐར་མེད་ཨེ་དབྱིངས་མནན༔ རྡོ་རྗེ་རི་རབ་ལྷུན་པོ་དང༔ སྣ་ཚོགས་རྡོ་རྗེའི་ཕྱག་རྒྱས་གདབ༔ རིམ་དགུའི་ས་ཆུ་མེ་ཡིས་གཡོགས༔ བྱང་ཆུབ་མཆོག་སེམས་མ་སྐྱེས་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ གནོད་བྱེད་བདུད་བཞི་དམ་སྲི་སྒབ་འདྲེ་འབྱུང་པོ་ཐམས་ཅད་ཀྱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ནན༔ ཨེ་བྷྲཱུྃ་བི་ཤྭ་བཛྲ་ལཾ་བཾ་རཾ་སཏྭཾ་བྷ་ཡ་ནན༔ ས་གཞི་འཐས་པར་བཅགས་པའི་སྟེང༔ དབུས་དང་ཕྱོགས་བཞི་མཐའ་སྐོར་དུ༔ ནམ་ཡང་གསོར་མི་རུང་བའི་ཕྱིར༔ རྟ་བྲོ་དྲུག་གི་རྒྱས་གདབ་བྱ༔ ཧཱུྃ༔ དབང་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ རྟ་སྐད་ལྡིར་ཞིང་འཚེར་བ་ཡིས༔ ཆོས་དབྱིངས་ཡེ་ཤེས་གླུ་བླངས་ཤིང༔ གཡས་ནས་བསྐོར་ཞིང་གཡོན་དུ་འཁྱིལ༔ བདེ་གཤེགས་རོལ་པའི་བྲོ་བརྡུངས་པས༔ ཞི་བའི་ལས་ཀུན་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ རྨོངས་པའི་བདུད་དང་དམ་སྲི་དང༔ སྒབ་འདྲེ་བར་དུ་གཅོད་པའི་ཚོགས༔ ཐར་མེད་ལས་ཀྱི་ཨེ་དབྱིངས་མནན༔ འཁོར་ལོའི་ཕྱག་རྒྱས་རྒྱས་བཏབ་པས༔ བདག་ཏུ་ལྟ་བ་མ་ཞིག་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧི་ཧི་ཧི་ཨོཾ་བུདྡྷ་བཻ་རོ་ཙ་ན་ཧ་ཡ་གྲཱི་ཝ་སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ལཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ༔ དབང་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ རྟ་སྐད་རྔམས་ཤིང་འཚེར་བ་ཡིས༔ མེ་ལོང་ཡེ་ཤེས་གླུ་བླངས་ཤིང༔ གཡས་གཡོན་དབུས་སུ་འཁྲབ་པ་ཡིས༔ རྡོ་རྗེ་རོལ་པའི་བྲོ་བརྡུངས་པས༔ མཆོག་གི་ལས་ཀུན་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ འཁྲུགས་པའི་བདུད་དང་དམ་སྲི་དང༔ སྒབ་འདྲེ་བར་དུ་གཅོད་པའི་ཚོགས༔ ཐར་མེད་ལས་ཀྱི་ཨེ་དབྱིངས་མནན༔ རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས༔ བདག་ཏུ་ལྟ་བ་མ་ཞིག་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧི་ཧི་ཧི་ཧཱུྃ་བཛྲ་ཨ་ཀྵོ་བྷྱཿཧ་ཡ་གྲཱི་བ་སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ལཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ༔ དབང་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ སེར་སྣ་རྡོ་རྗེ་འཁོར་བཅས་ཀྱིས༔ རྟ་སྐད་ཕྲ་ཞིང་འགྱུར་བ་ཡིས༔ མཉམ་ཉིད་ཡེ་ཤེས་གླུ་བླངས་ཤིང༔ འཁྱིལ་ཞིང་རྩེ་མོར་འདུར་བ་ཡིས༔ རིན་ཆེན་རོལ་པའི་བྲོ་བརྡུངས་པས༔ རྒྱས་པའི་ལས་ཀུན་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ ངར་འཛིན་བདུད་དང་དམ་སྲི་དང༔ སྒབ་འདྲེ་བར་དུ་གཅོད་པའི་ཚོགས༔ ཐར་མེད་ལས་ཀྱི་ཨེ་དབྱིངས་མནན༔ རིན་ཆེན་ཕྱག་རྒྱས་རྒྱས་བཏབ་པས༔ བདག་ཏུ་ལྟ་བ་མ་ཞིག་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧི་ཧི་ཧི་ཏྲཱཾ་རཏྣ་སཾ་བྷ་བ་ཧ་ཡ་གྲཱི་བ་སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ལཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ༔ དབང་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས༔ རྟ་སྐད་སྙན་ཞིང་ཆགས་པ་ཡིས༔ སོར་རྟོག་ཡེ་ཤེས་གླུ་བླངས་ཤིང༔ དབུས་དང་ཕྱོགས་མཚམས་འདུར་བ་ཡིས༔ པདྨ་རོལ་པའི་བྲོ་བརྡུངས་པས༔ དབང་གི་ལས་ཀུན་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ ཆགས་པའི་བདུད་དང་དམ་སྲི་དང༔ སྒབ་འདྲེ་བར་དུ་གཅོད་པའི་ཚོགས༔ ཐར་མེད་ལས་ཀྱི་ཨེ་དབྱིངས་མནན༔ པདྨའི་ཕྱག་རྒྱས་རྒྱས་བཏབ་པས༔ བདག་ཏུ་ལྟ་བ་མ་ཞིག་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧི་ཧི་ཧི་ཧྲཱིཿཔདྨ་དྷ་ར་ཧ་ཡ་གྲཱི་བ་སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ལཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ༔ དབང་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ ཕྲག་དོག་རྡོ་རྗེ་འཁོར་བཅས་ཀྱིས༔ རྟ་སྐད་དྲག་རྔམ་འཚེར་བ་ཡིས༔ བྱ་གྲུབ་ཡེ་ཤེས་གླུ་བླངས་ཤིང༔ སྣ་ཚོགས་རྡོ་རྗེའི་འབར་བ་ཡིས༔ ཀརྨ་རོལ་པའི་བྲོ་བརྡུངས་པས༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ ཕྲག་དོག་བདུད་དང་དམ་སྲི་དང༔ སྒབ་འདྲེ་བར་དུ་གཅོད་པའི་ཚོགས༔ ཐར་མེད་ལས་ཀྱི་ཨེ་དབྱིངས་མནན༔ ལས་ཀྱི་ཕྱག་རྒྱས་རྒྱས་བཏབ་པས༔ བདག་ཏུ་ལྟ་བ་མ་ཞིག་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧི་ཧི་ཧི་ཨཱཿཨ་མོ་གྷ་སིདྡྷི་ཧ་ཡ་གྲཱི་བ་སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ལཾ་སཏྭཾ་བྷ་ཡ་ནན༔ ཧཱུྃ༔ དཔལ་ཆེན་རྒྱལ་པོ་དེ་བཞིན་གཤེགས༔ ཡེ་ཤེས་རྡོ་རྗེ་འཁོར་བཅས་ཀྱིས༔ རྟ་སྐད་རྔམ་བཞད་རྒྱུན་ཆགས་པས༔ འོད་གསལ་ཡེ་ཤེས་གླུ་བླངས་ཤིང༔ སྒེག་ལྡེམ་ཤུགས་ཀྱིས་འགྲོ་བ་ཡིས༔ ཁྲག་འཐུང་རོལ་པའི་བྲོ་བརྡུངས་པས༔ ལས་རྣམས་ཐམས་ཅད་ལྷུན་གྱིས་གྲུབ༔ འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ མ་རིག་བདུད་དང་དམ་སྲི་དང༔ སྒབ་འདྲེ་བར་དུ་གཅོད་པའི་ཚོགས༔ ཐར་མེད་ལས་ཀྱི་ཨེ་དབྱིངས་མནན༔ ཡེ་ཤེས་ཕྱག་རྒྱས་རྒྱས་བཏབ་པས༔ བདག་ཏུ་ལྟ་བ་མ་ཞིག་བར༔ ནམ་ཡང་ལྡང་བའི་སྐབས་མེད་དོ༔ ཧི་ཧི་ཧི་ཤྲཱི་ཧེ་རུ་ཀ་ཧ་ཡ་གྲཱི་བ་སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ལཾ་སཏྭཾ་བྷ་ཡ་ནན༔ སྒྲུབ་པ་པོ་རྣམས་བརྟུལ་ཞུགས་བསྐྱེད༔ སྣོད་བཅུད་རྟ་མཆོག་རིགས་དྲུག་གི༔ ཕྱག་རྒྱ་སྔགས་ཚིག་བཞད་པ་ཡིས༔ རྡོ་རྗེའི་རྟ་བྲོ་དྲུག་བརྡུངས་པས༔ ལས་རྣམས་གསོར་མི་རུང་བར་གྲུབ༔ སྒྲུབ་ལ་བར་གཅོད་ཐམས་ཅད་ཟློག༔ བགེགས་དང་འབྱུང་པོ་ཟིལ་གྱིས་ནོན༔ ས་གསུམ་མ་མོ་མཁའ་འགྲོའི་ཚོགས༔ དབང་མེད་འདུ་ཞིང་ཡིད་འཕྲོགས་པས༔ ཅི་བཅོལ་ལས་ཀུན་ཐོགས་མེད་བྱེད༔ དེ་བས་རྟ་མཆོག་གསང་རྒྱུད་ཀྱི༔ དགོངས་པ་མངོན་དུ་ཕྱུང་པ་འདི༔ རྣལ་འབྱོར་སྐལ་ལྡན་རྣམས་ཀྱིས་སྤྱོད༔ གྲུབ་པ་མཐར་ཕྱིན་དངོས་གྲུབ་ཐོབ༔ ས་མ་ཡ༔ དབང་ཆེན་རོལ་པའི་ཏནྟྲ་ནི༔ ཟབ་རྒྱས་བཀའ་གཏེར་གཞུང་གི་བཅུད༔ པདྨ་སྒྱུ་འཕྲུལ་ཁྲོ་བོའི་ལམ༔ སྔོན་མེད་ཀུན་ལས་ཁྱད་འཕགས་པ༔ ང་སྤྲུལ་རིག་པ་འཛིན་པ་ཡི༔ དགོངས་པའི་གཏེར་དུ་སྦས་རྒྱས་གདབ༔ རིག་འཛིན་ཌཱ་ཀིའི་བྱིན་རླབས་ཀྱིས༔ རྩོལ་མེད་ངང་གིས་ཤར་ནས་ཀྱང༔ རང་གཞན་དོན་མང་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རྗེ་གྲུབ་ཐོབ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས། འོད་གསལ་སྤྲུལ་པའི་རྡོ་རྗེས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་པའོ།། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ནི༔ ཉམས་ཆག་ཐམས་ཅད་ཞི་བ་དང༔ བདེ་ཆེན་ཡེ་ཤེས་རྒྱས་པ་དང༔ རླུང་སེམས་དབང་དུ་འདུ་བ་དང༔ གཟུང་འཛིན་འབྱུང་པོ་ཚར་གཅོད་པའི༔ བླ་མེད་ཕྲིན་ལས་རྨད་པོ་ཆེ༔ མྱུར་དུ་སྒྲུབ་པའི་ཐབས་ཟབ་མོ༔ སྐལ་བཟང་མཆོག་གི་སྤྱོད་ཡུལ་ལོ༔ ཨ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་བཞུགས་པའི༔ གདོད་མའི་སྟོང་ཆེན་ཡོངས་གྲུབ་དབྱིངས༔ ཡེ་ཤེས་རིག་པ་རང་སྣང་བའི༔ ཕྱི་སྣོད་ཀློང་ལྔ་ཡུམ་གྱི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་དང༔ རྣམ་ཐར་ཆོས་འབྱུང་ཡངས་པའི་གཞིར༔ རང་བྱུང་སྤྲུལ་པའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ ཕྱི་གསལ་ནང་གསལ་འོད་ཀྱི་ཀློང༔ སྙིང་པོའི་དཀྱིལ་འཁོར་པད་འདབ་བཞིའི༔ ལྟེ་བར་པད་ཉི་བམ་རོའི་སྟེང༔ རང་སེམས་བཾ་ཡིག་དམར་པོ་ལས༔ རྒྱལ་ཡུམ་བཛྲ་ཝཱ་རཱ་ཧཱི༔ རབ་དམར་བསྐལ་པའི་མེ་འོད་འབར༔ ཁྲོ་འཛུམ་ཞལ་གཅིག་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་རྗེས་ཆགས་གཡོ༔ དབུ་སྐྲ་ཐོར་ཅོག་སྤྱི་བོར་བཅིངས༔ ལྷག་མ་སྐུ་རྒྱབ་སི་ལེར་གྲོལ༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གསོལ༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་ག༔ ཧེ་རུ་ཀ་དཔལ་ངོ་བོར་རྫོགས༔ རུས་པའི་ཕྱག་རྒྱ་རྣམ་ལྔ་དང༔ ཐོད་སྐམ་དབུ་རྒྱན་དོ་ཤལ་འཕྱང༔ དར་དང་མེ་ཏོག་ཕྲེང་བས་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ འཁོར་ལོའི་དབང་ཕྱུག་ཆེན་མོར་བཞེངས༔ མདུན་སོགས་ཕྱོགས་བཞིར་གཡས་བསྐོར་དུ༔ རྡོ་རྗེ་མཁའ་འགྲོ་ཌཱ་ཀི་སྔོ༔ རིན་ཆེན་མཁའ་འགྲོ་གཟུགས་ཅན་སེར༔ པདྨ་མཁའ་འགྲོ་དུམ་སྐྱེས་དམར༔ ལས་ཀྱི་མཁའ་འགྲོ་ལ་མཱ་ལྗང༔ དེ་ཕྱིར་མཐིང་དམར་དཀར་བ་ཡི༔ ཐུགས་གསུང་སྐུ་ཡི་འཁོར་ལོ་ལ༔ ཡུལ་ཆེན་ཉེར་བཞིའི་རྣལ་འབྱོར་མ༔ མཐིང་དམར་དཀར་བ་བརྒྱད་ཚན་གསུམ༔ སྒོ་བཞིར་སྒོ་སྐྱོང་གདོང་ཅན་བཞི༔ མཐིང་སེར་དམར་དང་ལྗང་བའི་མདོག༔ གྲུ་ཆད་མཚམས་མ་ཕྱེད་གཟུགས་ཅན༔ སྟག་གི་པགས་པའི་ཤམ་ཐབས་གྲོལ༔ དྲག་མོ་ཁྲོས་པའི་ཚུལ་དུ་བཞེངས༔ ཀུན་ཀྱང་གྲི་གུག་ཐོད་ཁྲག་བསྣམས༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ པད་ཉི་བམ་རོའི་གདན་ལ་རོལ༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཚོགས༔ ཏིལ་གྱི་གང་བུ་ཁ་ཕྱེ་ལྟར༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཡི་གེ་གསུམ་གྱི་ཕྱག་རྒྱས་གདབ༔ ནམ་མཁའ་གང་བའི་དབང་གི་ལྷས༔ བདེ་ཆེན་བདུད་རྩིའི་ཆར་འབེབས་པས༔ ཕུང་པོ་གནས་གྱུར་ཉོན་མོངས་དག༔ ཡེ་ཤེས་དབང་བསྐུར་རིགས་ཀྱི་བདག༔ ཐོད་ཕྲེང་རིགས་ལྔའི་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩཱ་མི་སུ་ར་ཏ་སཏྭཾ་ཨ་ཧཾ༔ ཧཱུྃ༔ བདེ་ཆེན་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡུམ༔ གནས་གསུམ་མཁའ་འགྲོའི་ཚོགས་དང་བཅས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཟུང་འཇུག་དགྱེས་པ་ཆེན་པོར་བཞུགས༔ གཉིས་མེད་གུས་པའི་བརྡ་ཡི་ཕྱག༔ རང་གྲོལ་ཆོས་སྐུའི་ཀློང་དུ་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་ཕྱི་ནང་གསང་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་ཤར༔ བདེ་ཆེན་དབང་པོའི་དམ་ཚིག་གིས༔ དགྱེས་བཞེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་མཎྜལ་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ རྒྱལ་ཀུན་སྐྱེད་དང་རོལ་པའི་ཡུམ༔ གནས་གསུམ་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་དབང་ཕྱུག་མ་ལ་བསྟོད༔ རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ བསམ་གྱིས་མི་ཁྱབ་རྨད་པོ་ཆེས༔ མཁའ་ཁྱབ་འགྲོ་བ་འདུལ་མཛད་པའི༔ ཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔ ཡེ་ཤེས་རིག་རྩལ་དྷཱ་ཀི་ནཱི༔ འཁོར་ལོ་གསུམ་གྱི་རྣལ་འབྱོར་མ༔ སྒོ་མཚམས་སྐྱོང་བའི་ཕོ་ཉ་མོ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ དེ་ལྟར་མཆོད་ཅིང་བསྟོད་པའི་མཐུས༔ བདག་ཅག་དམ་ཚིག་ཉམས་ཆག་བྱང༔ དངོས་གྲུབ་མཆོག་གི་སྣོད་དུ་གྱུར༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ ཞེས་པས་བསྟོད་ཅིང་གསོལ་བ་གདབ༔ གསལ་བརྟན་དག་པ་དྲན་པ་ཡི༔ ཏིང་འཛིན་གཟེར་གྱིས་རྒྱས་བཏབ་ནས༔ ཐ་མལ་སྣང་ཞེན་དབྱིངས་སུ་བསྟིམ༔ ཡན་ལག་བཟླས་པའི་རྣལ་འབྱོར་ལ༔ དང་པོ་བསྙེན་པའི་ཛཔ྄་དགོངས་ནི༔ བདག་ཉིད་རྡོ་རྗེ་རྣལ་འབྱོར་མའི༔ ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ དེ་ཡི་ཐུགས་དབུས་ཉི་ཟླའི་སྦུབས༔ བཾ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ དཀྱིལ་འཁོར་པ་རྣམས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ སྒྲུབ་པ་པོ་ལ་ཉེ་བར་དགོངས༔ རྩ་ཁམས་རླུང་ལ་བྱིན་བརླབས་བསམ༔ ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ༔ འབུམ་ཕྲག་བདུན་གྱིས་བྱིན་ཐོབ་འགྱུར༔ གཉིས་པ་སྒྲུབ་པའི་དགོངས་པ་ནི༔ ཐུགས་སྲོག་སྒྲུབ་པའི་སྔགས་ཕྲེང་གིས༔ རང་སྒྲ་སྒྲོག་བཞིན་བསྐོར་བ་ལས༔ བདེ་ཆེན་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ ཞིང་དང་ཡེ་ཤེས་སྐུ་རུ་བསྒྱུར༔ ཕོ་ཉ་གསུམ་གྱི་བྱིན་ནུས་ཀུན༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ཡེ༔ བཛྲ་ཝརྞཱ་ནཱི་ཡཻ༔ བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ བཾ་ཧ་རི་ནི་ས་བཛྲ་ཡོ་གི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འབུམ་ཕྲག་བཞི་ཡིས་དངོས་གྲུབ་ཐོབ༔ གསུམ་པ་ཁྱད་པར་ལས་སྦྱོར་ནི༔ སླར་ཡང་ཐུགས་སྲོག་འོད་ཟེར་གྱིས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཤངས་བུག་ནས་ཞུགས་སྐུ་དབྱིངས་ཁྱབ༔ བདེ་སྟོང་ཡེ་ཤེས་མཆོག་ཏུ་འབར༔ སྙོམས་ཞུགས་བདེ་བའི་བྱང་ཆུབ་སེམས༔ ཤངས་བུག་ནས་ཐོན་རང་ཉིད་ཀྱི༔ ཐུགས་ཀའི་བཾ་ལ་དབྱེར་མེད་ཐིམ༔ ཟག་མེད་བདེ་བ་ཆེན་པོ་བསྐྱེད༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ དོན་གྱི་ལྷན་སྐྱེས་མངོན་གྱུར་བསམ༔ སྒྲུབ་པ་རྩ་བའི་སྔགས་་་ཨོཾ་གསུམ་མ།་་་ཀྱི་ཤམ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ༔ མཆོག་གི་ལས་སྦྱོར་ཁྱད་པར་ཅན༔ ཡེ་ཤེས་འབེབས་པའི་རིག་པ་འོ༔ ཐུན་མོང་ལས་བཞིའི་སྔགས་ཀྱང་སྤེལ༔ ཨོཾ་ཤཱནྟིཾ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ་མཱ་ར་ཡ་ཕཊ༔ དམིགས་པའི་མདེ་ཁ་སྤྱི་ལྟར་སྦྱར༔ དེ་ལྟར་བདུན་ཕྲག་བརྩོན་པ་ཡིས༔ མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་བྱེད༔ སྐྱེད་རྫོགས་ལམ་ཁྱེར་ཇི་བཞིན་དུ༔ ཉམས་སུ་བླངས་པས་ཡེ་ཤེས་སྐྱེ༔ གཞན་ཡང་ཕག་མོའི་ལས་ཀྱི་ཚོགས༔ མཁའ་འགྲོ་བརྒྱ་རྩའི་རིམ་པ་སོགས༔ བསྙེན་རྫོགས་རྟོགས་ལྡན་དྲོད་ཐོབ་པས༔ ཇི་སྐད་བཤད་པ་བཞིན་དུ་སྤེལ༔ རང་གཞན་དོན་མང་འགྲུབ་པར་འགྱུར༔ ཐུན་མོངས་ཉམས་ཆག་བཤགས་སྐོང་ནི༔ སྒྲུབ་པའི་རྟེན་དང་མཎྜལ་མདུན༔ མཆོད་གཏོར་ཚོགས་ཀྱི་ལོངས་སྤྱོད་བཤམ༔ བདག་ཉིད་ལྷ་ཡི་རྣལ་འབྱོར་གྱིས༔ གནས་དང་ཡོ་བྱད་བསང་ཞིང་སྦྱང༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་གསང་བ་མཆོག་གི་ཞིང༔ མཆོད་གཏོར་ཡེ་ཤེས་རོལ་པའི་རྒྱན༔ ནམ་མཁའ་མཛོད་ཀྱི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ རང་གི་ཐུགས་སྲོག་ས་བོན་ལས༔ འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཨོཾ་ཨཱཿཧཱུྃ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཧྱེ་ཧི༔ བཛྲ་ས་མ་ཡ་ཛ༔ ལུས་ཀྱི་ཉམས་ཆག་བསྐང་བའི་ཕྱིར༔ གདུང་བའི་ཤུགས་བསྐྱེད་བརྐྱང་ཕྱག་འཚལ༔ ཧོ༔ དགོངས་ཀློང་དབྱེར་མེད་བརྡ་ཡིས་མཚོན༔ སྙན་བརྒྱུད་བདུད་རྩིས་སྐལ་ལྡན་སྐྱོང༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབས༔ ཡི་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀིའི་སྤྲིན་ཕུང་འཕྲོ༔ མཆོག་ཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆག་སྡིག་སྒྲིབ་ཞི་བ་དང༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བནྡ་ནཾ་ཀ་རོ་མི༔ ངག་གི་ཉམ་ཆགས་སྐོང་བའི་ཕྱིར༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱ༔ ཨཱ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་དང༔ སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ སྦྱོར་མཚམས་ནས་བྱུང་ཚངས་བུག་ཞུགས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་རྒྱུ༔ འབྲས་བུ་ནད་གདོན་སྡུག་བསྔལ་ཀུན༔ དག་ཅིང་དྲི་མ་མེད་པར་བསམ༔ སྟོབས་བཞིའི་གནད་དང་ལྡན་པ་ཡིས༔ ཡི་གེ་བརྒྱ་པ་ཛཔ྄་ཏུ་བཟླ༔ མཐར་ནི་གདུང་བས་སྨྲེ་བཤགས་བྱ༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆག་སྡིག་ལྟུང་སྦྱང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་ཀུན༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུང་བས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་བསྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ ཡིད་ཀྱི་ཉམས་ཆག་བསྐང་བའི་ཕྱིར༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་བསྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་པ་ཆེ༔ རང་བྱུང་རང་ཤར་ལྷུན་གྱིས་གྲུབ༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོ་འོ༔ ཨ་ཨ་ཨ༔ ཞེས་བརྗོད་གཉུག་མ་ཁྱབ་གདལ་ངང༔ སྤྲོ་བསྡུ་བྲལ་བར་མཉམ་པར་གཞག༔ དེ་ནི་བཤགས་པའི་ལས་རིམ་མོ༔ སྐོང་གི་ཆོ་གར་རྣམ་པ་གསུམ༔ ཐུན་མོང་ཉེར་སྤྱོད་རྫས་ཀྱིས་བསྐང༔ ཨོཾ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ རབ་འབྱམས་ཞིང་གི་མཆོད་པའི་སྤྲིན༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་དེ་བ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཁྱད་པར་སྨན་རག་གཏོར་མས་བསྐང༔ ཨོཾ༔ རྩ་གསུམ་འཁོར་ལོའི་བྷནྡྷ་རུ༔ ཡེ་ཤེས་བྱང་སེམས་བདུད་རྩི་བསྐྱིལ༔ བདེ་བ་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང༔ ཉམས་ཆག་སྡིག་ལྟུང་དབྱིངས་སུ་ཞི༔ གཟུང་འཛིན་རྟོག་སྒྲིབ་རང་སར་གྲོལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཧི༔ ཨཱ༔ འཁོར་ལོ་ལྔ་ཡི་བྷཉྫ་རུ༔ གཉིས་སྣང་བསྒྲལ་པའི་རཀྟས་བསྐང༔ གཟི་བརྗིད་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་སོགས༴ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་གཏོར་གཞོང་དུ༔ བདེ་ཆེན་ལོངས་སྤྱོད་གཏོར་མ་བཤམས༔ འདོད་ཡོན་རྒྱན་གྱི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་སོགས༴ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མཆོག་ཏུ་སྣང་གསལ་མར་མེས་བསྐང༔ ཧོ༔ སྒྲོན་མ་རྣམ་བཞིའི་ཀོང་བུ་རུ༔ སྣང་བ་བཞི་ཡིས་མར་མེ་སྦར༔ འོད་གསལ་ཆེན་པོའི་དམ་ཚིག་འདིས༔ རྩ་བརྒྱུད་བླ་མ་སོགས༴ མ་ཧཱ་ཛྙཱ་ན་དཱི་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ རྨད་བྱུང་སྦྱོར་སྒྲོལ་ཚོགས་ཀྱིས་བསྐང༔ རཾ་ཡཾ་ཁཾ༔ ཆོས་དབྱིངས་ཁྱབ་གདལ་ཀ་པཱ་ལར༔ རིག་པ་ཡེ་ཤེས་ཚོགས་གཏོར་བཤམས༔ ཟག་མེད་བདུད་རྩིའི་བཅུད་དུ་འཁྱིལ༔ འདོད་ཡོན་རྒྱ་མཚོའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ རིགས་བརྒྱའི་ཁྱབ་བདག་བླ་མ་ལ༔ བདེ་གཤེགས་རིག་འཛིན་འཁོར་གྱིས་བསྐོར༔ འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ ཚེ་རབས་འཁོར་བའི་སྡིག་ལྟུང་དང༔ དམ་ཚིག་ཉམས་ཆག་བསྐང་ཞིང་བཤགས༔ གཟུང་འཛིན་དགྲ་བགེགས་བསྒྲལ་པའི་ཚོགས༔ ཡེ་ཤེས་ཆེན་པོའི་ཞལ་དུ་བསྟབ༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ འོག་མིན་གསང་ཆེན་ཕོ་བྲང་ནས༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལ༔ བཀའ་ཉན་ཕོ་ཉའི་འཁོར་གྱིས་བསྐོར༔ འདིར་གཤེགས་དབང་བསྐུར་སོགས༴ ཨོཾ་མཎྜ་ལ་དེ་བ་ག་ཎ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ གསང་བ་མཆོག་གི་དགྱེས་པ་ན༔ དབྱིངས་ཡུམ་རྡོ་རྗེ་ཕག་མོ་ལ༔ གནས་གསུམ་མཁའ་འགྲོའི་འཁོར་གྱིས་བསྐོར༔ འདིར་གཤེགས༴ ཨོཾ་བཛྲ་བཱ་རཱ་ཧཱི་མཎྜ་ལ་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནི་ཕྱི་ཡི་ཚོགས་མཆོད་དེ༔ སྤྲོ་ན་སྐོང་བཤགས་གཞན་ཡང་བྱ༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང༔ རྡོ་རྗེ་བཟའ་བའི་དམ་ཚིག་གིས༔ ཕུང་ཁམས་སྐྱེ་མཆེད་ལྷ་ཚོགས་མཆོད༔ ཐབས་ཤེས་རྫས་རྣམས་བླངས་ཤིང་རོལ༔ ཧོ༔ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་གྲོང༔ རྩ་རླུང་ཐིག་ལེའི་གཟི་འོད་འབར༔ ཡེ་ཤེས་ཆེན་པོའི་ལྷ་ཚོགས་རྣམས༔ ཁ་སྦྱོར་བདེ་བའི་རོལ་པ་ཆེ༔ རྡོ་རྗེའི་དམ་ཚིག་བླ་མེད་པ༔ ཚོགས་ཀྱི་མཆོད་པ་དགྱེས་པར་བཞེས༔ རྨད་བྱུང་བསོད་རྣམས་ཚོགས་རྫོགས་ཤིང༔ བདེ་ཆེན་ཡེ་ཤེས་རྒྱས་གྱུར་ཅིག༔ ཨ་ཧོ་མ་ཧཱ་སུ་ཁ་ག་ཎ་ཙཀྲ་ཨ་ལ་ལ་ཧོ༔ གསང་བ་དངོས་སམ་ཡེ་ཤེས་ཀྱི༔ ཕྱག་རྒྱར་སྙོམས་ཞུགས་ཚོགས་སྤྱོད་བྱ༔ ཧོ༔ ཨེ་ཡི་ཆ་བྱད་བཟང་པོ་ཡི༔ དབུས་སུ་ཝཾ་གི་རྣམ་པས་བརྒྱན༔ སངས་རྒྱས་རིན་ཆེན་ཟ་མ་ཏོག༔ འདུ་ཤེས་གསུམ་གྱིས་མཉམ་སྦྱར་པས༔ དགའ་བ་བཞི་ཡི་ཡེ་ཤེས་བསྐྱེད༔ སྟོང་པ་བཞི་ཡི་ཉམས་མྱོང་དྲངས༔ བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས༔ མཆོག་ཏུ་མི་འགྱུར་འོད་གསལ་བའོ༔ ཨ་ཨ་ཨ༔ ལྷག་མ་བསྡུས་ལ་བདུད་རྩིས་བྲན༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི༔ ལྷག་ལ་དབང་བའི་བཀའ་ཉན་མ༔ མཁའ་འགྲོ་གིང་ལང་དབང་ཕྱུག་དང༔ འབར་མ་སྤོར་མ་ཕོ་ཉའི་ཚོགས༔ དཔལ་གྱི་ཕམ་ཕབ་དགྱེས་པར་བཞེས༔ འཁོར་སྲུངས་རྐྱེན་དང་སུན་མ་ཟློག༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སརྦ་ཌཱ་ཀ་ཌཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཐར་ནི་གདུང་བས་སྨོན་ལམ་གདབ༔ ཧོ༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱིས༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་བའི་མཐུས༔ ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུའི་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ཚེ༔ ཡེ་ཤེས་སྒྲོན་མའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ཞིང་དུ་དབུགས་ཕྱུང་ནས༔ ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ གཞན་ཡང་ཤིས་བརྗོད་སྨོན་ལམ་ཚིག༔ རྒྱས་པར་སྤེལ་བས་དགེ་ལེགས་བྱ༔ རྗེས་ཆོག་གསང་བ་སྤྱི་ལྟར་སྤྱད༔ འདིས་ནི་ཉམས་ཆག་རྟོག་སྒྲིབ་དག༔ ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ༔ བདེ་ཆེན་ཡེ་ཤེས་སྣང་བ་རྒྱས༔ མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་ཕྱིར༔ ཡར་ངོའི་ཚེས་བཅུ་ལ་སོགས་པ༔ དུས་དང་རྒྱུན་དུ་བརྩོན་པར་བྱ༔ ལས་མྱུར་མེ་ཡི་ཆོ་ག་ནི༔ རྒྱས་པར་གཞན་ནས་འབྱུང་ལྟར་བྱ༔ མདོར་བསྡུས་རྒྱུན་གྱི་མེ་མཆོད་ལ༔ ཐབ་དང་མཆོད་སྲེག་ཡོ་བྱད་རྫས༔ ཞི་བ་བཞིན་དུ་འདུ་བྱས་ལ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ གནས་དང་ཡོ་བྱད་བྱིན་གྱིས་བརླབ༔ སྒྲུབ་པའི་རྩ་སྔགས་ཤམ་བུ་རུ༔ བཛྲ་ཛྙཱ་ན་ཛྭ་ལ་རཾ༔ ཞེས་པས་ཐབ་ལ་མེ་སྦར་ཏེ༔ རླུང་གཡབ་གཡོབ་ཅིང་བསང་ཆུ་འཐོར༔ ཨ༔ གདོད་ནས་རྣམ་དག་ཡུམ་གྱི་མཁར༔ ཞི་བའི་ཐབ་ཁུང་མཚན་ཉིད་རྫོགས༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ བྱིན་རླབས་དབང་སྐུར་སྤྱན་འདྲེན་སོགས༔ ལས་ཀྱི་རིམ་པས་མཚམས་སྦྱར་ནས༔ དགང་བླུགས་གང་བ་ཐོགས་བྱས་ཏེ༔ ཐབས་དང་ཤེས་རབ་ཟུང་འབྲེལ་བའི༔ རྡོ་རྗེའི་དགང་བླུགས་ཁ་སྦྱོར་ལས༔ བསྲེག་རྫས་བདུད་རྩིའི་སྤྲིན་གྱི་རྒྱུན༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཞུགས༔ རྡོ་རྗེའི་ལྗགས་ཀྱི་སྦུ་གུས་དྲངས༔ སྐུ་ཡི་དབྱིབས་བརྒྱུད་ཆ་ཀུན་གང༔ ཟག་མེད་བདེ་བས་མཉེས་པ་ལས༔ ཟླ་ལྟར་དཀར་བའི་བདུད་རྩིའི་འོད༔ བདག་ལ་ཐིམ་པས་སྡིག་ལྟུང་དག༔ ཁྱད་པར་དམ་ཚིག་ཉམས་ཆག་དང༔ སྔགས་དང་ཆོ་གའི་ལྷག་ཆད་སྐོང༔ ནད་གདོན་བགེགས་དང་བར་དུ་གཅོད༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་བྱང༔ མཆོད་དང་གནས་དང་ཡོ་བྱད་ལ༔ ཐིམ་པས་ཉམས་གྲིབ་ཐམས་ཅད་བསལ༔ མཁའ་ཁྱབ་འོད་ཟེར་སྤྲོ་བསྡུ་ཡིས༔ ཞི་བའི་ལས་ཀུན་ལྷུན་གྱིས་གྲུབ༔ ཡེ་ཤེས་སྣང་བ་རྒྱས་པར་བསམ༔ སྒྲུབ་པའི་རྩ་སྔགས་ཤམ་བུ་རུ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ སྐབས་སུ་འདོད་དོན་གསོལ་བྱང་གདགས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་རྟོག་སྒྲིབ་བག་ཆགས་སྔགས་ཀྱི་ལྷག་ཆད་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་མ་དང་མཁའ་འགྲོའི་བཀའ་ཆད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་བཞིན་མེ་སྲོག་ཡམས་ཤིང་འབུལ༔ ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ༔ ཅི་རིགས་ཕུལ་བ་སྔོན་འགྲོ་བས༔ ཏིལ་དང་འབྲུ་སྨན་མེ་ཏོག་དཀར༔ ཟས་མཆོག་ལ་སོགས་ཞི་བའི་རྫས༔ ཕྱོགས་གཅིག་བྱས་ཏེ་གྲངས་བཟུང་ལ༔ སྔགས་ཤམ་ལས་ཀྱི་རིག་པ་གདགས༔ སརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སྐབས་སུ་འདོད་གསོལ་དང་བཅས་ཏེ༔ བརྒྱ་སྟོང་ཁྲི་སོགས་གང་འགྲུབ་འབུལ༔ ཚོགས་ཀྱི་མཆོད་པས་དགྱེས་པ་བསྐྱེད༔ བསྲེག་རྫས་ལྷག་མ་རྣམས་ཀྱང་འབུལ༔ མཆོད་ཅིང་བསྟོད་ལ་དངོས་གྲུབ་བླང༔ ནོངས་པ་བཤགས་ཤིང་ཡེ་ཤེས་གཤེགས༔ དམ་ཚིག་འབར་བའི་རྣམ་པར་བསམ༔ མེ་ཉིད་རང་ཞིར་བཞག་པ་ཡི༔ ཐལ་བ་ཆུ་ཀླུང་ཆེན་པོར་བསྐྱལ༔ ཡང་ན་རི་རྩེར་རླུང་ལ་བསྐུར༔ དེས་ནི་དམ་ཚིག་ཉམས་ཆག་དང༔ མ་མོ་མཁའ་འགྲོ་འཁྲུགས་ལ་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ ཡེ་ཤེས་སྣང་བ་འབར་བར་འགྱུར༔ གཞན་ཡང་རྒྱས་དང་དབང་དྲག་སོགས༔ གསང་བ་སྤྱི་ལྟར་སྦྱར་དུ་རུང༔ མཆོག་གི་ཕྲིན་ལས་རྨད་པོ་ཆེ༔ བདུད་རྩི་རིལ་བུའི་ཆོ་ག་ནི༔ རྒྱས་པར་ཁྲོལ་བུ་ཕྱེ་མ་དང༔ ལྡེ་གུ་གོང་བུའི་བར་དུ་བསྒྲུབ༔ སྤྲོས་པ་ཉེར་བསྡུའི་སྙིང་པོ་ནི༔ སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔ ཤ་ཆེན་གཙོར་གྱུར་སྒྲོན་མ་ལྔ༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ གཙོར་གྱུར་ལྕགས་ཀྱུ་རྣམ་པ་ལྔ༔ གཞིར་བྱས་གཞན་ཡང་སེལ་མེད་པའི༔ བདུད་རྩིའི་ཕབ་གཏའ་མ་ད་ནར༔ སྦྱར་ཞིང་འདྲེས་པར་བསྣུར་བྱས་ལ༔ འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔ ག་པུར་གི་ཝཾ་སིནྡྷུར༔ ཅུ་གང་བྲག་ཞུན་ཅོང་ཞི་དང༔ རྩ་བ་ལྔ་དང་དབང་པོ་ལག༔ ཤིང་ཚྭ་ཤུ་དག་སྤང་གི་སྤོས༔ མ་ནུ་རུ་རྟ་པྲི་ཡང་ཀུ༔ ཨུཏྤལ་ཙནྡན་དམར་པོ་སོགས༔ སེར་དང་དམར་བ་ཤས་ཆེ་ཞིང༔ མངར་སྐྱུར་ལན་ཚྭའི་རོ་ལྡན་ཕྱེ༔ སྒྲུབ་པའི་བུམ་ཆུས་ལེགས་བརྫིས་པར༔ ཕབ་གཏའ་བྲན་ཞིང་འདྲེས་པར་སྦོལ༔ རིལ་བུ་སྲན་མ་ཙམ་དུ་དྲིལ༔ རིལ་ཆགས་འཐེམ་ཞིང་གཤེར་ཆོད་པ༔ མཚན་ལྡན་བྷནྡྷ་ཁ་སྦྱོར་བསྩལ༔ ཆས་སུ་གཞུག་ཅིང་དལ་དབུས་དགོད༔ ཕྱི་ནང་མཆོད་ཚོགས་བཟང་དུ་བཤམ༔ དམ་གཙང་གྲོགས་དང་བཅས་པ་འམ༔ རང་ཉིད་གཅིག་པུས་སྒྲུབ་ཀྱང་རུང༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ སྒྲུབ་རྫས་བགེགས་བསལ་ཁྲུས་ནས་དབྱུང༔ དངོས་འཛིན་བསང་ཞིང་སྟོང་པར་སྦྱང༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ དམ་ཚིག་སྒྲོལ་མ་རླུང་དཀྱིལ་དང༔ གོས་དཀར་འབར་བ་མེ་ཡི་སྟེང༔ སྤྱན་མའི་རང་བཞིན་ཐོད་སྒྱེད་གསུམ༔ དེ་སྟེང་དབྱིངས་ཕྱུག་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ མཱ་མ་ཀཱི་ཡི་བདུད་རྩིའི་བཅུད༔ ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས༔ བདུད་རྩི་ལྔ་ཡི་རྒྱ་མཚོར་འཁྱིལ༔ ཐབས་ཤེས་ཡི་གེ་འབྲུ་བཅུ་དང༔ དབྱངས་གསལ་འབྲུ་གསུམ་འོད་འབར་མཚན༔ བདག་ཉིད་རྡོ་རྗེ་ཕག་མོ་ཡི༔ ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས༔ འོད་དུ་ཞུ་ཞིང་བསྐོལ་བ་ལས༔ ཁ་དོག་དྲི་རོ་ནུས་པའི་བཅུད༔ རྨད་བྱུང་བདུད་རྩིའི་རྒྱ་མཚོའི་དབུས༔ པདྨ་ཉི་མ་བམ་རོའི་སྟེང༔ བཾ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ བཅོམ་ལྡན་རྡོ་རྗེ་ཕག་མོ་དམར༔ ཞལ་གཅིག་ཕྱག་གཉིས་གཟི་བརྗིད་འབར༔ ཁྲོ་འཛུམ་ཆགས་ཉམས་མཆེ་བ་གཙིགས༔ གྲི་གུག་ཐོད་པ་ཁ་ཊྭཱཾ་འཆང༔ དར་དང་རིན་ཆེན་མེ་ཏོག་ཕྲེང༔ རུས་པའི་ཕྱག་རྒྱ་ལྔ་ཡིས་སྤྲས༔ ཐོད་སྐམ་དབུ་རྒྱན་དོ་ཤལ་གཡོ༔ ཞབས་གཉིས་བརྐྱང་བསྐུམ་གར་ཐབས་ཀྱིས༔ ཡེ་ཤེས་མེ་འོད་ཀློང་ན་བཞུགས༔ རྣ་ལྟག་ཕག་ཞལ་ངུར་བའི་སྒྲས༔ སྲིད་ཞི་ཐམས་ཅད་གཡོ་ཞིང་སྡུད༔ དེ་ཕྱིར་པདྨའི་འདབ་མ་བཞིར༔ སྙིང་པོའི་རྣལ་འབྱོར་མཁའ་འགྲོ་བཞི༔ ཐུགས་གསུང་སྐུ་ཡི་འཁོར་ལོ་ལ༔ ཡུལ་ཆེན་ཉེར་བཞིའི་རྣལ་འབྱོར་མ༔ དུར་ཁྲོད་མ་མོ་སྒོ་མཚམས་བརྒྱད༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་རྩལ༔ བདེ་ཆེན་འོད་སྐུར་ལམ་མེར་བཞུགས༔ བྱིན་བརླབས་དབང་བསྐུར་སྤྱན་འདྲེན་བསྟིམ༔ བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་འབུལ༔ རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ གཟུངས་ཐག་རྡོ་རྗེའི་ལམ་ལས་བརྒྱུད༔ མདུན་བསྐྱེད་ཐུགས་ཀར་ཉི་གདན་ལ༔ བཾ་མཐར་སྔགས་ཀྱིས་མཚན་པར་ཐིམ༔ བདེ་བ་ཆེན་པོའི་ཉམས་འབར་བས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང༔ གནས་གསུམ་དཔའ་བོ་མཁའ་འགྲོ་ཡི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ རྣམ་པར་གྲོལ་བའི་བྱང་ཆུབ་སེམས༔ བདེ་ཆེན་ཡེ་ཤེས་བདུད་རྩི་དང༔ འཁོར་འདས་བརྟན་གཡོའི་དྭངས་མའི་བཅུད༔ ཆར་བཞིན་བབས་ནས་ཞལ་དུ་ཞུགས༔ སྐུ་ཡི་ནང་གང་གཟི་བྱིན་འབར༔ ཐུགས་སྲོག་སྔགས་ཕྲེང་དག་ལས་ཀྱང༔ བདུད་རྩིའི་རྒྱུན་བབས་རོ་གཅིག་ཏུ༔ མཁའ་དབྱིངས་པདྨའི་ཟེའུ་འབྲུ་ལས༔ རྒྱུན་མི་འཆད་པར་དྲག་ཏུ་བབས༔ དམ་ཚིག་གསང་བའི་རྫས་ལ་ཐིམ༔ མཐོང་ཚོར་མྱོང་དང་རེག་པ་ཀུན༔ གྲོལ་བ་མཆོག་གི་དཔལ་སྟེར་བའི༔ ཡེ་ཤེས་བདུད་རྩིའི་ཕུར་པོར་བསམ༔ སྒྲུབ་པའི་རྩ་སྔགས་ཤམ་བུ་རུ༔ མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཞུ་བདེ་ལྷན་སྐྱེས་ཡེ་ཤེས་དང༔ བཛྲ་རྡོ་རྗེ་ནམ་མཁའི་དབྱིངས༔ རང་བཞིན་ལྷན་སྐྱེས་སྟོང་པ་ཉིད༔ ཟུང་འཇུག་དེ་ཉིད་མཚོན་བྱེད་པ༔ ཨ་མྲྀཏ་ཞེས་འཆི་བ་མེད༔ རྣམ་གྲོལ་མཆོག་སྟེར་བདུད་རྩིའི་བཅུད༔ ཧཱུྃ་གིས་དབབ་ཅིང་ཧྲཱིཿཡིས་བསྐྱིལ༔ ཋཱ་ཞེས་ངོ་མཚར་ཆེན་པོ་ཡི༔ སྔགས་ཀྱི་སྒོ་ཡིས་བརྟན་པར་བྱ༔ དེ་ལྟར་བདུན་ཕྲག་གཅིག་ཏུ་བརྩོན༔ ཁ་དོག་དྲི་རོ་བཟང་དང་འཕེལ༔ སྒྲ་འོད་མེ་ཏོག་ཆར་འབེབས་སོགས༔ གྲུབ་པའི་རྟགས་མཚན་མཐོང་བར་འགྱུར༔ ཐུན་མཚམས་ཀུན་ཏུ་མཆོད་ཅིང་བསྟོད༔ ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐང༔ བར་ཆད་བགེགས་བསལ་བྱིན་ཆེན་དབབ༔ རྟགས་མཐོང་ལྷ་ཚོགས་རྫས་ལ་བསྟིམ༔ ཧཱུྃ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ མཆོག་གི་ཕྲིན་ལས་བསྩལ་ལགས་ན༔ དམ་ཚིག་རྟེན་ལ་ཡེ་ཤེས་སེམས༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝཱ་རཱ་ཧཱི་ས་པ་རི་བཱ་ར་ཛཿཧཱུྃ་བཾ་ཧོ༔ དགྱེས་པས་འོད་ཞུ་བཅུད་ལ་ཐིམ༔ བདུད་རྩི་འོད་ཀྱི་གོང་བུའི་ཚུལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ གྲོལ་བ་བཞི་ལྡན་ཆེན་པོར་བསམ༔ བརྟན་བཞུགས་མཆོད་བསྟོད་དངོས་གྲུབ་བླང༔ རིན་ཆེན་ཟ་མ་ཏོག་ཏུ་གཞུག༔ དུས་དང་རྒྱུན་དུ་བརྟེན་པ་ཡིས༔ ཉམས་ཆག་སྐོང་ཞིང་སྡིག་སྒྲིབ་དག༔ ཚེ་དང་ལང་ཚོ་བསོད་ནམས་འཕེལ༔ ཁྱད་པར་བདེ་ཆེན་ཡེ་ཤེས་སྐྱེ༔ མཆོག་དངོས་རྩོལ་མེད་འགྲུབ་པའི་ཕྱིར༔ རྣལ་འབྱོར་རྣམས་ཀྱིས་སྤྱད་པར་བྱ༔ ས་མ་ཡ༔ རྡོ་རྗེ་ཕག་མོའི་སྔགས་རྒྱུད་དང༔ མན་ངག་ཀུན་གྱི་སྙིང་པོའི་བཅུད༔ ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔ དབྱིངས་ལ་རིག་པའི་གཏེར་དུ་སྦས༔ རྩོལ་མེད་ལྷུག་པར་གཏན་ལ་ཕོབ༔ རང་དང་གཞན་དོན་ཕན་པ་ཆེའི༔ ཕྲིན་ལས་མཐར་རུ་དབྱུང་བར་གྱིས༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རྗེ་གྲུབ་ཐོབ་ཆེན་པོའི་བྱིན་རླབས་ལས་རང་ཤར་བའི་ཚུལ་གྱིས། འོད་གསལ་སྤྲུལ་པའི་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་པའོ།། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ ཀུན་གྱི་ཁ་སྐོང་ཕྲིན་ལས་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ ཀུན་གྱི་ཕྲིན་ལས་སྤྱིར་དྲིལ་བ༔ ལས་ཀྱི་ཕྲེང་བ་བསྡུས་པ་ནི༔ སོ་སོའི་གཞུང་དང་སྦྱར་ཏེ་བྱ༔ ས་མ་ཡ༔ འདི་ལ་སྦྱོར་བ་དངོས་གཞི་རྗེས༔ སྦྱོར་བ་རྟེན་མཆོད་བཤམ་པ་ནི༔ ཐོག་མར་ས་གཞི་ལས་རུང་ཕྱིར༔ ས་བདག་ལྷ་ཀླུར་གཏོར་མ་སྦྱིན༔ ཕྲིན་ལས་གསོལ་ཞིང་གཤེགས་སུ་གསོལ༔ ཇི་ལྟར་རིགས་པའི་སྟེགས་བུ་བརྩིགས༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ དཀྱིལ་འཁོར་ཚུལ་བཞིན་འབྲི་བ་འམ༔ མཎྜལ་མེ་ཏོག་ཚོམ་བུ་དགོད༔ ཡང་ན་རྟེན་གྱི་གཏོར་ཆེན་བཤམ༔ བླ་མ་དང་ཐུགས་རྗེ་ཆེན་པོ་ལ་བདེ་གཤེགས་ཞི་བ་དང་། དྲག་པོ་དང་རྟ་མགྲིན་ལ་ཁྲོ་བོའི་རྩ་གཏོར། མཁའ་འགྲོ་ལ་ཟན་ལེབ་གྲུ་བཞིའི་སྟེང་བང་རིམ་ཟླུམ་པོ་བཞིའི་ཁར་མཁའ་འགྲོའི་དཔལ་གཏོར་འཁོར་དཔལ་གཏོར་ཆུང་ངུ་བཞིས་བསྐོར་བ། བང་རིམ་གཉིས་པའི་སྟེང་ནས་བཟུང་འཁོར་ཡུག་ཏུ་ཕྱོགས་མཚམས་སུ་དཔལ་གཏོར་ཆུང་ངུ་བརྒྱད་ཚན་རེའི་བར་ཐེབ་ཀྱུ་དང་རིལ་བུས་མཚན་པའོ། །མཆན། དེ་སྟེང་བུམ་པ་བདུད་རྩི་དང༔ སིནྡྷུར་མེ་ལོང་ཤེལ་རྡོ་བཅས༔ སྐུ་བཞིའི་རྟེན་དང་སྐུ་ཕྱག་རྒྱ༔ དར་དམར་ལ་བྲིས་སྔགས་བྱང་གསུང༔ མྱོང་གྲོལ་སྐྱེ་བདུན་བདུད་རྩི་སྨན༔ གུ་རུའི་ཕྱག་མཚན་རྡོ་རྗེ་དང༔ སྒྲུབ་ཕུར་གང་འོས་ཐུགས་ཀྱི་རྟེན༔ ཇི་ལྟར་རིགས་པ་བརྗིད་པར་བཤམ༔ ཕྱི་ནང་མཆོད་དང་གཏོར་ཚོགས་སོགས༔ བག་དྲོ་ཡིད་འོང་མཛེས་པར་བསྟར༔ བདེ་བའི་སྟན་ལ་ལེགས་འདུག་སྟེ༔ ཆོ་གའི་སྦྱོར་བའི་དང་པོ་ནི༔ སྐྱབས་སུ་འགྲོ་བས་རྒྱུད་སྦྱང་བྱ༔ ན་མོ༔ མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔ བླ་མ་དཀོན་མཆོག་རྩ་གསུམ་ལ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་མཆོག་བསྐྱེད༔ ཧོ༔ མར་གྱུར་རིགས་དྲུག་སེམས་ཅན་ལ༔ བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ བྱང་ཆུབ་མཆོག་ལ་འགོད་པའི་སླད༔ ཟབ་མོའི་ལམ་ལ་འཇུག་པར་བགྱི༔ གསུམ་པ་ཚོགས་གསག་ཡན་ལག་ནི༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བཞི་པ་བགེགས་ཚོགས་བསྐྲད་པ་ནི༔ ཧཱུྃ༔ གསང་སྔགས་སྒྲུབ་ལ་བར་གཅོད་པའི༔ བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་ཀྱི་མཚོན་ཆས་གཟིར༔ ལྔ་པ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ སེམས་ཉིད་སྟོང་ཆེན་གདོད་མའི་མཁར༔ སེམས་བྱུང་རྡོ་རྗེ་སྲུང་བའི་གུར༔ ཡེ་ཤེས་མེ་འོད་རབ་འབར་བས༔ གཉིས་སྣང་བགེགས་ཚོགས་མཚམས་བཅད་དོ༔ ཨོཾ་བཛྲ་ཛྙཱ་ན་ཛྭ་ལ་བྷྲཱུྃ༔ དྲུག་པ་སྒོ་དབྱེ་ཕྱག་བཤགས་ནི༔ ཧོ༔ རིག་རྩལ་རོལ་པའི་སྒོ་དབྱེ་ཞིང༔ གཉིས་མེད་ཡིད་ཀྱིས་མཇལ་ཕྱག་འཚལ༔ གློ་བུར་གཟུང་འཛིན་འཁྲུལ་པའི་སྒྲིབ༔ མཉམ་ཉིད་ཆོས་སྐུའི་ཀློང་དུ་བཤགས༔ ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཡི་གེ་བརྒྱ་པ་བརྗོད༔ བདུན་པ་དམ་བཅའ་སྡོམ་གཟུང་ནི༔ ཧོ༔ བླ་མ་མཆོག་དང་དཀྱིལ་འཁོར་ལྷ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་གིས་དུས་འདི་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར༔ སོ་སོར་ཐར་པའི་སྡོམ་པ་དང༔ བྱང་སེམས་བསླབ་པས་རྒྱུད་སྦྱངས་ནས༔ ཁྱད་པར་གསང་བ་སྔགས་ཀྱི་སྲོག༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ སྲོག་གི་ཕྱིར་ཡང་མི་གཏོང་གཟུང༔ བླ་མ་ཡི་དམ་དབྱེར་མེད་པ༔ རྩེ་གཅིག་བསྒྲུབ་པར་དམ་བཅའ་ན༔ ཡེ་ཤེས་ཆེན་པོས་བྱིན་བརླབ་གསོལ༔ བརྒྱད་པ་བྱིན་ཆེན་དབབ་པ་ནི༔ སྤོས་བསྲེག་རོལ་མོའི་སྒྲ་སྦྱར་ལ༔ གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཧཱུྃ༔ ངོ་བོ་ཆོས་སྐུའི་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས༔ གནས་གསུམ་དཔའ་བོ་རྣལ་འབྱོར་མས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལེགས་ཉེས་སྟངས་འཛིན་ཕོ་བྲང་ནས༔ ཆོས་སྲུང་དམ་ཅན་རྒྱ་མཚོ་ཡིས༔ གནས་འདིར་དབང་སྐུར་བྱིན་ཕོབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྒྲུབ་མཆོག་རྒྱུད་ལ་བདེ་ཆེན་སྤོར༔ སྒྲུབ་གནས་རྡོ་རྗེའི་ཞིང་དུ་སྒྱུར༔ སྒྲུབ་རྫས་ཡེ་ཤེས་རོལ་པའི་རྒྱན༔ འདོད་ཡོན་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དགུ་པ་གནས་དང་ཡོ་བྱད་བརླབ༔ རཾ་ཡཾ་ཁཾ༔ གཟུང་འཛིན་ཆོས་ཀུན་རྣམ་དག་དབྱིངས༔ ཡེ་ཤེས་རོལ་པའི་ཞིང་ཁམས་ཆེར༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་སྤྲིན་ཕུང་མཁའ་ཁྱབ་གྱུར༔ བཛྲ་སྥ་ར་ཎ་ཁཾ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཨོཾ་ཨཱཿཧཱུྃ་ཧྲཱི་ཋཱ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབ༔ སྔོན་འགྲོའི་ལས་ཀྱི་ཕྲེང་བ་འོ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་དམ་ཚིག་དཀྱིལ་འཁོར་བསྐྱེད༔ བྱིན་བརླབ་དབང་བསྐུར་ཕྱག་རྒྱས་གདབ༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོ་དང༔ རིག་འཛིན་བདེ་གཤེགས་ཞི་ཁྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཌཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ བླ་མ་དྲག་པོ་རྩལ་སོགས་པའི༔ སྤྱན་འདྲེན་རང་རང་གཞུང་ལྟར་བྱ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བྱུང་སྤྲུལ་པའི་དཀྱིལ་འཁོར་འདིར༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་འཁོར་ལོར་དབྱེར་མེད་བཞུགས༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ སརྦ་ས་མ་ཡ་མཎྜ་ལ་ཛྙཱ་ན་བཛྲ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ས་མ་ཡ་སཏྭཾ༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུར་བཞེངས༔ གང་འདུལ་སྤྲུལ་པའི་སྤྲིན་ཕུང་འཕྲོ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ལ༔ ཐོག་མར་ཀུན་བཟང་མཆོད་སྤྲིན་སྤྲོ༔ ཨོཾ༔ ཀུན་ཏུ་བཟང་པོའི་སྨོན་ལམ་ལས༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ མཆོད་པའི་སྤྲིན་ཆེན་ཅིར་ཡང་ཤར༔ རྡོ་རྗེའི་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཕྱག་ཞབས་བདུད་རྩིའི་ཆུ་ཡིས་བསིལ༔ ཨོཾ༔ དྲི་མེད་ཡིད་དུ་འོང་བ་ཡི༔ བྱང་ཆུབ་དམ་པའི་བདུད་རྩིའི་ཆུས༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རྡོ་རྗེའི་གདན་ལ་དགྱེས་པར་བཞུགས༔ ན་མསྶ་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཕྱག་རྒྱ་གར་གྱིས་ཐུགས་དམ་བསྐུལ༔ ཨོཾ་ཧཱུྃ༔ ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་པར༔ དམ་ཚིག་ཕྱག་རྒྱའི་བརྡས་མཚོན་ཏེ༔ ཆོས་དང་ལས་ཀྱི་ཕྱག་རྒྱ་ཡིས༔ དགྱེས་པའི་བྱིན་བསྐྱེད་ཐུགས་དམ་བསྐུལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ སརྦ་མུ་དྲ་ཛྙཱ་ན་གཱིརྟི་པཱུ་ཛ་ཧོ༔ ཐུན་མོང་ཉེར་སྤྱོད་སྤྲིན་ཕུང་སྤྲོ༔ ཨོཾ༔ སྤོས་ཀྱི་སྤྲིན་ལྡིང་མེ་ཏོག་ཆར་ཆེན་འབེབས༔ སྣང་གསལ་གཟི་འབར་དྲི་ཆབ་འཐོར་ཡབ་སྒྲེང༔ བཟའ་བཅའ་བཏུང་བའི་ཞལ་ཟས་ཚོགས་རྣམས་དང༔ སྙན་འགྱུར་རོལ་མོའི་སྒྲ་ཡིས་ཀུན་ཏུ་མཆོད༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་ཧཱུྃ༔ པུཥྤེ་ཏྲཱཾ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་གན༔ ནཻ་བི་དྱཱ་ཨཱ༔ ཤབྡ་སརྦ་པཱུ་ཛ་ཧོ༔ ཁྱད་པར་སྨན་གཏོར་རཀྟས་མཆོད༔ ཨོཾ༔ དོན་གྱི་བདུད་རྩི་རྟགས་སུ་རིགས་ལྔར་སྣང༔ ཤ་ལྔ་བདུད་རྩི་རྩ་བ་ཡན་ལག་རྫས༔ ཆོས་ཀྱི་བདུད་རྩི་སྒྲུབ་པའི་བྱིན་རླབས་བཅུད༔ གཏི་མུག་རྡོ་རྗེའི་དམ་ཚིག་མཆོག་ཏུ་རོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཨཱ༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་བཤམས༔ རོ་བཅུད་ནུས་པ་ཕུན་ཚོགས་འདོད་ཡོན་གཏེར༔ ཞེ་སྡང་རྡོ་རྗེའི་དམ་ཚིག་མཆོག་ཏུ་རོལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཁམས་གསུམ་བསྒྲལ་པའི་རཀྟའི་རྒྱ་མཚོ་བསྐྱིལ༔ གཱིརྟིའི་དབྱིངས་ལས་དྲངས་པའི་ཁྲག་གི་རྒྱུན༔ འཁོར་འདས་དབྱེར་མེད་ཆེན་པོར་མཉམ་སྦྱར་བ༔ འདོད་ཆགས་རྡོ་རྗེའི་དམ་ཚིག་མཆོག་ཏུ་རོལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གསང་བ་སྦྱོར་སྒྲོལ་ཟུང་འཇུག་མཆོད༔ ཧོ༔ བདེ་ཆེན་ཕྱག་རྒྱའི་ཡེ་ཤེས་ལ་སྦྱར་བས༔ གཟུང་འཛིན་རྟོག་ཚོགས་འོད་གསལ་དབྱིངས་སུ་བསྒྲལ༔ ཟུང་འཇུག་དབྱིངས་རིག་དབྱེར་མེད་རྫོགས་པ་ཆེ༔ ཆོས་ཉིད་དོན་གྱི་མཆོད་པ་ཆེན་པོར་བཞེས༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ དྲུག་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཨོཾ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ གང་འདུལ་གཟུགས་ཀྱི་སྐུ་རུ་ཤར༔ ཐ་མལ་སྣང་ཞེན་སྦྱོང་མཛད་པའི༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ ཡེ་ཤེས་འགག་པ་མེད་པའི་རྩལ༔ མི་ཤིགས་ན་དཱའི་དབྱངས་སུ་སྒྲོག༔ བརྟན་གཡོའི་སྒྲ་སྐད་ཟིལ་གྱིས་གནོན༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ༔ མཁྱེན་བརྩེའི་རོལ་པ་བསམ་མི་ཁྱབ༔ གཉིས་སྣང་རྟོག་པ་རང་སར་གྲོལ༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ སྭཱ༔ ཡེ་ཤེས་རྨད་དུ་བྱུང་བའི་རྒྱན༔ བུམ་བཟང་དཔག་བསམ་ལྗོན་ཤིང་ལྟར༔ གདུལ་བྱའི་འདོད་པ་ཡིད་བཞིན་སྩོལ༔ ཡོན་ཏན་རྡོ་རྗེར་ཕྱག་འཚལ་བསྟོད༔ ཧཱ༔ ཡེ་ཤེས་ཐོགས་པ་མེད་པའི་རྩལ༔ ཚར་གཅོད་རྗེས་འཛིན་ཕན་འདོགས་པའི༔ སྒྱུ་འཕྲུལ་ཉམས་བརྒྱ་ཅིར་ཡང་སྟོན༔ ཕྲིན་ལས་རྡོ་རྗེར་ཕྱག་འཚལ་བསྟོད༔ ཧོ༔ ཡེ་ཤེས་ཀུན་གྱི་ཁྱབ་བདག་ཆེ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན༔ གཅིག་དང་དུ་མའི་མཐའ་ལས་འདས༔ འོད་གསལ་རྡོ་རྗེར་ཕྱག་འཚལ་བསྟོད༔ ཡེ་ཤེས་དྲུག་གི་རྡོ་རྗེའི་གླུས༔ དཀྱིལ་འཁོར་ལྷ་ཚོགས་བསྟོད་པ་ཡི༔ བསོད་ནམས་ཡེ་ཤེས་བླ་མེད་པས༔ དངོས་གྲུབ་རྣམ་གཉིས་ཐོབ་གྱུར་ཅིག༔ བདུན་པ་ཛཔ྄་ལ་བསྐུལ་བ་ནི༔ ཧཱུྃ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རྡོ་རྗེ་གསང་མཆོག་དཀྱིལ་འཁོར་རྣམས༔ སྐུ་ནི་བདེ་ཆེན་གཟི་བྱིན་འབར༔ གསུང་ནི་གྲགས་སྟོང་སྔགས་སྒྲ་སྒྲོག༔ ཐུགས་ནི་འོད་གསལ་སྲོག་དང་བཅས༔ མ་གྲུབ་བར་དུ་མི་གཏོང་ན༔ མ་གཡེལ་ཐུགས་རྗེ་ཆེན་པོ་ཡིས༔ བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་མནྟྲ་ཛྙཱ་ན་སིདྡྷི་ས་མ་ཡ་ཧཱུྃ་ཧཱུྃ༔ བརྒྱད་པ་ཛཔ྄་ཀྱི་དགོངས་པ་ནི༔ སོ་སོའི་གཞུང་ལྟར་གསལ་གདབ་བྱ༔ དགུ་པ་ཛབ་མཇུག་བསྡུ་བ་ནི༔ མཆོད་ཅིང་བསྟོད་པ་སྔོན་འགྲོ་བས༔ ཧོ༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དང་པོར་བསྙེན་ཅིང་བར་དུ་བསྒྲུབས༔ ཐ་མ་ལས་ཀྱི་དངོས་གྲུབ་ཆེའི༔ ཕྲིན་ལས་གསོལ་བའི་དུས་ལགས་ན༔ རྟག་རྒྱུན་ཤུགས་ཀྱི་ཐུགས་རྗེ་ལ༔ བསྐུལ་ཞིང་གསོལ་འདེབས་མི་འཚལ་ཡང༔ གདུལ་བྱའི་ཡུལ་ལ་འཇུག་པའི་ཕྱིར༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་དགོངས་པའི་རྩལ་སྐྱེད་ལ༔ ཕྲིན་ལས་བཞི་དང་གྲུབ་པ་བརྒྱད༔ མཆོག་ཏུ་མི་འགྱུར་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ དེ་ལྟར་རྒྱུན་གྱི་དངོས་གྲུབ་གསོལ༔ གྲུབ་པའི་རྟགས་མཚན་མཐོང་བ་འམ༔ སྒྲུབ་པའི་དམ་བཅའ་ཐེམས་པ་ཡི༔ དུས་ཀྱི་དངོས་གྲུབ་བླང་བའི་ཚེ༔ དོ་ནུབ་མཆོད་ཚོགས་བཟང་དུ་བཤམ༔ དངོས་གྲུབ་བསྡུ་བའི་དམིགས་པ་བཅས༔ སྒྲུབ་པའི་སྔགས་མཐར་དངོས་གྲུབ་སྔགས༔ སྤེལ་ལ་རྩེ་གཅིག་བཟླས་ནས་ཀྱང༔ ནངས་པར་ཐོ་རངས་སྔ་བར་ལངས༔ ལས་ཀྱི་གཞུང་བསྲང་བཟླས་པ་བསྐུལ༔ མཆོད་བསྟོད་ཚོགས་འཁོར་རྒྱས་པར་བསྐོར༔ འཁོན་གཅུགས་སྦྱོང་བའི་བཤགས་པ་བྱ༔ བར་ཆད་བསལ་ཞིང་བྱིན་ཆེན་དབབ༔ སྒྲུབ་པའི་རྟེན་ལས་དབང་བླང་ཞིང༔ དངོས་གྲུབ་ལོངས་སྤྱོད་རྫས་ལ་རོལ༔ སླར་ཡང་མཆོད་བསྟོད་ཉེར་བསྡུ་སོགས༔ རྗེས་ཀྱི་ཕྲིན་ལས་མཐར་དབྱུང་བྱ༔ དེས་ནི་ལས་དང་སྐལ་པ་བཞིན༔ དམན་འབྲིང་མཆོག་གི་དངོས་གྲུབ་ཐོབ༔ བསྙེན་སྒྲུབ་བརྩམས་པ་དོན་ཡོད་འགྱུར༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ཕྲིན་ལས་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཞིང་ངམ་གཅན་གཟན་པགས་པའི་སྟེང༔ བ་ལ་དང་ནི་མ་ད་སོགས༔ ཐབས་ཤེས་འདུ་བར་འོས་པའི་རྫས༔ དམ་ཚིག་ཆེན་པོའི་ལོངས་སྤྱོད་དང༔ གཞན་ཡང་ཕྱི་ནང་མཆོད་པའི་ཕྲེང༔ བག་དྲོ་བརྗིད་དང་ལྡན་པར་བཤམ༔ སྤྲོ་ན་བཤགས་ཤིང་སྐོང་བའི་རིམ༔ ཕག་མོའི་གཞུང་ལྟར་སྔོན་འགྲོ་བས༔ ཚོགས་ཀྱི་ཡོ་བྱད་བདུད་རྩིས་བསང༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ༔ འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི༔ ཚོགས་ཀྱི་ལོངས་སྤྱོད་མཁའ་ཁྱབ་རྒྱན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ དེ་ནས་ཚོགས་ཞིང་སྤྱན་དྲང་ནི༔ ཧཱུྃ༔ སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས༔ བླ་མ་བདེ་གཤེགས་ཡི་དམ་མཁའ་འགྲོའི་ཚོགས༔ རྡོ་རྗེའི་དམ་ཚིག་མཆོག་ལ་འདིར་གཤེགས་ཤིག༔ མི་འགྱུར་བདེ་ཆེན་ཡེ་ཤེས་བྱིན་ཆེན་ཕོབ༔ བཛྲ་ས་མ་ཡ་ཛཿ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ དང་པོ་འདོད་ཡོན་དགྱེས་མཆོད་འབུལ༔ ཧཱུྃ༔ བླ་མེད་མཆོག་གི་ཚོགས་ཀྱི་མཆོད་པ་ནི༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་སྤྲིན་ཆེན་པོ༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཆར་འབེབས་པ༔ དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ བར་པས་དམ་ཚིག་ཉམས་ཆག་བཤགས༔ ཧོ༔ བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ལས་ཉོན་འཁྲུལ་པའི་གཞན་དབང་གིས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཅི་མཆིས་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ གཟུང་འཛིན་འཁྲུལ་པའི་དགྲ་འགེགས་འབྱུང་པོའི་ཚོགས༔ དམ་ཚིག་རྫས་ལ་དགུག་བསྒྲལ་ཞལ་དུ་བསྟབ༔ ཁ་སྦྱོར་བདེ་ཆེན་རོལ་པའི་གཟི་བྱིན་བསྐྱེད༔ བླ་མེད་མཆོག་གི་ཕྲིན་ལས་ཡོངས་རྫོགས་མཛོད༔ སརྦ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ སྐོང་རྫས་ནམ་མཁའ་མཛོད་ཀྱིས་བརླབ༔ ཧཱུྃ༔ ཅིར་སྣང་དག་པ་རབ་འབྱམས་ཞིང་ཁམས་སུ༔ འདོད་ཡོན་མི་ཟད་མཆོད་པའི་ཕྱག་རྒྱ་ཆེ༔ བདེ་བའི་ལོངས་སྤྱོད་རྣམ་པ་ཐམས་ཅད་པ༔ མི་ཟད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས༔ དགོངས་པ་བརྡ་དང་སྙན་ནས་བརྒྱུད་པ་ཡི༔ དུས་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ཞི་ཁྲོ་རབ་འབྱམས་སྒྱུ་འཕྲུལ་དྲ་བའི་སྤྲིན༔ ཡི་དམ་དཀྱིལ་འཁོར་ཡོངས་ཀྱི་ཐུགས་དམ་བསྐང༔ ཉེ་རྒྱུའི་གྲོགས་མཛད་མཆོག་ཐུན་ཕྲིན་ལས་བདག༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ ལེགས་ཉེས་སྟངས་འཛིན་སངས་རྒྱས་བསྟན་པ་སྲུང༔ རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༔ འདོད་རྒུའི་ཆར་འབེབས་དངོས་གྲུབ་སྩོལ་མཛད་པ༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་ཡེ་ཤེས་རོལ་པར་ཤར༔ འཁོར་འདས་མགྲོན་གྱུར་ཀུན་གྱི་ཐུགས་དམ་བསྐང༔ ཧཱུྃ༔ ཐུགས་དམ་དགྱེས་པར་སྐོང་བའི་རྫས་མཆོག་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་པ་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས༔ ལྷ་རྫས་ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང༔ རེག་བྱ་འཇམ་འཁྲིལ་གསང་བ་ཕོ་ཉ་མོའི༔ འདོད་ཡོན་བདེ་ཆེན་གཅིག་ཏུ་ལྷུན་རྫོགས་པའི༔ རྨད་བྱུང་ནང་གི་མཆོད་པས་ཐུགས་དམ་བསྐང༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ གླིང་བཞི་རི་རབ་ལྷ་མིའི་འབྱོར་པའི་ཕུལ༔ བཅུ་དྲུག་བདེ་སྟེར་རྡོ་རྗེའི་རིག་མ་སོགས༔ ངོ་མཚར་རྣམ་མང་མཆོད་པས་ཐུགས་དམ་བསྐང༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀཏ༔ ཁམས་གསུམ་འཁོར་བ་རྒྱུན་གཅོད་དམར་ཆེན་པོ༔ བཟའ་བཅའ་བཏུང་བ་ལོངས་སྤྱོད་གཏོར་མའི་ཚོགས༔ ཁྱད་པར་གསང་བའི་མཆོད་པས་ཐུགས་དམ་བསྐང༔ རྩ་རླུང་བྱེད་རྩོལ་དབུ་མའི་དབྱིངས་སུ་བསྒྲལ༔ ཐིག་ལེ་ཟག་མེད་ལྷན་ཅིག་སྐྱེས་པར་སྦྱོར༔ ཟུང་འཇུག་ཤིན་ཏུ་རྣམ་དག་རྫོགས་པ་ཆེ༔ བླ་མེད་མཆོག་གི་མཆོད་པས་ཐུགས་དམ་བསྐང༔ ཞི་རྒྱས་དབང་དྲག་ལས་ཀྱི་ཕྱག་རྒྱ་དང༔ རྫས་དང་ལོངས་སྤྱོད་འབྱོར་པའི་ཁྱད་པར་སོགས༔ བཞེད་དགུར་འཆར་བའི་དམ་ཚིག་རྨད་པོ་ཆེ༔ སྒྱུ་འཕྲུལ་རྒྱན་གྱི་རོལ་མོས་ཐུགས་དམ་བསྐང༔ བདག་ཅག་འཁོར་བ་ཐོག་མ་མེད་པ་ནས༔ ཐ་མ་ད་ལྟའི་ལུས་བླངས་ཡན་ཆད་དུ༔ བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས༔ སྙིང་ནས་འགྱོད་པས་བཤགས་ཤིང་བསྡམ་པར་བགྱི༔ ཧཱུྃ༔ དེ་ལྟར་བསྐངས་ཤིང་བཤགས་པ་ལ་བརྟེན་ནས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་ཕྲིན་ལས་མཛོད༔ ཉམས་ཆག་རྟོག་སྒྲིབ་མི་མཐུན་ཕྱོགས་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྣང་བ་རྒྱས༔ སྣང་སེམས་དབང་འདུས་གཟུང་འཛིན་དགྲ་དང་བགེགས༔ ཚར་གཅོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ བསྟན་འཛིན་ཞབས་བརྟན་ཐུགས་བཞེད་ལྷུན་གྱིས་གྲུབ༔ བཤད་སྒྲུབ་བསྟན་དར་དགེ་འདུན་འདུས་པ་འཕེལ༔ སྣོད་བཅུད་དུས་ཀྱི་རྒུད་པ་ཀུན་ཞི་ཞིང༔ ཆོས་མཐུན་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད༔ འགལ་རྐྱེན་བར་ཆད་རྡོ་རྗེའི་མཁར་དུ་སྲུངས༔ བྱད་ཕུར་རྦོད་གཏོད་དམོད་པའི་སྟོབས་ཀྱིས་ཟློག༔ གདུག་པ་ཅན་རྣམས་བསད་གཟིར་བསྐྲད་ནས་ཀྱང༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ མཐར་ཐུག་སྣང་ཞེན་ལྷ་དང་སྔགས་སུ་དག༔ རྩ་རླུང་ཐིག་ལེ་རྟོག་ཚོགས་དབྱིངས་སུ་ཐིམ༔ སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་བའི༔ མཆོག་དངོས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད༔ དེ་ལྟར་ཕྱི་རོལ་དཀྱིལ་འཁོར་པ༔ ཕྱི་ཡི་ཚོགས་ཀྱིས་དགྱེས་བསྐངས་ནས༔ ནང་དུ་རྡོ་རྗེ་ཕུང་པོའི་གྲོང༔ བཟའ་བཅའ་བཏུང་བས་མཉེས་པར་བྱ༔ གསང་བ་འཁོར་ལོ་ལྔ་ཡི་ལྷ༔ སྙོམས་འཇུག་བྱང་སེམས་བདུད་རྩིས་མཆོད༔ དེ་ཉིད་འཁོར་གསུམ་ལས་འདས་པ༔ དབྱིངས་རིག་དབྱེར་མེད་ངང་དུ་བཞག༔ ལྷག་མ་བསྡུས་ལ་བདུད་རྩིས་བྲན༔ པཉྩ་ཨ་མྲྀཏ་ག་ཎ་པཱུ་ཛ་ཧཱུྃ་ཧ་ཧོ་ཧྲཱི༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ༔ ཡེ་ཤེས་རོལ་པ་དཔལ་གྱི་ལྷག་སྡུད་དང༔ ལས་ལས་གྲུབ་པའི་མཁའ་འགྲོ་དབང་ཕྱུག་གིང༔ འདིར་གཤེགས་དམ་ཚིག་ལྷག་མའི་ཚོགས་ལ་རོལ༔ འཁོར་སྲུངས་རྐྱེན་ཟློག་རྣམ་བཞིའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གཏོར་ཚོགས་རྔམས་པའི་སྟབས་ཀྱིས་ཁྱེར༔ སྲིན་མོའི་ཟ་ལམ་མཚམས་སུ་སྤུངས༔ བདེ་ཆེན་རྡོ་རྗེའི་གླུ་བླང་བྱ༔ ཨོཾ་ཨཱཿཧཱུྃ་ཧོཿཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ གསང་བ་མཆོག་གི་དགྱེས་པའི་གྲོང་ན་གསང་ཆེན་རོལ་པའི་རྣལ་འབྱོར་པ༔ ལྷན་ཅིག་སྐྱེས་དགའི་བདེ་བའི་ཐབས་ཀྱིས་སྟོང་པའི་འོད་གསལ་མངོན་དུ་གྱུར༔ ཟུང་འཇུག་ཡེ་ཤེས་སྐྱེ་འགག་གནས་བྲལ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ འཁོར་འདས་དབྱེར་མེད་སྲིད་ཞི་ཀུན་ཁྱབ་ཐིག་ལེ་གཅིག་ཏུ་ལྷུན་གྱིས་གྲུབ༔ མ་ཧཱ་སུ་ཁ་ཛྙཱ་ན་གཱི་ཏི་ཨ་ལ་ལ་ཧོ༔ ཞེས་བླང་དགོངས་པའི་ལྟ་གདིང་བསྐྱེད༔ སྨོན་ལམ་གདབ་ཅིང་ཤིས་པར་བྱ༔ ཨོཾ༔ བཀྲ་ཤིས་གང་ཞིག་ཚོགས་ཀྱི་སྤྱོད་པ་ལ་བརྟེན་ནས༔ གནས་སྐབས་གེགས་ཞི་བསོད་ནམས་ཡེ་ཤེས་ཕྲིན་ལས་འཕེལ༔ མཐར་ཐུག་ས་བཅུ་ལམ་ལྔའི་གོ་འཕང་མྱུར་དུ་འགྲུབ༔ རྟག་ཏུ་དཔལ་གནས་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག༔ རོལ་མོ་འཁྲོལ་ཞིང་བདེ་ཉམས་བསྐྱང༔ དེ་ལྟར་ཚོགས་ཀྱི་མཆོད་པ་འདིར༔ དུས་དང་རྒྱུན་དུ་བརྩོན་པ་ཡིས༔ ལམ་གྱི་བར་ཆད་ཀུན་ཞི་ཞིང༔ དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར༔ གཉིས་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སྲིད་ཞིར་མི་གནས་ཡེ་ཤེས་སྐུ་བརྙེས་པའི༔ ལོངས་སྤྱོད་རྫོགས་དང་སྤྲུལ་པའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་རྩལ་ཤུགས་ཕྱུངས༔ ལས་ཉོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་ཚོགས༔ མཐུ་རྩལ་མེ་ཡིས་སྲེགས་ཤིང་སྡུད་དུ་གསོལ༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོའི་ཕུལ༔ ཡེ་ཤེས་ཆུ་ཡིས་བསྐྱེད་ཅིང་འཕེལ་བར་མཛོད༔ གསང་བའི་དགྲ་སོད་འཇིགས་པའི་བདུད་བཞི་ཐུལ༔ བར་ཆད་འཕྲང་གསུམ་དབྱིངས་ཀྱི་ཐིག་ལེར་སྟིམས༔ བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེ༔ རང་བྱུང་འོད་གསལ་རྟོགས་པའི་ཕྲིན་ལས་མཛོད༔ གསུམ་པ་གཏོར་མ་བསྐྱང་བ་ནི༔ ཧཱུྃ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ གདོད་མའི་མགོན་པོ་བདེ་གཤེགས་སྲས་བཅས་ཀྱིས༔ བྱིན་གྱིས་བརླབས་པའི་ཡེ་ཤེས་ཆོས་སྲུང་རྣམས༔ མཆོད་གཏོར་འདི་བཞེས་གཟུང་འཛིན་དབྱིངས་སུ་སྒྲོལ༔ བར་དུ་ལྷ་གནས་གསུམ་དང་ཛཾ་གླིང་དུ༔ བརྡ་བརྒྱུད་རིག་འཛིན་གྲུབ་པ་ཆེ་རྣམས་ཀྱིས༔ དམ་ལ་བཞག་པའི་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མཆོད་གཏོར་འདི་བཞེས་ཚེ་དཔལ་ཉམས་རྟོགས་སྤེལ༔ ཐ་མ་འཕགས་བོད་རྡོ་རྗེའི་གནས་རྣམས་སུ༔ སྙན་བརྒྱུད་ཚུལ་བཞིན་འཛིན་པའི་རྣལ་འབྱོར་གྱིས༔ ཐུགས་དམ་བསྐུལ་བའི་ལས་བྱེད་དྲེགས་པའི་སྡེ༔ མཆོད་གཏོར་འདི་བཞེས་སྣང་སེམས་དབང་དུ་སྡུས༔ ད་ལྟར་བསྙེན་ཅིང་སྒྲུབ་པའི་ཚོགས་ཁང་འདིར༔ བདེ་གཤེགས་གདུང་འཛིན་རྣལ་འབྱོར་བདག་ཅག་ལ༔ འགོ་ཞིང་སྐྱོང་བའི་དམ་ཅན་ཚོགས་རྣམས་ཀུན༔ མཆོད་གཏོར་འདི་བཞེས་རྣམ་བཞིའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་ཀིཾ་ཀ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཤལ་ཆུའི་བདུད་རྩིས་བརྟན་མ་མཆོད༔ ཧཱུྃ་བྷྱོ༔ དུས་སྦྱོར་བཅུ་གཉིས་གནས་སུ་དག་པ་ལ༔ བདེན་དོན་བཅུ་གཉིས་རྡོ་རྗེའི་ཌཱ་ཀི་ནི༔ བརྟན་མ་བཅུ་གཉིས་སྐྱོང་མ་ཡ་མའི་ཚོགས༔ དཀྱིལ་འཁོར་ཕམ་ཕབ་དམ་ཚིག་མགྲོན་དུ་གཤེགས༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་དང༔ དཔལ་གྱི་སེང་གེའི་སྤྱན་སྔར་ཞལ་བཞེས་ལྟར༔ གཏོར་མའི་བཤལ་ཆུ་བདུད་རྩི་འདི་གསོལ་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས༔ གངས་ཅན་ཕྱོགས་བཞིའི་མཚམས་ཀྱི་སོ་ཁ་སྲུངས༔ མཐའ་དབུས་འགྲོ་ཀུན་བདེ་ཞིང་སྐྱིད་པ་དང༔ ཐུབ་བསྟན་བཤད་སྒྲུབ་འཕེལ་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ རྗེས་འབྲེལ་གཏོར་གཞོང་སྦུབས་པའི་འོག༔ དམ་སྲི་འགུགས་གཟིར་ཨེ་དབྱིངས་མནན༔ རྡོ་རྗེའི་བྲོ་ཡིས་རྒྱས་གདབ་བྱ༔ ཧཱུྃ༔ སྒྲུབ་ལ་འཚེ་བའི་དམ་སྲི་སྒབ་འདྲེའི་ཚོགས༔ ཨེ་དབྱིངས་བཀུག་གཟིར་ལྷུན་པོའི་ཕྱག་རྒྱས་གདབ༔ སྲིད་པ་སྤྱི་གནོན་རྡོ་རྗེའི་རྟ་བྲོ་ཡིས༔ བྱང་ཆུབ་བར་དུ་མི་ལྡང་མནན་པར་བྱ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧི་ཧི་ཧི་ཧཱུྃ་ཕཊ༔ ཡ་མ་དམ་སྲི་སཏྭཾ་བྷ་ཡ་ཨེ་ལཾ་ནན༔ བཞི་པ་གཏོང་རག་འབུལ་བ་ནི༔ མཆོད་པའི་ཡོ་བྱད་བྱིན་བརླབས་འབུལ༔ བསྟོད་པ་རྒྱས་བསྡུས་གང་རིགས་བྱ༔ རྒྱུན་གྱི་དངོས་གྲུབ་བླང་བའི་ཚུལ༔ གོང་བཞིན་སྐབས་འདིར་སྦྱར་ཡང་རུང༔ ལྔ་པ་ནོངས་པ་བཤགས་པ་ནི༔ ཧོ༔ དོན་དམ་དབྱིངས་ལ་བཤགས་བྱ་མ་དམིགས་ཀྱང༔ ཀུན་རྫོབ་བསྙེན་སྒྲུབ་ཕྲིན་ལས་བརྩམས་པ་ལ༔ ལྷག་ཆད་འགལ་ཞིང་འཁྲུལ་སོགས་ནོངས་པའི་ཚོགས༔ སྙིང་ནས་མཐོལ་བཤགས་ཚངས་པར་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ དྲུག་པ་ཉེར་བསྡུའི་རྣལ་འབྱོར་ནི༔ ཨ༔ འགག་མེད་རིག་རྩལ་རོལ་པའི་དཀྱིལ་འཁོར་པ༔ རིམ་གྱིས་བདག་ཐིམ་འོད་གསལ་སྟོང་ཉིད་དབྱིངས༔ སྐྱེ་མེད་སྤྲོས་བྲལ་མ་བཅོས་གཉུག་མའི་ངང༔ སྤང་བླང་སྤྲོ་བསྡུ་བྲལ་བའི་ངང་དུ་བཞག༔ ཨ་ཨ་ཨ༔ བདུན་པ་ལྷར་ལྡང་སྤྱོད་ལམ་འཇུག༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་ཆུ་ལས་རླབས་ཀྱི་ཕྲེང་བ་ལྟར༔ དབྱིངས་རིག་རང་ཤར་ཕྱག་རྒྱ་གཅིག་པའི་སྐུ༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་སྲོག་ལྡན་པས༔ ལྷ་སྔགས་ཆོས་སྐུའི་སྤྱོད་ཡུལ་མཆོག་ལ་འཇུག༔ བཛྲ་མ་ཧཱ་མུ་དྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵཱ་ཧཾ༔ བརྒྱད་པ་ཡོངས་བསྔོ་སྨོན་ལམ་གདབ༔ ཧོ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ དུས་གསུམ་བསགས་པའི་དགེ་ཚོགས་ཅི་མཆིས་པ༔ མཁའ་ཁྱབ་འགྲོ་བའི་དོན་དུ་བསྔོས་པའི་མཐུས༔ བདག་གཞན་མི་གནས་ཡེ་ཤེས་མྱུར་ཐོབ་ཤོག༔ དགུ་པ་དགེ་ལེགས་བཀྲ་ཤིས་གསོལ༔ ཨོཾ༔ སྤང་རྟོགས་ཕྲིན་ལས་མཐར་ཕྱིན་རྫོགས་སངས་རྒྱས༔ ཞི་བསིལ་བདུད་རྩིའི་ཆར་འབེབས་དམ་པའི་ཆོས༔ རིག་གྲོལ་ཡོན་ཏན་རྨད་བྱུང་དགེ་འདུན་སྡེས༔ འཇིག་རྟེན་དགེ་ལེགས་འཕེལ་བའི་བཀྲ་ཤིས་ཤོག༔ རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་དང༔ སྒྱུ་འཕྲུལ་དྲ་བའི་སྐུར་སྣང་ཡི་དམ་ལྷ༔ རྣལ་འབྱོར་གྲོགས་མཛད་གནས་གསུམ་མཁའ་འགྲོ་ཡིས༔ དངོས་གྲུབ་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ ཤིན་ཏུ་ཞི་བ་ཆོས་སྐུའི་དབྱིངས་ཉིད་ལས༔ རིག་པ་རང་ཤར་བདེ་ཆེན་ལོངས་སྤྱོད་རྫོགས༔ གང་འདུལ་འགྲོ་བའི་དོན་མཛད་སྤྲུལ་པའི་སྐུར༔ དབྱེར་མེད་མངོན་པར་བྱང་ཆུབ་བཀྲ་ཤིས་ཤོག༔ ཅེས་བརྗོད་སྙན་པའི་དབྱངས་དང་བཅས༔ མེ་ཏོག་ཆར་ཕབ་རོལ་མོ་འཁྲོལ༔ དུས་གསུམ་ཀུན་ཏུ་དགེ་ལེགས་ཀྱི༔ བཀྲ་ཤིས་རྒྱས་པར་སྤེལ་བར་བྱ༔ དེ་ནི་བསྙེན་སྒྲུབ་རྣམ་གསུམ་གྱི༔ ལས་ཀྱི་ཕྲེང་བའི་སྙིང་པོ་སྟེ༔ སྒྲུབ་ཆེན་ཚོམ་བུ་ཚོགས་སྒྲུབ་ཀྱིས༔ དངོས་གྲུབ་ངེས་པར་དོན་གཉེར་ན༔ གནས་དུས་སྟོན་འཁོར་ཡོ་བྱད་སོགས༔ ཕུན་སུམ་ཚོགས་པས་གཞི་བཟུང་ནས༔ བསྙེན་པ་ས་ཡི་ཆོ་ག་དང༔ ཕྱི་ནང་གསང་བའི་མཚམས་རྣམས་བཅད༔ ཉེ་བསྙེན་ལྷག་པར་གནས་པ་དང༔ དཀྱིལ་འཁོར་བཞེངས་ཤིང་རྒྱན་ཡང་དགྲམ༔ སྒྲུབ་རྫས་སྒྲུབ་པོ་མངའ་གསོལ་ནས༔ རྟགས་གདབ་གཟི་བྱིན་མཆོག་ཏུ་བསྐྱེད༔ སྒྲུབ་པ་བདག་མདུན་དབྱེར་མེད་ཀྱི༔ ཕྲིན་ལས་གཞུང་བསྲང་ཛཔ྄་ཁང་དབྱེ༔ ཛཔ྄་བསྐུལ་སྒྲུབ་པའི་སྔགས་ཀྱི་སྒྲ༔ བར་མ་ཆད་ཅིང་ཏིང་འཛིན་གསལ༔ ཚོགས་ཀྱི་མཆོད་པ་དུས་དྲུག་དབུལ༔ བར་ཆད་བགེགས་བསལ་བྱིན་ཆེན་དབབ༔ དེ་ལྟར་ཉམས་བླངས་རྟགས་ཐོན་ནས༔ སྒྲུབ་པ་ཆེན་པོ་རང་དོན་དུ༔ དངོས་གྲུབ་རིམ་པ་ཚུལ་བཞིན་བླང༔ གཞན་དོན་དབང་བསྐུར་རྗེས་འཛིན་བྱ༔ གཉིས་དོན་སྨོན་ལམ་གདབ་པ་སོགས༔ ལས་ཀྱི་ཕྲེང་བ་མཐའ་དབྱུང་ངོ་༔ དེ་ལྟར་ཚོགས་སམ་ཆིག་སྒྲུབ་ཏུ༔ རྩེ་གཅིག་ཉམས་སུ་བླངས་པ་ཡིས༔ གནས་སྐབས་གེགས་ཞི་ཚེ་དཔལ་འཕེལ༔ ཡུལ་ཕྱོགས་བཀྲ་ཤིས་བྱིན་ཆེན་ཕེབས༔ མཐོང་ཐོས་དྲན་རེག་སྐལ་པ་ལྡན༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ༔ མཐར་ཐུག་རིག་འཛིན་རྣམ་པ་བཞིའི༔ ལམ་ལས་མི་གནས་ཡེ་ཤེས་མཆོག༔ རྣམ་པར་གྲོལ་བའི་དཔལ་ཐོབ་ཕྱིར༔ བློ་ལྡན་རྣམས་ཀྱིས་བརྩོན་པར་གྱིས༔ ས་མ་ཡ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ཡི༔ ལས་ཀྱི་ཕྲེང་བ་མདོར་བསྡུས་འདི༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པས༔ དབྱིངས་ཀྱི་སྒྲོམ་བུར་རིག་པའི་བརྡ༔ འཕེལ་འགྲིབ་བྲལ་བར་རྒྱས་བཏབ་པ༔ ནམ་ཞིག་རྟེན་འབྲེལ་དུས་བབས་ཚེ༔ ང་སྤྲུལ་རིག་པ་འཛིན་པ་ཡིས༔ རང་གཞན་དོན་མང་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རྗེ་གྲུབ་ཐོབ་ཆེན་པོའི་གསང་བ་གསུམ་གྱི་བྱིན་རླབས་ལ་བརྟེན་ནས། འོད་གསལ་སྤྲུལ་པའི་རྡོ་རྗེས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་བའོ།། <!TCC Tibetan character 3,181 undefined in unicode!> སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ དབང་བསྐུར་ཡང་སྙིང་ཀུན་འདུས་བཞུགས༔ <!TCC Tibetan character 3,181 undefined in unicode!> རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས༔ སྨིན་བྱེད་དབང་བསྐུར་ཡང་སྙིང་ནི༔ རྡོ་རྗེ་ཐེག་པ་བླ་མེད་ཀྱི༔ རྣམ་གྲོལ་ས་བོན་དབང་གིས་གདབ༔ དམ་ཚིག་སྡོམ་པས་སྲོག་བཟུང་སྟེ༔ བསྐྱེད་རྫོགས་ཏིང་འཛིན་རྐྱེན་སྦྱར་བས༔ བྱང་ཆུབ་འབྲས་བུ་མྱུར་དུ་འབྱིན༔ ས་མ་ཡ༔ འདི་ལ་སྤྱི་དོན་བཞི་ཡིན་ཏེ༔ ཐོག་མར་བསྙེན་པའི་ལས་རིམ་ནི༔ བསྙེན་རྫོགས་དྲོད་ཐོབ་རྣལ་འབྱོར་པས༔ ལེགས་པར་བརྟགས་པའི་གཞི་ཡི་དབུས༔ མེ་ཏོག་བཀྲམ་ཞིང་མཆོད་གཏོར་བཤམ༔ ས་བདག་ལྷ་ཀླུ་འབྱུང་པོ་ལ༔ གཏོར་མཆོད་སྦྱིན་ནས་འདོད་དོན་གསོལ༔ ནག་ཕྱོགས་པ་རྣམས་རྒྱང་རིང་བསྐྲད༔ སྦྱོང་ཞིང་བཟུང་ལ་དབང་དུ་བྱ༔ སྒྲུབ་ཆེན་སྤྲོས་པ་དང་འབྲེལ་ན༔ ཕྱི་ནང་གསང་བའི་མཚམས་ཀྱང་བཅད༔ ཉེ་བསྙེན་ལྷ་ལ་སྙན་གསན་དབབ༔ བུམ་ཆུ་ཆོ་གས་ཚུལ་བཞིན་བསྒྲུབ༔ སློབ་མ་ལྷག་པར་གནས་པ་ནི༔ སྒྲུབ་པ་ལུང་གི་གཞུང་བཞིན་བྱ༔ དཀྱིལ་འཁོར་ཐིག་གདབ་ལེགས་པར་འབྲི༔ ཡང་ན་ཆུ་ཚོན་བྲིས་པ་འམ༔ མཎྜལ་ལྷ་གནས་ཚོམ་བུ་དགོད༔ སྒྲུབ་པའི་རྟེན་རྣམས་ཕྲིན་ལས་ལྟར༔ ཁྱད་པར་འོག་ནས་འབྱུང་བ་ཡི༔ དབང་གི་རྫས་རྣམས་མ་འཆོལ་དགྲམ༔ ཚེ་ཡི་འབྲང་རྒྱས་བཟའ་བཏུང་དང༔ མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སོགས༔ མངའ་གསོལ་བག་དྲོ་བརྗིད་ལྡན་བཤམ༔ ཚོགས་སྒྲུབ་འབྲེལ་ན་འདུས་པ་ལ༔ མངའ་གསོལ་རྟགས་གདབ་ཞལ་གདམས་བསྒོ༔ བགེགས་བསལ་བྱིན་དབབ་གཟི་བྱིན་བསྐྱེད༔ སྒྲུབ་པ་སོ་སོའི་ལས་གཞུང་བསྲང༔ ཛཔ྄་ཁང་དབྱེ་འམ་མི་དབྱེ་བར༔ ཛཔ྄་བསྐུལ་བསྙེན་སྒྲུབ་ལས་གསུམ་གྱི༔ སྒྲུབ་སྔགས་གཙོ་བོར་བཟླས་རྒྱུན་བཟུང༔ བླ་མ་ཞི་བའི་ཕྲིན་ལས་ལ༔ རྡོ་རྗེའི་ཚེ་སྒྲུབ་འདི་ཡང་གདགས༔ ཧྲཱི༔ དཀྱིལ་འཁོར་གཙོ་མཆོག་སྤྱི་གཙུག་ཏུ༔ པད་སྡོང་ཉི་ཟླ་འོད་འབར་དབུས༔ འཆི་མེད་མགོན་པོ་ཚེ་དཔག་མེད༔ དམར་གསལ་པདྨ་རཱ་གའི་མདངས༔ ཉི་མ་བྱེ་བའི་གཟི་བརྗིད་ཅན༔ ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས༔ མཉམ་གཞག་ཕྱག་རྒྱས་བུམ་པ་བཟང༔ བདུད་རྩིས་བཅུད་ཀྱིས་བཀང་བ་བསྣམས༔ རང་འོད་བདེ་སྟེར་ཙཎྜ་ལཱི༔ མདའ་དར་ཚེ་བུམ་བསྣམས་པས་འཁྲིལ༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང༔ ཞི་འཛུམ་མཚན་དཔེའི་ཕུང་པོར་འབར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ རྩ་གསུམ་ཚེ་ལྷའི་སྤྲིན་ཕུང་འཕྲོ༔ རིགས་བདག་ཚུལ་དུ་བཞུགས་པར་གྱུར༔ ཧྲཱིཿཧྲཱིཿཧྲཱི༔ གདོད་མའི་མགོན་པོ་བླ་མ་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ཡུམ་མཆོག་ཙཎྜ་ལཱི༔ ཚེ་ལྷ་རྩ་གསུམ་རྒྱལ་བ་རབ་འབྱམས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔ བྱིན་གྱིས་རློབས་ཤིག་ཚེ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་པས་གསོལ་བཏབ་བསྙེན་པའི་མཐུས༔ ཐུགས་སྲོག་ཧྲཱིཿཡིག་དམར་པོ་ལས༔ འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང༔ ཕོ་ཉ་མགྱོགས་མ་གྲངས་མེད་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་དང༔ ཕྱི་སྣོད་འབྱུང་བཞིའི་དྭངས་མའི་རྒྱུན༔ ནང་བཅུད་འགྲོ་བའི་ཚེ་བསོད་སྟོབས༔ སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས༔ ཡེ་ཤེས་བདུད་རྩིའི་རྣམ་པར་བཀུག༔ ཕྱག་གི་བུམ་པའི་ནང་དུ་ཐིམ༔ ཞུ་ཞིང་ཁོལ་ནས་བདག་ཉིད་ཀྱི༔ སྤྱི་བོ་ནས་བརྒྱུད་ལུས་ཀུན་གང༔ བླ་ཚེ་ཡར་ཉམས་རང་སོར་ཚུད༔ འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར༔ འཁོར་འདས་ཚེ་དང་ཡེ་ཤེས་དབྱིག༔ སྙིང་གའི་ཐིག་ལེར་རོ་གཅིག་སྨིན༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལུས༔ ཉི་མ་བྱེ་བའི་གཟི་བརྗིད་འབར༔ འཆི་མེད་རྟག་པའི་རིག་འཛིན་གྲུབ༔ སྒྲུབ་པའི་རྫས་ལའང་ཐིམ་པ་ཡིས༔ མྱང་གྲོལ་བདུད་རྩིའི་ཕུང་པོར་བསམ༔ ཆེད་དུ་སྒྲུབ་ན་འབུམ་ཕྲག་བཞི༔ བཟླས་པས་ཚེ་དང་ཡེ་ཤེས་འགྲུབ༔ ཐུན་མཚམས་ཐུགས་དམ་བསྐུལ་བའི་ཕྱིར༔ དད་གདུང་ཤུགས་བསྐྱེད་མདའ་དར་གཡབ༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཕོ་ཉ་མགྱོགས་མའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་ཕྱུངས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཚུད༔ ས་ཆུ་མེ་རླུང་འབྱུང་བའི་དྭངས་མ་སྡུས༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་དཔལ་སྟོབས༔ རྩ་གསུམ་བདེ་གཤེགས་རབ་འབྱམས་མཁྱེན་བརྩེའི་ཚེ༔ ཡེ་ཤེས་བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ བདག་དང་སྒྲུབ་པའི་རྫས་ལ་དབྱེར་མེད་སྟིམས༔ རྣལ་འབྱོར་སྒོ་གསུམ་རྡོ་རྗེའི་སྲོག་ཏུ་སྒྲུབས༔ མི་འགྱུར་མི་ཤིགས་རྟག་པ་དམ་པ་ཡི༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ བཛྲ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཀུག་བསྟིམ་ཞིང་རྒྱས་གདབ་བྱ༔ཨ༔ འཁོར་འདས་ཚེ་བཅུད་རྡོ་རྗེའི་སྲོག་ཏུ་འདུས༔ དེ་ཉིད་གཉུག་མ་མི་ཤིགས་དབྱིངས་སུ་ཐིམ༔ ལུས་ལ་རྡོ་རྗེའི་གོ་ཆས་རྒྱས་བཏབ་པས༔ རང་བྱུང་ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཛྙཱ་ན་ཨཱ་ཡུ་ཥེ་བཛྲ་རཀྴ་བྷྲཱུྃ་ཨ་ཨ༔ རིག་འཛིན་ཚེ་ཡི་སྒྲུབ་པའི་ཐབས༔ ཟབ་ཅིང་འདྲིལ་བ་འདི་ཁོ་ན༔ སྒྲུབ་པ་ཆེན་པོ་ལས་སྦྱོར་ལ༔ བདག་དོན་འཇུག་ཅིང་སྨིན་དབང་བླང༔ གཞན་དོན་སྣོད་ལྡན་རྗེས་སུ་བཟུང༔ གཉིས་དོན་དངོས་གྲུབ་ཆོ་ག་བྱ༔ དེ་ལ་བདག་ཉིད་འཇུག་པ་ནི༔ རང་གིས་དབང་བླང་བླ་མ་དང༔ དཀྱིལ་འཁོར་སློབ་དཔོན་མཛད་པར་བསམ༔ ཆོ་ག་རྒྱས་བསྡུས་གང་རིགས་དང༔ རིག་པའི་མེ་ཏོག་དོར་ཡང་རུང༔ ངེས་ཤེས་མཆོག་ཏུ་བརྟན་པར་བྱ༔ སློབ་མ་གཞུག་པར་གསོལ་བཏབ་པས༔ དགྱེས་བཞིན་རྗེས་སུ་གནང་བར་བསམ༔ གཞན་དོན་སློབ་མ་རྗེས་གཟུང་ནི༔ ལྷག་པར་གནས་པའི་སློབ་མ་རྣམས༔ དཀྱིལ་འཁོར་ཁང་པའི་སྒོ་དྲུང་དུ༔ ལས་ཀྱི་རྡོ་རྗེས་ཁྲུས་ནས་དབྱུང༔ ནང་དུ་ཞུགས་པར་བགེགས་བསྐྲད་ཅིང༔ གྲལ་ལ་བཀོད་ནས་སྲུང་མཚམས་བཅད༔ ངེས་ཤེས་བསྐྱེད་ཕྱིར་བབས་ལུགས་བཤད༔ དེ་ཡང་འོག་མིན་གསང་ཆེན་དུ༔ ཀུན་ཏུ་བཟང་པོ་རྡོ་རྗེ་འཆང༔ བདེ་གཤེགས་ཞི་ཁྲོའི་ཚོམ་བུ་ཡིས༔ རིགས་གསུམ་སེམས་དཔར་བྱིན་བརླབས་ནས༔ ཛམ་གླིང་ལས་ཀྱི་ས་པ་རུ༔ མི་ལས་སྐལ་ལྡན་རྒྱལ་པོ་ཛཿས༔ པུསྟི་གླེགས་བམ་དབང་ཆེན་ཐོབ༔ ཏནྟྲ་ཡོངས་ཀྱི་བདག་པོར་གྱུར༔ བུདྡྷ་གུ་ཧྱ་བི་མ་ལས༔ དགེ་བའི་བཤེས་གཉེན་དབང་བརྙེས་པས༔ པཎ་གྲུབ་མང་པོས་གཙུག་ཏུ་བཀུར༔ རིག་རྩལ་དབང་ཐོབ་ཤྲཱི་སིཾ་ཧ༔ སྙིང་པོ་དོན་གྱི་བསྟན་པའི་བདག༔ འོད་གསལ་ཡེ་ཤེས་སྐུ་མཆོག་གྲུབ༔ ཁྱད་པར་ཡོངས་རྫོགས་ཕྱག་ཆེན་དབང༔ རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུ༔ རིག་འཛིན་དགའ་རབ་རྡོ་རྗེར་རྫོགས༔ དེ་རྣམས་ཀུན་གྱི་ཆུ་བོའི་རྒྱུན༔ ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་དེས༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པར༔ དགོངས་ཀློང་རོ་གཅིག་བྱིན་གྱིས་བརླབས༔ རྟོགས་གྲོལ་དུས་མཉམ་བརྡ་ཐབས་བསྟན༔ སྨིན་གྲོལ་སྙན་བརྒྱུད་དངོས་སུ་བསྩལ༔ དཔེ་རྒྱུད་ཟབ་གཏེར་སྒྲོམ་བུ་གཏད༔ རྒྱལ་ཚབ་ཆེན་པོར་དབང་བསྐུར་པས༔ གཞན་ཡང་ཁྱད་འཕགས་ཉེ་བརྒྱུད་ཀྱི༔ བྱིན་རླབས་མཉམ་པ་མེད་པ་འོ༔ དེ་ལྟར་བརྒྱུད་པའི་བབས་ཚུལ་ལ༔ ངེས་ཤེས་བསྐྱེད་པས་དད་པ་ཡིས༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ བདག་གི་སྟོན་པ་ཁྱབ་བདག་ཆེ༔ རྡོ་རྗེའི་རིག་འཛིན་བླ་མ་ཡིས༔ རྒྱུད་དག་ནུས་པ་མཆོག་ཐོབ་ཕྱིར༔ དཀྱིལ་འཁོར་འཇུག་ཅིང་དབང་བསྐུར་གསོལ༔ འཇུག་སྒོའི་ཁྲུས་ཀྱི་བུམ་དབང་གིས༔ མ་རྟོགས་འཇིག་རྟེན་འཁྲུལ་པ་སྦྱང༔ ཨོཾ༔ བཀྲ་ཤིས་དགེ་བའི་བུམ་བཟང་དུ༔ དྲི་མེད་བདུད་རྩིའི་ཆུ་ཡིས་གཏམས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མ་རྟོགས་འཁྲུལ་པ་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཨ་བྷི་ཥིཉྩཱ་མཱི༔ སརྦ་པཱ་པཾ་ཀླེ་ཤ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཁྲུས་དང་འཐོར་འཐུང་ཉེ་རེག་བྱ༔ འཇིག་རྟེན་རྨོངས་པའི་དྲི་བཀྲུས་པས༔ ཡང་དག་ལྟ་བ་རྒྱུད་ལ་སྐྱེས༔ མངོན་མཐོའི་ལམ་གྱི་སྣོད་གྱུར་བསམ༔ རྒྱང་འཕེན་རྟོག་པ་བསལ་བའི་ཕྱིར༔ སྒྲོན་མེའི་འོད་ཀྱིས་མཚོན་བྱས་ཏེ༔ ཧཱུྃ༔ ཤེས་རབ་ཆེན་པོའི་སྣང་བ་ཅན༔ ཡེ་ཤེས་སྒྲོན་མེས་དབང་བསྐུར་བས༔ ཕྱི་མར་རྨོངས་པའི་མུན་བསལ་ནས༔ དམ་པའི་ལམ་ལ་འཇུག་པར་ཤོག༔ ཨོཾ་པྲ་ཛྙཱ་ཛྙཱ་ན་དཱི་པ་ཨ་བྷི་ཥིཉྩཱ་མཱི༔ ཚེ་འདིའི་དོན་ལ་མ་ཆགས་པར༔ ཕྱི་མའི་དོན་སྒྲུབ་མཐུ་ལྡན་བསམ༔ མུར་ཐུག་སྔ་ཕྱི་མེད་ལྟ་བ༔ ཆུ་རྒྱུན་འཆད་མེད་བརྡ་ཡིས་བསལ༔ ཧཱུྃ༔ དུས་གསུམ་འཆད་མེད་འཇུག་པའི་ཆུ༔ བྱང་ཆུབ་རྒྱུན་གྱིས་དབང་བསྐུར་བས༔ མེད་པར་ལྟ་བའི་དྲི་བཀྲུས་ནས༔ ལས་འབྲས་ཚུལ་ལ་དད་པར་ཤོག༔ ཨོཾ་བོ་དྷི་ཨུ་ད་ཀ་ཨ་བྷི་ཥིཉྩཱ་མཱི༔ སྔ་ཕྱི་མེད་ལྟའི་དྲི་བཀྲུས་ནས༔ ལས་འབྲས་དད་པའི་སྐལ་ལྡན་བསམ༔ མུ་སྟེགས་བདག་ལྟའི་རི་བོའི་རྩེ༔ རིག་པ་ཡེ་ཤེས་རྡོ་རྗེས་གཞོམ༔ ཧཱུྃ༔ ཡེ་ཤེས་རྡོ་རྗེ་འབར་བ་ཡིས༔ བདག་ལྟ་འཇོམས་པའི་དབང་བསྐུར་བས༔ ངར་འཛིན་ལྷན་སྐྱེས་སྒྲོ་བཏགས་པའི༔ ལྟ་བའི་རི་བོ་འཇིག་པར་ཤོག༔ ཨོཾ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩཱ་མཱི༔ དེ་ལྟར་མ་རྟོགས་ལོག་རྟོག་གི༔ འཁྲུལ་པ་བསལ་ནས་ངེས་འབྱུང་བློས༔ ཐར་པའི་ལམ་དུ་འཇུག་པ་ལ༔ གསུམ་པ་སྐྱབས་འགྲོའི་སྡོམ་པ་ནི༔ རྗེས་སུ་ཟློས་པའི་ཚུལ་གྱིས་བཟུང༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ལོག་པའི་ལམ་ལས་ལྡོག་ནས་ཀྱང༔ ཐར་པའི་གོ་འཕང་དོན་གཉེར་བས༔ རྐང་གཉིས་གཙོ་བོ་རྫོགས་སངས་རྒྱས༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ཐུགས་རྗེས་དགོངས་ཏེ་སྐྱབས་མཛད་གསོལ༔ ཉན་ཐོས་བདེན་བཞིའི་དབང་བསྐུར་ནི༔ བདེན་པ་བཞི་མཚོན་མཁར་གསིལ་དང༔ ལྷུང་བཟེད་ཆོས་གོས་གླེགས་བམ་སྦྱིན༔ ཧཱུྃ༔ ཉན་ཐོས་བདེན་བཞིའི་དབང་བསྐུར་བས༔ སྡུག་བསྔལ་ཤེས་པས་ཀུན་འབྱུང་གི༔ ཉེས་པ་སྤང་ཕྱིར་ལམ་ལ་བསྟེན༔ འགོག་པའི་འབྲས་བུ་མངོན་གྱུར་ཤོག༔ ཨོཾ་ཤྲ་བ་ཀ་ཨརྠ་ཨ་བྷི་ཥིཉྩཱ་མཱི༔ ཉན་ཐོས་ལྟ་སྤྱོད་ཟུང་འབྲེལ་གྱི༔ རྟོགས་རིགས་རྒྱུད་ལ་བསྐྱེད་པར་བསམ༔ རང་རྒྱལ་རྟེན་འབྲེལ་དབང་བསྐུར་ནི༔ སོ་སོའི་གཟུགས་བརྙན་བརྡས་མཚོན་ཏེ༔ ཧཱུྃ༔ རང་རྒྱལ་རྟེན་འབྲེལ་དབང་བསྐུར་བས༔ མ་རིག་ལ་སོགས་ལུགས་འབྱུང་ཤེས༔ ལུགས་ལྡོག་ཚུལ་དུ་བསྒོམས་པ་ཡིས༔ རྐྱེན་རྟོགས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སྭ་བྷཱུ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ཕྱོགས་ཙམ་རྟོགས་པ་ཡི༔ ཐེག་པ་གཉིས་ཀྱི་དབང་བསྐུར་ནས༔ ཡང་དག་ཇི་བཞིན་མ་རྟོགས་པའི༔ ཐེག་པ་ཆེན་པོར་གཞུག་པའི་སྒོ༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་བཟུང༔ ཧོ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་གིས་དུས་འདི་ནས་བཟུང་སྟེ༔ ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་པའི༔ བྱང་ཆུབ་སེམས་ནི་བླ་མེད་པ༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས༔ སོ་སོར་བརྟན་པོར་གཟུང་བར་བགྱི༔ བདེན་པ་གཉིས་ཀྱི་དབང་བསྐུར་ཕྱིར༔ སྙིང་གར་ཀུན་རྫོབ་ཟླ་དཀྱིལ་སྟེང༔ དོན་དམ་རྡོ་རྗེས་མཚན་པར་གསལ༔ དེ་གཉིས་དབྱེར་མེད་སེམས་བསྐྱེད་བསམ༔ རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་འཆིང༔ ཧོ༔ སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ༔ བདེན་གཉིས་ཚུལ་ལ་བརྟེན་པའི་ཕྱིར༔ ཀུན་རྫོབ་དོན་དམ་དབྱེར་མེད་ཀྱི༔ ཡེ་ཤེས་རྒྱུད་ལ་བསྐྱེད་པར་བགྱི༔ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ དེ་ཉིད་བརྟན་པར་བྱ་བའི་ཕྱིར༔ རྡོ་རྗེའི་ཕྱག་རྒྱ་སྙིང་གར་བཞག༔ ཨོཾ༔ དེ་རིང་བདེན་གཉིས་དབྱེར་མེད་པའི༔ ཐམས་ཅད་རྣལ་འབྱོར་སེམས་བསྐྱེད་པ༔ བྱང་ཆུབ་བར་དུ་བརྟན་པ་ཡིས༔ དམ་པ་སྐུ་གཉིས་མངོན་གྱུར་ཤོག༔ ཨོཾ་བོ་དྷི་ཙིཏྟ་ཙནྡྲ་བཛྲ་ས་མ་ཡ་སཏྭཾ༔ དེ་ལྟར་རྒྱུ་ཡི་ཐེག་པ་ཡིས༔ རྒྱུད་སྦྱངས་སྐལ་པར་ལྡན་པ་རྣམས༔ རྡོ་རྗེའི་དཀྱིལ་འཁོར་འཇུག་པའི་ཕྱིར༔ མིག་དར་དགབ་ཅིང་མེ་ཏོག་གཏད༔ སྔགས་ཀྱི་སྡོམ་པས་རྒྱུད་བརྟན་ཕྱིར༔ ཁས་བླངས་ཚུལ་གྱིས་ཐོག་མར་བཟུང༔ ཧོ༔ བླ་མ་རྩ་གསུམ་རབ་འབྱམས་ལྷ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་གིས་འགྲོ་ཀུན་དོན་གྱི་ཕྱིར༔ བླ་མ་དཀོན་མཆོག་རྩ་གསུམ་ལྷ༔ སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི༔ སྨོན་དང་འཇུག་པ་དོན་དམ་པའི༔ བྱང་ཆུབ་སེམས་གསུམ་ལ་བརྟེན་ནས༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་བཞུགས་པའི༔ སྤྱི་དང་ཁྱད་པར་སྡོམ་པ་གཟུང༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་བཏང་ངོ་༔ ཞེས་བརྗོད་ནང་དུ་གཞུག་པའི་ཕྱིར༔ ཨེ་མ་ཧོཿཕྱི་ལྟར་འཇུག་པ་ཡིས༔ རྒྱུད་སྦྱངས་བཀའ་དྲིན་བསྩལ་ལགས་ན༔ ནང་དུ་གཞུག་ཅིང་ཡེ་ཤེས་ཀྱི༔ གཟི་བྱིན་མཆོག་ཏུ་བསྐྱེད་མཛད་གསོལ༔ ཞེས་ཞུ་གསང་བར་གདམས་པ་ནི༔ དེ་ལྟར་ཡིན་ན་དཀྱིལ་འཁོར་ཆེའི༔ ནང་དུ་གཞུག་ཅིང་སྨིན་པར་བྱ༔ གསང་བ་གསང་ཆེན་གསང་མཆོག་གི༔ ཉམས་མྱོང་གཞན་ལ་མ་སྨྲ་ཞིག༔ ཅེས་གདམས་ཛཿཧཱུྃ་བཾ་ཧོཿའི་སྒྲས༔ དཀྱིལ་འཁོར་སྒོ་དབྱེ་ཚད་མེད་བཞིའི༔ འཇུག་པས་གཞུག་ཅིང་ཕྱག་ཀྱང་བྱ༔ སླར་ཡང་ཤར་སྒོར་འཁོད་པ་ལ༔ བདུད་རྩིའི་ཆུ་ནན་སྦྱིན་པ་ནི༔ འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ བསྲུང་ན་དངོས་གྲུབ་དམ་པ་ཐོབ༔ མ་བསྲུངས་དམྱལ་མེ་བཟོད་དཀས་སྲེག༔ དམ་སྲུངས་བདུད་རྩིའི་ཆུ་འཐུངས་ཤིག༔ བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ༔ བུས་ཀྱང་མྱང་ཞིང་བྲོ་བོར་བྱ༔ ས་མ་ཡ་ཨི་དཾ་ན་ར་ཀན༔ དེ་ལྟར་ཆུ་ནན་བྱས་པ་དེ༔ སྙིང་གར་ས་བོན་རྣམ་པར་གྱུར༔ འབར་བའི་འོད་ཀྱིས་གཞི་ལུས་སྦྱངས༔ དེ་ལས་སྐད་ཅིག་དྲན་རྫོགས་སུ༔ སློབ་མ་དཀྱིལ་འཁོར་གཙོ་བོར་བསྐྱེད༔ གནས་གསུམ་བྱིན་བརླབ་རང་ཉིད་དང༔ སློབ་མའི་སྙིང་གའི་འོད་ཟེར་ནི༔ བདེ་བ་ཆེན་པོའི་རྣམ་པར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ ཆར་ལྟར་བབས་ཏེ་དབྱེར་མེད་ཐིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ གདུང་བའི་དབྱངས་དང་རོལ་མོ་བཅས༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ ཏིཥྛ་ཛྙཱ་ན་བཛྲ་ས་མ་ཡ་སཏྭཾ༔ ལྷག་པའི་ལྷ་ལ་མེ་ཏོག་འབུལ༔ ཧོ༔ བདག་གི་རིག་པའི་མེ་ཏོག་འདི༔ ལྷག་པའི་ལྷ་ལ་དེང་འབུལ་ན༔ སྔོན་ནས་རྗེས་བཟུང་ཡི་དམ་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ གང་ལ་བབས་པའི་རིགས་བརྟག་ཅིང༔ དེ་དང་རྗེས་མཐུན་གསང་མིང་གདགས༔ དེ་ཉིད་ལྷག་པར་སྒྲུབ་ལ་བསྐུལ༔ མ་རིག་ལིང་ཏོག་ཐུར་མས་བསལ༔ ཧོ༔ དཀྱིལ་འཁོར་གཙོ་མཆོག་སྟོན་པ་ཡིས༔ འགྲོ་རྣམས་མ་རིག་བསལ་མཛད་ལྟར༔ དེ་བཞིན་ཁྱོད་ཀྱི་མ་རིག་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དད་དང་སྤྲོ་བ་མཆོག་ཏུ་བསྐྱེད༔ ལས་དང་ཡེ་ཤེས་རབ་འབྱམས་ཀྱི༔ དངོས་གྲུབ་སྒྲུབ་ལ་བརྩོན་པར་གྱིས༔ ཅེས་གདམས་རྟེན་དང་བརྟེན་པ་ཡི༔ དཀྱིལ་འཁོར་བསྟན་ཅིང་ངོ་སྤྲད་བྱ༔ དེས་ནི་དཀྱིལ་འཁོར་ཆེན་པོར་ཞུགས༔ ལྷ་དང་སྐལ་པ་མཉམ་པར་འགྱུར༔ ཞུགས་ཤིང་མཐོང་བའི་དཀྱིལ་འཁོར་དུ༔ འདུལ་དང་དགོངས་པ་གསང་བ་དང༔ རང་བཞིན་གསང་བ་རྫོགས་པ་ཆེའི༔ དབང་རྣམས་རིམ་བཞིན་བསྐུར་བའི་ཕྱིར༔ མཎྜལ་དང་བཅས་གསོལ་བ་གདབ༔ ཀྱེ་ཧོ་ཁྱོད་ཀྱི་བཀའ་དྲིན་གྱིས༔ དཀྱིལ་འཁོར་ཆེན་པོར་ཞུགས་ལགས་ན༔ རྒྱུད་དག་ཡེ་ཤེས་སྨིན་པ་ཡི༔ དངོས་གཞིའི་དབང་བསྐུར་བསྩལ་དུ་གསོལ༔ ཞེས་གསོལ་སློབ་མ་ཤར་སྒོའི་དྲུང༔ དབང་སྟེགས་བཞག་ཅིང་བགེགས་ཚོགས་བསལ༔ སྡིག་ལྟུང་ཏིལ་ལ་བསྟིམས་ནས་བསྲེག༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཛྙཱ་ན་ཛྭ་ལ་རཾ༔ དྲི་མ་བསལ་ཕྱིར་ཁྲུས་ནས་དབྱུང༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ དེ་ལྟར་སྦྱོར་བ་སྔོན་འགྲོ་བས༔ ཐོག་མར་སྔགས་ཀྱི་འདུལ་བའི་གཞི༔ བྱ་སྤྱོད་རིག་པའི་དབང་བསྐུར་ནི༔ ནམ་མཁའ་གང་བའི་བུམ་ལྷ་དང༔ ལྷན་ཅིག་བུམ་པའི་ཆུ་དབང་བསྐུར༔ ཨོཾ༔ བཀྲ་ཤིས་བུམ་པ་བཟང་པོ་ནི༔ དག་བྱེད་བདུད་རྩིའི་ཆུ་ཡིས་གཏམས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒྲིབ་གཉིས་བག་ཆགས་ཀུན་བྱང་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རིན་ཆེན་དབུ་རྒྱན་སྤྱི་བོར་བཅིང༔ ཨོཾ༔ སངས་རྒྱས་ཀུན་གྱི་ལོངས་སྤྱོད་ཆེ༔ རིན་ཆེན་དབུ་རྒྱན་དམ་པ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟོགས་པའི་ཡོན་ཏན་ཡོངས་རྫོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩཱ་མཱི༔ ཐུགས་ཀྱི་རྡོ་རྗེ་ལག་ཏུ་གཏད༔ ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ༔ འགྱུར་བ་མེད་པ་རྟགས་ཀྱི་རྒྱས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་མཱི༔ གསུང་གི་དྲིལ་བུ་འཁྲོལ་ཞིང་གཏད༔ ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་དབྱངས༔ ཆོས་ཀྱི་སྒྲ་སྒྲོག་དྲིལ་བུ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་རྡོ་རྗེའི་གསུང་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གྷཱཎྜེ་ཨ་བྷི་ཥིཉྩཱ་མཱི༔ རྡོ་རྗེ་མིང་གི་གཅོད་པན་གདགས༔ ཨོཾ༔ སངས་རྒྱས་ཀུན་གྱིས་བསྔགས་པའི་མཚན༔ ས་གསུམ་ཁྱབ་པར་རབ་གྲགས་པས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་རྡོ་རྗེའི་མཚན་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཱམ་ཨ་བྷི་ཥིཉྩཱ་མཱི༔ དགོངས་པ་རྣལ་འབྱོར་རྒྱུད་ཀྱི་ནི༔ ཐུགས་གསུང་སྐུ་ཡི་དབང་བསྐུར་ནས༔ རྡོ་རྗེ་སློབ་དཔོན་མཆོག་ཏུ་བསྒྲུབ༔ སློབ་མ་རྡོ་རྗེ་སེམས་དཔར་གསལ༔ ལག་ཏུ་རྡོར་དྲིལ་གཏད་ཅིང་བསྣོལ༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་གསུམ༔ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་རྡོ་རྗེ་གསུམ་འགྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ཧཱུྃ༔ ཝཱ་ཀ་གྷཱཎྜེ་ཨཱ༔ མ་ཧཱ་མུ་དྲ་ཛྙཱ་ན་ཀཱ་ཡ་ཨོཾ༔ རིགས་ལྔའི་ཆུ་ཡིས་དབང་ཡང་བསྐུར༔ ཨོཾ༔ སངས་རྒྱས་རིགས་ལྔའི་ཡེ་ཤེས་རྒྱུན༔ བདུད་རྩི་ཆུ་ཡི་བཅུད་དུ་བསྐྱིལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་རིགས་ལྔར་གྲུབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩཱ་མཱི༔ སྐུ་གང་སྒྲིབ་དག་རིགས་མཆོག་ལྔས༔ སྤྱི་བོའི་གནས་ལྔར་རྒྱས་བཏབ་བསམ༔ མེ་ཏོག་ཆར་འབེབས་ཤིས་བརྗོད་བྱ༔ གསང་བ་རྣལ་འབྱོར་ཆེན་པོ་ཡི༔ ཆུ་བོ་བཞི་དབང་མདོར་བསྡུས་པ༔ སྙིང་པོའི་ཚུལ་དུ་བསྐུར་བ་ལ༔ སློབ་མ་དཀྱིལ་འཁོར་གཙོ་བོ་ནི༔ ཁ་སྦྱོར་བདེ་བའི་སྐུར་བསྐྱེད་ལ༔ ཡེ་ཤེས་དྲངས་ཤིང་དབྱེར་མེད་བསྟིམ༔ ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེ༔ རིག་འཛིན་གྲུབ་པར་མངའ་གསོལ་ཕྱིར༔ སྡོམ་པ་གསུམ་གྱི་གོས་རྒྱན་སྦྱིན༔ ཨོཾ༔ སྡོམ་པ་གསུམ་གྱི་ཆས་གོས་ཀྱིས༔ རིགས་ཀྱི་བུ་ལ་མངའ་གསོལ་བས༔ ཐེག་མཆོག་ཆོས་ཀྱི་འཁོར་ལོས་སྒྱུར༔ རིག་འཛིན་གྲུབ་པའི་ས་ཐོབ་ཤོག༔ མ་ཧཱ་བིདྱཱ་དྷ་ར་ཨ་བྷི་ཥིཉྩཱ་མཱི༔ སྡོམ་པ་གསུམ་གྱི་གཞི་བཟུང་ནས༔ དེ་ཉིད་བཅུ་སོགས་སློབ་དཔོན་གྱི༔ ཕྲིན་ལས་རབ་འབྱམས་སྒྲུབ་པར་གདམས༔ གཙོ་བོའི་ཕྱག་རྒྱ་སྤྱི་བོར་བཞག༔ ཨོཾ༔ རིག་འཛིན་སྒྱུ་འཕྲུལ་དྲྭ་བ་ཡི༔ རིག་རྩལ་ཕྱག་རྒྱའི་དབང་བསྐུར་བས༔ ཐ་མལ་སྣང་ཞེན་ཡོངས་སུ་དག༔ རྡོ་རྗེའི་སྐུ་དང་དབྱེར་མེད་ཤོག༔ ཀཱ་ཡ་ཛྙཱ་ན་ཨ་ཏི་བི་ཤུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ སྣང་བ་ལྷ་དང་གཞལ་ཡས་སུ༔ ངོ་སྤྲད་དེ་ཉིད་བསྒོམ་པར་གདམས༔ ཏནྟྲའི་གླེགས་བམ་ལག་ཏུ་གཏད༔ ཨཱ༔ རྡོ་རྗེའི་སྔགས་རྒྱུད་རབ་འབྱམས་ཀྱི༔ གླེགས་བམ་ལུང་གི་དབང་བསྐུར་བས༔ སྒྲར་གྲགས་སྔགས་དང་རྒྱུད་དུ་དག༔ བསམ་ཡས་ཆོས་ཀྱི་ཆར་འབེབས་ཤོག༔ ཝཱ་ཀ་ཛྙཱ་ན་སརྦ་དྷརྨ་གྷཎྜེ་ར་ཎི་ཏ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་ཞིང༔ སྒྲར་གྲགས་སྔགས་སུ་ངོ་སྤྲད་བྱ༔ བཟླས་བརྗོད་སྔགས་རྒྱུད་བཤད་པར་གདམས༔ ཡོངས་རྫོགས་ཕྱག་རྒྱ་ཆེན་པོའི་དབང༔ ལྷར་སྣང་མེ་ལོང་གཟུགས་ཀྱིས་མཚོན༔ ཧཱུྃ༔ བདེན་གཉིས་དབྱེར་མེད་ཡོངས་རྫོགས་དབྱིངས༔ ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས༔ མཆོག་ཏུ་མི་འགྱུར་ཐུགས་སུ་སྨིན༔ ལྷ་དང་ཡེ་ཤེས་ཟུང་འཇུག་ཤོག༔ ཙིཏྟ་ཛྙཱ་ན་མ་ཧཱ་མུ་དྲ་པ་ར་མ་ཨ་བྷི་ཥིཉྩ་ཧཱུཾ༔ ལྷག་པ་བདེན་གཉིས་དབྱེར་མེད་ཀྱི༔ གནས་ལུགས་ངོ་སྤྲད་བསྒོམ་པར་གདམས༔ བརྟན་ཕྱིར་ཞི་ཁྲོ་རབ་འབྱམས་ཀྱི༔ དབང་ལྷ་མཁའ་ཁྱབ་སྤྱན་དྲངས་ལ༔ བཀྲ་ཤིས་རྣམ་རོལ་དུ་མར་བཅས༔ སྙོམས་ཞུགས་བདུད་རྩིས་དབང་བསྐུར་བསམ༔ ཨོཾ༔ དབྱིངས་ཀྱི་བུམ་པར་རིག་པའི་ལྷ༔ སྙོམས་ཞུགས་བྱང་སེམས་བདུད་རྩིས་གཏམས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ར་ཏཱ་སཏྭཾ་ཨ་བྷི་ཥིཉྩཱ་མཱི༔ དབང་ལྷ་བསྟིམས་ཤིང་རབ་ཏུ་གནས༔ མཆོད་ཅིང་བཀྲ་ཤིས་མེ་ཏོག་འཐོར༔ གསང་བ་མ་ཧཱ་ཡོ་ག་ཡི༔ རྣམ་ཤེས་ལམ་བྱེད་བསྐྱེད་པའི་རིམ༔ སྨིན་བྱེད་བུམ་པའི་དབང་བསྐུར་པས༔ ཐ་མལ་སྣང་ཞེན་དྲི་མ་དག༔ སྣང་བ་ལྷ་སྐུར་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་འགྲུབ་པ་འོ༔ གསང་བ་གཉིས་པ་ཨ་ནུ་ཡི༔ ཡེ་ཤེས་ལམ་བྱེད་མཚན་བཅས་ཀྱི༔ རྫོགས་རིམ་སྦྱོར་བའི་སྨིན་བྱེད་ནི༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ བདེ་གཤེགས་སྲས་དང་བཙུན་མོར་བཅས༔ སྤྱན་དྲངས་ཞལ་ཞུགས་ཐུགས་ཀར་ཞུ༔ བྱང་ཆུབ་སེམས་སུ་འཁྱིལ་པ་ཉིད༔ རྡོ་རྗེའི་ལམ་ནས་པདྨར་སོན༔ དེ་ཉིད་དངོས་སུ་བླང་པ་འམ༔ ཡང་ན་དམ་ཚིག་རྫས་སྦྱར་སྦྱིན༔ གཞན་དུ་དམིགས་པས་ཁྱབ་བྱས་ལ༔ ཨཱ༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་ཐིག་ལེ་སྨིན་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩཱ་ཨཱ༔ བུས་ཀྱང་མངོན་པར་དད་པ་ཡིས༔ ཨ་ཧོ་མ་ཧཱ་སུ་ཁཾ་ཞེས༔ མྱངས་པས་རྩ་ཁམས་དག་ཅིང་གསལ༔ རླུང་སེམས་དབང་འདུས་ཐིག་ལེ་ལ༔ ཐིམ་པས་ཟག་མེད་བདེ་བ་སྐྱེས༔ གསལ་སྟོང་ཡེ་ཤེས་ཉམས་མྱངས་བསམ༔ སྨིན་བྱེད་གསང་བའི་དབང་བསྐུར་པས༔ རྩ་རླུང་ཐ་མལ་དྲི་མ་དག༔ གསལ་སྟོང་བདེ་བ་བསྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་འགྲུབ་པ་འོ༔ དངོས་གཞིའི་སྨིན་བྱེད་ཤེར་དབང་ནི༔ དངོས་སམ་ཡིད་ཀྱི་ཕོ་ཉ་མོ༔ རིགས་དང་གཟུགས་དང་ལང་ཚོར་ལྡན༔ གསང་བའི་ཡུམ་དུ་བྱིན་བརླབས་སྦྱིན༔ ཧཱུྃ༔ ཤེས་རབ་རེག་བྱའི་བདེ་བ་ཡིས༔ ཡེ་ཤེས་མཆོག་ཏུ་བསྐྱེད་པའི་ཡུམ༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ ལྷན་སྐྱེས་བདེ་སྟོང་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྦྱོར་བ་འདུ་ཤེས་གསུམ་ལྡན་དང༔ དངོས་གཞི་དབབ་གཟུང་ལྡོག་དགྲམ་གྱིས༔ རྒྱུ་འབྲས་དགའ་བ་མཐར་སོན་པས༔ མས་བརྟན་ལྷན་སྐྱེས་བདེ་བ་དང༔ ཐམས་ཅད་སྟོང་པ་རོ་གཅིག་པའི༔ དཔེ་ཡི་ཡེ་ཤེས་བསྐྱེད་པར་བྱ༔ སྨིན་བྱེད་གསུམ་པའི་དབང་བསྐུར་པས༔ ཟག་བཅས་ཐིག་ལེའི་དྲི་མ་དག༔ ཕོ་ཉའི་བདེ་སྟོང་བསྒོམ་ལ་དབང༔ འབྲས་བུ་ཆོས་སྐུ་འགྲུབ་པ་འོ༔ རང་བཞིན་གསང་བ་རྫོགས་པ་ཆེའི༔ སྨིན་བྱེད་བཞི་པའི་དབང་བསྐུར་ནི༔ གསུམ་པའི་ཉམས་མྱོང་དྲན་བྱས་ལ༔ དུས་གསུམ་སྤྲོས་པ་ཉེར་ཞི་བའི༔ སེམས་དང་ཡེ་ཤེས་རང་སྣང་བ༔ རིག་སྟོང་སྐད་ཅིག་རྗེན་པའི་ངང༔ བསལ་བཞག་སྤྲོ་བསྡུ་བྲལ་བར་ཀློད༔ རྡོ་རྗེའི་ཚིག་གིས་དབུགས་དབྱུང་བྱ༔ ཨ༔ བདེ་བའི་ངོ་བོ་སྟོང་པ་ཉིད༔ དབྱེར་མེད་རིག་པ་རྗེན་པའི་ངང༔ གཟུང་འཛིན་རང་དག་རང་གྲོལ་བའི༔ མི་འགྱུར་དགོངས་པའི་གདིང་ཟུངས་ཤིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ སྨིན་བྱེད་བཞི་པའི་དབང་བསྐུར་པས༔ གཟུང་འཛིན་རྟོག་པའི་སྒྲིབ་པ་དག༔ རང་བཞིན་གསང་བ་བསྒོམ་ལ་དབང༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ༔ དེ་ལྟར་དངོས་གཞིའི་དབང་བསྐུར་ནས༔ རྗེས་ལ་མཐའ་རྟེན་རིམ་པ་ལ༔ དབང་དོན་ཡེ་ཤེས་བརྟན་པའི་ཕྱིར༔ རིག་འཛིན་བླ་མའི་གཏོར་དབང་ནི༔ སྒྲུབ་གཏོར་ལྷར་གསལ་སྤྱི་བོར་བཟུང༔ གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ འགྲོ་བ་འདྲེན་མཛད་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུམ་བདེ་གཤེགས་ཞི་ཁྲོའི་ངོ་བོར་བཞུགས༔ དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་སྤྲོ་ཞིང་སྡུད༔ མོས་ཤིང་གདུང་བས་རྩེ་གཅིག་གསོལ་འདེབས་ན༔ དད་ཅིང་གུས་པའི་སྐལ་ལྡན་སློབ་མ་ཡི༔ སྤྱི་བོའི་པདྨོར་མངོན་སུམ་བྱོན་ནས་ཀྱང༔ གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་ཡིས༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ལུས་ལ་སྣང་སྟོང་བུམ་པའི་དབང་མཆོག་སྐུར༔ སྣང་ཞེན་སྒྲིབ་སྦྱོངས་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་གསལ་སྟོང་གསང་བའི་དབང་མཆོག་སྐུར༔ རྩ་རླུང་སྒྲིབ་སྦྱོངས་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་བདེ་སྟོང་གསུམ་པའི་དབང་མཆོག་སྐུར༔ ཐིག་ལེའི་སྒྲིབ་སྦྱོངས་ཐུགས་ཀྱི་བྱིན་ཆེན་ཕོབ༔ དབྱེར་མེད་རིག་སྟོང་བཞི་པའི་དབང་མཆོག་སྐུར༔ རྟོག་ཚོགས་ཀུན་སྦྱོངས་ཡེ་ཤེས་བྱིན་ཆེན་ཕོབ༔ སྔགས་མཐར་དབང་བཞིའི་སྔགས་སྦྱར་ནས༔ སློབ་མའི་གནས་བཞིར་རིམ་པར་བཞག༔ བཛྲ་ཀཱ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཝཱ་ཀ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་བྷི་ཥིཉྩ་ཨཱ༔ བཛྲ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲ་དྷརྨ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མའི་ལྷ་ཡི་གནས་བཞི་ནས༔ འབྲུ་བཞི་དཀར་དམར་མཐིང་ལྗང་དང༔ འོད་ཟེར་བདུད་རྩིའི་རྒྱུན་བཅས་འཕྲོས༔ སློབ་མའི་གནས་བཞིར་ཞུགས་པ་ཡིས༔ དབང་བཞིས་སྨིན་ཅིང་སྒྲིབ་བཞི་སྦྱངས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ བྱིན་རླབས་རྒྱུད་ལ་ཞུགས་པར་བསམ༔ སྤྲོ་ན་སོ་སོར་ཕྲལ་ཏེ་བྱ༔ མཐར་ནི་གཏོར་མའི་ལྷ་ཚོགས་རྣམས༔ འོད་དུ་ཞུ་ནས་སློབ་མར་ཐིམ༔ དབྱེར་མེད་ཆེན་པོར་བྱིན་བརླབས་བསམ༔ རིག་པ་མ་བཅོས་ངང་བསྐྱང་བ༔ བྱིན་རླབས་འཕོ་བའི་དབང་ཆེན་ཏེ༔ དབང་གི་ནང་ནས་མཐར་ཐུག་གོ༔ ལྷ་ཉིད་འོད་ཞུ་གཏོར་མའི་རྫས༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ སློབ་མར་ཚིག་འདིས་སྦྱིན་པར་བྱ༔ ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་འཁོར་ནས༔ རྒྱལ་བ་སྲས་བཅས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེའི་བླ་མ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བྱིན༔ དམ་ཚིག་རྫས་ལ་བརྟེན་ནས་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་བྱིན་རླབས་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་བྱིན་རླབས་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་བྱིན་རླབས་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲོ་འདུལ་བྱིན་རླབས་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བུས་ཀྱང་ཛཔ྄་དབྱངས་དང་བཅས་རོལ༔ རྩ་ཁམས་བདུད་རྩིའི་བཅུད་ཀྱིས་གང༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ བཀྲ་ཤིས་ཚེ་ཡི་དཔལ་འཕེལ་ཕྱིར༔ འཆི་མེད་གྲུབ་པའི་དབང་བསྐུར་ནི༔ མདའ་དར་གཡབ་ཅིང་ཐུགས་དམ་བསྐུལ༔ དམིགས་པ་རྩེ་གཅིག་གསལ་བཏབ་ལ༔ ཚེ་རྟེན་བུམ་པ་སྤྱི་བོར་བཞག༔ གསོལ་འདེབས་དང་ནི་སྔགས་ཀྱི་མཐར༔ བཛྲ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཐབས་ཤེས་ཚེ་རྫས་གཡས་གཡོན་སྦྱིན༔ ཧྲཱི༔ ཐབས་ཀྱི་རང་བཞིན་མི་འགྱུར་ཚེ་ཡི་རྫས༔ རྡོ་རྗེའི་དམ་ཚིག་བཅུད་ལེན་རིལ་བུ་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རྟག་བརྟན་གཞོམ་བྲལ་ཚེ་ཡི་དཔལ་ཐོབ་ཤོག༔ སྔགས་བརྗོད༔ ཧྲཱི༔ ཤེས་རབ་རང་བཞིན་བདེ་ཆེན་ཚེ་ཡི་རྒྱུན༔ བྱང་ཆུབ་སེམས་མཆོག་འཆི་མེད་བདུད་རྩི་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རྒྱུན་མི་འཆད་པའི་ཚེ་ཡི་དཔལ་ཐོབ་ཤོག༔ སྔགས་བརྗོད༔ ཚེ་བསྟིམ་རྡོ་རྗེའི་གོ་ཆས་བསྲུང༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ སྤྲོ་ན་བཀྲ་ཤིས་རྟགས་རྫས་དང༔ རིན་ཆེན་བདུན་གྱིས་མངའ་ཡང་གསོལ༔ རྗེས་ནི་དམ་ཚིག་ཁས་བླང་ཞིང༔ མཎྜལ་ལུས་དང་ལོངས་སྤྱོད་འབུལ༔ དགའ་སྟོན་བསྔོ་སྨོན་རྒྱ་ཆེར་བྱ༔ དེ་ལྟར་བླ་མ་ཞི་བ་ལ༔ བསྟེན་ནས་རྩ་བའི་དབང་རིམ་གྱིས༔ ལེགས་པར་སྨིན་པ་སྔོན་འགྲོ་བས༔ གུ་རུ་དྲག་པོའི་དོན་དབང་ནི༔ བདག་མདུན་སྒྲུབ་མཆོད་ཚུལ་བཞིན་བྱ༔ སློབ་མ་ཁྲུས་བྱས་བགེགས་བསྐྲད་སྲུང༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་གཟུང་རྣམས༔ ཕྲིན་ལས་རིམ་པ་བཞིན་དུ་བྱ༔ ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བརྟན༔ དེ་ནི་འཇུག་པ་མདོར་བསྡུས་པའོ༔ དངོས་གཞིར་སློབ་མ་དྲག་པོ་རྩལ༔ དབང་སྟེགས་མཛེས་པར་བཀོད་བྱས་ལ༔ དབང་ལྷ་བདེ་གཤེགས་ཞི་ཁྲོའི་ཚོགས༔ ནམ་མཁའ་གང་དང་ལྷན་ཅིག་པར༔ བླ་ན་མེད་པའི་བུམ་དབང་་་་ཨོཾ༔ དབྱིངས་ཀྱི་བུམ་པར་སོགས།་་་་བསྐུར༔ རྗེས་འབྲེལ་གསང་གསུམ་ཕྱག་རྒྱ་བསྟིམ༔ གཙོ་བོའི་སྐུ། ཨོཾ༔ བཅོམ་ལྡན་གུ་རུ་དྲག་པོ་རྩལ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་དག་པར་ཤོག༔ སྔགས་མཐར། ཀཱ་ཡ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ གསུང་གི་སྔགས་བཟླས་ལུང་སྦྱིན་ཞིང༔ སྔགས་བྱང་། ཨཱ༔ བཅོམ་ལྡན་གུ་རུ་དྲག་པོ་ཡི༔ ནུས་པ་སྔགས་ཀྱི་ཕྲེང་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་རྫོགས་པར་ཤོག༔ ཝཱ་ཀ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་ཀྱི་དགོངས་པར་མཉམ་གཞག་ངང༔ རྡོ་རྗེ། ཧཱུྃ༔ བཅོམ་ལྡན་གུ་རུ་དྲག་པོ་ཡི༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་བསྟིམ་རབ་གནས་ཤིས་པ་བརྗོད༔ སྨིན་པར་སློབ་ལ་གོང་མ་གསུམ༔ རྩ་བའི་དབང་བསྐུར་བཞིན་དུ་བྱ༔ མཐའ་རྟེན་དྲག་པོ་བསྒྲལ་དབང་ནི༔ ལས་ཀྱི་ཕུར་པ་ལག་ཏུ་གཏད༔ ཧཱུྃ༔ ཆེ་མཆོག་པདྨ་དྲག་པོ་ཡི༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་ཡོངས་སྒྲོལ་མཐུ་ཐོབ་ཤོག༔ སྔགས་མཐར༔ བཛྲ་ཀརྨ་ཀཱི་ལ་ཡ་ཨ་བྷི་ཥིཉྩཱ་མཱི༔ བུས་ཀྱང་རྔམས་པའི་སྟབས་ཀྱིས་བླང༔ རྒྱལ་བསེན་དམ་སྲི་གདོན་བགེགས་ལ༔ གདབ་ཀ་བྱ་ཞིང་ཞལ་དུ་བསྟབ༔ དེས་ནི་ཕྲིན་ལས་ཚད་ཕྱིན་འགྱུར༔ བརྟན་ཕྱིར་སྒྲུབ་གཏོར་ལྷར་གསལ་བ༔ སྤྱི་བོར་བཞག་ཅིང་བྱིན་བརླབ་བྱ༔ ཧཱུྃ༔ བཅོམ་ལྡན་གུ་རུ་དྲག་པོ་རྩལ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི༔ བྱིན་རླབས་གཏོར་མའི་དབང་བསྐུར་བས༔ དབང་དང་དངོས་གྲུབ་བརྟན་པར་ཤོག༔ མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩཱ་མཱི༔ ཤིས་བརྗོད་ལ་སོགས་རྗེས་ཀྱི་རིམ༔ རྩ་བའི་དབང་བསྐུར་བཞིན་དུ་བྱ༔ ས་མ་ཡ༔ རྩ་བའི་དབང་གིས་སྨིན་པ་ལ༔ ཐུགས་རྗེ་ཆེན་པོའི་དབང་བསྐུར་ནི༔ སྒྲུབ་ཅིང་མཆོད་པ་སྔོན་འགྲོ་བས༔ འཇུག་དང་དབང་བསྐུར་ལས་ཀྱི་རིམ༔ གུ་རུ་དྲག་པོའི་དབང་བཞིན་ལ༔ ཁྱད་པར་སྐུ་གསུང་ཐུགས་དབང་ནི༔ ཨོཾ༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ རབ་འབྱམས་ཞི་བའི་སྤྲིན་ཕུང་འཕྲོ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་ཞེན་ལྷ་སྐུར་དག་པར་ཤོག༔ སྔགས་མཐར༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བཟླས་ལུང་སྦྱིན་ཞིང་སྔགས་ཕྲེང་གཏད༔ ཨཱ༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ བཟླས་པ་སྔགས་ཀྱི་ཕྲེང་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒྲར་གྲགས་སྔགས་སུ་རྫོགས་པར་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སྙིང་རྗེའི་དབང་ཕྱུག་ཡེ་ཤེས་དབྱིངས༔ རིག་པ་རང་ཤར་ཕྱག་མཚན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟོག་ཚོགས་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་མྱང་གྲོལ་སྐྱེ་བདུན་གྱི༔ རིལ་བུའི་བུམ་པ་སྤྱི་བོར་བཞག༔ ཧྲཱི༔ སྣང་སྟོང་འོད་གསལ་དབྱིངས་ཀྱི་བུམ་པ་ན༔ རིལ་བུ་ཡེ་ཤེས་ཐུགས་ཀྱི་ལྷ་ཚོགས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གྲོལ་བ་བཞི་ལྡན་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས་མཐར༔ ཨ་ར་པ་ཙ་མི་ཏ་ཧྲི་ད་ཡ་ཨ་བྷི་ཥིཉྩཱ་མཱི༔ ལྷ་ཉིད་རིལ་བུའི་གཟུགས་གྱུར་པ༔ རྡོ་རྗེ་ལྕེ་ཡི་པདྨོ་བརྒྱུད༔ སྙིང་དབུས་མི་ཤིགས་ཧྲཱིཿལ་ཐིམ༔ ཐུགས་རྗེའི་བྱིན་རླབས་རྒྱུད་ལ་སྨིན༔ མཐོང་ཐོས་དྲན་རེག་གྲོལ་བ་ཡི༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཧོ༔ ལེགས་འོངས་རིགས་ཀྱི་བུ་མཆོག་རྣམས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡིས༔ རྟག་ཏུ་བྱིན་གྱིས་བརླབས་པ་ལས༔ བྱམས་དང་སྙིང་རྗེ་བྱང་སེམས་འཕེལ༔ རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས༔ མྱུར་དུ་འཕགས་པའི་གོ་འཕང་ཐོབ༔ འགྲོ་ཀུན་སྨིན་གྲོལ་མཐུ་ལྡན་ཤོག༔ ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ༔ ཆེ་བ་བརྗོད་ཅིང་སྤྲོ་དགའ་བསྐྱེད༔ འགྲོ་འདུལ་ཕྲིན་ལས་སྤེལ་བར་གདམས༔ གཞན་ཡང་སྤྲོ་ན་གཏོར་མའི་དབང༔ བླ་མ་ཞི་བར་ལྷ་སྔགས་སོགས༔ འབྱིན་འཇུག་བྱས་ཏེ་བསྐུར་བར་བྱ༔ དེ་བཞིན་དྲག་པོ་རྟ་མགྲིན་དབང༔ སྦྱོར་དངོས་རྗེས་གསུམ་གོང་ལྟར་བྱ༔ སྐུ་གསུང་ཐུགས་དབང་ཁྱད་པར་ནི༔ གཙོ་བོའི་སྐུ་རྟེན་སྤྱི་བོར་བཞག༔ ཧྲཱི༔ དབང་ཆེན་རྟ་མཆོག་ཁྲོ་བོའི་རྒྱལ༔ ཁྲག་འཐུང་འདུས་པའི་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྐུ་ཡི་ནུས་བྱིན་ཕོབ༔ སྔགས་མཐར༔ ཀཱ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ བཟླས་པའི་ལུང་སྦྱིན་སྔགས་ཕྲེང་གཏད༔ ཧྲཱི༔ དབང་ཆེན་རྟ་སྐད་བཞད་པའི་སྒྲ༔ ནུས་པ་སྔགས་ཀྱི་ཕྲེང་བ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་གསུང་གི་བྱིན་ནུས་ཕོབ༔ ཝཱ་ཀ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཐུགས་ཀྱི་ཕྱག་མཚན་སྙིང་གར་བསྟིམ༔ ཧྲཱི༔ སོ་སོར་རྟོག་པའི་ཡེ་ཤེས་དབྱིངས༔ འབར་ཞིང་འཁྲུགས་པའི་ཕྱག་མཚན་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཐུགས་ཀྱི་བྱིན་ནུས་ཕོབ༔ ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ གཏོར་མ་ལྷར་གསལ་སྤྱི་བོར་བཞག༔ ཧྲཱི༔ གཏོར་སྣོད་དུར་ཁྲོད་གསང་བ་མཆོག་གི་ཞིང༔ གཏོར་མའི་ངོ་བོ་དབང་ཆེན་རྟ་གདོང་ཞལ༔ ཁྲག་འཐུང་གཙོ་མཆོག་སྐུ་ཡི་དབྱིངས་སུ་རྫོགས༔ རབ་འབྱམས་ཁྲོ་བོ་རོལ་པའི་སྤྲིན་ཕུང་འཕྲོ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་གཟི་འབར་རྔམ་ཞིང་བཞད་པའི་སྒྲས༔ འཁོར་འདས་ཐམས་ཅད་དབང་བསྒྱུར་ཟིལ་གྱིས་ནོན༔ གདོན་བགེགས་རྒྱལ་བསེན་འབྱུང་པོ་ཚར་ཐག་ཆོད༔ མཆོག་ཐུན་དངོས་གྲུབ་དཔལ་ལ་སྤྱོད་པར་ཤོག༔ ཤྲཱི་པདྨ་ཧེ་རུ་ཀ་ཧ་ཡ་གྲཱི་བ་ཧི་ཧི་ཧི་ཧཱུྃ་ཨ་བྷི་ཥིཉྩཱ་མཱི༔ མཐར་ནི་གཏོར་མའི་ལྷ་བསྟིམས་པས༔ ཡི་དམ་དངོས་དང་དབྱེར་མེད་བསམ༔ མངོན་སྤྱོད་ལས་ཀྱི་མཐའ་རྟེན་ནི༔ གདབ་པའི་ཕུར་བུ་ལག་ཏུ་གཏད༔ ཧཱུྃ༔ དབང་ཆེན་རྟ་མཆོག་རོལ་པ་ཡི༔ དྲག་རྩལ་སྟོབས་འདུས་ཀཱི་ལ་ཡས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་ཤོག༔ བཛྲ་ཀཱི་ལ་ཡ་སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ སྤྲོ་ན་གདབ་ལས་སྔོན་འགྲོ་བས༔ དྲག་པོའི་ཤིང་ལས་ཧོམ་སྤར་བ༔ དབང་ཆེན་རྔམས་པའི་ཕྱག་རྒྱར་གསལ༔ ཞལ་བསྟབ་བྱ་ཞིང་གཏོར་ཟོར་འཕང༔ ལས་མཐའ་བྲོ་ཡིས་བསྡུ་བའི་ཕྱིར༔ ཕྲིན་ལས་བཞིན་དུ་གཏོར་མནན་དང༔ སྒྲུབ་ཐབས་ཇི་ལྟར་རྟ་བྲོ་བྱ༔ དེས་ནི་མངོན་སྤྱོད་དྲག་པོའི་ལས༔ སྒྲུབ་པ་ཙམ་གྱིས་མཐར་ཕྱིན་འགྱུར༔ ས་མ་ཡ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡི༔ བྱིན་རླབས་དབང་གི་རིམ་པ་ནི༔ སྒྲུབ་བཟླས་བཤགས་སྐོང་ཚོགས་མཆོད་བྱ༔ འཇུག་པའི་སྙིང་པོ་གོང་ལྟར་དང༔ དངོས་གཞིར་ཐོད་པའི་བདུད་རྩི་ལ༔ དཀྱིལ་འཁོར་ལྷར་གསལ་སྤྱི་བོར་བཞག༔ ཨོཾ༔ སངས་རྒྱས་ཀུན་གྱི་དམ་ཚིག་ཆེ༔ བདེ་སྐྱོང་བདུད་རྩིའི་དཀྱིལ་འཁོར་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐ་མལ་སྣང་ཞེན་དག་པར་ཤོག༔ སྒྲུབ་སྔགས་མཐར༔ མ་ཧཱ་སུ་ཁ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ༔ ལྷ་ཚོགས་སྐུ་ལས་བདུད་རྩིའི་རྒྱུན༔ ཆེས་ཆེར་འཕེལ་བ་སྤྱི་བོར་ཞུགས༔ ལུས་གང་བུམ་པའི་དབང་མཆོག་ཐོབ༔ རྩ་ཁམས་སྣང་ཞེན་དྲི་མ་སྦྱངས༔ སྣང་སྟོང་བསྐྱེད་རིམ་བསྒོམ་ལ་དབང༔ རྡོ་རྗེའི་སྐུ་རུ་བྱིན་བརླབས་བསམ༔ ཐོད་པའི་ལྷ་ཚོགས་རང་འོད་ཀྱི༔ ཧེ་རུ་ཀ་དང་སྙོམས་ཞུགས་པས༔ རྗེས་ཆགས་བདེ་བས་ཞུ་བའི་རྒྱུན༔ དམ་ཚིག་རྫས་དང་རོ་གཅིག་སྦྱིན༔ ཨཱ༔ རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་ལྷ༔ བྱང་ཆུབ་སེམས་སུ་ཞུ་བའི་རྒྱུན༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ རླུང་ཁམས་སྔགས་སུ་རྫོགས་པར་ཤོག༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཨ་ཧོ་མ་ཧཱ་སུ་ཁས་མྱང༔ བྱང་ཆུབ་སེམས་ཀྱིས་ལུས་ཀུན་གང༔ དྭངས་མ་རྩ་གནས་ཐིག་ལེར་ཐིམ༔ ཉོན་མོངས་རྣམ་རྟོག་རག་རིམ་འགགས༔ གསལ་སྟོང་བདེ་བའི་ཡེ་ཤེས་སྐྱེས༔ གསང་བའི་དབང་ཐོབ་ངག་སྒྲིབ་དག༔ རྩ་རླུང་གཏུམ་མོ་བསྒོམ་ལ་དབང༔ གསུང་གི་རྡོ་རྗེར་བྱིན་བརླབས་བསམ༔ སིནྡྷུར་མཎྜལ་སྔགས་བཅས་པ༔ གཏད་ཅིང་ལྟེ་བར་ཐིག་ལེ་བྱ༔ ཧཱུྃ༔ རྣམ་ཐར་གསུམ་ལྡན་ཡུམ་གྱི་མཁའ༔ མཚོན་བྱེད་ཆོས་ཀྱི་ཕྱག་རྒྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔེ་ཡི་ལྷན་སྐྱེས་སྨིན་པར་ཤོག༔ མ་ཧཱ་སུ་ཁ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རང་འོད་ཡབ་དང་སྙོམས་ཞུགས་ཤིང༔ ལྟེ་བའི་གཏུམ་མོ་སྦར་བའི་མེས༔ སྤྱི་བོའི་ཧཾ་ལས་བྱང་སེམས་གཡོས༔ རྒྱུ་འབྲས་དགའ་བཞིའི་རིམ་པ་ཡིས༔ ལྷན་སྐྱེས་བདེ་སྟོང་ཉམས་མྱངས་བསམ༔ གསུམ་པའི་དབང་ཐོབ་ཡིད་སྒྲིབ་དག༔ ཕོ་ཉའི་རྣལ་འབྱོར་བསྒོམ་ལ་དབང༔ ཐུགས་ཀྱི་རྡོ་རྗེས་བྱིན་བརླབས་བསམ༔ ལྷན་སྐྱེས་བདེ་བའི་ཉམས་མྱོང་དང༔ བླ་མའི་ཐུགས་དང་རང་གི་སེམས༔ དབྱེར་མེད་ངང་དུ་མཉམ་པར་གཞག༔ ཨ༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་མངོན་གྱུར་ཤོག༔ མ་ཧཱ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ བྱིན་རླབས་འཕོ་བའི་རིམ་པ་ཡིས༔ བཞི་པའི་དབང་ཐོབ་ཤེས་སྒྲིབ་དག༔ ཕྱག་རྒྱ་ཆེན་པོ་བསྒོམ་ལ་དབང༔ ཡེ་ཤེས་རྡོ་རྗེས་བྱིན་བརླབས་བསམ༔ མཐའ་རྟེན་སྐུ་གསུང་ཐུགས་དང་ནི༔ ཐུན་མོང་ཁྱད་པར་དབང་བསྐུར་ཕྱིར༔ གཙོ་མོའི་ཕྱག་རྒྱ་སྤྱི་བོར་བཞག༔ མིག་ལམ་བསྟན་ཅིང་རྗེས་སུ་གདམས༔ ཧོ༔ དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ ཡེ་ཤེས་ཕག་མོའི་ཕྱག་རྒྱར་སྒོམས༔ ཐ་མལ་སྣང་ཞེན་དག་པར་གྱིས༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བཟླས་ལུང་སྦྱིན་ཞིང་ཐོད་ཕྲེང་གཏད༔ ཧོ༔ དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས༔ བརྟན་གཡོའི་སྒྲ་སྐད་འགྱུ་བའི་རླུང༔ ཡེ་ཤེས་ཕག་མོའི་སྔགས་སུ་ཟློས༔ ལས་རླུང་སྔགས་སུ་རྫོགས་པར་གྱིས༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་གསལ་བསྟན་དོན་ངོ་སྤྲད༔ ཧོ༔ དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས༔ གཟུང་འཛིན་རྟོག་པས་མ་བསླད་པའི༔ ཡེ་ཤེས་ཕག་མོའི་གནས་ལུགས་སྒོམས༔ རིག་སྟོང་ཆོས་སྐུར་སྨིན་པར་གྱིས༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཉམས་ཆག་སྐོང་བའི་རྫས་རྣམས་གཏད༔ ཧོ༔ དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས༔ ཉམས་ཆག་སྐོང་ཞིང་བཤགས་པའི་རྫས༔ སྨན་རཀ་གཏོར་མ་མར་མེ་ཡིས༔ རྒྱུད་དག་དངོས་གྲུབ་སྒྲུབ་པར་གྱིས༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱ་ལོ་ཀེ་བི་ཤུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུའི་ཐོད་པ་སྤྱི་བོར་བཞག༔ ཨོཾ་ཨཱཿཧཱུྃ༔ དོན་གྱི་བདུད་རྩི་རིགས་ལྔའི་རྟགས༔ རྫས་ཀྱི་རིལ་བུ་སྒྲུབ་བྱེད་ཆོས༔ རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྒྲུབ་སྔགས་དང༔ མ་ཧཱ་སུ་ཁ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱི་ཋཱ༔ ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ལྷ་རྣམས་འོད་ཞུ་རིལ་བུའི་གཟུགས༔ སངས་རྒྱས་ཐམས་ཅད་འདུས་པ་ཡི༔ བདུད་རྩིར་མོས་ཏེ་མྱངས་པ་ལས༔ སྒོ་གསུམ་བདུད་རྩིའི་བཅུད་ཀྱིས་རྒྱས༔ གྲོལ་བ་བཞི་ལྡན་མངོན་གྱུར་བསམ༔ མ་ཧཱ་སུ་ཁ་ལ་སོགས་པའི༔ སྔགས་དོན་བརྗོད་པ་སྔོན་འགྲོ་བས༔ ཧོ༔ དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས༔ རྡོ་རྗེ་བདུད་རྩིའི་སྦྱོར་བ་ཡིས༔ མཐོང་ཚོར་མྱང་རེག་ཐམས་ཅད་ཀུན༔ རྣམ་གྲོལ་མཆོག་ཏུ་དབུགས་དབྱུང་ཞིག༔ མ་ཧཱ་ཨ་མྲྀཏ་བཛྲ་ས་མ་ཡ་ཧོ༔ གཞན་ཡང་ཕན་ཡོན་བརྗོད་པ་ཡིས༔ སྤྲོ་བ་བསྐྱེད་ཅིང་སྒྲུབ་པར་གདམས༔ རྗེས་ཀྱི་རིམ་པ་ཚུལ་བཞིན་བྱ༔ རྡོ་རྗེ་ཕག་མོའི་མན་ངག་འདི༔ བོད་ཀྱི་རྣལ་འབྱོར་ཐང་སྟོང་པས༔ དབྱིངས་ཀྱི་གཙོ་མོ་དངོས་ཉིད་ལས༔ སྙན་བརྒྱུད་བྱིན་རླབས་ཐོབ་པ་དང༔ པདྨའི་སྔགས་རྒྱུད་ཟུང་འབྲེལ་བ༔ དཀྱིལ་འཁོར་རྒྱས་པར་བསྟན་པ་སྟེ༔ མཁའ་འགྲོའི་སྒྲུབ་ཐབས་ཀུན་གྱི་ཕུལ༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ དེ་ལྟར་རྡོ་རྗེ་ཐེག་པ་ཡི༔ ལམ་གྱི་རྩ་བ་དབང་བསྐུར་ནས༔ དབང་སྲོག་དམ་ཚིག་སྡོམ་པ་ནི༔ རྣམ་པར་དག་པའི་ཚུལ་ལ་བསླབ༔ དེ་ཡང་ངོ་བོ་སྨིན་བྱེད་ལས༔ ཐོབ་པའི་སྔགས་ཀྱི་འདུལ་བ་སྟེ༔ ངེས་ཚིག་འདའ་དཀའི་བསླབ་པ་ཉིད༔ དབྱེ་ན་གསང་བ་རྒྱུད་སྡེ་ལས༔ ཤེས་བསྒྲུབ་མི་སྤང་ལྔ་ཕྲག་གསུམ༔ ཡན་ལག་སུམ་བརྒྱ་དྲུག་ཅུར་སྤྲོས༔ སྒྲུབ་སྡེར་རྩ་བ་སྐུ་གསུང་ཐུགས༔ ཡན་ལག་ཉི་ཤུ་རྩ་ལྔར་བཤད༔ གསང་མཆོག་རྗེས་སུ་རྣལ་འབྱོར་ལ༔ དགྲ་གསུམ་བསད་དང་བདུད་བཞི་འདུལ༔ འཕྲང་གསུམ་བསལ་སོགས་རྒྱ་ཆེར་གསུང༔ རང་བཞིན་གསང་བ་རྫོགས་པ་ཆེར༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སྟེ༔ རང་བཞིན་ལྟ་བའི་དམ་ཚིག་རྣམས༔ སྤྱི་དང་ཁྱད་པར་ལྷག་པ་སྟེ༔ རྣམ་པ་གསུམ་དུ་ཤེས་བྱས་ནས༔ མ་ཉམས་བསྲུང་ཞིང་ཕྱིར་བཅོས་སོགས༔ རང་རྒྱུད་དག་པའི་རྣལ་འབྱོར་པས༔ འཇུག་པའི་ལམ་ལ་བརྩོན་པ་ཡིས༔ དཀའ་བ་མེད་པར་རིག་འཛིན་འགྲུབ༔ སྐུ་དང་ཡེ་ཤེས་ཕྲིན་ལས་རྣམས༔ བསམ་གྱིས་མི་ཁྱབ་འབྲས་ཐོབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ༔ དེ་ལྟར་སྒྲུབ་ཐབས་སྐོར་ལྔ་ཡི༔ སྨིན་བྱེད་སྙིང་པོ་བཅུད་འདུས་འདི༔ རྣལ་འབྱོར་སྤྱོད་པ་ཐང་སྟོང་པས༔ དབྱིངས་དང་རིག་པའི་སྣོད་དང་བརྡར༔ འདུས་མ་བྱས་པའི་ཕྱག་རྒྱས་བཏབ༔ མ་འོངས་ང་སྤྲུལ་སྐྱེས་བུ་ཡིས༔ བཀའ་བབས་བདུན་ལས་ཁྱད་འཕགས་པ༔ ཟབ་མོ་དགོངས་པའི་གཏེར་ལས་འབྱུང༔ རིགས་གསུམ་འཕགས་པའི་སྤྲུལ་པ་སོགས༔ སྐལ་ལྡན་རྣམས་ལ་སྤེལ་མཁས་གྱིས༔ རང་གཞན་དོན་གཉིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ དུས་གསུམ་མཁྱེན་པ་པདྨ་སཾ་བྷ་བ་དངོས་དང་དབྱེར་མི་ཕྱེད་པའི་རྗེ་གྲུབ་ཐོབ་ཆེན་པོ་ཐང་སྟོང་ཞབས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ལ་བརྟེན་ནས། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་འོད་གསལ་སྤྲུལ་པའི་རྡོ་རྗེས་ཟབ་མོ་དགོངས་པའི་གཏེར་ལས་ཕྱུང་པའི་སྒྲུབ་ཐབས་སྙིང་པོའི་སྐོར་འདི་རྣམས་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཀྱི་ལམ་རིམ་དང་འབྲེལ་བ་སྟེ། དེའང་རྒྱས་པ་ཕྲེང་བ་སྐོར་བཞི་ཞེས་གྲུབ་ཆེན་སྤྱོད་འཆང་དབང་པོའི་རྣམ་འཕྲུལ་རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོ་དང་། འབྲིང་པོ་རྣལ་འབྱོར་སྐོར་བཞི་ལོ་ཙཱ་བ་ཤ་མི་གོ་ཆའི་རྣམ་འཕྲུལ་རྡོ་རྗེ་རྒྱལ་པོའི་སྐལ་པར་གསུངས་ཤིང་། སྙིང་པོ་ལམ་བྱེད་རྣམ་བཞི་འདི་ཉིད་ལོ་རྒྱུས་སོགས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་གྲངས་ལྡན་དུ་གཏན་ལ་ཕབ་པ་འདིས་ཀྱང་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
སྲུང་མ་སྤྱི་འགྲོ་ལ་སྦྱོར་ཆོག་པའི་གྲིབ་སེལ་གྱི་འདོན་བསྒོམ་བཀླག་ཆོག་མ་ (Volume 39, Text 41)
༄༅། །སྲུང་མ་སྤྱི་འགྲོ་ལ་སྦྱོར་ཆོག་པའི་གྲིབ་སེལ་གྱི་འདོན་བསྒོམ་བཀླག་ཆོག་མ་བཞུགས་སོ། ། ན་མོ་གུ་ར་ཝེ། འདིར་རྣལ་འབྱོར་པ་གང་ཞིག་བླ་མ་དང་དམ་ཅན་སྲུང་མ་རྣམས་ལ། ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ཟབ་མོ་ཉམས་སུ་བླང་བར་འདོད་པས། ཆོས་སྐྱོང་རྣམས་ཀྱི་གཏོར་ཆོག་དང་སྐོང་བཤགས་རང་རང་གི་ཆོ་ག་ཇི་ལྟ་བ་བཞིན་གྱིས་གཞུང་བསྲངས་ནས། སྐོང་བཤགས་ཀྱི་རྗེས་འབྲེལ་དུ་འདི་ལྟར་སྦྱར་བར་བྱ་སྟེ། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་མདུན་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས། དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་རྣམས་སྤྲིན་གཏིབས་པ་བཞིན་དུ་བཞུགས་པའི། སོ་སོའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་ཉིད་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་པ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་གཡོན་བདུད་རྩིས་གང་བའི་ཐོད་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུར་བཞུགས་པའི་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ། རང་གི་སྤྱི་བོའི་སྟེང་གི་ནམ་མཁར་སྐུ་རྡོ་རྗེ་རྣམ་སྣང་དཀར་པོ། གསུང་རྡོ་རྗེ་སྣང་མཐའ་དམར་པོ། ཐུགས་རྡོ་རྗེ་མི་བསྐྱོད་པ་སྔོན་པོའི་རྣམ་པར་སྟེང་ནས་མར་བརྩེགས་ཏེ་རྩ་བའི་བླ་མ་ལ་ཞལ་ཕྱོགས་པའི་ཚུལ་དུ་བཞུགས་པར་གྱུར་པ་ལ། མོས་གུས་གདུང་ཤུགས་དྲགས་པོས་བླ་མ་དང་སངས་རྒྱས་བྱང་སེམས་རྣམས་ཀྱིས་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་རྣམ་སྣང་ལས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་བྱུང་། བླ་མ་རྡོ་རྗེ་སེམས་དཔའི་དཔྲལ་བར་ཐིམ་པས་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ལ་ཡིག་བརྒྱ་ཚར་བདུན། གསུང་རྡོ་རྗེ་སྣང་མཐའ་ལས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དམར་པོ་བྱུང་། བླ་མ་རྡོ་རྗེ་སེམས་དཔའི་མགྲིན་པར་ཐིམ་པས་གསུང་གི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཚར་བདུན། ཐུགས་རྡོ་རྗེ་མི་བསྐྱོད་པ་ལས་ཡི་གེ་བརྒྱ་པའི་སྔགས་ཕྲེང་སྔོན་པོ་བྱུང་། བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པས་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཚར་བདུན། དེ་ནས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་སྐུ་ལ་ཐིམ། བླ་མ་རང་གི་སྤྱི་བོར་བྱོན་ནས་དམ་ཅན་སྲུང་མ་རྣམས་ལ་ཞལ་ཕྱོགས་པའི་ཚུལ་གྱིས་སྐུ་སྣང་སྟོང་འོད་ཀྱི་རང་བཞིན་དགྱེས་པའི་མདངས་དང་ལྡན་པར་བཞུགས་པ་ལ། མོས་གུས་གདུང་ཤུགས་དྲགས་པོས་བླ་མ་རིན་པོ་ཆེ་དམ་ཅན་སྲུང་མ་རྣམས་ཀྱིས་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའི་དཔྲལ་བ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་བྱུང་། དམ་ཅན་ཆོས་སྐྱོང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུ་ཡི་དམ་ཚིག་ཉམས་ཆག་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཚར་བདུན། བླ་མ་རྡོ་རྗེ་སེམས་དཔའི་མགྲིན་པ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དམར་པོ་བྱུང་། དམ་ཅན་ཆོས་སྐྱོང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་དམ་ཚིག་ཉམས་ཆག་དག་པར་བསམ་ལ་ཡི་གེ་བརྒྱ་པ་ཚར་བདུན། བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་སྔོན་པོ་བྱུང་། དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ཐུགས་ཀྱི་དམ་ཚིག་ཉམས་ཆག་དག་པར་བསམ་ལ་ཡིག་བརྒྱ་ཚར་བདུན། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་པ་ཆེན་པོས་འོད་དུ་ཞུ་སྟེ་དམ་ཅན་ཆོས་སྐྱོང་རྣམས་ལ་ཐིམ་པས། དཔལ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་སྐུ་སྣང་སྟོང་འོད་ཀྱི་རང་བཞིན་ནུས་པ་ཕུན་སུམ་ཚོགས་པས་བདག་ལ་དགྱེས་པའི་ཚུལ་དུ་བཞུགས་པ་ལ། མོས་གུས་གདུང་ཤུགས་དྲགས་པོས་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བདག་ཅག་དཔོན་སློབ་སྡེ་དང་བཅས་པ་རྣམས་ཀྱི་དམ་ཚིག་ཉམས་ཆག་དང་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དམ་ཅན་ཆོས་སྐྱོང་རྣམས་ཀྱི་དཔྲལ་བ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་བྱུང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་དཔྲལ་བར་ཐིམ་པས་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ནས་ཡིག་བརྒྱ་བདུན། དམ་ཅན་ཆོས་སྐྱོང་རྣམས་ཀྱི་མགྲིན་པ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དམར་པོ་བྱུང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་མགྲིན་པར་ཐིམ་པས་གསུང་གི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ནས་ཡིག་བརྒྱ་བདུན། དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཐུགས་ཀ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་སྔོན་པོ་བྱུང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྙིང་གར་ཐིམ་པས་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པར་བསམ་ནས་ཡིག་བརྒྱ་བདུན། དེ་ནས་ལུས་ངག་ཡིད་གསུམ་གྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དམ་ཅན་སྲུང་མ་རྣམས་ཐུགས་དམ་བསྐངས་ཏེ་དགྱེས་པ་ཆེན་པོས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་སྡོངས་གྲོགས་བྱེད་པར་བསམ། མཐར་ཉམས་ཆག་སྦྱོང་བའི་ཡུལ་བླ་མ་དང་ཆོས་སྐྱོང་། སྦྱོང་མཁན་རང་སྒྲུབ་པ་པོ། སྦྱང་བྱ་ཉམས་གྲིབ་རྣམས་རང་བཞིན་མ་གྲུབ་པ་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་དག་པར་བསམ་པ་ནི། ཉམས་ཆག་དང་སྡིག་ལྟུང་སྦྱོང་བའི་གནད་དམ་པའོ། །ཡེ་ཤེས་མགོན་པོ་ཁོ་ནའི་གྲིབ་སེལ་གྱི་ཚེ་དབང་བཞིའི་དམིགས་པ་སྦྱོར་བ་ཡོད་ཀྱང་། འདིར་དམ་ཅན་འདས་མ་འདས་སྤྱི་ལ་སྦྱོར་བའི་དབང་དུ་བྱས་ཏེ་སྒོ་གསུམ་གྱི་ཉམས་གྲིབ་སྦྱོང་བའི་དམིགས་པ་ཉིད་འདོན་བསྒོམ་བདེ་བར་བསྒྲིགས་པ་ཡིན་ནོ། །ཞེས་དྷརྨ་ཤྲཱིས་མདོ་ཁམས་ཀྱི་ས་ཡི་ཐིག་ལེ་ཆབ་མདོ་བྱམས་གླིང་དུ་ཟིན་བྲིས་སུ་སྤེལ་བ་འདོད་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །།
མཆོག་གླིང་ཐུགས་སྒྲུབ་སྒྲོལ་ཆོག་བཀྲ་ཤིས་ཆར་འབེབ་ཀྱི་ལྷན་ཐབས་རིགས་དཀྱུས་གཅིག་བཀོད་པ་ (Volume 36, Text 41)
༄༅། །མཆོག་གླིང་ཐུགས་སྒྲུབ་སྒྲོལ་ཆོག་བཀྲ་ཤིས་ཆར་འབེབ་ཀྱི་ལྷན་ཐབས་རིགས་དཀྱུས་གཅིག་བཀོད་པ་བཞུགས། ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ནི། ཐམས་ཅན་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པ་དག་གིས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་གནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་སྒྲོལ་བ། སྲེད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་། འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག། །། ༈ བཟང་སྤྱོད་ཡན་ལག་བདུན་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱི་འོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་སྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ།། །། ༈ དེ་ནས་སྤྱོད་འཇུག་ནས་གསུངས་པའི་མཆོད་འབུལ་བྱ་སྟེ། དེ་ཡང་ཐོག་མར། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་མཆོད་པ་ཀུན་བྱང་ཆུབ་ཀྱི་རྫས་དམ་པར་ཡོངས་སུ་སྤེལ་བའོ། །དེ་ནས་དོན་ཡིད་ལ་བསམ་བཞིན་པས། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིགས་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟའི། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མན་དཱ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་ཀྱི། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་སྒྲེང་བ་ཡང། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་ལྟར། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག། །། ༈ དེ་ནས་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དམ་རཏྣ་མཎྜ་ལ་ཀཾ་ནིརྻཱ་ཏ་ཡཱ་མི།། །། ༈ བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཞེས་འབུལ་ཞིང་མེ་ཏོག་འཐོར་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ། པུཥྤེ་ཨུྞྦ་ཝེ། པུཥྤེ་སམྦྷ་ཝེ། པུཥྤེ་ཨ་བ་ཀ་ར་ཎི་སྭཱ་ཧཱ། ཞེས་ལན་བདུད་དང་། སྤྲོ་ན་མཁན་ཆེན་བོ་དྷི་སཏྭའི་གསུང་བྱང་ཆུབ་སེམས་ཀྱི་ཤིས་པ་བརྗོད་པ་འདིའང་བྱ་སྟེ། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པས། །སོ་སོ་སྐྱེ་བོ་རྟོག་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པ་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱི། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག། །། ༈ དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་གེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པའི། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟར་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་པ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག། །། ༈ རྗེ་བཙུན་སྒྲོལ་མའི་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་བྷྱ༔ རྗེ་བཙུན་སྒྲོལ་མ་ལ་ཐུགས་དམ་གནད་ནས་བསྐུལ་ཞིང་སྨྲེ་སྔགས་ཀྱིས་གསོལ་བ་གདབ་པ་ནི༔ རྗེ་བཙུན་འཕགས་མའི་རྟེན་གྱི་དྲུང་དུ་ཐལ་སྦྱར་པུས་བཙུགས་ལུས་བ་སྤུ་གཡོ་བས༔ གདོང་མཆི་མ་འབྱིན་ཅིང་བུ་མ་ལ་དུངས་ནས་ངུ་བའི་ཚུལ་དུ་འདི་ལྟར་བྱའོ༔ ཀྱི་ཧུད་འཕགས་མ་བྱམས་ལྡན་ཐུགས་རྗེ་ཅན༔ རྒྱལ་བའི་ཡུམ་ཁྱོད་གནས་མཆོག་གང་ན་བཞུགས༔ སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ རིགས་དྲུག་འཁོར་བའི་གཡང་ས་དོང་རིང་འདིར༔ སྐྱེ་བ་གྲངས་མེད་ཤ་ཁྲག་ལུས་བླངས་ཀྱང༔ བྱས་པའི་ལས་ལ་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་ལན་གཅིག་ཙམ་ཞིག་ཐར་པའི་ལམ༔ སྒྲུབ་པའི་འབྲེལ་ཡང་བདག་གིས་མ་ཞོགས་སམ༔ འཕགས་མའི་ཐུགས་རྗེས་བདག་ཉིད་གཏང་སྲིད་དམ༔ ཐུགས་རྗེས་ཟུངས་དང་འཕགས་མ་རྒྱལ་བའི་ཡུམ༔ བདག་ཉིད་མ་རིག་ལས་ངན་སྡིག་སྒྲིབ་ཅན༔ མགོན་མེད་བདག་ནི་མ་ཡིས་མ་གཟིགས་སམ༔ དུངས་པའི་ང་རོས་འོ་དོད་བོས་ལགས་ན༔ མ་ཁྱེད་བརྩེ་བའི་ཐུགས་རྗེས་མི་འཛིན་ནམ༔ རིགས་དྲུག་འཁོར་བའི་དོང་དུ་ལྷུང་ལགས་ན༔ འཕགས་མས་ཐུགས་རྗེའི་ཞགས་པས་མི་འདྲེན་ནམ༔ མ་རིག་མུན་པའི་ཡུལ་དུ་གཏན་འཁྱམས་ན༔ འཕགས་མས་ཐུགས་རྗེའི་སྒྲོན་མེ་མི་སྤོར་རམ༔ ལས་ཀྱི་ཡུལ་དུ་དབང་མེད་འཁྱམས་ལགས་ན༔ མ་གཅིག་ཐུགས་རྗེའི་ལྕགས་ཀྱུས་མི་འཛིན་ནམ༔ དགེ་བའི་མྱུ་གུ་ལོ་ཐོག་སྐམ་ལགས་ན༔ འཕགས་མས་ཐུགས་རྗེའི་ཆར་རྒྱུན་མི་འབེབས་སམ༔ ཞེ་སྡང་དུག་ལྔའི་མེ་ཆེན་འབར་ལགས་ན༔ མ་ཁྱེད་ཐུགས་རྗེའི་ཆུ་ཡིས་མི་བརླན་ནམ༔ དུག་གསུམ་འཁྲུལ་པའི་ནད་ཀྱིས་གདུངས་ལགས་ན༔ མ་ཁྱེད་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ དུས་འདིར་མ་ཁྱེད་ཐུགས་རྗེས་མ་གཟུང་ན༔ དེང་ནས་ཕྱིན་ཆད་ངེས་པའི་གནས་མེད་དོ༔ ཀྱེ་མ་ཀྱི་ཧུད་འཕགས་མ་ཐུགས་རྗེ་ཅན༔ བདག་ལ་རེ་ལྟོས་སྐྱབས་གནས་གཞན་ན་མེད༔ སྐྱིད་སྡུག་རེ་ལྟོས་གཅིག་གྱུར་ཁྱེད་ཤེས་ན༔ ཐུགས་རྗེའི་དཔའ་ཚན་སྐྱེད་ཅིག་རྗེ་བཙུན་མ༔ འཁོར་བའི་གནས་སུ་ཡུན་རིང་གཏན་འཁྱམས་ནས༔ ནམ་ཞིག་ལས་ཟད་འབྲས་བུ་ཐོབ་པའི་ཚེ༔ འཕགས་མའི་ཐུགས་རྗེའི་ཅི་འཚལ་དོན་མ་མཆིས༔ ལས་དབང་བཙན་ཞེས་བདག་ཉིད་བོར་གྱུར་ན༔ ཐུགས་རྗེ་ཆེ་ཞེས་སྐྱབས་གནས་སུ་ལ་བྱེད༔ འཕགས་མ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་འབྲེལ་གསོལ་བཏབ་བདེན་པ་མི་བསླུ་ན༔ ཐུགས་ལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ སྐད་ཅིག་ཉིད་ལ་ཐར་པར་འདྲེན་དུ་གསོལ༔ ཚེ་འདིར་མི་མཐུན་རྐྱེན་ངན་བར་གཅོད་དང༔ རྒྱལ་པོ་མེ་ཆུ་ལྕགས་སྒྲོག་དུག་དང་མཚོན༔ རིམས་ནད་སྣ་ཚོགས་ཆོམ་རྐུན་དུས་མིན་འཆི༔ དགྲ་དང་བགེགས་སོགས་རྨི་ལམ་མཚན་ལྟས་ངན༔ ཆག་ཆེ་ཉམ་ང་འཇིགས་པ་བརྒྱད་ལ་སོགས༔ མ་ལུས་ཞི་ཞིང་ཟློག་པར་མཛད་དུ་གསོལ༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་ཕྲིན་ལས་རྣམས༔ གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་སྣང་སྲིད་ཐམས་ཅད་ཀྱི༔ སྣང་བ་དབང་དུ་འདུ་བར་མཛད་དུ་གསོལ༔ བདུད་དང་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཀུན༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ བདག་ནི་རྩེ་གཅིག་ཟོལ་ཟོག་མེད་པ་ཡིས༔ ཁ་ཙམ་མ་ཡིན་སྙིང་ནས་གསོལ་བཏབ་པས༔ འགྲོ་འདུག་ལས་བྱེད་གང་གི་ཕྱོགས་དག་ཏུའང༔ བུ་གཅིག་མ་བཞིན་བརྩེ་བས་བསྐྱང་དུ་གསོལ༔ འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ༔ འབྲལ་མེད་རྟག་ཏུ་ཐུགས་རྗེས་གཟུང་དུ་གསོལ༔ བདག་གི་རྒྱུད་ལ་མི་རྟག་བྱམས་སྙིང་རྗེ༔ དད་དང་བརྩོན་འགྲུས་ངེས་འབྱུང་སྐྱོ་ཤས་དང༔ ཟབ་མོའི་དོན་དང་སྟོང་ཉིད་ལྟ་བའི་མཆོག༔ རྟག་ཏུ་ཉམས་ལེན་སྐྱོ་ངལ་མེད་པ་དང༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ ཅེས་པ་འདི་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་རཏྣ་གླིང་པའི་ཟབ་གཏེར་མཚོ་རྒྱལ་སྐོར་གསུམ་གྱི་ནང་སྒྲུབ་སྒྲོལ་མའི་ཆོ་ག་ལས་བྱུང་བའོ།། །། ༈ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་འདོད་པའི་དོན་ལ་གསོལ་བ་འདེབས་པ་ཤློ་ཀ་ལྔ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའོ། །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །འཕགས་པ་རིན་པོ་ཆེས་མཛད། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །མདོ་སྡེ་ལས་བྱུང་བའི་ཚིག་ཁ་བསྒྱུར་བའོ། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཆོས་རྒྱལ་ཁྲི་སྲོང་གི་གསུང་དུ་གྲགས་པར་སྣང་། ཞེས་པ་རྣམས་ཀྱི་སྒོ་ནས་འདོད་པའི་དོན་ལ་རྩེ་གཅིག་ཏུ་གསོལ་བ་གདབ་པས་དགེ་ལེགས་ཀྱི་དོན་ཐམས་ཅད་ཡོངས་སུ་འཕེལ་བར་འགྱུར་རོ།། །། ༈ གཏོར་མ་དང་པོ་དཀྱུས་བཞིན་རྗེས། གཉིས་པ་གོང་བཞིན་བྱིན་གྱིས་བརླབས་ཏེ། ཆོས་སྐྱོང་སྤྱི་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་བརྗོད་དེ་འབུལ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཉེ་བར་བསྲུང་བའི་ཕྱི་ནང་གི་དཔལ་མགོན་དམ་ཅན་རྒྱ་མཚོ་ཡབ་ཡུམ་ལྕམ་དྲལ་སྲས་འཁོར་སྡེ་རིགས་སྡེ་དཔུང་གི་ཚོགས་མ་ལུས་པས། གཏོར་མ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་དང་། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། བདག་ཅག་དཔོན་སློབ་ཕ་མ་སྦྱིན་བདག་བཅས་པའི་འདོད་དོན་ཡིད་བཞིན་འབྱོར་པ་མངོན་པར་མཐོ་ཞིང་། དམ་པའི་ཆོས་ཀྱི་ངེས་པའི་བདེ་ལེགས་ཕུན་ཚོགས་མ་ལུས་རྒྱས་ཤིང་གྲུབ་པར་མཛད་དུ་གསོལ། གཏོར་མ་གསུམ་པ་གོང་ལྟར་བྱིན་གྱིས་བརླབས་ནས། ཨ་ཀཱ་རོ་དང་། ཁ་འབར་མ་ཡི་སྔགས་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་གྱིས་གཞི་བདག་རྣམས་ལ་བསྔོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། ས་ཡི་ལྷ་མོ་བརྟན་མས་གཙོ་བྱས་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་གླིང་སྤྱི་དང་ཁྱད་པར་བོད་ཁ་བ་ཅན། བྱེ་བྲག་ས་ཕྱོགས་ཡུལ་རིས་འདི་སྐོར་གྱི་གཞི་བདག་གནས་བདག་གྲོང་བདག་གཉུག་མར་གནས་ཤིང་གློ་བུར་དུ་འདུས་པའི་ཚོགས་མ་ལུས་པ་ལ་འབུལ་གྱིས། འདི་བཞེས་ལ་བདག་ཅག་དཔོན་སློབ་སྦྱིན་པའི་བདག་པོར་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། བསམ་སྦྱོར་དམ་པའི་ཆོས་དང་མཐུན་པ། འདོད་དགུ་ཡིད་བཞིན་དུ་འགྲུབ་པའི་སྟོངས་གྲོགས་དམ་པ་མཛོད་ཅིག །ཅེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་སྦྱིན་ཀྱང་བྱ། དེ་ནས་གཏོར་མ་བཞི་པ་གོང་བཞིན་བྱིན་གྱིས་བརླབས་ནས། ཁ་འབར་མའི་སྔགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་བདུན་གྱིས་རིགས་དྲུག་མཐའ་དག་པར་བསྔོས། དེ་བཞིན་གཤེགས་པ་བཞི་ཡི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། ཁམས་གསུམ་གྱིས་བསྡུས་པའི་སྐྱེ་བ་བཞི། ལམ་རྒྱུད་ལྔ། རིགས་དྲུག་གི་སེམས་ཅན་མ་ལུས་པར་བསྔོ་ཞིང་འབུལ་བས། སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེའི་མཐར་གོང་ལྟར་ཆོས་སྦྱིན་བྱ། ཚེ་ནོར་སྒྲོལ་ཆོག་ལས་སོ།། །། ༈ ད་ནི་བཀྲ་ཤིས་པའི་ཚིགས་སུ་གཅད་པ་རྣམས་ཀྱིས་བདེ་ལེགས་སུ་བྱ་བ་ནི། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག ࿊ །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག ࿊ །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག ࿊ །རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་ཀུན་གྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ། །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོན་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཞི་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ། །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ࿊ །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །དཔལ་ལྡན་བླ་མས་དེང་འདིར་སྩོལ། །ཡི་དམ་ལྷ་ཡིས་དེང་འདིར་སྩོལ། །ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ། །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་ཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །།
ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་འཆི་བདག་ཞགས་གཅོད་ (Volume 49, Text 41)
༄༅། །ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་འཆི་བསླུ་འཆི་བདག་ཞགས་གཅོད་བཞུགས་སོ། ། གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ། འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་གསང་བ་འདུས་པའི་ལྷན་ཐབས་སུ། །ཨ་ཏི་བཀོད་པ་ཚེ་སྒྲུབ་རྡོར་ཕྲེང་སོགས། །རྫོགས་ཆེན་ཀུན་གྱི་དོན་བསྡུས་འཆི་བསླུ་བྲི། །འབྱུང་བའི་འཁོར་ལོ་དཔེ་འུ་རིས་ལྟར་བྲི། །ཕྱོགས་བཞི་དབུས་ལྔར་འགོད་ལ་སོ་སོ་ཡི། །ལྷ་མོ་ཐིམ་དམིགས་སོ་སོའི་ཡིག་འབྲུ་རེ། །ལོ་གྲངས་བརྗོད་པས་ཕུས་བཏབ་རྟེན་འབྲེལ་སྙིང་། །བརྗོད་ཅིང་མེ་ཏོག་འཐོར་བ་རབ་གནས་ཏེ། །རང་མདོག་སྐུད་པས་བཅིངས་ལ་གྭ་འུར་བཅུག །རང་མདུན་གཞི་སྟེང་འདབ་བརྒྱད་ཕྱོགས་ལྔར་བཀོད། །གྭ་འུ་དབུས་མའི་མདུན་དང་མཚམས་བཞི་རུ། །ལྷ་མོ་སོ་སོའི་གཏོར་མ་ལྔ་པོ་བཀོད། །དེ་རྒྱབ་མཆོད་པ་སྣ་བདུན་བསྐོར་བཤམ་བྱ། །དེ་ཡི་རྒྱབ་ཏུ་སྣོད་ནི་ཆེན་པོའི་ནང་། །ཤིང་སྣ་མེ་སྣ་ས་སྣ་ཆུ་སྣ་ལྔ། །སེམས་ཅན་རིགས་མི་གཅིག་པ་མང་པོ་ཡི། ཁ་ཆུ་ཁ་རླངས་ལ་བསྒྲེས་ཟན་ཆེན་པོས། །ཤིང་ཤུན་འམ་ནི་སོག་མ་བཅིངས་པ་ལ། །ཟན་གྱིས་བཏུམས་ཏེ་ངར་མི་ཁྲུ་གང་བཅའ། །མིག་གཉིས་རཾ་གཉིས་རྣ་བར་ཡཾ་གཉིས་དང་། ཁ་ལ་བཾ་གཅིག་ལྕེ་ལ་ལཾ་གཅིག་དང་། །སྙིང་གར་ཨེ་གཅིག་བྲིས་པའི་ཤོག་དྲིལ་བཅུག །བསྲུང་བྱའི་མཆིལ་སྣབས་སྐྲ་སེན་དྲི་མ་དང་། །དྲི་ཆེན་དྲི་ཆུ་འབྲུ་སྣ་རིན་ཆེན་ཕྱེ། །བསྲེས་པའི་ཟན་ལ་ངར་མི་དཀར་སེར་དམར། །ལྗང་ཁུ་ནག་པོ་ཁྲ་བོ་དྲུག་བྱ་སྟེ། །རང་རང་མདོག་མཚུངས་༼ཟན་གཙང་མའི།་་་གཏོར་མའང་མདུན་དུ་བཞག །དྲུག་པོ་ངར་མི་ཆེ་བ་ལ་བསྐོར་ཏེ། །དེ་དག་འཇིམ་པ་ལས་ནི་བཅས་ཀྱང་རུང་། །མགོ་ལ་འདྲེ་བྱ་གང་རྙེད་སྤུ་གཙུགས་ཤིང་། །དར་མཚོན་བལ་མཚོན་རང་མདོག་རྒྱང་བུ་བཙུགས། །ལུས་ལ་དར་རམ་སྣམ་རས་རང་མདོག་བཀོན། །དེ་རྒྱབ་ངར་ཆུང་གཏོར་ཆུང་ཆངས་བུ་རྣམས། །བསྲུང་བྱ་དེ་ཡི་ལོ་གྲངས་བསྐོར་བར་བྱ། །འབྲུ་སྣ་ཟས་ཕུད་བཏབ་ལ་ཆུ་གཙང་བྲན། །ཚེ་ཡི་ལས་བྱང་བསྟོད་པ་ཡན་ཚར་རྗེས། །འདི་ཉིད་འདོན་བསྒོམ་སྦྲགས་པས་འཐུས་པ་ཡིན། །ཧཱུྃ། བཅོམ་ལྡན་ཤཱཀྱ་ཐུབ་པའི་བྱིན་རླབས་དང་། །ཐལ་མོ་ཁོང་སྟོང་ཨ་དཀར་འོད་ཟེར་གྱིས། །གླུད་གཏོར་ཉེས་སྐྱོན་དྲི་མ་དག་པར་གྱུར། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །སྟོང་གསུམ་ཙམ་གྱི་ནང་དུ་ཁཾ་ཡིག་ལས། །ངར་གྱི་མི་ཆེན་ཁོག་སྟོད་གསེར་ལས་གྲུབ། ཁོག་སྨད་གཡུ་དང་རྐེད་པ་མཆོང་ལས་གྲུབ། །ལག་པ་གསེར་དངུལ་རྐང་པ་ཟངས་དང་ལྕགས། །ཞོ་ཤའི་སྙིང་དང་མུ་ཏིག་ཀླད་པ་དང་། །ལུང་ཐང་མིག་ལ་ཟེར་མོའི་སྒྲོ་ཡི་སྐྲ། །བྱེ་རུའི་ལྗགས་ལ་འགྲོན་བུའི་སོ་བྱས་པ། ཁམས་དང་སྐྱེ་མཆེད་དབང་པོ་ཡོངས་སུ་རྫོགས། །སྨྲ་མཁས་ལྗག་ལྗག་འགྲོ་མཁས་ལྡེམ་ལྡེམ་བྱེད། །གཅིག་ལས་བརྒྱ་སྟོང་བྱེ་བ་དུང་ཕྱུར་འཕྲོ། །སྣང་སྲིད་ལྷ་འདྲེ་བགེགས་རིགས་སྤྱན་ལམ་དུ། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །གླུད་གཏོར་སོ་སོའི་ཡིད་མཐུན་འདོད་ཡོན་ལྔ། །ཟད་མེད་སྟོང་གསུམ་འཇིག་རྟེན་གང་བར་གྱུར། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱི། །མཆོད་སྦྱིན་ཕྱག་རྒྱ་ཏྲཱཾ་སེར་འོད་འཕྲོས་པས། །མགྲོན་རྣམས་ཀུན་ལ་ཟད་མེད་ལོངས་སྤྱོད་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཅོམ་ལྡན་སྣང་བ་མཐའ་ཡས་བྱིན་རླབས་ཀྱི། །པདྨའི་ཕྱག་རྒྱ་ཧྲཱིཿདམར་འོད་ཟེར་འཕྲོས། །གླུད་གཏོར་འཆི་གསོའི་སྨན་གྱི་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བཅོམ་ལྡན་དོན་ཡོད་གྲུབ་པའི་བྱིན་རླབས་ཀྱི། །སྐྱབས་སྦྱིན་ཕྱག་རྒྱ་ཧ་ལྗང་འོད་ཟེར་གྱིས། །བསྔོས་པ་ཙམ་གྱིས་མགྲོན་རྣམས་ཚིམ་པར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བཅོམ་ལྡན་མི་བསྐྱོད་པ་ཡི་བྱིན་རླབས་ཀྱི། །ས་གནོན་ཕྱག་རྒྱ་ཧཱུྃ་སྔོན་འོད་ཟེར་གྱིས། །འཐབ་རྩོད་ཕམ་རྒྱལ་མེད་པར་ཐོབ་པར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། བཅོམ་ལྡན་རྣམ་པར་སྣང་མཛད་བྱིན་རླབས་ཀྱི། །བྱང་ཆུབ་ཕྱག་རྒྱ་ཨོཾ་དཀར་འོད་ཟེར་འཕྲོས། །མགྲོན་རྣམས་བདག་གི་དབང་དུ་འདུས་པར་གྱུར། །ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། རང་ཉིད་ཚེ་དཔག་གནས་གྱུར་རྟ་མགྲིན་སྐུ །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། ཁྲོ་ཆས་ཡོངས་རྫོགས་གྲི་གུག་ཐོད་ཁྲག་བསྣམས། །མེ་དཔུང་ཀློང་བཞུགས་དྲེགས་པ་ཟིལ་གནོན་གྱུར། །ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཧཱུྃ། སྤྲུལ་པའི་ཡཀྵ་མེ་དབལ་ཚོགས། །ཕྱོགས་ཀྱི་ས་ནི་ཇི་སྙེད་པའི། །འབྱུང་པོ་ཐམས་ཅད་ཁྲིད་ཤོག་ཅེས། །གནོད་སྦྱིན་གྱི་ནི་སྡེ་དཔོན་ཀུན། །ཕྱོགས་བཞི་དག་ཏུ་བཀྱེ་བར་གྱུར། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་སྡེ་དཔོན་དབང་ཕྱུག་དང་། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མ་བུ་དང་བཅས་པ་དང་། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །ཚེ་དང་སྲོག་ལ་གནོད་བྱེད་ཅིང་། །གནོད་ཅིང་འཚེ་བའི་གདོན་གྱི་ཚོགས། །དེ་དག་རྣམས་ནི་སྐད་ཅིག་གིས། །བཅིང་བ་ལྔ་ཡིས་བཅིངས་ཤིང་བཀུག །བཀའ་ཉན་གསུང་སྡོད་བྱེད་པར་གྱུར། །ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ། སྔོན་ཚེ་ཐུབ་དབང་གསང་བདག་དང་། །རྟ་མགྲིན་པད་འབྱུང་སྤྱན་སྔ་རུ། ཁས་བླངས་དམ་བཅས་དྲན་མཛོད་ལ། །གླུད་གཏོར་འདི་ནི་ལེན་པར་གྱིས། །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །གླུད་གཏོར་འདོད་ཡོན་ཟད་མེད་འདི། །ཚེ་དང་སྲོག་ལ་གནོད་བྱེད་པའི། །གདོན་གྱི་རིགས་གྱུར་ཀུན་ལ་འབུལ། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦཱ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ།ལན་གསུམ། ཨོཾ་སརྦ་བིགྷྣཱན་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་བདུན། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ བྱང་ཆུབ་སྒྲུབ་ལ་མི་དགའ་ཞིང༔ ལུས་སེམས་སྦྱོར་བ་ངན་པ་ཡིས༔ མི་ལ་གནོད་ཅིང་འཚེ་བྱེད་པ༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ༔ གཤེད་དང་གཅགས་དང་བླ་ཁྱེར་བྱེད༔ འབྱུང་པོའི་རིགས་ནི་གང་ཡང་རུང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ ནད་ཡམས་དལ་གྱི་བདག་མོ་སོགས༔ ཚེ་དང་སྲོག་ལ་གནོད་བྱེད་པའི༔ བདུད་སྡེ་དཔུང་དང་བཅས་པ་རྣམས༔ ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མཐུ་བོ་ཆེ་ལ་སྟོབས་པོ་ཆེ། །གཤིན་རྗེ་གཤིན་རྗེའི་ཕོ་ཉ་དང་། །བདུད་རྣམས་སྡེ་དང་བཅས་པ་དང་། །གནོད་སྦྱིན་བྱེ་བའི་གཡོག་འཆང་བ། །གནོད་སྦྱིན་དེ་མིང་འཕྲོག་པོ་ཡིན། །ཤ་རི་ཏ་ནི་སྡེར་བཅས་དང་། །རི་ཡི་བུ་མོ་གནོད་སྦྱིན་མ། །གཟི་བརྗིད་ཆེན་མོ་འཇིགས་པའི་གཟུགས། །འཕྲོག་མ་ཞེས་ཀྱང་གྲགས་པ་དང་། །གདོལ་པ་མོ་ནི་གཏུམ་མོ་དང་། །བུ་རྣམས་ལྔ་བརྒྱས་བསྐོར་བ་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མེ་རྡུང་ནག་པོ་ཀརྐ་ཏེ། །པདྨ་དང་ནི་པདྨ་ཅན། །མེ་ཏོག་སོ་དང་ས་ག་དང་། །སྲིན་མོ་བོང་བུའི་རྣ་ཅན་དང་། །ཙན་དན་དང་ནི་ཁྱབ་འཇུག་ལེན། །སེང་གེ་སེར་སྐྱ་དམར་སེར་པོ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །གླང་པོ་ཀླུ་ཡི་སོ་ཅན་དང་། །རི་བཤེས་དྲག་པོའི་མཆེ་བ་ཅན། །སྲིན་མོ་སོ་བཟང་ཡོད་པ་དང་། །ཚངས་པ་ལེན་དང་ཁྱབ་འཇུག་ལེན། །གནོད་སྦྱིན་ཧ་ལ་ཧ་ལ་དང་། །གནོད་སྦྱིན་རྣམ་པའི་མཆུ་ཅན་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མདུང་དང་མདའ་གཞུ་ཀུན་ཐོགས་ཤིང་། །མི་རྟ་བ་ལང་རི་དྭགས་རྣམས། །ཟ་ཞིང་འཚེ་བ་དེ་དག་ནི། །ཕྱོགས་རྣམས་ཀུན་ཏུ་རྒྱུག་ཅིང་འདོང་། །ས་འདི་རབ་ཏུ་གཡོ་བར་བྱེད། །ནགས་ཚལ་རྣམས་ཀྱང་རབ་ཏུ་སྐེམ། །རི་རྣམས་ཀུན་ནས་གཡོ་བར་བྱེད། །སྐྱེ་དགུ་འདི་དག་འཚེ་བྱེད་ཅིང་། །ཕན་ཚུན་ནས་ནི་འདུ་བ་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ། །ལག་པ་བཞི་པ་མ་རུངས་པ། །རྐང་མང་དང་ནི་རྐང་གཅིག་པ། །རྐང་བཞི་པ་དང་རྐང་གཉིས་པ། །རྐང་པ་སྒྲེང་ལ་སྤྱིའུ་ཚུགས་དང་། །ལུས་མང་མགོ་བོ་གཅིག་པ་དང་། །ལུས་གཅིག་པ་ལ་མགོ་བཞི་པ། །མིག་མང་པོ་ལ་ལུས་ཕྱེད་དང་། །མིག་གཅིག་ལྟོ་ནི་བཅུ་གཉིས་རྣམས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །བོང་བུ་རྔ་མོང་གླང་ཆེན་མགོ །ལག་པ་སྒྲེང་ལ་མགོ་བཏུད་དང་། །མཚོན་ཆའི་སོ་དང་མཚོན་ཆའི་ལག །མཚོན་ཆའི་རྐང་པ་སྲིན་པོ་རྣམས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཟངས་ཀྱི་སྐྲ་དང་ཟངས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག །ཟངས་ཀྱི་ཐོ་བའི་རྐང་པ་དང་། །ཟངས་ཀྱི་སྣ་དང་ཟངས་ཀྱི་ཁ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །རྐང་ལག་ཀུན་ཏུ་འབར་བ་དང་། །མི་ཡི་ལུས་སུ་གནས་པ་རྣམས། །སྒུར་ཞར་ལྦ་བ་གསུམ་ཡོད་པ། །མིག་མི་སྡུག་ལ་ཁ་གླལ་བ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཆུ་སྲིན་སྟག་གི་གཟུགས་དང་ནི། །གཟུགས་མི་སྡུག་པ་ཁ་རལ་པོ། །མཆུ་འཕྱངས་པོ་དང་སོ་ཡོན་པོ། །རབ་ཏུ་གཏུམ་པོའི་ཁྲོ་གཉེར་ཅན། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །གསུས་པོ་ཆེ་དང་བུམ་རྣ་བོ། །རྣ་འཕྱངས་པ་དང་རྣ་བ་མེད། །ལག་རིང་དང་ནི་རྣ་བ་རིང་། །སྣ་ཡི་རྩེ་དང་ལག་རྩེ་རིང་། །ལུས་སྐམ་ལུས་ནི་རིང་བ་དང་། །སྐྲ་རིང་རབ་ཏུ་བརྒྱན་པ་དང་། །རྐང་བམ་མགྲིན་པ་ཕྲ་བ་དང་། །དྲི་ང་བ་དང་བུམ་ལྟོ་བོ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཡན་ལག་ཆུ་སྲིན་འདྲ་བ་དང་། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །གནམ་ལྟོ་བོ་ལ་རྣ་བོ་ཆེ། །གྱེན་དུ་བརྫེས་སྐྲ་རབ་ཏུ་དམར། །མགོ་བོ་ཆེ་ལ་གཞུ་མགྲིན་པོ། །སྐེམ་པོ་སྒུར་པོ་བུམ་ལྟོ་བོ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབ། །ལྗོན་ཤིང་རི་དང་རྡོ་བ་དང་། །སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །དུང་དང་རྔ་ཆེན་རྫ་རྔ་དང་། །གྲུལ་བུམ་རྔ་ཕྲན་རྣམས་ཀྱི་སྒྲ། །འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན། །མིང་པོ་ཆེ་ལ་བོང་བུའི་སྐྲ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ནག་པོ་སེར་པོ་སྔོན་པོ་དང་། །དམར་སེར་མེ་ལྟར་དམར་སེར་དང་། ཁབ་འདྲའི་སྤུ་དང་རལ་གྲིའི་སྐྲ། །དམར་པོ་ཁྲག་གིས་བསྐུས་པ་རྣམས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག །སོ་གནོན་ལག་པ་དམར་པོ་དང་། །མཆུ་ནི་ཁྲག་གིས་བསྐུས་པ་དང་། །ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་སྙིང་དང་ནང་ཁྲོལ་གྱིས། །སྙིམ་པ་ཤིན་ཏུ་བཀང་བ་དག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །བྱིན་པ་དག་ནི་ཟ་བཞིན་དུ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག །ཀེང་རུས་ཀྱི་ནི་ལུས་ཀྱིས་སུ། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཁྲག་གིས་རབ་ཏུ་བཀང་བ་ཡི། །མི་ཡི་པགས་པ་ཐོགས་ནས་སུ། །མི་བཟད་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུག །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །གྲོང་ཁྱེར་རྣམས་ཀྱི་སྒོ་དག་དང་། ཁྱིམ་ནས་ཁྱིམ་དུ་རྣམ་པར་འཐོར། །རླུང་དང་བད་ཀན་མཁྲིས་པ་རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །དེ་ལྟར་དེ་ན་རྒྱལ་པོ་ཡི། །གདོན་དང་འཇིགས་པ་ཆེན་པོ་རྣམས། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཕོ་བྲང་འཁོར་ན་རྒྱུ་བ་ནི། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །ལུས་ཆེན་འཇིགས་པ་ཆེན་པོ་སྟེ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་པོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་པོ་རྣམས་བཏང་སྟེ། །ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྦྲུལ་གྱི་ཞགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མེ་ཐོགས། །ལག་ན་མཚོན་དང་དབྱིག་པ་ཐོགས། །རྡོ་རྗེ་མདུང་རྩེ་ལག་ཐོགས་པ། །རབ་ཏུ་དྲག་པའི་དམག་བརྒལ་ནས། །ཕྱོགས་ཀུན་ཏུ་ནི་སྐྲག་པར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྣང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ལ་དད་ཀུན་ཀྱང་། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་བུ་བུད་མེད་གཞན་ཡང་འཛིན། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་འཁྲུལ་ཅིང་འདོད་པའི་གཟུགས། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་ལང་བོང་བུ་རྔ། །གླང་པོ་ཆེ་ཡི་གཟུགས་འདྲ་དང་། །དོམ་དང་གཟིག་དང་སྤྱང་ཀི་དང་། ཁྱི་དང་ཝ་དང་ར་དག་དང་། །བྱི་ལ་བྱི་བ་སྤྲེའུ་ཡི་གཟུགས། །བསེ་དང་ཕག་དང་སྲེ་མོང་དང་། །ཉ་དང་རུས་སྦལ་དག་གི་གཟུགས། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཁ་ཅིག་དག་ནི་སྲམ་གྱི་གཟུགས། ཁྭ་དང་འུག་པ་ཁུ་བྱུག་དང་། །བྱ་རྒོད་ཁྲ་དང་ཉ་མིད་བཅས། །རྨ་བྱ་ངང་པ་ཐི་བ་དང་། ཁྲུང་ཁྲུང་དང་ནི་བྱ་རྣམས་དང་། ཁ་ཅིག་བྱ་གག་གཟུགས་རྣམས་སུ། །གནོད་སྦྱིན་རྣམས་ནི་མི་ཡིས་མཐོང་། །འདབ་བཟང་བྱ་ཡི་ཚུལ་གྱིས་ཀྱང་། །སྐྱེ་བོ་མང་པོ་སྐྲག་པར་བྱེད། ཁ་ཅིག་མི་ཡི་མགོ་ཅན་ལ། །ལུས་ནི་བྱ་གག་བོང་བུ་འདྲ། ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་བྲལ་བ་དག་ཏུ་སྣང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་ཀུན་ཏུ་དཀྲིས། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང་། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །མི་བཟད་གདུག་པའི་དབུགས་འབྱིན་ཅིང་། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྲོག་ཆགས་རྒྱུད་ནི་ཇི་སྙེད་པ། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང་། ཁ་ཅིག་དག་ནི་རི་ཡང་ཐོགས། །ལ་ལ་རལ་གྲི་འཁོར་ལོ་ཐོགས། །གྲངས་ནི་བརྒྱ་ཕྲག་སྟོང་རྣམས་ཏེ། །དབྱུག་པས་སྡིགས་ཤིང་ཁ་དྲག་པོ། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །མིག་ཕྱུང་བ་ལ་བཞིན་མི་སྡུག །སྲིན་པོ་སོ་ནི་རྣོ་བ་དང་། །སྣ་དང་རྣ་བ་བཅད་པ་དང་། །ལྕེ་བཅད་གདོང་ནི་གཉེར་མ་ཅན། །རྐང་ལག་དག་ནི་གཏུབས་པ་དང་། །མགོ་བོ་བཅད་པའི་སྲིན་པོ་རྣམས། །སྐབས་ནི་རབ་ཏུ་འཚོལ་བར་བྱེད། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །སྡིག་པ་ཅན་རྣམས་གཟི་བྱིན་འཕྲོག །མི་དག་གི་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང་། །སྤུ་ཡི་བར་དང་གནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་སུ། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །ལན་ཆགས་གླུད་གཏོར་འདི་ལོངས་ཤིག །ཐམས་ཅད་ངོམས་ཤིང་ཚིམ་པར་མཛོད། །དེ་ནས་རྫོགས་ཆེན་རྒྱུད་གཞུང་མང་པོ་ནས་གསུངས་པའི་ཚིག་རྐང་འདི་ཉིད་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ཀློད་དང་གྲོལ་དང་ཞི་བར་མཛོད། །ངར་མི་རེ་ལ་གསུམ་རེ་སྟེ། ལོ་གྲངས་སུམ་འགྱུར་བརྗོད་པར་བྱ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །དྲི་ཟའི་གདོན་གྱིས་བཏབ་པ་ན། །གླུ་དབྱངས་ལེན་ཞིང་བྲོ་རྡུང་སྟེ། །རྒྱན་རྣམས་ལ་ནི་དགའ་བར་བགྱིད། །བརྐམ་ཆགས་མ་མཆིས་མང་བར་སྨྲ། །རྒོད་པར་བགྱིད་ཅིང་ཁྲོ་བར་འགྱུར། །སྐོམ་པར་འགྱུར་ལ་མིག་དམར་ཏེ། །རྟག་ཏུ་རིམས་ཀྱིས་འདེབས་པར་བགྱིད། །མིག་ཀྱང་འབྱེད་པར་མི་བགྱིད་དེ། །རྒྱབ་ཀྱིས་ཕྱོགས་ཤིང་ཉལ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །གྲུལ་བུམ་གདོན་གྱིས་ཟིན་པ་ན། །ཤིན་ཏུ་སྐོམ་པས་འདེབས་པར་འགྱུར། །གཡེང་བས་བཏབ་ཅིང་བལྟ་བར་འགྱུར། །བཞིན་ཡང་དམར་པོར་གདའ་བར་འགྱུར། །བསྐུམས་ནས་ས་ལ་ཉལ་བར་འགྱུར། ཁ་དོག་ངན་ཞིང་ལུས་ཀྱང་སྐེམ། །སྐྲ་དང་སེན་མོ་རིང་བ་སྟེ། །དྲི་མ་ཅན་ལ་དྲི་མི་བདའ། །རྫུན་དང་ཀྱལ་ཀ་སྨྲ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཀླུ་དང་འདབ་བཟང་གདོན་གྱིས་ནི། །སྐྱིག་བུས་འདེབས་ཤིང་དབུགས་ཀྱང་འབྱིན། །དེ་བཞིན་དབུགས་ཀྱང་གྲང་བར་འགྱུར། །རྔུལ་ཞིང་དབུ་བ་ཁ་ཆུ་འབྱུང་། །ཕྱི་ཕྱིར་གཉིད་ཀྱང་ལོག་པར་འགྱུར། ཁ་དོག་ལྡན་ཞིང་དཔའ་བ་སྟེ། །དེ་བཞིན་འདར་ཞིང་རྒྱུག་པར་འགྱུར། །སེན་མོ་དག་ཀྱང་སྟོན་པར་བགྱིད། །དོག་སར་མཆིས་ཤིང་ངུ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །གནོད་སྦྱིན་གདོན་གྱིས་བཏབ་པ་ན། །ཕྱི་ཕྱིར་རྒོད་ཅིང་འཇིགས་པར་འགྱུར། །སྨྲ་བར་བགྱིད་ཅིང་ཁྲོ་བར་འགྱུར། །དེ་ནི་གཉིད་ཀྱང་ལོག་པར་འགྱུར། །ཡང་ན་ཤིན་ཏུ་བྲོ་འཚལ་འགྱུར། །རྟག་ཏུ་གྱེན་དུ་བལྟ་བར་འགྱུར། །སྐར་མ་དག་ལ་སྙེག་པར་བགྱིད། །ནུབ་མོ་ཤིན་ཏུ་དགའ་བར་འགྱུར། །རྟག་ཏུ་འདར་ཞིང་སྒྲ་འབྱིན་ཏེ། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །གདོན་རིགས་ཁྱེད་རྣམས་འཕྱན་བགྱིད་ཅིང་། །ཕྱོགས་བཅུ་དག་ཏུ་འཇིགས་པ་སྐྱེད། །བུད་མེད་དག་དང་སྐྱེས་པ་དང་། །དེ་བཞིན་ཁྱེའུ་དང་བུ་མོ་དང་། །མངལ་ན་གནས་པའང་འཇིགས་པར་བགྱིད། །དུད་འགྲོའི་སྐྱེ་གནས་གཏོགས་ལའང་འཚེ། །སྐར་མ་དག་དང་ཉི་ཟླ་དང་། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་འདྲའི་གནོད་མ་བྱེད། །ལོ་ཏོག་ས་བོན་འབྲས་བུ་དང་། །མེ་ཏོག་སྨན་དང་ཟས་སྐོམ་དང་། །མི་རྣམས་ཀྱི་ནི་དཔལ་འཕྲོག་ཅིང་། །མཐོན་པོ་རྣམས་ཀྱང་དམའ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ཁྱེར་ལ། །ཕྱིན་ཆད་དབང་ཐང་མ་ཕྲོགས་ཤིག །འཇིག་རྟེན་དག་ན་ནོངས་པ་རྣམས། །དམག་དང་འཐབ་མོ་ཤ་གཉེར་དང་། །ཚིག་གམ་ཞིག་གམ་གསད་ཕྱེ་བ། །དེ་ཀུན་འབྱུང་པོའི་རྣམ་པར་གྱུར། །སྦེད་ཅིང་སྟོན་པར་བགྱིད་པ་དང་། །ཟློག་པར་བགྱིད་ཅིང་དགོད་པར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་སེམས་མ་དཀྲུགས། །འཇིགས་པར་བགྱིད་ཅིང་བལྟ་བར་བགྱིད། །དགྲར་འགྱུར་བ་ཡང་སྟོན་པར་བགྱིད། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །སྒོ་ནས་སེ་གོལ་སྒྲ་ཕྱུང་ཞིང་། །མི་སྙན་བརྗོད་དེ་ཟ་བར་བགྱིད། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། །གདའ་ཞིང་བཀའ་མཆིད་སྨྲ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་མ་འཚེ་ཞིག །བུ་མོ་སྡུག་གུའི་གཟུགས་དག་ཏུ། །འདོད་ལ་སྤྱོད་པ་དགའ་བར་བགྱིད། །ཉི་མ་སྐར་མའི་གཟུགས་དང་ནི། །ཟླ་བའི་གཟུགས་སུ་གདའ་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་དེ་ལྟར་ཡིད་མ་ཕྲོགས། །རླུང་དང་སྐར་མདའ་ལྕེ་གཟུགས་སུ། །ཚེ་ལ་གནོད་པར་དེ་དག་གདའ། །སྐར་མདའི་ཚོགས་དང་འདྲ་བ་དག །འཇིགས་པར་བགྱིད་པ་ཝ་དང་ཁྱིར། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། །མཆོད་རྟེན་དག་གི་གནས་ན་གདའ། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་གནས་འདིར་མ་ཚོགས་ཤིག །སྐྱེས་པ་གཞོན་ནུའི་གཟུགས་མཛེས་པས། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །གནས་རྣམས་དང་ནི་བཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །དེ་ལྟར་ཆོ་འཕྲུལ་མ་སྟོན་ཅིག །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གདོན་ཆེན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་བླངས་བགྱིས་ཤིང་། །ལམ་ངན་ཀུན་ཏུ་བསྐོར་བར་བགྱིད། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཕྱིན་ཆད་འཁུ་ལྡོག་མ་བྱེད་ཅིག །རྣམ་པ་སྣ་ཚོགས་གཟུགས་དག་དང་། །རྣམ་པ་སྣ་ཚོགས་སྒྲ་རྣམས་དང་། །རྣམ་པ་སྣ་ཚོགས་ནད་རྣམ་ཀྱིས། །ལུས་ལ་ན་བ་གནས་པར་སྟོན། །ནད་རྣམས་ཀུན་གྱི་མཚན་ཉིད་ཀྱང་། །ཕྱིན་ཅི་ལོག་ཏུ་སྟོན་པར་བྱེད། །ཇི་སྙེད་འཇིག་རྟེན་རང་བཞིན་དག །ཐམས་ཅད་ལོག་པར་དེ་དག་སྟོན། །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །ཐམས་ཅད་ལོག་པར་མ་སྦྱོར་ཅིག །བདག་གི་དེ་རིང་ཁྱོད་མཆོད་ཀྱིས། ཁྱེད་ཅག་མགུ་ཞིང་ཚིམས་པར་གྱིས། །ལན་ཆགས་གླུད་གཏོར་བྱིན་ནས་ཀྱང༔ བསྒོ་བའི་བཀའ་ལ་མི་ཉན་ན༔ དབང་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ རྟ་སྐད་འཚེར་ཞིང་མཚོན་ཆས་གཏུབས༔ རྡོ་རྗེ་འཛིན་ཡང་འཇིགས་ནུས་ན༔ བགེགས་ཚོགས་རྣམས་ལ་སྨྲོས་ཅི་དགོས༔ ལུས་ངག་ཐལ་བར་བརླགས་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ ལེགས་པར་གསུངས་པ་འདི་ཐོས་ནས། །གལ་སྟེ་མྱུར་དུ་མི་གཏོང་ན། །ཐམས་ཅད་འབར་བར་འགྱུར་བ་ནི། །མར་དང་ཡུངས་དཀར་མེར་བླུགས་བཞིན། །གནོད་སྦྱིན་ཆད་པས་སྡིགས་ནས་སུ། །དགེ་ཞིང་བདེ་བ་མི་རྙེད་དེ། །དེ་ཡི་རྩིབ་ལོགས་གཡས་པར་ནི། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གཞར་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་གྲགས་དང་ལྡན་པ་ཡི། ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ། །འབྱུང་པོ་མང་པོ་ཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །གནོད་སྦྱིན་དག་གི་དཀྱིལ་འཁོར་དུ། །ཟས་སྐོམ་དང་ཡང་བྲལ་བར་འགྱུར། །སྟོང་ཆེན་རབ་འབྱམས་མདོ་སྡེ་ལ། །གནོད་སྦྱིན་གང་དག་མི་ཕྱོགས་པ། །དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །སྤྱི་བོ་དག་ནི་འགེམས་པར་འགྱུར། །སྤུ་གྲི་སོ་ནི་རྩུབ་མོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་འགྱུར། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་གཤོག་པར་བྱེད། །ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས། །དེ་ཡི་སྙིང་ཡང་འཇོམས་པར་བྱེད། །རྣག་དང་ཁྲག་ནི་དྲོན་མོ་དག །དེ་ཡི་ཁ་ནས་འཛག་པར་འགྱུར། །རིགས་སྔགས་ཞགས་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བ་ན། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོར་བར་འགྱུར། །དེ་བས་མ་རུངས་གདུག་པའི་ཚོགས༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ དེ་ནས་གླུད་མདོས་ཁ་ཕྱིར་སྒྱུར། །མདུན་དུ་དཀར་གཏོར་ཆུ་གཙང་བྲན། །བྷྲཱུྃ་ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །ཡུལ་འདིའི་ཆུ་བོ་ཆུ་མདོ་ལ་གནས་པའི། །ཀླུ་ཆེན་ཀླུ་བདུད་ཀླུ་བཙན་མཚོ་སྨན་དང་། །ཀླུ་བྲན་ཀླུ་ཐེལ་ཀླུ་གཉན་སྡ་མ་རྣམས། །མཆོད་སྦྱིན་དཀར་གསུམ་གཏོར་མ་འདི་བཞེས་ལ། །གླུད་མདོས་ཆུ་ལ་བོར་ལ་ཕྲག་མ་དོག །ང་ཡིས་མ་ཉེས་ཀུན་ཏུ་བཟང་པོ་དང་། །ཨོ་རྒྱན་ཆེན་པོའི་བཀའ་ཡིན་བཟོད་པར་བཞེས། །ཨོཾ་སརྦ་ནཱ་ག་ནཱ་གི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། གཅིག་གིས་སྔོན་དུ་དཀར་གཏོར་ཁྱེར། །དེ་རྗེས་གླུད་གཏོར་དེ་ཁྱེར་ལ། །ཆུ་ཆེན་དག་གི་རྩར་སོང་ལ། །དང་པོ་དཀར་གཏོར་ཆུ་ལ་འཕང་། །དེ་ནས་གླུད་མདོས་ཆུ་ལ་འཕང་། །སྣོད་བཤལ་ནས་ཕྱི་མིག་མི་བལྟ་བར་སླར་ལོག་ཅེས་བསྒོ་འོ། །ཡོད་ན་ཐུན་རྫས་སམ་ཡུངས་དཀར། མེད་ན་ནས་ལྕག་བྲབ་ཅིང་། ཡོད་ན་གུ་གུལ་བདུག །སུམྦྷ་ནིའི་མཇུག་ཏུ། ཚེ་དང་སྲོག་ལ་བར་དུ་གཅོད་པའི་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ལན་གསུམ་མམ་བདུན་དྲག་ཏུ་བརྗོད། རྔ་རོལ་མོ་དབྱངས་དང་བཅས། ཧཱུྃ༔ ང་ནི་འབར་བ་དབང་གི་སྐུ༔ ཞེས་པ་ནས་རཾ་ཧཱུྃ་ཕཊ༔ ཅེས་པའི་བར་བརྗོད་དོ། རྔ་འུར་རྡུང་དང་སྔགས་དེ་ལན་མང་བརྗོད་ཚེ་སྲུང་འཁོར་བསྒོམ་མོ།། ༈ །།དེ་ནས་གྭ་འུའི་མཆོད་གཏོར་བྲན་ལ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རིན་ཆེན་གཞལ་ཡས་ཁང་། །པད་མ་ཟླ་སྟེང་ལྔ་ཚོམ་དབུས་མའི་སྟེང་། །ཨེ་ལས་ནམ་མཁའི་ལྷ་མོ་དབྱིངས་ཕྱུག་སྔོ། །ཕྱག་གཡས་ཆོས་འབྱུང་ཨེ་ཡིས་མཚན་པ་འཛིན། །ཤར་དུ་བཾ་ལས་ཆུ་ཡི་ལྷ་མོ་ནི། །མཱ་ཀཱི་དཀར་མོ་ཕྱག་ན་ཆུ་བུམ་ཐོགས། །ལྷོ་རུ་ལཾ་ལས་ས་ཡི་ལྷ་མོ་ནི། །སྤྱན་མ་སེར་མོ་གསེར་གྱི་བུམ་པ་ཐོགས། །ནུབ་ཏུ་རཾ་ལས་མེ་ཡི་ལྷ་མོ་ནི། །གོས་དཀར་དམར་མོ་སྒྲོན་ཤིང་མེ་འབར་ཐོགས། །བྱང་དུ་ཡཾ་ལས་རླུང་གི་ལྷ་མོ་ནི། །སྒྲོལ་མ་ལྗང་གུ་རླུང་གི་བ་དན་ཕྱར། །ཀུན་ཀྱང་སྒེག་འཛུམ་དར་དང་རཏྣས་བརྒྱན། །རང་རང་མདོག་མཚུངས་འོད་ཕུང་དབུས་ན་བཞུགས། །བར་ཁྱམས་འཁོར་ཡུག་འདོད་ཡོན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། །ལྷ་ལྔའི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །རང་རང་ཐུགས་ཀའི་ས་བོན་འོད་ཟེར་གྱིས། །རང་འདྲ་དཔག་མེད་སྤྱན་དྲངས་དབྱེར་མེད་བསྟིམ། །ཧཱུྃ། འོག་མིན་དག་པའི་ཞིང་མཆོག་ལྔ་པོ་ནས། །རིགས་ཀྱི་ཡུམ་ཆེན་ལྔ་པོ་གཤེགས་སུ་གསོལ། །མཁའ་སྤྱོད་ཨོ་རྒྱན་གནས་ཡུལ་དུར་ཁྲོད་ནས། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ། །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །འབྱུང་བའི་ལྷ་མོ་ལྔ་པོ་གཤེགས་སུ་གསོལ། །སོ་སོའི་ཙཀྲ་འདི་ལ་བརྟན་པར་བཞུགས། །ཨེ་བཾ་ལཾ་རཾ་ཡཾ་བཛྲ་ས་མཱ་ཛཿ ཏིཥྛ་ལྷན། དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །སོ་སོའི་བདག་པོ་རིགས་ལྔས་དབུར་བརྒྱན་གྱུར། །ཡུམ་ཆེན་ལྔ་དང་ཡེ་ཤེས་ལྷ་མོ་ལྔ། །དབྱེར་མེད་འབྱུང་བའི་ལྷ་མོ་ལྔ་པོ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །སྔར་བྱས་སྡིག་པ་ཐམས་ཅད་མཐོལ་ཞིང་བཤགས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འབུལ། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འབུལ། །བྷྲཱུྃཿལས་རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །གཏོར་མ་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཧ་ཧོ་ཧྲཱིཿདང་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ཏེ། །འབྱུང་བའི་ལྷ་མོ་ལྔ་ལ་འབུལ་གྱིས་བཞེས། །ཨེ་ག་ག་ན་དེ་བཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། བཾ་པ་ནི་དེ་བཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལཾ་བྷཱུ་མི་དེ་བཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། རཾ་ཨགྣེ་དེ་བཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཡཾ་བ་ཡ་བྷེ་དེ་བཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་འབྱུང་བའི་ལྷ་མོ་ལྔ་ལ་འབུལ་ལོ། །མཉེས་ཤིང་ཚིམས་ནས་ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་བསྡུས་ནས། ནང་གི་ཤ་ཁྲག་དྲོད་དབུགས་སེམས་ལ་བསྟིམ་དུ་གསོལ། འབྱུང་བ་མི་འཁྲུག་ཅིང་ནད་མེད་པ་དང་ཚེ་རིང་བར་མཛད་དུ་གསོལ། ཧཱུྃ། དག་པའི་ཞིང་དུ་ཡུམ་ཆེན་ལྔ། །མཁའ་སྤྱོད་གནས་སུ་མཁའ་འགྲོ་ལྔ། །འཇིག་རྟེན་ཁམས་སུ་འབྱུང་བ་ལྔ། །འཁོར་འདས་ཐམས་ཅད་སྐྱེད་པའི་ཡུམ། །འབྱུང་བའི་ལྷ་མོ་ལྔ་པོ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་རྒྱུད་ཚིག་མཆོད་བསྟོད་ནི། ཧཱུྃ། འབྱུང་བ་སྐྱེད་པའི་ལྷ་མོ་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །འབྱུང་བ་ཕྱི་ནང་འཁྲུགས་པ་རྣམས། །ཆོ་ག་འདི་ཡིས་མཐུན་པར་ཤོག །དམིགས་པའི་མི་འདི་ད་བསླུ་འོ། །ནད་གདོན་སྡིག་སྒྲིབ་རྣམ་རྟོག་རྣམས། །ད་ལྟ་ཉིད་དུ་བྱང་ནས་ཀྱང་། །འཆི་བའི་རྐྱེན་རྣམས་ཟློག་ཏུ་གསོལ། །འདོད་ཡོན་མཆོད་པ་རྣམ་པ་ལྔ། །འབྱུང་བ་སྐྱེད་པའི་ལྷ་ལ་འབུལ། །མཆོད་གཏོར་བཞེས་ལ་དགྱེས་པར་རོལ། །སརྦ་པཱུ་ཛ་ཧོ། ལྷ་མོ་ལྔ་པོའི་ཐུགས་ཀ་རུ། །རང་རང་ས་བོན་རང་མདོག་མཐར། །རང་རང་སྔགས་ཕྲེང་གཡོན་དུ་འཁོར། །ནམ་མཁའི་ལྷ་མོའི་ཐུགས་ཀ་ནས། །འོད་ཟེར་མཐིང་གས་ནམ་མཁའ་ཁྱབ། །ནམ་མཁའི་བཅུད་ཀུན་བསྡུས་ནས་ཀྱང་། །བསྲུང་བྱའི་སེམས་དང་ཙཀྲར་ཐིམ། །ཨེ་མཱུཾ་དྷཱ་ཏྭཱི་ཤྭ་རཱི་སཏྭཾ། ཨ་བུདྡྷ་ཌཱ་ཀི་ནཱི་ཧཱུྃ། ཨེ་ག་ག་ན་དེ་བཱི་ཧཱུྃ་ཛཿ ཞེས་དང་ཨེ་ཞེས་ལོ་གྲངས་བརྗོད། ཆུ་ཡི་ལྷ་མོའི་འོད་ཟེར་གྱིས། །ཆུ་བཅུད་ཐམས་ཅད་འོད་དཀར་པོར། །བསྡུས་ནས་བསྲུང་བྱའི་ཁྲག་དང་ནི། །ཆུ་ཡི་ཙཀྲར་ཐིམ་པར་གྱུར། །བཾ་མཱཾ་མོ་ཧ་ར་ཏྭཱི་སཏྭཾ། ཧ་བཛྲ་ཌཱ་ཀི་ནཱི་ཧཱུྃ། བཾ་པ་ནི་དེ་བཱི་ཧཱུྃ་ཛཿ བཾ། ཆུ་ཡི་ས་བོན་ལོ་གྲངས་བརྗོད། ས་ཡི་ལྷ་མོའི་འོད་ཟེར་གྱིས། །ས་བཅུད་གསེར་མདོག་འོད་དུ་བསྡུས། །ཤ་དང་ས་ཡི་ཙཀྲར་ཐིམ། །ལཾ་ལཱཾ་དེ་ཥ་ར་ཏྭཱི་སཏྭཾ། རི་རཏྣ་ཌཱ་ཀི་ནཱི་ཧཱུྃ། ལཾ་བྷཱུ་མི་དེ་བཱི་ཧཱུྃ་ཛཿ ལཾ། ས་ཡི་ས་བོན་ལོ་གྲངས་བརྗོད། མེ་ཡི་ལྷ་མོའི་འོད་ཟེར་གྱིས། །མེ་ཡི་བཅུད་ཀུན་འོད་དམར་པོར། །བསྡུས་ནས་བསྲུང་བྱའི་དྲོད་དང་ནི། །མེ་ཡི་ཙཀྲར་ཐིམ་པར་གྱུར། །རཾ་པཱཾ་རཱ་ག་ར་ཏྭཱི་སཏྭཾ། ནི་པདྨ་ཌཱ་ཀི་ནཱི་ཧཱུྃ། རཾ་ཨགྣེ་དེ་བཱི་ཧཱུྃ་ཛཿ རཾ་ཞེས་བསྲུང་བྱའི་ལོ་གྲངས་བརྗོད། རླུང་གི་ལྷ་མོའི་ཐུགས་ཀ་ནས། །འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །རླུང་གི་བཅུད་ཀུན་འོད་ལྗང་གུར། །བསྡུས་ནས་བསྲུང་བྱའི་དབུགས་དང་ནི། །རླུང་གི་ཙཀྲར་སིབ་སིབ་ཐིམ། །ཡཾ་ཏཱཾ་བཛྲ་ར་ཏྭཱི་སཏྭཾ། ས་ཀརྨ་ཌཱ་ཀི་ནཱི་ཧཱུྃ། ཡཾ་བ་ཡ་བྷེ་དེ་བཱི་ཧཱུྃ་ཛཿ དེ་ནས་ཡཾ་ཞེས་ལོ་གྲངས་བརྗོད། ༈ དེ་ནས་གསང་འདུས་ལས་བྱང་གི །ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཅེས་སོགས་གཙོ་བོའི་བསྟོད་པ་བསྐུལ་རྗེས། །ཚེ་དཔག་བསྙེན་པ་ཕྲེང་སྐོར་དང་། །ཧཱུྃ་བྷྲཱུྃ་མ་སོགས་སྔགས་ཚན་ལྔ། །ལོ་གྲངས་ཙམ་རེ་བརྗོད་པའི་རྗེས། །མདའ་དར་ཐོགས་ལ་ཚེ་འགུགས་ནི། །ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ནས། ཛྙཱ་ན་ཛ་ཛ༔བར་དུ་བརྗོད། །དབུས་ཀྱི་གྭ་འུ་ལག་ཏུ་ཐོགས། །ཧཱུྃ༔ ནམ་མཁའི་དབྱིངས་ནས་ཚེ་འགུགས་མ༔ ཞེས་སོགས་མཇུག་ཏུ་ཨེ་ལོ་གྲངས། །བསྲུང་བྱའི་སྙིང་ཁར་གཏུག་པ་དང་། །མཇུག་ཏུ་སྔགས་འདི་བརྗོད་པར་བྱ། །ཨེ་ཨ་བྷི་ཥིཉྩ་ཨ་དྷིཥྛཱ་ན་ཧཱུྃ་སྭཱ་ཧཱཿ ཤར་གྱི་གྭ་འུ་ལག་ཏུ་ཐོགས། །ཧཱུྃ༔ ཤར་གྱི་ཕྱོགས་ནས་ཞེས་སོགས་མཐར། ཁ་ལ་གཏུག་ཅིང་བཾ་ལོ་གྲངས། །བཾ་ཨ་བྷི་ཥིཉྩ་ཨ་དྷིཥྛཱ་ན་ཧཱུྃ་སྭཱ་ཧཱཿ ལྷོ་ཡི་གྭ་འུ་ལག་ཏུ་ཐོགས། །ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཞེས་སོགས་མཐར། །ལྕེ་ལ་གཏུག་ཅིང་ལཾ་ལོ་གྲངས། །ལཾ་ཨ་བྷི་ཥིཉྩ་ཨ་དྷིཥྛཱ་ན་ཧཱུྃ་སྭཱ་ཧཱཿ ནུབ་ཀྱི་གྭ་འུ་ལག་ཏུ་ཐོགས། །ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཞེས་སོགས་མཐར། །མིག་ལ་གཏུག་ཅིང་རཾ་ལོ་གྲངས། །རཾ་ཨ་བྷི་ཥིཉྩ་ཨ་དྷིཥྛཱ་ན་ཧཱུྃ་སྭཱ་ཧཱཿ བྱང་གི་གྭ་འུ་ལག་ཏུ་ཐོགས། །ཧཱུྃ༔ བྱང་གི་ཕྱོགས་ནས་ཞེས་སོགས་མཇུག །རྣ་བར་གཏུག་ཅིང་ཡཾ་ལོ་གྲངས། །ཡཾ་ཨ་བྷི་ཥིཉྩ་ཨ་དྷིཥྛཱ་ན་ཧཱུྃ་སྭཱ་ཧཱཿ ཞེས་དང་། ཏྲ་ཏྲ་ཤག་སོགས་བརྒྱ་རྩ་བརྗོད། །སྙིང་པོ་བརྟན་པ་མི་ནུབ་སྟེ༔ སོགས་དང་། ཧཱུྃ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སོགས་ཀྱིས་བསྐུལ། གཏོར་དབང་བསྐུར་ན་སྐབས་འདིར་བྱ། །མ་བསྐུར་ན་ཡང་འགལ་བ་མེད། །དེ་ནས་གྭ་འུ་འམ་འཁོར་ལོ་ལྔ། །བསྲུང་བྱའི་སྙིང་ཁར་བཟུང་བཅུག་ལ། །མེ་ཏོག་འཐོར་ཞིང་འདི་ཉིད་གྱེར། །ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སོགས། དེ་ནས་ཚེ་ཆང་ཡོད་ན་དྲངས། །རྡོ་རྗེ་དང་བཅས་མདའ་དར་གཡབ། །ཨོཾ༔ སྐུ་ཡི་སྐུ་སྟེ་ལ་སོགས་བརྗོད། མདའ་དར་ཚེ་གཏོར་ལག་ཏུ་གཏད། །ཨོཾ༔ འགྲུབ་པར་གྱུར་ཅིག་ལ་སོགས་ཚིག །ལན་གསུམ་བར་དུ་རྗེས་ཟློས་བྱ། །འཁོར་ལོ་མགུལ་དུ་བཏགས་ན་བཟང་། །རྟག་ཏུ་ས་གཅིག་འདུག་ན་ནི། །གྭ་འུ་དང་བཅས་སྔས་ཞབས་སམ། །རྒྱབ་ཡོལ་གྲིབ་ཏུ་བཞག་པས་འཐུས། །འཆི་བསླུ་ལན་གསུམ་བྱེད་པ་འམ། །ལོ་དུས་འཆི་བསླུ་བྱེད་པ་ལ། །འཁོར་ལོ་དེ་གས་ཆོག་པ་ཝིག །འཆི་བསླུའི་གྲོང་ཆོག་བྱེད་པ་ན། །འཁོར་ལོའི་ཙཀླི་བྲིས་ཏེ་ཁྱེར། །འཆི་བསླུ་ལན་གཅིག་བྱས་པས་ཀྱང་། །ལོ་གསུམ་འཆི་བ་བཟློག་པར་གསུངས། །འཆི་བསླུ་ལན་གསུམ་བྱས་པ་ན། །དུས་མ་ཡིན་པའི་འཆི་བ་ནི། །མི་བཟློག་མི་སྲིད་ཨུ་རྒྱན་གསུངས། །ནད་པ་མིན་ཡང་ཁག་ཆེ་ལ། ལོ་རེར་ལན་རེ་བྱས་པ་ན། །སྐུ་རིམ་དེ་ལས་ཟབ་པ་ནི། །ཡོད་རེ་ན་ར་ཀན་ཞེས་གསུངས། །ཀློང་གསལ་སྙིང་ཐིག་ཞི་ཁྲོ་དང་། །ཡང་ཏིག་ཚེ་རྒྱུད་རྡོར་ཕྲེང་དང་། །གཏེར་ཁ་དུ་མ་ནས་གསུངས་པའི། །འཆི་བསླུ་ཀུན་གྱི་དོན་བསྡུས་ཏེ། །དོན་གསལ་ལག་ཏུ་བླང་བདེར་བཀོད། །ཉེས་འགལ་ཚེ་ཡི་ལྷ་ལ་བཤགས། །དགེ་བས་བསྟན་འཛིན་སྐྱེས་བུ་དང་། །ཆོས་སྤྱོད་ཆོས་སྒོར་ཞུགས་རྣམས་ཀྱི། །དུས་མིན་འཆི་བའི་རྐྱེན་ཟློག་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །དེ་སྐད་རཱ་ག་ཨ་སྱ་ཡིས། །ལྕགས་མོ་ཁྱི་ལོ་ནག་ཟླ་ཡི། །དམར་ཕྱོགས་ཐུན་མཚམས་འགའ་ལ་བསྒྲིགས། །བརྩོན་འགྲུས་ཞེས་བྱས་བརྩོན་པར་བྲིས། །མངྒ་ལཾ། །དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ སྒབ་འདྲེ་མནན་ཐབས་གདུག་པ་ཐར་མེད་ལས་ཀྱི་བཙོན་ཁང་སྤྱི་ལ་གཅེས་པའི་གནད་ཡིག་ (Volume 40, Text 41)
ྈ གཏུམ་པོ་དྲེགས་པ་ཀུན་འདུལ་ལས༔ སྒབ་འདྲེ་མནན་ཐབས་གདུག་པ་ཐར་མེད་ལས་ཀྱི་བཙོན་ཁང་སྤྱི་ལ་གཅེས་པའི་གནད་ཡིག་བཞུགས་སོ༔ ྈྈྈྈྈྈྈྈྈ ཐུགས་གསང་འདུས་པའི་ལྷ་ལ་ཕྱག་འཚལ་ལོ༔ གསང་བདག་དྲེགས་འདུལ་ཆོས་སྐྱོང་བཅས་པ་ཀུན༔ སྒྲུབ་ལ་བར་ཆད་སྒབ་འདྲེ་མནན་པའི་ཐབས༔ གདུག་པ་ཐར་མེད་ལས་ཀྱི་བཙོན་ཁང་བསྟན༔ འདི་ལ་འབད་དགོས་གནད་ཡིག་གཅིག་པུ་འོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དེ་ཡང་ཡེ་ཤེས་དང་ལས་ལ་གྲུབ་པ་གང་སྒྲུབ་ཀྱང་སྒབ་འདྲེ་མནན་པ་གནད་ཆེ་སྟེ༔ མ་མནན་ན་སྒྲུབ་པ་བྱེད་པའི་ལྷ་གང་ཡིན་དུ་བརྫུ་ཞིང་ལོག་པར་སྟོན་པ་དང༔ སྒྲུབ་ཀྱང་རྟགས་དང་ནུས་པ་མེད་པར་བྱེད་ཅིང༔ ལྷ་མ་འགྲུབ་གོང་དུ་བར་ཆད་ཀྱི་བདུད་བྱེད་པ་ཡིན་ནོ༔ དེ་ཡི་ཕྱིར་ན་མནན་པ་བྱ་དགོས་པས༔ སྤྱི་འགྲོ་འདི་ལ་འབད་པ་གཅེས་སོ༔ དེ་ཡང་དང་པོ་གསང་བདག་དྲེགས་འདུལ་སོགས་ཡི་དམ་གྱི་མཆོད་གཏོར་བཤམ༔ ལས་བྱང་ཚོགས་སྐོང་བཏང་ཞིང་བསྙེན་པ་གང་འགྲུབ་བཟླ༔ དེ་ནས་དུག་ཤོག་སྟེང་དུ་ལིངྒ་དབང་པོ་ཚང་བ་རྐང་ལག་ལྕགས་སྒྲོག་ཏུ་བཅུག་པ་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་ནས་མིག་གཉིས་ལ་ལོང་ཞེས་དང༔ རྣ་བར་འོན༔ མགོ་ལ་ནན༔ དཔུང་པ་གཉིས་ལ་ཆག༔ རྐང་པ་གཉིས་ལ་ཞ༔ འདོམས་བར་དུ་ཕཊ་ཅེས་བྲི་འོ༔ དེ་ཡི་སྙིང་གར་ཏྲི་དུ་ཛ་ཞེས་པའི་མཐར་སྒྲུབ་པ་ལ་བར་ཆད་བྱེད་པའི་དམ་སྲི་ལས་ངན་ཐམས་ཅད་ཨཾ་ཀུ་ཤ་ཛཿཛཿཅེས་པས་བསྐོར༔ གཟུགས་ཀྱི་ཕྱི་རོལ་དུ་སྤྱི་བོ་ནས་གཟུང་སྔགས་འདི་གཡས་སྐོར་དུ་ཚར་གཅིག་གཡོན་སྐོར་དུ་གཅིག་བྲིའོ༔ ཨོཾ་ཏྲི་ཛ་དུ་ཛ་ནན་ཛ་ལྷ་མིན་ལྷ་རུ་བརྫུ་ཞིང་སྒྲུབ་ལ་བར་ཆད་བྱེད་པ་ཐམས་ཅད་མཱ་ར་ཡ་ཛ༔ མཱ་ར་ཡ་ནན༔ མཱ་ར་ཡ་ཆིངས༔ ལུས་སཏྭཾ་བྷ་ཡ་ནན་ཨ་ཝ་ར་ཎ་ཨ་ཝ་ར་ཎ་བྷནྡྷ་བྷནྡྷ་ངག་སཏྭཾ་བྷ་ཡ་ནན་ཨ་ཝ་ར་ཎ་ཨ་ཝ་ར་ཎ་བྷནྡྷ་བྷནྡྷ་ཡིད་སཏྭཾ་བྷ་ཡ་ནན་ནན༔ ཨ་ཝ་ར་ཎ་ཨ་ཝ་ར་ཎ་བྷནྡྷ་བྷནྡྷ༔ ཨོཾ་ནིག་ནལ་ནིག་ནལ་དོ་ཤ་ཡ་དོ་ཤ་ཡ༔ ཁ་འདར་འདར༔ སྙིང་འདར་འདར༔ བླ་སྲོག་འདར་འདར༔ གནོད་བྱེད་དམ་སྲི་འབྱུང་པོ་སྒབ་འདྲེ་ཐམས་ཅད་ཏྲིག་ནན་མཱ་ར་ཡ་བྷནྡྷ་བྷནྡྷ་ཙཀྵཱུ༔ ཨ་ཝ་ར་ཎ་བྷནྡྷ་ཛི་ཧ་ཨིནྟ་དྷ་བེ་བ་དྷ་ན་བྷནྡྷ་ཙིཏྟ་པྲ་མོ་ཧ་ནཱ་ཤ་ཡ་བྷནྡྷ་གོ་ཏྲ་མ་ཨ་ཙ་ལེ་བྷནྡྷ་ཨ་ཡ་གྷ་ན་པཱ་ཤ་སྥོ་ཊ་ཊུ་་བྷནྡྷ་མཱ་ར་ཡ་ཧུར་ཐུམས་སཏྭཾ་བྷ་ཡ་ནན༔ རྨོངས་རྨོངས་མགོ་བོ་རྨོངས་པར་གྱུར་ཅིག༔ ཐིབས་ཐིབས་མིག་འགྲིབ་པར་གྱུར་ཅིག༔ ཆིངས་ཆིངས་སྨྲ་བ་མེད་པར་གྱུར་ཅིག༔ མྱོས་མྱོས་ཡིད་མྱོས་པར་གྱུར་ཅིག༔ སྡོམས་སྡོམས་ཡན་ལག་མི་སྐྱོད་པར་གྱུར་ཅིག༔ གཤོག་པ་ཅན་གྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ མཆེ་བ་ཅན་གྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ སྡེར་མོ་ཅན་གྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ གཟུགས་རྣམ་པ་སྣ་ཚོགས་ཀྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ ལག་གཅིག་ནས་དགུའི་བར་གྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ མགོ་བོ་གཅིག་ནས་དགུའི་བར་གྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ ཁ་དོག་དཀར་པོ་ནས་ལྗང་ནག་བར་གྱི་སྒབ་འདྲེ་མཱ་ར་ཡ་ཛཿམཱ་ར་ཡ་ཆིངས༔ སྒབ་འདྲེ་ཕོ་མོ་གནོད་པར་སེམས་པ་དང༔ སྒྲུབ་པ་ལ་བར་ཆད་བྱེད་པའི་ལྷ་མིན་ལྷ་རུ་བརྫུ་བ་ཐམས་ཅད་ཨནྟ་དྷ་ན་བྱཱ་བ་དྷ་ན་ཨ་སིདྷ་ཏི་རོ་དྷ་ན་སི་དྷ་ན་ཨ་པ་ཀཱ་རི་ནཾ་སིདྷ་ནཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏྲི་བྷནྡྷ་བྷནྡྷ་མོ་ཧ་ཡ་མོ་ཧ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ་ཤ་ཏྲཱུཾ་གོ་ཏྲཾ་ཙིཏྟ་ཨ་ཡ་ག་ན་ལོ་ཙཱ་བ་ཀྲེ་ནཱ་སཱ་ཛི་ཧོ་ཀརྞ་ཀུ་ལི་སཱ་ད་སརྦ་སྥོ་ཊ་ཡ་སྥོ་ཊ་ཡ་པྲ་མ་ད་ན་པྲ་མ་ད་ན་སཏྭཾ་བྷ་ཡ་ནན་ནན༔ ཞེས་བྲིའོ༔ དེའི་མཐར་ཆུ་རིས་ཀྱིས་བསྐོར༔ དེ་ཉིད་ཤི་ལྟེབ་བྱས་ནས་ར་ཡི་རྭ་གཡོན་པའི་ནང་དུ་བྲུབ་ཁ་ཕུང་རེ་ནག་པོས་དམ་དུ་བསྡམ༔ རང་མདུན་སླ་ང་ནང་དུ་བཞག༔ དེ་ནས་ཤིང་བྱང་ངམ་རྡོ་བ་ལེབ་མོ་ཤིན་ཏུ་ཆེ་བའི་སྟེང་དུ༔ འཁོར་ལོ་མུ་ཁྱུད་དགུ་བསྐོར་བའི་ལྟེ་བར་མཆོད་རྟེན་ནག་པོ་བཞི་ཞབས་སྤྲོད་བྲི་ཞིང་དཀྱིལ་དུ་གནོད་བྱེད་དམ་སྲི་སྒབ་འདྲེ་སཏྭཾ་བྷ་ཡ་ནན༔ གནོད་བྱེད་ཕོ་མོ་མཱ་ར་ཡ་ཆིངས་ཆིངས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་ཏྲི་ཛ་དུ་ཛ་ནས་གཟུང་ཧུར་ཐུམས་སཏྭཾ་བྷ་ཡ་ནན་ནན༔ བར་བྲི༔ དེ་རྒྱབ་མུ་ཁྱུད་ལ་རྩིབས་བཅུ་གཉིས་བྱས་ལ་ཕག་གཟུགས་བཅུ་གཉིས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ རྨོངས་རྨོངས་ནས་གཟུང༔ མ་ད་ན་སཏྭཾ་བྷ་ཡ་ནན་ནན༔ བར་བྲི༔ དེ་རྒྱབ་རྩིབས་དགུ་བྱས་ལ་རྒྱ་གྲམ་དགུ་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ མཆོད་རྟེན་ནག་པོ་བཅུ་གཉིས་རྩེ་ཕྱིར་བསྟན་པ་བྲི༔ དེ་རྒྱབ་མུ་ཁྱུད་གཞུ་དབྱིབས་བ་དན་མཚན་པས་བསྐོར༔ དེ་རྒྱབ་མུ་ཁྱུད་གྲུ་གསུམ་པདྨས་མཚན་པས་བསྐོར༔ དེ་རྒྱབ་མུ་ཁྱུད་ལ་ཟླ་གམ་འཁོར་ལོས་མཚན་པས་བསྐོར༔ དེ་རྒྱབ་གྲུ་བཞི་ཐིག་ལེས་མཚན་པས་བསྐོར༔ དེ་ལ་ཕག་ཁྲག་གིས་བྱུགས་སྔགས་མགོ་ཕྱིར་བསྟན༔ དེ་ནས་མདུན་གྱི་ལིངྒ་ཁྲག་གིས་བྲན་ལ་རྔ་རོལ་དྲག་ཏུ་ལྡིར་ཞིང་འདི་སྐད་དོ༔ ཧཱུྃ༔ རང་མདུན་དྲག་པོའི་བཙོན་ཁང་འཇིགས་རུང་ནང༔ དམ་སྲི་ལས་ངན་སྒབ་འདྲེ་ཕོ་མོའི་ལུས༔ ཤིན་ཏུ་ཉམ་ཐག་རྐང་ལག་ལྕགས་སུ་བཅུག༔ སྨྲེ་ངག་འདོན་པའི་སྙིང་གར་ཏྲི་དུ་གསལ༔ ཧཱུྃ༔ རང་ཉིད་གཏུམ་པོ་འཁོར་བཅས་ཐུགས་ཀ་ནས༔ ལས་མཁན་རྣམ་བཞི་ཕྱོགས་ཀུན་ཁྱབ་པར་འཕྲོས༔ དམ་སྲི་ཕོ་མོ་བྱིའུ་ཁྲས་བདས་བཞིན༔ རང་དབང་མེད་པར་བཀུག་ནས་གཟུགས་ལ་ཐིམ༔ ཛཿཧཱུྃ་བཾ་ཧོཿཨ་མུ་ཀ་མཱ་ར་ཡ་ཛ་ཛ༔ ཧཱུྃ༔ གསང་བདག་ཡབ་ཡུམ་དུས་ལ་བབས༔ ࿈ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ མཐུ་དང་ནུས་པ་རྩལ་སྤྲུགས་ལ༔ སྤྲུལ་པའི་ཕོ་ཉ་ཀུན་བཀྱེ་ཞིང༔ འོད་ནག་ལྕགས་ཀྱུ་ལྟ་བུ་ཡིས༔ སྒྲུབ་ལ་བར་གཅོད་དམ་སྲི་གདུག༔ ཕྱོགས་མཚམས་སྟེང་འོག་གར་གནས་ཀྱང༔ རང་དབང་མེད་པར་འདིར་ཁུག་ཛ༔ གཟུགས་བྱང་འདི་ལ་མཆིས་པར་མཛོད༔ ཧཱུྃ༔ ཁྱུང་ཆེན་གསུམ་གྱི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས་གོང་བཞིན། མཆིས་པར་མཛོད༔བར་ཀུན་ལ་སྦྱར་རོ། །ཧཱུྃ༔ ཁྲག་འཐུང་སྡེ་བཞིའི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས། ཧཱུྃ༔ ཁྲག་འཐུང་ཡུམ་བཞིའི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས། ཧཱུྃ༔ ཁྲོ་བོ་བཅུ་ཡི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས། ཧཱུྃ༔ ཁྲོ་མོ་བཅུ་ཡི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས། ཧཱུྃ༔ མ་མོ་བརྒྱད་ཀྱི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས། ཧཱུྃ༔ ཕྲ་མེན་བརྒྱད་ཀྱི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་སོགས། ཧཱུྃ༔ སྒོ་མ་བཞི་ཡི་དུས་ལ་བབས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ མཐུ་དང་ནུས་པ་རྩལ་སྤྲུགས་ལ༔ སྤྲུལ་པའི་ཕོ་ཉ་ཀུན་བཀྱེ་ཞིང༔ འོད་ནག་ལྕགས་ཀྱུ་ལྟ་བུ་ཡིས༔ སྒྲུབ་ལ་བར་གཅོད་དམ་སྲི་གདུག༔ ཕྱོགས་མཚམས་སྟེང་འོག་གར་གནས་ཀྱང༔ རང་དབང་མེད་པར་འདིར་ཁུག་ཛ༔ གཟུགས་བྱང་འདི་ལ་མཆིས་པར་མཛོད༔ དེ་ནས་བདེན་སྟོབས་བརྗོད་ཅིང་དྲག་ཏུ་བཀུག་ལ་བསྟིམ་མོ༔ སྔགས་འདི་བརྒྱ་བཟླ་འོ༔ ཏྲི་དུ་ཧུར་ཐུམས་མཱ་ར་ཡ་ཛ༔ དམ་སྲི་ཕོ་མོ་ཏྲིག་ནན་མཱ་ར་ཡ་ཛ༔ བདུད་པྲ་མ་ནི་མཱ་ར་ཡ་ཛ༔ ཁ་ལ་ཛ་མ་ལི་མཱ་ར་ཡ་ཛ༔ རཱ་ཛ་དུན་ལིང་ཤིག་མཱ་ར་ཡ་ཛ༔ འགོང་པོ་ཧང་ཤམ་ཏྲི་མཱ་ར་ཡ་ཛ༔ ཐཱ་ཏྲི་ཉག་མཱ་ར་ཡ་ཛ༔ ཞེས་ཞག་གཅིག་བཟླས་པས་དམ་སྲི་ཁུག་རྟགས་འབྱུང་ངོ༔ དེ་ནས་བྱད་ཐག་གིས་བཅིང་ཞིང་ཐུན་གྱིས་གཟིར་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་གཏུམ་པོ་ཁྲོས་པའི་སྐུ༔ སྐུ་ལས་ཁྲོ་ཚོགས་དཀར་པོ་འཕྲོས༔ ཕྱག་གཉིས་བྱད་ཐག་དཀར་པོ་འཛིན༔ ཞེ་སྡང་ལས་གྱུར་དམ་སྲི་རྣམས༔ བྱད་དུ་ཆུགས་ལ་དམ་དུ་ཆིངས༔ ཐུན་གྱིས་གཟིར་ལ་མྱོས་པར་གྱིས༔ ལས་ཀྱི་བཙོན་ཁང་ནང་དུ་བྲུབས༔ ཐུལ་ཅིག་ཆོམས་ཤིག་ས་མ་ཡ༔ ཨེ་ཧུར་ཐུམས་ཏྲིག་ནན་མཱ་ར་ཡ་ཆིངས་ཆིངས༔ དམ་སྲི་ཕོ་མོ་བྷནྡྷ་བྷནྡྷ་ནན་ནན༔ ཞེས་བྱད་ཐག་དཀར་པོས་བཅིང་ངོ༔ ཧཱུྃ༔ ང་ནི་གཏུམ་པོ་ཁྲོས་པའི་སྐུ༔ སྐུ་ལས་ཁྲོ་ཚོགས་སེར་པོ་འཕྲོས༔ ཕྱག་གཉིས་བྱད་ཐག་སེར་པོ་འཛིན༔ གཏི་མུག་ལས་གྱུར་དམ་སྲི་རྣམས༔ བྱད་དུ་ཆུགས་ལ་དམ་དུ་ཆིངས༔ ཐུན་གྱིས་གཟིར་ལ་མྱོས་པར་གྱིས༔ ལས་ཀྱི་བཙོན་ཁང་ནང་དུ་བྲུབས༔ ཐུལ་ཅིག་ཆོམས་ཤིག་ས་མ་ཡ༔ ཨེ་ཧུར་ཐུམས་ཏྲིག་ནན་མཱ་ར་ཡ་ཆིངས་ཆིངས༔ དམ་སྲི་ཕོ་མོ་བྷནྡྷ་བྷནྡྷ་ནན་ནན༔ ཞེས་བྱད་ཐག་སེར་པོས་བཅིང་ངོ༔ ཧཱུྃ༔ ང་ནི་གཏུམ་པོ་ཁྲོས་པའི་སྐུ༔ སྐུ་ལས་ཁྲོ་ཚོགས་དམར་པོ་འཕྲོས༔ ཕྱག་གཉིས་བྱད་ཐག་དམར་པོ་འཛིན༔ འདོད་ཆགས་ལས་གྱུར་དམ་སྲི་རྣམས༔ བྱད་དུ་ཆུགས་ལ་དམ་དུ་ཆིངས༔ ཐུན་གྱིས་གཟིར་ལ་མྱོས་པར་གྱིས༔ ལས་ཀྱི་བཙོན་ཁང་ནང་དུ་བྲུབས༔ ཐུལ་ཅིག་ཆོམས་ཤིག་ས་མ་ཡ༔ ཨེ་ཧུར་ཐུམས་ཏྲིག་ནན་མཱ་ར་ཡ་ཆིངས་ཆིངས༔ དམ་སྲི་ཕོ་མོ་བྷནྡྷ་བྷནྡྷ་ནན་ནན༔ ཞེས་བྱད་ཐག་དམར་པོས་བཅིང་ངོ༔ ཧཱུྃ༔ ང་ནི་གཏུམ་པོ་ཁྲོས་པའི་སྐུ༔ སྐུ་ལས་ཁྲོ་ཚོགས་ལྗང་ནག་འཕྲོས༔ ཕྱག་གཉིས་བྱད་ཐག་ལྗང་གུ་འཛིན༔ ཕྲག་དོག་ལས་གྱུར་དམ་སྲི་རྣམས༔ བྱད་དུ་ཆུགས་ལ་དམ་དུ་ཆིངས༔ ཐུན་གྱིས་གཟིར་ལ་མྱོས་པར་གྱིས༔ ལས་ཀྱི་བཙོན་ཁང་ནང་དུ་བྲུབས༔ ཐུལ་ཅིག་ཆོམས་ཤིག་ས་མ་ཡ༔ ཨེ་ཧུར་ཐུམས་ཏྲིག་ནན་མཱ་ར་ཡ་ཆིངས་ཆིངས༔ དམ་སྲི་ཕོ་མོ་བྷནྡྷ་བྷནྡྷ་ནན་ནན༔ ཞེས་བྱད་ཐག་ལྗང་གུས་བསྡམ་མོ༔ ཧཱུྃ༔ ང་ནི་གཏུམ་པོ་ཁྲོས་པའི་སྐུ༔ སྐུ་ལས་ཁྲོ་ཚོགས་ནག་པོ་འཕྲོས༔ ཕྱག་གཉིས་བྱད་ཐག་ནག་པོ་འཛིན༔ ང་རྒྱལ་ལས་གྱུར་དམ་སྲི་རྣམས༔ བྱད་དུ་ཆུགས་ལ་དམ་དུ་ཆིངས༔ ཐུན་གྱིས་གཟིར་ལ་མྱོས་པར་གྱིས༔ ལས་ཀྱི་བཙོན་ཁང་ནང་དུ་བྲུབས༔ ཐུལ་ཅིག་ཆོམས་ཤིག་ས་མ་ཡ༔ ཨེ་ཧུར་ཐུམས་ཏྲིག་ནན་མཱ་ར་ཡ་ཆིངས་ཆིངས༔ དམ་སྲི་ཕོ་མོ་བྷནྡྷ་བྷནྡྷ་ནན་ནན༔ ཞེས་བྱད་ཐག་ནག་པོས་བཅིང་ངོ༔ ཧཱུྃ༔ ཡུངས་ཐུན་དྲག་པོ་སེར་ལྟར་འབེབ༔ རྡོ་ཐུན་དྲག་པོ་ཐོག་ལྟར་འགྲིལ༔ མདའ་ཐུན་དྲག་པོ་སྙིང་ལ་གཟེར༔ དུག་ཐུན་ནག་པོ་སྤྲིན་ལྟར་འཁྲིགས༔ ཁྲག་ཐུན་དྲག་པོ་རྦ་རླབས་འཕྱོ༔ དམ་སྲི་ཕོ་མོའི་ལུས་ལ་ཐུན༔ དམ་སྲི་ཕོ་མོའི་ངག་ལ་ཐུན༔ དམ་སྲི་ཕོ་མོའི་ཡིད་ལ་ཐུན༔ ཐུན་ཐུན་མཱ་ར་ཡ་ཛཿམཱ་ར་ཡ་ནན༔ ཞེས་ཐུན་གྱིས་བྲབ་བོ༔ དེ་ནས་རང་གི་སྒྲུབ་ཁང་གི་རྩར་ས་ལ་གྲུ་གསུམ་ཤིན་ཏུ་ཟབ་པའི་ནང་དུ་ར་ཡི་རྭ་དེ་ཉིད་བཅུག༔ ནང་ཐམས་ཅད་སོལ་བས་བཀང་ཞིང་དེ་ཡི་ཁར་ཤིང་ལེབ་བམ་རྡོ་ལེབ་དེ་ཉིད་ཁ་སྦུབས་ལ་མནན༔ དེ་ནས་རྔ་རོལ་དང་བཅས་པས་བྲོ་བརྡུངས་ལ་མནན༔ ཐལ་མོ་རྡེབ་ཅིང་སྔགས་འདི་བཟླ་འོ༔ བདུད་པྲ་མ་ནི་མཱ་ར་ཡ་ནན་ནན༔ ཁ་ལ་ཛ་མ་ལི་མཱ་ར་ཡ་ནན་ནན༔ རཱ་ཛ་དུན་ལིང་ཤིག་མཱ་ར་ཡ་ནན་ནན༔ འགོང་པོ་ཧང་ཤམ་ཏྲི་མཱ་ར་ཡ་ནན་ནན༔ ཐཱ་ཏྲི་ཉག་མཱ་ར་ཡ་ནན་ནན༔ སྒྲུབ་ལ་བར་ཆད་བྱེད་པའི་དམ་སྲི་ཕོ་མོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་ནན་ནན༔ ཞེས་བཟླ༔ དེའི་སྟེང་དུ་བཅའ་ཁྲི་ནག་པོ་བརྩེགས་ལ་བཞག་གོ༔ དེ་ལྟར་བྱས་པས་ལྷ་གང་སྒྲུབ་ཀྱང་བར་ཆད་མི་འབྱུང་ཞིང༔ དངོས་གྲུབ་ཐོགས་པ་མེད་པར་འགྲུབ་བོ༔ ས་མ་ཡ་གཏེར་རྒྱ༔ ཁོ་བོ་རོལ་པའི་རྡོ་རྗེས་གནས་རྡོ་རྗེ་ཅོང་ཕུག་ཅེས་ཡོངས་སུ་གྲགས་པ། ཕྱི་དབྱིབས་པད་ཞྭ་འདྲ་བའི་ཨོ་རྒྱན་སྒྲུབ་ཕུག་གི་བྲག་གཤགས་ཏེ་སྤྱན་དྲངས་པའི་ཤོག་དྲིལ་དང་པོའོ།། །།
བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབ་ཀྱི་ཁྲིད་ཡིག་ཐུགས་རྗེའི་ཆུ་འཛིན་སྐུལ་བའི་རྔ་ཆེན་ (Volume 5, Text 42)
༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབ་ཀྱི་ཁྲིད་ཡིག་ཐུགས་རྗེའི་ཆུ་འཛིན་སྐུལ་བའི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདེ་ཆེན་འགྱུར༵་བ་མེ༵ད་དངོས་སྐུ་བཞིའི་བདག །མཁའ་ཁྱབ་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ནི། །རྡོ༵་རྗེ༵་སློབ་དཔོན་གར་གྱིས་རྣམ་རོལ་བ། ཁྱབ་བདག་བླ་མའི་ཞབས་སེན་གཙུག་ན་མཛེས། །ཀུན་ཁྱབ་མཁའ་ལ་ཐུགས་རྗེའི་ཆུ་འཛིན་ཕྲེང་། །འཁྲིགས་ཚེ་བསྐུལ་བའི་མོས་གུས་རྔ་ཆེན་སྒྲ། །བསྒྲགས་ཙམ་ཉིད་ན་བླ་མེད་བྱིན་རླབས་ཆར། །སྐལ་ལྡན་བདུད་རྩིའི་དཔྱིད་དུ་འབེབས་འདི་ཤིས། །འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་མན་ངག་གསལ་བར་བྱེད་པ་ལ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་གྱི་དང་པོ། རྒྱལ་བའི་སྲས་པོ་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རང་རེ་རྣམས་ཀྱིས་དལ་བ་བརྒྱད་འབྱོར་པ་བཅུས་མངོན་པར་ཕྱུག་པའི་རྟེན་ཕུན་སུམ་ཚོགས་པ་འདི་ལྟ་བུ་རྙེད་པའི་སྐབས་འདིར་དལ་འབྱོར་ལ་སྙིང་པོ་ལེན་པའི་ཆོས་གཤའ་མ་ཞིག་སྙིང་ཐག་པ་ནས་བྱ་དགོས་ཏེ། གཞན་དུ་དལ་འབྱོར་གྱི་རྟེན་ཤིན་ཏུ་ནས་རྙེད་པར་དཀའ་བའི་ཕྱིར་རོ། །དེ་ཡང་འཆི་བ་མི་རྟག་པས་ནམ་འཆི་ཆ་མེད་པའི་རྒྱུ་མཚན་གྱིས་ཕྱི་བཤོལ་དང་ལེ་ལོར་མ་སོང་བར་དེ་རིང་ནས་དམ་པའི་ཆོས་ལ་བརྩོན་པ་ཆེ་ཐང་དུ་བསྐྱེད་པ་གལ་ཆེ་སྟེ། ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་གསུངས་པས་སོ། །འཆི་བའི་ཚེ་ནོར་ལོངས་སྤྱོད་གཉེན་འབྲེལ་ལ་སོགས་པ་ཐམས་ཅད་བཞག་ནས་རང་ཉིད་གཅིག་པུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་འགྲོ་བའི་སྐབས་དེར་རྗེས་སུ་འབྲང་བ་ནི་ལས་ཁོ་ན་སྟེ། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་སོ། །དེ་ནས་དཀར་ནག་གི་རྣམ་པར་སྨིན་ཚུལ་ལ་བསམས་ནས་ལས་འབྲས་ལ་སྤང་བླང་གི་ཆ་ཕྲ་མོ་ནས་མ་ནོར་བ་ཞིག་བྱ་དགོས་ཏེ། དེ་ལས་བདེ་སྡུག་གི་འབྲས་བུ་མ་འདྲེས་པར་སོ་སོར་སྨིན་པས་སོ། །ཇི་ལྟར་སྨིན་ཚུལ་ཡང་། ཆགས་སྡང་རྨོངས་གསུམ་ལ་སོགས་པ་མི་དགེ་བ་ཆེ་འབྲིང་ཆུང་གསུམ་ལ་བརྟེན་ནས་འབྲས་བུ་ངན་སོང་གསུམ་དང་། བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་བརྟེན་ནས་བདེ་འགྲོར་འཕེན་པར་བྱེད་ལ། དེའི་ཚེ་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་རྣམས་འཆི་འཕོ་ལྟུང་བྱེད་གྱི་སྡུག་བསྔལ་ལ་སྤྱོད་ཅིང་། འཁོར་བའི་རྩ་བ་དྲུང་ནས་འབྱིན་མ་ནུས་པ་དེ་སྲིད་དུ་རིགས་དྲུག་ཏུ་ཡང་ནས་ཡང་དུ་འཁོར་བར་བྱེད་དེ། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ད་ལྟ་ནས་རང་སྟོབས་ཀྱིས་འཁོར་བའི་སྡུག་བསྔལ་ལས་ཐར་བར་མི་ནུས་པས། དེ་ལས་སྐྱོབ་པར་ནུས་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། གྲུབ་ཆེན་མེ་ལོང་གིས། འགྲན་ཟླ་མེད་པའི་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་ཁོལ། །བསླུ་མེད་ཅི་བསམ་འགྲུབ་ནས་མཆི། །ཞེས་སོ། །ཇི་ལྟར་སྐྱབས་སུ་འགྲོ་ཚུལ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་དྲང་པོར་བསྲངས་ཏེ་གོང་དུ་སྨོས་པ་ལྟར་བློ་སྦྱོང་བ་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁའི་གནས་སུ་སྐྱབས་ཡུལ་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པའི་དྲུང་དུ་བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་རེ་ས་དང་ལྟོས་ས་ཁྱེད་ལས་གཞན་མེད་པས་ཅི་མཛད་ཁྱེད་རང་ཤེས་སོ་སྙམ་དུ་སྙིང་ཐག་པ་ནས། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་ལ་སོགས་པ་ནས་ལན་གསུམ་གྱི་མཐའ་རྟེན་པ་ཡན་ཆད་ཀྱིས་སྐྱབས་སུ་འགྲོ །མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་དག་པའི་ཞིང་དུ་དྲངས། སྐྱབས་ཡུལ་རྣམས་འོད་དུ་ཞུ་བ་རང་ལ་ཐིམ། རང་དང་སྐྱབས་ཡུལ་དབྱེར་མི་ཕྱེད་པའི་ངང་བསྐྱངས་ལ་ཅི་གནས་སུ་མཉམ་པར་འཇོག །དེ་ནི་ཐེག་པ་ཐམས་ཅད་ཀྱི་ལམ་གྱི་རྨང་རྡོ་སྐྱབས་སུ་འགྲོ་བའོ། །དེ་ནས་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ཞི་བ་ལྷས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དེའི་ཚུལ་ཡང་། སྤྱིར་ནམ་མཁའི་ཁམས་ལ་ཚད་མེད་དེ་ཐམས་ཅད་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། དེ་དག་རྣམས་རང་ཅག་གི་ཚེ་རབས་དུ་མའི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། དེ་ལྟར་ཕ་མ་བྱས་རེས་བཞིན་གྱིས་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་ན། ཐམས་ཅད་ཀྱང་འདོད་པ་བདེ་བ་འདོད་ཀྱང་། སྒྲུབ་པ་སྡུག་བསྔལ་སྒྲུབ་པས་ལག་ལེན་དང་ཞེ་འདོད་འཛོལ་བའི་ཚེ་འདི་པ་རྣམས་སྙིང་རེ་རྗེ་བས་རྣམ་པར་གྲོལ་བའི་གོ་འཕང་ལ་འགོད་དགོས། དེའི་ཆེད་དུ་བདག་གིས་མྱུར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་དུ་སྙིང་ཐག་པ་ནས་བསམས་ལ། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་འཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ཞེས་ལན་གསུམ་སོགས་ཅི་ནུས་ཀྱིས་སེམས་བསྐྱེད། མཐར་སེམས་བསྐྱེད་ཡུལ་སེམས་ཅན། སྐྱེད་བྱེད་རང་ཉིད། བསྐྱེད་བྱའི་སེམས་བསྐྱེད་གསུམ་ཀ་མི་དམིགས་པ་འཁོར་གསུམ་མི་རྟོག་པའི་ངང་དུ་བཞག་པ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །གཉིས་པ་དངོས་གཞི་ལ། རྣལ་འབྱོར་ཉམས་སུ་བླང་དགོས་པའི་རྒྱུ་མཚན་གྱིས་མོས་གུས་བསྐྱེད་པ། རྟེན་བསྐྱེད་པ། མཆོད་པ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ་དང་ལྔ། དང་པོ་ནི། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་སོ་སོའི་དབང་པོའི་རིམ་པ་དང་རྗེས་སུ་མཚུངས་པར་ཉམས་སུ་བླང་བྱའི་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། དེ་ཐམས་ཅད་ཀྱི་ལམ་གྱི་གཙོ་བོར་གྱུར་པ་ནི་བླ་མའི་རྣལ་འབྱོར་ཡིན་ཏེ། དགྱེས་པ་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རིམ་ལྔ་ལས། རི་དབང་རྩེ་ནས་ཐུར་དུ་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལམ་རྙེད་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་སོ། །དེར་མ་ཟད་བླ་མ་ནི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་འདུས་པའི་སྤྱི་གཟུགས་ཆེན་པོར་ཡོངས་སུ་གྲུབ་པ་ཡིན་ཏེ། ཨ་བྷི་དྷ་ན་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་སོ། །གཞན་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་རང་ཅག་རྣམས་འདྲེན་པའི་དེད་དཔོན་ཆེན་པོར་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་བའང་ཡིན་ཏེ། ཇི་སྐད་དུ། ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཚུལ་བཟུང་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་སོ། །བླ་མ་མཆོད་ཅིང་གསོལ་བ་བཏབ་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་བླ་མ་དེའི་སྐུ་གསུང་ཐུགས་རྡོ་རྗེ་དང་དབྱེར་མི་ཕྱེད་པའི་བདག་ཉིད་ཆེན་པོར་བཞུགས་ནས་དོན་མཛད་པས་ཕན་ཡོན་གཞན་ལས་ཁྱད་པར་དུ་འཕགས་པ་ཐོབ་སྟེ། འཇམ་དཔལ་ཞལ་ལུང་ལས། འདི་ན་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་དང་། ཡོན་ཏན་བདུད་རྩི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡིས། །སྟོང་གསུམ་གང་བ་ཕུལ་བ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིགས་པ་གཅིག་བྱུགས་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་སོ། །བླ་མ་དང་རྫོགས་པའི་སངས་རྒྱས་གཉིས་གོ་འཕང་མཉམ་པར་བཞུགས་པ་ཡིན་ཏེ། ཐལ་འགྱུར་ལས། བླ་མ་སངས་རྒྱས་མཉམ་པ་སྟེ། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་རིན་ཆེན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་སོ། །འོན་ཀྱང་རང་ངོས་ནས་རྫོགས་པའི་སངས་རྒྱས་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་རིང་ཞིག་ལོན་པའི་སྐབས་འདིར། དེ་བཞིན་གཤེགས་པའི་འཕྲིན་ལས་རང་རྒྱུད་ལ་འགོད་པར་མཛད་པའི་ཕྱིར་རྫོགས་པའི་སངས་རྒྱས་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་བ་ཡིན་ཏེ། དགོངས་འདུས་ལས། བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མཚན་ཡང་མེད༔ བསྐལ་པ་སྟོང་གི་སངས་རྒྱས་ལས༔ བླ་མ་གཉན་པར་ཤེས་པར་བྱ༔ ཅི་ཕྱིར་ཞེ་ན་བསྐལ་པ་ཡི༔ སངས་རྒྱས་མ་ལུས་ཐམས་ཅད་ཀུན༔ བླ་མ་དག་ལ་བསྟེན་ནས་བྱུང༔ ཞེས་སོ། །དེ་ལྟར་སྒོ་དུ་མ་ནས་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པས་མོས་གུས་ཤུགས་དྲག་ཏུ་བསྐྱེད་པར་བྱའོ། །གཉིས་པ་རྟེན་བསྐྱེད་པ་ནི། རང་ཉིད་གནས་པའི་ས་ཕྱོགས་དེ་ཉིད་དག་པའི་ཞིང་ཁམས་མནན་ན་ནེམ་བྱེད་ཅིང་བཏེགས་ན་འཕར་བྱེད་པ་རྒྱ་ཁྱོན་ཆེ་ཞིང་ཡིད་དུ་འོང་བར་གྲུབ་པའི་རང་གི་སྤྱི་བོའི་ཐད་ཀྱི་ནམ་མཁའི་གནས་སུ་འཇའ་འོད་ལྔའི་གུར་ཁྱིམ་རབ་ཏུ་འཁྲིགས་པའི་ཀློང་ན་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ཉིད། རྣམ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་ཟག་པ་མེད་པའི་འཆི་མེད་ཀྱི་བདུད་རྩིས་གང་བའི་ཐོད་པ་མཉམ་གཞག་གི་ཕྱག་རྒྱས་ལྟེ་འོག་ཏུ་འཛིན་པ། གྲུ་མོ་གཡོན་ན་སྦས་པའི་ཡུམ་ཁ་ཊྭཱཾ་གའི་རྣམ་པ་འཆང་ཞིང་། དབུ་ལ་ཤེའུའི་སྙན་ཞུ་རྡོ་རྗེས་མཚན་པའི་རྩེ་མོར་རྒོད་ལྡེམ་དར་སྣ་དཔྱངས་པ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོའི་སྟེང་ཕོད་ཀ་མཐིང་ག །དེ་སྟེང་སྣམ་སྦྱར་དམར་པོ་གསེར་གྱི་ཧ་རིས་ཅན། དེ་སྟེང་ཟ་འོག་གི་བེར་སྨུག་རྣམས་བརྩེགས་མར་གསོལ་བ། ཞལ་འཛུམ་བག་དང་ལྡན་པའི་སྤྱན་གྱི་ལྟ་སྟངས་གདུལ་བྱ་ལ་རྗེས་སུ་ཆགས་པའི་ཚུལ་གྱིས་གཟིགས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་མ་ལུས་པའི་སྤྲུལ་པ་སྤྲོ་བ། དེའི་མཐའ་སྐོར་དུ། བླ་མ་ཡི་དམ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་མེད་པ་ཐམས་ཅད་ཀྱང་། གང་ལ་གང་འདུལ་གྱི་སྐུའི་བཀོད་པ། གསུང་གི་སྒྲ་དབྱངས། ཐུགས་རྗེས་སུ་བརྩེ་བའི་རྣམ་པར་རོལ་པ་ཆུ་ཟླའི་རོལ་གར་བཞིན་དུ་སྣ་ཚོགས་སུ་འཆར་བ། མཐོང་ཐོས་དྲན་རེག་ཐམས་ཅད་སྒྲོལ་བའི་བདག་ཉིད་ཆེན་པོར་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་མོས་ལ། ན་མོ་གུ་རུ། བདག་ལུས་འཛིན་མེད་སྤྱི་བོའི་ནམ་མཁའ་ལ། །དྭངས་མའི་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་། །སེང་ཁྲི་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ། །དཀར་དམར་མདངས་ལྡན་མཚན་དཔེའི་གཟི་བྱིན་འབར། །ཕྱག་གཡས་རྡོ་རྗེ་གཡོན་པ་ཟག་མེད་ཀྱི། །བདུད་རྩིའི་ཐོད་པ་ཁ་ཊྭཱཾ་གྲུ་མོར་བརྟེན། །ཤེ་འུའི་སྙན་ཞུ་རྒོད་ལྡེམ་དར་སྣ་འཕྱང་། །གསང་ཕོད་སྣམ་སྦྱར་ཟབ་བེར་བརྩེགས་མར་གསོལ། །སྤྱན་གྱི་ལྟ་སྟངས་གདུལ་བྱའི་ཡུལ་ལ་གཟིགས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །དེ་མཐར་བླ་མ་མཆོག་གསུམ་དཀྱིལ་འཁོར་ལྷ། །གྲངས་མེད་རབ་འབྱམས་རྒྱལ་བའི་སྤྲིན་ཕུང་འཁྲིགས། །གང་འདུལ་མོས་ངོར་ཆུ་ཟླའི་རོལ་གར་བཞིན། །འབྲེལ་ཚད་དོན་ལྡན་མཆོག་གི་ངོ་བོར་བཞུགས། །ཞེས་ཚིག་རྗེས་སུ་དོན་བསམ་པས་གསལ་མ་ཐེབས་ཀྱི་བར་ནན་ཏན་དུ་བསྒོམ་པར་བྱའོ། །རྟེན་བསྐྱེད་ཀྱི་སྐབས་འདིར། རང་གི་རྩ་བའི་བླ་མ་ད་ལྟའི་སྐུའི་ཆ་ལུགས་བཞིན་དུ་བསྒོམས་ཀྱང་ཁྱད་པར་མེད་པས་ཇི་ལྟར་བདེ་བར་ཉམས་སུ་བླངས་པས་ཆོག་མོད། འདིར་ནི་རྩ་བའི་དངོས་བསྟན་ལྟར་བཀོད་པ་ཡིན་ནོ། །གཞན་དུ་ཁ་ཅིག །བླ་མ་ད་ལྟའི་སྐུ་འདི་གདོས་བཅས་ཤ་ཁྲག་གི་རང་བཞིན་སྦྱང་བྱ་ཡིན་པས་རྡོ་རྗེ་འཆང་སོགས་སུ་ངེས་པར་བསྐྱེད་དགོས་གསུངས་ཀྱང་། དེ་ནི་མི་རིགས་ཏེ། མོས་གུས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་ལོག་ལྟའི་དྲི་མས་གོས་པའི་ཕྱིར། འོ་ན། བླ་མའི་ཆ་ལུགས་རྡོ་རྗེ་འཆང་དང། ཨོ་རྒྱན་སོགས་སུ་སྒོམ་པ་ཅི་ཞེ་ན། རང་གི་དབང་པོའི་མཐོང་ཚུལ་དང་སྦྱར་ནས་བླ་མ་རང་གི་ད་ལྟའི་སྐུའི་ཆ་ལུགས་ཇི་ལྟ་བ་དང་། ངེས་དོན་ཡིན་ལུགས་ལ་རྒྱལ་བ་དེ་དག་དང་དབྱེར་མེད་དུ་བཞུགས་པའི་ཆ་ནས་རྡོ་རྗེ་འཆང་སོགས་སུ་བསྒྱུར་ཏེ་སྒོམ་པ་ཡིན་ནོ། །གསུམ་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞི། དང་པོ། རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་ཉེར་སྤྱོད་དང་། གཞན་ཡང་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་སོགས་དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འཛད་པ་མེད་པ་ཕྱོགས་བཅུ་ནམ་མཁའི་ཁམས་གང་བ་ཐམས་ཅད་ཀྱང་ཕུལ་བྱུང་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་གྱི་རོལ་མོར་འཆར་བས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད་པར་མོས་ལ། ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། །སྲིད་ཞིའི་འདོད་ཡོན་འཛད་མེད་ནམ་མཁའ་མཛོད། །མཁའ་ཁྱབ་ངོ་མཚར་མཆོད་པའི་སྤྲིན་ཕུང་གིས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་བརྗོད་པར་བྱའོ། །གཉིས་པ་ནང་མཆོད་ནི། རང་གི་ཐུགས་ཀ་ནས་རིག་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་ཐོན། དེའི་ཕྱག་གི་གྲི་གུག་གིས་རང་གི་བེམ་པོའི་སྨིན་མཚམས་ཀྱི་ཐད་ནས་ཐོད་པ་བྲེགས་པ་རྒྱ་ཁྱོན་ཚད་མེད་དུ་གྱུར་པ་མདུན་གྱི་རྣམ་ཐར་གསུམ་མཚོན་པའི་རང་བྱུང་གི་མི་མགོའི་སྒྱེད་པུ་གསུམ་བྱུང་བའི་སྟེང་དུ་བཀོད། སླར་ཡང་ཕྱག་གི་གྲི་གུག་གིས་ཤ་རུས་ནང་རོལ་ཐམས་ཅད་དུམ་བུར་གཏུབས་ཏེ་ཐོད་པའི་ནང་དུ་བླུགས་པ་ལ་རྣལ་འབྱོར་མས་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་བརྗོད་པས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་རྣལ་འབྱོར་མའི་ཕྱག་གི་ཐོད་སྐྱོགས་ཀྱིས་བཅུས་ཏེ་མཆོད་པས་དགྱེས་ཤིང་ཚིམ་པར་བསམས་ལ། རང་རིག་རྣལ་འབྱོར་མ་དཔལ་མཁའ་ལ་ཐོན། །སྒྱུ་ལུས་ཕུང་པོ་ཟག་མེད་བདུད་རྩིར་སྤར། །དགྱེས་དགུར་ཚིམས་བྱེད་མཆོག་གི་དམ་ཚིག་འདིས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་སོ། །གསུམ་པ་གསང་མཆོད་ནི། རང་གི་ཐུགས་ཀ་ནས་ཤེས་རབ་མ་བརྒྱད་གཉིས་ལོན་པའི་ན་ཚོད་ཅན་མཛེས་ཤིང་ཡིད་དུ་འོང་བ་དཔག་ཏུ་མེད་པ་བྱུང་། མཆོད་ཡུལ་རྣམས་ཀྱི་སྐུ་ལ་འཁྲིལ་ཏེ་སྙོམས་པར་ཞུགས། དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་ཐུགས་རྒྱུད་ལ་བརྟས་པར་བསམས་ལ། བརྒྱད་གཉིས་ལང་ཚོའི་དཔལ་ཅན་ཡིད་འོང་མ། །འཆི་མེད་སྒེག་མོའི་ཁེངས་འཕྲོག་བདེ་བའི་རོར། །རྗེས་ཆགས་མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་ཀྱིས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་དང་། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གང་ལ་མཆོད་པ་འབུལ་བར་བྱ་བའི་ཡུལ་དང་མཆོད་བྱེད་མཆོད་པའི་ཀུན་སློང་གསུམ་ཀ་ངོ་བོ་དབྱེར་མི་ཕྱེད་པ་འཁོར་གསུམ་མི་རྟོག་པའི་ཡེ་ཤེས་འགྱུར་མེད་གདོད་མའི་གཤིས་གནས་ལུགས་དེ་བཞིན་ཉིད་དང་རོ་གཅིག་པ་ཡིན་པས། ཡིན་པར་ཤེས་པའི་ཚུལ་གྱིས་དེའི་ངང་ལ་མཉམ་པར་གཞག་སྟེ། མཆོད་བྱ་མཆོད་བྱེད་དག་པ་གདོད་མའི་གཤིས། །གནས་ལུགས་རང་ངོ་ཤེས་པ་མཆོད་པའི་མཆོག །ཟུང་འཇུག་བདེ་ཆེན་འགྱུར་མེད་ཕྱག་རྒྱ་ཆེས། །རྒྱལ་ཀུན་ངོ་བོ་མཆོག་དེ་མཆོད་པར་བགྱི། །ཞེས་སོ། །བཞི་པ་གསོལ་བ་གདབ་པ་ནི། བླ་མ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་ཏུ་བསྐྱེད་དེ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཆེན་པོར་སྙིང་ཐག་པ་ནས་ངེས་ཤེས་བསྐྱེད་ལ། སྤྱིར་བཏང་དུ་བླ་མ་སྐུ་གསུམ་མ་དང་། ཐུན་དྲུག་དང་སྦྱར་ཏེ་སོ་སོའི་དུས་ཚོད་གསུངས་པའི་འདོན་ཚུལ་བཞིན་ལེའུ་གཞན་དྲུག་དང་། གཞན་ཡང་གསོལ་འདེབས་ཅི་རིགས་དང་། ཁྱད་པར་གསོལ་འདེབས་སྙིང་པོ་བཛྲ་གུ་རུ་ཅི་ནུས་བཟླ་ཞིང་། རྡོ་རྗེའི་ཚིག་རྐང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ ཡོན་ཏན་འཕྲིན་ལས་རྫོགས་པའི་དཔལ༔ ཁྱོད་ལ་གུས་པས་གསོལ་བ་འདེབས༔ མཉམ་མེད་གུ་རུ་རིན་པོ་ཆེ༔ བདག་ལ་རེ་ས་གཞན་ན་མེད༔ རྟག་ཏུ་ཐུགས་རྗེས་བརྩེར་དགོངས་ལ༔ དབང་བཞི་སྐུར་ཅིག་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན༔ དངོས་གྲུབ་སྩོལ་ཅིག་ཐུགས་རྗེ་ཅན༔ སྒྲིབ་ཀུན་སྦྱོངས་ཤིག་ཐུགས་རྗེ་ཅན༔ ཞེས་བསམ་རྒྱུད་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་གྱི་བར་དུ་གསོལ་བ་གདབ་ཅིང་། ཇི་ལྟར་གསོལ་བ་འདེབས་པའི་ངག་གི་འདོན་ཚུལ་ཡང་། པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིས། །ཞེས་དང་། གཞན་ཡང་། དེ་ལྟར་སྙན་པོའི་རྟ་ལ་བསྐྱོན། །ཞེས་གསུངས་པ་ལྟར་ནན་ཏན་དུ་བཏབ་པས། འཁོར་གྱི་ལྷ་ཚོགས་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ། གུ་རུའི་སྐུ་ལ་ཐིམ་པས་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམ་མོ། །ལྔ་པ་དབང་བླང་བ་ནི། དེ་ནས་གུ་རུའི་སྤྱི་མགྲིན་སྙིང་ཁའི་གནས་གསུམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པར་མོས་ལ། ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས་དབང་བཞིའི་ཆུ་བོས་བདག་གི་སྒྲིབ་བཞི་སྦྱངས་ཏེ་སྐུ་བཞིའི་གོ་འཕང་ཁྱད་པར་ཅན་ཐོབ་ནུས་ཀྱི་སྐལ་པ་ཅན་དུ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ཏེ། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །ཅེས་གསོལ་བ་གདབ། དམིགས་པའི་འཕྲོ་འདུ་དང་། དབང་སོ་སོའི་རང་སྐལ་གྱི་དྲི་མ་སྦྱོང་ཚུལ། ལམ་ཉམས་ལེན་ལ་དབང་ཚུལ། དབང་གིས་གནས་སྐབས་དང་མཐར་ཐུག་གི་ཡེ་ཤེས་ཐོབ་ཚུལ་སོགས་ཚིག་རྗེས་སུ་དོན་དྲན་བཞིན་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་པས་དབང་བཞི་བླང་། དེ་ཡང་སྤྱིར་དབང་ལ། སྨིན་བྱེད་རྒྱུའི་དབང་། གྲོལ་བྱེད་ལམ་གྱི་དབང་། མཐར་ཕྱིན་འབྲས་བུའི་དབང་དང་གསུམ། དང་པོ་ནི། སྔོན་ཆད་དཀྱིལ་འཁོར་དུ་མ་ཞུགས་པ་ཞིག་དང་པོར་ཞུགས་ཏེ་དབང་གི་ཆུ་བོས་སྨིན་པར་བྱེད་པའོ། །གཉིས་པ་གྲོལ་བྱེད་ལམ་གྱི་དབང་ནི། དེ་ལྟར་སྨིན་པ་ཕན་ཆད་ནས་ས་བཅུ་རྒྱུན་མཐའ་ལ་ཐུག་གི་བར་དུ་བདག་འཇུག་གམ་རྡོ་རྗེ་སློབ་དཔོན་ལ་བསྟེན་ནས་རྒྱས་བསྡུས་ཅི་རིགས་པ་བླང་བ་སྟེ། སྐབས་འདིར་ཏིང་ངེ་འཛིན་གྱིས་དབང་ལེན་པའི་སྙིང་པོའང་འདི་ཉིད་དོ། །གསུམ་པ་མཐར་ཕྱིན་འབྲས་བུའི་དབང་ནི། རྒྱུན་མཐའི་གནས་སྐབས་སུ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསང་བ་ཟབ་མོའི་དབང་གསུམ་བསྐུར་བས་སྙོམས་འཇུག་གི་དྲི་མ་བག་ཆགས་ཀྱི་རང་བཞིན་ཕྲ་ཞིང་ཕྲ་བ་རྣམས་སྦྱངས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་བྱེད་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། སླར་ཡང་མོས་གུས་དྲག་པོའི་ཤུགས་བསྐྱེད་དེ། སྐྱབས་གནས་ཀུན་གྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཆེན་མཚོ་སྐྱེས་རྡོ་རྗེ། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་གཡེལ་མེད་ཐུགས་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །ཅེས་ལན་གསུམ་མམ་བདུན་ལ་སོགས་པ་ཅི་ནུས་ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་དགྱེས་པ་ཆེན་པོས་འོད་ཀྱི་གོང་བུ་ཞིག་ཏུ་ཞུ་ནས་རང་གི་སྤྱི་བོ་ནས་སྙིང་ཁའི་གནས་སུ་སིབ་ཀྱིས་ཐིམ་པས་བླ་མ་དང་རང་གཉིས་སུ་འཛིན་པའི་རྟོག་པ་བྲལ་ཏེ་སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་ངང་ལ་ཅི་གནས་སུ་མཉམ་པར་འཇོག་པའམ། ཡང་ན་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མའི་སྐུ་ཇེ་ཆུང་ཇེ་ཆུང་དུ་སོང་། བླ་མ་གཟི་འོད་ཀྱི་ཕུང་པོར་འབར་ཞིང་མཚན་དཔེའི་ལང་ཚོ་མཆོག་ཏུ་རྒྱས་པའི་བདག་ཉིད་ཅན་དེ་ཉིད་ཚངས་བུག་ནས་བྱོན་སྙིང་པདྨ་འདབ་བརྒྱད་ཁ་འབུས་ཀྱི་རྣམ་པར་གྱུར་པའི་དབུས་སུ་བཞུགས་པར་མོས་ལ་དེ་ལ་ཤེས་པ་གཏད་དེ་མཉམ་པར་གཞག །མཐར་དེ་ཡང་འོད་དུ་ཞུ་སྟེ་རང་གི་སྒོ་གསུམ་དང་འདྲེས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་དགོངས་པ་སོ་སོ་རང་རིག་གི་ངོ་བོར་ཇི་ཙམ་གནས་པ་དེ་སྲིད་དུ་བསྐྱང་། ཐུན་བསྡུ་བ་ན། བདག་གིས་འདི་ལྟར་བསྒྲུབས་པའི་དགེ་བའི་རྩ་བས་བདག་གཞན་སེམས་ཅན་ཐམས་ཅད་མོས་གུས་བླ་མའི་ལམ་གྱི་རྣལ་འབྱོར་ལ་བརྟེན་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་དུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་སྨོན་ལམ་ཅི་རིགས་པས་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གང་ཞིག་དྲན་པ་ཙམ་གྱིས་སྲིད་དང་ཞིའི། །ལེགས་བྱས་ཕན་བདེ་སྦྱིན་པའི་དེད་དཔོན་ནི། །རྒྱལ་བའི་ཞལ་སྐྱིན་རྡོ་རྗེ་སློབ་དཔོན་ཉིད། །ཡིན་ཕྱིར་མན་ངག་ལམ་འདི་གསལ་བར་བྱས། །འདིས་མཚོན་དགེ་བའི་རྩ་བ་གང་ཐོབ་འབྲས། །ཀུན་ཀྱང་རྣམ་གྲོལ་མཆོག་གི་རྒྱལ་ཐབས་ལ། །སྤྱོད་ལས་སྲིད་པའི་མུན་པ་དྲུངས་ཕྱུངས་ཏེ། །ཡང་དག་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག །ཟབ་ལམ་བླ་མའི་རྣལ་འབྱོར་གྱི་རིམ་པ་བྱིན་རླབས་ཆར་འབེབས་དང་འབྲེལ་བར་མོས་གུས་བླ་མའི་ལམ་ལ་རྣལ་འབྱོར་དུ་བྱ་བའི་ཡི་གེ་ཐུགས་རྗེའི་ཆུ་འཛིན་སྐུལ་བའི་རྔ་ཆེན་ཞེས་བྱ་བ་འདི་ཡང་རྣམ་དཔྱོད་བློ་གྲོས་ཀྱི་མཐུ་ཅན་སྤེལ་རྐྱང་ནས་སྡེ་པ་རབ་བརྟན་གྱིས་རྒྱང་རིང་མོ་ནས་བཀའ་མཆིད་ཕུལ་དུ་བྱུང་བའི་སྐྱེས་ཆེན་པོའི་གསུང་གིས་བསྐུལ་བ་ལས། གཉོས་ཀྱི་དགེ་སློང་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེས་རང་ལོ་ཉེར་དྲུག་པ་ལྕགས་ཡོས་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཚེས་ལ་ཤར་མར་སྤེལ་བ་སིདྡྷི་རསྟུ།། །།
ཡིད་བཞིན་ནོར་བུའི་དྲིལ་སྒྲུབ་སིདྡྷི་ཕ་ལ་ (Volume 4, Text 42)
༄༅། ཡིད་བཞིན་ནོར་བུའི་དྲིལ་སྒྲུབ་སིདྡྷི་ཕ་ལ་བཞུགས།། ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་ཧྲཱིཿཧཱུྃ༔ རང་ལུས་ཐ་མལ་སྟོང་རའི་དབུས༔ རྩ་གསུམ་འཁོར་ལོ་དྲུག་ཏུ་གསལ༔ གཙུག་ཏོར་ནོར་བུ་པད་འདབ་བཞིའི༔ ལྟེ་བར་མཉམ་མེད་སྐྱོབ་པ་ནི༔ ཚོན་གང་ཆོས་གོས་གསུམ་ལྡན་ཞིང༔ བཀའ་རྟགས་སྒོམ་ཞྭ་དང་བཅས་པ༔ ཕྱག་གཉིས་ཐུགས་ཀར་རྡོར་དྲིལ་བསྣོལ༔ པད་བཞིར་ཐིག་ལེ་ཁ་དོག་བཞི༔ འཁོར་གྱི་ཚུལ་དུ་བསྐོར་བར་བསམ༔ ཐུགས་ཀར་ཟླ་སྟེང་སྔགས་འཁོར་བཅས༔ དུང་ཕྲེང་བཞིན་དུ་བསྐོར་བར་བསྒོམ༔ ཨོཾ་ཨཱཿབཛྲ་གུ་རུ་རཏྣ་ཤྲཱི་སིདྡྷི་ཕ་ལ་ཧཱུྃ༔ གསང་སྔགས་འབུམ་བདུན་ཉེར་གཅིག་བཟླ༔ སྔགས་འཁོར་དག་ལས་འོད་འཕྲོས་པས༔ བླ་མ་སངས་རྒྱས་ཚོགས་ལ་ཕོག༔ ཐུགས་རྗེ་བྱིན་རླབས་ཚུར་ལ་བསྡུས༔ རང་སེམས་བླ་མའི་སྐུ་ལ་ཐིམ༔ གཙོ་བོ་ཡེ་ཤེས་ལྔ་ཡི་དངོས༔ ཁ་དོག་སྣ་ལྔའི་ཐིག་ལེར་བསྒོམ༔ བདེ་ཆེན་འཁོར་ལོ་དཀར་པོའི་དབུས༔ འཇམ་དཔལ་སྐུ་མདོག་ཤེལ་ལྟར་དཀར༔ ཕྱག་གཉིས་རལ་གྲི་པོ་ཏི་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་ལས༔ ཐིག་ལེ་དཀར་པོ་སུམ་ཅུ་གཉིས༔ འཁོར་གྱི་ཚུལ་དུ་བསྐོར་བར་བསམ༔ ཟླ་སྟེང་སྔགས་འཁོར་གསལ་བྱས་ལ༔ ཨོཾ་དྷཱིཿམཉྫུ་ཤྲཱི་པྲ་ཛྙཱ་སིདྡྷི་ཕ་ལ་ཧཱུྃ༔ གསང་སྔགས་འབུམ་བདུན་ཉེར་གཅིག་བཟླ༔ སྔགས་འཁོར་དེ་ལས་འོད་འཕྲོས་པས༔ ངག་གི་གྲུབ་བརྙེས་རྣམས་ལ་ཕོག༔ ཐུགས་རྗེ་བྱིན་རླབས་ཚུར་ལ་བསྡུས༔ རང་སེམས་འཇམ་དཔལ་སྐུ་ལ་བསྟིམ༔ འཁོར་ཡང་གཙོ་བོའི་སྐུ་ལ་བསྟིམ༔ ཐིག་ལེ་དཀར་པོ་བྱིའུ་སྒོང་ཙམ༔ ལོངས་སྤྱོད་འཁོར་ལོ་དམར་པོའི་དབུས༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མདའ་གཞུ་བསྣམས༔ གར་སྟབས་ཚུལ་དུ་བཞུགས་པར་བསམ༔ ཐིག་ལེ་དམར་པོ་བཅུ་དྲུག་ནི༔ འཁོར་གྱི་ཚུལ་དུ་བསྐོར་བར་བསམ༔ ཟླ་སྟེང་སྔགས་འཁོར་གསལ་བྱས་ལ༔ ཨོཾ་ཧྲཱིཿཀུ་རུ་ཀུལླེ་ཝ་ཤཾ་ཀུ་རུ་སིདྡྷི་ཕ་ལ་ཧཱུྃ༔ གསང་སྔགས་འབུམ་བདུན་ཉེར་གཅིག་བཟླ༔ སྔགས་འཁོར་དེ་ལས་འོད་འཕྲོས་པས༔ བརྟན་གཡོ་སྣོད་བཅུད་ཀུན་ལ་ཕོག༔ ཚེ་བཅུད་བསྡུས་པ་བསོད་ནམས་ཀུན༔ ཀུ་རུ་ཀུལླེའི་སྐུ་ལ་བསྟིམ༔ འཁོར་ཡང་གཙོ་མོ་ལ་ཐིམ་པས༔ ཐིག་ལེ་དམར་པོ་བྱིའུ་སྒོང་ཙམ༔ ཆོས་ཀྱི་འཁོར་ལོའི་ལྟེ་བ་རུ༔ ཡི་དམ་བདེ་མཆོག་ལྷན་སྐྱེས་ལ༔ ཐིག་ལེ་སྔོན་པོ་བརྒྱད་ཀྱིས་བསྐོར༔ ཉི་སྟེང་སྔགས་འཁོར་གསལ་བྱས་ལ༔ ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ གསང་སྔགས་འབུམ་བདུན་ཉེར་གཅིག་བཟླ༔ སྔགས་འཁོར་དེ་ལས་འོད་འཕྲོས་པས༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕོག༔ དངོས་གྲུབ་རྣམ་གཉིས་ཚུར་ལ་བསྡུས༔ དེ་ཡང་རང་གི་ལུས་ལ་བསྟིམ༔ འཁོར་རྣམས་གཙོ་བོའི་སྐུ་ལ་བསྡུ༔ ཐིག་ལེ་ཁ་དོག་སྔོན་པོ་ལ༔ དམར་བའི་མདངས་ལྡན་བྱིའུ་སྒོང་ཙམ༔ སྤྲུལ་པའི་འཁོར་ལོའི་ལྟེ་བ་རུ༔ རྣམ་སྲས་གསེར་མདོག་ཕྱག་གཉིས་ནི༔ རིན་ཆེན་ནེའུ་ལེ་སེམས་སྐྱིལ་བཞུགས༔ ཐིག་ལེ་སེར་པོ་དྲུག་ཅུ་གཉིས༔ འཁོར་གྱི་ཚུལ་བསྐོར་ཐུགས་ཀ་རུ༔ རིན་ཆེན་ལ་གནས་སྔགས་འཁོར་བསམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ཤུ་བྷཾ་མངྒ་ལ་མ་ཎི་སིདྡྷི་ཕ་ལ་ཧཱུྃ༔ གསང་སྔགས་འབུམ་བདུན་ཉེར་གཅིག་བཟླ༔ སྔགས་འཁོར་དག་ལས་འོད་འཕྲོས་པས༔ ནོར་ལྷ་གནོད་སྦྱིན་རྣམས་ལ་ཕོག༔ ཟས་ནོར་ལོངས་སྤྱོད་ཚུར་དྲངས་ཏེ༔ རྣམ་སྲས་སྐུ་ལ་གཉིས་མེད་བསྟིམ༔ འཁོར་ཡང་གཙོ་བོའི་སྐུ་ལ་བསྟིམ༔ ཐིག་ལེ་སེར་པོ་བྱིའུ་སྒོང་ཙམ༔ གསང་གནས་བདེ་སྐྱོང་འཁོར་ལོ་རུ༔ འདི་ཉིད་སྔགས་བདག་མགོན་པོ་ནི༔ མཐིང་ནག་ཁྲོ་ཚུལ་གཡང་གཞི་འཕྱར༔ མདུན་དུ་གནམ་ལྕགས་ཕ་ཝང་སྟེ༔ བྱད་མ་གནོད་བྱེད་གང་དམིགས་བསམ༔ སྡེ་བརྒྱད་འཇིགས་བྱེད་ཀུན་གྱི་དངོས༔ མཚོན་ཆ་སུམ་ཅུ་སོ་གཉིས་ནི༔ འཁོར་གྱི་ཚུལ་དུ་བསྐོར་བར་བསམ༔ ཨོཾ་རཀྴ་མ་ཧཱ་ཀཱ་ལ་སརྦ་བིགྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ གསང་སྔགས་འབུམ་བདུན་ཉེར་གཅིག་བཟླ༔ སྔགས་འཁོར་དག་ལས་འོད་འཕྲོས་པས༔ སྡེ་བརྒྱད་དྲེགས་བྱེད་རྣམས་ལ་ཕོག༔ ནུས་མཐུ་དྲག་རྩལ་ཚུར་བསྡུས་ཏེ༔ མཚོན་ཆ་རྣམས་ལ་ཐིམ་པ་དང༔ སྔགས་འཁོར་ལས་ནི་སླར་འོད་འཕྲོས༔ ཕྱི་རོལ་འབྱུང་བཞིའི་ནད་ཀུན་དང༔ རང་ལུས་རླུང་མཁྲིས་བད་ཀན་སོགས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན༔ གཡང་གཞི་ལ་བསྟིམ་དགྲ་ལ་བརྡེག༔ ལུས་ངག་ཡིད་གསུམ་བརླག་པར་བསམ༔ ཐ་མར་མཚོན་ཆ་ལ་སོགས་ཀུན༔ མགོན་པོ་ཉིད་བསྡུས་དེ་རང་ཡང༔ ཐིག་ལེ་ནག་པོ་ལྕགས་སྒོང་འདྲ༔ ྀཨཚ༔ ཞལ་གདམས་ནི༔ ཐིག་ལེ་རང་རང་ལུས་མདོག་མཚུངས༔ མཚམས་སུ་དབྱེར་མེད་རྩོལ་བྲལ་བཞག༔ རྗེས་སུ་ཐིག་ལེ་སྙིང་གར་ཐིམ༔ ལྷུན་གྲུབ་སྤྲོས་བྲལ་ངོ་བོ་བཟུང༔ དགེ་རྩ་བསྔོ་བའི་ཆོས་ལ་འབད༔ ཡིད་བཞིན་ནོར་བུ་རྒྱུན་གྱི་ཉམས་ལེན་གྱི་གཞུང་ཞལ་གདམས་དང་བཅས་པ་འདི་ལ་སྔོན་ཆད་ཡི་གེ་མ་མཆིས་སོ། །མངྒ་ལཾ། ཡི་གེའི་འདུ་བྱེད་ཁོ་བོ་རཏྣ་ལཀྵྨཱི་ལགས་སོ།། ༈ ཡིད་བཞིན་ནོར་མཆོག་གི་རྫོགས་རིམ་ངོ་སྤྲོད་བཞུགས་སོ། །བྱ་ལོ་ཟླ་བ་དང་པོའི་དུས་སུ་དཔལ་བདེ་ཆེན་ཡངས་པ་ཅན་དུ། ཡིད་བཞིན་ནོར་མཆོག་གི་ཁྲིད་ཀྱི་དུས་རྫོགས་རིམ་རྣལ་འབྱོར་ལ་ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ ཞེས་པའི་དོན་གཞུང་འདི་ལས་སྤྲོས་ཏེ། རྗེ་དྭགས་པོ་ལྷ་རྗེས། གཞི་ལ་ཡོད་པ་ལམ་དུ་སྒོམ་པ། འབྲས་བུ་མངོན་དུ་གྱུར་པ་ཆོས་ཉིད་ཅེས་གསུངས་ཏེ། དེ་ལས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། མཐའ་བྲལ་བདེ་བ་ཆེན་པོ་འདིས་འཁོར་འདས་ལ་མ་ཁྱབ་པ་མེད་དེ། སྐུ་གཅིག་ཀུན་ལ་ཁྱབ་པ་བདེ་གཤེགས་སྙིང་པོའི་སྐུ༔ ཞེས་པས་ཡ་ཀི་ཀུན་ཏུ་བཟང་པོ་ནས། མནར་མེད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བའི་སེམས་ཅན་ཡན་ཆད་ལ་ཕྲི་བསྣན་མེད་པར་ཁྱབ་ཅིང་། སུས་ཀྱང་མ་བྱས་རང་བྱུང་དུ་སངས་རྒྱས་ཀྱི་ཡོན་ཏན་ནས། ལམ་གྱི་ཉམས་སྣ་ཚོགས། རིགས་དྲུག་གི་སྡུག་བསྔལ་དུ་མ་འགག་མེད་དུ་འཆར་ནུས་པ་འདི། འཆར་དུས་ཉིད་ནས་སྟོང་པ་ཆེན་པོར་ལྷུན་གྱིས་གྲུབ་པ་དེ་ལྟ་བུའི་གནས་ལུགས་ཀུན་ཁྱབ་རང་གསལ་ཆེན་པོ་འདི་ནི་བློ་ཡི་ཡུལ་ལས་འདས། ཚིག་དང་བྲལ། ཡིད་ཀྱིས་དཔྱད་དུ་མེད། དཔེ་དང་མཚོན་པ་ལས་འདས། རྟོགས་རུང་མ་རྟོགས་རུང་ཡེ་གནས་བརྗོད་བྲལ་ཆེན་པོར་བཞུགས་པ་ཡིན། ལམ་བསྒོམ་པར་བྱ་བ་ནི། གཞི་དེ་ལྟ་བུའི་གནས་ལུགས་ཡིན་ཐོག་ཏུ་བཞག་ཅིང་བསྒོམ་པར་བྱ་སྟེ། དེ་ཡང་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ༔ ཞེས་པས། ཡེ་ནས་གནས་པའི་རིག་པ་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དེ་ཡང་གསལ་སྟོང་། གྲགས་སྟོང་། ཚོར་སྟོང་། མྱང་སྟོང་། རིག་སྟོང་ཆེན་པོར་ཡེ་གནས་ཀྱི་དོན་ལ། མ་བཅོས་རང་བབས་ཆེན་པོར་གཅེར་ཡན་དུ་བསྐྱངས་པས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གདོད་མའི་རང་ཞལ་རང་ཐོག་ཏུ་མཇལ་བ་དག་འབྱུང་སྟེ། རིག་པ་ཐ་མལ་གྱི་ཐོག་ཏུ་ཕྱིན་པའོ། །མཐར་ཕྱིན་བྱེད་པ་ལ་བརྩོན་འགྲུས་ཐང་ལྷོད་མེད་པ་ཞིག་གལ་ཆེ་བ་ནི་བརྒྱན་པ་ཞེས་པའི་དོན་ནོ། །དེ་ལྟར་ཉམས་ལེན་ལ་བརྩོན་པས། འབྲས་བུ་མངོན་དུ་གྱུར་པ་ཆོས་ཉིད་ཅེས་དང་། ཡེ་དབྱིངས་ཀྱིས་བརྒྱན་པའང་ཡིན་ཏེ། ཡེ་གདོད་མའི་ཤེས་པ་རང་ཚུགས་ཐུབ། རང་ལུས་ཀྱི་དབྱིངས་ལས་རང་བྱུང་གི་ཡེ་ཤེས་རྩལ་རྫོགས་ཏེ། སྐུ་གསུམ་འབྲས་བུའི་བཙན་ས་ཟིན་ནས་ཤུགས་འབྱུང་ཐུགས་རྗེའི་སྤྲུལ་པ་ཚད་མ་མཆིས་པས་སྲིད་མཐའི་བར་འགྲོ་དོན་རྒྱུན་མི་འཆད་པར་འབྱུང་བ་ནི་འབྲས་བུའི་དུས་ཀྱི་བརྒྱན་པའོཿ ཞེས་པའོ༔ ཞེས་གསུངས་སོ། །མངྒ་ལཾ། ཤུ་བྷམ། །ྀཨཚ། ༈ ཡིད་བཞིན་ནོར་མཆོག་གི་ཞལ་གདམས་རྒྱུན་གྱི་ཉམས་ལེན་ཁྲིགས་ཆགས་སུ་བྲིས་པ་བཞུགས་སོ། །སྙིགས་དུས་ཀྱི་འདྲེན་མཆོག་རཏྣ་སམྤནྣ་དྷརྨ་རཱ་ཛ་དང་། བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་ཞབས་ལ་ཕྱག་འཚལ་ལོ། །འདིར་ཡིད་བཞིན་ནོར་མཆོག་གི་ཞལ་གདམས་རྒྱུན་གྱི་ཉམས་ལེན་ལྟར་ཁྲིགས་ཆགས་སུ་བྲི་བར་བྱ་སྟེ། དང་པོ་སྔོན་འགྲོ་ནི། ཐོ་རང་མི་ཚིག་གིས་བར་མ་ཆོད་པའི་གཉིད་སད་འཕྲལ་དུ་ལུས་གནད་རྐང་པ་རེའུ་མིག་ཏུ་བསྣོལ། ལག་པ་ཐབ་མགལ་གྱི་ཕྱག་རྒྱ་བྱས། སྟེང་རླུང་ཅུང་ཟད་དྲངས་འོག་ཏུ་མནན་ཞིང་འོག་རླུང་ཅུང་ཟད་འཐེན་པ་དང་ཁ་སྦྱར། ལུས་གནད་ཅུང་ཟད་སྦྱར་བས་སྤྲུགས། རྗེས་རླུང་རོ་ལན་གསུམ་འབུད། དེ་རྗེས་ལུས་གནད་དེ་ལས་ཅུང་ཟད་དགྱེ་བའི་ངང་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། ༈ གཉིས་པ་དངོས་གཞི་ནི། རང་ལུས་ཕྱི་དབྱིབས་ཐུབ་པ་ཆེན་པོའི་རྣམ་པར་བསམས་ལ། ནང་སྟོང་རར་བསམ་པའི་ནང་དུ་དབུས་སུ་རྩ་དབུ་མ་ཁ་དོག་སྔོན་པོ་ཡར་སྣེ་གཙུག་ཏོར་ནོར་བུ་དང་། མར་སྣེ་གསང་གནས་སུ་སླེབ་པ། གཡས་སུ་རྐྱང་མ་དཀར་པོ་དང་། གཡོན་དུ་རོ་མ་དམར་པོ་གཉིས་ཡར་མར་སྣེ་དབུ་མ་དང་མཚུངས་པ། གསུམ་ཀ་སྦོམ་པ་མདའ་སྨྱུག་ཙམ་ནས་ཕྲ་བ་རྟ་རྔ་ཙམ་པ། ཡར་འོད་ཀྱི་སྐུད་པ་འཐེན་པ་ལྟ་བུར་བསྒོམས་པའི་གསང་གནས་སུ་ཆོས་འབྱུང་དམར་ནག །ལྟེ་བར་གྲུ་བཞི་སེར་པོ། སྙིང་གར་ཟུར་བརྒྱད་སྔོན་པོ། མགྲིན་པར་ཟླ་གམ་དམར་པོ། ཀླད་པ་དུང་ཁང་ཟླུམ་པོ་དཀར་པོ། གཙུག་ཏོར་བུམ་པར་ཆུ་ཤེལ་ལྟ་བུ་གྲུ་གསུམ་པ། གཙུག་ཏོར་ནོར་བུ་འཇའ་འོད་འཁྱིལ་པའི་གུར་ཁང་རྣམས་སུ་མས་ཡར་གནས་རྣམས་གསལ་བཏབ། ཡས་མར་རིམ་པ་བཞིན་བསྐྱེད་རྫོགས་ཀྱི་དམིགས་པ་གསལ་གདབ་པ་ནི། དང་པོ་སྲོག་བླའི་བསྐྱེད་རྫོགས་ནི། གཙུག་ཏོར་ནོར་བུའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར། བླ་མ་རིགས་ཀུན་འདུས་པའི་བདག་ཉིད་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་སྐུ་བདེ་བ་ཆེན་པོའི་ཉམས་དང་ལྡན་པ། འདབ་མ་རྣམས་ལ་མདུན་དུ་གྲུབ་ཆེན་ཏིལླི་པ་སྐུ་མདོག་སྔོན་པོ་དམར་བའི་མདངས་ལྡན་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ་རས་དཀར་གྱི་ཨང་རག་དང་། སྒོམ་ཐག་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་བླ་མ་སངས་རྒྱས་ཀྱི་མཚན་འབུམ་སྐྲ་གསེབ་ཏུ་འཆང་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། གཡས་སུ་མཁས་པ་ནཱ་རོ་པ་སྐུ་མདོག་སྨུག་ནག་མདངས་དང་ལྡན་པ། ཕྱག་གཉིས་གཡས་སྐྱབས་སྦྱིན། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། རས་དཀར་གྱི་ཨང་རག་དང་སྒོམ་ཐག་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་བླ་མ་སངས་རྒྱས་ཀྱི་མཚན་འབུམ་སྐྲ་གསེབ་ཏུ་འཆང་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། རྒྱབ་ཏུ་མངའ་བདག་མར་པ་ལོ་ཙཱ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། སྔགས་འཆང་རྡོ་རྗེ་འཛིན་པའི་ཆ་བྱད་ཅན། ཕྱག་གཡས་ཌཱ་མ་རུ་འཁྲོལ་ཞིང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། ཐུགས་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། གཡོན་གྱི་འདབ་མ་ལ་རྗེ་བཙུན་མི་ལ་རས་པ་སྐུ་མདོག་སྔོ་སངས་རས་དཀར་གྱི་ན་བཟའ་གསོལ་བ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ་ཞབས་ཕྱེད་སྐྱིལ་ཅན། ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་མངའ་བརྙེས་པར་བསམ། དེ་རྣམས་ཀྱི་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་ཚུར་བསྡུས་ཏེ་གཙོ་འཁོར་ཐམས་ཅད་ཀྱི་སྐུའི་བར་དང་ཕྱི་ནང་མེད་པར་འོད་ཕུང་དུ་བསམ་ཞིང་། མོས་གུས་གདུང་བ་དང་བཅས་པས་གཞུང་ལྟར་གསོལ་བ་གདབ། སྔགས་བཟླ་བའི་ཚེ་སྐུ་གསལ་བ་དང་བཅས་པས་སྲོག་ཐུར་གྱི་རླུང་ཐུན་རེ་དང་སྦྲགས་ལ། ཨོཾ་གུ་རུ་སརྦ་བུདྡྷ་བཛྲ་དྷྲྀཀ྄་ས་པ་རི་ཝཱ་ར་ཛྙཱ་ན་སིདྡྷི་ཕ་ལ་ཨཱཿཧཱུྃ། ཞེས་རླུང་ཐུབ་ཚད་གཅིག་གི་བར་སྔགས་ཡིད་ཀྱིས་བཟླ། མཐར་གཙོ་འཁོར་ཐམས་ཅད་འོད་ཀྱི་གོང་བུར་བསམ་ཞིང་ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱའོ།། ༈ གཉིས་པ་མ་རིག་འཇོམས་བྱེད་ནི། རང་གི་སྤྱི་བོའི་ཐད་གཙུག་ཏོར་བུམ་པའི་ནང་དུ་པདྨ་དཀར་པོ་འདབ་མ་བཞི་པའི་ལྟེ་བར་འཇམ་དཔལ་སྐུ་མདོག་དཀར་པོ་གཡས་རལ་གྲི་དང་གཡོན་ཐུགས་ཀར་པདྨའི་ཡུ་བ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་པུསྟི་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འདབ་མ་བཞི་ལ་དབྱངས་ཅན་མ་དཀར་མོ་ཙོག་པུས་པི་ཝང་སྦྲེང་བ་བཞིས་སྒྲ་སྙན་གྱིས་རྒྱུན་དུ་མཆོད་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས། འཇིག་རྟེན་ལས་འདས་པ་དང་མ་འདས་པའི་ས་ལ་བཞུགས་པ་རྣམས་ཀྱི་ཤེས་རབ་དང་། ངག་གི་དངོས་གྲུབ་གྲུབ་པ་རྣམས་ཀྱི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་གྱུར་ནས་གཙོ་འཁོར་བར་དང་ཕྱི་ནང་ཐམས་ཅད་འོད་ཕུང་གི་རྣམ་པར་བསམ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། སྐུ་གསལ་བས། ཧྲཱིཿཝཱ་གཱི་ཤྭ་རི་མུཾ༔ པྲཛྙཱ་སིདྡྷི་ཕ་ལ་ཧཱུྃ། ཞེས་སྲོག་རྩོལ་དང་བཅས་གོང་བཞིན། མཐར་སླར་རྫོགས་རིམ་དང་ཁྱབ་གསལ་སོགས་གོང་ལྟར་བྱའོ།། ༈ གསུམ་པ་ཚེ་སྒྲུབ་བདུད་རྩི་ཟླ་ཟེར་ནི། སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་སུ་པདྨ་དཀར་པོ་འདབ་མ་སུམ་ཅུ་སོ་གཉིས་པའི་ལྟེ་བར་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཚེ་བུམ་དང་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་ལ། ཡུམ་ཡིད་བཞིན་འཁོར་ལོ་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་ཨུཏྤལ་དང་། གཡོན་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཡུམ་གྱི་ཞབས་པདྨོའི་སྐྱིལ་ཀྲུང་གིས་འཁྲིལ་བ། འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རེ་རེའི་ལྟེ་བརཿཊཱྀ་དང་ཏཱཾ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པ། གཙོ་འཁོར་རྣམས་ལས་འོད་ཟེར་ཟླ་ཟེར་གྱི་རྣམ་པར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་ལྷ་མིའི་འཆི་མེད་རིག་འཛིན་གྲུབ་པ་རྣམས་ཀྱི་བྱིན་རླབས་བདུད་རྩི་ཟླ་ཟེར་གྱི་རྣམ་པར་སྤྱན་དྲངས། གཙོ་འཁོར་གྱི་བར་དང་ཕྱི་ནང་འོད་ཕུང་གི་རྣམ་པར་བསམ། འདོད་པའི་དོན་ལ་གསོལ་བ་གདབ། སྐུ་རྣམས་གསལ་བས། ཨོཾ་ཨ་པ་ར་མི་ཏ༔ཏཱ་ར་དེ་ཝཱི་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྲོག་རྩོལ་དང་བསྟུན། མཐར་རྫོགས་རིམ་རགས་པ་སོགས་གོང་ལྟར་བྱ། ༈ བཞི་པ་དབང་སྡུད་ཞགས་དམར་གྱི་གདམས་པ་ནི། མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ལྷ་མོ་ཀུ་རུ་ཀུལླེ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ་ལིང་ངེ་ཕྱོགས་བཅུར་མདའ་འཕེན་པའི་ཚུལ་རུས་པ་དང་རཏྣས་བརྒྱན་པ། འདབ་མ་རྣམས་ལ་ཞགས་པ་དམར་པོ་ཧྲཱིཿས་མཚན་པ་གཙོ་འཁོར་རྣམས་ལས་འོད་ཟེར་འཕྲོས། སྲིད་པ་གསུམ་ན་གནས་པའི་འགྲོ་བ་ཕོ་མོ་དང་། དེ་དག་གི་འདོད་དགུ་དང་ཡོན་ཏན་ལྔ་སོགས་གང་འདོད་བཀུག་སྟེ། བསྟིམ་ཞིང་གཙོ་འཁོར་གྱི་བར་དང་ཕྱི་ནང་མེད་པར་འོད་ཕུང་གི་རྣམ་པར་བསམ། འདོད་པའི་དོན་ལ་གསོལ་བ་གདབ་ལྷར་གསལ་བས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ཝ་ཤཾ་ཀུ་རུ་ཧོཿ ཞེས་སྲོག་རྩོལ་དང་སྦྱར་མཐར་རྫོགས་རིམ་རགས་པ་སོགས་གོང་ལྟར་བྱའོ།། ༈ ལྔ་པ་ཡི་དམ་འཁོར་ལོ་སྡོམ་སྙིང་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། གཡས་ན་རིན་པོ་ཆེ་དབང་གི་རྒྱལ་པོ་དང་། གཡོན་ན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པས་འཇིགས་དུས་མནན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། གཡས་རྡོ་རྗེ་དང་གཡོན་ཐོད་པ་རིན་ཆེན་ཙིཏྟ་འབར་བས་བརྒྱན་པ་བསྣམས་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཐོད་པ་སྐམ་རློན་དང་སྟག་ཤམ་གྱི་རྒྱན་སོགས་སྤྱི་ལྟར། ཡབ་ཀྱི་དབུ་སྐྲ་ཕྱེད་བཅིང་དང་། ཡུམ་གྱི་དབུ་སྐྲ་སིལ་བུར་གྲོལ་བའི་སྤྱི་བོའི་ཐད་ཀྱི་གསེབ་ཏུ་ནོར་བུ་དབང་རྒྱལ་རེ་རེས་མཚན་པ། འདབ་མ་རྣམས་ལ་ཐོད་པ་རིན་པོ་ཆེ་ཙིཏྟ་འབར་བས་མཚན་པ། རེ་རེའི་དབུས་སུ་ཧཱུྃ་དང་བཾ་མཐིང་དམར་གྱིས་བརྒྱན་པ། གཙོ་འཁོར་རྣམས་ལས་འོད་ཟེར་འཕྲོས་པས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་པ་རྣམས་ལ་ཕོག །ཐུགས་རྗེ་དང་བྱིན་རླབས་བསྡུས་ཏེ་འོད་ཟེར་སྔོ་དམར་གྱི་རྣམ་པར་སྤྱན་དྲངས། གཙོ་འཁོར་གྱི་བར་དང་ཕྱི་ནང་མེད་པར་འོད་ཕུང་གི་རྣམ་པར་བསམ། འདོད་པའི་དོན་ལ་གསོལ་བ་གདབ། ལྷར་གསལ་བས། ཨོཾ་ཤྲཱི་ཙཀྲ་སཾ་བྷ་ར་བུདྡྷ་ཌཱ་ཀི་ནཱི་ཙིཏྟ་མ་ཎི་སིདྡྷི་ཕ་ལ་ཧཱུཾ། ཞེས་སྲོག་རྩོལ་དང་སྦྱར་མཐར་རྫོགས་རིམ་རགས་པ་སོགས་གོང་ལྟར་བྱ། ༈ དྲུག་པ་ནོར་སྒྲུབ་ཡིད་བཞིན་ནོར་བུ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་པདྨ་དམར་པོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་གེ་སར་གྱི་སྟེང་དུ་གསེར་གྱི་དགའ་བ་འཁྱིལ་བའི་དབུས་སུ་རྣམ་སྲས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་གཡས་ནོར་བུ་བཻ་ཌཱུརྻ་འབར་བ་དང་། གཡོན་ལྕགས་ཀྱུ་འཛིན་པ། སྐུ་ལ་རུས་པ་དང་རཏྣས་བརྒྱན་པ། ཞབས་ཕྱེད་སྐྱིལ་གྱིས་འགྱིང་བ་དང་བཅས་པ། འདབ་མ་རྣམས་ལ་ནོར་བུ་འབར་བ་རེ་རེའི་ལྟེ་བར་བཻ་གསེར་གྱི་མདོག་ཅན་གྱིས་བརྒྱན་པ། གཙོ་འཁོར་རྣམས་ལས་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཕྱྭ་གཡང་ཐམས་ཅད་ལ་ཕོག །དེ་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་ཆར་བཞིན་བབས་ཤིང་གཙོ་འཁོར་གྱི་བར་དང་ཁོར་ཡུག་ཐམས་ཅད་འོད་ཕུང་གིས་གང་། འདོད་པའི་དོན་ལ་གསོལ་བ་གདབ། སྐུ་གསལ་བས། ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦྦ་སྭསྟི་མངྒ་ལ་སིདྡྷི་ཕ་ལ་ཧཱུྃ། ཞེས་རླུང་དང་སྦྱར་མཐར་རྫོགས་རིམ་རགས་པ་སོགས་གོང་ལྟར་བྱའོ།། ༈ བདུན་པ་བཀའ་སྲུང་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ནི། གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས། ཁྲོ་ལས་གྲུབ་པའི་བྲག་ཚ་ལ་རྩུབ་པ་འཁོར་ཡུག་ཏུ་ཡང་བསྐོར་བ། དེའི་དབུས་སུ་མགོན་པོ་སྒྲོལ་བྱེད་དུར་ཕག་ནག་པོའི་གདོང་པ་ཅན་ཕྱག་གཉིས་གཡང་གཞི་རང་སྔགས་ཀྱིས་བརྒྱན་པ་ནམ་མཁའ་ལ་ཕྱར་བ། དེ་ལས་ནད་དང་མཚོན་ཆ་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བ་བསྣམས་པ། སྐུ་དང་ཡན་ལག་ཀླུ་གདོལ་པས་བརྒྱན་པ། མདུན་དུ་ཁྲོ་ཆུའི་ཕ་བང་གི་སྟེང་དུ་གཤིན་རྗེ་ཨ་བ་གླང་མགོ་ཅན་གཡོན་ལྕགས་ཀྱུ་དང་གཡས་ཐོད་དབྱུག་གདེངས་པ། གཡོན་ཕྱོགས་སུ་ཤན་པ་རའི་མགོ་ཅན། གཡོན་སྐམ་པ་དང་གཡས་གསལ་ཤིང་འཛིན་པ་གཉིས་ཀྱིས་བྱད་མ་གང་ཡིན་པ་བཀུག་པའི་དུས་སུ་ཨ་ཝ་གླང་མགོས་ལྕགས་ཀྱུས་སྙིང་ནས་བཟུང་། དབྱུག་པས་རྒྱབ་ནས་དེད་ཅིང་བཀུག །ཤན་པ་ར་མགོས་སྐམ་པ་དང་གསལ་ཤིང་གིས་རྐང་པ་གཉིས་བརྒྱངས། ཨ་ཝ་གླང་མགོས་སླར་ལྕགས་ཀྱུས་ལག་པ་གཉིས་བརྒྱངས་པ་ལ། དམིགས་བྱ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བསྟན་པ་ལ་གནོད་པ་དང་། གཞན་ཡང་ཆོས་བྱེད་རྣམས་ཀྱི་སྤྱི་དགྲ་སྒོས་དགྲ་བྱད་མ་བན་བོན་ཐམས་ཅད་བཀུག་སྟེ་བསྟིམ། དགུག་གཞུག་བྱ། དེ་རྣམས་ཀྱི་ལྷ་སྲུང་རྣམས་ཁོ་རང་གི་བདུད་དུ་བབས་ཏེ་ལས་བྱེད་པར་བསམ། སྔགས་བཟླ་བའི་ཚེ་གཡང་གཞི་ལས་ནད་དང་མཚོན་ཆའི་ཆར་པ་དང་ཁྲོ་ཆུའི་ཚྭ་ཚྭ་མེ་དཔུང་ལྟ་བུ་ཐོག་ལྟར་ལྷུང་བ་དམིགས་བྱ་ལ་ཕོག་པས་གཞོབ་ཏུ་ཐུལ་ཚིག་པར་བསམ། དབུས་སུ་བསྐྱེད་པ་དེ་བཞིན་ཕྱོགས་བཞིར་ཡང་བསྒོམས་ལ། ཕྱོགས་བཞི་ནས་འཇིག་རྟེན་དང་འཇིག་རྟེན་འདས་པའི་ཆོས་སྐྱོང་ཐམས་ཅད་ཀྱི་ནུས་པ་འོད་ཟེར་གྱིས་བསྡུས་ཏེ་གཙོ་འཁོར་རྣམས་ལ་བསྟིམ་ཞིང་མེ་དཔུང་གི་རྣམ་པ་སྐར་མདའ་འཁྲུགས་པ་ལྟར་བསམ། ལྷར་གསལ་བས། ཨོཾ་བཛྲ་རཀྴ་ཧ་ལ་ནག་པོ་ཀཱ་ལ་རཱུ་པ་ས་མ་ཡ་དགྲ་བགེགས་མཱ་ར་ཡ་རྦད། ཅེས་སྲོག་ཐུར་སྦྱར་རྗེས་སུ་གཡང་གཞི་བརྡབས་པས་དགྲ་བོ་ཐལ་བར་བརླག་པར་བསམས་ལ་ཐལ་མོ་བརྡབ། དེའི་ཤ་ཁྲག་རྣམས་གཏོར་མར་བསམ། ཨོཾ་ཨཱཿཧཱུྃཿགསུམ་གྱིས་བྱིན་བརླབས་ལ་གོང་གི་སྔགས་ཧ་ལ་ནག་པོའི་མཐར། ཡ་རཾ་ཛྭ་ལ་ཨེ་ཡ་མ་ཨ་ཝ་རཀྴ་སརྦ་བིགྷྣཱན་གནོད་བྱེད་དགྲ་བགེགས་ཤ་ལ་མ་ཝ་རུ༔ རཀྴ་ར་མ་གྷོ༔ རཀྴ་རུ་རཀྴ༔ ཏེ་ཙོ་ཨ་ཨེ་ཧུར་ཐུམ་སྙིང་ལ་མཱ་ར་ཡ་རྦད༔ ཏྲི་དུ་རཱ་ཙ་ཕཊ་ཨེ་བཾ་ལཾ་བཾ་རིལ་རྦད༔ ས་པ་རི་ཝཱ་ར་ཁཱ་ཧིཿ བཏགས་པ་གསུམ་གྱིས་འབུལ། འདོད་པའི་དོན་ལ་གསོལ་བ་གདབ། མཐར་ཕྱོགས་བཞིའི་འཁོར་ལོ་རྣམས་གཙོ་བོ་ལ་ཐིམ། གཙོ་བོ་རྣམས་ཀྱང་བྲག་རིར་ཐིམ། དེ་རྣམས་ཀྱང་ཁྲོ་ཆུར་ཞུ་སྟེ་དབུས་ཀྱི་འཁོར་རྣམས་ལ་ཐིམ། འཁོར་རྣམས་ཀྱང་ཁྲོ་ཆུར་ཞུ་སྟེ་གཙོ་བོ་ལ་ཐིམ། གཙོ་བོ་ཡང་ཁྲོ་ཆུའི་རང་བཞིན་མེ་འོད་ཚ་ལ་རྩུབ་པ་ཚྭ་ཚྭ་འཕྲོ་བཞིན་པ་དམར་ཧྲི་ལི་ལི་བསྒོམ་མོ། ༈ །གསུམ་པ་མཇུག་བསྡུ་བའི་རིམ་པ་ནི། གཙུག་ཏོར་ནོར་བུའི་འོད་ཕུང་ཁ་དོག་ལྔ་རྩ་གསུམ་དང་བཅས་པ་དབྱེར་མེད་དུ་འདྲེས་པ་ཆར་བབས་པ་འོད་ཕུང་དཀར་པོ་དང་འདྲེས། དེ་ཡང་སྔར་བཞིན་མར་བབས་པ་སྤྱི་བོའི་འོད་ཕུང་དང་འདྲེས། དེ་ཡང་སྔར་བཞིན་མགྲིན་པའི་འོད་ཕུང་སྟེ། དེ་རྗེས་གསང་གནས་ཀྱི་མེ་འོད་རྩ་གསུམ་དང་བཅས་པ་ལྟེ་བའི་འོད་ཕུང་ལ་ཡར་ཐིམ། དེ་ཡང་གོང་བཞིན་སྙིང་གའི་འོད་ཕུང་དང་འདྲེས་སྟབས་ཅིག་ཏུ་མགྲིན་པའི་འོད་ཕུང་ཡང་གོང་ལྟར་མར་བབས་མཉམ་དུ་སྙིང་གར་བསྲེ། དེ་ནས་དམིགས་པ་མ་གསལ་གྱི་བར་སྲོག་ཐུར་གྱི་རླུང་འཛིན་པ་དང་སྦྱར་ཏེ། རང་ལུས་ནང་འོད་ཕུང་ལ་ཕྱི་དབྱིབས་ཐུབ་པའི་སྐུར་གསལ་བ་ལ་དམིགས། དེ་ནས་དེར་འཛིན་ཀྱང་མི་དམིགས་པ་ཕྱི་ནང་སྣོད་བཅུད་ཐམས་ཅད་འཇའ་འོད་ཀྱི་ཡིད་ལུས་སུ་རོ་གཅིག་པར་བལྟས་ཏེ་ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ཀྱིས་བརྒྱན་པར་བྱ། དེ་ནས་ནི་མེད་དགག་གི་འཇོམས་ལྟ་མི་དགོས་ཏེ་འཇའ་ཚོན་དེ་ཉིད་ཀྱི་ངང་ལ་བཞག་པས་ངོ་བོའི་རང་ཞལ་མཐོང་བ་ལ་གེགས་མེད་ཅིང་མྱུར་ཁྱད་འཇའ་ལུས་སུ་འཆར་རོ། །ཐུན་མཚམས་སྤྱོད་ལམ་ཀུན་ཏུ་ཚོགས་དྲུག་གི་སྣང་ཆའི་སྒོ་གང་ཤར་ཐམས་ཅད་སྒྱུ་མ་འཇའ་ཚོན་དུ་བྱས་ཏེ། གཟུགས་སུ་སྣང་བ་ཐམས་ཅད་འཇའ་ལུས་སྣང་སྟོང་། སྒྲ་ནི་འཇའ་འོད་སྟོང་པའི་རང་སྒྲ །དྲི་ནི་འཇའ་ཚོན་རང་སྟོང་གི་དྲི། རོ་ནི་འཇའ་མཚུངས་འཛིན་མེད་ཀྱི་རོ། རེག་བྱ་ཡང་མཛེས་དབང་པོའི་གཞུ་ཚོན་ཁོ་ན་ཉིད་དུ་ངེས་པར་བྱ་སྟེ་བསྒོམས་པས་དེ་ལྟར་མྱུར་དུ་འཆར་རོ། །རྟགས་ཚད་ནི། དང་པོ་རྣམས་སུ་སྒྲིབ་པ་དག་པ་དང་། ཕྲིན་ལས་བཞིའི་རྟགས་འབྱུང་ཞིང་། རྗེས་རྣམས་སུ་ཉིན་མཚན་གྱི་སྣང་ཆ་གང་ལའང་ཉམས་རྟོགས་ཁོ་ན་ཉིད་ཀྱིས་དུས་འདའ་སྟེ། དེའི་ཚེ་མཐོ་དམན་གྱི་ཉམས་ཇི་ལྟར་ཤར་ཡང་རྩེ་གཉིས་ཀྱི་བློ་སྤངས་ཏེ་འདི་ཉིད་ཀྱི་ཉམས་ལེན་ལ་གནད་དུ་གང་འཕྲོད་བགྱིས་པས་ས་ལམ་གྱི་རྩིས་གདབ་མི་འཚལ་བར་སྒྱུ་ལུས་འདི་ཉིད་མངོན་སུམ་འཇའ་ལུས་སུ་སངས་རྒྱས་པའོ། ༈ །དེ་དག་གི་རྗེས་སུ་ཕོ་ཉའི་ལམ་མདོར་བསྡུས་པ་ཀུནྡ་ལུས་རྒྱས་བདེ་བ་དང་། འཕོ་བ་སྐར་མདའ་བསམ་མེད་གཉིས་ལས། དང་པོ་ནི་གང་མེད་དགག་སྤང་བའི་འཇའ་ཚོན་གྱི་ངང་ལ་བཞག་པ་དེ་ཉིད་ཀྱི་རྗེས་སུ་ལུས་གནད་རྐང་པ་གོང་ལྟར་ལ། ལག་པ་གཉིས་གྲུ་མོ་པུས་མོའི་ཁར་བསླངས་ནས་དཔྲལ་བར་ཐལ་མོ་སྦྱར་ཏེ། དམིགས་པ་ནི། རང་ལུས་ཐ་མལ་ཁང་སྟོང་གི་དབུས་སུ། ཐིག་ལེ་བྱང་སེམས་དཀར་ལ་དམར་བའི་མདངས་དང་ལྡན་པ་ཆེ་ཆུང་བྱ་ཆེན་གྱི་སྒོ་ང་ཙམ་དུ་གསལ་གདབ། སྲོག་ཐུར་གྱི་རླུང་ཁ་སྦྱོར་ཏེ་མནན་པས་བསྣུན་ཞིང་། དེ་ཉིད་ལ་རྟེན་ཐིག་ལེ་ལས་བྱང་སེམས་ཀྱི་རྒྱུན་བབས་ལུས་ནང་ཁེངས་ཞིང་ལུས་མདོག་དུང་དཀར་སྲིན་མེད་ལྟར་གྱུར་པའི་ཕྱིར་སྡིག་སྒྲིབ་བསྟིམ། ཐམས་ཅད་དྲེག་པ་སྣུམ་གྱིས་སྦགས་པ་ལྟ་བུར་གོས་པ་ཀུན་ནང་གི་བྱང་སེམས་རླུང་གིས་བསྐུལ་བ་ལས་དྲོད་སྐྱེས་ཏེ། ཕྱི་རོལ་གྱི་ལུས་དྲེག་ནག་ཉིལ་ཕུད། ལུས་ལ་བདེ་སྟོང་གི་ཉམས་མྱོང་ཁྱད་པར་ཅན་སྐྱེས་ཏེ། བདེ་ཕྲིལ་ཕྲིལ་བདེ་ཆམ་ཆམ་སོང་བའི་དམིགས་པ་དང་བཅས་པའི་ངང་ནས་ལུས་ཀུན་བཀྲུ་བའི་འཁྲུལ་འཁོར་ལན་གསུམ་བྱའོ། །དེ་ལྟར་འབད་པ་དང་གནས་སྐབས་སུ་ལུས་ལ་དྲི་མ་མི་ཆགས་ཤིང་ཡང་རྩལ་ཆེ་བ་དང་། གཟི་འོད་འབར་ཞིང་སྟོབས་ཤུགས་དང་ལྡན་པ་འབྱུང་། མཐར་ཐུག་ཀུནྡ་ལུས་ལ་རྒྱས་པ་དང་། ཡོན་ཏན་འཆར་བ་སླ་ཞིང་མཚུངས་མེད་འཇའ་ལུས་གྲུབ་པར་ཉེ་བ་ཡིན་ནོ། ༈ །གཉིས་པ་ལ་གཉིས། སྦྱང་བ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། རང་ལུས་ཅི་ཡང་མི་དམིགས་པའི་ངང་ལས། རྩ་དབུ་མ་ཁ་དོག་སྔོན་པོ་ཕྲ་སྦོམ་སྦ་ལྕག་ཙམ་པ་རིང་ཐུང་འདོམ་གང་གི་ཚད་ལྡན་ནང་སྲུབས་ཡངས་པ་དང་བཅས་པ། མས་འཐིལ་རང་གྲུབ་ཀྱིས་བཅད་པ་སྟོང་སྦུབས་ཀྱི་སྣ་ཡང་ཚིགས་ཀྱིས་བཅད་པ་ལྟ་བུའི་དབུས་སུ་བུག་པ་ཅུང་ཟད་དང་བཅས་པ། དེའི་མ་གདན་གྱི་ནང་དུ་རང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་བྱེའུའི་སྒོ་ང་ཙམ་སྐར་ཆེན་ཤར་བ་ལྟ་བུ་ཞིག་བསམ། སྟེང་རླུང་མནན་ཅིང་རྒྱབ་རླུང་འཐེན་ནས་སླར་རླུང་མིག་སེམས་གསུམ་གྱེན་དུ་གཏད་པ་དེ་ཉིད་བུག་པ་ལས་བརྒྱུད། ནང་དུ་འདྲིལ་ཞིང་སྦུད་པ་ལས་ཐིག་ལེ་སྦར་ཏེ་སྟེང་གི་བུག་པ་ལ་ཐུག་པ་དེ་ཡང་རླུང་གིས་ཆེར་སྦར་བས་སྟེང་དུ་བུད་ལ་ཁད་དུ་བསམ། ཡང་རླུང་ཕྱིར་དབྱུང་བའི་ཚེ་ཐིག་ལེ་མར་བབ་པར་བསམ། དེ་ལ་གོམས་པས་སྤྱི་བོ་ཟ་ཞིང་ན་བ་དང་ཤུ་ཐོར་འབྲུམ་བུ་སོགས་འབྱུང་། དེ་ལྟར་བྱུང་ཚེ་བརྩོན་པ་ཅུང་ཟད་དོར། དེ་ནི་སྦྱང་བའོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས། དང་པོ་རྟེན་ཅན་ནི། དམིགས་པ་གཞན་རྣམས་གོང་དང་འདྲ་བ་ལས། དབུ་མའི་ཡར་སྣེ་ཟང་ཐལ་དུ་བྱས། རླུང་དང་སྦྱར་ནས་ཐིག་ལེ་ཡར་འགྲོ་བ་དང་སྟབས་ཅིག་ཏུ་དབུ་མ་ཡང་བསྡོགས་ནས་མཉམ་དུ་འདྲེས་པ་སྐར་མདའ་འཕངས་པ་ལྟར་སྒྲོལ་མ་སོགས་འདོད་པའི་ལྷའི་ཐུགས་ཀར་འཕང་ངོ་། །གཉིས་པ་རྟེན་མེད་ནི། གཞན་རྣམས་གོང་དང་འདྲ་བ་ལ་ལྷའི་ཐུགས་ཀར་མི་འཕང་ལ་དབྱིངས་རིག་བསྲེ་བའོ། །དེ་གཉིས་གང་ལ་ཕྱི་མིག་མི་བལྟ་བ་གནད་དུ་ཆེའོ། །དེ་ལྟར་ཟབ་ཆོས་ཡིད་བཞིན་ནོར་མཆོག་གི་ཞལ་གདམས་རྒྱུན་གྱི་ཉམས་ལེན་སླར་ཁྲིགས་ཆགས་བྱས་པ་འདི་ལ་ཆོས་འདི་དོན་དུ་གཉེར་བ་རྣམས་ཀྱིས་ཉམས་སུ་བླང་བདེ་བའི་ཕྱིར་དང་། རིགས་བསྡུས་དམིགས་དབང་གི་སྐབས་ཀྱང་ཁྱེར་བདེ་བའི་ཕྱིར་ཁྲིགས་ཆགས་བཀླག་ཆོག་ཏུ་བྱས་ཤིང་། དེ་མཐར་ཀུནྡ་ལུས་རྒྱས་བདེ་བ། འཕོ་བ་སྐར་མདའ་བསམ་མེད་གཉིས་ཀྱང་ཟབ་ཆོས་འདིའི་ཕོ་ཉའི་ལམ་ཐུན་མོང་མ་ཡིན་པར་འདོགས་པས་བྲེང་ཆགས་སུ་བསྒྲིགས་པ་ཡིན་གྱི་ཚུལ་འདི་རྣམས་གཞུང་ཆུང་སོ་སོར་ཞལ་གདམས་སོགས་རང་རང་གི་གཞུང་སོར་བཞག་སྟེ་ཁྲིགས་སུ་བསྒྲིགས་པ་མ་གཏོགས། རང་བཟོ་དང་ཕྲི་བསྣོན་འབད་སྦྱར་སོགས་རས་གཅོད་གཟུ་ལུམ་སྤུ་ཙམ་ཡང་མེད་པ་ཁོ་ན་ཉིད་དོ། །ཞེས་པའང་འབྲི་ཁུང་སྐྱུ་རའི་གདུང་ལས་བཅུ་གཉིས་པའི་ཐོག་ཏུ་གནས་པ་ཆོས་ཀྱི་གྲགས་པས་མེ་བྱ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ལ་བྱེ་རི་སྟག་རྣམ་རྫོང་ཁར། དོན་གཉེར་འགའ་ཞིག་ལ་ཆོས་འདིའི་ཟབ་ཁྲིད་བགྱིས་ཚེ་ལྷག་པའི་བསམ་པ་དཀར་པོས་བགྱིས་པ་ཁོ་ནའོ།། ༈ ཡིད་བཞིན་ནོར་མཆོག་གི་འདོད་གསོལ་བཞུགས། ཡིད་བཞིན་ནོར་མཆོག་གི་རྒྱུན་ཁྱེར་གྱི་འདོད་གསོལ་སྐབས་སྲོག་ཟླར། བདག་སོགས་མཁའ་མཉམ་འགྲོ་ཀུན་མ་ལུས་པའི། །སྒྲིབ་གཉིས་བག་ཆགས་བར་གཅོད་ཀུན་ཞི་ཞིང་། །དབང་བཞིའི་ཆུ་བོས་སྨིན་ཅིང་རབ་གྲོལ་ནས། །བྱིན་རླབས་དངོས་གྲུབ་མཆོག་ཀུན་ཐོབ་པར་ཤོག །ཅེས་དང་། འཇམ་དཔལ་ལ། བདག་སོགས༴ སྒྲིབ་གཉིས༴ བཀའ་དང་བསྟན་བཅོས་ཆོས་ཀུན་དོན་རྟོགས་ནས། །བློ་གྲོས་སྤོབས་པ་མི་ཟད་རྒྱས་གྱུར་ཅིག །ཚེ་ལྷར། བདག་སོགས༴ སྒྲིབ་གཉིས༴ བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་གྱུར་ཏེ། །གཞོམ་མེད་ཚེ་མཆོག་རྡོ་རྗེའི་སྐུར་འགྲུབ་ཤོག །དབང་སྡུད་ལ། བདག་སོགས༴ སྒྲིབ་གཉིས༴ མོས་བཞིས་ཁམས་གསུམ་ཆོས་ནོར་སྐྱེ་དགུ་ཀུན། །མ་ལུས་བདག་གི་དབང་དུ་འགྱུར་བར་ཤོག །ཡི་དམ་ལ། བདག་གི༴ སྒྲིབ་གཉིས༴ རིམ་གཉིས་མཐར་ཕྱིན་ཚོགས་གཉིས་ཡོངས་རྫོགས་ཤིང་། །དངོས་གྲུབ་རྣམ་གཉིས་འབད་མེད་ཐོབ་པར་ཤོག །ནོར་ལྷ་ལ། བདག་སོགས༴ སྒྲིབ་གཉིས༴ དབུལ་ཕོངས་བཀྲེས་པའི་འཇིགས་པ་ལས་གྲོལ་ཏེ། །མི་ཟད་ནམ་མཁའ་མཛོད་ལ་སྤྱོད་པར་ཤོག །བཀའ་སྲུང་ལ། བདག་སོགས༴ སྒྲིབ་གཉིས༴ ཞིང་བཅུ་བྱད་མ་དགྲ་གདོན་བར་གཅོད་ཀུན། །དྲག་པོའི་ལས་ཀྱིས་གཏན་ནས་བརླག་པར་མཛོད། ཅེས་པ་རྣམས་དཀོན་མཆོག་ཚེ་བརྟན་གྱིས་བསྐུལ་བར་འབྲི་བན་ཀརྨ་བྷ་དྲས་བྲིས་པའོ། སརྦ་མངྒ་ལཾ།། །།
ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་བརྒྱུད་འདེབས་ (Volume 20, Text 42)
ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་བརྒྱུད་འདེབས་བཞུགས་སོ། །ཀུན་ཁྱབ་གདོད་མའི་རྒྱལ་བ་ཚེ་མཐའ་ཡས། །འགག་མེད་སྙིང་རྗེའི་གཏེར་ཆེན་པད་དཀར་འཆང་། །གང་འདུལ་ཐུགས་རྗེའི་བདག་ཉིད་པདྨ་འབྱུང་། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཡིད་འཛིན་དབང་མོ་ལས་དབང་དྲག་མོ་རྩལ། ཁྲི་སྲོང་ཡབ་སྲས་ལྷ་སྲས་མཆོག་གྲུབ་རྒྱལ། །ལོ་པཎ་རིག་འཛིན་གྲུབ་བརྙེས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་འཆི་མེད་གླིང་། །བཀའ་བབས་མཆོག་གྱུར་རྡོ་རྗེ་ཆེ་མཆོག་རྩལ། །ལུང་ཟིན་ཆོས་བདག་བརྒྱུད་འཛིན་ཚོགས་བཅས་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །པདྨ་བཀོད་ཞིང་འབུམ་ཕྲག་མཁའ་འགྲོའི་གླིང་། །རྒྱས་བཏབ་ཡང་ཟབ་འཆི་མེད་གདམས་པའི་ཆོས། །བཀའ་སྐྱོང་དྲེགས་ཚོགས་དམ་ཅན་སྲུང་མ་ལ། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །འགྲོ་ལ་རྗེས་བརྩེ་བཟོད་མེད་གདུང་ཤུགས་ཀྱིས། །མི་ཕྱེད་རྩེ་གཅིག་གསོལ་བཏབ་བདེན་པའི་མཐུས། །སྣོད་བཅུད་འཆི་མེད་ལྷ་ཡི་སྐུ་དང་ཞིང་། །སྒྲ་གྲགས་ནཱ་དའི་རང་བཞིན་སྐྱེ་མེད་དབྱངས། །འཁྲུལ་སྣང་ཆོ་འཕྲུལ་འཁྲུལ་མེད་དབྱིངས་སུ་སངས། །ཆམ་གཅིག་འཆི་མེད་བཙན་ས་ཟིན་པར་ཤོག །ཅེས་ལམ་འདིར་མོས་པས་བརྩོན་སྐབས་སྔགས་བན་མི་བསྐྱོད་རྡོ་རྗེས་རྩེ་གཅིག་གསོལ་བ་བཏབ་པའི་ཡི་གེ་པ་ནི་ཉི་མ་བཟང་པོས་བགྱིས་པ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག ༈ །བསྡུས་པ་ནི། མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་བདག །འཆི་མེད་རིག་འཛིན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྣང་གྲགས་རིག་གསུམ་པོ། །བླ་མའི་སྐུ་གསུང་ཐུགས་སུ་རྟོགས་པར་ཤོག །ཅེས་པ་འདི་ནི་གར་དབང་ཨོ་རྒྱན་འཆི་མེད་གླིང་པས་མཛད་པའོ།།
སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གུ་རུ་དྲག་པོའི་སྨད་ལས་རྟ་མགྲིན་ལ་སྦྱོར་སྐབས་ཁ་སྒྱུར་ (Volume 3, Text 42)
སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གུ་རུ་དྲག་པོའི་སྨད་ལས་རྟ་མགྲིན་ལ་སྦྱོར་སྐབས་ཁ་སྒྱུར། ཕོ་ཉ་སྐུལ་བར། པདྨ་དྲག་པོའི་འགུགས་བྱེད་སོགས་ལ། རྟ་མཆོག་རོལ་པའི་ཞེས་བསྒྱུར། ཟློག་པའི་སྐབས། པདྨ་དྲག་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཞེས་པར། རྟ་མཆོག་རོལ་པའི་ལྷ་ཚོགས༴ ཞེས་དང་། རིགས་ཀྱི་གཙོ་བོ་བླ་མ་དྲག་པོ་རྩལ༔ ཞེས་པར། རྟ་མཆོག་ཧེ་རུ་ཀཿ ཞེས་བསྒྱུར། དེས་མཚོན་ཏེ། རྟ་མཆོག་རོལ་པའི་ཤེས་རབ་དཀྱིལ་འཁོར་ནས༔ སོགས་དང་། རྟ་མཆོག་རོལ་པའི་བདེ་ཆེན་འཁོར་ལོ་ནས༔ འཁོར་འདས་ཟིལ་གནོན་འཇམ་དཔལ་གཤིན་རྗེའི་གཤེད༔ སོགས། རྟ་མཆོག་རོལ་པའི་ལོངས་སྤྱོད་འཁོར་ལོ་ནས༔ འཁོར་འདས་དབང་སྒྱུར་པདྨ་ཧེ་རུ་ཀ༔ སོགས། རྟ་མཆོག་རོལ་པའི་ཆོས་ཀྱི་འཁོར་ལོ་ནས༔ འཁོར་འདས་ཁྱབ་བདག་ཡང་དག་ཧེ་རུ་ཀ༔ སོགས། རྟ་མཆོག་རོལ་པའི་སྤྲུལ་པའི་འཁོར་ལོ་ནས༔ འཁོར་འདས་ཀུན་ཁྱབ་བླ་མེད་ཧེ་རུ་ཀ༔ སོགས། རྟ་མཆོག་རོལ་པའི་བདེ་སྐྱོང་འཁོར་ལོ་ནས༔ འཁོར་འདས་རྩལ་འཆང་བཛྲ་ཀཱི་ལ་ཡ༔ སོགས། པདྨ་ཁྲག་འཐུང་འཁོར་ལོའི་དབུས་ཕྱོགས་ནས༔ འཁོར་འདས་ལྷུན་གྲུབ་བུདྡྷ་རྟ་མཆོག་དཔལ༔ དེ་བཞིན་དུ། བཛྲ། རཏྣ། པདྨ། ཀརྨ། ལ་སྦྱར། པདྨ་ཁྲག་འཐུང་དཀྱིལ་འཁོར་བར་ཁྱམས་ནས༔ ལ། རྟ་མཆོག་རོལ་པའི་དཀྱིལ་འཁོར་ ཞེས་བསྒྱུར་མ་བསྒྱུར་གང་ཡང་རུང་། ཟོར་འཕང་སྐབས། རྟ་མཆོག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཞེས་བསྒྱུར་བ་ཙམ་གྱིས་འཐུས་ཤིང་། སྔགས་རྟ་མགྲིན་སྒྲུབ་སྔགས་ལ་ཟློག་སྔགས་བཏགས།། །།
གཏེར་གསར་སྔགས་སྲུང་མའི་མདོས་ཀྱི་ལས་རིམ་སྒོ་ནས་མ་མོའི་འཁྲུགས་སྐོང་ཕྲིན་ལས་འདོད་འཇོ་ (Volume 39, Text 42)
༄༅། །གཏེར་གསར་སྔགས་སྲུང་མའི་མདོས་ཀྱི་ལས་རིམ་སྒོ་ནས་མ་མོའི་འཁྲུགས་སྐོང་ཕྲིན་ལས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ཨཱངྒུ་པ་ཤྱ་ཧོ། རྒྱལ་བ་ཀུན་ཡུམ་ཌཱ་ཀི་ནཱི། །སྔགས་སྲུང་ཨེ་ཀ་ཛཱ་ཊི་མ། །མདོས་ཀྱིས་བསྐང་ཞིང་ཉམས་ཆག་ཀུན། །བཤགས་པའི་ལས་རིམ་མདོ་ཙམ་བྲི། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། ཉེར་དགུ་སོགས་ཁྱད་པར་ཅན་གྱི་དུས་གང་དུ་བྱ་བའི་གནས་གཙང་མར་སྟེགས་བུ་ལ་འབྲུ་སྣའི་ཕྱེ་རིན་ཆེན་དྲི་སྨན་ཁྲག་ཆང་སོགས་བསྲེས་པའི་ཟན་ལ། རི་རབ་བང་རིམ་བཞི་པའི་སྟེང་དུ་མཁར་གྲུ་གསུམ་རྡོ་རྗེའི་ཏོག་ཅན། རྩེ་མོར་སྐུ་ཙཀ །གདུགས་དང་ནམ་རྒྱང་མདའ་འཕང་། ཕོ་གླུད་མོ་གླུད། ཁྲམ་ཤིང་དང་མདུང་དར། ནལ་བུའི་རྒྱལ་མཚན། བ་དན། རལ་གྲི་དང་ཁྲམ་ཤིང་། ནལ་བུའི་སྙིང་དང་ཞིང་ལྤགས། ཡུངས་དཀར། དར་ཚོན། སྔགས་བྱང་། བྱ་ནག་དང་ཁྱི། ས་ལེ་འབྲི། ཙ་ར། ལུག །ཞིང་དབྱུག །ལྕགས་སྤྱང་། འདོད་ཡོན་ལྔ་སོགས་མཆོད་རྫས། རིན་ཆེན་རྒྱན། ངར་གླུད། བཤོས་བུ་དམར་པོ་དང་མར་མེ། བཟའ་བཅའ་བཏུང་བ་བདའ་རྒུ །གོས་རྒྱན་རིན་ཆེན་འབྲུ་སྣ་སོགས་དང་དུར་ཁྲོད་ཆས་རྣམས་ཀྱིས་བརྒྱན། དེའི་མདུན་དུ་མཆོད་གཏོར། གཡས་གཡོན་དུ་སྨན་རཀ །ཕྱི་ནང་གི་ཉེར་སྤྱོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་སྤྱི་ལྟར་བཤམ། གཉིས་པ་དངོས་གཞི་ནི། ཡི་དམ་ཞི་ཁྲོ་གང་རིགས་ཀྱི་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། རྫས་རྣམས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པ་ལས་མདོས་ཀྱི་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་བང་རིམ་བཞི་པ་ཕྱི་ནང་གསང་བའི་མཐུན་རྫས་ལོངས་སྤྱོད་ཀྱི་དཀོར་ནོར་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ་གྱིས་སྤེལ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ། ཡཾ་ལས་བསྐལ་པའི་མེ་རླུང་དམར་ནག་འབར་ཞིང་འཚུབ་པའི་ཀློང་དུ་ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ། ཀེཾ་ལས་རུས་པའི་རི་རབ་འཛིངས་སྟབས་སུ་བརྩེགས་པའི་སྟེང་དུ་བྷྲཱུྃ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་ཚད་མེད་པ་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་དུད་སྤྲིན་འཁྲིགས་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། དཔྲལ་བའི་དབྱིངས་ནས་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་གཟིར་ཞིང་བལྟ་བ། ཞལ་རབ་ཏུ་གདངས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་དང་བྷྱོའི་ང་རོ་དྲག་པོ་སྒྲོག་པ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟིངས་པ། ཐུགས་ཀ་ན་བདུད་རྩིའི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་འཕྱར་ཞིང་། གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་པ་སྐམ་པོའི་ཅོད་པན་དང་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་འཇའ་སྤྲིན་གྱིས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཏེ་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོའི་གདན་ལ་རོལ་པ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ་སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་དག་གི་ཕྱིའི་འཁོར་ཡུག་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་འཇིགས་ཤིང་རྔམ་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་དགུར་བསྒྱུར་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། ལྷོ་ཕྱོགས་རྒྱ་མཚོའི་གླིང་། རི་རབ་ཀྱི་རྩེ། དུར་ཁྲོད་ཆེན་པོ་བརྒྱད་སོགས་གྲུབ་པའི་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་སྦྱར་བའི་སྤོས་བསྲེག །ཧསྟའི་གཡབ་མོ་དང་རོལ་མོ་དབྱངས་ཀྱི་འགྱུར་བ་དང་བཅས་པས། བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ སྔགས་སྲུང་མ་མོ་རག་གདོང་མ༔ དབྱིངས་ཀྱི་མ་མོ་དྲག་རྩལ་ཅན༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ སྔོན་གྱི་ཞལ་བཞེས་དམ་བཅའ་བཞིན༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཞེས་དང་། བྷྱོཿ བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་སྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །བསྟན་པ་སྐྱོང་བའི་དམ་ཅན་རྣམས། །སོ་སོའི་མངགས་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རག་མོཿརུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛ༔ ཏྲཀ་རཀྴ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་པས་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །བཞུགས་གསོལ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་འཁོར་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། །ཏྲཀ་རཀྴ་ས་མ་ཡ་ཏིཥྛནྟུ། དམ་ལ་བཞག་པ་ནི། ཡི་དམ་གྱི་སྙེམ་པ་བརྟན་པོས་མ་མོའི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྕེ་ལ་བླུད་པར་མོས་ཏེ། ཧཱུྃ༔ སྔགས་སྲུང་ཁྲོ་མོ་དྲག་རྩལ་ཅན༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བསྟན་དང་བསྟན་འཛིན་སྲུང་སྐྱོབ་མཛོད༔ ཟབ་མོའི་བསྟན་པ་ཁྱོད་ཀྱིས་སྲུངས༔ བཀའ་འདས་དམ་ཉམས་དབྱིངས་སུ་སྒྲོལ༔ རིག་འཛིན་སྒྲུབ་མཆོག་བུ་བཞིན་སྐྱོངས༔ བཅོལ་པའི་ཕྲིན་ལས་གང་ཡིན་པ༔ དེ་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ ཨོཾ་བཛྲ་ས་མ་ཡ་རཀྵནྟུ༔ ཞེས་དམ་ལ་བཞག་པས་ཇི་ལྟར་བསྒོས་པའི་ཕྲིན་ལས་སྒྲུབ་པ་ལ་ངོ་ཐོན་དུ་བཞུགས་པར་བསམ་མོ། །ཕྱག་བྱ་བ་ནི། ཧཱུྃ། དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་མ་མོ་རལ་གཅིག་མ། །ཡེ་ཤེས་ལས་གྲུབ་མ་མོའི་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་བསྟོད་བྱ་བ་ལ་གཉིས་ཀྱི། དང་པོ་མཆོད་པ་ནི། ཧཱུྃ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །མེ་ཏོག་ཕྲེང་མཛེས་བདུག་སྤོས་སྤྲིན་ཕུང་གཡོ། །འོད་འབར་སྣང་གསལ་དྲི་ཆབ་ལྦུ་ཕྲེང་བཞད། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོ་འཁྲོལ། །ཤ་རུས་དོན་སྙིང་ནང་རོལ་སྣ་ཚོགས་དང་། །རྨད་བྱུང་བདུད་རྩི་རཀྟ་བཏུང་བའི་མཚོ། །འདོད་ཡོན་བཟའ་བཅའི་གཏོར་མ་བསམ་མི་ཁྱབ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་འཇམ་ལྷ་མིའི་མཆོད་སྤྲིན་ཇི་སྙེད་ཀྱིས། །མཆོད་དོ་དགྱེས་པར་རོལ་ལ་ཕྲིན་ལས་མཛོད། །ཨོཾ་ཏྲཀ་རཀྴ་ས་པ་རི་ཝཱ་ར་པུཥྤེ་ནས། ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། གཉིས་པ་བསྟོད་པ་ནི། བྷྱོ༔ བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན༔ ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི༔ ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོས་སུ་གྱོན༔ ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན༔ ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས༔ འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན༔ དཔྲལ་ན་སྤྱན་གཅིག་སྲིད་གསུམ་ཁུང་ནས་འབྱིན༔ ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ༔ བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང༔ ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ༔ དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད༔ མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ བྷྱོཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མངོན་པར་བསྟོད་ཀྱིས་དམ་མ་འདའ། །གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ན། །སྐུ་མདོག་མཐིང་ནག་འབར་བ་ནི། །འགྱུར་མེད་དོན་དམ་ཐུགས་ཆུད་རྟགས། །རལ་པའི་ཐོར་ཚུགས་བཅིངས་པ་ནི། ཁམས་གསུམ་དབང་དུ་སྡུད་པའི་རྟགས། །ཕྱག་གཡས་ཞིང་ཆེན་དབྱུག་པ་ནི། །འགྲོ་དྲུག་རྩད་ནས་གཅོད་པའི་རྟགས། །གཡོན་པས་སྤྱང་མོ་ཁྲ་ཐབས་འགྱེད། །དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས། །ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོ། །སྟོང་ཁམས་དགྲ་བོ་སྒྲོལ་བའི་རྟགས། །ཞབས་གཉིས་དོར་སྟབས་བསྒྲད་པ་ནི། །ཐབས་དང་ཤེས་རབ་སྦྱོར་བའི་རྟགས། །ནག་མོ་གདུག་པའི་སྲོག་འཕྲོག་མ། །མངོན་པར་བསྟོད་ཀྱིས་མཐུ་མ་ཆུང་། །བྷྱོཿ སྨུག་ནག་ཁྲོས་མ་རལ་གཅིག་མ། །ཞིང་དབྱུག་འཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས། །དཀར་ཕྱོགས་བསྟན་པ་ལེགས་སྐྱོང་ཞིང་། །ནག་ཕྱོགས་བདུད་སྡེ་ཚར་གཅོད་པའི། །བཀའ་སྡོད་ཕོ་ཉ་ཀུན་ལ་བསྟོད། །ཅེས་བསྟོད། ཁྱད་པར་མདོས་ཀྱིས་བསྐང་བ་ནི། བྷྱོ༔ སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིས༔ གཉིས་འཛིན་རུ་ཏྲ་བསྒྲལ་བའི་ཕྱིར༔ མ་མོ་ཁྱོད་དུ་སྤྲུལ་པར་མཛད༔ ཡང་དག་ཉིད་དུ་རྒྱལ་ཀུན་ཡུམ༔ རྣམ་པ་རག་གདོང་ཁྲོ་མོའི་གཟུགས༔ དམ་ཚིག་ཅན་གྱི་སྲུང་མ་ཁྱོད༔ དེ་རིང་བདག་ལ་དགོངས་སུ་གསོལ༔ ཀུན་ཁྱབ་ཆོས་དབྱིངས་རོལ་པ་ལས༔ འགག་མེད་སྒྱུ་མའི་རྣམ་རོལ་ནི༔ རིན་ཆེན་ལས་གྲུབ་རི་ཡི་རྒྱལ༔ བང་རིམ་བཞི་ལྡན་གླིང་བཞི་དང༔ གླིང་ཕྲན་གསེར་རི་རོལ་མཚོར་བཅས༔ ལྷ་མིའི་འབྱོར་པ་བསམ་ཡས་པས༔ ཡོངས་སུ་གང་བའི་འཇིག་རྟེན་འདིས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ དེ་དབུས་གྲུ་གསུམ་ཐོད་པའི་མཁར༔ རྔམ་བརྗིད་གདུགས་དང་རྒྱལ་མཚན་སྒྲེང༔ ཞིང་ལྤགས་བླ་བྲེ་དོན་སྙིང་དང༔ རྒྱུ་རློན་འཕྱང་འཕྲུལ་རྡོ་རྗེའི་ཏོག༔ དུར་ཁྲོད་གནས་མཆོག་ཉམས་དགའ་བས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ མཐིང་ནག་ནམ་མཁའ་རྒྱང་བུ་དང༔ ཕོ་གླུད་མདའ་བཀྲ་མོ་གླུད་འཕང༔ རུ་མཚོན་བ་དན་རལ་གྲི་དང༔ ཁྲོམ་ཤིང་ཡུངས་དཀར་དར་ཚོན་སྤུར༔ མཛེས་སྡུག་རྒྱན་ཆ་དུ་མར་བཅས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ བྱ་ནག་ཁྱི་དང་ས་ལེ་འབྲི༔ ཙ་ར་ཤེལ་གོང་གྲངས་མེད་དང༔ སྐུ་གཟུགས་སྔགས་བྱང་ནལ་བུའི་སྙིང༔ ཞིང་དབྱུག་ལྕགས་སྤྱང་ཕོ་ཉ་དང༔ མཐུན་པའི་དམ་རྫས་ཐམས་ཅད་ཀྱིས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ སྤོས་དང་མེ་ཏོག་སྣང་གསལ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ དཔལ་གྱི་གཏོར་མ་ཛ་གད་ཆང༔ རཀྟ་ཤ་སྣ་སྙིང་སྣ་དང༔ དགྱེས་པའི་དམ་རྫས་སྣ་ཚོགས་ཀྱིས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ རིན་ཆེན་ངར་གླུད་བཤོས་བུ་དང༔ བཟའ་དང་བཅའ་དང་བཏུང་བའི་ཚོགས༔ གོས་རྒྱན་རིན་ཆེན་འབྲུ་སྣ་དང༔ ལྷ་མིའི་དཀོར་ནོར་འདོད་ཡོན་ནི༔ དཔག་མེད་ནམ་མཁའི་ཁམས་གང་བས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང༔ སྔགས་སྲུང་མ་མོ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ རྣལ་འབྱོར་ཉམས་ཆག་བྱང་བ་དང༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛོད༔ བདུད་དཔུང་དགྲ་བགེགས་ཚར་བཅད་ནས༔ ཐེག་མཆོག་བསྟན་པ་རྒྱས་པ་དང༔ ཕྲིན་ལས་དུས་ལས་མ་གཡེལ་ཅིག༔ ཅེས་བསྐང་བར་བྱའོ། །བཤགས་པ་ནི། བྷྱོཿ སྔགས་སྲུང་ཁྲོ་མོ་མ་མོའི་གཙོ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ནི་མ་རིག་རྨོངས་དབང་གིས། །དམ་རྫས་མ་ཚང་མཆོད་གཏོར་གཡེལ། །སྒྲུབ་པ་གཡེལ་ཞིང་ལེ་ལོས་ནོངས། །གསང་བ་སྤེལ་ཞིང་ཉམས་དང་འདྲེས། །དེ་སོགས་ཐུགས་དང་འགལ་བ་རྣམས། །དོ་ནུབ་མདོས་ཀྱིས་བསྐང་ཞིང་བཤགས། །ལྟ་བ་ཉམས་པ་མདོས་ཀྱིས་བསྐང་། །སྒོམ་པ་ཉམས་པ་མདོས་ཀྱིས་བསྐང་། །སྤྱོད་པ་ཉམས་པ་མདོས་ཀྱིས་བསྐང་། །སྲིད་པའི་མདོས་ཀྱིས་ཐམས་ཅད་བསྐང་། །མདོས་ཀྱིས་མི་ཚང་གང་ཡང་མེད། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་འདོད་པ་མཐའ་དག་སྒྲུབས། །བླ་མེད་བྱང་ཆུབ་ཐོབ་པར་མཛོད། །ཅེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཕྲིན་ལས་གསོལ་བ་ནི། བྷྱོཿ ཡེ་ཤེས་མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཞིང༔ བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཅེས་འདོད་དོན་གསོལ་བས་ཇི་ལྟར་འདོད་པའི་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པ་ལ་ངོ་ཐོན་དུ་བཞུགས་པར་བསམ་མོ། །དེ་ནས་ཉི་ཚེའི་ལས་མ་ཡིན་པའི་དགོས་པ་ཁྱད་པར་ཅན་གྱི་སླད་དུ་དྲག་པོའི་ལས་ལ་ཐུགས་དམ་བསྐུལ་བར་འདོད་ན་ཡི་དམ་གྱི་སྙེམ་པ་བརྟན་པོས། བྷྱོ༔ གྲུ་གསུམ་མཐིང་ནག་འབར་བའི་དབྱིངས༔ དམར་ནག་ཁྲག་མཚོ་ཁོལ་མའི་ཀློང༔ དུས་གསུམ་རྒྱལ་བའི་ཡུམ་གཅིག་མ༔ སྔགས་སྲུང་ཁྲོ་མོ་དབྱིངས་ནས་བཞེངས༔ མཐིང་ནག་མུན་པ་ལྟ་བུའི་མདོག༔ གཡས་པས་ཞིང་དབྱུག་ཀླད་ལ་བསྐོར༔ གཡོན་པས་ཙིཏྟ་ལྕགས་སྤྱང་བསྣམས༔ སྤྱང་མོ་དགུ་འབུམ་ཕོ་ཉར་འགྱེད༔ འཛིན་བྱེད་ལྕགས་ཀྱི་སྡེར་མོ་ཡིས༔ དགྲ་བོའི་སྙིང་ཕྱུངས་སྲོག་རྩ་ཆོད༔ ཤ་རུས་ཁྲག་དང་དབང་པོ་ཟོ༔ རེས་འགའ་མི་སྡུག་འཇིགས་ཚུལ་ཅན༔ མཐིང་ནག་གཅེར་བུ་མགོ་དགུ་མ༔ བཅོ་བརྒྱད་ཕྱག་སྟེ་ཞབས་གཉིས་མ༔ སྟོང་ཁམས་བསྐོར་ཞིང་མཁའ་ལ་འགྲོ༔ དྲག་ཤུལ་ཤུགས་ཀྱིས་ས་གསུམ་གཡོ༔ ལག་ན་འཛིན་བྱེད་ལྕགས་ཀྱུ་བསྣམས༔ གདུག་བྱེད་དགྲ་བོའི་སྙིང་འབྱིན་མ༔ འབར་བའི་མིག་ནས་ཁྲག་འཛག་མ༔ རྐན་སྒྲ་རྡེབ་ཅིང་བདུད་དཔུང་འཇོམས༔ འདོད་ཁམས་བདག་མོ་བྲན་དུ་ཁོལ༔ སྣང་སྲིད་མ་མོ་ཕོ་ཉར་འགྱེད༔ ཁྱོད་ནི་མ་བརྒྱའི་གཙོ་མོ་སྟེ༔ དྲག་ཤུལ་ཕྲིན་ལས་བསམ་མི་ཁྱབ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཀའ་འདས་དམ་ཉམས་དགྲ་དང་བགེགས༔ རིངས་པར་ཁུག་ལ་དམ་དུ་ཆིངས༔ མྱུར་བར་སོད་ལ་དབང་པོ་སྣུབས༔ ཤ་ཁྲག་དོན་སྙིང་རྔམས་ཟས་གྱིས༔ དུས་ལ་བབ་བོ་རྩལ་མ་ཞན༔ རྦད་དོ་བསྐུལ་ལོ་མཐུ་མ་ཆུང༔ ཅེས་བསྐུལ་བར་བྱའོ། །གསུམ་པ་རྗེས་ནི། འཛུགས་མདོས་ཀྱི་སྐོང་བ་ཡིན་ན་གཏང་རག་མཆོད་བསྟོད་སོགས་འཕྲིན་ལས་དངོས་གྲུབ་འབྱུང་གནས་བཞིན་བྱ། ནད་རིམས་དང་ཉམས་ཆག་སྐོང་བ་སོགས་གློ་བུར་བ་ལྟ་བུར་དགྲ་ཕྱོགས་སོགས་གང་འོས་སར་བསྐྱལ་ཞིང་འཕྲིན་ལས་བཅོལ། ནང་དུ་ལོགས་ནས་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱིའི་འགྲོས་ལྟར་ཤེས་པར་བྱའོ། །དེ་ལྟར་མདོས་ཀྱི་ཕྲིན་ལས་འདི་གྱེར་བས་ཉམས་ཆག་ཐམས་ཅད་སྐོང་བ་དང་ནད་གདོན་ཞི་བ་སོགས་ལས་མཐའ་དག་འགྲུབ་པར་གདོན་མི་ཟ་སྟེ། གཏེར་གཞུང་རྩ་བ་ལས། གང་ཞིག་འདི་ལ་སུ་བརྩོན་པ༔ ཉམས་ཆག་སྐོང་ཞིང་དངོས་གྲུབ་སྩོལ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པའི་ཕྱིར་རོ། །གཞན་དུ་མ་མོའི་འཁྲུགས་སྐོང་རིག་འཛིན་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཡི་དམ་དགོངས་འདུས་ལས་དམ་རྫས་བདུད་རྩིར་བརྟེན་པ་དང་། སྲོག་ཆགས་རྒྱུ་སྐོང་ངམ་བམ་སྐོང་དུ་གྲགས་པའི་རྒྱས་འབྲིང་གཉིས། སྙན་བརྒྱུད་སྔགས་སྲུང་མའི་བམ་སྐོང་སོགས་ལ་སླེ་ལུང་རྗེ་དྲུང་བཞད་པའི་རྡོ་རྗེས་ལྗགས་སྒྲིག་མཛད་པ་ཉིད་དེང་སང་ཕྱོགས་ཀུན་ཏུ་དར་རྒྱས་ཤིན་ཏུ་ནས་ཆེ་མོད། རང་ཕྱོགས་རང་ལུགས་ཀྱི་བསྟན་པ་སེལ་མེད་འཛིན་སྤེལ་བགྱིད་པ་ལ་གོང་དུ་བཤད་པ་ལྟར་རང་གཏེར་གྱི་གཞུང་དུ་ཉམས་ཆག་སྐོང་བ་སོགས་ལ་མཆོག་ཏུ་བསྔགས་པར་གསུངས་པ་བཞིན་འདི་ཁོ་ནའི་གྱེར་སྐོང་ལ་གོམས་འདྲིས་སུ་བྱ་བ་ལེགས་པ་ཡིན་ནོ། །ཞེས་སྔགས་ཀྱི་སྲུང་མའི་འཕྲིན་ལས་ལས་མདོས་ཀྱི་ལས་རིམ་གྱི་སྒོ་ནས་མ་མོའི་འཁྲུགས་སྐོང་འཕྲིན་ལས་འདོད་འཇོ་ཞེས་བྱ་བ་འདི་ནི། དགེ་སྔགས་གྲགས་པས་ལྷ་རྫས་དང་རིན་ཆེན་གཉིས་པའི་མེ་ཏོག་གི་སྐྱེས་བཅས་བསྐུལ་བ་བཞིན་ཤཱཀྱའི་དགེ་བསྙེན་རྨོངས་བརྟུལ་པདྨེནྡྲ་ཛ་ཡས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།
དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ སློབ་མ་རྗེས་སུ་གཟུང་བ་ (Volume 36, Text 42)
༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ སློབ་མ་རྗེས་སུ་གཟུང་བ་བཞུགས༔ འཕགས་མ་སྒྲོལ་མའི་ཞབས་ལ་འདུད༔ སློབ་མ་རྗེས་སུ་གཟུང་བ་ལ༔ ཕྱི་ལྟར་སྒྲུབ་པའི་རིག་གཏད་ནི༔ བདག་མདུན་ལྷར་གསལ་བསྟོད་པ་བྱ༔ གཟུངས་ཀྱི་བུམ་པ་ཚུལ་བཞིན་བསྒྲུབ༔ སློབ་མ་ཁྲུས་བྱས་གོས་གཙང་གོན༔ མཎྜལ་གསོལ་གདབ་རྒྱུད་སྦྱངས་ཏེ༔ སྔགས་ཀྱི་བུམ་པ་སྤྱི་བོར་བཞག༔ ཨོཾ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ རིག་པའི་རང་བཞིན་བདུད་རྩིའི་ཆུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྒྲིབ་པའི་དྲི་མ་ཀུན་བྱང་ཤོག༔ སྔགས་མཐར་ཨ་བྷི་ཥེ་ཀ་གདགས༔ བུམ་ཆུས་བཀྲུ་ཞིང་འཐོར་འཐུང་བྱ༔ རྗེ་བཙུན་སྒྲོལ་མའི་སྐུར་གྱུར་བསམ༔ མདུན་བསྐྱེད་ཞལ་ནས་བསྟོད་པའི་རྒྱུད༔ ཡི་གེ་བཻ་ཌཱུར་ཞུན་མའི་མདངས༔ མར་མེ་འབར་བ་ལྟ་བུར་འཕྲོས༔ སློབ་མའི་ཁར་ཞུགས་སྙིང་གར་ཐིམ༔ བྱིན་རླབས་མ་ལུས་ཞུགས་པར་བསམ༔ རྗེས་སུ་བཟླས་པ་ལན་གསུམ་བྱ༔ མཐར་ནི་ལྷ་བསྟིམ་དམིགས་མེད་བཞག༔ འོད་གསལ་དགོངས་པའི་དོན་ངོ་སྤྲད༔ སྐུ་གསུང་ཐུགས་ཀྱི་རིག་གཏད་པས༔ དེ་ཉིད་སྒོམ་བཟླས་སྐལ་ལྡན་འགྱུར༔ ས་མ་ཡ༔ ནང་ལྟར་སྒྲུབ་པའི་དབང་བསྐུར་ནི༔ བདག་མདུན་བུམ་པ་ཚུལ་བཞིན་བསྒྲུབ༔ བདག་ཉིད་འཇུག་ཅིང་སློབ་མ་གཞུག༔ སྦྱོར་བ་རྒྱུད་སྦྱོང་སྤྱི་ལྟར་ལ༔ དངོས་གཞི་ལྷ་བསྐྱེད་ཡེ་ཤེས་དབབ༔ བུམ་པ་སྤྱི་བོའི་གཙུག་ཏུ་བཞག༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བུམ་པའི་དབང་བསྐུར་བླ་མེད་པས༔ མི་བསྐྱོད་ངོ་བོར་ཁྱོད་དབང་བསྐུར༔ སྔགས་མཐར་ཨ་བྷི་ཥིཉྩ་གདགས༔་་་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། མཆན། ཅོད་པན་དངོས་སམ་ཕྱག་རྒྱས་གཏུགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་དྲིལ་བུ་གཡས་གཡོན་སྦྱིན༔ ལྷན་ཅིག་དཀྲོལ་ལ་མིང་ཡང་གདགས༔ བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ བཛྲ་གཱཎྜེ་ཨ་བྷི་ཥིཉྩ་ཨཱ༔ བཛྲ་ནཱམ་ཨ་བྷི་ཥིཉྩ་ཨོཾ༔ སྤྲོ་ན་ཚིགས་གཅད་སོ་སོར་སྦྱར༔ ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཕགས་མ་སྒྲོལ་མའི་སྐུ་ཡི་དབང༔ དེང་འདིར་ཁྱོད་ལ་སྦྱིན་པ་ཡིས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུ་བསྟིམ་སྔགས་སྦྱིན་དོན་ངོ་སྤྲད༔ རྒྱས་པར་འཇིགས་པ་བརྒྱད་སྐྱོབ་པའི༔ འཁོར་གྱི་ལྷ་དབང་དག་ཀྱང་བསྐུར༔ ཟབ་གསལ་དབྱེར་མེད་བསྒོམ་ལ་དབང༔ ས་མ་ཡ༔ གསང་བར་སྒྲུབ་པའི་བྱིན་རླབས་ནི༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་བྱ༔ སློབ་མ་རྒྱུད་སྦྱང་ཡེ་ཤེས་བསྟིམ༔ བརྡ་ཡི་དབང་བསྐུར་དོན་ངོ་སྤྲད༔ ཨོཾ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་ཡི་ཡེ་ཤེས་ངོ་བོ་ཉིད༔ བུམ་པའི་དབང་བསྐུར་བླ་མེད་པས༔ སྣང་སྟོང་ངོ་བོར་ཁྱོད་དབང་བསྐུར༔ སྔགས་མཐར་ཀ་ལ་ཤ་གདགས་བྱ༔་་་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨཱ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ གསུང་གི་ཡེ་ཤེས་ངོ་བོ་ཉིད༔ གསང་བའི་དབང་བསྐུར་བླ་མེད་པས༔ གསལ་སྟོང་ངོ་བོར་ཁྱོད་དབང་བསྐུར༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་ཡེ་ཤེས་ངོ་བོ་ཉིད༔ ཤེས་རབ་དབང་བསྐུར་བླ་མེད་པས༔ བདེ་སྟོང་ངོ་བོར་ཁྱོད་དབང་བསྐུར༔ ཀརྨ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ དབྱེར་མེད་ཡེ་ཤེས་ངོ་བོ་ཉིད༔ བཞི་པའི་དབང་བསྐུར་བླ་མེད་པས༔ རིག་སྟོང་ངོ་བོར་ཁྱོད་དབང་བསྐུར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ རྗེས་སུ་ཚོགས་མཆོད་གླུ་གར་བྱ༔ གསང་བ་ཟབ་མོའི་སྣོད་ལྡན་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པ་ལས་མཆོག་གྱུར་གླིང་པས་དགོངས་པའི་གཏེར་ཁ་རྡོལ་བ་ལྟར་བྲིས་པའོ། །ཨ་ཏི་གུ་ཧྱ། ༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ ཕྱི་ནང་གསང་བའི་སྒྲུབ་ཐབས་བཞུགས༔ ༁ྃ༔ འཕགས་མ་སྒྲོལ་མའི་ཞབས་ལ་འདུད༔ དེ་ཉིད་ཕྱི་ལྟར་སྒྲུབ་པ་ནི༔ འཕགས་མའི་བྲིས་སྐུ་བཀྲམ་པའི་མདུན༔ ཅི་འབྱོར་མཆོད་པ་ལེགས་པར་བཤམ༔ ཁྲུས་བྱས་གཙང་སྦྲ་ལ་གནས་པས༔ ངེས་འབྱུང་སྙིང་རྗེས་རྒྱུད་བསྐུལ་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་བྱ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ ཐུགས་ཀར་ཟླ་སྟེང་ཏཱཾ་ལྗང་གུ༔ དེ་ལས་འོད་ཟེར་དཔག་ཡས་འཕྲོས༔ འཕགས་མ་རྣམ་འཕྲུལ་ཉེར་གཅིག་དང༔ དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ མཎྜལ་ལ་སོགས་མཆོད་པས་མཆོད༔ བསྟོད་པའི་རྒྱལ་པོ་ལན་གཉིས་བརྗོད༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཉིད༔ སྐྱབས་སྦྱིན་ཕྱག་རྒྱར་གྱུར་པའི་འོག༔ བདག་དང་བསྲུང་བྱ་ཀུན་ཚུད་ནས༔ འཇིགས་པ་ཀུན་ལས་དབུགས་དབྱུང་མོས༔ མཆོད་དང་བསྟོད་པ་ལན་གསུམ་བརྗོད༔ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ རང་དང་བསྲུང་བྱའི་སྤྱི་བོ་ནས༔ ཞུགས་ཏེ་ལུས་ཀུན་གང་བ་ཡིས༔ བྱིན་རླབས་མ་ལུས་ཞུགས་པར་བསམ༔ མཆོད་ཅིང་བསྟོད་པ་ལན་བདུན་མཐར༔ མདུན་བསྐྱེད་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་ཉིད་དུ་བྱིན་བརླབས་བསམ༔ ཡི་གེ་བཅུ་པའི་བཟླས་པ་བྱ༔ ལྷ་དང་རང་སེམས་དབྱེར་མེད་པ༔ ཆོས་ཉིད་གཉུག་མའི་ངང་དུ་གཞག༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ ཤིས་པ་བརྗོད་པས་མཐར་དབྱུང་ངོ༔ སྤྲོ་ན་སྤྱི་དང་བྱེ་བྲག་གི༔ མཎྜལ་གསོལ་འདེབས་ལ་སོགས་པ༔ རྒྱས་པར་སྦྱར་ལ་ཉམས་སུ་བླང༔ བར་ཆད་ཞི་ཞིང་དངོས་གྲུབ་ཐོབ༔ ས་མ་ཡ༔ ནང་ལྟར་སྒྲུབ་པའི་རིམ་པ་ནི༔ སྐྱབས་སེམས་ཚོགས་གསག་སྔོན་སོང་ནས༔ ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་སེམས་ཀྱི་གདངས༔ ཏཱཾ་ཡིག་ལྗང་གུ་མཁའ་ལ་ཤར༔ དེ་ལས་ཧཱུྃ་གི་སྒྲ་གདངས་ཀྱིས༔ སངས་རྒྱས་བྱང་ཆུབ་བརྟན་པར་བྱས༔ གདུག་པ་ཅན་རྣམས་ཚར་བཅད་ཅིང༔ འོད་ཟེར་སྤྲིན་ལས་རྡོ་རྗེའི་ཆར༔ ཕབ་པས་ས་གཞི་རྭ་བ་དང༔ དྲྭ་བ་གུར་དང་བླ་རེར་བཅས༔ སྲུང་འཁོར་ཡངས་ཤིང་རྒྱ་ཆེའི་དབུས༔ འབྱུང་བཞི་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དེ་དབུས་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་ཟེའུ་འབྲུར་ཉི་ཟླའི་སྟེང༔ ཏཱཾ་ལས་ཨུཏྤལ་ཏཱཾ་གྱིས་མཚན༔ དེ་ལས་འོད་ཟེར་འཕྲོ་འདུ་ཡི༔ སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས༔ རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཨུཏྤལ་སྔོན་པོ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་མཚན་དཔེའི་ཕུང་པོར་འབར༔ དབུ་སྐྲའི་ཟུར་ཕུད་སྤྱི་བོར་བཅིངས༔ ལྷག་མ་ལྕང་ལོའི་ཚུལ་དུ་འཕྱང༔ ཞབས་ཟུང་གཡས་བརྐྱང་ཕྱེད་སྐྱིལ་གྱིས༔ འོད་ཟེར་སྣ་ལྔའི་ཀློང་ན་འགྱིང༔ སྣང་སྟོང་ཟུང་འཇུག་ཐུགས་སྲོག་ཏཱཾ༔ དེ་ལས་གཉིས་པ་ཕྱོགས་མཚམས་འཕྲོས༔ འགྲོ་རྣམས་གནས་སྐབས་མཐར་ཐུག་གི༔ ཕྱི་ནང་འཇིགས་བརྒྱད་ཞི་བར་མཛད༔ རྗེ་བཙུན་འཕགས་མའི་གོ་འཕང་བཀོད༔ ཚུར་འདུས་འདབ་མ་བརྒྱད་ཀྱི་སྟེང༔ པད་ཟླའི་གདན་ལ་འཁོད་པ་ལས༔ ཤར་ནས་བརྩམ་སྟེ་གཡས་སྐོར་དུ༔ སེང་གེའི་འཇིགས་སྐྱོབ་སྒྲོལ་མ་མཐིང༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ གླང་ཆེན་འཇིགས་སྐྱོབ་སྒྲོལ་མ་སེར༔ མཆོག་སྦྱིན་ཨུཏྤལ་ལྕགས་ཀྱུ་བསྣམས༔ མེ་ཡི་འཇིགས་སྐྱོབ་སྒྲོལ་མ་དཀར༔ མཆོག་སྦྱིན་ཨུཏྤལ་ཆུ་ཤེལ་བསྣམས༔ སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་སྨན་མཆོག་བསྣམས༔ ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་དཀར༔ མཆོག་སྦྱིན་ཨུཏྤལ་མདའ་གཞུ་བསྣམས༔ ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ རྒྱ་མཚོའི་འཇིགས་སྐྱོབ་སྒྲོལ་མ་དམར༔ མཆོག་སྦྱིན་ཨུཏྤལ་མེ་ཤེལ་བསྣམས༔ ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་ནག༔ མཆོག་སྦྱིན་ཨུཏྤལ་མདུང་ཐུང་བསྣམས༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ ཁྱམས་ལ་མཆོད་པའི་ལྷ་མོ་དང༔ སྒོ་བཞིར་ཕྱག་རྒྱ་བཞིའི་ལྷ་མོ༔ རང་རང་རྒྱན་དང་ཆ་ལུགས་རྫོགས༔ ཀུན་ཀྱང་ཟབ་གསལ་གཉིས་མེད་ཀྱི༔ ཡེ་ཤེས་སྒྱུ་མའི་སྐུར་ཤར་བའི༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ རང་བཞིན་གནས་ནས་ཡེ་ཤེས་པ༔ དྲངས་ཏེ་གཉིས་སུ་མེད་པར་བསམ༔ ཏཱཾ༔ ཆོས་སྐུ་མཁའ་ལྟར་རྣམ་དག་ཀྱང༔ ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ མཁའ་ལས་ཉི་གསལ་འོད་བཞིན་དུ༔ དམིགས་མེད་ཐུགས་རྗེས་གནས་འདིར་གཤེགས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ཨོཾ་བཛྲ་ཨཾ་གུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོ༔ དགུག་གཞུག་བཅིང་མཉེས་དབྱེར་མེད་བྱ༔ སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་རིགས་ཀྱི་བདག༔ འོད་དཔག་མེད་པས་དབུར་བརྒྱན་བསམ༔ ཨོཾ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཧོ༔ བདེ་བར་གཤེགས་སོ་སེམས་མའི་གཙོ༔ ཚུར་གཤེགས་དམ་ཡེ་དབྱེར་མེད་པར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ན་མོ༔ རྨད་བྱུང་ཐུགས་བསྐྱེད་དམ་བཅས་ནས༔ འགྲོ་བ་སྒྲོལ་བའི་ཕྲིན་ལས་ཀྱིས༔ རྒྱལ་ཀུན་བྱང་ཆུབ་སྤྱོད་པ་མཆོག༔ ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སྒེག་སོགས་ལྷ་མོས་ནམ་མཁའ་གང༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས༔ བྱུང་བའི་ཡེ་ཤེས་རོལ་མོས་མཆོད༔ ཨོཾ་བཛྲ་ལཱ་སྱཻ་ཧཱུྃ༔ ཨོཾ་བཛྲ་མཱ་ལྱཻ་ཏྲཱཾ༔ ཨོཾ་བཛྲ་གཱིརྟཱི་ཧྲཱི༔ ཨོཾ་བཛྲ་ནཱིརྟཱི་ཨཱ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པའི་རྒྱལ་པོའི་རྒྱུད་ཀྱིས་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ གཙོ་མོའི་ཐུགས་ཀར་པད་ཟླའི་སྟེང༔ ཏཱཾ་མཐར་ཡི་གེ་བཅུ་པས་བསྐོར༔ གསལ་ཞིང་འབར་བའི་ཆོ་འཕྲུལ་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ སངས་རྒྱས་མཛད་པ་ཡོངས་སུ་བསྒྲུབས༔ འགྲོ་ཀུན་འཕགས་མའི་གོ་འཕང་བཀོད༔ ཚུར་འདུས་ཏཱཾ་ལ་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་ཞིང༔ ཕྱག་རྒྱའི་ཡེ་ཤེས་ཐོབ་པར་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ བར་མེད་བཟླ་ཞིང་ལྷ་དང་སྔགས༔ འོད་ཟེར་སྤྲོ་བསྡུར་སེམས་འཛིན་ཅིང༔ ཤེས་རབ་ཕ་རོལ་ཕྱིན་མའི་དབྱིངས༔ རང་བཞིན་ཡོངས་ཤེས་ངང་དུ་གཞག༔ འཕགས་མའི་ཏིང་འཛིན་འགྲུབ་པར་འགྱུར༔ སླར་ཡང་ཐུགས་ནས་འོད་འཕྲོས་པས༔ འཁོར་གྱི་སྒྲོལ་མའི་ཐུགས་རྒྱུད་བསྐུལ༔ འགྲོ་རྣམས་ཕྱི་ནང་འཇིགས་པ་བསལ༔ འདོད་རྒུའི་དངོས་གྲུབ་བསྩལ་བར་བསམ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན༔ པྲ་དུཥྚཱན༔ མ་མ་ཀྲྀ་ཏེ༔ ཛཾ་བྷ་ཡ༔ སཏྭཾ་བྷ་ཡ༔ མོ་ཧ་ཡ༔ བྷྡྷྦ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སརྦ་དུཥྚཱན་སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ༔ རྩ་སྔགས་འབུམ་ཕྲག་བཅུ་དང་ནི༔ ལས་སྔགས་ཁྲི་ཕྲག་བཞི་བཟླས་འགྲུབ༔ ཐུན་མཚམས་མདུན་བསྐྱེད་མཆོད་པ་དང༔ བདག་ཉིད་འཇུག་པའི་དབང་བླང་སོགས༔ སྤྲོས་ལ་དགའ་བས་ཇི་བཞིན་སྤྱད༔ ཐུན་མཐར་མཆོད་བསྟོད་དངོས་གྲུབ་བླང༔ ནོངས་པ་བཤགས་ཤིང་ཡེ་ཤེས་གཤེགས༔ དམ་ཚིག་འོད་གསལ་དབྱིངས་སུ་བསྡུ༔ སླར་ཡང་འཕགས་མའི་ང་རྒྱལ་གྱིས༔ བསྔོ་སྨོན་ཤིས་བརྗོད་རྒྱ་ཆེར་བྱ༔ བདུན་ཕྲག་གསུམ་དུ་བརྩོན་པས་ཀྱང༔ བར་ཆད་ཞི་ཞིང་ལེགས་ཚོགས་རྒྱས༔ རྩེ་གཅིག་ཉམས་བླངས་ཟབ་གསལ་གཉིས༔ དབྱེར་མེད་ཡེ་ཤེས་འགྲུབ་པར་འགྱུར༔ ས་མ་ཡ༔ གསང་བ་ལྟར་དུ་སྒྲུབ་པ་ནི༔ སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་ཅིང༔ སྲུང་འཁོར་བྱིན་དབབ་མཆོད་རྫས་བརླབ༔ དེ་ནས་ཏིང་འཛིན་རྣམ་གསུམ་ལས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ ཨ༔ སྟོང་པ་དེ་བཞིན་ཉིད་ཀྱི་ངང༔ སྙིང་རྗེ་ཆེན་པོར་ཀུན་ཏུ་སྣང༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི༔ རྒྱུ་ཡི་ཡི་གེ་ཏཱཾ་ལྗང་གུ༔ མཁའ་ལས་འཇའ་ཚོན་བཞིན་དུ་སྣང༔ དེ་ལས་ཡེ་ཤེས་མེ་རླུང་ཆུས༔ སྣོད་བཅུད་བག་ཆགས་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མི་ཕྱེད་རྡོ་རྗེའི་སྲུང་འཁོར་དབུས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དེ་དབུས་པད་ཟླའི་གདན་གྱི་སྟེང༔ ཉི་ཟླ་ཁ་སྦྱོར་དབུས་སུ་ཏཱཾ༔ དེ་ལས་ཨུཏྤལ་ཏཱཾ་གྱིས་མཚན༔ ཡོངས་གྱུར་བདག་ཉིད་སྐད་ཅིག་གིས༔ དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་ཆགས་པའི་ཉམས་ཀྱིས་སྒེག༔ དབུ་སྐྲ་གནག་སྣུམ་སྤྱི་བོར་བཅིངས༔ རྩེ་མོར་ཡིད་བཞིན་ནོར་བུས་བརྒྱན༔ ལྷག་མ་སིལ་བུ་ལྕང་ལོར་འཕྱང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤལ་བསྣམས༔ ཞབས་ཟུང་གཡས་བརྐྱང་རོལ་པས་འགྱིང༔ རང་འོད་རྡོ་རྗེ་རྟ་མཆོག་དཔལ༔ ལྗང་གསལ་རལ་གྲི་དྲིལ་བུ་འཛིན༔ ཅུང་ཟད་ཁྲོ་ཞིང་ཆགས་པའི་ཉམས༔ ཡབ་ཡུམ་མཉམ་སྦྱོར་གཟི་བརྗིད་འབར༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ བྱང་སེམས་ས་བོན་འཕྲོ་འདུ་ལས༔ རིགས་བཞི་ཕྲིན་ལས་སྒོ་མ་བཅས༔ སྣང་སྟོང་ཟུང་འཇུག་ཆེན་པོར་བསྐྱེད༔ ཏཱཾ༔ སྟོང་པ་ཤིན་ཏུ་ཡོད་མེད་འོད་གསལ་དབྱིངས༔ ནམ་མཁའ་བཞིན་ལས་ཐུགས་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མའི་ཡུམ་གྱུར་རྗེ་བཙུན་མ༔ རིགས་ཀྱི་འཁོར་ལོར་བཅས་ཏེ་གནས་འདིར་གཤེགས༔ ཕྱི་ནང་འཇིགས་དང་སྡུག་བསྔལ་མ་ལུས་སོལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ ལུས་ངག་ཡིད་ལ་མཆོག་གི་དབང་བཞི་སྐུར༔ ལས་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཏཱ་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་ཅིང་བསྟོད་པ་ཅི་རིགས་བྱ༔ ཐུགས་ཀར་ཡེ་ཤེས་སེམས་མ་ནི༔ ཕག་མོ་མཐིང་ནག་གྲི་ཐོད་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླའི་སྦུབས༔ ཏིང་འཛིན་སེམས་དཔའ་ཏཱཾ་ལྗང་གུ༔ མཐའ་སྐོར་རྡོ་རྗེའི་སྔགས་ཀྱིས་མཚན༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱངས་བསམ༔ ཨོཾ་ཏཱ་རེ་ཧཱུྃ་ཕཊ༔ སྒྲིབ་སྦྱོང་སྐུ་ཡི་བཟླས་པ་འོ༔ སྔགས་ལས་འཕྲོས་པའི་འོད་ཟེར་གྱིས༔ སངས་རྒྱས་སྲས་དང་བཅས་པ་མཆོད༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་ཀུན༔ ཚུར་འདུས་བདག་ཐིམ་གཉིས་མེད་བསམ༔ ཨོཾ་ཏཱ་རེ་སྭཱ་ཧཱ༔ བྱིན་རླབས་གསུང་གི་བཟླས་པ་འོ༔ ཐུགས་སྲོག་ནཱ་ད་ལས་བྱུང་བའི༔ སྔགས་ཕྲེང་མགལ་མེ་བཞིན་དུ་འཁོར༔ ཡབ་ཡུམ་བདེ་ཆེན་ཡེ་ཤེས་བསྐྱེད༔ མི་འགྱུར་མཆོག་དངོས་འགྲུབ་པར་བསམ༔ ཨོཾ་ཏཱ་རེ་ཏཱཾ་ཧཱུྃ༔ བདེ་ཆེན་ཐུགས་ཀྱི་བཟླས་པ་འོ༔ རང་དང་དཀྱིལ་འཁོར་ལྷ་ཚོགས་ལས༔ ལྷ་སྔགས་ཕྱག་མཚན་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ སངས་རྒྱས་མཛད་པ་བསྒྲུབས་པར་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་བྷ་ར་ཧི་བཾ་སྭཱ་ཧཱ༔ ཡོན་ཏན་ཡོངས་རྫོགས་བཟླས་པ་འོ༔ དཀྱིལ་འཁོར་ལྷ་ཚོགས་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་སེར་འཕྲོས༔ འཇིགས་པ་ཀུན་ལས་དབུགས་དབྱུང་ཞིང༔ རྣམ་བཞིའི་ཕྲིན་ལས་ཡོངས་རྫོགས་བསམ༔ ལས་སྦྱོར་གཟུངས་ཀྱི་རིག་པ་བཟླ༔ ཕྲིན་ལས་མཐར་དབྱུང་བཟླས་པ་འོ༔ དེ་ལ་སྐུ་གསུང་ཐུགས་བཟླས་པ༔ འབུམ་ཕྲག་རེ་ནི་གྲངས་ཀྱི་ཚད༔ ཡོན་ཏན་ཡོངས་རྫོགས་འབུམ་ཕྲག་བཞི༔ ཕྲིན་ལས་རིག་པ་ཁྲི་བཞི་བཟླས༔ ནུས་པ་འཕགས་མ་ཉིད་དང་མཚུངས༔ ཐུན་མཐར་མཆོད་ཅིང་ཁྱད་པར་དུ༔ རྡོ་རྗེའི་རྒྱུད་ཀྱིས་གཞི་བསྟོད་བྱ༔ ཐབས་ཤེས་རྫས་ལ་བདུད་རྩིས་བྲན༔ བྱིན་གྱིས་བརླབས་ཤིང་ཚོགས་མཆོད་འབུལ༔ དུས་དང་རྒྱུན་གྱི་དངོས་གྲུབ་གསོལ༔ ཨོཾ༔ ཤིན་ཏུ་རྣམ་དག་འོད་གསལ་དཀྱིལ༔ རིག་པ་ཡེ་ཤེས་འཁོར་ལོའི་ཚུལ༔ ཚོགས་མཆོག་དམ་ཚིག་སྒྲོལ་མའི་ལྷ༔ རྩེ་གཅིག་བསྙེན་ཅིང་བསྒྲུབས་ལགས་ན༔ སྔོན་ཚེ་ཐུགས་བསྐྱེད་དམ་བཅས་ལྟར༔ མི་འགྱུར་མི་ཤིགས་འོད་གསལ་རྩལ༔ རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མཆོག་གི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ གཞན་ཡང་མཆོད་བསྟོད་ནོངས་བཤགས་སོགས༔ རྗེས་ཀྱི་ལས་རིམ་ཚུལ་བཞིན་བྱ༔ ཐུན་མོང་ལས་ཚོགས་གཞན་དུ་ཟབ༔ ཁྱད་པར་མྱོང་གྲོལ་རྫས་སྦྱོར་ནི༔ འབྲས་བུ་ལྔ་་་ཨ་བར་སྐྱུར་གསུམ་ཛཱ་ཏི་ལི་ཤི།དང་དྭངས་མ་ལྔ༔་་་ཅོང་ཞི་བྲག་ཞུན་གླ་རྩི་དབང་ལག་དངུལ་ཆུ་དུལ་མ། རྫས་ལྔ་་་རྟག་ངུ་གསུམ་དང་ཅུ་གང་སིནྡྷུ་ར།ཤ་ལྔ་བདུད་རྩི་ལྔ༔ ལྔ་ཚན་ཉེར་ལྔ་ཚུལ་བཞིན་སྦྱར༔ ཨུཏྤལ་སྔོན་པོས་བུངས་བསྐྱེད་ལ༔ མཆོག་གི་རྫས་་་གདུང་རིང་བསྲེལ་སྐྱེ་བདུན་སོགས།བཅས་རིལ་བུར་དྲིལ༔ བྷནྡྷའི་སྣོད་བླུགས་དཀྱིལ་འཁོར་བསྐྱེད༔ བཟླས་པའི་དམིགས་པ་འདི་ལྟར་སྦྱར༔ ཐུགས་ཀའི་ཡེ་ཤེས་སེམས་མ་ནི༔ རྡོ་རྗེ་ཕག་མོའི་ཐུགས་ཀ་ནས༔ མི་གཡོ་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ ལྗང་སྔོན་ལྕགས་ཀྱུ་བུམ་པ་འཛིན༔ ནམ་མཁར་གང་བར་རབ་སྤྲོས་པས༔ བརྟན་གཡོ་སྲིད་ཞིའི་ཁམས་ཀུན་ཁྱབ༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྕགས་ཀྱུས་བཀུག་ཅིང་བུམ་པར་བསྐྱིལ༔ བདུད་རྩིའི་བཅུད་དུ་འཁྱིལ་བ་ཡིས༔ ལྷ་ཚོགས་རྣམས་ཀྱི་སྤྱི་བོ་ནས༔ དབང་བསྐུར་སྐུ་ཡི་ནང་ཀུན་ཁེངས༔ དྭངས་མ་ཐུགས་སྲོག་ས་བོན་དང༔ དབྱེར་མེད་ཉིད་དུ་འདྲེས་པ་ཡིས༔ འཁོར་འདས་བཅུད་དང་དགེ་མཚན་ཀུན༔ ཐིག་ལེ་གཅིག་ཏུ་རྫོགས་པར་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་སིདྡྷི་སྭཱ་ཧཱ༔ ཞག་གསུམ་ཐུན་དུ་བཅད་ལ་བཟླས༔ ཐུན་མཚམས་ཚོགས་མཆོད་བགེགས་བསལ་ཞིང༔ བྱིན་ཆེན་དབབ་དང་བརྟན་པར་བྱ༔ འོད་དང་སྒྲ་དང་དྲི་བཟང་དང༔ འཕེལ་དང་གཡོ་ན་གྲུབ་པའི་རྟགས༔ མཐོང་བས་ལུས་སེམས་སྡུག་བསྔལ་ཞི༔ འཆང་ན་སྲུང་བ་ཀུན་གྱི་མཆོག༔ མྱོང་བས་ནད་གདོན་སྡིག་སྒྲིབ་འདག༔ ཡུན་དུ་བསྟེན་ན་འཆི་མེད་ཅིང༔ བདེ་ཆེན་རབ་འབར་མཁའ་སྤྱོད་འགྲུབ༔ མཆོག་གི་ལས་ཀྱི་སྦྱོར་བ་ནི༔ ལེགས་སོ་གསུམ་གྱི་དོན་ཁྲིད་བསྐྱང༔ ལྷན་སྐྱེས་དོན་གྱི་འཕགས་མ་ཡི༔ གོ་འཕང་ཚེ་འདིར་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པ་ལས་མཆོག་གྱུར་གླིང་པས་དགོངས་པའི་གཏེར་ཁ་རྡོལ་བ་ལྟར་བྲིས་པའོ། །ཨ་ཏི་གུ་ཧྱ། ༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ ལེགས་སོ་གསུམ་གྱི་དོན་ཁྲིད་བཞུགས༔ ༁ྃ༔ འཕགས་མ་སྒྲོལ་མའི་ཞབས་ལ་འདུད༔ དེ་ཡི་དོན་ཁྲིད་རིམ་པ་ནི༔ ལེགས་སོ་གསུམ་གྱི་མན་ངག་སྟེ༔ ལེགས་སོ་ལེགས་སོ་ལེགས་སོ་ཞེས༔ རྡོ་རྗེ་མི་ཤིགས་ནཱ་དའི་རྒྱུད༔ བརྗོད་མེད་བརྗོད་པ་ཀུན་གྱི་གཞི༔ གདུལ་བྱའི་བསམ་པ་བཞིན་དུ་སྣང༔ ལེགས་སོ་དང་པོ་ལྷ་མི་དང༔ ཉན་ཐོས་རང་རྒྱལ་ཐེག་པའི་བཅུད༔ དད་དང་ངེས་འབྱུང་རྣམ་དག་སྟེ༔ ཐོག་མར་དགེ་བ་ལམ་སྟེགས་ཁྲིད༔ ལེགས་སོ་གཉིས་པ་ཐེག་ཆེན་བཅུད༔ བྱམས་དང་སྙིང་རྗེ་ལ་བརྟེན་ནས༔ ལྷག་བསམ་རྣམ་དག་བསྐྱེད་པ་སྟེ༔ བར་དུ་དགེ་བ་དངོས་གཞིའི་ཁྲིད༔ ལེགས་སོ་ཐ་མ་གསང་སྔགས་བཅུད༔ བསྐྱེད་དང་རྫོགས་པ་ལ་བརྟེན་ནས༔ ཡེ་ཤེས་རྣམ་དག་བསྐྱེད་པ་སྟེ༔ ཐ་མར་དགེ་བ་རྗེས་ཀྱི་ཁྲིད༔ དེ་རྣམས་ཇི་བཞིན་ཉམས་བླང་ཕྱིར༔ དབང་ཐོབ་གདམས་ངག་གནད་རིག་ཅིང༔ དམ་ཚིག་སྡོམ་པ་ཡོངས་དག་པས༔ དབེན་པའི་གནས་སུ་བྱ་བ་བཏང༔ ལུས་གནད་བསྲངས་ལ་རླུང་རོ་འབུད༔ དྲན་པ་མངོན་དུ་བཞག་བྱས་ཏེ༔ བླ་མ་རྗེ་བཙུན་སྒྲོལ་མར་བསྐྱེད༔ རྩེ་གཅིག་གསོལ་བཏབ་མོས་གུས་བསྐྱེད༔ ཐུགས་ཡིད་བསྲེས་ལ་མཉམ་པར་གཞག༔ དེ་ནས་ཉམས་ལེན་རིམ་པ་ནི༔ དལ་འབྱོར་རྙེད་དཀའ་འཇིག་སླ་དང༔ ངན་སོང་གསུམ་གྱི་སྡུག་བསྔལ་དྲན༔ ལས་འབྲས་བསླུ་མེད་ཡིད་ཆེས་པས༔ སྐྱབས་གནས་ཀུན་འདུས་རྗེ་བཙུན་མར༔ རྩེ་གཅིག་སྐྱབས་གསོལ་བསླབ་བྱ་བསྲུང༔ མཐོ་རིས་གསུམ་ཡང་འགྱུར་བ་དང༔ འདུ་བྱེད་སྡུག་བསྔལ་ཁོ་ནའི་ཕྱིར༔ ཁམས་གསུམ་མེ་འོབས་ལྟར་མཐོང་བའི༔ ངེས་འབྱུང་དྲག་པོས་ཐར་ལམ་བསྒྲུབ༔ དེ་ནི་སྔོན་འགྲོའི་ཁྲིད་རིམ་མོ༔ སྡུག་བསྔལ་ཅན་གྱི་འཁོར་བ་པ༔ དེ་ཀུན་བདག་གི་དྲིན་ཅན་མ༔ དེ་ཕྱིར་དེ་རྣམས་ཐམས་ཅད་ལ༔ བྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔ བདག་གི་བདེ་དགེ་གཞན་ལ་གཏོང༔ སྡུག་བསྔལ་ཀུན་འབྱུང་རང་ལ་བླང༔ ཐོག་མར་རྩ་བའི་མ་ནས་གཟུང༔ མཁའ་ཁྱབ་ཀུན་ལ་བློ་འབྱོངས་ནས༔ དེ་ཀུན་བདེ་ལ་འགོད་པ་དང༔ སྡུག་བསྔལ་ཆ་བཅས་བསལ་བའི་ཕྱིར༔ ལྷག་པའི་བསམ་པ་རྣམ་དག་པས༔ བྱང་ཆུབ་སྨོན་པའི་སེམས་བསྐྱེད་ཅིང༔ འཇུག་པར་ཕ་རོལ་ཕྱིན་དྲུག་བསྒྲུབ༔ ཁྱད་པར་ལུས་བསྲང་རླུང་རོ་བསལ༔ དམིགས་པ་མདུན་མཁར་བླ་མ་དང༔ དབྱེར་མེད་རྗེ་བཙུན་འཕགས་མའི་སྐུ༔ གསལ་ཞིང་འོད་ཟེར་འཕྲོ་བ་བསྐྱེད༔ བྱིང་ན་སྨིན་མཚམས་མཉམ་ན་ཐུགས༔ རྒོད་ན་ལྟེ་བར་ཐིག་ལེ་ལ༔ སེམས་གཟུང་ཏིང་འཛིན་མི་གཡོ་བས༔ ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔ མཐར་ནི་དེ་ཉིད་རང་ལ་བསྟིམ༔ རྣམ་རྟོག་དུས་གསུམ་སྤྲོས་པ་བཅད༔ རྟེན་མེད་རང་ལུགས་ངང་དུ་གཞག༔ ལུས་སེམས་ཤིན་སྦྱངས་ཞི་གནས་འགྲུབ༔ བསམ་གཏན་ཕ་རོལ་ཕྱིན་ཅེས་བྱ༔ དེ་ཡི་ངང་ལས་ཕྱི་ནང་གི༔ སྣོད་དང་བཅུད་དུ་སྣང་བ་ཀུན༔ རང་སྣང་ཡིན་ཏེ་རྨི་ལམ་འདྲ༔ འཛིན་པའི་སེམས་ལ་ཚུར་བལྟས་པས༔ འལ་པོ་རྗེས་མེད་བར་སྣང་སྤྲིན༔ སེམས་ཀྱི་ངོ་བོར་ལེགས་དཔྱད་པས༔ དུ་མར་མི་གནས་སྟོང་སང་ངེ༔ གཅིག་པུ་མ་ཡིན་གསལ་ལམ་མེ༔ དབྱེར་མེད་བློ་ལས་འདས་པའི་ངང༔ ཞི་ལྷག་ཟུང་འཇུག་ཏིང་འཛིན་བསྒྲུབ༔ དོན་གྱི་རྗེ་བཙུན་སྒྲོལ་མ་ཡུམ༔ ཤེས་རབ་ཕ་རོལ་ཕྱིན་པ་སྟེ༔ ལམ་གྱི་དངོས་གཞིའི་ཁྲིད་རིམ་མོ༔ ཆོས་རྣམས་སྟོང་ཉིད་ཡིན་ཤེས་ནས༔ མ་སྐྱེས་པ་ལ་འགག་མེད་པའི༔ སྣང་ཆ་བསྐྱེད་པའི་རིམ་པར་བསྒོམ༔ ཕྱི་ལྟར་ཚོགས་གསོག་བསྙེན་པ་དང༔ ནང་ལྟར་བྱིན་དབབ་སྒྲུབ་པ་ཡིས༔ རྒྱུད་སྦྱངས་ཁྱད་པར་གསང་བའི་ལམ༔ མོས་གུས་བླ་མའི་རྣལ་འབྱོར་གསལ༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ༔ དེ་ནས་སྒྲུབ་པ་ཆེན་པོ་ནི༔ ཟུང་འཇུག་ཏིང་འཛིན་གསུམ་གྱི་རྩལ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད༔ རྣམ་པ་གསལ་ཞིང་ང་རྒྱལ་བརྟན༔ རྣམ་དག་དྲན་པས་གསལ་སྣང་བསྒྲུབ༔ ཐ་མལ་སྣང་ཞེན་འགོག་ནུས་པའི༔ གསལ་བ་རབ་ཀྱི་མཐར་སོན་པས༔ ལུས་གནད་བྱེད་བཅིངས་སྙིང་གའི་དབུས༔ འོད་ཀྱི་གོང་བུར་སེམས་གཟུང་བྱ༔ དེ་གོམས་སེམས་ཉིད་གཉུག་མའི་ངང༔ སྤང་བླང་སྤྲོ་བསྡུ་བྲལ་བར་གཞག༔ ཡེ་ཤེས་ཅུང་ཟད་སྐྱེས་པ་ན༔ ཁ་སྦྱོར་རླུང་གིས་གཞི་བཟུང་ནས༔ རྡོ་རྗེའི་བཟླས་པས་རླུང་ལམ་སྦྱང༔ རྩ་རླུང་ལས་སུ་རུང་བའི་ཚེ༔ མཚན་ལྡན་ཕྱག་རྒྱའི་རེག་བྱ་ཡིས༔ འདོད་ཆགས་ཆེན་པོའི་མེ་སྦར་ལ༔ བདེ་བ་དབབ་གཟུང་ལྡོག་ཁྱབ་དགྲམ༔ ཡེ་ཤེས་ཆེན་པོའི་ངང་དུ་གཞག༔ བོགས་འདོན་གཏུམ་མོའི་མེ་སྦར་ཞིང༔ སྙིང་གའི་ཏཱཾ་ལས་ཨོཾ་གྱི་གདངས༔ སྤྲོས་པས་སྣོད་བཅུད་དྭངས་མ་ཀུན༔ ཧཱུྃ་གིས་བསྡུས་ཤིང་བསྟིམས་བྱས་ལ༔ མི་ཤིགས་ཐིག་ལེར་སེམས་གཟུང་ཞིང༔ རླུང་གི་སྦྱོར་བས་བརྟན་པར་བྱ༔ རང་བྱུང་རིག་པ་སྐད་ཅིག་མ༔ བསམ་གྱིས་མི་ཁྱབ་དབྱིངས་སུ་བསྐྱལ༔ མཚོན་བྱེད་དཔེ་ཡི་ཡེ་ཤེས་ལས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ འགྱུར་མེད་དྭངས་མ་གསུམ་ལྡན་གྱི༔ རྡོ་རྗེ་སྒྲོལ་མ་ཚེ་འདིར་འགྲུབ༔ ལམ་མཆོག་རྗེས་ཀྱི་ཁྲིད་རིམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པ་ལས་མཆོག་གྱུར་གླིང་པས་དགོངས་པའི་གཏེར་ཁ་རྡོལ་བ་ལྟར་བྲིས་པའོ། །ཨ་ཏི་གུ་ཧྱ། ༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ རྡོ་རྗེའི་ལུང་གི་ངེས་པ་བཞུགས༔ ༁ྃ༔ འཕགས་མ་སྒྲོལ་མའི་ཞབས་ལ་འདུད༔ དེ་ཡི་མན་ངག་སྙིང་བཅུད་འདིའི༔ རྡོ་རྗེའི་ལུང་གི་ངེས་པ་ནི༔ ཆོས་དབྱིངས་གནས་སུ་ཀུན་བཟང་མོས༔ བསམ་མེད་བདེ་བའི་སྔགས་རྒྱུད་བསྟན༔ འོག་མིན་རྡོ་རྗེ་བཙུན་མོ་ཡིས༔ ལྷ་སྔགས་ཡེ་ཤེས་རོལ་པར་བཤད༔ འགྲོ་འདུལ་གདུལ་བྱ་དུས་བབ་ཚེ༔ སྤྲུལ་སྐུ་རྗེ་བཙུན་སྒྲོལ་མའི་རྒྱུད༔ འབུམ་ཕྲག་མང་པོ་སྔོན་དུས་བྱུང༔ དེ་རྣམས་ཀུན་གྱི་སྙིང་པོའི་བཅུད༔ ཅུང་ཟད་སྤྲོས་དང་ཉེར་མཁོ་དང༔ ཟབ་པའི་མན་ངག་གསུམ་དུ་བསྡུས༔ རྒྱས་པ་མཐོང་གྲོལ་སྐུ་རྟེན་བཅས༔ ཟབ་ལུང་རྫ་ཡི་སུལ་དུ་གཏམས༔ ཉེར་མཁོ་དབང་གི་བྲག་ལ་སྦས༔ སྙིང་པོའི་བཅུད་འདི་ཟབ་པས་ན༔ མཆོག་གྱུར་གླིང་པའི།་་་དགོངས་པའི་གཏེར་ལས་ཡང་དག་འབྱུང༔ འཕགས་མས་བྱིན་བརླབས་རིག་འཛིན་་་མཁྱེན་བརྩེའི་དབང་པོ།ལ༔ ཐོག་མར་ཆིག་བརྒྱུད་ཚུལ་དུ་སྟོན༔ དེས་ཀྱང་ལོ་གསུམ་གསང་བྱས་ལ༔ སྣོད་ཀྱི་མཆོག་་་བློ་གྲོས་མཐའ་ཡས།ལ་ཆིག་རྒྱས་གདབ༔ དེ་ནས་བཤད་དང་རྩོམ་དང་སྒྲུབ༔ གཞན་ཕན་ཁྱད་པར་ཕྲིན་ལས་འགྱུར༔ ཀུན་བཟང་རྗེ་བཙུན་རྣལ་འབྱོར་མ༔ འཕགས་མ་ཨོ་རྒྱན་ཡབ་ཡུམ་གྱིས༔ རིག་འཛིན་དེ་རྣམས་བྱིན་བརླབས་པས༔ རང་གཞན་དོན་གཉིས་འགྲུབ་པ་ཡིན༔ འགྲོ་འདུལ་སྤྲུལ་པའི་རིག་འཛིན་གསུམ༔ སྤྲུལ་པ་ཡིན་ཏེ་སུས་མི་ཤེས༔ སྤྲུལ་པ་རེ་རེ་བསྡུ་བའི་ཚེ༔ འགྱོད་པའི་གནས་རེ་ངེས་པར་འོང༔ སྤྲུལ་པ་ནམ་ཡལ་ཆ་མེད་པས༔ སྙིང་པོའི་དོན་མཆོག་ལེན་རེ་རན༔ དམ་ཚིག་སྡོམ་པ་སྲོག་བཞིན་སྲུངས༔ བསྡུ་ཚུལ་ཆུང་ནས་བརྩམ་པ་ཡིན༔ འོན་ཀྱང་སྣང་བ་དགྲར་ལངས་པས༔ དག་སྣང་མི་བྱེད་གཤེ་སྐུར་སྒྲོག༔ བློ་ལ་མི་ཆུད་སྡངས་ཤིང་སྤོང༔ སེམས་ཅན་ལས་ཡིན་བྱ་ཐབས་མེད༔ གདུག་པ་སྤྲེ་འུའི་ལོ་ཤར་ནས༔ བོད་ཁམས་ཁོལ་བུར་གཡོ་འཁྲུགས་ལྡང༔ དེ་ནས་རིམ་པར་རྩུབ་ཟིང་འབྱུང༔ ཕྱི་འཁྱར་ནང་འཁྲུགས་ཀླ་ཀློ་གཡོ༔ དེ་ཚེ་བདེ་སྐྱིད་འབྱུང་འདོད་ན༔ ཆོས་འཁོར་གསུམ་ལ་མཆོད་པ་ཕུལ༔ དུས་སྟོན་བཟང་པོའི་རྒྱུན་ཡང་བཙུག༔ དབུས་གཙང་སྒྲུབ་གནས་ཉེར་གཅིག་དང༔ ཁམས་ཀྱི་གནས་ཆེན་ཉེར་ལྔ་ལ༔ སྙིང་པོ་དོན་གྱི་སྒྲུབ་སྡེ་ཚུགས༔ སྨན་སྒྲུབ་བྱ་ཞིང་བྱིན་ཆེན་དབབ༔ ནུས་པ་ལྡན་པས་ཚོགས་འཁོར་བསྐོར༔ རྗེ་བཙུན་སྒྲོལ་མའི་སྣང་བརྙན་ནི༔ རིས་སུ་བྲིས་དང་འབུར་དུ་རྐོས༔ སྙིང་པོའི་སྔགས་དང་བསྟོད་པའི་རྒྱུད༔ ཛཔ྄་ཏུ་བཟླ་ཞིང་གླུ་རུ་ལོངས༔ མེ་དང་རླུང་དང་ཆུ་ལ་སྐོར༔ དེ་ཡིས་བོད་ཁམས་བདེ་སྐྱིད་འབྱུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པ་ལས་མཆོག་གྱུར་གླིང་པས་དགོངས་པའི་གཏེར་ཁ་རྡོལ་བ་ལྟར་བྲིས་པའོ། །ཨ་ཏི་གུ་ཧྱ། ༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ རྡོ་རྗེའི་སྲུང་མའི་མཆོད་བྱང་བཞུགས༔ ༁ྃ༔ འཕགས་མ་སྒྲོལ་མའི་ཞབས་ལ་འདུད༔ དེ་ཡི་སྲུང་མའི་མཆོད་བྱང་ནི༔ དཀར་གཏོར་སྐྱེམས་ཕུད་དཀར་སྔོ་་་འོ་མ་དང་ཆང་ཕུད།བཤམ༔ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿས༔ བདུད་རྩི་འདོད་ཡོན་ཕུང་པོར་བརླབ༔ མཆོད་རྔ་བརྡུང་ཞིང་འདི་སྐད་བསྐུལ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ཡུམ་གྱི་ཀློང༔ སྐྱེ་བའི་ཆོ་འཕྲུལ་རྗེ་བཙུན་མ༔ རིགས་ལྔའི་སྒྱུ་འཕྲུལ་ཀུན་ཏུ་སྣང༔ ཡེ་ཤེས་དེ་ལས་མ་གཡོས་བཞིན༔ ཕྲིན་ལས་དབང་གིས་བསྟན་སྐྱོང་ཚུལ༔ ལྷན་སྐྱེས་རྡོ་རྗེ་གཡུ་སྒྲོན་མ༔ མཆེད་ལྔ་སྤྲུལ་པ་ཡང་འཁོར་བཅས༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ ཐུགས་རྗེའི་ཤུགས་ཀྱིས་ད་ཚུར་བྱོན༔ ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ གཏོར་མ་རོ་བཅུད་ལྷུན་པོར་སྤུངས༔ སྐྱེམས་ཕུད་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ འདོད་ཡོན་རྣམ་པ་ཐམས་ཅད་པ༔ ནམ་མཁའ་གང་བའི་མཆོད་སྤྲིན་འདིས༔ དབང་ཡུལ་བདེ་བ་ཆེན་པོར་མཆོད༔ ལོངས་སྤྱོད་བཞེད་རྒུས་ཐུགས་དམ་བསྐང༔ སྒོ་གསུམ་དམ་ཚིག་ཉམས་ཆག་བཤགས༔ ཡོན་ཏན་ཆེ་བའི་མངའ་གསོལ་ཞིང༔ ཕྲིན་ལས་འདོད་རྒུར་འཆར་ལ་བསྟོད༔ གདུང་ཤུགས་དྲགས་པོས་རྒྱུད་བསྐུལ་ན༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཞལ་བཞེས་དམ་བཅས་རྗེས་དགོངས་ལ༔ མ་མོ་མཁའ་འགྲོ་འཁྲུགས་པ་ཡི༔ རྒྱུ་དང་འབྲས་བུ་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤོར༔ རྩ་རླུང་སྣང་སེམས་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆམ་ལ་ཕོབ༔ སངས་རྒྱས་བསྟན་སྲུངས་བསྟན་འཛིན་སྐྱོངས༔ བོད་ཁམས་མཐའ་དབུས་ཐམས་ཅད་དུ༔ སྣོད་བཅུད་བདེ་ཞིང་སྐྱིད་པ་དང༔ ཁྱད་པར་རྣལ་འབྱོར་བདག་ཅག་གི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་བཟླས་དབང་འདུས་བྲན་དུ་འགྱུར༔ སྙིང་ཉེའི་སློབ་མར་བཀའ་གཏད་ན༔ གཏོར་མ་ལྷར་གསལ་ཕྲིན་ལས་བསྐུལ༔ ཧཱུྃ༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི༔ རྣམ་འཕྲུལ་རིགས་ལྔའི་སྒྲོལ་མ་དང༔ ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིག༔ རྣམ་པ་འཇིག་རྟེན་སྨན་མོའི་ཚུལ༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ མཆེད་ལྔ་སྤྲུལ་པ་ཡང་སྤྲུལ་བཅས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡི༔ སྤྱན་སྔར་ཞལ་བཞེས་དམ་བཅས་ལྟར༔ དེ་རིང་རྡོ་རྗེ་སློབ་མ་འདིའི༔ ཆོས་སྲུང་གཙོ་མོར་མངའ་གསོལ་ན༔ ཐ་ཚིག་གཉན་པོ་རྗེས་དགོངས་ལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རྗེ་མོར་གཏད་དོ་བྱིན་མ་ཆུང༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ སྲིང་དུ་གཏད་དོ་གཞུང་མ་ངན༔ འདོད་རྒུའི་འབྱོར་པ་ཡིད་བཞིན་སྤེལ༔ གྲོགས་སུ་གཏད་དོ་སྙིང་མ་རིང༔ བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད༔ འབངས་སུ་གཏད་དོ་བང་མ་བུལ༔ ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས༔ སྲུང་མར་གཏད་དོ་རྩལ་མ་ཞན༔ ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས༔ ལས་ཀྱི་འབྲས་བུ་མཆིས་པ་དང༔ བཀྲ་ཤིས་བདེ་ལེགས་གྲུབ་པར་མཛོད༔ བཛྲ་ས་མ་ཡ་རཀྵནྟུ༔ སྲོག་སྔགས་སྦྱིན་ཞིང་དོན་ངོ་སྤྲད༔ དེ་ཡིས་སྨན་མོ་གྲིབ་བཞིན་འགོ༔ ཕྲིན་ལས་གང་བཅོལ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་རྡོ་རྗེའི་སྲུང་མའི་མཆོད་བྱང་ཡང་དག་པའོ། །༁ྃ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས༔ སྲུང་མའི་ལས་ཚོགས་ཟབ་མོ་བཞུགས༔ ༁ྃ༔ འཕགས་མ་སྒྲོལ་མའི་ཞབས་ལ་འདུད༔ དེ་ཡི་སྲུང་མའི་ལས་ཚོགས་ལ༔ སྐུ་ཡི་སྒོ་ནས་ཕྱྭ་གཡང་དགུག༔ བཀྲ་ཤིས་གནས་སུ་སྟེགས་བུའི་དབུས༔ གཏེར་བུམ་སྐུ་དང་སྔགས་འདོད་གསོལ༔ སྣ་ཚོགས་དཀོར་ཆས་གཏམས་པ་འམ༔ དཔལ་ཅན་འབྲུ་སྨན་རིན་ཆེན་ལས༔ གཏོར་མ་ནོར་བུ་འབར་བའི་དབྱིབས༔ ཞལ་ཟས་བཟང་རྒུས་བསྐོར་བ་བཤམ༔ མ་གྲུབ་ཕྱེ་མར་མདའ་དར་ཙམ༔ ཕྱྭ་གཡང་དགུག་པའི་རྟེན་དུ་བྱ༔ ཕྱི་ནང་ཉེར་སྤྱོད་མཆོད་གཏོར་སོགས༔ ཡིད་འོང་སྤྱན་གཟིགས་འབྱོར་རྒུ་དགྲམ༔ ལས་ཀྱི་གཞུང་བསྲང་མཆོད་བསྟོད་བྱ༔ བསྙེན་པའི་སྔགས་མཐར་ཤམ་བུ་གདགས༔ སརྦ་ལོ་ཀ་སིདྡྷི་ཤྲཱི་བྷཱུ་ཏི་བ་སུ་ནི་དྷ་ན་རཏྣ་པཱ་ཤཾ་ཀུ་རུ་ཛ་ཛ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པ་བཟླ་ཞིང་ཏིང་འཛིན་ནི༔ བདག་ཉིད་རྗེ་བཙུན་སྒྲོལ་མ་ཡི༔ ཐུགས་ནས་འོད་ཟེར་སེར་པོ་སྤྲོས༔ སྨན་བཙུན་འཁོར་བཅས་ཐུགས་ཀར་ཕོག༔ སྔོན་གྱི་ཐ་ཚིག་རྗེས་དྲན་ནས༔ སྒེག་མཛེས་རྒྱས་པའི་གཟི་བྱིན་འབར༔ འོད་དང་སྤྲུལ་པས་འཇིག་རྟེན་ཁྱབ༔ སྣོད་བཅུད་འབྱུང་བའི་དྭངས་མ་དང༔ དཔལ་འབྱོར་ལོངས་སྤྱོད་མཁོ་རྒུའི་ཚོགས༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ འཇའ་ཟེར་ཐིག་ལེའི་རྣམ་པ་རུ༔ ཆར་སྤྲིན་གཏིབས་ལྟར་དབང་མེད་བཀུག༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ ཚེ་དང་བསོད་ནམས་ལེགས་ཚོགས་འཕེལ༔ ཕྱྭ་གཡང་ལོངས་སྤྱོད་རྒྱས་པར་བསམ༔ སྐབས་སུ་དངོས་བཤམས་འབྱོར་པའི་ཚོགས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ བསང་གསུར་བྱ་ཞིང་སྐྱེམས་ཕུད་གཏོར༔ རོལ་མོ་དབྱངས་བཅས་འདི་སྐད་བསྐུལ༔ ཨོཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཡུམ་གྱུར་རྗེ་བཙུན་མའི༔ རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ༔ སྨན་བཙུན་བདེ་གཤེགས་གཡུ་སྒྲོན་མ༔ དཀར་གསལ་མཛེས་འཛུམ་ཞི་བའི་ཉམས༔ ཕྱག་གཡས་མདའ་དར་གཡོབ་པ་ཡིས༔ སྲིད་དང་ཞི་བའི་ཕྱྭ་གཡང་འགུགས༔ གཡོན་པས་རིན་ཆེན་གཏེར་བུམ་བསྣམས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ དར་དང་རཏྣ་ཨུཏྤལ་བརྒྱན༔ ཞབས་ཟུང་བརྐྱང་བསྐུམ་གར་སྟབས་ཀྱིས༔ སྨན་ཕྲན་འབུམ་གྱི་དབུས་ན་རོལ༔ འཁོར་དང་བཅས་པ་ཐམས་ཅད་ཀུན༔ ལས་ལ་མ་གཡེལ་ད་ཚུར་བྱོན༔ བཀྲ་ཤིས་ཡིད་འོང་གནས་འདི་རུ༔ བཤམས་པའི་རྟེན་དང་དབྱེར་མེད་བཞུགས༔ ཉེར་སྤྱོད་འདོད་ཡོན་མཁོ་རྒུ་དང༔ གཏོར་མ་སྐྱེམས་ཕུད་བདུད་རྩིའི་སྤྲིན༔ བསང་གསུར་མཆོད་རྫས་སྣ་ཚོགས་པ༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ རྩེ་གཅིག་གུས་ཤིང་མོས་པ་ཡིས༔ ཐུགས་རྗེ་ཐུགས་དམ་རྒྱུད་བསྐུལ་ན༔ ཀུན་བཟང་རྡོ་རྗེ་རྣལ་འབྱོར་མ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་དང༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་དམ་བཅས་ལྟར༔ ཕྱྭ་གཡང་དགུག་པའི་ཕྲིན་ལས་མཛོད༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་དང་གཡང༔ ཆར་སྤྲིན་གཏིབས་བཞིན་གནས་འདིར་ཁུག༔ འོག་ཕྱོགས་ཀླུ་ཡི་ཕྱྭ་དང་གཡང༔ ས་རླངས་རྡོལ་བཞིན་གནས་འདིར་ཁུག༔ བར་ཕྱོགས་མི་ཡི་ཕྱྭ་དང་གཡང༔ རླུང་དམར་འཚུབས་བཞིན་གནས་འདིར་ཁུག༔ ཕྱི་སྣོད་ས་ཆུ་མེ་རླུང་གི༔ བཅུད་དང་དྭངས་མའི་ཕྱྭ་གཡང་ཁུག༔ ནང་བཅུད་འགྲོ་བའི་ཚེ་བསོད་སྟོབས༔ དཔལ་འབྱོར་ལོངས་སྤྱོད་ཕྱྭ་གཡང་ཁུག༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཕྱྭ་གཡང་ཁུག༔ མཛེས་བརྗིད་གཟུགས་ཀྱི་ཕྱྭ་གཡང་ཁུག༔ སྙན་འགྱུར་སྒྲ་ཡི་ཕྱྭ་གཡང་ཁུག༔ བློ་གྲོས་སྤོབས་པའི་ཕྱྭ་གཡང་ཁུག༔ ཚེ་རིང་ནད་མེད་ཕྱྭ་གཡང་ཁུག༔ སྙན་གྲགས་དབང་ཐང་ཕྱྭ་གཡང་ཁུག༔ བསམ་དོན་འགྲུབ་པའི་ཕྱྭ་གཡང་ཁུག༔ བཅུད་ཅན་ཟས་ཀྱི་ཕྱྭ་གཡང་ཁུག༔ བཀྲག་ཅན་གོས་ཀྱི་ཕྱྭ་གཡང་ཁུག༔ དཔལ་ཅན་ནོར་གྱི་ཕྱྭ་གཡང་ཁུག༔ རོ་བཅུད་འབྲུ་ཡི་ཕྱྭ་གཡང་ཁུག༔ རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་ཁུག༔ ཕྱྭ་ཡི་ཉི་ཟླ་ལམས་སེ་ལམ༔ གཡང་གི་རྒྱ་མཚོ་མེ་རེ་རེ༔ ཕྱྭ་ཁུག་གཡང་སྐྱོབས་གནས་འདིར་སྡུས༔ སྒྲུབ་མཆོག་བདག་ལ་དབྱེར་མེད་སྟིམས༔ སྒྲུབ་པའི་རྟེན་དང་མི་འབྲལ་བཞུགས༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀུན༔ བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ༔ བཾ་བུདྡྷ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་སརྦ་སིདྡྷི་བཱ་ཤཾ་པུཥྚིཾ་ཀུ་རུ་ཨོཾ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་ཡུམ་གྱུར་རྗེ་བཙུན་མའི༔ རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ༔ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ མཐིང་གསལ་མཛེས་འཛུམ་སྒེག་པའི་ཉམས༔ ཕྱག་གཡས་སོགས་གོང་ལྟར་འགྲེ༔ ཧ་བཛྲ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་སརྦ་སིདྡྷི་བཱ་ཤཾ་པུཥྚིཾ་ཀུ་རུ་ཧཱུྃ༔ ཏྲཱཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་ཡུམ་གྱུར་རྗེ་བཙུན་མའི༔ རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ༔ སྨན་བཙུན་རིན་ཆེན་གཡུ་སྒྲོན་མ༔ སེར་གསལ་མཛེས་འཛུམ་རྒྱས་པའི་ཉམས༔ ཕྱག་གཡས་སོགས༔ རི་རཏྣ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་སརྦ་སིདྡྷི་བཱ་ཤཾ་པུཥྚིཾ་ཀུ་རུ་ཏྲཱཾ༔ ཧྲཱི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཡུམ་གྱུར་རྗེ་བཙུན་མའི༔ རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ༔ སྨན་བཙུན་པདྨ་གཡུ་སྒྲོན་མ༔ དམར་གསལ་མཛེས་འཛུམ་ཆགས་པའི་ཉམས༔ ཕྱག་གཡས་སོགས༔ ནི་པདྨ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་སརྦ་སིདྡྷི་བཱ་ཤཾ་པུཥྚིཾ་ཀུ་རུ་ཧྲཱི༔ ཨཱ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་ཡུམ་གྱུར་རྗེ་བཙུན་མའི༔ རྣམ་འཕྲུལ་འཇིག་རྟེན་སྐྱོང་བའི་ཚུལ༔ སྨན་བཙུན་ཀརྨ་གཡུ་སྒྲོན་མ༔ ལྗང་གསལ་མཛེས་འཛུམ་ཁྲོས་པའི་ཉམས༔ ཕྱག་གཡས་སོགས༔ ས་ཀརྨ་པྲ་མོ་ཧ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་སརྦ་སིདྡྷི་བཱ་ཤཾ་པུཥྚིཾ་ཀུ་རུ་ཨཱ༔ དེ་ལྟར་ཡང་ཡང་བསྐྱར་བ་ཡིས༔ གནས་ཁང་བཀྲག་མདངས་སྣུམ་འོད་ལྡན༔ སྒྲུབ་རྫས་རྟེན་རྣམས་བྱིན་ཆགས་ཤིང༔ འོད་འཕྲོས་བདུད་རྩི་འབེབ་པ་དང༔ རྨི་ལམ་ཉི་ཤར་ཆུ་བོ་རྒྱས༔ ལོ་ཏོག་རྩི་ཤིང་བཀྲག་སོགས་འབྱུང༔ དེ་ཚེ་ཕྱྭ་གཡང་རྟེན་ལ་བསྟིམ༔ བརྟན་བཞུགས་བྱ་ཞིང་གཡང་སྒོ་བསྡམ༔ ཨོཾ༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ འཕགས་མ་སྨན་བཙུན་འཁོར་དང་བཅས༔ རྟེན་འདིར་འབྲལ་མེད་རྟག་བཞུགས་ནས༔ ཚེ་དབང་ལོངས་སྤྱོད་བརྟན་པར་མཛོད༔ སྭསྟི་སྭསྟི་ཏིཥྛནྟུ༔ ཞེས་བརྗོད་རྒྱས་གདབ་མེ་ཏོག་འཐོར༔ དེས་ནི་རྨ་གཡང་ལོངས་སྤྱོད་ཀུན༔ ནམ་མཁའི་མཛོད་བཞིན་འཕེལ་བར་འགྱུར༔ ས་མ་ཡ༔ གསུང་གི་སྒོ་ནས་དམིགས་བྱ་དགུག༔ རྟེན་ནི་གི་ཝཾ་སིནྡྷུ་ར༔ ཁབ་ལེན་རྡོ་དང་ཨུཏྤལ་དམར༔ པདྨ་རཀྟ་རིལ་བུར་དྲིལ༔ ཟངས་སྣོད་གཞག་ཅིང་མ་ཉམས་པའི༔ ཆང་ཕུད་སིནྡྷུར་བཏབ་པ་བཤམ༔ ལས་གཞུང་བསྲང་ཞིང་བསྙེན་པའི་ཤམ༔ བསྒྲུབ་བྱ་དམིགས་བསལ་ཡོད་ན་སརྦ་ལོ་ཀའི་མལ་དུ་མིང་བཅུག།་་་སརྦ་ལོ་ཀ་ཧྲཱིཾ་ཧྲཱིཾ་ཛཿཛཿཝཱ་ཤཾ་ཀུ་རུ་ཧོ༔ ཞེས་བཟླས་དམིགས་པ་རྩེ་གཅིག་ཏུ༔ རང་ཉིད་འཕགས་མའི་ཐུགས་ཀ་ནས༔ འོད་འཕྲོས་སྨན་བཙུན་འཁོར་དང་བཅས༔ ཐུགས་རྒྱུད་བསྐུལ་ཞིང་ཐུགས་ཀ་ནས༔ ལས་བྱེད་མཁའ་འགྲོ་རཱ་གའི་མདོག༔ ལྕགས་ཀྱུ་ཞགས་པ་བསྣམས་པ་འཕྲོས༔ དམིགས་བྱ་ཕོ་ཡི་སྙིང་ག་དང༔ མོ་ཡི་གསང་གནས་ལྕགས་ཀྱུས་བཏབ༔ འདུན་པ་བསྒྱུར་ཞིང་ཆགས་པ་བསྐྱེད༔ སྙིང་རྩ་བསྒུལ་ནས་དབང་མེད་དུ༔ བདག་ལ་ཆགས་ཤིང་ཞེན་པའི་བློས༔ འོད་དམར་བདེ་ཆེན་ངོ་བོར་ཞུ༔ གཞན་ཡང་བརྟན་གཡོའི་དྭངས་བཅུད་བཅས༔ འོད་ཀྱི་གོང་བུར་འདྲིལ་བ་ཉིད༔ ཞགས་པས་བཅིངས་ཏེ་རང་ལ་ཐིམ༔ རྟེན་གྱི་རྫས་དང་དབྱེར་མེད་འདྲེས༔ རང་དབང་བྲལ་ཏེ་དབང་འདུས་བསམ༔ སྐབས་སུ་བཟང་ཤིང་མེ་སྦར་ལ༔ ཕྱེ་མར་དབང་གི་རྫས་རྣམས་བསྲེག༔ ཆང་ཕུད་འཐོར་ཞིང་ཆགས་པའི་བློས༔ དབྱངས་དང་བཅས་ཏེ་ཐུགས་དམ་བསྐུལ༔ ཧྲཱི༔ མྱུར་མ་དཔའ་མོའི་ཡེ་ཤེས་ལས༔ འཇིག་རྟེན་སྐྱོང་བའི་སྨན་བཙུན་ཆེ༔ མཆེད་ལྔ་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་དམ་སྐུལ་ལོ་བརྩེ་གདུང་སྐྱེད༔ རྗེས་ཆགས་གློག་གི་ཞགས་པ་སྤྲོས༔ ལས་བྱེད་ཕོ་ཉས་སྟོང་གསུམ་ཁོངས༔ འོད་དམར་ལྕགས་ཀྱུས་དམིགས་བྱ་དང༔ འཇིག་རྟེན་ཁམས་ཀྱི་ལེགས་ཚོགས་ཀུན༔ རང་དབང་མེད་པར་དབང་དུ་སྡུས༔ ཡེ་ཤེས་ཞགས་པའི་དྲྭ་བས་ཆིངས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ སྲིད་པ་ཕོ་ཡི་སེམས་རྩ་སྒུལ༔ སྨན་ཤར་མོ་བཙུན་འདོད་པ་སློངས༔ བྱིས་པ་ཆུང་ངུའི་བློ་སྣ་སྒྱུར༔ སྣོད་བཅུད་དྭངས་མ་དབང་མེད་ཕྲོགས༔ མ་གཡེལ་རྡོ་རྗེ་གཡུ་སྒྲོན་མ༔ མཆེད་ལྔ་སྨན་བཙུན་འབུམ་འབུམ་བཅས༔ བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ༔ ཐ་ཚིག་ཞལ་བཞེས་དེང་དགོངས་ལ༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ རབ་འབྱམས་དབང་གི་དངོས་གྲུབ་སྒྲུབས༔ དོན་ཀུན་གྲུབ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་དངོས་སུ་ཁུག་པ་དང༔ རྨི་ལམ་རྟགས་མཚན་མཐོང་བའི་ཚེ༔ རིལ་བུ་མི་ལག་མི་བརྒྱུད་པར༔ རང་གིས་བཅངས་ཤིང་ཟ་བ་དང༔ སྐབས་སུ་བཟང་ཤིང་མེར་བསྲེགས་ལ༔ ཐུགས་དམ་སྐུལ་བའི་ཆོ་ག་བྱ༔ དེས་ནི་དམིགས་བྱ་ཕོ་མོ་དང༔ འདོད་རྒུའི་དངོས་གྲུབ་དབང་དུ་འགྱུར༔ ས་མ་ཡ༔ ཐུགས་ཀྱི་སྒོ་ནས་རྣོ་མཐོང་དགུག༔ རྟེན་ནི་ཁྱེ་འུ་གཙང་མ་ལ༔ ཁྲུས་བྱས་རྒྱན་གདགས་སྤོས་ཀྱིས་བདུག༔ ས་གཙང་བཀྲ་ཤིས་དབེན་གནས་སུ༔ ལེབ་ཕྱིང་དཀར་པོ་གཙང་མའི་སྟེང༔ རང་བྱུང་ཤེལ་དང་མེ་ལོང་དང༔ དར་ཚོན་སྣ་ལྔས་མདའ་མོ་བརྒྱན༔ མར་གྱི་ལྷ་གཡག་བརྗིད་ལྡན་དང༔ ཕྱེ་མར་སྐྱེམས་ཕུད་བསང་མཆོད་བཤམ༔ ལས་གཞུང་བསྲང་ཞིང་བཟླས་པའི་ཤམ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཞེས་བཏགས་འབུམ་ཕྲག་སྔོན་སོང་ནས༔ ཀ་ར་ཀ་ར་དངས་ར་དངས་ར་ཐེ་སེ་ཐེ་སེ༔ ཞེས་བཏགས་་་སྔགས་གོང་འོག་རྩ་སྔགས་ཀྱི་སྭཱ་ཧཱའི་གོང་དུ་གདགས་སོ།ཁྲི་ཕྲག་བཟླས་ལ་གདབ༔ རང་ཉིད་འཕགས་མའི་ཐུགས་ཀ་ནས༔ འོད་འཕྲོས་སྨན་བཙུན་འཁོར་བཅས་ཀྱི༔ ཐུགས་རྒྱུད་བསྐུལ་ཞིང་ཡེ་ཤེས་བསྐྱེད༔ རྣོ་མཐོང་མཁྱེན་པའི་འོད་ཟེར་གྱིས༔ རྟེན་ལ་ཕོག་པས་སྣང་སྲིད་ཀུན༔ ས་ལེར་གསལ་བའི་མཐུ་ལྡན་བསམ༔ སྐབས་སུ་བཟང་ཤིང་སྤོས་དཀར་བསྲེག༔ ཀྱེ༔ འབོད་དོ་རྡོ་རྗེ་གཡུ་སྒྲོན་མ༔ སྐུལ་ལོ་རྣོ་མཐོང་པྲ་ཡི་བདག༔ མིང་པོས་འབོད་པའི་དུས་བྱུང་ན༔ སྲིང་གཅིག་འོང་བར་མ་ཆད་དམ༔ རྟེན་ལ་འབེབ་པར་མ་ཆད་དམ༔ རྣོ་མཐོང་སྟོན་པར་མ་ཆད་དམ༔ དྲི་མེད་དཀར་གསལ་མཛེས་འཛུམ་སྐུ༔ མངོན་སུམ་ཉིད་དུ་འདིར་གཤེགས་ཤིག༔ ཕྱག་གཡས་མདའ་དར་གཡབ་པ་ཡིས༔ སྣང་གསལ་པྲ་ཡི་དངོས་གྲུབ་སྡུས༔ གཡོན་པས་དངུལ་དཀར་མེ་ལོང་གིས༔ སྲིད་པ་གསུམ་གྱི་ལེགས་ཉེས་སྟོན༔ སྒེག་མཛེས་ཆགས་པའི་ཉམས་འགྱུར་གྱིས༔ པྲ་རྟེན་འདི་ཡི་སྙིང་ལ་ཞུགས༔་་་རང་ལ་སྒྲུབ་ན་བདག་གི་ཞེས་བསྒྱུར། གསལ་གསལ་སྟོན་ལ་ཐོལ་ཐོལ་སྨྲོས༔ ལྷང་ལྷང་མངོན་ཤེས་ཚུལ་བཞིན་སྒྲུབས༔ བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ༔ དམ་བཅའ་དགོངས་ལ་ཕྲིན་ལས་མཛོད༔ ཅེས་བསྐུལ་སྦ་གླིང་འགྱུར་བས་དབབ༔ ཕེབས་ནས་མེ་ལོང་བསྟན་བྱས་ལ༔ མཐོང་བ་དྲི་ཞིང་ལེགས་ཉེས་དཔྱད༔ འཁྲུལ་མེད་ངེས་པ་སྟེར་བར་འགྱུར༔ གལ་ཏེ་རྣལ་འབྱོར་ནུས་ལྡན་ན༔ མེ་ལོང་སྔགས་བཏབ་རང་ལ་འཆང༔ དགོས་དུས་སྔགས་བཟླ་མཉམ་བཞག་པས༔ ཐོལ་བྱུང་མངོན་ཤེས་འཆར་བར་ངེས༔ ཤིན་ཏུ་གསང་ཞིང་འོས་ཙམ་འཆད༔ མང་དུ་བཤད་ན་མཁའ་འགྲོ་མའི༔ དམ་ཚིག་ཉམས་འགྱུར་ཉེས་པ་ཡོད༔ དེ་བས་མཁས་པས་ཚོད་ཟིན་བྱ༔ ས་མ་ཡ༔ དེ་ལྟར་སྨན་བཙུན་ཆེན་མོ་ཡི༔ སྐུ་གསུང་ཐུགས་ཀྱི་ལས་ཚོགས་འདི༔ ཟབ་ཅིང་ཤིན་ཏུ་གཉན་པས་ན༔ ཀུན་ལ་མི་སྟོན་དམ་ཚིག་རྒྱ༔ དམ་ལྡན་ནུས་ཐོབ་རྣལ་འབྱོར་པས༔ ལས་ཀྱི་སྦྱོར་བ་འདི་བརྩམས་ན༔ བཀའ་བཙན་བཀྲ་ཤིས་བྱིན་ཆེ་ཞིང༔ འཕྲལ་དང་ཡུན་དུ་དགེ་ལེགས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་རྡོ་རྗེའི་སྲུང་མའི་ལས་ཚོགས་ཟབ་མོ་ཨ་ཏི་གུ་ཧྱ། སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
འབྱུང་ལྔའི་འཁོར་ལོའི་དཔེའུ་རིས་ (Volume 49, Text 42)
༈ འབྱུང་ལྔའི་འཁོར་ལོ་འདི་བཞིན་རྫོང་སར་ནས་བྱུང་སྔོན་གྱི་ཙཀ་པར་ཞིག་དང་། སྨིན་ལུགས་ཐུགས་ཆེན་གར་ཚེའི་འཆི་བསླུའི་འབྱུང་འཁོར་བྲི་ཚུལ། ཆགས་ མེད་བཀའ་འབུམ་ནང་ཡོད་སོགས་ཀྱི་ལེགས་ཆ་བཏུས་ཏེ་ཞེ་ཆེན་པར་གསར་སྐབས་ ཀུན་ལ་སྨན་ཕྱིར་དཔེའུ་རིས་སུ་ཞུ་དག་པས་བྲིས་པ་ཡིན་ནོ། །
འཛི་སྒར་དགོངས་གཏེར་སྒབ་འདྲེ་མནན་པ་ (Volume 40, Text 42)
ས་མ་ཡ༔ ཤྲཱི་བཛྲ་ཀུ་མཱ་ར་ཡ༔ སྒབ་འདྲེ་གནོན་ཐབས༔ ལིང་ག་དཔེའུ་རིས་ལྟར་བྲིས༔ འགུག་གཞུག་དྲག་ཏུ་བྱ༔ སྒྲུབ་ཁང་སྒོའི་གཡོན་ལོགས་སུ་ས་ལ་གྲུ་གསུམ་གཏིང་རིང་བར་བྲུས༔ དེར་མནན༔ མི་ཁའི་རྫས་ཀྱིས་བཀང༔ ཁ་རོ་གཡམ་སྣ་ཚོགས་རྡོ་རྗེ་བྲིས་པས་བཀབ༔ སྟེང་དུ་རབ་བདུད་འདུལ་མཆོད་རྟེན་ཚད་ལྡན༔ མི་འགྲུབ་ན་མཆོད་རྟེན་ནག་པོའི་ཚུལ་བྱ༔ སཱཙྪར་སྤུ་གྲིའི་སྔགས་ཅན་གང་མང་གཞུག༔ སྐྱེར་ཕུར་སྔགས་བཀོད་པ་ཁྲོ་བོ་སྟོབས་པོ་ཆེར་བསམ༔ བུམ་པར་གཞུག༔ གཞུང་ལྟར་བསྐྱེད་བསྟིམ་རབ་ཏུ་གནས༔ འདི་ཟབ་བོ༔ སྒབ་འདྲེ་བཙན་ཐབས་སུ་གནོན་པ་ཡིན༔ ཡང་ན་རང་གི་གདན་འོག་ཏུ་ལིངྒ་མནན་ནས་གཟིར་བའོ༔ ༁ྃ༔ ྈྈྈྈྈྈྈྈྈ རྡོ་རྗེ་དྲག་པོས་བྲིས་པའོ༔ ས་མ་ཡ༔ གནད་གཅིག་ཐུགས་ལ་གབ༔ སློབ་དཔོན་ཞལ་ལས་ཤེས༔ ༁ྃ༔ ས་མ་ཡ༔ ཧཱུྃ་ལས་ཁྲོ་རྒྱལ་སྟོབས་པོ་ཆེ༔ སྐུ་མདོག་མཐིང་ནག་ཤིན་ཏུ་ཁྲོས༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར༔ དབུ་སྐྲ་སྨར་སྨིན་མེ་ལྟར་འབར༔ ཕྱག་གཡས་མེ་ཡི་ཐོ་བ་དང༔ གཡོན་པས་གནམ་ལྕགས་ཕུར་བུ་བསྒྲིལ༔ སྐུ་སྨད་ཆུ་སྲིན་ཁར་འཕྱང་བའི༔ ལྕགས་སྲེག་ཕུར་པས་གདོན་བགེགས་གཟིར༔ སྐུ་ལས་མེ་དཔུང་མཚོན་ཆ་འཕྲོས༔ ཐུགས་ཀར་ཉི་གདན་ཧཱུྃ་མཐིང་ལ༔ སྔགས་ཕྲེང་གཡས་འཁོར་དེའི་འོད་ཀྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཡ་མ་དམ་སྲི་གམྤ་རི་ཏྲི་ཛ་ཧུར་ཐུམས་མཱ་ར་ཡ་ཕཊ༔ ཅེས་རྩ་སྔགས་ཁྲི་ཕྲག་བཟླས༔ ཤམ་བུ་སྟོང་ཕྲག་བཏགས༔ རང་ཉིད་དམ་ མཆོད་རྟེན་དབུས་སུ་ ཁྲོ་བོ་བསྐྱེད༔ ཞབས་སུ་ལྕགས་སྲེག་ཧོམ་ཁུང་དུ་དམ་སྲི་སྒབ་འདྲེ་ལུས་རིད་པ་ཡན་ལག་ལྕགས་སྒྲོག་གིས་བཅིངས་ཤིང་ཉམ་ཐག་དབུགས་དང་བྲལ་ལ་ཁད་པ༔ དེའི་སྙིང་གར་སྐུ་སྨད་ཕུར་པས་བཏབ༔ རྣམ་ཤེས་ནྲྀ་ཏྲི་ནག་ཐུམ་གྱིས་བསད༔ སྐུ་ལས་རང་འདྲའི་ཁྲོ་བོ་སྤྲོས་པས༔ སྤྱི་མགྲིན་ལྟེ་གསང་ཚིགས་ཆེན་བཞིར་ལྕགས་སྲེག་གི་ཕུར་བུ་རེས་འཛེར་མ་བཏབ༔ ཐོ་བས་བརྡུངས་ནས་འགུལ་མི་ཤེས་པར་བཅིངས་པར་བསམ༔ ྈྈྈྈྈྈྈྈྈ ཤིན་ཏུ་ཟབ་བོ༔ ཟབ་རྒྱ༔ གཉན་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ༔་་་འཛི་སྒར་ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་རོ། །མཆན།
པད་གླིང་གཏེར་བྱོན་རྡོ་རྗེ་ཕུར་པ་སྲོག་གི་སྤུ་གྲིའི་དབང་ཆོག་ནག་འགྲོས་བདུད་བཞི་ཟིལ་གནོན་ (Volume 31, Text 42)
༄༅། །པད་གླིང་གཏེར་བྱོན་རྡོ་རྗེ་ཕུར་པ་སྲོག་གི་སྤུ་གྲིའི་དབང་ཆོག་ནག་འགྲོས་བདུད་བཞི་ཟིལ་གནོན་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་ལྷག་པའི་ལྷ་ཤྲཱི་བཛྲ་ཀུ་མཱ་ར་དབྱེར་མ་མཆིས་པ་ལ་ཕྱག་འཚལ་ལོ། །འདིར་པད་གླིང་གཏེར་བྱོན་རྡོ་རྗེ་ཕུར་པ་སྲོག་གི་སྤུ་གྲིའི་དབང་ཆོག་འཇུག་བདེའི་མཚམས་སྦྱོར་ཆོག་སྒྲིག་ཏུ་་སྤེལ་བ་ལ། ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་དོན་ཐུགས་ཉམས་སུ་བཞེས་ཏེ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་བྱ་སྙམ་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྒྱ་ཆེན་པོ་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང། བསྐལ་པའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་དགུའམ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་ལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱས་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་བ། །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡིས། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས། དེ་ལའང་གསང་སྔགས་གསར་རྙིང་ལས། འདིར་གསར་མ་ལས་ཆེ་བ་དྲུག་གིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལ་ཡང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་འདིར་སྒྲུབ་སྡེ། དེ་ལ་ཡེ་ཤེས་ལྷའི་སྒྲུབ་པ་ལྔ་དང་འཇིག་རྟེན་པའི་གསུམ་སྟེ་བརྒྱད་ལས། འདིར་ནི་གདུག་པ་ཅན་འདུལ་བའི་ཐབས་གཙོ་བོར་སྟོན་པ་ཕྲིན་ལས་ཕུར་པའི་སྒྲུབ་སྡེ་སྟེ། དེ་ཡང་ཇི་སྐད་དུ། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔ བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཞེས་པ་ལྟར་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་རྒྱ་བལ་གྱི་མཚམས་དགུན་དུས་ཀྱང་མེ་ཏོག་རྣམ་པར་བཀྲ་ཞིང་། བཀྲ་ཤིས་བྱིན་ཆགས་པའི་གནས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། དཔལ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་བསྟེན་ནས་མཆོག་གི་རིག་འཛིན་སྒྲུབ་པར། མི་བསྲུན་ནག་པོའི་ཕྱོགས་ཀྱིས་སློབ་དཔོན་ཆེན་པོའི་དགོངས་པར་ཐོ་འཚམ་མ་ཐུབ་ཀྱང་། རྒྱ་བལ་བོད་གསུམ་དུ་སད་སེར་མུ་གེ་ཡམས་ནད་བཏང་བར། བར་ཆད་འདུལ་བའི་ཆོས་རྒྱ་གར་གྱི་སློབ་དཔོན་རྣམས་ལས་ལེན་པར་ཕོ་ཉ་མངགས་པས་སློབ་དཔོན་པྲ་བྷ་ཧསྟིས། བི་དྱོཏྟ་མ་ལ་ཡ་འབུམ་སྡེ་ནས་དགྲ་བགེགས་འདུལ་བའི་ཕྲིན་ལས་མི་ཁུར་གཉིས་བརྫངས། གླེགས་བམ་ཕེབས་པ་ཙམ་གྱིས་བདུད་སྡེའི་རུ་མཚོན་དུས་གཅིག་ཏུ་བསྙལ་བའི་མཐུ་རྩལ་ཅན་གྱི་རྡོ་རྗེ་ཕུར་པ་འདི་ཉིད་ལ་བཀའ་གཏེར་གཉིས་ལས། སློབ་དཔོན་ཆེན་པོས་འཇིག་པ་མེད་པའི་སྒྲོམ་བུར་རྒྱས་བཏབ་སྟེ། ལས་ལྡན་ལ་སྨོན་ལམ་མཛད་པའི་གཏེར་མ་སྟེ། དེ་ལའང་བཀའ་སྲོལ་ཇི་སྙེད་ཅིག་བཞུགས་པ་ལས། འདིར་ནི་ལྕགས་སྣ་དགུ་ལས་གྲུབ་པའི་རྟེན་ཕུར་དང་ལྷན་ཅིག་བསེ་སྒྲོམ་ནག་པོར་གཏམས་ཏེ་ལྷོ་བྲག་སྨན་ཐང་གི་མདའ། ཆུ་བོ་གྲུ་གསུམ་གྱི་དབུས། བྲག་སེང་གེའི་གདོང་པ་འདྲ་བར་གཏེར་དུ་སྦས་པའི་གདམས་སྐོར་ཁྱད་པར་ལྔ་དང་ལྡན་པ་སྟེ། མཐའ་མི་མགོན་བཙུན་བཟོ་བོ་ཁྱད་པར་ཅན༔ བསེ་སྒྲོམ་ནག་པོ་སྣོད་ཀྱི་ཁྱད་པར་ཅན༔ སྲོག་གི་སྤུ་གྲི་དྲག་སྔགས་ཁྱད་པར་ཅན༔ མངའ་བདག་རྒྱལ་པོ་ཡོན་བདག་ཁྱད་པར་ཅན༔ གུ་རུ་པདྨའི་མན་ངག་ཁྱད་པར་ཅན༔ ཞེས་པ་ལྟར་དོན་ལ་གནས་པའི་ཟབ་ཆོས། བདུད་དང་བར་ཆད་ཐམས་ཅད་ཚར་གཅོད་པ་སྤུ་གྲི་ངར་མ་ལྟ་བུའི་སྒྲུབ་སྐོར་འདི་ཉིད། ལྷ་ལྕམ་པདྨ་གསལ་གྱི་སྤྲུལ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པས་ཟབ་གཏེར་ནས་གདན་དྲངས་ཏེ། བདག་གི་དྲིན་ཅན་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ཟམ་མ་ཆད་པར་བྱོན་པའི་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་སྒྲུབ་པར་བྱེད་པ་ལ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱིས་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཐོག་མར་འཇུག་པའི་ཆོས་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་སྤྱན་དར་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུརྦྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཞེས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་དུ་མཇལ་མི་རུང་བས་ཕྱག་ཏུ་ཨུ་དུམྦཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་སྣ་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ༔ ཞེས་མེ་ཏོག་གི་ཕྲེང་བ་གཏད། རང་ཅག་རྣམས་ཀྱི་གནས་ཀྱི་ཁང་པ་འདི་ཉིད་ཐར་པ་ཆེན་པོའི་གཞལ་མེད་ཁང་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་དབུས་སུ། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་གཞོན་ནུ་དབྱེར་མ་མཆིས་པར་བཞུགས་པའི་སྟེང་གི་ཆ་ལ་རྩ་བརྒྱུད་དུས་གསུམ་གྱི་བླ་མ་རྣམས་དང་། གཞན་ཡང་རྩ་གསུམ་རབ་འབྱམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ་ལ། རྒྱུད་དག་པར་བྱ་བའི་སླད་དུ་སྐྱབས་སེམས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་སུ་བདག་བགྱིས་ཏེ༔ བདག་དང་གཞན་དོན་རབ་བསྒྲུབ་ཕྱིར༔ བདག་གིས་བྱང་ཆུབ་མཆོག་སེམས་བསྐྱེད༔ ཨེ་མ་ཧོ༔ སེམས་ཅན་མ་ལུས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག༔ ལན་གསུམ། སྙིམ་པ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདག་ཅག་འདིར་འཚོགས་ལྕམ་དྲལ་རྣམས༔ རྡོ་རྗེ་སློབ་དཔོན་གསུང་སྒྲུབ་ཅིང༔ དཀྱིལ་འཁོར་གཉན་པོར་འཇུག་འཚལ་ན༔ ཐུགས་རྗེས་བརྩེར་དགོངས་བཀའ་གནང་ཞུ༔ ལན་གསུམ། སློབ་དཔོན་གྱིས། ཧོ༔ རིགས་ཀྱི་བུ་ཁྱོད་རྣམས་དགོངས་ཤིག༔ གསང་བའི་དཀྱིལ་འཁོར་ཆེན་པོར་འཇུག་པ་ནི་ཤིན་ཏུ་དཀའ་ན༔ འདིར་འཇུག་པ་ལ་ཚེ་རབས་དུ་མ་ནས་རྒྱུད་སྦྱངས་ལས་འཕྲོ་སྐལ་བར་ལྡན་པ༔ སྡོམ་པ་དམ་ཚིག་གིས་བཅིངས་ཤིང་རང་རྒྱུད་ཕུན་སུམ་ཚོགས་པ༔ དབང་ཐོབ་པ༔ བློ་ཆེ་བ༔ ཤེས་རབ་གསལ་བ༔ རིན་ཆེན་གསེར་སྣོད་ལྟ་བུ་དགོས་པས་དེ་ལྟར་ཡིན་ན་དཀྱིལ་འཁོར་དུ་འཇུག་ཅིང་གདམས་པའང་སྦྱིན་ནོ༔ གལ་ཏེ་དེ་ལྟར་མ་ཡིན་པར་དུག་སྦྲུལ་ལྟ་བུར་རྒྱུད་རྩུབ་ཅིང་ངན་པས༔ སློབ་དཔོན་བཀའ་གཅོག་མཆེད་ལ་མི་གདུང༔ དམ་ཚིག་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་སྲིད་ན༔ རྡོ་རྗེ་དམྱལ་བའི་དོང་ཁར་ལྷུང་སྲིད་པས་ཕྱིར་དེངས་ཤིག༔ ཅེས་བརྗོད། དེའི་ལན་དུ་སློབ་བུས། བདག་ཅག་རྣམས་སྐྱེ་བ་སྔོན་རོལ་ནས༔ ཐེག་མཆོག་ཆོས་ལ་བློ་སྦྱངས་ཤིང༔ དམ་ཚིག་སྡོམ་པ་གཙོ་བོར་འཛིན༔ དབང་ཐོབ་བླ་མ་ཡི་དམ༔ མཆེད་དང་ལྕམ་དྲལ་སྲོག་གི་ཕྱིར་ཡང་མི་འདོར་བའི་སྐལ་བ་ཅན་ལགས་པས༔ ཐུགས་རྗེས་གནང་བར་ཞུའོ༔ ཞེས་ཞུས་ལ། སློབ་དཔོན་གྱིས། དེ་བཞིན་གྱུར་ན་ལེགས་འོས་པས༔ ཚུར་གཤེགས་ལྷ་ལ་མེ་ཏོག་དོར༔ ཞེས་བརྗོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་ལན་གསུམ་བྱེད་པའི་དམིགས་པ་དང་བཅས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་གཟུངས་ལ། རང་རང་གི་རིགས་ཀྱི་ལྷག་པའི་ལྷ་ལ་འབུལ་བའི་འདུན་པ་དང་བཅས་འདིའི་རྗེས་ཟློས་མཛོད། ཧོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ལས་དང་ཐུགས་རྗེ་ཟུང་འབྲེལ་བའི༔ ལྷག་པའི་ལྷ་ལ་འབབ་པར་ཤོག༔ པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་དོར་བས། ཤར་དུ་བབས་ན་ཞེ་སྡང་རྡོ་རྗེ། ལྷོར་རཏྣ་རྡོ་རྗེ། ནུབ་ཏུ་པདྨ་དབང་ཆེན། བྱང་དུ་ལས་ཀྱི་རྡོ་རྗེ། དབུས་སུ་རྡོ་རྗེ་འདུས་པ་རྩལ་ཞེས་གསང་བའི་མཚན་བཏགས་པར་མོས་མཛོད། དྷརྨ་ཀཱ་ཡ་ཧཱུྃ། རྡོ་རྗེ་འདུས་པ་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེ་ནས་ལས་ཀྱི་རྡོ་རྗེས་ནང་དུ་ཁྲིད་དེ་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱེད་པར་མོས་ལ། ཧོ༔ ལས་དང་སྐལ་ལྡན་སྙིང་གི་བུ༔ བྱང་ཆུབ་རྡོ་རྗེའི་ལམ་ལ་དྲངས༔ རྡོ་རྗེ་སློབ་དཔོན་མཆོག་གིས་ཟུངས༔ ནམ་མཁའི་རྡོ་རྗེ་འདི་ལ་སྩོལ༔ ཅེས་སློབ་དཔོན་ལ་གཏད་པར་མོས་མཛོད། མིག་དབྱེ་བ་ནི། ཧོ༔ སྔོན་ཚེ་མིག་མཁན་མིག་འབྱེད་ལྟར༔ ང་ཡིས་ཁྱོད་ཀྱི་མ་རིག་བསལ༔ ཤེས་རབ་གསུམ་བསྐྱེད་དཀྱིལ་འཁོར་ལྟོས༔ ལམ་མཆོག་རྙེད་དོ་སྤྲོ་བ་སྐྱེད༔ ཨོཾ་བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་དང་ཡོལ་བ་བསལ། དེ་ལྟར་ཁྱེད་རང་རྣམས་ཀྱི་མི་ཤེས་པའི་རབ་རིབ་དག་ནས། ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་དཔལ་ཆེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་བྱུང་སྙམ་པའི་དགའ་བ་དང་སྤྲོ་བ་ཡང་དག་པར་མཛོད། དེ་ནས་དམ་ཚིག་དབོག་པ་ནི། བདུད་རྩི་སློབ་བུའི་ལྕེ་ཐོག་ཏུ་བཞག་ལ། དམ་བསྒྲག་པ་ནི། ཧཱུྃ༔ གཉིས་མེད་རྡོ་རྗེའི་དམ་ཚིག་ཆུ༔ བུ་ཁྱོད་ལ་ནི་བདག་གིས་སྦྱིན༔ ཁྱོད་ཀྱི་སྙིང་གི་དཀྱིལ་དུ་བབས༔ ཡེ་ཤེས་སེམས་དཔའ་ཚོན་གང་བར༔ འདི་གྱུར་བསམ་པ་རྫོགས་གྱུར་ཅིག༔ དམ་ཚིག་འདི་ལས་ཁྱོད་འདའ་ན༔ ཡཀྴ་སྡིག་མགོ་དགུ་པར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་བསྲེག༔ དེ་ཕྱིར་དམ་ཚིག་སྲོག་བཞིན་སྲུངས༔ ས་མ་ཡ་རཀྵནྟུ༔ དེ་ལྟར་བདུད་རྩི་ཡེ་ཤེས་སེམས་དཔའི་ངོ་བོར་སྙིང་ནང་དུ་བསྟིམས་ནས། སྤྱི་དང་བྱེ་བྲག་རྩ་བ་ཡན་ལག་གི་དམ་ཚིག་རྣམས་ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་བར་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ས་མ་ཡ་ཨི་དནྟེ་ན་ར་ཀན༔ དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཡན་ལག་དང་བཅས་པ་སོང་། ད་དབང་དངོས་ཀྱི་རིམ་པ་ཞུ་བའི་དོན་དུ་མཎྜལ་ཕུལ། དེ་ཡང་གཞུང་ལས་དོན་ཚན་བཅུ་དགུར་བསྟན་པ་ལས། དང་པོར་མེ་ཏོག་དོར་བ་སྔོན་དུ་སོང་ནས། གཉིས་པ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་བདག་སྩོལ་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། གསུམ་པ་སློབ་བུའི་སྣོད་སྦྱང་ཞིང་ཡེ་ཤེས་དབབ་པ་ནི། བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་ཐུགས་ཀ་དཔལ་གྱི་བེའུའི་གསང་མཛོད་ལས་ཧཱུྃ་ཡིག་མཐིང་ག་འོད་ཟེར་འབར་བ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་སློབ་དཔོན་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། མཁའ་གསང་ནས་ཧཱུྃ་གི་གཟུགས་སུ་བྱུང་བར་མོས་ཤིག །ཕཊ་ཕཊ་ཕཊ། ཅེས་བརྗོད་པས། རང་རིག་ཧཱུྃ་དེ་སྐད་ཅིག་དྲན་རྫོགས་སུ་སྲས་མཆོག་བཛྲ་ཀཱི་ལ་ཡའི་སྐུར་གྱུར་པ་ནི་སྐུ་མདོག་མཐིང་ནག །མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག །ཕྱག་དང་པོ་གཉིས་རྡོ་རྗེ་རྩེ་དགུ་དང་མེ་དཔུང་། བར་པ་གཉིས་རྩེ་ལྔ་དང་ཁ་ཊྭཱཾ་ག །མཐའ་མ་གཉིས་རི་རབ་ཀྱི་ཕུར་བུ་སྒྲིལ་བ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཅན། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ་ཨུཏྤལ་དང་ཐོད་ཁྲག་འཛིན་པས་མཉམ་པར་སྦྱོར་བ། དུར་ཁྲོད་རོལ་པའི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་པད་ཟླ་ཉི་མ་དྲེགས་པ་ལྷ་ཆེན་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པར་གསལ་བའི། སྤྱི་མགྲིན་སྙིང་ཁར་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ་དང་། བླ་མ་དང་ལྷ་དབྱེར་མེད་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་མེ་རི་འབར་བའི་དུར་ཁྲོད་ནས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་རྣམ་པར་གྲངས་མེད་པ་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་བྱོན་ནས་ཁྱེད་རང་ལ་གཉིས་མེད་དུ་སྤྲུལ་པར་བཅས། ཨོཾ་བཛྲ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྲོ་བཅུ་ཁྲ་ཐབས་སྤྲུལ་པར་བཅས༔ བཀའ་ཉན་ཕུར་སྲུང་དམ་ཅན་ཚོགས༔ རྡོ་རྗེ་ཕུར་བུའི་རིག་འཛིན་རྣམས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་རྣམས་ལ་དབང་ཆེན་སྐུར༔ རྟགས་དང་མཚན་མ་བསྟན་པ་དང༔ དངོས་གྲུབ་ཆེན་པོ་མྱུར་དུ་ཕོབ༔ འགྲོ་བ་མ་ལུས་དོན་སླད་དུ༔ དབང་དང་བྱིན་རླབས་འདིར་སྩོལ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ མཐུ་ཆེན་རྣམས་ཀྱིས་མཐུ་སྩོལ་ཞིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་བེ་ཤ་ཡ༔ ཨ་ཨ་ཨཱ༔ ཞེས་སྤོས་རོལ་གྱི་སྦྱོར་བ་དང་བཅས་ཡེ་ཤེས་དབབ་ཅིང་། ཡེ་ཤེས་གཉིས་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ༔ ཞེས་བརྟན་པར་བྱས་ལ། བཞི་པ་དབུ་རྒྱན་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྲིད་པ་གསུམ་ལ་དབང་བསྒྱུར་ཕྱིར༔ བྱང་ཆུབ་སེམས་ནི་མངོན་དུ་བསྟན༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ དབུ་ལ་རིགས་ལྔས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཛྙཱ་ན་པཉྩ་ཡ་རི་ཤ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་དབུ་རྒྱན་གྱིས་དབང་བསྐུར་པས༔ འོག་མིན་རྡོ་རྗེ་ཆོས་ཀྱི་གཙོ་བོ་དང༔ བསོད་ནམས་ཡེ་ཤེས་སྐལ་པ་མཉམ་པར་གྱུར་ཏེ༔ ཆོས་ཀྱི་རྒྱལ་སྲིད་བླ་ན་མེད་པའི་གཏེར་སྐལ་ལྡན་ཁྱོད་ལ་མངོན་དུ་ཐོབ་ནས༔ རིགས་ལྔ་ཡེ་ཤེས་ལྔའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ ལྔ་པ་ཅོད་པན་གྱིས་དབང་བསྐུར་བ་ནི༔ ཧཱུྃ༔ འཁོར་འདས་མ་ལུས་ཟིལ་གནོན་ཞིང༔ བཅོམ་ལྡན་འདས་དང་སྐལ་པ་མཉམ༔ རྣམ་པར་རྟོག་པ་ཀུན་འཇོམས་ཕྱིར༔ གཙུག་ཏུ་ཅོད་པན་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་ཀཱ་ཡ་ཧཱུྃ་ཨཱ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཅོད་པན་གྱི་དབང་བསྐུར་པས༔ ཆོས་ཀྱི་རྒྱལ་སྲིད་ཐོབ་ནས་ཀུན་གྱི་གཙུག་ཏུ་འཁུར་བར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དྲུག་པ་ཉན་བཤད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ ཆོས་ཉིད་བདུད་རྩི་ཆོས་ཀྱི་ཆར༔ སྐལ་ལྡན་འདི་ལ་དབབ་པའི་ཕྱིར༔ མཐུན་པར་གསང་སྒྲ་ཆོས་ཀྱི་དབང༔ དེ་རིང་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ལི་ཀཱ་ལི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་ཉན་ཞིང་འཆད་པའི་དབང་བསྐུར་པས༔ གསང་སྔགས་འབྲས་བུ་ཐེག་པ་མཆོག་ལ་ཉན་ཞིང་ཐོས་བསམ་སྒོམ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བདུན་པ་བུམ་པའི་དབང་བསྐུར་བ་ནི༔ བུམ་པ་སྤྱི་ཐོག་ཏུ་བཞག་སྟེ༔ ཧཱུྃ༔ བུམ་པའི་ངོ་བོ་ཆོས་ཀྱི་སྐུ༔ བུམ་པའི་རང་བཞིན་ལོངས་སྤྱོད་རྫོགས༔ བུམ་པའི་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་བརྗོད་ལ་བུམ་ཆུ་འཐུང་དུ་གཞུག་ཁྲུས་བྱའོ༔ ཧོ༔ སྐལ་ལྡན་ཁྱོད་ལ་བུམ་པའི་དབང་བསྐུར་པས༔ གསང་སྔགས་ཀློང་དུ་གྱུར་ཅིང་ལོངས་སྤྱོད་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བརྒྱད་པ་དཀྱིལ་འཁོར་གསུམ་གྱི་ལྷ་དབང་བསྐུར་བ་ནི༔ བདག་རྩ་བའི་ལྷའམ་ཕུར་པ་གཏད་དེ༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཧོ༔ རིགས་ཀྱི་བུ་ཁྱོད་ལ་དཔལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རྩ་བའི་དཀྱིལ་འཁོར་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཕྱོགས་བཅུ་ཁྲོ་བོའི་ལྷའམ་ཕུར་པ་གཏད་དེ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ འཇིགས་བྱེད་ཆེན་པོ་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ སྤྲུལ་པ་མགོ་བརྙན་ཕྲ་མེན་ཚོགས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་མ་ཧཱ་ཀྲོ་དྷ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ སྐལ་ལྡན་ཁྱོད་ལ་ཕྱོགས་བཅུའི་ཁྲོ་བོའི་དཀྱིལ་འཁོར་དུ་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་སྲས་མཆོག་ཉེར་གཅིག་གི་ལྷ་ཕུར་གཏད་དེ༔ ཧཱུྃ༔ དམར་ནག་ཨེ་ཡི་དཀྱིལ་འཁོར་ནས༔ ཁམས་གསུམ་ཡེ་ཤེས་བསྐྱེད་པའི་ཕྱིར༔ སྐུ་གསུང་ཐུགས་སྲས་གདུག་པ་སྒྲོལ༔ སྐུ་གསུང་ཐུགས་བདག་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ སྐལ་ལྡན་ཁྱོད་ལ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་དབང་བསྐུར་པས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དགུ་པ་གསང་བ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་ནི༔ བླ་མ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས་པ་འདོད་ཆགས་ཆེན་པོའི་མེས་འཁོར་བའི་ཆོས་ཐམས་ཅད་དབྱིངས་སུ་བསྒྲལ་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། མཁའ་གསང་ལས་ཕྱུངས་ཏེ་ཐོད་པའི་ཛ་གད་དང་ལྷན་ཅིག་པ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཨེ་མ་ཧོ༔ ང་ནི་རང་བྱུང་རྡོ་རྗེ་སྟེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ འཁོར་བ་དབྱིངས་སུ་སྒྲོལ་བའི་ཕྱིར༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བོ་དྷི་ཙིཏྟ་ཨོཾ༔ ཞེས་བྱིན་པ་མྱང་། ཧོ༔ སྐལ་ལྡན་ཁྱོད་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་པས༔ ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་ནས་འཁོར་བ་ཐམས་ཅད་མྱ་ངན་ལས་འདས་ཏེ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག༔ བཅུ་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ནི༔ སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གསལ་བཞིན་པའི་ཕྱག་མཐིལ་གཡས་སུ་ཟླ་བའི་དཀྱིལ་འཁོར་ཨས་མཚན་པའི་དབུས་སུ་རྡོ་རྗེ་གཞོན་ནུ། ཕྱག་མཐིལ་གཡོན་དུ་ཉི་མའི་དཀྱིལ་འཁོར་མས་མཚན་པའི་དབུས་སུ་འཁོར་ལོ་རྒྱས་འདེབས་མ། གཡས་ཀྱི་སོར་མོ་ལྔ་ལ་ཟླ་བ་སྲན་ཟླུམ་ཙམ་ལྔ་ལ་ཁྲག་འཐུང་ཡབ་ལྔ། གཡོན་གྱི་སོར་མོ་ལྔ་ལ་ཉི་མ་སྲན་ཟླུམ་ཙམ་ལྔ་ལ་ཀྲོ་དྷཱི་ཡུམ་ལྔ་བཞུགས་པ་དེ་ལྟ་བུའི་ཕྱག་གཉིས་ཀྱི་བར་དུ་ཕུར་པ་རྣམས་བཟུང་སྟེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩའམ་ཅུང་ཟད་བཟླ་སྟེ། རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་རིགས་ལྔ་ཁྲག་འཐུང་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་སྲས་མཆོག་ཕུར་པའི་ལྷ་ཚོགས་འཁྲུངས་ཏེ། ཡེ་ཤེས་ཀྱི་ཕུར་པ་ཞལ་གསུམ་ཕྱག་དྲུག་མཚོན་ཆ་སྣ་ཚོགས་འཛིན་པ། སྐུ་སྨད་ལྕགས་ཕུར་ཟུར་གསུམ་འོད་དང་ཚྭ་ཚྭ་འཕྲོ་བ་དང་། ཕྲིན་ལས་བཞིའི་ཕུར་པ་ལ་བདེ་གཤེགས་ཐམས་ཅད་ཀྱི་ཕྲིན་ལས་བཞིའི་ནུས་སྟོབས་ཐིམ་པར་བསམ་མོ། །སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་པའི་དོན་ནོ། །དེ་ནས་ཐལ་མོ་སྦྱར་བས་སྦམས་ཕུར་བསྒྲིལ་ཞིང་། སློབ་མའི་དཔྲལ་བར་བཞག་སྟེ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་མོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་སཏྭ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐལ་ལྡན་ཁྱོད་ལ་རྡོ་རྗེ་ཕུར་བུའི་དབང་བསྐུར་པས༔ སྐུས་སྲིད་པ་མ་ལུས་མྱ་ངན་ལས་འདས་པའི་སྐུར་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད། དབང་རྟགས་སུ་དཔྲལ་བར་ཨོཾ་དཀར་པོས་མཚན་པར་བསམ༔ ཡང་སྦམས་ཕུར་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ གསུང་གི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཝཱ་ཀ་བཛྲ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱཾ༔ སྐལ་ལྡན་ཁྱོད་ལ་རྡོ་རྗེ་ཕུར་བུའི་གསུང་གི་དབང་བསྐུར་པས༔ གསུང་གིས་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་དབྱིངས་སུ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དབང་རྟགས་སུ་མགྲིན་པར་ཨཱཾཿདམར་པོས་མཚན་པར་བསམ༔ ཡང་སྦམས་ཕུར་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་ཧྲཱི་ད་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་རྡོ་རྗེ་ཕུར་བུའི་ཐུགས་ཀྱི་དབང་བསྐུར་པས༔ ཐུགས་ཀྱིས་སྲིད་པ་མ་ལུས་པ་མྱ་ངན་ལས་འདས་པའི་ཀློང་དུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དབང་རྟགས་སུ་ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམ་མོ༔ བཅུ་གཅིག་པ་ཕྲིན་ལས་རྣམ་པ་བཞིའི་དབང་བསྐུར་ནི༔ གྲུ་ཆད་ཀྱི་ཕུར་པ་བཞི་རིམ་པར་གཏད་དེ༔ ཧཱུྃ༔ ཐོག་མ་ལས་ལ་སྤྱིར་དམིགས་ཏེ༔ དཔལ་ཆེན་སྐུ་ཡི་ཕྱག་རྒྱ་འདིས༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ལས་རྣམས་རྫོགས་པར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་སྐུ་ཡི་ཁྱད་པར་ལས༔ དངུལ་གྱི་ཕུར་པ་ཟླུམ་པོ་ཡིས༔ ཐམས་ཅད་ཞི་བར་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ བྷིནྡྷ་ཡ་བིང་བིང་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་ཡོན་ཏན་ཁྱད་པར་ལས༔ གསེར་གྱི་ཕུར་པ་གྲུ་བཞི་ཡིས༔ ཐམས་ཅད་རྒྱས་པར་དབང་བསྐུར་རོ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ༔ ན་མ་ས་མནྟ་ཧྲི་ད་ཡ་ཧྲཱིང་ཧྲཱིང་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་གསུང་གི་ཁྱད་པར་ལས༔ ཟངས་ཀྱི་ཕུར་པ་ཟླ་གམ་གྱིས༔ ཐམས་ཅད་དབང་སྡུད་དབང་བསྐུར་རོ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ༔ སུ་རུ་སུ་རུ་པྲ་སུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་སེམས་ཕྲིན་ལས་ཁྱད་པར་ལས༔ ལྕགས་ཀྱི་ཕུར་པ་ཟུར་གསུམ་གྱིས༔ ཐམས་ཅད་སྒྲོལ་བར་དབང་བསྐུར་རོ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ༔ མཱ་ར་ཡ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞི་ཡོངས་སུ་རྫོགས་པའི་དབང་བསྐུར་པས༔ དེ་དག་དེ་བཞིན་དུ་ཡོངས་སུ་རྫོགས་པའི་ངོ་བོར་དབང་ཐོབ་པར་གྱུར་ཅིག༔ བཅུ་གཉིས་པ་སྒོམ་ཞིང་སྒྲུབ་པའི་དབང་བསྐུར་བ་ནི༔ མངགས་ཕུར་ཆེན་པོ་གཏད་དེ༔ ཧཱུྃ༔ སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར༔ སྲིད་གསུམ་ཕུར་པའི་རང་བཞིན་དུ༔ སྒོམ་ཞིང་སྒྲུབ་པའི་དབང་བསྐུར་རོ༔ སྦྱང་དང་བསྐྱེད་དང་བརྟན་པར་བྱའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་ཁྱོད་ལ་མངགས་ཕུར་ཆེན་པོ་འདི་ལག་ཏུ་བྱིན་ནས་དབང་བསྐུར་པས༔ སྲིད་གསུམ་ཕུར་པའི་རང་བཞིན་དུ་རྟོགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་ཅིག༔ བཅུ་གསུམ་པ་ཛཔ྄་བཟླས་དབང་བསྐུར་བ་ནི༔ ཡེ་ཤེས་སེམས་དཔའི་གཟུགས་དང་ཛཔ྄་དབྱངས་གཏད་དེ༔ ཧཱུྃ༔ སྒྲུབ་པའི་ཡེ་ཤེས་ཚོན་གང་པོ༔ གསང་བ་སྔགས་ཀྱིས་བསྐྱེད་པའི་ཕྱིར༔ རྒྱུན་དུ་དུས་སུ་བཟླ་དགོས་པས༔ ཛཔ྄་སྔགས་འདི་ཡིས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱ༔ སྐལ་ལྡན་ཁྱོད་ལ་མན་ངག་གི་སྙིང་པོ་འདི་བྱིན་ཅིང་དབང་བསྐུར་པས༔ དེ་རིང་ཕན་ཆད་བདེ་བར་གཤེགས་པའི་གསུང་གི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་བཞི་པ་ཕུར་པ་བྱིན་གྱིས་རློབ་པའི་དབང་བསྐུར་བ་ནི༔ ཆས་བརྒྱད་ཀྱང་བསྐོན་ཞེས་གསུངས་པའི་གཞུང་དུ་སྐུར་ཚིག་མ་བྱུང་བས་རང་གཏེར་གསང་བདག་དྲེགས་པ་ཀུན་འདུལ་ལས། ཧཱུྃ༔ གདུག་པ་འདུལ་བ་སྦྲུལ་གྱི་ཆུན་པོ་དང༔ མཚན་ལྡན་མི་འགྱུར་ཞིང་ཆེན་གཡང་གཞི་དང༔ སྐུ་གསུམ་དོན་ལྡན་ཐོད་པའི་ཕྲེང་བ་དང༔ བསྒྲལ་བའི་དཔའ་རྟགས་སྟག་གི་ཤམ་ཐབས་དང༔ ཐེག་ཆེན་དོན་ལྡན་གླང་ཆེན་ཀོ་རློན་དང༔ འགྲོ་དོན་ཆགས་པ་རཀྟའི་ཐིག་ལེ་དང༔ དྲེགས་པ་ཚར་གཅོད་ཐལ་ཆེན་ཚོམ་བུ་དང༔ འཁོར་བའི་བཅུད་བསྡུས་ཞག་གི་ཟོ་རིས་དང༔ དུར་ཁྲོད་གསང་བའི་རྫས་མཆོག་འདི་རྣམས་ཀྱིས༔ རྣལ་འབྱོར་རྣམས་ཀྱི་སྐུ་ལ་བརྒྱན་པར་བྱ༔ ཞེས་དུར་ཁྲོད་ཆས་བརྒྱད་བསྐོན། དེ་ནས་གདབ་ཕུར་ལག་ཏུ་འདྲིལ་ཞིང་གཏད་དེ༔ ཧཱུྃ༔ རྡོ་རྗེ་འབར་བའི་ཀཱི་ལ་ཡ༔ ཡབ་ཡུམ་ཕྱག་རྒྱས་བྱིན་བརླབས་ནས༔ ཁྱོད་ཀྱི་ལག་ཏུ་འདི་བྱིན་པས༔ བྱིན་གྱིས་རློབ་པར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སྐལ་ལྡན་ཁྱོད་ལ་གདབ་ཕུར་གཏད་ཅིང་དབང་བསྐུར་པས༔ རྫས་ཀྱི་ཕུར་པ་ལ་ཡེ་ཤེས་ཀྱི་ཁྲོ་བོའི་རང་བཞིན་དུ་བྱིན་གྱིས་རློབ་པའི་དབང་དང་བཅས་པ་ཐོབ་པར་གྱུར་ཅིག༔ བཅོ་ལྔ་པ་གདབ་ལས་ཀྱི་དབང་བསྐུར་ནི༔ བྲུབ་ཁུང་ལིངྒ་བཅས་པར། དམིགས་བྱ་དགུག་བསྟིམ་བྱས་པར་གསལ་བ་གསུམ་དང་ལྡན་པས། ཧཱུྃ༔ བདག་དང་ལག་པའི་མཆོག་རྣམས་ཀྱིས༔ རབ་ཏུ་འདྲིལ་ཏེ་གསོར་བྱས་ནས༔ དུག་གསུམ་རྩ་བ་རྩད་གཅད་ཕྱིར༔ འདྲིལ་ཞིང་འདེབས་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་ཕུར་པ་འདྲིལ་ཞིང་འདེབས་པའི་དབང་བསྐུར་པས༔ དུག་གསུམ་གྱིས་བསྐྱེད་པའི་དྲེགས་པ་ཅན་རྣམས་དང་དགྲ་བགེགས་ཚར་གཅོད་སྒྲོལ་ཞིང་རྡུལ་དུ་རློག་པའི་མཐུ་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་དྲུག་པ་རྡུལ་དུ་རློག་པའི་དབང་བསྐུར་བ་ནི༔ རྡོ་རྗེ་ཐོ་བ་གཏད་དེ༔ ཧཱུྃ༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ ཁྲོ་ཚོགས་འབར་བའི་གཏུན་ཚོགས་ཀྱིས༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔ ཕུར་བུ་ཐོ་བའི་དབང་བསྐུར་བས༔ ཐམས་ཅད་སྒྲོལ་བའི་དབང་ཐོབ་ཤོག༔ ཀཱི་ལ་ཡ་མུ་ཏི་བཾ་གྷྲྀ་ཎ་ཨཱ་ཀོ་ཊ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ༔ སྐལ་ལྡན་ཁྱོད་ལ་ཕུར་བུ་ཐོ་བའི་དབང་བསྐུར་པས༔ ཁམས་གསུམ་གྱི་དགྲ་བགེགས་ཐམས་ཅད་བསྒྲལ་ཞིང་ཚར་བཅད་ནས་རྣམ་པར་ཤེས་པ་མི་གནས་པའི་མྱ་ངན་ལས་འདས་ནས༔ ཀུན་བཟང་མཁའ་དབྱིངས་སུ་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་བདུན་པ་དམ་ཅན་བྲན་དུ་འཁོལ་བའི་དབང་བསྐུར་བ་ནི༔ དམ་ཅན་གྱི་ཕུར་པ་རྣམས་བསྡུས་ལ་གཏད་དེ༔ ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཧེ་ཧེ་ཧེ་ཧེ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ མོ་ཧ་གྷ་ཏ་ཡ་དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱོད་ལ་བཀའ་སྡོད་དམ་ཅན་གྱི་དབང་བསྐུར་པས༔ ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་ཅིང་མི་ནུབ་རྒྱལ་མཚན་གྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅོ་བརྒྱད་པ་གཏོར་མའི་དབང་བསྐུར་བ་ནི༔ དཔལ་གཏོར་ཆེན་པོ་གཙུག་ཏུ་བཞག་སྟེ༔ གཏོར་སྣོད་དུར་ཁྲོད་རབ་འཇིགས་འབར་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་གྲུབ་པའི་ནང་ན། གཏོར་མ་འདི་ཉིད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ནས་མཐར་གཏོར་མའི་ལྷ་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་བ་ལིནྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ སྐལ་ལྡན་ཁྱོད་ལ་གཏོར་ཆེན་ཡེ་ཤེས་ཕྱག་རྒྱའི་དབང་བསྐུར་པས༔ བདེ་གཤེགས་ཀུན་གྱི་ཐུགས་དམ་བསྐངས་ཤིང་བར་ཆོད་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཅུ་དགུ་པ་ཚེ་དང་ཞལ་ཟས་དངོས་གྲུབ་རྫས་ཀྱིས་དབང་བསྐུར་བ་ནི༔ རྫས་རྣམས་སྤྱི་བོར་བཞག་སྟེ༔ ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ བཛྲ་ཨཱ་ཡུ་ཤེ་སིདྡྷི་ཧཱུྃ༔ ཀཱ་ཡ་བཛྲ་སིདྡྷི་ཧཱུྃ༔ ཝཱ་ཀ་བཛྲ་སིདྡྷི་ཧཱུྃ༔ ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ གུ་ཎ་བཛྲ་སིདྡྷི་ཧཱུྃ༔ ཀརྨ་བཛྲ་སིདྡྷི་ཧཱུྃ༔ ཤཱནྟིཾ་སིདྡྷི་ཧཱུྃ༔ པུཥྚིཾ་སིདྡྷི་ཧཱུྃ༔ ཝ་ཤཾ་སིདྡྷི་ཧཱུྃ༔ མཱ་ར་ཡ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་སིདྡྷི་ཧཱུྃ་ཨཱ༔ སྐལ་ལྡན་ཁྱོད་ལ་ཚེ་དབང་དངོས་གྲུབ་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་བསྐུར་པས༔ བདེ་བར་གཤེགས་པའི་སྐུ་ཚེ་དང་ལོངས་སྤྱོད་ལ་མངའ་བརྙེས་ཤིང༔ མཆོག་དང་ཐུན་མོང་གི་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ལྟར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་པར་གྱུར་པ་ལ། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་བདེན་ཚིག་རྡོ་རྗེའི་གླུ་དབྱངས་སྒྲོགས་ཤིང་། ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་མོས་པ་མཛོད། བྱིན་རླབས་མཆོག་སྩོལ་སོགས་ཀྱི་ཤིས་བརྗོད་དང་། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ་ལུས་ལོངས་སྤྱོད་འབུལ་བ་བསྔོ་སྨོན་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་པད་གླིང་གཏེར་བྱོན་ཕུར་པའི་དབང་གི་མཚམས་སྦྱོར་འདིའང་གཏེར་གཞུང་དབང་ཆོག་ལ། ཆོས་དབང་ཕུར་པའི་དབང་གི་མཚམས་སྦྱོར་དྲིན་ཅན་རྗེའི་གསུང་གསང་ལས་བཏུས་ཏེ་བཀླག་ཆོག་མར་བཀོད་པ་པོ་ནི་པད་གླིང་བརྒྱད་པར་འབོད་པའི་བླུན་རྨོངས་ཟོལ་ཟོག་མཁན་བདག་གིས་བགྱིས་པ། ནོངས་ཀུན་བླ་མ་ལྷ་ལ་མཐོལ་ཞིང་དགེ་འབྲས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་གྱུར་ཅིག་ཛ་ཡནྟུ། བཀྲ་ཤིས། དགེའོ། །དགེའོ།། །།
གཙུག་ཏོར་གདུགས་དཀར་མོ་སྔ་འགྱུར་བི་མའི་ལུགས་ཀྱི་རིག་པ་གཏད་པའི་ཆོ་ག་ཡོན་ཏན་བཅུད་སྐྱེད་ (Volume 47, Text 42)
༄༅། །གཙུག་ཏོར་གདུགས་དཀར་མོ་སྔ་འགྱུར་བི་མའི་ལུགས་ཀྱི་རིག་པ་གཏད་པའི་ཆོ་ག་ཡོན་ཏན་བཅུད་སྐྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སི་ཏཱ་ཏ་པ་ཏྲེ་བྷྱཿ མཚན་མཆོག་མཐར་ཐུག་གཙུག་ཏོར་ལས། །འཇིགས་ཀུན་འཇོམས་ཕྱིར་རང་ཤར་བ། །རིག་པའི་རྒྱལ་མོར་གུས་བཏུད་ནས། །རིག་པ་གཏོད་པའི་ལག་ལེན་དགོད། །གཙུག་ཏོར་རྒྱལ་མོའི་རིག་པ་གཏད་པས་སློབ་མ་རྗེས་སུ་འཛིན་པ་ལ། རྒྱས་པར་དཀྱིལ་འཁོར་གྱི་བྱ་བ་གཞུང་བཞིན་འགྲུབ་ན་མཆོག་ཡིན་ཡང་མི་འགྲུབ་པའི་དཀྱུས་འགྲེ་ཙམ་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི་སྟེགས་གཙང་མའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བྲིས་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་བུམ་པ་དྲི་བཟང་གི་ཆབ་དང་བྱ་རྒྱུད་བུམ་རྫས་བཅོ་ལྔས་བཀང་བ། མགུལ་ཆིངས་དཀར་པོ། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་བཞག །གཙུག་ཏོར་དང་ཕུར་པ་རྣམས་ནི་སྐབས་འདིར་རས་བྲིས་ལ་བྲིས་པས་འཐུས་པར་བྱེད། ལས་བུམ་བཅུད་ལྡན་མགུལ་ཆིངས་ལྗང་གུ་ཅན་བྱང་ཤར་དང་། འཁོར་ལོ་ཡོད་ན་དབུས་སུ་བཀོད། ཆུ་བཞི་མདུན། ཉེར་སྤྱོད་རྣམས་གཡས་སྐོར། མདུན་དུ་དཀྱིལ་འཁོར་པའི་མཆོད་གཏོར་དཀར་ཟླུམ། གཡས་གཡོན་དུ་ལེགས་ལྡན་མཆེད་གསུམ་ལ་དཀར་གཏོར་སུམ་སྒྲིག །གཡོན་དུ་འབྱུང་པོ་དང་ཡི་དྭགས་རྣམས་ལ་ཟླུམ་གཏོར་ཆངས་བུ་བཅས་བཀོད་དོ། །གཉིས་པ་དངོས་གཞིའི་ཐོག་མར་སྔོན་འགྲོ་དཀར་གཏོར་སྤྱི་འཚམ་བཞིན་བཏང་། སངས་རྒྱས་ཆོས་དང་ཚོགས་སོགས་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་བརྗོད་ལ་ཚད་མེད་བཞི་བསྒོམ། སྐད་ཅིག་གིས་བདག་ཉིད་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་སྐུར་གྱུར། ཅེས་གསལ་གདབ་ལ་ང་རྒྱལ་གཟུང་། བགེགས་གཏོར་འཁྱིལ་པའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿ ཞེས་མགྲོན་འགུགས། སརྦ་བིགྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང་། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཞན་གྱི་སྲོག་འཕྲོག་པ་རྣམས་དང་། གཟི་བརྗིད་འཕྲོག་པའི་གདོན་ཐམས་ཅད་ལ་སྤོས་དང་མེ་ཏོག་དང་བདུག་པ་དང་གཏོར་མ་ཡང་སྦྱིན་ནོ། །གཏོར་མ་དང་མཆོད་པ་འདིས་མགུ་བར་གྱིས་ལ་ས་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཨོཾ་བཛྲ་པཱ་ཎི་བྷནྡྷ་བྷནྡྷ་བཛྲ་པཱ་ཤ་མ་མ་སརྦ་དུཥྚཱཾ་བྷིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་འཁྱིལ་པའི་སྔགས་བརྗོད་ལ་བསྐྲད། ཨོཾ་ཁ་ཊཱྃ་བྷནྡྷ་བྷནྡྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་མཚམས་བཅད་ལ་བསྲུང་། དེ་ནས་ཆོག་གཞུང་ལྟར། རང་གི་སྙིང་གར་ཡི་གེ་ཨ་གནས་པ་སོགས་ནས་ཕྱག་འཚལ་རྣམས་བརྗོད། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་འབུལ། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་རླབས་བདག་ལ་བསྡུས་པ་ལས། །སོགས་ཀྱིས་རྩ་བའི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྐྱེད། གནས་གསུམ་བྱིན་རླབས། དབང་བསྐུར་རྒྱས་གདབ། སྒོ་སྲུང་། ཁོར་ཡུག་བསྐྱེད་པའི་བར་སོང་ནས། རང་ཉིད་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གཙོ་བོའི་རྣམ་པར་ཟུར་དུུ་བྱེ་ནས་འཁོད་པས་ལས་ཀྱི་རིམ་པ་རྣམས་བྱེད་པར་མོས་ལ། ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་གསོལ་ཕྱག་འཚལ་རྣམས་བྱ། བསང་ཆུ་སྙིང་པོའི་སྔགས་ལན་བདུན་གྱིས་བརླབས་པ་མཆོད་རྫས་ལ་འཐོར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་རིག་སྔགས་ཀྱི་སྟོབས་ཀྱིས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷཱ་བོ་དྷི་སཏྭ་ནཱཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་མཾ་ག་ག་ཎ་ཁཾ་ས་མནྟ་སྭཱ་ཧཱཿ ཞེས་པའི་སྔགས་ལན་བརྒྱད་བཟླས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས། ཆུ་བཞིའི་སྔགས་དང་། འཇིག་རྟེན་ཁམས་ནི་སོགས་ཀྱིས་ཉེར་སྤྱོད་འབུལ། འདོད་ཡོན། རྒྱལ་སྲིད། རྫས་བརྒྱད་རྣམས་མདོར་བསྡུས་པ་ནི། མཛེས་སྡུག་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །བསིལ་བྱེད་ཙནྡན་དྲི་དང་རོ་བརྒྱའི་ཟས། །མཉེན་འཁྲིལ་པཉྩ་ལི་ཀ་རེག་ན་བདེ། །འདོད་ཡོན་རྣམ་ལྔ་རྒྱལ་བ་སྲས་བཅས་ལ། །འབུལ་གྱིས་བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་པ། །བསམ་ཞིང་ཡིད་ཀྱིས་སྤྲུལ་ཏེ་འབུལ་ལགས་ན། །འགྲོ་བ་མི་བཟད་གཏེར་ལ་ལོངས་སྤྱོད་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་གདུགས་དཀར་ལྷ་ཚོགས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་དྲ་བེ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པ་རྣམས་ཀྱིས་མཆོད། དཔལ་ལྡན་ཐུབ་པའི་དབང་པོ་ཆེ། །སོགས་ཀྱིས་བསྟོད། གཙོ་བོའི་ཐུགས་ཀར་ཟླ་བ་ལ་བྷྲཱུྃ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབ་པར་བསམ་ལ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་སོགས། བསྙེན་སྔགས་ཅི་ནུས་དང་། འཁོར་གྱི་སྲུང་སྔགས་རྣམས་ཀྱང་ཚར་ཅི་རིགས་བཟླས་པའི་མཐར། བཅོམ་ལྡན་འདས་མ་སོགས་ནས། བདག་ལ་བསྲུང་བར་མཛད་དུ་གསོལ། །བར་བརྗོད། དེ་ནས་བུམ་པ་སྒྲུབ་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། །མཚན་ཉིད་ཡོངས་སུ་རྫོགས་པ་ཡི། །དབུས་སུ་པདྨ་ཉི་ཟླའི་སྟེང་། །བྷྲཱུྃ་ལས་གཙུག་གཏོར་གདུགས་དཀར་མོ། །ཞལ་གཅིག་ཕྱག་བཞི་ཞི་བའི་ཚུལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དང་པོ་ཕྲེང་བ་རྒྱལ་མཚན་དང་། །འོག་མས་སྐྱབས་སྦྱིན་མཉམ་གཞག་ཅན། །འོད་ཟེར་སྣ་ཚོགས་འཕྲོ་བར་གྱུར། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ། །སོགས་གཞུང་གི་རིག་གཏད་སྐབས་ལྟར་ལ། དཀྱིལ་འཁོར་འཁོར་ལོ་གསལ་བར་གྱུར། །རྒྱལ་བ་དེ་རྣམས་ཐམས་ཅད་ཀྱི། །སོགས་དཀྱིལ་འཁོར་སྐབས་ལྟར། གསང་བར་ཧཱ་ལྗང་པདྨར་གནས། །ཐུགས་ལས་འོད་འཕྲོས་ཡེ་ཤེས་པ། །རང་བཞིན་གནས་ནས་སྤྱན་དྲངས་གྱུར། །ཨོཾ། ཕྱོགས་བཅུ་རབ་འབྱམས་སོགས་སྤྱན་འདྲེན་དང་བཞུགས་གསོལ་བྱ། གོང་གི །རྒྱལ་བའི་སྐུ་ལས་འོད་འཕྲོས་ཏེ། །ཞེས་སོགས་ནས། ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་པའི་བར་གྱི་དབང་བསྐུར་རྒྱས་གདབ། སྲིད་གསུམ་སྟོན་པ་སོགས་ཕྱག་དང་མཆོད་པ་ཚང་བ་ཕུལ། བསྟོད་པ་ནི། ཨོཾ། རྒྱལ་བའི་ཐུགས་ལས་རབ་འཕྲུལ་ཞིང་། །ཅོད་པན་རབ་མཛེས་ཞི་བའི་ཚུལ། །ཀུ་མུད་ཟླ་བཟང་ལྟ་བུར་མཛེས། །གདུགས་དཀར་ཁྱོད་ལ་ཕྱག་འཚལ་བསྟོད། །རིན་ཆེན་ཆུ་སྐྱེས་བུམ་འཁྲུངས་པས། །རྒྱན་ལྡན་ཚད་མེད་རྣམ་བཞིའི་ཕྱག །ཕྲེང་བ་རྒྱལ་མཚན་སྐྱབས་སྦྱིན་དང་། །མཉམ་གཞག་ཕྱག་མངའ་ཁྱོད་ལ་བསྟོད། །ཨོཾ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ། །སོགས་ནས། མཆོད་ཅིང་གུས་པས་ཕྱག་འཚལ་བསྟོད། །བར་བརྗོད། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་བསྙེན་སྔགས་བརྒྱ་རྩ་དང་། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ་སོགས་ཀྱང་ཚར་ཅི་རིགས་བཟླ། ལས་བུམ་གྱི་ནང་དུ་པད་ཟླའི་སྟེང་དུ་ཧཱུྃ་དང་སྣ་ཚོགས་རྡོ་རྗེ་ལས་བདུད་རྩི་འཁྱིལ་པ་ལྗང་སྔོན་ཞི་མ་ཁྲོའི་རྣམ་པ་ཅན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བསྟེན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་སེམས་སྐྱིལ་གྱིས་བཞུགས་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་སྐུ་གང་དྲི་མ་དག །དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། །ཉེར་སྤྱོད་སྔགས་ཙམ་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ཀྱིས་བསྟོད། ཐུགས་ཀ་ནས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་མོས་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བརྒྱ་རྩ་བཟླ། མཐར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ནཻ་བིདྱའི་བར་གྱིས་མཆོད། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་དུང་ཆུས་མཆོད་ཡོན་ཕུལ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ནས་དཀྱིལ་འཁོར་པ་ལ་གཏོར་མ་འབུལ་བ་ནི། གཏོར་འབུལ་ཐམས་ཅད་སྔགས་རྒྱ་དྲུག་གིས་ལྷན་ཅིག་ཏུ་བྱིན་གྱིས་བརླབ། དེ་ཙམ་མི་ནུས་ན། གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས། །གཏོར་མར་ཐིམ་པས་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །ཅེས་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ནས། བསྙེན་སྔགས་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ཡི། །སོགས་ཀྱིས་བསྟོད། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལེགས་ལྡན་མཆེད་གསུམ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ཤ་རི་བྷྱོཿ མ་ཧཱ་ཀཱ་ལ་དུཥྚཱིཾ་བྷྱོཿ མ་ཧཱ་ཀཱ་ལ་དུཥྚཱཾ་བྷྱོཿ ཨི་དཾ་བ་ལིཾ་ཏ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། བསྟོད་པར་འོས་པ་སོགས་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ། འབྱུང་པོ་དང་བགེགས་ཀྱི་གཏོར་མ་ནུས་ན་ཆ་གསུམ་སོ་སོར་གཏང་། མི་ལྕོགས་ན་གོང་གསལ་སྔོན་འགྲོའི་སྐབས་སུ་བཤད་པ་དེས་ལྷན་ཅིག་ཏུ་སྦྱིན་ལ་བསྐྲད་ཅིང་མཚམས་བཅད་དོ། ༈ །དེ་ནས་རིག་པ་གཏད་པའི་ཆོ་ག་ནི། སློབ་མ་རྣམས་ལ་ལས་བུམ་གྱིས་ཆུས་ཁྲུས་བྱས་ནས་གྲལ་དུ་འཁོད་པ་ལ། སེམས་བསྐྱེད་དང་ཆོས་བཤད་མདོར་བསྡུས་ཀྱིས་མཚམས་སྦྱར་ནས། འདིར་རྡོ་རྗེ་ཐེག་པའི་བྱ་བའི་རྒྱུད་འཇིག་རྟེན་ལས་འདས་པ་རིགས་གསུམ་གྱི་ནང་ཚན་དེ་བཞིན་གཤེགས་པའི་རིགས་ལ། ནང་གསེས་དབྱེ་བ་བརྒྱད་དུ་བཞུགས་པ་ལས་གཤེགས་རིགས་ཀྱི་གཙུག་ཏོར་གདུགས་དཀར་མོ་ཅན་ཞེས་བྱ་བ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་གྱི་འོད་ཟེར་ལས་སྲིད་པ་གསུམ་གྱི་མ་མགོན་འབྱུང་པོ་དྲེགས་པ་ཅན་ཐམས་ཅད་འདུལ་བའི་གཉེན་པོར་ཆེད་དུ་སྤྲུལ་པ། གཞན་གྱིས་མི་ཐུབ་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ཞེས་བསྔགས་པ་དོན་དང་ལྡན་པ་འདི་ལ་གསོལ་བ་བཏབ་ན། གནས་སྐབས་ནད་གདོན་བར་ཆད་བྱད་ཕུར་རྦོད་གཏོང་གང་གིས་ཀྱང་མི་ཚུགས་ཤིང་ཇི་ལྟར་བསམ་པའི་དོན་མཐའ་དག་འགྲུབ་པ་དང་། ཚེ་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་དང་ལྡན་པ་འདི་ཉིད་འཕགས་པའི་ཡུལ་དུ་བཀའ་སྲོལ་འགའ་ཞིག་བྱོན་པ་ལས། འདི་ནི་བསྟན་པ་སྔ་དར་གྱི་སྐབས་སུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་སློབ་དཔོན་བི་མ་ལ་མི་ཏྲས་སྤེལ་བའི་བཀའ་སྲོལ་ཏེ། བརྒྱུད་པའི་རིམ་པའང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། པཎ་ཆེན་བི་མ་ལ། གཉགས་ཆེན་ཛྙཱ་ན་དང་རྨ་རིན་ཆེན་མཆོག་སོགས་ནས་བརྒྱུད་པ་བར་མ་ཆད་པར་བྱོན་ཅིང་། ཕྱིས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་བརྒྱུད་པའི་གསུང་རྒྱུན་ལས་འབྱུང་བ་ཉིད་གསལ་བྱེད་ཀྱི་ཡིག་ཆ་མཛད་པ་ལ་བརྟེན་ནས་ད་ལྟའི་བར་དུ་རྒྱུན་སྲོལ་བཞུགས་པ། གཙུག་ཏོར་གདུགས་དཀར་མོ་ཅན་གྱི་རིག་པ་གཏད་པ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐོག་མར་མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཀའ་སྡོད་བཅས་པ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སོགས་ཆོ་གའི་དབུ་ནས་འབྱུང་བ་ལྟར་ཚར་གཅིག་རྗེས་ཟློས་བྱར་གཞུག །ཞིང་མཆོག་དེ་དག་རྣམས་ཀྱི་སྤྱན་སྔར་ཚོགས་གསག་ཅིང་སྡིག་སྒྲིབ་སྦྱོང་བ་དང་། དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་སྤེལ་བའི་འདུན་དམིགས་རྩེ་གཅིག་པས་ཡན་ལག་བདུན་པའི་རྗེས་ཟློས་མཛོད། ཇི་སྙེད་སུ་དག་སོགས་ཚར་གཅིག་དང་། ཕྱག་འཚལ་བ་དང་སོགས་ལན་གསུམ་བརྗོད་དུ་གཞུག །དེ་ནས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་གཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་མོས། དུས་ཐམས་ཅད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་གཙོ་མོས་རིན་པོ་ཆེའི་བུམ་པས་དབང་བསྐུར་བས། བུམ་པའི་ནང་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དངོས་སུ་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་ཆུ་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་གང་བས་སྡིག་སྒྲིབ་ཐམས་ཅད་དག །ལུས་ཀྱི་ནང་སངས་རྒྱས་ཀྱི་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བར་གྱུར་པར་མོས་ཤིག །བུམ་པ་ཐོགས་ལ། ཨོཾ། དུས་གསུམ་བདེ་གཤེགས་སྤྲུལ་པའི་སྐུ །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་མོ་ཆེན་མོ་སྟོབས་ཆེན་མོ། །འབར་མ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེའི་ཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང་། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིག་གསེར་ཕྲེང་། །ལེ་བརྒན་རྩི་དང་རིན་ཆེན་མོ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མ་རྡོ་རྗེ་དང་། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང་། །པདྨའི་སྤྱན་དང་ཟླ་འོད་དང་། །ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ཀྱིས། །འདིར་ནི་དབང་བསྐུར་མཛད་དུ་གསོལ། །བསྙེན་སྔགས། ཏདྱ་ཐཱ། ཨོཾ་ཨ་ན་ལེ་སོགས་གོང་འོག་གཉིས་ཀྱི། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱའི་མཐར། ཨ་བྷི་ཥིཉྩ་ཏུ་མཱཾ། བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བཏགས་པ་བརྗོད་ལ་གཙོ་མོ་དང་། ཏདྱ་ཐཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནས་། སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། བར་བརྗོད་ལ་འཁོར་རྣམས་ཀྱིས་དབང་བསྐུར། བུམ་པ་མགོར་བཞག་བུམ་ཆུ་འཐོར། དེ་ནས་སྔགས་བཟླས་པའི་རྗེས་གནང་གི་ཆེད་དུ་སློབ་དཔོན་ལ་མོས་གུས་བྱས་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་གཙོ་བོ་དབྱེར་མ་མཆིས་པའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཞལ་ནས་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས་པའི་མོས་པས་རྗེས་ཟློས། བསྙེན་སྔགས་གོང་འོག་དང་། འཁོར་རིགས་ལྔའི་སྔགས་རྣམས་ཀྱིས་རྗེས་ཟློས་ལན་གསུམ་བྱར་གཞུག །མཐར་ཕྲེང་བའམ་མེ་ཏོག་མགོར་བཞག་ལ། རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །དེ་ནས་འཁོར་ལོ་ཡོད་ན་མགོར་བཞག་ལ་འདོགས་པ་དང་། མེད་ན་བུམ་ཆུ་དང་མེ་ཏོག་འཐོར་ཅིང་། ཨོཾ་རྀ་ཥི་ག་ཎ་སོགས་སྲུང་སྔགས་ཀྱི་མཐར། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་གཏོར་ཕྱིར་ཟློག་པ་ཆེན་མོ་སོགས་ནས། བདག་ཅེས་པ་འདི་ཞེས་ཁ་བསྒྱུར་ལ། ཕྱག་རྒྱའི་ཚོགས་དེ་ཐམས་ཅད་ཀྱིས། །འདི་རྣམས་བསྲུང་བར་མཛད་དུ་གསོལ་ལོ། །བར་བརྗོད། སྤྲོ་ན་མཐའ་རྟེན་བྱ་རྒྱུད་ཀྱི་ལུགས་ལྟར་བཀྲ་ཤིས་རྟགས་བརྒྱད་སྦྱིན། གང་ལྟར། ཕུན་སུམ་ཚོགས་པ་མངའ་བ་སོགས་ཤིས་བརྗོད་བྱ། དེ་ལྟར་ཆུའི་དབང་མཐའ་རྟེན་དང་བཅས་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གཉིས་མངོན་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེས་བཅོམ་ལྡན་འདས་གདུགས་དཀར་མོའི་རིག་པ་གཏད་པ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་ལེན། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་རྣམས་སྤྱི་ལྟར་བྱས་པས་གྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་མཆོད་པ་ཁ་གསོས་ལ་བྱིན་བརླབ། སྔགས་ཙམ་གྱིས་མཆོད། བསྟོད་པ་མདོར་བསྡུས་དང་འདོད་དོན་ཞུ་བ་སྤྱི་ལྟར་བྱ། མ་འབྱོར་པ་དང་སོགས་དང་ཡི་གེ་བརྒྱ་པས་ཉམས་ཆག་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ། དམ་ཚིག་པ་རང་ལ་ཐིམ་པར་གྱུར། རང་ཉིད་ཕྱག་གཉིས་པའི་ང་རྒྱལ་དང་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། དགེ་བསྔོ་ཤིས་བརྗོད་བྱས་པས་གྲུབ་བོ། །འདིའི་འབྲས་དགེ་བས་གཉིས་སུ་མི་གསུངས་པས། །གསུངས་པའི་ཕན་ཡོན་བདུད་རྩིའི་བཅུད་མཆོག་གིས། །བདག་རྒྱུད་གསེར་གྱི་བུམ་བཟང་ཡོངས་གཏམས་ནས། །འགྲོ་ཀུན་ཐར་པའི་སྲོག་ཟུངས་འཛིན་པར་ཤོག །ཅེས་འདི་ཉིད་ཀྱི་ཆོག་གཞུང་གི་ཆ་ལག་མེད་ཀ་མེད་དུ་གྱུར་པས་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
འཆི་མེད་མཚོ་སྐྱེས་སྙིང་ཏིག་རྩ་བ་ཡན་ལག་དང་བཅས་པའི་སྐོང་བ་སྒྱུ་འཕྲུལ་རྣམ་པར་བཀོད་པའི་སྤྲིན་ཕུང་ (Volume 10, Text 42)
༄༅། །འཆི་མེད་མཚོ་སྐྱེས་སྙིང་ཏིག་རྩ་བ་ཡན་ལག་དང་བཅས་པའི་སྐོང་བ་སྒྱུ་འཕྲུལ་རྣམ་པར་བཀོད་པའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཡེ། དད་མོས་གུས་ལྡན་རྣལ་འབྱོར་པས། །དུས་བཟང་ཚོགས་ཀྱི་མཆོད་པའི་སྐབས། །དམ་ཚིག་ཉམས་ཆག་གསོ་བ་དང་། །གང་འདོད་ཕྲིན་ལས་སྒྲུབ་པའི་ཕྱིར། །སྐོང་བ་རྒྱས་པར་བྱ་སྤྲོ་ན། །སྤྱི་མཐུན་སྐོང་བའི་གཏོར་མ་འམ། །ཡང་ན་དམ་ཚིག་རྫས་ལ་བརྟེན། །ཡིད་ཀྱིས་མཆོད་སྤྲིན་བསམ་ཡས་སྤེལ། །རོལ་མོ་དབྱངས་བཅས་འདི་སྐད་དོ། །ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཞིང་། །མཁའ་ཀློང་རྣམ་པར་དག་པའི་དཀྱིལ། །སྒྲིབ་གཡོགས་ཕྱོགས་མཚམས་མེད་པའི་དབུས། །མ་བཅོས་ལྷུན་གྲུབ་ཕོ་བྲང་ནས། །རང་བབ་ཀ་དག་ཆེན་པོ་ལས། །རང་བྱུང་སྐུ་དང་ཡེ་ཤེས་སུ། །ལྷུན་གྲུབ་ཐིག་ལེ་བརྡལ་བ་ཆེ། །སྐུ་གསུམ་ཡེ་རྫོགས་ལྷ་ཚོགས་རྣམས། །གཤེགས་བཞུགས་མཚན་མ་མ་དམིགས་ཀྱང་། །ཐུགས་རྗེ་མོས་པའི་རྟེན་འབྲེལ་གྱིས། །རང་སྣང་དག་པའི་གནས་འདིར་བྱོན། །སྲིད་གསུམ་རྣམ་དག་སངས་རྒྱས་ཞིང་། །ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས། །རིན་ཆེན་རྒྱལ་བའི་འཁོར་ལོ་ནི། །ཟང་ཐལ་ཆེན་པོར་འོད་དུ་གསལ། །གདོད་ནས་མ་སྐྱེས་མཉམ་པ་ཉིད། །བསྐང་བྱ་སྐོང་བྱེད་ལས་འདས་ཀྱང་། །ཀུན་རྫོབ་དམ་ཚིག་རྫས་ལ་བརྟེན། །དོན་དམ་དབྱིངས་སུ་བསྐང་བར་བྱ། །ཧཱུྃ་ཧྲཱིཿ གདོད་མའི་མགོན་པོ་འོད་མི་འགྱུར། །ཀུན་ཁྱབ་སྤྲོས་བྲལ་ཆོས་ཀྱི་སྐུ །ཡེ་ནས་ལྷུན་གྲུབ་རྫོགས་སངས་རྒྱས། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །སྣ་ཚོགས་རང་གྲོལ་མཚན་ཉིད་འཛིན། །རང་གསལ་མ་འདྲེས་ལོངས་སྤྱོད་རྫོགས། ཁྱབ་བརྡལ་ཡེ་ཤེས་ལྔ་ཡི་བདག །ཐོད་ཕྲེང་སྡེ་ལྔའི་ཐུགས་དམ་བསྐང་། །ཐུགས་རྗེ་ཀུན་ཁྱབ་འོད་ཟེར་འཕྲོ། །རིག་རྩལ་མ་འགག་སྤྲུལ་པའི་སྐུ །ཐོག་མཐའ་མེད་པར་བྱ་བ་བྱེད། །གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་། །མ་ཆགས་པདྨའི་རིགས་ཀྱི་གཙོ། །ཡེ་ཤེས་རྩལ་རྫོགས་སེམས་དཔའ་མཆོག །ཐུགས་རྗེའི་བདག་པོ་འགྲོ་བའི་མགོན། །སྤྱན་རས་གཟིགས་དབང་ཐུགས་དམ་བསྐང་། །གར་གྱི་དབང་ཕྱུག་དཀྱིལ་འཁོར་གཙོ། །སྣང་སྟོང་ཐབས་ཤེས་ཟུང་དུ་འཇུག །འཁོར་འདས་སྤྱི་དཔལ་ཆེ་བའི་མཆོག །དབང་ཆེན་ཡབ་ཡུམ་ཐུགས་དམ་བསྐང་། །དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །སྐྱེ་འཆི་གཉིས་སྤངས་རྡོ་རྗེའི་སྐུ །དཀྱིལ་འཁོར་ཁྱབ་བདག་བདེ་བ་ཆེ། །མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་། །བཅུ་དྲུག་དགའ་བཞིའི་ལང་ཚོ་རྒྱས། །ཟག་མེད་བདེ་ཆེན་སྐྱེད་མཛད་མ། །ཆོས་ཀྱི་འབྱུང་གནས་ཀུན་བཟང་མོ། །ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་། །རྣམ་དག་ཆོས་ཉིད་ཞི་བ་ལས། །རོལ་པ་ཆེན་པོ་འབར་བའི་སྐུ །དྲེགས་པ་ཀུན་གྱི་རྗེ་བཙན་ཆེ། །པདྨ་དྲག་པོའི་ཐུགས་དམ་བསྐང་། །དགོངས་བརྡ་སྙན་ཁུང་གཏད་རྒྱ་ཚིག །སྨོན་ལམ་དབང་ཐོབ་རིག་པ་འཛིན། །མངའ་བདག་ཡབ་སྲས་བཻ་རོ་སོགས། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །རིག་འཛིན་བླ་མའི་དཀྱིལ་འཁོར་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་གྱུར་ཏེ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཧཱུྃ་ཧྲཱིཿ མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །གསང་བ་སྙིང་པོ་ཡེ་ཤེས་སྐུ །སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས། །ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །རང་རིག་ཐིག་ལེ་གཅིག་ཉིད་ལས། །ཡེ་ཤེས་རྒྱལ་པོ་གཙོ་དང་འཁོར། །ཀློང་དགུའི་ཚུལ་དུ་ཤར་བའི་ལྷ། །བདུན་བརྒྱ་ཉེར་ལྔའི་ཐུགས་དམ་བསྐང་། །སྐུ་གསུམ་རྫོགས་པའི་ཧེ་རུ་ཀ །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །ཡང་དག་ལྷ་ཚོགས་ཐུགས་དམ་བསྐང་། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །བདུད་འདུལ་རྡོ་རྗེ་ཕུར་པའི་ལྷ། །ཕྲིན་ལས་སྟོབས་འདུས་ཐུགས་དམ་བསྐང་། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །ཐིག་ལེ་གཅིག་གི་ངོ་བོ་ལས། །རྟོག་འདུལ་དབང་དུ་ཅི་ཡང་སྤྲོ། །ཐེག་དགུའི་ལྷ་ཚོགས་ཐུགས་དམ་བསྐང་། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་གྱིས། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་རྣམས། །ཐུགས་དམ་དབྱིངས་སུ་བསྐངས་གྱུར་ཏེ། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཧཱུྃ་ཧྲཱིཿ བདེ་ཆེན་ཡེ་ཤེས་ལྷན་ཅིག་སྐྱེས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་མ། །མནྡཱ་ར་བའི་ཐུགས་དམ་བསྐང་། །གཏི་མུག་མུན་པ་བསལ་མཛད་ཅིང་། །ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་དངོས། །ཡོངས་ལ་མངའ་མཛད་སྐུ་ཡི་རིགས། །སངས་རྒྱས་མཁའ་འགྲོའི་ཐུགས་དམ་བསྐང་། །ཞེ་སྡང་མེ་དཔུང་འབར་བ་འཇོམས། །ཞི་མཛད་མེ་ལོང་ལྟ་བུའི་ངང་། །འགྱུར་མེད་བདུད་འཇོམས་ཐུགས་ཀྱི་རིགས། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་། །ང་རྒྱལ་རྟོག་པའི་རི་བོ་སྒྱེལ། །རྒྱས་མཛད་མཉམ་པ་ཉིད་ཀྱི་ཚུལ། །རེ་བ་ཀུན་སྐོང་ཡོན་ཏན་རིགས། །རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་། །འདོད་ཆགས་རྒྱ་མཚོ་རྨང་ནས་སྐེམ། །དབང་མཛད་སོར་རྟོག་ཡེ་ཤེས་ཉིད། །ཆགས་པ་དབང་སྡུད་གསུང་གི་རིགས། །པདྨ་མཁའ་འགྲོའི་ཐུགས་དམ་བསྐང་། །ཕྲག་དོག་རླུང་ཆེན་འཚུབས་མ་སྙོལ། །མངོན་སྤྱོད་ལས་མཛད་བྱ་གྲུབ་བདག །གདུག་པ་ཀུན་འདུལ་ལས་ཀྱི་རིགས། །ཀརྨ་མཁའ་འགྲོའི་ཐུགས་དམ་བསྐང་། །སྐྱེ་མེད་བཟང་མོའི་མཁའ་ཀློང་ནས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྐྱེ་བའི་ཚུལ་སྟོན་མཁའ་འགྲོ་མ། །འབུམ་ཕྲག་ཡངས་པའི་ཐུགས་དམ་བསྐང་། །ཏ་ན་ག་ཎའི་དམ་ཚིག་གིས། །གནས་གསུམ་དཔའ་བོ་དྷཱ་ཀིའི་ཚོགས། །ཐུགས་དམ་དབྱིངས་སུ་བསྐངས་གྱུར་ཏེ། །རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ་ཧྲཱིཿ ཀ་དག་སྤྲོས་དང་བྲལ་བའི་དབྱིངས། །ཀུན་གྱི་འབྱུང་གནས་བྷ་གའི་ཀློང་། །ཀུན་བཟང་གནམ་ཞལ་དབྱིངས་ཕྱུག་མ། །སྨུག་ནག་ཁྲོས་མའི་ཐུགས་དམ་བསྐང་། །རིག་པ་ཟང་ཐལ་འོད་ཀྱི་ལུས། །འཁོར་འདས་སྣང་བར་མ་བསྒྲིབས་ཁྱབ། །འཇིགས་བྱེད་ས་བརྒྱད་དབང་ཕྱུག་ཆེ། །སྒྲ་གཅན་འཛིན་གྱི་ཐུགས་དམ་བསྐང་། །འོད་གསལ་ཐིག་ལེ་བརྡལ་བ་ཆེར། །དབྱིངས་དང་ཡེ་ཤེས་ཟུང་འཇུག་སྐུ །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །མ་ནིང་ནག་པོའི་ཐུགས་དམ་བསྐང་། །ངོ་བོ་རང་བཞིན་ཐུགས་རྗེའི་རྩལ། །དུག་གསུམ་རྟོག་པ་མ་སྤངས་དག །དམ་ཚིག་མཐུ་ལྡན་བཀའ་ཡི་གཉེར། །རྒྱུད་གསུམ་དྲེགས་པའི་ཐུགས་དམ་བསྐང་། །རྟེན་སྐོང་སྒྲུབ་པའི་རྫས་རྣམས་ཀྱིས། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་དབྱིངས་སུ་བསྐངས་གྱུར་ཏེ། །བསྟན་པའི་དགྲ་བགེགས་བསྒྲལ་བར་མཛོད། །ཧཱུྃ་ཧྲཱིཿ ཐུགས་དམ་སྐོང་བའི་དམ་རྫས་ནི། །ལྷ་རྫས་ཕྱི་མཆོད་ཚར་དུ་དངར། །རང་བྱུང་ནང་མཆོད་ལྷུན་གྱིས་གྲུབ། །གཉིས་མེད་གསང་མཆོད་བདེ་ཆེན་སྤྲིན། །སྨན་གཏོར་རཀྟ་དམ་ཚིག་རྫས། །འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་བཅུད། །སྐྱེ་འགྲོའི་གཟུགས་སྣང་འབྱོར་པའི་དཔལ། །ལྷ་སྔགས་ཏིང་འཛིན་དམ་ཚིག་སོགས། །ཐུན་མོང་ཁྱད་པར་རྨད་དུ་བྱུང་། །དངོས་འབྱོར་ཡིད་སྤྲུལ་བསམ་ཡས་ཀྱིས། ཁྱེད་རྣམས་ཐུགས་དམ་གཉན་བསྐངས་ཏེ། །བདག་གི་གཡར་དམ་སོར་ཆུད་ནས། །དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །ཧཱུྃ་ཧྲཱིཿ སྣང་སྲིད་འཁོར་འདས་ཞིང་ཀུན་ན། །སྣང་བ་གཟུགས་ཀྱི་དངོས་པོའི་ཚོགས། །ཇི་སྙེད་རང་བྱུང་དཀྱིལ་འཁོར་ལྷ། །སྐུ་མཆོག་རྡོ་རྗེའི་ཕྱག་རྒྱ་ཆེ། །གྲགས་པ་སྒྲ་ཡི་བརྗོད་པའི་ཚོགས། །ཇི་སྙེད་གཞོམ་མེད་ནཱ་དའི་དབྱངས། །གསུང་མཆོག་རྡོ་རྗེའི་ཕྱག་རྒྱ་ཆེ། །འགྱུ་དྲན་ཡིད་ཀྱི་རྟོག་པའི་ཚོགས། །ཇི་སྙེད་འོད་གསལ་ཡེ་ཤེས་དབྱིངས། །ཐུགས་མཆོག་རྡོ་རྗེའི་ཕྱག་རྒྱ་ཆེ། །བྱ་བ་ལས་ཀྱི་འཁོར་ལོའི་ཚོགས། །ཇི་སྙེད་ཡེ་ཤེས་ཡངས་པའི་གར། །ཕྲིན་ལས་རྡོ་རྗེའི་ཕྱག་རྒྱ་ཆེ། །རྣམ་བཞིའི་དམ་ཚིག་བླ་མེད་འདིས། ཁྱེད་རྣམས་ཐུགས་དམ་གཉན་བསྐངས་ཏེ། །བདག་གི་གཡར་དམ་སོར་ཆུད་ནས། །དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །ཧཱུྃ་ཧྲཱིཿ ལྔ་ལྡན་རང་ཤར་ཐིག་ལེའི་གཟུགས། །དབྱངས་གསལ་ཆོས་ཉིད་རང་སྒྲ་ཆེ། །སྤྲོས་བྲལ་བདེ་བ་ཆེན་པོའི་དྲི། །ལྷུན་འབྱམས་ཏིང་ངེ་འཛིན་གྱི་ཟས། །རང་གསལ་འོད་མདངས་ལྔ་ཡི་གོས། །ཆོས་དབྱིངས་ཀ་དག་གཉུག་མའི་ངང་། །བསྐང་བྱ་སྐོང་བྱེད་གཉིས་མེད་པས། ཁྱེད་རྣམས་ཐུགས་དམ་གཉན་བསྐངས་ཏེ། །བདག་གི་གཡར་དམ་སོར་ཆུད་ནས། །དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །ཧཱུྃ་ཧྲཱིཿ འཆི་མེད་འོད་གསལ་རྡོ་རྗེའི་དབྱིངས། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་ཀུན་འདུས་རྣམ་པར་དག །ཐམས་ཅད་རང་རིག་བྱང་ཆུབ་སེམས། །ཀུན་ནས་འཁྱིལ་བའི་དཀྱིལ་འཁོར་ལྷ། །ཐམས་ཅད་བདག་ཉིད་ཀུན་འབྱུང་གནས། །ཡེ་ཤེས་ཐིག་ལེར་རང་སྣང་བ། །བྱ་བྱེད་མེད་པར་དོན་རྣམས་གྲུབ། །གཉིས་མེད་ངང་ལ་ཐམས་ཅད་རྫོགས། །བྱིན་རླབས་ཆོ་འཕྲུལ་རྨད་ཀྱི་ཆོས། །ནམ་མཁའ་ལྟ་བུའི་གཏེར་མཛོད་འཆང་། །སྐྱེ་འགག་མེད་པའི་དབྱིངས་ཆེན་ལས། །མཛད་པའི་གར་སྟབས་སྣ་ཚོགས་ཀྱིས། །འགྲོ་བའི་བསམ་པ་སྐོང་མཛད་པ། །རྩ་གསུམ་འདུས་པའི་ལྷ་ལ་བསྟོད། །ཧཱུྃ་ཧྲཱིཿ ཆོས་ཀུན་གདོད་ནས་གཅིག་པ་ལ། །འཁོར་འདས་མཚན་མ་སོ་སོར་བཟུང་། །རྩ་ལག་ཁྱད་པར་དམ་ཚིག་རྣམས། །ཡེ་ནས་བསྲུང་མཚམས་ལས་འདས་ཀྱང་། །མ་རིག་དབང་གིས་ཉམས་ཆག་བསགས། །བཅས་དང་རང་བཞིན་མི་དགེའི་ལས། །བདེན་ཞེན་དབང་གིས་བཅོས་མར་སྦྱོང་། །འཁྲུལ་གྲོལ་གཉིས་སུ་འཛིན་པ་ཡིས། །གདོད་མའི་གཏན་སྲིད་མ་ཟིན་པ། །ཀ་དག་སྐྱེ་མེད་ཀློང་དུ་བཤགས། །རང་གྲོལ་ཆེན་པོར་སོར་ཆུད་ནས། །ཡེ་བསྲུང་མཆོག་ཏུ་དབུགས་དབྱུང་མཛོད། །ཕྲིན་ལས་བཞི་དང་གྲུབ་པ་བརྒྱད། །རིག་འཛིན་རྣམ་བཞིའི་གོ་འཕང་སོགས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དངོས་གྲུབ་མ་ལུས་མྱུར་དུ་སྩོལ། །གཟུང་འཛིན་འཁྲུལ་པའི་སྦུབས་ལས་གྲོལ། །ཡེ་ཤེས་སྣང་བ་རང་གསལ་ཏེ། །འགྱུར་མེད་བདེ་ཆེན་རྡོ་རྗེའི་སྐུ །ཚེ་འདིར་འགྲུབ་པར་མཛད་དུ་གསོལ། །རིན་ཆེན་འོད་གསལ་དག་པའི་ཞིང་། །རང་རིག་མཚོ་སྐྱེས་རྡོ་རྗེ་སེམས། །རྩལ་ཆེན་རྫོགས་པའི་ཕྲིན་ལས་ཀྱིས། །བཀོད་པ་ཆེན་པོ་ལྷུན་གྲུབ་ཤོག །འདི་ཡང་རྗེ་བཙུན་ཐམས་ཅད་མཁྱེན། །གསང་འཛིན་རིགས་ཀྱི་བདག་པོའི་བཀས། །རྗེས་སུ་གནང་བ་དོན་ཡོད་ཕྱིར། །སོ་སྐྱེའི་ཚིག་ལ་འབྲེལ་མེད་ཀྱང་། །འབྱུང་རུང་རྟེན་འབྲེལ་ལ་དམིགས་ནས། །པདྨ་གར་དབང་འདུ་གསུམ་པས། །ཙ་འདྲ་རིན་ཆེན་བྲག་གི་མགུལ། །ཀུན་བཟང་བདེ་ཆེན་གླིང་དུ་བྲིས། །མཆོག་བསྟན་རྒྱས་པའི་རྒྱུ་རུ་ཤོག །དགེ་ལེགས་འཕེལ།། ༈ །།རྩ་གསུམ་སྐོང་བཤགས་ཉེར་བསྡུས་ཀུན་བཟང་མཆོད་སྤྲིན་བཞུགས། སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་ཆེར། །དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི། །ཕྱི་ནང་གསང་བ་བླ་མེད་དེ་ཁོ་ནའི། །ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་རྒྱ་མཚོ་འདིས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང་། །སྣང་སྲིད་དག་པ་རབ་འབྱམས་ཆེན་པོར་བསྐང་། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་ནས་ཀྱང་། །མཆོག་ཐུན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་མཚོ་ལས་ཕྱུངས་བའོ།། །།
དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་སྒྲུབ་ཀྱི་ལྷན་ཐབས་རིམ་གཉིས་ཤིང་རྟ་ (Volume 9, Text 42)
༄༅། །དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་སྒྲུབ་ཀྱི་ལྷན་ཐབས་རིམ་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། ། ན་མཿཧ་རི་ནཱ་ཐཱ་ཡ། དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་སྒྲུབ་སྐབས། རྒྱལ་བ་ཀུན་འདུས་ལས་གཞུང་བསྲངས་ནས་ཛཔ྄་བརྒྱ་སྟོང་སོགས་བཟླས་མཐར། སྐད་ཅིག་གིས་མདུན་བསྐྱེད་ལྷ་ཚོགས་གཞལ་ཡས་ཁང་འོད་དུ་ཞུ་ཞིང་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་རྡོ་རྗེའི་གུར་ཁང་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ། དེའང་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ། ཕྱི་དང་ནང་དུ་ཁྲོ་བོའི་ཚོགས་ཀྱིས་སྲུང་ཟློག་གི་ལས་མཛད་པ། དེའི་ཕྱི་རོལ་མཚོན་ཆ་སྣ་ཚོགས་པའི་གུར། དེའི་ཕྱི་རོལ་དུ་མེ་དང་རླུང་དང་ཆུའི་གུར་ཁང་སྟེ་འབྱུང་བའི་རང་བཞིན་གྱི་སྲུང་འཁོར། གུར་ཁང་གི་ནང་དུ་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པ། དེ་དག་ཀྱང་དོན་དམ་པར་གནོད་བྱེད་གང་ཡང་མི་དམིགས་པ་ཡེ་ཤེས་ཀྱི་སྲུང་འཁོར་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ཀྱི་གུར་ཁང་གི་དབུས་སུ། མདུན་གྱི་ནམ་མཁར་བདུད་རྩིའི་རྒྱ་མཚོ་སྔོ་ཞིང་དྭངས་པ་རྒྱ་ཁྱོན་དང་གཏིང་མཐའ་འབྱམས་ཀླས་པའི་ཀློང་ནས་འཐོན་པའི་པདྨའི་སྡོང་པོ་འདབ་མ་འབུམ་དང་ལྡན་པ་ཡལ་ག་ལོ་འབྲས་ཕུན་སུམ་ཚོགས་ཤིང་། གེ་སར་མངོན་པར་མཐོ་བའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་ཡིད་ཙམ་ཁྲོ་བའི་རྣམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་ཤིང་། གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པའི་གྲུ་མོ་ན་ཁ་ཊྭཱཾ་ག་རྩེ་གསུམ་བརྟེན་པ། དབུ་ལ་ཤེའུའི་སྙན་ཞུ་པད་འདབ་ཅན་རྩེ་མོར་རྡོ་རྗེ་རྩེ་ལྔ་པ་དང་། རྨ་བྱའི་མདོངས་དང་རྒོད་ལྡེམ་གྱིས་བརྒྱན་ཅིང་། མེ་ལོང་དང་གསེར་གྱི་ཉི་ཟླ་དར་གྱི་ཅོད་པན་གྱིས་སྤྲས་པ་གསོལ་ཞིང་། སྐུ་ལ་མདོ་དང་མཐུན་པའི་ཆ་ལུགས་ཆོས་གོས་དམར་པོ་གསེར་གྱི་རི་མོ་ཅན་དང་སྔགས་ཀྱི་ཆ་ལུགས་ན་བཟའ་ཕོད་ཀ་མཐིང་ག་དང་གསང་གོས། འཁོར་ལོས་སྒྱུར་རྒྱལ་གྱི་ཆས་ཟབ་ཆེན་བེར་སྨུག་གསེར་གྱི་ཧ་རིས་ཅན་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་ཆ་ཤས་རེ་རེར་ཡང་བསྐལ་པར་བལྟས་ཀྱང་ཆོག་མི་ཤེས་ཤིང་བལྟ་བས་མི་ངོམས་པའི་མཚན་དཔེ་མཆོག་ཏུ་རྒྱས་པའི་གཟི་བརྗིད་ཉི་མ་འབུམ་དང་མཚུངས་ཤིང་། མཐོང་ཐོས་དྲན་པ་ཙམ་གྱིས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་ནུས་པ་ཞིག་ཏུ་བྱིན་ཐིབས་སེ་བཞུགས་པར་བསྒོམ། དེའི་མདུན་ནས་བརྩམ་སྟེ་གཡས་སྐོར་དུ་པདྨ་དམར་པོའི་སྟེང་དུ་ཟླ་ཉི་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་ཆེ་མཆོག་པདྨ་དྲག་པོ་ཞལ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་བ། ཕྱག་དྲུག་གི་གཡས་ན་རྡོ་རྗེ་ཐོ་བ་མེ་དཔུང་། གཡོན་ན་ཐོད་ཁྲག་ལྕགས་སྡིག་ཕུར་པ་བསྣམས་པ། ཞབས་བཞི་འདོར་སྟབས་སུ་བགྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྫོགས་ཤིང་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད་ཅིང་། སྐུ་ལ་མེ་དཔུང་ཁྲོ་ཚོགས་ལྕགས་སྡིག་འཕྲོ་བ། འཁོར་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། པདྨ་དང་ཟླ་བའི་སྟེང་དུ་སངས་རྒྱས་སྨན་གྱི་བླ་སྐུ་མདོག་སྔོན་པོ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རིགས་ལྔ་བསྣམས་པ། གཡོན་མཉམ་གཞག་གི་སྟེང་ན་བཻ་ཌཱུརྱའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་བསྣམས་ཤིང་། ཞབས་རྡོར་སྐྱིལ་གྱིས་བཞུགས་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་ལ་ཆོས་གོས་རྣམ་གསུམ་བཀླུབས་པ། འཁོར་བདེ་གཤེགས་བརྒྱད་དང་། བསྐལ་བཟང་སངས་རྒྱས་སྟོང་རྩ། སྨན་གྱི་ལྷ་མོ། དྲང་སྲོང་རིག་འཛིན་དཔག་ཏུ་མེད་པས་བསྐོར་བ། པད་ཟླ་ལ་གཏེར་བུམ་ཟུང་དང་ཉི་དཀྱིལ་སྟེང་དུ་རྨུགས་འཛིན་སྐུ་མདོག་དམར་པོ་ཞལ་གཅིག་པ་གཞོན་ཤ་རྒྱས་ཞིང་བརྗིད་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་། གཡོན་པས་ནེའུ་ལེ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་སྟབས་སུ་བཞུགས་པའི་པང་དུ་ཡུམ་བདེ་རྒྱས་མ་དམར་མོ་གཡས་ནོར་བུ། གཡོན་ཐོད་ཁྲག་བསྣམས་པས་འཁྱུད་ཅིང་། ཡབ་ཡུམ་གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན་པ། འཁོར་ནོར་ལྷ་ཡབ་ཡུམ་བརྒྱད་སོགས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ནོར་ལྷ་བྱེ་བ་འབུམ་གྱིས་བསྐོར་བ། པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་ཟླ་ཉི་བདུད་བཞིའི་གདན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་། ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་ཁ་ཊྭཱཾ་དང་མེ་དཔུང་། མཐའ་གཉིས་ཕུར་པ་འདྲིལ་བ། ཞབས་བཞིའི་མདུན་གཉིས་གཡས་བསྐུམ་གཡོན་བརྐྱང། རྒྱབ་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། གསང་བ་ནས་ཕུར་བུ་རྒྱན་གྱི་ཚུལ་དུ་འཕྱང་བ་བགེགས་ཀྱི་སྙིང་གར་ཟུག་པ། དུར་ཁྲོད་དང་དཔལ་གྱི་ཆས་རྣམས་རྫོགས་པ། ཡུམ་འཁོར་ལོ་རྒྱས་འདེབས་དྲིལ་བུ་ཐོད་ཁྲག་བསྣམས་པས་འཁྲིལ་ཞིང་། འཁོར་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་བརྒྱད་སོགས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། པད་ཉིའི་སྟེང་དུ་གུ་རུ་པདྨ་ཟིལ་གནོན་དྲག་པོ་རྩལ་སྐུ་མདོག་དཀར་དམར་ཁྲོ་ལ་འཛུམ་པ། དབུ་ལ་པད་ཞྭ་ཁྱུང་ལྡེམ་ཅན་གསོལ་ཞིང་ཟབ་བེར་གསང་གོས་དང་ཆོས་གོས་གསོལ་བ། གཡས་རྡོ་རྗེ་རྩེ་དགུ་རྭ་གདེངས་པ་འཕྱར་ཞིང་། གཡོན་སྙིང་ཕྲེང་བསྣམས་པ། ཞབས་འདོར་ཐབས་སུ་བཞུགས་པའི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་གསང་བདག །ལྟེ་བར་ཡེ་ཤེས་མགོན་པོ། གསང་བར་ཁྱབ་འཇུག་རཱ་ཧུ་ལ། འཁོར་དུ་ཞིང་སྐྱོང་སེང་གེའི་གདོང་ཅན་སོགས་དགེ་བསྙེན་བརྟན་མ་སྡེ་བརྒྱད་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བ། པད་ཟླ་ཉི་མའི་སྟེང་དུ་དགྲ་བགེགས་བསྣོལ་བའི་གདན་ལ་གསང་བདག་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་འཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པས་ཡུམ་བདུད་འདུལ་དྲག་མོ་སེང་གདོང་མ་དམར་ནག་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན། དབུ་སྐྲའི་གསེབ་ནས་སེང་ཞལ་ཕྱུང་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། དཔའ་བོ་དཔའ་མོ་གིང་ཆེན་སྡེ་བཞི་སོགས་འཁོར་བྱེ་བ་གྲངས་མེད་ཀྱིས་བསྐོར་བ། ཐེག་པ་རིམ་པ་དགུ་མཚོན་པའི་གདན་གྱི་སྟེང་དུ་སངས་རྒྱས་ཐོད་པ་རྩལ་སྐུ་མདོག་དམར་པོ་ཞལ་གསུམ་གཡས་དཀར་གཡོན་མཐིང་དབུས་དམར་སྤྱན་དགུ་ཁྲོ་འཛུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ། བར་པ་གཉིས་རལ་གྲི་བྷནྡྷ། ཐ་མ་གཉིས་ཚེ་བུམ་དང་ཁ་ཊྭཱཾ་བསྣམས་པ། ཞབས་བཞི་འདོར་སྟབས་སུ་བགྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་། གཙུག་ཏུ་རིགས་བདག་འོད་དཔག་མེད་བཞུགས་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཌཱ་མ་རུ་དང་བྷནྡྷ་བསྣམས་པ་སྐུ་ལ་འཁྲིལ་ཞིང་། འཁོར་དེ་བཞིན་གཤེགས་པ་ཧེ་རུ་ཀའི་ཆས་ཅན་ཡབ་ཡུམ་བརྒྱད་དང་འབྱུང་བ་བཞིའི་ལྷ་མོ་རྣམས་ཀྱིས་བསྐོར་བ། རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་དཀྱིལ་དུ་མེ་དཔུང་འབར་བ། དེའི་སྟེང་དུ་ཀེང་རུས་སྟག་དང་རུ་དྲ་ཕོ་མོ་བརྩེགས་པའི་གདན་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་ཆེན་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་སེང་ལྡེང་གི་རྔ་པུས་མོ་གཡོན་པའི་སྟེང་དུ་བརྡུང་བ། ཞབས་གཉིས་མིའུ་ཐུང་གེལ་པའི་ཚུལ་གྱིས་བཞུགས་པ། ཀེང་རུས་ཀྱི་སྙན་ཆ་དང་། རལ་པའི་གསེབ་ནས་རྟ་མགོ་ལྗང་ཞུར་འཚེར་བ། སྤྱི་བོར་པདྨ་ཐོད་ཕྲེང་དམར་ནག་ཌཱ་དྲིལ་འཛིན་པས། ཡུམ་རྡོ་རྗེ་ཕག་མོར་འཁྱུད་པའི་འཁོར་མཁའ་འགྲོ་སྡེ་བཞིས་བསྐོར་བ། ཡུམ་ཁྲོས་མ་སྔོན་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང། ཕྱོགས་བཞིར་ཕྱག་རྒྱ་རྣམ་བཞི་འཛིན་པའི་མཁའ་འགྲོ་བཞི་སོགས་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར་བ། ཡེ་ཤེས་མེའི་ཀློང་དུ་པད་ཉིའི་གདན་ལ་ཁྲོ་རྒྱལ་ལོ་ཀོཏྟ་ར་སྐུ་མདོག་དམར་སྨུག་ཁྲོ་བོ་འཆོལ་པའི་སྐུ་ཅན་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཧཱུྃ་སྒྲ་སྒྲོག་པ། སྤྱན་གསུམ་ནམ་མཁར་གཟིགས་པ། ཐོད་སྐམ་དབུ་རྒྱན་དང་། ཐོད་རློན་དོ་ཤལ་ཞབས་གཡས་བརྐུམ་གཡོན་བརྐྱང་པས་གར་སྟབས་ལིང་ལིང་མཛད་པ། སྐུ་ལ་ཟ་འོག་མཐིང་གའི་བེར་ཕོད་དང་། ཆོས་གོས་དམར་པོ། རུས་པའི་རྒྱན་དྲུག་དང་དུང་གི་སྙན་རྒྱན། ཕྱག་གཡས་གསེར་གྱི་རྡོ་རྗེ། གཡོན་གནམ་ལྕགས་ཕུར་བུ་བསྒྲིལ་བ། རྔམ་བརྗིད་ཁྲོས་པ་ཡེ་ཤེས་མེ་ཡི་ཚྭ་ཚྭ་འཁྲུགས་ཤིང་། འཁོར་བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་དང་ཁྲོ་ཆུང་མང་པོས་བསྐོར་བ། པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་པདྨ་རྒྱལ་པོ་གང་ཆེན་མཚོ་སྟེ། དེའང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཐལ་སྦྱར་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་འོད་དཔག་མེད་དང་། ཐུགས་ཀར་རྡོ་རྗེ་སེམས་དཔས་མཚན་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ། འཁོར་ཉེ་བའི་སྲས་བརྒྱད་དང་། གཞན་ཡང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ། པད་ཟླའི་གདན་ལ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱས་ལྷུང་བཟེད་འཛིན་པ། ཞབས་སྐྱིལ་ཀྲུང་ཆོས་གོས་རྣམ་གསུམ་སོགས་སྤྲུལ་པའི་སྐུའི་ཆ་ལུགས་ཅན། འཁོར་མི་འཁྲུགས་པ་སོགས་སངས་རྒྱས་རབ་བརྒྱད་དང་། གཞན་ཡང་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐོར་བ། པདྨ་ཉི་ཟླའི་གདན་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། གཟུང་འཛིན་གྱི་སྒྲིབ་གཡོགས་བྲལ་ཕྱིར་སྐུ་གཅེར་བུ་རྒྱན་ཆ་སྤངས་པ། ཡུམ་ཆོས་དབྱིངས་ཀུན་ཏུ་བཟང་མོ་ལྗང་གུ་རྡོར་དྲིལ་འཛིན་པས་འཁྱུད་ཅིང་འཁོར་རྒྱལ་བ་རིགས་ལྔ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། པདྨ་འདབ་སྟོང་རྒྱས་པའི་གེ་སར་ཉི་ཟླའི་གདན་ལ་གུ་རུ་པདྨ་འབྱུང་གནས་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཡིད་བཞིན་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་བསྣམས་པ། ཡུམ་མཁའ་འགྲོ་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ལྡན་གྲི་ཐོད་འཛིན་པས་འཁྱུད་པ། ཟག་མེད་ཀྱི་བདེ་བ་མཆོག་ཏུ་རྒྱས་ཤིང་། ཡེ་ཤེས་ལྔའི་འོད་ཀློང་དུ་བཞུགས་པའི་འཁོར་དུ་རྣམ་པར་སྨིན་པའི་རིག་འཛིན་སོགས་རིག་འཛིན་བཞི། ཤེས་རབ་རྒྱུད་ཀྱི་སློབ་དཔོན་སོགས་སློབ་དཔོན་བཞི་སྟེ་བརྒྱད་ཀའང་ཡུམ་དང་འཁྲིལ་ཞིང་། གཞན་ཡང་གྲུབ་ཐོབ་ཕོ་མོ་བརྒྱད་ཅུ་རྩ་བཞི། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་ཆེན་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་དང་རྩ་གཉིས་སོགས་གསང་སྔགས་གསར་སྙིང་གི་རིག་འཛིན་བྱེ་བ་འབུམ་གྱིས་བསྐོར་བ། གཙོ་འཁོར་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྗེའི་དྭངས་མ་གུ་རུ་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་སྤྱན་དྲངས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད། ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོར་ཐིམ་པས་གཉིས་སུ་མེད་པར་གྱུར་པར་མོས་ལ། སླར་ཡང་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དབང་ལྷ་རྣམས་སྤྱན་དྲངས། དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པས་ལྷ་ཐམས་ཅད་ལ་རིགས་བདག་འོད་དཔག་མེད་ཀྱི་རྒྱས་བཏབ་པར་གྱུར། ཕྱག་འཚལ་བ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ མཆོད་པ་ནི། ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ བསྟོད་པ་ནི། ན་མོ༔ སྐྱེ་འགག་འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་བསྒྲལ་སླད་དུ༔ ཕྲིན་ལས་རྣམ་བཞིས་ཡིད་བཞིན་རེ་བ་སྐོང༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་དང་། ཧྲཱི༔ རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང༔ ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ༔ ཐུགས་རྗེས་སྤྲུལ་སྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། གསོལ་འདེབས་ནི། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་སོགས་ཚན་ལྔ་ལན་གསུམ་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་པ་དང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་བརྗོད་ལ། དེ་ནས་དབང་བཞི་ལེན་པ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿ མདུན་བསྐྱེད་སྐུ་ཡི་གནས་བཞི་ལས། །འོད་འཕྲོས་དབང་བཞི་གཅིག་ཆར་ཐོབ། །སླར་ཡང་སྐུ་ལས་སྐུ་འཕྲོས་པས། །རང་ཐིམ་བདག་ཉིད་ལྷར་གསལ་གྱུར། །དེ་ནས་རང་གི་ཐུགས་ཀར་པད་ཟླ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཨོཾ་ཨཱཿཧཱུྃ་སུམ་བརྩེགས་ཀྱི་མཐའ་སྐོར་དུ་བཛྲ་གུ་རུ་སོགས་ཡིག་འབྲུ་དགུ་གསལ་བཏབ་ལ། འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་པར་དམིགས་ལ་སྙིང་པོ་ཅི་ནུས་བཟླའོ། །གུ་རུ་དྲག་པོ་ལ། ཧོར་སོག་འཇིགས་པའི་ཞེས་ལན་གསུམ། ཨོཾ་ཨཱཿཧཱུྃ་ཧྲཱིཿ མདུན་བསྐྱེད་སྐུ་ཡི་སོགས་ཀྱིས་དབང་ལེན། ཨཱོཾ་ཨཱཿཧཱུྃཿཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ས་བོན་ཉི་སྟེང་ཧཱུྃ་དམར་བསྐྱེད། སྨན་བླ་ལ། སེམས་ཅན་སྒྱུ་ལུས་སོགས་ལན་གསུམ། གོང་བཞིན་དབང་ལེན། ན་མོ་བྷ་ག་ཝ་ཏེ༔ བྷཻ་ཥ་ཛྱཻ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨཱོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ས་བོན་ཟླ་སྟེང་ཨོཾ་དཀར་པོ། ནོར་ལྷར། འབྱུང་བ་དགྲར་ལངས་སོགས་ལན་གསུམ། དབང་ལེན། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་སྭཱ་ཧཱ༔ ས་བོན་པད་ཉིར་ཛཾ་བཾ་ཁ་སྦྱོར། རྡོ་རྗེ་ཕུར་པར། ལས་ཅན་འགྲོ་བའི་སོགས་གསུམ། དབང་ལེན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ས་བོན་ཉི་སྟེང་ཧཱུྃ་སྔོན་པོ། ཟིལ་གནོན་ལ། སྦས་ཡུལ་ནགས་ཁྲོད་སོགས་གསུམ། དབང་ལེན། ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ སྦུར་ཐུམ་ཛ་ཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་རྣྲྀ་ཏྲི་སིདྡྷི་ཕ་ལ་ཛ་ཛ་ཛ༔ ས་བོན་ཉི་སྟེང་ཧཱུྃ་དམར་པོ། སེང་སྒྲ་ལ། སྟག་གཟིག་དོམ་དྲེད་སོགས་གསུམ། དབང་ལེན། ཨོཾ་བཛྲ་གུ་རུ་སིཾ་ཧ་གྷཎྜེ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ས་བོན་གནམ་ལྕགས་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ངོ་། །པདྨ་བཛྲ་ལ། ས་ཆུ་མེ་རླུང་སོགས་གསུམ། དབང་ལེན། ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿདྷཱུ་མ་གྷ་ཡེ་ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་སཿར་ཙ་ཧྲི་ཡ་ཛ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སྭཱ་ཧཱ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་རྣྲྀ་ཏྲི་ཛཿསརྦ་ཨཾ་ཀུ་ཤ་ཛཿཙིཏྟ་ཧྲཱིཾ་ཧྲཱིཾ་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ས་བོན་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ཧྲཱིཿདམར་པོ། རྟ་མགྲིན་ལ། ལམ་སྲང་འཇིགས་པའི་སོགས་གསུམ། དབང་ལེན། ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་ཧ་རི་ནི་ས་ས་མ་ཡ་ཛཿཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྃ༔ ས་བོན་ཉི་སྟེང་ཧྲཱིཿནག་པོ། རྡོ་རྗེ་གྲོ་ལོད་ལ། གང་ཞིག་གཤེད་མའི་སོགས་གསུམ། དབང་ལེན། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ས་བོན་ཉི་སྟེང་ཧཱུྃ་དམར་པོ། པདྨ་རྒྱལ་པོ་ལ། ནམ་ཞིག་ཚེ་ཟད་སོགས་གསུམ། དབང་ལེན། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ས་བོན་པད་ཉི་ཟླ་སྟེང་ཨོཾ་ཨཱཿཧཱུྃ་ཧྲཱིཿབཞི་བརྩེགས། སྣང་མཐའ་ལ། སྒྱུ་ལུས་གཡར་པོ་སོགས་གསུམ། དབང་ལེན། ཨཱོཾ་ཨ་མི་ཏ་བྷཱ་ཧྲཱི༔ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། ས་བོན་རྡོ་རྗེའི་ལྟེ་བར་ཧྲཱིཿདམར་པོ། ཀུན་བཟང་ལ། གཞན་ཡང་ལས་དང་སོགས་གསུམ། དབང་ལེན། ཨོཾ་ཨཱཿཧཱུྃ༔ འ་ཨ་ཤ་ས་མ་ཧ༔ ས་བོན་པད་ཟླའི་སྟེང་དུ་འོད་ལྔའི་ཐིག་ལེའི་དཀྱིལ་དུ་ཨ་ཡིག་མཐིང་གའོ། །རྩ་བའི་བླ་མར། འགྲོ་དྲུག་སྡུག་བསྔལ་སོགས་གསུམ། དབང་ལེན། ཨོཾ་ཨཱཿཧཱུྃ་གུ་རུ་དྷཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ས་བོན་རྡོ་རྗེའི་ལྟེ་བར་ཨཿདཀར་པོ། དེ་ནས་གུ་རུ་ཡིད་བཞིན་ནོར་བུར་གསལ་བའི་ངང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་མཆོད་པ་འབུལ། སླར་ཡང་ལས་གཞུང་གི་བདག་འཇུག་བླངས་ལ། སློབ་མར་དབང་བསྐུར་སོགས་བྱའོ། །རང་དོན་བསྙེན་སྒྲུབ་དངོས་ཀྱི་སྐབས་ཁྲིད་གཞུང་རྒྱས་པ་ཇི་ལྟར་ཉམས་སུ་ལེན་པ་ཉིད་ངེས་པར་གལ་ཆེ་ཞིང་། འདི་ནི་དབང་སྒྲུབ་སྐབས་ཁོ་ནར་འཇུག་བདེའི་ཆེད་དུ་སྙམ་ནས་༧སི་ཏུ་པདྨ་ཉིན་བྱེད་དབང་པོས་ཟུར་བཀོལ་སྤེལ་བར་འགལ་འཁྲུལ་ལྷ་ལ་བཤགས་ཤིང་དགེ་བས་བསྟན་འགྲོའི་གསོས་སུ་ཤོག །མངྒ་ལཾ། །།
ཡང་ཟློག་ཞལ་ཤེས་སྙན་བརྒྱུད་དང་རྒྱུན་བྱང་ (Volume 53, Text 42)
ཡང་ཟློག་ཞལ་ཤེས་སྙན་བརྒྱུད་དང་རྒྱུན་བྱང་ཡོད། ༡གནམ་ལྕགས་རྡོ་རྗེ་རྩེ་དགུའི་ལྟེ་བ་ན། །དགྲ་བགེགས་ཆུ་གླང་པད་ཉིའི་གདན་སྟེང་དུ། །རང་ཉིད་སྐད་ཅིག་འཇམ་དཔལ་ཚེ་བདག་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བསྒྲད། །དབུ་སྐྲ་སྨ་ར་སྨིན་མ་མེ་ལྟར་འབར། །ཕྱག་གཡས་སྡིགས་མཛུབ་གནམ་ལྕགས་འཁོར་ལོ་བསྐོར། །ཕྱག་གཡོན་ལྕགས་ཀྱུས་བཀུག་སྟེ་སྒྲོལ་བར་མཛད། །ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་ཁྲོ་ཆས་རྫོགས། །མེ་དཔུང་འབར་བའི་ཀློང་དུ་གསལ་བར་གྱུར། །སྐུ་ལས་འཕྲོས་པའི་མེ་དཔུང་མཚོན་ཆ་དང་། །འཁོར་ལོས་དགྲ་བགེགས་བྱད་མ་རྦོད་གཏོང་རྣམས། །རང་གཤེད་རང་འབེབ་རྗེས་མེད་བརླགས་པར་གྱུར། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་བཱ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་སྭཱ་ཧཱ༔ ཞེས་སྲུང་སྔགས་དང་། གོང་གི །རྦད་ཡ་ཟློག་ཡ༔ ཞེས་པའི་མཇུག་ཏུ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཞེས་བཏགས་པ་ཟློག་སྔགས་ཅི་མང་བརྗོད། མཐར་ཐལ་མོ་བརྡབས་ནས་དམིགས་མེད་དུ་འཇོག་གོ །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་པ་ནི་སྔགས་ཀྱི་ཞལ་ཤེས་ཡང་དག་པའོ། ༢ྈྈྈྈ་སོགས་དུས་གཉན་གྱི་ཚེ། ཤཱ་ཤ་འདི་ཉིད། ྈྈྈྈྈ་ལ་ཀ་ན་ཀས་བྲིས་པའི་གཟུགས་བརྙན། ྈྈྈ་ལ་ཤར་བ་ཕ་ན་གི་ས་ཛ་ཏྲྭ་ཤ་ན་ས་་ྈྈ་དེ། བཞེས་པ་དང་། ༣ཧ་ཅང་བྱད་ལྟས་འཚུབ་ཅིང་སྔགས་བཟླས་ཀྱང་ཞི་བར་མ་གྱུར་པའི་ཚེ། ྈྈྈྈྈྈྈྈྈྈྈྈ་ྈྈྈྈྈ་དྲག་ཤིང་ལ་བཅོས་ཏེ། ྈ་སོ་སོར་ཡིག་འབྲུ་ཚེག་མེད་པ་རེ་རེ་ནས་བྲིས་ཏེ་ལྷུང་བཟེད་ཀྱི་ནང་དུ་བླུག །དར་ནག་གིས་ཁ་བཅད། གཡོན་སྐོར་དུ་བསྲུབ་ཅིང་སྔགས་བགྲང་། དེ་ཡང་སྡེ་བརྒྱད་ཐེབས་པའི་དུས་གཉན་གྱི་ཉི་མ་ནུབ་པ་དང་སྤྲད་མཐར་དམོད་མོ་དང་ཐལ་རྡེབ་བྱ། ༤ཡང་ཤ་དམར་དུམ་བུ་ཆུང་ངུ་བཙན་དུག་ཅུང་ཟད་ཀྱིས་བསྒོས་པ་ཕྱག་མཐིལ་དུ་བཞག་སྟེ་དགུག་གཞུག་མང་དུ་མཛད། དགྲ་བོ་དངོས་སུ་གྱུར་པ་དེ་རང་ཉིད་གཤིན་རྗེ་གཤེད་དུ་གསལ་བས་བཞེས། ལྟོ་བར་ལས་གཤིན་རུས་སྦལ་རྔམས་པ་མི་ཟན་གྱི་ཁར་ཆུད་པས་ཐལ་བ་རྡུལ་ཕྲན་ལྟར་བརླགས་པར་མོས། དེ་ནས་ཟློག་སྔགས་བགྲང་བའི་མཆིལ་མ་རྣམས་ཀྱང་དགྲ་བོར་གསལ་བས་མིད་དེ་ལྟོ་བའི་རུས་སྦལ་གྱི་ཁར་འཕངས་པས་ཆེས་རྣོ་ཞིང་ལས་མྱུར་དུ་འགྲུབ་པར་འགྱུར་བ་ལགས། དེ་དག་ཡང་ཟློག་སྐབས་སུ་ཉེ་བར་མཁོ་བའི་ཡི་གེར་མེད་ངེས་པའི་སྙན་བརྒྱུད་འགའ་ཞིག་ཕུལ་བ་ལགས་པས་ཐུགས་ཀྱི་དཔལ་བེའུར་སྦས་པ་མཁྱེན་མཁྱེན་མཁྱེན། ས་མ་ཡ། རྒྱ་རྒྱ་རྒྱ། ཛ་ཡནྟུ། ༄༅། །ཡང་ཟློག་རྡོ་རྗེ་ཕ་ལམ་ཁྱེར་བདེ་ཤིན་ཏུ་ཟབ་པ་ཞིག་བཞུགས་སོ། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །ཆུ་གླང་ཟུང་བཞི་བདུད་བཞི་ཉི་ཟླའི་སྟེང་། །ཧཱུྃ་ལས་བདག་ཉིད་འཇམ་དཔལ་གཤིན་རྗེ་གཤེད། །ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། །ཤིན་ཏུ་ཁྲོ་གཏུམ་མི་བཟད་ཚམ་རྔམ་འབར། །ཕྱག་གཡས་གསེར་གྱི་འཁོར་ལོ་རྩིབས་སྟོང་བསྐོར། །གནོད་བྱེད་བྱད་མའི་ཀླད་ཁྲག་ཞོ་ལྟར་དཀྲུག །གཡོན་པས་ལྕགས་ཀྱུ་ཞགས་པ་བསྣམས་པ་ཡིས། །དགྲ་བགེགས་བྱད་མའི་སྙིང་འདྲེན་ཡན་ལག་འཆིང་། །ཞབས་གཉིས་བརྐྱང་བསྐུམ་བྱད་མ་འདམ་ལྟར་བརྫིས། །ཞལ་ནས་དྲག་པོའི་སྔགས་སྒྲ་སྒྲོག་པ་ཡིས། །བྱད་མ་ལྷ་སྲུང་སྙིང་སྲོག་འདྲལ་བར་བྱེད། །བསྐལ་པའི་མེ་དཔུང་རྡོ་རྗེའི་འཁོར་ལོ་ཡི། །གུར་ཁང་དབུས་སུ་རབ་འཇིགས་ང་རྒྱལ་བསྐྱེད། །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་མཆིལ་མ་དོར་བ་གང་ནུས་བཟླ། མཐར་ནི་བདེན་སྟོབས་བརྗོད་པའི་ཐལ་མོ་བརྡབ་སྟེ། ན་མོ། དཀོན་མཆོག་གསུམ་དང་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ། །མཁའ་འགྲོ་ཆོས་སྐྱོང་མ་མགོན་འཁོར་བཅས་དང་། །གསང་རིག་གཟུངས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན། ཁྱད་པར་ཚེ་བདག་ནག་པོའི་བདེན་མཐུ་ཡིས། །བདག་ལ་གནོད་བྱེད་དགྲ་བགེགས་འབྱུང་པོ་དང་། །བྱད་མ་ལྷ་སྲུང་ཁོ་རང་བྱས་པ་ཡི། །ནུས་པ་ཕྱིར་ཟློགས་བྱད་མ་རང་གཤེད་ཕོབ། །མཚོན་དུག་སྦྱོར་ངན་རྦོད་གཏོང་རྡུལ་དུ་རློགས། །ཧཱུྃ་ཤཱ་རི་བྷྱོ་ཟློག༔ ཨེ་ས་བྷྱོ་ཟློག༔ ཀི་ས་བྷྱོ་ཟློག༔ མནྟྲ་བིརྺ་བྷྱོ་ཟློག༔ མཐར་ནི་དམིགས་མེད་སྤྲོས་བྲལ་གཉུག་མའི་ངང་། །སངས་རྒྱས་ཀྱིས་ཀྱང་གཟིགས་དཀའི་སྲུང་འཁོར་བསྒོམ། །དེས་ནི་ཕུར་ཐོགས་འབུམ་ཡང་ནུས་པ་རྡུགས། །ཞེས་པ་འདི་མི་ཕྱེད་དད་གུས་མཆོག་ལྡན་སྡེ་པ་ཡངས་གྲོང་པ་དངོས་གྲུབ་ཕུན་ཚོགས་རྣམ་རྒྱལ་གྱིས་བསྐུལ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་འབྱུང་པོའི་ཉི་མ་ལ་སྦྱར་བའོ།། །།
ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་མགྱོགས་དབང་བསྐུར་ཐབས་ (Volume 48, Text 42)
༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་མགྱོགས་དབང་བསྐུར་ཐབས་བཞུགས་སོ། ། བླ་མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འདིར་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་སྒོ་ནས་སྐལ་ལྡན་རྣམས་ལ་བྱིན་རླབས་མགྱོགས་དབང་བསྐུར་བ་ལ། རང་ཉིད་དབང་དང་ལྡན་ཅིང་བསྙེན་སྒྲུབ་ཏིང་འཛིན་གྱི་དྲོད་ཐོབ་པས། བུམ་གདན་པདྨ་འདབ་བརྒྱད་ཀྱི་ཁར་བུམ་པ་ཆས་ལྡན་བཅུད་ཀྱིས་བལྟམས་པ་ལ་ཉེར་སྤྱོད་ལྔ་ཡིས་བསྐོར་ཞིང་། བགེགས་གཏོར། ཁྲུས་ཆུ། གུལ་ཡུངས་རྡོར་དྲིལ་རྣམས་འདུ་བྱ། སྒྲུབ་ཐབས་ལྟར་སྐྱབས་སེམས་མཆོད་པ་བྱིན་རླབས། བདག་ཉིད་ལྷ་ཡི་རྣལ་འབྱོར་བུམ་སྒྲུབ་བཅས་སོང་ནས། ཁྲུས་ཆུ། ཨོཾ་བཛྲ་ཨ་མྲྀཏ་སོགས་བཟླས་པས་བྱིན་གྱིས་བརླབས་ནས། སློབ་མ་མདུན་དུ་བོས་ལ། ལས་ཐམས་ཅད་པའི་སྔགས་བཟླ་བཞིན་པས་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། སརྦ་བིགྷྣཱན་ཨངྐུ་ཤ་ཛཿས་བགེགས་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཞེས་སོགས་ཀྱིས་གཏོར་མ་བསྔོ། ཧཱུྃ༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ གུ་གུལ་བདུག །ཡུངས་དཀར་གྱིས་བྲབ། དྲག་སྔགས་བརྗོད་ཅིང་བགེགས་བསྐྲད། སྲུང་འཁོར་བསྒོམ་མོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ནོད་དེ། གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་བླང་བར་བགྱིའོ། །སྙམ་པའི་སྒོ་ནས་སེམས་བསྐྱེད་པ་སྔོན་དུ་སོང་ནས་ལེགས་པར་གསན་འཚལ། ད་ལམ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་དབང་བསྐུར་བ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་ཕུལ། ཞེས་རྒྱས་བསྡུས་གང་རིགས་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཧོ༔ འཁོར་བ་དོང་ནས་སོགས། དེ་ལྟར་གསོལ་བ་བཏབ་ནས་རྒྱུད་ཡོངས་སུ་དག་པའི་ཕྱིར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ཡན་ལག་བདུན་པ་རྣམས་ཀྱི་ཚིག་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་རྗེས་ཟློས་གྱིས། ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔ སོགས། དེ་ནས་ཡེ་ཤེས་པ་དབབ་པའི་དོན་དུ་དམིགས་པ་འདི་བཞིན་དུ་གྱིས། ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་སོགས་ནས། པདྨ་ཟླ་བའི་གདན་དུ་གསལ༔ དེ་ཡི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསལ་བ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས། ཞེས་དམིགས་པ་ཕོགས། སྤོས་བསྲེག་རོལ་མོ་བསྒྲག་དབྱངས་དང་བཅས་པས། ཧཱུྃ༔ ཤར་ཕྱོགས་པོ་ཏ་ལ་སོགས་ནས། བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཡེ་ཤེས་པ་དེ་དག་མི་ཉམས་ཤིང་བྱང་ཆུབ་བར་དུ་བརྟན་པར་གྱུར་ཅིག །སྤྱི་བོར་རྡོ་རྗེ་བཀོད། དེ་ནས་དབང་དང་བྱིན་རླབས་དངོས་གཞིའི་དོན་དུ་དམིགས་པ་འདི་བཞིན་དུ་གྱིས། བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་བདུད་རྩིའི་རྒྱ་མཚོའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་གང་། མ་ཤོང་བའི་ཚུལ་དུ་ཁ་ནས་ལུད་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་བབ་ལུས་ཀྱི་ནང་ཐམས་ཅད་གང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཁོར་བ་དོང་སྤྲུག་གི་སྐུ་གསུང་ཐུགས་ཀྱི་དབང་རྣམས་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་གྱིས། ཧྲཱི༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་ཐུགས་རྗེ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་ཡེ་ཤེས་བདུད་རྩིའི་རྒྱུན༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཕྲོ༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་ལ་སྐུ་ཡི་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར༔ ངག་ལ་གསུང་གི་དབང་བསྐུར་བས༔ སྒྲ་སྐད་ཡི་གེ་དྲུག་མར་གྱུར༔ ཡིད་ལ་ཐུགས་ཀྱི་དབང་བསྐུར་བས༔ སྟོང་ཉིད་སྙིང་རྗེ་རྟོགས་པར་ཤོག༔ ཕྱི་ཡི་ནད་གདོན་ཀུན་སེལ་ཞིང༔ ནང་གི་ཉོན་མོངས་ཀུན་སྦྱོངས་ཤིག༔ གསང་བའི་རྣམ་རྟོག་བདུད་ཚོགས་ཐུལ༔ ཚེ་དང་བསོད་ནམས་ཡེ་ཤེས་སྤེལ༔ འབྲེལ་ཚད་གྲོལ་བར་བྱིན་གྱིས་རློབས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ་མ་ཎི་པྲ་བྷེ་ཏ་ཐཱ་ག་ཏ་དྷ་རི་ཤ་ནི་མ་ཎི་མ་ཎི་སུ་པྲ་བྷེ་བི་མ་ལེ་སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བུམ་པ་སྤྱི་བོར་བཀོད་ཅིང་བུམ་ཆུ་བླུད། ཧཱུྃ་ཧྲཱི༔ བྱིན་རླབས་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ༔ དགོས་འབྱུང་སྩོལ་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཡི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བར་བྱ། དེ་ལྟར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་ལེགས་པར་ཐོབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བ་དང་། ཁྱད་པར་ལུས་ཐུགས་རྗེ་ཆེན་པོར་རྟག་ཏུ་བསྒོམ་ཞིང་། ངག་ཡི་གེ་དྲུག་པ་རྒྱུན་དུ་བཟླ་བ། སེམས་བྱམས་སྙིང་རྗེ་དང་མི་འབྲལ་བ་བྱ་སྙམ་པའི་སྒོ་ནས་ཁས་ལེན་པ་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་ཕུལ། མཎྜལ་རྒྱས་བསྡུས་གང་རིགས་འབུལ་དུ་གཞུག །དེ་དག་ལ་བརྟེན་ཏེ་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །བསོད་ནམས་འདི་ཡིས་སོགས། སློབ་མ་རྣམས་སོ་སོར་གྱེས། རྗེས་མཆོད་བསྟོད་ལྷ་གཤེགས་བསྡུ། ལྡང་བ་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱ། ཞེས་པ་འདི་ནི་གནས་མདོ་བླ་མ་ཆོས་གྲགས་དཔལ་བཟང་གིས་བསྐུལ་མ་མཛད་ངོར། མཆོག་གྱུར་གླིང་པས་ཐུན་མཚམས་སུ་སྦྱར་བའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་བླ་མ་པདྨ་བློ་གྲོས་ཀྱིས་བགྱིས་པ་སརྦ་མངྒ་ལཾ།། །།
འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་གཤིན་འཆི་བདག་ནག་པོའི་བསྐང་བ་ (Volume 38, Text 42)
འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་འཇོམས་བྱེད་ཀྱི་ལས་གཤིན་འཆི་བདག་ནག་པོའི་བསྐང་བ་ནི། ཧཱུྃ། མྱུར་མགྱོགས་མཐུ་རྩལ་ཐོགས་མེད་ཕྲིན་ལས་ཀྱིས། །གདུག་ཅན་དགྲ་དང་བདུད་བགེགས་ཕམ་མཛད་པ། །གཤིན་རྗེ་གཤེད་པོའི་བཀའ་ཉན་དམ་ཚིག་ཅན། །བཻ་ཝ་ས་ཏྭ་འཁོར་བཅས་དགྱེས་པར་དགོངས། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཡོངས་གང་བའི། །རྣམ་རོལ་མ་འགགས་ཕྱི་ནང་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པ། །གང་བཞེད་དགྱེས་དགུར་འཆང་བས་ཐུགས་དམ་བསྐང་། ཁྲག་ཞག་ཨརྒྷཾ་དབང་པོའི་མེ་ཏོག་བཞད། །གསུར་ཆེན་བདུག་སྤོས་ཞུན་ཆེན་སྒྲོན་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་སྣའི་ཞལ་ཟས་སྤུང་། །རྐང་གླིང་ཐོད་རྔ་བཤུགས་གླུས་ཐུགས་དམ་བསྐང་། །རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་སྙིང་ཁྲག་ལྦུ་ཕྲེང་བཞད་པའི་མཚོ། །ཤ་ཁྲག་རུས་པའི་གཏོར་ཆེན་རི་ལྟར་སྤུང་། །མཉམ་སྦྱོར་དགའ་བཞིའི་རོ་ཡིས་ཐུགས་དམ་བསྐང་། །མིག་སྨན་ལྟར་གནག་རྟ་མཆོག་དཔའ་གཏུམ་ཁྱི། །བརྗིད་པའི་གཡག་རྒོད་ལུག་ནག་རོག་པོའི་ར། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་ཡི། །སྲོག་ཆགས་རྒྱན་གྱིས་སྤྲས་པས་ཐུགས་དམ་བསྐང་། །གནམ་ལྕགས་ཐོད་མཁར་དྲག་པོའི་གཞལ་མེད་ཁང་། །འབོད་པའི་གཡབ་དར་དུར་ཁྲོད་དྲག་པོའི་ཆས། །མདའ་མདུང་རལ་གྲི་གོ་མཚོན་རྨོག་དང་ཕུབ། །མཐུན་པའི་སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང་། །རི་རབ་གླིང་བཞི་གླིང་ཕྲན་རྟགས་རྫས་བརྒྱད། །སྲིད་ཞིའི་འབྱོར་ཚོགས་དཔག་མེད་ནམ་མཁའི་མཛོད། །འདོད་ཡོན་ལྔ་ལྡན་མཆོད་པར་བྱིན་བརླབས་ནས། །བསྐང་ངོ་གསོལ་ལོ་ཉམས་ཆག་སོས་གྱུར་ཅིག །ཁྱོད་ཀྱི་རྫུ་འཕྲུལ་མྱུར་བའི་རླུང་ཤུགས་ཀྱིས། །བསྟན་དགྲ་གདུག་ཅན་ཚོགས་ཀྱི་བླ་སྲོག་ཡིད། །དབང་དུ་སྡུས་ལ་དྲག་པོའི་ཕྲིན་ལས་ཀྱིས། །མ་ཐོག་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་པ་འདིའང་མདོ་ཁམས་ཞེ་ཆེན་དགོན་གྱི་མཆོག་སྤྲུལ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་གྱི་དགོངས་བཞེད་སྐོང་ཕྱིར་ཨོ་ཌཱི་ཡ་ནས་གང་ཤར་ཐོལ་བྱུང་དུ་སྨྲས་སོ།། །། དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
འཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ་ (Volume 52, Text 42)
༁ྃ༔ འཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ་བཞུགས་སོ༔ ྈྈྈྈྈ ན་མཿཨཱརྻ་ཏཱ་ར་ཡཻ༔ འགྲོ་རྣམས་སྡུག་བསྔལ་ཐམས་ཅད་སྐྱོབ་བྱེད་པ༔ རྩ་གསུམ་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མི་མཐུན་འདུམ་པར་བྱེད་པའི་གདམས་པ་མཆོག༔ བསླུ་མེད་ངེས་སྟེར་ཡང་གབ་གསང་བའི་གནད༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་སྦ༔ ལས་ཅན་གཞན་དོན་སྤྱོད་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་འཕྱང་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ༔ ཕྱག་གཉིས་མཆོག་སྦྱིན་དང་མཐེབ་སྲིན་གྱི་བར་དག་ན་ཨུཏྤལ་དམར་པོ་འཛིན་པ༔ འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བའི་གནས་གསུམ་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་མ་སྤྱན་དྲངས་ལ་བསྟིམ༔ ཡང་འོད་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས༔ མཆོད་པས་མཆོད༔ དབང་བསྐུར་བར་གསོལ་བ་བཏབ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག༔ ཆུ་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་བསམ༔ དེ་ནས་རང་གི་སྨིན་མཚམས་སུ་ཉི་མའི་དཀྱིལ་འཁོར་སེན་གང་བའི་དབུས་སུ་ཏཱཾཿདམར་པོའི་མཐའ་སྐོར་དུ་ཡི་གེ་བཅུ་པ་དམར་སྒོར་རེ་ཡོད་པ་ལས༔ འོད་ཟེར་དམར་པོ་འཕྲོས་པས༔ བདག་དང་མི་མཐུན་པ་དེ་ལ་ཕོག༔ དེ་ཡང་རང་འདྲ་བའི་སྒྲོལ་མར་གྱུར༔ ཡང་བདག་གི་སྨིན་མཚམས་ནས་འོད་ཟེར་འཕྲོས་ནས༔ དེ་ཡི་སྙིང་ཁར་ཕོག་པས༔ དེ་ཉིད་ཀྱི་གདུག་སེམས་ཞི་ནས༔ བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ༔ དེ་ཡི་ཡིད་ཟླ་བ་ཉ་གང་བ་ལྟེ་བ་བུ་ག་ཅན་དུ་གྱུར༔ བདག་གི་སྙིང་ཁའི་ཟླ་སྟེང་ཧཱུྃ་ཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྣ་སྒོ་ནས་ཐོན༔ ཟླ་བའི་བུ་གར་ཞུགས་ཏེ་ཁོ་ཡི་སྣ་སྒོ་ནས་དྲངས༔ རང་གི་སྣ་སྒོར་ཞུགས་ནས་སྙིང་ཁའི་ཟླ་བར་ཐིམ༔ བདེ་བའི་རོ་བྱང་ཆུབ་སེམས་ཀྱིས་མྱོས་ཤིང༔ བདག་ལ་གུས་ཤིང་འདུན་པར་བསམ༔ དེ་ལྟ་བུའི་དམིགས་པ་ཡང་ཡང་བསྐྱར་ཞིང༔ སྔགས་ནི༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཆེ་གེ་མོ་ཨཱ་ཀརྵཱ་ཡ་པཱ་ཤཾ་ཀུ་རུ་ཡེ་ཧྲིང་ཛཿརྣྲི༔ ཨངྐུ་ཤ་ཡ་ཧཱུྃ་ཛ༔ ཞེས་བཟླའོ༔ དེ་ལྟར་ཞག་བདུན་ལ་སོགས་པ་བྱས་པས༔ ཕ་རོལ་པོ་དེ་ངེས་པར་ཡིད་མགུ་ནས་བདག་ལ་གུས་པའི་སྤྱོད་ལམ་སྟོན་པར་འགྱུར་རོ༔ ཕ་རོལ་བསོད་ནམས་དང་གདུག་སེམས་ཆེ་ཆུང་དང་བསྟུན་ཏེ་སྒྲུབ་པ་གཉུག་བསྲིང་བར་ཡང་བྱའོ༔ སྒྲུབ་པའི་དུས་སུ་མཚམས་དམ་པར་བྱ་ལ༔ དེས་ནི་མ་དད་པ་ངེས་པར་བསྒྱུར་ནུས་སོ༔ སྤྱིར་ཡང་རྒྱུན་དུ་ཡི་དམ་ནར་མར་བྱ་སྟེ་ཕན་ཡོན་དཔག་ཏུ་མེད་དོ༔ གཞན་ལ་བྱེད་ན་དེ་གཉིས་སྒྲོལ་མར་གསལ་བ་ལ༔ རང་གི་སྨིན་མཚམས་ནས་འོད་འཕྲོས༔ དེ་གཉིས་ལ་ཕོག་པས༔ དབྱེར་མེད་དུ་འདྲེས་པར་བསམ་ལ་བཟླས་པ་བྱའོ༔ འདིས་ནི་མ་འོངས་པ་ན༔ མཐའ་ཡི་རྒྱལ་པོ་དང༔ བོད་ཀྱི་སྡེ་དཔོན་བསམ་སྦྱོར་ངན་པ་བྱེད་པ་རྣམས་ཀྱང་ཞི་བར་བྱེད་ཅིང༔ དཔོན་སློབ་དང་ཡོན་མཆོད་ནང་གི་སེམས་མཁོན་ཡང་མི་འབྱུང་བའི་མན་ངག་དམ་པའོ༔ ཐུན་མཚམས་རྣམས་སུ་མཆོད་པ་འབུལ༔ ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་བསྟོད་པ་མང་དུ་འདོན༔ བསྡུ་ན༔ ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི༔ དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ༔ བཞད་པ་རབ་བཞད་ཏུཏྟཱ་ར་ཡིས༔ བདུད་དང་འཇིག་རྟེན་དབང་དུ་མཛད་མ༔ ཞེས་ཅི་ནུས་སུ་འདོན་ནོ༔ མཐར་ཕ་རོལ་པོ་དེ་རང་ལ་ཐིམ༔ རང་ཉིད་ཀྱང་མི་དམིགས་པར་རྫོགས་རིམ་གྱི་ངང་ལ་བཞག་གོ༔ ཨེ་མ་ཧོ༔ འཕགས་མའི་མན་ངག་གདམས་པའི་མཐར་ཐུག་བཅུད༔ གཞན་བློ་དབང་མེད་སྒྱུར་བའི་གདམས་པ་འདི༔ པདྨ་འབྱུང་གནས་བདག་གི་སྙིང་གི་ནོར༔ སྤེལ་བར་ཕངས་ཀྱང་རྗེ་འབངས་གྲོགས་ལ་གདམས༔ མ་འོངས་དོན་དུ་ས་ལ་གཏེར་དུ་སྦོས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ འཕྲད་ནས་བོད་ཡུལ་འགྲོ་ཀུན་བདེ་བྱེད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈ ྈྈྈྈྈྈྈ ྈྈྈ དེ་ཚེ་མངའ་བདག་ཤིན་ཏུ་དགྱེས་གྱུར་ཏེ༔ པདྨ་རཱ་ག་འོད་ཟེར་འབར་བ་ཡིས༔ ཁ་བརྒྱན་གསེར་བུམ་འབྲས་ཆང་གིས་བཀང་བ༔ ཕུལ་ནས་གུས་པས་ཕྱག་བྱས་འདི་སྐད་གསོལ༔ ཨེ་མ་གུ་རུ་རཏྣ་འོད་དཔག་མེད༔ མན་ངག་འདི་ཉིད་གཏེར་དུ་སྦ་བ་ན༔ ས་ཕྱོགས་གང་དུ་གཏེར་དེ་སུ་ཡིས་ཐོན༔ དུས་དེར་དགོས་པའི་གཙོ་བོ་གང་ལ་དགོངས༔ ཀུན་མཁྱེན་ཆེན་པོས་བདག་ལ་བཀའ་སྩོལ་ཅིག༔ ཞེས་གསོལ་མ་ཧཱ་གུ་རུས་བཀའ་བསྩལ་པ༔ བྱང་སེམས་ཆེན་པོ་བརྩེ་བའི་བློ་གྲོས་ཀྱི༔ རྣམ་འཕྲུལ་མངའ་བདག་ཆེན་པོ་སྙན་གསན་འཚལ༔ གཞན་གྱི་གདུག་སེམས་ཞི་བའི་གདམས་པ་མཆོག༔ འདི་ནི་གཏེར་ཁ་གཉིས་སུ་སྦ་བར་བྱ༔ གཅིག་ནི་དུས་གནད་གསལ་བའི་མེ་ལོང་དང༔ ལྷན་ཅིག་ཡེར་པ་གྲུ་བཞི་ཕུག་པར་སྦོས༔ ང་སྤྲུལ་གར་གྱི་དབང་ཕྱུག་གིས་བཏོན་ནས༔ དུས་དེའི་འགྲོ་ཕན་སྒྲུབ་པའི་བཙས་སུ་བྱེད༔ གཅིག་ནི་ཀོང་ཡུལ་མེ་བཙའ་བུ་ཆུ་རུ༔ གཏེར་སྒྲུབ་ཞལ་གདམས་ལུང་བྱང་ལེའུ་གསུམ་དང༔ ལྷན་དུ་སྦས་ན་རྩོད་ལྡན་མཐར་ཉེ་དུས༔ ཐུགས་ཀྱི་གྲུབ་ཆེན་ནམ་སྙིང་ཡང་སྤྲུལ་ཞིག༔ མདོ་ཁམས་བུ་འབོར་ཉེ་བའི་ཕྱོགས་སུ་འབྱུང༔ མ་ཎི་བཛྲ་འགྲོ་འདུལ་སྙིང་སྟོབས་ལྡན༔ རྟེན་འབྲེལ་མ་འཆུག་མཆོག་གི་གཏེར་ལྔ་སྤྱོད༔ འཛམ་གླིང་འགྲོ་བ་འདྲེན་པའི་སྒྲོན་མེ་འདྲ༔ འོན་ཀྱང་སྔོན་འཕྲལ་རྟེན་འབྲེལ་འགའ་ཞིག་གིས༔ དེ་ལྟ་ཇི་བཞིན་འགྲིག་པར་མ་གྱུར་ཚེ༔ དགོངས་གཏེར་བཀའ་བབས་བཀའ་དང་གཏེར་རྙིང་སྐྱོང༔ དུས་དེར་ཕན་པའི་ས་བཅོས་ལུང་བྱང་དང༔ ཆེས་ཟབ་གདམས་ཕྲན་ཁ་ཡར་བཏོན་པར་འགྱུར༔ དེ་ཚེ་རིག་པ་འདིས་ཀྱང་དོན་ཆེན་འགྲུབ༔ ད་ལྟ་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ ཕྲིན་ལས་བྱིན་བརླབས་སྒྱུ་མའི་རང་འོད་ཅིག༔ མདོ་ཁམས་ཤར་ནས་ཕག་གམ་བྱི་བའི་ལོ༔ རྒྱལ་ལམ་མཚོ་ཞེས་སྨེ་དཀར་དོ་ཤལ་ཅན༔ སྙན་གྲགས་ལྡན་པ་མཐའ་ནས་དབུས་སུ་འབྱུང༔ བོད་ཡུལ་ཡོངས་ཀྱི་བསྟན་པའི་བདག་པོ་བྱེད༔ དེ་ལ་སྔོན་ལས་དབང་གི་རྐྱེན་ཁ་མང༔ མི་དང་མི་མིན་དུ་མས་འཚེ་བར་འགྱུར༔ ཁྱད་པར་ཉེར་གཅིག་ཉེར་དགུ་ཞེ་དྲུག་དང༔ རང་ཀེག་བདུན་ཟུར་ལོ་དང་དེའི་སྔ་ཕྱིར༔ རྩུབ་ལྡན་ཟློག་ཐབས་རྟེན་འབྲེལ་མ་འཁྲུལ་འབད༔ གདམས་པ་འདི་འཕྲོད་དུས་ཚིགས་གང་ཡིན་དེའི༔ བར་ཆད་ཇི་རིགས་སྨོན་ལམ་དབང་གིས་སེལ༔ ཐེ་ཚོམ་ཡིད་གཉིས་མ་གྱུར་ཤིན་ཏུ་གཅེས༔ རྟག་ཏུ་དད་གུས་ཆེན་པོས་ཉམས་ལེན་པས༔ མི་མཐུན་འགལ་འཁྲུགས་མང་ཞིག་འདི་ཡིས་གྲོལ༔ ཅི་ཕྱིར་པདྨ་བདག་གི་སྨོན་ལམ་དང༔ འཕགས་མའི་དམ་བཅའ་བདེན་པས་བསླུ་མི་འགྱུར༔ སྒྲུབ་ཐབས་གཞན་གྱིས་མཐོང་ན་ནུས་པ་འགྲིབ༔ དེ་ཕྱིར་ལུང་འཛིན་སྐྱེས་བུ་ཁོ་ན་ལས༔ ཚིག་གི་ཟུར་ཙམ་སུ་ལ་མ་སྤེལ་ཅིག༔ པདྨ་བདག་གིས་དུས་གསུམ་ས་ལེར་མཁྱེན༔ ལུང་བྱང་འདི་ཡང་ཡི་གེར་བཀོད་པ་ན༔ མ་འོངས་སྤྲོ་བ་བསྐྱེད་པའི་རྒྱུ་རུ་འགྱུར༔ འདི་ཉིད་བུ་ཡིས་གེགས་མེད་ཐོན་ནས་ཀྱང༔ མངའ་བདག་སྤྲུལ་པའི་བར་ཆད་སེལ་བར་ཤོག༔ ྈྈྈྈྈྈྈ ཅེས་ཨོ་རྒྱན་མཁན་པོས་གསུང་བཞིན་མཚོ་རྒྱལ་བདག་གིས་ཟངས་ཤོག་དམར་པོའི་ངོས་སུ་བསྣན་ནས་གཏེར་བདག་བརྟན་མ་ལྕམ་དྲལ་ལ་གཉེར་དུ་གཏད་དེ་གཏེར་དུ་སྦས་པ་དུས་སུ་གུ་རུའི་ལུང་བསྟན་བུ་དང་འཕྲད་པར་ཤོག༔ ྈྈྈ ྈྈྈ ྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཅེས་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཀོང་པོ་བུ་ཆུ་ལྷ་ཁང་ནས་གཏེར་ནས་བཏོན་ཏེ་ཟངས་ཤོག་དམར་པོའི་ངོས་ནས་དག་པར་ཕབ་པའོ།། །།
འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ་ (Volume 43, Text 42)
༄༅། །འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །འཕགས་པ་གནམ་ས་སྣང་བརྒྱད་ཀྱི་མདོས་ཆོག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་དང་། རྒྱ་ནག་ནས་འགྱུར་བའི་ཆོ་ག་གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ལས་བྱུང་བ་སོགས་ཀྱི་དོན་མདོར་བསྡུས་པ་ཁམས་གསུམ་བདེ་ལེགས་ཀྱི་ཕྱག་ལེན་བཀླག་ཆོག་ཏུ་འགོད་པ་ལ། ཐོག་མར་བཅའ་གཞི་ནི། སྔོན་ཆད་རོ་དང་བང་ནལ་སོགས་མ་བྱུང་བའི་གཙང་མའི་གནས་སུ། མདོས་སྟེགས་ཀྱི་དབུས་དྲང་པོར་རི་རབ་བང་རིམ་བཞི་པ། ཕྱི་རོལ་གླིང་བཞི་མཚོ་དང་ལྕགས་རི་མུ་ཁྱུད་དང་བཅས་པའི་བཀོད་པ་ཅི་མཛེས་སུ་བྱས། དེའི་སྟེང་དུ་རུས་སྦལ་གྱི་གཟུགས་ཀྱི་སྙིང་གར་ས་བདག་ཡབ་ཡུམ་སྲས་གསུམ་གྱི་སྐུའམ། གཏོར་མ་དཀར་ཟླུམ་པད་འདབ་ཀྱིས་བརྒྱན་པ་གསུམ་བཞག །ཕྱོགས་བཞིར་བཤོས་ཕྲན་བཞི། དེའི་ཕྱི་རོལ་དུ་རིམ་བཞིན་སྤར་ཁ་བརྒྱད། སྨེ་བ་དགུ །ལོ་སྐོར་བཅུ་གཉིས་སོ་སོའི་གཟུགས་སམ་བཤོས་བུ། སྲུང་བཞིའི་གཟུགས། རི་རབ་བང་རིམ་དང་པོ་ལ་སྡེ་བརྒྱད་བཤོས་བུའམ་བཤོས་ཕྲན་བརྒྱད། གཉིས་པ་ནས་བརྩམ་སྟེ་ཉེར་སྤྱོད། འདོད་ཡོན། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། མ་རྨོས་ལོ་ཏོག །གཏེར་བུམ་སོགས་སྲིད་པའི་འབྱོར་པ་དང་། རི་དྭགས། གཡུང་དྭགས། རྩ་བར་ཆུ་གནས་སྣ་ཚོགས། གླིང་དང་མཚོ་རྣམས་ལའང་འདོད་ཡོན་གྱི་ཚོགས་དང་། བཤོས་བུ། རིལ་བུ། དཀར་གསུམ། མངར་གསུམ། འབྲུ་སྨན་སོགས་ཀྱིས་གཏམ། མཐའ་སྐོར་དུ་ཤིང་རྩི་བལ་ཚོན་དང་དར་སྣ་ཚོགས་ཀྱིས་བརྒྱན་པ་བཙུག །སྟེང་དུ་ནམ་མཁའ་དང་དར་འཕན་སོགས་ཀྱིས་མཛེས་པ་དང་། བྱ་རིགས་སྣ་ཚོགས་ལྡིང་བ་བྱ། མདུན་དུ་གསེར་སྐྱེམས་དང་། གཏོར་མ་ཆ་ལྔ། ཕྱེ་མར། ཟས་ཕུད། ཤེལ་ཚིགས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་བཤམ། དེའི་སྟེང་གི་ནམ་མཁའ་འམ། མ་བདེ་ན་རྒྱབ་ཕྱོགས་སྟེགས་མཐོ་བར་སྟོན་པའི་སྐུ་དང་། གསུང་རབ་གླེགས་བམ། མཆོད་རྟེན་བཅས་ཀྱི་སྤྱན་སྔར་མཆོད་པ་ཅི་འབྱོར་བཤམ་མོ། །དེ་ནས་བདག་བསྐྱེད་ནི། རང་ཉིད་ཡི་དམ་གང་བྱེད་ཀྱི་གཞུང་བསྲང་ནའང་རུང་ལ། ཁྱད་པར་འདི་དང་འབྲེལ་བར་བྱེད་ན། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །གནས་ཡུལ་རྣམ་དག་ཞིང་ཁམས་ཆེན་པོའི་གཞིར། །སྣ་ཚོགས་པདྨ་འདབ་བརྒྱད་ཉིས་རིམ་དབུས། །བདག་ཉིད་བསྟན་པའི་གཙོ་བོ་ཤཱཀྱའི་རྒྱལ། །གསེར་མདོག་ས་གནོན་མཉམ་གཞག་སྤྲུལ་སྐུའི་ཆས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །པད་འདབ་ནང་མར་ཉེ་བའི་སྲས་བརྒྱད་དང་། །ཕྱི་མར་ཉན་ཐོས་ཆེན་པོ་མཆོག་བརྒྱད་བཞུགས། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྫུ་འཕྲུལ་ཆེ་ལྡན་ཉན་རང་དགྲ་བཅོམ་སོགས། །དཔག་མེད་འཁོར་གྱིས་བསྐོར་བའི་སྨིན་མཚམས་ནས། །འོད་ཟེར་བྱེ་བ་བསམ་གྱིས་མི་ཁྱབ་འཕྲོས། །ལྷ་ཀླུ་ས་བདག་སྡེ་བརྒྱད་མི་མ་ཡིན། ཁམས་གསུམ་ཀུན་ཁྱབ་འབྱུང་པོའི་ཚོགས་ལ་ཕོག །ཞི་ཞིང་དུལ་བས་བྱང་ཆུབ་སེམས་བསྐྱེད་ནས། །ཕན་བདེའི་ཕྲིན་ལས་འབའ་ཞིག་བསྒྲུབ་པར་གྱུར། །ཅེས་བསྒོམ་ཞིང་། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཅི་ནུས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྤུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པའང་བཟླ། དེ་ནས་ཨ་མྲྀཏས་བསྔགས་པའི་བསང་ཆུ་འཐོར་ཞིང་། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལས་བྱུང་བའི་ཡི་གེ་ཡཾ་རཾ་ཁཾ་ལཾ་སུཾ་རྣམས་འཕྲོས་པ་ལས། མདུན་དུ་རླུང་མེ་ཆུ་སའི་དཀྱིལ་འཁོར་རི་རབ་དང་བཅས་པའི་སྟེང་དུ་བྷྲཱུྃ་ཡིག་ཡོངས་སུ་གྱུར་པ་ལས་འོད་ཀྱི་ཁང་བཟང་འཇའ་ཚོན་གྱི་རྣམ་པ་ཅན་ཡངས་ཤིང་རྒྱ་ཆེ་བར་གྱུར། དེའི་སྟེང་གི་ནམ་མཁར་མཆོད་པའི་སྤྲིན་ཕུང་མཐའ་ཡས་པར་མངོན་པར་འཕྲོ་བའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཉིས་རིམ་གྱི་ལྟེ་བར་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་གསེར་མདོག་ས་གནོན་མཉམ་གཞག་སྤྲུལ་སྐུའི་ཆ་ལུགས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འདབ་མ་རྣམས་ལ་ཟླ་བའི་གདན་རེ་རེའི་སྟེང་དུ། བསོད་ནམས་ཕུན་སུམ་ཚོགས་པ་ནམ་མཁའི་སྙིང་པོ། བཀོད་པ་ཕུན་སུམ་ཚོགས་པ་སའི་སྙིང་པོ། གཟི་བརྗིད་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ། བདེ་ལེགས་ཕུན་སུམ་ཚོགས་པ་བྱམས་པ་མགོན་པོ། དགའ་བ་ཕུན་སུམ་ཚོགས་པ་སྒྲིབ་པ་རྣམ་སེལ། མཁྱེན་རབ་ཕུན་སུམ་ཚོགས་པ་འཕགས་པ་འཇམ་དཔལ། ཐུགས་རྗེ་ཕུན་སུམ་ཚོགས་པ་སྤྱན་རས་གཟིགས་དབང་ཕྱུག །མཐུ་སྟོབས་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་རྣམས་བྱང་ཆུབ་སེམས་དཔའི་ཆ་བྱད་ཅན། དེའི་ཕྱི་རོལ་དུ་འཕགས་པ་ཤཱ་རིའི་བུ། མཽངྒལ་གྱི་བུ། འོད་སྲུངས། ཀུན་དགའ་བོ། ནོར་འཛིན། ཉེ་བར་འཁོར། མ་འགགས་པ། རབ་འབྱོར་རྣམས་ཉན་ཐོས་དགྲ་བཅོམ་པ་དབང་པོ་དུལ་བའི་ཚུལ་གྱིས་འཁོད་ཅིང་། གཞན་ཡང་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཞལ་ཡས་ཁང་གི་དབུས་སུ་ས་བདག་དབང་ཆེན་སྟོད་མིའི་གཟུགས་ལ། དབུ་ལྔ་ཕྱག་བཞི་པ། མཇུག་མ་སྦྲུལ་དུ་འཁྱིལ་བ། རྩ་ཞལ་རྔམ་ཞིང་མིའི་གདོང་སེར་པོ། གཡས་སྟག་གདོང་ལྗང་གུ །གཡོན་ཕག་གདོང་ནག་པོ། གཡས་ཀྱི་གོང་མ་སྦྲུལ་མགོ་དམར་པོ། གཡོན་གྱི་གོང་མ་སྤྲེལ་མགོ་དཀར་པོ། ཞལ་དབུས་མའི་རལ་པའི་ཐོར་ཚུག་གི་རྩེ་མོར་ནོར་བུ་རིན་པོ་ཆེས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ནས་སྒྲུབ་པ་པོ་ལ་འདུན་པ། གཡས་ཀྱི་འོག་མ་ན་གསེར་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། རྩིབས་བརྒྱད་ལ་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བསྣམས་པ། གཡོན་གྱི་འོག་མ་ན་རི་རབ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འབྱུང་བ་ལྔའི་རང་བཞིན་ཉོན་མོངས་པ་ལྔའི་བདག་ཉིད་ཅན། རུ་སྦལ་སེར་པོའི་གདན་ལ་བཞུགས་པའོ། །དེའི་གཡོན་དུ་ཡུམ་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་བདུད་རྩིའི་བུམ་པ་འཛིན་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། གཡས་སུ་སྲས་ས་འཛིན་ལག་པ་ཆེན་པོ་སྐུ་མདོག་དཀར་པོ་གཡས་ན་རིན་པོ་ཆེའི་ལྗོན་ཤིང་དང་། གཡོན་ཕག་རྒོད་ཀྱི་མཆེ་བ་འཛིན་པ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཤར་དུ་ཤིང་ཁམས་རྒྱལ་པོ་ལྗང་གུ་ལྗོན་ཤིང་འཛིན་པ། ལྷོར་མེ་ཁམས་རྒྱལ་པོ་དམར་པོ་སྒྲོན་མེ་འཛིན་པ། ནུབ་ཏུ་ལྕགས་ཁམས་རྒྱལ་པོ་དཀར་པོ་རལ་གྲི་འཛིན་པ། བྱང་དུ་ཆུ་ཁམས་རྒྱལ་པོ་ནག་པོ་བུམ་པ་འཛིན་པ། ཡུམ་དུས་བཞིའི་ལྷ་མོ་བཞི་དང་བཅས་པའོ། །དེའི་ཕྱི་རོལ་དུ་སྤར་ཁ་ཆེན་པོ་བརྒྱད། སྨེ་བ་དགུ །ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ཐེ་སེ་རྒྱལ་པོ་ལ་སོགས་ལོའི་ས་བདག །གྲོལ་བུམ་ལྷ་ལྔ་ལ་སོགས་ཟླ་བའི་ས་བདག །གསེར་མཛོད་གཡུ་མཛོད་ལ་སོགས་ཞག་དུས་ཀྱི་ས་བདག་རྣམས་ཀྱང་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེའི་ཕྱི་རོལ་དུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་སྡེ་ཚོགས། ཀླུ་ཆེན་བརྒྱད་ལ་སོགས་པ་ཀླུའི་སྡེ་ཚོགས། གཟའ་ཆེན་བརྒྱད་ལ་སོགས་པ་གཟའི་སྡེ་ཚོགས། གནོད་སྦྱིན་ཆེན་པོ་བརྒྱད་ལ་སོགས་པ་གནོད་སྦྱིན་གྱི་སྡེ་ཚོགས། རྒྱུ་སྐར་ཉེར་བརྒྱད་ལ་སོགས་པ་རྒྱུ་སྐར་གྱི་སྡེ་ཚོགས། གཉན་ཆེན་དེ་བ་ལ་སོགས་པ་གཉན་གྱི་སྡེ་ཚོགས། གཞན་ཡང་གནམ་ས་བར་སྣང་ལ་གནས་པའི་ལྷ་ཀླུ་ས་བདག་གཞི་བདག་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་བ་གསལ་བར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་ཚོགས་དང་། ས་བདག་ལྷ་ཀླུ་རྒྱུ་སྐར་སོགས་འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་སྙན་གསན་དབབ་ལ། དང་པོ་མཆོད་ཡུལ་ཡེ་ཤེས་པ་སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱཀྱ་མུ་ནེ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་བྱོན་ལེགས་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དང་། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝསཏྲ་ཨཱ་ལངྐཱ་ར་སྭཱ་ཧཱ། ཞེས་ན་བཟའ་དང་རྒྱན་འབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱི་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་བཞུགས་སུ་གསོལ། དེ་ནས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་བཟང་སྤྱོད་ནས་འབྱུང་བ་ལྟར་ཕྱག་མཆོད་ཡན་ལག་བདུན་པ་བྱའོ། །དེ་ནས་འཇིག་རྟེན་པའི་མགྲོན་རྣམས་སྤྱན་འདྲེན་པ་ནི། ཧཱུྃ། རྒྱལ་བའི་བསྟན་སྐྱོང་སེམས་ཅན་བདེ་ལེགས་སྒྲུབ། །སྟོང་གསུམ་མངའ་བདག་ས་བདག་དབང་ཆེན་པོ། །བཙུན་མོ་བརྟན་མ་ས་འཛིན་ལག་པ་ཆེ། །ལོ་ལ་འཁོར་བའི་རྗེ་བློན་བཅུ་གཉིས་སོགས། །ཡབ་ཡུམ་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །ཤར་ཕྱོགས་ཤིང་ཁམས་ལྷོ་ཕྱོགས་མེ་ཡི་ཁམས། །ནུབ་ཕྱོགས་ལྕགས་ཁམས་བྱང་ཕྱོགས་ཆུ་ཡི་ཁམས། །ཕྱོགས་བཞིའི་མངའ་བདག་དུས་བཞི་ཡབ་ཡུམ་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །ཕྱོགས་མཚམས་མངའ་བདག་སྤར་ཁ་ཆེན་པོ་བརྒྱད། །ཕོ་བྲང་གླིང་དགུའི་ལྷ་ཚོགས་ཞེ་ལྔ་དང་། །སྤྲུལ་པའི་བློན་ཆེན་ལོ་སྐོར་བཅུ་གཉིས་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །འབྱུང་ལྔའི་བདག་ཉིད་ལོ་རྒན་དྲུག་ཅུ་དང་། །ལོ་ལ་འཁོར་བའི་རྗེ་བློན་བཅུ་བདུན་དང་། །གྲོལ་བུམ་ལྷ་ལྔ་ལ་སོགས་ཟླ་བའི་ལྷ། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །ས་བདག་པི་ལིང་ལ་སོགས་དུས་ཚོད་ལྷ། །གཡུ་མཛོད་སྔོན་མོ་ལ་སོགས་ཟ་མའི་ལྷ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །བདེ་ལེགས་སྒྲུབ་མཛད་ལྷ་ཡི་སྡེ་ཚོགས་དང་། །དངོས་གྲུབ་སྟེར་མཛད་ཀླུ་ཡི་སྡེ་ཚོགས་དང་། །དཔལ་འབྱོར་རྒྱས་མཛད་གཟའ་ཡི་སྡེ་ཚོགས་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །རིན་ཆེན་གཏེར་འཆང་གནོད་སྦྱིན་སྡེ་ཚོགས་དང་། །དགེ་ལེགས་དོན་སྒྲུབ་རྒྱུ་སྐར་ཉི་ཤུ་བརྒྱད། །ཕོ་ཉ་ལས་མཁན་ས་བདག་གཉན་ཆེན་ཚོགས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །གཞན་ཡང་ནམ་མཁའ་བར་སྣང་ས་གཞི་ལ། །རྒྱུ་བའི་ས་བདག་ལྷ་ཀླུ་འབྱུང་པོའི་ཚོགས། །ཡུལ་ལྷ་གཞི་བདག་གནས་བདག་གྲོང་གི་ལྷ། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། བཞུགས་སུ་གསོལ་བ་ནི། ཧཱུྃ། འཇིག་རྟེན་སྐྱོང་བའི་མཐུ་སྟོབས་རྫུ་འཕྲུལ་ཅན། །རྒྱལ་པོ་བཙུན་མོ་སྲས་དང་བློན་འཁོར་བཅས། །ཡིད་འོང་སྤྲུལ་པའི་དཀྱིལ་འཁོར་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་དགོངས་ཏེ་བཞུགས་སུ་གསོལ། །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་པདྨ་ཀ་མ་ལཱ་ཡ་སཏྭཾ། ཁྲུས་གསོལ་བ་ནི། ཧཱུྃ། ས་བདག་ལྷ་ཀླུ་འཁོར་བཅས་རྣམས། །ཚུར་གཤེགས་འདིར་ནི་བྱོན་པ་ལེགས། ཁྱེད་ལ་དྲི་མ་མི་མངའ་ཡང་། །འཇིག་རྟེན་སྲི་ཞུའི་ཚུལ་གྱིས་ནི། །གཙང་མའི་ཁྲུས་ཆབ་འདི་ཕུལ་བས། །སྐུ་དང་ཕྱག་ཞབས་ཁྲུས་བགྱི་འོ། །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱག་འཚལ་བ་ནི། ཧཱུྃ། འབྱུང་བ་ཀུན་ལ་དབང་སྒྱུར་བའི། །ས་བདག་ལྷ་ཀླུ་དྲེགས་པའི་ཚོགས། །མཐུ་དཔལ་རྫུ་འཕྲུལ་ལྡན་པ་ལ། །དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ན་མོ་ན་མཱ་མི། མཆོད་པ་འབུལ་བའི་ཐོག་མར་མཆོད་རྫས་དང་གཏོར་མ་སོགས་ལ་བསང་ཆུ་འཐོར་ཞིང་བསང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། མཆོད་གཏོར་རྣམས་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། མཆོད་གཏོར་རྣམས་མགྲོན་རང་རང་སོ་སོ་ལ་གང་མཁོ་བའི་ཡོ་བྱད་ཟད་མི་ཤེས་པའི་ནམ་མཁའི་མཛོད་དུ་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། མཆོད་གཏོར་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ མཆོད་གཏོར་རྣམས་རྣམ་པ་མཆོད་སྦྱིན་གྱི་འདོད་ཡོན་ཆར་བཞིན་དུ་འབེབ་པར་གྱུར། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། མཆོད་གཏོར་རྣམས་གང་ལ་བསྔོས་པ་བཞིན་དུ་ཐོབ་པར་གྱུར། ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མཆོད་གཏོར་རྣམས་གང་གིས་བཞེས་པའི་མགྲོན་ཐམས་ཅད་བདག་གི་དབང་དུ་འདུས་ནས་ཅི་བསྒོ་བའི་ལས་བསྒྲུབ་པར་གྱུར། ཅེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ་ཅིང་། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་འདིར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། འབྱུང་བ་ཀུན་ལ་དབང་བསྒྱུར་བའི། །ས་བདག་ཤྲཱི་བྷ་དྲ་ནི། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བཅས། །སྐྱོང་བྱེད་རྒྱལ་པོ་ཆེན་པོ་བཞི། །ཕྱོགས་སྐྱོང་བཅུ་དང་ལྷ་གནས་གསུམ། །དབང་བསྒྱུར་ལྷ་ཆེན་བརྒྱད་སོགས་དང་། །ཀླུ་རིགས་བཞི་དང་ཀླུ་ཆེན་བརྒྱད། །གཞན་ཡང་དགའ་བོ་ཉེ་དགའ་སོགས། །སྲིད་པ་ཆུ་ཀླུང་བདག་པོ་དང་། །གཉན་ཆེན་བཅུ་གཅིག་སྡེ་རིགས་བཞི། །ནོར་སྲུང་ཕོ་མོ་དགུ་དང་ནི། །གཟའ་དང་སྤར་ཁ་ལོ་ཟླ་ཞག །དབང་བྱེད་ས་བདག་རྫུ་འཕྲུལ་ཅན། །རྒྱུ་སྐར་ཉེར་བརྒྱད་འཁོར་དང་བཅས། །མདོར་ན་ཁམས་གསུམ་རྒྱུ་བ་ཡི། །དྲེགས་པ་སྡེ་བརྒྱད་འབྱུང་པོ་ཀུན། །དེ་རིང་སྲིད་པའི་ཉི་མ་ལ། །བཀྲ་ཤིས་གནས་འདིར་སྤྱན་འདྲེན་ནས། །ཕྱག་འཚལ་མཆོད་པ་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་དང་། །གཟུགས་མཛེས་མེ་ཏོག་སྣ་ཚོགས་དང་། །དྲི་ཞིམ་སྤོས་ཀྱི་བྱེ་བྲག་དང་། །ཉི་ཟླ་ལ་སོགས་སྒྲོན་མེའི་ཚོགས། །དྲི་བཟང་བྱུག་པའི་མཆོག་རྣམས་དང་། །ཞལ་ཟས་བཟའ་བཅའ་བཏུང་བའི་ཚོགས། །སྒྲ་སྙན་རོལ་མོའི་ཚོགས་རྣམས་དང་། །གནས་དང་མཁོ་དགུའི་ཡོ་བྱད་དང་། །དར་ཟབ་འབྲུ་སྣ་བཟང་སྨན་དང་། །རིན་ཆེན་སྣ་ཚོགས་འདོད་ཡོན་ལྔ། །བྱ་གཅན་རི་དྭགས་གཡུང་ཕྱུགས་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའ་གང་། ཁྱེད་ལ་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་སརྦ་པཱུ་ཛ་ཧོ། དེ་ནས་གཏོར་མ་འབུལ་བ་ནི། མཆོད་གཏོར་བྱིན་རླབས་གོང་དུ་ཆ་གཅིག་གྲུབ་པ་ཡིན་ཀྱང་། སྐབས་འདིར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་རྒྱས་པར་སྤེལ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་ལན་བདུན་ལ་སོགས་པས་བསྔོས་ཏེ། ཧོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཆ་དང་པོ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཀུང་ས་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་མཚམས་བཞི་ལ་གནས་པ། སྨེ་བ་ལྔ་སེར། ལོ་ཟླ་ཞག་དུས་ཁྱི་འབྲུག་གླང་ལུག་ལ་གནས་པ། གཟའ་སྤེན་པ་དང་སྒྲ་གཅན་ལ་གནས་པ། སྐར་མ་མཚམས་སྐར་བཞི་ལ་གནས་པ། གཉན་ཆེན་པོ་སྤྲེལ་སེར་པོ་ལ་གནས་པ། མདོར་ན་ཉི་མ་དབུས་དང་མཚམས་བཞི་ལ་མངའ་མཛད་པའི་འབྱུང་བ་སའི་ཁམས་སུ་གཏོགས་པའི་ལྷ་འདྲེ་དྲེགས་པ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་ཚེར་རྩུབ་སྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་ས་ལྟར་རྒྱས་པའི་ཕྲིན་ལས་མཛོད་ཅིག ༈ །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་གཉིས་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཀེག་ཤིང་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་ཟིན། སྨེ་བ་བཞི་ལྗང་ལ་གནས་པ། ལོ་ཟླ་ཞག་དུས་སྟག་ཡོས་ལ་གནས་པ། གཟའ་ཕུར་བུ་ལ་གནས་པ། སྐར་མ་ཤར་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་སྟག་དཀར་པོ་ལ་གནས་པ། མདོར་ན་ཉི་མ་ཤར་ཕྱོགས་ལ་མངའ་མཛད་པའི། འབྱུང་བ་ཤིང་གི་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ་ཡོན་བདག་ཤི་གསོན་མི་ནོར་འཁོར་བཅས་ཀྱི་ཚེར་རྩུབ་སྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་ཤིང་ལྟར་འཕེལ་བའི་ཕྲིན་ལས་མཛོད་ཅིག ༈ །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་གསུམ་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཇི་མེ་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་ལི། སྨེ་བ་དམར་པོ་གཉིས་ལ་གནས་པ། ལོ་ཟླ་ཞག་དུས་རྟ་སྦྲུལ་ལ་གནས་པ། གཟའ་ཉི་མ་མིག་དམར་ལ་གནས་པ། སྐར་མ་ལྷོ་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་འབྲུག་སྔོན་པོ་ལ་གནས་པ། མདོར་ན་ཉི་མ་ལྷོ་ཕྱོགས་ལ་མངའ་མཛད་པའི་འབྱུང་བ་མེའི་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་ཚེར་རྩུབ་སྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། གཟི་བརྗིད་མེ་ལྟར་འབར་བར་མཛོད་ཅིག ༈ །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་བཞི་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཤང་ལྕགས་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་དྭ། སྨེ་བ་དཀར་པོ་གསུམ་ལ་གནས་པ། ལོ་ཟླ་ཞག་དུས་བྱ་སྤྲེལ་ལ་གནས་པ། གཟའ་པ་བ་སངས་ལ་གནས་པ། སྐར་མ་ནུབ་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་བྱ་དམར་པོ་ལ་གནས་པ། མདོར་ན་ཉི་མ་ནུབ་ཕྱོགས་ལ་མངའ་མཛད་པའི་འབྱུང་བ་ལྕགས་ཀྱི་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་ཚེར་རྩུབ་སྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་ཚེ་སྲོག་ལྕགས་ལྟར་སྲ་བའི་ཕྲིན་ལས་མཛོད་ཅིག ༈ །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་ལྔ་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། འུ་ཆུ་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་ཁམ་དང་། སྨེ་བ་ནག་མཐིང་གཉིས་ལ་གནས་པ། ལོ་ཟླ་ཞག་དུས་བྱི་ཕག་ལ་གནས་པ། གཟའ་ཟླ་བ་དང་ལྷག་པ་ལ་གནས་པ། སྐར་མ་བྱང་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་རུ་སྦལ་རྒྱ་བོ་ལ་གནས་པ། མདོར་ན་ཉི་མ་བྱང་ཕྱོགས་ལ་མངའ་མཛད་པའི་འབྱུང་བ་ཆུའི་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་ཚེར་རྩུབ་སྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་མི་རིགས་ཆུ་བོའི་གཞུང་ལྟར་རྒྱུན་མི་ཆད་པའི་ཕྲིན་ལས་མཛོད་ཅིག །ཅེས་གཏོར་མ་ཕྱོགས་བཞི་དབུས་དང་ལྔ་ལ་ཕུལ། དེ་ནས་གསེར་སྐྱེམས། ཕྱེ་མར། ནས་སྔོན་པོ། ཟས་སྐོམ་གྱི་ཕུད། ཤེལ་ཚིགས། ལྕགས་ངར་པ། དེ་རྣམས་ལག་ཏུ་ཐོགས་ལ་མཆོད་པ་བྱ་ཞིང་མཁྱེན་གསོལ་བྱས་ལ་ས་རིན་འཇལ་ལ་འདི་སྐད་དོ། །ན་མོ། ཕུད་ཐམས་ཅད་ཀྱི་བདག་པོ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། རིག་པ་ཐམས་ཅད་ཀྱི་ཡང་རྗེ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། སྲིད་པའི་ལྷ་མོ་རྣམ་རྒྱལ་མ་འཁོར་ལྷ་མོ་བདུན་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་ཏེ་གཙུག་ལག་བརྒྱུད་པ་འཛིན་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་ཆེན་པོ་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། བྱིན་ཟ་བདེན་བྲལ་ལ་སོགས་ཏེ་ལྷ་མིན་གྱི་སྡེ་ཚོགས་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ལ་སོགས་ཏེ་མཁའ་ལྡིང་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། ཉི་མ་ཟླ་བ་ལ་སོགས་ཏེ་གཟའ་ཆེན་བརྒྱད་པོ་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། སྨིན་དྲུག་སྣར་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། ཕ་ཁེན་ཕ་རྒན་པོ་གནམ། མ་ཁོན་མ་རྒན་མོ་ས། བུ་ཆེན་གིང་རི། བུ་མོ་ཟོན་རླུང་། བུ་མོ་འབྲིང་བ་ལི་མེ། བུ་ཕོ་ཆུང་བ་དྭ་ལྕགས། ཚ་མོ་ཟིན་ཤིང་། ཚ་བོ་ཁམ་ཆུ་ལ་སོགས་ཏེ་སྤར་ཁ་ཆེན་པོ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད་དོ། །སྙན་ནས་གསན་ཅིང་དགོངས་སུ་གསོལ། ༈ ཧོ། ཤར་སྟོད་ན་གནས་པའི་སྟག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཤར་སྨད་ན་གནས་པའི་ཡོས་བུ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཤར་ལྷོ་མཚམས་ན་གནས་པའི་འབྲུག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལྷོ་སྟོད་ན་གནས་པའི་སྦྲུལ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལྷོ་སྨད་ན་གནས་པའི་རྟ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལྷོ་ནུབ་མཚམས་ན་གནས་པའི་ལུག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ནུབ་སྟོད་ན་གནས་པའི་སྤྲེལ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ནུབ་སྨད་ན་གནས་པའི་བྱ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ནུབ་བྱང་མཚམས་སུ་གནས་པའི་ཁྱི་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །བྱང་སྟོད་ན་གནས་པའི་ཕག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །བྱང་སྨད་དུ་གནས་པའི་བྱི་བ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །བྱང་ཤར་མཚམས་ན་གནས་པའི་གླང་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཕྲག་དོག་མ་བྱེད་ཅིག །ཧོ། གཞན་ཡང་དབུས་ཀྱི་ས་བདག་ཁྱབ་པ་དབང་ཆེན། སའི་ལྷ་མོ་བརྟན་མ། བློན་པོ་གཙང་ཀུན་སྤྲེལ་མགོ །ས་འཛིན་ལག་པ་ཆེན་པོ་རྣམས་ལ། ས་ལ་རིན་འཇལ། རྡོ་ལ་ནས་འབུལ་བ་ཡིན་པས། རུ་ང་དང་ཕྲག་དོག་མ་བྱེད་ཅིག །ཡ་མ་ང་། ཡོ་མ་གཟུར། ཉམས་ན་བཅོས། ཆད་ན་མཐུད། ཆག་ན་སྦྱོར། རལ་ན་དྲུབས། ཡོ་ན་ཐིག་གིས་སྲོངས། གཞན་ཡང་ས་བདག་རྗེ་བློན་བཅུ་གཉིས། ཀོ་ལོང་སྡོམ་པའི་ལྷ་དགུ །གཙུག་ལག་འཕྲུལ་གྱི་ལྷ་དགུ །ཕོ་བྲང་བཞི་བཅུ་རྩ་གཉིས། ཕྱི་སྐོར་ཕྱི་ན་གནས་པའི་ལྷ། ནང་སྐོར་ནང་ན་གནས་པའི་ལྷ། བར་སྐོར་བར་ན་གནས་པའི་ལྷ། སྐྱོང་བྱེད་དམུ་དགུ །ལམ་གྱི་དམུ་དགུ །འདྲེན་ཆེན་དམུ་དགུ །འབྱུང་བ་ལྔ་ཡི་ལྷ་ཚོགས། ལོ་ཟླ་ཞག་དུས་གཟའ་སྐར་མ་སྤར་ཁ་སྨེ་བ་ལ་གནས་ཤིང་མངའ་མཛད་པ་རྣམས་གསན་ཅིང་དགོངས་སུ་གསོལ། ཁྱེད་རྣམས་ལ་ས་རིན་ལ་ས་འབུལ། རྡོ་རིན་ལ་རྡོ་འབུལ། ཉམས་ན་བཅོས། ཆག་ན་སྦྱར། ཡོ་ན་ཐིག་གིས་བསྲང་། ཁྱེད་རྣམས་ཀྱིས་རུ་ང་དང་ཕྲག་དོག་མ་མཛད་ཅིག །དེ་ནས་ཤེལ་ཚིགས་འབུལ་ལ་འདི་སྐད་དོ། །ཧཱུྃ། ཤེལ་ཚིགས་ཁྲི་དཀར་སྟོད་ནག་འདི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །འདོད་ཡོན་ལོངས་སྤྱོད་ལྷུན་གྱིས་གྲུབ། །སྲིད་པའི་ས་བདག་ཀླུ་གཉན་ཉོན། །ཤེལ་ཚིགས་ཁྲི་དཀར་སྟོད་ནག་འདི། །མེད་པ་དེ་ནི་མི་ལ་བཙལ། །སྲ་བ་དེ་ནི་བྲག་ལ་བརྐོས། །དཀོན་པ་དེ་ནི་རིན་གྱིས་ཉོས། །རྒྱལ་སྲིད་བདུན་གྱི་མཛོད་ནས་བཏོན། །མེས་པོ་གནམ་རྗེ་གང་སྔོན་ཡིན། །ཕྱི་མོ་ས་སྨན་འཕྲུལ་མོ་ཡིན། །ཕ་ནི་བདུད་རྩི་རླན་བྱེད་ཡིན། །མ་ནི་སྲིད་ཀྱི་རྒྱལ་མོ་ཡིན། །ཞིང་པ་རྒན་པོའི་འདུ་བྱེད་ཀྱིས། །དཔྱིད་ཟླ་གསུམ་ལ་རྫུ་འཕྲུལ་སྡེབ། །དབྱར་ཟླ་གསུམ་ལ་ཆར་གྱིས་བྲན། །སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །མིང་པོ་རྒྱ་ནས་འཕེལ་ཆེན་ཡིན། །སྲིང་མོ་སྔོན་མོ་འབྲུ་བདུན་ཡིན། །སྐུ་གསུང་ཐུགས་ཀྱི་སྒྱེད་པུ་བཅས། །ཐེག་པ་ཆེན་པོའི་སླ་ང་བཙུགས། །འོད་གསལ་ཆེན་པོའི་མེ་སྦར་ནས། །ཐབས་མཆོག་ཆེན་པོའི་ཡོག་པས་དཀྲུགས། །ཤེས་རབ་ཆེན་པོའི་སྐམ་པ་ཐོགས། །དཀར་བ་གཡང་མོ་ལུག་བརྒྱ་དང་། །ནག་པ་ཟ་ལེ་འབྲི་བརྒྱ་སྟེ། །སེར་པོ་མདོ་བ་རྟ་བརྒྱ་འཚེར། ཁམ་པ་འགྱིང་བ་གཡག་བརྒྱ་ངུར། །གླང་ཆེན་བརྒྱ་དང་མ་ཧེ་སྟོང་། །ལྷ་གཡག་བརྒྱ་དང་དུང་གཡག་ཁྲི། །གཡུ་ལུག་བརྒྱ་དང་ཤེལ་ར་ཁྲི། །བ་ཟལ་བརྒྱ་དང་བིལ་ཁྲི་སྟོང་། །དཀར་བ་བརྒྱ་དང་ནག་པོ་སྟོང་། །སྲིད་པའི་ས་བདག་ཀླུ་གཉན་ལ། །བརྒྱ་ཉིས་སྟོང་མཆི་བ་འདི་འབུལ་ལོ། །འགྲས་པ་ཟླུམ་ལ་འཁོན་པ་སྦྱོང་། །མ་བསད་པ་ཡི་སྟོང་དུ་འབུལ། །མ་བརྐུས་པ་ཡི་འཇལ་དུ་འབུལ། །མ་ཕྲོགས་པ་ཡི་སྐྱིན་དུ་འབུལ། །ཚེ་གླུད་སྲོག་གི་རིན་དུ་འབུལ། །སྐྱེས་པ་ཕོ་བརྒྱའི་གླུད་དུ་འབུལ། །ཟ་མ་མོ་བརྒྱའི་སྲིད་དུ་འབུལ། །བྱིས་པ་ཆུང་གི་གླུད་དུ་འབུལ། །སྒོ་ཡི་ནོར་གྱི་གླུད་དུ་འབུལ། །བཞེས་ཤིག་ཚེ་སྐྱིན་གླུད་དུ་བཞེས། །ཞི་བ་བྱང་ཆུབ་སེམས་ལྡན་མཛོད། །ཧོ། ཡུལ་གྱི་ས་བདག་ཀླུ་གཉན་རྣམས། ཕྲག་དོག་དང་རུ་ང་མ་མཛད་ཅིག །ལས་ཐབས་བཟང་ངན་ཅི་བྱེད་ཀྱང་གདུག་རྩུབ་དང་ཀོ་ལོང་མ་མཛད་ཅིག །རྭ་ཡི་རྩེ་ལ་བབས་ཀྱང་མ་རྡུངས་ཤིག །རྨིག་པའི་རྩེ་ལ་བབས་ཀྱང་མ་འཁྲབ་ཅིག །ལྟ་བའི་མིག་ལ་བབས་ཀྱང་སྡང་མིག་མ་མཛད་ཅིག །བསམ་པའི་སེམས་ལ་བབས་ཀྱང་ངན་སེམས་མ་ཆོངས་ཤིག །སྤྱི་བོའི་གཙུག་ཏུ་བབས་ཀྱང་སིག་གེ་མ་སྤྲུགས་ཤིག །གདུག་པའི་དལ་ཟེར་མ་གཏོང་ཅིག །ཞི་བ་ཆེན་པོའི་ངང་ལ་གནས་པར་མཛོད་ཅིག །ས་བདག་ཀླུ་གཉན་ཐམས་ཅད་ལ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས་མཐོལ་ལོ་བཤགས་སོ། །ཤིང་གཉན་སཏྭ་རེས་བཅད་དམ། ཆུ་གཉན་གཏིང་ནས་དཀྲུགས་སམ། མཁར་གཉན་རྨིང་ནས་རྫོགས་སམ། རྩྭ་གཉན་ཟོར་བས་བརྔས་སམ། ས་བདག་མགུལ་དུ་ཐབ་ཉེས་བྱས་སམ། ས་གཉན་ལ་རོ་བསྲེགས་སམ། རི་གཉན་ལ་མེ་བཀྱེས་སམ། གོང་རྡོ་ལམ་ཉལ་བྱས་སམ། དེ་དག་ལ་སོགས་ས་བདག་འགྲམ་དུ་གྱུར་པ་རྣམས་མཐོལ་ལོ་བཤགས་སོ། །འཁོན་འགྲས་སྦྱོངས་ལ་ཕྲག་དོག་ཀོ་ལོང་མ་མཛད་ཅིག །ཐུགས་ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད་ཅིག །ད་ནི་བདུད་བཅུ་གསུམ་ལ་ཡས་འབུལ་ལོ། །རྩ་མཚོན་སྤར་བ་འདྲིལ་བ་དང་། རྡོ་མཚོན་སྤར་བ་དང་། ཤེལ་ཚིགས་སྤྲུལ་གཞོལ་དང་། ཤིང་རིས་རྒྱན་དཀར་དང་། སྟག་པའི་ཡོག་པ་དང་། དར་ཚོན་སྣ་ཚོགས་དང་། མར་གྱི་རིལ་བུ་དང་། ཐུད་ཀྱི་སྡོང་པོ་དང་། གཟུ་ཟན་དཔའ་སྐྱེམས་དང་། འབྲང་རྒྱས་ཞལ་དཀར་ཏེ། དེ་དག་གིས་བདུད་བཅུ་གསུམ་ལ་གླུད་འཇལ་ལོ། །དལ་གཟེར་མ་གཏོང་ཞིག །བདུད་དུ་མ་འབབ་ཅིག །ཡ་བདུད་གྱེན་དུ་སྒྱུར། མ་བདུད་ཐུར་དུ་མནན། ལྷ་ལ་རྟེན་བཅའ། མི་ལ་ཡོན་འབུལ། འདྲེ་ལ་ཡས་སྦྱིན། དེ་རིང་ཉི་མ་ཐམས་ཅད་ནི་དགེ་བ་ཡིན། གཟའ་དང་རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། དགྲ་བཅོམ་ཐམས་ཅད་ཟག་པ་མི་མངའ་འོ། །བདེན་པ་དང་བདེན་པའི་ཚིག་དེས་བདག་དང་ཡོན་གྱི་བདག་པོ་ལ་ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །ཅེས་བརྗོད། བསྡུ་ན་གཏོར་མ་ཕུལ་བའི་རྗེས་སུ་བསྟོད་པ་ལ་འཇུག་ཀྱང་རུང་ངོ་། །དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། འཇིག་རྟེན་སྲུང་མ་དམ་ཚིག་ཅན། །རྒྱལ་པོ་བཙུན་མོ་སྲས་དང་བཅས། །རྒྱལ་ཕྲན་བློན་པོ་ཕོ་ཉ་དང་། །སྤྲུལ་པ་འཁོར་ཚོགས་སྡེ་དང་བཅས། །ལོ་ཟླ་ཞག་དང་དུས་ཚོད་ལྷ། །ལྷ་ཀླུ་གནོད་སྦྱིན་གཉན་གྱི་ཚོགས། །གཟའ་དང་རྒྱུ་སྐར་འབྱུང་པོའི་ཚོགས། །ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །བདག་ཅག་གུས་པས་ཕྱག་འཚལ་བསྟོད། །སྐབས་འདིར་སྣང་བརྒྱད་ཀྱི་མདོ་ལན་གསུམ་མམ་མང་དུ་བགྲང་། ཁྱད་པར། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླ། དེ་ནས་ཕྲིན་ལས་བཅོལ་བ་ནི། ཧོ། དགོངས་སུ་གསོལ་ལོ། །བདག་ཅག་འཁོར་དང་བཅས་པས། མ་ཤེས་པ་དང་མ་རིག་པའི་དབང་གིས་ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱི་ཐུགས་དང་མཁོན་འགྲས་ཅི་མཆིས་པ་ཐམས་ཅད་བཤགས་སོ། ཁྱེད་རྣམས་ལ་མནོལ་པ་ཡོད་ན་སྲོངས། ཆད་པ་ཡོད་ན་མཐུད། བསྙུང་བ་ཡོད་ན་བཅོས། འཁོན་པ་ཡོད་ན་ཟླུམ། དམའ་བ་ཡོད་ན་བསྟོད། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཁྱེད་རྣམས་ལ་ཕོད་མི་བཙུག །དོ་མི་བསྡོ། འགྲས་མི་བཙལ། བདག་གི་ལས་ཀྱི་བྱ་བ་ཆེན་པོ་འདི་ལ། ཡ་མ་ང་། ཕྲག་མ་དོག །ཀོ་ལོང་རུ་ང་མ་བྱེད། འདྲེ་སྲིན་ངན་པའི་དབྱེན་ལ་མ་ཉན། ངན་བྱེད་བགེགས་ཀྱི་རྒྱབ་མ་རྟེན། ལྷ་དང་མགོན་པོའི་བཀའ་མ་བཅག །རང་རང་གི་དམ་ཚིག་མ་བརྗེད་པར། བདག་ཅག་རྣམས་ལ་དུས་རྟག་ཏུ་མཛའ་གྲོགས་དང་ཤག་རོག་ལྟ་བུར་ཤེས་པར་གྱིས་ལ། དུས་རྟག་ཏུ་ཕན་པ་དང་བདེ་བའི་སྟོངས་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་འཐོར། ཚར་གྲངས་བྱེད་ན་མཆོད་གཏོར་གསོ་བྲན་བྱིན་རླབས་བྱས་ལ། མཆོད་པ་དང་། གཏོར་མ་འབུལ་བ། བསྟོད་པ། སྣང་བརྒྱད་ཀྱི་མདོ་བཀླག་པ། ཕྲིན་ལས་གསོལ་བ་དང་བཅས་བསྐྱར་ལ་གྲངས་གཟུང་ངོ་། །དེ་ནས་བཟོད་པར་གསོལ་བ་ནི། ཧོ། མཆོད་ཡུལ་ཁྱེད་རྣམས་དགོངས་སུ་གསོལ། །སྣང་སྲིད་མཆོད་པའི་ཆོ་ག་ལ། །ལྷག་ཆད་འགལ་འཁྲུལ་སྙོམ་ལས་དང་། །མཆོད་རྫས་མ་ཚང་སེར་སྣས་སྦག །ཐུགས་དང་འགལ་བ་ཅི་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པ་སྩོལ། །ཅེས་བརྗོད་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་ལ། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ་བ་ནི། ཧོ། ས་བདག་ལྷ་ཀླུ་རྫུ་འཕྲུལ་ཅན། །དང་པོ་བྱོན་པ་ཞལ་རེ་དྲོ། །བར་དུ་བཞུགས་པ་དོན་རེ་ཆེ། །ད་ནི་གཤེགས་པ་སྒབ་རེ་བཟང་། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་ཀུན་ཏུ་བདེ་ལེགས་པ། །སངས་རྒྱས་ཀུན་གྱི་བདེ་ལེགས་ཤོག །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་གཙྪ་མུཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ་གཤེགས་སུ་གསོལ་ཞིང་། བཅའ་གཞི་རྣམས་ཕྱོགས་མཚམས་ཀྱི་རི་རྩེའམ། མཚོ་དང་རྫིང་བུ། ཆུ་ཀླུང་དང་ཆུ་མིག་སོགས་གཙང་སར་བསྐྱལ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་ཅིང་ལུས་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་ཀྱིས་གཡོག་པར་གྱུར། ཨོཾ་ཨཱཿཧཱུྃ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་རཀྵ་རཀྵ། ཞེས་པས་སྲུང་བ་བྱས་ལ། བསྔོ་སྨོན་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབ་ཅིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པ་དང་། །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བཀྲ་ཤིས་ནི། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། ཡུལ་དང་མཚེར་གསར་གཟུང་བ། ཁང་ལས་བྱེད་པ། བྱེས་ལ་འགྲོ་བ། བྱིས་པ་བཙའ་བ། ཤི་སྒབ་གཅོད་པ། བག་མ་བསུ་བ་སོགས་ཀྱི་སྐབས་སུ་བྱས་ན་བཀྲ་ཤིས་ཤིང་བསམ་པ་འགྲུབ། ཞིང་རྨོ་བའི་དུས་སུ་བྱས་ན་ལོ་ཏོག་ལེགས། སྟོན་ཐོག་བསྡུ་བའི་དུས་སུ་བྱས་ན་འབྲུ་འཕེལ། རྟ་ཕྱུགས་ལ་དམིགས་ཏེ་བྱས་ན་སྒབ་འཕེལ། ནད་ཡམས་བྱུང་བའམ། ལྟས་ངན་བྱུང་བའམ། དུར་ཁ་ལྡང་བའམ། སྲི་ཁ་བྱེ་བ་སོགས་ཀྱི་དུས་སུ་བྱས་ན་དེ་དག་ཐམས་ཅད་ཞི་ཞིང་མི་འབྱུང་། ཁྱད་པར་ས་བརྐོ། རྡོ་རློག །ཤིང་གཅོད་པ་སོགས་ཀྱི་དུས་སུ་བྱས་ན་ས་བདག་ཀླུ་གཉན་གྱི་གནོད་པ་མི་འབྱུང་ཞིང་ཞི་བ་དང་བདེ་ལེགས་སུ་འགྱུར། མདོར་ན་ཕྲིན་ལས་གང་བརྩམ་པ་ཐམས་ཅད་འགྲུབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་ཀྱི་གཞུང་ངག་འདོན་བཀླག་ཆོག་ཏུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུ་བྷམསྟུ་སརྦ་ཛ་ག་ཏཾ།། །། འདི་ནི་ཆགས་མེད་རིན་པོ་ཆེ་རཱ་གཱ་ཨ་སྱེའི་ཆོག་སྒྲིག་ཡིན་པར་དཀར་ཆག་ལས་གསལ་ལོ།།
སངས་གླིང་འཇམ་དཀར་དཔེ་རིས་ (Volume 16, Text 42)
འདི་ཡི་ཕྱི་རོལ་དུ་ཕྱི་ནང་གི་མཆོད་པ་ཅི་འབྱོར་པ་ཡང་བཤམ༔ ༈ རེའུ་མིག་ཞེ་དགུ་པ་འདིའི་ཕྱི་རོལ་དུ་དབུ་ནང་དུ་བསྟན་ སྒོ་དང་རྟ་བབ་འཁོར་ཡུག་ལ་སོགས་སྒྲུབ་གཞུང་གི་མངོན་རྟོགས་ལྟར་བྱས་ཀྱང་རུང༔ པའི་རྟེན་འབྲེལ་སྙིང་པོ་ཡང་གསེར་གྱིས་བྲི་བར་བྱའོ༔ མ་འབྱོར་ན་འབྲུའི་ཚོམ་བུ་བཀོད་ལ་ཡིག་འབྲུ་དམིགས་པས་བྱ༔ ཀཱ་ལི་སོ་ལྔ་ལ་ བརྟེན་ནས་ཚེ་བསྲིང་བའི་བུམ་གདན་གྱི་དཀྱིལ་འཁོར༔ ཡིག་འབྲུ་རེ་ཁཱ་དཀར་པོར་ བྱའོ༔ རེ་ཁཱ་དཀར་པོས་ཡིག་འབྲུ་མ་ཐོན་ན༔ ཤོག་བུའམ་གྲོ་ག་ལ་བྲིས་ལ་ གཟུག་གོ༔
སྦ་ལྕག་མའི་གཞུང་རྡོ་རྗེ་སྙིང་པོས་མཛད་པ་ (Volume 21, Text 42)
༄༅། །སྦ་ལྕག་མའི་གཞུང་རྡོ་རྗེ་སྙིང་པོས་མཛད་པ་བཞུགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་ལོ་ཀེ་ཤྭ་ར་གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་བྱེད་པའི། །སྤྱན་རས་གཟིགས་དབང་སྒྲུབ་ཐབས་བཤད། །དད་བརྩོན་སྙིང་རྗེར་ལྡན་པ་ཡིས། །དབང་དང་དམ་ཚིག་ལྡན་བྱས་ནས། །དུར་ཁྲོད་གཡའ་རི་གངས་བྲག་གི །ཉམས་དགའ་དབེན་པའི་གནས་དག་ཏུ། །ཕྱི་རྒྱུད་པ་ལ་གཏོར་མ་གཏང་། །མཎྜལ་གྲུ་བཞི་དྲིས་བྱུགས་པ། །ཆང་དང་བདུད་རྩིས་ཆག་ཆག་གདབ། །ཆོས་འབྱུང་བསྣོལ་མ་པད་འདབ་བརྒྱད། །མུ་ཁྱུད་གྲུ་ཆད་ལྡན་པ་བྲི། །སྒོ་བཞི་རྒྱན་ལྡན་བྲིས་ཀྱང་རུང་། །རྡོ་རྗེའི་ར་བ་མེ་རིས་བསྐོར། །ཆོས་འབྱུང་དམར་པོ་རེ་ཁཱ་དཀར། །མཚམས་སུ་གཡུང་དྲུང་འཁྱིལ་པ་བྲི། །པད་འདབ་ཕྱོགས་མདོག་མཚམས་མཛེས་ཚོན། །གྲུ་ཆད་ལྗང་ལ་སྒོ་བཞི་ཕྱོགས། །སྒོ་རྒྱན་ལ་སོགས་སྤྱི་དང་མཐུན། །དེ་དབུས་བུམ་པ་རྒྱན་ལྡན་དུ། །ཆང་དང་བདུད་རྩིའི་རིལ་བུ་བླུག །དགོས་པའི་ཆ་རྐྱེན་ཚང་བར་བཞག །ཐོད་པ་ཆང་དང་བདུད་རྩིས་དགང་། །བུམ་པའི་ཁར་བཞག་དར་དམར་དགབ། །མེ་ལོང་ཆང་གིས་བྱུགས་པ་ལ། །སིནྡྷུ་ར་ཡིས་ཆོས་འབྱུང་དང་། །ས་བོན་ཡི་གེ་སྔགས་བཅས་དགོད། །ཐོད་པའི་ཁ་རུ་བཞག་པའི་སྟེང་། །སྨན་སྣ་རིན་ཆེན་སྣ་ཚོགས་དང་། །དྲི་བཟང་དག་ནི་སྣ་ཚོགས་པ། །ཀ་ར་བུ་རམ་སྦྲང་རྩི་སོགས། །འབྲུ་སྣ་ཚོགས་ཚད་ཕྱེ་མ་ལ། །གུར་གུམ་གི་ཝཾ་སིནྡྷུ་ར། །ཤ་ལྔ་བདུད་རྩི་ལྔ་སྦྱར་བའི། །ཆང་གིས་སྦྲུས་པའི་རིལ་བུ་ལ། །སིནྡྷུ་ར་དང་པད་མཚལ་བྱུག །མོ་སར་ཕྲུ་མར་འཁོར་ལོ་བྲི། །དེ་ཡང་གོང་གི་རྫས་ཀྱིས་བྱུགས། །རིལ་བུ་འཁོར་ལོའི་ལྟེ་བར་བཞག །དར་གྱིས་དགབ་ལ་མེ་ལོང་ཁར། །བཞག་སྟེ་སྟེང་དུ་དར་གདུགས་ཕུབ། །སྦ་ལྕག་དཀར་པོ་ཚིག་གསུམ་པའི། །ནང་དུ་སྔགས་དང་འཁོར་ལོ་གཞུག །རིལ་བུ་ལྷ་གྲངས་ལ་སོགས་བླུག ཁ་བཅད་མགོ་མཇུག་ཟངས་ཀྱིས་དཀྲི །ཞིང་ལྤགས་ལྕག་འབྲས་བཏགས་པ་ལ། །རིན་ཆེན་སྣ་ལྔ་དུང་ཤྭ་དང་། །ཤེལ་དང་ཕ་ཝང་ལོང་བུ་གདག །དར་ཚོན་སྣ་ལྔ་སྔགས་ལྡན་བརྒྱན། །དཀྱིལ་འཁོར་དབུས་སུ་གཟུག་པར་བྱ། །གཏོར་མ་མཆོད་པ་ཚོགས་ཀྱི་རྫས། །ཅི་ལྟར་འབྱོར་པའི་བྱེ་བྲག་བཤམ། །རྐང་གླིང་ཐོད་རྔ་ཚིལ་ཆེན་སྤོས། །ཞུན་ཆེན་མར་མེ་ལ་སོགས་བསྲེག །བགེགས་ལ་གླུད་བྱིན་མཚམས་བཅད་ལ། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། །དཀོན་མཆོག་སྤྱན་དྲངས་ཕྱག་བྱས་ལ། །མཆོད་ཅིང་མཎྜལ་ཕུལ་བ་སྟེ། །བདུན་པོ་རྣམ་པར་དག་པ་དང་། །གསོལ་བ་དྲག་ཏུ་གདབ་པར་བྱ། །དེ་དག་སྔོན་དུ་འགྲོ་བ་འོ། །དངོས་གཞི་ཕྱི་ནང་གསང་གསུམ་དང་། །ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་ཕྱི་རུ་དགོད་པ་དང་། །ནང་ལྟར་ལུས་ལ་དགོད་པ་དང་། །གསང་བ་རྩ་ལ་དགོད་པ་དང་། །ཡང་གསང་དེ་ཉིད་སེམས་ལ་དགོད། །དེ་ཡང་བསྙེན་སྒྲུབ་ལས་གསུམ་སྟེ། །ཡང་གསང་འབྲས་བུའི་ངོ་སྤྲོད་བྱ། །ཕྱི་ལྟར་བསྙེན་པ་བྱ་བ་ནི། །བདེ་བའི་གདན་ལ་བསམ་གཏན་གྱི། །ཕྱག་རྒྱས་བསྡད་ནས་སྐྱབས་འགྲོ་དང་། །སེམས་བསྐྱེད་བྱས་ལ་སྟོང་པའི་ངང་། །པད་སྡོང་ཁ་གསུམ་གྱེས་པའི་དབུས། །ཉི་ཟླའི་གདན་ལ་རང་སེམས་ཧྲཱིཿ འོད་འཕྲོས་སེམས་ཅན་སྒྲིབ་པ་སྦྱངས། །རྒྱལ་བ་རྒྱ་མཚོའི་ཚོགས་སུ་གྱུར། །ཚུར་འདུས་སངས་རྒྱས་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་པས་འོད་དུ་ཞུ། །བདག་ཉིད་སྤྱན་རས་གཟིགས་དབང་སྐུ །དམར་གསལ་ཞལ་གཅིག་ཕྱག་བཞི་པ། རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་པདྨའི་བགྲང་ཕྲེང་དམར། །གཡོན་པ་ཨུཏྤལ་དམར་པོ་འཛིན། །རལ་པའི་ཅོད་པན་དར་གྱིས་མཛེས། །རིན་ཆེན་ཟེའུ་འབྲུའི་སྲོག་ལྡན་པ། །སྤྱན་དམར་ཞལ་འཛུམ་ཐུགས་རྗེ་ཡིས། །སེམས་ཅན་ཡོངས་ལ་གཟིགས་པ་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩས་བསྐོར། །རྒྱལ་བ་རྒྱ་མཚོ་མ་ལུས་པའི། །དཀྱིལ་འཁོར་ཐམས་ཅད་འདུས་པ་འོ། །བདག་གི་སྤྱི་གཙུག་པད་ཟླའི་སྟེང་། །རྩ་བའི་བླ་མ་དེ་ཉིད་ནི། །འོད་དཔག་མེད་པའི་ངོ་བོ་སྟེ། །སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅན། །སྤྲུལ་པའི་སྐུ་རུ་བསྒོམས་པ་ལ། །བཀའ་བརྒྱུད་བླ་མ་རིག་འཛིན་རྣམས། །གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན། །རྡོ་རྗེ་དྲིལ་བུས་འཁྱུད་པ་འོ། །རྡོ་རྗེ་འཆང་གི་རྣམ་པས་བསྐོར། །བྱིན་རླབས་དབང་སྐུར་བྱེད་པར་བསྒོམ། །གཡས་ཕྱོགས་པད་སྡོང་ཉི་མའི་སྟེང་། །བདུད་བཞིའི་གདན་ལ་རྟ་མཆོག་སྐུ །དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པ་ཌཱ་རུ་གཡོན་སྡིགས་མཛུབ། །དྲིལ་བུར་བཅས་པ་དཀུ་ལ་བརྟེན། །སྟག་ཤམ་དུར་ཁྲོད་སྦྲུལ་རྒྱན་ཅན། ཁྲོ་ཞལ་སྤྱན་གསུམ་མཆེ་བ་གཙིགས། །རལ་པ་དམར་སེར་འཁྱིལ་པའི་དབུས། །རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་དམར་པོ་མེ་ལྟར་འབར། །མ་མོ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་དང་། །ཀླུ་རྣམས་དབང་དུ་སྡུད་པར་བྱེད། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ནས། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །འཁོར་དུ་དཔའ་བོ་རྒྱ་མཚོའི་ཚོགས། །ཡེ་ཤེས་ཁྲོ་རྒྱལ་བཅུ་ལ་སོགས། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྒྲ་སྒྲོག །སྣང་སྲིད་ཟིལ་གྱིས་མནན་པར་བསྒོམ། །གཡོན་ཕྱོགས་པད་སྡོང་ཆོས་འབྱུང་བསྣོལ། །དེ་དབུས་པད་ཉི་རོ་ཡི་སྟེང་། །གསང་བ་ཡེ་ཤེས་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། ཁྲོ་འཛུམ་མཆེ་གཙིགས་སྤྱན་རྩ་དམར། །དབུ་སྐྲ་གྲོལ་ཞིང་སྐུ་སྟོད་ཁེབས། །གཡས་བསྐུམ་གཡོན་བརྐྱང་རོ་སྟེང་བརྫིས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཡས་ཀྱི་དང་པོས་གྲི་གུག་ཕྱར། །འོག་མས་རལ་གྲི་བསྣམས་པ་འོ། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །འོག་མས་ཁ་ཊྭཱཾ་ག་བསྒྲེངས་པའི། །མགུལ་ན་དར་དཔྱང་ཌཱ་རུ་འཁྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱང་བརྒྱན་པར་བསྒོམ། །མེ་རི་འབར་བའི་དབུས་བཞུགས་ཤིང་། །དཔའ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར། །ཨཱ་རལླི་དང་ཕེཾ་གྱིས་སྒྲས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སྣང་སྲིད་དབང་དུ་སྡུད་པར་བསྒོམ། །འོག་ཕྱོགས་མེ་རླུང་འཁྲུགས་པ་ཡི། །འབྱུང་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་བཞིའི་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །ཕྱི་ནང་སྲུང་མ་མ་ལུས་རྣམས། །མཁའ་འགྲོ་སྡེ་བཞིའི་ངོ་བོར་གྱུར། །གྲི་གུག་ཐོད་པ་ཁ་ཊྭཱཾ་བསྣམས། །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་རྒྱན་དང་དར་གྱིས་མཛེས། །ཧ་རི་ནི་སའི་སྒྲ་སྒྲོག་ཅིང་། །གདན་འོག་པདྨ་འདེགས་པར་བསམ། །དེ་དག་རྒྱལ་བ་རྒྱ་མཚོ་ནི། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་འོ། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པད་སྟེང་ཨཱཿདམར་པོ། །སྙིང་གར་ཉི་སྟེང་ཧཱུྃ་མཐིང་ག །སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ། །དེ་ནས་གཙོ་བོའི་ཐུགས་ཀ་རུ། །པདྨ་ཉི་མའི་གདན་སྟེང་དུ། །ཧྲཱིཿལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སྤྱན་དྲངས་མཆོད་ལ་བསྟིམ། །རིགས་ལྔ་ཡུམ་བཞི་སེམས་དཔའ་དང་། །མཁའ་འགྲོའི་ཚོགས་དང་མཆོད་པ་ཡི། །ལྷ་མོར་བཅས་པ་སྤྱན་དྲངས་བསྟིམ། །མཆོད་དེ་དབང་བསྐུར་གསོལ་བ་གདབ། །རྒྱལ་བས་དབང་བསྐུར་དགོངས་པ་མཛད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ཅིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་བརྗོད། །མཆོད་པའི་ལྷ་མོས་མཆོད་པ་དང་། །ཡུམ་བཞིའི་བུམ་པས་དབང་བསྐུར་པས། །སྡིག་སྒྲིབ་དག་ནས་སྤྱི་བོ་རུ། །རིགས་བདག་སྣང་བ་མཐའ་ཡས་དང་། །རིགས་ལྔས་དབུ་ལ་བརྒྱན་པར་བསྒོམ། །དེ་ལྟར་ཅི་སྲིད་མི་སྐྱོའི་བར། །གསལ་བར་བསྒོམ་པ་བསྐྱེད་རིམ་ཡིན། །བཟླས་པ་བྱེད་པའི་དུས་སུ་ནི། །བདག་དང་རྟ་མགྲིན་གསང་བའི་ཡུམ། །སྤྱི་བོའི་བླ་མ་རིགས་བདག་དང་། །ཀུན་གྱི་ཐུགས་ཀར་པད་ཉི་དང་། །ཟླ་བའི་གདན་ལ་ཧྲཱིཿཡི་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་མཆོད། །མཉེས་ནས་བྱིན་རླབས་དངོས་གྲུབ་རྣམས། །བདག་ལ་ཐིམ་པས་སྡིག་སྒྲིབ་དག །ཚོགས་རྫོགས་དབང་བཞི་ཐོབ་པར་བསམ། ཁམས་གསུམ་འགྲོ་དྲུག་སེམས་ཅན་ལ། །འོད་ཟེར་ཕོག་པས་སྡིག་སྦྱངས་ནས། །ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ལྷ་ཡི་དཀྱིལ་འཁོར་ཏེ། །ཕོ་རྣམས་སྤྱན་རས་གཟིགས་སུ་གྱུར། །མོ་རྣམས་གསང་བ་ཡེ་ཤེས་ལ། །བདུད་དང་ལོག་འདྲེན་རྟ་མགྲིན་སྐུ །འོད་དང་མེ་དཔུང་འབར་བའི་ཞིང་། །རྒྱལ་བ་རྒྱ་མཚོའི་ཚོགས་སུ་བསྒོམ། །གཟུགས་སྣང་ལྷ་ཡི་རང་བཞིན་ལ། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ །སེམས་ཀྱི་དྲན་རྟོག་ཆོས་སྐུའི་ངང་། །དེ་ལྟར་བཟླས་པ་ཅི་རིགས་བྱ། །རྗེས་སུ་ཕྱི་སྣོད་ནང་བཅུད་ནས། རིམ་གྱིས་ཐམས་ཅད་བདག་ལ་བསྡུ། །བདག་ཀྱང་ཧྲཱིཿནས་སྟོང་པའི་བར། །མི་དམིགས་མ་བཅོས་སྤྲོས་བྲལ་ངང་། །མི་དམིགས་ཅི་ཡང་མི་བསམ་པར། །ཆོས་སྐུའི་ངང་ལ་ཅི་གནས་བཞག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་མཚམས་ལྷ་ཡི་ང་རྒྱལ་གྱིས། །སྤྱོད་ལམ་ཐམས་ཅད་བྱ་བ་འོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ནི་པདྨེ་ཧཱུྃ། ཡབ་ཀྱི་སྙིང་པོའོ། །ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྟ་མགྲིན་གྱི་སྙིང་པོའོ། །ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། གསང་བ་ཡེ་ཤེས་ཀྱི་སྙིང་པོའོ། །ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ། མཁའ་འགྲོ་སྡེ་བཞི་ཡབ་ཡུམ་གྱི་སྙིང་པོའོ། །བ་སུ་ནཱ་ནཱ་ཁཱ་དྷེ་སིདྡྷི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས། ཧཱུྃ་ཧཱུྃ། པུཥྚིཾ་བཱ་ཤཾ་ཀུ་རུ་ཧཱུྃ། རཏྣ་སིདྡྷི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿ དབང་དུ་སྡུད་པའི་སྙིང་པོའོ། །དེ་ལྟར་ཕྱི་སྒྲུབ་བསྙེན་པ་ལ། །དཀྱིལ་འཁོར་བཅའ་གཞི་མི་དགོས་ཤིང་། །རྒྱུན་དུ་ཡི་དམ་ནར་མར་བྱ། །ནང་ལྟར་འཇིག་རྟེན་དབང་ཕྱུག་གི །ལུས་ལ་ལྷ་རྣམས་དགོད་པ་ནི། །སྔོན་འགྲོ་ཡན་ལག་བདུན་པ་དང་། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས། །ཚད་མེད་བཞི་ཡིས་བློ་སྦྱངས་ཏེ། །སྟོང་པའི་ངང་ལས་པད་ཉི་དང་། །ཟླ་བའི་གདན་ལ་རང་སེམས་ཧྲཱིཿ དམར་པོ་འོད་འཕྲོས་འདུས་པ་ལས། །གོང་ལྟར་བདག་ཉིད་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་ཞབས་སྐྱིལ་ཀྲུང། །རྒྱན་རྫོགས་འཇའ་འོད་དབུས་བཞུགས་པ། །ཕྱི་སྒྲུབ་ཅི་ལྟ་བ་རུ་གསལ། །བླ་མ་རིགས་བདག་བཀའ་བརྒྱུད་བཅས། །སྤྱི་བོར་རྡོ་རྗེ་འཆང་ལྟར་བསྒོམ། །སྙིང་ནི་པདྨ་འདབ་བརྒྱད་སྟེང་། །ཉི་ཟླའི་གདན་ལ་རྟ་མགྲིན་ནི། །དམར་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་པ་དབང་སྡུད་ཕྱག་རྒྱ་ཡིས། །པདྨའི་ཕྲེང་བ་དམར་པོ་འདྲེན། །གཡོན་པ་ཨུཏྤལ་དམར་པོ་ཡི། །ཞགས་པ་སྡིགས་མཛུབ་བཅས་པ་ཡིས། །དཀུ་ལ་བརྟེན་ནས་གར་སྟབས་མཛད། །དེ་ཡི་ཐུགས་ཀར་པདྨ་དང་། །ཉི་མའི་དབུས་སུ་ཧྲཱིཿལ་སྔགས། །གཡས་སུ་འཁོར་བར་བསྒོམ་པ་འོ། །ལྟེ་བར་ཆོས་འབྱུང་བསྣོལ་མའི་སྟེང་། །པདྨ་ཉི་མ་རོ་སྟེང་དུ། །གསང་བ་ཡེ་ཤེས་ཌཱ་ཀི་མ། །གསང་གནས་པདྨ་འདབ་བཞིའི་སྟེང་། །རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་སྟེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །ཡབ་རྣམས་ཡུམ་དང་མཚུངས་པ་སྟེ། །གྲི་གུག་ཐོད་ཁྲག་རྒྱན་དང་ལྡན། །ལྟེ་བའི་ཡུམ་གྱི་གདན་ནས་བཏེགས། །དེ་ནས་སྐུ་གསུང་ཐུགས་བྱིན་བརླབ། །ཡེ་ཤེས་བསྟིམ་ཞིང་དབང་བསྐུར་བསམ། །ལྟེ་བའི་འོག་ཏུ་གཏུམ་མོའི་མེ། །འབར་བ་ལ་དམིགས་རླུང་བཟུང་བས། །གང་བྱེད་དབང་བསྡུས་བྱང་སེམས་རང་བཞིན་བཞུས། །རྔུབས་ནས་མེ་ལ་བསྟིམས་པས་ཡེ་ཤེས་འབར། །འཁོར་འདས་གཉིས་མེད་དགོངས་པ་བསྐྱང་བར་བྱ། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། །མེ་ལ་བསྟིམས་པས་དབང་བསྐུར་བདེ་ཆེན་བསྐྱེད། །འགྲོ་དྲུག་སེམས་ཅན་དབང་སྡུད་བྱང་སེམས་བསྒོམ། །སྙིང་རྗེའི་ངང་དུ་རླུང་རྔུབས་མེ་ལ་བསྟིམ། །སྤྲུལ་སྐུས་འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན། །དམིགས་མེད་ངང་ནས་རླུང་བཟུང་ཅིར་མི་དགོངས། །མཁའ་ལྟར་དག་པའི་ཆོས་སྐུ་མངོན་དུ་འགྱུར། །སྔགས་བཟླ་དུས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ལ་གདུང་བའི་ཚོགས་འཕྲོས་པས། །སྐྱེ་འགྲོའི་སྙིང་ནས་བཟུང་ནས་བཀུག་བྱས་པས། །རིག་པའི་ངོ་བོ་ཐུགས་ཀའི་ཧྲཱིཿལ་ཐིམ། །ལུས་པོ་འོད་དུ་ཞུ་ནས་ལྟེ་བར་བསྡུ། །ཡབ་ཡུམ་མཁའ་འགྲོ་ཕོ་མོའི་སྙིང་པོ་ལ། །དངོས་གྲུབ་སྡུད་པའི་སྔགས་བཏགས་བཟླས་པ་བྱ། །རྗེས་སུ་རྫོགས་རིམ་ལྷ་རྣམས་རང་སར་གཞུག །མཁའ་ལ་སྤྲིན་དེངས་ལྟ་བུར་གསལ་བའི་ངང་། །མ་བཅོས་དམིགས་གཏད་མེད་པའི་ངང་ཉིད་ནས། །མ་ཡེངས་བློ་ཡིས་མི་དཔྱད་མི་བསྒོམ་པར། །གཟུང་འཛིན་ཡིད་བྱེད་བླང་དོར་མེད་པ་ཡི། །དངོས་པོའི་རང་གཤིས་གསལ་དྭངས་བདེ་སྟོང་ཉམས། །ཆགས་འཛིན་མི་བྱ་རྣམ་དག་དེ་ངང་བསྐྱལ། །རྗེས་སུ་ཐུན་མཚམས་བྱ་བ་གོང་ལྟར་སྤྱད། །ནང་ལུས་ལ་ལྷ་དགོད་པ་སྟེ་སྒྲུབ་པའོ། །གསང་བ་རྩ་ལ་དགོད་པ་ཡི། །རིམ་པ་ཉམས་སུ་བླང་བྱ་བ། །གདན་ལ་བསམ་གཏན་ཕྱག་རྒྱས་གནས། །སྔོན་འགྲོ་ཡན་ལག་བདུན་པ་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །ཤཱུ་ཛྙཱ་ཏཱ་ཡིས་སྟོང་པར་བསྒོམ། །ཆོས་ཉིད་སྟོང་པར་བྱང་ཆུབ་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། སྟོང་པའི་ངང་ལས་པད་ཉི་དང་། །ཟླ་བ་རྒྱས་པའི་གདན་བསྒོམ་པ། །ཉི་ཟླའི་གདན་ལ་མངོན་བྱང་ཆུབ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གདན་སྟེང་རང་ཉིད་ཡི་གེ་ཧྲཱིཿ གསུང་གི་འབྲུ་ལ་མངོན་བྱང་ཆུབ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། །ཐུགས་ཀྱི་ཕྱག་མཚན་མངོན་བྱང་ཆུབ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །པདྨ་ཧྲཱིཿས་མཚན་འོད་ཟེར་གྱིས། །འགྲོ་བའི་རྒྱུད་སྦྱངས་ལྷར་གྱུར་ནས། །སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས། །སྔར་གྱི་པདྨ་ཧྲཱིཿས་མཚན་ཐིམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །བདག་ཉིད་ལྷ་ཡི་སྐུ་རྫོགས་པ། །སྐུ་ཡོངས་རྫོགས་པར་མངོན་བྱང་ཆུབ། །བྱ་གྲུབ་ནན་ཏན་ཡེ་ཤེས་སོ། །དེ་ཡང་བདག་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་བརྐྱང་གཡོན་བསྐུམ་གར་གྱིས་བསྒྱིངས། །དབུ་སྐྲ་གྱེན་བརྫེས་དར་གྱིས་བརྒྱན། །རིན་ཆེན་རྒྱན་གྱིས་མཛེས་པར་སྤྲས། །ཕྱག་གཡས་པད་ཕྲེང་གཡོན་པདྨ། །གསང་བ་ཡེ་ཤེས་ཡུམ་གྱིས་འཁྱུད། །དམར་མོ་གཅེར་བུ་སྤྱན་གསུམ་པ། །ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །ཐོད་པ་སྐམ་པོ་རུས་རྒྱན་ཅན། །རིན་ཆེན་སྣ་ཚོགས་དར་དཔྱང་བརྒྱན། །ཡེ་ཤེས་མེ་རིའི་དབུས་ན་བཞུགས། །དེ་ཡི་སྐུ་ལ་རྩ་གསུམ་དང་། །འཁོར་ལོ་བཞི་པོ་གསལ་གདབ་ལ། །སྤྱི་བོ་བདེ་ཆེན་འཁོར་ལོ་ལ། །རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི། །དབུས་སུ་བདེ་གཤེགས་སྤྱན་རས་གཟིགས། །དཀར་པོ་འཁོར་ལོ་དྲིལ་བུ་ཅན། །བདེར་གཤེགས་མཁའ་འགྲོ་སུམ་ཅུ་གཉིས། །འཁོར་ལོ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །རྩ་འདབ་བཅུ་དྲུག་དབུས་སུ་ནི། །པདྨ་རིགས་ཀྱི་སྤྱན་རས་གཟིགས། །དམར་པོ་པདྨ་དྲིལ་བུ་ཅན། །པདྨའི་མཁའ་འགྲོ་བཅུ་དྲུག་བསྐོར། །པདྨ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ། །རྩ་འདབ་བརྒྱད་ཀྱི་དབུས་སུ་ནི། །རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། མཐིང་ག་རྡོ་རྗེ་དྲིལ་བུ་ཅན། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བརྒྱད། །རྡོ་རྗེ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས། །རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །སེར་པོ་རིན་ཆེན་དྲིལ་བུ་ཅན། །རིན་ཆེན་མཁའ་འགྲོ་དྲུག་ཅུ་བཞི། །རིན་ཆེན་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །གསང་གནས་ནོར་བུའི་འཁོར་ལོ་རུ། །རྩ་འདབ་བཞི་ཡི་དབུས་སུ་ནི། །ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ལྗང་གུ་རྒྱ་གྲམ་དྲིལ་བུ་ཅན། །ལས་ཀྱི་མཁའ་འགྲོ་ལྗང་གུ་བཞི། །རྒྱ་གྲམ་གྲི་གུག་ཐོད་ཁྲག་ཐོགས། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །ཡབ་ཀྱི་ཐུགས་ཀར་རྟ་མགྲིན་དང་། །སྤྱི་བོར་བླ་མ་ལྟེ་བ་རུ། །དཔའ་བོ་སྡེ་བཞི་བསྒོམ་པར་བྱ། །ཡུམ་གྱི་ཐུགས་ཀར་ཞལ་གཉིས་མ། །སྤྱི་བོར་ན་བཟའ་དཀར་མོ་དང་། །ལྟེ་བར་རིགས་བཞི་མཁའ་འགྲོ་བསྒོམ། །ཀུན་ཀྱང་ཐོད་པ་སྐམ་རློན་དང་། །རིན་ཆེན་རུས་རྒྱན་དར་གྱིས་མཛེས། །པདྨ་ཉི་ཟླ་རོ་གདན་ཅན། །མེ་དཔུང་འབར་བའི་དབུས་སུ་འགྱིང་། །དེ་ལྟར་གསལ་བར་བསྒོམས་བྱས་ནས། །སྐུ་གསུང་ཐུགས་གསུམ་བྱིན་བརླབས་ཏེ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དབང་བསྐུར་དབང་རྟགས་དབུ་བརྒྱན་ལ། །དེ་ནས་རང་གི་འདོམ་བར་ནས། །ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས། །གསང་གནས་ལྷ་ཚོགས་མེ་འབར་ཏེ། །འཁོར་ལོ་བཞི་ཡི་གཙོ་བོ་རྣམས། །ལྟོས་ཐུག་མེད་པའི་མེ་འབར་ཏེ། །ལྟེ་བའི་ཨ་ལ་གཏུགས་ནས་ནི། །སྤྱི་བོའི་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས། །འཁོར་ལོ་རྣམ་བཞི་གང་བ་ཡིས། །ལྷ་རྣམས་བདེ་བ་ཆེན་པོར་འབར། །དུས་གསུམ་རྒྱལ་བ་མ་ལུས་དང་། །སྐྱེ་འགྲོ་སེམས་ཅན་བྱམས་སྡང་སོགས། །དུས་དང་གནད་དུ་གང་འགྲོ་བ། །རླུང་དང་དབྱེར་མེད་བསྡུས་ལ་བསྟིམ། །མེ་འབར་ཉོན་མོངས་རབ་བསྲེགས་ནས། །སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང་། །གཉུག་མ་ཡིད་ལ་མི་བྱེད་པར། །ཐ་མལ་ཤེས་པ་མ་བཅོས་ངང་། །རང་རིག་སྐྱེ་མེད་སྦྱངས་བྱས་ལ། །རླུང་བཟུང་རིག་པ་ཕྱོགས་མེད་སྦྱང་། །མདུན་གྱི་དཀྱིལ་འཁོར་བུམ་པ་དང་། །ཐོད་པ་མེ་ལོང་འཁོར་ལོ་དང་། །རིལ་བུ་སྦ་ལྕག་དག་ལ་ཡང་། །རང་ཉིད་ཅི་ལྟར་བསྐྱེད་བསྟིམ་བྱ། །བདག་དང་དེ་རྣམས་ཐུགས་ཀ་ནས། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ལ་གདུང་འཕྲོས་པས། །གང་དམིགས་ལ་སོགས་སྐྱེ་འགྲོ་ཡི། །ཕོ་ཡི་སྙིང་ཁ་མོ་ཡི་ནི། །གསང་བའི་གནས་ནས་བཟུང་ནས་ནི། །རང་དབང་མེད་པར་མདུན་དུ་བཀུག །འོད་ཟེར་འཕྲོས་པས་ཕོག་པ་ཡིས། །དེ་དག་འོད་དུ་ཞུ་བ་ལས། །བྱང་སེམས་དཀར་དམར་རྣམ་པར་གྱུར། །རིལ་བུ་ལ་སོགས་རྫས་རྣམས་དང་། །རང་གི་གསང་བར་བསྡུས་ལ་བསྟིམ། །ཐུགས་ཀའི་ཧྲཱིཿལ་འདུས་པར་བསམ། །བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམ། །རླུང་བཟུང་སྔགས་ཟློ་གང་གོམས་བྱ། །ཐུན་རྟིང་རྫོགས་རིམ་ཐུན་མཚམས་སུ། །བསྔོ་བ་སྨོན་ལམ་སྤྱོད་ལམ་བྱ། །ཐུན་བཞི་ཐུན་དྲུག་ལ་སོགས་བཅད། །ཚོགས་དང་གཏོར་མ་ཐུན་མཚམས་མཆོད། །བསྟོད་པས་བསྟོད་ཅིང་བཀྲ་ཤིས་བརྗོད། །ཡིག་བརྒྱ་ལ་སོགས་བཤགས་པ་བྱ། །རྟགས་དང་ཆོ་འཕྲུལ་མཁའ་འགྲོའི་ལྟས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཅི་ཤར་ཡང་། །རྨི་ལམ་བཟང་དང་ངན་པ་ཡི། །གང་ལའང་དགའ་དང་མི་དགའ་བའི། །མཚན་མར་འཛིན་པར་མི་བྱ་འོ། །དེ་ལྟར་ཞག་བདུན་ཉེར་གཅིག་སོགས། །ཟླ་གསུམ་ཟླ་དྲུག་ལ་སོགས་ལས། །མཆོག་དང་ཐུན་མོང་དངོས་གྲུབ་འབྱུང། །དེ་ནས་སྒྲུབ་པ་ཚར་རྗེས་སུ། །རིལ་བུ་འཁོར་ལོ་ལུས་ལ་བཅང་། །སིནྡྷུ་ར་ཡིས་སྤྱི་བོ་དང་། །དཔྲལ་བ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་གནས་དག་ཏུ་བྱུག །བུམ་པའི་ཆུ་ཡིས་བཀྲུ་བཏུང་བྱ། །ཐོད་ཆང་བཏུང་ལ་དངོས་གྲུབ་བླང་། །གཏོར་མ་ལ་སོགས་སྦྱིན་སྲེག་བྱ། །བུམ་ཆུ་གང་བླུད་དབང་དུ་འགྱུར། །སྦ་ལྕག་གཟུང་ཞིང་ཀླད་ལ་བསྐོར། འགྲོ་བ་དབང་དུ་འདུས་པར་བསམ། །སྦྱིན་སྲེག་དཀྱིལ་འཁོར་ཟླ་གམ་ཁར། །དབང་གི་ཤིང་དམར་ཟླ་གམ་བརྩིག །མེ་སྦར་ལྷ་ཚོགས་བསྐྱེད་པར་བྱ། །ཡེ་ཤེས་བསྟིམས་ལ་མཆོད་བསྟོད་འབུལ། །བསྲེག་རྫས་འདོད་ཡོན་སྣ་ཚོགས་དང་། །རིལ་བུ་མར་དང་འབྲུ་མར་བསྲེག །ཟས་ནོར་གོས་དང་རིན་པོ་ཆེ། །ཤིང་ཐོག་འབྲུ་སྣ་ཅི་སྲིད་འབུལ། །གསོལ་བ་གདབ་ཅིང་མཆོད་པ་བྱ། །རྗེས་སུ་ཡེ་ཤེས་སེམས་དཔའ་གཤེགས། །ཐལ་བ་ཆུ་བོའི་གཞུང་དུ་དོར། །དེ་ཡིས་སྣང་བ་དབང་དུ་འགྱུར། །རྩ་ལ་དགོད་པ་གསང་སྒྲུབ་ནི། །ལས་སྦྱོར་ལྟ་བུར་བཞེད་པ་འོ། །ཡང་གསང་སེམས་ལ་དགོད་པ་ནི། །དབེན་གནས་ཕྱི་རོལ་མི་བཙལ་ཏེ། །ལུས་འདི་གཞལ་ཡས་ཁང་ཉིད་ཡིན། །ལྷ་སྐུ་གཞན་དུ་མི་བཙལ་ཏེ། །སེམས་ཉིད་སྐྱེ་འགག་མེད་པ་དེ། །རིགས་ཀྱི་བདག་པོ་བླ་མ་ཡིན། །མ་རྟོགས་ཉོན་མོངས་གཏི་མུག་སྟེ། །རྟོགས་གྲོལ་ཐུགས་རྗེ་ཆེན་པོ་ཡིན། །ཡིད་བྱེད་རྟོག་པ་འཕྲོ་བ་དེ། །རྟོགས་ན་སངས་རྒྱས་སྟོང་རྩ་ཡིན། །ཞེ་སྡང་གདུག་སེམས་ལྡན་པ་དེ། །གཞི་མེད་རྟོགས་པ་རྟ་མགྲིན་ཡིན། །འདོད་ཆགས་གདུང་སེམས་ཏུར་ཏུར་དེ། །རྩ་བྲལ་ཤར་བ་གསང་ཡེ་ཡིན། །ཉོན་མོངས་ང་རྒྱལ་རྟོག་ཚོགས་རྣམས། །ངར་འཛིན་བྲལ་བ་དཔའ་བོ་ཡིན། །ཕྲག་དོག་རླུང་ལྟར་འཚུབས་པ་དེ། །རེ་དོགས་ཟད་པ་དཔའ་མོ་ཡིན། །ཆུ་ཁམས་ཁྲག་དང་རྣམ་ཤེས་དེ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །རྩ་ཁམས་ཤ་དང་ཚོར་བ་ནི། །རིན་ཆེན་མཁའ་འགྲོ་མ་ཞེས་གྲགས། །མེ་ཁམས་དྲོད་དང་འདུ་ཤེས་དེ། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རླུང་ཁམས་དབུགས་དང་འདུ་བྱེད་དེ། །ལས་ཀྱི་མཁའ་འགྲོ་ཞེས་སུ་བཤད། །ནམ་མཁའི་ཁམས་དང་སེམས་ཉིད་དེ། །གཟུགས་ཀྱི་ཕུང་པོ་བདེ་གཤེགས་རིགས། །མཁའ་འགྲོ་པདྨ་དྲ་བ་འོ། །སྐྱེ་མཆེད་ཚོགས་དྲུག་དེ་ཡི་ཡུལ། །འདོད་ཡོན་མཆོད་པའི་ལྷ་མོ་ཡིན། །དགེ་དང་མི་དགེ་རྟོག་ཚོགས་རྣམས། །དམ་ཅན་བཀའ་སྡོད་སྲུང་མར་བཤད། །དེ་ལྟར་སེམས་ཀྱི་ངོ་བོ་དེ། །མ་རྟོགས་འཁྲུལ་པ་འཁོར་བ་སྟེ། །དེ་ཤེས་རྟོགས་པ་མྱ་ངན་འདས། །ལྷ་སྐུ་སེམས་ཀྱི་རིག་རྩལ་དེ། །དངོས་པོར་བཟུང་ནས་འཁྲུལ་པའི་ཕྱིར། །ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ། །སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར། །ཕྱི་ནང་རླུང་གི་རྒྱུ་བ་ཡང་། །སྒྲ་ཚད་གྲགས་སྟོང་བརྗོད་མེད་ཡིན། །གདོད་ནས་དག་པའི་རིག་པ་ནི། །ཡེ་ནས་ཆོས་སྐུར་གནས་པ་ལ། །ངོ་སྤྲོད་དེ་ངོ་ཤེས་པ་ཡིན། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་དེ། །སངས་རྒྱས་ཞེས་སུ་གྲགས་པ་འོ། །གོམས་འདྲིས་བརྟན་ན་དྲོད་རྟགས་འཆར། །དེ་ལྟར་ཆོས་སྐུའི་ངོ་བོ་ལ། །གཟུང་བར་བྱ་བའི་ཡུལ་ཡང་མེད། ཁམས་དྲོད་རྟགས་དང་ཉམས་མྱོང་ལ། །མ་ཆགས་རང་བྱུང་རྩ་ནས་དག །རང་དོན་ཆོས་སྐུ་མངོན་གྱུར་ཏེ། །གཞན་དོན་གཟུགས་སྐུ་ལྷུན་གྲུབ་འབྱུང་། །འཁོར་བ་མྱ་ངན་འདའ་བར་འགྱུར། །སྙན་བརྒྱུད་དྲི་མ་མེད་པ་འོ། །མ་གཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ་འཇིག་རྟེན་དབང་ཕྱུག་གི་གསང་སྒྲུབ་རྫོགས་སོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་གཞུང་དྲི་མ་མེད་པ། གྲུབ་ཆེན་ཏི་པུ་པ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པའོ།། །།
ཉང་གཏེར་དཔལ་མགོན་ཕྱག་བཞི་པའི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 42)
ཨཱོྃ་སྭསྟི། བླ་མ་དང་ནི་ཧེ་རུ་ཀཿ དབྱེར་མེད་ནག་པོ་ཆེན་པོ་ལ། །བཏུད་ནས་སྒྲུབ་ཐབས་དབང་ཆོག་གི །ལག་ལེན་མདོ་ཙམ་བཤད་པར་བྱ། །འདིར་ཉང་གཏེར་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། གནས་དབེན་པར་ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། དཀྱིལ་འཁོར་སྒོ་རྫོགས་སྒོམ་དོན་དང་མཐུན་པའམ། བསྡུ་ན་མེ་རི་དང་རྡོར་རས་ཟླུམ་པོར་བསྐོར་བའི་པདྨ་འདབ་བརྒྱད་ཕྱོགས་ཚོན་གྱི་ལྟེ་བ་དམར་པོ་ཐོད་ར་ཅན་གྱི་དབུས་སུ་ཆོས་འབྱུང་ནག་པོ་ཞིག་བྲི། ལྷ་གནས་སུ་སོ་སོའི་ཕྱག་མཚན་དང་ས་བོན་ཚོམ་བུ་རྣམས་ཅི་རིགས་པ་དགོད། དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན། དེའི་སྟེང་དུ་ཀ་པཱ་ལ་བདུད་རྩིས་བཀང་བའི་ཁར། མེ་ལོང་ལ་སིནྡྷུ་ར་བཀྲམ། དེ་ལ་ཆོས་འབྱུང་ཉིས་བརྩེགས་དབུས་སུ་མགོན་པོ་ཡབ་ཡུམ་གྱི་རྩ་སྔགས་བྲིས་པས་བཀབ། སྟེང་ནས་དར་ནག་པོའི་གུར་ཕུབ། དེའི་གཡས་སུ་དཔལ་བཤོས་སྙིང་གཟུགས་ལ་སྐུ་རྟེན་དང་མདའ་དར་གྱིས་བརྒྱན་པ། གཡོན་དུ་ལས་མགོན་གྱི་བཤོས་བུ་གྲུ་གསུམ་དམར་ནག་མཐེབ་ཀྱུས་བསྐོར་བ། མདུན་དུ་ལྷ་གྲངས་དང་མཉམ་པའི་མཆོད་གཏོར། རྒྱབ་ཏུ་གིང་ཕོ་སྡེ་བཞིའི་བཤོས་བུ། དེ་དག་གི་གཡས་གཡོན་དུ་སྨན་རཀ་དང་། མཐའ་མཆོད་པས་བསྐོར། རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། བདག་བསྐྱེད་ཡི་དམ་གྱི་རིགས་སམ་མགོན་པོ་གོང་གནོན་ཡེ་ཤེས་པར་སྒྲུབ་པ་གང་འོས་སོ་སོའི་རང་གཞུང་ལྟར་བྱས་ནས། མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་གྱིས་བརླབ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་རྡོ་རྗེའི་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ནག་པོ་ཆེན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་འཇིགས་སུ་རུང་བ་ཞལ་གཅིག་ཕྱག་བཞི་པ། ཐུང་ཞིང་སྦོམ་ལ་གསུས་ཁྱིམ་ཆེ་བ། ཁྲོ་གཉེར་དང་བཅས་པའི་ཞལ་གདངས་ཤིང་མཆེ་བ་དྲག་ཏུ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། སྨིན་མ་དང་ཨག་ཚོམ་དམར་སེར་མེ་ལྕེ་ལྟར་འབར་ཞིང་འཁྲུགས་པ། ཕྱག་དང་པོ་གཉིས་ཀྱིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་མེ་འབར་བ་དང་ཁ་ཊྭཱཾ་ག་འཕྱར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་སྣ་ཚོགས་པའི་ཅོད་པན་དང་། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། དཔའ་ཞིང་མི་སྡུག་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཧེ་རུ་ཀའི་ཅོད་པན་ཅན། མཁའ་ལྡིང་བྱ་ཁྱི་ཅེ་སྤྱང་ལ་སོགས་པ་སྤྲུལ་པའི་ཕོ་ཉ་གྲངས་མེད་དུ་སྤྲོ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་པང་དུ་མ་ལས་ཡུམ་ཙཎྜི་ཀ་ནག་མོ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔ་དང་སྦྲུལ་དང་ཐོད་པའི་ཕྲེང་བས་སྤྲས་པ། གཉིས་ཀའང་དྲག་ལ་རྔམ་པའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་ཧཱུྃ་ལས་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ་མི་ལྤགས་ཀྱི་གཡང་གཞི་ཅན་བྱ་རོག་ལ་ཞོན་པ། ལྷོར་རུ་ལས་འབར་མ་ནག་མོ་རྩེ་གསུམ་དང་ཐུན་ཁྲག་འཕེན་པ་ཟ་འོག་གི་གོས་ཅན་བྱ་རོག་ལ་ཞོན་པ། ནུབ་ཏུ་ཏྲི་ལས་ཤ་ཟ་སེང་གདོང་མཐིང་ནག་མདུང་དང་དམར་གཏོར་ཐོགས་པ་དར་ནག་པོའི་བེར་གྱོན་ནས་རྟ་ནག་ལ་ཞོན་པ། བྱང་དུ་པ་ལས་གཟའ་བདུད་སྨུག་ནག་མགོ་བོ་དགུ་པ་ཆུ་སྲིན་གྱི་ཞགས་པ་དང་རྭའི་མདའ་གཞུ་འཛིན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། ཤར་ལྷོར་ར་ལས་ཚངས་པ་དཀར་པོ་དར་མདུང་དང་མཚོན་ཆའི་འཁོར་ལོ་བསྐོར་བ་རྟ་དཀར་ལ་ཞོན་པ། ལྷོ་ནུབ་ཏུ་ཡ་ལས་གཤིན་རྗེ་དམར་ནག་སྤུ་གྲི་དང་ཞགས་པ་འཛིན་པ་ར་དམར་ལ་ཞོན་པ། ནུབ་བྱང་དུ་ཙ་ལས་རྡོ་རྗེ་ལེགས་པ་སྔོན་པོ་རྡོ་རྗེ་དང་དགྲ་སྙིང་འཛིན་པ་གདོང་ལྔ་ལ་ཞོན་པ། བྱང་ཤར་དུ་དུ་ལས་གནོད་སྦྱིན་ནག་པོ་བེར་ཀ་དང་དགྲ་སྙིང་ཁྱེར་བ་བདུད་རྟ་ལ་ཞོན་པའོ། །དེ་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་མི་སྡུག་པའི་གཟུགས་ཅན། ཐོད་སྐམ་ལྔའི་ཅོད་པན་དང་ཁྲག་འཛག་པའི་མགོ་བོའི་དོ་ཤལ་རྒྱུ་མའི་ག་ཤ་ལ་སོགས་པ་དུར་ཁྲོད་ཀྱི་ཆས་སྣ་ཚོགས་ཀྱིས་བརྒྱན་པ། གཞན་ཡང་དེ་དག་གི་ཕྱི་རོལ་གྱི་ཤར་དུ་ནག་པོ་སྟོང་། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི་སོགས་དམ་ཅན་རྒྱ་མཚོའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་སྣང་ཆེན་པོའི་ཕོ་བྲང་། རྡོ་རྗེ་གདན་ན་ལནྡྲེ་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ལ། ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བ་ཚལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་གཤེགས་མ་ཧཱ་ཀཱ་ལའི་ཚོགས། །ཡེ་ཤེས་མགོན་པོ་ཡབ་ཡུམ་འཁོར་དང་བཅས། །ལས་ཀྱི་མགོན་པོ་འཇིགས་བྱེད་བྱ་རོག་གདོང་། །མ་གཅིག་ལྷ་མོ་འབར་མ་ནག་མོ་དང་། །དཔལ་ལྡན་ཕྲིན་ལས་མགོན་པོ་སེང་གེའི་གདོང་། །ཤ་ཟ་སྲིན་པོ་གཏུམ་ཆེན་རཱ་ཧུ་ལ། །སྒྲོལ་གིང་གཤིན་རྗེ་བཙན་དང་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ། །དུར་ཁྲོད་བརྒྱད་སོགས་ཞིང་ཁམས་རྒྱ་མཚོ་ནས། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། ཧཱུྃ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །མ་ཧཱ་ཀཱ་ལ་ཡབ་ཡུམ་འཁོར་དང་བཅས། །དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར། །གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ས་མ་ཡ་ཏིཥྛནྟུ། ཞེས་གཉིས་མེད་དུ་བཞུགས་སུ་གསོལ། ཨཱོྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱིས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་སྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཨཱོྃ་བཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀཏོ་ད་ཀ་ཋ་ཋ་ཋ་ཧཱུྃ། ཞེས་དམ་ལ་གཞག །ཧཱུྃ། ཆོས་སྐུ་འགྱུར་མེད་དཔལ་ལྡན་ནག་པོ་ཆེ། །ཕྲིན་ལས་ལྷུན་གྲུབ་དཔའ་བརྗིད་ཕྱག་བཞི་པ། །དགྲ་བགེགས་ཀུན་འདུལ་ཆོས་སྐྱོང་ཡོངས་ཀྱི་རྗེ། །མགོན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཕྱི་ནང་གི་མཆོད་པ་འབུལ་ཚིག་རྒྱས་པ་དངོས་གྲུབ་རོལ་མཚོ་བཞིན་དང་། བསྡུ་ན། ཧཱུྃ། ཡེ་ཤེས་མགོན་པོ་ཡབ་ཡུམ་ནག་པོ་ཆེ། །གཏོར་ལེན་མ་མོ་མཁའ་འགྲོ་གིང་གི་ཚོགས། །དམ་ཅན་སྲུང་མ་མ་ལུས་འཁོར་བཅས་ལ། །ཡོན་ཆབ་བདུག་སྤོས་མེ་ཏོག་མར་མེ་དྲི། །བཤོས་གཙང་སྒྲ་སྙན་ལ་སོགས་མཆོད་པར་འབུལ། །ནས་འབྲས་གྲོ་དང་ཏིལ་དང་སྲན་ཆན་དང་། །བསད་པའི་ཤ་དང་བསྲེགས་པའི་གསུར་ལ་སོགས། །དཀར་གསུམ་མངར་གྱིས་བརྒྱན་པའི་གཏོར་མ་འབུལ། །ཤ་ལྔ་བདུད་རྩི་ལྔ་དང་ཞལ་ཟས་སོགས། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་འབུལ། །བདུད་རྩི་སྨན་དང་རཀྟ་དམར་གྱི་མཚོ། །བཤོས་བུ་གསེར་སྐྱེམས་རང་རང་མཐུན་པའི་རྫས། །རྣམ་མང་མཆོད་པའི་དམ་རྫས་འདི་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། དེ་བཞིན་དུ་མཚན་སྔགས་སྔོན་འགྲོའི་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་དང་། ཁྱད་པར་དུ། མགོན་པོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ས་པ་རི་བཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཕྲིན་ལས་སྔར་བཞིན་གསོལ། བསྟོད་པ་ནི། ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེས་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོའི་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིར་ལྡན། ཁྲོ་གཉེར་གསུས་འཕྱང་མཆེ་བ་རྣམ་པར་གཙིགས། །སྨིན་མ་ཨག་ཚོམ་སེར་ཞིང་དམར་བའི་མདངས། །གཟི་བརྗིད་རབ་འབར་སྐུ་ལ་ཕྱག་འཚལ་བསྟོད། ཁྲོས་པའི་ཆ་བྱད་སྤྱན་གསུམ་བགྲད་པ་ཡིས། །འཇིག་རྟེན་ལྷ་ཆེན་མ་ལུས་ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་བགེགས་ཚོགས་སྲེག་མཛད་པའི། །ང་རོ་འཇིགས་པའི་གསུང་ལ་ཕྱག༴ རྟོག་མེད་རྣམ་གྲོལ་མཉམ་པར་ཐུགས་གནས་ཀྱང་། །ཆགས་མེད་སྙིང་རྗེས་འགྲོ་དོན་མཛད་པའི་ཚུལ། །བྱམས་པ་ཆེན་པོས་སྒྲུབ་མཆོག་བུ་བཞིན་སྐྱོང་། །མི་གནས་བདེ་ཆེན་ཐུགས་ལ་ཕྱག༴ སྐྱོན་ལས་ཡོངས་གྲོལ་ཡོན་ཏན་མཐར་ཕྱིན་རྟགས། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་བརྒྱན། །ཉོན་མོངས་ཀླུ་དང་ལོག་ལྟ་འཇོམས་མཛད་ཚུལ། །སྦྲུལ་གྱིས་རྣམ་བརྒྱན་སྟག་ལྤགས་ཤམ་ཐབས་གསོལ། །རྫུ་འཕྲུལ་མཐུ་སྟོབས་བྱིན་རླབས་ཤུགས་དང་ལྡན། །ཡོན་ཏན་མཆོག་སྟེར་ཁྱོད་ལ་ཕྱག༴ རྟོག་པ་རབ་གཅོད་ཉམས་པའི་སྙིང་འབྱིན་པའི། །གྲི་གུག་རལ་གྲི་གཡས་པའི་ཕྱག་ན་བསྣམས། །ཆོས་རྣམས་བདེ་བར་རྟོགས་པའི་ཐོད་ཁྲག་དང་། ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་འབབ་གཡོན། །ཚར་གཅོད་རྗེས་འཛིན་སྐུ་གསུམ་དངོས་གྲུབ་སྩོལ། །ཕྲིན་ལས་ཐོགས་མེད་ལྡན་ལ་ཕྱག༴ ཁྲོས་པའི་ཉམས་དང་སྒྲ་སྐད་དྲག་པོ་ཡིས། །བཀའ་ཉན་ལས་བྱེད་མ་མོ་ཌཱ་ཀི་དང་། །གིང་དང་གཤིན་རྗེ་ཤ་ཟ་མ་ལུས་ཚོགས། །རང་དབང་མེད་པར་དབང་སྡུད་ཕོ་ཉར་འགྱེད། །འགལ་བྱེད་ཚོགས་རྣམས་མྱུར་དུ་བརླག་མཛད་པའི། །དྲག་པོ་སྒྲོལ་བྱེད་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཧཱུྃ། ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར། །དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །རྡོ་རྗེ་ནག་པོ་ཆེ་ལ་ཕྱག༴ གསང་བའི་དགྱེས་སྤྱོད་མ་གཅིག་ཙཎྜི་ཀ །གཅེར་བུ་སྐྲ་གྲོལ་སྟོང་གསུམ་གར་སྒྱུར་མ། །གྲི་གུག་དབང་སྡུད་ཐོད་ཁྲག་འཁོར་བ་སྟོངས། །དཔལ་ལྡན་དབྱིངས་ཀྱི་མ་མོར་ཕྱག༴ ཧཱུྃ། སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །སྲིན་པོའི་གཟུགས་ཅན་གདུག་པ་ཀུན་འདུལ་བའི། །ལས་མགོན་ནག་པོ་ཆེ་ལ་ཕྱག༴ ནག་པོའི་ལས་མཛད་མཁའ་འགྲོ་ཀུན་གྱི་གཙོ། །མི་བསྲུན་གཟུགས་འཆང་དགྲ་ལ་དུག་ནད་འབེབ། །ཤ་ཟ་ཁྲག་འཐུང་གཏུམ་མོ་རབ་འབར་མ། །ནག་མོ་བྱ་ཞོན་མ་ལ་ཕྱག༴ བཀའ་ཉན་ལས་བྱེད་སངས་རྒྱས་བསྟན་པ་སྲུང་། །ཐུགས་དམ་དབང་གིས་སྒྲུབ་མཆོག་བུ་བཞིན་སྐྱོང་། །དྲག་ཤུལ་སྟོབས་ཀྱིས་བསྟན་དགྲ་རྩད་ནས་གཅོད། །ཤ་ཟ་སེང་གདོང་ཅན་ལ་ཕྱག༴ མགོན་པོའི་བཀའ་སྡོད་འཇིགས་བྱེད་ཀུན་གྱི་གཙོ། །སྟོང་གསུམ་ཅིག་ཅར་ཉུལ་ཞིང་བསྟན་པ་སྲུང་། །ཐོགས་མེད་མཐུ་མངའ་སྡེ་བརྒྱད་དམག་དཔོན་མཛད། །གཟའ་བདུད་རཱ་ཧུ་ལ་ལ་ཕྱག༴ འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ཅན། །དྲག་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཡིས། །ཞིང་བཅུའི་སྲོག་དབུགས་འདྲལ་བའི་མཐུ་བོ་ཆེ། །ལས་བྱེད་དྲེགས་པ་བཞི་ལ་ཕྱག༴ གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས། །འཁོར་ཚོགས་སྡེ་དང་དཔུང་དང་ཕོ་ཉར་བཅས། །གྲངས་མེད་ཡིད་བཞིན་འཁོར་ལོར་འཆར་ལ་བསྟོད། །ཅེས་བསྟོད། བཟླས་པ་བྱ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྲོག་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ ཅེས་གཙོ་བོ་དང་། ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཡབ་ཡུམ་སྦྲེལ་མ། ཨཱོྃ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཧཱུྃ་ས་མ་ཡ་སྲོག་དུང་དུང་ཛ༔ མ་མ་རཀྨོ་ཛྭ་ལི་རུ་ཧྲིཾ་ཛ༔ སི་ན་ར་ཧཱུྃ་ཕཊ་ཏྲི་ཧྲིཾ་ཛ༔ རཀྴ་རཱ་ཧུ་ལ་པ་ཧྲིཾ་ཛ༔ ཞེས་ལས་མཁན་སྡེ་བཞིའོ། །གིངྐ་ར་ར་ཧྲིཾ་ཛ༔ ཡ་མ་རཱ་ཛ་ཡ་ཧྲིཾ་ཛ༔ བཛྲ་སཱ་དྷུ་ཙ་ཧྲིཾ་ཛ༔ ཡཀྴ་ནག་པོ་དུ་ཧྲིཾ་ཛ༔ ཞེས་གིང་ཆེན་སྡེ་བཞིའོ། །དེ་ལྟར་གཙོ་འཁོར་གྱི་འགྲོས་སྦྱར་ནས་ཅི་རིགས་བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ་ལོ། །སྐབས་ཀྱི་ཕྲིན་ལས་ལ་ནི་འདིར་སྐོང་བཤགས་ལ་སོགས་པ་རྣམས་བྱ་ཞིང་། རྒྱུན་གཏོར་ནར་མ་ཙམ་ལ་གོང་གི་བསྟོད་པའི་རྗེས་ཉིད་དམ། བཟླས་པའི་རྗེས་སུ་ཐུན་གཏོར་ལ་སྒྲོན་མེ་བཙུགས་ཏེ་བྱིན་གྱིས་བརླབས་ནས་ཁང་སྟེང་ལ་སོགས་པར་འབུལ་ཞིང་། དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྟབ་པ་བྱ། ཐུན་གཏོར་མེད་ན་སྐབས་འདིར་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་བཟླས་པའི་མཐར་ཐུག་པ་སྔར་བཞིན་བྱས་ནས། བུམ་པའི་ནང་དུ་མགོན་པོ་འཁོར་བཅས་སྐད་ཅིག་གིས་གསལ་བཏབ། སྙིང་གའི་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ། བྱང་སེམས་བདུད་རྩིར་བབས་པར་བསམ་ལ་བཟླས་པ་ཅི་ནུས་དང་། འོག་ཏུ་སློབ་མ་ལ་ཇི་ལྟར་བྱེད་པའི་ཆོ་ག་རྣམས་དམིགས་པའི་སྒོ་ནས་བདག་འཇུག་གི་ཚུལ་དུ་བླང་། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱས། བགེགས་སྐྲོད་པ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་ཆོས་བཤད་ཅི་རིགས་པ་བྱས་ནས། འདིར་བཅོམ་ལྡན་འདས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿཉིད། གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྐུར་བཞེངས་པ་སྟེ། ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་ཀྱི་རྗེ་བཙན་མཐུ་སྟོབས་ནུས་པའི་བྱིན་རླབས་འགྲན་ཟླ་མེད་པའི་བསྟན་སྲུང་ཐམས་ཅད་ཀྱི་གཙོ་བོར་གྲུབ་པ་ཡིན་ལ། འདི་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། ཟབ་རྒྱས་རྣོ་མྱུར་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་གྱུར་པ་ནི། མངའ་བདག་ཉང་རིན་པོ་ཆེས་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་མགོན་པོ་མེ་འབར་མར་གྲགས་པའི་ཆོས་སྐོར་འདི་ཉིད་ཡིན་ཞིང་། དེ་ལ་རྒྱུད་དང་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ཟབ་ཅིང་ཁ་ཚང་དོན་འདྲིལ་མཐའ་རྒྱས་སུ་ཡོད་པ་ལས། དེ་རྣམས་ཀྱི་རྩ་བའི་དབང་བཀའ་ནི་འདི་ཉིད་ཡིན་པས་འདི་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་ལ་སོང་། སློབ་མའི་བྱ་བ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ལ་སློབ་དཔོན་དཔལ་ཧེ་རུ་ཀཿདང་གཉིས་སུ་མེད་པའི་དྲུང་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ་ཞེས་བརྗོད། དེས་ཀྱང་མཎྜལ་ཕུལ་ལ། མིག་དར་དང་མེ་ཏོག་གཏད། དཔལ་ལྡན་འཇིགས་བྱེད་ཆེན་པོ་ཀྱེ༔ འཇིགས་པའི་དཀྱིལ་འཁོར་འདི་རུ་ནི༔ བདག་ནི་ཡང་དག་སླར་འཇུག་པས༔ དཔའ་བོ་བླ་མས་གཏང་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཧོ༔ དཔལ་ལྡན་ཁྲག་འཐུང་ཡབ་ཡུམ་གྱི༔ འཇིགས་པའི་དཀྱིལ་འཁོར་འདིར་ཞུགས་ལེགས༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་གནང་བ་བྱིན། རྒྱུད་དག་པར་བྱ་ཕྱིར། བླ་མ་དཀོན་མཆོག་རྣམ་གསུམ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །དགེ་བ་བྱང་ཆུབ་ཆེ་ཐོབ་ཤོག །ཅེས་ཡན་ལག་བདུན་པ་བྱ། ཡེ་ཤེས་དབབ་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་སྤྱི་བོར་ཐིམ་པས། མ་དག་པའི་ལུས་སྦྱངས་ཏེ་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་ཆེན་པོའི་དབུས་སུ་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་མགོན་པོ་ཡབ་ཡུམ་གྱི་སྐུར་གསལ་བཏབ་པ་དེའི་གནས་གསུམ་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། འོག་མིན། རྡོ་རྗེ་གདན། ན་ལེནྡྲ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་ཁ་ཆར་འབབ་པ་བཞིན་བྱོན་ནས་སློབ་མ་ལ་ཐིམ་པར་བསམ་ཞིང་། ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་ཨཱ་བེ་ཤ་ཡ་མ་མ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་རོལ་མོའི་སྒྲ་བྱ། དམ་རྫས་ཀྱི་སྦྱར་སྤོས་བསྲེག །ལུས་འཕར་གཡོ། ངག་སྨྲ་བརྗོད། སེམས་རྟོག་མེད་དུ་གནས་པ་སོགས་ཅི་རིགས་པ་མཐོང་ན། ཏིཥྛ་བཛྲ་ཞེས་བརྟན་པར་བྱ། པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་པས་མེ་ཏོག་ཕུལ། ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་པས་མིག་ཕྱེ་ལ། འཇིགས་བྱེད་དཀྱིལ་འཁོར་འདི་ལ་ལྟོས༔ མགོན་པོ་ཡབ་ཡུམ་འཁོར་དང་བཅས༔ འཇིགས་པའི་ང་རོ་མེ་འོད་འབར༔ དཔལ་དང་ལྡན་པའི་དབང་བསྐུར་རོ༔ ཞེས་སྔོན་དུ་འགྲོ་བས་ལྷ་ངོ་སྟོན་པ་ནི། མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་ཞེས་པ་ནས། དམ་ཅན་རྒྱ་མཚོའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །ཞེས་པའི་བར་སྒྲུབ་ཐབས་བཞིན་ལས། ས་བོན་བསྐྱེད་པའི་ཚིག་རྣམས་དོར་བས་ལྷ་ངོ་བསྟན་ནོ། །གཉིས་པ་དངོས་གཞི་ལ། ཐུན་མོང་གི་དབང་བཞི། སྒོས་དབང་བྱེ་བྲག་པ། གཏོར་མའི་བཀའ་བསྒོ་གསུམ་ལས། དང་པོ་ཐུན་མོང་གི་དབང་བཞི་ནི། བླ་མ་དང་མགོན་པོ་དབྱེར་མེད་པ་ལ་མོས་གུས་དུང་བ་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། དེ་དག་གིས་བུམ་པའི་ཆུས་དབང་བསྐུར་བར་མོས་སུ་བཅུག་ལ། བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ། སྣོད་བཅུད་རྣམ་དག་རིན་ཆེན་བུམ་པ་ན། །ཧེ་རུ་ཀཿདཔལ་མགོན་པོའི་ལྷ་ཚོགས་བཞུགས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་རྫོགས་ཤོག །ཨཱོྃ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་ཨ་བྷི་ཥིཉྩ་ཨཱོྃ༔ དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྤྲུལ་སྐུ་འཐོབ་པའི་སྐལ་ལྡན་དུ་བྱས་སོ། །ཐོད་པ་བདུད་རྩི་ཅན་མགྲིན་པར་བཞག་ལ། ཧཱུྃ༔ བྱང་སེམས་དཀར་དམར་ཧེ་རུ་ཀཿཡི་བཅུད༔ བདུད་རྩི་ལྔ་ནི་རིགས་ལྔ་ཁྲག་འཐུང་རྫས༔ བརྟེན་པས་དངོས་གྲུབ་མྱུར་ཐོབ་དབང་བསྐུར་བས༔ རྩ་ཁམས་ཟག་མེད་བདེ་བར་སྨིན་པར་ཤོག༔ ཨཱཿམ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བསྐུར་ཞིང་བདུད་རྩི་ལག་གཡོན་དུ་གཏད་ལ་འཐུང་དུ་གཞུག །དེས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ལོངས་སྐུ་འཐོབ་པའི་སྐལ་ལྡན་དུ་བྱས་སོ། །མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་སྙིང་གར་གཏད་ལ། ཧཱུྃ༔ དྲི་མེད་ཤེལ་གོང་ལྟར་དག་རང་རིག་སེམས༔ སྣང་གྲགས་མེ་ལོང་གཟུགས་བརྙན་ལྟ་བུ་ལ༔ མགོན་པོ་ཡབ་ཡུམ་གཉིས་མེད་སྦྱོར་ཞིང་རོལ༔ གསུམ་པ་ཤེས་རབ་ཡེ་ཤེས་དབང་བསྐུར་རོ༔ ཧཱུྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་ཞིང་སྙིང་གར་སིནྡྷུ་རའི་ཐིག་ལེ་བྱ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཆོས་སྐུ་འཐོབ་པའི་སྐལ་ལྡན་དུ་བྱས་སོ། །དེ་ནས་ཁྱེད་རང་རྣམས་རིག་པ་རྟེན་མེད་ཀྱི་ངང་ལ་མཉམ་པར་ཞོག་ཅིག །ཨེ་མ་ལྟོས་ཤིག་སེམས་ལ་ལྟོས༔ ལུས་ནི་གསལ་སྟོང་མགོན་པོའི་སྐུ༔ ངག་ནི་གྲགས་སྟོང་མགོན་པོའི་གསུང༔ སེམས་ནི་རིག་སྟོང་མགོན་པོའི་ཐུགས༔ ངོ་བོ་མཐོང་ན་འཁོར་བ་མེད༔ རང་བཞིན་མཐོང་ན་སངས་རྒྱས་ཡིན༔ ཐུགས་རྗེས་དྲག་པོའི་ལས་བྱས་ནས༔ ཞིང་བཅུ་ཐར་པའི་ས་ལ་བཀོད༔ ཅེས་པས། དེ་ལྟར་རྟོགས་པ་ལྟ་བ༔ དེ་ལ་གནས་པ་སྒོམ་པ༔ དེ་ལས་མི་འདའ་བ་ཕྲིན་ལས༔ བསྒྲལ་ཚད་སངས་རྒྱས་པ་འབྲས་བུའོ༔ དེས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །ངོ་བོ་ཉིད་སྐུ་འཐོབ་པའི་སྐལ་ལྡན་དུ་བྱས་སོ། །གཉིས་པ་སྒོས་དབང་བྱེ་བྲག་ཏུ་བསྐུར་བ་ནི། མདུན་བསྐྱེད་མགོན་པོའི་སྐུ་ལས་སྐུ་གཉིས་པ་སྤྲོས། ཁྱེད་རང་ལ་ཐིམ་པས་མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་གྱུར་སྙམ་པ་མཛོད། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ཐབས་ཤེས་གཉིས་ཀྱིས་གདུག་པ་འདུལ་བའི་ཕྱིར༔ དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ༔ ཡེ་ཤེས་མགོན་པོའི་དབང་བསྐུར་ཐོབ་པར་ཤོག༔ ཨཱོྃ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་སྤྱི་བོར་བསྐུར། དེ་བཞིན་དུ། ཧཱུྃ༔ ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་བདག་མ༔ གཅེར་བུ་སྐྲ་གྲོལ་སྟོང་གསུམ་གར་སྒྱུར་མ༔ གྲི་གུག་དབང་སྡུད་ཐོད་ཁྲག་འཁོར་བ་སྟོངས༔ ཡུམ་མཆོག་ཙཎྜི་ཀུན་བཟང་དབང་ཐོབ་ཤོག༔ ཨཱོྃ་ཨེ་ཀ་ཛཱ་ཊི་མ་མ་ཀཱ་ཡ་སོགས་འདྲ་བས་དབང་བསྐུར་རོ། །དེ་ལྟར་སློབ་མ་མགོན་པོ་ཡབ་ཡུམ་དངོས་སུ་གྱུར་པ་ལ། ལས་མཁན་རྣམས་བྲན་དུ་གཏད་པས་ཅི་བསྒོ་བའི་བཀའ་ནོད་པར་བསམ་ལ། ཧོ༔ སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ༔ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ སྲིན་པོའི་གཟུགས་ཅན་གདུག་པ་ཀུན་འདུལ་བ༔ ལས་མགོན་བྱ་རོག་གདོང་གི་དབང་བསྐུར་རོ༔ ཨཱོྃ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཧཱུྃ་ས་མ་ཡ་སྲོག་དུང་དུང་ཛཿཀཱ་ཡ་སོགས་འདྲ། ཧཱུྃ༔ ནག་པོའི་ལས་མཛད་མཁའ་འགྲོ་ཀུན་གྱི་གཙོ༔ སྲིན་མོའི་གཟུགས་ཀྱིས་དགྲ་ལ་དུག་ནད་འབེབ༔ ཤ་ཟ་ཁྲག་འཐུང་ཁམས་གསུམ་ཚེ་སྲོག་སྡུད༔ དཔལ་ལྡན་ལྷ་མོ་འབར་མའི་དབང་བསྐུར་རོ༔ མ་མ་རཀྨོ་ཛྭ་ལི་རུ་ཧྲིཾ་ཀཱ་ཡ་སོགས། ཧོ༔ བསད་ཁྲག་རྒྱ་མཚོར་འཁྲུགས་པའི་དཀྱིལ་འཁོར་ནས༔ ལས་བྱེད་མི་བསྲུན་སེང་གེའི་གདོང་པ་ཅན༔ བདུད་དང་དྲེགས་པ་ལྷ་སྲིན་ཀུན་གྱི་གཙོ༔ བཀའ་སྲུང་སེང་གེའི་གདོང་གི་དབང་ཐོབ་ཤོག༔ ཨཱོྃ་མ་ཧཱ་ཀཱ་ལ་སི་ན་ར་ཧཱུྃ་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཀཱ་ཡ༴ ཧོ༔ འཇིག་རྟེན་ལས་ལ་གྲུབ་པའི་དྲེགས་པ་ཅན༔ དྲག་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཡིས༔ ཞིང་བཅུའི་སྲོག་དབུགས་འདྲལ་བའི་མཐུ་བོ་ཆེ༔ ཁྱབ་འཇུག་རཱ་ཧུ་ལ་ཡི་དབང་བསྐུར་རོ༔ རཀྴ་རཱ་ཧུ་ལ་པ་ཧྲིཾ་ཀཱ་ཡ༴ ཧོ༔ བཛྲ་ཧེ་རུ་ཀཿཡི་སྤྲུལ་པ་སྟེ༔ ཚངས་པ་དུང་གི་ཐོར་ཚུགས་ཅན༔ ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ སྲོག་གི་བདག་པོའི་དབང་བསྐུར་རོ༔ གིངྐ་ར་ར་ཧྲིཾ་ཀཱ་ཡ༴ ཧོ༔ རཏྣ་ཧེ་རུ་ཀཿཡི་སྤྲུལ་པ་སྟེ༔ གཤིན་རྗེ་དམར་པོ་འགོང་པོའི་རྗེ༔ ལྷོ་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ འཆི་བདག་གཤིན་རྗེའི་དབང་བསྐུར་རོ༔ ཡ་མ་རཱ་ཛ་ཡ་ཧྲིཾ་ཀཱ་ཡ༴ ཧོ༔ པདྨ་ཧེ་རུ་ཀཿཡི་སྤྲུལ་པ་སྟེ༔ བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ རྡོ་རྗེ་ལེགས་པའི་དབང་བསྐུར་རོ༔ ཙ་ཏྲི་ཤཱུ་ལ་ཧྲིཾ་ཀཱ་ཡ༴ ཧོ༔ ཀརྨ་ཧེ་རུ་ཀཿཡི་སྤྲུལ་པ་སྟེ༔ གནོད་སྦྱིན་ལྕགས་ཀྱི་བེར་ག་ཅན༔ བྱང་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ གནོད་སྦྱིན་ཆེན་པོའི་དབང་བསྐུར་རོ༔ ཡཀྴ་ནག་པོ་དུ་ཧྲིཾ་ཀཱ་ཡ་སོགས་དང་། མདུན་བསྐྱེད་མགོན་པོ་གཙོ་འཁོར་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ལ། གཙོ་འཁོར་གྱི་སྔགས་རྣམས་རྗེས་ཟློས་བྱ། དྲེགས་པ་ཐམས་ཅད་དབང་དུ་བསྡུ་བའི་མཐུ་ཐོབ་པར་བསམ་མོ། །གསུམ་པ་གཏོར་མའི་བཀའ་བསྒོ་བྱ་བ་ནི། གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ། གཏོར་མ་འདི་ཉིད་མགོན་པོ་འཁོར་བཅས་སུ་གསལ་པ་ལ་མོས་གུས་དུང་བ་བྱས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ། བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་མཛད་པར་མོས་ལ། རོལ་མོའི་སྒྲ་དང་བཅས་པས་བཀའ་བསྒོ་དྲག་ཏུ་བྱ་ཞིང་། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཱུྃ་ལ་ཐིམ་པས་མགོན་པོའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་རྒྱུད་ལ་འབྱོར་པའི་མོས་པ་མཛོད། རྗེས་ནི། དེང་ཕྱིན་ཆད་ཁྱེད་རྣམས་ཀྱིས་ཇི་ལྟར་དམ་བཅས་པའི་བསླབ་བྱ་མཐའ་དག་དང་། ཁྱད་པར་སྔགས་ཀྱི་དམ་ཚིག་ཐམས་ཅད་མ་ཉམས་པ་སྲུངས། ཡང་སྒོས་མགོན་པོ་འདི་ཉིད་ཀྱི་མཆོད་གཏོར་ལ་བརྩོན་པ་དང་། བྱ་ནག་དང་ཁྱི་ནག་ལ་མི་རྡེག་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་མཐའ་དག་ལ་གནས་པར་བྱའོ། །ཞེས་བསྒྲག་སློབ་མས་ཁས་བླང་བ་དང་། ཡོན་འབུལ་བ་སོགས་བྱའོ། །རྗེས་མདུན་བསྐྱེད་ལ་གཏང་རག་གི་མཆོད་པ་སོགས་རྗེས་ཀྱི་བྱ་བ་སྒྲུབ་ཐབས་བཞིན་ཤེས་པར་བྱའོ།། ༧ །།ཡང་འདི་ལ་ལག་ལེན་གྱི་ཁྱད་པར་ནི། དབང་བཀའ་སྤྱི་ཙམ་ལ་ཐུན་མོང་དབང་བཞི་ཁོ་ནའི་མཐར་གཏོར་མའི་བཀའ་གཏད་ཉིད་སྦྱོར་ཞིང་།། ༧ །།རྐྱེན་སེལ་གྱི་གཏོར་དབང་ཙམ་བྱེད་ན། སྔོན་འགྲོ་གསོལ་བཏབ་དང་ཡན་ལག་བདུན་པ་ཙམ་བྱས་ནས། དངོས་གཞིའི་སྐབས་གཏོར་མ་ལྷར་བསྐྱེད་པའི་དམིགས་པ་ཕོག་ནས། གཏོར་དབང་དང་བཀའ་བསྒོ་སྔར་བཞིན་བྱ་བ་ལས་གཏོར་མའི་ལྷ་མི་བསྟིམ།། ༧ །།ཡང་དེ་ཉིད་ཁྱད་པར་ཅན་དུ་བྱེད་ན་སློབ་མ་ཡང་ལྷར་བསྐྱེད་ཅིང་གཏོར་མའི་ལྷ་ཡང་དཀྱུས་བཞིན་བསྟིམ་པའོ།། ༧ །།ཡང་གོང་གི་དབང་བཀའ་ཡོངས་རྫོགས་ཐུན་མོང་མིན་པའི་ལུགས་སུ་བསྐུར་ན་གཙོ་བོ་ཡབ་ཡུམ་གྱི་ལྷ་དབང་གི་རྗེས་སུ། དེའི་སྔགས་ཀྱི་བཟླས་ལུང་དང་། དེ་རྗེས་ལས་མཁན་རྣམས་ཀྱི་སྐུའི་གཟུགས་གཏད་པའི་མཐར་དེ་དག་གི་སྔགས་ཀྱི་བཟླས་ལུང་དང་སྦྱར་ནས་དྲེགས་པའི་སྲོག་ཡེ་ཤེས་སུ་བསྟིམ་པ་དང་། གཏོར་མའི་བཀའ་བསྒོའི་སྐབས་ལས་མགོན་གྱི་གཏོར་མ་ལག་ཏུ་གཏད་ནས་དམ་བསྲེ་བ་སོགས་གནད་རྣམས་ཤེས་པར་བྱའོ། །མི་འ༵གྱུར་ཟག་མེ༵ད་ཡེ་ཤེས་ཀྱི། །རྣམ་རོལ་རྡོ༵་རྗེ༵་ནག་པོ་ཆེར། །ཡོངས་ཤར་སྒྲུབ་ཐབས་དབང་གི་ཁྲིགས། །ཉུང་གསལ་འཇུག་བདེའི་དཔྱིད་དུ་སྤེལ། །ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
མངོན་རྟོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་ (Volume 62, Text 42)
མངོན་རྟོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་ལྟར་ན། ཡུམ་དང་འཁྲིལ༔ ཞེས་པའི་མཚམས། སྟེང་ཁང་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་བཅུ་རྩ་གཉིས་མ་འདྲེས་ཚོམ་བུར་རྫོགས༔ གཞལ་ཡས་བར་ཁྱམས་ཁོར་ཡུག་མུ་ཁྱུད་ལ༔ གནས་ཡུལ་སྒོ་སྐྱོང་དབང་མོ་ཉི་ཤུ་བརྒྱད༔ མཁའ་འགྲོ་སོ་གཉིས་མ་བདུན་སྲིང་མོ་བཞི༔ གིང་ཆེན་བཅོ་བརྒྱད་ཁྲོ་བོ་དྲུག་ཅུ་དང༔ རིགས་བཞིའི་ཕོ་ཉ་བརྒྱ་དང་བཞི་བཅུའི་སྡེ༔ མ་མོ་དྲུག་ཅུ་ཀུན་ཀྱང་ཁྲོ་ཆགས་འབར༔ སྐུ་མདོག་ཕྱག་མཚན་མ་འདྲེས་ཅིར་ཡང་སྟོན༔ རྒྱུ་ཡི་རྟ་བབས་རྣམས་ཀྱི་ཁོར་ཡུག་ཆར༔ རིག་འཛིན་རྩལ་འཆང་བྱེ་བ་ས་ཡར་བཅས༔ ཕྱི་རོལ་དུར་ཁྲོད་འབར་བའི་འོད་ཀློང་དུ༔ འཇིག་རྟེན་མ་མོ་བདུན་བརྒྱ་ཉི་ཤུ་སོགས༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ དུར་ཁྲོད་ཕྱི་རོལ་རྡོ་རྗེའི་སྲུང་འཁོར་ནང༔ རང་རང་རིགས་དང་མཐུན་པའི་གཞལ་མེད་ཁང༔ བཀོད་པ་རབ་མཛེས་ཡེ་ཤེས་འོད་ཀྱི་ཀློང༔ བྱང་ཤར་ནས་བརྩམ་མཚམས་དང་ཕྱོགས་བཞི་རུ༔ ངན་སོང་གནས་འདྲེན་གསང་བདག་ཐུབ་པ་དང༔ ནུབ་བྱང་སྟོད་མི་སྨད་ལྷ།་་་མངོན་མཐོའི་ལམ་སྟོན་ཐུབ་དབང་འཇིག་རྟེན་སྐྱོང༔ ལྷོ་ནུབ།་་་ཉན་ཐོས་སྟོབས་མཆོག་ཤར་ལྷོ།་་་རང་རྒྱལ་རྫུ་འཕྲུལ་ཅན༔ བྱང་།་་་བྱང་སེམས་ཉེ་སྲས་ནུབ།་་་ཀྲི་ཡཱ་མྱ་ངན་མེད༔ ལྷོ།་་་ཨུ་བྷ་རིགས་བཞི་ཤར།་་་ཡོ་ག་རྡོ་རྗེ་དབྱིངས༔ གཙོ་འཁོར་སྤྲུལ་པར་བཅས་པའི་ཚོགས་རྣམས་ཀུན༔ མ་འདྲེས་རང་གསལ་ཉི་དང་འོད་ཟེར་བཞིན༔ གང་འདུལ་མོས་པའི་དཔལ་དུ་ལྷམ་མེར་གསལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ཨཿཧཱུྃ༔ ཞེས་གསལ་བཏབ་ལ། བྱིན་རླབས་དབང་བསྐུར་མན་གཞུང་ལྟར་རོ།། །།
སྲུང་འཁོར་བརྒྱ་རྩ་པ་ (Volume 42, Text 42)
༁ྃ༔ སྲུང་འཁོར་བརྒྱ་རྩ་པ་བཞུགས་སོ༔ གཙུག་ལག་གཏོ་བཅོས་རྒྱ་ནག་གཏིང་རྫོགས་སུ་གྲགས། ན་མོ་མཉྫུ་ཤྲཱི༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ སྣ་ནམ་འབྲོག་པ་ཐུབ་རྒྱལ་གྱིས༔ དབུས་ཀྱི་བསམ་ཡས་ཀྱི་མཆོད་རྟེན་དམར་པོའི་ནང་ནས༔ སྲུང་འཁོར་བརྒྱ་པ་གཏེར་ནས་བཏོན་པ་ལགས་སོ༔ གཙུག་ལག་རྒྱའི་གཏོ་ཆོག་འཁོར་ལོ་གཏིང་རྫོགས་ལས་འཁོར་ལོ་བརྒྱ་ཐམ་པ་ཡོད་དེ༔ དེ་ལ་དང་པོ་ལས་ཀ་གང་བྱེད་ཀྱང་ཕན་བྱེད་ལྷའི་འཁོར་ལོ་ཞེས་བྱ་བ་སྙིང་པོ་གསུམ་གྱི་འཁོར་ལོ་འདི་གདགས་སོ༔ ཉེས་པ་ཐམས་ཅད་སྲུང་བའི་རུས་སྦལ་གསེར་གྱི་འཁོར་ལོ་གདགས་སོ༔ སྲོག་ལ་དགྲ་དར་ན་འབྱུང་བ་ལྔའི་འཁོར་ལོ་གདགས༔ ཆུའི་འཁོར་ལོ་སྟག་ཡོས་ལོ་པ་ལ་གདགས༔ ཤིང་གི་འཁོར་ལོ་རྟ་སྦྲུལ་ལོ་པ་ལ་གདགས༔ མེའི་འཁོར་ལོ་གཤེད་བཞི་ལོ་པ་ལ་གདགས༔ སའི་འཁོར་ལོ་བྱ་སྤྲེལ་ལོ་པ་ལ་གདགས༔ ལྕགས་ཀྱི་འཁོར་ལོ་བྱི་ཕག་ལོ་པ་ལ་གདགས་སོ༔ རུས་སྦལ་འཁོར་ལོ་རང་རང་དུས་སུ་གདགས༔ སས་གནོད་ན་རུས་སྦལ་ཤིང་གི་འཁོར་ལོ་གདགས༔ ལྕགས་ཀྱིས་གནོད་ན་རུས་སྦལ་མེའི་འཁོར་ལོ་གདགས༔ མེས་གནོད་ན་རུས་སྦལ་ཆུ་ཡི་འཁོར་ལོ་གདགས༔ ཆུས་གནོད་ན་རུས་སྦལ་སའི་འཁོར་ལོ་གདགས༔ ཤིང་གིས་གནོད་ན་རུས་སྦལ་ལྕགས་ཀྱི་འཁོར་ལོ་གདགས་སོ༔ ཡང་སྲོག་ལུས་དབང་ཐང་ཀླུང་རྟ་བཞི་ལ༔ ཤིང་དགྲ་ལངས་ན་ལྕགས་དྲུག་གི་འཁོར་ལོ་གདགས༔ མེ་དགྲ་ལངས་ན་ཆུ་དྲུག་གི་འཁོར་ལོ་གདགས༔ ས་དགྲ་ལངས་ན་ཤིང་དྲུག་གི་འཁོར་ལོ་གདགས༔ ལྕགས་དགྲ་ལངས་ན་མེ་དྲུག་གི་འཁོར་ལོ་གདགས༔ ཆུ་དགྲ་ལངས་ན་ས་དྲུག་གི་འཁོར་ལོ་གདགས་སོ༔ སྲོག་ལ་དགྲ་དར་ན་རྒྱ་གྲམ་གྱི་འཁོར་ལོ་གདགས༔ ལུས་ལ་དགྲ་དར་ན་རྩིབས་བརྒྱད་ཀྱི་འཁོར་ལོ་གདགས༔ དབང་ཐང་ལ་དགྲ་དར་ན་གཡུང་དྲུང་གི་འཁོར་ལོ་གདགས༔ ཀླུང་རྟ་ལ་དགྲ་དར་ན་འདབ་བཞིའི་འཁོར་ལོ་གདགས་སོ༔ ཤིང་གཉན་གཅོད་ན་སྟ་རེ་མེའི་འཁོར་ལོ་གདགས༔ མེ་གཉན་གཏོང་ན་ཆུ་རིས་སའི་འཁོར་ལོ་གདགས༔ ས་གཉན་བརྐོ་ན་ཕུར་པ་ལྕགས་ཀྱི་འཁོར་ལོ་གདགས༔ ཆུ་གཉན་སློག་ན་འདབ་བརྒྱད་ཤིང་གི་འཁོར་ལོ་གདགས༔ བྲག་གཉན་བརྐོ་ན་མེ་རི་ཆུའི་འཁོར་ལོ་གདགས་སོ༔ རྒྱལ་པོས་གནོད་ན་རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་གདགས༔ ཀླུ་སྲིན་དང་བསེན་མོས་གནོད་ན་འདབ་བརྒྱད་རཾ་གྱི་འཁོར་ལོ་གདགས༔ ས་བདག་གི་གནོད་ན་རྩིབས་བརྒྱད་བཾ་གྱི་འཁོར་ལོ་གདགས༔ ཡ་བདུད་གནོད་ན་རྩིབས་བརྒྱད་ལཾ་གྱི་འཁོར་ལོ་གདགས༔ བཙན་བདུད་གནོད་ན་རྩིབས་བརྒྱད་ཀེཾ་གྱི་འཁོར་ལོ་གདགས་སོ༔ ཤེས་རབ་འཕེལ་བར་འདོད་ན་འཇམ་དཔལ་གྱི་འཁོར་ལོ་གདགས༔ རྩོད་པ་ལ་འགྲན་པར་འདོད་ན་སྤྱན་རས་གཟིགས་ཀྱི་འཁོར་ལོ་གདགས༔ སྟོབས་འགྲན་ན་ཕྱག་ན་རྡོ་རྗེའི་འཁོར་ལོ་གདགས་སོ༔ ཚེ་ཐུང་ན་རྣམ་པར་སྣང་མཛད་གྱི་འཁོར་ལོ་གདགས༔ ནད་མང་ན་རྡོ་རྗེ་སེམས་དཔའི་འཁོར་ལོ་གདགས༔ གོད་ཁ་ཆེ་ན་རིན་ཆེན་འབྱུང་ལྡན་གྱི་འཁོར་ལོ་གདགས༔ མི་ཁ་སྡང་ན་སྣང་བ་མཐའ་ཡས་ཀྱི་འཁོར་ལོ་གདགས༔ ཁ་མཆུ་རྒོད་ན་དོན་ཡོད་གྲུབ་པའི་འཁོར་ལོ་གདགས༔ རྨི་ལམ་ངན་ན་ནམ་མཁའ་དབྱིངས་ཕྱུག་མའི་ཙཀྲ་གདགས༔ མཁོན་རྒོད་ན་སངས་རྒྱས་སྤྱན་མའི་ཙཀྲ་གདགས༔ མི་གཙང་བ་སྲུང་ན་མཱ་མ་ཀཱིའི་འཁོར་ལོ་གདགས༔ ཐབ་གཞོབ་སྲུང་ན་གོས་དཀར་མོའི་ཙཀྲ་གདགས༔ ལྟས་ངན་སྲུང་ན་དམ་ཚིག་སྒྲོལ་མའི་ཙཀྲ་གདགས་སོ༔ ལྷ་གདོན་གྱིས་གནོད་ན་ཧཱུྃ་ཀཱ་རའི་འཁོར་ལོ་གདགས༔ དཀོར་འདྲེས་གནོད་ན་རྣམ་པར་རྒྱལ་བའི་ཙཀྲ་གདགས༔ བཙན་གྱིས་གནོད་ན་དབྱུག་པ་སྔོན་པོའི་ཙཀྲ་གདགས༔ བདུད་ཀྱིས་གནོད་ན་གཤིན་རྗེ་གཤེད་ཀྱི་ཙཀྲ་གདགས༔ དམ་སྲིས་གནོད་ན་མི་གཡོ་མགོན་པོའི་ཙཀྲ་གདགས༔ ཀླུས་གནོད་ན་རྟ་མགྲིན་རྒྱལ་པོའི་ཙཀྲ་གདགས༔ ཐེའུ་རང་གནོད་ན་འདོད་པའི་རྒྱལ་པོའི་ཙཀྲ་གདགས༔ ཤི་འདྲེས་གནོད་ན་བདུད་རྩི་འཁྱིལ་བའི་ཙཀྲ་གདགས༔ བདུད་མོས་གནོད་ན་ཁམས་གསུམ་རྣམ་རྒྱལ་གྱི་ཙཀྲ་གདགས༔ ས་བདག་གིས་གནོད་ན་སྟོབས་པོ་ཆེའི་ཙཀྲ་གདགས་སོ༔ སྟོན་མོ་བྱེད་ན་དབང་ཐང་འཕན་དར་གྱི་འཁོར་ལོ་གདགས༔ དུར་འདེབས་ན་ལུས་འཕན་དར་གྱི་འཁོར་ལོ་གདགས༔ མཁར་ལས་བྱེད་ན་སྲོག་འཕན་དར་གྱི་འཁོར་ལོ་གདགས༔ ལྟད་མོ་བལྟ་ན་ཀླུང་རྟ་འཕན་དར་གྱི་འཁོར་ལོ་གདགས་སོ༔ ཇག་ལ་འགྲོ་ན་གཟའ་བརྒྱད་དམག་དཔོན་གྱི་འཁོར་ལོ་གདགས༔ དམག་ལ་འགྲོ་ན་འབྱུང་བ་དམག་དཔོན་གྱི་ཙཀྲ་གདགས༔ དོན་གཉེར་འགྲོ་ན་རྒྱུ་སྐར་དོན་གྲུབ་ཀྱི་འཁོར་ལོ་གདགས༔ ཚོང་ལ་འགྲོ་ན་བྲེ་སྲང་གྲངས་ཀྱི་འཁོར་ལོ་གདགས་སོ༔ བགེགས་སྲུང་ན་མཚོན་ཆ་མེའི་ཙཀྲ་གདགས༔ མཚམས་བྱེད་ན་སྒོ་མ་བཞིའི་ཙཀྲ་གདགས༔ སྲིའུ་གསོ་ན་ལྷ་མོ་ལྔའི་འཁོར་ལོ་གདགས༔ གཞན་ལ་བྱིན་རླབས་བྱེད་ན་བདེ་གཤེགས་འདུས་པའི་ཙཀྲ་གདགས་སོ༔ ནད་པ་སྲུང་ན་སྤྲེའུའི་ཙཀྲ་གདགས༔ གདོན་སྲུང་ན་བྱའི་ཙཀྲ་གདགས༔ དགྲ་སྲུང་ན་སྟག་གི་ཙཀྲ་གདགས༔ ཚེ་སྲིང་ན་གླང་གི་ཙཀྲ་གདགས༔ ནོར་སྤེལ་ན་ལུག་གི་ཙཀྲ་གདགས༔ བུ་མང་བར་འདོད་ན་ཡོས་བུའི་ཙཀྲ་གདགས༔ མི་ནོར་དབང་དུ་བསྡུ་བར་འདོད་ན་འབྲུག་གི་ཙཀྲ་གདགས༔ ནོར་བསྡུ་བར་འདོད་ན་བྱི་བའི་ཙཀྲ་གདགས༔ ལྷ་འདྲེ་དབང་དུ་སྡུད་ན་རྟའི་ཙཀྲ་གདགས༔ མཐུ་འགྲན་བྱེད་ན་ཁྱིའི་ཙཀྲ་གདགས༔ གཏད་བྱེད་ན་སྦྲུལ་གྱི་ཙཀྲ་གདགས༔ ཐོག་སེར་བསྲུང་ན་ཕག་གི་ཙཀྲ་གདགས་སོ༔ ཕྱོགས་ངན་སྲུང་ན་གཤེད་བཞི་ཕཊཿཀྱི་འཁོར་ལོ་གདགས༔ མནའ་བསྐྱལ་དགོས་ན་གཤེད་བཞི་འབྱུང་བའི་འཁོར་ལོ་གདགས༔ ཉེས་པ་སྲུང་ན་ཀུན་ཐུབ་རྒྱལ་པོའི་འཁོར་ལོ་གདགས༔ ཞིང་གཉན་སྲུང་ན་རྩིབས་བརྒྱད་བྲུཾ་གྱི་འཁོར་ལོ་གདགས་སོ༔ ཕུར་ཁས་གནོད་ན་ལྷ་མོ་བཞི་ཕུར་གྱི་འཁོར་ལོ་གདགས༔ བྱད་ཁས་གནོད་ན་རྒྱ་གྲམ་བྷྱོའི་ཙཀྲ་གདགས༔ མཐུ་ཟློག་བྱེད་ན་རྒྱ་གྲམ་རཾ་གྱི་འཁོར་ལོ་གདགས༔ ས་སྲིས་གནོད་ན་རྩིབས་བཞི་རཾ་གྱི་འཁོར་ལོ་གདགས་སོ༔ སྲོག་གུད་ན་ཚེ་བྷྲཱུྃ་གྱི་འཁོར་ལོ་གདགས༔ ལུས་གུད་ན་པརྞ་ཤ་བ་རིའི་འཁོར་ལོ་གདགས༔ དབང་ཐང་གུད་ན་ལྷ་མོ་ལྔའི་འཁོར་ལོ་གདགས༔ ཀླུང་རྟ་གུད་ན་གཤེད་བཞི་བྷྱོའི་ཙཀྲ་གདགས་སོ༔ ཡང་སེར་བ་སྲུང་ན་སྡེ་བརྒྱད་ཟློག་པ་སེར་སྲུང་གི་ཙཀྲ་གདགས༔ རི་བོང་ཁ་ཆིངས་ཙཀྲ་རི་བོང་སྲུང་ན་གདགས༔ སྤྱང་ཁུ་ཁ་ཆིངས་སྤྱང་ཀི་སྲུང་ན་གདགས༔ སྐྱུར་འདྲེ་ཁ་ཆིངས་ཞོ་ཆང་སྲུང་ན་གདགས༔ ཕུར་བུ་ཁ་ཆིངས་སྲིས་རྐུན་སྲུང་ན་གདགས་སོ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཙཀྲ་གདགས་སོ༔ ࿊ དེ་ལ་ཉེས་པ་ཐམས་ཅད་སྲུང་ན་ཙཀྲ་ལྔ་འདོགས༔ འབྱུང་བ་ལྔའི་ཙཀྲ་ལྔ༔ འབྱུང་བ་དྲུག་གི་ཙཀྲ་དྲུག༔ སྲོག་ལུས་དབང་ཐང་དགྲ་དར་གྱི་ཙཀྲ་བཞི༔ གཉན་པོའི་ལས་བྱེད་ན་འདོགས་པའི་ཙཀྲ་ལྔ༔ རྒྱལ་པོ་ལ་སོགས་པས་གདོན་པར་ཙཀྲ་ལྔ༔ རིགས་ལྔ་ཡབ་ཡུམ་བཅུ༔ ཁྲོ་བོ་བཅུའི་བཅུ༔ འཕན་དར་གྱི་བཞི༔ དམག་ཟློག་པ་ལ་འགྲོ་ན་ལས་བཞིའི་ཙཀྲ་བཞི༔ རྣལ་འབྱོར་གྱི་བཞི༔ ལོའི་ཙཀྲ་བཅུ་གཉིས༔ མཐུ་ཟློག་པའི་ཙཀྲ་ལྔ༔ ས་བདག་ཀླུ་གཉན་འདུལ་བ་ལ་གསུམ༔ ལུས་སྲོག་དབང་ཐང་ཀླུང་རྟ་བཞི་རྒུད་པ་བཞི༔ ཁ་ཆིངས་ལྔ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཙཀྲ་དང་བརྒྱ་ཐམ་པ་ཡོད་དོ༔ རྟེན་འབྲེལ་བསང་སྦྱང་གི་གཏོ་ཆོག་བརྒྱ་ཐམས་པ་རྫོགས་སོ༔ ࿊ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་བདག་གི་བཀའ༔ རྟེན་འབྲེལ་འདི་རྣམས་གང་བྱེད་ཀྱང༔ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ནས༔ སྤྱན་རས་གཟིགས་དབང་སྐུར་བསྒོམ་ཞིང༔ ཨོ་རྒྱན་བདག་ལ་གསོལ་བ་ཐོབས༔ ཡིག་བདུན་མི་ཚིག་བར་མ་ཆོད༔ བརྒྱ་སྟོང་ལ་སོགས་བགྲང་བར་བྱ༔ མོས་གུས་ངེས་ཤེས་ཆེར་བསྐྱེད་ལ༔ ཨོ་རྒྱན་སྤྱི་གཙུག་སྙིང་དཀྱིལ་དུ༔ བསྒོམ་ཞིང་མོས་གུས་གསོལ་བཏབ་ན༔ མི་མཐུན་འགལ་རྐྱེན་བར་ཆད་རྣམས༔ རང་ཞི་རང་གྲོལ་གྱུར་ནས་ནི༔ ལྟས་ངན་གཡང་དུ་ལོན་གྱུར་ནས༔ བཀྲ་ཤིས་ཅི་བསམ་བདེ་ལེགས་འགྲུབ༔ རྐྱེན་ངན་བར་ཆད་གྲོགས་སུ་འགྱུར༔ རྟ་མགྲིན་སྤྱན་རས་གཟིགས་དབང་ཕྱུག༔ གང་མོས་ཡི་དམ་ལྷ་ཡི་སྐུ༔ བདག་ཉིད་བསྐྱེད་རྫོགས་གསལ་གྱུར་ན༔ ལུས་ཀྱི་བར་ཆད་སྲུང་བ་དང༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱང༔ གདུག་སེམས་ཞི་ནས་དབང་དུ་འདུས༔ རབ་གནས་བྱས་པའི་འཁོར་ལོ་འདིས༔ སྲུང་བ་པོ་ནི་གང་ཡིན་པ༔ ལུས་ལ་འདོགས་པའི་དུས་སུ་ནི༔ རྟ་མགྲིན་སྤྱན་རས་གཟིགས་དབང་གི༔ སྐུ་ནི་གང་མོས་བསྒོམ་བྱས་ལ༔ ཨོ་རྒྱན་བདག་ལ་གསོལ་བ་ཐོབས༔ ཕྲིན་ལས་གང་སྒྲུབ་བྱེད་དུས་སྩོལ༔ དེ་ལྟར་བྱས་པས་ལས་རྗེས་ལ༔ བར་ཆད་བདུད་ཀྱིས་མི་ཚུགས་ཤིང༔ སེམས་ཅན་འགྲོ་དོན་སངས་རྒྱས་ཀྱི༔ བསྟན་པའི་ཞབས་ཏོག་འགྱུར་བ་དང༔ རང་གཞན་དོན་གཉིས་འགྲུབ་པར་ངེས༔ ཨོ་རྒྱན་པདྨ་བདག་གི་བཀའ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ འདོད་པ་ཀུན་འབྱུང་གདམས་ངག་འདི༔ སློབ་མ་སྣོད་ལྡན་མ་ལགས་པ༔ སྣོད་མེད་ཀུན་ལ་བྱིན་གྱུར་ན༔ བླ་མའི་བཀའ་རྒྱ་འགལ་གྱུར་པས༔ གཏེར་བདག་ཀུན་གྱིས་ཆད་པ་ཆོད༔ མེ་ཏོག་དབུལ་ཞིང་ཞུ་ཕུལ་ནས༔ དམ་ཚིག་ཚུལ་བཞིན་སྲུང་གྱུར་ན༔ རང་གཞན་དོན་གཉིས་ཕྲིན་ལས་འགྲུབ༔ སྐལ་ལྡན་རྣམས་ཀྱི་དོན་དུ་ཤོག༔ རྟེན་འབྲེལ་འཁོར་ལོ་ཉམས་ལེན་གྱི་མན་ངག་གོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ རུས་སྦལ་ཕར་ལ་བསྟན༔ ཕན་ཕྱིར་ནོར་བུའི་ཙཀྲ་ཚུར་ལ་བསྟན༔ ཕན་བྱེད་བཟློག་དང་ཞལ་ཤེས་སོ༔ ༼༡༽དང་པོ་ཕན་བྱེད་ལྷ་ཡི་ ༼༢༽རུས་སྦལ་གསེར་གྱི་ ༼༣༽འབྱུང་བ་ཆུ་ཡི་འཁོར་ལོ་འདི་ འཁོར་ལོ་འདི་གདགས་པའི་ འཁོར་ལོ་འདི་ཉེས་པ་ སྟག་ཡོས་ལོ་པའི་སྲོག་ལ་ དུས་སུ་རང་ཡི་དམ་བསྒོམ། ཐམས་ཅད་སྲུང་ན་ དགྲ་དར་ན་གདགས། སྙིང་པོ་གསུམ་གྱི་འཁོར་ལོ་བྱ་ གདགས་སོ།། དཔེ་གཅིག་ལ། བ་ལས་ཀ་གང་བྱེད་པ་ལ་གསོལ་ འདིའི་གླང་སོགས་ ཨོཾ་མ་བཾ་ཆུ་ཁུཾ་མཾ་ཡེར་ བ་གདབ་ལ་གདགས་སོ།།༼ཀ གཟུགས་བྲིའོ།།༼ཁ སྭཱ་ཧཱ༔སྣང་།༼ག ༼༤༽འབྱུང་བ་ཤིང་གི་ ༼༥༽འབྱུང་བ་མེ་ཡི་འཁོར་ལོ་འདི་ ༼༦༽འབྱུང་བ་ས་ཡི་འཁོར་ལོ་འདི་ འཁོར་ལོ་འདི་རྟ་སྦྲུལ་ལོ་པའི་སྲོག་ལ་དགྲ་དར་ན་ གཤེད་བཞི་ལོ་པའི་སྲོག་ལ་དགྲ་ བྱ་སྤྲེལ་ལོ་པའི་སྲོག་ལ་ གདགས། དཔེ་གཅིག་ལ། དར་ན་གདགས།༼ཅ དགྲ་དར་ན་གདགས།༼ཆ ཡ་རེ་ཡ་སེ་སྣང་།༼ང འབྱུང་བ་ལྕགས་ཀྱི་འཁོར་ལོ་འདི་ ༈ རུས་སྦལ་ཤིང་གི་འཁོར་ལོ་འདི་ རུས་སྦལ་མེ་ཡི་འཁོར་ལོ་ བྱི་ཕག་ལོ་པའི་སྲོག་ལ་དགྲ་དར་ན་ སྟག་ཡོས་ལོ་པ་དག་ལ་གདགས།༼ཉ འདི་རྟ་སྦྲུལ་ལོ་པ་ལ་ གདགས།༼ཇ གདགས།༼ཏ འདི་ཡན་འབྱུང་བ་ལྔས་སྲོག་ལ་ གང་གནོད་ན་གདགས་སོ། ། རུས་སྦལ་ རུས་སྦལ་སའི་འཁོར་ལོ་འདི་གཤེད་ རུས་སྦལ་ལྕགས་ཀྱི་འཁོར་ལོ་འདི་ ཆུའི་འཁོར་ལོ་འདི་བྱི་ཕག་ལོ་པ་ལ་ བཞི་ལོ་པ་ལ་གདགས།༼ད བྱ་སྤྲེལ་ལོ་པ་ལ་གདགས།༼ན གདགས།༼ཐ ལྕགས་དྲུག་གི་འཁོར་ལོ་འདི་ ཆུ་དྲུག་གི་འཁོར་ལོ་འདི་འབྱུང་བ་ ཤིང་དྲུག་གི་འཁོར་ལོ་འདི་ འབྱུང་བ་ཤིང་གིས་གནོད་ན་ མེས་གནོད་ན་གདགས།༼ཕ འབྱུང་བ་སས་གནོད་ན་ གདགས་སོ།།༼པ གདགས།༼བ མེ་དྲུག་གི་ ས་དྲུག་གི་འཁོར་ལོ་འདི་འབྱུང་བ་ རྡོ་རྗེ་རྒྱ་གྲམ་གྱི་འཁོར་ལོ་འདི་ འཁོར་ལོ་འདི་འབྱུང་བ་ལྕགས་ཀྱིས་ ཆུས་གནོད་ན་གདགས།༼ཙ སྲོག་ལ་དགྲ་དར་ན་གདགས། གནོད་ན་གདགས།༼མ འདི་ལྔ་འབྱུང་བ་ལྔས་གནོད་པ་ལས་ ཁ་དོག་སྲོག་གི་མ་ལྟར་བྱ།༼ཚ སྲུང་བའི་འཁོར་ལོ་ལྔའོ།། ཙཀྲ་རྩིབས་བརྒྱད་ཀྱི་འཁོར་ལོ་འདི་ གཡུང་དྲུང་རིས་ཀྱི་འཁོར་ལོ་འདི་ པདྨ་དབང་གི་འཁོར་ལོ་འདི་ཀླུང་ ལུས་ལ་དགྲ་དར་ན་གདགས།༼ཛ དབང་ཐང་ལ་དགྲ་དར་ན་གདགས། རྟ་ལ་དགྲ་དར་ན་གདགས། ཁ་ ཁ་དོག་དབང་ཐང་མ་ལྟར་བྱ།༼ཝ དོག་ཀླུང་རྟའི་མ་ལྟར་བྱའོ།།༼ཞ འདི་ཡན་སྲོག་ལུས་དབང་ཐང་ཀླུང་ བཞི་ལ་དགྲ་དར་ན་བཏག་པའི་ འཁོར་ལོ་བཞིའོ།། སཏྭ་རེ་མེའི་འཁོར་ལོ་འདི་ ཆུ་རིས་ས་ཡི་འཁོར་ལོ་འདི་ཧོམ་དང་ ཕུར་པ་ལྕགས་ཀྱི་འཁོར་ལོ་འདི་ས་ ཤིང་གཉན་གཅོད་ན་གདགས།༼ཟ རོ་སྲེག་ན་གདགས།༼འ གཉན་བརྐོ་ན་གདགས།༼ཡ པདྨ་འདབ་བརྒྱད་ཤིང་གི་འཁོར་ལོ་འདི་ མེ་རི་ཆུའི་འཁོར་ལོ་འདི་བྲག་གཉན་ རྡོ་རྗེ་རྒྱ་གྲམ་འཁོར་ལོ་འདི་ རྫིང་དང་ཁྲོན་པ་རྐོ་ན་གདགས།༼ར བཤིག་ན་གདགས།༼ལ རྒྱལ་པོས་གནོད་ན་གདགས། འདི་ཡན་ཆད་ལས་གང་བྱེད་ ལོ་སྐོར་ཁ་དོག་ཚོན།༼ཤ སྲུང་བའི་འཁོར་ལོ་ལྔའོ།། འདབ་བརྒྱད་རཾ་གྱི་འཁོར་ལོ་འདི་ རྩིབས་བརྒྱད་བཾ་གྱི་འཁོར་ལོ་འདི་ས་ རྩིབས་བརྒྱད་ལཾ་གྱི་འཁོར་ལོ་ ཀླུ་སྲིན་བསེན་མོས་གནོད་ན་གདགས།༼ས བདག་ཀླུ་གཉན་གནོད་ན་གདགས།༼ཧ འདི་ཡ་བདུད་ཀྱིས་གནོད་ན་ གདགས།༼ཨ རྩིབས་བརྒྱད་ཀེཾ་གྱི་འཁོར་ལོ་འདི་བཙན་ ཤེས་རབ་འཕེལ་བར་འདོད་ན་ རྩོད་པ་ལས་རྒྱལ་བར་འདོད་ན་སྤྱན་ བདུད་ཀྱིས་གནོད་ན་གདགས་སོ།།༼ ཀེ འཇམ་དཔལ་གྱི་ཙཀྲ་གདགས།༼ ཁེ རས་གཟིགས་ཀྱི་འཁོར་ལོ་གདགས། དཔེ་གཅིག་ལ། ཏདྱ་ཐཱ་ ཨོཾ་ མ་ནི་ གིརྟི་ མ་ནི་ ཝཱ་ཀ་ སེང་ སྭཱ་ཧཱ། སྣང་།༼ གེ གཞན་དང་སྟོབས་ རིགས་རྒྱུད་དང་མི་ཕྱུགས་ཚེ་ཐུང་ན་རྣམ་པར་ རྡོ་རྗེ་སེམས་དཔའི་འཁོར་ལོ་འདི་ འགྲན་ན་ཕྱག་ན་རྡོ་རྗེའི་འཁོར་ལོ་གདགས་སོ།།༼ ངེ སྣང་མཛད་ཀྱི་འཁོར་ལོ་གདགས།༼ ཅེ རྟག་ཏུ་ནད་མང་ན་གདགས།༼ ཆེ རིན་ཆེན་འབྱུང་ལྡན་གྱི་ སྣང་བ་མཐའ་ཡས་ཀྱི་འཁོར་ལོ་འདི་ དོན་ཡོད་གྲུབ་པའི་འཁོར་ལོ་འདི་དགྲ་དང་ འཁོར་ལོ་འདི་རྟག་ཏུ་ནོར་ རྟག་ཏུ་མི་ཁ་འདུ་ན་གདགས།༼ ཉེ ཁ་མཆུ་རྒོད་ན་གདགས།༼ ཏེ གོད་ན་གདགས།༼ ཇེ རྨི་ལམ་ངན་ན་ སངས་རྒྱས་སྤྱན་མའི་འཁོར་ལོ་ མཱ་མ་ཀཱིའི་འཁོར་ལོ་འདི་ ནམ་མཁའ་དབྱིངས་ཕྱུག་གི་འཁོར་ལོ་ འདི་མཁོན་དང་ཐབ་ཤོར་ན་ འདི་མི་གཙང་བ་སྲུང་ན་ གདགས་སོ།།༼ ཐེ གདགས།༼ དེ གདགས།༼ ནེ གོས་དཀར་མོའི་འཁོར་ལོ་འདི་ དམ་ཚིག་སྒྲོལ་མའི་འཁོར་ལོ་འདི་ ཁྲོ་བོ་ཧཱུྃ་ཀཱ་རའི་འཁོར་ལོ་འདི་ལྷའི་ ཐབ་གཞོབ་སྲུང་ན་གདགས།༼ པེ ལྟས་ངན་བྱུང་ན་གདགས་སོ།།༼ ཕེ གདོན་གྱིས་གནོད་ན་གདགས།༼ བེ རྣམ་པར་རྒྱལ་ དབྱུག་པ་སྔོན་པོའི་འཁོར་ལོ་ གཤིན་རྗེའི་འཁོར་ལོ་འདི་ བའི་འཁོར་ལོ་འདི་དཀོར་འདྲེས་གནོད་ན་ འདི་བཙན་གྱིས་གནོད་ན་ བདུད་ཀྱིས་གནོད་ན་ གདགས།༼ མེ གདགས།༼ ཙེ གདགས།༼ ཚེ མི་གཡོ་མགོན་པོའི་འཁོར་ལོ་འདི་ རྟ་མགྲིན་རྒྱལ་པོའི་འཁོར་ལོ་འདི་ འདོད་པའི་རྒྱལ་པོའི་འཁོར་ལོ་འདི་ དམ་སྲིས་གནོད་ན་གདགས།༼ ཛེ ཀླུས་གནོད་ན་གདགས།༼ ཝེ ཐེའུ་རང་གིས་གནོད་ན་གདགས།༼ ཞེ བདུད་རྩི་འཁྱིལ་བའི་ ཁམས་གསུམ་རྣམ་པར་རྒྱལ་བའི་འཁོར་ལོ་ སྟོབས་པོ་ཆེའི་འཁོར་ལོ་འདི་ས་བདག་གིས་ འཁོར་ལོ་འདི་ཤི་འདྲེས་གནོད་ན་གདགས།༼ ཟེ འདི་བདུད་མོས་གནོད་ན་གདགས།༼ འེ གནོད་ན་གདགས་སོ།།༼ ཡེ དབང་ཐང་འཕན་དར་འཁོར་ལོ་འདི་ ལུས་འཕན་དར་གྱི་འཁོར་ལོ་འདི་ སྲོག་འཕན་དར་གྱི་འཁོར་ལོ་འདི་ སྟོན་མོ་བྱེད་ན་གདགས།༼ རེ དུར་འདེབས་ན་གདགས།༼ ལེ མཁར་ལས་བྱེད་ན་གདགས།༼ ཤེ ཀླུང་རྟ་འཕན་དར་གྱི་ གཟའ་བརྒྱད་ཟློག་པའི་འཁོར་ལོ་འདི་ འབྱུང་བ་དམག་དཔོན་གྱི་འཁོར་ལོ་འདི་ འཁོར་ལོ་འདི་ལྟད་མོ་བལྟ་བ་ལ་འགྲོ་ན་ ཇག་ལ་འགྲོ་ན་གདགས།༼ ཧེ དམག་ལ་འགྲོ་ན་གདགས།༼ ཨེ གདགས་སོ།།༼ སེ རྒྱུ་སྐར་དོན་གྲུབ་ཀྱི་འཁོར་ལོ་འདི་ བྲེ་སྲང་གི་འཁོར་ལོ་འདི་ཚོང་ལ་ མཚོན་ཆ་མེའི་འཁོར་ལོ་འདི་མཚམས་ དོན་གཉེར་འགྲོ་ན་གདགས།༼ ཀི འགྲོ་ན་གདགས་སོ།།༼ ཁི བགེགས་སྲུང་ན་གདགས།༼ གི སྒོ་མ་བཞིའི་ སྲིད་པའི་ལྷ་མོ་ལྔའི་འཁོར་ལོ་འདི་ བདེ་གཤེགས་འདུས་པའི་འཁོར་ལོ་འདི་ འཁོར་ལོ་འདི་མཚམས་བྱེད་ན་གདགས།༼ ངི སྲིའུ་གསོ་ན་གདགས།༼ ཅི གཞན་ལ་བྱིན་རླབས་བྱེད་ན་གདགས།༼ ཆི ཕྱོགས་བཞིར་དེས་རིགས་འགྲེའོ། ། རིམས་བསྲུང་ན་སྤྲེའུའི་ གདོན་སྲུང་ན་བྱའི་ཙཀྲ་ དགྲ་ཡི་འཇིགས་ན་སྟག་གི་ཙཀྲ་ ཙཀྲ་གདགས།༼ ཇི གདགས།༼ ཉི གདགས།༼ ཏི ཚེ་རིང་བར་ ནོར་འཕེལ་བར་ བུ་མང་བར་འདོད་ན་ འདོད་ན་གླང་གི་ཙཀྲ་གདགས།༼ ཐི འདོད་ན་ལུག་གི་ ཡོས་བུའི་ཙཀྲ་ ཙཀྲ་གདགས།༼ དི གདགས།༼ ནི མི་ནོར་དབང་དུ་བསྡུ་ན་འབྲུག་གི་ ནོར་དབང་དུ་སྡུད་ན་བྱི་ ལྷ་འདྲེ་དབང་དུ་སྡུད་ན་རྟའི་ ཙཀྲ་གདགས།༼ པི བའི་ཙཀྲ་གདགས།༼ ཕི ཙཀྲ་གདགས།༼ བི མཐུ་བྱེད་ན་ ཀླུ་གཏད་བྱེད་ན་སྦྲུལ་གྱི་ ཐོག་སེར་སྲུང་ན་ཕག་གི་ ཁྱིའི་ཙཀྲ་གདགས།༼ མི འཁོར་ལོ་གདགས།༼ ཙི ཙཀྲ་གདགས་སོ།།༼ ཚི གཤེད་བཞི་ཕཊཿཀྱི་འཁོར་ལོ་འདི་ གཤེད་བཞི་འབྱུང་བའི་འཁོར་ལོ་འདི་ ཀུན་ཐུབ་རྒྱལ་པོ་ཡིན་ནོ་འཁོར་ལོ་འདི་ ཕྱོགས་ངན་དུ་འགྲོ་ན་གདགས།༼ ཛི མནའ་གཉན་བསྐྱལ་ན་གདགས།༼ ཝི ཀུན་ལ་ཕན་ཕྱིར་གང་འདོད་ན་ གདགས་སོ།།༼ ཞི རྩིབས་བརྒྱད་བྲུཾ་གྱི་ ལྷ་མོ་བཞི་ཕུར་པའི་ཙཀྲ་ཕུར་ཁ་ཟློག་ན་གདགས།༼ འི རྒྱ་གྲམ་བྷྱོའི་ཙཀྲ་འདི་བྱད་ཁ་ འཁོར་ལོ་འདི་ཞིང་གི་གཉན་ས་རྐོ་ན་ ཟློག་ན་གདགས།༼ ཡི གདགས་སོ།།༼ ཟི རྒྱ་གྲམ་རཾ་གྱི་འཁོར་ལོ་འདི་ རྩིབས་བཞི་རཾ་གྱི་འཁོར་ལོ་འདི་ས་ ཚེ་བྷྲཱུྃ་གྱི་འཁོར་ལོ་འདི་སྲོག་རྒུད་ན་གདགས།༼ ཤི མཐུ་ཟློག་བྱེད་ན་གདགས།༼ རི བདག་ཀླུ་གཉན་གྱིས་གནོད་ན་ གདགས་སོ།།༼ ལི པརྞ་ཤ་བ་རིའི་ ལྷ་མོ་ལྔའི་འཁོར་ལོ་འདི་དབང་ གཤེད་བཞི་བྷྱོའི་འཁོར་ལོ་འདི་ཀླུང་ འཁོར་ལོ་འདི་ལུས་རྒུད་ན་གདགས།༼ སི ཐང་རྒུད་ན་གདགས།༼ ཧི རྟ་རྒུད་ན་གདགས་སོ།།༼ ཨི ཤིང་བྱང་གླང་མ་ལ་འཁོར་ལོ་འདི་ འདི་ཞིང་ཁར་དོང་བྲུས་ལ་འཁོར་ལོ་ སྤྱང་ཀིའི་ཁ་ཆིངས་འཁོར་ལོ་འདི་ བྲིས་ལ་མར་ཁུས་བྱུག་གནམ་ལ་ རབ་གནས་བྱས་ལ་སྦའོ། །ཞིང་ རྟ་ནོར་སྤྱང་ཀི་ལ་སྐྲག་པའི་མགུལ་དུ་ ཁ་བསྟན་སེར་བ་སྲུང་བར་ཐེ་ ལ་གནོད་བྱེད་གང་ཡང་སྲུང་ན་ བཏགས་ན་ཐེ་ཚོམ་མེད།༼ གོ ཚོམ་མེད།༼ ཀོ འདི་གདགས།༼ ཁོ འདི་ཞོ་ཆང་གང་ འདི་གདན་འོག་ཏུ་གནོན། སྲིས་ སྐུའི་འཁོར་ལོ་བརྟན་པའི་རི་བོ་འདྲ་ བསྲུང་ན་དེའི་འོག་ཏུ་སྦའོ། །བདུང་བག་མེད་ རྐུན་མནན་པའི་འཁོར་ལོ་འདི་ བས་སྤྱི་བོའི་གཙུག་ཏུ་གདགས་ན་ བྱས་ན་བཟང་ངོ་།།༼ ངོ གང་གི་ཞབས་སུ་མནན་པ་ ཕྱོགས་ངན་ཐམས་ཅད་ཐུབ།༼ ཆོ དེ་ལ་ཐུབ་ངེས་སོ།།༼ ཅོ སྐུའི་འཁོར་ལོ་འགྱུར་མེད་ལྷུན་ སྐུའི་འཁོར་ལོ་སྨན་གྱི་སྡོང་པོ་ གསུང་གི་འཁོར་ལོ་བྲག་ཅ་སྒྲ་སྙན་ པོ་འདྲ་བས་ཕྱོགས་ངན་ཟློག་ འདྲ་བས་རིམས་ཡམས་སྲུང་ ལྟ་བུ་འདྲ་ལ་མགུལ་དུ་བཏགས་ན་ པར་ཐེ་ཚོམ་མེད།༼ ཇོ བར་ཐེ་ཚོམ་མེད།༼ ཉོ མནའི་ཉེས་པ་འཇོམས།༼ ཏོ ཐུགས་ཀྱི་ཙཀྲ་ ཡོན་ཏན་གྱི་འཁོར་ལོ་སྐུ་མཁར་ ཕྲིན་ལས་ཀྱི་འཁོར་ལོ་གོ་ཆ་དང་ བརྗོད་ན་ནམ་མཁའ་འདྲ་བས་ལུས་ལ་ཐོགས་ བཙན་པོ་དང་འདྲ་བས་གཞན་གྱི་ འདྲ་བས་འཁྲུགས་སར་འགྲོ་ན་ པས་མཐུ་དང་རྦོད་གཏོང་ཟློག།༼ ཐོ མཚོན་བསྲུང་བར་གདོན་མི་ཟའོ།།༼ དོ མཚོན་གྱི་གདུག་པ་ཞིའོ།།༼ ནོ ཨེ་མ་ཧོ༔ དྲི་མེད་ཆོས་ཀྱི་ཚུལ་འདི་རྒྱ་ཆེ་ཞིང༔ ཁྱད་པར་བསྲུང་བའི་ཐབས་ལ་གྲངས་མང་ཡང༔ པདྨའི་རྒྱལ་པོས་ཀུན་ནས་བསྡུས་པ་ཡི༔ འདི་ནི་སྲུང་འཁོར་རྒྱལ་པོ་གཏེར་མ་འོ༔ འདི་བས་ལྷག་པ་ལོག་ན་མེད༔ དེ་ལ་འཁོར་ལོ་རྒྱལ་པོའི་རྣམ་གྲངས་ལ༔ སྙིང་པོ་གསུམ་གྱི་འཁོར་ལོ༔ རུས་སྦལ་གསེར་གྱི་འཁོར་ལོ༔ འབྱུང་བ་ལྔ༔ རུས་སྦལ་ལྔ༔ དྲུག་ཚན་ལྔ༔ དགྲ་དར་བ་སྲུང་བ་བཞི༔ གཉན་པོའི་ལས་བྱེད་ལྔ༔ གདོན་བགེགས་སྲུང་བ་ལྔ༔ རིགས་གསུམ་མགོན་པོའི་གསུམ༔ རིགས་ལྔ་ཡབ་ཡུམ་བཅུ༔ ཁྲོ་བོ་བཅུའི་བཅུ༔ འཕན་དར་བཞི༔ འགྲོ་བ་ལས་བྱེད་བཞི༔ རྣལ་འབྱོར་དོན་དགོངས་བཞི༔ ལོ་བཅུ་གཉིས༔ ཉེས་པ་སྲུང་བ་བཞི༔ གནོད་པ་ཟློག་པ་བཞི༔ རྒུད་པ་སྲུང་བ་བཞི༔ ཁ་ཆིངས་ལྔ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྟེ་བརྒྱ་ཐམ་པ་བཞུགས་སོ༔ ༁ྃ༔ འཁོར་ལོའི་རྒྱལ་པོ་འདི་རྣམས་དཔེའུ་ཆུང་ཁོ་ན་བཞིན་དུ་བྲིས་ལ་རབ་གནས་སྤྱི་དང་མཐུན་པ་བཞིན་དུ་བྱས་ལ་འཆང་བས༔ ལུས་སམ་མགུལ་དུ་བཏགས་ན་གོང་དུ་བཤད་པ་ལྟར༔ ཉེས་པ་དེ་དག་གང་གིས་མི་ཚུགས་པར་འགྱུར་ཞིང༔ བསྲུང་བའི་མཆོག་ཏུ་འགྱུར་རོ༔ ཤིན་ཏུ་བཀྲ་ཤིས་པར་འགྱུར་རོ༔ འཁོར་ལོ་གཏིང་རྫོགས་གཏེར་མ་འདི༔ ཕལ་དང་ཐུན་མོང་མ་ཡིན་ནོ༔ སྨོན་ལམ་དག་པས་བདག་དང་འཕྲད༔ སེམས་ཅན་རྣམས་ལ་ཕན་པར་ཤོག༔ གཏེར་སྟོན་ཆེན་པོ་སྣ་ནམ་འབྲོག་པ་ཐུབ་རྒྱལ་གྱིས་བསམ་ཡས་མཆོད་རྟེན་དམར་པོ་ནས་སྤྱན་དྲངས་པ་གཙུག་ལག་རྒྱའི་གཏོ་བཅོས་འཁོར་ལོ་རྒྱ་ནག་གཏིང་རྫོགས་སུ་གྲགས་པ་འཁོར་ལོ་བརྒྱ་དང་གཉིས་པ་རྒྱབ་ཡིག་དང་བཅས་པ་དག་པར་བཀོད་པ་རྫོགས་སོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ། མངྒ་ལཾ།། །། ༁ྃ༔ སྤྱིའི་རྫས་ནི། རུས་སྦལ་ག །ས་སྣ་ལྔ།་་་གནས་སོགས་ས་སྣ་ལྔ། མེ་སྣ་ལྔ།་་་མི་རུས་རིགས་མི་གཅིག་ལྔའི་མེ་སོལ། ཆུ་སྣ་ལྔ།་་་ལུ་མ་རྒྱ་མཚོ་ཆུ་བྲན་ལྟེང་ཀ་འབབ་ཆུ། ལྕགས་སྣ་ལྔ།་་་གསེར་དངུལ་ཟངས་ལྕགས་གནམ་ལྕགས། ཤིང་སྣ་ལྔ།་་་ཤུག་པ་ལྕང་མ་བསམ་པ་སྟག་མ་ཝོ་སེ། བཟང་པོ་དྲུག །དར་ཚོན་སྣ་ལྔ་དགོས་གསུངས་པ་ཞལ་ཤེས་ཡིག་ཆུང་དུ་བཀོད་པའོ།། །།
བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་སྐུལ་བ་ (Volume 25, Text 42)
༄༅༔ བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་སྐུལ་བ་བཞུགས་སོ༔ བདེ་གཤེགས་སྤྱི་སྐུལ་ཟེར༔ བྷྲཱུྃ༔ གཞལ་ཡས་ཁང་ཆེན་བསྐྱེད་ཀྱིས་རྒྱ་མ་ཆུང༔ སེང་གེ་གླང་ཆེན་ཁྲི་བརྩེགས་འཕང་མ་དམའ༔ ཉི་ཟླ་པདྨའི་གདམ་བཤམས་བརྗིད་མ་ཆུང༔ ལྷ་དང་སྲུང་མ་བོས་སོ་སྙན་མ་སྲ༔ མ་དང་མཁའ་འགྲོ་བསྟེན་ནོ་རྒྱང་མ་རིང༔ འདུས་ཤིག་ཚོགས་ཤིག་དམ་ཅན་སྲུང་མའི་ཚོགས༔ མི་མངོན་དབྱིངས་ནས་བདག་ལ་བྱིན་གྱིས་རློབས༔ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཧཱུྃ༔ མི་མངོན་ཆོས་ཀྱི་དབྱིངས་ན་བཞུགས་པ་ཡི༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་རྣམས༔ འགྲོ་འདུལ་ཕྲིན་ལས་རྣམ་བཞིའི་ཐུགས་དམ་ཅན༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་རྣལ་འབྱོར་དོན་ཕྱིར་བསྐུལ༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པས༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཧཱུྃ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་དང༔ མཐར་བྱེད་བརྒྱད་དང་སྤྲུལ་སྐུ་ཐུབ་པ་དྲུག༔ ཡིད་དང་དབྱིངས་ལ་སོགས་ཏེ་ཞི་བའི་ལྷ༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཧཱུྃ༔ དུར་ཁྲོད་རོལ་པ་ཆེན་པོའི་དཀྱིལ་འཁོར་ན༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ བཀའ་ཡི་ཕོ་ཉ་དབང་ཕྱུག་ཉི་ཤུ་བརྒྱད༔ ལྔ་བཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཧཱུྃ༔ པདྨ་རོལ་པའི་དུར་ཁྲོད་ཆེན་པོ་ན༔ ཁམས་གསུམ་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ གདུག་པའི་ཀླུ་རྣམས་བརྩེགས་པའི་ཁྲི་སྟེང་དུ༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་གི་སྐུ༔ གཉིས་མེད་ཡུམ་ཆེན་པདྨ་གཟི་ལྡན་མ༔ དབང་གི་ལྷ་མོ་དབང་ཕྱུག་ཉི་ཤུ་བརྒྱད༔ ལོང་བ་རྒྱབ་སྦྲེལ་རོ་བཤལ་སྤྱང་མོ་དང༔ དྲྭ་བ་ཅན་དང་གློག་འགྱུ་མ་མོའི་ཚོགས༔ ཟ་བྱེད་ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་སོགས༔ པདྨ་དབང་ཆེན་ལྷ་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཧཱུྃ༔ ཕྲིན་ལས་གྲུ་གསུམ་དྲག་པོའི་གཞལ་ཡས་ནས༔ སྡང་གདུག་རྣམ་གཉིས་བསྒྲལ་བའི་དཀྱིལ་འཁོར་ནས༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཕྱོགས་བཅུའི་ཁྲོ་བོ་ཕ་བཅུ་ཡབ་ཡུམ་དང༔ ཟ་གསོད་སྤྲུལ་པ་མགོ་བརྙན་ཉི་ཤུའི་ཚོགས༔ གདུག་པ་འདུལ་ཕྱིར་སྲས་མཆོག་ཉི་ཤུ་གཅིག༔ དགྲ་བགེགས་རྣམ་གཉིས་བསྒྲལ་བའི་སྒོ་མ་བཞི༔ བདག་ཉིད་ཆེན་མོ་དཔལ་ལྡན་རེ་མ་ཏི༔ ཁྱད་པར་སྲུང་མ་ཤྭ་ན་མཆེད་སྡེ་བཞི༔ ས་བདག་ཆེན་མོ་བསེ་ཡི་ལྷ་མོ་བཞི༔ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་སོགས༔ ཕྲིན་ལས་ཕུར་པའི་ལྷ་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཧཱུྃ༔ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ན༔ གདུག་པའི་དགྲ་བགེགས་བསྒྲལ་བའི་གདན་སྟེང་དུ༔ ཆུ་གླང་མ་ཧེ་གཤིབས་པའི་ཁྲི་སྟེང་ནས༔ ཡབ་གཅིག་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད༔ སྦྱོར་བའི་ཡུམ་མཆོག་རོ་ལངས་བེ་ཏཱ་ལི༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཙཱ་ཊི་མ༔ ཐུགས་ལས་བསྐྱེད་པའི་གཤིན་རྗེ་མེ་རུ་རྩེ༔ དུག་གསུམ་གཤེད་བཞི་གཤིན་རྗེ་མཐར་བྱེད་བརྒྱད༔ གིང་བདུད་ཕོ་ཉ་རྣལ་འབྱོར་མ་ཡི་ཚོགས༔ འཇམ་དཔལ་གཤིན་རྗེའི་ལྷ་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཧཱུྃ༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན༔ གསང་བའི་བདག་པོ་བཅོམ་ལྡན་གོས་སྔོན་ཅན༔ སྦྱོར་བའི་ཡུམ་མཆོག་ཁམས་གསུམ་དབང་སྡུད་ཡུམ༔ ཐུགས་ཀྱི་སྤྲུལ་པ་ཁྲོ་རྒྱལ་མི་གཡོ་མགོན༔ ཀླུ་རྣམས་འདུལ་མཛད་བྱ་ཁྱུང་ག་རུ་ཌ༔ བཀའ་ཡི་ཕོ་ཉ་རྒྱལ་ཆེན་རྣམ་ཐོས་སྲས༔ དམ་ཅན་ཕྲིན་ལས་སྒྲུབ་མཛད་རཱ་ཧུ་ལ༔ བཀའ་ཉན་གསུང་སྡོད་ལྷ་སྲིན་སྡེ་བརྒྱད་ཚོགས༔ གསང་བའི་བདག་པོའི་ལྷ་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འཁྲུགས་པའི་དབུས༔ ཞེ་སྡང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ གདུག་པའི་དགྲ་བགེགས་བསྒྲལ་བའི་གདན་སྟེང་ན༔ རྡོ་རྗེའི་ཆོས་སྐྱོང་སྲུང་མར་ཞལ་བཞེས་པ༔ དཔལ་ལྡན་མགོན་པོ་ཐོད་པའི་ཕྲེང་བ་ཅན༔ སྦྱོར་བའི་ཡུམ་མཆོག་ཕྲིན་ལས་རྣམས་སྒྲུབ་ཡུམ༔ ཁྱེད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཀྱང༔ བྱང་གི་ཕྱོགས་ཀྱི་དུར་ཁྲོད་ཆེན་པོ་དེར༔ གནོད་སྦྱིན་སྟོང་གི་ཚོགས་དང་བཅས་ནས་སུ༔ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་སྲུང༔ ཟས་སུ་དགྲ་བོའི་ཤ་ཁྲག་ཟ་བྱེད་ཅིང༔ གདུག་པའི་དགྲ་བགེགས་སྲོག་རྩ་གཅོད་པར་བྱེད༔ དཔལ་ལྡན་མགོན་པོའི་ལྷ་རྒྱུད་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ སྲིད་པའི་རྒྱལ་མོ་ཉིད་བཞི་མུ་ཁ་ལེ༔ རྟག་པའི་རྒྱལ་མོ་མཁའ་བཞི་དབྱིངས་དང་ལྔ༔ ཉི་ཟླ་ཐོད་ཕྲེང་ཁམས་གསུམ་དབང་དུ་སྡུད༔ སྲིད་པ་བདེ་འགྲོ་ཁམས་གསུམ་ཡུམ་མཆོག་མ༔ གསང་བ་ཐུགས་ཀྱི་དགྱེས་སྡེ་ཆེན་མོ་བཞི༔ ཕུང་བྱེད་མ་དང་སྦས་པའི་མ་མོའི་ཚོགས༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ བསྟན་པ་སྲུང་མཛད་དམ་ཅན་མ་མོའི་ཚོགས༔ སྲིད་པ་ཆགས་བྱེད་དབྱིངས་དང་ཡེ་ཤེས་ལས༔ ཨེ་ཀ་ཙཱ་ཊི་རྡོ་རྗེ་རལ་གཅིག་མ༔ མ་བདུན་སྲིང་བཞི་མཚམས་ཀྱི་གྲུ་འདེགས་བཞི༔ ཁམས་གསུམ་གཙོ་མོ་དཔལ་ལྡན་རེ་མ་ཏཱི༔ ཁྲག་གི་རྒྱ་མཚོ་དམར་ནག་སྐེམ་བྱེད་པའི༔ སྲིན་མོ་ཆེན་མོ་བདུན་ཅུ་རྩ་གཉིས་རྣམས༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་ལ་སོགས་འཕགས་པ་མང་པོའི་ཚོགས༔ གྲོ་བོ་ལོད་དང་རྡོ་རྗེ་ཡང་དབང་གཏེར༔ རོ་ལངས་བདེ་བ་རྡོ་རྗེ་ཐོད་ཕྲེང་རྩལ༔ དེ་ལ་སོགས་ཏེ་རིག་འཛིན་མང་པོའི་ཚོགས༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཕྲིན་ལས་དགྲ་བགེགས་འདུལ་བའི་དུས་ལ་བབ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའ་མཐའ་ཡས་དཀྱིལ་འཁོར་ནས༔ ལྷ་སྲིན་སྡེ་བརྒྱད་སྲུང་མ་ཐུགས་དམ་ཅན༔ ཡབ་གཅིག་སྐུ་མཆོག་རྡོ་རྗེ་དབྱིངས་སྒྲོལ་དང༔ མགོན་པོ་ནག་པོ་ཆོས་སྐྱོང་ཡོངས་ཀྱི་རྗེ༔ ལྷ་མོ་ནག་མོ་འཇིགས་པའི་གློག་འགྱུ་མ༔ སྲོག་བདག་དཀར་པོ་རྒྱལ་པོ་སྙིང་འབྱིན་ཟ༔ ལྷ་སྲིན་སྡེ་བརྒྱད་དམག་དཔོན་རཱ་ཧུ་ལ༔ ཡབ་རྗེ་ནག་པོ་སྲོག་བདག་དབུགས་ཀྱི་བདག༔ གནམ་ཐེ་དཀར་པོ་ཆོ་འཕྲུལ་ཡོངས་ཀྱི་བདག༔ རྡོ་རྗེ་ལེགས་པ་ཆོས་སྐྱོང་ཡོངས་ཀྱི་རྗེ༔ ཡམ་ཤུད་དམར་པོ་བཙན་གྱི་རྗེ་བོ་དང༔ དྲག་བྱེད་ཕོ་མོ་མཐུ་རྩལ་ལྡན་པ་རྣམས༔ མི་མངོན་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ ཐུགས་དམ་ཐུགས་རྗེས་བདག་གི་སྡོངས་གྲོགས་མཛོད༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་ལྷ་ནི་བསྐུལ་བའི་ས་ལས་བཞེངས༔ རྡོ་རྗེ་དབང་ཆེན་བཅོལ་བའི་ཕྲིན་ལས་མཛོད༔ ཡེ་ཤེས་ལྷ་དང་གཉིས་མེད་བདག་བསྒོམས་ན༔ ཐུགས་རྗེས་བྲེང་ཙམ་བདག་ལ་མི་དགོངས་སམ༔ སྨྲས་ཀྱང་མི་དགོངས་བཤགས་ཀྱང་མི་འཆགས་ན༔ སྔོན་གྱི་ཐུགས་དམ་ཉམས་པར་གྱུར་ཏ་རེ༔ བསྐུལ་ཡང་མི་དགོངས་བཅོལ་ཡང་མི་ཉན་ན༔ ཁྱོད་ཀྱི་ཐུགས་དམ་སྐྱོན་དུ་འཚལ་ལགས་སམ༔ འཇིག་རྟེན་འདིར་ནི་རྟེན་འབྲེལ་ནོར་དང་རྫས༔ གུས་བྱེད་རྫས་དང་ལོངས་སྤྱོད་སྣ་ཚོགས་ཀྱིས༔ འཕགས་པ་མཆོད་ཅིང་འགྲོ་དོན་བགྱིད་སྙམ་ཡང༔ སྡང་བྱེད་དགྲ་བོས་བགྱིད་དུ་མ་སྟེར་རོ༔ ཡེ་ནས་བདེ་ཆེན་དབྱིངས་ཀྱི་ད་ལ་ན༔ གཉིས་མེད་ཐིག་ལེ་ཆེན་པོ་བསྒོམ་སྙམ་ན༔ བར་ཆད་རྐྱེན་དང་བགེགས་ཀྱིས་མ་སྟེར་རོ༔ ང་ནི་མ་ཉེས་མ་ལན་ཡེ་ཤེས་ལྷ༔ བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སྡང་བའི་དགྲ་ལ་ཕྲིན་ལས་འགྲུབ་པར་མཛོད༔ གནོད་པའི་བགེགས་ལ་ཕྲིན་ལས་འགྲུབ་པར་མཛོད༔ བར་ཆད་རྐྱེན་རྣམས་བཟློག་པར་མཛད་དུ་གསོལ༔ ཕྲིན་ལས་ཆེན་པོ་རྫོགས་པར་མཛད་དུ་གསོལ༔ བདེ་བར་གཤེགས་པ་སྤྱི་དྲིལ་གྱི་ཕྲིན་ལས་རྒྱས་བསྡུས་སྤྱི་སྐུལ་ལོ༔ འདིར་ཁྲོ་བོ་བཅུའི་སྐུལ་པ་བྱས་ཀྱང་ལེགས་གསུངས་པ་ནི་འདི་སྐད་དོ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ དྲི་ཟ་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བསྐུལ་ལོ་ལས་མཛོད་ཅིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་ཆིངས་ཤིག་དབང་དུ་སྡུས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ༔ ཤར་ལྷོ་མཚམས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ མེ་ལྷ་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ་ལས་མཛོད་ཅིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་ཆིངས་ཤིག་དབང་དུ་སྡུས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ གཤིན་རྗེ་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ༴ སྡང་བའི་དགྲ་དང༴ ཟུངས་ཤིག་ཆིངས་ཤིག༴ གཏོགས་ཤིག་གྲོགས་དང༴ ལུས་ངག་རྡུལ་ཕྲན༴ བཅོལ་བའི་ཕྲིན་ལས༴ དམ་ཉམས་དགྲ་བགེགས༴ ཧཱུྃ༔ ལྷོ་ནུབ་མཚམས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ སྲིན་པོ་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ༴ སྡང་བའི་དགྲ་དང༴ ཟུངས་ཤིག་ཆིངས་ཤིག༴ གཏོགས་ཤིག་གྲོགས་དང༴ ལུས་ངག་རྡུལ་ཕྲན༴ བཅོལ་བའི་ཕྲིན་ལས༴ དམ་ཉམས་དགྲ་བགེགས༴ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་རྟ་མགྲིན་དཔལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ ཀླུ་གདོན་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ་ལས་མཛོད་ཅིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་ཆིངས་ཤིག་དབང་དུ་སྡུས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ༔ ནུབ་བྱང་མཚམས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་གཞན་མི་ཐུབ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ རླུང་ལྷ་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ༴ སྡང་བའི་དགྲ་དང༴ ཟུངས་ཤིག་ཆིངས་ཤིག༴ གཏོགས་ཤིག་གྲོགས་དང༴ ལུས་ངག་རྡུལ་ཕྲན༴ བཅོལ་བའི་ཕྲིན་ལས༴ དམ་ཉམས་དགྲ་བགེགས༴ ཧཱུྃ༔ བྱང་གི་ཕྱོགས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ གནོད་སྦྱིན་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ༴ སྡང་བའི་དགྲ་དང༴ ཟུངས་ཤིག་ཆིངས་ཤིག༴ གཏོགས་ཤིག་གྲོགས་དང༴ ལུས་ངག་རྡུལ་ཕྲན༴ བཅོལ་བའི་ཕྲིན་ལས༴ དམ་ཉམས་དགྲ་བགེགས༴ ཧཱུྃ༔ བྱང་ཤར་མཚམས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་ཁམས་གསུམ་རྒྱལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ དབང་ལྡན་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ་ལས་མཛོད་ཅིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་ཆིངས་ཤིག་དབང་དུ་སྡུས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ༔ སྟེང་གི་ཕྱོགས་ནས་བསྐུལ་བ་ནི༔ ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན༔ ཞབས་གཉིས་རྡོ་རྗེའི་སྤྱན་གསུམ་ལྡན༔ ཚངས་པ་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ༴ སྡང་བའི་དགྲ་དང༴ ཟུངས་ཤིག་ཆིངས་ཤིག༴ གཏོགས་ཤིག་གྲོགས་དང༴ ལུས་ངག་རྡུལ་ཕྲན༴ བཅོལ་བའི་ཕྲིན་ལས༴ དམ་ཉམས་དགྲ་བགེགས༴ ཧཱུྃ༔ འོག་གི་ཕྱོགས་ནས་བསྐུལ་བ་ནི༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ ཞབས་གཉིས་རྡོ་རྗེའི་བྲག་སྟེང་ན༔ ས་བདག་འདུལ་བའི་ཚུལ་དུ་བཞུགས༔ བསྐུལ་ལོ་བཅོལ་ལོ་ལས་མཛོད་ཅིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུངས་ཤིག་ཆིངས་ཤིག་དབང་དུ་སྡུས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ དྲི་ཟ་རྣམས་ལ་དབང་སྒྱུར་ཞིང༔ སྲས་དང་བཙུན་མོ་འཁོར་དང་བཅས༔ ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ༔ ཤར་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ ཨོཾ་དྷྲྀཥྚ་རཥྚ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ གྲུལ་བུམ་རྣམས་ལ་དབང་སྒྱུར་ཞིང༔ སྲས་དང་བཙུན་མོ་འཁོར་བཅས་ལ༔ ཕྱག་འཚལ་བསྙེན་བཀུར་མཆོད་པར་འབུལ༔ ལྷོ་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ ཨོཾ་བཻ་རུ་ཌྷ་ཀཱ་ཡ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ ཀླུ་གདོན་རྣམས་ལ་དབང་སྒྱུར་ཞིང༔ སྲས་དང་བཙུན་མོ་འཁོར་བཅས་ལ༔ ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ༔ ནུབ་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ ཨོཾ་བི་རཱུ་པཱཀྵཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ གནོད་སྦྱིན་རྣམས་ལ་དབང་སྒྱུར་ཞིང༔ སྲས་དང་བཙུན་མོ་འཁོར་བཅས་ལ༔ ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ༔ བྱང་ཕྱོགས་དགྲ་བགེགས་ཚར་ཆོད་ཅིག༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཤར་སྒོ་སྲུང་བའི་ཕྲ་མེན་མ༔ ཛ༔ ལྕགས་ཀྱུ་མང་པོའི་འཕྲོ་འདུ་ལས༔ དཀར་མོ་ཁྲོས་པའི་ཆ་བྱད་ཅན༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་དགྲ་བགེགས་ཡར་མ་གཏོང༔ ཤར་སྒོ་སྲུང་བའི་ལས་མཛོད་ཅིག༔ ཧཱུྃ༔ ལྷོ་སྒོ་སྲུང་བའི་ཕྲ་མེན་མ༔ ཧཱུྃ༔ ཞགས་པ་མང་པོའི་འཕྲོ་འདུ་ལས༔ སེར་མོ་ཁྲོས་པའི་ཆ་བྱད་ཅན༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་བར་ཆད་ནང་མ་གཏོང༔ ལྷོ་སྒོ་སྲུང་བའི་ལས་མཛོད་ཅིག༔ ཧཱུྃ༔ ནུབ་སྒོ་སྲུང་བའི་ཕྲ་མེན་མ༔ བཾ༔ ལྕགས་སྒྲོག་མང་པོའི་འཕྲོ་འདུ་ལས༔ དམར་མོ་ཁྲོས་པའི་ཆ་བྱད་ཅན༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་དགྲ་བགེགས་ནང་མ་གཏོང༔ ནུབ་སྒོ་སྲུང་བའི་ལས་མཛོད་ཅིག༔ ཧཱུྃ༔ བྱང་སྒོ་སྲུང་བའི་ཕྲ་མེན་མ༔ ཧོ༔ དྲིལ་བུ་མང་པོའི་འཕྲོ་འདུ་ལས༔ ལྗང་མོ་ཁྲོས་པའི་ཆ་བྱད་ཅན༔ ནང་གི་དངོས་གྲུབ་ཕྱིར་མ་གཏོང༔ ཕྱི་ཡི་དགྲ་བགེགས་ནང་མ་གཏོང༔ བྱང་སྒོ་སྲུང་བའི་ལས་མཛོད་ཅིག༔ ཅེས་བསྐུལ་ལོ༔ བདེ་གཤེགས་དྲེགས་པ་ཀུན་འདུལ་གྱི་བསྟོད་བསྐུལ་རྒྱས་པ་རྫོགས་སོ༔ བཀྲ་ཤིས་པ་དང་བདེ་ལེགས་སུ་གྱུར་ཅིག། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས་ (Volume 34, Text 42)
མཁའ་འགྲོ་གསང་བ་ཀུན་འདུས་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །གདོད་ནས་རྣམ་དག་རང་བྱུང་གསང་བའི་དབྱིངས། །བརྡལ་བ་ཆེན་པོ་ཆོས་རྣམས་འབྱུང་བའི་གནས། །རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡུམ་ཆེན་མོར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིག་གདངས་འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན། །མཁའ་ཁྱབ་ཞིང་དང་སྐུ་ཡི་བཀོད་པ་རྫོགས། །དབྱིངས་ཕྱུག་ལོངས་སྐུ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་སྟོང་རོལ་པ་རིགས་ལྔའི་ཕྱག་རྒྱར་བཞེངས། །སྲིད་ཞིའི་སྤྱི་དཔལ་གནས་གསུམ་མཁའ་འགྲོའི་གཙོ། །བདེ་གཤེགས་སྤྲུལ་སྐུ་དགྱེས་མ་རྣལ་འབྱོར་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཧེ་རུ་ཀ་དཔལ་འཆི་མེད་རིག་འཛིན་ཚུལ། །བདུད་བཞིའི་འཇིགས་བཅོམ་བདེ་ཆེན་རྡོ་རྗེའི་སྐུ །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དབྱིངས་ཀྱི་ཡུམ་ཆེན་གསང་སྔགས་བཀའ་ཡི་མཛོད། །མཆོག་གི་གྲུབ་བརྙེས་བོད་འབངས་སྐྱོབ་པའི་མ། །བཀའ་དྲིན་མཉམ་མེད་ཡེ་ཤེས་ཌཱ་ཀི་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཚོ་རྒྱལ་དངོས་བྱོན་ཕག་མོས་བྱིན་གྱིས་བརླབས། །འཇའ་ལུས་མཆོག་གྲུབ་ཇོ་མོ་སྨན་མོར་གྲགས། །ཡེ་ཤེས་མཁའ་འགྲོ་པདྨ་མཚོ་སྐྱིད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྡོ་རྗེ་བཙུན་མོས་རྗེས་བཟུང་འབར་བ་དང་། །འདུ་བ་གསུམ་ཐོབ་བཀའ་བབས་བདུན་གྱི་བདག །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ཁ་སྐོང་ནི། མཁའ་འགྲོ་རྒྱ་མཚོའི་གསང་བའི་མཛོད་འཆང་བ། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་འཕྲུལ། །པདྨ་གར་དབང་བློ་གྲོས་མཐའ་ཡས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཀུན་བཟང་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །འཁོར་འདས་ཆོས་ཀུན་སྣ་ཚོགས་རང་སར་གྲོལ། །འཆི་མེད་གྲུབ་པ་སྣང་མཛད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བརྒྱུད་པའི་ཁ་སྐོང་འདིའང་རང་གིས་ཐོབ་ཚུལ་ལྟར་ཆོས་ཀྱི་བློ་གྲོས་པས་སོ། །རྒྱལ་ཀུན་གསང་བ་མི་ཟད་རྒྱན་འཁོར་ལྔ། །གནས་གསུམ་མཁའ་འགྲོའི་ཚུལ་སྣང་ཐུགས་གསུང་སྐུར། །རྣམ་དག་དཀྱིལ་འཁོར་བཀའ་སྡོད་བཅས་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཕྱི་ནང་གསང་བ་དེ་ཉིད་རིམ་པས་སྨིན། །བསགས་དང་སྦྱངས་པས་རྒྱུད་དག་བྱིན་རླབས་ཕེབས། །གསལ་བ་གསུམ་ལྡན་བསྐྱེད་རིམ་ཚད་དུ་ཕྱིན། །རྣམ་སྨིན་རིག་འཛིན་ཚེ་འདིར་འགྲུབ་པར་ཤོག །གཏུམ་མོའི་གཞི་ཐིངས་སྒྱུ་ལུས་རྩལ་ཆེན་འབྱོངས། །འོད་གསལ་མངོན་གྱུར་རྨི་ལམ་གཏན་ལ་ཕེབས། །བསྲེ་འཕོ་བར་དོའི་ཉམས་ལེན་གདིང་ཐོབ་ཅིང་། །ཚེ་དབང་རིག་པ་འཛིན་པའི་སྐུ་བརྙེས་ཤོག །ཆོས་ཀྱི་ཕྱག་རྒྱས་བདག་བྱིན་བརླབ་པ་རྫོགས། །དམ་ཚིག་ལས་རྒྱས་རང་གཞན་ཐབས་ལམ་འབྱོངས། །ཕྱག་ཆེན་སློབ་པའི་འོད་གསལ་མཐའ་རུ་ཕྱིན། །རིགས་ལྔ་ཕྱག་རྒྱའི་རིག་འཛིན་མངོན་གྱུར་ཤོག །ལྟ་བས་ཀ་དག་ཆོས་སྐུར་ཐག་ཆོད་དེ། །སྒོམ་པས་སྣང་སྟོང་ལོངས་སྐུའི་ཉམས་ལེན་རྫོགས། །སྤྱོད་པ་བསྲེ་བ་སྤྲུལ་སྐུའི་རྩལ་འབྱོངས་ཏེ། །ལྷུན་གྱིས་གྲུབ་པའི་རིག་འཛིན་སར་འཁོད་ཤོག །གདོས་བཅས་དྭངས་མ་སྐུ་ཡི་རྡོ་རྗེར་དག །སྲོག་རྩོལ་དྷཱུ་ཏིར་གསུང་གི་རྡོ་རྗེར་རྫོགས། །ཐིག་ལེ་འཕོ་མེད་ཐུགས་ཀྱི་རྡོ་རྗེར་སྨིན། །ཡེ་ཤེས་བླ་མའི་ས་ལ་བྱང་ཆུབ་ཤོག །ཅེས་ཟབ་ཆོས་འདི་ཉིད་བཀའ་བབས་ཀྱི་ལུང་མཆོག་ཐོབ་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ། སརྦ་ཐཱ་མངྒ་ལཾ།། །།
ཟླ་གསང་ནག་པོའི་རྒྱུད་དང་འཇམ་དཔལ་ཁྲོས་པའི་རྒྱུད། སློབ་དཔོན་བ་སུ་དྷ་རའི་རྒྱ་གཞུང་གི་མན་ངག་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཁྲོ་ཆུ་དུག་གདོང་གི་ལས་བྱང་བསྙེན་སྒྲུབ་སྲུང་ཟློག་གི་དམིགས་རིམ་ངག་འདོན་རྒྱུན་ཁྱེར་ཉུང་ངུར་བསྡུས་པ་ཁྲོ་ཆུ་གནམ་ལྕགས་གོ་མཚོན་ (Volume 18, Text 42)
༄༅། །ཟླ་གསང་ནག་པོའི་རྒྱུད་དང་འཇམ་དཔལ་ཁྲོས་པའི་རྒྱུད། སློབ་དཔོན་བ་སུ་དྷ་རའི་རྒྱ་གཞུང་གི་མན་ངག་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཁྲོ་ཆུ་དུག་གདོང་གི་ལས་བྱང་བསྙེན་སྒྲུབ་སྲུང་ཟློག་གི་དམིགས་རིམ་ངག་འདོན་རྒྱུན་ཁྱེར་ཉུང་ངུར་བསྡུས་པ་ཁྲོ་ཆུ་གནམ་ལྕགས་གོ་མཚོན་ཞེས་བྱ་བ་བཞུགས་སོ། ། འཇམ་དཔལ་རིགས་གསུམ་ཞབས་ལ་འདུད། །གསུམ་ལྡན་བརྒྱུད་པའི་མན་ངག་བཞིན། །སྐུ་གསུམ་འབྲས་བུ་ཐོབ་པ་དང་། །སྒོ་གསུམ་བར་ཆད་བཟློག་པའི་ཕྱིར། །རིགས་གསུམ་ཁྲོས་པའི་ཁྲོ་བོ་ཡི། །སྲུང་ཟློག་བསད་གསུམ་དམིགས་རིམ་རྣམས། །ཉུང་བསྡུས་སྒོ་གསུམ་དང་བས་བྲི། །རྩ་བ་གསུམ་གྱིས་གནང་བ་སྩོལ། །གཞུང་ལྟར་དཀྱིལ་འཁོར་རྒྱས་པའམ། །ཡང་ན་ཅི་འབྱོར་གཏོར་མ་བཤམ། །མ་ཡེངས་རྩེ་གཅིག་ཏིང་འཛིན་གྱིས། །གྱེར་སྒོམ་སྦྲག་པ་འདི་སྐད་དོ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་དང་། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །སྣང་གྲགས་ཆོས་རྣམས་རང་བཞིན་མེད་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་ཕྱིར་བདག་ནི་གཤིན་རྗེ་གཤེད་གྱུར་ནས། །དེ་རྣམས་སངས་རྒྱས་ས་ལ་འགོད་པར་བྱ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །ཧཱུྃ། ང་ནི་དཔལ་ཆེན་གཤིན་རྗེའི་གཤེད། ཁྲོས་པའི་ཐུགས་ཀྱི་འཕྲོ་འདུ་ལས། །ལས་ཀྱི་གཤིན་རྗེས་ནམ་མཁའ་གང་། །སྤྲུལ་པའི་ཁྲོ་མོས་བར་སྣང་གང། །སྲས་ཀྱི་ཁྲོ་ཆུང་ས་གཞི་གཏམས། །དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག །དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རག་ཤ །ཀྲོ་ཏ་པ་ཙ་ལ་ཏི། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ། ས་མ་ཡ། དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧུར་ཐུཾ་རྦད་ཡ། ཧཱུྃ། བསམ་བརྗོད་བྲལ་བའི་ངང་ཉིད་ལས། །ཐམས་ཅད་སྟོང་པའི་རང་བཞིན་ཉིད། །སྨན་རཀ་གཏོར་མཆོད་དངོས་པོ་རྣམས། །རྟོག་གཉིས་བདག་འཛིན་བྲལ་བ་ལས། །རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུས། །བདག་གཞན་རྟོག་པའི་དྲི་མ་སྦྱངས། །མེ་རླུང་ཆུ་ཡང་འོད་དུ་ཞུ། །སྨན་རཀ་གཏོར་མཆོད་དངོས་པོར་གྱུར། །རྟོག་གཉིས་དག་ནས་སྣོད་བཅུད་རྣམས། །འདོད་པའི་ཡོན་ཏན་དུ་མར་གྱུར། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིན་ཏ་ཧཱུྃ་ཧྲཱིཿཐཱ། ཨོཾ་ཨཱཿཧཱུྃ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་འཇིག་རྟེན་ཁམས། །ཚ་གྲང་མཚོན་ཆ་འཁྲུགས་པའི་གནས། །དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས། །ལྕགས་བསྲེགས་ལས་གྲུབ་གཞལ་ཡས་ཁང་། ྿ །དེ་ཡི་ཕྱི་རོལ་རིམ་པ་ལྟར། །འཇམ་དཔལ་དཀར་པོ་སེར་པོ་དང་། ཁྲོ་བོ་དཀར་པོ་ནང་གཟིགས་གུར། །དེ་ཡི་ཕྱི་རོལ་གསེར་གྱི་འཁོར་ལོ་ནི། །རྩིབས་སྟོང་ནང་དུ་སངས་རྒྱས་སྟོང་། །ཕྱི་རོལ་འོད་ཟེར་དཀར་པོ་དང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་ཐོད་པ་རིམ་གསུམ་དང་། །དུར་ཁྲོད་ཁྲོ་ཆུ་ཁོལ་མ་དང་། །ས་ཆུ་མེ་རླུང་ནམ་མཁའི་གུར། །དེ་རྒྱབ་དུག་རྫས་རྡོ་རྗེའི་མཁར། །སྨུག་ནག་གྲུ་བཞི་མེ་ཕུང་འབར། །དུག་རླངས་སྔོ་དམར་རབ་ཏུ་འཕྱུར། །ཕྱི་རོལ་གནམ་ལྕགས་འཁོར་ལོ་ཡི། །རྩིབས་སྟོང་ནང་དུ་ཁྲོ་བོ་སྟོང་། །རང་འདྲའི་ཁྲོ་ཆུང་དཔག་མེད་དང། །ཡེ་ཤེས་ལས་ཀྱི་གཤིན་རྗེའི་ཚོགས། །དྲེགས་པ་ལྷ་སྲིན་ཐམས་ཅད་ཀུན། །ཕྱིར་གཟིགས་ཟློག་པའི་ལས་རྣམས་མཛད། །རླུང་གི་སྤུ་གྲི་གྲི་གུག་རྣམས། །སོ་འཐབ་འཁོར་བས་གནོད་བྱེད་གཏུབས། །དེ་ཕྱིར་མཚོན་ཆ་སྣ་ཚོགས་གུར། །གྲུ་བཞི་དུག་རླངས་སྤྲིན་ལྟར་གཏིབས། །ཕྱི་རོལ་མེ་དཔུང་ཁ་དོག་ལྔ། །དུམ་བུ་གཅིག་ཏུ་འབར་བར་གྱུར། ྿ །དེ་དབུས་ཆོས་འབྱུང་བསྣོལ་མ་དང། །བྱད་མ་ཉི་ཟླ་པདྨའི་སྟེང་། །རང་ཉིད་སྐད་ཅིག་བརྫུས་སྐྱེས་སུ། །ལས་ཀྱི་གཤིན་རྗེ་ནག་པོ་ནི། །སྐུ་མདོག་དམར་ནག་མེ་ལྟར་འབར། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །གཡས་ལྗང་གཡོན་དམར་དབུས་མཐིང་ནག །དབུ་གསུམ་སྟེང་ན་མཆོད་རྟེན་གསུམ། །དུག་དང་ཁྲོ་ཆུ་ལྕགས་ལས་བྱས། །སྲིད་པའི་རྩེ་ལ་སླེབ་པར་གསལ། །ཞལ་གསུམ་འཇིགས་པའི་ཁ་གདངས་ཤིང་། །དགྲ་བགེགས་བྱད་མ་གསོལ་བར་བྱེད། །ཕྱག་དྲུག་གཡས་གསུམ་དགྲ་སཏྭ་བསྣམས། །གཡོན་གསུམ་དགྲ་བོ་བྱད་མ་ཡི། །ཙིཏྟ་སྲོག་རྩ་བཅས་པ་བསྣམས། །བྱད་མ་ལྷ་སྲུང་བཅས་པ་རྣམས། །གསོད་པའི་སྤུ་གྲི་རལ་གྲི་ཡི། །གཤོག་པས་གནོད་བྱེད་ཐམས་ཅད་གཏུབས། །སྐུ་སྨད་ཁྲོ་ཆུའི་ཕུར་པ་ལ། །ཆུ་སྲིན་རྔམས་པའི་ཞལ་གདངས་ཞིང་། །སྦྲུལ་ནག་གདུག་པའི་ཆུན་པོས་བརྒྱན། །དུག་དང་ཁྲག་གི་ངར་དང་བཅས། །དགྲ་བགེགས་ལྷ་སྲུང་འཛེར་བར་བྱེད། །བ་སྤུའི་བུ་ག་ཐམས་ཅད་དུ། །རང་དང་འདྲ་བའི་ཁྲོ་བོས་གཏམས། །མཚོན་ཆ་སྐར་ལྟར་འཁྲུགས་པའི་ཚོགས། །ཅི་བཅོལ་ལས་རྣམས་བྱེད་པ་འོ། །རྒྱན་ནི་འཇིགས་པའི་ཆ་ལུགས་རྫོགས། །དུག་གི་མེ་དཔུང་ནང་ནས་བཞེངས། །གཙོ་བོའི་མངོན་རྟོགས་འདི་སློབ་དཔོན་བ་སུ་དྷ་རའི་རྒྱ་གཞུང་ལགས་སོ། ྿ །དེ་ཡི་ཐུགས་ཀར་རྡོ་རྗེ་དང་། །འོད་ཟེར་དཀར་པོའི་གུར་ནང་ན། །རྒྱལ་བ་སྲས་བཅས་སྲུང་བའི་གུར། །དེ་ནང་རང་གི་ཙིཏྟ་ནི། །ཟུར་གསུམ་སྲ་ཞིང་མཁྲེགས་པའི་ནང་། །པད་ཉིར་གནམ་ལྕགས་རྡོ་རྗེ་ནི། །མཐིང་ནག་རྩེ་དགུའི་ལྟེ་བ་རུ། །འོད་ཟེར་ཁ་དོག་རྣམ་ལྔ་དང་། །རྟེན་འབྲེལ་དབྱངས་གསལ་ཕྲེང་བའི་གུར། །དེ་ནང་ཧཱུྃ་ཡིག་གིས་བསྡམས་པའི། །ཉི་ཟླའི་ག་འུ་པད་ཉིའི་སྟེང་། །ཧཱུྃ་ཡིག་མཐིང་ནག་ཞབས་ཀྱུའི་ནང་། །ཡ་ཡིག་དམར་ནག་མཚན་པ་འོ། ྿ །གཙོ་བོའི་མདུན་དུ་འཆི་བདག་ནག །གཡས་སུ་ཚེ་བདག་དམར་པོ་དང་། །བཻ་བྷཱ་སྭ་ཏ་ཁམ་ནག་སྟེ། །གཡོན་དུ་སྲོག་བདག་ནག་པོ་དང་། །ཟ་བ་ལྗང་དམར་ལྔ་པོ་ནི། །དགྲ་སཏྭ་ཕྱར་ཞིང་ཙིཏྟ་བསྣམས། །རྒྱབ་ཏུ་ཡ་མ་རཱ་ཙ་ནི། །མཐིང་ནག་ཆུ་སྲིན་གདོང་པ་ཅན། །རལ་གྲི་ཞགས་པ་འཛིན་པ་འོ། །ཀུན་ཀྱང་དུར་ཁྲོད་ཆས་བརྒྱད་རྫོགས། །སྐེད་པ་ཆུ་སྲིན་སྦྲུལ་ཆུན་འཕྱང་། །སྐུ་སྨད་ཁྲོ་ཕུར་གནོད་བྱེད་གཟིར། །དུག་རླངས་མེ་ཕུང་ནང་ན་བཞེངས། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །ཐུགས་ཀའི་ཡ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །དུས་གསུམ་སངས་རྒྱས་གཤེགས་སུ་གསོལ། །འཇམ་དཔལ་རིགས་གསུམ་གཤེགས་སུ་གསོལ། །རིགས་གསུམ་མགོན་པོ་གཤེགས་སུ་གསོལ། །འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ། །ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་ན། །ཚ་གྲང་འཁྲུགས་པའི་དཀྱིལ་འཁོར་ནས། །ཕྱི་ནང་ཡི་དམ་ཆོས་སྐྱོང་དང་། །བོན་སྐྱོང་ཀུན་གྱི་གཤེད་པོ་སྟེ། ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། །འཆི་བདག་ནག་པོ་གཤེགས་སུ་གསོལ། །ཚེ་བདག་དམར་པོ་གཤེགས་སུ་གསོལ། །སྲོག་བདག་ནག་པོ་གཤེགས་སུ་གསོལ། །བཻ་བྷཱ་སྭ་ཏ་གཤེགས་སུ་གསོལ། །ཟ་བ་ལྗང་དམར་གཤེགས་སུ་གསོལ། །ཡ་མ་རཱ་ཙ་གཤེགས་སུ་གསོལ། །བྱད་ཁ་རྦོད་གཏོང་ཟློག་ཕྱིར་གཤེགས་སུ་གསོལ། །ཆག་ཆེན་ཉམ་ང་ཟློག་ཕྱིར་གཤེགས་སུ་གསོལ། །བྱད་ཟོར་ཕུར་ཁ་ཟློག་ཕྱིར་གཤེགས་སུ་གསོལ། །ཟོར་ཁ་རླུང་ཁ་བསྒྱུར་ཕྱིར་གཤེགས་སུ་གསོལ། །མོ་ངན་རྩིས་ངན་ཟློག་ཕྱིར་གཤེགས་སུ་གསོལ། །རྨིས་ལྟས་མཚན་ངན་ཟློག་ཕྱིར་གཤེགས་སུ་གསོལ། །རྐྱེན་ངན་བར་ཆད་ཟློག་ཕྱིར་གཤེགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཧཱུྃ། དྲག་པོ་མཚོན་ཆའི་དཀྱིལ་འཁོར་དུ། དུག་ཕུར་གཏམས་པའི་ཁྲི་སྟེངས་སུ། །པདྨ་ཉི་ཟླ་གཤིན་རྗེ་དང་། །དྲེགས་ཆེན་ལྷ་སྲིན་སྡེ་བརྒྱད་དང་། །བདུད་དང་མུ་སྟེགས་དྲེགས་བྱེད་ཚོགས། །དམིགས་པའི་དགྲ་བགེགས་རུ་ཏྲ་དང་། །གནོད་བྱེད་བསྒྱེལ་བའི་གདན་སྟེངས་སུ། །ལས་གཤིན་ཁྲོ་ཆུ་འཁོར་དང་བཅས། །དགྱེས་ཤིང་མི་གཡོ་བཞུགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ། །བདུད་དང་མུ་སྟེགས་འདུལ་མཛད་པ། ཁྲོ་ཆུ་དུག་གདོང་ཕྱག་འཚལ་ལོ། །འཁོར་གྱི་ལས་མཁན་གཤིན་རྗེའི་ཚོགས། །གདུག་པ་འདུལ་ལ་ཕྱག་འཚལ་ལོ། །ཨཱོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །རིགས་གསུམ་མགོན་པོའི་ལྷ་ཚོགས་དང་། །འཇམ་དཔལ་རིགས་ལྔ་རིགས་གསུམ་དང་། །གཤིན་རྗེ་ཁྲོ་ཆུ་དུག་གདོང་དང་། །བཀའ་ཉན་དྲེགས་བྱེད་ལྷ་ཚོགས་ལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་མཆོད་པ་དང་། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཧཱུྃ། སྣང་སྲིད་སྣོད་བཅུད་མཚན་ལྡན་ཀ་པཱ་ལར། །འབྲུ་བཅུད་སྟོང་སྦྱར་རིགས་ལྔ་སྐུ་ལྔའི་དངོས། །ཡེ་ཤེས་ལྔ་ཡི་འབྲུ་བཅུད་བདུད་རྩི་འདི། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ཧཱུྃ། དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་པའི་ཁྲག །མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག །གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་པོ། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། ྿ དེ་ནས་བསྙེན་པའི་དམིགས་རིམ་ནི། དབུ་གཙུག་མཆོད་རྟེན་གསུམ་ནང་རིགས་གསུམ་མགོན། །དུས་གསུམ་རྒྱལ་བ་སྲས་བཅས་བསྐོར་བ་ལས། །འོད་འཕྲོས་བདག་གཞན་དུས་གསུམ་སྒྲིབ་པ་སྦྱངས། །འགྲོ་ཀུན་སངས་རྒྱས་ས་ལ་འགོད་པར་གྱུར། །ཏད་ཡ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། རྒྱལ་བའི་སྐུ་ལས་འོད་ཟེར་ཁ་དོག་ལྔ། །རང་གི་གནས་ལྔར་ཐིམ་པས་དབང་མཆོག་བསྐུར། །སྟོབས་བཅུ་རྫུ་འཕྲུལ་ཐོགས་མེད་དབང་ཐོབ་ནས། །དབང་རྟགས་རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །ཨོཾ་ཨཱཿཧཱུྃ་བྷུད་དྷ་དྷ་ར། བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། ཀརྨ་དྷ་ར་སིད་དྷི་ཧཱུྃ། དཔྲལ་བར་འཇམ་དཔལ་དཀར་པོའི་འོད་ཟེར་གྱིས། །ལུས་ཀྱི་སྒྲིབ་སྦྱངས་བདེར་གཤེགས་རིགས་རྣམས་མཆོད། །སྐུ་ཡི་བྱིན་རླབས་ཨོཾ་ཡིག་རྣམ་པར་བསྡུས། །འཇམ་དཔལ་ལ་ཐིམ་འོད་ཞུ་ཨོཾ་དཀར་གྱུར། །ཨོཾ་ཝཱ་གཱི་ཤྭ་རི་མཱུྃ། །མགྲིན་པའི་སྤྱན་རས་གཟིགས་ཀྱི་འོད་ཟེར་གྱིས། །ངག་གི་སྒྲིབ་སྦྱངས་པདྨའི་རིགས་རྣམས་མཆོད། །གསུང་གི་བྱིན་རླབས་ཨཱཿཡིག་དམར་པོར་བསྡུས། །སྤྱན་རས་གཟིགས་ཐིམ་འོད་ཞུ་ཨཱཿདམར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་ཀའི་ཕྱག་ན་རྡོ་རྗེའི་འོད་ཟེར་གྱིས། །ཡིད་ཀྱི་སྒྲིབ་སྦྱངས་རྡོ་རྗེའི་རིགས་རྣམས་མཆོད། །ཐུགས་ཀྱི་བྱིན་རླབས་ཧཱུྃ་ཡིག་རྣམས་པར་བསྡུས། །ཕྱག་རྡོར་ལ་ཐིམ་འོད་ཞུ་ཧཱུྃ་མཐིང་གྱུར། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ཐུགས་ཀར་འཇམ་དཔལ་རིགས་ལྔའི་འོད་ཟེར་གྱིས། །དུག་ལྔའི་སྒྲིབ་སྦྱངས་རིགས་ལྔའི་རྒྱལ་བ་མཆོད། །སྐུ་ལྔ་ཡེ་ཤེས་འོད་ཟེར་རྣམ་ལྔར་བསྡུས། །ལྷ་ལྔ་ལ་ཐིམ་ལྷ་ལྔ་ཧཱུྃ་ལ་ཐིམ། །ཨོཾ་ཝཱ་གཱི་ཤྭ་རི་མཱུྃ། ཞི་བསྙེན་འདི་ལ་ཅུང་ཟད་བཟླ། ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །རྒྱལ་བ་ཀུན་མཆོད་འགྲོ་ཀུན་སྒྲིབ་པ་སྦྱངས། །ནད་གདོན་གནོད་བྱེད་ཐམས་ཅད་ཚར་བཅད་ཅིང་། །སངས་རྒྱས་སྲས་བཅས་ཀུན་གྱི་བྱིན་རླབས་དང་། །འགྲོ་བའི་ཚེ་བསོད་དྲེགས་པའི་མཐུ་སྟོབས་ཀུན། །འོད་ཟེར་རྣམ་པར་བསྡུས་ནས་རང་ལ་ཐིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ །ཧྱ་གྷྲཱི་ཝ། བཛྲ་པཱ་ཎི། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྴ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ། ས་མ་ཡ། ཛཿཛཿ སྔགས་སྦྲེལ་མ་ཅུང་ཟད་དང་དུ་ཏྲི་མན་ཆད་ཅི་ནུས་བཟླ། ༈ འདི་མདུན་བསྐྱེད་མེད་ན་བསྐྱུར་ཆོག་་་བདག་བསྐྱེད་ཞལ་ནས་སྔགས་ཕྲེང་མཆོད་པའི་ཚུལ། །མདུན་བསྐྱེད་ཞལ་དུ་ཞུགས་པས་ཐུགས་རྒྱུད་བསྐུལ། །མདུན་བསྐྱེད་ཐུགས་ལས་སྔགས་ཕྲེང་དངོས་གྲུབ་ཚུལ། །རང་གི་ཐུགས་ཀར་ཐིམ་པས་མཐུ་སྟོབས་རྒྱས། །བར་དུ་འཁོར་ཚེ་མེ་དཔུང་ཚྭ་ཚྭ་འཕྲོས། །གནོད་བྱེད་དགྲ་བགེགས་ཚར་གཅོད་ལས་འགྲུབ་གྱུར། །དུ་ཏྲི་ཡ་མ་རཱ་ཙ། སོགས་བསྙེན་པ་བྱ། མདུན་བསྐྱེད་གནས་གསུམ་བདུད་རྩི་དཀར་དམར་མཐིང་། །བདག་གི་གནས་གསུམ་ནས་ཞུགས་ལུས་ཀུན་ཁེངས། །བདུད་རྩིའི་དྭངས་མ་སྙིང་དབུས་གཡས་དང་གཡོན། །འཇམ་དཔལ་མཐིང་དཀར་དམར་པོ་གསུམ་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། མདུན་བསྐྱེད་མེད་ན་དེ་གཉིས་མི་དགོས་སོ། །འོན་ཀྱང་བདག་མདུན་ཆོ་ག་གཅིག་གིས་ཆོག །དུས་གཅིག་བསྐྱེད་པ་རྙིང་མའི་ཁྱད་ཆོས་ཡིན། མདུན་དུ་ཨེ་ལས་ལྕགས་ཁང་གྲུ་གསུམ་ནང་། རྣྲྀ་ཏྲི་ལས་སྐྱེས་ཚེ་བདུད་ཕོ་མོ་ལ། །ཚེ་ཐུང་བསོད་ནམས་ཆུང་བའི་ལས་སྒྲིབ་དང་། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་ཐིམ་པར་གྱུར། །དཀོན་མཆོག་གསུམ་དང་ཚེ་བདག་ནག་པོའི་མཐུས། །བདག་ཅག་འཁོར་བཅས་ཚེ་བསོད་དབང་ཐང་ལ། །གནོད་པའི་བདུད་དང་དགྲ་བགེགས་མ་ལུས་པ། །རུ་ཏྲའི་གཟུགས་ལ་ཛཿཧཱུྃ་བཾ་ཧོཿཁུག །ཚེ་བདུད་སྟེང་དུ་ཟློག་བྱེད་ཁྲོ་བོ་ནི། །མཐིང་ནག་རབ་ཁྲོས་རལ་གྲི་འཁོར་ལོ་འཛིན། །སྐུ་སྨད་ཕུར་པས་ཚེ་བདུད་སྙིང་ཁར་གཟིར། །ལུས་ངག་ཡིད་གསུམ་ནུས་པ་བཅོམ་པར་གྱུར། །རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རག་ཤ །ཀྲོ་ཏ་པ་ཙ་ལ་ཏི། ཚེ་བསོད་ནམས་ལ་གནོད་པར་བྱེད་པའི་བདུད་ཐམས་ཅད་ཀྱི་སྲོག་ལ། །རྣྲི་ཏྲི་ཏྲིག་ནན། ཨེ་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད། སཏྭཾ་བྷ་ཡ་ནན། ཅེས་དམིགས་བཟླས་བྱ། བསྙེན་པའི་ཐུན་མཚམས་གཏོར་བསྔོས་ནི། ཧཱུྃ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ནང་བཅུད་ཤ་ཁྲག་གཏོར་མར་བཤམས། །རྩི་བཅུད་འབྲུ་བཅུད་སྨན་གྱིས་བརྒྱན། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས་ལ་འབུལ། །དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀྴ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ། ཡ་མ་རཱ་ཙ། ས་མ་ཡ་ཛཿཛཿ ས་པ་རི་ཝཱ་ར་མ་ཧཱ་བྷ་ལིན་ཏ་ལ་ཁ་རཾ་ཁཱ་ཧི། ལན་གསུམ་གྱིས་འབུལ། ཧཱུྃ་ཡ་བྷྱོ། འཇམ་དཔལ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་འདྲེན་གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུ །ལས་ཀྱི་གཤིན་རྗེ་རིགས་གསུམ་འདུས་པའི་དཔལ། །མི་ཤིགས་སྲ་བརྟན་དུག་གདོང་སྐུ་ལ་བསྟོད། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ཤིང། །སངས་རྒྱས་སྟོང་ལ་བསྟན་སྲུང་ཁས་བླངས་པ། །ཕྱི་ནང་བསྟན་དགྲ་རྦོད་གཏོང་ཐལ་བར་རློག །ཟློག་བྱེད་དུག་གདོང་སྐུ་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་ཀུན་ཏུ་ཆེ་བཙན་འགྲན་ཟླ་བྲལ། །ཕྲིན་ལས་ཐོགས་མེད་གཤིན་རྗེའི་འཁོར་གྱིས་བསྐོར། །བསམ་པ་ཙམ་གྱིས་བརྣག་པའི་རུ་ཏྲ་སྒྲོལ། །སྲོག་བདག་དུག་གདོང་སྐུ་ལ་ཕྱག་འཚལ་བསྟོད། །འཆི་བདག་ཚེ་བདག་སྲོག་གི་བདག་པོ་དང། །བཻ་བྷཱ་སྭ་ཏ་ཟ་བ་ལྗང་དམར་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །སྤྲུལ་པའི་གཤིན་རྗེ་ལྔ་ལ་ཕྱག་འཚལ་བསྟོད། །གཉིས་མེད་སྤྲུལ་པ་ལས་ཀྱི་མཐའ་སྡུད་དེ། །ཡ་མ་རཱ་ཙ་ལས་མཁན་ཚོགས་དང་བཅས། །གཞན་ཡང་ལས་མཁན་མ་གཤིན་ཚོགས་དང་བཅས། །མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བསྟོད་ཚོགས་ཀྱིས། །དུས་རྣམས་ཀུན་ཏུ་ལྷ་མཆོག་ཁྱོད་བསྒྲུབས་པས། །མ་གཡེལ་བཞེངས་ཤིག་ལས་ཀྱི་གཤིན་རྗེའི་ཚོགས། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བསྟན་དགྲ་གནོད་བྱེད་གདུག་པའི་ཚོགས་རྣམས་ཀུན། །མྱུར་དུ་ཁུག་ལ་ཤ་ཁྲག་ཚོགས་སུ་རོལ། །རྣམ་ཤེས་དྲག་པོས་ཆོས་ཀྱི་དབྱིངས་སུ་སྤོར། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གནུབས་སྟོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའོ། །དེ་ནས་སྲུང་བའི་དམིགས་རིམས་ནི། རང་གི་ཐུགས་ཀར་ཧཱུྃ་ཡིག་མཐིང་ནག་གི །ནཱ་དའི་ནང་དུ་བླ་མ་རྡོ་རྗེ་འཆང་། །ཟླ་ཚེས་ནང་དུ་ཡི་དམ་འཇམ་པའི་དབྱངས། །མགོ་དེར་རྣྲི་ཡིག་ལྗང་ཁུ་ཐིག་ལེར་བཅས། །ཧ་ཁོག་ནང་དུ་བསྲུང་བྱ་ཐམས་ཅད་རྣམས། །ཕོ་གཡས་མོ་གཡོན་རྒྱབ་ཏུ་ཞིང་ཁང་དང་། །མདུན་དུ་ནོར་རྫས་འོག་ཏུ་བྲན་ཁོལ་རྣམས། །ཞབས་ཀྱུའི་ནང་དུ་ཆོས་སྐྱོང་སྲུང་མ་སྦ། །སྤྱི་གཙུག་མཆོད་རྟེན་གསུམ་གྱི་ནང་དུ་ནི། །འཇམ་དཔལ་རིགས་གསུམ་རྒྱལ་བ་སྲས་བཅས་བསྐོར། །ཕྱི་རོལ་འཁོར་ལོའི་རྩིབས་ནང་སངས་རྒྱས་སྟོང་། །སྐྱབས་སྦྱིན་ཕྱག་རྒྱས་བསྲུང་བྱ་སྐྱོབ་མཛད་ཅིང་། །སྲུང་འཁོར་རབ་གནས་བྱིན་རླབས་མཛད་པར་གྱུར། །ཡེ་དྷརྨ་སོགས། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། རང་གི་ཐུགས་ཀའི་ཡ་དང་ཧཱུྃ་ཡིག་ལས། །འོད་ཟེར་དང་ནི་ཁྲོ་ཆུང་དཔག་མེད་འཕྲོས། །བདེ་གཤེགས་སྲས་དང་བཅས་པའི་བྱིན་རླབས་དང་། །དྲེགས་པ་ལྷ་སྲིན་རྣམས་ཀྱི་མཐུ་སྟོབས་བསྡུས། །བདག་དང་བསྲུང་བྱའི་གུར་ཁང་རྣམས་ལ་ཐིམ། །བྱད་མས་བསྒོམས་པའི་སྲུང་བའི་འཁོར་ལོ་དང་། །ཕྱི་སྣོད་འབྱུང་བའི་མཐུ་སྟོབས་ནུས་པ་རྣམས། །བསྡུས་ནས་རང་གི་སྲུང་བའི་གུར་ལ་ཐིམ། །སྲ་མཁྲེགས་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར། །ནང་བཅུད་འགྲོ་བའི་མཐུ་སྟོབས་ཚེ་བསོད་ནམས། །རང་དང་བསྲུང་བྱའི་བླ་ཚེ་འཁྱམས་པ་དང་། །བྱད་མའི་ཚེ་དང་སྲོག་གི་དྭངས་མ་རྣམས། །འོད་ཟེར་ཛཿཡིག་དམར་པོའི་འཕྲོ་འདུ་ཡིས། །བསྡུས་ནས་རང་དང་བསྲུང་བྱ་རྣམས་ལ་བསྟིམས། །སྐྱེ་འཆི་འགྱུར་མེད་རྡོ་རྗེའི་སྐུ་ཐོབ་གྱུར། །རྩ་སྔགས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་སྲུང་ཤིག །རྣྲི་བྷྲཱུྃ་བཛྲ་རཀྵ་རཀྵ། ཟློག་དམིགས་ནི། རང་གི་སྤྱི་གཙུག་མཆོད་རྟེན་གསུམ་གྱི་ནང་། །རྟ་མགྲིན་བྱ་ཁྱུང་གཤིན་རྗེ་ནག་པོ་དང་། །སྤྱི་བོར་འཆར་ཀ་ནག་པོ་མཆོད་རྟེན་བསྣམས། །མགྲིན་པར་མྱོས་བྱེད་འབར་བ་སྐུ་མདོག་དམར། །ཕྱག་གཉིས་མཆོད་རྟེན་དང་ནི་དགྲ་སཏྭ་བསྣམས། །སྙིང་ཁར་ཚེ་བདག་ཞལ་གསུམ་ཕྱག་དྲུག་ནག །གཡས་གསུམ་འཁོར་ལོ་རྡོ་རྗེ་རལ་གྲི་ཕྱར། །བེ་ཅོན་སྡིགས་མཛུབ་གཏུན་ཤིང་གཡོན་ན་བསྣམས། །སྟེང་འོག་བར་གསུམ་གདུག་པ་ཟློག་པར་བྱེད། །གསང་གནས་ཁ་ཐུན་ནག་པོ་ལྕགས་པར་བསྣམས། །དཔུང་པ་གཡས་སུ་ཁྲག་མཚོ་ཁོལ་མ་ནི། །ཉི་ཟླའི་ཆ་ལང་བརྡབས་པས་བྱད་མ་བསྒྲལ། །དཔུང་པ་གཡོན་དུ་རལ་པ་ཚར་དགུ་ནི། ཁྲམ་ཤིང་ནད་རྐྱལ་བྱད་མ་ཁྲམ་ལ་འདེབས། །ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་བཅུ་པ། །གཡོན་དུ་བར་མེད་འཁོར་བས་བྱད་མ་གཏུབས། །རྩིབས་བཅུའི་ནང་དུ་ཁྲོ་བོ་བཅུ་པོ་ནི། །གཡས་པས་རང་རྟགས་གཡོན་པས་སྡིགས་མཛུབ་སྒྲེང་། །ཞལ་ཕྱིར་གཟིགས་ནས་གནོད་བྱེད་བསྐྲད་པར་མཛད། །ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་སྟོང་ནང་། །སངས་རྒྱས་སྟོང་གི་ངོ་བོ་ཁྲོ་བོ་སྟོང་། །ཧཱུྃ་ཕཊ་སྒྲ་སྒྲོག་མཚོན་ཆ་མདའ་གཞུ་འགེངས། །རང་གི་ཕྱག་མཐིལ་ཐུགས་ཀ་བ་སྤུ་ནས། །རང་འདྲའི་ཁྲོ་ཆུང་བྱེ་བ་དུང་ཕྱུར་འཕྲོས། །བྱད་མ་ལྷ་སྲུང་གཡུལ་ངོ་ཕར་ཟློག་ཅིང་། ཁྲོ་ཆུང་ཐོག་སེར་མཚོན་ཆའི་སྒྱོགས་ཆེན་གྱིས། །བྱད་མ་ཁོ་ཡི་ལྷ་སྲུང་བཅས་པ་རྣམས། །སྲུང་འཁོར་ཕྱི་རོལ་དུག་རླངས་མཚོན་ཆ་དང་། །གནམ་ལྕགས་བསྐལ་པའི་མེ་ཕུང་སྟེང་དུ་བརྒྱབ། །མྱོས་བསྲེགས་ཐལ་བ་བུན་གྱིས་སོང་ནས་ཀྱང་། ཁྲོ་ཆུང་ཚུར་འདུས་ཕྱིར་གཟིགས་སྲུང་བར་མཛད། །རང་འདྲའི་གཤིན་རྗེ་ལས་གཤིན་དྲུག་པོ་སྤྲོས། །བྱད་མའི་སྲུང་འཁོར་བཅོམ་ནས་ཚུར་ལ་བསྟིམ། །ཛཿཡིག་དམར་པོ་ཁོ་ཡི་སྣ་བུག་ཞུགས། །ཚེ་བསོད་རྣྲི་ཡིག་བླངས་ནས་རང་ལ་བསྟིམ། ཁྲོ་ཆུང་ལས་ཀྱི་གཤིན་རྗེའི་དམག་དཔུང་གིས། །བྱད་མ་ལྷ་དང་སྲུང་མ་ཀུན་བསྡུས་ནས། །སྲུང་མ་ཁོ་རང་གཤེད་དུ་ཕབས་ནས་ཀྱང་། །སྣ་ཚོགས་མཚོན་ཆའི་ཆར་ཕབ་རྡུལ་དུ་བརླགས། ཁོ་ཡི་ལས་ངན་རྣམ་སྨིན་ཐམས་ཅད་དང་། །གཤིན་རྗེ་ཁྲོས་པའི་ནུས་པས་འབྱུང་བ་འཁྲུགས། །མཚོན་ཆ་སྣ་ཚོགས་རྦ་རླབས་རབ་འཁྲུགས་པས། །བྱད་མ་ལྷ་དང་སྲུང་མར་བཅས་པ་རྣམས། །ཤ་ཁྲག་དམར་དང་ཆལ་ཆལ་བཏང་བར་གྱུར། །རྩ་སྔགས་ལ། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀ་ཤ །ཀྲོ་ཏ་པ་ཙ་ལ་ཏི། ཨ་ཡ་མ་དུ་རུ་ཙ་ཤ་ན། དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་རྣྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བཏགས་ལ་ཐུན་རེ་ལ་བརྒྱ་རྩ་བས་མི་ཉུང་བ་ཅི་ལྕོག་བཟླ། ཐུན་མཚམས་སུ་ཐུན་གཏོར་བཤམས་ལ། ཨེ། གཏོར་སྣོད་གྲུ་གསུམ་ནང་དུ་རྣྲི་ཏྲི་ལས། །གནོད་བྱེད་བྱད་མ་མངོན་སུམ་ལྟ་བུར་གསལ། ཁྲོ་ཆུང་ཕོ་ཉ་ལས་མཁན་དཔག་མེད་ཀྱིས། །རང་དབང་མེད་པར་བཀུག་ནས་གཉིས་མེད་བསྟིམ། །བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །རྒྱལ་བ་སྐུ་གསུམ་རིགས་གསུམ་མགོན་པོ་དང་། །འཇམ་དཔལ་རིགས་གསུམ་རིགས་ལྔ་བདེ་བར་གཤེགས། ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་སོགས་ཀྱི། །བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ཡིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་དང་། །བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ་རྣམས། །གཏོར་མ་འདི་ལ་སྐད་ཅིག་ཉིད་ལ་ཁུག །རྩ་སྔགས་ཤམ་དུ། དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀ་ཤ །ཀྲོ་ཏ་པ་ཙ་ལ་ཏི། ཨ་ཡ་མ་དུ་རུ་ཙ་ཤ་ན། དགྲ་བགེགས་བྱད་མའི་བླ་སྲོག་རྣམ་པར་ཤེས་པ་ཛཿཧཱུྃ་བཾ་ཧོཿ རྣྲི་ཛཿ ཏིལ་བཾ་རིལ་ཛཿརྣྲི་ཨཱ་ཀར་ཤ་ཡ་ཛཿ ཨཱ་ཝེ་ཤ་ཡ་ཛཿ གརྦ་རྣྲི་མཱ་ར་ཡ་ཛ་ཛཿ ཁོ་ཡི་སྙིང་ནང་རལ་གྲིའི་འཁོར་ལོ་ནི། །རྩིབས་དྲུག་རྣོ་ངར་ལྡན་པ་གཡོན་དུ་འཁོར། །ཚེ་སྲོག་དོན་སྙིང་ཤ་ཁྲག་དམར་ཉིལ་གཏུབས། །ཚེ་བསོད་ཡིག་འབྲུ་གསུམ་པོ་རང་ལ་བསྟིམ། །གཏོར་མ་བྱད་མའི་ཤ་ཁྲག་དོན་སྙིང་རྣམས། །ལས་ཀྱི་གཤིན་རྗེ་རྣམས་ཀྱི་ཞལ་དུ་བསྟབ། །རྩ་སྔགས་ཤམ་དུ། ཨི་དཾ་བ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱད་མའི་དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི། གནོད་བྱེད་བྱད་མའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཁ་རཾ་ཁཱ་ཧི། གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི། བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། མཱཾ་ས་ལ་ཁ་རཾ་ཁཱ་ཧི། རཀྟ་ལ་ཁ་རཾ་ཁཱ་ཧི། ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། བྱད་མ་མི་ནོར་འཁོར་དང་བཅས་པ་ལ་ཁ་རཾ་ཁཱ་ཧི། ཨེ། དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་ནས། །ཚ་གྲང་མཚོན་ཆ་དུག་ཕུར་བསྐལ་པའི་མེ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཁྲི་སྟེང་ན། །བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྤྲུལ་པ། །འཇམ་དཔལ་གཤིན་རྗེ་རིགས་གསུམ་འདུས་པའི་སྐུ །གཤེད་ཆེན་ཤན་པ་སྲོག་བདག་གསུམ་གྱི་མཚན། །གཤིན་རྗེ་ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། །ཨེ། སྐུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །གཤིན་རྗེ་འཆི་བདག་ནག་པོ་གཤེགས་སུ་གསོལ། །གཤིན་རྗེ་ཚེ་བདག་དམར་པོ་གཤེགས་སུ་གསོལ། །གཤིན་རྗེ་སྲོག་བདག་ནག་པོ་གཤེགས་སུ་གསོལ། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །གཤིན་རྗེ་བཻ་བྷཱ་སྭ་ཏ་གཤེགས་སུ་གསོལ། །གཤིན་རྗེ་ཟ་བ་ལྗང་དམར་གཤེགས་སུ་གསོལ། །མཐའ་སྡུད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རག་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །བྱད་ཁ་ཕུར་ཁ་ཟློག་པའི་ཕྲིན་ལས་མཛོད། །རྦོད་གཏོང་རྦད་འདྲེ་ཟློག་པའི་ཕྲིན་ལས་མཛོད། །གནོད་བྱེད་གཟའ་ཀླུ་ཟློག་པའི་ཕྲིན་ལས་མཛོད། །རྒྱལ་བསེན་དམ་སྲི་ཟློག་པའི་ཕྲིན་ལས་མཛོད། །ཐུན་ཟོར་བསྲེགས་མནན་ཟློག་པའི་ཕྲིན་ལས་མཛོད། །གཏད་སེལ་ངག་མནན་ཟློག་པའི་ཕྲིན་ལས་མཛོད། །རླུང་འཁོར་ཕྲ་མེན་ཟློག་པའི་ཕྲིན་ལས་མཛོད། །སྐག་དང་ལྟས་ངན་ཟློག་པའི་ཕྲིན་ལས་མཛོད། །གོད་ཁ་གྱོད་བྱུར་ཟློག་པའི་ཕྲིན་ལས་མཛོད། །ནད་ཁ་རིམས་ཡམས་ཟློག་པའི་ཕྲིན་ལས་མཛོད། །ཟ་འདྲེ་ཤི་སྲི་ཟློག་པའི་ཕྲིན་ལས་མཛོད། །ཆག་ཆེན་ཉམ་ང་ཟློག་པའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་ཟློག་པའི་དུས་ལ་བབ། །བྱད་མ་གནོད་བྱེད་རང་གཤེད་རང་ལ་ཕོབ། ཁོ་ཡི་ལྷ་སྲུང་ཁོ་རང་བདུད་དུ་ཕོབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། ༈ །ཤ་ཁྲག་གཤིན་རྗེས་ཟོས་ལྷག་གཏོར་མ་ནི། །རང་གི་ཐུགས་ཀའི་འོད་ཀྱི་འཕྲོ་འདུ་དང་། །མཁའ་འགྲོ་དྲེགས་པའི་ཚོགས་ཀྱིས་བསྡུས་པ་ཡི། །ངོ་བོ་དྲེགས་པ་ལྷ་སྲིན་དུག་གི་རྫས། །རྣམ་པ་གནམ་ལྕགས་ཁྲོ་ཆུ་ཁོལ་མ་ལས། །གྲུབ་པའི་རི་བོ་ཟུར་གསུམ་རྣོ་ངར་ཅན། །རྣོ་དབལ་མཚོན་ཆའི་ཚོགས་ནི་རབ་ཏུ་གཟེངས། །དུག་རླངས་མེ་དཔུང་དམར་ནག་འབར་བ་ཡིས། །ནམ་མཁའི་མཐོང་ནས་གནམ་ལྕགས་ཐོག་བརྒྱབ་ལྟར། །བྱད་མ་ས་དང་བསྲེས་ནས་རྣམ་ཤེས་ཕྲལ། །ཆུ་མེ་རླུང་གི་དཀྱིལ་འཁོར་དང་བསྲེས་པས། །བཀྲུས་བསྲེགས་གཏོར་ནས་མིང་ཡང་མེད་པར་བྱས། །རྣམ་ཤེས་ནམ་མཁའ་དང་བསྲེས་མི་དམིགས་གྱུར། །ཅེས་ཟློག་སྔགས་བཟླས་ཤིང་རྒྱུ་དུས་འགྲིགས་ན་ཟོར་འཕང་། ཡང་ན་བྱད་མའི་ཕྱོགས་སུ་བསྐྱལ་ལོ།། ༈ རང་གི་ཕྱག་མཐིལ་འཛམ་གླིང་ཁྱོན་ཙམ་པའི། །གཡོན་གྱི་མཐིལ་དུ་མཚོན་ཆའི་ས་གཞིའི་དབུས། །རྣྲི་ཏྲི་ལས་བྱུང་དམིགས་བྱ་འཁོར་བཅས་གསལ། ཁྲོ་ཆུང་རླུང་ནག་འཚུབས་མས་བཀུག་ཅིང་བསྟིམས། །ཕྱག་གཡས་མཐིལ་དུ་གནམ་ལྕགས་རྩིབས་བརྒྱད་པ། །རྩེ་ལ་གཤིན་རྗེ་མཚོན་ཐོགས་མང་པོ་དང་། །ལྟེ་བར་ཆུ་གྲི་འབར་བས་རབ་ཏུ་མཚན། །ཕྱག་གཉིས་དྲག་ཏུ་བརྡབས་པས་སྲོག་སྙིང་བཅད། །ཟློག་སྔགས་རེ་དང་ཐལ་རྡེབ་རེ་སྦྲེལ་ལ་ཐལ་མོ་དགུ་རྡེབ། མཆན། ཤ་ཁྲག་དམར་ཉིལ་ཁྲག་སྐྱོ་ལྟར་གྱུར་པ། ཁོ་ཡི་ལྷ་སྲུང་གཤིན་རྗེར་གྱུར་པས་ཟོས། །ལྷག་རོལ་ཁོ་ཡི་སྟོབས་ནུས་ཐམས་ཅད་ནི། །བསྐལ་པའི་མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར། །རྣམ་ཤེས་མུ་ཡིག་གྱུར་པ་འོག་ཕྱོགས་ཀྱི། །འཇིག་རྟེན་ཁམས་སུ་མངོན་པར་སངས་རྒྱས་ཤོག །ཅེས་ཐལ་མོ་དགུ་བརྡབ་སྟེ་ཟློག་སྔགས་རེ་དང་སྤྲད་ན་ལེགས་ཏེ་སྤུ་གྲི་རེག་ཆོད་བྱད་མ་འབུམ་རྡུགས་ཞེས་བྱའོ།། ༈ སྤྱི་གཙུག་མཆོད་རྟེན་ནོར་བུ་པད་ཟླའི་སྟེང། །བླ་མ་ཨོ་རྒྱན་ཚེ་དཔག་མེད་པ་ཡི། །ཕྱག་གི་བུམ་པ་ནས་བབས་བདུད་རྩིའི་རྒྱུན། །ཚངས་བུག་ནས་ཞུགས་ལུས་གང་འཆི་མེད་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿ ཕྱི་རོལ་ཁྲོ་བོ་དཀར་པོའི་ཚོགས་རྣམས་དང་། །མདུན་གྱི་ཚེ་བདག་ནག་པོའི་འོད་ཟེར་གྱིས། །བདུད་དགྲ་ལྷ་སྲིན་རྣམས་ཀྱི་ཚེ་བསོད་བཅུད། །ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པར་གྱུར། །རྩ་སྔགས་ལ། ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ། ཅེས་བཏགས། སྐད་ཅིག་སྨན་གདོང་པདྨ་རཱ་གའི་མདོག །ཞལ་གསུམ་ཕྱག་དྲུག་རིན་ཆེན་རྒྱན་གྱིས་བརྒྱན། །གཡས་གསུམ་རིན་ཆེན་ནོར་གྱི་ཆར་པ་འབེབ། །གཡོན་གསུམ་ལྕགས་ཀྱུས་ཁམས་གསུམ་དབང་དུ་སྡུད། །སྐུ་སྨད་རིན་ཆེན་ཕུར་པས་གོད་འདྲེ་གཟིར། །འཁོར་དུ་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར། །ཐུགས་ཀར་ཧཱུྃ་དང་ཡ་ཡིག་དམར་སེར་ལས། །འོད་འཕྲོས་རིན་ཆེན་རིགས་ཀྱི་གཤིན་རྗེ་དང་། །གནོད་སྦྱིན་ནོར་ལྷ་སྤྱན་དྲངས་གཉིས་མེད་བསྟིམས། །སླར་ཡང་འོད་འཕྲོས་སྣང་སྲིད་དབང་བསྡུས་ཤིང་། །དགོས་འདོད་ཡིད་བཞིན་ཆར་ལྟར་འབེབ་པར་གྱུར། །རྩ་སྔགས་ལ་འདི་བཏགས། སརྦ་སིདྡྷི་ཕ་ལ་ཧཱུྃ། དཀར་གསུམ་ལས་བྱས་པའི་མཆོད་གཏོར། ཨ་ཀཱ་རོས་བྱིན་བརླབས་ནས་རྩ་སྔགས་ལ། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས། ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཨ་ཧཱུྃ། ཧཱུྃ། བཅོམ་ལྡན་འཇམ་དཔལ་མཐའ་བྲལ་ཆོས་ཀྱི་སྐུ །ཉག་གཅིག་ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས། །གང་ཤར་འགག་མེད་སྣ་ཚོགས་སྤྲུལ་པའི་སྐུ །འཇམ་དཔལ་གཤིན་རྗེ་ནོར་ལྷའི་ཚོགས་ལ་བསྟོད། །འདོད་ཡོན་ལྔ་ལྡན་མཆོད་པས་ཐུགས་དམ་བསྐང་། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། ༈ རང་ཉིད་སྣང་སྟོང་དབྱེར་མེད་ཡི་དམ་ཐུགས་ཀ་རུ། །དུག་གསུམ་ངོ་བོ་བྱ་སྦྲུལ་ཕག་གསུམ་དབུས། །ཡེ་ཤེས་ཧཱུྃ་ཡིག་དཀར་པོར་མེ་འབར་བས། །དུག་གསུམ་བསྲེགས་ནས་ཧཱུྃ་ཡང་ཐིག་ལེར་གྱུར། །འོག་མིན་གནས་ནས་རྡོ་རྗེ་སེམས་དཔའ་བྱོན། །སྙིང་ལ་ཐིམ་པས་སྙིང་ཉིད་རྡོར་སེམས་གྱུར། །རྡོར་སེམས་ཐུགས་ཀར་འཁོར་ལོའི་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བབས་ཉམས་ཆག་དག་པར་གྱུར། །ཨོཾ་བཛྲ་སཏྭ་ཧཱུྃ། རྒྱས་པར་ན་ཡིག་བརྒྱ་བཟླ། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །སྲུང་འཁོར་ལྷར་བཅས་རིམ་བཞིན་ཧཱུྃ་ལ་ཐིམ། །དེ་ཡང་མི་དམིགས་གནས་ལུགས་རྫོགས་པ་ཆེ། །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །བཅོམ་ལྡན་འཇམ་དཔལ་གོ་འཕང་མྱུར་ཐོབ་ཤོག །ཡོངས་རྫོགས་འདོན་པ་རྒྱས་པ་སྟེ། །སེར་མ་བསྐྱུར་བ་འབྲིང་པོ་ཡིན། །སེར་མ་མངོན་རྟོགས་གཉིས་ཀ་བསྐྱུར། །དྲན་རྫོགས་ཉིད་དུ་བདག་མདུན་བསྒོམ། །སྤྱན་འདྲེན་མན་ཆད་འདོན་པ་ནི། །འདི་ཡི་ལུགས་ཀྱི་བསྡུས་པ་ཡིན། །མངོན་རྟོགས་དམིགས་རིམ་ཡིད་ཀྱིས་སྒོམ། །སྔགས་རྣམས་ཅི་ནུས་བཟླས་ནས་ཀྱང་། །སྤྱན་འདྲེན་གཏོར་བསྔོས་བསྟོད་པ་དང་། །ཐུན་གཏོར་ཕུལ་བ་བསྡུས་པ་ཡིན། །བསྐྱེད་རིམ་སྐད་ཅིག་དྲན་རྫོགས་མ། །སྔགས་རྣམས་ཅི་ནུས་བསྙེན་པ་བྱ། །ཐུན་གཏོར་ནམ་བདེར་འབུལ་བ་ནི། །འདི་ལུགས་ཤིན་ཏུ་བསྡུས་པ་ཡིན། །སྤྲོས་མེད་རབ་ཏུ་བསྡུས་པ་ནི། །དམིགས་པ་བསྒོམ་ཞིང་སྔགས་རྣམས་བཟླ། །དེས་ཀྱང་འགྲུབ་པར་འགྱུར་བ་ཡིན། །སྤྲོས་བཅས་རྒྱས་པར་འདོད་ན་ཡང་། །སི་ཏུས་བསྒྲིགས་པའི་ལས་བྱང་དང་། །བདག་གི་ཟིན་བྲིས་ཉམས་སུ་ལོངས། །འདི་ཡི་ནང་གི་དམིགས་རིམ་རྣམས། །མ་གོ་ཐེ་ཚོམས་བྱུང་བ་ན། །ཟིན་བྲིས་རྒྱས་པའི་ནང་དུ་ལྟོས། ཁྲོ་ཆུ་འཁོར་མང་བསྒོམ་པ་ནི། །འཁོར་དུ་ཡི་དྭགས་ཡོད་པས་ན། །རྣལ་འབྱོར་དབུལ་པོར་འགྱུར་བ་དང་། །འཁུ་ལྡོག་ལ་སོགས་སྐྱོན་ཡོན་འགའ། །ཡོད་པའི་གསུང་རྒྱུན་མན་ངག་ལྟར། །འདི་རུ་གཙོ་འཁོར་བདུན་པར་བྱས། །བདག་བསྐྱེད་གཙོ་རྐྱང་བྱས་ཀྱང་རུང་། །བསད་པའི་དམིགས་རིམ་གུད་དུ་སྦས། །ཐུན་གཏོར་བསྡུས་པ་གཞུང་ལྟར་འདོན། །རྒྱས་པར་བྱེད་ན་འགྲེས་རྣམས་བཤང་། །ཐུན་གཏོར་འདི་ལ་ཟབ་ཁྱད་ཀྱི། །ཞལ་ཤེས་གསུམ་ཡོད་ཐུགས་ལ་གབ། །གཞན་རྣམས་གབ་ཅིང་སྦས་པ་མེད། །གཞུང་ཉིད་ཤིན་ཏུ་གསལ་བར་བཀོད། །གཏོར་ཟློག་ཡང་ཟློག་ལ་སོགས་དུས། །ལས་བྱང་རྒྱས་པར་མ་ལྕོགས་ན། །འདི་ཉིད་བཏོན་པས་མ་ཚང་མེད། །སྤྲོས་བཅས་གཏོར་མདོས་མ་ལྕོགས་ན། །འདི་ཉིད་གཞུང་ལྟར་སྲུང་ཟློག་གི །དམིགས་རིམ་བཟླས་པར་འབད་པ་དང་། །གཏོར་བསྔོས་ཐུན་གཏོར་ལ་འབད་ན། །སྲུང་ཟློག་རྣམས་ཀྱི་མཆོག་ཏུ་འགྱུར། །རྒྱས་པ་རྣམས་ནི་ལྟ་ཅི་སྨོས། །ཉུང་བསྡུས་ལས་བྱང་འདི་ཙམ་ཡང་། །བློ་ནས་འདོན་རྒྱུ་མེད་པ་རུ། ཁྲོ་ཆུ་ཡི་དམ་ཡིན་ནོ་ཞེས། །སྨྲས་ཀྱང་གཞན་དག་ཁྲེལ་བའི་རྒྱུ། །རྙིང་མ་གྱེར་སྒོམ་ཡིན་པའི་ཕྱིར། །བསྒོམ་བྱ་བློ་ལ་ཡོད་པ་གཅེས། །སྤྱིར་དུ་བསྙེན་སྒྲུབ་ལས་རིམ་རྣམས། །ཕལ་ཆེར་མཐོང་བ་ཙམ་གྱིས་ཤེས། །ཚེ་སྔོན་ལས་འཕྲོ་ཡིན་ནམ་སྙམ། །ཁྱད་པར་འཇམ་དཔལ་དུག་གདོང་སྐོར། །ཡོངས་འཛིན་བཞི་ལ་སོ་སོ་རུ། །དབང་ལུང་ཞལ་ཁྲིད་སོ་སོར་ཐོབ། །འོན་ཀྱང་དུག་གདོང་ཆོས་སྐོར་འདི། །གབ་སྦས་འཁྲུགས་སོགས་ཤིན་ཏུ་ཆེ། །དེ་ཕྱིར་ཕལ་གྱིས་རྟོགས་པར་དཀའ། །ཉམས་སུ་ལེན་པར་རློམས་ཀུན་ཀྱང་། །ཅི་བྱ་གཏོལ་མེད་གང་བྱུང་འདོན། །དེ་ཕྱིར་གྲུབ་རྟགས་ཐོན་པ་ཉུང་། །དེ་ལ་མ་བཟོད་བདག་ཉིད་ཀྱིས། །ངལ་བ་དུ་མས་འདི་ཉིད་བསྒྲུབས། །འཁྲུགས་བསྡེབས་གབ་སྦས་གསལ་བར་བཀོད། །གཞུང་ལུགས་འོ་མའི་རྒྱ་མཚོ་ལས། །བཅུད་བསྡུས་མར་གྱི་སྙིང་པོ་འདི། །རང་གཞན་དོན་དུ་གསལ་བར་བྱས། །འོན་ཀྱང་བདག་ཅག་སོ་སྐྱེའི་ཕྱིར། །མ་རྟོགས་ལོག་རྟོག་འཁྲུལ་པའི་ཚོགས། །སྦ་འོས་གསལ་བཀོད་ཉེས་པ་རྣམས། །འཇམ་དཔལ་གཤིན་རྗེའི་ཚོགས་ལ་བཤགས། །འདི་བྲིས་དགེ་བ་གང་མཆིས་དེས། །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ཉིད་ཉམས་སུ་ལེན་པ་རྣམས། །བར་ཆད་བདུད་ལས་རྣམ་རྒྱལ་ནས། །མ་འོངས་པ་ན་འཇིག་རྟེན་ཁམས། །རྡུལ་བྲལ་ཡང་དག་བསགས་ཞེས་པར། །ལྷ་ཁྱོད་བྱང་ཆུབ་ཚུལ་བསྟན་ཏེ། །མགོན་པོ་ཀུན་གཟིགས་གྱུར་པའི་ཚེ། །འཁོར་གྱི་ཐོག་མར་སྐྱེས་ནས་ཀྱང་། །ཞིང་གི་དཔལ་ལ་ལོངས་སྤྱོད་ཅིང་། །ཆོས་ཀྱི་བདུད་རྩི་འཐུང་ནས་ཀྱང་། །བྱང་ཆུབ་མངོན་དུ་བྱེད་པར་ཤོག །ལས་མཁན་ཡ་མ་རཱ་ཙ་དང་། །མཁའ་འགྲོ་དུན་ཏིག་ནག་མོ་དང་། །གཏེར་སྲུང་བདུད་པོ་ལྕམ་དྲལ་དང། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །དེ་སོགས་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་རིག་འཛིན་བཀའ་བསྒོས་ལྟར། །ཆོས་འདིའི་སྲུང་མ་དམ་དུ་གྱིས། །འདི་འཆང་སྐལ་ལྡན་ཕྲིན་ལས་སྒྲུབས། །དམ་ཉམས་རྣམས་ལ་ཆད་པ་ཆོད། །སྣོད་མིན་ལག་ཏུ་མ་འགྲིམ་པར། །བཀའ་སྲུང་རྣམས་ཀྱིས་མེལ་ཚེ་གྱིས། །ཅེས་པ་སྔགས་འཆང་ཀརྨ་རཱ་ག་ཨ་སྱས་བསྒྲིགས་པའོ། །མངྒ་ལཾ།། །།
བླ་མ་ནོར་བུ་རྒྱ་མཚོ་ལས༔ ཆར་འབེབ་པའི་གདམས་པ་རྒྱ་ནག་ཆུ་འཁོར་རྡོ་རྗེའི་ཆུ་འབེབ་ (Volume 51, Text 42)
༁ྃ༔ བླ་མ་ནོར་བུ་རྒྱ་མཚོ་ལས༔ ཆར་འབེབ་པའི་གདམས་པ་རྒྱ་ནག་ཆུ་འཁོར་རྡོ་རྗེའི་ཆུ་འབེབ་ཅེས་བྱ་བ་བཞུགས་སོ༔ བླ་མ་རྣམས་དང་ཡི་དམ་ལྷ༔ ཀླུ་རྒྱལ་བཅས་ལ་གུས་བཏུད་ནས༔ ལོ་འབྲས་ཚ་ཟེར་གདུངས་པ་ལས༔ སྐྱོབ་ཕྱིར་བསིལ་རྒྱུན་དབབ་ཐབས་བྲི༔ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི༔ རྒྱ་ནག་ཆུ་འཁོར་བཅའ་ཐབས་འདི་ལ༔ འཁོར་ལོ་བསྐོར་བ་དང༔ སྨྱུག་ཚིགས་དང་གཉིས་ལས༔ དང་པོ་འཁོར་ལོ་འབྲི་བ་ནི༔ ཤིང་དང་ཤོག་བུ་ལ་སོགས་པ་ལ་ཞི་བའི་འཁོར་ལོ་མུ་ཁྱུད་བཅུ་བསྐོར་བའི་ལྟེ་བ་ལ༔ སྲོག་ཤིང་གི་ས་སྟོང་པར་བཞག་ལ༔ དེ་ནས་ཡི་གེ་དབུ་ཅན་བྲིས་ལ་མགོ་ཕྱིར་བསྟན་ལ༔ མུ་ཁྱུད་དང་པོ་ལ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཧཱུྃ༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ༔ ཏ་ཐཱ་ག་ཏ་ཡ༔ ཏདྱ་ཐཱ༔ ཨོཾ་སུ་ཙེ་སུ་ཙེ༔ མ་ཧཱ་སུ་ཙེ༔ ས་མ་ཡ་སུ་ཙེ༔ ཏ་ཧ་སུ་ཙེ༔ པྲ་བ་ར་སུ་ཙེ༔ དུ་རུ་དུ་རུ་སྭཱ་ཧཱ༔ ནཱ་ག་པ་ར་སན༔ ཙེ་དི་ནི་སྭཱ་ཧཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སོག་མ་མེད་ལ་སོགས་པ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཡུལ་འདིར་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག༔ ཅེས་བྲི༔ མུ་ཁྱུད་གཉིས་པ་ལ༔ འཁོར་ལོ་རྩིབས་བརྒྱད་ལ༔ ནང་དུ་ཕུཿརེ་བྲི༔ གསུམ་པར་འཁོར་ལོ་རྩིབས་བརྒྱད་ལ་ཁྲོཾ་རེ་དང་རྩིབས་མཆན་ལ་རཾ་རེ་བྲི༔ མུ་ཁྱུད་བཞི་པར༔ ཨོཾ་ཨོཾ༔ ཧཱུྃ་ཧཱུྃ༔ ཏྲཱཾ་ཏྲཱཾ༔ ཧྲཱིཿཧྲཱི༔ ཨཱ་ཨཱ༔ ཕཊ་ཕཊ་སྭཱ་ཧཱ༔ ཡི་དམ་གྱི་སྔགས་ཤམ་དུ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཡུལ་འདིར་ཆར་ཆེན་པོ་མྱུར་དུ་ཕོབ༔ ཅེས་པ་བྲི༔ ལྔ་པར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ་སྭཱ་ཧཱ༔ ཀླུ་ཆེན་པོ་བརྒྱད༔ གཉན་ཆེན་པོ་བརྒྱད༔ གཟའ་ཆེན་པོ་བརྒྱད་རྣམས་ཀྱིས་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག༔ ཨོཾ་ནཱི་ལཾ་བྷ་ར་དྷཱ་ར་བཛྲ་པཱ་ཎི་ར་ཧ་ས་མཱ་ཏི་སྭཱ་ཧཱ༔ ཡཀྵ་བཛྲ་པཱ་ཎི་ཧྲྀ་ད་ཡ་ཕཊ་སྭཱ་ཧཱ༔ དཔལ་ཕྱག་ན་རྡོ་རྗེའི་བཀའ་ལས་མ་འདའ་བར༔ ཀླུའི་རྒྱལ་པོ་རྣམས་ཀྱིས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག་ཅེས་པ་བྲི༔ དྲུག་པར༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་དང༔ ཆོས་དང༔ དགེ་འདུན་གྱི་བཀའ་ལས་མ་འདའ་བར༔ ཀླུའི་རྒྱལ་པོ་རྣམས་ཀྱིས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ དཔལ་ནག་པོ་ཆེན་པོའི་བཀའ་ལས་མ་འདའ་བར༔ བཀའི་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག་བྲི༔ བདུན་པར༔ ཨོཾ་ན་མོ་བྷ་ག་ཝ་ཏེ་ཕུད་ཀྱ་ཕུད་ཀྱ་བིདྱཱ་ཡེ༔ ཏདྱ་ཐཱ༔ ཨོཾ་ཕུད་ཀྱ་ཕུད་ཀྱ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་ན་མོ་བྷ་ག་བ་ཏེ༔ ཨོཾ་ཕུད་ཀྱ་ཕུད་ཀྱ་བིདྱཱ་ཡེ༔ ཏདྱ་ཐཱ༔ ཨོད་ཁཾ་ཨོད་ཁཾ༔ དེ་ཁྱུང་ཀར་དེ་ཁྱུང་ཀར༔ ཤ་མར་དབྱིབས་འདུ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ༔ ནཱ་ག་རཱ་ཛ་ས་མ་ཡ་ནན༔ སྙིང་ལ་གཟེར་གཟེར༔ སྲོག་ལ་ཐུག་ཐུག་ནན༔ ཕྲི་ལི་ལི་ཤར་ཤར་ཕོབ་ནཱ་ག་ནི་སྭཱ་ཧཱ༔ ར་དུ་ཛ་ཛ༔ ཏྲི་དུ་ཛཿཛ༔ དུ་ཛཿཛ༔ ར་དུ་ཤོག༔ ཏྲི་དུ་ཤོག༔ ར་དུ་ནན་སྭཱ་ཧཱ༔ ནཱ་ག་རཱ་ཛ་ས་མ་ཡ་ནན༔ ར་དུ་ནན༔ ནཱ་ག་རཱ་ཛ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་ཕོབ་ཕོབ༔ ནཱ་ག་རཱ་ཛ་ཨ་ཡེ་ན་མཱ་ར་དུ་ཡ༔ ནཱ་ག་རཱ་ཛ་ཙ་དུ་ཙ༔ ཏྲི་དུ་ཛཿདུ་ཛ༔ བྷ་རི་ཤ་ཡ་ཕྲོཾ་ཕྲོཾ་བྷ་རི་ཤ་ཡ༔ ནཱ་ག་ཏྲི་དུ་ནན༔ ནཱ་ག་སྲོག་དུ་ནན༔ ནཱ་ག་ཏྲི་ལིང་དུ་ཡ་ཕྲོཾ་ཕྲོཾ་སྭཱ་ཧཱ༔ ནཱ་ག་རཱ་ཛ་ཏྲི་པཱ་ལ་ཛཿཧཱུྃ་བཾ་ཧོ༔ ཨོཾ་སྥུ་ཊ་སྥུ་ཊ་མ་ཧཱ་ཀྲོ་དྷ་ཧཱུྃ༔ སིདྡྷི་སིདྡྷི་སྥུ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ བྷ་རི་ཤ་ཡ་ནཱ་ག་རཱ་ཛ་ས་མ་ཡ༔ བྷ་རི་ཤ་ཡ་ནཱ་ག་རཱ་ཛ་པྲ་མ་ནི་སྭཱ་ཧཱ༔ ཨོཾ་ཕུ་ནཱ་ག་ཤ་ཤ་ཕོབ༔ ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ༔ ཨོཾ་ཕོ་ནཱ་ག་ཧྲཱིཾ་ཧྲཱིཾ་ཕོབ༔ བྷ་རི་ཤ་ཡ༔ དྷ་ན་ནི་སྭཱ་ཧཱ༔ ཞེས་བྲི༔ བརྒྱད་པར༔ ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཛཿཛཿཕོབ་ཕོབ༔ བྷ་རི་ཤ་ཡ༔ པ་ཏ་ཡ་པ་ཏ་ཡ༔ ནཱ་ག་རཱ་ཛ་ཕྲོཾ་ཕྲོཾ་ཕོབ་ཕོབ༔ ཏྲི་ཙ་ཏྲི་ཙ་ཕོབ་ཕོབ༔ ཏྲི་ཙ་ཏྲི་ཙ་རྦད་རྦད༔ ནཱ་ག་རཱ་ཛ་རྦུད་རྦུད༔ ནཱ་ག་རཱ་ཛ་སྐུལ་སྐུལ༔ ནཱ་ག་ཤེད་ཤེད་རེམ་རེམ༔ ཡུ་ཡུ་རྦད་རྦད༔ ཤར་ཤར༔ སིལ་སིལ༔ ཕོབ་ཕོབ༔ ཆར་པ་ཆུར་ཕོབ༔ མ་མ་ཤ་ར་ཕོབ༔ ཏྲག་ཤ་ཨ་ཀ་ནི་ཕོབ་ཕོབ་སིབ་སིབ་ཕྲོམ་ཕྲོམ་ཤར་ཤར༔ པུ་ར་ཤ་ཏྲེ་ནཱ་ག་ནཱ་ག་མྱགས་མྱགས་ཤར་ཤར་སིབ་སིབ་རིལ་རིལ༔ སི་ལི་ལི་ཕོབ༔ བྷྱོ་ས་མ་ཡ་རུ་ལུ་ཁྲོཾ་ཤར་ཤར་སིབ་བྷ་རི་ཤ་ཡ་ཕོབ༔ ཆར་པ་མྱུར་དུ་ཕོབ༔ ཨོཾ་ནཱ་ག་གྲུ་དྲག་པོར་ཕོབ༔ གྲོལ་ཐུན་གྲོལ་ཐུན་དྲག་པོར་ཕོབ༔ པ་ཏ་ཡ་པ་ཏ་ཡ༔ ཨཱ་བེ་ཤ་ཡ༔ བྷ་རི་ཤ་ཡ༔ བྷ་རི་ཤ་ཡ༔ ཨུ་ཤི་ཤ་ཡ༔ ནཱ་ག་རཱ་ཛ་ཆར་པ་མྱུར་དུ་ཕོབ་ཅིག་བྲི༔ དགུ་པར༔ ཨོཾ་བཱ་ཡུ་བེ་རཾ་བཱ་ཡུ་སཏྭམྦྷ་ཡ་ལཾ་ནན༔ ཨོཾ་ཨི་སཏྭཾ་ཨི་སཏྭཾ་བཱ་ཡུ་སཏྭམྦྷ་ཡ་ནན༔ ཨོཾ་ཏི་ཏི་ཏི་ལ་ནན༔ ཆར་ཡ་ཆུར་ཡ་ནན༔ བཱ་ཡུ་སཏྭམྦྷ་ཡ་ནན༔ ཆིལ་ལེ་ཆིལ་ལེ་ནན༔ འདྲེ་རེ་འུ་རེ་ནན༔ ཤགས་སེ་ཤིགས་སེ་ནན༔ ཅེས་བྲི༔ བཅུ་པར་ཡེ་དྷརྨཱ༔ ཕྱི་རུ་ཕྱོགས་མཚམས་བརྒྱད་དུ་ཁྱུང་རེ་བྲིའོ༔ ༈ གལ་ཏེ་མ་ཕེབས་ན་ཡི་གེ་ཞབས་སུ་བསྟན་ལ༔ ཞི་བའི་འཁོར་ལོའི་རྒྱབ་ཏུ་དྲག་པོའི་འཁོར་ལོ་མུ་ཁྱུད་དགུས་བསྐོར་བའི་ལྟེ་བར་སྟོང་པར་བཞག༔ ཡི་གེའི་དབུ་རྣམས་ནང་དུ་བསྟན་ལ༔ མུ་ཁྱུད་དང་པོར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དཔལ་ཕྱག་ན་རྡོ་རྗེས་ཀླུའི་རྒྱལ་པོ་རྣམས་ཀྱི་སྙིང་ལ་གཟིར་གཟིར༔ སྲོག་ལ་ཐུཾ་ཕྲིལ་ལི༔ དེ་བས་ད་ལྟ་ཉིད་དུ་ཆར་ཆེན་པོ་ཕོབ་ཅིག༔ ར་དུ་ཛཿཛ༔ ཏྲི་དུ་ཛཿཛ༔ དུ་ཛཿཛ༔ ར་དུ་ཤོག་ཤོག༔ ར་དུ་ནན་སྭཱ་ཧཱ༔ ནཱ་ག་རཱ་ཛ་ས་མ་ཡ་ནན༔ ར་དུ་ནན༔ ཏྲི་དུ་ནན༔ དུ་ནན༔ ནཱ་ག་རཱ་ཛ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་ཕོབ་ཕོབ༔ ནཱ་ག་རཱ་ཛ་ཡེ་ཡེ་ན་མ་ར་དུ་ཡ༔ ནཱ་ག་རཱ་ཛ་དུ་ཛ་དུ་ཛ༔ བྷ་རི་ཤ་ཡ་ཁྲོཾ༔ བྷ་རི་ཤ་ཡ་ནཱ་ག་ཏྲི་དུ་ནན༔ ནཱ་ག་ཏྲི་ལིང་དུ་ཡ་ཁྲོཾ་སྭཱ་ཧཱ༔ ཞེས་བྲི༔ གཉིས་པར༔ ནཱ་ག་རཱ་ཛ་ཏྲི་པཱ་ཡ་ཛཿཧཱུྃ་བཾ་ཧོ༔ ཨོཾ་སྥུ་ཊ་ཞེས་པ་ནས་ར་ར་ནི་སྭཱ་ཧཱའི་བར་དུ་བྲི༔ གསུམ་པར༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ དཔལ་ཕྱག་ན་རྡོ་རྗེ་ནག་པོ་ཆེན་པོས་ཀླུའི་རྒྱལ་པོ་རྣམས་ཀྱི་སྙིང་ལ་གཟིར་གཟིར༔ སྲོག་ལ་ཐུཾ་ཐུཾ༔ ཁྲོཾ་ཁྲོཾ༔ དེ་བས་ད་ལྟ་ཉིད་དུ་ཆར་ཆེན་པོ་ཆུར་ཕོབ་ཕོབ༔ ཁྲོཾ་ཁྲོཾ༔ ཤར་ཤར༔ སིབ་སིབ༔ ཕོབ་ཕོབ༔ མྱུར་དུ་ཕོབ་ཅིག་བྲི༔ བཞི་པར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ་སྭཱ་ཧཱ༔ དཔལ་ཕྱག་ན་རྡོ་རྗེ་དང་བྱ་ཁྱུང་ག་རུ་ཌཿཡིས་ནཱ་ག་རཱ་ཛའི་སྙིང་ལ་གཟིར་གཟིར༔ སྲོག་ལ་ཐུཾ་ཐུཾ༔ ཕྲིལ་ཕྲིལ༔ དེ་བས་ད་ལྟ་ཉིད་དུ་ཆར་ཆེན་པོ་ཕོབ་ཅིག་བྲི༔ ལྔ་པར༔ ན་མོ་བྷ་ག་བ་ཏེ་ཕུད་ཀྱ་ཕུད་ཀྱ་ཞེས་པ་ནས༔ ནཱ་ག་ནི་སྭཱ་ཧཱའི་བར་དང༔ ཆར་ཆེན་པོ་མྱུར་དུ་ཕོབ་ཅིག་བྲི༔ དྲུག་པར༔ ནཱ་ག་རཱ་ཛ་ཆར་པ་ཆེན་པོ་མྱུར་དུ་ཕོབ་ཅིག༔ ད་ལྟ་ཉིད་དུ་ཆར་མ་ཕབ་ན་དཔལ་ཕྱག་ན་རྡོ་རྗེའི་འཇིགས་པ་འོང་ངོ༔ དཔལ་རྡོ་རྗེ་ནག་པོ་ཆེན་པོའི་འཇིགས་པ་འོང་ངོ༔ ཁྲོ་བོ་ཆེན་པོ་བཅུའི་འཇིགས་པ་འོང་ངོ༔ བྱ་ཁྱུང་ག་རུ་ཌའི་འཇིགས་པ་འོང་ངོ༔ ཕག་གི་འཇིགས་པ་འོང་ངོ༔ བྱེ་ཚན་གྱི་འཇིགས་པ་འོང་ངོ༔ ཆུ་ཚན་གྱི་འཇིགས་པ་འོང་ངོ༔ དེ་བས་ཆར་པ་ཆེན་པོ་མྱུར་དུ་ཕོབ་ཅིག་བྲི༔ བདུན་པར༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུནྜ་ལཱི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ ཀླུ་ཆེན་པོ་རྣམས་ཀྱིས་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག་བྲི༔ བརྒྱད་པ་ལ༔ ཨོཾ་བཱ་ཡུ་བེ་རཾ་བཱ་ཡུ་སཏྭམྦྷ་ཡ་ལཾ་ནན་སོགས་ནས་ཤགས་སེ་ཤིགས་སེ་ནན༔ ཅེས་པའི་བར་བྲི༔ དགུ་པར་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ་བྲི༔ ཕྱིའི་ཕྱོགས་མཚམས་བརྒྱད་ལ་རྡོ་རྗེ་ཕྱེད་འབུར་རེ་བྲི༔ དེ་རྣམས་ཀྱི་བར་དུ་བྱ་ཁྱུང་རེ་བྲིའོ༔ ༈ དེ་ནས་རྫས་ནི༔ གཙོད་ཁྲག༔ ཡུགས་སའི་མངལ་ཁྲག༔ གྲི་ཁྲག༔ ཁྱི་ནག་ཁྲག༔ གུ་གུལ་ནག་པོ༔ མུ་ཟི་ནག་པོ༔ བོང་ང་ནག་པོ༔ ཁྱི་དུག༔ ར་དུག༔ སྤྱང་དུག༔ རྟ་བོན༔ ལྡུམ་བུ་ཁྱུང་སྡེར༔ གླ་རྩི༔ རྒྱ་ཐང་ཕྲོམ༔ ར་ཐུག་གི་རྨོངས་ཁའི་སྦྲེ་སྤུ་སྟེ༔ རྫས་བཅོ་ལྔ་པོ་གང་འཛོམ་འཁོར་ལོའི་སྲོག་ཤིང་གི་ནང་དུ་བཅུག་ཅིང༔ རྒྱབ་ཏུ་གཡག་རོག་པོའི་སྙིང་གའི་རྩིད་པ་དང༔ ར་ཐུག་གི་རྨོངས་ཁའི་སྦྲེ་སྤུ་བསྲེས་པའི་སྐུད་པ་ཕྱིར་བཀལ་གྱིས་དཀྲིས་ལ་ཀླུ་སྨན་གྱིས་བྱུག་གོ༔ ༈ ཡང་སྨྱུག་ཚིགས་སོར་བཞི་པ་རེ་རེའི་ནང་དུ་ཡང༔ རྫས་དེ་རྣམས་བླུག་ལ༔ དེའི་སྟེང་དུ་རྫས་འདི་རྣམས་ཆར་པའི་དོན་ཡིན་པས༔ ཀླུ་རྣམས་ཀྱིས་འཛམ་བུའི་གླིང་དུ་ཆར་པ་མྱུར་དུ་ཕོབ་ཅིག༔ ཅེས་པའི་ཡི་གེ་གཞུག་གོ༔ དེའི་ཁ་ཐང་ཆུའམ་ལ་ཆས་བཅད་དོ༔ རྒྱབ་ཏུ་ཀླུ་སྨན་བྱུག་གོ༔ ༈ དེ་ནས་ཆུ་མིག་བཟང་པོ་འཁོར་ལོ་བསྐོར་ཐུབ་པའི་སར་སོང་ལ༔ བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པ་ལ་མཆོད་གཏོར་བསྟོད་པ་ཕུལ་ལ་གསོལ་བ་གདབ༔ སྡེ་བརྒྱད་ཀླུ་དང་ས་བདག་རླུང་ལྷ་དང་བཅས་པ་ལ༔ མེ་ཏོག་དཀར་སེར་ལ་སོགས་པ་དྲི་ཞིམ་པོ་ཅན་དང༔ གུརྒུཾ་གི་ཝཾ་ལ་སོགས་པ་དྲི་བཟང་སྣ་ཚོགས་དང༔ དཀར་གསུམ་མངར་གསུམ་ལ་སོགས་པ་ཀླུ་སྨན་བསྲེས་པའི་ཆབ་གཏོར་ཀླུ་གཏོར་བཏང་ལ་བཀའ་བསྒོ་ཞིང་ལས་བཅོལ་ལོ༔ དེ་ནས་ཆུ་མིག་མགོའི་ཁྲུ་གང་ཙམ་གྱི་མཐར་རྫིང་བསྐྱིལ་ལ་དེའི་སྟེང་དུ་ཤིང་ལེབ་གཅིག་བཞག་སྟེ་བཀབ་པའི་སྟེང་དུ་པདྨ་འདབ་བརྒྱད་སེར་པོ་བྲི༔ དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཕུཿརེ་རེ་བྲི༔ དེའི་ལྟེ་བར་བུག་པ་ཕུག་ལ་འཁོར་ལོའི་སྲོག་ཤིང་དྲངས་ལ༔ རྩེ་མོར་ཞི་བའི་འཁོར་ལོ་མར་བསྟན་ལ་སྦྱར༔ རྩ་བར་ཆུ་འགྲོས་བལྟ༔ ཀླུ་སྨན་བསྲེས་པའི་བག་ཟན་ལ༔ ཀླུའི་གཟུགས་སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ༔ ཞལ་གཅིག་ཕྱག་གཉིས་སྙིང་ཁར་ཐལ་མོ་སྦྱར་བ༔ སྦྲུལ་མགོའི་གདེངས་ཀ་དགུ་དང་ལྡན་པ་ཞིག་བྱས་ལ་པདྨའི་ལྟེ་བར་སྲོག་ཤིང་གི་རྩ་བར་བཞག༔ པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཡང་སྔ་མ་ལྟ་བུའི་ཀླུ་གཟུགས་སྦྲུལ་མགོ་གདེངས་ཀ་བདུན་བདུན་ཡོད་པ་རེ་རེ་བཞག༔ ཕྱིའི་མུ་ཁྱུད་སྦལ་སྦྲུལ་ལྕོང་མོས་བསྐོར༔ དེའི་ཕྱི་རོལ་དུ་བ་དཀར་དང་ར་དཀར་འོ་མ་ལ་སོགས་པ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པའི་གཏོར་མ་བཤམ༔ དེ་ནས་འཁོར་ལོའི་སྟེང་དུ་འཕྱིང་པ་སྔོན་པོ་ལ་སོགས་པ་ཆར་བས་མི་འཇིག་པའི་གུར་ཕུབས༔ པདྨའི་མཐའ་ཤིང་རྩིས་བསྐོར༔ ༈ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་ཡི་དམ་ལྷར་བསྒོམས་པའི་སྤྱི་བོར་ཤཱཀྱ་ཐུབ་པ་བཞུགས་པར་བསྐྱེད༔ དེ་ནས་མདུན་གྱི་དཀྱིལ་འཁོར་སྭ་བྷཱ་བས་སྟོང་པར་སྦྱངས་པའི་ངང་ལས༔ བྷྲཱུྃ་ལས་འཁོར་ལོ་སེར་པོ་ཡིག་འབྲུ་རྣམས་ལངས་པའི་རྣམ་པ་སྐད་ཅིག་གིས་བསྒོམ༔ རང་རང་གི་སྙིང་གའི་ས་བོན་དང་འཁོར་ལོ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་འཁོར་ལོ་ལ་བསྟིམ༔ གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བྱ་ཁྱུང་ཀླུའི་ཚོགས་ཀྱང་དེ་ལ་བསྟིམ༔ ཡེ་དྷརྨཱ་བརྗོད༔ མཆོད་པ་འབུལ༔ ཕྲིན་ལས་བསྐུལ་ལོ༔ དེ་ནས་པདྨ་སྟོང་པའི་ངང་ལས་བཾ་ལས་རྒྱ་མཚོ་ཆེན་པོར་བསྐྱེད༔ དེའི་དབུས་སུ་པདྨ་སེར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཀླུུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་སེར་པོ་སྦྲུལ་མགོའི་གདེངས་ཀ་དགུ་དང་ལྡན་པ༔ ཕྱག་གཉིས་ཐལ་མོ་སྦྱར་བ༔ ཞབས་གཉིས་སྦྲུལ་མཇུག་འཁྱིལ་བ་སྐུ་ཤ་རྒྱས་པ་འཛུམ་པའི་མདངས་ཅན་ནོ༔ འདབ་མ་བརྒྱད་ལ་ཀླུ་ཆེན་པོ་བརྒྱད་ནི༔ ཤར་དུ་ནོར་རྒྱས༔ ལྷོར་པདྨ༔ ནུབ་ཏུ་ཀརྐ་ཊ་ཀོ༔ བྱང་དུ་འཇོག་པོ༔ བྱང་ཤར་དུ་པདྨ་ཆེན་པོ༔ ཤར་ལྷོར་ཧུ་ལུནྟ༔ ལྷོ་ནུབ་ཏུ་རིགས་ལྡན༔ ནུབ་བྱང་དུ་དུང་སྐྱོང༔ དེ་རྣམས་སེར་པོ་སྦྲུལ་མགོའི་གདེངས་ཀ་བདུན་བདུན་ཅན་དུ་བསྐྱེད་དོ༔ དེ་རྣམས་ལ་ས་འོག་ས་སྟེང་ས་བླའི་ཀླུ་ཐམས་ཅད་ཀྱིས་བསྐོར་བར་བསམ༔ དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ༔ འཁོར་ལོ་རང་རང་གི་སྙིང་གའི་ས་བོན་དང་ཀླུ་གཟུགས་ཀྱི་སྙིང་གའི་ས་བོན་ཕུཿརྣམས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས༔ ཀླུའི་ཕོ་བྲང་དང་བཅས་པ་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ཞིང༔ ངག་ཏུ༔ ནཱ་ག་རཱ་ཛ་ཏྲི་པཱ་ལ་ཛཿཧཱུྃ་བཾ་ཧོ༔ ཞེས་ཅི་རིགས་པར་བརྗོད༔ དེ་ནས་གཏོར་མ་བསྔོ༔ འཁོར་ལོ་གཡས་སུ་འཁོར་བའི་ཡིག་འབྲུ་དང་ལྷ་དབྱེར་མེད་པའི་འོད་ཟེར་དང་སྤྲུལ་པ་ཕོ་ཉ་དང་སྔགས་ཀྱི་སྒྲས་ཀླུ་དང་ས་བདག་ཐམས་ཅད་བསྐུལ་ཞིང༔ དེ་རྣམས་ཀྱིས་སྤྲིན་ཆེན་པོ་བསྡུས་ནས་ཆར་ཆེན་པོ་འཛམ་བུའི་གླིང་གཡོ་ནུས་པའི་ཆར་རྒྱུན་ཆེན་པོ་ཕབ་པར་བསམ་ཞིང༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་སྭཱ་ཧཱ༔ ནཱ་ག་རཱ་ཛ་ཏྲི་པཱ་ལ་ཛཿཧཱུྃ་བཾ་ཧོ༔ ཨོཾ་སྥུ་ཊ་སྥུ་ཊ་མ་ཧཱ་ཀྲོ་དྷ་ཧཱུྃ༔ སིདྡྷི་སིདྡྷི་སྥུ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ བྷ་རི་ཤ་ཡ་ནཱ་ག་རཱ་ཛ་ས་མ་ཡ༔ བྷ་རི་ཤ་ཡ་ནཱ་ག་རཱ་ཛ་པྲ་མ་ནི་སྭཱ་ཧཱ༔ ཨོཾ་ཕུ་ནཱ་ག་ཤ་ཤ་ཕོབ༔ ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ༔ ཨོཾ་ཕོ་ནཱ་ག་ཧྲཱིཾ་ཧྲཱིཾ་ཕོབ༔ བྷ་རི་ཤ་ཡ་དྷ་ན་སྭཱ་ཧཱ༔ ཞེས་བཟླ་འོ༔ དྲག་པོའི་འཁོར་ལོ་དང་ཞི་བའི་འཁོར་ལོ་ལ་ཡང༔ འདི་ཐོག་ནས་འདབ་བརྒྱད་བཀུག་བསྟིམ་ཇི་ལྟར་བྱས་པ་བཞིན་བྱའོ༔ ༈ རླུང་མནན་པའི་སྔགས་ནི༔ རང་ཉིད་ཡི་དམ་དུ་བསྒོམ་པའི་སྙིང་གར་པདྨ་འདབ་མ་དྲུག་པ་བསྒོམས་པའི་དབུས་དང་རྩ་འདབ་དྲུག་ཏུ་རླུང་ལྷ་སྔོ་སྐྱ་ཤ་བ་ལ་ཞོན་པ་བ་དན་ཐོགས་པ་རེ་རེ་བསྐྱེད༔ དེ་རྣམས་ལས་འོད་འཕྲོས་པས་རི་རབ་ཀྱི་རྩེ་མོའི་ནུབ་བྱང་མཚམས་ནས་ཡེ་ཤེས་ཀྱི་རླུང་ལྷ་བཀུག་ལ་བསྟིམ༔ དེ་ནས་པདྨ་ཁ་ཟུམ་པའི་མཚམས་སུ་ཤཱཀྱ་ཐུབ་པ་ལ་ཉན་ཐོས་བརྒྱད་ཀྱིས་བསྐོར་ནས་བཞུགས་པས་རླུང་ལྷ་མནན་པར་བསམ་ཤིང༔ ཨོཾ་ཨོཾ་ཨི་སཏྭཾ་ཨི་སཏྭཾ་བཱ་ཡུ་སཏྭཾ་བྷ་ཡ་ནན༔ ཞེས་བཟླ་འོ༔ རླུང་ཆེ་ན་ཤོག་བུ་ལ་རླུང་ལྷ་སྔོན་པོ་ཤ་བ་ལ་ཞོན་པ་བ་དན་འཛིན་པ་བྲི༔ དེའི་སྙིང་གར་ཡཾ་ལ་རླུང་ལྷ་ཁུག་ནན་ཅེས་པས་བསྐོར༔ གཟུགས་ཀྱི་མཐའ་སྐོར་དུ་རླུང་གནོན་གྱི་སྔགས་ཀྱི་ཤམ་དུ་གནོད་སྦྱིན་ལག་པ་སྤུན་པོ་ཅན་ཁུག་ནན་བྲི༔ དེ་བཅའ་གཞིའི་ནུབ་བྱང་མཚམས་སུ་དོང་གྲུ་གསུམ་བྲུས་པའི་ནང་དུ་གན་རྐྱལ་བཞག་ལ༔ སྟོང་པའི་ངང་ལས་རླུང་ལྷ་སྔོ་སྐྱ་ཤ་བ་ལ་ཞོན་པ༔ བ་དན་ཐུགས་ཀར་ཐོགས་པར་བསྐྱེད་པའི་སྙིང་གར་ཡཾ་བསམ༔ རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རླུང་ལྷ་མཆེད་བདུན་བཀུག་ནས་བསྟིམ༔ དེའི་རྩ་རུ་གཏོར་ཆུང་གཅིག་བཞག་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས་ཨ་ཀཱ་རོས་བསྔོས་ལ༔ དེའི་སྟེང་དུ་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད༔ སཱཙྪའམ་རྡོ་རྗེ་རབ་གནས་ཅན་གྱིས་མནན༔ སྐབས་སུ་གཞུང་ན་ཡོད་པའི་རླུང་གནོན་གྱི་སྔགས་བཟླའོ༔ ཡང་ན་རྫ་གསར་པ་ཞིག་ཆུས་བཀང་ལ་དེའི་ཁར་གྲི་རྣོན་པོ་གཉིས་བསྣོལ་མར་རླུང་འོང་ཕྱོགས་སུ་སོ་བསྟན་ཅིང་དེ་གཉིས་ཀྱིས་ཤ་བའི་རྐང་པ་བཅད་པར་བསམ༔ ཨོཾ་ཏི་ཏི་ཏི་ལ་ནན༔ ཆར་ཡ་ཆུར་ཡ་ནན༔ བཱ་ཡུ་སཏྭམྦྷ་ཡ་ནན༔ ཞེས་བཟླའོ༔ རླུང་ཤིན་ཏུ་ཆེ་ན་མཚམས་བཞིར་རླུང་ལྷའི་གཟུགས་རེ་རེ་མནན་ལ་དམིགས་པ་གོང་བཞིན་བྱ་ཞིང༔ སྔགས་ཅི་ནུས་བཟླའོ༔ ༈ ཆར་པ་ཤིན་ཏུ་འབབ་དཀའ་ན་དྲག་པོའི་འཁོར་ལོ་མན་ངག་བཞིན་དུ་བསྐོར༔ རང་ཉིད་ཕྱག་ན་རྡོ་རྗེའམ་ཡི་དམ་ལྷར་བསྐྱེད་པའི་སྤྱི་བོར་ཐུབ་པ༔ དེ་སྟེང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པའི་སྟེང་དུ་ཡེ་ཤེས་ཀྱི་ཁྱུང་ནག་པོ་གཟི་བརྗིད་འབར་བ༔ གཡས་རྡོ་རྗེ་བེ་ཅོན༔ གཡོན་ཀླུ་བདུད་ཞལ་དུ་གསོལ་བ༔ ཕྲག་པ་གཡས་སུ་ཁྱུང་སྔོན་པོ་གཡས་རལ་གྲི་གཡོན་སྦལ་པ་གསོལ་བ༔ གཡོན་དུ་ཁྱུང་དམར་པོ་གཡས་གྲི་གུག་གཡོན་སྦྲུལ་གསོལ་བ༔ པུས་མོ་གཡས་སུ་ཁྱུང་སེར་པོ་གཡས་རྡོ་རྗེ་གཡོན་ཉ་གསོལ་བ༔ གཡོན་དུ་ཁྱུང་དཀར་པོ་གཡས་ལྕགས་ཀྱུ་གཡོན་ལྕོང་མོ་གསོལ་བར་བསྒོམ་མོ༔ དེ་ནས་མདུན་བསྐྱེད་སྔར་བཞིན་བསྒོམས་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་གཞུང་ན་ཡོད་པའི་སྔགས་གང་རུང་ཞིག་གིས་མགོ་དྲངས་ལ་དྲག་ཏུ་བཟླ༔ གཏོར་མ་གཏང༔ འཛེམ་བག་བྱ༔ དེ་ལྟར་བྱས་པས་རབ་དེ་ནུབ༔ འབྲིང་ཞག་གསུམ༔ ཐ་མའང་ཞག་ལྔའི་ནང་དུ་ཕེབ་ངེས་སོ༔ ཕེབས་ནས་གཏང་རག་གི་ཚུལ་ཏུ་དཀོན་མཆོག་ལ་མཆོད་པ་འབུལ༔ སྲུང་མ་སྡེ་བརྒྱད་ལྷ་ཀླུ་གནོད་སྦྱིན་རླུང་ལྷ་དང་བཅས་པ་ལ་གཏོར་མ་འབུལ༔ གཟུགས་ལ་བསྟིམ་པས་ཀླུ་དང་རླུང་ལྷ་རྣམས་ཀྱང་སྔར་བས་ཀྱང་གཟི་བརྗིད་ཆེ་བར་བསམ་ཞིང༔ རང་རང་གི་གནས་སུ་སོང་བར་བསམ་ལ༔ ཀླུའི་གཟུགས་ཆུ་མིག་ནང་དུ་གཞུག༔ འཁོར་ལོ་དང་རླུང་ལྷའི་གཟུགས་རང་གིས་བཅང༔ སྨྱུགས་ཚིགས་ཕྱུང་ལ་ཤུལ་དུ་ཀླུ་སྨན་བླུག་གོ༔ དེ་ནས་དགེ་བ་བསྔོ་འོ༔ ཆུ་འཁོར་མན་ངག་ཐོར་བུ་རྣམས༔ གཅིག་ཏུ་དྲིལ་ཏེ་བསྡུས་པ་ལ༔ ཉེས་པ་མཆིས་ན་སོ་སོར་བཤགས༔ དགེ་བས་ལོ་འབྲས་རྒྱས་པར་ཤོག༔ རྒྱ་ནག་ཆུ་འཁོར་གྱི་གཞུང་མན་ངག་ཞལ་གདམས་དང་བཅས་པ༔ ལག་ལེན་དུ་ཨོ་རྒྱན་པདྨས་བསྒྲིགས་པ་རྫོགས་སོ༔ རིག་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།
འཁོར་ལོའི་དཔེའུ་རིས། (Volume 44, Text 42)
།རང་སྲུང་འགོ་བའི་ལྷ་དང་སྲུང་མས་སྐྱོབ་པའི་འཁོར་ལོའི་དཔེའུ་རིས།
སྲུང་འཁོར་་་ཐེམ་མེད།གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལོག་འདྲེན་ཀླད་འགེམས་ཞེས་བྱ་བ་ཟབ་མོ་དག་སྣང་གི་སྐོར་ (Volume 45, Text 42)
༄༅། །སྲུང་འཁོར་་་ཐེམ་མེད།གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལོག་འདྲེན་ཀླད་འགེམས་ཞེས་བྱ་བ་ཟབ་མོ་དག་སྣང་གི་སྐོར་བཞུགས་སོ། ། དེ་ཡང་ལྕགས་མོ་སྦྲུལ་གྱི་ལོ་ལ་སྤྱི་དང་བྱེ་བྲག་གི་དུས་འཚུབས་ཆེ་བའི་རྟགས་ཁྱད་པར་ཅན་བྱུང་སྟེ་བློས་མ་བཟོད་པར། དཔལ་འབྲས་མོ་ལྗོངས་ཀྱི་ཁ་སྟོད་འཇག་ལུང་གོང་མར་སྨན་རིལ་གྱི་སྒྲུབ་པ་བཙུགས། རིག་འཛིན་འཇའ་ཚོན་པའི་ཟབ་གཏེར་མང་པོའི་ཆོས་ཞལ་ཕྱེས། བོད་འབངས་རྣམས་ལ་སྨོན་ལམ་བཏབ། དེ་ཡང་སྦས་ཡུལ་ལྟེ་བའི་སྒོ་མ་ཕྱེད་པར་བརྟེན། སླར་ཡང་གཙང་གི་བུར་མོ་ཆོས་རྫོང་ཕུང་པོ་རི་བོ་ཆེ་སོགས་སུ་ལེགས་པའི་རྟེན་འབྲེལ་ཟབ་མོ་བསྒྲིགས་ཀྱང་། བོད་ཡུལ་སྤྱི་དང་བྱེ་བྲག་གིས་རྒྱལ་བའི་བསྟན་འཛིན་རྣམས་ལ་ཉེན་པ་དང་། སྐྱེ་འགྲོ་སེམས་ཅན་མང་པོར་མཐའ་མིའི་བར་གཅོད་ཀྱི་དབང་གིས་ནད་མུག་མཚོན་གྱི་བསྐལ་པས་འཇོམས་པ་ཡང་དངོས་ཉམས། བོད་འབངས་མི་དགེ་བའི་ལྟས་ཉི་ཟླའི་འོད་ནུབ། ས་གཞིའི་མདངས་ཤོར། ཡུལ་གྲོང་གི་ཞག་སྐམས། ཆུ་བོའི་བཅུད་ཡལ། སྨན་ཤིང་གི་ནུས་པ་ཟད། དེ་ལ་སོགས་པའི་ལྟས་ངན་ཕྱི་ནས་གཡོ་ཞིང་། ནང་དུ་ཤེས་པ་ཉོག །དབང་པོའི་སྒོ་རྣམས་མི་གསལ་བར་གྱུར་ཏེ། དེའི་ཚེ་གཙང་ཁ་སྒར་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འདུས་ཀྱི་སྒྲུབ་པ་ལ་འབད། བར་གཅོད་རྐྱེན་སེལ་གྱི་གསོལ་འདེབས་སྔོན་བྱོན་གྱིས་ལུང་བསྟན་ཞིང་། གངས་ཅན་བསྟན་པའི་བདག་པོ་དང་ཟབ་ཆོས་ཀྱི་བདག་པོར་མངའ་གསོལ་བ་རྣམས་ར་མདར་སྦྲན། རྒྱ་བོད་ཀྱི་པཎ་གྲུབ་ཐམས་ཅད་ཐུགས་དམ་གྱི་རྒྱུད་བསྐུལ། གཏུམ་དྲག་མེ་གུར་མཚོན་ཆའི་ཟེར་དཔུང་གིས་དགྲ་བགེགས་ཚར་བཅད། བོད་གངས་ཅན་སོགས་གདུལ་བྱའི་ཞིང་ཁམས་ཐམས་ཅད་དུ་སྐུའི་བྱིན་ཕབ། གསུང་དྲག་སྔགས་ཀྱི་འབྲུག་སྒྲ་བསྒྲགས། ནང་བར་ཆད་བདུད་ཀྱི་དཔུང་ལས་ངེས་པར་རྒྱལ་བའི་ལྟས་ངོ་མཚར་བ་བྱུང་སྟེ། ལུང་བསྟན་ཆོས་བདག་གི་སྐྱེས་བུ་རྣམས་ལ་བྱེ་བྲག་ཏུ་ཟབ་མོ་དག་སྣང་གི་ངོས་ནས་མཇལ་ཞིང་གསོལ་བ་བཏབ་པ་ནི། བླ་མ་འདི་དག་གི་སྐུ་མེ་དཔུང་དང་འཇའ་ལུས་རྡོ་རྗེའི་སྐུ་གནམ་ལྕགས་དང་ཁྲོ་ཆུ་ཁོལ་མ་ལྟ་བུ་ལས་གྲུབ་པ། མི་ཤིགས་པ། བརྟན་པ། སྲ་བ། གང་ལའང་ཐོགས་པ་མེད་པར་བསྒོམ། སྤྲུལ་པ་སྒྱུ་འཕྲུལ་ཞོན་པ་རྣམས་ནི་གང་ལ་གང་འདུལ་ལས་བྱེད་གཤིན་རྗེ་དྲེགས་པ་སྡེ་བརྒྱད་སོགས་ཆོས་སྐྱོང་ནུས་ལྡན་གྱི་དམག་དཔུང་ཡིན་པ་ལ། ངོ་བོ་འདོན་ཚིག་ཇི་ལྟ་བ་བཞིན་ལས་སྤྲུལ་པ་དྲེགས་པ་སྡེ་བརྒྱད་ཕོ་ཉ་ལས་བྱེད་ནམ་མཁའི་འཁོར་ལོ་ཁེངས་པའི་ངག་ནས་སྟོང་གསུམ་གང་བའི་ཧཱུྃ་སྒྲ་འབྲུག་ལྟར་ལྡིར་བར་བསྒོམ། ལོག་འདྲེན་བགེགས་དཔུང་གར་ཡོད་ཀྱི་ཞིང་ནས་ཕྲིན་ལས་བདུད་དང་འབྱུང་པོ་བར་གཅོད་དམ་སྲི་རྒྱལ་འགོང་བསེན་མོ་རྣམས་ཕྱེ་མར་བརླག་པར་བསམ། ཁ་ཐམ་རྒྱ། ཧཱུྃ། ཆོས་དབྱིངས་གཞོན་ནུ་བུམ་སྐུ་ན། །གདོད་མའི་རྒྱལ་བ་ཀུན་ཏུ་བཟང་། །ཟག་མེད་འཇའ་ལུས་ཆུ་ཟླའི་སྐུ །མདུན་གྱི་ནམ་མཁའི་གནས་སུ་བཞུགས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །དུར་ཁྲོད་སྤྲུལ་པའི་གནས་བརྒྱད་ནས། །དགའ་རབ་ཤྲཱི་སིཾ་ཡེ་ཤེས་མདོ། །སྟག་སེང་གཅེར་བུ་སྐྲ་གྲོལ་སོགས། །འཆིབ་ནས་བརྟུལ་ཞུགས་སྤྱོད་པ་མཛད། །བདག་སོགས་བུ་ལ་སོགས་འགྲེའོ། །ཟངས་མདོག་དཔལ་གྱི་རི་བོ་ནས། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། །སེང་གེ་འཆིབ་ནས་སྟོང་གསུམ་ཉུལ། །སྤྲུལ་པ་རིག་འཛིན་རྒྱ་མཚོར་བཅས། །བདག་སོགས་བུ་ལ་སོགས། རྒྱ་ནག་རི་བོ་རྩེ་ལྔ་ནས། །པན་ཆེན་བི་མ་མི་ཏྲ་ནི། ཁྱུང་ལ་འཆིབ་ནས་གཟིགས་སྟངས་མཛད། །སྤྲུལ་པ་པཎ་གྲུབ་འབུམ་དང་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །ལྷོ་ཕྱོགས་དཔལ་གྱི་རི་བོ་ནས། །བྲམ་ཟེ་མདའ་བསྣུན་ཆེན་པོ་ནི། །ཡུམ་དང་གཉིས་མེད་མཁའ་ལ་རོལ། །སྤྲུལ་པ་གྲུབ་ཐོབ་བརྒྱད་ཅུར་བཅས། །བདག་སོགས་བུ་ལ་སོགས། འོག་མིན་རྡོ་རྗེའི་མཁའ་ཀློང་ནས། །ལོ་ཆེན་བཻ་རོ་ཙ་ན་ནི། །རྐང་མགྱོགས་སྲིད་ཞིའི་རྫུ་འཕྲུལ་ཉུལ། །སྤྲུལ་པ་ལོ་པཎ་འབུམ་དང་བཅས། །བདག་སོགས་བུ་ལ་སོགས། མཆིམས་ཕུ་དཔལ་གྱི་རི་བོ་ནས། །རིག་འཛིན་རྒྱལ་བ་མཆོག་དབྱངས་ནི། །རྟ་སྐད་འཚེར་ཞིང་རྫུ་འཕྲུལ་སྟོན། །སྤྲུལ་པ་རྗེ་འབངས་ཉེར་ལྔ་བཅས། །བདག་སོགས་བུ་ལ་སོགས། བྲག་དཀར་མཁའ་འགྲོའི་ཚོགས་ཁང་ནས། །བདེ་ཆེན་རྒྱལ་ཡུམ་མཁར་ཆེན་བཟའ། །དུག་འཇོམས་རྨ་བྱའི་སྟེང་ན་འགྱིང་། །སྤྲུལ་པ་འབུམ་ཕྲག་མཁའ་འགྲོར་བཅས། །བདག་སོགས་བུ་ལ་སོགས། ཨོ་རྒྱན་རྫོང་གི་གནས་མཆོག་ནས། །ཀློང་ཆེན་རྡོ་རྗེ་གཟི་བརྗིད་རྩལ།་་་ཀུན་མཁྱེན་དྲི་མེད་འོད་ཟེར། སེང་གེ་ལ་འཆིབ་འོད་ལྔ་འབར། །སྤྲུལ་པ་མ་ཚོགས་དམ་ཅན་བཅས། །བདག་སོགས་བུ་ལ་སོགས། གཉིས་མེད་ཨ་ཝ་དྷཱུ་ཏི་ན། །བཛྲ་དྷརྨ་དྷཱ་ཏུ་ནི།་་་ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ཡེ་ཤེས་དྭངས་མའི་རླུང་ལ་འཆིབ། །སྤྲུལ་པ་མ་དང་ཌཱ་ཀིར་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །ཀུན་འདུས་འོད་ལྔའི་ཟེར་ཀློང་ནས། །གནམ་ལྕགས་མེ་འབར་རིག་པ་འཛིན།་་་འབྲི་གུང་རིན་ཆེན་ཕུན་ཚོགས། དོམ་དྲེད་སྟེང་ན་སྤྱོད་པ་སྐྱོང་། །སྤྲུལ་པ་སྡེ་བརྒྱད་དམག་དཔུང་བཅས། །བདག་སོགས་བུ་ལ་སོགས། སྔགས་སྤྱོད་ཤཱནྟ་པུ་རི་ནས། །རང་གྲོལ་དཔའ་བོ་ཐོད་པ་རྩལ།་་་གཏེར་ཆེན་ཤེས་རབ་འོད་ཟེར། ཉི་ཟེར་འཆིབ་ནས་ཁམས་གསུམ་ཉུལ། །སྤྲུལ་པ་ཞིང་སྐྱེས་རིགས་ལྔར་བཅས། །བདག་སོགས་བུ་ལ་སོགས། འཇའ་ལུས་འོད་སྐུའི་ཕོ་བྲང་ནས། །སྔགས་འཆང་ཧཱུྃ་ནག་མེ་འབར་ནི། །སྟག་ལ་འཆིབ་ནས་རྫུ་འཕྲུལ་སྟོན། །སྤྲུལ་པ་དམ་ཅན་རྒྱ་མཚོར་བཅས། །བདག་སོགས་བུ་ལ་སོགས། ཀོང་ཡུལ་ལྗོན་པའི་ནགས་གླིང་ནས། །མཁས་མཆོག་པདྨ་ལེགས་གྲུབ་རྩལ།་་་རྩེ་ལེ་སྣ་ཚོགས་རང་གྲོལ། འབྲུག་ལ་འཆིབ་ནས་དུར་ཁྲོད་ཉུལ། །སྤྲུལ་པ་ཡེ་ཤེས་ཟང་ཐལ་བཅས། །བདག་སོགས་བུ་ལ་སོགས། མཁའ་སྤྱོད་རིག་པའི་ཕོ་བྲང་ནས། །རྗེ་བཙུན་འབྲུག་སྒྲ་བཟང་པོ་ནི།་་་རོང་པ་རྫོགས་ཆེན་པ། གློག་དམར་འཆིབ་ནས་གར་སྟབས་བསྒྱུར། །སྤྲུལ་པ་རྣལ་འབྱོར་དམ་ལྡན་བཅས། །བདག་སོགས་བུ་ལ་སོགས། འབྲས་གཤོངས་སྤྲུལ་པའི་ཕོ་བྲང་ནས། །ལྷ་བཙུན་ཁྲག་འཐུང་།་་་ནམ་མཁའ་འཇིགས་མེད་རྩལ།་་་ཀོང་པོ་རྫོགས་ཆེན་པ། མུ་སྟེགས་བུ་མོ་གཅེར་བུ་བཅས། །སྤྲུལ་པ་ཤ་ཟ་ཅེ་སྤྱང་འགྱེད། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲིའི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ། ࿋ །གཞན་ཡང་གནས་ཡུལ་དག་ཞིང་ནས། །རིག་འཛིན་རྩ་བརྒྱུད་བླ་མ་རྣམས། །གང་འདུལ་ཆ་ལུགས་ཞོན་པ་དང་། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །བདག་སོགས་བུ་ལ་སོགས། ཀུན་ཀྱང་དུར་ཁྲོད་འཇིགས་པའི་ཆས། ཁྲག་འཐུང་ཁྲོས་པའི་རྒྱན་གྱིས་བརྒྱན། ཁ་ཊྭཱཾ་ཅང་ཏེའུ་དྲིལ་བུ་དང་། །དུང་ཆེན་གླིང་བུ་ཀྱུ་རུ་རུ། །གཟི་མདངས་འོད་དུ་ཡ་ལ་ལ། །ཧཱུྃ་སྒྲ་འབྲུག་སྟོང་མེ་རེ་རེ། །མེ་རླུང་ཐོག་སེར་ཤ་ར་ར། །རྔམ་བྱེད་རྐན་སྒྲ་ཆེམས་སེ་ཆེམ། །བདུད་ཀྱི་སྙིང་ཁྲག་ཚ་ར་ར། །སྡེ་བརྒྱད་དམ་སྲིའི་སྲོག་ལ་ཧབ། །འཁོར་འདས་སྲིད་པའི་མཚོན་ཆ་དང་། །ཕུར་བུ་ཐོག་དང་ལྕགས་སྒྲོག་མདའ། །རི་རབ་ཉི་ཟླ་རྒྱ་མཚོ་སོགས། །སྐུ་ལས་མཚོན་ཆའི་འོད་ཟེར་འཁྱུགས། །ཧཱུྃ་དང་ཕཊ་ཀྱི་འབྲུག་སྒྲ་སྒྲོག །མི་རྟག་དུས་ཀྱི་མཐའ་འདི་ན། །སྐྱབས་མེད་བདུད་ཀྱིས་བར་གཅོད་ཅིང་། །གཟའ་ཀླུ་རྒྱལ་པོས་སྲོག་དབུགས་འགམ། །ཀྱེ་མ་བོད་ཁམས་སྡུག་པའི་དུས། །དུ་རུ་ཀ་ཡི་མཐའ་དམག་འཐིབས། །ལྔ་བརྒྱ་མཐའ་མའི་འགྲོ་བ་རྣམས། ཁྱེད་ཀྱི་གདུལ་བྱ་མ་ཡིན་ནམ། །སྔོན་གྱི་ཐུགས་རྗེས་ཡལ་མ་དོར། །དུས་འདིར་ཉམ་ཐག་འགྲོ་ལ་གཟིགས། །གཙུག་ལག་སྐྱོང་བའི་སྲུང་མ་ཡང་། །དམ་ཆོས་མི་སྐྱོང་བདུད་དུ་བབས། །འདི་ལ་བཀའ་ཡི་ཆད་པ་ཆོད། །བསྟན་པ་བསྲུང་བར་དམ་ལ་ཐོགས། །བདག་ལ་དབང་སྐུར་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ། །མཐར། བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་མི་ཟད་པ་རྒྱན་འཁོར་མཐའ་ཡས་པ་རྣམས་རང་གི་གནས་བཞིར་ཐིམ་པས། རང་ཉིད་སྐད་ཅིག་གིས་གསང་བའི་བདག་པོར་དངོས་སུ་སོང་བར་བསྒོམ། སྒྱུ་འཕྲུལ་བླ་མའི་དཀྱིལ་འཁོར་ཡང་། །རང་གི་སེམས་དང་དབྱེར་མེད་གྱུར། །ལུས་ནི་ལྷུན་གྲུབ་གཞལ་ཡས་ཁང་། །ངག་ནི་གཞོམ་མེད་ཧཱུྃ་སྒྲར་དག །སྣང་སྲིད་ལྷ་དང་ལྷ་མོར་བསྒོམ། །སྣོད་བཅུད་དབྱེར་མེད་ཐིག་ལེ་གཅིག །སྐྱེ་བ་མེད་པའི་ནམ་མཁར་དག །ཆོས་ཟད་བློ་འདས་ངང་དུ་ཨ། །ཧཱུྃ་ཅི་མང་བཟླས་པའི་མཐར། ལག་གཡས་སུ་ཁྲོ་བོའི་དཀྱིལ་འཁོར། གཡོན་དུ་ཁྲོ་མོའི་དཀྱིལ་འཁོར་དང་། དབུས་སུ་ཉི་ཟླའི་བར་དུ་ཡི་གེ་ནྲྀ་ཏྲི་དགྲ་བགེགས་གང་ཡིན་གྱི་ཁ་དོག་དང་མཐུན་པ་ལས་འོད་འཕྲོས། ཚུར་འདུས་དགྲ་བགེགས་དངོས་སུ་བསམས་ལ་ཐལ་མོ་ལན་གསུམ་བརྡབས་པས་རྡུལ་ཕྲན་དུ་སོང་བར་བསམ་ལ། ཧཱུྃ། རབ་འཇིགས་ཁྲོ་བོ་ཁྲོ་མོ་དང་། །ཉི་ཟླ་མཚོན་ཆ་མེ་དཔུང་དཀྱིལ། །དགྲ་བགེགས་བར་ཆད་མ་རུངས་བདུད། །རྣམ་ཤེས་རྟེན་དང་བྲལ་གྱུར་ཅིག །རྡུལ་ཕྲན་བཞིན་དུ་བརླག་གྱུར་ཅིག །སྲིད་གསུམ་སྐྱེ་རྒྱུད་ཆོད་གྱུར་ཅིག །ཅེས་རྣམ་ཤེས་གསང་བདག་གི་ཐུགས་ཀར་འཕང་། ཤ་ཁྲག་རྣམས་འོད་ཟེར་གྱི་ཚུལ་དུ་ནམ་མཁའ་གང་བའི་ལྷ་ཚོགས་ལ་འབུལ་བའི་དམིགས་པ་བྱས་ལ་གཏོར་མའི་ཕྱག་རྒྱ་ལན་གསུམ་བྱ། བརྒྱུད་གསུམ་རིག་འཛིན་བླ་མར་གསོལ་བཏབ་མཐུས། །ནད་གདོན་བགེགས་ཞི་ཚེ་རིང་ཉམས་རྟོགས་རྒྱས། །དངོས་གྲུབ་འདོད་དགུའི་དཔལ་ཕུན་ཡོངས་དར་ནས། །ཐེག་མཆོག་ཨ་ཏིའི་སྲོག་ཤིང་བརྟན་གྱུར་ཅིག །འདི་ཡིས་མི་སེལ་བར་ཆད་གང་ཡང་མེད། །འཚུབས་ཆ་ཆེ་ན་དུས་དྲུག་ཏུ་བྱ། །སྐལ་ལྡན་རེ་གཉིས་མ་གཏོགས་མ་སྤེལ་ཅིག །བླ་མ་ཆོས་སྲུང་གི་བཀའ་ཆད་ཡོང་ངེས་པས་གསང་དམ་པར་གྱིས་ཤིག །སྡེ་བརྒྱད་གནོད་པ་སྲུང་བའི་མཆོག །མནན་བསྲེག་འཕང་གསུམ་ལ་སོགས་པའི། །བྱད་ཟོར་ཕུར་ཟོར་འདི་ཡིས་ཟློག །སྟེང་གདོན་འོག་གདོན་ལ་སོགས་པའི། །རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་ཡིན། །བསྟན་དང་བསྟན་འཛིན་སྐྱེས་བུ་ཡི། །བརྟན་བཞུགས་ལ་ཡང་འདི་ཉིད་མཆོག །ཅེས་ཁྲག་འཐུང་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་གི་ཆོས་སྡེའོ། །ཤུ་བྷཾ།། །།
དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་རབ་འབར་ (Volume 27, Text 42)
དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་རབ་འབར་བཞུགས་སོ། །ཀ་དག་གཏིང་གསལ་རང་བྱུང་གདོད་མའི་མགོན། །ལྷུན་གྲུབ་རང་སྣང་རིས་མེད་རྡོ་རྗེ་སེམས། །རིག་རྩལ་རྡོ་རྗེའི་ལུག་རྒྱུད་བཛྲ་ཧེ། །གསོལ་བ་འདེབས་སོ་ཕྱག་རྒྱ་ཆེ་འགྲུབ་ཤོག །དྲི་མེད་ཡེ་ཤེས་མིག་གཅིག་མཉྫུ་ཤྲཱི། །རིག་འཛིན་རྒྱལ་པོ་རོ་ལངས་བདེ་བའི་ཞབས། །ཡོ་གའི་མཛོད་འཛིན་སངས་རྒྱས་གསང་བ་ལ། །གསོལ་བ་འདེབས་སོ་ཕྱག་རྒྱ་ཆེ་འགྲུབ་ཤོག །གྲུབ་པའི་གཙུག་རྒྱན་བལ་པོ་ཧཱུྃ་ཀཱ་ར། །ཧེ་རུ་ཀ་དཔལ་རྡོ་རྗེ་ཐོད་ཕྲེང་རྩལ། །ཡང་དག་མཆོག་གྲུབ་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་ཕྱག་རྒྱ་ཆེ་འགྲུབ་ཤོག །བསྟན་པའི་ཤིང་རྟ་ཚངས་པ་ལྷའི་མེ་ཏོག །མཁའ་སྤྱོད་ཚོགས་ཀྱི་རྗེ་མོ་མཁར་ཆེན་བཟའ། །བདེ་ཆེན་ས་བརྙེས་མུ་རུམ་བཙན་པོ་ལ། །གསོལ་བ་འདེབས་སོ་ཕྱག་རྒྱ་ཆེ་འགྲུབ་ཤོག །ཟབ་གཏེར་མངའ་བདག་མཆོག་གྱུར་བདེ་ཆེན་གླིང་། ཁྲི་སྲོང་ཡང་སྲིད་ཀུན་མཁྱེན་འཇམ་པའི་དབྱངས། །འཁོར་ལོའི་མགོན་པོ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཕྱག་རྒྱ་ཆེ་འགྲུབ་ཤོག །རང་རིག་བྱང་ཆུབ་སེམས་དངོས་དཔལ་ཆེན་པོ། །དབྱིངས་དགུའི་བདེ་ཆེན་རང་བཞིན་རྣལ་འབྱོར་མ། །ཕྲ་མེན་ཌཱ་ཀི་བཀའ་སྡོད་དམ་ཅན་ལ། །གསོལ་བ་འདེབས་སོ་ཕྱག་རྒྱ་ཆེ་འགྲུབ་ཤོག །ཟབ་མོའི་རིམ་པས་རྒྱུད་སྨིན་དམ་ཚིག་བརྟན། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་མཐའ་རུ་ཕྱིན། །རིམ་དང་གཅིག་ཆར་ཐབས་ཀྱི་བརྟུལ་ཞུགས་ཀྱིས། །ཡེ་ཤེས་བཞི་རིམ་ཟད་སར་འཁྱོལ་བར་ཤོག །ངོ་བོ་རང་བཞིན་གཞི་དོན་གཏན་ལ་ཕེབས། །རྣམ་གྲོལ་ཐབས་དང་སྐད་ཅིག་ལམ་མཆོག་འབྱོངས། །བདེ་ཆེན་རྩལ་གྱིས་ས་རྣམས་མྱུར་བགྲོད་དེ། །མི་ཟད་རྒྱན་གྱི་འཁོར་ལོ་ཡོངས་འགྲུབ་ཤོག །ཚོགས་བརྒྱད་རྣམ་དག་བདེ་ཆེན་ཕྱག་རྒྱ་གྲུབ། །འབྲུ་བརྒྱད་དགོངས་པས་ཆོས་ཀུན་དབང་དུ་གྱུར། །ཡེ་ཤེས་རྣམ་བརྒྱད་འུབ་ཆུབ་རྫོགས་པ་ཡི། །རང་རིག་བྱང་ཆུབ་སེམས་ལ་གདིང་ཐོབ་ཤོག །ཡང་དག་གྲུབ་པ་གཅིག་པུའི་ཐིག་ལེ་མཆོག །བདེ་ཆེན་ཡེ་ཤེས་རྣམ་པ་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས་པའི་དཔལ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ་ཐོབ་ཤོག །ཅེས་པའང་བཛྲ་ཧེ་རུ་ཀའི་ཕོ་བྲང་ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་གྱི་སྒྲུབ་གནས་སུ་འདི་ཉིད་ཀྱི་བསྙེན་སྒྲུབ་འབྲེལ་འཇོག་བགྱིད་སྐབས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཤར་མར་བྲིས་པ་དགེ་ལེགས་འཕེལ།། །།
སྲིད་པ་མ་མོ་སྒང་ཤར་གྱི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་རང་སྒྲ་ (Volume 32, Text 42)
སྲིད་པ་མ་མོ་སྒང་ཤར་གྱི་བརྒྱུད་པའི་གསོལ་འདེབས་བདེ་ཆེན་རང་སྒྲ་བཞུགས་སོ། །བདེ་ཆེན་དབྱིངས་ཀྱི་སྤྱི་དཔལ་མངོན་རྫོགས་རྒྱལ། །འཁོར་འདས་ཀློང་ཆུབ་སྲིད་པ་བདེ་འགྲོ་ཡུམ། །གསང་བདག་རྡོར་སེམས་ལྷ་མོ་ཡིད་འོང་མ། །མཛེས་ལྡན་གྲུབ་ལྡན་རྣམས་ལ་གསོལ་བ་འདེབས། །གྲགས་ལྡན་མཆོག་སྐྱོང་དྷ་ན་སཾསྐྲྀཏ། །མཁའ་འགྲོའི་ཚོགས་རྗེ་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་འབྲོག་མི་དཔལ་ཡེ་ཤེས། །ར་ཤག་ཆོས་འབར་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་དབང་ཕྱུག་གུ་རུབ་ལོ་ཙཱ་བ། །ཉི་མ་སེང་གེ་ཇོ་སྲས་རྩིང་པོ་དང་། །གཡུ་ཐོག་མགོན་པོ་གནུབས་སྟོན་ལྷ་རྗེ་དར། །དྷརྨ་རཱ་ཛ་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་གཟུངས་དང་མེས་སྟོན་ཡབ་སྲས་གཉིས། །ཐང་སྟོན་ཇོ་ཡེས་རྡོར་སེང་རྩ་བརྒྱད་པ། །ཆོས་དཔལ་བཟང་པོ་པཎ་ཆེན་བློ་གྲོས་བཟང་། །སྤ་སྟོན་ནམ་རིན་རྣམས་ལ་གསོལ་བ་འདེབས། །གར་དབང་ཞིག་གླིང་བླ་ཆེན་སོག་ཟློག་པ། །གཞན་ཕན་རྡོ་རྗེ་ཕྲིན་ལས་ལྷུན་གྱིས་གྲུབ། །གཏེར་བདག་གླིང་པ་རིན་ཆེན་རྣམ་པར་རྒྱལ། །མང་ཐོས་འགྱུར་མེད་རྡོ་རྗེར་གསོལ་བ་འདེབས། །སྤང་སྟོན་ཀུན་བཟང་པདྨ་ཚེ་དབང་རྩལ། །སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་འཛིན། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྟག་རྒྱལ་ཡུམ་ཆེན་རྣམ་ལྔ་ཆོས་སྐུའི་མཁའ། །ཡེ་ཤེས་རྗེ་མོ་བཅུ་བཞི་ལོངས་སྐུའི་ཀློང་། །དམན་མོ་ལྔ་བཅུ་རྩ་བརྒྱད་སྤྲུལ་སྐུའི་རྩལ། །སྲིད་པ་མ་རྒྱུད་ལྷ་ལ་གསོལ་བ་འདེབས། །དབང་དང་རིམ་གཉིས་ལས་སྐྱེས་ཤེས་རབ་ཀྱིས། །གཟུང་འཛིན་མཚན་མ་མ་སྤངས་དབྱིངས་སུ་དག །རང་བྱུང་ལྟ་བ་མཁའ་དང་ཀློང་དགུ་པོ། །དབྱེར་མེད་ཡེ་ཤེས་གཏན་ལ་ཕེབ་པར་ཤོག །རང་བཞིན་གཞི་དང་ལམ་གྱི་དཀྱིལ་འཁོར་གསུམ། །ཟུང་འབྲེལ་སྒོམ་པས་རྟོག་ཚོགས་ལྷ་སྐུར་ཤར། །ལྷ་ཉིད་ཡེ་ཤེས་དེ་ཡང་དབྱིངས་ཉིད་དུ། །མཐར་ཕྱིན་ལྷུན་གྲུབ་འཁོར་ལོར་བྱང་ཆུབ་ཤོག །མ་འགགས་སྣ་ཚོགས་སྤྱོད་པ་ལྟ་བ་རྟོགས། །རང་གསལ་སྤྱོད་པས་སྒོམ་པ་ཚད་ལ་ཕེབས། །མཐུན་འཇུག་ཐབས་ཀྱི་སྤྱོད་པས་འགྲོ་བ་འདུལ། །ཕྲིན་ལས་བཞི་ལ་མངའ་དབང་བརྙེས་པར་ཤོག །ཐུན་མོང་རིག་འཛིན་རྣམ་བཞིའི་གོ་འཕང་འགྲུབ། །མཐར་ཐུག་སྐུ་དང་ཡེ་ཤེས་རྣམ་པ་ལྔ། །མཁའ་ཀློང་དབྱེར་མེད་ངང་དུ་སངས་རྒྱས་ནས། ཁམས་གསུམ་སྒྲོལ་མཛད་ཐུགས་རྗེའི་བདག་གྱུར་ཅིག །ཅེས་པའང་པདྨ་གར་དབང་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།
རྩ་གསུམ་རབ་འབྱམས་ཀྱི་སྐོང་འདུས་རིན་ཆེན་འབར་བའི་ཕྲེང་བ་ (Volume 41, Text 42)
༄༅། །རྩ་གསུམ་རབ་འབྱམས་ཀྱི་སྐོང་འདུས་རིན་ཆེན་འབར་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ གུ་རུ་པདྨ་འོད་འབར་སྐུ་ལ་འདུད། རྩ་བ་གསུམ་གྱི་སྐོང་གསོ་བྱ་བ་ནི། ཚོགས་གཏོར་མཆོད་པ་ཅི་འབྱོར་བཤམས་ལ། སྔགས་འཆང་རྣམས་ཏིང་ངེ་འཛིན་གསལ་གདབ་ཅིང་། སྨན་རཀ་སྦྲེང་། ཤ་ཆེན་བསྲེག་ཅིང་མར་མེ་སྦར། རོལ་མོ་བསྒྲགས་ལ་འདི་སྐད་དོ། །ཧཱུྃ་ཧྲཱིཿ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ། །རིག་འཛིན་རིགས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །བཀའ་ལུང་ལྷག་ཆད་མེད་པར་སྟོན་མཛད་པའི། །སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཐུགས་རྗེའི་བརྩེ་བས་འགྲོ་ཀུན་འདྲེན་མཛད་པ། །ཐུགས་རྗེ་བྱིན་རླབས་བརྒྱུད་པའི་ཐུགས༴ བཀའ་ལུང་མན་ངག་གཏེར་སྦས་བྱ་ར་མཛད། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས༴ མ་འོངས་ལས་ཅན་ལུང་བསྟན་དགོངས་པ་གཏད། །སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགས༴ བཀའ་བབ་ལུང་བརྒྱུད་འགྲོ་ཀུན་སྨིན་གྲོལ་མཛད། །ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས༴ རྒྱལ་བའི་བྱིན་བརླབས་མཐུ་ཡིས་ཕྲིན་ལས་མཛད། །དམ་རྫས་མྱོང་གྲོལ་བརྒྱུད་པའི་ཐུགས༴ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས༴ སྟོང་གསལ་འགག་མེད་ཡེ་ནས་མངོན་རྫོགས་པའི། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས༴ ཆོས་ཀུན་ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་ཐུགས༴ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགས༴ རང་བྱུང་གདོད་ནས་སངས་རྒྱས་རྒྱལ་ཀུན་ཡབ། །ཀུན་བཟང་པདྨ་འབྱུང་གནས་ཐུགས༴ དུག་ལྔ་མ་སྤང་གནས་སུ་དག་པ་ཡི། །གུ་རུ་ཐོད་ཕྲེང་སྡེ་ལྔའི་ཐུགས༴ ཚོགས་དྲུག་མ་སྤང་རང་སར་གྲོལ་བ་ཡི། །འགྲོ་འདུལ་གུ་རུ་དྲུག་གི་ཐུགས༴ ཡུལ་བརྒྱད་མ་སྤང་གནས་སུ་དག་པ་ཡི། །སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས༴ གསང་བ་དབང་སྡུད་དངོས་གྲུབ་སྟེར་མཛད་པའི། །ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ཐུགས༴ གུ་རུའི་རྒྱན་འཁོར་ལྔ་ལྔའི་ཡེ་ཤེས་འཕྲུལ། །རྗེ་འབངས་ཉེར་ལྔའི་ཚོགས་ཀྱི་ཐུགས༴ ཡེ་ཤེས་ཆེ་བརྙེས་ནུས་མཐུ་དཔག་ཏུ་མེད། །རྒྱ་བོད་གྲུབ་ཆེན་ཡོངས་ཀྱི་ཐུགས༴ འཕོ་བྲལ་བདེ་ཆེན་འོད་གསལ་རྡོ་རྗེའི་སྐུ །པཎ་ཆེན་བྱེ་མ་མུ་དྲའི་ཐུགས༴ རྒྱུད་ལུང་མན་ངག་བཀའ་བརྒྱུད་སྲོལ་འཛིན་མགོན། །གནུབས་སོ་རོང་ཟུར་ཡབ་སྲས་ཐུགས༴ སྙན་བརྒྱུད་གསང་སྐོར་དོན་གྱི་བསྟན་པ་སྤེལ། །ཉང་བན་སྦས་འབྲོམ་སོགས་ཀྱི་ཐུགས༴ ཨ་ཏི་བླ་མེད་ཆོས་ཀྱི་གཏེར་ཆེན་འབྱིན། །ལྡང་ལྕེ་ཞང་མེ་བརྒྱུད་བཅས་ཐུགས༴ བོད་ཆེན་ཕྱོགས་སུ་ངེས་དོན་བསྟན་པའི་མཛོད། །དམ་གཙང་བྱམས་སོགས་བླ་རབས་ཐུགས༴ ཟབ་གཏེར་མངའ་བདག་ཡོངས་ཀྱི་གཙོ་མཆོག་དཔལ། །ཉང་རལ་ཉི་མ་འོད་ཟེར་ཐུགས༴ སྤྱན་རས་གཟིགས་དབང་འགྲོ་འདུལ་གཏེར་སྟོན་སྤྲུལ། །གུ་རུ་ཆོས་ཀྱི་དབང་ཕྱུག་ཐུགས༴ ཡང་ཟབ་མཁའ་འགྲོ་སྙིང་གི་ཐིག་ལེ་འཆང་། །པདྨ་ལས་འབྲེལ་རྩལ་གྱི་ཐུགས༴ སྙིང་པོའི་གཏམ་སྤེལ་སྙིང་ཐིག་བསྟན་པའི་བདག །དཔལ་ཆེན་རང་བྱུང་རྡོ་རྗེའི་ཐུགས༴ བི་མའི་རྣམ་འཕྲུལ་ཀུན་བཟང་དགོངས་པའི་གཏེར། །ཀུན་མཁྱེན་དྲི་མེད་འོད་ཟེར་ཐུགས༴ རྨད་བྱུང་སྤྲུལ་སྐུ་ཟབ་གཏེར་རྒྱ་མཚོའི་བདག །རྡོ་རྗེ་ཀུན་སྐྱོང་པད་གླིང་ཐུགས༴ ཨོ་རྒྱན་གསང་བཅུད་དགོངས་འདུས་གསེར་ཆོས་ཀྱི། །མཛོད་འཆང་སངས་རྒྱས་གླིང་པའི་ཐུགས༴ བོད་ཁམས་སྐྱོབ་བྱེད་གསང་མཛོད་ལྔ་ཡི་བདག །རིག་འཛིན་རྒོད་ལྡེམ་ཅན་གྱི་ཐུགས༴ བརྟུལ་ཞུགས་རྩལ་ལྡན་གསང་སྔགས་ཐེག་མཆོག་དཔལ། །རྟོག་ལྡན་མཁའ་སྤྱོད་དབང་པོའི་ཐུགས༴ སྔ་འགྱུར་བཀའ་གཏེར་བསྟན་པའི་སྲོག་ཤིང་འཛིན། །རཏྣ་ཞིག་པོ་གླིང་པའི་ཐུགས༴ གུ་རུའི་ལྟ་སྒོམ་ཤིང་རྟའི་སྒྲོན་མེ་མཆོག །གསང་བདག་ཏཱ་ར་ནཱ་ཐའི་ཐུགས༴ འགྲན་མེད་ནུས་མཐུས་མི་འཇིགས་སྦྱིན་པའི་གཏེར། །ལྷ་རྗེ་བློ་གྲོས་རྒྱལ་མཚན་ཐུགས༴ ཟབ་གཏེར་བཀའ་བབས་སྣང་བཞིའི་ཡོན་ཏན་རྫོགས། །ཨོ་རྒྱན་འཇའ་ཚོན་སྙིང་པོའི་ཐུགས༴ གནས་ཆེན་བརྒྱ་རྩའི་སྒོ་འབྱེད་ས་བཅུའི་མགོན། །བདུད་འདུལ་ནུས་ལྡན་རྡོ་རྗེའི་ཐུགས༴ འཕགས་པའི་སྒྱུ་འཕྲུལ་སངས་རྒྱས་ཞིང་སྦྱོང་གར། །རིག་འཛིན་ཀློང་གསལ་སྙིང་པོའི་ཐུགས༴ རྟ་མགྲིན་ཆོས་སྤེལ་རྟ་མགྲིན་སྤྲུལ་པ་ཉིད། །སྟག་ཤམ་ནུས་ལྡན་རྡོ་རྗེའི་ཐུགས༴ བློ་གྲོས་མཐུ་ཡིས་བཀའ་གཏེར་གསལ་བྱེད་མགོན། །པདྨ་འགྱུར་མེད་རྡོ་རྗེའི་ཐུགས༴ ཡེ་ཤེས་ཆེ་བརྙེས་ཡེ་ཤེས་མཁའ་འགྲོའི་གཙོ། །པདྨ་བདེ་ཆེན་གླིང་པའི་ཐུགས༴ ཧཱུྃ་མཛད་སྤྲུལ་པ་ཐུགས་ཀྱི་གཏེར་ཁ་འཛིན། །རོལ་པ་རྡོ་རྗེར་གྲགས་པའི་ཐུགས༴ དུས་གསུམ་འགྲན་ཟླ་བྲལ་བའི་རིག་འཛིན་རྗེ། །རྡོ་རྗེ་ཚེ་དབང་ནོར་བུའི་ཐུགས་དམ་བསྐང་། ཁ་སྐོང་ནི། པདྨའི་ཕོ་ཉ་རིག་འཛིན་ཡོངས་ཀྱི་མགོན། །མཆོག་གྱུར་བདེ་ཆེན་གླིང་པའི་ཐུགས༴ ཀློང་དགུའི་ཡེ་ཤེས་སྐུ་བརྙེས་དཀྱིལ་འཁོར་གཙོ། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཐུགས༴ ཐུབ་པའི་རྒྱལ་ཚབ་གསང་ཆེན་བསྟན་པའི་སྲོག །འཇམ་མགོན་པདྨ་གར་དབང་ཐུགས་དམ་བསྐང་། །ཞེས་པའི་ཁ་སྐོང་འདིའང་ཀརྨ་པས་སོ།། ༈ རང་རིག་ཡེ་ཤེས་ཇི་བཞིན་སྟོན་མཛད་པ། །མཆོག་གྱུར་རྩ་བའི་བླ་མའི་ཐུགས༴ དཔག་མེད་ངོ་མཚར་གྱིས་བརྒྱན་སྤྲུལ་པའི་སྐུ །གཏེར་ཆེན་བརྒྱ་དང་རྩ་བརྒྱད་ཐུགས༴ འབྲེལ་ཚད་དོན་ལྡན་ཐར་པའི་ལམ་མཁན་མཆོག །གཏེར་ཕྲན་སྟོང་དང་རྩ་གཉིས་ཐུགས༴ འགྲོ་ཀུན་སྨིན་གྲོལ་ལམ་ལ་བཀོད་མཛད་པའི། །དྲིན་ཅན་རྩ་བརྒྱུད་བླ་མའི་ཐུགས༴ ཤེས་དང་ཤེས་བྱ་རྣམ་ཀུན་མཁྱེན་གྱུར་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ འགྲོ་ཀུན་ཞི་བདེའི་གནས་སུ་འདྲེན་མཛད་པའི། །གསུང་རབ་དམ་ཆོས་རྣམས་ཀྱི་ཐུགས༴ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང་། །འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ ཧཱུྃ་ཧྲཱིཿ བླ་མེད་སྙིང་གི་དགོངས་པའི་ད་ལ་རུ། །ཨ་ཏི་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །སངས་རྒྱས་དགོངས་པ་འདུས་པའི་དཀྱིལ་འཁོར་ནས། །ཚོགས་ཆེན་འདུས་པའི་ལྷ་ཚོགས་ཐུགས༴ བཅོམ་ལྡན་གསང་བ་སྙིང་པོའི་ཕོ་བྲང་ནས། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཐུགས༴ ཧཱུྃ་ཧྲཱིཿ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས༴ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས༴ བདེ་གཤེགས་འདུས་པ་རྩ་བའི་དཀྱིལ་འཁོར་ནས། །སྒྲུབ་ཆེན་བཀའ་བརྒྱད་ཡོངས་ཀྱི་ཐུགས༴ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་ཐུགས༴ ཐུགས་མཆོག་འཁྲུལ་པ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས༴ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བདུད་རྩི་སྨན་གྱི་ལྷ་ཚོགས་ཐུགས༴ ཕྲིན་ལས་དྲག་པོས་སྒྲོལ་བའི་དཀྱིལ་འཁོར་ནས། །སྒྲོལ་བྱེད་ཕུར་པའི་ལྷ་ཚོགས་ཐུགས༴ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས༴ ཐུགས་རྗེའི་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས༴ དམ་རྫས་རྫ་ལྟར་སྤུངས་པའི་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས༴ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས༴ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ། །དཔལ་གྱི་བཀའ་སྡོད་ལྷ་ཚོགས་ཐུགས༴ ཧཱུྃ་ཧྲཱིཿ མི་འགྱུར་བདེ་བ་ཆེན་པོའི་ཕོ་བྲང་ནས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐུགས༴ ཐུགས་རྗེ་རྒྱུན་ཆད་མེད་པའི་ཕོ་བྲང་ནས། །ནམ་མཁའི་རྒྱལ་པོའི་ལྷ་ཚོགས་ཐུགས༴ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྒྱལ་དབང་པདྨ་འོད་འབར་ཐུགས༴ མ་རུངས་དྲེགས་པ་ཚར་གཅོད་དཀྱིལ་འཁོར་ནས། །རྡོ་རྗེ་དྲག་རྩལ་ལྷ་ཚོགས་ཐུགས༴ བདེ་གཤེགས་སྤྱི་འདུས་རྨད་བྱུང་ལྷ་ཡི་ལྷ། །གུ་རུ་རྡོ་རྗེ་ཐོད་ཕྲེང་ཐུགས༴ རྩ་གསུམ་དཀྱིལ་འཁོར་ཡོངས་ཀྱི་གཙོ་བོ་མཆོག །བླ་མ་དགོངས་འདུས་ལྷ་ཚོགས་ཐུགས༴ དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་ནས། །ཡི་དམ་དགོངས་འདུས་ལྷ་ཚོགས་ཐུགས༴ ཟླ་གམ་དམར་པོ་དབང་གི་ཕོ་བྲང་ནས། །མཁའ་འགྲོ་དགོངས་འདུས་ལྷ་ཚོགས་ཐུགས༴ གནམ་ལྕགས་མེ་རླུང་འཚུབས་མའི་དཀྱིལ་འཁོར་ནས། །ཆོས་སྐྱོང་དགོངས་འདུས་འཁོར་བཅས་ཐུགས༴ དཔལ་མཆོག་དང་པོ་ཆོས་དབྱིངས་དཀྱིལ་འཁོར་ནས། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཐུགས༴ རྣམ་དག་བདེ་བ་ཆེན་པོའི་ཕོ་བྲང་ནས། །བདེ་དགྱེས་མ་ཧཱ་མཱ་ཡའི་ཐུགས༴ ཟབ་གསལ་སྒྱུ་འཕྲུལ་ཆེན་པོའི་ད་ལ་ནས། །མི་བསྐྱོད་འཇམ་དཔལ་གསང་འདུས་ཐུགས༴ ཞེ་སྡང་ཚར་གཅོད་བླ་མེད་དཀྱིལ་འཁོར་ནས། །འཇམ་དཔལ་དམར་ནག་ལྷ་ཚོགས་ཐུགས༴ ཁམས་གསུམ་དབང་སྡུད་དྲག་པོའི་ད་ལ་ནས། །རྟ་མགྲིན་དམར་ནག་འཁོར་བཅས་ཐུགས༴ རྡོ་རྗེ་ཅན་གནས་མེ་རི་འབར་བ་ནས། །ཕྱག་རྡོར་ཁྲོ་བཅུ་ཁྱུང་བཅས་ཐུགས༴ དུར་ཁྲོད་རྩུབ་འགྱུར་ཚལ་གྱི་ཕོ་བྲང་ནས། །རྡོ་རྗེ་ཕག་མོའི་ལྷ་ཚོགས་ཐུགས༴ ཨོ་རྒྱན་མཁའ་སྤྱོད་དག་པའི་གྲོང་ཁྱེར་ནས། །གསང་བ་ཡེ་ཤེས་ལྷ་ཚོགས་ཐུགས༴ གསང་ཆེན་རོལ་པའི་ཞིང་ཁམས་ཆེན་པོ་ནས། །བདུད་འདུལ་སེང་གདོང་འཁོར་བཅས་ཐུགས༴ སྒྲུབ་པ་པོ་ལ་མ་ཡིས་བུ་ལྟར་བརྩེ། །གནས་གསུམ་མཁའ་འགྲོའི་ལྷ་ཚོགས་ཐུགས༴ སྐུ་གསུམ་འབྲས་བུ་མྱུར་དུ་སྟེར་མཛད་པ། །གསང་སྔགས་རྒྱུད་སྡེ་བཞི་ཡི་ཐུགས༴ རྒྱལ་བའི་སྒྱུ་འཕྲུལ་འགྲོ་ལ་གང་འདུལ་སྟོན། །ཐེག་པ་རིམ་དགུའི་ལྷ་ཚོགས་ཐུགས༴ ཧཱུྃ་བྷྱོཿ འོག་མིན་དུར་ཁྲོད་མེ་རི་འབར་བ་ནས། །དཔལ་མགོན་མ་ནིང་འཁོར་བཅས་ཐུགས༴ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །དཔལ་མགོན་མེ་དབལ་འཁོར་བཅས་ཐུགས༴ རྒྱུད་ལུང་མན་ངག་བསྲུང་བར་མངའ་གསོལ་བའི། །རྒྱུད་མགོན་ལེགས་ལྡན་འཁོར་བཅས་ཐུགས༴ དུར་ཁྲོད་རོ་མྱག་ཚལ་གྱི་ཕོ་བྲང་ནས། །དཔལ་མགོན་ཕྱག་བཞི་འཁོར་བཅས་ཐུགས༴ དུར་ཁྲོད་ཚང་ཚིང་འཁྲིགས་པའི་ཕོ་བྲང་ནས། །དཔལ་མགོན་ཕྱག་དྲུག་འཁོར་བཅས་ཐུགས༴ རྒྱལ་བའི་བསྟན་སྲུང་ཕྲིན་ལས་ཡོངས་ཀྱི་བདག །གུར་མགོན་བེང་མ་སྟག་ཞོན་ཐུགས༴ ནག་པོ་ཡོངས་གཙོ་དྲག་པོ་རྨད་བྱུང་བ། །བེར་ནག་ཚོགས་བདག་འཁོར་བཅས་ཐུགས༴ ཀ་ལིང་ཀ་རུ་དྲེགས་ཆེན་སྟོང་སྡེའི་གཙོ། །མགོན་པོ་ཨ་གྷོ་ར་ཡི་ཐུགས༴ ཡེ་ཤེས་མགོན་པོ་ཀུན་གྱི་ཕྲིན་ལས་བདག །ཏྲཀྴད་ཤྭ་ན་མུ་ཁའི་ཐུགས༴ ཨ་ཏི་ཡང་གསང་བསྟན་སྲུང་མཐུ་མོ་ཆེ། །སྔགས་སྲུང་སྨུག་ནག་རལ་གཅིག་ཐུགས༴ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས། །རིག་རྒྱལ་ནཱ་ག་རཀྴའི་ཐུགས༴ ཞིང་སྐྱོང་མ་མོ་འབྱུང་པོའི་དབང་ཕྱུག་ཆེ། །སྲིན་མགོན་གདོང་བཞི་འཁོར་བཅས་ཐུགས༴ བཀྲ་ཤིས་སྙིང་ཉེ་མཐུ་རྩལ་ཆེས་ཆེ་བ། །ཞིང་སྐྱོང་གཟི་ལྡན་འཁོར་བཅས་ཐུགས༴ སྲིད་གསུམ་དབང་བསྒྱུར་ལེགས་ལྡན་ལྷ་ཡི་ལྷ། །དབང་ཕྱུག་ལྷ་ཆེན་ཡབ་ཡུམ་ཐུགས༴ རྒྱལ་བསྟན་དེ་འཛིན་ཡུལ་ཁམས་ཀུན་སྲུང་མཛད། །རྒྱལ་པོ་ཆེན་པོ་སྡེ་བཞིའི་ཐུགས༴ སྒྲོལ་གིང་སྲོག་བདག་དྲེགས་པའི་གཙོ་བོ་ཆེ། །དམར་པོ་གྱད་ཆེན་འཁོར་བཅས་ཐུགས༴ འདོད་པའི་ཁམས་ལ་དབང་སྒྱུར་མངའ་བདག་མ། །ལྷ་མོ་ནག་མོ་དཔོན་གཡོག་ཐུགས༴ རྫོགས་ཆེན་ཀློང་སྡེའི་སྲུང་མ་ཛོ་ཀིའི་གྲོགས། །འབར་མ་མེ་གདོང་འཁོར་བཅས་ཐུགས༴ རྫོགས་ཆེན་སྙིང་ཐིག་བཀའ་ཡི་གཉེར་འཛིན་མ། །ཤན་པ་སྲོག་སྒྲུབ་འཁོར་བཅས་ཐུགས༴ ལྷ་སྲིན་སྡེ་བརྒྱད་འདུས་པའི་དཀྱིལ་འཁོར་ནས། །གཟའ་བདུད་སྒྲ་གཅན་འཁོར་བཅས་ཐུགས༴ གུ་རུའི་བརྒྱུད་འཛིན་སྐྱོང་མཛད་སྐྱེས་གཅིག་པུ། །གནོད་སྦྱིན་བཤན་པ་དམར་ནག་ཐུགས༴ སྙིང་ཐིག་གཏེར་སྲུང་བོད་ཀྱི་གཞི་བདག་མཆོག །དམ་ཅན་རྡོ་རྗེ་ལེགས་པའི་ཐུགས༴ དུར་ཁྲོད་ཀུན་ཉུལ་གསང་བའི་མ་མོ་ཆེ། །སྔགས་སྲུང་སྤྱང་ཞོན་འཁོར་བཅས་ཐུགས༴ གུ་རུའི་དགོངས་འདུས་རྗེས་འབྲང་རྣལ་འབྱོར་སྐྱོང་། །དུར་ཁྲོད་ཤ་ཟ་ཁ་ཆེན་ཐུགས༴ བཻ། བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ཐུགས༴ དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབ་མཛད་པ། །ནོར་བདག་ཛམ་ལྷ་འཁོར་བཅས་ཐུགས༴ ཕས་རྒོལ་འཇོམས་ཤིང་སྒྲུབ་མཆོག་ཡུལ་འཁོར་སྲུང་། །དྲི་ཟའི་རྒྱལ་པོ་འཁོར་བཅས་ཐུགས༴ གཙུག་ལག་ཆོས་འཁོར་སྐྱོང་ཞིང་དཀོར་ནོར་སྲུང་། །རྒྱལ་པོ་པེ་ཧར་འཁོར་བཅས་ཐུགས༴ གུ་རུས་གསང་མཛོད་གཏེར་བདག་ཆེན་པོར་བསྐོས། །བཙན་རྒོད་འབར་བ་སྤུན་བདུན་ཐུགས༴ གནས་གཏེར་སྲུང་ཞིང་དགྲ་ལ་ནད་རིམས་འགྱེད། །ཡུམ་ཆེན་སྲིན་མོ་གདོང་དམར་ཐུགས༴ བོད་ཡུལ་སྒོ་འཕྲང་བསྲུང་བར་མངའ་གསོལ་བའི། །མཐུ་ཆེན་སྡེ་བཞི་འཁོར་བཅས་ཐུགས༴ པདྨའི་དགེ་བསྙེན་མཐུ་སྟོབས་རྫུ་འཕྲུལ་ཅན། །དགེ་བསྙེན་ཉི་ཤུ་རྩ་གཅིག་ཐུགས༴ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི། །བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས༴ ཧཱུྃ་བྷྱོ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །གཙང་རིགས་མགོན་པོ་འཁོར་བཅས་ཐུགས༴ རྒྱལ་བས་དྲེགས་པའི་གཙོ་བོར་དབང་བསྐུར་བ། །འཇིག་རྟེན་སྡེ་དཔོན་རྣམས་ཀྱི་ཐུགས༴ རང་སྔགས་དམོད་པས་དམ་ཉམས་ཕྱེ་མར་འཇོམས། །དམོད་པའི་མཐུ་ལྡན་རྣམས་ཀྱི་ཐུགས༴ གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་བྱ་ར་མཛད། །སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགས༴ ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་དུ་བསྐོས། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས༴ པད་མས་གཉེར་གཏད་རྣལ་འབྱོར་སྐྱོང་མཛད་པའི། །སྦས་ཡུལ་གནས་བདག་རྣམས་ཀྱི་ཐུགས༴ གཞིས་ལམ་སྒྲུབ་གནས་བར་ཆད་ཀུན་སེལ་བའི། །གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས༴ གོང་མས་བསྙེན་ཅིང་སྒྲུབ་པའི་གྲོགས་མཛད་པ། །རིགས་ཆོས་རྒྱུད་སྲུང་གཉན་པོའི་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །རྨད་བྱུང་བརྗིད་ལྡན་གཏོར་མས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་སྨན་གྱིས་ཐུགས༴ ཨརྒྷཾ་རཀྟ་དམར་གྱིས་ཐུགས༴ མ་ཉམས་ཆང་ཕུད་སྨན་གྱིས་ཐུགས༴ དྲི་མེད་ཞུན་མར་མདངས་ཀྱིས་ཐུགས༴ རྣལ་འབྱོར་ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ བཀྲག་གསལ་དཀྱིལ་འཁོར་ཞལ་ཕྱེས་ཐུགས༴ མཚན་ལྡན་དམ་རྫས་མདངས་ཀྱིས་ཐུགས༴ བསྐང་ངོ་ཐུགས་དམ་གཉན་པོ་བསྐངས་གྱུར་ཅིག །བསྐང་ངོ་རྩ་གསུམ་གསང་བའི་ལྷ་ཚོགས་རྣམས། །དངོས་པོ་ཆོས་ཉིད་ཀློང་དུ་ཐུགས་དམ་བསྐང་། །སྣང་བ་ཤེས་རབ་ཀློང་དུ་ཐུགས༴ གཟུང་འཛིན་རང་གྲོལ་ཀློང་དུ་ཐུགས༴ སྡུག་བསྔལ་བདེ་ཆེན་ཀློང་དུ་ཐུགས་དམ་བསྐང་། །གཉིས་མེད་དོན་རྟོགས་སྤང་བླང་མེད་པ་ཡི། །སྣང་སྲིད་གཞིར་བཞེངས་ཆེན་པོར་མཆོད་པ་འབུལ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨོཾ་ཨཱཿཧཱུྃ། བླ་མ་རྒྱ་མཚོ་ཚོགས་ལ་རོལ། །ཡི་དམ་རྒྱ་མཚོ་ཚོགས་ལ་རོལ། །མཁའ་འགྲོ་རྒྱ་མཚོ་ཚོགས་ལ་རོལ། །ཞིང་སྐྱོང་རྒྱ་མཚོ་ཚོགས༴ ཆོས་སྐྱོང་ཕོ་རྒྱུད་ཚོགས༴ སྲུང་མ་མོ་རྒྱུད་ཚོགས༴ དམ་ཅན་རྒྱ་མཚོ་ཚོགས༴ གནས་སྲུང་གཏེར་བདག་ཚོགས༴ ནོར་ལྷ་རྒྱ་མཚོ་ཚོགས༴ སྣང་སྲིད་ལྷ་འདྲེ་ཚོགས༴ ཡུལ་ལྷ་གཞི་བདག་ཚོགས༴ དབེན་གནས་སྲུང་མ་ཚོགས༴ རིགས་དྲུག་ཕ་མ་ཚོགས༴ ལན་ཆགས་བགེགས་རིགས་ཚོགས༴ ལ་ལ་ཕྱི་ཡི་ཚོགས༴ ལ་ལ་ནང་གི་ཚོགས༴ ལ་ལ་གསང་བའི་ཚོགས༴ དེ་ཁོ་ན་ཉིད་ཀྱི་ཚོགས་མཆོད་བདེ་བ་ཆེན་པོ་ལ་རོལ་ཅིག །སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི། ཞེས་ཚོགས་མཆོད་སྤྲོའོ། །དེ་ལྟར་རྩ་གསུམ་གྱི་སྤྱི་སྐོང་འདི་ནི་བོད་ཆེན་ཀཿཐོག་ལྷོ་རྒྱུད་དུ་སྐུ་འཁྲུངས་པ་ཀུན་མཁྱེན་ཆོས་རྗེ་པདྨ་བློ་གྲོས་ཀྱི་རིགས་ཆོས་ཀྱི་བརྒྱུད་པ་འཛིན་ཅིང་སེང་གེའི་ཁྲི་སྲུང་མཛད་རྗེ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བསྐལ་བཟང་ཨོ་རྒྱན་བསྟན་འཛིན་ཞལ་སྔ་ནས་བགྱིད་པར་ཡང་ཡང་བསྐུལ་བར་བརྟེན། གཞི་སྔར་གྱི་སྐོང་རྙིང་དེ་ལ་ཚིག་ཚོགས་མང་ཙམ་ཞིག་བགྱིས་ཀྱང་དཔེ་ཕྱག་ཏུ་འབུལ་མ་ཐུབ་པར་ཟག་པས་དེ་ཕྱིར་བླ་མ་དམ་པ་བདེ་བར་གཤེགས་པ་དེའི་དགོངས་པ་བསྐང་བའི་སླད་དང་། སྒྲུབ་མཆོད་ཚོགས་འཁོར་མཐའ་དག་ལ་འཇུག་ཅིང་ཁྱེར་བདེ་ཕྱིར། སྤྱི་སྐོང་འདི་འདྲ་མིན་ཙམ་གྱི་ལུགས་སྲོལ་བདུན་མཐོང་བ་ལས། འདི་ཁྲག་འཐུང་བདུད་འདུལ་ནུས་ལྡན་རྡོ་རྗེའི་གསུང་ལ་གཞི་བླངས་ཏེ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ཚེ་དབང་ནོར་བུས་བོད་ཡུལ་དབུ་རུའི་ས་ཡི་ཆ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་བསྟི་གནས་ས་ལ་སྤྱོད་པའི་འོག་མིན་ཀུན་ཏུ་བཟང་པོའི་ཕོ་བྲང་གངས་རི་ཐོད་དཀར་དུ་སྦྱར་བ་སྟེ། དེ་ཡིས་བླ་མའི་ཐུགས་དགོངས་ཡང་དག་པར་བསྐངས་ཏེ་དགེ་ལེགས་ཀྱི་ཚོགས་རབ་ཏུ་འཕེལ་བར་གྱུར་ཅིག །རྩ་གསུམ་རབ་འབྱམས་སྤྱི་སྐོང་སྙིང་པོ་འདི། །སུས་ཀྱང་འཕྲི་བསྣན་བསྲེ་སླད་མ་བྱེད་པར། །ཉ་སྟོང་དུས་དྲུག་ཚོགས་གཏོར་སྐབས་ལ་སོགས། །འབད་ན་རྐྱེན་སེལ་དངོས་གྲུབ་གཉིས་ཐོབ་འགྱུར། །ཞེས་པའང་སྨྲས་སོ།། །། ༈ དེ་ལྟར་རྗེ་འབངས་ཉེར་ལྔ། བྱེ་མ་མུ་དྲ། ཉང་བན་སྦས་འབྲོམ། ལྡང་ཅེ་ཞང་མེ། ལས་འབྲེལ་རྩལ། མཁའ་སྤྱོད་པ། རིག་འཛིན་ཆེན་པོ། རྩ་བའི་བླ་མ་སྟེ། བརྒྱད་པོ་ནི་རྫོགས་ཆེན་བརྒྱུད་པ་ལ་དགོས་པ་ལྟར་འདུག་ཅེས་རིག་འཛིན་རྗེར་ཞུས་པས་འདི་རྣམས་དགོས་ངེས་རེད་ཀྱང་ཁོ་བོས་བྲི་རྒྱུ་མ་བྱུང་འདུག་པ། ད་སྟེ་ཅི་ནས་བྲིའོ་ཞེས་བཀའ་ཕེབས་ཀྱང་གནང་རྒྱུ་ལུས་སོང་འདུག་པ། རྗེ་དེའི་དགོངས་པ་སྐོང་ཆེད་འགལ་བ་མེད་དམ་སྙམས་རིག་འཛིན་རྗེའི་བཀའ་འབངས་པ་དཔལ་ལྡན་དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བས་བརྗོད་པའོ།།
གནམ་ཆོས་ལས་ཕ་དམ་པའི་སྒྲུབ་ཐབས (Volume 11, Text 42)
གནམ་ཆོས་ལས་ཕ་དམ་པའི་སྒྲུབ་ཐབས་བཞུགས་ལགས་སོ༔ རྗེ་བཙུན་དམ་པ་སངས་རྒྱས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དམ་པ་རྒྱ་གར་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ དམིགས་པ་དམ་པ་རྒྱ་གར་ནི༔ སྐུ་མདོག་སྨུག་པོ་ཞལ་གཅིག་པ༔ ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ༔ ཌཱ་མ་རུ་དང་རྐང་གླིང་འཛིན༔ གྲུབ་ཐོབ་ཆ་ལུགས་ཚུལ་དུ་བསྐྱེད༔ ཨོཾ་ཀ་མ་ལ་ཤྲཱི་ཧཱུྃ་ཧ་སྭཱ་ཧཱ༔ དེ་ཡིས་དམ་པ་རྒྱ་གར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ འདིའི་ཞལ་གྱི་གདམས་པ་ནི༔ སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་བསྐྱེད༔ དབུ་སྐྲ་ཐོར་ཚུགས་རུས་པའི་རྒྱན་དྲུག་དང༔ རས་དཀར་པོའི་ཨང་རག་ཅན༔ བལ་ཐུལ་ནི་མ་གསུངས༔ ཕྲག་པ་གཡོན་དུ་རྟེན་འབྲེལ་གལ་ཏ་བཀལ་པ༔ ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཞེས་པ་འདི་གདོང་ངན་གྱི་ལོ་ཐ་སྐར་ཟླ་བའི་ཉི་ཤུའི་ནུབ། དམ་པ་སངས་རྒྱས་མངོན་རྟོགས་དང་མཚུངས་པ་གཅིག་དངོས་སུ་ཞལ་གཟིགས་ཏེ་སྒྲུབ་ཐབས་འདི་དངོས་སུ་གནང་སྟེ། རིག་འཛིན་སྤྲུལ་པའི་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་ལའོ། །དབང་གཟུངས་དབང་ངོ་།། །།
མཆོག་གླིང་ཟབ་བདུན་དྲག་སྔགས་བརྒྱུད་འདེབས (Volume 33, Text 42)
ཨེ་མ་ཧོ། བཅོམ་ལྡན་ཀུན་བཟང་དཔལ་ཆེན་ཧེ་རུ་ཀ །གསང་བའི་བདག་པོ་སྟོབས་ལྡན་ནག་པོ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་བདེན་ཚིག་འགྲུབ། །དྲག་པོ་སྔགས་ཀྱི་ནུས་རྩལ་སྟོབས་ལྡན་ཤོག །ལས་ཅན་དྲྭ་མ་ལྔ་དང་རྡོ་རྗེ་ཆོས། །སློབ་དཔོན་ཆེན་པོ་ཤཱནྟིཾ་གརྦྷ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་བདེན་ཚིག་འགྲུབ། །དྲག་པོ་སྔགས་ཀྱི་ནུས་རྩལ་སྟོབས་ལྡན་ཤོག །འཇམ་དཔལ་དབྱངས་དངོས་བཻ་རོ་ཙ་ན་དང་། །ལྷ་ཡི་སྲས་མཆོག་དམ་འཛིན་མཚན་ཅན་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་བདེན་ཚིག་འགྲུབ། །དྲག་པོ་སྔགས་ཀྱི་ནུས་རྩལ་སྟོབས་ལྡན་ཤོག །སྙིགས་མ་ལྔ་བདོའི་འགྲོ་བ་ཉམ་ཐག་ལ། །ཟབ་གཏེར་བདུད་རྩིས་སྨིན་མཛད་གཏེར་ཆེན་རྗེར། །གསོལ་བ་འདེབས་སོ་རྡོ་རྗེའི་བདེན་ཚིག་འགྲུབ། །དྲག་པོ་སྔགས་ཀྱི་ནུས་རྩལ་སྟོབས་ལྡན་ཤོག །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རྡོ་རྗེའི་ལམ་མཆོག་རྣལ་མར་འབྱོར་པ་ཀུན། །ཀ་དག་གཞི་དབྱིངས་འོད་གསལ་དག་པའི་མཁར། །ལྷུན་གྲུབ་སྐུ་བཞིའི་རྒྱལ་ས་ཟིན་པར་ཤོག །ལོག་པར་འཁུ་བ་མ་རུངས་བདུད་སྡེའི་དཔུང་། །དྲག་པོ་སྔགས་ཀྱི་མཚོན་ཆས་རབ་བསྒྲལ་ནས། །འུབ་ཆུབ་བློ་འདས་ཆོས་སྐུའི་ངང་དུ་གྲོལ། །གཞི་ལམ་འབྲས་བུ་མཐར་ཕྱིན་སངས་རྒྱས་ཤོག །ཅེས་དམོད་པ་དྲག་སྔགས་ཀྱི་བརྒྱུད་པའི་གསོལ་འདེབས་འདི་ཡང་། གཏེར་འབྱིན་མཚུངས་བྲལ་མཆོག་གྱུར་བདེ་ཆེན་གླིང་པས་བཀའ་ཡིས་བསྐུལ་བ་ལྟར། དཔལ་ཀརྨ་པའི་སྐྱེ་བའི་ཕྲེང་བ་བཅུ་བཞི་པ་སུམ་ལྡན་རྡོ་རྗེ་འཛིན་པ་ཐེག་པ་མཆོག་གི་རྡོ་རྗེས་བྲིས་པ་དགེ། །།
ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ དྲག་པོའི་ལྷ་གསུམ་གྱི་ལས་བྱང་སྣང་སྲིད་དྲེགས་པ་ཀུན་འདུལ་ (Volume 46, Text 42)
ྈྈྈྈྈ ྈ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ དྲག་པོའི་ལྷ་གསུམ་གྱི་ལས་བྱང་སྣང་སྲིད་དྲེགས་པ་ཀུན་འདུལ་བཞུགས་སོ༔ ཡན་ལག་གི་སྒྲུབ་སྐོར་ྀཨཚ༔ ྈྈྈྈྈྈྈྈྈྈྈྈྈྈ ན་མོ་ཀྲོ་དྷ་སིདྡྷི་ཧཱུྃ༔ སྐྱེ་མེད་ངང་ལས་འགག་མེད་འབར་བའི་སྐུ༔ དྲེགས་འདུལ་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ ད་ལྟ་འཛམ་གླིང་ལྷ་འདྲེ་གདུག་པ་ཅན༔ འདུལ་བའི་ལྷ་གཅིག་པདྨ་ཐོད་ཕྲེང་ངས༔ མ་འོངས་སྙིགས་མ་ལྔ་བརྒྱའི་དུས་ཀྱི་མཐར༔ མི་རྣམས་ལོག་སྤྱོད་སྣ་ཚོགས་རྐྱེན་དག་གིས༔ ལྷ་འདྲེ་ཀུན་འཁྲུགས་མི་ཕྱུགས་སྲོག་ལ་འཁུ༔ མི་རུང་སྣ་དགུ་ནད་རིགས་རླུང་ལྟར་འཚུབས༔ ཤིན་ཏུ་མི་བཟད་ཉོན་མོངས་ཉམས་ཐག་ཚེ༔ མ་རུངས་ལྷ་འདྲེ་གདུག་པ་གང་ཡང་རུང༔ ཀུན་འདུལ་གཅིག་ཆོག་དྲག་པོའི་ལྷ་གསུམ་གྱི༔ སྒྲུབ་ཐབས་ཟབ་མོ་སྙིང་ཁྲག་དྭངས་འདི་བཀོད༔ ད་ལྟ་ཕ་ནོར་མ་འོངས་བུ་ཡི་ཆོས༔ སྲུང་མ་གསུམ་བཅོལ་དམུ་རྡོར་རྒྱ་ཡི་ཐེམས༔ ས་མ་ཡཱ༔ ཕྲིན་ལས་གཞུང་བསྲང་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་བཀའ་བསྒོ་མཚམས༔ སྐྱབས་སེམས་ཡན་ལག་བྱིན་འབེབ་མཆོད་བརླབ་བཤགས༔ གཉིས་པ་དངོས་གཞི་དམ་ཚིག་བསྐྱེད་པ་དང༔ ཡེ་ཤེས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད༔ བསྟོད་བཤགས་ཛཔ྄་དང་ཚོགས་ཀྱི་ལས་རིམ་མོ༔ གསུམ་པ་རྗེས་ཀྱི་ལས་རིམ་བསྐུལ་ནས་ཀྱང༔ ཆད་མདོ་གཏོར་ཟོར་བརྟན་སྐྱོང་གཏོར་བྲོ་བརྡུང༔ ཚེ་འགུགས་དངོས་གྲུབ་ཤིས་བརྗོད་དཀྱིལ་འཁོར་བསྡུ༔ བསྔོ་བ་སྨོན་ལམ་དམིགས་མེད་རྒྱས་གདབ་བོ༔ ས་མ་ཡཱ༔ ཐོག་མར་བསྒྲུབ་པའི་ལག་ལེན་སྟ་གོན་བསྟན༔ དྲག་པོའི་བསྒྲུབ་གནས་གནམ་ས་ཆོས་འབྱུང་དབྱིབས༔ དུར་ཁྲོད་ས་འམ་ཤིན་ཏུ་དབེན་པའི་སར༔ ས་དཔྱད་ས་བསླང་ཆོ་ག་རྒྱས་པ་ནི༔ སྤྱི་དང་མཐུན་སྟེ་ས་མདོག་དམར་ཞིང་ནག༔ སྣུམ་པའི་ས་ལ་མཎྜལ་མདའ་གང་ལ༔ རཀྟ་ཆང་དང་དྲི་བཟང་བསྲེས་པའི་ཆུས༔ ཆག་ཆག་གདབ་སྟེ་རྐྱང་ནུལ་ལེགས་པར་བྱ༔ བཅུ་དྲུག་ཐིག་སོགས་ཚངས་ཟུར་ལོགས་ཐིག་རྣམས༔ ཆ་ཆེན་ཆ་ཕྲན་རིམ་པ་སྤྱི་མཐུན་གདབ༔ ལྟེ་བར་ས་བོན་ཆོས་འབྱུང་དམར་ནག་ནང༔ ཕྱི་རིམ་མུ་ཁྱུད་གསུམ་བསྐོར་ཐོད་ཕྲེང་དབུས༔ ཟླ་གམ་སྔོན་པོ་རྩིབས་བཞི་ཕྱོགས་མདོག་མཆན༔ མཐིང་ག་ཕྱི་རིམ་རྩིབས་བཅུ་མཐིང་ནག་བྱ༔ རྩིབས་མཆན་དམར་པོ་དེ་རྒྱབ་ཐོད་ཕྲེང་བསྐོར༔ སྒོ་གྲུ་རྟ་བབས་ཆོས་འཁོར་གདུགས་ཏོག་སོགས༔ དུར་ཁྲོད་པདྨ་རྡོར་ར་མེ་རི་རྣམས༔ དཀྱིལ་འཁོར་སྤྱི་མཐུན་བྲི་ཚོན་ལེགས་པར་བྱ༔ ས་མ་ཡཱ༔ དེ་སྟེང་མཉྫིའི་ཁྲི་ཡི་ཁར༔ བྷནྡྷ་མཚན་ལྡན་དུམ་གཅིག་པ༔ ལྕང་ལོ་ཅན་གཉིས་ཁ་སྦྱོར་ནང༔ དྲག་པོའི་ལྷ་གསུམ་སྙིང་པོ་བྲི༔ རྟ་ཕྱག་ཁྱུང་གསུམ་རིལ་བུས་བཀང༔ དར་གྱིས་ལེགས་པར་དྲིལ་ནས་བཞག༔ དེ་སྟེང་རྐང་གསུམ་མཐོན་པོའི་ཁར༔ གསེར་རམ་ཟངས་ལྕགས་སྣོད་ནང་དུ༔ རྟེན་གཏོར་གྲུ་གང་སྟོད་ཟུར་ཅན༔ མེ་རི་འབར་བརྒྱན་མར་ནག་བྱུགས༔ སྟེང་དུ་ཁྱུང་སྐུ་བཟོས་འབག་གམ༔ མི་ཤེས་བྲིས་སྐུ་ཙཀ་ལི་གཟུག༔ དེ་སྟེང་དར་ནག་གུར་ཆེན་ཕུབ༔ འཁོར་དུ་དམར་གཏོར་རྐང་གང་བཞི༔ དེ་རྒྱབ་མཐོ་གང་བཅུ་ཡིས་བསྐོར༔ དཀར་དམར་རྫས་ཀྱིས་ལེགས་པར་བརྒྱན༔ གཞན་ཡང་སྐུ་གསུང་ཐུགས་ལ་སོགས༔ འབྲལ་མེད་རྟེན་རྣམས་ལེགས་པར་བཀོད༔ སྤྱི་མཐུན་རྩ་གསུམ་གཏོར་མ་དང༔ ཕྱི་ནང་གསང་མཆོད་སྨན་རཀ་གཏོར༔ ཚོགས་གཏོར་སྤྱན་གཟིགས་སྣ་ཚོགས་དང༔ བཅའ་དང་བཟའ་བཏུང་བྱེ་བྲག་རྣམས༔ དཀར་གྱི་ཐིག་གདབ་དམར་གུར་ཕུབ༔ དཀྱིལ་འཁོར་མཆོད་གཏོར་རིམ་པ་རྣམས༔ མཛེས་ཤིང་ཡིད་འོང་སྣང་བ་འཕྲོག༔ བག་དྲོ་རྒྱན་ལྡན་ཆལ་མར་བཤམས༔ བསང་སྦྱང་བྱིན་རླབས་ལྡན་པར་བྱ༔ ས་མ་ཡཱ༔ དེ་ནས་ཕྱི་རྒྱུད་དཀར་གཏོར་གཏང༔ ནང་རྒྱུད་དམར་ལ་དགའ་བ་རྣམས༔ ཤ་ཁྲག་བརྒྱན་པའི་དམར་གཏོར་འབུལ༔ བགེགས་གཏོར་ཏིང་ལོ་ཆངས་བུ་བཅས༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབ༔ བགེགས་ལ་བྱིན་ཞིང་བཀའ་བསྒོ་ནི༔ རང་ཉིད་དྲག་པོར་བཞེངས་ནས་ཀྱང༔ ལྷ་ཡི་ང་རྒྱལ་ཏིང་འཛིན་བསྐྱེད༔ ཤ་ཆེན་སྤོས་དང་གུ་གུལ་བསྲེག༔ སྒྲུབ་ཁང་རྡོ་རིལ་ཐུན་གྱིས་བྲབ༔ མཆེད་ལྕམ་སྔགས་པའི་ཆས་ལྡན་ཞིང༔ རོལ་མོ་སྣ་ཚོགས་འུར་ཆེམ་རྗེས༔ ཁྲོས་པའི་རྔམ་གྱེར་འདི་སྐད་དོ༔ ཧཱུྃ་ཧྲཱི༔ ང་ནི་དཔལ་ཆེན་རྟ་ཕྱག་ཁྱུང་གསུམ་ལྷ༔ དྲེགས་འདུལ་དྲག་པོ་གསང་ཆེན་བསྒྲུབ་གནས་འདིར༔ སྐལ་མེད་བདུད་བགེགས་ལོག་འདྲེན་འབྱུང་པོའི་ཚོགས༔ བདེན་པའི་ཚིག་ཉོན་མ་འདུག་གཞན་དུ་དེངས༔ གལ་ཏེ་དྲག་པོ་འབར་བའི་བཀའ་འདས་ན༔ བདག་ཉིད་ཐུགས་ཁྲོས་སྒོ་གསུམ་འགེམ་པར་བྱེད༔ དེ་བས་བྱིན་ཟས་ཟོ་ལ་གཞན་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱཱ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ༔ མཚམས་གཅོད་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་ཁྲོ་རྒྱལ་དྲག་པོ་ལྷ་གསུམ་གྱི༔ སྐུ་ལས་འོད་ཟེར་མེ་དཔུང་མཚོན་ཆའི་ཆར༔ རབ་ཏུ་འབར་ཞིང་འཁྲིགས་པའི་རྩེ་ཕྱིར་བསྟན༔ རྡོ་རྗེ་ཧཱུྃ་ཡིག་རང་འདྲའི་ཁྲོ་ཚོགས་ཁྱུང༔ སྟེང་འོག་ཕྱོགས་མཚམས་སྲུང་བའི་གུར་ཁང་ལ༔ སྲ་བརྟན་འགྱུར་མེད་གཞོམ་གཞིག་མེད་པར་གཏམས༔ བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ༔ སྐྱབས་འགྲོ་སེམས་བསྐྱེད་ནི༔ ཧཱུྃ་ཧྲཱི༔ བདག་སོགས་དུས་འདི་ནས་གཟུང་བྱང་ཆུབ་བར༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ ཕ་མ་འགྲོ་དྲུག་སངས་རྒྱས་འཐོབ་བྱའི་ཕྱིར༔ ཀུན་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ མཐའ་མེད་འཁོར་བའི་རྒྱ་མཚོ་དོང་སྤྲུགས་ནས༔ མ་ལུས་སྨིན་གྲོལ་སངས་རྒྱས་ཐོབ་པར་ཤོག༔ ཡན་ལག་བདུན་པ་ནི༔ ཧཱུྃ་ཧྲཱི༔ རང་སྣང་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ དཀྱིལ་འཁོར་གསུམ་གྱི་བསྙེན་བསྒྲུབ་མཆོད་པར་འབུལ༔ གཉིས་འཛིན་རང་ངོ་མ་ཤེས་མཐོལ་ལོ་བཤགས༔ རང་སྣང་འབྲལ་མེད་ངང་དུ་ཡི་རང་ངོ༔ གསལ་ཁྱབ་ནུས་རྩལ་རྫོགས་པའི་ཆོས་འཁོར་བསྐོར༔ དམ་ཡེ་དབྱེར་མེད་བཞུགས་པར་གསོལ་བ་འདེབས༔ བསྐྱེད་རྫོགས་གཉིས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ ཟུང་འཇུག་བདེ་ཆེན་ཀུན་བཟང་ཉིད་ཐོབ་ཤོག༔ བྱིན་འབེབ་ནི༔ ཧཱུྃ་ཧྲཱི༔ ཡི་དམ་དཔལ་ཆེན་རྟ་ཕྱག་ཁྱུང་གསུམ་ལྷ༔ ཆོས་ཀྱི་དབྱིངས་ནས་བརྩེ་བའི་སྐུར་བཞེངས་ལ༔ གནས་འདིར་བྱིན་ཕོབ་ཡེ་ཤེས་དབང་མཆོག་སྐུར༔ སྐལ་ལྡན་བདག་ཅག་སྒྲུབ་པའི་བར་ཆད་སོལ༔ དྲེགས་པ་ལྷ་སྲིན་འདུལ་བའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ མཆོད་པ་བྱིན་བརླབ་ནི༔ ཧཱུྃ་ཧྲཱི༔ རང་བཞིན་དགོངས་རྒྱུད་ཡེ་དག་སྟོང་པའི་ངང༔ དབྱིངས་ཀྱི་སྣོད་དུ་ཡེ་ཤེས་བདུད་རྩིས་བལྟམས༔ སྟོང་ཉིད་བྷན་དྷར་རང་གསལ་རཀྟས་བཀང༔ སྣང་བ་གཏོར་གཞོང་སྲིད་ཚད་གཏོར་མར་བཤམས༔ སྟོང་གསུམ་ལྷ་རྫས་ཕྱི་མཆོད་རྣམ་ལྔ་དང༔ རང་བྱུང་འདོད་ཡོན་ལྔ་ཡི་སྤྲིན་དཔུང་གཏིབ༔ གཉིས་མེད་བདེ་ཆེན་བྱང་སེམས་མཆོད་པའི་རྒྱུན༔ དཀྱིལ་འཁོར་ལྷ་ཡི་ལོངས་སྤྱོད་བསམ་མི་ཁྱབ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཙ་ས་མ་ཡ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་སྱ་སྤརྴེ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ བཤགས་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་ཡེ་ཤེས་དྲག་པོའི་ལྷ་མཆོག་གསུམ༔ ཡེ་ནས་རང་རིག་ངོ་བོར་དབྱེར་མེད་ཀྱང༔ མ་རིག་གཉིས་རྟོག་སྒྲིབ་པའི་དྲི་མ་རྣམས༔ སྐུ་གསུང་ཐུགས་དང་འགལ་གྱུར་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ གཉིས་པ་དངོས་གཞི་དམ་ཚིག་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་ཏིང་འཛིན་རྣམ་གསུམ་རོལ་པ་ལས༔ ཅིར་ཡང་མི་དམིགས་སྟོང་པ་དེ་ཉིད་ངང༔ གནམ་ས་གནམ་ལྕགས་ལས་གྲུབ་འཁོར་ལོ་གཉིས༔ རྩིབས་བཅུ་ཁ་སྦྱོར་གཡས་གཡོན་འུར་ཆེམ་འཁོར༔ བར་དུ་གནོད་བྱེད་ཤ་རུས་ཕྱེ་མར་འཐག༔ རྩིབས་ནང་ཁྲོ་བཅུའི་ཕོ་ཉ་རྣམས་ཀྱིས་གསོལ༔ ལྟེ་བར་འབྱུང་བ་ལྔ་ཡི་དཀྱིལ་འཁོར་སྟེང༔ རང་བྱུང་གཞལ་ཡས་མཚན་ཉིད་རྫོགས་ལྡན་དབུས༔ ཡེ་ཤེས་མེ་དུད་འབར་འཁྲིགས་གུར་ཁང་ཀློང༔ ལྟེ་བར་ཆོས་འབྱུང་གྲུ་གསུམ་བསྣོལ་མའི་དབུས༔ དྲེགས་པ་ལྷ་སྲིན་ཁྱོ་ཤུག་བསྣོལ་བའི་ཁྲིར༔ པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང༔ རྒྱུ་ཡི་ས་བོན་ཧྲཱིཿཡིག་འཕྲོ་འདུ་ལས༔ བདག་ཉིད་རྟ་མགྲིན་ཆེ་མཆོག་དམར་ནག་འཁྲུགས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཁྲོ་ཚུལ་གཟིགས༔ ཤངས་ནས་ཧཱུྃ་འབྱིན་ཞལ་ནས་ཕཊཿསྒྲ་སྒྲོག༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་རྡེབ༔ སྤྱི་གཙུག་རལ་པ་ཁམ་ནག་མེ་འབར་གསེབ༔ རྟ་མགོ་ལྗང་ཞུར་རྔོག་མ་ལེ་བརྒན་འབར༔ ཁམས་གསུམ་དབང་སྡུད་རྟ་སྐད་དབྱིངས་སུ་འཚེར༔ ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་འཕྱང༔ མི་ལྤགས་གླང་ཀོ་སྟག་ཤམ་སྦྲུལ་ཆུན་དང༔ རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་སྤྲས༔ སྲིད་གསུམ་ཟིལ་གནོན་དུར་ཁྲོད་དཔལ་ཆས་རྫོགས༔ ཕྱག་གཡས་རལ་གྲི་གཡོན་པས་ལྕགས་ཀྱུ་བསྣམས༔ དམར་ནག་མེ་ཀློང་གར་དགུའི་ཉམས་ལྡན་བསྐྱེད༔ ཐུགས་ཀར་ཙིཏྟ་རིན་ཆེན་འབར་བའི་དབུས༔ པད་ཉིར་ཧཱུྃ་ལས་རང་རིག་ཕྱག་རྡོར་མཐིང༔ ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་རྣམས་རྫོགས༔ སྤྱན་གསུམ་སྡང་མིག་དབུ་སྐྲ་གྱེན་དུ་འབར༔ ཀླུ་འདུལ་སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གདེངས༔ གཡོན་པས་སྡིགས་མཛུབ་རྩེ་ལ་མེ་འབར་བསྒྲེངས༔ ཞབས་གཉིས་མེ་ཀློང་འགྱིངས་བག་ཚུལ་དུ་བསྐྱེད༔ སྤྱི་གཙུག་ཁྲོཾ་ལས་བྱ་ཁྱུང་ག་རུ་ཊ༔ མཐིང་ནག་མེ་གཤོག་གནམ་ལྕགས་རྭ་བར་དུ༔ ནོར་བུ་ཉི་ཟླ་གསེར་མིག་རྡོ་རྗེའི་མཆུ༔ སྤུ་གྲིའི་སོ་དང་ལྕགས་ཀྱུའི་སྡེར་མོ་ཅན༔ ཀླུ་རྣམས་བྲེད་ཅིང་དུག་སྦྲུལ་ཞལ་དུ་གསོལ༔ སྤུ་སྤྲུགས་རྡོ་རྗེའི་ཐོག་ཆར་ཕྱོགས་ཀུན་འཁྲིགས༔ ཕྱོགས་བཞིར་སྤྲུལ་པའི་ཁྱུང་ཆེན་རིགས་བཞི་ཡང༔ དཀར་སེར་དམར་ལྗང་ཆ་ལུགས་གཙོ་དང་མཐུན༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཞིའི་སྟེང༔ རིགས་བཞིའི་རྟ་མགྲིན་དཀར་སེར་དམར་ལྗང་མདོག༔ རང་རྟགས་ཕྱག་མཚན་ཡུ་བའི་རལ་གྲི་གཡས༔ གཡོན་པས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དུར་ཁྲོད་ཆས་རྫོགས་གཙོ་བོར་ཞལ་གཟིགས་ནས༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་པར་བྱེད༔ དེ་རྒྱབ་རྩིབས་བཅུར་སྤྲུལ་པའི་ཁྲོ་རྒྱལ་བཅུ༔ སྐུ་མདོག་སྣ་ཚོགས་ཞལ་གཅིག་ཕྱག་གཉིས་པ༔ དཔལ་ཆས་རབ་འཇིགས་རང་རྟགས་ཕྱག་མཚན་འཛིན༔ ཞལ་རྣམས་ཕྱིར་གཟིགས་ཧཱུྃ་ཕཊ་སྔགས་སྒྲ་སྒྲོག༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ་དང་ལྡན༔ མེ་འབར་གནོད་བྱེད་སྙིང་ཁར་བྲོ་བརྡུངས་པས༔ གཞོབ་ཏུ་བསྲེགས་ནས་མིང་མེད་བརླག་པར་བྱེད༔ ཀུན་ཀྱང་མེ་འབར་གར་གྱི་ཉམས་ལྡན་བསྐྱེད༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རང་བཞིན་གནས་ནས་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ འཇིགས་རུང་དུར་ཁྲོད་གསང་ཆེན་ཕོ་བྲང་ནས༔ དྲག་པོ་མི་བསྲུན་རྟ་ཕྱག་ཁྱུང་གསུམ་ལྷ༔ འཁོར་བཅས་གནས་འདིར་དད་པས་སྤྱན་འདྲེན་ནོ༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མར་སྐུར་བཞེངས་ལ༔ སྔོན་གྱི་རང་རང་ཐུགས་དམ་ཅི་བཞིན་དུ༔ མ་རུངས་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ ནག་པོ་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ བསེན་འགོང་ཐེའུ་རང་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ དྲེགས་པ་གཟའ་རྒོད་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ པེ་དཀར་སྲོག་བདག་འདུལ་ཕྱིར་གཤེགས་སུ་གསོལ༔ མཐའ་དམག་དུས་འཁྲུགས་བཟློག་ཕྱིར་གཤེགས་སུ་གསོལ༔ ནད་ཡམས་མུ་གེ་བཟློག་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ དྲག་པོ་གསང་ཆེན་ཕོ་བྲང་ཉམས་རེ་དགའ༔ སྒྲུབ་མཆོག་རྣལ་འབྱོར་ཕོ་མོ་དམ་རེ་གཙང༔ བཀྲམ་པའི་དཀྱིལ་འཁོར་ཡིད་འོང་བཀྲག་རེ་ཆེ༔ བཤམས་པའི་མཆོད་རྫས་བཅུད་ལྡན་དང་རེ་སྤྲོ༔ གདན་མཆོག་ཁྲི་བརྩེགས་བརྗིད་ལྡན་བག་རེ་དྲོ༔ དྲག་པོའི་ལྷ་ཚོགས་དགྱེས་ཤིང་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ རང་སྣང་རྩལ་རྫོགས་དྲག་པོའི་དཀྱིལ་འཁོར་ལྷར༔ རང་རིག་རྩེ་གཅིག་གུས་པས་ཐལ་སྦྱར་ནས༔ རང་གསལ་འགག་མེད་ངང་དུ་ཕྱག་འཚལ་ལོ༔ འབྲལ་མེད་ཡིད་བཞིན་དངོས་གྲུབ་བསྩལ་དུ་གསོལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ དྲེགས་འདུལ་རྟ་ཕྱག་ཁྱུང་གསུམ་ལྷ་ཚོགས་ལ༔ ལྷ་རྫས་རྣམ་ལྔ་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་འདོད་ཡོན་ནང་གི་མཆོད་པ་འབུལ༔ གཉིས་མེད་གསང་བའི་བྱང་སེམས་མཆོད་པ་འབུལ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་མཆོད་པ་འབུལ༔ ཉོན་མོངས་ཀུན་བསྒྲལ་རཀྟའི་མཆོད་པ་འབུལ༔ བཅུད་མཆོག་དཔལ་གཏོར་རྒྱན་ལྡན་མཆོད་པ་འབུལ༔ དུག་ལྔ་དུག་གསུམ་རང་གྲོལ་མཆོད་པ་འབུལ༔ སྦྱོར་སྒྲོལ་གཉིས་མེད་ཏིང་འཛིན་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་སྱ་སྤརྴེ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཙ་ལ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་ཀུན་བཟང་བདེ་ཆེན་རྩལ་རྫོགས་ལྷ༔ ཆེ་མཆོག་དམར་ནག་དབང་ཆེན་དྲག་པོ་རྩལ༔ དཔལ་གྱི་ཆས་རྫོགས་ཞབས་གཉིས་འདོར་ཐབས་བསྒྲད༔ ཕྱག་གཡས་རལ་གྲིས་དགྲ་བགེགས་དུམ་བུར་གཏུབ༔ གཡོན་པས་ལྕགས་ཀྱུས་གནོད་བྱེད་སྙིང་ནས་འདྲེན༔ སྤྱི་གཙུག་རལ་གསེབ་རྟ་སྐད་དབྱིངས་སུ་འཚེར༔ ཁམས་གསུམ་སྲིད་གསུམ་དབང་སྡུད་ཟིལ་གྱིས་གནོན༔ རྟ་མགྲིན་གཙོ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ གསང་བདག་དྲག་པོ་མཐུ་སྟོབས་ཀུན་གྱི་བདག༔ མི་བསྲུན་རྔམ་བརྗིད་མཐིང་ནག་དུར་ཁྲོད་ཆས༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ ཕྱག་གཡས་རྡོ་རྗེས་སྡེ་བརྒྱད་ཀླད་པ་འགེམ༔ གཡོན་པས་སྡིགས་མཛུབ་རྩེ་ལ་མེ་འབར་བས༔ ས་བདག་ཀླུ་གཉན་ཟིལ་གྱིས་གནོན་ཞིང་སྲེག༔ དྲེགས་འདུལ་ཕྱག་རྡོར་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཁྲོཾ༔ ཁྲོ་རྒྱལ་ཁྱུང་ཆེན་མཐིང་ནག་མེ་གཤོག་རྡེབ༔ གནམ་ལྕགས་རྭ་ལ་རྡོ་རྗེ་འབར་བའི་མཆུ༔ སྤུ་གྲིའི་མཆེ་གཙིགས་ལྕགས་ཀྱུའི་སྡེར་མོ་ཅན༔ ཀླུ་རིགས་མ་ལུས་བྲད་ཅིང་ཟས་སུ་ཟ༔ སྤྱི་གཙུག་ནོར་བུ་ཉི་ཟླ་གསེར་མིག་འཁྱིལ༔ ཀྲང་ཀྲིང་སྒྲོག་ཅིང་སྤུ་རྣམས་སྤྲུགས་པ་ལས༔ རྡོ་རྗེའི་ཐོག་ཆར་ཁམས་གསུམ་ཕྱོགས་ཀུན་འཁྲིགས༔ རི་རབ་བསྙིལ་ཞིང་ཉི་ཟླ་ཙོག་པོར་འཕེན༔ དཔལ་ཆེན་དག་དང་དགོངས་པ་མཉམ་པར་བཞུགས༔ ཁྲོ་རྒྱལ་ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ དཔལ་ཆེན་གཙོ་མཆོག་ཐུགས་རྗེའི་སྤྲུལ་བསྒྱུར་ལས༔ གང་ལ་གང་འདུལ་འཇིགས་ཚུལ་ཅིར་ཡང་སྟོན༔ བར་ཆད་བདུད་དཔུང་དགྲ་བགེགས་འདུལ་བའི་གཉེན༔ ཁྲོ་བཅུ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བཤགས་པ་ནི༔ ཧོ༔ ཡི་དམ་རྟ་ཕྱག་ཁྱུང་གསུམ་ལྷ་ཚོགས་དགོངས༔ བདག་ནི་མ་རིག་འཁྲུལ་པའི་ལུས་ངག་སེམས༔ ཁྱོད་ཀྱི་སྐུ་གསུང་ཐུགས་དང་ཅི་འགལ་བ༔ གནོད་ཞིང་འགྱོད་པས་མཐོལ་བཤགས་དག་པར་མཛོད༔ ཨོཾ་བཛྲ་སཏྭ་ས་མ་ཡ༴ ཛཔ྄་ནི༔ བདག་ཉིད་ཆེ་མཆོག་དྲག་པོ་ལྷ་གསུམ་གྱི༔ ཐུགས་ཀར་ཉི་སྟེང་ས་བོན་སྔགས་ཕྲེང་འཁོར༔ དམར་ནག་འབར་འཁྲིགས་རང་སྒྲ་འོད་དང་བཅས༔ ཟེར་འཕྲོས་མེ་དུད་འབར་ཞིང་རབ་ཏུ་མཆེད༔ རྩེ་མོ་ཤིན་ཏུ་རྣོ་ངར་ཚ་ལ་རྩུབ༔ མི་བཟད་སྐར་ལྟར་འཁྲུགས་པས་ཕྱོགས་ཀུན་ཁྱབ༔ སྣང་སྲིད་ཁམས་ཀྱི་མ་རུངས་གདུག་པ་ཅན༔ དྲེགས་པ་ལྷ་སྲིན་ཕོ་མོ་གཟིར་ཞིང་སྲེག༔ མ་ལུས་གཏན་ནས་ཚར་བཅད་དབང་དུ་སྡུད༔ ནུས་མཐུ་སྲོག་སྙིང་ཚུར་འདུས་རང་ཉིད་ཀྱི༔ ཐུགས་ཀར་ཉི་དབུས་ས་བོན་ཞབས་སུ་ཚུད༔ རང་ཉིད་སྔར་ལས་བཀྲག་མདངས་ཆེར་རྒྱས་ཤིང༔ མཐུ་སྟོབས་གཟི་བྱིན་དཔའ་བརྗིད་ལྡན་པར་བསམ༔ རྩ་སྔགས་རྒྱས་པ་ནི༔ ཨཱོྃ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྟ་མགྲིན་གྱི་སྙིང་པོ་འོ༔ ཨཱོྃ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཕྱག་རྡོར་གྱི་སྙིང་པོ་འོ༔ ཁྲོཾ་ག་རུ་ཊཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཁྱུང་གི་སྙིང་པོ་འོ༔ ཞེས་པ་གཙོ་བོར་བསྙེན་པ་སྟེ༔ འབྲུ་འབུམ་ལ་སོགས་ཐེམས་པར་བྱ༔ དེ་ནས་ཁྲོ་བཅུའི་བསྙེན་པ་ནི༔ ཁྲོ་བཅུ་རང་རང་ཐུགས་ཀར་ཉི་མའི་སྟེང༔ ཧཱུྃ་མཐར་སྔགས་ཕྲེང་རང་མདོག་གཡས་སུ་འཁོར༔ སྔགས་ལས་འོད་ཟེར་གནམ་ལྕགས་ཐོག་ལྟར་འཕྲོ༔ ཁྲོ་ཆུང་མཚོན་ཐོགས་ཧཱུྃ་ཕཊཿསྒྲ་དང་བཅས༔ སྟོང་གསུམ་རབ་ཏུ་གང་བས་གནོད་བྱེད་བདུད༔ དགྲ་བགེགས་བྱད་མ་རང་གཤེད་རང་ལ་དབབ༔ ཤ་ཁྲག་ཕྱེ་མར་གཏུབ་ཅིང་ལྷག་མེད་གསོལ༔ ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་བཞིན་དུ༔ མིང་ཡང་མེད་པར་གཏན་ནས་བརླགས་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཧཱུྃ་ཀཱ་རའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྣམ་པར་རྒྱལ་བའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ དབྱུག་པ་སྔོན་པོའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ གཤིན་རྗེའི་གཤེད་པོའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ མི་གཡོ་མགོན་པོའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྟ་མགྲིན་རྒྱལ་པོའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ གཞན་གྱིས་མི་ཐུབ་པའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བདུད་རྩི་འཁྱིལ་པའི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཁམས་གསུམ་རྣམ་རྒྱལ་གྱི་སྙིང་པོ་འོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སྟོབས་ཆེན་རྒྱལ་པོའི་སྙིང་པོ་འོ༔ ཞེས་པ་གནམ་ལྕགས་ཐོག་ལྟར་བཟླ༔ གཙོ་འཁོར་དྲིལ་བའི་སྙིང་པོ་ནི༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཊཿཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཞེས་པ་གཅིག་དྲིལ་སྙིང་པོ་འོ༔ གཙོ་བོའི་བསྙེན་པ་སྟོང་ཚོ་རེའི༔ མཇུག་ཏུ་ཁྲོ་བཅུ་བརྒྱ་རེ་བཏགས༔ ཕྲིན་ལས་གང་འདོད་རང་རང་བཞིན༔ དམིགས་པ་སྔགས་གཤམ་ཁ་བསྒྱུར་རོ༔ གོང་གི་རྩ་སྔགས་གསུམ་པོ་ནི༔ རབ་ཀྱི་འབྲུ་སྟོང་འབྲིང་འབྲུ་ཁྲི༔ ཐ་མ་འབྲུ་འབུམ་ཐེམས་པ་ཡིས༔ འགྲུབ་པར་འགྱུར་བ་ཐེ་ཚོམ་མེད༔ རབ་དངོས་འབྲིང་ཉམས་ཐ་མ་ཡང༔ རྨི་ལམ་ཞལ་མཇལ་གསུང་ཐོས་འགྱུར༔ ཞི་རྒྱས་དབང་དྲག་ལས་ཀུན་འགྲུབ༔ ས་མ་ཡཱ༔ ཕྲིན་ལས་སྔགས་ཤམ་རིམ་པ་ནི༔ ཞི་བ་ལ། འཇིགས་པ་བརྒྱད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ༔ འབྱོར་པ་དྲུག་པུཥྚིཾ་ཀུ་རུ་བྷྲཱུྃ་སྭཱ་ཧཱ༔ དབང་ལ༔ མོས་པ་བཞི་ཝ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ དྲག་པོར་བསྒྲུབ་ན༔ དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་པ་ལ་སོགས་ཁ་བསྒྱུར་ཏེ༔ གང་ཆེ་གཙོ་དང་བསྟུན་པར་བྱ༔ ས་མ་ཡཱ༔ ཚོགས་ཀྱི་ལས་རིམ་ནི༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ རང་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཡེ་ཤེས་མེ་རླུང་ཆུས༔ དངོས་པོ་བག་ཆགས་གཉིས་འཛིན་བསྲེགས་གཏོར་བཀྲུས༔ སླར་ཡང་འབྲུ་གསུམ་འཕྲོས་པས་ཡེ་ཤེས་ཀྱི༔ བདུད་རྩིའི་རྒྱ་མཚོ་འདོད་ཡོན་སྣང་སྲིད་བཀང༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱི༔ རྣམ་དག་དབྱིངས་ནས་བདེ་གཤེགས་རྒྱལ་བ་ཀུན༔ འདུས་པའི་བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཡི་དམ་རྟ་ཕྱག་ཁྱུང་གསུམ་གཙོ་འཁོར་བཅས༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་ཞིང་འབུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་སྤྲུལ་འཁོར་བཅས༔ ཐུགས་རྗེས་བརྩེ་ཕྱིར་གནས་འདིར་བཞུགས་ནས་ཀྱང༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་བཞེས༔ བདག་ཅག་དུས་གསུམ་ཉམས་ཆག་བསྐང་ཞིང་བཤགས༔ གཉིས་འཛིན་རྟོག་པའི་འཁྲུལ་སྣང་རུ་ཏྲ་འདི༔ གཉིས་མེད་དབྱིངས་སུ་སྒྲོལ་ལ་གསོལ་ཅིག་རོལ༔ ག་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཞེས་པས་ཕུལ་ནས་བསྐང་བ་འདོན༔ ལྷག་གཏོར༔ ཧཱུྃ་བྷྱོ༔ མཁའ་འགྲོ་དམ་ཅན་ལྷག་ལ་དབང་བ་རྣམས༔ འདིར་གཤེགས་དམ་རྫས་ལྷག་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་དགྲ་ཆོས་ལོག་གནོད་འཚེ་བདུད༔ མི་མཐུན་ཕྱོགས་ཀུན་མྱུར་བརླག་ཕྲིན་ལས་མཛོད༔ ཨུ་ཙིཥྚ་བྷ་ལིཾ་ཏ་ལ་ཁ་ཁ་ཁཱ་ཧི༔ གསུམ་པ་རྗེས་ཀྱི་ལས་རིམ་ལས༔ དང་པོ་བསྐུལ་བ་བྱ་བ་ནི༔ ཧཱུྃ་ཧྲཱི༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔ རིགས་འདུས་དཔལ་ཆེན་རྔམས་བརྗིད་ཁྲོ་བོའི་རྒྱལ༔ འཇིགས་བྱེད་དྲག་པོ་རྟ་ཕྱག་ཁྱུང་གསུམ་ལྷ༔ དེང་འདིར་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ ཛ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་ལ༔ མ་ཐོགས་མྱུར་དུ་གནས་འདིར་སྐུ་བསྐྱོད་འཚལ༔ མ་གཡེལ་སྤྲུལ་པ་ཡང་སྤྲུལ་འཇིགས་ཚུལ་སྟོན༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྔོན་གྱི་ཐུགས་དམ་བཞིན་དུ་དུས་ལ་བབས༔ ཞིང་བཅུ་དགྲ་བགེགས་ལོག་འདྲེན་བར་ཆད་ཐུལ༔ ནག་པོ་ཀླུ་གཉན་དྲེགས་པ་གཟའ་རྒོད་ཐུལ༔ རྒྱལ་བསེན་དམ་སྲི་གཉན་ལྷོག་སྨྱོ་འབོག་ཐུལ༔ པེ་དཀར་སྲོག་བདག་ལྷ་སྲིན་གདུག་པ་ཐུལ༔ མཐའ་དམག་དུས་འཁྲུགས་ནད་ཡམས་མུ་གེ་ཟློགས༔ མདོར་ན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྔོན་ལས་འཕྲལ་གདོན་སྡུག་བསྔལ་རྐྱེན་འཚེ་གནོད༔ མི་མཐུན་ཕྱོགས་ཀུན་ཟློག་པའི་དུས་ལ་བབས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཆད་མདོ་ནི༔ ཧཱུྃ་བྷྱོ༔ དུས་ཀུན་གནས་རྣམས་ཐོག་མཐའ་རྒྱལ་བ་རྣམས༔ རྒྱུད་གསུངས་གཏེར་སྦས་བཏོན་ཚེ་སྣང་སྲིད་ཀྱི༔ དྲེགས་པ་སོ་སོས་ཁས་བླངས་དམ་བཅས་བཞིན༔ དམ་རྫས་མཆོད་གཏོར་བཞེས་ལ་གང་བཅོལ་ལས༔ མཐའ་དམག་མཚོན་འཁྲུགས་ནད་མུག་མི་རུང་ཟློགས༔ རྣལ་འབྱོར་བསམ་དོན་ཡིད་བཞིན་ཕྲིན་ལས་མཛོད༔ གཏོར་མ་ཟོར་དུ་འཕེན་ལ༔ ཧཱུྃ་ཧྲཱི༔ དྲག་པོ་འཇིགས་བྱེད་རྟ་ཕྱག་ཁྱུང་གསུམ་ལྷ༔ འཁོར་བཅས་མ་གཡེལ་དགྲ་དང་བགེགས་ལ་ཆོས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དོ་ནུབ་རྣལ་འབྱོར་རྒྱབ་རྟེན་དམག་ཏུ་སྦྲན༔ སྐུ་མདོག་སྣ་ཚོགས་མ་ངེས་རྫུ་འཕྲུལ་སྟོན༔ འཇིགས་རྔམས་ཧཱུྃ་ཕཊ་དུག་གི་ངན་སྐྱུག་འཐོར༔ ཕྱག་ན་ཕུངས་རྫས་དྲག་པོའི་གཏོར་ཟོར་འདི༔ དུག་ཁྲག་ནད་མཚོན་རང་བཞིན་རྣོ་ངར་ལྡན༔ གང་ལ་བརྒྱབ་ཀྱང་ཐལ་བའི་རྡུལ་བཞིན་རློག༔ དེས་ན་སྡིག་ཅན་ལས་དང་བསམ་ངན་པ༔ ངན་སྤེལ་སྡོམ་མེད་མནའ་ཟན་དཀོར་རྐུན་དང༔ སངས་རྒྱས་བསྟན་བཤིག་དམ་པའི་ཆོས་བསྣུབ་རིགས༔ ཞིང་བཅུ་དགྲ་བགེགས་གནོད་བྱེད་ཀུན་ལ་རྒྱོབ༔ མི་ནོར་བང་ཁང་ས་གཞི་རྡུལ་དང་བཅས༔ མིང་ཡང་མེད་པར་བརླག་པའི་ཕྲིན་ལས་མཛོད༔ ཅེས་འཕང་ངོ༔ བརྟན་སྐྱོང་ནི༔ ཧཱུྃ་བྷྱོ༔ པདྨའི་བཀའ་ཉན་བོད་ཁམས་བརྟན་མ་སྐྱོང༔ བདུད་མོ་གནོད་སྦྱིན་སྨན་མོ་བཅུ་གཉིས་འཁོར༔ ན་བཟའ་ལྷབ་ལྷུབ་སིལ་སྙན་སྒྲ་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ དཀོན་མཆོག་བསྟན་སྐྱོངས་རྣལ་འབྱོར་མཐུན་རྐྱེན་སྒྲུབས༔ ཆོས་ཁྱབ་འགྲོ་ཀུན་སྨིན་གྲོལ་སྡོངས་གྲོགས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བྷ་ལིཾ་ཏ་ལ་ཁཱ་ཧི་ཁཱ་ཧི༔ གཏོར་བྲོ་བརྡུང་བ་ནི༔ ཧཱུྃ་ཧྲཱི༔ སྟོང་གསུམ་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན༔ ཞིང་བཅུ་དགྲ་བགེགས་བསྒྲལ་པའི་གདན་སྟེང་དུ༔ རྔམ་ཆེན་དྲག་པོའི་ལྷ་ཚོགས་བྲོ་བརྡུངས་པས༔ སྡང་བའི་དགྲ་ནི་ཐལ་བར་བརླག་པའི་བྲོ༔ གནོད་པའི་བགེགས་ནི་ཕྱེ་མར་བཏགས་པའི་བྲོ༔ རྣལ་འབྱོར་བདུད་དང་དམ་སྲི་འདུལ་བའི་བྲོ༔ སྒྲུབ་པའི་མཆེད་ལྕམ་བར་ཆད་མེད་པའི་བྲོ༔ རྣམ་བཞི་མཐར་ཕྱིན་བར་དུ་བརྡུང་བར་བྱ༔ ཨོཾ་སུམྦྷ་ནི་སོགས་བརྗོད༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭམྦྷ་ཡ་ནན༔ ཚེ་འགུག་ནི༔ ཧཱུྃ་ཧྲཱི༔ འཆི་བདག་བདུད་དཔུང་འཇོམས་མཛད་ཧེ་རུ་ཀ༔ རྟ་ཕྱག་ཁྱུང་གསུམ་འཆི་མེད་ཚེ་ཡི་ལྷ༔ ཐུགས་རྗེས་ཕྱོགས་བཅུའི་ཁམས་ནས་ཚེ་བཅུད་ཁུག༔ བླ་ཚེ་ཆད་ཉམས་འཁྱམས་ཤིང་ཡོ་བ་འཐོར༔ སོར་ཆུད་ཚེ་དབང་འདིར་སྩོལ་རྒྱས་ཐེབས་ཤོག༔ ཨོཾ་ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱི༔ དྲག་པོའི་ལྷ་མཆོག་ཡིད་བཞིན་ནོར་བུ་ལྟར༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་གཏེར་གྱི་མཛོད༔ ཇི་བཞིན་ཁྱད་པར་མཆོག་དང་ཐུན་མོང་གི༔ དེ་བཞིན་དངོས་གྲུབ་དེང་འདིར་བདག་ལ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཀྲ་ཤིས་ནི༔ ཨེ་མ་ཧོ༔ ལྷ་གསུམ་ཐུགས་རྗེ་ཀུན་ཁྱབ་ནམ་མཁའི་ངང༔ བླ་མེད་ཡེ་ཤེས་བྱིན་རླབས་སྤྲིན་དཔུང་འཁྲིགས༔ སྒྲུབ་མཆོག་ཡིད་བཞིན་འདོད་དགུ་ཆར་འབེབ་པ༔ ཅི་བསམ་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག༔ དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ་ཧྲཱི༔ སྐྱེ་འགག་གཉིས་མེད་ཕྱི་ནང་སྣོད་བཅུད་ཀྱི༔ གཞལ་ཡས་ལྷར་བཅས་འོད་ཞུ་རང་ལ་ཐིམ༔ རང་ཉིད་ཐུགས་ཀའི་སྔགས་ཕྲེང་འཁོར་བར་ཐིམ༔ སྔགས་ཕྲེང་ཕཊཿདང་རིམ་བཞིན་ཨོཾ་ལ་ཐིམ༔ ཨོཾ་ཡང་ས་བོན་དེ་ཡང་གྱེན་རྫོགས་ཡལ༔ རང་རིག་གསལ་སྟོང་འཛིན་མེད་མཁའ་ལྟར་སྐྱོང༔ སྨྲ་བསམ་བརྗོད་མེད་མཐའ་བྲལ་ངང་ལ་བཞག༔ ཨ་ཨ་ཨ༔ བསྔོ་བ་ནི༔ ཧཱུྃ་ཧྲཱི༔ གསང་སྔགས་བླ་མེད་ཀུན་འདུས་ལྷག་པའི་ལྷ༔ འདི་བསྒྲུབས་བསྐྱེད་རྫོགས་འབྲས་བུའི་དགེ་བ་གང༔ ཕ་མར་གྱུར་པའི་འགྲོ་དྲུག་སེམས་ཅན་ཀུན༔ མ་ལུས་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ༔ སྨོན་ལམ་ནི༔ དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན༔ མི་བཟད་ངན་སོང་སྡུག་བསྔལ་ལས་གྲོལ་ནས༔ བདེ་ཆེན་སྐུ་གསུམ་དག་པའི་ཞིང་ཁམས་སུ༔ གདོད་མའི་ཀུན་བཟང་ཆོས་སྐུའི་ས་ཐོབ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐྱབས་གཅིག་འགྲོ་མང་འདུལ་མཛད་པད་འབྱུང་ངས༔ འབད་པ་དུ་མས་མང་དུ་གཏེར་སྦས་ཀྱང༔ ཐུགས་བཅུད་ཡང་ཞུན་སྙིང་ཁྲག་དྭངས་མ་ལྟར༔ ཟབ་པའི་ནང་ནས་ཡང་ཟབ་འདི་ལས་མེད༔ ད་ལྟའི་སྙིང་གི་བུ་མཆོག་བཻ་རོའི་སྐལ༔ མ་འོངས་སྙིགས་མའི་འགྲོ་ལ་ཕན་ཕྱིར་བཀོད༔ སུ་ལ་མེད་པའི་ས་སྟེང་དཀོན་པའི་ཆོས༔ སྟོབས་ཆེ་བློ་རིག་རྣོ་བའི་མི་སུས་ཀྱང༔ རྟ་རྨིག་ལྕགས་ཀྱིས་བཏུམས་ནས་འཛམ་གླིང་འདིར༔ བཙལ་བར་རྒྱུག་ཀྱང་འདི་འདྲ་རྙེད་མི་སྲིད༔ གང་ཞིག་རྣལ་འབྱོར་བསྙེན་སྒྲུབ་གྲངས་ཐེམས་པས༔ དྲག་པོའི་ལྷ་དང་མཐུ་སྟོབས་དབྱེར་མེད་འགྲུབ༔ ལྷ་འདྲེ་གང་ཡང་གནོད་པས་མི་ཚུགས་ཤིང༔ ནུས་མཐུ་དཔར་ན་གནམ་ལྕགས་ཐོག་དང་འདྲ༔ སྣང་སྲིད་དྲེགས་པ་མ་རུངས་གདུག་པ་ཀུན༔ དུས་གཅིག་འདུལ་ཡང་ཐུལ་བར་ཐེ་ཚོམ་མེད༔ འོན་ཀྱང་སྙིགས་དུས་མི་རྣམས་ཆོས་བརྒྱད་གཡེངས༔ འདི་འདྲ་ཚུལ་བཞིན་སྒྲུབ་མཁན་མི་རེ་དཀོན༔ དེ་ཕྱིར་པདྨའི་བཀའ་འདི་ཟབ་མོད་ཀྱང༔ ལས་འཕྲོ་སྐལ་ལྡན་རེ་ཙམ་མ་གཏོགས་པ༔ མི་དང་ཉོན་མོངས་ལོག་ལྟ་ཟུར་མགོ་ཧྲག༔ གཏེར་སྟོན་རང་ཡང་གལ་ཆུང་མ་འཛིན་བུ༔ ལུས་ལ་གཅེས་པའི་སྙིང་ལྟར་ཁོང་དུ་འཆང༔ བསྙེན་པའི་ཚད་སྐྱོལ་སྒྲུབ་པའི་རྟགས་ཐོན་ཅིག༔ པདྨའི་ལུང་ཐེམས་སྐལ་ལྡན་ཆོས་བདག་སོགས༔ སྣོད་ལྡན་རིག་པས་དཔྱོད་ལ་སྤེལ་ཤེས་གྱིས༔ དེ་མིན་ངོས་དགའ་ནོར་ཕྱིར་མ་ཤོར་བུ༔ ཟབ་ཕྱིར་རིན་ཆེན་བྲག་ལ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ ཕརྨ་ཐ༔ ྈྈྈ ྈྈྈ རྒྱ་རྒྱ་རྒྱ༔ ྈྈྈ བདག་འདྲ་བདུད་འཇོམས་རྡོ་རྗེས་དམུ་རྡོ་ནས་ཕྱུངས་པའོ།། །།
ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་གྱི་སྤྲོས་བཅས་ལྷ་དབང་ཆེན་མོ་མཚམས་སྦྱོར་གྱིས་བརྒྱན་པ་དྲག་རྩལ་ཐུགས་ཀྱི་བཅུད་དྲིལ (Volume 13, Text 42)
༄༅། །ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་གྱི་སྤྲོས་བཅས་ལྷ་དབང་ཆེན་མོ་མཚམས་སྦྱོར་གྱིས་བརྒྱན་པ་དྲག་རྩལ་ཐུགས་ཀྱི་བཅུད་དྲིལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། སྒྲིབ་མེད་དབུ་མའི་རང་བཞིན་ནམ་མཁའི་མདོག །གཉིས་རྟོག་འབྱུང་བཞིའི་གཡོ་འཁྲུགས་དབྱིངས་སུ་ཟད། །སྲིད་གསུམ་རྣམ་རྒྱལ་རང་བྱུང་ཧེ་རུ་ཀ །རྡོ་རྗེ་དྲག་པོ་རྩལ་གྱིས་བདག་སྐྱོངས་ཤིག །དྲག་སྒྲུབ་རྣམ་གྲངས་མང་བྱོན་ཀྱང་། །རྒྱུད་དོན་རྩ་བའི་སྒྲུབ་ཐབས་དངོས། །ཟབ་གཉན་གནད་འདྲིལ་རྙེད་དཀའ་བས། །སྨིན་བྱེད་བདུད་རྩིའི་བཅུད་འདིར་སྤྱོད། །གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་ཆེན་པོར་སྤྲོས་བཅས་དབང་ཆེན་བསྐུར་བ་ལ་དོན་གསུམ། སྦྱོར་བ་སྟ་གོན་གྱི་རིམ་པ། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་མཇུག་ཆོག་གི་རིམ་པའོ། །དང་པོ་ལ་བྱ་བའི་སྔོན་འགྲོ །སྟེགས་བུར་དཀྱིལ་འཁོར་གཞུང་མཐུན་ནམ་མ་འབྱོར་ན་མཎྜལ་ལ་ལྷ་གྲངས་ཀྱི་འབྲུ་ཚོམ་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་གསེབ་ཏུ་གཙོ་བོའི་སྐུ་ཙཀ་གཟུངས་རྡོར་དང་ལྡན་པ་བཀོད། མདུན་ཕྱོགས་ཐོད་ཕྲེང་སྡེ་ལྔ་སོགས་ལྷ་ཙཀ་ཚང་བ། གཡས་ཕྱོགས་བནྡྷ་བདུད་རྩིས་བཀང་བ་དང་གུ་རུ་ཞི་བའི་སྐུ་ཙཀ །རྒྱབ་ངོས་དཔལ་གཏོར་བརྗིད་ལྡན་རྡོ་རྗེ་ཉི་ཟླ་མེ་རིས་མཚན་པ། གཡོན་དུ་ཚེ་འབྲང་ཚེ་རིལ་དང་བཅས་པ། བར་མཚམས་སུ་དུར་ཁྲོད་ཆས་དབང་ཙཀླི། ཐོད་པའམ་རཀྴའི་བཟླས་ཕྲེང་། ཁྱུང་ལྔ་ཆུར་སྦྱང་བ། ལས་བུམ། སྡེ་བརྒྱད་དང་གཟའི་སྲོག་དབང་བསྐུར་ན་དེ་དག་གི་ཆས་དང་། སྲུང་མའི་གཏོར་འབུལ། མདུན་ངོས་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཞག །གཞན་ཡང་སྔོན་གཏོར། ཚོགས་ཆས། མིག་དར་མེ་ཏོག་སོགས་དགོས་པའི་ཡོ་བྱད་ཚང་བར་བསྡོག་གོ །དབང་གི་སྔོན་འགྲོ་སྟ་གོན་སོགས་རྒྱས་པར་བྱེད་ན་ཐུགས་སྒྲུབ་ཞི་བ་ནས་སྦྱར་དགོས་ཀྱང་མ་བྱས་པས་ཆད་སྐྱོན་མེད་སྟབས་འདིར་མ་བླང་ངོ་། །གཉིས་པ་དབང་དོན་སྒྲུབ་མཆོད་གཏེར་གཞུང་མཐར་ཆགས་སུ་བཏང་ལ། བཟླས་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ནས་བདག་མདུན་སོ་སོར་འཕྲོ་འདུའི་དམིགས་པ་བཅས་ཛཔ྄་བསྙེན་ཅི་འགྲུབ། ལུགས་འདིར་བུམ་བཟླས་ཟུར་དུ་མི་མཛད་ཀྱང་སྤྲོ་ན་སྤྱི་མཐུན་བྱས་པས་འགལ་བ་མེད། མཐར་སྟོང་ཚིག་མཆོད་བསྟོད། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས། བཀའ་སྲུང་གཏོར་འབུལ། ཚོགས་མཆོད་ཡན་བྱས་ལ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་དབང་བསྐུར་བའི་ཐོག་མར་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བཀའ་བསྒོ་ཞིང་མཚམས་བཅད། སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཁྱད་པར། དེ་ལ་ཟབ་མོའི་དབང་བསྐུར་འདི་ཉིད་དང་འབྲེལ་བའི་ཁྱད་པར་གྱི་ལོ་རྒྱུས་ཟུར་ཙམ་བརྗོད་ན། ཀུན་ཁྱབ་ཆོས་སྐུའི་ཞིང་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དགོངས་པས་ལོངས་སྐུ་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་སུ་སྣང་བར་མཛད། འཕགས་པའི་ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས་པས། དུག་ལྔའི་རང་མདངས་སྟོབས་སུ་གྱུར་པའི་གདོན་བགེགས་སྡེ་བརྒྱད་མ་རུངས་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་རིམས་དང་ནད་དང་གདོན་དང་འཆི་བདག་གི་ལས་དང་གཤེད་མར་བྱས་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་གཟིགས་ནས། ཚད་མེད་པའི་སྙིང་རྗེའི་བྱིན་རླབས་གཡོས་ཏེ་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྒྱུད་བསྐུལ་བས། དེའི་ཐུགས་ལས་འོད་ཟེར་ལྔ་ལྡན་ཧྲཱིཿས་མཚན་པ་ཞིག་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཁྱབ་པར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་འོད་ཟེར་དང་བཅས་པ་བསྡུས་ནས་སྤྱན་རས་གཟིགས་ལ་ཐིམ། འཕགས་པའི་ཐུགས་ཀ་ནས་ཧྲཱིཿཡིག་འོད་ཟེར་ལྔ་དང་ལྡན་པ་རིགས་ལྔའི་ས་བོན་དང་བཅས་ཛམྦུ་གླིང་གི་ལྷོ་ནུབ་རྒྱ་མཚོའི་གླིང་དུ་ཐིམ་མོ། །དེའི་ཚེ་ཆོས་སྐུའི་དགོངས་པའི་ཀློང་ནས་རྒྱལ་བ་ཀུན་གྱི་ངོ་བོ་མ་ཧཱ་གུ་རུ་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དྲེགས་པ་སྙིང་འབྱིན་ཞེས་བྱ་བ་ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་སྣང་བར་བྱས། སྤྱན་རས་གཟིགས་ཀྱིས་རྒྱུད་མཆོག་དྲེགས་པའི་སྤྱི་སྲོག་འདི་མཁའ་འགྲོ་གསང་བ་ཡེ་ཤེས་ལ་གཉེར་གཏད་པས། ཌཱ་ཀི་གུ་ཧྱ་ཛྙཱ་ནས་བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་གི་ནུབ་བྱང་བྲག་ཕུག་ཟུར་གསུམ་ནང་དུ་གསེར་ཉ་འདྲ་བའི་བྲག་འབུར་ལ་གཏེར་དུ་སྦས་སོ། །དེ་ནས་ཛམྦུའི་གླིང་དུ་མཉམ་མེད་ཤཱཀྱའི་དབང་པོའི་བསྟན་པ་ལ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དང་སྟོན་པས་འདུལ་བའི་དུས་ལ་བབས་ཏེ། དྷ་ན་ཀོ་ཥའི་མཚོ་གླིང་དུ་སངས་རྒྱས་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་གུ་རུ་པདྨ་འབྱུང་གནས་ཉིད་མེ་ཏོག་པདྨ་ལས་བརྫུས་སྐྱེས་སུ་སྐུ་འཁྲུངས། ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་སྐལ་པར་མཛད་ནས་རྒྱལ་སྲིད་ཆོས་ལ་བསྒྱུར་བ་སོགས་ཁྱད་པར་རྨད་དུ་བྱུང་བའི་མཛད་པ་བཅུ་གཅིག་དང་། མཚན་མཆོག་བདུན་དང་ལྡན་པས་ཨོ་རྒྱན་རྒྱ་གར་བལ་པོ་ལ་སོགས་པར་བསྟན་འགྲོའི་དོན་ཉི་ཟླ་ལྟ་བུར་མཛད། ཁྱད་པར་ཚེ་ལམ་པདྨ་ཅན་གྱི་ཕྱག་རྒྱ་ལྷ་ལྕམ་མནྡྷཱ་ར་བ་ལ་བསྟེན་ནས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེའི་རིག་འཛིན་བསྒྲུབས་པས་ཚེ་དཔག་མེད་དང་དབྱེར་མེད་པའི་ཚེའི་དངོས་གྲུབ་བརྙེས། དེའི་དུས་སུ་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱིས་ལུང་བསྟན་པ་བཞིན་དྲེགས་པའི་རྩ་རྒྱུད་ཀྱང་གཏེར་ནས་བཞེས། བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་པའི་སྐབས་སུ་བོད་ཀྱི་ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས་པའི་ས་འདུལ་ལ་མཁན་ཆེན་བོ་དྷི་སཏྭས་ལུང་བསྟན་པ་ལྟར། གདན་འདྲེན་གྱི་བང་ཆེན་མི་གསུམ་བཏང་འོང་བ་མངོན་ཤེས་ཀྱིས་མཁྱེན་ཅིིང་སྐད་ཅིག་དེ་ཉིད་ལ་ཚུར་བོད་ཡུལ་དུ་བྱོན་ཏེ། ཉི་མ་བརྒལ་བ་དང་སྟག་ཚང་སེང་ཕུག་ཏུ་དགོངས་པ་མི་གཡོ་བར་བཞུགས་པས། བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་མ་བཟོད་ནས། སློབ་དཔོན་ལ་བར་ཆད་བརྩམས་པས་དེའི་ཚེ་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་བཞེངས་ནས། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུས་ནས་དམ་ལ་བཏགས། ཐམས་ཅད་ཀྱིས་རང་རྟགས་སྲོག་སྙིང་ཕུལ་ནས་གཏེར་ཁ་རེ་རེའི་སྲུང་མར་བསྐོས། ཁས་བླངས་དམ་ལ་བཏགས། ཕྱི་རབས་དུས་ཀྱི་སྙིགས་མར་གདུག་པ་ཅན་རྣམས་འདུལ་བའི་གཉེན་པོར་དྲག་སྒྲུབ་རྡོ་རྗེའི་ཐིགས་པ་འདི་མཛད་ནས་དེར་གཏེར་དུ་སྦས། སླར་རྫུ་འཕྲུལ་གྱིས་བལ་ཡུལ་དུ་བཞུགས་པ་ལ་བོད་ཀྱི་བང་ཆེན་མི་གསུམ་དང་མཇལ་ཏེ་བསམ་ཡས་སུ་ཕེབ། བོད་ཀྱི་ལྷ་འདྲེ་རྣམས་རང་འདུལ་དུ་སོང་། ས་གཞི་བྱིན་གྱིས་བརླབས་ནས་བསམ་ཡས་ཀྱི་གཙུག་ལག་ཁང་ལེགས་པར་གྲུབ་ནས་རབ་གནས་མཛད། དཀོར་སྲུང་རྒྱལ་པོ་པེ་ཧར་སྤྱན་དྲངས་ཚེ་ཁོའི་ཆོ་འཕྲུལ་དང་འཁུ་ལྡོག་ཆེ་བར་གཟིགས་ནས་གུ་རུ་དྲག་དམར་རྒྱལ་བསེན་གྱི་གཤེད་མར་སྐུར་བཞེངས་ནས། པེ་ཧར་གྱིས་སྲོག་སྙིང་ཕུལ་དམ་ལ་བཏགས་དམ་ཆུ་བླུད་ཅིང་དཀོར་ཁང་གི་སྲུང་མར་བསྐོས། དེའི་ཚེ་ཇོ་མོ་མཚོ་རྒྱལ་གྱིས་གུ་རུ་དྲག་པོའི་རྒྱུ་མཚན་ཞུས་པས་དུས་ལ་བབས་པར་དགོངས་ཏེ་ཡབ་ཡུམ་གཉིས་སྟག་ཚང་སེང་ཕུག་ཏུ་བྱོན་ནས་སྔོན་གྱི་རྡོ་རྗེ་དྲག་པོ་རྩལ་གྱི་ཆོས་སྐོར་མ་བུ་ཚང་མ་གཏེར་ནས་གདན་དྲངས་ཏེ་མཚོ་རྒྱལ་དང་མངའ་བདག་གཉིས་ལ་གནང་ནས་བོད་དུ་གུར་དྲག་གི་ཆོས་ལ་སྔ་བ་འདི་ཡིན་གསུངས། རྩ་རྒྱུད་འདི་ལ་བརྟེན་ནས་བླ་མ་དྲག་པོའི་ཆོས་སྐོར་རྒྱས་འབྲིང་བསྡུས་གསུམ་བསམ་གྱིས་མི་ཁྱབ་པར་སྤེལ་ནས་གདུལ་བྱ་འདུལ་བྱེད་དང་མཐུན་པར་སོ་སོར་གཏེར་དུ་སྦས། དྲག་པོ་རྩ་བའི་རྒྱུད་འདི་དང་སྨིན་གྲོལ་བསྐྱེད་རྫོགས་ཀྱི་གདམས་པ་ལས་མཐའ་རྒྱས་དང་བཅས་པ་རྣམས་མཚོ་རྒྱལ་དང་ཨརྻ་ས་ལེའི་སྐྱེ་བ་ཆོས་བློ་མགོན་པོ་གཉིས་ལ་གཉེར་དུ་གཏད་ནས་ཕྱི་རབས་ཀྱི་དོན་དུ་གཏེར་རྒྱས་བཏབ་པ། ཕྱིས་ལུང་ལས་བཤད་པའི་དུས་ཀྱི་རྟགས་རྣམས་ཚང་བར་ཤར་བའི་ཚེ། ཆོས་བློ་མགོན་པོའི་ཡང་སྲིད་སྤྲུལ་པའི་གཏེར་སྟོན་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཨོ་རྒྱན་བསམ་གཏན་གླིང་པའམ། རིག་འཛིན་སྟག་ཤམ་རྡོ་རྗེ་དྲི་མེད་སྙིང་པོ་རྩལ་དགུང་ལོ་ཉེར་གསུམ་བཞེས་པའི་སྐབས་སུ་གུ་རུའི་ཐུགས་སྒྲུབ་ཞི་བ་པདྨ་གསང་ཐིག །ཞི་དྲག་ཕྱེད་མ་གསེར་ཞུན། དྲག་པོ་རྡོ་རྗེ་རྩལ་གྱི་རྒྱུད་དང་གདམས་སྐོར་ཡོངས་སུ་རྫོགས་པ་གཏེར་གནས་སོ་སོ་ནས་སྤྱན་འདྲེན་པར་མཛད་པ་ལས། དྲག་པོའི་ཆོས་སྐོར་རྣམས་གནས་མཆོག་གླང་མ་ལུང་རྗེ་བཙུན་སྒྲོལ་མའི་གསང་ཕུག་བདུད་རྩི་ཡན་ལག་བརྒྱད་ལྡན་གྱི་ནང་གསང་བ་པདྨོའི་ཡང་ཕུག་རྩ་བྱ་རོག་ནག་པོའི་སྙིང་སྦུབས་འདྲ་བ་ནས་གདན་དྲངས་ཤིང་། ལོ་བཅོ་བརྒྱད་ལ་གསང་རྒྱ་མཛད་ནས་སླར་གདུལ་བྱ་མཆོག་དམན་སོ་སོའི་དབང་སྐལ་དང་མཐུན་པར་སྨིན་གྲོལ་བདུད་རྩིའི་ཆོས་ཆར་ཕབ་སྟེ་འགྲོ་བའི་དོན་མཐའ་ཡས་པར་མཛད་པའི་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ཡིན་པས། དེ་དག་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་འཚལ། ཞེས་མཎྜལ་འབུལ་གཞུག །མ་རིག་པའི་སྒྲིབ་གཡོགས་དང་བཅས་པར་མཚོན་པའི་མིག་རས་དགབ་པ་དང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གསར་པའི་ཕྲེང་བ་ཐོགས་པར་མོས་ཤིག །ཅེས་གདོང་དགབ་ལ་མེ་ཏོག་སྦྱིན། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་པ་ལ་དད་གུས་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ བླ་མ་རྗེ་བཙུན་ཐོད་ཕྲེང་རྩལ༔ བདག་ཅག་འཁོར་བའི་བཙོན་རར་ཚུད༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ བདག་ཅག་གཟུང་འཛིན་ཞགས་པས་བཅིངས༔ ཤེས་རབ་རལ་གྲིས་གཅད་དུ་གསོལ༔ བླ་མ་དྲག་པོ་ཐོད་ཕྲེང་གི༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ བདག་ཅག་རྣམས་ལ་བསྐུར་དུ་གསོལ༔ ཞེས་ལན་གསུམ་གསོལ་ནས་བླ་མས་དེའི་ལན་གདབ་པ་ནི། ཧོ༔ ཁྱེད་རྣམས་སུ་ཡིན་ཅི་ཞིག་བྱ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་ལས་འཕྲོ་ཅན༔ བརྒྱ་ལམ་དེ་ན་རེས་འགའ་ཙམ༔ གསང་སྔགས་དམ་ཚིག་བསྲུང་ནུས་སམ༔ ཞེས་བསྒོས་ནས། སློབ་མས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་ཞུ། ཀྱེ༔ བདག་ནི་སྐལ་ལྡན་བུ་ཡིན་པས༔ སྔོན་སྦྱངས་ལས་དང་སྐལ་པར་ལྡན༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བསྲུང༔ ལན་གསུམ་ཞུ། གསང་སྔགས་ཟབ་མོའི་ཆོས་ནི་ཁེ་ཉེན་ཤིན་ཏུ་ཆེ་བས་དེང་ཕྱིན་ཆད་བླ་མ་དང་ཡི་དམ་ལྷ་ལ་ལོག་ལྟ་ཐེ་ཚོམ་སྐད་ཅིག་ཀྱང་མ་ཤོར་བར་ཇི་སྐད་གསུངས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་ཏུ་བསྲུང་དགོས་པ་ཡིན་ནོ། །རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཐུན་མོང་སྐྱབས་འགྲོ། ཁྱད་པར་སེམས་བསྐྱེད་སྡོམ་པ་ལེན་ཅིང་། ཡན་ལག་བཅུ་པས་གསག་སྦྱང་བྱ་དགོས་པས་འདུན་པ་འདི་བཞིན་དུ་མཛོད། བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལས༔ གུ་རུ་རྡོ་རྗེ་དྲག་པོ་རྩལ༔ བདག་ཉིད་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་དོན་དུ་བདག་ཉིད་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས་དྲག་པོ་རྩལ་གྱི་གོ་འཕང་བསྒྲུབས་ཏེ་མ་བསྒྲལ་བ་ཐམས་ཅད་གདོད་མའི་དབྱིངས་སུ་བསྒྲལ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་ནི་རྣལ་འབྱོར་དབང་ཕྱུག་གིས༔ རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ གསུམ། ཡུལ་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོ་ཡན་ལག་བཅུ་པའི་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས། ཧཱུྃ༔ རྡོ་རྗེ་དྲག་པོའི་ལྷ་ཚོགས་གཤེགས༔ དྲེགས་པ་སྡེ་བརྒྱད་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་སྒྲིབ་བཤགས་ལ་རྗེས་ཡི་རང༔ དྲག་པོའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ལན་གསུམ། རིགས་དང་སྐལ་པ་བརྟག་པའི་ཕྱིར་མེ་ཏོག་འདོར་བ་ལ། རིགས་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེ་དྲག་པོ་རྩལ་ཡིན་པས་དབྱེ་བསྡུ་སོ་སོར་མེད་ནའང་། གནས་སྐབས་གཉིས་རྟོག་གི་དྲི་མ་བསལ་ཕྱིར་རང་རང་ཚེ་རབས་ཀྱི་ལྷ་སྐལ་གང་ཡིན་པ་དེ་ལ་མེ་ཏོག་འདི་བབ་པར་ཤོག་སྙམ་པས་འབུལ་ཚིག་སྨོན་ལམ་འདི་རྗེས་ཟློས་མཛད་པའི་མཇུག་ཏུ་མེ་ཏོག་དཀྱིལ་འཁོར་ལ་འབུལ་མཛོད། ཧོ༔ གུ་རུ་དྲག་པོའི་དཀྱིལ་འཁོར་འདིར༔ རང་རང་སྣང་བའི་མེ་ཏོག་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་དང་བདག་སྤྲོད་ཅིག༔ ཅེས་མེ་ཏོག་དཀྱིལ་འཁོར་རམ་ཚོམ་བུ་ལ་འདོར་གཞུག །དེའང་རིགས་ཐམས་ཅད་རྡོ་རྗེ་དྲག་པོའི་ངོ་བོར་འདུས་ཕྱིར་ཁྱེད་རང་རྣམས་ཀྱི་གསང་མཚན་ལ་རྡོ་རྗེ་རིགས་འདུས་རྩལ་ཞེས་བྱ་བ་ཡིན་པས་མ་བརྗེད་པར་མཛོད་ཅིག །ཐབས་ཤེས་གསེར་ཐུར་གྱིས་མིག་ཕྱེས་པས་མ་རིག་པའི་སྒྲིབ་པ་ལིང་ཏོག་ལྟ་བུ་དེ་བསལ་ནས། རང་རིག་དྲག་པོའི་ལྷ་ཚོགས་དངོས་སུ་མཇལ་བར་གྱུར་སྙམ་པའི་མོས་པ་མཛད་འཚལ། ཧོ༔ བདག་ནི་མིག་མཁན་རྒྱལ་པོ་ཡིན༔ ཁྱོད་ཀྱི་མ་རིག་ལིང་ཏོག་ཉིད༔ རིག་པ་ཡེ་ཤེས་ངང་དུ་ཕྱེ༔ བླ་མ་དྲག་པོའི་ལྷ་ལ་ལྟོས༔ ཞེས་མིག་དར་བཀྲོལ་ཅིང་ཡོལ་བ་ཕྱེ་ནས་དཀྱིལ་འཁོར་བསྟན། འོ་ཁྱེད་རང་རྣམས་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་ཚོགས་གཉིས་ཀྱི་འབྲས་བུ་ཆུད་མ་ཟོས་པར་ད་ལྟ་དུས་ལ་སྨིན་པས། བླ་མ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་མཇལ་ཞིང་མཐར་ཐུག་ཞིང་འདིར་འཚང་རྒྱ་བར་འགྱུར་རོ། །ཞེས་དབུགས་དབྱུང་། དེ་རྣམས་ཀྱིས་བླ་མ་དྲག་པོའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་གྲུབ་པ་ལགས། དེ་ནས་དབང་བསྐུར་དངོས་གཞིའི་ཐོག་མར་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་དུ་རྩེ་གཅིག་ཏུ་སྒོམས་ཤིག །ལས་ཆུ་དང་། ཨ་མྲྀཏའི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། མ་དག་པའི་དྲི་མ་ཐམས་ཅད་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་མཐིང་ནག་གཅིག་ཏུ་བསམ། ཧཱུྃ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་དོན་གཉིས་བྱས། ཚུར་འདུས་གནམ་ལྕགས་ཀྱི་རྡོ་རྗེ་ཧཱུྃ་གིས་མཚན་པ་ཞིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས་དྲེགས་པ་པད་ཉིའི་གདན་ལ་སྐད་ཅིག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་། ཕྱག་དྲུག་གཡས་གསུམ་གྲི་གུག་རྡོ་རྗེ་རལ་གྲི་དང་གཡོན་གསུམ་ཐོད་ཁྲག་ཁ་ཊྭཱཾ་ལྕགས་སྡིག་འཛིན་པ། ཞབས་བཞི་བགྲད་པས། ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་གཉིས་ཀ་དཔའ་བོ་དང་དཔའ་མོའི་ཆས་ཀྱིས་བརྒྱན་པ། སྐུའི་གནས་ལྔར་གོ་ཆའི་ལྷ་ཚོགས། གཞན་ཡང་ཁྲོ་བཅུ་ཀཱི་ལ་ཡ་སྒོ་སྐྱོང་གིང་ཆེན་བཅས་གསལ་བ་རྣམས་ཀྱི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་བསྒོམ། དེ་ནས་བདག་མདུན་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྲངས་མེད་པ་ཕྱོགས་བཅུའི་ཞིང་དང་ཁྱད་པར་ལྷོ་ནུབ་རྔ་ཡབ་གླིང་དུ་འཕྲོས་པས་རྩ་བརྒྱུད་བླ་མ་རིག་འཛིན་རྒྱ་མཚོ་ཡི་དམ་ཌཱ་ཀི་ཆོས་སྐྱོང་རྣམས་རྡོ་རྗེ་དྲག་པོའི་རྣམ་པར་སྤྲིན་འཁྲིགས་པ་ལྟར་འོད་མེ་རེ་བྱོན་ནས་དབང་རྫས་དང་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པའི་མོས་པ་མཛོད། ཅེས་དམིགས་པ་སྦྱར་ནས་སྤོས་རོལ་དབྱངས་བཅས་ཐ་མལ་འཁྲུལ་ཞེན་གྱི་སྣང་བ་བསྒྱུར་ནུས་པའི་རྟོགས་པ་སྤར་ནས་ཚིག་བདུན་གསོལ་འདེབས་ཀྱི་རྗེས་སུ། ཧཱུྃ༔ ཇི་སྙེད་རྒྱལ་བ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་དམ་ཚིག་ནི༔ སྒྲུབ་ལ་དངོས་གྲུབ་སྩོལ་བ་དང༔ བདུད་དང་བགེགས་རྣམས་ཞི་བ་དང༔ ཕྲིན་ལས་མ་ལུས་སྒྲུབ་པའི་ཕྱིར༔ སྔོན་གྱི་ཐུགས་དམ་ཅི་བཞིན་དུ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ༔ དམར་ནག་མེ་ལྕེའི་ཕྲེང་བ་ཅན༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་བདག་ལ་དགོངས༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྗེ་བཙུན་པདྨ་དྲག་པོ་རྩལ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་བྲན་ཏུ་ཁོལ༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་སྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་བཛྲ་ཀྲོ་ཏ་བྷ་ག་ཝཱན༔ སརྦ་མ་ཧཱ་གུ་རུ༔ ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཅེས་མེ་ཏོག་འཐོར་ནས་དམ་ཚིག་ཡེ་ཤེས་གཉིས་མེད་བསྲེ། དེ་ལྟར་དམ་ཚིག་ཡེ་ཤེས་དབྱེར་མེད་པ་དེ་ཉིད་བརྟན་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ལྷ་དབང་ཡོངས་རྫོགས་བསྐུར་བ་ལ་དང་པོ་བུམ་པའི་དབང་ལ་དམིགས་པ་འདི་ལྟར་མཛོད། བུམ་པ་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པའི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་རང་རང་གི་རྒྱུད་ལ་ཐིམ། སྐུ་ཡེ་ཤེས་ཕྱག་རྒྱའི་དབང་བསྐུར་རྫོགས་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་གཞལ་ཡས་ཁང༔ བུམ་རྫས་རྡོ་རྗེ་དྲག་པོ་རྩལ༔ སྐུ་ཡི་དབང་ཐོབ་ལུས་སྒྲིབ་བྱང༔ གསུང་གི་དབང་ཐོབ་ངག་སྒྲིབ་བྱང༔ ཐུགས་ཀྱི་དབང་ཐོབ་ཡིད་སྒྲིབ་བྱང༔ དབང་བཞི་ཐོབ་ནས་སྒྲིབ་བཞི་དག༔ སྐུ་བཞི་ལྷུན་གྱིས་གྲུབ་པ་ཡིས༔ སྐལ་ལྡན་བུ་ལ་ཡོངས་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་དབང་སྤྱི་བོར་བསྐུར་ནས་བུམ་ཆུ་བླུད། སྨོན་ལམ་ནི། འོོ་སྐལ་པ་དང་ལྡན་པ་ཁྱེད་རྣམས་ལ་དཀྱིལ་འཁོར་ཡོངས་རྫོགས་བུམ་པའི་དབང་བསྐུར་པས་མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུ་ལྔ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་ཐོབ་པར་གྱུར་ཅིག༔ སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྐུ་ལས་བླ་མ་ཞི་བའི་སྐུ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པ་དང་། ཐོད་པའི་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་མྱང་བས་གསུང་སྙིང་པོ་ལུང་གི་དབང་བསྐུར་རྫོགས་པར་མོས་ཤིག །ཐོད་པའི་བདུད་རྩི་དང་བླ་མ་ཞི་བའི་སྐུ་མགྲིན་པར་བཞག་ལ། ཧྲཱི༔ འགྲོ་བ་འདྲེན་མཛད་པདྨ་འབྱུང་གནས་ནི༔ དད་མོས་ཅན་ལ་སྤྱི་གཙུག་དངོས་སུ་བྱོན༔ པདྨ་ལྟ་བུ་དྲི་མེད་སྤྲུལ་པའི་སྐུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་བཛྲ་གུ་རུ་ཧ་རི་ནི་ས་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་སྦྱིན། བནྡྷ་བདུད་རྩིའི་དབང་བསྐུར་པས་རྡོ་རྗེ་དྲག་པོ་རྩལ་གྱི་གསུང་ལྔ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་ཐོབ་པར་གྱུར་ཅིག༔ སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ལས་ཐོད་ཕྲེང་སྡེ་ལྔའི་ཡེ་ཤེས་ཀྱི་ཕྱག་རྒྱ་འཕྲོས་ཏེ་སྙིང་གར་ཐིམ་པས་ཐུགས་རིག་པ་རྩལ་གྱི་དབང་བསྐུར་རྫོགས་པར་མོས། ཐོད་ཕྲེང་སྡེ་ལྔའི་སྐུ་སྙིང་གར་བཞག་ལ། ཧྲཱི༔ རང་ལུས་ཕུང་པོ་ལྷ་དང་ལྷ་མོའི་ངང༔ ཐོད་ཕྲེང་རྩལ་མཆོག་ལོངས་སྤྱོད་རིགས་ལྔའི་གཙོ༔ དུག་ལྔ་གནས་འགྱུར་ཡེ་ཤེས་ལྔར་གསལ་བ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྲག་པོ་རྩལ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཐོད་ཕྲེང་རྩལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། འོ་དྲག་པོ་ཐོད་ཕྲེང་རིགས་ལྔས་དབང་བསྐུར་པས་ཉོན་མོངས་པ་དུག་ལྔའི་རྟོག་པ་གནས་དག་ནས་རྡོ་རྗེ་དྲག་པོ་རྩལ་གྱི་ཐུགས་ཡེ་ཤེས་ལྔ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་ཐོབ་པར་གྱུར་ཅིག༔ བླ་མ་དཀྱིལ་འཁོར་པ་རྣམས་ལས་གོ་ཆ་དང་འཁོར་གྱི་ལྷ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་ཆད་ནས་ཁྱེད་རང་གི་གནས་སོ་སོར་ཐིམ་པས་སོ་སོའི་མཐུ་དབང་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། འཇམ་དཔལ་གཤིན་རྗེའི་སྐུ་ཐོགས་ལ། ཨོཾ༔ བདེ་གཤེགས་སྐུ་མཆོག་མཁྱེན་རབ་འཇམ་དཔལ་དབྱངས༔ རྨོངས་པའི་བློ་སེལ་དུག་ལྔའི་མདུད་པ་གྲོལ༔ ཆོས་སྒོ་ཀུན་ལ་མགོན་མཛད་བྱེད་པ་ཡིས༔ སྐལ་ལྡན་བུ་མཆོག་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་མུཾ་ཝཱ་གཱི་ཤྭ་རི་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དཔྲལ་བར་བསྐུར། འོ་སྐལ་ལྡན་ཁྱོད་རྣམས་ལ་འཇམ་དཔལ་གཤིན་རྗེའི་དབང་བསྐུར་བས་ལུས་ཀྱི་ནད་གདོན་བག་ཆགས་ཐམས་ཅད་དག་ནས་རྒྱལ་བ་མ་ལུས་པའི་སྐུའི་དབང་རྣམས་ཐོབ་པར་གྱུར་ཅིག༔ རྟ་མགྲིན་གྱི་སྐུ་ཐོགས་ལ། ཨོཾ༔ བདེ་གཤེགས་གསུང་མཆོག་རྟ་མགྲིན་དབང་གི་རྒྱལ༔ རྒྱལ་བསེན་དྲེགས་པ་སྡེ་བརྒྱད་ཟིལ་གྱིས་གནོན༔ ཕྲིན་ལས་གང་ལ་ཐོགས་པ་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བསྐུར། འོ་དབང་ཆེན་རྟ་མགྲིན་རྒྱལ་པོའི་དབང་བསྐུར་པས་ངག་གི་སྡིག་སྒྲིབ་མ་ལུས་པ་དག་ནས་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་དབང་རྣམས་ཐོབ་པར་གྱུར་ཅིག༔ ཕྱག་རྡོར་གྱི་སྐུ་ཐོགས་ལ། ཧཱུྃ༔ རྒྱལ་བའི་ཐུགས་མཆོག་གསང་བའི་བདག༔ ཀླུ་དང་ས་བདག་གཟའ་རྣམས་འདུལ༔ ནུས་རྩལ་གང་ལ་ཐོགས་མེད་དབང༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བསྐུར། འོ་གསང་བདག་ཕྱག་ན་རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་ཉོན་མོངས་པའི་རྟོག་སྒྲིབ་ཐམས་ཅད་དག་ནས་རྒྱལ་བ་མ་ལུས་པའི་ཐུགས་ཀྱི་དབང་རྣམས་ཐོབ་པར་གྱུར་ཅིག༔ མཁའ་འགྲོ་སྡེ་ལྔའི་སྐུ་ཐོགས་ལ། ཧྲཱི༔ སྣང་བ་དབང་སྡུད་ཌཱ་ཀི་ལྔ༔ དངོས་གྲུབ་བྱིན་རླབས་འབྱུང་བའི་གནས༔ མཁའ་འགྲོ་དཔའ་བོའི་ཡོན་ཏན་དབང༔ སྐལ་ལྡན་བུ་ཡིས་མཆོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ར་ཙ་ཧྲི་ཡ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བསྐུར། ཡོན་ཏན་མཁའ་འགྲོ་སྡེ་ལྔས་དབང་བསྐུར་པས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པའི་དབང་རྣམས་ཐོབ་པར་གྱུར་ཅིག༔ ཡཀྴ་མེ་དབལ་གྱི་སྐུ་ཐོགས་ལ། ཕཊ༔ བདེ་གཤེགས་ཕྲིན་ལས་ཡཀྴ་མེ་དབལ་སྐུ༔ གནོད་བྱེད་གདོན་བགེགས་མ་ལུས་རྡུལ་དུ་བརླག༔ སྣང་སྲིད་དབང་སྡུད་དྲེགས་པ་ཚར་གཅོད་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ་ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ་ཕཊ༔ གསང་བར་བསྐུར། འོ་སྐལ་ལྡན་ཁྱོད་ལ་རྔམ་བྱེད་ཡཀྴ་མེ་དབལ་གྱིས་དབང་བསྐུར་བས་རྒྱལ་བ་མ་ལུས་པའི་ཕྲིན་ལས་རབ་འབྱམས་ཀྱི་དབང་རྣམས་ཐོབ་པར་གྱུར་ཅིག༔ ཁྱུང་ལྔའི་སྐུ་ཐོགས་ལ། ཧོ༔ བདེ་གཤེགས་སྤྲུལ་པ་བྱ་ཁྱུང་ག་རུ་ཎ༔ མཁའ་ལྡིང་རྒྱལ་པོ་དྲག་པོ་ཐོགས་མེད་རྩལ༔ སྣ་ཚོགས་ཕྲིན་ལས་རེ་བ་སྐོང་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ཡིས་དབང་ཐོབ་ཤོག༔ ཁྲོཾ་ག་རུ་ཎ༔ བཛྲ་ག་རུ་ཎ༔ རཏྣ་ག་རུ་ཎ༔ པདྨ་ག་རུ་ཎ༔ ཀརྨ་ག་རུ་ཎ༔ བུདྡྷ་ག་རུ་ཎ་ཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲིཾ་ཧྲིཾ༔ གནས་ལྔར་བསྐུར་ཅིང་ཁྱུང་ལྔས་ཐིག་ལེ་བྱ། ཧོ༔ ཀླུ་འདུལ་ཁྱུང་ཆེན་རིགས་ལྔས་དབང་བསྐུར་པས་ས་བདག་ཀླུ་གཉན་གྱི་གདུག་པ་ཞི་བའི་དབང་ཐོབ་པར་གྱུར་ཅིག༔ ཁྲོ་བཅུའི་སྐུ་ཐོགས་ལ། ཧཱུྃ༔ ཕྱོགས་སྐྱོང་དྲེགས་པ་འདུལ་བྱེད་ཁྲོ་བོ་བཅུ༔ འཇིགས་པའི་ཁ་དོག་གདུག་པའི་རྒྱན་གྱིས་བརྒྱན༔ ཕྲིན་ལས་གང་ལ་ཐོགས་པ་མེད་པའི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ གནས་བཅུར་བསྐུར། ཧོ༔ སྤྲུལ་པ་ཁྲོ་བོ་བཅུའི་དབང་བསྐུར་བས་ཕྱོགས་སྐྱོང་བཅུའི་གནོད་པ་ཐམས་ཅད་ཞི་བའི་དབང་རྣམས་ཐོབ་པར་གྱུར་ཅིག༔ ཀཱི་ལ་ཡ་མཆེད་བཞིའི་སྐུ་ཐོགས་ལ། ཧཱུྃ༔ བདེ་གཤེགས་ཀུན་གྱི་ཕྲིན་ལས་ཕོ་ཉ་བ༔ མངགས་པའི་ལས་རྣམས་མི་འགྲུབ་གང་ཡང་མེད༔ གང་ལ་བཏབ་ཀྱང་ཐོགས་མེད་ཀཱི་ལ་ཡ༔ མངོན་སྤྱོད་ཕྲིན་ལས་འགྲུབ་པའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བསྐུར་ཞིང་ལག་ཏུ་གཏད། ཧོ༔ དྲག་པོ་ཀཱི་ལ་རིགས་བཞིའི་དབང་བསྐུར་བས་བདུད་བཞི་བར་ཆད་ཐམས་ཅད་ཞི་ནས་ཚད་མེད་རྣམ་བཞིས་འགྲོ་བའི་དོན་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག༔ སྒོ་མ་བཞིའི་སྐུ་ཐོགས་ལ། ཧོ༔ རྒྱལ་བའི་ཕོ་བྲང་འཇིགས་པའི་སྒོ་བཞི་ནས༔ འགུགས་འཆིང་སྡོམ་དབྱེ་ཕྲིན་ལས་བཞི་ཡི་བདག༔ ཞི་རྒྱས་དབང་དྲག་བཞི་ཡིས་བསྟན་པ་སྲུང༔ ཡེ་ཤེས་སྒོ་མ་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཡན་ལག་བཞི་ལ་བསྐུར། ཧོ༔ སྒོ་མ་བཞི་ཡིས་དབང་བསྐུར་པས་རྟག་ཆད་མུ་བཞིའི་འཛིན་པ་གནས་དག་ནས་ཕྲིན་ལས་རྣམ་པ་བཞི་ཡིས་འགྲོ་བའི་དོན་ཐོགས་མེད་དུ་འགྲུབ་པའི་དབང་རྣམས་ཐོབ་པར་གྱུར་ཅིག༔ དེ་ལྟར་ལྷ་དབང་ཡོངས་རྫོགས་བསྐུར་པས་ཁྱེད་རང་རྣམས་རྡོ་རྗེ་དྲག་པོ་རྩལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མི་ཕྱེད་པར་གྱུར་པ་ལ་དུར་ཁྲོད་འབར་བ་ཆེན་པོའི་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །དང་པོ་གླང་ཆེན་ཀོ་རློན་སྟོད་དུ་གཡོགས་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྟོད་ལ༔ ཞིང་ཆེན་གླང་ཆེན་འདི་གསོལ་བས༔ གཏི་མུག་འཇོམས་པའི་སྟོབས་ལྡན་ནས༔ ཤེས་རབ་མཆོག་གི་དབང་ཐོབ་ཤོག༔ ཞིང་ལྤགས་སྐེད་པར་དཀྲིས་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྐེད་ལ༔ ཞིང་ལྤགས་གཡང་གཞི་འདི་གསོལ་བས༔ འཁོར་བར་མི་ལྡོག་ནུས་སྟོབས་ལྡན༔ རྟོགས་གྲོལ་ལྡན་པའི་དབང་ཐོབ་ཤོག༔ སྟག་ཤམ་སྨད་དུ་དཀྲིས་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྨད་ལ༔ སྟག་ལྤགས་ཤམ་ཐབས་འདི་གསོལ་བས༔ འཁོར་བ་སྒྲོལ་བའི་ནུས་སྟོབས་ལྡན༔ མཐའ་གཉིས་འཇོམས་པའི་དབང་ཐོབ་ཤོག༔ མི་མགོའི་ཕྲེང་བ་སེ་རལ་གཏད་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ ཐོད་པའི་ཕྲེང་བས་རབ་བརྒྱན་པས༔ ཆོས་སྐུ་མཐར་ཕྱིན་སྟོབས་ལྡན་ནས༔ རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག༔ སྦྲུལ་གྱི་རྒྱན་ཕྲེང་གཏད་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ གདུག་པ་སྦྲུལ་གྱིས་རབ་བརྒྱན་པས༔ ཞེ་སྡང་རྣམ་དག་མཐུ་སྟོབས་ལྡན༔ དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ མཁུར་ཚོས་སུ་རཀྟའི་ཐིག་ལེ་གདབ་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་མཁུར་ཚོས་ལ༔ རཀྟའི་ཐིག་ལེ་འདི་གསོལ་བས༔ འཁོར་བ་འདྲེན་པའི་ནུས་སྟོབས་ལྡན༔ མ་ཆགས་འགྲོ་དོན་བྱེད་པར་ཤོག༔ ཞག་གི་ཟོ་རིས་ཨོག་མ་ལ་བྱུགས་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་ཨོག་མ་ལ༔ ཞག་གི་ཟོ་རིས་འདི་གསོལ་བས༔ ཡེ་ཤེས་བདུད་རྩིའི་བཅུད་སྟོབས་ལྡན༔ བདུད་རྩིའི་རང་བཞིན་སྨིན་པར་ཤོག༔ ཐལ་ཆེན་དཔྲལ་བར་བྱུགས་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་དཔྲལ་བ་རུ༔ ཐལ་ཆེན་ཚོམ་བུ་འདི་གསོལ་བས༔ མ་མོ་མཁའ་འགྲོ་དབང་བསྡུས་ནས༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ ཅེས་བརྗོད་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། དེ་ལྟར་དུར་ཁྲོད་བརྒྱད་ཀྱི་ཆས་དབང་བསྐུར་པས༔ དགྲ་བགེགས་མི་མཐུན་པའི་ཕྱོགས་ཐམས་ཅད་བཀུག་པ་དང༔ བཅིངས་པ་དང༔ རེངས་པ་དང༔ མནན་པ་དང༔ དབང་དུ་སྡུད་པ་དང༔ གཞན་ཡང་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པ་ཡིན་ཏེ༔ དཔེར་ན་གཡུལ་དུ་ཞུགས་པའི་དཔའ་བོ་ལ་གོ་ཆ་ལག་མཚོན་སྤྲོད་པ་ལྟ་བུའོ༔ ཚེ་འབྲང་བཅོམ་ལྡན་འདས་ཚེ་དཔག་མེད་དངོས་སུ་གསལ་བས་བྱིན་གྱིས་བརླབས་ཤིང་། རིལ་བུ་བརྟན་གཡོ་སྲིད་ཞིའི་དྭངས་བཅུད་འདུས་པ་མྱང་བ་ལ་བརྟེན་ནས་སྐྱེ་འཆི་མེད་པ་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་མོས་ཤིག །ཚེ་ཟན་ཐོགས་ལ། ཧཱུྃ༔ ཚེ་དཔག་མེད་པ་བདེ་གཤེགས་གསུང༔ འཆི་མེད་ལྕགས་སྒྲོག་རྡོ་རྗེ་འདྲ༔ མི་ཤིགས་མི་འཆི་ཚེ་ཡི་དབང༔ སྐལ་ལྡན་བུ་ཡིས་མཆོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ མགོ་ལ་བཞག་ཅིང་ཚེ་རིལ་སྦྱིན། ཧོ༔ ཚེའི་འབྲང་རྒྱས་ཚེ་རིལ་འདི་ཡིས་དབང་བསྐུར་པས་ཚེ་དང་སྲོག་ལ་བར་དུ་གཅོད་པ་ཐམས་ཅད་ཞི་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག༔ དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ་ནས་མཐའ་རྟེན་ལྷ་བསྒོམ་པ་དང་སྔགས་བཟླ་བའི་རྗེས་གནང་བྱིན་པར་མོས་ཤིག །བགྲང་ཕྲེང་ལག་ཏུ་གཏད་ལ། ཧྲཱི༔ བསྐྱེད་རིམ་གསལ་ལ་དྲན་འཛིན་ཅིང༔ སྔགས་བཟླས་ཆུ་བོའི་གཞུང་དང་མཚུངས༔ གསལ་སྟོང་གྲགས་སྟོང་ལྷ་སྔགས་དབང༔ སྐལ་ལྡན་བུ་ཡིས་དབང་ཐོབ་ཤོག༔ ཁྱད་པར་ལྷ་སྔགས་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ དཔལ་ཆེན་སྙིང་པོ་རྩ་བའི་སྔགས༔ པདྨས་བདག་ལ་གནང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང་ནས་སློབ་མ་རྣམས་ཀྱི་ངག་ལ་ཐིམ་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ༔ ཤྲཱི་ཧེ་རུ་ཀ༔ ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨ་མི་དྷེ་བ༔ ཁྲོཾ་ག་རུ་ཌ༔ ཡ་མཱནྟ་ཀ༔ ཧ་ཡ་གྲཱི་བ༔ བཛྲ་པཱ་ཎི༔ བཻ་རོ་ཙ་ན༔ ཧ་རི་ནི་ས༔ ཡཀྴ༔ རཀྴ༔ བཛྲ་རཏྣ་པདྨ་ཀརྨ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ལན་གསུམ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གི་འོད་ཟེར་ལུ་གུ་རྒྱུད་དུ་འཕྲོས་པ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་གནམ་ལྕགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོར་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ་ཤྲཱི་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ལན་གསུམ། སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཞག་ལ། ལྷ་ཚོགས་སྔགས་དང་བཅས་པ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །དྲག་པོའི་ལྷ་ཚོགས་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ་བརྗོད། འོ་སྐལ་པ་དང་ལྡན་པ་རྣམས་ལ་མ་ཧཱ་གུ་རུ་དྲག་པོའི་སྔགས་ཀྱི་དབང་བསྐུར་བས་སྔགས་རླུང་དབྱེར་མེད་ཀྱི་ནུས་པ་ངག་ལ་འབར་ནས་ཕྲིན་ལས་གང་བསམ་ཐོགས་མེད་དུ་འགྲུབ་པའི་དབང་རྣམས་ཐོབ་པར་གྱུར་ཅིག༔ དབྱངས་གསལ་དང་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། དེ་ནས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་སྒོམས་ཤིག །གཏོར་མ་དུར་ཁྲོད་འབར་བའི་ཕོ་བྲང་དུ་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་ལྷ་ཚོགས་རྣམས་བཞུགས་པའི་བྱིན་རླབས་མ་ལུས་པ། འོད་ཟེར་དཀར་དམར་མཐིང་གསུམ་འབྲུ་གསུམ་གྱིས་མཚན་པ་དཔག་ཏུ་མེད་པ་རང་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། གནས་སྐབས་སུ་བྱང་ཆུབ་སྒྲུབ་པའི་བར་ཆད་ཐ་དག་ཞི་ནས་མཐར་ཐུག་བླ་མ་དྲག་པོ་དང་མཐུ་རྩལ་མཉམ་པའི་མོས་པ་མཛོད། ཧཱུྃ༔ འགྲོ་བ་འདྲེན་མཛད་དྲག་པོ་ཐོད་ཕྲེང་རྩལ༔ ཨོ་རྒྱན་ཡུལ་འཁྲུངས་འགྲོ་བའི་ཁ་ལོ་སྒྱུར༔ རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར༔ བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་ཐོབ༔ བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་དད་ལྡན་ཡོངས་ལ་གཟིགས༔ སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་རྣམས༔ སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བ་ལིཾ་ཏ་པུཎྱ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ སྤྱི་བོར་བསྐུར་ནས། ཧོ༔ སྐལ་པ་དང་ལྡན་པ་ཁྱོད་རྣམས་ལ་དྲག་པོའི་དཔལ་གཏོར་འདི་ཡིས་དབང་བསྐུར་པས་གུ་རུ་དྲག་པོའི་ལྷ་ཚོགས་ཡོངས་རྫོགས་མ་ལུས་པའི་དབང་དང་བྱིན་རླབས་ཐམས་ཅད་རྒྱུད་ལ་ཐོབ་པར་གྱུར་ཅིག༔ སྨིན་ཅིང་གྲོལ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག༔ ཅེས་བརྗོད་ལ་འབྲུ་འཐོར་ཞིང་ཤིས་བརྗོད་རྒྱས་པར་བྱ། སྐབས་འདིར་ཐུན་མོང་མ་ཡིན་པའི་བརྒྱུད་འཛིན་ལ་སྡེ་བརྒྱད་དྲེགས་པའི་སྲོག་དབང་དང་གཏེར་སྲུང་གཟའི་སྲོག་དབང་སྦྱིན་ནོ། །དེ་རྣམས་ཀྱིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་དཀྱིལ་འཁོར་དུ་སྤྲོས་བཅས་ལྷ་དབང་ཆེན་མོ་རྒྱས་པར་གྲུབ་པ་ཡིན་པས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་དང་། དབང་བཞིའི་དམ་ཚིག་ཁྱད་པར་བ་རྣམས་ཀྱིས་བསྡུས་པའི་ས་མ་ཡ་འབུམ་སྡེའི་གནས་ལ་ཅི་ནུས་ཀྱིས་སློབ་ཅིང་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དབང་དོན་དམ་ཚིག་བྱེ་བྲག་རྣམས༔ མ་ལུས་ཐམས་ཅད་བདག་གིས་བསྲུང༔ དམ་ཚིག་འདི་ལས་འདའ་རེ་ཀན༔ ལན་གསུམ་ཞུ། དེ་ནས་གཏང་རག་མཎྜལ་ཕུལ་ལ། མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། དགེ་བསྔོ་བྱས་པས་འགྲུབ་བོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏོར་སྐྱོང་སོགས་དང་། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས། མདུན་གྱི་ཡེ་ཤེས་དཀྱིལ་འཁོར་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་དུ་ཕྲིན་ལས་ཚང་བ་མཐར་དབྱུང་ངོ་། །རྡོ་རྗེ་དྲག་པོའི་གསང་གསུམ་གཟི་བྱིན་གྱིས། །མ་དག་སྒོ་གསུམ་དབྱིངས་སུ་རབ་ཟོས་ཏེ། །ལྷ་སྔགས་ཆོས་ཉིད་དག་པའི་འཁོར་ལོ་ཡིས། །སྲིད་གསུམ་འཁྲུལ་པ་རྩད་ནས་གཅོད་བྱེད་ཤོག །འདིའང་ཟབ་ཆོས་རྒྱས་པར་འགྱུར་བའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་བདག་རིག་འཛིན་ཆེན་པོ་བསམ་གཏན་བསྟན་འཛིན་གྱི་གསུང་ཕལ་ཆེར་གཞིར་བཞག །འབྱིན་འཇུག་ཕྲན་བུས་ཁྱེར་བདེར་བསྡུས་ཏེ། རྒྱལ་དབང་པདྨའི་བཀའ་གསང་སྨིན་གྲོལ་གྱི་རྒྱུན་དད་མོས་ཆེན་པོས་སྡུད་པའི་རྩོལ་བ་ལ་ངལ་བ་མེད་པ། སྔགས་རིགས་འཆང་བ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
འཕགས་པ་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་གཙོ་བོའི་ཕྱི་ནང་གསང་བ་དང་། འཁོར་བཀའ་སྡོད་དུ་དང་། གསང་བ་གནད་ཀྱི་སྒྲུབ་ཐབས་བཅས་པ་རིན་ཆེན་སྤུངས་པ་ (Volume 50, Text 42)
༄༅། །འཕགས་པ་ཛམ་བྷ་ལ་དཀར་པོ་འབྲུག་ཞོན་གཙོ་བོའི་ཕྱི་ནང་གསང་བ་དང་། འཁོར་བཀའ་སྡོད་དུ་དང་། གསང་བ་གནད་ཀྱི་སྒྲུབ་ཐབས་བཅས་པ་རིན་ཆེན་སྤུངས་པ་ཞེས་བྱ་བ་བཞུགས་སོ། ། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དབུལ་བའི་སྡུག་བསྔལ་སེལ་བའི་ཕྱིར༔ ནོར་སྒྲུབ་རིན་ཆེན་སྤུངས་པ་བསྟན༔ ཐུགས་ཀྱི་དཀྱིལ་དུ་བཞག་ནས་ཀྱང༔ ས་ཡི་གཏེར་དུ་སྦ་བར་མཛོད༔ ལོངས་སྤྱོད་སྒྲུབ་ཅིང་ནོར་སྤེལ་བ་ལ༔ ནོར་ལྷ་གཅེས་པས་ཨཱརྻ་ཛམྦྷ་ལ་ལ་བསྟེན་ནས་བསྒྲུབ་པ་ནི་ཁྱད་པར་མཆོག་ཡིན་ཏེ༔ འདི་ལ་དོན་གསུམ༔ གཙོ་རྐྱང་དུ་སྒྲུབ་པ་དང༔ འཁོར་བཀའ་སྡོད་དུ་སྒྲུབ་པ་དང༔ གསང་བ་གནད་ཀྱི་སྒྲུབ་པའོ༔ དང་པོ་གཙོ་རྐྱང་དུ་སྒྲུབ་པ་ལ་གསུམ་སྟེ༔ ཕྱི་དང་ནང་དང་གསང་བའོ༔ གསང་བ་ལྟར་སྒྲུབ་པ་ནི༔ བཅའ་གཞི་འདི་ལྟར་བྱ་སྟེ༔ དང་པོ་རྫའི་གྭའུ་བྱས་ལ༔ ནང་དུ་ནོར་བདག་ཛཾ་བྷ་ལ་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་ན་བེ་ཅོན་དང་རྡོ་རྗེ་བསྣམས་པ༔ གཡོན་པར་ཁ་ཊྭཱཾ་ནེའུ་ལེ་འཛིན་པ༔ སྤྱན་གསུམ་པ༔ ཞལ་གདངས་པ༔ འབྲུག་ལ་ཞོན་པ༔ རལ་པ་གྱེན་དུ་བརྫེས་པ༔ སྐུ་ཤ་རྒྱས་པ༔ རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་བྱའོ༔ དེའི་ཐུགས་ཀར་ཕྱུག་པོ་ལ་སོགས་པས་བསྩལ་པའི་གསེར་དངུལ་ཟངས་ལྕགས་གཡུ་སྟེ་རིན་པོ་ཆེ་སྣ་ལྔ་ཤེལ་དང་དྲུག་གཞུག་གོ༔ དེ་ནས་རྫའི་གྭའུའི་ནང་དུ༔ སྤོས་དང༔ གླ་རྩི་དང༔ ཙནྡན་གྱིས་བྱུག་གོ༔ དེའི་ནང་དུ་རྫས་གསག་པ་ནི༔ ཤ་ཡིབ༔ མར་རྙིང༔ ཐུད༔ ཀ་ར༔ བུ་རམ༔ སྦྲང༔ ཞོ༔ ཆང༔ ཟས་ཕུད༔ མི་ནོར་དར་བའི་ས་ནས་སྣ་ཚོགས་གསག་གོ༔ ནས༔ འབྲས༔ ཁྲེ༔ གྲོ་མ༔ བྲ་བོ༔ སྲན་མ༔ ཉུངས་དཀར་ནག༔ གྲོ་ངར་འབྲུ་སྣ་ཚོགས་ཀྱང་གསོག་གོ༔ ཕྱུག་པོ་གཡང་ཅན་གྱི་ཕྱུགས་ལུག་གི་སྤུ་སྣ་ཚོགས་དང༔ ཕྱུག་པོ་གྲོང་བདུན་གྱི་ཁང་ས་ཞིང་ས་རྣམས་གཡང་སྐར་ལ་གསག་གོ༔ ས་དེ་གཉིས་ལ་རཏྣ་བརྡར་ལ༔ འབྲང་རྒྱས་མཐེ་བོང་ཙམ་གསུམ་བྱས་པ༔ ཛམྦྷ་ལའི་སྐུའི་ནང་དུ་གཞུག་གོ༔ དེ་ནས་མི་རྣམས་འདུ་བའི་སྙིང་པོ་གྲོ་ག་ལ་བྲིས་ལ༔ འཕགས་པའི་ནང་དུ་གཞུག་གོ༔ དེ་ནས་རྫའི་གྭའུ་དེ་དར་རས་གཙང་མས་དྲིལ་ལ༔ རང་གི་མདུན་དུ་མཎྜལ་བྱས་ལ་བཞུགས༔ དང་པོ་རབ་ཀྱིས་ཞག་བདུན༔ འབྲིང་གིས་ཞག་ཉེར་གཅིག༔ ཐ་མས་ཟླ་བ་གཅིག་ཏུ་བསྒྲུབ་བོ༔ དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཛམྦྷ་ལ་བསྒྲུབ་ལ༔ སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་སྙམ་དུ་བསམ་མོ༔ དེ་ནས་རང་དཔལ་རྟ་མགྲིན་དུ་བསྒོམས་པའི་མདུན་དུ་པཾ་ལྗང་གུ་ལས་པདྨ༔ ཨ་དཀར་པོ་ལས་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ཞིག་བསམ༔ དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་པ་ལས་ཛམྦྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡུ་འབྲུག་ལ་འཆིབས་པ་སྤྱན་གསུམ་ཁྲོ་ཚུལ་ཅན༔ ཞལ་གདངས་པ༔ སྐྲ་སེར་པོ་གྱེན་དུ་བརྫེས་པ༔ བརྗིད་པའི་མདངས་དང་ལྡན་པ༔ སྐུ་ལུས་ཆེ་ལ་ཚོ་ཞིང་རབ་ཏུ་རྒྱས་པ༔ གཡས་རྡོ་རྗེ་བེ་ཅོན་བསྣམས་པ༔ གཡོན་ནེའུ་ལེ་དང༔ ཁ་ཊྭཱཾ་ག་མཆན་ཁུང་ན་བཅུག་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་དར་གྱིས་བརྒྱན་པའོ༔ དེ་ནས་རང་ཡི་དམ་ལྷའི་ས་བོན་ལས་འོད་ཟེར་འཕྲོས་པས༔ རི་རབ་ཀྱི་བྱང་ཤར་མཚམས་ནམ་མཁའ་མཛོད་ཀྱི་གནས་ནས༔ ཡེ་ཤེས་སེམས་དཔའ་ནམ་མཁའ་མཛོད་སྤྱན་དྲངས་པ༔ མདུན་གྱི་ནམ་མཁར་བཞུགས་པ་ལ༔ མཆོད་པ་འབུལ་སྟེ༔ རྩ་བའི་སྔགས་ལ༔ དྷཱུ་པེ༔ པུཥྤེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ སརྦ་པཱུ་ཛ་མེ་གྷ་སྭཱ་ཧཱ༔ ཞེས་དངོས་དང་ཡིད་ཀྱིས་འབུལ་ལོ༔ ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་ལ་བསྟིམ་མོ༔ དེ་ནས་བཟླས་པ་བྱ་བ་ནི༔ རང་གི་སྙིང་གའི་ཡི་དམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་འཕགས་པའི་ཐུགས་ཀར་ཕོག༔ ཐུགས་ཀའི་པདྨའི་སྟེང་གི་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་བྱས་ལྟེ་བ་ནས་ཐོན་ཏེ༔ བདག་གི་ལྟེ་བ་ནས་ཚུར་ཞུགས༔ ཡང་བདག་གི་ས་བོན་ལ་བསྐོར་ནས་འོད་ཟེར་དུ་ཐོན་ཏེ་འཕགས་པའི་ཞལ་དུ་ཞུགས་ནས་འཁོར་བར་བསམ་མོ༔ ཕར་འཕྲོས་འཕགས་པ་མཆོད༔ ཚུར་འདུས་དངོས་གྲུབ་ཐོབ༔ སེམས་ཅན་རྣམས་ལ་ཕོག་པས་འགྲོ་དྲུག་སོ་སོའི་སྡུག་བསྔལ་དང་བྲལ་བར་བྱས་ནས༔ བདེ་བ་དང་ལྡན་ཏེ་ཐར་པ་བྱང་ཆུབ་ཐོབ་པར་བསམ་མོ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ༔ ཞེས་བཟླ་འོ༔ གཞན་ཡང་འོད་ཟེར་འཕྲོས་པས༔ ལྷ་དང༔ ཀླུ་དང༔ མིའི་ལག་ན་གནས་པའི་རིན་པོ་ཆེ་དང་འབྲུ་ནོར་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་བདག་གི་གནས་ཁང་ལོངས་སྤྱོད་ཀྱིས་གང་བར་བསམ་མོ༔ དེ་ནས་ཐུན་གཏོང་ན༔ གཏོར་མ་དང་ཆུ་སྦྱིན་གཏོང༔ འདོད་པའི་དོན་ལ་གསོལ་བ་གདབ་བོ༔ འགྲོ་བ་སེམས་ཅན་གྱི་དོན་དུ་འཁོར་བ་མ་སྟོང་གི་བར་དུ་གྭའུ་ལ་བཞུགས་པར་བསམ་མོ༔ རྟགས་ནི་ཟས་ནོར་མང་པོ་འབུལ་བ་རྨིས་པ་དང༔ མི་མང་པོས་ཕྱག་དང་བཀུར་སྟི་བྱེད་པ་རྨི་བ་དང༔ གོས་བཟང་པོ་གྱོན་པ་དང༔ རིན་པོ་ཆེས་བརྒྱན་པ་དང༔ ཉི་ཟླ་ཤར་བ་དང༔ མེ་ཏོག་དང་རིན་པོ་ཆེ་བསྡུས་པ་རྨི་བ་འོང་ངོ༔ དེ་ལྟར་རྟགས་བྱུང་བ་དང་གྭའུ་འབྲུའི་གསེབ་བམ༔ བང་བའམ༔ མཛོད་མིས་མི་མཐོང་བར་སྦའོ༔ དེས་ཟས་ནོར་ཐམས་ཅད་འཕེལ་ལོ༔ དེ་ནས་རྩ་སྔགས་ཀྱི་ཤམ་བུར་སྔགས་འདི་བཏགས་ལ་བཟླས་སོ༔ པི་ཤཱ་ནྲྀ་ཛ༔ ཅེས་བཟླས་པས་རང་དབང་མེད་པར་དབང་དུ་བསྡུ་བ་ནི་མི་སྙིང་བསྒུལ་བའི་སྙིང་པོའོ༔ ཞག་རེ་བརྒྱ་རྩ་རེ་བཟླ་འོ༔ གསང་སྒྲུབ་གྭའུ་ལ་བརྟེན་ཏེ་སྒྲུབ་པའོ༔ ྀཨཚ༔ ནང་གཏོར་མ་ལ་བརྟེན་ཏེ་སྒྲུབ་པ་ནི༔ གཏོར་སྣོད་རིན་པོ་ཆེའམ༔ གས་ཆག་མེད་པར་གཏོར་མ་ཟན་དང་དཀར་གསུམ་མངར་གསུམ་ཆུ་དང་བཅས་པ་ཅི་འབྱོར་བཤམ༔ རང་ཡི་དམ་ལྷར་བསྒོམས་ལ་ཨོཾ་ཨཱཿཧཱུྃ༔ དང་པོས་སྦྱང༔ གཉིས་པས་བསྒྱུར༔ གསུམ་པས་སྤེལ་བར་བསམ་ལ༔ དངོས་གྲུབ་བདག་ལ་ཅི་འདོད་གནང་བར་བསམ་མོ༔ གཏོར་མ་དུས་གསུམ་རྒྱུན་དུ་གཏོང༔ དེ་ནས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་མོ༔ ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པའོ༔ ྀཨཚ༔ ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་ནི༔ རིན་པོ་ཆེའི་བུམ་པར་སྲོག་ཆགས་མེད་པའི་ཆུ་བླུགས་ལ༔ མཁར་གཞོང་གི་ནང་དུ་འཕགས་པའི་སྐུ་བཞུགས་པའམ༔ ཡང་ན་བསྒོམས་ལ༔ ཆུ་གཏོར་མ་ལྟར་བྱིན་བརླབས་ཏེ༔ སྔགས་འདི་བརྗོད་ཅིང་འཕགས་པ་ལ་འབུལ་ལོ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་དྷ་ནཾ་མེ་དྷི་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ཀྱིས་དབུལ་ལོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ་སིདྡྷི་སྡུས་སྡུས་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་ཞིང༔ འཕགས་པ་སྲིན་ལག་གིས་བླངས་ལ་སྤྱི་བོར་བསྟིམ༔ ཆུ་གཙང་སར་གཏོར་རོ༔ ཕྱི་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབ་པའོ༔ ས་མ་ཡ༔ ྀཨཚ༔ ཤིན་ཏུ་ཟབ་རྒྱའོ༔ ༄༅༔ དབང་ཆེན་རྟ་མཆོག་རྒྱལ་ལ་ཕྱག་འཚལ་ལོ༔ འཁོར་བཀའ་སྡོད་དུ་སྒྲུབ་པ་འདི་ཡང་མངའ་བདག་ཐུགས་ལ་ཞོག༔ དཔེ་ལ་དམ་པར་གྱིས་ཤིག་གསུངས་སོ༔ གཙོ་བོའི་སྒྲུབ་པ་གཞུང་ནས་འབྱུང་བ་བཞིན་བསྙེན་པ་འཁྱོལ་བ་དང༔ གྭའུའི་ནང་དུ་སྔར་གྱི་གཙོ་བོའི་མཐའ་མར༔ འཁོར་གྱི་སྐུ་རྫའམ་ཙཀ་ལི་ལ༔ ཤར་དུ་ཛམྦྷ་ལ་དཀར་པོ་གཡས་རིན་པོ་ཆེ་དང༔ གཡོན་ནེའུ་ལེ་འཛིན་པ༔ ལྷོར་གང་བ་བཟང་པོ་སེར་པོ་གཡས་བུམ་པ༔ གཡོན་ནེའུ་ལེ༔ ནུབ་ཏུ་ནོར་བུ་བཟང་པོ་དམར་པོ་གཡས་རཏྣ༔ གཡོན་ནེའུ་ལེ༔ བྱང་དུ་ཀུ་བེ་ར་ལྗང་གུ་གཡས་རལ་གྲི༔ གཡོན་ལྕགས་ཀྱུ༔ ཤར་ལྷོར་ཡང་དག་ཤེས་སེར་སྐྱ་གཡས་ཞགས་པ༔ གཡོན་ནེའུ་ལེ༔ ལྷོ་ནུབ་ཏུ་འབྲོག་གནས་སྔོ་ནག་གཡས་མདུང་དང༔ གཡོན་ནེའུ་ལེ་དང་བི་ཛ་པཱུ་ར་ཀ༔ ནུབ་བྱང་དུ་ལྔས་རྩེན་ལྗང་སྔོན་གཡས་དགྲ་སཏྭ༔ གཡོན་ནོར་བུ༔ བྱང་ཤར་དུ་ཙི་པི་ཀུཎྜ་ལཱི་དམར་པོ་གཡས་གྭའུ༔ གཡོན་ནེའུ་ལེ་བསྣམས་པ༔ ཐམས་ཅད་འབྲུག་ལ་ཞོན་པ༔ རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པའོ༔ དེ་རྣམས་ཀྱི་སྙིང་གར་སྔགས་བྲི་བར་བྱ་སྟེ༔ ཤར་དུ་ཨོཾ་ཛམྦྷ་ལ་ཧྲྀ་ད་ཡ་སྭཱ་ཧཱ༔ ལྷོར་ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ནུབ་ཏུ་ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ བྱང་དུ་ཨོཾ་ཀུ་བཻ་ར་ཡ་སྭཱ་ཧཱ༔ ཤར་ལྷོར་ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ༔ ལྷོ་ནུབ་ཏུ་ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ནུབ་བྱང་དུ་ཨོཾ་པཱཉྩི་ཀཿཡ་སྭཱ་ཧཱ༔ བྱང་ཤར་དུ༔ ཨོཾ་ཙི་པི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ ཅེས་པ་བྲིས་ལ་གཞུག་གོ༔ དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་གཙོ་འཁོར་དྲིལ་བའི་སྔགས་བཟླ་འོ༔ སྤྱིར་ཞག་བདུན་གྱིས་ཆོག་གསུངས་ཀྱང་ལྷག་ཆད་འབྱུང་སྲིད་པས་སུམ་ལྡབ་བྱའོ༔ རྟགས་ནི་ཁྱེའུ་གཞོན་ནུས་ཟས་ནོར་སྟེར་བ་དང༔ འབྲུའི་ཆར་འབབ་པ་དང༔ གཏེར་བཏོན་པ་དང༔ རྔ་བརྡུང་བ་དང༔ དུང་འབུད་པ་དང༔ དར་ཆེན་འཕྱར་བ་དང༔ གངས་དཀར་གྱི་རྩེ་ལ་འཛེག་པ་ལ་སོགས་པ་ནི་ཞག་བདུན་ནམ་བཞི་རང་ནས་འབྱུང་སྟེ༔ དེ་ལ་སེམས་མ་ཡེངས་པར་བྱའོ༔ སྤྲང་པོ་དང་སྐལ་པ་ཆད་པ་རྨིས་ན༔ ཚོགས་གསག་པ་ལ་འབད་དོ༔ མཛེ་ཅན་དང་ཡུགས་ས་མ་ལ་སོགས་པ་རྨིས་ན༔ མི་གཙང་བ་ཕོག་པས་ཁྲུས་བྱའོ༔ རྟགས་མ་བྱུང་བར་དུ་བསྒོམ་བཟླས་ལ་འབད་པར་བྱ་སྟེ༔ བཟླས་པ་བྱ་བའི་ཚེ་དམིགས་པ་ནི༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གནོད་སྦྱིན་གཙོ་འཁོར་གྱི་ཐུགས་ཀར་ཕོག༔ གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུའི་ཁ་དོག་དམར་སེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་བསྡུས་ནས་རང་གི་གནས་ཁང་ཁེངས་པར་བསམ་མོ༔ གཏོར་མ་ནི༔ གཙོ་འཁོར་གྱི་སྔགས་ལ་ཁཱ་ཧི་ཁཱ་ཧི་བཏགས་ལ་འབུལ་ལོ༔ བཟའ་བཏུང་ལ་སོགས་ཅི་ཟའི་མཆོད་པ་འབུལ༔ མ་གྲུབ་ཀྱི་བར་དུ་གཏའ་གཏོར་རིན་པོ་ཆེའི་དབྱིབས་བྱས་ལ་ཆངས་བུས་བརྒྱན༔ མཐེབ་ཀྱུ་བརྒྱད་དང་བཅས་པ་བཤམ༔ ཤ་དམར་དང་དཀར་གསུམ་མངར་གསུམ་བཟང་པོས་བརྒྱན༔ དར་དཀར་པོ་ལ་གཙོ་འཁོར་དྲིལ་བའི་སྔགས་བྲིས་ལ༔ སྨྱུག་རྒོད་ལ་བཏགས་ནས་གཏོར་མ་ལ་བཙུག༔ སྒྲུབ་པ་ཐོན་ནས་གཏོར་མ་ཕུད་ཀྱིས་མཆོད་ཅིང་ལྷག་མ་ལ་ལོངས་སྤྱོད༔ གྭའུ་མིས་མི་མཐོང་སར་སྦའོ༔ དམ་ཚིག་ཏུ་སྒྲུབ་པ་ཐོན་ནས་ཀྱང༔ ཞག་རེ་ལ་སྔགས་བརྒྱ་རྩ་རེ་བཟླས༔ ཟས་ནོར་གྱི་ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད༔ སློང་བ་བྱུང་ན་ལག་སྟོང་དུ་མི་གཏོང༔ མ་བྱིན་པར་མི་བླང༔ སྒྲུབ་ཐབས་འདི་ལག་ཏུ་བླངས་ནས་དངོས་གྲུབ་མི་འབྱུང་མི་སྲིད་དོ༔ གཙོ་རྐྱང་དུ་སྒྲུབ་པ་དེ་ཀུན་ལ་ཡོད་ཀྱང༔ སྒྲུབ་ཐག་རིང་བས༔ འཁོར་བཀའ་སྡོད་དུ་སྒྲུབ་པ་འདི་ཀུན་ལ་མེད་པས་དཔེ་ལ་རྩིས་ཆེ་ཞིང་གདམ་མོ༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་འདྲ་བའི༔ ནོར་གྱི་སྒྲུབ་པ་པདྨ་བདག་གིས་བཀོད༔ དབུལ་བ་སེལ་བའི་གཏེར་ཆེན་དམ་པ་འདིས༔ སེམས་ཅན་ཀུན་གྱི་སྐྱབས་གནས་བྱེད་པར་ཤོག༔ ྀཨཚ༔ ཟབ་རྒྱ༔ ༄༅༔ པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ༔ གདམས་པ་ཡིད་བཞིན་ནོར་བུ་འདི༔ ཕྱག་མཚན་གྭའུའི་སྒྲུབ་པ་ཤིན་ཏུ་གསང་བ་མྱུར་མགྱོགས་སྒྲུབ་པའོ༔ འདི་ལ་རྫས་དང་བཅའ་ཐབས་གཉིས་ལས༔ དང་པོ་རྫས་ནི༔ རྫའི་གྭའུའི་ནང་དུ་འཁོར་གྱི་དཔེའུ་ཆུང་གཞུག༔ གྭའུ་ཕུལ་གང་ཤོང་བ་གཅིག་བྱས་ལ༔ དེའི་ནང་དུ་འཕགས་པ་བཞུགས་ཏེ༔ ནང་དུ་དར་སྣ་ལྔ་དང༔ དཀར་གསུམ་མངར་གསུམ༔ སྨན་སྣ་ཚོགས་དང༔ ཤིང་ཏོག་སྣ་ཚོགས་དང༔ ནོར་རྫས་རྟ་ཕྱུགས་གང་འདོད་ཀྱི་མིང་བྲིས་ལ་གཞུག་གོ༔ གཉིས་པ་བཅའ་ཐབས་ནི༔ གྭའུ་སྡེར་མ་ལ་མཆུ་ཕུག་ལ༔ དེ་རུ་སྨྱུག་མ་ལ་སྤྲེའུའི་མཇུག་སྤུ༔ རི་བོང་གི་སྨ་ར༔ བྱི་ལའི་མཇུག་སྤུ༔ སྲེ་མོང་གི་སྤུ་རྣམས་ལ་ཕྱགས་ཤིང་བྱས་ལ༔ སྨྱུག་མ་ལ་གཟུག༔ དེ་ལ་དར་དཀར་པོ་ལ་སྔགས་བྲིས་ནས་བཏགས་ལ༔ ཐོ་རངས་ནས་ཉི་མ་དྲོས་དྲོས་སུ༔ སྔགས་བཟླས་ཤིང་གཡོབ༔ སྔགས་ཡིད་བཞིན་གྱི་ནོར་བུ་འདིའོ༔ རཱ་ཙ་ས་མ་ཡ་ཧཱུྃ༔ ར་མི་ས་ལི་ཧཱུྃ༔ ཏྲི་ཙ་ས་མ་ཧཱུྃ༔ རཏྣ་སིདྡྷི་པུཥྚིཾ་ཀུ་རུ་ཧཱུྃ༔ ཛམྦྷ་ལ་པུཥྚིཾ་ཀུ་རུ་ཧཱུྃ༔ ཏྲིའུ་ཏྲིའུ་པུཥྚིཾ་ཀུ་རུ་ཧཱུྃ༔ གིང་ཀ་ར་གིང་ཀ་ར་པུཥྚིཾ་ཀུ་རུ་ཧཱུྃ༔ མི་ནོར་ཟས་གསུམ་དང་བཅས་པ་སིདྡྷི་ཨཱཿཧཱུྃ་ཛཿཛ༔ ཞེས་པས་ཞག་གསུམ་ན་འགྲུབ་བོ༔ དེ་ལ་འགྲུབ་པའི་རྟགས་སུ༔ ཁྱིམ་ནང་ནོར་རྫས་ཀྱིས་ཁེངས་པ་འོང༔ ནོར་རྫས་གང་འདོད་སྟེར་བ་འོང༔ བཙན་ཐབས་སུ་མྱུར་བར་འདོད་ན༔ ནེའུ་ལེའི་གསོབ་བྱས་ལ༔་་་མ་རྙེད་ན་སྲེ་མོང་གིས་ཚབ་ཏུ་རུང་། མཆན། ཕྱུག་པོ་གཡང་ཅན་གྱི་ནས་དང༔ རིན་པོ་ཆེའི་རྣམ་གྲངས་དང༔ མར་དང་མངར་གྱིས་བཀང་ལ༔ སྨྱུག་མ་ཚིགས་བདུན་པ་ལ་བཏགས༔ སྔགས་གོང་མ་རཱ་ཙ་ཞེས་པ་བཟླ་འོ༔ དེས་ནི་ལོངས་སྤྱོད་འཕེལ་ཞིང་བསམ་པ་འགྲུབ་བོ༔ དམ་ཚིག་ཏུ་མི་ལ་མི་བསྟན༔ གཡང་སྐར་གྱི་དུས་སུ་སྔགས་སྟོང་ཚོ་རེ་བཟླ་འོ༔ ཛམྦྷ་ལའི་ཕྱག་མཚན་ནེའུ་ལེའི་སྒྲུབ་པ་ཤིན་ཏུ་མྱུར་བའོ༔ ༈ དེ་ནས་ཛམ་བྷ་ལ་ལ་བསྟོད་ཅིང་གསོལ་བ་འདེབས་པ་ནི༔ ཧཱུྃ༔ ནོར་བདག་ཆེན་པོ་ཨཱརྻ་ཛམྦྷ་ལ༔ ཁྱོད་ནི་རིན་ཆེན་གཏེར་གྱི་བདག་པོ་སྟེ༔ ནོར་ལ་དབང་སྒྱུར་རིན་ཆེན་ཆར་དུ་འབེབ༔ རྣལ་འབྱོར་བདག་ལ་ནོར་གྱི་དངོས་གྲུབ་སྩོལ༔ ཐུགས་རྗེའི་མངའ་བདག་འཕགས་པ་ནམ་མཁའ་མཛོད༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསོད་ནམས་ཚོགས་བསགས་ནམ་མཁའི་མཛོད་དང་ལྡན༔ ཡེ་ཤེས་ཚོགས་རྫོགས་བྱང་ཆུབ་སེམས་དང་ལྡན༔ ཚོགས་གཉིས་རྫོགས་པའི་སྐུ་ནི་ཆེ་ལ་སྦོམ༔ ཉོན་མོངས་སྐྱོན་བྲལ་སྐུ་མདོག་དཀར་ལ་འཚེར༔ འགྲོ་བའི་རེ་སྐོང་རིན་ཆེན་ནེའུ་ལེ་དང༔ བེ་ཅོན་ཁ་ཊྭཱཾ་ལས་ནི་རིན་ཆེན་འབེབ༔ འགྲོ་དོན་བཞེངས་མཛད་གཡུ་འབྲུག་སྔོན་མོ་བཅིབས༔ ཐུགས་རྗེའི་ངང་ཉིད་སྤྱན་མིག་ཁྲོ་ཚུལ་གཟིགས༔ བྱམས་པས་འགྲོ་སྐྱོང་འཛུམ་པའི་མདངས་དང་ལྡན༔ རིན་ཆེན་རྒྱན་མཛེས་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་གཏེར་གྱིས་འགྲོ་བའི་དགོས་འདོད་སྐོང༔ དབུལ་བ་སེལ་མཛད་བྱང་ཆུབ་སེམས་དང་ལྡན༔ ཁྱོད་ཀྱི་ཐུགས་དམ་ཆེ་བའི་ཡོན་ཏན་སྐུ༔ རིན་ཆེན་ལོངས་སྤྱོད་ཆེན་པོའི་ཆར་པ་འབེབ༔ དབུལ་བའི་སྡུག་བསྔལ་འཕགས་པས་སྒྲོལ་མཛད་པ༔ འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་འདོད་དོན་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ འཚོ་བ་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རིན་ཆེན་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མི་ཟད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ བདུད་འདུལ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བར་དུ་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐ་མ་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་ཡོན་ལྔ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅི་བསམ་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ མི་སྙིང་སྒུལ་ཅིག་ཨཱརྻ་ཛམྦྷ་ལ༔ གྲགས་ཆེར་སྒྲོགས་ཤིག་ཨཱརྻ་ཛམྦྷ་ལ༔ ལྷ་འདྲེ་མི་གསུམ་སྡུས་ཤིག་ཛམྦྷ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན༔ མ་ལུས་མྱུར་དུ་བསྒྲུབ་པའི་གྲོགས་མཛོད་ལ༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད༔ སྔོན་གྱི་དམ་ཚིག་གཉན་པོ་དགྱེས་དགོངས་ལ༔ དཔལ་ཆེན་རྟ་མགྲིན་བཀའ་ལས་མ་འདའ་བར༔ ལྷ་ཡི་ལོངས་སྤྱོད་བདག་ལ་བསྩལ་དུ་གསོལ༔ ཞེས་གསོལ་བ་གདབ༔ རྒྱུན་གཏོར་གཏང༔ དུས་བཟང་གཏོར་ཆེན་དུས་སུ་བྱའོ༔ ཛམྦྷ་ལའི་སྒྲུབ་ཐབས་སློབ་དཔོན་པདྨས་མ་འོངས་དོན་དུ་མཛད་པ་རྫོགས་སོ༔ ས་མ་ཡ༔ ྀཨཚ༔ ས་མ་ཡ༔ ཟབ་རྒྱ༔ གདམས་པ་འདིའི་སྐོར་ལ་ཚེ་སྒྲུབ་བདུད་རྩི་འཁྱིལ་བ། སྲོག་སྒྲུབ་དུག་གི་སྤུ་གྲི། ནོར་སྒྲུབ་རིན་ཆེན་སྤུངས་པ་འདི་དང་གསུམ་འབྱུང་ངོ་། །གསང་ལ་སྤྱད་དོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གིས་རྟ་མགྲིན་མགུལ་ནས་བཏོན་པའོ། །སརྦ་མངྒ་ལཾ།། །།
ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་སྨིན་བྱེད་ཀྱི་ཆོ་ག་གཟུང་འཛིན་རང་གྲོལ་ (Volume 6, Text 42)
༄༅། །ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་སྨིན་བྱེད་ཀྱི་ཆོ་ག་གཟུང་འཛིན་རང་གྲོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་མ་ཧཱ་སུ་ཁཱ་ཡ། བདེ་མཆོག་བདུད་རྩིས་རྣམ་ཤེས་དྲི་བཀྲུས་ནས། །ཡེ་ཤེས་སྲོག་གི་ཟུངས་སྟེར་སྲིད་དང་ཞིའི། ཁྱབ་བདག་པདྨ་ཧེ་རུ་ཀ་དཔལ་ཞབས། །རྟག་ཏུ་བསྙེན་ནོ་རྡོ་རྗེའི་བྱིན་ཆེན་ཕོབ། །བླ་མ་ཡི་དམ་དབྱེར་མེད་ཀྱི། །སྨིན་བྱེད་རྒྱུད་ལུང་ཟབ་མོའི་གསང་། །འབྲེལ་བས་གྲོལ་བའི་བཅུད་མཆོག་འདི། །འབད་མེད་རྣམ་གྲོལ་གསོས་སུ་ལོངས། །ཟབ་མོ་བླ་མའི་ཐུགས་སྒྲུབ་དཔལ་བདེ་མཆོག་འཁོར་ལོའི་རིམ་པ་གཉིས་ཀྱིས་བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པའི་གང་ཟག་སྐལ་པ་མཆོག་གིས་ཁྱད་པར་དུ་བྱས་པ་དག་གིས། ཐོག་མར་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་ཡེ་ཤེས་ཀྱི་ས་བོན་གདབ་པར་བྱ་སྟེ། དེ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་དབང་གི་ལས་རིམ་མོ། །དང་པོ་ནི། དབེན་པའི་གནས་སུ་སྟེགས་བུའི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་རམ་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་སོ་ལྔའི་བཅུད་ལྡན་ཆིངས་དམར་ཁ་རྒྱན་དང་བཅས་པ་བཀོད་པའི་མདུན་དུ་གཙོ་འཁོར་ལྷ་ཙག་བདུན་པོ་དང་དབང་ཕྲེང་དམར་པོ་མེ་ལོང་བཅས། རྒྱབ་ཏུ་གསང་དབང་ཐོད་པར་ཆང་ལ་བདུད་རྩི་དང་མངར་གསུམ་སྦྱར་བ་དང་རིག་མའི་གཟུགས་བརྙན། གཡས་སུ་སྨན་གྱི་ཕོ་བྲང་ཆས་ལྡན། གཡོན་དུ་ཚེའི་འབྲང་རྒྱས། ཐོད་སྣོད་མཚན་ལྡན་དུ་ཚེ་ཆང་དང་བཅུད་ལེན་གྱི་རིལ་བུའམ་ཚེ་རིལ་སྤྱི་འགྲོ་བཞག །སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། ལས་བུམ། དུང་ཞལ། མིག་དར་མེ་ཏོག །སྔོན་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས་ལས་བྱང་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་ཏིང་འཛིན་གྱི་རིམ་པ་གསལ་བཏབ་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་རྣམས་བྱ། རྣམ་བུམ་དུའང་གསལ་གདབ་སྤྱི་མཐུན་བྱས་ལ་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་དང་བུམ་ལྷ་འོད་ཞུ་ཟིན་ནས། སྨན་དབང་གི་ཆེད་དུ་གཏེར་གཞུང་གཤམ་གསལ་སྨན་སྒྲུབ་ལས་སྐབས་འདིར་ཁྲོལ་སྒྲུབ་མ་འགྲུབ་ཀྱང་ཆོག་པས་ཕྱ་སྒྲུབ་ཀྱི་ལས་རིམ་དམིགས་བཟླས་དབབ་བསྐྱིལ་བཅས་པ་དང་། ཚེ་དབང་གི་ཆེད་དུ་གཏེར་གཞུང་ཚེ་སྒྲུབ་ལྷ་བསྐྱེད་ལས་རིམ་དམིགས་བཟླས་བཅས་གྲུབ་ནས་མཆོད་བསྟོད་འབུལ་ཞིང་ཚེ་འགུགས་གྱེར། ལས་བུམ་རྟ་མགྲིན་དང་འཁྱིལ་པ་གང་རུང་གིས་བསྒྲུབ། བཀའ་སྲུང་ལ་གཏོར་མ་འབུལ། ཚོགས་རྫས་བྱིན་བརླབས་ནས་ཕྱི་ནང་གསང་བའི་ཚོགས་མཆོད་བྱ། ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་ལས་བྱང་ལྟར་བྱིན་དབབ་ཅིང་མཆོད་བསྟོད་སྔོན་དུ་འགྲོ་བས་སྨན་གྱི་དངོས་གྲུབ་གཞུང་ལྟར་བླང་། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་རིག་པའི་མེ་ཏོག་དོར་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ་གཉིས། འཇུག་པའི་ཆོ་ག་དང་། དབང་བསྐུར་དངོས་སོ། །དང་པོ་ལའང་ཕྱི་ནང་གཉིས་ལས་ཐོག་མར་ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་དྲག་སྔགས་རོལ་མོ་ཡུངས་ཐུན་གྱིས་བསྐྲད་ལ་སྲུང་འཁོར་བསྒོམ་པ་རྣམས་ལས་བྱང་ལྟར་བྱ། མཚམས་སྦྱོར་དང་སྔགས་སྤྱི་མཐུན་གྱིས་མིག་དར་མེ་ཏོག་སྦྱིན། སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་སྤྱི་འགྲོ་དང་ཁྱད་པར། དེའང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་སྒྱུར་བ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཀྱིས་ཕྱོགས་དང་རིས་སུ་མ་ཆད་པའི་གདུལ་བྱ་མཐའ་ཡས་པ་འདུལ་བའི་སླད་དུ། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་དུས་གསུམ་རྒྱུན་ཆད་མེད་པར་བསྐོར་བ་ཐམས་ཅད་ཀྱི་སྙིང་པོའི་ཡང་བཅུད་ལམ་ཟབ་བླ་མ་སྒྲུབ་པའི་ཐབས་ཚུལ་མཐའ་ཡས་པ་བསྟན་པར་མཛད་པ་ལས། སྐབས་སུ་བབས་པ། བླ་མ་ཉིད་ཡི་དམ་གྱི་རྣམ་པར་སྒོམ་པའི་ཐབས་མཆོག །ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་མཐར་ཐུག །བསྐྱེད་རྫོགས་ཀུན་གྱི་དམར་བྱང་སྙིང་པོ་འདི་ནི། བཛྲ་གུ་རུ་པདྨ་བཛྲ་ཉིད་ཚེ་ལམ་གྱི་གྲོགས་མཆོག་མནྡཱ་ར་བ་དང་བཅས་ཏེ་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་ཚེའི་རིག་འཛིན་སྒྲུབ་པའི་སྐབས་སུ། ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ཆེན། ལོངས་སྐུ་དཔལ་ལྡན་འཁོར་ལོ་བདེ་མཆོག །སྤྲུལ་སྐུ་ལྷན་སྐྱེས་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་རང་བྱུང་བདེ་ཆེན་གསང་བའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཅིང་བྱིན་གྱིས་བརླབས། རྒྱུད་དང་གདམས་པའི་གསང་མཛོད་གཏད་པས་སྐུ་གསུམ་ཧེ་རུ་ཀ་དང་དབྱེར་མི་ཕྱེད་པར་གྱུར། ཕྱིས་གངས་ཅན་བོད་ཀྱི་གདུལ་བྱ་འདུལ་བའི་དུས་སུ་མངའ་བདག་ཆོས་རྒྱལ་ཁྲི་ལྡེས་གསོལ་བ་བཏབ་པའི་ངོར། བླ་མ་བདེ་མཆོག་འཁོར་ལོའི་ཆོས་བཀའ་ཟབ་ཅིང་རྒྱ་ཆེ་བའི་སྨིན་གྲོལ་གདམས་པ་མཐའ་ཡས་པ་བསྩལ། མཐར་གདམས་ངག་ཟབ་མོའི་གཞུང་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ནས་རྒྱས་པ་བདེ་མཆོག་དམར་པོ་གསང་བ་ཡོངས་རྫོགས་ཀྱི་སྐོར་ལྷོ་བྲག་སྲིན་མོ་སྦར་རྗེས་སུ་སྦས་པ་མངའ་བདག་སྐུ་སྤྲུལ་ཉང་ཉི་མ་འོད་ཟེར་གྱིས་སྤྱན་དྲངས། འབྲིང་པོ་གསང་མཆོག་མཐར་ཐུག་གི་སྐོར་གཙང་གི་བྱང་རུ་མཚམས་སུ་སྦས་པ་ལོ་ཆེན་བཻ་རོ་ཙ་ནའི་སྐྱེ་བ་ཨ་ཡ་བོན་པོ་ལྷ་འབུམ་མམ་གུ་རུ་རྣོན་རྩེས་སྤྱན་དྲངས། བསྡུས་པ་ཟབ་དོན་སྙིང་པོའི་བཅུད་འདྲིལ་འདི་ཉིད་གངས་བར་ཕུག་མོ་ཆེར་སྦས་པ་སྟེ། ཇི་སྐད་དུ། གངས་བར་ཕུག་མོ་ཆེར་སྦས་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་འབྱུང༔ ཞེས་པའི་རྡོ་རྗེའི་ལུང་གིས་བསྟན་པ་ལྟར་པདྨ་གསུང་གི་བཀའ་བབས་ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ། བྱར་སྨད་དུ་རྒྱའི་རིགས་ལས་འཁྲུངས་ཤིང་མདོ་སྔགས་གཉིས་ཀར་མཁས་པས་སྟོན་པར་གྲགས་པ་རྒྱ་སྟོན་པདྨ་དབང་ཕྱུག་ལ་ཁ་བྱང་བབས་ཤིང་ལུང་བསྟན་གྱིས་བསྐུལ་ཏེ། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་ཁ་སྟོད་གངས་བར་རྡོ་རྗེའི་ཕུག་མོ་ཆེ་ཞེས་པའི་བྲག་སྐྱིབས་ཆེན་མོའི་སྒོ་དྲུང་ཕ་ཝཾ་དབང་ཕྱུག་གི་མཚན་རྟགས་ཅན་ནས་བླ་རྫོགས་ཐུགས་གསུམ་གྱི་ཆོས་དང་བསྟན་སྲུང་གུར་མགོན་གྱི་རྒྱ་གཞུང་དྲེགས་པ་ཟིལ་གནོན་སྐོར་མན་ངག་ལེ་ཚན་ལྔ། དམ་རྫས་བདུད་རྩི་སྨན་གྱི་རིལ་བུ་བཅས་སྤྱན་དྲངས། འགྲོ་དོན་ཅི་རིགས་མཛད་ཅིང་གུར་མགོན་གྱི་སྐོར་རྣམས་ཡར་ལུང་ཀླུ་བའི་བླ་མ་རྣམས་བརྒྱུད་དེ་དེང་སང་ས་སྐྱའི་གུར་མགོན་གཞུང་པོད་མེ་འབར་མར་བཞུགས་པ་ཡིན་ཞིང་། བླ་མ་བདེ་མཆོག་གི་ཆོས་སྐོར་རྣམས་ལུང་བྱང་ལྟར་གནས་དེ་ཉིད་དུ་ཡང་གཏེར་གྱི་རྒྱས་བཏབ་པ་ཕྱིས་རབ་ཚེས་ས་སྟག་ལོའི་ས་ག་ཟླ་བའི་ཚེས་བཅུར་ཡེ་ཤེས་ཀྱི་མཁའ་འགྲོས་ཁྱབ་བདག་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་དཔེ་དངོས་སུ་བསྟན་ཅིང་བརྡ་སྤྲོད་མཛད་པའི་རྗེས་ཐོག་ཏུ་གཏེར་སྟོན་༧པདྨ་དབང་ཕྱུག་ཉིད་ཀྱི་སྐུ་མངོན་དུ་སྣང་བས་དབང་དང་གདམས་ངག་རྫོགས་པར་གནང་། དེ་འཕྲལ་ཚིག་བརྒྱུད་ཡི་གེའི་རིས་སུ་གཏན་ལ་ཕབ། ཆུ་རྟ་མགོ་ཟླའི་ཉེར་ལྔར་དོན་བརྒྱུད་སྨིན་གྲོལ་གྱི་གདམས་པ་ཁོ་བོ་ཅག་ལ་གཅིག་རྫོགས་ཀྱི་བཀའ་དྲིན་སྩལ་པ་སྟེ། དེ་ལྟར་བྱིན་རླབས་ཀྱི་ངད་པ་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་བླ་མ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་རིམ་པ་བགྱི་བ་ལ་འཇུག་པ་དང་དངོས་གཞི་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་པས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས། དགའ་ཆེན་སྟོན་པ་ཧེ་རུ་ཀ༔ ཁྱབ་བདག་པདྨ་བཛྲ་རྩལ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལས་གསང་བ་ཟབ་མོའི་སྣོད་དང་ལྡན་པར་རིག་ནས་གནང་བ་བསྩལ་ཞིང་དམ་ཚིག་བསྒྲག་པ་ཡིན་པས་འདི་ལ་སྙན་གཏོད་འཚལ། ལེགས་འོངས་སྐལ་ལྡན་རིགས་ཀྱི་བུ༔ ཟབ་མོའི་སྨིན་གྲོལ་དོན་གཉེར་ན༔ རྩ་བ་ཡན་ལག་དམ་ཚིག་སྲུངས༔ འདའ་དཀའ་རྡོ་རྗེའི་བྲོ་བོར་ཞིག༔ བདུད་རྩིའི་དམ་ཆུ་སྦྱིན་ལ། བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ དམ་ཚིག་རྡོ་རྗེའི་ཆུ་ནན་དེ་ཉིད་ལྕེའི་དབང་པོ་བརྒྱུད་སྙིང་གའི་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་ཏེ་དམ་ཚིག་སྲུང་བ་དང་ཉམས་པའི་ཁེ་ཉེན་གྱི་དཔང་པོ་བྱེད་པ་ཡིན་པས་ཇི་སྐད་བསྒོས་པ་ལས་འདའ་བར་མི་བགྱིད་དོ་སྙམ་པས་ཐ་ཚིག་གི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དཾ་རཀྵ་མི༔ དབང་གི་སྣོད་རུང་དུ་སྒྲུབ་པ་རྒྱུད་རྣམ་པར་སྦྱང་བའི་སླད་དུ་སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་རྣམས་རིམ་པར་འབྱུང་བ་ཡིན་པས་འདུན་པ་འདི་ལྟར་དུ་མཛོད་ཅིག །དཔལ་ལྡན་བླ་མ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་བདག་ཉིད་ཅན་དུ་བཞུགས་པ་ལ་བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི་བར་བགྱིའོ་སྙམས་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་འཁོར་ལོ་བདེ་བའི་མཆོག༔ སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁས་ཁྱབ་པའི་མར་གྱུར་འགྲོ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་གཏན་བདེའི་གོ་འཕང་བླ་མ་འཁོར་ལོ་བདེ་མཆོག་གི་སྐུ་དང་ཡེ་ཤེས་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ཟབ་མོ་ནོད་ལ་གྲོལ་བྱེད་ལམ་གྱི་རིམ་པ་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སྨོན་འཇུག་གི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན༔ སོགས་ལས་བྱང་ལྟར་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རྣམས་རེ་རེ་བཞིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་གསུམ། དབང་གི་ཡེ་ཤེས་པ་རང་རྒྱུད་ལ་གནས་པའི་གཞིའམ་རྩ་བར་གྱུར་པ་དམ་ཚིག་དང་སྡོམ་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པས་དམ་བཅའ་རྣམ་གསུམ་བརྟན་པོར་བཟུང་བ་འདིའི་རྗེས་ཟློས། ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་སྤོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རློབ་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱོད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་དུ། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ལན་གསུམ། དེ་རྣམས་ཀྱིས་དཀྱིལ་འཁོར་ཕྱི་འཇུག་གི་རིམ་པ་གྲུབ་ནས། ནང་འཇུག་གི་སླད་དུ་སློབ་དཔོན་བདེ་བ་མཆོག་གི་ཐུགས་ཀ་ནས་ཚད་མེད་པ་བཞིའི་རང་བཞིན་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་དྲངས་ཤིང་བཀུག་སྟེ་གཙོ་བོའི་མདུན་དུ་ཕྱིན་པར་མོས་ཤིག །ཛཿཧཱུྃ་བཾ་ཧོ༔ སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་རྣམས་བརྩེགས་པའི་གདན་ལ་འཁོད་པར་མོས་ཤིག བཛྲ་ས་མ་ཡ་སཏྭམ༔ དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ལུས་ངག་ཡིད་གསུམ་གྱི་གནད་ལེགས་པར་གཅུན། སེམས་རྣམ་པར་རྟོག་པས་མ་གཡེང་བར་དམིགས་པ་ལ་ཡིད་རྩེ་གཅིག་ཏུ་གཏོད་ཅིག །བླ་མ་ཡི་དམ་དབྱེར་མེད་པ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་བདེ་བ་ཆེན་པོའི་འོད་ཟེར་གློག་གི་མེ་ལྕེ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རེག་པ་ཙམ་གྱིས་གདོས་བཅས་རྣམ་སྨིན་གྱི་ཕུང་པོ་བསྲེགས་ནས་སྟོང་པར་སྦྱངས། ལུས་སེམས་རྡུལ་དང་བྲལ་བའི་དྭངས་མ་ཧཱུྃ་ཡིག་དམར་པོར་གྱུར་པ་བླ་མ་བདེ་བ་མཆོག་གི་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། ཡབ་ཡུམ་སྦྱོར་བའི་མཁའ་གསང་དུ་བྱང་ཆུབ་སེམས་ཀྱི་གོང་བུར་གྱུར། དེ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བདེ་མཆོག་པདྨ་བཛྲ་རྩལ་སྐུ་མདོག་དམར་པོ་པདྨ་རཱ་གའི་མདངས་འོད་འཚེར་བ། ཁྲོ་ཞིང་ཆགས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་གནག་སྣུམ་ལས་མེ་འོད་འཕྲོ་བ། རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་ནོར་བུ་དང་གཡོན་ངོས་སུ་ཟླ་བ་ཚེས་པས་བརྒྱན་པ། ཞིང་ལྤགས་དང་གླང་ཀོས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཐོད་པ་སྐམ་རློན་སྦྲུལ་རིགས་ལྔ་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་པ། ཕྱག་གཉིས་ཀྱིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་མནྡཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་བརྐྱང་བསྐུམ་དོར་ཐབས་ཚུལ་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བའི་སྐུའི་གནས་ལྔར་ཐོད་ཕྲེང་རིགས་ལྔ། དེ་དག་གི་ཐུགས་ཀ་དང་ནོར་བུའི་རྩེ་མོ་བརླ་གཡས་གཡོན་རྣམས་སུ་བཀའ་བབས་ཀྱི་རིག་འཛིན་ཆེན་པོ་བརྒྱད། སྙིང་གའི་ནང་སྐོར་གྱི་རྩ་འདབ་བཞི་ལ་རིགས་བཞིའི་རྣལ་འབྱོར་མ། སྨིན་མཚམས་ལ་སོགས་པའི་གནས་ཉེར་བཞིར་དཔའ་བོ་དང་རྣལ་འབྱོར་མ་ཉི་ཤུ་རྩ་བཞི། ཡན་ལག་བཞི་ལ་སྒོ་མཚམས་བརྒྱད། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྩ་གསུམ་རྒྱལ་བ་ཞི་ཁྲོ་ཏིལ་གོང་ཁ་ཕྱེ་བ་ལྟ་བུར་གསལ་བར་གྱུར་པ་མཁའ་གསང་ནས་ཕྱུངས། ཕྱི་རོལ་དུ་སྔར་བཤམས་པའི་དབང་སྟེགས་ཀྱི་གདན་ལ་འཁོད་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་འབྲུ་གསུམ་དཀར་དམར་མཐིང་གའི་མདངས་ཅན་གྱིས་མཚན་པ་དང་ཐུགས་སྲོག་ཧཱུྃ་ཡིག་ཉི་མ་ལྟར་འབར་བ་དེ་རྣམས་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའི་དབྱིངས་གང་བ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་དམ་བསྐུལ། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ནུས་མཐུ་ཡེ་ཤེས་ཆེན་པོའི་གཟི་བྱིན་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་ཆེན་འབབ་པ་ལྟར་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ་པས་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྒྱུད་ལ་ཕེབ་པར་མོས་ཤིག །འབེབ་རྫས་དང་ཌ་དྲིལ་དབྱངས་ཀྱིས་བསྐུལ་ཏེ་ཚིག་བདུན་གསོལ་འདེབས་དང་ལས་བྱང་གི་བྱིན་འབེབ་རྣམས་ཀྱི་མཐར། མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཛྙཱ་ན་སཏྭ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ༔ སཏྭམ་བྷ་ཡ་སཏྭམ་བྷ་ཡ༔ ར་ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་རྡོ་རྗེ་མགོར་བཞག །སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དུ་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། ཧོ༔ བླ་མ་བདེ་ཆེན་ཧེ་རུ་ཀའི༔ རྡོ་རྗེའི་སྐུ་ཡི་དཀྱིལ་འཁོར་དུ༔ བདག་གིས་རིག་པའི་མེ་ཏོག་འབུལ༔ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ༔ རཏྣ་མཱ་ལ་པྲ་ཏཱིཙྪ་ཧོ༔ དེ་ལྟར་དོར་བའི་མེ་ཏོག་བླ་མའི་དབུ་གཙུག་ཏུ་བབས་པ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་ཅོད་པན་གྱི་ཚུལ་དུ་བཅིངས་པར་མོས་ཤིག པུཥྤེ་མཱ་ལ་གྲྀཧྞ་ཧོ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་ཏེ་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ལྟར་ཡེ་ཤེས་དག་པའི་མིག་ཐོབ་པས་སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ལུས་ལ་གནས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་བཞིན་དུ་མཐོང་བར་གྱུར་པའི་མོས་པ་མཛོད་ཅིག །དེ་རྣམས་ཀྱིས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་ལེགས་པར་གྲུབ་པ་ལགས། ཞུགས་པ་ལ་མངོན་པར་དབང་བསྐུར་བའི་ཐོག་མར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དབང་དངོས་ལ་སྦྱང་གཞིའི་རིམ་པ་དང་མཐུན་པར་སྦྱོང་བྱེད་རྣམ་གྲངས་བཞིར་བཞུགས་པ་ལས། དང་པོ་བུམ་པའི་དབང་གི་སླད་དུ་དམིགས་འདུན་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་དེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་སྔགས་པ་ལྷན་ཅིག་གར་བྱེད་ཤོག །ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླང་། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། རིགས་ཀྱི་ཡུམ་ལྔས་རྡོ་རྗེ་བདུད་རྩིའི་ཆུས་བཀང་བའི་བུམ་པ་ཐོགས་ཏེ་མངོན་པར་དབང་བསྐུར་བར་གྱུར། རྣམ་བུམ་ཐོགས་ལ། ཨོཾ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀྱིས༔ བཀྲ་ཤིས་བུམ་པ་བཟུང་ནས་ནི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ ཐ་མལ་སྣང་ཞེན་དག་པར་ཤོག༔ སྒྲུབ་སྔགས་མཐར་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿཀ་ལ་ཤ་ཨ་བྷི་ཥིཉྩཱ་མི༔ ཞེས་བུམ་ཆུ་འཐོར་འཐུང་བྱ། དེས་བུམ་དབང་དངོས་གཞི་སོང་ནས་རྗེས་འབྲེལ་དུ་ལྷ་སྒོམ་སྔགས་བཟླས་ཏིང་ངེ་འཛིན་གྱི་ནུས་པ་རྒྱུད་ལ་འཇོག་པའི་སླད་དུ་སྐུ་གསུང་ཐུགས་ཀྱི་དབང་རྣམས་རིམ་པར་བསྐུར་བའི་ཐོག་མར། སློབ་དཔོན་བདེ་མཆོག་པདྨ་བཛྲའི་སྐུ་དང་གནས་སོ་སོའི་ལྷ་རྣམས་ལས་ལྷ་སྐུ་ཕྱག་རྒྱ་གཉིས་པ་རེ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་དང་གནས་སོ་སོར་ཐིམ་པས་སྣང་སྟོང་སྐུའི་ཡེ་ཤེས་བསྐྱེད་པར་མོས་ཤིག །ཙཀླི་རྣམས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་བཞག་ལ། ཧཱུྃ༔ བདེ་མཆོག་འབར་བའི་ཕོ་བྲང་ནས༔ པདྨ་བཛྲ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་ཤོག༔ ཨོཾ་པདྨ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ བྱིན་རླབས་ཀློང་ཡངས་ཕོ་བྲང་ནས༔ བླ་མ་རིག་འཛིན་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ བཀོད་པ་ཚད་མེད་ཕོ་བྲང་ནས༔ ཐོད་ཕྲེང་རིགས་ལྔ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉོན་མོངས་ཕུང་པོ་རང་གྲོལ་ཤོག༔ ཨོཾ་བཛྲ་གུ་རུ་ཐོད་ཕྲེང་རྩལ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ ལྷ་དང་དབྱེར་མེད་ཕོ་བྲང་ནས༔ དཔལ་ཆེན་རིག་འཛིན་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚོགས་ཡུལ་རྟོག་པ་རང་གྲོལ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ ཚད་མེད་བཞི་ལྡན་ཕོ་བྲང་ནས༔ བདེ་ཆེན་རིགས་བཞིའི་དྷཱ་ཀི་ནཱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་དྷཱ་ཀི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ ཉེར་བཞིའི་ཡུལ་གྱི་ཕོ་བྲང་ནས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་རྩལ་རྫོགས་དབང་ཐོབ་ཤོག༔ ཨོཾ་བཱི་ར་ཡོ་གི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ ཧཱུྃ༔ དུར་ཁྲོད་གནས་བརྒྱད་ཕོ་བྲང་ནས༔ སྒོ་མཚམས་སྐྱོང་བའི་ཕོ་ཉ་མོས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་མཐར་ཕྱིན་དབང་ཐོབ་ཤོག༔ ཨོཾ་ཀརྨ་དྷཱ་ཀི་ནཱི་སརྦ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ དེང་ཕྱིན་ཆད་ལྷ་སྐུ་ཕྱག་རྒྱའི་གཟེར་བརྟན་གཡོ་ཀུན་ལ་བཏབ་སྟེ་ཐ་མལ་གྱི་དངོས་པོ་ཐམས་ཅད་སྣང་སྟོང་ལྷའི་འཁོར་ལོར་འཆར་བ་ལ་བརྩོན་པར་གྱིས་ཤིག །སློབ་དཔོན་དང་ཁྱེད་རང་གཉིས་ཀ་བདེ་མཆོག་པདྨ་བཛྲ་གསལ་བའི་ཐུགས་ཀར་རྡོ་རྗེ་ཐོད་ཕྲེང་དང་ཧཱུྃ་ཆེན་ཀཱ་རའི་ཐུགས་ཀློང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧཱུྃ་དམར་པོ་མེ་འོད་འཕྲོ་བ་རེ་གསལ་ཐོབ། སློབ་དཔོན་གྱི་ཐུགས་སྲོག་ས་བོན་གྱི་མཐར་སྔགས་ཕྲེང་གི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ནང་དུ་ཞུགས། ཐུགས་སྲོག་ཧཱུྃ་ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་སྔགས་ཕྲེང་བར་མ་ཆད་དུ་འབྱུང་། ཕྱི་ནང་ཡབ་ཡུམ་རྣམས་ཀྱི་ཞལ་དང་གསང་བའི་གནས་ནས་སྙིང་གར་བརྒྱུད་དེ་མགལ་མེ་ལྟར་འཁོར་བའི་འོད་ཟེར་དང་བདེ་བ་ཆེན་པོའི་གཟི་བྱིན་གྱིས་ཟག་པ་མེད་པའི་བདེ་བ་འབར་ཞིང་དངོས་གྲུབ་ཡེ་ཤེས་བརྟན་པར་གྱུར་པར་མོས་ལ་བསྙེན་སྔགས་ཀྱི་རྗེས་ཟློས། ཞེས་བསྙེན་སྔགས་འབྲུ་དྲུག་ལན་གསུམ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྒྲུབ་པའི་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་སྲོག་གི་མཐར་འཁོད་པ་ལས་བཟླས་པའི་རྐྱེན་གྱིས་བདེ་ཆེན་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་ལུས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ། ལྷ་རྣམས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས། མཁའ་ཁྱབ་ཀྱི་རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་མཆོད་ཅིང་བྱིན་རླབས་དྭངས་བཅུད་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ། འོད་ཟེར་སླར་འཕྲོས་པས་སྣོད་དང་བཅུད་དུ་འཛིན་པའི་སྣང་ཞེན་སྦྱངས་ནས་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གྱུར། གྲགས་སྟོང་གསུང་གི་ཡེ་ཤེས་བསྐྱེད་པར་མོས་ལ་སྒྲུབ་པའི་སྔགས་ཀྱི་རྗེས་ཟློས། ཞེས་སྒྲུབ་སྔགས་ཉེར་གཅིག་པ་ལན་གསུམ། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་བུདྡྷ་ཐོད་ཕྲེང་རྩལ་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་མཁའ་ཁྱབ་ཏུ་འཕྲོས། ཞི་བའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མོས་ལ་རྗེས་ཟློས། སོ་སོའི་ལས་སྔགས་གསུམ་རེ་བཟླ་བ་ཀུན་ལ་འགྲེ །ལྟེ་བའི་རཏྣ་ཐོད་ཕྲེང་རྩལ་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་གསེར་མདོག་མཁའ་ཁྱབ་ཏུ་འཕྲོས། རྒྱས་པའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མོས་ལ་རྗེས་ཟློས། སྔགས་གསུམ། མགྲིན་པའི་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དམར་པོ་མཁའ་ཁྱབ་ཏུ་འཕྲོས། དབང་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམས་ལ་རྗེས་ཟློས། སྔགས་གསུམ། ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྔོན་པོ་མཁའ་ཁྱབ་ཏུ་འཕྲོས། དྲག་པོའི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམས་ལ་རྗེས་ཟློས། སྔགས་གསུམ། གསང་བའི་ཀརྨ་ཐོད་ཕྲེང་རྩལ་གྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ལྗང་གུ་མཁའ་ཁྱབ་ཏུ་འཕྲོས། ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་མོས་ལ་རྗེས་ཟློས། སྔགས་གསུམ། སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱ༔ ལྷ་སྔགས་དབྱེར་མེད་བཀོད་པ་དང༔ བདེ་ཆེན་སྤྲོ་བསྡུའི་བཟླས་པ་ཡིས༔ འགྱུ་བའི་རླུང་ཁམས་སྔགས་སུ་དག༔ གསུང་གི་ཡེ་ཤེས་འགྲུབ་པར་ཤོག༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་སྙིང་པོ་སྔགས་ཀྱི་གཟེར་དང་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་བརྟན་གཡོའི་སྒྲ་སྐད་ཀུན་ལ་བཏབ་སྟེ་ཐ་མལ་གྱི་སྒྲར་གྲགས་ཐམས་ཅད་གྲགས་སྟོང་གསུང་གི་འཁོར་ལོར་འཆར་བ་ལ་བརྩོན་པར་གྱིས་ཤིག །མེ་ལོང་བསྟན་ལ། སྣང་གྲགས་རྟོག་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྣ་ཚོགས་སུ་སྣང་ཡང་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་སེམས་སྟོང་པ་ཉིད་ཀྱི་རང་མདངས་མེ་ལོང་དྭངས་པ་ལ་ཤར་བའི་གཟུགས་བརྙན་རང་བཞིན་མ་གྲུབ་པའི་དཔེས་མཚོན་པར་གྱིས་ལ། རང་རིག་ཀ་དག་གཉུག་མ་ཆོས་ཉིད་མ་བཅོས་པའི་རང་ངོ་ལ་མཉམ་པར་གཞག་པས་ཐུགས་ཀྱི་ཡེ་ཤེས་བསྐྱེད་པར་མོས་ཤིག །ཧཱུྃ༔ འདི་ལྟར་སྣང་ཞིང་གྲགས་པ་ཀུན༔ གསལ་སྟོང་མེ་ལོང་གཟུགས་བརྙན་ལྟར༔ ཆོས་ཉིད་དོན་གྱི་དབང་བསྐུར་བས༔ ཐུགས་ཀྱི་ཡེ་ཤེས་འགྲུབ་པར་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་དགོངས་པ་མི་འགྱུར་བའི་གཟེར་འཁོར་འདས་ཀྱི་རྟོག་ཚོགས་ཀུན་ལ་བཏབ་སྟེ་དྲན་རྟོག་རང་ག་མའི་འཕྲོ་འདུ་ཐམས་ཅད་རིག་སྟོང་ཐུགས་ཀྱི་འཁོར་ལོར་འཆར་བ་ལ་བརྩོན་པར་གྱིས་ཤིག །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རྣམས་ལ་ཐིམ་པས་དབང་གི་ཡེ་ཤེས་འཕེལ་ཞིང་བརྟན་པར་གྱུར་པའི་མོས་པ་མཛོད། མེ་ཏོག་འཐོར་ལ་ཤིས་བརྗོད་ཡེ་དྷར། སུ་པྲ་ཏིཥྛ་རྣམས་ཀྱིས་བརྟན་པར་བྱ། དེ་ལྟར་བུམ་པའི་དབང་བསྐུར་བས༔ བརྟན་གཡོའི་སྣང་ཞེན་དྲི་མ་དག༔ ཕྱི་ནང་བསྐྱེད་རིམ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་སྐུ་མངོན་དུ་འགྱུར༔ ཅེས་དག་པ་བརྗོད། དེས་སྨིན་བྱེད་བུམ་པའི་དབང་རྗེས་འབྲེལ་དང་བཅས་པ་སོང་ནས། དེ་ཉིད་ལམ་དུ་ཁྱེར་བ་རྟེན་སྣང་སྟོང་བསྐྱེད་པའི་རིམ་པ་ལ་བསླབ་དགོས་པས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་འཆད་པ་ལ། སོགས་ཀྱིས་མཚམས་སྦྱར་ནས་རྒྱས་པར་སྤྲོ་ན་ཟུར་གསལ་ཁྲིད་ཡིག་གི་ལོ་རྒྱུས་དང་སྔོན་འགྲོ་ནས་བཟུང་། རྟེན་བསྐྱེད་རིམ་གྱི་ཁྲིད་རྫོགས་ཀྱི་བར་གོ་བརྡ་འཕྲོད་པར་དལ་བུས་བཀླག །བསྡུ་ན་ལས་བྱང་གི་གསལ་བརྟན་དག་གསུམ་ཙམ་དག་ཅིང་གསལ་བར་བརྗོད་དོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད། བླ་མ་བདེ་མཆོག་པདྨ་བཛྲ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་སྐུ་ལ་ཐིམ། ཆགས་པ་ཆེན་པོའི་མེས་ཞུ་བ་གཞིར་གནས་ཀྱི་བྱང་སེམས་དང་རོ་གཅིག་ཏུ་འདྲེས་པ་མཁའ་གསང་ནས་ཧཱུྃ་ཡིག་དམར་པོའི་རྣམ་པར་སྤྲོས། ཐོད་པའི་དམ་རྫས་དང་རོ་གཅིག་ཏུ་འདྲེས་ཏེ་འོད་དུ་ཞུ། བདེ་ཆེན་ཆགས་པའི་དམར་མདངས་འབར་བཞིན་པ་དེ་ཉིད་ལྗགས་ཐོག་ཏུ་བསྩལ་བར་མོས་ཤིག །ཐོད་པའི་བདུད་རྩི་ཐོགས་ལ། ཨཱ༔ ཞུ་བདེས་དྲངས་པའི་བྱང་སེམས་ཧཱུྃ༔ དམར་གསལ་ཆགས་པའི་མདངས་འོད་འཚེར༔ རྩ་ཁམས་རླུང་ལ་དབྱེར་མེད་ཐིམ༔ མི་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ སྒྲུབ་སྔགས་མཐར། ཨོཾ་ཨཱཿཧཱུྃ། བཏགས་པ་བརྗོད་ལ་སྦྱིན། གསང་རྫས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ་པས་བདེ་བ་འབར། ཆོས་ཐམས་ཅད་རང་གི་སེམས་ཀྱི་རོལ་རྩལ་དུ་རྟོགས། སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་སེམས་ཉིད་ཀྱི་ཀློང་དུ་ཐིམ། ཉམས་མྱོང་བསམ་བརྗོད་དཔེ་ལས་འདས་པའི་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་གསང་བའི་དབང་བསྐུར་བས༔ རླུང་དང་རྟོག་པའི་དྲི་མ་དག༔ བདག་བྱིན་བརླབ་སོགས་བསྒོམ་ལ་དབང༔ འབྲས་བུ་ལོངས་སྐུ་མངོན་དུ་འགྱུར༔ དེས་གསང་བའི་དབང་བསྐུར་སོང་ནས་དེ་ཉིད་ལམ་དུ་ཁྱེར་བ་བརྟེན་པ་རྫོགས་པའི་རིམ་པའི་ཁྲིད་སྟོན་པ་ལ། ཞེས་པ་ལྟ་བུས་མཚམས་སྦྱར་ནས་ཁྲིད་ཡིག་གམ། གཏེར་གཞུང་ཚིག་རྐྱང་པ་གང་རུང་གིས་བདག་བྱིན་རླབས། སྣ་ཚོགས་རྡོ་རྗེ། ཛཱ་ལནྡྷ་རའི་ཁྲིད་རྣམས་འཆད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རིགས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་ཤིང་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བའི་ཕྱག་རྒྱ་མོ་བྱིན་གྱིས་བརླབས་པ་གཏད་པར་མོས་ཤིག །རིག་ཙཀ་བྱིན་ལ། ཧཱུྃ༔ རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ནི༔ བདེ་ཆེན་ཡེ་ཤེས་འབྱུང་བའི་གནས༔ སྙོམས་པར་འཇུག་པའི་སྦྱོར་བ་ཡིས༔ བདེ་བ་དམ་པ་མྱོང་བར་གྱིས༔ ཀརྨ་མུ་དྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་བདེ་མཆོག་པདྨ་བཛྲ། རིག་མ་མནྡཱ་ར་བ། མཁའ་གསང་རྡོ་རྗེ་དང་པདྨ་ཧཱུྃ་དང་ཕཊ྄་ཀྱིས་མཚན་པ། ཐབས་འདི་ལས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་སྟེ་འདུ་ཤེས་གསུམ་དང་ལྡན་པའི་རྣལ་འབྱོར་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་མཐར་འཕོ་འགྱུར་མེད་པའི་བདེ་ཆེན་ཀྱི་ཡེ་ཤེས་མངོན་དུ་བྱས། སློབ་དཔོན་གྱི་ཐུགས་ཀ་ནས་མི་ཤིགས་པའི་བདེ་བ་ཆེན་པོའི་ཐིག་ལེ་ཧཱུྃ་ཡིག་གི་རྣམ་པར་ཤངས་བུ་ག་གཡས་ནས་སྤྲོས། ཁྱེད་རང་རྣམས་ཀྱི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་གར་ཟླ་བའི་གདན་ལ་འཁོད། དེ་ལས་བདེ་སྟོང་གི་འོད་ཟེར་དཀར་ལ་དམར་བའི་མདངས་ཅན་དཔག་ཏུ་མེད་པས་ལུས་ཀྱི་ནང་ཐམས་ཅད་གང་། ཟག་པ་མེད་པའི་བདེ་བས་ཁྱབ། དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །དེ་ལྟར་གསུམ་པའི་དབང་བསྐུར་བས༔ ཟག་བཅས་ཐིག་ལེའི་དྲི་མ་དག༔ ཕོ་ཉའི་ཡེ་ཤེས་བསྒོམ་ལ་དབང༔ འབྲས་བུ་ཆོས་སྐུ་མངོན་དུ་འགྱུར༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སོང་ནས། དེ་ཉིད་ལམ་དུ་ཁྱེར་བའི་ཁྲིད་སྟོན་པ་ནི། སོགས་མཚམས་སྦྱར་ནས་ནོར་བུ་འགེངས་པའི་རིམ་པ་བསྟན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེས་ངོ་སྤྲོད་པ་ལ། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། རླུང་རོ་ལན་གསུམ་བསལ། སྙིང་གར་ཟླ་བའི་གདན་ལ་འཁོད་པའི་ཧཱུྃ་ཡིག་དཀར་དམར་འོད་ཟེར་འཕྲོ་བ་ལ་སེམས་རྩེ་གཅིག་ཏུ་གཏད། མཐར་དེའང་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་མོས་ལ་ཟུང་འཇུག་བློ་འདས་ཆེན་པོའི་དགོངས་པ་བསྐྱང་འཚལ། ཧོ༔ ཁམས་གསུམ་སྣོད་བཅུད་གཟུང་འཛིན་ཀུན༔ བསམ་གྱིས་མི་ཁྱབ་ཡེ་ཤེས་ངང༔ སྤང་བླང་བསལ་བཞག་བྲལ་བར་བསྐྱང༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ ཞེས་རྡོ་རྗེའི་ཚིག་གིས་ངོ་སྤྲད་ལ་དར་ཅིག་མཉམ་པར་གཞག དེ་ལྟར་བཞི་པའི་དབང་བསྐུར་བས༔ གཟུང་འཛིན་རྟོག་པའི་དྲི་མ་དག༔ བསམ་མི་ཁྱབ་པ་བསྒོམ་ལ་དབང༔ འབྲས་བུ་ཉིད་སྐུ་མངོན་དུ་འགྱུར༔ དེས་བཞི་པའི་དབང་བསྐུར་བ་སོང་ནས། དེ་ཉིད་ལམ་དུ་ཁྱེར་བའི་ཁྲིད་སྟོན་པ་ནི། ཞེས་མཚམས་སྦྱར་ནས་བསམ་མི་ཁྱབ་པའི་རིམ་པ་དང་རྗེས་ཀྱི་ཁྲིད་བཅས་མཐར་དབྱུང་། དེ་དག་གིས་བླ་མ་བདེ་མཆོག་འཁོར་ལོའི་རྩ་བའི་དབང་བསྐུར་གདམས་ངག་ཁྲིད་ཀྱི་རིམ་པ་དང་བཅས་སྨིན་གྲོལ་ཚངས་སྤྲུགས་སུ་གྲུབ་པ་སྟེ་ཕན་ཡོན་ཀྱང་གཞུང་ལས། དེ་ལྟར་ཚུལ་བཞིན་དབང་བསྐུར་པས༔ རྩ་གསུམ་རྒྱ་མཚོའི་བྱིན་རླབས་འཇུག༔ ལམ་གྱི་ས་བོན་རྒྱུད་ལ་བཞག༔ འབྲས་བུའི་ཡེ་ཤེས་མྱུར་སྨིན་འགྱུར༔ ཅེས་གསུངས་སོ། །བདེ་མཆོག་དྲིལ་བུ་རིམ་ལྔ་ལ་བྱིན་རླབས་ཀྱི་བཀའ་སྔོན་དུས་བཞུགས་ཀྱང་དེང་སང་རྒྱུན་མེད། འདིའི་མཆོག་དབང་སྐབས་བྱིན་རླབས་ཀྱི་དོན་ཐམས་ཅད་ཚང་བ་དང་ཉེ་བརྒྱུད་ཀྱང་བཞུགས་པ་བཅས་འདི་ནི་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཤིན་ཏུ་གལ་པོ་ཆེར་རྟོགས་པར་བྱའོ། །ཡན་ལག་གི་དབང་བསྐུར་གཉིས་ཀྱི་དང་པོ་བདུད་རྩི་སྨན་གྱི་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཧོ༔ ཁྱབ་བདག་པདྨ་བཛྲ་རྩལ༔ བདེ་བ་མཆོག་གི་ཧེ་རུ་ཀས༔ བདུད་རྩི་གསང་བའི་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་བའི་དབང་བསྐུར་སྩོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགསྎ ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། ཤུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་དྲེགས་པའི་གདན་གྱི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་དམར་པོ། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བདེ་མཆོག་པདྨ་བཛྲ་རྩལ་སྐུ་མདོག་དམར་པོ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། རལ་པའི་ཐོར་ཚུགས་དང་བགོ་བའི་གོས་གསུམ་ཐོད་སྦྲུལ་རུས་པ་དང་དར་དང་རིན་པོ་ཆེའི་རྒྱན་དང་རྣམ་འགྱུར་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་ཡུམ་མནྡཱ་ར་བ་དམར་གསལ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཞབས་བརྐྱང་བསྐུམ་ཡེ་ཤེས་མེ་འོད་འབར་བའི་ཀློང་ན་བཞུགས་པའི་སྐུའི་གནས་རྣམས་སུ་ལུས་དཀྱིལ་ལྷ་ཚོགས་མ་འདྲེས་པར་གསལ་བའི་གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧཱུྃ་ཡིག་དང་བཅས་པ། དེ་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་བླ་མ་བདེ་བ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན་པ་ཁྱེད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་ཤིག །སྒྲུབ་སྔགས་ཤམ་བུ་བཅས་པ་དང་གོང་གསལ་དབབ་སྔགས་བརྗོད། ཏིཥྛ་བཛྲ་བརྗོད་ལ་བརྟན། བདུད་རྩིའི་ཕོ་བྲང་བླ་མ་བདེ་མཆོག་པདྨ་བཛྲ་རྩལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ། དཔལ་ཆེན་ཧེ་རུ་ཀའི་གསང་བ་གསུམ་དང་དབྱེར་མེད་པར་དངོས་གྲུབ་རྣམ་པ་གཉིས་ལ་དབང་ཐོབ་པར་མོས་ཤིག །སྨན་གྱི་ཕོ་བྲང་ཐོགས་ལ། ཨོཾ་ཨཱཿཧཱུྃ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ དོན་དམ་བདུད་རྩི་ཆོས་ཀྱི་སྐུ༔ བསམ་གྱིས་མི་ཁྱབ་འོད་གསལ་དབྱིངས༔ ཆོས་ཀྱི་བདུད་རྩི་ལོངས་སྤྱོད་རྫོགས༔ ཁ་སྦྱོར་བདེ་ཆེན་ཡེ་ཤེས་སྐུ༔ རྟགས་ཀྱི་བདུད་རྩི་སྤྲུལ་པའི་སྐུ༔ སྣོད་བཅུད་རིགས་ལྔའི་རོལ་པར་ཤར༔ རྫས་ཀྱི་བདུད་རྩི་རྣམ་པ་ལྔ༔ རྩ་བ་ཡན་ལག་བཅུད་དུ་འཁྱིལ༔ རྟེན་དང་བརྟེན་པར་བཅས་པ་ཡི༔ བདུད་རྩི་གསང་བའི་དཀྱིལ་འཁོར་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཆོག་ཐུན་དངོས་གྲུབ་ཡོངས་རྫོགས་ཤོག༔ རྟགས་ཀྱི་བདུད་རྩིས་དབང་བསྐུར་བས༔ སྣང་སྟོང་བུམ་པའི་དབང་ཐོབ་ཤོག༔ རྫས་ཀྱི་བདུད་རྩིས་དབང་བསྐུར་བས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ ཆོས་ཀྱི་བདུད་རྩིས་དབང་བསྐུར་བས༔ ཡེ་ཤེས་གསུམ་པའི་དབང་ཐོབ་ཤོག༔ དོན་གྱི་བདུད་རྩིས་དབང་བསྐུར་བས༔ བློ་འདས་བཞི་པའི་དབང་ཐོབ་ཤོག༔ སྣང་གྲགས་ལྷ་དང་སྔགས་སུ་སྨིན༔ རྟོག་ཚོགས་འོད་གསལ་དབྱིངས་སུ་གྲོལ༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ ཧེ་རུ་ཀ་དང་དབྱེར་མེད་ཤོག༔ སྒྲུབ་སྔགས་ཀྱི་ཤམ་དུ། བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཏགས་པའི་ཛཔ྄་དབྱངས་དང་། ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སོགས་བརྗོད་ཅིང་གནས་གསུམ་བཞག༔ ཕོ་བྲང་ཞལ་ཕྱེས་ལ། ལྷ་ཚོགས་གནས་གསུམ་བདུད་རྩིའི་རྒྱུན༔ འབྲུ་གསུམ་འོད་ཀྱི་རྣམ་པར་བྱུང༔ རང་གི་གནས་གསུམ་ཐིམ་པ་ཡིས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ༔ སྒྲུབ་སྔགས་ཤམ་དུ། མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་བཛྲ་ཨ་མྲྀཏ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་དགོངས་པའི་རྩལ་བསྐྱེད། ལྷ་ཚོགས་རྣམས་སྙོམས་པར་ཞུགས་ཏེ་བདུད་རྩིར་ཞུ་བ་དམ་ཚིག་རྫས་དང་དབྱེར་མེད་པར་གྱུར། ཅེས་མོས་ལ་བདུད་རྩི་སྦྱིན་ལ་མྱང་དུ་གཞུག དེའང་གཞུང་ལས། དབང་འདི་ལན་གཅིག་འབྲེལ་པས་ཀྱང༔ མི་མཐུན་ཀུན་ཞི་ཡེ་ཤེས་འཕེལ༔ ཧེ་རུ་ཀ་དཔལ་གདུང་འཛིན་པའི༔ རྡོ་རྗེའི་རིགས་སུ་ངེས་པར་འགྱུར༔ ཞེས་གསུངས་པ་ལགས་སོ། །ཡན་ལག་གཉིས་པ་བཀྲ་ཤིས་ཚེ་ཡི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྣལ་འབྱོར་མ་དཔལ་དགྱེས་རོལ་པའི༔ ཁྱབ་བདག་པདྨ་བཛྲ་རྩལ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ ཚེ་དང་ཡེ་ཤེས་དབང་མཆོག་སྩོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། སྡོམ་གསུམ་ཚུལ་བཞིན་བཟུང་བའི་བློས་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་བཟུང་བར་བགྱི། །ལན་གསུམ། ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་དྲེགས་པའི་གདན་གྱི་སྟེང་དུ་རང་སེམས་ཧཱུྃ་ཡིག་དམར་པོ། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བདེ་མཆོག་པདྨ་བཛྲ་སྐུ་མདོག་དམར་པོ་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཕྱག་གཡས་པདྨ་དམར་པོ་དང་གཡོན་ཚེ་བུམ་ཐུགས་ཀར་བསྣོལ་བས་ཡུམ་མནྡཱ་ར་བ་དམར་གསལ་པདྨའི་གྲི་གུག་དང་བདུད་རྩིའི་ཐོད་པ་འཛིན་པ་ལ་འཁྱུད་པ། རྒྱན་ཆ་ལུགས་རྣམ་འགྱུར་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཞབས་བརྐྱང་བསྐུམ་གྱིས་བཞུགས་པའི་སྐུ་ལ་ལུས་དཀྱིལ་གྱི་ལྷ་ཚོགས་དང་བཅས་པར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་སྲོག་ཧཱུྃ་ཡིག་གིས་མཚན་པ། དེ་རྣམས་དང་སློབ་དཔོན་གྱི་གནས་གསུམ་ནས་འཕྲོས་པའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་བདེ་མཆོག་པདྨ་ཚེ་དཔག་མེད་ཀྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པར་མོས་ཤིག །ཅེས་སྤོས་རོལ་དང་ཚེ་སྔགས་ཀྱི་གཤམ་དུ་འབེབ་སྔགས་བཏགས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་ཚེ་བཅུད་བསྡུ་བའི་སླད་དུ་སློབ་དཔོན་དང་ཁྱེད་རང་ལྷར་གསལ་བའི་ཐུགས་ཀ་དང་མཁའ་གསང་ནས་བདེ་བ་ཆེན་པོའི་འོད་ཟེར་དང་སྤྲུལ་པའི་ཕོ་ཉ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས། རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད། བདུད་རྩི་འོད་ཟེར་ཐིག་ལེའི་རྣམ་པར་བསྡུས་ཏེ་བ་སྤུའི་བུ་ག་ནས་ཞུགས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་མོས་ཤིག །མདའ་དར་གཡབ་ལ། ཧྲཱི༔ འཆི་མེད་གཉུག་མའི་ཕོ་བྲང་ནས༔ པདྨ་བཛྲ་བདེ་བའི་མཆོག༔ རིགས་ཀྱི་ཡུམ་ཆེན་རྣལ་འབྱོར་མ༔ གཙོ་འཁོར་སྤྲུལ་པར་བཅས་པ་ཀུན༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཡབ་ཡུམ་མཉམ་སྦྱོར་འཕྲོ་འདུ་ལས༔ བདེ་ཆེན་འབར་བའི་ཆོ་འཕྲུལ་གྱི༔ འོད་ཟེར་ཕོ་ཉ་ཕྱོགས་བཅུར་སྤྲོས༔ བླ་ཚེ་འཐོར་དང་ཡར་བ་ཁུག༔ སྲོག་ཚེ་ཉམས་དང་རྒུད་པ་གསོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་སྡུས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཅེས་དང་ཚེ་སྔགས་བརྗོད། ཚེ་འབྲང་ཐོགས་ལ། ཚེའི་འབྲང་རྒྱས་བདེ་མཆོག་པདྨ་ཚེ་དཔག་མེད་ཡབ་ཡུམ་རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་སྐུ་ལས་འཆི་མེད་བདུད་རྩི་འོད་ཟེར་རྒྱུན་བྱུང་སྟེ་ལུས་ཐམས་ཅད་གང་བས་འགྱུར་མེད་སྐུའི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧྲཱི༔ པདྨ་བཛྲ་བདེ་ཆེན་ཚེ་ཡི་ལྷ༔ གསང་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ༔ དབྱེར་མེད་རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱིས༔ མི་འགྱུར་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ སྔགས་མཐར་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཤེས་རབ་དབྱིངས་ཀྱི་བནྡྷའི་སྣོད་དུ་ཐབས་མཆོག་བདེ་བ་ཆེན་པོ་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྒྱུན་དུ་བསྐྱིལ་པ་མགྲིན་པར་བཞག་ཅིང་མྱོང་བ་ལ་བརྟེན་ནས་འགག་མེད་གསུང་གི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་ཆང་མགྲིན་པར་བཞག་ཅིང་ཁར་སྦྱིན་ལ། ཧྲཱི༔ ཨེ་དབྱིངས་པདྨ་བྷཉྫའི་སྣོད་མཆོག་ཏུ༔ ཝཾ་ཡིག་འཁོར་འདས་ཚེ་བཅུད་བདུད་རྩིར་བསྐྱིལ༔ དབྱེར་མེད་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ འགག་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །སྲིད་ཞིའི་དྭངས་བཅུད་ཡོངས་རྫོགས་འདུས་པའི་འཆི་མེད་རྟག་པ་དམ་པའི་བཅུད་ལེན་རིལ་བུའི་གཟུགས་སུ་ཤར་བ་སྙིང་གར་གཏུགས་ཤིང་ཁོང་དུ་བསྟིམ་པསས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་ཏེ་འཁྲུལ་མེད་ཐུགས་ཀྱི་ཚེ་དབང་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་ཅིང་མྱང་དུ་གཞུག་ལ། ཧྲཱི༔ སྲིད་ཞིའི་དྭངས་མ་བདེ་ཆེན་བཅུད་ཀྱིས་ལེན༔ རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོའི་དཔལ༔ མི་ཤིགས་སྙིང་པོའི་ཐིག་ལེར་རོ་གཅིག་པས༔ འོད་གསལ་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེའི་དབང་མཆོག་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །དེ་ལྟར་འཆི་མེད་ཚེའི་དབང་བསྐུར་པ་ལ་བརྟེན་ནས། ལུས་ཀྱི་ནང་དྭངས་བཅུད་བདུད་རྩི་འོད་ཟེར་གྱིས་གང་བ་ཐམས་ཅད་གཉུག་མ་མི་ཤིགས་པའི་ཐིག་ལེའི་དབྱིངས་སུ་ཐིམ། གདོད་ནས་སྐྱེ་འགག་གནས་གསུམ་བྲལ་བ་ཅིས་ཀྱང་མི་ཕྱེད་མི་ཤིགས་པ་འགྱུར་མེད་ཆོས་ཉིད་ཀྱི་ཕྱག་རྒྱས་བཏབ་པར་མོས་ཤིག །ཚེ་མདའ་རྒྱ་གྲམ་བཞག་ལ། ཨ༔ སྣང་གྲགས་རྟོག་གསུམ་དྭངས་མའི་བཅུད༔ རྩ་སྲོག་ཐིག་ལེའི་དབྱིངས་སུ་ཐིམ༔ མི་འགྱུར་མི་ཤིགས་བློ་ལས་འདས༔ སྐྱེ་མེད་གཉུག་མའི་རྒྱས་གདབ་བོ༔ བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཨ་ཨ་ཨ༔ ཞེས་རྒྱས་གདབ་ལ་མཉམ་པར་གཞག །མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོ་རྨད་བྱུང་སྙིང་པོའི་བཅུད་འདྲིལ་གྱི་རྩ་བའི་དབང་བསྐུར་ཡན་ལག་བཅས་ལེགས་པར་གྲུབ་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་། གཏོང་རག་ལུས་འབུལ་དགེ་བསྔོ་བཅས་བྱས་པས་དབང་བསྐུར་རྫོགས། རྗེས་ཕྲིན་ལས་རྗེས་རིམ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་དགེ་བསྔོ་ཤིས་བརྗོད་ཀྱི་བར་ཡང་གཞུང་དངོས་དང་གསང་བ་སྤྱིའི་འགྲོས་བཞིན་བྱས་པས་ལེགས་པར་གྲུབ་བོ། །འབྲེལ་ཚད་དོན་ལྡན་ཟབ་ཆོས་བྱེ་བའི་བཅུད། །སྔོན་མེད་གདམས་པའི་བདུད་རྩི་ལེགས་མྱང་བའི། །སྐལ་བཟང་ལྡན་པས་འཛིན་མའི་ཁྱོན་ཁེངས་ཏེ། །མཁའ་སྤྱོད་གྲོང་ཁྱེར་ཤིན་ཏུ་མཛེས་བྱེད་ཤོག །ཅེས་ཁྱབ་བདག་གཏེར་ཆེན་བླ་མ་རིན་པོ་ཆེའི་བཀས་གནང་བ་བསྩལ་པ་ལྟར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྗེ་ཉིད་ཀྱི་ཕྱག་བཞེས་ཇི་ལྟ་བར་བཀླག་པས་ཆོག་པའི་ཁྲིགས་སུ་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།
ཁྲོ་རྒྱལ་རྟ་མགྲིན་ནག་པོའི་ལས་བྱང་དྲེགས་པ་ཚར་གཅོད་ (Volume 26, Text 42)
༄༅། ཁྲོ་རྒྱལ་རྟ་མགྲིན་ནག་པོའི་ལས་བྱང་དྲེགས་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱི་བ་ཡ། རྒྱལ་ཀུན་གསུང་གི་དབང་ཕྱུག་ལྷ་མཆོག་དཔལ། །གདུག་པ་འདུལ་ཕྱིར་གཏུམ་དྲག་འབར་བའི་སྐུར། །ཡོངས་བཞེངས་ཁྲོ་བོའི་རྒྱལ་པོར་གུས་བཏུད་ནས། །དེ་ཉིད་སྒྲུབ་པའི་ལས་བྱང་འདིར་གསལ་བྱ། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ལ་ཡོ་བྱད་ཀྱི་གཤོམ་དང་ཆོ་གའི་སྔོན་འགྲོ་གཉིས་ལས། དང་པོ་ནི་གནས་ཁང་མཛེས་པར་བརྒྱན། འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ་དཔལ་གཏོར་ཟུར་གསུམ་པ་ཤ་ཁྲག་གིས་བརྒྱན་པ་དང་། སྨན་ཕུད། རཀྟ། ཉེར་སྤྱོད་ལྔ་སོགས་མཆོད་པ་དང་ཚོགས་རྫས། རོལ་མོ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚང་བར་བཤམས་ལ། གཉིས་པ་སྔོན་འགྲོ་ལ་བདུན་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། རང་ཉིད་སྐད་ཅིག་གིས་རྟ་མགྲིན་ནག་པོར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་ནག་པོ་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཁྲོ་རྒྱལ་རྟ་མཆོག་རོལ་པའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་ལ། ཧཱུྃ། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ། །ལེགས་པར་བྱིན་རློབ་མཁའ་འགྲོ་མ། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །ཞེས་ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཧཱུྃ། བདག་གཞན་གཉིས་མེད་དོན་བསྒྲུབ་ཕྱིར། །རྟ་མཆོག་ཁྲོ་རྒྱལ་ཀུན་བསྒྲུབས་ནས། །སྙིང་པོ་བླ་མེད་བྱང་ཆུབ་བར། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཞེས་ལན་གསུམ། གསུམ་པ་ཡན་ལག་བདུན་པ་ནི། བདེ་གཤེགས་དཀྱིལ་འཁོར་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །མྱ་ངན་མི་འདར་གསོལ་བ་འདེབས། །བླ་མེད་མཆོག་གི་དམ་ཚིག་རྣམས། །བདག་གིས་དེང་ནས་བཟུང་བར་བགྱི། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་བཤམ། རཾ་ཡཾ་ཁཾ་གིས་བགེགས་གཏོར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་མ་འདའ་བར། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། ཁྲོ་རྒྱལ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རལ་གྲི་ལྕགས་ཀྱུ་ཡིས། ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊཿ ཅེས་དྲག་སྔགས་རོལ་མོའི་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། ལྔ་པ་མཚམས་བཅད་པ་ནི། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་རླབས་ལས་བྱུང་བའི། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པ་ཚུལ་བཞིན་བསྲུང་། །ཧཱུྃ། སྟེང་ཡང་རྡོ་རྗེའི་གུར་ཁང་ལ། །རྡོ་རྗེའི་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་རྡོ་རྗེའི་ས་གཞི་ལ། །རྡོ་རྗེའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ཡི། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཕཊ། སྟེང་ཡང་འཁོར་ལོའི་གུར་ཁང་ལ། །འཁོར་ལོའི་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་འཁོར་ལོའི་ས་གཞི་ལ། །འཁོར་ལོའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་འཁོར་ལོས་གཏམས་པ་ཡི། །འཁོར་ལོའི་མཚམས་ལས་མ་འདའ་ཞིག །ཨོཾ་ཙཀྲ་རཀྵ་ཧཱུྃ་ཧཱུྃ་ཕཊ། སྟེང་ཡང་རྒྱ་གྲམ་གུར་ཁང་ལ། །རྒྱ་གྲམ་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་རྒྱ་གྲམ་ས་གཞི་ལ། །རྒྱ་གྲམ་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་རྒྱ་གྲམ་གཏམས་པ་ཡི། །རྒྱ་གྲམ་མཚམས་ལས་མ་འདའ་ཞིག །ཨོཾ་ནཱ་ནཱ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཕཊ། སྟེང་ཡང་བེ་ཅོན་གུར་ཁང་ལ། །བེ་ཅོན་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་བེ་ཅོན་ས་གཞི་ལ། །བེ་ཅོན་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་བེ་ཅོན་གཏམས་པ་ཡི། །བེ་ཅོན་མཚམས་ལས་མ་འདའ་ཞིག །ཨོཾ་དཎྜ་རཀྵ་ཧཱུྃ་ཧཱུྃ་ཕཊ། སྟེང་ཡང་རལ་གྲིའི་གུར་ཁང་ལ། །རལ་གྲིའི་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་རལ་གྲིའི་ས་གཞི་ལ། །རལ་གྲིའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་རལ་གྲིས་གཏམས་པ་ཡི། །རལ་གྲིའི་མཚམས་ལས་མ་འདའ་ཞིག །ཨོཾ་ཁཌྒ་རཀྵ་ཧཱུྃ་ཧཱུྃ་ཕཊ། སྟེང་ཡང་དབྱུག་ཏོའི་གུར་ཁང་ལ། །དབྱུག་ཏོའི་ཐོག་དང་སེར་ཆེན་འབེབ། །འོག་ཀྱང་དབྱུག་ཏོའི་ས་གཞི་ལ། །དབྱུག་ཏོའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་དབྱུག་ཏོས་གཏམས་པ་ཡི། །དབྱུག་ཏོའི་མཚམས་ལས་མ་འདའ་ཞིག །ཨོཾ་མུངྒ་ར་རཀྵ་ཧཱུྃ་ཧཱུྃ་ཕཊ། ཅེས་པས། བདག་གི་བ་སྤུའི་ཁུང་བུ་དང་ཤངས་ཀྱི་རླུང་སྒྲོམ་ནས་ཁྲོ་བོ་འཆོལ་པའི་ཚོགས་དང་། མཚོན་ཆ་སྣ་ཚོགས་དང་མེ་དཔུང་འབར་བའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་སྤྲོས། གཡས་སུ་བསྐོར་བས་གནོད་བྱེད་ཐམས་ཅད་ཚར་བཅད་ནས། རིམ་པ་བཞིན་དུ་མཚོན་ཆའི་གུར་ཁང་མེ་དཔུང་འབར་བས་ཀུན་ཏུ་ཁྱབ་པར་བསམ་མོ། །དྲུག་པ་བྱིན་དབབ་པ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་གནས་ཡོ་བྱད་ཐམས་ཅད་ལ་ཐིམ་པར་བསམ་ཞིང་སྤོས་དང་རོལ་མོར་བཅས་པས། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་བྱེད་ཁྲོ་བོའི་སྐུར་སྟོན་པ། །རྟ་མཆོག་དྲག་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ། །འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ། །ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན། །རྩ་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས། མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཨོཾ་ལས་ཕྱི་ནང་གསང་བའི་འདོད་པའི་ཡོན་ཏན་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་བསམ་གྱིས་མི་ཁྱབ་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་ པུཥྤེ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ། སྨན་ཕུད། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ་ལ་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཀྱིས་མཚན་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཿ རཀྟ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་དུ་ར་ལས་དགྲ་བགེགས་བསྒྲལ་པའི་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ་ལ། ཁམས་གསུམ་གྱི་རཀྟ་ཐམས་ཅད་བསྡུས་ཤིང་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ གཏོར་མ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་གཞོང་ཨ་ལས་ཀ་པཱ་ལའི་སྣོད་དུ་གཏོར་རྫས་ཨོཾ་ལས་འདོད་ཡོན་ལྔའི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་བྱིན་གྱིས་བརླབ་བོ། །དེ་དག་ནི་སྔོན་འགྲོའོ། །གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ། སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ངང་། །འགག་མེད་སྙིང་རྗེས་འགྲོ་བ་ཀུན་ལ་ཁྱབ། །རང་རིག་ཡེ་ཤེས་ཧཱུྃ་ཡིག་མཐིང་གར་སྣང་། །དེ་ལས་འོད་འཕྲོས་རྡོ་རྗེའི་ར་བ་གུར། །སྲ་བརྟན་གཞོམ་མེད་ཡེ་ཤེས་མེ་དཔུང་འབར། །དེ་དབུས་གྲུ་གསུམ་མཐིང་ནག་འབར་བའི་དབྱིངས། །རྒྱལ་བསེན་གཟའ་ཀླུ་དགྲ་བགེགས་བསྣོལ་བའི་ཁྲིར། །སྣ་ཚོགས་པདྨ་ཉི་ཟླའི་གདན་དུ་བསམ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། བདག་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །སྐུ་མདོག་མཐིང་ནག་རྔམ་ཞིང་ཁྲོས་པའི་གཟུགས། །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་སྤྱན་གསུམ་བགྲད། །སྨ་ར་སྨིན་མ་དམར་སེར་མེ་ལྟར་འབར། །ལྕགས་ཀྱི་རལ་པ་ས་གཞི་ཁྱབ་པར་གྲོལ། །སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །ཕྱག་གཡས་གནམ་ལྕགས་འབར་བའི་རལ་གྲི་ཕྱར། །དགྲ་དང་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབས། །གཡོན་པས་འཛིན་བྱེད་ལྕགས་ཀྱུས་སྲོག་སྙིང་འདྲེན། །དར་ནག་བེར་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །གར་གྱི་ཉམས་དགུས་རྣམ་པར་རོལ་པའི་སྐུ །ཞབས་གཉིས་གཡོན་བརྐྱང་འདོར་ཐབས་དྲག་པོར་བགྲད། །བ་སྤུའི་གསེབ་ནས་མེ་སྟག་ཚྭ་ཚྭ་འཕྲོ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས། །ལྕགས་རལ་བསིགས་པའི་གསེབ་ནས་ཁྲོ་ཆུང་གི །སྤྲུལ་པ་འཕྲོ་བས་ལོག་འདྲེན་ཚར་བཅད་ནས། །ཚུར་འདུས་རྡོ་རྗེ་ཁྲོ་བོའི་གུར་དུ་འཁྲིགས། །སྲུང་དང་ཟློག་བསད་ཕྲིན་ལས་རབ་འབྱམས་མཛད། །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ་གིས་མཚན། །རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས། །ཐུགས་ཀར་ཉི་སྟེང་མཐིང་ནག་འབར་བའི་ཧཱུྃ། །གསང་སྔགས་ཕྲེང་བས་གཡས་སུ་བསྐོར་བ་ལས། །འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ། །སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་པར་གྱུར། །ཞེས་གསལ་གདབ་བོ། །གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ། ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན། །དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ། །རྩ་བའི་སྔགས་མཐར། བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་དུ། །དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་པས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །བཞི་པ་ཕྱག་འཚལ་བ་ནི། ཧཱུྃ། ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ། །ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ། །རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཞེས་པས་ཕྱག་བྱ། ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ། ཆོས་ཉིད་མཉམ་པ་ཆེན་པོའི་ངང་ཉིད་ལས། །འདོད་པའི་ཡོན་ཏན་མ་འགགས་རོལ་པར་ཤར། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོའི་བྱེ་བྲག་སྣ་ཚོགས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །མ་འགགས་ཐབས་ཀྱི་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ས་པ་རི་བཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཞེས་པ་ཕྱི་མཆོད་དང་། ཧཱུྃ། དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དང་། །དུག་ལྔ་སྨན་སྦྱར་བདུད་རྩི་ཆེན་པོ་འདི། ཁྲོ་མཆོག་དབང་གི་སྐུ་ལ་མཆོད་པར་འབུལ། །སྲིད་གསུམ་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ། །མ་ཧཱ་པཱུ་ཛ་ཧོཿ ཞེས་ནང་མཆོད་དང་ཁྱད་པར་དུ། ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ་ལ། རྩ་སྔགས་ཀྱི་མཐར། ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ། མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ཞིང་། གཞུང་གི་དངོས་བསྟན་དེ་ཙམ་གྱིས་ཚང་བའི་ཕྱིར་ཆོག་མོད། སྤྲོ་ན་སྨན་རཀ་གཏོར་མའི་གྱེར་ཚིག་རིགས་མཐུན་གཞན་ནས་བླངས་ཀྱང་རུང་ངོ་། །དྲུག་པ་བསྟོད་པ་ནི། ཧཱུྃ། ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ཅིང་། །འབར་བའི་རྒྱལ་པོ་དབང་གི་སྐུར་སྤྲུལ་ནས། །འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད། །དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན། །སྤྱི་གཙུག་རྟ་མགོ་སྣ་ཚོགས་ཕྲིན་ལས་རྫོགས། །བདུད་འདུལ་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་རལ་གྲིས་དགྲ་བགེགས་རྩད་ནས་གཅོད། །གཡོན་པས་ལྕགས་ཀྱུས་མ་རུངས་སྙིང་ནས་འདྲེན། །ལྕགས་རལ་གསེབ་ནས་ཁྲོ་ཆུང་སྤྲུལ་པ་འགྱེད། །གནོད་སྦྱིན་གདུག་པ་འདུུལ་ལ་ཕྱག་འཚལ་བསྟོད། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །སྤྱན་གསུམ་སྡང་མིག་སྨིན་མ་གློོག་སྟོང་འགྱུ། །དཔལ་གྱི་ཆས་ལྡན་མེ་ཕུང་ཀློང་ན་འགྱིང་། །རབ་འཇིགས་དཔའ་བོ་ཆེ་ལ་ཕྱག་འཚལ་བསྟོད། །ཧཱུྃ་གི་ང་རོས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་མ་རུངས་འཇོམས། །རྟ་སྐད་དྲག་པོས་དྲེགས་པ་ལས་ལ་བསྐུལ། །གསུང་མཆོག་རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་མཚན་མ་ཅིར་ཡང་སྟོན། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ཧཱུྃ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཐུགས་རྗེའི་དབང་གིས་ཁྲོ་རྒྱལ་སྐུར་སྟོན་པ། །གར་གྱི་དབང་ཕྱུག་ཁྲོ་བོ་ཀུན་གྱི་རྗེ། །ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས། །བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས། །སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ། །ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ། །དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས། །བྱང་ཆུབ་ལམ་གྱི་བར་ཆད་བསྒྲལ་བ་དང་། །བསྟན་པ་བཤིག་པའི་དགྲ་བགེགས་ལ་སོགས་པ། །བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། བདུན་པ་ཛཔ྄་བཟླ་བ་ནི། ཧཱུྃ། བདག་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས། །འོད་ཟེར་ཕྱིར་འཕྲོས་སྟོང་གསུམ་འཇིག་རྟེན་གང་། །རྒྱལ་བ་མཆོད་ཅིང་བྱིན་རླབས་དངོས་གྲུབ་བསྡུས། །དྲེགས་པ་ཚར་བཅད་མཐུ་དང་ནུས་པ་འཕྲོག །དྭངས་མ་ཚུར་འདུས་སྣང་གྲགས་ལྷ་དང་སྔགས། །དག་པ་རབ་འབྱམས་ཆོས་དབྱིངས་ཆེན་པོར་རྫོགས། །ཞེས་པའི་དོན་གསལ་བཏབ་ནས། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བསྙེན་སྔགས་སོ། །ཡཀྴ་ནག་པོ་ནྲྀ་ཏྲི་ཧུར་ཐུཾ་ཛ༔ གནོད་བྱེད་མཱ་ར་ཡ༔ སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ ཙིཏྟ་ཟུང་ཟུང༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་རིལ༔ ཡ་ཡ་བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཁཾ་ཁཾ་ལཾ་ལཾ༔ ཚལ་པར་རྦད་རྦད༔ དུམ་བུར་རྦུད་རྦུད༔ ཐུཾ་མྱོག་བཾ་རིལ༔ མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་སྤུ་གྲི་ལས་ཀྱི་སྔགས་སོ། །དེ་ལྟར་ཡང་། བསྙེན་པའི་དུས་སུ་རྩ་སྔགས་བཟླ། །སྒྲུབ་པའི་དུས་སུ་ལས་སྔགས་རྐྱང་པར་བཟླ། །ལས་སྦྱོར་ལས་སྔགས་རྐྱང་པར་བཟླ། །བསྙེན་སྔགས་བུང་བ་ཚང་ཚོལ་འདྲ། །སྒྲུབ་སྔགས་མེ་དཔུང་འབར་བ་འདྲ། །ལས་སྔགས་སེར་ཆེན་འབེབ་པ་འདྲ། །སྔགས་ཀྱི་གནད་ལ་གསུམ་ཡིན་ཏེ། །འགལ་མེ་འཁོར་བ་ལྟ་བུ་དང་། །བ་ཐག་ཁྲིད་པ་ལྟ་བུ་དང་། །མེ་སྒྱོགས་འཕངས་པ་ལྟ་བུ་འོ། །ཞེས་པའི་གཅེས་གནད་རྣམས་ངེས་པར་བྱས་ལ་ཚུལ་བཞིན་དུ་བཟླའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་བདུན་ལས། དང་པོ་ཚོགས་མཆོད་ལ་བཤམས་ཤིང་བྱིན་གྱིས་བརླབ་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ་བདུད་རྩིའི་བསང་གཏོར་བྱས་ནས། ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ། །རིགས་ལྔའི་དམ་ཚིག་འདོད་ཡོན་རྫས། །ཟག་མེད་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བྱིན་བརླབས། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ། ཨེ་ཡིག་སྟོང་ཉིད་ཞིང་ཁམས་ནས། །ཝཾ་ཡིག་བདེ་ཆེན་རྡོ་རྗེའི་སྐུ །དབང་ཆེན་ཁྲོ་རྒྱལ་རྟ་མཆོག་དཔལ། ཁྲོ་ཚོགས་སྤྲུལ་པར་བཅས་པ་རྣམས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །རྩ་སྔགས་མཐར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་ནས་མེ་ཏོག་ལ་སོགས་པས་མཆོད། དེ་ནས་ཚོགས་ཕུད་ཆ་གསུམ་དུ་བྱས་ལ། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །འདོད་ཡོན་ཚོགས་ཀྱི་མཆོད་པ་འདི། །གུས་པའི་བློ་ཡིས་འབུལ་ལགས་ན། །དགྱེས་པའི་གར་གྱིས་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར། །སྒོ་གསུམ་མི་ཤེས་བག་མེད་པས། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་དང་། ཡིག་བརྒྱ་བཟླའོ། །ཐ་མ་བསྒྲལ་བ་ནི། ཚོགས་ཟན་ནམ་དམིགས་བྱའི་རཱུ་པ་བཅས་ལ་བདེན་སྟོབས་བརྗོད་ནས་དམིགས་བྱ་འགུགས་བསྟིམ་བྱ། ཧཱུྃ། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །འཁོར་དང་བཅས་པའི་དུས་ལ་བབས། །གདུག་ཅན་དགྲ་དང་བགེགས་ཀྱི་ཚོགས། ཁུག་ཅིག་ཨཱ་ཀརྵ་ཡ་ཛཿ ཕུར་བུ་འབར་བས་སྲོག་རྩ་ཆོད། །སྣ་ཚོགས་མཚོན་ཆས་དུམ་བུར་གཏུབས། །རྡོ་རྗེ་ཐོ་བས་རྡུལ་དུ་བཅོམ། །རྣམ་ཤེས་སྐྱེ་མེད་དབྱིངས་སུ་དྲོངས། །ནྲྀ་ཏྲི་ཤ་ཏྲཱུན་མཱ་ར་ཡ་རྦད། སྙིགས་མའི་ཤ་ཁྲག་བདུད་རྩིར་སྤེལ་ལ་སྟོབ་པ་ནི། དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །དོན་སྙིང་ནང་རོལ་བཅས་པ་རྣམས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད། །མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། ཞེས་འབུལ། དེ་ནས་ཚོགས་རྫས་རྣམས་བརྡ་དང་བརྡའི་འབུལ་ལེན་གྱིས་དམ་ཚིག་བསྲེ་བ་སྔོན་དུ་འགྲོ་བས་ཚོགས་ལ་རོལ། ལྷག་མ་རྣམས་བསྡུས་ལ་ཁ་ཕྲུས་བདུད་རྩིར་སྤེལ་ཏེ། ཧཱུྃ། སྔོན་གྱི་ཞལ་བཞེས་དམ་མནོས་བཞིན། །དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི། །ལྷག་གཏོར་དབང་བའི་སྲུང་མ་རྣམས། །འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ཕྱི་རོལ་དུ་དོར། གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་ནས། །རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག །ཡཀྴ་ནག་པོ་སྐུ་བཞེངས་ཤིག །གནོད་སྦྱིན་ནག་པོ་སྐུ་བཞེངས་ཤིག །ལས་མཁན་ནག་པོ་སྐུ་བཞེངས་ཤིག །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་ཡཀྴ་མཐུ་བོ་ཆེ། །རྦད་དོ་དམ་ཉམས་དགྲ་ལ་རྦད། །མ་གཡེལ་སྲུང་མ་ཐུགས་དམ་ཅན། །དམ་རྫས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས། །ཡོན་བདག་བར་ཆད་ཁྱེད་ཀྱིས་སོལ། །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབས། །དུས་ལ་བབ་བོ་ས་མ་ཡ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ལོ། །གསུམ་པ་ཆད་ཐོ་བསྒྲག་པ་ནི། ཆོས་སྐྱོང་གཏོར་མ་སོགས་གཏོར་གྲལ་ནས་བླངས་པ་སྟེགས་ལ་བཀོད། སྨན་རཀ་བྲན་ནས་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཡི། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །འཁོར་བཅས་འདིར་གཤེགས་བདག་ལ་དགོངས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་མི་མཐུན་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་རྒྱས་པར་སྤེལ། །འཇིག་རྟེན་དྲེགས་པ་དབང་དུ་སྡུས། །དགྲ་བགེགས་གདུག་པའི་དཔུང་ཚོགས་ཆོམས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་འབུལ། བཞི་པ་ཟོར་འཕང་བ་ནི། དམིགས་བསལ་གྱི་ལས་བསྒྲུབ་དགོས་ན་རྩ་བའི་གཞུང་ཉིད་ལག་ལེན་དུ་ཐེབས་པའི་མན་ངག་ལ་འདྲིས་པར་བྱ་ཞིང་། རྒྱུན་གྱི་ཕྲིན་ལས་ཆད་ཐོའི་གཏོར་མ་ཉིད་ཟོར་དུ་འཕང་བས་ཀྱང་འགྲུབ་པའི་ཕྱིར་དེ་ཙམ་མོ། །ལྔ་པ་བརྟན་མ་སྐྱོང་བ་ནི། གཏོར་གཞོང་བཤལ་བའི་ཕུད་ཀྱིས་གཏོར་མར་བྲན་ནས་བདུད་རྩིར་སྤེལ་ལ། བྷྱོཿ སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་ཉན་མ་མོ་བརྟན་མའི་ཚོགས། །དམ་རྫས་དཔལ་གྱི་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་ཕྱིར་འབུལ་ལོ། །དྲུག་པ་བྲོ་བརྡུང་བ་ནི། གཏོར་གཞོང་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་མནན་པར་བསམ་ལ། ཧཱུྃ། ང་ནི་འཇིགས་བྱེད་ཆེན་པོ་སྟེ། །དགྲ་བགེགས་འབྱུང་པོ་སྤྱི་ནས་གནོན། །དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས། །དུག་གསུམ་ལས་ཀྱི་ཁུང་བུར་མནན། །མནན་ནོ་བཅིངས་སོ་སཏྭམྦྷ་ཡ། །རྡོ་རྗེའི་བྲོ་ཡིས་རྒྱས་གདབ་པས། །སུས་ཀྱང་འཇིག་པར་ནུས་མ་ཡིན། །ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན། ཞེས་ཁྲོ་བོའི་སྟངས་སྟབས་ཀྱི་བྲོ་བྱའོ། །བདུན་པ་མཐའ་རྒྱས་ནི། སླར་མཆོད་ཅིང་བསྟོད་ནས། ཡིག་བརྒྱ་མང་དུ་བཟླ། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་བཞག །ཕཊ་ཕཊ་ཕཊཿ ཅེས་བརྗོད་པས། སླར་ཡང་དཔལ་ཆེན་པོ་རྟ་མགྲིན་གྱི་སྐུར་ལངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། ཁྲོ་རྒྱལ་དཔའ་བོ་རྟ་མགྲིན་གྱི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབ་ཞི་དང་ཁྲོ། །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པ། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པས་བདེ་ལེགས་ཀྱིས་ཁྱབ་པར་བྱའོ། །མཐུ་སྟོབས་ཐོགས་མེད་རྣོ་མྱུར་ལྷ། །པདྨའི་ཞལ་ལུང་བཟང་པོའི་ལམ། །ཉང་གཏེར་དབང་ཆེན་རྟ་མཆོག་གི །སྒྲུབ་ཐབས་ཕྲིན་ལས་འཇུག་བདེའི་དཔལ། །སྙིང་པོའི་གནད་ཀྱི་གཞུང་དྲིལ་ཞིང་། ཁ་སྐོང་ཁྲིགས་ཀྱིས་གསལ་མཛེས་པ། །འདི་ལས་བསོད་ནམས་གང་ཐོབ་དེ། །འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོ། ཁྲོ་རྒྱལ་རྟ་མགྲིན་ནག་པོ་ལྕགས་རལ་ཅན་ཉང་གཏེར་གྱི་ལས་བྱང་དྲེགས་པ་ཚར་གཅོད་ཅེས་བྱ་བ་འདི་ནི། ལྷག་པའི་ལྷ་འདི་ཉིད་ལ་མཆོག་ཏུ་གུས་པ་དང་ལྡན་པ་སྐྱི་ཤོད་ཉང་བྲན་སྔགས་འཆང་རྟ་མགྲིན་མཆོག་གྲུབ་ཀྱིས་ནན་ཏན་ཆེན་པོས་བསྐུལ་བ་ལ། གཏེར་གཞུང་རྩ་བའི་ཡི་གེར་གཞིར་བྱས། ཁ་སྐོང་བར་འོས་པ་རྣམས་ཆོ་ག་རིགས་མཐུན་ནས་བླངས་ཏེ། སྔ་འགྱུར་ལས་བྱང་སྤྱིའི་འགྲོས་དང་མཐུན་པར་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་བཀོད་པའི་ཡི་གེ་པ་ནི་འགྱུར་མེད་བསྟན་རྒྱས་སོ། །སརྦ་མངྒ་ལཾ།། །།
ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་སྐྱེད་ (Volume 44, Text 43)
༄༅། །ལྷ་ལྔའི་གསོལ་མཆོད་བསོད་ནམས་དཔལ་སྐྱེད་བཞུགས་སོ། ། དྲན་པས་སྲིད་ཞིའི་གདུང་བ་ཀུན་སེལ་ཞིང་། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ཡིད་བཞིན་དབང་། །པདྨཱ་ཀ་ར་བརྒྱུད་པར་བཅས་པ་ལ། །བཏུད་ནས་ལྷ་ལྔའི་མཆོད་ཕྲིན་གསལ་བར་དགོད། །དེའང་རང་ལ་འགོ་བའི་ལྷ་ལྔ་མཆོད་པར་བྱེད་པའི་གཏོར་མཆོད་སྤྱན་གཟིགས་རྣམས་གཏེར་གཞུང་ལྟར་འདུ་བགྱིས། རང་ཉིད་ཆེ་མཆོག །ཕུར་པ། རྟ་མགྲིན། ཕྱག་རྡོར་སོགས་ཡི་དམ་གང་ཡིན་གྱི་ཕྲིན་ལས་རྒྱས་པའམ། བསྡུ་ན་མངོན་རྟོགས་མདོར་བསྡུས་ཀྱིས་གསལ་གདབ་ནས་བཟླས་པ་ཅུང་ཟད་བྱ། མཆོད་རྫས་རྣམས་བསང་གཞུང་སྐབས་སུ་གྱེར་བའི། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །ཞེས་སོགས་སྔགས་དྲུག་ཕྱག་དྲུག་གམ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། བྱིན་རླབས་ཕྱི་མ་འདི་བྱེད་ན་གཏོར་མ་བརླབ་པ་ལེགས་པས། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ནས་ཡི་གེ་གསུམ་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་འདྲེས་པས་བདུད་རྩིའི་རྒྱ་མཚོ་ཟད་མི་ཤེས་པའི་རང་བཞིན་དུ་བསམ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ལྷ་བསྐྱེད་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔ་སྦྲེལ་གྱི་དང་པོའི་གདན་ལ་ཛྙཱ་ལས་མོ་ལྷ་བུད་མེད་དར་མ་མཛེས་ཤིང་ཡིད་དུ་འོང་བ། སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མདའ་དར་དང་གཡོན་མེ་ལོང་འཛིན་པ། དར་སྔོན་པོའི་བེར་གསོལ་ཞིང་རིན་པོ་ཆེའི་ཐོད་འཆིང་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཤ་བ་ཡུ་མོ་ལ་འཆིབ་སྟེ་སྤྲུལ་པ་མ་དང་སྲུ་མོའི་རྣམ་པར་སྟོན་པ། གཞན་ཡང་ཞང་ལྷ་སྐྱེས་དར་མའི་ཆ་བྱད་ཅན། སྤྲུལ་པ་བྱ་གོ་བོ་དང་ཞང་བློན་མང་པོ་སྟོན་ཅིང་། མ་ལྷ་སྨན་བཙུན་མཛེས་མའི་ཚོགས་དང་བཅས་ཏེ་སྤྲུལ་པ་ན་ཆུང་མང་པོ་དང་ཤ་བར་སྟོན་པ། གཉིས་པའི་གདན་ལ་ན་ལས་སྲོག་ལྷ་དཀར་པོ་སྐྱེས་དར་མའི་རྣམ་པ་ཅན་ཞལ་གཅིག་ཕྱག་གཉིས་པ་ཁྲབ་རྨོག་གྱོན་ཅིང་གཡས་མདུང་དར་དང་གཡོན་ཞགས་པ་འཛིན་པ། སྟག་རལ་གཟིག་ཤུབས་རྐེད་ལ་བཅིང་ཞིང་། སྭག་ལྷྭམ་གསོལ་ནས་རྟ་ནག་སྒ་སྲབ་གོང་སྨེད་ཅན་ལ་འཆིབ་སྟེ་སྤྲུལ་པ་མི་རྟ་དཀར་པོ་མང་པོ་སྟོན་པ། གཞན་ཡང་ལྷན་ཅིག་སྐྱེས་ལྷ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། སྤྲུལ་པ་མི་དཀར་པོའི་རྣམ་པ་སྟོན་པ། གསུམ་པའི་གདན་ལ་ཨ་ལས་ཕོ་ལྷ་དཀར་པོ་ལང་ཚོ་དར་ལ་བབ་པ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ནོར་བུ་དང་གཡོན་རིན་པོ་ཆེས་གང་བའི་གཞོང་པ་བསྣམས་པ། རལ་པའི་ཐོར་ཅོག་དར་གྱིས་བཅིངས་པ། ཙེ་བེར་སྔོན་པོ་གསོལ་ཞིང་རིན་པོ་ཆེ་དང་སྭག་ལྷྭམ་གྱིས་སྤུད་ནས་སྒ་སྲབ་གོང་སྨེད་ཅན་གྱི་རྟ་མཆོག་ངང་དཀར་ལ་འཆིབ་སྟེ་སྤྲུལ་པ་ཕ་སྤུན་མང་པོ་དང་འཁོར་གསུམ་བཏགས་པའི་སྐྱེས་པའི་ཆ་བྱད་ཅན་དུ་སྟོན་པ། གཞན་ཡང་ཕ་མེས་ཀྱི་ལྷ་དང་དབང་ཐང་གི་ལྷ་སུམ་ཅུ་རྣམས་དར་གོས་དང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པ། བཞི་པའི་གདན་ལ་ཡུ་ལས་ཡུལ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པ། ཁྲབ་རྨོག་གྱོན་ཅིང་སྟག་རལ་གཟིག་ཤུབས་རྐེད་པ་ལ་དཀྲིས་ཤིང་སྭག་ལྷྭམ་གྱོན་ནས་རྟ་དཀར་སྒ་སྲབ་གོང་སྨེད་ཅན་ལ་འཆིབ་སྟེ་སྤྲུལ་པ་མཆེད་གྲོགས་དང་ཡུལ་གྱི་གཙོ་རྗེ་ལུག་ཁྱུ་དང་གཡག་དཀར་དུ་མའི་རྣམ་པ་སྟོན་པ། གཞན་ཡང་མཁར་གྱི་རྩེ་ལྷ་སོགས་ཁང་པ་ལ་གནས་པའི་སྲུང་མ་རྒྱན་གོས་སྣ་ཚོགས་དང་ལྡན་ཅིང་། སྤྲུལ་པ་བྱ་ཆེན་པོའི་རྣམ་པ་སྟོན་པ། ལྔ་པའི་གདན་ལ་ཤེ་ལས་དགྲ་ལྷ་སྐྱེས་དར་མའི་ཆ་ལུགས་ཅན་དཀར་པོ་ཞི་ཞིང་འཛུམ་པ་ཞལ་གཅིག་ཕྱག་གཉིས་པ་གཡས་དར་མདུང་དང་གཡོན་ཞགས་པ་འཛིན་པ། དར་དཀར་པོའི་ཙེ་བེར་གསོལ་ཞིང་དར་གྱི་ཐོད་བཅིང་ཅན་སྟག་རལ་དང་གཟིག་ཤུབས་རྐེད་ལ་དཀྲིས་ཤིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཞབས་ལ་སྭག་ལྷྭམ་གྱོན་ནས་རྟ་དཀར་རླུང་ཤུགས་སྒ་སྲབ་གོང་སྨེད་ཅན་ལ་འཆིབ་སྟེ་སྤྲུལ་པ་དགེ་བཤེས་དང་མི་དཀར་ཞུབ་ཅན་ཁྲ་སྤྱང་གཡག་རྒོད་མང་པོ་སྟོན་པ། གཞན་ཡང་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རིག་འཛིན་རྣམས་ཀྱི་ལྷ་སྲུང་ཆོས་སྐྱོང་གི་ཚོགས་རྣམས་སྤྲུལ་པ་སློབ་དཔོན་སྔགས་པ་སྟོན་པ། དབང་ལྷ། བན་སྐྱོང་དང་བོན་སྐྱོང་གི་སྤྲུལ་པ་བོན་པོ་དང་བྱ་ཝང་དུ་སྟོན་པ། ཐམས་ཅད་རང་རང་གི་རྒྱན་ཆ་ལུགས་དང་ལྡན་པས་བསྐོར་བ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མོ་ལྷ་ཞང་ལྷ་མ་ལྷ་སྲོག་ལྷ་སྐྱེས་ལྷ་ཕོ་ལྷ་ཕ་མེས་ཀྱི་ལྷ་དབང་ཐང་གི་ལྷ་ཡུལ་ལྷ་རྩེ་ལྷ་དགྲ་ལྷ་རིག་འཛིན་གྱི་ལྷ་སྲུང་ཆོས་སྐྱོང་། དབང་ལྷ་བན་སྐྱོང་བོན་སྐྱོང་སོགས་འགོ་བའི་ལྷ་ལྔ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི་གཏེར་ཁ་འོག་མ་ལས། ཀྱེ༔ དགྲ་ལྷ་གཉན་པོ་སྤྱན་འདྲེན་ནོ༔ ཕྲག་གོང་གཡས་ནས་གཤེགས་སུ་གསོལ༔ སྤྲུལ་ནི་དགེ་བཤེས་མང་པོར་སྤྲུལ༔ མཆོད་ནི་བཤོས་བུ་གཙང་མས་མཆོད༔ དེ་རིང་བདག་གི་གྲོགས་ལ་སྤྱོན༔ དམག་དཔུང་བཀྱེས་ལ་དགྲ་དཔུང་ཐུལ༔ ཕོ་ལྷ་གཉན་པོ་སྤྱན་འདྲེན་ནོ༔ མཆན་ཁུང་གཡས་ནས་གཤེགས་སུ་གསོལ༔ སྤྲུལ་ནི་ཕ་སྤུན་དར་མར་སྤྲུལ༔ མཆོད་ནི་གསང་ལུག་གཙང་མས་མཆོད༔ དེ་རིང་བདག་གི་གྲོགས་ལ་སྤྱོན༔ འགལ་རྐྱེན་སྤོངས་ལ་མཐུན་རྐྱེན་སྒྲུབས༔ སྲོག་ལྷ་འཛིན་པོ་སྤྱན་འདྲེན་ནོ༔ སྙིང་གི་གནས་ནས་གཤེགས་སུ་གསོལ༔ སྤྲུལ་ནི་མི་དཀར་མང་པོར་སྤྲུལ༔ མཆོད་ནི་ར་སྐྱེས་ཁམ་པས་མཆོད༔ དེ་རིང་བདག་གི་གྲོགས་ལ་སྤྱོན༔ སྲོག་གི་བར་ཆད་སྲུང་དུ་གསོལ༔ མོ་ལྷ་འབྱུང་མོ་སྤྱན་འདྲེན་ནོ༔ མཆན་ཁུང་གཡོན་ནས་གཤེགས་སུ་གསོལ༔ སྤྲུལ་ནི་མ་སྲུ་མང་པོར་སྤྲུལ༔ མཆོད་ནི་འབྲང་རྒྱས་ལྡེམ་པས་མཆོད༔ དེ་རིང་བདག་གི་གྲོགས་ལ་སྤྱོན༔ ཟས་ནོར་ཆར་པ་དབབ་ཏུ་གསོལ༔ ཡུལ་ལྷ་མགོན་བུ་སྤྱན་འདྲེན་ནོ༔ སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ༔ སྤྲུལ་ནི་གྲོགས་པོ་མང་པོར་སྤྲུལ༔ གསང་གཡག་དཀར་པོ་འདི་ཡིས་མཆོད༔ དེ་རིང་བདག་གི་གྲོགས་ལ་སྤྱོན༔ ཡིད་ལ་བསམ་པ་སྒྲུབ་ཏུ་གསོལ༔ པདྨ་ཀ་མ་ལཱ་ཡ་སཏྭཾ། གྱིས་གདན་ཕུལ། གསོལ་མཆོད་ནི། གསར་བསྒྲིགས། འགོ་བའི་ལྷ་ལྔ་འཁོར་བཅས་ལ། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །སྣ་ཚོགས་ཤིང་སྣའི་དུད་པ་ཡིས། །ཉམས་གྲིབ་མ་ལུས་བསང་གྱུར་ཅིག །གཡའ་ཆུ་གངས་ཆུ་གཙང་མའི་ཆུ། །སྨན་ཆབ་ངད་ལྡན་སྐྱེམས་སུ་འབུལ། །སྣ་ཚོགས་མེ་ཏོག་ཆུན་པོའི་ཐོད། །སྐུ་ལ་མཛེས་པའི་རྒྱན་དུ་འབུལ། །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ། །བཟའ་བཅའ་ཞིམ་མངར་བཤོས་བུ་འབུལ། །ཉི་ཟླ་ནོར་བུ་འབྲུ་མར་གྱི། །མར་མེ་གསལ་བྱེད་སྒྲོན་མེ་སྦར། ཁ་དོག་སྣ་ཚོགས་ཟ་འོག་གོས། །རིན་ཆེན་དུ་མའི་དོ་ཤལ་དང་། །པྲོག་ཞུ་སྙན་ཆ་གཡུ་གུར་བཀྲ །གོ་མཚོན་དར་ཐོད་མཛེས་བརྗིད་ཆས། །སྟག་རལ་གཟིག་ཤུབས་མདའ་མདུང་གྲི །རིན་ཆེན་གཞོང་པ་ནོར་བུ་སོགས། །ཕྱག་མཚན་རླུང་གི་ཤུགས་ལྡན་རྟ། །སྒ་སྲབ་མཛེས་པའི་རྒྱན་གྱིས་བརྒྱན། །ཤ་བ་ལ་སོགས་བགྲོད་བྱེད་ཆིབས། །གནམ་ལ་འཕུར་དགུ་ས་གཞི་ལ། །འཛུལ་དགུ་རི་དྭགས་མཆོང་དགུ་སོགས། །སྣ་ཚོགས་སྲོག་ཆགས་བགྲང་ལས་འདས། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི། །ལྷ་མིའི་དཔལ་འབྱོར་ནམ་མཁའ་བཀང་། །དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་ཀྱིས། །ལྷ་ལྔ་འཁོར་བཅས་གསོལ་ཞིང་མཆོད། །གཏོར་མ་རྒྱལ་མཚན་བཤོས་བུ་དང་། །ཇ་ཆང་གསེར་སྐྱེམས་བཏུང་བའི་ཚོགས། །ལྗགས་ཀྱི་དབང་པོ་ཚིམ་བྱེད་པའི། །ཞལ་ཟས་སྐྱེམས་ཀྱིས་གསོལ་ཞིང་མཆོད། །མོ་ལྷ་ཞང་ལྷ་མ་ལྷ་ལ། །སྨན་ལེབ་འབྲང་རྒྱས་བསང་ལུག་འབུལ། །ཞང་པོའི་མདའ་ཡི་མདེ་འུ་དང་། །མ་སྲུའི་འཕང་རྣམས་རྟེན་དུ་འཛུགས། །སྲོག་ལྷ་སྐྱེས་ལྷའི་ཚོགས་བཅས་ལ། །ར་སྐྱེས་ཁམ་པའི་མཆོད་པ་འབུལ། །འཕན་དར་ཕྱུག་པོ་ཕ་སྤུན་མདའ། །དར་གྱི་རུ་མཚོན་རྟེན་དུ་འཛུགས། །ཕོ་ལྷ་ཕ་མེས་དབང་ཐང་ལྷར། །བསང་ལུག་གཙང་མའི་མཆོད་པ་འབུལ། །དར་མདུང་ནས་དཀར་རྟེན་དུ་འཛུགས། །ཡུལ་ཁང་མཁར་གྱི་རྩེ་ལྷ་ལ། །ལྷ་གཡག་དཀར་པོའི་མཆོད་པ་འབུལ། །ཕྱུག་བཙན་དར་ཁབ་རྟེན་དུ་འཛུགས། །དགྲ་ལྷ་རིག་འཛིན་དབང་ལྷ་དང་། །བན་བོན་ཆོས་སྲུང་ཚོགས་རྣམས་ལ། །བཤོས་བུ་གཙང་མའི་མཆོད་པ་འབུལ། །དཔའ་གཡུ་ཕྱུག་མདེལ་རྟེན་དུ་འཛུགས། །དར་ཚོན་སྣ་ལྔ་དཀར་དམར་དར། །གཡུ་ཆུང་མིག་མེད་གསེར་དངུལ་ཟངས། །ལྕགས་དང་བྱུ་རུ་མན་ཤེལ་ཚོགས། །ཕ་ཤིང་མ་ཤིང་བུ་ཤིང་གསུམ། །བྱང་བུ་མིག་དགུ་ཆངས་བུ་དང་། །ནས་དཀར་རྟེན་གྱིས་ལྷ་ལྔ་བསྐང་། །བདག་སོགས་མི་ནོར་རིགས་རྒྱུད་ལ། །མི་འབྲལ་རྟག་ཏུ་སྲུང་སྐྱོབ་མཛོད། །ཡུལ་ལྷས་སྤྱི་བོའི་གཙུག་ནས་སྲུངས། །དགྲ་ལྷས་ཕྲག་པ་གཡས་ནས་སྲུངས། །ཕོ་ལྷས་མཆན་ཁུང་གཡས་ནས་སྲུངས། །མོ་ལྷས་མཆན་ཁུང་གཡོན་ནས་སྲུངས། །སྲོག་ལྷས་སྙིང་གི་དཀྱིལ་ནས་སྲུངས། །རིག་འཛིན་བན་བོན་ཆོས་སྐྱོང་གིས། །སྟེང་འོག་ཕྱོགས་མཚམས་ཀུན་ནས་སྲུངས། །ཚེ་དཔལ་བསོད་ནམས་མངའ་ཐང་སྐྱེད། །བསྭོ་བསྭོ་ལྷ་རྒྱལ་ལོ། །གྲྭ་པ་མངོན་ཤེས་གཏེར་མའི་ལས་བཅོལ་ནི། ཀྱེ༔ ལྷ་དང་མི་རུ་མ་བྲལ་ཅིག༔ བདུད་ཆར་ལྟར་བབས་ན༔ ལྷས་སྦྲ་ལྟར་སྐྱོབས་ཤིག༔ གདོན་དགྲ་ལྟར་གནོད་ན༔ ལྷས་ཟིན་ལྟར་སྐྱོབས་ཤིག༔ འདྲེས་རྐུན་ལྟར་འཇབ་ན༔ ལྷས་ཁྱི་ལྟར་ཟུག་ཅིག༔ ལྷའི་འོག་ནས་མི་མ་ཡར་ཅིག༔ སྦྲའི་འོག་ནས་གོད་མ་གཏོང་ཞིག༔ སྲུང་འོག་ནས་གདོན་མ་ལྡང་ཞིག༔ གཉེན་འོག་ཏུ་སྨྲས་མ་ལྡང་ཞིག༔ ཁྱི་འོག་ཏུ་རྐུན་མ་མ་འཇབ་ཅིག༔ གནོད་པའི་དགྲ་བགེགས་ཐམས་ཅད་སྲུང་བ་འདི་ལས་མ་འདའ་ཞིག༔ བཀྲ་ཤིས་གཞུག་ལེགས་པའི་གཏས་སྲུངས་ཤིག༔ ལོ་བརྒྱ་ཐུབ་ལ་སྟོན་བརྒྱ་ཟ་བའི་གཏས་སྲུངས་ཤིག༔ བཀྲ་ཤིས་ནད་མེད་བསམ་པ་འགྲུབ་པ་དང༔ ནད་གདོན་འབྱུང་པོ་མ་ལུས་ཞི་བ་དང༔ ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང༔ བདག་གི་ལུས་ངག་ཡིད་ལ་མི་མཐུན་ནད་གདོན་སྲུང་ཞིང་ཞི་བར་མཛོད་ཅིག་སྭཱ་ཧཱ༔ ཡིག་བརྒྱ་དང་། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱི་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་པར་བཞུགས་སུ་གསོལ། ཤིས་བརྗོད་ནི། བལྟས་པ་ཙམ་གྱིས་སྲིད་གསུམ་ཟིལ་གྱིས་གནོན། །སྡིགས་པ་ཙམ་གྱིས་སྡེ་བརྒྱད་བྲན་དུ་འཁོལ། །བསམ་པ་ཙམ་གྱིས་དངོས་གྲུབ་ཆར་ལྟར་འབེབ། །ཨོ་རྒྱན་བརྒྱུད་པར་བཅས་པའི་བཀྲ་ཤིས་ཤོག །ལུས་དང་གྲིབ་མ་བཞིན་དུ་ཉིན་མཚན་ཀུན། །འབྲལ་མེད་སྲུང་བ་འགོ་བའི་ལྷ་ལྔ་སོགས། །རིག་འཛིན་བན་བོན་ཆོས་སྐྱོང་ཚོགས་རྣམས་ཀྱིས། །བདེ་སྐྱིད་དཔལ་ལ་སྦྱོར་བའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་འཛམ་གླིང་ཡོངས་ལ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །ཞེས་ལྷ་ལྔའི་མཆོད་ཕྲིན་བསོད་ནམས་དཔལ་སྐྱེད་འདི་ནི་ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ལ་གཞི་བྱས། དགེ་བཤེས་གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་གཏེར་བྱོན་ནས་ཀྱང་ཁ་བསྐངས། ལྷ་ལྔ་ངོས་འཛིན་ལུགས་མཐུན་མི་མཐུན་སྣ་ཚོགས་སྣང་བ་ཚེ་བདག་ལྕགས་སྡིག་དང་ལྕགས་འདྲ། ཡང་ཟློག་མེའི་སྤུ་གྲི། མན་ངག་སྲིད་པའི་གཏེར་ཁྱིམ་སོགས་ནས་ཀྱང་ཞིབ་མོར་དཔྱད་དེ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའི་ལྷ་གསོལ་གྱི་ངག་འདོན་དུ་ཟ་ཧོར་སྔགས་སྨྱོན་གྱིས་ས་རྟ་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །སརྦ་མངྒ་ལཾ།། །།
སྲུང་འཁོར་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལོག་འདྲེན་ཀླད་འགེམ་ཞེས་བྱ་བ་ཟབ་མོ་དག་སྣང་མའི་ཁ་སྐོང་ (Volume 45, Text 43)
སྲུང་འཁོར་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལོག་འདྲེན་ཀླད་འགེམ་ཞེས་བྱ་བ་ཟབ་མོ་དག་སྣང་མའི་ཁ་སྐོང་བཞུགས་སོ། ࿋ །སྣང་རིག་ཟུང་འཇུག་ཕོ་བྲང་ནས། །མི་ཏྲ་ཛོ་ཀི་ཕ་དམ་པ། །གཉིས་སྣང་སྒྱུ་མའི་རྟོག་པ་འཆིབ། །སྤྲུལ་པ་ཚོགས་བརྒྱད་རང་གྲོལ་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །འགྲོ་འདུལ་སྤྲུལ་པའི་གཞལ་ཡས་ནས། །མར་མི་དྭགས་པོ་རས་ཆུང་པ། །ཤངས་པ་རྣལ་འབྱོར་མཐའ་རྩ་བ། །འཇིག་རྟེན་གསུམ་མགོན་སྐྱེ་མེད་ཞང་། ཁྲོ་ཕུ་ལོ་ཙཱ་གྲུབ་ཐོབ་གླིང་། །སྒྱུ་འཕྲུལ་དྲྭ་བའི་ཆིབས་ལ་རོལ། །ཅིར་སྣང་ཆོས་སྐུའི་སྤྲུལ་པ་འགྱེད། །བདག་སོགས་བུ་ལ་སོགས། ཤར་ཕྱོགས་སྤུངས་པའི་རི་བོ་ནས། །རང་བྱུང་རྡོ་རྗེ་ཀརྨ་པ།་་་གྲུབ་ཆེན་པཀྴི། རལ་གྲི་ཕྱར་ཞིང་རོ་ལངས་ཞོན། །སྤྲུལ་པ་བཀའ་བརྒྱུད་གྲུབ་ཐོབ་འབུམ། །བྱིན་རླབས་ནུས་པས་སྟོང་གསུམ་འཆོལ། །བདག་སོགས་བུ་ལ་སོགས། ལྟ་ན་སྡུག་གི་ཞིང་ཁམས་ནས། །ཡོན་ཏན་མགོན་པོ་་་གཡུ་ཐོག་པ།སེང་གེ་འཆིབ། །སྤྲུལ་པ་སྨན་སྐྱོང་ཌཱཀྐི་འགྱེད། །སྨན་གྱི་ཆར་པ་ཤ་ར་ར། །ཞང་བློན་སྡེ་དགུ་ལས་ལ་རྔམས། །བདག་སོགས་བུ་ལ་སོགས། གླང་ཆེན་འགྱིང་འདྲའི་རི་བོ་ནས། །ནམ་མཁའ་རྒྱལ་མཚན་གདོང་།་་་མཁའ་སྤྱོད་པ། །འཇའ་ཟེར་ཐིག་ལེའི་དྲྭ་བ་འཁྲིགས། །སྤྲུལ་པ་མ་མགོན་ལྕམ་དྲལ་འགྱེད། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །པད་འབྱུང་ཐུགས་ཀྱི་འོད་ཀློང་ནས། །ཉང་རལ་ཆོས་དབང་རྒོད་ལྡེམ་ཅན། ཁྱུང་གླང་སྟེང་ན་གཟིགས་སྟངས་འབར། །སྤྲུལ་པ་གཏེར་སྟོན་བརྒྱ་རྩ་བཅས། །བདག་སོགས་བུ་ལ་སོགས། ཕྱོགས་མེད་རྒྱལ་ཁམས་དབེན་ས་ནས། །ཐང་སྟོང་འཆི་མེད་གྲུབ་པའི་རྒྱལ། །བརྟུལ་ཞུགས་ཆོ་རོལ་རྟ་ལ་འཆིབ། །སྤྲུལ་པ་མཆོག་ཐུན་གཟི་བརྗིད་འབར། །བདག་སོགས་བུ་ལ་སོགས། འཕོ་མེད་དགའ་བཞིའི་དཀྱིལ་འཁོར་ནས། །མཁའ་སྤྱོད་དགའ་བའི་རྡོ་རྗེ་འཆང་།་་་གར་དབང་ཆོས་ཀྱི་དབང་ཕྱུག །མཁའ་ལྡིང་འཆིབ་ནས་གྲུབ་རྩལ་ངོམས། །སྤྲུལ་པ་ལྷ་སྨན་ཞིང་སྐྱོང་འགྱེད། །བདག་སོགས་བུ་ལ་སོགས། སྣང་བ་ཟང་ཐལ་ཕོ་བྲང་ནས། །ཞིག་གླིང་འོད་གསལ་སྒྱུ་མ་ནི། །དྭངས་མའི་རླུང་ལྔ་རྡོ་རྗེར་བསྡམས། །སྤྲུལ་པ་ཤ་ཟ་ཌཱཀྐིར་བཅས། །བདག་སོགས་བུ་ལ་སོགས། གཞོམ་མེད་རྡོ་རྗེའི་གུར་ཁང་ནས། །བྱང་བདག།་་་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། །གསེར་འབྲུག་འཆིབ་ནས་སྲིད་གསུམ་འདུལ། །སྤྲུལ་པ་གཟའ་རྒོད་གློག་དམར་འཁྱུག །བདག་སོགས་བུ་ལ་སོགས། དག་སྣང་འཇའ་ཟེར་འཁྲིགས་པ་ནས། །སྔགས་བདག་རྡོ་རྗེ་དྲག་པོ་རྩལ།་་་གནམ་ཆོས་མི་འགྱུར་རྡོ་རྗེ། སྟངས་སྟབས་ཕྱག་རྒྱ་ཁྲིགས་སེ་ཁྲིག །སྤྲུལ་པ་གིང་ཕོ་གིང་མོར་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །བདེ་ཆེན་འབར་བའི་འོད་ཀློང་ནས། །གྲུབ་ཆེན་ཀརྨ་ཆགས་མེད་ཞབས། །རླུང་སེམས་དྭངས་མའི་རྟ་ལ་འཆིབ། །སྤྲུལ་པ་ལྷ་སྲིན་བྲན་དུ་ཁོལ། །བདག་སོགས་བུ་ལ་སོགས། སྣང་སྲིད་ཟིལ་གནོན་གུར་ཁང་ནས། །བདུད་འདུལ་་་རྡོ་རྗེ།སེང་གེ་རྩལ་ཆེན་རྫོགས། །རླུང་འབྲུག་འཆིབ་ནས་ཐུན་ཆར་འབེབ། །སྤྲུལ་པ་གྲུབ་ཐོབ་ཚོམ་བུར་བཅས། །བདག་སོགས་བུ་ལ་སོགས། དགའ་ལུང་མཁའ་འགྲོའི་གསང་མཛོད་ནས། །སྐྱེས་མཆོག་དཔའ་བོ་སྟག་ཤམ་ཅན། །རྟ་སྐད་འཚེར་ཞིང་ཐོད་དབྱུག་གདེངས། །སྤྲུལ་པ་དམུས་ལོང་རྒྱབ་འབྲེལ་འགྱེད། །བདག་སོགས་བུ་ལ་སོགས། བཀའ་གཏེར་འདོད་དགུའི་རྒྱ་མཚོ་ནས། །སྨིན་གླིང་གཏེར་ཆེན།་་་འགྱུར་མེད་བདེ་ཆེན་རྡོ་རྗེའི་བདག །སྤྲིན་བཞོན་སྟེང་ན་ཁམས་གསུམ་སྡུད། །སྤྲུལ་པ་སྣང་སྲིད་བྲན་དུ་ཁོལ། །བདག་སོགས་བུ་ལ་སོགས། ཁོལ་རི་གསང་སྔགས་སྒྲུབ་ཁང་ནས། །ཧེ་རུ་ཀ་དཔལ་ཀློང་གསལ་སྙིང་། །རླུང་ནག་སྟེང་བཞུགས་ཐོག་ཆེན་འཕེན། །གནམ་ལྕགས་སྡིག་པ་ཆར་ལྟར་འབེབ། །བདག་སོགས་བུ་ལ་སོགས། བྱང་གླིང་དབང་དྲག་དགའ་ཚལ་ནས། །ཆོས་གླིང་།་་་འཛམ་གླིང་བདེ་བའི་རྡོ་རྗེ་རྩལ། །ཡེ་ཤེས་འོད་ལྔའི་ཀློང་ན་འཁྱུག །སྤྲུལ་པ་དཔའ་བོ་མཁའ་འགྲོ་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །སེང་གེ་གནམ་མཆོང་ཀེའུ་ཚང་ནས། །རིག་འཛིན་དྲག་པོ་ནུས་ལྡན་རྩལ།་་་ཡོན་དགེ་མི་འགྱུར་རྡོ་རྗེ། སྟག་སྟེང་རྡོ་རྗེ་ཕུར་པ་གདེངས། །སྤྲུལ་པ་ཁྱུང་དང་ལྕགས་སྡིག་འགྱེད། །བདག་སོགས་བུ་ལ་སོགས། བྲག་དམར་བྱ་ཁྱུང་སྒྲུབ་གནས་ནས། །རོལ་པའི་རྡོ་རྗེ་དམར་སྨུག་མདངས། །ཡེ་ཤེས་རབ་འབར་རིག་པ་ཧུར། །སྤྲུལ་པ་ཅང་ཏེའུ་ཁྲོ་ལོ་ལོ། །བདག་སོགས་བུ་ལ་སོགས། དམུ་རྡོ་མཁའ་འགྲོ་འབུམ་འདུས་ནས། །ཧཱུྃ་ནག་བདེ་གཤེགས་སྙིང་པོ་རྩལ།་་་ལྕགས་རྣ་བདེ་ཆེན་གླིང་པ། ཡེ་ཤེས་མེ་རླུང་འཁྲུགས་དབུས་རོལ། །སྤྲུལ་པའི་ཆོ་རོལ་བྱེ་བ་འབུམ། །བདག་སོགས་བུ་ལ་སོགས། མང་ཡུལ་རི་བོ་དཔལ་འབར་ནས། །རྡོ་རྗེ་ཚེ་དབང་ནོར་བུའི་སྡེ། །ཉི་ཟེར་འཆིབ་ནས་ལྟ་སྟངས་མཛད། །སྤྲུལ་པ་འོད་ལུས་རིག་འཛིན་བཅས། །བདག་སོགས་བུ་ལ་སོགས། སྟག་ཚང་སེང་གེ་བསམ་འགྲུབ་ནས། །རྭ་སྟོན།་་་སྟོབས་ལྡན་རྡོ་རྗེ་ཤུགས་འཆང་རྩལ། །སྟངས་སྟབས་འགྱིང་བག་འོད་ཟེར་འཕྲོ། །བདུད་དང་དམ་སྲི་ཕྱེ་མར་བརླག །བདག་སོགས་བུ་ལ་སོགས། ཟག་མེད་བདེ་ཀློང་འཁྱིལ་པ་ནས། །ཀརྨ་གུ་རུ་འཕྲུལ་ཆེན་རྩལ།་་་ཏྲེའོ་ཆོས་ཀྱི་དབང་པོ། སྒྲ་གཅན་དབུས་བཞུགས་ཉི་ཟླ་བསྐོར། །ཐིག་རླུང་དག་པའི་སྤྲུལ་པ་འགྱེད། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །དགའ་ལྡན་ཆོས་ཀྱི་འདུན་ས་ནས། །མདོ་སྔགས་བསྟན་པའི་ཉིན་མོར་བྱེད།་་་དྷརྨཱཀ་ར། སྤྲིན་དཀར་སྟེང་ན་བྱིན་རླབས་འབེབ། །སྤྲུལ་པ་ནམ་མཁའི་ལྷ་བྲན་འབུམ། །བདག་སོགས་བུ་ལ་སོགས། ཟག་མེད་འཇའ་ཚོན་ཕུག་པ་ནས། །དཔའ་བོ།་་་གཙུག་ལག་དགའ་བའི་དབང་པོའི་སྡེ། །བདེ་ཆེན་ཌཱཀྐི་ཡུམ་དང་བཅས། །སྤྲུལ་པ་སྔགས་བདག་དྲེགས་ཆེན་འགྱེད། །བདག་སོགས་བུ་ལ་སོགས། རྔ་ཡབ་འགྲོ་ལྡིང་ཚོགས་ཁང་ནས། །བདུད་འདུལ་རྒྱལ་པོ་་་རྟ་མགྲིན་མགོན་པོ།རྡོ་རྗེ་དྲག་་་པོ། དམ་སྲིའི་སྙིང་ལ་ཐུན་ཆར་འབེབ། །གང་འདུལ་སྤྲུལ་པའི་དཔུང་ཚོགས་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ། །སྣང་རིག་ཟུང་འཇུག་ནས་འདི་ཡན་གུ་ཎ་སཱ་ག་རས་རྩ་གསུམ་ལ་གསོལ་བ་བཏབ་ཅིང་། བཞུགས་གནས་བཞོན་པ་ཕྱག་མཚན་སོགས་གོང་མ་རྣམས་ཀྱི་ལུགས་དང་བསྟུན་ནས་གསར་འཛུད་བགྱིས་པ་སྟེ། དཔེ་གཅོད་མི་འདོད་པ་རྣམས་ཀྱིས་འདི་གཉིས་བར་བསྐྱུར་བས་འཐུས་ཤིང་། གསོལ་འདེབས་དང་སྨོན་ལམ་ལ་རང་བློས་གང་དཔོག་བྱས་ན་ལྷག་སྐྱོན་དང་གཟུ་ལུམ་གྱི་ཉེས་སྐྱོན་མི་འབྱུང་བ་བཀའ་གཏེར་ཀུན་ཏུ་གསལ་ཞིང་། ཁྱད་པར་འདི་ཉིད་ཀྱི་དམིགས་རིམ་དུ་སྤྲུལ་པ་སྒྱུ་འཕྲུལ་བཞོན་པ་རྣམས་གང་ལ་གང་འདུལ་དུ་བསྒོམ་པར་གསུངས་པ་དང་། རྩ་བ་རྡོ་རྗེའི་ཚིག་རྐང་ལས། གཞན་ཡང་གནས་ཡུལ་དག་ཞིང་ནས། སོགས་འོག་ཏུ་འབྱུང་མ་ཐག་པའི་དངོས་བསྟན་གྱི་དགོངས་པར་འགྲོ་བས་འགལ་བ་ཆེར་མེད་དམ་སེམས་པ་དང་། ༈ སླར་དེའི་ཡང་སྐོང་ནི། སྣང་སྟོང་ཆོས་སྐུའི་ཕོ་བྲང་ནས། །སི་ཏུ་པདྨ་ཉིན་བྱེད།་་་པདྨ་དབང་ཆེན་དབོན་རྒན།་་་ཐེག་མཆོག་མཚན། །ངེས་དོན་བསྟན་པ་རབ་རྒྱས་ཞབས། །རིག་རྩལ་སྒྱུ་མའི་འཆིབ་ལ་རོལ། །གང་འདུལ་སྤྲུལ་པའི་ཆོ་འཕྲུལ་འགྱེད། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །འཕོ་མེད་བདེ་ཆེན་ཕོ་བྲང་ནས། །རིན་ཆེན་ཞྭ་ལུ།་་་བློ་གསལ་བསྟན་སྐྱོང་ཞབས། །སེང་གེ་འཆིབ་ནས་རིག་རྩལ་འབར། །རྣམ་འཕྲུལ་ཆོས་རྒྱལ་རིགས་ལྡན་དང་། །སྡེ་དྲུག་སྲུང་མའི་ཚོགས་དང་བཅས། །བདག་སོགས་བུ་ལ་སོགས། རྡོ་རྗེ་བཀོད་པའི་གཞལ་ཡས་ནས། །གཞན་ཕན་དགེ་མང་།་་་རིག་པའི་རྡོ་རྗེ་རྩལ། །གླང་ཆེན་སྟེང་ན་ཆོས་སྒྲ་སྒྲོག །མཁས་བཙུན་ཚོམ་བུ་བརྒྱ་རྩར་བཅས། །བདག་སོགས་བུ་ལ་སོགས། སྒྱུ་འཕྲུལ་རྡོ་རྗེའི་ཀེའུ་ཚང་ནས། །པདྨ་འོད་གསལ་མདོ་སྔགས་གླིང་།་་་འཇམ་དབྱངས་མཁྱེན་བརྩེ། མ་ཧཱ་རུས་སྦལ་ཁྲི་ལ་འགྱིང་། །ཡེ་ཤེས་གཟི་བརྗིད་མཁའ་ལ་འཕྲོ། །ཌཱཀྐི་དམ་ཅན་སྤྲིན་ལྟར་འཐིབས། །རྣམ་འཕྲུལ་ཞིང་ཁམས་ཀུན་ཏུ་ཁྱབ། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ།༽ །པདྨས་ཁེབས་པའི་ཞིང་ཁམས་ནས། །གཏེར་ཆེན།་་་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་། །རྒྱ་སྟག་སྟེང་བཞུགས་ཁམས་གསུམ་སྡུད། །སྲིད་པ་གསུམ་པོ་ཟིལ་གྱིས་མནན། །བྱང་སེམས་རིག་འཛིན་སྤྲུལ་འཁོར་འབུམ། །བདག་སོགས་བུ་ལ་སོགས། བཛྲ་ཙིཏྟ་ཀོ་ཊི་ནས། །འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་། །འབྲུག་ཆེན་འཆིབ་ནས་གནས་ཡུལ་འགྲིམས། །མ་ངེས་སྒྱུ་མའི་གར་སྟབས་སྒྱུར། །དཔའ་བོ་རྣལ་འབྱོར་མ་ཚོགས་བཅས། །བདག་སོགས་བུ་ལ་བྱིན་གྱིས་རློབས། །བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ། །དམ་སྲི་འབྱུང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཞེས་པ་འདི་རྣམས་ཀྱང་དད་མོས་ཅན་དག་གིས་བསྐུལ་ལྕག་ངོར་པདྨ་གར་དབང་གིས་སླད་ནས་བསྣན་པ་སྟེ། བློ་གསལ་བསྟན་སྐྱོང་མན་ཆད་ཀུན་མཁྱེན་བླ་མ་༧འཇམ་དབྱངས་མཁྱེན་བརྩེའི་དག་པའི་གཟིགས་སྣང་དང་མཐུན་པར་བྲིས་པ་ལས་བབ་ཅོལ་མ་ཡིན་པས་དགོས་པ་ཡོད་དམ་སྙམ་མོ།། །།
དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཕྲིན་ལས་དངོས་གྲུབ་ཆར་འབེབ་ (Volume 27, Text 43)
༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཕྲིན་ལས་དངོས་གྲུབ་ཆར་འབེབ་བཞུགས༔ ྈྈྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དབང་ཐོབ་དམ་ཚིག་ལྡན་པ་ཡིས༔ ཕྲིན་ལས་འཇུག་ལ་སྦྱོར་དངོས་རྗེས༔ སྦྱོར་བ་སྒྲུབ་པའི་ཡོ་བྱད་བཤམ༔ སྐྱབས་འགྲོ་ཚོགས་གསག་མཚམས་གཅད་དབྱེ༔ ཕྱག་བཤགས་དམ་བཅའ་བྱིན་གྱིས་བརླབ༔ དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དྷརྨ་དྷཱ་ཏུ་ཨཱ༔ བོ་དྷི་ཙིཏྟ་ཧཱུྃ༔ རཾ་ཡཾ་ཁཾ༔ ཨེ་ཡཾ་ར་སུཾ་ཀེཾ་རཾ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་ལས༔ འབྱུང་ལྔའི་རྟོག་པ་རྣམ་པར་དག༔ ནམ་མཁའ་རླུང་ཆེན་རཀྟའི་མཚོ༔ ཞིང་ཆེན་ས་གཞི་ཀེང་རུས་རི༔ བསྐལ་པའི་མེ་འབར་དུར་ཁྲོད་ཞིང༔ སྲུང་བའི་སྤྲིན་ཆེན་འཁྲིགས་པའི་དབུས༔ རྒྱུ་ལས་པཾ་མཾ་པད་ཉིའི་སྟེང༔ ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་དབུས༔ བྷྲཱུྃ་ཡིག་ལྔ་ལྡན་གཞལ་ཡས་ཁང༔ ཕྱི་ནི་རིན་ཆེན་རྒྱན་དང་ལྡན༔ ནང་ནི་དུར་ཁྲོད་ཆས་ཀྱིས་འཇིགས༔ དབུས་སུ་ཟླ་གམ་དགུ་ལྡན་པའི༔ འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ༔ རྡོ་རྗེའི་བྲག་སྟེང་རུ་དྲ་ནི༔ གན་རྐྱལ་སྒྱེལ་སྟེང་པད་ཉི་ཟླ༔ དེ་དབུས་རྒྱུ་ཡི་ཧཱུྃ་ཡིག་ལས༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཁྲོ་འཛུམ་སྤྱན་དགུ་མཆེ་བ་གཙིགས༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔ༔ གཡོན་གསུམ་དྲིལ་བྷན་འཁོར་ལོ་འཕེན༔ ཞབས་བཞི་གར་གྱི་རྣམ་པར་རོལ༔ དུར་ཁྲོད་ཆས་ཀྱིས་འཇིགས་པར་བྱས༔ པང་དུ་བཛྲ་རྣལ་འབྱོར་མ༔ ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་འཁྱུད༔ མེ་དཔུང་འོད་ལྔའི་ཀློང་དུ་བཞུགས༔ ཀུན་གཞི་བདེ་ཆེན་ངོ་བོར་བསྒོམ༔ ཡབ་ཀྱི་གསང་བ་རྡོ་རྗེ་ཧཱུྃ༔ ཡུམ་གྱི་གསང་བ་པདྨ་ཨཱ༔ གནས་ལྔར་འབྲུ་ལྔ་གནས་གསུམ་ལ༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ རཱ་ག་ཡ་ཧོ༔ རཱ་ག་ཡཱ་མི༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་ལས༔ ཤར་ཕྱོགས་གཽ་རཱི་དཀར་མོ་ནི༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་ཐབས་བསྒྱུར༔ ལྷོ་ཕྱོགས་ཙཽ་འུ་རཱི་མ་སེར༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་སྟབས་བསྒྱུར༔ ནུབ་ཕྱོགས་པྲ་མོ་ཧ་དམར་མོ༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་སྟབས་བསྒྱུར༔ བྱང་ཕྱོགས་བཻ་ཏཱ་ལི་ལྗང་ནག༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་སྟབས་བསྒྱུར༔ ཤར་ལྷོར་ཙནྜ་ལཱི་དཀར་སེར༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་སྟབས་བསྒྱུར༔ ལྷོ་ནུབ་པུཀྐ་སི་དམར་སེར༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་ཐབས་བསྒྱུར༔ ནུབ་བྱང་སྨེ་ཤ་ནི་དམར་ལྗང༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་སྟབས་བསྒྱུར༔ བྱང་ཤར་གྷསྨ་རཱི་ལྗང་སེར༔ ཌཱ་མ་རུ་དང་ཁ་ཊྭཱཾ་ག༔ ཐོད་ཆང་འཛིན་པས་གར་སྟབས་བསྒྱུར༔ ཐམས་ཅད་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇའ་དང་མེ་དཔུང་ཀློང་དུ་གསལ༔༼ཕྱི་རོལ་སེང་ཧ་དབང་ཕྱུག་རྣམས༔ མགྲོན་ཐབས་བཞིན་དུ་གསལ་བར་བསྒོམ༔་་་འདི་གཉིས་གཏེར་མཆན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་པྲ་ཏི་བེཀྵཱ་ཎ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛ་ན་ཛྙཱ་ན་བཛྲ༴ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་བྷུ་ཧོ༔ པྲ་ཏི་བྷུ་ཧོ༔ ཧཱུྃ༔ རྡོ་རྗེ་སྒེག་མོ་གཽ་འུ་རཱི༔ སྒེག་པའི་གར་གྱིས་གཡོ་བར་བྱས༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ ཆགས་པའི་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་གཽའུ་རཱི་ས་མ་ཡ་སཏྭཾ༔ ཧཱུྃ༔ རྡོ་རྗེ་ཕྲེང་བ་ཙཽ་འུ་རཱི༔ བདེ་བའི་གར་གྱིས་ཁྱབ་པར་བྱས༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ འཁྲིལ་བའི་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་ཙཽའུ་རཱི་ས་མ་ཡ་ཧོ༔ ཧཱུྃ༔ རྡོ་རྗེ་གླུ་མ་པྲ་མོ་ཧ༔ མཉེན་པའི་ཚུལ་གྱིས་བརྟན་པར་བྱས༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ སྲུབ་པའི་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་པྲ་མོ་ཧཿར་ཧོ་ཧཾ༔ ཧཱུྃ༔ རྡོ་རྗེ་གར་མ་བཻ་ཏཱ་ལི༔ མྱོས་པའི་གར་གྱིས་མཐར་སོན་པ༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ གཉིས་མེད་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་བཻ་ཏཱ་ལི་རཱ་ག་ཡཱ་མི༔ ཧཱུྃ༔ རྡོ་རྗེ་མེ་ཏོག་ཙཎྜ་ལཱི༔ གཟུགས་མཛེས་གར་གྱིས་གཡོ་བར་བྱས༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ འཛུམ་པའི་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་ཙཎྜ་ལཱི་པུཥྤེ་པུ༔ ཧཱུྃ༔ རྡོ་རྗེ་བདུག་སྤོས་པུཀྐ་སི༔ དྲི་ཞིམ་ཚུལ་གྱིས་ཁྱབ་པར་བྱས༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ ཡིད་འཕྲོག་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་པུཀྐ་སི་དྷཱུ་པེ་དྷཱུ༔ ཧཱུྃ༔ རྡོ་རྗེ་སྣང་མཛད་སྨེ་ཤ་ནི༔ སྣང་གསལ་ཚུལ་གྱིས་བརྟན་པར་བྱས༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ བདེ་བའི་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་སྨེ་ཤ་ནི་ཨཱ་ལོ་ཀེ་ཨཱ༔ ཧཱུྃ༔ རྡོ་རྗེ་དྲི་ཆབ་གྷསྨ་རཱི༔ གཉིས་མེད་ཚུལ་གྱིས་མཐར་སོན་པ༔ ནམ་མཁའ་མཉམ་པར་སྤྲུལ་བྱས་ཏེ༔ མི་ཕྱེད་ཚུལ་གྱིས་སྐུ་ལ་སྦྱོར༔ ཨོཾ་བཛྲ་གྷསྨ་རཱི་གྷནྡྷེ་གྷན༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་མུ་དྲ་སུ་ཁ་ཧོ༔ མ་ཏྲཾ་རུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ དྷརྨ་དྷཱ་ཏུ་པཱུ་ཛཿཧོ༔ ཧཱུྃ༔ ཟླ་གམ་འབར་བའི་ཀློང་དགུ་ནས༔ རུ་དྲ་བསྒྱེལ་པའི་གདན་སྟེང་དུ༔ དེ་བཞིན་ཉིད་ལས་སྐུ་བཞེངས་པ༔ དཔལ་ཆེན་ཡང་དག་ཧེ་རུ་ཀ༔ ཆོས་སྐུ་འགྱུར་མེད་མཐིང་ནག་ལ༔ སྐུ་གསུམ་ལྡན་པའི་ཞལ་གསུམ་པ༔ རྡོ་རྗེ་ཡེ་ཤེས་སྙིང་པོ་ཆེ༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་སྒྲོལ༔ ཐོད་རྔས་རྣལ་འབྱོར་ཡེ་ཤེས་སྤོར༔ དྲིལ་བུས་སེམས་ཅན་སད་པར་མཛད༔ དུང་ཁྲག་འཁོར་བ་གནས་ནས་སྤོར༔ རྒྱུ་ཞགས་ཐུགས་རྗེའི་དཔྱང་ཐག་འཕེན༔ བསྡུ་བ་རྣམ་བཞིའི་ཞབས་བཞི་བསྒྲད༔ རུ་དྲའི་ཆོས་རྣམས་མ་སྤངས་པར༔ ལྷུན་གྲུབ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་སྦྱོར་བའི་ཡུམ་མཆོག་ནི༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ ཁ་ཊྭཱཾ་ཐོད་པ་འཛིན་པས་འཁྱུད༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ སྐུ་ཡི་བདག་ཉིད་གཽ་རཱི་མ༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ གསུང་གི་བདག་ཉིད་པྲ་མོ་ཧ༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀྱི་བདག་ཉིད་ཙཎྜ་ལཱི༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་བདག་ཉིད་ཙཽ་རཱི་མ༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་བདག་ཉིད་བཻ་ཏཱ་ལི༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་བདག་ཉིད་པུཀྐ་སི༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ གཟི་བརྗིད་བདག་ཉིད་སྨེ་ཤ་ནི༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་བདག་ཉིད་གྷསྨ་རཱི༔ རྣལ་འབྱོར་ཁ་ཊྭཱཾ་ཌཱ་མ་རུ༔ བདེ་བ་ཆེ་ལ་སྦྱོར་མཛད་མ༔ རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས༔ ཧཱུྃ་ཡིག་མར་མེ་ལྟར་འབར་བ༔ རུ་ལུ་འབྲུ་བརྒྱད་འཁོར་བ་ལས༔ བྱང་སེམས་རང་བཞིན་སྔགས་ཕྲེང་ནི༔ ཡབ་ཡུམ་ཞལ་བརྒྱུད་བདེ་ཆེན་རྒྱས༔ ཕར་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ ཚུར་འདུས་དངོས་གྲུབ་བདག་ལ་ཐིམ༔ སླར་འཕྲོས་འགྲོ་བའི་དོན་རྣམས་བྱས༔ སྣང་སྲིད་ཐམས་ཅད་སྔགས་ཀྱིས་གང༔ ཕྱི་སྣོད་ཟླ་གམ་གཞལ་ཡས་ཁང༔ ནང་བཅུད་རྣལ་འབྱོར་མ་ཡི་སྐུ༔ བདེ་ཆེན་འཁོར་ལོ་ཆེན་པོར་ཤར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབྲུ་བརྒྱད་སྔགས་བཟླས་པས༔ མ་མོ་ཐམས་ཅད་དབང་དུ་བསྡུས༔ དྲེགས་པ་ཐམས་ཅད་བྲན་དུ་བཀོལ༔ ཅི་འདོད་ལས་རྣམས་འགྲུབ་པར་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རྗེས་ཀྱི་བྱ་བ་ཚོགས་འཁོར་བསྐོར༔ བསྐུལ་ཞིང་གཏོར་སྐྱོང་བརྟན་མ་གཏང༔ བྲོ་བརྡུང་དངོས་གྲུབ་བླང་བ་དང༔ དཀྱིལ་བསྡུ་བཀྲ་ཤིས་བསྔོ་སྨོན་བྱ༔ དེ་ཡིས་ཕྲིན་ལས་ཆོ་ག་རྫོགས༔ འདིས་ནི་མཆོག་གི་དངོས་གྲུབ་ཐོབ༔ ཐུན་མོང་དངོས་གྲུབ་ལྟ་ཅི་སྨོས༔ ས་མ་ཡ་རྒྱ༔ ྈྈྈྈ མཆོག་གྱུར་གླིང་པའི་གཏེར་མ་ཡང་དག་པའོ།། །།
སྲིད་པ་མ་མོ་སྒང་ཤར་གྱི་ཕྲིན་ལས་ཁྲིགས་བསྡེབ་རྣམ་གསལ་དུ་བཀོད་པ་བདེ་ཆེན་ཆར་འབེབ་ (Volume 32, Text 43)
༄༅། །སྲིད་པ་མ་མོ་སྒང་ཤར་གྱི་ཕྲིན་ལས་ཁྲིགས་བསྡེབ་རྣམ་གསལ་དུ་བཀོད་པ་བདེ་ཆེན་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ཤྲཱི་མཱཾ་གུ་རུ་ཧེ་རུ་ཀཾ་ན་མཱ་མི། བདེ་ཆེན་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། །བདག་རྒྱུད་སྨིན་མཛད་འཁོར་ལོའི་མགོན་པོ་དང་། །གང་དེའི་སྒྱུ་འཕྲུལ་སྲིད་པ་མ་རྒྱུད་ཀྱི། །དཀྱིལ་འཁོར་རིག་འཛིན་སྲུང་མར་བཅས་ལ་འདུད། །ར་ཤག་ཟབ་གཏེར་མ་མོ་སྒང་ཤར་གྱི། །ཕྲིན་ལས་རྒྱ་གཞུང་རྨོངས་པས་རྟོགས་དཀའ་བས། །ཚིག་འབྲེལ་མངོན་རྟོགས་བསྡེབས་ནས་འདིར་འགོད་ཀྱི། །ལྷ་དང་སྲུང་མས་གནང་བའི་སྐབས་སྩོལ་ཅིག །དེའང་གཞུང་ལས། དབྱིངས་ཕྱུག་ཐུགས་དམ་ཅན་རྣམས་བསྐང་བ་དང་། །འདི་དང་ཕྱི་མའི་དངོས་གྲུབ་བསྒྲུབ་པ་དང་། །རྐྱེན་ཟློག་དགྲ་བགེགས་འདུལ་ཞིང་ཚར་གཅད་ཕྱིར། །མཆོད་པའི་ཕྲིན་ལས་ཁྱད་པར་འདི་བརྩམ་མོ། །ཞེས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་བདེ་བླག་ཏུ་སྒྲུབ་པར་བྱེད་པའི་དགོས་པ་ཁྱད་པར་ཅན་གྱི་ཕྲིན་ལས་འདི་ལ་གསང་རྒྱུད་མཆོད་ཕྲིན་སྤྱི་སྡོམ་ལས་དོན་གསུམ་དུ་གསུངས་ཏེ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། སྦྱོར་བ་རྟེན་བཤམ་པ་དང་། ཆོ་གའི་སྔོན་འགྲོ་དངོས་སོ། །དང་པོ་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་དང་། མདོས་ཀྱི་སྐབས་སུ་སོ་སོའི་བཅས་གཤོམ། སྤྱིར་རྟེན་རྫས་སྒྲུབ་རྫས་སྐོང་རྫས་ཇི་ལྟར་འོས་ཤིང་ཚོགས་པ་གཞུང་བཞིན་འདུ་བྱའོ། །གཉིས་པ་ཆོ་གའི་སྔོན་འགྲོ་ལ། གཞུང་ལས། བདག་ཉིད་ལྔ་ཡིས་སྔོན་འགྲོའི་ལས་རྫོགས་བྱ། །ཞེས་གསུངས་པ་ནི། སྒྲུབ་པ་ཆེན་པོ་དང་འབྲེལ་བ་ཡིན་ལ། སྤྱི་སྡོམ་ལས། སྔོན་འགྲོ་ཐུན་མོང་ལས་ལ་བདུན། །མཚམས་བཤགས་སྒོ་དབྱེ་བརྡ་ཕྱག་འཚལ། །དམ་བཅའ་བྱིན་དབབ་མཆོད་རྫས་བརླབ། །ཅེས་པ་ལྟར་ལ། རྡོ་སྟོན་གྱི་བསྡུས་དོན་དུ་ཐོག་མར་སེམས་བསྐྱེད་པའང་བཤད་པས་དེ་ལྟར་ན། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། དེ་ནས་དང་པོ་མཚམས་གཅོད་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཨ་ཀྲ་ཧཱུྃ། བདག་ཉིད་དཔལ་ཆེན་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཡེ་ཤེས་ཀྱི་ཁྲོ་མོ་མང་པོ་བྱུང་སྟེ་བགེགས་ཐམས་ཅད་བསྒྲལ་ཞིང་ཚར་བཅད་ནས་ཚུར་འདུས་རང་ལ་ཐིམ་པར་གྱུར། ཧཱུྃ་ཧ་ཧེ་མ་ཕཊ་བྷྱོ། ཛྙཱ་ན་མཱ་ཏྲི་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧཱུྃ་ཕཊ། ཧཱུྃ། རྡོ་རྗེ་རི་རབ་ལྷུན་པོའི་རྩེ་བརྒྱད་ན། །འབར་བའི་ལྷ་བརྒྱད་དབང་ཆེན་ཀ་སྟེང་དུ། །ཤིན་ཏུ་མི་བཟད་གཏུམ་ཆེན་ཧ་ལའི་གཟུགས། །གཤིན་རྗེ་མ་ཏྲཾ་རོ་ཡི་དབྱུག་པ་ཕྱར། །གང་ལ་ཅི་འདུལ་ཙིཏྟའི་ཕྲེང་བས་བརྒྱན། །ཕྲ་མེན་དགུ་ཁྲི་མང་པོའི་འཁོར་གྱིས་བསྐོར། །བསྐལ་པའི་མེ་རི་སྨུག་ནག་འབར་བས་གཏམས། །ནམ་མཁའི་ཁམས་ཀུན་མེ་ཡི་འཁོར་ལོར་འབར། །རྡོ་རྗེ་རྒྱ་གྲམ་འབར་བས་མེ་གཏོར་ནས། །སྟེང་འོག་ཤར་ལྷོ་ནུབ་བྱང་འཕྲོ་ཞིང་འཁྱིལ། །དུར་ཁྲོད་མཚན་མོའི་མེ་ནི་སྔོ་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་ཁམ་ནག་འབར། །ཡེ་ཤེས་མེ་ལྔ་འབར་བའི་ས་ཕྱོགས་སུ། །བར་གཅོད་བྱེད་པའི་བགེགས་ཚོགས་མ་ལུས་ཀུན། །ཏིང་འཛིན་མེ་ཡིས་གཞོབ་ཏུ་བསྲེག་པར་བྱ། །ཧཱུྃ། མ་མོ་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་རྣམས། །འདུ་བ་ལ་ནི་མ་གཏོགས་པའི། །ཐམས་ཅད་འདས་ན་རྡུལ་ཕྲན་བཞིན། །ཡེ་ཤེས་མེ་ཡིས་སྲེག་པར་བྱེད། །འབར་འཕྲོ་འདུ་ཀློང་གསལ་བར་འཁྲིགས། ཨེ་རཾ། ཕཊ་རཾ། ཏྲག་རཾ། ཁ་རཾ། བཛྲ་ཛྭ་ལ་རཾ། གཉིས་པ་བཤགས་པ་ནི། རྡོ་རྗེ་བསྡུ་བའི་རྒྱ་དང་། བཛྲ་ས་མ་ཡ་ཛཿཛཿ དཔང་པོ་སྡེ་གསུམ་གྱི་མ་མོ་སྤྱན་དྲངས། ཛྙཱ་ན་མཱ་ཏྲི་པཱུ་ཛ་ཁཱ་ཧི། ཞེས་ཏིང་ངེ་འཛིན་གྱི་མཆོད་པ་ཕུལ་བར་བསམ། ཐལ་མོ་སྦྱར་ལ། ཧཱུྃ། ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ །ཉིད་ཞི་མུ་ཁ་མ་མོ་ཀུན་གྱི་གཙོ། །གཉིས་མེད་བྱང་ཆུབ་སེམས་སུ་མ་གསལ་བ། །ཉིད་ཞི་བདེ་མཆོག་སྐུ་ལ་བཟོད་པར་གསོལ། །འབྱུང་བ་ལྔ་ལས་ཕྱག་རྒྱའི་སྐུར་སྤྲུལ་པ། །དབྱིངས་ཕྱུག་མ་ལྔས་འགྲོ་བ་ཡོངས་ལ་ཁྱབ། །རིགས་ལྔའི་སྐུ་དང་སྦྱོར་བ་མ་གསལ་བ། །དབྱིངས་ཕྱུག་གཙོ་ལྔའི་སྐུ་ལ་བཟོད་པར་གསོལ། །སྤྲུལ་པའི་ལོངས་སྤྱོད་ལོངས་སྤྱོད་རྫོགས་པའི་སྐུ །ཕྲ་མེན་རྒྱ་མཚོ་ཡེ་ཤེས་མ་མོའི་གཙོ། །བདུད་རྩི་བྱང་ཆུབ་སེམས་ཀྱིས་མ་མཆོད་པ། །ཕྲ་མེན་རྒྱ་མཚོའི་སྐུ་ལ་བཟོད་པར་གསོལ། །ཉི་ཟླ་ཐོད་ཕྲེང་དཀར་མོ་ཀུན་གྱི་གཙོ། །འབད་རྩོལ་ཆུང་ཞིང་བརྟུལ་ཞུགས་ཆུང་བ་ཡིས། །ཙིཏྟ་སྙིང་གི་དམ་རྫས་མ་ཚོགས་པ། །གཙོ་མོ་ཡུམ་ཆེན་སྐུ་ལ་བཟོད་པར་གསོལ། ཁྲོས་པའི་དབང་ཆེན་ལ་སོགས་བཅུ་གཉིས་ནི། །དམ་རྫས་དང་དུ་ལེན་རྔོ་མ་ཐོགས་ཏེ། །སྤོས་དང་དུང་འབུད་གསུར་གྱི་རྒྱུན་བཀུམ་པ། །མ་ཆེན་བཅུ་གཉིས་སྐུ་ལ་བཟོད་པར་གསོལ། །ཆགས་བྱེད་ཆ་སྙོམས་རིན་ཆེན་སྲིད་འདེགས་དང་། །ཨེ་ཀ་ཛཱ་ཊི་དཔལ་ལྡན་ཆེན་མོ་དང་། །དུར་ཁྲོད་གནས་པའི་མ་བདུན་ལ་སོགས་ལ། །མཱཾ་ས་ལ་སོགས་བཅད་སོར་ལྷུ་རྡུམ་དང་། །རཀྟ་དམར་ཆེན་རྦ་ཀློང་མ་བསྐྱིལ་བས། །ཐུགས་དམ་འགལ་བར་གྱུར་པ་བཟོད་པར་གསོལ། །གསུམ་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །ཡེ་ཤེས་བཞི་ཡི་ལྷ་མཚོན་པས། །ཚད་མེད་བཞི་ཡི་སྒོ་ཕྱེ་ལ། །ཤེས་རབ་དཀྱིལ་འཁོར་བསྟན་དུ་གསོལ། །པྲ་བེ་ཤ་ཡ་ཕཊ། བཞི་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ། བྷ་ག་དབྱིངས་ཀྱི་དཀྱིལ་འཁོར་ན། །ཡེ་ཤེས་མ་མོ་མཁའ་འགྲོ་རྣམས། །ཤེས་རབ་ཡུམ་གྱི་ཚོགས་རྣམས་ལ། །རྣལ་འབྱོར་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ ལྔ་པ་དམ་བཅའ་བ་ནི། ཧཱུྃ། རྣལ་འབྱོར་དབང་ཕྱུག་ཡེ་ཤེས་རྩལ་འཆང་བས། །སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །མ་མོ་གསང་བའི་ལྷ་ཚོགས་དགོངས་སུ་གསོལ། །མི་དགེ་སྡིག་པའི་ལས་ངན་མི་སྤྱོད་ཅིང་། །རྩ་བ་ཡན་ལག་དམ་ལས་མི་འདའ་བར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པར་དམ་བཅའ་འོ། །ཛྙཱ་ན་མཱ་ཏྲི་ཏ་ས་མ་ཡ་སིདྡྷི་ཧཱུྃ་ཧ། དྲུག་པ་བྱིན་དབབ་པ་ནི། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་བཱན་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །མ་མོ་གསང་བ་ལྷུན་གྲུབ་དཀྱིལ་འཁོར་འདིར། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཛྲ་ས་མ་ཡ་སིདྡྷི་ཕེཾ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུས་པས། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་བདག་གནས་ཡོ་བྱད་རྣམས་ལ་ཐིམ་སྟེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབས་པར་བསམ། བདུན་པ་མཆོད་རྫས་བྱིན་བརླབ་ནི། བདུད་རྩི་ལ་དམིགས་ཏེ། བདག་གི་ཐུགས་ཀ་ནས་བྷྲཱུྃ་དཀར་པོ་ཞིག་འཕྲོས་པ་ལས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ། ཅེས་པས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་སྟེང་དུ་ཤ་ལྔ་དང་བདུད་རྩི་ལྔ། དེའི་སྟེང་དུ། སཱུརྻ་ཙནྡྲ་པདྨ་མཎྜ་ལ། ཅེས་པས་ཉི་ཟླའི་གདན་ལྔ་ཚོམ་གྱི་སྟེང་དུ། ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ། ཧ་ཧ་ཧ་ཧ་ཧ། ཅེས་པས་རིགས་ལྔ་དང་འབྱུང་བའི་རྒྱལ་མོ་ལྔ་ཡི་ས་བོན། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་འོད་དུ་ཞུ་བ་ལས། ཨོཾ་མ་མ་ལཾ་ཏེ་ཧ། ཧཱུྃ་གྷྲྀ་ས་མུ་ཧཾ་ཧ། སྭཱ་ཛྭ་ལ་བ་རཾ་ཧ། ཨཱཾཿབི་ཤ་སན་ཏི་ཧ། ཧཱ་བི་ཡཾ་ཡཾ་ཏེ་ཧ། ཞེས་པས་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར། བཛྲ། པདྨ། མཁའ་གསང་རྡོ་རྗེ་དང་པདྨ། ཛཿཧཱུྃ་བཾ་ཧོཿས་སྦྱོར་བ་མཛད། བྱང་ཆུབ་སེམས་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་འོད་ཟེར། སེམས་ཅན་གྱི་ཚེ་བཀྲག །འབྱུང་བའི་རྩི་བཅུད་བསྡུས་ཏེ་རིགས་ལྔ་ཡང་འོད་དུ་ཞུ་སྟེ། བདུད་རྩི་མུ་ཏིག་དཀར་པོ་ལྟར་དཀར་ལྷུད་ལྷུད་གྱུར་པའི་ནང་དུ། ཧྲཱིཿ ཞེས་བརྗོད་པས་རྟ་མགྲིན་གྱི་སྐུ་ལྟེ་བ་མན་ཆད་ནུབ་པར་བསམ་མོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ། ལན་གསུམ། བི་ཤུདྡྷེ་ཨ་མྲྀཏ་ཧཱུྃ། བཛྲ་ཨ་མྲྀཏ་ཧཱུྃ། དྷརྨ་ཨ་མྲྀཏ་ཧཱུྃ། ཛྙཱ་ན་མཱ་ཏྲི་ཀྲོ་དྷཱི་ཕཊ། རཀྟ་ལ། བཛྲ་བནྡྷ་བྷྲཱུྃ། རཀྟའི་སྣོད་པདྨ་བྷཉྫ་འབར་བའི་ནང་དུ། མ་སཱུརྻ་མཎྜ་ལ། ཉི་མའི་དཀྱིལ་འཁོར། ར་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ། དམར་ཆེན་ཁྲག་གི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བར་གྱུར། མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། གསུམ། གཏོར་མ་ལ། པདྨ་བ་ལིཾ་ཏ་བྷྲཱུྃ། གཏོར་སྣོད་པདྨ་བྷཉྫ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་བརྗོད་པས་གཏོར་རྫས་རང་བཞིན་མེད་པར་སྦྱངས། ཨཱཿས་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བརླབས། ཨོཾ་གྱིས་འདོད་ཡོན་དྲུག་གི་ལྷ་མོའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ལན་གསུམ། ཕྱི་མཆོད་ལ། སྟོང་པའི་ངང་ལས་མཆོད་རྫས་ཀྱི་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་ནང་དུ། ཨོཾ་ཤྲཱི་བཛྲ་དཱི་བྱ་ཧཱུྃ། བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་གན། བཛྲ་ནཻ་བིདྱཱ་ཧཱུྃ། བཛྲ་གཱིརྟཱི་ཧཱུྃ། མཆོད་རྫས་ཡེ་ཤེས་ལྔའི་རྣམ་རོལ་རྡོ་རྗེ་ཞབས་བསིལ་ལ་སོགས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་སྒྱུ་འཕྲུལ་རོལ་མོ་འབྱམས་ཀླས་པས་ནམ་མཁའ་གང་བར་གྱུར། ཅེས་སོ། །གཉིས་པ་དངོས་གཞི་ལ་སྤྱི་སྡོམ་ལས་དོན་ཉེར་གཉིས་སུ་གསུངས་ཀྱང་འགྲེལ་པའི་དགོངས་པས་ལྔ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སེམས་ལ་བསྐྱེད་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་དྲང་བསྟིམ་ཕྱག་དང་དམ་བཅས་བཀུར་བ། ཆ་མཐུན་ལས་ཀྱི་མ་མོ་ལྟ་སྤྱོད་ཀྱིས་དབང་དུ་སྡུད་པ། ཕྱི་ནང་གསང་བའི་པཱུ་ཛས་མཆོད་ཅིང་སྨོན་ལམ་གདབ་ནས། ལྷ་དང་གཉིས་སུ་མེད་པར་བསྒྲུབ་པའོ། །དང་པོ་ལ་གསུམ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། དག་པ་བརྗོད་ཅིང་དབང་བསྐུར་བའོ། །དེའི་དང་པོ་ལ་གསུམ་ལས། ཐོག་མར་དེ་ཏིང་ནི། ཧཱུྃ། བདག་ཉིད་ཐིག་ལེར་མཉམ་སྦྱར་ནས། །རྣམ་གསུམ་རིམ་གྱིས་ཏིང་འཛིན་བསྒོམ། །དམིགས་མེད་ཏིང་འཛིན་རྣམ་དག་ཅིང་། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །དམིགས་མེད་མ་ཆགས་ས་བོན་གྱིས། །དེ་བཞིན་ཉིད་དུ་རྣམ་པར་གྲགས། །སེམས་ཉིད་ཅི་ལའང་མི་རྟོག་མི་དམིགས་མི་གཡོ་བའི་ཀ་དག་ཆེན་པོར་བཞག །གཉིས་པ་ཀུན་ཏིང་ནི། སྙིང་རྗེ་ནམ་མཁའི་ངོ་བོ་ལས། །བླང་དོར་མེད་པར་སྣང་བ་ཡི། །མཚམས་སུ་སྦྱོར་བའི་ས་བོན་གྱིས། །ཀུན་ཏུ་སྣང་ཞེས་གྲགས་པ་ཡིན། །དེ་བཞིན་ཉིད་མ་རྟོགས་པའི་སེམས་ཅན་ལ་ཕྱོགས་རིས་མེད་པའི་སྙིང་རྗེའི་རང་གདངས་འོད་ལྔ་ཚོན་གང་བས་སྣང་སྲིད་འོད་དུ་གདལ་བར་བསམ། གསུམ་པ་རྒྱུ་ཏིང་ནི། མེད་པའི་རྒྱུ་ལས་མངོན་ཤར་བ། །ཡེ་ཤེས་དབྱིངས་ལས་ཤར་བ་སྟེ། །དཔལ་ཆེན་ཐུགས་ཀྱི་ས་བོན་ནི། །འདོད་ཆགས་གཏན་ལ་འབེབ་པའི་ཧཱུྃ། །སྣང་སྟོང་ཟུང་འཇུག་འབྱུང་བ་ལྔ་འདུས་ཀྱི་ཧཱུྃ་ཡིག་ཁ་དོག་ལྔ་ལྡན་དུ་གསལ་ལོ། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྐྱེད་པ་ལ་གཉིས། རྟེན་དང་བརྟེན་པའོ། །དང་པོ་ལ་གཉིས། འབྱུང་རིམ་གཞལ་ཡས་ཁང་། གདན་བསྐྱེད་པའོ། །དང་པོ་ནི། བདག་གི་འབྱུང་ལྔའི་ངོ་བོ་ལས། །ས་བོན་ལས་ནི་སྣང་སྲིད་བསྒོམ། །དབྱིངས་ལས་འབྱུང་བ་ལྔ་རུ་བསྐྱེད། །མཁའ་ལ་རླུང་རྟེན་འགྲོ་ལྔའི་གནས། །ས་བོན་གསུམ་གྱི་ངང་ཉིད་ཀྱིས། །བྷ་ག་ཉིད་དུ་གསལ་བ་ལས། །ས་བོན་ལས་ནི་འབྲས་བུ་བསྒོམ། །རྒྱུའི་ཧཱུྃ་ཡིག་ལས། ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས་ཆད། འབྱུང་བའི་རྟོག་པ་སྦྱངས། ཚུར་འདུས་འོད་དུ་ཞུ་བ་ལས། ཨེ་ཨཱ་ཀ་ཤ་མཎྜ་ལ། ནམ་མཁའ་མཐིང་ནག་གྲུ་གསུམ། ཡཾ་ཀརྨ་རཀྴ་ཧཾ། རླུང་ཟླ་གམ་ལྗང་སྐྱ། ར་རཀྟ་མ་དྷ་ལ། རཀྟའི་རྒྱ་མཚོ་དམར་ལ་ཟླུམ་པ། སུཾ་རཏྣ་ཏི་ཏ་མཎྜ་ལ། ས་གཞི་གྲུ་བཞི་སེར་པོ། ཀེཾ་ནི་རི་ཏི། ཀེང་རུས་རི་རབ། རཾ་བཛྲ་ཛྭ་ལ་རཾ། མེ་གྲུ་གསུམ་སྨུག་པོ་འབར་བའི་ཀློང་དུ། ཧཱུྃ་ལས་བྷྲཱུྃ་ཆད་གནས་ཁང་དུ་འཛིན་པའི་རྟོག་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བྷྲཱུྃ་བསྐྱེད་རིན་ཆེན་གཞལ་ཡས་ཁང་། །ཕྱི་ལྟར་ཡིད་བཞིན་ལྷུན་གྱིས་གྲུབ། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །བྱང་ཆུབ་ཕྱོགས་ཀྱི་རྒྱན་བཀོད་རྫོགས། །མཐའ་དང་དབུས་མེད་མཁའ་དང་མཉམ། །ནང་ལྟར་དུར་ཁྲོད་རོལ་པ་ཡི། །བདེ་གཤེགས་ཕོ་བྲང་གཞལ་ཡས་ཁང་། །རབ་འཇིགས་དྲག་པོའི་ཆས་ཀྱིས་བརྒྱན། །ཕྱི་རོལ་དུར་ཁྲོད་གནས་བརྒྱད་དང་། །རྡོ་རྗེའི་ར་བ་མེ་རིས་བསྐོར། །གསང་བ་བདེ་ཆེན་ཆོས་ཀྱི་དབྱིངས། །ཟབ་མོ་རྣམ་དག་ཡུམ་གྱི་ཀློང་། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཙཀྲ་པདྨ་བྷནྡྷ་ཛྙཱ་ན་མཎྜ་ལ། རྒྱུ་ལས་ཙ་ཡིག་སེར་པོ་འཕྲོས། །རྩིབས་བརྒྱད་འཁོར་ལོར་རྣམ་པར་གསལ། །ཛྙཱ་ན་ཙཀྲ །གཉིས་པ་གདན་འདིང་བ་ལ་གསུམ། ཕྱོགས་སྐྱོང་དྲེགས་པའི་གདན་ནི། རྒྱུ་ཡི་ཧཱུྃ་ལས་འོད་ཟེར་འཕྲོས། །དྲེགས་པ་བཀུག་ནས་བྱི་ཆིངས་བསྣོལ། །དེ་བ་ཏི་སྟ་ནན། སུར་ན་ཏི་སྟ་ནན། ཡཀྴ་ཏི་སྟ་ནན། ནཱ་ག་ཏི་སྟ་ནན། ཡ་མ་ཏི་སྟ་ནན། རུ་དྲ་ཏི་སྟ་ནན། ཟླ་གམ་མདུན་དམར་བརྒྱ་བྱིན་དང་། །ཤར་དུ་ས་བདག་བྱང་གནོད་སྦྱིན། །ནུབ་ཏུ་ཆུ་བདག་ལྷོར་གཤིན་རྗེ། །ཡ་བདུད་དབུས་སུ་བསྒྱེལ་བར་གྱུར། །སྤྲུལ་པ་རྦོད་གཏོང་མ་མོའི་གདན་ནི། ཧཱུྃ་གི་འོད་ཀྱིས་མ་མོ་བཀུག །རྩིབས་བརྒྱད་སྟེང་དུ་བཅུ་བཞི་བསྒྱེལ། །ཧཱུྃ་མུ་ཁ་ལེ་ཧ་ཧ་ཧ་ཧ་ཧ་ནན། ཀྲོ་ཏཱི་ཤྭ་རཱི་བྷ་ག་ཤཱནྟིཾ་ནན། མུ་ཏྲི་ཤན་ཏྲི་དན་ཏྲི་དུན་ཏྲི་ནན། སཱུརྻ་པདྨ་ཁ་རག་སྲིང་འགྲོ་ནན། ཨ་ཀེཾ་ཏ་ཀེཾ་ནི་ལ་ལན་ཏ་ནན། ཧཱུྃ། དཀྱིལ་དུ་རྒྱ་མཚོ་ཐོད་ཕྲེང་གཉིས། །ཤར་དང་ནུབ་ཏུ་མགོ་བསྟན་ཏོ། །རྩིབས་བཞི་ཁྲོས་པའི་མ་བཞི་དང་། །དགྱེས་སྡེ་མ་བཞི་མཚམས་རྣམས་སུ། །སྦས་པའི་མ་བཞི་གན་རྐྱལ་སྒྱེལ། །རང་རང་ཕྱོགས་སུ་མགོ་བོ་བསྟན། །དེ་སྟེང་རྟག་རྒྱལ་མ་ལྔ་བསྒྱེལ། །སྲི་ཞུ་འོད་ཀྱི་གདན་ནི། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ས་མ་ཡ་ཧཱུྃ། ཧེ་རུ་ཀ་རིགས་ལྔ་ཡུམ་ལྔའི་མཁའ་ནས་སྐུ་ཕྱེད་ནུབ་ཙམ་དུ་བཞེངས་པའི་སྤྱི་བོར། པཾ་པདྨ་མཎྜ་ལ། མ་སཱུརྻ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། པདྨ་སྟོང་ལྡན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་མ་དང་ཟླ་བའི་དཀྱིལ་འཁོར་ཨས་མཚན་པར་གྱུར། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གཉིས། གཙོ་བོ་དང་འཁོར་རོ། །དང་པོ་ལའང་རྒྱུ་ཞི་བ། འབྲས་བུ་ཁྲོ་བོ་བསྐྱེད་པའོ། །དང་པོ་ནི། གདན་དེ་རྣམས་ཀྱི་སྟེང་དུ་རྒྱུའི་ཡི་གེ་ལས་མར་མེ་གཅིག་ལས་གཉིས་སུ་ཕྱེ་བ་བཞིན་དུ་ཡི་གེ་ཨ་དཀར་པོ་དང་ཧཱུྃ་མཐིང་ག་གཉིས་སུ་གྱུར། དེ་ལས་འོད་འཕྲོས། སེམས་ཅན་འདོད་ཆགས་ཅན་གྱི་དོན་བྱས། རྒྱལ་བའི་གསུང་ལ་མཆོད། ཚུར་འདུས་འོད་དུ་ཞུ་བ་ལས་བཛྲ་གྷཱཎྜ། རྡོ་རྗེ་དང་དྲིལ་བུར་གྱུར། དེ་ལས་འོད་འཕྲོས། སེམས་ཅན་ཞེ་སྡང་ཅན་གྱི་དོན་བྱས། རྒྱལ་བའི་ཐུགས་ལ་མཆོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། སངས་རྒྱས་ཀུན་གྱི་ཡབ་བྱེད་པ་པོ་ཀུན་ཏུ་བཟང་པོ་རྣམ་པར་ཐར་པ་གསུམ་གྱི་དབུ་གསུམ། གཡས་སེར་བ། གཡོན་ལྗང་བ། དབུས་དཀར་བ། ཡེ་ཤེས་དྲུག་གི་ཕྱག་རྒྱ་གཡས་དང་པོ་རྡོ་རྗེ་རྩེ་ལྔ་པ། གཡོན་དང་པོ་རྡོ་རྗེ་དཔལ་བེའུ། གཡས་བར་པ་བུམ་པ། གཡོན་བར་པ་པུསྟི། ཐ་མ་གཉིས་མཉམ་པའི་ཕྱག་རྒྱ་མཛད་པ། ཞི་བའི་རྒྱན་རྫོགས་ཤིང་ཁྱད་པར་གྱི་མཚན་དཔེར་ལྡན་པ། རྫུ་འཕྲུལ་བཞིའི་ཆོས་ཉིད་ཀྱི་ཞབས་བཞི་བྷ་གའི་དབྱིངས་བཞི་དང་བདེ་བར་སྦྱོར་བའི་ཡུམ། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ། ཡང་དག་པའི་ཐུགས་ལས་རྩ་བ་ལྔ་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ། འབྱུང་བ་ལྔ་ཡེ་ཤེས་སུ་ཤར་བའི་རིགས་ཀྱི་ཞལ་ལྔ། ཡེ་ཤེས་དྲུག་གིས་རྒྱུད་དྲུག་རྩད་ནས་གཅོད་པའི་ཕྱག་དྲུག་ཕྱོགས་བཞི་དབུས་དང་མཚམས་ཀྱི་ཕྱོགས་གནོན་པའི་ཞབས་བརྒྱད། མཁའ་བཞི་ནམ་ཟླ་དུས་བཞི་ཆ་སྙོམས་ཤིང་སྐྱེ་འགགས་མེད་པའི་དབྱིངས་སུ་སྦྱོར་བ། ཞི་བའི་རྒྱན་དང་ལྡན་པའོ། །མཁའ་གསང་བརླབ་པ་ནི། ཏིཥྛ་བཛྲ། ཡབ་ཀྱི་གསང་བའི་རྡོ་རྗེ་རྩེ་དགུ་པ་རྡོ་རྗེ་དཔལ་བེའུ། ཨེ་མཎྜལ་ཨཾ་ཅེས་པས་ཡུམ་གྱི་མཁའ་ཆོས་ཀྱི་འབྱུང་གནས་སོ། །དེ་ནས་ཡུམ་གྱིས་ཡབ་ལ་བསྐུལ་བ། ཧཱུྃ། ཡེ་ཤེས་སྙིང་པོ་བླ་ན་མེད། །བླ་མེད་ཁྲག་འཐུང་དཔལ་གྱི་དཔལ། །འཇིགས་བྱེད་གསང་བའི་རྡོ་རྗེ་ནི། །མཁའ་ཀློང་ཀུན་གྱི་གཏེར་ལགས་ཏེ། །མཁའ་ཀློང་བདེ་བའི་ལམ་མཆོག་འདི། །སྐྱེ་འགྲོ་ཡོངས་ཀྱི་ཐར་པའི་ལམ། །སངས་རྒྱས་ཡོངས་ཀྱི་རེ་སྐོང་ཕྱིར། །ཐར་ལམ་པདྨའི་ལོངས་སྤྱོད་འདི། །འཛུམ་པའི་མདངས་ཀྱིས་འབུལ་ལགས་ན། །དགྱེས་པའི་རྡོ་རྗེ་གསོར་ནས་ནི། །རེ་སྐོང་བདུད་རྩིའི་ཆར་ཆེན་ཕོབ། །ས་མ་ཡ་ཧོཿ ཞེས་བསྐུལ་བས་ཡབ་རྗེས་སུ་ཆགས་པས། ཧཱུྃ། མཉམ་གཞག་ཡེ་ཤེས་པདྨོའི་དབྱིངས། །འབྱུང་གནས་སྐྱེ་འགྲོ་ཐར་པའི་ལམ། །ཐར་ལམ་བདེ་བའི་ལོངས་སྤྱོད་འདི། །རིན་ཆེན་དཀྱིལ་འཇམ་ཀློང་ཡངས་སུ། །སྤྱི་དཔལ་རྡོ་རྗེ་གསང་བའི་གཏེར། །རེ་སྐོང་བདུད་རྩིའི་ཆར་ཆེན་དབབ་ཧོཿ ས་མ་ཡ་སཏྭཾ། ཞེས་ཡུམ་ལ་བསྐུལ་བས་རྗེས་ཆགས་རབ་ཏུ་གཡོས་ཏེ། ཧཱུྃ། བྷ་ག་པདྨའི་དཀྱིལ་འཁོར་འདིར། །འདབ་བརྒྱད་པདྨའི་དཀྱིལ་འཁོར་ལྡན། །ཕྱི་ལྕགས་ནང་གཏན་སྒོ་བར་བཅས། །རིན་ཆེན་དཀྱིལ་འཇམ་གདན་སྟེང་ན། །བླ་མེད་འཕྲུལ་གྱི་ལྡེའུ་མིག་གིས། །ལྕགས་བཀྲོལ་གཏན་ཕྱེ་གདན་ལ་བཞུགས། །ཞེས་བསྐུལ་ཏེ་པདྨ་རྒྱས་པའི་སྒོ་གསང་བའི་རྡོ་རྗེས་ཕྱེས་ཏེ་སྙོམས་པར་ཞུགས། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་ཧེ་རུ་ཀ་རིགས་ལྔ་ཕྱག་ན་བདུད་རྩིའི་བུམ་པ་བསྣམས་པ་བྷ་གའི་དབྱིངས་ནས་སྐུ་ཕྱེད་ནུབ་ཙམ་དུ་ཐོན་ཏེ། རིན་ཆེན་བརྩེགས་པའི་གྭ་འུ་རུ། །བླ་མེད་ཁྲག་འཐུང་སྐུ་གསལ་ནས། །བདུད་རྩི་ཆེན་པོའི་བུམ་པ་ཡིས། །སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུ །ཨ་ནྲྀ་སུ་ཏྲི་པྲེ་དུ་བོ་དྷི་ཙིཏྟ་སྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་གསུང་ཞིང་བྱང་སེམས་བདུད་རྩིའི་བུམ་པ་ལས་འོད་ཟེར་ཆུ་རྒྱུན་དཀར་པོ་བྱུང་སྟེ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས་པར་གྱུར། གཉིས་པ་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ནི། དེ་ནས་རང་བཞིན་དབྱིངས་ཀྱི་མ་མོ་རྣམས་ཀྱིས་རྡོ་རྗེའི་གླུས་བསྐུལ་བ། ཧཱུྃ། མི་དམིགས་པ་ལས་དམིགས་པ་ཆེ། །མ་ཆགས་པ་ལས་ཆགས་པ་ཆེ། །ཐར་ལམ་བདེ་བ་བྷ་གའི་དབྱིབས། །བླང་དོར་མེད་པའི་ཀློང་ཡངས་སུ། །སྲིད་པའི་བག་ཆགས་བཀྲུ་བའི་ཕྱིར། །སྤྱི་དཔལ་བླ་ན་མེད་པ་ཡི། །གསང་བའི་དོན་ལྡན་ལྡེ་མིག་གིས། །ཐར་ལམ་ཐར་པའི་སྒོ་འབྱེད་ཅིང་། །ཡེ་ཤེས་ཆུ་བོས་ཁྲུས་ཆེན་མཛོད། །ཅེས་བསྐུལ་བ་ལས། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་གཱ་ཎ་བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས། ཞིང་ཁམས་སོ་སོའི་བདེ་གཤེགས་རྣམས་ལ་མཆོད་པ་ཕུལ། སེམས་ཅན་གྱི་སྒྲིབ་པ་སྦྱངས། ཨ་ཧཱུྃ་སཾ་ཧ་ར་ཎ་ཧཱུྃ། ཅེས་ཚུར་འདུས་ཏེ་ཡི་གེ་ཨ་ཧཱུྃ་གི་རང་བཞིན་དུ་གྱུར་ནས་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་པ་ལ། ཐབས་ལས་དབྱིངས་བྱུང་ཐར་པའི་ལམ། །དབྱིངས་ལས་ཐབས་བཞེངས་བླ་མེད་སྐུ །དབྱིངས་ལས་ཡེ་ཤེས་འབྱོར་པས་ན། །བདུད་རྩིའི་ཆར་ཆེན་སྲིད་པར་སྤྲོ། །ཞེས་པའི་གླུས་བསྐུལ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཨ་ཀྲ་ཧཱུྃ། ཧཱུྃ་ཉིད་ཞི་མུ་ཁ་ལེ་ཀྲོ་ཏཱི་ཤྭ་རཱི་བྷ་ག་པདྨ་རྒྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་བྷྱོ་ཛཿ ཞེས་བརྗོད་པས་སྐད་ཅིག་གིས་འབྲས་བུའི་ཧེ་རུ་ཀ་ཆེ་བའི་མཆོག་གི་སྐུར་གྱུར་པ་ནི། མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་ཁྲོ་བོའི་སྐུ །རྡོ་རྗེ་རལ་གྲི་དགྲ་སཏྭ་གཡས། །དྲིལ་བུ་རྔེའུ་ཆུང་སྦྲུལ་ཞགས་གཡོན།། རྫུ་འཕྲུལ་ཞབས་བཞི་མེ་ཕུང་ཀློང་། །ཡུམ་ནི་ཞལ་ལྔ་ཕྱག་དྲུག་མ། །རྡོ་རྗེ་དྲིལ་ཞགས་བདུད་རྩི་གཡས། །དྲིལ་བུ་བྷནྡྷ་ཞིང་ཆུང་གཡོན། །ཞབས་བརྒྱད་མཁའ་བཞི་དབྱིངས་སུ་སྡུད། །བཛྲ་ཏིསྟ། གསང་གནས་རྡོ་རྗེ་རྩེ་དགུ་པ་རྩ་བར་ཨོཾ་ཡེ་ཤེས་ལྔའི་རང་བཞིན། བྱང་ཆུབ་སེམས་སྤྲོ་བའི་རྟགས་སུ་རྩེ་མོར་ཕཊ་ཀྱིས་མཚན་པ། ཨེ་མ་དྷ་ལ་ཅེས་པས་ཡུམ་གྱི་མཁའ་ཆོས་འབྱུང་གྲུ་གསུམ། སྣ་རྩེར་བྱང་སེམས་འདོད་ཆགས་དག་པའི་ཨཾ་དམར་པོ། ཛཿཧཱུྃ་བཾ་ཧོཿས་སྦྱོར་བ་མཛད། བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། བྱང་སེམས་ཀྱི་འོད་ཟེར་གནས་བརྒྱད་དུ་འཕྲོས་ཏེ། ཕྱོགས་བཅུའི་རྒྱལ་བ་མཉེས་པའི་མཆོད་པར་སྤྲོ། །རྣལ་འབྱོར་བླང་དོར་སྐོང་བའི་ཚོགས་སུ་སྤྲོ། །འགྲོ་དྲུག་སྒྲིབ་པ་སྦྱོང་བའི་ཕྱག་རྒྱར་སྤྲོ། །མུ་སྟེགས་བདུད་འདུལ་ཁྲོ་རྒྱལ་ཚོགས་སུ་སྤྲོ། །སྡུག་བསྔལ་ཟད་བྱེད་བདུད་རྩི་ཆེན་པོར་སྤྲོ། །དབང་པོ་གསལ་བྱེད་ཡེ་ཤེས་སྒྲོན་མར་སྤྲོ། །འདོད་ཆགས་ཆགས་མེད་གསང་བའི་སེམས་སུ་སྤྲོ། །ཧཱུྃ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མ་བཀག་ལྷུག་པར་གནས་པ་ན། །ཐམས་ཅད་ཐིག་ལེ་ཉིད་ཀྱི་ངང་། །གཉིས་པ་འཁོར་བསྐྱེད་པ་ལ་གཉིས། ཡུམ་དྲུག་གཙོ་བོ་ལས་བསྐྱེད། འཁོར་རྣམས་བདེ་འགྲོའི་མཁའ་ལས་འདོན་པའོ། །དང་པོ་ནི། མཁའ་གསང་བརླབ་སྟེ། བཛྲ་པདྨ། ཛཿཧཱུྃ་བཾ་ཧོཿ གཉིས་མེད་སྦྱོར་བའི་ཐིག་ལེ་ཧ་ཁ་དོག་དང་ལྡན་པ་ལྔ་རྩིབས་བཞི་མཆན་དང་ལྔར་འཐོན་པ་ལས། ཤར་གྱི་རྩིབས་ལ། གྷྲི་ས་མུ་ཧཾ་ཧ། ས་བོན་ཧ་དཀར་པོ་དང་། ཐུགས་ཀའི་ས་བོན་དྭངས་མ་འོད་དཀར་པོ་ཐིམ་པ་ལས་རྡོ་རྗེ་རིགས་ཀྱི་ཡུམ་མཁའ་འགྲོ་མ་རྣམ་སྣང་གསལ་སྐུ་མདོག་དཀར་པོ་དབུ་གསུམ་ཕྱག་དྲུག་ཞལ་གཡས་ལྗང་གཡོན་སེར་བ། དབུ་སྟེང་ན་བདུད་བཞི་ཟིལ་གྱིས་གནོན་པ་སེང་གེའི་དབུ་གསུམ་ཡོད་པ། དུས་གསུམ་ཆོས་ཀྱི་དབྱིངས་སུ་སྦྱོར་བ། ཞི་བ་སྐྱོན་མེད་ཀྱི་ན་བཟའ་གསོལ་བ། གཡས་གསུམ་ན་རྡོ་རྗེ་དགྲ་སཏྭ་སེང་གེ་བསྣམས་པ། གཡོན་པ་བྷནྡྷ་གཏུན་ཤིང་ཞིང་ཆུང་སྙོད་པ། རྫུ་འཕྲུལ་བཞིའི་ཞབས་བཞིས་ས་བདག་གདན་ལ་བརྐྱང་བསྐུམ་དུ་བཞུགས་པའོ། །བྱང་གི་རྩིབས་ལ། བི་ཡཾ་ཡཾ་ཏེ་ཧ། ས་བོན་ཧ་ལྗང་གུ་དང་རླུང་གི་དྭངས་མ་འོད་ལྗང་གུ་ཐིམ་པ་ལས་ལས་ཀྱི་རིགས་ཀྱི་ཡུམ་མཁའ་འགྲོ་ཡང་གསལ་གཡོས་སྐུ་མདོག་ལྗང་གུ་དབུ་གསུམ་ཕྱག་དྲུག །ཞལ་གཡས་དམར་གཡོན་དཀར་བ། ཐོགས་པ་མེད་པ་ཁྱུང་གི་དབུ་གསུམ་གྱིས་སྤྱི་བོར་བརྒྱན་པ། ཁམས་གསུམ་སྟོང་པའི་དབྱིངས་སུ་སྦྱོར་བ། དྲག་པོ་བཻ་ཌཱུརྻའི་ན་བཟའ་གསོལ་བ། གཡས་པ་རྒྱ་གྲམ་དབྱུག་ཆེན་སྤྱང་མོ་བསྣམས་པ། གཡོན་པ་བྷནྡྷ་རྒྱུ་ཞགས་ཞིང་ཆུང་སྙོད་པ། རྫུ་འཕྲུལ་ཞབས་བཞིས་གནོད་སྦྱིན་གདན་ལ་བཞུགས་པའོ། །ནུབ་ཀྱི་རྩིབས་ལ། བི་ཤ་སན་ཏི་ཧ། ས་བོན་ཧ་དམར་པོ་དང་དྭངས་མ་འོད་དམར་པོ་ལས་པདྨ་རིགས་ཀྱི་ཡུམ་མཁའ་འགྲོ་མ་མཉེན་གསལ་འབར་སྐུ་མདོག་དམར་པོ་དབུ་གསུམ་ཕྱག་དྲུག་ཞལ་གཡས་སེར། གཡོན་ལྗང་། དུག་འཇོམས་རྨ་བྱའི་དབུ་གསུམ་གྱིས་སྤྱི་བོར་བརྒྱན་པས་དུག་གསུམ་ཆོས་ཀྱི་དབྱིངས་སུ་སྦྱོར་བ། དམར་པོ་དབང་གི་ན་བཟའ་གསོལ་བ། གཡས་པ་པདྨ་ཞགས་པ་ཅེ་སྤྱང་བསྣམས་པ། གཡོན་པ་ཐོད་ཁྲག་ཏྲི་ཤུལ་ཞིང་ཆུང་སྙོད་པ། རྫུ་འཕྲུལ་ཞབས་བཞིས་ཆུ་བདག་གི་གདན་ལ་བཞུགས་པའོ། །ལྷོའི་རྩིབས་ལ། ཛྭ་ལ་བ་རཾ་ཧ། ས་བོན་ཧ་སྔོན་པོ་དང་དྭངས་མའི་འོད་སྔོན་པོ་ལས་རིན་ཆེན་རིགས་ཀྱི་ཡུམ་མཁའ་འགྲོ་མ་འོད་གསལ་འབར། སྐུ་མདོག་སྔོན་མོ་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་དམར་སྟོབས་ལྡན་གླང་པོ་ཆེའི་དབུ་གསུམ་དང་ལྡན་པས་སྲིད་པ་གསུམ་དང་ཡང་དག་པར་སྦྱོར་བ། རྒྱས་པའི་ན་བཟའ་རིན་ཆེན་སྔོན་མོ་གསོལ་བ། གཡས་པ་རིན་ཆེན་མེ་ཕུང་སྟག་མོ་བསྣམས་པ། གཡོན་པ་ཐོད་ཁྲག་བེ་ཅོན་ཞིང་ཆུང་སྙོད་པ། རྫུ་འཕྲུལ་ཞབས་བཞིས་གཤིན་རྗེའི་གདན་ལ་བཞུགས་པའོ། །གཙོ་བོའི་མདུན་གྱི་ཟླ་གམ་ལ། མ་མ་ལཾ་ཏེ་ཧ། ས་བོན་ཧ་སེར་པོ་དང་དྭངས་མའི་འོད་ཟེར་ལས་བུདྡྷ་རིགས་ཀྱི་ཡུམ་བཀྲག་གསལ་འབར། སྐུ་མདོག་སེར་མོ་དབུ་གསུམ་ཕྱག་དྲུག་ཞལ་གཡས་སྔོ་གཡོན་དམར་བ་རྡོ་རྗེས་བརྒྱན་པ། སྐྱེ་འགྲོ་ཐམས་ཅད་ཡང་དག་པའི་དོན་ལ་སྦྱོར་བ། ལྷུན་གྲུབ་རིན་ཆེན་གསེར་གྱི་ན་བཟའ་ཅན། ཕྱག་གཡས་ན་འཁོར་ལོ་རྒྱལ་མཚན་འུག་པ་བསྣམས་པ། གཡོན་ཐོད་ཁྲག་སྤུ་གྲི་ཞིང་ཆུང་སྙོད་པ། རྫུ་འཕྲུལ་ཞབས་བཞིས་བརྒྱ་བྱིན་གྱི་གདན་ལ་བཞུགས་པའོ། །གཙོ་བོའི་གཡས་ཀྱི་ཟླ་གམ་ལ། ཧཱུྃ་ཉིད་ཞི་མུ་ཁ་ལེ་བྷ་ག་པདྨ་རྒྱ་ཧཱུྃ་ཧཱུྃ། ས་བོན་ཧཱུྃ་མཐིང་ག་དང་བྷ་གའི་ཐིག་ལེ་སེར་པོ་ལས། བླ་མེད་ཀྱི་ཡུམ་སྲིད་པ་བདེ་འགྲོ་སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གི་གཡས་པ་འཁོར་ལོ་ཞིང་དབྱུག་བུམ་པ། གཡོན་པ་རིན་ཆེན་བནྡྷ་ལྕགས་ཀྱུ་བསྣམས་པའོ། །གཉིས་པ་འཁོར་རྣམས་བདེ་འགྲོའི་མཁའ་ལས་འདོན་པ་ནི། གཙོ་བོའི་གཡོན་གྱི་ཟླ་གམ་ལ། བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ། བདེ་འགྲོའི་ཐུགས་ཀ་ནས་ཧཱུྃ་དཀར་པོ་གཅིག་ཐོན་ཏེ་ཤར་མཚམས་སུ་གསལ། བདག་གི་ཐུགས་ཀ་དྭངས་མ་ལྔ་འདུས་འོད་ཆེན་སྣ་ཚོགས་རྡོ་རྗེ་ལས་འོད་དཀར་པོ་ཆད་ནས་ཐིམ་པས། སྐུ་དཔལ་དུ་འབར་བའི་ཉི་ཟླ་ཐོད་ཕྲེང་མ། སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་དྲིལ་ཞགས་གཡོན་པདྨ་བསྣམས་པའོ། །ཡུམ་བདེ་འགྲོའི་མཁའ་གསང་། པདྨ་མ་དྷ་ལ་ཨཾ། པདྨའི་ཟེའུ་འབྲུར་ཨཾ་གྱིས་མཚན་པ། ཛཿཧཱུྃ་བཾ་ཧོཿ དཔལ་ཆེན་པོ་དང་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་ལན་གསུམ་འཕྲོས་ཏེ། དང་པོས་ཡེ་ཤེས་ཀྱི་མ་མོ་དང་དྲེགས་པའི་སྲོག་བསྡུས་ནས་ཡབ་ཀྱི་ཐུགས་ཀར་ཐིམ། འོད་ཟེར་བར་པ་ལས་ཟླ་བའི་དཀྱིལ་འཁོར་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་དེ། ཨ་ཡཾ་ཡུ་ཏི་ཛ་སྥ་ར་ཎ་ཕཊ། བདག་གི་འོག་ནས་ཆ་མཐུན་ལས་ཀྱི་མ་མོ་གདན་ནས་བཏོན་ལ་རང་རང་གི་གནས་སུ་བསྣུར་བར་གྱུར། སཱུརྻ་ཙནྡྲ་མཎྜ་ལ། བྱང་སེམས་གསུམ་པ་ལས་ཡི་གེ་ཧཱུྃ་བཅུ་གཉིས་ཐོན་ཏེ་འཁོར་ལོའི་ཕྱི་རིམ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་གནས་པ་ལ། ཐུགས་ཀའི་དྭངས་མའི་རྩ་བཞི་དང་རྣམ་ཤེས་བཞིའི་འོད་བཞི་ལས་འོད་འཕྲོས་ཐིམ་པས། བཛྲ་སཱུརྻ་བྱི་ཏ་ཨ་ཏོ་ཡེ། ཉི་མ་ཁྲོས་མ་སྐུ་མདོག་དཀར་མོ་གཡས་རྡོ་རྗེ་གཡོན་བྷནྡྷ། བཛྲ་པདྨ་བྱི་ཏ་ཨ་ཏོ་ཡེ། ཁྲག་འཐུང་ཁྲོས་མ་སྐུ་མདོག་སྔོན་མོ་རིན་ཆེན་དང་ཐོད་ཁྲག །བཛྲ་ཁ་རག་བྱི་ཏ་ཨ་ཏོ་ཡེ། བདུད་རྩི་ཁྲོས་མ་དམར་མོ་གཡས་པདྨ་གཡོན་བདུད་རྩི་འཛིན་པ། བཛྲ་སྲིང་འགྲོ་བྱི་ཏ་ཨ་ཏོ་ཡེ། ལས་རབ་ཁྲོས་མ་ལྗང་གུ་གཡས་རལ་གྲི་གཡོན་བནྡྷ། བཛྲ་ཀེཾ་ཀེཾ །བཛྲ་ཏ་ཀེཾ་ཏ་ཀེཾ །བཛྲ་ནི་ལ་ནི་ལ། བཛྲ་ལན་ཏ་ལན་ཏ། དགྱེས་སྡེ་བཞི་ཡང་སྐུ་མདོག་དཀར་སྔོ་དམར་ལྗང་། ཕྱག་གཡས་ཐམས་ཅད་ཞིང་དབྱུག །གཡོན་རྣམས་བནྡྷ་བསྣམས་པ། ཁྲོས་མ་བཞི་དང་ལྷན་ཅིག་ཏུ་འཁོད་པའོ། །ཨ་ཤནྟྲི་ནི། ལྷོ་ནུབ་ཏུ་དབྱིངས་ཕྱུག་སྔོ་ནག་ཞིང་དབྱུག་དང་བནྡྷ། ཨོཾ་མུ་ཏྲི་ནི། ཤར་ལྷོ་རྒྱན་གྱི་རྒྱལ་མོ་དཀར་མོ་ལྕགས་ཀྱུ་བནྡྷ། བྷ་ག་དན་ཏྲི་ནི། ནུབ་བྱང་བདག་ཉིད་མ་དམར་ནག་རྒྱུ་ཞགས་བནྡྷ། ཁ་མུན་དུན་ཏྲི་ནི། བྱང་ཤར་གཅིག་པུ་མ་ལྗང་ནག་ཞིང་ཆུང་དང་བནྡྷའོ། །དེ་ལྟར་ཁྲོས་པའི་དབང་ཆེན་བཞི་དང་། ཁམས་གསུམ་བརྡར་གཅོད་པའི་མ་མོ་བརྒྱད་པོ་ཁྲོ་མོའི་སྐུ་ལ་དུར་ཁྲོད་ཆས་རྫོགས་པ་ཞིང་བསྣོལ་བ་དང་ཉི་མའི་གདན་ལ་བཞུགས་པའོ། །དེ་རྒྱབ་པདྨའི་འདབ་མ་བཅུ་དྲུག་གི་ཤར་གྱི་པདྨ་ལ་མ་གཉིས་དང་ཆགས་ཤིང་སྨིན་པའི་འོད་ཟེར་ལས་དུག་གསུམ་དབང་དུ་སྡུད་པའི་མ་མོ་གཉིས་སུ་གྱུར་པ་ནི། བཛྲ་ཟ་རཾ་གྷྲཾ་མུ་རཾ་ཀྵཾ། ཆགས་བྱེད་མཐིང་ནག་རུ་མཚོན་དང་སོར་ཕྲེང་བསྣམས་པ། བཛྲ་ཁ་རག་སྙིང་ཁ་རག །ཆ་སྙོམས་སྔོན་མོ་ཁ་ཊྭཱཾ་ག་དང་བནྡྷ་བསྣམས་པའོ། །བྱང་གི་པདྨ་གཉིས་དང་གྲུ་ཆད་བཞི་ལ་མ་དྲུག་དང་། དཔག་བསམ་གྱི་འོད་ལས་སྐྱེ་ཤི་རྩད་གཅོད་ཀྱི་མ་མོ་དྲུག་ཏུ་གྱུར་པ་ནི། ཏྲག་རཀྴ། ཛཱ་ཊི་དམར་མོ་ཁ་ཊྭཱཾ་དང་བནྡྷ། ཏྲག་རཀྴ། ཛ་ར་སྔོན་མོ་རྒྱུ་ཞགས་དང་བནྡྷ། བཛྲ་ཧར་ཏིང་བྷྱོ། ཧར་ཏིང་དཀར་མོ་ལྕགས་ཀྱུ་དང་བནྡྷ། དུནྟིང་བྷྱོ། དུནྟིང་ནག་མོ་སྦྲུལ་ཞགས་དང་རྡོ་རྗེ་རྩེ་ལྔ་པ། ཤཱནྟིཾ་བྷྱོ། ཤཱནྟིང་དམར་མོ་ཟངས་སྒྲོག་དང་ཙིཏྟ་བསྣམས་པ། གྲུབ་ཏིང་བྷྱོ། གྲུབ་ཏིང་སེར་མོ་ཞགས་པ་དང་དྲིལ་བུ་བསྣམས་པའོ། །པདྨ་ལྷོ་རུ་མ་གཉིས་དང་རལ་གསུམ་གྱི་འོད་ལས་གནོད་སྦྱིན་ལས་ཁྲོ་མོར་གྱུར་པ་གཉིས་གསལ་བ་ནི། པྲ་བྷ་ན་རཱ་ག་ཏིཔྟ་བྷྱོ། གཡའ་སྨན་སྔོན་མོ་ཟ་མ་ཏོག་དང་ཟོ་བ། པྲ་གྷི་ཝང་གྷི་བྷྱོ། སྤྱི་འགྲོ་དཀར་མོ་བདུད་རྩི་དང་ལྕགས་ཀྱུ་བསྣམས་པའོ། །ནུབ་ཀྱི་པདྨ་གཉིས་དང་བྱང་ཤར་གྱི་པདྨ་ལ་མ་གསུམ་དང་ཟངས་མའི་སྤུ་གུ་ལས་དབང་གི་མ་མོ་གསུམ་དུ་གྱུར་པ་ནི། པུ་བྱི་རུ་ལུ། རྡོ་རྗེ་གར་གྱི་དབང་ཕྱུག་མ་སྐུ་མདོག་དཀར་མོ་དབུ་གསུམ་ཕྱག་དྲུག་གི་ཞལ་གཡས་ལྗང་གཡོན་དམར་བ། ཕྱག་དྲུག་གཡས་གསུམ་ཏྲི་ཤུལ་དང་ཁ་ཊྭཱཾ་ག་ཞགས་པ། གཡོན་གསུམ་མེ་དབལ་གྲི་གུག་ཐོད་དབྱུག་བསྣམས་པ། ཏྲག་རཀྴ། པདྨ་གར་དབང་སྐུ་མདོག་དམར་ནག །གཡས་རྡོ་རྗེ་རྩེ་ལྔ་པས་གཡོན་གྱི་བནྡྷ་དཀྲུགས་པ། ཁ་མུན་ཏྲ་ཏྲག་རཀྴ། རེ་མ་ཏི་མཐིང་ནག་གཡས་ཁྲོམ་ཤིང་དང་གཡོན་ནད་རྐྱལ་བསྣམས་པའོ། །ས་བོན་མ་བདུན་དང་ལོངས་སྤྱོད་ཀྱི་འཁོར་ལོ་མདོག་གསལ་གྱི་འོད་ལས་སྲིན་མོ་ལས་ཁྲོ་མོ་དབང་ཕྱུག་གི་སྐུར་ཤར་བ་བདུན་མཚམས་ཀྱི་པདྨ་བདུན་ལ་འཁོད་པ་ནི། ཧཱུྃ་བྷྱོ་ཀ་རི་ཀ །ཀུན་གྲགས་དཀར་མོ་གཡས་བནྡྷ་གཡོན་ཕུར་པ། བ་རོད་ད་རོད། ཀུན་བཟང་དམར་ནག་ཏྲི་ཤུལ་བནྡྷ། ནི་ལ་ཆུར་མི་ཏ། གྲགས་སྙེམས་ཀུན་སྒྲོལ་སྔོ་ནག་སྤུ་གྲི་དང་བནྡྷ་བསྣམས་པ། ཁ་ཊྭཱཾ་ག །རྡོ་རྗེ་ཡེ་ཤེས་མཆོག་ནག་མོ་རྒྱུ་ཞགས་དང་བནྡྷ་ཐོགས་པ། ཏ་ལ་ཙ་ལ། རྡོ་རྗེ་འོད་ཆགས་སེར་མོ་ཐོད་དབྱུག་དང་བནྡྷ་བསྣམས་པ། པདྨ་ཙནྡྷ། རྡོ་རྗེ་གསལ་འཕྲོ་ལྗང་ནག་དྲིལ་ཞགས་དང་བནྡྷ། མ་གུ་རཀྟོ། གཡུ་སྒྲོན་དམར་ནག་ལྕགས་ཀྱུ་དང་བནྡྷའོ། །དིང་སཾ་དིང་སཾ་ཨེ་ཨཱ་རལླི། ཞེས་མ་བདུན་སྤྱིའི་སྙིང་པོའོ། །པདྨའི་ལྕེ་མཆན་བཞི་དང་སྒོ་བཞི་ལ་ས་བོན་མ་བཞི་དང་ཕཊ་བཞི་གཡས་གཡོན་ཐབས་དང་ཤེས་རབ་ཀྱི་འོད་ལས་དམ་ཚིག་གི་ཁྲོ་མོ་བརྒྱད་དུ་གྱུར་པ་ནི། བཛྲ་ཨ་ཏིང་བྷྱོ། པ་ཏིང་བྷྱོ། སུ་ཏིང་བྷྱོ། མུ་ཏིང་བྷྱོ། དམག་གི་རྒྱལ་མོ་བཞི་སྐུ་མདོག་དཀར། སེར། དམར། སྔོ། གཡས་པ་རིགས་ཀྱི་བ་དན་དང་། གཡོན་པ་བནྡྷའོ། །ཏེ་པཾ་བྷྱོ། ཨ་པར་ལནྟ་བྷྱོ། ད་ལ་དུན་བྷྱོ། དྷི་ནམ་མ་ཡས་བྷྱོ། སྲིང་བཞི་སྐུ་མདོག་རིགས་དང་མཐུན་པ། གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ། གཡོན་བནྡྷ་བསྣམས་པ། དེ་ལྟར་མ་མོ་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་མཛེས་པའི་ན་བཟས་བརྒྱན་ཅིང་པདྨ་དང་ཞིང་རྐྱང་གི་གདན་ལ་འགྱིང་བའོ། །ཕྱི་ཁྱམ་དང་སྒོ་བཞི་ལ་ས་བོན་བྷྱོ་ཉེར་བརྒྱད་དང་སྲིད་པ་འཇུག་བྱེད་ཀྱི་འོད་ལས་གསང་བའི་ཡུམ་བཞི་ཁྲོ་མོ་དབང་ཕྱུག་ཉེར་བརྒྱད་དུ་གྱུར་པ་ནི། བཛྲ་རུ་ལུ་རུ་ལུ་མ་མ་རཀྴ་བྷྱོ། ཤར་གྱི་མ་བདུན་དཀར་མོ་སེང་གེའི་ཐོར་ཚུགས་ཅན་གཡས་རྡོ་རྗེ་གཡོན་བྷནྡྷའོ། །རཏྣ་རུ་ལུ་མ་མ་ཡ་མ་བྷྱོ། ལྷོའི་མ་བདུན་སྔོན་མོ་སྟག་གི་ཐོར་ཚུགས་ཅན་གཡས་པ་རིན་ཆེན་གཡོན་བནྡྷའོ། །པདྨ་རུ་ལུ་མ་མ་ནཱ་ག་ལེ་བྷྱོ། པདྨ་རིགས་ཀྱི་མ་བདུན་དམར་མོ་ཁྱུང་གི་ཐོར་ཚུགས་ཅན་གཡས་པདྨ་གཡོན་བནྡྷའོ། །ཀརྨ་རུ་ལུ་མ་མ་ཡཀྴ་ཁ་རག་བྷྱོ། བྱང་གི་མ་བདུན་ལྗང་མོ་སྤྱང་མོའི་ཐོར་ཚུགས་ཅན་གཡས་རལ་གྲི་གཡོན་བནྡྷ་བསྣམས་པ། ཐམས་ཅད་ཀྱང་ཞིང་རྐྱང་གི་གདན་ལ་གར་སྟབས་ཀྱིས་རོལ་པའོ། །གསུམ་པ་དག་པ་བརྗོད་ཅིང་དབང་བསྐུར་བ་ལའང་གསུམ་ལས། དང་པོ་དག་པ་བརྗོད་པ་ནི། དེ་ལྟར་རྟག་ཏུ་སྒོམ་པ་ནི། །བྱེད་པ་པོ་དང་བྱ་བ་མོ། །ཕ་མ་མེད་པའི་ཕོ་མོ་གཉིས། །སྲིད་པ་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་ཉིད་བས་ཤིན་ཏུ་བསྒྲེས། །ལྔ་ལས་བྱུང་བའི་བུད་མེད་ལྔ། །གཉིས་མེད་བསྐྱེད་པའི་གཡུ་རུང་ཡིན། །བསྐྱེད་པའི་ཁྲོ་མོ་བཅུ་གསུམ་ནི། །ཅིར་ཡང་མི་ཡོང་སྤུན་དྲུང་སྟེ། །རུས་མེད་སྤུན་དྲུང་བཅུ་གསུམ་ཡིན། །བསྐྱེད་པའི་མཁའ་འགྲོ་ལྔ་བཅུ་ལྔ། །མཚོན་དུ་མེད་པའི་ནམ་མཁའ་ལ། །ཉི་ཟླ་གཟའ་སྐར་ཤར་བ་བཞིན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །རོལ་པའི་ཕྱག་རྒྱ་ཅིར་ཡང་སྣང་། །སྐྱེ་འགག་མེད་པའི་དབྱིངས་སུ་ཐིམ། །གཉིས་པ་གསང་བ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བ་ནི། མ་ཧཱ་མ་དྷ་ལ་ཧཱུྃ་ཧམ་ཕཊ་བྷྱོ། སཾ་ཧ་ར་ཎ་ཧཱུྃ། འཁོར་ཐམས་ཅད་གཙོ་བོ་ལ་བསྐོར་བ་ལན་གསུམ་གསུམ་བྱས་ནས་ཡབ་ཀྱི་ཐུགས་ཀར་ཐིམ། བཛྲ་ཨེ། མཁའ་གསང་རྡོ་རྗེ་དང་པདྨ། ཛ་ཧཱུྃ་བཾ་ཧོཿཡབ་ཡུམ་སྦྱོར་བ་མཛད། ཧ་ཧཱུྃ་མ་ཕཊ། བྷྱོ་ས་མ་ཡ་ཛཿ ཐམས་ཅད་མཁའ་གསང་ནས་རིམ་པས་ཐོན་ཏེ་རང་རང་གི་གདན་ལ་འཁོད་པར་གྱུར། བདེ་ཆེན་གསང་བའི་ཐིག་ལེ་ལས། །བྷ་གའི་དཀྱིལ་དུ་ལིང་ག་སྤྲོ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ངས་གསུངས་པ་ལ་ཐེ་ཚོམ་མེད། །གསུམ་པ་ཕྱི་དབང་ནི། རང་བཞིན་གྱི་གནས་ནས་རིགས་ལྔ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། དབྱིངས་ཀྱི་ཡུམ་དྲུག་ལ་རིགས་ལྔ། རྗེ་མོ་རྣམས་ལ་རྟག་རྒྱལ། དམན་མོ་ཉེར་བརྒྱད་ལ་བདེ་འགྲོ །དབང་ཕྱུག་རྣམས་ལ་རིགས་ཀྱི་མཚན་མས་དབུར་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་གུ་ཡ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། སྤྱི་དོན་གཉིས་པ་ཡེ་ཤེས་པ་གཞུག་པ་ལ་ལྔ། དང་པོ་བཞེངས་སུ་གསོལ་བ་ནི། ཧཱུྃ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ན། །རང་བྱུང་ཆེ་མཆོག་ཁྲོ་བོའི་སྐུར་བསྟན་པ། །དབྱིངས་ལས་སྤྲུལ་པའི་མ་ཚོགས་ལྷུན་གྱིས་གྲུབ། །གདུག་པ་འདུལ་ཕྱིར་འཁོར་བཅས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཞེས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་མ་མོ་རྣམས་དགོངས་པ་ཆོས་ཉིད་ཀྱི་ངང་ལ་མནལ་བ་བཞིན་དུ་བཞུགས་པ་དེ། ཐུགས་རྗེས་ལོངས་སྤྱོད་རྫོགས་པའི་སྐུར་རམ་མེར་བཞེངས་པར་བསམ། གཉིས་པ་སྤྱན་དྲང་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་མཁའ་དབྱིངས་ཁྱབ་པར་འཕྲོས་པས། ཡེ་ཤེས་དང་ལས་ལས་གྲུབ་པའི་མ་མོ་ཐམས་ཅད་མདུན་གྱི་ནམ་མཁར་དབྱར་གྱི་ཆར་སྤྲིན་འཐིབས་པ་ལྟར་བྱོན་པར་བསམ་ལ་གདུང་བའི་དབྱངས་དང་བཅས་ཏེ། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ལ། །དཀར་ནག་འབར་བའི་ཞལ་མངའ་ཞིང་། །ཕྱག་དྲུག་ཕྱག་ཆས་སྐྱེ་ཤི་སྒྲོལ། །སྦྲུལ་ནག་ཞགས་པས་མ་ཚོགས་འགུགས། །གཡང་གཞི་གཡབ་མོས་ཐམས་ཅད་འདུལ། །ཡུམ་དང་གཉིས་སུ་མེད་པ་སྟེ། ཁྲོ་མོའི་ཚོགས་ཀྱིས་མཆོད་པ་ཡིས། །ཐུགས་རྗེ་དབྱིངས་ནས་རོལ་པར་མཛོད། །ཧཱུྃ། ཁམས་གསུམ་ཐམས་ཅད་ཡུམ་གྱི་བྷ་གས་བརྒྱན། །སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་སྒོ་བཞི་བྷ་གའི་ཚུལ་དུ་བརྒྱན། །འབྱུང་བ་ལྔ་ཡི་རྒྱལ་མོ་སྐུ་སྐྱོད་ཅིག །ཧཱུྃ། འཁོར་ལོ་འབར་བའི་ལྟེ་དབུས་སུ། །ཡ་བདུད་བསྒྱེལ་བའི་གདན་སྟེང་དུ། །ཡུམ་གྱི་རྒྱལ་མོ་སྤྱན་འདྲེན་ན། །བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན། །མཁའ་བཞིའི་བདེ་ཀློང་གཅིག་ཏུ་འཁྱིལ། །མཁའ་ལ་དུས་བཞི་ཆ་སྙོམས་མ། །དབུ་གཅིག་ཞལ་ལྔ་སྣང་སྲིད་གསལ། །ཞལ་ནས་འབྱུང་བ་ལྔ་འཆར་མ། །ཕྱག་དྲུག་ཕྱག་ན་སྣ་ཚོགས་བསྣམས། །དང་པོ་རྡོ་རྗེ་དྲིལ་བུ་འབར། །བར་པ་དྲིལ་ཞགས་བྷནྡྷ་འབར། །ཐ་མ་བདུད་རྩི་གཡང་གཞི་འབར། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ན་བཟའ་སྣ་ཚོགས་ཤིན་ཏུ་འབར། །འཁོར་ལོ་འབར་བའི་ལྟེ་དབུས་སུ། །ཡུམ་གྱི་རྒྱལ་མོ་གཤེགས་སུ་གསོལ། །ཧཱུྃ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །ས་བདག་བསྒྱེལ་བའི་གདན་སྟེང་དུ། །ཤར་གྱི་མཁའ་འགྲོ་སེང་གེའི་གདོང་། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །འབྱུང་བ་ས་ལ་དབང་བསྒྱུར་ཞིང། །འགྲོ་བའི་རུས་ལ་མངའ་མཛད་མ། །རུས་པའི་བདག་མོར་གཤེགས་སུ་གསོལ། །ཧཱུྃ། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ། །གནོད་སྦྱིན་བསྒྱེལ་བའི་གདན་སྟེང་ནས། །བྱང་གི་མཁའ་འགྲོ་ཁྱུང་ཆེན་གདོང་། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །འབྱུང་བ་རླུང་ལ་དབང་བསྒྱུར་ཞིང་། །སྐྱེ་འགྲོའི་དབུགས་ལ་མངའ་མཛད་མ། །དབུགས་ཀྱི་བདག་མོར་གཤེགས་སུ་གསོལ། །ཧཱུྃ། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །ཆུ་བདག་བསྒྱེལ་བའི་གདན་སྟེང་དུ། །ནུབ་ཀྱི་མཁའ་འགྲོ་པུཀྐའི་གདོང་། །རྟག་པའི་རྒྱལ་མོ་གཉན་གསལ་འབར། །འབྱུང་བ་ཆུ་ལ་དབང་སྒྱུར་ཞིང་། །འགྲོ་བའི་ཁྲག་ལ་མངའ་མཛད་མ། ཁྲག་གི་བདག་མོར་གཤེགས་སུ་གསོལ། །ཧཱུྃ། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ན། །གཤིན་རྗེ་བསྒྱེལ་བའི་གདན་སྟེང་དུ། །ལྷོ་ཡི་མཁའ་འགྲོ་བ་གླང་གདོང་། །རྟག་པའི་རྒྱལ་མོ་འོད་གསལ་འབར། །འབྱུང་བ་མེ་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོའི་དྲོད་ལ་མངའ་མཛད་མ། །དྲོད་ཀྱི་བདག་མོར་གཤེགས་སུ་གསོལ། །ཧཱུྃ། དཀྱིལ་མཆན་འཁོར་ལོའི་ལྟེ་བ་ལ། །བརྒྱ་བྱིན་བསྒྱེལ་བའི་གདན་སྟེང་དུ། །ནམ་མཁའི་མཁའ་འགྲོ་རྡོ་རྗེའི་མཆུ། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོའི་བཀྲག་ལ་མངའ་མཛད་མ། །བཀྲག་གི་བདག་མོར་གཤེགས་སུ་གསོལ། །ཧཱུྃ། ཀུན་ཀྱང་ཡེ་ཤེས་མཁའ་འགྲོ་མ། །མཆེ་བ་ཅན་ཏེ་གཙིགས་ལ་བཞད། །འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན། །ཡེ་ཤེས་དྲུག་དང་ལྡན་པ་སྟེ། །ཕ་རོལ་ཕྱིན་དྲུག་དེ་བཞིན་ཉིད། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །འགྲོ་ལ་ཕན་ཕྱིར་གཤེགས་སུ་གསོལ། །ཧཱུྃ། འདབ་བརྒྱད་པདྨ་ཞིང་བསྣོལ་གདན་སྟེང་ན། །ལོངས་སྤྱོད་རྫོགས་མཛད་བྱང་ཆུབ་སེམས། །ཡེ་ཤེས་མ་མོ་བཅུ་བཞི་ཡང་། །རིགས་ལྔའི་ཚུལ་དུ་སྐུ་མདོག་སོ་སོར་གསལ། །འགྲོ་དོན་རྫོགས་མཛད་རང་རྟགས་བྷནྡྷ་འཛིན། །ཡེ་ཤེས་མ་མོ་འཁོར་བཅས་གཤེགས་སུ་གསོལ། །ཕྱི་ཁྱམས་པདྨ་ཞིང་རྐྱང་གདན་སྟེང་ན། །ཐུགས་རྗེ་འགྲོ་འདུལ་སྤྲུལ་སྐུ་ལྔ་བཅུ་བརྒྱད། །ཕྲིན་ལས་སོ་སོར་འདུལ་བས་སྐུ་མདོག་རིགས། །དྲག་ཤུལ་མཐུ་བསྙེམས་འཇིགས་པའི་ཕྱག་མཚན་བསྣམས། །ཕྱི་དང་ནང་གི་མ་མོ་མཁའ་འགྲོའི་ཚོགས། །སྤྲུལ་པ་དམན་མོའི་ཚོགས་རྣམས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་ཛཿཧཱུྃ་བཾ་ཧོཿ རུ་ལུ་རུ་ལུ་ཧཱུྃ་དྲྀ་ཤྱ་ཧོཿ ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ །ཧ་ཧཱུྃ་མ་བྷྱོ་ཨེ་ཧྱེ་ཧི་ཨཱ་རལླི་ཧྲཱིཿ ཧྲིཾ་ཧྲིཾ་ཧྲིཾ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། རྡོ་རྗེ་ཞིང་བསྣོལ་ཞིང་རྐྱང་གདན་སྟེང་ན། །ཉི་ཟླ་པདྨ་འོད་ཀྱི་གདན་སྟེང་དུ། །དབྱིངས་ཀྱི་ཡུམ་དྲུག་བསྒོམ་བྱ་དམན་མོའི་ཚོགས། །མི་གཡོ་མི་འགྱུར་གདན་ལ་བཞུགས་སུ་གསོལ། །པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ། ཞེས་དམ་ཚིག་པ་ལ་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་བརྟན་ཅིང་མི་འགྱུར་བར་བཞུགས་པར་བསམ། བཞི་པ་ཕྱག་འཚལ་བ་ནི། དོན་དམ་བདག་དང་མ་མོའི་སྐུ་གསུང་ཐུགས་དབྱེར་མེད་དུ་རྟོགས་པའི་ལྟ་བ་མཇལ་བས་དང་། རྣམ་པ་ཐ་མལ་ལུས་ཞིང་རྡུལ་ལྟར་སྤྲུལ་ནས་གུས་ཤིང་འདུད་པས། ཧཱུྃ། མཉམ་ཉིད་མི་གཡོ་བདེ་ཆེན་ཆོས་ཉིད་ལས། །ཡེ་ཤེས་ལྔ་རྫོགས་ཡེ་ནས་ལྷུན་གྱིས་གྲུབ། །བཅོམ་ལྡན་ཆེ་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཧཱུྃ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ཡི་ངང་། །སྐྱེ་འགྲོ་ཐམས་ཅད་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་བྷ་ག་ཉིད་ཀྱི་དབྱིངས། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་ལོ། །འབྱུང་བ་ལྔ་ཉིད་ཕྱག་རྒྱའི་རང་བཞིན་ཏེ། །ཕྱག་རྒྱ་ལྔ་ནི་སྐྱེ་མེད་དབྱིངས་སུ་སྒྲོལ། །ཡེ་ཤེས་སྐུ་ལྔས་འགྲོ་དོན་རྟག་ཏུ་མཛད། །རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལས་བྱུང་ལོངས་སྤྱོད་རྫོགས་པའི་སྐུ །བྱང་ཆུབ་སེམས་ལྡན་ཐུགས་རྗེའི་སྤྲུལ་པ་འགྱེད། །གདུལ་བྱ་འཇོམས་མཛད་ཁྲོ་མོའི་ཚུལ་འཛིན་པ། །ཡེ་ཤེས་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །དབྱིངས་ལས་ཐུགས་རྗེའི་སྐུར་བསྟན་ཅིང་། །དྲག་པོའི་ལས་མཛད་ཁྲོ་མོ་འཇིགས་པའི་སྐུ །དྲག་པོ་འདུལ་མཛད་རྔམས་པའི་ཆ་ལུགས་ཅན། །སྤྲུལ་སྐུ་དམན་མོའི་ཚོགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལས་ལས་གྲུབ་པའི་དམ་ཚིག་ཅན། །རྒྱལ་བའི་སྤྱན་སྔར་དམ་བཅས་རྗེས་སུ་སྒྲུབ། །སྲིད་པར་ཆགས་པའི་མ་མོ་དམ་ཚིག་ཅན། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ༔ པྲ་ཏི་པཱུ་ཧོཿ ལྔ་པ་དམ་བཅའ་བ་ནི། རྩ་བ་ཡན་ལག་དམིགས་མེད་རྫོགས་པའི་དམ་ཚིག་ལྷ་བསྒོམ་པར་དམ་བཅའ་བ་རྣམས་གསལ་བཏབ་ལ། ཧཱུྃ། སྟོན་པ་བདེ་གཤེགས་ཀུན་གྱི་དཔལ། །སྐུ་ཡི་ཕྱག་རྒྱ་མི་སྤང་ཞིང་། །བསྒོ་བའི་ཚིག་རྣམས་ཉན་པ་དང་། །རྡོ་རྗེ་སྤུན་ལ་གདུང་བ་བསྐྱེད། །འདི་ནི་ལུས་ཀྱི་ས་མ་ཡ། །བསྐྱེད་རྫོགས་ས་བོན་རྒྱུན་མི་གཅད། །རྒྱལ་བའི་ཕྱག་རྒྱ་གསལ་བར་བསྒོམ། །འདི་ནི་ངག་གི་ས་མ་ཡ། །གསང་བའི་སྙིང་པོ་ངེས་པའི་དོན། །སྣོད་ངན་གཞན་ལ་སྤེལ་བ་མིན། །འདི་ནི་ཡིད་ཀྱི་ས་མ་ཡ། །ཏ་ཎ་ག་ཎ་འབྲས་བུ་ལྔ། །སྤང་བར་མི་བྱ་སྤྱད་པར་བྱ། །འདི་ནི་ཡན་ལག་ས་མ་ཡ། །དམིགས་མེད་སྤྱོད་པ་མཐའ་དག་ཀུན། །འདི་ནི་རྫོགས་པའི་ས་མ་ཡ། །ས་མ་ཡ་ནི་རྡོ་རྗེ་སྟེ། །འདའ་བར་མི་བྱེད་རྡོ་རྗེའི་དམ། །བཅོལ་བའི་ལས་རྣམས་བྱེད་པ་ནི། །མཁའ་འགྲོ་རྣམ་གསུམ་ས་མ་ཡ། །གཙོ་མོ་ལ་སོགས་དྲུག་པོ་རིགས། །བཅུ་བཞི་མན་ཆད་གདན་དུ་འདིང་། སྤྱི་དོན་གསུམ་པ་ཆ་མཐུན་ལས་ཀྱི་མ་མོ་དབང་དུ་བསྡུ་བ་ལ་གཉིས། ལྟ་བ་དང་སྤྱོད་པས་སོ། །དང་པོ་ནི། མཁའ་དགུ་ཀློང་དགུའི་ཚིག་གིས་དབྱིངས་ཡེ་རིག་སྟོང་ཟུང་འཇུག་གི་དོན་གསལ་བཏབ་ལ། མ་ནི་དགྱེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་རྫོགས། །མ་ནི་རྟག་ཆེན་གཡུང་དྲུང་མཁའ། །མོ་ནི་ཆགས་མེད་བྱང་ཆུབ་ཀློང་། །མ་ནི་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནི་ལུས་ངག་ཡིད་གསུམ་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྲིད་པ་ཀུན་གྱི་ཀློང། །མ་ནི་སྐྱེ་བ་མེད་པའི་མཁའ། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་ཆེན་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའི་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཀྱི་དབྱིངས་ཀྱི་མཁའ། །མོ་ནི་བྷ་ག་དབྱིངས་ཉིད་ཀློང་། མ་ནི་ཀུན་གཞི་བདེ་ཆེན་དབྱིངས། །མོ་ནི་རྣམ་ཤེས་ཧཱུྃ་ཆེན་འབར། །མཁའ་ཀློང་གཉིས་སུ་བདག་བསྒོམས་ནས། །ཐིག་ལེ་ཆེན་པོར་བློ་བརྟན་ལ། །ལུས་ལ་མ་མོ་དབང་དུ་བསྡུ། །གཉིས་པ་སྤྱོད་པས་བསྡུ་བ་ནི། རང་ཉིད་དཔལ་ཆེན་ཆེ་མཆོག་གི་ང་རྒྱལ་བརྟན་པོས། ཛྙཱ་ན་མཱ་ཏྲི་མ་ཧཱ་སཾ་ཧ་ར་ཎ་ཧཱུྃ། བདག་ཉིད་དཔལ་ཆེན་པོའི་དྲན་པའི་རྩ་གནས་ལ་མཚུངས་ལྡན་ཡེ་ཤེས་ཀྱི་རང་འོད་རྡོ་རྗེ་རྩེ་ལྔ་པའི་ཡར་རྩེར་ཁྲག་འཐུང་རིགས་ལྔ་བཞུགས་པའི་འོད་ཟེར་ལྕགས་ཀྱུས། ཡུམ་ལྔ་བདེ་འགྲོ་དང་བཅས་པ་གསང་བའི་རྡོ་རྗེའི་སྦུ་གུ་ནས་དྲངས་ཏེ་རྡོ་རྗེའི་མར་གྱི་རྭ་རྩེར་ཆགས་པའི་གདན་དུ་བཏིང་པས་མཐུ་རྩལ་གཟི་བརྗིད་དང་ལྡན་པར་གྱུར། ཡེ་ཤེས་ཐིག་ལེ་ཆེན་པོ་དང་། །གསང་ཆེན་བདེ་བའི་ལམ་མཆོག་དང་། །མན་ངག་རྫོགས་པའི་དཀྱིལ་འཁོར་དུ། །ཡང་གསང་མ་མོ་དྲུག་པོ་དག །ཆགས་པའི་གདན་དུ་གདིང་བར་བྱ། །བདག་ཉིད་དཔལ་གྱི་སྐུ་ཡི་གནས་རྣམས་ནས་མཚུངས་ལྡན་འོད་ཀྱི་ལྕགས་ཀྱུས་ལས་ཀྱི་མ་མོ་རྣམས་རང་དབང་མེད་པར་བཀུག་ཅིང་གདན་དུ་བསྒྱེལ་ཏེ་དྲག་པོའི་ཚམ་རྔམ་གྱིས་མནན་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། འོད་ཆེན་ཁ་དོག་སྣ་ཚོགས་ཀྱིས། །བདེ་འགྲོ་ཐོད་ཕྲེང་གདན་དུ་གདིང་། །ཐིག་ལེ་ཆེན་པོ་རྒྱན་བཞི་ཡིས། ཁྲོས་པའི་དབང་ཆེན་བཞི་པོ་དག །མངོན་སུམ་གདན་དུ་གདིང་བར་བྱ། །སྲིད་པའི་དྭངས་མ་བརྒྱད་པོ་ལས། །སྦས་པའི་མ་མོ་བཞི་པོ་དང་། །ཐུགས་ཀྱི་དགྱེས་སྡེ་བཞི་པོ་ནི། །མངོན་སུམ་གདན་དུ་གདིང་བར་བྱ། །བདེ་ཆེན་གསང་བའི་དཀྱིལ་འཁོར་གྱིས། །སྲིད་པ་ཆགས་བྱེད་སྤུན་གཉིས་བཀན། །སྲིད་པ་རང་ལུགས་གཉུག་མ་ཡིས། །ཨེ་ཀ་ཛཱ་ཊི་སྤུན་དྲུག་བཀན། །ཆགས་པའི་དབང་ཆེན་དམར་པོ་ཡིས། །འདོད་ཁམས་གཙོ་མོ་ནེ་མཚན་བཀན། །སྲིད་པ་སྤྱི་བོ་མདོར་བསྡུས་ཀྱིས། །ནམ་མཁའི་རྒྱལ་མོ་སྤུན་གཉིས་བཀན། །དབང་པོ་སྤྱི་བོ་མེད་གསལ་གྱིས། །སྲིན་མོ་ཆེན་མོ་མ་བདུན་བཀན། །གཡས་གཡོན་ཐབས་དང་ཤེས་རབ་ཀྱིས། །སྲིད་པའི་མ་མོ་བརྒྱད་རྣམས་བཀན། །སྲིད་པ་འཇུག་བྱེད་ཕྲ་མོ་ཡིས། །ཉི་ཤུ་རྩ་བརྒྱད་གན་རྐྱལ་བཀན། །ཧཱུྃ་མུ་ཁ་ལེ་ཧ་ཧ་ཧ་ཧ་ཧ་ནན། ཀྲོ་དྷཱི་ཤྭ་རཱི་ནན། བྷ་ག་ཤན་ཏྲི་ནན། སཱུརྻ་པདྨ་ཁ་རག་སྲིང་འགྲོ་ནན། མུ་ཏྲི་ཤན་ཏྲི་དན་ཏྲི་དུན་ཏྲི་ནན། ཨ་ཀེཾ་ཏ་ཀེཾ་ནི་ལ་ལན་ཏ་ནན། མ་མ་ཧཱུྃ་བྷྱོ་ཕཊ་ནན། མ་མ་དུས་སྟན་ཕཊ་ནན། མ་མ་དུས་སྟན་པདྨ་རཀྟ་པྲ་བེ་ཤ་ཕཊ་ནན། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མ་མོ་གྲི་གུག་ཐོགས་པ་སྤྲོས། གདན་གྱི་མ་མོ་རྣམས་ཀྱི་བྲང་གཤགས། སྙིང་ཁ་ཕྱེས་ཏེ་སྙིང་ཁྲག་དྭངས་མ་དཔལ་གྱི་ཞལ་དུ་བརྔུབས་ལ་ལྗགས་སྟེང་དུ་གནས་པར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཨུ་ཙི་ཏ་ན་ཏྲ་ཐ་ཕཊ། ལྗགས་སྟེང་ཁྲག་གི་དྭངས་མ་བྱང་སེམས་བདུད་རྩིའི་རང་བཞིན་དང་དབྱེར་མེད་པ་སླར་མ་མོ་རྣམས་ལ་བྱིན་པས་དྲན་པ་རྙེད། དམ་ཚིག་དྲན་ནས་གདུག་པའི་སེམས་དང་བྲལ་ཏེ་གཟི་བརྗིད་དང་ལྡན་པར་གྱུར། བཛྲ་ཨ་མྲྀཏ་ཕཊ། ཆེ་བའི་ང་རྒྱལ་བསྐྱེད་པས་ཐམས་ཅད་འདར་ཕྲི་ལི་ལི་གནས་པར་གྱུར། ཧཱུྃ། ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་ཁྲག་འཐུང་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་མཆོག །ང་ནི་མ་མོ་ཀུན་གྱི་རྗེ། །ཐམས་ཅད་ཀུན་གྱི་སྙིང་ཁྲག་ལྡག །ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་བཅོལ་ཁྱེད་ཀྱིས་སྒྲུབས། །མ་མོ་ཐམས་ཅད་རང་རང་གི་གནས་སུ་ཆས་ཏེ་བསྒོ་བའི་ལས་བྱེད་པར་བསམ། ཛཿཧཱུྃ་ཏི་མ་བྷྱོ། མ་མ་བྷྱོ། ཡ་མ་བྷྱོ། རུ་ལུ་རུ་ལུ་དྲག་མོ་བྷྱོ། ཡེ་ཤེས་ཀྱི་མ་མོ་དྲུག་པོ་ཡང་དཀྱིལ་འཁོར་གྱི་རང་གནས་སུ་འཁོད། ཡེ་ཤེས་རྩལ་འཆང་ཐིག་ལེ་ལས། །བསྒོམ་བྱའི་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། ས་མ་ཡ་ཧཱུྃ་ཧཱུྃ་ཧ་ཧེ་སཏྭཾ། སྤྱི་དོན་བཞི་པ་མཆོད་ཅིང་སྨོན་པ་ལ་གཉིས། མཆོད་པ་དང་སྨོན་ལམ་མོ། །དང་པོ་མཆོད་པ་ལ་བཅུ་ཡོད་པའི། དང་པོ་ཕྱག་རྒྱ་ཡེ་ཤེས་ཀྱི་མཆོད་པ་ནི། བདག་གི་ལག་པ་གཡས་གཡོན་གྱི་མཐེ་བོང་གཉིས་ལ་ཧཱ་ལྗང་གུ །མཛུབ་མོ་གཉིས་ལ་ཧཱུྃ་མཐིང་ག །གུང་མོ་གཉིས་ལ་ཨོཾ་དཀར་པོ། སྲིན་ལག་གཉིས་ལ་ཨཱཿདམར་པོ། མཐེའུ་ཆུང་གཉིས་ལ་སྭཱ་སེར་པོ་རེས་མཚན་པ་ཡེ་ཤེས་ལྔའི་ངོ་བོ། ཡེ་ཤེས་ལ་ཡེ་ཤེས་སྦྱར་བས་དེ་ལས་བྱུང་བའི་ལྷ་མོ་མང་པོ་ལྷ་རྣམས་ལ་ཐིམ་པས་སྐུ་གསལ་ཞིང་འཚེར་ལ་བཀྲག་མདངས་དང་ལྡན་པར་གྱུར། ཕྱག་རྒྱ་མདུན་དུ་བསྒྱུར་ལ་གཡས་གཡོན་དུ་བཀྲོལ་ཏེ། ལག་གི་འདུ་བྱེད་སྒོམ་པ་ནི། །ཐིག་ལེ་ཆེན་པོའི་ཕྱག་རྒྱ་སྟེ། །རྡོ་རྗེ་ཁུ་ཚུར་རྩེ་སྤྲད་དེ། །ཐབས་མཆོག་སྤྱོད་པའི་ཕྱོགས་རྣམས་སུ། །ཨོཾ་ཨཱཿཧཱ་གསུམ་རྩེ་སྤྲད་པ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྒྱ། །ཤེས་རབ་ཆེན་པོའི་ཕྱོགས་རྣམས་སུ། །ཨོཾ་ཨཱཿཧཱ་གསུམ་རྩེ་སྤྲད་པ། །རྣམ་པར་ཐར་པའི་སྒོ་གསུམ་རྒྱ། །ཐབས་ཀྱིས་ཧཱུྃ་གིས་སྒོ་གསུམ་མནན། །རང་རིག་ཡེ་ཤེས་ཕྱག་རྒྱ་སྟེ། །ཤེས་རབ་སྭཱ་ཡི་སྐུ་གསུང་དཀྱིལ། །ཐིག་ལེ་བྱང་ཆུབ་སེམས་ཀྱི་རྒྱ། །ཤེས་རབ་ཧཱུྃ་གི་རྩེ་མོ་ལ། །ཐབས་ཀྱི་སྭཱ་ཡིས་སྦྱོར་བ་ནི། །ཐབས་དང་ཤེས་རབ་ཕྱག་རྒྱ་ཞེས། །དུས་གསུམ་མགོན་པོས་དེ་སྐད་བཤད། །གཡས་གཡོན་ཐབས་དང་ཤེས་རབ་ལས། །རྡོ་རྗེ་གར་གྱི་ཕྱག་རྒྱ་ནི། །ཤེས་རབ་མཆོག་གི་སྙིང་གར་བསྟན། །སྦོམ་པོ་དབང་པོ་རྩེ་སྤྲད་ནས། །ཐབས་ཀྱི་ཕྱོགས་མཚམས་བསྐོར་བ་ནི། །མ་མོ་ཚོགས་ཀྱི་རྒྱལ་མོའི་རྒྱ། །རྡོ་རྗེ་སྡེར་མོ་དམ་བསྣོལ་ཏེ། །ཨོཾ་བསྒྲེང་རྩེ་མོར་རྒྱ་བཅིངས་པ། །མ་མོ་རྡོ་རྗེ་རུས་པའི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལ། །ཧཱུྃ་དང་ཧཱ་གཉིས་རྩེ་བསྡུས་ནས། །འབྲུ་གསུམ་བརྐྱངས་ནས་གཤོག་པའི་ཚུལ། །ན་ར་ཧ་སར་གཏད་པ་ནི། །མ་མོ་རྡོ་རྗེ་དབུགས་ཀྱི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལ། །ཨོཾ་དང་སྭཱ་གཉིས་རྒྱབ་བསྣོལ་འཁྱུད། །འབྲུ་གསུམ་རྩེ་སྤྲད་སྐུ་གསུང་ཐུགས། །བཞད་པའི་ཐད་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་ཁྲག་གི་རྒྱ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ནས། །ཧཱ་གཉིས་རྩེ་སྤྲད་གྱེན་དུ་བསྒྲེང་། །ཨོཾ་གཉིས་རྩེ་སྤྲད་ཐད་ཀར་བརྐྱངས། །སྭཱ་གཉིས་རྩེ་སྤྲད་ཐུར་དུ་བརྐྱངས། །འབྲུ་གསུམ་སོ་སོར་དམ་བསྣོལ་ཏེ། །སྐུ་ཡི་ཐད་ཀར་བཟུང་བ་ནི། །མ་མོ་རྡོ་རྗེ་མེ་ཡི་རྒྱ། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །ཨོཾ་གཉིས་རྒྱབ་བསྣོལ་ལུ་གུ་རྒྱུད། །འབྲུ་གསུམ་སོ་སོར་རྩེ་སྤྲད་དེ། །ཧཱུྃ་གཉིས་དྲག་ཏུ་གཡོབ་པ་ནི། །མ་མོ་རྡོ་རྗེ་བཀྲག་གི་རྒྱ། །རྡོ་རྗེ་ཐལ་མོ་བརྐྱངས་པ་ལས། །ཐབས་ཀྱི་ཨོཾ་དང་ཧཱ་གཉིས་ལས། །ཤེས་རབ་སྭཱ་ཡིས་བརྟེན་པར་བྱ། །ཤེས་རབ་ཨོཾ་དང་ཧཱ་གཉིས་ལ། །ཐབས་ཀྱིས་ཧཱུྃ་གིས་བརྟེན་པར་བྱ། །ཤེས་རབ་ཧཱུྃ་དང་ཨཱཾཿབརྐྱངས་ནས། །ཐབས་ཀྱི་ཨོཾ་དང་སྭཱས་བཀབ་མནན། །མ་མོ་ཡེ་ཤེས་མཁའ་འགྲོའི་རྒྱ། །རྡོ་རྗེ་ཚོགས་རྗེ་རྫོགས་པ་ཡི། །ཕྱག་རྒྱ་ཡིན་ཞེས་དཔའ་བོས་བཤད། །གཉིས་པ་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་ལ་ཏིང་ངེ་འཛིན་གསལ་འདེབས་ནི། བྱང་ཆུབ་སེམས་ལས་མཆོད་པའི་ལྷ་མོ་འཕྲོས། །དཀར་མོ་ཨརྒྷཾ་ཐོགས་པས་སྐུ་ཁྲུས་གསོལ། །སེར་མོ་སྤོས་ཁང་ཐོགས་པས་ཤངས་ལ་མཆོད། །སྔོན་མོས་མེ་ཏོག་མཛེས་པ་སྤྱན་གཟིགས་བསྟར། །དམར་མོ་མར་མེ་ཐོགས་པས་སྐུ་མཉེས་བྱེད། །ལྗང་མོ་དྲི་ཆབ་ཐོགས་པས་བྱུགས་པ་འབུལ། །དཀར་སེར་ཞལ་ཟས་ཐོགས་པས་ལྗགས་ཚིམ་ཞིང་། །མཐིང་ག་སྒྲ་སྙན་སྣ་ཚོགས་སྙན་མཉེས་གྱུར། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ། ཧ་ཧཱུྃ་མ་མ་ཕཊ་བྷྱོ། ཤྲཱི་བཛྲ་དྷཱི་བྱ་ཧཱུྃ། བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧྲཱིཿ བཛྲ་གནྡྷེ་གན། བཛྲ་ནཻ་བིདྱཱ་ཧཱུྃ། བཛྲ་གཱིརྟཱི་ཧཱུྃ། གསུམ་པ་བདུད་རྩི་སྨན་མཆོད་ལ། ཆེ་བའི་ཡོན་ཏན་བརྗོད་པ་ནི། རྒྱུ་གསུམ་རྐྱེན་ལྔ་བདུད་རྩི་ཆེན་པོ་འདི། །སྣང་བ་ཆེན་པོ་སྣང་སྲིད་འཆར་བའི་རྒྱུ། །དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་ཏེ། །མཁའ་འགྲོ་དམ་ཅན་ཀུན་གྱི་མཆོད་པའི་རྒྱུ། །རང་བཞིན་བདུད་རྩི་ཆེན་པོའི་འབྱུང་གནས་ཏེ། །རང་བྱུང་རྣམ་དག་ཉིད་ཀྱི་སྐུ་གསུང་ཐུགས། །བདུད་རྩིའི་སྡོང་པོར་ཉིད་བཞུགས་པས། །དུག་གསུམ་རྣམ་རྟོག་གདོན་གྱི་གཉེན་པོ་ཡིན། །ཐེག་ཆེན་ས་གཞི་ཆེན་པོ་ལ། །རྩི་མཆོག་མང་པོ་ཀུན་སྐྱེས་ཏེ། །སྐྱེ་འགྲོའི་གསོས་སུ་གྱུར་པ་ལྟར། །བདག་ཉིད་བདུད་རྩིའི་དཀྱིལ་འཁོར་ལ། །སྲོག་གིས་བསྡུས་པའི་སེམས་ཅན་ལ། །རྣམ་རྟོག་ནད་ཀྱི་གསོས་སུ་ཆེ། །རྒྱུ་གསུམ་རྐྱེན་ལྔ་བདུད་རྩི་ཆེན་པོ་འདིས། །ཕྱོགས་བཅུ་བདེ་གཤེགས་སྲས་དང་བཅས་པ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི། མཐེབ་སྲིན་ཉི་ཟླའི་ཐིག་ལེ་ལས་བདུད་རྩིའི་ལྷ་མོ་སྤྲིན་ཕུང་ཙམ་སྤྲོས་པས་མཉེས་མཆོད་ཕུལ་བར་བསམ་ལ། དུས་གསུམ་རྒྱལ་བ་ཀུན་གྱི་རྗེ་བཙན་མཆོག །བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཡབ་ཡུམ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི། འབྱུང་བ་ལྔ་ལ་དབང་སྒྱུར་རིགས་ཀྱི་ཡུམ། །རྟག་པའི་རྒྱལ་མོ་ཡེ་ཤེས་ཡུམ་ལྔ་ལ། །རྣམ་དག༴ ཐུགས་རྗེས༴ སརྦ༴ ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོ་མ། །བདེ་འགྲོ་ཐོད་ཕྲེང་རྗེ་མོ་བཅུ་བཞི་ལ། །རྣམ་དག༴ ཐུགས་རྗེས༴ སརྦ༴ སྤྲུལ་སྐུ་དྲག་མོ་འཇིགས་མཛད་ཁྲོ་མོའི་ཞལ། །ཆགས་བྱེད་ལ་སོགས་སྲིད་པ་དམན་མོ་ལ། །རྣམ་དག༴ ཐུགས་རྗེས༴ སརྦ༴ དཔལ་གྱི་འཁོར་སྐྱོང་བཛྲ་ཨཱ་རལླི། །མི་སྲིན་ལ་སོགས་དབང་མོ་ཉེར་བརྒྱད་ལ། །རྣམ་དག༴ ཐུགས་རྗེས༴ སརྦ༴ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །འཇིག་རྟེན་དྲེགས་པའི་མ་མོ་མཁའ་འགྲོ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི། ལྷག་མ་དངོས་གྲུབ་བླང་བ་ནི། ལྷ་ཚོགས་རྣམས་ཀྱིས་སྐྱེས་ལན་གྱི་ཚུལ་དུ་བདུད་རྩིའི་སྟེང་དུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཡེ་ཤེས་འོད་ཟེར་དངོས་གྲུབ་ཀྱི་བཅུད་དུ་བསྩལ་བར་བསམ། ཀུན་འདུས་གཅིག་ཏུ་གྱུར་པ་ལས། །ཕྲ་མོ་སྟོང་དང་སྦོམ་པོ་བརྒྱད། །བསྡུས་ནས་གོང་བུར་བསྒྲིལ་བ་ལས། །བསྡུ་བའི་སྔགས་ཀྱིས་རྣམ་སྦྱངས་ནས། །འཕྲོ་འདུས་འོད་དུ་འབར་བ་ལས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །ཟོས་ན་དཔལ་ཆེན་དངོས་གྲུབ་ཐོབ། །མཁའ་འགྲོ་མ་རྣམས་བསྙེན་བཀུར་བྱེད། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། འབྲུ་ལྔ་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་ཐིག་ལེ་བྱ་ཞིང་མྱང་ངོ་། །བཞི་པ་གཏོར་མའི་མཆོད་པ་ནི། འདོད་ཡོན་དྲུག་གི་ལྷ་མོ་གསལ་སྟོང་གྲགས་སྟོང་ཚིམས་སྟོང་མྱང་སྟོང་འཇམ་སྟོང་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་སྟོང་པའི་ཡེ་ཤེས་ལ་ཡེ་ཤེས་ཐིམ་པར་བསམ་ལ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ། ཧ་ཧཱུྃ་མ་མ་ཕཊ་བྷྱོ། རུ་ལུ་རུ་ལུ་པྲ་ཏཱི་ཛ་བ་ལིཾ་ཏ་ཁཱ་ཧི། ལྔ་པ་བདུད་རྩི་གསང་ནན་གྱི་མཆོད་པ་ནི། བདུད་རྩིའི་ལྷ་མོ་དཀར་མོ་དུང་ཆོས་རི་རབ་ཙམ་བདུད་རྩི་མུ་ཏིག་དཀར་པོ་ལྟ་བུ་དྲི་མ་མེད་པ་རྒྱ་མཚོ་ཙམ་གྱིས་བཀང་པ་ལྷ་རྣམས་ལ་དཀར་སི་ལི་ལི་ཕུལ་བར་བསམ་ལ། སྲིད་གསུམ་དཀྱིལ་འཁོར་རྫོགས་པའི་ཐིག་ལེ་ལས། །དགྱེས་པའི་བཞད་སྒྲས་རོལ་པ་ཚུལ་བཞིན་མཛོད། །རྒྱུ་ལས་རྐྱེན་དུ་བསྐྱེད་པའི་བདུད་རྩི་འདི། །རྣམ་རྟོག་གཞོམ་ཕྱིར་སྐུ་ལ་ཐིམ་པར་མཛོད། །པཉྩ་ཨ་མྲྀཏ་ཁཱ་ཧི། དྲུག་པ་རཀྟའི་མཆོད་པ་ནི། འདོད་ཆགས་ལྷ་མོ་དབང་ཆེན་དམར་ནག་གིས་བྷནྡྷ་ཁོར་ཡུག་ཙམ་ལས་རཀྟ་རྒྱ་མཚོ་ཙམ་ཕུལ་བས་ལྷ་རྣམས་འགྲོ་བའི་དོན་ལ་ཐུགས་རྗེས་ཆགས་པར་བསམ། ཧཱུྃ། སྟོང་གསུམ་ཐོད་པ་སྣོད་ཀྱི་འཇིག་རྟེན་དུ། །རྒྱུད་དྲུག་བསྒྲལ་པའི་རཀྟ་བཅུད་ཀྱི་མཆོག །ཡེ་ཤེས་མ་མོའི་ཚོགས་ལ་འབུལ་ལགས་ཀྱིས། །གདུག་པ་བསྒྲལ་ཕྱིར་ཆགས་པའི་མཆོད་པ་བཞེས། །མ་ཧཱ་རཀྟ་ཁཱ་ཧི། བདུན་པ་བསྒྲལ་མཆོད་ནི། བཛྲ་ཙཀྲ་རཏྣ་པདྨ་ཁཌྒ་ཛྭ་ལ་རཾ་སྥ་ར་ཎ་ཕཊ། རིགས་ལྔའི་ཕྱག་མཚན་ཡེ་ཤེས་ཀྱི་མེ་ཕུང་དུ་འཕྲོས། ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ་ཛྙཱ་ན་བཛྲ་ཛྭ་ལ་རཾ། འགྲོ་དྲུག་སེམས་ཅན་གྱི་རྟོག་སྒྲིབ་ས་བོན་བཅས་བསྲེགས་ཤིང་སྦྱངས། ཨ་ཡཾ་ཡུ་ཏི་ཛ། སྥ་ར་ཎ་ཕཊ། དེ་རྣམས་ཟླ་དཀྱིལ་ལ་བཞག་ཅིང་རླུང་གིས་འོག་མིན་དུ་བཏེགས། ཕུང་པོ་རྣམས་བསྡུས་ནས་ལྷ་ལ་ཕུལ་བས་ལུས་ཀྱི་སྒྲིབ་པ་བྱང་བར་གྱུར། ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། །ཕ་དང་ཁུ་བོ་མེས་པོ་དང་། །ལྷ་དང་བྲམ་ཟེ་མུ་སྟེགས་དང་། །བྲན་དང་གཡོག་པོ་ལ་སོགས་ཏེ། །ཞིང་བཅུ་དག་དང་ལྡན་པ་ལ། །ཕུང་པོ་བསད་ནས་སྙིང་ཕྱུང་སྟེ། །དངོས་གྲུབ་ཡ་མཚན་ཆེན་པོ་ཐོབ། མ་ཧཱ་ཏ་ན་པཱུ་ཛ་ཧོཿ ཏི་ར་བཾ་ཁཱ་ཧི། བརྒྱད་པ་སྦྱོར་མཆོད་ནི། དོན་དབྱིངས་དང་ཡེ་ཤེས་རྟག་པ་ཡབ་ཡུམ་ཐབས་ཤེས་སུ་སྦྱོར་བའི་བྱང་ཆུབ་སེམས་འདོད་རྒུ་འབྱུང་བའི་རིན་པོ་ཆེའི་མཆོད་སྡོང་གིས་མཆོད་པར་བསམ་ལ། ཨོཾ་བཛྲ་ཨེ་ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་རཏྣ་མཱ་ལེ་པཱུ་ཛ་ཏྲཱཾ། འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས། །མ་དང་སྲིང་མོ་བུ་མོ་དང་། །ལྷ་མོ་ཀླུ་མོ་རིགས་ངན་དང་། །བྲན་དང་གཡོག་མོ་ལ་སོགས་ཏེ། །གདོལ་བ་མོ་དང་ཕྱལ་བ་ལ། །ཚུལ་གྱིས་སྦྱར་ན་དངོས་གྲུབ་ཐོབ། །མ་ཧཱ་ག་ཎ་པཱུ་ཛ་ཧོཿ བོ་དྷི་ཙིཏྟ་ཁཱ་ཧི། དགུ་པ་ཆོས་ཉིད་ཀྱི་མཆོད་པ་ནི། དོན་དམ་བྱ་བྱེད་ལས་གསུམ་རང་བཞིན་གྱིས་མ་གྲུབ་པ་ཀ་དག་སྤྲོས་བྲལ་གྱི་དགོངས་པ་གསལ་བཏབ་ལ། ཆོས་ཀྱི་རང་བཞིན་དངོས་མེད་དེ། །དངོས་མེད་ཡི་གེ་སྟོང་པས་སྦྱངས། །སྟོང་ཉིད་སྟོང་པས་ཡེ་ནས་དབེན། །རྫོགས་པའི་སྣོད་ཀྱང་དངོས་ཀྱིས་སྟོང་། །རྣམ་པར་སྨིན་པ་སྟོང་པས་སྟོང་། །གདོད་ནས་སྟོང་པའི་འབྲས་བུ་ཡིན། །རྟོགས་ན་སྟོང་པའི་འབྲས་བུ་མིན། །ལེགས་དང་ཉེས་པའི་གཉིས་མེད་དེ། །ཐིག་ལེ་ཆེན་པོ་ལེན་པ་མེད། །གདོད་ནས་ལེན་པའི་རྒྱལ་པོ་ཡིན། །སརྦ་གནྟི་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ། བཅུ་པ་ཚོགས་མཆོད་ནི་འོག་ནས་འབྱུང་ངོ་། །གཉིས་པ་སྨོན་ལམ་གདབ་པ་ནི། ཧོཿ ནམ་མཁའི་མཐའ་མཉམ་ཆོས་ཀྱི་ཀློང་གདལ་ནས། །ཆོས་སྐུ་སྤྲོས་མེད་བརྡལ་བའི་རང་བཞིན་ལས། །ཡེ་ཤེས་མ་འགགས་དཔལ་ཆེན་ཡབ་ཡུམ་གཉིས། །དབྱིངས་དང་ཡེ་ཤེས་སྤྲུལ་པ་མ་མོའི་ཚོགས། །ཡེ་ཤེས་ལས་ལས་གྲུབ་པ་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པ་མ་ལུས་པ། །དངོས་རྣམས་སྐུ་གསུང་ཐུགས་ལས་སྤྲུལ་ཏེ་འབུལ། །གསང་སྔགས་དམ་ཚིག་སྤྱི་དང་ཁྱད་པར་ལས། །དམ་བཅའ་འགལ་འཁྲུལ་བྱུང་བ་མཐོལ་ལོ་བཤགས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་ཞིང་རྫོགས་ནས། །འདི་དང་ཕྱི་མའི་དངོས་གྲུབ་བསྩལ་དུ་གསོལ། །ཐེག་ཆེན་སྔགས་ལ་འཚེ་བའི་ཞིང་བཅུ་རྣམས། །མ་ཚོགས་ཐུགས་རྗེས་བརླག་ཅིང་ཞི་བར་མཛོད། །སྤྱི་དོན་ལྔ་པ་ལྷ་དང་གཉིས་སུ་མེད་པར་སྒྲུབ་པ་ལ་གཉིས། མཆོག་གཙོ་བོར་སྒྲུབ་པ་དང་། ཐུན་མོང་གཙོ་བོར་སྒྲུབ་པའོ། །དང་པོ་ལ་གསུམ། ཛཔ྄་ཁང་དབྱེ་བ། ཛཔ྄་དངོས། སྐབས་ཀྱི་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། དབྱེ་གཞིའི་དཀྱིལ་འཁོར་གསལ་བཏབ་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཀ་པཱ་ལ་བྷྲཱུྃ་ཕཊ་ཛཿ ཧཱུྃ་ཧ་མ་ཕཊ་བྷྱོ་ཕཊ་ཛཿ ཞེས་བརྗོད་པས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་རང་བཞིན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་མོས་པའོ། །གཉིས་པ་ཛཔ྄་དངོས་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ནི། གཞུང་ལས། སྙིང་པོ་དགོངས་པ་གསུམ་གྱིས་བཟླ། ཞེས་གསུངས་པས་དང་པོ་སྐུ་ཕྱག་རྒྱ་ལ་དགོངས་པ་ནི། གཙོ་འཁོར་ཐམས་ཅད་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གསལ་ལ་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་སྣང་སྟོང་ཆུ་ཟླ་ལྟ་བུ་ལ་སེམས་འཛིན་ཅིང་བཟླ་བའོ། །གཉིས་པ་གསུང་ཡི་གེའི་ཕྲེང་བ་ལ་དགོངས་པ་ནི། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལ་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། འཁོར་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་ས་བོན་ལ་སྔགས་ཀྱིས་གཡོན་དུ་བསྐོར་བ། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་འོད་ཟེར་རིམ་པ་གསུམ་དུ་འཕྲོས། རྒྱལ་བ་རྣམས་མཆོད་པའི་སྤྲིན་གྱིས་མཉེས་པར་བྱས། འགྲོ་དྲུག་གི་སྒྲིབ་པ་བདུད་རྩིའི་ཆུ་རྒྱུན་གྱིས་བཀྲུས། དགྲ་བགེགས་ཐམས་ཅད་མེ་འོད་དམར་ནག་གིས་ཚར་བཅད། སླར་འདུས་ཏེ་རང་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། ཛཔ྄་བསྐུལ་ནི། ཧཱུྃ། བདེ་ཆེན་དབྱིངས་ལས་བསྐྱེད་པའི་ཁྲག་འཐུང་རོལ་པའི་སྐུ །ཉིད་ཞི་བདེ་མཆོག་ལ་སོགས་དྲུག་ཅུ་རྩ་བརྒྱད་ཚོགས། །དབྱིངས་ནས་བསྒྲུབ་ཅིང་གསལ་བར་སྐུ་བསྐྱེད་ན། །རྣལ་འབྱོར་དབང་ཕྱུག་གསོ་བའི་ཆོ་ག་མཛོད། །ལྷ་དང་གཉིས་སུ་མེད་པར་བདག་བསྒོམས་ནས། །བཟླས་བརྗོད་གྲངས་དང་དུས་ཀྱི་བསྙེན་མཆོད་འབུལ། །བླ་མེད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ། ཧཱུྃ་ཧ་ཧེ་ཕཊ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ། མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ། ཞེས་གཙོ་འཁོར་སྤྱི་དྲིལ་གྱི་བཟླས་པ་ཉིད་རྩེ་གཅིག་ཏུ་བཟླའོ། །གསུམ་པ་ཐུགས་ཆོས་ཉིད་ལ་དགོངས་པ་ནི། སྣང་སྲིད་མ་མོའི་དཀྱིལ་འཁོར་པ་ཐམས་ཅད་དབྱིངས་ལས་ཡེ་ཤེས་རང་ཤར་བའི་ཚུལ་གྱིས་བྱེ་བྲག་སྣ་ཚོགས་སུ་སྣང་ཡང་ངོ་བོ་ཀུན་ཏུ་བཟང་མོའི་མཁའ་ཀློང་ལས་མ་གཡོས་པའི་དགོངས་པ་སྲོག་ཏུ་བཟུང་བའོ། །གཉིས་པ་ཁྱད་པར་གྱི་བཟླས་པ་ནི། ཛཔ྄་ཁང་མ་ཕྱེས་ཀྱང་ཆོག་ལ། ཇི་སྐད་དུ། རང་ལ་ཡེ་རྫོགས་དཀྱིལ་འཁོར་བདུན། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །ལྔ་འདུས་འོད་ཀྱི་རྡོ་རྗེ་ལ། །སྟེང་འོག་ཟུང་ལྔ་ཡབ་ཡུམ་བཅུ། །ཆགས་པ་འདུལ་དང་དབུ་རྒྱན་ཚུལ། །ཞེས་སོགས་ལུས་གནས་རྩའི་འཁོར་ལོ་རྩ་འགྲེལ་ལས་གསུངས་པ་ལྟར། བདག་ཉིད་ཀྱི་ལུས་ཀྱི་རྩ་དང་དྭངས་མའི་འོད་ལ་མཚུངས་ལྡན་དུ་གནས་པའི་མ་མོ་རྣམས་ལས་འོད་ཟེར་སྤྲོ་བ་གསུམ་པོ་གོང་ལྟར་ལ། བཟླས་པའང་གོང་གསལ་དང་འབྲུ་གསུམ་རྡོ་རྗེའི་བཟླས་པ་དང་སྦྱར་ལ་རླུང་བཟླས་གཙོར་བྱ། མཐར་རྒྱལ་བ་སྲས་བཅས་མཆོད་པས་མཉེས། འོད་དུ་ཞུ་ནས་མ་རྒྱུད་ཀྱི་དཀྱིལ་འཁོར་པ་རྣམས་ལ་ཐིམ། དེ་ཐམས་ཅད་བདག་ལ་ཐིམ་པས་རྟོག་སྒྲིབ་སྦྱངས། རྩ་གནས་འོད་དུ་འབར། དེ་ལ་གནས་པའི་མ་མོ་རྣམས་ཀྱང་འོད་དུ་ཞུ་སྟེ་སྙིང་པོའི་འོད་ལ་འདུས། དེའང་ཇེ་ཆུང་ཇེ་ཕྲ་ལ་ཡལ་བར་བསམ། གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ལ། བསྟོད་པ། བཤགས་པ། ཛཔ྄་ཁང་བསྡུ་བ་དང་གསུམ་ལས། དང་པོ་ནི། སྐབས་འདིར་རིན་པོ་ཆེ་གཏེར་རྒྱུད་ལས་གསུངས་པ་འདི་ཙམ་བྱ་སྟེ། ཧཱུྃ། བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང་། །གདུག་པ་འདུལ་མཛད་ཁྲོ་བོ་དྲག་པོའི་སྐུ །ཡེ་ཤེས་མ་མོ་ཡུམ་ཆེན་སྐུ་ལ་འཁྲིལ། །ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །འབྱུང་བ་ལྔ་ཉིད་ཕྱག་རྒྱའི་སྐུར་སྣང་ཞིང་། །ཕྱག་རྒྱ་ལྔ་ཉིད་སྐྱེ་མེད་དབྱིངས་སུ་སྒྲོལ། །ཡེ་ཤེས་སྐུ་ལྔས་འགྲོ་དོན་རྟག་ཏུ་མཛད། །རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལས་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ །བྱང་ཆུབ་སེམས་ལྡན་ཐུགས་རྗེས་སྤྲུལ་པ་འགྱེད། །གདུལ་བྱ་འཇོམས་མཛད་ཁྲོ་མོའི་ཚུལ་འཛིན་མ། །ཡེ་ཤེས་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །དབྱིངས་ལས་ཐུགས་རྗེ་སྤྲུལ་པའི་སྐུར་བསྟན་ཞིང་། །དྲག་པོའི་ལས་མཛད་ཁྲོ་མོ་འཇིགས་པའི་སྐུ །དྲེགས་པ་འདུལ་བྱེད་རྔམས་པའི་ཆ་ལུགས་ཅན། །སྤྲུལ་སྐུ་དམན་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་སོགས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བ་ཡི། །འཇིག་རྟེན་ལས་ལས་གྲུབ་པའི་དམ་ཚིག་ཅན། །སྲིད་པ་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །གཉིས་པ་བཤགས་པ་ནི། ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལས། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཟླས་པའི་ཉེས་བྱས་སུ་གྱུར་པ་རྣམས་བཤགས་པར་བྱའོ། །གསུམ་པ་ཛཔ྄་ཁང་བསྡུ་བ་ནི། རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དབྱེར་མེད་དུ་རྟོགས་པར་བྱས་ལ། ཧཱུྃ་ཞེས་བརྗོད་པས། ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་བསྟིམས་ནས། གསལ་ཞིང་བརྟན་པའི་ཕྱིར་ཡི་གེ་བརྒྱ་པའང་བཟླའོ། །གཉིས་པ་ཐུན་མོང་གཙོ་བོར་སྒྲུབ་པའི་ཛཔ྄་ཀྱི་དགོངས་པ། བསྙེན་སྒྲུབ་ལས་གསུམ་འབོད་རྦད་བསད་གསུམ་དང་སྒྲོལ་བ་དང་། མདོས་སྐོང་དང་དབང་གི་ཏིང་ངེ་འཛིན་སོགས་སྔགས་དོན་རབ་གསལ་དང་གབ་པའི་སྤུ་གྲི་སོགས་ལས་ཤེས་པར་བྱ་དགོས་ཤིང་། དེའི་ཚེ་བཟླས་པའི་མཐར་རྒྱུད་ཀྱི་བསྟོད་པ་དང་འཁོར་གྱི་བཅོལ་བསྐུལ་རིང་མོ་རྣམས་ངེས་པར་སྦྱོར་དགོས་པས་སྐབས་ཕྱེད་པར་བྱའོ། །རྩ་བའི་གསུམ་པ་རྗེས་ཀྱི་རིམ་པ་ལ་སྤྱི་སྡོམ་ལས་ལྔར་གསུངས་ཏེ། ཚོགས་མཆོད། ལྷག་ཆོག །གཏོར་སྐྱོང་། ཉེར་བསྡུ། བསྔོ་སྨོན་ནོ། །དང་པོ་ལ་ལྔ། བཤམ་བརླབ། སྤྱན་འདྲེན། བསྟོད་བསྐུལ། མཆོད་བཤགས་བསྒྲལ་བསྟབ། ཚོགས་རོལ་ཅིང་སྨོན་ལམ་གདབ་པའོ། །དང་པོ་ནི། དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ནས་དྲི་ཆབ་ཀྱིས་གཏོར་ལ། ཨོཾ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ནེ་ཧཱུྃ་ཕཊ་ཀྱིས་བསང་། རཾ་ཡཾ་ཁཾ། ཞེས་བརྗོད་པས། ཡེ་ཤེས་ཀྱི་འོད་ཟེར་མེ་རླུང་ཆུར་བྱུང་བས་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་སྤྱན་འདྲེན་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་པདྨ་མཎྜ་ལ་ཧཱུྃ། ཧཱུྃ་ཧ་ཧེ་ཧཱུྃ་མ་མ་ཕཊ་བྷྱོ་རཾ། ཞེས་པས་ལྷའི་འཁོར་ལོ་གསལ་བཏབ། ཧཱུྃ། དུར་ཁྲོད་ཆེན་པོ་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་ཆེ་མཆོག་ལྷུན་རྫོགས་རིགས་ཀྱི་གཙོ། །ཐུགས་ཀྱི་སྤྲུལ་པ་རིགས་ཀྱི་ཁྲོ་རྒྱལ་ལྔ། །མ་ཚོགས་ཟིལ་གནོན་ཁྲོ་བོ་འཁོར་དང་བཅས། །མ་མོའི་ཚོགས་ཀྱི་དཀྱིལ་འཁོར་ནས། །ཀུན་འབྱུང་དཀྱིལ་འཁོར་མངའ་བདག་མོ། །བཞི་ཟུར་ཞབས་བརྒྱད་ཞལ་ལྔ་འབར། །མཁའ་བཞི་བདེ་ཀློང་དབྱིངས་སུ་གསལ། །མཁའ་ལ་དུས་བཞིའི་ཆ་སྙོམས་མ། །དཀྱིལ་འཁོར་གཙོ་མོར་གཤེགས་སུ་གསོལ། །ཧཱུྃ། མ་མོ་ཆེན་མོ་རུས་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ཤར་གྱི་མཁའ་འགྲོ་མ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཧཱུྃ། མ་མོ་ཆེན་མོ་དབུགས་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་བྱང་གི་མཁའ་འགྲོ་མ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཧཱུྃ། མ་མོ་ཆེན་མོ་རླན་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནུབ་ཀྱི་མཁའ་འགྲོ་མ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཧཱུྃ། མ་མོ་ཆེན་མོ་དྲོད་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ལྷོ་ཡི་མཁའ་འགྲོ་མ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཧཱུྃ། མ་མོ་ཆེན་མོ་བཀྲག་བདག་མོ། །སྣ་ཚོགས་འགྱུར་བའི་སྐུ་མདོག་ལ། །ཞལ་གསུམ་ནམ་མཁའི་མཁའ་འགྲོ་མ། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཡང་གསང་སྦས་མ་དྲུག་གི་གཙོ་མོ་དང་། །བདེ་འགྲོ་ལ་སོགས་ཡེ་ཤེས་མཁའ་འགྲོ་མ། །ཆགས་བྱེད་ལ་སོགས་སྲིད་པ་དམན་མོའི་འཁོར། །མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །རྣལ་འབྱོར་ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཛྙཱ་ན་མཱ་ཏྲི་མཎྜ་ལ་ཨཱ་གད་ཚ་ཡ། དྲྀ་ཤྱ་ཧོཿ ཛཿཛཿཛཿ གསུམ་པ་བསྟོད་བསྐུལ་ནི། ཐིག་ལེའི་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །ཡེ་ཤེས་ཐུགས་ལས་བསྐྱེད་པའི་ཁྲོ་མོའི་སྐུར་སྟོན་ཅིང། །གཉིས་མེད་ཧ་ཧ་བཞད་ཅིང་རྔམས་པའི་ཧཱུྃ་སྒྲ་འབྱིན། །མཆེ་བ་དམར་པོ་གཙིགས་ནས་སྙིང་འདྲེན་རྐན་སྒྲ་ཅན། །སྐྱེ་ཤིའི་རྩ་བ་བཅད་ནས་བདེ་ཀློང་དབྱིངས་སུ་སྡུད། །སྐུ་མདོག་ཁྲ་མོར་བཞུགས་ཤིང་དབང་ཆེན་དཀྱིལ་འཁོར་རྫོགས། །ཕྱག་བརྙན་སྤྲུལ་པ་གཏོང་ཞིང་དུག་གསུམ་དབྱིངས་སུ་སྡུད། །མ་ཚོགས་འཁོར་དུ་བསྡུས་ནས་བྷ་གའི་མངའ་མཛད་མ། །དྲུག་ཅུ་རྩ་བརྒྱད་ཚོགས་ལ་བབས་ཀྱིས་རྔམས་པའི་སྒྲ་ཕྱུངས་ཤིག །བཞི་པ་མཆོད་བཤགས་བསྒྲལ་བསྟབ་ལ། དང་པོ་མཆོད་པ་ནི། གཏོར་མའི་སྔགས་ལན་གསུམ་གྱིས་ཕུལ་ལ། ཧཱུྃ། དུར་ཁྲོད་དམར་སྨུག་བསྐལ་པའི་དཀྱིལ་འཁོར་ནས། །དབང་གི་དཀྱིལ་འཁོར་ཉིས་སྟོང་ཤར་བའི་འོད། །ཉིད་ཞི་ཁ་ལེ་བྷ་གའི་ཀློང་ལྔ་ནས། །རྟག་པའི་རྒྱལ་མོ་དབྱིངས་ཕྱུག་ཡུམ་རྣམས་དང་། །ཡེ་ཤེས་མ་ཚོགས་ཕྲ་མེན་ཐོད་ཕྲེང་དང་། །ཅི་བགྱིས་བཀའ་ཉན་སྲིད་པ་དམན་མོའི་ཚོགས། །བྷནྡྷ་སྣོད་བཅུད་དམར་ཆེན་བསྐྱིལ་བ་དང་། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་ཀྱི་མཆོག །སྨན་ཆེན་ལྔ་དང་ཚེ་དང་འདོད་ཡོན་ལྔ། །སྦྱོར་དང་སྒྲོལ་བའི་བདུད་རྩི་ཆེན་པོ་འདི། །མ་ཚོགས་ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །བར་པས་བཤགས་པ་ཕུལ་ཏེ། ཧཱུྃ། རང་རིག་ཡེ་ནས་སྐྱེ་མེད་སྟོང་པའི་དལ། །འབྱུང་བ་ཡེ་ནས་མི་རྟོག་སྣ་ཚོགས་མ་མོའི་དལ། །རང་རིག་རང་བྱུང་ཡིན་པར་མ་ཤེས་པས། །མ་ཚོགས་སྤྱན་སྔར་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་མཆོད་ནི། འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུ། ཚོགས་ཕུད་གསུམ་པ་ལ་རྟེན་བྱས་ཏེ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་སྲིད་པ་མ་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་དགུག་བཅིངས་བསྡམས་ནས་མྱོས་པར་བྱས་པས། དམིགས་བྱ་མགོན་མེད་སྐྱབས་བྲལ་རྣམ་པར་འགྱུར་བའི་ཚུལ་དུ་གནས་པ་ལ་ཡེ་ཤེས་སྤྲུལ་པའི་ཕུར་པ་ཚེ་ཁྲུས་ཀྱི་དགོངས་པས་གདབ་ལ། ཧཱུྃ། ཡེ་ཤེས་སྤྲུལ་པའི་ཕུར་པ་ཟུར་གསུམ་པ། །མགོ་བོ་རྒྱ་མདུད་བསྟན་པ་མཁའ་འགྲོ་ལྔ། །ལོགས་ལ་ཟུར་བརྒྱད་རྗེ་མོ་བཅུ་བཞིའི་ཚོགས། །རྐེད་པ་རྒྱ་མདུད་སྨན་མོ་ལྔ་བཅུ་ལྔ། །རྩེ་མོ་ཟུར་གསུམ་སྲིན་མོ་བདུན་གྱི་ཚོགས། །ཡེ་ཤེས་ཐུགས་ལས་སྤྲུལ་པའི་ཀཱི་ལ་ཡ། །གང་ལ་དམིགས་པའི་དཀར་ནག་མཚམས་སུ་རྒྱོབ། །སྔགས་མཐར། སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ། རལ་གྲིས་གཏུབ་ལ། ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ཡེ་ཤེས་མཚོན་ཆེན་དབལ་རྣོན་གྱིས། །ལོག་རྟོག་འཁོར་བ་རྒྱུན་བཅད་དོ། །མ་མ་ཏྲག་རཀྴ་ཆེ་གེ་མཱ་ར་ཡ་ཤཀྟི་རྦད། བསྒྲལ་པའི་ཤ་ཁྲག་བདུད་རྩིའི་དྭངས་མར་སྦར་པ་དགྱེས་པ་ཆེན་པོས་བཞེས་པར་མོས་ལ་བསྟབ་པ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་ནས། །ལོངས་སྤྱོད་རྫོགས་སྐུ་དྲག་པོ་འཇིགས་པའི་ཞལ། །འབར་བའི་རྒྱལ་པོ་བཅོམ་ལྡན་ཧེ་རུ་ཀ །དུག་གསུམ་འཆེལ་བའི་རུ་དྲ་ཞལ་དུ་བསྟབ། །ཡེ་ཤེས་ཆེན་པོའི་ཀློང་དུ་ཁ་རཾ་ཁཱ་ཧི། །ཆོས་ཉིད་ངང་ལས་ཐུགས་རྗེའི་སྐུར་བཞེངས་ནས། །རིགས་འདུས་ཡུམ་ཆེན་ཉིད་ཞི་མུ་ཁ་ལེ། །ལོག་རྟོག་གདུག་པ་ཁྲོ་མོའི་ཞལ་དུ་བསྟབ། །རིགས་ལྔ་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ །དུག་ལྔ་ལོག་པའི་དགྲ་བགེགས་ཞལ་དུ་བསྟབ། །རྟག་པའི་རྒྱལ་མོ་མཁའ་བཞི་དབྱིངས་དང་ལྔ། །འབྱུང་བ་ཡེ་ཤེས་ལྔ་རུ་ཁ་རཾ་ཁཱ་ཧི། །དབང་དྲག་ལས་མཛད་སྒྲོལ་ཡུམ་བདེ་འགྲོ་མ། །ལོངས་སྤྱོད་རྫོགས་པའི་མ་མོ་བཅུ་གསུམ་དང་། །ཐུགས་རྗེ་སྤྲུལ་སྐུ་དམན་མོ་དབང་ཕྱུག་མ། །བསྒྲལ་བའི་ཞིང་བཅུ་མ་ལུས་ཁ་རཾ་ཁཱ་ཧི། ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ། རུ་ལུ་རུ་ལུ་ཧཱུྃ་ཁ་རཾ་ཁཱ་ཧི། ལྔ་པ་ཚོགས་རོལ་སྨོན་ལམ་གདབ་པ་ནི། བརྡ་དང་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ལ། ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚོགས་རྫས་རྣམས་བླང་དོར་གྱི་རྟོག་པ་མེད་པར་རོལ་ཅིང་སྤྲོ་ན་རྡོ་རྗེའི་གླུ་གར་བྱས་ལ་མཐར། ཧོཿ མ་མོའི་དཀྱིལ་འཁོར་ཆེན་པོ་ལ་རྣལ་འབྱོར་པས་ཚོགས་ཀྱི་པཱུ་ཛ་ཕུལ་པས་ལྷ་མཉེས། དམ་ཚིག་ཉམས་པ་བསྐངས་ཆག་ཉམས་ཐམས་ཅད་བྱང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་གདབ་བོ། །གཉིས་པ་ལྷག་མའི་ཆོ་ག་ལ་ལྔ། བཤམ་ཞིང་བརླབ་པ། མགྲོན་འགུགས་པ། དབང་དུ་བསྡུ་བ། མཆོད་པའི་རིམ་པ། རྗེས་བསྡུ་བའོ། །དང་པོ་ནི། ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པའི་དམེ་གཏོར་དང་། སྔར་ཟུར་དུ་བཅད་པའི་ཕུད་དང་། མཆོད་པའི་རས་མ་མར་མེ་དང་བཅས་པ་རྣམས། དཀྱིལ་འཁོར་ལས་ཧ་ཅང་མི་རིང་བའི་ཤར་ལྷོར་ཞིང་ལྤགས་ལ་རཀྟས་ཆོས་འབྱུང་ཟླ་གམ་དང་བཅས་པ་བྲིས་པའི་ཁར་བཞག །རྩ་བའི་དཀྱིལ་འཁོར་གསལ་བ་ལས། ཁྱད་པར་ལྷག་མའི་གནས་སུ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཙཀྲ་བྷྲཱུྃ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཧ་ཧཱུྃ་མ་ཕཊ་བྷྱོ། ལྷག་མའི་དཀྱིལ་འཁོར་གདན་དང་བཅས་པ་མཚན་ཉིད་རྫོགས་པ་ལ་ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་པ་ཐམས་ཅད་སྐད་ཅིག་གིས་གསལ་བར་གྱུར། གཏོར་མའི་གནས་སུ་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དམར་པོ་འབར་བར་བསམ་ནས་གཡོན་པའི་མཐེབ་སྲིན་གྱིས་སྦྱར་བ་རེག་སྟེ། ཨོཾ་བཛྲ་ཨ་མྲྀཏ་ཨ་དྷིཥྛ་མ་ཧཱུྃ་ཧྲཱིཿཋ། ཞེས་བཟླས་པས་འདོད་ཡོན་གྱི་བདུད་རྩིའི་ཕུང་པོ་བསམ་གྱིས་མི་ཁྱབ་པར་བསམ། གཉིས་པ་མགྲོན་འགུགས་པ་ནི། བཤུགས་གླུ་རོལ་མོའི་སྒྲས་བསྐུལ་ཏེ། འཇིག་རྟེན་ལས་ལས་གྲུབ་པའི་དམ་ཚིག་ཅན། མ་སྲིང་ཆུང་མ་བུ་མོ་བྲན་མོའི་ཚོགས། །བསོད་ནམས་ཚོགས་རྫོགས་དཔལ་གྱི་ལྷག་སྡུད་མ། །སྔོན་གྱི་དམ་ཚིག་ཆེན་པོས་འདིར་སྤྱོན་ཅིག །མཱ་ཏྲྀ་རུ་ལུ་ཛཿཧཱུྃ་བཾ་ཧོཿ གསུམ་པ་དབང་དུ་བསྡུ་བ་ནི། བཀུག་ཅིང་གདན་དུ་བཏིང་། སྙིང་ཁྲག་འཕྲོག །ཟིལ་གནོན། ལས་འགྱེད་རྣམས་གོང་ལྟར་གསལ་བཏབ་ལ། མ་མ་ཏིཥྛ་ནན། བཛྲ་ཨ་མྲྀཏ་ཨུ་ཙཊྚ་ནན། ཏྲ་ཏ་ཕཊ་ནན། ཧཱུྃ། ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་སྲིད་གསུམ་སྙིང་རྗེའི་མཆོག །ང་ནི་མ་མོ་ཀུན་གྱི་རྗེ། །ཐམས་ཅད་ཀུན་གྱི་སྙིང་ཁྲག་ལྡག །ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡིས་ལས་བཅོལ་ཁྱེད་ཀྱིས་སྒྲུབས། ཛཿཧཱུྃ་ཏི་མ་བྷྱོ། མ་མ་བྷྱོ། རུ་ལུ་རུ་ལུ་ཏྲག་མོ་བྷྱོ། བཞི་པ་མཆོད་རིམ་ལ་གསུམ། དང་པོ་སྤྱིར་མཆོད་དེ། མགྲོན་རྣམས་རིགས་ལྔའི་ཚོམ་བུར་བཞུགས་པས་གཏོར་མ་བཞེས་པར་བསམ་ལ་ཐོད་རྒྱས་བསྟབ་ཅིང་། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱ་ཀི་ནཱི། མ་མ་རུ་ལུ་གིང་ཀ་ར་ཛ་ཡ་བྷྱོ། པྲ་ཏཱི་ཛ་ཨི་མཾ་བ་ལིཾ་ཏ་ཁཱ་ཧི། པཉྩ་ཨ་མྲྀཏ་ཁཱ་ཧི། རཀྟ་པི་པ་ཏོ་ཁཱ་ཧི། ཞེས་ལན་གསུམ་གྱིས་སྟོབ་ཅིང་སྨན་རཀ་སྦྲེང་། གཉིས་པ་ཡར་གནས་ནི། ཧཱུྃ། དཔལ་གྱི་འཁོར་ཚོགས་མ་མོ་མཁའ་འགྲོ་མ། །སྲིད་པ་ཀུན་སྒྲོལ་ཕྲ་མེན་རྒྱ་མཚོ་མ། །མཁའ་ལ་འགྲོ་བའི་ཉི་ཟླ་ཐོད་ཕྲེང་ཅན། །སྒྲོལ་བྱེད་ཤ་ཟ་ཁྲོས་པའི་མ་མོ་བཞི། །སྟོང་གསུམ་ཕུང་བར་བྱེད་པའི་བདུད་མོ་བཞི། །སྦྱོར་བ་ཉུལ་ལེ་ཕྱོགས་ཀྱི་མ་མོ་བཞི། །བྱང་སེམས་སྤྲུལ་པའི་མཁའ་འགྲོ་སུམ་ཅུ་གཉིས། །ཀུན་ཀྱང་མཛེས་པའི་ཆ་ལུགས་འཆང་བ་མོ། །ལག་ན་བྷནྡྷ་རལ་གྲི་ཐོགས། །ད་རུང་འཇིག་རྟེན་མ་འདས་ཀྱིས། །རྒྱན་གྱི་མཆོད་པ་འདི་བཞེས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་གྱིས། །མ་ཧཱ་བ་ལིནྟ་ཁཱ་ཧི། གསུམ་པ་མར་གནས་ནི། གཏོར་མ་ཕུད་དང་བཅས་པ་དམེ་གཏོར་དུ་བླུགས་ནས། ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པའི་བྱང་སེམས་ཛ་གད་ཀྱི་ཁ་ཕྲུ་དང་རོ་གཅིག་པ་ཧེ་རུ་ཀའི་དམ་རྒྱས་དབབ་ཅིང་། བཛྲ་ཨ་མྲྀཏ་སྥ་ར་ཎ་ཕཊ་ཀྱིས་བྱིན་བརླབ། ཧཱུྃ། ཟངས་ཀ་ཆེན་མོ་ཧེ་རུ་ཀ་ནི་དང་། །ཟ་བྱེད་དྲུག་དང་འདོད་ཁམས་ཉུལ་ལེ་གསུམ། །སྨན་ཕྲན་སྤུན་དང་ཟ་བྱེད་སྲིན་མོ་བདུན། །དམག་གི་རྒྱལ་མོ་ལས་ཀྱི་སྲིང་མོ་བཞི། །མཁའ་ལ་འགྲོ་བའི་དབང་ཕྱུག་ཉི་ཤུ་བརྒྱད། །སྒྲོལ་བའི་གིང་ཆེན་ཕོ་དགུ་མོ་དགུ་དང་། །འབར་མ་སྤོར་མ་རྡོ་རྗེ་ཕོ་ཉའི་ཚོགས། །ལྷག་མའི་དམ་ཚིག་གཏོགས་པའི་ཆོས་སྐྱོང་རྣམས། །མཆོད་ཡོན་བཞེས་ལ་དམར་གྱི་གཏོར་མ་ལོངས། །སྔོན་ཚེ་ཁས་བླངས་འབྲས་བུ་མཆིས་པར་མཛོད། །ལྔ་པ་རྗེས་བསྡུ་ནི། ཡ་ཧི་གཙྪས་ཕྱི་འཁོར་གྱི་མགྲོན་རྣམས་རང་གནས་སུ་གཤེགས་ལ་གཏོར་མ་ཕྱིར་དོར། ཧཱུྃ་ཞེས་པས་ལྷག་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རང་གི་སྙིང་གར་བསྡུའོ། །གསུམ་པ་གཏོར་སྐྱོང་ནི། ཕྱི་རོལ་དུ་བརྟན་མའི་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཏྲཱཾ་རཏྣ་ཏྲཻ་ལོཀྱ་ཕཊ། ཞེས་བརྗོད་པས་གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི། །གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི། །བོད་ཁམས་སྐྱོང་བའི་ཆེ་ཞེ་ཆེན་མོ་རྣམས། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་སྒྲ་དང་བཅས། །འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད། །ཆེ་ཞེ་ཆེན་མོ་ཁྱེད་རྣམས་ཀྱང་། །ཨ་སུ་ར་ཡི་བྲག་ཕུག་ཏུ། །སློབ་དཔོན་པདྨ་འབྱུང་གནས་དང་། །རླངས་ཆེན་དཔལ་གྱི་སེང་གེ་ཡིས། །ཞིང་ཆེན་སྟན་ལ་བཀོད་ནས་ཀྱང་། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །དབང་བསྐུར་གསང་བའི་མཚན་ནས་བརྗོད། །རྡོ་རྗེ་འཆང་གི་གྲལ་དུ་བཞག །བོད་ཁམས་སྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པའི་གྲོགས་བྱ་ཞེས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །གཡར་དམ་གཉན་པོ་རྗེས་དགོངས་ལ། །དམ་རྫས་བཀའ་ཡི་གཏོར་མ་ལོང་། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ལ་ལ། ལེ་ལེ། ཏཾ་ཏཾ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ། ཞེས་དང་། མ་ཧཱ་པཉྩ་སོགས་ཀྱིས་སྨན་གཏོར་རཀྟས་མཆོད་ཅིང་སྨན་རག་སྦྲེང་། ཕྲིན་ལས་གསོལ་ལ། ཡ་ཧི་གཙྪས་གཤེགས་སུ་གསོལ་ལ་གཏོར་མ་གཙང་སར་བསྐྱལ་ལོ། །བཞི་པ་ཉེར་བསྡུ་ནི། གཞུང་ལས་མ་གསུངས་ཀྱང་སྤྱི་ལྟར་སྤྲོ་ན་མཆོད་བསྟོད་མདོར་བསྡུས་ནོངས་བཤགས་བཅས་བྱ། བསྐྱེད་ཆོག་དང་མཐུན་པའི་བསྡུ་རིམ་རྒྱུད་ནས་གསུངས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། སྣོད་བཅུད་གཞལ་ཡས་ཁང་པར་བསྡུ། །ཕོ་བྲང་འཁོར་གྱི་མ་མོར་བསྡུ། །བྷ་ག་དབྱིངས་ཀྱི་སྲས་མོ་ལྔ། །བདག་གི་འབྱུང་བ་ལྔ་རུ་བསྡུ། །སྲིད་པ་བདེ་འགྲོ་ཐོད་ཕྲེང་གཉིས། །བདེ་ཆེན་འོད་ཟེར་ཐིག་ལེར་བསྡུ། ཁྲོས་པའི་དབང་ཆེན་བཞི་པོ་ཡང་། །བདག་གི་དྭངས་མ་བཞི་རུ་བསྡུ། །སྦས་པའི་མ་བཞི་དགྱེས་སྡེ་བཞི། །སྲིད་པའི་དྭངས་མ་བརྒྱད་དུ་བསྡུ། །ཆགས་བྱེད་ཆ་སྙོམས་སྤུན་གཉིས་ནི། །བདེ་ཆེན་གསང་བའི་གནས་སུ་བསྡུ། །ཨེ་ཀ་ཛཱ་ཊི་སྤུན་དྲུག་ནི། །བདག་གི་དཔག་བསམ་ཤིང་ལ་བསྡུ། །འདོད་ཁམས་གཙོ་མོ་སྤུན་གཉིས་ནི། །བདག་གི་ཟངས་མའི་སྦུ་གུར་བསྡུ། །ནམ་མཁའི་རྒྱལ་མོ་སྤུན་གཉིས་ནི། །སྲིད་པའི་མདོ་སྡུད་ཉིད་ལ་བསྡུ། །མ་བདུན་དབང་པོ་བདུན་ལ་བསྡུ། །དམག་དཔོན་ཐམས་ཅད་ཤེས་རབ་རྩ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི། །སྲིད་པ་འཇུག་བྱེད་ཕྲ་མོར་བསྡུ། །གཙོ་བོ་ཉིད་ཞི་མུ་ཁ་ལེ། །ཀུན་གཞི་ཆོས་ཀྱི་དབྱིངས་སུ་བསྡུའོ། །ཞེས་རྟག་མཐའ་བསལ་ལ་མཉམ་པར་བཞག །སླར་རྩ་སྔགས་བརྗོད་པས། ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་རྣམས་ཀྱིས་མཚན་པར་བསམ་ཞིང་། བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ་ཞེས་པས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ལ་ཆད་པའི་འཛིན་སྟངས་བསལ། སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བ་བྱའོ། །ལྔ་པ་བསྔོ་སྨོན་ནི། ཧོཿ མ་རྒྱུད་དཀྱིལ་འཁོར་བྱིན་རླབས་ཀྱིས། །དཀྱིལ་འཁོར་རྣམ་གསུམ་གསལ་བ་ཡི། །ཏིང་འཛིན་འབུམ་ཕྲག་དུ་མ་ལ། །དབང་ཐོབ་རང་གྲོལ་སངས་རྒྱས་ནས། །འགྲོ་དོན་མཐའ་རུ་ཕྱིན་པར་ཤོག །བདག་གིས་འབད་ནས་ཕྲིན་ལས་འདི་བགྱིས་པས། །ཐུགས་དམ་བསྐངས་ཤིང་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་གྱུར་ནས་ནི། །སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །ཅེས་སོགས་ཐུན་མོང་མ་ཡིན་པའི་སྨོན་ལམ་རྣམས་དང་། །ཤིས་བརྗོད་ནི། སྣོད་ཀྱི་འཇིག་རྟེན་མ་སྐྱེས་ཡུམ་གྱི་ཀློང་། །བཅུད་ཀྱི་སེམས་ཅན་མ་འགགས་ཡབ་ཀྱི་མཁའ། །གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག །ཅེས་ཤིས་པ་རྒྱ་ཆེར་བརྗོད་ལ་དགེ་ལེགས་སུ་བྱའོ། །འདིའི་དམིགས་བཟླས་གོམས་ནས་རྒྱུན་གྱི་རྣལ་འབྱོར་གུ་རུ་རིན་པོ་ཆེས་ཆོས་རྒྱལ་ཁྲི་སྲོང་ལ་གནང་བའི་ཕྲིན་ལས་སྙིང་པོ་གསལ་བ་ལྟར་བྱས་པས་འགྲུབ། རིམ་པ་དང་པོས་རྒྱུད་སྨིན་ནས་གྲོལ་ལམ་དང་། ཐབས་ལམ་དང་། ཐབས་ལམ་གསང་བའི་རྫོགས་རིམ་རྣམས་ཏིང་འཛིན་ཐུགས་ཀྱི་མེ་ལོང་ལྟར་ཉམས་སུ་བླངས་ཏེ་དཔལ་ཆེན་པོའི་བདེ་ཆེན་ཡེ་ཤེས་ཀྱི་སྐུ་བསྒྲུབ་པར་བྱའོ། །སྔོན་དུས་མ་གཤིན་ཕུར་གསུམ་བཤད་སྒྲུབ་བསྟན། །སྔ་འགྱུར་རིག་འཛིན་རྣམས་ལ་དར་ཆེ་ཡང་། །དེང་སང་ཕྲིན་ལས་བོན་གྱེར་ཙམ་དུ་སོང་། །དེ་ལས་མ་མོ་མིང་ཙམ་འཛིན་པའང་དཀོན། །བླ་མ་ཐོད་ཕྲེང་རྩལ་དངོས་བཀའ་དྲིན་དང་། །རང་ཉིད་དད་བློ་སྔོན་སྨོན་ཡུལ་འཛོམ་ནས། །འདི་རྙེད་ཕྱིར་ན་ཡིག་ཚོགས་མ་འཛེམ་པར། །རང་རྐང་ཚུགས་པའི་ཕྲིན་ལས་འདི་བསྡེབས་སོ། །ལས་དང་འཇིག་རྟེན་གཉིས་འཛིན་འཁྲུལ་རྟོག་ཀུན། །གཉིས་མེད་ཡེ་ཤེས་མཁའ་ཀློང་ཐིམ་པ་ལས། །འཇིག་རྟེན་བདེ་ལེགས་འབྱུང་ཕྱིར་ཐབས་མཆོག་འདི། །ཕན་འདོད་རྣམས་ཀྱིས་དོན་དུ་གཉེར་བར་རིགས། །བསྐྱེད་བཟླས་འཁྲུལ་པ་མེད་པས་རྩ་ཐིག་རླུང་། །སྲིད་པ་མ་རྒྱུད་ལྷ་དང་སྔགས་སུ་སྨིན། །རྫོགས་རིམ་ཉམས་འོག་ཆུད་ནས་དེ་ཀུན་ཀྱང་། །བདེ་ཆེན་ཐིག་ལེ་གཅིག་ཏུ་བྱང་ཆུབ་ཤོག །ཧེ་རུ་ཀ་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་གྲུབ་པའི་སྐྱེས་བུའི་རྣམ་པར་སྣང་བ་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་དྲིན་ལས་བཀའ་སྲོལ་འདིའི་སྣོད་དུ་གྱུར་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་འདི་ཉིད་ཀྱི་རྒྱུད་ལུང་མན་ངག་རྣམས་ལྟོ་སྦྱར་ཏེ་རང་འདྲའི་བློ་དམན་ལ་ཕན་པའི་སེམས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རག་དོང་སྤྲུགས་ (Volume 41, Text 43)
༄༅༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རག་དོང་སྤྲུགས་བཞུགས་སོ༔ རྣལ་འབྱོར་པས་བླ་མ་བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་རྣམས་མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་དབང་པོའི་མངོན་སུམ་འདྲ་བར་ཞལ་ལམ་མེར་བཞུགས་པར་བསམ་པའི་མདུན་དུ་ལུས་རྡུལ་སྙེད་དུ་སྤྲུལ་ཏེ༔ ངག་བཤགས་ཚིག༔ ཡིད་གནོང་སེམས་དང་བཅས་ཏེ་དུས་ཐམས་ཅད་དུ་བཤགས་པ་བྱའོ༔ རྗེས་ལྟ་བས་ཀྱང་གསལ་གདབ་ཅིང༔ དམ་ཚིག་ལ་སྒྲིམ་པ་ནི་དངོས་གྲུབ་མྱུར་རོ༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་ཀུན་གྱི་བདག་ཉིད་ཆེ༔ བླ་མ་རྒྱལ་བ་ཞི་ཁྲོ་ཡོངས་རྫོགས་དགོངས༔ འདིར་གཤེགས་ཉི་ཟླ་པདྨའི་གདན་ལ་བཞུགས༔ ཉམས་ཆག་ན་རག་སྦྱང་ཕྱིར་ཕྱག་མཆོད་བཞེས༔ ཡོན་ཏན་ཕུན་ཚོགས་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་སྤྲོས་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ འགྲོ་མགོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ ཡང་དག་མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ ཉོན་མོངས་ཞི་མཛད་ཞི་བའི་ལྷ་ལ་ཕྱག༴ ལོག་ལྟ་ཚར་གཅོད་ཁྲོ་བོའི་སྐུ་ལ་ཕྱག༴ ཐབས་མགོན་ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག༴ སྐྱོན་བྲལ་སྒྲ་སྒྲོག་པདྨ་གསུང་ལ་ཕྱག༴ ཡང་དག་དོན་ལྡན་བཛྲ་ཐུགས་ལ་ཕྱག༴ དུག་ལྔ་ནད་སེལ་བདུད་རྩི་སྨན་ལ་ཕྱག༴ དྲེགས་པ་འཇོམས་མཛད་ཕུར་པའི་ལྷ་ལ་ཕྱག༴ འབྱུང་བ་མངའ་བདག་མ་མོའི་ཚོགས་ལ་ཕྱག༴ ས་དང་ལམ་རྫོགས་རིག་འཛིན་ཚོགས་ལ་ཕྱག༴ བསྟན་པ་སྲུང་མཛད་དམ་ཅན་རྣམས་ལ་ཕྱག༴ དགྲ་བགེགས་འདུལ་མཛད་སྔགས་བདག་ཚོགས་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་རིག་རང་ཤེས་འཁྲུལ་པ་བྲལ༔ མཉམ་ཉིད་ངང་ལས་ཡེ་ཤེས་ཤར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ལ༔ ཡིད་ཆོས་དག་ཕྱིར་ཕྱག་འཚལ་ལོ༔ མི་རྟོག་དབྱེར་མེད་དགོངས་པ་ལ༔ ཡེ་ཤེས་ལྔ་ཡི་འོད་མདངས་གསལ༔ རིགས་ལྔ་བདེ་བར་གཤེགས་པ་ལ༔ ཉོན་མོངས་དག་ཕྱིར་ཕྱག་འཚལ་ལོ༔ དབྱིངས་ཀྱི་ངང་ལས་བསྐྱེད་པའི་རྒྱུ༔ ཡེ་ཤེས་ལྔ་ཡི་གྲོགས་ཤར་བ༔ དབྱིངས་ཀྱི་ཡུམ་ཆེན་ལྔ་རྣམས་ལ༔ འབྱུང་བ་དག་ཕྱིར་ཕྱག༴ ཡེ་ཤེས་སྤྲུལ་པ་མང་པོའི་ཚོགས༔ འགྲོ་བའི་དོན་དུ་རང་ཤར་བའི༔ བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ལ༔ དབང་ཤེས་དག་ཕྱིར་ཕྱག༴ ཡེ་ཤེས་ངང་ལས་ཡོན་ཏན་རྫོགས༔ ཅི་འདོད་དངོས་གྲུབ་ཆར་ལྟར་འབེབ༔ མཆོད་པའི་ལྷ་མོ་བརྒྱད་རྣམས་ལ༔ ཡུལ་དུས་དག་ཕྱིར་ཕྱག༴ གདུག་པ་འདུལ་མཛད་དཔའ་བོའི་སྐུ༔ བདག་ཏུ་འཛིན་པའི་སྐྱོན་དང་བྲལ༔ ཏ་ཀྲྀཏ་སྒོ་བ་བཞི་རྣམས་ལ༔ ལོག་ལྟ་དག་ཕྱིར་ཕྱག༴ བྱམས་དང་སྙིང་རྗེ་དགའ་བ་དང༔ བཏང་སྙོམས་བཞི་ཡིས་འགྲོ་དོན་མཛད༔ སྒོ་སྐྱོང་ཁྲོ་མོ་བཞི་རྣམས་ལ༔ རྟག་ཆད་དག་ཕྱིར་ཕྱག༴ རྟོག་པ་དྲུག་ལས་འཁོར་བ་དྲུག༔ མ་རིག་དབང་གིས་བྱུང་བ་རྣམས༔ ཐུགས་རྗེས་འདུལ་མཛད་ཐུབ་དྲུག་ལ༔ འཁྲུལ་པ་དག་ཕྱིར་ཕྱག་འཚལ་ལོ༔ ཧཱུྃ༔ ཀུན་ཏུ་བཟང་པོ་རིག་པའི་རྩལ༔ ཆེ་མཆོག་གཙོ་ལ་ཕྱག་འཚལ་ལོ༔ དུག་ལྔ་མ་སྤང་མཐར་ཕྱིན་པའི༔ ཧེ་རུ་ཀ་ལ་ཕྱག༴ དབྱིངས་ལས་སྐུར་བཞེངས་ཐབས་ཤེས་སྦྱོར༔ ཁྲོ་མོ་ཡུམ་ལ་ཕྱག༴ ཐུགས་ལས་སྤྲུལ་པའི་གསང་ཆེན་མོ༔ ཁྲོ་མོ་བརྒྱད་ལ་ཕྱག༴ ཟ་བྱེད་མཆེ་གཤོག་ཕོ་ཉ་མོ༔ ཕྲ་མེན་བརྒྱད་ལ་ཕྱག༴ འགུགས་འདྲེན་འཆིང་སྡོམ་དགྱེས་མཛད་མ༔ སྒོ་མ་བཞི་ལ་ཕྱག༴ འཇིག་རྟེན་ཆ་ལུགས་སྤྲུལ་པ་མོ༔ དབང་ཕྱུག་མ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ རྔམ་བརྗིད་དྲེགས་པའི་འཁོར་གྱིས་བསྐོར༔ འཇམ་དཔལ་སྐུ་ལ་ཕྱག༴ ཧཱུྃ༔ རྟ་མགྲིན་རྒྱལ་པོ་དབང་གི་ལྷ༔ དབང་དྲག་ཐབས་ཀྱི་འཁོར་གྱིས་བསྐོར༔ པདྨ་གསུང་ལ་ཕྱག༴ ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ རང་སྣང་གསལ་བའི་འཁོར་གྱིས་བསྐོར༔ ཡང་དག་ཐུགས་ལ་ཕྱག༴ ཧཱུྃ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ༔ ཞི་ཁྲོ་རབ་འབྱམས་ལྷ་ཡིས་བསྐོར༔ ཡོན་ཏན་རྒྱས་ལ་ཕྱག༴ ཧཱུྃ༔ རྡོ་རྗེ་གཞོན་ནུ་ཕྲིན་ལས་སྐུ༔ ཁྲོ་བཅུ་འབར་བའི་འཁོར་གྱིས་བསྐོར༔ ཕྲིན་ལས་མཛད་ལ་ཕྱག༴ ཧཱུྃ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ འབྱུང་བ་ལྔ་ལས་གྲུབ་པའི་འཁོར༔ མ་མོའི་ཚོགས་ལ་ཕྱག༴ ཧཱུྃ༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ས་དང་ལམ་ལ་གནས་པའི་འཁོར༔ རིག་འཛིན་ཚོགས་ལ་ཕྱག༴ ཧཱུྃ༔ གསང་བའི་བདག་པོ་གོས་སྔོན་ཅན༔ འཇིག་རྟེན་དྲེགས་པ་རྣམས་ཀྱིས་བསྐོར༔ བསྟན་པ་སྐྱོང་ལ་ཕྱག༴ ཧཱུྃ༔ སྟོབས་ལྡན་ནག་པོ་མཐུ་རྩལ་ཅན༔ དྲག་སྔགས་བདག་པོ་མང་པོས་བསྐོར༔ དགྲ་བགེགས་འདུལ་ལ་ཕྱག་འཚལ་ལོ༔ དེ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ༔ གང་གིས་མཚན་ཐོས་ཕྱག་འཚལ་ན༔ དམ་ཚིག་ཉམས་ཆག་ཀུན་བྱང་ནས༔ མཚམས་མེད་ལྔ་ཡི་སྡིག་པ་དག༔ ན་རག་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ ལས་ཀྱི་རྣམ་པར་སྨིན་པའི་སྐྱོན༔ ངག་ཏུ་མཐོལ་ལ་ཡིད་ཀྱིས་བཤགས༔ སྨྲེ་སྔགས་བཏོན་ལ་གདུང་བས་སྦྱང༔ མོས་པས་ཐལ་མོ་སྙིང་གར་སྦྱར༔ དད་པས་བརྐྱང་ཕྱག་བརྡབས་ཏེ་བཙལ༔ ཞི་ཁྲོའི་ལྷ་ཚོགས་མཚན་ནས་བརྗོད༔ རྗེས་སུ་ལུས་ལྔ་ཚུགས་བཅས་ཏེ༔ རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ༔ ན་རག་དོང་སྤྲུགས་སྙིང་པོ་བཟླ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ འདི་དག་དག་པར་དུས་གཅིག་ལ༔ མ་ཡེངས་བརྒྱ་རྩ་བརྒྱད་བརྗོད་ན༔ དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ༔ ཧོ༔ ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་འགལ་ཞིང་འཁྲུལ༔ རྡོ་རྗེ་སློབ་དཔོན་དྲིན་ཅན་ལ༔ གཤེ་སྐུར་བཏབ་དང་ལྟ་བ་ལོག༔ གཟུངས་མ་མཆེད་དང་ལྕམ་དྲལ་ལ༔ ངན་སེམས་ཚིག་རྩུབ་ཆགས་སྡང་བྱས༔ བརྡེག་བཙོག་གནོད་པ་དངོས་སུ་ཤོར༔ སྐུ་ཡི་དམ་ཚིག་ཉམས་པ་རྣམས༔ ཞི་ཁྲོའི་ལྷ་ཚོགས་སྤྱན་སྔར་བཤགས༔ ཡི་དམ་ལྷ་དང་འཁོར་མ་གསལ༔ ཛཔ྄་དང་བཟླས་བརྗོད་མ་དག་ཆག༔ གསུང་གི་དམ་ཚིག་ཉམས་པ་རྣམས༔ རིགས་ལྔ་ཞི་ཁྲོའི་སྤྱན་སྔར་བཤགས༔ གསང་བཅུའི་གཉེར་གཏད་དམ་བཅས་པ༔ ཀུན་ལ་བསྒྲགས་ཤིང་དམ་རྫས་བསྟན༔ ཐུགས་ཀྱི་དམ་ཚིག་ཉམས་པ་རྣམས༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་བཤགས༔ ཤེས་པར་བྱ་བའི་དམ་ཚིག་ལྔ༔ རིགས་ལྔར་མ་ཤེས་ལོག་པར་བལྟས༔ མི་སྤང་བ་ཡི་དམ་ཚིག་ལྔ༔ མ་རིག་དབང་གིས་དུག་ལྔར་གོལ༔ དང་དུ་བླང་བའི་དམ་ཚིག་ལྔ༔ གཙང་དམེར་བལྟས་དང་བག་མེད་སྤྱད༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ༔ རང་ལ་གནས་པར་མ་ཤེས་ལོག༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ དབྱེ་བསལ་མ་ཤེས་ལོག་པར་སྤྱད༔ ཡན་ལག་དམ་ཚིག་ཉམས་པ་རྣམས༔ ཡི་དམ་ལྷ་ཡི་སྤྱན་སྔར་བཤགས༔ བསྙེན་པ་སྒྲུབ་པའི་ཏིང་འཛིན་གཡེལ༔ ཉ་སྟོང་དུས་དྲུག་མཆོད་པ་ཆག༔ ལེ་ལོ་གཡེང་བ་གཉིད་ཀྱིས་རྨུགས༔ གསོག་འཇོག་སེར་སྣས་རྒྱུ་རྐྱེན་ཆུང༔ ཚོགས་ཀྱི་སྤྱང་ཀི་ཁ་ཚར་ཤོར༔ ཕུད་ཉམས་ལྷག་མ་ཕྲི་བ་དང༔ བག་མེད་སྤྱོད་པ་རྩིང་བ་ཡིས༔ ཚོར་དང་མ་ཚོར་ཉམས་པའི་སྐྱོན༔ མཁའ་འགྲོ་དམ་ཅན་སྤྱན་སྔར་བཤགས༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཡིན་པ་མེད་པའི་ལྟ་བ་རྟོགས༔ མིན་པ་མེད་པའི་སྒོམ་ཉམས་ལོན༔ ཡིན་མིན་མེད་པའི་སྤྱོད་པ་རྟོགས༔ རེ་དོགས་མེད་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་ཐམས་ཅད་ཀྱི༔ ཆག་ཉམས་མ་བྱུང་མ་སྐྱེས་པ༔ བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ ཡོད་མེད་གཉིས་སུ་ལྟ་བ་ཐང་རེ་ཆད༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ གཙང་དང་རྨེ་བར་ལྟ་བ་ཐང་རེ་ཆད༔ བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ བདག་དང་གཞན་དུ་ལྟ་བ་ཐང་རེ་ཆད༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཐང་རེ་ཆད༔ གྲྭ་ཟུར་དབྱིབས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ནས་ཟླུམ་པོ་ཐིག་ལེའི་ཀློང་དུ་བཤགས༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཐང་རེ་ཆད༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ དུས་གསུམ་འགྱུར་བ་མེད་པའི་ཀློང་དུ་བཤགས༔ རང་བྱུང་ཡེ་ཤེས་རྩོལ་སྒྲུབ་བྲལ་བ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི༔ རིག་པ་ཡེ་ཤེས་རྟག་ཆད་བྲལ་བ་ལ༔ གཟུང་འཛིན་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྟག་ཆད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི༔ ཆོས་ཉིད་རྣམ་དག་སྤྲོས་པ་མེད་པ་ལ༔ ཟུག་རྔུ་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་ཉིད་རྣམ་དག་ཀློང་དུ་བཤགས་པར་བགྱི༔ གཞལ་ཡས་ཁང་ལ་ཡངས་དོག་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ གཞལ་ཡས་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་ལ་མཐོ་དམན་མེད་པ་ལ༔ སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་བ་མེད་པའི་ཀློང་དུ་བཤགས༔ མ་རིག་འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ གང་ཟག་འཁྲུལ་པའི་སེམས་ནི་ཡོང་རེ་གོལ༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་རྟོག༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་སེམས་ཀྱིས་ཆགས་པ་སྐྱེས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་འཛིན༔ མི་ཤེས་སྐྱེ་བོའི་བློ་འདི་ཡོངས་རེ་གོལ༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ རང་རིག་དོན་མེད་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཞེས་ལྟ་བའི་བཤགས་པ་དང༔ ཚོགས་དང་སྒྲུབ་པའི་དུས་སྐབས་སུ༔ སྨན་དང་རཀྟ་གཏོར་མ་དང༔ མར་མེ་གསལ་བའི་མདངས་ཀྱིས་བསྐང༔ དང་པོ་བདུད་རྩི་ཀ་པཱ་ལ༔ ཐོགས་ནས་འབུལ་བའི་སྟབས་ཀྱིས་བཏེགས༔ འདི་སྐད་བརྗོད་ལ་སྐོང་མཆོད་འབུལ༔ ཧཱུྃ༔ མ་བཅོས་རང་བྱུང་ཆེན་པོའི་རྫས༔ གདོད་ནས་དག་པས་གཙང་རྨེ་བྲལ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ རིགས་ལྔ་རྒྱལ་བ་སྒྲུབ་པའི་རྫས༔ དམ་ཚིག་སྐོང་བའི་སྨན་ཆེན་འདིས༔ འོག་མིན་བརྡལ་ཁྱབ་ཆེན་པོ་ན༔ རང་བཞིན་བཞུགས་པའི་སངས་རྒྱས་རྣམས༔ ཡེ་ཤེས་ལྔ་ཡི་འོད་ཀྱིས་བསྐང༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་བསྐང༔ ཐུགས་ཀྱི་དགོངས་པ་རྫོགས་པ་དང༔ ཐུགས་རྗེའི་སྤྲུལ་པས་རིགས་དྲུག་སྒྲོལ༔ ཐོག་མའི་སངས་རྒྱས་འོད་མི་འགྱུར༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༔ རང་ལ་ཡེ་ཤེས་ཤར་བའི་སྐུ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བསྐང༔ ཐུགས་རྗེའི་སྤྲུལ་པས་འགྲོ་དོན་མཛད༔ རྡོ་རྗེ་འཆང་ནས་རིམ་པར་བྱོན༔ འགྲོ་བ་འདྲེན་པ་ཐམས་ཅད་ཀྱི༔ སྐུ་དང་ཞིང་ཁམས་མཆོད་པས་བསྐང༔ ཐུགས་ཀྱི་དགོངས་པ་རྫོགས་གྱུར་ཅིག༔ དམ་ཚིག་ཉམས་ཆག་བཤགས་པར་བགྱི༔ དེ་ནས་རཀྟ་ཐོགས་ལ༔ ཧཱུྃ༔ ཆོས་ཉིད་རླན་གྱི་ཡེ་ཤེས་ཆུ༔ ཐུགས་རྗེ་ཆགས་པའི་ཁ་དོག་དམར༔ སྲིད་པ་སྐྱེད་པ་རྒྱུ་ཡི་ཁྲག༔ པདྨ་རཀྟ་རང་བྱུང་ཁྲག༔ ཞིང་བཅུ་བསྒྲལ་པ་སྲོག་གི་ཁྲག༔ རྩི་བཅུད་དམར་པོ་འབྱུང་བའི་ཁྲག༔ ཐམས་ཅད་དག་པ་དབང་གི་རྫས༔ མ་དག་ཁམས་གསུམ་འཁོར་བའི་རྒྱུ༔ ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སྲིད་གསུམ་འཁོར་བའི་བག་ཆགས་བསྒྲལ༔ མཆོད་པའི་རྫས་སུ་བྱིན་བརླབས་ཏེ༔ ཡུམ་ཆེན་ཀུན་ཏུ་བཟང་མོ་ལ༔ ཡེ་ཤེས་འཆར་བའི་དོན་ཕྱིར་འབུལ༔ ཁྲག་འཐུང་ཁྲོ་བོའི་ཚོགས་རྣམས་ལ༔ ཐུགས་རྗེ་བསྐུལ་བའི་མཆོད་པར་འབུལ༔ མ་མོ་མཁའ་འགྲོ་ཐམས་ཅད་ལ༔ དམ་ཚིག་གསོ་བའི་རྫས་སུ་འབུལ༔ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལ༔ ཕྲིན་ལས་མཛད་པའི་དོན་ཕྱིར་འབུལ༔ དམ་ཚིག་སྐོངས་ལ་དངོས་གྲུབ་སྩོལ༔ དེ་ནས་ཚོགས་དང་གཏོར་མ་ཐོགས༔ ལྷ་ལ་འབུལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཁམས་གསུམ་གསོ་བ་ཟས་ཀྱི་རྒྱུ༔ འབྲུ་དང་ཤིང་ཏོག་རོ་དྲུག་ཟས༔ ཞིང་བཅུ་བསྒྲལ་པའི་ཕུང་པོའི་ཤ༔ ཛ་གད་དཔའ་བོ་འབྲུ་ཡི་བཅུད༔ ཞལ་ཟས་འདོད་ཡོན་སྣ་ཚོགས་སུ༔ མོས་པས་བསམས་ཏེ་མཆོད་པར་འབུལ༔ ཆོས་ཀྱི་དབྱིངས་སུ་མོས་པས་འབུལ༔ ཞི་བའི་ལྷ་ལ་མཛེས་པར་འབུལ༔ ཁྲོ་བོའི་ལྷ་ལ་བརྗིད་པར་འབུལ༔ བླ་མ་རྣམས་ལ་མཉེས་པར་འབུལ༔ མཁའ་འགྲོ་རྣམས་ལ་དགྱེས་པར་འབུལ༔ བཀའ་སྲུང་རྣམས་ལ་ཚིམས་པར་འབུལ༔ དམ་ཚིག་སྐོང་བའི་རྟེན་དུ་འབུལ༔ དེ་ནས་མར་མེའི་ཀོང་བུ་ཐོགས་ལ༔ ཧཱུྃ༔ རྫས་ཀྱི་ཀོང་བུ་བརྒྱ་རྩ་རུ༔ གཙང་མའི་སྡོང་བུ་བརྒྱ་རྩ་བཙུགས༔ འབྱུང་བའི་བཅུད་མར་ཞུན་གྱིས་བསྐང༔ གསལ་བའི་མར་མེ་བརྒྱ་སྦར་ནས༔ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར༔ མོས་པས་རྒྱལ་བ་རྣམས་ལ་འབུལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ན༔ ཡེ་ཤེས་འོད་ལྔ་བཀྲག་དང་ལྡན༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྙིང་ག་ཆོས་ཀྱི་ཕོ་བྲང་ན༔ ཡེ་ཤེས་ས་བོན་ཐིག་ལེ་གསལ༔ རང་བྱུང་ཞི་བའི་ཐུགས་དམ་བསྐང༔ ཀླད་པ་དུང་ཁང་ཕོ་བྲང་ན༔ རང་རྩལ་དྲོད་ཀྱི་འོད་ཟེར་འབར༔ རང་བྱུང་ཁྲོ་བོའི་ཐུགས་དམ་བསྐང༔ མོས་གུས་དད་པའི་སྣང་བ་ལ༔ རིག་པ་རང་བྱུང་འགག་མེད་གསལ༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང༔ རྩ་རླུང་ཐིག་ལེ་དྭངས་པ་ལ༔ ཤེས་པ་རང་བྱུང་ས་ལེར་གནས༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང༔ འཇིག་རྟེན་སྲིད་པ་ཡངས་པ་ལ༔ གཟའ་སྐར་འོད་ཀྱི་ཐིག་ལེ་གསལ༔ ཕྱི་ཡི་དམ་ཅན་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཐམས་ཅད་ཀུན༔ ཐུགས་དམ་དབང་གིས་དག་པར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྐོང་བ་བསྡུས་པ། ཧཱུྃ༔ བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་ལྷ་ཚོགས་ཡོངས་རྫོགས་ལ༔ རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ༔ རིག་པ་ཡེ་ཤེས་མར་མེ་བལྟམས་ཏེ་འབུལ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ སྐུ་ལྔ་ཡེ་ཤེས་ཡོངས་རྫོགས་མཆོད་པར་འབུལ༔ གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས༔ འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པར་འབུལ༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་དབྱིངས་དག༔ ཆགས་མེད་རཀྟ་དམར་གྱི་མཉེས་མཆོད་འབུལ༔ འབྲུ་བཅུད་སྟོང་ལ་སྦྱར་བ་དཔའ་བོའི་རྫས༔ གཟི་བྱིན་བསྐྱེད་ཕྱིར་ཛ་གད་མཆོད་པར་འབུལ༔ ཨ་ལ་ལ་ཏེ་དགྱེས་པར་བཞེས་སུ་གསོལ༔ ཞེས་གསུང་མཆོད་སྐོང་བསྡུས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་བཀའ་བརྒྱད་གསང་བ་ཡོངས་རྫོགས་དང་། བྱང་གཏེར་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་ལས་བྱུང་བའི་ཞི་ཁྲོ་ན་རག་སྐོང་བཤགས་ཀྱི་ཆོ་ག་ཟུང་འབྲེལ་དུ་བསྡེབས་པ་དགེའོ།། ༄༅༔ ཧོ༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་རྣལ་འབྱོར་མཆེད་དང་ལྕམ་དྲལ་གྱིས༔ དམ་ཚིག་ཆེན་པོའི་མཆོད་པ་ཕུལ་པའི་མཐུས༔ ཉམས་ཆག་རྟོག་སྒྲིབ་མུན་པ་དབྱིངས་སུ་སངས༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་སྣང་བ་རྒྱས༔ བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ནས༔ རྡོ་རྗེའི་ལམ་ལས་རྣམ་གྲོལ་འབྲས་བུའི་མཆོག༔ དཀའ་བ་མེད་པར་ཚེ་འདིར་འགྲུབ་པར་ཤོག༔ ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་སྲིད་ཚེ༔ ཡེ་ཤེས་སྒྲོན་མེའི་སྣང་བས་ཤུལ་མཚོན་ཏེ༔ འོག་མིན་བདེ་ཆེན་ཞིང་དུ་དབུགས་ཕྱུང་ནས༔ ཕྱམ་གཅིག་ལྷན་སྐྱེས་ཡེ་ཤེས་སྐུ་འགྲུབ་ཤོག༔ སྨོན་ལམ་འདི་ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཟབ་གཏེར་སྒྲུབ་ཐབས་སྐོར་ལྔའི་ཕག་མོའི་ཚོགས་མཆོད་ལས་ཕྱུང་བའོ། །སརྦ་དཱ་མངྒ་ལཾ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་རྒྱུད་ཟབ་མོའི་སྐོར་ལས་མི་ཏྲ་ཛོ་ཀིའི་སྒྲུབ་ཐབས་ (Volume 11, Text 43)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་རྒྱུད་ཟབ་མོའི་སྐོར་ལས་མི་ཏྲ་ཛོ་ཀིའི་སྒྲུབ་ཐབས་བཞུགས་སོ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ མི་ཏྲ་ཛོ་ཀི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ གུ་རུ་མི་ཏྲ་ཛོ་ཀི་སྨུག༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཌཱ་རུ་གཡོན་པས་བནྡྷ་འཛིན༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ དབུ་སྐྲ་ཐོར་ཅོག་ཟར་བུ་འཕྱངས༔ ཤ་རྒྱས་རི་དྭགས་ལྤགས་པའི་སྟེང༔ མི་ཏྲ་ཛོ་ཀི་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿགུ་རུ་མི་ཏྲ་ཛོ་ཀི་ཧཱུྃ་སྭཱ་ཧཱ༔ དེ་ཡིས་མི་ཏྲ་ཛོ་ཀི་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་ནག་པ་ཟླ་བའི་ཉེར་བདུན་ལ་རྗེ་མི་ཏྲ་ཉིད་ཀྱིས་དངོས་སུ་གསུངས་སོ༔ འདིའི་ཞལ་གདམས་ནི་རང་གི་སྤྱི་བོའམ༔ བདག་བསྐྱེད་མདུན་བསྐྱེད་གང་བྱས་རུང༔ ཐུགས་ཀའི་ས་བོན་ཧཱུྃ་ཡིན༔ བསྙེན་ཚད་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིའི་དབང་ཡང་གཟུངས་དབང་ཉིད་དོ།། །།
ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དྲག་སྔགས་སྒྲུབ་པ་ (Volume 33, Text 43)
ྈ ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དྲག་སྔགས་སྒྲུབ་པ་བཞུགས༔ ྈྈྈ དཔལ་ཆེན་སྟོབས་ལྡན་ནག་པོར་ཕྱག་འཚལ་ལོ༔ དེ་ཉིད་སྒྲུབ་ཅིང་ཕྲིན་ལས་བརྩམ་འདོད་པས༔ དྲག་པོའི་གནས་སུ་དཀྱིལ་འཁོར་ཚུལ་བཞིན་བཞེངས༔ སྐུ་གསུང་ཐུགས་རྟེན་དྲག་སྔགས་ཟོར་རྫས་བཤམ༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་བྱས་ནས་སུ༔ དངོས་གཞི་བསྐྱེད་རིམ་བསྒོམ་ཞིང་སྒྲུབ་པ་ནི༔ ཆོས་ཉིད་དམིགས་མེད་མཐའ་བྲལ་ངང་ཉིད་ལས༔ དེ་ལྟར་མ་རྟོགས་འགྲོ་ལ་སྙིང་རྗེ་བསྒོམ༔ ཟུང་འཇུག་མཚོན་ཆེན་སྔོན་པོ་ཆེར་འབར་བས༔ ཧཱུྃ་རཾ་ཡཾ་ཁཾ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ སྣོད་བཅུད་ཀུན་སྦྱངས་འབྱུང་བ་རིམ་བརྩེགས་འཕྲོས༔ ཡུམ་ལྔའི་མཁའ་ལ་དུར་ཁྲོད་གཞལ་ཡས་ཁང༔ འཇིགས་སུ་རུང་བ་མེ་རླུང་འཁྲུགས་པའི་དབུས༔ འཁོར་ལོ་རྩིབས་བཞི་རྡོ་རྗེ་བྲག་གིས་གཏམས༔ ཕྱི་རོལ་མུ་ཁྱུད་དུར་ཁྲོད་སྲུང་བའི་གུར༔ ནང་དུ་མཐིང་ནག་གྲུ་གསུམ་འབར་བའི་ཀློང༔ པདྨ་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང༔ ཧཱུྃ་ཡིག་འབར་བས་སྤྲོ་བསྡུས་དོན་གཉིས་བྱས༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ སྟོབས་ལྡན་ནག་པོ་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་ལྷ་ཀླུའི་ཙིཏྟ་བསྣམས༔ ཞབས་བཞི་རབ་བགྲད་སྤུ་གྲིའི་གཤོག་པ་ལྡིང༔ འཇིགས་རུང་གར་དགུ་དུར་ཁྲོད་ཆས་བརྒྱད་བརྗིད༔ འབྱུང་ལྔའི་བདག་མོ་མཐིང་ནག་ཁྲོ་མོའི་ཆས༔ ཕྱག་གཡས་གཟུགས་ཁམས་བཅུ་བདུན་ནམ་མཁར་འདེགས༔ གཡོན་པས་འདོད་ཁམས་གནོན་ཅིང་ཡབ་དང་འཁྲིལ༔ རྡོ་རྗེ་པདྨ་མཉམ་སྦྱོར་བྱང་སེམས་རྣམས༔ ཁྲོ་བོའི་སྤྲིན་གྱུར་དྲེགས་པ་ཚར་བཅད་ནས༔ ཚུར་འདུས་སྦྱོར་མཚམས་དག་ནས་ཕྱིར་འཕྲོས་པས༔ འཁོར་ལོ་འབར་བའི་རྩིབས་བཞིར་པད་ཉི་ལ༔ མི་རྟ་ཁྱི་སྲིན་རོ་ལངས་གདན་སྟེང་དུ༔ གཤིན་རྗེའི་སྔགས་བདག་གཤིན་རྗེ་འཆི་བདག་ནི༔ ནག་པོ་གྲི་གུག་དང་ནི་ཐོད་ཁྲག་ཐོགས༔ ཡུམ་མཆོག་གསོད་བྱེད་ནག་མོ་རལ་པ་ཅན༔ མུན་པའི་མདོག་ཅན་ཟངས་གྲི་ཙིཏྟ་འཛིན༔ བདུད་ཀྱི་སྔགས་བདག་མེ་ཡི་ཁ་རླངས་ཅན༔ ནག་པོ་ཕྱག་གཉིས་རྩེ་གསུམ་ཁྲམ་ཤིང་ཐོགས༔ ཡུམ་མཆོག་བདུད་མོ་ནག་མོ་ཁྲག་རལ་ཅན༔ དུད་ཁ་ཁྲམ་ཤིང་དང་ནི་དགྲ་མགོ་འཛིན༔ སྲིན་པོའི་སྔགས་བདག་གསོད་བྱེད་འབར་བ་ནི༔ སྨུག་ནག་ཕྱག་གཉིས་བཤའ་གྲི་ཐོད་ཁྲག་ཐོགས༔ ཡུམ་མཆོག་ཟ་བྱེད་ནག་མོ་རྔམ་པའི་སྐུ༔ མིག་སྨན་མདོག་ཅན་གྲི་གུག་ཐོད་ཁྲག་འཛིན༔ གནོད་སྦྱིན་སྔགས་བདག་གནོད་སྦྱིན་གང་བ་བཟང༔ སྔོན་པོ་ཕྱག་གཉིས་རལ་གྲི་དར་ནག་ཕྱར༔ ཡུམ་མཆོག་ཤ་ཟ་སྔོན་མོ་སྲིན་མོའི་གདོང༔ མཐིང་ནག་ཕྱག་གཉིས་དར་ནག་མི་ལྤགས་རྡེབ༔ ཡབ་ཡུམ་དུར་ཁྲོད་འབར་བའི་ཆས་ཀྱིས་བརྗིད༔ དེ་ཕྱིར་ཁྱམས་ཀྱི་ཕྱོགས་མཚམས་སྟེང་འོག་བཅུར༔ ལྷ་ཡི་སྔགས་བདག་མ་ཧཱ་དྷེ་ཝ་དཀར༔ བེར་དཀར་གསོལ་ནས་དར་དཀར་རལ་གྲི་ཕྱར༔ རུ་དྲའི་སྔགས་བདག་ཐར་པ་ནག་པོ་ནག༔ ཞིང་ལྤགས་གསོལ་ནས་མཆོད་གཏོར་ཐུན་གཏོར་ཐོགས༔ དམུ་ཡི་སྔགས་བདག་དམུ་རྗེ་བཙན་པོ་ནག༔ བེར་ནག་གསོལ་ནས་མདུང་དང་ཞགས་པ་ཐོགས༔ མུ་སྟེགས་སྔགས་བདག་གུ་ལང་ནག་པོ་ནི༔ ཞིང་ལྤགས་གསོལ་ནས་རྩེ་གསུམ་ཐོད་ཁྲག་ཐོགས༔ གཟའ་ཡི་སྔགས་བདག་རཱ་ཧུ་ལ་ནག་པོ༔ སྤྲིན་གྱི་གོས་ཅན་བེ་ཅོན་ཁྲམ་ཤིང་ཐོགས༔ ཀླུ་ཡི་སྔགས་བདག་སོག་མ་མེད་སེར་པོ༔ ཕྱག་གཉིས་གཏེར་གྱི་བུམ་པ་རུས་སྦལ་བསྣམས༔ ཕོ་བྲང་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ལ༔ རྒྱལ་པོའི་སྔགས་བདག་ལི་བྱིན་ཧར་ལེགས་ནི༔ དཀར་པོ་རལ་གྲི་དར་མདུང་དཀར་པོ་ཕྱར༔ འགོང་པོའི་སྔགས་བདག་ཁུ་ལེ་སྐུ་མདོག་སེར༔ ལག་པ་དགུ་ནི་ཕྱོགས་མཚམས་ཀུན་ཏུ་གདེངས༔ དགྲ་ལྷའི་སྔགས་བདག་རྡོ་རྗེ་ལེགས་པ་དཀར༔ ཕྱག་གཉིས་མདུང་དར་དཀར་པོ་བེར་ཀ་ཕྱར༔ བཙན་གྱི་སྔགས་བདག་ཡམ་ཤུད་དམར་པོ་ནི༔ ཁྲག་མདོག་རལ་གྲི་དང་ནི་མདུང་དམར་ཕྱར༔ འཁོར་ཡུག་བཤན་པ་ལྷ་སྲིན་སྡེ་བརྒྱད་དང༔ རང་རང་སྡེ་དཔུང་བསམ་གྱིས་མི་ཁྱབ་པ༔ དྲག་ཤུལ་མཐུ་ལྡན་དམོད་པའི་མཚོན་ཆ་ཅན༔ དྲག་གཏུམ་ཁྲོས་འཁྲུགས་འབར་བའི་ཚུལ་དུ་བསྐྱེད༔ དབང་བསྐུར་བྱིན་རླབས་ལ་སོགས་མཆོད་བསྟོད་བྱ༔ འབོད་རྦད་གསད་པའི་དམིགས་པ་རྩེ་གཅིག་པས༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ འཁོར་གྱི་སྔགས་བཟླས་རང་རིག་ངང་དུ་བསྒོམ༔ དྲེགས་པ་རང་རྒྱུད་མི་ལྟ་མན་ངག་གཅེས༔ མཆོད་བསྟོད་དངོས་གྲུབ་གསོལ་ལ་དཀྱིལ་འཁོར་བསྡུ༔ མན་ངག་བླ་མའི་ཞལ་དང་རྒྱུད་ལུང་བསྡེབ༔ མཐུ་ནུས་ཐོགས་མེད་དགྲ་བགེགས་བརླག་པའི་མཆོག༔ བསྟན་པ་སྲུང་བའི་བཙས་སུ་ས་མ་ཡ༔ ཨི་ཐི་རྒྱ༔ ༈ ྈ དུག་ལྔ་གནས་དག་ཡེ་ཤེས་ལྔ་དབང་རྫོགས༔ སྒོ་གསུམ་གདོད་ནས་རྣམ་དག་སྐུ་གསུང་ཐུགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྤྱན་དྲངས་བསམ༔ ཤ་ཆེན་གུ་གུལ་བསྲེགས་ཤིང་རྐང་གླིང་འབུད༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་གསང་བདག་འཕྲུལ་པའི་སྐུ༔ སྟོབས་ལྡན་ནག་པོ་ཡབ་ཡུམ་འཁོར་དང་བཅས༔ གནས་འདིར་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧཱུྃ༔ དུར་ཁྲོད་རོལ་པའི་གཞལ་ཡས་དམ་པ་འདིར༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཁྲོ་རྒྱལ་ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་པའི༔ ཧེ་རུ་ཀ་པའི་ཚོགས་རྣམས་ལ༔ གུས་པའི་ཡིད་ཀྱིས་གར་དང་བཅས༔ བརྐྱང་བསྐུམ་སྟབས་ཀྱིས་ཕྱག་བགྱི་འོ༔ ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷུ་ཧོ༔ ཧཱུྃ༔ རུ་དྲ་བསྒྲལ་པ་ལས་བྱུང་བའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ཧཱུྃ༔ གཏི་མུག་བསྒྲལ་བའི་ཤ་ཆེན་དང༔ འདོད་ཆགས་འབར་བའི་ཁྲག་ཆེན་དང༔ ཞེ་སྡང་འབར་བའི་རུས་ཆེན་རྣམས༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ རང་བྱུང་གདོད་ནས་དག་པའི་རྫས༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མཚན་དོན་སྦྱར་ཞིང་དངོས་གྲུབ་བླང༔ ༈ དམོད་པ་དྲག་སྔགས་ཀྱི་བདུད་རྩི་ལག་མཆོད་ནི། བཅོམ་ལྡན་ཀུན་བཟང་ཧེ་རུ་ཀའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གསང་བདག་རྡོ་རྗེ་འཛིན་པའི་ཞལ་དུ༴ དཔལ་ཆེན་སྟོབས་ལྡན་ནག་པོའི་ཞལ་དུ༴ ལས་ཅན་དྲྭ་མ་ལྔའི་ཞལ་དུ༴ སྐལ་ལྡན་རྡོ་རྗེ་ཆོས་ཀྱི་ཞལ་དུ༴ སློབ་དཔོན་ཤཱནྟིཾ་གརྦྷའི་ཞལ་དུ༴ པ་གོར་བཻ་རོ་ཙ་ནའི་ཞལ་དུ༴ ལྷ་སྲས་དམ་འཛིན་ཆེན་པོའི་ཞལ་དུ༴ གཏེར་ཆེན་མཆོག་གྱུར་གླིང་པའི་ཞལ་དུ༴ རིག་འཛིན་རྩ་བརྒྱུད་བླ་མའི་ཞལ་དུ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ༴ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་ཞལ་དུ༴ གཏེར་སྲུང་དྲེགས་པ་ཕོ་མོའི་ཞལ་དུ༴ སྣང་སྲིད་དག་པ་རབ་འབྱམས་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པའང་ཀརྨ་ཀ་ཐེག་མཆོག་མིང་འཛིན་གྱིས་བྲིས་པའོ། །ལྕེ་ཡི་རྡོ་རྗེའི་དམ་ཚིག་ལ༔ རྣལ་འབྱོར་ཅན་གྱིས་ཧཱུྃ་བསྒོམ་ཞིང༔ ཨོཾ་ཨཱཿཧཱུྃ་གིས་དངོས་གྲུབ་བླངས༔ ལྕེ་ལ་ཐིམ་པས་མཆོག་ཐོབ་འགྱུར༔ སརྦ་སིདྡྷི་ཧཱུྃ༔ དུང་ཆེན་སྣོད་དུ་རུ་དྲ་བསྒྲལ༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ འཁོར་བ་སྟོངས་པའི་རཀྟ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ བྷནྡྷ་འབར་བའི་སྣོད་ནང་དུ༔ སྲིད་གསུམ་བསྒྲལ་པའི་བ་ལིཾ་ཏ༔ དཔལ་གྱི་གཏོར་མ་ཆེན་པོ་འདི༔ ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང༔ བདེ་ཆེན་ཐབས་ཀྱི་རྡོ་རྗེས་སྲུབ༔ བདེ་སྟོང་འདུ་འབྲལ་མེད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་མུ་དྲཱ་བྷཉྫ་མོཀྵ་པཱུ་ཛ་ཧོ༔ ཧཱུྃ༔ ང་ལ་བར་ཆད་བྱེད་པའི་བགེགས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང༔ ཨེ་ཡི་དཀྱིལ་འཁོར་ཆེན་པོར་བསྒྲལ༔ དཔལ་ཆེན་འཁོར་བཅས་ཞལ་དུ་བསྟབ༔ མ་ཧཱ་རུ་དྲ་ཁཱ་ཧི༔ ༈ ྈ ཧཱུྃ༔ སྟོབས་ལྡན་ནག་པོ་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་དུང་ཁྲག་ལྷ་ཀླུའི་ཙིཏྟ་བསྣམས༔ ཞབས་བཞི་རབ་བགྲད་སྤུ་གྲིའི་གཤོག་པ་ལྡིང༔ འཇིགས་རུང་གར་དགུ་དུར་ཁྲོད་ཆས་བརྒྱད་བརྗིད༔ འབྱུང་ལྔའི་བདག་མོ་མཐིང་ནག་ཁྲོ་མོའི་ཆས༔ ཕྱག་གཡས་གཟུགས་ཁམས་བཅུ་བདུན་ནམ་མཁར་འདེགས༔ གཡོན་པས་འདོད་ཁམས་གནོན་ཅིང་ཡབ་དང་འཁྲིལ༔ གཙོ་བོ་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ གཤིན་རྗེའི་སྔགས་བདག་གཤིན་རྗེ་འཆི་བདག་ནི༔ ནག་པོ་གྲི་གུག་དང་ནི་ཐོད་ཁྲག་ཐོགས༔ ཡུམ་མཆོག་གསོད་བྱེད་ནག་མོ་རལ་པ་ཅན༔ མུན་པའི་མདོག་ཅན་ཟངས་གྲི་ཙིཏྟ་བསྣམས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ བདུད་ཀྱི་སྔགས་བདག་མེ་ཡི་ཁ་རླངས་ཅན༔ ནག་པོ་ཕྱག་གཉིས་རྩེ་གསུམ་ཁྲམ་ཤིང་ཐོགས༔ ཡུམ་མཆོག་བདུད་མོ་ནག་མོ་ཁྲག་རལ་ཅན༔ དུད་ཁ་ཁྲམ་ཤིང་དང་ནི་དགྲ་མགོ་འཛིན༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ སྲིན་པོའི་སྔགས་བདག་གསོད་བྱེད་འབར་བ་ནི༔ སྨུག་ནག་ཕྱག་གཉིས་བཤའ་གྲི་ཐོད་ཁྲག་ཐོགས༔ ཡུམ་མཆོག་ཟ་བྱེད་ནག་མོ་རྔམ་པའི་སྐུ༔ མིག་སྨན་མདོག་ཅན་གྲི་གུག་ཐོད་ཁྲག་འཛིན༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ གནོད་སྦྱིན་སྔགས་བདག་གནོད་སྦྱིན་གང་བ་བཟང༔ སྔོན་པོ་ཕྱག་གཉིས་རལ་གྲི་དར་ནག་ཕྱར༔ ཡུམ་མཆོག་ཤ་ཟ་སྔོན་མོ་སྲིན་མོའི་གདོང༔ མཐིང་ནག་ཕྱག་གཉིས་དར་ནག་མི་ལྤགས་རྡེབ༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ ལྷ་ཡི་སྔགས་བདག་མ་ཧཱ་དྷེ་བ་དཀར༔ བེར་དཀར་གསོལ་ནས་དར་དཀར་རལ་གྲི་ཕྱར༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ རུ་དྲའི་སྔགས་བདག་ཐར་པ་ནག་པོ་ནག༔ ཞིང་ལྤགས་གསོལ་ནས་མཆོད་གཏོར་ཐུན་གཏོར་ཐོགས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ དམུ་ཡི་སྔགས་བདག་དམུ་རྗེ་བཙན་པོ་ནག༔ བེར་ནག་གསོལ་ནས་མདུང་དང་ཞགས་པ་ཐོགས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་སྔགས་བདག་གུ་ལང་ནག་པོ་ནི༔ ཞིང་ལྤགས་གསོལ་ནས་རྩེ་གསུམ་ཐོད་ཁྲག་ཐོགས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ གཟའ་ཡི་སྔགས་བདག་རཱ་ཧུ་ལ་ནག་པོ༔ སྤྲིན་གྱི་གོས་ཅན་བེ་ཅོན་ཁྲམ་ཤིང་ཐོགས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ ཀླུ་ཡི་སྔགས་བདག་སོག་མ་མེད་སེར་པོ༔ ཕྱག་གཉིས་གཏེར་གྱི་བུམ་པ་རུས་སྦལ་བསྣམས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ རྒྱལ་པོའི་སྔགས་བདག་ལི་བྱིན་ཧར་ལེགས་ནི༔ དཀར་པོ་རལ་གྲི་མདུང་དར་དཀར་པོ་ཕྱར༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ འགོང་པོའི་སྔགས་བདག་ཁུ་ལེ་སྐུ་མདོག་སེར༔ ལག་པ་དགུ་ནི་ཕྱོགས་མཚམས་ཀུན་ཏུ་གདེངས༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ དགྲ་ལྷའི་སྔགས་བདག་རྡོ་རྗེ་ལེགས་པ་དཀར༔ ཕྱག་གཉིས་མདུང་དར་དཀར་པོ་བེར་ཀ་ཕྱར༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ བཙན་གྱི་སྔགས་བདག་ཡམ་ཤུད་དམར་པོ་ནི༔ ཁྲག་མདོག་རལ་གྲི་དང་ནི་མདུང་དམར་ཕྱར༔ དམོད་པའི་མཚོན་ཆ་ཅན་ལ་ཕྱག་འཚལ་བསྟོད༔ འཁོར་ཡུག་ཤན་པ་ལྷ་སྲིན་སྡེ་བརྒྱད་དང༔ རང་རང་སྡེ་དཔུང་བསམ་གྱིས་མི་ཁྱབ་པ༔ དྲག་ཤུལ་མཐུ་ལྡན་དམོད་པའི་མཚོན་ཆ་ཅན༔ སངས་རྒྱས་བསྟན་སྲུང་མཛད་ལ་ཕྱག་འཚལ་བསྟོད༔
ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ ཡན་ལག་ཏུ་དྲག་པོའི་ལྷ་གསུམ་གྱི་གསང་སྒྲུབ་རྡོ་རྗེའི་མེ་འོད་གཅིག་དྲིལ་ཟབ་པའི་མཐར་ཐུག་ (Volume 46, Text 43)
ྈ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ ཡན་ལག་ཏུ་དྲག་པོའི་ལྷ་གསུམ་གྱི་གསང་སྒྲུབ་རྡོ་རྗེའི་མེ་འོད་གཅིག་དྲིལ་ཟབ་པའི་མཐར་ཐུག་བཞུགས་སོ༔ ྈྈྈྈྈྈྈ ཧེ་རུ་ཀ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་སྙིང་ཐིག་ཡན་ལག་ཏུ༔ པདྨ་ང་ཉིད་ངོ་བོ་ལས༔ གང་འདུལ་རྟ་ཕྱག་ཁྱུང་གསུམ་གྱི༔ གསང་སྒྲུབ་ཟབ་པའི་མཐར་ཐུག་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འདི་ལ་གསུམ་སྟེ༔ སྦྱོར་བ་དངོས་གཞི་རྗེས་གསུམ་མོ༔ དང་པོ་སྦྱོར་བ་བཅའ་ཐབས་དང༔ སྔོན་འགྲོའི་རིམ་པ་སྔོན་དུ་སོང་ནས༔ གཉིས་པ་དངོས་གཞི་ལ༔ ལྷའི་རྣལ་འབྱོར་དང༔ སྔགས་དང༔ ཏིང་ངེ་འཛིན་གྱི་རྣལ་འབྱོར་གསུམ་ལས༔ ཐོག་མར་ལྷའི་རྣལ་འབྱོར་ནི༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང༔ གདུག་པའི་སྡེ་བརྒྱད་བསྣོལ་བའི་སྟེང༔ ཧཱུྃ་ལས་རང་ཉིད་ཕྱག་རྡོར་མཐིང༔ མི་བསྲུན་རྔམ་བརྗིད་ཁྲོས་པའི་གཟུགས༔ སྦྲུལ་ལྔ་དུར་ཁྲོད་ཆས་ཀྱིས་བརྒྱན༔ སྤྱི་གཙུག་རྟ་སྐད་རྔམ་སྒྲ་སྒྲོག༔ སྡེ་བརྒྱད་ཀུན་བརྒྱལ་ཁྲག་ཏུ་སྐྱུགས༔ ཕྱག་གཡས་རྡོ་རྗེས་གདུག་པ་གཟིར༔ གཡོན་པས་སྦྲུལ་ལྔ་ཞལ་དུ་གསོལ༔ ཐུགས་ཀར་ཡཀྴ་མེ་དབལ་བསྐྱེད༔ ལྕགས་ཀྱི་སྡིག་པ་ཕོ་ཉར་འགྱེད༔ རྒྱལ་བསེན་མ་ལུས་ཟོས་པར་བསྐྱེད༔ སྤྱི་བོར་ཁྲོཾ་ལས་བྱ་ཁྱུང་བསྒོམ༔ མཐིང་ནག་དེ་ལས་འོད་ཟེར་འཕྲོས༔ ཀླུ་གཉན་ས་བདག་རྣམས་ལ་ཕོག༔ ཐམས་ཅད་མ་ལུས་བསྲེག་པར་བསམ༔ གཉིས་པ་སྔགས་ཀྱི་དཀྱིལ་འཁོར་ནི༔ ཨོཾ་བཛྲ་དུཥྚཱན་ག་རུ་ཊཿརཱ་ཙ་ཏྲི་ཛ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་པ་ཐོག་ལྟར་བཟླ་བར་བྱ༔ སྔགས་ཀྱི་འོད་ཟེར་ཕར་འཕྲོས་པས༔ གདུག་པ་སྡེ་བརྒྱད་ཚར་བཅད་ནས༔ ཚུར་འདུས་རང་གི་ཐུགས་ཀ་ཡི༔ ས་བོན་ཧཱུྃ་ལ་ཐིམ་པར་བསམ༔ དེ་ལྟར་དྲག་ཏུ་བཟླས་པའི་ཚེ༔ གནོད་བྱེད་གདུག་པ་མ་བཟོད་ནས༔ ཁོ་ཡི་རྣམ་རྟོག་བསླངས་པའི་རྟགས༔ ལོག་ལྟ་སྐྱེ་ཞིང་ཚིག་པ་ཟ༔ འདུག་སྙིང་མི་འདོད་འགྲོ་སྙིང་འདོད༔ ཉལ་སྙིང་འདོད་ཅིང་འདོན་མི་འདོད༔ དེ་ལྟར་བྱུང་ཚེ་རིགས་གསལ་གདབ༔ ཏིང་འཛིན་ངར་བསྐྱེད་ཐོག་ལྟར་བཟླ༔ དེ་ཚེ་སུམ་འབུམ་ཅི་ནས་འགྲུབ༔ གསུམ་པ་རྫོགས་རིམ་རྣལ་འབྱོར་ནི༔ ལྷ་དང་གདོད་ནས་ལྷན་ཅིག་སྐྱེས༔ སྟོང་གཟུགས་ནམ་མཁའ་ལྟ་བུར་བསྒོམ༔ དེ་ལྟར་གོང་བསྙེན་རྟགས་ཐེམས་ནས༔ ཤིན་ཏུ་གཉན་པའི་ལས་ཀྱི་མཐའ༔ དྲག་སྔགས་འདི་ཉིད་སྦྲེལ་ལ་བཟླས༔ ཨོཾ་དྲག་ཤཾ་ཐུཾ་ལིཾ་ཧཱུྃ་ཛ༔ དྲག་ཤཾ་ཤཾ༔ ལིཾ་ཡཾ་ཡཾ༔ དགྲ་བགེགས་ཀྱི་སྙིང་ལ་རྒྱུག༔ སོ་ཏི་ཙིཏྟ༔ ཁ་རཾ་ཙིཏྟ༔ མཱ་ར་ཡ་ཧཱུྃ་ཛ༔ ཏྲག་རཀྴ་ཙིཏྟ་ཤཾ་ལོང༔ སྙིང་ལ་རཀྴ་ཛ༔ ཐུཾ་རི་ལི་ལི༔ བྷྱོ་ཆེ་གེ་མོ་རྦད་རྦད༔ སོད་སོད༔ མཱ་ར་ཡ་ཕཊཿཕཊ༔ ཛཿཛ༔ ཏྲག་རཀྴ་ཙིཏྟ་ཤཾ་ལོང༔ སྙིང་ཁ་རཀྴ་ཛ༔ ཐུཾ་ལ་ཛ་མོ་ཤ༔ རུ་ལུ་རུ་ལུ༔ ཧེ་བྷྱོ་ཧི་བྷྱོ༔ ཧི་ཛ་ཛ༔ ཆེ་གེ་མོ་རྦད་རྦད༔ སོད་སོད༔ མཱ་ར་ཡ་ཕཊཿཛ་ཛ༔ དེ་བཟླས་རྟགས་ཀྱི་རིམ་པ་ནི༔ རྒྱལ་བསེན་ཐུལ་རྟགས་བན་དེ་དང༔ བུད་མེད་བསད་དང་ལྷ་ཁང་བཤིག༔ ཀླུ་གཉན་ཐུབ་རྟགས་སྡོམ་སྡིག་དང༔ སྤྱི་ལ་སེམས་ཅན་གསོད་པ་སོགས༔ བྱུང་ཚེ་ཐེ་ཚོམ་མེད་པ་ཡིན༔ འདི་ནི་མང་ཉུང་ཚོད་ཟིན་བྱ༔ མང་ན་སྡེ་བརྒྱད་འཆི་བར་འགྱུར༔ འཆི་ན་རང་ལ་སྡིག་པ་ཆེ༔ ལྷ་འདྲེའི་སྲོག་གི་སྤུ་གྲི་འདི༔ མ་བསྟན་སྡེ་བརྒྱད་སྙིང་རེ་རྗེ༔ པདྨ་བདག་གི་སྙིང་འདྲ་ཡིན༔ ས་མ་ཡཱ༔ ྀཨཚ༔ གསུམ་པ་རྗེས་ལ་སྤྱི་མཐུན་བྱ༔ ཨེ་མ་ཧོ༔ དྲག་པོ་ལྷ་གསུམ་གསང་སྒྲུབ་མཆོག༔ རྡོ་རྗེའི་མེ་འོད་ཅེས་བྱ་བ༔ ལྷ་འདྲེའི་སྲོག་གི་སྤུ་གྲི་འདི༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ མ་གཟའ་རྡོར་གསུམ་སྲུངས་ཤིག་རྒྱ༔ ང་སྤྲུལ་བདུད་འཇོམས་རྡོ་རྗེ་ལ༔ དུས་སུ་ཆོས་བདག་སྲུང་མས་སྤྲོད༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་རིག་འཛིན་བདེ་ཆེན་གླིང་། །རང་ལོ་ཉེར་ལྔ་མེ་མོ་ཡོས་ཀྱི་ལོ། །སྤྲེལ་ཟླའི་ཚེས་བཅུའི་ཉིན་པར་སྔ་དྲོ་ལ། །སྐལ་ཆད་མིན་ཙམ་དམུ་རྡོའི་བྲག་ནས་རྙེད། ཤུ་བྷཾ།། །། ྈ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ ཡན་ལག་གི་སྒྲུབ་སྐོར་རྟ་ཕྱག་ཁྱུང་གསུམ་ལས་སྲུང་ཟློག་རྡོ་རྗེ་ཕ་ལམ་ཐེམ་མེད་སྐོར་བཞུགས་སོ༔ དྲག་པོ་ལྷ་གསུམ་གྱི་སྲུང་ཟློག་གི་ཤོག་དྲིལ་ྀཨཚ༔ ྈྈྈྈྈྈ འཇིགས་བྱེད་ཧེ་རུ་ཀ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁའ་འགྲོ་སྙིང་ཐིག་ཡན་ལག་གི༔ ཡི་དམ་དྲག་པོ་ལྷ་གསུམ་ལས༔ སྲུང་ཟློག་རྡོ་རྗེ་ཕ་ལམ་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྲུང་དང་ཟློག་པ་ལས༔ དང་པོ་སྲུང་བ་འདི་ལྟར་བསྒོམ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཡི་དམ་དབང་ཆེན་རྩལ༔ དྲག་པོ་རྔམ་བརྗིད་རི་རབ་ཙམ༔ ཐུགས་ཀར་ཕྱག་རྡོར་སྤྱི་བོར་ཁྱུང༔ དེ་ཡི་སྤྱི་གཙུག་རྟ་སྐད་ནི༔ དྲག་པོའི་རྔམས་སྐད་སྟོང་གསུམ་ཁེངས༔ ལྷ་དང་མཁའ་འགྲོ་ལྷ་སྲིན་དང༔ སྡེ་བརྒྱད་མ་ལུས་དབང་སྡུད་བསམ༔ ཡང་ནི་རྟ་སྐད་གཅིག་བཏོན་པས༔ ཐམས་ཅད་བཀའ་དང་དམ་འདོགས་བསམ༔ ཐངས་གསུམ་བཏོན་པས་གདུག་པ་ཅན༔ དམ་ལས་འགལ་ཞིང་བར་དུ་གཅོད༔ ཐམས་ཅད་མ་ལུས་རྡུལ་ཕྲན་ནི༔ རླུང་གིས་ཁྱེར་ལྟར་བསྐྲད་པར་བསམ༔ དེ་ནས་བདག་གི་ཐུགས་ཀ་ནས༔ འོད་ཟེར་མཚོན་ཆ་རབ་འཕྲོས་པས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ རྡོ་རྗེ་འཁོར་ལོ་རལ་གྲི་དང༔ དབྱུག་ཏོ་རྒྱ་གྲམ་ལ་སོགས་པའི༔ མཚོན་ཆའི་གུར་དུ་གྱུར་པར་བསམ༔ སླར་ཡང་ཐུགས་ནས་ཡེ་ཤེས་ཀྱི༔ མེ་དཔུང་ཁ་དོག་ལྔ་འཕྲོས་པས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འབར༔ རབ་ཏུ་འཁྱིལ་ཞིང་གུར་དུ་གྱུར༔ གདོན་བགེགས་མ་ལུས་སྐྲགས་ཤིང་སྔངས༔ ཕྱི་ཡི་རྒྱ་མཚོའི་འགྲམ་བྲོས་ཤིང༔ རབ་ཏུ་བྱེར་ནས་བསྐྲད་པར་བསམ༔ རླུང་ཡང་རྒྱུ་བའི་སྐབས་མེད་པའི༔ གུར་ཁང་དེ་ཡི་བར་མཚམས་སུ༔ བདག་གི་བ་སྤུའི་བུ་ག་ནས༔ ཁྲོ་ཆུང་མཚོན་ཐོགས་ཚྭ་ཚྭ་འཕྲོ༔ སྐར་ལྟར་འཁྲུག་ཅིང་བསྲུང་བར་བསྒོམ༔ བཛྲ་ཀྲོ་དྷ་རཀྵ་རཀྵ་བྷྲཱུྃ༔ དེ་ལྟར་རྒྱུན་དུ་སུས་བསྒོམ་པས༔ ནད་གདོན་གང་ཡང་གནོད་མི་ཚུགས༔ ཟབ་པའི་མཐར་ཐུག་སྲུང་བའོ༔ ས་མ་ཡཱ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཟློག་པ་ཟབ་མོ་ནི༔ གོང་བསྙེན་ཐེམས་པའི་རྣལ་འབྱོར་པས༔ ཕ་རོལ་རྦོད་གཏོང་བྱད་ཁ་སོགས༔ བཟློག་པར་འདོད་པས་བྲག་ནག་དང༔ ཆུ་འགྲམ་རྡོ་ནག་ཟུར་གསུམ་ལ༔ དུག་ཁྲག་སྦྱར་བའི་མཚལ་དག་གིས༔ གོང་སྔགས་ཤམ་བུར་འདི་ཉིད་བྲི༔ ར་ས་ཤ་སྲོག་དུ༔ དྷོ་ས་ཤ་སྲོག་དུ༔ ཀུ་མ་ས་ཤ་སྲོག་དུ་དུ༔ ནཱ་ག་ཁམས་གསུམ་སྦུར་ཡཱ༔ ཟློག་ཟློག༔ བྷྱོ་བྷྱོ༔ བྲི་ཞིང་ངག་ཀྱང་བརྒྱ་རྩ་བཟླ༔ ཟོར་རྡོ་བལ་ཚོན་བྱད་དུ་བཅུག༔ དེ་ནས་ཡུགས་སའི་སྐྲས་བཟོས་པའི༔ འུར་ཏིང་ཞིང་ལྤགས་མཐིལ་ཅན་ནང༔ བཅུག་ནས་ཕྱོགས་མཚམས་དག་ཏུ་འཕེན༔་་་དགུ་སྟོང་གི་སྟོད་ལ། གནོད་བྱེད་རྦོད་གཏོང་བྱད་ཁ་ཀུན༔ སྐད་ཅིག་ཉིད་ལ་ཟློག་པར་བསམ༔ དེས་ནི་སྔགས་བོན་སྟོང་དག་གིས༔ བསྒྲུབས་པའི་ནུས་ཀྱང་སྐད་ཅིག་བརླག༔ རང་གཤེད་རང་ལ་འབེབ་པར་འགྱུར༔ གཏོར་ཟློག་གཞན་དང་སྦྲགས་ཀྱང་ཟབ༔ འདི་ལས་ཟབ་པ་ཡོད་རེ་ཀན༔ མ་སྤེལ་སྙིང་གི་དཀྱིལ་ན་འཆང༔ ས་མ་ཡཱ༔ ྀཨཚ༔ དེ་ནས་གསད་པའི་རིམ་པ་རྣམས༔ ལས་ཚོགས་སྡེ་བརྒྱད་ཀུན་འདུལ་ཤེས༔ ཨེ་མ་བདག་འདྲ་པདྨ་ཡིས༔ ཐུགས་ཀྱི་ཡང་བཅུད་དམ་པ་སྟེ༔ དམུ་རྡོའི་གནས་ལ་གཏེར་དུ་སྦས༔ མ་འོངས་རྩུབ་འགྱུར་དྲག་མཐའ་ལ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བཛྲ་ཤ་མཏྲ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ྀཨཚ༔ བདག་འདྲ་བདུད་འཇོམས་རྡོ་རྗེའམ། པདྨ་བདེ་ཆེན་གླིང་པས་དམུ་རྡོ་ནས་རྙེད་པ་ལགས་སོ།། །། ྈ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ ཡན་ལག་རྟ་ཕྱག་ཁྱུང་གསུམ་གྱི་ལས་ཚོགས་ཆར་འབེབ་ཀྱི་ཆོ་ག་བདེ་ལེགས་ཀུན་འབྱུང་བཞུགས་སོ༔ ྈྈྈྈ ཧེ་རུ་ཀ་རྟ་ཕྱག་ཁྱུང་གསུམ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ ཡན་ལག་རྟ་ཕྱག་ཁྱུང་གསུམ་གྱི༔ ལས་ཚོགས་ཆར་འབེབ་ཆོ་ག་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འདི་ལ་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ༔ ཞི་འབེབ་དང་དྲག་འབེབ་དང་ཤིན་ཏུ་དྲག་འབེབ་བོ༔ དེ་ལ་དང་པོ་ཞི་འབེབ་ནི༔ མཚོ་དང་རྫིང་བུ་ཆུ་མིག་རབ་ཏུ་གཉན་ཞིང་ཀླུ་གནས་ངེས་པ་ཅན་དེར༔ རང་ཉིད་ཕྱིན་ནས་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ གཙང་མ་ཁྲུས་ནས་ཕྱུང་ཞིང༔ སྤོས་ཀྱིས་བདུག༔ གོས་གསར་པ་དྲི་མ་མེད་པ་གྱོན་ལ༔ ཟས་དཀར་གསུམ་སོགས་གཙང་བ་བརྟེན་ནོ༔ དལ་གཙང་མ་ལེགས་པར་བཞེངས་ལ་སྟེང་དུ་པདྨ་འདབ་བརྒྱད་བྲིས་ལ༔ དབུས་སུ་ཀླུ་སྨན་བསྲེས་པའི་བག་ཟན་ལས་དཀར་གཏོར་ཆ་གཅིག་བཤམ༔ མཐའ་སྐོར་དུ་པདྨ་འདབ་བརྒྱད་ལ་ཀླུ་ཆེན་བརྒྱད་ཀྱི་གཟུགས་སྦྲུལ་གྱི་གདེངས་ཀ་ཅན༔ སྐུ་སྟོད་ལྷའི་ཆ་ལུགས་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་བ༔ མུ་ཁྱུད་ལ་ཀླུའི་གཟུགས་ཆུ་གནས་སྣ་ཚོགས་བཀོད༔ དེའི་ཕྱི་རིམ་དུ་ཀླུ་ཤིང་སྣ་ཚོགས་བཙུག་ལ་དར་ཚོན་བལ་ཚོན་གྱིས་བརྒྱན་ནོ༔ རང་ཉིད་ལྷར་གསལ་བའི་མདུན་དུ་དཀྱིལ་འཁོར་དེ་ཉིད་ཀྱི་དབུས་སུ་ཕྱག་རྡོར་དཀར་པོ་ཞི་བར་གསལ་ལ༔ དེ་བཞིན་དུ་འདབ་བརྒྱད་ལ་ཀླུ་རིགས་བརྒྱད་ཀླུ་གཟུགས་བཞིན་དུ་དངོས་སུ་གསལ་ལ་པདྨའི་གདན་ལ་བཞུགས་ནས་གཙོ་བོར་གུས་པས་ཐལ་མོ་སྦྱར་བར་བསྐྱེད༔ ཕྱི་རིམ་ཡང་ཀླུའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་དཀོར་ནོར་དང་བཅས་པས་བསྐོར་བར་བསྐྱེད༔ སྤྱན་འདྲེན་བཀུག་བསྟིམ་དང༔ མཆོད་གཏོར་མཉེས་པར་ཕུལ༔ ཆུ་གཏོར་ཇི་རིགས་གཏང༔ སྤྲིན་ཆེན་དང་གསུང་རབ་འདོན༔ ཀླུ་རྣམས་དགྱེས་ཤིང་སྤྲིན་དང་ན་བུན་སྡུད་ཅིང་ཆར་ཀུན་འབེབ་པར་བསམ་ལ༔ སྐབས་སུ་ཕྲིན་ལས་གཞོལ་བ་ནི༔ ཧོ༔ རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པས་རླུང་དང་རླུང་ལྷ་རླུང་བདག་ཐམས་ཅད་རི་རབ་ཆེན་པོའི་ཞབས་སུ་ནོན་ཅིག༔ ཆར་དབབ་པ་ལ་གནོད་ཅིང་བར་དུ་གཅོད་པ་ཐམས་ཅད་ཐུལ་ཅིག༔ ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པས་བར་སྣང་གི་ཁམས་གསུམ་སྤྲིན་དང་ན་བུན་གྱི་ཚོགས་ཆེན་པོ་རབ་ཏུ་གཏིབས་ཤིག༔ ཀླུ་ཆེན་པོ་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱང་འཛམ་བུའི་གླིང་དང་ཡུལ་ཁམས་ས་ཕྱོགས་མིང་འདི་ཞེས་བྱ་བ་འདིར་ཆར་ཆེན་པོའི་རྒྱུན་རབ་ཏུ་ཕོབས་ཤིག༔ མྱུར་དུ་ཕོབས་ཤིག༔ དྲག་ཏུ་ཕོབས་ཤིག༔ ལོ་ཐོག་འབྲས་བུ་འབྲུ་བཅུད་ཕུན་སུམ་ཚོགས་པར་སྤེལ་ཅིག༔ ཡུལ་རིས་རྒྱལ་ཁམས་འདི་དག་ཐམས་ཅད་དུ་བཀྲ་ཤིས་དཔལ་འབྱོར་དར་ཞིང་རྒྱས་པར་མཛོད་ཅིག༔ ཅེས་བཅོལ་ལོ༔ ཀླུ་སྨན་སྣ་ཚོགས་དང༔ འབྲུ་སྣ་དར་ཟབ་རིན་པོ་ཆེ་སྣ་ཚོགས་དཀར་གསུམ་མངར་གསུམ་བག་ཕྱེ་ལ༔ ཤ་ཆང་སྒོག་གསུམ་སོགས་མི་གཙང་བའི་དྲ་དྲི་མ་སོང་བར་རིལ་བུ་བརྒྱ་དང་རྩ་བརྒྱད་བྱས་ལ༔ ལྕགས་སོགས་དྲག་པོ་མ་ཡིན་པ་རིན་པོ་ཆེའི་སྣོད་དུ་བླུགས་ལ༔ མཎྜལ་སྟེང་དུ་བཞག་ལ་སྔགས་འདི་རིལ་བུ་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླ༔ ཨོཾ་ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལེ༔ དུམ་པ་ལེ་ལེ༔ ནཱ་ག་རཱ་ཛ་ཧཱུྃ་ཕཊ༔ ཅེས་པའི་སྔགས་གྲངས་ཐེམས་ནས་རིལ་བུ་ཆུ་མིག་སྟེང་དུ་བླུགས་པས་ངེས་པར་འབེབ་པར་གདོན་མི་ཟའོ༔ ཤིན་ཏུ་ཟབ་བོ༔ ྀཨཚ༔ སྤྱི་དོན་གཉིས་པ་དྲག་འབེབ་ནི༔ དེ་ཡང་གསོག་པའི་རྫས་རྒོད་ལྔ་ནི༔ གླ་རྩི༔ བཙན་དུག༔ གྭ་དོར༔ གཙོད་ཁྲག༔ ཡུགས་ས་མའི་མངལ་ཁྲག་རྣམས་ཆ་སྙོམས་ཞིབ་པར་འཐག་ལ་རིལ་བུ་བྱས་ནས༔ སྨྱུག་མའམ་རྭ་ཅོར་བླུགས་ལ་ཁ་ལ་ཅས་དམ་པར་བཅད་ནས༔ གཡག་རོག་གི་རྩིད་པའི་སྲད་བུས་རྒྱ་གྲམ་དུ་བཅིང་ངོ༔ རི་རབ་གླིང་བཞི་དང༔ རྡོ་རྗེ་རྒྱ་གྲམ་བྲིས་པའི་བར་དུ་མནན་ལ་ཆུ་མིག་གཏིང་དུ་སྦ་བར་བྱའོ༔ དེ་ནས་ཏིང་ངེ་འཛིན་བསྐྱེད་པ་ནི༔ རང་ཉིད་དྲག་པོ་རྟ་ཕྱག་ཁྱུང་གསུམ་གསལ་བའི་ང་རྒྱལ་དང་ལྡན་པས༔ ཀླུ་གཉན་དབང་དུ་སྡུད་པའི་སྔགས་འདི་བཟླ་འོ༔ ཐུཾ་ཐུཾ༔ ཆེམ་ཆེམ༔ བཛྲ་ཁ་བྱིར་ཆད༔ ཅེས་ཏིང་ངེ་འཛིན་མ་ཡེངས་པར་དྲག་ཏུ་བཟླས་པས་ཞག་གསུམ་ནས་དྲག་ཆར་འབེབ་ངེས་སོ༔ དེ་ནས་རྫས་འདོན་ཏེ༔ ཤུལ་དུ་ཀླུ་གཏོར་མང་དུ་གཏང༔ ཀླུ་སྨན་དང་ཀླུ་མཆོད་གསོལ་ཁ་ཅི་རིགས་བྱ་ཞིང༔ ཀླུ་ལ་བཤགས་པ་བྱའོ༔ ཟབ་བོ༔ ྀཨཚ༔ སྤྱི་དོན་གསུམ་པ་ཤིན་ཏུ་དྲག་འབེབ་ཀྱི་ལས་རིམ་ལ༔ རྫས་ནི༔ ཐོད་པ་མཚན་ངན་གྱི་ནང་དུ༔ ཤ་སྣ་རྙེད་ཚད༔ ཁྲག་སྣ་སྙིང་སྣ་རྙེད་ཚད༔ དུག་སྣ་རྙེད་ཚད་བསགས་ལ་བདུག་ཅིང༔ རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་དྲག་སྔགས་རཾ་ལས་འདི་མ་ཡེངས་པར་བཟླ་འོ༔ ཨོཾ་གྷ་ལི་གྷ་ལི༔ བྷ་ར་ཤ་བྷ་ར་ཤ༔ ས་མ་ཡཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧོ་ཧོ་ཧོ༔ ཕཊ༔ ཕཊཿཕཊཿཕཊཿསྭཱ་ཧཱ༔ ཅེས་པ་དྲག་ཏུ་བཟླས་པས་མི་འབེབ་མི་སྲིད་དོ༔ དེས་མ་ཕེབ་ན་ཀླུ་མེད་པའི་རྟགས་སོ༔ འདི་ལྟ་བུའི་དྲག་ལས་བྱེད་པ་ནི༔ གོང་བསྙེན་ཐེམས་ཤིང་ཏིང་ངེ་འཛིན་གསལ་བའི་ངར་དང་ལྡན་པ་གལ་ཆེ་སྟེ༔ བདག་གཞན་ཐམས་ཅད་ཀྱི་ལུས་ལ་ཐོག་བསྲུང་དང་ཀླུ་བསྲུང་བཏགས་ཤིང༔ ཚོད་དང་བསྟུན་ནོ༔ མིན་ན་རང་ལ་ལྡོག་ཉེན་ནོ་གཟབ་པར་བྱ་འོ༔ ཞི་དྲག་གང་ལྟར་བྱེད་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་གཅེས༔ གཙང་སྦྲ་ལ་གནས་ཤིང༔ ཀླུ་དང་ཡུལ་རིས་གཞི་བདག་ཐམས་ཅད་ལ་གང་དགྱེས་པའི་མཆོད་གཏོར་གཏང་ངོ༔ ཞི་འབེབ་ལ་ནན་ཏན་བྱ་འོ༔ འདི་ནི་ཀུན་དང་མི་འདྲ་ཤིན་ཏུ་ཟབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ དེ་ནས་ལས་ཚོགས་ཁ་ཚར་རྣམས་བསྟན་པ་ནི༔ འབྲུག་བསྐུལ་བར་འདོད་པས༔ རང་ཉིད་འབྲུག་ཏུ་བསྒོམ་ལ༔ ཨོཾ་ཏྲི་ཞིབས་ཀྱི་ཆི་བར་ན་སོ་བི་ཤ་ར་བ་ཙ་བ་ཙ་ཧཱུྃ་ཕཊ༔ ཅེས་བཟླའོ༔ ྀཨཚ༔ སྤྲིན་སྡུད་པ་ནི༔ རང་ཉིད་ལྷར་གསལ་བའི་ཁ་རླངས་ཐམས་ཅད་སྤྲིན་དུ་འཐིབས་པར་བསམ་ལ༔ ཧཱུྃ་སབ་སབ༔ ཧཱུྃ་སིབ་སིབ༔ ཅེས་བཟླས་པས་འདུ་འོ༔ ྀཨཚ༔ རླུང་གནོན་པ་ནི༔ རླུང་ལྷ་ཤ་བ་ཞོན་པ་སྐུ་མདོག་དུད་ཁ་ལག་ན་བ་དན་བསྙལ་ནས་འཛིན་པ་བྲིས་ལ༔ བཀུག་གཞུག་མང་དུ་བྱེད་ཅིང་རྫའི་གའུར་གཞུག་ནས་མཆོད་རྟེན་རབ་གནས་ཅན་གྱི་ཞབས་སུ་མནན་པའི་སྟེང་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་དོ༔ དེ་སྟེང་ཚ་ཚཱ་བཞག་གོ༔ རི་རབ་ཀྱི་འོག་ཏུ་རླུང་ལྷ་དང་བཅས་པ་ཆིལ་གྱིས་མནན་པར་བསམ་ལ༔ རླུང་ནོན་སྔགས་འདི་དྲག་ཏུ་བཟླ༔ ཨོཾ་ཏི་ཏི་ཏི་ལ་ནན༔ ཆར་ཡ་ཆུར་ཡ་བྷ་ཡུ་སཏྭཾ་བྷ་ཡ་ནན༔ ཅེས་སྟོང་སོགས་བཟླས་པས་རླུང་ནོན་པར་ཐེ་ཚོམ་མེད་དོ༔ ྀཨཚ༔ དེ་ནས་ལས་ཚོགས་འཐོར་བུ་ནི༔ ཡང་ཆར་འབེབ་ཀྱི་མན་ངག་ལ༔ དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་བསྲེས་པ་ར་དཀར་བ་དམར་འབྲི་ཟལ་གང་འཛོམ་གྱི་འོ་མས་སྦྲུས་ལ་རིལ་བུ་བརྒྱ་རྩ་བརྒྱད་དུ་དྲིལ་ལ༔ ཨོཾ་ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ༔ ཅེས་རིལ་བུ་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས་ནས་ཀླུ་གཉན་ཡོད་ངེས་པའི་སར་བླུགས་པས་ཀྱང༔ ཆར་འབེབ་པར་འགྱུར་རོ༔ ྀཨཚ༔ སད་བསྲུང་ན༔ ཆུ་སྣ་བརྒྱ་རྩ་བརྒྱད་ཟངས་བུམ་ལ་བླུགས་ནས་ད་ལའི་དབུས་སུ་བཤམས་ལ༔ བསང་གསོལ་དང་ཆུ་གཏོར་གཏང༔ སྤྲིན་སྡུད་དང༔ རླུང་ནོན་གྱི་མན་ངག་གོང་བཞིན་བྱ༔ ཡུལ་རིས་ཀླུ་དང་གཞི་བདག་ལ་གང་དགྱེས་པའི་གཏོར་མ་བསྔོ་ཞིང་ཕྲིན་ལས་གཞོལ་ལོ༔ ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་སྭཱ་ཧཱ༔ ཅེས་བཟླས་པས་བསྲུང་བར་འགྱུར་རོ༔ ྀཨཚ༔ ཁ་ཆར་གཅོད་ན༔ ཀ་ལུ་ཀ་མེ་ལུ༔ སཏྭཾ་བྷ་ཡ༔ ཤོལ་བར་ཤམ༔ གྲུ་ཤ་བར༔ བར་ཤ་ན་ཙ་ལུ་བི་སྭཱ་ཧཱ༔ ཅེས་བཟླས་པས་ཕུས་འབེབས་ཤིང་མཛུབ་རིས་བྱས་པས་ཐུབ་བོ༔ ཟབ་ྀཨཚ༔ སེར་བ་ཟློག་ན༔ ཐལ་ཆེན་ལ་སྔགས་འདི་བཟླ༔ ཆར་ནི་ཆར་ནི་སྭཱ་ཧཱ༔ ཅེས་གཏོར་བས་ཟློག་པར་འགྱུར་རོ༔ ྀཨཚ༔ བཙའ་བསྲུང་ན༔ གླ་བའི་སྤུའམ༔ གཡའ་མ་རྩྭ་དང་རྡོ་བ་བྱེ་མ་ལ༔ མི་གུ་ཆུ་སོ་ཕུ་ཤེལ་ཀ་ལི་ནན༔ བུམ་བམ་རི་ནི་སད༔ ཅེས་བཟླས་པས་གཏོར་བས་བཙའ་བསྲུང་བར་འགྱུར་རོ༔ ཟབ་བོ༔ ྀཨཚ༔ ཨེ་མ་བདག་འདྲ་པདྨ་ཡིས༔ མ་འོངས་སྙིགས་མ་ལྔ་རྣམས་ལྡང༔ དེ་དུས་ས་ཡི་བཅུད་ཉམས་ནས༔ ལོ་ཉེས་མུ་གེ་དར་བའི་དུས༔ འབྲས་བུ་ལོ་ཐོག་ཕན་བྱེད་ཀྱི༔ མན་ངག་ཟབ་མོ་གཏེར་དུ་སྦས༔ ང་སྤྲུལ་སེམས་བསྐྱེད་ལྡན་པ་ཡི༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ ཨེ་མ་བདག་འདྲ་པདྨ་བདེ་ཆེན་གླིང་། །རང་ལོ་ཉེར་ལྔ་མེ་མོ་ཡོས་ལོ་ལ། །གནས་མཆོག་དམུ་རྡོའི་བྲག་ནས་རྙེད་པ་འོ། །འགྲོ་བ་རྣམས་ལ་ཕན་ཐོགས་རྒྱ་ཆེར་ཤོག །དགེའོ།། །། ྈ ཀློང་གསལ་མཁའ་འགྲོ་སྙིང་ཐིག་ལས༔ ཡན་ལག་རྟ་ཕྱག་ཁྱུང་གསུམ་གྱི་ལས་ཚོགས་རྫས་སྔགས་ཀྱི་སྦྱོར་བ་སྡེ་བརྒྱད་ཀུན་འདུལ་བཞུགས་སོ༔ ྈྈྈྈྈྈྈ ཧེ་རུ་ཀ་དཔལ་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཀློང་གསལ་མཁའ་འགྲོའི་སྙིང་ཐིག་ལས༔ ཡན་ལག་དྲག་པོའི་བསྒྲུབ་པ་ཡི༔ ལས་མཐའ་སྡེ་བརྒྱད་གདུག་པའི་ཚོགས༔ ཀུན་འདུལ་གཅིག་ཆོག་ཟབ་མོ་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གོང་གི་སྒྲུབ་བསྙེན་གྱི་གྲངས་ཐེམས་ཤིང་ནུས་པའི་རྟགས་དང་ལྡན་པས༔ ལོ་ཐོག་ལ་ལྷ་འདྲེ་གང་གནོད་ཀྱི་ལིང་ག་བྲི་ལ༔ སྡེ་བརྒྱད་ཁ་སྦྱོར་རྫས་ནག་ལ༔ རྒྱ་ཚིལ༔ བོང་ང༔ ཤུ་དག༔ མཛེ་ཀླད༔ རྟ་བོན༔ ནེའུ་ལེའི་ཁྲག་དང༔ གཞན་ཡང་དུག་སྣ་ཁྲག་སྣ་གང་འཛོམ་གྱི་དུད་པས༔ གོང་གི་ལིང་ག་དང་སྦྱར་ལ་བདུག་པར་བྱའོ༔ ལིང་ག་བྲུབ་ཁུང་དུ་ཐོད་ངན་ནང་དུ་བཅུག་ལ་དགུག་གཞུག་དྲག་ཏུ་བྱ་ཞིང༔ བདག་ཉིད་ཡི་དམ་ལྷའི་ས་མཱ་ཏིའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་དམིགས་བྱེད་བཀུག་ནས་གཟུགས་ལ་ཡང་ཡང་བསྟིམ༔ དུག་ཁྲག་ཐུན་གྱིས་བྲབ་ལ་འདི་བཟླ་འོ༔ གནོད་བྱེད་ཆེ་གེ་མོ་ཙན་དྷ་ཚལ་པ་ཨུ་ག་ཏེ༔ གནོད་བྱེད་ཆེ་གེ་མོ་ཙིཏྟ་ཤག་ཏེ་ཚལ་པ་ནན༔ ནཱ་ག་ཀྲོརྟ༔ ཙིཏྟ་ར་ཙ་ཡ༔ ཤི་ཤི་ནན་ནན༔ དུལ་དུལ༔ རྦད་རྦད༔ ཐུཾ་རི་ལི་ལི་ཛ༔ ཞེས་དྲག་ཏུ་བཟླས་ལ་ཐུབ་རྟགས་བྱུང་ཚེ་ཐུན་དང་མཚོན་ཆས་གདབ་ལ་མཆོད་རྟེན་ནམ༔ ལྷ་ཁང་བྱིན་རླབས་ཅན་གྱི་ཐེམ་འོག་ཏུ་མནན་ནོ༔ སྟེང་དུ་བྲོ་བརྡུང༔ རང་ཉིད་བསྐྱེད་རྫོགས་དང་ལྡན་པར་བྱའོ༔ སྡེ་བརྒྱད་སོ་སོར་གོང་གནོན་གྱི་མིང་དང་སྔགས་འཁྲུལ་ཤེས་པ་གནད་ཡིན་ནོ༔ གདུག་རྩུབ་ཅན་གྱི་ཀླུ་ཁོ་ན་འདུལ་ན་དྲག་སྔགས་འདི་བཟླ་འོ༔ ཨོཾ་ཉི་ནི་ས་མ་ཡཱཿནན༔ ཡཀྴ་ཙིཏྟ་མུ་དྲ་ཟློག་བྱེར༔ ནཱ་ག་ཤིག༔ ནཱ་ག་ཟློག༔ ནཱ་ག་བྱེར༔ ནཱ་ག་སྙིང་ལ་ནན༔ ནཱ་ག་མགོ་ལ་ནན༔ ཨོཾ་ག་རུ་ཊཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཛ་མཱ་ར་ཡ་ཕཊ༔ ཅེས་པ་ཐོག་ལྟར་བཟླ་ཞིང་གོང་བཞིན་རྟགས་བྱུང་བརྣག་པར་བྱའོ༔ ཐེ་ཚོམ་མེད་དོ༔ ཤིན་ཏུ་ཟབ༔ ྀཨཚ༔ གུ་ཧྱ༔ གནོད་པ་ཤིན་ཏུ་ཐུ་ན་ཤི་ས་བསྟན་པ་ནི༔ དེ་ཡང་ཤོག་གུའམ་གྲོ་ག་གང་རྙེད་ལ་འཁོར་ལོ་རྩིབས་བརྒྱད་རྩེ་མོ་ནང་དུ་བསྟན་ལ་ཧཱུྃ་རེ་བཀོད༔ དེ་རྒྱབ་མུ་ཁྱུད་ལ་དྲག་སྔགས་འདི་གང་ཤོང་གིས་བསྐོར༔ དེའི་ཕྱི་རིམ་མེ་རིས་བསྐོར༔ རྩིབས་བརྒྱད་ཀྱི་ཧཱུྃ་རྣམས་ལ་ཡཀྴ་མེ་དབལ་རེ་རེ་བསྐྱེད༔ ལྟེ་བར་ཁྱོན་ཡངས་པར་གང་གནོད་པ་དེའི་གཟུགས་བྲི༔ དེའི་སྙིང་ཁར་ཧཱུྃ་གཅིག་བྲིས་པའི་མཐར་གོང་གནོན་མིང་གིས་བསྐོར༔ བདག་ཉིད་དབང་ཆེན་དྲག་པོ་མངོན་རྟོགས་ལྟར་གསལ་བའི་ཐུགས་ཀ་ནས་འོད་ཟེར་མེ་དབལ་གྱི་རང་བཞིན་སྤྲོས་པས༔ གནོད་བྱེད་དམིགས་བྱ་རང་དབང་མེད་པར་བཀུག་ནས་གཟུགས་ལ་ཡང་ཡང་བསྟིམ་ཞིང༔ བདེན་སྟོབས་བརྗོད་བཀུག་བསྟིམ་དྲག་ཏུ་བྱ༔ ཁུག་རྟགས་བྱུང་ནས་སྙིང་ཁའི་ཧཱུྃ་ལས་ཁྲོ་བོ་ཡཀྴ་མེ་དབལ་འཇིགས་སུ་རུང་བ་གཅིག་བསྐྱེད་ལ༔ ཁོའི་གཟུགས་ཕུང་དང་གཉིས་སུ་མེད་པར་བསམ༔ བདག་ཉིད་ལྷའི་ས་མཱ་ཏིས་དྲག་སྔགས་བཟླ་ཞིང༔ རྫས་ནི་གཅན་གཟན་གྱི་མཆུ་སྡེར་དང༔ ཉུངས་དཀར་ནག༔ ལྕགས་ཟངས་ཁྲོ་རྡོའི་ཕྱེ་མ་ལ་སོགས་ཀྱིས་བྲབ་པས༔ མཚོན་ཆ་སྣ་ཚོགས་ཀྱིས་ཆར་བབས་པས་གནོད་བྱེད་དམིགས་བྱའི་ལུས་ངག་ཡིད་གསུམ་མ་ལུས་པ་རྡུལ་ཕྲན་བཞིན་དུ་གཏུབ་ཅིང་བརླགས་པར་བསམ་མོ༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས་གནོད་བྱེད་ཀྱི་སྙིང་ཁྲག་འཇིབས་པར་བསམ༔ ནམ་མཁའི་མཐའ་ཁྱབ་པའི་ཁྲོ་བོ་བསྒོམས་པས་བདག་ལ་གནོད་བྱེད་ཐམས་ཅད་བརྡུངས་བཏགས་བསད་བཅད་བྱེད་ཅིང་བརླགས་པར་བསམ་མོ༔ རྟགས་ནི༔ བན་དེ་བརྡུངས་དང་ཁྱི་དཀར་བསད་པ་དང༔ བྱི་ལ་བསད་དང་ལྷ་ཁང་བཤིགས་པ་དང༔ འབག་སེང་བཅོམ་དང་ནག་ཆགས་བསད་པ་སོགས༔ གཞན་ཡང་སྡེ་བརྒྱད་སོ་སོ་རུ༔ གང་དམིགས་སོ་སོ་ཐུབ་པའི་རྟགས་སྣ་ཚོགས༔ ངོས་བཟུང་བྱས་ལ་རྟགས་བྱུང་ན༔ ཙཀྲ་ཁྱི་དཀར་ཐོད་པར་བཅུག༔ མཆོད་རྟེན་ལྷ་ཁང་ཐེམ་འོག་མནན༔ དེ་ནི་ཤི་ས་བསྟན་པ་ཡིན༔ རྒྱལ་ཀླུ་སྡེ་བརྒྱད་མ་ལུས་པ༔ གང་ལ་བྱས་ཀྱང་སྙིང་འགས་འགྱུར༔ འདི་ལྟའི་གདམས་པ་ཟབ་མོ་ནི༔ གཞན་ལ་མ་སྤེལ་སྡིག་པ་ཆེ༔ རྒྱལ་བསེན་འབྱུང་པོ་སྙིང་རེ་རྗེ༔ མ་ཉེས་པ་ལ་འདི་བྱས་ན༔ དེ་བས་མཚམས་མེད་ལྔ་བྱས་དགའ༔ དེ་ཕྱིར་གང་ཡིན་མི་བརྩམ་མོ༔ ས་མ་ཡཱ༔ ཟབ་ྀཨཚ༔ དེ་ནས་གཞན་ལ་མཛེ་སོགས་གསོ་བའི་མན་ངག་ནི༔ བདག་ཉིད་ལྷའི་ཏིང་ངེ་འཛིན་གསལ་བའི་ངང་ལས༔ རྫའི་སྡིག་པ་མགོ་དགུ་པ་རྭ་བཅོ་བརྒྱད་ཁ་དགུ་གདངས་ཤིང་མིག་དགུ་བསྒྲད་པ་རབ་ཏུ་འཇིགས་པར་བྱས་ལ༔ ཁྲོ་བོ་ཡཀྴ་མེ་དབལ་གྱི་སྤྲུལ་པ་འཇིགས་བྱེད་གཅིག་རང་བཞིན་གྱི་གནས་ནས་བཀུག་ལ་བསྟིམ༔ དྲག་པོའི་སྣོད་དུ་བཞུགས་སུ་གསོལ་ལ༔ སྣོད་ནི་གྲུ་གསུམ་དམར་པོ་གཅིག་ཏུ་བསྐྱེད་ལ་སྡིག་པ་ཡཀྴ་མེ་དབལ་དང་དབྱེར་མེད་པ་རི་རབ་ཙམ་གྱི་ཁ་རབ་ཏུ་གདངས་པར་བསམ་ཞིང༔ ཆང་ཟན་རེ་དང་ངར་མི་རེ་ནད་པའི་ལུས་ལ་ཁྱབ་པར་བྱས་ལ༔ ནད་འདྲེ་རྣམས་སྔོན་དམར་བུན་བུན་ཐོན་པར་བསམ་ཞིང༔ རྩ་སྔགས་དང་དྲག་སྔགས་ཀྱི་གཤམ་བུར༔ ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷཱ་ར་སཾ་བྷཱ་ར༔ ན་ཊ་ཡན་བྷ་བྷ་ག་ཏེ་ཕུ་ར༔ དྲག་པོ་མི་བསྲུན་སྡིག་པའི་གཟུགས་ཅན་གྱིས་གནོད་བྱེད་འབྱུང་པོ་ཆེ་གེ་མོའི་ཤ་ཁྲག་ལ་ཁཱ་ཧི་ཁཱ་ཧི༔ ཞེས་པ་བརྗོད་ཅིང་གནོད་བྱེད་རྒྱལ་བསེན་ཀླུ་དང་ས་བདག་ཐམས་ཅད་ཀྱི་ཤ་ཁྲག་མ་ལུས་པ་སྡིག་པས་ལྗིབ་ལྗིབ་ཟོས་པར་བསམ་ལ༔ ཆུ་ཐིགས་རེ་དང་ངར་མི་རེ་ནད་པའི་ལུས་དྲུད་ཆངས་ཟན་རེ་རྣམས༔ སྔགས་ཚན་རེས་ཕུལ་བར་བྱའོ༔ དེ་ནས་ཕྲིན་ལས་དྲག་ཏུ་བྱ་ཞིང་གཟུགས་འགྲོས་ཆངས་རྗེས་རྫས་དང་བཅས་པ་མཚོ་རྒྱ་གྲམ་མམ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ལ་དེའི་ནང་དུ་བཅུག་ལ་མནན་ནོ༔ ཡེ་ཤེས་སྡིག་པ་དབྱིངས་སུ་གཤེགས་པར་བསམ༔ དེ་སྟེང་དམར་གཏོར་གཅིག་ལྷ་རུ་གསལ་ལ་བཞག་གོ༔ ཁྱུང་གིས་ཕྱི་ལམ་བཅད་དོ༔ དེས་ནི་ཡེ་ཤེས་ལྷའི་གནོད་པའང་སྐད་ཅིག་ཉིད་ལ་ཞི་བར་འགྱུར་ན༔ ལྷ་སྲིན་སྡེ་བརྒྱད་ཀྱི་གདོན་ཙམ་ལ་སྨྲོས་ཅི་དགོས༔ འདི་འདྲའི་མན་ངག་ས་སྟེང་དཀོན༔ ད་ལྟ་སྤེལ་བའི་གནས་མེད་ཀྱི༔ མ་འོངས་སྡེ་བརྒྱད་མི་ལ་འཁུ༔ མཛེ་ནད་སྣ་ཚོགས་དར་བའི་དུས༔ ནུས་ཅན་གཅིག་གིས་སྤྱོད་པར་ཤོག༔ ས་མ་ཡཱ༔ ཟབ་རྒྱ༔ ྀཨཚ༔ ྈྈྈྈྈྈ ད་ནི་རྫས་བསྲུང་རིམ་པ་བསྟན༔ ཐོག་མར་སྡེ་བརྒྱད་ཀུན་ཐུབ་ནི༔ གླ་རྩི༔ ཤིང་ཀུན༔ མུ་ཟི༔ སྤྱང་བྲུན་བཞིས་གཞི་བླངས་ལ༔ བྱེ་བྲག་ཏུ་རང་རང་གི་གཉེན་པོ་ནི༔ རྒྱལ་པོ་ལ་གཟིག་སྙིང་དང་སྤྱང་བྲུན༔ བཙན་ལ་སྟག་སྡེར༔ བདུད་ལ་ཕོ་རོག་གི་མགོ༔ མ་མོ་ལ་མུ་ཟི་ནག་པོ༔ ཐེའུ་རང་ལ་སྐེ་ཤང་ཚེ༔ འགོང་པོ་ལ་ཕ་ཝང་དྲེག་པ༔ གཞན་ཐམས་ཅད་ལ་རྒྱ་ཚིལ་དང་ཁྱི་ཚིལ༔ གླང་རུའི་གཞོབ༔ རིམས་ནད་ལ་སྐེ་ཚེ༔ ཐལ་ཆེན༔ གླ་རྩི༔ སླེ་ཏྲེ༔ སྒོག་སྐྱ༔ ཤི་སྐྲ་རྣམས་བཏུལ་ལ་རིལ་བུ་བྱས་ལ་སྒྲུབ་དུས་དྲག་པོའི་སྣོད་དུ་བླུགས་ལ་བསྐྱེད་བསྟིམ་བྱ༔ དེ་ནས་ལས་ལ་སྦྱར་བ་ནི༔ ལུས་ལ་བཅངས་པ་དང༔ བདུག་པ་དང༔ བྱུགས་པ་ལ་སོགས་གང་དུ་བྱས་ཀྱང་གནོད་བྱེད་ཀྱི་སྙིང་འགས་པར་འགྱུར་རོ༔ དེས་ནི་མི་བསྲུང་གཅིག་ཀྱང་མེད༔ ཀུན་ཐུབ་གཅིག་ཆོག་རྒྱལ་པོ་ཡིན༔ ྀཨཚ༔ དེ་ནས་གདུག་པ་ཀླུ་སྲུང་བའི་རྫས་ནི༔ དེ་ཡང་བཅང་བ་དང༔ བྱུག་པ་དང༔ བདུག་པའི་རྫས་གསུམ་ལས༔ དང་པོ་བཅང་བའི་གོ་ཆ་དྲུག་ནི༔ ཐལ་ཆེན་དང་གཅིག༔ ཚིལ་ཆེན་དང་གཉིས༔ ཆོས་སྨན་དང་གསུམ༔ ཉུངས་དཀར་དང་བཞི༔ དོམ་གྱི་གདན་དང་ལྔ༔ དྲེད་མོང་ཤ་དང་དྲུག་པོ་འཛོམ་པར་ལུས་ལ་བཅངས་སོ༔ གཉིས་པ་བྱུག་རྫས་འབྱུང་ལྔའི་ལྷ་མོ་ལྔ་ནི༔ གླ་རྩི་དང་གཅིག༔ ཤུ་དག་དང་གཉིས༔ གུ་གུལ་དང་གསུམ༔ ཉུངས་དཀར་དང་བཞི༔ ཉ་མཁྲིས་དང་ལྔ་རྣམས་རྟག་ཏུ་བྱུགས་ཤིང་བཏང་བས་ཟབ་བོ༔ གསུམ་པ་བདུག་པའི་རྫས་ཁྲོ་བོ་བཅུ་ནི༔ སྡོང་རོས་དང་གཅིག༔ གླ་རྩི་དང་གཉིས༔ ཤིང་ཀུན་དང་གསུམ༔ མུ་ཟི་དང་བཞི༔ ཤ་ཆེན་དང་ལྔ༔ དྲི་ཆེན་དང་དྲུག༔ སྒོག་སྐྱ་དང་བདུན༔ བཙན་དུག་དང་བརྒྱད༔ ཁྱི་ལུད་དང་དགུ༔ ཕག་ཚིལ་མི་ཚིལ་གཉིས་དང་བཅུ་པོ་འདི་བདུག་པས་གདོན་བགེགས་གང་ཡིན་ཡང་ཚལ་བར་འགྲོ་འོ༔ བྱུགས་ཀྱང་ཀླུ་དང་སྡེ་བརྒྱད་གང་གིས་ཀྱང༔ གླགས་རྙེད་པར་མི་འགྱུར་རོ༔ ཁྱད་པར་གག་ལྷོག་གཟེར་སོགས༔ ཤུ་བ་རྒྱ་ཐོར་འབྲུམ་བུ་བས་ལྡག་མེ་ལྕེ་འཁོར་ལོ་རྣམས་ལ་ཕན་པར་ཐེ་ཚོམ་ག་ལ་དགོས༔ ལུས་རུལ་ཡང་མྱུར་དུ་ཕྱུངས་ཤིང་གསོ་བར་གདོན་མི་ཟའོ༔ ཨེ་མ་བདག་འདྲ་ཐོད་ཕྲེང་རྩལ༔ ཁོག་པའི་ནང་ནས་སྙིང་མཚུངས་ཏེ༔ སྡེ་བརྒྱད་ཀུན་ཐུབ་རྫས་སྔགས་མཆོག༔ འདི་འདྲ་ཉི་འོག་རྒྱལ་ཁམས་དཀོན༔ མ་འོངས་འདི་དང་འཕྲད་པའི་བུ༔ པདྨ་ང་དང་སྐལ་བ་མཉམ༔ གཞན་ལ་མ་སྤེལ་སྡིག་ཆེ་འོ༔ རང་གི་སྙིང་དཀྱིལ་ཨཀྠཾ་རྒྱ༔ ཟབ་ཕྱིར་དམུ་རྡོའི་བྲག་གི་སྙིང༔ རིན་ཆེན་གསང་གཏེར་རྒྱ་ཡིས་གདབ༔ མ་འོངས་རྩུབ་འགྱུར་དྲག་མཐའ་ལ༔ མི་རྣམས་ལོག་སྤྱོད་སྣ་ཚོགས་རྐྱེན༔ ལྷ་སྲིན་སྡེ་བརྒྱད་ཀུན་འཁྲུགས་ནས༔ མི་རུང་ཆོ་འཕྲུལ་རླུང་ལྟར་འཚུབས༔ ཡམས་རིམས་ནད་དང་མུ་གེས་སྡང༔ ཁྱད་པར་སྨྱོ་འབོག་བརྒྱལ་ནད་དང༔ མཛེ་རིགས་སྣ་ཚོགས་དར་བའི་དུས༔ པདྨ་ཐོད་ཕྲེང་ང་ཉིད་ཀྱིས༔ ཐུགས་སྤྲུལ་སྦས་པའི་རྣལ་འབྱོར་ཞིག༔ འབྱུང་གི་དེ་ཡིས་བཀའ་འདི་སྤྱོད༔ མ་གཟའ་དམ་གསུམ་ཐུབ་པར་སྲུངས༔ ྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ྀཨཚ༔ བདག་འདྲ་པདྨ་བདེ་ཆེན་གླིང་པའམ་རིག་འཛིན་བདུད་འཇོམས་རྡོ་རྗེ་རྩལ་གྱིས་རང་ལོ་ཉེར་ལྔའི་དུས་སུ་དམུ་རྡོའི་བྲག་ནས་བཏོན་ཏེ་ལོ་བདུན་གསང་ནས་ཆུ་མོ་བྱ་ཡི་ལོ་ལ་ངོམས་པ་ཡིན་ནོ།། །།
ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་གྱི་སྨིན་བྱེད་རྩ་བའི་དབང་ལྔ་གཏོར་དབང་དང་སྦྱར་བ་དྲག་རྩལ་ཐུགས་ཀྱི་ཐིག་ལེ་ (Volume 13, Text 43)
༄༅། །ཐུགས་སྒྲུབ་དྲག་པོ་གུ་རུ་རྡོ་རྗེ་དྲག་རྩལ་གྱི་སྨིན་བྱེད་རྩ་བའི་དབང་ལྔ་གཏོར་དབང་དང་སྦྱར་བ་དྲག་རྩལ་ཐུགས་ཀྱི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། བླ་མ་རྡོ་རྗེ་དྲག་པོ་རྩལ། །གང་གི་བྱིན་རླབས་གཟི་བྱིན་གྱིས། །བདག་སོགས་སྙིང་གི་མུན་པ་སོལ། །སྨིན་བྱེད་བཀོད་ལ་བྱིན་གྱིས་རློབས། །གང་ཟག་སྤྲོས་མེད་རྣམས་ཀྱི་དོན་དུ་དྲག་པོའི་གཏོར་དབང་ཐུགས་ཀྱི་ཉིང་ཁུ་དང་རྩ་བའི་དབང་ལྔ་སྦྲགས་ནས་བསྐུར་བ་གཏེར་ཆེན་ཉིད་ནས་ཕྱག་བཞེས་བར་མ་ཆད་དུ་བྱོན་པ་དེ་ལྟར་ན། སྦྱོར་བ་སྟེགས་བུར་མཎྜལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་ཁྲི་འུར་བུམ་པ་བཅུད་བཀང་ཁ་རྒྱན་མགུལ་ཆིངས་དང་ལྡན་པ་བཀོད། ཤར་དུ་བནྡྷ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ། ལྷོར་ཕྱག་མཚན་དྲུག་གི་ཙཀླི། ནུབ་ཏུ་དཔལ་གཏོར་རྒྱན་ལྡན། བྱང་དུ་གཙོ་བོའི་སྐུ་ཙཀ་རྣམས་བཞག །སྨན་རཀ་གཏོར་གསུམ། ཕྱི་མཆོད་སོགས་སྤྱི་ལྟར་བཤམ། ལས་བུམ། ཕྲིན་ལས་ཀྱི་གཏོར་ཚོགས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་དབང་བསྐུར་བའི་དོན་དུ་ཕྲིན་ལས་ལྟར་བདག་མདུན་བུམ་པའི་བསྐྱེད་བཟླས་ལོངས་སྐབས་དང་བསྟུན་པའི་རྒྱས་བསྡུས་ཇི་ལྟར་རིགས་པར་བྱས་ལ་རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ་པ་ཙམ་གྱིས་ཆོག་གོ །དངོས་གཞི་དབང་གི་ཆོ་ག་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས། དེའང་གངས་ཅན་བོད་ཀྱི་སྐྱབས་གནས་གཅིག་པུ་པ་གསུང་རྡོ་རྗེ་སྤྲུལ་པའི་སྐུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཉིད། བོད་ཆོས་སྐྱོང་རྒྱལ་པོ་འཇམ་མགོན་ཁྲི་ལྡེས་སྤྱན་དྲངས་པའི་ཐོག་མར་བལ་ཡུལ་ནས་སྐད་ཅིག་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོས་མོན་ཁ་སྟག་ཚང་སེང་གེ་ཕུག་ཏུ་ཕེབ། རྡོ་རྗེ་དྲག་པོ་རྩལ་གྱི་སྐུར་བཞེངས་ནས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཞག །སྣང་བ་མཐའ་ཡས་ཀྱིས་གསུངས་པའི་རྩ་རྒྱུད་དྲེགས་པ་སྙིང་འབྱིན་ལ་བརྟེན་ནས་སྒྲུབ་ཐབས་ཆ་ལག་དང་བཅས་པ་མཛད་ནས་རེ་ཞིག་གཏེར་དུ་སྦས། ཚུར་མཐོང་སྤྱིའི་སྣང་ངོར་སླར་བལ་ཡུལ་ནས་རིམ་བཞིན་ཆགས་ཕེབ་པའི་ཚུལ་མཛད། དཔལ་གྱི་བསམ་ཡས་འབྱོངས་པའི་རྗེས་སུ་དཀོར་སྲུང་རྒྱལ་པོ་པེ་ཧར་འདུལ་བའི་གཉེན་པོར་དྲག་པོ་དམར་ཆེན་གྱི་སྐུར་བཞེངས་པའི་ཚེ། ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མས་རྒྱུད་གདམས་ངག་ཞུས་པ་ལ་བརྟེན་ནས། བོད་ཡུལ་དྲག་སྒྲུབ་ཀུན་གྱི་སྔ་ཤོས་འདི་ཉིད་སྟག་ཚང་སེང་ཕུག་ནས་ཕྱུང་སྟེ་རྗེ་འབངས་གྲོགས་གསུམ་ལ་གདམས། སླར་ཕྱི་རབས་གདུལ་དཀའ་འདུལ་བའི་གཉེན་པོར་ཆེད་དུ་བསྔགས་པར་དགོངས་ནས་བར་ཁམས་ཀྱི་གནས་མཆོག་གླང་མ་ལུང་དུ་ཟབ་མོ་གཏེར་གྱི་རྒྱས་བཏབ་པ། བཞི་བཅུ་ཁ་རལ་གྱི་དུས་རྟགས་རྣམས་མངོན་དུ་གྱུར་པའི་ཚེ་འབངས་ཆོས་བློ་མགོན་པོའི་སྐྱེ་བ། དབང་ཆེན་རྟ་མཆོག་དཔལ་དང་ཐ་དད་མེད་པ་རྩོད་བྲལ་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་བསམ་གཏན་གླིང་པའམ། སྟག་ཤམ་ནུས་ལྡན་རྡོ་རྗེས་སྤྱན་དྲངས་ཏེ་གདུག་པའི་ལྷ་སྲིན་འབྱུང་པོའི་ཚ་ངར་བཅོམ་པར་མཛད་པའི་ཟབ་ཆོས་འདི་ལ་སྨིན་བྱེད་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ལས། འདིར་རྩ་རྒྱུད་དྲེགས་པ་སྙིང་འབྱིན་ལས། གང་ཟག་སྤྲོས་པ་མེད་དོན་ལ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན༔ དམ་ཚིག་རྒྱས་གདབ་དབང་དོན་འཆད༔ སྨིན་གྲོལ་མཆོག་ལ་རེག་པར་འགྱུར༔ ཅེས་གསུངས་པ་ལྟར་གང་ཟག་སྤྲོས་མེད་ལ་དགོངས་པའི་འབྲིང་བསྡུས་གཉིས་ལྷན་ཅིག་ཏུ་བསྐུར་བ་བརྒྱུད་པའི་ཕྱག་བཞེས་ལས་འབྱུང་བ་ལྟར་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་གུ་རུ་རྡོ་རྗེ་དྲག་པོ་རྩལ་དབྱེར་མེད་དུ་མོས་པ་གྱིས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་སློབ་དཔོན་དགོངས༔ རྩ་གསུམ་དྲག་པོའི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པར་འཇུག་འདོད་བསྟན་པར་འཚལ༔ ལན་གསུམ། གནང་བ་སྦྱིན་པ་ནི། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་གསུམ་དྲག་པོའི་དཀྱིལ་འཁོར་དུ༔ དམ་ཚིག་མི་ལྡན་གང་ཟག་ལ༔ དབང་བསྐུར་བསྟན་ཡང་མི་འཚལ་ཏེ༔ དེ་བས་དམ་ཚིག་ཚུལ་བཞིན་སྲུངས༔ ཞེས་གནང་བ་སྦྱིན། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་རྡོ་རྗེ་དྲག་པོ་རྩལ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་ལ་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་སླད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། གསག་སྦྱོང་གི་གནད་བསྡུས་པ་ཡན་ལག་བཅུ་པ་རྣམས་དོན་དྲན་བཞིན་པས་རེ་རེ་བཞིན་རྗེས་ཟློས་མཛོད། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལས༔ གུ་རུ་རྡོ་རྗེ་དྲག་པོ་རྩལ༔ བདག་ཉིད་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ བདག་ནི་རྣལ་འབྱོར་དབང་ཕྱུག་གིས༔ རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ ཧཱུྃ༔ རྡོ་རྗེ་དྲག་པོའི་ལྷ་ཚོགས་གཤེགས༔ དྲེགས་པ་སྡེ་བརྒྱད་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་སྒྲིབ་བཤགས་ལ་རྗེས་ཡི་རང༔ དྲག་པོའི་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གཞན་དོན་བཞུགས༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ལན་གསུམ་གསུམ་བྱ། ཐ་མལ་གྱི་སྒོ་གསུམ་ལ་བྱིན་རླབས་འཇུག་པའི་སྐབས་མེད་པས། ཁྱེད་རང་རྣམས་སྐད་ཅིག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པའི་སྐུར་གསལ་ཐོབ་ཅིག །བླ་མ་དང་དཀྱིལ་འཁོར་པ་དབྱེར་མེད་པ་རྡོ་རྗེ་དྲག་པོ་རྩལ་ཡེ་ཤེས་པའི་ཕྱག་རྒྱ་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཕྱོགས་བཅུའི་ཞིང་དང་ལྷོ་ནུབ་རྔ་ཡབ་གླིང་དུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རིག་འཛིན་ཡི་དམ་མཁའ་འགྲོ་ཐམས་ཅད་གུ་རུ་རྡོ་རྗེ་དྲག་པོའི་རྣམ་པ་སྤྲིན་འཁྲིགས་པ་ལྟར་སྤྲོ་ཆི་ལེ། འོད་མེ་རེ་བྱོན་ནས་ཁྱེད་རང་རྣམས་དང་བུམ་པ་སོགས་དབང་རྫས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དབྱངས་བཅས་ཀྱིས་བྱིན་དབབ་པ་ནི། ཧཱུྃ༔ གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ གནས་འདིར་དབང་སྐུར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ བཛྲ་ས་མ་ཡ་ཛཿཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡེ་ཤེས་སེམས་དཔའ་རྣམས་དམ་ཚིག་གི་སློབ་མ་འདི་རྣམས་ལ་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་གྱུར་ཅིག་ཏིཥྛ་བཛྲ་ཧཱུྃ། ཡེ་ཤེས་པ་བརྟན་ཕྱིར་མེ་ཏོག་འཐོར། དངོས་གཞི་རྩ་བའི་དབང་ལྔ་རིམ་པར་བསྐུར་བའི་ཐོག་མར་སྐུ་བུམ་པའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། བུམ་པ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ་བུམ་བཅུད་གུ་རུ་རྡོ་རྗེ་དྲག་རྩལ་ལ་ཁྲོ་བཅུ་རྒྱན་ལྷ་མཁའ་འགྲོ་དཔའ་བོ་དམ་ཅན་རྣམས་སྤྲིན་ལྟར་འཐིབས་ཤིང་གློག་ལྟར་འཁྱུག་སྟེ། ལྷ་ཚོགས་དེ་རྣམས་ཀྱི་གནས་གསུམ་ལས་བྱིན་རླབས་ཀྱི་འོད་ཟེར་དཀར་དམར་མཐིང་གསུམ་བར་མ་ཆད་པར་ཁྱེད་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་དག་ནས་གུ་རུ་དྲག་པོའི་སྐུར་གྱུར་པར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་དབྱིངས་གཞལ་ཡས་སུ༔ རྩ་གསུམ་དཀྱིལ་འཁོར་པད་འབྱུང་དྲག་པོ་རྩལ༔ ཁྲོ་བཅུ་རྒྱན་ལྷ་དཔའ་བོ་གིང་ཚོགས་བཅས༔ འཇའ་དཔུང་འོད་ཟེར་ཐུགས་རྗེ་བྱིན་རླབས་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡེ་ཤེས་ལྔ་རྫོགས་ཉོན་མོངས་རྣམ་པར་དག༔ ཚོགས་བརྒྱད་གནས་དག་གསལ་སྟོང་ལྷ་ངོ་མཐོང༔ ཕུང་ཁམས་སྣོད་བཅུད་ལྷ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་རྡོ་རྗེ་དྲག་པོ་རྩལ་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ་ཨཱཿཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་དབང་སྤྱི་བོར་བསྐུར། བུམ་ཆུ་ངག་ལ་བླུད་དོ། །དེ་ལྟར་བུམ་པའི་དབང་བསྐུར་པས་ཁྱོད་ཀྱི་ལུས་ལ་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུའི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །བུམ་པ་ལ་བརྟེན་ནས་དྲག་པོའི་སྐུའི་དབང་ཐོབ་པས། སྣང་སྲིད་སྣོད་བཅུད་བདག་ལུས་ཐ་མལ་དུ་མ་ལུས་པར་སྣང་སྟོང་དྲག་པོའི་ལྷ་ཚོགས་སུ་ངོ་ཤེས་པར་མཛོད་ཅིག །གཉིས་པ་གསུང་བྷནྡྷའི་བདུད་རྩིའི་དབང་བསྐུར་བ་ལ། བྷནྡྷར་བདུད་རྩིའི་རྒྱ་མཚོའི་དབུས་སུ་རྩ་གསུམ་དྲག་པོའི་ལྷ་ཚོགས་གསལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་རང་བཞིན་དང་དབྱེར་མེད་པ་དེ་ཉིད་ཁྱེད་རང་གི་ངག་ལ་ཐིམ་པས་ངག་གི་དྲི་མ་དག་ནས་གུ་རུ་དྲག་པོའི་གསུང་གི་ནུས་པ་ཐམས་ཅད་རང་ལ་ཐིམ་པའི་མོས་པ་མཛོད། ཨཱ༔ བྷནྡྷ་ཁོར་ཡུག་ཆོས་དབྱིངས་ཡངས་པའི་སྣོད༔ བཅུད་ནི་དམ་རྫས་བདུད་རྩི་ཡེ་ཤེས་མཚོ༔ རྩ་ཁམས་དག་པ་བདེ་བའི་རང་བཞིན་བསྐྱེད༔ ངག་ཏུ་བདེ་སྟོང་གསང་བའི་དབང་བསྐུར་བས༔ བདེ་བ་ཆེན་པོའི་དབང་བསྐུར་མཆོག་ཐོབ་ཤོག༔ སྙིང་པོའི་ཤམ་དུ། བཛྲ་ཨ་མྲྀཏ་ཀུཎྜ་ལཱི་མ་ཧཱ་སུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཅེས་བདུད་རྩི་ངག་ཏུ་སྦྱིན། དེ་ལྟར་བནྡྷ་བདུད་རྩིའི་དབང་བསྐུར་བས་ཁྱོད་ཀྱི་ངག་ལ་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་གསུང་གི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །བདུད་རྩི་ལ་བརྟེན་ནས་དྲག་པོའི་གསུང་གི་དབང་ཐོབ་པས། སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་རླུང་ཟུང་འཇུག་གི་དོན་ངོ་ཤེས་པར་མཛོད་ཅིག །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ལ། ལྷ་ཚོགས་རྣམས་ཀྱི་ཐུགས་ལས་ངོ་བོ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་བརྡ་དོན་རྟགས་སུ་འབྲེལ་བའི་དཔལ་ཆེན་དྲག་པོའི་ཕྱག་མཚན་རྣམས་འཕྲོས་ཏེ་ཁྱེད་རང་རྣམས་ལ་གཏད་པས་སྒོ་གསུམ་གྱི་ནད་གདོན་དང་ཁྱད་པར་སེམས་ཀྱི་དྲི་མ་དག་ནས་གུ་རུ་དྲག་པོའི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རང་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ གྲི་གུག་འབར་བས་སྐྱེ་ཤི་རྩད་ནས་གཅོད༔ རྡོ་རྗེ་འབར་བས་རི་རབ་ཐང་ལ་བསྙིལ༔ རལ་གྲི་འབར་བས་དགྲ་བགེགས་དུམ་བུར་གཏུབས༔ བྷནྡྷ་ཐོད་ཁྲག་རྣམ་རྟོག་རྩད་ནས་གཅོད༔ ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་དབྱིངས་སུ་སྒྲོལ༔ ལྕགས་སྡིག་ནག་པོས་བགེགས་ཀྱི་སྙིང་ཁྲག་འཇིབས༔ དཔལ་ཆེན་དྲག་པོའི་ཐུགས་ཀྱི་ཕྱག་མཚན་འདི༔ འགྱུར་བ་མེད་པ་རྡོ་རྗེའི་རྟགས་ཀྱི་རྒྱ༔ སྐལ་ལྡན་རིགས་མཆོག་འདི་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ དྲག་པོའི་བྱིན་རླབས་མ་ལུས་འདུས་པའི་དཔལ༔ དབང་བསྐུར་ཡོངས་རྫོགས་དེང་འདིར་ཐོབ་པར་ཤོག༔ སྙིང་པོའི་ཤམ་དུ། ཨོཾ་བཛྲ་ཀརྨ་ཀྲི་ཤ་བྷནྡྷ་རཀྵ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སྙིང་གར་བསྐུར་ཞིང་ལག་ཏུ་གཏད། དེ་ལྟར་ཐུགས་ཕྱག་མཚན་ཡོངས་རྫོགས་ཀྱི་དབང་བསྐུར་པས་ཁྱོད་ཀྱི་སེམས་ལ་གུ་རུ་དྲག་པོའི་ཐུགས་ཀྱི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །ཕྱག་མཚན་ལ་བརྟེན་ནས་ཐུགས་ཀྱི་དབང་ཐོབ་པས་དྲན་རྟོག་གང་ཤར་ཐམས་ཅད་རང་རིག་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གསལ་སྟོང་ཟུང་འཇུག་གི་དོན་ལས་མ་གཡོས་པ་ངོ་ཤེས་པར་མཛོད་ཅིག །བཞི་པ་ཡོན་ཏན་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ། གཏོར་མ་ཤེས་པ་བཞིའམ་དྲུག་ལྡན་དུ་གསུངས་པ་ལས་དབང་གི་སྐབས་སུ་ལྷ་དང་བྱིན་རླབས་སུ་ཤེས་དགོས་པས་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དུར་ཁྲོད་འབར་བའི་ནང་དུ་གཏོར་མ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་གཏོར་མའི་ངོ་བོ་མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ་ལས་རྩ་གསུམ་ཆོས་སྐྱོང་དམ་ཅན་ཐམས་ཅད་ཀྱི་ཐུགས་རྗེའི་བྱིན་རླབས་མ་ལུས་པ་འདུས་པའི་དབང་རྣམས་ཐོབ་པས་ཕྲིན་ལས་རྣམ་བཞིའི་བདག་ཉིད་དུ་གྱུར་སྙམ་པའི་མོས་པ་མཛོད། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་སྟོན་པ༔ བདེ་གཤེགས་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་འདུས༔ རང་བྱུང་མ་འགགས་ལྷུན་གྱིས་གྲུབ་པའི་ལྷ༔ འཇིགས་བྱེད་ཆེ་མཆོག་རྡོ་རྗེ་དྲག་པོ་རྩལ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་འདི་ལ་དབང་བཞི་བསྐུར་དུ་གསོལ༔ སྐུ་ནི་མི་འགྱུར་འཆི་མེད་རྡོ་རྗེའི་སྐུ༔ ལུས་ལ་སྐུ་ཡི་དབང་བསྐུར་ཡོངས་རྫོགས་ཤོག༔ གསུང་ནི་འགག་མེད་ཚངས་དབྱངས་རྡོ་རྗེའི་གསུང༔ འགག་མེད་ཚངས་དབྱངས་གསུང་གི་དབང་ཐོབ་ཤོག༔ ཐུགས་ནི་སྤྲོས་བྲལ་འཁྲུལ་མེད་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ཀྱི་དབང་བསྐུར་མཆོག་ཐོབ་ཤོག༔ གཏོར་ཆེན་འབར་བ་སྐུ་གསུམ་ལྷུན་གྱིས་རྫོགས༔ རྣམ་དག་བདེ་ཆེན་སྤྲོས་བྲལ་ནམ་མཁའ་ཆེ༔ རྒྱལ་བ་མ་ལུས་འདུས་པའི་མཆོག་ཆེན་པོ༔ དྲག་པོའི་དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ ཤྲཱི་ཧེ་རུ་ཀ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨ་མི་དྷེ་ཝ༔ ཁྲོཾ་གུ་རུ་ཎ༔ ཡ་མཱནྟ་ཀ༔ ཧྱ་གྲཱི་ཝ༔ བཛྲ་པཱ་ཎི༔ ཧ་རི་ནི་ས༔ ཡཀྴ་ཧཱུྃ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་དྲག་པོ་རྩལ༔ ཨོཾ་བཛྲ་ཧེ་རུ་ཀ༔ རཏྣ་ཧེ་རུ་ཀ༔ པདྨ་ཧེ་རུ་ཀ༔ ཀརྨ་ཧེ་རུ་ཀ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ གུ་རུ་ཀྲོ་ཏ་སརྦ་ས་མ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གུ་ཎ་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་གནས་གསུམ་དུ་བསྐུར། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དྲག་པོ་གཏོར་ཆེན་འབར་བའི་དབང་བསྐུར་པས༔ ལུས་སྣང་སྟོང་ལྷའི་སྐུར་གྱུར་ཏེ༔ བུམ་པའི་དབང་ཐོབ༔ ངག་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་གྱུར་ཏེ༔ གསུང་གསང་བའི་དབང་ཐོབ༔ སེམས་ཆོས་ཉིད་བདེ་སྟོང་དུ་གྱུར་ཏེ༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ སྒོ་གསུམ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དབང་བཞི་པའི་དོན་ཡོངས་རྫོགས་ཐོབ་པ་ཡིན་ནོ༔ ལྔ་པ་ཕྲིན་ལས་ཡོངས་རྫོགས་སྐུ་འབག་གི་དབང་བསྐུར་བ་ལ། རྡོ་རྗེ་དྲག་པོ་རྩལ་གྱི་ཡེ་ཤེས་ཀྱི་སྣང་བརྙན་ཞལ་གསུམ་སྐུ་གསུམ། ཕྱག་དྲུག་ཕ་རོལ་ཕྱིན་དྲུག །མཚོན་ཆ་དྲུག་གིས་འགྲོ་དྲུག་ཐར་པར་སྒྲོལ་བ། དུར་ཁྲོད་དང་དཔལ་ཆས་གཉིས་རྟོག་གི་དྲེགས་པ་དབང་དུ་སྡུད་པ། ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན་པ། ཡུམ་རྡོ་རྗེ་ཕག་མོ་སྐུ་ལ་འཁྲིལ་བ་ནི་བདེ་སྟོང་ཐབས་ཤེས་གཉིས་སུ་མེད་པས་འགྲོ་བའི་དོན་མཛད་པའི་བརྡ་སྟེ། དེ་ལྟར་དོན་གྱི་བརྡ་རྟགས་དང་ལྡན་པའི་ཡི་དམ་དབང་དྲག་པདྨའི་སྐུ་འདི་ཉིད་དུས་རྣམས་ཀུན་ཏུ་མ་བརྗེད་པར་སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ་པ་དང་། གསུང་གི་སྙིང་པོ་གྲགས་སྟོང་ཆུ་བོའི་རྒྱུན་ལྟར་བཟླ་བ་དང་། ཐུགས་ཀྱི་ཏིང་འཛིན་གསལ་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་ལ་མཉམ་པར་བཞག་པས། ཡོན་ཏན་གྱི་ནུས་པ་གུ་རུ་དྲག་པོ་དང་མཉམ་ཞིང་མཐུ་སྟོབས་ཕྲིན་ལས་བཞི་ལ་དབང་ཐོབ་པས་ལས་བཞི་གང་བརྩམ་ཡང་ཐོགས་མེད་དུ་འགྲུབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཆོས་སྐུ་ཡེ་ནས་ཀ་དག་ངོ་བོ་ལས༔ དབྱེར་མེད་དག་པ་ལོངས་སྐུའི་ཕྱག་རྒྱར་གསལ༔ རྒྱལ་བའི་སྤྱི་གཟུགས་རྡོ་རྗེ་སེམས་དཔའི་སྐུ༔ རྣམ་འཕྲུལ་རབ་ཁྲོས་རྡོ་རྗེ་དྲག་པོ་རྩལ༔ སྐུ་གསུམ་རྣམ་དག་ཡོངས་རྫོགས་བདེ་བ་ཆེ༔ འཛིན་རྟོག་རང་སར་དག་ཕྱིར་དབང་བསྐུར་རོ༔ གཙོ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་སྐུ་འབག་གནས་གསུམ་དུ་བཞག །དེ་ལྟར་ཕྲིན་ལས་ཡོངས་རྫོགས་སྐུ་འབག་ལ་བརྟེན་ནས་དབང་བསྐུར་པས། སྐལ་ལྡན་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ་རྡོ་རྗེ་དྲག་པོ་རྩལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་རབ་ཏུ་གནས་པར་གྱུར་ཅིག །དེ་ལྟར་འཁོར་ལོ་ལྔ་རབ་ཏུ་གནས་པ་ལ་བརྟེན་ནས་གནས་སྐབས་སུ་གཟའ་ཀླུ་རྒྱལ་བསེན་འབྱུང་པོའི་གནོད་པའི་ནད་གདོན་བར་ཆད་ཐམས་ཅད་ཞི་ནས་མཐར་ཐུག་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། མེ་ཏོག་འཐོར་རོ། །སྐུ་གཟུགས་སྤྱི་བོར་བཞག་པས་བུམ་པའི་དབང་ཐོབ། མགྲིན་པར་བཞག་པས་གསང་དབང་ཐོབ། སྙིང་གར་བཞག་པས་ཡི་དམ་ལྷ་དང་རང་སེམས་དབྱེར་མེད་འདྲེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྣང་བ་སྐུ །གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་ལམ་ཁྱེར་ངོ་ཤེས་པས་ཚིག་དབང་ཐོབ། རྗེས་ཤེས་བདེ་གསལ་མི་རྟོག་ཉམས་འབར་བས། ངོ་བོ་ངོས་བཟུང་མེད་པ་ལས་དེ་ཁོ་ན་ཉིད་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ། །མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་དག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་རྩ་བའི་དབང་བསྐུར་གཏོར་དབང་དང་བཅས་ལེགས་པར་ཐོབ་པ་ཡིན་པས་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ དབང་དོན་དམ་ཚིག་བྱེ་བྲག་རྣམས༔ མ་ལུས་ཐམས་ཅད་བདག་གིས་བགྱིད༔ དམ་ཚིག་འདི་ལ་འདའ་རེ་ཀན༔ ཞེས་དང་གཏང་རག་མཎྜལ་སོགས་སྤྱི་མཐུན་བྱ། རྗེས་ཀྱི་རིམ་པའང་ལས་བྱང་གི་མཇུག་ཆོག་རྒྱས་བསྡུས་སྐབས་ཕྱེད་པར་བྱས་པས་གྲུབ་བོ། །མི་ཤིགས་འཁོར་ལྔའི་ཏི་ལ་ཀ །བླ་མ་དྲག་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཉིད་དུ་སྨིན། །མི་ཟད་རྒྱན་འཁོར་སྤྲོ་བྱེད་ཤོག །ཅེས་པའང་ཉེར་མཁོ་ཁྱེར་བདེའི་སླད་དུ་འཁྲུལ་མེད་བརྒྱུད་པའི་གསུང་རྒྱུན་ཉིད་ཁུངས་སུ་བྱས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ་ (Volume 50, Text 43)
༄༅། །ཛམྦྷ་ལ་དཀར་པོ་འབྲུག་ཞོན་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་རིན་ཆེན་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཛམྦྷ་ལ་ཡ། འདིར་མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་ནས་བྱོན་པའི་ཛམྦྷ་ལ་དཀར་པོའི་སྒྲུབ་ཐབས་རིན་ཆེན་སྤུངས་པ་ལས། གཙོ་རྐྱང་གི་གསང་སྒྲུབ་གཙོ་བོར་བཏོན་པའི་ཕྱི་ནང་གསང་བའི་གབ་པ་དཀྱུས་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་སྙིང་པོར་དྲིལ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གཞུང་ལས། བཅའ་གཞི་འདི་ལྟར་བྱ་སྟེ༔ དང་པོ་རྫའི་གྭའུ་བྱས་ལ༔ ནང་དུ་ནོར་བདག་ཛམྦྷ་ལ་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་ན་བེ་ཅོན་དང་རྡོ་རྗེ་བསྣམས་པ༔ གཡོན་པར་ཁ་ཊྭཱཾ་ནེའུ་ལེ་འཛིན་པ༔ སྤྱན་གསུམ་པ༔ ཞལ་གདངས་པ༔ འབྲུག་ལ་ཞོན་པ༔ རལ་པ་གྱེན་དུ་བརྫེས་པ༔ སྐུ་ཤ་རྒྱས་པ༔ རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་བྱ་འོ༔ དེའི་ཐུགས་ཀར་ཕྱུག་པོ་ལ་སོགས་པས་བསྩལ་པའི་གསེར་དངུལ་ཟངས་ལྕགས་གཡུ་སྟེ་ རིན་པོ་ཆེ་སྣ་ལྔ་ཤེལ་དང་དྲུག་གཞུག་གོ༔ དེ་ནས་རྫའི་གའུའི་ནང་དུ༔ སྤོས་དང༔ གླ་རྩི་དང༔ ཙནྡན་གྱིས་བྱུག་གོ༔ དེའི་ནང་དུ་རྫས་གསག་པ་ནི༔ ཤ་ཡིབ༔ མར་རྙིང༔ ཐུད༔ ཀ་ར༔ བུ་རམ༔ སྦྲང༔ ཞོ༔ ཆང༔ ཟས་ཕུད༔ མི་ནོར་དར་བའི་ས་ནས་སྣ་ཚོགས་གསག་གོ༔ ནས༔ འབྲས༔ ཁྲེ༔ གྲོ་མ༔ བྲ་བོ༔ སྲན་མ༔ ཉུངས་དཀར་ནག༔ གྲོ་ངར་འབྲུ་སྣ་ཚོགས་ཀྱང་གསག་གོ༔ ཕྱུག་པོ་གཡང་ཅན་གྱི་ཕྱུགས་ལུག་གི་སྤུ་སྣ་ཚོགས་དང༔ ཕྱུག་པོ་གྲོང་བདུན་གྱི་ཁང་ས་ཞིང་ས་རྣམས་གཡང་སྐར་ལ་གསག་གོ༔ ས་དེ་གཉིས་ལ་རཏྣ་བརྡར་ལ༔ འབྲང་རྒྱས་མཐེ་བོང་ཙམ་གསུམ་བྱས་ལ༔ ཛམྦྷ་ལའི་སྐུའི་ནང་དུ་གཞུག་གོ༔ དེ་ནས་མི་རྣམས་འདུ་བའི་སྙིང་པོ་་་པི་ཤཱ་ནྲྀ་ཛ༔གྲོ་ག་ལ་བྲིས་ལ༔ འཕགས་པའི་ནང་དུ་གཞུག་གོ༔ དེ་ནས་རྫའི་གྭའུ་དེ་དར་དང་རས་གཙང་མར་དྲིལ་ལ༔ རང་གི་མདུན་དུ་མཎྜལ་བྱས་ལ་བཞུགས༔ ཞེས་འབྱུང་བ་ལྟར་གསང་བ་གྭའུ་ལ་བརྟེན་ནས་བསྒྲུབ་པའི་བཅའ་གཞི་ཇི་སྐད་གསུངས་པ་བཞིན་འདུ་བྱས་ཏེ། གྭའུ་དེ་ཉིད་ཀྱི་བར་མཚམས་ས་སྤྱིན་གྱིས་བསྡམས། རྩི་དཀར་པོ་གསོལ། མདུན་རྟགས་རིན་པོ་ཆེ་འབར་བ་བྲིས་པ་དར་ཟབ་སྣ་ཚོགས་ཀྱིས་དྲིལ་ཏེ་སྟེགས་བུའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད་པའི་སྙིང་པོར་བཞུགས་སུ་གསོལ། དེའི་མདུན་དུ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་གཏོར་མ་ནོར་བུའི་དབྱིབས་ཅན་དཀར་གསུམ་མངར་གསུམ་སོགས་ཁ་ཟས་བཟང་རྒུས་བསྐོར་བ་དང་། ཉེར་སྤྱོད་ཀྱི་མཆོད་པ། རང་གི་མདུན་དུ་ཆུ་སྦྱིན་གྱི་བུམ་པ་དང་། མཁར་གཞོང་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ལེགས་པར་བསྟར་རོ། །གཉིས་པ་དངོས་གཞི་ནི། སྐྱབས་ཡུལ་ནམ་མཁའ་གང་བའི་སྤྱན་སྔར། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་འགྲོ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཛམྦྷ་ལ་བསྒྲུབས་ནས༔ སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་བར་བྱའོ༔ ཞེས་སེམས་བསྐྱེད། མཆོད་པ་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་གནོད་སྦྱིན་དབང་པོའི་ཕོ་བྲང་ཆེན་པོར་གསལ་བའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་ཡོངས་སུ་གང་བར་གྱུར་པར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། དེ་ནས་བདག་བསྐྱེད་རྒྱས་པར་བླ་མ་གསང་བ་འདུས་པའི་གཞུང་ལྟར་གསལ་གདབ་པའམ། བསྡུན། རང་སྐད་ཅིག་གིས་དབང་ཆེན་རྟ་མགྲིན་གྲི་ཐོད་འཛིན་པ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ། མདུན་བསྐྱེད་ནི་གྭའུ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་པཾ་ལྗང་གུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང༔ ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་པ་ལས་ཛམྦྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡུ་འབྲུག་ལ་འཆིབས་པ་སྤྱན་གསུམ་ཁྲོ་ཚུལ་ཅན༔ ཞལ་གདངས་པ༔ སྐྲ་སེར་པོ་གྱེན་དུ་བརྫེས་པ༔ བརྗིད་པའི་མདངས་དང་ལྡན་པ༔ སྐུ་ལུས་ཆེ་ལ་ཚོ་ཞིང་རབ་ཏུ་རྒྱས་པ༔ གཡས་རྡོ་རྗེ་བེ་ཅོན་བསྣམས་པ༔ གཡོན་ནེའུ་ལེ་དང༔ ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་དར་གྱིས་བརྒྱན་པའོ༔ རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ རི་རབ་ཀྱི་བྱང་ཤར་མཚམས་ནམ་མཁའ་མཛོད་ཀྱི་གནས་ནས༔ ཡེ་ཤེས་སེམས་དཔའ་ནམ་མཁའ་མཛོད་སྤྱན་དྲངས༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཨོཾ༔ ཆོས་ཉིད་རྣམ་དག་ཕོ་བྲང་མཆོག༔ གནོད་སྦྱིན་ལོངས་སྤྱོད་གཞལ་ཡས་ནས༔ དངོས་གྲུབ་སྣ་ཚོགས་བླང་བའི་ཕྱིར༔ ཆུ་དབང་གཏེར་སྐྱོང་འདིར་གཤེགས་ཤིག༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཞེས་པས་སྤྱན་དྲངས། གནོད་སྦྱིན་གཏེར་སྐྱོང་འཁོར་དང་བཅས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་སྐུ༔ དངོས་གྲུབ་མི་ཟད་གཏེར་འཆང་བའི༔ ནོར་ལྷ་ཁྱོད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་བྱ། ཧྲཱི༔ གནོད་སྦྱིན་ནོར་ལྷ་འཁོར་དང་བཅས༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དང༔ ཞལ་ཟས་སིལ་སྙན་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ས་པ་རི་ཝཱ་ར་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ༔ སརྦ་པཱུ་ཛ་མེ་གྷ་སྭཱ་ཧཱ༔ ཞེས་ཕྱག་རྒྱ་དང་བཅས་པས་མཆོད། གནོད་སྦྱིན་དེད་དཔོན་མཁའ་འགྲོའི་གཙོ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ བདག་ཅག་རེ་བ་སྐོང་བའི་ཕྱིར༔ བླ་རྟེན་འདི་ལ་བརྟན་པར་བཞུགས༔ ཨོཾ་ཨེ་ཧྱེ་ཧི་ཛམྦྷ་ལ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ མདུན་བསྐྱེད་དང་གཉིས་སུ་མེད་པར་བསམ། བཟླས་པ་བྱ་བ་ནི། རང་གི་སྙིང་གའི་ཡི་དམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་འཕགས་པའི་ཐུགས་ཀར་ཕོག༔ ཐུགས་ཀའི་པདྨའི་སྟེང་གི་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་བྱས་ལྟེ་བ་ནས་ཐོན་ཏེ༔ བདག་གི་ལྟེ་བ་ནས་ཚུར་ཞུགས༔ ཡང་བདག་གི་ས་བོན་ལ་བསྐོར་ནས་འོད་ཟེར་དུ་ཐོན་ཏེ་འཕགས་པའི་ཞལ་དུ་ཞུགས་ནས་འཁོར་བ་བསམ༔ ཕར་འཕྲོས་འཕགས་པ་མཆོད༔ ཚུར་འདུས་དངོས་གྲུབ་ཐོབ༔ སེམས་ཅན་རྣམས་ལ་ཕོག་པས་འགྲོ་དྲུག་སོ་སོའི་སྡུག་བསྔལ་དང་བྲལ་བར་བྱས༔ བདེ་བ་དང་ལྡན་ཏེ་ཐར་པ་བྱང་ཆུབ་ཐོབ་པར་བསམ་མོ༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ༔ ཞེས་བཟླ་འོ༔ གཞན་ཡང་འོད་ཟེར་འཕྲོས་པས༔ ལྷ་དང༔ ཀླུ་དང༔ མིའི་ལག་ན་གནས་པའི་རིན་པོ་ཆེ་དང་འབྲུ་ནོར་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་བདག་གི་གནས་ཁང་ལོངས་སྤྱོད་ཀྱིས་གང་བར་བསམ་མོ༔ ཐུན་བསྡུ་བ་ན། ༈ ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ་ནི། གཏོར་མ་ལ་ཆུ་གཙང་བྲན། རཾ་ཡཾ་ཁཾ༔ བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། མདུན་བསྐྱེད་ཀྱི་ལྗགས་ལས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་ཏེ་བདག་ལ་དངོས་གྲུབ་ཅི་འདོད་པ་གནང་བར་གྱུར་པའི་མོས་པ་དང་བཅས་སྔགས་ཀྱི་མཐར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་བཏགས་པ་ལན་བདུན་གྱིས་ཕུལ། སྔགས་ཀྱི་མཐར་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་སོགས་ནས། ཤབྡ་སརྦ་པཱུ་ཛ་མེ་གྷ་སྭཱ་ཧཱས་མཆོད། ཧཱུྃ༔ ནོར་བདག་ཆེན་པོ་ཨཱརྻ་ཛམྦྷ་ལ༔ ཁྱོད་ནི་རིན་ཆེན་གཏེར་གྱི་བདག་པོ་སྟེ༔ ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབ༔ རྣལ་འབྱོར་བདག་ལ་ནོར་གྱི་དངོས་གྲུབ་སྩོལ༔ ཐུགས་རྗེའི་མངའ་བདག་འཕགས་པ་ནམ་མཁའ་མཛོད༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསོད་ནམས་ཚོགས་བསགས་ནམ་མཁའི་མཛོད་དང་ལྡན༔ ཡེ་ཤེས་ཚོགས་རྫོགས་བྱང་ཆུབ་སེམས་དང་ལྡན༔ ཚོགས་གཉིས་རྫོགས་པའི་སྐུ་ནི་ཆེ་ལ་སྦོམ༔ ཉོན་མོངས་སྐྱོན་བྲལ་སྐུ་མདོག་དཀར་ལ་འཚེར༔ འགྲོ་བའི་རེ་སྐོང་རིན་ཆེན་ནེའུ་ལེ་དང༔ བེ་ཅོན་ཁ་ཊྭཱཾ་ལས་ནི་རིན་ཆེན་འབེབ༔ འགྲོ་དོན་བཞེངས་མཛད་གཡུ་འབྲུག་སྔོན་མོ་བཅིབས༔ ཐུགས་རྗེའི་ངང་ཉིད་སྤྱན་མིག་ཁྲོ་ཚུལ་གཟིགས༔ བྱམས་པས་འགྲོ་སྐྱོང་འཛུམ་པའི་མདངས་དང་ལྡན༔ རིན་ཆེན་རྒྱན་མཛེས་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་གཏེར་གྱིས་འགྲོ་བའི་དགོས་འདོད་སྐོང༔ དབུལ་བ་སེལ་མཛད་བྱང་ཆུབ་སེམས་དང་ལྡན༔ ཁྱོད་ཀྱི་ཐུགས་དམ་ཆེ་བའི་ཡོན་ཏན་སྐུ༔ རིན་ཆེན་ལོངས་སྤྱོད་ཆེན་པོའི་ཆར་པ་འབེབ༔ དབུལ་བའི་སྡུག་བསྔལ་འཕགས་པས་སྒྲོལ་མཛད་པ༔ འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་འདོད་དོན་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ དམ་པ་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ འཚོ་བ་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རིན་ཆེན་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མི་ཟད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ བདུད་འདུལ་སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དང་པོ་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བར་དུ་ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐ་མ་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་ཡོན་ལྔ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅི་བསམ་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ མི་སྙིང་སྒུལ་ཅིག་ཨཱརྱ་ཛམྦྷ་ལ༔ གྲགས་ཆེར་སྒྲོགས་ཤིག་ཨཱརྻ་ཛམྦྷ་ལ༔ ལྷ་འདྲེ་མི་གསུམ་སྡུས་ཤིག་ཛམྦྷ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན༔ མ་ལུས་མྱུར་དུ་བསྒྲུབ་པའི་གྲོགས་མཛོད་ལ༔ བསམ་པའི་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད༔ སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ༔ དཔལ་ཆེན་རྟ་མགྲིན་བཀའ་ལས་མ་འདའ་བར༔ ལྷ་ཡི་ལོངས་སྤྱོད་བདག་ལ་བསྩལ་དུ་གསོལ༔ ཞེས་བསྟོད་ཅིང་ཕྲིན་ལས་གསོལ། སྤྲོ་ན་རིགས་མཐུན་གྱི་གཞུང་ལྟར་ཕྱྭ་གཡང་འགུགས་པའི་བསྐུལ་བ་བགྱིས་ནའང་ལེགས། ༈ དེ་ནས་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་ནི། ཆུ་གཙང་མས་བཀང་བའི་རིན་པོ་ཆེའི་བུམ་པ་བཟང་པོ་ཐོགས་ལ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་བཟང་པོའི་ནང་དུ་ཨོཾ་དཀར་པོ༔ ཨཱཿདམར་པོ༔ ཧཱུྃ་མཐིང་ག་གསུམ་གྱི་འཕྲོ་འདུ་ལས་ཆུ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པས་ཁེངས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བརླབས་པ་འཁར་གཞོང་གཙང་མར་སྤེལ་ཞིང་། མདུན་བསྐྱེད་ཀྱི་ཞལ་དུ་ཕུལ་བས་ཤིན་ཏུ་མཉེས་པར་བསམ་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་དྷ་ནཾ་མེ་དྷི་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ཀྱིས་ཕུལ། ཨོཾ་པདྨ་ཀྲོ་ཏ་ཨཱརྻ་ཛམ་བྷ་ལ་ཧྲིཿད་ཡ་ཧཱུྃ་ས་པ་རི་ཝཱ་ར་པུཥྤེ་སོགས་མཆོད། བསྟོད་གསོལ་རྒྱས་པར་བྱ་བའམ། ཧཱུྃ༔ ནོར་བདག་ཆེན་པོ་ཨཱརྻ་ཛམྦྷ་ལ༔ ཁྱོད་ནི་རིན་ཆེན་གཏེར་གྱི་བདག་པོ་སྟེ༔ ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབ༔ རྣལ་འབྱོར་བདག་ལ་ནོར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སིདྡྷི་སྡུས་སྡུས་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ༔ ཆུ་སྲིན་ལག་གིས་བླངས་ཏེ་སྤྱི་བོར་རེག་ཅིང་གཙང་སར་དོར་རོ། །རྗེས་སུ། མ་རྙེད་ཡོངས་སུ་མ་ཚང་དང༔ གང་ཡང་ནུས་པ་མ་མཆིས་པ༔ འདིར་ནི་བགྱི་བར་གང་ནོངས་པ༔ དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས༔ ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་བཞུགས་བྱས་པས་འགྲོ་བ་སེམས་ཅན་གྱི་དོན་དུ་འཁོར་བ་མ་སྟོངས་བར་དུ་གྭའུ་ལ་བཞུགས་པར་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་བཀྲ་ཤིས་གང་ཤེས་བྱའོ། །གསུམ་པ་རྗེས་ནི། དེ་ལྟ་བུའི་རིམ་པས་དབང་པོ་རབ་ཀྱིས་ཞག་བདུན། འབྲིང་གིས་ཉེར་གཅིག །ཐ་མས་ཀྱང་ཟླ་བ་གཅིག་ཏུ་བསྒྲུབས་ན་དངོས་གྲུབ་ཀྱི་འབྱོར་པ་རྒྱས་པའི་རྟགས་མཐོང་བར་འགྱུར་ཏེ། གཞུང་ལས། རྟགས་ནི་ཟས་ནོར་མང་པོ་འབུལ་བ་རྨིས་པ་དང༔ མི་མང་པོས་ཕྱག་དང་བཀུར་བསྟི་བྱེད་པ་རྨི་བ་དང༔ གོས་བཟང་པོ་གྱོན་པ་དང༔ རིན་པོ་ཆེས་བརྒྱན་པ་དང༔ ཉི་ཟླ་ཤར་བ་དང༔ མེ་ཏོག་དང་རིན་པོ་ཆེ་བསྡུས་པ་རྨི་བ་འོང་ངོ༔ དེ་ལྟར་རྟགས་བྱུང་བ་དང་གྭའུ་འབྲུའི་གསེབ་བམ༔ བང་བའམ༔ མཛོད་མིས་མི་མཐོང་བར་སྦའོ༔ དེས་ཟས་ནོར་ཐམས་ཅད་འཕེལ་ལོ༔ ཞེས་གསུངས་པ་ལྟར་རྟགས་མཐོང་བ་ན་གྭའུ་བཀུར་སྟི་དང་བཅས་ཇི་སྐད་བཤད་པའི་གནས་སུ་སྦས་ལ། སྤྲོ་ན་གོང་ལྟར་སྒྲུབ་པ་ཚར་གཅིག་བསྐྱར། དེ་ཙམ་མ་གྲུབ་ཀྱང་བརྟན་བཞུགས་དང་ཤིས་བརྗོད་རྒྱས་པར་བྱ། དུས་དུས་སུ་མཆོད་ཅིང་གསོལ་བ་བཏབ་པས་དངོས་གྲུབ་ཀྱི་འབྱོར་པ་རྒྱ་མཚོ་ཆེན་པོའི་རླབས་ལྟར་འཕེལ་བར་འགྱུར་རོ། །ཞག་བདུན་སོགས་བསྒྲུབས་ན་སྒྲུབ་པ་གྲོལ་བའི་གོང་ ནས་ཞག་གསུམ་སོགས་ཀྱི་ཐུན་གྱི་མཇུག་གམ། རྒྱུན་དུ་ཆག་མེད་བྱེད་ན་བཟླས་པའི་མཇུག་ཏུ། པི་ཤཱ་ནྲྀ་ཛ༔ ཞེས་བཏགས་པ་བརྒྱ་རྩ་རེ་བཟླས་པས་སྐྱེ་འགྲོ་ཐམས་ཅད་དད་ཅིང་འདུན་པར་འགྱུར་ཏེ་མི་སྙིང་སྒུལ་བའི་རིག་པ་ཞེས་བྱའོ། །དེ་ལྟར་འཕགས་པ་ཛམྦྷ་ལ་དཀར་པོ་གཙོ་རྐྱང་གི་ཕྱི་ནང་གསང་བའི་སྒྲུབ་པ་དཀྱུས་གཅིག་ཏུ་བྱ་བའི་ཚུལ་དུ་བཀླགས་པས་གྲུབ་པ་འདིའང་། གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་འགྲོ་ཀུན་འདོད་རྒུའི་དཔལ་འབྱོར་ཟད་མི་ཤེས་པ་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །། ༄༅། །འཕགས་པ་ཛམྦྷ་ལ་དཀར་པོ་འབྲུག་ཞོན་ལྷ་དགུའི་སྒྲུབ་ཐབས་ཀྱི་ཁྱད་པར་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཛམྦྷ་ལ་ས་པ་རི་ཝཱ་རེ་བྷྱཿ འདིར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཛམྦྷ་ལ་དཀར་པོའི་ནོར་སྒྲུབ་རིན་ཆེན་སྤུངས་པ་ལས། ཐུན་མོང་མ་ཡིན་པ་འཁོར་བཀའ་སྡོད་དུ་སྒྲུབ་པའི་ཁྱད་པར་ནི། གཙོ་རྐྱང་གི་སྒྲུབ་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། སྦྱོར་བའི་སྐབས་སུ་གྭའུའི་བཅའ་གཞི་གཙོ་རྐྱང་གི་སྒྲུབ་ཐབས་སུ་བཤད་པའི་སྟེང་། ཕྱོགས་མཚམས་བརྒྱད་དུ་འོག་ནས་འབྱུང་བའི་མངོན་རྟོགས་ལྟར་གནོད་སྦྱིན་བརྒྱད་ཀྱི་སྐུ་རྫའམ་ཙཀླི་ལྟ་བུར་བྲིས་པ་ལྷ་སོ་སོའི་ཐུགས་ཀར་རང་རང་གི་སྔགས་བྱང་བྲིས་པ་གཞུག །སྐུ་ཡེ་ནས་མ་འབྱོར་ན་སྔགས་བྱང་ཁོ་ནའི་ཤོག་དྲིལ་བཅུག་ཀྱང་རུང་བར་གསུངས། དེའི་མདུན་དུ་གཏའ་གཏོར་རིན་པོ་ཆེའི་དབྱིབས་བྱས་ལ་ཆངས་བུས་བརྒྱན། མཐེབ་ཀྱུ་བརྒྱད་དང་བཅས་པ་བཤམ། ཤ་མར་དང་། དཀར་གསུམ་མངར་གསུམ་བཟང་པོས་བརྒྱན། དར་དཀར་པོ་ལ་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བྲིས་ལ། སྨྱུག་རྒོད་ལ་བཏགས་ནས་གཏོར་མ་ལ་བཙུགས། དེའི་མདུན་དུ་འབུལ་གཏོར་དང་མཆོད་པ། ཆུ་སྦྱིན་གྱི་ཆས་སོགས་གཙོ་རྐྱང་གི་སྐབས་ལྟར་བཤམ། དངོས་གཞི་སྐྱབས་སེམས། མཆོད་པ་བྱིན་རླབས། བདག་བསྐྱེད་རྣམས་གཙོ་རྐྱང་ལྟར་སོང་ནས། མདུན་བསྐྱེད་ཀྱི་ཁྱད་པར། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་དར་གྱིས་བརྒྱན་པའོ༔ ཞེས་པའི་མཚམས། འདབ་མ་བརྒྱད་ལ་ཤར་དུ་ཛམྦྷ་ལ་དཀར་པོ་གཡས་རིན་པོ་ཆེ་དང༔ གཡོན་ནེའུ་ལེ་འཛིན་པ༔ ལྷོར་གང་བ་བཟང་པོ་སེར་པོ་གཡས་བུམ་པ༔ གཡོན་ནེའུ་ལེ༔ ནུབ་ཏུ་ནོར་བུ་བཟང་པོ་དམར་པོ་གཡས་རཏྣ༔ གཡོན་ནེའུ་ལེ༔ བྱང་དུ་ཀུ་བེ་ར་ལྗང་གུ་གཡས་རལ་གྲི༔ གཡོན་ལྕགས་ཀྱུ༔ ཤར་ལྷོར་ཡང་དག་ཤེས་སེར་སྐྱ་གཡས་ཞགས་པ༔ གཡོན་ནེའུ་ལེ༔ ལྷོ་ནུབ་ཏུ་འབྲོག་གནས་སྔོ་ནག་གཡས་མདུང་ཐུང་དང༔ གཡོན་ནེའུ་ལེ་དང་བི་ཛ་པཱུ་ར་ཀ༔ ནུབ་བྱང་དུ་ལྔས་རྩེན་ལྗང་སྔོན་གཡས་དགྲ་སཏྭ༔ གཡོན་ནོར་བུ༔ བྱང་ཤར་དུ་ཙི་པི་ཀུཎྜ་ལཱི་དམར་པོ་གཡས་གྭའུ༔ གཡོན་ནེའུ་ལེ་བསྣམས་པ༔ ཐམས་ཅད་འབྲུག་ལ་ཞོན་པ༔ རྒྱན་དང་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པ་འོ༔ རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ རི་རབ་ཀྱི་བྱང་ཤར་གྱི་མཚམས་ནམ་མཁའ་མཛོད་ཀྱི་གནས་ནས༔ ཡེ་ཤེས་སེམས་དཔའ་ནམ་མཁའ་མཛོད་འཁོར་གནོད་སྦྱིན་བརྒྱད་ཀྱི་ཚོགས་དང་བཅས་པ་སྤྱན་དྲངས༔ མདུན་གྱི་ནམ་མཁར་བཞུགས་པར་གྱུར༔ ཨོཾ༔ ཆོས་ཉིད་རྣམ་དག་སོགས་སྤྱན་འདྲེན་ནས་རྩ་བའི་བཟླས་པའི་བར་གཙོ་རྐྱང་སྐབས་ལྟར་ལ། གཙོ་བོའི་བཟླས་པ་ཅུང་ཟད་རྗེས། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གནོད་སྦྱིན་གཙོ་འཁོར་གྱི་ཐུགས་ཀར་ཕོག༔ གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུའི་ཁ་དོག་དམར་སེར་འཕྲོས་པས་འཇིག་རྟེན་ཁམས་གྱི་ཟས་ནོར་ཐམས་ཅད་བསྡུས་ནས་རང་གི་གནས་ཁང་ཁེངས་པར་གྱུར་ཅེས་དང༔ གཙོ་བོའི་སྔགས་དང་། འཁོར་སྔགས། ཨོཾ་ཛམྦྷ་ལ་ཧྲྀ་ད་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀ་ཡ་སྭཱ་ཧཱ༔ ཨོཾ་ཙི་པི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ ཞེས་པ་རྣམས་སྦྲེལ་བ་གཙོ་བོར་བཟླ། ཐུན་ལས་ལྡང་བ་ན་འབུལ་གཏོར་ལ་ཆབ་བྲན་ནས་བསང་སྦྱང་བྱིན་རླབས་གཙོ་བོའི་སྔགས་ཀྱིས་ཕུལ་བ་ཡན་གཙོ་རྐྱང་ལྟར་ལ། དེ་ནས་འཁོར་སྔགས་སོ་སོའི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པས་ཕུལ། བསྟོད་པའི་ཁྱད་པར། འཕགས་པ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་མཚམས། ཛམ་ལ་གང་བཟང་ནོར་བཟང་ཀུ་བེ་ར། །ཡང་དག་ཤེས་དང་འབྲོག་གནས་ལྔས་རྩེན་དང་། །ཙི་པི་ཀུཎྜ་ལཱི་སྟེ་གནོད་སྦྱིན་བརྒྱད། །ནོར་ལྷ་རབ་འབྱམས་འཁོར་དང་བཅས་ལ་བསྟོད། །བདག་ལ་འདོད་དོན་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་སོགས་སྦྲེལ། ཆུ་སྦྱིན་སྐབས་ཀྱང་སྤྲོ་ན་གཙོ་བོའི་སྔགས་ཀྱི་རྗེས་འཁོར་སྔགས་སོ་སོར་ཕུལ་ཀྱང་ལེགས། གཞན་འདྲ་འོ། །བསྙེན་པའི་ཚད་དང་། རྟགས་དང་། རྗེས་ཀྱི་བྱ་བ་དང་། དམ་ཚིག་དང་། ཕན་ཡོན་བསྟན་པ་རྣམས་ནི། གཏེར་གཞུང་ལས། དེ་ལྟར་ཞག་ཉི་ཤུ་རྩ་གཅིག་ཏུ་གཙོ་འཁོར་དྲིལ་བའི་སྔགས་བཟླ་འོ༔ སྤྱིར་ཞག་བདུན་གྱིས་ཆོག་གསུངས་ཀྱང་ལྷག་ཆད་འབྱུང་སྲིད་པས་སུམ་ལྡབ་བྱའོ༔ རྟགས་ནི་ཁྱེའུ་གཞོན་ནུས་ཟས་ནོར་སྟེར་བ་དང༔ འབྲུའི་ཆར་འབབ་པ་དང༔ གཏེར་བཏོན་པ་དང༔ རྔ་བརྡུང་བ་དང༔ དུང་འབུད་པ་དང༔ དར་ཆེན་འཕྱར་བ་དང༔ གངས་དཀར་གྱི་རྩེ་ལ་འཛེག་པ་ལ་སོགས་པ་ནི་ཞག་བདུན་ནམ་བཞི་རང་ནས་འབྱུང་སྟེ༔ དེ་ལ་སེམས་མ་ཡེངས་པར་བྱའོ༔ སྤྲང་པོ་དང་སྐལ་པ་ཆད་པ་རྨིས་ན༔ ཚོགས་གསག་པ་ལ་འབད་དོ༔ མཛེ་ཅན་དང་ཡུགས་ས་མ་ལ་སོགས་པ་རྨིས་ན༔ མི་གཙང་བ་ཕོག་པས་ཁྲུས་བྱའོ༔ ཞེས་དང་། སྒྲུབ་པ་ཐོན་ནས་གཏོར་མ་ཕུད་ཀྱིས་མཆོད་ཅིང་ལྷག་མ་ལ་ལོངས་སྤྱོད༔ གྭའུ་མིས་མི་མཐོང་སར་སྦའོ༔ དམ་ཚིག་ཏུ་སྒྲུབ་པ་ཐོན་ནས་ཀྱང༔ ཞག་རེ་ལ་སྔགས་བརྒྱ་རྩ་རེ་བཟླ༔ ཟས་ནོར་གྱི་ཕུད་ཀྱིས་བླ་མ་དཀོན་མཆོག་མཆོད༔ སློང་བ་བྱུང་ན་ལག་སྟོང་དུ་མི་གཏོང༔ མ་བྱིན་པར་མི་བླང༔ སྒྲུབ་ཐབས་འདི་ལག་ཏུ་བླངས་ནས་དངོས་གྲུབ་མི་འབྱུང་མི་སྲིད་དོ༔ གཙོ་རྐྱང་དུ་སྒྲུབ་པ་དེ་ཀུན་ལ་ཡོད་ཀྱང༔ སྒྲུབ་ཐག་རིང་བས༔ འཁོར་བཀའ་སྡོད་དུ་སྒྲུབ་པ་འདི་ཀུན་ལ་མེད་པས་དཔེ་ལ་རྩིས་ཆེ་ཞིང་གདམ་མོ༔ ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཇི་ལྟ་བར་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་དུ་ཕན་བདེའི་འབྱོར་པ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་རིམ་པ་གཉིས་ཀྱི་ཁྲིད་ཡིག་དག་ཅིང་གསལ་བ་ཟུང་འཇུག་མྱུར་ལམ (Volume 6, Text 43)
༄༅། །ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་རིམ་པ་གཉིས་ཀྱི་ཁྲིད་ཡིག་དག་ཅིང་གསལ་བ་ཟུང་འཇུག་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཙཀྲ་ས་མྭ་ནཱ་ཡ། ཆོས་དབྱིངས་མཁའ་ལམ་བདེ་ཆེན་ཉི་མའི་གཟིས། །སྲིད་འཁྲུལ་མུན་པའི་དྲྭ་བ་དབྱིངས་སུ་སྡོམ། །དྲན་པས་ཕྱག་རྒྱའི་དངོས་གྲུབ་སྩོལ་མཛད་པ། །རིགས་ཀུན་ཁྱབ་བདག་མཆོག་དེས་རྗེས་འཛིན་མཛོད། །བླ་མ་ཡི་དམ་དབྱེར་མེད་ཧེ་རུ་ཀ །སྡོམ་པའི་རྒྱུད་ལུང་མན་ངག་རྒྱ་མཚོའི་བཅུད། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་ཟླ་མེད་པ། །ངོ་མཚར་ཉེ་བརྒྱུད་བཀའ་སྲོལ་འདི་དབྱེ་འོ། །འཕགས་བོད་གཉིས་སུ་ཟབ་ལམ་མཐར་ཐུག་པར་ཡོངས་སུ་གྲགས་ཤིང་ངོ་མཚར་ཉེ་བརྒྱུད་ཀྱི་བཀའ་སྲོལ་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་ཅིང་བཀའ་གཏེར་གཉིས་ཀའི་བཀའ་བབས་ཀྱིས་ཁྱད་པར་དུ་བྱས་པ། ཟབ་མོ་བླ་མའི་ཐུགས་སྒྲུབ་བདེ་མཆོག་འཁོར་ལོའི་རིམ་པ་གཉིས་ཀྱི་གདམས་ཁྲིད་འཆད་པ་ལ་གཉིས། གང་ལས་བྱུང་བའི་ལོ་རྒྱུས། དེ་ལས་བྱུང་བའི་གདམས་ངག་དངོས་སོ། །དང་པོ་ནི། གཞུང་རྩ་བ་ལས། དེ་ལྟར་བླ་མ་ཡི་དམ་གྱི༔ རྣམ་པར་སྒོམ་པའི་ཐབས་ཆེན་པོ༔ ཐུགས་སྒྲུབ་ཀུན་གྱི་མཐར་ཐུག་པ༔ བསྐྱེད་རྫོགས་དམར་བྱང་སྙིང་པོ་འདི༔ འཕགས་པ་དགྱེས་པའི་རི་ཡི་སུལ༔ མཱ་ར་ཏི་ཀའི་བྲག་ཕུག་ཏུ༔ བདག་ཉིད་པདྨ་བཛྲ་དང༔ ཚེ་ལམ་གྲོགས་མཆོག་མནྡྷཱ་རས༔ འཆི་མེད་རིག་འཛིན་སྒྲུབ་པའི་ཚེ༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང༔ ལོངས་སྐུ་དཔལ་ལྡན་བདེ་བའི་མཆོག༔ སྤྲུལ་སྐུ་ལྷན་སྐྱེས་རྣལ་འབྱོར་མས༔ རང་བྱུང་གསང་བའི་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་བརླབས་གདམས་པ་གཏད༔ ཧེ་རུ་ཀ་དང་དབྱེར་མེད་གྱུར༔ དེ་ནས་གངས་ཅན་ཡུལ་དབུས་སུ༔ མངའ་བདག་རྒྱལ་པོས་གསོལ་བཏབ་ངོར༔ གདམས་ཟབ་རྒྱས་འབྲིང་གསུམ་དུ་དབྱེས༔ རྒྱས་པ་སྲིན་སྦར་བྲག་ཏུ་སྦས༔ ཆོས་རྒྱལ་ཆེན་པོའི་སྤྲུལ་པས་འདོན༔ འབྲིང་པོ་རུ་མཚམས་བྱང་དུ་སྦས༔ ལོ་ཙཱ་ཆེན་པོའི་སྐྱེ་བས་འདོན༔ སྙིང་པོའི་བཅུད་འདྲིལ་རྨད་བྱུང་བ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ བཻ་རོ་མཆོག་དབྱངས་བདུད་འཇོམས་རྩལ༔ ཐུགས་ཀྱི་གཟུང་མར་བཅས་ལ་གདམས༔ རང་རང་ཉམས་བླངས་དྲོད་ཚད་ཕྱུང༔ བརྡ་རིས་ཨེ་ཡིས་མཚན་པའི་ཡུལ༔ གངས་བར་རྡོ་རྗེ་ཕུག་མོ་ཆེའི༔ ཕ་བོང་དབང་ཕྱུག་མཚན་རྟགས་ཅན༔ དེར་ནི་བསེ་ཡི་སྤར་བུ་རུ༔ ཆོས་དང་བསྟན་སྲུང་དམ་རྫས་བཅས༔ མི་འཇིག་ཕྱག་རྒྱས་བསྡམས་ལ་སྦོས༔ དྲུག་ཅུ་ཁ་རལ་སྙིགས་མའི་དུས༔ སྟོད་སྨད་ཧོར་གྱི་འཁྲུགས་ལོང་གཡོ༔ བོད་ཁམས་རྣལ་དུ་མི་གནས་ཚེ༔ རྒྱལ་བ་མཆོག་དབྱངས་སྤྲུལ་པ་ནི༔ སྟོན་པ་པདྨའི་མིང་གིས་རྙེད༔ གཞན་དོན་ཅུང་ཟད་འབྱུང་ཡང་སྲིད༔ བརྡ་རིས་ཡང་གཏེར་རྒྱས་བཏབ་ན༔ ཆེར་སྙིགས་སུམ་ཅུ་ཁ་རལ་དུས༔ མངའ་བདག་སྐྱེ་མཐའ་པདྨའི་མིང༔ འགྲོ་འདུལ་སྒྱུ་མའི་སྐྱེས་བུ་ལ༔ ཡེ་ཤེས་མཁའ་འགྲོའི་བརྡས་མཚོན་ཏེ༔ དགོངས་བརྒྱུད་མངོན་སུམ་བྱིན་བརླབས་མཐུས༔ ཚིག་བརྒྱུད་ཡི་གེའི་རིས་སུ་བྲིས༔ དོན་བརྒྱུད་སྣོད་ལྡན་འདུས་པ་ལ༔ སྨིན་གྲོལ་བྱིན་རླབས་ཆིག་རྫོགས་སྟོན༔ ལས་ཅན་འགའ་ཙམ་དོན་དུ་འགྱུར༔ འབྲེལ་ཚད་དོན་ལྡན་ཨེ་མ་ཧོ༔ ཞེས་གསུངས་པ་ལྟར་དཔལ་ཧེ་རུ་ཀ་དང་དབྱེར་མེད་པ་བདེ་བ་ཆེན་པོ་པདྨ་བཛྲ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གསོལ་བ་བཏབ་པའི་ངོར་བླ་མ་བདེ་མཆོག་འཁོར་ལོའི་སྨིན་གྲོལ་གདམས་ངག་ཡོངས་སུ་རྫོགས་པ་ལས་ཅན་འདུས་པ་རྣམས་ལ་བསྩལ། གདམས་སྐོར་རྣམས་རྒྱས་འབྲིང་བསྡུས་གསུམ་དུ་བྱས་ཏེ་ཕྱི་རབས་གདུལ་བྱ་སོ་སོའི་ངོ་སྐལ་དུ་དགོངས་ནས་གཏེར་གནས་ཐ་དད་པ་རྣམས་སུ་རྒྱས་བཏབ་པ་ལས། རྒྱས་པ་བདེ་མཆོག་དམར་པོ་གསང་བ་ཡོངས་རྫོགས་སྐོར་མངའ་བདག་ཉང་རིན་པོ་ཆེས་ལྷོ་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས། འབྲིང་པོ་ཟབ་མོ་གསང་འདུས་སྐོར་བཻ་རོའི་སྐྱེ་མཐའ་ཨ་ཡ་བོན་པོ་ལྷ་འབུམ་མམ་གུ་རུ་རྣོན་རྩེས་གཙང་གི་བྱང་རུ་མཚམས་ནས་སྤྱན་དྲངས། བསྡུས་པ་སྙིང་པོའི་བཅུད་འདྲིལ་འདི་ཉིད་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་རྒྱ་སྟོན་པདྨ་དབང་ཕྱུག་གིས་ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་ཁ་སྟོད། གངས་བར་རྡོ་རྗེའི་ཕུག་མོ་ཆེ་ཞེས་པའི་བྲག་སྐྱིབས་ཆེན་མོའི་སྒོ་དྲུང་ཕ་ཝོང་དབང་ཕྱུག་གི་མཚན་རྟགས་ཅན་ནས་བླ་རྫོགས་ཐུགས་གསུམ་གྱི་ཆོས་དང་བསྟན་སྲུང་གུར་མགོན་གྱི་རྒྱ་གཞུང་། དམ་རྫས་བདུད་རྩི་སྨན་གྱི་རིལ་བུ་སོགས་དང་ལྷན་ཅིག་སྤྱན་དྲངས། བདེ་མཆོག་གི་སྐོར་འདི་ཉིད་ལུང་བྱང་ལྟར་སླར་ཡང་གནས་དེ་ཉིད་དུ་ཡང་གཏེར་དུ་སྦས་པ། དུས་ཕྱིས་རབ་ཚེས་ས་སྟག་ལོའི་ས་ག་ཟླ་བའི་ཚེས་བཅུར་ཡེ་ཤེས་ཀྱི་མཁའ་འགྲོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གཏེར་དཔེ་བསྟན་ཅིང་བརྡ་སྤྲོད་མཛད་པའི་རྗེས་ཐོག་ཏུ་རྒྱ་སྟོན་པདྨ་དབང་ཕྱུག་ཉིད་ཀྱི་སྐུ་མངོན་དུ་སྣང་བས་དབང་དང་གདམས་ངག་རྫོགས་པར་གནང་། དེ་འཕྲལ་ཚིག་བརྒྱུད་ཡི་གེ་རིས་སུ་གཏན་ལ་ཕབ། ཆུ་རྟ་མགོ་ཟླའི་ཉེར་ལྔར་དོན་བརྒྱུད་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་། ལོངས་སྐུ་དཔལ་ལྡན་བདེ་མཆོག །སྤྲུལ་སྐུ་ལྷན་སྐྱེས་རྣལ་འབྱོར་མ། འཆི་མེད་པདྨ་བཛྲ་ཡབ་ཡུམ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་སོགས་ལ་རྒྱས་འབྲིང་བསྡུས་པའི་ཚུལ་གྱིས་གནང་། དེ་ནས་གཏེར་སྟོན་པདྨ་དབང་ཕྱུག །བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པ་སྟེ། བཀའ་དྲིན་མཉམ་པ་མེད་པའི་མགོན་པོ་དེས་བདག་ལ་བསྩལ་པའོ། །དེར་མ་ཟད་གསར་མ་ལ་ཡོངས་སུ་གྲགས་པའི་དྲིལ་བུ་རིམ་ལྔའི་ཁྲིད་ཀྱང་རིང་བརྒྱུད་བཀའ་སྲོལ་འགའ་ཞིག་སྨིན་ཁྲིད་དུ་གསན་ཅིང། ཉེ་བརྒྱུད་དག་པའི་སྣང་བར་གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡུམ་དང་བཅས་པས་བརྡའི་དབང་བཞི་བསྐུར། རིམ་ལྔའི་རྩ་ཚིག་ཤོ་ལོ་ཀ་གཅིག་བཀྲལ་ཏེ་གསུངས་ནས་མཐར་བསམ་མི་ཁྱབ་པའི་སྐབས་སུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་བྱིན་གྱིས་བརླབས་པས་དེའི་ཆུ་བོ་ཡང་གཅིག་ཏུ་འདུའོ། །གཉིས་པ་དེ་ལས་བྱུང་བའི་གདམས་པ་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལའང་གསུམ། སྤྱིའི་སྔོན་འགྲོས་གཞི་བཟུང་བ། ཐུན་གྱི་སྔོན་འགྲོས་སྒོ་གསུམ་རྣལ་དུ་དབབ་པ། ཁྲིད་ཀྱི་སྔོན་འགྲོས་རྒྱུད་སྦྱོང་བའོ། །དང་པོ་ནི། རྩ་བར། དབེན་ཞིང་བྱིན་རླབས་ལྡན་པའི་སར༔ ཕྱི་ནང་མཚམས་བཅད༔ ཅེས་པས་བསྟན་ཏེ། རིམ་པ་གཉིས་ཉམས་སུ་ལེན་པའི་གནས་མིའི་རྒྱུ་འགྲུལ་དང་མི་མ་ཡིན་པའི་གནོད་འཚེ་མེད་པས་འདུ་འཛིས་དབེན་ལ་ཉམས་དགའ་བ། གྲུབ་ཐོབ་རིག་འཛིན་གོང་མས་བྱིན་གྱིས་བརླབས་ཤིང་དམ་ཉམས་སོགས་ཀྱི་དྲི་མས་མ་གོས་པ་བཙལ་ལ་དེར་གནས་བཅས་ཏེ་ཕྱི་ཕལ་པ་ཉི་ཚེ་བ་རྣམས་དང་། ནང་གཉེན་འབྲེལ་གྲོགས་འཁོར་སོགས་ཀྱི་འགྲུལ་བགྲོད་གཏོང་ལེན་ཆགས་སྡང་གི་རྒྱུ་ཐམས་ཅད་སྤངས་ཏེ་ཕྱི་མཚམས་རྒྱལ་ཆེན་བཞི་ལ་བཅོལ། ནང་མཚམས་དྲག་པོའི་ང་རྒྱལ་གྱིས་བགེགས་བསྐྲད་ཅིང་སྲུང་འཁོར་བརྟན་པོར་བསྒོམ་མོ། །གཉིས་པ་ཐུན་གྱི་སྔོན་འགྲོས་སྒོ་གསུམ་རྣལ་དུ་དབབ་པ་ནི། རྣམ་གཡེང་སྤང༔ ཞེས་འབྱུང་བས། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲངས་ལ་རླུང་རོ་བསལ། ལུས་ཀྱི་བྱ་བྱེད། ངག་གི་སྨྲ་བརྗོད། སེམས་ཀྱི་རྣམ་པར་རྟོག་པའི་འདུ་འཕྲོའི་རྣམ་གཡེང་དུ་འགྱུར་བ་མཐའ་དག་སྤངས་ནས་སྒོ་གསུམ་རང་བབས་སུ་ཀློད་ལ་རྣལ་དུ་དབབ་པར་བྱའོ། །གསུམ་པ་ཁྲིད་ཀྱི་སྔོན་འགྲོས་རྒྱུད་སྦྱོང་བ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས༔ ཞེས་པས་བློ་ལྡོག་རྣམ་པ་བཞི་ལ་བརྟེན་ནས་འཁོར་བ་ལ་ངེས་པར་འབྱུང་བའི་ཤུགས་དྲག་པོས་བློ་རྒྱུད་ཆོས་ལ་བསྐུལ་བར་བྱ་སྟེ། ད་རེས་བདག་གིས་རྟེན་ཕུན་སུམ་ཚོགས་པ་ཤིན་ཏུ་རྙེད་དཀའ་ལ་རྙེད་ན་དོན་ཆེན་པོ་དང་ལྡན་པའི་དལ་བ་བརྒྱད་འབྱོར་པ་བཅུས་བརྒྱན་པའི་མི་ལུས་རིན་པོ་ཆེ་ཐོབ། སྐྱབས་ཁྱད་པར་དུ་འཕགས་པ་དཀོན་མཆོག་ཀུན་འདུས་མཚན་ལྡན་གྱི་བླ་མ་དམ་པ་མཇལ། ལམ་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བར་དཀོན་པ་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་དང་འཕྲད་པའི་སྐབས་འདིར་དམ་པའི་ཆོས་གཤའ་མ་ཞིག་བསྒྲུབས་ནས་ཉམས་ལེན་རྒྱུད་ལ་འབྱོར་ངེས་པ་ཞིག་བྱ་དགོས། དེ་མི་བྱེད་པར་ཚེ་འདིར་སྣང་གི་རྣམ་གཡེང་ལེ་ལོའི་དབང་དུ་ཤོར་ན་རང་གིས་རང་ཕུང་སྟེ་འཁོར་བ་མཐའ་མེད་པར་འཁྱམས་ཤིང་སྡུག་བསྔལ་འཁོར་མོ་ཡུག་ཏུ་མྱོང་དགོས་པས་དེ་ལས་བསླུས་ཚབ་ཆེ་བ་ཅི་ཡོད། ཆོས་སྒྲུབ་པ་དེའང་མྱུར་དུ་འབད་འབུང་མ་བཏོན་ན་འཆི་བ་མི་རྟག་པ་བར་སྣང་ནས་གློག་འཁྱུག་པ་ལྟར་ནམ་འོང་ཆ་མེད། ཕྱི་ནམ་ཟླ་དུས་བཞི། ནང་སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་རྟག་པ་མེད་པས་རང་ཡང་དོ་ནུབ་བམ་ནངས་པར་འཆིའམ་ད་ལྟ་འཆི་ནའང་ངེས་པ་མེད་པས་ཅི་དྲག །འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་དང་། བར་དོར་འཁྲུལ་སྣང་གི་འཇིགས་སྐྲག་ཁོ་ནའང་བཟོད་པར་དཀའ། འཆི་བ་ཁོ་ནས་མི་ཆོག་རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། དཀར་པོ་དགེ་བས་མཐོ་རིས། སྡིག་པ་མི་དགེ་བས་ངན་སོང་དུ་འཕེན། ལས་བྱས་པ་ཐམས་ཅད་རྣམ་སྨིན་མ་མྱོང་བར་ཆུད་མི་ཟ་ཞིང་མ་བྱས་པ་དང་མི་འཕྲད། ལས་རྣམས་འཕེལ་བ་འགྱུར་དང་བཅས་པ་ཡིན་པས་རྒྱུའི་དུས་སུ་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྒྱ་ཆེན་པོར་སྨིན་པས་རང་ལ་ལྟོས་དུས་དགེ་བའི་སྟོབས་ནི་ཆུང་། སྡིག་པའི་སྟོབས་ནི་ཆེ་བས་འཁོར་བར་མི་འཁྱམས་པའི་ཐབས་མི་འདུག །རིགས་དྲུག་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་མེའི་འོབས་དང་སྤུ་གྲིའི་ཚལ་དུ་འཇུག་པ་ལྟར་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པས་ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཅི་ནས་ཀྱང་ཐར་པ་ཞིག་བྱ་སྙམ་དུ་བསམས་ལ་བློ་སྣ་ཐུང་རྦུད་ཀྱིས་བཏང་ལ་ཚེ་འདིའི་ལྟོས་ཐག་རྦད་ཀྱིས་ཆོད་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། སྐྱབས་སེམས་སྒྲིབ་སྦྱོང་ནན་ཏན་བྱ༔ ཁྱད་པར་བླ་མའི་རྣལ་འབྱོར་ནི༔ མོས་གུས་དྲག་པོས་གནད་དུ་བསྣུན༔ ཞེས་གསུངས་པས་འདི་ལ་བཞི། སྐྱབས་འགྲོ །སེམས་བསྐྱེད། སྒྲིབ་སྦྱོང་། བླ་མའི་རྣལ་འབྱོར་མཎྜལ་དང་བཅས་པའོ། །དང་པོ་ནི། འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་བ་དེ་ལས་སྐྱོབ་ནུས་པ་བླ་མ་དཀོན་མཆོག་མ་གཏོགས་གཞན་སུའང་མེད་པར་ཡིད་ཆེས་པའི་དད་པ་བརྟན་པོས་ཀུན་ནས་བསླངས་ཏེ། ས་ཕྱོགས་དག་པའི་ཞིང་ཁམས། གནས་ཁང་ཡེ་ཤེས་ཀྱི་ཕོ་བྲང་། ཅིར་སྣང་མཆོད་པའི་སྤྲིན་ཕུང་དུ་འཁྲིགས་པའི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་བདེ་མཆོག་རྡོ་རྗེ་འཆང་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་ཀུན་འདུས་སུ་གསལ་བའི་སྤྱན་སྔར། རང་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་དུ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ་བར་བསམས་ལ། ན་མོ༔ བླ་མ་འཁོར་ལོ་བདེ་བའི་མཆོག༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་བརྗོད་ལ་གྲངས་གསོག །དེས་ནི་ཐར་པའི་ས་བོན་ཐེབས་ཤིང་བསམ་དོན་ཆོས་བཞིན་དུ་འགྲུབ་པར་འགྱུར་རོ། །གཉིས་པ་སེམས་བསྐྱེད་ནི། སྐྱབས་ཡུལ་རྣམས་དཔང་པོར་བཀོད་ལ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་ཞིང་། འཁོར་བ་ཐོག་མཐའ་མེད་པར་སྡུག་བསྔལ་གྱི་རྒྱུ་འབྲས་ཁོ་ན་ལ་ལོངས་སྤྱོད་པ་སྙིང་རེ་རྗེ། འདི་དག་ཐམས་ཅད་བླ་མ་བདེ་བ་མཆོག་གི་སྐུ་དང་ཡེ་ཤེས་ལ་བདག་ཉིད་ཁོ་ནས་འགོད་པར་བྱ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་ཟབ་ཀྱི་སྙིང་པོ་བདེ་ཆེན་པདྨ་བཛྲ་ལ་བསྟེན་ཏེ་རིམ་པ་གཉིས་ཀྱི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ་པར་བགྱིའོ་སྙམ་དུ་འཇུག་པའི་སེམས་བསྐྱེད་གསལ་བཏབ་ལ། ཧོ༔ སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན༔ སྐུ་དང་ཡེ་ཤེས་མཆོག་ཐོབ་ཕྱིར༔ བདེ་ཆེན་པདྨ་བཛྲ་གྱི༔ རྣལ་འབྱོར་ཟབ་མོ་བསྒོམ་པར་བགྱི༔ ཞེས་བརྗོད། མཐར་བླ་མའི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། བྱིན་རླབས་རྒྱུད་ལ་ཞུགས། བླ་མའང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེས་ཅི་བྱས་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །གསུམ་པ་སྒྲིབ་སྦྱོང་ནི། སྤྱིར་རང་རྒྱུད་ཀྱི་སྡིག་ལྟུང་མ་སྦྱངས་ན་ལམ་གྱི་ཡོན་ཏན་མི་སྐྱེ། སྡིག་སྒྲིབ་ཉེས་ལྟུང་བཤགས་ཤིང་སྦྱོང་བ་ལ་སྟོབས་བཞི་ཚང་དགོས་པས། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླ་ལ་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་དར་དང་རིན་ཆེན་རུས་པའི་ཕྱག་རྒྱས་སྤྲས་པ། རང་འདྲ་བའི་ཡུམ་རྡོ་རྗེ་སྙེམས་མས་འཁྱུད་ཅིང་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་འོད་ཟེར་འབར་བའི་ཀློང་ན་བཞུགས་པ། ཐུགས་ཀར་པད་ཟླ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་གཡས་སྐོར་ཁ་དོག་དཀར་པོ་འོད་ཟེར་འཕྲོ་བ་གསལ་གདབ་པ་ནི་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འཇིགས་སྐྲག་ཤས་མི་བཟོད་པའི་གནོང་འགྱོད་དྲག་པོས། བླ་མ་རྡོ་རྗེ་སེམས་དཔའ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་རྣམ་པར་སུན་འབྱིན་པའི་སྟོབས། དམིགས་འདུན་དེ་ལས་མ་ཡེངས་པའི་ངང་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་དཀར་ཁྲ་ལ་ལ་བབས། སྦྱོར་མཚམས་ནས་ཐོན་ཏེ་རང་གི་སྤྱི་བོར་ཞུགས་པས་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་ཐམས་ཅད་དུད་ཁུ་སོལ་ཁུ་རྣག་ཁྲག་འབུ་སྲིན་གྱི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་བདས། ལུས་ཤེལ་བུམ་དྲི་མ་མེད་པ་ལྟར་གྱུར་པའི་ནང་ཐམས་ཅད་བདུད་རྩིས་ཁེངས་པར་བསམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་དག་གསལ་གདབ་པ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང༔ བླ་མ་རྡོར་སེམས་ཧེ་རུ་ཀ༔ ཡབ་ཡུམ་མཉམ་སྦྱོར་ཐུགས་སྲོག་མཐར༔ སྔགས་ཕྲེང་འཁོར་ལས་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་ཏེ་བདག་ལ་ཐིམ༔ སྡིག་སྒྲིབ་ཉེས་ལྟུང་ཀུན་བྱང་གྱུར༔ ཅེས་དང་ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླས་པའི་མཐར། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་ལྟུང་གི་ལས་མི་བགྱིད་དོ་སྙམ་པ་སོར་ཆུད་པའི་སྟོབས་དང་ལྡན་པས། མགོན་པོ་བདག་ནི་སོགས་བརྗོད་ཅིང་བཤགས་སྡོམ་བྱས་པས། བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་སྡིག་སྒྲིབ་དག་པའི་གནང་བ་བསྩལ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་ལ་ཐིམ་པས་གསང་བ་གསུམ་དང་སྒོ་གསུམ་དབྱེར་མི་ཕྱེད་པར་བྱིན་གྱིས་བརླབས་པར་མོས་ལ་མཉམ་པར་གཞག །དེས་རང་རྒྱུད་སྡིག་ལྟུང་གི་དྲི་མ་དང་བྲལ་བས་ལམ་གྱི་གེགས་དང་གོལ་ས་མི་འབྱུང་ཞིང་ཡོན་ཏན་ཚུལ་བཞིན་དུ་སྐྱེ་བར་འགྱུར་རོ། །བཞི་པ་བླ་མའི་རྣལ་འབྱོར་མཎྜལ་བཅས་ནི། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཡིན་པས་ཐོག་མར་རྟེན་བསྐྱེད་པ་ནི། རང་མདུན་ནམ་མཁར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ པདྨ་ཐོད་ཕྲེང་རཱ་གའི་མདངས༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྱུད༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས༔ ཞེས་པའི་ཚིག་གིས་གསལ་བཏབ་ལ་མདུན་གྱི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་པདྨ་ཐོད་ཕྲེང་རྩལ་སྔར་སྐྱབས་ཡུལ་གྱི་སྐབས་སུ་སྨོས་པ་ཇི་ལྟ་བ་བསྐྱེད། དེའི་སྤྱན་སྔར་ཚོགས་གསག་པ་ནི། མཎྜལ་དངོས་སུ་ཡོད་ན་ལག་ལེན་ཚུལ་བཞིན་བྱས་ལ་འབུལ། མེད་ན་ཡིད་ཀྱིས་དམིགས་ཏེ། ཕྱི་ལྟར་སྟོང་གསུམ་རི་རབ་གླིང་བཞི་བྱེ་བ་ཕྲག་བརྒྱ་ལྷ་མིའི་ཡོ་བྱད་ཀྱིས་བཀང་བའི་སྣོད་བཅུད་དཔལ་འབྱོར་ངོ་མཚར་བསམ་གྱིས་མི་ཁྱབ་པ། ནང་རང་གི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་ཀྱི་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཅི་མཆིས་པ། གསང་བ་མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ་ཐམས་ཅད་ཀྱང་གདོད་ནས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བར་ཤེས་པའི་དོན་དམ་སྟོང་ཉིད་ཀྱི་ངང་ལས་རྣམ་པ་སྒྱུ་མའི་རོལ་པ་ལྟ་བུར་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་ཡོངས་སུ་རྫོགས་པར་མོས་ལ། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དང་བཅས་པ༔ འཁོར་གསུམ་སྤྲོས་པ་བྲལ་བའི་ངང༔ བླ་མ་མཆོག་ལ་འབུལ་བར་བགྱི༔ གུ་རུ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་བརྒྱ་སྟོང་ལ་སོགས་པ་ཚོགས་རྫོགས་པའི་རྟགས་མ་བྱུང་གི་བར་དུ་ཕུལ་བས་ཉམས་རྟོགས་ཡར་ཟླ་ལྟར་རྒྱས་པར་འགྱུར་རོ། །དངོས་གཞི་གསོལ་བ་གདབ་པ་ནི། རང་ཉིད་ལ་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་བླ་མ་དེ་ཉིད་སངས་རྒྱས་ཀུན་ལས་ལྷག་པའི་ཡོན་ཏན་དང་བཀའ་དྲིན་ཅན་དུ་བལྟས་ལ་ཚད་བཟུང་མེད་པའི་མོས་གུས་སྙིང་ཁུང་རུས་པའི་གཏིང་ནས་བསྐྱེད་དེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ བདག་ལ་རེ་ལྟོས་ཁྱེད་ལས་མེད༔ སྙིང་ནས་གུས་པས་གསོལ་འདེབས་ན༔ དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་ཀྱི་བསྙེན་པ་བརྒྱ་སྟོང་གྲངས་མེད་པ་བྱ། ཐུན་མཐར་དབང་བླང་བ་ནི། རྩེ་གཅིག་བསྙེན་པས་གསོལ་བཏབ་མཐུས༔ བླ་མ་འོད་ཞུ་རང་ལ་ཐིམ༔ གསང་གསུམ་དབྱེར་མེད་བྱིན་གྱིས་བརླབས༔ དབང་བཞིའི་ཡེ་ཤེས་སྨིན་པར་བསམ༔ ཞེས་པས། མོ་གུས་གདུང་ཤུགས་ཀྱིས་བླ་མ་འོད་དུ་ཞུ་སྟེ་རང་ལ་ཐིམ། བླ་མའི་སྐུ་དང་རང་གི་ལུས་དབྱེར་མེད་དུ་བྱིན་གྱིས་བརླབས། བུམ་དབང་གི་ཡེ་ཤེས་རྒྱུད་ལ་སྨིན། བླ་མའི་གསུང་དང་རང་གི་ངག་དབྱེར་མེད་དུ་བྱིན་གྱིས་བརླབས། གསང་དབང་གི་ཡེ་ཤེས་རྒྱུད་ལ་སྨིན། བླ་མའི་ཐུགས་དང་རང་གི་ཡིད་དབྱེར་མེད་དུ་བྱིན་གྱིས་བརླབས། ཤེར་དབང་གི་ཡེ་ཤེས་རྒྱུད་ལ་སྨིན། བླ་མའི་དབྱིངས་དང་རང་གི་རིག་པ་དབྱེར་མེད་དུ་བྱིན་གྱིས་བརླབས། དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྨིན་པར་བསམས་ལ་མོས་གུས་ཀྱི་སྟོབས་ལས་སྐྱེས་པའི་གཉུག་མའི་ཤེས་པ་རིག་སྟོང་བཟོ་བཅོས་མེད་པའི་རང་ངོ་ལ་ཅི་གནས་སུ་བཞག །ཐུན་ལས་ལྡང་བ་ན་དགེ་བ་བསྔོ་ཞིང་སྣང་གྲགས་རྟོག་ཚོགས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ལམ་དུ་ཁྱེར། དེས་ནི་ཚེ་འདི་ཉིད་ལ་དགོངས་པའི་བཙན་ས་ཟིན་ཏེ་རྩ་བརྒྱུད་བླ་མའི་གདུང་འཚོབ་ནུས་པར་འགྱུར་རོ། །གཉིས་པ་དངོས་གཞི་ལ་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཉམས་མྱོང་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། གནས་ཁང་བྱི་དོར་ཆག་ཆག་གདབ༔ སྐུ་གསུང་ཐུགས་ཀྱི་རྟེན་དང་ནི༔ མཆོད་ཚོགས་ཇི་ལྟར་འབྱོར་པ་བཤམ༔ ཞེས་པས་རྒྱུད་རྣམ་པར་དག་ཅིང་ཡི་དམ་ལྷས་བྱིན་གྱིས་རློབ་པའི་རྟེན་འབྲེལ་དུ། སྒྲུབ་པའི་གནས་ཁང་ཕྱག་དར་གྱིས་གཙང་མར་བྱས་ལ་དྲི་བཟང་སྤོས་ཀྱི་ཆུས་ཆག་ཆག་གདབ། དམིགས་པ་གསལ་བའི་རྟེན་དམ་ཚིག་གི་བྲིས་སྐུ་དང་གཞུང་པོད་གླེགས་བམ་གྱིས་མཚོན་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་བཀྲམ། ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་དག་ཅིང་གཙང་བ་ཅི་འབྱོར་བཤམས་ལ་མཚམས་དམ་པར་བཅད་དོ། །གཉིས་པ་དངོས་གཞི་ནི། ཐུན་བཞིར་ཕྲིན་ལས་གཞུང་བསྲངས་ལ༔ ཞེས་པས། ཐོ་རངས། སྔ་དྲོ། ཕྱི་དྲོ། མུན་རུབ་སྟེ་ཐུན་བཞི་ལ་ཕྲིན་ལས་སྔོན་དངོས་རྗེས་གསུམ་ཚང་བས་གཞུང་བསྲངས་ལ་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐར་ཕྱིན་པར་བྱ་དགོས་ཏེ། འདི་ལ་གཉིས། དམིགས་པའི་གཙོ་བོ་ལྷ་སྐུའི་གསལ་སྣང་བསྒྲུབ་པ་དང་། ཡན་ལག་བཟླས་པས་དངོས་གྲུབ་བསྐུལ་བའོ། །དང་པོ་ལའང་གསུམ། གསལ་བརྟན་དག་གསུམ་དང་སྦྱར་བའི་གསལ་སྣང་བསྒྲུབ་པ། དགོངས་པ་མི་འགྱུར་བའི་གཟེར་གདབ་པ། དེ་ལས་སྐྱེས་པའི་ཉམས་མྱོང་ངོས་བཟུང་བའོ། །དང་པོ་རྣམ་པ་གསལ་བ་ནི། ལྷ་སྐུའི་གསལ་སྣང་བརྟན་པོར་བསྒྲུབ༔ ཏིང་འཛིན་གཟེར་བཏབ་བྱིང་རྒོད་བསལ༔ ཞེས་པས་གསལ་སྣང་བསྒྲུབ་པའི་གཞི་དཀྱིལ་འཁོར་འཁོར་ལོ་བསྒོམ་ཚུལ་ཅུང་ཟད་སྨོས་ན། ཕྲིན་ལས་སྔོན་འགྲོའི་རིམ་པ་སོང་ནས། དངོས་གཞི་དམ་ཚིག་པའི་རྟེན་བརྟེན་པ་བསྐྱེད་པ་ལ་ཐོག་མར། ཕྱི་ནང་གི་ཆོས་ཐམས་ཅད་གདོད་ནས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་འོད་གསལ་སྟོང་པ་ཉིད་དུ་བལྟ་བ་དེ་བཞིན་ཉིད་སྟོང་པ་ཆེན་པོ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཁྱབ་པར་གདལ་བ་ཀུན་སྣང་སྙིང་རྗེ་སྒྱུ་མ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་རིག་པའི་ངོ་བོ་ཧཱུྃ་དམར་པོ་ནམ་མཁའ་ལ་སྐར་ཆེན་ཤར་བ་ལྟར་ལྷག་གིས་གསལ་བ་རྒྱུའི་ས་བོན་ཏེ་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ། ཧཱུྃ་གི་འོད་ཀྱིས་གཟུང་འཛིན་གྱི་མཚན་རྟོག་སྦྱངས། སྟོང་པའི་ངང་ལས། ནམ་མཁའི་དབྱིངས་སུ་རླུང་མེ་ཆུ་ས་སྟེ་འབྱུང་བ་རིམ་བརྩེགས་རིན་ཆེན་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སྣ་ཚོགས་པདྨ་དང་རྡོ་རྗེའི་ལྟེ་བར་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོ་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨའི་གདན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དྲེགས་པའི་གཙོ་བོ་འཇིགས་བྱེད་ནག་པོ་ཁ་སྦུབས་དང་ཨུ་མ་དམར་པོ་གན་རྐྱལ་དུ་བསྒྱེལ་བའི་གདན་ལ་རྒྱུའི་ཧཱུྃ་དམར་པོ་བབས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་འཁོར་ལོ་བདེ་མཆོག་པདྨ་བཛྲ་རྩལ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ལ་འོད་འཚེར་བ། ཁྲོ་སྒེག་རྗེས་སུ་ཆགས་པའི་ཉམས་འགྱུར་ཅན། ཞལ་གཅིག་སྤྱན་གསུམ་གཡོ་བའི་ཚུལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་གནག་སྣུམ་མེ་འོད་འཕྲོ་ཞིང་རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་ནོར་བུ་དང་གཡོན་ངོས་སུ་ཟླ་བ་ཚེས་པས་བརྒྱན་པ། ཞིང་ལྤགས་དང་གླང་ཀོས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་པ། ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་ཅིང་རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ཅན། སྦྲུལ་རིགས་ལྔའི་ཆུན་པོ་དང་རིན་པོ་ཆེ་དང་དབུ་ལ་འཁོར་ལོ་སོགས་རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས་པ། ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོལ་བས་ཡུམ་མནྡཱ་ར་བ་དམར་གསལ་གྲི་ཐོད་བསྣམས་ཤིང་ཕྱག་རྒྱ་ལྔས་བརྒྱན་པ་ལ་འཁྱུད་པ། ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་ཚུལ་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་འགྱིང་བའི་དབུ་གཙུག་ཏུ་རིགས་བདག་བླ་མ་རྡོ་རྗེ་ཆོས་སྔར་སྨོས་པ་ལྟ་བུ་ལ་བརྒྱུད་གསུམ་བླ་མ་རིག་འཛིན་ཚོགས་ཀྱིས་བསྐོར་བ་བཅས་གསལ་ལེགས་པར་གདབ། དེ་ནས་ལུས་དཀྱིལ་བསྒོམ་པ་ནི། འཁོར་ལོ་ལྔ་སོགས་གནས་སོ་སོའི་རྩ་རླུང་ཐིག་ལེའི་དྭངས་མ་རྣམས་ལྷ་དེ་དང་དེ་རུ་གསལ་འདེབས་པ་སྟེ། སྐུའི་གནས་ལྔར་པད་ཟླའི་གདན་ལ་སྤྱི་བོར་བུདྡྷ་ཐོད་ཕྲེང་དཀར་པོ། མགྲིན་པར་པདྨ་ཐོད་ཕྲེང་དམར་པོ། སྙིང་གར་རྡོ་རྗེ་ཐོད་ཕྲེང་མཐིང་ག །ལྟེ་བར་རཏྣ་ཐོད་ཕྲེང་སེར་པོ། གསང་བར་ཀརྨ་ཐོད་ཕྲེང་ལྗང་གུ་རྣམས་ལོངས་སྤྱོད་རྫོགས་པའི་ཆས་ཅན། ཕྱག་གཡས་རྣམས་འཁོར་ལོ་སོགས་རང་རྟགས་དང་། གཡོན་དྲིལ་བུ་བསྣམས་པ། རང་འདྲའི་ཡུམ་ལ་འཁྱུད་ཅིང་རང་འོད་ཀྱི་ཀློང་ན་བཞུགས་པ། སྐུའི་གནས་བརྒྱད་དུ་རིག་འཛིན་ཆེན་པོ་བརྒྱད། དེའང་གནས་ལྔར་ཐོད་ཕྲེང་སྡེ་ལྔའི་ཐུགས་ཀར་བསྒོམ་པ་སྟེ། སྤྱི་བོར་བུདྡྷ་ཐོད་ཕྲེང་རྩལ་གྱི་ཐུགས་ཀར་པད་ཟླའི་གདན་ལ་སྐུ་མཆོག་གཤིན་རྗེའི་གཤེད་དང་དབྱེར་མེད་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན། དེ་བཞིན་དུ་མགྲིན་པར་གསུང་མཆོག་རྟ་མགྲིན་ཀླུ་སྒྲུབ་སྙིང་པོ། ཐུགས་ཀར་ཐུགས་མཆོག་ཡང་དག་ཧཱུྃ་ཀཱ་ར། ལྟེ་བར་ཡོན་ཏན་ཆེ་མཆོག་བི་མ་ལ་མི་ཏྲ། གསང་གནས་སུ་ཕྲིན་ལས་ཕུར་པ་པྲ་བྷ་ཧསྟི། ནོར་བུར་བླ་མེད་མངོན་རྫོགས་དྷ་ན་སཾསྐྲྀཏ། བརླ་གཡས་སུ་དྲེགས་པ་ཀུན་འདུས་རོམ་བུ་གུ་ཧྱ་ཙནྡྲ། བརླ་གཡོན་དུ་སྟོབས་ལྡན་ནག་པོ་ཤཱནྟིཾ་གརྦྷ་སྟེ་དེ་ཐམས་ཅད་ཀྱང་མཐིང་ནག་ཌཱ་རུ་དང་དྲིལ་བུ་འཛིན་ཅིང་རང་འོད་ཀྱི་ཡུམ་ལ་འཁྲིལ་བ་དར་དང་རིན་ཆེན་རུས་པས་བརྒྱན་ཅིང་གར་སྟབས་ཀྱིས་འགྱིང་བ། སྙིང་གའི་ནང་སྐོར་གྱི་ཕྱོགས་བཞིའི་རྩ་འདབ་ལ་རྣལ་འབྱོར་མ་བཞི་སྟེ་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ །ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། གནས་ཉེར་བཞིར་ཡུལ་ཆེན་ཉེར་བཞིའི་དཔའ་བོ་དང་དཔའ་མོ་རྣམས་ཏེ། སྨིན་མཚམས་པུལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། སྤྱི་གཙུག་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་ཨོ་ཌཱི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། རྣ་བ་གཡོན་པ་གོ་ད་བ་རིར་སུ་རཱ་བཱི་ར་དང་དཔའ་བོའི་བློ་ཅན་མ། ལྟག་པ་ཨརྦུ་ཏར་མཆེ་བ་རྣམ་གཙིགས་དང་སྣ་ཆེན་མ། སྨིན་མའི་དབུས་རཱ་མེ་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་བཱི་ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་མལླ་བར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོ་མཁའ་ལ་སྤྱོད་པ། མཆན་ཁུང་གཉིས་ཀཱ་མ་རཱུ་པར་ཨཾ་ཀུ་རི་དང་ཨེ་ར་བ་ཏཱི། ནུ་མ་གཉིས་ཨོ་ཏྲིར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཁ་ཀ་ལིངྒར་རབ་ཏུ་བཟང་པོ་དང་ཤྱ་མ་དེ་བཱི། མགྲིན་པ་ལམྦ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། སྙིང་ག་ཀཉྩི་རར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམ་བར་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་གསུང་གི་གསང་བ་བསམ་མི་ཁྱབ་པའི་ངོ་བོ་ཁ་དོག་དམར་པོ་ས་ལ་སྤྱོད་པ། མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། གཤང་ལམ་གྲྀ་ཧ་དེ་བར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱི། བརླ་གཉིས་སཽ་རཱཥྚར་རྟ་མགྲིན་དང་ཤཽཎྜི་ནཱི། བྱིན་པ་གཉིས་སུ་བརན་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། རྐང་སོར་བརྒྱད་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། །བོལ་གོང་གཉིས་སིནྡྷུ་རར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རྐང་པའི་མཐེ་བོང་གཉིས་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུནྟར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དཀར་པོ་ས་འོག་ཏུ་སྤྱོད་པ། དཔའ་བོ་ཉེར་བཞི་པོ་ཐམས་ཅད་གྲི་གུག་ཐོད་པ་འཛིན་ཅིང་ཆ་ལུགས་ཡབ་ཧེ་རུ་ཀ་དང་མཚུངས་པ། ཡུམ་རྣམས་གཡས་རྡོ་རྗེའི་ཁ་ཊྭཱཾ་ག་དང་གཡོན་དྲིལ་བུ་བསྣམས་ཤིང་ཡུམ་རྣལ་འབྱོར་མ་དང་མཚུངས་པ། ཡན་ལག་བཞི་ལ་སྒོ་མཚམས་མ་བརྒྱད་དེ། ལག་གཡས་སུ་ཁ་གདོང་མ་སྔོན་མོ་དང་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལག་གཡོན་དུ་འུག་གདོང་མ་ལྗང་གུ་དང་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། རྐང་གཡོན་ཁྱི་གདོང་མ་དམར་མོ་དང་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། རྐང་པ་གཡས་སུ་ཕག་གདོང་མ་སེར་མོ་དང་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་ཀ་གྲི་ཐོད་འཛིན་ཅིང་རལ་པ་གྱེན་བརྫེས་སྟག་ཤམ་དང་རུས་པས་བརྒྱན་ཅིང་ཞབས་གར་སྟབས་ཀྱིས་མེ་འོད་ཀློང་ན་འགྱིང་བ། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟ་བུར་བཞུགས་པར་མོས་པ་བཅས་འབྲས་བུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བ་ཡོངས་སུ་རྫོགས་པར་བསྐྱེད། གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་རྒྱས་གདབ། ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས། ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་སྐུར་བས་དབང་རྟགས་སུ་སྣང་བ་མཐའ་ཡས་གཙོ་བོར་གྱུར་པའི་བདེ་གཤེགས་རིགས་ལྔས་དབུར་བརྒྱན་པར་བསམས་ལ་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་བསྟིམ། ཕྱག་དང་མཆོད་པ་འབུལ་ཞིང་བསྟོད་པའི་གླུ་ཡིས་བསྙེན་བཀུར་རོ། །དེ་ནས། ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང༔ ཕུང་ཁམས་སྐྱེ་མཆེད་ཡི་དམ་ལྷ༔ སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟར༔ གསལ་ལ་མ་འདྲེས་རྩེ་གཅིག་བསྒོམ༔ ཨོཾ་པདྨ་བཛྲ་ཧཱུྃ༔ ཞེས་པའི་ཚིག་གིས་གསལ་བཏབ་སྟེ། ཐོག་མར་རང་ཉིད་གཙོ་བོ་ཡབ་ཡུམ་ལ་སེམས་བཟུང་། དེའང་ཐོག་མར་ཆ་ཤས་རེ་རེ་ནས་གསལ་གདབ། གོམས་ནས་ལྷ་སྐུ་ཡོངས་རྫོགས་ལ་བློ་བཞག །མི་གསལ་ན་བྲིས་སྐུ་ལ་ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད་ནས་རང་ལ་སྦྱར། གསལ་སྣང་བརྟན་པོ་སྐྱེས་ན་མེ་ལོང་གི་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་རྣམས་ཀྱི་དཔེས་ལྷ་སྐུ་སྣང་སྟོང་དུ་སྦྱང་། དེ་ལྟ་བུས་གཙོ་བོ་ཡབ་ཡུམ་ལ་གསལ་སྣང་ཐོབ་ཅིང་སེམས་ཟིན་པ་ན་རིམ་གྱིས་ལུས་དཀྱིལ་གྱི་ལྷ་རྣམས་དང་། ཕྱི་རོལ་གཞལ་ཡས་ཁང་། དུར་ཁྲོད། སྲུང་འཁོར་དང་བཅས་པ་ལ་རེ་རེ་ནས་སེམས་བཟུང་སྟེ་གསལ་སྣང་ཐོབ་པར་བྱའོ། །གཉིས་པ་ང་རྒྱལ་བརྟན་པ་ནི། སྐབས་སུ་ང་རྒྱལ་བརྟན་པར་བཟུང༔ ཞེས་པའི་དོན་ཕྲིན་ལས་ལྟར། ཧཱུྃ༔ ང་ནི་པདྨ་བཛྲ་རྩལ༔ བདེ་བ་མཆོག་གི་རང་བཞིན་ཆེ༔ སྐུ་དང་ཡེ་ཤེས་ཡོན་ཏན་དང༔ རྩ་གསུམ་རྒྱ་མཚོའི་བདག་ཉིད་དོ༔ ཨོཾ་པདྨ་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཞེས་པས་གསལ་གདབ་ལ། རང་ཉིད་ཐ་མལ་པ་ནམ་ཡང་མ་ཡིན། གདོད་ནས་རང་བྱུང་གི་བཅོམ་ལྡན་འདས་པདྨ་བཛྲ་དཔལ་འཁོར་ལོ་བདེ་མཆོག་དངོས་ཡིན། དེའི་རྡོ་རྗེའི་སྐུ་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ་དང་བསམ་ལས་འདས་པའི་ཡེ་ཤེས། བྲལ་སྨིན་གྱི་ཡོན་ཏན་ཐམས་ཅད་བདག་ཉིད་ལ་ཡོད་ཅིང་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཉིད་ཡིན་ནོ་སྙམ་དུ་ང་རྒྱལ་བརྟན་པོ་ཐུན་དང་ཐུན་མཚམས་ཀུན་ཏུ་མ་བྲལ་བར་བྱའོ། །གསུམ་པ་རྣམ་དག་དྲན་པ་ནི། རེས་འགའ་དག་པ་རབ་འབྱམས་དྲན༔ ཞེས་པའི་དོན། གཞུང་ཚིག་འདིས་གསལ་གདབ་སྟེ། རིག་པ་རང་བྱུང་གཉུག་མའི་ལྷ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཕྱིར༔ རྣམ་འགྱུར་ཆ་ལུགས་ཅིར་ཡང་སྣང༔ ཞལ་གཅིག་དབྱིངས་ལས་འགྱུར་བ་མེད༔ ཕྱག་གཉིས་ཐབས་དང་ཤེས་རབ་སྟེ༔ སྤྱན་གསུམ་རྣམ་པར་ཐར་པའི་སྒོ༔ མཆེ་གཙིགས་མི་འཇིགས་བདུད་བཞི་འདུལ༔ ལྗགས་འདྲིལ་ཡེ་ཤེས་ཆེན་པོར་སྦྱོར༔ རྡོ་རྗེ་དྲིལ་བུ་བདེ་སྟོང་རྒྱས༔ སྟོང་ཉིད་ཤེས་རབ་ཡུམ་དང་འཁྲིལ༔ ཡུམ་གྱིས་གཟུང་འཛིན་གཅོད་པ་དང༔ ཉོན་མོངས་རང་དག་གྲི་ཐོད་བསྣམས༔ མཁའ་གསང་ཨེ་ཝཾ་མཉམ་པར་སྦྱོར༔ ཞི་ཉམས་ཆོས་ཉིད་སྤྲོས་བྲལ་ལས༔ ཁྲོ་ཚུལ་ལོངས་སྤྱོད་ཆེན་པོར་རྫོགས༔ རྗེས་ཆགས་གདུལ་བྱར་རྩེ་གཅིག་དགོངས༔ སྐུ་དམར་འགྲོ་འདུལ་ཆགས་པའི་ཚུལ༔ ཆེ་བའི་ཡོན་ཏན་རྫོགས་པ་དང༔ ཉོན་མོངས་མ་སྤང་ཞི་ཁྲོའི་ཆས༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཞི་དང་སྲིད་པའི་མཐའ་གཉིས་གནོན༔ ཡེ་ཤེས་མེ་ཡིས་མ་རིག་སྲེག༔ དྲེགས་པ་ཉི་ཟླ་པདྨའི་སྟེང༔ ཁམས་གསུམ་དབང་ཕྱུག་ཆེན་པོར་བཞེངས༔ སྐུ་ལ་རྩ་གསུམ་ཞི་ཁྲོའི་ལྷ༔ ཕུང་ཁམས་སྐྱེ་མཆེད་དག་པར་རྫོགས༔ གཞལ་མེད་ཁང་ཆེན་བྱང་ཆུབ་ཆོས༔ དུར་ཁྲོད་ཚོགས་བརྒྱད་གཟུང་འཛིན་བསྒྲལ༔ རྡོ་རྗེའི་སྲུང་འཁོར་འགྱུར་མེད་དབྱིངས༔ མདོར་ན་གང་དང་ཅིར་སྣང་བ༔ དེ་ཀུན་ལྷ་དང་ཞིང་ཁམས་ཏེ༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་འོ༔ ཨོཾ་པདྨ་བཛྲ་སརྦ་ཛྙཱ་ན་ཀཱ་ཡ་ཨ་ཨ་ཨ༔ ཞེས་པའི་དོན། རང་བྱུང་རིག་པ་ཆོས་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ལ་དབྱིབས་དང་ཁ་དོག་ལ་སོགས་པའི་དངོས་མཚན་དུ་གྲུབ་པ་མེད་ཀྱང་མཚན་མར་འཛིན་པའི་འགྲོ་བ་རྣམས་ཀྱི་ཞེན་རྟོག་སྦྱང་བའི་ཕྱིར་དུ། ཆོས་དབྱིངས་ཉག་གཅིག་གཞན་དུ་མི་འགྱུར་བར་མཚོན་པའི་ཞལ་གཅིག་ཏུ་བསྟན་པ་སོགས་རྡོ་རྗེའི་གསུང་གི་དོན་རེ་རེ་ནས་བསྒོམ་བྱའི་དཀྱིལ་འཁོར་དང་སྦྱར་ཏེ་གྱ་ནོམ་ལྷར་ཞེན་ལས་བློ་ལྡོག །དེ་ལྟར་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཐ་མལ་སྣང་ཞེན་ཀུན་ལ་ལྷ་སྐུ་ཕྱག་རྒྱའི་གཟེར་བཏབ་པས། མཐར་སྣང་སྲིད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་གང་སྣང་ལྷ་སྐུར་འཆར་བ་ལ་བསླབ། དེ་དག་གི་སྐབས་སུ་བསྐྱེད་རིམ་མི་གསལ་བའི་བྱིང་རྨུགས་འཐིབས་གསུམ་བྱུང་ན་ལྟ་སྟངས་ཟས་སྤྱོད་ཁྲུས་སོགས་ཀྱིས་གསེང་། བསྒོམ་བྱ་ལ་བློ་མི་གནས་པའི་རྣམ་རྟོག་འཕྲོ་རྒོད་བྱུང་ན་དྲན་ཤེས་ཐག་པས་བཟུང་ལ་གཉེན་པོ་བརྟེན་པ་སོགས་སྤྱི་ལྟར་བཅོས་ཤིང་སྐྱོན་བསལ་ལ་སྐྱོན་མེད་ཀྱི་བསམ་གཏན་བསྒྲུབ་པར་བྱའོ། །གཉིས་པ་དགོངས་པ་མི་འགྱུར་བའི་གཟེར་གདབ་པ་ནི། ཀུན་ཀྱང་དགོངས་པ་མི་འགྱུར་བའི༔ སེམས་དང་ལྷ་སྐུ་རོ་མཉམ་གཞག༔ ཅེས་པས། བསྐྱེད་རིམ་སྒོམ་པའི་ཚུལ་དེ་ཀུན་ཀྱང་དངོས་པོ་རང་མཚན་ཅན་དུ་མི་བལྟ་བར་དགོངས་པ་མི་འགྱུར་བའི་གཟེར་གྱིས་རྣམ་པ་ཀུན་ཏུ་གདབ་དགོས་ཏེ། སྒོམ་མཁན་རང་གི་སེམས། སེམས་ཀྱི་ངོ་བོ་སྟོང་པ་ཉིད། སྟོང་པའི་རང་རྩལ་ལྷ་སྐུར་ཤར་བ་ཡིན་པས་སེམས་སྟོང་པ་དང་ལྷ་སྐུར་སྣང་བ་གཉིས་ཐ་དད་མེད་པར་སྣང་སྟོང་ཟུང་འཇུག་ཆེན་པོར་རོ་མཉམ་པར་གཞག་པ་ནི་ཐམས་ཅད་དུ་རྒྱས་འདེབས་བྱེད་ཀྱི་གནད་གལ་པོ་ཆེ་ཉིད་དོ། །གསུམ་པ་དེ་ལས་སྐྱེས་པའི་ཉམས་མྱོང་ངོས་གཟུང་བ་ནི། དེ་ལྟར་ཡང་ཡང་གོམས་པ་ལས༔ ཐ་མལ་སྣང་ཞེན་འགོག་ནུས་པའི༔ ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར༔ ཞེས་པ་སྟེ། ཇི་སྐད་བཤད་པ་གསལ་བརྟན་དག་གསུམ་རྒྱས་འདེབས་དང་བཅས་པའི་ཏིང་ངེ་འཛིན་དེ་ལྟ་བུ་ལ་ཡང་དང་ཡང་དུ་གོམས་པར་བྱས་པ་ལས་གསལ་སྣང་རིམ་པར་ཐོབ་སྟེ། སྣོད་བཅུད་ཐ་མལ་གྱི་དངོས་པོར་སྣང་ཞིང་དེར་འཛིན་གྱི་ཞེན་རྟོག་དང་བཅས་པ། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་སྐུ་ཕྱག་རྒྱའི་རྣམ་པར་འགོག་ནུས་པའི་སྣང་སྟོང་སྒྱུ་མ་ལྟ་བུའི་ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར་རོ། །གཉིས་པ་ཡན་ལག་བཟླས་པས་དངོས་གྲུབ་བསྐུལ་བ་ནི། ཡན་ལག་དངོས་གྲུབ་མྱུར་བའི་ཕྱིར༔ བཀོད་པའི་བཟླས་པར་སེམས་བཟུང་ཞིང༔ འཁོར་བའི་བཟླས་པས་བདེ་ཆེན་བརྟན༔ ཕོ་ཉ་ལྟ་བུར་སྤྲོ་བ་དང༔ བུང་བ་ཚང་ཞིག་ལྟ་བུ་ཡིས༔ དངོས་གྲུབ་བསྒྲུབ་ཅིང་ལས་ལ་སྦྱར༔ ཞེས་གསུངས་ཏེ། ཇི་སྐད་དུ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་གི་ཤུགས་ཀྱིས་བསྐུལ། །ཅེས་འབྱུང་བ་ལྟར་བསྐྱེད་པའི་ཏིང་ངེ་འཛིན་གྱི་ཡན་ལག་ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྒྲུབ་པའི་ཕྱིར་དུ་སྙིང་པོ་སྔགས་ཀྱི་གཟེར་དང་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ལ་བརྟེན་ནས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་པའི་རིམ་པ་ལ་འཇུག་པར་བྱ་སྟེ། དེའང་ཐོག་མར་བཀོད་པའི་བཟླས་པ་ནི། རང་གི་ཐུགས་ཀར་རྡོ་རྗེ་ཐོད་ཕྲེང་དང་ཧཱུྃ་ཆེན་ཀཱ་རར་གསལ་བའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་ཐུགས་སྲོག་ཧཱུྃ་ཡིག་དམར་པོ་བྱེ་རུའི་མདངས་ཅན་མེ་འོད་འཕྲོ་བ། དེའི་མཐའ་སྐོར་དུ་རྡོ་རྗེའི་སྙིང་པོ་འབྲུ་དྲུག་པའི་སྔགས་ཕྲེང་གཡས་སྐོར་དུ་འཁོད་པ་དྭངས་ཤིང་གསལ་ལ་འོད་ཟེར་འབར་བ་དམིགས། དེ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་རྣམ་རྟོག་གཞན་དུ་མི་འཕྲོ་བར་གནས་པ་ནི་བསྙེན་པ་དང་། འཁོར་བའི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་གཉིས་པ་གཅིག་རྗེས་གཅིག་མཐུད་དུ་འཕྲོས། ནང་ལུས་དཀྱིལ་དང་ཕྱི་སྟོང་རར་བཅས་པའི་ཡབ་ཡུམ་གྱི་ཞལ་དང་གསང་བ་ནས་བརྒྱུད་དེ་ཐུགས་སྲོག་ལ་ཐིམ་པ་སོགས་མགལ་མེ་ལྟར་བར་མ་ཆད་དུ་འཁོར་བའི་འོད་ཟེར་དང་བདེ་བ་ཆེན་པོའི་གཟི་བྱིན་གྱིས་ཟག་པ་མེད་པའི་བདེ་བ་རབ་ཏུ་འབར་ཞིང་དངོས་གྲུབ་ཀྱི་ཡེ་ཤེས་འཕེལ་ཞིང་བརྟན་པར་གྱུར་པར་བསམས་ལ་བཟླ་བ་ནི་ཡེ་ཤེས་ལྷ་དང་ཉེ་བར་བསྙེན་པའོ། །སྤྲོ་བསྡུའི་བཟླས་པ་ནི། ཐུགས་སྲོག་ས་བོན་གྱི་མཐར་སྒྲུབ་པའི་གསང་སྔགས་ཡིག་འབྲུ་ཉེར་གཅིག་པས་བསྐོར་བ་གསལ་གདབ། བཟླས་པ་ཙམ་གྱིས་ཐུགས་རྒྱུད་བསྐུལ། དེ་ལས་བདེ་བ་ཆེན་པོའི་རང་བཞིན་གྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ལུས་དཀྱིལ་གྱི་ལྷ་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཐམས་ཅད་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་རྒྱལ་པོས་ཕོ་ཉ་མངག་པ་ལྟ་བུར་སྤྲོས། ནམ་མཁའ་ཁྱབ་པར་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཁྱེན་བརྩེ་ནུས་པའི་དྭངས་བཅུད་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བྱོན་ནས་རང་ལ་ཐིམ་པར་བསམས་ལ་བཟླས་པ་ནི་སྒྲུབ་པ་དང་། བུང་བ་ཚང་ཞིག་ལྟ་བུའི་བཟླས་པ་ནི། སླར་ཡང་འོད་ཟེར་འཕྲོས་པས་སྣང་ཡུལ་ཐམས་ཅད་ལྷ་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུ། སྒྲ་གྲགས་ཐམས་ཅད་རང་བྱུང་རྡོ་རྗེའི་སྒྲ་དབྱངས། དྲན་རྟོག་ཐམས་ཅད་རང་གྲོལ་ཕྱག་རྒྱ་ཆེན་པོ་སྟེ་དག་རྫོགས་སྨིན་པའི་འཁོར་ལོར་འབྱམས་ཀླས་པར་བསམས་ལ་སྒྲུབ་སྔགས་བཟླ་བ་ནི་དངོས་གྲུབ་སྒྲུབ་པའོ། །དེ་ལྟར་བྱས་ནས་ལས་ལ་སྦྱར་བའི་ཆེད་དུ། གནས་ལྔའི་ཐོད་ཕྲེང་རིགས་ལྔའི་ཐུགས་ཀར་སོ་སོའི་ཐུགས་སྲོག་ཨོཾ་ཧྲཱིཿཧཱུྃ་ཏྲཱཾ་ཧཱ་རང་མདོག་ཅན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་གདབ། བཟླས་པས་ཐུགས་རྒྱུད་བསྐུལ་ཏེ་སྤྱི་བོའི་བུདྡྷ་ཐོད་ཕྲེང་གི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ནམ་མཁའ་གང་བར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་སངས་ཀྱིས་དག་སྟེ་ཞི་བའི་ཕྲིན་ལས་མ་ལུས་པ་ལྷུན་གྱིས་གྲུབ་པར་བསམས་ལ་རང་སྔགས་བཟླ། དེས་འགྲེས་ཏེ། ལྟེ་བའི་རཏྣ་ཐོད་ཕྲེང་གི་འོད་ཟེར་སེར་པོས་རྒྱས་པའི་ལས་དང་། མགྲིན་པའི་པདྨ་ཐོད་ཕྲེང་གི་འོད་ཟེར་དམར་པོས་དབང་གི་ལས་དང་། ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་གི་འོད་ཟེར་སྔོན་པོས་དྲག་པོའི་ལས་དང་། གསང་གནས་ཀརྨ་ཐོད་ཕྲེང་གི་འོད་ཟེར་གྱིས་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམས་ལ་སོ་སོའི་སྔགས་བཟླའོ། །དེ་ལ་དུས་དང་རྟགས་ཀྱི་ཚད་ནི་གཞན་དང་མཐུན། གྲངས་ཚད་བསྙེན་པ་འབུམ་ཕྲག་བདུན། སྒྲུབ་པ་འབུམ་ཕྲག་བཞི། ལས་སྦྱོར་ཁྲི་ཕྲག་བཞི་རེས་འགྲུབ་པར་གསུངས་སོ། །གསུམ་པ་རྗེས་ཉམས་མྱོང་ཇི་ལྟར་འཆར་བ་ནི། སྣང་གྲགས་རྟོག་པའི་རྙོག་མ་ཀུན༔ རྡོ་རྗེ་གསུམ་དུ་རང་ཤར་ན༔ བུམ་དབང་ལམ་ཁྱེར་བསྐྱེད་པའི་རིམ༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ ཞེས་གསུངས་ཏེ། ཐོག་མེད་ནས་གོམས་པའི་གཟུང་འཛིན་གྱི་འཁྲུལ་པས་སྣང་གྲགས་རྟོག་གསུམ་ཐ་མལ་དུ་འཛིན་པའི་ཞེན་རྟོག་གི་རྙོག་མ་ཐམས་ཅད་བསྐྱེད་དང་བཟླས་པའི་རྣལ་འབྱོར་སྟོབས་ཀྱིས་དབྱིངས་སུ་དེངས་ཏེ་སྣང་བ་ལྷའི་འཁོར་ལོ། གྲགས་པ་སྔགས་ཀྱི་རང་སྒྲ །དྲན་རྟོག་ཕྱག་རྒྱ་ཆེན་པོ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འབད་རྩོལ་མེད་པར་ཤར་བ་ན། དང་པོ་བུམ་པའི་དབང་གི་ཡེ་ཤེས་ལམ་དུ་ཁྱེར་ནུས་ཤིང་བསྐྱེད་རིམ་ལ་བརྟན་ཐོབ་རྩལ་རྫོགས་གོམས་པ་མཐར་ཕྱིན་ཏུ་གྱུར་པ་ཡིན་ནོ། །གཉིས་པ་བརྟེན་པ་རྫོགས་པའི་རིམ་པ་ལ་གསུམ། སྔ་ཕྱིའི་མཚམས་སྦྱར་བ། གོ་དོན་གྱི་འབྲེལ་དགོད་པ། བསྒོམ་དོན་དམིགས་པའི་གནད་སོ་སོར་བཤད་པའོ། །དང་པོ་ནི། དེ་ལྟར་བསྐྱེད་རིམ་རྟེན་བྱས་ནས༔ བརྟེན་པ་བདེ་སྟོང་ལྷན་སྐྱེས་ཀྱི༔ ཡེ་ཤེས་རྒྱུད་ལ་འཆར་བའི་ཕྱིར༔ མན་ངག་རྫོགས་པའི་རིམ་པ་ནི༔ ཞེས་གསུངས་ཏེ། ཇི་སྐད་བཤད་པ་དེ་ལྟ་བུའི་བསྐྱེད་རིམ་ཉིད་ཀྱིས་རྟེན་བྱས་ནས། དེ་ལ་བརྟེན་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འཆར་བའི་ཕྱིར་དུ་ཟབ་མོའི་མན་ངག་རྫོགས་པའི་རིམ་པ་རྣམས་རིམ་བཞིན་བསྟན་པར་བྱའོ། །ཞེས་སོ། གཉིས་པ་གོ་དོན་གྱི་འབྲེལ་དགོད་པ་ནི། བདག་བྱིན་བརླབ་ཀྱི་ཏིང་འཛིན་གྱིས༔ ཡིད་ཀྱི་རྣམ་རྟོག་དག་པར་བྱེད༔ སྣ་ཚོགས་རྡོ་རྗེའི་རྣལ་འབྱོར་གྱིས༔ རླུང་གི་རྒྱུ་བ་དབུ་མར་བཅད༔ ཛཱ་ལནྡྷ་རའི་འབར་འཛག་གིས༔ རྩ་ཁམས་ཤིན་སྦྱངས་བདེ་བས་ཁྱབ༔ ནོར་བུ་འགེངས་པ་ལ་བརྟེན་ནས༔ བདེ་ཆེན་དཔེ་ཡི་ཡེ་ཤེས་དྲངས༔ མཐར་ཐུག་བསམ་མི་ཁྱབ་པ་ཡིས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ ཅེས་པ་སྟེ། རིམ་པ་དང་པོ་བདག་བྱིན་རླབས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཡིད་ཀྱི་རྣམ་ཤེས་ཡུལ་ལ་འཇུག་པའི་རྣམ་རྟོག་དག་པར་བྱེད། གཉིས་པ་སྣ་ཚོགས་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་ནས་སྲོག་རྩོལ་རླུང་གི་རྒྱུ་བ་དབུ་མའི་དབྱིངས་སུ་བཅད། གསུམ་པ་ཛཱ་ལནྡྷ་རའི་འབར་འཛག་ལ་བརྟེན་ནས་རྩ་ཁམས་ཀྱི་མདུད་པ་གྲོལ་ཞིང་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱབ། བཞི་པ་ནོར་བུ་འགེངས་པ་ལ་བརྟེན་ནས་རྒྱུའི་ཐིག་ལེ་ལ་རང་དབང་ཐོབ་ནས་བདེ་ཆེན་དཔེའི་ཡེ་ཤེས་རྒྱུད་ལ་དྲང་། ལྔ་པ་རིམ་པ་ཀུན་གྱི་མཐར་ཐུག་བསམ་མི་ཁྱབ་པའི་རྣལ་འབྱོར་གྱི་དོན་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ནས་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པར་བྱའོ། །དེའང་དྲིལ་བུ་རིམ་ལྔའི་གཞུང་ཡོངས་གྲགས་ལས། ནོར་བུ་འགེངས་པ་གསུམ་པ། ཛཱ་ལནྡྷ་ར་བཞི་པར་བཞག་ཀྱང་འདིར་དེ་གཉིས་གོ་ལྡོག་པའི་རྒྱུ་མཚན་མཆོག་དབང་གསུམ་གྱི་ལམ་འབྲེལ་བསྒྲིགས་ནས་རིམ་གྱིས་འཁྲིད་པའི་དབང་དུ་བཏང་། གྲུབ་ཆེན་གྱི་གཞུང་དུ་རིམ་པ་རེ་རེ་བཞིན་གྱིས་མཐར་ཐུག་གི་འབྲས་བུ་འགྲུབ་པར་གསུངས་པས་དབང་པོ་རྣོ་འབྲིང་བརྟུལ་པོའི་ངོ་སྐལ། གཅིག་ཅར། ཐོད་རྒལ། རིམ་གྱིས་པ་གསུམ་དུ་འགྱུར་བ་ཡིན་པས་རིམ་གྱིས་པ་དང་འདི་གཉིས་གཅིག་གོ །གསུམ་པ་སྒོམ་དོན་དམིགས་པའི་གནད་ལ་རིམ་པ་ལྔ། བདག་བྱིན་རླབས། སྣ་ཚོགས་རྡོ་རྗེ། ཛཱ་ལནྡྷ་ར། ནོར་བུ་འགེངས་པ། བསམ་མི་ཁྱབ་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། མཚན་མེད་ཀྱི་རྣལ་འབྱོར། མཚན་བཅས་ཀྱི་རྣལ་འབྱོར། དེ་ལས་ཉམས་མྱོང་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། དེ་ལ་རིམ་པ་དང་པོ་ནི༔ དབང་པོ་རྣོན་པོའི་རྣལ་འབྱོར་པས༔ བདེ་བའི་སྟན་ལ་ལུས་གནད་བསྲང༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཏེ༔ བླ་མའི་ཐུགས་དང་རང་གི་སེམས༔ དབྱེར་མེད་མ་བཅོས་གཉུག་མའི་ངང༔ ཚོགས་དྲུག་སྣང་བ་གང་ཤར་ཡང༔ སྤང་བླང་བསལ་བཞག་ལས་འདས་པའི༔ རྣམ་པར་མི་རྟོག་ངང་མདངས་བསྐྱང༔ ཞེས་པ་སྟེ། རྫོགས་པའི་རིམ་པ་ལྔར་བཤད་པ་དེ་ལས་རིམ་པ་དང་པོ་བདག་བྱིན་རླབས་ཀྱི་ཏིང་ངེ་འཛིན་ནི། སྔོན་སྦྱངས་ཅན་གྱི་གང་ཟག་དབང་པོ་རྣོན་པོའི་རྣལ་འབྱོར་པ་རྣམས་ཀྱིས། སྦྱོར་བ་བདེ་བའི་སྟན་ལ་འདུག་ཅིང་ལུས་གནད་སྤྱི་མཐུན་བསྲང་། སྐྱབས་སེམས་བླ་མའི་རྣལ་འབྱོར་སོགས་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཏེ། དངོས་གཞི་བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་བསྲེས་ལ་བཟོ་བཅོས་ཀྱིས་མ་བསླད་པར་རང་བབ་གཉུག་མ་ཁྱབ་གདལ་ཆེན་པོའི་ངང་དུ་བཞག །དེའི་ཚེ་མིག་གི་ཡུལ་དུ་གཟུགས་སོགས་ཚོགས་དྲུག་གི་སྣང་བ་སྣ་ཚོགས་གང་ཤར་ཡང་དགའ་དང་མི་དགའ་ལྟ་བའི་ཆགས་སྡང་གི་རྟོག་པ་སྐད་ཅིག་ཀྱང་མ་ཞུགས་པས་མཚོན་སྤང་བླང་དང་བསལ་བཞག་གི་དགག་སྒྲུབ་ཐམས་ཅད་ལས་འདས་པའི་རྣམ་པར་མི་རྟོག་པ་ཆོས་ཉིད་ཀྱི་ངང་མདངས་བསྐྱང་བར་བྱའོ། །གཉིས་པ་མཚན་བཅས་ཀྱི་རྣལ་འབྱོར་ནི། དབང་པོ་འབྲིང་དང་རྟུལ་པོ་དག༔ དེ་ཡིས་གནས་སུ་མ་བཏུབ་ན༔ རང་ཉིད་པདྨ་བཛྲ་ཡབ༔ དྭངས་གསལ་རྙོག་མེད་ཐུགས་ཀ་རུ༔ ཟླ་བའི་གདན་ལ་ཨཾ་དམར་སྐྱ༔ མི་ཤིགས་ཐིག་ལེས་མཚན་པར་བསྒོམ༔ སྟོང་གསལ་ཟུང་འཇུག་ཏི་ལ་ཀར༔ རྩེ་གཅིག་སེམས་གཏད་ཡེངས་མེད་འཇོག༔ དབང་ཤེས་ཡུལ་ལ་འཕོ་བ་ན༔ མིག་ཏུ་རྣམ་ཤེས་རྒྱུ་བའི་ཚེ༔ གནས་དེར་ཐིག་ལེ་དཀར་པོར་གསལ༔ དེ་བཞིན་རྣ་བར་ཐིག་ལེ་ནག༔ སྣར་སེར་ལྕེ་ཡི་འདོམས་རྩར་དམར༔ རྡོ་རྗེའི་བུ་གར་ལྗང་གུར་བསྒོམ༔ དེ་ལ་སེམས་བཟུང་རྟོག་མེད་འཇོག༔ མཐར་ནི་ཚོགས་དྲུག་དབང་ཤེས་ཡུལ༔ དབྱེར་མེད་རྩོལ་བྲལ་ངང་དུ་ཀློད༔ བུམ་པ་ཅན་གྱི་སྦྱོར་བ་ཡིས༔ རླུང་སེམས་ཐིག་ལེར་བརྟན་པར་བཅིང༔ ཞེས་པ་སྟེ། གང་ཟག་དབང་པོ་འབྲིང་དུ་གྱུར་པ་དང་བརྟུལ་པོ་རྣམས་མཚན་མེད་ཀྱི་ཏིང་ངེ་འཛིན་དེ་ཡིས་སེམས་ཇི་བཞིན་གནས་སུ་མ་བཏུབ་ན་མཚན་བཅས་ཀྱི་རྣལ་འབྱོར་བསྒོམས་ལ་སེམས་འཛིན་པར་བྱ་སྟེ། སྔོན་འགྲོ་གོང་བཞིན་སོང་ནས། རང་ཉིད་པདྨ་བཛྲ་ཡབ་རྐྱང་གི་སྐུ་དྭངས་གསལ་རྙོག་པ་མེད་པར་གསལ་བའི་ཐུགས་ཀར་ཟླ་བའི་གདན་ལ་ཡི་གེ་ཨཾ་དམར་སྐྱའི་ཁོག་པར་མི་ཤིགས་པའི་ཐིག་ལེ་དམར་སྐྱ་ཡུངས་འབྲུ་ཙམ་གྱིས་མཚན་པར་བསྒོམས་ལ་སྟོང་གསལ་དབྱེར་མེད་ཟུང་དུ་འཇུག་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ཡེངས་པ་མེད་པར་ཅི་གནས་སུ་འཇོག །ཐུན་རེ་རེ་བཞིན་གསལ་འདེབས་དང་སེམས་འཛིན་སྤེལ་ནས་གནས་པ་ལ་བརྟན་པ་ཐོབ་པར་བྱའོ། །འདི་སྐབས་དྲིལ་བུ་རིམ་ལྔའི་ཁྲིད་ཕལ་ཆེར་དུ་ཐིག་ལེ་དམར་སྐྱ་སྒོམ་པ་ཙམ་ལས་མ་གསུངས་ཀྱང་འདིར་སྲོག་མི་ཤིགས་པའི་ཐིག་ལེ་མཚོན་བྱེད་ཀྱི་རྟེན་ཨཾ་དམར་སྐྱའི་ཁོག་པར་མཚོན་བྱ་བརྟེན་པ་ཐིག་ལེ་དམར་སྐྱའི་རྣམ་པར་བསྒོམས་པས་རླུང་སེམས་གཉིས་ཀ་འཆིང་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་གསུངས། དེ་ནས་དབང་པོ་སྒོ་ལྔའི་ཤེས་པ་ཡུལ་སོ་སོ་ལ་འཕོ་ཞིང་རྒྱུ་བ་དང་སྦྱར་ཏེ་བསྒོམ་པ་ནི། ཡུལ་གཟུགས་ལ་བརྟེན་ནས་མིག་ཏུ་རྣམ་པར་ཤེས་པ་རྒྱུ་བའི་ཚེ་མིག་གི་གནས་སུ་རེ་ཞིག་ཐིག་ལེ་དཀར་པོ་ཞིག་གསལ་བཏབ་ལ་སེམས་ཅི་གནས་སུ་བཟུང་ཞིང་མཐར་རྟོག་མེད་ཀྱི་ངང་དུ་འཇོག །དེ་བཞིན་དུ། རྣ་བར་རྣམ་ཤེས་རྒྱུ་བ་ན་རྣ་བ་གཉིས་སུ་ཐིག་ལེ་ནག་པོ། སྣ་གཉིས་སུ་རྣམ་ཤེས་རྒྱུ་བ་ན་སྣ་བུག་གཉིས་སུ་ཐིག་ལེ་སེར་པོ། ལྕེ་ལ་རྣམ་ཤེས་རྒྱུ་བའི་ཚེ་ལྕེའི་འདོམ་རྩར་ཐིག་ལེ་དམར་པོ། གསང་གནས་སུ་རྣམ་ཤེས་རྒྱུ་བའི་ཚེ་རྡོ་རྗེའི་བུ་གར་ཐིག་ལེ་ལྗང་གུ་བསྒོམས་ཏེ་དེ་དག་ལ་སེམས་བཟུང་ཞིང་རྟོག་མེད་དུ་འཇོག་པ་སྔར་ལྟར་བྱ། གང་གི་ཚེ་ནའང་མཐར་ཚོགས་དྲུག་གི་དབང་པོ་རྣམ་ཤེས་ཡུལ་སྣང་གསུམ་ཀའང་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་གདོད་ནས་དབྱེར་མེད་དུ་ཤེས་པས་རྩོལ་བྲལ་གྱི་ངང་དུ་ཀློད་ལ་བཞག །རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་དུ་བཟུང་ལ་རླུང་སེམས་ཀྱི་འཕོ་བ་མཐའ་དག་མི་ཤིགས་པའི་ཐིག་ལེའི་དབྱིངས་སུ་བརྟན་ཅིང་འགྱུར་བ་མེད་པར་བཅིང་ངོ་། །གསུམ་པ་དེ་ལས་ཉམས་མྱོང་ཇི་ལྟར་འཆར་ཚུལ་ནི། དེ་ལྟར་རྩེ་གཅིག་གོམས་པ་ལས༔ ཡིད་ཀྱི་གཟུང་འཛིན་རྟོག་ཚོགས་ཞི༔ མངོན་པར་ཤེས་པ་དྲུག་ཐོབ་ཅིང༔ སྣང་རིག་སྟོང་པ་ཟུང་འཇུག་པའི༔ ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར༔ ཞེས་པ་སྟེ། དེ་ལྟར་བདག་བྱིན་རླབས་ཀྱི་རིམ་པ་དབང་པོ་དང་མཐུན་པར་རྩེ་གཅིག་ཏུ་བསྒོམས་ཤིང་བརྟན་པར་གྱུར་པ་ལས། ཡིད་ཀྱི་རྣམ་པར་ཤེས་པ་གཟུང་འཛིན་གཉིས་སུ་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་འཇམ་ཉལ་གྱིས་ཞི། མིག་གི་མངོན་ཤེས་རྩོལ་མེད་དུ་འཆར་བ་སོགས་དབང་པོའི་མངོན་པར་ཤེས་པ་དྲུག་ཐོབ་ཅིང་། ཕྱིའི་སྣང་བ་དང་ནང་གི་རིག་པ་གཉིས་པོ་སྟོང་པ་ཉིད་ཀྱི་ངང་དུ་རོ་མཉམ་ཟུང་དུ་འཇུག་པའི་ཡེ་ཤེས་ཆེན་པོ་རྒྱུད་ལ་འཆར་བར་འགྱུར་རོ། །གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་བཞི། རྩ་བའི་དམིགས་པ། ཡན་ལག་གི་དམིགས་པ། དེ་ལས་ཉམས་མྱོང་ཇི་ལྟར་འཆར་བའི་ཚུལ། བོགས་འབྱིན་གྱི་ཏིང་ངེ་འཛིན་འབྲས་བུ་ཇི་ལྟར་འཆར་བ་དང་བཅས་པའོ། །དང་པོ་ལ་གཉིས། སྦྱོར་བ་དང་དངོས་གཞིའོ། །དང་པོ་ནི། རིམ་པ་གཉིས་པའི་རྣལ་འབྱོར་ནི༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ དྷཱུ་ཏཱི་འོད་ཀྱི་རང་བཞིན་བསྒོམ༔ སྲོག་རྩོལ་ཁ་སྦྱར་དྲག་ཏུ་གཅུན༔ ཞེས་པ་སྟེ། རིམ་པ་གཉིས་པ་སྣ་ཚོགས་རྡོ་རྗེའི་རྣལ་འབྱོར་ནི། རྩ་བའི་དམིགས་པ་སྦྱོར་བ་བདེ་བའི་སྟན་ལ་ལུས་གནད་ལེགས་པར་བསྲང། རླུང་རོ་ལན་གསུམ་བསལ། རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་སུ་རྩ་ཨ་བ་དྷཱུ་ཏཱི་ཕྱི་དཀར་ལ་ནང་དམར་བ་འོད་ཀྱི་རང་བཞིན་ཅན་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ་བསྒོམ། སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བཟུང་ལ་སྲོག་རྩོལ་ཁ་སྦྱར་ཏེ་དབུ་མའི་ནང་དུ་སེམས་གཏད་ལ་རླུང་དྲག་ཏུ་གཅུན་ནོ། །གཉིས་པ་དངོས་གཞི། དབུ་མའི་ཡས་སྣ་སྤྱི་བོའི་སྟེང༔ སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང༔ དེ་ནང་ཨ་ལས་ཆོས་འབྱུང་དང༔ ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཟླ་སྟེང་ཧཱུྃ་ཡིག་ནི༔ དཀར་དམར་མདངས་ཅན་དེ་ཉིད་དང༔ མཐར་ནི་ཧཱུྃ་གི་ཐིག་ལེ་ལ༔ རྩེ་གཅིག་སེམས་བཟུང་མཉམ་པར་གཞག༔ དེ་ལས་རླུང་སེམས་གཡོ་བ་ན༔ ཧཱུྃ་གི་ཐིག་ལེའི་འོད་ཟེར་དང༔ རླུང་ཉིད་དྷཱུ་ཏཱིའི་ནང་དུ་སོན༔ བདེ་བའི་ཡེ་ཤེས་སྐྱེས་པར་བསྒོམ༔ དེ་བཞིན་གསང་བའི་གནས་སུ་ཡང༔ སྣ་ཚོགས་རྡོ་རྗེ་ཆོས་འབྱུང་སོགས༔ བསྒོམ་དང་སེམས་འཛིན་སྔར་ལྟར་བྱ༔ ཞེས་པས། དངོས་གཞིའི་དམིགས་པ་ནི། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་སྟེ། སྟོང་ར་དབུ་མ་དང་བཅས་པའི་ཡས་སྣ་སྤྱི་བོའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཕྱོགས་བཞིའི་རྭ་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། དབུས་མཐིང་གའི་ལྟེ་བ་སྦྲུབས་སྟོང་དུ་གནས་པའི་ནང་དུ་ཆོས་འབྱུང་གྲུ་གསུམ་དམར་སྐྱ །དེའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དམར་སྐྱ་ཉལ་ཐབས་སུ་གནས་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་ལ་དམར་བའི་མདངས་ཅན་གསལ་བཏབ་པ་དེ་ཉིད་ལ་སེམས་ཅི་གནས་སུ་བཟུང་། མཐར་ཧཱུྃ་གི་ཐིག་ལེ་ཁོ་ནར་རྩེ་གཅིག་ཏུ་སེམས་བཟུང་ལ་མཉམ་པར་གཞག །དེ་ལས་རླུང་སེམས་གཡོ་ཞིང་མི་གནས་པར་གྱུར་པའི་ཚེ་ན་ཧཱུྃ་གི་ཐིག་ལེ་ལས་བྱུང་བའི་འོད་ཟེར་དང་རླུང་གི་རྒྱུ་བ་གཉིས་ཀ་དྷཱུ་ཏཱིའི་ནང་དུ་སོན་ཏེ་བདེ་བའི་ཡེ་ཤེས་ཚད་དུ་སྐྱེས་པར་བསམས་ལ་བུམ་པ་ཅན་དྲག་ཏུ་བཟུང་བ་ནི་འགྲེའོ། །དེ་བཞིན་དུ་དབུ་མའི་མར་སྣ་གསང་བའི་གནས་སུ་ཡང་སྣ་ཚོགས་རྡོ་རྗེ་ཆོས་འབྱུང་ནང་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཟླ་སྟེང་ཧཱུྃ་ཡིག་བཅས་གསལ་བ་དང་། མཐར་ཧཱུྃ་གི་ཐིག་ལེ་ལ་སེམས་བཟུང་ཞིང་མཉམ་པར་འཇོག་པ་སྔར་ལྟར་བྱའོ། །གཉིས་པ་ཡན་ལག་གི་དམིགས་པས་བོགས་དབྱུང་བ་ནི། དབང་ཤེས་ཡུལ་ལ་འཇུག་པའི་ཚེ༔ དེ་དང་དེ་རུ་སྤྲོས་ཏེ་བསྒོམ༔ ཞེས་པ་སྟེ་དབང་པོ་ལ་བརྟེན་ཏེ་རྣམ་པར་ཤེས་པ་རང་རང་གི་ཡུལ་ལ་འཇུག་པར་གྱུར་པའི་ཚེ་གང་དུ་འཇུག་པ་དེ་དང་དེ་རུ་སྤྲོས་ཏེ་བསྒོམ་པར་བྱ་དགོས་པས། དཔེར་ན་མིག་ཤེས་གཟུགས་ལ་འཇུག་པ་ན་མིག་འབྲས་གཉིས་ཀྱི་དབུས་སུ་སྣ་ཚོགས་རྡོ་རྗེ་སོགས་སྔར་ལྟར་བསྒོམས་ལ་སེམས་བཟུང་། དེས་འགྲེས་ཏེ་རྣ་བའི་བུ་ག་གཉིས། སྣའི་འདོམ་སོ། ལྕེའི་རྩ་བ། རྟགས་ཀྱི་རྩེ་མོ་རྣམས་སུ་སྤྲོས་ཏེ་བསྒོམས་ལ་རླུང་སེམས་གཅུན་ནོ། གསུམ་པ་དེ་ལས་ཉམས་མྱོང་ཇི་ལྟར་འཆར་ཚུལ་ནི། འབད་པས་ཉམས་སུ་བླངས་པ་ལས༔ རླུང་སེམས་ཟིན་པའི་ཕྱི་རྟགས་སུ༔ དུ་བ་ལ་སོགས་ཉམས་འཆར་ཞིང༔ ནང་དུ་རྟགས་ཅན་འོད་གསལ་གྱི༔ ཡེ་ཤེས་རྒྱུད་ལ་མྱོང་བར་འགྱུར༔ ཞེས་པ་སྟེ། དེ་ལྟར་ཐུན་བཞི་ལ་སོགས་པར་འབད་པས་ཉམས་སུ་བླངས་པར་བྱས་པ་ལས་དབུ་མར་རླུང་སེམས་ཟིན་པའི་ཕྱི་རྟགས་སུ་དུ་བ་དང་མེ་ཁྱེར་ལ་སོགས་པ་དབང་པོའི་ཡུལ་དུ་སྣང་བའི་ཉམས་བརྟན་པོར་འཆར་ཞིང་། ནང་དུ་རྟགས་ཅན་འོད་གསལ་ནམ་མཁའ་ལྟ་བུའི་ཡེ་ཤེས་སེམས་ཀྱི་རྒྱུད་ལ་མྱོང་བར་འགྱུར་རོ། །བཞི་པ་བོགས་འབྱིན་གྱི་ཏིང་འཛིན་འབྲས་བུ་ཇི་ལྟར་འཆར་བ་དང་བཅས་པ་ནི། དེ་ཡི་བོགས་འབྱིན་ཏིང་འཛིན་ནི༔ ས་བོན་མེད་པའི་བསྒོམ་ཚུལ་ཏེ༔ ལུས་བསྲང་རླུང་རོ་གཡས་ནས་བསལ༔ མཛོད་སྤུར་ཉི་མའི་དཀྱིལ་འཁོར་བསམ༔ གཡོན་ནས་བསལ་བས་དེ་ཡི་སྟེང༔ ཟླ་བའི་དཀྱིལ་འཁོར་ལམ་སྟེ་གྱུར༔ གཉིས་ཀ་དུས་མཉམ་བསལ་བ་ཡིས༔ དེ་སྟེང་དབུས་མཐིང་ཕྱོགས་མདོག་གི༔ ཐིག་ལེ་གསལ་བཏབ་རིམ་པ་བཞིན༔ མ་ཡེངས་སེམས་གཏད་མཉམ་པར་འཇོག༔ རླུང་ནི་ཕྱི་རུ་ཐུབ་ཚད་བཟུང༔ མི་ཐུབ་ནང་དུ་དལ་བུས་རྔུབས༔ དེ་བཞིན་གསང་བའི་རྩེ་མོ་དང༔ དབང་པོའི་སྒོར་ཡང་སྤྲོས་ཏེ་བསྒོམ༔ རླུང་སེམས་ལས་སུ་རུང་བ་ལས༔ ལྷ་ཡི་མིག་སོགས་ཡེ་ཤེས་འཆར༔ ཞེས་པ་སྟེ། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་བསྒོམ་པ་དེའི་བོགས་འབྱིན་པའི་ཏིང་ངེ་འཛིན་ནི་ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་སྒོམ་ཚུལ་ཡིན་ཏེ། དེའང་ལུས་གནད་བསྲངས་ལ་རླུང་རོ་སྣ་བུག་གཡས་ནས་བསལ་བའི་རྐྱེན་གྱིས་སྨིན་མཚམས་མཛོད་སྤུར་ཉི་མའི་དཀྱིལ་འཁོར་ཞིག་དམར་ལམ་གྱིས་བྱུང་བར་བསམ། གཡོན་ནས་བསལ་བས་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དཀར་ལམ་སྟེ་གྱུར་པར་བསམ། སྣ་བུག་གཉིས་ཀ་ནས་དུས་མཉམ་དུ་བསལ་བས་ཉི་ཟླའི་སྟེང་དུ། དབུས་མཐིང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུའི་མདོག་ཅན་གྱི་ཐིག་ལེ་ལྔ་ཚོམ་འོད་འཚེར་བ་གསལ་བཏབ་ལ་དབུས་སོགས་རིམ་པ་བཞིན་དུ་དམིགས་པའི་རྟེན་བྱས་ཏེ་མ་ཡེངས་པར་སེམས་གཏད་ལ་ཡུན་རིང་དུ་མཉམ་པར་འཇོག །དེའི་སྐབས་སུ་རླུང་ཡང་ཕྱི་རུ་ཐུབ་ཚད་བཟུང་། མི་ཐུབ་པ་ན་ནང་དུ་དལ་བུས་རྔུབས། དེ་བཞིན་དུ་རླུང་གཡས་གཡོན་དུས་མཉམ་གསུམ་དུ་བསལ་བའི་རྐྱེན་གྱིས་གསང་བའི་རྩེ་མོར་ཉི་ཟླའི་དཀྱིལ་འཁོར་དང་ཐིག་ལེ་ལྔ་ཚོམ་གསལ་བཏབ་ལ་སེམས་གཏད་ཅིང་མཉམ་པར་གཞག །དེས་འགྲེས་ཏེ་མིག་སོགས་དབང་པོའི་སྒོ་གཡས་སུ་ཡང་སྔར་ལྟར་སྤྲོས་ཏེ་བསྒོམ་པར་བྱའོ། །དེ་ལྟར་ཡང་བསྒོམས་པས་བརྟན་པའི་རང་འབྲས་སུ། རླུང་སེམས་ལས་སུ་རུང་བའམ་རང་དབང་ཐོབ་པར་གྱུར་ཅིང་། དེ་ལས་ལྷའི་མིག་ལ་སོགས་པ་དབང་ཤེས་རྣམ་པར་དག་པའི་ཡེ་ཤེས་རྩོལ་མེད་དུ་འཆར་བར་འགྱུར་རོ། །གསུམ་པ་ཛཱ་ལནྡྷ་རའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཉམས་མྱོང་འཆར་བའི་ཚུལ་ལོ། །དང་པོ་ནི། རིམ་པ་གསུམ་པའི་རྣལ་འབྱོར་ནི༔ རང་གི་ལྟེ་འོག་སོར་བཞིའི་ཐད༔ རྩ་གསུམ་སྦུབས་གཅིག་གྱུར་པའི་སྣེར༔ ཕྱི་དཀར་ནང་དམར་ཆོས་འབྱུང་དབུས༔ དབུས་མཐིང་ཕྱོགས་མདོག་ཐིག་ལེ་གསལ༔ སྲོག་རྩོལ་བུམ་ཅན་སྦྱོར་བས་གཅུན༔ ཞེས་གསུངས་ཏེ། རིམ་པ་གསུམ་པ་ཛཱ་ལནྡྷ་རའི་རྣལ་འབྱོར་བསྒོམ་པའི་ཚུལ་ནི། ཐོག་མར་ལུས་གནད་བསྲང་། རང་ཉིད་ཕྱི་བླ་མ་བདེ་མཆོག་གི་སྐུ་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ནང་གི་དབུས་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣ་སྤྱི་བོར་ཟུག་པ། དེའི་གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལས་བལྡབ་འགྱུར་གྱིས་ཕྲ་བའི་ཡར་སྣེ་སྣ་བུག་གཉིས་སུ་ཟུག་པ། མར་སྣ་ལྟེ་འོག་སོར་བཞི་ཙམ་གྱི་ཐད་དུ་རྩ་གསུམ་ཀ་སྦུབ་གཅིག་ཏུ་གྱུར་པའི་སྣེར། ཕྱི་དཀར་ལ་ནང་དམར་བའི་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་དབུས་མཐིང་ཤར་དཀར་སོགས་ཕྱོགས་ཀྱི་མདོག་ཅན་གྱི་ཐིག་ལེ་ལྔ་ཚོམ་གསལ་ལེགས་པར་བཏབ་ལ། སྲོག་རྩོལ་རྔུབས་ཏེ་སྦྱོར་བ་བཞི་ལྡན་གྱི་རླུང་བུམ་པ་ཅན་བཟུང་ལ་གཅུན་ནོ། །གཉིས་པ་དངོས་གཞི་ནི། ལྔ་ལྡན་ཕྲ་མོའི་མེ་ལྕེ་སྦར༔ དེ་ལ་སེམས་གཏད་གོམས་པ་ན༔ མེ་རྣམས་ཆེར་འབར་འོད་ཟེར་ལྔ༔ གཅིག་འདྲེས་སྣ་བུག་གཡས་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི༔ ཤངས་བུག་གཡས་ཞུགས་ལྟེ་བར་སོན༔ ཡེ་ཤེས་མེ་དང་ལྷན་ཅིག་འབར༔ འཁོར་ལོའི་གནས་བཞིར་བཞུ་བཏུལ་གྱིས༔ བྱང་སེམས་དཀར་དམར་རྣམ་པས་དྲངས༔ ཤངས་བུག་གཡོན་ནས་ཕྱིར་ཐོན་ཏེ༔ རང་གི་སྣ་བུག་གཡོན་ནས་ཞུགས༔ སྤྱི་བོའི་དྷཱུ་ཏཱིའི་ནང་བརྒྱུད་དེ༔ ལྟེ་བའི་མེ་ལ་ཐིམ་པ་ཡིས༔ བདེ་སྟོང་དྲོད་ཀྱི་ཡེ་ཤེས་སྐྱེས༔ སླར་ཡང་མེ་ལྔ་ཆེར་འབར་བས༔ ཡེ་ཤེས་བྱང་སེམས་ཞུ་ཞིང་ཁོལ༔ སྤྱི་གཙུག་ནས་བཟུང་རྐང་སོར་བར༔ འབར་འཛག་རྒྱུན་གྱིས་རབ་ཏུ་གང༔ དྲོད་དང་བདེ་བའི་དེ་ཁོ་ནར༔ རྩེ་གཅིག་སེམས་བཟུང་བུམ་ཅན་བརྟན༔ འཇའ་ཚོན་ལྟ་བུའི་སྐུ་ཐོབ་བསམ༔ ཞེས་པ་སྟེ། རླུང་གི་རྐྱེན་གྱིས། ཐིག་ལེ་ལས་ཁ་དོག་ལྔ་ལྡན་གྱི་མེ་ལྕེ་ཕྲ་མོ་སྦར་བ་ལ་ཡུན་རིང་དུ་སེམས་གཏད། དེ་ལ་ལེགས་པར་གོམས་པ་ན། མེ་ལྕེ་རྣམས་ཆེར་འབར་བས་རྩ་གསུམ་པོ་གང་། འོད་ཟེར་ལྔ་པོ་གཅིག་ཏུ་འདྲེས་ཏེ་སྣ་བུག་གཡས་པ་ནས་ཐོན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་ཁྱབ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཤངས་བུག་གཡས་པ་ནས་ཞུགས་ཏེ་སྐུའི་ལྟེ་བར་སོན་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་དང་ལྷན་ཅིག་ཏུ་འབར། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོའི་གནས་བཞིར་འབར་འཛག་བཞུ་བཏུལ་གྱིས་བསྐུལ་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དཀར་དམར་གྱི་རྣམ་པས་དྲངས་ཏེ་ཤངས་བུག་གཡོན་པ་ནས་ཕྱིར་ཐོན། རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ་སྤྱི་བོའི་དྷཱུ་ཏཱིའི་ནང་ནས་བརྒྱུད་ལྟེ་བའི་མེ་ལྔ་ལ་ཐིམ་པས་བདེ་སྟོང་ཟུང་དུ་འཇུག་པའི་དྲོད་ཀྱི་ཡེ་ཤེས་ཆེར་སྐྱེས། སླར་ཡང་ལྟེ་བའི་མེ་ལྔ་པོ་ཆེས་ཆེར་འབར་བས་དབུ་མའི་ནང་གང་། ཡེ་ཤེས་ཀྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསྐུལ། དེ་ཉིད་ཞུ་ཞིང་ཁོལ་བས་སྤྱི་གཙུག་ནས་བརྒྱུད་མགྲིན་སྙིང་ལྟེ་བ་གསང་བའི་གནས་ཐམས་ཅད་དུ་ཁྱབ་མཐར་ལག་པ་དང་རྐང་སོར་གྱི་རྩེ་མོའི་བར་འབར་བས་ལུས་བདུད་རྩིའི་རྒྱུན་གྱིས་རབ་ཏུ་གང་བར་མོས་ལ་དྲོད་དང་བདེ་བའི་རང་ངོ་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་སེམས་བཟུང་ཞིང་བུམ་ཅན་གྱི་སྦྱོར་བས་བརྟན་པར་བྱས་པས་གདོས་བཅས་ཀྱི་ལུས་རེག་ཐོགས་ཀྱི་སྒྲིབ་པ་ལས་གྲོལ་ཏེ་སྣང་སྟོང་འཇའ་ཚོན་ལྟ་བུའི་སྐུ་ཐོབ་པར་བསམས་ལ་མཉམ་པར་གཞག་གོ །གསུམ་པ་རྗེས་ཉམས་མྱོང་འཆར་ཚུལ་ནི། ཐིག་ལེ་གང་དུ་བརྟན་པ་ལས༔ རྩ་མདུད་གྲོལ་ཞིང་བདེ་ཆེན་སྐྱེ༔ ལམ་གྱི་ཡོན་ཏན་རྒྱུད་ལ་འཆར༔ མི་ཤིགས་འཇའ་ལུས་སྐུ་ཐོབ་ན༔ གསང་དབང་ལམ་ཁྱེར་རིམ་གསུམ་གྱི༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ ཞེས་པ་སྟེ། དེ་ལྟར་རླུང་དང་གཏུམ་མོ་འབར་འཛག་གི་སྦྱོར་བ་ལ་གོམས་པས་ཐིག་ལེ་ལུས་ཀྱི་གནས་གང་དང་གང་དུ་བརྟན་པ། དེའི་རྩ་མདུད་གྲོལ་ཅིང་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ། དེ་ལས་ལམ་གྱི་མངོན་པར་རྟོགས་པའི་ཡོན་ཏན་རྣམས་རྒྱུད་ལ་རིམ་པར་འཆར་ཏེ་མཐར་ཐུག་ཅིས་ཀྱང་མི་ཤིགས་པའི་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་ན་གསང་བའི་དབང་གི་ལམ་ཁྱེར་རིམ་པ་གསུམ་པའི་རྣལ་འབྱོར་གྱི་གོམས་པ་མཐའ་རུ་ཕྱིན་པར་གྱུར་པའོ། །བཞི་པ་ནོར་བུ་འགེངས་པའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཉམས་མྱོང་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། ཡིད་རིག་དམ་ཚིག་ཕྱག་རྒྱ་ནི༔ ལུས་བསྲང་འབྱུང་བའི་རླུང་དུག་བསལ༔ རང་དང་ཡིད་དུ་འོང་བ་ཡི༔ རིག་མ་བདེ་ཆེན་ཡབ་ཡུམ་དང༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གསལ༔ མཁའ་གསང་རྡོ་རྗེ་པདྨ་ཡི༔ བུ་གར་ཧཱུྃ་ཕཊ་ཡི་གེས་དགག༔ ལྟེ་བར་ཧོཿསེར་སྙིང་གར་ཧཱུྃ༔ མཐིང་གསལ་མགྲིན་པར་ཨཱཿདམར་པོ༔ སྤྱི་བོར་ཨོཾ་དཀར་སོ་སོ་ལས༔ སྔགས་ཀྱི་ཕྲེང་བ་འཕྲོ་ཞིང་འདུ༔ བདེ་སྟོང་དགའ་བཞིའི་ངོ་བོར་བསམ༔ མཐའ་ཡས་སེམས་ཅན་སྒྲོལ་བའི་སླད༔ བདེ་ཆེན་མངོན་དུ་བྱ་བའི་བློས༔ སྙོམས་པར་ཞུགས་པའི་རྗེས་ཆགས་མེས༔ སྤྱི་བོའི་ཧཾ་ལས་བདེ་བའི་རྒྱུན༔ གནས་བཞིའི་འཁོར་ལོར་སོན་པ་ཡིས༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ ཡེ་ཤེས་བསམ་མི་ཁྱབ་པ་སྐྱེས༔ རྡོ་རྗེ་ནོར་བུའི་བར་དུ་དགང༔ བདེ་ལ་སེམས་བཟུང་མི་རྟོག་བཞག༔ ཧཱུྃ་གི་གཞུ་ལ་རླུང་གི་མདའ༔ བཙན་ཐབས་དམིགས་པའི་རྒྱུད་སྦྱར་ཏེ༔ འཁྲུལ་འཁོར་རྩོལ་བས་གྱེན་དུ་དྲང༔ མས་བརྟན་དགའ་བཞིར་མཉམ་གཞག་བྱ༔ ཁྱབ་པར་དགྲམ་ཞིང་མི་ཉམས་བརྟན༔ ཞེས་གསུངས་ཏེ། རིམ་པ་བཞི་པ་ནོར་བུ་འགེངས་པའི་རྣལ་འབྱོར་ལ། ཐོག་མར་སྔོན་དུ་འགྲོ་བ་ཡིད་རིག་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་པ་ནི། བདེ་བའི་གདན་ལ་ལུས་གནད་ལེགས་པར་བསྲང་། འབྱུང་བའི་རླུང་དུག་རྣམས་བསལ་བར་མོས་ལ་རླུང་རོ་ལན་གསུམ་བསལ། རང་གི་མདུན་དུ་རིག་མ་གཞོན་མཛེས་མཚན་ཉིད་དང་ལྡན་པ་ཞིག་འཁོད་པར་བསམ། རང་ཉིད་བདེ་མཆོག་པདྨ་བཛྲ་དང་རིག་མ་མནྡྷཱ་ར་བ་ཡབ་ཡུམ་གྱི་སྐུར་གསལ་བའི་ལུས་ནང་རྩའི་གཙོ་མོ་གསུམ། སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། གསང་གནས་བདེ་སྤྱོད་འཁོར་ལོ་རྩ་འདབ་སོ་གཉིས་ཏེ་འཁོར་ལོ་ལྔ་པོ་རྣམས་ཀྱང་གསལ་གདབ། ཡབ་ཀྱི་གསང་གནས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་བུ་གར་ཧཱུྃ་དང་ཡུམ་གྱི་མཁའ་པདྨ་དམར་པོ་འདབ་མ་གསུམ་པའི་ཟེའུ་འབྲུར་ཕཊ་ཀྱི་ཡི་གེས་བཀག་པ། ཡབ་ཡུམ་གཉིས་ཀའི་ལྟེ་བར་ཧོཿསེར་པོ། སྙིང་གར་ཧཱུྃ་མཐིང་གསལ། མགྲིན་པར་ཨཱཿདམར་པོ། སྤྱི་བོར་ཨོཾ་དཀར་པོ། གནས་བཞིའི་ཡིག་འབྲུ་སོ་སོ་ལས་སྒྲུབ་པའི་གསང་སྔགས་ཡིག་འབྲུ་ཉེར་གཅིག་པའི་ཕྲེང་བ་འཕྲོ་ཞིང་འདུ་བ། བདེ་སྟོང་དབྱེར་མེད་དགའ་བ་བཞིའི་ངོ་བོར་གནས་པར་བསམ། མུ་མཐའ་ཡས་པའི་མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་རྣམ་གྲོལ་གཏན་གྱི་བྱང་ཆུབ་མཆོག་ལ་སྒྲོལ་བའི་སླད་དུ་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་སྟེ་ལྷ་སྔགས་ཆོས་ཀྱི་འདུ་ཤེས་གསུམ་དང་ལྡན་པའི་བློས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བསྐུལ་ཏེ། སྤྱི་བོའི་ཧཾ་ལས་བྱང་སེམས་བདེ་བའི་རྒྱུན་ཆར་ལྟར་དུ་བབས། སྤྱི་བོ་ལ་སོགས་པའི་གནས་བཞིའི་འཁོར་ལོ་རྣམས་སུ་སོན་པས་རིམ་པ་བཞིན་དགའ་བ། མཆོག་དགའ། ཁྱད་པར་དགའ་བ། ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས། བྱང་སེམས་ཀྱིས་ལུས་ཀྱི་ནང་ཐམས་ཅད་ཁྱབ། རྡོ་རྗེ་ནོར་བུའི་བར་དུ་གང་བར་བསམ། བདེ་བ་ལ་སེམས་བཟུང་ཞིང་རྣམ་པར་མི་རྟོག་པའི་ངང་དུ་བཞག །ཧ་ཅང་བདེ་བ་ཆེས་ནས་ཕྱིར་འཛག་པའི་ཉམས་བྱུང་ན་ཐིག་ལེ་གྱེན་དུ་བཟློག་དགོས་པས། ངག་ཏུ་ཧཱུྃ་རིང་པོ་འདྲེན་པ་ནི་གཞུ་དང་མཚུངས་ལ། གསང་རླུང་གྱེན་དུ་དྲངས་པས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་ཐིག་ལེ་དབུ་མ་ནས་གྱེན་དུ་ཟློག་པར་བསམ་པས་བཙན་ཐབས་ཀྱི་དམིགས་པའི་རྒྱུད་སྦྱར་ལ། འཁྲུལ་འཁོར་ཡན་ལག་གླིང་བཞི་སྡུད། ལྟོ་བ་རི་རབ་ལ་སྦྱར། ལྕེ་རྩེ་རྐན་ལ་གཏད། མིག་གྱེན་ཏུ་ལྡོག །རྡོ་རྗེའི་བུ་ག་དམ་དུ་བཅིར་ཅིང་རླུང་ཕྱིར་འཕེན་པའི་རྩོལ་བས་གྱེན་དུ་དྲངས་ལ། འཁོར་ལོ་སོ་སོར་མས་བརྟན་གྱི་དགའ་བཞི་འདྲེན་ཚུལ་དམིགས་པ་སྤྱི་ལྟར་ལ་མཐར་ལྷན་སྐྱེས་ཀྱི་བདེ་བ་ལ་སེམས་བཟུང་སྟེ་མཉམ་པར་གཞག །སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་ལ་བརྟེན་ཏེ་ཡུར་བ་ལ་ཆུ་དྲངས་པ་བཞིན་རྩ་གནས་སོ་སོར་ཁྱབ་པར་དགྲམ། མཐར་མི་ཉམས་ཤིང་བརྟན་པར་བྱ་བའི་སླད་དུ་ཐིག་ལེ་བདེ་བའི་ཉམས་དང་བཅས་པ་སྙིང་གའི་ཧཱུྃ་ལ་བསྟིམས་ནས་བདེ་རླུང་སེམས་གསུམ་ཡི་གེ་བཅས་དབྱེར་མེད་པར་རྣམ་པར་མི་རྟོག་པའི་ངང་དུ་བཞག་ཅིང་སྙིང་གའི་བུམ་ཅན་ནམ་ལྟེ་བའི་བུམ་ཅན་གཟུང་ལ་དམིགས་པ་སྙིང་གར་གཏད་དོ། །གཉིས་པ་དངོས་གཞི་ལ་གཉིས། ལས་རྒྱའི་བདེ་བ་ལ་བསླབ་པ་དངོས་དང་། མཐའ་རྟེན་ཆོས་ཀྱི་ཕྱག་རྒྱས་བདེ་སྟོང་དབྱེར་མེད་དུ་བསྲེ་བའོ། །དང་པོ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། དེ་ལྟའི་འཛིན་འགྲེམ་དབང་ཐོབ་ནས༔ དངོས་རིག་ལས་ཀྱི་ཕྱག་རྒྱ་ནི༔ པདྨ་ཅན་སོགས་རིགས་བཟང་པོ༔ བཅུ་དྲུག་ཉེར་ལྔ་མན་ཆད་ཀྱི༔ ན་ཚོད་དར་ཞིང་ཡིད་འོང་བ༔ རྫས་སྔགས་དམིགས་པའི་ལྕགས་ཀྱུས་དགུག༔ དྲང་ངེས་ཆོས་བཤད་བློ་ཁ་བསྒྱུར༔ དབང་གིས་སྨིན་བྱས་དམ་ཚིག་དབོག༔ རིམ་གཉིས་ཉམས་མྱོང་རྒྱུད་ལ་བསྐྱེད༔ ཅེས་གསུངས་ཏེ། དེ་ལྟ་བུའི་ཡིད་རིག་ལ་བརྟེན་ནས་ཐིག་ལེ་འཛིན་འདྲེན་ལ་རང་དབང་ཐོབ་ནས་གོམས་པ་བརྟན་པར་གྱུར་པའི་ཚེ། དངོས་རིག་ལས་ཀྱི་ཕྱག་རྒྱ་ལ་བསླབ་པ་ནི། པདྨ་ཅན་ལ་སོགས་པ་རིགས་ཅན་ལྔ་གང་རུང་གི་མཚན་བཟང་པོ་དང་ལྡན་པའི་བུད་མེད་ལོ་བཅུ་དྲུག་ནས་ཉེར་ལྔ་མན་ཆད་ཀྱི་ན་ཚོད་དར་ལ་གཞོན་ཅིང་མཛེས་སྡུག་ཡིད་དུ་འོང་བ་བཙལ་ལ། རྫས་དང་སྔགས་དང་དམིགས་པའི་འཁྲུལ་འཁོར་གྱི་ལྕགས་ཀྱུས་དགུག་ལ་དབང་དུ་གྱུར་པ་ན། ཐོག་མར་དྲང་ངེས་ཀྱི་ཆོས་བཤད་དེ་བློ་ཁ་དགེ་བའི་ཕྱོགས་སུ་བསྒྱུར། སྣོད་དུ་རུང་བ་ན་དཀྱིལ་འཁོར་དུ་བཅུག་ཅིང་དབང་བཞི་རྫོགས་པར་བསྐུར་བས་རྒྱུད་སྨིན་པར་བྱས་ལ་ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་འབོགས་ཏེ་བསྲུང་དུ་གཞུག །ཐོག་མར་བསྐྱེད་རིམ་ལ་གོམས་པ་བརྟེན་ནས་རྫོགས་རིམ་ལ་གཞུག་སྟེ་རིམ་པ་གཉིས་ཀྱི་ཉམས་མྱོང་ཅི་རིགས་རྒྱུད་ལ་བསྐྱེད་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ལྟར་ལེགས་པར་སྦྱངས་བྱས་མཐར༔ བཅུད་ལེན་ཐབས་ཀྱིས་ཀུནྡ་སྤེལ༔ ཁྲུས་བྱས་རྒྱན་གདགས་བཀུ་མཉེ་བྱ༔ ཤིན་ཏུ་དབེན་པའི་གསང་ཁང་དུ༔ བདེ་བའི་གདན་ལ་ཡབ་ཡུམ་འཁོད༔ འཛུམ་པའི་མདངས་ཕྱུང་ཟུར་གྱིས་བལྟ༔ ཆགས་པའི་གཏམ་སྨྲ་དྲི་ལ་བསྣོམ༔ མ་མཆུ་ལྕེ་ཡི་སྦྲང་རྩི་གཞིབ༔ འོ་བྱ་ལུས་སེམས་བདེ་བ་བསྐྱེད༔ རེ་རེ་ལ་ཡང་སེམས་གཟུང་ཞིང༔ ཚོགས་དྲུག་ལྷུག་པའི་ངང་དུ་བཞག༔ དེ་ནས་འདུ་ཤེས་གསལ་བཏབ་ལ༔ རྡོ་རྗེ་པདྨར་རེག་པ་དང༔ དལ་བུས་བསྲུབས་ཤིང་བསྐྱོད་པ་ལས༔ དབབ་དང་བསྐྱིལ་དང་གྱེན་དུ་བཟློག༔ ཁྱབ་པར་དགྲམ་པ་གོང་ལྟར་བྱ༔ བདེ་སྟོང་བསམ་མི་ཁྱབ་པའི་དབྱིངས༔ ཀ་དག་ངང་དུ་ཡུན་རིང་བཞག༔ ཅེས་པ་སྟེ། དེ་ལྟར་རིག་མ་ཉིད་རྒྱུད་ལེགས་པར་སྦྱངས་པར་བྱས་པའི་མཐར་ཉམས་ལེན་དངོས་གཞི་ལ་འཇུག་པའི་ཐོག་མར་སྨན་དང་ཟས་མཆོག་གི་བཅུད་ལེན་སྦྱོར་བའི་ཐབས་བསྟེན་ནས་ཀུནྡ་བྱང་སེམས་སྤེལ། རིག་མ་ལ་ཁྲུས་བྱས་ཤིང་རྒྱན་གདགས། ལུས་ཀྱི་གནས་རྣམས་སུ་བཀུ་མཉེ་བྱ། དེ་ནས་མིས་མཐོང་ཚོར་མེད་པའི་གནས་ཤིན་ཏུ་དབེན་པའི་གསང་ཁང་ཉིད་དུ་བདེ་བའི་གདན་འཇམ་ཞིང་འབོལ་བ་ལ་ཡབ་ཡུམ་གཉིས་འཁོད། ཕན་ཚུན་འཛུམ་པའི་མདངས་ཕྱུང་བ་དང་། དགའ་བའི་ཟུར་མིག་གིས་བལྟ་བ་དང་། ཆགས་པའི་གཏམ་སྣ་ཚོགས་སྨྲ་བ་དང་། ལུས་ཀྱི་དྲི་སྣོམ་ཞིང་མ་མཆུ་དང་ལྕེའི་སྦྲང་རྩི་འཇིབས་པ་དང་འོ་བྱ་བ་རྣམས་ཀྱིས་ལུས་སེམས་ལ་བདེ་བ་བསྐྱེད་ཅིང་དེ་རྣམས་རེ་རེ་ལའང་བདེ་བའི་རང་ངོ་ལ་བལྟས་ཏེ་སེམས་བཟུང་། ཚོགས་དྲུག་གི་འཆར་སྒོ་ཐམས་ཅད་འཛིན་མེད་དུ་ལྷུག་པའི་ངང་དུ་བཞག་གོ །དེ་ནས་ཡིད་རིག་གི་སྐབས་ལྟར་འདུ་ཤེས་གསུམ་གྱི་རྣལ་འབྱོར་གསལ་བཏབ་ལ་རྡོ་རྗེས་པདྨ་ལ་རེག་པ་དང་། མཐར་དལ་བུས་བསྲུབས་ཤིང་ཅུང་ཟད་བསྐྱོད་པས་ཐིག་ལེ་རིམ་པར་དབབ་པ་དང་། ནོར་བུར་སོན་པ་ན་བསྐྱིལ་བ་དང་། དེ་ནས་གྱེན་དུ་ཟློག་པ་རྣམས་ཀྱིས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་ངོས་ཟིན་ཅིང་ཉམས་སུ་མྱོང་བར་བྱས་ལ་རྩ་གནས་རྣམས་སུ་ཁྱབ་པར་དགྲམ་པའི་དམིགས་པ་དང་འཁྲུལ་འཁོར་གྱི་སྦྱོར་བ་གོང་ལྟར་བྱས་པའི་མཐར། བདེ་སྟོང་ཟུང་འཇུག་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀ་དག་ཆེན་པོའི་ངང་དུ་ཡུན་རིང་དུ་མཉམ་པར་གཞག་པར་བྱའོ། །གཉིས་པ་མཐའ་རྟེན་ཆོས་རྒྱ་དང་བསྲེ་བ་ནི། མཐའ་རྟེན་ཆོས་ཀྱི་ཕྱག་རྒྱ་ནི༔ སྙོམས་འཇུག་བྱ་བ་ཟིན་མ་ཐག༔ རྡོ་རྗེ་ནོར་བུའི་རྩེ་མོ་ནས༔ རིག་པ་ཧཱུྃ་ཡིག་དམར་སྐྱའི་གཟུགས༔ ཐུར་སེལ་རླུང་གིས་གནས་བཞིར་དྲངས༔ སྤྱི་བོའི་ཧཾ་དང་དབྱེར་མེད་བསྟིམ༔ དམིགས་བསམ་བརྗོད་བྲལ་རང་ངོ་བསྐྱང༔ ཚོགས་དྲུག་སྣང་བ་གང་ཤར་ཀུན༔ བདེ་སྟོང་ཉམས་དང་དབྱེར་མེད་པར༔ ཡུལ་དང་ཡུལ་ཅན་རོ་མཉམ་པའི༔ བརྟུལ་ཞུགས་སྤྱོད་པས་རབ་ཏུ་བསྲེ༔ ཞེས་པ་སྟེ། ལས་རྒྱའི་རྣལ་འབྱོར་གྱི་མཐའ་རྟེན་ཆོས་ཀྱི་ཕྱག་རྒྱ་ལ་བསླབ་པ་ནི། སྙོམས་འཇུག་གི་བྱ་བ་ཟིན་མ་ཐག་པར་རྡོ་རྗེ་ནོར་བུའི་རྩེ་མོ་ནས་རིག་པའི་ངོ་བོ་ཧཱུྃ་ཡིག་དམར་སྐྱའི་གཟུགས་སུ་གྱུར་པ་དེ་འོག་རླུང་བསྐུམས་པའི་རྐྱེན་གྱིས་ཐུར་སེལ་གྱི་རླུང་བསྐྱོད་པས་ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་གནས་བཞིར་གྱེན་དུ་དྲངས། སྤྱི་བོའི་ཧཾ་ཡིག་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ལ། དམིགས་བསམ་བརྗོད་པ་ཀུན་དང་བྲལ་བའི་རང་ངོ་བསྐྱངས་ལ་ཅི་གནས་སུ་མཉམ་པར་བཞག །རྗེས་ཐོབ་གཟུགས་སྒྲ་སོགས་ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད་བདེ་སྟོང་ཟུང་འཇུག་གི་ཉམས་དང་དབྱེར་མེད་པ་ཕྱིའི་ཡུལ་དང་ནང་གི་ཡུལ་ཅན་ཆུ་ལ་ཆུ་བཞག་པ་ལྟར་རོ་མཉམ་ཆེན་པོའི་བརྟུལ་ཞུགས་ཀྱི་སྤྱོད་པས་རབ་ཏུ་བསྲེ་ཞིང་ལམ་དུ་བསླང་བར་བྱའོ། །གསུམ་པ་རྗེས་ཉམས་མྱོང་འཆར་བའི་ཚུལ་ནི། འབྲས་བུ་ཕྱག་རྒྱ་ཆེན་པོ་ནི༔ བདེ་བས་ཐབས་བྱས་སྟོང་པ་ཉིད༔ སོ་སོ་རང་གིས་རིག་པའི་ཚུལ༔ མྱོང་བ་ཡོད་ཀྱང་དམིགས་སུ་མེད༔ ཡིད་ཆེས་ཡོད་ཀྱང་སྨྲ་མི་བཏུབ༔ གཞོན་ནུ་མ་ཡི་བདེ་བ་བཞིན༔ ཤེས་དང་ཤེས་བྱ་རོ་གཅིག་པས༔ ཡེ་ཤེས་མངོན་སུམ་མཚོན་ནུས་པའི༔ ཉམས་མྱོང་རྒྱུད་ལ་སྐྱེས་པ་ན༔ ཤེར་དབང་ལམ་ཁྱེར་བདེ་བ་ཆེའི༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ ཞེས་པ་སྟེ། དེ་ལྟར་རང་ལུས་དང་གཞན་ལུས་ལ་བསྟེན་ནས་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་བརྟན་པར་གྱུར་པའི་འབྲས་བུ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པ་ན། བདེ་བས་ཐབས་བྱས་པའི་སྟོང་པ་ཉིད་པྲ་ཕབ་པའི་སྣང་བརྙན་ལྟ་བུ་སོ་སོ་རང་གི་རིག་པའི་ཚུལ་ལ་སེམས་ཀྱིས་མྱོང་བ་ཡོད་ཀྱང་ཚུལ་འདི་ལྟ་བུ་ཞེས་དམིགས་སུ་མེད་པ། རང་ལ་ཡིད་ཆེས་ཡོད་ཀྱང་ངག་གིས་སྨྲ་མི་བཏུབ་པ། དཔེར་ན་གཞོན་ནུ་མ་འཁྲིག་པའི་ཆོས་ལས་བྱུང་བའི་བདེ་བ་སྨྲ་མེད་ཉམས་སུ་མྱོང་བ་ཇི་བཞིན་པ་སྟེ། ཡུལ་ཅན་ཤེས་པ་དང་ཡུལ་ཤེས་བྱ་རོ་གཅིག་ཏུ་འདྲེས་པས་མཐར་ཐུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་མཚོན་ནུས་པའི་ཉམས་མྱོང་རྣལ་འབྱོར་པའི་རྒྱུད་ལ་སྐྱེས་པ་ན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལམ་དུ་ཁྱེར་བའི་བདེ་བ་ཆེན་པོའི་གོམས་པ་མཐར་ཕྱིན་དུ་གྱུར་པའོ། །ལྔ་པ་བསམ་མི་ཁྱབ་པའི་རིམ་པ་ལ་བཞི། སྦྱོར་བ་རྗེས་གཞིག་གིས་འོད་གསལ་དུ་བསྡུ་བ། དངོས་གཞི་བསམ་མི་ཁྱབ་པའི་ངང་དུ་མཉམ་པར་གཞག་པ། རྗེས་ཉམས་མྱོང་འཆར་ཚུལ། བོགས་འབྱིན་ཟུང་འཇུག་གི་རྩལ་སྦྱང་བའོ། །དང་པོ་ནི། རིམ་པ་ལྔ་པའི་རྣལ་འབྱོར་ནི༔ རང་ཉིད་ཁྲག་འཐུང་ཡབ་ཡུམ་གསལ༔ སྙིང་གར་ཟླ་སྟེང་ཧཱུྃ་དམར་སྐྱ༔ འབར་བའི་ཕྲེང་བ་འཁྲིགས་པ་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ ལུས་གང་གཟུང་འཛིན་རྟོག་པ་སྦྱངས༔ སླར་འཕྲོས་ཁམས་གསུམ་ཐམས་ཅད་ཁྱབ༔ བདེ་ཆེན་ངོ་བོར་མེར་མེར་གཡོས༔ ཆུ་ཟླ་འཇའ་ཚོན་ལྟ་བུའི་ངང༔ མེ་ལོང་ཧས་བཏབ་ཡལ་བ་བཞིན༔ ཧཱུྃ་ཡིག་ནཱ་དའི་བར་དུ་ཐིམ༔ ནཱ་ད་ཤིན་ཏུ་ཕྲ་བ་ཡང༔ གློག་ལྟར་སྟོང་པ་ཉིད་དུ་སྦྱང༔ ཞེས་གསུངས་ཏེ། རིམ་པ་ལྔ་པ་བསམ་མི་ཁྱབ་པའི་རྣལ་འབྱོར་ནི། སྦྱོར་བ་རང་ཉིད་པདྨ་ཁྲག་འཐུང་བདེ་མཆོག་ཡབ་ཡུམ་གྱི་སྐུར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དམར་སྐྱ་འབར་བའི་འོད་ཟེར་གྱི་ཕྲེང་བ་རབ་ཏུ་འཁྲིགས་པར་མོས་ལ་སེམས་བཟུང་། དེ་ལས་བདེ་བ་ཆེན་པོའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་། གཟུང་འཛིན་གྱིས་བསྡུས་པའི་རྟོག་པ་ཐམས་ཅད་སྦྱངས། སླར་འོད་ཟེར་མུ་མེད་པ་འཕྲོས། ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་དེ་རྣམས་བདེ་བ་ཆེན་པོའི་ངོ་བོར་གྱུར་ཏེ་མེར་མེར་ཤིག་ཤིག་གཡོས། ཆུ་ཟླ་དང་འཇའ་ཚོན་ལྟ་བུ་སྣང་སྟོང་སྒྱུ་མའི་རང་བཞིན་གྱུར། མཐར་མེ་ལོང་ལ་ཧས་བཏབ་པ་མཐའ་ནས་དབུས་སུ་ཡལ་བ་བཞིན་རིམ་གྱིས་འདུས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེའང་ཞབས་ཀྱུ་ནས་ནཱ་དའི་བར་དུ་བསྡུས་ཤིང་། ནཱ་ད་ཤིན་ཏུ་ཕྲ་བའང་བར་སྣང་ལ་གློག་གི་རི་མོ་ཡལ་བ་ལྟར་སྟོང་པ་ཉིད་དུ་སྦྱང་ངོ་། །གཉིས་པ་དངོས་གཞི་བསམ་མི་ཁྱབ་པའི་ངང་དུ་མཉམ་པར་གཞག་པ་ནི། གཟུང་འཛིན་ཆོས་ཀུན་མི་དམིགས་པའི༔ སྟོང་ཉིད་ངང་དུ་ཆམས་ཏེ་བཞག༔ ཅེས་པ་སྟེ་དངོས་གཞི་རྗེས་གཞིག་གིས་སྣོད་བཅུད་འོད་གསལ་དབྱིངས་སུ་བསྡུས་ནས་ཕྱི་གཟུང་བ་དང་ནང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པ་ཀ་དག་སྟོང་པ་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་ཆམས་ཀྱིས་བཞག་པ་ཅི་གནས་སུ་བསྐྱང་བར་བྱའོ། །གསུམ་པ་རྗེས་ཉམས་མྱོང་འཆར་ཚུལ་ནི། མཚོན་བྱེད་ཐབས་ལས་སྐྱེས་པ་ཡི༔ སྟོང་ཉམས་ཙམ་དུའང་མི་རྟོག་པར༔ སྟོང་པ་དང་ནི་མི་སྟོང་དང༔ དབུ་མར་འཛིན་པ་ཀུན་སྤངས་ནས༔ མཁའ་མཉམ་རྡུལ་བྲལ་དོན་དམ་པའི༔ ལྷན་ཅིག་སྐྱེས་པ་མངོན་གྱུར་ན༔ བཞི་པའི་ལམ་ཁྱེར་བསམ་མི་ཁྱབ༔ གོམས་པ་མཐའ་རུ་ཕྱིན་པ་འོ༔ ཞེས་པ་སྟེ། ཐབས་ལམ་དང་རྗེས་གཞིག་སོགས་མཚོན་བྱེད་ཀྱི་ཐབས་རྣམས་ལས་སྐྱེས་པའི་གོ་མྱོང་གི་སྟོང་ཉམས་ཙམ་དུའང་མི་རྟོག་པར། སྟོང་པ་དང་མི་སྟོང་པ་དང་དེ་གཉིས་མཉམ་གྱི་དབུ་མར་འཛིན་པ་ཐམས་ཅད་སྤངས་ནས། ནམ་མཁའ་དང་མཉམ་ཞིང་དྲི་མའི་རྡུལ་དང་བྲལ་བའི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པའི་ན་དབང་བཞི་པ་ལམ་དུ་ཁྱེར་བའི་བསམ་མི་ཁྱབ་ཀྱི་རིམ་པ་ལ་གོམས་པ་མཐའ་རུ་ཕྱིན་པར་གྱུར་པའོ། །བཞི་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། དེ་ལྟར་བསྒོམ་པའི་དུས་ཀུན་ཏུ༔ སྟོང་ཉམས་ཆེ་ན་ནཱ་ད་ལས༔ རླབས་བཞིན་སྣང་སྟང་ལྷ་སྐུར་ལྡང༔ སྣང་བའི་གཟུང་འཛིན་སྐྱེས་པ་ན༔ སྟོང་པར་སྦྱངས་ཏེ་མི་དམིགས་བཞག༔ སྣང་སྟོང་མཐའ་ལས་འདས་པ་ཡི༔ ཟུང་འཇུག་ཡེ་ཤེས་མངོན་གྲུབ་འགྱུར༔ ཅེས་པ་སྟེ། དེ་ལྟར་བསམ་མི་ཁྱབ་པའི་རིམ་པ་བསྒོམ་པའི་སྦྱོར་དངོས་རྗེས་ཀྱི་དུས་ཐམས་ཅད་དུ་སྟོང་ཉམས་ཤིན་ཏུ་ཆེ་ན་ནཱ་ད་ཕྲ་མོ་ལས་སྐད་ཅིག་གིས་ཆུ་ལས་རླབས་གཡོས་པ་བཞིན་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་ལྡངས་ལ་མཉམ་པར་གཞག །ཕྱི་རོལ་སྣང་བའི་དངོས་ཞེན་ཤུགས་ཆེ་བས་གཟུང་འཛིན་གྱི་རྟོག་པ་བར་མ་ཆད་དུ་སྐྱེས་པ་ན་རྗེས་གཞིག་གི་རྣལ་འབྱོར་གྱིས་སྟོང་པར་སྦྱངས་ཏེ་ཅིར་ཡང་མི་དམིགས་པར་བཞག །དེ་དག་ཉམས་ཚོད་དང་སྦྱར་ཏེ་སྤེལ་མར་སྦྱངས་པས་སྣང་སྟོང་གཉིས་ཀའི་མཐའ་ལས་འདས་པའི་ཟུང་འཇུག་གི་ཡེ་ཤེས་མངོན་སུམ་དུ་འགྲུབ་པར་འགྱུར་རོ། །རིམ་པ་ལྔ་པོ་དེ་རྣམས་གཅིག་རྗེས་སུ་གཅིག་མཐུད་ནས་ཉམས་སུ་ལེན་པ་ཡིན་ན་སྔོན་འགྲོ་ཐོག་མར་སོང་བ་དེ་ཀས་འཐུས། རེ་རེ་གཉིས་གཉིས་ལྟ་བུ་ཁོལ་འདོན་དུ་ཉམས་སུ་ལེན་པ་ཡིན་ན་སྔར་བཤད་པའི་སྔོན་འགྲོ་རྣམས་ཐུན་འགོ་ལ་སྦྱར་དགོས་པའང་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། ཐུན་གྱི་རྗེས་རིམ་དང། ཁྲིད་ཀྱི་རྗེས་རིམ་མོ། །དང་པོ་ནི། ཐུན་འཇོག་པའི་སྐབས་རྣམས་སུ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྔོ་སྨོན་གྱིས་རྒྱས་འདེབས་ཤིང་ཤིས་པ་བརྗོད། ཐུན་མཚམས་སྐབས་སུ་བབ་པའི་ལམ་ཁྱེར་ལ་འཇུག་པ་སོགས་སྤྱི་དང་མཐུན་ནོ། །གཉིས་པ་ཁྲིད་ཀྱི་རྗེས་རིམ་ལ་བཞི། དབང་པོ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་བར་དོའི་སྐྱེ་བ་བརྒྱུད་ནས་ལམ་གྱི་འབྲས་བུ་མངོན་དུ་བྱེད་ཚུལ། གདམས་པའི་ཆེ་བ་བརྗོད་པས་མཐའ་བསྡུ་བའོ། །དང་པོ་ནི། དེ་ལྟའི་རིམ་པ་རྣམ་ལྔ་ཡང༔ རབ་ཀྱིས་གཅིག་གིས་འགྲུབ་པ་སྟེ༔ འབྲིང་པོས་ཐོད་རྒལ་ཚུལ་དུ་འཆར༔ ཐ་མས་རིམ་གྱིས་སྔ་མ་ལ༔ ཉམས་མྱོང་བརྟན་ནས་ཕྱི་མར་འཇུག༔ ཡིད་གཡེང་སྤངས་ཏེ་མཐར་དབྱུང་བས༔ ཚེ་གཅིག་ཟུང་འཇུག་མངོན་དུ་བྱེད༔ ཅེས་གསུངས་ཏེ། དེ་ལྟ་བུའི་རྫོགས་པའི་རིམ་པ་ལྔ་པོ་དེའང་དབང་པོ་རབ་རྣམས་ཀྱིས་ལྔ་ཀ་མཐར་ཆགས་སུ་ཉམས་སུ་ལེན་མི་དགོས་པར་སྣ་ཚོགས་རྡོ་རྗེའམ་བསམ་མི་ཁྱབ་པའི་རིམ་པ་ལྟ་བུ་གཅིག་ཁོ་ནས་མཆོག་གི་དངོས་གྲུབ་འགྲུབ་པ་ཡིན་ལ། དབང་པོ་འབྲིང་པོས་རིམ་པ་གཉིས་སམ་གསུམ་ལ་སོགས་པ་དེའང་གོ་རིམ་མཐའ་གཅིག་ཏུ་ངེས་པ་མེད་པ་ཐོད་རྒལ་ཚུལ་དུ་འཇུག་པས་ཡེ་ཤེས་འཆར་བ་ཡིན་ལ། དབང་པོ་ཐ་མ་རྣམས་ཀྱིས་ནི་སྔ་མ་སྔ་མ་རིམ་གྱིས་ཉམས་མྱོང་བརྟན་པར་བྱས་ནས་ཕྱི་མ་ཕྱི་མ་ལ་འཇུག་དགོས་པ་ཡིན་ཞིང་། དེ་དག་གང་ཡང་ཡིད་ཀྱི་རྣམ་པར་གཡེང་བ་སྤངས་ཏེ་རྩེ་གཅིག་ཏུ་བརྩོན་འགྲུས་དྲག་པོ་རེས་འཇོག་མེད་པས་ཉམས་ལེན་མཐའ་རུ་དབྱུང་བར་བྱས་ན་ཚེ་གཅིག་ལུས་གཅིག་ཁོ་ནར་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་དབང་འབྲིང་འཆི་ཁར་འབྲས་བུ་མངོན་དུ་བྱེད་ཚུལ་ནི། གལ་ཏེ་ཚེ་འདིར་མ་གྲུབ་ན༔ འཆི་ཁར་རང་ཉིད་གང་གོམས་པའི༔ ཏིང་འཛིན་བརྟན་པོ་གསལ་བཏབ་ནས༔ མི་རྟོག་ངང་དུ་མཉམ་གཞག་ན༔ འོད་གསལ་ཆོས་སྐུར་རོ་གཅིག་པའི༔ རྗེས་ཐོབ་ཟུང་འཇུག་རང་ཤར་འབྱུང༔ ཞེས་པ་སྟེ། གལ་ཏེ་དབང་པོ་སྐལ་པ་སྦྱང་བརྩོན་གྱི་སྟོབས་ཞན་པས་ཚེ་འདི་ལ་མཆོག་གི་འབྲས་བུ་གྲུབ་པར་མ་གྱུར་ན། འཆི་ཁའི་དུས་ལ་བབས་པའི་ཚེ་རང་ཉིད་སྔར་རིམ་པ་གང་ལ་གོམས་པའི་ཤུགས་ཆེ་བ་དེ་ཉིད་ཀྱི་ཏིང་ངེ་འཛིན་བརྟན་པར་གསལ་བཏབ་ནས་མཐར་མི་རྟོག་པའི་ངང་དུ་མཉམ་པར་གཞག་ན། ལམ་གྱི་འོད་གསལ་བུ་ལྟ་བུ་དང་གཞིའི་འོད་གསལ་མ་ལྟ་བུ་གཉིས་དབྱེར་མེད་དུ་འདྲེས་ནས་ཀ་དག་འོད་གསལ་ཆོས་ཀྱི་སྐུར་རོ་གཅིག་པའི་དབྱིངས་སུ་བྱང་ཆུབ་པར་འགྱུར་ཞིང་། དེའི་རྗེས་ཐོབ་ཉིད་ལ་མི་སློབ་པའི་ཟུང་འཇུག་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རང་ཤར་བ་འབྱུང་ངོ། །གསུམ་པ་ཐ་མ་བར་དོའི་སྐྱེ་བ་བརྒྱུད་ནས་ལམ་འབྲས་མངོན་དུ་བྱེད་ཚུལ་ནི། དེར་ཡང་བརྟན་པ་མ་ཐོབ་ན༔ བར་དོར་བླ་མ་ལྷ་དང་ནི༔ གདམས་ངག་དྲན་པས་མཚམས་སྦྱར་ཏེ༔ ཟབ་མོའི་ཏིང་འཛིན་བརྟན་པ་ཡིས༔ རླུང་སེམས་ལྷ་ཡི་སྐུར་ཤར་ནས༔ མཁའ་སྤྱོད་ལ་སོགས་རིག་འཛིན་འགྲུབ༔ ཡང་ན་རྡོ་རྗེའི་ལུས་བཟུང་ནས༔ ལམ་གྱི་ལྷག་མ་མངོན་དུ་བྱེད༔ ཅེས་པ་སྟེ། དབང་བརྩོན་སོགས་ཤིན་ཏུ་དམན་པས་འཆི་ཁའི་སྐབས་དེར་ཡང་བརྟན་པ་ཐོབ་པར་མ་གྱུར་ན། སྲིད་པ་བར་དོར་རང་ཉིད་འཆི་བར་ངོ་ཤེས་པའི་སྐབས་སུ་སྔོན་གྱི་བླ་མ་དང་ལྷ་དང་གདམས་ངག་རྗེས་སུ་དྲན་པས་མཚམས་སྦྱར་བར་བྱས་ཏེ། སྔོན་གང་ལ་གོམས་པའི་ཟབ་མོའི་ཏིང་ངེ་འཛིན་སྒོམ་པར་བྱས་ན་སྐབས་དེར་ད་ལྟ་ལས་ཤེས་པ་བདུན་འགྱུར་གྱིས་གསལ་བས་ཡུན་ཐུང་ངུས་གོམས་པ་བརྟན་པོར་གྱུར་ནས་རླུང་སེམས་དབྱེར་མེད་ལྷའི་སྐུར་རང་ཤར་ནས་མཁའ་སྤྱོད་ཆེན་པོ་ལ་སོགས་པའི་རིག་པ་འཛིན་པ་འགྲུབ་པར་འགྱུར་ལ། ཡང་ན་འཆི་བ་མེད་པ་རྡོ་རྗེའི་ལུས་བཟུང་ནས་སྔར་མ་བགྲོད་པའི་ལམ་གྱི་ལྷག་མ་མངོན་དུ་བགྲོད་དེ་རྡོ་རྗེ་འཆང་པདྨ་བདེ་བ་མཆོག་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །བཞི་པ་གདམས་པའི་ཆེ་བ་བརྗོད་པས་མཐའ་བསྡུ་བ་ནི། དེ་ལྟ་བུ་ཡི་ལམ་རིམ་ནི༔ སྐལ་ལྡན་ཚེ་གཅིག་གྲོལ་བྱེད་པ༔ ཧེ་རུ་ཀ་དཔལ་དགྱེས་པའི་ལུང༔ མན་ངག་སྙིང་པོར་གདམས་པ་འོ༔ ས་མ་ཡ༔ ཞེས་གསུངས་ཏེ། རིམ་པ་གཉིས་ཀྱི་རྣལ་འབྱོར་གཞན་ལས་ཟབ་ཅིང་ཁྱད་པར་འཕགས་པ་བཤད་མ་ཐག་པ་དེ་ལྟ་བུའི་ལམ་གྱི་རིམ་པ་འདི་ནི། སྐལ་པ་དང་ལྡན་པའི་གང་ཟག་རྣམས་དུས་གཞན་ལ་ལྟོས་མི་དགོས་པ་ཚེ་གཅིག་གིས་གྲོལ་བར་བྱེད་པའི་མན་ངག་དུས་གསུམ་དུ་འབྱོན་པར་དཀའ་བ། ཀུན་བཟང་ཧེ་རུ་ཀ་བདེ་བ་མཆོག་དང་དཔལ་པདྨ་བཛྲ་དབྱེར་མེད་རབ་ཏུ་དགྱེས་པའི་ཞལ་གྱི་ལུང་བཟང་། རྒྱུད་ཐམས་ཅད་ཀྱི་དོན། ལུང་ཐམས་ཅད་ཀྱི་བཅུད། མན་ངག་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་ཕྱི་རབས་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་གདམས་པར་མཛད་ཅིང་། སྣོད་མིན་ལ་འཆོལ་བར་མི་སྤེལ་བའི་དམ་ཚིག་གི་རྒྱས་བཏབ་པའོ། །རྒྱུད་ཀྱི་ཁུངས་བཙུན་བླ་མའི་མན་ངག་ཟབ། །ཉེ་བརྒྱུད་སྨིན་གྲོལ་བྱིན་རླབས་ཁྱད་པར་འཕགས། །བླ་མ་ཡི་དམ་དབྱེར་མེད་གསང་ལམ་འདི། ཁྲིད་ཚུལ་བརྒྱ་སྟོང་དུ་མའི་ཆར་མི་ཉེ། །སྐལ་བཟང་མཐའ་དག་འདིར་ཞུགས་འདི་དོན་སྒོམས། །རིམ་གཉིས་མཐར་ཕྱིན་ཟུང་འཇུག་ཡེ་ཤེས་སྐུས། །འགྲོ་འདྲེན་ཕྲིན་ལས་རྟག་ཅིང་ཁྱབ་པ་ལས། །ཆོས་འདིའི་སྣང་བས་མཁའ་དབྱིངས་ཀུན་བརྡལ་ཤོག །ཅེས་བླ་མ་འཁོར་ལོ་བདེ་མཆོག་གི་རིམ་གཉིས་ཟབ་ཁྲིད་ཁྱད་པར་དུ་འཕགས་པ་འདིའང་༧ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ནས་སྨིན་གྲོལ་གྱི་གདམས་པ་ཚངས་སྤྲུགས་སུ་བསྩལ་ཅིང་བཀའ་ལུང་གིས་རྗེས་སུ་གནང་བ་ལྟར། དུས་ཞབས་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཤད་ཡམས་ཀྱི་སྤྲོས་པ་དོར་ཏེ་རྡོ་རྗེའི་གསུང་གི་འབྲུ་ནོན་ཙམ་དུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་ཐཱ་མངྒ་ལམ།། །།
རྟ་མགྲིན་ཡང་ཕྱུང་ནག་པོའི་སྲོག་དབང་བསྐུར་བའི་ཆོ་ག་གནམ་ལྕགས་འབར་བའི་རལ་གྲི་ (Volume 26, Text 43)
༄༅། །རྟ་མགྲིན་ཡང་ཕྱུང་ནག་པོའི་སྲོག་དབང་བསྐུར་བའི་ཆོ་ག་གནམ་ལྕགས་འབར་བའི་རལ་གྲི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀཱ་ལ་ཀྲོ་དྷཱ་ཡ། ཆོས་ཉིད་མུན་པའི་མདངས་འཛིན་སྟོང་གསུམ་གྱི། །མ་རུངས་གཟུགས་བརྙན་དབྱིངས་སུ་ཟ་བྱེད་པ། །ཐུགས་རྗེ་ཤིན་ཏུ་ཁྲོས་ལ་གུས་བཏུད་ནས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །མཚན་ཉིད་དང་ནུས་པར་ལྡན་པའི་སློབ་དཔོན་གྱིས་དམ་ལྡན་ཁྱད་པར་དུ་གྱུར་པའི་སློབ་མ་རེ་ཙམ་ལ་དབང་ཆེན་དྲག་པོ་འདི་ཉིད་ཀྱི་སྲོག་དབང་སྦྱིན་པར་འདོད་ན། སྟེགས་བུར་མཎྜལ་གྲུ་གསུམ་ནག་པོ་མེ་རིས་བསྐོར་བའི་དབུས་སུ་ཧཱུྃ་ནག་པོས་མཚན་པ་བཀོད་པའི་སྟེང་རྐང་གསུམ་ཁར། ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་ནག་པོར་རྟ་མགོ་ཅན་འཁོར་བརྒྱད་དང་མཐེབ་སྐྱུས་བསྐོར་བ་ཤ་ཁྲག་གི་རྒྱན་ལྡན་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་བཤམ། མདུན་དུ་དར་ནག་ལ་བྲིས་པའི་སྐུ་རྟེན་དང་ལྕགས་ཀྱུ། གཡས་སུ་ཙན་དན་རལ་གྲི །གཡོན་དུ་སེང་ལྡེང་ཕུར་བུ། རྒྱབ་ཏུ་སྲོག་འཁོར་རབ་གནས་ཅན་དར་ནག་གིས་དྲིལ་བ་རྣམས་བཞག །གཞུང་དོན་ལྟར་ན་དར་ནག་སྐུ་དང་སྲོག་འཁོར་མདའ་དར་ལ་བཏགས་ནས་གཏོར་མ་ལ་བཙུགས་པར་གསུངས་ཀྱང་དབང་རྐྱང་ཙམ་ལ་ལག་ལེན་སྔ་མ་ལྟར་སྟབས་བདེ་ཞིང་ཕྱག་མཚན་རྣམས་ཀྱང་དངོས་མ་འབྱོར་ན་ཙཀླི་བཀོད། རྒྱབ་ངོས་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ། གཏོར་ཚོགས་ཉེར་མཁོ་རྣམས་ཚོགས་པར་བྱས་ནས། བརྒྱུད་འདེབས། དཀར་གཏོར་སྤྱི་ལྟར། སྐྱབས་སེམས་དང་ཡན་ལག་བདུན་པ་གཏེར་གཞུང་ལྟར་དང་། བགེགས་བསྐྲད་ནས་མཆོད་པ་བྱིན་རླབས་བར་སྨིན་གླིང་གཏེར་ཆེན་ཆོག་བསྒྲིགས་ལྟར་བྱ། དེ་ནས་གཏེར་གཞུང་ཚིག་ལྷུག་གི་བདག་བསྐྱེད་དང་བཟླས་པ་ཅི་འགྲུབ། སླར་དེ་ཉིད་མདུན་བསྐྱེད་ལ་ཁ་སྤོས་ནས། སྤྱན་འདྲེན་ནས་བསྟོད་པའི་བར་བཏང་བའམ། ཡང་ན་གཏེར་ཆེན་གྱིས་མཛད་པའི་ལས་བྱང་ལྟར་མངོན་རྟོགས་ནས་བཟླས་པ་ལ་ཐུག་གི་བར་མདུན་བསྐྱེད་དུ་བཏང་ཡང་ཆོག་ལ། སྔ་མ་ལྟར་ན། རྩ་སྔགས་བརྗོད་པའི་རྐྱེན་གྱིས། མདུན་གྱི་མཎྜལ་གཏོར་མ་དང་བཅས་པ་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ཆེན་པོར་པད་ཉིའི་གདན་ལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞེས་སོགས་ནས། བསྐལ་པའི་མེ་དཔུང་འུར་འུར་ཆེམ་ཆེམ་འབར་བའི་ཀློང་ན་བཞུགས་པའོ། །ཞེས་པའི་བར་སྔར་བཞིན་ལ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་རྟ་མགྲིན་ནག་པོ་སྡེ་བརྒྱད་དྲེགས་པའི་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སོགས་ནས་བསྟོད་པའི་མཐར་ཐུག་པའི་བར་སྔར་བཤད་ལྟར་བྱས་ནས། བདག་མདུན་གཉིས་ཀའི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་མཐིང་ག་རྩ་བའི་སྔགས་ཀྱིས་བསྐོར་བ་དང་། བདག་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་མེའི་ཚྭ་ཚྭ་དང་བཅས་པ་ཞལ་ནས་ཐོན། མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། ཧཱུྃ་གི་ཞབས་ཀྱུ་ནས་ཐོན་མདུན་བསྐྱེད་ཀྱི་ལྟེ་བ་ནས་བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་འགལ་མེ་ལྟར་འཁོར་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་པར་བསམ་ལ་རྩ་སྔགས་བརྒྱ་སྟོང་སོགས་དང་ཤམ་བུ་སྦྱར་བའང་ཅི་རིགས་པ་བཟླས་ནས། ཧཱུྃ༔ ཐུགས་རྗེ་ཆེན་པོ་སོགས་ཀྱིས་གཏོར་མ་འབུལ་ལ་ཏིང་ངེ་འཛིན་གྱི་དབང་ལེན་ནམ་རིག་པའི་མེ་ཏོག་དོར། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བྱིན་བརླབ་བོ། །སློབ་མ་གཅིག་གམ་གསུམ་ལས་མི་མང་བ་ཁྲུས་བྱ། བགེགས་གཏོར་བཏང་ནས་བཀའ་བསྒོ་མཚམས་གཅད་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་རྒྱལ་བ་སྲས་དང་བཅས་པའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐུགས་རྗེའི་རང་གཟུགས་གཅིག་ཏུ་ཤར་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་གདུལ་བྱ་གདུག་པ་ཅན་གྱི་ངོར་འབར་བ་ཆེན་པོའི་སྐུར་བསྟན་པ་དབང་ཆེན་རྟ་མཆོག་ཧེ་རུ་ཀ་སྟེ། དེ་ཉིད་མི་སྲུན་པའི་སྡེ་བརྒྱད་འབྱུང་པོ་རྣམས་ཀྱི་གཉེན་པོར་སླར་ཡང་དྲག་ཏུ་ཁྲོས་པ་དཔལ་རྟ་མགྲིན་ནག་པོ་ལ་རྒྱུད་དང་སྒྲུབ་ཐབས་ཀྱི་རྣམ་གྲངས་མཐའ་ཡས་པ་མཆིས་པ་ལས། སྙིགས་དུས་ཀྱི་རྒྱལ་བསེན་ས་བདག་ཀླུ་གཉན་མ་རུངས་པ་འདུལ་བ་ལ་ལྷག་པར་བསྔགས་ཤིང་གདམས་ངག་གཞན་ལས་ཁྱད་པར་འཕགས་པ་འདི་ཉིད་རྟ་མཆོག་ཉིད་དང་ངོ་བོ་གཅིག་པ་སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས། དཔལ་རྟ་མཆོག་རོལ་པའི་རྒྱུད་ཀྱི་དུམ་བུ་ནག་པོ་ཀླུ་འདུལ་གྱི་རྒྱུད་ལས་ཕྱུངས་ཏེ་མཁའ་འགྲོ་མཚོ་རྒྱལ་དང་མངའ་བདག་རྒྱལ་པོ་གཉིས་ལ་ཐུགས་ཀྱི་ཟུངས་སུ་བསྩལ་པ་སྟེ། རྡོ་རྗེའི་གསུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་དབང་གི་དངོས་གྲུབ་བརྙེས༔ སྣང་སྲིད་འཇིག་རྟེན་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ དེ་ཕྱིར་དབང་ཆེན་རྟ་མགྲིན་གྱི༔ སྒྲུབ་ཐབས་བྱེ་བ་ས་ཡ་བརྩམས༔ ལ་ལ་མཆོག་གི་དོན་ལ་དགོངས༔ ལ་ལ་དྲེགས་པ་གཅུན་ལ་དགོངས༔ ལ་ལ་དགྲ་བགེགས་འདུལ་ལ་དགོངས༔ འདི་ནི་དགོངས་པ་གཅིག་ཏུ་དྲིལ༔ དེ་དག་ཀུན་གྱི་སྙིང་པོ་ཡིན༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང༔ དྲག་སྔགས་ཀུན་གྱི་རྣོ་སོ་ཡིན༔ བྱ་སླ་ཚེགས་ཆུང་དོན་ཆེན་འདི༔ རྗེས་འཇུག་དོན་དུ་ཟབ་པར་གདམས༔ ཞེས་དང་། མ་ཧཱ་ཀཱ་ལ་རྟ་གདོང་ཅན༔ ཐུགས་རྗེ་མཚུངས་མེད་བླ་མ་ཡིན༔ བྱིན་རླབས་མྱུར་མཛད་ཡི་དམ་ཡིན༔ བསྟན་པ་སྲུང་ཕྱིར་ཆོས་སྐྱོང་ཡིན༔ དགྲ་བགེགས་སྒྲོལ་ཕྱིར་ལས་མཁན་ཡིན༔ འདི་ལ་རྒྱས་བསྡུས་འགའ་ཡོད་ཀྱང༔ དཔའ་བོ་གཅིག་ཏུ་སྒྲུབ་པ་འདི༔ འཁོར་གྱི་རྣམ་གྲངས་ངེས་མེད་ཕྱིར༔ བཀྲ་ཤིས་རྒྱུད་ནི་འཇམ་པ་ཡིན༔ གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཚོགས༔ རང་བཞིན་ཤུགས་ཀྱིས་འཁོར་བའི་ཕྱིར༔ ཤིན་ཏུ་རྣོ་ལ་མྱུར་བ་ཡིན༔ ཞེས་བསྔགས་པ་དོན་དང་ལྡན་པའི་ཟབ་ཆོས་འདི་ཉིད་སྙིགས་དུས་གདུལ་བྱའི་དོན་ཏུ་བསམ་ཡས་མཆིམས་ཕུའི་ཚོགས་ཁང་དབུས་ཀྱི་ཀ་བ་མཁའ་འགྲོའི་གསང་མཛོད་དུ་སྦས་པ། མངའ་བདག་སྐྱེ་བ་བཅུ་གསུམ་པ་ཟབ་གཏེར་ཤིང་རྟའི་སྲོལ་འབྱེད་ཉང་རལ་ཉི་མ་འོད་ཟེར་གྱིས་སྤྱན་དྲངས་པ་འདིའི་སྨིན་བྱེད་ཐུན་མོང་བྱིན་རླབས་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་དང་། ཐུན་མོང་མ་ཡིན་པ་སྲོག་དབང་ཤིན་ཏུ་གཉན་པ་གཉིས་སུ་ཡོད་པ་ལས་ད་ལམ་སྲོག་དབང་ཟབ་མོ་བསྒྲུབ་པ་ཡིན་པས། ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །བླ་མ་དང་རྟ་མགྲིན་ནག་པོ་དབྱེར་མ་མཆིས་པ་ལ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ བཅུག་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དཀོན་མཆོག་གསུམ་གྱི་ངོ་བོ་རང་རིག་བྱང་ཆུབ་སེམས་དང་བླ་མ་རྟ་མགྲིན་དབང་ཆེན་དབྱེར་མེད་པ་ལ་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་དེའི་སྤྱད་པ་སྤྱོད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ བྱང་ཆུབ་སེམས་ལ་སྐྱབས་སུ་མཆི༔ དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ བསྟན་དང་འགྲོ་བའི་དོན་སླད་དུ༔ བསྙེན་ཅིང་བསྒྲུབ་པར་དམ་བཅའ་འོ༔ ལན་གསུམ། སློབ་མའི་གནས་གསུམ་དུ་སྲིན་ལག་གིས་བདུད་རྩིའི་ཐིག་ལེ་བཀོད་ལ། ཁྱེད་རང་གི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱཿཡིས་མཚན་པ༔ སྙིང་གར་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ༔ རྡོ་རྗེ་གསུམ་གྱི་རང་བཞིན་དུ་གསལ་ཐོབ་ཅིག །དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཔལ་རྟ་མགྲིན་གྱི་ལྷ་ཚོགས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདུན་རྣམ་པར་དག་པ་བྱ་བའི་འདུན་པས་འདིའི་རྗེས་ཟློས། བླ་མ་རྒྱལ་བའི་དཀྱིལ་འཁོར་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ རང་གཞན་དགེ་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་འགྲོ་ཀུན་ཡོངས་ལ་བསྔོ༔ ལན་གསུམ། རྡོ་རྗེ་ཐེག་པའི་དམ་ཚིག་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པ་རྣམས་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ སྔོན་ཚེ་རྒྱལ་བས་ཐུགས་བསྐྱེད་ལྟར༔ བྱང་ཆུབ་སེམས་ནི་བཟུང་བར་བགྱི༔ སངས་རྒྱས་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རྡོ་རྗེའི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རིན་ཆེན་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ པདྨའི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ལན་གསུམ་བརྗོད། དེ་ནས་དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ སྐུ་ཡི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ རྩ་སྔགས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་པོའི་སྤྱན་གསུམ་བགྲད་ཅིང༔ སྨིན་མཚམས་སུ་ཁྲོ་གཉེར་བསྡུས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་རབ་ཏུ་གཙིགས་པ༔ ཕྱག་གཡས་སྒྲོལ་བྱེད་ཀྱི་རལ་གྲིས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབས་པ༔ གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྲོག་སྙིང་འདྲེན་པ༔ ཞབས་གཉིས་དོར་ཐབས་ཀྱིས་དགྲ་བགེགས་ནོན་པར་གནོན་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ༔ སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར་བས༔ ཁམས་གསུམ་མ་ལུས་དབང་དུ་སྡུད་ཅིང་སྲིད་གསུམ་མ་ལུས་ཟིལ་གྱིས་གནོན་པ༔ སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ ཐོད་སྐམ་ལྔའི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་སྐུར་ལམ་གྱིས་གྱུར་པར་མོས་ཤིག༔ དེ་ལྟར་ཁྱེད་རང་དམ་ཚིག་པར་གསལ་བ་ལ། མདུན་བསྐྱེད་ཀྱི་ཁྲོ་བོའི་སྐུ་གསུང་ཐུགས་ལས༔ ཁྲོ་བོ་དཀར་དམར་མཐིང་གསུམ་ནས་འབྲས་ཙམ་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་པའི་ངོ་བོར་བུ་ཡུག་འཚུབས་པ་བཞིན་བྱུང་ནས༔ སློབ་མའི་བ་སྤུའི་བུ་ག་ནས་ཐིམ་པས༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སང་སང་དག༔ རྒྱུད་བྱིན་གྱིས་བརླབ་པར་མོས་མཛོད། དར་ནག་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ དར་ནག་སྐུ་ཡི་དབང་བསྐུར་བས༔ སྣང་སྲིད་ཟིལ་གྱིས་ནོན་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུ་ཡི་དབང་ཐོབ༔ དཔལ་རྟ་མགྲིན་བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ གསུང་གི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་ཨཱ་ལི་ཀཱ་ལི་དང་བཅས་པ་དམར་ན་ར་ར་བྱུང་བ༔ སློབ་མའི་མགྲིན་པར་ཐིམ་པས་ལུས་ཐམས་ཅད་སྔགས་ཀྱིས་དམར་ལྟེམ་མེ་གང་ནས༔ དྲག་སྔགས་ལ་ནུས་པ་ཐོན་པར་མོས་ཤིག༔ ལྕགས་ཀྱུ་མགྲིན་པར་བཞག་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ལྕགས་ཀྱུ་གསུང་གི་དབང་བསྐུར་བས༔ ལོག་འདྲེན་དབང་དུ་སྡུད་པར་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཧྲཱི༔ དེས་གསུང་གི་དབང་ཐོབ༔ དྲག་པོའི་སྔགས་བཟླ་བ་ལ་དབང་། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ༔ འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ་དཔག་ཏུ་མེད་པ་བྱུང་ནས༔ སློབ་མའི་སྙིང་ཁར་ཐིམ་པས་ལུས་ཐམས་ཅད་ཧཱུྃ་སྔོན་པོས་གང་ནས༔ རྟོགས་པ་འཆར་ཞིང་ནུས་པ་དང་ལྡན་པར་གྱུར་པའི་མོས་པ་མཛོད༔ ཕུར་པ་སྙིང་གར་བཞག་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ཕུར་པ་ཐུགས་ཀྱི་དབང་བསྐུར་བས༔ དྲེགས་པ་ལས་ལ་འཁོལ་བར་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ༔ རྫོགས་པའི་རིམ་པ་བསྒོམ་པ་ལ་དབང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ ཡོན་ཏན་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཚ་ལ་མྱུར་བ་དཔག་ཏུ་མེད་པ་འཕྲོས་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་གང་སྟེ༔ མ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དྲེགས་པ་ཕོ་མོ་རྣམས་ཀྱི་སྲོག་སྙིང་མཐུ་ནུས་ཐམས་ཅད་དབང་དུ་བསྡུས་ནས༔ སླར་འདུས་ཏེ་ཁྲོ་བོའི་ཐུགས་ཀར་ཐིམ་པས༔ ཁྲོ་བོའི་ཐུགས་དང་གཉིས་སུ་མེད་པའི་འོད་ཀྱི་ཐིག་ལེ་སྔོན་པོ་གཅིག་ཏུ་གྱུར༔ དེ་སློབ་མའི་ལྟེ་བར་ཐིམ་པས་རྟ་མགྲིན་གྱི་སྲོག་དབང་ཐོབ་པས་ཁམས་གསུམ་གྱི་དྲེགས་པ་སྡེ་བརྒྱད་མ་ལུས་པའི་སྲོག་ལ་དབང་སྒྱུར་བར་མོས་ཤིག༔ སྲོག་འཁོར་ལྟེ་བར་བཞག་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ཡོན་ཏན་ཙཀྲའི་དབང་བསྐུར་བས༔ ཁྲོ་བོའི་མཐུ་རྩལ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཏྲཱྃ༔ དེས་ཡོན་ཏན་གྱི་དབང་ཐོབ༔ ཏིང་ངེ་འཛིན་གྱི་རྩལ་ཁ་ཕྱོགས་མེད་དུ་སྐྱོང་བ་ལ་དབང་། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཔལ་ཆེན་ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ཀྱིས༔ ཕྲིན་ལས་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། མདུན་བསྐྱེད་ཀྱི་དབུ་སྐྲ་བསིགས་པའི་སྐྲ་གསེབ་ནས་ཁྲོ་ཆུ་ལྗང་ནག་དཔག་ཏུ་མེད་པ་འཕྲོས་པས༔ སློབ་མ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མངའ་གསོལ་བར་མོས་ཤིག༔ རལ་གྲི་གསང་བར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ ཕྲིན་ལས་རལ་གྲིའི་དབང་བསྐུར་བས༔ དགྲ་བགེགས་རྩད་ནས་གཅོད་པར་ཤོག༔ རྩ་སྔགས་དང་། ཀརྨ་ཨ་བྷི་ཥིཉྩ་ཨཱ༔ དེས་ཕྲིན་ལས་ཀྱི་དབང་ཐོབ༔ དྲག་པོ་མངོན་སྤྱོད་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང་། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཔལ་གཏོར་ཐོགས་ལ། གཏོར་མ་འདི་ཉིད་མདུན་བསྐྱེད་དང་གཉིས་སུ་མེད་པའི་དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནག་པོའི་སྐུར་གསལ་བ། ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་དཔལ་ཁྲོ་བོ་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སློབ་མའི་ལུས་ལ་ཞུགས་པར་མོས་ཤིག༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོ་རྟ་མགྲིན་གྱི༔ བ་ལིཾ་གཏོར་མའི་དབང་བསྐུར་བས༔ ལོངས་སྤྱོད་མཐུན་རྐྱེན་འཕེལ་བར་ཤོག༔ རྩ་སྔགས་དང་། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ འདིར་སྤྲོ་ན་བླ་མ་བརྒྱུད་པའི་མཚན་ཐམས་ཅད་བརྗོད་ལ་བཀའ་བསྒོ་སྤྱི་ལྟར་བྱ་ཞིང་གཏོར་མ་མགོར་བཞག །མཐར་ལག་ཏུ་གཏད་ལ། རྡོ་རྗེའི་སློབ་མ་ཁྱོད་ལ་དཔལ་རྟ་མགྲིན་ནག་པོའི་སྲོག་དབང་བསྐུར་པ་ཡིན་པས༔ རྟ་མགྲིན་ནག་པོ་འདི་ཡི་དམ་གྱི་ལྷར་ཟུངས་ཤིག༔ ཆོངས་ཤིག༔ སྒོམས་ཤིག༔ སྒྲུབས་ཤིག༔ ཐོན་ཅིག༔ ལྷ་མ་སྲིན་སྡེ་བརྒྱད་དང་དྲེགས་པ་ཅན་དབང་དུ་སྡུས་ཤིག༔ དམ་ལ་ཐོགས་ཤིག༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་ཆོད་ཅིག༔ ཅེས་བརྗོད། དེས་རྟ་མགྲིན་ནག་པོའི་སྲོག་དབང་ཤིན་ཏུ་གཉན་པ་ཐོབ་པ་ཡིན་པས་འདི་ཡི་དམ་གྱི་ལྷར་བཟུང་བ་དང་། ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་འབུལ་ཞིང་བཀའི་ཟུར་ཙམ་ཡང་མི་ཉམས་པ་བྱེད་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་དང་། དེང་ནས་བརྩམ་སྟེ་སོགས་བརྗོད། གཏང་རག་མཎྜལ། དགེ་བསྔོ་སྤྱི་འགྲེ་བྱ། སློབ་དཔོན་གྱིས་གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བརྩམ་ཤིས་བརྗོད་ཀྱི་བར་གྱི་རྗེས་རིམ་རྣམས་གཏེར་ཆེན་གྱིས་མཛད་པའི་ལས་བྱང་ལྟར་བྱས་པས་འགྲུབ་བོ། །ལྟོ་ཚོལ་ནུས་པའི་གྲགས་འདོད་སྲོག་གི་དབང་། །གདོན་ཅན་ཁྱིམ་པར་བསྐུར་བའི་ལས་ངན་ལས། །བཟློག་སྟེ་ཉམས་ལེན་ནུས་པའི་རྣལ་འབྱོར་དང་། །འཕྲད་ནས་སྙིགས་མའི་གདུག་པ་འཇོམས་བྱེད་ཤོག །འདི་ལ་ཆོག་ཁྲིགས་ཀྱི་ཡིག་ཆ་རྙིང་པ་ཁ་ཤས་འདུག་ཀྱང་ལུང་རྒྱུན་མི་བཞུགས་པ་དང་ཁ་ཅིག་ཚིག་མང་བར་སྣང་བས་གཏེར་གཞུང་དངོས་ལ་གསལ་བྱེད་ཕྲན་བུས་བརྒྱན་ཏེ་ཟབ་གཏེར་མཛོད་ཆེན་གྱི་བཅུད་དུ་པདྨ་གར་དབང་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།
བླ་མཆོད་ཀྱི་རིམ་པ་བྱིན་རླབས་བདུད་རྩིའི་ཆར་རྒྱུན་ (Volume 5, Text 43)
༄༅། །བླ་མཆོད་ཀྱི་རིམ་པ་བྱིན་རླབས་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། བླ་མཆོད་ཀྱི་རིམ་པ་བྱིན་རླབས་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ། ན་མོ་ཨཀྵ་ར་བཛྲ་ཡ་ཤ་ར་ཎཾ་གཙྪཱ་མི། མི་འགྱུར༵་ཞི་ཁྲོའི་དཀྱིལ་འཁོར་ཀུན། །འོད་གསལ་ཟག་མེ༵ད་ཡེ་ཤེས་ཀློང་། །རོ་གཅིག་རྡོ༵་རྗེ༵་སེམས་དཔའ་མཆོག །གཏེར༵་ཆེ༵ན་བླ༵་མ༵ར་ཕྱག་འཚལ་ནས། །གང་ཁྱོད་རྒྱལ་ཀུན་སྤྱི་གཟུགས་སུ། །བསྡུས་ནས་མཆོད་ཅིང་གསོལ་འདེབས་ཀྱི། །རིམ་པ་བྱིན་རླབས་ཆུ་འཛིན་ལས། །དངོས་གྲུབ་བདུད་རྩིའི་ཆར་རྒྱུན་འབེབས། །འདིར་གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་དུ་བླ་མ་དམ་པའི་བྲིས་སྐུ་སོགས་རྟེན་བསོད་ནམས་ཀྱི་ཚོགས་ཞིང་དུ་བཞུགས་སུ་གསོལ་བའི་སྤྱན་སྔར་གཏོར་མ། ཕྱི་ནང་གི་མཆོད་པ། ཚོགས་ཀྱི་ཡོ་བྱད་སོགས་བཀོད་ལེགས་པར་བཤམས་ནས། རང་ཉིད་སྟན་བདེ་བ་ལ་འདུག་ནས། བདག་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀའི་སྐུར་གྱུར་པར་བསམས་ལ། སྔོན་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ནས། གཏོར་མགྲོན་འབར་རྒྱ་དང་བཅས་པས་ཕེཾ་ཞེས་བཀུག །ཨ་ཀཱ་རོའི་སྔགས་ཀྱིས་བསྔོས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །གསང་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་དང་། སུམྦྷའི་དྲག་སྔགས་སྤོས་རོལ་ཐུན་བྲབ་བྱ་ཞིང་། ཁྲོ་སྤྲིན་མེ་མཚོན་དང་བཅས་པས་བགེགས་ཐམས་ཅད་བསྡིགས་བསྐྲད་བརླག་པར་བྱས། ཚུར་འདུས་པ་ལས་རྡོ་རྗེ་ཁྲོ་བོ་རོལ་པའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་ཐམས་ཅད་ཁྱབ་ཅིང་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་འཁོར་ལོས་ཁྱབ་པར་གྱུར་པར་བསམ་མོ། །དེ་ནས་མ་གྱུར་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་ཟབ་མོའི་རྣལ་འབྱོར་ལ་འཇུག་འདོད་ཀྱི་ལྷག་བསམ་བཟང་པོས། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱིས་འཇིགས་ཏེ་སྐྱབས་ཞུ་ན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། ཨོཾ་ཨཱཿཧཱུྃ། ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་བླ་མ་བསྒོམ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས། མཆོད་རྫས་བརླབ་པ་ནི། བདག་གི་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་སྦྱངས། །རྣམ་ཀུན་མཆོག་ལྡན་སྟོང་པའི་སྒྱུ་འཕྲུལ་ལས། །རང་བྱུང་ཕྱི་ནང་མཆོད་པའི་ཕུང་པོ་ནི། །ཟག་མེད་འདོད་ཡོན་ཅིར་ཡང་འཆར་བ་ཡི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། །ཨོཾ་མ་ཧཱ་པཱུ་ཛ་སརྦ་ས་མ་ཡེ་ཨཱཿཧཱུྃ། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀྱང་སྤེལ་ལོ། །དེ་ནས་དངོས་གཞི་ནི། འཁོར་འདས་ཆོས་ཀུན་མི་དམིགས་སྤྲོས་བྲལ་ངང་། །འགག་མེད་སྙིང་རྗེའི་རང་མདངས་ཟུང་འཇུག་ལས། །རང་ཉིད་སྐད་ཅིག་གཉུག་མའི་ལྷར་སད་པ། །རྡོ་རྗེ་སེམས་དཔའ་དཀར་གསལ་ཟླ་བའི་མདོག །ཞི་འཛུམ་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་བསྣམས། །ཞབས་གཉིས་པད་ཟླར་རྡོར་སྐྱིལ་འཇའ་འོད་ཀློང་། །ཆུ་ལས་ཉ་ལྡང་ཚུལ་དུ་གསལ་བར་གྱུར། །རང་གི་མདུན་གྱི་ནམ་མཁར་གདོད་མ་ནས། །འཁོར་འདས་རང་དག་ལྷུན་གྲུབ་རྒྱལ་བའི་ཞིང་། །ཡེ་ཤེས་འོད་ལྔའི་ཟེར་མདངས་འཁྲུགས་པའི་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་ཀུན་འདུས་གཟུགས་གཅིག་ཆོག་ཆོས་ཀྱི་རྗེ། ཁྱབ་བདག་བླ་མ་འགྲོ་འདུལ་གཏེར་བདག་གླིང་། །འཕོ་མེད་ཡེ་ཤེས་སྐུ་ལས་གང་འདུལ་ངོར། །གོས་དཀར་ལྕང་ལོའི་ཆ་བྱད་གཟི་མདངས་ཅན། །གང་ཞུ་རྩེ་ཟླུམ་གསོལ་ཞིང་ཕྱག་གཉིས་ཀྱིས། །ཐབས་ཤེས་ཟུང་འཇུག་རྡོར་དྲིལ་ཐུགས་ཀར་བསྣོལ། །ཞལ་རྒྱན་དཀར་པོ་ཐུགས་ཀའི་རྒྱ་མདོར་སླེབ། །ཞབས་གཉིས་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་ཅན། །དེ་མཐར་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་ཆུབ་སེམས། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་སྤྲིན་ཕུང་འཁྲིགས། །གང་འདུལ་མོས་ངོར་རབ་འབྱམས་ཞི་ཁྲོ་ཡི། །དཀྱིལ་འཁོར་རྣམ་རོལ་ཅིར་ཡང་འཆར་བར་གྱུར། །དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་སྔོན་པོ། །རྒྱལ་ཀུན་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱིས། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཀུན། །ཆོས་སྐུ་འགྱུར་མེད་ངང་ལས་གཟུགས་སྐུའི་སྤྲིན། །རྩ་གསུམ་ལྷ་ཚོགས་རྣམ་པར་སྤྱན་དྲངས་གྱུར། །སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་ཏེ་སྤྱན་དྲངས་པ་ནི། ཨོཾ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་ཀྱི་ལི་ལི། །སྐུ་དང་ཐིག་ལེ་ཤིགས་སེ་ཤིག །འཁོར་དུ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཁའ་ལས་སྤྲིན་ལྟར་གཤེགས་ནས་ཀྱང་། །མདུན་གྱི་ཚོགས་ཞིང་ལ་ཐིམ་པས། །གཉིས་མེད་དགྱེས་ཤིང་བརྟན་པར་བཞུགས། །དེ་ནས་ཕྱག་མཆོད་ཀྱི་སྒོ་ནས་ཚོགས་གསག་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་དང་སེམས་ཅན་ཐམས་ཅད་བྱ་བྱེད་ཐུན་མོང་པར་གྱུར་ནས་ཕྱག་དང་མཆོད་པའི་ལས་རིམ་ལ་འཇུག་པར་མོས་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མཁའ་ལྟར་ཁྱབ་པའི་རྩ་གསུམ་འཁོར་ལོ་ལ། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་པས། །ལུས་འདི་ཞིང་རྡུལ་གྲངས་སྙེད་རབ་སྤྲུལ་ནས། །སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི། །ཞེས་ཕྱག་བྱ། དེ་ནས་མཆོད་པ་འབུལ་བ་ནི། ཨོཾ། དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་འབུལ་བར་བགྱི། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱཱ། ཤབྡ་རྣམས་བཅུག་པས་མཆོད། ཚུལ་ཁྲིམས་ལྟེ་བ་ལ་བརྟེན་པའི། །རྣམ་འབྱེད་ཤེས་རབ་རྩིབས་རྣོ་ཞིང་། །ཏིང་འཛིན་མུ་ཁྱུད་ཀྱིས་བསྐོར་བའི། །འཁོར་ལོ་རིན་ཆེན་དབུལ་བར་བགྱི། །ཨོཾ་ཙཀྲ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བསོད་ནམས་རྒྱ་མཚོ་ལས་ཐོན་ཞིང་། །བློ་ཡི་མུན་སྟུག་རབ་བསལ་ནས། །དགོས་འདོད་ཀུན་འབྱུང་དད་པ་ཡི། །ནོར་བུ་རིན་ཆེན་དབུལ་བར་བགྱི། །ཨོཾ་མ་ཎི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། རང་བཞིན་གཉུག་མའི་ཡེ་ཤེས་སྐུ །གཞོམ་མེད་གཟུགས་སྒྲ་རེག་བྱས་འཁྱུད། །མི་འགྱུར་བདེ་ཆེན་སྐྱེད་མཛད་པའི། །བཙུན་མོ་རིན་ཆེན་དབུལ་བར་བགྱི། །ཨོཾ་སཏྲཱི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བླ་མ་མཆོག་གསུམ་རྗེ་བོར་གུས། །རྣམ་དཀར་དགེ་བཅུའི་ཆབ་སྲིད་སྐྱོང་། །དྲན་ཤེས་བག་ཡོད་ནོར་གྱིས་ཕྱུག །བློན་པོ་རིན་ཆེན་དབུལ་བར་བགྱི། །ཨོཾ་པུ་རུ་ཥ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། མང་ཐོས་པདྨའི་མཚོ་ལ་རོལ། །བདག་མེད་རྟོགས་པའི་ལུས་སྟོབས་རྒྱས། །མཚན་འཛིན་རྟོག་པ་འཇོམས་བྱེད་པའི། །གླང་པོ་རིན་ཆེན་དབུལ་བར་བགྱི། །ཨོཾ་ཧསྟི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དབང་བཞིའི་ལུས་མཛེས་བརྩོན་འགྲུས་ཀྱི། །གྲོལ་ལམ་མགྱོགས་པའི་འགྲོས་བཟང་པོས། །འདོད་དོན་མྱུར་དུ་འགྲུབ་བྱེད་པའི། །རྟ་མཆོག་རིན་ཆེན་དབུལ་བར་བགྱི། །ཨོཾ་ཨ་ཤྭ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གང་ཤར་ངོ་ལ་ཅེར་བལྟ་བའི། །ཤེས་རབ་རིག་པའི་མཚོན་རྣོན་པོས། །རྣམ་རྟོག་དགྲ་ལས་རྒྱལ་བྱེད་པའི། །དམག་དཔོན་རིན་ཆེན་དབུལ་བར་བགྱི། །ཨོཾ་ཁཌྒ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དགའ་བཞི་བཅུ་དྲུག་ཉམས་རྒྱས་པའི། །རྡོ་རྗེའི་རིག་མ་བཅུ་དྲུག་དང་། །གསང་བ་ཕྱག་རྒྱ་བཞིའི་སྦྱོར་བ། །ཟག་མེད་བདེ་བ་བསྐྱེད་ཕྱིར་འབུལ། །མ་ཧཱ་སུ་ཁ་པཱུ་ཛ་ཧོཿ གཙང་དམེའི་རྟོག་བྲལ་བདུད་རྩིའི་སྨན། །ཉོན་མོངས་ཆགས་མེད་རཀྟའི་རྒྱུན། །བཟའ་བཅའ་བཏུང་བའི་འདོད་ཡོན་རྫས། །འཁོར་གསུམ་དམིགས་མེད་ཉིད་དུ་འབུལ། ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ དེ་ལས་གཞན་ཡང་མཆོད་པའི་ཚོགས། །དཔག་མེད་ཞིང་ན་གང་མཆིས་པ། །དེ་ཀུན་བློ་ཡིས་བླངས་ནས་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རློབས། །སརྦ་མ་ཧཱ་པཱུ་ཛ་ཧོཿ ཁྱད་པར་ཚོགས་གསོག་གི་གཙོ་བོ་མཎྜལ་འབུལ་བ་ནི། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པ་དང་། བསྡུ་ན། ཆོས་དབྱིངས་རང་བྱུང་རོལ་པའི་རྩལ། །ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས། ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས། །འཁོར་གསུམ་ཡོངས་དག་ཉིད་དུ་འབུལ། །སརྦ་པཱུ་ཛ་རཏྣ་མ་དྷ་ལ་ཧཱུྃ། ཞེས་བརྒྱ་རྩ་སོགས་ཅི་ནུས་འབུལ། དེ་ནས་ཡན་ལག་བཅུ་པ་འབུལ་ཞིང་གསོལ་བ་གདབ་པ་ནི། བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་མ་ལུས་སོ་སོར་བཤགས། །དགེ་བ་ཀུན་ལ་ཡི་རང་ཞིང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །རྫོགས་པའི་བྱང་ཆུབ་འགྲུབ་པར་ཤོག །ཅེས་ལན་གསུམ་དང་། གསོལ་འདེབས་ཀྱི་རིམ་པ་ནི། ཨོཾ། སྐྱེ་འཆི་མེད་པ་གསལ་ལ་དྭངས། །རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །སྐུ་ཡི་རྡོ་རྗེར་བདག་བསྒྲུབ་མཛོད། །ཨཱཿ འགག་མེད་གསུང་དབྱངས་ཆོས་ཀྱི་སྒྲ །ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེར་བདག་བསྒྲུབ་མཛོད། །ཧཱུྃ། ཀ་དག་ཆེན་པོ་ཀུན་བཟང་ཀློང་། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེར་བདག་བསྒྲུབ་མཛོད། །བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུང་བ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་སྙིང་ཐག་པ་ནས་གསོལ་བ་བཏབ་པས་བྱིན་རླབས་ཀྱི་མཚན་མ་དམན་འབྲིང་རབ་རྣམས་ཀྱི་རྣམ་པར་སྐྱེ་བ་སྟེ། རྩོལ་མེད་ཀྱི་མོས་གུས་སྐྱེ་བ་དང་། གར་གཏད་དུ་དམིགས་པ་གསལ་ཞིང་བརྟན་པ་དང་། རང་བྱུང་ཡེ་ཤེས་ཀྱི་ཉམས་འབར་བ་རྣམས་གང་རུང་མ་སྐྱེས་ཀྱི་བར་དུ་བརྩོན་པས་གསོལ་བ་གདབ་བོ། །སྤྲོ་ཞིང་ནུས་ན་རྣམ་ཐར་གསོལ་འདེབས་སོགས་ཀྱང་བྱ། དེ་ནས་བཟླས་པ་ནི། བླ་མའི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །དཀར་གསལ་འཕྲོས་པས་རང་ལུས་ཡོངས་སུ་གང་། །ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེས་ཆེར་གཡོས། །དེ་ཡི་ངང་ལས་ཁྱད་པར་སྔགས་ཀྱི་སྒྲ །བུང་བ་ཚང་ཞིག་ལྟར་གྲགས་སྣང་སྲིད་ཀུན། །མེར་འཁྱམས་འུར་འུར་རབ་ཏུ་གཡོ་བར་གྱུར། །ཨོཾ་གུ་རུ་ཨཀྵ་ར་བཛྲ་སིདྡྷི་ཨཱཿཧཱུྃ། ཞེས་ཅི་ནུས་བཟླས་མཐར་དབང་བླང་བ་ནི། བླ་མའི་སྐུ་ཡི་གནས་གསུམ་ཡི་གེ་ལས། །དཀར་དམར་མཐིང་གའི་འོད་ཟེར་རིམ་གཅིག་ཅར། །བྱུང་བས་རང་གི་སྤྱི་མགྲིན་སྙིང་ཁར་ཐིམ། །ལུས་ངག་ཡིད་དང་སྣང་གསུམ་སྒྲིབ་པ་སྦྱངས། །དབང་བཞི་རིམ་པར་ཐོབ་ནས་སྐུ་གསུང་ཐུགས། །ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས་པར་གྱུར། །ཞེས་བླང་ངོ་། །སྤྲོ་ན་རྒྱུད་ཡོངས་སུ་སྦྱང་བའི་ཕྱིར་བརྗོད་མེད་དོན་གྱི་བཤགས་པ་སོགས་ཀྱང་བྱ། མཐར་ཚོགས་མཆོད་བྱེད་པར་སྤྲ་ོན། རྫས་རྣམས་ལ་བདུད་རྩི་གཏོར་ཏེ། རང་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། །རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུར་གྱུར་པས། །དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས། །རླུང་མེ་ཐོད་པའི་སྒྱེད་པུར་ཨ་ཡིག་ལས། །བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེའི་ནང། །ཤ་ལྔ་བདུད་རྩིར་ས་བོན་བཅུ་ཡིས་མཚན། །རླུང་གཡོས་མེ་སྦར་རྫས་ཁོལ་རླངས་པ་ཡིས། །འཁོར་འདས་བདུད་རྩིའི་དྭངས་མར་ཞུ་བའི་རྒྱུན། །འདྲེས་པས་ཟག་མེད་འདོད་ཡོན་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་མཁར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོགས། །སྤྲིན་ཕུང་གཏིབས་པ་བཞིན་དུ་སྤྱན་དྲངས་ནས། །ཚོགས་ཞིང་རྣམས་དང་གཉིས་མེད་བཞུགས་པར་གྱུར། །ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ དེ་ནས་ཕུད་ཆ་བཞིར་སྤྲོ་ལ། དང་པོ་མཆོད་པ་ནི། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །འདོད་ཡོན་ཚོགས་ཀྱི་མཆོད་པ་ནི། །གུས་པའི་བློ་ཡིས་འབུལ་ལགས་ན། །དགྱེས་པའི་གར་གྱིས་བཞེས་སུ་གསོལ། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར། །སྒོ་གསུམ་མི་ཤེས་བག་མེད་པས། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །དེ་དག་ཐམས་ཅད་བཤགས་པར་བགྱི། ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བ་ནི། ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས་ནས། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་བསྒྲལ་བྱ་རྣམས་དགུགས་བསྟིམ་བྱས་ལ། ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །མཱ་ར་ཡ་ཕཊ། ཅེས་དྭངས་མ་ཡེ་ཤེས་ཀྱི་འཁོར་ལོར་སྤར། སྙིགས་མ་དུམ་བུར་གཏུབས་ཤིང་བདུད་རྩིས་སྤར་ཏེ། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཨ་མྲྀཏ་ཁཱ་ཧི། ཞེས་སྟོབ། དེ་ནས་རོལ་པ་ནི། རང་ལུས་ལྷར་གསལ་བའི་སྐུ་ལ་རྩ་གསུམ་ལྷ་ཚོགས་ཏིལ་གྱི་གོང་བུ་ལྟར་བཞུགས་པར་མོས་ལ། ཚོགས་རྫས་ལག་པའི་དགང་བླུགས་ཀྱིས་ལྟེ་བའི་ཐབ་ཁུང་དུ་གཏུམ་མོའི་མེས་བསྲེགས་པའི་བདུད་རྩིའི་དྭངས་མས་ལུས་ཀྱི་ལྷ་རྣམས་མཉེས་ཤིང་ཚིམས་པར་མོས་ལ་ལོངས་སྤྱོད་མཐར། ཙཎྜ་ལཱིས་སྤྱི་བོའི་ཧཾ་ཞུ་བའི་ཞུ་བདེའི་རང་མདངས་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་ལ་བཟླ་བར་བྱས་ལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཞེས་སོགས་སྨོན་ལམ་གདབ། ལྷག་མའི་ཆ་སྔར་གྱི་ཕུད་ཆ་བཞི་པ་དང་བསྲེས་ལ། ཨོཾ་ཨཿཧཱུྃ་ཧ་ཧོ་ཧྲཱིཿ དམ་ཚིག་གི་ཁ་ཕྲུ་བཏབ་པས། ལྷག་མའི་གཏོར་མ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་བསམས་ལ། འབར་བའི་ཕྱག་རྒྱ་དང་བཅས་ཏེ་ཕེཾ་ཞེས་མགྲོན་དགུག །ཧཱུྃ། མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་སྡུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ཕྱི་རོལ་དུ་འབུལ་ལོ། །ཐུན་བསྡུ་བ་ནི། བདག་གི་སྒོ་གསུམ་གྱིས་མཚོན་སྣང་སྲིད་ཀུན། །བླ་མའི་སྐུ་གསུང་ཐུགས་ཀྱི་ཀློང་དུ་འདུས། །དེ་ཉིད་ཆོས་སྐུ་སྐྱེ་མེད་དབྱིངས་ཐིམ་པས། །དམིགས་མེད་བསམ་བརྗོད་བྲལ་བའི་ངང་ལ་གནས། །དེ་ལས་སྣང་སྟོང་སྒྱུ་མའི་སྐུར་ལངས་ནས། །ཅིར་སྣང་བླ་མའི་རོལ་པར་སད་པར་གྱུར། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །རྒྱལ་བ་ཀུན་དངོས་རྗེ་བཙུན་བླ་མ་ཡིས། །དུས་གསུམ་ཀུན་ཏུ་བརྩེ་བས་རྗེས་བཟུང་སྟེ། །འགྲོ་ཀུན་སྒྲོལ་ཞིང་གསང་ཆེན་རྡོ་རྗེའི་ལམ། །དཀའ་བ་མེད་པར་མྱུར་དུ་བགྲོད་པར་ཤོག །ཅེས་སྨོན་ལམ་དང་། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་བཞིན་པས། ཨོཾ། བྱིན་རླབས་མཆོག་སྩོལ་རིགས་བརྒྱའི་བདག །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །ཐོགས་མེད་ཕྲིན་ལས་སྒྲུབ་མཛད་པའི། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །དགེ་ལེགས་མཆོག་གི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པར་བྱའོ། ༈ །ཡང་རྩ་བའི་བླ་མ་སྤྱིར་བཏང་ལ་འཇུག་པ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམ་ནས་མཆོད་པར་མོས་ན། གོང་འོག་གཞན་ཐམས་ཅད་འདྲ་བ་ལས། ཚོགས་རྟེན་བསྐྱེད་པའི་སྐབས། སྐྱབས་ཀུན་འདུས་གཟུགས་གཅིག་ཆོག་ཆོས་ཀྱི་རྗེ། །ཞེས་པའི་མཚམས། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ནི། །རྣམ་པ་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །སྐུ་མདོག་དཀར་གསལ་གངས་ཀྱི་རི་བོ་ལ། །ཉི་གཞོན་སྟོང་གིས་འཁྱུད་པའི་གཟི་བརྗིད་འབར། །སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ། །མཚན་དཔེས་རབ་མཛེས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གསོར། །གཡོན་པས་དྲིལ་བུ་དཀུར་བརྟེན་ཡུམ་ལ་འཁྱུད། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཡུམ་མཆོག་རྡོ་རྗེ་སྙེམས་མ་ཟླ་བའི་མདོག །གྲི་གུག་ཐོད་འཛིན་མགུལ་ནས་འཁྱུད་པ་དང་། །མཉམ་པར་སྦྱོར་ཞིང་ཡབ་ཡུམ་གཉིས་ཀ་ཡང་། །མཉེན་ལྕུག་འཁྲིལ་ལྡེམ་ཡིད་འཕྲོག་གཞོན་ནུའི་ཚུལ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ། །ཞི་ཚུལ་དགུ་ལྡན་དར་དཀར་སྟོད་གཡོགས་དང་། །དབང་པོའི་གཞུ་ལྟར་བཀྲ་བའི་སྨད་དཀྲིས་ཅན། །ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་སྟེ། །ལྷ་རྫས་ལས་གྲུབ་དར་གྱི་ཆས་ལྔས་བཀླུབས། །རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་པའི་རྒྱན། །ཕྱག་ཞབས་གདུ་བུ་སྐ་རགས་དོ་ཤལ་དང་། །སེ་མོ་དོ་སྟེ་རྒྱན་ཆ་བརྒྱད་ཀྱིས་སྤྲས། །མཐའ་ཡས་འོད་ཟེར་འབར་ཞིང་འཁྲུགས་པའི་དབུས། །བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས། །ཕུང་པོ་རིགས་ལྔ་ཁམས་རྣམས་དབྱིངས་ཕྱུག་ཡུམ། །ཚོགས་བརྒྱད་དབང་ཡུལ་སེམས་དཔའ་སེམས་མ་དང་། །ཡན་ལག་མཐར་བྱེད་ཡབ་ཡུམ་བརྒྱད་ལ་སོགས། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་ཅིར་ཡང་འཆར་བའི་ཚུལ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །དེ་མཐར་བརྒྱུད་གསུམ་རིག་འཛིན་བླ་མ་དང་། །ཞེས་སོགས་སྦྲེལ། གསོལ་འདེབས་ཀྱི་སྐབས་སྤྲོ་ན་རང་གི་རྩ་བའི་བླ་མ་དེ་ཉིད་ཀྱི་གསོལ་འདེབས་རིགས་གང་ཤེས་བྱ་ཞིང་གྲངས་གསོག །བཟླས་པ། ཨོཾ་གུ་རུ་བཛྲ་སཏྭ་སིདྡྷི་ཨཱཿཧཱུྃ། ཞེས་སྦྱར་རོ། །བླ་མཆོད་མན་ང༵ག་ཟབ་མོའི་ཁྲིགས། །བྱིན་རླབས་མཐུ་དབ༵ང་བདུད་རྩིའི་ཆར། །རྒྱུན་བཟང་ཆོ༵ས་མཐུན་ཉེ་གནས་ཀྱི། །སྙིང་གི་དཔ༵ལ་བེའུ་གང་ཕྱིར་སྤེལ། །དགེ་འདིས་མི་འགྱུར་མཆོག་བདེ་ཡི། །དངོས་གྲུབ་བླ་ན་མེད་པ་དེ། །མྱུར་ཐོབ་རྡོ་རྗེ་འཛིན་པ་ཡི། །རྒྱལ་ཐབས་མཆོག་ལ་དབང་བསྒྱུར་ཤོག །ཅེས་པ་རང་གི་ཉེ་བར་གནས་པ་ཨ་ནནྟ་མ་ཏིའི་ཉམས་ལེན་དུ་རྒན་པོ་དྷརྨཱ་ཤྲཱིས་ཆེད་དུ་བརྗོད་པའོ། །སླར་ཡང་རྩ་བའི་བླ་མ་སྤྱི་ལ་སྦྱར་ཆོག་པའི་དབང་དུ་བྱས་ཏེ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམས་ནས་མཆོད་པའི་ཚུལ་སོགས་གསལ་བྱེད་ཅུང་ཟད་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ་བྷ་བནྟུ།། །།
ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་ཆར་རྒྱུན་འབེབ་པའི་སྤྲིན་མཛེས་ (Volume 20, Text 43)
༄༅། །ཚེ་སྒྲུབ་འཆི་མེད་ཐུགས་ཐིག་གི་ཆོ་ག་གྲུབ་གཉིས་བདུད་རྩིའི་ཆར་རྒྱུན་འབེབ་པའི་སྤྲིན་མཛེས་ཞེས་བྱ་བ་བཞུགས་སོ། ། གུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས༔ ནང་སྒྲུབ་དགོས་འདོད་ཀུན་འབྱུང་བཞུགས་སོ༔ རྩ་གསུམ་འཆི་མེད་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་འཆི་མེད་མཚོ་སྐྱེས་རྡོ་རྗེ་ཡི༔ སྐལ་ལྡན་འཁོར་བར་མ་ཆགས་བདེ་ཆེན་མཆོག༔ ཚེ་འདིར་ཐོབ་འདོད་སྙིང་རུས་ཅན་གྱི་དོན༔ ནང་ལྟར་དགོས་འདོད་ཀུན་འབྱུང་སྒྲུབ་འདོད་ན༔ འགལ་རྐྱེན་མེད་ཅིང་ཡིད་དུ་འོང་བའི་གནས༔ རྒྱབ་རི་རྩི་ཤིང་མེ་ཏོག་ལོ་འབྲས་ཕྱུག༔ ཆུ་བོ་དབང་གི་ཕྱོགས་ནས་དལ་གྱིས་འབབས༔ གླང་ཆེན་འགྱིང་བའམ་པདྨ་རྒྱས་འདྲ་དང༔ མེ་ཏོག་དམར་པོ་གངས་རིས་བསྐོར་བའི་ས༔ གེགས་མེད་གནས་སུ་སྒྲུབ་པ་མཆོག་ཏུ་ཤིས༔ ས་མ་ཡ༔ ཨེ་མ་ཧོ༔ དུས་དང་གཟའ་སྐར་བཟང་ཞིང་དགེ་བའི་ཉིན༔ དབེན་པའི་གནས་སུ་མཎྜལ་གྲུ་བཞི་ལ༔ བ་བྱུང་དྲི་བཟང་སྣ་ཚོགས་ཆག་ཆག་བཏབ༔ དཀྱིལ་འཁོར་སྒོ་རྫོགས་དབུས་སུ་པད་འདབ་ལྔ༔ དབུས་མཐིང་གཞན་རྣམས་ཕྱོགས་མདོག་དག་གི་ཚོན༔ རིན་ཆེན་བུམ་པ་བཟང་པོར་རྒྱུན་འབབ་ཆུར༔ བསྒྲུབས་པའི་རིལ་བུ་བུམ་རྫས་ཉེར་ལྔ་བཏབ༔ བུམ་གོས་མགུལ་ཆིངས་གཟུངས་ཐག་དམར་པོ་ལ༔ ཁ་རྒྱན་འབྲས་བུ་ཅན་གྱི་ཤིང་ལོ་དང༔ སྐུ་འབག་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་བཀོད༔ མདུན་དུ་པདྨ་སྤུངས་པའི་གཏོར་མ་ནི༔ རྩི་དམར་གདུགས་མཐིང་རྒྱན་གྱིས་སྤྲས་པ་བཞག༔ གཡས་གཡོན་རིན་ཆེན་སྣོད་དུ་དཀར་མངར་རམ༔ གཞུང་བཞིན་བསྒྲུབས་པའི་ཚེ་རིལ་ཚེ་ཆང་དང༔ མདའ་རྒོད་དར་སྣས་བརྒྱན་པ་བྱང་ཤར་དང༔ རྒྱབ་ཏུ་མགྱོགས་མའི་མཆོད་གཏོར་དམར་ཟླུམ་དང༔ ཤ་ཟ་ཁྲག་རལ་དབང་གི་མ་བདུན་གྱི༔ གཏོར་མ་བཅས་བཤམ་མཐའ་སྐོར་ཕྱི་ནང་གི༔ མཆོད་པ་སྤྱན་གཟིགས་པཱུ་ཛ་སྣ་ཚོགས་བསྐོར༔ ཕྱི་ནང་མཚམས་བཅད་བདེ་བའི་གདན་ལ་འདུག༔ སྐྱབས་སེམས་ཡན་ལག་བཅུ་པ་ལ་སོགས་རྣམས༔ ཕྱི་སྒྲུབ་རྩ་བའི་བླ་སྒྲུབ་ནང་བཞིན་བྱ༔ ཞེས་གསུངས་པ་ནི། ན་མོ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་ཀུན་འདུས་པ༔ སྐྱབས་གནས་གཅིག་བསྡུས་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་རིགས་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ སྐྱབས་སུ་མཆི་འོ་བདག་རྒྱུད་བྱིན་གྱིས་རློབས༔ གསུམ༔ མཁའ་ཁྱབ་ཕ་མ་རིགས་དྲུག་སེམས་ཅན་རྣམས༔ བཟོད་དཀའི་སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ འཆི་མེད་རྩ་གསུམ་ལྷ་ཚོགས་གོ་འཕང་མཆོག༔ མ་ཐོབ་བར་དུ་བསྒྲུབ་པར་དམ་བཅའ་འོ༔ གསུམ༔ ཧྲཱི༔ བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ ཆོས་དབྱིངས་མཐའ་བྲལ་ངང་ནས་སྤྱན་འདྲེན་གཤེགས༔ མ་ཆགས་ཐབས་ཤེས་པདྨ་ཉི་ཟླའི་སྟེང༔ ཟག་མེད་དགྱེས་པ་ཆེན་པོས་བཞུགས་སུ་གསོལ༔ བདེ་གཤེགས་རྩ་གསུམ་འཆི་མེད་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཀུན་ནས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོའི་ཚོགས༔ འགྲོ་བའི་དོན་དུ་འབུལ་གྱིས་བཞེས་སུ་གསོལ༔ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་རྣམས༔ གནོང་འགྱོད་དྲག་པོས་སྙིང་ནས་མཐོལ་ལོ་བཤགས༔ རང་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔ ཐར་པ་མཆོག་ལ་རྗེས་སུ་ཡི་རང་ངོ༔ ཕྱོགས་བཅུའི་འཇིག་རྟེན་གང་བའི་རྒྱལ་སྲས་རྣམས༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ འགྲོ་ཀུན་བདེ་ཆེན་རྒྱལ་སར་འཁོད་ཀྱི་བར༔ མྱ་ངན་མི་འདའ་དབྱེར་མེད་བཞུགས་སུ་གསོལ༔ བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྔོ༔ ཟག་མེད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཏེ༔ སྐུ་ལྔ་ཡོངས་རྫོགས་ཕྲིན་ལས་མཐར་ཕྱིན་ཤོག༔ བགེགས་ལ་བཀའ་བསྒོ་མཚམས་གཅད་སྲུང་འཁོར་བསྒོམ༔ ཧྲཱི༔ སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང༔ བདག་ཉིད་དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ འཇིགས་གཟུགས་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོར་དབྱུག་གཡོན་པས་སྦྲུལ་ཞགས་གདེངས༔ སེང་གེའི་སྟོད་གཡོགས་དུར་ཁྲོད་དཔའ་ཆས་སྤྲས༔ རྟ་མགོ་ལྗང་གུའི་རྟ་སྐད་སྲིད་གསུམ་འཚེར༔ ཕྱག་ཞབས་སྦྲུལ་གདུབ་ཐོད་སྐམ་རིན་ཆེན་བརྒྱན༔ མེ་དཔུང་དབུས་བཞུགས་བམ་སྟེང་དོར་སྟབས་བསྒྲད༔ ཚེ་བཙན་འགྲན་ཟླ་བྲལ་བའི་སྐུ་རུ་གསལ༔ སྦྱང་བཀྲུ་བརླབ་པ་འབྲུ་དྲུག་གིས༔ བརླབས་ཏེ་བགེགས་ལ་བཀའ་བསྒོ་ནི༔ ཧྲཱི༔ གསང་ཆེན་བླ་མེད་མཆོག་གི་དཀྱིལ་འཁོར་འདིར༔ མཐོང་ཐོས་མི་བཟོད་གཉིས་འཛིན་འཁྲུལ་པའི་བགེགས༔ ཡིད་མཐུན་ལན་ཆགས་འདི་ཡིས་ཚིམས་གྱིས་ལ༔ ཁྲོ་རྒྱལ་བཀའ་བྱུང་ད་ལྟ་ཕྱིར་དེངས་ཤིག༔ ཧྲཱི༔ ང་ནི་ཡེ་ནས་རབ་ཁྲོས་ཁྲོ་བོའི་རྒྱལ༔ སྐུ་ལས་འབར་བའི་ཁྲོ་ཚོགས་སྐར་ལྟར་འཁྲུགས༔ ཡིག་འབྲུ་ཕྱག་མཚན་མཚོན་ཆ་མེ་དཔུང་གིས༔ གདུག་ཅིང་སྡང་སེམས་ལྡན་རྣམས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་སིདྡྷི་གཎྜེ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་དུ་ཏི་ཨུ་ཙཊྚ་ཡ་ཕཊ༔ གུ་གུལ་སྦྱར་བའི་རྫས་ཀྱིས་བདུག༔ ཚམ་རྔམ་རོལ་མོའི་སྟངས་སྟབས་ཀྱིས༔ བགེགས་ཀྱི་ཚོགས་རྣམས་བྱེར་བར་བསམ༔ མཚམས་གཅོད་སྲུང་འཁོར་འདི་ལྟར་བྱ༔ ཧྲཱི༔ སྣང་སྲིད་སྣོད་བཅུད་ཡེ་ནས་རྒྱལ་བའི་ཞིང༔ སྣང་གྲགས་སྐུ་གསུམ་རོལ་པའི་རང་བཞིན་ལས༔ བགེགས་དང་བར་ཆད་ཅེས་བྱའི་མིང་ཡང་མེད༔ རང་རིག་ཆོས་སྐུའི་ཀློང་དུ་མཚམས་ཆོད་ཅིག༔ ཧྲཱི༔ ཐུགས་ལས་འོད་ཟེར་སྟེང་འོག་ཕྱོགས་མཚམས་འཕྲོས༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང༔ འཁོར་ལོ་མེ་རིའི་སྲུང་འཁོར་རབ་ཏུ་གཏམས༔ ཁྲོ་ཚོགས་ཧཱུྃ་ཕཊ་ཕྱག་མཚན་གར་དགུར་བསྒྱུར༔ དུས་མཐའི་ཡེ་ཤེས་མེ་ཡི་གུར་དུ་གྱུར༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཀྲོ་དྷ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ༔ མ་རིག་མ་རྟོགས་ཀུན་བསལ་ཕྱིར༔ རང་ངོ་ཤེས་པར་བརྡ་སྒོ་དབྱེ༔ ཧྲཱི༔ སྣང་སྲིད་ཡེ་ནས་རྡོ་རྗེའི་ལྷ༔ མ་ཆགས་ཐབས་ཀྱིས་དོན་མཛད་ཕྱིར༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རང་གསལ་ཡེ་ཤེས་བརྡ་སྒོ་དབྱེ༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ རང་དང་གཉིས་སུ་མེད་པ་ལ༔ ཡིན་པར་ཤེས་ཕྱིར་བརྡ་ཕྱག་འཚལ༔ ཧྲཱི༔ ཀུན་ཁྱབ་རང་བྱུང་ཚེ་ཡི་ལྷ༔ དུས་གསུམ་འགྱུར་མེད་སྤྲོས་བྲལ་ངང༔ ཡེ་ནས་འགྲོགས་ཀྱང་ཞལ་མ་མཐོང༔ རང་གསལ་ལྷ་ལ་བརྡ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ ན་མོ་ན་མ་མི༔ ལྷ་དང་འདུ་འབྲལ་མེད་པའི་ཕྱིར༔ དམ་ཚིག་ཕྱག་རྒྱ་བཅིང་བར་བྱ༔ རང་སྣང་འགག་མེད་དཀྱིལ་འཁོར་ལྷ༔ རིག་སྲོག་རྡོ་རྗེ་ལུ་གུ་རྒྱུད༔ ལྷ་དང་དབྱེར་མེད་མ་གྲུབ་བར༔ དེ་སྲིད་མི་གཏོང་བཟུང་བར་བྱ༔ རྡོ་རྗེ་རིན་ཆེན་པདྨ་དང༔ དེ་བཞིན་རིགས་ཀྱི་ཕྱག་རྒྱ་དང༔ རྩ་བ་ཡན་ལག་བཅས་པ་ཀུན༔ སྲོག་ལ་བབ་ཀྱང་བདག་གིས་བཟུང༔ ས་མ་ཡ༔ ས་མཱ་དྷི་ཧཱུྃ༔ ཚེ་རབས་ཐོག་མ་མེད་པ་ནས༔ སྡིག་ལྟུང་ལས་ལ་རང་འགྱོད་དེ༔ སྐྱབས་ཡུལ་དཔང་པོར་དམིགས་ནས་ཀྱང༔ རྒྱུན་བཤགས་སྙིང་ནས་འདི་ལྟར་བྱ༔ རིགས་འདུས་ཚེ་ཡི་ལྷ་ཚོགས་རྣམས༔ ཁྱེད་ནི་རྣམ་དག་དྲི་མ་མེད༔ བདག་ནི་ཉོན་མོངས་སྒྲིབ་པས་བསྒྲིབས༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ ས་མ་ཡ་ཤུདྡྷེ་ཨ་ཨ༔ སྤོས་དང་རོལ་མོས་བྱིན་འབེབ་བྱ༔ ཧྲཱི༔ ཞིང་ཁམས་སུམ་བརྩེགས་ཕོ་བྲང་ནས༔ སྐུ་གསུམ་རིགས་འདུས་ཚེ་ཡི་བདག༔ མ་གཡེལ་ཐུགས་རྗེའི་རྩལ་མདངས་ལས༔ སྐུ་གསུང་ཐུགས་ཀྱི་དབང་བཞི་སྐུར༔ གསང་བའི་དཀྱིལ་འཁོར་བྱིན་ཕོབ་ཅིག༔ དུས་ལས་མི་འདའ་ཐུགས་དམ་ཅན༔ མོས་པའི་བུ་ལ་ཞལ་སྟོན་འཚལ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨཱ༔ བྱིན་གྱིས་བརླབས་པའི་མཚན་མ་ནི༔ རིག་པ་ངར་སྐྱེ་ལུས་དྲོད་འབར༔ དཀྱིལ་འཁོར་འོད་འབར་བྱིན་ཐིབས་འབྱུང༔ དེ་ཚེ་མཆོད་པའི་རྫས་རྣམས་བརླབ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་ལྷ་གསལ་ཐུགས་ལས་རཾ་ཡཾ་ཁཾ༔ ཉེས་པའི་སྐྱོན་སྦྱངས་འབྲུ་གསུམ་འོད་འཕྲོས་པས༔ ཕྱི་ནང་དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་ལྔའི༔ ཀུན་བཟང་མཆོད་སྤྲིན་ཞིང་ཀུན་ཁྱབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨོཾ་ཨཱཿཧཱུྃ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཏེ་ན་ཏེ་ཧཱུྃ༔ ཏེ་ཕུ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བཅུ་པ་དང༔ བགེགས་ལ་བཀའ་བསྒོ་མཚམས་གཅོད་སྲུང་འཁོར་བསྒོམ༔ བརྡ་སྒོ་དབྱེ་བ་ཕྱག་འཚལ་ཕྱག་རྒྱ་བཟུང༔ རྒྱུན་བཤགས་བྱིན་འབེབ་མཆོད་པ་སྣོད་བཅུད་བརླབ༔ བཅུ་གཉིས་ཁྲིགས་འདི་སྔོན་འགྲོའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིའི་རིམ་པ་ནི༔ ཧྲཱི༔ ཆོས་ཀུན་ཡེ་ནས་སྤྲོས་དང་བྲལ༔ དམིགས་མེད་སྟོང་གསལ་ནམ་མཁའ་ཆེ༔ ཀུན་ཁྱབ་གཟུང་འཛིན་མཐའ་ལས་འདས༔ མཚོ་སྐྱེས་རྡོ་རྗེས་འདི་ལྟར་སྨྲ༔ དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ སྨྲ་བསམ་བརྗོད་བྲལ་ངང་ཉིད་ལས༔ ནམ་མཁའི་མཐའ་ཁྱབ་སེམས་ཅན་ལ༔ མི་བཟོད་སྙིང་རྗེ་ཉི་ལྟར་ཤར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ལས༔ རང་སེམས་འགྱུར་མེད་ཡི་གེ་ཧྲཱི༔ དེ་ལས་འོད་འཕྲོས་འབྱུང་བ་ལྔ༔ ཡེ་ཤེས་ཡུམ་ལྔ་རྣམ་དག་ཀློང༔ དེ་སྟེང་བྷྲཱུྃ་ལས་གཞལ་ཡས་ཁང༔ གསལ་ཁྱབ་འཇིགས་བྲལ་འོད་ལྔ་འབར༔ ཤར་ཤེལ་ལྷོ་ཕྱོགས་བཻཌཱུརྻ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར༔ རིན་ཆེན་གྲུ་བཞི་སྒོ་བཞིར་ལྡན༔ རྩིགས་པ་འདོད་སྣམ་ཕ་གུ་དྲྭ༔ དྲ་ཕྱེད་ཤར་བུ་མདའ་ཡབ་བད༔ རྟ་བབས་ཆོས་འཁོར་གསེར་གདུགས་བརྒྱན༔ མི་ནུབ་རྒྱལ་མཚན་ཉི་ཟླའི་ཏོག༔ རི་དྭགས་ཕོ་མོ་ཆོས་ཉན་མཛེས༔ དྲིལ་བུ་མཆོད་རྟེན་རྩ་བརྒྱད་སོགས༔ ཡིད་འོང་མཛེས་ལྡན་གཞལ་ཡས་ཁང༔ རང་བབས་ལྷུན་གྲུབ་ཆེན་པོ་རུ༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ དེ་དབུས་འདབ་སྟོང་གེ་སར་དབུས༔ ཐབས་ཤེས་ཉི་ཟླའི་གདན་གྱི་སྟེང༔ རང་སེམས་མ་བཅོས་ཧྲཱིཿདམར་ལས༔ ཡར་མར་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་ཧྲཱིཿལ་ཐིམ་པ་ལས༔ བདག་ཉིད་པད་འབྱུང་ཚེ་དཔག་མེད༔ དམར་པོ་ལོངས་སྤྱོད་རྫོགས་སྐུའི་ཚུལ༔ སྟག་ཤམ་རུས་རྒྱན་དྲིལ་གཡེར་བརྒྱན༔ གཡས་པས་གསེར་གྱི་རྡོ་རྗེ་དང༔ གཡོན་པ་འཆི་མེད་ཚེའི་བུམ་པ༔ འཛིན་པས་ཡུམ་གྱི་མགུལ་ནས་འཁྱུད༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ པང་དུ་ཡེ་ཤེས་མཁའ་འགྲོའི་གཙོ༔ མནྡཱ་ར་བ་ཙཎྜ་ལཱི༔ གཅེར་མོ་སྐྲ་གྲོལ་རྣལ་འབྱོར་མའི༔ ཆ་བྱད་རུས་པའི་རྒྱན་གྱིས་སྤྲས༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ གཡས་གཡོན་པདྨ་བདུད་རྩི་ཡིས༔ གང་བའི་ཐོད་འཛིན་ཡབ་ལ་འཁྲིལ༔ སྤྱི་བོར་ཕག་ཞལ་ཕྱོགས་བཅུར་ངུར༔ ཡབ་ཡུམ་རྡོ་རྗེ་པདྨ་ཡི༔ སྐྱིལ་ཀྲུང་འཇའ་ཚོན་ཀློང་བཞུགས་པའི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ དམར་གསལ་ཞལ་གཅིག་ཕྱག་བཞི་པ༔ དང་པོས་མཉམ་གཞག་ཚེ་བུམ་དང༔ འོག་མས་ཤེལ་ཕྲེང་པད་དཀར་འཛིན༔ རི་དྭགས་པགས་པས་ནུ་གཡོན་བཀབ༔ པང་ན་གསང་བ་ཡེ་ཤེས་ཡུམ༔ དམར་གསལ་གྲི་ཐོད་འཛིན་པས་འཁྱུད༔ བདེ་སྟོང་འོད་ལྔའི་ཀློང་བཞུགས་པའི༔ སྤྱི་བོར་རིགས་བདག་ཚེ་དཔག་མེད༔ སྤྲུལ་སྐུའི་ཆ་ལུགས་ཚེ་བུམ་འཛིན༔ སྐྱིལ་ཀྲུང་རཱ་གའི་མདངས་འོད་འཕྲོ༔ གསལ་ལ་འཛིན་པ་མེད་པ་རུ༔ རང་བབས་ལྷུན་གྲུབ་ཆེན་པོར་བཞུགས༔ མདུན་དུ་དཀར་གསལ་ཐིག་ལེའི་དབུས༔ གུ་རུ་བུདྡྷ་ཚེ་དཔག་མེད༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས༔ འཁོར་ལོ་བུམ་འཛིན་ཡུམ་དང་འཁྲིལ༔ མནྡཱ་ར་བ་སངས་རྒྱས་སྤྱན༔ འཁོར་ལོ་ཐོད་འཛིན་ཡབ་ལ་འཁྱུད༔ པདྨ་ཉི་ཟླའི་སྟེང་དུ་བཞུགས༔ ཤར་དུ་པདྨ་ཉི་ཟླའི་སྟེང༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དབུས༔ གུ་རུ་བཛྲ་ཚེ་དཔག་མེད༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་བུམ་འཛིན་ཡུམ་ལ་འཁྱུད༔ ཡེ་ཤེས་མཚོ་རྒྱལ་མཱ་མ་ཀཱི༔ རྡོ་རྗེ་ཐོད་འཛིན་གཉིས་མེད་འཁྲིལ༔ ལྷོ་རུ་པདྨ་ཉི་ཟླའི་སྟེང༔ སེར་གསལ་ཐིག་ལེའི་དཀྱིལ་འཁོར་དབུས༔ གུ་རུ་རཏྣ་ཚེ་དཔག་མེད༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་བུམ་འཛིན་ཡུམ་ལ་འཁྱུད༔ ཀ་ལ་སིདྡྷི་རིན་ཆེན་སྒྲོལ༔ རིན་ཆེན་ཐོད་འཛིན་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཉི་ཟླའི་སྟེང༔ དམར་གསལ་ཐིག་ལེའི་དཀྱིལ་འཁོར་དབུས༔ གུ་རུ་པདྨ་ཚེ་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ པདྨ་བུམ་འཛིན་ཡུམ་ལ་འཁྱུད༔ ཤཱཀྱ་དེ་བ་གོས་དཀར་མོ༔ པདྨ་ཐོད་འཛིན་གཉིས་མེད་འཁྲིལ༔ བྱང་དུ་པདྨ་ཉི་ཟླའི་སྟེང༔ ལྗང་གསལ་ཐིག་ལེའི་དཀྱིལ་འཁོར་དབུས༔ གུ་རུ་ཀརྨ་ཚེ་དཔག་མེད༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་པ༔ རྒྱ་གྲམ་བུམ་འཛིན་ཡུམ་ལ་འཁྱུད༔ བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ༔ རྒྱ་གྲམ་ཐོད་འཛིན་གཉིས་མེད་འཁྲིལ༔ ཀུན་ཀྱང་ཆ་ལུགས་གཙོ་དང་མཐུན༔ ཡུམ་རྣམས་སྐུ་མདོག་ཡབ་འདྲ་ལ༔ གཅེར་མོ་སྐྲ་གྲོལ་རུས་རྒྱན་སྤྲས༔ མཛེས་སྡུག་བདེ་བ་རྒྱས་པའི་ཉམས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ རང་མདངས་འོད་ལྔའི་ཀློང་དུ་བཞུགས༔ ཧྲཱི༔ ཕྱི་རིམ་པདྨ་འདབ་བཞི་ལ༔ དཀར་སེར་དམར་ལྗང་མགྱོགས་མ་བཞི༔ གཡས་རྣམས་རང་རྟགས་མདའ་དར་གཡབ༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས༔ གཡས་བསྐུམ་གཡོན་བརྐྱང་བདེ་བར་བཞེངས༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས༔ རང་མདངས་འཇའ་ཚོན་འོད་ལྔ་འབར༔ རང་བབས་ལྷུན་གྲུབ་ཆེན་པོར་བཞུགས༔ ཧྲཱི༔ སྒོ་བཞིར་ཚེ་ཡི་ཁྲོ་ཆེན་བཞི༔ ཤར་སྒོར་རྣམ་རྒྱལ་རྡོར་དབྱུག་དཀར༔ བདུད་རྩིས་བཀང་བའི་ཚེ་བུམ་གཡོན༔ རང་འདྲའི་ཡུམ་མཆོག་ལྷ་མོ་ནི༔ ལྕགས་ཀྱུ་མདའ་དར་བུམ་པ་འཛིན༔ པད་ཉིའི་སྟེང་དུ་འཁྲིལ་སྦྱོར་རོལ༔ ལྷོ་སྒོར་ཁྲོ་ཆེན་གཤིན་རྗེའི་གཤེད༔ སེར་ནག་རིན་ཆེན་ཐོད་དབྱུག་དང༔ བདུད་རྩིས་བཀང་བའི་ཚེ་བུམ་གཡོན༔ རང་འདྲ་ཚེ་ཡི་ལྷ་མོ་ནི༔ ཞགས་པ་མདའ་དར་ཚེ་བུམ་འཛིན༔ པད་ཉིའི་སྟེང་དུ་འཁྲིལ་སྦྱོར་རོལ༔ ནུབ་སྒོར་དབང་ཆེན་རྟ་མཆོག་དཔལ༔ དམར་ནག་པདྨ་དབྱུག་པ་དང༔ བདུད་རྩིས་བཀང་བའི་ཚེ་བུམ་འཛིན༔ ཡུམ་མཆོག་ལྕགས་སྒྲོག་མདའ་དར་དང༔ ཚེ་བུམ་འཛིན་པས་གཉིས་མེད་འཁྲིལ༔ བྱང་དུ་ཁྲོ་ཆེན་བདུད་རྩི་འཁྱིལ༔ ལྗང་ནག་རལ་གྲི་ཚེ་བུམ་འཛིན༔ ཡུམ་མཆོག་དྲིལ་བུ་མདའ་དར་དང༔ ཚེ་བུམ་འཛིན་པ་གཉིས་མེད་འཁྲིལ༔ ཁྲོ་བོ་ཡབ་ཡུམ་དེ་རྣམས་ཀྱང༔ སྒེག་དཔའ་རྒོད་དང་འཇིགས་སུ་རུང༔ དཔལ་དང་དུར་ཁྲོད་ཆས་ཀྱིས་སྤྲས༔ མེ་དཔུང་ཀློང་དུ་གར་དགུས་འགྱིངས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཉི་མ་དང་ནི་འོད་ཟེར་བཞིན༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ སྣོད་བཅུད་འཆི་མེད་ལྷ་རུ་གསལ༔ སྣང་ལ་རང་བཞིན་མ་གྲུབ་པར༔ འཇའ་ཚོན་ཆུ་ཟླ་ལྟ་བུའི་སྐུ༔ སྐུ་གསུང་ཐུགས་སུ་ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ སྐུ་གསུང་ཐུགས་སུ་བྱིན་ཕོབ་ཅིག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨཱ༔ མ་འདྲེས་དཀྱིལ་འཁོར་གསལ་བའི་ངང༔ རོལ་མོའི་བྱེ་བྲག་དབྱངས་དང་བཅས༔ ཡེ་ཤེས་སྤྱན་དྲངས་ཐིམ་པར་མོས༔ ཧྲཱིཿམ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ ཨོ་རྒྱན་པདྨ་ཐོད་ཕྲེང་ལ༔ འཆི་མེད་སྐུ་གསུམ་རིགས་འདུས་ཀྱི༔ འཁོར་དུ་རིག་འཛིན་མཁའ་འགྲོས་བསྐོར༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བདེ་ཆེན་འབར་བའི་གཞལ་ཡས་ནས༔ དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་ཡུམ་དང་རོལ༔ བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ ཚེ་ཡི་མགྱོགས་མ་བཀའ་ཉན་དང༔ མ་སྲིང་གཏེར་བདག་ལས་བྱེད་རྣམས༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རོལ་མོ་མང་པོ་འུ་རུ་རུ༔ སྐུ་ཡི་གཟི་བརྗིད་ལམས་སེ་ལམ༔ གསུང་གི་བརྡ་ཚིག་དི་རི་རི༔ ཐུགས་ཀྱི་བྱིན་ཆེན་ཐིབས་སེ་ཐིབ༔ བདུད་རྩིའི་སྦྲང་ཆར་ཤ་ར་ར༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ མགྱོགས་མས་གར་སྟབས་ཤིགས་སེ་ཤིག༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུརྫྙཱ་ན་ཧྲཱིཿམ་ཧ་རི་ནི་ས་པུཥྚིཾ་ཀུ་རུ་སརྦ་སིདྡྷི་ཨཾ་གུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ གྱི་ལིང་འཚེར་བའི་དབྱངས་ཀྱིས་རྒྱུད་བསྐུལ་ཏེ༔ པི་ཝཾ་རྒྱུད་མང་སྒྲ་ཡིས་བཞུགས་གསོལ་བྱ༔ ཧྲཱི༔ ཡེ་ནས་ལྷུན་གྲུབ་གཞལ་ཡས་ཆེན་པོ་འདིར༔ རིན་ཆེན་ཉི་ཟླ་པདྨའི་གདན་སྟེང་དུ༔ སྒྱུ་འཕྲུལ་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ རང་བབས་ལྷུན་གྲུབ་ཆེན་པོར་བཞུགས་སུ་གསོལ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཀ་ལ་པིངྐའི་དབྱངས་ཀྱིས་ཕྱག་འཚལ་བྱ༔ ཧྲཱི༔ མ་སྐྱེས་མ་འགགས་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐབས་མཁས་ཐུགས་རྗེས་འགྲོ་བ་འདྲེན༔ འཆི་མེད་རིགས་འདུས་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་ཕྱི་ནང་གསང་བའི་མཆོད་པ་རྣམས༔ དྲིལ་བུའི་སྒྲ་ལྟར་སྙན་པའི་དབྱངས་ཀྱིས་མཆོད༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་རྣམས༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་སྙན་སྤྲིན་བཅས་པ་ཀུན༔ གཉིས་མེད་ཐིམ་པའི་ཚུལ་གྱིས་བཞེས་སུ་གསོལ༔ བཛྲ་ཨརྒྷཾ་སོགས། པྲ་ཏཱིཙྪ་ཨཱཿཧཱུྃ༔ དེ་ནས་ནང་གི་མཆོད་པ་ནི༔ ཧྲཱི༔ ཕྱི་ནང་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེའི་ལྷ་མོ་གཟུགས་སྒྲ་དྲི་རོ་རེག༔ ཆོས་ཀྱི་འབྱུང་གནས་འཛིན་པའི་གར་དང་བཅས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཱུ་ཛ་ཨཱཿཧཱུྃ༔ རང་བྱུང་རྣམ་དག་སྨན་མཆོད་འབུལ་བ་ནི༔ ཧྲཱི༔ མཚན་ལྡན་བྷནྡྷ་ཡངས་པའི་སྣོད་ནང་དུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ ཛ་གད་དཔའ་བོ་ངར་ཆུར་མཉམ་སྦྱར་བ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ སྐུ་གསུམ་བཀའ་བརྒྱུད་རྒྱ་བོད་རིག་འཛིན་དང༔ འཆི་མེད་རིགས་འདུས་ཚེ་ཡི་དཀྱིལ་འཁོར་ལྷ༔ བཀའ་སྲུང་གཏེར་སྲུང་མཆོད་འོས་ཚོགས་བཅས་ལ༔ སྨན་མཆོད་འབུལ་ལོ་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་བདུད་རྩི་དངོས་གྲུབ་བླང་བ་ནི༔ ཧྲཱི༔ བདུད་རྩིའི་དྭངས་མས་ལྷ་ཚོགས་དགྱེས་པ་ཡིས༔ མཉམ་སྦྱོར་བདེ་སྟོང་བྱང་སེམས་བདུད་རྩིའི་རྒྱུན༔ དམ་ཚིག་མཐེབ་སྲིན་ཕྱག་རྒྱས་བླངས་པ་ནི༔ མྱང་བས་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཨ་མྲྀཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ རཀྟའི་རྒྱུན་སྦྲེང་དབྱངས་དང་བཅས་པས་མཆོད༔ ཧྲཱི༔ སྐྲ་ཅན་བྷནྡྷ་སྟོང་གསུམ་ཡངས་པའི་མཁའ༔ དུག་ལྔ་བསྒྲལ་པའི་དམར་ཆེན་ལྦུ་ཕྲེང་འཁྲིགས༔ དོན་སྙིང་ཡན་ལག་རྫ་ལྟར་ཉིལ་བ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མཆོད་འབུལ་བ་ནི༔ ཧྲཱི༔ རིགས་འདུས་ཨུ་རྒྱན་ཚེ་ཡི་ལྷ་ཚོགས་ལ༔ འཁོར་འདས་ཡོངས་གྲོལ་བ་ལིཾ་རྒྱན་མཆོད་ནི༔ སྣང་བ་ཆོས་ཉིད་ཡངས་པའི་བྷནྡྷ་རུ༔ སྟོང་གསལ་འཛིན་མེད་སྣང་སྲིད་གཏོར་མར་སྦྱར༔ རང་བཞིན་འབྱུང་ལྔ་དག་པའི་མཐེབ་ཀྱུས་བྲན༔ དུག་ལྔ་མི་དམིགས་ཡེ་ཤེས་ཛ་གད་སྩལ༔ རྣམ་དག་སྐུ་ལྔ་ལྷུན་གྲུབ་གཏོར་མ་འདི༔ སྲིད་གསུམ་ཀ་དག་ཆོས་ཉིད་ངང་དུ་བཞེས༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ བདེ་བ་ཆེན་པོའི་མཆོད་པ་འདི༔ འཁོར་ལོ་ལྔ་ཡི་ཞིང་དུ་འབུལ༔ གཉིས་མེད་རོ་མཉམ་ངང་དུ་བཞེས༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ བདེ་ཆེན་དགའ་བཞིའི་རོལ་པའི་ངང༔ སྟངས་སྟབས་གར་བཅས་འདི་སྐད་དོ༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གླུ་བྲོ་གར་གྱི་མཆོད་པ་འདི༔ གླུ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་མེད་པའི་བྲོ༔ གར་ནི་སྲིད་གསུམ་འདུལ་བའི་གར༔ ཐམས་ཅད་རོ་སྙོམས་ཕྱག་རྒྱ་ཆེ༔ སྟངས་སྟབས་གར་གྱི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་ཏེ་ན་ཏེ་ཧཱུྃ༔ ཏེ་ཕུ་སྥ་ར་ཎ་ཧཱུྃ༔ ཧྲཱི༔ སྣང་སྲིད་ཡེ་ནས་དཀྱིལ་འཁོར་ལྷ༔ མཆོད་དང་མཆོད་བྱའི་བློ་ལས་འདས༔ དམིགས་མེད་རྒྱ་ཡན་ཆེན་པོའི་ངང༔ ཀ་དག་རང་རིག་ཆེན་པོར་མཆོད༔ དྷརྨ་དྷཱ་ཏུ་ཨཱཿཧཱུྃ༔ དེ་ལྟར་ཕྱི་ནང་གསང་བའི་མཆོད་པ་རྣམས༔ ལྷ་ལ་ལྷས་མཆོད་གཉིས་མེད་རོལ་པ་ཆེ༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ངང་ཉིད་ལས༔ དྭངས་བའི་ཡིད་ཀྱིས་བསྟོད་པ་འདི་ལྟར་བྱ༔ ཧྲཱི༔ སྣང་བ་མཐའ་ཡས་ཐུགས་ཀྱི་འོད་ཟེར་ལས༔ མདངས་ལྡན་མཚོ་དབུས་པདྨའི་གེ་སར་དབུས༔ རྒྱུ་རྐྱེན་གཉིས་མེད་འཆི་མེད་རྡོ་རྗེའི་སྐུ༔ སྐུ་མཆོག་འགྱུར་བ་མེད་ལ་ཕྱག་འཚལ་བསྟོད༔ གསུང་མཆོག་གསུང་གི་རང་བཞིན་འགག་པ་མེད༔ དམར་གསལ་མདངས་ལྡན་རྡོ་རྗེ་ཚེ་བུམ་འཛིན༔ བདེ་སྟོང་གཉིས་མེད་ཤེས་རབ་ཡུམ་དང་སྦྱོར༔ གསུང་མཆོག་འགག་པ་མེད་ལ་ཕྱག༴ ཐུགས་མཆོག་ཐུགས་ཀྱི་རང་བཞིན་འཁྲུལ་པ་མེད༔ ཐུགས་རྗེའི་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་བདེ་ལ་བཀོད༔ འཁྲུལ་མེད་རྡོ་རྗེའི་ཐུགས་ལ་ཕྱག༴ ཡབ་ཡུམ་སྤྱི་བོར་རྟ་གདོང་ཕག་ཞལ་བཞད༔ རིགས་བདག་ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ མགོན་པོ་ཚེ་དཔག་མེད་ཀྱི་དབུ་རྒྱན་ཅན༔ སྐུ་གསུམ་ཡོན་ཏན་རྫོགས་ལ་ཕྱག༴ ཞི་བའི་ལས་མཛད་རྡོ་རྗེ་ཚེ་དཔག་མེད༔ རྒྱས་པའི་ལས་མཛད་རཏྣ་ཚེ་དཔག་མེད༔ དབང་གི་ལས་མཛད་པདྨ་ཚེ་དཔག་མེད༔ དྲག་པོའི་ལས་མཛད་ཀརྨ་ཚེ་དཔག་མེད༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཚེ་དཔག་མེད༔ ཕྲིན་ལས་ཡོངས་རྫོགས་རྗེ་ལ་ཕྱག་འཚལ་བསྟོད༔ ཞེ་སྡང་རྣམ་དག་རྡོ་རྗེ་མཁའ་འགྲོ་མ༔ ང་རྒྱལ་རྣམ་དག་རིན་ཆེན་མཁའ་འགྲོ་མ༔ འདོད་ཆགས་རྣམ་དག་པདྨ་མཁའ་འགྲོ་མ༔ ཕྲག་དོག་རྣམ་དག་ལས་ཀྱི་མཁའ་འགྲོ་མ༔ ཕྱོགས་བཅུ་ཀུན་ནས་ཚེ་ཡི་བཅུད་འགུགས་པའི༔ དབང་མོ་རྒྱུད་འཕེལ་བཞི་ལ་ཕྱག༴ དགྲ་བགེགས་སྲུང་ཞིང་དངོས་གྲུབ་སྩོལ་མཛད་པ༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག༴ རྒྱལ་བའི་བསྟན་སྲུང་རྣལ་འབྱོར་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ དཀྱིལ་འཁོར་འཁོར་ཡུག་མུ་རན་སྐྱོང་མཛད་མ༔ དམ་ཅན་རྒྱ་མཚོ་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བསྟོད་དེ་བསྙེན་པ་ལ་སོགས་སྦྱར༔ འཛབ་དགོངས་དམིགས་པའི་འཕྲོ་འདུ་གསལ་བའི་ངང༔ མ་ཡེངས་ཏིང་འཛིན་ལྡན་པ་མཆོག་ཏུ་གཅེས༔ གཞན་དུ་ཡེངས་ན་སྒྲུབ་ཀྱང་འབྲས་མི་འབྱིན༔ སྲོག་ལ་བབས་ཀྱང་སྒྲུབ་པར་དམ་བཅའ་བཟུང༔ ཆུ་བོའི་རྒྱུན་བཞིན་བསྙེན་པ་ཚད་དུ་བསྐྱལ༔ དེ་ཚེ་རྟགས་དང་མཚན་མ་དངོས་སུ་སྟོན༔ རིག་པ་ངར་བསྐྱེད་ཏིང་འཛིན་འདི་ལྟར་བསྒོམ༔ ཧྲཱི༔ རང་གསལ་འགག་མེད་དཀྱིལ་འཁོར་དབུས༔ གེ་སར་ཉི་ཟླའི་གདན་སྟེང་དུ༔ གུ་རུ་པདྨ་ཚེ་དཔག་མེད༔ ལོངས་སྐུའི་ཆས་རྫོགས་ཡུམ་དང་སྦྱོར༔ ཡང་སྤྲུལ་མགྱོགས་མ་སྒོ་སྲུང་སོགས༔ གཙོ་དང་འཁོར་དུ་བཅས་པ་རྣམས༔ སྐུ་ནི་ཞི་ཚུལ་མདངས་དང་ལྡན༔ གསུང་ནི་ཛཔ྄་རྒྱུན་སྔགས་སྒྲ་སྒྲོག༔ ཐུགས་ནི་མི་འགྱུར་སྲོག་དང་བཅས༔ སྤྲོས་པས་སྟོང་གསུམ་སྐུ་ཡིས་གང༔ སྐུ་ལས་གསུང་བྱུང་སྔགས་སྒྲ་སྒྲོག༔ མ་གསལ་བར་དུ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་མི་གཏང་ངོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿབཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འདི་ལ་རབ་འབྲིང་ཐ་མའི་ཚད་ཀྱིས་བསྙེན༔ ལོ་གསུམ་ཟླ་གསུམ་བདུན་ཕྲག་གསུམ་དང་ནི༔ འབུམ་ཕྲག་བརྒྱ་ཡིས་པདྨ་ང་དང་མཉམ༔ འབུམ་ཕྲག་བཅུ་ཡིས་རིག་འཛིན་གྲལ་ལ་འཁོད༔ འབུམ་ཕྲག་ལྔ་ཡིས་ཚེ་ཡི་བར་ཆད་སེལ༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ རྡོ་རྗེ་སློབ་དཔོན་ཞལ་མཇལ་དབང་བསྐུར་ཐོབ༔ དཀྱིལ་འཁོར་འོད་འཁྱུགས་སྒྲུབ་ཁང་འཇའ་སྤྲིན་འཐིབས༔ བྲིས་སྐུ་བཞད་དང་དྲི་བཟང་འཐུལ་བ་དང༔ རྨི་ལམ་ཉི་ཟླ་ཤར་དང་གོ་མཚོན་གྱོན༔ བཙན་མཁར་བཟུང་དང་རི་རྩེར་འཛེགས་པ་དང༔ ནམ་མཁར་འཕུར་དང་མ་དང་སྲིང་མོ་ཡིས༔ འཚོ་བ་སྦྱོར་དང་རྒྱལ་བའི་ལུང་སྟོན་འབྱུང༔ དེ་ཚེ་སྒྲུབ་པོས་དངོས་གྲུབ་བསྐུལ་ཞིང་རོལ༔ ཞེས་གསུངས་པ་ལྟར་རོ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ བརྒྱ་རྩ་ཙམ་དང་། འཁོར་ལོས་སྒྱུར་རྒྱལ་རྒྱལ་སྲིད་སྣ་བདུན་དང༔ རྒྱལ་པོའི་ཕོ་བྲང་ལྷ་མིའི་ལོངས་སྤྱོད་བཅུད༔ འབྱུང་ལྔའི་དྭངས་མ་རྩ་གསུམ་ཆོས་སྲུང་གི༔ གཟི་བྱིན་མ་ལུས་འོད་ཟེར་ལྕགས་ཀྱུས་བསྡུས༔ ལྷ་སྲིན་སྡེ་བརྒྱད་རྫུ་འཕྲུལ་ཚེ་བཀྲག་གཟི༔ བླ་སྲོག་རྐུས་ཕྲོགས་ཡར་དང་འཐོར་གས་ཉམས༔ ཨཿནྲྀ་བྷྲཱུྃ་དང་ཐིག་ལེའི་རྣམ་པ་རུ༔ རང་དང་ཚེ་རྫས་རྣམས་ལ་སིབ་སིབ་ཐིམ༔ བདེ་གཤེགས་ཀུན་དང་རྡོ་རྗེ་སློབ་དཔོན་གྱིས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བར་མོས༔ སྒྲུབ་སྔགས་ཤམ་དུ་འདི་ཉིད་བཟླས་པར་བྱ༔ གསུངས་པས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿབཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨཱ་ཡུར་སརྦ་སིདྡྷི་ཧཱུྃ༔ བརྒྱ་སྟོང་སོགས་ཀྱི་མཐར་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་མཆོད་བསྟོད་སོགས་སྤྱི་ལྟར་བྱས་རྗེས། མགྱོགས་མའི་གཏོར་མ་བྱིན་གྱིས་བརླབས་ནས༔ ཚེ་འགུགས་རང་གཞུང་ལྟར་བཏང་ཞིང་གཏོར་མ་འབུལ༔ དེ་ནས་དངོས་གྲུབ་བསྐུལ་ཞིང་བླང་བ་ནི༔ ཧྲཱི༔ གསང་ཆེན་བླ་མེད་དཀྱིལ་འཁོར་གྱི༔ འཆི་མེད་རིགས་འདུས་ལྷ་ཚོགས་དགོངས༔ བདག་ཅག་དཀྱིལ་འཁོར་འདིར་ཞུགས་ཏེ༔ བསྙེན་སྒྲུབ་གཞུང་བཞིན་བསྲུང་ལགས་ན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྒྲུབ་པའི་ཞག་ཀྱང་ཐེམས་ལགས་སོ༔ བསྙེན་པའི་གྲངས་ཀྱང་འགྲུབ་ལགས་སོ༔ དེང་སང་སྐྱ་རེངས་དང་པོ་ལ༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཏེ༔ དངོས་གྲུབ་སྩོལ་ཕྱིར་གསོལ་འདེབས་ཀྱིས༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ རྟག་པར་བསྐུལ་བ་མི་ཞུ་སྟེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དངོས་གྲུབ་ཆེན་པོ་སྩོལ་རེ་རན༔ ལྔ་བརྒྱ་རྩོད་དུས་སྙིགས་དུས་འདིར༔ བདག་ཅག་མགོན་དང་སྐྱབས་མེད་པས༔ ཁྱེད་ལ་གུས་པས་གསོལ་བཏབ་ན༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ བདག་ལ་བསྩལ་བར་མཛད་དུ་གསོལ༔ ཧྲཱི༔ སྐུ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས༔ འདིར་འདུས་རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ ཐུན་མོང་ཡིད་བཞིན་ཚེ་དང་བླ་མེད་མཆོག༔ འདོད་རྒུར་སྤྱོད་པའི་དངོས་གྲུབ་བསྩལ་དུ་གསོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དངོས་གྲུབ་རྫས་ལ་རོལ་ཅིང་སྨོན་ལམ་བཏབ༔ བཟོད་གསོལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ༔ ཨེ་མ་ཧོ༔ ཨུ་རྒྱན་ནུབ་བྱང་དྷ་ནའི་མཚོ་གླིང་དུ༔ ཡབ་མེད་ཡུམ་མེད་པདྨའི་དབུས་སུ་འཁྲུངས༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་ཤིང༔ རྡོ་རྗེ་ཕག་མོ་ལུས་དང་གྲིབ་བཞིན་འགྲོགས༔ མཁའ་འགྲོ་ཙནྡྷ་ལཱི་ཡིས་དངོས་གྲུབ་གནང༔ བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ མགོན་པོ་ཚེ་དཔག་མེད་ཀྱིས་དབང་བསྐུར་ཐོབ༔ བསྐལ་པ་ཆགས་ནས་འཁོར་བ་མ་སྟོངས་བར༔ སྐྱེ་འཆི་བགྲེས་རྒུད་མེད་པའི་ལུང་བསྟན་ཐོབ༔ མནྡཱ་ར་བ་འཇའ་ལུས་མངོན་སངས་རྒྱས༔ ཟབ་པའི་མཐར་ཐུག་སྙིང་གི་ནོར་བུ་སྟེ༔ ཨོ་རྒྱན་མཁའ་འགྲོའི་སྙིང་ཁྲག་འདི་བརྩམ་མོ༔ ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈ དེ་ནས་ཚོགས་འཁོར་བཤམས་ཏེ་བསང་ཆུ་དང༔ བདུད་རྩི་བྲན་ལ་བྱིན་གྱིས་བརླབ་པར་བྱ༔ ཧྲཱི༔ བདག་ཉིད་ཐུགས་ལས་རྃ་ཡྃ་ཁྃ༔ འཕྲོས་པས་གཉིས་འཛིན་བསྲེགས་གཏོར་སྦྱངས༔ རཾ་ཡཾ་ཁཾ༔ གསུམ། འབྲུ་གསུམ་ཟག་མེད་མཆོད་པའི་སྤྲིན༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ༔ རོལ་མོ་ཅང་ཏེའུའི་སྒྲ་བཅས་པས༔ ཡེ་ཤེས་ལྷ་ཚོགས་བྱོན་པར་བསམ༔ ཧྲཱི༔ རྔ་ཡབ་གླིང་དབུས་པདྨ་འོད༔ ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ སྐུ་གསུམ་འཆི་མེད་ཚེ་ཡི་ལྷ༔ འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ འདོད་ཡོན་ལྔ་ལྡན་ཚོགས་མཆོད་སྤྲིན༔ ནམ་མཁའ་གང་བར་ལེགས་སྤྲོས་ཏེ༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧྲཱི༔ སྔོན་ནས་ད་ལྟའི་བར་དག་ཏུ༔ མ་རིག་དབང་གིས་ལུས་ངག་སེམས༔ བག་མེད་དམ་ལས་འགལ་གྱུར་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ས་མ་ཡ་ཤུདྡྷེ་ཨ་ཨ༔ བསྒྲལ་བ་ནི༔ ཧཱུྃ་ཧྲཱི༔ ལས་མཛད་རྟ་མགྲིན་དབང་ཆེན་ཁྲོ་བོའི་རྒྱལ༔ རུ་ཏྲ་འདུལ་མཛད་དམར་ནག་ཕུར་པ་འདྲིལ༔ ཟ་གསོད་ཕོ་ཉ་མང་པོ་སྐར་ལྟར་འཁྲུགས༔ ཚེ་བདུད་བར་ཆད་སྒྲོལ་བའི་དུས་ལ་བབ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ་ཧྲཱི༔ མ་རིག་རུ་དྲ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ༔ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱོང་བའི་ཕྱིར༔ ཁྲོ་བོ་ཁྲོ་མོ་སྤྲུལ་དང་ཡང་སྤྲུལ་བཅས༔ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་བསྟབ༔ ཁ་རཾ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྐང་བཤགས་རིམ་པ་རྣམས༔ མཁའ་འགྲོའི་སྙིང་བཅུད་ནང་དུ་ལྟོས༔ ཞེས་གསུངས་པ་ནི། ཧྲཱི༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ མཆོད་དུ་མེད་དེ་ཟུང་འཇུག་ཆེན་པོར་མཆོད༔ སྒྲོལ་དུ་མེད་དེ་ཡེ་ཤེས་ཆེན་པོར་སྒྲོལ༔ སྦྱོར་དུ་མེད་དེ་བདེ་སྟོང་ཆེན་པོར་སྦྱོར༔ རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་དུ༴ ལྟ་བ་ཡངས་པ་ཆེན་པོའི་ཀློང་དུ༴ སྒོམ་པ་རང་གསལ་འཛིན་མེད་ཀློང་དུ༴ སྤྱོད་པ་ཤུགས་འབྱུང་འགག་མེད་རང་གྲོལ༴ རང་བཞིན་སྤྲོས་བྲལ་རྫོགས་པ་ཆེན་པོར༴ འཁོར་བ་ཀ་དག་ཡེ་གྲོལ་ཆེན་པོར༴ དུག་ལྔ་ཀུན་གྲོལ་བདེ་ཆེན་ཀློང་དུ༴ སྣང་བ་ཡངས་པ་ཆེན་པོའི་ཀློང་དུ༴ གསལ་བ་ཤེས་རབ་འབར་བའི་ཀློང་དུ༴ འཁོར་འདས་གཉིས་མེད་ཐིག་ལེ་ཆེན་པོར༴ ཀུན་ཀྱང་མཉམ་ཉིད་ཆེན་པོར་ཐུགས་དམ་བསྐང༔ ཞེས་བསྐང་ངོ༔ ཧྲཱི༔ ཡེ་ནས་རྣམ་དག་ཀུན་ཏུ་བཟང༔ གདོད་ནས་མ་སྐྱེས་ཀུན་བཟང་མོ༔ དབྱེར་མེད་བདེ་བ་ཆེན་པོ་ལ༔ བསྐང་དང་བཤགས་བྱའི་ཡུལ་ལས་འདས༔ ས་མ་ཡ༔ ཨེ་མ་ཧོ༔ ཨ་ཨ་ཨ༔ རོལ་མོ་བཤུགས་གླུ་རྐང་གླིང་དང༔ ཅང་ཏེའུ་ཀུ་ཤའི་གདུང་དབྱངས་ཀྱིས༔ རིག་འཛིན་མཁའ་འགྲོ་དམ་ཅན་བསྐུལ༔ ཧྲཱི༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོ་རུ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བརྙེས༔ པདྨ་བཛྲ་ཞེས་སུ་གྲགས༔ འཁོར་དུ་རིག་འཛིན་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ དབང་ཆེན་སྐུར་ལ་བྱིན་ཆེན་ཕོབ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ བདུད་དང་དམ་སྲི་རྡུལ་དུ་རློགས༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཕྲིན་ལས་ཐོགས་མེད་བསྒྲུབ་པ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ནས་ལྷག་མའི་མགྲོན་རིགས་རྣམས༔ ཕེཾ་གྱི་སྒྲ་ཡིས་སྤྱན་དྲངས་ལ༔ རྒྱལ་པོའི་བཀའ་བཞིན་འདི་སྐད་དོ༔ ཧྲཱི༔ དཔལ་ཆེན་ཁྲག་འཐུང་ཆེན་པོ་དང༔ དབང་ཆེན་རྟ་མཆོག་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་ཤིང༔ གུ་རུ་པདྨ་ཟིལ་གནོན་དང༔ ད་ལྟ་རིག་འཛིན་བདག་ཅག་གི༔ བྲན་བཞིན་བསྒྲུབ་པར་ཁས་བླངས་པའི༔ ལྷག་གཏོར་དབང་བའི་བཀའ་ཉན་རྣམས༔ དཔལ་གྱི་ཕ་འབབ་འདི་གསོལ་ལ༔ དམ་བཅའ་བཞིན་དུ་ཕྲིན་ལས་མཛོད༔ ཨུྴྨིྴྙ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ སློབ་དཔོན་ཞྭ་དང་བེར་གྱོན་ཏེ༔ རྡོ་རྗེ་ཕུར་པའི་ཕྱག་རྒྱ་ཡི༔ ཆུ་བོའི་གཞུང་དབྱངས་འདི་སྐད་དོ༔ ཧྲཱི༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རྣམ་དག་ཆོས་དབྱིངས་བདེ་ཆེན་ཕོ་བྲང་དུ༔ ཀུན་བཟང་ཚེ་བདག་སྣང་བ་མཐའ་ཡས་ཀྱིས༔ རང་རིག་འགྱུར་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རིག་འཛིན་བྱང་སེམས་ཉན་རང་དཔག་མེད་ཀྱིས༔ འཁོར་འདས་གཉིས་སུ་མེད་པར་མ་ཆད་དམ༔ འཁྲུལ་སྣང་དབྱིངས་སུ་སྒྲོལ་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཀ་དག་དབྱིངས་ཀྱི་གཏོར་མ་འདི་བཞེས་ལ༔ འཁོར་བ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ དེ་འོག་འདས་དུས་བསྐལ་པའི་བར་མ་ལ༔ དྷ་ན་ཀོ་ཥ་སིནྡྷུ་རྒྱ་མཚོ་དང༔ བྲག་ཕུག་ཆེན་པོ་མཱ་ར་ཏཱི་ཀ་རུ༔ འཆི་མེད་གུ་རུ་མཚོ་སྐྱེས་རྡོ་རྗེ་དང༔ ཤེས་རབ་ཌཱ་ཀི་མནྡཱ་ར་བ་གཉིས༔ འཆི་མེད་ཐུགས་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་བྱེ་བ་ཡིས༔ རང་རང་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་སྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་སྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་འགལ་རྐྱེན་བཟློག་པར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ ཐ་ཚིག་གསུམ་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔ བསམ་ཡས་དབུ་རྩེ་རིགས་གསུམ་ཕོ་བྲང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ བདེ་ཆེན་མཚོ་རྒྱལ་ཆོས་རྒྱལ་ཡབ་སྲས་བཅས༔ འཆི་མེད་དཀྱིལ་འཁོར་ཟབ་མོ་ཞལ་ཕྱེས་ཚེ༔ དབང་གི་མ་བདུན་ཤ་ཟ་ཁྲག་རལ་སོགས༔ གཏེར་བདག་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ འཆི་མེད་སྒྲུབ་པའི་རིག་འཛིན་མཆེད་རྣམས་ཀྱི༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ རྒྱུ་སྦྱོར་འགལ་རྐྱེན་བསལ་བར་མ་ཆད་དམ༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་གི་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ད་དུས་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ཀྱིས༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ སྦས་ཡུལ་སྤྲུལ་སྐུ་རིག་འཛིན་མཆེད་ལྔ་ལ༔ གདུང་ཚབ་དབང་བསྐུར་སྨོན་ལམ་བཏབ་པའི་ཚེ༔ གཏེར་སྲུང་མ་བདུན་ཤ་ཟ་ཁྲག་རལ་གྱིས༔ རང་རང་གཟུགས་བསྟན་ཇི་ལྟར་ཁས་བླངས་བཞིན༔ གཏོར་མ་བཞེས་ལ་བཅོལ་པའི་ཕྲིན་ལས་མཛོད༔ ཕྲིན་ལས་བཅོལ་ཞིང་གཏོར་མ་གཙང་སར་གཤེགས༔ བརྟན་མ་ལ་བཤལ་ཆུའི་བདུད་རྩིས་བྲན་ནས་ཀྱང༔ ཧོ༔ ནག་མོ་བཞིན་མི་སྡུག་གི་བདུད་མོ་བཞི༔ དམར་མོ་ཁྲག་རལ་ཅན་གྱི་གནོད་སྦྱིན་བཞི༔ དཀར་མོ་མདངས་ལྡན་སྨན་བཙུན་ཆེན་མོ་བཞི༔ སྔོན་ཚེ་ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ བཤེས་གཉེན་རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཞིང་ཆེན་བསྒྱེལ་བའི་སྟེང་དུ་བཞག་ནས་ཀྱང༔ རྡོ་རྗེ་ལག་གཏད་ལྕེ་ལ་བདུད་རྩི་བཞག༔ མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན༔ དེ་ཚེ་ཁས་བླངས་དམ་ལས་མ་འདའ་བར༔ ཚུར་གཤེགས་ཚུར་བྱོན་བོད་སྐྱོང་བརྟན་མའི་ཚོགས༔ ཀུན་ཀྱང་ལྷབ་ལྷུབ་མང་པོའི་རྒྱན་དང་བཅས༔ རོལ་མོ་སིལ་སྙན་མང་པོའི་སྒྲ་དང་བཅས༔ བྲན་གཡོག་སྨན་ཕྲན་འཁོར་དང་བཅས་ཏེ་བྱོན༔ འདིར་གཤེགས་དམ་སྐོང་ཕྲིན་ལས་གྲུབ་པར་མཛོད༔ མ་མ༔ མེ་མེ༔ ལ་ལ༔ ལེ་ལེ༔ ཏ་ཏ༔ ཏེ་ཏེ༔ རྡོ་རྗེ་སྲིང་འགྲོ་མ་ཧཱུྃ་བྷྱོ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ གཏོར་མ་གཙང་སར་གཤེགས༔ གཏོར་གཞོང་ཁ་སྦུབས་མནན་པའི་འོག༔ གཉིས་འཛིན་རུ་དྲའི་སྡེ་ཚོགས་ཐར་མེད་བསམ༔ ཛཿཧཱུྃ་བཾ་ཧོ༔ ཧྲཱི༔ རིགས་འདུས་འཆི་མེད་ཚེ་ཡི་དཀྱིལ་འཁོར་འདིར༔ སྒྲུབ་ལ་བར་གཅོད་སྒབ་འདྲེ་འབྱུང་པོའི་ཚོགས༔ གཏོར་བཞོང་རི་རབ་འབར་བའི་འོག་ཏུ་མནན༔ བརྟུལ་ཞུགས་རོལ་པའི་བྲོ་ཡིས་རྒྱས་གདབ་བོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ རྗེས་ཆོག་མཆོད་བསྟོད་གཏོར་དབང་བཟོད་གསོལ་དང༔ དམིགས་མེད་རྒྱ་ཡན་ངང་དུ་དགེ་རྩ་བསྔོ༔ ལྷ་རུ་ལྡང་དང་རྒྱུན་གྱི་སྤྱོད་པ་འོ༔ ཞེས་གསུངས་པ་ལྟར་མཆོད་བསྟོད་བྱ། སྤྲོ་ན་སྒྲུབ་གཏོར་སྤྱི་བོར་བླངས་ཤིང་། ཧྲཱི༔ སྣོད་བཅུད་རྣམ་དག་རིན་ཆེན་གཏོར་མ་འདི༔ ཕྱི་ལྟར་བཀོད་མཛེས་ལྷ་ཡི་གཞལ་ཡས་ཁང༔ ནང་དུ་སྒྲུབ་པའི་རྫས་མཆོག་ཉི་ཤུ་ལྔ༔ གསང་བ་དུག་ལྔ་ཀུན་དག་འཆི་མེད་ལྷ༔ ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པ་དང༔ རྩེ་གཅིག་མོས་པས་ཁྱོད་སྐུ་གསལ་བཏབ་ཅིང༔ གྲགས་སྟོང་ཛཔ྄་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན༔ རང་བྱུང་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་ཡི་དབང་བསྐུར་སྣང་སྟོང་སྦྱང་དུ་གསོལ༔ གསུང་གི་དབང་བསྐུར་གྲགས་སྟོང་སྦར་དུ་གསོལ༔ ཐུགས་ཀྱི་དབང་བསྐུར་སྐྱེ་མེད་སྦྱོར་དུ་གསོལ༔ ཡོན་ཏན་དབང་བསྐུར་འདོད་རྒུ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་བ་མང་པོ་བསྒྲལ་བའི་ཕྱིར༔ སྐུ་བཞི་སྐུ་ལྔ་སྐུ་གསུམ་རིགས་འདུས་དབང༔ ཐོབ་སྟེ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན༔ འདྲེན་པའི་དེད་དཔོན་ཆེན་པོར་སྨིན་གྲོལ་ཤོག༔ ཅེས་དབང་བཞི་བླང་། ནོངས་བཤགས་དང་། གཤེགས་གསོལ་ལམ་བརྟན་བཞུགས་གང་བབ་བྱ། ཕྱི་སྣོད་འོད་ཞུ་ནང་བཅུད་ལྷ་རུ་ཐིམ༔ ལྷ་ཡང་མི་དམིགས་རིམ་བཞིན་གྱེན་རྫོགས་ངང༔ མཐའ་བྲལ་ཀུན་བཟང་ཡངས་པའི་ཀློང་དུ་བཞག༔ སླར་ཡང་གདོད་མའི་ངང་ནས་སྐད་ཅིག་གིས༔ ཟུང་འཇུག་ཚེ་དཔག་མེད་པའི་སྐུ་རུ་གསལ༔ ཧྲཱི༔ བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ དུས་གསུམ་དགེ་བའི་འབྲས་བུ་ཅི་བསགས་པ༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྔོ༔ སྐུ་གསུམ་མཚོ་སྐྱེས་རྡོ་རྗེའི་ས་ཐོབ་ཤོག༔ བཀྲ་ཤིས་ནི༔ ཧྲཱི༔ ཆོས་སྐུའི་བཀྲ་ཤིས་ཚེ་བདག་སྣང་མཐའ་ཡས༔ ལོངས་སྐུའི་བཀྲ་ཤིས་འཕགས་མཆོག་འཇིག་རྟེན་དབང༔ སྤྲུལ་སྐུའི་བཀྲ་ཤིས་འཆི་མེད་པདྨ་འབྱུང༔ མཁའ་འགྲོའི་བཀྲ་ཤིས་འབྱུང་ལྔའི་བདག་ཉིད་ཆེ༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་བཀྲ་ཤིས་ཤོག༔ སྨོན་ལམ་བཀྲ་ཤིས་རྒྱལ་སྲས་ལྷ་ཡི་རྗེ༔ ཐུགས་བསྐྱེད་དུས་བབས་མཐའ་བཙན་བཀྲ་ཤིས་ཤོག༔ གཏེར་སྟོན་བཀྲ་ཤིས་གར་དབང་འཆི་མེད་མཚན༔ འགྲོ་དོན་ཕྲིན་ལས་འཕེལ་རྒྱས་བཀྲ་ཤིས་ཤོག༔ ཆོས་བདག་བཀྲ་ཤིས་སྨོན་ལམ་ལས་འཕྲོ་སད༔ ལུང་ཟིན་འདུས་པ་རྒྱ་མཚོའི་བཀྲ་ཤིས་ཤོག༔ གཏེར་གནས་བཀྲ་ཤིས་མཁའ་འགྲོ་དྲ་བའི་གླིང༔ ངོ་མཚར་བྱིན་ཆགས་མི་ནུབ་བཀྲ་ཤིས་ཤོག༔ ཟབ་ཆོས་བཀྲ་ཤིས་འཆི་མེད་ཚེ་སྒྲུབ་པ༔ བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག༔ གཏེར་སྲུང་བཀྲ་ཤིས་མ་བདུན་ཁྲག་རལ་མ༔ ཕྲིན་ལས་ནུས་རྩལ་འབར་བའི་བཀྲ་ཤིས་ཤོག༔ འདུལ་ཞིང་བཀྲ་ཤིས་གངས་ལྗོངས་སྦས་པའི་གནས༔ དགེ་མཚན་རྫོགས་ལྡན་དཔལ་སྤྱོད་བཀྲ་ཤིས་ཤོག༔ ཀུན་རྫོབ་བཀྲ་ཤིས་བུམ་བཟང་དཔག་བསམ་ནོར༔ ཇི་ལྟར་འདོད་རྒུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ དོན་དམ་བཀྲ་ཤིས་རང་རིག་བྱང་ཆུབ་སེམས༔ སྐྱེ་འཆི་བྱ་རྩོལ་བྲལ་བའི་བཀྲ་ཤིས་ཤོག༔ བདེན་གཉིས་བཀྲ་ཤིས་ཟུང་འཇུག་བདེ་བ་ཆེ༔ ཟག་མེད་རྡོ་རྗེའི་སྐུ་ཐོབ་བཀྲ་ཤིས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འཆི་མེད་ཚེ་ཡི་ལས་འདི་ནི༔ ལྷ་བསྐྱེད་མཆོད་བསྟོད་ཛཔ྄་བསྐུལ་དངོས་གྲུབ་རོལ༔ ཚོགས་དང་བསྐང་བའི་བར་གྱི་རིམ་པ་འོ༔ ཚོགས་ལྷག་ཆད་བརྟན་བསྔོ་སྨོན་ལ་སོགས་དང༔ བརྟན་བཞུགས་དགའ་སྟོན་རྗེས་ཀྱི་རིམ་པ་འོ༔ དེ་བཞིན་འབྲེལ་བས་ཉམས་སུ་གང་བླངས་རྣམས༔ ཚེ་འདིར་པདྨ་ང་དང་ཞལ་མཇལ་ཞིང༔ ཕྱི་མ་ཕྱིར་མི་ལྡོག་པར་བསླུ་རེ་ཀན༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྗེས་འཇུག་རྣམས༔ འབྱོར་ལྡན་གཏོར་ཆེན་པདྨ་སྤུངས་པ་ལ༔ ཞལ་ཟས་སྤྱན་གཟིགས་པཱུ་ཛ་སྣ་ཚོགས་བསྐོར༔ རོལ་མོའི་བྱེ་བྲག་གསོལ་འདེབས་སྤྱན་འདྲེན་དུས༔ ང་ཉིད་དངོས་སུ་བྱོན་ནས་བྱིན་རླབས་ངེས༔ ཁྱད་པར་དུས་ཆེན་ཚེས་བཅུར་ཨོ་རྒྱན་ང༔ གངས་ཅན་བོད་ཡུལ་ས་སྟེང་ཁྱབ་པར་འོང༔ ཉི་ཟླའི་ཟེར་དང་འཇའ་ཚོན་ཆར་རྡུལ་ལ༔ འཆིབས་ཏེ་མོས་པའི་བུ་ཡི་བར་ཆད་སེལ༔ ཇི་ལྟར་འདོད་པའི་དབང་བཞི་མི་བསྐུར་རེ༔ ཐ་ཚིག་ཡིན་ནོ་པདྨས་བསླུ་རེ་ཀན༔ ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཚུགས༔ བཀའ་བཞིན་བསྒྲུབས་པས་རྒྱལ་ཁམས་བདེ་ལ་འགོད༔ ཐུགས་ལ་བཏགས་སོ་ལས་ཅན་ལྷ་ཡི་སྲས༔ ང་དང་མཇལ་གྱིས་རྗེ་འབངས་ཐུགས་མ་ཆད༔ ཡི་གེར་ཐོབས་ལ་རིན་ཆེན་གཏེར་དུ་སྦོས༔ ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་བདག་མོ་མ་མོ་ཁྲག་རལ་མས་སྲུངས་ཤིག༔ ཙིཏྟ་རྒྱ་རྒྱ་རྒྱ༔ ཨོ་རྒྱན་གར་དབང་འཆི་མེད་གླིང་པས་སྦས་ཡུལ་པདྨ་བཀོད་ཀྱི་གནས་སྟོད་མཁའ་འགྲོ་འབུམ་འདུས་ཀྱི་ལུང་པ་དམར་ནག་རཀྟའི་མཚོ་འགྲམ་ནས་སྤྱན་དྲངས་པའོ། །དེ་ལྟར་བཀྲ་ཤིས་ཀྱི་རིམ་པ་རྒྱས་པར་བརྗོད་རྗེས་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དབབ་པ་སོགས་གསང་སྔགས་སྤྱི་གཞུང་དང་མཐུན་པའི་དགའ་སྟོན་གྱི་རིམ་པ་རྒྱ་ཆེར་བྱའོ། །ཞེས་པ་འདི་གཏེར་གཞུང་གི་ཚིག་ཟིན་ལྟར་དང་། གཞན་ཅུང་ཟད་ཁ་སྐོང་གི་རིགས་བཅས་སྤྲང་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་རང་ཉམས་ལེན་བདེར་བསྒྲིགས་པ་ཆོས་འདི་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་ཕྲིན་ལས་དང་དབང་གི་གསལ་བྱེད་མདོར་བསྡུས་པ་ (Volume 3, Text 43)
༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་ཕྲིན་ལས་དང་དབང་གི་གསལ་བྱེད་མདོར་བསྡུས་པ་བཞུགས་སོ། ། ཡེ་ཤེས་གཅིག་ཉིད་གདུལ་བྱའི་ངོར། །གང་འདུལ་སྒྱུ་འཕྲུལ་རོལ་པ་ཡི། ཁྱབ་བདག་བླ་མ་སྙིང་དབུས་ཀྱི། །ཐིག་ལེར་བཞུགས་ལ་བྱིན་རླབས་སྩོལ། །རྨད་དུ་བྱུང་བའི་ཟབ་གཏེར་སྒྱུ་འཕྲུལ་གསང་བ་སྙིང་པོའི་ལམ་གྱི་རིམ་པ་མཐའ་དག་ལམ་བྱེད་བཞིའི་སྒོ་ནས་ཚང་ལ་མ་ནོར་བ་སྟོན་པའི་སྒྲུབ་ཐབས་སྐོར་ལྔའི་སྤྱོད་ཡུལ་ལམ་ཁྱེར་ལས་ཀྱི་ཕྲིན་ལས་ལ་འཇུག་པ་ན། ཐོག་མར་གཤོམ་གྱི་རིམ་པ། བསྙེན་སྒྲུབ། དབང་བསྐུར། ཚོགས་མཆོད་སོགས་སོ་སོའི་སྐབས་དང་སྦྱར་ཏེ་ཕྲིན་ལས་དང་དབང་ཆོག་ལས་འབྱུང་བ་ལྟར་བྱ། དེ་ནས་དང་པོ་སྔོན་འགྲོའི་རིམ་པ་ལ་ཚིག་བདུན་སོགས་གསོལ་འདེབས་དང་། ཉིན་དང་པོར་དཀར་གཏོར་སྤྱི་ལྟར་བཏང་། ཀུན་གྱི་ཁ་སྐོང་ཕྲིན་ལས་ལེའུ་ཉིད་རྩ་བ་ཡིན་པས་དེའི་སྐྱབས་འགྲོ། སེམས་བསྐྱེད། ཚོགས་གསག་རྣམས་ལན་གསུམ་རེས་རྒྱུད་སྦྱང་། བགེགས་གཏོར་བསྔོས་ལ་བགེགས་བསྐྲད་ཅིང་མཚམས་བཅད། སྒོ་དབྱེ་ཕྱག་བཤགས་དམ་བཅའ་སྡོམ་བཟུང་། བྱིན་འབེབས། གནས་ཡོ་བྱིན་རླབས་བཅས་དཀྱུས་ལྟར་བཏང་སྟེ་སྒྲུབ་ཐབས་ལྔ་ཀ་ལ་འདོར་ལེན་མེད་དོ། །དངོས་གཞི་ལྷ་བསྐྱེད་སོ་སོའི་གཞུང་ལྟར་སྦྱར་དགོས་པ་ལས་བླ་མ་ཞི་བའི་འཁོར་གྱི་ལྷ་བསྐྱེད་སྐབས་ཅུང་ཟད་རྒྱས་པར་སྤྲོ་ན། ཐོད་ཕྲེང་སྡེ་ལྔའི་རྣམ་པར་བཞེངས༔ མཐིང་དཀར་སེར་དམར་ལྗང་བའི་མདངས། །ཕྱག་གཡས་རིགས་ཀྱི་ཕྱག་མཚན་དང་། །གཡོན་པས་བདུད་རྩིའི་ཐོད་པ་བསྣམས། །ཀུན་ཀྱང་ཁྲོ་འཛུམ་སྤྱན་གསུམ་འབར། །གསང་ཕོད་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །པང་དུ་རང་རང་རིགས་ཀྱི་ཡུམ། །གྲི་གུག་ཐོད་པ་བསྣམས་པས་འཁྲིལ། ཁ་སྦྱོར་བདེ་བའི་རོལ་པར་བཞུགས༔ དེ་ཕྱིར་རིན་ཆེན་ཟུར་བརྒྱད་ལ། །ཕྱི་ནང་སེམས་དཔའ་སེམས་མའི་དངོས༔ སྤྲུལ་པའི་གུ་རུ་མཚན་མཆོག་བརྒྱད༔ ཤར་དུ་པདྨ་འབྱུང་གནས་མཐིང་། །སྐྱིལ་ཀྲུང་རྡོ་རྗེ་དྲིལ་བུ་བསྣམས། །ལོངས་སྐུའི་ཆས་རྫོགས་སྣང་གསལ་མ། །རིན་ཆེན་སྒྲོན་མེ་བསྣམས་མས་འཁྲིལ། །ལྷོ་རུ་བློ་ལྡན་མཆོག་སྲེད་རྩལ། །དཀར་གསལ་ཌ་རུ་པད་ཕོར་འཛིན། །སྔགས་ཀྱི་ཆས་རྫོགས་ཕྱེད་སྐྱིལ་བཞུགས། །གནྡྷེ་དྲི་ཆབ་བསྣམས་མས་འཁྲིལ། །ནུབ་ཏུ་པདྨ་རྒྱལ་པོ་དམར། །ཐོད་རྔ་འཁྲོལ་ཞིང་མེ་ལོང་ངོམས། །རྒྱལ་པོའི་ཆ་བྱད་རོལ་སྟབས་བཞུགས། །གིརྟཱི་པི་ཝཾ་བསྣམས་མས་འཁྲིལ། །བྱང་དུ་ཤཱཀྱ་སེང་གེ་སེར། །ས་གནོན་མཉམ་གཞག་རྡོ་རྗེ་དང་། །ལྷུང་བཟེད་འཛིན་ཅིང་སྤྲུལ་སྐུའི་ཆས། །པུཥྤེ་མེ་ཏོག་ཆར་ཆེན་འབེབས། །ཤར་ལྷོར་ཉི་མ་འོད་ཟེར་སེར། །ཁ་ཊྭཱཾ་དང་ནི་ཉི་ཟེར་འཛིན། །རྣལ་འབྱོར་ཆ་ལུགས་རོལ་སྟབས་བཞེངས། །མཱ་ལེ་རིན་ཆེན་ཕྲེང་འཛིན་འཁྱུད། །ལྷོ་ནུབ་པདྨ་སཾ་བྷ་བ། །མཉམ་གཞག་པད་ཕོར་སྐྱབས་སྦྱིན་མཛད། །དགེ་སློང་ཆ་ལུགས་སེམས་སྐྱིལ་བཞུགས། །དྷཱུ་པེ་སྤོས་ཀྱི་མཆོད་སྤྲིན་སྤྲོ། །ནུབ་བྱང་སེང་གེ་སྒྲ་སྒྲོག་རྩལ། །མཐིང་ནག་རྡོ་རྗེ་སྡིགས་མཛུབ་བསྒྲེང་། །ཁྲོ་བོའི་ཆས་རྫོགས་གཡོན་བརྐྱང་བཞེངས། །རྡོ་རྗེ་གར་མའི་བདེ་བས་རོལ། །བྱང་ཤར་རྡོ་རྗེ་གྲོ་བོ་ལོད། །དམར་སྨུག་རྡོ་རྗེ་ཕུར་བུ་འདྲིལ། །འཆོལ་བའི་ཆས་ཅན་རོལ་སྟབས་བཞེངས། །སྒེག་མོ་མེ་ལོང་བསྣམས་པས་འཁྲིལ། །ལྷ་མོ་ཐམས་ཅད་དཀར་དམར་མདངས། །ཞི་འཛུམ་ཆགས་ཉམས་མཆོག་ཏུ་རྒྱས། །དར་དང་རིན་ཆེན་ཨུཏྤལ་བརྒྱན། །ཐབས་མཆོག་དགྱེས་སྐྱེད་ཚུལ་གྱིས་རོལ། །བར་ཁྱམས་སྟེང་འོག་ཕྱོགས་བཞི་རུ༔ ལྷ་ཡི་གུ་རུ་སྲིད་ཐུབ་འཛིན། །དཀར་སེར་རྡོ་རྗེ་དྲིལ་བུ་བསྣམས། །དར་དང་རིན་ཆེན་སྣ་ཚོགས་བརྒྱན། །ལྷ་མིན་གུ་རུ་རྣམ་པར་རྒྱལ། །ལྗང་ནག་མཁར་གསིལ་ལྷུང་བཟེད་འཛིན། །ཆོས་གོས་གསུམ་གསོལ་སྤྲུལ་སྐུའི་ཚུལ། །མི་ཡི་གུ་རུ་པདྨ་འབྱུང་། །དཀར་དམར་རྡོ་རྗེ་བྷནྡྷ་བསྣམས། །པད་ཞྭ་གསང་ཕོད་ཆོས་གོས་གསོལ། །བྱོལ་སོང་གུ་རུ་སེང་རབ་བརྟན། །མཐིང་ནག་ཅང་ཏེ་དྲིལ་བུ་འཁྲོལ། །དར་དང་རིན་ཆེན་རུས་པས་བརྒྱན། །ཀུན་ཀྱང་བཞེངས་སྟབས་ཚུལ་གྱིས་རོལ། །ཡི་དྭགས་གུ་རུ་རྣམ་སྣང་བྱེད། །སྨུག་ནག་རྡོ་རྗེ་ཕུར་བུ་འདྲིལ། ཁྲོ་བོའི་ཆས་རྫོགས་དོར་སྟབས་བཞེངས། །དམྱལ་བའི་གུ་རུ་རྣམ་པར་གནོན། །དམར་ནག་རྡོ་རྗེ་སྡིགས་པ་བསྣམས། །འཇིགས་རུང་ཁྲོ་ཆས་དོར་སྟབས་འགྱིང་། །སྒོ་བཞིར་པད་ཉི་བདུད་བཞིའི་སྟེང་། །རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་དང་། །བདུད་རྩི་དཀར་སེར་དམར་ལྗང་མདོག །གཡས་རྣམས་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་རྒྱ་གྲམ་གཡོན་དྲིལ་བུ། །རང་འོད་ཡུམ་འཁྱུད་ཁྲོ་བོའི་ཆས། །ཡེ་ཤེས་མེ་དབུས་དོར་སྟབས་འགྱིང་། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྫོགས༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ ཞེས་སོགས་སྦྲེལ། སྤྱན་འདྲེན་ནས་བསྙེན་པ་ཛཔ྄་བསྐུལ་བར་ལས་བྱང་ལྟར་ལ། བསྙེན་སྒྲུབ་ཡན་ལག་བཞིའི་ཛཔ྄་དགོངས་བཟླས་པ་བཅས་རང་གཞུང་ལྟར་བྱ། གུར་དྲག་ལ་ལྷ་བསྐྱེད་སྤྱན་འདྲེན་རང་གཞུང་དང་། བཞུགས་གསོལ་ཕྱག་མཆོད་ལས་བྱང་། བསྟོད་པ་བསྙེན་སྒྲུབ་རང་གཞུང་། སྤྲོ་ན་ཚེ་སྒྲུབ་དང་ཁྱད་པར་དབང་སྒྲུབ་ལྷ་ལྔ་སྦྱོར་བ་གནད་ཆེ། ཐུགས་རྗེ་ཆེན་པོ་ལྷ་བསྐྱེད་སྤྱན་འདྲེན་རང་གཞུང་། བཞུགས་ཕྱག་མཆོད་བསྟོད་ལས་བྱང། བསྙེན་སྒྲུབ་ལས་གསུམ་གྱི་ཛཔ྄་དགོངས་བཟླས་པ་བཅས་རང་གཞུང་ལྟར་བྱ། དམིགས་བསལ་བུམ་སྒྲུབ་བྱེད་ན་རིལ་བུ་བུམ་སྒྲུབ་གཙོར་བཏོན། དབང་གི་སྐབས་སུའང་ཁྱུག་ཙམ་སྦྱར་དགོས། རྟ་མགྲིན་དང་ཕག་མོ་གཉིས་ལ་ལྷ་བསྐྱེད་སྤྱན་འདྲེན་ནས་མཆོད་བསྟོད་བཟླས་པའི་བར་རང་གཞུང་ལྟར་བཏང་བ་ལས་ལས་བྱང་ཁ་འགེངས་མི་དགོས། སྒྲུབ་ཐབས་ལྔ་ཀར་བཟླས་པའི་མཐར་མཆོད་བསྟོད་མདོར་བསྡུས་བྱ། ཆོས་སྲུང་གཏེར་སྲུང་ལ་གཏོར་མ་འབུལ། ཕག་མོའི་གཞུང་ལྟར་བཤགས་སྐོང་གྲུབ་ན་ལེགས་པས་འདིར་སྦྱ། ་རྗེས་ལས་བྱང་ལྟར་ཚོགས་བྱིན་རླབས་ནས་ལྷག་མའི་བར་བཏང་། ཕག་མོ་ལ་རང་གཞུང་གི་ཚོགས་མཆོད་ཕུལ། རྡོ་རྗེའི་གླུ་དང་། བཤགས་སྐོང་སྦྱོར་སྐབས་དེའི་སྨོན་ལམ། ཤིས་པ་བརྗོད། ཐུགས་དམ་བསྐུལ་བ་ཕྱིན་ཆད་ལས་བྱང་ལྟར་ལ། གཏང་རག་མཆོད་བསྟོད་རྗེས་བསྙེན་པའི་རྗེས་སུ་ཡོད་པའི་དངོས་གྲུབ་ལེན་ཆོག་སྦྱར། ནོངས་བཤགས་རྗེས་མདུན་བསྐྱེད་དམ་ཚོགས་མགྲོན་རྟེན་ལ་བརྟན་བཞུགས་བྱ་བ་སོགས་གསང་བ་སྤྱིའི་འགྲོས་ལྟར་བྱའོ། ༈ །དབང་བསྐུར་བའི་ཆོ་ག་རྣམ་པ་ལྔའི་སྔོན་དུ་འགྲོ་བ་སྟ་གོན་གྱི་རིམ་པ་ལ། སྒྲུབ་གནས་རྙིང་པ་དང་རས་བྲིས་ཀྱི་ཕྱོགས་ས་ཆོག་རྒྱས་པ་མི་དགོས་པའི་རིགས་ལ། བདག་ཉིད་ལྷའི་རྣལ་འབྱོར་མདོར་བསྡུས་བྱས་ལ་དཀར་གཏོར་གཏང་ཞིང་བགེགས་བསྐྲད། ལྷ་ལ་སྙན་གསན་དབབ་ཅིང་གནང་བ་བསྩལ་བ་གྲུབ་ཐོབ་བཀའ་བརྒྱད་ལྟར་དང་། རྣམ་བུམ་ཆོ་ག་བསྡུས་པས་བསྒྲུབ། ལས་བུམ་དུ་བདུད་རྩི་འཁྱིལ་པའམ་རྟ་མགྲིན་བསྐྱེད་བཟླས་བྱ། སློབ་མ་སྟ་གོན་གྱི་རིམ་པ་རྣམས་ཀྱང་གྲུབ་ཐོབ་བཀའ་བརྒྱད་ནས་བླང་བའམ། མཆོག་གླིང་སྒྱུ་འཕྲུལ་ལྟར་སྦྱར་ཡང་ཆོག །དབང་རྣམས་ཀྱི་རྩ་བ་བླ་མ་ཞི་བའི་དབང་ལ་དཀྱིལ་འཁོར་རས་བྲིས་སམ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ་ཁྲིའུ་ལ་བླ་མའི་གཏོར་ཆེན་དང་སྐུ་འབག་བྲིས་འབུར་གང་རུང་། ཕྱོགས་རྣམས་སུ་རྣམ་བུམ། དབུ་རྒྱན། རྡོ་རྗེ། དྲིལ་བུ། ཅོད་པན། སྡོམ་གསུམ་ཆས་གོས་ཙཀླི། རྒྱུད་ཀྱི་གླེགས་བམ། མེ་ལོང་། གསང་ཐོད། རིག་ཙཀ །ཚེ་འབྲང་། ཚེ་རིལ་ཆང་རྣམས་བཀོད། མདུན་དུ་སྨན་རག་གཏོར་གསུམ་དང་ཞབས་བསིལ། ཉེར་སྤྱོད་བསྐོར་བཤམ་བྱ། ཡོལ་བའི་ཕྱིའི་ཉེ་ལོགས་གར་བདེར་འཇུག་སྒོའི་ཁྲུས་བུམ། སྒྲོན་མེ། ཆུ་བུམ། རྡོ་རྗེ། འཁར་གསིལ་ལྷུང་བཟེད་ཆོས་གསུམ། རྣམ་གསུམ་གླེགས་བམ་ཕྱོགས་བསྡུས། རྟེན་འབྲེལ་བཅུ་གཉིས་གཟུགས་བརྙན། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་རྣམས་བཀོད། སྦྱོང་བ་གུལ་ཡུངས་ཏིལ་ནག་མིག་དར་མེ་ཏོག །གཞན་ཡང་ཕྲིན་ལས་ལ་དགོས་པའི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད་སོགས་ཚོགས་པར་བྱ། དེ་ནས་བླ་མ་ཞི་བའི་ཕྲིན་ལས་བཏང་། བདག་མདུན་ཐ་དད་དམ། དབྱེར་མེད་དུ་བསྒོམས་ནས་ཛཔ྄་ཁང་ཕྱེས་ཀྱང་ཆོག །བཟླས་པ་ཅི་འགྲུབ་བྱ། བུམ་ལྷ་སྐད་ཅིག་གིས་གསལ་གདབ། གཟུངས་ཐག་བླང་ལ་བཟླས་པ་གྲུབ་ནས། དབང་ཆོག་གི་དབུ་ནས་འབྱུང་བ་ལྟར་ཚེ་སྒྲུབ་ཀྱི་དམིགས་བཟླས་ཚེ་འགུགས་བཅས་བྱ། མཆོད་བསྟོད་དང་བུམ་ལྷ་འོད་ཞུ་གྲུབ་ནས། བཀའ་སྲུང་མཆོད་གཏོར་འབུལ། འགྲུབ་ན་བཤགས་སྐོང་སྦྱར། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། དེ་ནས་སྟ་གོན་བྱས་པའི་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར། དེ་ལ་འདིར་སྐབས་སུ་བབས་པའི་གསང་བ་ཟབ་མོ་འདིའི་ལོ་རྒྱུས་ཅུང་ཟད་འཆད་ན། འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་། དཔལ་ཆེན་རྟ་མགྲིན་ཟུང་དུ་འཇུག་པའི་ཐུགས་རྗེའི་རང་གཟུགས་གངས་ཅན་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས་མཚན་མཆོག་ལྔ་དང་ལྡན་པ། སངས་རྒྱས་གཉིས་པ་པདྨཱ་ཀ་ར་དང་རྣམ་དབྱེར་མེད་པ་དེ་ཉིད་ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུས་པ་དང་། ཕྱི་རབས་གདུལ་བྱའི་དོན་དུ་ཟབ་མོའི་གཏེར་ཁ་རྒྱ་ཆེར་སྦས་པའི་ཚུལ་རྣམས་རྗེ་ཉིད་ཀྱི་རྡོ་རྗེའི་གསུང་ལས་བོད་ཀྱི་རྣལ་འབྱོར་ཐང་སྟོང་པ༔ སོགས་གཞུང་གི་དབུ་ནས་འབྱུང་བའི་ལོ་རྒྱུས་ལེའུ་ཉིད་བཀླག་སྟེ། མཐར་ཕྱིན་ཤོག༔ ཅེས་གསུངས་པ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོ་དེས་ཟབ་གཏེར་ཇི་སྙེད་ཅིག་སྦས་པའི་ནང་ནས་སྙིང་པོའི་ཡང་བཅུད་གྲུབ་ཐོབ་ཐུགས་ཐིག་གི་ཆོས་སྐོར་རྣམས། གངས་ཅན་ཙམ་ན་འགྲན་ཟླ་བྲལ་བ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་མཁས་ཤིང་གྲུབ་པ་ཡོངས་ཀྱི་ཁྱུ་མཆོག་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་དགུངས་གྲངས་བཅོ་ལྔ་བཞེས་པའི་སྐབས་སུ། གྲུབ་ཐོབ་ཆེན་པོ་དེ་ཉིད་དངོས་ཉམས་མནལ་ལམ་རྣམས་སུ་ཡང་ཡང་ཞལ་བསྟན་ཅིང་བྱིན་གྱིས་བརླབས། གདམས་པ་དང་ལུང་བསྟན་གྱིས་དབུགས་དབྱུང་བའི་རྐྱེན་གྱིས་ཀློང་ཆེན་འོད་གསལ་དགོངས་པའི་ཀློང་ནས་བརྡོལ་ཡང་རིང་དུ་གསང་བའི་རྒྱས་བཏབ། ཕྱིས་ཀྱང་ཡང་ཡང་ལུང་བསྟན་སོགས་ཀྱིས་སྐབས་ཕྱེས་ཏེ་ངེས་པ་ཅན་གྱི་དུས་ལ་བབས་པས་གཏན་ལ་ཕབ་པ་ན་གདུལ་བྱ་སྐལ་ལྡན་རྣམས་སྨིན་གྲོལ་ཟབ་མོས་རྗེས་སུ་བཟུང་བར་མཛད་པའི་ནང་ཚན། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་རྒྱུད་དོན་དང་འབྲེལ་བར་ལམ་བྱེད་རྣམ་བཞིའི་གདམས་པ་ཁྱད་པར་ཅན་སྟོན་པ་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ལས་རྩ་བར་གྱུར་པ་བླ་མ་ཞི་བའི་སྨིན་བྱེད་ཀྱི་རིམ་པ་སྒྲུབ་པ་སྟེ་དབང་གི་བབས་ལུགས་ཀྱང་། གཞུང་ལས། དེ་ཡང་འོག་མིན་གསང་ཆེན་དུ༔ ཞེས་སོགས་དབང་བསྐུར་ལས་འབྱུང་བ་ཉིད་བརྗོད་དེ། བྱིན་རླབས་མཉམ་པ་མེད་པ་འོ༔ ཞེས་གསུངས་པ་ལྟར་ཀུན་བཟང་རྡོ་རྗེ་འཆང་ནས་ཁྱབ་བདག་འཁོར་ལོའི་མགོན་པོའི་བར་སྨིན་གྲོལ་གྱི་བརྒྱུད་པ་དང་བྱིན་རླབས་ཀྱི་གཟི་བྱིན་བར་མ་ཆད་པར་བྱོན་པའི་དབང་བསྐུར་རྣམས་ཀྱི་ཐོག་མ་ཐེག་པ་བཅུ་གཅིག་གི་དབང་བསྐུར་བ་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བདག་གི་སྟོན་པ་སོགས་གསོལ་བ་ལན་གསུམ་གདབ། འཇུག་སྒོ་ཁྲུས་དབང་གིས་མ་རྟོགས་འཇིག་རྟེན་ཕལ་པ་དང་། སྒྲོན་མེ། ཆུ་སྦྲེང་པ། རྡོ་རྗེ་རྣམས་ཀྱིས་ལོག་རྟོག་མུ་སྟེགས་རྟག་ཆད་ལྟ་བ་སྦྱང་། སྐྱབས་འགྲོ་ལན་གསུམ་དང་རབ་བྱུང་ཆས་སྦྱིན་པས་ཉན་ཐོས་དང་། རྟེན་འབྲེལ་གཟུགས་བྱིན་པས་རང་རྒྱལ་ཏེ་ཕྱོགས་རྟོགས་ཀྱི་དམན་ལམ་སྦྱང་། ཀུན་རྫོབ་སྨོན་འཇུག་དང་དོན་དམ་དབྱེར་མེད་སེམས་བསྐྱེད་ཅིང་བརྟན་པར་བྱས་པས་ཇི་བཞིན་མ་རྟོགས་པ་ཐེག་ཆེན་གྱི་ལམ་སྦྱང་། དེ་ནས་མིག་དར་མེ་ཏོག་སྤྱི་མཚུངས་སྦྱིན། སྔགས་སྡོམ་བཟུང་བས་ཕྱི་འཇུག་གྲུབ། ནང་འཇུག་ཞུས་གནང་བྱ། སྔགས་ཀྱིས་སྒོ་དབྱེ། སྔགས་སྤྱི་འགྲེས་ཕྱག་བཞི་བྱ། དམ་ཆུ་སྦྱིན། སློབ་མ་བླ་མ་ཞི་བ་གཙོ་བོར་བསྐྱེད་ལ་གནས་གསུམ་བརླབ། སྤྱན་འདྲེན་སྔགས་བཅས་བརྗོད་ལ་ཡེ་ཤེས་པ་དབབ་ཅིང་བརྟན། མེ་ཏོག་འབུལ། རིགས་ཀྱི་གསང་མཚན་གདགས་ལ་མིག་དབྱེ། དཀྱིལ་འཁོར་བསྟན། རྟེན་བརྟེན་པའི་ལྷ་ངོ་སྤྲད་པས་འཇུག་པ་གྲུབ། དངོས་གཞིའི་དབང་གི་སླད་དུ་མཎྜལ་ཕུལ། གསོལ་བ་གདབ། བགེགས་ཞི་དྲག་གིས་སྦྱང་བ་དང་། སྡིག་ལྟུང་ཏིལ་གྱིས་སྦྱང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་། མེ་ཏོག་འཐོར་ལ་ཤིས་བརྗོད་བྱ། སྔགས་ཀྱི་འདུལ་བའི་གཞི་བྱ་སྤྱོད་ལ་བུམ་པས་སྤངས་པ་དང་། དབུ་རྒྱན་གྱིས་རྟོགས་པ། ཐུགས་རྡོ་རྗེ། གསུང་དྲིལ་བུ། རྡོ་རྗེ་མིང་གི་ཅོད་པན་རྣམས་ཀྱིས་དབང་བསྐུར། དགོངས་པའི་དོན་རྣལ་འབྱོར་རྒྱུད་ལ་སློབ་མ་རྡོར་སེམས་བསྐྱེད། རྡོར་དྲིལ་དང་ཆུ་དབང་བསྐུར། ཤིས་པ་བརྗོད། གསང་བ་དང་པོ་རྣལ་འབྱོར་ཆེན་པོའི་ཆུ་བོ་བཞིའི་དབང་གི་སྙིང་པོ་མདོར་བསྡུས་པ་ལ་སློབ་མ་བླ་མ་ཞི་བ་ཡུམ་དང་བཅས་པ་བསྐྱེད་ལ་སྔགས་ཙམ་གྱིས་ཡེ་ཤེས་པ་དབབ་ཅིང་བསྟིམ། དགེ་བའི་བཤེས་གཉེན་གྱི་དབང་སྡོམ་གསུམ་ཆས་དངོས་སྦྱིན། དེ་ཉིད་བཅུ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་སྒྲུབ་པར་བསྒོ། ཡི་དམ་ལྷའི་དབང་། བླ་མའི་སྐུ་འབག་གིས་དབང་བསྐུར། སྣང་བ་ལྷ་དང་གཞལ་ཡས་སུ་ངོ་སྤྲད་ལ་དེ་ལྟར་སྒོམ་པར་འདོམས། པུསྟི་གླེགས་བམ་དབང་རྒྱུད་པོད་གཏད། བཟླས་ལུང་སྦྱིན། སྒྲ་གྲགས་སྔགས་སུ་ངོ་སྤྲད། བཟླས་བརྗོད་ལ་བརྩོན་པ་དང་སྔགས་རྒྱུད་བཤད་པར་གདམས། ཡོངས་རྫོགས་ཕྱག་རྒྱ་ཆེན་པོའི་དབང་མེ་ལོང་དུ་ལྷ་སྐུ་འཆར་བ་བསྟན། ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ངོ་སྤྲད་ཅིང་སྒོམ་པར་གདམས། བརྟན་བྱེད་བུམ་དབང་བསྐུར་དབང་ལྷ་བསྟིམ། རྟེན་སྙིང་བརྗོད་ལ་རབ་གནས་བྱ། མཆོད་ཅིང་ཤིས་པ་དང་། བུམ་དབང་གི་དག་པ་བརྗོད། གསང་བ་གཉིས་པ་ཨ་ནུ་ཡོ་གའི་མཚན་བཅས་རྫོགས་རིམ་གྱི་སྨིན་བྱེད་ཀྱི་སྦྱོར་བ་གསང་དབང་བསྐུར། རྟོག་པ་བརྗོད། དངོས་གཞི་ཤེར་དབང་བསྐུར། དག་པ་བརྗོད། རང་བཞིན་གསང་བ་ཨ་ཏི་ཡོ་གའི་སྨིན་བྱེད་དབང་བཞི་པ་བསྐུར། རྟོག་པ་བརྗོད་པས་དངོས་གཞི་གྲུབ། མཐའ་རྟེན་རིག་འཛིན་བླ་མའི་གཏོར་དབང་བསྐུར། དངོས་གྲུབ་སྐུལ། ཚིག་བཅས་གཏོར་རྫས་སྦྱིན། བཀྲ་ཤིས་ཚེ་དབང་ལ་དམིགས་པ་སྤྱི་ལྟར་འབོགས་ཤིང་ཚེ་འགུགས་བཏང་། ཧྲཱིཿཧྲཱིཿཧྲཱི༔ གདོད་མའི་མགོན་པོ་སོགས་གསོལ་འདེབས་དང་སྔགས་སྦྲེལ་མས་ཚེ་འབྲང་སྤྱི་བོར་བཞག །ཚེ་རིལ་ཚེ་ཆང་སྦྱིན། ཨཱ༔ འཁོར་འདས་ཚེ་བཅུད་སོགས་ཀྱིས་རྒྱས་གདབ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་བཅས་སྤྱི་འགྲོའི་ཤློ་ཀ་རེ་རེས་སྦྱིན། ཤིས་བརྗོད་རྒྱས་པར་སྤེལ། དམ་ཚིག་ཁས་བླང་། གཏོང་རག་ལུས་འབུལ་དགེ་བསྔོ་བཅས་ཀྱིས་གྲུབ། རྗེས་ཚོགས་མཆོད་ནས་ཤིས་བརྗོད་བར་ཕྲིན་ལས་ལྟར་ཚང་བར་བྱའོ། ༈ །གུར་དྲག་མན་གྱི་དབང་རྣམས་རྩ་དབང་སྦྲེལ་མར་བསྐུར་ཡང་ཆོག་མོད་རྒྱས་པ་བྱེད་སྐབས་སྟབས་མི་བདེ་བས་རེ་རེ་བཞིན་བསྐུར་ན། དཀྱིལ་འཁོར་དབུས་རྣམ་བུམ། རྒྱབ་ཏུ་དཔལ་གཏོར། གཡས་གཡོན་ལོགས་སུ་དཔའ་གཅིག་སྐུ་ཙཀ །རཀྴའི་ཕྲེང་བ་དང་སྔགས་བྱང་། གནམ་ལྕགས་རྡོ་རྗེ། གསང་ཐོད། རིག་ཙག་རྣམས་དང་མཆོད་གཏོར་སོགས་གོང་བཞིན་བཀོད། སྒྲོལ་དབང་ལ་མཁོ་བའི་གདབ་ཕུར། ཕྱག་རྒྱ་བཞི། བྱ་འུག་སྒྲོ །སྐམ་ཐུན་རློན་ཐུན། སྒྲོལ་གྲི །ཧོམ་གཟར། ལྕགས་ཧོམ་ལིངྒ་རྣམས་ཉེ་བར་བསྡོགས། ཕྲིན་ལས་སྒྲུབ་ཐབས་དང་སྦྲེལ་བ་བཏང་ལ་བཟླས་པ་སོགས་ཞི་བའི་འགྲོས་དང་དམིགས་གསལ་གོང་སྨོས་ལྟར་བཏང་། ཁྲུས། མཎྜལ། མིག་དར། མེ་ཏོག་སྦྱིན། གསོལ་གདབ། སྐྱབས་སེམས། སྡོམ་བཟུང་། ཡོལ་བ་བསལ་ནས་ནང་འཇུག་ལ་ཕྱག་བཞི་བྱ། གཙོ་བོ་བསྐྱེད། ཡེ་ཤེས་བ་དབབ་ཅིང་བརྟན། མེ་ཏོག་འདོར། མིག་དབྱེ། དཀྱིལ་འཁོར་བསྟན། དངོས་གཞི་ལ། བུམ་པ་རྩ་དབང་ནང་། ཨོཾ༔ དབྱིངས་ཀྱི་བུམ་པ་སོགས་ཀྱིས་བསྐུར། སྐུ་ཙཀ །བཟླས་ལུང་། ཕྲེང་བས་གསུང་དབང་། རྡོ་རྗེས་ཐུགས་དབང་རྣམ་ས་རང་གཞུང་ལྟར། གསང་དབང་། ཤེར་དབང་། ཚིག་དབང་གསུམ་ཀ་རྩ་དབང་ནས་ལེན། མཐའ་རྟེན་སྒྲོལ་དབང་ཆས་རྣམས་སློབ་དཔོན་མདུན་དུ་བཀོད། དྲག་སྒྲུབ་ལྟར། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སོགས་ཀྱིས་བསྐུལ་བྱ། བཀའ་བརྒྱད་ལྟ་བུ་སྤྱི་འགྲེའི་གསེར་སྐྱེམས། གཟུ་དཔང་། ཧོམ་བསྐྱེད། འགུགས་གཞུག་ལན་གསུམ། རང་གཞུང་། ཧཱུྃ༔ པདྨ་དྲག་པོའི་འགུགས་བྱེད་སོགས་ཕྱག་རྒྱ་བཞིས་འགུགས་གཞུག་འཆིང་མྱོས། བྱ་འུག་གིས་ལྷ་དབྱེ། ཐུན་ཁྲག་གིས་གཟུགས་ལ་དབབ། དབང་གཞུང་གིས་ལས་ཕུར་གཏད། ཚེ་ཁྲུས་དམིགས་པ་ཕོག་ལ་སྔར་གྱི་འཕྲོས། ཧཱུྃ༔ པདྨ་དྲག་པོའི་གསོད་བྱེད་སོགས་ཀྱིས་ཕུར་བུ་གདབ། རྩ་སྔགས་ལ་ལས་སྔགས་བཏགས་པ་བརྗོད་ལ་ཐུན་བརྡེག །སྒྲོལ་གྲིས་གཏུབ། ལིང་རོ་ཧོམ་གཟར་དུ་བླངས་ལ་ཞལ་བསྟབ་བརྗོད་ནས་དཀྱིལ་འཁོར་དུ་འབུལ་བ་དང་སློབ་མ་ལའང་སྦྱིན། དབང་གཞུང་ལྟར་གཏོར་དབང་བསྐུར། ཤིས་བརྗོད་སོགས་རྗེས་སྤྱི་ལྟར་དང་ལས་བྱང་གི་རྗེས་རིམ་བཅས་ཀྱིས་གྲུབ་བོ། ༈ །ཐུགས་རྗེ་ཆེན་པོ་ལ། དཀྱིལ་འཁོར་དབུས་སྐྱེ་བདུན་རིལ་བུམ། གཡས་གཡོན་དུ་རྣམ་བུམ། དབང་གཏོར་ཞི་བཤོས། མདུན་རྒྱབ་རྣམས་སུ་སྐུ་ཙཀ་འགྲོ་འདུལ་ཕྱག་བཞི་པ་དཀར་པོ་ལ་ཡུམ་དམར་པོ་ཌཱར་ཐོད་འཛིན་པས་འཁྱུད་པ། གསུང་སྔགས་བྱང་ཤེལ་ཕྲེང་། ཕྱག་མཚན་ཕྲེང་པད། གསང་ཐོད་རིག་ཙཀ་རྣམས་དང་། མཆོད་གཏོར་སོགས་གོང་བཞིན་བཀོད། ཕྲིན་ལས་དང་སྒྲུབ་ཐབས་སྦྱར་བ་བཏང་། བཟླས་པ་བསྙེན་སྒྲུབ་ལས་གསུམ་ཅི་འགྲུབ་དང་། ཁྱད་པར་སྐྱེ་བདུན་རིལ་སྒྲུབ་སྦྱར། གཞན་རྣམས་གོང་དང་མཚུངས། དབང་ལ་ཁྲུས་ནས་དཀྱིལ་འཁོར་བསྟན་པའི་བར་འཇུག་པ་གུར་དྲག་ལྟར་བྱ། དངོས་གཞི་ལ་བུམ་དབང་གོང་བཞིན་དང་རང་གཞུང་སྐུ་ཙཀླི །གསུང་བཟླས་ལུང་སྔགས་ཕྲེང་། ཐུགས་ཕྱག་མཚན། གསང་དབང་། ཤེར་དབང་། ངོ་སྤྲོད་བཅས་རྩ་དབང་། མཐའ་རྟེན་རིལ་བུ་བུམ་དབང་བསྐུར་ལ་མྱང་གྲོལ་སྦྱིན། གཏོར་དབང་བླ་མའི་སྐབས་ལྟར་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ འགྲོ་བ་འདྲེན་མཛད་འཕགས་མཆོག་སྤྱན་རས་གཟིགས༔ ཞེས་དང་སྔགས་ཡིག་དྲུག་ཏུ་བསྒྱུར་ལ་དབང་བསྐུར། བཀྲ་ཤིས་བརྗོད་པ་སོགས་དང་ལས་བྱང་གི་རྗེས་རྣམས་བྱའོ། ༈ །དྲག་པོ་རྟ་མགྲིན་ལ། དཀྱིལ་འཁོར་དབུས་སུ་རྣམ་བུམ། རྒྱབ་ཏུ་དཔལ་གཏོར་རྟ་ཞལ་མཚན་པ། གཡས་གཡོན་དུ་སྐུ་ཙཀ་རྟ་མགྲིན་གསང་སྒྲུབ་སྐྱེར་སྒང་ལུགས་ལྟར་ཡུམ་ཕག་སྔོན་གྲི་ཐོད་འཛིན་པས་འཁྱུད་པ། སྔགས་བྱང་ཕྲེང་དམར། ཕྱག་མཚན་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་སྡིགས་མཛུབ་མདུང་ཐུང་རྒྱུ་ཞགས། གསང་ཐོད། རིག་ཙཀ་མཆོད་གཏོར་སོགས་བཀོད། གདབ་ཕུར། ལྕགས་ཧོམ། ལིངྒ། སྒྲོལ་གྲི །གཏོར་ཟོར་གྲུ་གསུམ་འཚེ་ཡུངས་བཙུགས་པ། དྲག་ཤིང་གི་མེ་ཧོམ་རྣམས་འདུ་བྱ། ཕྲིན་ལས་སྒྲུབ་ཐབས་དང་སྦྲེལ་བ་བཏང་ལ་བཟླས་པ་སོགས་སྤྱི་ཁོག་སྔ་མ་རྣམས་ལྟར་དང་། དབང་གི་འཇུག་པ། ཁྲུས་ནས་ལྷ་ངོ་བསྟན་པའི་བར་གུར་དྲག་ལྟར་བྱ། དངོས་གཞིའི་ཐོག་མར་བུམ་དབང་སྔར་བཞིན་བསྐུར། རང་གཞུང་སྐུ་ཙཀླི །གསུང་བཟླས་ལུང་དང་སྔགས་ཕྲེང་། ཐུགས་ཕྱག་མཚན། གསང་དབང་། ཤེར་དབང་། ཚིག་དབང་གསུམ་སྦྱར། རང་གཞུང་གཏོར་དབང་བསྐུར། གདབ་ཕུར་གཏད། ཧོམ་བསྐྱེད་མདོར་བསྡུས་བྱ། རྟ་མགྲིན་སྒྲུབ་ཐབས་ནང་གི། ཧཱུྃ༔ དཀོན་མཆོག་རྩ་གསུམ་སོགས་ཀྱིས་འགུགས་བསྟིམ་དབྱེ་འབེབས་དང་། རྩ་སྔགས་ལ་སྤུ་གྲི་བཏགས་པ་བརྗོད་ལ་ཕུར་པ་གདབ། ཐུན་བརྡེག །གྲིས་བཏུབ། དུམ་གཅིག་ཟོར་གཏོར་དུ་བསྟབ། ཧོམ་སྦར་བའི་ནང་དུ་སྐད་ཅིག་གིས་རྟ་མཆོག་རོལ་པའི་དཀྱིལ་འཁོར་གསལ་བ་ལ་བསྒྲལ་པའི་ཤ་ཁྲག་བདུད་རྩིར་བསམ་པའི་ལིང་རོ་འབུལ་ལ་སྒྲུབ་སྔགས་མཐར། སརྦ་ཤ་ཏྲཱུཾ་བིགྷྣཱན་ཛྭ་ལ་རཾ་ཁ་ཧི། བཏགས་པ་བརྗོད་མཐར་དམིགས་མེད་དུ་བཞག །གུར་དྲག་སྒྲུབ་ཐབས་གཤམ་དུ་ཡོད་པའི་ཟོར་བསྐུལ་ལ། ཧཱུྃ༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཞེས་བསྒྱུར་བ་དང་བཟློག་སྔགས་བཅས་བརྗོད་ལ་གཏོར་ཟོར་འཕང་། གཏོར་སྣོད་སྦུབས་པའི་འོག་ཏུ་དམ་སྲི་འགུགས་གཞུག་བྱས་ལ་སྒྲུབ་ཐབས་རང་གཞུང་ལྟར་རྟ་བྲོ་དྲུག་རྒྱས་པར་བརྡུང་། ཤིས་བརྗོད་སོགས་དང་ཕྲིན་ལས་རྗེས་རིམ་རྣམས་ཀྱིས་གྲུབ་བོ། ༈ །ཕག་མོ་ལ་དཀྱིལ་འཁོར་དབུས་སུ་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་ཁར་མེ་ལོང་ལ་སིནྡྷུར་བརྡལ་བར་ཨོཾ་གསུམ་མའི་སྔགས་བྲིས་པ་དང་དར་དམར་གྱིས་བཀབ། རྒྱབ་ཏུ་བདུད་རྩི་རིལ་བུས་བཀང་པའི་ཐོད་པ། གཡས་གཡོན་དུ་ཕག་མོ་དམར་མོའི་སྐུ་ཙཀ །ཐོད་ཕྲེང་མེ་ལོང་། དབང་རྫས་ཁྱེར་བདེའི་སྨན་རཀ་གཏོར་གསུམ་མར་མེ་རྣམས་དང་། གཏོར་མཆོད་རྣམས་སྤྱི་ལྟར་བཀོད། ཕྲིན་ལས་སྒྲུབ་ཐབས་དང་སྦྱར་ལ་བསྙེན་སྒྲུབ་ལས་སྦྱོང་བཟླས་པ་བྱ། ལྕོགས་ན་བདུད་རྩི་རིལ་བུ་སྒྲུབ་པ་སྦྱར་ལ་ཛཔ྄་ཅི་འགྲུབ་བཟླ། སྐོང་བཤགས་ཚོགས་མཆོད་ཕུལ་བ་ཡན་སོང་ནས་ཕྲིན་ལས་ལྟར་སྤྱི་སྐོང་ཡང་བཏང་། རིག་པའི་མེ་རྟོག་དོར་ལ་གནང་བ་ཞུ། དབང་གི་འཇུག་པ་ཁྲུས་ནས་ལྷ་ངོ་བསྟན་པའི་བར་སྔ་མ་རྣམས་ལྟར་སོང་ནས། དབང་དངོས་གཞི་ལ་བདུད་རྩིའི་ཐོད་པ་སྤྱི་བོར་བཞག་པ་བུམ་དབང་། དམ་རྫས་སྦྱིན་པ་གསང་དབང་། སིནྡྷུ་རའི་མེ་ལོང་ལྟེ་བར་གཏད་ཅིང་ཐིག་ལེ་བྱ་བ་ཤེར་དབང་། ངོ་སྤྲོད་ཀྱིས་བཞི་པ་རྣམས་བསྐུར། མཐའ་རྟེན་སྐུ་ཙཀླི །གསུང་བཟླས་ལུང་དང་ཐོད་ཕྲེང་། ཐུགས་མེ་ལོང་། ཐུན་མོང་སྨན་རཀ་གཏོར་མ་མར་མེ། ཁྱད་པར་བདུད་རྩིའི་རིལ་བུའི་དབང་བསྐུར་ལ་རིལ་བུ་སྦྱིན། ཕན་ཡོན་གཞུང་ལྟར་དང་ཤིས་པ་བརྗོད། དེ་ལྟར་རྡོ་རྗེ་ཐེག་པ་ཡི༔ སོགས་ཀྱིས་དམ་ཚིག་བསྒྲག་ཅིང་སྲུང་བར་ཁས་བླང་དང་གཏོང་རག་ལུས་འབུལ་སོགས་དབང་གི་རྗེས་སྤྱི་ལྟར་བྱ། ཚོགས་ལ་རོལ། ལྷག་མ་དང་སྨོན་ལམ་ཕག་མོ་རང་གཞུང་ལྟར་དང་། བཀྲ་ཤིས། བསྐུལ་བ་ཆད་བརྟན་ཕྱིན་ཆད་ཕྲིན་ལས་ལྟར་བཏང་བས་ལེགས་པར་གྲུབ་བོ། །འདི་ནི་ཁྲིད་བཅས་རྩ་དབང་རྒྱས་པར་སྒྲུབ་པའི་སྐབས་ཀྱི་ལག་ལེན་ཕྱོགས་མཚོན་ཡིན་ལ། མདོར་བསྡུས་སྐབས་ཞི་བའི་རྩ་དབང་ཚང་བ་སྔོན་དུ་སོང་ནས་གུར་དྲག་ཕྱིན་ཆད་ལ་གཞུང་གི་དངོས་བསྟན་ལྟར། མཎྜལ། གསོལ་གདབ། སྐྱབས་སེམས། སྡོམ་བཟུང་། ཡེ་ཤེས་དབབ་བརྟན། བུམ་དབང་། སྐུ་གསུང་ཐུགས་དབང་། གཏོར་དབང་ཙམ་སྦྲེལ་བས་འཐུས་ཤིང་། རྐྱེན་སེལ་དང་དབང་འབྲེལ་ལྟ་བུར་གཏོར་དབང་ཁོ་ན་བསྐུར་ཡང་རུང་བས་སྐབས་ཕྱེད་པར་བྱའོ། །ཉོན་མོངས་རྒྱུ་སྤང་རིང་རྒྱུ་ལས། །བརྒལ་ཏེ་གསང་མཆོག་ཉེ་བའི་ལམ། །རང་བཞིན་གསང་བས་རྒྱས་ཐེབས་ཏེ། །གྲུབ་གཉིས་རང་དབང་བྱེད་པར་ཤོག །སྒྲུབ་ཐབས་སྙིང་པོ་སྐོར་ལྔ་འདི་ཉིད་ཚིག་ཉུང་ཡང་དོན་ཤིན་ཏུ་ཟབ་ལ་རྒྱ་ཆེ་བས་གསལ་བྱེད་རེ་རེ་བཞིན་གལ་ཆེ་བར་སྣང་ཡང་ཡིག་ཚོགས་ལ་འཇིགས་ནས་རྗེ་བླ་མའི་ཕྱག་བཞེས་དང་ཞལ་ལུང་མ་ནོར་བའི་ཟིན་ཐུན་ཙམ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
འཁྲུགས་སྐོང་རྒྱུན་ཁྱེར་ (Volume 39, Text 43)
འཁྲུགས་སྐོང་རྒྱུན་ཁྱེར་བཞུགས་སོ། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་པའི་ཚེ། །ཕས་ཟེར་བུ་ཡིས་མི་ཉན་དུས། །དུས་ངན་ཉེ་བ་འཐབས་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་བསྐལ་པས་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབ། །ཐོག་སེར་འབེབ་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱེད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང་། །རྟེན་རྫས་སྐོང་རྫས་སྒྲུབ་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། ཁྲམ་ལ་ཕྱིས་ལ་ཤོ་རྡེལ་སྤོས། །ནད་གདོན་བར་ཆད་སྒྱུར་དུ་གསོལ། །མོ་ངན་ཚེར་རྩུབ་སྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབས། །དུས་ལ་བབ་བོ་ས་མ་ཡ། །བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་བསྒྲིབས་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལས་འགལ་བ་རྣམས། །སྤྲུལ་པ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་མན་ངག་གི་ཡི་གེ་བརྒྱ་པ་དང་། ལག་གཡས་མཛུབ་མོ་དང་སྲིན་ལག་གཉིས་མཐིལ་དུ་བཀུག །མཐེ་བོང་གུང་མོ་མཐེའུ་ཆུང་གསུམ་བསྒྲེངས་ལ་ཕྱར་བ་ཏྲི་ཤུལའི་ཕྱག་རྒྱས། ཧཱུྃ་ཕཊ་མ་ཧཱ་དེ་ཝི་ཀཱ་ལཱི། དུཥྚཱན་ཏ་ཀ་ཧཱ་ན་ད་ཧ་རུ་ལུ་བྷནྡྷ་པ་ཙ་པ་ར་ན་ཧཱུྃ་ཕཊ། ཅེས་པས་མཚན་ངན་བཟློག་གོ །ལག་གཉིས་སོར་མོ་བཅུ་བསྡུས་ནས་ཁོག་པ་ཟླུམ་པོ་བདུད་རྩི་བུམ་པའི་ཕྱག་རྒྱས། ཨོཾ་བཛྲ་དྷཱ་ཀི་ནཱི། དེ་ཝཱི་མ་ཧཱ་ཀཱ་ལཱི་རེ་མ་ཏི། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མ་ཡ་ཕ་ལ་ཨཱ་ཝེ་ཤ་ཡ་ཨཱཿ ཞེས་པ་འདི་བསྡུས་པ་ལ་དགའ་བའི་ངོར། ཨ་རཱ་གས་བསྒྲིགས་པའོ། །སརྦ་དཱ་མངྒ་ལཾ། དགེའོ།། །།
དགོངས་གཏེར་སྒྲོལ་མའི་བརྒྱུད་འདེབས་ཨུཏྤ་ལའི་ཕྲེང་བ་ (Volume 36, Text 43)
དགོངས་གཏེར་སྒྲོལ་མའི་བརྒྱུད་འདེབས་ཨུཏྤ་ལའི་ཕྲེང་བ་བཞུགས་སོ། །ཆོས་སྐུ་ཤེར་ཕྱིན་བཅོམ་ལྡན་ཀུན་བཟང་མོ། །ལོངས་སྤྱོད་ཡོངས་རྫོགས་བཛྲ་བྷ་ར་ཧི། །སྤྲུལ་པའི་རྣམ་རོལ་རྗེ་བཙུན་སྒྲོལ་མ་ཡུམ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སངས་རྒྱས་གཉིས་པ་པདྨཱཀ་ར་དང་། །གསང་སྔགས་མཛོད་འཛིན་ཌཱ་ཀི་འབུམ་གྱི་རྗེ། །བྱང་ཆུབ་སེམས་དཔའ་ལྷ་སྲས་རོལ་པ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་རྩལ། །རྒྱལ་བསྟན་གསལ་མཛད་པདྨ་གར་གྱི་དབང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གཞན་ཡང་ཟབ་རྒྱས་སྨིན་གྲོལ་མཛོད་འཛིན་པའི། །རྩ་བརྒྱུད་བླ་མ་འཕགས་མ་མྱུར་མཛད་ལྷ། །རྩ་གསུམ་རྡོ་རྗེ་ཆོས་སྲུང་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ངེས་པར་འབྱུང་བའི་བློ་རྒྱུད་ཞིང་ས་བརླན། །ལྷག་བསམ་དག་པའི་ལྗོན་འཁྲུངས་ཚར་དུ་དངར། །ཡེ་ཤེས་ཆེན་པོའི་འབྲས་བུ་གཡུར་ཟ་བས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་པ་འདི་ཡང་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་འཕེལ།། །།
གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོ་ (Volume 49, Text 43)
༄༅། །གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོ་བཞུགས་སོ། །འབྱུང་བའི་གླུད་གཏོར་འཆི་བསླུའི་རྒྱབ་ཏུ་འགྲོ་རྒྱུ་ཡིན་ནོ། ། ྈྈྈྈྈྈྈྈ སངས་རྒྱས་ཀུན་གྱི་གསང་བ་འཛིན། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །རྫོགས་ཆེན་ནས་འབྱུང་བའི་འཆི་བསླུ་ཆེན་མོ་གཏོང་བ་དང་། མཁའ་འགྲོའི་སུན་ཟློག་འཆི་བསླུ་བརྒྱ་རྩ་བརྒྱད་ལ་སོགས་གཏང་བའི་གླུད་རྫོངས་ཆེན་མོ་འདི་ལ་གསུམ་སྟེ། དང་པོ་རྫས་གསག་པ། བར་དུ་གླུད་རབས་ཆོ་འབྲང་འདོན་པ། རྗེས་སུ་བཀྲ་ཤིས་པའི་དགའ་སྟོན་དང་སྨོན་ལམ་བཀྲ་ཤིས་བྱ་བའོ། །དང་པོ་རྫས་གསག་པ་ནི། རང་རང་གི་གཞུང་ལྟར་གསོག་གོ །བར་དུ་གླུད་རབས་ཆོ་འབྲང་འདོན་པ་ནི། རང་ཉིད་རྟ་མགྲིན་ནམ་ཕྱག་རྡོར་དུ་གསལ་བའི་ང་རྒྱལ་གྱིས། གླུད་རྣམས་སྔགས་དྲུག་ཕྱག་དྲུག་གིས་རང་གཞུང་ལྟར་ནན་ཏན་དུ་བྱིན་གྱིས་བརླབས་ལ། ཆེ་བའི་ང་རྒྱལ་གྱིས་མགྲོན་རྣམས་དབང་དུ་བསྡུ་བ་ལ་འདི་སྐད་དོ། །ཧཱུྃ། དཀོན་མཆོག་གསུམ་གྱིས་བཀའ་བསྩལ་ཏོ། །ཧེ་རུ་ཀ་ཡིས་བཀའ་བསྩལ་ཏོ། །རྡོ་རྗེ་འཆང་གིས་བཀའ་བསྩལ་ཏོ། །ཤཱཀྱ་ཐུབ་པས་བཀའ་བསྩལ་ཏོ། །རིགས་གསུམ་མགོན་པོས་བཀའ་བསྩལ་ཏོ། །ང་ནི་མཁྱེན་རབ་བདག་པོ་སྟེ། །འཕགས་པ་འཇམ་དཔལ་ཉིད་ཀྱི་སྐུ །ང་ནི་ཐུགས་རྗེའི་བདག་པོ་སྟེ། །སྤྱན་རས་གཟིགས་དབང་ཉིད་ཀྱི་གསུང་། །ང་ནི་མཐུ་སྟོབས་བདག་པོ་སྟེ། །གསང་བའི་བདག་པོ་ཉིད་ཀྱི་ཐུགས། ང་ནི་རིག་འཛིན་གསལ་བྱེད་ཡིན། །ང་ནི་དུས་ཀྱི་མཐའ་འཛིན་ཡིན། །ང་ནི་ལེགས་ཉེས་སྟངས་འཛིན་ཡིན། །ང་ནི་དབང་ཕྱུག་ཀུན་གྱི་བདག །ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །ང་ནི་ཁམས་གསུམ་སྙིང་རྗེའི་བདག །ཁམས་གསུམ་འདི་ན་སུ་ཡང་རུང་། །ཐམས་ཅད་ང་ཡི་དབང་དུ་འདུས། །སྲིད་པ་གསུམ་ན་ང་དབང་ཆེ། །ང་ལས་ཆེ་བཙན་སུ་ཡང་མེད། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །བགེགས་སུ་གྱུར་པའི་ཚོགས་རྣམས་ཀུན། །ཚུར་གཤེགས་རྒྱལ་བའི་བཀའ་ལ་ཉོན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པར། །ད་ལྟ་སྔགས་འཆང་ངས་མཆོད་ཀྱིས། །སྔགས་འཆང་བདག་གི་བཀའ་ལ་ཉོན། །མཆོད་སྦྱིན་གླུད་གཏོར་འདི་བཞེས་ལ། །བསམ་སྦྱོར་ངན་པ་ཞི་བར་མཛོད། །ཅེས་བརྗོད་ལ། དེ་ནས་གསེར་སྐྱེམས་ལག་ཏུ་ཐོགས་ལ་རང་གི་ལྷ་སྲུང་རྣམས་ལ་དཔང་པོ་བཅོལ་བ་ནི། ཀྱཻ། གནམ་ས་དེ་ནི་མ་སྡེབས་ཤིག །དོག་ས་དེ་ནི་མ་སྐྱོད་ཅིག །སྲིད་པའི་འཇིག་རྟེན་མ་འཁྲུག་ཅིག །རྒྱལ་བ་བྱིན་རླབས་མ་ཆུང་ཞིག །སྲུང་མ་མཐུ་རྩལ་མ་ཞན་ཅིག །འགོ་བའི་ལྷ་ལྔ་མ་གཡེལ་ཅིག །ཕོ་ལྷ་གནམ་དུ་མ་གྱེས་ཤིག །ཡུལ་བདག་ཕོ་མོ་མ་འདུར་ཅིག །ལྷ་རྒོད་ཀླུ་རྒོད་མ་འཁྲུག་ཅིག །གཞི་བདག་ཕོ་མོ་མ་སྐྱོད་ཅིག །ཕ་མྱེས་གྲི་འགགས་མ་གཏོང་ཞིག །བདག་ཅག་བསོད་ནམས་གསག་པ་དང་། །ལུས་ངག་བྱིན་གྱིས་བརླབ་པའི་ཕྱིར། །སྔོན་འགྲོ་བཤམས་པའི་མཆོད་ཡོན་ལ། །སྐྱབས་གནས་བླ་མ་དཀོན་མཆོག་དང་། །ཡོན་ཏན་ལྷ་དང་སྲུང་མའི་ཚོགས། །འགོ་ཞིང་སྡོངས་གྲོགས་བྱེད་པ་རྣམས། །མཆོད་ཡོན་དམ་པ་བཞེས་ནས་ཀྱང་། །ཡས་དང་མདོས་ཀྱི་དཔུང་ཕུལ་བས། །ལུས་དང་སྲོག་གི་མགོན་མཛོད་ཅིག །བླ་དང་གླུད་དུ་བརྗེ་བར་མཛོད། །དེ་རིང་བདུད་ལ་མི་ཞིག་བསླུ། །དེ་རིང་བཙན་ལ་ཐགས་ཤིག་གཏོང་། །དེ་རིང་བགེགས་ལ་གླུད་ཅིག་བསྔོ། །དེ་རིང་གདོན་ལ་ཡས་ཤིག་གཏོང། །དེ་རིང་ལྷ་འདྲེའི་ཁྲམ་ཁ་སྤོ། །དེ་རིང་སྔ་མའི་ལན་ཆགས་འཇལ། །དེ་རིང་འཕྲལ་གྱི་ཉེས་སྐྱོན་བསལ། །དེ་རིང་ལན་ཆགས་བུ་ལོན་འཇལ། །མ་འཐབ་པ་ཡི་མཁོན་ཞིག་སྦྱོང་། །དེ་རིང་མི་དང་གདོན་དུ་འབྱེད། །ཕན་པ་ཕར་ལ་བྱེད་ཙ་ན། །གནོད་པ་ཚུར་ལ་མ་བྱེད་ཅིག །རྒྱལ་བའི་བཀའ་ལས་མ་འདའ་བར། །ཛ་གད་གསེར་སྐྱེམས་འདི་བཞེས་ལ། །བདག་གི་མགོན་དང་སྐྱབས་མཛོད་ཅིག །ཅེས་ཕུད་གཏོར། དེ་ནས་བདེན་པའི་སྟོབས་བརྗོད་ཅིང་། མགྲོན་རྣམས་སྤྱན་དྲང་བ་ནི། ཧཱུྃ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་ཚིག་ལ་མི་ཉན་གང་ཡང་མེད། །བསྐལ་པ་རླུང་གིས་མི་འདེགས་གང་ཡང་མེད། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །གླུད་དང་མདོས་ཀྱི་བདག་པོ་སྤྱན་འདྲེན་ནོ། །ཞེ་སྡང་གནོད་པའི་སེམས་དང་མ་བྱོན་ཅིག །ལོག་འདྲེན་བགེགས་ཀྱི་སེམས་དང་མ་བྱོན་ཅིག །བར་ཆད་གླགས་ཚོལ་སེམས་དང་མ་བྱོན་ཅིག །མཆོད་སྦྱིན་དཀྲུག་པའི་སེམས་དང་མ་བྱོན་ཅིག །བྱང་ཆུབ་སེམས་དང་བཅས་ཏེ་གནས་འདིར་བྱོན། །མཐུན་རྫས་ལེན་པའི་སེམས་དང་བཅས་ཏེ་བྱོན། །མི་དང་གླུད་དུ་བརྗེ་བའི་སེམས་དང་བྱོན། །གནས་འདིར་དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །སྲིད་ཞི་ཐམས་ཅད་མགྲོན་དུ་སྤྱན་འདྲེན་ནོ། །མཐོ་བ་སྲིད་པའི་རྩེ་མོ་མན་ཆད་དང་། །དམའ་བ་ན་རག་དམྱལ་བ་ཡན་ཆད་དུ། །འཕགས་པའི་སྤྱན་གྱིས་གཟིགས་པའི་སེམས་ཅན་རྣམས། །ལ་ལ་དཀོན་མཆོག་ཐུགས་རྗེ་སྲི་ཞུའི་མགྲོན། །ལ་ལ་ལྷ་སྲུང་ཡོན་ཏན་སྡོངས་གྲོགས་མགྲོན། །ལ་ལ་རིགས་དྲུག་སྙིང་རྗེ་ལན་ཆགས་མགྲོན། །ལ་ལ་གནོད་བྱེད་བགེགས་རིགས་འགུགས་པའི་མགྲོན། །འབྱུང་བཞིས་བསྡུས་པ་ཐམས་ཅད་སྤྱན་འདྲེན་ནོ། །གླུད་ཀྱི་གཏོར་མ་མཐུན་རྫས་འདི་ན་མཆིས། །གདུག་སེམས་སྦྱོར་བ་ངན་པ་ཞི་ནས་ཀྱང་། །བརྩེ་བའི་སེམས་ཀྱིས་གནས་འདིར་བྱོན་པར་ཞུ། །དེ་རིང་བཞུགས་སར་གདན་བཏིང་ངོ་། །དེ་རིང་ཆིབས་པར་རན་བོར་རོ། །དེ་རིང་མགུལ་དུ་སྐྱེམས་འདྲེན་ནོ། །དེ་རིང་སྤྱན་ལ་གཟིགས་སུ་འབུལ། །དེ་རིང་བདེན་པའི་ཚིག་གིས་འགྲོལ། །སྲི་ཞུའི་མགྲོན་རྣམས་མ་ལུས་པ། །ཐམས་ཅད་གནས་འདིར་གཤེགས་སུ་གསོལ། །ཨ་སུ་ནྲྀ་ཏྲི་པྲེ་དུ་ཛཿ ཨོཾ་བཛྲ་ཀཾ་ཀ་ནི། མི་ཙི་མི་ཙི། ར་ར། པྲཾ་པྲཾ། ཏྲི་ཏྲི། གཾ་གཾ །གུཾ་གུཾ །ཛཿཧཱུྃ་བཾ་ཧོཿ ཨ་ཀར་ཛཿཡ། ཨ་ཀར་ཛཿཡ། བཛྲ་ཨཾ་ཀུ་ཤ་ཛཿཛཿ ཞེས་ལྕགས་ཀྱུའི་ཕྱག་རྒྱས་ཡང་ཡང་བཀུག་ལ་འདི་སྐད་དོ། །ཧཱུྃ། བསྐལ་པ་ཆེན་པོ་མཐའ་རེ་ཡངས། །རྒྱ་མཚོ་ཆེན་པོ་གཏིང་རེ་ཟབ། །འཇིག་རྟེན་ཁམས་འདི་ཁྱོན་རེ་ཆེ། །འཛམ་བུ་གླིང་འདི་བརྡལ་རེ་ལེགས། །རི་རབ་ལྷུན་པོ་འཕང་རེ་མཐོ། །དཔག་བསམ་ཤིང་ནི་སྐྱེ་རེ་ལེགས། །དེ་ལྟ་བུ་ཡི་འཛམ་གླིང་འདིར། །སྟོན་པ་ཐབས་མཁས་ཐུགས་རྗེ་ཆེ། །གདོན་བགེགས་གནོད་པའི་རྐྱེན་མང་བས། །དེ་ལ་ཕན་པའི་ཐབས་བསྩལ་པ། །དེ་ཕྱིར་འབྱུང་བའི་གླུད་འབུལ་འཚལ། །དེ་ལ་གླུད་ཀྱི་ཁུངས་བཙལ་བ། ཁུངས་ཡང་འབྱུང་བའི་ངང་ལས་བཙལ། །ཤ་ཡི་གླུད་འདི་ས་ལ་བཙལ། ཁྲག་གི་གླུད་འདི་ཆུ་ལ་བཙལ། །དྲོད་ཀྱི་གླུད་འདི་མེ་ལ་བཙལ། །དབུགས་ཀྱི་གླུད་འདི་རླུང་ལ་བཙལ། །སེམས་ཀྱི་གླུད་འདི་མཁའ་ལ་བཙལ། །འབྲུ་སྣ་བདུན་དང་རིན་ཆེན་ལྔ་། །དེ་ཡང་འབྱུང་བའི་ངང་ལ་བཙལ། །དེ་ལྟར་གླུད་ལ་ཁུངས་བཙལ་ནས། །སྔོན་ཚེ་ཕན་པའི་ཁུངས་ཤིག་བཙལ། །དེ་ལ་ཕན་པའི་ཁུངས་བཙལ་བ། །དང་པོ་བདུད་བབ་ལྷ་ལ་བབས། །ལྷ་ཆེན་མ་ཧཱ་དེ་ཝ་དང་། །ལྷ་མོ་ཨུ་མ་དེ་བཱི་གཉིས། །འཇིག་རྟེན་འདས་པའི་མདོས་བདག་བསྐུལ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ། །གུས་པའི་དབང་གིས་འདི་སྐད་ཞུས། །ལྷ་ཡི་འཇིག་རྟེན་སྟོངས་ལ་ཁད། །འདི་ལ་ཕན་པའི་ཐབས་ཤིག་ཞུ། །དེ་སྐད་གསོལ་བ་བཏབ་པ་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །དེ་ལ་ཐུགས་རྗེས་མགོན་སྐྱོབ་མཛད། །རི་རབ་གླིང་བཞིའི་རྩེ་མོ་ནས། །འབྲུ་སྣ་བདུན་གྱི་ངར་ཕྱེ་ལ། །ལྷ་ཆེན་འདྲ་བའི་གླུད་བཟོས་ནས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ལྷ་རྣམས་ཀུན་གྱི་གླུད་དུ་འབུལ། །ལྷ་ཡི་གླུད་དེ་བདུད་ལ་བསྔོས། །བདུད་དང་འདྲེ་རྣམས་གླུད་ཀྱིས་བཟློགས། །ལྷ་རྣམས་མདངས་དང་ལྡན་པར་གྱུར། །ཕན་པའི་ཁུངས་ཤིག་དེ་ནས་བྱུང། །དེ་ནས་བདུད་བབ་མི་ལ་བབས། །མི་བུ་རིགས་བཞི་ནད་ཀྱིས་བཏབ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཁྲུགས། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བྱུང་། །གློ་བུར་དགུ་བཅུ་རྩ་གཅིག་བྱུང། །དུས་མིན་འཆི་བ་བཅོ་བརྒྱད་བྱུང་། །མི་བུ་རིགས་བཞི་འདུས་པ་ན། །ཆུ་བཞི་འདུས་པའི་མགོ་བོ་རུ། །གནམ་གྱི་ཕྱོགས་སུ་ཁ་བསྟན་ནས། །གདུང་བའི་འོ་དོད་འབོད་པ་ནི། །ལྷ་ལ་ཐུགས་རྗེ་མི་མངའ་འམ། །མི་ཡི་འཇིག་རྟེན་སྟོངས་ལ་ཁད། །འདི་ལ་ཕན་པའི་སྐྱབས་ཤིག་ཞུ། །དེ་སྐད་གསོལ་བ་བཏབ་པ་ཡིས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །མི་ལ་ཐུགས་རྗེས་སྐྱབས་མཛད་པ། །འབྱུང་བ་ལྔ་ལ་གླུད་བཙལ་ནས། །སྐྱེ་འགྲོ་མི་ཡི་གཟུགས་བྱས་ཏེ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །དར་དང་ཟ་འོག་ཆས་སུ་བསྩལ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བྱིན་བརླབས་འདོད་ཡོན་ལྔ་རུ་གྲུབ། །མི་བུ་རིགས་བཞིའི་གླུད་དུ་བཏང་། །བགེགས་ཀྱི་ཚོགས་རྣམས་མཉེས་གྱུར་ནས། །མི་རྣམས་བདེ་ཞིང་སྐྱིད་པར་གྱུར། །ཕན་པའི་ཁུངས་ཤིག་དེ་ལྟར་བྱུང་། །ཡང་ནི་ཁུངས་བྱུང་ལེ་འུ་ལས། །ས་ལའི་རྒྱལ་པོ་གསལ་རྒྱལ་ལ། །མི་རུང་ལྟས་ངན་སྣ་དགུ་བབས། །སྟག་ལོ་དཔྱིད་ཟླ་ར་བ་ལ། །གནམ་ནས་ཁྲག་གི་ཆར་པ་བབས། །བཙན་དང་མ་མོ་གཟའ་ཀླུས་ཟིན། །རྒྱལ་པོའི་ལུས་ལ་ནད་ཀྱིས་བཏབ། །དེ་ལ་ཕན་པའི་ཐབས་ཤིག་བཙལ། །སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས། །འབྲུ་སྣ་ཉི་ཤུ་རྩ་ལྔ་བཏགས། །ཆུ་སྣ་དེ་ནི་བདུན་གྱིས་སྦྲུས། །དཀོར་ཆས་རྣམ་པ་བདུན་གྱིས་བརྒྱན། །དར་དང་ཟ་འོག་གོས་སུ་བཀོན། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །རྒྱལ་པོའི་གླུད་དུ་བཏང་བ་སྟེ། །གསལ་རྒྱལ་འཆི་བདག་བདུད་ལས་ཐར། །ཕན་པའི་ཁུངས་ཤིག་དེ་ནས་བྱུང་། །ཡང་ནི་ཕན་པའི་ཁུངས་ཤིག་བཙལ། །སྔོན་གྱི་རྒྱལ་པོ་ཏྲི་ཏྲི་ལ། །དྲི་ཟ་ཟུར་ཕུད་གདོན་གྱིས་ཟིན། །དེ་ལ་ཅིའི་ཕན་ཐབས་བཙལ་བས། །མུ་སྟེགས་ལོག་ལྟ་སྡིག་སྤྱོད་ཀྱིས། །བློན་པོའི་ཕྲུ་གུ་བརྒྱ་རྩ་བརྒྱད། །གླུད་དུ་གཏང་ན་ཕན་ནོ་ཟེར། །བློན་པོའི་ཕྲུ་གུ་བརྒྱ་རྩ་བརྒྱད། །ལྕགས་ཀྱི་རྡང་ལ་བརྒྱུས་ཏེ་བཞག །གླུད་དུ་གཏོང་ལ་ཁད་པ་ན། །ནམ་མཁའི་ཁམས་ནས་སྒྲ་བྱུང་བ། །དེས་ནི་ཕན་པར་མི་འགྱུར་ཏེ། །འབྲུ་མཆོག་དེ་ནི་སྣ་བདུན་ལས། །རྒྱལ་པོའི་ལུས་ཀྱི་ཚད་དུ་བྱས། །གླུད་དུ་གཏང་ན་ཕན་ནོ་སྐད། །དེ་ལྟར་བྱས་པས་བདུད་ལས་ཐར། །ཕན་པའི་ཁུངས་ཤིག་དེ་ནས་བྱུང་། །ཡང་ནི་ཕན་པའི་ཁུངས་ཤིག་བཙལ། །བུ་མོ་བློ་གྲོས་བཟང་མོ་ལ། །ཚེ་བླ་སྤུན་གསུམ་བདུད་དུ་བབས། །ལུས་ལ་འབྱུང་འཁྲུགས་ནད་ཀྱིས་ཐེབས། །དེ་ལ་ཅིའི་ཕན་ཐབས་ཞུས་པས། །སློབ་དཔོན་དྷ་ན་སཾསྐྲྀ་ཏས། །འབྲུ་སྣ་བདུན་ལས་གླུད་དུ་བྱས། །རིན་ཆེན་དར་ཟབ་མང་པོས་བརྒྱན། །བྱིན་གྱིས་བརླབས་ཏེ་བདེན་པ་བདར། །བུ་མོ་འཆི་བདག་བདུད་ལས་ཐར། །ཕན་པའི་ཁུངས་ཤིག་དེ་ནས་བྱུང་། །ཡང་ནི་ཕན་པའི་ཁུངས་ཤིག་བཙལ། །བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ། །མཐའ་ཡི་བགེགས་རིགས་ཀུན་འདུས་ནས། །སྐུ་ལ་མི་བཟད་ནད་ཀྱིས་ཐེབས། །ཆག་ཆེན་ཉམས་སུ་ང་བ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །འབྲུ་སྣ་ལྔ་ཡི་གླུད་ཆེན་ལ། །རིན་ཆེན་དར་ཟབ་མང་པོས་བརྒྱན། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །བདུད་ལ་བདེན་པའི་ཚིག་གིས་བསྔོས། །དུས་མིན་ཚེ་ཡི་བར་ཆད་བཟློགས། །རྒྱལ་པོའི་མངའ་ཐང་དགུང་ལ་རེག །ཕན་པའི་ཁུངས་ཤིག་དེ་ནས་བྱུང་། །སྔོན་ནི་ལྷ་ཆེན་དབང་ཕྱུག་གླུད། །ད་ལྟ་རྒྱུ་སྦྱོར་འཁོར་བཅས་གླུད། །སྔོན་གྱི་མི་བུ་རིགས་བཞིའི་གླུད། །ད་ལྟ་རྒྱུ་སྦྱོར་འཁོར་བཅས་གླུད། །སྔོན་ནི་རྒྱལ་པོ་གསལ་རྒྱལ་གླུད། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །སྔོན་གྱི་རྒྱལ་པོ་ཏྲི་ཏྲིའི་གླུད། །ད་ལྟ་རྒྱུ་སྦྱོར་ཁྱེ་འུའི་གླུད། །སྔོན་གྱི་ཨུ་མ་དེ་བཱི་གླུད། །ད་ལྟ་རྒྱུ་སྦྱོར་བུད་མེད་གླུད། །སྔོན་གྱི་བུ་མོ་བློ་གྲོས་གླུད། །ད་ལྟ་རྒྱུ་སྦྱོར་བུ་མོའི་གླུད། །སྔོན་གྱི་རྒྱལ་པོ་ཁྲི་སོང་གླུད། །ད་ལྟ་སྦྱིན་བདག་འདི་ཡི་གླུད། །བདུད་བགེགས་གདོན་གྱི་ཚོགས་རྣམས་ཀུན། །མི་དང་གླུད་དུ་བརྗེ་བར་མཛོད། །སྔོན་ཚེ་ཕན་པ་དེ་ལྟར་ཕན། །ད་གསོལ་ཙ་ན་འདི་ལྟར་གསོལ། །འབྲུ་སྣ་ངར་གྱི་མི་ཆེན་འདི། །འབྲུ་བྱུང་དང་པོ་འདི་ལྟར་བྱུང་། །ནས་ནི་དམུ་ཡི་ཡུལ་ནས་བྱུང་། །སྲན་མ་ཕྱ་ཡི་ཡུལ་ནས་བྱུང་། །འབྲས་ནི་རྒྱ་གར་ཡུལ་ནས་བྱུང་། །གྲོ་ནི་མོན་གྱི་ཡུལ་ནས་བྱུང་། །ཏིལ་ནི་ཟ་ཧོར་ཡུལ་ནས་བྱུང་། །སོ་བ་སྲིན་པོའི་ཡུལ་ནས་བྱུང་། །བྲ་བོ་འཇང་གི་ཡུལ་ནས་བྱུང་། །རིན་ཆེན་སྣ་ལྔ་ཀླུ་ལས་བྱུང་། །དར་ཟབ་སྣ་ལྔ་རྒྱ་ལས་བྱུང་། །མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །དེ་ཚོ་འཛོམ་པར་མ་གྱུར་ཀྱང་། །དཀར་མོ་ནས་ཀྱི་གསང་ཕྱེ་དང་། །གཙང་ཞིང་དག་པའི་སྤྱིན་ས་ལ། །གསེར་དངུལ་ཟངས་ལྕགས་རིན་ཆེན་བརྡར། །དར་ཟབ་རིན་ཆེན་རྒྱན་གྱིས་སྤྲས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །གླུད་དུ་བྱས་ནས་ཚིག་གིས་འགྲེལ། །རྒྱུ་བཟང་ངར་གྱི་མི་ཆེན་འདི། །ཞོ་ཤའི་སྙིང་ལ་ལུང་ཐང་མིག །འགྲོན་བུའི་སོ་ལ་མུ་ཏིག་ཀླད། །ཚབ་ཟེར་སྐྲ་ལ་མཚལ་གྱི་ཁྲག །དུང་གི་རུས་པ་སྐྲ་ཡི་ཚིལ། །པུ་ཤེལ་ཙེ་ནི་རྒྱུས་པའི་གླུད། །རིན་ཆེན་སྣ་བདུན་སྣང་གསལ་དང་། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལྡན། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །ཕྱི་རུ་གོན་པ་གོས་ཀྱི་གླུད། །རིན་ཆེན་སྣ་ལྔ་ནོར་གྱི་གླུད། །རྟེན་འབྲེལ་རྣམ་ཤེས་བརྒྱད་དང་ལྡན། ཁམས་ཆེན་བཅོ་བརྒྱད་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་རྫོགས། །ཚེ་མདའ་གཡས་ལ་སྙུག་གཞུ་གཡོན། །ཡོན་བདག་སྐེ་ནས་ནོར་ཕོག་ནས། །གཅེས་པའི་ངར་གླུད་སྐེ་ལ་བཏགས། །དེ་འདྲའི་ཡོན་ཏན་ལྡན་པ་ལ། །སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ། །གླུད་ལ་བཟའ་བའི་ཤ་མེད་སྙམ། །གླུད་ལ་བཏུང་བའི་ཁྲག་མེད་སྙམ། །གླུད་ལ་ཁྱེར་བའི་ནོར་མེད་སྙམ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །གླུད་འདི་འདོད་ཡོན་ལྔ་དང་ལྡན། །ཟས་སུ་འབྲང་རྒྱས་ཟས་སྣ་དང་། །ཤ་མར་བུ་རམ་ལ་སོགས་འབུལ། །སྐོམ་དུ་བུ་རམ་ཇ་དང་ཆང་། །གསེར་སྐྱེམས་རོ་མཆོག་ལྡན་པ་འབུལ། །གླུད་ལ་རྫོངས་བའི་ནོར་སྐལ་འབུལ། །རྟ་ཁལ་དང་ནི་དྲེལ་ཁལ་དང་། །མཛོ་ཁལ་དང་ནི་གཡག་ཁལ་འབུལ། །སྟག་སྒྲོ་དང་ནི་གཟིག་སྒྲོ་རུ། །དཀོར་ནོར་རྣམ་པ་སྣ་ཚོགས་བཀང་། །གླུད་ཀྱི་ནོར་དང་རྫོངས་སུ་འབུལ། །འབྲུ་སྣ་ངར་གྱི་མི་ཆེན་འདི། །འབྱུང་བ་ལྔ་ཡི་ཆས་སུ་བསྩལ། །རྣམ་ཤེས་བརྒྱད་ཀྱི་ཁོང་གསེང་བཏད། །ཕྱི་རྫས་དར་དང་ཟབ་ལས་བགྱིས། །ནང་རྫས་གསེར་དང་དངུལ་ལས་བགྱིས། །ཆས་ཆས་དེ་ནི་བརྡར་བརྡར་ནས། །སྐྱེས་པ་དམག་ལ་ཆས་པ་འདྲ། །བརྒྱན་བརྒྱན་དེ་ནི་བཏགས་བཏགས་ནས། །མོ་བཙུན་བག་མར་ཆས་པ་འདྲ། །བྲིས་བྲིས་དེ་ནི་བཀོད་བཀོད་ནས། །སྟག་གཟིག་ཚང་ནས་ཐོན་པ་འདྲ། །མི་བས་གླུད་བཟང་ཁྱད་པར་ཅན། །བཞིན་བཟང་མཛེས་སྡུག་སྐད་རེ་སྙན། །དེ་འདྲའི་ཡོན་ཏན་དཔག་ཏུ་མེད། །སྒང་བུ་དེ་ནི་མཐོ་མཐོ་ནས། །གསུང་སྙན་དེ་ནི་ཀྱུ་རུ་རུ། །གཤོང་བུ་དེ་ནི་དམའ་དམའ་ནས། །འགྲོས་བཟང་དེ་ནི་ལྡེམས་སེ་ལྡེམ། །མི་བས་སྐད་བཟང་ཚངས་པའི་སྐད། །སྤྱན་ལ་བྱམས་པའི་གཟུགས་རེ་མཛེས། །སྙན་ལ་བྱམས་པའི་ངག་རེ་སྙན། །ཐུགས་ལ་བྱམས་པའི་ཡིད་རེ་འཕྲོག །མཐུན་གླུད་རྫས་ཀྱི་གླུད་འབུལ་ལོ། །འདྲ་གླུད་གཟུགས་ཀྱི་གླུད་འབུལ་ལོ། །གཞལ་གླུད་ལན་ཆགས་གླུད་འབུལ་ལོ། །མི་ནི་ངན་པ་ཤུལ་དུ་བཞག །གླུད་ནི་བཟང་པོ་ཕྱག་ཏུ་འབུལ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །ཕོ་གླུད་གཡས་སུ་སྒ་ར་ར། །ཟ་མ་མོ་ཡི་གླུད་དུ་འབུལ། །མོ་གླུད་གཡོན་དུ་ཆི་ལི་ལི། །བྱིས་པ་ཆུང་གི་གླུད་དུ་འབུལ། །ཆུང་གླུད་མདུན་དུ་མེ་རེ་རེ། །དེ་ལྟར་ཡོན་ཏན་ལྡན་པ་ཡི། །ད་ནི་གླུད་འདི་གཏོང་ཡང་འཚལ། །ཧཱུྃ། གླུད་འདི་ཤར་གྱི་ཕྱོགས་སུ་གཏོང་། །དེ་ན་དྲི་ཟའི་གདོན་ཚོགས་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །དྲི་ཟའི་བཀའ་གདོན་དགྲ་ལ་སྒྱུར། །ཨོཾ་ཨིནྡྲ་ཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་ཤར་ལྷོ་མཚམས་སུ་གཏོང་། །དེ་ན་མེ་ལྷ་ཕོ་མོ་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །མེ་ལྷའི་གདོན་ཚོགས་དགྲ་ལ་སྒྱུར། །ཨོཾ་ཨགྣེ་ཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་ལྷོ་ཡི་ཕྱོགས་སུ་གཏོང་། །དེ་ན་གཤིན་རྗེའི་གདོན་ཚོགས་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །གཤིན་རྗེའི་འཕྲུལ་འཁོར་དགྲ་ལ་སྒྱུར། །ཨོཾ་ཡ་མ་ན་ཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་ལྷོ་ནུབ་མཚམས་སུ་གཏོང་། །དེ་ན་སྲིན་པོ་ཤ་ཟ་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །སྲིན་པོའི་ཕོ་གླང་དགྲ་ལ་སྒྱུར། །ཨོཾ་ནི་རི་ཏི་རཀྴ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་ནུབ་ཀྱི་ཕྱོགས་སུ་གཏོང་། །དེ་ན་ཀླུ་ཡི་གདོན་ཆེན་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །ཀླུ་ཡི་གཏད་ཁྲམ་དགྲ་ལ་སྒྱུར། །ཨོཾ་བཱ་རུ་ཎ་ཡེ་ནཱ་ག་རཱ་ཙ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་ནུབ་བྱང་མཚམས་སུ་གཏོང་། །དེ་ན་རླུང་ལྷའི་གདོན་ཚོགས་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རླུང་ལྷའི་འཁོར་ལོ་དགྲ་ལ་སྒྱུར། །ཨོཾ་བ་ཡ་བྷེ་ཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་བྱང་གི་ཕྱོགས་སུ་གཏོང་། །དེ་ན་གནོད་སྦྱིན་ཕོ་མོ་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །གནོད་སྦྱིན་གདོན་ཚོགས་དགྲ་ལ་སྒྱུར། །ཨོཾ་ཀུ་བེ་ར་ཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་བྱང་ཤར་མཚམས་སུ་གཏོང་། །དེ་ན་བགེགས་ཀྱི་གདོན་ཚོགས་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །བགེགས་ཀྱི་གདུག་རྩུབ་དགྲ་ལ་སྒྱུར། །ཨོཾ་ཨི་ཤཱ་ནཿཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་སྟེང་གི་ཕྱོགས་སུ་གཏོང་། །དེ་ན་ཚངས་པ་བརྒྱ་བྱིན་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །ལྷ་བདུད་གནམ་བབས་དགྲ་ལ་སྒྱུར། །ཨོཾ་བྲཧྨ་ན་ཡེ་ས་མ་ཡ་ཟློགས། ཧཱུྃ། གླུད་འདི་འོག་གི་ཕྱོགས་སུ་གཏོང་། །དེ་ན་ཀླུ་དང་ས་བདག་བཞུགས། །སྲིད་པའི་མདོས་ཆེན་ཁྱོད་སོང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །ཀླུ་གཉན་ས་བདག་གདུག་རྩུབ་དགྲ་ལ་སྒྱུར། །ཨོཾ་ནཱ་ག་བྷཱུ་མི་པ་ཏིཿས་མ་ཡ་ཟློགས། ཀྱཻ། ནམ་མཁའ་གང་བའི་ལྷ་འདྲེ་ལ། །ས་གཞི་གང་བའི་གླུད་འབུལ་འཚལ། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །སྲིད་པའི་མདོས་ཆེན་འདི་ལོངས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །སྲིད་པའི་མདོས་ཆེན་འདི་ལོངས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །སྲིད་པའི་མདོས་ཆེན་འདི་ལོངས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །སྲིད་པའི་མདོས་ཆེན་འདི་ལོངས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །སྲིད་པའི་མདོས་ཆེན་འདི་ལོངས་ལ། །རྒྱུ་སྦྱོོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །སེམས་ཀྱི་གླུད་འདི་མཁའ་ལ་གཏོང་། །ནམ་མཁར་གནས་པའི་ལྷ་འདྲེ་རྣམས། །སྲིད་པའི་མདོས་ཆེན་འདི་ལོངས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ། །ཆག་ཆེན་ཉམ་ང་སྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །དུས་མིན་འཆི་བ་ཟློག་ཏུ་གསོལ། །དེ་ནས་བདེན་པའི་སྟོབས་བརྗོད་ལ། ཀྱཻ། གདོན་བགེགས་ཚོགས་རྣམས་ཚུར་ཉོན་དང་། ཁྱོད་ཀྱིས་འདི་ལྟར་ཤེས་པར་གྱིས། །སྡིག་པ་ཆུང་ཞིང་ཆུང་ན་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་བ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །དེ་ལྟར་བྱས་པ་དེ་ཡིན་ཀྱང་། །དགེ་བ་ཆུང་ཡང་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཆུང་ངུ་ཡིས། །སྣོད་ནི་ཆེན་པོ་གང་བར་འགྱུར། །དགེ་བ་ཆུང་ཡང་བསྒྲུབ་པར་བྱ། །སྡིག་པ་ཆུང་ཡང་སྤང་བར་བྱ། །འགྲོ་མགོན་ཐུབ་པའི་ཞལ་ནས་ཀྱང་། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །གཞན་གྱི་སེམས་ནི་དཀྲུག་མི་བྱ། །དེ་སྐད་གསུངས་པ་རྒྱལ་བའི་བཀའ། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ཆུ་ཀླུང་གྱེན་ལ་ཟློག་ཀྱང་སྲིད། །བྱ་རོག་དཀར་པོར་འགྱུར་ཡང་སྲིད། །རྒྱལ་བའི་བཀའ་ལ་འགྱུར་བ་མེད། །དཀར་ནག་ལས་ཀྱི་འབྲས་བུ་ནི། །བདེན་པ་རྒྱལ་བའི་བཀའ་ལས་གསུངས། ཁྱེད་རྣམས་མ་རུངས་གདུག་སེམས་ཅན། །སྔོན་ཡང་གཞན་ལ་གནོད་བྱས་པས། །ད་ལྟ་བསམ་སྦྱོར་ངན་པར་སྐྱེས། །ད་རུང་གཞན་ལ་གནོད་བྱེད་ཅིང་། །རྒྱལ་བའི་བཀའ་ལ་མི་ཉན་ན། །སྡུག་བསྔལ་བཟོད་པར་དཀའ་བ་དང་། །མནར་མེད་དམྱལ་བའི་གནས་སུ་སྐྱེ། །དེ་བས་གནོད་འཚེ་སྤང་ནས་ནི། །གཞན་ལ་ཕན་པའི་སེམས་ཀྱིས་སུ། །གླུད་གཏོར་མཐུན་རྫས་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་མཛད་པར། །ཆག་ཆེན་ཉམ་ང་ཐམས་ཅད་ཟློགས། །ཨེ་ཨེ་ས་མ་ཡ་ཟློག །ལཾ་ལཾ་ས་མ་ཡ་ཟློག །ཁཾ་ཁཾ་ས་མ་ཡ་ཟློག །རཾ་རཾ་ས་མ་ཡ་ཟློག །ཡཾ་ཡཾ་ས་མ་ཡ་ཟློག །མ་མ་སྔོ་ཏ་སྔོ་ཏ་ས་མ་ཡ་ཟློག །ཨེ་ཡཾ་རཾ་ཁཾ་ལཾ་འབྱུང་བ་ལྔ་ཡི་གནོད་པ་ཐམས་ཅད་ཕྱིར་ཟློག་ཟློག་བྷྱོ་བྷྱོཿ ཞེས་བརྒྱའམ་ཉེར་གཅིག་བརྗོད། དེ་ནས་རྫོགས་ཆེན་རྒྱུད་གཞུང་མང་པོ་ནས་འབྱུང་བའི་གླུད་འཕྱོང་ནི། གླུད་མདོས་མང་ཙམ་བསྔོས་ལ། ཧཱུྃ། ཁྱེར་ཅིག་ཁྱེར་གཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ཀློད་དང་གྲོལ་དང་ཞི་བར་མཛོད། །ཅེས་ལོ་གྲངས་ཙམ་མམ་སུམ་འགྱུར་བརྒྱ་རྩ་བརྒྱད་སོགས་བརྗོད་དོ། །གླུད་གོམ་གང་ཙམ་སྤགས་ལ། དེ་ནས་གླུད་ལམ་བསྟན་པ་ནི། ཀྱཻ། སྲིད་པའི་རྩེ་མོ་མན་ཆད་དང་། །ན་རག་དམྱལ་བ་ཡན་ཆད་དུ། །ཕྱོགས་བཅུའི་ལྷ་འདྲེའི་ཚོགས་རྣམས་ཀུན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པར། །དེ་རིང་བདག་གིས་ཁྱེད་མཆོད་ཀྱིས། །མི་དང་གླུད་དུ་བརྗེ་བར་མཛོད། །གླུད་དང་ལྷ་འདྲེ་སྡེབས་ལ་སོང་། །གླུད་ལ་དེ་ནི་ལམ་བསྟན་འཚལ། །དཔྱིད་ཀྱི་དེ་ནི་ཟླ་གསུམ་ལ། །ཆུ་གསུམ་འདུས་པའི་གཞུང་ལ་སོང་། །དབྱར་གྱི་དེ་ནི་ཟླ་གསུམ་ལ། །རི་གསུམ་འདུས་པའི་རྩེ་ལ་སོང་། །སྟོན་གྱི་དེ་ནི་ཟླ་གསུམ་ལ། །ལུང་གསུམ་འདུས་པའི་མདོ་ལ་སོང་། །དགུན་གྱི་དེ་ནི་ཟླ་གསུམ་ལ། །ལམ་གསུམ་འདུས་པའི་མདོ་ལ་སོང་། །ལྷ་ཡི་དལ་ཁ་ཟློག་ཀྱིན་སོང་། །བདུད་ཀྱི་ཁྲམ་ཁ་སྒྱུར་གྱིན་སོང་། །བཙན་གྱི་པྲ་ལྟས་ཟློག་ཀྱིནསོང་། །མ་མོའི་འདུན་མ་སྤོས་ཀྱིན་སོང་། །གཟའ་ཡི་དཀྱུས་ཁ་སྒྱུར་གྱིན་སོང་། །དམུ་ཡི་དལ་ཁ་ཟློག་ཀྱིན་སོང་། །རྒྱལ་པོའི་འཕོ་སྐྱས་ཟློག་ཀྱིན་སོང་། །ཐེའུ་རང་རྫོང་འདེབས་ཟློག་ཀྱིན་སོང་། །ཀླུ་ཡི་དུག་རྣམས་འཇོམས་ཀྱིན་སོང་། །བན་དྷེའི་རྦོད་གཏོང་ཟློག་ཀྱིན་སོང་། །སྲིད་པའི་དལ་ཁ་སྐྱོད་ཀྱིན་སོང་། །དུས་མིན་འཆི་བ་ཟློག་ཀྱིན་སོང་། །གློ་བུར་རྐྱེན་ངན་ཟློག་ཀྱིན་སོང་། །སྔ་མའི་ལན་ཆགས་འཇལ་གྱིན་སོང་། །འཕྲལ་གྱི་ཉེས་སྐྱོན་བསལ་གྱིན་སོང་། །འཛུམ་པའི་མདངས་ཀྱིས་སྟོན་ཅིང་སོང་། །སྙན་པའི་ངག་གིས་འགྲོལ་གྱིན་སོང་། །ད་བཞེས་དེ་ནི་ད་བཞུད་འཚལ། །གླུད་དང་ལྷ་འདྲེ་སྡེབ་གྱིས་ལ། །གཤེགས་སོ་རང་རང་གནས་སུ་གཤེགས། །ཐམས་ཅད་དགྱེས་ཤིང་ཚིམས་ནས་ཀྱང་། །རང་གི་ཡུལ་དུ་ད་སོང་ལ། །ཕྱིན་ཆད་གནོད་འཚེ་མ་བྱེད་ཅིག །ཟློག་ཟློགས། སྒྱུར་སྒྱུར། བྷྱོ་བྷྱོ། ཞེས་པ་དང་གཞན་ཡང་ཟློག་སྒྱུར་བྱའོ། །དེས་ནི་ཕྱི་ནང་བར་ཆད་ཀུན་ཟློག་ཅིང་། །དུས་མིན་འཆི་བའི་རྐྱེན་ལས་རབ་ཐར་ནས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་ཀུན་གྱི་མཆོག་ཐོབ་ཤོག །སྤྱིར་གླུད་ཐམས་ཅད་ཀྱི་རྫོངས་འདེབས་དང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་འབྱུང་བ་ལྔའི་གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོ་འདི། ཨོ་རྒྱན་པདྨའི་གསུང་འཛིན་དུས་མཐའི་གཏེར་སྟོན་རིན་ཆེན་དཔལ་བཟང་པོས་༼རཏྣ་གླིང་པ།༽རང་གཞན་ལ་ཕན་པའི་བློས་ནུབ་གཡུ་མཚོ་སྔོ་མོའི་མགུལ་བདེ་ཆེན་གླིང་གི་དབེན་གནས་སུ་སྦྱར་པའོ། །དགེའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ། །གཙང་དཔལ་རིའི་དཔེ་རྙིང་དང་གོ་བསྡུར་གྱིས་ཞུས་དག་ངེས་འདྲོང་བྱས་པ་ཡིན་ནོ།།
ས་དཔྱད་རྟེན་འབྲེལ་གྱི་ཆེ་བ་མན་ངག་གནད་ཀྱི་ཆིངས་སུ་བསྟན་པ་རཏ་གླིང་ལྡང་ལྷའི་གཏེར་མ་ཕུར་པའི་ཆོས་ཚན་ (Volume 40, Text 43)
ྈ ས་དཔྱད་རྟེན་འབྲེལ་གྱི་ཆེ་བ་མན་ངག་གནད་ཀྱི་ཆིངས་སུ་བསྟན་པ་རཏ་གླིང་ལྡང་ལྷའི་གཏེར་མ་ཕུར་པའི་ཆོས་ཚན་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ དཔལ་ཕྲིན་ལས་ཀྱི་བདག་ཉིད་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོ༔ ཀུན་གྱི་ཐུན་མོང་མ་ཡིན་པ་འདིའི་ལས་ཚོགས་ཟབ་མོ་གནད་ཀྱི་མཆོག་ཏུ་བསྟན་པ༔ ཤིན་ཏུ་ཟབ་པའི་བཀའ་རྒྱ་ཅན་ནི་འདི་ཡིན་ཏེ༔ འདི་ལ་གསུམ་ལས༔ སྤྱི་ལ་གཅེས་པ་གནས་ཀྱི་མཚན་ཉིད༔ བཀྲ་ཤིས་པ་རྟེན་འབྲེལ་གྱི་ཆེ་བ༔ ལེགས་པ་བསྒྲུབ་ཅིང་ཉེས་པ་ཟློག་པ་གནད་ཀྱི་རྟེན་འབྲེལ་ལོ༔ དེ་ལ་དང་པོ་གནས་ཀྱི་མཚན་ཉིད་ལ་རིམ་པ་གསུམ་ཡིན་ཏེ༔ སྒྲུབ་པའི་གནས༔ སྡེ་དགོན་གྱི་གནས༔ སྐྱེ་བོའི་གནས་དང་གསུམ་མོ༔ དེ་ལ་དང་པོ་སྒྲུབ་པའི་གནས་ལ་ཡང་རུང་བ་དང་དུ་བླང་བ་དང༔ མི་རུང་བ་སྤང་བའོ༔ དེ་ལ་དང་པོ་རུང་བ་ནི༔ བཀྲ་ཤིས་བྱིན་ཆགས་པའི་ཕོ་བྲང་དུ་བྱང་ཆུབ་བསྒྲུབ་ན་ཤིས་པ་ཡིན༔ རབ་གནས་མཆོད་གཏོར་ཀློག་གི་ཁང་པ་རུ༔ ཚེ་ནོར་ལོངས་སྤྱོད་བསྒྲུབ་ན་ལེགས༔ བྲག་རི་སྐྱིལ་ཀྲུང་བཅས་པ་འདྲ་བ་དང༔ ཟླ་གམ་ཆོས་འབྱུང་བྷ་གའི་དབྱིབས་དང་འདྲ་བ་རུ༔ ཐབས་ལམ་གཏུམ་མོ་སྒོམ་པའི་གནས་སུ་ལེགས༔ མི་མེད་ཀྱི་ལུང་པ་དབེན་ཞིང་ཉམས་དགའ་བ༔ བསྟན་པ་དང་དགེ་འདུན་གྱི་མིག་འདྲེན་ལ་མི་གནོད་པ༔ མཆེད་གྲོགས་ཀྱི་ཡ་ག་མི་འབྱུང་ཞིང་གཞན་གྱིས་མི་མངོན་པའི་ས་ཕྱོགས་སུ༔ གསང་སྤྱོད་ཕྱག་རྒྱ་བསྟེན་པའི་གནས་སུ་ལེགས༔ སྤང་ནག་མཚོ་མོ་འཁྱིལ་བའི་གནས་སུ༔ སྒོམ་ཆེན་གསར་བུ་སྒྲུབ་པའི་གནས་ལེགས༔ རི་རྩེ་གཡའ་སྤང༔ གངས་རི༔ ལོག་མཐོ་ཞིང་དྭངས་པའི་གནས་སུ༔ མངོན་སུམ་དུ་འོད་གསལ་སྒོམ་པའི་གནས་སུ་ལེགས༔ དུར་ཁྲོད་འཇིགས་པ་ཤིན་ཏུ་གཉན་པའི་སར༔ རྟོགས་ལྡན་གྱི་རྣལ་འབྱོར་པ་བོགས་འདོན་པའི་གནས་སུ་ལེགས༔ བྲག་རི་བཀྲ་ཤིས་སེང་གེ་གནམ་དུ་མཆོངས་པ་འདྲ་བའི་སར༔ གཙང་རིགས་ལྷ་དང་དགེ་བསྙེན་གནོད་སྦྱིན་གྱི་རིགས་བསྒྲུབ་ན་ལེགས༔ གཡའ་སྤང་མཚམས་སོགས་མི་ཁྱིས་མི་མངོན་པའི་གནས་སུ་མོ་དང་པྲ་བསྒྲུབ་ན་ལེགས༔ མཚོ་གླིང༔ ནེའུ་སིང༔ ཆུ་ཀླུང་གི་འགྲམ་དུ་ཀླུ་དང་ས་བདག་བསྒྲུབ་ན་ལེགས༔ བྲག་དམར་སོག་པོ་ཁྲོས་པ་འདྲ་བ་རུ་བཙན་རྒོད་བསྒྲུབ་ན་ལེགས༔ བྲག་ནག་རུ་དར་འཕྱར་བ་འདྲ་བ་རུ༔ དམུ་དང་བདུད་བསྒྲུབ་ན་ལེགས༔ ཕ་བོང་རྫ་རི་ནག་པོའི་གནས་སུ་གཟའ་བདུད་བསྒྲུབ་ན་ལེགས༔ ཕུང་ཤུལ་གཡུལ་ངོ་སྤྲད་པའི་གནས་སུ་སྲོག་མཐུ་བསྒྲུབ་ན་ལེགས༔ ལྷ་ཁང་རྙིང་པ༔ དཀོར་ཁང་རྙིང་པ་དང་གྲོག་པོ་ཕུགས་རྡུགས་སུ་རྒྱལ་པོ་དང་ཐེའུ་རང་བསྒྲུབ་ན་ལེགས༔ བྲག་དམར་པོ་མཁར་བཟང་པོའི་རྩེ་ལ་རྡོ་རྗེ་ལེགས་པ་བསྒྲུབ་ན་ལེགས༔ མི་ཁྱིས་སྒྲ་སྐད་མེད་པའི་གནས་སུ་ལྟས་ངན་བསྒྲུབ་ན་ལེགས༔ མུན་ཁང་དགུ་རིམ་གྱི་ནང་དུ་སེར་བ་བསྒྲུབ་ན་ལེགས༔ ལུང་གསུམ་འདུས་པའི་སྨག་རུམ་དུ་མ་མོ་བསྒྲུབ་ན་ལེགས༔ སྤྱིར་ནི་གང་དང་གང་བསྒྲུབ་ཀྱང༔ མི་རྒོད་དང་འབྱུང་པོའི་གནོད་པ་མེད་པ༔ རང་ལ་དགོས་པའི་རྫས་དང་རྐྱེན་འཛོམ་ན་ལེགས་སོ༔ གཉིས་པ་ངན་པའི་སྐྱོན་སྤང་བ་ནི༔ སྤྱིར་ཡུལ་གྲོང་འདུ་འཛི་ཅན་དང་ཆགས་སྡང་དམ་སེལ་གྱི་གནས་དང༔ མུ་སྟེགས་ལོག་ལྟའི་གནས་དང༔ སྒོ་དུ་མ་ནས་སེམས་གཙེར་ཞིང་དགེ་སྦྱོར་མི་འཕེལ་བའི་གནས་ཡུལ་རྣམས་སུ་སྤང་བར་བྱའོ༔ གཞན་མི་མཐུན་པའི་སྤང་བྱ་ནི༔ རབ་གནས་མཆོད་གཏོར་བྱས་པའི་ཤུལ་དུ་ཆོ་འཕྲུལ་དང་མོ་པྲ་བསྒྲུབ་ན་མི་འགྲུབ༔ ཕུང་ཤུལ་དང་གཡུལ་ངོ་སྤྲད་པའི་ཤུལ་དུ༔ ནོར་སྒྲུབ་དང་མངོན་ཤེས་མི་འགྲུབ༔ མཛེ་ཡུགས་དང་དམེ་བཙོག་མནོལ་དང་དམ་ཉམས་ཀྱི་སར་ལས་ཚོགས་གང་ཡང་མི་འགྲུབ་སྟེ་སྤང་བར་བྱའོ༔ གཉིས་པ་ནང་སྡེ་དགོན་གྱི་གནས་ཀྱི་མཚན་ཉིད་ནི༔ རྒྱབ་རི་དར་དཀར་གྱི་ཡོལ་བ་འདྲ་ཞིང་རྒྱང་རིང་མཐོ་ན་བཀྲ་ཤིས༔ ཤར་རི་དམའ་ཞིང་ལྷུན་སྡུག་ན་རྣལ་འབྱོར་པའི་སྐུ་ཚེ་རིང༔ ལྷོ་རི་སྐྱོར་བ་རྒྱང་རིང་ཞིང་འདུད་པའམ་བརྡལ་བ་འདྲ་ན་རྣལ་འབྱོར་པའི་ལོངས་སྤྱོད་ཆེ༔ ནུབ་རི་ཅུང་ཟད་མཐོ་ཞིང་བག་ཆགས་ན་འཁོར་དང་ལོངས་སྤྱོད་འཕེལ༔ བྱང་རི་མཐོ་ཞིང་སྐྱོར་བ་འདྲ་ན་ཕུགས་བརྟན་ཞིང་དགེ༔ བྱེ་བྲག་སྤྱི་མཐུན་དུ་མདའ་བསྣོལ་བ་འདྲ་བ༔ ཕུགས་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ༔ མདུན་རི་རིན་ཆེན་སྤུངས་པ་འདྲ་བ༔ གངས་བྲག་ལྕགས་རི་འཐེན་པའམ༔ མི་ཆེན་གྲལ་ལ་འཁོད་པ་འདྲ་བ༔ འཁོར་ཚོགས་མཆོད་པ་འབུལ་བ་འདྲ་བ༔ ཆུ་བོ་ནུབ་དབང་གི་ཕྱོགས་ནས་འབེབ་པ༔ གྲོང་གི་ཆུ་རྒྱུན་གཡས་སུ་འབེབ་པ༔ མཐའ་སྐོར་གྱི་བྲག་རི་རྣམས་ཆོས་པོ་ཏི་བརྩེགས་པ་འདྲ་བ༔ མཆོད་རྟེན་བསྒྲིགས་པ་འདྲ་བ་དང༔ མཐའ་སྐོར་རྩི་ཤིང་དང་ནགས་ཚལ་གྱི་གླིང་ཆགས་པ༔ མདུན་ན་མེ་ཏོག་གི་གླིང་ཆགས་པ༔ ལར་སྣུམ་ཞིང་འཇམ་པ༔ དེ་ལྟ་བུའི་གནས་ན་བཀྲ་ཤིས་ཤིང་འདོད་དགུ་འབྱུང་བར་ཤེས་པར་བྱའོ༔ དེ་དག་ལས་ལོག་པའི་གནས་མི་ཤིས་པ་རྣམས་སྤང་ཞིང༔ ངོ་ལོན་དང་གཉེན་པོ་སྤྲད་པ༔ ས་དགྲ་ཟློག་པ་རྣམས་འོག་ནས་འབྱུང་བ་ལྟར་བྱའོ༔ གསུམ་པ་སོ་སོའི་སྐྱེ་བོའི་གནས་ཀྱི་མཚན་ཉིད་བསྟན་པ་ནི༔ སྤྱིར་ན་འབྱུང་བ་ལྔ་ལས་བསྐྱེད་པའི་འཛམ་བུ་གླིང་འདི་དབྱིབས་ནི་སོག་ཁར་ཡོད་པའོ༔ དེ་ཡང་རི་རབ་ལྷུན་པོའི་ངོས་བཞི༔ ཤར་དཀར་པོ་ཤེལ༔ ལྷོ་སྔོན་པོ་བཻ་ཌཱུརྻ༔ ནུབ་དམར་པོ་པདྨ་རཱ་ག༔ བྱང་ལྗང་གུ་ཨིནྡྲ་ནཱི་ལ་ལས་གྲུབ་ཅིང༔ གླིང་བཞིའི་ནམ་མཁའ་དྭངས་པའི་མདོག་རྣམས་ཀྱང་དེ་དང་མཐུན་ཞིང༔ ལྷོ་འཛམ་བུ་གླིང་པའི་མི་རྣམས་ཀྱང༔ མི་ཡི་གདོང༔ མགོ་ལུས༔ ལྷུ་ཚིགས་རྣམས་དང༔ ལུས་པོ་དང་བཅས་པ་ཡང་སོག་ཁར་ཡོད་པའོ༔ བོད་རྣམས་སོག་པའི་ཐེར་ལ་ཡོད་པས་གྲང་ཞིང་དབུལ་བ་ཕོངས་པ༔ དྲན་པ་གསལ་བའོ༔ རྒྱ་གར༔ ཁ་ཆེ༔ ཏ་ཟིག་གསུམ་སོག་པའི་ཡུ་བ་ལ་ཡོད་པས་སེམས་ཆུང་བློ་སྲབ་འབྱོར་པ་དང་ལྡན་པའོ༔ རྒྱ་ནག༔ ཧོར༔ འཇང་གསུམ༔ སོག་པའི་ཁ་གདངས་དག་ལ་ཡོད་པས་རྒྱ་ཆེ༔ ཁོག་ཡངས༔ བློ་རྣོ༔ རིག་པ་གཟོབ༔ ལོངས་སྤྱོད་ཕུན་སུམ་ཚོགས་པའོ༔ གཞན་ཡང་སོག་པའི་མཐའ་སྐོར་ལ༔ མཐའ་འཁོབ་སུམ་ཅུ་སོ་དྲུག་བྱ་བ་ལ༔ ཀློ་དང༔ རྡོ་དང༔ ཁ་ཁྲ་དང༔ ཁ་སོག་དང༔ གཞའ་དང༔ ཁ་སུད་དང༔ དམར་དང༔ ཚ་ཕུང་དང༔ རྡོ་རོ་དང༔ བྲམ་ཚ་དང༔ ཧུ་ཐག་དང༔ ཁ་ལིང་དང༔ སྤྲེལ་གླག་དང༔ ཁྱི་ཁྱོ་དང༔ གར་ལོག་དང༔ ཞང་ཚ་བྱ་བ་རྣམས་ཡོད་དོ༔ འདི་དག་ནི་མུན་པའི་གླིང་ཡིན་ཏེ༔ སངས་རྒྱས་བསྟན་པའི་མིང་མེད༔ དཀོན་མཆོག་ཡོན་ཏན་མི་ཤེས༔ དགེ་སྡིག་མི་ཤེས༔ རྒྱུ་འབྲས་མི་གོ༔ ཤ་ཁྲག་ལ་དགའ་ཞིང་སྲོག་གཅོད་ལ་རྔམས་པ༔ མི་མིན༔ འདྲེ་མིན༔ དུད་འགྲོའི་རྣམ་པ་མང་ངོ༔ དེ་ལ་འགྲོ་བ་མིའི་གནས་ཞེས་བྱ་སྟེ༔ ཡུལ་དེ་དག་ཀྱང་རིགས་རྣམ་པ་གསུམ་དུ་འདུས་ཏེ༔ ཕོ་ས༔ མོ་ས༔ མ་ནིང་གི་སའོ༔ དེ་དག་ཉིན་རི་ཐམས་ཅད་ཕོ་ས་སྟེ༔ སྲིབ་རི་ཐམས་ཅད་མོ་སའོ༔ སྒང་དང་འབུར་བ་ཕོ་ས༔ ཀོང་བ་དང་གཤོང་བ་མོ་ས༔ ལྗི་ཞིང་རྩུབ་པ་ཕོ་ས༔ ཡང་ཤིང་འཇམ་པ་མོ་ས༔ སྐམ་རི་ཐམས་ཅད་ཕོ་ས༔ རློན་རི་ཐམས་ཅད་མོ་ས༔ ཆུ་ཀློང༔ ས་རོ༔ ལྷན༔ སླད་ཅན་རྣམས་མ་ནིང་གི་སའོ༔ དེ་ཡང་འཇིག་རྟེན་པའི་ཡུལ་ས་ནི༔ ཕོ་ཡི་རི་ལ་བཏབ་ན་མི་དར༔ ཁས་དྲག༔ མངའ་ཐང་ཆེ༔ རང་ས་ཟིན་ཅིང་མཐའ་བརྟན་ནོ༔ མོ་ས་ལ་བཏབ་ན་མི་དར༔ ལོངས་སྤྱོད་ཆེ༔ མི་འཇམ༔ བཀྲ་ཤིས༔ མཐའ་མི་འགྱུར་རོ༔ མ་ནིང་གི་ས་སྤང་བར་བྱའོ༔ དེ་དག་ལས་སྤང་བྱ་མདོར་བསྟན་པ་ནི༔ བྲད་པའི་སྡེར་རྗེས་ལྟ་བུ༔ ས་དང་རིའི་ལོགས་ལ་ངུས་པའི་མཆི་རིས་ལྟ་བུ༔ སྲིན་མོ་རལ་པ་བསིགས་པ་ལྟ་བུ༔ རི་བྲན་སྐྱ་བོ་ནང་དུ་ཞུགས་པ༔ རྟ་ཆད་སྦང་བཙིར་བ་ལྟ་བུ་དང༔ ཕུ་ཤོར་བ༔ མདའ་རལ་བ༔ བར་བསྣོལ་བ༔ ཤར་མཐོ༔ ལྷོ་བྱེར༔ ནུབ་ཤོར༔ བྱང་རལ༔ རྒྱབ་རི་གྱེས༔ ས་མདོག་ཧོམ་སྐྱ་བ་དང༔ ལྷ་འདྲེ་དྲག་པོའི་འགྱུ་སྲང་ཟུག་པ་དང༔ རྩྭ་ཤིང་མི་སྐྱེ་ས་མདོག་མེས་བསྲེགས་པ་ལྟ་བུ་དང༔ ཆུ་ཀློང་འཁྲུགས་ཅིང་འུར་སྒྲ་དང་བཅས་པ་གཤིན་རྗེའི་གནས་ཏེ༔ མ་རུངས་པ་དེ་རྣམས་སྤང་བར་བྱ་ཞིང༔ རུང་བ་རྣམས་ངོས་བཟུང་ལ་ཡུལ་བྱའོ༔ ཁྱད་པར་རྣལ་འབྱོར་པའི་སྒྲུབ་ཁང་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པ་ལེགས་པར་བྱེད་ན༔ ས་དཔྱད་བཀྲ་ཤིས་ཕུན་སུམ་ཚོགས་པའི་གནས་དེར༔ ས་བདག༔ གནས་གཟུང༔ ལྟོ་འཕྱེའི་གནས་ལུགས་བརྟག་པ་ལ་སོགས་སྒྲུབ་ཁོག་ལས་བྱུང་བ་ལྟར་བྱས་ཏེ༔ གནས་ཁང་ཆེ་ཆུང་གང་འགྲུབ་བརྩེགས་ཏེ༔ བཀོད་པའི་ཁྱད་པར་གཞལ་ཡས་ཁང་དུ་ཡོད་པ༔ དབུས་ཀྱི་མཚམས་ནི་ཀ་བ་བརྒྱད་དྲུག་བཞི༔ གཉིས་པ་ལ་སོགས་པ་གང་ལྕོགས་ལ༔ ཁང་པའི་སྒོ་ནི་ཤར་དུ་བསྟན༔ ར་བའི་ཕུར་རིང་གཉིས་ཏེ་དྲལ་མ་གསུམ་མམ༔ སྔ་རུ་གདང་སྤྲད་བཞིའམ༔ གཉིས་ལ་སོགས་པ་ཆེ་ཆུང་དང་སྦྱར༔ དེའི་སྟེང་དུ་ནས་ཁང༔ རྩ་ཁང༔ མཛོད་ལ་སོགས་པ་རིག་པས་བརྟག༔ དེའི་སྟེང་དུ་གནས་ཀྱི་བཀོད་པ་ལེགས་པར་བྱ་སྟེ༔ ཤར་ལྷོ་མེ་ལྷ་གནས་སར་ཐབ་བྱ༔ བྱང་ཤར་དབང་ལྡན་ཕྱོགས་སུ་མལ་དང་གཟིམ་ཆུང་བྱ༔ ལྷོ་ནུབ་སྲིན་པོའི་ཕྱོགས་སུ་མཚམས་ཁང་དང་མགོན་ཁང་བྱ༔ ནུབ་བྱང་རླུང་ལྷའི་ཕྱོགས་སུ་རླུང་འཁོར་དང༔ སེར་སྲུང་དང༔ ན་བཟའ་འབོལ་སྟན་གྱི་མཛོད་བྱ༔ བྱང་ཕྱོགས་སུ་གླིང་ཆེན་བཅད་ལ་མཆོད་ཁང་བྱ༔ བྱང་ཤར་དང་ནུབ་བྱང་གི་སྒོ་གཉིས་དེའི་ནང་ནས་གཉིས་བཏོད་དེ༔ མཆོད་ཁང་དེའི་འོག་ཏུ་གནོད་སྦྱིན་གྱི་ཁང་པར་མངའ་གསོལ་ཏེ་ནོར་མཛོད་ཆེན་མོ་བྱ༔ མཚམས་ཆེན་གྱི་ནུབ་གླིང་དུ་འབྲུའི་མཛོད་བྱ༔ དེའི་འོག་ཀླུ་ཁང་དུ་དམིགས་ཏེ་ཕྱུགས་ཁང་ཤིས༔ ཤར་ཁྱམས་ལ་དབང་བསྐུར་ཆོས་བཤད་ལ་སོགས་དགེ་བའི་ཡུལ་དུ་བྱ༔ ལྷོ་ངོས་ལ་གཡོས་ཁང་དང་ལག་མཛོད་ཅི་བདེར་བྱའོ༔ དབུས་སུ་སྟེང་འོག་གཉིས་གནམ་མཐོང་གང་འཚམ་བྱ༔ ལོགས་ཐིལ་ལ་ཞ་ལ༔ ཀ་གདོང༔ ཤིང་བརྩེགས༔ རྩེ་རིས་ལ་སོགས་བཀོད་པས་ཁྱད་པར་ཆེ་བ་ལྷའི་ཕོ་བྲང་ལྟར་བྱའོ༔ དེའི་ཡོན་ཏན་ཡང༔ གནས་སྐབས་སུ་དང་བ་འདྲེན་ཅིང༔ དགེ་སྦྱོར་ངང་གིས་འཕེལ༔ ལྷའི་གཞལ་ཡས་ཁང་དུ་དམིགས་ཏེ་ཕུལ་བས༔ དཀོན་མཆོག་མཉེས་ཤིང་བསོད་ནམས་ཀྱི་ཚོགས་རྫོགས་མཁའ་འགྲོ་ཆོས་སྐྱོང་རྣམས་མཉེས་པས་ཕྲིན་ལས་འགྲུབ་ཅིང་ལོངས་སྤྱོད་འདུ༔ གདུལ་བྱའི་ཡིད་འཕྲོག་པས་ཀུན་གྱི་མཆོད་པའི་གནས་སུ་འགྱུར་རོ༔ དེ་ལ་ནང་གི་སྦྱོར་བས་ས་དགྲར་འགྱུར་བ་སྤང་སྟེ༔ རང་ཐག་ཡང་ཁྱིམ་ཕུགས་སུ་འཁོར་བར་བྱ་སྟེ༔ སྒོ་ཐོག་ཏུ་འབྲུག་མི་ལྡིར༔ ལྷོ་ཟ་བྱང་ཐབ་མི་བྱ༔ གཟར་ཁ་ཕུག་ལ་གཏད་ལ་བཅུ༔ བླ་མ་དང་མཆོད་ཁང་གི་ཕྱོགས་སུ་མལ་གཞུག་མི་གཏད༔ ལྷྭམ་དང་དོར་མ༔ རྡོ་དང་བྲེ་སྲང་དེ་ལྔ་ལ་སྔས་མི་བྱ༔ རྣལ་འབྱོར་པའི་སྤྱོད་ལམ་སོས་དལ༔ ངག་འཇམ༔ བློ་ཆེ༔ ཁོག་ཡངས༔ ཤེས་རབ་དང་ལྡན་པས༔ ཀུན་ལ་བསྟོད་ཅིང་ཟས་ཀྱིས་ཚིམས་པར་བྱས་པས༔ འཁོར་དང་ལོངས་སྤྱོད་འདུ་ཞིང༔ ཞྭ་གོས་རྒྱན་དང་ལྷྭམ་ལ་སོགས་ཏེ་ལེགས་ཤིང་གཅུན་པར་གཟབ་པས༔ གཞན་སྣང་ངང་གིས་ཐུལ་བའི་དགོས་པ་ཡོད་པའོ༔ དེ་དག་ནི་སྤྱི་ལ་གཅེས་པ་གནས་ཀྱི་མཚན་ཉིད་ཕྱི་ནང་གསང་གསུམ་དུ་བསྟན་པའོ༔ ྈྈྈྈྈྈྈྈྈྈྈ གཉིས་པ་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཆེ་བ་ནི༔ སྤྱིར་དགེ་འདུན་གྱི་སྡེ༔ རྒྱལ་པོའི་ཕོ་བྲང༔ རྣལ་འབྱོར་པའི་སྒྲུབ་ཁང་ལ་སོགས་པ་རྣམས་སུ་བཀྲ་ཤིས་ཤིང༔ ལོངས་སྤྱོད་འདུ་བའི་རྟེན་འབྲེལ་ནི༔ ཕུར་པ་བྷི་ཏོ་ཏ་མ་ལ་ནོར་བུའི་རྒྱུད་ལས་འབྱུང་བ་ལྟར༔ བཀྲ་ཤིས་པའི་ས་ལ་བྱས་པའི་རྫ་བུམ་བྲེ་གང་ཤོང་བའི་ནང་དུ༔ སྤྲ་ཚིལ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་གཟུགས་སོར་བརྒྱད་པ་རྒྱལ་པོའི་ཆ་བྱད་ཅན༔ སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ༔ ཕྱག་གཡས་རིན་པོ་ཆེ་དང་གཡོན་ཨུཏྤལ་བསྣམས་པ༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ དེ་ལ་གི་ཝང་གིས་བྱུགས་ཏེ༔ དེའི་མདུན་དུ་རྫས་གོང་མ་ལ་ཀླུ་མོ་ནོར་བུའི་ཅོད་པན་སོར་བདུན་པ༔ སྦྲུལ་མགོའི་གདེངས་ཀ་ལྔ་ཡོད་པ༔ ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས་པ༔ དེ་གཉིས་ལྟོ་སྦྱར་ཏེ་བུམ་པར་གཞུག༔ ལུང་པའི་མདའ་གསུམ་ལྔ་བདུན༔ དགུའམ༔ བཅུ་གཅིག་ནས་ཕྱུག་པོ་གཡང་ཅན་ལས་འབྲུ་སྣ་བླངས་ལ་བུམ་པར་གཞུག༔ དེ་ཡང་དར་སྣ༔ སྨན་སྣ༔ འབྲུ་སྣ༔ རིན་པོ་ཆེ་སྣ་ལྔ་དང༔ བུད་མེད་སྔར་ཡུགས་སར་མ་ཕོག་པ༔ ཕ་མ་བུ་ཁྱོ་འཛོམ་པའི་བུས་འཐུང་བའི་ནུ་ཞོ་དང༔ བ་དཀར་སེར་གྱི་འོ་མ་དང༔ ར་དཀར་མོའི་འོ་མ་དཀར་གསུམ༔ མངར་གསུམ་བླུགས་ལ་ཁེངས་པར་བྱས༔ ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་བཟང་བ་ལ་དཀོན་མཆོག་ལ་མཆོད་པ་བཤམ༔ འབྲས་སྤུངས་པའི་སྟེང་དུ་བུམ་པ་བཞག༔ དགེ་སློང་བཞིས་ལྷོ་ཕྱོགས་རྒྱ་མཚོའི་ནང་ནས་ཀླུའི་རྒྱལ་པོ་ནོར་རྒྱས་ཀླུ་བརྒྱད་ཀྱི་ཆོ་ག་ལྟར་སྤྱན་དྲངས་ལ༔ བུམ་པ་ཀླུའི་ཕོ་བྲང་ཆེན་པོར་གྱུར་པའི་ནང་དུ༔ སྲས་འཁོར་ལོངས་སྤྱོད་དང་བཅས་པ་ལན་གསུམ་བཀུག་ལ་བསྟིམ༔ རྟེན་འབྲེལ་སྙིང་པོ་དང་བཀྲ་ཤིས་བརྗོད་ལ་ཁང་པའི་དབུས་སུ་གྲུ་གང་ཡན་ཆད་ཀྱི་རྩིགས་པའི་ཁང་སེང་དུ་གཞུག༔ སྤོས་དང་དཀར་གསུམ་གྱིས་མཆོད་ལ་འདོད་པའི་དོན་ལ་གསོལ་བ་གདབ༔ དེའི་སྟེང་དུ་ཞལ་བ་བྱས་ཏེ༔ ཉི་མ་ཟླ་བ༔ བཀྲ་ཤིས་པའི་མཆོད་རྟེན་ལ་སོགས་བྲིའོ༔ དེས་ནི་མི་ནོར་ལོངས་སྤྱོད་འཕེལ་བ་དང༔ དགེ་འདུན༔ རྒྱལ་པོ༔ རྣལ་འབྱོར་པ་གང་ཡིན་ཡང་བསྟན་པ་དར་ཞིང་རྒྱས་པར་འགྱུར་རོ༔ ཡང་དུས་ཀྱི་མཐའ་མར༔ རྒྱ་ཧོར༔ དུ་རུཥྐ་ལ་སོགས་པ་མཐའ་དམག་གམ༔ གཞན་ཡང་ཕ་རོལ་གྱི་རྒྱལ་པོ་ལ་སོགས་པའི་དམག་ཚོགས་ལོ་ཟླ་ཞག་ལ་སོགས་པར་ཡང་ཡང་འོང་བ་དང༔ ཡུལ་དུ་མི་ནད་ངན་པ་སྣ་ཚོགས་དང༔ ཕྱུགས་ནད་ཀྱི་མི་ཕྱུགས་ཕྱག་མས་འདེད་པ་འོང་ན༔ དེ་དག་ཟློག་པ་དང་སྲུང་བའི་གདམས་ངག་ནི༔ དྲག་པོའི་ཕུར་པས་བསྲུང་ཞིང་བཅིངས་པར་བྱས་ཏེ༔ ལྷ་འདྲེ་དྲག་པོ་གནས་སའི་སྐྱེར་པ་ལ་ཕུར་པ་སོར་བརྒྱད་པ་མགོ་རྩ་མ་ནོར་བ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊ༔ བཛྲ་ཀཱི་ལ་ཡ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བྲིས་ལ༔ གྲོང་ངམ་གནས་ཀྱི་ཤར་ལྷོ་མཚམས་སུ་མནན༔ རྡོ་དཀར་པོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་དེས་སྟེང་ནས་མནན༔ དེའི་སྟེང་ནས་མཆོད་རྟེན་དཀར་པོས་མནན༔ ཕུར་པ་གཅིག་ལ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཧཱུྃ་ཕཊ༔ རཏྣ་ཀཱི་ལ་ཡ་རཀྵ་སྭཱ་ཧཱ༔ བྲིས་ལ་ལྷོ་ནུབ་མཚམས་སུ་དོང་བྲུས་ལ་མནན༔ དེའི་སྟེང་དུ་ལུག་གི་ཐོད་པ་ལ་རིན་པོ་ཆེ་འབར་བ་བྲིས་ལ་མནན༔ དེའི་སྟེང་དུ་མཆོད་རྟེན་སེར་པོས་མནན༔ ཕུར་པ་གཅིག་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ པདྨ་ཀཱི་ལ་ཡ་རཀྵ་སྭཱ་ཧཱ༔ ཞེས་བྲིས་ལ་ནུབ་བྱང་མཚམས་སུ་གདབ༔ དེའི་སྟེང་དུ་ཁྱི་ཐོད་པདྨ་བྲིས་ལ་མནན༔ དེའི་སྟེང་དུ་མཆོད་རྟེན་དམར་པོས་མནན༔ ཕུར་པ་གཅིག་ལ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཧཱུྃ་ཕཊ༔ ཀརྨ་ཀཱི་ལ་ཡ་རཀྵ་སྭཱ་ཧཱ༔ ཞེས་བྲིས་ལ་བྱང་ཤར་མཚམས་སུ་གདབ༔ དེའི་སྟེང་དུ་གླང་གི་ཐོད་པ་ལ་རལ་གྲི་བྲིས་ལ་མནན༔ དེའི་སྟེང་དུ་མཆོད་རྟེན་སྔོན་པོས་མནན༔ དེ་དག་གི་མན་ངག་ཞལ་གདམས་ནི༔ བསམ་ཡས་མཆོད་རྟེན་ནག་པོ་ལ་སོགས་དྲག་པོའི་ས་དང༔ ས་ནག་སྦྱར་ཏེ་དགྲ་བོའི་རཱུ་པ་བྱས་ཏེ་སྙིང་གར་དུག་ཤོག་ལ་འཁོར་ལོ་རྩིབས་དྲུག་པ་བྱས་ཏེ༔ དེ་ལ་དགྲ་བོའི་དབང་པོ་ཡན་ལག་དོད་པ༔ དེའི་ལྟེ་བར་ཕ་རོལ་གྱི་མཐའ་དམག་གང་དང་གང་བསྲུང་བར་འདོད་པའི་མིང་ཐེམས་པར་བྲི༔ དེ་དག་གི་ནུས་པ་དང་བསམ་སྦྱོར་ངན་པ་ཐམས་ཅད་སཏྭམ་བྷ་ཡ་ནན༔ མོ་ཧ་ཡ་ནན༔ ཨོཾ་ལཾ༔ ཧཱུྃ་ལམ༔ སཏྭཾ་བྷ་རཀྵ་མཱ་ར་ཡ་ནན༔ ཅེས་བྲི༔ དེའི་ཕྱིའི་མུ་ཁྱུད་ལ༔ མཐའ་དམག་གཡོས་ཆེན༔ དམག་ཚོགས༔ སྡང་བའི་དགྲ་བོ༔ གནོད་པའི་བགེགས༔ ཉེས་བྱེད༔ དལ་ཡམས༔ དུས་འཁྲུག༔ ཆག་ཆེ༔ ཉམ་ང་ཐམས་ཅད་ཀྱི་ལུས་སཏྭཾ་བྷ་ཡ་ནན༔ ངག་སཏྭཾ་བྷ་ཡ་ནན༔ ཡིད་སཏྭཾ་བྷ་ཡ་ནན༔ མཐུ་དང་ནུས་པ་སཏྭཾ་བྷ་ཡ་ནན༔ བཛྲ་སྥོ་ཏ་སྥོ་ཏ༔ སཏྭཾ་བྷ་རཀྵ་མཱ་ར་ཡ་ནན༔ ཅེས་བྲིས་ལ༔ ལིངྒ་ལ་དུག་ཁྲག་བྱུག༔ ཡན་ལག་བཞི་གཟེར་གྱིས་གདབ༔ ཡི་དམ་བསྙེན་སྒྲུབ་ཐེམས་ཤིང་ནུས་པ་དང་ལྡན་པའི་སྔགས་འཆང་གིས༔ སྔ་དགྲ༔ ཕྱི་དགྲ༔ ད་དགྲ་གང་ལ་བྱ་བ་དགུག་གཞུག་དྲག་ཏུ་བྱས་ལ་བསྟིམ༔ དེ་ནས་གོང་གི་ཕྱོགས་མཚམས་སུ་ས་ཁྲུ་གང་གི་འོག་ཏུ་རྡོ་རྗེའི་སྒྲོམ་ལེགས་པར་བྱས་ལ༔ གོང་གི་ལིངྒ་ཁམ་སའི་ཉ་བོ་ལ་གཞུག༔ དེའི་སྟེང་དུ་ཕུར་པ་གདབ༔ དེའི་སྟེང་དུ་ཕུར་པ་རྣམས་ཁ་ཕྱིར་བསྟན་ལ་བཞག༔ དེའི་སྟེང་དུ་མཆོད་རྟེན་འདོམ་གང་ལ་སོགས་གང་འབྱོར་གྱིས་མནན༔ མཆོད་རྟེན་ཆེན་པོ་གྲུབ་ན་གོང་གི་བཅས་རྣམས་རི་རབ་ཀྱི་ནང་དུ་བྱས་ཀྱང་ཆོག༔ དེ་ནས་གཏོར་མ་བཞི་བཤམས་ཏེ༔ མཆོད་རྟེན་དེའི་རྩར་རྒྱལ་པོ་བཞི་ལ༔ མངའ་གསོལ༔ སྤྱན་འདྲེན༔ བསྟོད་བསྐུལ་ཕྲིན་ལས་བཅོལ་བ་རྣམས་སྒྲུབ་ཆེན་ལྟར་བྱའོ༔ དེས་ནི་གནས་གཞི་རྒྱལ་པོའི་ཕོ་བྲང༔ སྡེ་དཔོན་གང་ཡིན་ཡང༔ མཐའ་དམག་ལ་སོགས་གནོད་འཚེ་མེད་པ་དང༔ བཀྲ་ཤིས་འདོད་དགུ་འགྲུབ་ཅིང་བསྐལ་པར་གནས་པར་འགྱུར་རོ༔ ཡང་ནོར་ཕྱུགས་ཀྱི་རིགས་རྟ་དྲེལ་བོང་གསུམ༔ མཛོ༔ བ་གླང༔ ར་ལུག་ལ་སོགས་འབྲི་གཡག་ཕྱུགས་ཀྱི་རིགས་ཅིར་བྱས་ཅིར་མི་བཏུབས་ན༔ དེ་དག་གོད་ཁ་སྡོམ་ཞིང་བཀྲ་ཤིས་འཕེལ་བར་བྱ་བའི་རྟེན་འབྲེལ་ནི༔ མཐིང་ཤོག་ལ་གསེར་གྱིས༔ ཨོཾ་བྷེ་ཏྲེ་བྷེ་ཏྲེ་མ་ཧཱ་བྷེ་ཏྲེ༔ མ་ཧཱ་བྷ་སུ་ར་ཡེ་བྷེ་ཏྲེ་སྭཱ་ཧཱ༔ ཨོཾ་མ་ཧཱ་བ་སུ་དྷ་ར་ནཱ་ནཱ་ཁ་དྷེ་རཀྵ་རཀྵ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྟྲཱ་ཡ་སྭཱ་ཧཱ༔ བ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲི༔ དེའི་ཤམ་རྟེན་འབྲེལ་སྙིང་པོ་བྲི༔ རབ་གནས་བྱས་ཏེ་སྨྱུག་ཚིགས་ནང་དུ་གཞུག༔ མུ་ཏིག་མིག་མ་ཕུག་པ་རབ༔ མེད་ན་ཉ་ཕྱིས་ཀྱི་དུམ་བུ་གཅིག་དང༔ ཆུ་དག་དཀར་པོ༔ མོན་ལུག་བླ་སྒང༔ དེ་རྣམས་དར་དཀར་རམ་རས་དཀར་དུ་གཏུམས་ལ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ༔ གླང་བུའམ༔ གཡག་འབྲས་བུ་ཅན་གཅིག་གི་མགུལ་དུ་གཟའ་སྐར་བཟང་བ་ལ་བཏགས་ཤིང་བཀྲ་ཤིས་བརྗོད་ལ༔ ཡུལ་དེའི་ལྷ་ཀླུ་ནུས་པ་ཅན་གཅིག་དང༔ ཀླུ་ནོར་རྒྱས་ལ་ནོར་གྱི་སྙིང་པོ་དང་རྟེན་དུ་གཟུག༔ འབྲས་བུ་མི་བཅད༔ མི་བསད༔ མི་བཤུག་གོ༔ རྫ་གསར་པའི་གའུར་དངུལ་ཆུ་དང་ཀླུ་སྨན་གྱི་རིགས་ཀུན་ལ་རིལ་བུ་བྱས་ཏེ༔ རྫ་བུམ་བཀང་སྟེ་ཕྱུགས་རའི་དཀྱིལ་དུ་རྡོ་སྒྲོམ་བྱས་ལ་སྦས༔ ཕྱུགས་འཛུལ་བའི་ཡ་ཐེམ་ལ༔ པརྞ་ཤ་བ་རཱིའི་གཟུགས་སྤྱི་ལྟར་བྲིའོ༔ དེས་ནི་ཕྱུགས་ཀྱི་གོད་ཁ་ཆོད༔ སྒབ་འཕེལ༔ བཀྲ་ཤིས་བཙན་ཕྱུག་པར་འགྱུར་ཏེ༔ ཤིན་ཏུ་ཟབ་ཅིང་བཀྲ་ཤིས་རྟེན་འབྲེལ་ལོ༔ ྈྈྈྈྈྈྈྈྈྈ ད་ནི་སྡེ་དགོན༔ གནས་གཞི༔ རྒྱལ་པོའི་ཕོ་བྲང༔ རྣལ་འབྱོར་པའི་གཞལ་ཡས་ཁང་ལ་སོགས་པ་རྣམས་ལ་ས་དགྲ་གནོད་པ་དང༔ ས་རང་གི་སྒོས་དམིགས་ན་་་གོད་མགོ།ལྷ་འདྲེ་གདུག་པ་ཅན་གྱི་རྒྱུ་སྲང་དང༔ གཉན་ཆ་ཅན་དང༔ གཞན་ཡང་ནོར་ཕྱུགས་མི་བཏུབ་པ་དང༔ སྲིས་མི་རྨེ་བ་དང༔ ཡ་ག་དང༔ ཁ་སྨྲས་དང༔ ལོངས་སྤྱོད་ཆུང་ཞིང་དགྲ་སྡང་བ་དང༔ མདོར་ན་མི་ཤིས་པ་ཐམས་ཅད་ཤིས་པར་བྱེད་ཅིང༔ བཀྲ་ཤིས་པ་ཐམས་ཅད་འགྲུབ་པའི་རྟེན་འབྲེལ་ཆེན་མོ་ནི༔ གླང་ཆེན་བཀྲ་ཤིས་འབྱུང་བ་ལྟར་བྱ་ཞིང༔ དེ་ལ་བཀྲ་ཤིས་པའི་ས་སྣ་བསག་པ་ནི༔ ལྷ་ས༔ བསམ་ཡས༔ ཁྲ་འབྲུག་ལ་སོགས་བྱིན་གྱིས་བརླབས་པའི་ས་དང༔ ཙ་རི༔ མཁར་ཆུ༔ སྟག་ཚང༔ ཏི་སྒྲོ་ལ་སོགས་གནས་ཁྱད་པར་ཅན་གྱི་ས་དང༔ བཀྲ་ཤིས་པའི་རི་དང༔ ཡུལ་ལྷ་གནོད་སྦྱིན་ལ་སོགས་ཕྱུག་པོ་གནས་པའི་ས་དང༔ སྡེ་གནས་གཞི་གྲགས་པ་ཅན་གྱི་ས་དང༔ བཀྲ་ཤིས་པའི་ས་མང་པོ་དང༔ མཆོད་རྟེན་བྱིན་རླབས་ཅན་གྱི་ས་དང༔ ལུང་གསུམ་འདུས་པའི་ས་དང༔ བྲག་བཟང་པོའི་རྡོ་དང༔ གཞན་ཡང་བཀྲ་ཤིས་གཡང་ཆགས་པའི་ས་དང་སྦྱར་ཏེ༔ ས་སྤྱིན་ལ་ཀླུ་ཕྱུག་པོ་གནས་པའི་མཚོ་དང༔ ཆུ་མིག༔ ལུང་གསུམ་འདུས་པའི་ཆུས་སྦྲུས་ཏེ༔ ཟླ་བའི་སྟོད་གཟའ་དར་བ་ལ༔ སྐར་མ་རྒྱལ་གྱི་ཉིན་པར་ལྷ་བཟོ་མཁས་པས་གླང་པོ་ཆེའི་གཟུགས་རབ་འདོམ་གང༔ འབྲིང་གླང་བུ་ཙམ༔ ཐ་མ་ཡང་ལུག་ཙམ་བྱས་ཏེ༔ གཟུགས་ལེགས་པར་བྱས་ཏེ་ཚོན་གྱིས་དཀར་པོར་བྱུག༔ དང་པོ་བཟོ་དུས་སུ་རུ་ཤིང་ངམ༔ ནང་སྟོང་པར་འོང་བར་བྱ༔ དེ་ནས་ཚར་ནས་དེའི་ནང་དུ་དྲི་བཟང་པོས་བྱུགས་ལ༔ དར་སྣ༔ སྨན་སྣ༔ འབྲུ་སྣ༔ རིན་པོ་ཆེ་སྣ་ལྔ༔ གང་ཟག་ཁྱད་པར་ཅན་ནམ༔ རྟེན་ཁྱད་པར་ཅན་གྱི་ཕྱག་ནས་སྐུ་ཁྲུས་གསོལ་བའི་སྨན་རིལ༔ སྨན་ཆབ༔ བཀྲ་ཤིས་པའི་གཟུངས༔ བཀྲ་ཤིས་བརྩེགས་པ༔ ནོར་རྒྱུན་མ༔ ཛམ་བྷ་ལའི་སྲོག་གཟུངས༔ སྲོག་འཁོར་ནོར་བུ༔ ཐོད་པ་མཚན་བཟང༔ གསེར་དངུལ༔ གོས་དར་ལ་སོགས་སྟོད་དུ་གཞུག༔ གཙུག་ཏོར་དྲི་མེད༔ རྣམ་རྒྱལ༔ སྟོབས་པོ་ཆེའི་གཟུངས་རྣམས་དང༔ ཟློག་པ༔ ཡང་ཟློག་གི་རིགས་སུ་གྱུར་པ་ཐམས་ཅད་སྨད་དུ་གཞུག༔ ལོངས་སྤྱོད་ཆེ་བའི་ཕྱིར་ཟས་སྣ་ཚོགས་ཚད་དང༔ རྒྱལ་པོ༔ བློན་འབངས༔ མི་ཕྱུག་པོ་རྣམས་ཀྱི་ལག་ནས་བླངས་པའི་འབྲས་བུས་ཁེངས་པར་དགང༔ དུས་འཁྲུག་བཟློག་ཅིང་དགྲ་སྲི་མནན་པའི་ཕྱིར༔ ཁྲབ་རྨོག༔ མདའ་གཞུ༔ མདུང་ལ་སོགས་པ་གཞུག༔ གལ་ཏེ་མ་ཤོང་ན་དེ་རྣམས་ཀྱི་སྣེ་དང་རྩེ་རྣམས་ཡོད་པར་བྱ༔ དེ་ནས་ལེགས་པར་བཀང་སྟེ་སྒོ་ལེགས་པར་བཀག་སྟེ་བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་ཕྱོགས་སམ༔ ནོར་ལྷ༔ ལྷ་ཀླུ༔ གནོད་སྦྱིན༔ གཞི་བདག་མཐུ་རྩལ་ཅན་རྣམས་བསྟིམ་སྟེ༔ ལོངས་སྤྱོད༔ མཐུ་རྩལ༔ ནུས་མཐུ༔ གཟི་བརྗིད་ལ་སོགས་བསམ་གྱིས་མི་ཁྱབ་པར་བསྒོམ༔ གཙུག་ལག་མདོ་བཞི་འདོན་ཅིང་བཀྲ་ཤིས་པའི་ཆོ་ག་རྒྱས་པར་བྱ༔ ཆོས་སྐྱོང་ནོར་ལྷ་རྣམས་ལ་འདོད་པའི་དོན་ལ་གསོལ་བ་གདབ༔ བཅོལ་གདམས་དྲག་ཏུ་བྱ༔ དེ་ནས་མེ་ཏོག་འཐོར་ཞིང་བདེན་སྟོབས་བརྗོད༔ འབྲང་རྒྱས་དང་ཚོགས་ཀྱི་འཁོར་ལོ་ལ་རོལ༔ དེས་གོང་དུ་སྨྲོས་པའི་བཀྲ་ཤིས་པའི་ས་དང་ཡོན་ཏན་ཐམས་ཅད་འགྲུབ་ཅིང༔ གནས་དེ་ཡང་བཀྲ་ཤིས་ལོངས་སྤྱོད་ཆེ༔ མཐའ་བརྟན་པར་འགྱུར་རོ༔ དེས་ནི་སྟོབས་ཆེ་བཀྲ་ཤིས་རྟེན་འབྲེལ་ལོ༔ ྈྈྈྈྈྈྈ ྈྈྈྈ གསུམ་པ་གནས་ཁང་ལ་མི་མཐུན་པའི་ས་དགྲ་ཟློག་པ་དང་སྲུང་བའི་རྟེན་འབྲེལ་ནི༔ གལ་ཏེ་ས་དགྲ་ངན་པ་རྣམས་ནི༔ དུས་དང་ཉིན་མཚན་དུ་ཚེ་བསོད་ནམས༔ མི་ནོར་ལོངས་སྤྱོད་ལ་གནོད་པར་བྱེད་དེ༔ དེ་ཡང་གནོད་པའི་གཟུགས་གང་ཞེ་ན༔ ཕན་ཚུན་ཉེ་རིང་གང་ན་གནས་ཀྱང༔ གཤིན་རྗེའི་གདོང་པ་འདྲ་བ༔ སྲིན་པོའི་གདོང་པ༔ འཁོར་ལོའི་ཟུར༔ རལ་གྲིའི་སོ༔ གཅན་གཟན་གྱི་གདོང་པ༔ མི་འདྲ་བ་ལ་སོགས་པ་མཚན་མ་བྱུང་ན༔ མཆོད་རྟེན་འདྲ་བའི་བཀྲ་ཤིས་པའི་རྡོ་སྲུབས་མེད་པ་བླངས་ཏེ༔ གསེར་དངུལ་ལམ༔ མཚལ་གྱིས་རིན་པོ་ཆེ་འབར་བ་ཀླུའི་གཙུག་གི་ནོར་བུ་ལྟ་བུ་བྲིས་ཏེ༔ རིན་ཆེན་འབྱུང་ལྡན་དུ་མངའ་གསོལ༔ དེའི་ཕྱོགས་སུ་གཏད་ནས་རབ་གནས་བྱས་ན་ཐུབ་པར་འགྱུར་རོ༔ ཡང་ཕྱོགས་སུ་ས་བོ་བ༔ རལ་བ༔ སའི་སྒོ་རྣམས་བྱེ་བ༔ གཞན་ཡང་ས་ཁང་འབུ་སྲིན་གྱིས་ཟོས་པ་འདྲ་བ༔ གཅན་གཟན་གྱིས་བྲད་པ་འདྲ་བ་ལ་སོགས་བྱུང་ན༔ རྫས་ལ་རིན་པོ་ཆེའི་གཟུགས་སྒྲོམ་བུའི་གཟུགས་བྱས་ལ༔ འབྲུ་སྣ་ཚོགས་དང༔ རིན་པོ་ཆེ་སྣ་ལྔ༔ དར་སྣ༔ སྨན་སྣ༔ དུང༔ འགྲོན་བུ༔ ཤིང་ཐོག་རྣམས་ཀྱིས་སྒྲོམ་གང་བར་བྱས་ལ༔ གཟའ་སྐར་བཟང་བ་ལ་རིན་པོ་ཆེའི་སྒྲོམ་བུ་བྱིན་གྱིས་བརླབས་ཏེ༔ དེ་ཕྱོགས་སུ་སྦའོ༔ ཡང་བྲག་སྡིག་པའི་རྭ་འདྲ་བ༔ སྦྲུལ་ཐུར་དུ་རྒྱུག་པ༔ སྲིན་མོ་རལ་པ་གཟིང་པ༔ ཆུ་སྲིན་ཁ་གདངས་པ༔ འདི་ལྟ་བུའི་གཟུགས་བྱུང་ན་ས་དགྲ་ཆེན་པོ་ཡིན་ཏེ༔ དེ་རྣམས་བསྲུང་ཞིང་ཟློག་པའི་རྟེན་འབྲེལ་ནི༔ ལྕགས་རྡོ༔ ཁྲོ་ཆུ༔ རྫས་ལས་བྱས་པའི་བྱ་ཁྱུང་སོར་བཅུ་དགུ་པ་བྱས་ཏེ༔ ཁས་སྦྲུལ་བཟུང་བ༔ གཤོག་པ་བརྒྱང་བ༔ གླང་རྭ་ཅན༔ དེའི་ལྟོ་བར་གཙུག་ཏོར་ཡང་སྙིང༔ རྣམ་འཇོམས་ཡང་སྙིང༔ གཙུག་ཏོར་དྲི་མེད་ཀྱི་གཟུངས་རྣམས་བྲིས་ཏེ་གཞུག༔ རབ་གནས་ལེགས་པར་བྱས་ལ་ས་དགྲའི་ཕྱོགས་སུ་བསྟན་ལ་བཞག་པས༔ ཉེས་པ་ཐུབ་པར་ཐེ་ཚོམ་མེད་དོ༔ ཡང་ཉེ་རིང་གང་གི་ས་ནའང་ཕ་བོང་ཁྱི་ཚུགས་བྱས་པ་འདྲ་བ་དང༔ ཡང་དེ་འདྲ་བ་ཕན་ཚུན་ན་ཡོད་པའི་བར་ན་གྲོང་ཡོད་པ་དང༔ གྲོང་ལ་རི་སྣ་ཟུག་པ་དང༔ སྒོ་ལ་བྲག་སྣ་ཟུག་པ་དང༔ གཅན་གཟན་ལ་སོགས་སེམས་ཅན་གྱི་རིགས་གང་ཡང་འདྲ་བ་ཡོད་པ་དང༔ དེ་རྣམས་ལ་ཕྱོགས་བཞིར་རྡོའམ་རྫའི་སེངྒེ་བཞི་བྱས་ཏེ་རབ་གནས་བྱས་ལ་བཞག༔ ཟུར་བཞིར་གཙུག་ཏོར་དཀར་མོའི་རྒྱལ་མཚན་གཟུག༔ དེས་ནི་ཉེས་པ་གང་ཡིན་པ་བཟློག་པར་ཐེ་ཚོམ་མེད་དོ༔ ཡང་བྲག་ཕུག་མོ་མཚན་འདྲ་བ་དང༔ སྡོམ་གྱི་ཁ་འདྲ་བ་དང༔ རུས་སྦལ་གྱི་ཁ་འདྲ་བ་དང༔ བྱ་གཅན་གྱི་ཁ་འདྲ་བ་ལ་སོགས་རྣམས་ལ༔ ཆུ་རྡོ་དབང་ཕྱུག་ཆེན་པོའི་རྟེན་འདྲ་བའམ༔ ཡང་ན་རྡོ་ལ་བརྐོས་ཏེ་གཟུག༔ དེ་ཕྱོགས་སུ་ཚོགས་བདག་གི་གཟུགས་བྲིས་པའམ༔ ཡང་ན་མཆོད་རྟེན་བརྩིག་གོ༔ དེས་ཁེགས་པར་འགྱུར་རོ༔ ཡང་མཚོན་ཆ་གང་ཡང་རུང་བའི་རྩེ་མོ་བསྟན་པ་འདྲ་བ༔ གནམ་ས་ཧོམ་ཁུང་འདྲ་བའི་ཟུར་བསྟན་པ༔ གཅན་གཟན་ཁ་གདངས་མཆེ་བ་གཙིགས་པ་འདྲ་བ་བྱུང་ན༔ མཚོའི་ནང་ནས་བླངས་པའི་རྡོ་ལེབ་ལ་གསེར་དངུལ་གྱིས་རྡོ་རྗེ་རྒྱ་གྲམ་བྲི༔ རབ་གནས་བྱས་ཏེ་དེ་ཕྱོགས་ལ་བསྟན་པས་ཐུབ་པར་འགྱུར་རོ༔ དེ་ནས་གནས་དང་གྲོང་གི་ཤར་དུ་མཆོད་རྟེན༔ ལྷོར་བྲག་ལ་མེ་འབར༔ ནུབ་ཏུ་ཤིང་རྐང་གཅིག༔ བྱང་དུ་མཚོ་ཏང་ཏིང་ངམ༔ བྲག་དང་ཆུ་འཐབ༔ དེ་རྣམས་བྱུང་ན་ས་དགྲ་ཆེ་སྟེ༔ དེ་སྲུང་ཐབས་ནི༔ ཤར་གྱི་མཆོད་རྟེན་ལ་རི་བོ་མཆོག་རབ་ཀྱི་གཟུགས་གཏད་པས་ཐུབ༔ ལྷོའི་མེ་འབར་བ་འདྲ་བའི་རྩར་ཆུ་བུམ་པ་གང་སྦ༔ ནུབ་ཏུ་ཤིང་རྐང་གཅིག་ལ་གྲི་ལྕགས་གཟུག༔ བྱང་གི་མཚོ་ལ་རི་ཆེན་པོ་བཞི་ཡི་རྩེ་མོ་ནས་ས་བླངས་ཏེ༔ བླུགས་པས་ཁེགས་སོ༔ དེ་དག་ནི་གནས་ཀྱི་ས་དགྲ་བཟློག་ཅིང་བཀྲ་ཤིས་པའི་རྟེན་འབྲེལ་ཏེ་ཤིན་ཏུ་ཟབ་བོ༔ ཡང་རྣལ་འབྱོར་པ་རང་གི་སྐྱེ་བ་སྔ་ཕྱི་བརྟག་པའི་རྟེན་འབྲེལ་ནི༔ ཟླ་བའི་སྟོད་ཚེས་གྲངས་བཟང་པོ་ལ༔ གནས་ཁང་གཙང་མར་གཙང་སྦྲ་ལེགས་པར་བྱས་ཏེ༔ ཤཱཀྱ་ཐུབ་པའི་སྐུ་ལུགས་མའམ༔ བྲིས་འབུར་རབ་གནས་མ་ཉམས་པའི་དྲུང་དུ་མཆོད་པ་རྣམ་ལྔ་བཤམས་ལ༔ རང་དྲི་བཟང་གིས་ཁྲུས་བྱ༔ སྔགས་བཟླས་ཤིང་སྐབས་སུ་མིག་ལ་བྱུག༔ གསེར་གཡུ་གཟི་གསུམ་གོང་རྩར་བཏག༔ མདུན་དུ་ཤ་ཁྲག་གིས་བརྒྱན་པའི་གཏོར་མ་གཅིག་དང༔ ཟན་ལ་མར་བསྐུས་པ་གཅིག་བཞག༔ རྟེན་མཆོད་ཀྱི་སྟེང་ནས་རས་སྔོན་པོས་གདུགས་ཕུབ༔ དེ་ནས་སྒོག་བཙོང་ཆང་བསྲུང༔ ནག་མོ་དང་མི་འགྲོགས༔ ཞག་བདུན་སྨྲ་བཅད་བྱས་ཏེ་སྔགས་འདི་བཟླས་སོ༔ ཨོཾ་བུདྡྷ་ཙུ་རུ་མ་ཙུ་རུ་ཀེ་སྭཱ་ཧཱ༔ དེ་ལྟར་བཟླས་ཤིང་འབུམ་ཕྲག་གསུམ་བསྐྱལ༔ དུས་ཁྱད་པར་ཅན་ཉའམ་གནམ་སྟོང་ལ་སོགས་པའི་དུས་སུ༔ ཐུབ་པའི་རྟེན་ཞལ་ཤར་དུ་བསྟན་པའི་མདུན་དུ་མཆོད་པ་རྣམས་བཤམ༔ སྲོད་ལ་བཟླས་པ་ནུས་ཚད་གཅིག་བྱས་ལ་ཉལ་ཁར༔ བདག་སྐྱེ་བ་སྔར་གར་སྐྱེས༔ ཕྱི་མ་གར་སྐྱེ་བསྟན་དུ་གསོལ༔ བྱས་ལ་ཐུབ་པ་ལ་གསོལ་བ་འདེབས༔ འདུན་པ་དྲགས་པོ་བྱས་ཏེ༔ མགོ་བྱང་དུ་བསྟན༔ ཁ་ཤར་དུ་བསྟན༔ རྐང་པ་ནུབ་ཏུ་བསྟན་ཏེ༔ སེངྒེའི་ཉལ་སྟབས་ཀྱིས་ཉལ་བས༔ རང་སྔར་གར་སྐྱེས༔ ད་གར་སྐྱེ་སྟོན་ནོ༔ དེ་ལ་མ་བྱུང་ན༔ ནུབ་གསུམ་བསྐྱར་ཏེ༔ དེ་ལ་མི་འོང་མི་སྲིད་དོ༔ འདི་དུས་མཛེ་ཡུགས༔ དམེ་མཁོན་ལ་སོགས་གྲིབ་ལ་འཛེམ་ཞིང༔ ཁྲུས་དང་གཙང་སྦྲ་ལ་གནས་པ་ཤིན་ཏུ་གཅེས་སོ༔ དེས་ནི་གོང་དུ་སྨྲོས་པ་རྣམས་ཇི་ལྟ་བ་བཞིན་འགྲུབ་པར་འགྱུར་ཏེ༔ ཤིན་ཏུ་ཟབ་པའི་ལས་ཚོགས་སོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ མངོན་སུམ་ཞལ་མཇལ་ལུང་ཡང་བསྟན༔ སྟོན་པ་མྱ་ངན་འདས་ནས་ཀྱང༔ ལོ་ནི་གཉིས་སྟོང་བརྒྱད་བརྒྱ་ནས༔ སྤུར་རྒྱལ་བོད་ཀྱི་རྒྱལ་པོ་དང༔ སྔོན་ནས་ལས་འཕྲོ་དག་པའི་ཕྱིར༔ བོད་ཡུལ་བྲག་དམར་བསམ་ཡས་སླེབས༔ ས་བཏུལ་གཙུག་ལག་བརྒྱ་རྩ་གྲུབ༔ རྒྱུད་དང་དྲག་སྔགས་གདམས་པར་བཅས༔ དཔག་མེད་ཆོས་ཀྱི་རྒྱ་མཚོ་བསྒྱུར༔ རིག་འཛིན་བརྒྱད་ལ་བཀའ་བརྒྱད་ཀྱི༔ བཀའ་བབས་གང་བབས་སོ་སོར་གཏད༔ ཁྱད་པར་རྡོ་རྗེ་ཕུར་པའི་བཀའ༔ ཡེ་ཤེས་མཚོ་རྒྱལ་ཉིད་དང་ཡང༔ བཻ་རོ་ཙ་ན་ཉིད་ལ་གཏད༔ ཁྱད་པར་ཡང་གསང་བླ་མེད་འདི༔ རྒྱུད་དང་གདམས་པ་ལས་ཚོགས་བཅས༔ དང་ལུང་ལྡང་ལྷའི་བྲག་ལ་སྦེད༔ ལོ་ཡང་ལྔ་བཅུ་ཁ་རལ་དུས༔ སྐལ་ལྡན་འགྲོ་འདུལ་གླིང་ལ་གཏད༔ ཆོས་འདིར་འབྲེལ་པ་གྲངས་མང་ཡང༔ ཆོས་འདིའི་བཀའ་བབས་ལས་ཅན་བརྒྱད༔ ཁྱད་པར་ཁམས་ཀྱི་ཕྱོགས་སུ་དར༔ པདྨ་བདག་གི་ཐུགས་བཅུད་འདི༔ ལུང་ཐོབ་ཙམ་ཡང་བདག་གིས་འཛིན༔ ཉམས་སུ་ལེན་རྣམས་སྨྲོས་ཅི་དགོས༔ སྐལ་ལྡན་བུ་དང་འཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ གདམས་པ་སྤྱི་ཡི་ལས་ཚོགས༔ རྟེན་འབྲེལ་བྱེ་བྲག་ཏུ་བསྟན་པ་ཞེས་བྱ་བ་རྫོགས་སོ༔ ྈྈྈྈྈྈྈ ྈྈྈྈ སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ།། །།
རིག་འཛིན་ཐུགས་ཐིག་གི་ལས་ཚོགས་རྡོ་རྗེ་ཕུར་པའི་གཏོར་ཆོག་དུག་ཟེར་རེག་ཕུང་གི་ཕྲིན་ལས་བདུད་ལས་རྣམ་རྒྱལ་ (Volume 31, Text 43)
༄༅། །རིག་འཛིན་ཐུགས་ཐིག་གི་ལས་ཚོགས་རྡོ་རྗེ་ཕུར་པའི་གཏོར་ཆོག་དུག་ཟེར་རེག་ཕུང་གི་ཕྲིན་ལས་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མ་ཧཱ་ཤྲཱི་ཡེ། བདུད་སྡེ་ཀུན་འཇོམས་རྡོ་རྗེ་ཐོད་ཕྲེང་རྩལ། །ཕྲིན་ལས་སྟོབས་ཀྱི་ཕྱག་རྒྱར་སྣང་བའི་བྱིན། །རྒྱུད་ལ་དབབ་ནས་གསང་བའི་ཏམྦུར། །སྔགས་ཤེས་རྣ་བའི་བཅུད་དུ་འདི་ན་སྒྲེང་། །རིག་འཛིན་གྱི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་བ་ཐོབ་ཅིང་དཔལ་ཆེན་པོའི་བསྙེན་སྒྲུབ་སོང་བའི་སྔགས་པས། རྩ་བ་ལས། སངས་རྒྱས་བསྟན་པ་བསྲུང་བ་དང༔ གནོད་བྱེད་རྦོད་གཏོང་བཟློག་བྱའི་ཕྱིར༔ ཕྲིན་ལས་དྲག་པོའི་གདམས་པ་བཤད༔ ཅེས་གསུངས་པའི་དོན་རྡོ་རྗེ་ཕུར་པའི་གཏོར་ཟློག་བརྩམ་པ་ལ་གསུམ། སྦྱོར་བ་བཅས་གཤོམ། དངོས་གཞི་ཕྲིན་ལས། རྗེས་འཕང་བའི་ལས་སོ། །དང་པོ་ལའང་ཆེད་དུ་སྒྲུབ་པ་དང་། ཉིན་རྫོགས་ལྟ་བུའི་འཕྲལ་སེལ་བྱ་བ་གཉིས་ལས། དང་པོ་ལྟར་ན་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་ཁར་དམར་གཏོར་འཁོར་བཅུ་པ་དམར་པོ། གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་། བཀའ་སྲུང་ཞལ་བཞི་པ། དྲག་ཚར་རྒྱས་བསྡུས་གང་ཐོན། གཏེར་གཞི། ཆད་བརྟན། སྨན་རཀ །མཆོད་པ་དང་བཅས་པ་བཤམ། དེའི་མདུན་ངོས་སུ་དཀྱིལ་འཁོར་གཞི་མ་ནག་པོ་ལ་ཁྲག་དང་བདུད་རྩིས་ཆག་ཆག་བཏབ་པར་འཁོར་ལོ་སྔོན་པོ་རྩིབས་བཅུ་ལྟེ་བ་དང་བཅས་པ། མཐར་རྡོར་རྭ་མེ་རིས་བསྐོར་བར་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་བཅུ་གཅིག་བཀོད་པའི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་གི་གཏོར་མ་ཐོག་གཟུགས་འཁོར་བཅུ་པ། ཤ་ཁྲག་དང་མཚེ་ཡུངས་རྩང་དམར་སོགས་ཀྱིས་བརྒྱན་པའི་རྩེར་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་བཀོད་པའི་མཐར་ཁྲག་གི་ཨརྒྷཾ་སོགས་དྲག་མཆོད་གཡས་སྐོར་དུ་བཀོད། མདུན་ངོས་སུ་བྲུབ་ཁུང་དང་ལིངྒ་སྒྲོལ་གྲི་ཐུན་རྫས། སྔོན་གཏོར་ཚོགས་ཀྱི་ཡོ་བྱད་རྣམས་དང་། སློབ་དཔོན་གྱི་མདུན་དུ་གདབ་ཕུར། རོལ་མོའི་བྱེ་བྲག་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱའོ། །གཉིས་པ་ཉིན་རྫོགས་ལྟ་བུར་སྤྲོས་པ་བསྡུ་ན། དྲག་ཚར་མི་དགོས་ཤིང་། རྡུལ་ཚོན་མ་འབྱོར་ན། ཟློག་གཏོར་ལྕགས་སྣོད་དུ་ས་སྟེགས་ནག་པོ་ལ་འབྲུ་ནག་གི་ཚོམ་བུ་བཀོད་པའི་སྟེང་དུ་བཅའ་བ་དང་། ཕྱི་མཆོད་ཆ་གཅིག་ཁ་གསོ་བས་ཆོག་གོ །གཉིས་པ་དངོས་གཞི་ལའང་། འདི་ཉིད་རྟགས་ཐོན་ཆེད་དུ་སྒྲུབ་པའི་ཚེ་ཐུགས་ཐིག་ཉིད་ཀྱི་ལས་ཚོགས་ཡིན་པས་རྩ་བའི་གཞུང་རིག་འཛིན་ཐུགས་ཐིག་གིས་བསྲངས་པའི་བསྐྱེད་བཟླས་ཟིན་ནས། བདག་མདུན་ཕྲིན་ལས་དྲག་པོའི་ལྷར་གནས་བསྒྱུར་བའི་བསྐྱེད་བཟླས་ལས་སྦྱོར་དང་བཅས་པ་བྱས་ན་འབྲེལ་ཆགས་པར་འགྱུར་ཡང་། མགྱོགས་ཁྱད་དགོས་པའི་ཚེ་འདི་ཁོ་ན་དམིགས་སུ་དབྱེ་བར་འདོད་ན། སྔོན་འགྲོ །དངོས་གཞི། རྗེས་གསུམ་ལས། དང་པོ་ལ་སྐྱབས་སུ་འགྲོ་བ་ནི། ན་མོ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི༔ ཞེས་ལན་གསུམ། སེམས་བསྐྱེད་པ་ནི། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ༔ མཐའ་མེད་འགྲོ་ཀུན་མྱང་འདས་གཞིར་འགོད་པའི༔ སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱི་འོ༔ ལན་གསུམ། ཡན་ལག་བདུན་པ་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ སྒོ་གསུམ་དང་བས་རབ་ཏུ་ཕྱག་འཚལ་ཞིང༔ ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ མི་དགེའི་ལམ་ཞུགས་སྡིག་སྒྲིབ་ནོངས་པས་བཤགས༔ དུས་གསུམ་རྒྱལ་བའི་མཛད་པར་རྗེས་ཡི་རངས༔ བླ་མེད་ཆོས་འཁོར་བསྐོར་ཞིང་བཞུགས་གསོལ་འདེབས༔ བདག་གཞན་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ༔ འཁོར་བ་ཡོངས་དག་ཆོས་དབྱིངས་ཐོབ་པར་ཤོག༔ བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གནོད་བྱེད་བགེགས་ཀུན་ཚིམ་བྱེད་པའི༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཞེས་བརྗོད་པས་གཏོར་མགྲོན་སྤྱན་དྲངས། སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ སྲིད་གསུམ་གནས་པའི་ལོག་འདྲེན་འབྱུང་པོའི་ཚོགས༔ འདིར་འདུས་ལོངས་སྤྱོད་གཏོར་མས་ཚིམས་བྱོས་ལ༔ བདེ་བར་དེངས་ཤིག་བཀའ་ལས་འདའ་བྱེད་ན༔ ཁྲོ་རྒྱལ་འབར་བས་རྡུལ་དུ་བརླག་པར་འགྱུར༔ བྷཱུ་མི་པ་ཏི་སརྦ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པའི་རྗེས་སུ། ཧཱུྃ་བཞིའི་སྔགས་དང་རོལ་མོའི་སྦྱོར་བ་དྲག་པོ་དང་བཅས་པས་བགེགས་བསྐྲད། མཚམས་གཅོད་པ་ནི། ཧཱུྃ༔ བདག་ཉིད་འགྱུར་མེད་གདོད་ནས་རྡོ་རྗེའི་སྐུ༔ ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྲི་གུག་དང༔ རལ་གྲི་རྒྱ་གྲམ་འཁོར་ལོའི་ར་བ་གུར༔ ཁྲོ་ཆུང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུག༔ བསྐལ་པའི་མེ་ཆེན་དྲག་འཚུབ་རབ་འབར་བའི༔ གཞོམ་མེད་སྲུང་བའི་གུར་ཁང་ཆེན་པོར་གྱུར༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་རཀྵ་ཏིཥྛ་ཧཱུྃ༔ ཞེས་མཚམས་བཅད། བྱིན་དབབ་པ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་བྱེད་དྲག་པོའི་སྐུར་སྟོན་པ༔ ཕུར་པ་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བརླབ་པ་ནི། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར། ཐོད་པའི་སྣོད་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །གདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། མཆོག་གི་མ་ད་ན་དང་། རུ་དྷི་ར་སྣ་ཚོགས་པའི་བཟའ་བཅའ་ལྡག་མྱང་ལ་སོགས་པའི་ཟག་པ་མེད་པའི་འདོད་ཡོན་གྱི་རྣམ་པ་ཐམས་ཅད་མཆོད་པའི་སྤྲིན་རབ་འབྱམས་སུ་ལྷུན་གྱིས་གྲུབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨིནྡྲ་མེ་ད་གྷྲི་ཏཾ་པཉྩ་མཱཾ་ས་ཨཱཿཧཱུྃ༔ ཨོཾ་གུ་ཧྱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨ་མྲྀཏ་ཨཱ་ཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཨཱ༔ ཞེས་པ་རྣམས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ། གསལ་སྟོང་ཟུང་འཇུག་འབྲུ་གསུམ་འཕྲོ་འདུ་ལས༔ སྣ་ཚོགས་མཆོད་སྤྲིན་ཀུན་བཟང་རྣམ་སྤྲུལ་པ༔ རབ་འབྱམས་སྣང་སྟོང་ལྷ་རྣམས་དགྱེས་བྱེད་རྫས༔ ཆོས་ཀྱི་དབྱིངས་ཀུན་ཡོངས་སུ་གང་བར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ་གཉིས། བདག་མདུན་གྱི་རྣལ་འབྱོར་སྒྲུབ་པ། དྲག་པོའི་ཕྲིན་ལས་ལ་སྦྱོར་བའོ། །དང་པོ་ནི། བརྗོད་ཚིག་གཅིག་གིས་བདག་མདུན་གྱི་དཀྱིལ་འཁོར་མེ་རི་འདབས་འབྱོར་ཙམ་དུ་གསལ་གདབ་པར་བྱ་སྟེ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱི་རོལ་ཐམས་ཅད་མཚོན་ཆ་ལྔའི་གུར་ཁང་དུ་བསམ༔ དེའི་ནང་དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་ཁང་གི་ནང་དུ་དྲེགས་པ་པད་ཉིའི་གདན་ལ་རང་རིག་ཧཱུྃ་དུ་བསྒོམ༔ དེའི་འཕྲོ་འདུས་བདག་མདུན་དཔལ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་གཡས་གཉིས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ༔ ཐ་མ་གཉིས་ཕུར་བུ་འདྲིལ་བ༔ རྡོ་རྗེའི་གཤོག་པ་ཅན་ཁྲོ་བོའི་ཆས་ཀྱིས་བརྒྱན་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ལོག་འདྲེན་གྱི་སྙིང་གར་བཙུགས་པ༔ དེའི་འཁོར་དུ་ཕྱོགས་སྐྱོང་པད་ཉིའི་གདན་ལ་གཡས་སྐོར་གྱིས༔ ཧཱུྃ་ཀཱར་སྨུག་པོ་འཁོར་ལོ་འཛིན་པ༔ རྣམ་རྒྱལ་དཀར་པོ་རྡོ་རྗེ་འཛིན་པ༔ དབྱུག་སྔོན་དུད་ཁ་མེ་དཔུང་བསྣམས་པ༔ གཤིན་རྗེ་སེར་པོ་རིན་པོ་ཆེ་བསྣམས་པ༔ མི་གཡོ་དུད་ཁ་རལ་གྲི་བསྣམས་པ༔ རྟ་མགྲིན་དམར་པོ་དབྱུག་ཐོ་བསྣམས་པ༔ དེ་ཐམས་ཅད་གཡོན་དུང་དམར་འཛིན་པ༔ འདོད་རྒྱལ་སྔོ་ནག་མདའ་གཞུ་འཛིན་པ༔ བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་བསྣམས་པ༔ ཁམས་གསུམ་རྣམ་རྒྱལ་མཐིང་ནག་ཕུར་བུ་བསྣམས་པ༔ སྟོབས་པོ་ཆེ་དམར་ནག་ཐོ་བ་སྦྲུལ་ཞགས་འཛིན་པ༔ དེ་ཐམས་ཅད་ཁྲོ་བོའི་ཆས་ཀྱིས་བརྒྱན་ཅིང་རང་རང་གི་འཁོར་གྱིས་བསྐོར་བའོ༔ གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ་དཀར་པོ་སྒོམ༔ གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ༔ དེའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བརྗོད། སྤོས་དང་རོལ་མོ་བཅས་པས་སྤྱན་དྲང་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང༔ ཐབས་མཁས་ཐུགས་རྗེའི་དབང་གིས་སྐུར་བཞེངས་པ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཆེ༔ ཕྲིན་ལས་ཡོངས་རྫོགས་སྤྲུལ་པ་ཁྲོ་བོ་བཅུ༔ མཐུ་ཆེན་སྤྲུལ་དང་ཡང་སྤྲུལ་བཀའ་སྡོད་བཅས༔ གཏུམ་ཆེན་གདུག་པའི་ཚོགས་རྣམས་འདུལ་བ་དང༔ སངས་རྒྱས་བསྟན་པ་སྐྱོང་བའི་དཔུང་གཉེན་དུ༔ བཞེངས་ཤིག་འབར་བའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱེ་ཧི་བྷ་ག་ཝཱན་བཛྲ་ས་མཱ་ཛ་ཛ༔ མདུན་གྱི་ནམ་མཁར་བྱོན་པར་བསམ་ལ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རྡོ་རྗེ་བྲག་ཆེན་དྲེགས་པ་པད་ཉི་སོགས༔ རང་རང་མཐུན་པའི་གདན་ཁྲི་ཇི་སྙེད་ལ༔ བདུད་དགྲ་བདུད་འདུལ་ཁྲོ་རྒྱལ་དཔལ་ཆེན་པོ༔ མཐུ་རྩལ་དྲག་པོ་འཁོར་བཅས་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བརྟན་པར་བཞུགས་པར་བསམ་མོ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ སྲིད་གསུམ་གདུག་པའི་གཤེད་སྒྲ་ཆེ༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་འཚལ༔ ཧཱུྃ༔ ལྷ་བདག་གདོད་ནས་དབྱེར་མེད་ཀྱང༔ རྟོག་སྒྲིབ་གཉིས་སྣང་དབྱིངས་སུ་བསལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཚོགས༔ འདིར་གཤེགས་དབང་སྐུར་དོན་རྣམས་མཛོད༔ པུཥྤེ་ནས་ ཤབྡའི་བར་གྱིས་མཆོད༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཾཿཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་དབང་བསྐུར་རོ༔ མཆོད་པ་ནི༔ ཧཱུྃ༔ རབ་འབྱམས་ཕྱོགས་བཅུའི་ཁྱོན་གང་བའི༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་བཤོས་གཙང་རོལ་མོའི་སྒྲ༔ དབང་པོ་ལྔ་དང་ཚིལ་ཆེན་ཞག༔ ཤ་ཆེན་ཁྲག་དང་བདུད་རྩི་ལྔ༔ གསང་རྫས་བརྒྱད་ལྡན་ལོངས་སྤྱོད་སོགས༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ འདོད་ཡོན་མཆོད་པ་བླ་མེད་རྫས༔ དཔག་མེད་ནམ་མཁའི་ཁྱོན་བཀང་ནས༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་འབུལ༔ གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་རཱུ་པ་ར་ས་སྤརྴེ་མཱཾ་ས་རཀྟ་གུ་ཧྱ་བ་ལིཾ་ཏ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཧོ༔ ཞེས་མཆོད། བསྟོད་པ་ནི༔ ཧཱུྃ༔ ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཉིད་ལས༔ ལོག་འདྲེན་འདུལ་ཕྱིར་ཁྲོ་སྐུར་སྟོན༔ རྒྱལ་བ་ཀུན་གྱི་ཕྲིན་ལས་མཛད༔ བཅོམ་ལྡན་དཔལ་ཆེན་ཁྱོད་ལ་བསྟོད༔ མཐིང་ནག་མི་བཟད་སྲིན་པོའི་གཟུགས༔ གར་དགུའི་ཉམས་ལྡན་རྔམ་ཞིང་ཁྲོ༔ གཏུམ་ཆེན་ཉི་མ་འབུམ་གྱི་གཟི༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ རབ་འཇིགས་ཧ་ཧ་ཧཱུྃ་ཕཊ་ཀྱི༔ རྔམས་པའི་ང་རོ་འབྲུག་སྟོང་ལྡིར༔ སྒྲ་ཡིས་ལོག་འདྲེན་སྐྲག་མཛད་པ༔ ཁྲོ་རྒྱལ་གསུང་ལ་ཕྱག་འཚལ་བསྟོད༔ མི་དམིགས་ཁྱབ་བརྡལ་ཟབ་གསལ་བ༔ སྤྲོས་པ་ཀུན་བྲལ་རྡོ་རྗེའི་ཐུགས༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ ཁྲོ་རྒྱལ་ཐུགས་ལ་ཕྱག་འཚལ་བསྟོད༔ རབ་འབར་འཁོར་ལོ་རྩིབས་བཅུའི་སྟེང༔ གདུག་པ་འདུལ་མཛད་དཔལ་ཆེན་པོ༔ སྲུང་དང་ཟློག་པའི་ལས་མཛད་པ༔ ཁྲོ་རྒྱལ་བཅུ་ལ་ཕྱག་འཚལ་བསྟོད༔ གཏུམ་ཆེན་ལོག་འདྲེན་འདུལ་མཛད་པའི༔ མཐུ་ལྡན་དྲེགས་པའི་ཁྲོ་རྒྱལ་གཙོ༔ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་བཅས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བཟླས་པ་ནི། བདག་མདུན་གྱི་ཐུགས་ཀར་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་གི་མཐར་སྔགས་ཕྲེང་རང་སྒྲ་དང་བཅས་འཁོར་བར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུྃ༔ ཧཱུྃ་ཀཱ་ར་ཧཱུྃ༔ བི་ཛ་ཡ་ཧཱུྃ༔ ནཱི་ལ་དཎྜ་ཧཱུྃ༔ ཡ་མཱནྟ་ཀ་ཧཱུྃ༔ ཨཱརྱ་ཨ་ཙ་ལ་ཧཱུྃ༔ ཧ་ཡ་གྲཱྀ་ཝ་ཧཱུྃ༔ ཨ་པ་ར་ཛི་ཏ་ཧཱུྃ༔ ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ མ་ཧཱ་བ་ལ་ཧཱུྃ༔ ཞེས་ཅི་ནུས་བཟླ། ལས་སྦྱོར་གྱི་བཟླས་པ་ནི། གཙོ་འཁོར་རྣམས་ཀྱི་སྐུ་དང་སྔགས་ཕྲེང་ལས་མེ་འོད་མཚོན་ཆའི་ཚྭ་ཚྭ་འཕྲོས་པས་ཕ་རོལ་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་བསམ་ལ༔ རྩ་སྔགས་ཀྱི་ཤམ་བུར། དགྲ་བགེགས་བྱད་མའི་སྙིང་རྩ་ལ་མཱ་ར་ཡ་རྦད་ཟློག༔ སརྦ་ཤ་ཏྲུཾ་ཙིཏྟ་རཱུ་པ་ཧ་ན་ད་ཧ་པ་ཙ་ཚིནྡྷ་དི་ན་མེ་ཀེ་ན་ཡ་ཧཱུྃ་ཕཊ༔ ཅེས་པ་གོང་གི་བཅུ་ཆ་ཙམ་བཟླས་ལ་འཁོར་གསུམ་རྣམ་པར་མི་རྟོག་པའི་ངོ་བོ་བསྐྱང་། སྐབས་འདིར་ཆོས་སྐྱོང་སྤྱིའི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་དང་། སྒོས་སྲུང་ཞལ་བཞི་པ་དང་ཞིང་སྐྱོང་གི་ཕྲིན་ལས་དང་སྐོང་བ་སོགས་བྱ། ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་བདུད་རྩིས་བྲན་ལ། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊཿ ཞེས་སྤྱིར་བསང་། ཧཱུྃ་རཾ་ཡཾ་ཁཾ༔ རང་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་བལྟས་ལ། ཧཱུྃ༔ ཆོས་དབྱིངས་བྷཉྫར་ཤ་ལྔ་བདུད་རྩི་ལྔ༔ བཟའ་བཅའ་བཏུང་སོགས་མི་ཟད་གཏེར་ཆེན་སྟེང༔ ཉི་སྟེང་ཁ་ཊྭཱཾ་ཡི་གེ་འབྲུ་གསུམ་གྱི༔ འོད་ཀྱིས་རྩི་བཅུད་ཡེ་ཤེས་བདུད་རྩིར་བཀུག༔ གཉིས་མེད་གཅིག་འདྲེས་ཟག་མེད་བདུད་རྩིའི་མཆོག༔ རྒྱལ་བ་དགྱེས་བྱེད་ཆོས་དབྱིངས་ཡོངས་གང་གྱུར༔ ག་ཎ་ཙཀྲ་ཛྙཱ་ན་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་བྱིན་གྱིས་བརླབ། ཧཱུྃ༔ བཞེངས་ཤིག་རྩ་གསུམ་ལྷ་ཚོགས་རྣམས༔ རིག་འཛིན་མཁའ་འགྲོའི་འཁོར་དང་བཅས༔ མི་མངོན་དབྱིངས་ནས་སྐུ་སྐྱོད་ལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྒྲུབ་རྫས་རྣམས་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཨེ་ཧྱེ་ཧི་ཕེཾ་ཕེཾ་ཕེཾ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེ་ནས་ཤབྡའི་བར་གྱིས་ཉེར་སྤྱོད་དང་། ཨོཾ་རཱུ་པ་ ཤབྡ་ གནྡྷེ་ ར་ས་ སྤརྴེ་ ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཞེས་འདོད་ཡོན་ལྔས་སྤྱིར་མཆོད་ནས། བྱེ་བྲག་ཚོགས་ཕུད་འབུལ་བ་ནི། ཧོ༔ རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ རྨད་བྱུང་ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ ཟག་མེད་འདོད་ཡོན་ལོངས་སྤྱོད་དམ་ཚིག་རྫས༔ བདུད་རྩིའི་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་དེ་ཝ་ག་ཎ་སརྦ་ག་ཎ་ཙཀྲ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧོ༔ ལྷག་པའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ༔ བདག་ཅག་རྨོངས་པས་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་དང་སྡིག་པའི་ལས་བགྱིས་ཀུན༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་པར་མཛོད༔ ཅེས་དང་ཡིག་བརྒྱ་བརྗོད་དོ། །འདིར་སྤྲོ་ན་ཟློག་སྟོབས་ཀྱི་དཔུང་བསྐྱེད་པའི་ཕྱིར་རྩ་གསུམ་སྐོང་གསོ་ཀུན་བཟང་མཆོད་སྤྲིན་ལྟ་བུ་སྦྱར་རོ། །གཉིས་པ་དྲག་པོའི་ཕྲིན་ལས་ལ་སྦྱོར་བ་ལ། ཐོག་མར་དམིགས་བྱ་བསྒྲལ་བ་ནི། བྲུབ་ཁུང་ལིངྒ་གསེར་སྐྱེམས་སྒྲོལ་ཆས་རྣམས་སློབ་དཔོན་གྱི་མདུན་དུ་བཀོད་ལ། ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ མི་དམིགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཆེ༔ འབར་བའི་དབྱིངས་ནས་བསྐུལ་ལོ་སྐུ་བཞེངས་ཤིག༔ སངས་རྒྱས་བསྟན་པ་སྐྱོང་ཕྱིར་སྐུ་བཞེངས་ཤིག༔ ལོག་ལྟའི་དགྲ་བགེགས་འདུལ་ཕྱིར་སྐུ་བཞེངས་ཤིག༔ དུས་ངན་མཐའ་དམག་ཟློག་ཕྱིར་སྐུ་བཞེངས་ཤིག༔ བྱད་མ་རྦོད་གཏོང་ཟློག་ཕྱིར་སྐུ་བཞེངས་ཤིག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་བཞེངས་ཤིག༔ སྟོབས་ལྡན་ཁྲོ་རྒྱལ་བཅུ་པོ་སྐུ་བཞེངས་ཤིག༔ སྤྲུལ་དང་ཡང་སྤྲུལ་བཀའ་ཉན་སྐུ་བཞེངས་ཤིག༔ བཞེངས་ཤིག་བཞེངས་ཤིག་རང་རང་གནས་ནས་བཞེངས༔ དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཅེས་བསྐུལ་ལོ༔ གསེར་སྐྱེམས་ནི། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་ཕུར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་འབུལ། གཟུ་དཔང་གསོལ་བ་ནི། ཧཱུྃ། ཕྱོགས་བཅུ་ནམ་མཁའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་ཡི་དམ་ལྷ། །རྡོ་རྗེ་གཞོན་ནུ་འཁོར་དང་བཅས། །ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ཚིག་འཛིན་ལ་དགྲ་བྱུང་ན། །མ་ཉེས་མ་ལེན་སྲུང་མ་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །དང་པོ་སངས་རྒྱས་བསྟན་པ་བཤིག །བར་དུ་དཀོན་མཆོག་དབུ་འཕང་སྨད། །ཐ་མར་སྔགས་འཆང་སྙིང་པོ་དྲལ། །ད་ལྟ་རྣལ་འབྱོར་བདག་ལ་བསྡོས། །དགེ་བ་བཅུ་ནི་ཁྱད་དུ་བསད། །མི་དགེ་བཅུ་ནི་དང་དུ་བླང་། །མཚམས་མེད་ལྔ་ཡི་འབྲས་བུ་སྨིན། །འདི་ནི་བསྒྲལ་བའི་ཞིང་ཡིན་པས། །རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ལ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །མ་གཡེལ་མ་གཡེལ་ཐུགས་དམ་ཅན། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་གཟུ་དཔང་གསོལ། དམིགས་བྱ་བསྐྱེད་པ་ནི། སྟོང་པའི་ངང་ལས་མདུན་དུ་བྲུབ་ཁུང་ཁ་དོག་ཅིང་གཏིང་ཟབ་པ་སྒོ་མེད་ཟུར་གསུམ་པ༔ ལས་བྱེད་གཤེད་མ་དང་གཅན་གཟན་མང་པོ་གསོད་གཅོད་ཀྱི་ལས་ལ་བརྩོན་པ༔ མུན་ནག་འཐིབས་པ༔ མེ་འབར་ཞིང་རླུང་འཚུབ་པ༔ འཇིགས་ཤིང་སྐྱི་གཡའ་བ༔ དེའི་ནང་དུ་ནྲྀའམ་ཏྲི་ལས་ཡིད་ལ་བརྣགས་པའི་དགྲ་འམ་བགེགས་གང་ཡིན༔ རིད་ཅིང་ཉམ་ང་བའི་ཚུལ་ཅན་མགོན་སྐྱབས་དང་བྲལ་བར་བསམ་མོ༔ རྣམ་ཤེས་དགུག་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད། སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཀྱི་ཤམ་བུར། སརྦ་བིགྷྣཱན་ཤ་ཏྲུཾ་ཨཱ་ཀརྵ་ཡ་ཛཿ ནྲྀ་ཡཾ་ཛཿ ཏྲི་ཡཾ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱཿ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་དགུག་གཞུག་བྱའོ། །ཕོ་ཉ་འགྱེད་པ་ནི། ཧཱུྃ༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ལོག་འདྲེན་བར་གཅོད་དགྲ་བགེགས་རྣམས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ གང་ཞིག་དཀོན་མཆོག་གསུམ་སྨོད་དང༔ བླ་མ་ལ་བརྙས་སེམས་ཅན་འཚེ༔ བདག་གིས་བསྒོ་བ་ཀུན་ཁུག་ལ༔ ལིངྒ་འདི་ལ་མྱུར་དུ་ཆུགས༔ བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ ཞེས་དྲག་ཏུ་རྦད་ཅིང་བསྐུལ་ལོ། །ལྷ་དང་དབྱེ་བ་ནི། དབྱེ་རྫས་ཀྱིས་བདུག་ཅིང་སྒྲོ་གཉིས་ཀྱིས་ཕྱིར་འགྱེད་པས། ཧཱུྃ། དམ་ཉམས་དགྲ་བོ་སྡིག་ཅན་ལ། །སྲུང་སྐྱོབ་བྱེད་པ་ཀུན་ཉོན་ཅིག །སེམས་ཅན་ལས་ངན་སྡིག་ཅན་འདི། །བསྒྲལ་བའི་ཞིང་བཅུར་གྱུར་པས་ན། །འདི་ལ་སྲུང་སྐྱོབ་མ་བྱེད་པར། །ཡལ་བར་ཐོངས་ལ་རིང་དུ་སྤོངས། །བཀའ་ལས་འདས་ན་ཁྲག་འཐུང་དཔལ། ཁྲོས་པས་ཁྱོད་སྙིང་གཞོམ་པར་བྱེད། །དེ་བས་སྐྱོབ་བྱེད་ཀུན་དང་ཕྲོལ། །གནོད་བྱེད་གཤེད་མའི་བདུད་དང་སྤྲོད། །རྩ་སྔགས་ཀྱི་མཐར། ནྲྀ་ཏྲི་དེ་ཝ་ཨུ་ཙ་ཏ་ཡ་ཕཊཿ ཅེས་བསྲུང་བྱ་སྲུང་བྱེད་ཁ་སྦྱོར་དབྱེ། ཕུར་བུས་གདབ་པ་ནི། ཧཱུྃ། ཁྲག་འཐུང་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་འཇིགས་མཛད་ཀཱི་ལ་ཡ། །རྣོ་ངར་འབར་བའི་རྡོ་རྗེའི་མཚོན། །གཟིར་ཅིག་དགྲ་བོའི་སྙིང་རྩ་ལ། །ཡེ་ཤེས་ཆེན་པོ་མི་ཤིགས་པའི། །དྭངས་མ་བདག་གི་སྙིང་ལ་ཐིམ། །ལས་ཉོན་བག་ཆགས་བཅས་པའི་གཟུགས། །རྡུལ་ཕྲན་བཞིན་དུ་བསྒྲལ་བར་བྱ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊཿ ཅེས་ཕུར་བུ་སྙིང་དཀར་ནག་གི་མཚམས་སུ་འདྲིལ་ཞིང་བཏབ་ལ། ཕཊ་ཅེས་བརྗོད་དེ་རྣམ་ཤེས་དང་ཡེ་ཤེས་ལུས་དང་སྲོག་རྣམས་ཁ་སྦྱོར་དབྱེ་བའི་མན་ངག་ཚེ་ཁྲུས་ཀྱི་དགོངས་པ་ལྡན་པས་བསྒྲལ། དེ་ནས་ཐུན་རྫས་ཀྱིས་བྲབ་ཅིང་སྒྲོལ་གྲིས་གཏུབས་ལ། ལས་བྱེད་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཇི་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་སྒྲུབས༔ སྡང་བྱེད་ལོག་པར་བལྟ་བ་རྣམས༔ ལས་བྱེད་ཕོ་ཉའི་བཤན་ར་འདིར༔ སྣ་ཚོགས་མཚོན་ཆ་འབར་བ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱ༔ རྩ་སྔགས་ཤམ་བུར། གནོད་བྱེད་དགྲ་བོའི་ཙིཏྟ་སྲོག་ལ་མཱ་ར་ཡ་ཏྲིག་རྦད་ཐུམ་ཛཿཧ་ལ་པ་ཏི་ཏྲིག་ནན་རྦད་ཛཿཛ༔ ཞེས་བསྒྲལ་པའི་ལིང་རོ་ཆ་ཤས་ཙམ་ཟློག་པའི་སྐབས་འབུལ་རྒྱུ་དང་ལྷག་གཏོར་ལ་བསྲེ་རྒྱུར་བཞག །གཞན་རྣམས་ཧོམ་གཟར་སོགས་སུ་ཁྱེར་ལ་རཀྟས་བྲན། དགྲ་བགེགས་ཀྱི་ཤ་ཁྲག་འདོད་ཡོན་གྱི་ཕུང་པོར་སྤེལ་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དཔལ་ཆེན་འཁོར་བཅས་ཞལ་ཕྱེས་ཤིག༔ བསྒྲལ་པའི་ལྔ་ཕུང་མཆོད་པར་འབུལ༔ བཅོལ་བའི་ཕྲིན་ལས་བསྒྲུབ་ཏུ་གསོལ༔ བཛྲ་ཡཀྵ་ཀྲོ་དྷ་བི་ཛ་ཡ་ཁ་ཁ་ཁཱ་ཧི༔ ཞེས་ཟློག་གཏོར་དུ་ཕུལ། དེ་ནས་བརྡ་དང་བརྡའི་འབུལ་ལེན་དང་བཅས་ཏེ་ཚོགས་ལ་རོལ། ལྷག་མ་བསྡུས་པ་ལ་ཕུད་ཀྱང་བསྲེ། སློབ་དཔོན་གྱི་དམ་ཚིག་གི་ཁ་ཕྲུ་བཏབ་ལ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱི༔ས་ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ལྷག་སྡུད་ཀྱི་ཕོ་ཉ་རྣམས་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿཞེས་དང་། བཤུག་པའི་སྒྲ་དྲག་པོས་སྤྱན་དྲངས་ལ། ཨོཾ་བཛྲ་པུཥྤེ་ནས། ཤབྡའི་བར་གྱིས་མཆོད་ནས། ཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ གཏུམ་ཆེན་དྲག་པོའི་སྡེ་དཔུང་བཅས༔ འདིར་བྱོན་ཤ་ཁྲག་ལྷག་གཏོར་བཞེས༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ༔ ཞེས་རོལ་མོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་རོ། །དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་བཅས་ཟོར་གཏོར་ལ་སྒྲོན་ཅིང་། ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ སྐྱེ་མེད་ཆོས་དབྱིངས་ཨེ་དཀྱིལ་ནས༔ དྲེགས་པ་ཕྱོགས་སྐྱོང་གདན་ཁྲིའི་སྟེང༔ བདུད་དགྲ་བདུད་འདུལ་ཁྲོ་བོའི་རྒྱལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་བཅས་དབྱིངས་ནས་སྐུ་སྐྱོད་ལ༔ ཟློག་སྒྱུར་ཕྲིན་ལས་སྒྲུབ་པར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ བྱད་ཁ་ཕུར་ཁ་རྦོད་གཏོང་ཟློག༔ སྣ་ཚོགས་ཐུན་དང་ཟོར་འཕེན་ཟློག༔ ལྷ་སྲིན་སྡེ་བརྒྱད་འཚེ་བ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གདོན་རིགས་ཉིས་ཁྲི་ཆིག་སྟོང་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ དུས་མིན་འཆི་རྐྱེན་བཅོ་བརྒྱད་ཟློག༔ ཀེག་ཆེན་སུམ་བརྒྱ་དྲུག་ཅུ་ཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག༔ རྨི་ལམ་མཚན་མ་ངན་པ་ཟློག༔ མི་མཐུན་གནོད་པ་ཐམས་ཅད་ཟློག༔ ལྟས་ངན་ཆོ་འཕྲུལ་ཐམས་ཅད་ཟློག༔ ཟློག་གོ་སྡང་བའི་དགྲ་ལ་ཟློག༔ སྒྱུར་རོ་གནོད་པའི་བགེགས་ལ་སྒྱུར༔ བྷྱོ་བྷྱོ་བྷྱོ་ལ་ཟློག་ཀྱང་ཟློག༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཅེས་ཟློག་པ་བྱ་ཞིང་། གྲངས་གསོག་ན་འདི་ཉིད་བསྐྱར་རོ། །མཐར་ཐུན་གཏོར་འབུལ་ན། དམར་གཏོར་རཀྟས་བྲན་པར་དམིགས་བྱ་དགུག་བསྟིམས་བྱས། བདུད་རྩི་བྲན་ནས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་པ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་དང་མཉམ་པར་གང་བ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་གྱུར། ཅེས་པའི་མཐར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་སོགས་ཀྱིས་ཕུལ་ལ། ཧཱུྃ། དམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །དགྲ་དང་བགེགས་ཀྱི་སྟེང་དུ་རྦད། །སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི། །དམག་དཔུང་དེར་སྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །དུས་ལ་བབ་བོ་མཐུ་རྩལ་སྐྱེད། །ཅེས་ཐལ་རྡེབ་དང་བཅས་པས་དགྲ་ཕྱོགས་སུ་འཕང་ངོ་། །དེ་ནས་རྒྱུན་གྱི་རྗེས་ཆོག་ལ། ཆོས་སྐྱོང་གི་གཏོར་འབུལ་ཤིས་བརྗོད་ཀྱི་བར་གཏང་། ཆད་མདོ་གཏོར་མ་བཏེགས་ལ། ཧཱུྃ༔ སྲིད་གསུམ་ཞིང་འཁོད་དམ་ཅན་དྲེགས་པའི་ཚོགས༔ འདོད་ཡོན་ཟག་མེད་བདུད་རྩིའི་གཏོར་མ་ལོངས༔ བདེ་གཤེགས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ༔ མདོ་སྔགས་བཤད་སྒྲུབ་བསྟན་པ་སྲུང་བ་དང༔ དེ་འཛིན་སྐྱོང་ཞིང་ལོག་འདྲེན་དབྱིངས་སུ་སྒྲོལ༔ ཁམས་གསུམ་འགྲོ་བའི་བདེ་སྐྱིད་སྤེལ་བ་དང༔ གང་གསོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་པས་ཆད་ཐོ་བསྒྲག །བརྟན་མའི་གཏོར་མ་ཨོཾ་ཨཱཿཧཱུྃ་གིས་སྤེལ་ལ། བྷྱོ༔ པདྨའི་བཀའ་ཉན་བསྟན་སྐྱོང་མ་དང་སྲིང༔ གིང་ལང་འབུམ་ཕྲག་བཀའ་ཉན་བཅས་པ་རྣམས༔ འདིར་གཤེགས་དམ་རྫས་དཔལ་གྱི་གཏོར་མ་བཞེས༔ མཐའ་དམག་སྲུང་ཞིང་རྒྱལ་བསྟན་མ་ལུས་སྐྱོངས༔ བཅོལ་པའི་ཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད༔ སརྦ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་བརྟན་མ་བསྐྱང་། ཨེ༔ མདུན་དུ་གནམ་ལྕགས་ཁང་སྒྲོམ་གྲུ་གསུམ་པ༔ གཏིང་དོག་ཁ་ཁྱེར་མཐོ་ཞིང་དུག་གསུམ་འཁྲིགས༔ ལས་བྱེད་ཕོ་ཉའི་བཤན་ར་ཆེན་པོའི་ནང༔ ཞིང་བཅུའི་ལོག་འདྲེན་ཐམས་ཅད་རབ་ཏུ་མནན༔ སྟེང་དུ་ཁྲོ་རྒྱལ་ཕོ་བྲང་རི་རབ་བཏབ༔ ཐབས་ཤེས་གཉིས་སུ་མེད་པའི་རྟ་བྲོ་བརྡུངས༔ བྱང་ཆུབ་མཆོག་སེམས་མ་སྐྱེས་དེ་སྲིད་དུ༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སཏྭམྦྷ་ཡ་ནན༔ མཱ་ར་ཡ་ནན༔ ཞེས་བྲོ་བརྡུང་། དེ་ནས་ཨོཾ་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ༔ ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཉིད་ལས༔ ལོག་འདྲེན་འདུལ་ཕྱིར་ཁྲོ་སྐུར་སྟོན༔ རྒྱལ་བ་ཀུན་གྱི་ཕྲིན་ལས་མཛད༔ བཅོམ་ལྡན་དཔལ་ཆེན་ཁྱོད་ལ་བསྟོད༔ ཅེས་པས་བསྟོད། ཡི་གེ་བརྒྱ་པ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས་ལ། བདག་གི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་འོད་ཞུ་གཞལ་ཡས་ལྷར་ཐིམ་ཞིང་། །དེ་ཡང་ཧཱུྃ་ཡིག་ལ་ཐིམ་ནཱ་དའི་བར། །མི་དམིགས་ངང་གྱུར་སླར་ཡང་སྐད་ཅིག་གིས། །སྣང་སྟོང་སྒྱུ་མ་ཁྲོ་རྒྱལ་སྐུ་རུ་གྱུར། །ཅེས་རྟག་ཆད་ཀྱི་མཐའ་བསལ་ཕྱིར་དཀྱིལ་འཁོར་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་ལ། དགེ་བ་བསྔོ་བ་ནི། དབྱེར་མེད་གཅིག་འདུས་རྡོ་རྗེའི་མཆེད་ལྕམ་གྱིས༔ རྨད་བྱུང་དམིགས་བཅས་དམིགས་མེད་དགེ་བགྱིས་མཐུས༔ ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང༔ ཟག་བཅས་ཡུལ་སྣང་རྡོ་རྗེའི་སྐུར་བྱང་ནས༔ འཕོ་མེད་ཆོས་ཀྱི་དབྱིངས་མཆོག་ཐོབ་པར་ཤོག༔ ཅེས་དང། ཤིས་བརྗོད་ནི། རང་བཞིན་ཆོས་དབྱིངས་ངང་ཉིད་ལས༔ གཟུགས་སྐུའི་རྣམ་རོལ་དཔག་ཡས་ཀྱིས༔ རླབས་ཆེན་ཕྲིན་ལས་སྐྱོང་མཛད་པའི༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ མ་འགགས་རང་གསལ་འོད་ལྔའི་ཀློང༔ རབ་འབྱམས་དཀྱིལ་འཁོར་རྣམ་པར་མཛེས༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་པའི༔ ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྱོགས་བཅུའི་གནས་ཡུལ་སྤྲུལ་པའི་ཞིང༔ ཕྲིན་ལས་རྣམ་བཞིའི་རོལ་གར་མཁན༔ མཁའ་འགྲོ་སྲུང་མའི་ཚོགས་རྣམས་ཀྱིས༔ བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཅེས་ཤིས་པ་བརྗོད་དོ། །གསུམ་པ་རྗེས་འཕང་བའི་ལས་རིམ་ནི། སྒྲུབ་ཞག་རྫོགས་པའི་ཉིན་རྗེས་མ་དང་། ཉིན་ཆོག་རྐྱང་པའི་ཚེ། ཟློག་གཞུང་རྫོགས་པ་དང་། གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་བཟོད་གསོལ་བྱས་ལ། ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ་ལ། སླར་ཡང་གཏོར་ཆེན་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་བསམ་ཞིང་། རྩ་སྔགས་ལ། དགྲ་བགེགས་བྱད་མའི་སྙིང་རྩ་ལ་མཱ་ར་ཡ་རྦད་ཟློག༔ སརྦ་ཤ་ཏྲུཾ་ཙིཏྟ་རཱུ་པ་ཧ་ན་ད་ཧ་པ་ཙ་ཚིནྡྷ་དི་ན་མེ་ཀེ་ན་ཡ་ཧཱུྃ་ཕཊ༔ ཅེས་ཤམ་བུ་བཏགས་པ་བཟླ། དམར་གཏོར་ལ་ཐུན་གཏོར་གྱི་སྐབས་ལྟར་དམིགས་བྱ་དགུག་བསྟིམ་བྱིན་གྱིས་རློབ་པ་སོགས་བྱས་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པས་དམག་ལྟོའི་ཚུལ་དུ་འབུལ་ལ། ཧཱུྃ། ཁྲག་འཐུང་དཔལ་ཆེན་འཇིགས་བྱེད་ཀཱི་ལ་ཡ། །བདུད་འདུལ་ཡེ་ཤེས་ཁྲོ་བཅུ་འཁོར་བཅས་ལ། །དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །འདོད་ཡོན་ལྔ་ལྡན་སྨན་རཀ་བ་ལིཾ་ཏ། །འབུལ་ལོ་བཞེས་ལ་བདག་ཅག་འཁོར་བཅས་ཀྱིས། །ཇི་ལྟར་གསོལ་བའི་ལས་རྣམས་འགྲུབ་པ་དང་། །གཏོར་ཟོར་དྲག་པོའི་རྫས་ཀྱི་དཔུང་སྐྱེད་ཅིག །དགྲ་བགེགས་དམ་སྲི་བྱད་མ་བདུད་སྡེའི་དཔུང་། །ཤུགས་སྒྲོལ་སྟོབས་ཀྱིས་རྗེས་ཤུལ་མེད་པར་མཛོད། །ཆག་ཆེ་ཉམ་ང་ཕས་རྒོལ་མི་མཐུན་ཕྱོགས། །ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །ཞེས་ཕྲིན་ལས་གསོལ་ལོ། །དེ་ནས་སྒོ་དབྱེ་བ་ནི། གསེར་སྐྱེམས་ཐོགས་ལ། རྩ་གསུམ་ཆོས་སྐྱོང་དམ་ཅན་དང༔ སྒོ་བཞི་སྲུང་བའི་ཕྲ་མེན་རྣམས༔ གཙང་སྦྱར་གསེར་སྐྱེམས་འདི་བཞེས་ལ༔ ཟོར་སྒོ་དགྲ་བགེགས་སྟེང་དུ་ཕྱེས༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་ཟུར་ཅིག༔ ཁྲག་འཐུང་ཁྲོ་བོའི་དམག་དཔུང་སྐྱེད༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་རིག་པ་ངར་དང་ལྡན་པས་བརྗོད་ལ། བསྐུལ་བྱ་བ་ནི། གཏོར་ཟོར་སྟེགས་ལས་སྒུལ་ཞིང་སྒྲུབ་ཁང་གི་སྒོའི་ནང་རོལ་ཙམ་དུ་བཀོད་ལ། སྨན་རཀ་བྲན་ནས། ཧཱུྃ་བྷྱོ༔ མི་དམིགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སོགས་བསྐུལ་སྔར་ལྟར་དང་། ཆད་ཐོ་བསྒྲག །དེ་ནས་ཕྱར་དར་གསེར་སྐྱེམས་སྤོས་སོགས་ཀྱིས་སྣ་དྲངས་ཏེ་གཏོར་ཟོར་ཁྱེར། སློབ་དཔོན་འཁོར་བཅས་རོལ་མོ་དང་བཅས་པས་རྟིང་མནན་ནས། གཟའ་དང་མཁའ་འགྲོའི་འགྱུ་ཐེབས་དང་བསྟུན་པའམ། གནོད་པའི་ཕྱོགས་གང་དུ་འཕང་བའི་སར་སོང་ལ་གཏོར་ཟོར་སྟེགས་ལ་བཀོད། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས་གཏོར་ཟོར་བཏེགས་ལ། ཧཱུྃ༔ ཕྱོགས་བཅུ་སྐྱོང་བའི་ལྷ་སྲིན་རྣམས༔ བདག་གི་ཟོར་ལ་སྐྲག་སྲིད་པས༔ ཁྱོད་རྣམས་སྟོབས་དང་དཔུང་སྐྱེད་ལ༔ སྐུ་ཟུར་བདག་གི་སྟོངས་གྲོགས་མཛོད༔ བྷྱོ༔ དྲག་པོ་ལྕགས་ཀྱི་གཏོར་གཞོང་དུ༔ འབྲུ་ནག་གཏོར་མ་གྲུ་གསུམ་བཤམས༔ རྣོ་ངར་མཚོན་ཆའི་ཚྭ་ཚྭ་འཕྲོ༔ དུག་དང་མུན་པའི་ན་བུན་འཁྲིགས༔ དྲག་པོ་སྔགས་ཀྱི་འབྲུག་སྒྲ་ལྡིར༔ ནད་དང་རིམས་ཀྱི་ཁ་རླངས་འཕྲོ༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ དོ་ནུབ་གནོད་བྱེད་སྟེང་དུ་འཕེན༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟ་བའི་སྲི་ལ་བྷྱོ༔ བྷྱོ་བྷྱོ་ཕུང་བའི་འདྲེ་ལ་བྷྱོ༔ སྡང་དགྲ་གནོད་བྱེད་སྟེང་དུ་བྷྱོ༔ དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ བྷྱོ་བྷྱོ་ཟློག་ཟློག༔ ཅེས་རོལ་མོའི་སྒྲ་དང་བཅས་པས་གཏོར་ཆེན་ཟོར་སྟབས་སུ་འཕངས་པས་དགྲ་བོའི་རྣམ་ཤེས་མར་མེ་བསད་པ་ལྟར་སོང་། གནས་ལུས་ལོངས་སྤྱོད་ཐམས་ཅད་ཐལ་བར་བརླགས་པར་བསམ་ཞིང་ཐལ་མོ་དང་དུལ་མོ་བརྡབ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུཾ་དུཾ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་ཟློག་སྔགས་དྲག་ཏུ་བརྗོད། ཟོར་རྗེས་གཅོད་པའི་ཕྱིར། ཧཱུྃ༔ བདག་ཉིད་འགྱུར་མེད་སོགས་ཀྱིས་སྲུང་འཁོར་སྒོམ་ཞིང་སློབ་དཔོན་གྱིས་རྟིང་མནན་ཏེ་འོང་། སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བསྐྱང་། དེ་ཉིད་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་བྲོ་བརྡུང་། ནང་དུ་ལོག་ནས་མཆོད་པ་རྣམས་ཁ་གསོས་ལ་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་བླང་། ཆོས་སྐྱོང་གི་རྗེས་ཆོག་དང་། གཏང་རག་གི་མཆོད་བསྟོད་བཟོད་གསོལ་བྱས་ལ་ཡེ་ཤེས་པ་གཤེགས། ཉེར་བསྡུ་དང་ཐུན་མཚམས་ཀྱི་ལྷར་ལྡང་བ་སྔར་བཞིན་བྱས་ལ་རྡུལ་ཚོན་ཡོད་ན་ཨ་ཀཱ་རོ་བརྗོད་ལ་དབྱི་ཞིང་སྨོན་ལམ་དང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཟབ་ཅིང་ཁུངས་བཙུན་ཁྱེར་བདེ་རྣམ་པར་གསལ། །འདིས་ཀྱང་རང་གཞན་འགའ་ལ་ཕན་མཐོང་ནས། །གོང་མའི་ཕྱག་ལེན་བཞིན་དུ་བཀོད་པའི་དགེས། །བདུད་ལས་རྣམ་རྒྱལ་ཕྲིན་ལས་ཡོངས་འགྲུབ་ཤོག །ཅེས་པའི་ཚུལ་འདིར་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་ཆོག་ཁྲིགས་ལུང་རྒྱུན་མ་བཞུགས་སྟབས། གཏེར་གཞུང་མ་བུའི་དགོངས་པ་བཅུད་དུ་དྲིལ་ནས་བཀླག་ཆོག་ཏུ་བསྡེབས་པ་པོ་པདྨ་གར་གྱི་དབང་ཕྱུག་རྩལ་ལོ། །དགེ་ལེགས་འཕེལ།། །།
ངག་འགྲོལ་གསེར་གྱི་ལྡེའུ་མིག་གི་གཞུང་མངོན་རྟོགས་དང་བཅས་པ་ (Volume 47, Text 43)
༄༅༔ ངག་འགྲོལ་གསེར་གྱི་ལྡེའུ་མིག་གི་གཞུང་མངོན་རྟོགས་དང་བཅས་པ་བཞུགས༔ བྱད་དང་ངག་འགྲོལ་བའི་གདམས་པ་འདི་ལ༔ དང་པོ་བུམ་པའི་ནང་དུ་ཆུ་གཙང་མ་དང་གཙང་པོའི་ཆུ་བླུག་གོ༔ བ་དམར་པོའི་འོ་མ་དང་ཆུ་བླུག༔ བུམ་པའི་རྫས་ནི༔ རབ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར༔ མེད་ན་སྔགས་པ་ནུས་པ་ཅན་དང༔ བུད་མེད་རིགས་བཟང་མོ་དེ་གཉིས་ཀྱི་བྱང་སེམས་དཀར་དམར་ལ་བྱའོ༔ ཡང་ན་རང་གི་དེ་ལ་བྱའོ༔ བདུད་རྩི་སྨན་སྒྲུབ་ཀྱི་ཨ་མྲྀཏ་དང༔ བཟང་དྲུག་བསྲེའོ༔ གླ་རྩི༔ ཤིང་ཀུན༔ རམ་གྱི་ཕྱི་མོ༔ རྒྱ་ཚྭ༔ ཕག་མ་ཤི་བའི་སྣ༔ དེ་ཡང་དབུགས་མ་ཆད་ཙམ་ལ་བྲེག་པར་བྱའོ༔ ཤིང་ཉ་སྦྲིད་མ༔ གཡེར་མའི་འབྲུ་གུ་ནག་པོ་བདུན༔ སྐྱེར་པའི་འབྲུ་གུ་བདུན༔ ཤ་བའི་རྭ་བདར་བའི་ཕྱེ་མ་དུམ་གཅིག༔ བྱ་ངང་པའི་ཤ་དུམ་གཅིག༔ སྦྲང་རྩི༔ རྫས་དེ་རྣམས་བསྲེས་ཏེ་ཕྱེ་མར་བྱས་ལ་བུམ་པར་བླུག་གོ༔ དེ་ཡིས་བུམ་ཆུ་ངར་བླུད་པའོ༔ རྫས་དང་སྔགས་ཀྱི་ནུས་པས་ཕྲ་མེན་འགོང་ཆོག་གི་རིགས་ཐམས་ཅད་སྟན་དུ་བཏིང་ཡང་རང་ལ་གནོད་མི་ནུས་སོ༔ དུས་ནི་སྐར་མ་རྒྱལ་དང་གཟའ་ཕུར་བུ་འཛོམ་པའི་ཉི་མ་ལ་བྱའོ༔ དེ་མ་འཛོམ་ན་རྒྱལ་གྱི་ཉི་མ་རྩེ་ཤར་ལ་བྱའོ༔ རྒྱལ་ནམ་བྱུང་དུས་སུ་ཡང་བྱའོ༔ སྤོས་ཀྱི་དུད་པ་བཏང་ཞིང་སྔགས་བཟླའོ༔ གཟུངས་རིང་ཆེན་མོ་ནི། རྒྱ་གར་སྐད་དུ༔ བྷ་ར་ཨུ་ཤ་ཙཀྲ་ནཱ་མ༔ བོད་སྐད་དུ༔ ངག་འགྲོལ་བའི་འཁོར་ལོ་ཞེས་བྱ་བ༔ རྡོ་རྗེ་གཙུག་གཏོར་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ༔ ཕྱག་སྟོང་མངའ་བ་ཆེན་མོ༔ དབུ་སྟོང་མངའ་བ་ཆེན་མོ༔ སྤྱན་བྱེ་བ་བརྒྱ་ཕྲག་འབུམ་མངའ་བ༔ མེ་ལྕེ་འབར་བའི་མཚན་རྟགས་ཅན༔ རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ༔ ཀུན་ནས་གཞན་ལ་བྱེད་ན་འདི་རྣམས་མལ་དུ་བསྲུང་བྱ་ཞེས་སྒྱུར།་་་བདག་ཅག་མི་ནོར་འཁོར་དང་བཅས་པ་རྣམས་ལ༔ ཉིན་དང་མཚན་དུ་སྲུང་དུ་གསོལ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་ངག་དང་བྱད་འགྲོལ་བ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ གང་དག་བདག་ལ་མི་ཕན་པར་འདོད་པ་དང༔ རྣམ་པར་སྡང་བ་དང༔ གནོད་པར་སེམས་པ་དང༔ ངན་སྔགས་བྱེད་པ་དང༔ བྱད་དུ་བཅུག་པ་དང༔ གཏད་བྱེད་པ་དང༔ ཁྲམ་ལ་འདེབས་པ་དང༔ རྦོད་གཏོང་བྱེད་པ་དང༔ སྦྱིན་སྲེག་བྱེད་པ་དང༔ མནན་པ་དང༔ བཅིངས་པ་དང༔ ངག་མནན་པ་དང༔ དམོད་མོ་བྱེད་པ་དང༔ ཧོམ་དང་པར་བུ་བསྐོར་བ་དང༔ རླུང་ནག་འཁྲུགས་པས་བསྐོར་བ་དང༔ སྟེང་ལྷ་ཡིས་བཅིངས་པ་དང༔ འོག་ཀླུ་ཡིས་བཅིངས་པ་དང༔ བར་ལྷ་སྲིན་སྡེ་བརྒྱད་ཀྱིས་བཅིངས་པ་དང༔ ཕྲ་མེན་གྱིས་བཅིངས་པ་དང༔ ཕྲ་མེན་གྱིས་བྱད་དུ་བཅུག་ནས་བདག་ཅག་རྣམས་ཀྱི་ལུས་ངག་ཡིད་གསུམ་གཏད་ཁྲམ་ལ་བཏབ་པ་དང༔ བྱད་སྟེམས་སུ་བཅུག་པ་དང༔ བཅིངས་པ་ཐམས་ཅད་རྣམ་པར་གཞིག་ཏུ་གསོལ༔ རྣམ་པར་གཞོམ་དུ་གསོལ་ལོ༔ བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་དང་བྱད་དུ་བཅུག་པ་ཐམས་ཅད་ཁྲོལ་དུ་གསོལ༔ ངེས་པར་ཁྲོལ་དུ་གསོལ་ལོ༔ གཞན་གྱིས་ངག་གི་ནུས་པ་བཤིག་པ་ཐམས་ཅད་ཁྲོལ་དུ་གསོལ༔ ངེས་པར་ཁྲོལ་དུ་གསོལ༔ རྩ་སྔགས།་་་ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བྷི་ཥ་དྷེ་བྷི་ཥ་དྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཕཊ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ བདག་ཅག་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ བདག་གི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཧྲཱིཿབཛྲ་བུདྡྷཱ་དྷརྨཱ་སངྒྷཱཀཱིརྟི་སརྦ་ཀརྨ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༈ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཤེས་པ་རིན་ཏ་ཧོ་ཧེ་སི་དྷི་ས་མ་ཡ༔ དུ་ཤེ་པྲ་ཏི་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ༔ ཨོཾ་བཛྲ་བྷིནྡྷ་ཧཱུྃ་ཕཊ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཧྲཱིཿབཛྲ་ཛྭ་ལ་སརྦ་ཀརྨ་བྷིནྡྷ་ཡ༔ ཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མཱ་མ་སརྦ་བྷིནྡྷ་བྷིནྡྷ་ཛ་ཡེ་བི་ཛ་ཡེ༔ མ་མ་བཛྲ་སརྦ་ཨུ་ཙིཏྟ༔ ཨ་པ་ར་ཙིཏྟ༔ མ་ར་བྱེར་བྱེར༔ པྲ་མརྡྷ་ཡེ༔ མ་མ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཤཱནྟིཾ་ཀ་རི་ཎི་ཡེ་མ་མ་བཛྲ་ཛྙཱ་ན་པྲ་ཡཙྪ༔ མ་མ་བྷི་དྷ་ར་ཡ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ པྲ་ཀ་ར་ན་པཉྩ་ལ་སྭཱ་ཧཱ༔ ཀརྨ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ཨཱོྃ་ཨཱོྃ་བུདྡྷཱ་ཀཱིརྟི་དྷུ་རུ་དྷུ་རུ༔ ལུས་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཨཱོྃ་ཨཱོྃ་ཨཱོྃ་ཕཊ༔ ཨཱཿཨཱཿཨཱཿདྷརྨཱ་ཀཱིརྟི་དྷུ་རུ་དྷུ་རུ༔ ངག་གི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཨཱཿཨཱཿཨཱཿཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་སངྒྷཱ་ཀཱིརྟི་དྷུ་རུ་དྷུ་རུ༔ ཡིད་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་བཾ་རཾ་ལཾ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་ཨ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ཤང་ཤང་ཧཱུྃ༔ ཏྲི་ཧྲཱིཿམཱ་ས་མ་ཡ་ཕཊ༔ ཐུམས་ཁྲོལ་ཤང་ཤང་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་དྷེ་བ་ནག་པོ་བདག་ལ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ནག་པོ་ཏི་པ་ཙ་བག་ཏུ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་དྷེ་བ་ཙནྡྲ་གྷནྟི་གྷནྟི༔ ཁ་ཤི་ན་ཁ་ཤི་ན༔ བཛྲ་བཛྲ༔ སོ་རི་སོ་རི༔ ཙུ་རུ་ཙུ་རུ༔ ཨུ་ལི་ཨུ་ལི༔ མུ་ཏྲ་མུ་ཏྲ༔ མུ་དྲ་ཡཿམ་ཧཱ་བྷཻ་ར་བྷ༔ མནྟྲ་སརྦ་ལོ་ཀེ་སྭཱ་ཧཱ༔ བན་དགྲ་ཨ་མུ་ཀ་ཙ་སྦུར་སྲོག་ནན༔ སྙིང་ལ་གཟིར་བྲེང་ཤག་ཡཾ་རྦད༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ བདག་ལ་ངན་སྔགས་ཀྱི་གནོད་པ་བྱས་པ་ཐམས་ཅད་ཤིག་ཤིག་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཏྲི་ག་ཛ་ཕཊ༔ ཤིག་ཕྱུངས་སརྦ་ཤ་ཏྲཱུཾ་ཨ་ཏ་ཧ་ར་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཅིངས་པའི་རིགས་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ༈ སྐུ་གསུང་ཐུགས་ཀྱི་བྱད་འགྲོལ།་་་ཨོཾ་བཛྲ་ཀཱ་ཡ་གླིང་ཟློག༔ ལུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཧི་བཾ་གརྦྷ་ཡ་ཟློག༔ ངག་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཧི་ཀ་ནན་ཟློག༔ ཡིད་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་ཕྲ་མེན་མ་མུ་རུ་སུ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ པ་ཏ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ པྲ་ཏི་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མུ་ཁ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཀུ་རུ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མོ་ཧ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བུདྡྷ་ནི་སཏྭམྦྷ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་ཏ་ཀུ་ཤཾ་ཤཾ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བྷ་ཏ་ལི་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བྷ་ར་ལི་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བྷ་ཁ་མུ་ཁི་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སརྦ་དུཥྚཱན་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཨེ་ཀ་པ་ཏ་སཏྭཾ་ནན༔ མུ་སྟེགས་ཀྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་ཟློག་བྷྱོ༔ ཏེ་ཙུ་ཧ་ཏེ༔ མ་ཙུ་ཏེ༔ ཙུ་ཏ་ཀ༔ བྷི་ཏ་མ་ཏེ༔ ཏེ་ཁ་བྷེ༔ དེ་བ་བྷ་མོ༔ ན་ལི་ཙི་ཏི༔ བྷ་ཀེ་ལི་ཏ་ཀ་ཧཱུྃ༔ མུ་སྟེགས་སྤྲེལ་སླག་ཅན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བདག་གི་མི་ནོར་ཞིང་ཁང་ལ་གནོད་པའི་རིགས་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་ལ་ཕྲ་མེན་གྱི་རིགས་ཐམས་ཅད་ཀྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བན་དགྲ་ཨ་མུ་ཀ་དུ་རཾ་ཏྲི་ཡཾ་ཏྲི༔ ཧྲཱིད་ཌྷྲིད་ཕྱུངས་སྲོག་གཟིར་ནན་ཕྱུངས༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡཱ༔ ངན་སྔགས་ཀྱི་དབལ་སོ་ཟུག་པ་ཐོན་ཐོན་ཕྱུངས་ཕྱུངས་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བུདྡྷ་ནི་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བཛྲ་བྷ་ར་ཧེ༔ ཀྲོ་ཏཱི་ཀཱ་ལི༔ ཧ་རི་ནི་ས༔ ཨཱ་ཝེ་ཤ་ཡ༔ ཧ་བཛྲ་ཌཱ་ཀི་ནཱི༔ རྡོ་རྗེ་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རི་རཏྣ་ཌཱ་ཀི་ནཱི༔ རིན་ཆེན་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ནི་པདྨ་ཌཱ་ཀི་ནཱི༔ པདྨ་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་ཀརྨ་ཌཱ་ཀི་ནཱི༔ ལས་ཀྱི་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མཁའ་འགྲོ་མ་རྣམས་ཀྱིས་ངག་མནན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཨཱཿཧཱུྃ་ཡ་མ་ཐ༔ ཡ་ར་ཀྴ༔ ཙ་པ་ཏྲི༔ ཕུ་ནི་ན་ནྲི༔ ཨ་ཕྱེ་ཕྱེ་ཨ་ཤིག་ཤིག་ཨ་ཁྲོལ་ཁྲོལཿ ཛ་ནི་སི་ནི༔ འབྲི་ཡལ་ཡལ་བྱེར༔ ཧ་རི་དྷ་པ་ཏྲ་ཕྱེ་ཕྱེ༔ ཏྲཾ་པ་ཏ་ཧྲི་ཋ༔ བྱི་ན་ཡལ་ཡལ༔ འབྲི་ནི་བྷྱོ༔ སི་ནི་ཛ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཀཱི་ལ་ཡ་བདག་ལ་སྲུངས་ཤིག་རཀྵ༔ རཱ་ཙ་བདག་ལ་སྲུངས་ཤིག་རཀྵ༔ མ་ཧཱ་བདག་ལ་སྲུངས་ཤིག་རཀྵ༔ ནཱ་ག་སྲུངས་ཤིག་རཀྵ༔ ཡ་མ་སྲུངས་ཤིག་རཀྵ༔ བཛྲ་སྲུངས་ཤིག་རཀྵ༔ དུ་ཏྲཾ་སྲུངས་ཤིག་རཀྵ༔ ག་དུ་སྲུངས་ཤིག་རཀྵ༔ ཕུ་ཏྲི་སྲུངས་ཤིག་རཀྵ༔ སུ་ཏྲི་སྲུངས་ཤིག་རཀྵ༔ དུ་ཡག་སྲུངས་ཤིག་རཀྵ༔ དེ་བ་སྲུངས་ཤིག་རཀྵ༔ ཛྭ་ལ་དྷེ་བ་སྲུངས་ཤིག་རཀྵ༔ ཀ་པ་བྷ་གྷ་དུ་ཤ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ཨ་ཡ་མ་དུ་ནཱ་ག་ཙ་ཏྲི་ཤེ༔ ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྵ༔ རཾ་རཾ་རཾ་རཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ཁཾ་ཁཾ་ཁཾ་ཁཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ཡཾ་ཡཾ་ཡཾ་ཡཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ལཾ་ལཾ་ལཾ་ལཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ཨོཾ་ཕེ་ལཾ་ཧཱུྃ་ཕཊ༔ གཏད་ཁྲོམ་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་དེ་བ་ཤྲཱི་རལ་པ་ཅན༔ ཁཾ་ཁཾ༔ ཚིག་ཚིག༔ ཨེ་ཨེ༔ ལཾ་ལཾ༔ ཡཾ་ཡཾ༔ བཾ་བཾ༔ རཾ་རཾ༔ སཾ་སཾ༔ རྦད་བྷྱོ༔ མནྟྲ་གུ་ཧྱ་རྦད་བྷྱོ་ཐིང་ཐིང་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་སརྦ་དུཥྚཱན་མ་ཧཱ་དེ་བ་ཨུ་མ་དེ་བཱི༔ དབང་ཕྱུག་ཡབ་ཡུམ་གྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡ་མ་རཱ་ཙ་མ་མ་རུ་ལུ་གཤིན་རྗེ་དང་མ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨེ་ཀ་ཛཱ་ཊི་མ་མོ་ཨེ་ཀ་ཛཱ་ཊིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རུ་ཏྲ་དུན་ཏིང་བདུད་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཤུ་ལ་རཱ་ཛ་བཙན་དང་རྒྱལ་པོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་ནཱ་ག་ཕུ་ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཀླུ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡཀྴ་ཡཀྨོ་གནོད་སྦྱིན་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ པ་ཤ་མི་ཀི་དྷེ་བ་ཨ་གཟའ་དང་ཡུལ་ལྷས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏཱིརྠི་ཀ་མུ་སྟེགས་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡཀྴ་ཡཀྨོ་སྲིན་པོ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མུན་མུན་པ་དམུ་ཡིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བཛྲ་སཱ་དྷུ་ཏྲིཿཧཾ་ཤཾ་ཏྲིཿརུ་ཏྲི་ཏྲི་རྡོ་རྗེ་ལེགས་པ་དང་འགོང་པོ་ཐེའུ་རང་གིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཛ་དུ་ཏྲི་རཾཿམ་བཾ་རིལ་བྲག་སྲིན་དང་བསེན་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གིངྐ་ར་ཡཾ་ཏྲི་གིང་དང་རུ་ཏྲས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མ་ཧཱ་ཀཱ་ལ་ཨ་སེ་ལ་མགོན་པོ་དང་ཨ་ཕྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏོག་ན་འདྲེ་རུཾ་ཡུལ་འདྲེ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏྲི་པ་ཤང་ལིང་བྱི་ནཱ་ཡ་ཀ་བགེགས་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཌཱ་ཀི་ནཱི་མཁའ་འགྲོ་མས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སརྦ་ཧྲིང་ཧྲིང་ཛཿལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཤི་ཏ་ར་ར་ཕུ་ཕུ༔ རུ་རུ་ཕུ་ཕུ༔ དེ་བ་ཏ་པ་ཤི༔ སུ་ག་ཏ་པ་ཤི་ཕུ༔ ཧལ་ཁྱི་ནག་པོས་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བག་ཤ་ཡ༔ བཛྲ་ཛི་ཏ་ཧ༔ ཁ་ཤཱནྟིཾ་ཤག་ཤག༔ བྱེར་བྱེར༔ ཡར་ཡར༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ལ་ཡག་པ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཨེ་ཀ་ཡཀྴ་ཛ་ཡ་ཙ་ཤཱནྟིཾ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སཏྭམྦྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ཧཱ་རིད་སྭཱ་ཧཱ༔ མ་ཧཱ་དེ་བ་སྭཱ་ཧཱ༔ མ་ཧཱ་མོ་པད་སྭཱ་ཧཱ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག༔ ཏི་ཀྲ་མ་ཙི་ཏ་ནན༔ བཛྲ་ཚིནྡྷ་ཚིནྡྷ༔ ཤཱནྟི་ཤཱནྟི༔ ཤག་བྱེར༔ དེ་བ་བྱེར༔ ཕྲ་མེན་གྱི་སྦྱོར་བ་ངན་པ་མོ་ཧ་ཡ་བྱེར༔ སྦྱོར་བ་ངན་པ་ཟློག་བྷྱོ༔ ཛི་ཙི་ཏ་ཤད་རིལ་ཐུམས་རྦད་ཐུམས་རྦད༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མནན་པ་ལས་གྲོལ་བར་གྱུར་ཅིག༔ དྷ་ར་བག་ཤ་ཀུ་ཏ་ཁ་ཁ༔ ཁ་པ་འུ་ཤ་ལ་ན་ཏ་པ་ས༔ གླད་པ་ཏ་ཀུ་མ་ཙ་མ་ལུ་ཀུ་ཡ་བདག་ལ་རཀྵ་རཀྵ༔ ཨོཾ་མ་ཧཱ་ཀཱ་ལ་ཨ་ཡུར་ཐུམས་རྦད༔ དྷ་ཧི་ཏ་ཧི་ཏ་ར༔ པ་ཤ་ཀུ་ཤ་ཁ་ཁས་ང་ཁ་འུ་ཤ་ལ་ན་པ་ས་གླད་པ་ལ་ཏ་ཀུ་མ་ཙ་བདག་ལ་རཀྵ༔ པྲ་མ་ཁྲོལ༔ ཡ་མ་ཁྲོལ༔ ཡ་མ་དུ་ཏྲི་ཁྲོལ༔ ས་མ་ཡ་ཁྲོལ༔ དུ་རུ་ཏྲི་པ་ལ་ཤིག་ཁྲོལ༔ ས་མ་ཡ་ཁྲོལ༔ ནི་ལ་རཏྣ་ཁྲོལ༔ པདྨ་རཏྣ་ཡ་ནི་ཁྲོལ་སྭཱ་ཧཱ༔ ཡ་མ་ནི་ཁྲོལ་སྭཱཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཝཱཀ྄་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མ་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལྕེ་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏིར་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ འུར་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཧྲཱིཿཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ མནན་པ་ཐོན་ཐོན༔ ཨོཾ་ཀཱ་ཡ་ཝཱཀ྄་ཁྲོལ་ཁྲོལ༔ ས་མ་ཡ་ཙིཏྟ་ཁྲོལ་ཁྲོལ༔ པྲ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་མ་ཧཱ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་གྷྲིག་ཁཾ་ཧཱུྃ་ཕཊ༔ བནྡྷ་ཏྲ་ཐ་ཧཱུྃ་ཕཊ༔ བསྡམས་པ་ཁྲོལ་ཁྲོལ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཀཱ་ཡ་ཝཱཀ྄་ཙིཏྟ་ཧཱུྃ་ཕཊ༔ ཨཱོྃ་ཏིག་ནན་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་གུ་ཏ་ན་བྷ་ས་བེ་ཏ་ཕུ༔ ཙ་ཏ་རྦད་ནི་ཕུ་གྲཾ་ཤ་ན་ས་ནོ་སྭོ་ནི་སྭཱ་ཧཱ༔ ཨོཾ་རཀྴ་ནག་པོ་བན་དགྲའི་སྲོག་ལ་མཱ་ར་ཡ་རྦད་སོད༔ ཨོཾ་ཁྲག་རྩ་རྦུད༔ སྙིང་ཁྲག་རྦུད༔ མཱ་ར་ཡ་ཁས་ཁས་རྦུད༔ ཨོཾ་ཐུམས་ཐུམས་ནྲི་ཤ་ཐུམས་ནི་བན་དགྲ་མཱ་ར་ཡ་རྦད་སོད་ཐུམས་ཐུམས༔ བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡ་ཕཊ༔ མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གསེར་གྱི་རུས་སྦལ་སྔགས།་་་ཨོཾ་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཡེ་འུར་འུར་རྒྱ་འུར༔ ཕུ་ཕུ༔ རཾ་རཾ༔ ཉིལ་ཉིལ༔ སྲིད་གསུམ་མགོན་པོ་ཁཾ་མི་རྒྱུ༔ སི་སི་ལིང༔ ཁྲོ་ཆུ་ཕན་ཕེན༔ ག་ག་གོ་ཛི་ས་ལེ༔ གྷོ་སྡམ་རཾ་རཾ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ཧཱ་ཀཱ་ལི་མོ་ཏ་ཡེ་སྭཱ་ཧཱ༔ ཨོཾ་མར་མེར་ཐབ་ཐིབ་ནཾ་ཐོང་བྱེར༔ གནམ་ས་སྡོད་བྱེར༔ ཉི་ཟླ་སྡོད་ཆར་ཆགས༔ འབྱུང་བའི་དགྲ་ཟློག༔ གཤེད་ཀྱི་དུག་ཆིངས༔ དམིགས་པའི་རྟེན་ལ་བྷྱོཿ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ཧཱ་ཀཱ་ལི་ཡེ་ཕྱ་བྲུབ་བྲུབ༔ མ་མ་སྔོ་ཏ་སྔོ་ཏ་ཀེག་ཡེ་སྭཱཧཱ༔ ན་ན་དྷ་ར་དྷ་ར་ཕྱ་བྲུབ་བྲུབ༔ མ་མ་ཨེ་ཨེ་ཡེ་སྭཱ་ཧཱ༔ ཨེ་ཨེ་ཡེ་ཕྱ་བྲུབ་བྲུབ༔ མ་མ་ཡཾ་ཡཾ་ཡེ་སྭཱ་ཧཱ༔ ཡཾ་ཡཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་བཾ་བཾ་འུ་ཡེ་སྭཱ་ཧཱ༔ བཾ་བཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་རཾ་རཾ་ཇི་ཡེ་སྭཱ་ཧཱ༔ རཾ་རཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་སང་སང་ཀུང་ཡེ་སྭཱ་ཧཱ༔ སཾ་སཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་སུ་སུ་ཏིང་ཏིང་ཀུང་ཡེ་སྭཱ་ཧཱ༔ མ་མ་ཀ་ར་ཀ་ར་ཤང་ཡེ་སྭཱ་ཧཱ༔ མ་མ་ཆར་ཆུ་འུ་ཡེ་སྭཱ་ཧཱ༔ མ་མ་སྔོ་ཏ་སྔོ་ཏ་ཀེག་ཡེ་སྭཱ་ཧཱ༔ འབྱུང་བ་ལྔ་ཡིས་བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སྤར་ཁའི་སྔགས།་་་ཨོཾ་ཁུ་ཁུ་མ་ཤག་པ་ཟློག༔ ཁ་ལ་བྷ་ཏི་ཟློག༔ ཏྲཾ་སུ་ཤེའུ་ཟློག༔ བྷ་ཏ་ཡན་ཟློག༔ ཁཾ་ཏིག་ནན་ཟློག༔ ཕུ་ཤ་ཧེ་ཟློག༔ མ་ར་ཡ་ཟློག༔ ཤ་ཙི་ཡན་ཟློག༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ བྱད་འགྲོལ་གྱི་སྔགས་བསྡུས་པ།་་་ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ྄་ཙིཏྟ་ཀྵཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པས་མནན་པ་དང་བཅིངས་པ་དང༔ བསྡམས་པ་དང༔ གཟིར་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་སྭཱ་ཧཱ༔ གནོད་པའི་རིགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱཿ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ བདག་གི་ལུས་ངག་ཡིད་གསུམ་ལ་ཕ་རོལ་གྱི་མི་དང་མི་མ་ཡིན་པས་བཅིངས་པ་དང༔ མནན་པ་དང༔ བསྡམས་པ་དང༔ གཟིར་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གློ་བུར་བདུན་བརྒྱ་ཉི་ཤུ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་གི་གནོད་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་བགེགས་རྐྱེན་ངན་བར་ཆད་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྔགས་བྱང་བཀླག་ཆོག་ངོ་མཚར་ཅན་ྀཨཚ༔ རབ་ཉི་ཤུ་རྩ་གཅིག༔ འབྲིང་བཅུ་བཞི༔ ཐ་མ་བདུན་བཟླའོ༔ སྔགས་ཆུ་བུམ་པའི་ནང་དུ་བླུག་གོ༔ དེ་ནས་རང་གི་འཁོར་རྣམས་འཁྲུ་བ་དང་འཐུང་བར་བྱའོ༔ དེས་རང་དང་མི་ཕྱུགས་འཁོར་དང་བཅས་པ་འཁྲུ་བ་དང་གཏོར་བ་སོགས་བྱས་པ་དེ་ཡི་ནུས་པས་རང་དང་མི་ཕྱུགས་བཟའ་བྲན་འཁོར་དང་བཅས་པ་ལ་བན་བོན་དང་སྔགས་ཀྱི་མཐུ་དང་ལུས་ངག་ཡིད་གསུམ་མནན་པ་དང༔ བཅིངས་པ་དང་། བསྡམས་པ་དང༔ ཕྲ་མེན་གྱི་རིགས་ཐམས་ཅད་ཀྱིས་གནོད་མི་ནུས་སོ༔ སྔགས་ཀྱི་ནུས་པ་སྐྱེ་བ་གསུམ་དུ་མེད་པར་བྱས་པ་ཡང་ལན་གཅིག་གིས་གྲོལ་བར་འགྱུར་རོ༔ རང་གི་ནུས་པ་མཆོག་ཏུ་རྒྱས་པར་འགྱུར་རོ༔ རང་གིས་སྔགས་བཟླས་པ་རྣམས༔ བརྒྱ༔ སྟོང༔ ཁྲི༔ འབུམ༔ བྱེ་བ༔ ས་ཡ༔ དུང་ཕྱུར་དུ་འཕེལ་ལོ༔ རང་གི་ཆོས་སྐྱོང་གི་རྟེན་ལ་གཏོར་རོ༔ ཁྱིམ་དང་སྒྲུབ་ཁང་གི་བྱང་ཕྱོགས་སུ་གཏོར་རོ༔ ཐེམ་པ་དང་སྲང་ཁ་ལ་གཏོར་རོ༔ རང་གི་མལ་ས་དང་ས་ཕྱོགས་འདི་རུ་གནོད་པ་བྱས་སམ་སྙམ་པ་ལ་གཏོར་རོ༔ དེས་རང་གི་སྲུང་མ་གཤེད་དུ་བབས་པ་རྣམས་རང་གྲོལ་དུ་འགྲོའོ༔ ཞིང་དང་ཁང་པ་ལ་གཏོར་ན་སེལ་གྱི་རིགས་ཀྱིས་གནོད་མི་ནུས་སོ༔ འདིའི་སྔགས་རྣམས་རབ་གསེར་གྱིས་བྲི༔ འབྲིང་དངུལ༔ ཐ་མ་མཚལ་གྱིས་བྲི༔ མ་གྲུབ་ན་སྣག་ཚས་བྲི༔ དེ་རྫའི་གྭ་འུ་སོ་བཏང་བའི་ནང་དུ་བཅུག་ལ༔ ཁང་པའི་ནང་བྱང་ཕྱོགས་སུ་སྦས་ན་ཁང་སེལ་གྱི་རིགས་ཐམས་ཅད་ཀྱིས་གནོད་པར་མི་ནུས་སོ༔ ཞིང་གི་དཀྱིལ་དུ་སྦས་ན་གོང་བཞིན་གནོད་མི་ནུས་སོ༔ རྟག་ཏུ་ལོ་ལེགས་པར་འགྱུར་རོ༔ རང་གི་ལུས་ལ་བཅངས་ན༔ གཞན་དག་གི་མཐུ་དང༔ ནུས་པ་དང༔ སྦྱོར་བ་ངན་པ་འགོང་ཆོག་གི་རིགས་དང༔ སེལ་དང་མནན་པའི་རིགས་ཅི་བྱས་པས་ཀྱང་གནོད་མི་ནུས་སོ༔ གོང་བཞིན་དུ་འཐུང་བ་དང༔ འཁྲུ་བ་དང༔ སྔགས་ལུས་ལ་བཅངས་ན༔ ཕྲ་མེན་དང་གནོད་པའི་རིགས་ཐམས་ཅད་གདན་དུ་བཏིང་ཡང་གནོད་མི་ནུས་སོ༔ གནོད་པའི་རིགས་ཐམས་ཅད་རང་གྲོལ་དུ་འགྲོའོ༔ འདིའི་བུམ་ཆུ་ཉི་མ་རྩེ་ཤར་ལ་ནངས་མ་གཏན་དུ་འཐུང་ན༔ སྒྲུབ་པའི་རིགས་ཅི་བྱས་པ་ཡང་ཆུད་མི་ཟོས་ཏེ་མྱུར་དུ་འགྲུབ་བོ༔ སྔགས་ཀྱི་ནུས་པ་གཞན་ལས་ཆེ༔ མ་གྲུབ་པ་རྣམས་མྱུར་དུ་འགྲུབ༔ གྲུབ་པ་རྣམས་ནུས་པ་གཞན་ལས་ཆེའོ༔ རང་ལ་ཡེ་ཤེས་པ་དང་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་རང་བཞིན་གྱིས་འདུའོ༔ ཅི་བཅོལ་བའི་ལས་རྣམས་བྱེད་དོ༔ བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་རྣམས་མྱུར་དུ་ཐོན་ནོ༔ རང་གཞན་གྱིས་མནན་པས་མི་ནོན༔ བཅིངས་པས་མི་འཆིང༔ བསྡམས་པས་མི་སྡོམ༔ ཕར་ལ་མཐུ་དང་གནོད་པ་གང་བྱེད་ནུས་པ་གཞན་ལས་ཆེའོ༔ སྐྱེ་བ་གསུམ་དུ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་འགྱུར་རོ༔ སྔགས་ཀྱི་ནུས་པ་ཐམས་ཅད་ཀྱང་མཆོག་ཏུ་བསྐྱེད་དོ༔ ངག་འགྲོལ་གྱི་རིགས་ཐམས་ཅད་ཀྱང་འདི་ལ་ཚང༔ སྣ་རེ་ལ་བསྟན་པ་རྣམས་དང་མི་འདྲའོ༔ འཛུལ་ཆོག་གི་རིགས་ཐམས་ཅད་འདི་ལ་ཚང༔ འཛུུལ་ཆོག་གི་འཁོར་ལོ་ལ་བརྟེན་པ་རྣམས་ཅོལ་ཆུང་ངོ༔ འཛུལ་ཆོག་དང་ངག་འགྲོལ་འདི་ལས་ཟབ་པ་ཡོད་རེ་ཀན༔ ༈ རྟགས་ཀྱི་རིམ་པ་ནི༔ དེ་ཡང་རང་ལ་གཞན་གྱིས་ངག་མནན་པ་དང༔ བཅིངས་པ་དང༔ བསྡམས་པ་དང༔ མཐུ་བྱས་པའི་རྟགས་སུ༔ ལྕེས་ལབ་མི་ཤེས་པར་སྐྲངས་པ་དང༔ ལྐོག་མ་དང་མགུལ་པ་འགགས་ནས་ན་བ་དང༔ སྔགས་བགྲང་མི་ཤེས་པ་དང༔ བགྲང་ཡང་སྒྲ་མི་དག་པ་དང༔ ལྕེ་ཡི་མདོག་འགྱུར་བ་དང༔ རྒྱ་གྲམ་དུ་གས་པ་དང་། ཁ་བཅིངས་པར་རྨི་བ་དང༔ ལྕེ་ལ་ཕུར་པ་བཏབ་པ་རྨི་བ་དང༔ ཆོས་པོ་ཏིའི་འོག་དང་མཆོད་རྟེན་གྱི་འོག་ཏུ་ནོན་པ་དང༔ དོང་གཏིང་རིང་དུ་ཚུད་པ་དང༔ རེ་བ་ནག་པོས་བཏུམས་པ་རྨི་བ་དང༔ མུན་པ་ནག་པོའི་ཕུགས་སུ་ཚུད་པ་དང༔ བྲག་ཕུག་སྟོང་པ་དང༔ ཁང་སྟོང་དང་ཡུལ་སྟོང་རྨི་བ་དང༔ གཅིག་ནས་གཅིག་ཏུ་འཛུལ་བ་རྨི་བ་དང༔ ཁང་སྟོང་རྡིབ་ལ་ཁད་པའི་ནང་དུ་ཕྱིན་པ་རྨི་བ་དང༔ ཟམ་པ་དང་ལམ་རྒྱ་གྲམ་གྱི་དཀྱིལ་དུ་ཉལ་བ་རྨི་བ་དང༔ རི་རོང་དོག་པོའི་རྩེ་ནས་རྦབ་ཏུ་ལྷུང་ལ་ཁད་པ་དང༔ ལྷུང་བ་རྨི་བ་དང༔ ལྷ་ཁང་དང་ལྡེར་བཟོ་རྨི་བ་དང༔ དངོས་སུའང་རང་ཉམས་ཤེད་ཆུང་བ་དང༔ སྔགས་བཟླ་སྙིང་མི་འདོད་པ་དང༔ བཟླས་ཀྱང་ལྡབ་ལྡིབ་ཏུ་སོང་བ་དང༔ སྒྲུབ་པ་བྱས་ཀྱང་ནུས་པ་ཆུང་ལ་བར་ཆད་མང་བ་དང༔ རང་ཁྲོ་ཞིང་འཚིག་པ་ཟ་བ་དང༔ སྙིང་མི་དགའ་བ་དང༔ བསྐྱེད་རིམ་མི་གསལ་བ་དང༔ ལུས་ལྕི་ཞིང་འཐིབས་པ་དང༔ གོས་མི་གཙང་བ་གྱོན་པ་དང༔ མི་གཙང་བའི་འདམ་རྫབ་ཏུ་ཕྱིན་པ་རྨི་བ་དང༔ རོ་ཁུར་གྱི་གླིང་དུ་ཕྱིན་པ་དང༔ ནད་པ་སྐྱུག་ལོག་རྨི་བ་དང༔ མཚོ་དང་ཆུ་མིག་རླན་རློན་གྱི་འདམ་དུ་བྱིང་བ་དང་ཕྱིན་པ་རྨི་བ་དང༔ གྲོག་པོ་ཆེན་པོའི་འོག་ཏུ་ཚུད་པ་དང༔ ཁྱེར་ལ་ཁད་པ་དང༔ རི་ཉིལ་བ་དང༔ བྲག་ཕུག་གཏིང་རིང་དུ་འཛུལ་བ་རྨི་བ་དང༔ དངོས་སུའང་ཤེས་པ་གནད་དུ་མི་ཕེབས་པར་ཡེད་ཡེད་པ་དང༔ དེ་ལྟར་བྱུང་ན་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དང་བསྡམས་པའི་རྟགས་སོ༔ རང་ལ་གཞན་གྱིས་མཐུ་བྱས་པའི་རྟགས་སུ༔ དོན་མེད་པར་སྙིང་མི་དགའ་བ་དང༔ མི་ལ་འཐབ་འདོད་པ་དང༔ ཅ་ཅོ་འབོག་སྙིང་འདོད་པ་དང༔ ནང་དུ་འཐབ་མོ་མང་བ་དང༔ རྨི་ལམ་དུ་མི་ངོ་མི་ཤེས་པ་དང༔ མོན་པ་དང༔ ཨ་ཙ་རས་རང་ལ་བརྒྱབ་པ་དང༔ འཐབ་པ་དང༔ རྡོའི་ཆར་འབབ་པ་དང་ཐོག་འབབ་པ་དང༔ མདའ་དང་མདུང་དང་གྲི་བརྒྱབ་པ་རྨི་བ་དང༔ རླུང་ནག་འཚུབས་པ་དང༔ རི་གཟར་ནས་རྡོ་རྦབ་བྱུང་བ་དང༔ དམག་གིས་བསྐོར་བ་རྨིས་ན་མཐུ་བྱས་པའི་རྟགས་སོ༔ དམག་མང་པོ་དང་བན་དེ་དང་སྔགས་བོན་གྱི་དམག་གིས་བསྐོར་བ་རྨི་བ་དང༔ གཅན་ཟན་དང་བྱ་ནག་གིས་དེད་པ་རྨི་བ་དང༔ དངོས་སུ་རང་གི་གོས་ལ་གྲིས་རྨ་བྱུང་བ་དང༔ ལྟས་ངན་གྱི་སེམས་ཅན་བྱུང་བ་དང༔ བུད་མེད་དང་མི་མང་པོས་མཛོ་དང་རྟ་དང་བོང་དྲེལ་ལ་སྒ་སྟོང་གཏད་ནས་རང་ལ་སྒོ་ཉལ་བྱེད་པ་རྨི་བ་དང༔ རྟགས་དེ་རྣམས་ཚུར་རང་ལ་བྱུང་ན་མིས་རང་ལ་བྱས་པའི་རྟགས་ཏེ༔ དེ་རྣམས་ནི་མཐུ་བྱད་ཡོད་པའི་རྟགས་སོ༔ ༈ གདམས་པ་འདིའི་ལོ་རྒྱུས་ནི༔ སྔོན་རྒྱ་གར་གྱི་ཡུལ་དུ་ལས་ཀྱི་མཁའ་འགྲོས་མཛད་དེ༔ རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་མཆོད་རྟེན་སྔོན་པོའི་ཁྲི་འཕང་ལ་སྦས་སོ༔ རྡོ་རྗེ་གདན་གྱི་དུས་མཆོད་ལ་སློབ་དཔོན་ཁྲག་འཐུང་ནག་པོ་བྱོན་ནས་ཚོགས་ཀྱི་དགོངས་པ་མཛད་ཅིང་ཡོད་ཙ་ན༔ མཁའ་འགྲོས་ལུང་བསྟན་བྱུང་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཀྱི་མཆོད་རྟེན་སྔོན་པོའི་ཁྲི་འཕང་ལ་གསང་སྔགས་ཐམས་ཅད་ཀྱི་ནུས་པ་ཉམས་པ་གསོ་བ་དང༔ མན་ངག་མཁན་རྣམས་ཀྱི་ནུས་པ་མེད་པར་བྱ་བ་དང༔ རང་གི་ནུས་པ་ཐམས་ཅད་མཆོག་ཏུ་སྐྱེད་པའི་གདམས་པ་ཡོད་དོ༔ ཞེས་ལུང་བསྟན་བྱུང་ནས༔ དེར་སློབ་དཔོན་གྱིས་གཟིགས་པས༔ བྱང་ཕྱོགས་ཀྱི་མཆོད་རྟེན་དེའི་ཁྲི་འཕང་ལ་མེ་སྟག་དམར་ཕྲོམ་ཕྲོམ་འདུག་པ་གཟིགས་ནས༔ དེར་མཁའ་འགྲོ་ལ་གཏོར་མ་ཕུལ་ནས༔ དེ་ནས་གཟོང་གིས་གཡེང་བས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་བྱུང་ངོ༔ དེ་བཤིགས་པའི་ནང་ནས་གསང་བའི་མན་ངག་གསང་སྔགས་ཐམས་ཅད་ཀྱི་ནུས་པ་ཉམས་པ་གསོ་བའི་མན་ངག༔ ནུས་པ་ཐམས་ཅད་མཆོག་ཏུ་སྐྱེད་པའི་མན་ངག་འདི་བྱུང་ངོ༔ དེར་སློབ་དཔོན་ཐུགས་དགྱེས་ནས་མཁའ་འགྲོ་རྣམས་ལ་གཏོར་ཚོགས་རྒྱ་ཆེན་པོ་ཕུལ་ལོ༔ ཁྲག་འཐུང་ནག་པོས་གནུབས་བན་སངས་རྒྱས་ཡེ་ཤེས་ལ་གནང་ངོ༔ དེས་རིམ་པར་བརྒྱུད་ནས༔ ཀོང་པོ་ལྟ་བར་གནས་པའི་བླ་མ་ཁྲོ་ཚང་འབྲུག་ལྷ་ལ༔ དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་ཞུས་སོ༔ ཁོང་ལ་སྔགས་དབོན་བསོད་ནམས་རྡོ་རྗེས་ཞུས༔ དེ་ནས་སངས་རྒྱས་བློ་བདེའོ༔ འཛུལ་ཆོག་ངག་འགྲོལ་མི་ཁུར་གཅིག་ལས་འདི་ཟབ་བོ༔ བུ་སློབ་སྙིང་དང་འདྲ་བ་མ་གཏོགས་པ༔ གཞན་ལ་མ་སྤེལ་ཅིག༔ ཐམས་ཅད་ཚང་བ་འདི་མིན་པ་སུ་ལའང་མེད་དོ༔ འདི་ཡོད་ཅེས་ཁ་རུ་མ་འདོན་ཅིག༔ འདི་ནི་རང་གི་སྲོག་སྐྱོབ་ཡིན༔ འདི་དང་ལྡན་ན་གཞན་གྱིས་རང་ལ་མཐུ་དང་གནོད་པའི་རིགས་ཅི་བྱས་ཀྱང་མི་ཚུགས་སོ༔ འདི་ཡི་བུམ་ཆུས་ལྐུག་པ་དང༔ བུ་ཆུང་ཁ་ལྗི་བ་ལན་བདུན་དུ་འཁྲུ་བ་དང༔ འཐུང་དུ་བཅུག་ན་ཁ་སྨྲའོ༔ སྐུའི་རྒྱ་རྒྱ་རྒྱ༔ གསུང་གི་རྒྱ་རྒྱ་རྒྱ༔ ཐུགས་ཀྱི་རྒྱ་རྒྱ་རྒྱ༔ གདམས་པ་འདི་ལ་སྔགས་བཟླ་བའི་དུས་སུ་དམིགས་པ་འདི་བཞིན་བསྒོམ་མོ༔ རང་ཉིད་རྡོ་རྗེ་གཙུག་ཏོར་ཕྱག་སྟོང་དུ་ཡོད་པ༔ ཕྱག་ཐམས་ཅད་གཅོད་བྱེད་ཀྱི་རལ་གྲི་བསྣམས་པ༔ དབུ་སྟོང་དུ་ཡོད་པ༔ སྤྱན་བྱེ་བ་བརྒྱ་ཕྲག་འབུམ་དུ་ཡོད་པ༔ མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པ་སྲིད་གསུམ་ཟིལ་གྱིས་གནོན་པ་གཅིག་ཏུ་བསྒོམ༔ སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམ༔ དེ་ཡང་སྤྱི་བོར་རྣམ་པར་སྣང་མཛད༔ མགྲིན་པར་སྣང་བ་མཐའ་ཡས༔ སྙིང་ཁར་རྡོ་རྗེ་སེམས་དཔའ་བསྒོམ་མོ༔ དམིགས་པ་འདི་བསྒོམ་པ་ཙམ་གྱིས་ངག་མནན་པ་དང༔ བཅིངས་པ་ཐམས་ཅད་རང་གྲོལ་ལ་འགྲོའོ༔ རང་གི་ཡ་སོ་བཅུ་ལ་ཧཱུྃ་ལས་ཁྲོ་བོ་བཅུ་བསྒོམ༔ མ་སོ་ཧྲཱིཿལས་ཁྲོ་མོ་བཅུ་བསྒོམ༔ ལྕེ་རལ་གྲི་ངར་མར་བསྒོམ༔ སྨ་ར་མེ་དཔུང་འབར་བར་བསྒོམ༔ མགྲིན་པར་ཉི་མ་དང་ཟླ་བ་བསྒོམ༔ རང་ལུས་མེ་དཔུང་ཆེན་པོར་བསྒོམ༔ ལུས་ངག་ཡིད་གསུམ་ལ་གནོད་པའི་རིགས་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་རྡུལ་བུན་གྱིས་ཚིག་པར་བསྒོམ༔ དེ་ནས་སྔགས་བཟླའོ༔ རྗེས་ལ་མ་ཧཱ་མུ་དྲ་སྒོམས༔ བཟླས་པའི་དུས་སུ་སྨྲ་བཅད་བྱའོ༔ ཤིན་ཏུ་ཟབ་པའི་གདམས་པ་འདི༔ སློབ་དཔོན་ཁྲག་འཐུང་ནག་པོས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས༔ མཆོད་རྟེན་ཁྲི་འཕང་ནས་བཏོན་པའོ༔ འདིའི་བརྒྱུད་པ་ནི༔ སློབ་དཔོན་ཁྲག་འཐུང་ནག་པོ༔ སངས་རྒྱས་ཡེ་ཤེས༔ ཁྲོ་ཚང་འབྲུག་ལྷ༔ གཡུང་དྲུང་རྒྱལ་མཚན༔ བསོད་ནམས་རྡོ་རྗེ༔ སངས་རྒྱས་བློ་བདེ༔ སྲས་རྒྱལ་མཚན༔ བླ་མ་ཆོས་སྐྱོང༔ བླ་མ་ཤཱཀྱ་སེངྒེ་ལའོ༔ འདིའི་ལག་ལེན་ལ༔ དེ་ནས་བླ་མ་ཡི་དམ་གྱི་ཕྲིན་ལས་གཞུང་བསྲང༔ བུམ་པ་བསྐྱེད་ཆོག་བདག་བསྐྱེད་དང་མདུན་བསྐྱེད་གསལ་བའི་ངང་ནས༔ བྱད་འགྲོལ་གསེར་གྱི་ལྡེའུ་མིག་ངག་བཅད་པས་ཚར་བདུན་བཟླ༔ དེ་ནས་བྱད་དུ་བཅུག་པ་དེ་རེ་བ་གྲུ་གསུམ་པའི་སྟེང་དུ་བཞག༔ སྤྱི་བོར་སཱཙྪ༔ ཡན་ལག་ཚོན་སྐུད་ཀྱིས་བཅིང༔ གོས་ནག་གཅིག་མགོ་ཞབས་བསྒྱུར་ལ་གོན་ཏེ༔ བསྐྱེད་རིམ་ཕོག༔ རང་ཉིད་བདག་བསྐྱེད་གསལ་བས་བྱད་འགྲོལ་བར་བྱའོ༔ ལོ་རྒྱུས་རྒྱས་པ་སོགས་གཞུང་ལོགས་སུ་གསལ་ལོ༔ དུམ་པ་རྒྱས་གཡུང་གི་རྫ་ལྷུད་མོ་ནས་བཏོན་པའི་གཏེར་གཞུང་ནས་གསལ་བར་ལོགས་སུ་འགྲོལ་བའོ༔ ༄༅༔ བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་ངག་འདོན་བཞུགས་སོ༔ རང་ཉིད་རྡོ་རྗེ་གཙུག་ཏོར་ཕྱག་སྟོང་དུ་ཡོད་པ༔ ཕྱག་ཐམས་ཅད་ལ་གཅོད་བྱེད་ཀྱི་རལ་གྲི་བསྣམས་པ༔ དབུ་ཡང་སྟོང་དུ་ཡོད་པ༔ སྤྱན་བྱེ་བ་བརྒྱ་ཕྲག་འབུམ་དུ་ཡོད་པ༔ མེ་དཔུང་འབར་བའི་དཀྱིལ་ན་བཞུགས་པ༔ སྲིད་གསུམ་ཟིལ་གྱིས་ནོན་པ་ཞིག་ཏུ་བསྒོམ༔ སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམ༔ དེ་ཡང་སྤྱི་བོར་རྣམ་པར་སྣང་མཛད༔ མགྲིན་པར་སྣང་བ་མཐའ་ཡས༔ སྙིང་ཁར་རྡོ་རྗེ་སེམས་དཔའ་བསྒོམ༔ དམིགས་པ་འདི་བསྒོམ་པ་ཙམ་གྱིས་ངག་མནན་པ་དང༔ བཅིངས་པ་ཐམས་ཅད་འགྲོལ་ལོ༔ རང་གི་ཡ་སོ་བཅུ་ལ་ཧཱུྃ་བཅུ་ལས་ཁྲོ་བོ་བཅུ༔ མ་སོ་ཧྲཱིཿབཅུ་ལས་ཁྲོ་མོ་བཅུ༔ ལྕེ་རལ་གྲི་ངར་མ༔ སྨ་ར་མེ་དཔུང་འབར་བ༔ མགྲིན་པ་ཉི་མ་དང་ཟླ་བར་གྱུར༔ རང་ལུས་མེ་དཔུང་འབར་བས་དགྲ་བགེགས་བྱད་མ་གནོད་བྱེད་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པར་གྱུར༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བྱད་དང་ངག་འགྲོལ་བ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ བདག་ཅག་གི་ལུས་ངག་ཡིད་གསུམ་ལ་ཕ་རོལ་གྱི་མི་དང་མི་མ་ཡིན་པས་བསམ་སྦྱོར་ངན་པ་དང་རྣམ་པར་སྡང་བ་དང་གནོད་པར་བསམ་པ་དང༔ ངན་སྔགས་བྱེད་པ་དང༔ བྱད་དུ་བཅུག་པ་དང༔ གཏད་ཁྲམ་བྱེད་པ་དང༔ ཁྲམ་ལ་འདེབས་པ་དང༔ རྦོད་གཏོང་བྱེད་པ་དང༔ སྦྱིན་སྲེག་བྱེད་པ་དང༔ ངག་མནན་པ་དང༔ བཅིངས་པ་དང༔ དམོད་མོ་བྱེད་པ་དང༔ ཧོམ་དང་པར་བུ་བསྐོར་བ་དང༔ རླུང་གི་འཁོར་ལོ་བསྐོར་བ་དང༔ སྟེང་ལྷ་ཡིས་བཅིངས་པ་དང༔ འོག་ཀླུ་ཡིས་བཅིངས་པ༔ བར་ལྷ་སྲིན་སྡེ་བརྒྱད་ཀྱིས་བཅིངས་པ༔ ཕྲ་མེན་གྱིས་བྱད་དུ་བཅུག་ནས་ལུས་ངག་ཡིད་གསུམ་བཅིངས་པ་དང༔ མནན་པ་ཐམས་ཅད་རྣམ་པར་གཞིག་ཏུ་གསོལ༔ རྣམ་པར་གཞོམ་དུ་གསོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་ཁྲོལ་ཏུ་གསོལ༔ ངེས་པར་ཁྲོལ་ཏུ་གསོལ༔ མཐུ་བྱད་ཀྱིས་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ལུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡིད་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ནང་པ་སངས་རྒྱས་པའི་བདེན་པ་དང༔ བར་པ་དྲང་སྲོང་གི་དམོད་པ་དང༔ ཕྱི་པ་མུ་སྟེགས་པའི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མི་ནོར་ཞིང་ཁང་ལ་གནོད་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱིས་བཅིངས་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཤིན་རྗེ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨེ་ཀ་ཛཱ་ཊི་དང་མ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བདུད་ཕོ་དང་བདུད་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བཙན་དང་རྒྱལ་པོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཀླུ་དང་ཀླུ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གནོད་སྦྱིན་དང་གནོད་སྦྱིན་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཟའ་དང་གདོང་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡུལ་ལྷ་དང་ཡུལ་འདྲེས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མུ་སྟེགས་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སྲིན་པོ་དང་དམུ་ཡིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རྡོ་རྗེ་ལེགས་པ་དང་ཐེལ་འགོང་གིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མགོན་པོ་དང་ཨ་ཕྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡུལ་འདྲེ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བགེགས་དང་འབྱུང་པོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མཁའ་འགྲོ་དང་ཤུགས་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཧལ་ཁྱི་ནག་པོ་འཁོར་དང་བཅས་པས་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ འབྱུང་བ་ལྔས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་མནན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཏད་ཁྲམ་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཟའ་དང་སྡེ་བརྒྱད་མིང་སྲིང་གི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་བརྒྱད་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ སྡེ་བརྒྱད་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་གྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཤར་ནས་ཀླུ་སྦྲུལ་མགོ་གསུམ་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ ལྷོ་ནས་ཀླུ་སྦྲུལ་མགོ་ལྔ་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ ནུབ་ནས་ཀླུ་སྦྲུལ་མགོ་བདུན་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ བྱང་ནས་ཀླུ་སྦྲུལ་མགོ་དགུ་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་རྒྱལ་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་རྗེ་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་དམངས་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་གདོལ་པའི་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་བྲམ་ཟེའི་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་བཙན་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་གཉན་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་སྲིན་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ས་བདག་འཛིན་པོས་བཅིངས་པ་ཁྲོལ་ཁྲོལ༔ སྡོམ་པོ་ཁྲ་བོས་བཅིངས་པ་ཁྲོལ་ཁྲོལ༔ གྱོང་པོ་ཞ་བོས་བཅིངས་པ་ཁྲོལ་ཁྲོལ༔ གཟའ་ཀླུ་ས་བདག་རྗེ་བློན་གྱིས་བཅིངས་པ་ཁྲོལ་ཁྲོལ༔ གཤིན་རྗེ་དང་ལས་གཤིན་གྱིས་བཅིངས་པ་ཁྲོལ་ཁྲོལ༔ རྒྱལ་པོ་དང་རྒྱལ་འགོང་གིས་བཅིངས་པ་ཁྲོལ་ཁྲོལ༔ བཙན་དང་མ་མོས་བཅིངས་པ་ཁྲོལ་ཁྲོལ༔ བདག་ཅག་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་བཅིངས་པ་ཁྲོལ༔ བསྡམས་པ་ལྷོད༔ མནན་པ་ཐེགས༔ ཟོས་པ་སྐྱུགས༔ ཤི་བ་གསོས༔ བསམ་སྦྱོར་ངན་པ་ལྷོད༔ ལུས་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་གི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡིད་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བླ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མིང་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཟུགས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཁ་རྗེ་དབང་ཐང་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བསྡམས་པ་དང་བཅིངས་པ་དང་མནན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བསྡམས་པ་བཅིངས་པ་མནན་པ་བྱད་མཐུར་བཅུག་པ་ཐམས་ཅད་ཛྭ་ལ་རཾ་རཾ་མཱ་ར་ཡ་ཕཊ༔ ཅེས་མནན་པ་ཐེག༔ བཅིངས་པ་རྣམས་ཆད་པར་བསམ༔ མེ་ཧོམ་ལ་ལན་བདུན་འགོང༔ གོས་བསྒྱུར༔ བུམ་པས་ཁྲུས་བྱ་ཁར་འཐུང༔ ཕྱོགས་གཙང་སར་སྡོད༔ དེ་ལྟར་ལན་གསུམ་གྱིས་གཏད་ཁྲམ་ཐམས་ཅད་དང་མཐུ་བྱད་ངན་སྦྱོར་ཐམས་ཅད་གྲོལ་བར་ཐེ་ཚོམ་མེད་དོ༔ ཞག་གསུམ་གྱི་བར་མི་དང་གནས་གདོན་ཆེན་གྲིབ་ཅན་སྤང༔ ྈ་ར་མཱ་སྔས་སུ་མི་འཇུག༔ ཤེས་རབ་རིགས་ངན་དང་མི་འགྲོགས༔ སློབ་མ་སྙིང་ལྟ་བུ་མ་གཏོགས༔ གང་བྱུང་བྱུང་གར་ཐོད་དུ་མི་བྱ༔ རང་ལ་ཟློག་ཉེན་ཡོད་དོ༔ ཤུ་བྷཾ༔ ༔
འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས། སྨིན་བྱེད་རྩ་བའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆར་རྒྱུན་ (Volume 10, Text 43)
༄༅། །འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས། སྨིན་བྱེད་རྩ་བའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་བཛྲཱ་ཡ། འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མཁའ་དང་མཉམ། །དེ་ཉིད་བླ་མའི་སྐུར་བསྟན་ནས། །སྙིགས་མའི་གདུལ་བྱ་སྐྱོང་ལ་འདུད། །ངོ་མཚར་བླ་སྒྲུབ་སྐོར་བཞི་ལས། །གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ་ཡི། །རྩ་བའི་སྨིན་བྱེད་བདུད་རྩིའི་ཆར། །སྐལ་ལྡན་ཞིང་སའི་གསོས་སུ་ལོངས། །འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་རྩ་བའི་སྨིན་བྱེད་སྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ཡོ་བྱད་གཤོམ་ནི། ཡར་ངོའི་ཚེས་བཅུ་དང་གུ་རུའི་སྒྲུབ་གནས་ལྟ་བུའི་དུས་དང་གནས་བཟང་པོར་མཛེས་པའི་སྟེགས་ལ་དཀྱིལ་འཁོར་པདྨ་འདབ་བརྒྱད་ཚོམ་བུ་གཅིག་པའི་སྟེང་དུ་རྐང་གསུམ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་བཅས་པའི་སྟེང་དུ་འཕྲུལ་སྟེགས་ལ་བླ་གཏོར་རྒྱན་ལྡན་བཀོད། གོ་ཡུལ་མི་བདེ་ན་རྒྱབ་ཏུ་བཞག་ཀྱང་ཆོག །གཡས་གཡོན་དུ་ཐོད་པ་མཚན་ལྡན་མངར་སྦྱར་ཆང་གིས་བཀང་བ་དང་། མེ་ལོང་དྲི་མེད་རྟ་ཕག་ཙཀླི་དང་བཅས་པ་བཞག །ཕྱི་ནང་གི་མཆོད་གཏོར་ལག་ལེན་ལྟར་བཤམས་ལ་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་མཐར་ཆགས་སུ་གཏང་ཞིང་བཟླས་པ་ཅི་ནུས་བྱ། ལས་སྦྱོར་བཟླས་པའི་རྗེས་སུ་རྣམ་བུམ་གསལ་གདབ་སོགས་སྤྱི་ལྟར་བྱས་ཏེ་གཟུངས་ཐག་བླངས་ལ་སྒྲུབ་པའི་བཟླས་པ་བརྒྱ་རྩ་སོགས་ཀྱི་མཐར་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་། སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་བསྒྲལ་བསྟབ་ཀྱི་བར་དུ་བཏང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་དངོས་ལ། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་འཆད་པར་བྱ་བ། གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་གཏེར་མའི་ཕྱོགས་ལ་གཏེར་རིགས་ཀྱི་དབྱེ་བ་མང་དུ་གསུངས་པ་རྣམས་མདོར་དྲིལ་ན། ཕྱི་ས་གཏེར། ནང་དག་སྣང་། གསང་བ་དགོངས་པའི་གཏེར་ཁ་གསུམ་དུ་འདུ་བ་ལས་འདིར་ནི་ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར་ཁ་ཡིན་ཏེ། དེའི་ལོ་རྒྱུས་སྙིང་པོ་ཙམ་བརྗོད་ན། རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་རྡོ་རྗེ་ཉིད་གངས་ལྗོངས་བསྟན་པའི་ཤིང་རྟ་ཆོས་རྒྱལ་ཆེན་པོའི་རྣམ་པར་བཞེངས་པ་ཚངས་པ་ལྷའི་མེ་ཏོག་དེ་ཉིད་སྙིགས་མའི་དུས་མཐར་བོད་འབངས་སྐྱོབ་པའི་དཔལ་མགོན་དུ་བསམ་བཞིན་སྤྲུལ་པའི་རོལ་གར་བཟུང་བ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་གང་ཉིད་དགུང་གྲངས་ས་སྤྲེལ་ཉེར་དགུར་སོན་པའི་སྐབས་བོད་ཡུལ་དབུས་སུ་ཕེབ་པའི་བྱང་ལམ་དགེ་རྒྱལ་ཕྱོགས་སུ་ཁྲུམས་ཟླའི་ཚེས་བཅུར་ཁེལ་བས་བླ་མ་གསང་་་་་་་་་་འདུས་ཚོགས་མཆོད་མཛད་པས་ཐུགས་ཉམས་འབར། ཕྱི་རོལ་དུ་ཕེབ་སྐབས་བྲག་ཕུག་ཁ་ལྷོ་ནུབ་ཏུ་བལྟ་བ་ཡིད་དུ་འོང་བ་ཞིག་འདུག་པའི་ནང་དུ་ཕེབས་པས་ཐུགས་སྤྲོ་བར་བྱུང་ནས་བླ་མའི་རྣལ་འབྱོར་ཞིག་མཛད་པའི་མཐར་ཅུང་ཟད་མནལ་དུ་སོང་བ་ལ་སྒྲ་ཆེན་པོ་ཞིག་གྲགས་པས་སད་པ་ན། མདུན་གྱི་ནམ་མཁར་གུ་རུ་ཟ་ཧོར་མའི་ཆས་ཅན་གཙོ་འཁོར་གསུམ་མངོན་སུམ་བྱོན་ནས་བརྡའི་བྱིན་རླབས་བསྩལ་ཏེ་ཉིད་ལ་ཐིམ་པའི་རྗེས་ཐོག་ཏུ་མཚོ་སྐྱེས་སྙིང་ཐིག་གི་རྩ་བའི་ཆོས་སྐོར་ཐུགས་ལ་ལམ་མེར་གསལ་བས་དེ་ཉིད་དུ་ལས་བྱང་རྫོགས་པར་གཏན་ལ་ཕབ། དེ་ནས་ཐ་སྐར་ཟླ་བའི་ཚེས་བཅོ་ལྔར་བསམ་ཡས་སུ་ཕེབས་ཏེ་རྫོང་དུ་བཞུགས་པའི་ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་མདུན་མཆོད་པ་རྒྱས་པར་ཕུལ་ནས་སྔ་མའི་ལས་བྱང་བཏང་བའི་ཚེ་སྐུ་བརྙན་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་དབང་དང་གདམས་པ་བསྩལ་ཏེ་ཉིད་ལ་ཐིམ་པའི་གཟིགས་སྣང་ཤར། ཡན་ལག་ཆོས་སྐོར་རྣམས་ཀྱང་དགོངས་པའི་ཀློང་དུ་གསལ་ཡང་རིང་ཞིག་གསང་རྒྱས་བཏབ། དགུང་གྲངས་སོ་བདུན་མེ་འབྲུག་རྒྱལ་ཟླའི་ཡར་ཚེས་ལ་གཏེར་ཆེན་མཆོག་གྱུར་གླིང་པས་རྗེ་ཉིད་ལ་བཞུགས་པའི་ཟབ་ཆོས་ཤིག་གི་སྨིན་གྲོལ་སྩོལ་བའི་གསོལ་བ་ནན་དུ་བཏབ་པའི་ངོར་རྩ་དབང་དང་ལས་བྱང་གི་བཤད་པ་བཅས་གནང་བའི་ནུབ་མོ་གཏེར་ཆེན་མནལ་ལམ་དུ་གུ་རུ་རིན་པོ་ཆེས་རྒྱལ་ཚབ་ཏུ་མངའ་གསོལ་བའི་ལྟས་ཁྱད་པར་ཅན་གཟིགས། དེའི་བྱིན་རླབས་ཀྱིས་སྣ་དྲངས་ཏེ་སེང་ཆེན་གནམ་བྲག་གི་གཏེར་ཁ་རྣམས་ཀྱང་ཕྱག་ཏུ་སོན། ཕྱིས་སུ་བསྙེན་སྒྲུབ་མཛད་པའི་མཐར་ཚེས་བཅུའི་ཚོགས་འཁོར་སྐབས་ཐུགས་ཉམས་འུར་ཏེ་ཌཱ་དྲིལ་བར་སྣང་ལ་བཞག་པ་ཉེ་གནས་པས་ཀྱང་མཇལ་བའི་མངོན་རྟགས་བྱུང་། དེ་ལྟ་བུའི་ཡིད་ཆེས་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་ཁྱད་དུ་འཕགས་པ་འདི་ནི་སྤྲུལ་པའི་གཏེར་ཆེན་རྣམ་པ་གཉིས་ཐུན་མོང་གི་ཟབ་ཆོས་བླ་སྒྲུབ་སྐོར་བཞིའི་ནང་ཚན་གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ་ཞེས་གྲགས་པ་སྟེ། འདི་ལའང་རྩ་བ་དང་ཡན་ལག་གི་ཆོས་སྐོར་གཉིས་ལས་འདིར་རྩ་བའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་དབུལ་དུ་གཞུག །གནས་ཁང་འོག་མིན་པདྨ་འོད་ཀྱི་ཞིང་དང་གཞལ་མེད་ཁང་ཆེན་པོར་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་གིས་བཀང་སྟེ་་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྣོད་ལྡན་རིགས་ཀྱི་བུ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྒོ་གསུམ་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་རྒྱལ་ཀུན་འདུས་ཞལ་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ་དཀོན་མཆོག་རྩ་གསུམ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་ནས། སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་གུ་རུ་རིན་པོ་ཆེའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཏེ། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ གཞན་དོན་ནས། སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་ཐབས་ཁྱད་པར་དུ་འཕགས་པ་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་ཏིང་ངེ་འཛིན་སོ་སོར་གསལ་ཐོབ་ལ་རྗེས་ཟློས། ཧོ༔ འཆི་མེད་རྩ་གསུམ་ནས། སྙིང་པོར་བསྔོ༔ ལན་གསུམ། དབང་གི་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པ་ཡིན་པས་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་བསྲུང་ཞིང་སྤེལ། དུས་སྐབས་དགོས་པ་གང་གཙོའི་ལག་ལེན་ཐད་ཀར་སྤྱད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་འདི་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། དེ་རྣམས་ཀྱིས་རྒྱུད་རྣམ་པར་དག་པར་བྱ་བ་སོང་ནས། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་བཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་གསལ་ཐོབ་ཅིག །ཨ༔ གཞི་དབྱིངས་ཀ་དག་དེ་བཞིན་ཉིད༔ སོགས་ནས། སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་མཛེས༔ བར་ལས་བྱང་ལྟར་བརྗོད། དེ་ལྟར་གསལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ་དང། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའི་དབྱིངས་གང་བ་འཕྲོས། སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་འཆི་མེད་མཚོ་སྐྱེས་རྡོ་རྗེའི་སྐུའི་རྣམ་པར་བཞེངས་ཏེ་ནམ་མཁའ་ནས་ཆར་ཆེན་པོ་འབབ་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད་ཅིག །འབེབ་པའི་རྫས་བདུག །དབྱངས་རོལ་དང་བཅས། ཧཱུྃ༔ སྔོན་གྱི་བསྐལ་པ་སོགས་ལས་གཞུང་ལྟར་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག་ལ་བརྟན་པར་བྱ། དེ་དག་རྣམས་ཀྱིས་འཇུག་པའི་རིམ་པ་གྲུབ་ནས་དངོས་གཞིའི་དབང་རྣམས་རིམ་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་འབུལ་གཞུག །དེ་ལ་དང་པོ་བུམ་པའི་དབང་གི་དོན་དུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་བཞིན། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བར་གཅོད་ཀྱི་བགེགས་བསྐྲད། ཡུམ་ལྔ་རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་ངོ་བོ་བདུད་རྩིས་བཀང་པའི་བུམ་པ་ཐོགས་ནས་དབང་བསྐུར་བའི་ཕྲིན་ལས་མཛད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། བུམ་པ་སྤྱི་བོར་བཞག་ལ། ཨོཾ༔ འཆི་མེད་རྩ་གསུམ་ལྷ་ཚོགས་ཀྱི༔ གསང་གསུམ་གནས་ལས་བྱུང་བ་ཡི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གསུངས་ཤིང་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས། རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱི་རྒྱས་བཏབ་པ་ལ་ནམ་མཁའི་དབང་ལྷ་རྣམས་ཀྱང་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་སོགས་དང་མེ་ཏོག་འཐོར་ལ་བརྟན་པར་བྱ། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་དང་པོའི་སླད་དུ་འདུན་པ་འདི་ལྟར་དུ་མཛོད། འདི་ལྟར་སྣང་བའི་སྣོད་ཀྱི་འཇིག་རྟེན་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང། བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་འཆི་མེད་མཚོ་སྐྱེས་རྡོ་རྗེའི་སྐུའི་རྣམ་པར་བཀྲ་ལམ་གྱིས་འཆར་བར་མོས་ལ་སེམས་གཏོད་ཅིག །དེས་སྐུའི་དབང་བསྐུར་ཐོབ་པས་དེང་ཕྱིན་ཆད་སྣང་སྟོང་ཕྱག་རྒྱའི་ལམ་ཁྱེར་དང་མ་བྲལ་བ་གྱིས་ཤིག །གཉིས་པ་གསུང་བཟླས་ལུང་གི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས། རང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པའི་གནས་གསུམ་ནས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ཕྱག་མཚན་དང་འོད་ཟེར་དཀར་དམར་མཐིང་གསུམ་རྣམ་པ་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ། སྐུ་བཞིའི་ས་བོན་རྒྱུད་ལ་བཞག །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ལ་བསྙེན་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས་ལན་གསུམ། ནམ་མཁར་བཞུགས་པའི་ལྷ་རྣམས་རང་རང་ལ་ཐིམ། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿདམར་པོ་རེ་གསལ་ཐོབ། སློབ་དཔོན་ཡང་དེ་ལྟར་གསལ་བ་ལ་མོས་གུས་བྱས་པས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་པ་སྙིང་གའི་ཧྲཱིཿཡིག་གི་མཐར་འཁོད་ཅིང་གཡས་སུ་འཁོར་བའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་ཅིང་ཐུགས་དམ་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཀྱི་རྣམ་པར་བསྡུས་ཏེ་ཐིམ། སྣོད་བཅུད་ཀྱི་དངོས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་སྒྲུབ་པའི་སྔགས་ཀྱི་རྗེས་ཟློས། ཞེས་སྒྲུབ་སྔགས་ལན་གསུམ། སླར་ཡང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་ཕྲིན་ལས་བཞི་དང་དངོས་གྲུབ་རྣམ་གཉིས་འབད་མེད་དུ་འགྲུབ་པར་མོས་ལ་ལས་སྦྱོར་སྔགས་ཀྱི་རྗེས་ཟློས། དེ་ལྟར་རྗེས་ཟློས་བྱར་གཞུག །དེས་གསུང་གི་དབང་ཐོབ་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་ལམ་ཁྱེར་དང་མ་བྲལ་བ་གྱིས་ཤིག །གསུམ་པ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ། བསྒོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ནམ་མཁའ་ལ་འཇའ་ཚོན་ཡལ་བ་བཞིན་འོད་གསལ་གཉུག་མའི་ཀློང་དུ་ཐིམ་པར་མོས་ལ་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཅེས་ཅུང་ཟད་འཇོག །དེས་ཐུགས་ཀྱི་དབང་ཐོབ་པས་དེང་ཕྱིན་ཆད་རིག་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བ་གྱིས་ཤིག །དེ་ལྟར་ན་དེ་རྣམས་ཀྱིས་རྩ་གསུམ་ཡོངས་རྫོགས་ལ་བརྟེན་ནས་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྙེན་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དག་པ་བརྗོད། གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སླར་ཡང་སློབ་དཔོན་དང་ཁྱེད་རང་རྣམས་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཐལ་སྦྱར་ཕྲེང་བ་དང་པདྨ་བསྣམས་ཤིང་ཡུམ་དང་བཅས་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུར་ལམ་གྱིས་གྱུར་པར་མོས་ཤིག །བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མཁའ་གསང་ནས་ཕྱུངས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ལ་བྱིན་པ་མགྲིན་པའི་ལམ་བརྒྱུད། རྩ་ཁམས་ཐམས་ཅད་ལ་ཁྱབ་པས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་གྲོལ་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ འཇིག་རྟེན་དབང་ཕྱུག་བདེ་བ་ཆེ༔ རྡོ་རྗེ་བཙུན་མོར་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ རྩ་རླུང་དབུ་མར་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་སྒྲིབ་པ་དག །ལམ་རྩ་རླུང་ཉེ་བར་བསྙེན་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་འདུན་འདི་བཞིན་དུ་མཛོད། སློབ་དཔོན་དང་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཁྲོ་ཞིང་འཛུམ་པའི་ཉམས་ཅན་ཡུམ་ཕག་མོ་མཐིང་གས་འཁྱུད་པ། གཉིས་ཀའང་གྲི་གུག་དང་ཐོད་པ་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་རྟ་ཞལ་ཕག་ཞལ་གྱིས་མཚན་པ། བདེ་དྲོད་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པར་གསལ་ཐོབ། རྟ་ཕག་ཡབ་ཡུམ་གྱི་ཕྱག་རྒྱ་སྣང་སྟོང་སྒྱུ་མ་ལྟ་བུའི་བརྡས་མཚོན་ཏེ་ཆོས་ཐམས་ཅད་དོན་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྟགས་ལྷན་སྐྱེས་སུ་གྲུབ་པ་ཉིད་ཟབ་མོའི་གནད་ཀྱིས་ལམ་དུ་ཁྱེར་དགོས་པའི་དོན་རྟོགས་པར་གྱིས་ཤིག །མེ་ལོང་ངོས་སུ་རྟ་ཕག་སྐུ་གཟུགས་ཤར་བ་བསྟན་ལ། ཧཱུྃ༔ བདེ་ཆེན་ཐབས་མཆོག་གར་གྱི་དབང༔ ཤེས་རབ་སྟོང་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་ཕྱག་རྒྱས་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་དབང་ཆེན་རྟ་མགྲིན་གྱི་ཡུམ་ལས་ཕག་མོ་གཉིས་པ་འཕྲོས། ཁྱེད་རང་གི་ཡུམ་ལ་ཐིམ་པས་ཁྱེད་རང་རྟ་ཕག་ཡབ་ཡུམ་དངོས་སུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་ཟབ་མོ་འདི་ལ་བརྟེན་ནས་བདེ་ཆེན་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་དེ་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་རིམ་པར་སྐྱེས་པའི་རང་ངོ་ལ་མཉམ་པར་བཞག་པས་མཐར་ཐུག་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །དེ་ལྟར་རྟ་མགྲིན་ཡབ་ཡུམ་ལ་བརྟེན་ནས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་དགའ་བཞིའི་ཡེ་ཤེས་སྒྲུབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དོན་དམ་རིག་པ་རྩལ་གྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད་ཅིག །གཏོར་མ་ཐོགས་ལ། དབྱིངས་ཀྱི་ངོ་བོ་གཏོར་སྣོད་གཞལ་མེད་ཁང་དུ་རིག་པའི་རང་བཞིན་བླ་མའི་གཏོར་ཆེན་དང་། སློབ་དཔོན་ཁྱེད་རང་རྣམས་དང་བཅས་པ་སྐད་ཅིག་གིས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན། སྐུ་མདོག་དམར་པོ་མཉམ་གཞག་ལྷུང་བཟེད་འཛིན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་ལམ་སྟེ་གྱུར་པ་ལ། གཏོར་མའི་ལྷ་སྤྱི་བོར་སྤྱན་དྲངས་ཏེ་རྡོ་རྗེ་ཡེ་ཤེས་ཆེན་པོའི་བྱིན་རླབས་སྩོལ་བར་མོས་ལ་དད་གུས་དྲག་པོ་སྐྱེད་ཅིག །ཨ༔ གཏོར་སྣོད་ཀ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ལྷུན་གྲུབ་རིག་པའི་སྐུ༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་དྷཱརྨ་དྷཱ་ཏུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གཏོར་མ་མགོར་བཞག །གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་འཕོ་བའི་བྱིན་རླབས་ཐོབ། བླ་མ་ཆོས་སྐུའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས། གནས་ལུགས་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར་པར་མོས་ལ་རིག་སྟོང་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཨ་ཨ་ཨ༔ ཞེས་དཔོན་སློབ་གཉིས་ཀས་དར་གཅིག་མཉམ་པར་བཞག །སླར་ཡང་ལྟ་སྒོམ་སྤྱོད་འབྲས་བཞིའི་ངོ་སྤྲོད་མདོར་བསྡུ་བའི་ཚུལ་གྱིས་གདབ་པ་ཡིན་པས་འདི་ལ་གསན་འཚལ། དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཡིན་པས། ཇི་སྐད་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་ཀུན་ལས་འདས་པ། གདོད་མ་ནས་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལྟ་བུའི་དབྱིངས། དེ་ཉིད་སོ་སོ་རང་གི་རིག་པ་མངོན་སུམ་པས་ཉམས་སུ་མྱོང་བའི་སྤྱོད་ཡུལ་ཅན། དུས་གསུམ་རྒྱལ་བ་མ་ལུས་པ་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བ་དབྱིངས་དང་རིག་པ་ཟུང་དུ་འཇུག་པའི་ཡེ་གྲོལ་ལ་བསྐྱར་གྲོལ་གྱིས་ལྷན་པ་གདབ་མི་དགོས་པ་ཤེས་རིག་ཟང་ཀ་མ་འདི་ཀ་ཡིན་ལ། དེ་ལྟར་ལྟ་བ་རིག་སྟོང་རྗེན་པ་ངོ་འཕྲོད་ཕན་ཆོད། སྒོམ་པ་ཉམས་མྱོང་དང་འབྲེལ་དགོས་པས། དྲན་པས་ཟིན་ཙམ་ནས་གསལ་བ་སྟོང་པ་རིག་པའི་སྙིང་པོ་ཅན་གྱི་ངང་བསྐྱངས་ནས་ཉམས་ལེན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གོམས་པར་བྱ་དགོས། ལྟ་སྒོམ་གྱི་བོགས་འདོན་དུ་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱོད་པས། འབྲས་བུ་གཞན་དོན་དང་འབྲེལ་བ་རིང་པོར་མི་ཐོགས་པ་ཤུགས་ལས་འབྱུང་བ་ཡིན་པས་དེ་ལྟར་ཉམས་སུ་ལོངས་ཤིག །ཅེས་གདམས། དེ་ལྟར་ཡེ་ཤེས་སེམས་དཔའི་བྱིན་རླབས་འཕོ་བ་ལ་བརྟེན་ནས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །ལམ་ཀ་དག་ལྷུན་གྲུབ་རྫོགས་པ་ཆེན་པོ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ཤིས་བརྗོད་ལས་བྱང་ནས་འབྱུང་བ་སོགས་ཇི་ལྟར་འོས་པ་བརྗོད། དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་དང་ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་དང་གསང་བ་སྤྱིའི་རིགས་འགྲེ་སྦྱར་བས་འགྲུབ་བོ། །འདིར་འབད་དགེ་བས་མཚོ་སྐྱེས་རྗེའི། །གསང་གསུམ་ཕྲིན་ལས་དང་བཅས་པ། །བདག་གཞན་འགྲོ་བས་མྱུར་འགྲུབ་སྟེ། །འཆི་མེད་རྡོ་རྗེའི་དཔལ་ཐོབ་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཞལ་ལུང་མ་ནོར་བར་ཆོས་འདིའི་སྣོད་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས༔ གཤིན་རྗེའི་ཡང་ཟློག་སྤུ་གྲི་རེག་གཅོད་ (Volume 53, Text 43)
འུའུའུ༔ པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་ལས༔ གཤིན་རྗེའི་ཡང་ཟློག་སྤུ་གྲི་རེག་གཅོད་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ ལོག་འདྲེན་སྲིན་པོའི་ཚོགས་རྣམས་ཁ་གནོན་ལ༔ པད་འབྱུང་ང་ནི་རྔ་ཡབ་གླིང་དུ་འགྲོ༔ མ་འོངས་བོད་ཁམས་འགྲོ་བ་གདུལ་དཀའ་ཡང༔ ང་ཡི་རིག་འཛིན་སངས་རྒྱས་ཀུན་གྱི་སྲས༔ འགྲོ་བ་འདུལ་ཕྱིར་མ་ངེས་སྣང་ཚུལ་ཅན༔ འོད་ཟེར་མིང་ཅན་སྙིང་པོའི་དགོངས་དོན་འཛིན༔ མཐོང་ཐོས་སྐྱེས་བུ་དོན་དང་ལྡན་ན་ཡང༔ གུས་པར་མི་འདུན་འགྲན་སེམས་ལོག་རྟོག་མང༔ དུས་ཀྱི་དབང་གིས་སྐྱེ་བརྒྱུད་བར་ཆད་ཆེ༔ གཞན་སྐྱོན་རིགས་ལྡན་ཕྱག་རྒྱས་གསོལ་མི་འདེབས༔ བར་ཆད་ངང་རྒྱུད་རིང་བའི་དབང་སོང་ན༔ གླང་སྟག་གཉིས་ལ་སྐྱེ་བ་འཕོ་ཉེན་ཆེ༔ བོད་ཁམས་བདུད་སྤྲུལ་རྒྱལ་བསེན་འབྱུང་པོས་གང༔ འགྲོ་ལ་གནོད་པ་འབྱུང་བཞིའི་ནད་སློང་ཞིང༔ ལུས་སེམས་འཁྲུགས་པས་འཁྲུལ་པ་སྣ་ཚོགས་འཆར༔ འོན་ཀྱང་ང་ཡི་རྗེས་འཇུག་ལས་སྨོན་ཅན༔ སྐུ་གསུང་ཐུགས་གཏེར་ཟབ་མོའི་སྒོ་འབྱེད་པས༔ དུས་བབས་དབང་གིས་ཕན་པ་དཔག་མེད་ཀྱང༔ ལོག་རྟོག་སྐྱེ་བོའི་བར་ཆད་དུ་མ་འབྱུང༔ བདེན་པའི་ལུགས་བཞིན་དེ་ལ་འདུད་གྱུར་ན༔ ྈྈྈྈྈྈྈྈྈཕྱི་རབས་ཀུན༔ རྐྱེན་ངན་དགྲ་བགེགས་སྲོག་ལ་རྒོལ་བ་དང༔ དཔོན་སློབ་དམ་སེལ་སྙིང་པོའི་བསྟན་ལ་གནོད༔ དེ་དག་སྒྲོལ་ཕྱིར་ཟློག་སྔགས་སྤུ་གྲི་བཞག༔ མ་འོངས་སྙིང་ལ་ཆོངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གང་དུ་གནས་ཤིང་སྒྲུབ་པའི་ས་ཕྱོགས་དེར༔ གནམ་ལྕགས་ཨུར་མོ་གྲུ་གསུམ་གཅིག་ཏུ་བསྒོམ༔ དེ་ལས་མེ་ཡི་ཚྭ་ཚྭ་ཐོག་ལྟར་འཕྲོས༔ བྱད་མ་ལྷ་སྲུང་སྐད་ཅིག་བསྲེགས་པར་བསམ༔ དེ་ཡི་ཕྱི་རིམ་གནམ་ལྕགས་འཁོར་ལོ་ཡི༔ རྩིབས་སྟོང་ལྡན་པས་དགྲ་བགེགས་ཧྲུག་ཧྲུག་བཅད༔ གཤིན་རྗེ་མ་མོ་བདུད་སྲིན་སྤྲིན་བཞིན་འཁྲིགས༔ དེ་ཡི་ཕྱི་རིམ་རྡོ་རྗེ་མཚོན་ཆ་དང༔ འབྱུང་ལྔའི་སྲུང་འཁོར་སྤུ་གྲི་རེག་གཅོད་ལྟར༔ ཕྱི་རོལ་འཁོར་བས་དགྲ་བགེགས་ཐུལ་བར་བསམ༔ ཨུར་མོའི་ནང་དུ་ཁྲོ་ཆུ་ཁོལ་མའི་དབུས༔ པདྨ་ཉི་མར་གཤིན་རྗེ་ཆུ་གླང་གདན༔ དེ་སྟེང་རང་ཉིད་གཤིན་རྗེའི་རྒྱལ་པོ་ནི༔ སྐུ་མདོག་མཐིང་ནག་རལ་གྲི་གདེངས་པ་ཅན༔ དུར་ཁྲོད་ཆས་བརྒྱད་ཕྱག་གཡས་རལ་གྲི་དང༔ གཡོན་པས་སྡིགས་མཛུབ་ལྕགས་ཀྱུས་དགྲ་བགེགས་འགུགས༔ བཟླས་པས་རང་གི་སྙིང་གར་པད་ཉིའི་སྟེང༔ གནམ་ལྕགས་རལ་གྲི་བསྣོལ་མ་གཡོན་འཁོར་བས༔ དཔའ་བོ་གྲི་ཁྲག་དགྲ་བོར་བསམས་ནས་མིད༔ སྐད་ཅིག་ཤ་ཁྲག་དམར་ཐོར་སོང་བ་ལ༔ གསང་གནས་འཁོར་ལོར་གཤིན་རྗེ་མ་མོའི་ཚོགས༔ ཧབ་ཧབ་ཟོས་པས་ལྷག་མར་རྔམས་དུང་བསམ༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ ས་ག་དུ་ན་ཟློག༔ ར་ཙ་དུ་ན་ཟློག༔ སུཾ་ཏྲི་རཀྴ་དུ་ན་ཟློག༔ མ་ཧཱ་རཀྴ་དུ་ན་ཟློག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫུ་ཡ་མ་རཱ་ཙ་ཟློག༔ ཨོཾ་ཏི་སྒྱུར་ཐི་ཁྲོམ་བྷ་ལ་ཡ་ཅི་ཟློག༔ ཨོཾ་བཛྲ་གྷ་ལིང་ཀ་ཟློག༔ ཆེ་གེ་ལ་བྷྱོ༔ ཡ་མ་རུ་ཏྲ་ཙ་ཤ་ད་ར་ས༔ བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་ལ་མཱ་ར་ཡ་རྦད་རྦད༔ རྩ་ལ་རྒྱུག་རྒྱུག༔ སྙིང་ལ་མྱོག་མྱོག༔ མཱ་ར་ཡ་རྦད༔ ལྷོའམ་ནུབ་ཀྱི་ཕྱོགས་སུ་ཁ་གཏད་ནས༔ བཟླ་ཚེ་ལྕེ་ཉིད་གནམ་ལྕགས་སོ་གཉིས་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགོང་དུས་གོང་གི་སྲུང་འཁོར་གསལ་བཞིན་དུ༔ རི་རབ་རྩེ་རུ་བདག་ཉིད་ཡོད་པར་བསམ༔ བང་རིམ་བཞི་པའི་སྟེང་ནས་གཟའ་བདུད་ནི༔ ཤིན་ཏུ་འཇིགས་ཤིང་མི་སྡུག་གཟུགས་ཀྱི་ཁ༔ གནམ་ས་ཙམ་གདངས་མཆེ་གཙིགས་མིག་སྟོང་འཁྱུགས༔ གནོད་བྱེད་འབྱུང་ལུས་རྦད་རྦད་འཕངས་པ་ལ༔ རྔམས་རྔམས་ཚུལ་གྱི་འུབ་ཀྱིས་ཟོས་པར་བསམ༔ ཐལ་བརྡབ་དགྲ་ཡི་ཕྱོགས་སུ་རྦད་པ་འམ༔ ཡང་ན་རྒྱ་མཚོའི་ཀློང་དུ་ཐིམ་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནོད་བྱེད་གདོན་ལ་གནན་པ་བྱ་བ་ནི༔ སཱཙྪ་ནག་པོ་རྟེན་འབྲེལ་མེད་པ་གཅིག༔ གྲུ་གསུམ་ནང་དུ་ལིང་ག་གནོད་བྱེད་གཟུགས༔ རིད་ཅིང་སྐེམ་ལ་ཉམ་ཐག་ལྕགས་སྒྲོག་བཅུག༔ དེ་ཡི་སྙིང་གར་དྲག་པོའི་རྩ་སྔགས་བྲི༔ བསྐྱེད་རིམ་ལྡན་པས་དགུག་གཞུག་ཡང་ཡང་བྱ༔ ཕྱིན་ཀ་ལོག་དྲིལ་སཱཙྪའི་ནང་དུ་གཞུག༔ རྡོ་རྗེ་རྒྱ་གྲམ་བྲིས་པས་ཞབས་བསྡམ་མོ༔ མལ་འོག་གྲུ་གསུམ་སཱཙྪ་མགོ་ལོག་གཞུག༔ རོ་གཡམ་རྒྱ་གྲམ་བྲིས་ལ་དོང་ཁ་བཅད༔ དེ་ཉིད་རི་རབ་མོས་བྱས་མནན་པར་བསམ༔ དེ་སྟེང་འཇམ་བྱས་རང་གི་མལ་བཅའ་འོ༔ བརྒྱུད་ལྡན་བསྐྱེད་རྫོགས་བརྟན་པོས་མནན་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱད་ཟློག་གཤིན་རྗེ་རྒོལ་དུ་མེད་པ་འདི༔ ཕ་རོལ་ཡང་ཟློག་མཁན་གྱི་གཤེད་མ་ཡིན༔ སྤུ་གྲི་རེག་ཆོད་གཤིན་རྗེ་ལོག་སྔགས་འདི༔ བཻ་རོ་ཁྱོད་དང་ལྷ་སྲས་མ་གཏོགས་པ༔ རྗེ་འབངས་འཁོར་ནི་སུ་ལའང་བསྟན་པ་མེད༔ ད་ལྟ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ འདི་ཉིད་རྒྱས་པ་ཀ་བ་བཞི་ལ་ཡོད༔ འབྲིང་པོ་དབང་ཕྱུག་གནས་སུ་སྦས་པ་འོ༔ བོད་ཁམས་འགོང་ཞུགས་ནང་ཞིག་འབྱུང་བའི་དུས༔ མཐའ་དམག་དབུས་ལུད་བོད་ཁམས་འཇོམས་ལ་ཉེ༔ དུས་ལ་བབ་བོ་སྙིང་ལ་ས་མ་ཡ༔ ཆོས་མིན་སྤྱོད་ཅིང་གསེར་སྲང་སྟོང་བྱིན་ཡང༔ འདི་ཉིད་སྤེལ་ཚོ་ང་ཡི་དམ་ལས་འདས༔ ཐོག་མར་མ་སྤེལ་ལོ་གསུམ་བར་དུ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གབ་རྒྱ༔ འོད་གསལ་སྣ་ཚོགས་རང་གྲོལ་གྱི་གཏེར་མའོ། །སརྦ་མངྒ་ལཾ།། །།
དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ་ (Volume 9, Text 43)
༄༅། །དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་དབང་བཤད་ཟབ་དོན་དགོངས་དྲིལ་ཞེས་བྱ་བ་བཞུགས་སོ། ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། དེ་ཡང་ཐེག་པའི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས་ཁྱད་པར་འཕགས་པ། བཀའ་གསང་བ་ལས་ཀྱང་ཆེས་གསང་བ། མྱུར་ལམ་གཏན་བདེ་འབད་མེད་དུ་སྩོལ་བ་ནི། ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་ཁོ་ན་ལས་གཞན་དུ་མ་གྱུར་ཅིང་། དེ་ལའང་གཞི་སྨིན་བྱེད་ཀྱི་ས་བོན་ལེགས་པར་མ་ཐེབས་ན། ལམ་ཟབ་མོ་བསྒོམ་ཡང་འདོད་པའི་འབྲས་བུ་ཐོབ་པར་མི་འགྱུར་བའི་ཕྱིར། སྨིན་བྱེད་ཟབ་མོས་རྒྱུད་བརླན་པ་གལ་ཆེ་ཞིང་། སྨིན་བྱེད་ལམ་གྱི་འཇུག་སྒོ་དེ་ལའང་དཔག་ཏུ་མེད་ཀྱང་། མཆོག་གི་དངོས་གྲུབ་ཐོབ་པར་འདོད་པས་ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྩོན་དགོས་ཚུལ་སྔགས་གསར་རྙིང་ཡོངས་ཀྱི་བརྗོད་དོན་གཅིག་ཏུ་ངེས་ཏེ། བདུད་རྩི་འབྱུང་བའི་རྒྱུད་ལས། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་གཅིག་པུ་བསྒོམ་པས་མཆོག །ཅེས་སོགས་ལུང་འབྱམས་ཀླས་ཤིང་། དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་གཅིག་བསྡུས་གུ་རུ་པདྨ་འབྱུང་གནས་ལས་ལྷག་པའི་བླ་མ་ནི་གཞན་དུ་མ་མཆིས་ཏེ། ཚུལ་ཇི་ལྟར་ཞེ་ན། གདོད་ནས་སྐྱེ་འཆི་འགྱུར་མེད་རྡོ་རྗེའི་སྐུའི་ཕྲིན་ལས་རབ་འབྱམས་ལ་མངའ་དབང་བསྒྱུར་ཞིང་དུས་གསུམ་དུས་མེད་ཐམས་ཅད་དུ་འཛམ་གླིང་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཛད་ཚུལ་བསམ་གཞིག་གི་ཡུལ་ལས་འདས་ཀྱང་ཅུང་ཟད་ཙམ་་ཞིག་བརྗོད་ན། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡོན་ཏན་བརྩེགས་པའི་རྒྱལ་པོ་ཞེས་བྱ་བས་རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་འགྲོ་དོན་དཔག་ཏུ་མེད་པ་མཛད་པ་དང་། དེ་དང་དུས་མཚུངས་པར་བདུད་རྩི་སྨན་སྦྱིན་ཆེན་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་སྤྲུལ་པ་དང་། དེ་བཞིན་དུ་སངས་རྒྱས་གཙུག་ཏོར་ཅན་གྱི་དུས་རྒྱལ་པོ་ཤིང་རྟ་ཅན་དང་། བྱང་སེམས་སྙིང་སྟོབས་ཆེན་པོ་ཞེས་པ་དང་། སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་དུས་སུ་ཆོས་རྒྱལ་གསེར་གྱི་དབང་ལག་དང་། སངས་རྒྱས་ལོག་པར་དད་སེལ་གྱི་དུས་ཆོས་སྐྱོང་ལྷའི་དབང་ཕྱུག་ཅེས་བདེ་བ་ཅན་གྱི་ཞིང་ནས་སྤྲུལ་པའི་ཚུལ་དུ་བྱོན་པའི་རྒྱལ་པོ་དང་། འཁོར་བ་འཇིག་གི་དུས་བྱང་སེམས་ཆུའི་འཁོར་ལོ་ཞེས་བྱ་བས་འགྲོ་བའི་དོན་མཛད། སངས་རྒྱས་གསེར་ཐུབ་ཀྱི་དུས་ཆོས་རྒྱལ་སྦྱིན་པ་ལ་དགའ་བ་དང་། འོད་སྲུང་གི་བསྟན་པ་ལ་ཆོས་རྒྱལ་སྟོབས་ལྡན་དྲག་པོ་ཞེས་བྱ་བར་སྤྲུལ་ཞིང། དུས་དེར་བྱང་ཆུབ་སེམས་དཔའ་ཀུན་སྙོམས་དགེ་བ་ཅན་བྱ་བར་ཡང་སྤྲུལ་པ་དང་། སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ་དྷརྨ་ཧུ་ལ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞིག་དང་བཅས་བྱུང་སྟེ་འགྲོ་བའི་དོན་རྒྱ་ཆེར་མཛད་དོ། །སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་འཕགས་པ་ཤཱ་རིའི་བུ་དང་ཀུན་དགའ་བོ་སོགས་ཀྱི་སྐུར་བསྟན་ནས་བསྟན་པ་སྤེལ་བ་དང་། དེ་ནས་སྟོན་པ་ཞིང་འདིའི་གདུལ་བྱ་རྫོགས་པའི་སྐབས་སུ་མྱང་འདས་ཀྱི་མདོ་ལས། །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་དང་གཉིས་ཙམ་ན། །དྷ་ན་ཀོ་ཥའི་མཚོ་གླིང་དུ། །ང་བས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། མདོ་སྡེ་གསེར་འོད་ལས་ཀྱང་། །རྒྱལ་བསྟོད་པདྨ་འབྱུང་གནས་དེ་འདྲ་བ། །ཚེ་རབས་དེ་དང་དེར་ནི་རྙེད་གྱུར་ཅིག །ཅེས་གསུངས་བཞིན་བདུད་དང་མུ་སྟེགས་འདུལ་བའི་ཕྱིར་དང་། གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པ་པོར། དྷ་ན་ཀོ་ཥ་སྟེ་བོད་སྐད་དུ་ནོར་གྱི་མཛོད་ཅེས་བྱ་བའི་གླིང་དུ། རང་བྱུང་པདྨ་གེ་སར་སྡོང་པོ་ལ་བརྫུས་སྐྱེས་སུ་སྐུ་འཁྲུངས། ཨོ་རྒྱན་གྱི་རྒྱལ་པོས་སྲས་ཀྱི་སྐལ་པར་སྤྱན་དྲངས། རྒྱལ་སྲིད་ཆོས་བཞིན་སྐྱོང་བས་ཡུལ་ཁམས་བདེ་ལ་བཀོད། སླར་ཡང་རྒྱལ་སྲིད་སྤངས་ནས་དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་། རྡོ་རྗེ་རྣལ་འབྱོར་མ་དང་། གྲུབ་ཆེན་བརྒྱད་སོགས་བསྟེན་ནས་གསང་སྔགས་ཀྱི་ཆོས་རྣམས་གསན། འཛམ་གླིང་ཡུལ་གྲུ་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་མཛད། གུ་རུ་སྤྲུལ་པའི་མཚན་བརྒྱད་ཀྱི་སྐུར་བསྟན་ནས་འགྲོ་མང་སྨིན་གྲོལ་ལ་བཀོད། ཁྱད་པར་མཱ་ར་ཏི་ཀར་ཚེ་ལ་དབང་བ་དང་། ཡང་ལེ་ཤོད་དུ་ཕྱག་རྒྱ་ཆེན་པོ་སོགས་རིག་པ་འཛིན་པའི་དངོས་གྲུབ་ཐམས་ཅད་བརྙེས། དགུང་ལོ་སུམ་སྟོང་ཉེར་བརྒྱད་བཞེས་པ་ན་བོད་ཡུལ་འདིར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས། དཔལ་གྱི་བསམ་ཡས་སོགས་མཐའ་དབུས་ཀྱི་གཙུག་ལག་ཁང་རྣམས་ལ་རབ་ཏུ་གནས་པ་མཛད། ལྷ་སྲིན་མི་སྲུན་པ་ཐམས་ཅད་བཏུལ་ནས་དམ་ལ་བཞག །རྗེ་འབངས་ཉེར་ལྔ་སོགས་གྲུབ་ཐོབ་ཀྱིས་ས་སྟེང་བཀང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོར་བྱེད་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་ཞིང་། བོད་ཡུལ་འདིར་ཆོས་གཏེར་དང་ནོར་གཏེར་གྲངས་མེད་པ་སྦས། དེ་ནས་ཛམ་གླིང་འགྲོ་བའི་དོན་དུ་དགོངས་པ་ཁྱད་པར་ཅན་གྱིས་ལྷོ་ནུབ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་གྱི་ཆེད་དུ་ཟངས་མདོག་དཔལ་རིར་རྫུ་འཕྲུལ་གྱིས་ཕེབས་ཏེ། སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ་གྱི་སྐུར་བཞེངས་ནས་སྲིན་ཚོགས་ཆོས་ལ་བཀོད་པ་དང་། ཐུགས་རྗེའི་སྤྲུལ་པ། གསོལ་བ་འདེབས་ཤིང་ཚེས་བཅུའི་མཆོད་པ་ལ་འབད་པ་རྣམས་ཀྱི་དོན་དུ་རབ་དངོས། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་འབྱོན་ནས་རྗེས་སུ་འཛིན་པར་མཛད་དེ། ངེས་པའི་དོན་དུ་དང་པོའི་སངས་རྒྱས་ཀུན་བཟང་པདྨ་འབྱུང་གནས་ཉིད་ལས་གཞན་དུ་མ་གྱུར་ཏེ། དེ་ལྟར་རྣམ་ཐར་མཛད་ཕྲིན་ངོ་མཚར་བསམ་ལས་འདས་པ་རིགས་ཀུན་ཁྱབ་བདག་པདྨ་རྒྱལ་པོ་ཉིད་ཀྱིས། གངས་ཅན་བོད་ཀྱི་གདུལ་བྱ་རྣམས་ལ་རྗེས་སུ་གདམས་པའི་རིག་འཛིན་བླ་མའི་སྒྲུབ་ཐབས་གུ་རུ་ཙིནྟ་མ་ཎིའི་སྐོར་བརྒྱ་རྩ་ཙམ་ཟབ་མོའི་གཏེར་དུ་བཙས་པ་ལས་སྙིང་པོར་གྱུར་པ། སློབ་དཔོན་ཆེན་པོ་རྔ་ཡབ་གླིང་དུ་གཤེགས་ཀར། གུང་ཐང་ལ་ཐོག་ཏུ་ལྷ་སྲས་མུ་ཁྲི་བཙན་པོར་ཐུགས་བརྩེའི་ཞལ་ཆེམས་ཚུལ་དུ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མར་གྲགས་པ་འདི་ཉིད་ལྷ་སྲས་ཀྱིས་རུ་ལག་རྒྱང་གི་ལྷ་ཁང་དུ་སྦས་པ་སྤྲུལ་སྐུ་རི་ཁྲོད་པ་བཟང་པོ་གྲགས་པས་གཏེར་ནས་བཏོན། རིག་འཛིན་རྒོད་ལྡེམ་ཅན་གྱིས་ཤོག་སེར་མཁའ་འགྲོའི་བརྡ་ཡིག་ལས་བོད་ཡིག་ཏུ་འབེབ་པར་མཛད་དེ། སངས་རྒྱས་དངོས་སྣང་རིག་འཛིན་གཙོ་མཆོག་རྣམས་ལས་རིམ་པར་སྙན་དུ་བརྒྱུད་པའི་གསོལ་འདེབས་དང་འབྲེལ་བའི་དབང་བསྐུར་ཟབ་མོ་བགྱིད་པ་སྐབས་སུ་བབ་པ་ཡིན་ཏེ། མངའ་རི་པན་ཆེན་པདྨ་དབང་རྒྱལ་གྱི་གཏེར་བྱོན་རིག་འཛིན་ཡོངས་འདུས་དང་ཤོག་སེར་དང་དགོངས་གཏེར་གྱི་ཁྱད་ཙམ་ལས་བཀའ་བབ་གཅིག་ཏུ་གྱུར་ཅིང་། ལྷ་སྔགས་རྫོགས་རིམ་སོགས་ངོ་མཚར་དུ་མས་ཁྱད་དུ་འཕགས་པའི་ཆོས་བཀའ་འདི་ནི་ཨོ་རྒྱན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔ དཔལ་མགོན་ཆོས་དང་འཕྲད་སྲིད་ན༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ ཅེས་དང་། རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་བྱོན་ལུང་བསྟན་དུ། ཀཿཐོག་ཕྱོགས་ནས་ང་ཡི་སྤྲུལ་པ་ཡིས༔ སྟག་ར་ཀླུ་གང་སྤྲུལ་པ་བཟློག་ཀྱང་སྲིད༔ ཅེས་དང་། གཏེར་ཆེན་རོལ་པའི་རྡོ་རྗེའི་བྲག་གཏེར་ཕྱག་རྡོར་གྱི་ལུང་བྱང་ལས། ང་ཡི་གཏེར་གནས་གྲོ་ལོད་ཉེ་བ་ན༔ དཔལ་ལམ་དབང་པོའི་མཚན་ཅན་སྨེ་བ་ཡི༔ ག་ཤལ་ཅན་འབྱུང་དེ་ལ་གཏད་རྒྱ་དགོས༔ ཞེས་དང་། སྟག་ཚང་གྲོ་ལོད་ཀྱི་གསང་བའི་ལུང་བསྟན་ལས། པདྨ་ང་སྤྲུལ་ནག་པོས་བྱིན་བརླབས་ཤིང༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེར་སྐྱོན་མེད་མཁའ་འགྲོ་འདུ༔ ཞེས་སོགས་ཚད་གྲུབ་གཏེར་ལུང་མང་པོར་བསྔགས་པའི་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ། དཔལ་རྡོ་རྗེ་ཚེ་དབང་ནོར་བུའམ་འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞད་རྩལ་ཞེས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ནག་པོ་པ་དང་གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པའི་རོལ་པ་གཅིག་བསྡུས། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་སྤང་རྟོགས་ཡོན་ཏན་མཉམ་པ་ཉིད་ཀྱི་དགོངས་གཏེར་ཟབ་མོའི་བཀའ་སྲོལ་ཡིན་ཏེ། དེ་ཡང་རིག་འཛིན་མི་འགྱུར་རྡོ་རྗེའི་གཏེར་བྱོན་ཡེ་ཤེས་གསང་བ་ལས། ཁ་བ་ཅན་གྱི་རྒྱལ་ཁམས་འདིར༔ གཏེར་ཆེན་གཏེར་ཕྲན་བྱེ་བ་སྦས༔ ལས་ཅན་འཕྲད་པར་སྨོན་ལམ་བཏབ༔ འགྲོ་དྲུག་སྨིན་པར་སེམས་བསྐྱེད་ནས༔ འགའ་ཞིག་ནམ་མཁའི་ལྷ་ལ་གཏད༔ འགའ་ཞིག་ས་བདག་ཀླུ་ལ་གཏད༔ འགའ་ཞིག་དམ་ལྡན་སློབ་མ་ལ༔ མགོ་བོར་ཡེ་ཤེས་རྡོ་རྗེ་བཞག༔ དམ་ཚིག་བདུད་རྩི་བླུད་བྱས་ནས༔ ཐ་ཚིག་མི་བརྗེད་སྨོན་ལམ་བཏབ༔ ཀུན་གཞིའི་མཚོ་ལ་གཏེར་དུ་སྦས༔ ཞེས་གསུངས་བཞིན་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་རྒྱལ་དབང་པདྨ་འབྱུང་གནས་དང་ཡང་ཡང་མཇལ་ཞིང་དབང་བསྐུར་བྱིན་བརླབས་རྗེས་སུ་གནང་བའི་དགོངས་གཏེར་ཐུན་མོང་མ་ཡིན་པ་འདི་ཉིད་ཀྱི་དབང་ནི་རིག་འཛིན་ཉིད་དང་ཡེ་ཤེས་སྤྲུལ་རྒྱུད་གཅིག་པའི་གཏེར་སྟོན་རོལ་པའི་རྡོ་རྗེས་འགྱུར་མེད་གཏན་འཁྱིལ་མཚོ་ལས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་བླ་མ་རྒྱལ་བ་ཀུན་འདུས་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་ཀྱི་ལུགས་སུ་ཐོབ་པའི་ཕན་ཡོན་ནི། གཞུང་རྩ་བ་རྡོ་རྗེའི་ཚིག་ལས། བླ་མའི་སྒྲུབ་ཐབས་ཀུན་འདུས་ནོར་བུ་ལུགས༔ དེ་ཡི་བསྐྱེད་སྔགས་རྫོགས་རིམ་རྩ་བ་ཡིན༔ སྒྲུབ་ཐབས་བཅུ་གསུམ་མེ་ཕྲེང་སྨན་གྱི་བླ༔ རྨུགས་འཛིན་དག་གིས་དམག་དང་ནད་མུག་བཟློག༔ རྡོ་རྗེ་ཐོད་ཕྲེང་ཟིལ་གནོན་སེང་གེ་སྒྲ༔ གཏེར་དང་སྦས་ཡུལ་སྒོ་འབྱེད་འབྲོག་ཆེན་སྒྲོལ༔ པདྨ་བཛྲ་རྟ་ནག་གྲོ་བོ་ལོཏ༔ འབྱུང་བཞིའི་གནོད་པ་ཨར་ཇག་དགྲ་བོ་ཞི༔ སྤྱན་རས་གཟིགས་དང་སྣང་མཐའ་ཀུན་བཟང་གིས༔ འཆི་དང་བར་དོའི་དུཿཁ་དྲག་པོ་སེལ༔ ཀུན་གྱི་ངོ་བོ་རྩ་བའི་བླ་མ་སྟེ༔ དེ་བསྒྲུབ་གུ་རུའི་ཐུགས་རྗེས་འཕོ་མེད་གཟིགས༔ ཞེས་དང་། གུ་རུའི་ཐུགས་སྒྲུབ་གཞན་ལས་ཀྱང་། ཆོས་འདི་ཞལ་ཕྱེས་པ་ཙམ་གྱིས་མཐའ་དམག་ཕྱིར་བསྲིང་ནུས༔ ས་ཕྱོགས་དེར་ཡང་ལོ་ཕྱུགས་ལེགས་ཤིང་རླུང་འཚུབས་ཆུང༔ དད་འདུན་བྱེད་པའི་དུད་འགྲོ་ཡན་ཆད་བདེ་ཆེན་དག་པའི་ཞིང་དུ་འགྲོའོ༔ ཞེས་དང་། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེ་ལྟར་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་འཕགས་པ། ཆོས་བདག་ལས་ཅན་སྐྱེས་བུ་མཆོག་རྣམས་ཀྱི་ཞལ་ནས་ཞལ་དང་། སྙན་ནས་སྙན་དུ་བརྒྱུད་པ། ལམ་ཟབ་བླ་མའི་སྙིང་ཐིག །མཁའ་འགྲོའི་ཞལ་གྱི་དྲོད་རླངས་མ་ཡལ་བའི་དབང་བསྐུར་ཟབ་མོ་བགྱིད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སོང་ནས། སློབ་མའི་བྱ་བར་འོས་པ་མཎྜལ་ཕུལ། ཞེས་པ་འདིའང་༧སི་ཏུ་པ་པདྨའི་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་དྷྱ་ན་ནིརྨ་ཀཱ་ཡ་ཞེས་པས་བགྱིས་པའོ། །མངྒ་ལཾ།། །།
ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བུམ་ཆོག་དང་འབྲེལ་བའི་བྱང་ཆོག་ཤིན་ཏུ་བསྡུས་པ་ (Volume 48, Text 43)
༄༅། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བུམ་ཆོག་དང་འབྲེལ་བའི་བྱང་ཆོག་ཤིན་ཏུ་བསྡུས་པ་བཞུགས་སོ། ། བླ་མ་དང་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བུམ་ཆོག་དང་འབྲེལ་བའི་བྱང་སྲེག་བྱེད་པ་ལ་སྟེགས་བུ་ཁེབས་ལྡན་ལ་མེ་ཏོག་སིལ་མ་དགྲམ། མཎྜལ་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་བུམ་པ་བཅུད་ལྡན་ཆས་སྤྲས་བཤམ། གཞན་ཡང་གཏོར་མ། མཆོད་པ་མིང་བྱང་ཁེབས་ལྡན། ཟས་བསྔོ། བགེགས་གཏོར། མེ་ལོང་། ཡུངས་དཀར། སྔགས་བྱེ། རྡོར་དྲིལ་རྣམས་འདུ་བྱ། དེ་བས་ཀྱང་བསྡུ་ན། རང་མདུན་བུམ་སྟེགས་ཀྱི་ཁར་བུམ་པ་བཤམ་པའི་མཐར་རྣམ་ལྔ་བཤམས་པ་ཙམ་གྱིས་འཐུས། དེའི་ཚེ་ཆོ་གའི་སྐབས་མཆོད་པ་འབུལ་སྔགས་རྣམ་ལྔ་ཁོ་ན་ལས་གཞན་དོར་བས་ཆོག་ཅིང་། གང་ལྟར་ནའང་ལས་བྱང་གཏེར་གཞུང་དཀྱུས་བཞིན་གཏོང་བའི་བུམ་བཟླས་བྱས་པའི་མཐར། མིང་བྱང་ལ་བསང་ཆུ་འཐོར་ཞིང་། ཨོཾ་བཛྲ་ཨ་མྲྀཏ་སོགས། སྟོང་པའི་ངང་ལས་མིང་བྱང་ནྲྀཿལས་ཚེ་འདས་དངོས་སུ་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཚེ་འདས་ཀྱི་རྣམ་ཤེས་གང་དུ་གནས་ཀྱང་ནྲྀའི་རྣམ་པར་བཀུག་ནས་གཟུགས་ལ་ཐིམ་པར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་འཇིག་རྟེན་འདི་ནས་ཚེ་ཕ་རོལ་ཏུ་འདས་པའི་རྣམ་ཤེས་རིགས་དྲུག་དང་སྲིད་པ་བར་མ་དོ་གར་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ལན་གསུམ། བགེགས་སྦྱོང་བ་ནི། གཏོར་མ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ སརྦ་བིགྷྣཱན་ཨ་ཀརྵ་ཡ་ཛཿ སརྦ་བིགྷྣཱན་བ་ལིནྟ་ཁཱ་ཧི། ལན་གསུམ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ སྡིག་པ་སྦྱོང་བ་ནི། ཐལ་མོ་སྤྲད་བསྡམ་དྲལ་བས། ཚེ་འདས་ལུས་ཀྱི་གནས་དྲུག་ཏུ༔ རིགས་དྲུག་ས་བོན་དྲུག་བཀོད་དེ༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་སུ་ར་སཏྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ དེ་དག་རྣམས་ཀྱི་སྦྱོར་མཚམས་ནས༔ ཡེ་ཤེས་འོད་ཟེར་འཕྲོས་པ་ཡིས༔ རིགས་དྲུག་ས་བོན་བསྲེགས་པར་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྔགས་བྱེ་དང་ཡུངས་དཀར་རྡེག་ཅིང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ མེ་ལོང་ངོགས་སུ་བུམ་པས་ཁྲུས་བྱས་ལ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འཁོར་བ་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་ཕར་ཕྱིན་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱོང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བི་པུ་ལ་གརྦྷེ་སོགས། བྱང་ཕྱག་འཚལ། ཚེ་འདས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར། ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་ཐུགས་རྗེའི་ལྷ་ཚོགས་བཞུགས༔ ཆུ་ནི་ཡེ་ཤེས་བདུད་རྩིར་གྱུར༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་དབང་བསྐུར། བཟའ་བཏུང་རྣམས་ཆུས་བྲན་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཡིག་དྲུག་བཟླ་ཞིང་ཟས་བསྔོ་བསྲེགས་ལ། ཨོཾ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཞེས་བསྔོ། ལམ་སྦྱོང་བསྟན་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང༔ སྣང་བ་མཐའ་ཡས་ཡེ་ཤེས་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ རྣམ་ཤེས་ཨ་ཡི་རྣམ་པ་ནི༔ འོད་དཔག་མེད་ཀྱི་ཐུགས་ཀར་འཕོ༔ སྙིགས་མ་ཡེ་ཤེས་མེ་ལྕེ་ཡིས༔ གཏིང་གསལ་ཀ་དག་དབྱིངས་སུ་སྦྱང༔ ཡིག་དྲུག་དང་གཟུངས་སྔགས་བཟླས་ཤིང་བྱང་བུ་བསྲེག །དམིགས་མེད་ངང་དུ་བཞག་ལ། ཐལ་བ་འཇིམ་པ་ལ་བསྲེས་ནས་སཱཙྪ་གདབ། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་གདབ་བོ། །དགེ་བ་བླ་མེད་བསྔོ་བས་རྒྱས་གདབ་ལ། ཨོཾ་བཛྲ་པུཥྤེ་སོགས། ཧཱུྃ༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུག་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་བརྗོད། ཡེ་ཤེས་པ་བཛྲ་མུཿ དམ་ཚིག་པ་བདག་ལ་ཐིམ། ཧཱུྃ༔ བདག་ཉིད་ལྷར་སྣང་བ་འོད་གསལ་གྱི་ངང་དུ་ཐིམ། ཕཊ༔ སླར་ཡང་ཐུགས་རྗེ་ཆེན་པོའི་སྐུར་གསལ་བར་གྱུར། ཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ འཁོར་བ་དོང་ནས་སྤྲུག་པ་དང༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མའི་ཚོགས༔ ཐུགས་རྗེའི་ཆར་འབེབ་ཡི་དམ་སྤྱན་རས་གཟིགས༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ འདི་ཡང་ཉེར་མཁོའི་ཕྱིར་དུ་མཆོག་གྱུར་གླིང་པ་རི་བོ་ཆེར་བསྐྱོད་སྐབས་ངོམ་ཆུ་ཁ་ནས་བྲིས་པ་འབྲེལ་ཚད་ཐུགས་རྗེ་ཆེན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །། མིང་བྱང་སྐབས་སུ་དབང་རྒྱས་པར་བསྐུར་ཡང་རུང་། མ་བསྐུར་ཡང་རུང་ཆད་པའི་སྐྱོན་མེད། བུམ་དབང་ཁོ་ནས་འཐུས། རིགས་དྲུག་གནས་འདྲེན་སྐབས་སུ། སྨིན་མཚམས་སུ་ཨ། ལྟག་པར་སུ། སྙིང་གར་ནྲྀ། ལྟེ་བར་ཏྲི། གསང་བར་པྲེ། རྐང་མཐིལ་དུ་དུ་རེ་རེ་བཅས་རིགས་དྲུག་གི་ས་བོན་མཆན། ༈ ཁྲུས་ཀྱི་སྐབས་སྤྲོ་ན། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འཁོར་བ་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་བཟོད་པའི་རང་བཞིན་ཏེ༔ ཁོང་ཁྲོའི་དྲི་མ་རྣམ་པར་སྦྱོང༔ ཡིག་བདུན་དང་གཟུངས་བརྗོད། སྦྱིན་པའི་དང་སེར་སྣའི། ཤེས་རབ་དང་གཏི་མུག །བརྩོན་འགྲུས་དང་ལེ་ལོའི། ཚུལ་ཁྲིམས་དང་ཕྲག་དོག །བསམ་གཏན་དང་རྣམ་གཡེང་། ཞེས་སོ་སོར་སྦྱར་རོ།། །།
འཆི་བདག་ལས་ཀྱི་གཤིན་རྗེའི་རྗེས་གནང་གི་ཆོ་ག་ (Volume 38, Text 43)
༄༅། །འཆི་བདག་ལས་ཀྱི་གཤིན་རྗེའི་རྗེས་གནང་གི་ཆོ་ག་བཞུགས་སོ། ། ཨོཾ་སྭསྟི། འཇམ་དཔལ་རྡོ་རྗེ་ཁྲོ་བོའི་རྒྱལ། །གཤིན་རྗེ་གཤེད་ཀྱི་ཕོ་ཉ་མཆོག །དེ་ལ་བཏུད་ནས་རྗེས་གནང་གི །ཆོ་གའི་གསལ་བྱེད་འདིར་བཤད་བྱ། །འདིར་འཆི་བདག་ལས་ཀྱི་གཤིན་རྗེའི་རྗེས་གནང་གི་ཆོ་ག་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་སྒྲུབ་པའི་ཐབས་དང་། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། མཎྜལ་གྲུ་གསུམ་མཐིང་ནག་མེ་རི་ཅན་གྱི་ནང་དུ་ཟླུམ་སྐོར་ལིང་ཚེ་བརྒྱད་དུ་བཅད་པའི་དབུས་དང་ལིང་ཚེ་བརྒྱད་ལ་ཚོམ་བུ་བཀོད་པའི་སྟེང་དུ་མཉྫི་ལ་རྟེན་གཏོར་ཤ་ཁྲག་གིས་བརྒྱན་པ་སྐུ་གཟུགས་དང་བ་དན་ནག་པོ་བཙུགས་པ་བཞག །དེའི་གཡས་སུ་སྔགས་བྱང་དང་གཡོན་དུ་ཕྱག་མཚན། མཐའ་མཆོད་གཏོར་གྱིས་བསྐོར་བ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་སྒྲུབ་པའི་ཐབས་ནི། གཤིན་རྗེ་གཤེད་པོའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་བྱིན་གྱིས་བརླབ། ཤཱུནྱ་ཏཱས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་གི་མདུན་དུ་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་དབུས་སུ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་སོགས་མདུན་བསྐྱེད་བསྒོམ་པ་ནས་གཟུང། བཟླས་པའི་མཐར་ཐུག་པ་ཕྲིན་ལས་ཕོ་ཉ་མྱུར་མགྱོགས་བཞིན་བྱས་ནས་སློབ་མ་རྗེས་སུ་འཛིན་པར་གསོལ་བ་གདབ་པ་རྣམས་བྱའོ། །གསུམ་པ་རྗེས་གནང་གི་ཆོ་ག་ནི། སློབ་མ་རྣམས་ཁྲུས་བྱས་འཁོད་པ་ལ། བགེགས་གཏོར་བཏང་ནས་མཚམས་བཅད། སེམས་བསྐྱེད་གསལ་བཏབ། འདིར་བཅོམ་ལྡན་འདས་ལས་ཀྱི་གཤིན་རྗེ་གཤེད་པོའི་བཀའ་སྡོད་འཆི་བདག་ལས་ཀྱི་གཤིན་རྗེའི་རྗེས་སུ་གནང་བ་བགྱིད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ། གསོལ་བ་གདབ་པ་ནི། རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ དཔལ་ལྡན་ལས་ཀྱི་གཤེད་པོ་ཡི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག༔ བདག་ལ་བསྩལ་བར་མཛད་དུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་གདབ། རྒྱུད་དག་པར་བྱ་བའི་སླད་དུ། སྤྲོས་པ་ཀུན་ཞི་ཆོས་དབྱིངས་ཀྱི༔ རང་མདངས་ཟུང་འཇུག་བདེ་བའི་སྐུ༔ འཕགས་མཆོག་འཇམ་དཔལ་དབྱངས་ཉིད་ལ༔ བདག་གིས་དད་པས་ཕྱག་འཚལ་ཞིང༔ དཔག་ཡས་མཆོད་པ་རྒྱ་མཚོས་མཆོད༔ ཉེས་བཤགས་དགེ་ལ་རྗེས་ཡི་རང༔ བླ་མེད་ཆོས་འཁོར་བསྐོར་བ་དང༔ མྱ་ངན་མི་འདར་གསོལ་བ་འདེབས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་ཡན་ལག་བདུན་པས་ཚོགས་བསགས། སློབ་དཔོན་གཤིན་རྗེ་གཤེད་དང་། སློབ་མ་དང་མདུན་གྱི་རྟེན་གཉིས་ཀ་ལས་གཤིན་འཁོར་བཅས་སུ་བསྐྱེད་ཅིང་། ཉ་ཤའི་གསུར་དུད་རོལ་མོའི་སྒྲ་དང་བཅས་པས་སྤྱན་དྲངས་པ་གཏོར་མར་བསྟིམས་ནས་དམ་བཞག་དང་མཆོད་བསྟོད་རྣམས་བྱ། དེ་ནས་སློབ་དཔོན་གཤིན་རྗེའི་གཤེད་དུ་གསལ་བ་ལ་གུས་འདུད་དུང་པ་བྱས་པས། དེའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ལས་གཤིན་གྱི་སྐུ་ལས་སྐུ་གྲངས་མེད་པ་མཆེད་པ་དང་སློབ་དཔོན་གྱི་དཔྲལ་བ་ནས་འོད་ཟེར་ཨོཾ་ཡིག་དཀར་པོ་དཔག་མེད་བྱུང་། ཁྱེད་རང་གི་ལུས་ལ་དབྱེར་མེད་དུ་ཐིམ་པར་གྱུར་སྙམ་པ་གྱིས་བྱས་ལ། གཏོར་མ་སྐུ་རྟེན་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ༔ གཤིན་རྗེ་གཤེད་པོའི་སྐུ་ཡི་དབང༔ མི་ཤིགས་རྡོ་རྗེ་སྣང་སྟོང་ཆེ༔ དེ་རིང་ཁྱོད་ལ་བདག་གིས་སྦྱིན༔ ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཨོཾ་ཡ་མ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐུའི་རྗེས་གནང་ངོ་། །ཡང་རྒྱུད་བསྐུལ། མདུན་བསྐྱེད་ལས་གསུང་ཡིག་འབྲུ་གྲངས་མེད་པ་དང་། སློབ་དཔོན་གྱི་མགྲིན་པ་ནས་འོད་ཟེར་ཨཱཿཡིག་དམར་པོ་དཔག་མེད་བྱུང་། ཁྱེད་རང་གི་ངག་ལ་དབྱེར་མེད་དུ་ཐིམ་པར་གྱུར་སྙམ་པ་གྱིས་བྱས་ལ། སྔགས་བྱང་མགྲིན་པར་གཏད་ལ། ཧཱུྃ༔ གཤིན་རྗེ་གཤེད་པོའི་གསུང་གི་དབང༔ མི་ཤིགས་རྡོ་རྗེ་གྲགས་སྟོང་ཆེ༔ དེ་རིང་ཁྱོད་ལ་བདག་གིས་སྦྱིན༔ ཡེ་ཤེས་རྡོ་རྗེའི་གསུང་འགྲུབ་ཤོག༔ ཨོཾ་ཡ་མ་རཱ་ཛ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། སློབ་མའི་ཁར་ཞུགས། སྙིང་གའི་ས་བོན་ལ་ཐིམ་པར་བསམ་སྟེ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། གསུང་གི་རྗེས་གནང་ངོ་། །ཡང་རྒྱུད་བསྐུལ། མདུན་བསྐྱེད་ལས་ཐུགས་ཕྱག་མཚན་གྲངས་མེད་པ་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཧཱུྃ་སྔོན་པོ་དཔག་མེད་བྱུང་། ཁྱེད་རང་གི་སེམས་ལ་དབྱེར་མེད་དུ་ཐིམ་པར་གྱུར་སྙམ་པ་གྱིས། ཧཱུྃ༔ གཤིན་རྗེ་གཤེད་པོའི་ཐུགས་ཀྱི་དབང༔ མི་ཤིགས་རྡོ་རྗེ་རིག་སྟོང་ཆེ༔ དེ་རིང་ཁྱོད་ལ་བདག་གིས་སྦྱིན༔ ཡེ་ཤེས་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་ཡ་མ་རཱ་ཛ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་རྗེས་གནང་ངོ་། །བཀའ་བསྒོ་བ་ནི། སློབ་དཔོན་གཤིན་རྗེ་གཤེད་པོའི་ང་རྒྱལ་གྱིས་སློབ་མའི་ལག་ཏུ་གཏོར་མ་གཏད་ལ། ཧཱུྃ༔ སྔོན་ཚེ་འཇམ་དཔལ་གཤིན་རྗེ་ཡི༔ སྤྱན་སྔར་ཞལ་བཞེས་དམ་བཅས་ལྟར༔ སངས་རྒྱས་བསྟན་པ་སྲུང་བ་དང༔ སྒྲུབ་མཆོག་རྣལ་འབྱོར་སྐྱོང་བ་དང༔ གདུག་པའི་དཔུང་ཚོགས་འཇོམས་པ་སོགས༔ ཁས་བླངས་དམ་ལས་མ་མདའ་བར༔ བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད༔ གལ་ཏེ་དམ་ལས་འདས་པ་ན༔ དུས་གསུམ་རྒྱལ་བའི་བཀའི་ཆད་པས༔ ཁྱོད་ཀྱང་ཉམས་པར་གདོན་མི་ཟ༔ དེ་བས་དམ་སྲུངས་ཕྲིན་ལས་མཛོད༔ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་རཀྵ་ཧཱུྃ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་སོགས་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ་དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྟོངས་གྲོགས་དང་ཕྱི་ནང་གསང་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་ཞིང་བཟློག་པ་སོགས་བསམ་པའི་དོན་ཡིད་བཞིན་དུ་སྒྲུབ་པར་མཛད་དུ་གསོལ། ཞེས་པ་ལྟ་བུས་མཚོན་ནས་བཀའ་བསྒོའི་ཚིག་རྒྱས་བསྡུས་ཇི་ལྟར་རིགས་པ་བྱས་ལ་གཏོར་མའི་ལྷ་སློབ་མ་ལ་བསྟིམས་ནས་གཉིས་མེད་ཀྱི་དགོངས་པ་བསྐྱང་དུ་བཅུག །སྤྱི་བོར་རྡོ་རྗེ་བཞག་ལྕེར་བདུད་རྩི་བླུད་དེ། ཨོཾ་ཡ་མ་རཱ་ཛ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་པས་དམ་བསྲེ། དེང་ནས་རྡོ་རྗེའི་རིགས་ཁྱོད་ཀྱིས༔ བསྙེན་སྒྲུབ་ལས་སྦྱོར་དམ་ཚིག་སོགས༔ གསང་བ་སྔགས་ཀྱི་དམ་ཚིག་དང༔ ནམ་ཡང་འབྲལ་བར་མི་བྱ་འོ༔ ཞེས་པས་དམ་བསྒྲག །གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། ཡོན་དབུལ་བ་དང་། མདུན་བསྐྱེད་རྗེས་ཆོག་སོགས་ཀྱང་གཞན་གྱི་རིགས་འགྲེས་ཤེས་པར་བྱའོ། །རྣམ་པར་འ༵གྱུར་བའི་གཟུགས་དང་ནི། །ཐོགས་པ་མེ༵ད་པའི་རྫུ་འཕྲུལ་གྱིས། །འཇམ་དཔལ་རྡོ༵་རྗེ༵འི་བཀའ་ཉན་ཆེས། །གསང་ཆེན་བསྟན་པ་རྒྱས་པར་ཤོག །འཆི་བདག་ལས་ཀྱི་གཤིན་རྗེའི་རྗེས་གནང་གི་གསལ་བྱེད་འདི་ནི། ཨོ་རྒྱན་རྣམ་གྲོལ་གྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་རྗེས་འཇུག་ཡོངས་ལ་ཕན་པའི་བསམ་པས་བྲིས་སོ།། །།
སྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླག་ཆོག་ཏུ་བཀོད་པ་ (Volume 52, Text 43)
༄༅། །སྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། ན་མོ་གུ་ར་བེ། དབང་བྱེད་མྱུར་མཛད་འཕགས་མ་དང་། །ཚེ་དབང་མཚན་ཅན་ནོར་བུའི་དཔལ། །རབ་འཛིན་གུ་རུ་མཆོག་ལ་འདུད། །འདོན་སྒོམ་བདེ་ཕྱིར་མངོན་རྟོགས་དགོད། །རང་འདོད་འཛིན་ཆགས་ཉོན་མོངས་པའི་གཞན་དབང་དུ་མ་གྱུར་ཅིང་བསྟན་པ་དང་གཞན་ལ་ཕན་འདོད་ལྷག་པའི་བསམ་པ་དང་ལྡན་པའི་རྣལ་འབྱོར་པས་དབང་མཛད་སྒྲོལ་མ་ཤིན་ཏུ་ཟབ་པའི་བསྐྱེད་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། མདུན་གྱི་ནམ་མཁར་རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པར་དམིགས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཚོགས་གསག་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་དཔལ་མོས་མཛད་པའི་ཡན་ལག་བདུན་པ་བྱས་ལ། ཚོགས་ཞིང་མི་དམིགས་པར་བཞག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་ཚད་མེད་བཞི་རྒྱུད་ལ་འདྲེ་ངེས་སུ་བསྒོམ། དངོས་གཞི་ལ་བསྐྱེད་བཟླས་རྫོགས་གསུམ་ལས། དང་པོ་བསྐྱེད་པའི་རྣལ་འབྱོར་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་འཕྱང་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ༔ ཕྱག་གཉིས་མཆོག་སྦྱིན་དང་མཐེབ་སྲིན་གྱི་བར་དག་ན་ཨུཏྤལ་དམར་པོ་འཛིན་པ༔ འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བའི་གནས་གསུམ་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་གྱུར༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་མ་སྤྱན་དྲངས༔ སྤྲོ་ན། པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་དམར་པོ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །འཕགས་མ་སྒྲོལ་མ་གཤེགས་སུ་གསོལ། །ཨཱརྻ་ཏཱ་རེ་བཛྲ་ས་མཱ་ཛཿ དེ་བརྗོད་མིན་གང་ལྟར། དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཡང་འོད་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་པས་སྐུ་གང་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར༔ གཉིས་པ་བཟླས་པའི་རྣལ་འབྱོར་ནི། རང་གི་སྨིན་མཚམས་སུ་ཉི་མའི་དཀྱིལ་འཁོར་སེན་གང་བའི་དབུས་སུ་ཏཱཾཿདམར་པོའི་མཐའ་སྐོར་དུ་ཡི་གེ་བཅུ་པ་དམར་སྒོར་རེ་ཡོད་པ་ལས༔ འོད་ཟེར་དམར་པོ་འཕྲོས་པས༔ བདག་དང་མི་མཐུན་པ་དེ་ལ་ཕོག༔ དེ་ཡང་རང་འདྲ་བའི་སྒྲོལ་མར་གྱུར༔ ཡང་བདག་གི་སྨིན་མཚམས་ནས་འོད་ཟེར་འཕྲོས་ནས༔ དེའི་སྙིང་གར་ཕོག་པས༔ དེ་ཉིད་ཀྱི་གདུག་སེམས་ཞི་ནས༔ བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ༔ དེ་ཡི་ཡིད་ཟླ་བ་ཉ་གང་བ་ལྟེ་བ་བུ་ག་ཅན་དུ་གྱུར༔ བདག་གི་སྙིང་ཁའི་ཟླ་སྟེང་ཧཱུྃ་ཡིག་དམར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས༔ རང་གི་སྣ་སྒོ་གཡས་ནས་ཐོན༔ དེ་ཡི་སྣ་བུག་གཡས་བརྒྱུད་ནས་ཟླ་བའི་བུ་གར་ཞུགས་ཏེ་ཁོ་ཡི་སྣ་སྒོ་གཡོན་ནས་ཚུར་དྲངས་པས༔ རང་གི་སྣ་གཡོན་པའི་སྒོར་ཞུགས་ནས་སྙིང་ཁའི་ཟླ་བར་ཐིམ༔ བདེ་བའི་རོ་བྱང་ཆུབ་སེམས་ཀྱིས་མྱོས་ཤིང༔ བདག་ལ་གུས་ཤིང་འདུན་པར་གྱུར༔ དེ་ལྟ་བུའི་དམིགས་པ་ཡང་ཡང་བསྐྱར་ཞིང༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཆེ་གེ་མོ། ཨཱ་ཀརྵཱ་ཡ་པཱ་ཤཾ་ཀུ་རུ་ཡེ་ཧྲིང་ཛ༔ རྣྲི་ཨངྐུ་ཤ་ཡ་ཧཱུྃ་ཛ༔ ཞེས་བཟླ། འདི་ལས་སྦྱོར་གྱི་སྒྲུབ་ཐབས་ཁོལ་བཏོན་ཙམ་ཡིན་པས་ཐོག་མ་ནས་རྩ་བསྙེན་ལས་སྔགས་སྦྲེལ་མར་བཟླ་བ་ཡིན་ལ། སྤྱིར་སྒྲོལ་མ་གང་རུང་གི་རྩ་བསྙེན་ཞིག་སྔོན་དུ་སོང་ན་ཆེས་ལེགས། ཡུལ་ཁམས་དབང་དུ་བྱ་བའི་ཡུལ་སྤྱི་ཁྱབ་ལ་དམིགས་ན། ཆེ་གེ་མོའི་མལ་དུ། སརྦ་ལོ་ཀ་སྦྱར། དམིགས་བྱ་ཁ་ཤས་ཡིན་ན། དམིགས་ཡུལ་ཐམས་ཅད་ཅེས་སམ། སརྦ་ཀཱ་མ་སྦྱར། དམིགས་བསལ་སྐྱེ་བོ་ཕོ་མོ་རེ་རེ་ལྟ་བུ་ལ་དེ་ཉིད་ཀྱི་མིང་སྤེལ་དགོས་སོ། །ཐུན་འཇོག་པ་ན། ཨོཾ་ཨཱརྻ་ཏཱ་རེ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷཾ་གྱི་སར་པཱ་དྱཾ་སྦྱར་བ་དང་། ཨོཾ་ཨཱརྻ་ཏཱ་རེ་བཛྲ་པུཥྤེ་ཨཱ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། བར་གྱིས་མཆོད་པ་འབུལ། ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་བསྟོད་པ་མང་དུ་འདོན། བསྡུ་ན། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི༔ དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ༔ བཞད་པ་རབ་བཞད་ཏུཏྟཱ་ར་ཡིས༔ བདུད་དང་འཇིག་རྟེན་དབང་དུ་མཛད་མ༔ ཅི་ནུས་སུ་བརྗོད་པས་བསྟོད། བཅོམ་ལྡན་འཕགས་མ་སྒྲོལ་མས་བདག་གི་རླུང་སེམས་སྣང་བ་ཐམས་ཅད་རང་དབང་དུ་འདུ་བར་མཛད་དུ་གསོལ། ཁྱད་པར་ཡིད་ལ་དམིགས་པའི་ཡུལ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་གསུམ་བརྗོད་དོ། །གསུམ་པ་རྫོགས་པའི་རྣལ་འབྱོར་ནི། སྣང་ཡུལ་ཐམས་ཅད་དམ་དམིགས་བྱ་ཕ་རོལ་པོ་དེ་རང་ལ་ཐིམ༔ རང་ཉིད་ཀྱང་མི་དམིགས་པ་སྟོང་ཉིད་དུ་གྱུར་པར་མོས་ལ་སྤྲོས་བྲལ་གཉུག་མའི་ངང་དུ་ཅི་གནས་མཉམ་པར་བཞག༔ སླར་ཡང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཅེས་མོས། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང་ཤིས་བརྗོད་བྱའོ། །སྙིགས་དུས་གདུག་ཅན་འབྱུང་པོ་ཡིས། །སྐྱེ་བོའི་རྒྱུད་བརླམས་བསྟན་པ་དང་། །དེར་འཛིན་རྣམས་ལ་འཚེ་བྱེད་པས། །གཉེན་པོ་གདམས་པ་འདི་ཉིད་ཟབ། །འདོམས་ཀྱང་ལོག་ཞུགས་ཡིད་ཅན་ཀུན། །སྣང་བ་དམ་པའི་ཆོས་ལ་སྒྱུར། །དགེ་ཆོས་སྒྲུབ་ལ་བར་ཆད་ཀྱི། །འཚེ་བྲལ་འདོད་རྒུའི་དཔལ་རྒྱས་ཤོག །ཅེས་གཏེར་གཞུང་ཉིད་ལ་གསུང་རྒྱུན་ལྟར་ཁ་གསལ་ཕྲན་བུས་བརྒྱན་ཏེ་པདྨ་གར་དབང་རྩལ་གྱིས་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །།
བརྟན་མ་བཅུ་གཉིས་མདོས་ཆེན་ (Volume 43, Text 43)
༁ྃ༔ བརྟན་མ་བཅུ་གཉིས་མདོས་ཆེན་ཞེས་ཀྱང་བྱ༔ ལོ་གཡང་སྡུད་མདོས་ཞེས་ཀྱང་བྱ༔ ཨ་ཕྱིའི་འཆི་བསླུ་ཞེས་ཀྱང་བྱ༔ ལྷ་མོའི་གསང་མདོས་ཞེས་ཀྱང་བྱ༔ སྡེ་བརྒྱད་ཁེངས་ལོག་མདོས་ཆེན་ཞེས་ཀྱང་བྱ༔ དབང་ཕྱུག་བྱད་ཟློག་ཅེས་ཀྱང་བྱ༔ བརྟན་མའི་ས་ག་ཞེས་ཀྱང་བྱ༔ མི་ཁ་ཟློག་མདོས་ཞེས་ཀྱང་བྱ༔ ལྟས་ངན་ཟློག་མདོས་ཞེས་ཀྱང་བྱ༔ བརྟན་མའི་སུན་ཟློག་ཅེས་ཀྱང་བྱ༔ སད་སེར་བཙའ་ཟློག་ཅེས་ཀྱང་བྱ༔ བརྟན་མའི་གོད་ཟློག་ཅེས་བྱ་བ་གོ་བདེ་བ་ཁྱེར་བདེ་བ་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ སངས་རྒྱས་ཐམས་ཅད་མཐུ་སྟོབས་གཅིག་ཏུ་འདུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་རྣམ་རོལ་པའི། །གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད། །སྐུ་གཅིག་མཚན་བརྒྱད་པད་འབྱུང་ཞབས་ལ་འདུད། །ཟག་མེད་བདེ་སྟེར་བཀའ་བསྡུ་མངོན་སངས་རྒྱས། །འཇིག་རྟེན་སྐྱོན་གྱིས་མ་གོས་མཁའ་འགྲོའི་སྐུ །ཡེ་ཤེས་མཚོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་བྱ་ར་བྱེད་པའི་གཡར་དམ་ཅན། །བརྟན་མ་བཅུ་གཉིས་མདོས་ཟློག་འགོད་པ་ལ། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །བོད་ཁམས་སྐྱོང་མདོས། གདན་ཤིང་ངམ་གང་ཡང་རུང་བའི་སྟེང་རི་རབ་བང་རིམ་བདུན་བྱས། དེའི་སྟེང་དུ། རྣམ་རྒྱལ་བུམ་པ་ལྕོག་བཞི་ལྡན་པར་བྱ། །དེ་མཐར་གླིང་བཞི་གླིང་ཕྲན་བཀོད་པ་ནི། །ཤར་གླིང་ཟླ་གམ་ལྷོ་གླིང་སོག་ཁ་དང་། །ནུབ་གླིང་ཟླུམ་པོ་བྱང་གླིང་གྲུ་བཞི་བྱ། །ཐམས་ཅད་ཕྱོགས་མདོག་གསུམ་གསུམ་ཕྱོགས་མདོག་བཀོད། །དེ་སྟེང་དབུས་སུ་ཟན་ནམ་ས་སྤྱིན་ལ། །གཙོ་མོ་ཨ་ཕྱི་བཀྲ་ཤིས་ཚེ་རིང་མ། །སྐུ་མདོག་དཀར་མོ་ལྷབ་ལྷུབ་རིན་ཆེན་བརྒྱན། །སེང་གེ་འཆིབས་ཤིང་ཕྱག་མཚན་ཚེ་བུམ་འཛིན། །དེ་ཡི་གཡས་ཟུར་མ་མོ་ཀུན་གཙོ་མོ། །མ་གཅིག་ལྷ་མོ་དུད་སོལ་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་བཞི་བོང་བུ་ག་དམར་འཆིབ། ཁ་ཊྭཱཾ་རལ་གྲི་བྷནྡྷ་ཏྲི་ཤུལ་བསྣམས། །སྐུ་སྟོད་མི་ལྤགས་སྐུ་སྨད་རེ་ལྡེས་བརྒྱན། །གཡོན་ཟུར་ཨེ་ཀ་ཛཱ་ཊི་སྐུ་མདོག་སྔོ། །ཞལ་གཅིག་ཕྱག་གཉིས་ཞིང་དབྱུག་གཡས། །གཡོན་པས་ལྕགས་སྤྱང་མགོ་དགུ་འཛིན། །ཆིབས་སུ་བོང་བུ་སྨུག་ནག་འཆིབ། །གཟིག་གི་ཤམ་ཐབས་སྨད་ལ་དཀྲིས། །གཅེར་བུ་སྤྱན་གཅིག་ནུ་མ་གཅིག །མདུན་དུ་རྡོ་རྗེ་ཀུན་གྲགས་མ། །སྔོན་མོ་ལྷབ་ལྷུབ་རིན་ཆེན་བརྒྱན། །རྒྱལ་མཚན་མེ་ལོང་བསྣམས་ནས་འབྲུག་ལ་འཆིབ། །རྒྱབ་ཏུ་གངས་དཀར་ཤ་མེད་གཡུ་སྒྲོན་མ། །དཀར་མོ་རིན་ཆེན་ལྷབ་ལྷུབ་གསེར་གཡུས་བརྒྱན། །ཟོར་བ་ཞགས་པ་བསྣམས་ནས་ཤ་བ་འཆིབ། །གཡས་ཟུར་ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་། །དཀར་མོ་ལྷབ་ལྷུབ་རིན་ཆེན་གསེར་གཡུས་བརྒྱན། །མདའ་དར་སྤར་བུ་བསྣམས་ནས་རྟ་མཆོག་འཆིབ། །ཤར་དུ་མཐིང་གི་ཞལ་བཟང་མ་དང་ནི། །བཙན་ལ་རོལ་པའི་རྡོ་རྗེ་སྨན་མ་གཉིས། །དེའི་གཡས་ཟུར་དུ་གཡུའི་དྲིལ་བུ་གཟུགས་ལེགས་མ། །གཡོན་ཟུར་སྨན་བཙུན་ཁུག་ཆོས་གཡར་མོ་བསིལ། །ལྷོ་རུ་མི་གཡོ་བློ་བཟང་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གཡས་ཟུར་གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །གཡོན་ཟུར་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །ནུབ་ཏུ་ཅོད་པན་མགྲིན་བཟང་མ་དང་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། གཡས་ཟུར་དུ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། གཡོན་ཟུར་དུ་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། བྱང་དུ་གཏད་དཀར་འགྲོས་བཟང་མ་དང་སྲིན་མོ་གཡག་གདོང་མ། གཡས་ཟུར་དུ་རྡོ་རྗེ་སེར་མོ་དོམ་གདོང་མ། གཡོན་ཟུར་དུ་དགའ་བ་དམར་མོ་བྱ་རྒོད་མགོ །མདུན་དུ་གསོད་བྱེད་ལྗང་མོ་སྤྱང་མོའི་མགོ །དེ་དག་ཐམས་ཅད་གཞུང་ལྟར་སྐུ་མདོག་ཕྱག་མཚན་རྒྱན་མ་ནོར་བ་བྱས་ནས་བསྒྲིག །དེ་འོག་བང་རིམ་གཉིས་པ་ལ་དབང་ཕྱུག་མ་རྣམས་བཀོད་པ་ནི། དཔལ་གཏོར་མ་གཏོགས་སྐུ་གཟུགས་དགོས་པ་མ་ཡིན། ཤར་དུ་ཞི་བའི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག །ལྷོ་རུ་རྒྱས་པའི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག །ནུབ་ཏུ་དབང་གི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག །བྱང་དུ་དྲག་པོའི་ལས་བྱེད་མ་དྲུག་ལ་དཔལ་གཏོར་དྲུག །དེ་འོག་བང་རིམ་གསུམ་པ་ལ་སྐྱོང་མ་བཅུ་གཉིས། ཡང་འཁོར་མ་མོ་རྣམས་ལ་དཔལ་གཏོར་དཀར་དམར་བརྒྱའམ་ལྔ་བཅུ་བྱ། བར་མཚམས་ཐམས་ཅད་ཤ་དུམ་མཐེབ་ཀྱུས་བསྐོར། དེ་འོག་བང་རིམ་བཞི་པ་ལ་སྡེ་བརྒྱད་སོ་སོའི་སྐུ་གཟུགས་རྣམས་སྡེ་བརྒྱད་ཁེངས་ལོག་ལྟར་ཕྱོགས་སུ་བཀོད། དེ་འོག་བང་རིམ་ལྔ་པ་ལ་གཉན་ཆེན་བཞི་ལ་འབྲང་རྒྱས་ཞལ་དཀར་བཞི། ཡུལ་ལྷ་ལ་དཀར་གཏོར། གནས་བདག་ལ་ལྷ་བཤོས། ཀླུ་ལ་དཀར་གཏོར་སྦྲུལ་ཁུག་ཅན། ས་བདག་ལ་རི་རབ་ཚུལ་དུ་རུས་སྦལ་དང་དཀར་གཏོར་བྱ། དེ་འོག་བང་རིམ་དྲུག་པ་ལ་ཡང་འཁོར་ཐམས་ཅད་ལ་གཏོར་མ་ཤ་དུམ་མཐེབ་ཀྱུ་ཅི་འབྱོར་བྱ། དེ་འོག་བང་རིམ་བདུན་པ་ལ་ཡས་རྣམས་བཀོད་དེ། ཡས་ནི། ལོ་རིམ་ཡིན་ན་ཡུལ་གྲོང་ངམ་རང་གི་ས་གང་ཡིན་ཞིང་གྲངས་ནས་འབྲུ་ཕུད་བཟའ་བ་ཡོས་རྡོག །ཆང་སྐྱུར་ཞིང་ས་རྩམ་པ་སོག་མ་ལྗང་བུ་སྙེ་མ་ཤེལ་ཚིགས་སྦང་མ་རྣམས་ཚང་བར་བྱ། མིའི་རིམ་གྲོ་ལ་བདེ་རིམ་སོགས་བླ་མ་བནྡྷེ་བུད་མེད་སྐྱེས་པ་སོགས་ཐམས་ཅད་གཟུགས་བཟང་ལྟ་ན་སྡུག་པར་བྱས་ལ་མདུན་དུ་བཞག །ནད་པ་ཡིན་ན་གོང་ལྟར་སུ་ཡིན་གཟུགས་ལྟ་ན་སྡུག་པར་བྱ། དེའི་མདུན་དུ་ལོ་གྲངས་ཆངས་བུ་གཙང་མ། གོས་དུམ་རྣམས་བཀོན། ཉང་གི་གཏེར་མར་ནད་པའི་ཁ་ཆུ་མ་འདྲེས་པས་ནད་བདག་གླུད་བདག་ཐམས་ཅད་མི་ཚིམ་ཟེར་བ་གདའ། རག་ཤག་གཏེར་སྟོན་གཏེར་མར་ཡང་དེ་འདྲ་གདའ་བས་དེ་ཕྱིར་སྣོད་གཞན་ཞིག་ཏུ་ནད་པའི་ཁ་ཆུས་བརྫིས་པའི་ངར་གླུད་རབ་ལུས་ཚད་འབྲིང་ཁྲུ་གང་ཐ་མ་མཐོ་གང་བྱས་པ་ལ་གོང་ལྟར་ཆངས་བུ་གོས་དུམ་ཚྭ་གཡོས་རམ་གསུམ་ཀྲེ་ལོང་སྦང་སྐྱུར་སོགས་བཏབ་ལ་ནད་པ་དེ་སྟེང་ཁྲུས་བྱ། རྒྱུན་དུ་བདེན་བདར་ཁ་བསྔོས་གླུད་འཕྱོང་ཅི་རིགས་སམ། གནམ་ཆོས་གདོན་ཁྲོལ་འདོན་ལ་གཞུང་ལྟར་ཕུལ། ནོར་ལ་གོད་ཆད་ཕྱིར་ཡིན་ན་རྟ་ནོར་མཛོ་དྲེལ་བོང་བུ་རྣམས་སུ་ཡིན་ན་གཟུགས་ལེགས་པ་རྔམ་པ་བྱས། སུ་ཡིན་སྤུ་ཁ་ཆུ། ཤི་ན་ཤ་རུས་སོགས་བཀོད། དེ་མཐར་ལྕགས་རི་བྱས་ལ་སྟེང་དུ་དྲག་པོའི་རྩང་དམར་ཉེར་བརྒྱད། ནམ་མཁའ་ཕྱོགས་མདོག་ཉི་ཤུ །མདའ་འཕང་ཉི་ཤུ །རྒྱང་བུ་མཛེས་པ་ཉི་ཤུ །རུ་མཚོན་ཉི་ཤུ །ཕོ་ཏང་མོ་ཏང་ཉི་ཤུ་ཚང་བར་བཙུག །དབུས་སུ་ནམ་མཁའི་གདུགས་སམ་དར་གདུགས་ཕུབ། ཕྱོགས་བཞིར་རྒྱལ་མཚན་བཞི་མདའ་དར་ཕྱོགས་མདོག་བཞི། ཤེལ་གསེར་བྱེ་རུ་མུ་མེན་རྣམས་ཀྱི་མེ་ལོང་། གུ་རུ་ཆོས་དབང་གཏེར་མར་གསུངས་པ་སྟེ། ཚང་བ་དང་རྙེད་པར་དཀའ་བས་མེ་ལོང་བཞིས་ཆོག་པར་སྣང་། འདི་ཡན་རཱ་གཱ་ཨ་སྱ་རང་གིས་བསྒྲིགས། འདི་མན་གཏེར་ཁའོ། ༈ །དེ་ལྟར་མདོས་ནང་དུ་ཤ་དུམ་མཐེབ་ཀྱུ་འབྲུ་སྣ་ཚང་མ་ཤེལ་ཚིགས་སྨན་སྣ་དམ་རྫས་སོགས་ཅི་འབྱོར་བྱས་ལ་བཏབ༔ མདོས་མདུན་དུ་སྨན་གཏོར་རཀྟ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་སྤྱན་གཟིགས་དཀོར་ཆ་སོགས་ཚང་བར་བྱས་ལ༔ སྤོས་རུམ་རླུང་རུམ་བྱས་ལ༔ ཆུ་གཙང་གིས་བྲན་ལ་རང་ཉིད་བདེ་བར་འདུག་ནས༔ ལྷ་གཞུང་ཚོགས་སྐོང་ཚར་ནས་དང་པོ་གཉེན་པོའི་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་སེམས་ཡི་གེ་འཕྲོ་འདུས་ཡོངས་གྱུར་ལས༔ རང་ཉིད་པད་འབྱུང་སྣང་སྲིད་ཟིལ་གནོན་སྐུ༔ དཀར་དམར་མདངས་ལྡན་པད་ཞྭ་མཐོང་གྲོལ་གསོལ༔ རྡོ་རྗེ་བྷནྡྷ་ཚེ་བུམ་ཁ་ཊྭཱཾ་འཛིན༔ ཆོས་གོས་དམར་པོ་ཟབ་བེར་སྨུག་པོ་གསོལ༔ གཡས་བསྐུམ་གཡོན་བརྐྱང་རྒྱལ་པོ་རོལ་སྟབས་བཞུགས༔ བག་དྲོ་ལྷུན་ཆགས་གཟི་བརྗིད་ལྡན་པར་བསྒོམ༔ འོད་འཕྲོས་ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཅེས་ཛཔ྄་བཟླས་ནས་ལྷོ་ནུབ་ནས་བྱིན་འཐིབ་འཐིབ་བྱོན་པར་བསམ༔ ཧྲཱི༔ ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་ཁང་པས་མཆོད༔ ནང་མཆོད་སྨན་དང་གཏོར་མ་རཀྟས་མཆོད༔ གསང་མཆོད་ཡབ་ཡུམ་མཁའ་གསང་བྱང་སེམས་མཆོད༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་རཀྟ་བ་ལིནྟ་ཁཱ་རཾ་ཁཱ་ཧི༔ ཧྲཱི༔ དུས་གསུམ་སངས་རྒྱས་གཅིག་བསྡུས་སྤྲུལ་པའི་སྐུ༔ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེའི་སྐུ༔ གང་ལ་གང་འདུལ་སོ་སོའི་སྐུར་སྟོན་པ༔ པད་འབྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་སོ༔ གཉིས་པ་མདོས་བྱིན་རླབས་དང་བསྐྱེད་པ་ནི༔ ཨོཾ་སྭཱ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མདོས་ཀྱི་མི་གཙང་བ་རྣམས་བསྲེགས༔ ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་སརྦ་པྲ་སཾ་ཤོ་དྷ་ན་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ ཞེས་ལན་གསུམ་བྱ༔ ཨོཾ་སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་སུཾ་ལས་འབྱུང་བ་རིམ་བརྩེགས་རི་རབ་བདུན་པ་རྣམ་རྒྱལ་བུམ་པ་དང་བཅས་པ་ གསེར་གྱི་རི་བདུན་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ་ སོ་སོའི་སྐུ་དང་གཏོར་མ་སོ་སོའི་གང་ལ་གང་འདོད་ཅི་ལ་ཅི་དགོས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ ལྷོ་སྤྲིན་བས་ཕྱུག་ཆེ་བ་སྐར་ཕྲན་བས་གྲངས་མང་བ་ཉི་ཟླ་བས་འོད་གསལ་བ་ལྷ་ཚངས་པ་དང་བརྒྱ་བྱིན་བས་ཁྱད་པར་འཕགས་པ༔ ཀླུ་དགའ་བོ་དང་འཇོག་པོ་བས་ལོངས་སྤྱོད་ཆེ་བ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སིདྡྷ་ནི་སྭཱ་ཧཱ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦཱ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ༔ བྱིན་གྱིས་བརླབས་ནས་བསྐྱེད་པ་ནི༔ ཨོཾ་སྭཱ་བྷཱ་ཝ༴ སྟོང་པའི་ངང་ལས་མདོས་གཞི་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་འབྱུང་བ་རིམ་བརྩེགས་རི་རབ་བང་རིམ་བདུན་པ་ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བརྟན་མ་བཅུ་གཉིས་གཙོ་མོ་བཀྲ་ཤིས་ཚེ་རིང་མ་ཞེས་བྱ་བ་སྐུ་མདོག་དཀར་མོ་འོད་ཟེར་དང་ལྡན་པ༔ སྐུ་ལ་རིན་པོ་ཆེ་དང་དར་གྱི་ལྷབ་ལྷུབ་ཀྱིས་མཛེས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་གདེངས་ཐབས་སུ་འཛིན་པ༔ ཕྱག་གཡོན་ཚེ་ཡི་བུམ་པ་འཆི་མེད་བདུད་རྩིས་གང་བ་བསྣམས་པ༔ ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་པ༔ དེའི་གཡས་སུ་མ་མོ་ཀུན་གྱི་གཙོ་མོ་མ་གཅིག་ལྷ་མོ་དུད་སོལ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་རལ་གྲི་ཐོད་ཁྲག་ཁ་ཊྭཱཾ་ཏྲི་ཤུལ་འཛིན་པ༔ སྐུ་སྟོད་ལ་གཡང་གཞི་སྐུ་སྨད་ལ་རེ་ལྡེའི་ཤམ་ཐབས་བརྒྱན་པ༔ ཆིབས་སུ་བོང་བུ་དམར་གྭ་ལ་འཆིབ་པ༔ དབུ་སྐྲ་དམར་སེར་ཕྱེད་ཡར་ཐོར་ཅོག་བྱས་ཤིང་ཕྱེད་མར་ཞམ་པ༔ གྲུ་ཁུག་གཡས་སུ་བྱང་དམར་ཁྲམ་ཤིང༔ གཡོན་དུ་ནད་རྐྱལ་བསྣམས་པ༔ ཤྭ་རྡིལ་དཀར་ནག་ཕྱི་ཤད་བྱས་ནས་ཁྲག་མཚོ་འབོག་ཅིང་རླུང་ནག་འཚུབ་མའི་ཀློང་དུ་བཞུགས་པ༔ གཡོན་ཟུར་དུ་སྔགས་སྲུང་ཨེ་ཀ་ཛཱ་ཊི་སྐུ་མདོག་སྔོན་པོ་ཞལ་གཅིག་སྤྱན་གཅིག་ནུ་གཅིག་ཕྱག་གཉིས་ཞིང་དབྱུག་དང་ལྕགས་སྤྱང་མགོ་དགུ་འཛིན་པ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི་དང་སྐུ་སྨད་ལ་གཟིག་གི་ཤམ་ཐབས་བྱས་པ༔ ཆིབས་སུ་བོང་བུ་སྨུག་ནག་ལ་འཆིབ་པ༔ མདུན་དུ་ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་ཞེས་བྱ་བ་སྐུ་མདོག་དཀར་པོ་འོད་ཟེར་དང་ལྡན་པ༔ སྐུ་ལ་ཞིང་ལྤགས་རློན་པ་གསོལ་བ༔ དབུ་སྐྲ་སྨུག་པོ་ལྕང་ལོར་འཁྱིལ་བ༔ གསེར་གཡུ་བྱེ་རུ་སོགས་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་མདའ་དར་ཕྱར་བ༔ གཡོན་པས་རིན་པོ་ཆེའི་སྤར་བུ་བསྣམས་པ༔ ཆིབས་སུ་སྤྲིན་གསེབ་ཀྱི་རླུང་ལ་འཆིབ་པ༔ གཡོན་དུ་གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ་ཞེས་བྱ་བ་སྐུ་མདོག་དཀར་མོ་དར་དང་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཡར་ཕྱེད་ཐོར་ཚུགས་བྱས་ནས་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཉིས་གཡས་ཟོར་བ་དང་གཡོན་ཞགས་པ་བསྣམས་པ༔ ཆིབས་སུ་ཤ་བ་རུ་བཅུ་ལ་འཆིབ་པ༔ རྒྱབ་ཏུ་བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ་ཞེས་བྱ་བ་སྐུ་མདོག་སྔོན་མོ་བཻ་ཌཱུརྻ་ལྟ་བུའི་ཟེར་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཐུར་དུ་ཞམ་ནས་རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་པ༔ ཆིབས་སུ་གཡུ་འབྲུག་ལ་འཆིབ་པ༔ ཤར་དུ་མཐིང་གི་ཞལ་བཟང་མ་ཞེས་བྱ་བ༔ སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྐུ་ལ་དར་གྱི་ལྷབ་ལྷུབ་ཀྱིས་སྤྲས་པ༔ དབུ་ལ་རིན་པོ་ཆེས་བརྒྱན་པ༔ ཕྱག་གཉིས་གཡས་མདའ་དར་དང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ༔ ཆིབས་སུ་རྐྱང་བུ་ཁ་གར་ལ་འཆིབ་པ༔ དེའི་གཡས་སུ་བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ་ཞེས་བྱ་བ་སྐུ་མདོག་དམར་ལ་ལྗང་བའི་མདོག་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་སྣ་ཚོགས་དར་གྱི་ལྷབ་ལྷུབ་མཛེས་པ༔ ཕྱག་གཡོན་པས་དངོས་གྲུབ་ཀྱི་འབྲང་རྒྱས་བསྣམས་པ༔ ཆིབས་སུ་མཛོ་མོ་དཀར་མོ་ལ་འཆིབ་པ༔ གཡོན་དུ་གཡུའི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ་ཞེས་བྱ་བ་སྐུ་མདོག་དཀར་ལ་སེར་བའི་མདངས་དང་ལྡན་པ༔ སྐུ་ལ་རིན་པོ་ཆེས་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཐོར་ཅོག་བྱས་ནས་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་སྙན་པའི་གཡུའི་དྲིལ་བུ་འཁྲོལ་བ༔ ཕྱག་གཡོན་པདྨ་སྙན་གྱི་ཐད་ཀར་ཁ་བྱེ་བ༔ ཆིབས་སུ་སྟག་ལ་འཆིབ་པ༔ མདུན་དུ་སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ་སྐུ་མདོག་དམར་མོ་འོད་ཟེར་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་ལྷབ་ལྷུབ་ཏུ་བརྒྱན་པ༔ དབུ་སྐྲ་སྨུག་པོ་ཕྱེད་ཡར་བཅིངས་ནས་ཕྱེད་མར་ཐུར་དུ་ཞམ་པ་ལ་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་རིན་པོ་ཆེ་འབར་བ་གདེངས་ཐབས་སུ་འཛིན་ཅིང་གཡོན་སྒྲ་སྙན་ཏིང་ཤག་བསྣམས་པ༔ ཆིབས་སུ་ཤ་བ་ཡུ་མོ་ལ་འཆིབ་པ༔ ལྷོ་རུ་མི་གཡོ་བློ་བཟང་མ་སྐུ་མདོག་སེར་མོ་འོད་ཟེར་དང་ལྡན་པ་སྐུ་ལ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ དབུ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་ནེའུ་ལེའི་རྐྱལ་པ་དང་ཕྱག་གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ༔ ཆིབས་སུ་རྒྱ་སྟག་ངར་མ་ལ་འཆིབ་པ༔ དེའི་གཡས་སུ་ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ་སྐུ་མདོག་དཀར་མོ་ཉི་ཟེར་དང་ལྡན་པ༔ སྐུ་ལ་རྨ་བྱའི་ཐུལ་པ་དང་དར་གྱི་ལྷབ་ལྷུབ་གསོལ་བ༔ དབུ་ལ་མཛེས་པ་གཡུའི་ཟུར་ཕུད་ཅན༔ ཕྱག་གཡས་སེང་ལྡེང་གི་ཌཱ་མ་རུ་འཁྲོལ་ཞིང་གཡོན་གསེར་གྱི་མེ་ལོང་དཔྲལ་བར་འཛིན་པ༔ ཆིབས་སུ་མེའི་ཁྱུང་དམར་ལ་འཆིབ་པ༔ གཡོན་དུ་གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ སྐུ་ལ་དར་གྱི་ལྷབ་ལྷུབ་དང་རིན་པོ་ཆེས་བརྒྱན་པ༔ དབུ་ལ་རྨ་བྱའི་མདོངས་དང་རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་སྦྲུལ་ཞགས་དང་གཡོན་པས་རིན་པོ་ཆེའི་སྤར་བུ་བསྣམས་པ༔ ཆིབས་སུ་རྟ་མཆོག་རླུང་གཤོག་ལ་འཆིབ་པ༔ མདུན་དུ་རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ༔ སྐུ་ལ་དར་གྱི་བེར་དང་རིན་པོ་ཆེས་བརྒྱན་པ༔ དབུ་ལ་མཛེས་པའི་བྱེ་རུའི་ཐོར་ཚུགས་ཅན་ཕྱག་གཡས་པས་རིན་པོ་ཆེའི་བེ་ཅོན་ཕྱར་པ༔ ཕྱག་གཡོན་རིན་པོ་ཆེའི་གཞོང་པ་ནོར་བུས་བཀང་བ་བསྣམས་པ༔ ཆིབས་སུ་ཟངས་ཀྱི་འཕར་བ་ལ་འཆིབ་པ༔ ནུབ་ཏུ་ཅོད་པན་མགྲིན་བཟང་མ་སྐུ་མདོག་དམར་མོ་བྱེ་རུའི་མདོག་ཅན་འོད་དང་ལྡན་པ་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ དབུ་ལ་དུང་གི་ཟུར་ཕུད་ཅན༔ ཕྱག་གཡས་དར་དཔྱང་དང་གཡོན་རིན་པོ་ཆེའི་སྤར་བུ་བསྣམས་པ༔ ཆིབས་སུ་ཤ་བ་ཡུ་མོ་ལ་འཆིབ་པ༔ དེའི་གཡས་སུ་དཔལ་ལྡན་རྡོ་རྗེ་གཡའ་མ་སྐྱོང་སྐུ་མདོག་སྔོན་མོ་བཻ་ཌཱུརྻ་ལྟ་བུ་སྐུ་ལ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ དབུ་ལ་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཕྱག་གཡས་རྣོ་བའི་ཤང་ལང་དང་ཕྱག་གཡོན་རྡོ་རྗེའི་ཞགས་པ་བསྣམས་པ༔ ཆིབས་སུ་རྐྱང་བུ་ཁ་གར་ལ་འཆིབ་པ༔ གཡོན་དུ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་སྐུ་མདོག་དཀར་མོ་འོད་དང་ལྡན་པ་སྐུ་ལ་དར་གྱི་ལྷབ་ལྷུབ་རྡོ་རྗེ་དང་རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་ཚེ་བུམ་འཛིན་པ༔ ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་པ༔ མདུན་དུ་འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ་སྐུ་མདོག་ནག་པོའི་མདོག་ཅན༔ སྐུ་ལ་དར་གྱི་ལྷབ་ལྷུབ་དང་རིན་པོ་ཆེ་དང་རུས་པས་བརྒྱན་པ༔ ཕྱག་གཡས་རུ་མཚོན་རྩེ་ལྔ་འཕྱར་ཞིང་ཕྱག་གཡོན་ཞགས་པ་བསྣམས་པ༔ ཆིབས་སུ་དྲེའུ་གྭ་པ་ལ་འཆིབ་པ༔ བྱང་དུ་གཏད་དཀར་འགྲོས་བཟང་མ་སྐུ་མདོག་ལྗང་གུ་འོད་ཟེར་དང་ལྡན་པ༔ སྐུ་ལ་དར་དང་རིན་པོ་ཆེས་ལྷབ་ལྷུབ་ཏུ་བརྒྱན་པ༔ དབུ་ལ་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ ཕྱག་གཡས་སྦྲུལ་ཞགས་དང་གཡོན་རིན་པོ་ཆེའི་པདྨ་བསྣམས་པ༔ ཆིབས་སུ་གཡུ་འབྲུག་ལ་འཆིབ་པ༔ དེའི་གཡས་སུ་དབང་ཕྱུག་སྲིན་མོ་གཡག་གདོང་མ་སྐུ་མདོག་སྨུག་ནག་མུན་པའི་མདོག་ཅན་སྐུ་ལ་མི་ལྤགས་དང་གཟིག་གི་ཤམ་ཐབས་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ རལ་པ་དམར་སེར་སྲིད་པའི་རྩེ་མོར་སླེབ་པ༔ ཕྱག་གཡས་བྷནྡྷ་ཁྲག་གིས་གང་བ་ཕྱག་གཡོན་རྡོ་རྗེས་དཀྲུགས་ནས་རྔམས་པའི་ཚུལ་གྱིས་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་སུ་ཞིང་ཆེན་གདན་ལ་འགྱིང་བ༔ གཡོན་དུ་རྡོ་རྗེ་སེར་མོ་དོམ་གདོང་མ་སྐུ་མདོག་སེར་མོ་རལ་པ་སྨུག་ནག་དབུ་སྐྲ་གྱེན་དུ་བརྫེས་པ༔ ཕྱག་གཡས་སྤུ་གྲི་དང་གཡོན་དུང་དམར་བསྣམས་པ༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་རོའི་སྙིང་གར་བརྫིས་པ༔ མདུན་དུ་ཟ་བ་དམར་ལྗང་བྱ་རྒོད་མགོ་ཅན་རལ་པ་གཡེང་བ༔ ཕྱག་གཡས་ཞིང་ཆེན་ཕྲག་ལ་བཟར་ནས་ཕྱག་གཡོན་ཀེང་རུས་ལག་ཏུ་བཟུང་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་སུ་ཞིང་ཆེན་གདན་ལ་འགྱིང་བ༔ རྒྱབ་ཏུ་གསོད་བྱེད་ལྗང་ནག་སྤྱང་མོའི་མགོ་ཅན་རལ་པ་གཡེང་བ༔ ཕྱག་གཡས་བ་དན་ཕྱར་ནས་ཕྱག་གཡོན་དུང་དམར་ཞལ་དུ་སྟོབ་པ༔ སྐུ་ལ་ཞིང་ལྤགས་དང་གཟིག་ཤམ་གསོལ་ནས་བརྐྱང་བསྐུམ་དུ་བཞུགས་པ༔ ལྷ་ཚོགས་དེ་དག་གི་རང་རང་ཆ་ལུགས་མ་འདྲེས་པར་གསལ༔ དེའི་འོག་རི་རབ་བང་རིམ་དུ༔ ཤར་དུ་ཞི་བའི་ལས་བྱེད་དབང་ཕྱུག་དྲུག༔ ཚངས་པ་དམར་སེར་སྦྲུལ་གདོང་པདྨ་འཛིན༔ ལྷ་ཆེན་དཀར་ལྗང་གཟིག་གདོང་ཏྲི་ཤུལ་འཛིན༔ གཏོག་འདོད་སྔོན་མོ་སྤྲེ་གདོང་འཁོར་ལོ་བསྣམས༔ གཞོན་ནུ་དམར་མོ་དྲེད་གདོང་མདུང་ཐུང་འཛིན༔ རྡོ་རྗེ་སེར་མོ་ཕ་ཝང་སྤུ་གྲི་འཛིན༔ ཞི་བ་དམར་སེར་ཆུ་སྲིན་བུམ་པ་འཛིན༔ ལྷོ་རུ་རྒྱས་པའི་ལས་བྱེད་དབང་ཕྱུག་དྲུག༔ བདུད་རྩི་དམར་མོ་སྡིག་གདོང་པདྨ་བསྣམས༔ ཟླ་བ་དམར་སེར་ཁྲ་མགོ་དབྱུག་ཐོ་བསྣམས༔ བེ་ཅོན་དམར་ལྗང་ཝ་གདོང་ཐོད་ཁྲག་བསྣམས༔ དགའ་བ་དམར་མོ་རྟ་གདོང་ཁོག་ཆེན་འཛིན༔ སྟོབས་ཆེན་དམར་སྐྱ་ཁྱུང་གདོང་དབྱུག་ཐོ་བསྣམས༔ སྲིན་མོ་དམར་མོ་སྟག་གདོང་ཐོད་ཁྲག་འཐུང༔ ནུབ་ནས་དབང་གི་ལས་བྱེད་དབང་ཕྱུག་དྲུག༔ རྡོ་རྗེ་དམར་མོ་ཁྱི་གདོང་དབྱུག་ཐོ་བསྣམས༔ རྡོ་རྗེ་དམར་ནག་ཁ་གདོང་ཞིང་ཆུང་ཁུར༔ རྡོ་རྗེ་སེར་མོ་ཕག་གདོང་རྒྱུ་ཞགས་བསྣམས༔ འདོད་པ་དམར་མོ་པུ་ཤུད་མདའ་གཞུ་འགེངས༔ ནོར་སྲུང་དམར་ལྗང་ཤ་མགོ་བུམ་པ་འཛིན༔ རྡོ་རྗེ་ནག་མོ་འུག་གདོང་ལྕགས་ཀྱུ་བསྣམས༔ བྱང་ནས་དྲག་པོའི་ལས་བྱེད་དབང་ཕྱུག་དྲུག༔ མེ་མོ་དམར་སྐྱ་སྐྱིན་གདོང་གསལ་ཤིང་བསྣམས༔ སྣ་ཆེན་ལྗང་ནག་གླང་ཆེན་ཐོད་ཁྲག་བསྣམས༔ ཆུ་ལྷ་ལྗང་སྔོན་རྡོ་རྗེ་སྦྲུལ་ཞགས་བསྣམས༔ ཕག་མོ་ནག་མོ་ཕག་གདོང་མཆེ་ཞགས་བསྣམས༔ རྡོ་རྗེ་སེར་ནག་ཁྱུང་གདོང་རྒྱུ་ཞགས་བསྣམས༔ རྡོ་རྗེ་སེར་མོ་ར་གདོང་བྷནྡྷ་བསྣམས༔ དེ་ལྟར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ རང་རང་སྐུ་མདོག་ཕྱག་མཚན་མ་ནོར་གསལ༔ དེ་འོག་བང་རིམ་གསུམ་ལ་སྐྱོང་མ་དང༔ ཡ་མ་བཅུ་གཉིས་མ་མོའི་རིགས་གྱུར་གསལ༔ བྷྱོ༔ རི་རབ་རིམ་བཞིའི་ཤར་ཕྱོགས་སུ༔ སྡེ་བརྒྱད་རྒྱལ་པོ་ལྷ་ཡི་རྗེ༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་གཉིས་མདུང་དར་དཀར་པོ་ཕྱར༔ ཆིབས་སུ་ལྷ་གཡག་དཀར་པོ་འཆིབ༔ བྷྱོ༔ ལྷོ་ཕྱོགས་སྡེ་བརྒྱད་གཤིན་རྗེའི་རྒྱལ༔ སྐུ་མདོག་ནག་པོ་མུན་པའི་མདོག༔ ཕྱག་གཉིས་ཞགས་པ་ཐོད་དབྱུག་བསྣམས༔ གཡང་གཞི་སྟག་གི་ཤམ་ཐབས་གསོལ༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ ནུབ་ཕྱོགས་སྡེ་བརྒྱད་བཙན་གྱི་རྒྱལ༔ སྐུ་མདོག་དམར་པོ་དར་དམར་གསོལ༔ ཕྱག་གཉིས་བཙན་མདུང་མདའ་གཞུ་བསྣམས༔ ཆིབས་སུ་བཙན་རྟ་དམར་པོ་འཆིབ༔ བྱང་ཕྱོགས་སྡེ་བརྒྱད་གནོད་སྦྱིན་རྒྱལ༔ སྐུ་མདོག་སྔོན་པོ་དར་སྔོན་གསོལ༔ ཕྱག་ན་ནོར་བུ་འབར་བ་བསྣམས༔ ཆིབས་སུ་སྟག་མོ་རི་བཀྲ་འཆིབ༔ ཤར་ལྷོ་སྡེ་བརྒྱད་མ་མོའི་རྒྱལ༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་ན་མདའ་དར་དཀར་པོ་བསྣམས༔ ཆིབས་སུ་གཡུ་འབྲུག་ངར་མ་འཆིབ༔ ལྷོ་ནུབ་སྡེ་བརྒྱད་བདུད་ཀྱི་རྒྱལ༔ སྐུ་མདོག་ནག་པོ་མུན་པའི་མདོག༔ ཕྱག་གཉིས་བདུད་ཞགས་ཁྲམ་ཤིང་བསྣམས༔ ཆིབས་སུ་བདུད་རྟ་ནག་པོ་འཆིབ༔ ནུབ་བྱང་སྡེ་བརྒྱད་ཀླུ་ཡི་རྒྱལ༔ སྐུ་མདོག་ལྗང་སྔོན་དར་ལྗང་གསོལ༔ ཕྱག་ན་ཆུ་སྲིན་རྒྱལ་མཚན་བསྣམས༔ ཆིབས་སུ་དུག་སྦྲུལ་མགོ་དགུ་འཆིབ༔ བྱང་ཤར་སྡེ་བརྒྱད་རཱ་ཛའི་རྒྱལ༔ སྐུ་མདོག་དཀར་པོ་ཆོས་གོས་གསོལ༔ ཕྱག་གཉིས་མཁར་གསིལ་ལྷུང་བཟེད་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ སྟེང་ཕྱོགས་སྡེ་བརྒྱད་གཟའ་ཡི་རྒྱལ༔ སྐུ་མདོག་སྨུག་པོ་དབུ་དགུ་པ༔ ཕྱག་བཞི་མདའ་གཞུ་རལ་གྲི་དང༔ རྒྱལ་མཚན་སྦྲུལ་གྱི་ཞགས་པ་བསྣམས༔ སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ༔ ཆིབས་སུ་ཆུ་སྲིན་མགོ་དགུ་འཆིབ༔ འོག་ཕྱོགས་སྡེ་བརྒྱད་ཐེའུ་རང་རྒྱལ༔ སྐུ་མདོག་ནག་པོ་ཐོ་བ་དང༔ སྦུད་པ་བསྣམས་ནས་ར་སྐྱེས་འཆིབ༔ དེ་ལྟར་སྡེ་བརྒྱད་གཙོ་འཁོར་རྣམས༔ མ་འདྲེས་ཡོངས་རྫོགས་ངང་དུ་གསལ༔ བྷྱོ༔ རི་རབ་བང་རིམ་ལྔ་པ་རུ༔ ཤར་དུ་གཉན་ཆེན་ཐང་ལྷ་སྐུ་མདོག་དཀར༔ ལྷོ་རུ་གཉན་ཆེན་དབྱི་རྒྱལ་སྐུ་མདོག་སེར༔ ནུབ་ཏུ་གཉན་ཆེན་འབྲོག་ཆེན་སྐུ་མདོག་སྨུག༔ བྱང་དུ་གཉན་ཆེན་དམར་ཟེ་སྐུ་མདོག་ལྗང༔ གཉན་ཆེན་སྡེ་བཞི་དེ་ལྟར་གསལ༔ བྷྱོ༔ ཤར་དུ་ཡུལ་ལྷ་་་་གང་ཡིན་མིང་འཛུད། སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་ན་མདུང་དར་དཀར་པོ་བསྣམས༔ ཆིབས་སུ་རྟ་དཀར་འཕུར་ཤེས་འཆིབ༔ ཡུལ་ལྷ་མང་པོའི་འཁོར་གྱིས་བསྐོར༔ ལྷོ་རུ་ཡུལ་འདིའི་གནས་ཀྱི་བདག༔ སྐུ་མདོག་དམར་པོ་དུག་པོ་གསོལ༔ ཕྱག་གཉིས་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ནུབ་ཏུ་ཡུལ་འདིའི་ཆུ་ཡི་བདག༔ སྐུ་མདོག་སྔོན་པོ་དར་སྔོན་གསོལ༔ ཕྱག་ན་ཆུ་ཡི་གར་བུ་བསྣམས༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ སྐུ་སྨད་སྦྲུལ་མཇུག་རྒྱ་མཚོ་དཀྲུག༔ བྱང་དུ་ས་བདག་དབང་ཆེན་སེར༔ ཞལ་ལྔ་ཕྱག་བཞི་དར་ལྗང་གསོལ༔ དབུས་ཞལ་མི་ལ་གཡས་ཞལ་གཉིས༔ སྟག་དང་ཕག་མགོ་གཡོན་ཞལ་གཉིས༔ བྱ་དང་སྦྲུལ་གྱི་མགོ་བོ་ཅན༔ ཕྱག་བཞི་དང་པོས་ཐལ་མོ་སྦྱར༔ འོག་གཉིས་རི་རབ་འཁོར་ལོ་བསྣམས༔ སྐུ་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ༔ རུས་སྦལ་ཕོ་མོའི་ཁྲི་ལ་བཞུགས༔ གཡས་སུ་སྲས་མཆོག་ས་འཛིན་སེར༔ རི་རབ་ལྗོན་ཤིང་དང་བཅས་བསྣམས༔ གཡོན་དུ་སྲས་མཆོག་རྒྱལ་པོ་སེར༔ སྦྲུལ་མགོ་བཅུ་དྲུག་སྦྲུལ་མཇུག་འཁྱིལ༔ རིན་ཆེན་སྡོང་པོ་ཕག་མཆེ་འཛིན༔ མདུན་དུ་ས་ཡི་ལྷ་མོ་ཡུམ༔ སེར་མོ་རིན་ཆེན་བུམ་པ་བསྣམས༔ རྒྱབ་ཏུ་ལྔ་སེར་ས་ཁམས་རྒྱལ༔ དེ་རྒྱབ་འབྱུང་བའི་རྒྱལ་མོ་བརྒྱད༔ རྒྱལ་བློན་བཅུ་བདུན་དུས་བཞིའི་ལྷ༔ སྤར་སྨེ་ལོ་ཟླ་ཞག་དུས་བདག༔ གཟའ་སྐར་ཀླུ་ཆེན་ས་བདག་ཚོགས༔ ཐམས་ཅད་མ་ལུས་ཡོངས་རྫོགས་གསལ༔ དེ་རྒྱབ་བང་རིམ་དྲུག་པ་ལ༔ ནད་རིམ་ཡམས་ཀྱི་བདག་པོ་དང༔ གོད་འདྲེ་བཙའ་བདག་ས་བདག་དང༔ སེར་བདག་ལ་སོགས་འཁོར་བཅས་གསལ༔ དེ་ལྟར་གསལ་བའི་ཐུགས་ཀར་རང་རང་གི་ས་བོན་ལས་འོད་ཟེར་འཕྲོས་པས་བོད་ཡུལ་མཐལ་དབུས་ཀུན་ནས་ཨ་ཕྱི་ཚེ་རིང་མཆེད་ལྔ༔ བོད་སྐྱོང་བསྟན་མ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དཔལ་ཆེན་པོའི་ཕ་འབབ་ལེན་པ་དང་བདག་ཅག་སྒྲུབ་པ་པོ་ཡོན་མཆོད་ཀྱི་བར་ཆད་བསལ་ཞིང་ལོ་གཡང་སྡུད་ཕྱིར་གནས་འདིར་གཤེགས་ཤིག༔ ཨོཾ་བྷྱོཿཏྲི་ཡ་བྷྱོ༔ ས་མ་བྷྱོ༔ མ་བྷྱོ༔ ཁ་ཡ་བྷྱོ༔ ཕཊ་ཡ༔ མ་མ་ཧྲིང་ཧྲིང་ཛ་ཛ༔ ས་མ་ཡ་སི་ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི་ཡ་ཤུཾ་བྷཻ་ཛཿཧཱུྃ་བཾ་ཧོ༔ དེ་ནས་གསུམ་པ་སྤྱན་འདྲེན་པ་སོགས་ནི༔ དུང་དམར་གྱི་ཕྱག་རྒྱ་དང་བཅས་ནས་དབྱངས་སྙན་པོས་འདི་སྐད་དོ༔ དེ་ནས་ལྷ་ཚོགས་རྣམས་གཡབ་དར་གྱིས་གཡབ་ལ༔ ཧཱུྃ་བྷྱོ༔ རྡོ་རྗེ་གདན་གྱི་ནུབ་ཕྱོགས་ནས༔ བལ་བོད་གཉིས་ཀྱི་སོ་མཚམས་ན༔ གངས་རི་ཤེལ་གྱི་ཅོད་པན་ཅན༔ ཕུ་ཆུ་སྙན་པའི་རྒྱང་གྲགས་ཅན༔ ནགས་ལ་མེ་ཏོག་བུང་བ་རྒྱས༔ གཡུ་བྲག་གསེར་གཡུའི་སྐེད་ཆིངས་ཅན༔ གནས་མཆོག་དེ་འདྲའི་གཡོན་མགུལ་ནས༔ དར་དཀར་གུར་གྱི་གཞལ་ཡས་ནས༔ བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ སེམས་གདུང་དྲག་པོས་ཁྱོད་འབོད་ན༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ མཐིང་གི་ཞལ་བཟང་གཤེགས་སུ་གསོལ༔ མི་གཡོ་བློ་བཟང་གཤེགས་སུ་གསོལ༔ ཅོད་པན་མགྲིན་བཟང་གཤེགས་སུ༴ གཏད་དཀར་འགྲོས་བཟང་གཤེགས༴ གཡུ་སྒྲོན་མཆེད་ལྔ་འཁོར་དང་བཅས༔ ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས༔ སིལ་སྙན་རོལ་མོའི་སྒྲ་དང་བཅས༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བྷྱོ༔ རི་རབ་ཆེན་པོའི་བྱང་ཤར་ནས༔ དཔལ་ལྡན་ལྷ་མོ་དུད་སོལ་མ༔ ཡང་འཁོར་མ་མོ་འབུམ་སྡེར་བཅས༔ ནམ་མཁའི་མཐོངས་ནས་གཤེགས་སུ༴ དུར་ཁྲོད་མེ་རླུང་འཚུབས་དཀྱིལ་ནས༔ ཨེ་ཀ་ཙཱ་ཏི་འཁོར་དང་བཅས༔ གནས་འདིར་མྱུར་བར་གཤེགས་སུ༴ བཀའ་ཡི་ཚོགས་དང་བཅས་ཉིད་དུ༔ ཁྲག་འཐུང་དེ་ནི་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད༔ བྷྱོ༔ བྱང་གི་ཕྱོགས་ནས་སྤྱན་འདྲེན་ནོ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ རྡོ་རྗེ་སྐྱི་མཐིང་ཡ་མ་སྐྱོང༔ ཆིབས་སུ་གསེར་ཤ་ཡུ་མོ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ཆིབས་སུ་གྱི་ལིང་ཁ་གར་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ བརྡའ་ལྷ་བཙན་པོ་བདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ ཆེ་ཞེ་གཙུག་འཆང་འོད་འབར་མ༔ ཆིབས་སུ་འབྲོང་བུ་དར་མ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ རྡོ་རྗེ་ཨུག་ཆོས་གཡར་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ བྱང་གི་སྨན་ཏིང་ཆེན་མོ་ནི༔ ཆིབས་སུ་འབྲོང་བུ་དར་མ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོ་འཆིབ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཡོན་མཆོད་བར་ཆད་བསལ་བ་དང༔ ཡུལ་ཕྱོགས་ལོ་གཡང་སྡུད་པའི་ཕྱིར༔ མདོས་ལ་སྤྱན་འདྲེན་གཤེགས་སུ༴ སྔོན་ཚེ་བལ་བོད་ཁ་ལ་རོང་སྒོ་རུ༔ སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔ་རུ༔ ཨ་ཕྱི་མཆེད་ལྔ་བསྟན་སྐྱོང་ཞལ་བཞེས་ལྟར༔ བོད་སྐྱོང་བསྟན་མ་བཅུ་གཉིས་གཤེགས་སུ་གསོལ༔ སྔོན་ཚེ་དུར་ཁྲོད་བསིལ་བའི་ཚལ་དུ་ནི༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་དང༔ ཆུ་དབར་སྤྲུལ་སྐུ་བཞད་པ་རྡོ་རྗེ་ཡི༔ སྤྱན་སྔར་ཐུགས་དམ་ཞལ་བཞེས་དམ་བཅས་པའི༔ ཨ་ཕྱི་བསྟན་སྐྱོང་ཚོགས་རྣམས་གཤེགས་སུ་གསོལ༔ རང་རང་འཁོར་ཚོགས་འབུམ་ཕྲག་སྟོང་སྟོང་བཅས༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ ཐུགས་ཉིད་བརྩེ་བ་ཆེན་པོས་གཤེགས་སུ་གསོལ༔ ཡང་འཁོར་སྡེ་བརྒྱད་མ་ལུས་གཤེགས་སུ༴ མ་ཚོགས་དབང་ཕྱུག་ཉེར་བརྒྱད་གཤེགས་སུ༴ གཉན་ཆེན་ཡུལ་ལྷ་གནས་བདག་གཤེགས་སུ༴ ས་བདག་དབང་ཆེན་ཡབ་ཡུམ་སྲས་འཁོར་གཤེགས་སུ༴ ཡང་འཁོར་ས་བདག་མ་ལུས་གཤེགས་སུ༴ སྒོ་བ་རྒྱལ་ཆེན་སྡེ་བཞི་གཤེགས་སུ༴ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ༴ ཡོན་མཆོད་བར་ཆད་བསལ་ཕྱིར་གཤེགས་སུ༴ ཡུལ་ཕྱོགས་ལོ་གཡང་སྡུད་ཕྱིར་གཤེགས་སུ༴ སྲིད་པའི་མདོས་ཆེན་འདི་ལ་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱཀྐི་ནཱི་ཧཱུྃ་ཛཿབྷྱོ་ཡ་ཏྲི་བྷྱོཿས་ཡ་སི༔ ས་མ་ཡ་བྷྱོ༔ ཁ་ཡ་བྷྱོ༔ ཨེ་ཨ་ར་ལི་ཧྲིང་ཧྲིང་ཧྲིང༔ ཧཱུྃ་ས་ཡ་སི༔ ཨོཾ་ཨེ་ཧྱེ་ཧི༔ ཌཱཀྐི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཅེས་སོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ བྷྱོ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ་དང༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང༔ མ་གཅིག་ལྷ་མོ་དུད་སོལ་རྒྱལ་མོ་དང༔ ལྷ་མོ་ཨེ་ཀ་ཛཱ་ཊི་རྣམས༔ བྱང་ཕྱོགས་དབང་ཕྱུག་མ་མོ་བཞི༔ ཡང་འཁོར་འབུམ་ཕྲག་དུ་མ་རྣམས༔ རང་རང་སྐུ་དང་དབྱེར་མེད་བཞུགས༔ ཡང་འཁོར་དབང་ཕྱུག་ཉི་ཤུ་བརྒྱད༔ གཉན་ཆེན་བཞི་དང་ཡུལ་ལྷ་དང༔ གནས་ཀྱི་བདག་པོ་ཆུ་ཡི་ལྷ༔ ས་བདག་དབང་ཆེན་བཀའ་འཁོར་བཅས༔ ནད་བདག་བཙའ་སད་སེར་གསུམ་བདག༔ གོད་འདྲེ་མི་ཁ་བ་རུ་མ༔ ཐམས་ཅད་བྱམས་དང་གུས་པ་ཡིས༔ རང་གི་སྐུ་གཟུགས་གཟུགས་བརྙན་ལ༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ཨ་ཡ་ས་ཡ་ཁ་ཡ་མ་ཕཊ་ཤྲི་ཡ་ཨ་ཙིག་ཏི་མ་མ་ཧྲིང་ཧྲིང༔ ས་མ་ཡ་ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི༔ བྷཱུ་མི་པ་ཏི་མ་ཧཱ་དེ་ཝཱ་སརྦ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་དམ་གཞག་ནི༔ རྡོ་རྗེ་ལག་ཏུ་ཐོགས་ལ༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་དང༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ ཡེ་ཤེས་མཁའ་འགྲོ་སེང་གདོང་དང༔ རྒྱལ་བ་ཤཱཀྱ་ཐུབ་པ་དང༔ བཅོམ་ལྡན་གུ་རུ་དྲག་པོ་དང༔ རྗེ་བཙུན་བཞད་པ་རྡོ་རྗེ་ཡི༔ སྤྱན་སྔར་ཇི་ལྟར་ཁས་བླངས་ལྟར༔ ཐམས་ཅད་དམ་ལས་མ་འདའ་ཞིག༔ གལ་ཏེ་དམ་ལས་འདའ་གྱུར་ན༔ རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ མནར་མེད་དམྱལ་བར་སྐྱེ་བར་འགྱུར༔ དེ་བས་དམ་ཚིག་དྲན་གྱིས་ལ༔ བཀའ་དང་དམ་ལས་མ་འདའ་ཞིག༔ ཅེས་རྡོ་རྗེ་ཕྱོགས་བཞིར་བསྟན་ལ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུ་སྨན་མོས་འགྲོ་དོན་རྫོགས་མཛད་མ༔ ཨ་ཕྱི་བསྟན་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད༔ བྷྱོ༔ དབང་པོ་བརྒྱ་བྱིན་སྲས་མོ་དུང་སྐྱོང་མ༔ ལྷོ་ཕྱོགས་གཤིན་རྗེའི་བུ་མོ་འཇིགས་གཟུགས་ཅན༔ བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི༔ ངོ་བོ་གཅིག་ལ་རྣམ་པ་དུ་མར་སྤྲུལ༔ མ་གཅིག་ལྷ་མོ་དུད་སོལ་རྒྱལ་མོ་དང༔ སྔགས་སྲུང་ཨེ་ཀ་ཛཱ་ཊིར་ཕྱག་འཚལ་བསྟོད༔ བྷྱོ༔ འཁོར་ལོས་བསྒྱུར་རྒྱལ་སྲས་མོ་ཉི་ཤུ་བརྒྱད༔ ཕྱི་ལྟར་འཇིག་རྟེན་ལྷ་མོ་ཉི་ཤུ་བརྒྱད༔ ནང་ལྟར་དབང་ཕྱུག་ཉེར་བརྒྱད་དཀྱིལ་འཁོར་སྐྱོང༔ གསང་བ་གནས་ཆེན་བརྒྱད་ཀྱི་གནས་བདག་མོ༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་སུ་གཅོད༔ འཇིག་རྟེན་ལེགས་ཉེས་བྱ་བ་ཀུན་ལ་དབང༔ ཡང་དག་ཉེས་ན་མི་དགའ་སྣ་ཚོགས་སྟོན༔ དྲེགས་པ་སྡེ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ཁམས་ན་དབང་བ་ཡུལ་ལྷའི་གཙོ༔ ཆེ་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡུལ་ཕྱོགས་ཁྱད་པར་བདག་ཅག་ཡོན་མཆོད་ཀྱི༔ ལྷ་ཆ་དཔེ་རྟེན་རྒྱུ་དང་མཁར་ལ་དབང༔ གནས་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ཁམས་ན་འབབ་ཆུ་མཚོ་ལ་དབང༔ ཆུ་ལྷ་ཀླུ་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ཁམས་ན་ལེགས་ཉེས་བྱ་བ་བྱེད༔ ས་གནམ་ལ་སོགས་འབྱུང་བ་ལྔ་ལ་དབང༔ ས་བདག་དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཡང་འཁོར་ས་བདག་ཚོགས་ལ་ཕྱག་འཚལ་བསྟོད༔ ནད་ཡམས་རིམས་ཡམས་བཙའ་སད་སེར་གསུམ་བདག༔ གོད་ཀྱི་སྣ་འདྲེན་བྱིས་པའི་ཆུང་སྲི་བྱེད༔ འབྱུང་པོ་ཕོ་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྐབས་འདིར་རྒྱས་པར་འགྲུབ་ཚེ་བསང་གསོལ་ཁ་བརྔན་སོགས་རྒྱས་པར་བྱེད༔ དེ་ནས་བཞི་པ་མཆོད་པ་འབུལ་བ་སོགས་ལ་དང་པོ་ཕྱི་མཆོད༔ གཉིས་པ་ནང་མཆོད༔ གསུམ་པ་གསང་མཆོད༔ བཞི་པ་ཚོགས་བྱ་བ༔ ལྔ་པ་བསྐང་བ༔ དྲུག་པ་མདོས་སྦྱིན་བསྔོ་བ༔ བདུན་པ་མདོས་འཕྱོང༔ བརྒྱད་པ་རྩང་འབུལ༔ དགུ་པ་ཤིང་རིས་འབུལ༔ བཅུ་པ་ཡས་གླུད་འབུལ༔ བཅུ་གཅིག་པ་བསྟོད་པ་དང་ཟློག་པའི་ཕྲིན་བཅོལ་ལོ༔ དེ་ལ་དང་པོ་ཕྱི་མཆོད་ནི༔ ཧཱུྃ་བྷྱོ༔ ཨ་ཕྱི་བཀྲ་ཤིས་ཚེ་རིང་མཆེད་ལྔ་དང༔ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དང༔ དབང་ཕྱུག་སྡེ་བརྒྱད་བཞུགས་པའི་སྤྱན་ལམ་དུ༔ ཕྱི་མཆོད་དབང་པོ་ལྔ་ཡི་མེ་ཏོག་མཆོད༔ ཨ་ག་རུ་ལ་སོགས་པའི་བདུག་སྤོས་མཆོད༔ རྐང་དང་ཞག་གི་མར་མེས་མཆོད༔ རཀྟ་མཁྲིས་པའི་དྲི་ཆབ་མཆོད༔ རང་རང་དགྱེས་པའི་ཞལ་ཟས་མཆོད༔ རྔ་དང་དུང་སོགས་རོལ་མོས་མཆོད༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་པཱ་དྱཾ༴ ཨོཾ་བཛྲ་པུཥྤེ༴ དེ་བཞིན་དུ། དྷཱུ་པེ༴ ཨཱ་ལོ་ཀེ༴ གྷནྡྷེ༴ ནཻ་ཝིདྱ༴ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་སྭཱ་ཧཱ༔ དེ་ནས་གཉིས་པ་ནང་མཆོད་ནི༔ བྷྱོ༔ ཨ་ཕྱི་བཀྲ་ཤིས་ཚེ་རིང་མཆེད་ལྔ་དང༔ བོད་སྐྱོང་བསྟན་མ་བཅུ་གཉིས་དང༔ དབང་ཕྱུག་སྡེ་བརྒྱད་ཡང་འཁོར་འབུམ༔ ནང་གི་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་མཆོད༔ དགྲ་བགེགས་བསྒྲལ་པའི་རཀྟས་མཆོད༔ རང་རང་དགྱེས་པའི་གཏོར་མ་འབུལ༔ ཨ་ལ་ལ་ཧོ་དགྱེས་པར་རོལ༔ ཨོཾ་བཛྲ་ས་མ་ཡ་ཡ་ཁ་ཡ་ཕཊ༔ མ་མ་ཧྲིང་ཧྲིང་ས་མ་ས་ཧ་ཧོ་ཧྲི་ཕེཾ་ཕེཾ་བྷྲཱུྃ་མ་ཧཱ་དྷེ་ཝ་རཱ་ཙ་སརྦ་པཉྩ་རཀྟ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་གསུམ་པ་གསང་མཆོད་འབུལ་བ་ནི༔ ཧྲཱི༔ ཨ་ཕྱི་བསྟན་སྐྱོང་ལྷ་མོ་དཔོན་གཡོག་དང༔ ཕོ་རྒྱུད་རིག་འཛིན་སྦྱོར་བའི་སྦྱོར་མཚམས་ནས༔ བྱང་སེམས་དཀར་དམར་བདུད་རྩིའི་རྒྱུན་ལྟར་འབབས༔ རང་བྱུང་བྷནྡྷ་ལྕང་ལོའི་ནང་དུ་བལྟམས༔ གཉིས་མེད་སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་མ་ར་ཏི་པཉྩ་པཱུ་ཙ་ཧོ༔ དེ་ནས་སྐབས་འདིར་༼བཞི་པ།་་་ཚོགས་༼ལྔ་པ།་་་སྐོང་བ་བྱ༔ དེ་ནས་དྲུག་པ་མདོས་བསྔོ་བ་ནི༔ ཨོཾ་སྭཱ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདོས་གཞི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་གསེར་གྱི་རི་བདུན་རོལ་པའི་མཚོ་བདུན༔ རང་རང་སྐུ་གཟུགས་དང་གཏོར་མ་སྐོང་རྫས་རྟེན་རྫས་སྒྲུབ་རྫས་གཡང་རྫས་གསེར་གྱི་བྲག་རི་བྱ་སྐྱིབས་ཅན་གཡུའི་ན་བ༔ བྱ་རིགས་སྣ་ཚོགས༔ གཅན་གཟན་སྣ་ཚོགས༔ རི་དྭགས་སྣ་ཚོགས༔ གཡུང་དྭགས་སྣ་ཚོགས༔ ལྟོ་འཕྱེ་སྣ་ཚོགས༔ ཆུ་གནས་སྣ་ཚོགས༔ ཨ་མོ་ལི་ཀའི་རྡོ་ལེབ༔ གཞན་ཡང་འབྲས་གྲོ་ནས་སོ་བ་སྲན་མ་ཡུངས་དཀར་ནག་སེ་འབྲུ་ཨ་བར་སྐྱུར་གསུམ་བཟང་པོ་དྲུག༔ འབྲས་སྣ་གསུམ་ཞོ་ཤ་གསུམ་གེ་སར་གསུམ༔ གསེར་དངུལ་མུ་མེན་མུ་ཏིག་བྱེ་རུ་གཡུ་གཟི་མཆོང་ཟངས་ལྕགས་ལ་སོགས་རིན་པོ་ཆེ་སྣ་ཚོགས༔ གདུ་བུ་འགུ་ཡ་རུས་རྒྱན་དར་གྱི་ལྷབ་ལྷུབ་སོགས་རྒྱན་ཆ་སྣ་ཚོགས༔ བ་དཀར་བརྒྱ་བིས་ཁྲ་སྟོང༔ ཁྲ་བོ་བརྒྱ༔ རོག་པོ་སྟོང༔ གསེར་རྟ་བརྒྱ༔ གཡུ་འབྲི་སྟོང༔ ཤེལ་ར་བརྒྱ༔ གཡུ་ལུག་སྟོང༔ གཞན་ཡང་དྲག་པོའི་རྩང་དམར་ཉེར་བརྒྱད༔ ཕོ་གླུད་མདའ་དང་ཕོ་ཏང༔ མོ་གླུད་འཕང་དང་མོ་ཏང༔ རུ་མཚོན་རྒྱང་བུ་ནམ་མཁའ་གདུགས་དང་རྒྱལ་མཚན་ཅོད་པན༔ ས་སྣ་ཆུ་སྣ་ཤིང་སྣ༔ གཡང་རྫས་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ༔ སྨན་གཏོར་རཀྟ་སོགས་བསམ་གྱིས་མི་ཁྱབ་པ༔ ཕྱི་རིན་པོ་ཆེ་སྣ་ལྔ་འབྱུང་བ་ལྔའི་རང་བཞིན༔ ནང་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན༔ གསང་བ་ཡེ་ཤེས་ལྔའི་རང་བཞིན༔ འོད་ཟེར་དུ་མ་འཕྲོ་བ༔ དབང་པོ་ལྔ་ཚང་ནས་འདོད་དགུའི་གཟུགས་དང་ལྡན་པ༔ སྐྱེ་མཆེད་བཅུ་གཉིས་ཚང་བ༔ ཁམས་བཅོ་བརྒྱད་རྫོགས་པ༔ རེ་རེ་ལ་ཡང་གྲངས་མེད་དཔག་ཏུ་མེད་པས་ས་དང་ནམ་མཁའ་བར་སྣང་གང་བ་འཕྲོ་བ་འདི་ཉིད༔ རྩ་བའི་བླ་མ་ཡི་དམ་ལྷ་ཚོགས་མ་རྒྱུད་མཁའ་འགྲོ་ཕ་རྒྱུད་ཆོས་སྐྱོང་སྲུང་མ༔ ཨ་ཕྱི་ཇོ་མོ་བཀྲ་ཤིས་ཚེ་རིང་མ༔ མཐིང་གི་ཞལ་བཟང་མ༔ མི་གཡོ་བློ་བཟང་མ༔ ཅོད་པན་མགྲིན་བཟང་མ༔ གཏད་དཀར་འགྲོས་བཟང་མ༔ གཡུ་སྒྲོན་མཆེད་ལྔ༔ གཞན་ཡང་དཀྱིལ་འཁོར་གཉན་གྱི་སྲུང་མ་ཆེན་མོ༔ དུར་ཁྲོད་བརྒྱད་ཀྱི་མ་མོ་ཆེན་མོ༔ སྒྲུབ་ཆེན་བརྒྱད་ཀྱི་བཀའ་ཉན་ཆེན་མོ༔ བཅོམ་ལྡན་འདས་དཔལ་ཆེན་པོའི་བཀའ་འཁོར་ལ་གནས་པའི་ནག་མོ་བཞིན་མི་སྡུག་པའི་བུ་མོ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་པའི་བདུད་མོ་ཆེན་མོ་བཞི༔ དམར་མོ་ཁྲག་འཛག་མའི་བུ་མོ་རྡོ་རྗེ་གཡུ་སྒྲོན་མ་ལ་སོགས་པའི་གནོད་སྦྱིན་ཆེན་མོ་བཞི་དང༔ དཀར་ཤམ་བཞིན་བཟང་མའི་བུ་མོ་རྡོ་རྗེ་བོད་ཁམས་སྐྱོང་ལ་སོགས་པའི་སྨན་མོ་ཆེན་མོ་བཞི་དང༔ གཞན་ཡང་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ ལྷ་སྲིན་སྡེ་བརྒྱད་སྐྱོང་མ་བཅུ་གཉིས་སྡེ་དཔོན་སུམ་ཅུ་གཉན་ཆེན་སྡེ་བཞི༔ ཡུལ་འདིའི་ལྷ་ཆེ་གེ་གནས་བདག་གཞི་བདག་ཆུ་བདག་ས་བདག་དབང་ཆེན་བཀའ་བློན་འབངས་འཁོར་དང་བཅས་པ༔ ནད་ཡམས་རིམས་གསུམ་བཙའ་སད་སེར་གསུམ་གོད་འདྲེ་ཆུང་སྲི་མི་ཁའི་བུ་མོ་བ་རུ་མ་རྣམས་ལ་བསྔོའོ༔ མགྲོན་ནོ༔ གསོལ་ལོ་མཆོད་དོ༔ ལེགས་པ་ཆོས་ཤིག༔ ཉེས་པ་ཟློགས་ཤིག༔ བསམ་པ་སྒྲུབས་ལ་རེ་བ་སྐོངས་ཤིག༔ ཉིན་གསུམ་གྱི་བྱ་ར་གྱིས་ཤིག༔ མཚན་གསུམ་གྱི་མེལ་ཚེ་གྱིས་ཤིག༔ རྒྱབ་ཀྱི་བརྟེན་མ་མཛོད་ཅིག༔ མདུན་གྱི་འཁར་བ་མཛོད་ཅིག༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ བསམ་པ་ལ་བར་ཆད་མ་གཏང་ཞིག༔ བཙའ་སད་སེར་བ་དང་འབུ་སྲིན་མ་གཏང་ཞིག༔ མི་ཁ་དང་བྲ་མཆུ་མ་གཏང་ཞིག༔ དེ་ལན་དང་དེ་ཉེས་མ་གཏང་ཞིག༔ ཁ་སྨྲས་དང་གླེང་བརྗོད་མ་གཏང་ཞིག༔ མི་མང་སར་སྨ་མ་འབེབ་ཅིག༔ བྱ་མང་པོར་སྤུ་མ་བཏོག་ཅིག༔ རང་ལས་གཞན་གྱིས་བརྙས་སུ་མ་བཅུག་ཅིག༔ བསམ་པའི་རེ་བ་སྐོངས་ཤིག༔ འདོད་དོན་དངོས་གྲུབ་སྩོལ་ཅིག༔ ཡུལ་འདིར་ལོ་གཡང་དང་ཟས་གཡང་ནོར་གཡང་མི་གཡང་སྡུས་ཤིག༔ གཡང་རྫས་འདི་ལ་སྟིམས་ཤིག༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག༔ ཅེས་བརྗོད༔ དེ་ནས་བདུན་པ་མདོས་འཕྱོང་ནི༔ བྷྱོཿབྷྱོཿབྷྱོ༔ ྈྈྈྈ བྷྱོ་བྷྱོ༔ ཧོ་ཧོ་བཀྲ་ཤིས་ཚེ་རིང་མ༔ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ སྐུ་མདོག་དཀར་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ ཕྱག་ན་ཚེ་ཡི་བུམ་པ་བསྣམས༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ དཀར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང༔ བདག་གི་ཚེ་སྲིངས་རིགས་རྒྱུད་སྤེལ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ལྷ་མོ་མཐིང་གི་ཞལ་བཟང་མ༔ རྡོ་རྗེ་མཁའ་འགྲོ་བདེ་ཆེན་སྐུ༔ སྐུ་མདོག་སྔོ་ལ་འོད་ཟེར་འབར༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་རྐྱང་བུ་ཁ་གར་འཆིབ༔ ཕྱག་ན་ལྷ་ཡི་མདའ་དར་ཕྱར༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ སྔོན་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང༔ སྣང་སྲིད་པྲ་ཡི་དངོས་གྲུབ་སྩོལ༔ ལྷ་མོ་མི་གཡོ་བློ་བཟང་མ༔ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་མདོག་སེར་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་རྒྱ་སྟག་ངར་མ་འཆིབ༔ ཕྱག་ན་ནེའུ་ལེའི་རྐྱལ་པ་འཛིན༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ སེར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ ལྷ་མོ་ཅོད་པན་མགྲིན་བཟང་མ༔ རྡོ་རྗེ་ལོངས་སྤྱོད་ཕག་མོ་ཡུམ༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་ཤ་བ་ཡུ་མོ་འཆིབ༔ ཕྱག་ན་རིན་ཆེན་སྒྲོམ་བུ་བསྣམས༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ དམར་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང༔ བདག་ལ་བང་མཛོད་ནོར་རྫས་སོགས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ལྷ་མོ་གཏད་དཀར་འགྲོས་བཟང་མ༔ རྡོ་རྗེ་མཁའ་འགྲོ་གར་སྟབས་ཅན༔ སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ༔ བཀྲ་ཤིས་དཔལ་འབར་གཟི་བརྗིད་ལྡན༔ ཆིབས་སུ་གཡུ་འབྲུག་སྔོན་མོ་འཆིབ༔ ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས༔ ལྷབ་ལྷུབ་རིན་ཆེན་རྒྱན་གྱིས་བརྒྱན༔ ལྗང་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདོས་ཀྱི་མཆོད་པ་འདི་བཞེས་ལ༔ ཕྱི་ནང་བར་ཆད་ཞི་བ་དང༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ བྷྱོ༔ སྨན་བཙུན་རྒྱལ་མོ་ཁྱེད་རྣམས་ཀྱིས༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ༴ བཙའ་སད་སེར་གསུམ་དགྲ་ལ༴ མི་ཁ་བྲ་མཆུ་དགྲ་ལ༴ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ མ་གཅིག་ལྷ་མོ་དུད་སོལ་མ༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ སོགས་འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ཨེ་ཀ་ཙཱ་ཏི་གློག་མ་སྲིན༔ སྲིད་པའི་མདོས་ཆེན༴ སོགས་འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ བོད་སྐྱོང་བསྟན་མ་བཅུ་གཉིས་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡུལ་ནི་རྡོ་རྗེ་བྲག་དམར་ན༔ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་རྨ་རྒྱལ་སྤོམ་ར་ན༔ སྲིང་གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་གར་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་དབུས་རུ་སྙིགས་ཚལ་ན༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་མོ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་མ་ཧཱ་དེ་ཝ་ན༔ གནམ་སྨན་རྡོ་རྗེ་ཀུན་གྲགས་མ༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་ལྷོ་ཡུལ་དེ་སྙིང་ན༔ སྲིང་གཅིག་སྐྱི་མཐིང་ཡ་མ་སྐྱོང༔ ཆིབས་སུ་གསེར་ཤ་ཡུ་མོ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་སྔ་ཕྱི་དེ་གྲོང་ན༔ སྲིང་གཅིག་ཨུག་ཆོས་དབྱར་མོ་བསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་བལ་ཡུལ་གསེར་ཕུག་ན༔ ཨེ་ཀ་ཙཱ་ཏི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་པོ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་ན་ལེ་ཤིང་ལེ་ན༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་རྐང་ཡུལ་རྐང་ཕུག་ན༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་མང་ཡུལ་མང་ཏིང་ན༔ ཆེ་ཞེ་གཙུག་འཆང་འོད་འབར་མ༔ ཆིབས་སུ་འབྲོང་བུ་དར་མ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་དབུ་རུ་སྙིང་ཚལ་ན༔ བྱང་གི་སྨན་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་ཆེན་འགྱིང་བ་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ ཡུལ་ནི་སྒྲུབ་ཡུལ་རྒྱ་མཚོ་ན༔ བརྡའ་ལྷ་བཙད་པོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་འཆིབ༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ བྱང་ཕྱོགས་དབང་ཕྱུག་མ་མོ་བཞི༔ སྲིན་མོ་སྨུག་ནག་གཡག་གདོང་མ༔ ཕྱག་ན་རྡོ་རྗེ་ཐོད་ཁྲག་བསྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ རྡོ་རྗེ་སེར་མོ་དོམ་གདོང་མ༔ ཕྱག་ན་སྤུ་གྲི་དུང་དམར་བསྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཟ་བ་ལྗང་དམར་བྱ་རྒོད་མགོ༔ ཞིང་ཆེན་ཕྲག་བཀལ་ཀེང་རུས་བསྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ གསོད་བྱེད་ལྗང་ནག་སྤྱང་མོའི་མགོ༔ ཕྱག་གཉིས་བ་དན་ཐོད་ཁྲག་བསྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡང་འཁོར་དབང་ཕྱུག་ཉི་ཤུ་བཞི༔ ཤར་ཕྱོགས་ཞི་བའི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ ནད་གདོན་བར་ཆད་ཞི་བར་མཛོད༔ བཙའ་སད་སེར་གསུམ་དགྲ་ལ༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ལྷོ་ཕྱོགས་རྒྱས་པའི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ༴ ཚེ་བསོད་ཁ་རྗེ་རྒྱས་པར་མཛོད༔ བཙའ་སད་སེར་གསུམ་དགྲ་ལ༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ནུབ་ཕྱོགས་དབང་གི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ༴ ཐམས་ཅད་དབང་དུ་འདུས་པར་མཛོད༔ བཙའ་སད་སེར་གསུམ་དགྲ་ལ༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ བྱང་ཕྱོགས་དྲག་པོའི་ལས་བྱེད་དྲུག༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ༴ གནོད་བྱེད་དགྲ་བགེགས་བསྒྲལ་དུ་གསོལ༔ བཙའ་སད་སེར་གསུམ་དགྲ་ལ༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ སྔོན་ཚེ་དམ་བཅའ་མ་གཡེལ་བར༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ བྷྱོ་བྷྱོ༔ ཛ༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ སྐྱོང་མ་བཅུ་གཉིས་འཁོར་དང་བཅས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛཿབྷྱོ་ཧཱུྃ་བྷྱོ༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡ་མ་བཅུ་གཉིས་འཁོར་བཅས་དང་བཅས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཛཿཛ༔ ཧཱུྃ་བྷྱོ༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི་ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡུལ་ལྷ་ཆེ་གེ་འཁོར་བཅས་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨོཾ་བྷཱུ་མི་པ་ཏི་ཡ་ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡུལ་འདིའི་གནས་བདག་འཁོར་བཅས་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ནཱ་ག་ས་མ་ཡ་ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ཡུལ་འདིའི་ཆུ་ལྷ་གཉན་པོ་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨ་པ་དུ་ཡ་ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ས་བདག་དབང་ཆེན་འཁོར་བཅས་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨ་བྷྲཱུྃ་མ་ཧཱ་དེ་ཝ་ས་མ་ཡ་ཛཿཁུག༔ བཅོལ་པའི་ཕྲིན་ལས༴ བྷྱོ༔ ནད་བདག་འབྱུང་པོ་ཕོ་མོ་རྣམས༔ སྲིད་པའི་མདོས་ཆེན༴ འགྲེ་འོ། །གཡང་རྫས་འདི་ལ་ཐིམ་པར་ཁུག༔ ཨོཾ་བྷྱོ་ཧཱ་ཧེ་ཛ་ཁུག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བརྒྱད་པ་རྩང་འབུལ་བ་ནི༔ བྷྱོ་བྷྱོ་བྷྱོ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ་དང༔ མ་གཅིག་ལྷ་མོ་དུད་སོལ་མ༔ བོད་སྐྱོང་བསྟན་མ་བཅུ་གཉིས་དང༔ ལྷ་མོ་ཨེ་ཀ་ཛཱ་ཊི་དང༔ དབང་ཕྱུག་སྡེ་བརྒྱད་ཡང་འཁོར་བཅས༔ ཐམས་ཅད་བཞུགས་པའི་སྤྱན་ལམ་དུ༔ དྲག་པོའི་རྩང་དམར་ཉི་ཤུ་བརྒྱད༔ ཡར་རྩེ་བསྐལ་པའི་མེ་དཔུང་འབར༔ དམར་པོ་བཙན་གྱི་རྟ་རྒྱུག་ཤ་ར་ར༔ མར་རྩེ་བསྐལ་པའི་མུན་ནག་འཐིབས༔ བདུད་དམག་བྲོ་རྡུང་ཁྲིགས་སེ་ཁྲིག༔ རྐེད་པར་དབང་ཕྱུག་ཕོ་བྲང་བཅས༔ མ་ཚོགས་དབང་ཕྱུག་མཉེས་པའི་རྫས༔ མཉེས་པའི་རྫས་ཀྱིས་ཐུགས་དམ་བསྐང༔ ཆག་ཆེན་ཉམས་ང་ཟློག་ཏུ་གསོལ༔ མི་ཁ་བྲ་མཆུ་ཟློག་ཏུ་གསོལ༔ བཙའ་སད་སེར་བ་འབུ་སྲིན་ཟློག་ཏུ་གསོལ༔ གོད་འདྲེ་ཐན་ལྟས་ངན་པ་ཟློག་ཏུ་གསོལ༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག་ཏུ་གསོལ༔ གློ་བུར་ཉི་ཤུ་རྩ་གཅིག་ཟློག་ཏུ་གསོལ༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཟློག་ཏུ་གསོལ༔ དེ་ནས་དགུ་པ་ཤིང་བཀྲ་ནམ་མཁའ་བསྔོ་བ་ནི༔ བྷྱོ༔ ཇོ་མོ་བཀྲ་ཤིས་ཚེ་རིང་མ༔ མ་གཅིག་ལྷ་མོ་དུད་སོལ་མ༔ སྔགས་སྲུང་ཨེ་ཀ་ཙཱ་ཏི་མ༔ དབུས་ཕྱོགས་གཙོ་མོ་མ་མོ་འབུམ༔ སྡེ་བརྒྱད་གཟའ་དང་ཐིལ་རང་དང༔ སྟེང་ཕྱོགས་གདོན་བགེགས་ཐམས་ཅད་ལ༔ མཐུན་རྫས་ནམ་མཁའ་རྩིབས་དྲུག་ལྡན༔ ལྷབ་ལྷུབ་དར་གྱི་ཅོད་པན་དང༔ འཕྲུལ་གྱི་མདའ་བཀྲ་ཕོ་ཡི་གླུད༔ གཅིག་ལས་བརྒྱ་སྟོང་འབུམ་ཕྲག་འཕྲོ༔ འཕྲུལ་གྱི་འཕང་བཀྲ་མོ་ཡི་གླུད༔ གཅིག་ལས་བརྒྱ་སྟོང་འབུམ་ཕྲག་འཕྲོ༔ རྒྱང་བུ་བྱང་དམར་ཁྲམ་ཤིང་དང༔ འཁོར་བ་རྩད་གཅོད་རུ་མཚོན་དང༔ ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས༔ རེ་རེར་བརྒྱ་སྟོང་འོད་ཟེར་འཕྲོ༔ མ་མོ་མཁའ་འགྲོ་ཁྱེད་རྣམས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ བྷྱོ༔ ཨ་ཕྱི་ལྷ་མོ་མཐིང་གི་ཞལ་བཟང་མ༔ ཀོང་བཙུན་དེ་མོ་རྡོ་རྗེ་གཡུ་སྒྲོན་མ༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ ཤར་ཕྱོགས་དབང་ཕྱུག་མ་མོ་དྲུག༔ སྡེ་བརྒྱད་ལྷ་དང་རྒྱལ་པོ་ཆེ༔ ཤར་ཕྱོགས་གནས་པའི་གདོན་བགེགས་རྣམས༔ མཐུན་རྫས་ནམ་མཁའ་དཀར་པོ་ལྔ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་ལྔ༔ ཁྱེད་རྣམས་སྐུ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་ལྔ༔ ཁྱེད་རྣམས་གསུང་དང་གཉིས་སུ་མེད༔ འཁོར་བའི་གཡུལ་ཟློག་རུ་མཚོན་ལྔ༔ ཁྱེད་རྣམས་ཐུགས་དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཐབས་མཆོག་སྟག་པའི་ཕོ་ཐང་དང༔ འཕྲུལ་གྱི་མདའ་བཀྲ་སྒྲོ་སྒྲོན་མདིལ་གྱིས་མཐུད༔ ཁྱེད་རྣམས་སྐུ་གཉན་མཐུན་པའི་རྫས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཤེས་རབ་གླང་མའི་མོ་ཐང་དང༔ འཕྲུལ་གྱི་འཕང་བཀྲ་རིན་ཆེན་བརྒྱན༔ དེ་དག་ཁྱེད་རྣམས་དགྱེས་སྡེ་དང༔ མཐུན་པའི་རྫས་སུ་འབུལ་བར་བགྱི༔ སྐུ་གླུད་མཐུན་རྫས་འདི་དག་གིས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ བྷྱོ༔ ཨ་ཕྱི་ལྷ་མོ་མི་གཡོ་བློ་བཟང་མ༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ ལྷོ་ཕྱོགས་དབང་ཕྱུག་མ་མོ་དྲུག༔ སྡེ་བརྒྱད་གཤིན་རྗེ་མ་མོ་རྒྱལ༔ ལྷོ་ཕྱོགས་གནས་པའི་གདོན་བགེགས་རྣམས༔ མཐུན་རྫས་ནམ་མཁའ་སེར་པོ་ལྔ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ གོང་གི་འགྲེས་སྦྱར། བྷྱོ༔ ཨ་ཕྱི་ལྷ་མོ་གཏད་དཀར་འགྲོས་བཟང་མ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ ནུབ་ཕྱོགས་དབང་ཕྱུག་མ་དྲུག་དང༔ སྡེ་བརྒྱད་བཙན་དང་བདུད་ཀྱི་རྒྱལ༔ ནུབ་ཕྱོགས་གདོན་བགེགས་ཚོགས་རྣམས་ལ༔ མཐུན་རྫས་ནམ་མཁའ་དམར་པོ་ལྔ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ འགྲེ་འོ། །བྷྱོ༔ ཨ་ཕྱི་ལྷ་མོ་ཅོད་པན་མགྲིན་བཟང་མ༔ དབང་ཕྱུག་གཙོ་མོ་སྲིན་མོ་གཡག་གདོང་མ༔ རྡོ་རྗེ་སེར་མོ་དོམ་གདོང་མ༔ དགའ་བ་དམར་མོ་བྱ་རྒོད་གདོང༔ གསོད་བྱེད་ལྗང་ནག་སྤྱང་མོའི་གདོང༔ བྱང་ཕྱོགས་དབང་ཕྱུག་མ་མོ་དྲུག༔ སྡེ་བརྒྱད་གནོད་སྦྱིན་ཀླུ་ཡི་རྒྱལ༔ བྱང་ཕྱོགས་གནས་པའི་གདོན་བགེགས་རྣམས༔ མཐུན་རྫས་ནམ་མཁའ་ལྗང་གུ་ལྔ༔ ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ འགྲེ་འོ། །མི་ཁ་ལྟས་ངན་གདོན་རིགས་ཟློག༔ དེ་ནས་བཅུ་པ་གླུད་ཡས་འབུལ་ཟེར་བ་ལྷ་མོ་ཨ་ཕྱི་རྣམས་ལ༔ ཡས་གླུད་གཙང་མ་མ་གཏོགས་མི་བཞེད་པས་གང་ལྟར་ཡས་གླུད་ཆངས་བུ་རྣམས་གཙང་མ་བྲན་ལ་འདི་སྐད་དོ༔ བྷྱོ༔ ཨ་ཕྱི་ལྷ་མོ་བོད་སྐྱོང་བརྟན་མ་ལ༔ རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི༔ སྐུ་གླུད་རིན་ཆེན་མི་བོ་ཆེ༔ ལུང་ཐང་མིག་ལ་འགྲོན་བུའི་སོ༔ སྦལ་ཟེར་སྐྲ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྤྲ་ཡི་ཚིལ༔ ཞོ་ཤའི་སྙིང་ལ་ཟངས་ལྕགས་རྐང༔ ཐུགས་ལ་མཛེས་པའི་ལྷ་ཕྲུག་འདྲ༔ ཡོན་བདག་འདི་ཡི་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་མནན་པ་ཁྱོགས༔ བཅིངས་པ་བཀྲོལ་ལ་ན་བ་གསོས༔ ཆད་པ་མཐུད་ལ་ཕྲིན་ལས་མཛོད༔ འདིར་གླུད་བསྔོས་སྣང་།་་་མཆན། འདིའི་ཤྭ་ལོ་ཀའི་མཚམས་སུ་གླུད་འཕྱོང་འདོན།་་་མཆན། ཧཱུྃ་བྷྱོ༔ བ་དཀར་བིལ་ཁྲ་ཁམ་པ་དང༔ རོག་པོ་ལ་སོགས་ནོར་གླུད་འབུལ༔ བཞེས་ནས་རྟ་ནོར་གོད་ཁ་ཟློགས༔ བྷྱོ༔ བཙའ་སད་སེར་གསུམ་བདག་པོ་རྣམས༔ ཞིང་གླུད་ནས་ཁལ་སྟོང་སྟོང་འབུལ༔ སོག་མ་ལྗང་བུ་སྙེ་མ་འབུལ༔ རྩམ་པ་ཡོས་རྡོག་བཟའ་བ་འབུལ༔ ཆང་སྐྱུར་ལ་སོགས་བཏུང་བ་འབུལ༔ བཞེས་ནས་བཙའ་སད་སེར་བ་ཟློགས༔ བྷྱོ༔ མི་ཁའི་བུ་མོ་བ་རུ་མ༔ ཚྭ་ཡོས་རམ་པ་རུག་པ་དང༔ ཤ་རུ་དགོ་རུ་གཙོད་རུ་དང༔ རྟ་མིག་ཁྱི་ཐོད་ཕག་ཤ་དང༔ རུས་སྣ་ལ་སོགས་ཁྱོད་ལ་སྦྱིན༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ བརྒྱ་ཡི་མི་ཁ་ཁྱོད་ཀྱིས་ཟློགས༔ སྒྱུ་སྡེ་དཔའ་ཆིས་གཟུགས་བཟང་དང༔ མོ་བཙུན་བཙལ་བའི་མི་ཁ་རྣམས༔ ཐམས་ཅད་ཟོ་ལ་ཐམས་ཅད་ཟློགས༔ ཐམས་ཅད་ཁོ་རང་རང་ལ་ཟློགས༔ བྷྱོ་བྷྱོ་བྷྱོ༔ ཟློག་ཟློག་ཟློག་ཟློགས༔ བྷྱོ༔ སྡེ་བརྒྱད་རྒྱལ་པོ་ཆེ་གེ་མོ༔ ཐན་བདག་བཅས་པ་ཐམས་ཅད་ལ༔ ཐན་གཟུགས་ཐན་རྫས་སྣ་ཚོགས་འབུལ༔ གཟུགས་ཅན་གཟུགས་མེད་ལྟས་ངན་ཟློགས༔ ཐན་ལ་རིའི་ས་རྡོ་ཐན་ཟོག་མི་རྟ་ར་ལུག་གཟུགས་ཅན་དང་གཟུགས་མེད་ལ་སོགས་པའི་ཐན་ཤི་ཤ་རྡོ་དངོས་མེད་དང་དངོས་ཡོད་ལ་ཁོ་རང་གཟུགས་འབྲུ་སྣ་ལ་གདབ་ཟེར་བ།མཆན། ཐམས་ཅད་རང་བྱས་རང་གིས་སྡུས༔ ཐན་དང་ལྟས་ངན་དགྲ་ལ་ཟློགས༔ ཟློགས་ཤིག་སྒྱུར་ཅིག་བྷྱོ་བྷྱོ་ཟློག༔ ༈ ཅེས་ངར་གླུད་ཁ་ཁ་ན་ཡོད་པས་དེ་ཡང་འདིར་གདོན་ཁྲོལ་འདོན་པ་ནི། ༁ྃ༔ གུ་རུ་དེ་ཝ་དྷཱཀྐི་ནཱི༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ༔ འདི་ལྟར་བྱས་པའི་ཕན་ཡོན་ནི༔ ནད་པ་ནད་ལས་ཐར་བ་དང༔ གདོན་ཅན་གདོན་ལས་གྲོལ་བར་འགྱུར༔ སུན་མའི་གདོན་དང་སྡེ་བརྒྱད་གདོན༔ ཁྱད་པར་གཟའ་གདོན་འདི་ལས་ལྷག་པ་མེད༔ བཅས་ངར་མི་དཀར་སེར་དམར་ལྗང་སྔོན་པོ་ལྔ་བྱས་ནས་ང་རྒྱལ་དྲག་པོས་བརྗོད༔ ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིན༔ གཟའ་བདུད་ལྷ་དང་གཤིན་རྗེ་དང༔ ཐིལ་རང་མ་མོ་ཀླུ་དང་བཙན༔ གནོད་སྦྱིན་རྒྱལ་པོ་ལ་སོགས་པའི༔ སྡེ་བརྒྱད་གཙོ་འཁོར་མ་ལུས་དང༔ མཁའ་འགྲོའི་སུན་མ་ཐམས་ཅད་དང༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ མ་ཐོགས་གནས་འདིར་དམ་ལ་འདུས༔ གླུད་ཡས་འདི་ལ་གཤེགས་སུ་གསོལ༔ རང་རང་དགྱེས་པའི་གདན་ལ་བཞུགས༔ དགྱེས་པའི་གླུད་ཡས་བཞེས་སུ་གསོལ༔ ཧཱུྃ༔ ཤར་ཕྱོགས་འབྱུང་བ་ཤིང་མཁར་ནས༔ ལོ་ལྷ་སྟག་དང་ཡོས་བུ་དང༔ སྤར་ཁ་ཟིན་དང་སྨེ་བ་གསུམ་མཐིང་དང༔ གཟའ་ཆེན་ཕུར་བུ་ལ་སོགས་པའི༔ སྡེ་བརྒྱད་ལྷ་ཡི་རྒྱལ་པོ་དང༔ རྡོ་རྗེ་མཁའ་འགྲོའི་སུན་མ་དང༔ ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ རྐེད་པ་མཆོང་ལ་ལུང་ཐང་མིག༔ འགྲོན་བུའི་སོ་ལ་ཞོ་ཤའི་སྙིང༔ སྦལ་ཟེར་སྐྲ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྤྲ་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་བརྒྱད་གནོད་པ་ཟློགས༔ མ་མོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ ལྷོ་ཕྱོགས་འབྱུང་བ་མེ་མཁར་ནས༔ ལོ་ལྷ་རྟ་དང་སྦྲུལ་གྱི་གཟུགས༔ སྤར་ཁ་ལི་དང་སྨེ་བ་དགུ་དམར་དང༔ གཟའ་རྒོད་དྲག་པོ་མིག་དམར་དང༔ སྡེ་བརྒྱད་གཤིན་རྗེའི་རྒྱལ་པོ་དང༔ རིན་ཆེན་མཁའ་འགྲོའི་སུན་མ་དང༔ ཡོན་བདག་འདི་ལ༴ འགྲེ་འོ། །ཧཱུྃ༔ ནུབ་ཕྱོགས་འབྱུང་བ་ལྕགས་མཁར་ནས༔ ལོ་ལྷ་བྱ་དང་སྤྲེལ་གྱི་གཟུགས༔ སྤར་ཁ་དྭ་དང་སྨེ་བ་བདུན་དམར་དང༔ གཟའ་རྒོད་དྲག་པོ་ལྷག་པ་དང༔ སྡེ་བརྒྱད་བཙན་གྱི་རྒྱལ་པོ་དང༔ པདྨ་མཁའ་འགྲོའི་སུན་མ་དང༔ ཡོན་བདག་འདི་ལ༴ འགྲེ་འོ། །ཧཱུྃ༔ བྱང་ཕྱོགས་ཆུ་ཡི་མཁར་ནང་ནས༔ ལོ་ལྷ་ཕག་དང་བྱི་བའི་ལོ༔ སྤར་ཁ་ཁམ་དང་སྨེ་བ་གཅིག་དཀར་དང༔ གཟའ་རྒོད་དྲག་པོ་ཟླ་བ་དང༔ སྡེ་བརྒྱད་གནོད་སྦྱིན་རྒྱལ་པོ་དང༔ ལས་ཀྱི་མཁའ་འགྲོའི་སུན་མ་དང༔ ཡོན་བདག་འདི་ལ༴ འགྲེ་འོ། །ཧཱུྃ༔ སྟེང་ཕྱོགས་འབྱུང་བ་ནམ་མཁའ་ནས༔ ལོ་ལྷ་ལོ་རྒན་དྲུག་ཅུ་དང༔ སྤར་ཁ་བརྒྱད་དང་སྨེ་བ་ལྔ་སེར་དང༔ གཟའ་རྒོད་དྲག་པོ་རཱ་ཧུ་ལ༔ སྡེ་བརྒྱད་གཟའ་ཡི་རྒྱལ་པོ་དང༔ སངས་རྒྱས་མཁའ་འགྲོའི་སུན་མ་དང༔ ཡོན་བདག་འདི་ལ༴ འགྲེ་འོ། །ཧཱུྃ༔ མཚམས་བཞིར་ས་ཡི་མཁར་ནང་ནས༔ ལོ་ལྷ་ཁྱི་འབྲུག་གླང་ལུག་བཞི༔ སྤར་ཁ་ཁེན་ཁོན་གིང་ཟོན་བཞི༔ སྨེ་བ་གཉིས་ནག་བརྒྱད་དཀར་དང༔ བཞི་ལྗང་དྲུག་དཀར་ལ་སོགས་དང༔ གཟའ་རྒོད་དྲག་པོ་ཉི་མ་དང༔ པ་སངས་སྤེན་པ་སྒྲ་གཅན་འཛིན༔ སྡེ་བརྒྱད་མ་མོ་བདུད་ཀླུ་རྒྱལ་པོ་དང༔ ཤུགས་འགྲོ་ལྔ་ཡི་སུན་མ་དང༔ ཡོན་བདག་འདི་ལ༴ འགྲེ་འོ། །ཤཾ་མཾ་ཙཾ་ཚཾ་ནཾ༔ ཞེས་ཚར་གསུམ་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ། གུ་ཧྱ༔ ྈྈྈ ྈྈྈྈ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བརྒྱད་ལ་གུ་རུ་ཉི་མ་འོད་ཟེར་གྱིས་དངོས་སུ་གསུངས་སོ། །འདི་ནི་འདིར་དགོས་པས་བྲིས་པ་ཡིན། བསྟན་མའི་མདོས་ལ་ཡོད་པ་མ་ཡིན་ལགས། ༈ དེ་ནས་བཅུ་གཅིག་པ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་བྷྱོ་བྷྱོ༔ གངས་དཀར་མཐོན་མཐིང་ཉི་མགུལ་ནས༔ ཇོ་མོ་བཀྲ་ཤིས་ཚེ་རིང་མ༔ སྐུ་མདོག་དཀར་པོ་དར་དཀར་གསོལ༔ ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ ཁྱེད་ལ་ཕྱག་འཚལ་ཁྱེད་བསྟོད་དོ༔ བྷྱོ༔ གསེར་གཡུ་མཛེས་པའི་ཐོད་ལྡིང་ཅན༔ མདའ་དར་བསྣམས་ནས་རྐྱང་ཆུང་འཆིབ༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ མཐིང་གི་ཞལ་བཟང་ཁྱེད་ལ་བསྟོད༔ བྱི་རུ་མཛེས་པའི་ཐོད་ལྡིང་ཅན༔ ནེའུ་རྐྱལ་བསྣམས་ནས་སྟག་ལ་འཆིབ༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ མི་གཡོ་བློ་བཟང་ཁྱེད་ལ་བསྟོད༔ གཡུ་སྒྲོན་མཛེས་པའི་ཐོད་ལྡིང་ཅན༔ སྒྲོམ་བུ་བསྣམས་ནས་དུང་ཤ་འཆིབ༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ ཅོད་པན་མགྲིན་བཟང་ཁྱོད་ལ་བསྟོད༔ མུ་ཏིག་མཛེས་པའི་ཐོད་ལྡིང་ཅན༔ སྦྲུལ་ཞགས་བསྣམས་ནས་གཡུ་འབྲུག་འཆིབ༔ ལས་སུ་སངས་རྒྱས་བསྟན་པ་སྲུང༔ ཟས་སུ་ཚོགས་ཀྱི་འཁོར་ལོ་བསྐོར༔ གཏད་དཀར་འགྲོས་བཟང་ཁྱོད་ལ་བསྟོད༔ སྔོན་ཚེ་དབེན་གནས་ལ་ཕྱི་ནས༔ ཆུ་དབར་དཔལ་གྱི་ཡང་རྫོང་དུ༔ མི་མཆོག་སྤྲུལ་སྐུའི་སྡེ་དཔོན་མཆོག༔ མ་ནོར་ལམ་སྟོན་ཆོས་ཀྱི་རྗེ༔ ངེས་དོན་བདུད་རྩིའི་ཆར་འབེབས་པ༔ རྗེ་བཙུན་ཆེན་པོ་སྤྲུལ་པའི་སྐུ༔ དཔལ་ལྡན་བཞད་པ་རྡོ་རྗེ་ལ༔ མཛེས་པའི་རང་གཟུགས་རྒྱན་གྱིས་སྤྲས༔ གསང་བ་སྲོག་གི་སྙིང་པོ་ཕུལ༔ བཀའ་འབངས་བགྱིས་སོ་རྩིས་ལ་ཕབ༔ སློབ་རྒྱུད་སྤེལ་བའི་གཡར་དམ་ཅན༔ བར་ཆད་སེལ་བར་ཁས་བླངས་ཤིང༔ དངོས་གྲུབ་སྩོལ་བར་ཞལ་གྱིས་བཞེས༔ སྒྲུབ་པ་པོ་ཡི་རྣལ་འབྱོར་ལ༔ བཀའ་སྡོད་སྲུང་མ་རྗེས་སུ་འབྲང༔ དེ་བས་དམ་ལ་མ་འདའ་ཞིག༔ ཞལ་བཞེས་དམ་ཚིག་དྲན་པར་གྱིས༔ སྒྲུབ་པའི་དབང་ཕྱུག་འཛིན་པའི་གཙོ༔ པད་འབྱུང་བཞད་པ་རྡོ་རྗེ་སོགས༔ རྩ་བརྒྱུད་བླ་མའི་བཀའ་བཞིན་དུ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ཆག་ཆེན་ཉམས་ང་ཐམས་ཅད་ཟློགས༔ སྤར་ཁའི་དགྲ་གཤེད་དགྲ་ལ་ཟློག༔ སྨེ་བའི་དགུ་མིག་དགྲ་ལ་ཟློག༔ ལོ་ཡི་བདུན་ཟུར་དགྲ༴ དབང་ཐང་པགས་པ་རལ་པ༴ ས་ཡི་རྟེན་ཕུར་བུད་པ༴ གནམ་གྱི་འཇུ་ཐག་ཆད་པ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ གློ་བུར་བརྒྱད་ཅུ་རྩ་གཅིག༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང༴ མི་ཁ་བྲ་མཆུ་ཐམས་ཅད༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ཡིད་དང་མི་མཐུན་སྣ་ཚོགས༴ བཙའ་སད་སེར་བ་འབུ་སྲིན༴ གློ་གོར་ཧོན་གསུམ་ས་འབུ༴ ཟེར་དང་གནོད་བྱེད་ཐམས་ཅད༴ བཙན་གདོན་གོད་འདྲེ་སྤུན་དགུ༴ བསེ་རག་དཀར་འགོང་ཟས་འགོང༴ བསེ་རག་མི་གཅིག་སུམ་བརྒྱ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ གདོན་ཆེན་ཕལ་པ་སུམ་བརྒྱ༴ གནོད་བྱེད་ལྷ་སྲིན་སྡེ་བརྒྱད༴ བྱམས་པ་གཉན་གྱིས་བགྱིས་པ༴ རྒྱལ་ཁམས་མི་ཡིས་གླེང་བ༴ ཡུལ་མི་ཁྱིམ་མཚེས་དམོད་མོ་དགྲ་ལ༴ གཡས་ནས་ཕོ་བརྒྱའི་མདའ་ཟོར་ཟློག༔ གཡོན་ནས་མོ་བརྒྱའི་དུག་གཡོས༴ མདུན་ན་རྩང་བཞིན་འཛུག་པ་ཟློག༔ རྒྱབ་ན་ཁྱི་བཞིན་འབྲང་བ་ཟློག༔ ཕོ་བདུད་དལ་ཁ་གཡས་སུ༴ མོ་བདུད་དལ་ཁ་གཡོན་དུ༴ སྤྱི་བདུད་དལ་ཁ་མཁའ་ལ༴ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་དགྲ་བོའི་ཡུལ་དུ་ཟློག༔ བྷྱོ་བྷྱོ་ཟློག་ཟློག༔ བྷྱོ༔ མ་གཅིག་དཔལ་ལྡན་ལྷ་མོ་དཔལ་འབར་མ༔ ཞལ་ཅིག་ཕྱག་བཞི་སྐུ་མདོག་མུན་པའི་མདོག༔ ཁ་ཊྭཱཾ་རལ་གྲི་ཐོད་ཁྲག་ཤག་ཏི་བསྣམས༔ ཧ་ཧ་ཧཱུྃ་ཕཊ་རྒྱོབ་སོད་འབྲུག་སྟོང་ལྡིར༔ སྐུ་སྟོད་ཞིང་ཆེན་སྐུ་སྨད་རེ་སྡེས་བརྒྱན༔ བོང་བུ་བཅིབས་ནས་ནད་རྐྱལ་མཚོན་དྲུ་བཀལ༔ རིན་ཆེན་མཁར་བུ་རླུང་ནག་འཚུབས་དཀྱིལ་བཞུགས༔ ཡང་འཁོར་མ་མོ་ཁྲི་འབུམ་ས་ཡས་བསྐོར༔ མ་གཅིག་ལྷ་མོ་ཁྱེད་ལ་ཕྱག་འཚལ་བསྟོད༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི༔ རླུང་མཁྲིས་བད་ཀན་མི་ནད་ཡམས་ནད་ཟློག༔ འགྱུར་བུ་འདར་བུ་མི་སྡུག་ནད་རྣམས་ཟློག༔ ནོར་ནད་རྟ་ནད་ལོ་ཡི་ནད་རྣམས་ཟློག༔ བྷྱོ༔ དཔལ་ལྡན་སྔགས་སྲུང་ཨེ་ཀ་ཛཱ་ཊི་མ༔ ཞལ་གཅིག་སྤྱན་གཅིག་ནུ་གཅིག་སྐུ་མདོག་སྔོ༔ ཕྱག་གཡས་ཞིང་དབྱུག་ལྕགས་སྤྱང་མགོ་དགུ་གཡོན༔ སྐུ་སྟོད་ཞིང་གཡང་སྐུ་སྨད་གཟིག་ལྤགས་བརྒྱན༔ བོང་བུ་སྨུག་ནག་ལ་འཆིབ་མེ་རླུང་དབུས༔ ཡང་འཁོར་སྟོབས་ལྡན་ལྷ་མོ་མང་པོས་བསྐོར༔ སྔགས་ཀྱི་སྲུང་མ་ཁྱེད་ལ་ཕྱག་འཚལ་བསྟོད༔ བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ཀྱི༔ རླུང་མཁྲིས་བད་ཀན་མི་ནད་ཡམས་ནད་ཟློག༔ འགྱུར་བུ་འདར་བུ་མི་སྡུག་ནད་རྣམས་ཟློག༔ ནོར་ནད་རྟ་ནད་ལོ་ཡི་ནད་རྣམས་ཟློག༔ བྷྱོཿབྷྱོཿབྷྱོ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་ཆས་བརྒྱན༔ ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས༔ འབྲུག་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང༔ སྐུ་མདོག་མུན་ནག་རིན་ཆེན་རུས་པས་བརྒྱན༔ རྣོ་བའི་ཤང་ལང་རྡོ་རྗེའི་དབྱུག་པ་བསྣམས༔ རྐྱང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་གྱིས་མཛེས༔ རྡོ་རྗེ་དང་ནི་ཚེ་ཡི་བུམ་པ་བསྣམས༔ སེང་གེ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ སྐུ་མདོག་ནག་པོ་མུན་པའི་གོ་ཟུ་ཅན༔ རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས༔ དྲེལ་རྟ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་དཀར་མོ་དར་གྱི་ལྷབ་ལྷུབ་གསོལ༔ འཇོ་བའི་ཟོ་བ་གཏེར་གྱི་བུམ་པ་བསྣམས༔ ཤ་བ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དཀར་པོ་རྨ་བྱའི་ཐུལ་པ་གསོལ༔ ཌཱ་མ་རུ་དང་གསལ་བའི་མེ་ལོང་བསྣམས༔ མེ་ཁྱུང་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ གཏེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ༔ སྐུ་མདོག་དཀར་དམར་དར་དང་རིན་ཆེན་བརྒྱན༔ སྦྲུལ་ཞགས་དང་ནི་རིན་ཆེན་སྤར་བུ་བསྣམས༔ རྟ་མཆོག་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དཀར་གསལ་རིན་ཆེན་དར་ཟབ་མཛེས༔ བེ་ཅོན་དང་ནི་རིན་ཆེན་གཞོང་པ་བསྣམས༔ འཕར་བ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ སྐུ་མདོག་དཀར་སྨུག་ཞིང་ལྤགས་རློན་པ་གསོལ༔ མདའ་དར་དང་ནི་རིན་ཆེན་ཟ་མ་ཏོག༔ སྤྲིན་གསེབ་རླུང་སྤྱོད་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དམར་ལ་རིན་ཆེན་སྣ་ལྔས་བརྒྱན༔ ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས༔ མཛོ་མོ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྐུ་མདོག་དཀར་སེར་རིན་ཆེན་རྒྱན་གྱིས་བརྒྱན༔ སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས༔ སྟག་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ༔ སྐུ་མདོག་དམར་མོ་རིན་ཆེན་སྣ་ཚོགས་བརྒྱན༔ རིན་ཆེན་འབར་བ་སྒྲ་སྙན་ཏིང་ཤག་བསྣམས༔ ཤ་ཡུ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ བྲན་དང་འཁོར་གཡོག་མང་པོའི་ཚོགས་བཅས་ལ༔ བདག་ཅག་དང་བས་ཁྱོད་ལ་ཕྱག་འཚལ་བསྟོད༔ བྷྱོ༔ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱང༔ མ་མོ་མཁའ་འགྲོ་མ་ལུས་པའི༔ འཁོར་ཚོགས་དུ་མས་བསྐོར་བ་ནི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཚངས་པའི་བུ་མོ་འབུམ་ཕྲག་གཅིག༔ དྲི་ཟ་ཆེན་མོ་འབུམ་ཕྲག་གཅིག༔ དྲང་སྲོང་ཆེན་མོ་འབུམ་ཕྲག༴ གྲུལ་བུམ་ཆེན་མོ་འབུམ༴ ཀླུ་མོ་ཆེན་མོ་འབུམ༴ རླུང་ལྷ་ཆེན་མོ་འབུམ༴ གནོད་སྦྱིན་ཆེན་མོ་འབུམ༴ དབང་ལྡན་ཆེན་མོ་འབུམ༴ ས་བདག་ཆེན་མོ་འབུམ༴ སྨན་མོ་ཆེན་མོ་འབུམ༴ ཤ་ཟ་ཆེན་མོ་འབུམ༴ བདུད་མོ་ཆེན་མོ་འབུམ་ཕྲག་གཅིག༔ མ་མོ་ཆེན་མོ་ཁྱེད་རྣམས་ཀྱང༔ ལ་ལ་གསེར་གྱི་རི་ལ་གནས༔ ལ་ལ་རྒྱ་མཚོའི་གདིང་ན་གནས༔ ལ་ལ་གླིང་ཆེན་བཞི་ལ་གནས༔ ལ་ལ་གླིང་ཕྲན་བརྒྱད་ལ་གནས༔ ལ་ལ་གངས་དཀར་རྩེ་ལ་གནས༔ ལ་ལ་ས་གཞིའི་འོག་ཏུ་གནས༔ ལ་ལ་ནམ་མཁའི་ཁམས་ལ་གནས༔ ལ་ལ་གཅན་གཟན་སྡེར་ཆགས་ཞོན༔ ལ་ལ་རྨིག་པ་ཁ་བྲག་ཞོན༔ ལ་ལ་རྨིག་པ་ཁ་ཟླུམ་ཞོན༔ ལ་ལ་གདོང་པ་ཅན་ལ་ཞོན༔ ལ་ལ་འདབ་ཆགས་བྱ་ལ་ཞོན༔ ལ་ལ་རླུང་དང་སྤྲིན་སེར་ཞོན༔ ལ་ལ་དགུ་ཚིགས་གཞུང་ལ་ཞོན༔ ལ་ལ་དུས་བཞིའི་རླུང་ལ་ཞོན༔ ལ་ལ་ཉི་མའི་ཟེར་ལ་ཞོན༔ ལ་ལ་ཟླ་བའི་ཟེར་ལ་རྒྱུ༔ ལ་ལ་མུན་པའི་སྨག་ལ་རྒྱུ༔ ལ་ལ་གྲིབ་སོའི་རྟ་ལ་རྒྱུ༔ ལ་ལ་ནམ་མཁའི་མདངས་ལ་རྒྱུ༔ ལ་ལ་སྐྱ་རེངས་ལམ་ལ་རྒྱུ༔ ལ་ལ་ཆུ་བོའི་གཞུང་ལ་རྒྱུ༔ ལ་ལས་གསལ་བའི་མེ་ལོང་ཐོགས༔ ལ་ལས་དར་དཀར་གཡབ་མོ་ཐོགས༔ ལ་ལས་ལྕགས་ཀྱུ་འབར་བ་ཐོགས༔ ལ་ལས་ཞགས་པ་ནག་པོ་ཐོགས༔ ལ་ལས་བེ་ཅོན་འབར་བ་ཐོགས༔ ལ་ལས་གཅོད་པའི་སྤུ་གྲི་ཐོགས༔ ལ་ལས་མི་མགོའི་ཕོར་པ་ཐོགས༔ ལ་ལས་མི་སྙིང་རློན་པ་ཐོགས༔ ལ་ལས་མི་ལྤགས་གཡང་གཞི་ཐོགས༔ ལ་ལས་རུ་མཚོན་ནག་པོ་ཐོགས༔ ལ་ལས་བདུད་ཀྱི་ཁྲམ་ཤིང་ཐོགས༔ ལ་ལས་ཤོ་རྡིལ་དཀར་ནག་ཐོགས༔ ལ་ལས་ནད་ཀྱི་རྐྱལ་པ་ཐོགས༔ ལ་ལས་མཚོན་གྱི་དྲུ་གུ་ཐོགས༔ ལ་ལས་བྱང་དམར་བམ་རོ་ཐོགས༔ ལ་ལས་ཏྲི་ཤུལ་འབར་བ་ཐོགས༔ ལ་ལས་དབལ་རྩེ་རྣོན་པོ་ཐོགས༔ ལ་ལས་འཁོར་ལོ་འབར་བ་ཐོགས༔ ཀུན་ཀྱང་གདུག་པའི་མཚོན་ཆ་ཐོགས༔ ཀུན་ཀྱང་སྲོག་དང་དབུགས་ལ་དབང༔ ཀུན་ཀྱང་ཤ་ཟ་ཁྲག་འཐུང་མ༔ ཀུན་ཀྱང་མདངས་འཕྲོག་བཅུད་ལེན་མ༔ རྒྱལ་མོ་བློན་མོ་ཡང་གཡོག་མ༔ སྡེ་བརྒྱད་དུ་མའི་འཁོར་དང་བཅས༔ དེ་རིང་ཟློག་པའི་དུས་ལ་བབས༔ འདུ་བ་རྣམ་བཞི་དགྲ་ལ་ཟློགས༔ བད་ཀན་དཀར་སྨུག་དགྲ་ལ༴ མཁྲིས་པ་གཤའ་ཡ་དགྲ་ལ༴ རླུང་གང་འཕྱོ་བ་དགྲ་ལ༴ ཁྲག་དང་འདུས་པ་དགྲ་ལ༴ སྨྱོ་ནད་ཉེར་ལྔ་དགྲ་ལ༴ སྨྱོ་འབོག་བརྒྱལ་ནད་དགྲ་ལ༴ འགྱུར་བུ་འདར་བུ་དགྲ་ལ༴ རླུང་སྨྱོ་ཆེན་མོ་དགྲ་ལ༴ མཛེ་རིགས་བཅོ་བརྒྱད་དགྲ་ལ༴ མཛེ་ནད་གྲུམ་ནག་དགྲ་ལ༴ སིབ་དང་བས་ལྡག་དགྲ་ལ༴ དྲེག་དང་གྲུམ་བུ་དགྲ་ལ༴ ལྷོག་པ་འབྲས་ཆེན་དགྲ་ལ༴ སྐེམ་པ་གཡེམ་པ་དགྲ་ལ༴ ཤུ་བ་རྒྱ་ཐོར་དགྲ་ལ༴ རླུང་སྐམ་འབྲས་ཆེན་དགྲ་ལ༴ ཕོལ་མིག་སྐེམ་པ་དགྲ་ལ༴ ཚབས་དང་སྣ་ནད་དགྲ་ལ༴ རིམས་ནད་སྣ་ལྔ་དགྲ་ལ༴ ཀླད་གཟེར་བལ་ནད་དགྲ་ལ༴ རྒྱུ་གཟེར་བལ་ཚད་དགྲ་ལ༴ གློ་སྙིང་རིམས་གཟེར་དགྲ་ལ༴ མཚོན་འཁྲུགས་སྣ་བདུན་དགྲ་ལ༴ མདའ་གྲི་མདུང་གྲི་དགྲ་ལ༴ ཁ་ཊྭཱཾ་གྲི་གུག་དགྲ་ལ༴ སྒྱོགས་དང་འུར་རྡོ་དགྲ་ལ༴ མཚོན་འཁྲུགས་བསྐལ་པ་དགྲ་ལ༴ མི་ནད་སྣ་དགུ་དགྲ་ལ༴ སྐག་ཆེན་སུམ་བརྒྱ་དགྲ་ལ༴ གདོན་ཆེན་ཉི་ཁྲི་དགྲ་ལ༴ རྐྱེན་ངན་སུམ་ཁྲི་དགྲ་ལ༴ བར་ཆད་གློ་བུར་དགྲ་ལ༴ ལྟས་ངན་མཚན་ངན་དགྲ་ལ༴ མི་ཁ་བྲ་མཆུ་དགྲ་ལ༴ བཙའ་སད་སེར་གསུམ་དགྲ་ལ༴ ལོ་ཡི་ནད་རྣམས་དགྲ་ལ༴ རྟ་ནད་འཚེར་བཅུ་དགྲ་ལ༴ དྲེལ་ནད་བོང་ནད་དགྲ་ལ༴ ནོར་ནད་གློ་གོར་ཧོན་གསུམ་དགྲ་ལ༴ ར་ནད་ལུག་ནད་དགྲ་ལ༴ བཞི་བརྒྱ་རྩ་བཞིའི་ནད་རྣམས་དགྲ་ལ༴ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དགྲ་ལ༴ གཏད་ཁྲམ་ལྟས་ངན་རྦོད་གཏོང་དགྲ་ལ༴ དགྲ་འདྲེའི་གནོད་པ་ཐམས་ཅད་དགྲ་ལ་ཟློགས༔ བསྟན་སྐྱོང་གཉན་པོ་ཁྱེད་རྣམས་ཀྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྒྱ་གར་རྒྱ་ནག་ལི་ཡུལ་དང༔ ལྷོ་རྒྱལ་འཛམ་གླིང་ཡུལ་འདི་ཡི༔ འབྲུ་གཡང་ལོ་གཡང་འདིར་ཁུག་ཅིག༔ ཟས་གཡང་མི་གཡང་འདིར་ཁུག་ཅིག༔ རྟ་གཡང་ནོར་གཡང་ལུག་གཡང་ཁུག༔ གཡང་སྒྱེ་གཡང་ཁུག་ནང་དུ་ཁུག༔ གཡང་གཏོར་ནོར་བུ་འདི་ལ་ཁུག༔ གཡང་རྫས་མར་ཁུ་བླུགས་ལ་ཁུག༔ བདག་ཅག་ཡོན་མཆོད་མི་ནོར་ལ༔ ཁུག་ཅིག་སྟིམས་ཤིག་བསྟན་སྐྱོང་རྣམས༔ བརྟན་པར་གྱུར་ཅིག་ཚེ་རིང་མ༔ ཚེ་རིང་དཔལ་སྐྱེད་བདེ་སྐྱིད་ལྡན༔ ཡིད་ལ་འདོད་དགུ་འབྱུང་བར་ཤོག༔ བླ་མའི་སྐུ་བསྡོ་བདག་ལ་སྡང༔ དགྲ་དང་བགེགས་རྣམས་ཆམ་ལ་ཕོབ༔ སོད་ཅིག་ཐུལ་ཅིག་རེངས་པར་མཛོད༔ ཟུངས་ཤིག་ཆིངས་ཤིག་རྡུལ་དུ་རློགས༔ དེ་ཡི་ཤ་ཟོ་ཁྲག་ལ་ཐུངས༔ དགྲ་བགེགས་ཕ་རོལ་དབྱིངས་སུ་སྒྲོལ༔ སངས་རྒྱས་བསྟན་དར་བདག་ཅག་གིས༔ འགྲོ་བའི་དོན་སྤེལ་རྒྱལ་ཁམས་བདེ༔ ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས༔ བསྟན་སྐྱོང་རྣམས་ཀྱིས་ཕྲིན་ལས་མཛོད༔ དེ་ནས་ཡང་འཁོར་དབང་ཕྱུག་མ་རྣམས༔ སྐྱོང་མ་ཡ་མ་སྡེ་བརྒྱད་གཉན་ཀླུ་ས་བདག་རྣམས་ལ་བསྟོད་པ་ནི༔ བྷྱོ་བྷྱོ་བྷྱོ༔ ཀྭ་ཡེ་ཀྭ་ཡེ་དབང་ཕྱུག་མ་མོ་རྣམས༔ དབང་ཕྱུག་གཙོ་མོ་སྲིན་མོ་གཡག་གདོང་མ༔ སྐུ་མདོག་སྨུག་ནག་རྡོ་རྗེ་བནྡྷ་བསྣམས༔ ཟ་བ་ལྗང་ནག་ཞིང་ཆེན་ཕྲག་ལ་བཀལ༔ རྡོ་རྗེ་སེར་མོ་དོམ་གདོང་རྒྱུ་ཞགས་བསྣམས༔ གསོད་བྱེད་ལྗང་ནག་སྤྱང་གདོང་བ་དན་འཕྱར༔ གཙོ་མོ་རྣམ་བཞི་ཞིང་ཆེན་གདན་ལ་འགྱིང༔ གཙོ་མོ་མ་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱད་ཁ་ཕུར་ཁ་ཐམས་ཅད་དགྲ་ལ་ཟློགས༔ གཟུགས་ཅན་མི་ཡི་བྱད་ཁ་དགྲ་ལ༴ གཟུགས་མེད་ལྷ་འདྲེའི་བྱད་ཁ་དགྲ་ལ༴ སྐྱེས་པས་མདའ་ཁ་སྟོན་པའི་བྱད་ཁ་དགྲ་ལ༴ བུད་མེད་སྨོད་ཟོར་སྟོན་པའི་བྱད་ཁ་དགྲ་ལ༴ སྔགས་པས་ཕུར་ཁ་སྟོན་པའི་བྱད་ཁ་དགྲ་ལ༴ དགེ་བཤེས་མཐུ་སྒྲུབ་བྱེད་པའི་བྱད་ཁ་དགྲ་ལ༴ བནྡྷེས་མནན་གཏད་བྱེད་པའི་བྱད་ཁ་དགྲ་ལ༴ བྷྱོ་བྷྱོ་བྷྱོ༔ གཙོ་མོ་མ་བཞིའི་བཀའ་འབངས་འཁོར་ཚོགས་ནས༔ ཤར་ནས་ཞི་བའི་ལས་བྱེད་མ་མོ་དྲུག༔ བར་ཆད་གདོན་བགེགས་སད་སེར་དང༔ ཤར་ཕྱོགས་བྱད་ཁ་ཞི་བར་མཛོད༔ བྷྱོ་བྷྱོ་བྷྱོ༔ ལྷོ་རུ་རྒྱས་པའི་ལས་བྱེད་མ་མོ་དྲུག༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང༔ ལྷོ་ཕྱོགས་བྱད་ཁ་ཐམས་ཅད་ཟློགས༔ བྷྱོ་བྷྱོ་བྷྱོ༔ ནུབ་ནས་དབང་གི་ལས་བྱེད་མ་མོ་དྲུག༔ སྣང་སྲིད་དབང་དུ་འདུ་བ་དང༔ ནུབ་ཕྱོགས་བྱད་ཁ་ཐམས་ཅད་ཟློགས༔ བྷྱོ་བྷྱོ་བྷྱོ༔ བྱང་ཕྱོགས་དྲག་པོའི་ལས་བྱེད་མ་མོ་དྲུག༔ གནོད་བྱེད་དགྲ་བགེགས་བསྒྲལ་བ་དང༔ བྱང་ཕྱོགས་བྱད་ཁ་ཐམས་ཅད་ཟློགས༔ བྷྱོ་བྷྱོ་བྷྱོ༔ བརྟན་མ་བཀའ་ཡི་འཁོར་འབངས་ནས༔ འཇིག་རྟེན་བྱ་བ་ལེགས་ཉེས་བདག༔ དགྲ་བགེགས་བསྒྲལ་བའི་མཐུ་མོ་ཆེ༔ སངས་རྒྱས་བཀའ་ཡི་བྱ་ར་མཁན༔ གཙུག་ལག་ཆོས་འཁོར་གཏེར་སྲུང་མ༔ སྐྱོང་མ་ཡ་མའི་ཚོགས་ལ་བསྟོད༔ བོད་དུ་མུ་སྟེགས་རྟག་ཆད་ཀྱི༔ ཆོས་ལོག་མ་གཏང་ཁྱེད་རྣམས་སྲུངས༔ གསང་སྔགས་སྒྲུབ་པའི་རྣལ་འབྱོར་ལ༔ བར་ཆད་མ་གཏང་ཁྱེད་རྣམས་སྲུངས༔ གནས་ཆེན་བྱིན་གྱིས་བརླབས་པའི་གཏེར༔ མ་ཉམས་སྨོན་ལམ་བཙན་པར་གྱིས༔ དམག་དང་འཁྲུག་པ་ཞི་བར་མཛོད༔ ནད་དང་མུ་གེ་མ་གཏང་ཞིག༔ སད་སེར་བཙའ་དང་འབུ་སྲིན་སྲུངས༔ གཙུག་ལག་ཁང་དང་མཆོད་པའི་རྫས༔ དབེན་པའི་གནས་དང་སྒྲུབ་པ་པོ༔ མ་ལུས་བུ་བཞིན་སྐྱོང་བ་དང༔ དགྲ་བགེགས་གནོད་པ་ཐམས་ཅད་ཟློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ སུམ་ཅུ་རྩ་གསུམ་ཡང་སྟེང་ནས༔ ཤར་ཕྱོགས་འབྱུང་བ་ཤིང་གི་བདག༔ སྟག་ཡོས་ཟིན་དང་གསུམ་མཐིང་དང༔ གཟའ་ཆེན་ཕུར་བུ་ཤིང་གདོན་བསྐོར༔ སྡེ་བརྒྱད་ལྷ་ཡི་རྒྱལ་པོ་ཆེ༔ འཁོར་དུ་ལྷ་དམག་འབུམ་སྡེ་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་པས༔ ཉི་མ་ནག་པོར་བསང་བྱས་དང༔ ཁྱི་ནག་བསང་རྫས་བགོམས་པ་དང༔ སྤུ་རྟགས་ཅན་གྱི་གཡག་བསད་དང༔ ཤར་གྱི་ཕྱོགས་སུ་དམག་དྲངས་དང༔ ཤིང་གཉན་བཅད་དང་མེ་གཉན་བཀྱེས༔ མི་མཐུན་རྫས་ངན་དམར་ཐབ་སོགས༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ བྷྱོ༔ ལྷོ་ཕྱོགས་འབྱུང་བ་མེ་ཡི་བདག༔ རྟ་སྦྲུལ་ལི་དང་དགུ་དམར་དང༔ གཟའ་ཆེན་མིག་དམར་མེ་གདོན་བསྐོར༔ སྡེ་བརྒྱད་གཤིན་རྗེའི་རྒྱལ་པོ་དང༔ འཁོར་དུ་གཤིན་རྗེ་འབུམ་སྡེ་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ བ་མེན་བ་གླང་བསད་པ་དང༔ གཏོར་མར་མི་གཙང་རྫས་སོང་དང༔ ལྷོ་ཡི་ཕྱོགས་སུ་མེ་བཀྱེས་དང༔ རྟ་རོ་བཤས་དང་དམར་ཐེད་ཉོས༔ ལྷོ་ཡི་ཕྱོགས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ གཤིན་རྗེའི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ནུབ་ཕྱོགས་ལྕགས་ཀྱི་མཁར་ནང་ནས༔ བྱ་སྤྲེལ་དྭ་དང་བདུན་དམར་དང༔ གཟའ་ཆེན་དྲག་པོ་ལྷག་པ་དང༔ སྡེ་བརྒྱད་བཙན་གྱི་རྒྱལ་པོ་དང༔ འཁོར་དུ་བཙན་གདོན་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ རྟ་དམར་བསད་དང་ཁྱི་དམར་བརྡུངས༔ ཝ་ཤ་ཟོས་དང་ཁྱི་ཤ་ཟོས༔ ལྕང་ལོ་དམར་པོ་གནམ་དུ་ཧ༔ ནུབ་ཀྱི་ཕྱོགས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ བཙན་གྱི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ བྱང་ཕྱོགས་ཆུ་ཡི་མཁར་ནང་ནས༔ བྱི་ཕག་ཁམ་དང་གཅིག་དཀར་དང༔ གཟའ་རྒོད་དྲག་པོ་ཟླ་བ་དང༔ སྡེ་བརྒྱད་གནོད་སྦྱིན་རྒྱལ་པོ་དང༔ འཁོར་དུ་གནོད་སྦྱིན་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ རལ་པ་བཏོགས་དང་བྱ་ཕོ་བསད༔ བྱ་མོ་བསད་དང་ལུག་ནག་བསད༔ སྟག་བསད་དུག་སྦྲུལ་གཟིག་དུག་བྱིན༔ སྟག་ལ་སྦྲང་བླུད་འོལ་ལྕམ་བསད༔ ཤིན་ཏུ་རྩི་ལ་ཝ་སྦྱར་དང༔ བྱང་གི་ཕྱོགས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ གནོད་སྦྱིན་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ཤར་ལྷོ་རླུང་གི་མཁར་ནང་ནས༔ འབྲུག་དང་ཟོན་དང་བཞི་ལྗང་དང༔ གཟའ་ཆེན་དྲག་པོ་པ་སངས་དང༔ སྡེ་བརྒྱད་མ་མོའི་རྒྱལ་པོ་ལ༔ འཁོར་དུ་མ་མོ་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ སྨན་སྣ་རྣམས་ལ་དུག་འདྲེས་དང༔ གཟའ་བཟུང་ཉི་མར་བསང་བྱས་དང༔ བོང་བུ་བསད་དང་རལ་གྲི་བཅགས༔ གསང་སྔགས་མ་གསང་ལོར་མ་མཆོད༔ ཤར་ལྷོ་མཚམས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ མ་མོའི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ལྷོ་ནུབ་ས་ཡི་མཁར་ནང་ནས༔ ལུག་དང་ཁོན་དང་གཉིས་ནག་དང༔ གཟའ་ཆེན་དྲག་པོ་སྤེན་པ་དང༔ སྡེ་བརྒྱད་བདུད་ཀྱི་རྒྱལ་པོ་ལ༔ འཁོར་དུ་བདུད་གདོན་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ རྟ་ནག་བསད་དང་དྲེལ་ལ་ཛ༔ ཁྱི་ནག་བརྡུངས་དང་གཡག་ནག་བསད༔ བོང་ངའི་ལོ་མས་མཆོད་པ་དང༔ ལྷོ་ནུབ་ཕྱོགས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ བདུད་ཀྱི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ ནུབ་བྱང་གནམ་གྱི་མཁར་ནང་ནས༔ ཁྱི་དང་ཁེན་དང་དྲུག་དཀར་དང༔ གཟའ་རྒོད་དྲག་པོ་ཉི་མ་དང༔ སྡེ་བརྒྱད་ཀླུ་ཡི་རྒྱལ་པོ་ལ༔ འཁོར་དུ་ཀླུ་གདོན་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ སྦལ་པ་བསད་དང་སྦྲུལ་སྔོན་བསད༔ གཟུགས་མ་ཚང་བའི་ཆུ་སྲིན་བྲིས༔ གློག་འབྲུག་ཐོག་ལ་འཚེ་བ་དང༔ མཚོ་དང་ཆུ་མིག་སྐམ་པ་དང༔ ཉ་མོ་བསད་དང་ལྕོང་མོར་འཚེ༔ ནུབ་བྱང་མཚམས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ ཀླུ་ཡི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ བྱང་ཤར་རི་ཡི་མཁར་ནང་ནས༔ གླང་དང་གིན་དང་བརྒྱད་དཀར་དང༔ གཟའ་ཆེན་དྲག་པོ་སྒྲ་གཅན་དང༔ སྡེ་བརྒྱད་རཱ་ཛའི་རྒྱལ་པོ་ལ༔ འཁོར་དུ་རྒྱལ་གདོན་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ ཕོ་བྲང་བཤིགས་དང་ལྕང་ལོ་རྒྱབ༔ དགོན་སྡེ་གཉན་པོ་བཤིགས་པ་དང༔ བྱང་ཤར་མཚམས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ རྒྱལ་པོའི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ སྟེང་ཕྱོགས་འབྱུང་ལྔའི་མཁར་ནང་ནས༔ ལྔ་སེར་གཟའ་ཆེན་རཱ་ཧུ་ལ༔ སྡེ་བརྒྱད་གཟའ་ཡི་རྒྱལ་པོ་ལ༔ འཁོར་དུ་གཟའ་གདོན་འབུམ་དང་བཅས༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ གཟའ་རྒོད་མནན་དང་སེར་བར་འཚེ༔ ནམ་མཁའི་ཐོག་ལ་རྒྱབ་རྟེན་དང༔ སྟེང་གི་ཕྱོགས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ གཟའ་ཡི་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ འོག་ཕྱོགས་ཆུ་ཡི་མཁར་ནང་ནས༔ སྡེ་བརྒྱད་ཐིལ་རང་རྒྱལ་པོ་ལ༔ འཁོར་དུ་ཐིལ་རང་འབུམ་སྡེས་བསྐོར༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ ར་བསད་མགར་བའི་ཏི་ཚ་བཅགས༔ གནམ་ལྕགས་ཐོག་ལ་ལོག་ལྟ་བྱས༔ ས་རྒྱུ་ཆེན་པོ་བཟུང་པ་དང༔ འོག་གི་ཕྱོགས་སུ་དམག་དྲངས་དང༔ བསྟན་ལ་གནོད་པའི་ལས་བྱས་པས༔ ཐིལ་རང་ཁེངས་ལོག་དེ་ནས་བྱུང༔ ཁྱེད་རྣམས་ཐུགས་དང་ཅི་འགལ་པ༔ མཐོལ་ལོ་བཤགས་སོ་གཟོད་པར་གསོལ༔ ཁེངས་ལོག་ལ་སོགས་སོར་ཆུད་མཛོད༔ ཧཱུྃ༔ གཟའ་ཐིལ་ལྷ་སྲིན་སྡེ་བརྒྱད་ཉོན༔ ཡང་ཅིག་བདག་ལ་སྙན་གསོན་དང༔ རྣལ་འབྱོར་བདག་དང་འཁོར་གཏོགས་ཀྱིས༔ མཆོད་པ་བཤགས་པ་དེ་ལྟར་བྱས༔ ཁེངས་ལོག་མ་བྱེད་སྲུང་མགོན་མཛོད༔ ཐོག་སེར་མི་འབྱུང་གཟའ་ནད་ཞི༔ ཕོ་ནད་ཞི་ནས་ར་ལུག་སྤེལ༔ ནོར་གོད་མ་གཏང་གནག་ལུག་སྤེལ༔ ཚེ་སྲིངས་དུས་མིན་འཆི་བ་ཟློགས༔ སྲིད་སྤེལ་ཡམས་ནད་རིམས་ནད་ཟློགས༔ ཐན་པ་ལོ་ཉེས་མ་གཏང་ཞིག༔ དགྲ་དང་ཤི་ཆད་མ་གཏང་ཞིག༔ རྟ་ནད་དྲེལ་ནད་མཐའ་དག་ཟློགས༔ དགོན་གནས་ཡུལ་གྲོང་བརྟན་པར་མཛོད༔ སྨྱོ་ཞི་བསྟན་པ་དར་བར་མཛོད༔ ནོར་ནད་ཞི་ཞིང་འབྲུ་འཕེལ་མཛོད༔ མཐའ་དམག་དུས་འཁྲུག་ཐོག་སེར་དང༔ ཀླུ་ཡི་ནད་རྣམས་ཞི་བར་མཛོད༔ འདོད་པའི་ལས་རྣམས་ཐམས་ཅད་སྒྲུབས༔ ཅི་བསམ་དོན་རྣམས་ལྷུན་གྱིས་གྲུབ་པར་མཛོད༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་དང་། ཧཱུྃ༔ འཇིག་རྟེན་ཁམས་ན་དབང་བ་ལྷ་འདྲེའི་གཙོ༔ པདྨ་འབྱུང་གནས་བཀའ་ཡི་སྲུང་མ་སྟེ༔ སྨོན་ལམ་བཙན་ཞིང་གཏེར་གྱི་བདག་པོར་བསྐོས༔ གཉན་སྡེ་བཞི་ཡི་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བསྟན་དར་བསྟན་འཛིན་འགྲོ་དོན་འཕེལ༔ སད་སེར་བཙའ་ཟློགས་ལོ་ལེགས་འབྲུ་འཕེལ་མཛོད༔ ཆར་ཆུ་དུས་ཕོབ་ཐན་པ་ས་ཚིག་ཟློགས༔ བདག་ཅག་ཡོན་མཆོད་གནོད་པའི་གདོན་བགེགས་ཟློགས༔ ནད་གདོན་བར་ཆད་དུས་མིན་འཆི་བ་ཟློགས༔ བྷྱོ་ཟློག༔ ཧཱུྃ༔ ཡུལ་ལྷའི་གཙོ་བོ་ཆེ་གེ་ནི༔ སྐུ་མདོག་དཀར་པོ་ཟེར་ལྡན་དར་དཀར་གསོལ༔ རྟ་དཀར་བཅིབས་ནས་དཀར་ཕྱོགས་ལྷ་འདྲེས་བསྐོར༔ ཡུལ་ལྷ་ཆེ་གེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡུལ་ཕྱོགས་གནས་བདག་ཀུན་གྱི་གཙོ་བོ་སྟེ༔ སྐུ་མདོག་དམར་ནག་ཞི་འཛུམ་བཙུན་པའི་གཟུགས༔ དུག་པོ་གསོལ་ནས་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཡུལ་དགོན་དབེན་གནས་ལྷ་ཆོས་ཀུན་གྱི་བདག༔ གནས་བདག་ཆེན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཡུལ་དགོན་དབེན་གནས་ལྷ་ཆོས་སྲུང་བར་མཛོད༔ སྨྱོ་འབོག་བརྒྱལ་ནད་ཞི་གྱུར་ཅིག༔ ཧཱུྃ༔ ཡུལ་འདིའི་ཆུ་ལྷ་ཀླུ་ཡི་བདག༔ སྐུ་མདོག་ལྗང་སྔོན་སྦྲུལ་མཇུག་ཅན༔ ཕྱག་ན་ཆུ་ཡི་གར་བུ་བསྣམས༔ བཞེངས་ཐབས་སྦྲུལ་མཇུག་རྒྱ་མཚོ་དཀྲུག༔ ཆུ་ལྷ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ས་བདག་གཙོ་བོ་སྐུ་མདོག་སེར་པོ་ནི༔ འབྱུང་ལྔའི་རང་བཞིན་ཞལ་ལྔ་ཕྱག་བཞི་པ༔ སྦྲུལ་མཇུག་འཁྱིལ་བ་རུས་སྦལ་གདན་ལ་བཞུགས༔ དགེ་བསྙེན་བྱང་ཆུབ་སེམས་དཔའ་ཁྱོད་ལ་བསྟོད༔ བཙུན་མོ་ས་ཡི་ལྷ་མོ་བསྟན་མ་ནི༔ གསེར་མདོག་རྒྱན་ལྡན་རིན་ཆེན་བུམ་པ་བསྣམས༔ དུས་གསུམ་རྒྱལ་བ་ཀུན་གྱི་དཔང་མོ་མ༔ ས་འཛིན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྲས་མཆོག་ས་འཛིན་ལག་པ་ཆེན་པོ་དང༔ ས་བདག་རྒྱལ་པོ་ལ་སོགས་འཁོར་གྱི་ཚོགས༔ འབྱུང་བ་ལོ་ཟླ་ཞག་དུས་སྤར་སྨེའི་བདག༔ སྲིད་པའི་དབང་ཆེན་རྣམས་ལ་བདག་གིས་བསྟོད༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས༔ ས་བདག་རྣམས་ལ་གནས་དང་གཞལ་ཡས་ཁང༔ སྤྲིན་དང་ཆར་པ་མཚོ་རྫིང་དཔག་བསམ་ཤིང༔ དཀོར་ནོར་ལོངས་སྤྱོད་དཔག་མེད་འབྱུང་གྱུར་ཅིག༔ དགའ་ཞིང་མགུ་ནས་བདག་ཅག་ཡོན་མཆོད་རྣམས༔ བཟུང་པ་ཐོངས་ལ་བཅིངས་པ་ཡོད་ན་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཡོད་ན་ཁྱོགས༔ ཕྱིན་ཆད་སྤུན་དང་གྲོགས་ལྟར་སྡོངས་གྲོགས་མཛོད༔ འདྲེ་སྲིན་ངན་པའི་དབྱེན་ལ་མ་ཉན་པར༔ གནོད་བྱེད་བགེགས་ཀྱི་རྒྱབ་རྟེན་མ་བྱེད་ཅིག༔ ཞི་ཞིང་བྱམས་པའི་སེམས་ཀྱིས་གནས་པར་མཛོད༔ མཆོད་པའི་སྐབས་འདིར་ཡོ་བྱད་མ་འབྱོར་དང༔ ལྷག་ཆད་ནོར་འཁྲུལ་ཅི་མཆིས་བཟོད་པར་གསོལ༔ ཧཱུྃ༔ བཙའ་སད་སེར་བའི་སྣ་འདྲེན་བྱེད༔ ནད་ཡམས་རིམས་གསུམ་གཏོང་བའི་བདག༔ རྐང་གཉིས་མི་ཡི་སྲོག་ལ་རྐུ༔ མ་མོ་འབྱུང་པོའི་ཚོགས་ལ་བསྟོད༔ ནད་ཡམས་དལ་ཡམས་དགྲ་ལ་ཐོངས༔ དགྲ་བོ་མི་ཡི་བླ་སྲོག་རྐུས༔ བདག་ཅག་ཡོན་མཆོད་མི་ནོར་ལ༔ ནད་ཡམས་བཙའ་སད་སེར་གསུམ་མ་གཏང་ཞིག༔ འབུ་སྲིན་རྟ་ནོར་གོད་ཁ་མ་གཏང་ཞིག༔ མི་ནོར་བླ་ཚེ་མ་རྐུ་མ་ཁྱེར་ཅིག༔ དེ་སྔོན་ཁྱེར་ན་ད་ལྟ་སོར་ཆུད་ཅིག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་སོ༔ ༈ དེ་ནས༔ ལྔ་པ་སྔགས་བཟླས་ནི། ཨོཾ་ཀྵི་ཧི་རཱ་ཙ་པྲི་ཐི་དྷེ་ཝི་སྭཱ་ཧཱ༔ ཞེས་ཛཔ྄་བརྒྱ་སྟོང་ཅི་འགྲུབ་བཟླ་འོ༔ ཨོཾ་སངས་ཁ་ཧ་ཡ་ཧ་ར་ཏ་པ་ཤྲི་ཡ༔ ཨེ་ཀ་མ་མ་ཧྲིང་ཧྲིང༔ ས་ཡ་སི་ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཏྲི༔ མ་ཧཱ་དྷེ་ཝ་སིདྡྷི་ནཾ་སྭཱ་ཧཱ༔ ཞེས་བཟླ་འོ༔ འདིའི་མཇུག་ཏུ་མི་སྐག་ནོར་སྐག་སྤར་ཁ་སྨེ་བ་ལོ་སྐག་ཐན་མི་ཁ་རྣམས་ཀྱི་ཟློག་སྔགས་བྱའོ༔ ༈ མི་སྐག་ཟློག་ན༔ སརྦ་ཁ་ལ་ཡཀྵ་རྦད༔ ཁ་ཏྲ་ཏྲ་པ་ཡ་ཀག་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ རྟ་ནོར་གོད་ཆེ་ན༔ ཨོཾ་ས་ར་ས་ར་པྲ་ས་ར་མ་ར་ན་ག་སེ་རཀྵ་རྟ་ནད་རྟིལ་སྲི་གློ་གོར་ཧོན་གསུམ་རྣམས་བྷྱོ་ཟློག༔ གཟའ་དང་སྤར་ཁ་རྩུབ་ན༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཏ་ཐཱ་ག་ཏ་ཨ་ན་ཁྲ་ལོ་ལ་ན་ཡ་གཟའ་སྤར་ཁ་དགྲ་གཤེད་གནོད་པ་འཁྲུགས་པ་བྷྱོ་བྷྱོ་ཟློག༔ སྨེ་བ་དང་ལོ་རྩུབ་ན༔ ཨོཾ་སྨེ་ཤ་སྨེ་ཤ་ཏི་ལི་ཏི་ལི་བཾ་བཾ་ཁག༔ ཡ་སང་ཁ་ལ་ར་ཡ་བྷྱོཿཟློག༔ དེ་ནས་ས་བདག་འཁྲུགས་བཅོས་ཡིན་ན༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྡྷ་ལ་མ་ཡེ་སྭཱ་ཧཱ༔ དེ་ནས་ལོ་ལེགས་ཕྱིར་ཡིན་ན༔ ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་སརྦ་སིདྡྷི་སྭཱ་ཧཱ༔ དེ་ནས་ཐན་ཟློག་ཕྱིར་ཡིན་ན༔ ཨོཾ་ཁཏ་ཁཊ་ཧྱག་ཧྱག་རཾ་སྱ་ཐན་ཡཾ་ག་མ་ཏྲཾ་ཏྲཾ་སྥ་ར་ཎ་ཐན་ལྟས་ངན་པ་ཐམས་ཅད་བྷྱོ་ཟློག༔ མི་ཁ་ཟློག་ན་འདི་ལྟར་རོ༔ ཨོཾ་ཁང་ཐ་ན་པྲ་ཝ་མི་ཁ་ཐུཾ་ཐུཾ་སརྦ་ན་མ་ཡ་ཧ་ཧྱེ་མི་ཁ་ཤིག་ཤིག༔ སརྦ་ཛྭཱ་ར་ན་མེ་གང་ག་ན་ཡན་མི་ཁ་རྣྲྀ་དྲིལ༔ ཐ་བ་ས་ར་ཡ་ཧ་ར་ཧ་ར་མ་ཏྲི་ཏྲ་མ་ནི་མི་ཁ་བྷྱོཿཟློག༔ ཅེས་གོང་ལྟར་གལ་དུ་ཆེ་ལ་འབུང་ངོ༔ ཅེས་སོ༔ ཉིན་རྫོགས་སྲོལ་ལ་མི་གདའ་འོ༔ དེ་ཡན་ཟློག་པའི་གཞུང་དེ་ཉིད༔ ཞག་ལྔ་བདུན་ལ་སོགས་པ་ལ༔ ཉིན་པར་དུས་གསུམ་ཚར་གསུམ་འདོན༔ ཉིན་རྫོགས་བྱེད་ན་ཚར་གྱི་གྲངས༔ གསུམ་ལྔ་བདུན་དགུ་སྐབས་དང་སྦྱར༔ ཅེས་སོ༔ ༈ དེ་ནས་དྲུག་པ་རྫོངས་འདེབས་ལམ་བསྟན་འབུལ་བ་སོགས་རྗེས་རིམ་ནི། དེ་ནས་ཞལ་ཕྱིར་བསྒྱུར་ལ༔ འབྲུ་སྣ་གཙང་མས་རྫོངས་འདེབས་བྱ༔ རྫོངས་འདེབས་མཁན་པོ་མཁའ་འགྲོའི་ཆས་སུ་ཞུགས་ནས་ཌཱ་དྲིལ་འཁྲོལ་ཞིང་ས་ན་ར་ས་མ་ན་སོགས་བརྗོད་པ་གཞན་དུ་གསལ༔ དེ་ནས་རྫོངས་བཏབ་ཅིང་གྱེར་བ་ནི་མ་མོ་མཁའ་འགྲོ་གླུ་ལ་དགའ་བས་དབྱངས་སྙན་པོས༔ བྷྱོ༔ མ་གཅིག་ཨ་ཕྱི་ཚེ་རིང་མ༔ ཡང་འཁོར་མ་གཅིག་མཆེད་ལྔ་ལ༔ མ་དང་མཁའ་འགྲོའི་རྫོངས་ཤིག་འདེབས༔ གསེར་དངུལ་ཟངས་ལྕགས་ལ་སོགས་པའི༔ རིན་ཆེན་སྣ་ཚོགས་རྫོངས་སུ་འདེབས༔ འདོད་པའི་དངོས་གྲུབ་སྣ་ཚོགས་སྩོལ༔ བོད་སྐྱོང་བསྟན་མ་བཅུ་གཉིས་ལ༔ ཡང་འཁོར་དབང་ཕྱུག་ཉེར་བརྒྱད་དང༔ སྐྱོང་མ་ཡ་མ་འཁོར་བཅས་ལ༔ ནས་གྲོ་སྲན་མ་ལ་སོགས་པའི༔ འབྲུ་ཡི་རིགས་རྣམས་རྫོངས་སུ་འདེབས༔ རྟག་ཏུ་ལོ་ཕྱུགས་ལེགས་པར་མཛོད༔ གསེར་དངུལ་མུ་མེན་བྱེ་རུ་སོགས༔ རིན་ཆེན་སྣ་ཚོགས་རྫོངས་སུ་འདེབས༔ མངའ་ཐང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛོད༔ དར་དང་ཟ་འོག་བེར་ལ་སོགས༔ གོས་ཀྱི་བྱེ་བྲག་རྫོངས་སུ་འདེབས༔ དཔལ་དང་གཟི་བརྗིད་རྒྱས་པར་མཛོད༔ ཟས་གོས་ཅི་འདོད་འབྱུང་གྱུར་ཅིག༔ རང་རང་དགྱེས་པའི་གཏོར་མ་དང༔ ཤ་ཁྲག་གཏོར་མ་ཐུན་རྫས་དང༔ དགྲ་བགེགས་ལིང་ག་རྫོངས་སུ་འདེབས༔ གནོད་བྱེད་ཟློགས་ལ་རིམས་ཁ་ཆོད༔ རྐྱེན་ངན་བར་ཆད་ཞི་བ་དང༔ གནོད་བྱེད་དགྲ་བགེགས་ཟློག་པར་མཛོད༔ མར་ཐུད་ཆུར་བ་ལ་སོགས་པའི༔ དཀར་གསུམ་ཟས་སྣ་རྫོངས་སུ་འདེབས༔ དཀར་ཕྱོགས་ལྷ་ངོ་མཉེས་གྱུར་ཅིག༔ ཚྭ་གཡེར་སྒོག་པ་རྫོངས་སུ་འདེབས༔ མི་ཁ་བྲ་མཆུ་མེད་པར་མཛོད༔ ཐན་ཟས་ཐན་གཟུགས་རྫོངས་སུ་འདེབས༔ ཐན་ལྟས་ངན་པ་དགྲ་ལ་བྷྱོ༔ ནས་ཕུལ་ཡོན་བདག་ཞིང་གི་གྲངས༔ བྲེ་རེ་སོག་མ་སྙེ་མ་དང༔ སྡོང་བུ་ཞིང་ས་རྩམ་པ་དང༔ ཞིང་གླུད་སྣ་ཚོགས་རྫོངས་སུ་འདེབས༔ སད་སེར་བཙའ་དང་འབུ་སྲིན་ཟློགས༔ ལོ་ལེགས་ཆར་འབབ་ལོ་འབྱུང་ཤོག༔ རྟ་བོང་མཛོ་ནོར་དྲེལ་ལ་སོགས༔ རང་རང་གཟུགས་དང་ངར་གླུད་སོགས༔ ནོར་གླུད་གཙང་མ་རྫོངས་སུ་འདེབས༔ རྟ་ནོར་གོད་ཁ་དགྲ་ལ་ཟློགས༔ རྨ་གཡང་ནོར་གཡང་དངོས་གྲུབ་སྩོལ༔ ཤིང་དུམ་སྟག་ཁྲ་སྦལ་ལྕགས་དང༔ རྩོད་རུ་ལ་སོགས་རྫོངས་སུ་འདེབས༔ སྡེ་བརྒྱད་ཁེངས་ལོག་མེད་པར་མཛོད༔ འདི་ས་བདག་ལྷ་ཀླུ་ཡུལ་ལྷ་དགེ་བསྙེན་རྣམས་ལ་གཞན་དགོས་སོ༔ བསྡུས་པ་འདིའི་ཆོག༔ ས་བདག་དབང་ཆེན་འཁོར་བཅས་དང༔ ཡུལ་ལྷ་གནས་བདག་ཆུ་བདག་ལ༔ འདོད་ཡོན་སྣ་ཚོགས་རྫོངས་སུ་འདེབས༔ ཅི་འདོད་བསམ་པ་འགྲུབ་གྱུར་ཅིག༔ ངར་གླུད་ཆངས་བུ་གོས་དུམ་དང༔ ལྟག་རུས་སྲེ་ལོང་ཚྭ་སྒོག་རམ༔ གླུད་ཡས་སྣ་ཚོགས་རྫོངས་སུ་འདེབས༔ གླུད་བདག་ཕོ་མོ་ཚིམས་གྱུར་ཅིག༔ ནད་ཡམས་དལ་ཁ་དགྲ་ལ་ཟློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བཏབ་བོ༔ དེ་ནས་ལམ་བསྟན་དང་པོ་བྱ་བ་ནི༔ བྷྱོ༔ ཨ་ཕྱི་ཚེ་རིང་མཆེད་ལྔ་དང༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང༔ དབང་ཕྱུག་སྐྱོང་མ་ཡ་མ་དང༔ སྡེ་བརྒྱད་འཁོར་བཅས་སྙན་གསོན་དང༔ ད་ནི་གཤེགས་རན་བཞུད་ཀྱང་རན༔ བྷྱོ༔ མ་གཅིག་མཁའ་འགྲོ་འཁོར་བཅས་རྣམས༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤར་ཕྱོགས་གངས་རི་རྩེ་རྒྱལ་ལ༔ ཉི་ཟླའི་འོད་མདངས་ལྷབས་སེ་ལྷབ༔ འཇའ་ཚོན་གུར་ཕུབ་ཝ་ལ་ལ༔ གངས་དཀར་འོད་མདངས་ཁྱུགས་སེ་ཁྱུག༔ བདུད་རྩིའི་ལྷ་ཆབ་སི་ལི་ལི༔ སྟེང་ན་ལྷོ་སྤྲིན་ཕྱུག་མོ་ལ༔ གཡུ་འབྲུག་གསུང་སྙན་ལྡི་རི་རི༔ མགུལ་གྱི་ན་བུན་སྨུག་པོ་ལ༔ བདུད་རྩིའི་སྦྲང་ཆར་སི་ལི་ལི༔ གནས་མཆོག་དེ་འདྲའི་གཞལ་ཡས་ན༔ མ་གཅིག་བཀྲ་ཤིས་ཚེ་རིང་མ༔ ཡང་འཁོར་བཀྲ་ཤིས་མ་བཞིར་བཅས༔ དར་དཔྱང་པུ་རེ་ད་གཤེགས་ཤིག༔ དྷ་རུ་ཁྲལ་ལེ་ད་གཤེགས་ཤིག༔ དྲིལ་བུ་སི་ལེ་ད་གཤེགས༴ པི་ཝཾ་ཙི་རེ་ད་གཤེགས༴ དར་གདུགས་ལྷབས་སེ་ད་གཤེགས༴ སྤོས་དྲི་ཆིལ་ལེ་ད་གཤེགས་ཤིག༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་གནས་མཆོག་དེ་རུ་གཤེགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོ༔ ཕྱོགས་ཕྱོགས་ཉི་མ་བྱང་ཕྱོགས་ནས༔ རི་མེད་ཐང་མེད་ཉིན་མཚན་བདུན༔ རྩྭ་མེད་ཆུ་མེད་ཉིན་མཚན་བདུན༔ མེ་མེད་ཤིང་མེད་ཉིན་མཚན་བདུན༔ ཉེར་གཅིག་འདས་པའི་ཕ་རོལ་ན༔ མཁར་གཅིག་གནམ་དུ་ལྡིངས་སེ་ལྡིང༔ བསེ་མཁར་དེ་ནི་སྨུག་པོ་ལ༔ ལོགས་བཞི་དག་ཀྱང་བསེ་ལ་བགྱིས༔ བསེ་ལོགས་དེ་ནི་སྨུག་པོ་ལ༔ གཉན་པ་དེ་ནི་རྡུལ་མི་འགོ༔ འགྲམ་བཞི་དག་ནི་ལྕགས་ལ་བགྱིས༔ ལྕགས་མཁར་དེ་ནི་སྨུག་པོ་ལ༔ གཉན་ཏེ་དེ་ནི་བྱིལ་མི་འཇུམ༔ ཟུར་བཞི་དག་ཀྱང་མཆོང་ལས་བྱས༔ མཆོང་མཁར་དེ་ནི་སྨུག་པོ་ལ༔ གཉན་ཏེ་དེ་ནི་སྦྲུལ་མི་འཁྲིལ༔ ཁ་བད་དག་ཀྱང་གཡུ་ལས་བྱས༔ གཡུ་བད་དེ་ནི་སྔོན་པོ་ལ༔ གཉན་ཏེ་དེ་ནི་སྤེན་མི་འཛིན༔ ཁ་དོག་དེ་ནི་གསེར་ལ་བགྱིས༔ གཉན་ཏེ་དེ་ནི་བྱ་མི་ལྡིང༔ དུང་གི་སྒོ་མོ་ཐགས་སེ་ཐག༔ ཤེལ་གྱི་གཡག་ཤི་རྒྱངས་སེ་རྒྱང༔ ནང་ནི་ཤེལ་དང་དུང་ལས་བྱས༔ ཉིད་ཀྱི་སྐུ་མཁར་ཟུར་བཞི་ལ༔ དུར་ཁྲོད་ཝ་བརྒྱལ་ཙེ་རེ་རེ༔ གང་མོས་སྤྱི་ཟུག་ཞུངས་སེ་ཞུང༔ སྲིན་བྱས་གད་རྒྱངས་ཤིགས་སེ་ཤིག༔ ཅེ་སྤྱང་མང་པོ་ཆུམས་སེ་ཆུམ༔ ལྟས་ངན་འུག་པས་རྐན་སྒྲ་སྡེབ༔ བཙན་ཁྱི་དམར་པོ་འདུར་ཞིང་རྒྱུག༔ བམ་གྱི་ཁོག་སྟོད་ཁོག་སྨད་བཅད༔ ཞུན་ཆེན་དམར་པོ་ལྷབས་སེ་ལྷབ༔ རུས་བསྲེགས་ཐལ་བ་ཉི་ལི་ལི༔ <!TCC Tibetan character 4,97 undefined in unicode!> ལྷ་དང་ལྷ་མོ་ཤར་དུ་གཤེགས༔ གཤིན་རྗེ་བདུད་རྒྱལ་ལྷོ་རུ་གཤེགས༔ ཀླུ་རྒྱལ་བཙན་རྒྱལ་ནུབ་ཏུ་གཤེགས༔ གནོད་སྦྱིན་རྒྱལ་པོ་བྱང་དུ་གཤེགས༔ རང་རང་འཁོར་ཚོགས་དང་བཅས་གཤེགས༔ ཧ་ཧ་ཕཊ་སྒྲ་དིར་རེ་གཤེགས༔ མི་ལྤགས་གཡང་གཞི་ལྷབས་སེ་གཤེགས༔ ཆིབས་རྟ་རྒྱུག་གྲལ་ཁྲལ་ལེ་གཤེགས༔ གོ་མཚོན་མདའ་དར་ཕྱར་རེ་གཤེགས༔ ཀུ་སྒྲ་བསོ་སྒྲ་ཏི་རེ་གཤེགས༔ རང་རང་ཁེངས་ལོག་སེལ་ཞིང་གཤེགས༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་རང་རང་གནས་སུ་གཤེགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཡུལ་ལྷ་གནས་བདག་ཆུ་ཡི་བདག༔ གཉན་ཆེན་སྡེ་བཞི་འཁོར་དང་བཅས༔ ས་བདག་དབང་ཆེན་འཁོར་དང་བཅས༔ སོ་སོ་རང་རང་གནས་སུ་གཤེགས༔ བྱམས་པའི་སེམས་དང་བཅས་ཏེ་གཤེགས༔ བཀའ་དང་དམ་ལ་མ་འདའ་གཤེགས༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ རྣལ་འབྱོར་དམ་ཚིག་གཉན་ལ་དགོངས༔ ད་ནི་རང་རང་གནས་སུ་གཤེགས༔ བྷྱོ༔ ནད་ཡམས་རིམས་གསུམ་བདག་པོ་སྟེ༔ སད་སེར་བཙའ་དང་ནད་ཀྱི་བདག༔ འབྱུང་བཞིའི་མ་མོ་ཐམས་ཅད་ཀུན༔ རང་མཚོན་རང་གིས་ཁྱེར་ཏེ་གཤེགས༔ རང་དུག་རང་གིས་སོལ་ལ་གཤེགས༔ རང་ནད་རང་གིས་སྡུས་ལ་གཤེགས༔ མཚོན་དྲུ་ནད་རྐྱལ་སྡུས་ལ་གཤེགས༔ བྱང་དམར་ཕྱིས་ལ་ཤྭ་རྡེལ་སྤོས༔ རྩིས་ལས་ཕྱུངས་ནས་གདོན་ལས་སྤོས༔ ནད་སྐག་སྐག་ཆེན་ཐམས་ཅད་སྒྱུར༔ ཉི་མ་དེ་རིང་ཕན་ཆད་ནས༔ ཞིང་གླུད་ཡས་སྟགས་འདི་ལོངས་ལ༔ སད་སེར་བཙའ་ཡི་སྣ་མ་འདྲེན༔ རི་རབ་ས་འོག་ས་སྟེང་སོགས༔ རང་རང་སོ་སོའི་གནས་ན་གཤེགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བྱང་ཤར་རྣམས་སུ་དར་སྐུད་ལམ་གྱི་ཚུལ་བྱས་ལ་མདོས་ཕུལ༔ ཅེས་གསུངས་སོ༔ དེ་ནས་མདོས་ཕུལ་བ་ནི༔ རང་ངམ་ནད་པའི་ལོ་བདུད་ཐོག་ཅེས་གསུངས་སོ༔ བྱང་ཤར་རི་ནི་གཙང་སར་ཕུལ༔ དང་པོ་ཡུལ་ལྷར་དཀར་གཏོར་ཕུལ༔ དེ་ནས་གསེར་སྐྱེམས་བྱ་བ་ནི༔ གྲོ་མཆོད་ལ་འདི་སྐད་དོ༔ ཀྱཻ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བསམ་ཡས་གཙུག་ལག་བཞེངས་པའི་ཚེ༔ བརྟན་མ་བཅུ་གཉིས་དབྱིངས་ནས་བཞེངས༔ དབང་ཕྱུག་མ་མོས་བར་ཆད་བྱས༔ ལྷ་སྲིན་སྡེ་བརྒྱད་ཁེངས་ལོག་བྱས༔ བདུད་བློན་རྣམས་ཀྱིས་བསམ་ངན་འཆང༔ ཉིན་པར་བརྩིགས་པ་མཚན་མོར་བཤིགས༔ གཙུག་ལག་བཤོལ་ལ་ཐུག་པའི་ཚེ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བདུད་རྩི་དྲོད་ཆང་བཙལ་ནས་ནི༔ དེ་ལ་རིན་ཆེན་གསེར་ཕྱེ་བཏབ༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང༔ དབང་ཕྱུག་སྡེ་བརྒྱད་ཁེངས་ལོག་དང༔ སྣང་སྲིད་ལྷ་འདྲེ་ས་བདག་ཀླུ༔ ཐམས་ཅད་བཅོས་པས་ཐམས་ཅད་ཚིམས༔ བརྟན་མ་བཅུ་གཉིས་ཁས་ཀྱིས་བླངས༔ དབང་ཕྱུག་མ་མོའི་བར་ཆད་ཞི༔ ལྷ་སྲིན་སྡེ་བརྒྱད་ཁེངས་ལོག་བསལ༔ མ་མོ་མཁའ་འགྲོའི་སུན་མ་བཟློགས༔ ཡུལ་ལྷ་ཟོ་དོར་གདུག་རྩུབ་ཞི༔ སྔོན་དུས་སྲིད་པ་དེ་བཞིན་དུ༔ ད་ལྟ་སྔགས་འཆང་བདག་ཅག་གིས༔ མེད་པ་དེ་ནི་མི་ལ་བཙལ༔ སྲ་བ་དེ་ནི་བྲག་ལ་བརྐོས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ མཐོ་བ་རྣམས་ཀྱི་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱི་དབུ་མར་ཁུག༔ བར་མ་རྣམས་ཀྱང་སྐུ་ཟུར་ཅིག༔ གལ་ཏེ་མདོས་ཟོར་ཟེར་ཕོག་ན༔ ང་ནི་མ་ཉེས་མ་ལན་ནོ༔ ཉེས་ལན་དགྲ་བོའི་སྟེང་དུ་ཕོབ༔ ལོ་ཟླ་ཞག་དུས་ས་བདག་དང༔ ཡུལ་ལྷ་ཟོ་དོར་གཉན་པོ་དང༔ ཁྱད་པར་མདོས་གཏོར་འཕེན་ཕྱོགས་ཀྱི༔ གདོང་ལ་གནས་པའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ གཡས་སུ་ཡོད་པ་གཡས་སུ་ཟུར༔ གཡོན་དུ་ཡོད་པ་གཡོན་དུ་ཟུར༔ ཕོ་བྲང་ནང་གི་སྒོ་ཆོད་ལ༔ ཅེ་རེ་བལྟ་བའི་སྤྱན་རྣམས་གཡོར༔ གལ་ཏེ་མདོས་ཟོར་ཟེར་ཕོག་པས༔ ང་ནི་མ་ཉེས་མ་ལན་པས༔ ཉེས་ལན་དགྲ་དང་བགེགས་ལ་ཕོབ༔ རྣལ་འབྱོར་བདག་གི་སྡོངས་གྲོགས་མཛོད༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་སོ༔ དེ་ནས་དཀར་གཏོར་ཁྱེར༔ དེ་ནས་གླུད་ཁྱེར༔ དེ་ནས་མདོས་ཁྱེར༔ དེ་རྗེས་ཆད་བརྟན་དང་བཀའ་སྲུང་གཏོར་འབུལ་ཁྱེར༔ དེ་རྗེས་ཟོར་མདའ་གྲི་སོགས་ཁྱེར༔ དེ་རྗེས་ཧོ་ཕྱག་དང་མདའ་དར་ཁྱེར༔ དེ་རྗེས་དར་ནག་སོགས་ཁྱེར༔ དེ་རྗེས་སྔགས་འཆང་རང་ཤེལ་དང་དར་དཔྱང་རུས་རྒྱན་རོལ་མོ་དང་བཅས་ནས་འགྲོ༔ ལོ་རིམ་ཡིན་ན་ངར་གླུད་ཁ་ཁ་ན་ཡོད་པ་དེ་དང༔ ཡུལ་མི་གཏོགས་ཚད་ཀི་བསྭོ་དང་བཅས་ནས་ཕོ་རྣམས་ཀྱིས་གོ་གྱོན་མཚོན་ཐོགས༔ མོ་རྣམས་ཀྱིས་ཐལ་རྡེབ་དམོད་བཅོལ་བྱ༔ རང་ཡང་དམིགས་པ་དང་ལྷའི་ང་རྒྱལ་བརྟན་པོས་འཆམས་སྟབས་དང་དར་མཐིང་ནག་གིས་གཡབ་ནས་འགྲོ༔ དེ་ནས་ཕུལ་སར་ཕྱིན་པ་དང་མདོས་ཀྱི་ལྷ་ཙག་བཏོག་ལ་སུན་ཟློག་ལྟར་བརྟན་མའི་ཟློག་པ་དང༔ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ སོགས་བརྗོད་ནས་མདུན་གྱི་སྐུ་གཟུགས་རྣམས་བླངས་ཏེ་བཞག༔ གཏོར་མ་དང་ལིངྒ་མེ་ལ་སྦར༔ དེ་ནས་མདོས་སྒབ་ཟོར་གྱིས་གཅད་ཕྱིར་ཟོར་འཕང༔ བཀའ་སྲུང་རྣམས་ཀྱི་གཏོར་མ་རེ་རེ་བཞིན་ལིངྒའམ་ལིངྒ་མེད་ན་གཏོར་གཞོང་ཐོག་ཏུ་ཕུལ༔ དེ་ནས་གཏོར་གཞོང་བཤལ་ལ་བསྟན་མ་སྐྱོང༔ བཀུག་གཞུག་བྱས་ལ་རྟ་བྲོ་རྒྱས་པར་བྱས་ལ་ཕྱི་མིག་མི་ལྟ་ལྷ་རྒྱལ་ལོ་ཞེས་བརྗོད་ལ་ནང་དུ་ལོག་ནས་བཀྲ་ཤིས་ཚེ་འགུགས་སོགས་རྒྱས་པར་བྱ༔ ཟོར་རྣམས་ཡར་ལོག་བྱུང་ན་ཚོགས་བསྐང་རྒྱས་པར་བྱ༔ དེ་ནས་རྗེས་ཆོག་རྒྱས་པར་བྱས་ནས་མི་དམིགས་ངང་དུ་དམིགས་པ་ཐུན་གཅིག་བསྐྱང༔ ཆར་འབོད་ཡིན་ན་དེ་ནུབ་ལུས་སྦྱིན་བྱ༔ རྫས་སྣ་དཀྱིལ་འཁོར་བསྒྲུབ་པ་གཞན་དུ་གསལ༔ ཅེས་སོ༔ དེ་ལྟར་བསྟན་མའི་མདོས་ཆེན་རྒྱས་པ་འདི། །ཉེ་བར་མཁོ་ཞིང་གལ་ཆེ་ཡང་། །ཕྱོགས་འདིར་དར་སྲོལ་ཆུང་བ་ཡིས། །ཕྱག་ལེན་ཤེས་མཁན་དཀོན་པར་སྣང་། །རག་ཤག་གཏེར་སྟོན་གཏེར་མ་དང་། །གུ་རུ་ཆོས་དབང་གཏེར་མ་རྣམས། །ཧ་ཅང་རྒྱས་དྲག་བཅའ་འདོན་དཀའ། །དབང་ལུང་མན་ངག་བརྒྱུད་པ་ཆད། །དེ་ཕྱིར་འདི་ཡི་དར་སྲོལ་ནུབ། །མངའ་བདག་ཉང་རལ་གཏེར་མ་ལས། །ཅུང་ཟད་མ་ཚང་ཁ་བསྐང་བྱས། །ཉེས་འགལ་མཆིས་ན་མ་མོ་མཁའ་འགྲོ་དང་། །ཆོས་སྐྱོང་གཏེར་བདག་ཚོགས་ལ་བཤགས། །དགེ་བས་ལོ་ལེགས་འབྲུ་འཕེལ་ནད་ཞི་ནས། །བོད་ཁམས་ཡོངས་ལ་བདེ་སྐྱིད་འབྱུང་བར་ཤོག །འདིའི་འདབས་ན་ད་རུང་གསལ་ཆ་མང་དུ་ཡོད་པ་ལས་ཚོགས་འདབས་སུ་ཡོད་ལགས་སོ། །གཏེར་གཞུང་ལས། ཆོས་བདག་མ་མོ་ཙ་མུན་ཏྲི་ཡིས་སྲུངས༔ དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་དུས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གཞོ་སྟོད་ཏི་གྲོ་བྲག་ནས་བསེ་སྒྲོམ་སྨུག་པོའི་ནང་ནས་མངའ་བདག་ཉང་གིས་གདན་དྲངས་པའོ༔ ྈྈྈྈྈྈྈྈྈ བཀྲ་ཤིས་དཔལ་འབར་འགྲོ་བ་ཡོངས་ལ་ཕན་བདེའི་དཔལ་དུ་བྱོན་པ་སརྦ་མངྒ་ལམ༔ ༈ བརྟན་མ་བཅུ་གཉིས་གཏོར་མ་ནི། རྡོ་རྗེ་ཀུན་གྲགས་མ། ཡ་མ་སྐྱོང་། ཀུན་བཟང་མ། འབྲོག་ཆེན་འཁོར་འདུལ་ཏེ་བདུད་མོ་བཞི་ལ་ཟུར་གསུམ་ནག་པོ་བཞི། ཤ་མེད་གངས་དཀར། ཁ་རག་ཁྱུང་བཙུན། གསེར་ཆེན་མཁའ་ལྡིང་། རྨ་རི་རབ་འབྱམས་ཏེ་གནོད་སྦྱིན་བཞི་ལ་ཟུར་བཞི་དཔུང་རོང་དམར་པོ་བཞི། ཀོང་བཙུན་དེ་མོ། རྡོ་རྗེ་སྨན་གཅིག །རྡོ་རྗེ་གཟུགས་ལེགས་མ། རྡོ་རྗེ་གཡར་མོ་བསིལ་ཏེ་སྨན་བཙུན་བཞི་ལ་དཀར་ཟླུམ་བཞིའོ། །གཙོ་མོ་ཚེ་རིང་མའི་གཏོར་མ་ཟླུམ་པོ་རྩེ་གསུམ་ཟུར་གསུམ་ཅུང་ཟད་དགུ་བ། ཞལ་བཟང་མ་ཟླུམ་ལྡེམ། བློ་བཟང་མ་འབྲང་རྒྱས། ཅོད་པན་མགྲིན་བཟང་ལ་བོང་བུའི་རྨིག་པ་ལྟ་བུ། གཏད་དཀར་འགྲོས་བཟང་མ་བྱ་མཆུའི་དབྱིབས་ལྟ་བུའོ། ༈ །བསྒྲིག་ལུགས་ནི། དབུས་སུ་ཚེ་རིང་མ། དེའི་གཡས་སུ་དུད་སོལ་མ། གཡོན་དུ་སྔགས་སྲུང་མ། མདུན་དུ་ཀོང་བཙུན་དེ་མོ། གཡོན་ཟུར་དུ་གངས་དཀར་ཤ་མེད་མ། རྒྱབ་ཏུ་རྡོ་རྗེ་ཀུན་གྲགས་མ། ཤར་དུ་མཐིང་གི་ཞལ་བཟང་མ། དེའི་གཡས་སུ་བཙན་ལ་རོལ་པ་མ། གཡོན་དུ་གཡུའི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། མདུན་དུ་རྡོ་རྗེ་གཡར་མོ་བསིལ། ལྷོར་མི་གཡོ་བློ་བཟང་མ། དེའི་གཡས་སུ་ཁ་རག་ཁྱུང་བཙུན། གཡོན་དུ་གསེར་ཆེན་མཁའ་ལྡིང་། མདུན་དུ་རྨ་རི་རབ་འབྱམས། ནུབ་ཏུ་ཅོད་པན་མགྲིན་བཟང་མ། དེའི་གཡས་སུ་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། གཡོན་དུ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མ། མདུན་དུ་འབྲོག་ཆེན་འཁོར་འདུལ་ལོ། །བྱང་དུ་གཏད་དཀར་འགྲོས་བཟང་མ། དེའི་གཡས་སུ་སྲིན་མོ་གཡག་གདོང་མ། གཡོན་དུ་དོམ་གདོང་མ། མདུན་དུ་ཟ་བ་བྱ་རྒོད་གདོང་། རྒྱབ་ཏུ་གསོད་བྱེད་སྤྱང་གདོང་མ་རྣམས་བཀོད། གཞན་ཐམས་ཅད་རང་གཞུང་ལྟར་བྱས་པས་འཐུས་སོ། །བཅའ་གཞི་བཀོད་ལུགས་དང་། མངོན་རྟོགས་བསྒོམ་ཚུལ་ཅུང་མི་མཚུངས་པར་འདུག་པས་འདིར་མངོན་རྟོགས་དང་མཐུན་པར་འགོད་ཚུལ་བྲིས་པའོ། །སརྦ་མངྒ་ལཾ།། །།
ཟབ་རྒྱ་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་ཆོ་ག་རྗེས་གནང་དང་བཅས་པ་ཡེ་ཤེས་མཆོག་ཏུ་རྒྱས་པ་ (Volume 16, Text 43)
༄༅། །ཟབ་རྒྱ་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་ཆོ་ག་རྗེས་གནང་དང་བཅས་པ་ཡེ་ཤེས་མཆོག་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་ཡ། རབ་འབྱམས་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་སྲས་གཞོན་ནུའི་རྣམ་རོལ་གྱིས། །སྐྱེ་དགུའི་སྙིང་གི་མུན་སེལ་བ། །ཟླ་ལྟར་མཛེས་པ་དེ་ལ་འདུད། །གཟུངས་དང་སྤོབས་པའི་གཏེར་གྲོལ་ཞིང་། །བློ་གྲོས་སྣང་བ་རྒྱས་འདོད་ན། །ཚུལ་འདིར་ཞུགས་ཤིག་གང་མཚན་ཙམ། །ཐོས་པའི་ཡོན་ཏན་ཟད་མི་ཤེས། །གང་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་དོན་དུ་གཉེར་བ་དད་པ་དམ་ཚིག་སྙིང་རྗེ་ལ་གནས་པ་དག་གིས་ཁྱད་པར་དུ་འཕགས་པའི་སྒྲུབ་ཐབས་འདིའི་སྒོ་ནས་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་བཞི། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། གཞན་དོན་རྗེས་གནང་། རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། དབེན་པའི་གནས་སུ་མཆོད་པའི་ཡོ་བྱད་ཅི་ཙམ་འབྱོར་པ་བཤམ། ཐོ་རངས་སྔ་བར་ལངས་ལ་དྲི་བཟང་གི་ཆུར། ཨོཾ་བཛྲ་ཡཀྵ་ཧཱུྃ་བཟླས་ནས་ལག་གཡོན་པར་བཟུང་། གཡས་པའི་སྲིན་ལག་གིས་གནས་གསུམ་དུ་རེག་ཅིང་། ཨོཾ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། གསུམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར། ས་གཞི་གནས་ཁང་ལ་འཐོར་ལ། གནས་ཁང་གི་མ་དག་པའི་ཉེས་སྐྱོན་དྲི་མ་ཐམས་ཅད་བྱང་ཞིང་དག་པར་གྱུར། ཆུ་ཁོང་དུ་འཐུང་ལ། སྔགས་གསུམ། སྒོ་གསུམ་གྱི་ཉེས་བྱས་ཐམས་ཅད་བྱང་ཞིང་དག་པར་གྱུར། ཅེས་ཉེ་རེག་དང་འཐོར་འཐུང་བྱ། ཚོགས་གསག་ནི། སྐད་ཅིག་གིས་རང་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔར་གནས་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿདམར་སེར་གསལ་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ན་མོ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་སརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿ ཞེས་ཕྱག་བྱ། གོང་གི་སྔགས་མཐར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བདུན་རྣམ་དག་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་དང་ལྡན་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། ལྷ་སྐུ་ཡན་ལག་བཞི་རྫོགས་སུ་སྒོམ་པ་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝཱ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ། དེེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། རྡོ་རྗེའི་གུར་ཁང་དང་མེ་རི་མེ་དཔུང་དུ་འབར་བའི་སྲུང་འཁོར་གྱི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཡཾ་ལས་རླུང་། རཾ་ལས་མེ། ཁཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར་རིམ་པར་བརྩེགས་པའི་སྟེང་དུ། བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཟུར་ཉི་ཤུ་པ། ར་བ་རིམ་པ་ལྔ་དང་ལྡན་ཞིང་། རིན་པོ་ཆེའི་རྩིག་པའི་སྟེང་དུ་མུ་ཁྱུད་སེར་པོ་དྲྭ་བ་དང་དྲྭ་བ་ཕྱེད་པ། མདའ་ཡབ་མཆོད་རྟེན་གྱི་རྣམ་པ། ནང་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་གདུང་བཞི་མིག་མང་རིས་སུ་བྲིས་པ། དབུས་ཕྱུར་བུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། སྒོ་བཞིའི་ཐད་ཀ་ན་ཀ་བ་བཞི་བཞིས་བཏེག་པའི་རྟ་བབ་བང་རིམ་བཞི་པ། ཆོས་འཁོར་རི་དྭགས་ཆར་ཁེབས་ཏོག་དང་བཅས་པ། སྒོ་བཞིའི་ཕྱི་ནས་ཐེམ་སྐས་རིམ་པ་བརྒྱད་པ། རྩིག་པའི་ཕྱི་ནས་མཆོད་སྣམ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་གར་བྱེད་པ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་སེང་གེ་པདྨ་ཉི་མའི་གདན། ཕྱོགས་ཀྱི་པད་འདབ་བཞི་ལ་ཟླ་བའི་གདན། མཚམས་ཀྱི་པདྨ་བཞི་ལ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའོ། །དབུས་ཀྱི་གདན་གྱི་སྟེང་དུ་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་བཙོ་མའི་མདོག་ལྟར་རབ་ཏུ་འཚེར་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་ཀྱི་དང་པོས་རལ་གྲིའི་རྩེ་ལ་ཡེ་ཤེས་ཀྱི་མེ་འབར་བ། གཡོན་གྱི་དང་པོས་མེ་ཏོག་ཨུཏྤལ་སྔོན་པོའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ། འོག་མ་གཉིས་ཀྱིས་ཐབས་ཤེས་ཀྱི་མདའ་གཞུ་འགེངས་པ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྟ་ན་སྡུག་ཅིང་གཟི་བརྗིད་འཕྲོ་བ། གསལ་འཚེར་ལྷུན་སྡུག་དང་ལྡན་པའོ། །ཕྱོགས་ཀྱི་པད་འདབ་ལ། ཤར་དུ་བདུག་སྤོས་མ་དཀར་མོ་སྤོས་ཕོར་འཛིན་པ། ལྷོར་མེ་ཏོག་མ་སེར་མོ་མེ་ཏོག་འཛིན་པ། ནུབ་ཏུ་མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱང་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཕོར་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ལང་ཚོ་དང་ལྡན་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག །གཙོ་བོའི་ཐུགས་ཀར་དྷཱིཿསེར་པོ། དེ་དག་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རིགས་ལྔའི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཤྲཱི་ཧཱུྃ། ཞེས་བདུད་རྩིའི་བུམ་པའི་ཆུས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས་གཙོ་བོ་ལ་མི་བསྐྱོད་པ། ལྷ་མོ་བཞི་ལ་རྒྱལ་བ་རིགས་བཞིས་དབུ་བརྒྱན་པར་གྱུར། འཛབ་ཀྱི་དགོངས་པ་གསལ་གདབ་པ་ནི། གཙོ་བོའི་ཐུགས་ཀའི་དྷཱིཿའོད་དུ་ཞུ་བ་ལས། བཾ་ལས་བདུད་རྩིའི་རྒྱ་མཚོ་དཀར་ལྟེམ་པའི་དབུས་སུ། པཾ་ལས་པདྨའི་སྡོང་པོ་འདབ་མ་རྒྱས་པའི་སྟེང་དུ་ཟླ་བའི་གདན་ལ་ཨ་དཀར་པོ་འོད་འཕྲོ་བ་ལས། གཞོན་ནུ་ཆུ་སྐྱེས་སྟོན་ཀའི་ཟླ་བ་ལྟར་རབ་ཏུ་འཚེར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། གཡོན་ཨུཏྤལའི་ཡུ་བ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་གྱེས་པའི་སྟེང་དུ་སྟོང་ཕྲག་བརྒྱ་པའི་པོ་ཏི་འཛིན་ཞིང་། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ལང་ཚོ་ལྡན་ཞིང་དར་དཀར་པོའི་ཅོད་པན་འཕུར་བ། དེའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བར་ཨ། རྩིབས་དྲུག་ལ་མདུན་ནས་རིམ་པ་བཞིན། ཨོཾ་བཱ་ཀྱེ་དཾ་ན་མཿ ཞེས་པའི་ཡིག་འབྲུ་དྲུག་པོ་ཟླ་བ་ལྟར་དཀར་བ་འཁོར་ལོ་ལ་མ་རེག་པའི་ཚུལ་གྱིས་གཡས་སྐོར་དུ་འཁོད་པ། གཞོན་ནུ་ཆུ་སྐྱེས་ཀྱི་མཐར་གཡོན་སྐོར་གྱིས། ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུར་ཏི་བཱ་གཱི་ཤྭ་ར་མ་ཧཱ་བ་ཙ་སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿ ཞེས་གསེར་གྱི་ཕྲེང་བ་ལྟ་བུས་བསྐོར་བ། བཟླས་པའི་སྒྲས་བསྐུལ་ཏེ་ཡི་གེ་ལྔ་བཅུ་བདུན་པ་གཡས་སུ་འཁོར་བ་ལས་འོད་ཟེར་ཉི་མའི་ཟེར་ཐག་ལྟར་ནང་དུ་འཕྲོས་པས། གཞོན་ནུ་ཆུ་སྐྱེས་ཀྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཕོག་པས། འཁོར་ལོ་དེ་དག་གཡས་སུ་འཁོར། ཡིག་འབྲུ་དྲུག་པོ་གཡོན་དུ་འཁོར་བ་ལས་ཀྱང་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་བློའི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་ནས་མངོན་པར་ཤེས་པ་དྲུག་དང་ལྡན། འོད་ཟེར་ཕྱིར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྔགས་ཀྱི་ཡིག་འབྲུ་རང་སྒྲ་དང་བཅས་པ་ཤ་སྟག་ཏུ་གྱུར་པར་བསམས་ལ་སྔགས་རིང་ཐུང་བཟླ། འཁོར་སྔགས། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཞེས་པའང་བརྒྱ་ཕྲག་རེ་བཟླ། གྲངས་ཚད་ནི་སྔགས་རིང་ཐུང་རྣམས་ལ་འབུམ་ཕྲག་དགུ་དགོས་ཤིང་འདི་དག་གི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་བོ། །ཐུན་མཚམས་སུ་གཙང་ཞིང་དག་པའི་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་གཏོར་མ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། འབྲུ་གསུམ་ལན་གསུམ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་དྲངས་ཤིང་གསོལ་བར་གྱུར། རྩ་སྔགས་གཤམ་དུ། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་གསུམ་གྱིས་འབུལ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། འདུད་ཉི་ཤུའམ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་པ་ལྟ་བུས་བསྟོད། གང་ཚེ་བལྟ་བར་འདོད་པ་དང༔ ཅུང་ཟད་འདྲི་བར་འདོད་ན་ཡང༔ མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི༔ གེགས་མེད་པར་ཡང་འགྲུབ་པར་ཤོག༔ ཕྱོགས་བཅུ་ནམ་མཁའི་མཐས་བཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །བརྩེ་ལྡན་ཁྱོད་ཀྱི་ཤེས་རབ་འོད་ཟེར་གྱིས༔ འགྲོ་བློའི་གཏི་མུག་མུན་པ་རབ་བསལ་ཏེ༔ བཀའ་དང་བསྟན་བཅོས་ཟབ་མོ་རྟོགས་པ་ཡི༔ བློ་གྲོས་རྟོགས་པའི་སྣང་བ་བསྐྱེད་དུ་གསོལ༔ ཅེས་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཤེས་བྱ་ཐམས་ཅད་བདེ་བླག་ཏུ་རྟོགས་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ནོངས་པ་བཤགས། གཏོར་མགྲོན་རྟེན་ཡོད་ན་བསྟིམ། མེད་ན་བཛྲ་མུཿས་གཤེགས། རྗེེས་བསྡུ་རྫོགས་པའི་རྣལ་འབྱོར་ནི། རང་གི་ཐུགས་ཀའི་འོད་ཀྱིས་སྣོད་བཅུད་དག་པའི་འཁོར་ལོར་སྦྱངས། ཕྱི་སྣོད་ཀྱི་གཞལ་ཡས་ཁང་ནང་བཅུད་ཀྱི་ལྷ་ལ་ཐིམ། དེ་རྣམས་ལྷ་མོ་བཞི་ལ་ཐིམ། དེ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་གཞོན་ནུ་ཆུ་སྐྱེས་ལ་ཐིམ། དེ་སྔགས་འབྲུ་དང་བཅས་པ་རྩིབས་དྲུག་པའི་ཡིག་འབྲུ་ལ་ཐིམ། དེ་ཨ་ལ་ཐིམ། དེའང་ཇེ་ཕྲར་ཡལ་ཏེ་སྟོང་པ་ཉིད་འོད་གསལ་བར་གྱུར། ཅེས་མཉམ་པར་བཞག །སླར་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷའི་སྐུར་གྱུར་པར་མོས་ལ་དགེ་བ་བསྔོ་བ་སོགས་བྱའོ། །གཉིས་པ་མདུན་བསྐྱེད་སྒྲུབ་པ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། ར་བ་བཞིའི་ཡར་ཚེས་ཤིས་པའི་དུས་སུ་གནས་གཙང་ཞིང་ཡིད་དུ་འོང་བར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་དྲི་བཟང་གིས་ཆག་ཆག་བཏབ་པ་ལ་དཀྱིལ་འཁོར་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་དྲུག་པ། ལྟེ་བར་ཨ་དང་དྷཱིཿ རྩིབས་དྲུག་ཡི་གེ་འབྲུ་དྲུག་གིས་མཚན་པ། དེ་རྒྱབ་པདྨ་འདབ་བརྒྱད་ཕྱོགས་ཚོན། གྲ་བཞི་བུམ་པས་མཚན་པ། སྒོ་ཁྱམས་ཁོར་ཡུག་སོགས་ཞི་དཀྱིལ་སྤྱི་མཐུན་ནམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་གསང་སྒྲུབ་ཁོ་ན་བྱེད་ན་དེ་ཉིད་ལས་གསུངས་པའི་དམ་ཚིག་གི་བྲིས་སྐུ་བཞུགས་སུ་གསོལ་ནས་མཐའ་མཆོད་གཏོར་གྱིས་བསྐོར་བ་ཙམ་ལས་མི་དགོས་ཀྱང་། འདིར་རྗེས་གནང་དང་འབྲེལ་བའི་དབང་དུ་བྱས་ནས་མཉྫིའི་སྟེང་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་མཚན་བརྗོད་ཀྱི་གླེགས་བམ་བཞུགས། པདྨ་འདབ་བཞི་ལ་རིགས་ལྔའི་སྐུའམ་དབུ་རྒྱན། རྡོ་རྗེ། དྲིལ་བུ། འཁོར་ལོ་དང་ནཱ་མ་ཞེས་པའི་སྔགས་བྱང་བྲིས་པ་བཀོད། དཀྱིལ་འཁོར་གྱི་ཤར་སྒོར་རྣམ་རྒྱལ་བུམ་པ་དྲི་བཟང་པོའི་ཆུས་བཀང་བ། བུམ་རྫས་མགུལ་ཆིངས་ཁ་རྒྱན་གཟུངས་ཐག་དང་ལྡན་པ་དང་། བྱང་ཤར་དུ་ལས་ཀྱི་བུམ་པ་བཀོད། གཞན་ཡང་འཁོར་ལོ། གདུགས། རལ་གྲི །དུང་། པོ་ཏི། མདའ། གཞུ་རྣམས་དང་། མཐའ་སྐོར་དུ་ཕྱི་མཆོད་གཡས་སྐོར་དང་། མདུན་ངོས་སུ་གཏོར་མ་གྲུ་བཞི་འཁོར་བཞི་པ་རྒྱན་ལྡན། ནང་མཆོད་ཀ་པཱ་ལ་བཤམ། གཏེར་སྲུང་གཏོར་འབུལ། སྔོན་གཏོར་དཀར་དམར་ལ་སོགས་པའང་འདུ་བྱའོ། །གཉིས་པ་ལ་གཉིས། མདུན་བསྐྱེད་དང་བུམ་བསྐྱེད་དོ། །དང་པོ་ནི། བདག་བསྐྱེད་ལྟར་ཁྲུས་དང་ཉེ་རེག་བྱ། སྔོན་གཏོར། ཨོཾ་བཛྲ་ཡཀྵ་ཧཱུྃ་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ཞུ་བའི། །རིན་ཆེན་སྣོད་མཆོག་རབ་ཡངས་པར། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཡིག་ཞུ། །གཏོར་མ་འདོད་ཡོན་རིན་ཆེན་ལྔ། །བཟའ་བཅའ་མྱང་བཏུང་བསམ་ཡས་པ། །མི་ཟད་ནམ་མཁའི་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ། གསུམ་བརྗོད་པས་བྱིན་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་གསུམ་མམ་བདུན་གྱིས་ཕུལ་ནས། ས་ལ་རྒྱུ་བའི་ལྷ་ཀུན་དང་། །གང་ཡང་ས་བླར་བརྟེན་པ་རྣམས། །སེམས་ཅན་ཀུན་ལ་དགེ་དོན་དུ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །ས་འམ་མཁའ་ལ་རྒྱུ་བ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་ཐམས་ཅད་གཏོར་མ་འདིས། །དགེ་བའི་བསམ་པ་རྫོགས་གྱུར་ཅིག །གང་དག་ནག་པོའི་ཕྱོགས་གྱུར་པ། །དཀྱིལ་འཁོར་བལྟ་བར་མི་དབང་ཞིང་། །བར་ཆད་བྱེད་པ་ཐམས་ཅད་ནི། །གཏོར་མ་འདི་ལོངས་གཞན་དུ་སོང། །གལ་ཏེ་མི་འགྲོ་འདུག་གྱུར་ན། །རྡུལ་ཕྲན་བཞིན་དུ་བརླག་པར་ངེས། །ཨོཾ་སུཾ་བྷ་ནི་སོགས་བརྗོད་ལ་གཏོར་མ་བཏང་ཞིང་མཚམས་བཅད། གནས་ཡོ་བྱིན་རླབས་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མོ་ལ་སོགས་པ་ཕྱི་ནང་གི་མཆོད་པ་རྣམས་ཡང་དག་པའི་དངོས་པོ་སྟོང་པ་ལ། རྣམ་པ་སྒྱུ་མ་ལྟ་བུ་མང་ཞིང་རྒྱ་ཆེ་བ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་པཱ་དྱཾ་སོགས་ལ་སྦྱར་ཞིང་རོལ་མོ་བྱིན་དབབ་ཀྱི་སྔགས་སོགས་ཀྱང་སྤྲོ་ན་བརྗོད། དེ་ནས། སྐད་ཅིག་གིས་རང་ཉིད་འཇམ་དཔལ་སོགས་ཚོགས་གསག་ནས་བཟླས་པའི་བར་བདག་བསྐྱེད་ཚང་བར་གཏང་། བསྙེན་བཟླས་གྲུབ་པ་དང་། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ། ཨེ་ལས་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཡཾ་ལས་རླུང་། རཾ་ལས་མེ། ཁཾ་ལས་ཆུ། ལཾ་ལས་སའི་དཀྱིལ་འཁོར་རིམ་པར་བརྩེགས་པའི་སྟེང་དུ། བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ཟུར་ཉི་ཤུ་པ། ར་བ་རིམ་པ་ལྔ་དང་ལྡན་ཞིང་། རིན་པོ་ཆེའི་རྩིག་པའི་སྟེང་དུ་མུ་ཁྱུད་སེར་པོ་དྲྭ་བ་དང་དྲྭ་བ་ཕྱེད་པ། མདའ་ཡབ་མཆོད་རྟེན་གྱི་རྣམ་པ། ནང་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེའི་གདུང་བཞི་མིག་མང་རིས་སུ་བྲིས་པ། དབུས་ཕྱུར་བུ་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། སྒོ་བཞིའི་ཐད་ཀ་ན་ཀ་བ་བཞི་བཞིས་བཏེག་པའི་རྟ་བབ་བང་རིམ་བཞི་པ། ཆོས་འཁོར་རི་དྭགས་ཆར་ཁེབས་ཏོག་དང་བཅས་པ། སྒོ་བཞིའི་ཕྱི་ནས་ཐེམ་སྐས་རིམ་པ་བརྒྱད་པ། རྩིག་པའི་ཕྱི་ནས་མཆོད་སྣམ་དམར་པོ་ལ་ལྷ་མོ་བཅུ་དྲུག་གིས་གར་བྱེད་པ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་སེང་གེ་པདྨ་ཉི་མའི་གདན། ཕྱོགས་ཀྱི་པད་འདབ་བཞི་ལ་ཟླ་བའི་གདན། མཚམས་ཀྱི་པདྨ་བཞི་ལ་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བའོ། །དབུས་ཀྱི་གདན་གྱི་སྟེང་དུ་དྷཱིཿལས་རལ་གྲི་རྩེ་མོར་དྷཱིཿསེར་པོ་དང་ཡུ་བར་མུཾ་ལྗང་སེར་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་བཙོ་མའི་མདོག་ལྟར་རབ་ཏུ་འཚེར་བ། ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་ཀྱི་དང་པོས་རལ་གྲིའི་རྩེ་ལ་ཡེ་ཤེས་ཀྱི་མེ་འབར་བ། གཡོན་གྱི་དང་པོས་མེ་ཏོག་ཨུཏྤལ་སྔོན་པོའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ། འོག་མ་གཉིས་ཀྱིས་ཐབས་ཤེས་ཀྱི་མདའ་གཞུ་འགེངས་པས་ཡུམ་ལ་འཁྱུད་པ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྟ་ན་སྡུག་ཅིང་གཟི་བརྗིད་འཕྲོ་བ། གསལ་འཚེར་ལྷུན་སྡུག་དང་ལྡན་པའོ། །དེའི་པང་དུ་ཡུམ་རེག་བྱ་རྡོ་རྗེ་མ་སྐུ་མདོག་ལྗང་གུ་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ། གཡས་ཨུཏྤལ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་པས་ལེ་བརྒན་དར་གྱིས་ལྕིབས་པའི་ཚུལ་ཅན། ནུ་འབུར་སྒེག་བཅས་ལང་ཚོ་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྱུད་པའོ། །ཕྱོགས་ཀྱི་པད་འདབ་ལ། ཤར་དུ་བདུག་སྤོས་མ་དཀར་མོ་སྤོས་ཕོར་འཛིན་པ། ལྷོར་མེ་ཏོག་མ་སེར་མོ་མེ་ཏོག་འཛིན་པ། ནུབ་ཏུ་མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱང་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཕོར་འཛིན་པ། དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ལང་ཚོ་དང་ལྡན་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་མཐིང་ག །གཙོ་བོའི་ཐུགས་ཀར་དྷཱིཿསེར་པོ། ཡུམ་གྱི་ཐུགས་ཀར་མུཾ་ལྗང་སེར། དེ་དག་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །བཅོམ་ལྡན་འཇམ་དཔལ་སྲས་བཅས་རྣམས། །དད་པས་བདག་གིས་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ས་མ་ཡ་སཏྭཾ། བདག་སོགས་འགྲོ་ལ་ཐུགས་བརྩེའི་ཕྱིར། །འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི། །གཞལ་ཡས་ཁང་མཛེས་དམ་པ་འདིར། །པདྨ་ཉི་ཟླའི་གདན་སྟེང་དུ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །བཞུགས་ནས་འགྲོ་དོན་མཛད་དུ་གསོལ། །ཨོཾ་ན་མོ་བྷ་ག་བཱན་ཨཱརྻ་མཉྫུ་ཤྲཱི་ཨཱ་བེ་ཤ་ཡ་ཏིཥྛ་ས་མ་ཡེ་ཧཱུྃ། ཆུ་གཉིས་འབུལ་ལ། ཧཱུྃ། བདུད་རྩི་འཇམ་ལེགས་འོ་མའི་རྒྱ་མཚོ་སྟེ། །དྲི་བྲལ་ཡན་ལག་བརྒྱད་དང་ལྡན་པའི་ཆུ། །གཙང་ལ་དྲི་བསུང་ལྡན་པ་འདི་དག་ནི། །བདེ་གཤེགས་རྒྱལ་བ་ཐུགས་རྗེ་ཅན་ལ་འབུལ། །ཨོཾ་ན་མོ་བྷ་ག་བཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་ཨཱཿཧཱུྃ། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །འགྲོ་བའི་ཉོན་མོངས་བག་ཆགས་སྦྱང་སླད་དུ། །ཆུ་གཙང་སྤོས་དང་ལྡན་པའི་ཁྲུས་ཆབ་འདིས། །ཞལ་དང་ཕྱག་ཞབས་སྐུ་ཁྲུས་གསོལ་བར་བགྱི། །སྔགས་སྔར་ལྟར་ལ། པྲ་ཝ་ར་སཏྐ་ར་པྲ་ཏཱིཙྪ་ས་མ་ཡ་པཱུ་ཙ་ཨཱཿཧཱུྃ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རིགས་ལྔའི་ལྷ་ཚོགས་སྤྱན་དྲངས། ཨརྒྷཾ་སོགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ཤྲཱི་ཧཱུྃ། ཞེས་བདུད་རྩིའི་བུམ་པའི་ཆུས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས་གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་དོན་ཡོད་གྲུབ་པ། ལྷ་མོ་བཞི་ལ་རྒྱལ་བ་རིགས་བཞིས་དབུ་བརྒྱན་པར་གྱུར། ཕྱག་འཚལ་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཡབ༔ སྣ་ཚོགས་འཕྲོ་འདུས་འགྲོ་དོན་དཔག་མེད་མཛད༔ མཚན་དང་དཔེ་བྱད་འབར་བའི་སྐུ་མངའ་བ༔ རབ་བརྗིད་ལྷུན་པོ་དེ་ལ་ཕྱག་འཚལ་ལོ༔ གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་སྒྲོག་ཅིང༔ གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩི་འབེབ༔ བདུད་དང་མུ་སྟེགས་རིགས་རྣམས་སྐྲག་པར་མཛད༔ སྙན་པའི་སྒྲ་དབྱངས་དེ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་མཁའ་ལྟར་ཁྱབ་པའི་འོད་ཟེར་གྱིས༔ འགྲོ་རྣམས་སྐྱོང་ཞིང་བྱང་ཆུབ་ལམ་ལ་བཀོད༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔ རྣམ་དག་དྲི་མེད་དེ་ལ་ཕྱག་འཚལ་ལོ༔ ཕྱི་མཆོད་ནི། མཆོད་པ་བྱིན་བརླབས་ལ། རབ་འབྱམས་རྒྱ་མཚོ་མཐའ་ཡས་ན༔ མཆོད་ཡོན་རྣམ་པ་ཅི་མཆིས་ཀུན༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་བྷ་ག་བཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེས་འགྲེས་ཏེ། ཞབས་བསིལ་ནས། རོལ་མོའི་བར་དུ་སྦྱར་ལ་སྔགས་ཀྱང་། པཱ་དྱཾ་སོགས་འབྱིན་འཇུག་བྱའོ། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་ཀུན་ཡབ་འཕགས་པ་འཇམ་དཔལ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྚ་མངྒ་ལ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ནང་མཆོད་ནི། ཧཱུྃ། སྣང་སྲིད་སྣོད་བཅུད་ཡིད་འོང་འདོད་ཡོན་ལྔ། །རྡོ་རྗེ་ལྷ་མོའི་ཚོགས་སུ་རབ་སྤྲུལ་ཏེ། །བཅོམ་ལྡན་འཕགས་མཆོག་དཀྱིལ་འཁོར་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་བྷ་ག་ཝཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ། གསང་མཆོད་ནི། ཧཱུྃ། མཛེས་ཤིང་ཡིད་འོང་ལྷ་མོ་དཀར་དམར་མཐིང་། །སེར་ལྗང་མེ་ལོང་རོལ་མོའི་སྒྲ་སྙན་སྒྲོག །རྒྱལ་བ་སྲས་བཅས་རྣམས་ཀྱི་དགྱེས་པ་སྐོང་། །དགྱེས་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། ཨོཾ་ཨཱཿབཛྲ་ཨཱ་དརྴེ་ཧཱུྃ། ཨོཾ་ཨཱཿབཛྲ་མུ་ར་ཛེ་ཧཱུྃ། ཨོཾ་ཨཱཿབཛྲ་ཝཱི་ནི་ཧཱུྃ། ཨོཾ་ཨཱཿབཛྲ་ཝཾ་སེ་ཧཱུྃ། ཨོཾ་ཨཱཿབཛྲ་མེ་དྷེ་ཀེ་ཧཱུྃ། བསྟོད་པ་ནི། ཨེ་མ་ཧོ༔ གཞོན་ནུ་མཛེས་པའི་དཔའ་བོ་གེ་སར་ལས་བྱུང་བ༔ སྒྲིབ་གཉིས་སྐྱོན་བྲལ་ལེགས་སྐྱེས་གུར་གུམ་གཞོན་ནུའི་མདོག༔ ཞལ་གཅིག་ཕྱག་བཞི་གཡས་གཡོན་དང་པོས་གྲི་དང་ནི༔ ཨུཏྤལ་མཐའ་གཉིས་མདའ་གཞུ་ཡིས་ནི་བདུད་དཔུང་འཇོམས༔ ཡུམ་གྱུར་གཉིས་མེད་བདེ་རོལ་ཡེ་ཤེས་སེམས་དཔའ་ཁྱོད་ཕྱག་འཚལ༔ ཆགས་བྲལ་རེག་བྱ་ཡུམ་གྱུར་མར་གད་མདོག་འདྲ་ཞིང༔ ཨུཏྤལ་དར་དཔྱང་འཛིན་བཅས་བདེ་བ་སྐུལ་བྱེད་མ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་ལ་སོགས༔ འགྲོ་དོན་འདོད་དགུར་བསྒྱུར་བའི་གཙོ་དང་འཁོར་བཅས་ལ༔ བདག་སོགས་ལུས་ངག་ཡིད་གུས་དང་བས་ཕྱག་འཚལ་བསྟོད༔ ཅེས་དང་། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བསྟོད། བཟླས་པ་ནི། གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཀྱི་རལ་གྲི་དྷཱིཿདང་མཱུཾ་གྱིས་མཚན་པའི་མཐའ་སྐོར་དུ། ཨོཾ་ཨཱཿཧཱུྃ་ཨཱརྻ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་དྷཱིཿམཱུཾ་སྤརྴེ་མཱུརྟི་ཨཱ༔ ཝཱ་གཱི་ཤྭ་རི་མུཾ༔ ཞེས་པས་བསྐོར་བ། ལྷ་མོ་བཞིའི་ཐུགས་ཀར་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཞིའི་མཐར། བཛྲ་དྷཱུ་པེ་ཧཱུྃ༔ བཛྲ་པུཥྤེ་ཏྲཱཾ༔ བཛྲ་ཨཱ་ལོ་ཀེ་ཧྲཱི༔ བཛྲ་གནྡྷེ་ཨཱ༔ ཞེས་སོ་སོའི་སྔགས་ཕྲེང་གིས་བསྐོར་བར་གྱུར། བདག་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་རྒྱུད་བསྐུལ་བས། ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཡབ་ཀྱི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་གསང་བ་ནས་ཡབ་ཀྱི་གསང་སྦུབས་སུ་ཞུགས་ཏེ་ཐུགས་ཀའི་སྔགས་ལ་ཐིམ། བར་མ་ཆད་པར་འཁོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་བློའི་མ་རིག་པའི་མུན་པ་ཐམས་ཅད་བསལ། ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་བྱས་ནས་མངོན་པར་ཤེས་པ་དྲུག་དང་ལྡན་པར་གྱུར། ཡང་འཇིག་རྟེན་ཁམས་ཀྱི་ལྷ་དང་། དྲང་སྲོང་དང་། ཕྱི་ནང་གི་པཎྜི་ཏ་དང་། རྒྱལ་བློན་རིག་པ་ཅན་ཐམས་ཅད་ཀྱི་ཤེས་རབ་བསྡུས་ནས། རང་ཉིད་ལ་ཐིམ་པས་ཟབ་པ་དང་། རྒྱ་ཆེ་བ་དང་། གསལ་བ་དང་། རྣོ་ཞིང་མྱུར་བའི་ཤེས་རབ་ཕུན་སུམ་ཚོགས་པར་གྱུར། ཞེས་དམིགས་པ་གསལ་བཏབ་ལ་མ་ཡེངས་པས་གཙོ་འབུམ་འཁོར་ཁྲི་སོགས་ཅི་རིགས་བཟླ། ཐུན་མཚམས་སུ་ནང་མཆོད་དང་གཏོར་མ་བསང་སྦྱང། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་མཆོག་མ་བ་དན་གྱིས་མཚན་པ། རཾ་ལས་མེའི་དལ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཀེཾ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་འཇམ་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་ཡེ་ཤེས་ལྔར་བསམ། རླུང་གཡོས་མེ་སྦར་རྫས་རྣམས་ཞུ་བས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། གསུམ། ཧཱུྃ། རང་བྱུང་གདོད་ནས་རྣམ་དག་བདུད་རྩི་མཆོག །རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་རྣམ་དག་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པའི་རྫས། །ཉོན་མོངས་དུག་ལྔ་སེལ་བའི་སྨན་ཆེན་པོ། །འགྲོ་དྲུག་སེམས་ཅན་རྒྱུད་ལྔ་སྦྱོང་བྱེད་རྩི། །དགྲ་གདོན་བར་ཆོད་ལོག་འདྲེན་བགེགས་ཀྱི་བདུད། ཁྱད་པར་རྨད་དུ་བྱུང་བའི་བདུད་རྩི་འདི། །ཐུགས་རྗེ་རོལ་པ་དབྱིངས་ཀྱི་དཀྱིལ་འཁོར་ནས། །བྱིན་རླབས་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །རྣམ་དག་བདུད་རྩིའི་དམ་རྫས་དགྱེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། འཇམ་དཔལ་སྨྲ་བའི་སེང་གེའི་ཞལ་དུ་འབུལ། སྔགས་གོང་ལྟར་འགྲེ །ཡུམ་མཆོག་རེག་བྱ་རྡོ་རྗེའི་ཞལ༴ འཁོར་གྱི་ལྷ་མོ་རྣམས་ཀྱི་ཞལ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ༴ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ༴ ཡུལ་ལྷ་གཞི་བདག་རྣམས་ཀྱི་ཞལ༴ ནོར་ལྷ་གཏེར་བདག་རྣམས་ཀྱི་ཞལ༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་འབུལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ཞེས་འབུལ། འབྲུ་གསུམ་བརྗོད་ལ་སྨན་གྱི་དངོས་གྲུབ་བླང་ངོ་། །ཧཱུྃ། སྣོད་དང་བཅུད་དུ་རབ་ལྡན་ཅིང་། །སྔགས་དང་ཏིང་འཛིན་འཕྲོ་འདུ་ཡིས། །བཟང་པོར་སྦྱར་བའི་གཏོར་མ་འདི། །བླ་མ་ལྷ་དང་ཌཱ་ཀིར་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་བསམ། རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། སྔགས་འགྲེས་ཏེ། འཇམ་དཔལ་སྨྲ་བའི་སེང་གེའི་ཞལ༴ ཡུམ་མཆོག་རེག་བྱ་རྡོ་རྗེའི་ཞལ༴ འཁོར་གྱི་ལྷ་མོ་རྣམས་ཀྱི་ཞལ༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ༴ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ༴ ཡུལ་ལྷ་གཞི་བདག་རྣམས་ཀྱི་ཞལ༴ ནོར་ལྷ་གཏེར་བདག་རྣམས་ཀྱི་ཞལ༴ མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཞེས་འབུལ། སྔགས་ཙམ་གྱིས་མཆོད། གསང་སྒྲུབ་བསྟོད་པ་འདུད་ཉི་ཤུ་བཅས། འདོད་གསོལ་སྒྲུབ་ཐབས་ལྟར་བྱའོ། །འདི་ནི་གཞུང་འདི་ལས་བཤད་པའི་ཁྱད་པར་ཅན་གྱི་ལས་མཐའ་དྲུག་པོ་སོགས་ཀྱི་རྩ་བའི་སྒྲུབ་པ་ཡིན་ནོ། །གཉིས་པ་བུམ་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་གསལ་བ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་སེང་གེ་པདྨ་ཉི་མའི་གདན།སོགས་བདག་བསྐྱེད་ལྟར་ལ། ལང་ཚོ་དང་ལྡན་པ། ལས་བུམ་གྱི་ནང་དུ་པདྨ་ཉི་མའི་གདན་ལ་ཡཿམཐིང་ནག་ཡོངས་སུ་གྱུར་པ་ལས། འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས། རབ་ཏུ་ཁྲོས་པའི་ཚུལ་ཅན་གཡས་བེ་ཅོན་ནམ་མཁར་ཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། སྦྲུལ་སྟག་རིན་ཆེན་དར་དཔྱང་གིས་འཇིགས་ཤིང་མཛེས་པར་བརྒྱན་པ། ཞབས་གཉིས་འདོར་ཐབས་ཀྱི་ཚུལ་གྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་ན་བཞུགས་པར་གྱུར། བྱིན་རླབས་ནི། ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། གཙོ་བོའི་ཐུགས་ཀར་དྷཱིཿསེར་པོས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་དངོས་འདྲ་བ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་སོགས་ཤྭ་ལོ་ཀ་གཅིག །ན་མོ་མཉྫུ་ཤྲཱི་ཛྙཱ་ན་སཏྭ་སརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་བཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སཏྭཾ། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿ དམ་ཚིག་ཡེ་ཤེས་གཉིས་སུ་སོགས་ནས་རྒྱལ་བ་རིགས་བཞིས་དབུ་བརྒྱན་པར་གྱུར་གྱི་བར་ཡང་བདག་བསྐྱེད་ལྟར་རོ། །མཆོད་པ་བྱིན་བརླབས་ལ། ཧྲཱིཿ རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོ་བུམ་པའི་ལྷ་ཚོགས་ལ། །དད་པ་རྒྱ་མཚོས་འབུལ་ལོ་དབང་བསྐུར་སྩོལ། །ཨོཾ་བྷ་ག་ཝཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ས་མ་ཡེ་ཧཱུྃ། དེས་འགྲེས་ཏེ་རོལ་མོའི་བར་དུ་སྦྱར། བསྟོད་པ་ནི། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་བཞི་སྒྲུབ་ལྷ་མོའི་ཚུལ། །བདུག་སྤོས་མེ་ཏོག་མར་མེ་དྲི། །རྒྱལ་བ་རྒྱ་མཚོ་མཉེས་མཛད་མ། །སེམས་མ་བཞི་ལ་ཕྱག་འཚལ་བསྟོད། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་པ་ལ་སོགས་རྟག་ཏུ་བརྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་བཟུང་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། རྩ་སྔགས་ང་བདུན་པ་དང་། ཡང་སྙིང་འབྲུ་དྲུག་རྣམས་ཅི་ནུས་བཟླ། ལས་བུམ་དུ་དམིགས་ཏེ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླ། མཐར། ཨརྒྷཾ་སོགས་ཀྱིས་མཆོད། གོང་ལྟར་བསྟོད། ལྷ་རྣམས་འོད་དུ་ཞུ་བས་བུམ་པའི་ཆུར་གྱུར་པར་བསྒོམ། ཞར་བྱུང་དབང་རྫས་སྐད་ཅིག་གིས་རིགས་ལྔ་སོ་སོར་བསྐྱེད་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་པའང་ཅུང་ཟད་བཟླས་ལ། རྗེས་གནང་བྱེད་ན་རང་ཉིད་ཀྱིས་བདག་འཇུག་ལེན་པའམ་རིག་པའི་མེ་ཏོག་དོར་རོ། །གསུམ་པ་གཞན་དོན་རྗེས་སུ་གནང་བ་ལ་སྦྱོར་བ་དངོས་གཞི་གཉིས་ལས། དང་པོ་ནི། སློབ་མ་རྣམས་ལ་ཁྲུས་བྱ། སྔོན་འགྲོ་ལྟར་བགེགས་གཏོར་བཏང་ཞིང་མཚམས་བཅད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་གདོད་མ་ཉིད་ནས་མངོན་པར་བྱང་ཆུབ་པ་བརྙེས་ཏེ་དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ་ཏུ་གྱུར་ཀྱང་འཁོར་བ་མ་སྟོངས་བར་དུ་རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་ཐབས་ལ་མཁས་པའི་རྣམ་འཕྲུལ་སྣ་ཚོགས་པས་འགྲོ་བའི་དོན་མཛད་ཅིང་། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་རྡུལ་བྲལ་ཡང་དག་བསགས་ཞེས་བྱ་བར་དེ་བཞིན་གཤེགས་པ་མགོན་པོ་ཀུན་ཏུ་གཟིགས་པ་ཞེས་བྱ་བར་འཚང་རྒྱ་བའི་ཚུལ་བསྟན་ཏེ། ཕྱོགས་བཅུ་དུས་གསུམ་དུ་བྱུང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་དང་རྣམ་ཐར་ཕྲིན་ལས་མངའ་མཛད་པ་དེ་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་འཕགས་བོད་ཀུན་ཏུ་མཐའ་ཡས་པ་ཞིག་བྱུང་བ་ལས། འདིར་གསང་སྔགས་རྙིང་མའི་བཀའ་སྲོལ་སྒྲུབ་པ་སྡེ་བརྒྱད་ལས་འཇམ་དཔལ་སྐུ་སྒྲུབ་ཀྱི་རིགས་སུ་གྱུར་ཅིང་། དེ་ལ་ཞི་དྲག་གཉིས། རེ་རེ་ལའང་རིགས་ཀྱི་དབྱེ་བ་མང་དུ་མཆིས་པའི་ནང་ནས་ཞི་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་གཞོན་ནུ་ཆུ་སྐྱེས་སྦྲགས་ཏེ་སྒྲུབ་པའི་ཟབ་ཆོས་ངོ་མཚར་རྨད་དུ་བྱུང་བ་འདི་ནི། གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་སྤྲུལ་སྐུ་སངས་རྒྱས་གླིང་པས་ཀོང་རྒྱ་ལའི་རྦ་དོང་བར་པ་ཚེ་བདག་ནག་པོའི་ཐུགས་ཀ་ནས་ཆོ་འཕྲུལ་ངོ་མཚར་བ་དང་བཅས་སྤྱན་དྲངས་པའི་ཟབ་རྒྱ་གསུམ་གྱི་དང་པོར་གྱུར་པ་ཡིན། དེ་ལ་བདག་ཉིད་ཀྱིས་བགྱིད་འོས་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དེ་ཉིད་དམ་ཚིག་རིམ་པ་དང་། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་སྣོད་ལྡན་དུ་རིག་སྟེ་བུར་བྱ་བའི་གནང་བ་སྦྱིན་པ་ཡིན་ཏེ། བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་སྦྱིན་པར་བྱ། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ནོ། །དུས་གསུམ་བྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཉིད་ཀྱིས་བདུད་ཀྱི་སྡེ། །མི་བཟད་སྟོབས་ཆེན་རབ་ཏུ་བཅོམ། །འཇིག་རྟེན་རྗེས་འཇུག་བཅད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་འཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་ལན་གསུམ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོར་དམ་ཚིག་རྡོ་རྗེའི་ཆུ་ནན་སྦྱིན་ཅིང་རྡོ་རྗེ་སློབ་དཔོན་བཀའ་གཉན་པར་བསྟན་ཏེ་དམ་ལ་བཞག་པ་ཡིན་པས་དོན་གོ་བར་གྱིས་ཤིག །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདའ་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །བཛྲ་ས་མ་ཡ་ཨུ་ད་ཀ་ཋ་ཧཱུྃ། རྡོ་རྗེ་གནས་གསུམ་དུ་གཏུགས་ཤིང་། དམ་ཚིག་ཡེ་ཤེས་རྡོ་རྗེ་འདི། ཁྱོད་ཀྱི་གནས་གསུམ་གཏུགས་པ་ཡིས། །སྲོག་གི་རྡོ་རྗེ་སྦྱིན་པ་ཡིན། །ང་ནི་འཇམ་དཔལ་རྡོ་རྗེ་སྟེ། །ང་ཡིས་ཇི་ལྟར་བསྒོས་པ་ཡང་། །བུ་ཁྱོད་ཀྱིས་ནི་བྱེད་དགོས་སོ། །གལ་ཏེ་མ་བྱས་འགལ་གྱུར་ན། །རྡོ་རྗེ་སྲོག་གི་གཤེད་མར་འགྱུར། །རྡོ་རྗེ་དམྱལ་བར་སྲེག་པར་བྱེད། །དེ་བས་དམ་ཚིག་མ་ཉམས་སྲུངས། །བཛྲ་ས་མ་ཡ་ཨི་དན་ན་ར་ཀན། དེ་ནས་ཡེ་ཤེས་པ་དབབ་པའི་དོན་དུ་གསོལ་འདེབས་འདིིའི་རྗེས་ཟློས། ཀྱཻ་བླ་མ་རིན་པོ་ཆེ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཚོགས། །བདག་ལ་འགོ་བར་མཛད་དུ་གསོལ། །ཉེ་བར་དགོངས་པར་མཛད་དུ་གསོལ། །བྱིན་རླབས་རྗེས་སུ་གནང་བ་སྩོལ། །ལན་གསུམ། དེ་ལ་ཁྱེད་རང་ལུས་གནད་བསྲངས་ཏེ་སེམས་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམ་མཛོད། ལས་བུམ་ཆུས་བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་གནས་པའི་གོ་སར་སེང་གེ་པདྨ་ཉི་མའི་གདན་གྱི་སྟེང་དུ། སེམས་ཉིད་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ་སོགས་སྒྲུབ་ཐབས་བདག་བསྐྱེད་ལྟར་ལ། ཡོངས་སུ་གྱུར་པ་ལས། ཁྱེད་རང་འཕགས་པ་འཇམ་དཔལ་སོགས་ནས་གསལ་འཚེར་ལྷུན་སྡུག་དང་ལྡན་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་དང་དྷཱིཿཡིག་གསེར་གྱི་མདོག་ཅན། དེ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་སེེམས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སྔགས་རིང་ཐུང་གི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ། ཞེས་བཏགས་པ་བརྗོད་ལ་སྤོས་དང་རོལ་མོ་བཅས་བྱིན་དབབ། མཐར་རྡོ་རྗེ་མགོར་བཞག་ལ། ཨོཾ་བཱ་ཀྱེ་དཾ་ན་མཿ ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །རྗེས་གནང་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱིས། །ཡེ་ཤེས་སེམས་དཔར་བྱིན་བརླབས་ལྟར། །དེ་བཞིན་སློབ་དཔོན་ཁྱོད་ཀྱིས་ཀྱང་། །བདག་ལ་བྱིན་བརླབ་རྗེས་གནང་སྩོལ། །ལན་གསུམ། དེ་ལ་ཁྱེད་རང་རྣམས་ཀྱི་རབ་རིབ་ཀྱི་མུན་པ་བསལ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པ་ལ་གསུམ་གྱི། དང་པོ་དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་ལྔའི་རྗེས་སུ་གནང་བ་ནི། རིགས་ལྔ་སོ་སོའི་བྱིན་རླབས་རྒྱུད་ལ་འཕོས་པས་དུག་ལྔ་ཡེ་ཤེས་ལྔར་རྣམ་པར་དག་པར་མོས་ཤིག །རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ། ཞེ་སྡང་རྣམ་པར་དག་པ་རྡོ་རྗེའི་རིགས། །མེ་ལོང་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །བཅོམ་ལྡན་མི་བསྐྱོད་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ། །བུམ་ཆུ་འཐོར་ཞིང་སྦྱིན། དབུ་རྒྱན་མགོ་ཡི་གནས་ལྔར་བཞག་ལ། །ང་རྒྱལ་རྣམ་པར་དག་པ་རིན་ཆེན་རིགས། །མཉམ་ཉིད་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །རིན་ཆེན་འབྱུང་གནས་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ། །རྡོ་རྗེ་བྱིན་ལ། འདོད་ཆགས་རྣམ་པར་དག་པ་པདྨའི་རིགས། །སོར་རྟོག་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །སྣང་བ་མཐའ་ཡས་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ། །དྲིལ་བུ་བྱིན་ལ། ཕྲག་དོག་རྣམ་པར་དག་པ་ལས་ཀྱི་རིགས། །བྱ་གྲུབ་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །དོན་ཡོད་གྲུབ་པའི་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ། །ནཱ་མ་ཞེས་པའི་སྔགས་བྱང་དང་དྲིལ་བུའམ་འཁོར་ལོ་གཏད་ལ། གཏི་མུག་རྣམ་པར་དག་པ་དེ་བཞིན་རིགས། །ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཕྱིར། །རྣམ་པར་སྣང་མཛད་བྱིན་རླབས་གང་ཡིན་པ། །དེང་འདིར་སྐལ་ལྡན་འདི་ལ་བསྩལ་དུ་གསོལ། །དེ་ལྟར་དུག་ལྔ་རང་གྲོལ་སྐུ་ལྔ་ཡེ་ཤེས་ལྔའི་རྗེས་སུ་གནང་བ་གཏད་པས། ཐིབས་པོ་བཅོམ་ནས་གསལ་སྣང་དུ་འགྱུར་བའི་དགོས་པ་ཡོད་དོ། །གཉིས་པ་ལུས་ངག་ཡིད་གསུམ་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་རྗེས་སུ་གནང་བ་ལ། ཐོག་མར་མདུན་བསྐྱེད་ཀྱི་སྐུ་ལས་གཉིས་པ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་མོས་ཤིག །སྐུ་རྟེན་སྤྱི་བོར་བཞག་ལ། སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་སྐུ་ཡིན་ཏེ། །སངས་རྒྱས་སྐུ་ཡིས་བྱིན་བརླབས་པས། །འཇམ་དཔལ་དབྱངས་ཀྱི་སྐུ་ཐོབ་ཤོག །སྔགས་མཐར། ཛཿཧཱུྃ་བཾ་ཧོཿ ཏིཥྛ་བཛྲ། སྨོན་ལམ་གསོལ་བ་འདིའི་རྗེས་ཟློས། གང་ཚེ་བལྟ་བར་འདོད་པ་དང་། །ཅུང་ཟད་འདྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་ཁྱོད་ཉིད་ནི། །གེགས་མེད་པར་ཡང་འགྲུབ་པར་ཤོག །གསུང་གི་རྗེས་གནང་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་འཇམ་དཔལ་ཡེ་ཤེས་སེམས་དཔར་གསལ་བའི་སྙིང་གའི་དྷཱིཿའོད་དུ་ཞུ་བ་ལས། བཾ་ལས་བདུད་རྩིའི་རྒྱ་མཚོ་སོགས་སྒྲུབ་ཐབས་བསྙེན་པའི་སྐབས་ལྟར་ལ། གསེར་གྱི་ཕྲེང་བ་ལྟ་བུས་བསྐོར་བ། སློབ་དཔོན་ཡང་དེ་ལྟར་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཞལ་ནས་ཐོན་པ་སློབ་མའི་ཞལ་དུ་ཞུགས་སྙིང་གར་ཐིམ་པས་རིག་སྔགས་ཀྱི་ནུས་པ་མཐུ་ཅན་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཕྲེང་བ་སྤྲེལ་ལ་སྔགས་རིང་ཐུང་རྗེས་ཟློས་ལན་གསུམ་བྱར་གཞུག །ཕྲེང་བ་མགྲིན་པར་བཞག་ལ། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །སངས་རྒྱས་རྣམས་ཀྱི་གསུང་ཆེན་པོ། །སྙིང་པོ་བླ་མེད་གསུང་ཐོབ་ཤོག །སྔགས་བརྗོད། སྨོན་ལམ་རྗེས་ཟློས། བརྩེ་ལྡན་ཁྱོད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ཏེ། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད། མདུན་གྱི་ནམ་མཁར་ཡི་གེ་ཨ་དཀར་པོ་ཟླ་བ་ལྟ་བུ་ཞིག་གསལ་བ་ལ་ཤེས་པ་གཏོད་ལ་ཨ་བརྒྱ་རྩ་བརྒྱད་བརྗོད་པར་ཞུ། ཞེས་བྱས་ལ་ཨ་བགྲང་། མཐར། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །དེ་སེམས་དོན་སྤྱོད་ཨེ་མ་ཧོཿ ཞེས་བརྗོད། སྨོན་ལམ་རྗེས་ཟློས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པར། །མྱ་ངན་འདས་དང་འཁོར་མི་གནས། །ཡང་དག་དོན་འགྲུབ་འབྲས་ཐོབ་ཤོག །གསུམ་པ་དེ་དག་གི་མཐའ་རྟེན་རྗེས་སུ་གནང་བ་བདུན་པོ་རིམ་པར་སྦྱིན་པར་བྱ་བ་ཡིན་ཏེ། །དང་པོ་མཚན་བརྗོད་ཀྱི་གླེགས་བམ་གཏད་ལ། སྨྲ་བའི་སེང་གེ་མཚུངས་པ་མེད། །འགྲོ་ལ་བརྩེ་བའི་ཕན་སེམས་ཀྱིས། །ཆོས་འདི་ཀློག་དང་ཀུན་ཆུབ་དང་། །རྒྱ་ཆེན་དོན་རབ་སྤྱོད་པར་གྱིས། །ཞེས་དང་ལུང་ཡང་བཀླག །གཉིས་པ་སྤྱི་བོར་གདུགས་ཕུབ་ལ། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སེམས་ཅན་སྡུག་བསྔལ་སྐྱོབ་པར་གྱིས། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བའི། །འགྲོ་བའི་སྟོན་པར་བརྩོན་པར་གྱིས། །གསུམ་པ་གཡས་སུ་གྲི་གཡོན་དུ་མདའ་གཞུ་གཏད་ལ། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་ཀྱི་དཔུང་རྣམས་ཕམ་པར་གྱིས། །བཞི་པ་དུང་འབུད་དུ་གཞུག་ལ། ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། །ཀུན་ཏུ་རབ་སྒྲོག་སྙན་པའི་སྒྲ །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །དྲི་མེད་ཀུན་ཏུ་གང་བར་གྱིས། །ལྔ་པ་འཁོར་ལོ་གཏད་ལ། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཡང་དག་དོན་སྟོན་དེ་བཞིན་ཉིད། །འདྲེན་པ་རྣམས་ཀྱི་འཁོར་ལོ་མཆོག །ཁྱོད་ཀྱིས་རྟག་ཏུ་བསྐོར་བར་གྱིས། །དྲུག་པ་སྒྲུབ་དཔེ་གཏད་ལ། བདག་མེད་སེང་གེའི་སྒྲ་དང་ལྡན། །འདི་སྒྲུབ་འབད་པ་དོན་ཡོད་ཕྱིར། །མུ་སྟེགས་རྒོལ་བ་བཟློག་ནས་ཀྱང་། །ནོར་བ་ཐམས་ཅད་རྣམ་པར་སྤོངས། །བདུན་པ་རྡོ་རྗེ་སློབ་དཔོན་གྱི་སྲིན་ལག་ལ་བཟུང་དུ་གཞུག་ལ། འགྲོ་བའི་བླ་མ་སྟོན་པ་པོ། །གོང་ནས་བརྒྱུད་མར་རིམ་བཞིན་དུ། །ཇི་ལྟར་མཐར་སོན་དོན་ཡོད་ལྟར། །རྡོ་རྗེ་སློབ་དཔོན་བདག་གིས་ཀྱང་། །བུ་ཁྱོད་ལ་ཡང་སྤྱི་བླུགས་གཏད། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །འཛད་མེད་ཡིད་བཞིན་གཏེར་ཆེན་པོ། །བུ་ཁྱོད་ཀྱིས་ནི་ལོངས་སྤྱོད་ཅིག །ཅེས་སོ། །དེ་ལྟར་རྗེས་གནང་དེ་དག་གི་ཡོན་ཏན་ལྡན་འབྲས་ཀྱང་། གནས་སྐབས་དང་མཐར་ཐུག་གི་དོན་། ལུས་ལ་ནད་མེད་པ་དང་། མཐོང་བ་ཙམ་གྱིས་འགྲོ་བ་དད་པ་དང་། མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་སྤྲས་པའི་འཇམ་དཔལ་གྱི་སྐུ་ཐོབ་པར་འགྱུར། ཐེག་པ་ཕྱི་ནང་གི་ཆོས་གང་ལ་ཡང་། འཆད་རྩོད་རྩོམ་པ་ལ་མཁས་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་འཐོབ་པར་འགྱུར། ཡང་དག་མཐར་ཐུག་འབྲས་བུའི་དོན་བླ་ན་མེད་པའི་ལྟ་སྒོམ་སྤྱོད་འབྲས་ལ་སྐྲག་པ་མི་སྐྱེ་བར་ངེས་ཤེས་ཐོབ་ནས་བློ་འགྲོ་ཞིང་། ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པར་འགྱུར། རིག་པའི་གནས་མཐའ་དག་ལ་མཁས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དོན་ཕྱོགས་མེད་དུ་འགྲུབ་པ་དང་། འཕགས་པ་འཇམ་དཔལ་ལ་ཇི་ལྟར་མངའ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྟོབས་དང་འབྲས་བུ་རྣམས་དང་མཉམ་པར་འགྱུར་བར་གསུངས་པས་སྤྲོ་བ་བསྐྱེད་ལ་འདི་ཉིད་ཡི་དམ་གྱི་ལྷར་བཟུང་ཞིང་དམ་ཚིག་ལས་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ་མན་ཆད་སྤྱི་ལྟར་བྱས་པས་འགྲུབ་བོ། །བཞི་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་གསར་དུ་བཤམ་པའམ་ཁ་གསོས་ལ་བྱིན་བརླབས་ཏེ། མཆོད་བསྟོད་རྒྱས་བསྡུས་ཅི་འགྲུབ་བྱ། འདོད་དོན་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་འཕགས་པ་འཇམ་པའི་དབྱངས་ཁྱེད་ཀྱི་བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། མཁྱེན་པའི་ཡེ་ཤེས་ཀྱིས་བདག་རྗེས་སུ་བཟུང་དུ་གསོལ། སྐྱབས་འོག་དམ་པར་ཚུད་པར་མཛད་དུ་གསོལ། མ་རིག་པའི་མུན་པ་སངས་ནས་ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་མཛད་དུ་གསོལ། ཤེས་རབ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། མི་བརྗེད་པའི་གཟུངས་ཐོབ་པར་མཛད་དུ་གསོལ། ཞེས་དང་སྒྲུབ་ཐབས་སུ་བསྟན་པ་རྣམས་བྱ། མ་འབྱོར་པ་དང་སོགས་ཀྱིས་བཟོད་པ་གསོལ་ལ་ཡིག་བརྒྱ་བཟླ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྟེན་དང་བྲིས་སྐུ་ལ་བསྟིམ། བདག་བསྐྱེད་བསྡུ་ལྡང་བྱ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ། །རྗེས་གནང་འདི་ཉིད་ཐོབ་པས་འདིའི་གསང་སྒྲུབ་དང་། ཁྱད་པར་གཞོན་ནུ་ཆུ་སྐྱེས་སྒོས་སྒྲུབ་བྱེད་པ་ལ་དབང་ཞིང་དེའི་སྒྲུབ་ཐབས་ལས་སྦྱོར་དང་བཅས་པ་ནི་གཏེར་གཞུང་ཉིད་གསལ་བས་གུད་དུ་མ་སྤྲོས་སོ། །འཇམ་དཔལ་དཔའ་བོའི་མཚན་ཙམ་གྱིས། །བདུད་ཀྱི་ས་ལས་འདའ་བ་དང་། །ལྷན་ཅིག་ཡེ་ཤེས་སྣང་བ་རྒྱས། །དེ་ཕྱིར་འབད་པའང་འབྲས་བཅས་ཉིད། །མཁྱེན་བཟང་སྙིང་གི་ཨུཏྤལ་ཁ་བྱེ་ནས། །གཟུངས་དང་སྤོབས་པའི་སྦྲང་རྩི་བྱུང་བ་ལས། །སྐལ་བཟང་བུང་བའི་ན་ཆུང་རྣམ་གྲོལ་ལུས། །རབ་རྒྱས་ནཱ་དའི་སྒྲ་དབྱངས་འབྱིན་པར་ཤོག །ཅེས་རྩ་བའི་གཞུང་ཟབ་ཅིང་བྱ་ཁྱུང་པའི་ཡིག་ཆའང་རྒྱས་ཆེས་པ་ལ་ཁ་སྐོང་དགོས་རིགས་དགོངས་འདུས་མཆོད་ཕྲེང་སོགས་ནས་བསྡེབས་ཏེ་ལག་ལེན་ཁྱེར་བདེའི་ཚུལ་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
བ་མཁལ་གཏེར་མའི་གཞུང་ (Volume 21, Text 43)
༄༅། །བ་མཁལ་གཏེར་མའི་གཞུང་བཞུགས་སོ། ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་བཀའ་ཡི་སྲུང་མ། བྱིན་རླབས་ཀྱི་རྩ་བ། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྒྲུབ་ཐབས། དེ་ལ་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ། འགྲོ་བ་ཀུན་ལ་ཐུགས་རྗེས་གཟིགས་པ། ཁྱད་པར་དུ་མཐའ་འཁོབ་ཀྱི་རྒྱལ་ཁམས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་པའི་གདོང་དམར་སྲིན་པོའི་བོད་ཀྱི་རྒྱལ་ཁམས་ཞེས་བྱ་བ་ཤིན་ཏུ་གདུལ་དཀའ་བ་དེ་ལ་ཐུགས་རྗེས་གཟིགས་ནས། སྐྱེས་པ་ཐམས་ཅད་འདུལ་བ་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སུ་སྤྲུལ་ནས། ཐུགས་རྗེ་དང་ཐབས་ཀྱིས་ཐུལ་ཅིག་པར་ལུང་བསྟན། ཟ་མ་བུད་མེད་འདུལ་བ་ལ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མར་སྤྲུལ་ནས། ཐུགས་རྗེ་དང་ཐབས་ཀྱིས་དབང་དུ་སྡུས་ཤིག་པར་ལུང་བསྟན། བདུད་དང་ལོག་འདྲེན་ལྷ་འདྲེ་དྲག་པོ་རྣམས་དབང་དུ་སྡུད་པའི་དོན་དུ་ཁྲོ་བོ་དཔལ་རྟ་མགྲིན་དུ་སྤྲུལ་ནས་ཐུལ་ཅིག་པར་ལུང་བསྟན་ཏོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་གསུམ་གྱིས་སློབ་དཔོན་པདྨ་སཾ་བྷ་ཝ་བསྐུལ་ཏེ། བདག་ཅག་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་སྤྲུལ་ནས་བོད་སྲིན་པོ་གདོང་དམར་གྱི་རྒྱལ་ཁམས་སུ་འགྲོ་བ་མི་ཕོ་མོ་དང་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་ཐུལ་ཅིག་པར་ལུང་བསྟན་ནས། གུ་རུ་པདྨ་སམྦྷ་ཝ་ཁྱོད་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་རྒྱ་གར་དང་བོད་གཉིས་ཀའི་གདུལ་བྱ་གདུག་པ་ཅན་འདུལ་བར་སྐུ་སྤྲུལ་པ་ཡིན་པས་བདག་ཅག་གིས་ཀྱང་གྲོགས་བྱའོ། །ཞེས་སྐུ་དངོས་སུ་བསྟན། སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སློབ་དཔོན་པདྨ་ལ་ཕུལ་ནས། འདིས་འགྲོ་བ་འདུལ་བར་བྱའོ་ཞེས་ཕུལ་བས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་སྲིན་པོ་གདོང་དམར་གྱི་ཡུལ། བདུད་དང་སྲིན་པོས་དབང་བྱས་པ་རྣམས་ཐུལ་ཅིག་པར་ལུང་བསྟན་ནོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ལུང་བསྟན་པའི་སྤྲུལ་པའི་སྐུ་སློབ་དཔོན་པདྨ་འབྱུང་གནས་དེ། བོད་ཀྱི་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་དེས་བོད་ཡུལ་དུ་དཔལ་བསམ་ཡས་ཀྱི་ས་གཞི་འདུལ་བའི་དོན་དུ་སྤྱན་དྲངས་པས། ཐུགས་རྗེས་གདུལ་བྱར་གཟིགས་ནས་བོད་ཡུལ་དུ་བྱོན། ཐུགས་དམ་གྱི་ལྷ་གསུམ་གྱིས་ཐུགས་རྗེ་དང་ཐབས་ཀྱིས་དབང་དུ་བསྡུས་ཏེ། དེ་ཡང་སངས་རྒྱས་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་ཐབས་ཀྱིས་བོད་ཀྱི་རྒྱལ་པོ་དང་། བློན་འབངས་སྐྱེས་པ་ཁྱོ་ག་ཐམས་ཅད་དབང་དུ་བསྡུས། གསང་བ་ཡེ་ཤེས་ཀྱི་ཐུགས་རྗེ་དང་ཐབས་ཀྱིས་རྒྱལ་པོའི་བཙུན་མོ་དང་བུད་མེད་ཐམས་ཅད་དབང་དུ་བསྡུས། དཔལ་རྟ་མགྲིན་གྱི་ཐུགས་རྗེ་དང་ཐབས་ཀྱིས་བདུད་དང་རྒྱལ་འགོང་དང་ལྷ་འདྲེ་དྲག་པོ་ཐམས་ཅད་དབང་དུ་བསྡུས་ནས། དཔལ་གྱི་བསམ་ཡས་བཞེངས་ཏེ། འགྲོ་བ་ཐམས་ཅད་བདེ་བ་ལ་བཀོད་དོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བའི་རྣལ་འབྱོར་པ་ལ་བྱིན་གྱིས་བརླབ་པའི་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་བསྒྲུབ་པར་འདོད་པས། གནས་དབེན་པ་དུར་ཁྲོད་དམ་མཁའ་འགྲོ་འདུ་བའི་གནས་སུ་སོང་ལ། སྐྱེས་པ་དང་བུད་མེད་ཉལ་པོ་བྱས་པས་ཞག་གཅིག་ལས་མ་ལོན་པའམ། དྲོད་མ་ཡལ་བའི་ས་རྙེད་ན་རབ། ས་དེ་ལ་མཎྜལ་གྲུ་བཞི་པ་བྱས་ལ། ཆང་དང་སིནྡྷུ་ར་དང་། སྐྱེས་པ་བུད་མེད་ཆགས་པ་སྤྱད་པའི་ས་བོན་དང་མངལ་ཁྲག་འདྲེས་པ་བུད་མེད་མངལ་ནས་ཕྱིར་ལྷུང་བ་རྙེད་ན་རབ། མ་རྙེད་ན་སྐྱེས་པ་གཙང་མའི་ས་བོན་དང་བུད་མེད་གཙང་མའི་ས་བོན་བླངས་ལ་མཎྜལ་རྐྱང་ནུས་བྱ། མཚལ་དང་མངལ་ཁྲག་འདྲེས་པས་པདྨ་འདབ་མ་བཞི་པ་བྲིའོ། །དེ་ནས་རྫས་ཀྱི་བཅས་ནི་ཕོ་ཐོད་མོ་ཐོད་མཚན་ལྡན་གཉིས་ལ། ཕོ་ཐོད་ལ་བུད་མེད་ཀྱི་མངལ་ཁྲག་དང་མཚལ་གྱིས་པདྨ་འདབ་བཞི་བྲི། མོ་ཐོད་ལ་སྐྱེས་པའི་ས་བོན་དང་དུང་དང་སིནྡྷུ་ར་བསྲེས་ལ་མཎྜལ་པདྨ་འདབ་བཞི་བྲི། ཕོ་ཐོད་ལ་དབུས་སུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་བྲི། པདྨ་འདབ་བཞི་ལ་ར་ཙ་ཧྲི་ཡ་ཞེས་པ་ཕོ་ཡིག་བཞི་བྲི། མོ་ཐོད་ལ་དབུས་སུ་ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཞེས་པ་བྲི། པདྨ་འདབ་བཞི་ལ་ཧ་རི་ནི་ས་ཞེས་པ་མོ་ཡིག་བཞི་བྲི། ཕོ་ཐོད་ནང་དུ་མོ་དབང་དུ་སྡུས་ཤིག་བྲི། མོ་ཐོད་ནང་དུ་ཕོ་དབང་དུ་སྡུས་ཤིག་བྲི། ཐོད་པ་ཁ་སྦྱར་ཏེ་ཚོན་སྐུད་སྣ་ལྔའམ་དམར་པོས་རྒྱ་གྲམ་དུ་བཅིངས་ལ་མཎྜལ་ཁར་བཞག་སྟེ། བདག་ཉིད་དང་ཐུགས་རྗེ་ཆེན་པོའི་ཐུགས་ཀར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྐྱེད་ལ། མཎྜལ་ཕྱིའི་གཞལ་ཡས་ཁང་། ཐོད་པ་ནང་གི་གཞལ་ཡས་ཁང་ན་ཐུགས་རྗེ་ཆེན་པོ་དང་། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྐྱེད་ལ། དེ་གཉིས་ཀྱིས་འགྲོ་བ་མི་ཕོ་མོ་དབང་དུ་བསྡུས་ཏེ་བདག་གི་བཀའ་ཉན་པར་བསམ་ཞིང་སྔགས་ཀྱིས་སྒྲུབ་བོ། །དེ་ལྟར་བྱས་ན་འགྲོ་བ་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། །ཕྱི་མཎྜལ་དང་ཐོད་པ་ཁ་སྦྱོར་ལ་བརྟེན་པའི་ལེའུ་སྟེ་གཉིས་པའོ།། །།ནང་དམ་རྫས་ཐོད་པ་ལ་བརྟེན་ཏེ་བསྒྲུབ་པ་ནི། ཐོད་པ་དུམ་བུ་གཅིག་པ་མཚན་དང་ལྡན་པར་སྐྱེས་པའི་ས་བོན་དང་བུད་མེད་ཀྱི་མངལ་ཁྲག་མཚལ་རྣམས་བསྲེས་ཏེ་པདྨ་འདབ་བཞི་བྲི། དབུས་སུ་ཡི་གེ་དྲུག་པ་དང་། ཡུམ་གྱི་སྔགས་བྲི། པདྨ་ལ་ཕོ་ཡིག་མོ་ཡིག་སྤེལ་མ་བྲི། བཟང་དྲུག་དང་ཀ་ར་བུ་རམ། སྦྲང་རྩི། གི་ཝཾ། མཚལ། སིནྡྷུ་ར། བུད་མེད་ཀྱི་མངལ་ཁྲག །སྐྱེས་པའི་ས་བོན་རྣམས་བསྲེས་པའི་རིལ་བུས་ཐོད་པ་དགང་། སྔགས་ཐུགས་རྗེ་ཆེན་པོ་དང་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཕོ་ཡིག་མོ་ཡིག་ལ། འགྲོ་བ་མི་ཕོ་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དབང་དུ་སྡུས་ཤིག་ཅེས་བཟླའོ། །འགྲོ་བ་མི་རྣམས་ཀྱི་ལུས་ངག་ཡིད་གསུམ། ལྷ་འདྲེ་རྣམས་ཀྱི་ལུས་ངག་ཡིད་གསུམ། སྟེང་འོག་ལྷ་ཀླུ་གཉིས་ཀྱི་བདུད་རྩི། མི་དང་ས་སྟེང་གི་ཟས་ནོར་བདུད་རྩིའི་བཅུད་ཐམས་ཅད་བསྡུས་ནས་ཐོད་པའི་རིལ་བུ་ལ་བསྟིམ་མོ། །གྲུབ་རྟགས་མང་དུ་འཕེལ་བ་དང་། རོ་རྙེད་པ་དང་། དྲི་ཐོན་པ་འོང་། དེ་ལྟར་བྱུང་བ་དང་རིལ་བུ་འགའ་བཟའ། འགའ་ཆང་དང་བསྲེས་ལ་འཐུང་། འགའ་མེ་མཆོད་བྱ། འགའ་དབང་དུ་བསྡུད་བྱ་ལ་སྦྱིན་ནོ། །དངོས་གྲུབ་ཅི་ལྟར་འདོད་པ་ལྟར་འགྲུབ་བོ། །ནང་དམ་རྫས་རིལ་བུར་བརྟེན་ཏེ་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།གསང་བ་འཁོར་ལོ་ཁ་སྦྱོར་ལ་བརྟེན་ཏེ་སྒྲུབ་པ་ནི། གྲོ་གའམ་ཤིང་ཤུན་ལ་འཁོར་ལོ་རྩིབས་བཞི་པ་བྱང་སེམས་དཀར་དམར་དང་མཚལ་བསྲེས་པ་བྱུགས་པ་ལ། འཁོར་ལོ་རྩིབས་བཞི། དབུས་སུ་ཕོ་འཁོར་ལ་ཡིག་འབྲུ་དྲུག་པ་བྲི། མོ་འཁོར་ལ་ཡུམ་གྱི་སྙིང་པོ་བྲི། ཕོ་འཁོར་གྱི་རྩིབས་བཞི་ལ་ཕོ་ཡིག་བཞི་མོ་འཁོར་གྱི་རྩིབས་བཞི་ལ་མོ་ཡིག་བཞི། མུ་ཁྱུད་ལ་དཔའ་བོ་དཔའ་མོས་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་ཅེས་བྲི། དེ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དང་། མཁའ་འགྲོ་དཔའ་བོ་དཔའ་མོ་ཡབ་ཡུམ་དང་བཅས་པར་བསམ་ལ་འོད་ཟེར་གྱིས་འགྲོ་བ་མི་ཕོ་མོ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབང་དུ་བསྡུས་པར་བསམ་ལ་རབ་གནས་བྱས་ལ་བ་མཁལ་སྨུག་པོར་བཅུག་སྟེ་སྐེ་ལ་གདགས་སོ། །ལུས་ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་དང་ལྡན་པར་བྱས་ཏེ་འགྲོ་བ་ཐམས་ཅད་དབང་དུ་འདུས་པར་བསམ་ལ་བཟླས་སོ། །བསོད་ནམས་སྐྱེ་ཞིང་ཟས་ནོར་འདུ། འགྲོ་བ་བུད་མེད་ཐམས་ཅད་ལ་ལྷག་པར་ཆགས་སེམས་སྐྱེ་བར་འགྱུར་རོ། །གསང་བ་འཁོར་ལོ་ཁ་སྦྱོར་ལ་བརྟེན་ཏེ་སྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་ལྷ་ཡི་འཁོར་ལོ་ལ་བརྟེན་པ་ནི། དང་པོ་ཁོ་ན་སྔོན་དུ་འགྲོ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་བྱ་སྙམ་དུ་སེམས་དུང་བ་ཞིག་བསམ། དེ་ནས་བདག་གི་སྙིང་གི་ནང་ན་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་གཅིག་ལས་འོད་འཕྲོས་པ་ལས་ལུས་འོད་དུ་ཞུ་ནས་བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསྒོམ། དེ་ཡང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་པདྨ་རྭ་གའི་ཕྲེང་བ། གཡོན་གྱི་འོག་མ་ན་པདྨ་དམར་པོ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་དུ་པདྨའི་གདན་ལ་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུའི་གཙུག་ན་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཅན་དབུ་རྒྱན་དུ་བཞུགས་པར་བསམ་མོ། སྙིང་གི་ནང་ན་དཔལ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པདྨ་རཱ་གའི་ཕྲེང་བ། གཡོན་དབང་སྡུད་ཀྱི་ཕྱག་རྒྱ་ཅན་ཞབས་བརྐྱང་བསྐུམ་ཞི་མ་ཁྲོ་ཡེ་ཤེས་སེམས་དཔའི་ཚུལ་དུ་བསྒོམ་མོ། ལྟེ་བར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། ཞལ་ཅུང་ཟད་ཁྲོ་ཚུལ་ཅན། གཡས་དང་པོ་གྲི་གུག་འོག་མ་རལ་གྲི། གཡོན་དང་པོ་ཐོད་ཁྲག་འོག་མས་ཁ་ཊྭཱཾ་ག །ཞབས་པདྨའི་གདན་མཁའ་འགྲོ་བཞིས་བཏེག་པ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཡུམ་གསང་བའི་ཚུལ་དུ་ལྟེ་བ་ན་བཞུགས་ནས་མཁའ་འགྲོ་མ་བཞི་དང་བཅས་པ་ཐུགས་རྗེ་ཆེན་པོའི་སྐུ་ལ་བདེ་བའི་ལོངས་སྤྱོད་རྒྱུན་མི་འཆད་པར་འབུལ་བར་བསྒོམ་མོ། །བསྐྱེད་པའི་རིམ་པ་ལྷའི་འཁོར་ལོ་ལ་བརྟེན་ནས་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།བཟླས་པའི་རིམ་པ་ངག་སྔགས་ཀྱི་འཁོར་ལོ་ལ་བརྟེན་ནས་རང་ཉིད་ལྷའི་སྐུར་གསལ་བ་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པས་ལྟེ་བ་ན་མཁའ་འགྲོ་མ་རྣམས་ཀྱིས་བཟླས་པས། འོད་ཟེར་དམར་པོ་སྙིང་ཁར་འཕྲོས། རྟ་མགྲིན་ཡེ་ཤེས་སེམས་དཔའ་ལ་ཕོག །དེས་བཟླས། སྤྱི་གཙུག་སྣང་བ་མཐའ་ཡས་ལ་ཕོག །སྣང་བ་མཐའ་ཡས་ཀྱིས་བཟླས། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ལ་ཕོག །སེམས་ཅན་གྱི་དོན་ལ་བསྐུལ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས། ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་སྦྱངས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད། ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཕོག་པས། ཞི་བ་ཕྱོགས་གཅིག་པའི་ངང་ལས་ཐེག་པ་ཆེན་པོར་བསླངས་ནས་སེམས་ཅན་གྱི་དོན་དུ་ཐེག་པ་ཆེན་པོར་སེམས་བསྐྱེད་པར་བསྐུལ། ཁམས་གསུམ་གྱི་སེམས་ཅན་ལ་ཕོག་པས་ཉོན་མོངས་པ་དང་བག་ཆགས་ཀྱི་སྒྲིབ་པ་གཏན་ནས་སྦྱངས། འོད་ཟེར་ཚུར་འདུས་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས། ཡེ་ཤེས་རང་གསལ་གྱི་དོན་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་ལྟར་སྒོམ་བཟླས་བྱས་པས་རྟགས་ནི། ལུས་བདེ་བ་དང་ཡང་བ་དང་། སྣང་བ་ལ་འཛིན་པ་ཆུང་བ་དང་། སྣང་བ་སྒྱུ་མ་ལྟར་མཐོང་བ་དང་། འོད་དང་། སྒྲ་དང་། དྲི་ཞིམ་པོ་འབྱུང་ངོ་། །བཟླས་པ་རྒྱུན་མི་འཆད་པར་བྱའོ། །ཡེ་ཤེས་ལྷ་ཉེ་བར་བསྙེན་ཅིང་སྒྲིབ་པ་སྦྱོང་བའི་ལེའུ་སྟེ་དྲུག་པའོ།། །།རྫོགས་པའི་རིམ་པ་སེམས་ཉིད་སྟོང་པ་ཉིད་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་སྒྲུབ་པ་ནི། ཐུན་མཚམས་སུ་ལུས་ཀྱི་ལྷ་རྣམས་སོ་སོའི་གནས་སུ་འོད་དུ་ཞུ། རང་ལྷར་གནས་པའི་ཐུགས་ཀའི་ཧྲཱིཿལ་ཐིམ། ཧྲཱིཿའི་ར་བཏགས་ཧ་ལ། ཧ་གི་གུ་ལ། གི་གུ་ཐིག་ལེ་ལ། ཐིག་ལེ་སྟོང་པ་སྤྲོས་བྲལ་དུ་གྱུར། སྤྲོས་བྲལ་ཆོས་ཀྱི་དབྱིངས་རྟག་ཆད་ཡོད་མེད་ཀྱི་མཐའ་ལས་འདས་པ་དེ་ལྟ་བ། དེའི་ངང་ལ་མ་བཅོས་རང་ལུགས་རང་གསལ་དུ་གནས་པ་དེ་སྒོམ་པ། དེའི་ངང་ལས་མི་འདའ་བར་ཡུན་རིང་དུ་གནས་པ་དེ་སྤྱོད་པ། དེ་ལ་བརྟན་པ་ཐོབ་པ་དེ་ཆོས་ཀྱི་སྐུའི་འབྲས་བུའོ། །དེ་ལ་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་ཐུགས་རྗེ་ཆེན་པོའི་མཆོག་གི་དངོས་གྲུབ་བོ། །རྫོགས་རིམ་བྱང་ཆུབ་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཔའ་མོའི་སྒྲུབ་པ་བྱ་བ་ནི། དང་པོ་རང་གི་སྙིང་གར་ཧྲཱིཿདམར་པོ་ཉི་མའི་དཀྱིལ་འཁོར་དང་བཅས་པ་གཅིག་བསྒོམ། དེའི་འོད་ཀྱིས་ལུས་ལ་ཁྱབ་པ་ལས་ལུས་འོད་ཕུང་དམར་པོ་གཅིག་ཏུ་གྱུར། དེ་ལ་བདག་ཉིད་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་སྐུར་གྱུར་ཏེ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་དང་པོས་གྲི་གུག །འོག་མས་རལ་གྲི །གཡོན་དང་པོ་ཐོད་ཁྲག །འོག་མས་ཁ་ཊྭཱཾ་ག །ཞབས་པདྨའི་གདན་ལ་མཁའ་འགྲོ་མ་བཞིས་བཏེག་པ། རུས་པའི་རྒྱན་གྱིས་བརྒྱན་པ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་སྔོན་མོ། དེ་རྣམས་ཀྱིས་ཕྱོགས་བཞི་ནས་བཏེག་པ། རུས་པའི་རྒྱན་གྱིས་བརྒྱན་པ། ཁྲོ་ཚུལ་ཅུང་ཟད་སྟོན་པ་སྣང་བ་ཐམས་ཅད་དབང་དུ་སྡུད་པར་བསམ་མོ། །མཁའ་འགྲོ་མ་གསང་བ་དབང་དུ་སྡུད་པའི་སྔགས་སོ། །ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཞེས་བཟླས་པས་འགྲོ་བ་རྣམས་ཀྱི་སྙིང་ལ་མཁའ་འགྲོ་རྣམས་ཀྱི་སྔགས་ཀྱི་འོད་ཟེར་མེ་ལྟ་བུ་འཕྲོས་པས་རང་དབང་མེད་པར་དབང་དུ་འདུས་པར་བསམ་མོ། །རང་གར་འགྲོ་ཡང་མཁའ་འགྲོ་མ་བཞིས་གདན་འདེགས་པར་བསམ་མོ། །མི་ཐམས་ཅད་དབང་དུ་འདུས་པར་བསམ་མོ། །སྒྲུབ་པ་དབང་སྡུད་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཕྲིན་ལས་ལས་སྦྱོར་གྱི་དམིགས་པ་ནི། ཟས་དང་ནོར་འདུ་བར་འདོད་ན། རྒྱས་པའི་ཐབ་ཁུང་དུ་རྒྱ་ཤུག་གམ་ཙནྡན་གྱི་མེ་སྦར་ནས། དཀར་གསུམ་མངར་གསུམ་ཤ་མར་ལ་སོགས་པ་ཟས་ཀྱི་རྣམ་པ་ཇི་སྙེད་པ་འཚོགས་པ་ཐམས་ཅད་ནི་བདུད་རྩིའི་རིལ་བུ་བྱས་ནས་དམ་རྫས་ཐམས་ཅད་མེའི་ནང་དུ་མཁའ་འགྲོ་མ་འཁོར་དང་བཅས་པ་བསྐྱེད་ལ་མཆོད་པ་འབུལ་བ་ནི། རྩ་སྔགས་ལ། བ་སུ་ནཱ་ནཱ་ཁ་དྷེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་ལ་མེ་མཆོད་འབུལ་བར་བྱའོ། །ཟས་དང་། གོས་དང་དར་ཟབ་ཐམས་ཅད་བསྲེག །ཌཱ་ཀི་མ་རྣམས་མཉེས་པར་བསམ་མོ། །ཟས་སྐོམ་ལ་སོགས་པ་ཅི་འདོད་འབྱུང་ངོ་། །ཚེས་བརྒྱད་དང་ཉི་ཤུ་གཉིས་ལ་བྱའོ། །མེ་མཆོད་ཀྱི་ལེའུ་སྟེ་དགུ་པའོ།། །།གཏོར་མའི་ལས་རིམ་གྱི་རིམ་པ་ནི། གཏོར་སྣོད་ཀ་པཱ་ལ་མཚན་དང་ལྡན་པར། གཏོར་མ་ཤ་ལྔ་བདུད་རྩི་ལྔས་བརྒྱན་པར་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། སརྦ་བུདྡྷ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་དུ་འབུལ་ལོ། །གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ལ་མཁའ་འགྲོ་འཁོར་དང་བཅས་པ་སྤྱན་དྲངས་ལ་སྔགས་ལན་གསུམ་གྱིས་འབུལ་ལོ། །མཁའ་འགྲོ་གསང་བ་ཡེ་ཤེས་མ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་མ།། པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ། །བྱིན་གྱིས་རློབ་ཅིང་བར་ཆད་སེལ་མཛད་མ། །བྱིན་རླབས་བསམ་པ་བསྒྲུབ་ཏུ་གསོལ། །དམ་རྫས་གཏོར་མ་འདི་ལོངས་ལ། །བདག་གི་བར་ཆད་བསྲུང་བ་དང་། །དངོས་གྲུབ་དགོས་འདོད་སྩོལ་བ་དང་། །གདུག་པའི་དགྲ་བགེགས་སྒྲོལ་བ་དང་། །རྣལ་འབྱོར་བསམ་པ་འགྲུབ་པར་མཛོད། །ཅེས་པ་ལ་སོགས་པའི་ཕྲིན་ལས་བཅོལ། བཤགས་པ་བྱ། མཆོད་གཏོར་གྱིས་ཐུགས་དམ་བསྐང་ངོ་། །བྱབས་གཏོར་གྱིས་ནད་པ་དང་གདོན་གྱི་གནོད་པ་བསྲུང་བ་ནི། གཏོར་མ་ཟངས་གཞོང་དུ་བྱ། ནད་པའི་གླུད་དྲི་མ་དང་བཅས་པ་བཞག །དེ་ནས་རང་ཐུགས་རྗེ་ཆེན་པོར་བསྒོམས་ལ། ནད་པ་དང་གདོན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྒོམ། རྩ་སྔགས་ལ་ནད་གདོན་ཐམས་ཅད་ཨཱ་པ་ནཱ་ཡ་སྭཱ་ཧཱ། ཞེས་བཏགས་ལ་མང་དུ་བཟླས་ཤིང་ནད་པ་ལ་རྨ་བྱའི་སྒྲོས་བྱབས་པས་ནད་ཐམས་ཅད་སྔོ་དམར་དུ་ནད་པའི་སྣ་ལས་མར་བྱུང་ནས་གཏོར་མ་དང་གླུད་ཀྱི་ནང་དུ་རིམ་གྱིས་ཐིམ་ནས་སོང་བར་བསམ་མོ། །དེ་ནས་གཏོར་མ་གཏང་། བྱབས་གཏོར་ལ་བདག་ཉིད་ལ་བར་ཆད་བྱུང་ན་ཁམ་ཕོར་དུ་གཏོར་མ་ཟུར་གསུམ་བྱས་ལ། གཏོར་མའི་ནང་དུ་གདོན་གྱི་ལིང་ག་བཅུག་ལ། རྩ་སྔགས་ལ་སརྦ་ཤ་ཏྲཱུཾ་ཏྲི་ཧྲི་ཧུར་ཐུཾ་ཛཿམཱ་ར་ཡ་ཕཊ་ཅེས་བཏགས་སོ། །ཡུངས་དཀར་ཡུངས་ནག་ལ་སྔགས་ཏེ་བྲབ་བོ། །དགྲ་བགེགས་གང་ལ་བྱས་པ་རེངས་པ་དང། བརྒྱལ་བ་དང་འཆི་བར་འགྱུར་རོ། །གཏོར་མ་ལ་རྟེན་འབྲེལ་བརྩི་བ་ནི། གཏོར་མ་རྒྱན་དང་བཅས་པ་ལ་བྱིན་བརླབས་བྱས་ཏེ། མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས། གཏོར་མ་སྣོད་དང་བཅས་པ་བསྐྱུར་བས་སྣོད་མ་ཆག་མ་སྦུབ་མ་བོ་ན། ནད་པ་དང་གདོན་བགེགས་ཅན་གང་ཡིན་པ་ལ་བཟང་ངོ་། །སྣོད་ཆག་བོ་བ་དང་ཁ་བུབ་པ་དང་རང་ལ་ལོག་ན་ངན་ནོ། །གཏོར་མའི་ལེའུ་སྟེ་བཅུ་པའོ།། །།བསྟོད་པ་བྱ་ཞིང་གསོལ་བ་གདབ་པ་ནི། དུས་གསུམ་བདེར་གཤེགས་ཡུམ་གཅིག་མ། །ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །སྐུ་མདོག་དམར་མོ་དབང་གི་ཚུལ། །ཚད་མེད་རྣམ་བཞིས་འགྲོ་དོན་མཛད། །རྣམ་རྟོག་རྩད་གཅོད་གྲི་གུག་གཡས། །འཁོར་བ་དབང་སྡུད་ཐོད་ཁྲག་གཡོན། །སྐྱེ་ཤི་རྩད་གཅོད་རལ་གྲི་གཡས། །དུག་གསུམ་རྩད་གཅོད་ཁ་ཊྭཱཾ་གཡོན། །ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །འདོད་ཡོན་རང་དག་རུས་པས་བརྒྱན། །གཞོན་ཚུལ་ཆེ་ལ་ཅུང་ཟད་ཁྲོ། །ཐུགས་རྗེ་ཆགས་པས་དབང་སྡུད་མ། །ནམ་མཐོང་དྲན་པས་ཡེ་ཤེས་སྐྱེད། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས། །དབང་དང་དངོས་གྲུབ་བདག་ལ་སྩོལ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་ཆོས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་མཁའ་འགྲོ་མ། །ཆགས་པ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ། །མཆོག་གི་དངོས་གྲུབ་བདག་ལ་སྩོལ། །མཁའ་གསང་ཡེ་ཤེས་དངོས་གྲུབ་སྩོལ། །ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཡཻ། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། སརྦ་ཌཱ་ཀི་ནཱི། སརྦ་སིདྡྷི་སིདྡྷི་ཧཱུྃ། ཞེས་གསོལ་བ་བཏབ་པས་བྱིན་རླབས་དངོས་གྲུབ་འབྱུང་ངོ་། །བསྟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་མཚན་གྱི་རྣམ་གྲངས་ནི། ཐུགས་རྗེ་ཆེན་པོའི་གསང་བའི་ཡུམ་ཡིན་པས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་བྱ། བྱིན་རླབས་ཀྱི་རྩ་བ་ཡིན་པས་ཡེ་ཤེས་མཁའ་འགྲོ་གཙུག་གི་རྒྱན་གཅིག་མ་ཞེས་བྱ། ཐུགས་རྗེ་ཆེན་པོའི་བཀའ་སྲུང་མཛད་པས་རིགས་འདུས་ཀྱི་ཌཱ་ཀི་མ་ཞེས་བྱ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པར་བྱེད་པས་མཁའ་འགྲོ་ཡེ་ཤེས་དབང་མོ་ཆེ་ཞེས་ཀྱང་བྱའོ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་གསང་མཛོད་བརྡོལ་བ། མཁའ་འགྲོ་མའི་བྱིན་རླབས་སྒྲུབ་པ་ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སློབ་དཔོན་པདྨས་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དང་། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་ལ་གདམས་པའོ། །མཁའ་འགྲོ་མའི་མཚན་གྱི་རྣམ་གྲངས་གདམས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཨི་ཏི། གཏེར་རྒྱ། སྦས་རྒྱ། གཏད་རྒྱ། འདི་ནི་ཉང་རལ་པ་ཅན་གྱིས་གཏེར་ནས་བཏོན་ཏེ་ཇོ་སྲས་ཉི་མ་འོད་ཟེར་ལ་གདམས་པའོ། །སརྦ་མངྒ་ལཾ།། །། ༈ སྔགས་ཐེམ་དགུ་མ་བཞུགས། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས། །གསང་བ་ཡེ་ཤེས་མཁའ་འགྲོ་བསྒྲུབ་འདོད་ན། །དམར་མོ་གསུང་གི་སྒྲུབ་པ་ལས། །སྔགས་ཀྱི་ཐེམ་ཡིག་བསྟན་པར་བྱ། །སྔགས་ལ་ཐེམ་ཡིག་མེད་པ་ན། །བསྒྲུབས་ཀྱང་འགྲུབ་པར་ག་ལ་འགྱུར། །དེས་ན་ཐེམ་ཡིག་གདམས་པ་གཅེས། །འདི་ལ་གནད་ཀྱི་ཐེམ་ཡིག་གསུམ། །རྒྱུད་ལྟར་སོ་སོར་སྒྲུབ་པ་དང་། །གཅིག་ཏུ་དྲིལ་ཏེ་སྒྲུབ་པ་དང་། །མ་འགྲུབ་གནད་ལ་དབབ་པ་འོ། །དང་པོ་སོ་སོར་སྒྲུབ་པ་ནི། །ཕྱི་སྒྲུབ་མཎྜལ་ལ་བརྟེན་པ། །ཨོཾ་དང་ཧཱུྃ་བར་འབྲུ་དྲུག་ལ། །ཕོ་ཡིག་ར་ཙ་ཧྲི་ཡ་གདགས། །ཨོཾ་ནས་ཧ་བར་འབྲུ་དགུ་ལ། །མོ་ཡིག་ཧ་རི་ནི་ས་གདགས། །དེ་ལྟར་གཉིས་ཀའི་ཤམ་བུ་ལ། །པ་ཤཾ་ཀུ་རུ་ཧཱུྃ་ཛ་གདགས། །དེ་ལྟར་བཟླས་པས་འགྲུབ་པར་འགྱུར། །རྒྱཿརྒྱཿརྒྱ། ནང་སྒྲུབ་ཐོད་པའི་རིལ་བུ་ལ། །ཡབ་ཡུམ་འཁོར་དང་བཅས་པ་ཡི། །གསང་སྔགས་སྔར་ལྟར་སྦྲེལ་བ་ལ། །ཤམ་བུའི་སྔགས་ནི་འདི་ལྟར་གདགས། །ཨ་ནྲྀ་ཏྲི། ཨ་བྷི་ས་མ་ཡོ། པདྨ་ཛ། དྷ་ར་དྷ་ར་ཧཱུྃ་ཛཿ བུདྡྷ་བུདྡྷ་བི་བུདྡྷ། པདྨ་ཨ་མོ་གྷ་མུ་ཁཱི་བ་ར་དེ་སྭཱ་ཧཱ། སརྦ་ཨ་མྲྀ་ཏེ་སརྦ་སིདྡྷི་ཧཱུྃ་ཛཿ ཞེས་པ་བཞི་བཅུ་རྩ་བརྒྱད་གདགས། །སྔགས་དེས་རིལ་བུ་འགྲུབ་པར་བྱེད། །བཟའ་དང་བཅའ་དང་དཔྲལ་བར་བྱུག །དེ་ནི་གང་མཐོང་འགྲོ་ཀུན་སྡུད། །བགེགས་དང་ལོག་འདྲེན་མ་ལུས་འབྱེད། །འཇིགས་པ་བརྒྱད་པོ་ཀུན་ལས་ཐར། །ལྷ་སྲུང་མཁའ་འགྲོ་ཀུན་གྱིས་སྐྱོབ། །དངོས་གྲུབ་སྣ་ཚོགས་འབྱུང་བར་འགྱུར། །རྒྱཿརྒྱཿརྒྱ། གསང་བ་འཁོར་ལོ་ཁ་སྦྱོར་ལས། །ཡབ་ཡུམ་ཕོ་མོའི་གསང་སྔགས་ནི། །སྔར་ལྟར་སོ་སོར་སྦྲེལ་བ་ལ། །ཨ་ནྲྀ་ཏྲི་ཤཾ་ཀུ་རུ་ཧཱུྃ་ཛཿ ཨ་མོ་གྷ་པདྨ་ཀུ་ཤ་ས་མ་ཡ་གྲྀཧྞ་གྲྀཧྞ་པ་ར་ཡ་ཧ་ར་མ། མ་ཧཱ་པ་ཏྲ་ཧཱུྃ་ཛཿ ཞེས་པ་སུམ་ཅུ་རྩ་ལྔ་གདགས། །དེ་ཡིས་གཞུང་བཞིན་འགྲུབ་པར་འགྱུར། །བསྐྱེད་རིམ་ལྷ་ཡི་འཁོར་ལོ་དང་། །བཟླས་པ་སྔགས་ཀྱི་འཁོར་ལོ་དང་། །སེམས་ཉིད་སྟོང་པའི་འཁོར་ལོ་གསུམ། །ཀུན་གྱི་སྤྱི་འགྲོའི་གདམས་པ་སྟེ། །སྙིང་པོ་ཡབ་ཀྱི་འབྲུ་དྲུག་ལ། །སྡིག་སྒྲིབ་ཀུན་འཇོམས་སྔགས་འདི་གདགས། །ཨོཾ་པདྨ་ཚིནྡྷ་མ་ཎི་ཛྭ་ལ་ཧཱུྃ་ཧྲཱིཿ ཛ་བི་པུ་ལ་གརྦྷེ་མ་ཎི་པྲ་བི་ཏ་ཐཱ་ག་ཏ་ནི་གི་རི་པ་ནི་མ་ཎི་མ་ཎི་སུ་པྲ་བི་མ་མོ་སཱ་ག་རེ་གཾ་ནི་ཧཱུྃ་ཧཱུྃ་ཛ་ལ་ཛ་ལ། བྷུ་ཏ་བི་ལོ་ཀི་ཏ་དེ་གུ་ཧྱ་ཨ་དྷི་སྟེ་དོ་གརྦྷེ་སྭཱ་ཧཱ། པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་དེ་ཙུ་རུ་ཙུ་རུ་སྭཱ་ཧཱ། ཞེས་པ་བརྒྱད་ཅུ་རྩ་བཞི་གདགས། །བསྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །སྒྲིབ་པ་ཀུན་སེལ་ཚོགས་གཉིས་རྫོགས། །རྒྱཿརྒྱཿརྒྱ། སྒྲུབ་པ་ཡུམ་གྱི་དབང་སྡུད་ལ། །ཡུམ་གྱི་སྙིང་པོ་འབྲུ་དགུ་དང་། །དཔའ་བོ་དཔའ་མོ་འབྲུ་བརྒྱད་དང་། །སརྦ་སིདྡྷི་པ་ཤཾ་ཀུ་རུ་སྭཱ་ཧཱ། ཏུ་རུ་ཏུ་རུ་པདྨ་ཨ་མོ་གྷ་སརྦ་སིདྡྷི་ཧཱུྃ་ཛཿ ནྲྀ་ཨཱ་ཀརྵ་ཡ་ཧྲི་ཛཿཛཿ ཞེས་པ་སུམ་ཅུ་རྩ་གསུམ་གདག །དངོས་གྲུབ་མ་ལུས་འགྲུབ་པར་བྱེད། རྒྱ་རྒྱ་རྒྱ། ཕྲིན་ལས་སྒྲུབ་པའི་རྣལ་འབྱོར་པས། །མེ་མཆོད་སྒྲུབ་པའི་རྩ་སྔགས་ནི། །དགུ་དང་འཁོར་གྱི་བརྒྱད་པ་ལ། །ཝ་ནས་ཧ་བར་བཅུ་གཉིས་གདག །གཏོར་མ་ཡབ་ཡུམ་འཁོར་བཅས་ལ། །ཨོཾ་ནས་ཧི་བར་བཅུ་དྲུག་གདག །གཏོར་མ་འབུལ་ཞིང་ཐུགས་དམ་བསྐང་། །བླ་མ་མཁའ་འགྲོ་བདེར་གཤེགས་ལ། །གསོལ་བ་བཏབ་པའི་སྔགས་འདི་ནི། །གཏོར་མའི་རྗེས་ལ་བརྒྱ་རྩ་བརྒྱད། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ལོ་ཏ་ར་ཏ་ར་ཧཱུྃ་མ་ཎི་ཀ་ནི་སྭཱ་ཧཱ། ཨོཾ་རཏྣ་གུ་རུ་ས་མ་ཡ་སིདྡྷི་མ་མེ་པྲ་ཡཙྪ། ཨ་སརྦ་ཏ་ཐཱ་ག་ཏ་ཨ་དྷཱིཥྛ་ན། ཙིཏྟ་ས་རཀྵ་ན་བཛྲ་ཧཱུྃ་ཧཱུྃ། ཨོཾ་བྷི་ནུ་ཡུ་ན་མ་ཎི་ཧ་ར་ཧ་ར་ཧཱུྃ། ཨོཾ་བྷི་ར་ཛེ་བྷི་ར་ཛེ་ག་ག་ན་བ་ཧི་ལ་ཧུ་ལ་ཧཱུྃ་ཧཱུྃ། གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་མེ་ཙིཏྟ་ཤྲི་ཡེ་ཀུ་རུ་ཧཱུྃ་ཧཱུྃ། ཞེས་པ་བརྒྱ་རྩ་བརྒྱད་པ་བཟླ། །གང་དམིགས་དོན་རྣམས་འགྲུབ་པར་འགྱུར། །བསྟོད་ཅིང་གསོལ་བ་གདབ་པ་ནི། །གཙོ་བོ་ལ་སོགས་བཅས་པ་ལ། །བདུན་ནམ་ཉེར་གཅིག་བཟླས་པས་འགྲུབ། རྒྱ་རྒྱ་རྒྱ། བྱབས་གཏོར་ནད་པ་གསོ་བ་དང་། །ཡབ་ཡུམ་འཁོར་དང་བཅས་པ་ལ། །ནད་གདོན་ཐམས་ཅད་ཨཱ་པ་ནཱ་ཡ་སྭཱ་ཧཱ། ཙི་ལི་ཡེ་བ་ད་ཀི་ལི་ཀི་ལི་ནྲྀ་ཤི་མ་དེ་ཀུན་དྷ་ལི་དྷུ་བ་ཨིནྡྲ་ག་ནི་མུ་ལེ་སྭཱ་ཧཱ། ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་བཞི་བཅུ་རྩ་གཉིས་བཟླ། །ནད་གདོན་གང་ཡང་འཚོ་བར་ངེས། །དེ་ནས་དཀར་གཏོར་ཆ་བཞི་ལ། །བྱིན་རླབས་བྱས་ལ་སྔགས་འདི་བཟླ། ཨོཾ་ཨ་མོ་གྷ་ས་མན་ཏེ་པྲ་བ་ར་ས་ར་ས་ར་པྲ་ས་ར་མ་ཧཱ་བུདྡྷེ་ཤ་ར་དྷ་ར་དྷ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་སུམ་ཅུ་དྲུག་པ་ནི། །བཟླས་པས་བགེགས་རྣམས་གང་ཡིན་ཀྱང་། །ཕྱིན་ཆད་ལོག་ནས་འོང་མི་སྲིད། རྒྱ་རྒྱ་རྒྱ། གཉིས་པ་གཅིག་ཏུ་དྲིལ་ནས་སྒྲུབ་པ་ནི། །ཕྱི་ནང་གསང་གསུམ་རྟེན་རྫས་རྣམས། །མཆོད་རྫས་དང་བཅས་དཀྱིལ་སྟེང་བཞག །ཡབ་ལ་བསྟེན་པའི་བསྙེན་པ་ལ། །ཨོཾ་ནས་ཧཱུྃ་བར་འབྲུ་བཅུ་ལ། །ཛཔ྄་བཟླས་དུས་སུ་རྐྱང་པ་དེ། །རྒྱུན་དུ་བཟླས་པ་བྱེད་པ་ལ། །སྡིག་སྒྲིབ་ཀུན་འཇོམས་གསང་སྔགས་གདག །སྒྲིབ་པ་བྱང་བའི་མཚན་མ་རྣམས། །མ་བྱུང་བར་དུ་བཟླས་པ་གཅེས། །ས་མ་ཡ་རྒྱ་རྒྱ་རྒྱ། གཉིས་པ་ཡུམ་ལ་བསྟེན་ནས་སྒྲུབ་པ་ནི། ཡུམ་གྱི་སྙིང་པོ་འབྲུ་དགུ་དང་། །དཔའ་བོ་དཔའ་མོ་འབྲུ་བརྒྱད་སྦྲེལ། །ལས་སྔགས་སུམ་ཅུ་གསུམ་པ་གདག །དེ་ལ་གྲུབ་རྟགས་ལྡན་པར་བསྒྲུབ། །གསལ་བ་གསུམ་དང་ལྡན་པ་དང་། །ལྟ་སྒོམ་སྤྱོད་འབྲས་དགོངས་པའི་གནད། །མཉམ་རྗེས་ཀུན་ཏུ་འབྲལ་མེད་གཅེས། །ལས་ཚོགས་རིམ་པ་རྒྱུད་ཀྱིས་ཤེས། །རྒྱ་རྒྱ་རྒྱ། གསུམ་པ་གནད་ལ་དབབ་པ་ནི། །ཡང་ཡང་བསྒྲུབས་ཀྱང་རྟགས་མེད་ན། །རྣལ་འབྱོར་སྣང་བ་མཁའ་འགྲོ་གསུམ། །གནད་ལ་དབབ་སྟེ་ཤི་ས་བསྟན། །རྣལ་འབྱོར་བདག་མེད་གནད་བསྟན་པ། །སྡིག་པ་བཤགས་ཤིང་དམ་ཚིག་བསྐང་། །ཚོགས་དང་གཏོར་མ་སཱཙྪ་དང་། །དབང་དང་བྱིན་རླབས་ལོ་གྲངས་ཞུ། །འགྲོ་བ་དགེ་འདུན་བླ་མ་མཆོད། །སྣང་བ་གནད་ལ་དབབ་པ་ནི། །ཚོགས་དྲུག་ཡུལ་དུ་གང་ཤར་བའི། །ཡུལ་དྲུག་བཟང་ངན་ཅིར་སྣང་ཡང་། །སྣང་མཁན་སྐྱེ་འགག་གནས་གསུམ་བརྟག །རང་བྱུང་རང་ཤར་རང་དག་པའི། །དགོངས་པ་དྲན་པ་ཡེངས་མེད་ཀྱིས། །གཟུང་འཛིན་ཐག་པ་རྩད་ནས་བཅད། །རིག་པ་ངར་གདགས་བརྟུལ་ཞུགས་སྤྱད། །སྣང་བ་འཁྲུལ་པའི་འཁྲི་བ་བཅད། །མི་ཕོད་བརྫི་ཞིང་ཉམས་མྱོང་སྦར། །མཁའ་འགྲོ་གནད་ལ་དབབ་པ་ནི། །དེ་ནས་དུར་ཁྲོད་གནས་སོང་སྟེ། །སྒྲུབ་པའི་དཀྱིལ་འཁོར་གཞུང་བཞིན་བྲི། །དམ་རྫས་མཆོད་པ་ཀུན་བཤམས་ཏེ། །རྣལ་འབྱོར་དཔལ་གྱི་ཆས་སུ་ཞུགས། །ཞིང་ཆེན་མགོ་མཇུག་ལྡོག་ལ་གོན། །ཟས་སུ་བདུད་རྩི་ལྔ་སྤྱད་ཅིང་། །བསྐྱེད་རིམ་དཔའ་གསུམ་གདིང་ལྡན་པས། །བུད་མེད་དར་མའི་ཙིཏྟའི་ནང་། །གནད་ཀྱི་འཁོར་ལོ་སྔགས་བཟློག་ཅན། །དར་དཀར་དག་ལ་མངལ་ཁྲག་དང་། །སིནྡྷུ་ར་ཡིས་བྲིས་བྱས་ལ། མགོ་མཇུག་ལྡོག་ལ་ནང་དུ་གཞུག །རོ་རས་རྐྱལ་བུར་དྲིལ་ནས་ནི།་་་ནལ་བུའི་རྐྱལ་བ་ཟེར། ཁ་ལ་ཞིང་གི་འབྲེང་ཞགས་དག །ཀླད་ལ་བསྐོར་ཞིང་དེ་ལ་གདགས། །དཀྱིལ་འཁོར་བསྐོར་ཞིང་བརྟུལ་ཞུགས་སྤྱད། །ཐོད་རྔ་དཀྲོལ་ཞིང་སྔགས་འདི་བཟླ། །ཕོ་ཡིག་འབྲུ་བཅུ་བཟློག་པར་བྱ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཧྲཱི་ཧྲཱི་ཛ་ཧཱ་སྭཱ་མ་ན་ཡེ་གྷ་མ་དྷུ། ཨོཾ་སརྦ་ཌཱ་ཀི་ནཱི་ཙ་ཁྲག་ཙིཏྟ་རྒྱས། སྲོག་ཁྲི་ཁྲག་མ་ཧུར་ཐུཾ་ཛ་ས་ནི་རི་ཧ་ས་མ་ཡ་རུ་ཏྲི་ཧྲཱི་ཛ། ཡ་ཧྲི་ཙ་ར་རུ་ཏྲི་ས་མ་ཡ་ཧྲཱི་ཛ། ཌཱ་ཀི་ནཱི་ཌཱ་ཀི་ནཱི་རིགས་རིགས། ཛྙོ་ཀི་ནི་ཛྙོ་ཀི་ནི་གྷས་གྷས། ཏིསྟ། ཏིསྟ། བནྡྷ་བནྡྷ། ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཡིག་འབྲུ་དགུ་བཅུ་དྲག་ཏུ་བཟླ། །བདག་གི་ཐུགས་ཀའི་ས་བོན་ལས། །ཕོ་ཡིག་མོ་ཡིག་འཕྲོས་པ་ཡི། །དེ་དག་དཔའ་བོ་དཔའ་མོར་གྱུར། །ཀུན་ཀྱང་གླུ་ལེན་གར་བྱེད་ཅིང་། །བྲོ་རྡུང་མཆོང་རྒྱུག་རང་སྔགས་སྒྲོག །དེ་ལྟ་བུ་ཡི་སྤྲུལ་པ་ཡིས། །ཕྱི་ནང་སྣོད་བཅུད་ཀུན་གང་ནས། །འུར་འུར་ཤིག་ཤིག་ཐིབ་ཐིབ་བསམ། །དེ་ལྟར་སྣང་ཡང་སེམས་ཉིད་དེ། །རང་བྱུང་རང་ཞི་རང་སར་གྲོལ། །དེ་ལྟར་ཐུན་རེ་རྫོགས་པ་དང་། །སྔ་དྲོ་ཞི་བའི་སྦྱིན་སྲེག་བྱ། །ཉིན་གུང་རྒྱས་པའི་སྦྱིན་སྲེག་བྱ། །སྲོད་ལ་མཁའ་འགྲོའི་གཏོར་མ་གཏང་། །ནམ་ཕྱེད་ཚོགས་ཀྱི་འཁོར་ལོ་བྱ། །ཐོ་རངས་གསོལ་གདབ་ལྷག་གཏོར་གཏང་། །གཉིས་མེད་ཀུན་གྲོལ་དགོངས་པ་སྤྱད། །དེ་ལྟར་ཐུན་བཞིར་ཉམས་བླངས་ན། །མཚན་མ་དྲོད་ཚད་ཕེབས་པ་དང་། །དངོས་གྲུབ་བླང་ཞིང་དཀྱིལ་འཁོར་བསྡུ། །གནད་ཀྱི་འཁོར་ལོ་ཅི་ལྟར་གཞུག །དེ་ཡང་རོ་རས་རྐྱལ་བུར་གཞུག །འདུག་ན་མཆོད་ཅིང་འགྲོ་ན་འཆང་། །དེས་ནི་མཁའ་འགྲོ་ཕྱི་བཞིན་འབྲང་། །མཆོག་དང་ཐུན་མོང་མ་ལུས་འགྲུབ། །ས་མ་ཡ། མཁའ་འགྲོ་གནད་ཀྱི་ཐེམ་ཡིག་འདི། །ཨོ་རྒྱན་པདྨའི་ཐུགས་ལས་བྱུང། །མཁར་ཆེན་བཟའ་ཡི་ཐུགས་ལ་གཏད། །དུས་ཀྱི་ཐ་མར་བབ་པའི་ཚེ། །སྐལ་ལྡན་གཅིག་དང་འཕྲད་པར་ཤོག །ཨི་ཏི། ས་མ་ཡ། རྒྱ་རྒྱ་རྒྱ། ཨོ་རྒྱན་པདྨ་འབྱུང་གནས་དང་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ལྷོ་བྲག་གི་བྲག་ནག་པོ་སྲིན་པོའི་སྦར་རྗེས་ཅན་ལ་ཤོག་དྲིལ་མ་སྨད་ལྔ་རྒྱ་རིམ་པ་གསུམ་གྱིས་བཏབ་ནས་བསེའི་སྒྲོམ་མ་བུར་བཅུག་ནས་སྦས། གཏེར་རྒྱ། སྦས་རྒྱ། གཏེར་རྒྱ། རྗེ་མངའ་བདག་གི་སྤྲུལ་པ་ཉང་རལ་པ་ཅན་གྱིས་གཏེར་ནས་བཏོན་པ་ལགས་སོ།། ༈ །།གའུ་དང་བ་མཁལ་ལ་བརྟེན་ནས་གཞན་སྣང་དབང་དུ་སྡུད་པའི་གདམས་པ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རང་གི་སྙིང་གར་ཧྲཱིཿདམར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་ལུས་འདི་འོད་དུ་ཞུ་ནས། འོད་ཟེར་དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མ་ན་པདྨ་རཱ་གའི་ཕྲེང་བ་བསྣམས་པ། གཡོན་འོག་མ་ན་པདྨ་དམར་པོ་བསྣམས་པ། ཞབས་སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུའི་གཙུག་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་བྱིན་གྱིས་རློབ་ཅིང་བཞུགས་པ། ཐུགས་ཀ་ནས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་རཱ་གའི་ཕྲེང་བ། གཡོན་དབང་སྡུད་ཀྱི་ཕྱག་རྒྱ་ཅན། ཞབས་བརྐྱང་བསྐུམ་ཞི་མ་ཁྲོ། ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པའོ། །ལྟེ་བ་ན་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞལ་གཅིག་ཕྱག་བཞི་མ། ཅུང་ཟད་ཁྲོ་ཚུལ་ཅན། གཡས་དང་པོ་གྲི་གུག །འོག་མ་རལ་གྲི །གཡོན་དང་པོ་ཐོད་པ། འོག་མ་ཁ་ཊྭཱཾ་ག །ཞབས་པདྨའི་གདན་ལ་ཕྱོགས་བཞི་ནས་མཁའ་འགྲོ་མ་བཞིས་བཏེག་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཁའ་འགྲོ་མ་བཞི་དང་བཅས་པ། དཔའ་བོ་ཡབ་ལ་བདེ་བའི་ལོངས་སྤྱོད་རྒྱུན་མི་ཆད་པར་འབུལ་བ་ཡེ་ཤེས་སེམས་དཔའ་རང་ཆས་སུ་བསྒོམ་མོ། །དེ་ནས་བཟླས་པ་བྱ་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་པས་ལྟེ་བ་ནས་མཁའ་འགྲོ་རྣམས་ཀྱིས་བཟླས། འོད་ཟེར་དམར་པོ་སྙིང་གར་འཕྲོས། རྟ་མགྲིན་ཡེ་ཤེས་སེམས་དཔས་བཟླས། འོད་ཟེར་སྤྱི་གཙུག་ཏུ་འཕྲོས། སྣང་བ་མཐའ་ཡས་ཀྱིས་བཟླས། སྣང་བ་མཐའ་ཡས་ཀྱིས་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་པས་བདེ་བར་གཤེགས་པ་ལྷ་རྣམས་ལ་ཕོག །སེམས་ཅན་གྱི་དོན་ལ་བསྐུལ། བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྦྱངས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས། ཉན་ཐོས་དང་རང་སངས་རྒྱས་ལ་ཕོག་པས་ཞི་བ་ཕྱོགས་གཅིག་པ་ལས་བསླངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་ཅན་གྱི་དོན་ལ་བསྐུལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྦྱངས་ནས་ཡི་དམ་གྱི་ལྷར་གྱུར། འོད་དམར་པོ་ཚུར་འདུས་རང་ལ་ཐིམ་པ་ལས་རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ནས་ཡེ་ཤེས་རང་གསལ་གྱི་དོན་རྒྱུད་ལ་སྐྱེས་པར་བསམ། དེ་ནས་རྫོགས་རིམ་སྟོང་པ་ཉིད་བསྒོམ་པ་ནི། ལུས་ཀྱི་ལྷ་རྣམས་སོ་སོའི་གནས་སུ་འོད་དུ་ཞུ། རང་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལ་ཐིམ། ཧྲཱིཿར་ཏ། ར་ཏ་ཧ། ཧ་གི་གུ །ཐིག་ལེ། ནཱ་ད་སྟོང་ཉིད་སྤྲོས་བྲལ་དུ་གྱུར། སྤྲོས་བྲལ་རྟག་ཆད་ཀྱི་མཐའ་ལས་འདས་པ་དེ་ལྟ་བ། དེའི་ངང་ལས་མ་བཅོས་པར་རང་གནས་སུ་གནས་པ་དེ་སྒོམ་པ། དེ་དང་མ་བྲལ་བ་དེ་སྤྱོད་པ། དེ་ལ་བརྟན་པ་ཐོབ་པ་ནི་འབྲས་བུ་ཆོས་ཀྱི་སྐུའོ། །དེ་ལྟར་བསྙེན་པ་བྱའོ། །དེ་ནས་དཔའ་མོ་ཡུམ་ལ་བརྟེན་ནས་གསང་སྒྲུབ་བྱ་བ་ནི། གནས་དབེན་པ་མཁའ་འགྲོ་འདུ་བའི་གནས་སུ་ཕྱིན་ལ། སྐྱེས་པ་དང་བུད་མེད་ཉལ་པོ་བྱས་པའི་ས་དྲོད་མ་ཡལ་བ་ལ་མཎྜལ་གྲུ་བཞི་བྱས་ལ། ཆང་དང་། སིནྡྷུ་ར་དང་། བུད་མེད་ཀྱི་མངལ་ཁྲག་དང་། སྐྱེས་པའི་ས་བོན་གྱིས་མཎྜལ་བྱུགས་ལ། མཚལ་དང་མངལ་ཁྲག་འདྲེས་པའི་མཎྜལ་དམར་པོ་འདབ་མ་བཞི་པ་བྲི། ཕྱི་རོལ་མུ་ཁྱུད་གྲུ་ཆད་སྒོ་དང་བཅས་པ་ཚོན་སྣ་ལྔས་བྲིའོ། །དེ་ནས་མོ་ཐོད་ལ་སྐྱེས་པའི་ས་བོན་དང་དུང་བསྲེས་ལ་པདྨ་འདབ་བཞི་བྲི། དབུས་སུ་ཨོཾ་དྷུ་མ་གྷ་ཡེ་ན་མཿ ཕོ་ཐམས་ཅད་དབང་དུ་སྡུས་ཤིག་སྭཱ་ཧཱ། ཞེས་བྲི། པདྨ་འདབ་བཞི་ལ་ཧ་རི་ནི་ས་བྲི། ཕོ་ཐོད་ལ་བུད་མེད་ཀྱི་མངལ་ཁྲག་དང་མཚལ་གྱིས་པདྨ་འདབ་མ་བཞི་པ་བྲི། དབུས་སུ་ཨོཾ་མ་ཎི་པདྨེ་ཧཱུྃ། མོ་ཐམས་ཅད་དབང་དུ་སྡུས་ཤིག་སྭཱ་ཧཱ། ཞེས་བྲི། འདབ་མ་བཞི་ལ་ར་ཙ་ཧྲི་ཡ་ཞེས་པ་བྲི། ཐོད་པ་ཁ་སྦྱར་ལ་ཚོན་སྐུད་དམར་པོས་རྒྱ་གྲམ་དུ་བཅིངས་པ་མཎྜལ་གྱི་ཁར་བཞག་གོ །དེ་ནས་ནང་གི་དམ་རྫས་ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་རུ། སྐྱེས་པའི་ས་བོན་དང་མངལ་ཁྲག་བསྲེས་ལ་པདྨ་འདབ་མ་བཞི་པ་བྲི། དབུས་སུ་ཡི་གེ་དྲུག་པ་དང་ཡུམ་གྱི་སྔགས་བྲི། འདབ་མ་བཞི་ལ་ཕོ་ཡིག་དང་མོ་ཡིག་སྤེལ་མར་བྲི། བཟང་དྲུག །མངར་གསུམ། མཚལ་དང་སིནྡྷུ་ར། སྐྱེས་པ་དང་བུད་མེད་ཀྱི་ས་བོན་དང་དེ་རྣམས་སྦྱར་ལ་རིལ་བུ་བྱས་ལ་ཐོད་པ་དགང་། གསང་བའི་རྫས་གྲོ་གའམ་ཤོག་བུ་ལ་འཁོར་ལོ་རྩིབས་བཞི་པ་བྲིས་ལ་བྱང་སེམས་དཀར་དམར་དང་མཚལ་དང་སིནྡྷུ་ར་བསྲེས་པས་བྱུག །དབུས་སུ་ཕོ་འཁོར་ལ་ཡི་གེ་དྲུག་པ་དང་རྩིབས་བཞི་ལ་ཕོ་ཡིག་བཞི་བྲི། མུ་ཁྱུད་ལ་དཔའ་བོ་དང་དཔའ་མོས་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་ཅེས་པ་བྲི། མོ་འཁོར་ལ་དབུས་སུ་ཡུམ་གྱི་སྙིང་པོ་བྲི། རྩིབས་བཞི་ལ་མོ་ཡིག་བཞི་བྲི། མུ་ཁྱུད་སྔ་མ་ལྟར་བྲི། དེ་ལ་རབ་གནས་བྱས་ནས་བ་མཁལ་སྨུག་པོར་བཅུག་ལ་དེ་དམ་རྫས་ཀྱི་ཐོད་པར་བཅུག་སྟེ་མཎྜལ་གྱི་དབུས་སུ་བཞག །པཱུ་ཛ་དང་བ་ལིཾ་ལ་སོགས་པ་བཤམ་མོ། །དེ་ནས་བདེ་བའི་སྟན་ལ་འདུག་སྟེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ། དེའི་ངང་ལས་རང་གི་སེམས་ཉིད་ཧྲཱིཿདམར་པོ་གཅིག་ཏུ་བསམ། དེ་ལས་འོད་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་འབྱུང་ཆེན་པོ་གཅིག་ཏུ་བསམ། དེའི་ནང་དུ་གཞལ་ཡས་ཁང་པདྨ་འདབ་མ་བཞི་དང་ལྡན་པ། གྲུ་ཆད་སྒོ་རྒྱན་དང་བཅས་པ། རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ཕྱི་ནང་མེད་པར་གསལ་བ་ཞིག་ཏུ་བསྒོམ། དེའི་དབུས་སུ་རང་གི་རིག་པ་ཧྲཱིཿདམར་པོ་གཅིག་ཏུ་གནས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དཔའ་བོ་དང་། དཔའ་མོ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿཡོངས་སུ་གྱུར་པ་ལས། བདག་ཉིད་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་གྲི་གུག །འོག་མ་རལ་གྲི །གཡོན་དང་པོ་ཐོད་ཁྲག །འོག་མ་ཁ་ཊྭཱཾ་ག །རུས་པའི་རྒྱན་གྱིས་བརྒྱན་པ། ཅུང་ཟད་ཁྲོ་ཚུལ་སྟོན་པ། ཞབས་པདྨའི་གདན་ལ་བཞུགས་པའི་ཕྱོགས་བཞི་ནས་མཁའ་འགྲོ་མ་བཞིས་བཏེགས་ནས་བཞུགས་པ། དེ་ཡང་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་སྟེ་དེ་རྣམས་ཀྱིས་ཕྱོགས་བཞི་ནས་འདེགས་པ་སྣང་བ་ཐམས་ཅད་དབང་དུ་བསྡུས་པར་བསྒོམ་མོ། །དེ་ནས་སྣང་བ་དབང་དུ་སྡུད་པའི་སྙིང་པོ་འདི་བཟླས་ཏེ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ། འགྲོ་བ་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་དབང་དུ་སྡུས་ཤིག་སྭཱ་ཧཱ། ཞེས་བཟླས་པས་སྔགས་ཀྱི་འོད་ཟེར་དམར་པོ་དང་བཅས་པ་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། འགྲོ་བ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབང་དུ་བསྡུས་ཏེ་ཐོད་པ་ཁ་སྦྱོར་ལ་བསྟིམ། ཡང་སྔགས་ཀྱི་འོད་ཟེར་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། ཟས་ནོར་གྱི་བཅུད་ཐམས་ཅད་བསྡུས་ནས་རིལ་བུ་ལ་བསྟིམ། ཡང་སྔགས་ཀྱི་འོད་ཟེར་གྱིས་ལྷ་འདྲེ་མི་གསུམ་གྱི་རྣམ་པར་ཤེས་པ་བཀུག་ནས་བ་མཁལ་གྱི་འཁོར་ལོ་ལ་བསྟིམ་མོ། །དེ་ནས་འཛབ་བསྟོད་བྱ་བ་ནི། དུས་གསུམ་བདེ་གཤེགས་ཡུམ་གཅིག་མ། །ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །ཞེས་པ་ལ་སོགས་པས་བསྟོད། རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ། །ཆོས་སྐུ་འགྱུར་མེད་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་ཌཱ་ཀི་མ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་ཌཱ་ཀི་མ། །འགྲོ་བ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ། །བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། སིདྡྷི་སིདྡྷི་ཧཱུྃ། ཞེས་པ་ལ་སོགས་པས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ཐུན་མཚམས་སུ་གཏོར་མ་བཏང་སྟེ། སྣོད་ཀ་པཱ་ལ་མཚན་དང་ལྡན་པར་གཏོར་མ་ཤ་ལྔ་བདུད་རྩི་ལྔས་བརྒྱན་པ་བཤམས་ནས། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུྃ་སརྦ་བུདྡྷ་ཌཱ་ཀི་ནཱི། མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི་ཡཻ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། མཁའ་འགྲོ་གསང་བ་ཡེ་ཤེས་མ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་མ། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ། །བྱིན་རློབ་བར་ཆད་སེལ་མཛད་མ། །དམ་རྫས་གཏོར་མ་འདི་ལོངས་ལ། །ཕྱི་ནང་བར་ཆད་བསྲུང་བ་དང་། །དངོས་གྲུབ་དགོས་འདོད་སྩོལ་བ་དང་། །གནོད་པའི་དགྲ་བགེགས་བསྒྲལ་བ་དང་། །རྣལ་འབྱོར་བསམ་པ་འགྲུབ་པར་མཛོད། །ཅེས་བརྗོད་ལ་གཏོར་མ་བཏང་ངོ་། །གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ། དུས་ཞག་ཉེར་གཅིག །ཟས་ནོར་འདུ་བ་ཆད་ན། གནས་དབེན་པར་སྒྲུབ་པ་ཞག་བདུན་བསྐྱར་ཞིང་། མེ་མཆོད་བྱེད་དགོས་པར་བཤད་དོ། །མཆན། དེ་ལྟར་ཉམས་སུ་བླངས་པའི་གྲུབ་རྟགས་ནི། རྨི་ལམ་དུ་བུད་མེད་མང་པོས་བདག་ལ་བཀུར་སྟི་བྱེད་པ་དང་། རང་ཉིད་ནམ་མཁའ་ལ་འགྲོ་བ་དང་། མི་མང་པོ་ལ་ཆོས་སྟོན་པ་དང་། རིན་པོ་ཆེའི་ཁང་པ་ན་འཚོགས་པ་དང་། གཏེར་གྱི་བང་མཛོད་ནས་ཆོས་ནོར་རྙེད་པ་དང་། ཉི་མ་ཤར་བ་ལ་འདུག་པ་དང་། དངོས་སུ་ཡང་འོད་དམར་པོ་ཡོང་བ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པོ་འོང་བ་དང་། མཁའ་འགྲོ་མ་དངོས་སུ་འོང་བ་དང་། བུད་མེད་ཆས་བཟང་རྣམས་ཀྱིས་ཟས་ནོར་སྟེར་བ་འོང་ངོ་། །དེ་ཚེ་དངོས་གྲུབ་ཀྱི་རིལ་བུ་ལ་དུད་པ་དང་། དྲི་འབྱུང་བ་དང་། མང་དུ་འཕེལ་བ་དང་། རོ་མཆོག་བཟང་དུ་སོང་བ་དང་། དེ་ལ་སོགས་པ་འོང་ངོ་། །དེ་ལྟར་རྟགས་ཐོན་ནས་གསང་བ་མེ་མཆོད་ལ་བརྟེན་ནས་ལས་སྦྱོར་བྱ་སྟེ། རྒྱ་ཤུག་གམ། ཙནྡན་གྱི་མེ་སྦར་ལ། དཀར་གསུམ་མངར་གསུམ། ཤ་དང་སྨན་བཟང་པོ་དང་། ཟས་དང་གོས་སོགས་སྲོ་ཤིག་མེད་པ་དང་། དར་ཟབ་དང་། སྣམ་བུ་དང་། རས་ལ་སོགས་པ་རྣམས་མེའི་ནང་དུ་མཁའ་འགྲོ་མ་འཁོར་བཅས་བསྐྱེད་ལ། སྒྲུབ་པའི་དམ་རྫས་དང་། ཟས་ནོར་གྱི་མཆོད་པས་མཉེས་པར་བསམ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས། བ་སུ་ནཱ་ནཱ་ཁ་དྷེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་མེ་མཆོད་བྱའོ། །དེ་ནས་གོང་གི་རྫས་རྣམས་མིས་མ་མཐོང་བར་བྱས་ལ། རང་འདུག་ན་རྟེན་ཁང་བཅས་ལ་སྦའོ། །འགྲོ་ན་རང་དང་མི་འབྲལ་བར་འཁྱེར་རོ། །བ་མཁལ་རང་གི་རྐེ་ལ་གདག །རིལ་བུ་འགའ་ཆང་དང་སྦྱར་ལ་བཏུང་། འགའ་མེ་མཆོད་དུ་འབུལ། འགའ་དབང་དུ་བྱ་བ་ལ་སྦྱིན་ནོ། །རང་གར་འགྲོ་ཡང་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་མ་བཞིས་བཏེག་པར་བསམ་ལ་འགྲོའོ། །སྣང་བ་ཐམས་ཅད་མཁའ་འགྲོ་མས་དབང་དུ་བསྡུ་བར་བསམ་མོ། །སྒྲུབ་ཐབས་འདིའི་མཎྜལ་ནི་གོ་སླ་བས་དཔེ་བྲི་མི་དགོས་ལ། མོ་ཐོད་ལ་བྲི་རྒྱུ། ཕོ་ཐོད་ལ་བྲི་རྒྱུ། དམ་རྫས་ཐོད་པ་ལ་འབྲི་རྒྱུ། བ་མཁལ་དུ་བཅུག་རྒྱུའི་ཕོ་འཁོར་མོ་འཁོར་གཉིས་ཀྱི་དཔེ་རིས་ནི་འདི་རྣམས་སོ།།་་་ཐོད་པ་དང་རིལ་བུ་རང་གར་འགྲོར་འཁྱེར་ཞིང་གཞན་གྱིས་མི་མཐོང་བར་བྱེད་པ་གལ་ཆེ། མཆན། བ་མཁལ་མའི་གཞུང་ཆུང་བཀའ་མ་དེའི་ཉམས་ལེན་གྱི་རིམ་པ་ཡང་འདི་དང་ཕྱོགས་མཐུན་ཞིང་། བ་མཁལ་གྱི་མལ་དུ་འཁོར་ལོ་ཟངས་ཀྱི་གའུའི་ནང་དུ་འཇུག་པར་བཤད་པའི་ཁྱད་པར་ཙམ་མོ། །བ་མཁལ་དང་འབྲེལ་བའི་ལས་ཕྲན་ནི། གཏོར་མ་ལ་བརྟེན་ནས་ནད་གདོན་བསལ་བ་ནི། ཟངས་གཞོང་དུ་གཏོར་མ་བཅས། ནད་པའི་གླུད་དྲི་མ་དང་བཅས་པ་གཞུག །རང་ཐུགས་རྗེ་ཆེན་པོར་གསལ་བས་ནད་པ་དང་གདོན་ལ་སྙིང་རྗེ་བསྒོམ། དེ་ནས་སྔགས་བཟླ་ཞིང་རྨ་བྱའི་སྒྲོས་ནད་པ་ལ་བྱབས་པས། ནད་ཐམས་ཅད་སྔོ་དམར་ནུ་རུ་རུ་ཐོན། གཏོར་མ་དང་གླུད་ལ་ཐིམ་པར་བསམ་ཞིང་གཏོར་མ་བཏང་ངོ་། །དྲག་གཏོར་བྱ་ན། ཁམ་ཕོར་དུ་གཏོར་མ་ཟུར་གསུམ་པ་བཅས། གཏོར་མའི་ནང་དུ་ལིངྒ་བཅུག་ནས། ཡུངས་དཀར་ཡུངས་ནག་ལ་སོགས་པས་བྲབ། དེས་ནི་བགེགས་དང་ནད་གདོན་གནོད་བྱེད་ཐམས་ཅད་རེངས་ཤིང་བརྒྱལ་བ་དང་འཆི་བར་འགྱུར་རོ། །གཏོར་མ་ལ་རྟེན་འབྲེལ་བརྩི་བ་ནི། གཏོར་མ་རྒྱན་ཅན་བཅས་ལ་བྱིན་བརླབ་བྱས་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས། གཏོར་མ་སྣོད་དང་བཅས་པ་བསྐྱུར་བས་སྣོད་མ་ཆག་མ་བུབས་ན་བཟང་བས་ནད་གདོན་གསོ་བར་ནུས་སོ། །དེ་ལས་བཟློག་ན་ངན་པས་གཞན་གྱི་རིམ་གྲོར་འགྲོ་བ་སྤང་ངོ་། །ཞེས་པའི་ལས་ཕྲན་གྱི་ཡི་གེ་འདི་དག་རྒྱལ་བ་དཀོན་མཆོག་ཡན་ལག་གི་གསུང་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ།། །།
ཉང་གཏེར་མགོན་དཀར་ཚེ་ཡི་བདག་པོའི་སྒྲུབ་ཐབས་དང་ཚེ་དབང་ (Volume 61, Text 43)
ཨཱོྃ་སྭསྟི། མཐུ་ཆེན་དཔལ་ལྡན་མགོན་པོ་ཆེ། །འཆི་མེད་བདག་པོར་རྣམ་རོལ་པ། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །དབང་བསྐུར་བཅས་པ་འདིར་བཤད་བྱ། །འདིར་མགོན་དཀར་ཚེའི་བདག་པོའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དུས་དང་གཟའ་སྐར་བཟང་པོ་ལ། སྟེགས་བུའི་སྟེང་དུ་རྡུལ་ཚོན་གྱི་པདྨ་འདབ་མ་བརྒྱད་པ་བྲི། དེའི་དབུས་སུ་མཉྫི་ལ་རིན་པོ་ཆེའི་བུམ་པ་ལྔ་ཚན་ལྔའི་བཅུད་ཀྱིས་བཀང་བ་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་གཟུངས་ཐག་དང་བཅས་པ་བཀོད། མདུན་དུ་དཔལ་གཏོར་ཉི་ཟླའི་རྒྱན་ཅན་ཚེའི་རིལ་བུས་བསྐོར་བ་དང་། གཡས་སུ་སྙིང་པོ་ལྔ་དང་སྦྱར་བའི་ཚེའི་རིལ་བུ། གཡོན་དུ་ཀ་པཱ་ལ་བདུད་རྩིས་གང་བ། རྒྱབ་ཏུ་མདའ་རྒོད་སྒྲོ་མ་དར་ལེ་བརྒན་དང་མེ་ལོང་བཏགས་པ་རྣམས་བཀོད། དེ་རྣམས་ཀྱི་མདུན་དུ་མཆོད་གཏོར་ཟས་བཟང་དགུས་བརྒྱན་པ་དང་། སྨན་རཀ་སོགས་མཆོད་པ་རྣམས་སྤྱི་དང་མཐུན་པར་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་དང་མགོན་པོ་རྩ་བའི་མཆོད་ཕྲེང་སྔོན་དུ་འགྲོ་བས། ཁྱད་པར་གྱི་མཆོད་རྫས་རྣམས་བྱིན་གྱིས་བརླབས་ལ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོའི་དབུས་སུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ཞབས་ཞུམ་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ལྷའི་གོས་ཀྱི་མགུལ་ཆིངས་དང་ལྡན་པའོ། །དེ་ལྟར་ཕྱི་བུམ་པའི་རྣམ་པ་ལ་ནང་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། པཾ་ལས་པདྨ་དང་ཨ་ལས་ཟླ་བ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་འཆི་མེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ་ཞལ་གཅིག་ཕྱག་བཞི་པ། དབུ་སྐྲ་དམར་སེར་འབར་བ། ཕྱག་གཡས་ཀྱི་དང་པོ་ན་ཚེའི་བུམ་པ་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་དང་། འོག་མ་ན་བདུད་བཞི་འཇོམས་པའི་རལ་གྲི་འཕྱར་བ། གཡོན་གྱི་དང་པོ་འཆི་མེད་ཀྱི་བདུད་རྩིས་གང་བའི་ཀ་པཱ་ལ་དང་། འོག་མ་ན་དུག་གསུམ་འཇོམས་པའི་ཁ་ཊྭཱཾ་ག་བསྣམས་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། འཁོར་ཚོགས་དུ་མས་བསྐོར་ཏེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསིལ་བ་ཚལ་ལ་སོགས་ཏེ་དུར་ཁྲོད་ཆེན་པོ་བརྒྱད་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧྲཱི༔ སྐྱེ་མེད་ཆོས་སྐུའི་དཀྱིལ་འཁོར་ནས༔ མི་བསྐྱོད་ཐུགས་རྗེའི་ཟེར་ལས་བྱུང༔ འཆི་བདག་དགྲ་ལས་རྣམ་རྒྱལ་བའི༔ ཚེ་དབང་མགོན་པོ་ཆེན་པོ་ནི༔ བྱིན་རླབས་དངོས་གྲུབ་མཆོག་སྩོལ་བ༔ ཁྱོད་ཀྱི་གནས་ལ་ངེས་མེད་ཀྱང༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ རབ་འཇིགས་དུར་ཁྲོད་བརྒྱད་སོགས་ནས༔ དགྱེས་ཤིང་མྱུར་བར་འདིར་གཤེགས་ཤིག༔ ཨཱོྃ་མ་ཧཱ་ཀཱ་ལ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་དབང་གི་ལྷ་སྤྱན་དྲངས། ཨཱོྃ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཧཱུྃ༔ དུག་གསུམ་ཉེས་པ་ཚར་བཅད་ནས༔ འཆི་མེད་ཚེ་ལ་དབང་སྒྱུར་ཞིང༔ རྣམ་དག་དབང་གི་ཕྲིན་ལས་མཛད༔ སྟོབས་ཆེན་མགོན་ལ་ཕྱག་འཚལ་ལོ༔ ཞེས་པས་ཕྱག་བྱ། མེ་ཏོག་བདུག་སྤོས་མར་མེ་དྲི༔ སྣང་གསལ་ཞལ་ཟས་རོལ་མོ་དང༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཕྱི་དང་ནང་གི་མཆོད་པ་འབུལ༔ ཀུན་རྟོག་སྤངས་པའི་བྱང་ཆུབ་སེམས༔ ཡེ་ཤེས་མཆོག་གི་དངོས་གྲུབ་རྫས༔ ཁམས་གསུམ་སྨན་གྱི་བཅུད་བསྡུས་པ༔ བདུད་རྩི་འདི་དག་བཞེས་སུ་གསོལ༔ རབ་ཡངས་གཡུལ་ལས་རྒྱལ་བའི་སྣོད༔ རོ་མཆོག་བཅུད་ལྡན་ཟས་ཀྱི་མཆོག༔ ཡི་གེ་ལྔ་ལས་བྱུང་བ་ཡི༔ བརྗིད་ལྡན་ལྷུན་པོ་རྫས་མཆོག་འདི༔ དམ་རྫས་ཀུན་གྱི་ནང་ནས་མཆོག༔ དཔལ་ལྡན་ཡེ་ཤེས་མགོན་པོ་ལ༔ གུས་པའི་བློ་ཡིས་འབུལ་ལགས་ན༔ རབ་ཏུ་ཚིམས་པར་བཞེས་སུ་གསོལ༔ ཨཱོྃ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིནྟ་ཁ་ཁ་ཁཱ་ཧི༔ ཞེས་བརྗོད། ཧྲཱི༔ དཔལ་ལྡན་མ་ཧཱ་ཀཱ་ལ་ནི༔ ཚེ་དབང་མགོན་པོ་སྤྲུལ་པའི་སྐུ༔ སྐུ་མདོག་དཀར་ཞིང་དྭངས་པ་ལ༔ སྐྲ་དང་སྨིན་མ་སྨ་ར་ཀུན༔ དམར་སེར་མེ་ལྕེ་ལྟ་བུར་འབར༔ ཞལ་གྱི་དཀྱིལ་འཁོར་ཁྲོ་འཛུམ་ལྡན༔ གསུང་གིས་ཚེ་ཛཔ྄་སྒྲ་རུ་སྒྲོག༔ ཕྱག་བཞིའི་གཡས་ཀྱི་དང་པོ་ན༔ གྲི་གུག་དང་ནི་འོག་མ་ཡིས༔ ཐོད་པ་བདུད་རྩིས་གང་བ་འཛིན༔ གཡོན་གྱི་དང་པོས་རྩེ་གསུམ་དང༔ འོག་མས་ཚེ་ཡི་བུམ་པ་འཛིན༔ སྐྱེ་འགྲོ་འཆི་བའི་འཇིགས་ལས་སྐྱོབ༔ པདྨ་ཉི་ཟླའི་གདན་སྟེང་ན༔ དཔའ་བོའི་འདུག་སྟངས་བརྗིད་པར་བཞུགས༔ རྒྱན་རྣམས་ཀུན་གྱིས་རབ་མཛེས་པ༔ སྣ་ཚོགས་དར་གྱི་ན་བཟའ་ཅན༔ ཚེ་དབང་མགོན་པོ་ཁྱོད་ལ་བསྟོད། །དམ་རྫས་གཏོར་མ་འདི་བཞེས་ལ༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྟོད། རང་གི་སྙིང་ག་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་འཕྲོས། བུམ་ལྷའི་ཐུགས་རྒྱུད་བསྐུལ། འཁོར་འདས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བདུད་རྩིའི་རྣམ་པར་བསྡུས་ནས་བུམ་ནང་གི་བཅུད་ལ་ཐིམ། བུམ་ལྷའི་སྐུ་ལས་ཀྱང་བྱང་སེམས་འཆི་མེད་ཀྱི་བདུད་རྩིར་བབས་པར་བསམ་ནས་གཟུངས་ཐག་ལ་འཇུས་ཏེ། ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་ཨཱ་ཡུརྫྙཱ་ན་སིདྡྷི་བྷྲཱུྃ༔ ཨཱོྃ་ཨ་མཱ་ར་ཎི་ཛཱི་བན་ཏི་ཡེ་སྭཱ་ཧཱ༔ ཞེས་པའི་བཟླས་པ་ཅི་ནུས་བྱ་ཞིང་། གྲངས་ཚད་ནི་འབུམ་ཕྲག་གཅིག་གོ །ཐུན་མཚམས་སུ་ཚེ་འགུགས་པ་ནི། ཧྲཱི༔ རྒྱ་གར་ཡུལ་གྱི་རྡོ་རྗེ་གདན༔ གཙུག་ལག་ཁང་ཆེན་ན་ལེནྡྲའི༔ སྲུང་མ་མགོན་པོ་ཐུགས་དམ་ཅན༔ བདུད་དཔུང་གཡུལ་ལས་རྒྱལ་མཛད་པ༔ འཆི་བདག་བདུད་ཀྱི་དཔུང་ཆོམས་ལ༔ བསྐལ་པ་སྟོང་དུ་ཚེ་སྲིངས་ཤིག༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་བྱ་རོག་གདོང༔ ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར༔ བདུད་དང་མུ་སྟེགས་ཀུན་ཆོམས་ལ༔ བླ་ཉམས་ཚེ་ཉམས་འདིར་ཁུག་ཅིག༔ འབར་མ་ནག་མོ་མཁའ་འགྲོའི་གཙོ༔ ནག་མོ་མི་བཟད་ཆོ་འཕྲུལ་ཅན༔ འཆི་བདག་བདུད་ཀྱི་དཔུང་ཆོམས་ལ༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ གཙང་རིགས་མགོན་པོ་སེང་གེའི་གདོང༔ མདོག་ནག་ལྕགས་ཀྱི་རལ་པ་ཅན། ཁ་གདངས་མཆེ་གཙིགས་སྤྱན་གསུམ་བགྲད༔ འཆི་བདག་བདུད་ཀྱི་དཔུང་ཆོམས་ལ༔ རྒྱལ་པོ་འགོང་པོའི་ལ་གནས་ཚེ་ཁུག་ཅིག༔ ཁྱབ་འཇུག་མི་བཟད་བྱ་རོག་གདོང༔ དྲག་རྩལ་མྱུར་མགྱོགས་ཕྲིན་ལས་བདག༔ འཆི་བདག་བདུད་ཀྱི་དཔུང་ཆོམས་ལ༔ སྡེ་བརྒྱད་འབྱུང་པོའི་ལག་ནས་ཚེ་ཁུག་ཅིག༔ ཅེས་ཚེ་འགུགས་བྱ་ཞིང་། ཚེ་དབང་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཅེས་འདོད་དོན་གསོལ་འདེབས་ཀྱང་བྱ། རང་ཉིད་སྒྲུབ་པ་ཉམས་ལེན་ཙམ་ཡིན་ན་སྐབས་འདིར་རྗེས་ཆོག་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། སློབ་མ་རྣམས་ཁྲུས་བྱས། བགེགས་བསྐྲད། ཆོས་བཤད་ཅི་རིགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། བླ་མ་དཀོན་མཆོག་དགོངས་སུ་གསོལ༔ སྐྱེ་འཆིའི་འཇིགས་པ་བསྒྲལ་བའི་ཕྱིར༔ བླ་མ་རྡོ་རྗེ་འཛིན་པ་ཆེས། །བདག་ལ་དབང་བསྐུར་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། འོ་ བུ་ཁྱོད་ལེགས་འོངས་ཚུར་ཉོན་ཅིག༔ སྲོག་གཅོད་སྡིག་པའི་ལས་སྤོངས་ལ༔ ཚེ་ཡི་དངོས་གྲུབ་ཐོབ་པར་བྱོས༔ ཞེས་གནང་བ་བྱིན་ནས། སློབ་མ་སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མགོན་པོའི་སྐུར་བསྐྱེད་གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གདན་ན་ལེནྡྲ་དུར་ཁྲོད་བརྒྱད་རྣམས་ནས་ཚེ་དབང་མགོན་པོ་འཁོར་དང་བཅས་པ་ཁ་ཆར་བབས་པ་བཞིན་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་ལ་མཛོད། སྙིང་པོའི་མཐར་ཨཱ་བེ་ཤ་ཡ་ཨ་ཨཱ་ཞེས་བཟླ་ཞིང་རོལ་མོའི་སྒྲ་དང་བཅས་པས་བྱིན་ཕབ། བླ་མ་མགོན་པོ་ཚེ་དཔག་མེད༔ ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཐུགས་རྗེ་མཆོག་གིས་རབ་གཟུང་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཞེས་གསོལ་བ་བཏབ་ནས། དབང་བསྐུར་བ་དངོས་ནི། བུམ་བསྐྱེད་ཀྱི་ལྷའི་དཔྲལ་བ་ནས་བདུད་རྩི་དཀར་པོའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། འཆི་མེད་རྡོ་རྗེ་སྐུའི་དབང་བསྐུར་ཐོབ་པར་མོས་མཛོད། བུམ་པ་སྤྱི་བོར་བཞག་སྟེ། ཨཱོྃ༔ བུམ་པ་ཟླུམ་པོ་གཞལ་ཡས་ཁང༔ ནང་ན་མགོན་པོ་ཚེ་དཔག་མེད༔ དཀྱིལ་འཁོར་ལྷ་ཚོགས་དབང་བསྐུར་བས༔ སྲོག་གཅོད་སྡིག་པ་ཀུན་དག་ནས༔ བསྐལ་པ་སྟོང་དུ་ཚེ་འཕེལ་ཤོག༔ ཨཱོྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་ཨཱོྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་བླུད། བུམ་བསྐྱེད་ཀྱི་ལྷའི་མགྲིན་པ་ནས་བདུད་རྩི་དམར་པོའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། འཆི་མེད་རྡོ་རྗེ་གསུང་གི་དབང་བསྐུར་ཐོབ་པར་མོས་མཛོད། ཐོད་པ་མགྲིན་པར་བཞག་ལ། ཨཱ༔ གསུང་མཆོག་མགོན་པོ་ཚེ་དཔག་མེད༔ མགོན་པོའི་གསུང་གི་དབང་བསྐུར་བས༔ བདུད་དང་མུ་སྟེགས་ཀུན་བཅོམ་ནས༔ གསུང་མཆོག་ཚེ་ཡི་དབང་ཐོབ་ཤོག༔ ཨཱཿམ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་ཨཱོྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་བདུད་རྩི་བླུད། བུམ་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་བདུད་རྩི་མཐིང་གའི་རྒྱུན་བྱུང་། ཁྱེད་རང་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། འཆི་མེད་རྡོ་རྗེ་ཐུགས་ཀྱི་དབང་བསྐུར་ཐོབ་པར་མོས་མཛོད། གཏོར་མ་སྙིང་གར་བཞག་ལ། ཧཱུྃ༔ ཐུགས་མཆོག་མགོན་པོ་ཚེ་དཔག་མེད༔ ཀ་དག་ཆོས་སྐུའི་རང་བཞིན་ལས༔ སྐྱེ་འཆི་མེད་པའི་ཚེ་དཔག་མེད༔ རིག་པ་ཆོས་སྐུའི་དབང་ཐོབ་ཤོག༔ ཧཱུྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་ཨཱོྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ བུ་ཁྱོད་མགོན་པོ་ཚེའི་བདག་པོའི་སྐུ་གསུང་ཐུགས་སུ་དབང་བསྐུར་པས། རང་རིག་སྐྱེ་འཆི་མེད་པའི་དོན་རྟོགས་ནས་འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིག །ཚེ་རིལ་ཟུར་དུ་བཅས་ན་དེ་ཉིད་དང་མེད་ན་གཏོར་མའི་རིལ་བུ་ཉིད་བྱིན་ལ། ཧཱུྃ༔ ཚེ་ཡི་དངོས་གྲུབ་སྙིང་པོ་ལྔ༔ རྩི་ཐོག་སྙིང་པོ་མར་ལ་བསྡུ༔ ཆུ་ཡི་སྙིང་པོ་ཚྭ་ལ་བསྡུ༔ འབྲུ་ཡི་སྙིང་པོ་ཆང་ལ་བསྡུ༔ མེ་ཏོག་སྙིང་པོ་སྦྲང་ལ་བསྡུ༔ ཤིང་གི་སྙིང་པོ་བུ་རམ་བསྡུ༔ སྙིང་པོ་ལྔ་ཡི་ཟས་བྱིན་པས༔ འབྱུང་བ་ལྔ་ཡི་ཚེ་འཕེལ་ཏེ༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ་པར་ཤོག༔ ཨཱ་ཡུཿཕ་ལ་སིདྡྷི་ཧཱུྃ༔ ཞེས་བྱིན་ནས་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཀོད་ལ། འོ༔ སྐལ་ལྡན་བུ་ཁྱོད་ང་ལ་ཉོན༔ འགྲོ་དྲུག་སེམས་ཅན་ཕ་མ་ཀུན༔ སྲོག་གཅོད་སྡིག་པའི་ལས་དག་ནས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨཱོྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ༔ ཞེས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པར་བསམ་མོ། །མེ་ཏོག་གཏོར་བཀྲ་ཤིས་བརྗོད། སློབ་མའི་རྗེས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་རྗེས་ཀྱི་ཆོ་ག་རྣམས་སྤྱི་ལྟར་བྱའོ། །འདིར་ནི་ད་ལྟའི་ལག་ལེན་བཞིན་བྱས་ཀྱི་འོན་ཀྱང་བདག་མདུན་དབྱེར་མེད་ཀྱི་ལུགས་སུ་སྒྲུབ་ན་ལེགས་པར་མངོན་ནོ། །མི་འ༵གྱུར་འཆི་མེ༵ད་ཚེ་སྲོག་དཔལ། །རྡོ༵་རྗེ༵འི་ཁམས་སུ་སྒྲུབ་བྱེད་ལམ། །ཉང་གཏེར་མགོན་པོའི་ཁྱད་པར་ཆོས། །སྙིང་པོ་བདུད་རྩིའི་ཐིག་ལེར་སྤེལ། །ཉང་གཏེར་མགོན་པོ་དཀར་པོ་ཚེའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 62, Text 43)
༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཡི་དམ་ཁྲོ་བོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྡེ་གསུམ་ནང་སྐོར་ཀློང་སྡེ། ྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ ངོ་བོ་སྟོང་པ་རྫོགས་སངས་རྒྱས༔ རང་བཞིན་གསལ་བ་དམ་པའི་ཆོས༔ སྣ་ཚོགས་སྤྲུལ་པའི་ཚོགས་མཆོག་ལ༔ དབྱེར་མེད་ཆེན་པོར་སྐྱབས་སུ་མཆི༔ ཨེ་མ་ཧོ་ཆོས་དབྱིངས་རྣམ་དག་ལས༔ སྒྲོ་བཏགས་མ་རིག་འཁྲུལ་པའི་འགྲོ༔ ཡེ་ཤེས་ཀློང་དུ་བསྒྲལ་བའི་ཕྱིར༔ ཁྱབ་བརྡལ་ཆེན་པོར་སེམས་བསྐྱེད་དོ༔ དམིགས་མཐའ་བྲལ་བའི་བདེ་གཤེགས་ལ༔ ཆོས་དབྱིངས་ཀློང་དུ་ཕྱག་འཚལ་ལོ༔ མེ་ལོང་ཀློང་དུ་མཆོད་པར་འབུལ༔ མཉམ་ཉིད་ཀློང་དུ་མ་ཤེས་བཤགས༔ མ་འདྲེས་ཀློང་དུ་རྗེས་ཡི་རང༔ འདོད་རྒུ་འབྱུང་བའི་ཆོས་འཁོར་བསྐོར༔ བདེན་པ་གཉིས་སུ་བཞུགས་སུ་གསོལ༔ གཉིས་མེད་དབྱིངས་སུ་འབྲས་ཐོབ་ཤོག༔ ཀློང་སྡེའི་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ མ་ནོར་ལས་ནི་སྒྲོ་བཏགས་ལུས༔ མ་བཅོས་དག་པའི་རྡོ་རྗེ་སེམས༔ སོ་མ་རང་གསལ་སྐུ་རུ་རྫོགས༔ ལྷུག་པར་གནས་པས་སྒྲིབ་གཉིས་སྦྱོང༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཀློང་སྡེའི་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ གསལ་ལ་མི་རྟོག་གཞི་ཡི་དབྱིངས༔ བདེ་བ་ཆེན་པོའི་ཚོམ་བུ་བཀོད༔ བདེ་སྟོང་དབྱེར་མེད་མཎྜལ་འདི༔ ལྷུན་གྲུབ་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ ཀློང་སྡེའི་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་རླབས་བྱང་བུ་བསྟན་པ་ནི༔ མ་ནོར་གདོད་མའི་བླ་མ་ལ༔ མ་བཅོས་གསལ་རྫོགས་གསོལ་བ་འདེབས༔ བསམ་འདས་དབྱིངས་སུ་དག་པར་མཛོད༔ བརྗོད་མེད་རྟོགས་པར་བྱིན་གྱིས་རློབས༔ ཀློང་སྡེའི་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་རླབས་བྱང་བུ་ནི༔ རཾ་ཡཾ་ཁཾ༔ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་པ་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པཱ་དྱཾ༴ དེ་བཞིན་དུ། པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཡེ་ཤེས་ལྔ་ཡི་འོད་ཟེར་ལས༔ འབྱུང་ལྔ་དག་པ་ཡུམ་ལྔའི་མཁར༔ དུག་ལྔ་རྣམ་དག་གཞལ་ཡས་ཁང༔ ཡེ་ཤེས་རྩལ་རྫོགས་རྒྱན་གྱིས་སྤྲས༔ ཚོགས་བརྒྱད་དག་པ་དུར་ཁྲོད་བརྒྱད༔ འགྱུར་མེད་སྲུང་འཁོར་ཀུན་ལ་ཁྱབ༔ ཡེ་ནས་དག་པའི་ངང་དུ་རྫོགས༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དངོས་གཞིའི་རྟེན་བསྐྱེད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བརྟེན་པ་ལྷ་བསྐྱེད་ཁྱད་པར་ནི༔ གཉིས་སུ་མེད་པའི་ལྟ་བ་ཀློང་ཡངས་ལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་པར་རྫོགས༔ ཀུན་ནས་གསལ་བ་གང་དུའང་མི་གནས་ཤིང༔ ཕྱོགས་ཀུན་ལ་ནི་ཞལ་ཕྱག་ཐལ་ལེར་གསལ༔ དེ་ཉིད་ཟུང་འཇུག་ཡེ་ཤེས་གཟུགས་ཀྱི་སྐུ༔ བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་རྒྱལ་པོ་དཔལ་ཆེན་མངོན་རྫོགས་ནི༔ སྨུག་ནག་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ དབུས་ཞལ་མཐིང་ནག་བདུན་ནི་རྔམ་པའི་ཚུལ༔ གཡས་ཞལ་དཀར་བདུན་གཡོན་ཞལ་བདུན་དམར་རྣམས༔ འཛུམ་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན༔ རྩ་བའི་ཕྱག་བརྒྱད་དང་པོས་གྲི་ཐོད་འཛིན༔ དེ་འོག་ཞིང་ཁམས་དང་ནི་འཇིག་རྟེན་འཛིན༔ གསུམ་པས་འདོད་ཁམས་གཟུགས་ཁམས་ཐིག་ལེར་འཛུད༔ ལྷག་མ་ལྔ་རྣམས་འབྱུང་ལྔ་ཕྱག་མཚན་ལྔ༔ ཡན་ལག་ཕྱག་བརྒྱས་གྲི་ཐོད་འཛིན་པ་འོ༔ དཔལ་ཆེན་རྔམ་པ་དུར་ཁྲོད་རོལ་པའི་ཆས༔ རྡོ་རྗེའི་གཤོག་བརྒྱངས་ཞབས་ནི་སྐྱིལ་ཀྲུང་བཞུགས༔ པང་དུ་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ རྡོ་རྗེ་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད༔ ཀུན་གཞི་བདེ་གཤེགས་སྙིང་པོའི་ངོ་བོར་གསལ༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཁྲག་འཐུང་བརྒྱད༔ ཞལ་གསུམ་ཕྱག་དྲུག་དཔལ་དང་དུར་ཁྲོད་ཆས༔ གཡས་པ་རྣམས་ཀྱིས་རང་རྟགས་ཕྱག་མཚན་དང༔་་་བུདྡྷ་ཧེ་རུ་ཀཿལ་མཚོན་ན་གཡས་གསུམ་འཁོར་ལོ་གསུམ། གཡོན་གསུམ་དུང་ཁྲག་གསུམ་འཛིན་པ་སྟེ་དེས་འགྲེས་སོ། །གཡོན་པས་དུང་ཁྲག་འཛིན་པས་ཡུམ་དང་འཁྲིལ༔ གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས་སུམ་བརྒྱ་དྲུག་ཅུ་དགུ༔ འཇིག་རྟེན་མ་མོ་བདུན་བརྒྱ་ལ་སོགས་གསལ༔ ཡེ་ཤེས་ཆེན་པོའི་འཁོར་ལོའི་ཕྱི་ཁྱམས་སུ༔ བྱང་སེམས་ཐེག་དམན་རང་རྒྱལ་ཉན་ཐོས་དང༔ ལྷ་མི་འཇིག་རྟེན་སྐྱོང་བའི་གཟུགས་ཀུན་གསལ༔ བར་སྣང་ཁོར་ཡུག་རིག་འཛིན་རྩལ་འཆང་དང༔ སྟེང་དུ་རྡོ་རྗེ་དབྱིངས་དང་ཕྱོགས་མཚམས་ལ༔ ཕྱི་རྒྱུད་སྡེ་གསུམ་ལྷ་ཚོགས་ཚོམ་བུར་ཤར༔ དངོས་གཞིའི་ལྷ་བསྐྱེད་ཁྱད་པར་རོ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིཾ་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཟླས་པ་ཛཔ྄་ཀྱི་དགོངས་པ་ནི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འབར་བའི་ཀློང་ནས་ཅིར་ཡང་སྣང༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགགས་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ དཔལ་གྱི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དང་སྙིང་པོའི་ཡང་སྙིང་ནི༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འཁོར་གྱི་ལྷ་སྔགས་སྤྲོས་འདོད་ན༔ གུད་དུ་གསལ་ལས་ཤེས་པར་བྱ༔ ནང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ྄༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ གསལ་བའི་དབྱིངས་སུ་སྤྲུལ་པ་རྣམས༔ མི་རྟོག་པ་ཡི་ངང་ལ་གཞག༔ བདེ་བ་ཆེན་པོར་ལྷུན་གྲུབ་སྟེ༔ དབྱེར་མེད་ངང་དུ་མངོན་པར་རྫོགས༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་ཡི་དམ་ཁྲོ་བོ་འདུས་པ་ཆེན་པོའི་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་འདིའང་། རབ་བྱུང་བཅུ་བཞི་པའི་མེ་སྟག་དབྱུག་པ་ཟླ་བའི་ཡར་ངོར་གཏེར་གནས་པདྨ་ཤེལ་གྱི་ཕུག་པར། ༧སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་དང་ཁོ་བོ་ཅག་ལྷན་ཅིག་པར་བོད་ཁམས་བདེ་ཐབས་སུ་བདུད་རྩི་སྨན་གྱི་ཚོགས་སྒྲུབ་མདོར་བསྡུས་ཙམ་ཞིག་བགྱིས་པའི་སྐབས་ཉེར་མཁོའི་ཆེད། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བསྒྲིགས་པའི་ཡི་གེ་པ་ནི་མཁན་ཆེན་བླ་མ་པདྨ་མ་ཏིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།
གཙུག་ལག་གཏོ་བཅོས་རྒྱ་ནག་གི་གཏིང་རྫོགས་འཁོར་ལོའི་ཞལ་ཤེས་ (Volume 42, Text 43)
གཙུག་ལག་གཏོ་བཅོས་རྒྱ་ནག་གི་གཏིང་རྫོགས་འཁོར་ལོའི་ཞལ་ཤེས་བཞུགས། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཁོར་ལོའི་སྔགས་དང་ཡི་གེ་ཐམས་ཅད་དབུ་ཆེན་གཟབ་ཆུང་ལེགས་པར་བྲི་ཞིང་མུ་ཁྱུད་མ་ཆད་པ། རྩིབས་ཀྱི་རྩེ་མོ་མུ་ཁྱུད་ལ་མ་ཐུག་ཙམ་བྲི། འཁོར་ལོའི་རེ་མིག་ནང་དུ་བྱི་བ་གླང་སྟག་སོགས་ལོ་སྐོར་བཅུ་གཉིས་ཀྱི་མིང་ཡོད་པར་གཟུགས་འགྲོས་བྲི་དགོས་པ་འཁོར་ལོ་དང་པོ་དང་གཉིས་པ་བཞིན་ནོ། །དྲི་བཟང་གིས་བྱུག །རྟག་སྒྲིལ་བྱས་ལ་ཚོན་སྐུད་སྣ་ལྔས་བཅིངས། ༈ ཕོ་མོ་གཉིས་པོ་སྲོག་མཐུན་ན། །ཚེ་རིང་གཅིག་སྐྲ་གཅིག་གིས་འཐུ། །གཅིག་གི་གཉེར་མ་གཅིག་གིས་འདྲེན། །ཤིན་ཏུ་འགྲོགས་ཡུན་རིང་བ་ཡིན། །ལུས་མཐུན་བུ་ཚ་འཕེལ་བ་སྟེ། །མལ་གང་ཤི་ཆད་མེད་པ་ལ། །དབང་པོ་སྐྱོན་མེད་བཞིན་ལེགས་སྐྱེ། །དབང་མཐུན་ནོར་རྫས་ལོ་ཕྱུགས་འཕེལ། །ལག་པ་མི་ལ་མི་ལྡང་ཞིང་། །ཟས་ནོར་ཕུན་སུམ་ཚོགས་པ་འོ། །ཀླུང་མཐུན་མི་ཁ་བྱམས་པ་སྟེ། །ཕྱི་མི་ནང་མི་ཐམས་ཅད་བྱམས། །ལྷག་པར་ཡ་རབས་གོང་མས་སྐྱོང་། །ནོར་ནི་རྟ་དང་བོང་བུ་འཕྲོད། །སྲོག་ནི་མི་མཐུན་འགྲོགས་ཡུན་ཐུང་། །ཚེ་ཐུང་ནད་མང་བྱར་མི་བཏུབ། །སྲོག་བསྐྱེད་འཁོར་ལོ་སྐྱེས་པར་འདོགས། །སྲོག་སླུ་མཚུན་གསོ་དུར་སྲི་མནན། །འཆི་སླུ་ཚེ་ཆོག་སྲོག་མཁར་འཛུག །ཁྱད་པར་སྐྱེས་པ་གཤེད་བཞི་ལོ། །སྲོག་གུད་དར་དམར་མཚལ་གྱིས་ནི། །སྔགས་བྲིས་མེ་ཤེལ་ལུས་ལ་བཅང་། །བྱ་སྤྲེལ་གུད་ན་དར་སེར་ལ། །གསེར་རམ་ཡུང་བས་སྔགས་བྲིས་ལ། །མ་ཉམས་གསེར་བཅས་རྐེ་ལ་བཏགས། །བྱི་ཕག་གུད་ན་དར་དཀར་ལ། །ར་དཀར་འོ་མ་དུང་བཏབ་པས། །སྔགས་བྲིས་ཁྲོ་ལྕགས་ལུས་ལ་བཅང་། །སྟག་ཡོས་གུད་ན་དར་སྔོན་ལ། །ཆུ་ཤེལ་སྣག་ཚས་སྔགས་བྲིས་ལ། །མཆན་ཁུང་གཡས་སུ་བཅང་བར་བྱ། །རྟ་སྦྲུལ་གུད་པར་གྱུར་པ་ན། །དར་ལྗང་ཤིང་གི་ཐང་ཆུ་ཡིས། །སྔགས་བྲིས་རྒུན་འབྲུམ་སྙིང་གར་བཅང་། །རུས་སྦལ་རང་སྐད་སྔགས་འདི་ཡིན། །ཨོཾ་ཨཱཿཧཱུྃ་ཧྲཱིཿསྲོག་ཐ་ཏྲི་ཡར་སྐྱེད་ལཾ་ལཾ་ཡལ་ཡལ་བྲུཾ་ནྲྀ་སྐྱེད། ལུས་མི་མཐུན་ན་མི་མོ་མང་། །མི་ཐུབ་གཅོང་ཅན་ནད་གཞི་ཅན། །བུ་ཚ་དབང་པོ་སྐྱོན་ཅན་ཡོང་། །ལུས་སྐྱེད་འཁོར་ལོ་མོ་ལ་བཅང་། །ལུས་གསོའི་རྟེན་འབྲེལ་ཆོ་ག་དང་། །སྲིད་བཅོས་སྲིད་མཁར་འཛུག་སོགས་བྱ། །གོས་མདོག་རང་ལུས་མ་དང་བསྟུན། །རྒྱ་ཤོག་གསེར་རམ་མཚལ་གྱིས་ནི། །སྔགས་བྲིས་གོས་ཀྱི་གོང་བར་བཅུག །ཧཱུྃ་བྷྲཱུྃ་ཧྲཱིཿཏྲཾ་ཡལ་སྐྱེད་མེ་རཾ་ཏྲཾ་ཡལ་བྲུཾ་ཡར་སྐྱེད། དྲག་པོ་མདོ་བཞི་སྒྲོག་ན་བཟང་། །དབང་ཐང་མི་མཐུན་ནོར་མི་ཆགས། །ཕྱི་ནས་གསེར་གྱི་སྦྲམ་རྙེད་ཀྱང་། །ནང་དུ་ས་རྡོ་བོང་བར་འགྲོ །དབང་ཐང་སྐྱེད་པའི་གཏོ་ཆོག་བྱ། །གཡང་འགུགས་ནོར་ལྷའི་རྟེན་འཛུགས་ཤིང་། །ཚོགས་གསོག་སྦྱིན་པ་རྒྱ་ཆེན་གཏོང་། །དབང་སྐྱེད་འཁོར་ལོ་ཆུ་གཏོར་གཏོང་། །རྣམ་སྲས་གཏོར་སྒྲུབ་ནོར་རྒྱུན་སྒྲོགས། །དབང་མེ་ཡིན་ན་ཙནྡན་དང་། །ལྕགས་ལ་བྱང་བུ་ཤིང་ཡིན་ན། །རང་སྤར་ཤིང་བྱང་ཆུ་ཆུ་ཤེལ། །ས་རྡོ་དག་ལ་སྔགས་བྲིས་ཏེ། །ལུས་བཅང་རང་སྐད་འདི་བཞིན་ཏེ། ཨོཾ་སྤེལ་སྤེལ་ཡལ་ཡལ་དཾ་དཾ་རཾ་སྤུངས་རཾ་སྤུངས་འདུ་འདུ་ཧེ་ཧེ་འདུས། གཙུག་ཏོར་འབར་བའི་གཟུངས་ཀྱང་འདོན། །ཀླུང་རྟ་མི་མཐུན་མི་ཁ་སྡང་། །སྟོར་བརླག་ཁ་སྨྲས་རྟག་ཏུ་འོང་། །ལེགས་པ་བདག་གིས་བྱས་གྱུར་ཀྱང་། །ངོ་སོ་གཞན་གྱིས་བྱེད་པ་འོང་། །རླུང་བསྐྱེད་འཁོར་ལོ་ཕོ་ལ་བཏགས། །རླུང་རྟ་དགྲ་ཟློག་མི་ཁ་སྒྱུར། །དགྲ་མནན་ལམ་ཟམ་གསོས་ན་ཕན། །རླུང་རྟ་གང་ཡིན་མ་ཡི་དར། །མཚལ་དང་འོ་མ་བསྲེས་པ་ལ། །རིན་ཆེན་སྣ་ལྔའི་ཕྱེ་བཏབ་པས། །སྔགས་བྲིས་སྤྱི་བོར་འཛུག་པར་བྱ། ཨོཾ་ཨཱཿཧཱུྃ་ཧོ་ཧེ་སྟག་སེང་ཁྱུང་འབྲུག་འདི་ཡར་སྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོ།
དཔལ་རྟ་མགྲིན་བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་སྒྲུབ་ཐབས་མན་ངག་གི་ཤོག་དྲིལ་ (Volume 25, Text 43)
༄༅༔ དཔལ་རྟ་མགྲིན་བདེ་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་སྒྲུབ་ཐབས་མན་ངག་གི་ཤོག་དྲིལ་བཞུགས་སོ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ སྒྲུབ་པའི་ཐབས་འདི་ལ་དོན་བཅུ་སྟེ༔ དང་པོ་གནས་ཁང་དུ་བསྒྲུབ་པ་ནི༔ ས་གཞི་ལ་གནས་པའི་བགེགས་བསྐྲད་ཅིང༔ སྲུང་འཁོར་གང་ཡང་རུང་བ་བསྒོམ༔ རང་ཉིད་རྟ་མགྲིན་ཡབ་ཡུམ་དུ་བསྐྱེད་ལ༔ གནས་གསུམ་བྱིན་གྱིས་བརླབས་ནས༔ བདག་བསྐྱེད་བརྟན་པའི་སྙིང་པོ་ཉེར་གཅིག་བརྗོད་ཅིང༔ དེ་ནས་སྟོང་པའི་སྔགས་བརྗོད་པས་སྟོང་པར་བསམ་ལ༔ དེའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང༔ དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད༔ ཉི་ཤུ་རྩ་བཞིའི་གནས་དང་བཅས་པ་བསྐྱེད་ལ༔ དེའི་རྒྱབ་ཏུ་སྲུང་འཁོར་རིམ་པ་ལྔ་ནི༔ རྡོ་རྗེའི་ས་གཞི་དང་གུར་ཁང༔ དེའི་རྒྱབ་ཏུ་གྲི་གུག༔ དེའི་རྒྱབ་ཏུ་དགྲ་སཏྭ༔ དེའི་རྒྱབ་ཏུ་མདུང་རྩེ་གསུམ་པ༔ དེའི་རྒྱབ་ཏུ་མེ་རི༔ དེའི་རྒྱབ་འོབས་བདུན༔ དེ་ལྟར་བསྐྱེད་ལ༔ དེ་ནས་རང་གི་ཧཱུྃ་དང་ཧྲཱིཿལས་འོད་ཟེར་འཕྲོས་པས་གནས་ཁང་ལ་ཕོག༔ རང་གི་གནས་འདི་ཨུ་རྒྱན་གྱི་གནས་མཆོག་ཆེན་པོ་གྱུར་པར་བསམ་ལ༔ བརྟན་པའི་སྙིང་པོ་ཉེར་གཅིག་བརྗོད་ལ་བརྟན་པར་བསམ༔ དུར་ཁྲོད་བདག་པོ་འཁོར་དང་བཅས༔ དུར་ཁྲོད་གནས་འདིར་བྱིན་གྱིས་རློབས༔ དེ་ནས་མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད་པས་ཨུ་རྒྱན་གྱི་གནས་དངོས་སུ་གྱུར་པར་བསམ་ལ་ཡང་སྙིང་པོ་བཏོན༔ བདག་བསྐྱེད་ནི་གཞུང་དང་མཐུན༔ སྐྱབས་འགྲོ༔ སེམས་བསྐྱེད༔ ཚོགས་ཞིང༔ དེ་ནས་བདག་བསྐྱེད་དེ་ཡེ་ཤེས་སེམས་དཔའ་སྤྱན་དྲངས༔ དབང་བསྐུར་དབུ་བརྒྱན༔ ཡང་བདག་བསྐྱེད་བརྟན་པའི་སྙིང་པོ་བདུན༔ དེ་ནས་མཆོད་རྫས་བྱིན་རླབས་བྱེད་ཅིང༔ རྟེན་གཏོར་གྱི་བགེགས་བསྐྲད་པ་གལ་ཆེ་བས་ནས་ནག་དང་ཡུངས་དཀར་ལྕགས་ཕྱེ་དང༔ རྡོ་ཕྱེ་བསྔགས་ལ་བགེགས་བསྐྲད་ལ་བྲབས༔ གུ་གུལ་སྤོས་དཀར་སོགས་ཀྱི་དུད་པས་བདུག༔ དེ་ནས་གུར་ཁང་བསྒོམ་ཞིང་ལྷ་བསྐྱེད༔ དཀྱིལ་འཁོར་བསྐྱེད༔ བདག་འཇུག་བྱེད་ན་བུམ་པ་གཉིས༔ རས་བྲིས་ཡོད་ན་དགྲམ༔ གང་ཡང་མ་འཕྲོད་ན་རྟེན་གཏོར་ལ་རས་བྲིས་གཅིག་བཀོད༔ དེ་ནས་མཆོད་རྫས་བསངས་ལ༔ ནས་ཚོམ་དུ་ལྷ་བསྐྱེད་ལ་མཆོད་བསྟོད་ནི་རྟེན་གཏོར་གྱི་ལྷ་དང་ཕྱོགས་གཅིག༔ ནས་ཚོམ་ཡེ་ཤེས་པ་དེ་ཡང་རྟེན་གཏོར་ལ་བསྟིམ༔ འོག་མིན་གྱི་གནས་ཡིན་པར་བསམ་ལ་རྟེན་གཏོར་ལ་ཐང་གསུམ་བསྟིམ༔ དམ་ཚིག་པ་རང་ལ་བསྡུ༔ དུས་དྲུག་དང་དུས་བཞི་གང་འཕྲོད་ལ་རིག་འཇུག་བྱེད༔ དེ་ནས་ཐུགས་ཁྲིད་དགོས་པའི་དོན་བཅུ་ཡོད་པ་ལ་དང་པོ་སྐྱབས་འགྲོ་སེམས་བསྐྱེད་དུས་ཀྱང་ཐུགས་ཁྲིད༔ ཚོགས་ཞིང་དུས་ཀྱང་ཐུགས་ཁྲིད༔ བགེགས་བསྐྲད་པའི་དུས་ཀྱང་ཐུགས་ཁྲིད༔ སྤྱན་དྲང་བའི་དུས་དང༔ ཕྱག་འཚལ་བའི་དུས་དང༔ མཆོད་པའི་དུས་དང༔ བསྟོད་པའི་དུས་དང༔ བསྐུལ་བའི་དུས་དང༔ དབུ་བརྒྱན་པའི་དུས་དང༔ གཤེགས་པའི་དུས་དང༔ ཐུགས་ཁྲིད་དགོས་པའི་དོན་བཅུ་ཡིན༔ ཐུགས་ཁྲིད་ཟེར་བ་ཡང་ལྷ་ཀུན་དུས་གཅིག་ལ་ཁྲ་ལམ་གྱིས་དྲན་པ་དེ་ཡིན༔ དེ་ཡང་དམ་ཚིག་གི་ཆོས་བཅུ་དེ་བསྒྲུབ་དགོས་པས་གལ་ཆེ༔ དེ་བཅུ་མ་བསྒྲུབ་ན་སྐུ་གསུང་ཐུགས་འགྲུབ་མི་སྲིད་པས༔ དེ་ལ་དང་པོ་སྣང་བ་སྐུའི་ཁྱེར་སོ༔ གྲགས་པ་སྒྲའི་ཁྱེར་སོ༔ དྲན་རྟོག་ཐུགས་ཀྱི་ཁྱེར་སོ༔ དེ་གསུམ་དང་མ་བྲལ་བ་གལ་ཆེ༔ དེ་ཡང་གཟུགས་མཐོང་ཚད་ནི་ཡི་དམ་ལྷའི་ང་རྒྱལ་དང་ཡིན་པར་བསམ་ལ་མོས་པ་བསྐྱེད༔ སྒྲ་གང་ཚོར་ཚད་ཐམས་ཅད་ནི་རང་གི་སྔགས་ཀྱི་སྒྲ་ཡིན་པར་བསམ་ལ་མོས་པ་བསྐྱེད༔ ཅི་དྲན་པ་ཐམས་ཅད་ཀྱང་ཡི་དམ་ལྷ་ཡི་ཐུགས་དགོངས་རང་གི་རིག་པའི་ཡེ་ཤེས་ཡིན་པར་བསམ་ལ༔ བསྐྱེད་རྫོགས་ཟུང་འཇུག་བྱེད་པ་གལ་ཆེ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ཡིན༔ བཟའ་བའི་དམ་ཚིག༔ བསྲུང་བའི་དམ་ཚིག༔ མི་སྤང་བའི་དམ་ཚིག༔ སྤྱོད་པའི་དམ་ཚིག༔ ཤེས་པར་བྱ་བའི་དམ་ཚིག༔ བསྟེན་པར་བྱ་བའི་དམ་ཚིག༔ བྱང་ཆུབ་སེམས་ཀྱི་དམ་ཚིག་དང་བཅུ༔ ད་བཟའ་བའི་དམ་ཚིག་ནི་མཆོད་པའི་ལས་ལ་བརྩོན་པའོ༔ མར་ཐུག་ཀྱང་ཁ་ཟས་དང་མི་འབྲལ༔ བསྲུང་བའི་དམ་ཚིག་ནི་ཡོ་གའི་སྤྱི་ཆིངས་ཡིན་པས༔ ཡོ་ག་མ་ཉམས་པ་བསྲུང་དགོས་ཟེར་བ་ཡིན༔ མི་སྤང་བའི་དམ་ཚིག་ནི༔ ལུས་ལྷའི་དམ་ཚིག་དང་མི་འབྲལ༔ ངག་སྔགས་ཀྱི་དམ་ཚིག་དང་མི་འབྲལ༔ སེམས་ཆོས་ཉིད་དང་མི་འབྲལ༔ ལྷ་སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི༔ མནར་མེད་དམྱལ་བར་འགྲོ་ཞེས་པས༔ སྐད་ཅིག་ཀྱང་མི་འབྲལ་བ་དམ་ཚིག་ཡིན་པས་བསྲུང་བ་གལ་ཆེ༔ ད་སྤྱོད་ལམ་གྱི་དམ་ཚིག་ནི༔ ལངས་པ་དང་ལྷ་དྲན་པའི་དུས་མཚུངས༔ ལྷའི་ང་རྒྱལ་གྱིས་ལངས༔ ཡང་གོམ་པ་སྤོ་བ་དང་ལྷ་དྲན་པའི་དུས་མཚུངས་ལྷའི་ང་རྒྱལ་དང་མི་འབྲལ་བར་འགྲོ༔ སྡོད་པ་དང་ལྷ་དྲན་པ་དུས་མཚུངས༔ ཉལ་བའི་དམ་ཚིག་ནི་ཐམས་ཅད་རང་ལ་བསྡུས་ནས་རྫོགས་རིམ་གྱི་ངང་ལ་ཉལ༔ འཕྲད་པའི་དམ་ཚིག་ནི༔ མི་དང་འཕྲད་པ་དང༔ ལྷ་དྲན་པ་དུས་མཚུངས༔ གཏམ་པའི་དམ་ཚིག་ནི་ཅི་གཏམ་ཡང༔ དང་པོ་ལྷ་དེ་དྲན་དགོས༔ དེ་ནས་ལྷ་དང་མི་འབྲལ་བའི་ངང་ལ་གཏམ༔ མཐོང་བའི་དམ་ཚིག་ནི་ཅི་མཐོང་ཡང་དང་པོ་རང་ལུས་དེ་ལྷ་ཡིན་པ་དྲན་པར་བྱེད༔ དེ་ནས་གང་མཐོང་དེ་ལྷ་ཡིན་པར་བསམ༔ མཆོད་པའི་དམ་ཚིག་ནི་ཅི་མཐོང་ཐམས་ཅད་ལྷ་དེ་དྲན་པར་བྱེད་ལ་མཆོད༔ སྤྱོད་པའི་དམ་ཚིག་ནི༔ ༜ ཤེས་པར་བྱ་བའི་དམ་ཚིག་ནི༔ དོན་ཐམས་ཅད་མ་ནོར་བར་ཤེས་དགོས༔ ཤེས་བཞིན་དེ་བསྲུང་དགོས༔ བསྟེན་པའི་དམ་ཚིག་ནི༔ བསྒྲུབ་པའི་རྫས་དང༔ དམ་ཚིག་གི་རྟེན་རྡོ་རྗེ་དྲིལ་བུ་དང༔ ཐང་སྐུ་དང༔ ཐོད་པ་དང༔ ཁ་ཊྭཱཾ་དང༔ ཌཱ་མ་རུ་དང༔ རང་བྱུང་གི་རཀྟ་དེ་རྣམས་ཀྱང་འཆང་དགོས༔ དམ་ཚིག་རྟེན་ཡིན༔ སྐུ་ལྔའི་རྟེན༔ གསུང་ལྔའི་རྟེན༔ ཐུགས་ལྔའི་རྟེན༔ ཡོན་ཏན་ལྔའི་རྟེན༔ ཕྲིན་ལས་ལྔའི་རྟེན༔ རིན་པོ་ཆེ་ལྔ༔ འབྲུ་ལྔ༔ སྙིང་པོ་ལྔ༔ སྨན་ལྔ༔ སྤོས་ལྔ༔ ཤ་ལྔ༔ བདུད་རྩི་ལྔ༔ ཤ་སྣ་བརྒྱ༔ ཁྲག་སྣ་བརྒྱ༔ དཀར་གསུམ་མངར་གསུམ༔ དར་སྣ་ཚོགས་དང༔ སྟག་གཟིག་གུང་གསུམ་རྒྱན་སྣ་ཚོགས་དང༔ མཆོད་པའི་ཚོགས་དཔག་ཏུ་མེད་པ་ནི༔ མཆོག་གི་སྒྲུབ་རྫས་ཡིན༔ ཡང་དྲག་པོའི་སྒྲུབ་རྫས་ནི༔ ལྕགས་ཕྱེ་རྡོ་ཕྱེ་དང༔ མི་རྒོད་ཀྱི་ཁྲག་དང༔ གུ་གུལ་དང༔ གླ་རྩི་དང༔ ཤིང་ཀུན་དང༔ དུག་སྣ་ཚོགས་དང༔ ཏིལ་ནག་དང༔ སྲན་མ་དང༔ གྲི་ལྕགས་ཐལ་ཆེན་རྨ་བྱ་དང༔ ཤ་ཆེན་དང་ཚིལ་ཆེན་དང༔ ཞི་བའི་སྒྲུབ་པ་ལ་ནི་དྲག་རྫས་མི་དགོས༔ དམ་ཚིག་ཆོས་སྐོར་གྱི་སྒྲུབ་པ་དངོས་གཞི་ཡིན༔ ཞི་རྒྱས་དབང་དྲག་ཀུན་དང་མཐུན༔ ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད༔ གང་འདོད་ལས་ལ་སྦྱར་བར་བྱ༔ སྒྲུབ་ལུགས་གསུམ་ནི༔ སྐུའི་སྒྲུབ་པ༔ གསུང་གི་སྒྲུབ་པ༔ ཐུགས་ཀྱི་སྒྲུབ་པའོ༔ དེ་ལ་གང་བསྒྲུབ་ཀྱང་ཡི་དམ་གཞུང་ལྟར་བསྐྱེད་ལ༔ སྐུའི་སྒྲུབ་པ་ལ་དང་པོ་ལུས་བྱིན་རླབས་དེ་སྔ་བས༔ སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་མ་སོ་གསུམ༔ དབུས་སུ་ཨ་ལས་ཟླ་བའི་སྟེང་ན་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ༔ ཡུམ་སངས་རྒྱས་སྤྱན་མ་དང་སྦྱོར་བ་དམིགས་ལ༔ གཉིས་ཀའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྣམ་པར་སྣང་མཛད་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བ་ཞིག་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ༔ མཆོད་ནས་ཡེ་ཤེས་པ་དམ་ཚིག་སེམས་དཔའ་ལ་ཐིམ་ནས་གཉིས་ཀ་འོད་དུ་ཞུ་ནས་སྤྱི་གཙུག་ཏུ་ལུས་ལ་ཐིམ་པས་སྐུའི་དངོས་གྲུབ་ཐོབ་པར་བསམ་ལ༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ཐང་གསུམ་བརྗོད་ལ་བརྟན་པར་བསམ༔ དུས་དྲུག་ལ་དེ་ལྟར་བྱའོ༔ གསུང་གི་སྒྲུབ་པ་ནི༔ མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན༔ རྩ་འདབ་མ་བཅུ་དྲུག་གི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པ་དེའི་དབུས་སུ་ཛྲིཾ་ལས་པདྨ་ཛྲིཾ་གྱིས་མཚན་པ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ༔ ཡུམ་གོས་དཀར་མོ་དང་ཞལ་སྦྱོར་བ་གཉིས་ཀའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ དེ་ནས་སྙིང་གའི་ཧཱུྃ་ལས་འོད་ཟེར་དམར་པོ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣང་བ་མཐའ་ཡས་ཀྱི་ཆ་ལུགས་སུ་གྱུར་པར་བསམ་ལ༔ མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་ལ་མཆོད་དོ༔ དམ་ཚིག་པ་ལ་ཐིམ་ནས་གཉིས་སུ་མེད་པ་འོད་དུ་ཞུ་ནས༔ མགྲིན་པ་ནས་ལུས་ལ་ཐིམ་པས༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་ལན་གསུམ་བརྗོད་པས་བརྟན་པར་བསམ༔ ཡང་སྙིང་ག་ན་རྩ་འདབ་མ་བརྒྱད་ཀྱི་དབུས་ན་ཉི་མའི་གདན་སྟེང་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྔོན་པོ་འཕྲོས་པས་འཕགས་པ་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་དག༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་མཱ་མ་ཀཱི་སྔོན་མོ་དང་སྦྱོར་བ་གཉིས་ཀའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མི་བསྐྱོད་པར་གྱུར་པར་བསམ་ལ༔ མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་མཆོད་པས༔ ཡེ་ཤེས་པ་དམ་ཚིག་པ་ལ་ཐིམ་ནས་གཉིས་ཀ་འོད་དུ་ཞུ་བས་སྙིང་ག་ནས་རྩ་རྒྱུད་ལ་ཐིམ་པས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ༔ རྩ་སྔགས་རང་རང་གི་སྔགས་ཀྱིས་བརྟན་པར་བྱ༔ ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ༔ ཨཱོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཕཊ༔ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ལན་གསུམ་གྱིས་བརྟན་པར་བསམ་ལ༔ ཡང་རང་གི་སྙིང་ནང་གི་ཧཱུྃ་དེ་དྲན་པར་བྱས་ལ༔ སྔགས་ལན་གསུམ་གྱིས་གཡོན་ཕྱོགས་སུ་དྲག་ཏུ་འཁོར་བར་བསམ༔ འཁོར་བ་ལས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བས་རྟེན་གཏོར་གྱི་ལྷ་ཚོགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ དང་པོ་ཡབ་ཡུམ་ཧཱུྃ་དང་ཧྲཱིཿལས་འོད་ཟེར་སྔོན་པོ་དམར་པོ་གཉིས་འཕྲོས༔ དེ་ནས་འཁོར་རྣམས་དང་ཀུན་གྱི་ས་བོན་ལས་འོད་ཟེར་རིགས་ལྔའི་ཁ་དོག་ཕྱོགས་བཅུ་ན་འཕྲོས་པས་འཕགས་པ་མཆོད༔ ཡང་གཅིག་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས༔ གཞལ་ཡས་ཁང་དུ་གྱུར༔ ཡང་གཅིག་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་ནད་དང་གནོད་པ་སྡིག་སྒྲིབ་དག་ནས༔ རྟ་མགྲིན་ཡབ་ཡུམ་གྱི་སྐུ་ཁོ་ནར་གྱུར་པར་བསམ་ལ༔ དེ་རྣམས་ཀྱང་རང་ཅི་ལྟར་བཏོན་པ་བཞིན་དུ་ཀུ་ཏི་རི་རི་བཏོན་པར་བསམ༔ ཡང་ཡང་དེ་ལྟར་བྱེད༔ མར་ཐུག་ཀྱང་དུས་དྲུག་ལ་བཞག་པའི་དུས་སུ་རང་གིས་ལྷར་གསལ་བཏབ་ལ༔ འོད་ཟེར་སྔར་བཞིན་ཐང་གསུམ་སྤྲོས་ལ༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་ལྷར་གྱུར་པར་བསམ་ལ་ཀུ་ཏི་རི་རི་བཏོན་པར་བསམ༔ དེའི་འོད་ཟེར་དང་བྱིན་རླབས་རྣམས་ཚུར་ལ་འདུས་ཤིང་ལྷ་བཞི་ལ་ཐིམ༔ ལྷ་བཞི་ཡང་ཡབ་ཡུམ་གྱི་ཐུགས་ཀའི་ཧཱུྃ་དང་ཧྲཱིཿལ་ཐིམ་པར་བསམ་ལ༔ ཞི་བའི་ལས་ནི་ཉི་མ་ཤར་བའི་དུང་ལྟར་ལྷ་རང་ཉིད་སྐུ་མདོག་དཀར་པོ༔ རྒྱན་ཆ་ལུགས་ཐམས་ཅད་ཀྱང་དཀར་པོ་བསྐྱེད་ལ༔ དཔྲལ་བར་ཨཱོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས་པས་ལྷ་ཚོགས་རྣམས་ཀྱང་དཀར་བའི་ཆ་ལུགས་དཀར་པོ་སྤྱན་དྲངས༔ དེ་ནས་རང་ལ་བསྟིམ༔ དབང་བསྐུར་དབུ་བརྒྱན༔ རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཀར་པོ་ཞིག་ཕྱོགས་བཅུ་ན་འཕྲོས་པས་ཕྱི་སྣོད་ལ་ཕོག་པས་ཞིང་ཁམས་སུ་གྱུར༔ ཡང་འཕྲོས་ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་སྐུ་མདོག་དཀར་པོ་ཞི་བའི་ལྷ་ཚོགས་སུ་གྱུར་པ་རང་ཅི་ལྟར་བཏོན་པ་བཞིན༔ ཐམས་ཅད་ཀྱིས་ཞི་བའི་སྔགས་བཏོན་ཅིང་ཞི་བའི་ལས་བྱེད་པར་བསམ༔ དེའི་ངང་ལ་རྩ་སྔགས་ཀྱི་ཤམ་དུ་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སྔགས་ཀྱང་དཀར་པོ་ཟླུམ་སྐོར་དུ་འཁོར༔ ཡང་ནད་དང་གདོན་ཞི་བར་འདོད་ན༔ ཨོཾ་ཧྲཱིཿཧ་ཧ་སོགས་ཚང་བ༔ དེ་ནས་ནད་དང་གནོད་པ་རྐྱེན་དང་བར་ཆད་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཡང་ཚེ་དང་བསོད་ནམས་རྒྱས་པར་འདོད་ན༔ ཉི་མ་དྲོས་ཆེན་དང་སྤྲད་ཅིང༔ རང་སྐུ་མདོག་སེར་པོ་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབ༔ དབང་བསྐུར་དབུ་བརྒྱན༔ སྔགས་ཤམ་ལ་ཚེ་དང་བསོད་ནམས་རྒྱས་པ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་པས་སེམས་ཅན་ཐམས་ཅད་རྒྱས་པའི་ལྷ་ཚོགས་སྐུ་མདོག་སེར་པོར་གྱུར་པས༔ རྒྱས་པའི་སྔགས་བཏོན་ཅིང་རྒྱས་པའི་ལས་སྒྲུབ་པར་བསམ་ལ་རང་གིས་བཏོན༔ དེ་ནས་བཞག་པའི་དུས་ཕྱི་སྣོད་ནང་བཅུད་ཀུན་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ ནམ་མཁའ་ལྟ་བུ༔ རི་བོ་ལྟ་བུ༔ ཉི་ཟླ་ལྟ་བུ༔ རྒྱ་མཚོ་ལྟ་བུ༔ ཡིད་བཞིན་གྱི་ནོར་བུ་ལྟར་གང་བར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ དེ་ནས་དྲག་པོ་ནི༔ གྲུ་གསུམ་དྲག་པོའི་གཞལ་ཡས་ཁང༔ དེའི་དབུས་སུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་ན༔ འཇིགས་བྱེད་ཕོ་མོ་བསྣོལ་བའི་སྟེང་ན༔ ཧཱུྃ་སྨུག་ནག་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་རང་ཉིད་རྟ་མགྲིན་ཡབ་ཡུམ་སྐུ་མདོག་དམར་སྨུག་རྔམ་བརྗིད་ཅན༔ རྒྱན་དང་ཆ་ལུགས་གཞུང་ལྟར་བསྐྱེད༔ འཁོར་རྣམས་ཀྱང་དེ་འདྲ་བ་བསྐྱེད་ལ༔ དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་བསམ་ལ༔ སྤྱན་དྲང་བ་ནི༔ དུར་ཁྲོད་འཇིགས་སུ་རུང་བའི་གཞལ་ཡས་ནས༔ བཅོམ་ལྡན་རྟ་མགྲིན་ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ༔ དེ་ནས་ཕྱག་དང་པཱུ་ཛ་བྱེད་ལ༔ རང་ལ་བསྟིམ༔ དབང་བསྐུར༔ དབུ་བརྒྱན༔ རང་གི་ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱི་ཡིག་འབྲུ་ནག་པོ་གཡོན་དུ་འཁོར་བར་བསམ་ལ༔ གཡོན་ཕྱོགས་སུ་དྲག་ཏུ་འཁོར་བ་དེ་ལས་འོད་ཟེར་འཕྲོས་པས་གནོད་བྱེད་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ཤིང་ཚར་བཅད༔ ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་དྲག་པོའི་ལྷ་ཚོགས་སུ་གྱུར་པར་བསམ་ལ༔ རང་གིས་ཅི་ལྟར་བཏོན་པ་བཞིན་ལྷ་རྣམས་ཀྱིས་བཏོན་པར་བསམ་ལ༔ བརྒྱའམ་སྟོང་གང་ཚར༔ རང་ལ་ཆོ་འཕྲུལ་དང་གནོད་པ་བྱུང་ན༔ གནོད་བྱེད་ཨེ་ཛཿཧཱུྃ་བཾ་ཧོ༔ ཨེ་ཏྲིག་ནན༔ ཧུར་ཐུམ་ཛཿགནོད་བྱེད་མཱ་ར་ཡ་རྦད༔ ཟློག་ཟློག༔ བྷྱོ་བྷྱོ༔ སྡེ་བརྒྱད་དབང་དུ་བསྡུ་བར་འདོད་ན༔ རང་གི་ཐུགས་ཀའི་ཧཱུྃ་དེ་ལས་འོད་ཟེར་དམར་ནག་ལྕགས་ཀྱུའི་ཚུལ་འཕྲོས་པས༔ བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་ལ་ཕོག་པས༔ ཤིང་ལོ་རླུང་གིས་སྐྱོད་པ་བཞིན་དུ་སྲོག་སྙིང་བསྡུས་ནས་བཅོམ་ལྡན་འདས་ལ་ཕུལ་ནས་བཀའ་སྒྲུབ་པར་བསམ༔ བྷནྡྷའི་གཞལ་ཡས་ཁང་གི་ཁ་ནས་ལངས་ནས་བཀའ་ཉན་ཅིང་ཕྲིན་ལས་སྒྲུབ་པར་བསམ༔ དེ་ལྟར་ལན་མང་དུ་བྱ་གསུངས་སོ༔ མན་ངག་གནད་ཀྱི་ཡིག་ཆུང་ཞེས་བྱ་བ་རྫོགས་སོ༔ སརྦ་མངྒ་ལཾ༔ ༔
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྔོན་གཏོར (Volume 34, Text 43)
ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་ཕག་མོའི་རྩ་སྔགས་ལན་གཅིག་བརྗོད་པས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཨེ་པདྨ་སུརྻ་ཏི་ར་བཾཿ ཆོས་འབྱུང་པད་ཉི་རོའི་གདན་གྱི་སྟེང་དུ་སཿཡིག་ལྗང་གུ །སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃཿ འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ལས་བྱེད་ཀྱི་མཁའ་འགྲོ་མ་ཀརྨ་དྷཱ་ཀི་ནཱི་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག །གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། ཁྲོ་ཞིང་གཏུམ་པའི་ཉམས་ཅན་ཁྲོ་མོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར། ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཕཊཿ བརྒྱ་རྩ་བཟླས་མཐར། ཁྲོ་མོ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། བདག་གནས་ཡོ་བྱད་རྣམས་ལ་བསང་ཆུས་གཏོར་བཞིན་སྔགས་བརྗོད་དོ། ལས་རྡོར་ནས་དཀར་བགེགས་ལ་བསང་ཆུས་བྲན། ལས་སྔགས་ཀྱིས་བསང་། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀ་རོ་བཏགས་པ་ལན་གསུམ་གྱིས་བསྔོས་ལ། རྡོར་དྲིལ་འཛིན་བཞིན། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་བརྗོད་མཐར་དཀར་གཏོར་གསེར་སྐྱེམས་མཆོད། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ། བགེགས་གཏོར། རཾ་ཡཾ་ཁཾ་གིས་སྦྱང་། འབྲུ་བཞིའི་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿདང་ལྕགས་ཀྱུའི་ཕྱག་རྒྱས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། དྲིལ་ཆོག་གམ་རྔ་ཆོག་གང་རུང་གིས་བཀའ་བསྒོ་ནས་རིམ་གྱིས་གཏང་བར་བྱའོ། །ཞེས་པའང་ཉེར་མཁོའི་ཆེད་དུ་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །།
འཇམ་དཔལ་དུག་གདོང་ནག་པོའི་གཅིག་ཆོག་གསུམ་གྱི་གདམས་པ་ (Volume 18, Text 43)
འཇམ་དཔལ་དུག་གདོང་ནག་པོའི་གཅིག་ཆོག་གསུམ་གྱི་གདམས་པ་བཞུགས་སོ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་དང་། །གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །སྣང་གྲགས་ཆོས་རྣམས་རང་བཞིན་མེད་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་ཕྱིར་བདག་ནི་གཤིན་རྗེ་གཤེད་གྱུར་ནས། །དེ་རྣམས་སངས་རྒྱས་ས་ལ་འགོད་པར་བྱ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །ལན་གསུམ། ཨེ་ཡ་བྷྱོཿ ཧ་ལ་སྣ་ཚོགས་ལས་གྲུབ་རྡོ་རྗེའི་མཁར། །གྲུ་བཞི་མེ་འབར་དུག་རླངས་སྤྲིན་ལྟར་གཏིབས། །དེ་དབུས་བདག་མདུན་དམ་ཡེ་དབྱེར་མེད་པ། ཁྲོ་ཆུ་དུག་གདོང་མཐིང་ལྗང་དམར་བའི་ཞལ། །དབུ་གསུམ་མཆོད་རྟེན་གསུམ་ནང་རིགས་གསུམ་མགོན། །ཕྱག་དྲུག་གཡས་གཡོན་དགྲ་སཏྭ་ཙིཏྟ་བསྣམས། །རབ་འཇིགས་ཁྲོ་བོའི་ཆས་རྫོགས་གཤོག་པ་གདེངས། །སྐུ་སྐེད་ཆུ་སྲིན་རྔམས་ཞལ་སྦྲུལ་ཆུན་འཕྱོ། །སྐུ་སྨད་གནམ་ལྕགས་ཕུར་པས་བྱད་མ་གཟིར། །གསང་ཡུམ་དུག་ཏི་ནག་མོ་ཕྱག་བཞི་མ། །རལ་གྲི་ལྕགས་ཀྱུ་ལྕགས་སྒྲོག་ཐོད་ཁྲག་འཛིན། ཁྲོ་བོའི་ཆས་རྫོགས་ཡབ་ཡུམ་གཉིས་མེད་སྦྱོར། །འཆི་བདག་ཚེ་བདག་སྲོག་བདག་བེཝ་སྭ་ཏ། །ཟ་བ་ལྗང་དམར་ཆོས་རྒྱལ་དྲུག་གིས་བསྐོར། །ཐུགས་ཀར་ཡ་ཧཱུྃ་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །ནད་གདོན་གནོད་བྱེད་ཐམས་ཅད་ཚར་བཅད་ནས། །སངས་རྒྱས་སྲས་བཅས་ཀུན་གྱི་བྱིན་རླབས་དང་། །འགྲོ་བའི་ཚེ་བསོད་དྲེགས་པའི་མཐུ་སྟོབས་ཀུན། །འོད་ཟེར་རྣམ་པར་བསྡུས་ནས་བདག་ལ་བསྟིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར། དུ་ཏྲི་ཡ་མ་རཱ་ཛ། ཡ་མ་རཀྵ། ཀྲོ་ཏ་པ་ཙ་ལ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཛ། ཡ་མ་རཱ་ཛ་ས་མ་ཡ་ཛཿཛཿ ཞེས་བཟླའོ། །སྲུང་དམིགས་ནི། ཐུགས་ཀའི་ཧཱུྃ་ནང་བསྲུང་བྱ་མཐའ་དག་ཚུད། །ཡ་དང་ཧཱུྃ་ལས་འོད་ཟེར་ཁྲོ་ཆུང་འཕྲོས། །རྒྱལ་བའི་བྱིན་རླབས་དྲེགས་པའི་མཐུ་ནུས་བསྡུས། །བདག་དང་བསྲུང་བྱ་གུར་ཁང་རྣམས་ལ་ཐིམ། །བྱད་མའི་སྲུང་འཁོར་ཕྱི་སྣོད་འབྱུང་བཅུད་བསྡུས། །སྲུང་འཁོར་ལ་ཐིམ་སྲ་མཁྲེགས་མི་འགྱུར་བརྟན། །བྱད་མའི་ཚེ་བསོད་སྲོག་གི་དྭངས་མ་དང་། །རང་གི་བླ་ཚེ་འཁྱམས་དང་ཁྱེར་བ་རྣམས། །འོད་ཟེར་ཛཿདམར་གྱིས་བསྡུས་བདག་ལ་ཐིམ། །སྐྱེ་འཆི་འགྱུར་མེད་རྡོ་རྗེའི་སྐུ་རུ་གྱུར། །རྩ་སྔགས་ཤམ་བུར། རུ་རུ་རཀྨོ་རཀྴ་མ་བྷྱོ་ཛཿཛཿ ཞེས་ཡུམ་སྔགས་དང་། མ་མ་ནྲྀ་བྷྲཱུྃ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཅེས་བཟླས་སོ། །ཟློག་དམིགས་ནི། སྤྱི་གཙུག་མཆོད་རྟེན་གསུམ་གྱི་ནང་དུ་ནི། །རྟ་མགྲིན་བྱ་ཁྱུང་གཤིན་རྗེའི་གཤེད་ནག་པོ། །སྤྱི་བོར་འཆར་ཀ་མགྲིན་པར་མྱོས་བྱེད་འབར། །སྙིང་གར་ཕྱག་རྒྱ་ཟིལ་གནོན་གསང་གནས་སུ། ཁ་ཐུན་ནག་པོ་དཔུང་གཡས་ཁྲག་མཚོ་ཁོལ། །དཔུང་གཡོན་རལ་པ་ཚར་དགུ་ལུས་ཀྱི་ལྷ། །སྐུ་ལས་རང་འདྲའི་ཁྲོ་ཆུང་དཔག་མེད་སྤྲོས། །བྱད་མ་ལྷར་བཅས་གཡུལ་ངོ་ཕར་བཟློག་ཅིང་། ཁྲོ་ཆུང་ཐོག་སེར་མཚོན་ཆའི་སྒྱོགས་ཆེན་གྱིས། །བྱད་མའི་ལྷ་སྲུང་མཚོན་ཆ་བསྐལ་མེ་དང་། །དུག་རླངས་གནམ་ལྕགས་བྱད་མའི་སྟེང་དུ་བརྒྱབས། །མྱོས་དང་བསྲེག་བྱས་ཁྲོ་ཆུང་ཚུར་འདུས་ཏེ། །ཞལ་ཕྱིར་གཟིགས་ཏེ་སྲུང་ཟློག་ལས་མཛད་གྱུར། །ཛཿཡིག་དམར་པོས་ཚེ་བསོད་ནྲྀ་ལྗང་ཕྲོགས། །རང་ལ་བསྟིམས་ཤིང་བྱད་མའི་ལས་སྒྲིབ་དང་། །གཤིན་རྗེ་ཁྲོས་པས་འབྱུང་བ་རྣམ་པར་འཁྲུགས། །མཚོན་ཆ་སྣ་ཚོགས་ཆུ་རླབས་ལྟར་ཁོལ་བས། །བྱད་མ་ལྷར་བཅས་རྡུལ་དུ་བརླག་པར་གྱུར། །བསྙེན་སྔགས་ལ་ཡུམ་སྔགས་བཏགས་ཏེ། དུ་ཏྲི་ཡ་མ་རཱ་ཛ། ཡ་མ་རཀྴ་ཀྲོ་ཏ་པ་ཙ་ལ་ཏི་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནྲྀ་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བཟླས་སོ། །ཅེས་པ་ཀརྨ་ཆགས་མེད་པའི་གཅིག་ཆོག་གསུམ་གྱི་གདམས་ངག་ཁ་བསྐངས་པ་འདི་ཡང་རྒྱལ་ཁམས་པ་ཚེ་དབང་ཀུན་ཁྱབ་ཀྱིས་སོ།། །།
བླ་མ་ནོར་བུ་རྒྱ་མཚོ་ལས༔ ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་ཆར་འབེབ་ཞལ་ཤེས་དང་བཅས་པ་ (Volume 51, Text 43)
༁ྃ༔ བླ་མ་ནོར་བུ་རྒྱ་མཚོ་ལས༔ ཌོམྦྷི་ཧེ་རུ་ཀའི་ལུགས་ཀྱི་ཆར་འབེབ་ཞལ་ཤེས་དང་བཅས་པ་བཞུགས་སོ༔ ན་མོ་གུ་རུ༔ ཌོམྦྷི་ཧེ་རུ་ཀ་རྒྱ་གར་ན་བྱོན་པའི་དུས༔ ཐན་པ་ཆེན་པོ་བྱུང་ནས་སེམས་ཅན་ཉེན་འདུག་པས༔ སེམས་ཅན་དོན་ལ་དགོངས་ནས་བྱོན་ཏེ་ཀླུ་རྒྱལ་མ་དྲོས་པ་ལ་ཞུས་པ༔ ཛམ་བུའི་གླིང་ན་ཐན་པ་ཆེན་པོ་བྱུང་སྟེ༔ ལོ་ཉེས་འདུག་པས་དེའི་དོན་ལ་བདག་འདིར་མཆིས་ལགས་པས༔ ཆར་འབེབ་པ་ཚིག་ཉུང་ལ་དོན་མྱུར་བའི་གདམས་པ་ཞིག་ཞུས་པས༔ ཀླུ་རྒྱལ་མ་དྲོས་པས་གནང་བའོ༔ དེ་ལ་རྫས་དང༔ སྔགས་དང༔ བྱ་ཐབས་གསུམ༔ རྫས་བག་ཟན་ནམ་སྤྲ་ཚིལ་ལ་སྦལ་གཟུགས་བྱས་ལ༔ རྒྱབ་ལ་རེ་བ་ནག་པོས་གཡོགས༔ མཚལ་གྱིས་ཁ་མིག་དམར་ཧུར་བྱས་ལ༔ དེའི་སྙིང་གར་ཤིང་ལེབ་གཅིག་ལ་ནཱ་ག་ཕུཿམཛེ་ཁྲག་གིས་བྲིས་ལ་འཇུག༔ སེང་ལྡེང་ངམ་སྐྱེར་པའི་ཕུར་པ་བྱས༔ ཚོན་སྐུད་སྣ་ལྔའི་གཟུངས་ཐག་བྱས་ལ༔ སོར་གཅིག་བཏབ་ན་དྲག་ཆར་འབེབ༔ སོར་གཉིས་བཏབ་ན་སེར་བ་འབེབ༔ སོར་གསུམ་བཏབ་ན་ཐོག་བྲུལ༔ སྔགས་ནི༔ ཨོཾ་ཆར་ཆར༔ བླ་བླ༔ ཐིབ་ཐིབ༔ ཟིལ་ཟིལ༔ ཧུར་ཐུཾ༔ ཕྲོཾ་ཕྲོཾ༔ ཤར་ཤར༔ ཕོབ་ཕོབ༔ དེ་ནས་ཆུ་མིག་མགོར་རྫིང་སྐྱིལ་སྦལ་པ་བཅུག༔ གཡམ་པ་མིག་ཕུག་ནས་ཁ་བཅད༔ གཟུངས་ཐག་མིག་ནས་དྲངས་ཏེ༔ སྔགས་ཆུ་བོ་ལྟར་རྒྱུན་མ་ཆད་པར་བགྲང༔ རྫའམ་ཟངས་སུ་ཆུ་བླུག༔ སྦལ་པ་བཅུག༔ ཁ་བཅད་དོ༔ མི་ཕེབས་མི་སྲིད་དོ༔ ཆར་འབེབ་རིན་པོ་ཆེ་རྫོགས་སོ༔ ༈ ན་མོ་བུདྡྷ་ཡ༔ རཱ་ཧུ་ལའི་སྒོ་ནས་ཆར་འབེབ་པ་འདི་ལ༔ སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་ནི་ཆུ་མིག་བཟང་པོ་ཀླུ་གནས་པའི་མགོར་ཕུར་བུ་བཙུག་པ་དང༔ དམིགས་པ་དྲག་པོས་ཀླུ་གཟིར་བ་དང༔ རས་སམ་ཤོག་བུ་ལ་རཱ་ཧུ་ལའི་གཟུགས་ཞལ་གསུམ་མཆེ་བ་གཙིགས་པ༔ ཁྲོ་གཉེར་སྤྱན་གསུམ་དང་ལྡན་པ་ལ་དབུ་སྐྲ་གྱེན་དུ་བརྫེས་པ༔ ཕྱག་གཉིས་ཀྱིས་ཆུའི་རྒྱ་མཚོ་ཐོགས་པ༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་བ༔ དེའི་ལྟེ་བར་འཁོར་ལོ་རྩིབས་དྲུག་པའི་ལྟེ་བ་ནག་པོ་ལ་བྷྱོ་དང༔ རྩིབས་མཆན་རྣམས་ལ་ཞལ་གྱི་ཕྱོགས་ནས་རིམ་པར་ར་དང་ཛ་དང་ཕུས་དང་ཏ་ཡར་དང་ནོན་དང་འདུས་དང་ཞེས་པ་དང༔ མུ་ཁྱུད་ལ་རྩ་སྔགས་སམ་ཡེ་དྷརྨཱ་སྤེལ་ཚིག་དང་བཅས་པ་བྲིས་ཏེ་རབ་ཏུ་གནས་པ་དང་བསྟིམ་པ་སོགས་བྱའོ༔ སྤྲ་ཚིལ་ལ་རུ་སྦལ་གྱི་གཟུགས་བྱས་པའི་སྙིང་གར་ཕུཿབྲིས་ལ་བཞག༔ དེ་སྟོང་པའི་ངང་ལས་ཀླུ་མཐའ་ཡས་སུ་བསྐྱེད༔ དགུག་གཞུག་བྱས་ལ་དེའི་སྙིང་ཁར་སེང་ལྡེང་ངམ་སྐྱེར་པའི་ཕུར་པ་སོར་བཞི་པའི་སོར་གཅིག་ཙམ་ནུབ་པར་བྱས་པའི་རྩེ་མོར་གཟུངས་ཐག་ལ༔ གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པའི་དབུས་སུ་ཕུག་པའི་ནང་དུ་གཟུངས་ཐག་དྲངས་ལ༔ རྫས་སོགས་བཅུག་ལ་གཡམ་པས་ཁ་བཅད་ལ་ཆུ་མགོར་རྫིང་བསྐྱིལ་བའི་དབུས་སུ་གཞུག་གོ༔ གཉིས་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་བྱས་ལ༔ སྟོང་པའི་ངང་ལས་རང་ཉིད་ཕྱག་རྡོར་རམ་གང་མོས་སུ་བསྐྱེད༔ ལག་པ་གཡས་པས་འཁོར་ལོ་བསྐོར་ཞིང༔ གཡོན་པས་གཟུངས་ཐག་བཟུང་ལ༔ ངག་ཏུ༔ ཨོཾ་ཕུས་ཏ་ཡར་ནན་འདུས་འདུས་ནག་པོ་ལ་བྷྱོ༔ ཨོཾ་ཆར་ཆར་བླ་བླ་ཐིབ་ཐིབ་ཟིལ་ཟིལ་ཧུར་ཐུཾ་ཕྲོཾ་ཕྲོཾ་ཤར་ཤར་ཕོབ་ཕོབ་ཧ་ཟུར་ཐུམ་རིལ་ནན་ཐུཾ་སྭཱ་ཧཱ༔ ཞེས་བཟླས་པས༔ སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ནས་སོང་བས་མཐའ་ཡས་བསྐུལ་ཏེ༔ དེའི་སྙིང་ག་ནས་འོད་འཕྲོས་པས་ས་བདག་ཐམས་ཅད་བསྐུལ་ནས་ཆར་ཆེན་པོ་འབབ་པར་བསམ་མོ༔ ཡང་སྔགས་དང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་གྱི་རཱ་ཧུ་ལ་བསྐུལ་ཏེ༔ དེ་ཉིད་ནམ་མཁའ་ལ་སོང་ནས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བསྐུལ་ཏེ༔ ཆར་ཕབ་པར་བསམ་ཞིང༔ མིའི་ཚིག་གིས་བར་མ་ཆོད་པར་ཐུན་བྱས་ལ་སྔགས་བཟླའོ༔ གཞན་ཡང་དཀོན་མཆོག་ལ་མཆོད་གཏོར་ཕུལ་ལ་གསོལ་བ་གདབ་པ་དང༔ འབྱུང་པོ་སྤྱི་དང་ཁྱད་པར་དུ་ཀླུ་ལ་གཏོར་མ་བྱིན་ནས་ཆར་དབབ་པའི་ལས་བཅོལ་ལོ༔ དེ་ལྟར་བྱས་པས་རབ་དེ་ནུབ༔ འབྲིང་ཞག་གསུམ༔ ཐ་མའང་ཞག་བདུན་ནས་ཕེབ་ངེས་སོ༔ གསུམ་པ་ནི༔ དཀོན་མཆོག་དང་ཆོས་སྐྱོང་ལ་མཆོད་གཏོར་རྒྱ་ཆེན་པོ་ཕུལ༔ ཀླུ་དང་ས་བདག་ལ་གཏང་རག་ཆབ་གཏོར་གཏང༔ འཁོར་ལོ་དང་རུས་སྦལ་གྱིི་ཡེ་ཤེས་པ་གཤེགས༔ དགེ་བ་བསྔོ༔ བཀྲ་ཤིས་བརྗོད༔ ཞག་གསུམ་དུ་མ་བབ་ན་སྤོགས་ཆོག་ཞལ་ཤེས་བཞིན་བྱས་ན་འབབ་ངེས་སོ༔ ཕེབ་མི་ཕེབ་ཀྱི་རྨི་ལམ་བརྟག་པ་ནི༔ མེ་འབར་བ་དང༔ འབྲོས་པ་རྨི་ན་མི་འབེབ༔ ཆང་བསིང་བ་དང་ཆུ་བསྐྱེད་པ་དང༔ བ་གླང་དང་ཕྱུགས་ལུག་རྨི་ན་མྱུར་དུ་ཕེབ་བོ༔ བཙུན་པ་དང་ལྷ་ཁང་རྨི་ན་ཕེབ༔ རྟགས་དང་ཆོ་འཕྲུལ་གང་ཡང་མེད་ན་ཀླུ་མེད་པར་ཤེས༔ སྤྲིན་བརྟག་པ་ནི༔ སྤྲིན་ནག་པོ་འཁྲུགས་ནས་རང་ཚིག་པ་ཟ་ན༔ ཆུ་ཚོད་ལྔ་ཚུན་ལ་ཕེབ༔ སྤྲིན་དམར་ནག་མགོ་མང་པོ་བྱུང་ན་ཉི་མ་ཕྱེད་ཀྱི་ཚད་ལ་ཕེབ༔ སྤྲིན་དཀར་པོ་སྤྲིས་མ་འདྲ་ན་ཞག་གཅིག་ལ་ཕེབ༔ སྤྲིན་ཤིང་ལོ་འདྲ་ན་ས་སྲོས་ནས་ཕེབ་ངེས་སོ༔ འདི་དག་ཆར་འབེབ་ཀུན་ལ་དགོས༔ ཆར་འབེབ་ཀྱི་གདམས་ངག་ཡང་དག་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཆར་འབེབ་ཀྱི་རྫས་ལ༔ གཡམ་པ་ལ་འཁོར་ལོ་རྩིབས་བརྒྱད་བྲི༔ རྩིབས་ལ་སྔགས་དེ་བྲི༔ སྲོག་ཤིང་སྐྱེར་པ་ལ་བྱེད༔ སྐྱེེར་པར་ནན་ཞེས་བྲིས་ལ༔ ས་གང་གཉན་པའི་ཆུ་མིག་འཁོར་ལོ་གང་བསྐོར་དུ༔ ཏི་ཚ་ཞ་ཉེ་ནང་དུ་བསྐྱུར༔ སྔགས་ལ༔ པ་ན་དྷ་ར་སི་རི་ཨ་ཝ་ལི༔ གཅོད་པའི་ཐབས་ལ༔ འཁོར་ལོ་ཕྱི་སྐོར༔ ཏི་ཚ་ཞ་ཉེ་མེ་ལ་བསྲེགས་པས་ཆད་འགྲོ༔ གཙོད་ཁྲག༔ གྲི་ཁྲག༔ མངལ་ཁྲག༔ ཁྱི་ཁྲག༔ གུ་གུལ་ནག་པོ༔ མུ་ཟི་ནག་པོ༔ ཁྱི་དུག༔ ར་དུག༔ སྤྱང་དུག༔ རྟ་བོན༔ ལྡུམ་བུ་རེ་རལ༔ ཁྱུང་སྡེར་སྨུག་པོ༔ རྨོངས་ཁའི་སྤུ་སྟེ་རྫས་གང་འཛོམ༔ འཁོར་ལོའི་སྲོག་ཤིང་ནང་དུ་གཞུག༔ རྒྱབ་ཏུ་གཡག་རོག་པོའི་སྙིང་རྩིད་དང༔ ར་ཐུག་རྨོངས་ཁའི་སྤུ་བསྲེས་ལ་སྐུད་པ་ཕྱིར་འཁེལ་བྱས་པས་དཀྲི༔ རྒྱབ་ཏུ་ཀླུ་སྨན་བྱུག༔ ཟབ་བོ༔ རིག་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།
བརྟན་མའི་མདོས་ཀྱི་ཚོགས་སྐོང་ (Volume 43, Text 44)
བརྟན་མའི་མདོས་ཀྱིས་བཞི་པ་ཚོགས་བྱ་བ་ནི། བདུད་རྩིས་བསང་སྦྱང་ལ། ཨོཾ་ཨུ་ཙུཥྨ་བཻ་ཏ་ལི་ཀྲོ་ཏ་སརྦ་དྲ་བྱམ་ཤོ་དྷ་ན་ཧཱུྃ་ཕཊ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་ཐམས་ཅད་སྒྱུ་མར་རིག༔ རིག་པ་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་དངོས་པོ་བསྲེགས་སྦྱངས་བཀྲུས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་སྤྱན་འདྲེན་ནི། བྷྱོ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ་དང༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང༔ མ་གཅིག་ལྷ་མོ་དུད་སོལ་རྒྱལ་མོ་དང༔ ལྷ་མོ་ཨེ་ཀ་ཛཱ་ཊི་དང༔ དབང་ཕྱུག་སྡེ་བརྒྱད་ཡང་འཁོར་འབུམ༔ ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་མངར་ཞིང༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་ལྔ་ལྡན་མཆོད་པ་བཞེས༔ མཆོད་པ་ནི། ཧཱུྃ༔ བླ་མེད་མཆོག་གི་མཆོད་སྦྱར་བ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་བསྐང་དགྱེས་པ་ཆེན་པོར་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ། བོད་སྐྱོང་བརྟན་མ་བཅུ་གཉིས། མ་གཅིག་ལྷ་མོ་དུད་སོལ། སྔགས་སྲུང་ཨེ་ཀ་ཛཱ་ཊི། དབང་ཕྱུག་སྡེ་བརྒྱད་ཡང་འཁོར་འབུམ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁ་རཾ་ཁཱ་ཧི༔ ཞེས་ཚོགས་འབུལ་ལོ། །ལྔ་པ་སྐོང་བ་ནི། ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་ལྷ་ཚོགས་ནི༔ བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུགས་དམ་བསྐང༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས་དམ་བསྐང༔ ལྷ་མོ་དུད་སོལ་རྒྱལ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང༔ དབང་ཕྱུག་ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ རང་བྱུང་དམ་རྫས་བདུད་རྩི་དང༔ རྨད་དུ་བྱུང་བའི་གཏོར་མ་དང༔ རཀྟ་དམར་གྱི་དགྱེས་མཆོད་དང༔ སྣང་གསལ་འོད་ཀྱི་ཞུན་མར་དང༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང༔ མཁའ་ལྡིང་མདངས་དང་ཤེལ་སྒོང་མདངས༔ ཙ་ར་འདི་ཡི་མདངས་ཀྱིས་བསྐང༔ འདི་ལྟར་བསྐངས་བསྐངས་གསོལ་གསོལ་ནས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ གཡར་དམ་བསྐངས་ལ་རྐྱེན་རྣམས་ཟློགས༔ དམིགས་པའི་དགྲ་བོ་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ རྣལ་འབྱོར་ཉམས་ཆག་བསྐང་བར་མཛོད༔ དེ་ནས་དྲུག་པ་མདོས་བསྔོའོ།།
འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྐོར༔ ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་ (Volume 16, Text 44)
༁ྃ༔ འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྐོར༔ ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈ ཤྲཱི་མཉྫུ་ཤྲཱི༔ ཚེ་འཕེལ་བར་འདོད་པའི་རྣལ་འབྱོར་པས༔ ཚེ་བདག་དམར་པོའི་ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་འདི་ལ་བརྩོན་པར་བྱ་བ་ནི༔ ཟླ་བ་ཡར་ངོ་ལ་བབ་པའི་ཚེ༔ ཡིད་དང་མཐུན་པའི་གནས་སུ་རྒྱས་པའི་ཕྱོགས་ནས་བླངས་པའི་ས་སྣུམ་འབོལ་སྲོག་ཆགས་མེད་པ་བླངས་ལ༔ སྟེགས་བུ་མདའ་གང་གྲུ་བཞི་དཔངས་སུ་མཁྱིད་གང་བ་བྱས་ལ༔ འཕེལ་བར་བྱེད་པའི་རྫས་་་ཆང་དང་མཚེའི་ཁཎྜ་སྦྲང་རྩི།་་་ཀྱི་ཁུ་བས་བྱུགས༔ དེ་ལ་དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་་་སེར།་་་མུ་ཁྱུད་དང་བཅས་པ་རྡོ་རྗེའི་ར་བ་དང་མེ་རིས་ཡོངས་སུ་བསྐོར་བའི་དབུས་སུ༔ འབྲུ་ཡི་བཅུད༔་་་ཆང་། རྩི་ཐོག་གི་བཅུད༔་་མར། མེ་ཏོག་གི་བཅུད༔་་་སྦྲང་རྩི། ཤིང་གི་བཅུད༔་་་བུ་རམ། དྭངས་མའི་བཅུདཿ་་་སྤྲི །དེ་ལྟར་བཅུད་ལྔ་པོ་ལས་བྱས་པའི་ཚེ་ཟན་རིན་པོ་ཆེ་འབར་བའི་དབྱིབས་ཅན་གས་པ་དང་སྤུ་རིས་མེད་པ་བཟོས་ལ༔ བཀྲ་ཤིས་ལ་རོ་བཅུད་ ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ཀྱིས་བརྒྱན༔ དེ་གས་ཆག་དང་གཡའ་མེད་པའི་ནང་དུ་བཅུག་ལ༔ ཁྲིའུའམ་མཉྫིའི་སྟེང་དུ་བཀོད༔ སྟེང་ནས་དར་སྣ་ལྔའི་ལྡིང་ཁང་ཕུབ་པ་བཤམ༔ དེའི་ཕྱོགས་བཞིར་ཤར་དུ་ཚེའི་རྟེན་རྡོ་རྗེ་གས་ཆག་མེད་པ༔ ལྷོར་སྲོག་གི་རྟེན་མདའ་རྒོད་སྒྲོ་མ་གས་ཆག་མེད་པ་ལ་ཚེ་དར་དམར་པོ་བཀྲག་དང་ཁ་མ་ཉམས་པ༔ ནུབ་ཏུ་དབང་དང་སྲོག་ལུས་རླུང་རྟའི་རྟེན་བུམ་པ་གས་ཆག་མེད་པར་ཆུ་རྒྱུན་ཆད་མེད་པ་ནས་བླངས་པའི་ནང་དུ༔ གོང་གི་བཅུད་རྣམས་དང༔ སྨན་བཟང་དྲུག་བཏབ་པས་གང་བར་བྱ༔ ཁ་རྒྱན་ལ་ཤིང་རྩེ་མོ་མ་ཉམས་པ་ལོ་འདབ་རྒྱུན་གནས་ཤིང་འབྲས་བུ་ཡོད་པས་བརྒྱན༔ མགུལ་ཆིངས་དར་རས་ལས་བྱས་པས་དཀྲིས༔ བྱང་དུ་ཚེའི་དངོས་གྲུབ་ཀྱི་རྟེན་བཀྲ་ཤིས་པའི་ཐོད་པ་ཆང་གིས་བཀང་བ་རྣམས་བཤམ༔ དེ་ལྟར་བཤམས་པའི་དཀྱིལ་འཁོར་གྱི་ཕྱི་སྐོར་དུ༔ རང་གི་ལྷ་གཞུང་གང་ལ་བྱེད་པ་དེ་དང་རྗེས་སུ་མཐུན་པའི་མཆོད་གཏོར་བཤམ༔ གཞན་ཡང་སྤྲོས་པ་ལ་དགའ་ན༔ བཀྲ་ཤིས་ལ་བྱིན་ཆགས་པ་མཛེས་ཤིང་ཡིད་དུ་འོང་བའི་སྤྱན་གཟིགས་ཀྱང་གང་འཐད་དུ་ལེགས་པར་བཀྲམ་མོ༔ དེ་ནས་སྒྲུབ་པ་ལ་འཇུག་པ་ནི༔ སྔོན་དུ་འགྲོ་བའི་བྱ་བ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་གཞུང་སྤྱི་དང་མཐུན་པར་བྱ༔ རྣལ་འབྱོར་པ་རང་གི་ལྷ་གང་ལ་བྱེད་པ་དེ་ཉིད་ཀྱི་བསྐྱེད་རིམ་ལ་སོགས་པ་དང༔ ལས་གཞུང་བསྲང༔ མཚམས་དམ་པར་བཅད༔ སྲུང་བའི་འཁོར་ལོ་དྲག་ཏུ་བསྒོམས་ལ༔ ཚོགས་ཀྱི་འཁོར་ལོ་ཡན་ཆད་འགྲུབ་པར་བྱ༔ དེ་ནས༔ རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་དམར་པོ་ཁྲུ་གང་བ་གཅིག་གསལ་བ་ལས་འོད་ཟེར་དམར་པོ་འཕྲོས་པས༔ སྲིད་པ་གསུམ་གྱི་ལྷ་འདྲེ་མི་གསུམ་གྱི་ཚོགས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་དེ་ཡོངས་སུ་གྱུར་པ་ལས༔ དཔལ་ཚེའི་བདག་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་དར་དང་རིན་པོ་ཆེ་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞལ་འཛུམ་པ་སྤྱན་གསུམ་ཅུང་ཟད་བསྒྲད་པ༔ དབུ་སྐྲ་སེར་པོ་གྱེན་དུ་འཕྱོ་བའི་གཙུག་ཏུ་མགོན་པོ་ཚེ་དཔག་མེད་ལོངས་སྐུའི་ཆ་ལུགས་ཅན༔ ཕྱག་མཉམ་གཞག་མཛད་པའི་མཐིལ་དུ་ཚེ་བུམ་བཅུད་ཀྱིས་གང་བ་བསྣམས་པར་གསལ༔ ཕྱག་གཡས་པས་ཚེ་འགུགས་པའི་ལྕགས་ཀྱུ་དམར་པོ་བསྣམས་པ༔ གཡོན་པས་ཚེའི་བུམ་པ་འཛིན་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ་གཅིག་བསྐྱེད་པའི་ཐུགས་ཀར་ཉི་ཟླའི་གདན་ལ་རང་ཉིད་དམ༔ ཚེ་འཕེལ་བར་འདོད་པ་དེ་དག་གི །རྣམ་པར་ཤེས་པ་ཚེ་སྲོག་གི་ངོ་བོ་ནྲྀ་དམར་ལ་འཚེར་བ་གཅིག་བསྐྱེད༔ དཀྱིལ་འཁོར་དེ་ཉིད་གཞལ་ཡས་ཁང་སྤྱི་མཐུན་དུ་གསལ་བའི་དབུས་སུ༔ ཚེའི་ཟན་དེ་ཉིད་ཤེལ་གྱི་མཆོད་རྟེན་ངང་ཙེ་རེ་བའི་ནང་དུ༔ བདག་བསྐྱེད་ཀྱི་ཐུགས་ཀའི་ཚེ་བདག་དེ་ཉིད་བསྐྱེད༔ རྩིབས་བརྒྱད་ལ་ཚེའི་ལྷ་མོ་བརྒྱད་བསྐྱེད་དེ༔ ཤར་དུ་སངས་རྒྱས་སྤྱན་མ༔ ལྷོར་མཱ་མ་ཀི༔ ནུབ་ཏུ་གོས་དཀར་མོ༔ བྱང་དུ་དམ་ཚིག་སྒྲོལ་མ༔ ཤར་ལྷོར་རྒྱས་བྱེད་མ༔ ལྷོ་ནུབ་ཏུ་བརྟན་བྱེད་མ༔ ནུབ་བྱང་དུ་འཕེལ་བྱེད་མ༔ བྱང་ཤར་དུ་ལོ་འདབ་མ༔ དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ སྐུ་མདོག་སྣ་ཚོགས་པ་ལས་ལ་བཞེངས་ནས་ཕྱག་གཡས་པས་ཚེ་འགུགས་པར་བྱེད་པའི་ལྕགས་ཀྱུ་དམར་པོས་ལྷ་འདྲེ་མི་གསུམ་གྱི་ཚེ་སྲོག་ཐམས་ཅད་བཀུག་ནས༔ ཕྱག་གཡོན་པར་ཚེ་བུམ་འཛིན་པའི་ནང་དུ་བླུགས་པས་བུམ་པ་རྣམས་ཀྱང་ཚེའི་བདུད་རྩིས་མེར་གྱིས་ཁེངས་ཤིང་བུམ་ཅོལ་ནས་ངང་ལྷུད་ལྷུད་བྱུང་བར་བསམ༔ ཤར་གྱི་ཚེའི་རྡོ་རྗེ་དེ་ཉིད་ཚེའི་རྟེན་རྡོ་རྗེའི་བྲག་རི་སྲ་ལ་བརྟན་པ༔ ལྷོའི་མདའ་སྲོག་གི་རྟེན་དཔག་བསམ་གྱི་ལྗོན་ཤིང་དར་ཞིང་རྒྱས་པ༔ ནུབ་ཀྱི་བུམ་པ་ཅི་འདོད་ཐམས་ཅད་འབྱུང་བའི་གཏེར་གྱི་བུམ་པ༔ བྱང་གི་ཐོད་པ་ཆང་གིས་བཀང་བ་དངོས་གྲུབ་ཐམས་ཅད་འབྱུང་བའི་བདུད་རྩིའི་རྒྱ་མཚོ་འཁྱིལ་པ་རྣམས་བསམ༔ དེ་ལྟར་གསལ་བར་བསྐྱེད་པའི་ཕྱི་རོལ་གྱི་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བདག་གཞན་གྱི་ཚེ་བྱིན་གྱིས་རློབ་པར་མཛད་དེ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པར་བསམ༔ དེའི་ཕྱི་རོལ་ཏུ་ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་པ་བསྣམས་ནས་ཞལ་ཕྱིར་གཟིགས་ཤིང༔ རང་གཞན་གྱི་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་གདོན་བགེགས་འབྱུང་པོ་ཐམས་ཅད་བསད་བསྒྲལ་གྱི་ལས་བྱེད་པར་བསམ༔ དེའི་ཕྱི་རོལ་ཏུ་རྡོ་རྗེའི་བྲག་རིའི་ར་བ་སྲ་བ་བརྟན་པ་དུས་དང་རྣམ་པ་ཐམས་ཅད་དུ་འགྱར་འགྱུར་མེད་པར་བསམ༔ དེའི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་རི་ལ་སོགས་པ་སྲུང་བའི་གུར་ཁང་སྤྱི་དང་མཐུན་པར་བསམ་མོ༔ དེ་ལྟར་གསལ་བའི་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཾཿལས་པདྨ་དམར་པོ་ཨཱཾཿགིས་མཚན་པ༔ ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ གཙོ་བོའི་ཐུགས་ཀར་ཡ་ལས་བེ་ཅོན་དམར་པོ་ཧཱུྃ་གིས་མཚན་པར་གསལ་བ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དངོས་འདྲ་བའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་ལ་ཕོག་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཚུར་བྱོན་པ་མདུན་གྱི་ནམ་མཁར་བཞུགས་པ་ལ༔ ཕྱི་ནང་གསང་བའི་མཆོད་པས་མཆོད་པ་ཙམ་གྱིས་ཐམས་ཅད་དགྱེས༔ བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་པས་དམ་ཚིག་པ་དང་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར༔ སླར་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་པ་དང་སྒྲིབ་པ་སྦྱངས་ནས་དེ་དག་ཐམས་ཅད་ཀྱང་ཚེའི་ལྷ་དང་ལྷ་མོའི་རང་བཞིན་དུ་གྱུར་པར་བསམ་མོ༔ དེ་ནས་བཟླས་པ་བྱེད་པ་ནི༔ བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་དམར་པོའི་མཐའ་སྐོར་དུ༔ ཨོཾ་མཉྫུ་ཤྲཱི་པུཎྱེ་ཡ་མཱནྟ་ཀ༔ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ ཞེས་པས་གཡས་སྐོར་དུ་བསྐོར་བ་ལ་ཤེས་པ་གཏད་དེ༔ ངག་ནས་ཀྱང་བརྗོད་པ་དག་པར་བཟླས་པས༔ སྔགས་འབྲུ་ཐམས་ཅད་ཀྱང་སི་ལི་ལི་འཁོར་བར་དམིགས་ནས༔ སྔ་དྲོའི་ཆ་ཐུན་དང་པོ་ལ་བཟླས༔ ཉི་མ་གུང་ལ་བབ་པའི་ཚོད༔ ཐུན་བར་པ་ལ༔ ཚེ་ཟན་དཀྱིལ་འཁོར་གྱི་དབུས་ན་ཡོད་པ་ལ་སྔགས་ཀྱི་འཁྲུལ་འཁོར་གྱིས་སྲད་བུ་ལྔ་ལྡན་རང་གི་སྙིང་ག་དང་སྦྲེལ་ནས༔ གོང་དུ་གསལ་བའི་ཐུགས་ཀའི་སྔགས་འབྲུ་ལས་འོད་ཟེར་ཕོ་ཉ་ལྟ་བུ་སྲད་བུ་ལ་བརྒྱུད་དེ་སོང་བས་ཚེ་ཟན་ནང་དང༔ ཤེལ་གྱི་མཆོད་རྟེན་ནང་དུ་བསྐྱེད་པའི་ཚེ་བདག་གི་ཐུགས་ཀར་ཕོག༔ དེའི་ཐུགས་ཀར་ཧཱུྃ་དམར་པོ་གསལ་བ་ལ་བསྐོར་བའི་ཚུལ་གྱིས༔ སྔགས་ཀྱི་རང་སྒྲ་དང་བཅས་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ སླར་མདུན་བསྐྱེད་ཀྱི་ཚེའི་ལྷ་མོ་རྣམས་ལ་ཕོག་པས་ཀྱང་རྒྱུད་བསྐུལ༔ མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱིས་ཀྱང་བཟླས་པ་བཀླག་པའི་ཚུལ་གྱིས་འུ་རུ་རུ་འདོན་པར་བསམས་ལ༔ རྩ་སྔགས་གོང་མའི་ཤམ་དུ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱོཾ༔ ཞེས་བཟླས་པ་ཙམ་གྱིས༔ སྔགས་ཀྱི་འོད་ཟེར་སྲད་བུ་ལ་བརྒྱུད་ཅིང་འཕྲོ་འདུའི་རླབས་ཀྱི་ཚ་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་པའི་ལྷ་དང༔ མི་དང་ལྷ་མ་ཡིན་ལ་སོགས་པ་ཚེའི་ལྷ་དང་ལྷ་མོར་གྱུར་པ་རྣམས་ཀྱིས་ཀྱང་བདག་གཞན་གང་གིས་ཚེ་སྒྲུབ་པ་དེའི་སྡོངས་གྲོགས་ཚེ་འཕེལ་བའི་སླད་དུ་འདོན་པར་དམིགས་ཏེ༔ བཟླས་པ་ལ་འབད་པར་བྱའོ༔ སྲོད་ནས་བཟུང་སྟེ་ཕྱི་ཐུན་གྱི་ཆ་ལ་བབ་པའི་ཚེ༔ བདག་བསྐྱེད་ལྷའི་ཐུགས་ཀར་དམིགས་བྱའི་རྣམ་པར་ཤེས་པ་ནྲྀ་དམར་ལ་འཚེར་བ་གསལ་བར་བསྐྱེད་པ་དེ་ཉིད་ཀྱང༔ གཟི་མདངས་དང་བཀྲག་ཕུན་སུམ་ཚོགས་པར་གྱུར༔ སྔགས་ཀྱི་ཡིག་འབྲུ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པར་འཕྲོས་ཤིང་ནྲྀ་ལ་ཐིམ་པས་བསྒྲུབ་བྱའི་དམིགས་ཡུལ་གང་ཡིན་པ་རྣམས་ཀྱི་ཚེ་འཕེལ་བར་བསམ༔ སྤྲུལ་པའི་ལྷ་མོ་བརྒྱད་ཀྱི་ཐུགས་ཀ་ནས་དངོས་འདྲ་བའི་ལྷ་མོ་མང་པོ་འཕྲོས་པས༔ འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཚེ་དང་དཔལ་འབྱོར་གཟི་བརྗིད་ཐམས་ཅད་བཀུག༔ བྱིན་རླབས་ནུས་མཐུ་དངོས་གྲུབ་རྣམ་གཉིས་ལ་སོགས་པ་ཐམས་ཅད་བཀུག་ནས་ནྲྀ་ལ་བསྟིམས་པས་གཟི་མདངས་དང་ལྡན་པར་གྱུར༔ ཚེ་ཟན་ལ་སོགས་པའི་རྫས་ཐམས་ཅད་ལ་བསྟིམས་པས༔ དེ་དག་ཐམས་ཅད་བྱིན་རླབས་དང་ལྡན་པར་བསམས་ལ་བཟླས་པ་བྱ་ཞིང༔ ཚེ་འགུགས་པའི་ཆོ་ག་འདི་ཡང་བྱའོ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཚེ་ཡི་ལྷ༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ མཆོག་དང་ཐུན་མོང་ལ་སོགས་པ༔ བྱིན་རླབས་ཚེ་ཡི་དངོས་གྲུབ་སྩོལ༔ རང་བཞིན་གནས་ན་བཞུགས་པའི་ཚོགས༔ ཚེ་ཡི་ལྷ་དང་ལྷ་མོ་རྣམས༔ བདུད་རྩི་བཅུད་ཀྱིས་གང་བ་ཡི༔ ཚེ་ཡི་བུམ་པ་བསྣམས་ནས་ཀྱང༔ ཚེ་དབང་གྲུབ་པའི་ལས་མཛད་རྣམས༔ བདག་གི་ཚེ་དཔལ་རྒྱས་པར་མཛོད༔ ཧཱུྃ༔ བཅོམ་ལྡན་ཚེ་བདག་འཇམ་དཔལ་དབྱངས༔ དཔལ་དང་གཟི་བརྗིད་ལྡན་པ་པོ༔ དམར་འཚེར་ཞལ་གཅིག་ཕྱག་གཉིས་པ༔ སྣ་ཚོགས་རིན་ཆེན་རུས་རྒྱན་སྤྲས༔ ཁྲོ་འཛུམ་སྤྱན་གསུམ་སྲིད་གསུམ་གཟིགས༔ རལ་པ་སེ་ཡན་གཙུག་འཁྱིལ་ཞིང༔ ཚེ་དབང་འོད་དཔག་མེད་པས་མཚན༔ ཕྱག་གཡས་ཚེ་འགུགས་ལྕགས་ཀྱུ་དང༔ གཡོན་པས་ཚེ་བུམ་བདུད་རྩི་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་གདན་ལ་བཞུགས༔ ཁྱོད་ནི་རིག་འཛིན་ཚེ་ཡི་ལྷ༔ བདག་ལ་རྗེས་སུ་བཟུང་བའི་ཕྱིར༔ འཆི་མེད་ཚེ་ཡི་བཀའ་བབ་ཞུ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས༔ ཚེ་དང་ལོངས་སྤྱོད་དཔལ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་ཡི་གཡུང་དྲུང་རྒྱས་པར་མཛོད༔ ཁྱོད་ཀྱི་སྤྲུལ་པའི་འཁོར་ཚོགས་ཀྱང༔ ཤར་གྱི་ཕྱོགས་ནས་ཚེ་འགུག་མ༔ ཡུམ་ཆེན་སངས་རྒྱས་སྤྱན་མའི་སྐུ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ཤར་གྱི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལྷོ་ཡི་ཕྱོགས་ནས་ཚེ་འགུག་མ༔ ལྷ་མོ་ཡུམ་མཆོག་མཱ་མ་ཀི༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ལྷོ་ཡི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུག་མ༔ ལྷ་མོ་ཡུམ་ཆེན་གོས་དཀར་མོ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ནུབ་ཀྱི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ བྱང་གི་ཕྱོགས་ནས་ཚེ་འགུག་མ༔ ལྷ་མོ་ཡུམ་ཆེན་དམ་ཚིག་སྒྲོལ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ བྱང་གི་ཕྱོགས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཤར་ལྷོ་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་ལྷ་མོ་རྒྱས་བྱེད་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ཤར་ལྷོ་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ལྷོ་ནུབ་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་ལྷ་མོ་བརྟན་བྱེད་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ལྷོ་ནུབ་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ནུབ་བྱང་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་ལྷ་མོ་འཕེལ་བྱེད་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ནུབ་བྱང་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ བྱང་ཤར་མཚམས་ནས་ཚེ་འགུག་མ༔ ཡུམ་ཆེན་བདུད་རྩི་ལོ་འདབ་མ༔ རྒྱན་དང་ཆ་ལུགས་རྫོགས་པ་མོ༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ བྱང་ཤར་མཚམས་ནས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ དུས་གསུམ་བདེ་གཤེགས་ཚེ་ཡི་ལྷ༔ སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ཀྱང༔ གང་ལ་གང་འདུལ་ཕྲིན་ལས་ཀྱི༔ རྒྱན་དང་ཆ་ལུགས་སྣ་ཚོགས་པས༔ ཚེ་འགུག་ལྕགས་ཀྱུ་བུམ་པ་འཛིན༔ ཚེ་དབང་ལོངས་སྤྱོད་དཔལ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ གཞན་ཡང་ཕྱོགས་ན་བཞུགས་པ་ཡི༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀྱང༔ བདག་དང་འགྲོ་ལ་བརྩེར་དགོངས་ནས༔ སྒྲུབ་པ་པོ་ལ་བྱིན་གྱིས་རློབས༔ ཚེ་ཡི་རྫས་ལ་བཅུད་ཅིག་ཕོབ༔ ཚེ་རྟེན་རྣམས་ལ་གཟི་མདངས་སྐྱེད༔ ཚེ་དཔལ་ལོངས་སྤྱོད་རྒྱས་པར་མཛོད༔ ཨོཾ་མཉྫུ་ཤྲཱི་པུཎྱེ་ཡ་མཱནྟ་ཀ༔ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨཱོཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཚེ་བཀུག་ལ་ནྲྀ་དང་ཚེ་རྟེན་རྣམས་ལ་རིམ་པས་བསྟིམ་མོ༔ སྐབས་སྐབས་སུ་ཐུན་གྱི་བར་མཚམས་ནང་ནུབ་ལ་སོགས་པར༔ སྨན་རཀ་གཏོར་མ་ལ་སོགས་པའི་མཆོད་པ་རྣམས་ལས་གཞུང་གང་འཐད་ཀྱི་ལུགས་ལྟར་འབུལ་བར་བྱའོ༔ དེ་ནས་ཚེའི་ལྷ་ཚོགས་རྣམས་ལ་བསྟོད་པ་འདི་ཡང་བྱའོ༔ ཧཱུྃ༔ ཡེ་ཤེས་ཀློང་ཡངས་འབར་བའི་དཀྱིལ་འཁོར་ནས༔ སྐུ་ཡི་སྤྲུལ་པ་མི་བཟད་དཔལ་འབར་བ༔ སྐྱེ་འགྲོའི་ཚེ་བདག་འཇམ་དཔལ་དམར་པོའི་སྐུ༔ ཞི་ཁྲོ་དཔའ་བོ་བདུད་ལས་རྒྱལ་ལ་བསྟོད༔ སྐུ་མདོག་དམར་འཚེར་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་ཚེ་བུམ་འཛིན་བཅས་སྐྱིལ་ཀྲུང་བཞུགས༔ སྣ་ཚོགས་དར་དང་རིན་ཆེན་རུས་པས་བརྒྱན༔ ཚེ་བདག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞིར་བཞུགས་མཛད་ཚེ་ཡི་ལྷ་མོ་བཞི༔ སངས་རྒྱས་སྤྱན་དང་མཱ་མ་ཀི་དང་ནི༔ གོས་དཀར་དམ་ཚིག་སྒྲོལ་མ་བཞི་པོ་ཡང༔ ཚེ་དབང་གྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ མཚམས་བཞིར་གནས་མཛད་སྤྲུལ་པའི་ཡུམ་ཆེན་བཞི༔ རྒྱས་བྱེད་བརྟན་བྱེད་འཕེལ་བྱེད་ལོ་འདབ་མ༔ རྡོ་རྗེ་ཚེ་དབང་སྒྲུབ་མཛད་མཁའ་འགྲོ་སྟེ༔ ཡེ་ཤེས་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ གཞན་ཡང་ཡེ་ཤེས་སྤྱན་མངའ་ཚེ་ཡི་ལྷ༔ ཐུགས་རྗེའི་ཀློང་ནས་འདུད་རྩི་ཚེ་ཆར་འབེབ༔ ཞི་རྒྱས་དབང་སོགས་ལས་ཀྱི་ཕྲིན་ལས་མཛད༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་དང་རྒྱུ་སྦྱོར་འཁོར་དང་བཅས་རྣམས་ཀྱི༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་བསྐྱེད་དུ་གསོལ༔ འདོད་པའི་དོན་ཀུན་མྱུར་དུ་འགྲུབ་པ་དང༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་པའི་བསྟོད་པ་དང༔ གཞན་ཡང་ཡེ་ཤེས་ལྷའི་བསྟོད་པ་གང་འཐད་གཞན་དང་བསྟུན་ལ་བྱའོ༔ དེ་ལྟར་སྐབས་སྐབས་སུ་ལྷའི་བསྐྱེད་རིམ་གསལ་གདབ་ཅིང་བསྙེན་པ་ལ་འབད༔ སྐབས་སྐབས་སུ་བདུད་རྩི་འགུག་་ བསྟིམ་གྱི་དམིགས་པ་བྱ༔ ཐུན་གྱི་བར་བར་དུ་ཚེ་འགུག་པ་དང༔ ཡེ་ཤེས་ལྷའི་བསྟོད་པ་རྣམས་ཀྱང་བྱའོ༔ དེ་ལྟར་ཚུལ་བཞིན་བསྒྲུབས་པས༔ གྲུབ་ཅིང་ཚེ་འཕེལ་བའི་དངོས་གྲུབ་ཀྱི་རྟགས་འབྱུང་བ་ནི༔ རབ་ཡི་དམ་ཚེའི་ལྷ་ཚོགས་ཀྱི་ཞལ་མཇལ་བ་དང༔ འོད་དང་དྲི་བཟང་པོ་ཆིལ་ཆིལ་བ་དང༔ རོལ་མོའི་སྒྲ་གྲགས་པ་ལ་སོགས་པ་རྣམས་མངོན་སུམ་དུ་འབྱུང༔ འབྲིང་ཉམས་དགའ་བ་དང༔ བག་དྲོ་བྱིན་ཆགས་རིག་པ་དྭངས༔ དབང་པོ་གསལ་བ་ལ་སོགས་པ་འབྱུང༔ ཐ་མ་ནི་ཉི་ཟླ་ཤར་བ་དང༔ དངོས་གྲུབ་ཀྱི་ཟས་སྟེར་བ་ལ་སོགས་པའི་རྨི་ལམ་དཔག་ཏུ་མེད་པ་འབྱུང་བ་རྣམས་རིག་པ་དང་བློས་དཔྱད་པར་བྱའོ༔ དེ་ལྟར་རྟགས་ཀྱི་རིམ་པ་བྱུང་ནས༔ ཚེའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་བསྐུལ་བ་ནི༔ ཚོགས་མཆོད་བཟང་དུ་བཤམས༔ རོལ་མོ་དང་བཅས་པས་རྣལ་འབྱོར་པ་ཆས་དང་ལྡན་པས་ལངས་ལ༔ ཧཱུྃ༔ རང་བཞིན་གནས་ནས་སྤྲུལ་པའི་ལྷ༔ བཅོམ་ལྡན་ཚེ་བདག་གནད་ནས་བསྐུལ༔ རྡོ་རྗེ་ཚེ་དབང་འགྲུབ་པའི་ཕྲིན་ལས་མཛོད༔ ཕྱོགས་མཚམས་ཀུན་ནས་སྤྲུལ་པའི་ཡུམ་ཆེན་རྣམས༔ རང་རང་གནས་ནས་ཐུགས་དམ་གནད་ནས་བསྐུལ༔ རྡོ་རྗེ་ཚེ་དབང་འགྲུབ་པའི་ཕྲིན་ལས་མཛོད༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ཤར་ལྷོ་དྲང་སྲོང་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ སྟེང་ཕྱོགས་ཚངས་པའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ འོག་ཕྱོགས་ས་བདག་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ལྷ་དང་དྲང་སྲོང་ལག་ནས་ཚེ་ཁུག་ལ༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་པ་ལ་སོགས་པ་རྣམས་ཀྱིས་ཚེའི་ལྷ་ཚོགས་རྣམས་བསྐུལ༔ གཞན་ནས་འབྱུང་བའི་བསྐུལ་ཅི་རིགས་ཀྱང་གང་འཐད་བསྐུལ་བར་བྱའོ༔ དེ་ནས་ཚེའི་དབང་བསྐུར་བར་བྱ་བ་ནི༔ སྦྱིན་བདག་གམ་སློབ་མ་ལ་སོགས་དུ་ཡོད་པ་རྣམས་ཁྲུས་བྱ༔ སློབ་དཔོན་ལ་ཅི་འབྱོར་པའི་ཡོན་འབུལ༔ ཕྱག་འཚལ་ཏེ་མདུན་དུ་འཁོད་པ་རྣམས་ལ༔ དང་པོ་ཚེ་ཟན་གྱི་དབང་བསྐུར་བ་ནི༔ ཚེ་ཟན་གྱི་ནང་དུ་བསྐྱེད་པའི་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས༔ དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷའི་བདུད་རྩིར་དམིགས་ལ༔ སྦྱིན་ བདག་ལ་སོགས་པའི་མགོ་ཐོག་ཏུ་བཞག་ལ༔ ཧཱུྃ༔ བཀྲ་ཤིས་ཚེ་འཕེལ་དཔལ་གྱི་བཤོས༔ སྣ་ཚོགས་རིན་ཆེན་ཟས་ཀྱིས་སྤྲས༔ ཚེ་འཕེལ་དངོས་གྲུབ་དམ་པ་འདིས༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཚེ་དཔལ་ལོངས་སྤྱོད་རྒྱས་པར་ཤོག༔ རྩ་སྔགས་ཤམ་ཅན་མཐར༔ ཨཱ་ཡུར་བ་ལ་ཨ་བྷི་ཥིཉྩ་ཏུ་མཱཾ༔ ཞེས་པས་ཚེ་ཟན་གཏད༔ ཚེའི་རྟེན་རྡོ་རྗེ་ལག་ཏུ་གཏད་ལ༔ ཧཱུྃ༔ འགྱུར་མེད་ཚེ་རྟེན་རྡོ་རྗེ་འདི༔ རྒྱལ་བ་རྣམས་ཀྱི་ཕྱག་ན་གནས༔ དེང་འདིར་ཁྱེད་ལ་དབང་བསྐུར་བས༔ རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ སྔགས་མཐར༔ བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པས་རྡོ་རྗེ་ལན་གསུམ་གསོར༔ སྲོག་རྟེན་མདའ་དར་ལག་ཏུ་གཏད་ལ༔ ཧཱུྃ༔ བདུད་དང་ལོག་འདྲེན་འཇོམས་བྱེད་པའི༔ སྲོག་རྟེན་ཚེ་མདའ་འདི་དག་ཀྱང༔ རྒྱལ་བས་བསྔགས་པའི་ཕོ་ཉ་སྟེ༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཚེ་བདུད་བར་ཆད་ཐུལ་བར་ཤོག༔ སྔགས་མཐར༔ ཨ་ནུ་ཏ་ར་ཨ་བྷི་ཥིཉྩ་མཱཾ༔ བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ སྲོག་ལུས་དབང་ཐང་རླུང་རྟའི་རྟེན༔ བདུད་རྩི་བུམ་པ་འདི་དག་ཀྱང༔ བཀྲ་ཤིས་འདོད་ཡོན་བཅུད་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཀྲ་ཤིས་དཔལ་དང་ལྡན་པར་ཤོག༔ སྔགས་ཀྱི་མཐར༔ ཀ་ལཱ་ཤ་ཨ་བྷིི་ཥིཉྩ་མཱཾ༔ དངོས་གྲུབ་ཀྱི་རྟེན་བདུད་རྩིའི་ཀ་པཱ་ལ་ལག་ཏུ་གཏད་ལ༔ ཧཱུྃ༔ དངོས་གྲུབ་ཐོད་པ་བདུད་རྩི་འདི༔ ཟག་མེད་བདུད་རྩི་བཅུད་དང་ལྡན༔ སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ མཐུན་གསུམ་ལོངས་སྤྱོད་འཕེལ་བར་ཤོག༔ ཨ་མྲྀཏ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པ་རྣམས་ཀྱིས་དབང་བསྐུར་བ་ལ་ཚེའི་རྫས་ལ་དངོས་གྲུབ་ཏུ་བླང་བ་ནི༔ དངོས་གྲུབ་ཀྱི་རྫས་རྣམས་ལག་ཏུ་ཐོགས་ལ༔ དངོས་གྲུབ་ཞུ་བའི་སྔགས་ཚིག་བརྗོད་པ་ཙམ་གྱིས༔ ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་བདུད་རྩིའི་ཆར་རྒྱུན་ཕབ་ནས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ༔ གོང་གི་སྔགས་རྣམས་བཟླས་ཤིང༔ ཧཱུྃ༔ ཚེ་བདག་རྔམས་པའི་དཀྱིལ་འཁོར་དུ༔ བཅོམ་ལྡན་ཚེ་བདག་འཇམ་པའི་དབྱངས༔ འདུས་པའི་མཆེད་དང་ལྕམ་དྲལ་རྣམས༔ དད་ཅིང་གུས་པས་གསོལ་འདེབས་ཀྱིས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པས་ལྷ་ཚོགས་ཀུན་ལ་འགྲེས་པར་སྦྱར་ལ༔ འཛབ་བསྐོར་བྱ་ཞིང་དངོས་གྲུབ་བླང་བར་བྱའོ༔ དེ་ནས་རྫས་དངོས་གྲུབ་ཏུ་རོལ་པར་འོས་པ་རྣམས་ལ་དངོས་གྲུབ་ཀྱི་ལོངས་སྤྱོད་དུ་རོལ༔ བཅང་བར་འོས་པ་རྣམས་བཅང་བར་བྱའོ༔ དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གང་འཐད་བརྗོད༔ ཉེས་བྱས་བཟོད་པར་གསོལ༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ གཏང་རག་གི་མཆོད་པ་རྒྱ་ཆེན་པོ་བྱ༔ ལྷ་ཡེ་ཤེས་པ་རྣམས་རང་གནས་སུ་གཤེགས༔ དམ་ཚིག་པ་རང་གི་སྙིང་གར་བསྡུ་ཏེ༔ ནྲྀ་ལ་བསྟིམས་པས་ཚེ་བྱིན་གྱིས་བརླབས་ནས་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུའི་སྐུ་བརྙེས་པར་བསམས་ལ་དམིགས་མེད་སྤྲོས་བྲལ་གྱི་ངང་ལ་བཞག་པར་བྱ༔ དགེ་བའི་རྩ་བ་གཞན་དོན་དུ་བསྔོ་ཞིང༔ ལས་ཀྱི་རྗེས་སྤྱི་དང་མཐུན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ འཇམ་དཔལ་དམར་པོའི་ཚེ་སྒྲུབ་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བའི་དོན་ཆེད་དུ༔ ཡེ་ཤེས་མཚོ་རྒྱལ་བདག་ལ་གནང༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་དུས་ཀྱི་སྙིགས་མ་ལ༔ ཆོས་བྱེད་སྐུ་ཚེ་ཐུང་བའི་དུས༔ བར་ཆད་གློ་བུར་ཐོག་ལྟར་འབབ༔ སངས་རྒྱས་བསྟན་པ་ཉམས་དམའི་ཚེ༔ གདམས་པ་འདི་དང་ལྡན་པར་གྱིས༔ འདི་ལ་སྤྱད་དང་སུས་བསྒྲུབ་པ༔ ཚེ་ཡི་བར་ཆད་བསལ་ནས་ནི༔ ཚེ་ཡི་རིག་འཛིན་འཐོབ་པར་འགྱུར༔ དེ་ཕྱིར་འདི་ལ་འབད་པར་བྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པས་དོང་ཁ་ནས་བཏོན་པའོ། །སརྦ་དཱ་མངྒ་ལཾ།། །།
རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གསོལ་འདེབས་ (Volume 21, Text 44)
རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གསོལ་འདེབས་ནི། གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །སེམས་དཔའ་རང་བྱུང་རྡོ་རྗེ་ལ། །བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །དབུས་མི་འགྱུར་རྡོ་རྗེའི་གདན་སྟེང་ན། །བཅོམ་ལྡན་ཐུགས་རྗེ་ཆེན་པོ་ལ། །རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །གཡས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། ཁྲོ་བོའི་རྒྱལ་པོ་རྟ་མཆོག་ལ། །དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །གཡོན་མཁའ་སྤྱོད་དག་པའི་གཞལ་ཡས་ན། །ཡུམ་གསང་བ་ཡེ་ཤེས་ཌཱ་ཀི་མར། །མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །སྟེང་དག་པ་ལྷ་ཡི་གཞལ་ཡས་ན། །སློབ་དཔོན་པདྨ་འབྱུང་གནས་ལ། །གྲུབ་ཐོབ་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །འོག་དམ་ཚིག་ཆེན་པོའི་གཞལ་ཡས་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བདག་མོས་གུས་གདུང་བས་གསོལ་བ་འདེབས། །སྣང་སྲིད་བྱིན་གྱིས་བརླབ་ཏུ་གསོལ། །རྩ་བ་བརྒྱུད་པར་བཅས་རྣམས་ལ། །དད་ཅིང་གུས་པས་གསོལ་བཏབ་པས། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །རྣམ་པ་ཀུན་མཁྱེན་ཐོབ་པར་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཅེས་གྲུབ་ཆེན་ཀརྨ་པས་མཛད་པའོ།། །།
ཆོས་དབང་དང་པད་གླིང་ལུགས་ཀྱི་དཔལ་མགོན་མ་ནིང་གི་སྒྲུབ་ཐབས་དང་སྲོག་དབང་ (Volume 61, Text 44)
ཨཱོྃ་སྭསྟི། མཐུ་ཆེན་དཔལ་ལྡན་ནག་པོ་ཆེ། །ཆིག་ཤུར་མ་ནིང་དྲེགས་པའི་གཙོར། །བཏུད་ནས་གང་དེའི་སྒྲུབ་པའི་ཐབས། །སྙིང་པོར་དྲིལ་ཏེ་འདིར་བཤད་བྱ། །འདིར་དཔལ་མགོན་མ་ནིང་གི་སྒྲུབ་ཐབས་དང་འབྲེལ་བར་སྲོག་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། གནས་དབེན་པར་ཉེར་དགུ་སོགས་དུས་ཁྱད་པར་ཅན་ལ། མཎྜལ་གྲུ་གསུམ་མཐིང་ནག་གི་དབུས་སུ་འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་ལྷ་གྲངས་བཞུགས་ཚུལ་དང་མཐུན་པར་བཀོད། དེའི་དབུས་སུ་གཏོར་མ་གྲུ་གསུམ་སྐུ་རྟེན་དང་དར་ནག་གིས་བརྒྱན་པ་བཞག །མདུན་དུ་བུམ་པ་དང་། མཐའ་མཆོད་གཏོར་གྱིས་བསྐོར། དབང་རྫས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། བཀའ་བརྒྱད་དཀྱིལ་འཁོར་ཡོངས་རྫོགས་སམ། གཙོ་རྐྱང་ཙམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་གྱིས་བརླབ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་ཁང་ཆེན་པོར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་ཕྱར་ཞིང་གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྦྲུལ་ནག་པོའི་རལ་པ་ཐུར་དུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྙིང་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་། གསེར་རྐེད་དང་མི་ལྤགས་རློན་པའི་སྐ་རགས་ཅན། ཙནྡན་གྱི་བེང་ཆེན་རྐེད་ལ་བཙུགས་པའི་སྒོ་གསུམ་ནས་སྤྲུལ་པའི་དམག་དཔུང་འགྱེད་པ། ཁ་དོག་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བཀླུབས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཞུགས་པ། དེའི་གཡོན་དུ་ཡུམ་དཔལ་འབར་མ་དཀར་མོ་གཡས་ཤེལ་གྲི་འཕྱར་ཞིང་གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ་མ་མོའི་ཆས་ཅན་རོལ་པའི་སྟབས་ཀྱིས་འགྱིང་བ། གཡས་སུ་ལས་མགོན་སྲོག་བདུད་ནག་པོ་གྲི་གུག་དང་ལྕགས་པར་བཟུང་ནས་མདའ་གཞུ་འགེང་ཞིང་ཁ་ཊྭཱཾ་གྲུ་མོར་བཀལ་བ་སྟག་རལ་དང་གཟིག་ཤུབས་བཏགས་ནས་བྲ་ནག་རྟིང་དཀར་ལ་འཆིབ་པ། དེའི་ཕྱི་རོལ་རྩིབས་དྲུག་ལ་མདུན་ནས་གཡས་སྐོར་དུ་རིམ་པ་བཞིན། སྐུའི་མགོན་པོ་སྟག་ཞོན་ནག་པོ་གཡས་ཙནྡན་གྱི་བེང་གསོར་ཞིང་གཡོན་བདུད་ཀྱི་ཞགས་པ་ཐོགས་ནས་དཔའ་གཏུམ་སྟག་ལ་ཞོན་པ། གསུང་གི་མགོན་པོ་བེང་དམར་སྨུག་གཡས་ཙནྡན་གྱི་བེང་འཕྱར་ཞིང་གཡོན་བདུད་རྩིའི་ལྕགས་པར་འཛིན་པ། ཐུགས་ཀྱི་མགོན་པོ་གྲི་གུག་མཐིང་ནག་གཡས་གྲི་གུག་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་གཡས་རིན་པོ་ཆེ་དང་གཡོན་ཐོད་ཁྲག་འཛིན་པ་སེང་གེ་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲག་ཤད་མཐིང་ནག་གཡས་བེང་གསོར་ཞིང་གཡོན་དགྲ་སྙིང་བསྣམས་པ་བྲ་ནག་རྟིང་དཀར་ལ་འཆིབ་པ། ལྔ་ཀའང་མི་བཟད་པའི་ཁྲོ་བོ་གཏུམ་དྲག་འཇིགས་པའི་ཉམས་ཅན་དར་ནག་གི་འཇོལ་བེར་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་བམ་གྱི་ཁར་བཞུགས་པ། འདོད་ཁམས་དབང་ཕྱུག་རེ་མ་ཏི་ནག་མོ་སྐེམ་ཞིང་སྦེག་ལ་གཏུམ་པའི་གཟུགས་ཅན་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་བྷཉྫ་བཟུང་བའི་མཆན་ན་ནད་རྐྱལ་ཐོགས་པ་མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་རྫུ་འཕྲུལ་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། གཞན་ཡང་རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། མྱུར་མགྱོགས་ཀྱི་ཕོ་ཉ་ལས་བྱེད་སོགས་སྲིད་གསུམ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོས་ཤིང་གཏུམ་པའི་ཉམས་ཅན་མི་སྡུག་པའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་འབར་བའི་མེའི་ཕྲེང་བ་དྲག་པོར་འཁྲུགས་པའི་དབུས་ན་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཕྲན། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་རྣམས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །མ་ནིང་ནག་པོ་ཀུན་གྱི་རྗེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། ལྷ་ཆེན་དཔལ་འབར་གཤེགས༴ ལེགས་ལྡན་ནག་པོ་གཤེགས༴ ཚོགས་བདག་ཆེན་པོ་གཤེགས༴ མ་ནིང་ནག་པོ་གཤེགས༴ སྲོག་བདུད་ནག་པོ་གཤེགས༴ མཁའ་འགྲོའི་གཙོ་མོ་གཤེགས༴ མགོན་པོ་སྡེ་ལྔ་གཤེགས༴ སྲིང་གཅིག་ཆེན་མོ་གཤེགས༴ མཐུ་ཆེན་སྡེ་བརྒྱད་གཤེགས༴ བདུད་འདུལ་དམག་ཚོགས་གཤེགས༴ ཡེ་ཤེས་མགོན་པོ་འཁོར་དང་བཅས། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས་ལ། བཞུགས་གསོལ་ནི། ཧཱུྃ། དུར་ཁྲོད་རབ་འཇིགས་རྔམ་པའི་གཞལ་ཡས་དབུས། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རུ་དྲ་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། ཁྲོ་རྒྱལ་མ་ནིང་འཁོར་བཅས་བཞུགས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ས་མ་ཡ་ཏིཥྛནྟུ་ཞེས་པ་དང་། ཨཱོྃ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་དམ་ལ་གཞག །ཕྱག་བྱ་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་བདུད་དཔུང་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱེད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། མཆོད་པ་ནི། ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་དགོངས། ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཐོད་ཆེན་བྷནྫ་རློན་པའི་སྣོད་མཆོག་ཏུ། །བ་ལིཾ་གཏོར་མའི་མཆོད་པ་རོངས་སེ་རོང་། །བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང་། །རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི། །ཛ་གད་གསེར་སྐྱེམས་བཏུང་བ་མེ་རེ་རེ། །མཱཾ་ས་ཤ་ཆེན་གསུར་དུད་ཐུ་ལུ་ལུ། །བྷནྫ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །དད་པའི་བློ་ཡིས་འབུལ་ལོ་བཞེས་སུ་གསོལ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་པུཥྤེ་ནས་ཤབྡའི་བར་དང་ཨ་མྲྀཏ་རཀྟ་བ་ལིཾ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་པ་དང་། ཁྱད་པར་དུ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་སོགས་ནས་བསྟན་པའི་བཀའ་སྲུང་ཆེན་པོ་དཔལ་མགོན་མ་ནིང་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀཿདཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་མངོན་སྤྲུལ་ནག་པོ་ཆེན་པོའི་སྐུ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ། །དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་དཀྱིལ་ན། །རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས། །རབ་བརྗིད་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམ། །ཞལ་གདངས་མཆེ་གཙིགས་དྲག་པོའི་སྐན་སྒྲ་རྡེབ། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ། །གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། །ཙནྡན་བེང་ཆེན་རྐེད་བཙུག་ལྷ་དམག་འགྱེད། །ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས། །དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས། །ལེགས་ལྡན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་རལ་གཟིག་ཤུབས་བཏགས་ནས་རྟ་ནག་ཞོན། །བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག །སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་སྒྲུབ། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་གནག་པའི་དགྲ་བགེགས་སྒྲོལ། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །གར་བསྐུལ་ས་རུ་མི་རོ་རགས་སུ་འཚེར། །ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་བ། །དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཔལ་ལྡན་ལས་ཀྱི་མགོན་པོ་ནི། །མཐིང་ནག་གྲི་གུག་ལྕགས་པར་ཐོགས། ཁ་ཊྭཱཾ་བདུད་མདས་དགྲ་སྙིང་གཟིར། །རྟ་ནག་ཞོན་ནས་རྒྱུག་ལ་བསྟོད། །མ་གཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་ལྡག །མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དེ་བཱིའི་སྐུ་ལ་བསྟོད། །ཧཱུྃ། སྐུ་ལས་སྤྲུལ་པའི་མགོན་པོ་ནི། །ནག་པོ་སྟག་ཞོན་མི་བཟད་པ། །ཙནྡན་བེང་གསོར་བདུད་ཞགས་འཕེན། །གཏུམ་པོ་འཇིགས་བྱེད་ཁྱོད་ལ་བསྟོད། །མ་འགགས་གསུང་གི་རོལ་པའི་རྩལ། །བེང་ཆེན་དམར་སྨུག་ཁྲོས་པའི་ཞལ། །ཙནྡན་བེང་དང་ལྕགས་པར་འཛིན། །བདུད་འདུལ་མཐུ་ཆེན་ཁྱོད་ལ་བསྟོད། །ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ལྷ་མིན་གཡུལ་ཟློག་ནག་པོ་ཆེ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། ཁྲག་འཐུང་དཔའ་བོ་ཁྱོད་ལ་བསྟོད། །ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །གཏུམ་དྲག་བཟོད་དཀའི་གཟི་བརྗིད་ཅན། །མཐིང་ནག་རིན་ཆེན་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཕྲིན་ལས་དྲག་ཤུལ་ཆེན་པོའི་རྩལ། །ཏྲག་ཤད་བདུད་མགོན་མ་རུངས་པ། །ཙནྡན་བེང་དང་དགྲ་སྙིང་འཛིན། །དགྲ་བགེགས་གཤེད་མ་ཁྱོད་ལ་བསྟོད། །འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །ལག་ན་ཁྲམ་ཤིང་ཐོད་པ་འཛིན། །དྲེལ་རྟ་ཞོན་ནས་སྟོང་གསུམ་ཉུལ། །ནག་མོ་སྟོང་གི་གཙོ་ལ་བསྟོད། །ཧེ་རུ་ཀཿདཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་བསྟོད། བཟླས་པ་བྱ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྲོག་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ཅེས་གཙོ་སྔགས་ཏེ། བྱེ་བ་ཐེམས་ན་ལས་ཀུན་འགྲུབ༔ ཅེས་པ་བཞིན་བཟླའོ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཧཱུྃ་ཛ༔ སྐུ་མགོན་ནོ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནི་ཛ༔ གསུང་མགོན་ནོ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཏྲ་ཧ་ན་ཧཱུྃ་ཕཊ༔ ཐུགས་མགོན་ནོ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་རཾ་ཧཱུྃ་ཕཊ༔ ཡོན་ཏན་མགོན་པོའོ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཏྲག་ཤད་ཧཱུྃ་ཛ༔ ཕྲིན་ལས་མགོན་པོའོ། །དེ་ལྟར་གཙོ་འཁོར་གྱི་འགྲོས་སྦྱར་ནས་ཅི་རིགས་བཟླས་པའི་མཐར། མཆོད་ཅིང་ཕྲིན་ལས་གསོལ་ལོ། །རྒྱུན་གྱི་ཕྲིན་ལས་ལ་ནི་བཟླས་པ་བྱ་བའམ་མ་བྱས་ཀྱང་རུང་སྟེ། བསྟོད་པའི་རྗེས་སུ་ཐུན་གཏོར་སྟོབ་ཅིང་། སྐབས་ཀྱི་ཕྲིན་ལས་ལ་བཟླས་པའི་རྗེས་སུ་སྐོང་བཤགས་སོགས་བྱ་ཞིང་། གང་ལྟར་ཡང་སྟོབ་པའི་རྗེས་སུ། གཏང་རག་གི་མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། གཤེགས་གསོལ་སོགས་རྗེས་ཆོག་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་བཟླས་པའི་མཐར་ཐུག་པ་སྔར་བཞིན་བྱས་ནས། བུམ་པའི་ནང་དུ་མགོན་པོ་འཁོར་བཅས་སྐད་ཅིག་གིས་གསལ་བཏབ། སྙིང་གའི་སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ་བྱང་སེམས་བདུད་རྩིར་བབས་པར་བསམ་ལ། གོང་གནོན་དང་མགོན་པོའི་རྩ་སྔགས་ཅི་ནུས་བཟླ་ཞིང་། ཏིང་ངེ་འཛིན་གྱིས་དབང་བླང་བ་དང་གནང་བ་ནོད་པ་རྣམས་བྱའོ། །སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱས། བགེགས་སྐྲོད་པ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་ཆོས་བཤད་ཅི་རིགས་པ་བྱས་ནས། ཁྱད་པར་འདིར་བཅོམ་ལྡན་འདས་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿཉིད་གདུལ་བྱ་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་སྐུར་བཞེངས་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱི་རྗེ་བཙན། མཐུ་སྟོབས་ནུས་པའི་བྱིན་རླབས་འགྲན་ཟླ་མེད་པའི་བསྟན་སྲུང་ཐམས་ཅད་ཀྱི་གཙོ་བོར་གྲུབ་པ་ཡིན་ཏེ། ལས་རྒྱུད་ཀྱི་ལེའུ་དྲུག་པ་ལས། ལྷ་མགོན་མ་ཧཱ་ཀཱ་ལ་འདི༔ ང་ཡི་སྐུ་གསུང་ཐུགས་སྤྲུལ་ཡིན༔ ཅི་ཕྱིར་རུ་དྲ་འདུལ་བའི་ཕྱིར༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ བདག་ཏུ་འཛིན་པའི་རུ་དྲ་དར༔ དེ་ཚེ་གཞན་གྱིས་མི་ཐུལ་བས༔ བདག་འཛིན་དངོས་བཅོམ་མ་ནིང་འདིས༔ དེ་ཚེ་བདག་འཛིན་རུ་དྲ་འདུལ༔ ཞེས་གསུངས་པ་དང་། དེ་ལ་སྒྲུབ་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། ཟབ་རྒྱས་རྣོ་མྱུར་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་གྱུར་པ་ནི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་བྲག་ནས་སྤྱན་དྲངས་པའི་ཆོས་སྐོར་འདི་ཉིད་ཡིན་ཞིང་། དེ་ལ་རྒྱུད་དང་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ཁ་ཚང་དོན་འདྲིལ་མཐའ་རྒྱས་སུ་ཡོད་པ་ལས་འདིར་སྲོག་དབང་གི་བཀའ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོར་སློབ་དཔོན་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་དྲུང་དུ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ་ཞེས་བརྗོད་ཅིང་དེས་ཀྱང་མཎྜལ་ཕུལ། གསོལ་བ་འདེབས་པ་ནི། བླ་མ་དཔལ་ཆེན་ཧེ་རུ་ཀཿ མཐུ་སྟོབས་རྩལ་ལྡན་ཆེ་བའི་མཆོག །ཁམས་གསུམ་སྲོག་ལ་དབང་སྒྱུར་བའི། །དབང་ཆེན་ཡོངས་རྫོགས་བདག་ལ་སྩོལ། །ཅེས་ལན་གསུམ། རྒྱུད་དག་པར་བྱ་ཕྱིར། བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་གསུམ་པོ་རྣམས། །བྱང་ཆུབ་མ་འཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་གཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་སྒོམ། །ཞེས་གསུམ་གྱིས་རྒྱུན་བཤགས་བྱ། ཡེ་ཤེས་དབབ་པ་ནི། སློབ་དཔོན་ཡི་དམ་དུ་གསལ་བ་ལ། སློབ་མས་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་སྤྱི་བོར་ཐིམ་པས་མ་དག་པའི་ལུས་སྦྱངས་ཏེ་འོད་ཟེར་མཐིང་གའི་ཕུང་པོར་གྱུར། དེ་ལས་དུར་ཁྲོད་ཆེན་པོའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་ཅེས་པ་ནས། གཡོན་བརྐྱང་གིས་རོའི་གདན་ལ་བཞུགས་པ་ཞེས་པའི་བར་གྱིས་མགོན་པོར་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྔ་ཡབ་གླིང་། མ་ལ་ཡ། བསིལ་བ་ཚལ། ཨུ་ཙ་ལའི་དུར་ཁྲོད་ཆེན་པོ་རྣམས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་འུར་འུར་ཆེམ་ཆེམ་ཁ་ཆར་འབབ་པ་བཞིན་བྱོན་ནས་སློབ་མ་ལ་ཐིམ་པར་བསམ་ཞིང་། སྔགས་ཀྱི་མཐར་ཨཱ་བེ་ཤ་ཡ་ཨ་ཨཱ་ཞེས་བཏགས་པ་བཟླ་ཞིང་། རོལ་མོའི་སྒྲ་དང་སྦྱར་བའི་སྤོས་བསྲེག །ཕེབས་པ་ན་ཏིཥྛ་བཛྲ་ཞེས་བརྟན་པར་བྱ། དེ་ནས་གཉིས་པ་དངོས་གཞིའི་དོན་དུ། བླ་མ་གསང་བདག་རྡོ་རྗེ་འཛིན། །རྒྱལ་བ་མགོན་པོ་མ་ལུས་རྣམས། །དབང་བསྐུར་ལྷ་ཡི་འཁོར་ལོ་ཡི། །དབང་རྣམས་རིམ་པར་བསྐུར་དུ་གསོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། དབང་དངོས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱི་ནི། བུམ་པ་སྤྱི་བོར་བཞག་པའི་ཚེ། བུམ་ནང་གི་མགོན་པོའི་སྐུ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། སློབ་མའི་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས། མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་པ་རྒྱུད་ལ་ཞུགས་པར་མོས་སུ་བཅུག་ལ། བུམ་པ་གཙོ་བོའི་སྐུ་དང་བཅས་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ བུམ་པ་བཟང་པོའི་གཞལ་ཡས་སུ༔ དཔལ་མགོན་མ་ནིང་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྨིན་གྱུར་ནས༔ སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ ཅེས་དང་། ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱོྃ་ཧྲཱིཿཥྚཱི་བཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ༔ ཨཱོྃ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཅེས་གསང་རྫོགས་ལྟར་གྱི་དཔལ་དགུ་དང་མགོན་པོའི་སྔགས་མཐར། ཨ་བྷི་ཥིཉྩ་ཨཱོྃ༔ ཨ་བྷི་ཥིཉྩ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨ་བྷི་ཥིཉྩ་སྭཱ༔ ཨ་བྷི་ཥིཉྩ་ཧཱ༔ ཞེས་གནས་ལྔར་བསྐུར་ཞིང་བུམ་ཆུ་བླུད། དེ་ལྟར་དབང་བསྐུར་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་བྱང་སྟེ་མགོན་པོའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའོ། །གཉིས་པ་བྱེ་བྲག་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྦྱོར་སྒྲོལ་བྱིན་བསྐྱེད་ངོ་སྤྲོད་དང་དགུ་ལས། སྐུའི་དབང་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ་བ་རེ་རེ་བཞིན་ལ་སྔོན་དུ་འགྲོ་བས། མདུན་བསྐྱེད་ལས་སྐུ་མགོན་སྟག་ཞོན་མང་པོ་བྱུང་། སློབ་མའི་སྤྱི་བོར་ཐིམ་པར་བསམ་ལ། དེའི་སྐུ་སྤྱི་བོར་བཞག་ཅིང་བེར་ནག་བཀོན་ལ། ཧཱུྃ། དཔལ་མགོན་མ་ནིང་སྐུ་ཡི་དབང་། །སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག །ཆེ་མཆོག་དང་གཙོ་སྔགས་ཀྱི་མཐར། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་རཱུ་པ་ཏྲི་ཡཾ་ཧཱུྃ་ཛ༔ ཨ་བྷི་ཥིཉྩ་ཨཱོྃ༔ གསུང་དབང་ནི། དེ་བཞིན་དུ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ལས་གསུང་མགོན་བེང་དམར་མང་པོ་བྱུང་། སློབ་མའི་མགྲིན་པར་ཐིམ་པར་བསམ། བེང་གི་སྐུ་དང་སྒྲུབ་པོད་སྲོག་སྙིང་རྣམས་མགྲིན་པར་བཞག་ལ། ཧཱུྃ། དཔལ་མགོན་མ་ནིང་གསུང་གི་དབང་། །སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག །སྔར་བཞིན་སྔགས་ཚན་གཉིས་ཀྱི་མཐར། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ནི་ཛ༔ ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་བླུད། ཐུགས་དབང་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ལས་ཐུགས་མགོན་གྲི་གུག་ཅན་མང་པོ་བྱུང་། སློབ་མའི་སྙིང་གར་ཐིམ་པར་བསམ། གྲི་གུག་གི་སྐུ་དང་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ་སྙིང་གར་བཞག་ལ། ཧཱུྃ། དཔལ་མགོན་མ་ནིང་ཐུགས་ཀྱི་དབང་། །སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག །སྔགས་ཚན་གཉིས་ཀྱི་མཐར། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཀྵེ་ཏྲ་ཧ་ན་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་གྱི་དབང་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ལས་ཡོན་ཏན་གྱི་མགོན་པོ་སེང་ཞོན་མང་པོ་བྱུང་། སློབ་མའི་ལྟེ་བར་ཐིམ་པར་བསམ། སེང་ཞོན་གྱི་སྐུ་ལྟེ་བར་བཞག་ཅིང་། མདའ་རྒོད་སྒྲོ་མར་དར་ནག་ལ་ཁྲོ་ཞལ་ལམ་ཧཱུྃ་བྲིས་པ་བཏགས་པ་ལག་གཡས་སུ་གཏད་ལ། ཧཱུྃ། དཔལ་མགོན་མ་ནིང་ཡོན་ཏན་དབང་། །སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག །སྔགས་ཚན་གཉིས་ཀྱི་མཐར། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་སིཾ་ཧ་རཾ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་སྭཱ༔ ཕྲིན་ལས་ཀྱི་དབང་ནི། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ལས་ཕྲིན་ལས་ཀྱི་མགོན་པོ་ཏྲག་ཤད་མང་པོ་བྱུང་། སློབ་མའི་གསང་བར་ཐིམ་པར་བསམ། ཏྲག་ཤད་ཀྱི་སྐུ་ལྟེ་བར་བཞག་ཅིང་། སེང་ལྡེང་ངམ་ཆུ་ཤིང་གི་ཕུར་པ་ལག་གཡོན་དུ་གཏད་ལ། ཧཱུྃ། དཔལ་མགོན་མ་ནིང་ཕྲིན་ལས་དབང་། །སྐལ་ལྡན་འདི་ལ་བསྐུར་ཐོབ་ཤོག །སྔགས་ཚན་གཉིས་ཀྱི་མཐར། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཏྲག་ཤད་ཧཱུྃ་ཛ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ སྦྱོར་སྒྲོལ་གྱི་དབང་གཉིས་ནི། གྲིར་ཤི་བའི་སྙིང་ཤུན་ལ་གྲི་ཁྲག་གིས་བྲིས་པའི་ལིངྒ་འམ་ཟན་ལིང་ལ་དམིགས་བྱ་དགུག་གཞུག་བྱས་ལ། རྩ་སྔགས་ཀྱི་མཐར། ཨཱོྃ་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་དྲ་ནག་པོ་རྦད་ཏྲི་ལིང་གིངྐ་ར་རཱ་ཙ་སུ་ཏྲི་བྷྱོ་བྷྱོ༔ མུན་ཤི་བྷྱོ༔ མུན་ནག་ཤི་བྷྱོ་དགྲ་བོ་ཆེ་གེ་མོ་ལ་བྷྱོ༔ ཞེས་རྦད་པ་དང་། ཏྲི་ཡཾ་རུ་དྲ་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད༔ མུན་ཤི་དགྲ་བོའི་སྲོག་ལ་ཧུར་ཐུམས་མཱ་ར་ཡ་རྦད༔ མུན་ནག་ཤི་དགྲ་བོའི་སྲོག་ལ་ཧུར་ཐུམས་ཛཿམཱ་ར་ཡ་རྦད༔ སུ་ཏྲི་ཙིཏྟ་དགྲ་བོ་ནྲྀ་མཱ་ར་ཡ་རྦད༔ ཅེས་གསད་སྔགས་ཏེ་རྦད་གསད་སྦྲེལ་ནས་བཟླ་ཞིང་ཐུན་སྣ་ཚོགས་ཀྱིས་བྲབ། མཚོན་ཆས་གཏུབ། ཨཱོྃ་ཕཊ༔ མཱ་ར་ཡ་ཏི་ཧཱུྃ༔ ཨེ་སྥ་ར་ཎ་ཕཊ༔ ཅེས་བརྗོད་ཅིང་ལིང་རོ་མེར་བསྲེག །དེ་ཉིད་རཀྟ་དང་སྦྱར་བ་བྱིན་ལ། སློབ་མའི་ཡ་རྐན་ཁྲོ་བོ། མ་རྐན་ཁྲོ་མོ། ལྕེ་ཁྲོ་ཆུང་དུ་བསམ་ལ། ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཏ་ཀྲི་ཀྲོ་ཏ་ཀྲོ་ཏཱི་ས་མ་ཡ་ཧོཿས་མ་ཡ་སཏྭཾ༔ ཞེས་བརྗོད་པས་ཁྲོ་བོ་ཁྲོ་མོས་རོལ་པ་མཛད་པས་བྱང་སེམས་ཀྱིས་ལུས་གང་བར་བསམ་མོ། །གཟི་བྱིན་སྐྱེད་པའི་དབང་ནི། སློབ་མའི་ལུས་ཐལ་ཆེན་གྱིས་བྱུགས་པའམ་མི་བདེ་ན་དཔྲལ་བར་ཚོམ་བུ་བཀོད། ཚིལ་ཆེན་སོགས་སྦྱར་སྤོས་བསྲེག །ཌཱ་དྲིལ་དང་རྐང་གླིང་སོགས་རོལ་མོའི་སྒྲ་སྦྱར་ཞིང་། གཏོར་མ་མགོན་པོར་གསལ་བ་སློབ་མའི་སྤྱི་བོར་བཞག །བྱིན་བསྐྱེད་ཅིང་བཀའ་བསྒོས་པའི་ཚེ་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ སྤྱན་འདྲེན་བཞུགས་གསོལ་མཆོད་པ་འབུལ༔ བདག་དང་མོས་པའི་བུ་འདི་ལ༔ དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ ཕྱི་ནང་གསང་བའི་དབང་རྣམས་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ དཔལ་མགོན་མ་ནིང་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དཔལ་མགོན་ལྕམ་དྲལ་འཁོར་ཚོགས་བཅས༔ དམ་ཅན་རྒྱ་མཚོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་སྐུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་པ་ཙམ་གྱི་མཐར། དད་ལྡན་རིགས་ཀྱི་བུ་འདི་ལ༔ འགྲོ་བ་འདུལ་བའི་དབང་སྐུར་ཅིག༔ ཁམས་གསུམ་དབང་སྡུད་དབང་སྐུར་ཅིག༔ ཕྲིན་ལས་རྣམ་བཞིའི་དབང་སྐུར་ཅིག༔ ཅེས་པའི་མཐར་བཀའ་བསྒོ་ཡང་བྱའོ། །དམ་ཚིག་དང་ལྡན་ཞིང་ཆོས་སྐྱོང་འདི་ཉིད་སྒྲུབ་པ་ལ་སྤྲོ་བ་ཡིན་ན་གཏོར་མའི་ལྷ་སློབ་མའི་སྙིང་གར་བསྟིམ། སྔགས་ཀྱི་བཟླས་ལུང་་་ལེགས་ལྡན་དང་འདྲ།མཆན།བྱིན་ནས་སློབ་མ་ལ་མཆོད་བསྟོད། བརྟན་བཞུགས། མགོན་པོ་ལ་དམ་གཞག་དང་དམ་བསྲེ་བ་ཡང་བྱེད། དམ་ཚིག་ལ་ཐེ་ཚོམ་ཟ་བ་དང་འདི་མི་སྒྲུབ་པའི་རིགས་ལ་དེ་རྣམས་མི་བྱ་སྟེ་གཉིས་ཀ་ལ་ཤིས་པར་མི་འགྱུར་རོ། །དབང་དོན་ངོ་སྤྲད་པ་ནི། རིགས་ཀྱི་བུ་ཁྱོད་སྐལ་པ་བཟང༔ གསང་བའི་དཀྱིལ་འཁོར་དམ་པ་འདིར༔ དབང་དོན་འདི་ལྟར་གོ་བར་གྱིས༔ རང་གི་སེམས་ཉིད་རིན་པོ་ཆེ༔ ཞི་བའི་དུས་ན་ཀུན་ཏུ་བཟང༔ ཁྲོ་བོ་ཆེ་མཆོག་ཧེ་རུ་ཀ༔ རིག་ན་སངས་རྒྱས་དེ་ཉིད་ཡིན༔ མ་རིག་རང་སེམས་དམྱལ་བ་ཡིན༔ འཁོར་འདས་ཀུན་གྱི་གཞི་རྩ་ཡིན༔ ངར་འཛིན་དག་པ་མ་ནིང་སྐུ༔ གཞན་ན་མེད་དོ་རང་རིག་སྐུ༔ དེ་དོན་རྟོགས་ན་སྲོག་དབང་ཐོབ༔ རང་སེམས་མ་ནིང་ཡིན་ཤེས་ན༔ དྲེགས་པ་ཀུན་གྱི་སྲོག་དབང་ཡིན༔ ཡ་གི་ཀུན་ཏུ་བཟང་པོ་ནས༔ མ་གི་ཐེའུ་བྲང་ཡན་ཆད་ལ༔ ཀུན་སྲོག་སེམས་ཉིད་གཅིག་པུར་འདུས༔ དཔེར་ན་ནམ་མཁའི་སྒྲ་གཅན་གྱིས༔ ནམ་མཁའི་ཉི་ཟླ་ཟིན་པ་ན༔ ཆུ་བྲན་སྟོང་གི་ཉི་ཟླ་ཟིན༔ དེ་ཕྱིར་སྟོང་སྲོག་གཅིག་ལ་འདུས༔ དེ་དོན་རྟོགས་ན་དབང་ཐོབ་ཡིན༔ ཞེས་ངོ་སྤྲད་དོ། །རྗེས་ནི་སྔགས་ཀྱི་དམ་ཚིག་སྤྱི་དང་། ཁྱད་པར་འདི་ཐོབ་པའི་བླ་མ་ལ་གུས་པ་དང་། མགོན་པོ་འདིའི་མཆོད་གཏོར་ལ་བརྩོན་པ་སོགས་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་བསྲུང་བར་བཀའ་བསྒོ། དེས་ཀྱང་ཁས་བླང་བ་དང་། ཡོན་འབུལ་བ་སོགས་བྱ། རྗེས་མདུན་བསྐྱེད་ལ་གཏང་རག་གི་མཆོད་བསྟོད་སོགས་སྒྲུབ་ཐབས་བཞིན་ཤེས་པར་བྱའོ། །འདིའི་སྔོན་འགྲོ་རྣམས་རྩ་བའི་གཞུང་གི་དངོས་ཟིན་མིན་པས་ཉུང་ངུར་དྲིལ། གཟི་བྱིན་སྐྱེད་པ་དང་ངོ་སྤྲོད་ཀྱི་ཚིགས་གཅད་སྙིང་པོ་བསྡུས་ནས་འཇུག་བདེར་བྱས། གསུང་རྒྱུན་ཟབ་གནད་འགའ་ཞིག་ཕྱོགས་མཚོན་དུ་སྨྲོས་པའོ། །རྣམ་འ༵གྱུར་སྣ་ཚོགས་མགོན་པོ་ཀུན། །གཉིས་མེ༵ད་མ་ནིང་འདི་ལས་ཤར། །དེ་ཕྱིར་རྡོ༵་རྗེ༵་ཐེག་པ་ཡི། །བསྟན་སྲུང་སྙིང་པོ་འདི་སྒྲུབས་ཤིག །དཔལ་མགོན་མ་ནིང་ཆོས་དབང་དང་པད་གླིང་ལུགས་ཀྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
ནང་སྐོར་ཁྲོ་བོའི་སྔགས་བྱང་འདོན་འགྲིགས་ (Volume 62, Text 44)
ནང་སྐོར་ཁྲོ་བོའི་སྔགས་བྱང་འདོན་འགྲིགས་ལ། ཐོག་མར་ཞི་བའི་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གིས་བྱིན་བརླབས་བསམ༔ སྟེང་ཁང་ཞི་བ་རབ་འབྱམས་སྔགས༔ ཨཱོྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་བྱིན་དབང་ཐོབ༔ ཁྲག་འཐུང་གཙོ་བོའི་བཟླས་པའི་སྐབས༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་བསམ༔ འོག་ཁང་རྒྱུད་ལུང་མཁའ་འགྲོའི་གཙོ༔ མངོན་རྫོགས་རྒྱལ་པོའི་སྒོས་སྔགས་ནི༔ ཨཱོྃ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ འབུམ་ཕྲག་གཅིག་བཟླས་དངོས་གྲུབ་འགྱུར༔ ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ དང་པོ་གཞལ་ཡས་ནང་མ་གྲུབ། གནས་ཡུལ་ལ་སོགས་བཟླས་པའི་སྐབས༔ བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་སོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ གཉིས་པ་གནས་ཡུལ་སྒོ་སྐྱོང་ལ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་དབང་མོ་ཉེར་བརྒྱད་ལ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ བཞི་པ་མཁའ་འགྲོ་སོ་གཉིས་ལ༔ ཨེ་ཨཱ་རལླི་ཧཱུྃ༔ ལྔ་པ་མ་བདུན་སྲིང་བཞི་ལ༔ མ་མ་དྷཱ་ཏུ་ཧཱུྃ༔ བཛྲ་དུནྟིཾ་བྷྱོ༔ དྲུག་པ་གིང་ཆེན་བཅོ་བརྒྱད་ལ༔ ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བདུན་པ་ཁྲོ་བོ་དྲུག་ཅུ་ལ༔ ཀྲོ་དྷ་ཀྲོ་དྷཱི་ཧཱུྃ༔ བརྒྱད་པ་མ་མོ་ཉིས་བརྒྱ་དང༔ བཞི་བཅུའི་ཕོ་ཉ་རིགས་བཞི་ལ༔ བྷ་ན་ཧ་ན་གརྫ་པ་ཙ་ཛཿཧཱུྃ་བཾ་ཧོ༔ དགུ་པ་མ་མོ་དྲུག་ཅུ་ལ༔ མ་མེ་ཤྭ་ར་ཧཱུྃ༔ རྒྱུ་ཡི་རྟ་བབས་ཁོར་ཡུག་གི༔ རིག་འཛིན་བྱེ་བ་ས་ཡ་ལ༔ ཨཱོྃ་མ་ཧཱ་གུ་རུ་ཤ་རི་རཾ་གཱི་ལི་ཧཱུྃ༔ ཁྲི་ཕྲག་བཟླས་པས་དངོས་གྲུབ་ཐོབ༔ ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ ཁྲག་འཐུང་རབ་འབྱམས་དྲིལ་བའི་སྔགས༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབྲུ་བརྒྱད་རིན་པོ་ཆེ༔ རྡོ་རྗེའི་སྔགས་ཀྱི་མཐར་ཐུག་གོ༔ དེ་ལྟར་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་འཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ རྩ་བའི་དཀྱིལ་འཁོར་ཕྱི་རོལ་གྱི༔ ཡན་ལག་ངན་སོང་གནས་འདྲེན་སོགས༔ སོ་སོའི་བཟླས་པའི་དམིགས་པ་ནི༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡན་ལག་དཀྱིལ་འཁོར་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ནས་ཡེ་ཤེས་ཀྱི༔ སྣང་བས་འཁོར་འདས་ཞིང་ཀུན་ཁྱབ༔ འཕགས་རྣམས་མཆོད་ཅིང་དགྱེས་པར་བསྐྱེད༔ སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ བདག་དང་འགྲོ་དྲུག་ཡིད་ཅན་ཀུན༔ ངན་སོང་འཁོར་བའི་སྡུག་བསྔལ་བསལ༔ མཐོ་རིས་ཐར་པའི་གོ་འཕང་བཀོད༔ བྱང་ཆུབ་གསུམ་གྱི་ས་བོན་དང༔ འབྲས་བུ་མངོན་དུ་གྱུར་ནས་ཀྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཕྱི་འཁོར་ཡན་ལག་དཀྱིལ་འཁོར་ལས༔ བྱང་ཤར་ངན་སོང་གནས་འདྲེན་ལ༔ ཨཱོྃ་བཛྲ་པཱ་ཎི་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ྄༔ ནུབ་བྱང་ལྷ་མིའི་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་ཡེ་ཀྵཾ་བྲཾ་ཏྲུཾ་སྭཱ་ཧཱ༔ ཨཱོྃ་མུ་ནེ་སྲུཾ་ཀྲེཾ་སྭཱ་ཧཱ༔ ལྷོ་ནུབ་ཉན་ཐོས་དཀྱིལ་འཁོར་ལ༔ ཨཱོྃ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ༔ ཤར་ལྷོ་རང་རྒྱལ་དཀྱིལ་འཁོར་ལ༔ ཨཱོྃ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ༔ བྱང་ཕྱོགས་བྱང་སེམས་དཀྱིལ་འཁོར་ལ༔ ཨཱོྃ་མ་ཧཱ་ཀཱ་རུ་ཎི་སརྦ་བོ་དྷི་སཏྭ་སྭཱ་ཧཱ༔ ནུབ་ཕྱོགས་ཀྲི་ཡའི་དཀྱིལ་འཁོར་ལ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ་ཨཱོྃ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ཞེས་དང་རིགས་གསུམ་སྔགས་ཀྱང་བཟླ༔ ཨཱོྃ་ཝཱ་གཱི་ཤྭ་རི་མཱུཾ༔ ཨཱོྃ་མ་ཎི་པདྨེ་ཧཱུྃ༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ༔ ལྷོ་ཕྱོགས་ཨུ་བྷ་རིགས་བཞི་ལ༔ ཨཱོྃ་བཛྲ་བཻ་རོ་ཙ་ན་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཧཱུྃ་སྭཱ་ཧཱ༔ ཤར་ཕྱོགས་རྣམ་སྣང་རྡོར་དབྱིངས་ལ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུྃ༔ ངན་སོང་སྦྱོང་བའི་གཟུངས་ཀྱང་བཟླ༔ ཁྲི་ཕྲག་རེ་རེ་བཟླས་པ་ཡིས༔ སོ་སོའི་བྱིན་རླབས་དངོས་གྲུབ་འགྱུར༔ ས་མ་ཡ༔ འབྲིང་སྐབས་ཞི་བའི་བཟླས་པ་དང་ཁྲག་འཐུང་གཙོ་བོའི་བཟླས་པ། གཙོ་དགུའི་བཟླས་པ། ཡོངས་རྫོགས་དྲིལ་སྒྲུབ་ཀྱི་བཟླས་པ་བཅས་བྱ་བ་དང་། ཤིན་ཏུ་བསྡུས་ན་གཞུང་བསྟན་གྱི་འཐུས་པར་མཛད་པ་ཕྱག་བཞེས་སོ། །སྔགས་ཀྱི་འདོན་འགྲིགས་འདི་འང་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །། ཨཱོྃ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱཱ་ཡ། ཏདྱ་ཐཱ། ཨཱོྃ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ།
མཁའ་འགྲོ་རླུང་འཁོར་བཅས་ཆོག་མ་ (Volume 42, Text 44)
༄༅། །མཁའ་འགྲོ་རླུང་འཁོར་བཅས་ཆོག་མ་བཞུགས་སོ། ། ན་མོ་གུ་རུ། རླུང་འཁོར་ཡིད་བཞིན་ནོར་བུ་མཁའ་འགྲོ་རླུང་འཁོར་བཅས་ཆོག་མ་ཞེས་བྱ་བ་འདི་ཡི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཆོ་གའོ། །སྔོན་འགྲོ་ནི་བསོད་ནམས་ཀྱི་ཚོགས་གསག་ཅིང་རླུང་ཁང་བཅའ་བ་ནི། ཞག་དུས་ཚེས་གྲངས་བཟང་པོར་རླུང་ཁང་གྲུ་བཞི་པ་གཞལ་ཡས་ཁང་གི་དབྱིབས་ཅན་གཅིག་བྱ། ནང་དུ་སྲོག་ཤིང་གི་འཛུགས་ལུགས་ཁྲི་ལྟ་བུ་ཅན་གཅིག་བྱས་ལ། སྲོག་ཤིང་བཞི་བཙུགས་ནས་འཁོར་ལོ་ཆ་བཞིར་བསྐོར་བ་དང་། སྲོག་ཤིང་སྒོ་ལྟ་བུ་གཅིག་བྱས་ཏེ་འཁོར་ལོ་ཆ་གཅིག་ཏུ་བསྐོར་བའི་ལུགས་གཉིས་ཡོད་པ་ལ། ལག་ལེན་ནི། རླུང་འཁོར་ལ་བར་ཐོག་གཅིག་བྱས་ཏེ། སྟེང་ཁང་དུ་འཁོར་ལོ། འོག་ཁང་དུ་རླུང་གཤོག །རླུང་གཤོག་གི་ཐད་དུ་རླུང་སྒོ་ཡོང་བར་བྱ། སྲོག་ཤིང་ནི་སྨྱུག་རྒོད་ལ་བྱས་པ་ཡར་སྣ་མར་སྣ་གཉིས་ལ་ལྕགས་ཀྱི་ཐུར་མར་བཀར། སྲོག་ཤིང་ལ་ཤོར་བཞི་བྲུས་ཏེ། རླུང་གཤོག་བཞི་སྤྱིན་དང་སྦྱར། དེ་རྣམས་ཀྱི་བཅའ་ལུགས་མཆོད་རྟེན་དང་ཁང་པའི་ཁྱད་མ་གཏོགས། མཆོད་རྟེན་གྱི་ནང་དུ་བཅའ་བའི་འཁོར་ལོ་དང་འདྲ། གཉིས་པ་དངོས་གཞི་འཁོར་ལོ་བྲི་བ་དང་། བསྐོར་ཞིང་སྒྲུབ་པའོ། །དང་པོ་འཁོར་ལོ་འབྲི་བ་ནི། འདིའི་ལུགས་ལ། ཕྲིན་ལས་བཞི་ཆར་ཕྱོགས་གཅིག་ཏུ་སྒྲུབ་པའི་མན་ངག་གོ །རྩ་བའི་འཁོར་ལོ་བཅོ་བརྒྱད། སྐུ་གསུང་ཐུགས་དང་ཚེ་སྒྲུབ་ཀྱི་འཁོར་ལོ་འོ།། ༼ཀ༽དང་པོ་སྐྱོབ་པ་གདུགས་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་རུ་བསྐོར་བའི་ལྟེ་བ་ལ། ཨ། དེའི་མཐའ་ལ་ཨོཾ་ཡ་ཧཱུྃ། ས་ཧཱུྃ་ཥྞི་ཥ་མ་ཎ་ཛ་ལ་སུ་པྲ་ཏི། པུཥྚིཾ་བྷ་བ་ཏི་བ་ཏི་ཛྭ་ལ་སྭཱ་ཧཱ། བྲིས། མུ་ཁྱུད་གཉིས་པ་ལ། ན་མཿས་མནྟ་བུདྡྷཱ་ནཱམ། ན་མཿཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཕཊ་ཕཊ་སྭཱ་ཧཱཿ བྲིས། མུ་ཁྱུད་གསུམ་པ་ལ། འཁོར་ལོ་རྩིབས་བརྒྱད་དུ་བྱས་པའི། ཤར་དུ་འཁོར་ལོ། ཤར་ལྷོར་དཔལ་བེའུ། ལྷོར་རྒྱལ་མཚན། ལྷོ་ནུབ་ཏུ་པདྨ། ནུབ་ཏུ་གདུགས། ནུབ་བྱང་དུ་བུམ་པ། བྱང་དུ་དུང་། བྱང་ཤར་དུ་གསེར་ཉ་རྣམས་བྲི། རྩིབས་མཆན་བརྒྱད་ལ་སཱ་དྷུ་ཞེས་པ་དང་། སྡུག་བསྔལ་ཉེས་བྱས་རྣམས་ལས་བསྐྱབ་ཏུ་གསོལ། ཞེས་བཏགས་པ་བྲི། མུ་ཁྱུད་བཞི་པ་ལ། གདུགས་དཀར་གྱི་ཡང་སྙིང༔ ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། སརྦ་བུདྡྷ་ཨ་དྷིཥྛཱི་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ།ཡི་བར་བྲིས་པའི་ཤམ་བུར་ཆེ་གེ་ལ་མི་མཐུན་པའི་ཕྱོགས་ཀུན་ལས་བསྐྱབ་ཏུ་གསོལ། ཞེས་བྲི། མུ་ཁྱུད་ལྔ་པ་ལ་རྟེན་འབྲེལ་སྙིང་པོ་བྲི། གནམ་ལྟའི་འཁོར་ལོ་ཡིན་པས་ཡིག་མགོ་ནང་བསྟན་བྱ། ༼ཁ༽གཉིས་པ་གཉེན་པོ་ཐོག་ཟེར་གྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞིས་བསྐོར་བའི་ལྟེ་བ་ལ། གཤིན་རྗེ་སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི་བྲི། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྫ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚྲིཿཝཱི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཅེས་བྲི། མུ་ཁྱུད་གཉིས་པ་ལ། རྟ་མགྲིན་དང་ཕྱག་རྡོར་གྱི་སྙིང་པོ་འདི་བྲི། ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ །པདྨ་ཙཎྜ་པདྨ་ཀྲོ་ཏ། པདྨཱནྟ་ཀྲྀཏ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་དང་། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ་བྲི། མུ་ཁྱུད་གསུམ་པ་ལ། རྩིབས་བཅུར་བྱས་པའི། ཤར་དང་པོར། ཨོཾ་བཛྲ་ཙཎྜ་བྷྲ་མཱ་རཱ་ཛ་ཡེ་ཕཊ། ཤར་ལྟར། ཨོཾ་བཛྲ་ཙཎྜ་ཨིནྡྲ་རཱ་ཛ་ཡེ་ཕཊ། ཤར་ལྷོར། ཨོཾ་བཛྲ་ཙཎྜ་ཨགྣེ་རཱ་ཛ་ཡེ་ཕཊ། ལྷོར། ཨོཾ་བཛྲ་ཙཎྜ་ཡ་མ་རཱ་ཛ་ཡེ་ཕཊ། ལྷོ་ནུབ་ཏུ། ཨོཾ་བཛྲ་ཙཎྜ་ནྲྀ་ཏེ་རཱ་ཛ་ཡེ་ཕཊ། ནུབ་ཏུ། ཨོཾ་བཛྲ་ཙཎྜ་ཝ་རུ་ཎ་རཱ་ཛ་ཡེ་ཕཊ། ནུབ་ལྟར། ཨོཾ་བཛྲ་ཙཎྜ་པྲྀ་ཏི་ཝི་རཱ་ཛ་ཡེ་ཕཊ། ནུབ་བྱང་དུ། ཨོཾ་བཛྲ་ཙཎྜ་བྷྱ་བྷེ་རཱ་ཛ་ཡེ་ཕཊ། བྱང་དུ། ཨོཾ་བཛྲ་ཙཎྜ་ཀུ་བེ་རཱ་ཛ་ཡེ་ཕཊ། བྱང་ཤར་དུ། ཨོཾ་བཛྲ་ཙཎྜ་ཨི་ཤྭ་ར་རཱ་ཛ་ཡེ་ཕཊ། ཅེས་བྲི། རྩིབས་མཆན་རྣམས་ལ། དྷཱ་ན་དེ་ཝ་ཕཊ་གཟིར་གཟིར་བྲི། མུ་ཁྱུད་བཞི་པ་ལ། སྲིད་པ་གསུམ་གྱི་འགྲོ་བ་མི་དང་མི་མ་ཡིན་པ་རྣམས་གཟིར་གཟིར། དྲེགས་པ་ཅན་དང་དྲག་པོ་ཆེན་པོ་དང་། བསོད་ནམས་ཅན་དང་། ཡོན་ཏན་ཅན་དང་། དབང་ཐང་ཅན་དང་། མཐུ་བཙན་ནུས་སྟོབས་ཅན་དང་། ཤེས་རབ་ཅན་དང་། གདུག་པ་ཅན་མ་རུངས་པ་དང་། ཕྱུག་ཅིང་དར་བ་ལ་སོགས་པ། མཐོ་དམན་ཆེ་ཆུང་ཐམས་ཅད་ལ་གཟིར་གཟིར། ཨ་ཏྲི་ནྲི་ཏྲིག་ནན་མ་ནུ་ཥེ་ཨ་མ་ནུ་ཥེ་ཏྲིག་ནན་ཞེས་བྲི། ཕྱི་རོལ་ལ་མེ་རི་བྲི། ཡིག་མགོ་ཕྱིར་བསྟན་ལ་གཡས་སྐོར་དུ་བྲིའོ།། ༼ག༽གསུམ་པ་སྦྱིན་པ་སྤེལ་བའི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཟུངས། ཨོཾ་ཨཱ་མོ་གྷ་པཱ་ཤ་མ་ཧཱ་ན་དཱ་ན་པཱ་ར་མི་ཏཱ་པ་རི་པཱུ་ར་ཡ་ཧཱུྃ་ཕཊ། ད་ར་ད་ར། བྷི་བ་དྷེ། ཙི་ཙི་ཏྲི་མ་སརྦ་པ་པ་ཏ་ཨུ་པ་བྷོ་ག་སརྦ་ཏ་ཐཱ་ག་ཏ་མ་ཧཱ་དཱ་ན་པཱ་ར་མི་ཏཱ་པཱུ་ཙ་མེ་གྷ་པྲ་ཝརྟ་ཡ། ཏ་ར་ཏ་ར། ཏ་ར་ཡ། ཏ་ར་ཡ། མ་ཧཱ་པདྨ་ནི་ཧཱུྃ་ཕཊཿ བདག་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འབྲས་ཐམས་ཅད་འཕེལ་བར་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བྲི། མུ་ཁྱུད་གཉིས་པ་ལ། ཏདྱ་ཐཱ། ཨི་མི་རི་མི་རི། དྷ་ན་མི་བ་ཧཱུྃ་ཕཊ༔ ལམ་བྷ་བ་ཧཱུྃ་ཕཊ། དྷཱ་ན་དྷཱ་ན། མ་ཧཱ་དཱ་ན་བུདྡྷི་ཝརྡྷ་ནི་དཱ་ན་པཱ་ར་མི་ཏཱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ མུ་ཁྱུད་གསུམ་པ་ལ། རྩིབས་བརྒྱད་དུ་བྱས་པའི་ཤར་དུ། ཨོཾ་དཱ་ན་དཱ་ནཱ། བྱང་ཤར་དུ། མ་ཧཱ་དཱ་ན། བྱང་དུ། པཱ་ར་མི་ཏཱ། ནུབ་བྱང་དུ། སྤེལ་སྤེལ། ནུབ་ཏུ། པུཥྚིཾ། ལྷོ་ནུབ་ཏུ། ཀུ་རུ། ལྷོར། ཧཱུྃ་ཧཱུྃ། ཤར་ལྷོར། སྭཱ་ཧཱ་རྣམས་བྲི། རྩིབས་མཆན་རྣམས་ལ། མ་ཧཱ་པུཎྱེ། ཙིནྡྷ་མ་ཎི། གུ་ཎ་རཏྣ། སྥ་ར་ཎ་ཧི་མམ། ག་ག་ན་ཁམ། བྷུདྡྷི་དཱ་ནི། པུཥྚིཾ་ཀུ་རུ་ཡེ། སྭཱ་ཧཱ། བྲི། མུ་ཁྱུད་བཞི་པ་ལ། ཨོཾ་དྷཱ་ན་པཱ་ར་མི་ཏཱ། པུཎྱེ། རཏྣ་གུ་ཎ་མ་ཧཱ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། བདག་ཅག་སྦྱིན་པའི་དངོས་པོ་དང་། སྤེལ་བའི་འབྲས་བུ་ཐམས་ཅད་འཕེལ་ཞིང་བསམ་གྱིས་མི་ཁྱབ་པ་དར་ཞིང་རྒྱས་པར་གྱུར་ཅིག །ཅེས་ཡིག་མགོ་ནང་བསྟན་དུ་བྲིའོ། །དེའི་ཕྱི་རིམ་དུ་རིན་པོ་ཆེའི་གཟུགས་བྲིས་པས་བསྐོར། ༼ང༽བཞི་པ་འབྲུ་འཕེལ་པའི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ། ཨོཾ་བྷ་གུ་ན་མ་བྷེ་ཌ་མ་སུ་གྷ་གེ་སྭཱ་ཧཱ། ཞེས་པ་དང་། ཏོག་གཟུངས་ནས་བཤད་པའི་དགེ་སྦྱོང་མེ་ཏོག་གི་འབྲུ་ཕུལ་བའི་གཟུངས་འདི་བྲིའོ། །ཙ་མེ་ཁ་ཙ་མེ་ཁ་ཙ་མེ་ཁ་བི་བྲི་ཏ་ཧ་ཏེ། བ་ཧ་བ་ཧ་བ་ཧ། སྨ་ར་ཨཱ་སྨ་ར་ཀཱ་ན། ས་ར་ཏྲེ་བི། བ་བ་ས་བེ། ས་ར་ས་ར། ཨིནྟྲ་ནི་ས་ར། མ་ཧི་ན་ཏྲི། ས་ར་བཛྲ་ན་ཏྲེ་ཏ་ར་པ་བཛྲ་ན་ཏྲེ། ཏ་ར་པ་ཡ། ཨ་སྥ་ཀ་ན་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཨ་སང་ག་ཛ་བེ། ཏ་ཁ་ཏ་ཁ། བ་ཡུ་བ་ཧེ། ཨུ་པ་ན་མ། སན་ཏརྤ་ཡ། བི་ཛ་ཕ་ལ་པུཥྤ། ཨོཾ་ཁ་དྷི་དྷ་ན་དྷ་ནྱེན། ཙཎྜ་ཨཀྵ་ཡེ་ཛ་ལ་བ་བྷ་ཧ་ནི། སྨ་ར་ཨ་སྨ་ར་ཀ་ན་སམྱག་པྲ་ཏི་ས་ནན། ས་ཡ་ས་ཊ་ཏ་ཀ་ལི་ཡ་མ་མེ། མ་མིད་མ་མིད་ཙ་བ་ར་སྭཱ་ཧཱ། དགེ་སྦྱོང་མེ་ཏོག་གིས་སྟོན་པ་འོད་སྲུངས་ལ་འབྲུ་ཕུལ་བའི་སྔགས་སོ། །མུ་ཁྱུད་གཉིས་པ་ལ་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། བྷི་མིན་པ་ར་མ་ཡུ་བྷ་ག་སྭཱ་ཧཱ། བདག་གི་འབྲུའི་བྱེ་བྲག་རྣམས་ཕུང་པོ་ཆེན་པོ་འཕེལ་ཞིང་རྒྱས་པར་གྱུར་ཅིག །འཕེལ་ནས་མི་ཉམས་པར་གྱུར་ཅིག །ཅེས་བྲི། མུ་ཁྱུད་གསུམ་པ་ལ་རྩིབས་བརྒྱད་དུ་བྱས་པའི་ཤར་དུ། སདྱཱ་ཐེ་དན། ཤར་ལྷོར། ཛི་ནི་གྷྲི་ནི་སརྦ། ལྷོར། ཨརྠ་སཱ་དྷ་ནི། ལྷོ་ནུབ་ཏུ། ཤ་ཤི་ནི་ཨ་ལ་ན། ནུབ་ཏུ། མ་མོ་ནཱ་ཤ་ཡ། ནུབ་བྱང་དུ། སིདྡྷནྟུ། བྱང་དུ། མན་ཏྲ། བྱང་ཤར་དུ། པ་དས་སྭཱ་ཧཱ། ཞེས་བྲི། རྩིབས་མཆན་ལ། ཛཾ་བྷ་སིདྡྷི་མ་ཧཱ་སིདྡྷི་སྤེལ་སྤེལ། ཞེས་བྲི། མུ་ཁྱུད་བཞི་པ་ལ། སྱྞྰཱ་ཐེ་དན། པྲ་ཏི་པུ་ཙུརྞ། ཙ་རི་ས་མནྟ། དར་ཤ་ནེ། མ་ཧཱ་བེ་ཧ་རཱ་ག་ཏི། ས་མནྟ། བི་མ་ན་ག་ཏེ། མ་ཧཱ་ཀཱཏྱ། པྲ་ཏི་ཥ་པྲ་བྷ་ན་སྭཱ་ཧཱ། བདག་ཅག་གི་བང་མཛོད་རྣམས་གང་བ་དང་ཚད་མེད་པར་འཕེལ་ཞིང་མི་ཟད་པར་གྱུར་ཅིག །འབྲུའི་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ། མ་ཧཱ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་བྲི། དེའི་ཕྱི་རིམ་ལ་སྙེ་མ་མང་པོ་འཁྲིགས་པ་བྲི། ཡིག་མགོ་ཕྱིར་བསྟན་བྱའོ།། ༼ཅ༽ལྔ་པ་ཁ་དྲག་དཔུང་སྐྱེད་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ། ཨ་ལྔ་དང་། འགོ་བའི་ལྷ་ལྔ་དང་། ཆོས་སྐྱོང་སྲུང་མ་རྣམས་དང་། དྲག་ཅིང་ཆེ་བའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཁ་དྲག་གི་དཔུང་ཆེན་པོ་བསྐྱེད་དུ་གསོལ། ངེས་པར་ཡང་དག་པར་བསྐྱེད་དུ་གསོལ། ཞེས་བྲིའོ། རྩིབས་བརྒྱད་ལ། ཛ་ཡ་བྷ་བ་ཏི་སུ་པྲ་ཏི་ཛ་བྷ་བ་ཏི། ཞེས་ཚན་པ་བརྒྱད་བྲི། རྩིབས་མཆན་རྣམས་ལ། ཛ་ཡ་ཞེས་པ་བྲི། མུ་ཁྱུད་གསུམ་པ་ལ། ཨོཾ་ཡཀྵ་དྷ་ན་དེ་ཝ་སརྦ་པྲ་ཏི་པཉྩ་འགོ་ཞིང་སྡོངས་གྲོགས་བྱེད་པའི་ལྷ་ཚོགས་རྣམས་དང་། དྲག་ཅིང་ཆེ་བའི་ལྷ་དང་ཆོས་སྐྱོང་ཐམས་ཅད་ཀྱིས་བདག་དུས་དང་རྣམ་པ་ཐམས་ཅད་ཁ་དྲག་གི་དཔུང་པ་དབང་གི་རྒྱལ་པོ་ཆེན་པོའི་དངོས་གྲུབ་སྩོལ་ཅིག །བདག་ཀུན་ལས་རྣམ་པར་རྒྱལ་བར་མཛོད་ཅིག །གཞན་ཐམས་ཅད་རབ་ཏུ་ཕམ་པར་མཛོད་ཅིག །ཅེས་བྲི། མུ་ཁྱུད་བཞི་པ་ལ། ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡེ་མ་ཧཱ་ཛ་ཡེ། ཛ་ཡ་བྷ་ག་ཝ་ཏི་ཡེ་བུདྡྷ་ཨ་དྷིཥྛི་ཏེ་དྷརྨཱ་ཨ་བྷ་བ་ས་ནི་བུདྡྷ་ཨ་དྷི་ག་མེ་ཛྙཱ་ན་ཨ་བ་བྷ་སེ་སྭཱ་ཧཱ། ཛ་ཡ་ཀ་རི། ཛ་ཡ་ཀུ་རུ། ཏ་ར་ཏ་ར། མ་ཧཱ་ཏཱ་ར་ཎི། ཀུ་ཊེ་ཀུ་ཊེ་བཛྲ་ཀུ་ཊེ་སྭཱ་ཧཱ། བུད་དྷེ་བུད་དྷེ་སུ་བུད་དྷེ་སུ་བུད་དྷེ་བུདྡྷ་བྷ་ཏི་བུདྡྷ་ཨ་ཝ་བྷ་བ་ཏི་དྷརྨཱ་བྷ་ཏི་ས་མ་ཧི་ཏི་ས་མ་ཌྷྲི་གརྦྷེ་བུདྡྷ་ས་རི་ཧ་རི་དྷརྨ་ཨ་ཝ་བྷ་ས་ནི་སྭཱ་ཧཱ། ཞེས་པ་བྲི། དེའི་ཕྱི་རིམ་ལ་མེ་རི་འབར་བས་བསྐོར། ཡིག་མགོ་ནང་བསྟན་བྱའོ།། ༼ཆ༽དྲུག་པ་ཁྲོམ་ཟིལ་གནོན་གྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ། ཨོཾ་ཡ་ཤ་ནི་དུན་ཏྲི་དུན་ཏྲི་ཕོབ་ཉ་ཚ་ཤོར་ནི་ཁུག །དུན་ཙ་ལེ་མ་ལེ་ཀུ་རུ་སྭཱ་ཧཱ། ཁྲོམ་ཐམས་ཅད་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཁྲོམ་ཐམས་ཅད་བདག་གིས་ཟིལ་གྱིས་ནོན་ཞིང་འཆུག་མི་ཤེས་པར་གྱུར་ཅིག །མུ་ཁྱུད་གཉིས་པ་ལ་རྩིབས་བརྒྱད་དུ་བྱས་ལ། ཁྲོམ་ཐམས་ཅད་ཝ་ཤཾ་ཀུ་རུ་ཞེས་པ་རེ་རེ་བྲི། རྩིབས་མཆན་ལ། ཎི་ཧྲཱི་ཧྲཱི་ཧྲཱིཿས་དྷུ་ཞེས་པ་རེ་རེ་བྲི། དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་རེ་མིག་བརྒྱད་དུ་བྱས་པ་ལ། ཁྲོམ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར་ཅིག །ཅེས་པ་རེ་རེ་བྲི། མུ་ཁྱུད་བཞི་པ་ལ། ཏདྱ་ཐཱ། རུ་རུ་ཙ་ར་ཙ་ར་རུ་ཤ་ཧཱུྃ་ནཱ་ག་བྷི་དྷ་ར་བྷི་དྷ་ར་ཧཱུྃ་ཕཊ། ཙ་ཏྲ་པ་ཏྲ་མཱ་ར་ཡ་ཧཱུྃ་ཕཊ། ཏདྱ་ཐཱ་ཛ་ཡན་ཏེ་བི་ཛ་ཡན་ཛ་ཡེ་བི་ཛ་ཡེ་ཛི་ཏེ་ཨ་ཛི་ཏེ་མ་ར་སེ་ན་པྲ་མརྡྷ་ནི་ཡེ་སྭཱ་ཧཱ། ཁྲོམ་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་བདག་གིས་ཟིལ་གྱིས་གནོན་པར་གྱུར་ཅིག །འཆུག་མི་ནུས་པར་བདག་གིས་ཟིལ་གྱིས་གནོན་པར་གྱུར་ཅིག །ཅེས་བྲི། དེའི་ཕྱི་རིམ་མེ་རི་འབར་བ་བྲི། ཡིག་མགོ་ཕྱིར་བསྟན་དུ་བྱའོ།། ༼ཇ༽བདུན་པ་ལྷ་དང་འཁོན་སྦྱོང་བའི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བ་ལ། ཨོཾ་སརྦ་དེ་བ་པཉྩ་བི་མ་ལ་བི་ཤུདྡྷེ་སྭཱ་ཧཱ། ལྷ་རྣམས་ཀུན་ནས་བདག་ལ་མཉེས་པར་གྱུར་ཅིག །བྲིའོ། །མུ་ཁྱུད་གཉིས་པ་ལ། ཨོཾ་དེ་ཝ་པཉྩ་ལྷ་འཁོན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལྷ་རྣམས་མི་མཉེས་པའི་རྒྱུ་རྐྱེན་ཐམས་ཅད་གཏན་ནས་དག་པར་གྱུར་ཅིག །ཅེས་བྲི། མུ་ཁྱུད་གསུམ་པ་རྩིབས་ལྔར་བྱས་པ་ལ། ཤར་ནས་རིམ་པ་བཞིན་དུ། ཨོཾ་ཨ་དེ་བ་སྲོག་ལྷའི་འཁོན་ཐམས་ཅད་ཞི་བར་གྱུར་ཅིག །ཨོཾ་ཏྲི་དེ་ཝ་ཕོ་ལྷའི་འཁོན་ཐམས་ཅད་གཏན་ནས་དག་པར་གྱུར་ཅིག །ཨོཾ་ཤ་དྷེ་ཝ་ཡུལ་ལྷའི་འཁོན༴ ཨོཾ་ཡུ་དེ་ཝ་དགྲ་བླའི༴ ཨོཾ་ན་དེ་ཝ་མ་ལྷ་དང་ཞང་ལྷའི་འཁོན་ཐམས་ཅད་གཏན་ནས་དག་པར་གྱུར་ཅིག །རྩིབས་མཆན་ལ། འཁོན་ཐམས་ཅད་དང་ཉམས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྲི། མུ་ཁྱུད་བཞི་པ་ལ་ཡིག་བརྒྱ་དང་དམེ་བརྩེགས་ཀྱི་སྔགས་ནི། ཨོཾ་བྷཱུརྐུཾ་མ་ཧཱ་པྲ་མ་ཎ་ཡེ། བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པ་དང་། མཁའ་འགྲོ་མ་དམེ་བརྩེགས་སོགས་གྲིབ་སེལ་གྱི་སྔགས་གང་ལྕོགས་བྲི། མུ་ཁྱུད་ལྔ་པ་ལ། ཧོཿ བདག་ཅག་རྡོ་རྗེའི་རིག་པ་འཛིན་པ་འཁོར་དང་བཅས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་དང་ཁྱད་པར་བརྟེན་ཅིང་སྒྲུབ་པའི་ལྷ་རྣམས་དང་ཆོས་སྐྱོང་སྲུང་མ་རྣམས་དང་། འགོ་ཞིང་སྡོངས་གྲོགས་བྱེད་པའི་ལྷ་རྣམས་དང་མཚུངས་ཤིང་འབྲེལ་པའི་ལྷ་མ་སྲིན་མི་མ་ཡིན་པ་རྣམས་དང་། མི་མཉེས་པའི་རྒྱུ་རྐྱེན་འཁོན་གྲིབ་སོགས་ཐམས་ཅད་གཏན་ནས་བྱང་ཞིང་དག་པར་གྱུར་ཅིག །ཅེས་བྲིའོ། །དེའི་ཕྱི་རིམ་ལ། འོད་དཀར་པོ་འབར་བ་བྲི་ཞིང་། ཡིག་མགོ་ནང་བསྟན་དུ་བྲིའོ།། ༼ཉ༽བརྒྱད་པ་ལྷ་དང་གྲིབ་མ་བཞིན་དུ་འགྲོགས་པའི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་རུ་བསྐོར་བའི་ལྟེ་བ་ལ། ཨོཾ་ཨཱཿའགོ་བའི་ལྷ་རྣམས་བཛྲ་ས་མ་ཡ་ཛ་ཧཱུྃ་བཾ་ཧོཿ དེ་ཝ་སརྦ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་ལྷན་པྲ་ཤ་ཏ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ། ཞེས་བྲི། མུ་ཁྱུད་གཉིས་པ་རྩིབས་ལྔ་རུ་བྱས་པ་ལ། ཨ་ཨོཾ་དེ་ཝ་པཉྩ་པི་ཙུ་བྷ་ཝ་ཏེ་ཞེས་པ་རེ་རེ་བྲི། དེའི་ཤམ་ལ་ཤར་ནས་རིམ་བཞིན་དུ། ཨོཾ་བུདྡྷ་བཻ་རོ་ཙ་ནི་ཡེ་ཨོཾ། ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུྃ། ཨོཾ་རཏྣ་སམྦྷ་ཝེ་ཏྲཱཾ། ཨོཾ་པདྨ་ཨ་མི་དེ་ཝ་ཧྲཱིཿ ཨོཾ་ཀརྨ་ཨ་མོ་གྷ་སིདྡྷི། ཞེས་བྲི། རྩིབས་མཆན་ལ། འགོ་བའི་ལྷ་ལྔ་དང་སྲུང་མ་རྣམས་ཆེས་སྡོངས་གྲོགས་བྱེད་པར་གྱུར་ཅིག །ཅེས་པ་རེ་རེ་བྲིའོ། །མུ་ཁྱུད་གསུམ་པ་ལ། ཨོཾ་དེ་ཝ་པཉྩ་ཧཱུྃ། འགོ་ཞིང་སྡོངས་གྲོགས་བྱེད་པའི་ལྷ་དང་སྲུང་མ་ཆོས་སྐྱོང་ཐམས་ཅད་དང་། ཨོཾ་ཡཀྴ་བ་སུ་དེ་བཱ་ཡ། གནོད་སྦྱིན་ནོར་ལྷའི་ཚོགས་ཐམས་ཅད་དང་། ལས་དང་སྨོན་ལམ་དམ་ཚིག་གིས་འབྲེལ་བའི་ལྷ་རྣམས་སྐད་ཅིག་ཀྱང་མི་འབྲལ་བར་བདག་ཅག་ལ་ཆེས་ཤིན་ཏུ་མཉེས་ཏེ་འགོ་ཞིང་སྡོངས་གྲོགས་ཆེན་པོ་ཁྱད་པར་ཅན་བྱེད་པར་གྱུར་ཅིག་ཨེ་མ་ཧོ། ཞེས་བྲིའོ། །མུ་ཁྱུད་བཞི་པ་ལ། ཨོཾ་ཨ་དེ་བ་སྲོག་ལྷ་དང་སྲུང་མ་རྣམས་ཆེས་ཤིན་ཏུ་མཉེས་ཏེ་སྟོངས་གྲོགས༴ ཨོཾ་ཏྲི་དེ་ཝ་ཕོ་ལྷ་རྣམས༴ ཨོཾ་ཤ་དེ་བ་ཡུལ་ལྷ་དང་གནས་ལྷ་གཞི་བདག་རྣམས༴ ཨོཾ་ཡུ་དེ་ཝ་དགྲ་བླ་རྣམས༴ ཨོཾ་ན་དེ་བ་མ་ལྷ་མོ་སྨན་ཞང་ལྷ་དང་རིགས་ལ་སྡོངས་གྲོགས་བྱེད་པའི་ལྷ་རྣམས་ཆེས་ཤིན་ཏུ་མཉེས་ཏེ་ཐུགས་བརྩེ་བས་མི་འབྲལ་བར་སྟོངས་གྲོགས་བྱེད་པར་གྱུར་ཅིག །ཅེས་བྲིའོ། །དེའི་ཕྱི་རུ་འོད་འཕྲོ་བ་བྲིའོ། །ཡིག་མགོ་ཕྱིར་བསྟན་བྱའོ།། ༼ཏ༽དགུ་པ་འདི་ལ་གནོད་སྦྱིན་རང་གང་མོས་ཀྱི་འཁོར་ལོ་་་ཡིག་མགོ་ནང་བསྟན་དུ།འབྲིའོ།། ༼ཐ༽བཅུ་པ་དངོས་གྲུབ་བྱིན་འབེབ་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བ་ལ། ཨོཾ་ཧྲཱིཿམ་ཧཱ་སུ་ཁ་སིདྡྷི་མ་སིདྡྷི་ཕ་ལ་སིདྡྷི་སུ་པྲ་སིདྡྷི་བུདྡྷེ་སིདྡྷི། ཙུ་རུ་སིདྡྷི། ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱཿ ཅེས་བྲིའོ། །མུ་ཁྱུད་གཉིས་པ་རྩིབས་བརྒྱད་དུ་བྱས་པའི་ཕྱོགས་བཞིར། སརྦ་མ་ཧཱ་སིདྡྷི་ཕ་ལ་ཛ་ཧཱུྃ་ཨཱཿ ཞེས་པ་ཚར་རེ་བྲིའོ། །མཚམས་བཞིར། ཤར་ལྷོ་ནས་རིམ་པ་བཞིན། ཨཱ་ཡུཿཛྙཱ་ན་མ་ཧཱ་པུཎྱེ། བ་སུ་ནཱ་ནཱ་ཁ་དྷེ་དྷརྨཱ། སཾ་བྷོ་ཤྲཱི་གུ་ཎ་སྭསྟི། མ་ནུ་ཥྱ་ཨ་མ་ནུ་ཥྱ་ཀཱིརྟི་ཏེ། ཞེས་པ་བཞི་པོ་རེ་རེ་ལ་སིདྡྷི་ཛཿཧཱུྃ་ཨཱཿཞེས་བཏགས་པ་བྲི། རྩིབས་མཆན་ལ། ནོར་ལྷ་དང་ལྷ་མ་སྲིན་དྲེགས་པ་ཅན་རྣམས་ཀྱི་རྩ་སྔགས་ལ་མ་མ་ལ་སིདྡྷི་ཕ་ལ་ཛཿཧཱུྃ་ཨཱཿབཏགས་པ་བྲི། མུ་ཁྱུད་གསུམ་པ་ལ། ཨོཾ་བི་སིདྡྷི། བ་སུ་ནཱ་ནཱ་ཁ་དྷེ། དྷརྨ་སིདྡྷི། ཏིང་ཏི་པ་ཧུ་ཏ་སིདྡྷི། སིདྡྷི་སཱ་དྷུ་མ་ཧཱ་པུཎྱཻ། ཨཱ་ཡུཿཛྙཱ་ན་སུ་པྲ་ཏི་རཏྣ་སིདྡྷི་ཕ་ལ་ཧྲཱིཿཧྲཱིཿཧྲཱིཿདྷ་ན་མེ་དྷི་ནི་ཡེ་སྭཱ་ཧཱ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སཏྭ་མ་ཧཱ་སིདྡྷི་ཕ་ལ་ཛཿཧཱུྃ། ཨཱ་བེ་ཤ་ཡ་ཨ་ཨ་ཨཱཿ བདག་ཅག་ལ་དངོས་གྲུབ་མ་ལུས་པ་སྩོལ་ཅིག །མུ་སཱ་ར་ཕོབ་ཅིག །ཨ་ལ་ལ་ཧོཿ ཞེས་བྲི། མུ་ཁྱུད་བཞི་པ་པདྨ་འདབ་མ་བརྒྱད་དུ་བྱས་པ་རེ་རེའི་མགོ་ལ། ཨོཾ་ཡཀྵ་དྷ་ནཱ་དེ་ཝ་སརྦ་ཞེས་པ་རེ་རེའི་མཇུག་ལ། ཤར་ནས་རིམ་པ་བཞིན་དུ། བོ་དྷ་སང་གྷ་ས་བམ་དུར་ཛ་ཧཱུྃ། ཨ་གུ་ཏ། ཨུ་ཏྲ་ནི། འདུ་འདུ་ཧཱུྃ་ཛ་ཛཿ ནྲི་ཛ་ནྲི་ཛ་ཧཱུྃ་ཛ་བུདྡྷ་ཤྲཱི་ནི། བི་ཥ་ཡ་ཛ་ཡ་ཛ་ཡ། སིདྡྷི་ས་མ་ཡ་ཛཿ ཨཾ་གུ་ཤ་ཛཿ ནྲྀ་ཛཿནྲྀ་ཛ་ཧུར་ཧུར་ཛཿཧཱུྃ་བཾ་མོ་བཾ་དུ་གཟིར་ཤི་ཤ་བྷ་བ་ནི་ཧཱུྃ་ནྲྀ་ཛ་ཧཱུྃ། རཏྣ་ཀཾ་ཀཾ་ཤབྡ་བུདྡྷ་ཧཱུྃ་ནྲྀ་ཛ་ཧཱུྃ། གྷོ་ར་ཧསྟི་བཾ་བཾ་ཧཱུྃ་ཛ་ཛ་ཧཱུྃ་ཛ་ཛཿ དྷརྨ་དྷཱ་ཏུ་པཱ་ཤ་ཛ་སཾ་གྷ་ཨཾ་གུ་ཤ་ཛཿ ཞེས་བྲི། མུ་ཁྱུད་ལྔ་པ་ལ། མཆོག་དང་ཐུན་མོང་ལ་སོགས་པའི་དངོས་གྲུབ་གང་འདོད་སྩོལ་ཅིག །ཅེས་པའི་འདོད་གསོལ་རྣམས་བྲི། ཕྱི་རིམ་ལ་འོད་ཟེར་གྱི་ཕྲེང་བ་འཁྱིལ་བས་བསྐོར་བ་ཡིག་མགོ་ཕྱིར་བསྟན་བྲིའོ།། ༼ད༽བཅུ་གཅིག་པ་ཁམས་གསུམ་དབང་སྡུད་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ། ཨོཾ་དྷ་ན་དེ་ཝ་སརྦ་ལོ་ཀ་སརྦ་པཱ་ཤ་ཛཿ ཙིཏྟ་དཀྲུགས་དཀྲུགས་ཧྲཱིཿཧྲཱིཿཛ་ཛཿ སྡུས་སྡུས། འགྲོ་བ་མི་དང་མི་མ་ཡིན་པ་རྣམས་ཀྱི་སྙིང་དུང་དུང་བྲེང་བྲེང་། ཁུག་ཁུག །ནྲྀ་ཨ་ཏྲི་ཛཿ འགྲོ་བ་རྣམས་ཨ་ཀརྴ་ཧྲཱིཿཛཿ ལུས་ངག་ཡིད་གསུམ་ཨཾ་གུ་ཤ་ཛཿ ཨ་ཏྲི་ནྲྀ་ཧུར་ཛཿ སྐྱེ་འགྲོ་འདོད་པའི་ཡོན་ཏན་དང་བཅས་པ་ཐམས་ཅད། ཆེ་བ། གྲགས་པ། ཡོན་ཏན་ཅན་དང་། བསོད་ནམས་ཅན་དགེ་ཞིང་ལེགས་པ། འཛངས་ཤིང་བཀྲ་ཤིས་པ། དོན་དང་ལྡན་པ། རང་འཐད་པ་ཐམས་ཅད་སྡུས་སྡུས། དྲག་ཅིང་མྱུར་བ་རྒྱུན་ཆད་མེད་པ་བདག་གི་དབང་དུ་སྡུས་ཤིག །རང་དབང་མེད་པར་དབང་དུ་སྡུས་སྡུས། ཧྲི་ཛ་ཁུག་དྲོངས། ཞེས་བྲི། མུ་ཁྱུད་གཉིས་པ་ལ་རྩིབས་བརྒྱད་དུ་བྱས་པའི་ཕྱོགས་བཞིར། མ་ནུ་སརྦ་ཙིཏྟ་ཨ་ཀརྵ་ཡ་ཧྲཱིཿཞེས་པ་རེ་རེ་བྲི། མཚམས་བཞིར། སརྦ་ལོ་ཀ་ཧྲཱི་ཕོ་ཐམས་ཅད་ཀྱི་ཡིད་ཧྲིཾ་ཛ་ཁུག་སྡུས་ཞེས་པ་རེ་རེ་བྲི། རྩིབས་མཆན་ལ། ཨ་ཏྲི་ནྲྀ་ཛ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ། ཞེས་པ་རེ་རེ་བྲི། མུ་ཁྱུད་གསུམ་པ་པདྨ་འདབ་མ་བརྒྱད་བྱས་པའི་ཕྱོགས་བཞིར། སརྦ་ལོ་ཀ་ཧྲཱིཾ་ཧྲཱིཾ་མི་ཐམས་ཅད་ཀྱི་མི་ནོར་བི་ཛྙཱ་ན་ཧྲིཾ་ཛ་ཁུག །མཚམས་བཞིར་ཨ་ནྲྀ་ཡ་མ་དུང་ཧྲིཾ་ཨཾ་ཀུ་ཤ་ཛཿ ཛྷོཾ་ཛྷོཾ་ལ་རི་ཏ་སྭཱ་ཧཱ། ཞེས་བྲིའོ། །མུ་ཁྱུད་བཞི་པ་ལ། ཨོཾ་བཛྲ་བེ་སེ་ཀུ་མ་མེ་ཀུ་མ་མེ། ཁམ་དེ་ཁམ་དེ། ཡུ་རེ་ཡུ་རེ། ཧས་ཧས་ཧོས་ཧོས། ས་རེ་ཏི། ཀམ་ཀམ། ཀུམ་ཀུམ། མྱས་མྱས། མྱོས་མྱོས། རྨུགས་རྨུགས། ཕུ་ཕུ། ཡམ་ཡམ། བྱ་བྱ། ལྕེ་ལྕེ། ཁུག་ཁུག །ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧད་ཏི་ཟུངས་ལ་ཁྲིད་ལྕགས་ཀྱི་སྒོ་མོ་སྨྱོར་ཆུག །ར་བའི་ནང་དུ་ཤ་ར་ར། ཨ་ཆུ་བྱི་ཙིར་ཙེར། ཡེར་ཡེར། འདུས་འདུས། མི་དང་མི་མ་ཡིན་པ་འདོད་པའི་ཡོན་ཏན་དང་བཅས་པ་བདག་གི་དབང་དུ་དྲག་ཅིང་མྱུར་ལ་རྒྱུན་ཆད་མེད་པར་སྡུས་ཤིག །ཝ་ཤཾ་ཀུ་རུ་ཧོཿ ཞེས་བྲི། ཕྱི་རིམ་ལ་འོད་དམར་པོ་ལྕགས་ཀྱུ་ལྟ་བུས་བསྐོར་ལ་ཡིག་མགོ་ནང་བསྟན་བྱའོ།། ༼ན༽བཅུ་གཉིས་པ་མི་སྙིང་སྒུལ་བའི་འཁོར་ལོ་ནི། མུ་ཁྱུད་རིམ་ལྔ་བསྐོར་བའི་ལྟེ་བ་ལ། འགྲོ་བ་མི་རྣམས་ཀུན་གྱི་སྙིང་དུང་དུང་། བྲེང་བྲེང་། སྒུལ་སྒུལ། ཁུག་ཁུག །ཧྲཱིཿཧྲཱིཿཧྲཱིཿཛཿཛཿ སེམས་ཡིད་རྣམས་དབང་པོ་སྙིང་སྒུལ་ཅིག །དྲག་མྱུར་རྒྱུན་ཆད་མེད་པར་སྒུལ་ཅིག་ཅེས་བྲི། མུ་ཁྱུད་གཉིས་པ་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ། ཛྷོཾ་ཛྷོཾ་བྷོ་དྷ་ན་སརྦ་ཧྲཱིཿ བྷྲི་གྷྲ་ལམ་ཡ་ཁུག་ཛཿ ཐར་ཐ་ཡ་དྷེ་རི་ཧ་ན་ཁྲི་ཧྲཱིཾཿ དེ་བ་བཱ་ཡུ་ཨ་མུ་ཀཾ་མཱ་ར་ཡ་ཁུག་ཧཱུྃ་ཕཊ། འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་དུང་དུང་བྲེང་བྲེང་འུར་འུར་སྒུལ་སྒུལ། ཁུག་ཁུག །ཧྲི་ཛ་སྒུལ་ཅིག །ཅེས་བྲི། མུ་ཁྱུད་གསུམ་པ་རྩིབས་བརྒྱད་དུ་བྱས་པ་ལ། ཤར་ནས་རིམ་པ་བཞིན། ཨོཾ་བུདྡྷ་ཛཿ ཨ་པ་རཱ་ཙི་ཏ། རཏྣ་སརྦ། མ་ཤ་ར་ན། སརྦ་ཏྲི་བ། སྭསྟི་སྭཱ་ཧཱ། མི་སྙིང་དྲག་ཏུ། ཆེར་སྒུལ་ཅིག །ཅེས་བྲི། རྩིབས་མཆན་ལ། ཕོ་ཐམས་ཅད་ཀྱི་མི་ནོར་ཧ་ར་ཧ་ར་ཛཿཧྲིཾ་ཧཱུྃ། མོ་ཐམས་ཅད་ཀྱི་མི་ནོར༴ ཞེས་ཕོ་མོ་སྤེལ་མར་བྲིའོ། །མུ་ཁྱུད་བཞི་པ་ལ། ཨོཾ་སྒུལ་སྒུལ། སྒུལ་སྒུལ། མ་ནུ་ཥ་ཙིཏྟ་ཧྲིཾ་ཧྲིཾ་མ་ནུ་ཥ་ཙིཏྟ་ཁ་ཤི་བམ་མི་སྙིང་སྒུལ་སྒུལ། མི་འགྲམ་ཆོག་ཆོག །ཧྲཱིཾ་ཧྲཱིཾ། སྡུས་སྡུས། མ་ནུ་ཥ་ཁ་ཤི་བམ་སྭཱ་ཧཱ། ཨོཾ་ཡེང་ཡེང་། ཁམ་ཁམ། ཙག་ཙག །དུང་དུང་། བྲེང་བྲེང་། ཙིཏྟ་མ་ནུ་ཧ་ར་ཧ་ར་ཛྙཱ་ན། ཙ་ལ་ཙ་ལ་ནྲྀ། ཙིཏྟ་ཨ་ནི། ཏྲ་ཡ་ཀ་མ་ཡ་རཱ་ག་ཨགྣེ། ཛ་ལ་ཛ་ལ་བཱ་ཡུ་སཱ་ར་སཱ་ར། ཨཾ་གུ་ཤ་ཛཿཛཿབ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བྲིའོ། །མུ་ཁྱུད་ལྔ་པ་ལ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་གྷ་ན་པཱ་ཏི་ཡེ་སྭཱ་ཧཱ། ཨོཾ་ཧྲཱི་ཛཿ ཨ་པ་རཱ་ཙི་ཏ་ས་མ་ཡ་སཏྭཾ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཛམ་བྷ་ལ་མ་ཧཱ་ཀཱ་ལ་ཡཀྴེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཛཾ་ལུཾ་སྭཱ་ཧཱ། ཨོཾ་མ་ཧཱ་ཡཀྵ་བཛྲ་རཏྣ་ཙི་ཏྲ་རཱ་ག་རུ་གེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཡཀྵ་ཀུ་བེ་རཱ་སྭཱ་ཧཱ། ཨོཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀྴ་རཱ་ཛ་ཧཱུྃ། ཨོཾ་མ་ཧཱ་རཱ་ཛ་ཙིཏྟ་ཏེ་སྭཱ་ཧཱ། ཨོཾ་བཛྲ་བྷ་ར་ཧི་མ་ཧཱ་ཡོ་གི་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་དྷུ་མ་གྷ་ཡེ་ཧཱུྃ་ན་མཿ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཨོཾ་མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏཱ་སྭཱ་ཧཱ། ཨོཾ་སརྦ་ཌཱ་ཀི་ནཱི་ཧཱུྃ་ཧྲཱིཿ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ། ཨོཾ་བ་སུ་དྷ་རི་ཎི་ཡེ་སྭཱ་ཧཱ། ཨོཾ་བྷྲི་གུ་ནི་བ་ཏམ་སུ་བྷ་ག་སྭཱ་ཧཱ། ཨོཾ་དེ་བི་ཤི་མ་ཧཱ་ས་མ་ཡ་སཏྭཾ་སྭཱ་ཧཱ། ཨོཾ་མུ་ས་ལེ་མ་མ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་མུ་ས་ལ་ཧྲཱིཿཡ་ཨཱཿཧྲི་མ་ཨེ་སཏྭཾ། ཨོཾ་ཡཀྴ་དྷེ་བ་བ་སུ་སརྦ་རཱ་ཛ་མ་ནུ་ཥ་སརྦ་པཱ་བ་ན་ཡེ་སྭཱ་ཧཱ། འགྲོ་བ་མི་རྣམས་ཀྱི་སྙིང་སྒུལ། ཞེས་བྲི། དེའི་ཕྱི་མ་འོད་ཟེར་གྱི་ཕྲེང་བས་བསྐོར། ཡིག་མགོ་ཕྱིར་བསྟན་བྱའོ།། ༼པ༽བཅུ་གསུམ་པ་མི་ནོར་རྒྱས་བྱེད་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བ་ལ། བདག་གི་མི་དང་ནོར་རྫས་མངའ་ཐང་དར་ཞིང་རྒྱས་ལ་འཕེལ་ཞིང་ཕྱུག་པ་དང་། མང་ཞིང་ཕྱུག་ལ་འཕན་དར་བ་དང་དྲགས་པ་དང་འཕེལ་བར་གྱུར་ཅིག །ཅེས་བྲི། མུ་ཁྱུད་གཉིས་པ་ལ་ནི། མ་ནུ་ཥ་བ་སུ་ནཱ་ནཱ་ཁ་དྷེ་སམ་བྷོ་ཨཱ་ཡུཿཛྙཱ་ཎ་པུཎྱེ་ཀཱིརྟི་དྷརྨ་དྷ་ན། མེ་དྷི་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་བྷ་བ་ཏི་སྭཱ་ཧཱ། བདག་གི་མི་ནོར་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བྲི། མུ་ཁྱུད་གསུམ་པ་རྩིབས་བརྒྱད་དུ་བྱས་པའི་ཤར་ནས་རིམ་པ་བཞིན། མ་ནུ་ཥ། བ་སུ་དྷ་ན། མ་ཧཱ་པུཎྱེ་པུཎྱེ། མ་ཧཱ་སཾ་བྷོ་དྷ་ན། སྭསྟི་སུ་པྲ་ཏི། མ་ཧཱ་སིདྡྷི་སཏྭ། སིདྡྷི་ཕ་ལ་བུ་དྷི། དྷ་ནི་རཏྣ་སིདྡྷི་པུཥྚིཾ་ཀུ་རུ་ཞེས་བྲི། རྩིབས་མཆན་ལ། བདག་གི་མི་ནོར་པུཥྚིཾ་ཀུ་རུ། ཞེས་པ་རེ་རེ་བྲི། མུ་ཁྱུད་བཞི་པ་ལ། ཨོཾ་ཨ་མ་ནུ་ཥ་བ་སུ་ན་དྷེ་དྷ་ན་སརྦ་པུཥྚིཾ་ཀུ་རུ་བྷ་བ་ཏི། ཞེས་པ་བྲི། མུ་ཁྱུད་ལྔ་པ་ལ་འདོད་གསོལ་གང་འདོད་བྲི། དེའི་ཕྱི་རུ་རིན་པོ་ཆེའི་སྒྲོམ་བུ་དང་། ཤིང་ལྗོན་པ་ལ་སོགས་པ་ལ། བྷྲཱུྃཿགྱིས་མཚན་པ་བྲི། ཡིག་མགོ་ནང་བསྟན་དུ་བྱའོ།། ༼ཕ༽བཅུ་བཞི་པ་ཚེ་དང་ལོངས་སྤྱོད་འཕེལ་རྒྱས་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞིར་བསྐོར་བའི་ལྟེ་བ་ལ། བདག་གི་ཚེ་དང་ལོངས་སྤྱོད་རྒྱས་པར་གྱུར་ཅིག །བྲི། མུ་ཁྱུད་གཉིས་པ་རྩིབས་བརྒྱད་བྱས་པའི་ཤར་ནས་རིམ་པ་བཞིན། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཞེས་འབྲུ་བརྒྱད་པོའི་འབྲུ་རེ་རྩིབས་ལ་བྲི། རྩིབས་མཆན་ལ། ཨོཾ་ཨཱ་ཡུར་ཧ་ཀ་ར་པ་ཏེ་ཤར་ཧ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་པ་ལ། ཨཱ་ཡུཿཔུཥྚིཾ་ཀུ་རུ་བཏགས་པ་བྲི། མུ་ཁྱུད་གསུམ་པ་ལ་པདྨ་འདབ་བརྒྱད་དུ་བྱས་པ་ལ། ཤར་ནས་རིམ་པ་བཞིན། ཨོཾ་དྷ་ནམ། མེ་དྷི། ཏེ་བྷི། ནི་ཏེ། ཨཱ་ཡུཿ སམ་བྷོ། ཙ་ཏ། པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བྲི། མུ་ཁྱུད་བཞི་པ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱའི་བར་གྱི་ཚེ་གཟུངས་ཚང་མ་བྲིས་པའི་མཇུག་ཏུ་བདག་གི་ཚེ་དང་ལོངས་སྤྱོད་དར་ཞིང་རྒྱས་པར་གྱུར་ཅིག །དཔལ་དང་། ཡེ་ཤེས་དང་། ཡོན་ཏན་དང་། ཚེ་དང་བསོད་ནམས་ཀྱི་ཕུང་པོ་དང་ལོངས་སྤྱོད་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་མི་ཉམས་པར་གྱུར་ཅིག །ཅེས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་འོད་ཟེར་འཕྲོ་བ་བྲི། ཡི་གེ་ཕྱིར་བསྟན་ནོ།། ༼བ༽བཅོ་ལྔ་པ་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་བྲི་བ་ནི། མུ་ཁྱུད་རིམ་པ་བཞིར་བསྐོར་བའི་ལྟེ་བ་ལ། བདག་ཅག་ལ་ནོར་རྫས་ཚེ་དཔལ་མི་གཡང་། མཐུ་སྟོབས། ཤེས་རབ། བློ་གྲོས། ཆོས་སྲིད། ཡོན་ཏན་བསོད་ནམས་ཀྱི་དངོས་གྲུབ་ཆེན་པོ་སྩོལ་ཅིག །ཅེས་བྲི། མུ་ཁྱུད་གཉིས་པ་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཨོཾ་བ་སུ་དྷ་རི་ཎྱཻ་སྭཱ་ཧཱ། ཡཀྵ་བ་སུ་དེ་བ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་བྲི། མུ་ཁྱུད་གསུམ་པ་རྩིབས་བརྒྱད་དུ་བྱས་ལ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀི་ལི་མཱ་ལི་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཙ་རནྡྲཱ་ཡ་སྭཱ་ཧཱ། ཞེས་ཤར་ནས་རིམ་པ་བཞིན་དུ་བྲིའོ། །རྩིབས་མཆན་བརྒྱད་པདྨར་བྱས་པ་ལ། ཤར་ལྷོ་ནས་རིམ་པ་བཞིན། ཨོཾ་ཙནྡྲཱ་ཀེནྟ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་དཏྟཱ་ཡཻ་སྭཱ་ཧཱ། ཨོཾ་གུཔྟཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དདཏཱ་ཡཻ་སྭཱ་ཧཱ། ཨོཾ་དེ་ཝི་ཤྲཱི་ཡཻ་སྭཱ་ཧཱ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ། ཨོཾ་སྭ་ར་སྭཏྱཻ་ཡཻ་སྭཱ་ཧཱ། ཞེས་བྲི། མུ་ཁྱུད་བཞི་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཡཀྴ་མ་ཧཱ་ཀཱ་ལ་ཨ་པ་ར་མཱ་ར་དུནྟི་འུབ་འུབ་ཤང་ཀ་ར་ཙའི་སྣོད་མ་ཧཱ་རིཏ་ཏི་ཡཱ་ཡ་རྦད་རྦད། གཞན་ང་ལ་ཆོད་ཆོད་བྱོ་ཞིག །བྱོ་ཐོངས། ཐུབ་ཤ་ལ་ནག་པོ་ས་མ་ཡ་སིདྡྷི་ཧྲིཾ་ཧྲིཾ་བྱོ་བྱོ་དངོས་གྲུབ་ཐམས་ཅད་ཁུག་ཅིག་ཅེས་བྲི། ཕྱི་རིམ་ལ་འོད་ཟེར་ཁ་དོག་སྣ་ཚོགས་པས་བསྐོར་ལ་ཡིག་མགོ་ནང་བསྟན་བྱའོ།། ༼མ༽བཅུ་དྲུག་པ་བགེགས་སྲུང་བའི་འཁོར་ལོ་ནི། མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་ལྟེ་བ་ལ། ཨོཾ་མ་ཧཱ་ཀྲོ་དྷ་སརྦ་དུཥྚཱཾ་ཧཱུྃ་ཕཊ། ཡ་མ་ཏྲི་ཁྲི་བ་ཡ་ཡ་ལོ་ཀ་བྷ་ཏ་ཡ་རྦད། ཨོཾ་ཡ་ཡ་བྷི། ཡ་ཡ་ཧཱུྃ། ཏྲི་མ་རེ་ཕཊ། སརྦ་བུདྡྷ་མཱ་ར་ཡ་རྦད། ཨོཾ་གུ་ཡ་གྷ་ན་པ་ཏི་སྭཱ་ཧཱ། བདག་ཅག་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ཨ་པ་ན་ཡེ་ཟློག་བྷྱོ་མཱ་ར་ཡ་རྦད་སོད་ཅེས་བྲིའོ། །མུ་ཁྱུད་གཉིས་པ་རྩིབས་བརྒྱད་དུ་བྱས་པ་ལ། གཿབརྒྱད་བྲིའོ། །རྩིབས་མཆན་ལ། བདག་ཅག་ལ་གནོད་བྱེད་གདོན་བགེགས་ཐམས་ཅད་སྲུངས་ཤིག །ཅེས་བྲི། མུ་ཁྱུད་གསུམ་པ་ལ། ཏདྱ་ཐཱ། ན་མ་རུ་ཏེ་ཀ་ཏྲ་ཀ་ཏྲ། མ་ཏྲ་མ་ཏྲ། ད་ར་ད་ར། ད་ཧ་ད་ཧ། གྷྲྀཧྞ་གྷྲྀཧྞ། བྷཉྫ་བྷཉྫ། ན་མོ་ཏུ་ཏེ་རུ་རུ་ཙ་ན་ཡེ་སྭཱ་ཧཱ། ཨ་བྷུ་ཏྲ་སི་ན་རུ། ཁ་ན་མན་ཙ་ཏྲ་ར་བ་ས་གང་ཚ་ཏི་ཧ་ཧ་ཧི་ཀྵི་ཏ་ནན་པྲ་ནན་ས་ཀ་ཡ་ཡ་མི་ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ན་མོ་ན་མ་སྭཱ་ཧཱ། སརྦ་པཱ་པམ། བདག་ལ་དགྲ་བགེགས་ལས་སྲུངས་ཤིག །ཏདྱ་ཐཱ། ལོ་ཀ་ལི་ཨཱ་ལི་ཀཱ་ལི་མུ་ཙི་ཏ་སྭཱ་ཧཱ། ཏྱོཀྵི་བ་ག་ཝ་ཏི་ནི་དྷི་སྭཱ་ཧཱ། ཞེས་བྲི། ལག་ན་རྡོ་རྗེ་དྲག་པོའི་སྔགས། རྡོ་རྗེ་འབར་བའི་མིག །བདུད་རྩི་འཁྱིལ་བ། གཏུམ་པོ་ཁྱུང་ཤམ་ཅན། རྡོ་རྗེ་སྲིན་པོ་གནོད་སྦྱིན་སྲུང་མ་ཆེན་པོ། བདུད་ཀྱི་དཀྱིལ་འཁོར་འཇོམས་བྱེད། བགེགས་དགྲའི་གཟུངས། བགེགས་སེལ་བའི་གནོད་མཛེས་ཀྱི་རྟོག་པ། རྟ་མགྲིན། མི་གཡོ་བ། འབྱུང་པོ་ཀུན་འདུལ། གཤིན་རྗེ་ཆོས་རྒྱལ་ལ་སོགས་པའི་སྔགས་རྣམས་བྲི་བར་བཤད། ཕྱི་རིམ་ལ་མེ་འབར་འཁྲུགས་པ་དང་། མཚོན་ཆ་སྣ་ཚོགས་པ་བྲི། ཡིག་མགོ་ཕྱིར་བསྟན་ནོ།། ༼ཙ༽བཅུ་བདུན་པ་མཆོད་པ་འབུལ་བའི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བ་ལ། དབུས་སུ་རི་བོ་མཆོག་རབ་གྲུ་བཞི་པ་ལ། ཧཱུྃ་ལམ་ཧཱུྃ་བརྩེགས་མ་དང་། དེའི་ཤམ་ལ་བྷཱུ་མི་ཨཱཿཧཱུྃ་བྲི། དེའི་མཐའ་སྐོར་དུ། གསེར་གྱི་རི་བདུན་མཆོད་རྟེན་གྱི་དབྱིབས་མགོ་ནང་དུ་བསྟན་པས་བསྐོར། དེའི་ཕྱི་རིམ་ལ་རྒྱ་མཚོ་སྔོན་པོ་ཟླུམ་སྐོར་གྱི་ནང་དུ། གླིང་བཞི་དང་། གླིང་ཕྲན་བརྒྱད་བྲི་སྟེ། ཤར་དུ་གྲུ་བཞི། ལྷོ་རུ་སོག་ཁ། ནུབ་ཏུ་ཟླ་གམ། བྱང་དུ་གྲུ་གསུམ་གཉིས་བྲིའོ། །དེའི་ཕྱི་ནས་ལྕགས་རིའི་འཁོར་ཡུག་གིས་བསྐོར། རི་བདུན་གྱི་བར་དུ་རོལ་པའི་མཚོ་བདུན། ཤར་ནུབ་ཀྱི་ཉི་ཟླ་གཉིས་བྲིས་པའི་མཚམས་སུ། ཨོཾ་ཧ་མ་སུ་མེ་ར་ཝེ་ན་མ། ཞེས་པ་ཚར་གཉིས་གསུམ་བྲི། ཤར་གྱི་གླིང་གྲུ་བཞི་ལ། ཨོཾ་ཡཾ་པུརྞ་བི་དེ་ཧ་ཡ་ན་མ། ཤར་ལྷོའི་གླིང་ལ། ཨོཾ་ཡ་ཨུ་དྭཱི་པ་ཡ་ན་མ། ལྷོའི་གླིང་སོག་ཁ་ལ། ཨོཾ་རཾ་ཛཾ་བུ་དྭཱི་པ་ཡ་ན་མ། ལྷོ་ནུབ་ཀྱི་གླིང་སོག་ཁ་ལ། ཨོཾ་ར་ཨུ་པ་དྭཱི་པ་ཡ་ན་མ། ནུབ་ཀྱི་གླིང་ཟླ་གམ་ལ། ཨོཾ་ལཾ་པ་ར་གོ་དཱ་ནཱི་ཡ་ན་མ། ནུབ་བྱང་གི་གླིང་ཟླ་གམ་ལ། ཨོཾ་ལ་ཨུ་པ་དྭཱི་པ་ཡ་ན་མ། བྱང་གི་གླིང་གྲུ་གསུམ་ལ། ཨོཾ་ཝང་ཨུརྟ་ར་ཀུ་ར་བཻ་ན་མ། བྱང་ཤར་གྱི་གླིང་གྲུ་གསུམ་ལ། ཨོཾ་ཝང་ཨུ་པ་དྭཱི་པ་ན་མ། ཞེས་རེ་རེ་ལ་བསྐོར་བ་བྲི། ལྕགས་རི་ལ། ཨོཾ་བཛྲ་རེ་ཥེ་ཨཱཿཧཱུྃ་བྲིའོ། །མུ་ཁྱུད་གཉིས་པ་འཁོར་ལོ་རྩིབས་བརྒྱད་དུ་བྱས་པའི་རྩིབས་ལ་མཆོད་པའི་ལྷ་མོ་བརྒྱད་ཀྱི་སྔགས་བྲི་སྟེ། ཤར་ནས་རིམ་པ་བཞིན་དུ་ཕྱོགས་བཞི་ལ། ཨོཾ་བཛྲ་པུཥྤེ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་མ་ཧཱ་པཱུ་ཛ༴ ཨོཾ་བཛྲ་ཨཱ་ལོ་ཀེ༴ ཨོཾ་བཛྲ་གྷནྡྷེ༴ ཞེས་གོང་དང་འདྲ་བ་བྲི། ཤར་ལྷོ་ནས་རིམ་པ་བཞིན་དུ་མཚམས་བཞི་ལ། ཨོཾ་བཛྲ་ལཱ་སྱེ༴ ཨོཾ་བཛྲ་མཱ་ལེ༴ ཨོཾ་བཛྲ་གཱིརྟཱི༴ ཨོཾ་བཛྲ་ནཱིརྟཱི༴ ཞེས་བྲིའོ། །རྩིབས་མཆན་ལ་རིན་པོ་ཆེའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་དར་གྱིས་མགུལ་བཅིངས་པ་བརྒྱད་བྲིའོ། །མུ་ཁྱུད་གསུམ་པ་རེ་ཁཱ་བརྒྱད་དུ་བྱས་པ་ལ། རྒྱལ་སྲིད་སྣ་བདུན་གྱི་སྔགས་བྲིས་ཏེ། ཤར་ནས་རིམ་པ་བཞིན་དུ། ཨོཾ་ཙཀྲ་རཏྣ་མ་ཧཱ་པཱུ་ཛ་ཧོཿ ཨོཾ་མ་ཎི་རཏྣ༴ ཨོཾ་ཝ་ཏི་རཏྣ༴ ཨོཾ་པུ་རུ་ཥ་རཏྣ༴ ཨོཾ་ཧསྟི་རཏྣ༴ ཨོཾ་ཏུ་རངྒ་རཏྣ༴ ཨོཾ་ཁངྒ་རཏྣ༴ ཨོཾ་ཝ་མ་ཧཱ་ནི་དྷི་ན་ཡ་ན་མཿ ཞེས་བྲི། མུ་ཁྱུད་བཞི་པ་ལ། ཕྱོགས་བཞིར། ཤར་དཀར། ལྷོར་སེར། ནུབ་དམར། བྱང་ལྗང་བར་བྱས། ཡིག་མགོ་ནང་བསྟན་དུ་བྱ། ༼ཚ༽བཅོ་བརྒྱད་པ་ས་པདྨ་འདབ་བརྒྱད་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བ་ལ། ཨོཾ་སྭསྟི་སིདྡྷི་ཕ་ལ། མ་ཧཱ་སིདྡྷི་ཕ་ལ་སརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་སིདྡྷི་ཕ་ལ་ཛ་ལ་ཧཱུྃ། ཨཱ་ཝེ་ཤ་ཡ་ཨ་ཨ་ཨཱ། ཞེས་བྲི། མུ་ཁྱུད་གཉིས་པར་ལམ་བརྒྱད་བྲི། མུ་ཁྱུད་གསུམ་པ་ལ་སའི་ལྷ་མོ་བརྟན་མའི་སྔགས་བྲི་བ་ནི། ཨོཾ་པྲྀ་ཐི་བི་དེ་བཱི་ས་པ་རི་ཝཱ་ར་དངོས་གྲུབ་ཐམས་ཅད་ཐོབ་པར་མཛད་དུ་གསོལ། ཞེས་འདོད་གསོལ་གང་འདོད་བྲི། མུ་ཁྱུད་བཞི་པ་པདྨ་འདབ་མ་བརྒྱད་དུ་བྱས་པ་ལ་འདོད་གསོལ་བྲི་བ་ནི། ཤར་ནས་རིམ་པ་བཞིན་ཆོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། མཐུའི་དངོས་གྲུབ་བསྩལ་དུ་གསོལ། རིན་པོ་ཆེ་སྣ་ལྔའི་དངོས་གྲུབ༴ འབྲུ་དང་མི་ཐམས་ཅད་དབང་དུ་འདུ་བའི་དངོས་གྲུབ༴ ཟས་ཐམས་ཅད་དབང་༴ གཡག་རྟ་ར་ལུག་སོགས་སྲོག་ཆགས་སེམས་ཅན༴ བདག་ལ་གནོད་སྦྱིན་ནོར་ལྷ་ཐམས་ཅད་འདུ་ཞིང་འགྲུབ་པའི༴ ཡིད་ལ་བསམ་པ་ཐམས་ཅད་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་པ་བྲི། མུ་ཁྱུད་ལྔ་པ་ལ་འདོད་གསོལ་རྒྱས་པར་བྲི། ཡིག་མགོ་ཕྱིར་བསྟན་བྱའོ། །དེ་དག་ནི་རྩ་བའི་འཁོར་ལོ་བཅོ་བརྒྱད་དོ།། ࿊ །།རླུང་འཁོར་ཡིད་བཞིན་ནོར་བུའི་ལུགས་ཀྱི་འཁོར་ལོ་གང་འཛུག་ཀྱང་། སྐུ་གསུང་ཐུགས་ཚེ་སྒྲུབ་ཀྱི་འཁོར་ལོ་དང་བཞི་ནི་མན་ངག་གི་འཁོར་ལོ་སྟེ། དེ་ཡང་སྐུའི་འཁོར་ལོ་ནི་རིགས་ལྔ་ཡབ་ཀྱི་འཁོར་ལོ་སྟེ་སྟེང་གི་འཁོར་ལོ། གསུང་གི་འཁོར་ལོ་ནི་རིགས་ལྔ་ཡུམ་གྱི་འཁོར་ལོ་སྟེ་འོག་གི་འཁོར་ལོ། ཐུགས་ཀྱི་འཁོར་ལོ་ནི་འཁྱམས་ལྡོག་བསྲུང་བའི་འཁོར་ལོའོ། །ཚེ་སྒྲུབ་ཀྱི་འཁོར་ལོ་ནི་ལུས་ལ་བཅང་བའི་འཁོར་ལོ་ཡིན་ནོ།། ༼ ཨོཾ ༽དང་པོ་སྐུའི་འཁོར་ལོ་ནི། མུ་ཁྱུད་རིམ་བཞིར་བསྐོར་བའི་ལྟེ་བ་ལ། ཨོཾ་གཉིས་བར་དུ་ཡི་དམ་གྱི་ས་བོན་དེ་ལ་ཛི་ན་ཛིཀ྄་ཅེས་པས་བསྐོར། མུ་ཁྱུད་གཉིས་པ་ལ། རང་གང་སྒྲུབ་ཀྱི་ཡི་དམ་གྱི་རྩ་སྔགས་བྲི། མུ་ཁྱུད་གསུམ་པ་ལ། འཁོར་ལོ་རྩིབས་བཞིར་བྱས་པའི་ཤར་ནས་རིམ་པ་བཞིན་དུ། ཧཱུྃ་བཛྲ་དྷྲྀཀ྄ །སྭཱ་རཏྣ་དྷྲིཀ྄ །ཨཱཾ་ཨ་རོ་ལིཀ྄ །ཧཱ་པྲ་ཛྙཱ་དྷྲྀཀ྄ །ཅེས་པ་བྲི། མཚམས་བཞིར་འབྱུང་བ་བཞིའི་ས་བོན། སུཾ་ཁཾ་རཾ་ཡཾ། བཞི་ཤར་ལྷོ་ནས་རིམ་པ་བཞིན་ཚིག་རེ་བྲི། མུ་ཁྱུད་བཞི་པ་ལ། ཕྱག་ན་རྡོ་རྗེའི་སྔགས། ཨོཾ་བཛྲ་པཱ་ཎི་ཧཱུྃ། སོགས་ཕྱག་རྡོར་གྱི་སྔགས་གང་ཤེས་རྣམས་བྲི། ཕྱི་རིམ་འོད་ཟེར་དཀར་པོས་བསྐོར། ཡིག་མགོ་ཕྱིར་བསྟན་བྱ། ས་ལྟའི་འཁོར་ལོ་ཡིན་ན་ཁ་དོག་དཀར་པོ་བྱའོ།། ༼ཨཱཿ༽གཉིས་པ་གསུང་གི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞིར་བསྐོར་བའི་ལྟེ་བ་ལ། ཧྲཱིཿགཉིས་ཀྱི་བར་ཡི་དམ་གྱི་ས་བོན། དེ་ལ་ལཱཾ་དཱེ་ཥ་ར་ཏི་སཏྭཾ། ཞེས་པས་བསྐོར། མུ་ཁྱུད་གཉིས་པ་ལ། རང་གང་སྒྲུབ་ཀྱི་ཡི་དམ་གྱི་རྩ་སྔགས་བྲི། མུ་ཁྱུད་གསུམ་པ་རྩིབས་བཞིར་བྱས་པ་ལ། ཤར་ནས་རིམ་པ་བཞིན་དུ། མཱུཾ་དྷཱ་ཏྭཱི་ཤྭ་རཱི། མཱཾ་མོ་ཧ་ར་ཏི། པྱཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི་ཞེས་པ་རྣམས་བྲི། རྩིབས་མཆན་བཞི་ལ་འབྱུང་བ་བཞིའི་ས་བོན། སུཾ་ཁཾ་རཾ་ཡཾ། བཞི་རིམ་པ་བཞིན་བྲི། མུ་ཁྱུད་གསུམ་པ་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ།ཅེས་པའི་བར་བྲིའོ། །ཕྱི་རིམ་ལ་འོད་ཟེར་གྱི་ཕྲེང་བས་བསྐོར། ཡིག་མགོ་ནང་བསྟན་བྱ། གནམ་ལྟའི་འཁོར་ལོ་ཡིན་པས་ཁ་དོག་དམར་པོ་བྱའོ།། ༼ཧཱུྃ༽གསུམ་པ་ཐུགས་ཀྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་བཞི་བསྐོར་བའི་ལྟེ་བ་ལ། ཧཱུྃ་གཉིས་ཀྱི་བར་དུ་ཡི་དམ་གྱི་ས་བོན་བྲི། མུ་ཁྱུད་གཉིས་པ་རྡོ་རྗེ་རྒྱ་གྲམ་དུ་བྱས་པའི་རྭ་དབུས་མ་བཞི་ལ་ཨ་ཀ་ཞེས་པ་ཚར་བཞི་བྲི། གཡས་གཡོན་གྱི་རྭ་བརྒྱད་ལ་བཛྲ་ཞེས་པ་བརྒྱད་བྲི། མུ་ཁྱུད་གསུམ་པ་ལ་ཨཱ་ལི་བྲི། ཨ་ཨཱ། ཨི་ཨཱི༴ མུ་ཁྱུད་བཞི་པ་ལ་ཀཱ་ལི་བྲི། ཀ་ཁ་ག་གྷ་ང་། ཞེས་བྲི། ཕྱི་རིམ་འོད་ཟེར་དམར་པོས་བསྐོར། ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་བྱའོ། །ཐུགས་ཀྱི་འཁོར་ལོ་འདི་འཁྱམས་པ་དང་ལྡོག་པ་བསྲུང་བའི་འཁོར་ལོ་ཡིན་པས་འཁོར་ལོ་ཐམས་ཅད་ཀྱི་སྟེང་དུ་བཞག་པར་བྱའོ། ཁ་དོག་སྔོན་པོ་བྱའོ།། ༼ཧྲཱིཿ༽བཞི་པ་ཚེ་སྒྲུབ་བྷྲཱུྃཿགྱི་འཁོར་ལོ་ནི། མུ་ཁྱུད་རིམ་པ་ལྔར་བསྐོར་བའི་ལྟེ་བ་ལ། བྲུམ། ལམ། ཏམ། གསུམ་བརྩེགས་མར་ཟུང་གཅིག་གཡས་གཡོན་དུ་བྲིས་པའི་མཐར་ཚེའི་སྙིང་པོ་བྲི། མུ་ཁྱུད་གཉིས་པ་པདྨ་འདབ་མ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུ་བྱས་ལ། རང་གང་སྒྲུབ་ཀྱི་ཡི་དམ་གྱི་ས་བོན་ཟུང་རེ་བྲིས་པའི་བར་དུ། འཆང་བའི་མིང་ལ་རཀྵ་བཏགས་པ་བྲི། མུ་ཁྱུད་བཞི་པ་འཁོར་ལོ་སེར་པོ་རྩིབས་བཞིར་བྱས་པའི་རྩིབས་ལ་རང་གང་སྒྲུབ་ཀྱི་ཡི་དམ་གྱི་ས་བོན་ཞལ་ཕྱིར་བསྟན་པ་བྲི། རྩིབས་མཆན་ལ་ཆེ་གེ་མོའི་གནོད་པ་ཟློགས་ཞེས་པ་བྲི། མུ་ཁྱུད་ལྔ་པ་ལ། རང་གང་སྒྲུབ་ཀྱི་ཡི་དམ་གྱི་སྔགས་ཀྱི་ཤམ་བུར་ཆེ་གེའི་གནོད་པ་ཟློགས་ཞེས་བྲི། ཕྱི་རིམ་ལ་རྡོ་རྗེའི་རྭ་བ་དང་མེ་རིས་བསྐོར། ཚེ་སྒྲུབ་ཀྱི་འཁོར་ལོ་འདི་ནི་བྲིས་ཚར་བ་དང་། དྲི་བཟང་གིས་བྱུགས། རིན་པོ་ཆེའི་སྣོད་དུ་བཞག་ལ། འཁོར་ལོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ངོ་བོར་བསམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དང་བྱིན་རླབས་ཐམས་ཅད་ཚུར་འདུས་འཁོར་ལོ་ལ་ཐིམ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ངོ་བོར་གྱུར་པར་བསམ་ལ་མེ་ཏོག་གཏོར། བཀྲ་ཤིས་བརྗོད། བསྲུང་བྱའི་མགུལ་དུ་མགོ་མཇུག་མ་ལོག་པར་བཏགས། ཡོན་ཏན་གྱི་འཁོར་ལོ་ཡིན་ནོ།། ༼ཧཱ༽ལྔ་པ་མཚོན་ཆ་རྡོ་རྗེའི་འཁོར་ལོ་ནི། དམིགས་པའི་དགྲ་བོ་དེས་རླུང་འཁོར་འཛུགས་པ་ཤེས་ན། དེ་བཤིག་པའི་འཁོར་ལོ་ཡིན་ཏེ། མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བའི་ལྟེ་བ་ལ། རང་གང་སྒྲུབ་ཀྱི་ཡི་དམ་ས་བོན་ཨོཾ་ཨཱཿཧཱུྃ་དང་བཅས་པ་བྲི། མུ་ཁྱུད་གཉིས་པ་ལ་རྡོ་རྗེ་རྒྱ་གྲམ་ལྗང་གུ །ཕྱོགས་རེ་ལ་རལ་གྲི་ལྔ་ལྔས་མཚན་པ་ལ། ར་བ་རྣམས་སུ་ཕ་རོལ་གྱི་མིང་ཡིག་དང་པོ་བྲི། མུ་ཁྱུད་གསུམ་པ་ལ། རང་གང་སྒྲུབ་ཀྱི་ཡི་དམ་གྱི་རྩ་སྔགས་དང་སྦྲེལ་མའི་སྤུ་གྲིའི་མཚམས་རྣམས་སུ། ཆེ་གེའི་རླུང་འཁོར་ཤིགས། གཏུབས་ཞེས་པ་བཅུག །ཕྱི་རིམ་ལ་མེ་རིས་བསྐོར། འཁོར་ལོ་འདི་བྲིས་ཚར་བ་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་ངོ་བོར་བསམ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་པས་འཁོར་ལོ་ལ་ཐིམ། ཕྲིན་ལས་ཀྱི་ངོ་བོར་གྱུར་པར་བསམ་ལ། མེ་ཏོག་འཐོར་བཀྲ་ཤིས་བརྗོད་ལ། རང་གི་དཔུང་པ་གཡོན་པ་ལ་བཏགས། སྔགས་བཟླས་པས་ཕ་རོལ་རླུང་འཁོར་དང་བཅས་པ་གཏུབ་བཤིག་པར་བསམ་མོ། ࿊ །གོང་གི་འཁོར་ལོ་རྣམས་ཀྱི་ཡིག་འབྲུ་དབུ་ཅན། སྔགས་རྣམས་ཚག་ཤད་མེད་པར་སྦྲུལ་འཁྱིལ་བ་ལྟར་བྲི། མིས་མ་མཐོང་བར་བྱ། སྨན་དང་སྤོས་དང་རིན་པོ་ཆེའི་ཕྱེ་མས་བྱུག །འཁོར་ལོ་དེ་རྣམས་ཀྱི་བཅའ་ལུགས་ཤོག་གུ་ཟླུམ་པོ་ཇི་ལྟར་འཚམ་པ་དགུ་ལ། འཁོར་ལོ་བཅོ་བརྒྱད་པོ་བྲིས་ལ། དང་པོ་ལ་སྐྱོབ་པ་གདུགས་ཀྱི་འཁོར་ལོ། མ་ལྟོ་ལ་གཉན་པོ་ཐོག་ཟེར་གྱི་འཁོར་ལོ་བྲི། དེའི་འོག་ཏུ་ཡ་ལྟོ་ལ། སྦྱིན་པ་སྤེལ་བའི་འཁོར་ལོ་བྲི། མ་ལྟོ་ལ་འབྲུ་སྤེལ་བའི་འཁོར་ལོ་བྲིས་ལ་བཅའ་འོ། །དེའི་འོག་ཏུ་ཡ་ལྟོ་ལ་ཁ་དྲག་དཔུང་བསྐྱེད་པ། མ་ལྟོ་ལ་ཁྲོམ་ཟིལ་གནོན་བྲིས་ཏེ་བཅའ་འོ། དེའི་འོག་ཏུ་ཡ་ལྟོ་ལ་འཁོན་སྦྱོང་བ་བྲི། མ་ལྟོ་ལ་ལྷ་དང་གྲིབ་མ་བཞིན་དུ་འགྲོགས་པ་བྲིས་ལ་བཅའ། དེའི་འོག་ཏུ་ཡ་ལྟོ་ལ་རང་གང་བྱེད་ནོར་ལྷའི་འཁོར་ལོ། མ་ལྟོ་ལ་དངོས་གྲུབ་བྱིན་འབེབ་ཀྱི་འཁོར་ལོ་བཅའ་འོ། །དེའི་འོག་ཏུ་ཡ་ལྟོ་ལ་ཁམས་གསུམ་དབང་སྡུད། མ་ལྟོ་ལ་མི་སྙིང་སྒུལ་བ་བྲིས་ལ་བཅའ། དེའི་འོག་ཏུ་ཡ་ལྟོ་ལ་མི་ནོར་རྒྱས་བྱེད། མ་ལྟོ་ལ་ཚེ་དབང་ལོངས་སྤྱོད་རྒྱས་པ་བཅའ་འོ། །དེའི་འོག་ཏུ་ཡ་ལྟོ་ལ་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ། མ་ལྟོ་ལ་བགེགས་སྲུང་བའི་འཁོར་ལོ་བཅའ། དེའི་འོག་ཏུ་ཡ་ལྟོ་ལ་མཆོད་པ་འབུལ་བའི་འཁོར་ལོ། མ་ལྟོ་ལ་ས་པདྨ་འདབ་བརྒྱད་ཀྱི་འཁོར་ལོ་བྲིས་ལ་བཅའ་འོ། །འཁོར་ལོ་བཅོ་བརྒྱད་པོ་དེ་དག་གི་ལྷ་དང་འཁོན་སྦྱོང་བ་དང་། ལྷ་དང་ལུས་གྲིབ་མ་བཞིན་དུ་འགྲོགས་པ་གཉིས་ཞི་བའི་འཁོར་ལོའོ། །མི་ནོར་རྒྱས་བྱེད་དང་། ཚེ་དང་ལོངས་སྤྱོད་རྒྱས་བྱེད། འབྲུ་འཕེལ་བ་དང་། སྦྱིན་པ་སྤེལ་བ་དང་། གནོད་སྦྱིན་ཕོ་དགུ་མོ་དགུ་དང་། རང་གང་བྱེད་ནོར་ལྷའི་འཁོར་ལོ་དང་དྲུག་པོ་རྒྱས་པའི་འཁོར་ལོའོ། ཁམས་གསུམ་དབང་སྡུད་དང་། དངོས་གྲུབ་བྱིན་འབེབ། མི་སྙིང་སྒུལ་བ། ཁྲོམ་ཟིལ་གནོན་གྱི་འཁོར་ལོ་བཞི་པོ་དབང་གི་འཁོར་ལོའོ། །གཉེན་པོ་ཐོག་ཟེར་དང་། བགེགས་ཀྱིས་མི་ཚུགས་པ་དང་། ཁ་དྲག་དཔུང་བསྐྱེད་ཀྱི་འཁོར་ལོ་སྟེ་གསུམ་དྲག་པོའི་འཁོར་ལོའོ། སྐྱོབ་པ་གདུགས་དང་། མཆོད་པ་འབུལ་བ། ས་པདྨ་འདབ་བརྒྱད་ཀྱི་འཁོར་ལོ་སྟེ་གསུམ་སྤྱི་ཁྱབ་ཀྱི་འཁོར་ལོ་ཡིན་ནོ། །དེ་ལྟར་འཁོར་ལོ་བཅོ་བརྒྱད་པོ་རིམ་པར་བརྩེགས་པའི་སྟེང་དུ། སྐུ།་་་རིགས་ལྔ་ཡབ་ཀྱི་འཁོར་ལོ་སྟེང་དུ་བྱེད་པ་ས་ལྟའོ། །གསུང་།་་་རིགས་ལྔ་ཡུམ་གྱི་འཁོར་ལོ་འོག་ཏུ་བྱེད་པ་གནམ་ལྟའོ། །ལོག་གནོན་ཐུགས་ཀྱི་འཁོར་ལོ་བྲི་ན་ཀུན་གྱི་སྟེང་དུ་བཅའ་འོ། །འཁོར་ལོ་རྣམས་ཟླུམ་པོར་བསྐོར་བའི་མཐར་ཤོག་སྐྱ་སེར་པོ་སོར་རེ་ཙམ་བྱ། སྨན་དང་དྲི་བཟང་གིས་བྱུགས། གུ་གུལ་གྱིས་བདུག་སྟེ་བགེགས་བསྐྲད། གཞི་དཀར་པོའམ། རིན་པོ་ཆེའི་སྣོད་དུ་འཁོར་ལོ་རྣམས་བཀྲམ་སྟེ། མི་དམིགས་པ་ལས་འཁོར་ལོ་རྣམས་བྲིས་པ་འདྲ་བའི་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམ། འཁོར་ལོར་བྲིས་པའི་སྔགས་རྣམས་དང་རྟེན་འབྲེལ་སྙིང་པོ་བཟླས་ཤིང་རབ་གནས་བྱའོ། །དེ་ནས་འཁོར་ལོ་རྣམས་སྟེང་འོག་མ་འཆུགས་པར་བྱས་ལ་མཐའ་ནས་དར་སྐུད་ཀྱི་དཀྲིས་སམ། སྨྱུག་མ་གཤགས་པའམ་ཤིང་གང་ཡང་རུང་བ་རྒྱ་གྲམ་དུ་བྱས་པའི་བར་དུ་འཁོར་ལོ་བསྡམ། རླུང་གཤོག་བཞི་ལ། ཧཱུྃ་མཱུཾ། ཨོཾ་ལཱཾ། སྭཱ་མཱཾ། ཨཱཾ་པྱཱཾ། ཧཱ་ཏཱཾ་རྣམས་ཁ་སྦྱོར་དུ་བྱས་པའི་རྒྱབ་ཏུ། ཨེ་ཡཾ། རཾ་བཾ། སུཾ་རྣམས་བྲི། སྨྱུག་མ་གཤགས་པ་དར་སྐུད་ཀྱིས་བཙེམས་ལ་རླུང་གཤོག་ཕྲེང་བ་བྱ། སྲོག་ཤིང་རྩེ་མོ་ལ་འཁོར་ལོ་གདུགས་ལྟ་བུ་ཡོང་བ་བྱ། སྟེང་ཁང་འོག་ཁང་བྱས་པས་སྟེང་ཁང་དུ་འཁོར་ལོ། འོག་ཁང་དུ་རླུང་གཤོག་འཁོར་བའི་རླུང་འཁོར་ལོ་ལ་མི་འཕོག་པར་བྱེད་པ་མན་ངག་ཡིན་ནོ། ࿊ །འཁོར་ལོ་བསྐོར་ཞིང་སྒྲུབ་པ་ནི། ཞག་དུས་ཚེས་གྲངས་བཟང་པོ་ལ་ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམས་ཏེ་འཁོར་ལོ་འཛུགས། ཕྱི་རླུང་ནང་རླུང་བསྲེ་བ་དང་། དུག་དབྱུང་བའི་མན་ངག་མཆོད་རྟེན་དུ་འཛུགས་པའི་འཁོར་ལོ་དང་འདྲ་ལ། རབ་གནས་བྱས་ཤིང་མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད། གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་རང་རང་གི་ཕོ་བྲང་དུ་བཞུགས་པ་ནས་ཚུར་བྱོན། འཁོར་ལོར་ཐིམ་པར་བསམ་ཞིང་སྨོན་ལམ་འདི་སྐད་གདབ་བོ། །ཨོཾ་སྭསྟི་སྭསྟི། གནོད་སྦྱིན་ནོར་ལྷའི་ཚོགས་མ་ལུས་ཤིང་ལུས་པ་མེད་པར་བཅས་པ་རྣམས་ལ་བདག་གི་ལུས་ངག་ཡིད་གསུམ་མོས་ཤིང་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །མཆོད་གཏོར་རྒྱ་ཆེན་པོ་འབུལ་ལོ། །ཐུགས་མཉེས་ཤིང་དགྱེས་པ་རབ་ཀྱི་མཆོད་པ་དམ་པ་བཞེས་སུ་གསོལ། ན་མོ་དགོས་འདོད་འབྱུང་བའི་འཁོར་ལོ་རིན་པོ་ཆེ་འདི་རྣམས་ནམ་ཟླ་དུས་བཞིར་འབྱུང་བ་རླུང་གིས་འཁོར་ལོ་བསྐོར་བའི་མཐུ་དང་ནུས་པ་དང་། གཟི་བརྗིད་དང་དཔུང་དང་བྱིན་རླབས་དང་འོད་ཟེར་གྱིས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ཚེ་རབས་འདི་ནས་བཟུང་ནས་ཚེ་རབས་ཐམས་ཅད་དུ། དམ་པ་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་དུས་རྒྱུན་ཆད་མེད་པར་བསྐོར་བར་གྱུར་ཅིག །ཞལ་ཟས་ཚོགས་ཀྱི་འཁོར་ལོ་རིན་པོ་ཆེ་དུས་རྒྱུན་ཆད་མེད་པར་བསྐོར་བར་གྱུར་ཅིག །བདེ་སྐྱིད་ཕུན་སུམ་ཚོགས་པའི་འཁོར་ལོ་རིན་པོ་ཆེ་དུས་རྒྱུན་ཆད་མེད་པར་བསྐོར་བར་གྱུར་ཅིག །ཧྲཱིཿ ནོར་ལྷའི་རྒྱལ་པོ་ཨ་པ་རཱ་ཙི་ཏ་ཡབ་ཡུམ་དང་འཁོར་གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀྱི་འཁོར་ལོ་བསྐོར་བས། དགོས་འདོད་ཀྱི་དངོས་གྲུབ་རིན་པོ་ཆེ་ཇི་ལྟར་འདོད་པ་བཞིན་དུ་མྱུར་དུ་འགྲུབ་པར་གྱུར་ཅིག །གནོད་སྦྱིན་ནོར་ལྷའི་རྒྱལ་པོ་ཞང་དབོན་དང་། རྣམ་ཐོས་སྲས་དང་། ཛཾ་བྷ་ལ་དང་། ནོར་རྒྱུན་མ་དང་། དཔལ་ཆེན་མོ་དང་། ག་ཎ་པ་ཏི་ཚོགས་ཀྱི་བདག་པོ་དང་། མཁའ་འགྲོ་སྡེ་བཞི་དང་། མཁའ་འགྲོ་སྡེ་ལྔ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་ཏེ་གནོད་སྦྱིན་ནོར་ལྷའི་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་འཁོར་ལོ་རིན་པོ་ཆེ་འབྱུང་བ་རླུང་གིས་ནམ་ཟླ་དུས་བཞིར་བསྐོར་བས། འཇིག་རྟེན་ཁམས་ཀྱི་གསེར་དངུལ་ཟངས་ལྕགས་གཡུ་གོས། ཁྲབ་འབྲུ་དང་རིན་པོ་ཆེ་དང་། མཆོད་ཆ་དར་ཟབ་གོས་ལྷྭམ། ཤ་མར་བཟའ་བཏུང་འདོད་ཡོན་སྣ་དགུ །དཀོར་ནོར་སྣ་བཅོ་བརྒྱད་རྟ་དང་གླང་པོ་བང་མཛོད་ར་ལུག་ཕྱུགས་མི་ནོར་གྱི་བང་མཛོད་མ་ལུས་པ་ལ་སོགས་པ་རྣམས་འཕེལ་ཞིང་རྒྱས་པ་དང་། ལོངས་སྤྱོད་དར་ཞིང་རྒྱས་པར་གྱུར་ཅིག །ཟད་མི་ཤེས་པའི་ལོངས་སྤྱོད་ཆེན་པོ་ལ་དབང་བསྒྱུར་བར་གྱུར་ཅིག །ཧྲཱིཿ དམར་པོ་དབང་གི་འཁོར་ལོ་བསྐོར་བས་ཁམས་གསུམ་དབང་དུ་འདུས་པར་གྱུར་ཅིག །ཁྲོམ་ཟིལ་གནོན་གྱི་འཁོར་ལོ་བསྐོར་བས་སྲིད་གསུམ་ཟིལ་གྱིས་ནོན་པར་གྱུར་ཅིག །དངོས་གྲུབ་བྱིན་འབེབ་ཀྱི་འཁོར་ལོ་བསྐོར་བས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །སྐྱོབ་པ་གདུགས་ཀྱི་འཁོར་ལོ་བསྐོར་བས་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་པར་གྱུར་ཅིག །ཁ་དྲག་དཔུང་བསྐྱེད་པའི་འཁོར་ལོ་བསྐོར་བས་ཁ་དྲག་དཔུང་པ་ཕྱོགས་མེད་དུ་རྒྱས་པར་གྱུར་ཅིག །འབྲུ་སྤེལ་བའི་འཁོར་ལོ་བསྐོར་བས་འབྲུའི་བང་མཛོད་ཆེན་པོ་ལ་ལོངས་སྤྱོད་པར་གྱུར་ཅིག །མི་ནོར་རྒྱས་པའི་འཁོར་ལོ་བསྐོར་བས་བདག་ཅག་མི་ནོར་ཐམས་ཅད་རྒྱས་པར་གྱུར་ཅིག །དབང་དུ་བྱ་བའི་འཁོར་ལོ་བསྐོར་བས་འགྲོ་བ་ཕོ་མོ་ཐམས་ཅད་དབང་དུ་འདུ་བར་གྱུར་ཅིག །མི་སྙིང་སྒུལ་བའི་འཁོར་ལོ་བསྐོར་བས་མི་སྙིང་རང་དབང་མེད་པར་འགུལ་བར་གྱུར་ཅིག །ཚེ་དང་ལོངས་སྤྱོད་སྤེལ་བའི་འཁོར་ལོ་བསྐོར་བས་བདག་གི་ཚེ་དང་ལོངས་སྤྱོད་དཔལ་དང་གཟི་བརྗིད་ཁ་རྗེ་དབང་ཐང་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག །ཚེ་རིང་ཞིང་ནད་མེད་པ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག །སྦྱིན་པ་སྤེལ་བའི་འཁོར་ལོ་བསྐོར་བས། བདག་གི་སྦྱིན་པའི་དངོས་པོ་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག །ལྷ་དང་གྲིབ་མ་བཞིན་དུ་འགྲོགས་པའི་འཁོར་ལོ་བསྐོར་བས། བདག་ལ་སྐྱོབ་པར་བྱེད་པའི་ལྷ་དང་ཆོས་སྐྱོང་སྲུང་མའི་ཚོགས་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་གྱུར་ཅིག །བགེགས་ཀྱིས་མི་ཚུགས་པའི་འཁོར་ལོ་བསྐོར་བས། རྣལ་འབྱོར་པ་བདག་ཅག་ལ་བར་དུ་གཅོད་པའི་དགྲ་བགེགས་ཀྱིས་མི་ཚུགས་པར་གྱུར་ཅིག །ཁམས་གསུམ་དབང་སྡུད་ཀྱི་འཁོར་ལོ་བསྐོར་བས་འཛམ་བུའི་གླིང་གི་སྐྱེས་པ་དང་། བུད་མེད་དང་། མི་ཕྱུག་པོ་དང་། ཕྱུག་མོ་དང་། རྒྱལ་པོ་དང་། རྒྱལ་མོ་དང་། བློན་པོ་དང་། དགེ་བཤེས་དང་། གནས་བརྟན་དང་། ཆེ་བཙུན་དང་། མི་ཆེན་དྲ་མ་དང་། ཆེ་དགུ་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིག །ཝ་ཤཾ་ཀུ་རུ་ཧཱུྃ་ཧྲཱི་ཛཿཁུག །མགོ་ནག་མི་ཐམས་ཅད་དབང་དུ་འདུས་པར་གྱུར་ཅིག །དགྱེས་པ་མཆོད་པའི་འཁོར་ལོ་བསྐོར་བས། ནོར་ལྷའི་ཚོགས་ལ་མཆོད་པའི་སྤྲིན་ཕུང་ཆེན་པོ་འབྱུང་བར་གྱུར་ཅིག །ཙཀྲ་རཏྣ་སྥ་ར་ཎ་ཕཊ། ཅེས་འཁོར་ལོའི་སྔགས་དང་འོད་ཟེར་ཕྱི་ལ་སྤྲོས་ཏེ་བསྐོར་བས་སྔགས་དང་འོད་ཟེར་གྱི་ནུས་པ་ཐམས་ཅད་འགྲོ་བ་མི་རྣམས་ཀྱི་སྙིང་ལ་འཐིམ་པར་གྱུར་ཅིག །སྙིང་ལ་འཐིམ་པས་བདག་ལ་མ་དད་པ་དང་ལོག་པར་ལྟ་བ་རྣམས་བསྲེགས་བཅོམ་མེད་པར་བྱས་ནས་བདག་ཅག་ལ་དགའ་མགུ་ཡི་རང་བར་གྱུར་ཅིག །ཙཀྲ་རཏྣ་སཾ་ཧ་ར་ཎ། ཞེས་འཁོར་ལོའི་སྔགས་དང་འོད་ཟེར་རྣམས་ནང་དུ་འདུས་ཏེ་བསྐོར་བས་འཇིག་རྟེན་ཁམས་ཀྱི་རྩི་བཅུད་ལོ་ཐོག་རྣམས་དང་། འགྲོ་བ་རྣམས་ཀྱི་རྣམ་པར་ཤེས་པ་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་འདུས་པར་གྱུར་ཅིག །འཁོར་ལོ་འདིའི་འོད་ཟེར་དམར་པོ་དྲག་ལ་མྱུར་བ་འཚེར་ཞིང་འཕྲོས་པས་ལྕགས་ཀྱུ་ལྟ་བུས་སྟོང་ཁམས་ཀྱི་ལྷ་དང་མི་མ་ཡིན་པ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་གཟི་བརྗིད་ཐམས་ཅད་བདག་གི་དབང་དུ་འདུས་ཤིང་ཁུག་པར་གྱུར་ཅིག །འགྲོ་བ་མི་རྣམས་ཀྱི་སྙིང་གི་དཀྱིལ་ནས་རྣམ་པར་ཤེས་པའི་ངོ་བོ་ནྲྀཿཉ་མིག་ལྟ་བུ་གཅིག་ཡོད་པ་དེ་རྣམས་འོད་ཀྱིས་རང་དབང་མེད་པར་དྲངས་ནས་བདག་གི་སྙིང་ལ་འཐིམ་པས་མགོ་ནག་མི་ཡི་རྣམ་པར་ཤེས་པ་ཐམས་ཅད་རང་དབང་མེད་པར་བདག་གི་དབང་དུ་འདུས་པར་གྱུར་ཅིག །མདོར་ན་འཁོར་ལོ་རིན་པོ་ཆེ་འདི་རྣམས་བསྐོར་བས་བདག་གི་ཡིད་ལ་ཇི་ལྟར་འདོད་པ་རྣམས་མྱུར་དུ་འགྲུབ་པར་གྱུར་ཅིག །སིདྡྷི་སིདྡྷི། ཕ་ལ་ཕ་ལ། རཏྣ་རཏྣ། ཙཀྲ་ཙཀྲ །སྭསྟི་སྭསྟི་བྷ་ཝ་ཏི། ཛ་ཡ་ཛ་ཡ། སཱ་དྷུ་སཱ་དྷུ། ཞེས་སྨོན་ལམ་བཏབ། སྨོན་ལམ་ལྟར་དམིགས་པ་ཡང་བསྒོམ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་འབྲུ་གཏོར། སྨོན་ལམ་ལྟར་དམིགས་པ་ཡང་བསྒོམ། སྨོན་ལམ་འདི་ནི་ཚེས་གྲངས་གཟའ་སྐར་བཟང་པོ་འགྲུབ་སྦྱོར་ཡོད་པ་ལ་ཡང་ཡང་གདབ་བོ། །ཚོགས་དང་ཕུད་གཏོར་བཟང་པོ་བཤམས་པ་རྣམས་ཆོས་སྐྱོང་སྲུང་མ་གནོད་སྦྱིན་ནོར་ལྷ་གཞི་བདག་རྣམས་ལ་འབུལ་ཞིང་ཕྲིན་ལས་བཅོལ། འཁོར་ལོ་ཡིག་མགོས་སྣ་དྲངས་ཏེ་གཡས་སྐོར་དུ་འཁོར་བར་བྱ། རླུང་ཁང་ལ་གཟུངས་ཐག་བཏགས་ཏེ་སྣེ་ནས་བཟུང་ལ་རང་གི་ཡི་དམ་སྔགས་ལ་གང་འདོད་ཀྱི་ཤམ་བུ་བཏགས་ལ། འཁོར་ལོ་ལ་བྲིས་པའི་སྔགས་རྣམས་བཟླས་ལ། འཁོར་ལོ་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་འཁོར་བ་ལས་འོད་ཟེར་སྣ་ཚོགས་པ་སྤྲོས་ཏེ། འོད་ཟེར་དཀར་པོའི་ཚོགས་སྤྲོས་པས་ནད་གདོན་སྡིག་སྒྲིབ་ཆག་ཆེ་ཉམ་ང་ལྷ་མཁོན་བཙོག་གྲིབ་བྱད་ཕུར་རྦོད་གཏོང་ཐམས་ཅད་ཞི་བར་བསམ། འོད་ཟེར་སེར་པོའི་ཚོགས་སྤྲོས་པས་བསོད་ནམས་དང་ལོངས་སྤྱོད་དཔལ་འབྱོར་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས་པར་བསམ། འོད་ཟེར་དམར་པོའི་ཚོགས་འཕྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་འདུས་ཤིང་། ཟིལ་གྱིས་ནོན་པར་བསམ། འོད་ཟེར་ནག་པོའི་ཚོགས་འཕྲོས་པས་གདུག་པ་ཅན་བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད་པར་བསམ། འོད་ཟེར་མཆོད་པའི་སྤྲིན་དཔག་ཏུ་མེད་པ་འཕྲོས་པས། བླ་མ་ཡི་དམ་ཆོས་སྐྱོང་གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་མཆོད། དངོས་གྲུབ་ཆར་ལྟར་འབེབ་པར་བསམ་མོ། །དེ་ལྟར་རླུང་གིས་འཁོར་ལོ་བསྐོར་བས་འཛམ་བུ་གླིང་གི་མི་ནོར་ཐམས་ཅད་དབང་དུ་བསྒྱུར་ཞིང་ལོངས་སྤྱོད་པར་འགྱུར། མགོ་ནག་མི་ཐམས་ཅད་དབང་དུ་འདུས། ཆེ་བཙུན་ཐམས་ཅད་བྲན་དུ་ཁོལ། བུད་མེད་ཐམས་ཅད་ཀྱི་ཡིད་འཕྲོག །མི་སྙིང་ཐམས་ཅད་རང་དབང་མེད་པར་འགུལ། ཡིད་ལ་འདོད་དགུ་འགྲུབ་པར་འགྱུར་རོ།། ༈ །།སྨོན་ལམ་བསྡུས་པ་ནི། ན་མོ། ཡེ་ཤེས་དང་ལས་ལ་གྲུབ་པ་རྣམས་དང་འབྲེལ་བའི་སྟོབས། བདག་ལ་འགོ་ཞིང་སྡོངས་གྲོགས་བྱེད་པ་རྣམས་དང་། གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཀྱིས་བདག་ལ་དུས་དང་རྣམ་པ་ཀུན་ཏུ་དམ་པའི་ཆོས་ཐམས་ཅད་དང་། འཆི་མེད་ཀྱི་ཚེ་དང་། བརྒྱུད་འཛིན་གྱི་སྲིད་དང་། མཁྱེན་པའི་ཡོན་ཏན་དང་། བསོད་ནམས་ཀྱི་ཚོགས། སྒྲིབ་མེད་ཀྱི་ཡེ་ཤེས། ཐམས་ཅད་མཁྱེན་པའི་མངོན་ཤེས། ལྷུན་གྲུབ་ཀྱི་ཕྲིན་ལས། ནུས་མཐུའི་རྩལ་ཤུགས། སྙན་གྲགས་ཀྱི་གཏམ། དགེ་ལེགས་ཀྱི་བཀྲ་ཤིས། ཁས་དྲག་གི་མཆོག །ཟིལ་གནོན་གྱི་གཟི་བྱིན། བསམ་འགྲུབ་དང་བདེ་སྐྱིད་འཁོར་ལོའི་ཚོགས་ཆེན་པོ། རྟེན་འབྲེལ་རྫས། དབང་ཕྱུག་དཔལ་གཡང་། མཚན་ལྡན་ཡུམ། མི་ཟད་གཏེར། བྲན་གཡོག་འཁོར། རྩ་ལག་གཉེན། འབྱོར་པའི་ཡོ་བྱད་ལོངས་སྤྱོད། ནོར་རྫས་བཟའ་བཏུང་། བཟང་མཛེས་དྲོ་བའི་གོས། གོ་མཚོན་རྒྱན་འབྲུ། ཕྱུགས་དབྱིག་དང་གསུམ། ཡུལ་ཞིང་མཁར། ཆུས་སྲིད་མངའ་ཐང་། མི་ཟད་པའི་གཏེར། བདུད་འདུལ་མཐུ། རྫུ་འཕྲུལ་སྣ་ཚོགས། རེ་སྨོན་གྱི་བསམ་པ་འགྲུབ་པ། ཡིད་ལ་འདོད་པ་འགྲུབ་པའི་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད། དྲག་ཏུ་མྱུར་དུ་རྒྱུན་ཆད་མེད་པར་ཐོབ་སྟེ། མི་ཉམས་པར་སྩོལ་ཅིག །ཅེས་བརྗོད་དོ།། ༈ །།དེ་ཡང་བསྡུ་ན། ན་མོ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཡེ་ཤེས་ཀྱི་ལྷ་ཚོགས་དང་། རྩ་བ་གསུམ་གྱི་ཡེ་ཤེས་ཀྱི་འཁོར་ཚོགས་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བདག་ལ་འགོ་ཞིང་སྡོངས་གྲོགས་བྱེད་པ་རྣམས་དང་། ནོར་ལྷའི་ཚོགས་རྣམས་ཀྱིས་བདག་ལ་དུས་གསུམ་ཀུན་ཏུ་མཆོག་ཐུན་མོང་གི་སིདྡྷི་ཐམས་ཅད་དང་། ཚེ་དང་ཆོས་སྲིད་ཡོན་ཏན་དང་། བསོད་ནམས་དང་། གཏེར་དང་ལོངས་སྤྱོད་དང་། ཡོ་བྱད་དང་། འབྱོར་པ་དང་། ནོར་རྫས་དང་། ཟས་དང་། དབྱིག་དང་། རཏྣ་དང་། འབྲུ་དང་། སྤུ་ཕྱུགས་དང་། གཉེན་དང་། གྲོགས་དང་། འཁོར་དང་། གཡོག་དང་། བྲན་ཁོལ་དང་། སྙན་གྲགས་དང་། འདུན་གྲོས་དང་། མངོན་ཤེས་དང་། གཟུངས་དང་། ཏིང་ངེ་འཛིན་དང་། རྟོགས་པ་དང་། ཤེས་རབ་དང་། བློ་གྲོས་དང་། མཐུ་སྟོབས་གཟི་བརྗིད་དང་། བདེ་སྐྱིད་དང་། བསམ་འགྲུབ་དང་། ཡུལ་ཞིང་ཁང་ཁྱིམ་ལ་སོགས་ཅི་འདོད་པ་དོན་དུ་འགྱུར་བ་ཐམས་ཅད་སྩོལ་ཅིག །དྲག་མྱུར་རྒྱུན་ཆད་མེད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ།། ༈ །།འདིའི་རྒྱབ་ཆོས་བུམ་གཏེར་འཛུགས་པའི་མན་ངག་ནི། རྫ་བུམ་གསར་པའི་ནང་དུ་སྤྲ་ཚིལ་ལ་ཀླུ་ནོར་རྒྱས་ཀྱི་གཟུགས་དཀར་པོ་སོར་བརྒྱད་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་བྱད་ཅན། སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ། གཡས་རིན་པོ་ཆེ་འབར་བ་དང་། གཡོན་ཨུཏྤལ་བསྣམས་པ། ལྟེ་བ་མན་ཆོད་སྦྲུལ་དུ་ཡོད་པ། ཡུམ་གྱི་གཟུགས་ཀྱང་དེ་དང་འདྲ་བ་ལ་སྦྲུལ་མགོའི་གདེངས་ཀ་ལྔ་ཡོད་པ། ཐལ་མོ་སྦྱར་ནས་ཡབ་ལ་གཟིགས་པ། དེ་གཉིས་ལྟོ་སྦྱར་ལ་གྷི་ཧང་གིས་བྱུགས། ཨོཾ་ནཱ་ག་ནཱ་ག་དུ་དུ་ཕུཿཕུཿ ཞེས་བྲིས་པ། ཀླུའི་གཟུགས་ཀྱི་ནང་དུ་གཞུག །དེ་པདྨ་དང་ནས་ཀྱི་གདན་ལ་བཞག །རིན་པོ་ཆེ་ལྔ། འབྲུ་ལྔ། སྨན་ལྔ། བཅུད་ཟས་དར་ཟབ། མངར་གསུམ། ཕྱུག་པོ་དགུའི་ཞིང་ས། གཡང་མ་ཉམས་པའི་བྲེ་སྲང་དགུའི་དྲེག་པ། ཕྱུགས་ཟལ་ཆགས་དགུའི་སྤུ། རི་བོ་རིའི་རྩེ་མོའི་ས། ལུང་པའི་སྲོལ་ལྔའམ་ས་བཀྲ་བཟང་པོའི་ཆུ་རྣམས་བུམ་པར་བླུགས་ལ་དར་གྱིས་མགུལ་ཆིངས་བྱ། ཏིང་ངེ་འཛིན་ཕྱོགས་བཅུའི་དཔལ་འབྱོར་རྩི་བཅུད། དབང་དང་དངོས་གྲུབ་བཀྲག་དང་གཟི་མདངས། དཔལ་གཡང་ཡོན་ཏན་ཐམས་ཅད་བསྟིམ་ཞིང་རབ་གནས་བྱ། ར་བ་བཞིའི་ཉའི་ཉིན་ཆུ་མིག་ཁ་ཤར་བལྟས་སུ་གཏེར་དུ་སྦ་བར་བྱ། ཁྱད་པར་འབྲུ་ནོར་འཕེལ་བར་འདོད་ན་མཛོད་ཀྱི་ཕུག །ཕྱུགས་འཕེལ་བར་འདོད་ན་ར་བའི་དཀྱིལ། བྱིས་པ་འཕེལ་བར་འདོད་ན་བྱིས་པ་མང་པོའི་རྩེད་རར་སྦ་བར་བཤད་དོ། །རླུང་འཁོར་བུམ་གཏེར་བཅའ་ཐབས་ཀྱི་མན་ངག་གོ །རླུང་འཁོར་བཅས་ཆོག་མ་འདིའི་འཁོར་ལོ་རྣམས་མིས་རེག་མཐོང་མེད་པར་བྱས་ལ་རང་གི་གནས་སུ་བཅང་ངོ་།། ༈ །།གསུམ་པ་རྗེས་ཀྱི་ཆོ་ག་ནི། འཁོར་ལོ་རྣམས་བསྡུས་ལ་མཆོད་ཁང་མཛོད་ཕུག་ཏུ་བཞུགས་སུ་གསོལ། ཚོགས་གཏང་རག་རྒྱས་པར་བྱ། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱའོ། །རླུང་འཁོར་ཡིད་བཞིན་ནོར་བུའི་མན་ངག་མཁའ་འགྲོ་རླུང་འཁོར་བཅས་ཆོག་མ་ཞེས་པ་འདི་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཏེ། གྲུབ་ཐོབ་ཆེན་པོ་བྲམ་ཟེ་སྡོམ་པ་བཟང་པོས་འགྲམ་ལོ་ཙཱ་བ་ཆེན་པོ་དྷརྨཱ་བིདྱཱ་ལ་ཆིག་བརྒྱུད་དུ་བྱས་ཏེ། མན་ངག་རྣམས། འཁོར་ལོ་རྣམས་དང་འགྱུར་ཤོག་གི་སྨོན་ལམ་གཉིས་ལ་རྒྱ་དཔེ་ཡོད་པ་ཡང་སྣང་། དེ་ལ་ལོ་ཙཱ་བས་འགྱུར་མཛད། གསེར་སྲང་ལྔའི་མཎྜལ་ཕུལ་ཏེ་སྙན་བརྒྱུད་ཀྱི་མན་ངག་རྣམས་ཡི་གེར་བཀོད་པར་གསོལ་བ་བཏབ་ནས་དཀར་ཆག་དང་ལག་ལེན་མདོར་བསྡུས་ཡི་གེར་བཀོད། དེ་ནས་རིམ་པར་བརྒྱུད་དེ་སྔགས་འཆང་རིག་འཛིན་ལའོ། །མེ་རླུང་གཉིས་ཀྱི་ལས་ནི་རྣོ་ཞིང་མྱུར་ལ་ཐོགས་མེད་འགྲུབ་པ་ཡིན་པས། དེའི་ནང་ནས་ཁྱད་པར་རླུང་འཁོར་ཡིད་བཞིན་ནོར་བུ་འདི་བྱིན་རླབས་ཆེ་ཞིང་འཁོར་ལོ་བཅས་པ་ཉིད་ཀྱིས་དངོས་གྲུབ་ཐོབ། མཁའ་འགྲོ་རླུང་འཁོར་ཡིད་བཞིན་ནོར་བུ་བཅས་ཆོག་མ་ཞེས་བྱ་བའི་ལག་ལེན་ཁྲིགས་ཆགས་སུ་ཞལ་གདམས་རྣམས་དཀྱུས་སུ་བཅུག་སྟེ་ཡི་གེར་བཀོད་པ་ཆོས་བདག་མཁའ་འགྲོས་གནང་བ་མཛད་ཅིང་དགེ་ལེགས་སུ་གྱུར་ཅིག །ཤུ་བྷཾ།། ༈ །།དགོས་འདོད་མ་ལུས་སྒྲུབ་བྱེད་པའི། །གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ལ། །ཀུན་ནས་དད་གུས་དྲག་པོ་ཡིས། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ལ་འཁོར་ལོ་རིན་ཆེན་བཅས་ཆོག་གི་མན་ངག་ཟབ་མོ་འདི་ལ། ཡོན་ཏན་བསྒྲུབ་མི་དགོས་ཏེ་འབྱུང་བ་རླུང་ལ་ལས་བཅོལ་བས་ཆོག །དེའང་ལུང་ལས། རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་པས་སྲིད་པ་ཕྱི་ནང་གཉིས་ཀ་རླུང་ལ་བརྟེན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་འཇིག་འཕེལ་ལུགས་དང་ལོ་ཏོག་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་འབྱུང་བ་རླུང་གི་སྟོབས་ཀྱིས་བྱེད། ནང་བཅུད་ཀྱི་སེམས་ཅན་གྱི་སྨྲ་བ་འགྲོ་ཉལ་འདུག་སྡོད་སྐྱེ་རྒ་ན་འཆི། དགའ་མི་དགའ། རྫུ་འཕྲུལ་མངོན་ཤེས། བདེ་སྡུག །གང་སྟོང་། ཡོད་མེད། ཕན་གནོད་མ་ལུས་པ་ཀུན་འབྱུང་བ་རླུང་གི་སྟོབས་ཀྱིས་བྱེད། དེ་ཕྱིར་འབྱུང་བ་རླུང་གི་འཁོར་ལོས་ལས་ཀུན་བྱེད་པས་ན། རླུང་གི་འཁོར་ལོའི་གནད་མི་ཤེས་པའི་གང་ཟག་ཀུན། རི་མོ་སྣ་ཚོགས་བྲིས་ནས་འཁོར་ལོ་ཡིན་ཟེར་བ་ན་ཡིད་སྨོན་ཙམ་ཡིན་ནོ། །འཁོར་ལོ་ཞེས་བྱ་བ་ནི་མི་སྡོད་པར་འཁོར་བ་གཅིག་གིས་ལས་འགྲུབ་ཅིང་བྱིན་རླབས་འབྱུང་བ་ཡིན་ནོ། །དཔེར་ན་གསེར་གྱི་འཁོར་ལོ་བསྐོར་བས་ཀྱང་བུག་པ་འབུག་པ་དང་འདྲའོ། །འཁོར་ལོ་རྒྱུན་དུ་འཁོར་བ་ཡིན། །དེ་ཕྱིར་འབྱུང་བ་རླུང་འཁོར་འདི། །མི་སྡོད་འཁོར་བས་ལས་ཀུན་བྱེད། །ཟས་ནོར་ལོངས་སྤྱོད་འབྱུང་བ་དང་། །ངག་སྦྱོར་ཅི་བཅོལ་མ་ལུས་འགྲུབ། །གནད་ཀྱི་གདམས་ངག་རིན་ཆེན་འདི་བྱས་ན། །འཛམ་གླིང་དགོས་འདོད་མ་ལུས་ཐམས་ཅད་ལ། །ཡིད་ལ་ཇི་ལྟར་འདོད་བཞིན་འབྱུང་འགྱུར་ཏེ། །བཅས་ཆོག་ལན་གཅིག་འཁོར་བས་ཡོན་ཏན་སྣ་རེ་འབྱུང་། །གསུངས་པས་རྒྱུན་དུ་འཁོར་བའི་ཕན་ཡོན་ནི་བརྗོད་ཀྱིས་མི་ལང་ངོ་། །གནད་ཡིག་འཕྲུལ་གྱི་མེ་ལོང་ལས། དང་པོ་ནོར་ལྷ་བསྒྲུབ་པར་བྱ། །ལས་མཐའ་རླུང་འཁོར་ལེགས་བྱས་ནས། །གང་འདོད་སིདྡྷི་འགྲུབ་པར་འགྱུར། །ཞེས་སོགས། རྨི་ལམ་དུ་ནི་ལུང་བསྟན་ཐོབ། །སྤྱིར་ན་ལས་སྦྱོར་ཐམས་ཅད་ཀྱང་། །མེ་རླུང་གཉིས་ཀྱིས་འགྲུབ་པ་ཡིན། །མཆོག་ཏུ་རླུང་གི་འཁོར་ལོ་ནི། །མྱུར་མགྱོགས་ཤིན་ཏུ་ཆེ་བ་ཡིན། །དེ་འང་ཇི་ལྟར་ཡིན་ཅེ་ན། །འཇིག་རྟེན་འདི་ཡི་དགོས་འདོད་ཀུན། །འབྱུང་བ་ལྔ་ལ་མ་བརྟེན་པར། །འབྱུང་བ་རྒྱལ་བས་མ་གསུངས་སོ། །འབྱུང་བ་ལྔ་ཡི་ནང་ནས་ཀྱང་། །རླུང་ལས་མྱུར་མགྱོགས་ཆེ་བ་མེད། །དེའི་ཕྱིར་རླུང་ལ་ལས་བཅོལ་ནས། །སིདྡྷི་མྱུར་མགྱོགས་རླུང་དང་འདྲ། །རླུང་འཁོར་མན་ངག་ཤེས་པ་དེ། །རིན་ཆེན་གཏེར་དང་འཕྲད་པ་ཡིན། །འདི་འདྲའི་མན་ངག་ཀུན་ལ་མེད། །གཅེས་པར་ཟུངས་ཤིག་སྙིང་གི་བུ། །ཤེས་རབ་ཆུང་ལ་བརྩོན་འགྲུས་ཞན། །དེ་འདྲས་འགྲུབ་པར་མི་འགྱུར་རོ། །མེ་ཡི་ལས་སུ་སྦྱིན་སྲེག་ནི། །ལས་རྣམས་ཀུན་ལ་ཤིས་པ་ཡིན། །སྔགས་རྣམས་ནུས་པ་འགྲུབ་བྱེད་པ། །སྦྱིན་སྲེག་ཡིན་པར་རྒྱལ་བས་གསུངས། །དེ་ཕྱིར་མེ་རླུང་གཉིས་པོ་ནི། །ལས་སྦྱོར་ཀུན་ལ་ཤིས་པ་ཡིན། །གནད་ཡིག་འཕྲུལ་གྱི་མེ་ལོང་ྀཨཚ། །བཀྲ་ཤིས་སོ།། །།
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྟེན་གཏོར་ (Volume 25, Text 44)
༄༅༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྟེན་གཏོར་བཞུགས་སོ༔ ན་མོ་ཧ་ཡ་གྲཱི་བཱ་ཡ༔ རྟེན་གཏོར་གྱི་བཅས་ལ༔ དང་པོ་རྫས་གསག་པ་ནི༔ སྨན་དང༔ སྙིང་སྣ་དང༔ ཤ་སྣ་ཚོགས༔ འབྲུ་སྣ་ཚོགས༔ རིན་པོ་ཆེ་སྣ་བདུན༔ ཆང་དང་རཀྟ་གང་འབྱོར་བཤམས་ལ་གཞི་བྱེད༔ དང་པོ་རྩམ་པ་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བླུགས་ལ༔ ཨཱོཾ་ཨཱཿཧཱུྃ་གསུམ་བྲིས་ལ༔ དེ་ནས་རང་ཉིད་ཡི་དམ་ལྷ་ཡི་ང་རྒྱལ་གྱིས་ལྷར་བསྐྱེད་ལ་རྩམ་པ་བསྲེ༔ དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དེའི་ནང་དུ་འདོད་ཡོན་གྱིས་གང་བར་བསམ་ལ༔ དེ་ནས་རང་གི་ས་བོན་ལས་འོད་ཟེར་གཅིག་འཕྲོས་པས༔ རྩམ་པའི་སྟེང་གི་ཨཱོཾ་ལ་ཕོག་པས་ཨཱོཾ་དེ་ནམ་མཁའ་ལ་ཡར་བཀྱག་པར་བསམ༔ དེ་ནས་རང་གི་ས་བོན་ལས་འོད་འཕྲོས་པས་ཨཱོཾ་དེ་ལ་ཕོག༔ ཨཱོཾ་དེ་ལས་འོད་ཟེར་དཀར་པོ་ཞིག་ཡར་འཕྲོས་པས༔ སྐུ་ཡི་ལྷ་ཚོགས་ལ་མཆོད་ཡོན་མ་སོགས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས་མཆོད་ནས༔ ཨཱོཾ་བརྒྱ་རྩ་བརྒྱད་བརྗོད༔ ནམ་ཚར་ནས་ཡང་རྩམ་པའི་ཨཱོཾ་དེ་ལས་འོད་ཟེར་དཀར་པོ་ཡར་འཕྲོས་པས༔ སྐུ་ཡི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྐུ་ཡི་འོད་ཟེར་དཀར་པོ་དང་བྱིན་རླབས་ཀྱི་རྣམ་པར་བཀུག་ནས༔ ཨཱོཾ་བརྒྱ་རྩ་བརྒྱད་བརྗོད༔ རང་གི་མདུན་གྱི་ནམ་མཁའི་ཨཱོཾ་ལ་ཐིམ༔ ཨཱོཾ་དེ་ཡང་རྩམ་པའི་སྟེང་དུ་བྲིས་ཟིན་དེ་ལ་ཐིམ་པས་རྩམ་པ་དང་ཨོཾ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ༔ ཡང་ས་བོན་ལས་འོད་ཟེར་དམར་པོ་ཞིག་འཕྲོས་པས༔ རྩམ་པའི་སྟེང་གི་ཨཱཿདམར་པོ་ལ་ཕོག་པས་ཡང་ནམ་མཁའ་ལ་ཡར་བཀྱག་པས་ཁྲུ་གང་ཙམ་གྱི་སྟེང་ན་ཡོད་པར་བསམ་ལ༔ འོད་ཟེར་སྤྲོ་བསྡུ་གོང་དང་འདྲ༔ ཨཱཿབརྒྱ་རྩ་བརྒྱད་བརྗོད་ནས་སྣང་བ་མཐའ་ཡས་ལ་སོགས་གསུང་གི་ལྷ་ཚོགས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ གསུང་གི་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང་འོད་ཟེར་ཐམས་ཅད་མར་བཀུག་ནས༔ རྩམ་པ་ལ་བྲིས་ཟིན་གྱི་ཨཱཿདམར་པོ་ལ་ཐིམ་པ་ཙམ་གྱིས་ཨཱཿདང་རྩམ་པ་ཡང་འོད་དུ་ཞུ་བའི་བདུད་རྩིར་གྱུར་པར་བསམ༔ ཡང་ས་བོན་ལས་འོད་ཟེར་སྔོན་པོ་ཞིག་འཕྲོས་པས༔ ཧཱུྃ་དེ་ལ་ཕོག་པས་ཧཱུྃ་དེ་ནམ་མཁའ་ལ་ཡར་བཀྱག་ནས༔ ཧཱུྃ་བརྒྱ་རྩ་བརྒྱད་བརྗོད༔ འོད་ཟེར་སྤྲོ་བསྡུ་གོང་དང་འདྲ༔ ཡང་ཐུགས་ཀའི་ལྷ་ཚོགས་ཐམས་ཅད་ཀྱི་འོད་ཟེར་དང་བྱིན་རླབས་རྣམས་བཀུག་ནས༔ ནམ་མཁའི་ཧཱུྃ་ལ་ཐིམ༔ ཧཱུྃ་བརྒྱ་རྩ་བརྗོད༔ ནམ་མཁའི་ཧཱུྃ་དེ་རྩམ་པ་ལ་ཐིམ་པ་ཙམ་གྱིས་ཡང་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ༔ ཡང་ཨཱོཾ་ཨཱཿཧཱུྃ་གསུམ་ཀ་ལ་ཕོག་པས་འོད་ཟེར་དཀར་པོ་དམར་པོ་སྔོན་པོ་གསུམ་འཕྲོས་པས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ལ་ཕོག་པས༔ ཐུགས་དམ་གྱི་རྒྱུད་བསྐུལ་ནས༔ སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་བྱིན་རླབས་དང་འོད་ཟེར་རྣམས་བཀུག་ནས༔ ཨཱོཾ་ཨཱཿཧཱུྃ་གསུམ་ལ་ཐིམ་པ་ཙམ་གྱིས་ཡང་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ་ལ༔ ཨཱོཾ་ཨཱཿཧཱུྃ་བརྒྱ་རྩ་བརྗོད་ཅིང༔ དམིགས་པ་དེ་བཞིན་བྱེད༔ ཡི་དམ་སྙིང་པོ་བརྒྱ་རྩ་བརྒྱད་བརྗོད་པས་བདུད་རྩིར་གྱུར་པར་བསམ་ལ་སྔགས་ཕོག་བདུན་དང༔ འབྲུ་གསུམ་གང་འཕྲོད་པས་རྩམ་པ་བྱིན་གྱིས་བརླབ༔ དེ་ནས་རཀྟ་དང༔ ཆང་གི་ཉིང་ཁུ་དང༔ སྨན་དང༔ འབྲུ་དང༔ རིན་པོ་ཆེ་དེ་རྣམས་ཀྱི་སུམ་ཆ་དེ་རྩམ་པ་ལ་བསྲེ༔ སུམ་གཉིས་དེ་ཐོད་པའི་ནང་དུ་བླུགས་ལ༔ དར་སྣ་ཚོགས་ཀྱིས་བཀབ་ལ་མདུན་དུ་བཞག༔ སྲོག་ཤིང་སྦ་དང་སྨྱུག་མ་གང་རུང་ཚིགས་གསུམ་པ༔ དེ་ཡི་སྟོད་ན་བླ་མ་ཡི་དམ་གྱི་མཚན་སྔགས་རྣམས་རིན་པོ་ཆེས་བྲིས་ལ་བཞག༔ བར་གྱི་ཚིགས་ལ་ཡི་དམ་སྙིང་པོ༔ སྨད་ན་ཆོས་སྐྱོང་གི་སྔགས༔ སྲོག་ཤིང་རྐང་ལ་མར་བཏགས་ཁྲུ་གང༔ གཏོར་མ་རྐང་གང་གི་གཟུགས་ནི་ཞི་རྒྱས་དབང་དྲག་གང་ཡང་རུང༔ གཏོར་མའི་གདན་དེ་ལ་དབུས་སུ་གྲུ་གསུམ༔ ཟླ་གམ༔ ཟླུམ་པོ༔ དེའི་རྒྱབ་གྲུ་བཞི་བྱ༔ དེ་ནས་གཏོར་མ་བསླངས་ལ༔ ཡི་དམ་ལྷའི་ང་རྒྱལ་གྱིས་བགེགས་ལ་སྲུང་འཁོར་བསྒོམ༔ དེ་ནས་བདག་བསྐྱེད་གཞུང་ལྟར་བྱས་ལ༔ དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་བསམ་ལ༔ སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར༔ རཾ་ལས་མེའི་དཀྱིལ་འཁོར༔ ཀེཾ་ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ་བསམ༔ དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་ཨཱཿགཅིག་ཕར་ཆད་པས༔ སྣོད་ལ་ཕོག་པས་སྣོད་ཀྱི་ཉེས་སྐྱོན་དག་ནས༔ ཨ་ལས་བྱུང་བའི་བྷནྡྷའི་གཞལ་ཡས་ཁང་དབུས་སུ་གྲུ་གསུམ༔ ཟླ་གམ༔ ཐོད་པ་ཟླུམ་པོ༔ རྒྱབ་གྲུ་བཞི༔ ཕྱོགས་བཞི་ན་རིན་པོ་ཆེའི་སྐྱོགས་བཞི་རྡོ་རྗེའི་བྱ་མཆུ་བཞི་དང་ལྡན་པ༔ དེའི་དབུས་སུ་ཨ་ལས་ཟླ་བའི་སྟེང་ན་ཧཱུྃ་ལས་བྱང་ཆུབ་སེམས་ཀྱིས་མཚན་པ༔ དེའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ༔ དེའི་སྟེང་དུ་ཡེ་ཤེས་ལྔ༔ གཏོར་མ་གཞུང་དང་མཐུན༔ དེ་ནས་རང་གི་ཧཱུྃ་ལས་ཧཱུྃ་གཅིག་ཕར་ཆད་པས༔ གཏོར་མའི་སྟེང་ན་པདྨའི་གདན་ལ་བཞུགས་པར་བསམ༔ དེ་ནས་ཡང་རང་གི་ས་བོན་ཧཱུྃ་ལས་ཨཱོཾ་གཅིག་ཕར་འཕྲོས༔ ནང་བཅུད་ལ་ཕོག་པས་མི་གཙང་བ་དང་ཉེས་སྐྱོན་ཐམས་ཅད་དག༔ དམ་ཚིག་གི་རྫས་ཞལ་ཟས་འདོད་ཡོན་ཚོགས་ཀྱིས་ཕྱུར་གྱིས་གང་བར་བསམ༔ དེ་ནས་ཡང་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཧཱུྃ་དེ་ལ་ཕོག་པས་རྡོ་རྗེ་དང༔ ཁྲོ་ཆུང་དང༔ མེའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་བགེགས་བསྐྲད་པར་བསམ༔ དེ་ནས་ཡང་རང་གི་ཧཱུྃ་ལས་མ་གཅིག་ཕར་འཕྲོས་པས༔ གཏོར་མ་དེའི་སྟེང་ན་འཁྱིལ་བ་ལས༔ ཉི་མའི་དཀྱིལ་འཁོར་རི་རབ་བས་རྒྱ་ཆེ་བ་གཅིག་ཏུ་གྱུར་པར་བསམ༔ རྒྱས་པ་ནི་རང་ཉིད་ལྷ་དྲན་ལ་སྔགས་བཟླ༔ དེ་ནས་ཧཱུྃ་གཅིག་ཕར་སྤྲོས་པ༔ རྟེན་གཏོར་གྱི་སྟེང་ན་གནས་པ་ལས༔ རིམ་པ་བཞིན་ཨེ་ཆད་བདག་བསྐྱེད་ལྟར་སྲུང་བའི་གུར༔ དེའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་ར་བ་རིམ་པ་ལྔ་དང་ལྡན་པ༔ གཞལ་ཡས་ཁང་གི་མཚན་ཉིད་ཡོངས་སུ་རྫོགས་པ༔ གུར་ཁང་ཡང་དྲན་རྫོགས༔ དེའི་ཕྱི་རོལ་ཏུ་དུར་ཁྲོད་བརྒྱད༔ དེའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པ༔ དེའི་དབུས་སུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་ཟླ་གམ་དམར་པོ༔ གནམ་སྒོ་གཅིག་པ༔ དེའི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ཕྱོགས་སྐྱོང་མ་ཧཱ་དེ་བ་བྱི་ཆིངས་སུ་བསྣོལ་བའི་ཁྲི༔ དེའི་སྟེང་དུ་པཾ་ལས་པདྨ༔ རཾ་ལས་ཉི་མ༔ ཨ་ལས་ཟླ་བ༔ དེའི་སྟེང་དུ་ཧཱུྃ་དང་ཧྲཱིཿལས་འོད་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས༔ མདུན་བསྐྱེད་ཀྱི་གཙོ་བོ་པདྨ་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་འབར་བ་ཞལ་གསུམ་ཕྱག་དྲུག༔ ཞབས་བཞི་དང་ལྡན་ཅིང་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ དེའི་པང་དུ་ཡུམ་པདྨ་གཟི་ལྡན་མ༔ དམར་མོ་འཁོར་ལོ་དང་ཐོད་ཁྲག་གཙོ་ལ་སྟོབ་པ༔ སྤྱི་བོའི་གཙུག་ཏུ་རྟ་དབུ་གསུམ༔ བྱ་ཁྱུང་གསུམ༔ དཔལ་ཆེན་པོ་ལྷ་ལྔ༔ འཁོར་གྱི་གཙོ་བོ་བཞི༔ ཡུམ་བཞི༔ སྲུང་བའི་ཁྲོ་བོ་བཅུ༔ ཟློག་པའི་ཁྲོ་བོ་བཅུ༔ སྒོ་སྲུང་བཞི་དང་བཅས་པ༔ དེ་དག་ཐམས་ཅད་ཀྱང་རང་རང་གི་རྒྱན་ཆ་ལུགས་དང་ལྡན་ཅིང༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ༔ དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ དེའི་མདུན་དུ་རྒྱུད་སྡེ་བཞི་དང༔ ཐེག་པ་རིམ་དགུའི་ལྷ་ཚོགས༔ གཡས་སུ་སངས་རྒྱས༔ རྒྱབ་ཏུ་ཆོས༔ གཡོན་དུ་དགེ་འདུན༔ ཕྱོགས་མཚམས་ཀྱི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ འོག་གི་ཆ་ལ་ཆོས་སྐྱོང་བཀའ་སྡོད་ཕོ་ཉ་ལས་མཁན༔ དེའི་རྒྱབ་ཏུ་སྲུང་འཁོར་དྲན་རྫོགས༔ དེ་དག་ཐམས་ཅད་ཀྱི་གཙུག་ཏུ་རིགས་ལྔ་དང་བླ་མ༔ དེ་ནས་སྤྱན་དྲངས་པ་ནི༔ རང་གི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་པས༔ མདུན་བསྐྱེད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས༔ འོད་ཟེར་འཕྲོས་པས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ནས་པདྨ་ཧེ་རུ་ཀའི་ལྷ་ཚོགས་ལ་མཉེས་པའི་མཆོད་པ་ཕུལ༔ དེ་ལས་འོད་ཟེར་དམར་པོ་ཉི་མའི་ཟེར་ལྟ་བུ་ཚུར་བྱུང་བ་མདུན་བསྐྱེད་ལྷ་ཚོགས་ཀྱི་ས་བོན་ལ་ཟུག༔ དེའི་རྒྱུད་ལ་ཐོག་རྡུགས་མེད་པར་སྐད་ཅིག་གིས་བྱོན་པར་བསམ་ལ༔ སྤྱན་འདྲེན་གྱི་ཚིག་བཤད་ཀྱང་བྱེད༔ དེ་ནས་རིགས་ལྔའི་གྲངས་ལ་ཕྱག་དང་མཆོད་པ་ཕུལ༔ གཉིས་མེད་དུ་བསྟིམས་ལ་བཞུགས་སུ་གསོལ༔ དེ་ནས་ཧཱུྃ་ལས་སྔགས་ཐང་གསུམ་འཁོར་བའི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས་ལ་ཕྱག་དང་མཆོད་པ་ཕུལ༔ དེ་ནས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ རིགས་ལྔས་དགོངས་པ་མཛད་པ་ཙམ་གྱིས་ཁྲོ་བོ་རྣམས་ཀྱིས་བར་ཆོད་ཀྱི་བགེགས་བསྐྲད༔ དབང་བསྐུར༔ ཁྲུས་གསོལ༔ དབུ་བརྒྱན༔ དེ་ནས་འོད་ཟེར་མར་འཕྲོས་པས༔ ཡཾ་ལ་ཕོག་པས་རླུང་གཡོས༔ མེ་སྦར༔ ཐོད་པ་དྲོས༔ རྫས་རྣམས་ཞུ༔ དམ་ཚིག་གི་བདུད་རྩི་གྲུ་གསུམ་ནས༔ དེ་ནས་ཟླ་གམ་གསུམ་ནས༔ དེ་ནས་ཐོད་པ་ཟླུམ་པོ་ནས༔ གྲུ་བཞི་ནས་རིན་པོ་ཆེའི་སྐྱོགས་བཞི་ནས་གང༔ རྡོ་རྗེའི་བྱ་མཆུ་བཞི་ནས༔ རྒྱུན་གཏོར་ན་རྒྱུན་ཆད་མེད་པར་བབ་པར་བསམ་ལ༔ གཙོ་བོའི་ཐུགས་ཀ་ན་ཐོད་པ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བ༔ དེའི་ནང་དུ་བདུད་རྩི་ལྔས་གང་བ༔ དེའི་སྟེང་ན་རང་གི་ས་བོན་དེ་ཡོད་པར་བསམ༔ ཧཱུྃ་དེ་ལས་ཧཱུྃ་གཅིག་མར་ཆད་པ་ལས་རང་གི་གསང་གནས་སུ་རྡོ་རྗེ་རྩེ་ལྔ་པ་གཅིག་མར་འཕྱང༔ དེའི་ལྟེ་བ་ན་ཧཱུྃ་གི་མར་སྣེ་ལ་ཨཱོཾ་བསམ་ལ༔ ཡང་ཐུགས་ཀའི་ཧཱུྃ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས༔ གཙོ་བོའི་ཚངས་བུག་ནས་མར་སོང་ནས་ཐུགས་ཀའི་བདུད་རྩི་དང་འདྲེས་ནས༔ ཐུགས་ཀའི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ དེ་ནས་གཙོ་བོའི་སྐུ་རྒྱུད་རྩ་དབུ་མའི་ནང་དུ་མར་སོང་ནས༔ རྡོ་རྗེའི་རྭ་དབུ་མའི་ནང་ནས་རྟེན་གཏོར་ལ་བབས་པས༔ གྲུ་གསུམ་ནས་སྐྱོགས་བཞི་ནས་གང༔ རྡོ་རྗེའི་བྱ་མཆུ་བཞི་ནས་རྒྱུན་གཏོར་ལ་བབ༔ དེ་ནས་གཙོ་བོ་ཡབ་ཡུམ་གྱིས་སྙོམས་འཇུག་མཛད་པས་སྦྱོར་མཚམས་ནས་བདུད་རྩི་བབ༔ ཟླ་དལ་རྡོ་རྗེ་ནས་འབྲུ་དང་བཅས་པའི་ནང་དུ་ལྷུང་བ༔ ལན་གསུམ་བསྐོར་ཏེ༔ ཨཱོཾ་ཨཱཿཧཱུྃ་ཞེས་བརྗོད་པས༔ འོད་དུ་ཞུ་བས་བདུད་རྩི་ཡར་འཕྱུར་བ་རྡོ་རྗེའི་བྱ་མཆུ་བཞི་ནས་རྒྱུན་གཏོར་ལ་བབས་པར་བསམ་ལ༔ ཨཱོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས༔ ཡེ་ཤེས་ཀྱི་བདུད་རྩི་ན་བ་མེད་པ་འཆི་བ་མེད་པ༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྡན་པ༔ རིན་པོ་ཆེ་སྣ་བདུན་གྱི་ཚྭ་ཚྭའི་ཚུལ་དུ་འཕྲོས་ཤིང༔ དགོས་འདོད་མ་ལུས་པའི་ཆར་བྱ་མཆུ་བཞི་ནས་འབབ་པར་བསམ་ལ༔ བླ་མ་ཡི་དམ་ལ་དང་པོ༔ དེ་ནས་ཆོས་སྐྱོང༔ དེ་ནས་བཀའ་སྡོད་ཕོ་ཉ་ལས་མཁན༔ ཕྱོགས་སྐྱོང༔ མཁའ་འགྲོ་སྤྱི་གཏོར་གྱིས་གཏང༔ ཡང་རྒྱུན་གཏོར་བཤམ༔ གོང་ལྟར་དམ་ཚིག་རིལ་བུ་གཅིག་བཞག་ལ༔ ཆང་ཕུད་ཅིག་བྲན༔ རྒྱུན་གཏོར་ལ་ཡང་ཆང་ཕུད་བྲན༔ རྟེན་གཏོར་གྱི་ལྷའི་ཐུགས་ཀའི་ཧཱུྃ་ལས་ཨ་གཅིག་མར་ཆད་པས༔ བྷནྡྷའི་གཞལ་ཡས་ཁང་གི་ཁ་ཆོད་ཀྱི་ཚུལ་དུ་ཡོད་པར་བསམ་ལ༔ ཟླ་བའི་དཀྱིལ་འཁོར་ལ་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་རང་རང་གི་འདོད་པའི་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་བ་འདོད་རྒུ་ཐམས་ཅད་འཆར་བར་གཟིགས་ནས་ཡིད་མ་ཡེངས་པར་ཆགས་ཤིང་ཞེན་པས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་བསམ༔ རང་གི་ས་བོན་ལས་འོད་ཟེར་འཕྲོས༔ དེ་ནས་ལྷ་ཚོགས་རྣམས་ཀྱི་ས་བོན་ལས་འོད་ཟེར་དཀར་པོ་དམར་པོ་སྔོན་པོ་གསུམ་ཡར་འཕྲོས༔ ཡང་གཙོ་བོའི་ཧཱུྃ་ལས་ཧཱུྃ་གཅིག་མར་ཆད་པ་ལས༔ རྡོ་རྗེ་རྩེ་ལྔ་པ་ཞིག་ཡར་བསླངས་ལ༔ དེའི་རྩེ་མོར་རྟ་མགྲིན་གཡས་ཐོ་བ་གཡོན་སྡིགས་མཛུབ་ཅན་གཅིག་ཡར་བཞེངས་ནས་རྟ་སྐད་ཕྱོགས་བཅུ་ན་འཚེར་བས་གཏོར་མ་སྲུང་ཞིང་དགྲ་བགེགས་བསད་པར་བསམ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་བཀུག་ནས༔ གཙོ་བོ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་ས་བོན་གསུམ་ལ་ཕོག་པ་ཙམ་གྱིས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་འདྲེས༔ དེ་ནས་ཨོཾ་ལས་འོད་ཟེར་དཀར་པོ༔ ཨཱཿལས་དམར་པོ༔ ཧཱུྃ་ལས་སྔོན་པོ་གསུམ་འཕྲོས་པས་རང་གི་ས་བོན་གསུམ་ལ་ཕོག༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ༔ སྙིང་པོ་བརྒྱ་རྩ་བརྒྱད་འདོན་པར་བྱ༔ ཡང་འོད་ཟེར་ཕར་འཕྲོས་པས་རིགས་དྲུག་ལྷར་བསྐྱེད༔ དེ་ནས་བཀྲོལ་བའི་དུས༔ ཕྱི་སྣོད་འོད་དུ་ཞུ༔ ནང་བཅུད་ལ་ཐིམ༔ སེམས་ཅན་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ༔ དེ་ཡང་འོད་དུ་ཞུ་ནས་འཁོར་ལ་ཐིམ༔ ཐམས་ཅད་ཞུ་ནས་གཙོ་བོ་ལ་ཐིམ༔ གཙོ་བོ་ཧཱུྃ་ལ་ཐིམ༔ ཧཱུྃ་འོད་དུ་ཞུ་ནས༔ རང་གི་སྙིང་ག་ནས་ལུས་ལ་ཐིམ༔ དེ་བཞིན་ལན་བདུན་བྱ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་བྱིན་རླབས་ཞུ་བ་ལན་བདུན་བྱེད༔ དེ་ནས་བཟོད་པར་གསོལ་བ་དང་གཤེགས་གསོལ་ཐང་གསུམ་བྱེད་པ་ཡིན༔ དེ་ནས་དཀྱིལ་འཁོར་བསྡུ་བ་ཡིན་ནོ༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་རྟེན་གཏོར་རྫོགས་སོ༔ མངྒ་ལཾ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས༔ རྡོ་རྗེ་ཕག་མོའི་ཕྲིན་ལས (Volume 34, Text 44)
ྈ མཁའ་འགྲོ་གསང་བ་ཀུན་འདུས་ལས༔ རྡོ་རྗེ་ཕག་མོའི་ཕྲིན་ལས་བཞུགས༔ ྈྈྈྈྈྈ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ཕྲིན་ལས་ཀྱི་རིམ་པ་འདི་ལ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ༔ དུར་ཁྲོད་ལ་སོགས་པའི་གནས་དབེན་ཞིང་ཟིལ་དང་ཆོ་འཕྲུལ་ཆེ་བར་དབང་ཐོབ་ཅིང་མཁའ་འགྲོ་མའི་དམ་ཚིག་ལ་གནས་པའི་སྔགས་པས༔ མ་དྷ་ལ་རྟེན་རྫས་མཆོད་ཚོགས་ཅི་འབྱོར་པ་བཤམས་ལ༔ ཞིང་གི་པགས་པའི་སྟན་ལ་བསྡད༔ སྐྲ་སིལ་བུར་བསིལ་ཏེ༔ གདོང་རོ་སོལ་གྱིས་བྱུག༔ ཁ་ནུབ་ཏུ་བལྟས་ལ་སྐབས་སུ་ཐོད་རྔ་བརྡུང་ཞིང་གྱེར་བར་བྱའོ༔ དེ་ལ་སྐྱབས་སུ་འགྲོ་བ་ནི༔ ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པའི་སྤྱན་སྔར༔ ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་གསུམ་ངང་དུ་གནས་གྱུར་ཅིག༔ སེམས་བསྐྱེད་པ་ནི༔ བདག་གིས་སེམས་ཅན་ཐམས་ཅད་རྣམས༔ སངས་རྒྱས་ས་ལ་དགོད་པའི་ཕྱིར༔ མཁའ་འགྲོ་མ་ཡི་བསྐྱེད་བཟླས་དང༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་བགྱི༔ སྡོམ་པ་གཟུང་བ་ནི༔ ཧོ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ སོ་སོ་ཐར་པའི་འདུལ་བ་དང༔ བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་གསང་སྔགས་སྡོམ་པའི་ཚོགས༔ ཚུལ་བཞིན་གཟུང་ཞིང་བསྲུང་བར་བགྱི༔ བགེགས་བསྐྲད་པ་ནི༔ ཧཱུྃ་ཧཱུྃ༔ ང་ནི་ཕག་མོ་ཁྲོས་མ་སྟེ༔ སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ གསུང་གི་དྲག་སྔགས་སྟོང་གསུམ་གང༔ ཐུགས་རྗེ་དྲག་ཤུལ་འབར་བ་ཡིས༔ འདུ་བའི་ལྷ་ནི་མ་གཏོགས་པ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ བགེགས་དང་ལོག་འདྲེན་རྡུལ་དུ་རློག༔ ཁྱེད་ཅག་འདུག་པའི་སྐལ་མེད་པས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུ་ཙཊྚཱ་ཡ་ཕཊ་ཕཊ༔ མཚམས་གཅོད་པ་ནི༔ ཧཱུྃ་ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ནི༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཀུན༔ སྣང་བ་རྡོ་རྗེ་ཁྲོས་མའི་སྐུ༔ གྲགས་པ་རྡོ་རྗེ་ཁྲོས་མའི་གསུང༔ དྲན་རྟོག་རྡོ་རྗེ་ཁྲོས་མའི་ཐུགས༔ མེ་རླུང་ཆུ་ཡི་རྦ་རླབས་གཡོ༔ རྡོ་རྗེ་མདའ་གུར་རྭ་བས་བྲེས༔ བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ ནམ་ཡང་འཇུག་པའི་སྐབས་མེད་པའི༔ མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་རཾ་ཡཾ་ཁཾ་བཛྲ་སཱ་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ༔ མཎྜལ་ཕུལ༔ ཁྱད་པར་བྱིན་རླབས་དབབ་པའི་ཕྱིར་བླ་མའི་རྣལ་འབྱོར་གསལ་བཏབ་ལ༔ ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔ བདག་ཅག་རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་རྣམས༔ མཐའ་ཡས་སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ བྱང་ཆུབ་སྙིང་པོ་བསྒྲུབ་པར་དམ་བཅས་ནས༔ ཁས་བླངས་གཏན་ནས་ཡལ་བར་མི་འདོར་ཡང༔ ཉོན་མོངས་ཤུགས་དྲག་གཉེན་པོ་སྟོབས་ཆུང་ཞིང༔ གྲོགས་ངན་རྐྱེན་དང་ལེ་ལོའི་གཞན་དབང་དང༔ གསང་བ་ཟབ་མོ་ཁོང་དུ་མ་ཆུད་པས༔ ལྟ་བ་ཕྱོགས་ལྷུང་ཤོར་བ་མཐོལ་ལོ་བཤགས༔ སྒོམ་པ་བྱིང་རྒོད་འཆལ་བར་གྱུར་པ་བཤགས༔ སྤྱོད་པ་དུས་ཚོགས་གནང་བཀག་ལོག་པ་བཤགས༔ འབྲས་བུ་ཕྱི་དུས་ཡིད་སྨོན་གྱུར་པ་བཤགས༔ བླ་མ་རྣམས་ལ་མོས་གུས་ཆུང་བ་བཤགས༔ ཡི་དམ་ལྷ་ལ་བསྙེན་སྒྲུབ་གཡེལ་བ་བཤགས༔ མཁའ་འགྲོ་རྣམས་ལ་ཚོགས་གཏོར་དམན་པ་བཤགས༔ ཆོས་སྐྱོང་སྲུང་མ་དུས་སུ་མ་བསྐངས་བཤགས༔ ཐུན་མོང་སྤྱི་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱད་པར་ནང་གི་དམ་ཚིག་ཉམས་པ་བཤགས༔ སྒྲུབ་པ་ལྷག་པའི་དམ་ཚིག་ཉམས་པ་བཤགས༔ རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ མཐོལ་ལོ་བཤགས་སོ་རྩ་གསུམ་ལྷ་ལ་བཤགས༔ ཕྱིན་ཆད་མི་བགྱིད་བསྡམ་པར་དམ་བཅའ་ན༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང༔ འཕྲལ་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར༔ དངོས་གྲུབ་རྒྱ་མཚོའི་སྣོད་དུ་འགྱུར་བ་དང༔ སྒྲུབ་པའི་འབྲས་བུ་མཆིས་པར་བྱིན་གྱིས་རློབས༔ ཞེས་ཡི་གེ་བརྒྱ་པ་དང་བཅས་སྙིང་ཐག་པ་ནས་བཤགས༔ དམ་བཅའ་བ་ནི༔ ཨོཾ༔ དུས་གསུམ་རིག་འཛིན་མཁའ་འགྲོའི་གདུང་འཚོབ་ཕྱིར༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཡེ་ཤེས་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ ཐུགས་དམ་བསྙེན་ཅིང་ཉེ་བར་བསྙེན་པ་དང༔ དངོས་གྲུབ་སྒྲུབ་དང་སྒྲུབ་པ་ཆེན་པོ་ཡིས༔ རླུང་སེམས་ལས་རུང་ལྷ་སྐུར་རྣམ་པར་སྨིན༔ ཚེ་ལ་དབང་ཐོབ་ཕྱག་རྒྱའི་རིགས་སུ་ཤར༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་བརྟེན་ནས༔ རང་དང་གཞན་དོན་ཕུན་སུམ་ཚོགས་པ་ཡི༔ གོ་འཕང་མཆོག་ཏུ་བསྒྲུབ་པར་དམ་བཅའ་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མངོན་སུམ་བྱིན་བརླབ་ཡེ་ཤེས་བསྩལ་དུ་གསོལ༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་བཛྲ་ས་མ་ཡ་ཨ༔ ཞེས་རྩེ་གཅིག་ཏུ་གཟུང༔ དབང་བླང་ཞིང་ཐུགས་ཡིད་བསྲེས་ལ་ལྟ་བ་བསྐྱང་ངོ༔ དེ་ནས་བྱིན་ཆེན་དབབ་པའི་སླད་དུ་སྒྲུབ་པ་པོ་རྣམས་དུར་ཁྲོད་ལ་སོགས་པའི་ཆས་དང་ལྡན་པས་དགོངས་པ་དང་གདུང་བའི་ཤུགས་བསྐྱེད༔ ཤ་ཆེན་གྱི་སྤོས་བསྲེག༔ ཐོད་རྔ་དང་རྐང་གླིང་གི་སྒྲ་སོགས་རོལ་མོ་དང་དབྱངས་ཀྱི་འགྱུར་བ་དང་བཅས་ཐུགས་དམ་བསྐུལ་བ་ནི༔ རང་གི་སྙིང་ག་ནས་བདེ་བ་ཆེན་པོའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་རྩ་གསུམ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བར་སད་པར་བསམ་ལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཧཱུྃ་ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་ཞིང་ཁམས་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་ཁྲོ་འབར་བའི་ཕོ་བྲང་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་རྡོ་རྗེ་རྣལ་འབྱོར་མས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ འགྱུར་མེད་རྡོ་རྗེ་མཁའ་འགྲོ་མས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ རེ་སྐོང་རིན་ཆེན་མཁའ་འགྲོ་མས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་ཕོ་བྲང་ནས༔ ཆགས་མེད་པདྨ་མཁའ་འགྲོ་མས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ ཐོགས་མེད་ཕྲིན་ལས་མཁའ་འགྲོ་མས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་ཡུལ་ནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་མས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་བྱུང་དུར་ཁྲོད་གནས་བརྒྱད་ནས༔ ལས་དང་དམ་ཚིག་དྷཱ་ཀི་ནཱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བསྟན་པ་སྲུང་བའི་ཕོ་བྲང་ནས༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོ་ཡིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ བརྡལ་བ་ཆེན་པོ་ཆོས་སྐུ་ཡུམ་གྱི་མཁར༔ འགག་མེད་འོད་གསལ་ལོངས་སྐུའི་གཟི་བྱིན་འབར༔ སྤྲུལ་པའི་རྣམ་རོལ་རྩ་གསུམ་རབ་འབྱམས་ལྷ༔ འདིར་དགོངས་འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ བདེ་ཆེན་སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུག༔ རྡོ་རྗེའི་གླུ་དབྱངས་སྔགས་སྒྲ་འུ་རུ་རུ༔ མཁྱེན་བརྩེའི་དགོངས་པའི་ཡེ་ཤེས་ལམས་སེ་ལམ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ དུར་ཁྲོད་གནས་མཆོག་འོག་མིན་གསང་ཆེན་ཞིང༔ རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡི་གདུང༔ ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་ཀུན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཾ་ཧ་རི་ནི་ས་སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བདག་དང༔ གནས་དང༔ ཡོ་བྱད་ལ་སྤྱིར་ཕབ་ནས༔ བྱེ་བྲག་ཏུ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་པའི་ཁྲག་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ གཏོར་སྣོད་རིན་ཆེན་བྷནྡྷ་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་པའི་ལྷུན་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ བཛྲ་སྥ་ར་ཎ་ཁཾ༔ ཞེས་རྒྱ་ཆེར་སྤེལ་ལོ༔ དེ་རྣམས་ནི་སྔོན་དུ་འགྲོ་བའི་ལས་རིམ་མོ༔ ས་མ་ཡ༔ དེ་ནས་གཉིས་པ་དངོས་གཞི་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི༔ ཨོཾ༔ སྐྱེ་མེད་ཆོས་སྐུ་ཀུན་བཟང་མོ༔ འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན༔ འཁོར་འདས་ཀུན་ལ་ཁྱབ་པར་བརྡལ༔ གདོད་ནས་སྤྲོས་བྲལ་ཐིག་ལེར་རྫོགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ འགག་མེད་ལོངས་སྐུ་བྷ་ར་ཧི༔ དམིགས་བསམ་ལས་འདས་སྙིང་རྗེའི་གདངས༔ རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ༔ སྒྱུ་མའི་རོལ་པ་ཅིར་ཡང་འཆར༔ ཨཱཿམ་ཧཱ་ཀཱ་རུ་ཎི་ཀ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ གནས་མེད་སྤྲུལ་སྐུ་འབྱུང་བའི་རྒྱུ༔ བཾ་དང་ཧ་རི་ནི་སའི་སྔགས༔ སྒྲ་དང་བཅས་པའི་ཆོ་འཕྲུལ་གྱིས༔ གཟུང་འཛིན་ཆོས་ཀུན་སྟོང་པར་སྦྱངས༔ ཧཱུྃ་བཾ་ཧ་རི་ནི་ས་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཧཱུྃ༔ སྟོང་པའི་ངང་ལས་རྡོ་རྗེའི་སྔགས༔ ཨེ་ཡིག་རྣམ་ཐར་གསུམ་གྱི་དངོས༔ ཡོངས་གྱུར་དབྱིངས་ཕྱུག་ནམ་མཁའི་ཀློང༔ ཡཾ་ལས་རླུང་དཀྱིལ་དམ་ཚིག་སྒྲོལ༔ རཾ་ལས་གོས་དཀར་འབར་བའི་དབུས༔ བཾ་ལས་མཱ་ཀཱིའི་རྒྱ་མཚོ་བསྐྱིལ༔ ལཾ་ལས་སྤྱན་མ་གསེར་གྱི་ས༔ ཀེཾ་ལས་རུས་པའི་རི་རབ་སྟེང༔ རཾ་ལས་བསྐལ་པའི་མེ་ཕུང་གཡོ༔ ཧཱུྃ་ལས་རྡོ་རྗེ་སྲུང་བའི་གུར༔ ཤུགས་དྲག་མདའ་ཡི་དྲྭ་བས་མཚན༔ དེ་དབུས་རང་བྱུང་དུར་ཁྲོད་བརྒྱད༔ གཏུམ་དྲག་དབང་ཕྱུག་ནགས་ཀྱི་ཚལ༔ འཇིགས་བྱེད་ཐོད་པ་མུན་པ་ཅན༔ འུར་འུར་འབར་བ་ཅ་ཅོ་སྒྲོག༔ ཚང་ཚིང་འཁྲིགས་པ་དྲག་ཏུ་དགོད༔ དུར་ཁྲོད་འཇིགས་པའི་བཀོད་པས་བརྗིད༔ མ་མོ་མཁའ་འགྲོ་འདུ་བའི་གཞིར༔ བྷྲཱུྃ་ལས་དྲག་པོའི་གཞལ་མེད་ཁང༔ ཐོད་པའི་རྩིག་པ་རིམ་གསུམ་སྟེང༔ མི་མགོའི་བ་གམ་བརྗིད་དང་ལྡན༔ རྒྱུ་མ་རུས་པའི་དྲ་བས་མཛེས༔ རྐང་ལག་མདའ་ཡབ་ཤར་བུ་ཅན༔ རྩིབ་མའི་ཐོག་དང་པུ་ཤུས་བསྐོར༔ དབུས་ཕྱུར་ཐོད་རློན་ཙིཏྟའི་ཏོག༔ རབ་འཇིགས་རྣམ་ཐར་བཞི་ལྡན་པའི༔ སྒོ་དང་རྟ་བབས་བང་རིམ་བཞི༔ ཞིང་གི་གདུགས་འཕན་བ་དན་འཕྱར༔ གནམ་ལྕགས་འབར་བའི་འཁོར་ལོས་མཚན༔ དྲག་པོ་ལྷ་ཀླུ་འཇིགས་བྱེད་ཚོགས༔ ཀ་གདུང་གྲལ་ཕྱམ་ཚུལ་གྱིས་བཏེགས༔ ཤ་རུས་རཀྟའི་འདོད་སྣམ་ལ༔ འདོད་ཡོན་མཆོད་པའི་ལྷ་མོས་བསྐོར༔ ཕྱི་གསལ་ནང་གསལ་འོད་ལྔའི་ཀློང༔ འོག་མིན་དྲག་པོའི་གཞལ་མེད་ཁང༔ རང་བྱུང་ལྷུན་གྲུབ་བཀོད་པ་རྫོགས༔ བྷྲཱུྃ་རུ་དྲ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཨེ་པདྨ་སཱུརྱ་ཏི་ར་བཾ༔ དེ་དབུས་རྣམ་ཐར་གསུམ་རྫོགས་པའི༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་དང༔ སྣ་ཚོགས་པདྨ་འདབ་བཞི་པའི༔ ལྟེ་བར་པད་ཉི་བཾ་རོའི་སྟེང༔ བདེ་སྟོང་ཡེ་ཤེས་རྡོ་རྗེའི་སྔགས༔ བཾ་ཡིག་མཐིང་ནག་ཡོངས་གྱུར་ལས༔ རྡོ་རྗེའི་གྲི་གུག་བཾ་གྱིས་མཚན༔ དེ་ལས་བདེ་ཆེན་འོད་ཟེར་གྱིས༔ རྩ་གསུམ་རབ་འབྱམས་བྱིན་རླབས་ཀུན༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག༔ དུས་ཀྱི་མུན་པ་ལྟ་བུའི་མདོག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ ཕྱག་གཡས་རྡོ་རྗེ་གྲི་གུག་ཕྱར༔ གཡོན་པས་བྷནྡྷ་ཁྲག་བཀང་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱཾ་ག༔ ཧེ་རུ་ཀ་ཡི་ངོ་བོར་འཁྱུད༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ རྣ་ལྟག་གཡོན་དུ་ཕག་གི་ཞལ༔ རྡོ་རྗེའི་ངུར་སྒྲས་ས་གསུམ་གཡོ༔ སྐུ་ལ་རུས་པའི་ཕྱག་རྒྱ་དང༔ ཐོད་སྐམ་ལྔ་ཡིས་དབུར་བརྒྱན་ཅིང༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ སྲིད་ཞིའི་སྤྱི་དཔལ་ཆེན་པོར་བཞེངས༔ ཧཱུྃ༔ ཕྱོགས་བཞིའི་པདྨ་འདབ་བཞིའི་དབུས༔ དགའ་བ་བཞི་ཡི་ཡེ་ཤེས་གཟུགས༔ ཧ་རི་ནི་སའི་ཡིག་འབྲུ་ལས༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་བཞད་ཅིང་ཞི་བའི་ཉམས༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་སྒེག་ཅིང་རྒྱས་པའི་ཉམས༔ ནུབ་ཏུ་པདྨ་མཁའ་འགྲོ་མ༔ དམར་སྨུག་འཛུམ་ཞིང་ཆགས་པའི་ཉམས༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་ཁྲོ་ཞིང་གཏུམ་པའི་ཉམས༔ ཀུན་ཀྱང་ཕྱག་གཡས་གྲི་གུག་ནི༔ སོ་སོའི་རིགས་ཀྱི་མཚན་མ་ཅན༔ གཡོན་པས་ཐོད་པ་ཁྲག་བཀང་བསྣམས༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་འཆང༔ རྣ་ལྟག་ཕག་ཞལ་ངུར་སྒྲ་སྒྲོག༔ རུས་པའི་རྒྱན་ལྡན་གར་སྟབས་ཀྱིས༔ པད་ཉི་བམ་རོའི་སྟེང་ན་རོལ༔ གཙོ་དང་འཁོར་བཅས་ཐམས་ཅད་ཀྱང༔ ཞིང་གི་པགས་པས་སྟོད་གཡོགས་ཤིང༔ གླང་ཀོའི་སྐེད་དཀྲིས་སྟག་ཤམ་སོགས༔ དུར་ཁྲོད་བརྗིད་པའི་ཆས་ལྡན་པ༔ གཟི་བརྗིད་འོད་སྐུར་ལམ་མེར་གསལ༔ ཧེ་རུ་ཀ་དང་མཉམ་སྦྱོར་བའི༔ བདེ་ཆེན་ཡེ་ཤེས་སྣང་བ་ཡིས༔ རང་བྱུང་གཞལ་མེད་ཕྱོགས་མཚམས་ཁྱབ༔ དྭངས་མ་ཐིག་ལེར་འདྲིལ་བ་ལས༔ ཧཱུྃ༔ ཤར་སྒོར་རྡོ་རྗེ་ཕྲ་མེན་དཀར༔ ཁྭ་གདོང་རྡོ་རྗེ་བྷནྡྷ་བསྣམས༔ ལྷོ་སྒོར་རིན་ཆེན་ཕྲ་མེན་སེར༔ ཕག་གདོང་རིན་ཆེན་བྷནྡྷ་བསྣམས༔ ནུབ་སྒོར་པདྨ་ཕྲ་མེན་དམར༔ ཁྱི་གདོང་པདྨ་བྷནྡྷ་བསྣམས༔ བྱང་སྒོར་ལས་ཀྱི་ཕྲ་མེན་ལྗང༔ འུག་གདོང་རལ་གྲི་བྷནྡྷ་བསྣམས༔ མཚམས་བཞིར་དམ་ཚིག་མཁའ་འགྲོ་མ༔ ཕྱེད་གཟུགས་གྲི་གུག་ཐོད་ཁྲག་བསྣམས༔ ཀུན་ཀྱང་དུར་ཁྲོད་རུས་པས་བརྒྱན༔ ཞིང་རྐྱང་གདན་ལ་གར་སྟབས་འགྱིང༔ བར་མཚམས་བླ་མ་ཡི་དམ་དང༔ ཁྱད་པར་གནས་གསུམ་མཁའ་འགྲོའི་ཚོགས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ མ་འདྲེས་གསལ་རྫོགས་འོད་ཀྱི་སྐུ༔ བྱིན་རླབས་ཕྲིན་ལས་དཔལ་དུ་འབར༔ སྣང་སྟོང་ཟུང་འཇུག་ཆེན་པོར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་མཎྜ་ལ་མ་ཧཱ་སུ་ཁ་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་དམ་ཚིག་གི་ལྷ་བསྐྱེད་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ལུས་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ བརྗོད་པའི་ངག་ཀུན་མཁའ་འགྲོའི་གསུང༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེ༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བོ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ཀཱ་ཡ་བཛྲ་ཨོཾ༔ ཝཱ་ཀ་བཛྲ་ཨཱ༔ ཙིཏྟ་བཛྲ་ཧཱུྃ༔ དབང་བསྐུར་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པ་རྨད་པོ་ཆེས༔ ཕུང་པོ་འབྱུང་བ་ཉོན་མོངས་ཀུན༔ ཡེ་ཤེས་ལྔ་རུ་དབང་བསྐུར་བས༔ བདེ་གཤེགས་རིགས་ལྔའི་ཕྱག་རྒྱར་འབར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི༔ ཤ་ཆེན་གྱི་སྤོས་བསྲེག༔ ཞིང་ཆེན་གྱི་ཧསྟས་གཡབ༔ གསང་བའི་རྔེའུ་ཆུང་དང་གླིང་བུའི་སྒྲས་བསྐུལ་ཏེ་གདུང་ཤུགས་དྲག་པོ་བསྐྱེད་ལ་གྱེར་ཚིག་ནི༔ ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་ཡི་དམ་ལྷ༔ དགོངས་ཤིག་གནས་གསུམ་མཁའ་འགྲོའི་ཚོགས༔ དམ་ཚིག་གསང་བའི་བརྡས་བསྐུལ་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ ཞི་ཁྲོ་འབར་བའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ མཁའ་སྤྱོད་ས་སྤྱོད་གནས་ཡུལ་ནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ བཀའ་ཉན་དམ་ཚིག་དཀྱིལ་འཁོར་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ འོད་གསལ་ཆེན་པོའི་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ འགྱུར་མེད་རྡོ་རྗེ་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ཀ་དག་ཆེན་པོའི་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ རྩོལ་མེད་རིན་ཆེན་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ཁྱབ་བརྡལ་ཆེན་པོའི་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་ཕོ་བྲང་ནས༔ ཆགས་མེད་པདྨ་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ ཐོགས་མེད་ཀརྨ་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ལྷུན་གྲུབ་ཆེན་པོའི་དངོས་གྲུབ་སྩོལ༔ ཕྱོགས་མཚམས་དུར་ཁྲོད་ཆེན་པོ་ནས༔ ཕྲ་མེན་དམ་ཚིག་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ ཐབས་ཤེས་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ གནས་ཡུལ་དག་པའི་ཞིང་དུ་སྒྱུར༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤོར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ རྩ་རླུང་ཐིག་ལེའི་ཉམས་ཆག་སྦྱོངས༔ མཐར་ཐུག་མཆོག་གི་དངོས་གྲུབ་དང༔ གནས་སྐབས་ཐུན་མོང་ཕྲིན་ལས་སྒྲུབས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ གློག་ལྟར་མྱུར་བའི་ཡེ་ཤེས་ཀྱིས༔ མངོན་སུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་བཾ་ཧ་རི་ནི་ས་སརྦ་དྷཱ་ཀི་ནཱི་མཎྜ་ལ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བསྐུལ་བས་ལུས་ཀྱི་བ་སྤུ་ཟིང་པ་དང༔ འཇིགས་པའི་ཟིལ་དང༔ བདེ་བའི་ཉམས་དང༔ གནས་དང་རྟེན་རྣམས་བྱིན་ཐིབས་སེ་འོང་བར་འགྱུར་རོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བདེ་བར་གཤེགས་སོ་དྷཱ་ཀི་ནཱི༔ ཐུགས་རྗེའི་དབང་གིས་བྱོན་པ་ལེགས༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བཾ་ཧ་རི་ནི་ས་སརྦ་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ༔ དགྱེས་པ་སྐྱེད་པའི་མཆོད་པ་འབུལ་བ་ལ༔ ཐོག་མར་ཕྱག་འཚལ་བར་བསམ་ཞིང༔ ཧོ༔ རྡོ་རྗེ་ཁྲག་འཐུང་དེ་བཞིན་གཤེགས༔ རིགས་ལྔ་སྒྱུ་མའི་ཡུམ་གྱི་ཚུལ༔ བྱིན་རླབས་དངོས་གྲུབ་གཏེར་གྱི་མཛོད༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་བས༔ པྲ་ཏཱིཙྪ་ཧོ༔ ཞེས་ལན་མཛད་པར་བསམ༔ དེ་ནས་ཕྱི་ཉེར་སྤྱོད་འཛིན་པའི་ལྷ་མོ་ནམ་མཁའ་གང་བས་མཆོད་པར་བསམ་ལ༔ ཧཱུྃ༔ ཡན་ལག་བརྒྱད་དང་ལྡན་པ་ཡི༔ བདུད་རྩིའི་མཆོད་ཡོན་རྒྱ་མཚོར་འཁྱིལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དག་བྱེད་གཙང་མ་ཡིད་དུ་འོང༔ ཞབས་བསིལ་ཆུ་བོའི་རྒྱུན་ལྟར་འབེབ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ལྷ་དང་མི་ཡི་ཞིང་ཀུན་ན༔ མཚར་སྡུག་ཡིད་འཕྲོག་མེ་ཏོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ལྷན་ཅིག་སྐྱེས་པའི་དྲི་ཞིམ་དང༔ སྦྱར་བའི་བདུག་སྤོས་ཇི་སྙེད་པས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ འབྲུ་མར་རྩི་མར་ཤིང་རས་འོད༔ ཉི་ཟླ་ནོར་བུའི་སྣང་གསལ་གྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ ག་པུར་གུརྒུམ་ཙནྡན་སོགས༔ དྲི་བཟང་སྦྱར་བའི་ཆབ་རྒྱུན་གྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ བཟའ་བཅའ་བཏུང་བ་རོ་མཆོག་ལྡན༔ ཟག་མེད་བཅུད་མཆོག་ཞལ་ཟས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་སྭཱ་ཧཱ༔ ལྷ་ཡི་རྔ་ཆེན་སིལ་སྙན་སོགས༔ སྒྲ་དབྱངས་རོལ་མོའི་བྱེ་བྲག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་ནས་ནང་གི་མཆོད་པ་ནི༔ ཧཱུྃ༔ དབང་པོའི་མེ་ཏོག་ལ་སོགས་པ༔ རྔམ་ཞིང་བརྗིད་ལྡན་གཟུགས་མཆོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྐང་ཆེན་དུང་གི་གླིང་བུ་དང༔ གསང་བའི་རྔེའུ་ཆུང་ལ་སོགས་སྒྲས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་གསང་བའི་དྲི་ཆུ་དང༔ མཁྲིས་པའི་ཆུ་རྒྱུན་དྲི་མཆོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཤ་ཆེན་ལྔ་དང་བདུད་རྩི་ལྔ༔ མྱོས་བྱེད་ལ་སོགས་རོ་མཆོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ར་ས་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ མི་དང་གླང་ཆེན་སྟག་ལྤགས་སོགས༔ ཁྲག་འཛག་འཇམ་འཁྲིལ་རེག་བྱ་ཡིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་ནས་གསང་བའི་མཆོད་པ་ནི༔ ཧཱུྃ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ཆེ༔ ནམ་མཁའ་གང་བར་མཉམ་སྦྱོར་བས༔ རྟོག་ཚོགས་སྐྱེ་མེད་དབྱིངས་སུ་བསྒྲལ༔ གསང་བ་མཆོག་གི་མཆོད་པ་བཞེས༔ ཨོཾ་བཛྲ་སྟ་ན་ག་ཎ་པཱུ་ཛ་ཧོ༔ ཁྱད་པར་གྱི་མཆོད་པ་ནི༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་བནྡྷ་རུ༔ སྣང་སྲིད་ཐམས་ཅད་བདུད་རྩིར་བསྐྱིལ༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་མཆོད༔ མཐུ་དབང་ནུས་པའི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི༔ ࿋ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཧཱུྃ༔ ལྕང་ལོར་བཅས་པའི་བནྡྷ་རུ༔ སྣང་སྲིད་དམར་གྱི་རྒྱ་མཚོར་བསྐྱིལ༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་མཆོད༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་བནྡྷ་རུ༔ བཅུད་ཀྱི་སེམས་ཅན་གཏོར་མར་སྤུངས༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་མཆོད༔ འདོད་འབྱུང་དཔལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆེ་བའི་ཡོན་ཏན་ལ་བསྟོད་པ་བྱ་སྟེ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་དབྱིངས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག་མོར་བཞེངས༔ གཏི་མུག་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་མེ་ལོང་ཡེ་ཤེས་དབྱིངས༔ བཅོམ་ལྡན་འགྱུར་མེད་རྡོ་རྗེ་མཁའ་འགྲོར་བཞེངས༔ ཞེ་སྡང་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་མཉམ་ཉིད་ཡེ་ཤེས་དབྱིངས༔ བཅོམ་ལྡན་རྩོལ་མེད་རིན་ཆེན་མཁའ་འགྲོར་བཞེངས༔ ང་རྒྱལ་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་སོར་རྟོག་ཡེ་ཤེས་དབྱིངས༔ བཅོམ་ལྡན་ཆགས་མེད་པདྨ་མཁའ་འགྲོར་བཞེངས༔ འདོད་ཆགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་བྱ་གྲུབ་ཡེ་ཤེས་དབྱིངས༔ བཅོམ་ལྡན་ཐོགས་མེད་ལས་ཀྱི་མཁའ་འགྲོར་བཞེངས༔ ཕྲག་དོག་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་གང་འདུལ་ཡེ་ཤེས་དབྱིངས༔ དམ་ཚིག་ལས་ཀྱི་མཁའ་འགྲོའི་སྐུར་བཞེངས་ནས༔ རྟོག་ཚོགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་བདེ་སྟོང་ཡེ་ཤེས་དབྱིངས༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་གཟུགས་སུ་ཤར༔ གཟུང་འཛིན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད་ཅིང་ལྷ་སྐུའི་ངོ་བོ་དང༔ རྣམ་འགྱུར་ལ་སེམས་གཟུང་ཞིང་སྣང་བ་ཐམས་ཅད་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་རང་ཤར་བའི་ཚུལ་ལ་བསླབ་པར་བྱའོ༔ དེ་ནས་ཐུགས་རྒྱུད་བསྐུལ་ཞིང་ཡེ་ཤེས་འབེབ་པ་ཆེན་པོའི་ཕྱིར་སྔགས་ཀྱི་བཟླས་པ་བྱ་བ་ནི༔ ཧཱུྃ་ཧཱུྃ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ བཟླས་པའི་ཕྲིན་ལས་དུས་ལ་བབ༔ ཛཔ྄་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན༔ ཡེ་ཤེས་ཆེན་པོའི་བྱིན་དབབ་གསོལ༔ མནྟྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ༔ མཁའ་འགྲོ་མ་རྣམས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ས་བོན་མཚན༔ གསང་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྣོད་བཅུད་ལྷ་ཡི་འཁོར་ལོར་ཤར༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ བདེ་ཆེན་གཟི་བརྗིད་འབར་བར་གྱུར༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྒྲ་ཀུན་སྔགས་ཀྱི་རང་སྒྲར་འུར༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ གྲགས་སྟོང་ནུས་པའི་མཐུ་དབང་ཐོབ༔ ཨོཾ་བཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཕཊ༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ དྲན་རྟོག་བདེ་སྟོང་ངོ་བོར་ཤར༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས༔ རིག་སྟོང་ཡེ་ཤེས་ཐིག་ལེར་རྫོགས༔ ཨོཾ་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ རིགས་བཞི་མཁའ་འགྲོའི་ཐུགས་ཀ་ནས༔ སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས༔ སྡིག་སྒྲིབ་ཞི་ཞིང་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་བསྒྲལ༔ མཆོག་གི་ཕྲིན་ལས་ལྷུན་གྲུབ་གྱུར༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཏྲཱཾ༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཧྲཱི༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཕཊ༔ སླར་ཡང་གཙོ་མོའི་འོད་ཟེར་གྱིས༔ ལས་དང་དམ་ཚིག་མཁའ་འགྲོ་བསྐུལ༔ དེ་རྣམས་འོད་ཟེར་མཁའ་ཁྱབ་སྤྲོས༔ ཐུན་མོང་ཕྲིན་ལས་ཀུན་འགྲུབ་བསམ༔ ཨོཾ་སརྦ་ཀརྨ་ས་མ་ཡ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཧོ༔ ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་གཙོ་མོའི་སྐུའི་བསྙེན་པ་འབུམ་ཕྲག་བཞི༔ གསུང་འབུམ་ཕྲག་གསུམ༔ ཐུགས་འབུམ་ཕྲག་གཅིག༔ འཁོར་རྣམས་ལ་འབུམ་ཕྲག་བཟླས་པས་མཁའ་འགྲོ་མའི་ཞལ་མཐོང་བ༔ གསུང་ཐོས་པ༔ བདེ་ཆེན་གྱི་ཡེ་ཤེས་སྐྱེ་བ་སོགས་མཆོག་གི་དངོས་གྲུབ་དང༔ བྲིས་སྐུ་བཞད་པ༔ བདུད་རྩི་ཁོལ་བ༔ འདུ་བ་གསུམ་དང་འབར་བ་གསུམ་སོགས་རྟགས་ཀྱི་དངོས་གྲུབ་དང༔ ཐུན་མོང་གི་ལས་བཞི་གང་ལའང་ནུས་པ་ཐོགས་པ་མེད་པར་འགྱུར་རོ༔ གཞན་ཡང་ཉམས་དང་རྨི་ལམ་དུའང་མཁའ་འགྲོ་འདུ་བའི་རྟགས་དང་ཆོ་འཕྲུལ་ཅི་རིགས་པ་འབྱུང་ཞིང༔ ཁྱད་པར་ཉམས་ལེན་ལ་བློ་བཀོལ་དུ་གཏུབ་པ་བྱུང་ན་དགོངས་པའི་གདིང་བསྐྱེད་དེ་དངོས་གྲུབ་བླང་བ་སོགས་བྱའོ༔ དེ་ནས་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་ཐུགས་ཀྱི་དགོངས་པ་གསལ་འདེབས་པ་ནི༔ ཛཔ྄་དབྱངས་དང་བཅས་ཏེ་འདི་ལྟར་གསལ་གདབ་བོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ༔ རང་རིག་དྲི་མེད་སྟོང་པ་ཡིན༔ སྟོང་ཉིད་དགོངས་པ་མངོན་གྱུར་ན༔ རྡོ་རྗེ་ཕག་མོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ མེ་ལོང་ལྟ་བུའི་ཡེ་ཤེས་དེ༔ རང་རིག་གསལ་བའི་མདངས་འོད་ཡིན༔ འོད་གསལ་དགོངས་པ་མངོན་གྱུར་ན༔ རྡོ་རྗེ་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དེ༔ རང་རིག་དུས་གསུམ་འགྱུར་མེད་ཡིན༔ ཁྱབ་གདལ་དགོངས་པ་མངོན་གྱུར་ན༔ རིན་ཆེན་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ སོ་སོར་རྟོག་པའི་ཡེ་ཤེས་དེ༔ རང་རྩལ་སྣ་ཚོགས་སྣང་བ་ཡིན༔ མ་འདྲེས་དགོངས་པ་མངོན་གྱུར་ན༔ པདྨ་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ བྱ་བ་གྲུབ་པའི་ཡེ་ཤེས་དེ༔ རང་རིག་ལྷུན་གྱིས་གྲུབ་པ་ཡིན༔ མཐའ་བྲལ་དགོངས་པ་མངོན་གྱུར་ན༔ ལས་ཀྱི་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ངོ་བོ་སྟོང་པ་ཕག་མོ་ཡུམ༔ རང་བཞིན་གསལ་བ་མཁའ་འགྲོ་བཞི༔ ཐུགས་རྗེའི་རིག་རྩལ་སྤྲུལ་པའི་སྐུ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་དང༔ གནས་ཡུལ་དཔའ་བོ་དཔའ་མོའི་ཚོགས༔ མ་འགགས་རང་ཤར་ཅིར་ཡང་སྣང༔ སྐྱེ་བ་མེད་ལ་འགག་པ་མེད༔ གནས་མེད་དམིགས་མེད་འགྲོ་འོང་མེད༔ རྣམ་ཐར་གསུམ་གྱི་བདག་ཉིད་ཅན༔ མཁའ་འགྲོ་རྒྱ་མཚོའི་འཁོར་ལོར་རྫོགས༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་དགོངས་པ་ཆོས་ཉིད་བློ་འདས་ཀྱི་དབྱིངས་སུ་མཉམ་པར་བཞག་ཅིང་ཧཱུྃ་གི་སྣང་གླུས་རྟོགས་པའི་ཉམས་སྤར་བས་མཆོག་གི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པ་ལ་ཚོགས་དང་གཏོར་མས་མཉེས་པར་བྱ་བ་དམ་ཚིག་ཡིན་པས༔ ཐུན་མཚམས་སུ་གཏོར་མ་འབུལ་བ་ནི་ཐོད་སྣོད་ལ་སོགས་པར་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་ཕུན་སུམ་ཚོགས་པར་བཤམ༔ བསང་ཆུ་དང་བདུད་རྩིས་བྲན་ལ༔ རཾ་ཡཾ་ཁཾ༔ གཏོར་མའི་ཉེས་སྐྱོན་མ་དག་ཐམས་ཅད་ཀུན༔ ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ བནྡྷའི་སྣོད་དུ་དམ་ཚིག་རྫས་ཀྱི་བཅུད༔ ཡེ་ཤེས་སྤྲིན་ཕུང་མཁའ་ཁྱབ་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ དབྱིངས་ནས་སྐུ་སྐྱོད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་རབ་འབྱམས་ཚོགས༔ དུར་ཁྲོད་མ་མོ་སྤྱང་ཞོན་མཆེད་སྡེ་འབུམ༔ ཐུགས་དམ་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧྲཱི༔ གཏོར་སྣོད་བནྡྷ་ཆོས་ཀྱི་དབྱིངས་དང་མཉམ༔ གཏོར་མའི་ངོ་བོ་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་རང་བཞིན་ལྷུན་པོར་སྤུངས༔ ཀུན་ཏུ་དགྱེས་ཚིམ་འོད་ཟེར་རྣམ་པར་འཕྲོ༔ བཟའ་བཅའ་བཏུང་བ་མཆོག་གི་དམ་ཚིག་རྫས༔ གསེར་གྱི་རི་དང་རོལ་མཚོ་ལྟ་བུར་བསྐྱིལ༔ ཐུགས་དམ་གཉན་སྐོང་འདོད་ཡོན་བསམ་མི་ཁྱབ༔ གླིང་བཞི་མུ་ཁྱུད་ཁོར་ཡུག་བརྡལ་བ་འདི༔ བླ་མ་ཡི་དམ་ཚོགས་ལ་མཆོད་པར་འབུལ༔ གནས་གསུམ་མཁའ་འགྲོ་རབ་འབྱམས་དགྱེས་པར་བཞེས༔ ཆོས་སྲུང་དམ་ཅན་མཉེས་པའི་ཕུལ་གྱུར་ནས༔ བྱིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༔ མཆོག་དང་ཐུན་མོང་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་བཛྲ་རཏྣ་པདྨ་ཀརྨ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ་པི་པ་ཧོ་མ་ཏི་ཀྲ་མ་ཏི༔ མ་མ་སརྦ་ཀརྨ་ཀུ་རུ་ཧོ༔ མ་བྷྱོ་ཛཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ༔ མ་ཧཱ་ཨ་མྲྀཏ་རཀྟ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོའི་ཚོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་བྱུང་བར༔ མངོན་པར་བསྟོད་ཅིང་དམ་ཚིག་ཉམས་ཆག་བཤགས༔ ཐུགས་དམ་དགྱེས་སྐོང་དངོས་གྲུབ་མ་ལུས་སྩོལ༔ ཅེས་རྨད་དུ་བྱུང་བ་གཏོར་མའི་མཆོད་སྤྲིན་གྱིས་མཉེས་ཤིང་ཕྲིན་ལས་ཐམས་ཅད་མཛད་པར་བསམ་མོ༔ གཞན་ཡང་ཚོགས་དང་མཆོད་སྐོང་ཇི་ལྟར་རིགས་པ་རྒྱུན་གྱི་དུས་དང༔ ཁྱད་པར་མཁའ་འགྲོ་འདུ་བའི་དུས་གཉན་རྣམས་སུ་མ་ཆག་པར་བརྩོན་པས་བར་ཆད་ཐམས་ཅད་ཞི་ཞིང༔ འདོད་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ རྟགས་མཐོང་བ་སོགས་ཀྱི་ཚེ་དངོས་གྲུབ་བླང་བ་ནི༔ དཀྱིལ་འཁོར་གྱི་ཤར་སྒོར་བནྡྷ་བཟང་པོ་ཆང་གིས་བཀང་ལ་ཨ་མྲྀཏ་བཏབ་པ་བཤམ༔ མཁའ་འགྲོ་མའི་དཀྱིལ་འཁོར་པ་རྣམས་ནམ་མཁའ་གང་བའི་ཧེ་རུ་ཀ་དང་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་ཟེར་དང་བཅས་པ་ཆར་དྲག་ཏུ་བབས་པ་བཞིན་བྱུང༔ ཐོད་པའི་བདུད་རྩི་ལ་སིབ་སིབ་ཐིམ་པས་དངོས་གྲུབ་ཀྱི་རྒྱ་མཚོ་ཆེན་པོར་འཁྱིལ་བར་བསམ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་བྷ་ར་ཧི་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་མང་དུ་བཟླ༔ དེ་ནས་ཐོད་པ་གནས་གསུམ་དུ་གཏུགས་ཤིང་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ནམ་མཁར་སྒྱུར༔ སྣང་སྟོང་སྐུ་ཡི་བྱིན་རླབས་ཀྱིས༔ ལུས་ལ་གཟི་བརྗིད་བསྐྱེད་དུ་གསོལ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས༔ གསུང་གི་ཛཔ྄་སྒྲས་བར་སྣང་གང༔ གྲགས་སྟོང་གསུང་གི་བྱིན་རླབས་ཀྱིས༔ ངག་ལ་ནུས་པ་བསྩལ་དུ་གསོལ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས༔ ཐུགས་ཀྱི་ཡེ་ཤེས་ཉི་ལྟར་ཤར༔ དྲན་རྟོག་ཐུགས་ཀྱི་བྱིན་རླབས་ཀྱིས༔ ཡིད་ལ་བདེ་ཆེན་སྤར་དུ་གསོལ༔ མཁའ་ཁྱབ་འདུས་པའི་ཧེ་རུ་ཀ༔ རྡོ་རྗེ་བཙུན་མོར་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ དངོས་གྲུབ་ཆར་ལྟར་དབབ་ཏུ་གསོལ༔ ཕྲིན་ལས་བཞི་ཡི་དངོས་གྲུབ་སྩོལ༔ གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ སྔགས་ཀྱི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ལོ་ཀ་སརྦ་སིདྡྷི་མ་ཧཱ་པཉྩ་ཨ་མྲྀཏ་བོ་དྷི་ཙིཏྟ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩི་རོལ་པས་རྩ་ཁམས་ཐམས་ཅད་ཡེ་ཤེས་ཀྱི་གཟི་བྱིན་གྱིས་ཁྱབ༔ ལས་ཀྱི་དངོས་གྲུབ་ཐོབ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་དང་སྐལ་བ་མཉམ་པར་བསམ་ལ་རིག་སྟོང་གཉུག་མ་ཁྱབ་གདལ་གྱི་ངང་དུ་མཉམ་པར་བཞག་གོ༔ དེ་ནས་གཏང་རག་གི་སླད་དུ་མཆོད་བསྟོད་རྒྱས་པར་བྱ༔ ནོངས་པ་བཟོད་པར་གསོལ༔ རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར་འོད་གསལ་མཁའ་ཁྱབ་ཀྱི་དགོངས་པར་ལ་བཟླ་ཞིང༔ ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་ལྡང་བ་ནི༔ ཧཱུྃ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང༔ དོན་གྱི་ཕག་མོའི་རང་ཞལ་བལྟ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་གཟུགས་སྒྲ་དྲན་རྟོག་ཀུན༔ རྡོ་རྗེ་ཁྲོས་མའི་སྐུ་གསུང་ཐུགས༔ ཡེ་ཤེས་སྒྱུ་མར་མཉམ་སྦྱར་བས༔ མཐའ་ཡས་འགྲོ་བའི་དོན་ལ་འཇུག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ རྣལ་འབྱོར་ཟབ་མོའི་དགེ་ཚོགས་ཡོངས་སུ་བསྔོ་ཞིང་ཧེ་རུ་ཀའི་སྨོན་ལམ་གྱིས་རྒྱས་གདབ་པ་ནི་འདུན་པ་རྩེ་གཅིག་པས༔ ཧོ༔ དགེ་བ་འདི་དང་དགེ་བའི་རྩ་བ་གཞན༔ མ་ལུས་བློ་ཡིས་ཕྱོགས་གཅིག་བསྡོམས་བྱས་ཏེ༔ མཐའ་ཡས་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར༔ ཀུན་མཁྱེན་ཡེ་ཤེས་ཆེན་པོར་བསྔོ་བར་བགྱི༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ གསང་ཆེན་སྔགས་ཀྱི་ཐེག་པའི་རིགས་གྱུར་ཏེ༔ དཔལ་ཆེན་རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་ཀྱིས༔ ཁ་སྦྱོར་བདེ་བས་རྗེས་སུ་འཛིན་པར་ཤོག༔ བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་གསོལ་བ་ནི་དབྱངས་སྙན་པོ་དང་བཅས་མེ་ཏོག་འཐོར་ཞིང༔ ཨོཾ་ བྱིན་རླབས་གཟི་བརྗིད་དཔལ་དུ་འབར༔ རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ ནུས་པ་སྔགས་ཀྱི་སྒྲ་ཆེན་སྒྲོག༔ བདེ་ཆེན་གསུང་གི་བཀྲ་ཤིས་ཤོག༔ ཡེ་ཤེས་སྣང་བ་རྨད་པོ་ཆེ༔ འོད་གསལ་ཐུགས་ཀྱི་བཀྲ་ཤིས་ཤོག༔ གསང་བ་གསུམ་གྱི་དཀྱིལ་འཁོར་དུ༔ དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ ཅེས་གྱེར་ཞིང་རོལ་མོའི་སྒྲ་སྙན་ཅིང་བརྗིད་ཆགས་པར་བྱའོ༔ ས་མ་ཡཿ མཁའ་འགྲོ་འདུས་པའི་ཕྲིན་ལས་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་གིས་བཀའི་སྡུད་པ་མོ་རིགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ལ་རྗེས་སུ་གདམས་ཤིང་མ་འོངས་ཕྱི་མ་ཕྱི་མའི་དོན་དུ་རིན་པོ་ཆེ་སའི་གཏེར་དུ་སྦས་པ་སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོའི་ཟབ་གཏེར་སླད་ནས་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་རིག་འཛིན་ཡོངས་ཀྱི་རྒྱལ་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་སྨན་གདོང་བསེ་སྒྲོམ་མའི་དུག་དབང་བཀླག་ཆོག་ཏུ་བཀོད་པ་ཧ་ལའི་ཞུན་འདྲིལ་ (Volume 18, Text 44)
༄༅། །འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་སྨན་གདོང་བསེ་སྒྲོམ་མའི་དུག་དབང་བཀླག་ཆོག་ཏུ་བཀོད་པ་ཧ་ལའི་ཞུན་འདྲིལ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མཱ་རི་བྷྱཿ དུས་ཀྱི་མུན་པའི་མདངས་འཛིན་ཡེ་ཤེས་དང་། །གཡོ་མེད་ལས་ཀྱི་གཤིན་རྗེའི་སྐུར་བཞེངས་པ། །རིགས་གསུམ་གཅིག་བསྡུས་བྱད་དགྲའི་གཤེད་པོ་ཆེ། །བཏུད་ནས་སྨན་ཆེན་བདུད་རྩིའི་ཐིགས་པ་དབྱེ། །སྲོག་དབང་འདི་ཉིད་སྐུར་བའི་སློབ་དཔོན་གཞུང་ལས་བསྙེན་ཚད་ས་ཡ་བདུན་དང་ལྔ་སོགས་སོང་ཞིང་རྟགས་མཐོང་ཅན་དགོས་པར་གསུངས་ཀྱང་མི་ཚེ་གཅིག་ལ་འཁྱོལ་ཙམ་ཡིན་འདུག་པས། བརྒྱུད་པ་རྣམས་ཀྱིས་འབུམ་ཐེར་ཉི་ཤུ་འགྲུབ་པའམ་རྟགས་མཐོང་གང་རུང་གིས་དབང་བསྐུར་བའི་ཕྱག་སྲོལ་ཡིན་སྣང་ཡང་དེང་སང་དེ་ཙམ་ཡང་སྒྲུབ་མཁན་དཀོན་པས། བཀའ་བརྒྱད་སྤྱི་དང་བྱེ་བྲག་འཇམ་དཔལ་གཤིན་རྗེའི་གཤེད་གང་རུང་གི་བསྙེན་པ་སོང་བ་ཙམ་དང་། སློབ་མའང་དམ་ཚིག་ཐུབ་ཅིང་བསྙེན་སྒྲུབ་ལ་བརྩོན་ངེས་པ་མ་མཐའ་འང་བདུན་གསུམ་ཉམས་ལེན་བྱེད་མཁན་ཞིག་ལ་སྦྱིན་པར་བྱ་བ་ཡིན་ཞིང་། དེ་ལ་གསུམ། སྦྱོར་བ་གཤོམ། དབང་དོན་སྒྲུབ་མཆོད། དུག་དབང་དངོས་རྗེས་རིམ་བཅས་པའོ། །དང་པོ་ནི། གནས་འཇིགས་རུང་དྲག་པོའི་མཚན་ཉིད་དང་ལྡན་པར་དགུ་གསུམ་གཤིན་རྗེ་རྒྱུ་བའི་དུས་གཉན་ལྟ་བུར་སྟེགས་བུ་དུག་ཁྲག་གིས་བྱུགས་པ་ལ་མཁར་ནག་པོ་གྲུ་བཞིའི་ནང་ཆོས་འབྱུང་དམར་ནག་བསྣོལ་མ་ལ་གཙོ་འཁོར་ལྷ་མདོག་དང་མཚུངས་པའི་ཐིག་ལེ་བདུན་བཀོད། མི་འགྲུབ་ན་མཎྜལ་དུག་ཁྲག་གིས་གཤེར་བ་ལ་འབྲུ་ནག་གི་ཚོམ་བུ་དབུས་སུ་གཅིག །མཐའ་སྐོར་དུ་དྲུག་བཀོད་པའི་སྟེང་ཁྲིའུ་ལ་བནྡྷའམ་ལྕགས་སྣོད་དུ་ཆོས་འབྱུང་བསྣོལ་མའི་སྟེང་གཏོར་མ་ཟུར་གསུམ་དམར་ནག་ཁྲམ་རིས་ཅན་ལ་འཁོར་དྲུག་གིས་བསྐོར་བ། རྩང་བདུན་དང་མེ་རི་ཤ་ཁྲག་དར་ནག་གདུགས་ཀྱིས་བརྒྱན་པའི་རྒྱབ་ངོས་སྐུ་ཙག་དང་སྲོག་འཁོར་ལྟེ་བར་སྨན་ཆེན་དུམ་བུ་ཡུངས་དཀར་ཙམ་སློབ་མའི་གྲངས་མཉམ་བཅུག་ཅིང་དར་ནག་གིས་དྲིལ་བ་བཙུགས་ལ་བཀོད། ཤར་དུ་རཀྴའམ་ཐོད་ཕྲེང་། ལྷོར་ལྕགས་རྡོར། ནུབ་ཏུ་སྐྱེར་པའི་ཕུར་ཆུང་སློབ་མའི་གྲངས་མཉམ། བྱང་དུ་ཐོད་སྣོད་དུ་དུག་ཁྲག་སྦྱར་བ། མདུན་དུ་སྲུང་སྐུད་ནག་པོ་སློབ་མའི་གྲངས་མཉམ་དང་སྒྲུབ་ཐབས་གླེགས་བམ་རྣམས་ཀྱང་བཞག །སྨན་རཀ་གཏོར་གསུམ། དྲག་མཆོད་སྤྱི་ལྟར་བཤམ། ཉེ་ལོགས་སུ་བྲུབ་ཁུང་དུ་ཉ་བོ་བཅུག་པ། རལ་གྲི །མནན་ཆས། མེ་ཧོམ། ཟོར་གཏོར་རྣམས་དང་། གཞན་ཡང་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། འབྲི་ལུགས་ལས་བྱང་གདུག་པ་ཀུན་སྒྲོལ་ལམ། བསྡུ་ན་ཆགས་མེད་ལུགས་ཀྱི་གནམ་ལྕགས་གོ་མཚོན་གཏང་། བདག་མདུན་ཐ་དད་ཚིག་གཅིག་གིས་བསྐྱེད་བཟླས་དམིགས་སུ་བསལ་བས་གཞུང་གསལ་ལྟར་བཟླས་པ་ཅི་ནུས་མཐར་ཐུན་གཏོར་བསྟོད་འབུལ་བཅས། ལས་བུམ་འཁྱིལ་པའི་བསྐྱེད་བཟླས། སྲུང་མའི་གཏོར་ཆོག །ཚོགས་བྱེད་ན་བསྒྲལ་བསྟབ་ཡན་བཏང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་དབང་དངོས་ལ། སློབ་མ་གསུམ་ལས་མི་མང་བ་ལ་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ །སྲུང་འཁོར་དང་སེམས་བསྐྱེད་གསལ་བཏབ་ལ། འདིར་སྐབས་སུ་བབས་པ། འཇམ་དཔལ་སྨན་གདོང་དུག་གི་བྱིན་རླབས་བདུད་རྩིའི་ཐིགས་པ་བསེའི་སྒྲོམ་བུའི་ཁོང་ནས་ཕྱུང་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་བསྒྲུབ་པ་ཡིན་ཏེ། དེའང་དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ་གཅིག་འཇམ་དཔལ་རྡོ་རྗེ་རྣོན་པོ་ཉིད་སངས་རྒྱས་བྱང་སེམས་ཡི་དམ་ཞི་བ་དང་ཁྲོ་བོ་ཡེ་ཤེས་ལས་དང་འཇིག་རྟེན་པའི་ཚུལ་གྱིས། ནམ་མཁའི་མཐའ་དང་མཉམ་པའི་ལུས་ཅན་མ་བསྒྲལ་བ་མཐའ་དག་ཐབས་ལ་མཁས་པས་ཡང་དག་པའི་དབྱིངས་སུ་སྒྲོལ་བའི་སྒྱུ་འཕྲུལ་གྱི་རོལ་མོ་ཆོས་དབྱིངས་རྒྱས་པར་འགེངས་པ་ལས། ཤིན་ཏུ་གདུལ་བར་དཀའ་བའི་འབྱུང་པོ་མ་རུངས་པ་སྤྱི་དང་ཁྱད་པར་ཕྱི་ནང་གཉིས་ཀའི་བྱད་ཕུར་རྦོད་གཏོང་རང་གཤེད་འབེབ་པའི་གཉེན་པོར། རིགས་གསུམ་མགོན་པོའི་མཐུ་སྟོབས་ནུས་རྩལ་གཅིག་ཏུ་བསྡུས་ཏེ་ལས་ཀྱི་གཤིན་རྗེར་ཁྲོས་པའི་ཚུལ་བསྟན་པ་ཁྲོ་ཆུ་དུག་གདོང་ནག་པོ་ལ། རྒྱུད་ཟླ་གསང་ནག་པོ་དང་འཇམ་དཔལ་ཁྲོས་རྒྱུད་ལ་སོགས་པ་དང་། མན་ངག་སློབ་དཔོན་བ་སུ་དྷ་རའི་རྒྱ་གཞུང་ལ་གཙོར་བརྟེན་ཏེ་ས་གསུམ་པ་འོད་བྱེད་ལ་བཞུགས་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་ཟབ་ཅིང་རྒྱ་ཆེ་བ་མཛད་ནས་གཤེད་སྐོར་རྣམས་གཙང་ཕུང་པོ་རི་་་་བོ་ཆེ། ཉུག་གི་རྡོ་རྗེ་སྒྲོམ་བུ། གཡུ་ཕུའི་རྫ་ལྷུད་མོ་སོགས་གཏེར་གནས་བདུན་དུ་རྒྱས་བཏབ་པ། གདུལ་བྱའི་དུས་ལ་བབས་པའི་ཚེ་གནུབས་ཆེན་ཉིད་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་དུམ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས་བལ་ཡུལ་འབུམ་ཐང་ཀེ་རུ་ནས་རྩ་བ་དང་། བྱང་པྲ་དུན་རྩེ་ནས་གདམས་ཕྲན་འགའ་ཞིག་སྤྱན་དྲངས་ཏེ་རིམ་པར་བརྒྱུད། གཙོ་ཆེར་འབྲི་བྱང་གི་རིག་འཛིན་ཆེན་པོ་རྣམས་ཀྱིས་ཕྱག་བཞེས་སུ་བཏབ་ཅིང་བྱིན་རླབས་ཀྱི་ཚན་ཁ་དང་ནུས་པའི་རྣོ་སོ་མ་ཉམས་པ་འདི་ཉིད་ཀྱི་སྨིན་བྱེད་བཀའ་རྒྱ་མ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །དེ་ནས་བླ་མས། འོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་སུ་ལ་རབ་ཏུ་དགའ། ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ བདག་ནི་དགའ་བས་འདིར་མཆིས་སོ༔ ཡང་བླ་མས། སྐལ་ལྡན་རིགས་ཀྱི་བུ་རྣམས་ཀྱི༔ སློབ་དཔོན་ལྷ་ལ་རབ་མོས་པས༔ ཁྱོད་ནི་སྐལ་བར་ལྡན་ནམ་ཅི༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། སློབ་དཔོན་ཆེན་པོ་བདག་ལ་དགོངས༔ བདག་ནི་བླ་མ་ལྷ་ལ་རབ་ཏུ་དགའ༔ ལས་ཀྱི་གཤིན་རྗེ་ནག་པོ་ཡི༔ བྱིན་རླབས་དབང་རྣམས་བསྩལ་དུ་གསོལ༔ ལན་གསུམ། ཡང་བླ་མས། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ སྨིན་གྲོལ་དབང་རྣམས་བསྐུར་བ་ལ༔ ཁྱོད་ནི་སྣོད་དང་མི་ལྡན་ན༔ དབང་རྣམས་བསྐུར་བར་མི་རིགས་སོ༔ སློབ་མས། སྣོད་དང་ལྡན་པར་ཁས་ལེན་ཅིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་ཆེན་པོ་བདག་ལ་དགོངས༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ལས་ཀྱི་གཤིན་རྗེ་ནག་པོ་ཡི༔ སྲོག་དབང་བདག་ལ་བསྩལ་དུ་གསོལ༔ ཅེས་ལན་གསུམ། བླ་མས། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་སྣོད་དང་མི་ལྡན་པའི༔ མུ་སྟེགས་དང་ནི་རིགས་ངན་ཅན༔ ལོག་ལྟ་དང་ནི་དམ་ཉམས་ཅན༔ ཉམས་པ་ཅན་དང་བརླག་སེམས་ཅན༔ ནད་པ་དང་ནི་གཡོ་སྒྱུ་ཅན༔ ངན་སེམས་ཅན་རྣམས་མ་ཡིན་ནམ༔ ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ མུ་སྟེགས་དང་ནི་རིགས་ངན་ཅན༔ ལོག་ལྟ་དང་ནི་དམ་ཉམས་ཅན༔ ཉམས་པ་ཅན་དང་བརླག་སེམས་ཅན༔ ནད་པ་དང་ནི་གཡོན་ཅན་མིན༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སློབ་དཔོན་སྐུ་དགྲ་འདུལ་བ་དང༔ དཀོན་མཆོག་དབུ་འཕང་བསྟོད་པའི་ཕྱིར༔ བདག་ལ་གནང་བར་མཛད་དུ་གསོལ༔ ལན་གསུམ། དེ་རྣམས་ཀྱིས་ཁྱེད་རང་རྣམས་ཀྱི་མོས་པ་དང་སྐལ་བ་དང་སྣོད་དང་སྣོད་ཀྱི་ཁྱད་པར་ལེགས་པར་བརྟགས་གྲུབ་ནས་དབང་གིས་རྗེས་སུ་འཛིན་རུང་བར་རིག་ནས་གནང་བ་སྦྱིན་པ་ཡིན་ཏེ། ཁྱོད་ནི་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ༔ ལས་ཀྱི་གཤིན་རྗེ་ནག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ ཁྱོད་ལ་རྫོགས་པར་བསྐུར་བར་བྱ༔ དེ་ལ་སྔོན་དུ་སྣོད་དང་མི་ལྡན་ཞིང་སློབ་བུ་ལས་སུ་མི་རུང་བ་རྣམས་སྣོད་དང་ལྡན་པར་བྱ་བའི་ཕྱིར་ཐོག་མར་སྐྱབས་སུ་འགྲོ་དགོས་པས་འདུན་པ་འདི་ལྟར་མཛོད། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཆོས་སྐྱོང་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རྣམས་དང་ཡི་དམ་ལྷ༔ ལས་ཀྱི་གཤིན་རྗེ་ནག་པོ་དང༔ མཁའ་འགྲོ་ཆོས་སྐྱོང་བཅས་པ་ལ༔ བདག་ནི་དད་པས་སྐྱབས་སུ་མཆི༔ ལན་གསུམ། དེས་སྣོད་དང་མི་ལྡན་པ་རྣམས་ལྡན་པར་བྱས་པ་ཡིན། འོན་ཀྱང་རང་དོན་འདོད་སྲེད་ཀྱི་སྒོ་ནས་མ་ཡིན་པར་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་བྱ་བ་དང་། སློབ་དཔོན་གཉན་གྱི་སྐུ་དགྲ་བསྒྲལ་བ་དང་། ལོག་ལྟ་རུ་དྲ་ཐམས་ཅད་ཚར་གཅད་པར་བྱའོ་བསམ་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བླ་མ་ལྷ་དང་ལས་ཀྱི་གཤིན་རྗེར་བཅས༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བསྟན་ལ་གནོད་པ་བསྒྲལ་བ་དང༔ གདུག་པ་ཅན་རྣམས་ཚར་གཅོད་ཕྱིར༔ དེ་བཞིན་བདག་གིས་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་མ་ཡེངས་པར་དམིགས་པ་འདི་ལྟར་སྒོམས་ཤིག །ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་འཇིག་རྟེན་ཁམས༔ ཚ་གྲང་མཚོན་ཆ་འཁྲུགས་པའི་གནས༔ དེ་དབུས་དུག་རྫས་རྡོ་རྗེའི་མཁར༔ སྨུག་ནག་གྲུ་བཞི་མེ་ཕུང་འབར༔ དུག་རླངས་སྔོ་དམར་རབ་ཏུ་ཕྱུར༔ དེ་ནང་ཆོས་འབྱུང་བསྣོལ་མ་དང༔ བྱད་མ་ཉི་ཟླ་པདྨའི་སྟེང༔ ཁྱེད་རང་སྐད་ཅིག་རྫུས་སྐྱེས་སུ༔ ལས་ཀྱི་གཤིན་རྗེ་ནག་པོ་ནི༔ སྐུ་མདོག་དམར་ནག་མེ་ལྟར་འབར༔ ཞལ་གསུམ་ཕྱག་ནི་དྲུག་པ་སྟེ༔ གཡས་ལྗང་གཡོན་དམར་དབུས་མཐིང་ནག༔ དབུ་གསུམ་སྟེང་ན་མཆོད་རྟེན་གསུམ༔ དུག་དང་ཁྲོ་ཆུ་ལྕགས་ལས་བྱས༔ སྲིད་པའི་རྩེ་ལ་སླེབ་པར་གསལ༔ ཞལ་གསུམ་འཇིགས་པའི་ཁ་གདངས་ཤིང༔ དགྲ་བགེགས་བྱད་མ་གསོལ་བར་བྱེད༔ ཕྱག་དྲུག་གཡས་གསུམ་དགྲ་སཏྭ་བསྣམས༔ གཡོན་གསུམ་དགྲ་བོ་བྱད་མ་ཡི༔ ཙིཏྟ་སྲོག་རྩ་བཅས་པ་བསྣམས༔ བྱད་མ་ལྷ་སྲུང་བཅས་པ་རྣམས༔ གསོད་པའི་སྤུ་གྲི་རལ་གྲི་ཡི༔ གཤོག་པས་གནོད་བྱེད་ཐམས་ཅད་གཏུབས༔ སྐུ་སྨད་ཁྲོ་ཆུའི་ཕུར་པ་ལ༔ ཆུ་སྲིན་རྔམས་པའི་ཞལ་གདངས་ཤིང༔ སྦྲུལ་ནག་གདུག་པའི་ཆུན་པོས་བརྒྱན༔ དུག་དང་ཁྲག་གི་ངར་དང་བཅས༔ དགྲ་བགེགས་ལྷ་སྲུང་འཛེར་བར་བྱེད༔ བ་སྤུའི་བུ་ག་ཐམས་ཅད་དུ༔ རང་དང་འདྲ་བའི་ཁྲོ་བོས་གཏམས༔ མཚོན་ཆ་སྐར་ལྟར་འཁྲུགས་པའི་ཚོགས༔ ཅི་བཅོལ་ལས་རྣམས་བྱེད་པ་འོ༔ རྒྱན་ནི་འཇིགས་པའི་ཆ་ལུགས་རྫོགས༔ དུག་གི་མེ་དཔུང་ནང་ན་བཞེངས༔ དེ་ལྟར་ཁྱེད་རང་རྣམས་འཇམ་དཔལ་ལས་ཀྱི་གཤིན་རྗེའི་སྐུར་གསལ་བའི་སྤྱི་བོ་ཚངས་པའི་བུ་ག་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ་སྟོང་སང་ངེ་ཞིག་སྒོམས་མཛོད་ཅིག །ངེད་འཇམ་དཔལ་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀར་ཡ་མཐིང་ནག་ལས་འོད་ཟེར་འཕྲོས་པས། འཇམ་དཔལ་ཚེ་བདག་ལ་སོགས་པ་དང་། ཁྱད་པར་དུ་ཡང་ལྷོ་ཕྱོགས་གཤིན་རྗེའི་ཞིང་ཁམས་ན་བཞུགས་པའི་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་ཐུགས་ཀར་ཕོག །གཤིན་རྗེ་ཐམས་ཅད་ཀྱི་རྒྱུད་བསྐུལ། དེ་རྣམས་ཀྱི་མཐུ་ནུས་དངོས་གྲུབ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ནུས་མཐུ་ཐམས་ཅད་ཡི་གེ་ཡ་མཐིང་ནག་དང་། གནམ་ལྕགས་རྡོ་རྗེ་ནས་འབྲས་ཙམ་དཔག་ཏུ་མེད་པ་ཆར་ལྟར་དུ་བབས་ནས། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ་ལུས་ཐམས་ཅད་ལྟེམ་གྱིས་གང་ནད་གདོན་བར་ཆད་ཐམས་ཅད་ཚར་བཅད་པའི་མོས་པ་མཛོད། ཅེས་རོལ་མོ་སྒྲོག །ཚིལ་གསུར་དང་གུ་གུལ་གྱི་དུད་པ་བཏང་ལ་རྐང་གླིང་བཤུགས་གླུ་བཅས་སྤྲོས་པ་ལ་དགའ་ན་ལས་བྱང་གི་སྤྱན་འདྲེན་བཏང་། བསྡུ་ན་མི་དགོས། གང་ལྟར་རྩ་སྔགས་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད་ཅིག །ཏིཥྛ་བཛྲ༔ ཞེས་རྒྱ་གྲམ་མགོར་བཞག གཏོར་མའི་རྒྱབ་ངོས་བཙུགས་པའི་སྐུ་ཙཀ་བླངས་ལ། དེ་དག་གིས་སྔོན་དུ་འགྲོ་བའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞིའི་ཐོག་མར་སྐུ་གཟུགས་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བགྱི་བ་ཡིན་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ངེད་དང་སྐུ་འདི་གཉིས་སུ་མེད་པའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྱད་པར་དུ་ཡང་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས། དེ་རྣམས་ཀྱི་འགྱུར་བ་མེད་པའི་སྐུའི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་དཀར་པོ་དང་བདུད་རྩི་དཀར་པོའི་རྒྱུན་བབས། ཁྱེད་རང་གི་ཚངས་བུག་ནས་མར་ཞུགས་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་སྐུའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ༔ ལས་ཀྱི་གཤིན་རྗེ་ནག་པོ་ཡི༔ སྐུ་ཡི་བྱིན་རླབས་མ་ལུས་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ དུ་ཏྲི་ཡ་མ་རཱ་ཙའི་མཐར། ཀཱ་ཡ་སིདྡྷི་ཨོཾ༔ ཡང་ངེད་དང་སྐུ་འདི་གཉིས་སུ་མེད་པའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྱད་པར་དུ་ཡང་གསུང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་འགག་པ་མེད་པ་གསུང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་དམར་པོ་དང་བདུད་རྩི་དམར་པོའི་རྒྱུན་བབས། ཁྱེད་རང་གི་མགྲིན་པར་ཞུགས་པས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །སྐུ་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ༔ ལས་ཀྱི་གཤིན་རྗེ་ནག་པོ་ཡི༔ གསུང་གི་བྱིན་རླབས་མ་ལུས་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགག་མེད་གསུང་གི་དབང་མཆོག་ཐོབ་པར་ཤོག༔ དུ་ཏྲི་ཡ་མ་རཱ་ཙ་དང་། ཝཱ་ཀ་སིདྡྷི་ཨཱ༔ ཡང་ངེད་དང་སྐུ་འདི་གཉིས་སུ་མེད་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྱད་པར་དུའང་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་འཁྲུལ་པ་མེད་པ་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཟེར་སྔོན་པོ་དང་བདུད་རྩི་སྔོན་པོའི་རྒྱུན་བབས། ཁྱེད་རང་གི་སྙིང་ཁར་ཞུགས་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ བདེ་གཤེགས་ཀུན་གྱི་སྤྲུལ་པ་སྟེ༔ ལས་ཀྱི་གཤིན་རྗེ་ནག་པོ་ཡི༔ ཐུགས་ཀྱི་བྱིན་རླབས་མ་ལུས་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ དུ་ཏྲི་ཡ་མ་རཱ་ཙ་དང་། ཙིཏྟ་སིདྡྷི་ཧཱུྃ༔ དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པ་ལ། ཐོག་མར་སྐུ་བརྙན་ལག་ཏུ་བྱིན་པས་སྐུ་ལྷ་བསྒོམ་པའི་རྗེས་གནང་ཐོབ་པར་མོས་ཤིག །སྐུ་ལག་ཏུ་གཏད་ནས། ལས་ཀྱི་གཤིན་རྗེ་ནག་པོ་འདི༔ སངས་རྒྱས་ཀུན་གྱི་ལུང་གིས་བསྟན༔ བདེ་གཤེགས་ཀུན་གྱིས་དབང་ཡང་བསྐུར༔ ཀུན་གྱི་མཐུ་རྩལ་ལས་གྲུབ་པ༔ ལས་ཀྱི་གཤིན་རྗེའི་སྐུ་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་གཏད་པ་ཡིས༔ སྣང་གྲགས་ཐམས་ཅད་ཆོས་སྐུར་བསྒོམ་པར་གྱིས༔ དེ་རིང་ཕྱིན་ཆད་ནས་གཟུགས་སྣང་ལྷར་བལྟ་བ་དང་བསྐྱེད་རིམ་བསྒོམ་པ་ལ་དབང་བ་ཡིན་པས་ཡི་དམ་གྱི་ལྷ་བསྒོམ་པ་དང་མི་འབྲལ་བར་གྱིས་ཤིག །སྐུ་ཙཀ་སླར་ཡང་གཏོར་མར་བཙུགས། གསུང་བཟླས་པའི་ལུང་ལ་དམིགས་པ་འདི་ལྟར་དུ་མཛོད། ངེད་ལས་ཀྱི་གཤིན་རྗེར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡ་ཡིག་མཐིང་ག་འོད་ཁ་དོག་ལྔ་དང་ལྡན་པའི་ཐ་མར་སྔགས་ཀྱི་ཕྲེང་བ་གཡས་ཕྱོགས་སུ་བསྐོར་ནས་ཡོད་པ་ལས་འོད་ཟེར་སྔོན་པོ་འཕྲོས་པས༔ ཁྱེད་རང་ཡང་ལས་ཀྱི་གཤིན་རྗེར་གསལ་བའི་ཞལ་དུ་ཞུགས༔ ཐུགས་ཀར་ཉི་སྟེང་ཡ་ཡིག་ནག་པོ་སྔགས་ཕྲེང་གིས་བསྐོར་བ་ལ་སིབ་སིབ་ཐིམ་པར་སྒོམས་ལ་རྩ་སྔགས་འདི་ཉིད་ལན་ཉེར་གཅིག་གི་བར་དུ་རྗེས་ཟློས་མཛོད་ཅིག༔ ཕྲེང་བ་སྦྲེལ་ལ། དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྴ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱ་ཙ༔ ས་མ་ཡ་ཛཿཛ༔ ཞེས་ཉེར་གཅིག་རྫོགས་ནས། དེང་ཕྱིན་ཆད་སྒྲ་གྲགས་ཐམས་ཅད་གསུང་དུ་བལྟ་བ་དང་སྔགས་བཟླ་བ་ལ་དབང་བ་ཡིན་པས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་པར་གྱིས་ཤིག །རྡོ་རྗེ་བྱིན་པས་ཐུགས་ཏིང་ངེ་འཛིན་བསྒོམ་པའི་རྗེས་གནང་ཐོབ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ རྡོ་རྗེ་འདི་ནི་རྡོ་རྗེ་ཆེ༔ སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ༔ བདེར་གཤེགས་ཀུན་གྱི་ཐུགས་ཀྱི་མཆོག༔ སྐལ་ལྡན་རིགས་ཀྱི་བུ་ལ་འདི་གཏད་པས༔ ཐུགས་མཆོག་གཡོ་མེད་རང་བཞིན་མཐར་ཕྱིན་ཤོག༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ ཞེས་བརྗོད་བྲལ་ངང་ལ་དར་གཅིག་བཞག་གོ །དེང་ཕྱིན་ཆད་དྲན་རྟོག་ཐམས་ཅད་ཐུགས་སུ་བལྟ་བ་དང་གནས་ལུགས་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་པས་མཉམ་པར་བཞག་པ་ལས་མ་གཡོས་པར་གྱིས་ཤིག །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པས་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་མཛད་འཚལ། གཏོར་མའི་སྣོད་གྲུ་གསུམ་ཡངས་པའི་ནང་དུ་མཚོན་ཆ་ལས་ཀྱི་བུ་ཡུག་འཚུབས་པའི་དབུས་སུ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལས་གྲུབ་པའི་ལས་ཀྱི་གཤིན་རྗེ་སྐུ་མདོག་དམར་ནག །ཅེས་སོགས་མངོན་རྟོགས་ལྟར་གསལ་གདབ། དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཁྱད་པར་དུའང་འཇམ་དཔལ་གཤིན་རྗེ་གཤེད་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཁྱེད་རང་གི་གནས་གསུམ་དུ་ཞུགས་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་དག །སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཡོངས་རྫོགས་ཐོབ་པར་མོས་ཤིག །སྒྲུབ་གཏོར་སྤྱི་བོར་བཞག །ཧཱུྃ༔ གཏོར་སྣོད་བནྡྷ་གྲུ་གསུམ་ཡངས་པའི་དཀྱིལ་འཁོར་དུ༔ གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡི་དངོས༔ ཟག་མེད་ཡེ་ཤེས་དཔལ་གྱི་གཏོར་མ་འདི༔ ལས་ཀྱི་གཤིན་རྗེའི་སྐུ་དང་གཉིས་མེད་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐུ་མཆོག་གཡོ་མེད་སྐུ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད། ཡང་མགྲིན་པར་བཞག་ལ། ཧཱུྃ༔ གཏོར་སྣོད་བྷནྡྷ་གྲུ་གསུམ་ཡངས་པའི་དཀྱིལ་འཁོར་དུ༔ གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡི་དངོས༔ ཟག་མེད་ཡེ་ཤེས་དཔལ་གྱི་གཏོར་མ་འདི༔ ལས་ཀྱི་གཤིན་རྗེའི་སྐུ་དང་གཉིས་མེད་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསུང་མཆོག་འགག་མེད་གསུང་གི་དབང་ཐོབ་ཤོག༔ སྔགས་བརྗོད། སྙིང་གར་བཞག་ལ། ཧཱུྃ༔ གཏོར་སྣོད་བྷནྡྷ་གྲུ་གསུམ་ཡངས་པའི་དཀྱིལ་འཁོར་དུ༔ གཏོར་མ་ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ ཟག་མེད་ཡེ་ཤེས་དཔལ་གྱི་གཏོར་མ་འདི༔ ལས་ཀྱི་གཤིན་རྗེའི་སྐུ་དང་གཉིས་མེད་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐུགས་མཆོག་འཁྲུལ་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་བརྗོད། སྒྲུབ་ཐབས་གླེགས་བམ་གྱིས་དབང་བསྐུར་བས་ཡོན་ཏན་གྱི་དབང་རྫོགས་པར་མོས་ཤིག །པུསྟི་མགོར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་མ་ལུས་རྫོགས་པའི་དཔལ༔ དམ་ཆོས་པོ་ཏིས་དབང་བསྐུར་བས༔ ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག༔ དྷརྨ་གྷུ་ཎ་ཨཱཿཧཱུྃ༔ ཕུར་བུ་བྱིན་པས་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི་དབང་བསྐུར་ཡོངས་རྫོགས་ཐོབ་པར་མོས་ལ་གོང་བ་གཡས་པར་འབྲལ་མེད་དབང་རྟགས་སུ་ཆོངས་ཤིག །ཕུར་ཆུང་རེ་རེ་བཞིན་བྱིན་པ་ལ། ཧཱུྃ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མ་ལུས་ཀུན་འདུས་པ༔ དྲག་པོ་ལས་ཀྱི་ཕུར་བུ་འདི༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ དྲག་པོའི་ཕྲིན་ལས་མཐར་ཕྱིན་ཤོག༔ བཛྲ་ཀཱི་ལ་ཡ་ཕཊ༔ ཅེས་གོང་བ་གཡས་པར་གདགས། དམ་ཚིག་རྡོ་རྗེའི་མདུད་པ་དཔུང་པ་གཡོན་ལ་བཅིངས་པས་བར་ཆད་ལས་སྲུང་བ་དང་དམ་ཚིག་གཉན་པོ་མི་འབྲལ་བའི་དཔུང་དུ་དྲན་པར་གྱིས་ཤིག །སྲུང་སྐུད་ནག་པོ་དཔུང་གཡོན་བཅིངས་ལ། ཧཱུྃ༔ ང་ནི་ལས་ཀྱི་གཤིན་རྗེའི་སྐུ༔ ང་ཡི་བཀའ་ལས་མ་འདའ་ཞིག༔ ང་ཡིས་ཇི་ལྟར་བསྒོ་བ་བཞིན༔ ཁྱོད་ཀྱིས་དེ་ལྟར་བསྒྲུབ་པར་གྱིས༔ གལ་ཏེ་ང་ཡི་བཀའ་བཅག་ན༔ དུས་གསུམ་སངས་རྒྱས་བཀའ་བཅག་པས༔ ལས་ཀྱི་གཤིན་རྗེ་ནག་པོ་ཡིས༔ ལུས་ངག་ཡིད་གསུམ་བརླག་པར་འགྱུར༔ དེ་བས་དམ་ལས་མ་འདའ་ཞིག༔ སྔགས་ཚར་གཅིག །དེ་ནས་བདུད་རྩི་བླུད་དེ། འདི་ནི་ལས་ཀྱི་གཤིན་རྗེ་ཡི༔ སྐུ་གསུང་ཐུགས་ལས་བྱུང་བ་ཡིན༔ དངོས་གྲུབ་བདུད་རྩིའི་ཆུ་འདི་ནི༔ དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ༔ དམ་ཚིག་འདས་ན་དུག་ཏུ་འགྱུར༔ རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག༔ རྩ་སྔགས་གཤམ་དུ། མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ས་མ་ཡ་ཧཱུྃ༔ དེ་ལྟར་རྡོ་རྗེའི་དམ་ཆུ་བྱིན་པ་དེ་ཉིད་སྙིང་དབུས་སུ་གནས་ནས་ལེགས་ཉེས་ཀྱི་སྟངས་འཛིན་དུ་འགྱུར་བ་ཡིན་པས། དེང་ཕྱིན་ཆད་གསང་སྔགས་སྤྱི་དང་། ལས་ཀྱི་གཤིན་རྗེ་སྒོས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བྱ་དགོས། དེ་ལ་དམ་ཚིག་བསྲུངས་པའི་ཕན་ཡོན་ནི༔ ལྷ་རྣམས་ཀྱིས་རྟག་ཏུ་སྲུང་ཞིང་འདུ༔ ལྷ་འདྲེ་དབང་དུ་འདུ༔ སྡེ་བརྒྱད་དྲེགས་པ་ཟིལ་གྱིས་གནོན༔ གཤིན་རྗེ་མ་མོ་ལས་ལ་འཁོལ༔ མི་མཐུན་བར་གཅོད་ཞི༔ མཐུན་རྐྱེན་ཡིད་བཞིན་དུ་འགྲུབ༔ དམ་ཅན་སྲུང་མས་ཕྲིན་ལས་སྒྲུབ༔ བར་དོའི་འཇིགས་པ་ལས་གྲོལ༔ ཆག་ཆེ་ཉམ་ང་ཞི༔ བྱད་ཁ་ཕུར་ཁ་ཟློག༔ མཐོ་རིས་ས་ལམ་བགྲོད༔ དེ་སོགས་ཡོན་ཏན་དུ་མ་དང་ལྡན༔ དམ་ལས་འདས་ན་ཚེ་འདིར་བར་གཅོད་ཀུན་འབྱུང་ཞིང༔ ཕྱི་མ་མནར་མེད་དམྱལ་བར་འགྲོ༔ དམ་ཚིག་བསྲུང་རྒྱུ་གང་ཡིན་ན༔ དཀོན་མཆོག་རྟག་ཏུ་མཆོད༔ བླ་མ་སྤྱི་བོར་ཁུར༔ དམ་ཚིག་གཅིག་པའི་མཆེད་གྲོགས་ལ་སྙིང་ལྟར་བརྩེ༔ རྒྱུན་གཏོར་མི་བཅག༔ དུག་ཁྲག་བདུད་རྩིས་རྟག་ཏུ་མཆོད༔ ལྷ་ཡི་ང་རྒྱལ་རྟག་ཏུ་བཟུང༔ སྔགས་ནི་ཆུ་བོའི་གཞུང་ལྟར་བཟླ༔ གར་ཐོད་ཐོད་དུ་མི་བསྐུལ༔ བསྟན་པ་ལ་ཐུག་ན་མ་གཏོགས་ལས་སྦྱོར་མི་བྱ་བ་རྣམས་གལ་པོ་ཆེ་ཡིན་པས་ཐུགས་ལ་ངེས་པར་མཛོད་ཅིག །དེ་ནས་ཁྱད་པར་དུག་དབང་གི་སླད་དུ་སློབ་དཔོན་དང་ཁྱེད་རང་གཉིས་ཀ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གི་གདོང་པ་ཅན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པོ་བསྐྱེད་ནས། མངའ་གསོལ་གྱིས་གཟི་བྱིན་སྐྱེད་ཅིང་དུག་ཁྲག་འཆི་མེད་ཀྱི་སྨན་དང་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་རློབ་པར་མོས་ཤིག །གཏོར་མར་སྨན་རཀ་སྦྲེང་བཞིན་པས། ཧཱུྃ༔ ལས་ཀྱི་གཤིན་རྗེ་མི་བཟད་མཐུ་བོ་ཆེ༔ བཅོམ་ལྡན་རིགས་གསུམ་མགོན་པོས་མངའ་གསོལ་བས༔ དབུ་གསུམ་སྟེང་ན་མཆོད་རྟེན་གསུམ་གྱིས་བརྒྱན༔ བཅོམ་ལྡན་རྒྱལ་བ་རིགས་ལྔས་མངའ་གསོལ་བས༔ ཐོད་སྐམ་ལྔ་དང་རིན་ཆེན་ལྔ་ཡིས་བརྒྱན༔ གཟའ་དང་རྒྱུ་སྐར་རྣམས་ཀྱིས་མངའ༴ སྤྱན་དགུ་སྡང་མིག་དམར་ཟླུམ་ཕྱོགས་བཅུར་གཟིགས༔ འཇོམས་བྱེད་ལས་ཀྱི་གཤིན་རྗེས་མངའ༴ སྨ་ར་ཨག་ཚོམ་བསྐལ་པའི་མེ་ལྟར་འབར༔ སྲོག་བདག་ལས་ཀྱི་གཤིན་རྗེས་མངའ༴ མཆེ་བ་བཅུ་བཞི་ཟླ་ཚེས་གཏམས་པ་འདྲ༔ ཕོ་རྒྱུད་མགོན་པོ་རྣམས་ཀྱིས་མངའ༴ དུར་ཁྲོད་འབར་བའི་ཆས་བརྒྱད་སྐུ་ལ་བརྒྱན༔ མོ་རྒྱུད་མ་མོ་རྣམས་ཀྱིས་མངའ༴ ཞལ་ནས་ཁྲག་འབབ་སྟོང་གསུམ་ནད་ཀྱིས་འགེངས༔ བདུད་དང་སྲིན་པོ་ཡོངས་ཀྱིས་མངའ༴ གཡས་གསུམ་དགྲ་སཏྭ་ཉམས་པའི་སྐྱེ་རྒྱུད་གཅོད༔ སྲོག་བདག་དྲག་པོ་བཙན་གྱིས་མངའ༴ གཡོན་གསུམ་ཞགས་པ་དགྲ་སྙིང་དམར་པོ་རོལ༔ ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱིས་མངའ༴ གདུག་བྱེད་དྲེགས་པ་ཕོ་མོའི་གདན་ལ་བཞུགས༔ ས་བདག་ཀླུ་གཉན་རྣམས་ཀྱིས་མངའ༴ རྐེད་པ་སྦྲུལ་ནག་འབར་བའི་ཆུན་པོས་བརྒྱན༔ དྲག་པོའི་ལས་རྣམས་སྒྲུབ་པར་མངའ༴ བ་སྤུའི་གསེབ་ནས་རང་འདྲའི་སྤྲུལ་པ་འགྱེད༔ བྱད་མ་རྦོད་གཏོང་བཟློག་པར་མངའ༴ གཤིན་རྗེ་མ་མོ་ལྷ་སྲིན་ལས་ལ་འགྱེད༔ རྣལ་འབྱོར་ཚེ་སྲོག་བསྲུང་བར་མངའ༴ སྲུང་བའི་གུར་ཁང་རྡོ་རྗེ་མེ་རིས་བསྐོར༔ ཉམས་པའི་སྲོག་རྩ་གཅོད་པར་མངའ༴ ཁྲོ་ཆུའི་ཕུར་པས་ཉམས་པའི་སྙིང་ལ་གཟིར༔ ལྷ་སྲིན་སྡེ་བརྒྱད་འདུལ་བར་མངའ༴ ཆུ་གྲི་རལ་གྲི་འབར་བའི་གཤོག་པས་གཏམས༔ རྣལ་འབྱོར་དགྲ་བླ་ཆེན་པོར་མངའ༴ རྫུ་འཕྲུལ་ཐོགས་མེད་བར་སྣང་ཁམས་སུ་རྒྱུ༔ སངས་རྒྱས་བསྟན་སྲུང་ཆེན་པོར་མངའ༴ བསམ་པ་ཙམ་གྱིས་བརྣག་པའི་རཱུ་དྲ་སྒྲོལ༔ བཀའ་ཡི་གཏོར་ལེན་ཆེན་པོར་མངའ་གསོལ་བས༔ ཚོགས་ཁང་འགྲིམ་ཞིང་རྣལ་འབྱོར་དྲོད་ཚད་ཉུལ༔ དུག་ཁྲག་རྒྱ་མཚོའི་མཆོད་པ་འདི་བཞེས་ལ༔ དུག་ཁྲག་སྨན་དང་བདུད་རྩིར་བྱིན་གྱིས་རློབས༔ ཅེས་པས་མངའ་གསོལ་ལོ། །ཧཱུྃ༔ ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ༔ སྟེང་ཕྱོགས་ལྷ་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་རློབས༔ ཧཱུྃ༔ འོག་ཕྱོགས་ཀླུ་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ བར་སྣང་གཟའ་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ ནག་པོ་བདུད་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ དམར་པོ་བཙན་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ ཕོ་རྒྱུད་ཚོགས་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ མོ་རྒྱུད་ཚོགས་རྣམས་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ སྣང་སྲིད་སྡེ་བརྒྱད་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ ལོག་ལྟ་འབྱུང་པོ་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན༴ ཧཱུྃ༔ བྱད་མ་རུ་དྲ་བསྒྲལ་བའི་རཀྟ་དང༔ བྷནྡྷ་སྣོད་ཀྱི་དུག་ཁྲག་རྒྱ་མཚོ་འདི༔ འཆི་མེད་སྨན་དང་བདུད་རྩིར་བྱིན་གྱིས་རློབས༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྴ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱ་ཙ༔ ས་མ་ཡ་ཛཿཛ༔ མ་ཧཱ་རུ་དྲ་པཱུ་ཙ་ཧོ༔ ཞེས་བྱིན་གྱིས་བརླབས་ནས་སྲོག་འཁོར་དུ་བཅུག་པའི་སྨན་ཆེན་བླངས་ལ། འཇམ་དཔལ་ལས་ཀྱི་གཤིན་རྗེས་མཐུ་སྟོབས་ཆེན་པོས་བྱིན་གྱིས་བརླབས་པའི་སྨན་མཆོག་བརྟན་གཡོའི་བཅུད་ཐམས་ཅད་འདུས་པ་འདི་ཟོས་པས། ནད་གདོན་འཆི་བདག་གི་གཡུལ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་ལུས་སུ་གྲུབ་པར་མོས་ཤིག །ཅེས་དཔོན་སློབ་གཉིས་ཀས་དུམ་བུ་རེ་མིད། དུག་ཁྲག་འཁོར་འདས་ཀྱི་དྭངས་མ་ཐམས་ཅད་བསྡུས་ཏེ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་བྱིན་བརླབས་པ་འདི་བཏུང་བས་འཆི་མེད་རྡོ་རྗེའི་སྲོག་གྲུབ་པར་མོས། དུག་ཁྲག་དཔོན་སློབ་གཉིས་ཀས་བཏུང་། ལྕགས་ཧོམ་སོགས་སློབ་དཔོན་མདུན་དུ་བཀོད། མནན་སྲེག་འཕང་བའི་ཆས་རྣམས་ཀྱང་ཉེ་བར་བཀོད་ལ། ད་ནི་མཐའ་རྟེན་མངོན་སྤྱོད་ཕྲིན་ལས་ཀྱི་རྗེས་གནང་བྱ་བ་ཡིན་པས་ཁྱེད་རང་རྣམས་ཀྱང་ལྷའི་གསལ་སྣང་དང་ང་རྒྱལ་བསྐྱེད་ལ་དམིགས་པ་ཚིག་རིས་དང་མཐུན་པར་གསལ་ཐོབ་ཅིག །སློབ་མ་ཐུན་མོང་མ་ཡིན་པ་ལ་སྐབས་འདིར་རུ་དྲ་སྡེ་བཞིའི་བསྐུལ་སྦྱར་བ་དང་། བསྒྲལ་བསྟབ་སྐབས་ཐུན་མོང་མ་ཡིན་པའི་བསད་དམིགས་ཕོག་པ་ཕྱག་ལེན་གྱི་རྒྱུན་ནོ། །དཀྱུས་ཙམ་ལ་སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅས། ཨེ་ཧོམ་གྲུ་གསུམ་ནང་དུ་ནྲྀ་ཏྲི་ལས༔ གནོད་བྱེད་བྱད་མ་མངོན་སུམ་ལྟ་བུར་གསལ༔ ཁྲོ་ཆུང་ཕོ་ཉ་ལས་མཁན་དཔག་མེད་ཀྱིས༔ རང་དབང་མེད་པར་བཀུག་ནས་གཉིས་མེད་བསྟིམ༔ ཞེས་པས་ཧོམ་བསྐྱེད། ན་མོ༔ བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ རྒྱལ་བ་སྐུ་གསུམ་རིགས་གསུམ་མགོན་པོ་དང༔ འཇམ་དཔལ་རིགས་གསུམ་རིགས་ལྔ་བདེ་བར་གཤེགས༔ ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་སོགས་ཀྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ཡིས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་དང༔ བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ་རྣམས༔ ལིངྒ་འདི་ལ་སྐད་ཅིག་ཉིད་དུ་ཁུག༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀ་ཤ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་བྱད་མའི་བླ་སྲོག་རྣམ་པར་ཤེས་པ་ཛཿཧཱུྃ་བཾ་ཧོ༔ ནྲྀ་ཛ༔ ཏིལ་པ་རིལ་ཛ༔ ནྲྀ་ཨཱ་ཀརྴ་ཡ་ཛ༔ ཨཱ་བེ་ཤ་ཡ་ཛ༔ གརྦ་ནྲྀ་མཱ་ར་ཡ་ཛཿཛ༔ ཞེས་འགུགས་བསྟིམ་ལན་གསུམ་མཐར། ཁོའི་སྙིང་ནང་རལ་གྲིའི་འཁོར་ལོ་ནི༔ རྩིབས་དྲུག་རྣོ་ངར་ལྡན་པ་གཡོན་དུ་འཁོར༔ ཚེ་སྲོག་དོན་སྙིང་ཤ་ཁྲག་དམར་ཉིལ་གཏུབས༔ ཚེ་བསོད་ཡིག་འབྲུ་གསུམ་པོ་རང་ལ་བསྟིམ༔ དུ་ཏྲི་ཡ་མ་སོགས་ཀྱི་ཤམ་དུ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་རྣྲྀ་ཏྲི་མཱ་ར་ཡ་སོད་སོད༔ ཅེས་བཏགས་པ་དང་རལ་གྲིས་གཏུབས། དུམ་གཅིག་སྦྱིན་སྲེག་རྫས་སུ་འཇོག །དུམ་གཅིག་ཁྲག་ཆང་དང་སྦྱར་བ་སློབ་མ་ལ་སྦྱིན་ཏེ། དགྲ་བགེགས་བྱད་མའི་ཤ་ཁྲག་དོན་སྙིང་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པ་ཁྱེད་རང་འཇམ་དཔལ་ལས་ཀྱི་གཤིན་རྗེར་དངོས་སུ་གསལ་བ་ལ་བསྟབ་སྟེ་གཟི་བརྗིད་སྐྱེད་པར་མོས་ཤིག །ཧཱུྃ༔ ལས་ཀྱི་གཤིན་རྗེ་མི་བཟད་མཐུ་བོ་ཆེ༔ རི་རབ་ཙམ་གྱི་སྐུ་བཞེངས་ལ༔ གནམ་ས་ཙམ་གྱི་རྔམས་པའི་ཞལ་གདོངས་ལ༔ དུག་ཕུར་ལྟ་བུའི་ཚེམས་གཙིགས་ལ༔ གློག་དམར་ཙམ་གྱི་མྱུར་བའི་ལྗགས་སྐྱོངས་ལ༔ ཞལ་དུ་བསྟབས་པའི་རུ་དྲ་ཕོ་མོ་བཞེས༔ ཞལ་དུ་བསྟབ་བོ་མྱུར་དུ་བསྒྲལ་དུ་གསོལ༔ རྩ་སྔགས་ཤམ་དུ། བྱད་མའི་དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི༔ གནོད་བྱེད་བྱད་མའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཁ་རཾ་ཁཱ་ཧི༔ གོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ མཱཾ་ས་ལ་ཁ་རཾ་ཁཱ་ཧི༔ རཀྟ་ལ་ཁ་རཾ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ བྱད་མ་མི་ནོར་འཁོར་དང་བཅས་པ་ལ་ཁ་རཾ་ཁཱ་ཧི༔ ཞེས་བསྟབ། མེ་ཧོམ་སྦར་བ་དང་། མནན་ཆས། ཟོར་གཏོར་རྣམས་གཏད་ལ། ཧཱུྃ༔ སྔོན་ཚེ་སློབ་དཔོན་མན་ཆད་ནས༔ ད་ལྟ་རྣལ་འབྱོར་ཡན་ཆད་དུ༔ སྲེག་འཕང་མནན་གསུམ་ལས་རྣམས་ནི༔ དེང་འདིར་ཁྱེད་ལ་གཏད་པ་ཡིན༔ ལས་རྣམས་ཀུན་ལ་བརྩོན་པར་གྱིས༔ མེ་ཧོམ་རབ་ཏུ་འབར་ཞིང་དུག་གི་རླངས་པ་འཁྲིགས་པའི་ཀློང་དུ་གཤིན་རྗེ་ཁྲོ་ཆུ་འཁོར་དང་བཅས་པ་ཞལ་གདངས་པའི་ནང་། དགྲ་བགེགས་བྱད་མའི་ཤ་ཁྲག་དོན་སྙིང་རྣམས་ཕུལ་བར་མོས་ལ་སྔགས་བརྗོད་བཞིན་སྲེག་བླུག་ཕུལ་འཚལ། ལིངྒ་དུམ་དང་དུག་ཁྲག་མཉམ་པོར་འབུལ་དུ་གཞུག །སྔགས་མཐར། མཱ་ར་ཡ་ཛྭ་ལ་རཾ་རཾ། ཞེས་སྦྱར། འཕང་བ་ཟོར་དང་ལྡང་མེད་མནན་པའི་དམིགས་རིམ་འདི་ལྟར་མཛད་འཚལ། བྱད་དགྲ་ཟློག་བྱེད་དུག་གི་གཏོར་མ་ནི། །རང་གི་ཐུགས་ཀའི་འོད་ཀྱི་འཕྲོ་འདུ་དང་། །མཁའ་འགྲོ་དྲེགས་པའི་ཚོགས་ཀྱིས་བསྡུས་པ་ཡི། །ངོ་བོ་དྲེགས་པ་ལྷ་སྲིན་དུག་གི་རྫས། །རྣམ་པ་གནམ་ལྕགས་ཁྲོ་ཆུ་ཁོལ་མ་ལས། །གྲུབ་པའི་རི་བོ་ཟུར་གསུམ་རྣོ་ངར་ཅན། །རྣོ་དབལ་མཚོན་ཆའི་ཚོགས་ནི་རབ་ཏུ་གཟེངས། །དུག་རླངས་མེ་དཔུང་དམར་ནག་འབར་བ་ཡིས། །ནམ་མཁའི་མཐོང་ནས་གནམ་ལྕགས་ཐོགས་བརྒྱབ་ལྟར། །བྱད་མ་ས་དང་བསྲེས་ནས་རྣམ་ཤེས་བྲལ། །ཆུ་མེ་རླུང་གི་དཀྱིལ་འཁོར་དང་བསྲེས་པས། །བཀྲུས་བསྲེགས་གཏོར་ནས་མིང་ཡང་མེད་པར་བྱས། །རྣམ་ཤེས་ནམ་མཁའ་དང་བསྲེས་མི་དམིགས་གྱུར། །ཅེས་དམིགས་པ་སྤོད་ཟོར་གཏོར་ལ་ཁྲག་ཆང་བྲན། སློབ་མའི་གཙོ་བོ་ལ་བཟུང་དུ་གཞུག་ལ། ཨེ། དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་ན། །ཚ་གྲང་མཚོན་ཆ་དུག་ཕུར་བསྐལ་པའི་མེ། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཁྲི་སྟེང་ན། །བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྤྲུལ་པ། །འཇམ་དཔལ་གཤིན་རྗེ་རིགས་གསུམ་འདུས་པའི་སྐུ །གཤེད་ཆེན་ཤན་པ་སྲོག་བདག་གསུམ་གྱི་མཚན། །གཤིན་རྗེ་ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ། །ཨེ། སྐུ་གསུམ་ལྷུན་གྲུབ་དུག་གསུམ་དཀྱིལ་འཁོར་ནས། །གཤིན་རྗེ་འཆི་བདག་ནག་པོ་གཤེགས་སུ་གསོལ། །གཤིན་རྗེ་ཚེ་བདག་དམར་པོ་གཤེགས་སུ་གསོལ། །གཤིན་རྗེ་སྲོག་བདག་ནག་པོ་གཤེགས༴ ཕྲིན་ལས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས། །གཤིན་རྗེ་བེ་བྷཱ་སྭ་ཏ་གཤེགས༴ གཤིན་རྗེ་ཟ་བ་ལྗང་དམར་གཤེགས༴ མཐའ་སྡུད་ཡ་མ་རཱ་ཙ་གཤེགས་སུ་གསོལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །དུག་གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་། །དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ། །བསྡུ་ན་འདི་མན་ཆད་ཀྱིས་ཆོག མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས། །བྱད་ཁ་ཕུར་ཁ་ཟློག་པའི་ཕྲིན་ལས་མཛོད་། །རྦོད་གཏོང་རྦད་འདྲེ་ཟློག༴ གནོད་བྱེད་གཟའ་ཀླུ་ཟློག་པའི༴ རྒྱལ་བསེན་དམ་སྲི་ཟློག་པའི༴ ཐུན་ཟོར་བསྲེགས་མནན་ཟློག་པའི༴ གཏད་སེལ་ངག་མནན་ཟློག་པའི༴ རླུང་འཁོར་ཕྲ་མེན་ཟློག༴ ཀག་དང་ལྟས་ངན་ཟློག༴ གོད་ཁ་གྱོད་བྱུར་ཟློག༴ ནད་ཁ་རིམས་ཡམས་ཟློག༴ ཟ་འདྲེ་ཤི་སྲི་ཟློག༴ ཆག་ཆེན་ཉམ་ང་ཟློག་པའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་ཟློག་པའི་དུས་ལ་བབས། །བྱད་མ་གནོད་བྱེད་རང་གཤེད་རང་ལ་ཕོབ། ཁོ་ཡི་ལྷ་སྲུང་ཁོ་རང་བདུད་དུ་ཕོབ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། སྔགས་ཤམ་དུ། མཱ་ར་ཡ་བྷྱོ་བྷྱོ། མཱ་ར་ཡ་སཏྭཾ་བྷ་ཡ་ནན། ཅེས་བཏགས་པ་བརྗོད་ལ་རོལ་མོ་དྲག་པོ་བཅས་ཐེབས་སམ་གནོད་པའི་ཕྱོགས་སུ་འཕེན་དུ་གཞུག་གོ །དེ་རྣམས་ཀྱིས་སྲུང་ཟློག་བསད་པའི་ལས་ཀྱི་མཐའ་སྡུད་མནན་འཕང་སྲེག་གསུམ་གྱི་རྗེས་གནང་གྲུབ་ནས། དེང་ནས་བརྩམ་སྟེ་ལྷ་མཆོག་སྒྲུབ་ཅིང་མཆོད་པ་ལ་བརྩོན་དགོས་པས་དེའི་རྗེས་སུ་གནང་ཞིང་གཉེར་གཏད་པའི་དོན་ངེས་པར་གྱིས་ཤིག །མཆོད་གཏོར་གཏད་ལ། ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་མ་འདི༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ ཁྱེད་ཀྱིས་འཇམ་དཔལ་གཤིན་རྗེའི་གཤེད༔ སྒྲུབ་ཅིང་མཆོད་པའི་ལས་གྱིས་ཤིག༔ དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ལ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། དེ་རྣམས་ཀྱིས་འཇམ་དཔལ་ལས་ཀྱི་གཤིན་རྗེ་སྨན་གདོང་དུག་གི་བྱིན་རླབས། རྣལ་འབྱོར་དམ་ཚིག་ཅན་གྱི་ལག་ལེན། དམ་ཉམས་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་དབང་བསྐུར་བརྒྱུད་པའི་ཕྱག་བཞེས་ལྟར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་རྣམས་བྱས་ལ་སློབ་མ་རང་གནས་སུ་གཏང་། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་ཆོག་གཏོར་སྐྱོང་། རྗེས་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གསང་བ་སྤྱི་ལྟར་བྱའོ། །བསྟན་དང་སྒྲུབ་ལ་འཚེ་བའི་ནག་པོའི་ཕྱོགས། །བྱད་དགྲ་གླང་སྙིང་ལས་གཤིན་ཟས་སྐལ་རྣམས། །མིང་ཡང་མེད་པར་གྲུ་གསུམ་ཧོམ་ཞལ་དུ། །བཞེས་ནས་ཆོས་མཐུན་དཔལ་འབྱོར་རབ་རྒྱས་ཤོག །དབང་གི་གཏེར་གཞུང་མཆན་བསྲེས་ཀྱི་སྟེང་ནས་བསྐུར་བ་རྒྱུན་སྲོལ་ཡིན་འདུག་ཀྱང་ཞལ་ཤེས་དང་ཕྱག་རྒྱུན་ལ་ལྟོས་དགོས་པ་མང་བས། དེང་སང་གལཆུང་ཆོས་ལ་བྱེད་པའི་རྣམ་ཐར་འཛིན་པ་རྣམས་ཀྱིས་འདི་རིགས་ལ་ཆེད་གཉེར་མེད་སྟབས་རིམ་པར་བཀའ་ཆད་པར་དོགས་ནས་ཕན་པའི་སེམས་ཀྱིས། འཇམ་དཔལ་གཤིན་རྗེ་གཤེད་པོའི་བཀའ་བབས་ཀྱི་ལུང་ཐོབ་པའི་རིག་སྔགས་འཆང་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོད་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
དྲག་རྫས་སྨིན་གཏེར་ཕྱག་བཞེས་མ་ (Volume 51, Text 44)
ན་མོ་དྷཱ་ཀི་ཡེ། ཆར་འབེབ་ཀྱི་དྲག་རྫས་ཆོས་རྒྱལ་གཏེར་བདག་གླིང་པའི་ཕྱག་བཞེས་མྱོང་གྲུབ་ལ། གླ་རྩི། གཙོད་ཁྲག །ཡུགས་སའི་མངལ་ཁྲག །བཙན་དུག །གྭ་དོར་ཏེ་ཤ་མ་ཡི་རྭ་རྙེད་ན་རབ། དེ་མིན་ཤ་རུ་དང་པོར་བསྐྱུར་པ། དེ་མ་བྱུང་ན་རྭ་གང་བྱུང་དུ་བ་མ་ཤོར་བར་སྦུབས་བསྲེག་བགྱིས་པའི་ཐལ་བ་ཆ་སྙོམ་ཞིབ་བཏགས། ཆང་གིས་ཁུ་བར་བགྱིས་པའི་རིལ་བུ་ཉི་མ་མ་ཕོག་པར་སྐམ་པ་སྨྱུག་མ་ཆུས་མྱ་བའི་ནང་དུ་བཅུག །ཁ་ལ་ཆས་བསྡམ། གཡག་འོག་ཅན་གྱི་རྩིད་པས་དམ་དུ་བཅིང་། དྲག་རྫས་སྔགས་ཀྱིས་ཡུན་རིང་དུ་བསྒྲུབས་ན་ཉེ་ཞིང་མྱུར་བ་འོང་། དྲག་རྫས་ཁ་ཤོར་བ་དང་ཡུན་རིང་ན་མཛེ་འོང་ཉེན་ཡོད། རླུང་ནོན་ནི། ཨོཾ་ནག་པོ་ཐིབ་ཐིབ་འདུས་འདུས། ཞེས་མང་དུ་བཟླས་ལ་ལྷོ་ནུབ་མཚམས་སུ་མེ་ལྷབ་པ་ཞིག་གཏང་། དེ་གནོན་པའི་རྫ་གསར་པ་ཞིག་ལག་ཏུ་བཟུང་སྟེ། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཁྱོད་ལ་ལྡང་བའི་རླུང་ཡོད་ཀྱི་དེ་རིང་མ་ལྡང་སྟོན་པའི་བཀའ་ལ་ཉོན། གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་ཁྱོད་ལ་ལྡང་བའི་འཚུབ་མ་ཡོད་ཀྱི། དེ་རིང་མ་འཚུབས་སྟོན་པའི་བཀའ་ལ་ཉོན། ཅེས་བརྗོད་དེ་མེ་ཡི་སྟེང་དུ་རྫ་ཁ་སྦུབ། དེའི་སྟེང་དུ་ཆུ་ཀྱམ་བུ་གང་བླུག །ཉི་མ་གཅིག་བསྲུང་ན་ཐངས་གསུམ་བྱའོ། །ཡང་ན་ཤོག་བུར་རླུང་ལྷའི་གཟུགས་ས་བོན་དང་བཅས་པའམ། ཡཾ་གྱི་མཐའ་སྐོར་དུ། ཨོཾ་མ་མ་ཡཾ་ཡཾ་ཡེ་སྭཱ་ཧཱ། ཞེས་བྲི། རླུང་ལྷ་དགུག་བསྟིམ་བགྱིས་ཏེ་ལྷམ་གྱི་ནང་དུ་བཅུག །རང་གི་རྐང་པས་མནན་ཏེ་རླུང་ལྷ་འཁོར་བཅས་ལྡང་མི་ནུས་པར་བསམ་ལ། ཨོཾ་ཆར་ཡ་ཆུར་ཡ་རླུང་གི་སྟོབས་སཏྭཾ་བྷ་ཡ་ནན། ཞེས་དྲག་ཏུ་བཟླ་འོ། །འདི་དག་ནི་ཆར་འབེབ་ཙམ་དུ་མ་ཟད་བྱ་བ་གལ་ཆེན་བྱེད་པའི་དུས་སུའང་ཉེ་བར་མཁོ་བ་ཡིན་ནོ། །འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ ཞེས་སོགས་ཀྱིས་སློབ་དཔོན་ཆེན་པོར་གསོལ་བ་དྲག་ཏུ་འདེབས། རླུང་ནོན་སོགས་ལས་སྦྱོར་གང་ལའང་འདྲ་སྟེ། ཡོང་ངམ་མི་འོང་སྙམ་པའི་ཐེ་ཚོམ་བགྱིས་ན་མི་འགྲུབ་པས། ཐེ་ཚོམ་མེད་པར་གདིང་གིས་ཆོད་པ་གལ་ཆེ། ཨོཾ་ནཱ་ག་རཱ་ཛ་ར་ཏྲི་ནི་ཧཱུྃ་ཧཱུྃ། ཕུཿཕུཿ ཁྲི་ཕྲག་གསུམ་བཏབ་སྟེ་ཆུ་མིག་ཏུ་བླུག །དེ་ལས་རླངས་པ་བྱུང་། ནམ་མཁའ་ལ་སྤྲིན་འཁྲིགས། ཆར་འབབ་པར་བསམ། ཆང་གར་མ་ནམ་མཁའ་མ་མཐོང་བ།་་་ཁྲུང་གར་མ་ནམ་མཁའ་མ་མཐོང་བར་སྔགས་ལ་བླུག །ལོག་ནོན་ནི། བྱེ་རབ་བྱང་བུལ།་་་འཇིབ་བུ་ལྷད་མེད་སྔགས་པའི་ཐུམ་པོ་སྦ་འོ།། །།
འགོ་བའི་ལྷ་ལྔའི་གསོལ་མཆོད་བསང་དང་བཅས་པ་ཡར་ངོའི་ཟླ་རྒྱས་ (Volume 44, Text 44)
༄༅། །འགོ་བའི་ལྷ་ལྔའི་གསོལ་མཆོད་བསང་དང་བཅས་པ་ཡར་ངོའི་ཟླ་རྒྱས་ཞེས་བྱ་བ་བཞུགས་སོ། ། རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ལུས་དང་གྲིབ་མ་ལྟར་ལྷན་ཅིག་སྐྱེས་པའི་འགོ་བའི་ལྷ་ལྔ་དར་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡིན་ཡང་བསམ་དོན་ཡིད་བཞིན་འགྲུབ་ཅིང་བར་ཆད་མི་འབྱུང་བ་དང་། གུད་ན་བྱ་བ་ལམ་དུ་མི་འགྲོ་ཞིང་བར་ཆད་མང་བས་རབ་རྟེན་བཅའ་ཞིང་གཡང་སྐྱབས་ལྟར་གཏར་གཟུང་། དེ་མི་འགྲུབ་ནའང་རྒྱུན་གྱི་གསོལ་མཆོད་ཙམ་འགྲུབ་ན་ཤིན་ཏུ་བཟང་། དེ་ལ་རྟེན་དང་འཁོར་ལོའི་བཅའ་གཞི་གསོལ་མཆོད་སོགས་རྒྱས་པ་གྲྭ་མངོན་དང་ཆོས་དབང་སོགས་ཀྱི་གཏེར་ཁ། ལྔ་པའི་ཆོག་སྒྲིག་སོགས་ལས་གསལ་ཞིང་། འདིར་ལག་ལེན་སྟབས་བདེར་འགོད་ན། དགྲ་བླ་སྤྱིའི་རྟེན་ཡིན་པས་མདུང་དར་ལ་ལྷ་ལྔའི་སྐུ་བྲིས་པ་དང་སྟག་གཟིག་དར་སྣ་འགྲོན་བུ་མེ་ལོང་རྔ་ཚོས་ཁྲབ་བྱང་སོགས་བཏགས་པ་ཡོད་ན་ལེགས། རྒྱུན་གསོལ་ཙམ་ལ་མེད་ཀྱང་ཆོག །མཆོད་གཏོར་ནི་སྣོད་གཙང་མར། བཤོས་ཟླུམ། འབྲང་རྒྱས་རྩེ་རྒྱལ། གཡག་ལུག་ར་གསུམ་བཅས་ཐམས་ཅད་དཀར་པོ། དགྲ་བླ་ལ་དམར་གཏོར་ཟུར་གསུམ་བཅས་བཞག །དར་ཟབ་རིན་ཆེན་འབྲུ་སྣ་སོགས་བླུགས། ཇ་ཆང་འོ་ཕུད་ཕྱེ་མར་སོགས་མཆོད་རྫས་གང་འབྱོར་བཤམ། མཆོད་གཏོར་མི་འཛོམ་པའི་རྒྱུན་གསོལ་ལ་ནི་ཕྱེ་མར་གསེར་སྐྱེམས་ཙམ་གྱིས་ཀྱང་འཐུས་སོ། །བདག་ཉིད་ཡི་དམ་གང་རུང་གསལ་བཏབ་ལ། མཆོད་རྫས་ལ་ཆབ་བྲན། ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ མཚན་འཛིན་གྱི་དྲི་མ་སྟོང་པར་སྦྱངས། སྟོང་པའི་ངང་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་གཏོར་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་མཁོ་དགུའི་ལོངས་སྤྱོད་ཅི་འདོད་འཆར་བ། མི་ཟད་པའི་གཏེར་ཆེན་པོར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ཕྱག་རྒྱ་བཅས་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། དེ་ནས་རྟེན་དང་མཆོད་གཏོར་ཡོད་ན་བསྐྱེད་ཆོག་འདི་འདོན། དེ་དག་མེད་པ་དང་དཀྱུས་ཙམ་ལ་བསྐྱེད་ཆོག་དོར་ནས་སྤྱན་འདྲེན་ལ་འཇུག་པས་ཆོག་གོ །བསྐྱེད་ཆོག་ནི། བསང་སྦྱང་། སྟོང་པའི་ངང་ལས། རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་པད་ཟླའི་གདན་ལྔ་གྲལ་ཐབས་སུ་བསྒྲིགས་པའི་དང་པོ་ལ། ཛྙཱ་ལས་མ་ལྷ་མོ་བཙུན་དར་མ་དཀར་དམར་མཛེས་འཛུམ་དར་དཀར་སྔོན་གྱི་གོས་དང་རིན་པོ་ཆེའི་རྩེ་བྲན་དང་མགུལ་གཡུ་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། མདའ་དར་དང་མེ་ལོང་ཐོགས་ནས་ཤ་བ་ཡུ་མོ་ལ་འཆིབ་པ། མ་སྲུ་དྲུ་གུ་དང་འཕང་ལོ་ཐོགས་པ་དང་ན་ཆུང་དང་ཤ་བའི་ཚོགས་ཀྱི་སྤྲུལ་པ་མང་པོ་སྟོན་པ། དེ་དང་ལྷན་ཅིག་པར་ཞང་ལྷ་སྐྱེས་པ་དར་མ་དཀར་པོ་མཛེས་བརྗིད་ཁྲབ་རྨོག་འཁོར་གསུམ་ཅན། མདུང་དར་དང་རིན་པོ་ཆེའི་སྒྲོམ་བུ་ཐོགས་ཤིང་ཞང་བློན་དང་བྱ་ཆེན་གོ་བོའི་སྤྲུལ་པ་སྟོན་པ། གདན་གཉིས་པར་ན་ལས་སྲོག་ལྷ་དཀར་པོ་ཤེལ་གྱི་ཁྲབ་རྨོག་སྟག་རལ་གཟིག་ཤུབས་བཅིངས་ཤིང་སྭག་ལྷྭམ་མནབས་པ། མདུང་ཞགས་དང་ཚེ་བུམ་ཐོགས་ཤིང་རྟ་མཆོག་ངང་པ་ལ་འཆིབ་པ། མི་དཀར་རྟ་དཀར་མང་པོ་སྤྲུལ་པ་དང་ཆབས་ཅིག་ལྷན་ཅིག་སྐྱེས་པའི་ཕྲག་ལྷ་མི་དཀར་དུང་གི་གོ་མཚོན་དར་དང་རིན་པོ་ཆེའི་རྒྱན་ཅན། མདུང་དར་དང་རྒྱལ་མཚན་ཐོགས་ནས་ཁྱུང་ཆེན་ལ་འཆིབ་ཅིང་མི་དཀར་མང་པོ་སྤྲུལ་པ། གདན་གསུམ་པར་ཨ་ལས་ཕོ་ལྷ་དཀར་པོ་ལང་ཚོ་དར་ལ་བབས་པ་དར་སྔོན་གྱི་བེར་དང་ཐོར་ཅོག་དར་གྱིས་བཅིངས་པ། སྭག་ལྷྭམ་དང་རིན་པོ་ཆེའི་རྒྱན་ཅན་ནོར་བུ་དང་རིན་པོ་ཆེའི་གང་བའི་གཞོང་པ་ཐོགས་ནས་རྟ་མཆོག་ངང་དཀར་ལ་འཆིབ་པ། སྐྱེས་པ་གོ་ཁྲབ་ཅན་དང་ཕ་སྤུན་མང་པོར་སྤྲུལ་པ་དང་ལྷན་ཅིག་དབང་ཐང་སྤེལ་བའི་ལྷ་དང་སྲིད་པའི་ཕ་མཚུན་དགྲ་བླའི་ཚོགས་རྣམས་རྒྱན་གོས་བཀྲག་མདངས་གཟི་བརྗིད་འོད་དུ་འབར་བ། གདན་བཞི་པར་ཡུ་ལས་ཡུལ་ལྷ་དཀར་པོ་དར་བེར་གོ་ཁྲབ་འཁོར་གསུམ་དཔའ་བའི་ཆས་ཅན་དར་མདུང་མདའ་གཞུ་ཐོགས་ནས་རྟ་དཀར་ལ་འཆིབ་པ། ཡུལ་གྱི་གཙོ་རྗེ་མཛའ་བཤེས་གཡག་དཀར་ལུག་ཁྱུའི་སྤྲུལ་པ་སྟོན་པ་དང་ལྷན་ཅིག །ཁྱིམ་ལྷ་ཕུག་ལྷ་ཐབ་ལྷ་ཞིང་ལྷ་ཕྱུགས་ལྷ་མཁར་གྱི་རྩེ་ལྷ་རྣམས་རྒྱན་གོས་སྣ་ཚོགས་ཀྱིས་སྤྲས་པ། གདན་ལྔ་པར་ཤེ་ལས་དགྲ་ལྷ་དཀར་པོ་དཔའ་བརྗིད་དུང་རྨོག་བསེ་ཁྲབ་འཁོར་གསུམ་དར་བེར་རིན་པོ་ཆེའི་རྒྱན་དང་སྭག་ལྷྭམ་མནབས་པ། གཡས་རལ་གྲི་དང་གཡོན་མདུང་ཞགས་བསྣམས་ནས་དུང་རྟ་རླུང་གི་ཤུགས་ཅན་ལ་འཆིབ་པ། དགེ་བཤེས་མི་དཀར་ཞུབས་ཅན་ཁྲ་སྤྱང་གཡག་རྒོད་མང་པོར་སྤྲུལ་པ་དང་ལྷན་ཅིག་ཕ་མེས་དགུ་བརྒྱུད་ནས་བསྟེན་བསྒྲུབས་མཆོད་པའི་ལྷ་དང་སྲུང་མའི་ཚོགས་རྣམས་དགྱེས་འཛུམ་གཟི་བརྗིད་དང་བཅས་ཏེ་འཁོད་པ། གཞན་ཡང་སྟེང་འོག་ཕྱོགས་མཚམས་མཐའ་སྐོར་ཀུན་ཏུ་མགོན་སྐྱབས་སྡོངས་གྲོགས་བྱེད་པའི་ལྷ་དང་སྲུང་མ་གཉན་པོ་རྣམས་སྤྲུལ་པ་དུ་མ་དང་བཅས་ཏེ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་དང་། རང་གི་ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་ཁ་འཛིན་རྒྱབ་རྟེན་སྡོངས་གྲོགས་བྱེད་པའི་ལྷ་སྲུང་གཉན་པོ་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་བསྐྱེད་ལ་སྤྱན་དྲང་བ་ནི། སྤོས་དང་རོལ་མོ་འཁྲོལ་ལ། ཀྱེ། འགོ་བའི་ལྷ་ལྔ་སྤྱན་འདྲེན་ནོ། །དགྱེས་རྫས་ཚོགས་ཀྱིས་མཆོད་ལགས་ན། །བདག་ལ་སྲུང་ཞིང་སྐྱོབ་པའི་ཕྱིར། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །སྲོག་ལྷ་འཛིན་པོ་སྤྱན་འདྲེན་ནོ། །སྙིང་གི་དཀྱིལ་ནས་གཤེགས་སུ་གསོལ། །སྤྲུལ་པ་མི་དཀར་མང་པོར་སྤྲུལ། །ར་སྐྱེས་ཁམ་པས་མཆོད་ལགས་ན། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །དགྲ་བླ་གཉན་པོ་སྤྱན་འདྲེན་ནོ། །ཕྲག་པ་གཡས་ནས་གཤེགས་སུ་གསོལ། །སྤྲུལ་པ་མི་དཀར་ཞུབས་ཅན་སྤྲུལ། །མཆོད་པ་བཤོས་བུ་གཙང་མས་མཆོད། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །ཕོ་ལྷ་གཉན་པོ་སྤྱན་འདྲེན་ནོ། །མཆན་ཁུང་གཡས་ནས་གཤེགས་སུ་གསོལ། །སྤྲུལ་པ་ཕ་སྤུན་དར་མར་སྤྲུལ། །མཆོད་པ་བསང་ལུག་གཙང་མས་མཆོད། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །མ་ལྷ་གཉན་མོ་སྤྱན་འདྲེན་ནོ། །མཆན་ཁུང་གཡོན་ནས་གཤེགས་སུ་གསོལ། །སྤྲུལ་པ་ན་ཆུང་མང་པོར་སྤྲུལ། །མཆོད་པ་སྨན་ལེབ་གཙང་མས་མཆོད། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །ཡུལ་ལྷ་གཉན་པོ་སྤྱན་འདྲེན་ནོ། །སྤྱི་བོའི་གཙུག་ནས་གཤེགས་སུ་གསོལ། །མཆོད་པ་གཡག་དཀར་དག་གིས་མཆོད། །སྤྲུལ་པ་ཡུལ་གྱི་གཙོ་རྗེར་སྤྲུལ། །བདག་ལ་སྲུང་ཞིང་བསྐྱབ་ཏུ་གསོལ། །གཞན་ཡང་མགོན་སྐྱབས་བྱེད་པའི་ལྷ། །ཆོས་ལ་དགའ་བའི་ཆོས་སྐྱོང་དང་། །བོན་ལ་དགའ་བའི་བོན་སྐྱོང་དང་། །ཕ་མེས་རྒྱུད་ཀྱི་སྲུང་མ་དང་། །མི་བུ་གདུང་དྲུག་དགྲ་བླ་དང་། །གཞི་བྱེས་ལྷ་དང་ཡུལ་ལྷ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དར་དང་རིན་ཆེན་གདན་ཁྲི་ལ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །སྤོས་ཆབ་བམ་ཆུ་གཙང་འཐོར་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡངས་པ་ཡི། །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས། །ཡེ་ཤེས་མཁའ་ལ་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །མཆོད་པ་ནི། ཀྱེ། སྔོན་ནས་ལས་ཀྱིས་འབྲེལ་པའི་ལྷ། །ད་ལྟ་མི་འབྲལ་གྲོགས་མཛད་པའི། །བརྩེ་གདུང་མགོན་བྱེད་ཁྱེད་རྣམས་ལ། །རྒྱ་ཇ་ངད་ལྡན་འོ་མའི་མཚོ། །རོ་ལྡན་ཆང་དང་གཙང་མའི་ཆབ། །མགུལ་གྱི་སྐྱེམས་དང་ཁྲུས་སུ་འབུལ། །དར་རས་གོས་བཟང་ལྷབ་ལྷུབ་བེར། །སྟག་གཟིག་གཡང་ལུག་ཁྲབ་རྨོག་དང་། །རིན་ཆེན་ནོར་བུའི་དོ་ཤལ་དང་། །ལྷ་རྫས་མེ་ཏོག་ཕྲེང་བ་རྣམས། །སྐུ་ལ་མཛེས་པའི་རྒྱན་དུ་འབུལ། །ཕྱེ་མར་འབྲང་རྒྱས་འབྲུ་ཡི་ཟན། །དཀར་གསུམ་མངར་གསུམ་ཤིང་ཏོག་དང་། །དོན་ཤ་ལ་སོགས་བཟའ་བཅའི་རིགས། །སྟོབས་རྩལ་སྐྱེད་ཕྱིར་ལྗགས་ལ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མཆོག་རེག་འཇམ་ཅི་མཆིས་པ། །དབང་པོ་སྒོ་ལྔ་ཚིམ་ཕྱིར་འབུལ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཏོག་གཏེར་གྱི་བུམ། །ངོ་མཚར་སྲིད་ན་ཆེ་བའི་ནོར། །ཡིད་སྤྲུལ་དགྱེས་པ་སྐྱེད་ཕྱིར་འབུལ། ཁྱུང་འབྲུག་སེང་གསུམ་འདབ་ཆགས་དང་། །གཅན་གཟན་རི་དྭགས་གཡུང་དྭགས་རིགས། །རྩི་བཅུད་སྨན་དང་རིན་ཆེན་མཛོད། །ཇ་མར་ལོ་ཏོག་འབྲུ་སྣ་ཚོགས། །ཡུལ་མཁར་ཁྱིམ་དང་བཞོན་པ་ཁལ། །མདའ་མདུང་རལ་གྲི་མཚོན་ཆ་སོགས། །ཐུགས་ལ་དགྱེས་རྒུའི་སྤྱན་གཟིགས་དང་། །འཛད་པ་མེད་པའི་དཀོར་ནོར་སོགས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ནི། །ཇི་སྙེད་བློ་ཡིས་བླངས་ཏེ་འབུལ། ཁྱད་པར་ལྷ་ལྔ་དགྱེས་པའི་རྟེན། །དངོས་སུ་གང་འབྱོར་གཙང་མར་བཤམས། །མ་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ། །གཞན་ལ་ཅི་མཆིས་བློས་བླངས་ཏེ། །མོས་ཤིང་གུས་པས་འབུལ་ལགས་ན། །དགྱེས་པར་དགོངས་ཏེ་བཞེས་ནས་ཀྱང་། །ཇི་ལྟར་ཚོགས་པའི་རྟེན་རྣམས་དང་། ཁྱད་པར་རང་ལུས་གནས་རྟེན་ལ། །འབྲལ་མེད་རྟག་པར་བཞུགས་ནས་ཀྱང་། །མགོན་སྐྱབས་སྡོངས་གྲོགས་མཛད་དུ་གསོལ། །བསྟོད་པ་ནི། ཀྱེ། བསམ་རྒུ་ཡིད་བཞིན་འཇོ་བའི་དཔག་བསམ་ཤིང་། །འགོ་བའི་ལྷ་ལྔ་གྲོགས་འཁོར་སྡེ་དཔུང་བཅས། །ངོ་མཚར་རྨད་བྱུང་ཆེ་བའི་ཡོན་ཏན་ལ། །དད་མོས་ངག་གི་གླིང་བུས་བསྟོད་དབྱངས་འབུལ། །མ་ལྷ་མཛེས་འཛུམ་དར་དང་རིན་ཆེན་སྤྲས། །མདའ་དར་མེ་ལོང་ཐོགས་ནས་ཤ་བ་འཆིབ། །ཞང་ལྷ་སྐྱེས་བུ་བཞིན་བཟང་ཞང་བློན་བཅས། །མ་སྲུ་སྨན་བཙུན་ཤ་བར་སྤྲུལ་ལ་བསྟོད། །སྲོག་ལྷ་དཀར་པོ་ཤེལ་གྱི་གོ་ཞུབ་ཅན། །མདུང་ཞགས་བུམ་པ་བསྣམས་ཤིང་རྟ་མཆོག་ཞོན། །ལྷན་སྐྱེས་ཕྲག་ལྷ་རིན་ཆེན་དར་གོས་ཅན། །སྤྲུལ་པ་མི་དཀར་རྟ་དཀར་བཅས་ལ་བསྟོད། །ཕོ་ལྷ་དཀར་གསལ་ཐོར་ཚུགས་དར་བེར་གསོལ། །ནོར་བུ་རིན་ཆེན་གཞོང་ཐོགས་རྟ་དཀར་འཆིབ། །ཕ་མཚུན་དགྲ་བླ་དབང་ཐང་ལྷ་འཁོར་བཅས། །ཕ་སྤུན་སྐྱེས་པ་ཞུབ་ཅན་སྤྲུལ་ལ་བསྟོད། །ཡུལ་ལྷ་དུང་མདོག་གོ་ཁྲབ་འཁོར་གསུམ་བརྗིད། །དར་མདུང་མདའ་གཞུ་བཀང་ནས་རྟ་དཀར་འཆིབ། །ཡུལ་མཁར་ཁྱིམ་ལྷས་གཞི་བྱེས་ལྷ་རྣམས་དང་། །སྤྲུལ་པ་གཙོ་རྗེ་གཡག་ལུག་སྟོན་ལ་བསྟོད། །དགྲ་བླ་དུང་མི་དུང་རྟ་གོ་ཁྲབ་དང་། །དར་གྱི་གོས་བཀླུབས་རལ་གྲི་མདུང་ཞགས་ཐོགས། །ཕ་མེས་མི་རབས་བསྟེན་པའི་ལྷ་འཁོར་བཅས། །དགེ་བཤེས་མི་དཀར་ཁྲ་སྤྱང་སྤྲུལ་ལ་བསྟོད། །རིག་འཛིན་ལྷ་སྲུང་བན་བོན་སྲུང་མའི་ཚོགས། །སློབ་དཔོན་སྔགས་པ་བོན་དང་བྱ་ཝང་སོགས། །སྤྲུལ་པ་དུ་མར་སྟོན་ཅིང་མཐུ་རྩལ་ལྡན། །མགོན་སྐྱབས་སྡོངས་གྲོགས་མཛད་པ་ཀུན་ལ་བསྟོད། །བསང་སྤྲོ་ན། བསང་རྫས་གསེར་སྐྱེམས་རྣམས་ལ་དམིགས་ཏེ། རཾ་ཡཾ་ཁཾ། མ་དག་པའི་དྲི་མ་སྦྱངས། སྟོང་པའི་ངང་ལས་བསང་མཆོད་གསེར་སྐྱེམས་འདོད་ཡོན་གྱི་སྤྲིན་ཕུང་འཕྲོ་བས་མགྲོན་རྣམས་དགྱེས་པ་སྐྱེད་ཅིང་གྲིབ་དང་མི་གཙང་བ་སེལ་བའི་ནུས་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཀྱེ། བཀྲ་ཤིས་དགེ་བའི་གནས་མཆོག་འདིར། །དག་ཅིང་གཙང་མར་སྦྱར་པ་ཡི། །བདུད་རྩི་ཅན་གྱི་རྩི་ཤིང་རྣམས། །འབར་བའི་མེས་བསྲེགས་དུད་པའི་སྤྲིན། །དྲི་ཞིམ་ངད་པས་ཁོར་ཡུག་ཁྱབ། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །ཅི་འདོད་ལོངས་སྤྱོད་ཆར་དུ་འབེབ། །རྣམ་དག་ཡུམ་ལྔའི་དབྱིངས་རོལ་ནས། །འབྱུང་ལྔ་འདུས་པའི་རྟེན་འབྲེལ་ཤར། །ལྷ་སྲུང་གཉན་པོ་དགྱེས་བྱེད་པའི། །ཞི་བ་བསང་མཆོད་ལྷུན་གྱིས་གྲུབ། །འགོ་བའི་ལྷ་ལྔ་སྤྲུལ་འཁོར་བཅས། །འདིར་བྱོན་ངོ་མཚར་བསང་མཆོད་བཞེས། །མི་གཙང་དྲི་མ་ཀུན་བྱང་ཤོག །ཙན་དན་དམར་པོའི་བསང་དུད་ཀྱིས། །མ་ལྷ་བུ་རྫི་འཁོར་བཅས་བསང་། །ཙན་དན་དཀར་པོའི་བསང་དུད་ཀྱིས། །ཞང་ལྷ་ཕ་ཝཾ་འཁོར་བཅས་བསང་། །དྲི་ཡི་རྒྱལ་པོ་ཨ་ག་རུས། །སྲོག་ལྷ་དཀར་པོ་འཁོར་བཅས་བསང་། །ངད་ཀྱི་རྒྱལ་པོ་མཁན་དཀར་གྱིས། །ལྷན་ཅིག་སྐྱེས་དང་ཕྲག་ལྷ་བསང་། །གསེར་ལོ་འབར་བའི་སྟག་པ་ཡིས། །ཕོ་ལྷ་སྐྱེས་གཅིག་འཁོར་བཅས་བསང་། །དུང་ལོ་འབར་བའི་སུར་དཀར་གྱིས། །ཡུལ་ལྷ་གཉན་པོ་འཁོར་བཅས་བསང་། །གཡུ་ལོ་འབར་བའི་ཤུག་པ་ཡིས། །དགྲ་བླ་དར་མ་འཁོར་བཅས་བསང་། །བཟང་ཤིང་སྣ་ཚོགས་དུད་པ་ཡིས། །ཕ་མ་ཡང་མེས་མཚུན་རྣམས་བསང་། །མི་བུ་གདུང་དྲུག་དགྲ་བླ་བསང་། །སྲིད་པ་ཆགས་པའི་ལྷ་རྣམས་བསང་། །མཁར་ལྷ་ཁྱིམ་ལྷ་ནང་ལྷ༴ ཐབ་ལྷ་ཞིང་ལྷ་ཕྱུགས་ལྷ༴ ཚེ་ལྷ་དབང་ལྷ་ལུས་ལྷ༴ མགྲོན་ལྷ་བྱེས་ལྷ་ལམ་ལྷ༴ ཚོང་ལྷ་གྲོགས་ལྷ་ནོར་ལྷ༴ གཞི་བདག་གནས་བདག་ཡུལ་བདག༴ རིག་འཛིན་བན་བོན་སྲུང་མ༴ ཕ་མེས་རྒྱུད་ཀྱི་སྲུང་མ༴ བསྒྲུབས་ཤིང་བསྟེན་པའི་ལྷ་རྣམས༴ མ་བསྒྲུབ་འཁོར་བའི་ལྷ་རྣམས༴ མགོན་སྐྱོབ་བྱེད་པའི་ལྷ་རྣམས་ལ། །ཇ་ཆང་འོ་སྐོལ་ཕུད་རྒོད་དང་། །ཕྱེ་མར་དཀར་གསུམ་ཟས་ཀྱིས་མཆོད། །རིན་ཆེན་དར་ཟབ་འབྲུ་སྣས་བརྔན། །དབུ་འཕང་གཉན་པོ་ཡར་ལ་བསྟོད། །དམེ་རྨུགས་ནལ་དང་ཐབ་གཞོབ་མཁོན། །རོ་གྲིབ་བང་གྲིབ་ཟས་གོས་གྲིབ། །མནའ་གྲིབ་ཡུགས་གྲིབ་དམ་གྲིབ་སོགས། །ཉམས་གྲིབ་དམུ་གབ་མནོལ་ཆགས་ཀྱིས། །ལྷ་སྲུང་གཉན་ལ་བསྒྲིབས་པ་རྣམས། །བསང་ཁྲུས་རྟེན་འབྲེལ་ཟབ་མོའི་མཐུས། །སྐད་ཅིག་ཉིད་ལ་བྱང་གྱུར་ནས། །ལྷ་ཞལ་ཟླ་ལྟར་དཀར་བ་དང་། །མཐུ་རྩལ་གཟི་འོད་རབ་འབར་བས། །ཉིན་མཚན་རྟག་ཏུ་སྲུང་བྱེད་ཤོག །ཚེ་སྲིངས་དཔལ་སྐྱེད་རིགས་རྒྱུད་སྤེལ། ཁ་རྗེ་དབང་ཐང་སྙན་གྲགས་སྐྱེད། །བར་དུ་གཅོད་པ་ཀུན་ལས་སྐྱོབས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །འདོད་པའི་དོན་ཀུན་འགྲུབ་པར་ཤོག །བསང་མཆོད་འདི་མཆོད་ཕྲིན་མི་འདོན་སྐབས་ཁོལ་ཕྱུང་བྱས་ཀྱང་ཆོག་གོ །དེ་ནས་དཔངས་བསྟོད་ནི། ཀྱེ། དགུང་ལ་ཉི་ཟླ་ཤར་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །གངས་ལ་སེང་གེ་འགྱིང་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མཁའ་ལ་ཁྱུང་ཆེན་ལྡིང་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །སྤྲིན་ལ་གཡུ་འབྲུག་ལྡིར་བ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མཁར་ལ་བ་གམ་བཏགས་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །རྨོག་ཕོར་དར་འཕྲུས་བརྒྱན་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མདུང་ལ་བ་དན་བཏགས་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །མདའ་ལ་སྒྲོ་གསུམ་བསྒྲོན་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །ཅང་ཤེས་དར་སྣས་བརྒྱན་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །དཔའ་བོ་གོ་མཚོན་བསར་པ་བཞིན། །འགོ་བའི་ལྷ་ལྔ་དཔངས་བསྟོད་དོ། །དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །ལྷ་ལྔའི་དབུ་འཕང་དགུང་དུ་བསྟོད། །རྩ་བ་གསུམ་གྱི་བྱིན་རླབས་ཀྱིས། །ལྷ་ལྔའི་བྱིན་ནུས་སྤྲིན་ལྟར་འཁྲིགས། །ཆོས་སྐྱོང་སྲུང་མའི་དྲག་རྩལ་གྱིས། །ལྷ་ལྔའི་མཐུ་སྟོབས་གློག་ལྟར་འཁྱུག །ནོར་ལྷ་གཏེར་བདག་བསོད་ནམས་ཀྱིས། །ལྷ་ལྔའི་དཔལ་འབྱོར་མཚོ་ལྟར་འཁྱིལ། །དཔལ་མགོན་ཕྱོགས་སྐྱོང་གཟི་བརྗིད་ཀྱིས། །ལྷ་ལྔའི་གཟི་མདངས་ཉི་ལྟར་འབར། །ཆོས་ཉིད་ཆོས་ཅན་རྟེན་འབྲེལ་མཐུས། །ལྷ་ལྔའི་མཐུ་སྟོབས་གཟི་བརྗིད་རྣམས། །ཡར་ངོའི་ཟླ་ལྟར་གོང་འཕེལ་ཤོག །སྲུང་བཀོད་ནི། ཀྱེ། སྐྱོབ་བྱེད་མགོན་ལྷ་འཁོར་བཅས་ཀྱིས། །བདག་ཅག་མི་ནོར་རིགས་རྒྱུད་ལ། །མི་འབྲལ་རྟག་ཏུ་སྲུང་སྐྱོབ་མཛོད། །མ་ལྷས་མཆན་ཁུང་གཡོན་ནས་སྲུངས། །བུད་མེད་རྣམས་ཀྱི་མ་ལྷ་མཛོད། །བུ་ཆུང་རྣམས་ཀྱི་རྫི་བོ་མཛོད། །མི་གཡང་དངོས་གྲུབ་བདག་ལ་སྩོལ། །ཞང་ལྷས་རྒྱབ་ཀྱི་ཕྱོགས་ནས་སྲུངས། །མཐོན་པོའི་རྩེ་ནས་བྱ་ར་མཛོད། །དམའ་བའི་ཐང་ནས་མེལ་ཚེ་མཛོད། །མི་ནོར་རྣམས་ལ་ཚེ་གཡང་ཕོབ། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད། །སྲོག་ལྷས་སྙིང་གི་དཀྱིལ་ནས་སྲུངས། །སྲོག་སྐྱོབས་ཚེ་ཡི་མགོན་དང་སྤྲོད། །མི་འཆི་ཚེ་ཡི་རྫི་བོ་མཛོད། །གྲི་ཁ་མཚོན་ལས་ཐར་བར་མཛོད། །ནད་རིམས་རྐྱེན་ལས་ཐར་བར་མཛོད། །ཕོ་ལྷས་མཆན་ཁུང་གཡས་ནས་སྲུངས། ཁ་ནི་ཟས་འདོད་ཟས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །དགྲ་ཕམ་བདག་རྒྱལ་དགྲ་བླ་མཛོད། །སྐྱེས་ལྷས་ཕྲག་པ་གཡས་ནས་སྲུངས། །སྐྱེས་པ་ཕོ་ཡི་སྲོག་རྫི་མཛོད། །ན་ཆུང་སྨན་གྱི་རྩ་དཀར་ཁྲོལ། །བྱ་ར་མེལ་ཚེ་གཡེལ་མེད་མཛོད། །ཡུལ་ལྷས་སྤྱི་བོའི་གཙུག་ནས་སྲུངས། །དགྲ་འདྲེ་གདོན་གསུམ་ཐལ་བར་རློགས། །རྨོངས་སྡུག་དབུལ་གསུམ་ཕྱིར་ལ་ཕུད། །དགེ་ལེགས་དཔལ་འབྱོར་འདུ་བར་མཛོད། །དགྲ་བླས་ཕྲག་པའི་གོང་ནས་སྲུངས། །གཞི་ལ་སྡོད་ན་མགོན་སྐྱོབ་མཛོད། །བྱེས་སུ་སྔོན་བསུ་རྒྱབ་རྟེན་མཛོད། །དཔའ་བའི་ཤུགས་དང་བཙན་པའི་མཁར། །མགྱོགས་པའི་རྟ་དང་རྣོ་མཚོན་མཛོད། །རིག་འཛིན་བན་བོན་སྲུང་མ་དང་། །མཆོད་བསྟོད་བསྟེན་པའི་ལྷ་རྣམས་ཀྱིས། །སྟེང་འོག་ཕྱོགས་མཚམས་ཀུན་ནས་སྲུངས། །དབུ་འཕང་དགུང་སྔོན་ལས་ཀྱང་མཐོ། །ཚེ་སྲོག་ལྷུན་པོ་བཞིན་དུ་བརྟན། །མངའ་ཐང་འཁོར་ལོས་སྒྱུར་དང་མཉམ། །སྙན་གྲགས་གཡུ་འབྲུག་སྐད་ལས་ཆེ། །འབྱོར་པ་དཔག་བསམ་ཤིང་ལས་ཕྱུག །འཁོར་འབངས་གཟའ་སྐར་ལས་ཀྱང་མང་། །རིགས་རྒྱུད་ཆུ་བོའི་གཞུང་ལྟར་རིང་། །བསམ་རྒུ་ཡིད་བཞིན་ནོར་ལྟར་འགྲུབ། །བདེ་ལེགས་བཀྲ་ཤིས་དཔལ་འབར་མཛོད། །བརྟན་བཞུགས་ཕྲིན་ལས་གསོལ་བ་ནི། ཀྱེ། ལྷ་དང་མི་རུ་མ་འབྲལ་ཅིག །དགུང་དང་ཉི་ཟླ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །གངས་དང་སེང་གེ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ཁྱུང་དང་དཔག་བསམ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ལྷོ་སྤྲིན་གཡུ་འབྲུག་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ཆབ་དང་ཉ་མོ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །གོས་དང་གོང་བ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །ལྷ་ལྔ་མི་དང་མ་འབྲལ་ཅིག །ཕ་རོལ་བྱད་མས་ཕྱེས་ན་ཡང་། །ལྷ་ལྔ་མི་དང་མ་འབྲལ་ཅིག །བཙོག་ནལ་མནོལ་གྱིས་གོས་ན་ཡང་། །ལྷ་ལྔ་མི་དང་མ་འབྲལ་ཅིག །མ་རིག་འགལ་འཁྲུལ་གང་ཤོར་ཀྱང་། །ལྷ་ལྔ་མི་དང་མ་འབྲལ་བར། །རྟག་ཏུ་བརྟན་བཞུགས་སྡོངས་གྲོགས་མཛོད། །བདུད་དམག་ཆར་ལྟར་བབས་ན་ཡང་། །ལྷ་ལྔས་ཁང་ཁྱིམ་ལྟར་དུ་སྐྱོབས། །གདོན་བགེགས་དགྲ་ལྟར་གནོད་ན་ཡང་། །ལྷ་ལྔས་ཟིན་ལྟར་སྐྱོབ་པར་མཛོད། །འདྲེ་སྲིན་རྐུན་ལྟར་འཇབ་ན་ཡང་། །ལྷ་ལྔས་ནོར་སྐྱོང་བཞིན་དུ་སྲུངས། །ལྷ་ཡི་འོག་ནས་མི་མ་ཡར། །སྦྲ་ཡི་འོག་ནས་གོད་མ་ལྡངས། །སྲུང་བའི་འོག་ཏུ་གདོན་མ་བཅུག །གཉེན་འོག་ཁ་སྨྲས་མ་གཏང་ཞིག །བདག་ལ་གནོད་པའི་དགྲ་གདོན་བགེགས། །སྲུང་བ་འདི་ལས་མ་འདའ་ཞིག །བཀྲ་ཤིས་གཞུག་ལེགས་གཏའ་འཛུག་གོ །ལོ་བརྒྱ་ཐུབ་པའི་གཏའ་འཛུག་གོ །སྟོན་བརྒྱ་མཐོང་བའི་གཏའ་འཛུག་གོ །གཏའ་འཛུགས་རྟེན་བཅས་རྟག་སྲུངས་ཤིག །བཀྲ་ཤིས་ནད་མེད་བསམ་པ་འགྲུབ་པ་དང་། །ནད་གདོན་འབྱུང་པོ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང་། །རྟག་ཏུ་ཞི་རྒྱས་སྲུང་སྐྱོབ་ཕྲིན་ལས་མཛོད། །རྗེས་ཆོག་ནི། མ་འབྱོར་མ་ཚང་འགལ་འཁྲུལ་གང་མཆིས་རྣམས། །འགྱོད་བཤགས་བཟོད་གསོལ་དག་ཚངས་དབུགས་དབྱུང་སྩོལ། །རྟེན་ལ་བཞུགས་སམ་རང་གནས་ཅི་བདེར་གཤེགས། །མཆོད་བསྟོད་དུས་སུ་སླར་ཡང་འབྱོན་པར་ཞུ། །ཞེས་བརྗོད་ལ་ལྷ་ལྔ་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་རང་གི་ལུས་གནས་རྣམས་སུ་ཐིམ་པར་མོས། མགྲོན་ཐབས་ཀྱི་ལྷ་རྣམས། སརྦ་ལོ་ཀ་སྭ་སྡྱཱ་ནཾ་གཙྪ། ཞེས་རང་གནས་སུ་གཤེགས་པར་མོས་ལ། ལུས་དང་གྲིབ་མ་བཞིན་དུ་ཉིན་མཚན་ཀུན། །འབྲལ་མེད་སྲུང་བ་འགོ་བའི་ལྷ་ལྔ་སོགས། །རིག་འཛིན་བན་བོན་བཀའ་སྐྱོང་ཚོགས་རྣམས་ཀྱིས། །བདེ་སྐྱིད་དཔལ་ལ་སྦྱོར་བའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་བརྗོད་གང་ཤེས་བྱའོ། །འདིས་ཀྱང་ཆོས་ལྡན་སྐྱེ་དགུ་རྣམས། །གནས་སྐབས་བདེ་སྐྱིད་དཔལ་གྱིས་འབྱོར། །མཐར་ཐུག་བསམ་དོན་ཆོས་བཞིན་འགྲུབ། །དོན་གཉིས་ནོར་བུའི་གཏེར་ཐོབ་ཤོག །ཅེས་པ་འདིའང་དད་སོགས་དགེ་བའི་བློ་ཅན་དྷརྨ་བརྡྷ་ནས་ཆེད་དུ་བསྐུལ་ངོར། གྲྭ་མངོན་ཆོས་དབང་སོགས་ཀྱི་གཞུང་དང་ཁྱད་པར་ལོ་ཆེན་བཻ་རོའི་དངོས་སློབ་ལྡི་རི་ཆོས་ཀྱི་གྲགས་པའི་གསུང་དང་བསྟུན་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །། ༈ བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་འཛམ་གླིང་ཡོངས་ལ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །མངྒ་ལཾ་ཛ་ཡ་སིདྡྷི་ཨ་ལ་ལ་ཧོ།། །།
ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་ལས༔ རྣམ་པར་འཇོམས་པའི་སྒྲུབ་ཐབས་ཀྱི་རྩ་བ་ (Volume 45, Text 44)
༄༅༔ ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་ལས༔ རྣམ་པར་འཇོམས་པའི་སྒྲུབ་ཐབས་ཀྱི་རྩ་བ་བཞུགས་སོ༔ ྈྈྈྈྈྈྈ མ་འོངས་བསྐལ་པ་དུས་ཀྱི་མཐའ་མ་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་གྱི༔ འབྲས་བུ་དེས་བསྐྱེད་ནད་དང་གདོན་གྲིབ་སོགས༔ ཁྱད་པར་སློབ་དཔོན་དམ་ཉམས་མཆེད་ལྕམ་མཁོན༔ དམེ་ཡུག་མཛེ་དང་རོ་བག་ལ་སོགས་པ༔ རྣལ་འབྱོར་སྒོ་གསུམ་གྲིབ་ཀྱིས་ཐུམ་པའི་ལྟས༔ བྱིང་འཐིབ་ལུས་ལྕི་ཤེས་རབ་རྩ་ཁ་ཟུམ༔ རྩ་གསུམ་མཁའ་འགྲོ་མི་དགྱེས་མཚན་མ་ནི༔ ཏིང་འཛིན་བྱིང་རྨུགས་རྨི་ལམ་ལུས་སེམས་འཁྲུགས༔ མི་རུང་ནད་དང་སྡུག་བསྔལ་སྣ་ཚོགས་བསྐྱེད༔ གཉེན་པོར་བསྔགས་པ་གསང་བདག་ཐུགས་ཀྱི་ལྷ༔ རྡོ་རྗེ་རྣམ་པར་འཇོམས་པའི་ཉམས་ལེན་དང༔ བུམ་ཆབ་བཀྲུ་བྱབ་གང་འདོད་ལྡེ་ཁ་གཏོད༔ མི་གཙང་སྡིག་སྒྲིབ་བར་ཆད་ཐམས་ཅད་སེལ༔ ལྷ་དང་མཁའ་འགྲོ་མི་གཡེལ་གྲིབ་བཞིན་འགྲོགས༔ དེས་ན་རྗེས་འཇུག་སྙིང་དང་འདྲ་བའི་བུ༔ ཇི་བཞིན་བཀོད་འདི་ཉམས་ལོངས་སྙིང་ལ་རྒྱ༔ ྈྈྈ དང་པོ་གཙང་ཞིང་ཡིད་འོང་དབེན་པའི་སར༔ སྐྱབས་སེམས་སྔོན་འགྲོ་བདག་ཉིད་རྣལ་འབྱོར་བསྒོམ་པ་ནི༔ སྟོང་པའི་ངང་ལས་རྡོ་རྗེ་དཀར་གསལ་ནི༔ ཤེལ་ལྟར་འཚེར་བ་རྩེ་ལྔ་རྒྱ་གྲམ་གྱི༔ མཐའ་སྐོར་པད་དཀར་དྲི་མེད་ཕྲེང་བ་དང༔ རྡོ་རྗེའི་ར་བ་དཀར་པོ་མེ་དཔུང་གི༔ གུར་ཁང་དབུས་སུ་པད་ཟླར་རང་རིག་ནི༔ ཧཱུྃ་དཀར་ག་པུར་ཟེགས་མ་རབ་འཕྲོ་བས༔ འཕགས་པ་མཆོད་ཅིང་སེམས་ཅན་སྡིག་སྒྲིབ་སྦྱངས༔ སླར་འདུས་རང་ཉིད་རྣམ་པར་འཇོམས་པའི་སྐུ༔ རབ་དཀར་ཞི་མ་ཁྲོ་དབྱིབས་སྤྱན་གསུམ་འབར༔ རྫི་སྨིན་དབུ་སྐྲ་དཀར་སེར་གྱེན་དུ་འཁྱིལ༔ རིན་ཆེན་དབུ་རྒྱན་སྙན་ཆ་གདུ་བུས་མཛེས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན༔ དྲི་མེད་ལྷ་ཡི་ན་བཟའ་ལྷབ་ལྷུབ་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་ཅུང་ཟད་འགྱིང་ཚུལ་གྱིས༔ དཔག་ཡས་འོད་ཟེར་འཕྲོ་དབུས་ལྷམ་མེར་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཀྱི་འཕྲོ་འདུ་ལས༔ རང་རིག་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ དབང་གི་ལྷ་ཚོགས་རྣམས་ཀྱིས་བདུད་རྩིའི་ཆུས༔ ཁྲུས་གསོལ་རྒྱུ་ལ་འབྲས་བུའི་རྒྱས་བཏབ་བསྒོམ༔ སླར་ཡང་ཐུགས་ལས་སྤྲུལ་པའི་ལྷ་མོས་མཆོད༔ དུས་གསུམ་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐུ་སྟོབས་ཀུན༔ མི་འགྱུར་གསང་བདག་ཐུགས་ཀྱི་ལྷར་ཤར་བ༔ རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཟླ་སྟེང་དཀར་གསལ་ཡི་གེ་ཧཱུྃ༔ དེ་མཐར་གཟུངས་སྔགས་སྙིང་པོས་བསྐོར་བ་ལས༔ འོད་འཕྲོས་འཕགས་པ་མཆོད་ཅིང་མཁའ་ཁྱབ་ཀྱི༔ འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས༔ ཁྱད་པར་རང་ལུས་བདུད་རྩི་དཀར་བསིལ་གྱིས༔ རྐང་པའི་མཐེབ་སོར་ཚུན་གང་ནད་གདོན་བགེགས༔ སྡིག་སྒྲིབ་ཉེས་ལྟུང་རྒྱུད་དུ་འཁྲིགས་པ་ཀུན༔ དུད་ཁུའི་རྣམ་པར་ཕྱིར་ཐོན་རང་གི་ལུས༔ སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟ་བུའི་དབུས༔ ཙིཏྟའི་གུར་ཁང་ཏིང་འཛིན་སེམས་དཔའི་མཐར༔ སྔགས་ཀྱི་འོད་དཀར་རབ་ཏུ་འབར་བར་བསྒོམ༔ ན་མཿཙཎྜ་བཛྲ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ བུམ་ཆོག་བྱེད་ན་མདུན་དུ་གཞི་དཀར་པོར༔ བུམ་གདན་པད་དཀར་འདབ་བརྒྱད་ལྟེ་བའི་དབུས༔ ཆུ་ཡི་གསེར་རམ་དངུལ་དཀར་བུམ་པ་རུ༔ རྒྱུན་འབབ་ཆུ་གཙང་སྲོག་ཆགས་མེད་པས་བཀང༔ ནོར་བུ་ཡུངས་དཀར་དཱུརྦ་རིན་པོ་ཆེ༔ ཙནྡན་དཀར་པོ་དྲི་མེད་ལེགས་བཏབ་པ༔ ཤེལ་དང་རྡོ་རྗེ་མེ་ཏོག་ཁ་རྒྱན་ཅན༔ དྲི་མེད་རས་དཀར་ཁ་ཚར་མགུལ་པ་བཅིང༔ བུམ་པ་བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང༔ ནང་དུ་རྡོ་རྗེ་རྣམ་པར་འཇོམས་པ་བསྐྱེད༔ ཡེ་ཤེས་སྤྱན་དྲངས་བསྟིམ་ཞིང་རྒྱས་བཏབ་བྱ༔ མཆོད་བསྟོད་གཟུངས་སྔགས་བཟླ་བས་སྔགས་ཕྲེང་དང༔ སྐུ་ཡི་ཆ་ལས་ཡེ་ཤེས་བདུད་རྩིའི་རྒྱུན༔ བབས་པས་བུམ་ཆུར་གཉིས་སུ་མེད་ཐིམ་བསམ༔ མཐའ་མར་ལྷ་ཡང་འོད་ཞུ་བུམ་ཆུ་དང༔ གཅིག་ཏུ་གྱུར་པ་སྣོད་བཅུད་དངོས་པོའི་རིགས༔ གང་ལ་འཐོར་ཡང་མི་གཙང་དྲུངས་འབྱིན་ཅིང༔ ཡེ་ཤེས་དག་པ་ཆེན་པོར་སྦྱངས་པར་བལྟ༔ དེ་ནས་བཀྲུ་བྱབ་མན་ངག་ལྡེ་ཁ་ནི༔ བསྒྲུབ་བྱ་རེ་བའི་སྟན་ལ་གོས་ནག་གྱོན༔ མདུན་དུ་ཁྲུས་སྡེར་བུམ་ཆུ་སྤྱི་བོར་བླུག༔ གཟུངས་སྔགས་ཤམ་བུ་ཨ་པ་ན་ཡ་བཏགས༔ འཐོར་འཐུང་ཁྲུས་བྱ་དཀར་བསིལ་བདུད་རྩིའི་ཆུས༔ སྤྱི་བོ་ནས་ཞུགས་ལུས་ཀྱི་ཕྱི་ནང་ཁྱབ༔ ནད་གདོན་སྡིག་སྒྲིབ་མི་གཙང་སངས་ཀྱིས་དག༔ སླར་ཡང་ཀུ་ཤ་རྨ་བྱའི་མདོངས་ཀྱི་དབུས༔ རྡོ་རྗེ་རྣམ་པར་འཇོམས་པ་སྔགས་ཕྲེང་བཅས༔ འོད་ཟེར་བཟོད་དཀའ་ཀུན་ཏུ་འབར་བ་ཡིས༔ སྡིག་སྒྲིབ་ཐམས་ཅད་ཁྲུས་ཆུར་བསྟིམ་པར་བསམ༔ ཀུ་ཤ་རྨ་བྱའི་མདོངས་ཀྱིས་བྱབ་ཚུལ་བྱ༔ གཟུང་སྔགས་ཤམ་བུར་ཤཱནྟིཾ་ཀུ་རུ་བཏག༔ དེ་ནས་ཁྲུས་ཆུས་བརྫིས་པའི་ངར་གླུད་དང༔ ཆངས་བུ་བརྒྱ་རྩ་ཏིང་ལོ་གཏོར་ཟན་རྣམས༔ བརྒྱ་རྩ་རེ་བཞིན་སམྦྷ་རས་བསྔོ་ཞིང༔ དེ་བཞིན་གཤེགས་པ་བཞི་ཡི་མཚན་བརྗོད་བྱ༔ ཐོག་མེད་དུས་ནས་གནོད་ཅིང་འཚེ་བྱེད་པའི༔ འབྱུང་པོ་ཡི་དྭགས་ས་འོག་ས་སྟེང་དང༔ ས་བླར་རྒྱུ་བ་ཀུན་ལ་ཚིམ་པར་བསྔོ༔ བདག་ཉིད་རྣམ་པར་འཇོམས་པའི་ང་རྒྱལ་གྱིས༔ དྲག་སྔགས་བཟླས་མཐར་ཐུན་བྲབ་སྤོས་ཀྱིས་བདུག༔ སླར་ཡང་གདན་གོས་དྲི་མེད་དཀར་པོ་གྱོན༔ བསྒྲུབ་བྱ་རྣམ་པར་འཇོམས་པའི་སྐུ་རུ་བསྒོམ༔ ལུས་ཀྱི་གནས་ལྔ་ཚིགས་ཆེན་བཞི་དང་རྒྱབ༔ རྡོ་རྗེ་རྒྱ་གྲམ་ཚུལ་བཀོད་རྩ་སྔགས་ཀྱི༔ ཤམ་བུར་རཀྵ་ཀུ་རུ་ཧཱུྃ་བརྗོད་པས༔ རྡོ་རྗེ་དཀར་པོས་གོ་མཚམས་མེད་པ་ཡི༔ ཕྱུར་བུར་བལྟམས་པས་མི་ཆོད་མི་ཤིགས་པ༔ སྲུང་བའི་གོ་ཁྲབ་རབ་ཏུ་འབར་བར་བསྒོམ༔ འདིས་ནི་བདག་གཞན་སྡིག་སྒྲིབ་མི་གཙང་བ༔ ནད་གདོན་བགེགས་སོགས་གནོད་པ་ཐམས་ཅད་དང༔ མཆོག་ལ་སྒྲིབ་པ་ཀུན་ལས་ཐར་བར་འགྱུར༔ མ་འོངས་ཨོ་རྒྱན་གསུང་སྲས་སྙིང་ཐིག་ཏུ༔ མི་འགྱུར་རིན་ཆེན་སྙིང་གར་ཨ་ཐཾ་རྒྱ༔ སཱ་མཱན༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈ ྈྈྈ ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་ཆོས་རྗེ་གླིང་པས་སྤྱན་དྲངས་པའོ།། །།
གཏེར་གསར་ཡང་དག་གི་ལས་བྱང་ཕྲིན་ལས་སྒྱུ་འཕྲུལ་ནས་གསབ་སྟེ་ཅུང་ཟད་རྒྱས་པར་བྱ་བའི་སྐབས། བདུད་རྩི་སྨན་མཆོད་ཀྱི་མཚན་དོན་ (Volume 27, Text 44)
གཏེར་གསར་ཡང་དག་གི་ལས་བྱང་ཕྲིན་ལས་སྒྱུ་འཕྲུལ་ནས་གསབ་སྟེ་ཅུང་ཟད་རྒྱས་པར་བྱ་བའི་སྐབས། བདུད་རྩི་སྨན་མཆོད་ཀྱི་མཚན་དོན་ནི། ཀ་དག་གཏིང་གསལ་རང་བྱུང་གདོད་མའི་མགོན། ཁྱབ་བདག་བླ་མ་ཀུན་ཏུ་བཟང་པོ་མཆོག །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་ལ། སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །འཇམ་དཔལ་བཤེས་གཉེན་རོ་ལངས་བདེ་བའི་ཞབས། །སངས་རྒྱས་གསང་བ་བལ་པོ་ཧཱུྃ་ཀཱ་ར། །པདྨ་ཐོད་ཕྲེང་ནམ་མཁའི་སྙིང་པོ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། ཁྲི་སྲོང་ལྡེའུ་བཙན་ཡེ་ཤེས་མཚོ་རྒྱལ་མ། །ལྷ་སྲས་དམ་འཛིན་མཆོག་གྱུར་བདེ་ཆེན་གླིང་། །མཁྱེན་བརྩེའི་དབང་པོ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །རྡོ་རྗེ་ཁྲག་འཐུང་དབྱིངས་ཕྱུག་རྣལ་འབྱོར་མ། །གཽ་རཱི་མ་བརྒྱད་ཕྲ་མེན་ཌཱ་ཀིའི་ཚོགས། །དཔལ་གྱི་རྣམ་རོལ་བཀའ་སྡོད་དམ་ཅན་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །ཅེས་པའང་ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ་བསྙེན་སྒྲུབ་འབྲེལ་འཇོག་སྐབས་པདྨ་གར་དབང་གིས་སྤེལ།།
སྲིད་པ་མ་མོ་སྒང་ཤར་གྱི་རྒྱུན་གྱི་ཕྲིན་ལས་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ་ (Volume 32, Text 44)
༄༅། །སྲིད་པ་མ་མོ་སྒང་ཤར་གྱི་རྒྱུན་གྱི་ཕྲིན་ལས་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། འཁོར་འདས་དབྱིངས་སུ་མངོན་རྫོགས་དཔལ། །མཁའ་ཀློང་གསང་བར་བཅས་ལ་འདུད། །མ་མོའི་ཕྲིན་ལས་སྙིང་པོ་ནི། །པདྨའི་གསུང་ཉིད་རབ་གསལ་བྱ། །དབེན་པའི་གནས་སུ་དམ་ཚིག་གི་རྟེན་དང་ཕྲིན་ལས་ལ་མཁོ་བའི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་འདུ་བྱས་ཏེ། ཕྲིན་ལས་དངོས་ལ་སྔོན་དངོས་རྗེས་གསུམ་གྱི། དང་པོ་སྔོན་འགྲོ་ནི། རྒྱུན་བཤགས་ཡན་ལག་བརྒྱད་པ་དང་ཚད་མེད་བཞི་སྤྱི་ལྟར་བྱ། མཚམས་གཅོད་ནི། ཧཱུྃ་ཧཱུྃ་ཧ་ཧེ་མ་ཕཊ་བྷྱོ། ཛྙཱ་ན་མ་ཏྲི་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧཱུྃ་ཕཊ། ཧཱུྃ། མ་མོ་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་རྣམས། །འདུ་བ་ལ་ནི་མ་གཏོགས་པའི། །ཐམས་ཅད་འདས་ན་རྡུལ་ཕྲན་བཞིན། །ཡེ་ཤེས་མེ་ཡིས་སྲེག་པར་བྱེད། །འབར་འཕྲོ་འདུ་ཀློང་གསལ་བར་འཁྲིགས། །ཨེ་རཾ། ཕཊ་རཾ། ཏྲག་རཾ། ཁ་རཾ། བཛྲ་ཛྭ་ལ་རཾ། བཤགས་པ་ནི། ཨོཾ་བཛྲ་ས་མཱ་ཛཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཀྱང་། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །བྱིན་འབེབ་ནི། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་བཱན་ས་མ་ཡ་ཧོཿ ས་མ་ཡ་སཏྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །མ་མོ་གསང་བ་ལྷུན་གྲུབ་དཀྱིལ་འཁོར་འདིར། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཛྲ་ས་མ་ཡ་སིདྡྷི་ཕེཾ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། བདུད་རྩི་ལ། བྷྲཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ། སཱུརྻ་ཙནྡྲ་པདྨ་མཎྜ་ལ་ཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། ཧ་ཧ་ཧ་ཧ་ཧ། ཨོཾ་མ་མ་ལཾ་ཏེ་ཧ། ཧཱུྃ་གྷྲྀ་ས་མུ་ཧཾ་ཧ། སྭཱ་ཛྭ་ལ་བ་རཾ་ཧ། ཨཱཾ་བི་ཤ་སནྟི་ཧ། ཧཱ་བི་ཡཾ་ཡཾ་ཏེ་ཧ། བཛྲ། པདྨ། ཛཿཧཱུྃ་བཾ་ཧོཿ ཧྲཱིཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ། བི་ཤུདྡྷེ་ཨ་མྲྀཏ་ཧཱུྃ། བཛྲ་ཨ་མྲྀཏ་ཧཱུྃ། དྷརྨ་ཨ་མྲྀཏ་ཧཱུྃ། ཛྙཱ་ན་མཱ་ཏྲི་ཀྲོ་ཏཱི་ཕཊ། རཀྟ་ལ། བཛྲ་བྷནྡྷ་བྷྲཱུྃ། མ་སཱུརྻ་མཎྜ་ལ། ར་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། གཏོར་མ་ལ། པདྨ་བ་ལིནྟ་བྷྲཱུྃ། ཨོཾ་ཨཱཿཧཱུྃ། བ་ལིནྟ་ཏེ་ཛོ་བ་ལིནྟ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཕྱི་མཆོད་ལ། ཨོཾ་བཛྲ་དཱི་བྱ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་གཱིརྟཱི་ཨཱཿཧཱུྃ། ཞེས་སྔགས་རྒྱས་བརླབ་བོ། །གཉིས་པ་ལ་ཐོག་མར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཏིང་ངེ་འཛིན་གསུམ་ནི། ཧཱུྃ། མ་གཡོས་ཆོས་སྐུ་སྟོང་ཉིད་ལས། །སྙིང་རྗེའི་འོད་ཀྱིས་ཀུན་ཁྱབ་སྟེ། །དབྱིངས་ལས་ཐུགས་རྗེ་འབྱུང་ཚུལ་དུ། །འབྱུང་ལྔ་འདུས་པའི་ཡི་གེ་བསྒོམ། །རྟེན་གཞལ་ཡས་ཁང་བསྐྱེད་པ། ཨེ་ཡཾ་ར་སུཾ་ཀེཾ་རཾ། རང་གྲོལ་རྟོག་པའི་ཕུང་པོ་ལ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ཏེ། །ཕྱི་ནང་མཁའ་ཀློང་རྣམ་པར་དག །སྣང་ལ་དངོས་མེད་ཡེ་ཤེས་འོད། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཙཀྲ་པདྨ་བྷནྡྷ་ཛྙཱ་ན་མཎྜ་ལ་བྷྲཱུྃ། བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །གྲུ་གསུམ་ཟླ་གམ་རྩིབས་བཞི་མཛེས། །པདྨ་བརྒྱད་དང་བཅུ་དྲུག་ལྡན། །སྒོ་ཁྱམས་དུར་ཁྲོད་དཀྱིལ་འཁོར་ལྡན། །གདན་གསུམ་བསྐྱེད་པ། རཏྣ་ཙཀྲ །རིན་ཆེན་འཁོར་ལོ་རྩིབས་བརྒྱད་སྟེང་། །དྲེགས་པ་ཕྱོགས་སྐྱོང་བསྣོལ་བ་ལ། །རྗེ་མོ་བཅུ་བཞི་མཁའ་ལྔ་ཀློང་། །སྐུ་ལྔ་ཉི་ཟླ་པདྨའི་གདན། དེ་བ་སུར་ན་ཡཀྴ་ནཱ་ག་ཡ་མ་རུ་དྲ་ཏི་ར་བཾ། ཨ་ཀེཾ་ཏ་ཀེཾ་ནི་ལ་ལན་ཏ་ནན། སཱུརྻ་པདྨ་ཁ་རག་སྲིང་འགྲོ་ནན། མུ་ཏྲི་ཤན་ཏྲི་དན་ཏྲི་དུན་ཏྲི་ནན། ཀྲོ་ཏཱི་ཤྭ་རཱི་བྷ་ག་ཤཱནྟིཾ་ནན། མུ་ཁ་ལེ་ཧ་ཧ་ཧ་ཧ་ཧ་ནན། བཛྲ་བུདྡྷ་རཏྣ་པདྨ་ཀརྨ། སཱུརྻ་ཙནྡྲ་པདྨ་མཎྜ་ལ་ཨཱཿཧཱུྃ། རྒྱུ་ཞི་བ་བསྐྱེད་པ། ས་བོན་ཨ་ཧཱུྃ་རྡོར་དྲིལ་གྱུར། །བཛྲ་གྷཱཎྜ། ཆུབ་པ་ལྔ་ལས་སྐུ་བསྐྱེད་པ། །རྒྱུ་ཉིད་ཀུན་བཟང་མངོན་རྫོགས་དཔལ། །སྐུ་མདོག་དཀར་པོ་རྡོར་དྲིལ་བསྣམས། །ལོངས་སྤྱོད་ཆས་རྫོགས་བདེ་སྦྱོར་ཡུམ། །གཟུགས་དང་ཉིད་ཞི་བདེ་མཆོག་མ། །སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད། །ཞི་བའི་སྐུ་ལ་ཐུགས་རྗེ་ཅན། །ཆུ་ཟླ་བཞིན་དུ་གསལ་བར་བསྒོམ། །ཨ་ཨ། བཛྲ་བྷ་དྲ་ས་མནྟ་ཨ། ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ཨ། མཁའ་གསང་རྡོ་རྗེ་པདྨ་སྦྱོར། །བཛྲ་ཨེ། ཛཿཧཱུྃ་བཾ་ཧོཿ ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །རིགས་ལྔའི་སྐུ་ཤར་བདུད་རྩི་ཡིས། །སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུས། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛྭ་ལ་རཾ། བི་ཤུདྡྷོ྅་ཧཾ། འབྲས་བུའི་ཧེ་རུ་ཀ་བསྐྱེད་པ། ཚུར་འདུས་འོད་ཟེར་ཨ་དང་ཧཱུྃ། །ཉིད་ལ་ཐིམ་པས་རང་བཞིན་ཁྲོས། །དྲེགས་པ་དབང་དུ་བསྡུ་བའི་ཕྱིར། ཁྲོ་ལ་ཁྲོས་པའི་ཡབ་ཡུམ་བསྒོམ། །ཨ་ཧཱུྃ་སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཉིད་ཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ། མཐིང་ནག་འབར་བ་ཆེན་པོའི་སྐུ །ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས། །དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །གར་གྱི་ཉམས་ལྡན་གཟི་བརྗིད་འབར། །ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས། །ཉིད་ཞི་བདེ་མཆོག་རང་འདྲར་སྦྱོར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །འཁོར་བསྐྱེད་ཕྱིར་མཁའ་གསང་བརླབ། བཛྲ་ཨེ། ཛཿཧཱུྃ་བཾ་ཧོཿ སྦྱོར་བས་བྱང་ཆུབ་སེམས་འཕྲོས་པས། །གནས་བརྒྱད་ལྷ་མཆོད་འགྲོ་དོན་བྱས། །སླར་འདུས་འོད་ཀྱི་ཐིག་ལེར་གནས། །འོད་ཀྱི་དྭངས་མ་ཡིག་འབྲུ་ལས། །ཡེ་ཤེས་ལྷ་ཡི་ཡུམ་དྲུག་བསྒོམ། ཧ་ཧ་ཧ་ཧ་ཧ། མ་མ་ལཾ་ཏེ་ཧ། གྷྲྀ་ས་མུ་ཧཾ་ཧ། བི་ཡཾ་ཡཾ་ཏེ་ཧ། བི་ཤ་སན་ཏི་ཧ། ཛྭ་ལ་བ་རཾ་ཧ། བཛྲ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨ་རྒྱ་ཧཱུྃ། ཟླ་གམ་མདུན་དང་རྩིབས་བཞི་ལ། །ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ། །སེར་དཀར་ལྗང་དམར་སྔོ་བའི་མདོག །གཡས་གཡོན་རང་རྟགས་བྷནྡྷ་འཛིན། །མཆན་གཡས་སྲིད་པ་བདེ་འགྲོ་མཐིང་། །འཁོར་ལོ་ཐོད་འཛིན་བཞེངས་པའི་སྟབས། །སྐྱེད་ཡུམ་བདེ་འགྲོར་སྙོམས་འཇུག་མཛད། །བཛྲ་པདྨ། ཛཿཧཱུྃ་བཾ་ཧོཿ བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ། བདེ་འགྲོའི་ཐུགས་འོད་མཆན་གཡོན་འཕྲོས། །དཀར་མོ་ཉི་ཟླ་ཐོད་ཕྲེང་ནི། །དྲིལ་ཞགས་པདྨ་བྷནྡྷ་ཐོགས། །གདན་འོག་ལས་ཀྱི་མ་མོ་རྣམས། །བསྣུར་ཏེ་རང་རང་གནས་སུ་བཞག །ཨ་ཡཾ། ཐབས་དང་ཤེས་རབ་ས་བོན་དང། །རང་རང་མཚུངས་ལྡན་འོད་ཟེར་ལས། །བསྒོམ་བྱའི་མ་མོ་བཅུ་གསུམ་པ། །དྲུག་ཅུ་རྩ་བརྒྱད་རྫོགས་པར་བསྒོམ། །བཛྲ་སཱུརྻ། བཛྲ་པདྨ། བཛྲ་ཁ་རག །བཛྲ་སྲིང་འགྲོ། ཨོཾ་མུ་ཏྲི། ཨ་ཤན་ཏྲི། བྷ་ག་དན་ཏྲི། ཁ་མུན་དུན་ཏྲི། བཛྲ་ཨ་ཀེཾ །བཛྲ་ཏ་ཀེཾ །བཛྲ་ནི་ལ། བཛྲ་ལནྟ། འདབ་བརྒྱད་ཕྱོགས་བཞིར་ཁྲོས་མ་བཞི། །དཀར་སྔོ་དམར་ལྗང་གཡས་རང་རྟགས། །དགྱེས་སྡེ་མ་བཞི་ཕྱོགས་ཀྱི་མདོག །ཞིང་དབྱུག་ཐོགས་པ་ལྷན་ཅིག་འཁོད། །མཚམས་སུ་སྦས་པའི་མ་མོ་བཞི། །རིགས་ཀྱི་མདོག་ཅན་གཡས་ཞིང་ཆུང་། །ཀུན་ཀྱང་གཡོན་པས་ཐོད་ཁྲག་ཐོགས། །དུར་ཁྲོད་ཆས་རྫོགས་འདོར་ཐབས་བཞེངས། །བཛྲ་ཟ་རཾ་གྲཾ །བཛྲ་ཁ་རག་སྙིང་། ཏྲག་རཀྴ །རེ་མ་ཏི། བཛྲ་པདྨ། རཀྴ་ཀྲོ་དྷཱི་ཤྭ་རཱི། ཏྲཀྨོ། རཀྴ། ཧར་ཏིང་། དུནྟིང་། ཤཱནྟིཾ། གྲུབ་ཏིང་བྷྱོ། པྲ་བྷ་ན་རཱ་ག་ཏིཔྟ། པྲ་གྷི་ཝཾ་གྷི། ཨ་ཏིང་། བ་ཏིང་། སུ་ཏིང་། མུ་ཏིང་། ཏེ་པཾ། ཨ་པར་ལནྟ། ད་ལ་དུན་ཏི། དྷི་ནམ་མ་ཡས་བྷྱོ། བཛྲ་རུ་ལུ་མ་མ་རཀྴ་བྷྱོ། རཏྣ་རུ་ལུ་མ་མ་ཡ་མ་བྷྱོ། པདྨ་རུ་ལུ་མ་མ་ནཱ་ག་ལེ་བྷྱོ། ཀརྨ་རུ་ལུ་མ་མ་ཡཀྴ་ཁ་རག་བྷྱོ། ཕྱི་རིམ་པདྨ་བཅུ་དྲུག་ལ། །ཤར་དུ་ཆགས་བྱེད་ཆ་སྙོམས་གཉིས། །ཤར་ལྷོར་ནམ་མཁའི་རྒྱལ་མོ་སྤུན། །ལྷོ་རུ་ཧར་ཏིཾ་ཀུན་གྲགས་མ། །ལྷོ་ནུབ་ཀུན་བཟང་དུནྟིང་སྟེ། །ནུབ་ཏུ་ཀུན་སྒྲོལ་ཡེ་ཤེས་མཆོག །ནུབ་བྱང་ཤཱནྟིཾ་འོད་ཆགས་མ། །བྱང་དུ་གསལ་འཕྲོ་གཡུ་སྒྲོན་མ། །བྱང་ཤར་འདོད་ཁམས་གཙོ་མོ་གསུམ། །གྲུབ་ཏིང་ཨེ་ཀ་ཛཱ་ཊི་གཉིས། །འདོད་ཁམས་མེ་མཚམས་བར་མའི་མཆན། །གྲུ་ཆད་དམག་གི་རྒྱལ་མོ་བཞི། །ནང་གི་སྒོ་བཞིར་སྲིང་བཞི་སྟེ། །དེ་ལྟར་དམན་མོ་ཉེར་བརྒྱད་པོ། །རིགས་ཀྱི་ཁ་དོག་རང་རྟགས་ཀྱི། །མཚོན་ཆ་སྣ་ཚོགས་བནྡྷ་འཛིན། །མཛེས་པའི་ན་བཟའ་སྐུ་ལ་གསོལ། །ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །གདོན་འདུལ་འཇིགས་པའི་ཐོར་ཚུགས་ཅན། །ཕྱོགས་མདོག་རང་རྟགས་ཐོད་པ་ཐོགས། །ཞིང་རྐྱང་གདན་ལ་གར་ཐབས་བཞེངས། །བདུན་ཅུ་རྩ་དྲུག་དཀྱིལ་འཁོར་ལྷ། །གསལ་སྟོང་ཆུ་ཟླ་ལྟ་བུར་བསྒོམ། །དབང་བསྐུར་བ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ། ཨཱ་དར་ཤ །ས་མཱ་ཏཱ། པྲ་ཏྱ་བེཀྵ་ཎ། ཀྲྀ་ཏྱཱནུཥྛཱ་ན། ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། རིགས་ལྔས་དབང་བསྐུར་བདུད་རྩིའི་ཆུས། །ལུས་གང་ལྷག་མ་གྱེན་འཁྱིལ་བས། །ཡུམ་དྲུག་རིགས་ལྔའི་ཧེ་རུ་ཀ །རྗེ་མོ་བཅུ་གསུམ་རྟག་རྒྱལ་ཡུམ། །དམན་མོ་ཉེར་བརྒྱད་བདེ་འགྲོ་མ། །དབང་ཕྱུག་རིགས་ཀྱི་མཚན་མས་བརྒྱན། །ཡེ་ཤེས་ཀྱི་འཁོར་ལོ་དྲང་བསྟིམ་ཕྱག་དང་དམ་བཅའ་གཟུང་བ་ལ། བཛྲ་ས་མ་ཡ་ཛཿ ཧཱུྃ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ན། །རང་བྱུང་ཆེ་མཆོག་ཁྲོ་བོའི་སྐུར་བསྟན་པ། །དབྱིངས་ལས་སྤྲུལ་པའི་མ་ཚོགས་ལྷུན་གྱིས་གྲུབ། །གདུག་པ་འདུལ་ཕྱིར་འཁོར་བཅས་གཤེགས་སུ་གསོལ། ཨོཾ་ཨེ་ཧྱེ་ཧི་ཤྲཱི་ཧེ་རུ་ཀ་ཛྙཱ་ན་མཱ་ཏྲྀ་མ་ཧཱ་ཀུ་རུ་དྲྀ་ཤྱ་ཧོཿ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ དཔལ་ཆེན་བླ་མེད་ཧེ་རུ་ཀ །དབྱིངས་ལས་ཡེ་ཤེས་དམན་མོའི་ཚོགས། །ཞིང་བསྣོལ་ཞིང་རྐྱང་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ། ཛྙཱ་ན་མཱ་ཏྲྀ། ཏཱིཔྟ་བཛྲ། ཆོས་ཉིད་རང་བྱུང་མཁའ་དབྱིངས་དག་པ་ནས། །འགག་མེད་རང་བྱུང་ལོངས་སྤྱོད་རྫོགས་སྐུར་ཤར། །གདུལ་བྱའི་དབང་གིས་ཁྲོ་མོའི་སྐུར་བསྟན་པ། །ཤེས་རབ་ཡུམ་གྱི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ བདེ་གཤེགས་ཞལ་ནས་གསུངས་པ་ཡི། །རྩ་བ་ཡན་ལག་དམ་ཚིག་རྣམས། །རང་བཞིན་རྫོགས་པའི་ས་མ་ཡ། །མི་འདའ་བ་རུ་དམ་བཅའ་འོ། །ས་མ་ཡ་ཧཱུྃ། ལས་ཀྱི་མ་མོ་རྣམས་ལྟ་སྤྱོད་ཀྱིས་དབང་དུ་བསྡུ་བའི་དགོངས་པ་གསལ་བཏབ་ལ། བྱང་ཆུབ་སེམས་ནི་ཡེ་ནས་དག །དེ་ལ་བསད་ཅིང་གཟུང་དུ་མེད། །རྟོགས་ན་མ་མོ་ལོག་ན་མེད། །མཁའ་ཀློང་རང་སེམས་ཁྱད་པར་ཡིན། །དྷརྨ་དྷཱ་ཏུ་ཨ། ཡེ་ཤེས་ཐུགས་རྗེའི་དཀྱིལ་འཁོར་དུ། །ཡུམ་དྲུག་ཆགས་པས་གདན་དུ་བཏིང་། །མཚུངས་ལྡན་འོད་ཟེར་ལྕགས་ཀྱུ་ཡིས། །ཡེ་ཤེས་སྟོབས་ཀྱི་ལས་དབང་མནན། །ཀརྨ་རཀྨོ་ཏྲི་ཏིསྟ་ནན། ཏྲ་ཐ་ཕཊ་ནན། མ་ཧཱ་རཀྟ་ཙིཏྟ་ས་ཧ་ར་ཎ་ཧཱུྃ། ཧཱུྃ། ང་ནི་ཁྲག་འཐུང་ཁྲོ་བོའི་རྗེ། །སྡང་ངར་སྲིད་པའི་མ་མོ་འདུལ། ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་བཅོལ་ཁྱེད་ཀྱིས་སྒྲུབས། །ཛཿཧཱུྃ་ཏི་མ་བྷྱོ་མ་མ་བྷྱོ། རུ་ལུ་དྲགྨོ་བྷྱོ། ཕྱག་རྒྱ་གར་མཆོད་ནི། ཧཱུྃ། ལག་གི་འདུ་བྱེད་བསྒོམ་པ་ནི། །ཡེ་ཤེས་ལྔ་ཡི་འཕྲོ་འདུ་ལས། །མཆོད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་རྒྱའི་མཆོད་པས་མཉེས་གྱུར་ཅིག །མུ་དྲ་པཱུ་ཛ་ཧོཿ ཕྱི་མཆོད་ནི། བཛྲ་དཱི་བྱ། བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ །བཛྲ་གྷནྡྷེ། བཛྲ་ནཻ་བིདྱཱ། བཛྲ་གཱིརྟཱི་ཧཱུྃ། སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །དཔལ་ཆེན་ཆེ་མཆོག་ཡབ་ཡུམ་དང་། །མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། དངོས་གྲུབ་བླངས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གཏོར་མ་རཀྟ་སྦྱོར་སྒྲོལ་དོན་མཆོད་ནི། འདོད་ཡོན་མ་ཆགས་གཏོར་མ་དང་། །རང་བྱུང་བདུད་རྩི་ཨ་མྲྀཏ། །ཐུགས་རྗེ་ཆགས་པའི་རཀྟ་དང་། །རྣམ་རྟོག་ཆོས་ཉིད་དབྱིངས་སུ་སྒྲོལ། །ཡུམ་ནི་ཆོས་ཀྱི་དབྱིངས་སུ་སྦྱར། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །མ་ཧཱ་བ་ལིཾ་ཏ། པཉྩ་ཨ་མྲྀཏ། མ་ཧཱ་རཀྟ། ཏ་ན་ག་ཎ་པཱུ་ཛ་དྷརྨ་དྷཱ་ཏུ་ཨ། བཟླས་པ་ནི། གཙོ་བོར་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་ཅི་ནུས་བྱ། སྙིང་པོའང་དེ་ལྟར་གྲུབ་ན་ལེགས། ངག་བཟླས་སྤྲོ་ན། སྔགས་ཕྲེང་སྤྲོ་བསྡུ་རིམ་གསུམ་བྱས་ཀྱང་རུང་ལ། འདིའི་ཁྱད་ཆོས་ལུས་གནས་ཀྱི་རྩ་སོ་སོར་དྭངས་མའི་ཐིག་ལེ་མ་མོའི་ངོ་བོར་ཡེ་ནས་གནས་པ་རྣམས་དེ་དང་དེར་ངེས་ཤེས་བསྐྱེད། དེ་ལས་འོད་ཟེར་སྤྲོ་བསྡུ་བྱ། སྙིང་པོ་ནི། ཨོཾ་བཛྲ་བོ་དྷི་ཙིཏྟ་ས་མ་ཡ་ཧོཿ ཞེས་དང་ཕྲིན་ལས་ཆེན་མོ་ལྟར་བཟླས་ཀྱང་རུང་། བསྟོད་པ་ནི། ཧཱུྃ། མཉམ་ཉིད་མི་གཡོ་བདེ་ཆེན་ཆོས་ཉིད་ལ། །ཡེ་ཤེས་ལྔ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཀྱི་བདག །དཔལ་ཆེན་བདེ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ལས་བསྐྱེད། །སྐྱེ་འགྲོ་མ་ལུས་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས། །འབྱུང་བ་ལྔ་ཉིད་ཡུམ་གྱི་བྷ་གའི་ཀློང་། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་བསྟོད། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་ལ་ཡི་གེ་བརྒྱ་པས་ནོངས་པ་བཤགས་སོ། །གསུམ་པ་རྗེས་ཚོགས་མཆོད་སྤྲོ་ན། ཚོགས་རྫས་རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་བརླབ། སྤྱན་དྲང་བ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་ཆེ་མཆོག་ལྷུན་རྫོགས་རིགས་ཀྱི་གཙོ། །དབྱིངས་ཀྱི་ཡུམ་མཆོག་ཉིད་ཞི་མུ་ཁ་ལེ། །ཡང་གསང་སྦས་མ་དྲུག་གི་གཙོ་མོ་དང་། །བདེ་འགྲོ་ལ་སོགས་ཡེ་ཤེས་མཁའ་འགྲོ་མ། །ཆགས་བྱེད་ལ་སོགས་སྲིད་པ་དམན་མོའི་འཁོར། །མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །རྣལ་འབྱོར་ལོངས་སྤྱོད་ཚོོགས་ལ་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཛྙཱ་ན་མཱ་ཏྲི་མཎྜལ་ཨཱ་གད་ཚ་ཡ། དྲྀ་ཤྱ་ཧོཿ ཛཿཛཿཛཿ མཆོད་པ་ནི། ཧཱུྃ། དུར་ཁྲོད་དམར་སྨུག་བསྐལ་པའི་དཀྱིལ་འཁོར་ནས། །དབང་གི་དཀྱིལ་འཁོར་ཉིས་སྟོང་ཤར་བའི་འོད། །ཉིད་ཞི་ཁ་ལེ་བྷ་གའི་ཀློང་ལྔ་ནས། །རྟག་པའི་རྒྱལ་མོ་དབྱིངས་ཕྱུག་ཡུམ་རྣམས་དང་། །ཡེ་ཤེས་མ་ཚོགས་ཕྲ་མེན་ཐོད་ཕྲེང་དང་། །ཅི་བགྱིས་བཀའ་ཉན་སྲིད་པ་དམན་མོའི་ཚོགས། །བྷནྡྷ་སྣོད་བཅུད་དམར་ཆེན་བསྐྱིལ་བ་དང་། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་ཀྱི་མཆོག །སྨན་ཆེན་ལྔ་དང་ཚེ་དང་འདོད་ཡོན་ལྔ། །སྦྱོར་དང་སྒྲོལ་བའི་བདུད་རྩི་ཆེན་པོ་འདི། །མ་ཚོགས་ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །བཤགས་པ་ནི། ཧཱུྃ། རང་རིག་ཡེ་ནས་སྐྱེ་མེད་སྟོང་པའི་དལ། །འབྱུང་བ་ཡེ་ནས་མི་རྟོག་སྣ་ཚོགས་མ་མོའི་དལ། །རང་རིག་རང་བྱུང་ཡིན་པར་མ་ཤེས་པས། །མ་ཚོགས་སྤྱན་སྔར་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡིག་བརྒྱ་བརྗོད། བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱཾ་ཛཿཧཱུྃ་བཾ་ཧོཿ ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །ཡེ་ཤེས་མཚོན་ཆེན་དབལ་རྣོན་གྱིས། །ལོག་རྟོག་འཁོར་བ་རྒྱུན་བཅད་དོ། །མ་མ་ཏྲག་རཀྴ་ཆེ་གེ་མཱ་ར་ཡ་ཤག་ཏི་རྦད། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང་། །ཡེ་ཤེས་མ་མོ་མཁའ་འགྲོའི་ཚོགས། །ཞལ་ནི་ཧོམ་ཁུང་གདངས་པ་འདྲ། །ལྗགས་ནི་མེ་ལྕེ་འཁྱུག་པ་འདྲ། །མཆེ་བ་གངས་རི་གཏམས་པ་འདྲ། །དགྲ་བགེགས་བསྒྲལ་པའི་ཕུང་པོ་འདི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། དེ་ནས་ནང་གི་ཚོགས་འཁོར་གྱི་ཚུལ་དུ་རོལ། ལྷག་མ། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཨེ་ཨཱ་རལླིས་མགྲོན་བཀུག་ལ། ཧཱུྃ། དབང་ཕྱུག་མ་སྲིང་མཁའ་འགྲོ་མ། །འབར་མ་གིང་དང་ཕོ་ཉ་དང་། །མ་མོའི་བཀའ་སྲུང་དམ་ཅན་རྣམས། །འདིར་གཤེགས་ལྷག་མའི་མཆོད་པ་བཞེས། །སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སི་སྭཱ་ཧཱ། ཞེས་ཕྱི་རོལ་དུ་འབུལ། རྗེས་ཆོག་མཆོད་བསྟོད་ཡོད་མེད་ཇི་ལྟར་བྱས་ཀྱང་ཆོག །བསྡུ་ལྡང་ནི། དག་པའི་འཁོར་ལོའི་སྣོད་དང་བཅུད། །རིམ་གྱིས་གཞལ་ཡས་ཁང་ལ་བསྡུ། །དེ་ཡང་འོད་ཞུ་འཁོར་རྣམས་ལ། །འཁོར་རྣམས་འོད་ཞུ་གཙོ་བོར་ཐིམ། །གཙོ་བོ་ཉིད་ཞི་མུ་ཁ་ལེ། །ཀུན་གཞི་ཆོས་ཀྱི་དབྱིངས་སུ་བསྡུ། །སླར་ཡང་དཔལ་ཆེན་སྐུ་གསུང་ཐུགས། །འབྲུ་གསུམ་ཡེ་ཤེས་ཕྱག་རྒྱས་བསྲུང་། །ཨོཾ་ཨཱཿཧཱུྃ། བསྔོ་སྨོན་ནི། ཧོཿ མ་རྒྱུད་དཀྱིལ་འཁོར་བྱིན་རླབས་ཀྱིས། །དཀྱིལ་འཁོར་རྣམ་གསུམ་གསལ་བ་ཡི། །ཏིང་འཛིན་འབུམ་ཕྲག་དུ་མ་ལ། །དབང་ཐོབ་རང་གྲོལ་སངས་རྒྱས་ནས། །འགྲོ་དོན་མཐའ་རུ་ཕྱིན་པར་ཤོག །ཤིས་བརྗོད་ནི། སྣོད་ཀྱི་འཇིག་རྟེན་མ་སྐྱེས་ཡུམ་གྱི་ཀློང། །བཅུད་ཀྱི་སེམས་ཅན་མ་འགགས་ཡབ་ཀྱི་མཁའ། །གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག །ཅེས་སོགས་རྒྱས་པར་བརྗོད་དོ། །འདིས་ཀྱང་གཟུང་འཛིན་རྟོག་འཁྲུལ་ཀུན། །མ་རྒྱུད་ཡེ་ཤེས་ཕྱག་རྒྱར་སད། །མངོན་རྫོགས་དབྱིངས་སུ་བྱང་ཆུབ་ནས། །ཟུང་འཇུག་དཀྱིལ་འཁོར་སྤྲོ་བྱེད་ཤོག །འདིའང་ཟབ་ཅིང་ངོ་མཚར་ཉེར་མཁོའི་ཁྱད་པར་ཅན་དུ་སྣང་བས་རྒྱལ་དབང་པདྨའི་རྡོ་རྗེའི་གསུང་ལ་གོ་སླའི་མཚམས་སྦྱོར་དང་ཁ་འཕང་དཀྱུས་སུ་བཙུད་ནས། ཟབ་ལུང་གཉིས་པ་རྫོང་དྲུག་འདུས་པའི་གནས་སུ་དུས་མཐའི་སྔགས་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།། །།
ཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད་ (Volume 41, Text 44)
༄༅༔ ཞི་ཁྲོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་དྲི་མེད་བཤགས་རྒྱུད་ཅེས་བྱ་བ་བཞུགས་སོ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱ་འཚལ་ལོ༔ རྡོ་རྗེ་པདྨ་འབྱུང་གནས་ངས༔ སྐྱོ་ངལ་མེད་པའི་མཚོ་རྒྱལ་ལ༔ ན་རག་གནས་ཀྱང་དོང་སྤྲུགས་པའི༔ ཉུང་འདུས་མན་ངག་ཟབ་མོ་འདི༔ རྒྱུན་གྱི་ཡི་དམ་ནར་མ་འོ༔ འདི་ཡི་ཕན་ཡོན་བསྟན་པ་ནི༔ རྒྱལ་བ་དགོངས་པ་འདུས་པ་ཡི༔ ཀློང་ཆེན་རྒྱུད་ནས་འདི་སྐད་གསུངས༔ སྒྱུ་འཕྲུལ་རྒྱལ་བ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ཚོགས་དེ་དག་གི༔ མཚན་རྣམས་ལན་གཅིག་བརྗོད་བྱེད་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ དམ་ཚིག་ཉམས་ཆག་སོར་ཆུད་ནས༔ ན་རག་གནས་ཀྱང་དོང་ནས་སྤྲུགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཚེ་འདིར་བདེ་ལེགས་ཕུན་སུམ་ཚོགས༔ ཚེ་འདས་སྐུ་གདུང་རིང་བསྲེལ་འབྱུང༔ ཕྱི་མ་རིག་འཛིན་ཞིང་དུ་འགྲོ༔ དེ་སྐད་ཀློང་བཤགས་རྒྱུད་ནས་གསུངས༔ དེ་ཕྱིར་སྔགས་ཀྱི་སྒོར་ཞུགས་ནས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ ཉམས་ཆག་བསྐང་ཕྱིར་ཕྱག་འཚལ་ཞིང༔ ཨེ་མ་ཧོ༔ ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འདིར༔ ཕྱོགས་བཅུ་དུས་བཞི་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ རིན་ཆེན་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཀུན་བཟང་ཆོད་པའི་སྤྲིན་གྱིས་མཆོད་པར་བགྱི༔ ཨ་ལ་ལ་ཧོ༔ དོན་དམ་ཆོས་དབྱིངས་ཡུམ་གྱི་བྷ་གའི་ཀློང༔ མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་རབ་ཏུ་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་ཞི་བའི་ཚུལ་དགུ་ལྡན༔ སངས་རྒྱས་བཞི་བཅུ་གཉིས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་མངའ་བརྙེས་པ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་མཛད་མ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་མཆོག་སྟེ༔ ཉོན་མོངས་སྤྱོད་པའི་རྐྱེན་དང་བྲལ་བ་ཡི༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་བཅས༔ བདུག་སྤོས་མེ་ཏོག་སྣང་གསལ་དྲི་ཆབ་མ༔ རྒྱལ་བའི་དཀྱིལ་འཁོར་མཆོད་པས་མཉེས་མཛད་མ༔ མཆོད་པའི་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང༔ བདུད་ཀྱི་དཔུང་དང་བགེགས་ཚོགས་རྣམ་པར་འཇོམས༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲིཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ རྟག་ཆད་ལྟ་འབྱིན་གསང་བ་ཡུམ་གྱི་ངང༔ མི་མཐུན་ཕྱོགས་འཇོམས་རབ་འཇིགས་ཁྲོ་མོའི་ཚུལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོང༔ འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཁྲོ་བོ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༔ རྒོད་དང་གཤེ་ལ་ཁྲོ་བར་བསྟན་པ་དང༔ སྙིང་རྗེ་རྔམས་དང་ཞི་བར་སྐུར་སྟོན་པ༔ འབར་བ་ལྔ་བཅུ་བརྒྱད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་པ༔ གདུག་པ་འདུལ་མཛད་ཁྲོ་ཆེན་འབར་བའི་སྐུ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཁྲོ་རྒྱལ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ དགྱེས་པ་སྐྱེད་ཕྱིར་དུང་ཁྲག་ཡབ་ལ་སྟོབ༔ ཁྲོ་མོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ ཀྲོ་ཏི་ཤྭ་རཱི་ཡུམ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཐབས་མཁས་མ་རུངས་འདུལ་མཛད་ཅིང༔ ཡེ་ཤེས་མཚོན་ཆས་ཉོན་མོངས་མ་ལུས་འཇོམས༔ སྲིད་གསུམ་བླ་མེད་དབྱིངས་སུ་སྒྲོལ་མཛད་པ༔ རིགས་བཞི་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་ལོ༔ ཁྲག་འཐུང་སོ་སོའི་ཡབ་ཀྱི་སྐུ་ལ་འཁྲིལ༔ ཁྲོ་མོའི་གཟུགས་ཀྱིས་ལོག་ལྟ་ཟིལ་གྱིས་གནོན༔ འགྲོ་རྣམས་ཐུགས་རྗེས་འདྲེན་ཕྱིར་མཛད་པའི་ཡུམ༔ རིགས་བཞི་ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ སྒེག་མོ་ལ་སོགས་འབར་བའི་ཉམས་ལྡན་ཞིང༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་སླས་སུ་བཞུགས༔ ཀོའུ་རཱི་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ༔ སིང་ཧ་ཕྲ་མེན་བརྒྱད་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ འགུགས་དང་འཆིང་སྡོམ་མྱོས་པའི་ལས་ཀུན་མཛད༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་བསྲུང༔ སྒོ་སྲུང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་འགྲོ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ སྲིན་མོའི་ཆ་ལུགས་འཇིགས་པའི་མགོ་བརྙན་ཅན༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང༔ མི་དགེ་ཚར་གཅོད་དགེ་བཅུ་དོན་དུ་བསྐུལ༔ ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་དག་གི༔ མཚན་ནི་ལན་གཅིག་བརྗོད་བྱེད་ཅིང༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ དུས་གསུམ་སངས་རྒྱས་ཡོན་ཏན་ཀུན་རྫོགས་ཤིང༔ གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་མཛད་པ༔ བླ་མ་རིགས་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ལྔ་ལས་སྐུར་བཞེངས་པ༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་དབྱིངས་ལས་གྲུབ་པ་མོ༔ དབྱིངས་ཕྱུག་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ༔ རྒྱུ་འབྲས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ཎ་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་མངའ་མཛད་མ༔ འཇིགས་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་མ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ བཅོམ་ལྡན་འདས་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡང་སྙིང་ཡི་གེ་བརྒྱ་པ་འདི༔ བདུན་ནམ་ཉི་ཤུ་རྩ་གཅིག་གམ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང༔ ཉམས་ཆག་ཀུན་ཀྱང་བྱང་གྱུར་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྲས་ཀྱི་དམ་པར་དགོངས་པར་འགྱུར༔ ཧོ༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགོངས༔ རྒྱལ་བའི་བཀའ་དང་བླ་མའི་ལུང༔ ཇི་བཞིན་མ་སྤྱད་ལུང་དང་འགལ༔ གསང་སྔགས་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་ནི༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བླ་མ་རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ལ་སོགས་པ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ མི་དགེ་བཅུ་ཡི་ལས་བགྱིས་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆེད་ལྕམ་ལ༔ མ་གུས་ཉེས་པར་བྱས་ལ་སོགས༔ སྐུ་ཡི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ བསྐྱེད་རྫོགས་བཟླས་སྒོམ་བར་ཆོད་ཅིང༔ ཚོགས་དང་གཏོར་མ་ཆག་ལ་སོགས༔ གསུང་གི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཉམས་དང་མ་སྨིན་སེམས་ཅན་ལ༔ གསང་བ་བསྒྲགས་པ་ལ་སོགས་པ༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ སྤྱད་བྱ་ལྔ་དང་མི་སྤང་ལྔ༔ བླང་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ ཤེས་པར་བྱ་བ་ལྔ་ལ་སོགས༔ ཡན་ལག་དམ་ཚིག་ཉམས་ཆག་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱི་བཤགས་པར་བགྱི༔ ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་ཀྱི་མཆོད་པ་ཆག༔ བསྙེན་སྒྲུབ་ཏིང་འཛིན་མ་གསལ་ལྟ་བ་ལོག༔ ཕུད་དང་གཙང་སྦྲ་མ་མཆིས་འབགས་བཙོག་ཤོར༔ ལེ་ལོ་སེར་སྣའི་དབང་དུ་གྱུར་པ་རྣམས༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ འདི་ནས་བཟུང་སྟེ་བྱང་ཆུབ་མཆིས་ཀྱི་བར༔ སྡིག་པ་མི་དགེའི་ལས་སུ་གྱུར་པ་ཀུན༔ ལུས་དང་སྲོག་ལ་བབ་ཀྱང་མི་བགྱིད་པའི༔ རྒྱལ་བ་ཁྱེད་ཀྱི་སྤྱན་སྔར་དམ་འཆའ་འོ༔ ཁྱེད་ཀྱི་ཐུགས་རྗེས་བཏང་སྙོམས་མ་མཛད་པར༔ བྱམས་བརྩེ་ལྡན་པས་བུ་བཞིན་བསྐྱང་དུ་གསོལ༔ དེ་ལྟར་མཐོལ་ཞིང་བཤགས་པ་ཡིས༔ བདག་ཅག་གསང་སྔགས་སྒོར་ཞུགས་རྣམས༔ རྩ་བ་ཡན་ལག་དམ་ཚིག་གི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་ལ་སོགས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག༔ ཏ་ན་ག་ཎའི་ལྟ་སྤྱོད་དབང༔ སེམས་ཀྱི་རྟོགས་པ་ཐོབ་གྱུར་ཅིག༔ དེ་ལྟ་བུ་ཡི་འགྱོད་ཚངས་ཀྱིས༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ ལུས་ངག་ཡིད་གསུམ་སྒྲིབ་བྱང་ཞིང༔ ན་རག་གནས་ཀྱང་དོང་སྤྲུགས་ནས༔ འགྲོ་དྲུག་གནས་ནས་ཐར་གྱུར་ཅིག༔ ལམ་ལྔ་ས་བཅུའི་རིམ་པ་རྣམས༔ སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ སངས་རྒྱས་སྐུ་གསུམ་ཐོབ་པར་ཤོག༔ དེ་ལས་བྱུང་བའི་དགེ་བ་ཡིས༔ གསང་སྔགས་རྡོ་རྗེ་ཐེག་པ་རྣམས༔ བཀའ་བཙན་བྱིན་ཆེ་དར་གྱུར་ཅིག༔ ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག༔ གསང་སྔགས་འདི་བསྒྲགས་རྒྱལ་ཁམས་སུ༔ མི་ནད་ཕྱུགས་ནད་ཞི་གྱུར་ཅིག༔ མི་དང་ལོ་ཕྱུགས་ལེགས་གྱུར་ཅིག༔ དགེ་འདུན་དགེ་བཅུ་སྤྱོད་གྱུར་ཅིག༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ༔ ཞེས་གསུངས་སོ༔ རྣལ་འབྱོར་གྱི་སྤྱི་ཁྲུས༔ ན་རག་དོང་སྤྲུགས་འགྱོད་ཚངས་ཀྱི་རྒྱལ་པོ༔ སློབ་དཔོན་པདྨས་ཇོ་མོ་མཚོ་རྒྱལ་ལ་ཐུགས་དམ་ནར་མར་གདམས་པའོ༔ གསང་སྔགས་འདི་ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་མཚམས་མེད་པ་ལྔ་ཡང་དུང་ཕྱིས་པ་ལྟར་འགྱུར་ཞེས་དགོངས་འདུས་ཀློང་ཆེན་རྒྱུད་ནས་གསུངས་སོ༔ དེ་བས་འདི་ལ་ཡི་དམ་བྱེད་པ་གལ་ཆེ༔ སྤྲུལ་སྐུ་ཉང་གི་གཏེར་མའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུ་རུ་རཏྣ་གླིང་པའི་སྒྲུབ་པ་ (Volume 11, Text 44)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུ་རུ་རཏྣ་གླིང་པའི་སྒྲུབ་པ་བཞུགས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ རཏྣ་གླིང་པའི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་དེ་གཏོར་མ་བཅའ༔ ཚེས་བཅུ་རིན་ཆེན་འབར་བ་ཡི༔ ཟུར་དུ་དྲུང་བཤམས་བྱས་ནས་ཀྱང༔ སྤྱན་དྲངས་རྩ་སྔགས་ཁཱ་ཧི་སྦྱར༔ རང་གི་སྤྱི་བོར་རཏྣ་གླིང༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཆོས་འཆད་གཡོན་པས་སྐྱབས་སྦྱིན་མཛད༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ ལྷོ་ནུབ་རྔ་ཡབ་གླིང་ནས་ནི༔ སྤྱན་དྲངས་སྤྱི་བོའི་དེ་ལ་ཐིམ༔ དེ་ནས་སྔགས་འདི་བརྗོད་བྱས་ནས༔ མཐར་ནི་རང་ལ་ཐིམ་པར་བསམ༔ གཏེར་སྟོན་རཏྣ་གླིང་པ་ལ་ཕྱག་འཚལ་ལོ༔ དེ་ནས་དེ་ཡི་ནང་སྒྲུབ་ནི༔ སྐུ་མདོག་སེར་པོ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་ནོར་བུ་དང༔ གཡོན་པས་བྷནྡྷ་དབུར་པཎ་ཞུ༔ སྤྱི་བོར་བསྐྱེད་དེ་སྤྱན་དྲངས་ནས༔ སྔགས་འདི་མང་དུ་བརྗོད་པས་འགྲུབ༔ ཨོཾ་མ་ཧཱ་གུ་རུ་རཏྣ་སིདྡྷི་ཧཱུྃ༔ དེ་ནས་དེ་ཡི་གསང་སྒྲུབ་ནི༔ རང་ཉིད་རཏྣ་གླིང་པ་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ༔ གཡོན་པས་བྷནྡྷ་འཛིན་ནས་ཀྱང༔ སྐུ་ལ་ཕོད་ཁ་ཆོས་གོས་གསོལ༔ ཡུམ་མཆོག་དམར་སེར་གཡོན་ནས་འཁྱུད༔ སྤྱན་འདྲེན་མི་དགོས་སྔགས་ནི་འདི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ཡིས་རཏྣ་གླིང་པ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ་གུ་ཧྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་རྣམ་གསུམ་འཛོམ་པའི་དུས་རཏྣ་གླིང་པའི་མགུར་འབུམ་གཅིག་མཇལ་བ་ལ་ཕྱག་བརྒྱ་བསྐོར་བ་ཉིས་བརྒྱ་མཛད། ཕྱིར་ནངས་ནམ་ལངས་ནས་ང་རཏྣ་གླིང་པའི་ཆོས་བདག་ཡིན་པར་འདུག་པ་ལ་ཁོང་དང་མ་མཇལ་ཨང་གསུངས་ནས་སྤྱན་ཆབ་བསིལ་ཞིང་ཉིན་རིང་ལ་ཐུགས་ནད་ཆེན་པོ་མཛད་པས་བཅུ་དྲུག་གི་ནམ་སྲོད་ལ་རཏྣ་གླིང་པ་རྒྱན་ཆ་ལུགས་གསང་སྒྲུབ་དང་མཐུན་པ་གཅིག་དངོས་སུ་མཇལ་ཏེ་བླ་སྒྲུབ་འདི་དངོས་སུ་གནང་བའོ། །འདིའི་དབང་གཟུངས་དབང་ལྟར་རོ།། །།
ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དམོད་པའི་དབང་བསྐུར་ (Volume 33, Text 44)
ཐུགས་དམ་ཟབ་པ་སྐོར་བདུན་ལས༔ བཀའ་སྲུང་དམོད་པའི་དབང་བསྐུར་བཞུགས༔ ྈྈྈ དཔལ་ཆེན་སྟོབས་ལྡན་ནག་པོར་ཕྱག་འཚལ་ལོ༔ དེ་ཉིད་འཁོར་དང་བཅས་པའི་དབང་བསྐུར་ནི༔ ཤིན་ཏུ་རྩུབ་པའི་གནས་སུ་དཀྱིལ་འཁོར་བྱ༔ མཆོད་རྟེན་འཚོགས་པར་བྱས་ནས་ཚུལ་བཞིན་བསྒྲུབ༔ སློབ་དཔོན་ཞུགས་ལ་བུ་རྣམས་དལ་ལ་བཅུག༔ སྤྱི་དབང་བསྐུར་ཞིང་ལྷ་རྣམས་ལུས་ལ་བསྟིམ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་མི་བཟད་གཟུགས༔ རྡོ་རྗེ་དུང་ཁྲག་ལྷ་ཀླུའི་ཙིཏྟ་བསྣམས༔ འབྱུང་ལྔའི་བདག་མོ་གཟུགས་ཁམས་ནམ་མཁར་འདེགས༔ འདོད་ཁམས་ས་གཞིར་གནོན་ཅིང་ཡབ་དང་སྦྱོར༔ ཡབ་ཡུམ་འཁོར་དང་བཅས་པའི་དབང་བསྐུར་བས༔ དྲེགས་པ་གཟིར་ཁོལ་དྲག་སྔགས་འགྲུབ་པར་ཤོག༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཀྲོ་ཏཱི་ཤྭ་རཱི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཆི་བདག་གཤིན་རྗེ་ནག་པོའི་དབང་བསྐུར་བས༔ གཤིན་རྗེའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡ་མ་རཱ་ཙ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཆི་བདག་གཤིན་རྗེ་མོ་ཡི་དབང་བསྐུར་བས༔ མ་གཤིན་རྣམས་ཀྱི་དྲག་སྔགས་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡ་མ་དནྟི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ཡི་ཁ་རླངས་བདུད་པོའི་དབང་བསྐུར་བས༔ བདུད་ཀྱི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དུ་ཁྲག་དུ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བདུད་མོ་ཁྲག་འཛག་མ་ཡི་དབང་བསྐུར་བས༔ བདུད་མོ་རྣམས་ཀྱི་དྲག་སྔགས་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དུནྟིཾ་དུ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲིན་པོ་གསོད་བྱེད་ནག་པོའི་དབང་བསྐུར་བས༔ སྲིན་པོའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ རཀྴ་ར་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲིན་མོ་གསོད་བྱེད་ནག་མོའི་དབང་བསྐུར་བས༔ སྲིན་མོའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ རག་མོ་ར་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་གང་བ་བཟང་པོའི་དབང་བསྐུར་བས༔ གནོད་སྦྱིན་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡཀྵ་ཀྵ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་ཤ་ཟ་རལ་གཅིག་དབང་བསྐུར་བས༔ གནོད་སྦྱིན་མོ་ཡི་དྲག་སྔགས་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡག་མོ་ཀྵ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་ཆེན་མ་ཧཱ་དྷེ་ཝའི་དབང་བསྐུར་བས༔ ལྷ་ཡི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ དྷེ་ཝ་ཨ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རུ་ཏྲ་ཐར་པ་ནག་པོའི་དབང་བསྐུར་བས༔ རུ་ཏྲའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ རུ་ཏྲ་ནྲྀ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམུ་བདུད་དམུ་རྗེ་བཙན་པོའི་དབང་བསྐུར་བས༔ དམུ་ཡི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ མུན་མུན་པ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མུ་སྟེགས་ཀཱ་ལ་ཡཀྴའི་དབང་བསྐུར་བས༔ མུ་སྟེགས་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཏིརྟི་ཀ་ཐ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟའ་བདུད་རཱ་ཧུ་ལ་ཡི་དབང་བསྐུར་བས༔ གཟའ་ཡི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ པ་ཤ་མི་ཀི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྒྱལ་པོ་ལི་བྱིན་ཧར་ལེགས་དབང་བསྐུར་བས༔ རྒྱལ་པོའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ རཱ་ཙ་ཙ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འགོང་པོ་ཁུ་ལེ་ལག་དགུའི་དབང་བསྐུར་བས༔ འགོང་པོའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཧཾ་ཤཾ་ཏྲི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐེའུ་རང་རྡོ་རྗེ་ལེགས་པས་དབང་བསྐུར་བས༔ ཐེའུ་རང་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ བཛྲ་སཱ་དྷུ་ཏྲི་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙན་རྒོད་ཡམ་ཤུད་དམར་པོའི་དབང་བསྐུར་བས༔ བཙན་གྱི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཡ་ཏྲི་ཤུ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོའི་དབང་བསྐུར་བས༔ ཀླུ་ཡི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དམོད་པས་དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ནཱ་ག་ཕུ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཨཱ་བེ་ཤ་ཡ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་བསྙེན་སྒྲུབ་ལས་དང་ཟབ་དབང་སྦྱིན༔ དམོད་པའི་དྲག་སྔགས་ཐམས་ཅད་འགྲུབ་ནས་ནི༔ དགྲ་བགེགས་ཐམས་ཅད་སྒྲོལ་བའི་དབང་ཐོབ་འགྱུར༔ རྗེས་ཀྱི་བྱ་བ་རྣམས་ནི་སྤྱི་ལྟར་བྱ༔ ས་མ་ཡ་རྒྱ་རྒྱ༔
ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་སྙིང་པོར་དྲིལ་བ་གདོན་བགེགས་དཔུང་འཇོམས་ (Volume 46, Text 44)
༄༅། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་སྙིང་པོར་དྲིལ་བ་གདོན་བགེགས་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཏྲི་དེ་བ་ཀྲོ་དྷཱ་ཡ། སྟར་ཚན་དབལ་ལ་སྦྲང་བུས་རེག་པ་བཞིན། །སྙིང་རྗེ་ཁྲོས་པའི་གཟི་བྱིན་འབར་བ་ཆེས། །བགེགས་དཔུང་ཐལ་བར་བྱེད་པའི་ཧེ་རུ་ཀར། །གུས་བཏུད་འཕྲལ་ཡུན་བར་ཆད་དབྱིངས་སུ་སོལ། །འབྱུང་གདོན་སྦྲུལ་གྱིས་ཟིན་པའི་དུག །མཐུ་བྱིན་དྲི་ངད་ཕོག་ཙམ་གྱིས། །སེལ་བྱེད་ཐབས་མཆོག་མ་གི་ཏ། །ཀུན་ལས་ཁྱད་པར་འཕགས་འདི་འོ། །དྲག་པོ་རྟ་ཕྱག་ཁྱུང་གསུམ་གཅིག་དྲིལ་གྱི་དབང་བསྐུར་བ་ལ། སྦྱོར་བ་བཅས་བཤམ་གྱི་རིམ་པ་ནི། སྟེགས་བུའི་སྟེང་དུ་གཏེར་གཞུང་ལས་བྱང་གི་དབུར་འབྱུང་བ་ལྟར་བྲིས་པའི་དཀྱིལ་འཁོར་ཡོད་ན་བཀྲམ། མ་འབྱོར་ན་ཆང་ཁྲག་དྲི་བཟང་གིས་བྱུགས་པའི་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཅུ་བཀོད་པའི་སྟེང་དུ་མཉྫི་ལ་ཟངས་བུམ་ཆུ་ཆང་འོ་མ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་རྡོར་དང་ལྡན་པ་བཀོད་པའི་གཡོན་དུ་ལས་བུམ་མགུལ་ཆིངས་ལྗང་གུ་ཅན་བཞག །ཤར་དུ་གཙོ་འཁོར་ཡོངས་རྫོགས་ཀྱི་ཙཀླི། ལྷོ་རུ་ཟངས་ལྕགས་སྣོད་དུ་སྤོད་བུར་སྦྲང་གིས་སྦྲུས་པའི་ཟན་ལ་དཔལ་གཏོར་ཟུར་གསུམ་མཐེབ་ཀྱུས་བསྐོར་ཞིང་རྡོ་རྗེ་མེ་རིའི་རྒྱན་ལྡན་ཁྱུང་ཙག་དར་གདུགས་ནག་པོ་ཅན། ནུབ་ཏུ་ཐོད་པ་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་དང་། ཚེ་འབྲང་ཚེ་ཆང། བཀའ་གཏད་བྱེད་ན་སྒྲུབ་ཡིག་ཕྲེང་བ་སོགས། བྱང་དུ་ཕྱག་མཚན་རྡོ་རྗེ་རལ་གྲི་ལྕགས་ཀྱུ་མེ་ཕུང་། དུར་ཁྲོད་ཆས་བརྒྱད་གཅིག་བསྡུས་ཀྱི་ཙཀླི། མདུན་དུ་སྨན་རག་གཏོར་གསུམ། སྲུང་མའི་གཏོར་མ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། གཞན་ཡང་ཕྲིན་ལས་ལ་དགོས་པའི་སྔོན་གཏོར་གསུམ། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་དང་། མིག་དར་མེ་ཏོག་རྣམས་ཀྱང་འདུ་བྱའོ། །དངོས་གཞིའི་ཐོག་མར་བདག་མདུན་སྒྲུབ་མཆོད་ནི། ཚིག་བདུན་སོགས་གསོལ་འདེབས་སྔོན་དུ་འགྲོ་བས་གཏེར་གཞུང་ལས་བྱང་ལྟར་ལ། དཀར་གཏོར། དམར་གཏོར། བགེགས་གཏོར་རྣམས་འཇའ་ཚོན་ལུགས་ལྟར་བྱས་ན་འཐུས་ཤིང་། བཀའ་བསྒོ་མཚམས་གཅོད་ནས་མཐར་ཆགས་སུ་གཏང་། བདག་མདུན་དཀྱིལ་འཁོར་གཅིག་ཏུ་གསལ་བཏབ། བཟླས་པའི་མགོར་ཛཔ྄་ཁང་ཕྱེས་ལ་སོ་སོར་སྤྲོ་བསྡུའི་དམིགས་པ་བཅས་སྙིང་པོ་རྣམས་གཙོ་འཁོར་གྱི་འགྲོས་བརྩིས་ལ་ཅི་འགྲུབ་བཟླ། བུམ་པ་རང་བྱུང་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་སོགས་བརྗོད་པས་གསལ་བཏབ་སྟེ་གཟུངས་ཐག་འཐེན་ལ་བཟླས་པ་བྱ། མཐར་སྟོང་ཚིགས་མཆོད་བསྟོད་འབུལ། ལས་བུམ་མི་དམིགས་སྟོང་པའི་ངང༔ བྷྲཱུྃ་གྱུར་གཞལ་ཡས་ཁང་དབུས་སུ༔ ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ༔ མཐིང་ནག་རྒྱ་གྲམ་སྡིགས་མཛུབ་རྩེར༔ མེ་འབར་དེ་ཡི་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་ནི༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བསྐོར་བཟླས་པས་རྒྱུད་བསྐུལ་གྱུར༔ ཅེས་སྔགས་བརྒྱ་རྩ་ཙམ་བཟླ། ལྷ་ཉིད་འོད་ཞུ་ཉེས་སྒྲིབ་ཀུན། །དག་བྱེད་ཡེ་ཤེས་བདུད་རྩིར་གྱུར། །ཅེས་མོས། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་སྐོང་བ་ཡན་ཆད་གྲུབ་ནས། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག །དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །དབང་བསྐུར་བ་ལ་ཐོག་མར་སྒོའི་ཕྱི་རོལ་དུ་སློབ་མ་ལ་ལས་བུམ་གྱིས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་སྲུང་འཁོར་ལས་བྱང་ལྟར། གྲལ་དུ་འཁོད་པ་དང་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། ཆོས་བཤད་ཀྱི་ཁྱད་པར། དེ་འང་རྩ་བ་རྡོ་རྗེའི་གསུང་ལས། ད་ལྟ་འཛམ་གླིང་ལྷ་འདྲེ་གདུག་པ་ཅན༔ འདུལ་བའི་ལྷ་གཅིག་པདྨ་ཐོད་ཕྲེང་ངས༔ མ་འོངས་སྙིགས་མ་ལྔ་བརྒྱའི་དུས་ཀྱི་མཐར༔ མི་རྣམས་ལོག་སྤྱོད་སྣ་ཚོགས་རྐྱེན་དག་གིས༔ ལྷ་འདྲེ་ཀུན་འཁྲུགས་མི་ཕྱུགས་སྲོག་ལ་འཁུ༔ མི་རུང་སྣ་དགུ་ནད་རིགས་རླུང་ལྟར་འཚུབས༔ ཤིན་ཏུ་མི་བཟད་ཉོན་མོངས་ཉམ་ཐག་ཚེ༔ མ་རུངས་ལྷ་འདྲེ་གདུག་པ་གང་ཡང་རུང༔ ཀུན་འདུལ་གཅིག་ཆོག་དྲག་པོའི་ལྷ་གསུམ་གྱི༔ སྒྲུབ་ཐབས་ཟབ་མོ་སྙིང་ཁྲག་དྭངས་འདི་བཀོད༔ ཅེས་གསུངས་པ་ལྟར་དེང་སང་སྙིགས་མ་ལྔ་བདོ་བའི་སྐབས་འདིར་མི་ཐམས་ཅད་ཉོན་མོངས་པ་ཤིན་ཏུ་རགས་པས་ཚུལ་མ་ཡིན་པའི་བསམ་སྦྱོར་མི་རུང་སྣ་དགུ་སྤྱོད་ཅིང་མི་ཐུབ་ལྔ་པོ་ཤིན་ཏུ་འཕེལ་བའི་རྐྱེན་གྱིས་མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་སྐྱོང་བ་ཐམས་ཅད་རྒྱུད་འཁྲུགས། ནག་ཕྱོགས་འབྱུང་པོ་ཐམས་ཅད་ཁ་རྒྱལ་ནས་ནད་གདོན་དྲག་པོས་སྲོག་ལ་ཧུར་ཐུམས་འབེབས་ཤིང་མི་ཕྱུགས་ཐམས་ཅད་དམྱལ་ཐག་གཅོད་པའི་དུས་འདི་ལྟ་བུར་ཡང་། སྤྱིར་རྒྱལ་བ་རྣམས་ཐབས་ལ་མཁས་ཤིང་ཐུགས་རྗེ་མི་འཛད་པ་དང་། ཁྱད་པར་སངས་རྒྱས་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་སྙིགས་མའི་དུས་སུ་རྒྱལ་བ་གཞན་ལས་ཐུགས་རྗེའི་མཐུ་ལྷག་པར་མྱུར་བས། ཇི་སྐད་དུ། པདྨ་ང་ཉིད་ངོ་བོ་ལས༔ གང་འདུལ་རྟ་ཕྱག་ཁྱུང་གསུམ་ཤར༔ ཅེས་གསུངས་པ་ལྟར་གདུག་ཅིང་རྩུབ་པའི་སྡེ་བརྒྱད་སྤྱི་དང་བྱེ་བྲག་གཟའ་ཀླུ་རྒྱལ་བསེན་གྱི་གཉེན་པོར། སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་གྱི་མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་ཏུ་དྲིལ་ནས་དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི་སྐུར་བསྟན་པ་གཉེན་པོ་ལྷ་གསུམ་དུ་གྲགས་པ་ཉིད་སོ་སོར་སྒྲུབ་པ་དང་། གཅིག་དྲིལ་དུ་སྒྲུབ་པའི་གདམས་ངག་ལས་ཚོགས་མང་པོ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པ་ལས། འདིར་གཞུང་ལས། སྐྱབས་གཅིག་འགྲོ་མང་འདུལ་མཛད་པད་འབྱུང་ངས༔ འབད་པ་དུ་མས་མང་དུ་གཏེར་སྦས་ཀྱང༔ ཐུགས་བཅུད་ཡང་ཞུན་སྙིང་ཁྲག་དྭངས་མ་ལྟར༔ ཟབ་པའི་ནང་ནས་ཡང་ཟབ་འདི་ལས་མེད༔ ད་ལྟའི་སྙིང་གི་བུ་མཆོག་བཻ་རོའི་སྐལ༔ མ་འོངས་སྙིགས་མའི་འགྲོ་ལ་ཕན་ཕྱིར་བཀོད༔ སུ་ལ་མེད་པའི་ས་སྟེང་དཀོན་པའི་ཆོས༔ སྟོབས་ཆེ་བློ་རིག་རྣོ་བའི་མི་སུས་ཀྱང༔ རྟ་རྨིག་ལྕགས་ཀྱིས་བཏུམས་ནས་ཛམ་གླིང་འདིར༔ བཙལ་བར་རྒྱུག་ཀྱང་འདི་འདྲ་རྙེད་མི་སྲིད༔ གང་ཞིག་རྣལ་འབྱོར་བསྙེན་སྒྲུབ་གྲངས་ཐེམས་པས༔ དྲག་པོའི་ལྷ་དང་མཐུ་སྟོབས་དབྱེར་མེད་འགྲུབ༔ ལྷ་འདྲེ་གང་ཡང་གནོད་པས་མི་ཚུགས་ཤིང༔ ནུས་མཐུ་དཔེར་ན་གནམ་ལྕགས་ཐོག་དང་འདྲ༔ སྣང་སྲིད་དྲེགས་པ་མ་རུངས་གདུག་པ་ཀུན༔ དུས་གཅིག་འདུལ་ཡང་ཐུལ་བར་ཐེ་ཚོམ་མེད༔ ཅེས་བསྔགས་བརྗོད་ཕན་ཡོན་བཅས་བཀའ་ནན་དུ་གདམས་པ་དོན་དང་ལྡན་པ་འདི་ནི་རྒྱལ་ཚབ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ལ་ཁྱད་པར་དུ་གནང་བའི་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་རྐྱེན་དུ་བསྡེབས་ཏེ། མདོ་ཁམས་ཤར་ཕྱོགས་རྒྱལ་མོ་ཤིང་གི་རོང་། གནས་ཆེན་དམུ་རྡོའི་བྲག་ལ་སྦས་པ་ལོ་ཙཱ་བ་ཆེན་པོའི་ཐུགས་སྤྲུལ་པདྨ་བདེ་ཆེན་གླིང་པའམ། རིག་འཛིན་བདུད་འཇོམས་རྡོ་རྗེས་སྤྱན་དྲངས་ཏེ་འགྲོ་བ་མང་པོ་བར་ཆད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བར་མཛད་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་བཅས་འདིའི་རྗེས་ཟློས། ཀྱེ༔ རྡོ་རྗེ་འཛིན་པ་དཔལ་ཆེན་གཙོ༔ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ གསང་སྔགས་བླ་མེད་འཇུག་པའི་ཐབས༔ རྡོ་རྗེ་དེ་ཉིད་བདག་ལ་སྩོལ༔ ལན་གསུམ་ཞུས་པའི་ལན་དུ་བླ་མས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་འདུས་པའི་དཔལ༔ དྲག་པོའི་ལྷ་གསུམ་དཀྱིལ་འཁོར་འདིར༔ འཇུག་པའི་ལས་དང་སྐལ་ལྡན་ནམ༔ ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། ཀྱཻ༔ རིགས་འདུས་རྨད་བྱུང་དཀྱིལ་འཁོར་དུ༔ བདག་ཅག་མི་ཕྱེད་དད་པར་ལྡན༔ ཁྱེད་ཀྱིས་རྗེས་གནང་དབང་བཞི་རྣམས༔ ཡོངས་རྫོགས་བསྐུར་བར་མཛད་དུ་གསོལ༔ ཅེས་ཞུ། བླ་མས། འོ་ན་གསང་གསུམ་ལ་གནས་ཤིང༔ ཚུལ་བཞིན་དམ་ཚིག་མི་འདའ་ན༔ ཚུར་ཤོག་རྡོ་རྗེ་འཛིན་བདག་གིས༔ རྗེས་སུ་གཟུང་ཞིང་སྨིན་པར་བྱ༔ བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་དམ་ཅན་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་བར་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་འདིའི་རྗེས་ཟློས། ཧཱུྃ་ཧྲཱི༔ བདག་སོགས་དུས་འདི་སོགས་ལས་བྱང་ལྟར་ལན་གསུམ། གསག་སྦྱོང་ཡན་ལག་བདུན་པ་ཚིག་དང་མཐུན་པར་སོ་སོའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཧཱུྃ་ཧྲཱི༔ རང་སྣང་དྲག་པོའི་སོགས་བརྗོད། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་སོགས་རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་བསྲུང་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་འདི་ནས་གཟུང་བྱང་ཆུབ་བར༔ དཀོན་མཆོག་གསུམ་བཟུང་མི་གཏང་ངོ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་བཞིན་དུ་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨའི་རིགས་མཆོག་དག་པ་ཡི༔ ཕྱི་ནང་གསང་བའི་སྡོམ་པ་གསུམ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བྱང་ཆུབ་སེམས་ཀྱང་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་གཟུང༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎ་ཧཱུྃ༔ ཞེས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ༔ གིས་མེ་ཏོག་སྦྱིན། ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ལྷ་དང་དམ་ཅན་དགོངས༔ ཕོ་བྲང་སྒོ་བཞིར་བདག་ཅག་རྣམས༔ འཇུག་ཅིང་བསྙེན་སྒྲུབ་ཚུལ་བཞིན་སྤྲོ༔ གསང་ཆེན་ཡེ་ཤེས་སྒོ་དབྱེ་འཚལ༔ བཛྲ་ཨུ་ཀ་ཏྲ་པྲ་བེ་ཤ་ཡ་ཕཊ༔ ཅེས་ཡོལ་བ་ཕྱེ། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་དྲང་པོར་བསྲང་། ཐལ་མོ་སྤྱི་བོར་སྦྱོར། སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་སྒོམས་ཤིག སྟོང་པའི་ངང་ལས་མེ་དུད་འབར་འཁྲིགས་གུར༔ ལྟེ་བར་ཆོས་འབྱུང་གྲུ་གསུམ་བསྣོལ་མའི་དབུས༔ དྲེགས་པ་ལྷ་སྲིན་ཁྱོ་ཤུགས་བསྣོལ་བའི་ཁྲིར༔ པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང༔ རང་རང་སེམས་ཉིད་ཧྲཱིཿཡིག་འཕྲོ་འདུ་ལས༔ ཁྱེད་རྣམས་རྟ་མགྲིན་ཆེ་མཆོག་དམར་ནག་འཁྲུགས༔ ཞེས་སོགས་ལས་བྱང་ལྟར། སྤུ་སྤྲུགས་རྡོ་རྗེའི་ཐོག་ཆར་ཕྱོགས་ཀུན་འཁྲིགས༔ བར་བརྗོད། དེ་ལྟར་ཁྱེད་རྣམས་དྲག་པོ་གསུམ༔ གསལ་བའི་སྙིང་གར་ཡཾ་ལས་རླུང༔ དེ་ལ་གཞུ་བདུངས་ལྟ་བུ་ཡི༔ སྟེང་དུ་པདྨ་གེ་སར་དབུས༔ རང་འདྲའི་ཡེ་ཤེས་ཚོན་གང་ཙམ༔ མཐིང་ནག་རྡོར་དྲིལ་གར་བྱེད་པར༔ དམིགས་པ་རྩེ་གཅིག་རིག་པ་གཏོད༔ སློབ་དཔོན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ལས་འོད་འཕྲོས་མདུན་གྱི་མཁར༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་རྣམས༔ དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི༔ ལྷ་ཚོགས་རྣམ་པར་སྐུར་བཞེངས་ནས༔ ཁ་བ་བུ་ཡུག་འཚུབས་ལྟར་བྱོན༔ ཧ་ཧ་ཧཱུྃ་ཕཊ་སྒྲ་དང་བཅས༔ རང་རང་སྤྱི་བོར་བབས་ནས་ཀྱང༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་དང༔ གཉིས་མེད་ཐིམ་གྱུར་ཡཾ་ལས་རླུང༔ རབ་གཡོས་ཡེ་ཤེས་ཐུགས་རྒྱུད་བསྐུལ༔ སྙིང་གར་པདྨ་ལྷ་དང་བཅས༔ དྲག་ཏུ་འཁོར་བའི་མོས་པ་མཛོད༔ བླ་མས་དབྱངས་རོལ་བཅས་ལས་བྱང་གི་སྤྱན་འདྲེན་བརྗོད། ཤ་ཆེན་གུ་གུལ་སོགས་བསྲེགས་ལ་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ གནས་གསུམ་དུ་རྡོ་རྗེས་རེག་ལ། ཨོཾ་ཨཱཿཧཱུྃ༔ བརྗོད་ལ་ལས་བུམ་གྱི་ཆུ་དུང་ཞལ་དུ་སྦྱར་བ་བླུད་ལ། ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཉམས་ན་བསྲེག་ཅིང་དམྱལ་བར་ལྟུང༔ བསྲུང་ཞིང་དམ་ལ་གནས་གྱུར་ན༔ དངོས་གྲུབ་ཆེན་པོ་མཆོག་ཐོབ་འགྱུར༔ ས་མ་ཡ་ཨི་དན་ཧཱུྃ༔ རྡོ་རྗེ་སྤྱི་བོར་བཞག་ལ། ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་འཛིན་པ་ང་ཡིན་གྱིས༔ ནམ་ཡང་བཀའ་ལས་འདའ་མི་རུང༔ རྡོ་རྗེ་སྤུན་སྲིང་བརྙས་མི་བྱ༔ བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་སྙིང་གར་གཏུགས་ལ། ཧཱུྃ༔ དེ་རིང་བུ་ཁྱོད་སྙིང་ནང་དུ༔ ཁྲོ་རྒྱལ་དྲག་པོ་ཡང་དག་བཞུགས༔ ཚུལ་འདི་སྣོད་མིན་གཞན་རྣམས་ལ༔ སྨྲས་ཤིང་ཉམས་ན་སྙིང་ཁྲག་འཇིབ༔ མ་ཉམས་གསང་ན་སྙིང་ནང་དུ༔ ཡེ་ཤེས་ཚོན་གང་ཡང་དག་ཤར༔ ལྷ་དང་གཉིས་མེད་དངོས་གྲུབ་ཐོབ༔ དེ་ཕྱིར་ཁྱོད་ཀྱིས་བསྲུང་བར་བྱ༔ བཛྲ་ས་མ་ཡ་ན་ར་ཀན༔ བཀྴ་སི་ཧཱུྃ༔ རྡོ་རྗེའི་ཐ་ཚིག་ཇི་ལྟར་ཕོག་པ་ལས་འདའ་བར་མི་བྱ་སྙམ་པས་སྔགས་འདིའི་རྗེས་ཟློས། བཛྲ་ས་མ་ཡ་ན་ར་ཀན༔ བཀྴ་སི་ཧཱུྃ༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་ནས་འབྲེལ་བའི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། ཀྱཻ༔ སྔོན་ནས་བསྙེན་བསྒྲུབས་ཡི་དམ་ལྷ༔ ལས་དང་ཐུགས་རྗེ་མཐུན་འབྲེལ་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས༔ གང་འགྲུབ་དཀྱིལ་འཁོར་ལྷར་འབབ་ཤོག༔ བཛྲ་པུཥྤེ་སིདྡྷི་ཧཱུྃ༔ པྲ་ཏི་གྲིཧྞ་ཧོ༔ ཞེས་ཚོམ་བུའམ་འགྲིམ་དཀྱིལ་དུ་འདོར་དུ་གཞུག །མེ་ཏོག་དབུས་སུ་བབས་ན་སྐུ །ཤར་དུ་ཐུགས། ལྷོར་ཡོན་ཏན། ནུབ་ཏུ་གསུང་། བྱང་དུ་ཕྲིན་ལས་ཀྱི་རིགས་ཡིན་ཞིང་དེ་དང་རྗེས་སུ་མཐུན་པའི་ཕྲིན་ལས་འགྲུབ་པ་དང་། མཚམས་སུ་བབས་ན་ལས་ཕྲན་ཚེགས་འགྲུབ་པར་གསུངས་སོ། །མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་ཁྱེད་རང་ལ་དབང་རྟགས་ཅོད་པན་དུ་སྦྱིན་པར་མོས་ཤིག །ཅོད་པན་སྤྱི་བོར་བཀོད་དེ། ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ ཡི་དམ་ལྷ་དང་སྐལ་པ་མཉམ༔ སྐུ་གསུམ་སྐུ་ལྔ་ཡེ་ཤེས་དབང༔ སྐལ་ལྡན་བུ་ལ་མཆོག་ཐོབ་ཤོག༔ ཧོ༔ སྐལ་ལྡན་རྡོ་རྗེ་འཛིན་པ་ལ༔ ཅོད་པན་མིང་བཅས་དབང་བསྐུར་བས༔ མ་འོངས་བདེ་ཆེན་རྣམ་དག་ཞིང༔ སངས་རྒྱས་པདྨའི་སྙིང་པོར་འགྱུར༔ ཞེས་བརྗོད་དེ་ལུང་བསྟན། ཁྱེད་རང་གི་མེ་ཏོག་དཀྱིལ་འཁོར་དབུས་སུ་བབས་པས་གསང་བའི་མཚན་དུ་རིགས་འདུས་དྲག་པོ་རྩལ་ཞེས་བྱ་བ་ཡིན་ནོ། །ཞེས་པས་འགྲེས་ཏེ། ཤར་དུ་ཐུགས་མཆོག་དྲག་པོ་རྩལ༔ ལྷོ་རུ་ཡོན་ཏན་དྲག་པོ་རྩལ༔ ནུབ་ཏུ་དབང་ཆེན་དྲགྎ བྱང་དུ་ཕྲིན་ལས་དྲགྎ ཅེས་དང་བུད་མེད་ཡིན་ན། དྲག་མོ་ཞེས་བསྒྱུར་ལ་གསང་མཚན་བཏགས། ཧོ༔ རིགས་བཟང་སྐལ་ལྡན་བུ་ཁྱོད་རྣམས༔ ཡང་གསང་བླ་མེད་གསང་སྔགས་ཀྱི༔ དཀྱིལ་འཁོར་འདི་རུ་ཞུགས་པའི་མཚན༔ གང་ཞེས་བྱ་བ་ཡིན་པ་སྨྲོས༔ ཞེས་དྲིས་པ་ལ། རང་རང་གི་གསང་མཚན་ནས་སྨྲོས་ཏེ། ཞེས་བྱ་བ་ལགས་ཞེས་ལན་ཐོབས་ཤིག༔ རེ་རེ་བཞིན་བརྗོད་དུ་བཅུག །ཀྱེ༔ ལས་སད་སྐྱེས་བུ་སྐལ་ལྡན་རྣམས༔ མ་འོངས་ཕྱི་མའི་དུས་དག་ཏུ༔ ཁྱེད་རྣམས་འཚང་རྒྱའི་དུས་སུ་ནི༔ མཚན་ནི་གང་ལགས་ཚུར་སྨྲོས་ཤིག༔ ཅེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བདག་ནི་མ་འོངས་ཕྱི་མའི་དུས༔ འཚང་རྒྱར་འགྱུར་བའི་མཚན་དུ་ནི༔ ཡང་དག་རྫོགས་པའི་སངས་རྒྱས་དག༔ པདྨའི་སྙིང་པོ་ཞེས་ཡིན་ལགས༔ དེ་ནས་མ་རིག་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་ཐབས་མཁས་ཐུགས་རྗེ་ཅན༔ སྨན་མཆོག་རྒྱལ་པོ་ཧེ་རུ་ཀས༔ བདག་ཅག་མ་རིག་རྨོངས་པའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཞུ༔ ཞེས་ཞུས་པ་ལ། བླ་མས། ཧོ༔ བདག་ནི་ནད་སེལ་སྨན་པའི་མཆོག༔ ཁྱེད་ཅག་མ་རིག་རྨོངས་པའི་མིག༔ ཐབས་མཁས་ཐུགས་རྗེའི་ཡེ་ཤེས་ཀྱིས༔ དག་པའི་སྤྱན་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ རྡོ་རྗེས་མིག་དར་བསལ། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་པས་དག་པ་ཡེ་ཤེས་ཀྱི་མིག་ཐོབ་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཐོང་བར་མོས་ཤིག །ཕྱག་ཤིང་གིས་མཚོན་ཏེ། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རྣམས༔ ང་ཡི་དཀྱིལ་འཁོར་འདི་ཉིད་ལ༔ གུས་པས་ལྟོས་ཤིག་དལ་དབུས་སུ༔ ཆོས་འབྱུང་ཆོས་ཀུན་གཅིག་པའི་བརྡ༔ ཐོད་ཕྲེང་སྐྱེ་མེད་དོན་དང་ལྡན༔ རྩིབས་བཞི་ཡེ་ཤེས་རྣམ་བཞིའི་བརྡ༔ རྩིབས་བཅུ་ས་བཅུའི་དབང་ཕྱུག་སྟེ༔ ཐོད་ཕྲེང་སྐུ་གསུམ་རྫོགས་པའི་བརྡ༔ ཁྱམས་བཞི་ཚད་མེད་བཞི་དང་ལྡན༔ རྟ་ཆོས་ལོངས་སྤྱོད་རྫོགས་པའི་བརྡ༔ དུར་ཁྲོད་ཧེ་རུའི་གནས་བཅུ་རྫོགས༔ པདྨ་མ་ཆགས་དྲི་མེད་བརྡ༔ འགྱུར་མེད་རྡོ་རྗེའི་ཕྲེང་བ་ནི༔ ཡང་དག་དོན་དང་ལྡན་པའི་བརྡ༔ ཡེ་ཤེས་ལྔ་ལྡན་མེ་དཔུང་ནི༔ ཁྲོ་རྒྱལ་སྟོབས་བཅུ་ཡོངས་རྫོགས་བརྡ༔ བུམ་སྐུ་ཆས་བཅུ་ཕྱག་མཚན་རྣམས༔ ལྷུན་གྲུབ་རང་ཤར་ཆེན་པོའི་བརྡ༔ མེ་ལོང་མདའ་དར་དབུ་རྒྱན་དང༔ ཚོན་སྐུད་རལ་གྲི་ཡོལ་བ་བྲེ༔ མདོར་ན་དཀྱིལ་འཁོར་རྒྱན་རྫོགས་ཀུན༔ སྐྱེ་མེད་ཆོས་སྐུའི་རོལ་པ་ལས༔ མ་འགགས་གཟུགས་སྐུར་སྣང་བའི་བརྡ༔ གཏོར་ཆེན་རྡོ་རྗེ་མེ་རི་འབར༔ དྲག་པོའི་སྐུ་དང་གཉིས་མེད་བརྡ༔ དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི༔ ཕོ་བྲང་བཀྲག་མདངས་འོད་འཁྱིལ་འདི༔ སྐུ་གསུམ་སྐུ་ལྔ་ལྷུན་གྲུབ་བརྡ༔ དེ་རིང་ལས་སད་སྐྱེས་བུ་རྣམས༔ དཀྱིལ་འཁོར་འདི་མཐོང་ཡིད་དགའ་སྒོམས༔ དངོས་གྲུབ་ཀུན་ཐོབ་ཞིང་འདིར་སྐྱེ༔ ཚོགས་བསགས་རྒྱལ་པོ་ངོ་མཚར་ཆེ༔ དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ངོ་མཚར་རྨད་དུ་བྱུང༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ ཕྱོགས་དུས་བདེ་གཤེགས་རྒྱལ་བ་རྣམས༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ༔ བླ་མེད་གསང་སྔགས་ཐབས་ཆེན་པོ༔ སྨིན་གྲོལ་ལམ་མཆོག་ཡང་དག་ལྡན༔ དེ་ཉིད་མགོན་པོ་མཆོག་ཉིད་ཀྱི༔ བཀའ་དྲིན་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། དེ་ནས་དབང་དངོས་གཞི་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད༔ ཁྱེད་རང་དྲག་པོ་ལྷ་གསུམ་གྱི་སྐུར་གསལ་བའི་སྤྱི་བོར་ཐོད་པའི་དབུ་རྒྱན་གྱི་ཁང་བུར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱས་མཚན་པ་ལས། བུམ་པ་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་སྤྱི་བོར་བཞག་པས་ཡེ་ཤེས་པའི་ལྷ་ཚོགས་རྣམས་དཔའ་བོ་འབྲུ་ལྔ་ལ་ཐིམ་པས་རྒྱལ་བ་རིགས་ལྔར་གྱུར་ཏེ་དབུར་བརྒྱན་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ བུམ་པ་སྐྱེ་མེད་གཞལ་ཡས་ཁང༔ མ་འགགས་དབྱིངས་ནས་གྲུབ་པའི་ལྷ༔ དྲག་པོ་ཡོངས་རྫོགས་ལྷ་རྣམས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་སྐུར༔ སྐུ་ནི་འགྱུར་མེད་རྡོ་རྗེའི་སྐུ༔ ལུས་ལ་སྐུ་ཡི་དབང་རྫོགས་ཤོག༔ གསུང་ནི་འགག་མེད་རྡོ་རྗེའི་གསུང༔ ངག་ལ་གསུང་གི་དབང་རྫོགས་ཤོག༔ ཐུགས་ནི་འཁྲུལ་མེད་རྡོ་རྗེའི་ཐུགས༔ སེམས་ལ་ཐུགས་ཀྱི་དབང་རྫོགས་ཤོག༔ མཚན་ལྡན་བུམ་པའི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང༔ ཡོངས་རྫོགས་ཆེན་པོ་ཐོབ་པར་ཤོག༔ ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ག་རུ་ཌཿཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བུམ་པ་འདི་ཡིས་དབང་བསྐུར་པས༔ ལུས་ཉིད་ལྷ་ཡི་སྐུར་གྱུར་ནས༔ བུམ་པའི་སྐུ་ཡི་དབང་རྣམས་ཐོབ༔ ངག་སྔགས་གྱུར་ནས་གསང་དབང་ཐོབ༔ ཐུགས་ཉིད་བདེ་སྟོང་གྱུར་ནས་ཀྱང༔ ཤེས་རབ་ཡེ་ཤེས་དབང་ཡང་ཐོབ༔ བདག་གིས་དེ་ལྟར་ངོ་སྤྲད་པས༔ ཚིག་དབང་རིན་པོ་ཆེ་ཡང་ཐོབ༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ བནྡྷ་གནས་གསུམ་དུ་གཏུགས་ལ། ཧཱུྃ༔ ཆོས་དབྱིངས་བནྡྷ་ཁོར་ཡུག་ཏུ༔ ཡེ་ཤེས་ལྔ་ལྡན་བདུད་རྩིར་འཁྱིལ༔ སྐལ་ལྡན་ངག་ཏུ་འདི་བླུད་པས༔ དྲི་མེད་ཡེ་ཤེས་གསང་དབང་ཐོབ༔ རྩ་ཁམས་སྐྱེ་མེད་དག་པའི་ལྷར༔ གྱུར་ནས་བདེ་ཆེན་ལོངས་སྐུར་ཤོག༔ ཨོཾ་དྷ་ར་ཎ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་བླུད། ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བནྡྷ་འདི་ཡིས་དབང་བསྐུར་པས༔ རྩ་ཁམས་སྐྱེ་མེད་ལྷར་གྱུར་ནས༔ བདེ་ཆེན་ལྷུན་གྲུབ་ལོངས་སྐུར་ཤོག༔ ཅེས་མེ་ཏོག་འཐོར་བ་འགྲེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་དམ་ཚིག་པའི་ལྷར་གསལ་བ་ལ་ཐིམ་པས་དམ་ཡེ་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །གཙོ་བོ་གསུམ་གྱི་སྐུ་ཙཀ་རིམ་པར་ཐོགས་ལ་དབང་བསྐུར་ཏེ། ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པའི༔ རྟ་མཆོག་དབང་གི་རྒྱལ་པོའི་སྐུ༔ བདེ་གཤེགས་ཀུན་འདུས་གསུང་གི་བདག༔ ཆེ་མཆོག་གར་གྱི་དབང་ཕྱུག་གཙོ༔ དམར་ནག་དྲེགས་འདུལ་ཧེ་རུ་ཀ༔ འཁོར་འདས་དབང་སྒྱུར་རྟ་སྐད་འཚེར༔ སྐུ་གསུམ་དབྱིངས་ནས་བུ་རྣམས་ལ༔ དབང་མཆོག་བསྐུར་རོ་ཐོབ་པར་ཤོག༔ ཨོཾ་པདྨཱནྟ་ཀྲྀ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ དུས་གསུམ་རྒྱལ་བའི་མཐུ་སྟོབས་བདག༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ གདུལ་དཀའ་འདུལ་བར་རབ་བསྔགས་པའི༔ ཐུགས་མཆོག་འགྱུར་མེད་ཧེ་རུ་ཀའི༔ ཐུགས་རྗེས་དབང་བསྐུར་སྩོལ་ནས་ཀྱང༔ རིགས་ཀྱི་བུ་རྣམས་ཐོབ་པར་ཤོག༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ ཡེ་ཤེས་བྱ་ཁྱུང་ག་རུ་ཌ༔ མཐིང་ནག་མེ་གཤོག་གནམ་ལྕགས་ཀྱི༔ མཆུ་སྡེར་རྣོ་དབལ་ངར་དང་ལྡན༔ ས་བདག་ཀླུ་གཉན་འདུལ་བའི་གཙོ༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་རུངས་འདུལ་མཛད་དབང་ཐོབ་ཤོག༔ ཨོཾ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དྲག་པོ་རྟ་ཕྱག་ཁྱུང་གསུམ་གྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང༔ ཡོངས་རྫོགས་དྲེགས་འདུལ་སྟོབས་ལྡན་ཤོག༔ རིགས་བཞིའི་རྟ་མགྲིན་སྐུས་དབང་བསྐུར་ཏེ། ཧཱུྃ༔ ཞེ་སྡང་རང་གྲོལ་མེ་ལོང་གི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ ཐུགས་མཆོག་བཛྲ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ འཇིགས་བརྒྱད་ཞི་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ང་རྒྱལ་རང་གྲོལ་མཉམ་ཉིད་ཀྱི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ ཡོན་ཏན་རཏྣ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་རཏྣ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་རང་གྲོལ་སོར་རྟོག་གི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ གསུང་མཆོག་པདྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མོས་བཞི་སྡུད་པའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཀྱི༔ ཡེ་ཤེས་ཀློང་ལས་འབར་བའི་གར༔ ཕྲིན་ལས་ཀརྨ་ཧེ་རུ་ཀས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྟ་མགྲིན་རིགས་བཞིའི་དབང་བསྐུར་པས༔ དུག་ལྔ་ཡེ་ཤེས་ལྔར་གྲོལ་ཞིང༔ ཕྲིན་ལས་རྣམ་བཞིའི་དབང་རྫོགས་ཤོག༔ ཁྲོ་བཅུའི་སྐུའམ་ཧཱུྃ་ཡིག་བཅུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀའི༔ ཐུགས་རྗེས་གང་ལ་གང་འདུལ་གྱི༔ སྤྲུལ་པའི་ཆོ་འཕྲུལ་སྣ་ཚོགས་གཟུགས༔ རབ་འཇིགས་བདུད་འདུལ་ཁྲོ་རྒྱལ་བཅུ༔ རབ་འབྱམས་ལྷ་ཡི་དབང་ཐོབ་ནས༔ བར་ཆད་བདུད་ལས་རྣམ་རྒྱལ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲོ་རྒྱལ་ཡོངས་རྫོགས་དབང་བསྐུར་པས༔ ཡེ་ཤེས་ཁྲོ་བོར་གྲུབ་ནས་ཀྱང༔ མཐུ་སྟོབས་ནུས་རྩལ་རྫོགས་པར་ཤོག༔ དེ་ལྟར་ཁྱེད་རང་རྣམས་ཁྲོ་རྒྱལ་དྲག་པོ་ལྷ་གསུམ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པ་ལ། དུར་ཁྲོད་ཀྱི་ཆས་དང་ཕྱག་མཚན་གྱིས་མངའ་གསོལ་བས་ཆེ་བའི་ཡོན་ཏན་དང་ལས་བཞིའི་ཕྲིན་ལས་ལ་དབང་སྒྱུར་བའི་མོས་པ་མཛོད། དུར་ཁྲོད་ཀྱི་ཆས་གཏད་ལ། ཧཱུྃ༔ ཐོད་སྐམ་རིགས་ལྔའི་དབུ་རྒྱན་རྫོགས༔ དཔལ་གྱི་རྟགས་གསུམ་དཔའ་རྔམ་བརྗིད༔ གླང་ཀོའི་སྟོད་གཡོགས་སྟོབས་བཅུ་རྫོགས༔ རྟོག་མེད་ཞིང་གི་པགས་ཆེན་དཔའ༔ སྦྲུལ་ཆུན་དུག་གསུམ་གཟུང་འཛིན་གྲོལ༔ ཐོད་ཕྲེང་འཁོར་འདས་འཛིན་པ་བྲལ༔ རུས་རྒྱན་ཕྱིན་དྲུག་ཐབས་ཤེས་རྫོགས༔ སྟག་ཤམ་དྲེགས་པ་ཟིལ་གྱིས་གནོན༔ ཐམས་ཅད་ཆོས་དབྱིངས་རོལ་པའི་རྒྱན༔ ཁྲོ་རྒྱལ་ཆེ་ཡོན་རྫོགས་པའི་དཔལ༔ སྟོབས་བཅུ་ཡོངས་རྫོགས་གྱད་ཀྱི་མཆོག༔ རབ་འཇིགས་གར་གྱི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དཔའ་ཆས་ཡོངས་རྫོགས་དབང་བསྐུར་པས༔ རྟོག་མེད་ཆོས་དབྱིངས་རོལ་པའི་ངང༔ དཔའ་བོ་གྱད་ཀྱི་སྟོབས་རྫོགས་ཤོག༔ རྡོ་རྗེ་རལ་གྲི་ལག་གཡས། ལྕགས་ཀྱུ་མེ་ཕུང་གཡོན་དུ་གཏད་ལ། ཧཱུྃ༔ རྡོ་རྗེ་རལ་གྲི་ལྕགས་ཀྱུ་མེ༔ དཔལ་ཆེན་སྐུ་ཡི་ཕྱག་མཚན་འདི༔ འགྱུར་བ་མེད་པའི་རྟགས་ཀྱི་རྒྱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ གདུག་པ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཏཱིཀྞ་ཨཾ་ཀུ་ཤ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཕྱག་མཚན་ཡོངས་རྫོགས་དབང་བསྐུར་པས༔ རྒྱལ་པོ་རྒྱལ་སར་དབང་བསྐུར་ལྟར༔ ཕྲིན་ལས་ཡོངས་རྫོགས་མངའ་བརྙེས་ཤོག༔ བཀྲ་ཤིས་ཚེའི་རྫས་ཀྱིས་ཞལ་བསྲོས་པས་འཆི་མེད་རྡོ་རྗེའི་སྐུ་ཚེ་བརྙེས། འཛད་མེད་ནམ་མཁའ་མཛོད་ཆེན་ལ་ལོངས་སྤྱོད། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དབང་སྒྱུར་ཆེན་པོ་ཐོབ་པར་མོས་ཤིག །ཚེ་འབྲང་དང་ཚེ་ཆང་སོགས་བྱིན་ལ། ཧཱུྃ༔ ཆོས་ཉིད་དོན་དམ་སྐྱེ་མེད་ལས༔ སྐྱེ་བའི་ཆོ་འཕྲུལ་དཀྱིལ་འཁོར་ཤར༔ ཡེ་ཤེས་ལྔ་ལྡན་སྙིང་པོའི་བཅུད༔ འཛད་མེད་ནམ་མཁའི་མཛོད་གླིང་བརྡལ༔ འཆི་མེད་རོ་བརྒྱ་ནུས་བཅུད་ལྡན༔ མི་འཛད་རིན་ཆེན་གཏེར་ཆེན་འདི༔ ལོངས་སྤྱོད་བདེ་སྟོང་སྐྱེ་འཆི་བྲལ༔ བུ་ཁྱོད་ནམ་མཁའི་མཛོད་ལ་སྤྱོད༔ བདུད་རྩིའི་ཟས་ཀྱིས་འཚོ་བར་ཤོག༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདུད་རྩིའི་ཟས་མཆོག་འདི་བྱིན་པས༔ སྣང་སྲིད་འཁོར་འདས་དབང་དུ་བསྡུས༔ ཁམས་གསུམ་སྲིད་གསུམ་མ་ལུས་ཀུན༔ ཆོས་ལ་དབང་དུ་བསྒྱུར་ནས་ཀྱང༔ ཡོན་ཏན་གཏེར་ལ་སྤྱོད་པར་ཤོག༔ ཅེས་རོལ་དུ་གཞུག །མཐའ་རྟེན་ཡོངས་རྫོགས་གཏོར་མའི་དབང་བསྐུར་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་སྣོད་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་གཏོར་མ་བདུད་འདུལ་དྲག་པོ་ལྷ་གསུམ་འཁོར་དང་བཅས་པ་རྣམས་བྱིན་རླབས་ཀྱི་གཟི་བརྗིད་རབ་ཏུ་འབར་བཞིན་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་པས། གནས་ལྔ་ནས་འོད་ཟེར་ཁྲོ་ཆུང་ཡིག་འབྲུ་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བསལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་གྱིས་ཤིག །གཏོར་ཆེན་གནས་ལྔར་བཞག་ལ། ཧཱུྃ༔ དཔལ་གྱི་དམ་རྫས་གཏོར་ཆེན་འབར༔ མི་འགྱུར་ཡེ་ཤེས་ལྔ་ལྡན་མཚོན༔ རྡོ་རྗེ་མེ་རི་འབར་བས་བརྒྱན༔ དྲག་པོའི་ལྷ་དང་གཉིས་སུ་མེད༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དཔལ༔ དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ སྐུ་གསུམ་སྐུ་ལྔ་ལྷུན་གྱིས་གྲུབ༔ ཆེ་མཆོག་ཡེ་ཤེས་དྲག་པོ་རྩལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐལ་ལྡན་བུ་ལ་དབང་བཞི་སྐུར༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས༔ སྐྱེ་འགག་འགྱུར་མེད་དབང་ཐོབ་ཤོག༔ གཏོར་མའི་དབང་བསྐུར་སྐུ་གསུམ་གྱི༔ དབང་མཆོག་ཡོངས་རྫོགས་ཐོབ་པར་ཤོག༔ འདིར་སྤྲོ་ན་བརྒྱུད་པའི་གཤར་འདེབས་དང་བཀའ་བསྒོ་བྱས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་ཁྲོམ་ག་རུ་ཌཿཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གཏོར་ཆེན་འདི་ཡིས་དབང་བསྐུར་པས༔ ལུས་ངག་ཡིད་གསུམ་སྨིན་གྲོལ་མཆོག༔ སྐུ་གསུང་ཐུགས་ཀྱི་དབང་བཞི་རྫོགས༔ སྐྱེ་འགག་འགྱུར་མེད་དབང་ཐོབ་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ཤོག༔ སློབ་དཔོན་དཀྱིལ་འཁོར་པའི་ལྷ་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་གྱུར་པར་མོས་ཤིག །དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་ལ། ཨོཾ༔ འགྲུབ་པར་གྱུར་ཅིག་ཧེ་རུ་ཀ༔ རིགས་འདུས་དཔལ་ཆེན་ཁྲོ་རྒྱལ་གཙོ༔ བདུད་འདུལ་དྲག་པོ་ལྷ་གསུམ་གྱི༔ དཀྱིལ་འཁོར་ཡོངས་རྫོགས་ཆེན་པོའི་དབང༔ རབ་རྫོགས་བྱིན་རླབས་བརྟན་པར་ཤོག༔ དུས་འདིར་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བའི་སྐུ་གསུམ་ལྷུན་གྲུབ་དཔལ༔ མི་བཟད་དྲག་པོར་འབར་བ་ཡི༔ སྐུ་ཡི་བྱིན་རླབས་ལུས་ལ་འཇུག༔ གར་དགུའི་སྟོབས་དང་ལྡན་པར་ཤོག༔ གསུང་གི་བྱིན་རླབས་ངག་ལ་འཇུག༔ དྲག་སྔགས་འབྲུག་སྟོང་ལྡིར་བར་ཤོག༔ ཐུགས་ཀྱི་བྱིན་རླབས་སེམས་ལ་འཇུག༔ སྤྲོས་བྲལ་སྐྱེ་མེད་རྟོགས་པར་ཤོག༔ ཡོན་ཏན་བསམ་འདས་བརྗོད་མི་ལང༔ ཕྲིན་ལས་ཡོངས་རྫོགས་མཐར་ཕྱིན་ནས༔ ཐམས་ཅད་ལྷུན་གྱིས་གྲུབ་པར་ཤོག༔ ཅེས་ཤིས་པ་བརྗོད་ལ་རོལ་མོ་བསྒྲག །དེ་དག་གིས་བགེགས་འདུལ་ཁྲོ་བོའི་རྒྱལ་པོ་དྲག་པོ་ལྷ་གསུམ་གྱི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་གཏོར་གཏང་བ་སོགས་ལས་བྱང་ལྟར་ལ། རྗེས་རིམ་གྱི་སྐབས་མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་བྱ། ཤིས་བརྗོད་བསྔོ་སྨོན་གྱིས་མཐའ་བརྒྱན་ནོ། །འདི་ནི་རྩ་བའི་དབང་བསྐུར་རྒྱས་པའི་ལུགས་ཡིན་ལ་འདིའི་གཏེར་གཞུང་གཤམ་གྱི་གཏད་རྒྱ་ནི་མཁའ་འགྲོ་སྙིང་ཐིག་སྨིན་གྲོལ་ཡོངས་རྫོགས་ཀྱི་སློབ་མ་བརྒྱུད་འཛིན་ལ་བྱ་རྒྱུ་ཡིན་པས་དཀྱུས་འདིར་མི་དགོས་ལ། རྐྱེན་སེལ་གྱི་དབང་དཀྱུས་འགྲེ་དང་གྲངས་གསོག་ན། འཇུག་ཆོག་རྒྱས་པ་མི་དགོས་པས། གསོལ་འདེབས། སྐྱབས་སེམས་ཚོགས་གསག །བྱིན་འབེབ། དམ་ཆུ་སྦྱིན་པ་ཙམ་གྱིས་འཐུས་ཤིང་། དངོས་གཞི་ལ་བུམ་པ། ཐོད་པ། གཙོ་བོ་གསུམ་གྱི་ལྷ་དབང་དང་གཏོར་དབང་རྣམས་བསྐུར་བས་ཆོག་པའང་ཞར་ལ་འཕྲོས་པའོ། །རྟ་མཆོག་རྒྱལ་པོའི་དབང་སྒྱུར་ཆེ་བརྙེས་ཤིང་། །རྡོ་རྗེ་འཛིན་པའི་མཐུ་སྟོབས་ཡོངས་སུ་རྫོགས། །མཁའ་ལྡིང་ཁྲོས་པའི་སྟོབས་རྩལ་གཟི་ལྡན་ནས། །གདུག་པ་ཟིལ་གནོན་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་ཉེར་མཁོའི་སླད་དུ་མཚམས་སྦྱོར་སོགས་ཉུང་ངུར་བསྡུས་ཏེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དཔལ་ཧེ་རུ་ཀ་སྒྲུབ་པའི་བསྟི་གནས་སུ་སྦྱར་པ་དགེ་ལེགས་འཕེལ།། །།
རྡོ་རྗེ་དྲག་པོ་རྩལ་གྱི་ཕྱི་སྒྲུབ་པདྨའི་གའུ་ (Volume 13, Text 44)
རྡོ་རྗེ་དྲག་པོ་རྩལ་གྱི་ཕྱི་སྒྲུབ་པདྨའི་གའུ་བཞུགས་སོ༔༙ ཟིལ་གནོན་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔༙ སྦས་ཡུལ་བཀའ་ཡི་ཐ་རམ༔༙ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་ཕྱི་སྒྲུབ་པདྨའི་གའུ་ནི༔༙ སྔོན་འགྲོ་སྦྱོར་བ་སྟེགས་བུ་གང་རིགས་ལ༔༙ ཟིལ་གནོན་སྐུ་འབག་ཙཀླི་བུམ་པ་དང༔༙ གཏོར་ཚོགས་སྨན་རག་མཆོད་པ་གང་འབྱོར་བཤམ༔༙ སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་བཏང༔༙ རང་མདུན་སློབ་དཔོན་པདྨ་སྤྱན་དྲངས་ནས༔༙ གཉིས་མེད་རང་ལ་བསྟིམས་ནས་ཆོས་མ་ལུས༔༙ སྟོང་པའི་ངང་ལས་ས་བོན་ཡི་གེ་ཧྲཱི༔༙ དོན་གཉིས་བྱས་པས་ཚུར་འདུས་སྐད་ཅིག་ལས༔༙ བདག་ཉིད་རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ༔༙ སྐུ་མདོག་དམར་པོ་ཁྲོ་ཚུལ་ཞི་བའི་ཉམས༔༙ ཕྱག་གཡས་རྩེ་དགུ་རྡོ་རྗེ་རྭ་གདེངས་ཕྱར༔༙ གཡོན་པ་སྡིགས་མཛུབ་དྲེགས་པའི་སྙིང་ཕྲེང་འཛིན༔༙ སྐུ་ལ་ཟབ་ཆེན་མཐིང་དམར་སུམ་བརྩེགས་དང༔༙ ཆོས་གོས་དམར་པོ་བེར་ཕྱམ་སྨུག་པོ་མནབས༔༙ པད་ཞྭ་ཁྱུང་རུ་རྡོ་རྗེ་རྒོད་ལྡེམ་ཅན༔༙ རོ་སྟེང་བརྐྱང་བསྐུམ་མེ་རླུང་འཁྱིལ་དབུས་བཞུགས༔༙ གནས་ལྔར་སྐུ་ཡི་ལྷ་ལྔ་མེ་ལོང་གཟུགས༔༙ ཕྱོགས་མཚམས་བརྒྱད་དུ་མ་མོ་ཀེའུ་རཱི་བརྒྱད༔༙ ཕྱི་རིམ་འཁོར་ལོ་རྩིབས་བཅུར་ཕྱོགས་སྐྱོང་བཅུ༔༙ རང་རང་ཆ་ལུགས་དཔག་མེད་འཚུབས་པར་བསམ༔༙ རང་འདྲ་སྤྱན་དྲངས་གཉིས་མེད་བསྟིམ་མཆོད་འབུལ༔༙ དབང་བསྐུར་རྒྱས་གདབ་རང་གི་ཐུགས་ཀ་ཡི༔༙ ཧཱུྃ་དམར་མེ་འདྲ་འབར་བའི་མཐའ་སྐོར་དུ༔༙ ཧཱུྃ་ཨ་ཀ་ཡ༔༙ ཧ་ཨ་མ་ར༔༙ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་སྦུར་ཐུམ་ཛ་ཛ༔༙ དྷ་ལོ་ཤ་བུ་ཝ་མ་ཨ་ནྲྀ་ཏྲི༔༙ སིདྡྷི་ཕ་ལ་ཛ་ཛ༔༙ ཁྲོ་ཆུའི་འཁྱུད་མོ་ལྟ་བུ་འཁོར་བ་ལས༔༙ སྐུ་གང་ཕྱིར་ལུད་མེ་འབར་སྣོད་བཅུད་ཁེངས༔༙ དྲག་སྔགས་ཧཱུྃ་དང་མཚོན་ཆ་སྐར་ལྟར་འཁྲུགས༔༙ ཁྲོ་བོ་ཁྲོ་མོ་གློག་ལྟར་གར་ཉམས་འཁྱུགས༔༙ སྣོད་བཅུད་གཉིས་སྦྱངས་དྲེགས་པ་ཀུན་སྲོག་བསྡུས༔༙ ཡར་འཕྲོས་སངས་རྒྱས་བྱང་སེམས་རིག་འཛིན་དང༔༙ མཁའ་འགྲོ་དམ་ཅན་ཀུན་གྱི་བྱིན་རླབས་བསྡུས༔༙ བདག་དང་ལྷ་ཚོགས་ཐུགས་ཀའི་ཧཱུྃ་དང་ནི༔༙ སྔགས་ཕྲེང་ལ་ཐིམ་སྦྱངས་ནས་དངོས་གྲུབ་ཐོབ༔༙ རྟགས་ནི་མེ་འབར་རྟེན་ལ་འོད་དུད་པ༔༙ མེ་སྟག་ཚྭ་ཚྭ་བདུད་རྩི་ཁོལ་ཞིང་ཕྱུར༔༙ རྨི་ལམ་འཇའ་ཚོན་ལྷ་ཚོགས་ཞལ་ཡང་མཇལ༔༙ ལྷ་ཆ་རོལ་མོ་དར་ཕྱར་དུང་འབུད་པས༔༙ ཁྲོམ་འདུ་བྱིན་རླབས་བྱས་དང་ཆོས་བཤད་བྱས༔༙ དེ་རྣམས་གཞན་དོན་ཕྲིན་ལས་གྲུབ་པའི་རྟགས༔༙ གཏེར་སྒོ་ཕྱེས་དང་ལྷ་ཁང་སྒོ་ཡང་འབྱེད༔༙ ལྡེའུ་མིག་རྙེད་དང་སྟེར་བྱུང་གཏེར་དང་ནི༔༙ གནས་སྒོ་འབྱེད་དང་སྦས་ཡུལ་ཕྱིན་པའི་རྟགས༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ ཟབ་རྒྱ༔༙ གསང་རྒྱ༔༙ གཏད་རྒྱ༔༙ ྈ ྈྈྈྈྈྈྈྈྈྈྈྈྈྈྈ རྡོ་རྗེ་དྲག་པོ་རྩལ་ཟིལ་གནོན་ནང་སྒྲུབ་བྱིན་རླབས་འོད་འབར་བཞུགས་སོ༔༙ ྈྈྈྈྈྈྈྈྈ བླ་མ་རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་ལ་ཕྱག་འཚལ་ལོ༔༙ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་ནང་སྒྲུབ་བྱིན་རླབས་འོད་འབར་ནི༔༙ གཏོར་མཆོད་བྷནྡྷ་དུམ་གཅིག་ནང༔༙ བདུད་རྩི་ཆོས་སྨན་བཏབ་པ་ལ༔༙ ཁ་ཆོད་མེ་ལོང་སིནྡྷུ་རར༔༙ ཆོས་བསྣོལ་པདྨ་འདབ་བརྒྱད་བྲིས༔༙ དབུས་སུ་ཧཱུྃ་དང་མ་བྲིས་པའི༔༙ འདབ་བརྒྱད་ཕྱོགས་བཞིར་ར་ཙ་ཧྲི་ཡ༔༙ མཚམས་བཞིར་ཧ་རི་ནི་ས་བཀོད༔༙ དེ་སྟེང་བུམ་པ་ཙཀྲ་དང༔༙ སྐུ་འབག་རིག་པའི་རྟེན་དུ་བཀོད༔༙ རང་ཉིད་བདེ་བའི་གདན་ལ་འདུག༔༙ མདུན་གྱི་ནམ་མཁར་པདྨའི་གདན༔༙ འོད་ཕུང་མེ་ལྟར་འབར་བའི་ཀློང༔༙ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔༙ འཁོར་དུ་རིག་འཛིན་རྒྱ་མཚོས་བསྐོར༔༙ ན་མོ༔༙ བླ་མ་བདེ་གཤེགས་འདུས་པའི་སྐུ༔༙ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔༙ བྱང་ཆུབ་སྙིང་པོ་མ་ཐོབ་བར༔༙ རྟག་པར་བདག་ནི་སྐྱབས་སུ་མཆི༔༙ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔༙ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔༙ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔༙ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔༙ ཞེས་སྐྱབས་འགྲོ་སེམས་བསྐྱེད་ནས༔༙ ཆོས་རྣམས་ཐམས་ཅད་སྟོང་པར་བསམ༔༙ སྟོང་པའི་ངང་ལས་སྲུང་འཁོར་དང༔༙ རྡོ་རྗེ་མེ་ཕུང་འབར་བའི་ཀློང༔༙ དཀྱིལ་འཁོར་གཞལ་ཡས་འཇའ་ཚོན་འབར༔༙ པདྨ་ཉི་ཟླ་ཟབ་འབོལ་སྟེང༔༙ བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔༙ དཀར་དམར་རྡོ་རྗེ་ཐོད་པ་བསྣམས༔༙ རིན་ཆེན་རུས་རྒྱན་ཐོར་ཚུགས་ཅན༔༙ གཅེར་བུ་ཕྱེད་སྐྱིལ་སྒེག་པའི་གཟུགས༔༙ མཚོ་རྒྱལ་དཀར་མོ་ནོར་བུ་དང༔༙ ཐོད་པ་ཐོགས་པ་ཡབ་ལ་འཁྲིལ༔༙ ཡབ་ཡུམ་ཟུང་འཇུག་བདེ་སྟོང་ངང༔༙ སྐུ་ཡི་ནང་དུ་འཁོར་ལོ་ལྔ༔༙ པདྨའི་མེ་ཏོག་དཀར་དམར་སེར༔༙ ལྗང་མཐིང་འདབ་ལྡན་གསལ་བ་ཡི༔༙ སྤྱི་བོར་འདབ་མ་དཀར་པོའི་དབུས༔༙ བཛྲ་གུ་རུ་ཡབ་ཡུམ་དཀར༔༙ མགྲིན་པར་འདབ་མ་སེར་པོའི་དབུས༔༙ རཏྣ་གུ་རུ་ཡབ་ཡུམ་སེར༔༙ ཐུགས་ཀར་འདབ་མ་མཐིང་གའི་དབུས༔༙ བུདྡྷ་གུ་རུ་ཡབ་ཡུམ་མཐིང༔༙ ལྟེ་བར་འདབ་མ་དམར་པོའི་དབུས༔༙ པདྨ་གུ་རུ་ཡབ་ཡུམ་དམར༔༙ གསང་གནས་འདབ་མ་ལྗང་གསལ་དབུས༔༙ ཀརྨ་གུ་རུ་ཡབ་ཡུམ་ལྗང༔༙ ཡབ་རྣམས་རྡོ་རྗེ་དྲིལ་བུ་འཛིན༔༙ ཡུམ་རྣམས་གྲི་གུག་ཐོད་ཁྲག་བསྣམས༔༙ རིན་ཆེན་རུས་རྒྱན་ཐོར་ཅོག་དང༔༙ དར་དཔྱང་སྙན་རྒྱན་བརྐྱང་བསྐུམ་གར༔༙ ཐམས་ཅད་བདེ་སྟོང་དབྱེར་མེད་གསལ༔༙ རང་རང་ཐུགས་སྲོག་ཧཱུྃ་གི་མཐར༔༙ གསང་བའི་སྙིང་པོ་གཡས་སུ་འཁོར༔༙ རང་སྒྲ་བདུད་རྩི་དཀར་དམར་མཐིང༔༙ ལུད་ནས་སྐུ་གང་བདེ་བ་རྒྱས༔༙ ཡབ་ཡུམ་གཉིས་མེད་བདེ་བས་མྱོས༔༙ བུང་བ་རྩི་ཡིས་རྟག་མྱོས་ལྟར༔༙ གྱུར་པར་བསམས་ལ་སྔགས་འདི་བཟླས༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཛ༔༙ གསང་སྔགས་ཡི་གེ་གསང་བའི་སྔགས༔༙ བདེ་གཤེགས་ཀུན་གྱི་སྙིང་པོ་ཡིན༔༙ འབུམ་ཕྲག་གསུམ་བཟླས་མཆོག་ཐུན་འགྲུབ༔༙ བདུན་གྱིས་བླ་མའི་ས་ལ་འགྲོ༔༙ མཆོག་གི་དངོས་གྲུབ་སངས་རྒྱས་འགྲུབ༔༙ རྟགས་ནི་འཇའ་ཚོན་མེ་ཏོག་དང༔༙ ཞལ་མཇལ་གསུང་བསྟན་ཡི་གེའི་ཚོགས༔༙ བར་སྣང་ཤར་དང་རྡོ་ལ་འབྱུང༔༙ ཁྱེ་འུ་ཕོ་མོ་བག་དྲོ་དང༔༙ ལྷ་དང་བླ་མས་དངོས་གྲུབ་སྟེར༔༙ ཕྲེང་བ་ཕྱག་མཚན་དར་ཕྱར་དང༔༙ རོལ་མོ་དུང་འབུད་དྲི་བཟང་འཐུལ༔༙ རྟེན་ལ་འོད་དང་མེ་ཏོག་འཕྲོ༔༙ བདུད་རྩི་ཁོལ་ཞིང་འཕྱུར་བ་དང༔༙ གཏོར་མ་ཁོལ་ཞིང་ཞུ་བར་འབྱུང༔༙ དེ་ཚེ་དངོས་གྲུབ་བླང་བར་བྱ༔༙ གཉིས་པ་བདག་ཉིད་ཐོད་ཕྲེང་རྩལ༔༙ གསལ་བའི་སྤྱི་བོའི་རྩ་འདབ་དབུས༔༙ བཛྲ་གུ་རུ་ཡབ་ཡུམ་དཀར༔༙ ཐུགས་ཀའི་སྔགས་ཡིག་དཀར་པོ་འཕྲོས༔༙ ལུས་ངག་ནད་གདོན་སྡིག་སྒྲིབ་ཞི༔༙ ཕྱིར་འཕྲོས་འཇིགས་བརྒྱད་ཞི་བར་བསམ༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔༙ དེ་བཟླས་འཇིགས་བརྒྱད་ཞི་བར་འགྱུར༔༙ མགྲིན་པར་རཏྣ་ཡབ་ཡུམ་སེར༔༙ ཐུགས་ཀར་སྔགས་ཕྲེང་སེར་པོ་འཕྲོས༔༙ ལུས་གང་ཚེ་དང་བསོད་ནམས་རྒྱས༔༙ ཕྱིར་འཕྲོས་འབྱོར་དྲུག་རྒྱས་པར་བསམ༔༙ ཨོཾ་ཨཱཿཧཱུྃ་རཏྣ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔༙ དེ་བཟླས་འབྱོར་དྲུག་རྒྱས་པར་འགྱུར༔༙ ལྟེ་བར་པདྨ་ཡབ་ཡུམ་དམར༔༙ ཐུགས་ཀར་སྔགས་ཕྲེང་དམར་པོ་འཕྲོས༔༙ ལུས་གང་བྱིན་རླབས་ནུས་པ་འབར༔༙ ཕྱིར་འཕྲོས་སྣང་སྲིད་བརྟན་གཡོ་འདུས༔༙ ཨོཾ་ཨཱཿཧཱུྃ་པདྨ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔༙ དེ་བཟླས་ཁམས་གསུམ་དབང་དུ་འདུས༔༙ གསང་བར་ཀརྨ་ཡབ་ཡུམ་ལྗང༔༙ ཐུགས་ཀར་སྔགས་ཕྲེང་ལྗང་གུ་འཕྲོས༔༙ ལུས་གང་བར་ཆད་རང་བཞིན་དག༔༙ ཕྱིར་འཕྲོས་དགྲ་བགེགས་མ་ལུས་བརླག༔༙ ཨོཾ་ཨཱཿཧཱུྃ་ཀརྨ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔༙ དེ་བཟླས་དགྲ་བགེགས་བྱད་མ་བརླག༔༙ ཐུགས་ཀར་བུདྡྷ་ཡབ་ཡུམ་མཐིང༔༙ ཐུགས་སྲོག་སྔགས་ཕྲེང་མཐིང་འོད་འཕྲོས༔༙ ལུས་གང་མཆོག་གི་ཏིང་འཛིན་སྐྱེས༔༙ ཕྱིར་འཕྲོས་རྩ་གསུམ་བྱིན་རླབས་འདུས༔༙ ཨོཾ་ཨཱཿཧཱུྃ་བུདྡྷ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔༙ དེ་བཟླས་མཆོག་གི་དངོས་གྲུབ་ཐོབ༔༙ ལས་བཞིའི་སྔགས་ཀྱི་ཤམ་བསྒྱུར་ནི༔༙ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔༙ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔༙ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔༙ མཱ་ར་ཡ་ཕཊ༔༙ དགོས་དུས་སོ་སོའི་སྔགས་ཤམ་གདགས༔༙ མེ་ལ་སྦྱིན་སྲེག་བཏབ་པ་དང༔༙ ས་ལ་ཚ་ཚྭ་གདབ་པ་དང༔༙ རླུང་ལ་བསང་དང་དུད་པ་བཏང༔༙ ཆུ་ལ་གཏོར་མ་བཏང་བས་འགྲུབ༔༙ གནས་ཀྱི་ལྷ་དང་སྦྱར་བ་ན༔༙ སྤྱི་བོ་ཡབ་ཡུམ་ཆུ་ཡི་ཁམས༔༙ མགྲིན་པ་ཡབ་ཡུམ་ས་ཡི་ཁམས༔༙ ལྟེ་བ་ཡབ་ཡུམ་མེ་ཡི་ཁམས༔༙ གསང་གནས་ཡབ་ཡུམ་རླུང་གི་ཁམས༔༙ སྙིང་གར་ཡབ་ཡུམ་ནམ་མཁའི་ཁམས༔༙ རང་རང་སོ་སོའི་ལས་སྦྱོར་ནི༔༙ རྒྱས་པར་གཞན་ནས་བཤད་པ་ལྟར༔༙ ཆུ་ཕྱར་གཏོར་ནས་གཏོར་མ་བཏང༔༙ ས་ལ་ཚ་ཚྭ་ཁ་དོག་བསྒྱུར༔༙ མེ་ལ་སྦྱིན་སྲེག་མཆོད་ལ་བསྲེག༔༙ རླུང་ལ་ཐུན་གཏོར་རྫས་དུད་བཏང༔༙ ནམ་མཁའ་ཏིང་འཛིན་སྟོང་ཉིད་བསྒོམ༔༙ དེ་ལྟར་ལས་ལ་སྦྱར་ཤེས་ན༔༙ མི་འགྲུབ་པ་ནི་གཅིག་ཀྱང་མེད༔༙ འབྱུང་བ་ལྔ་ལ་དབང་བསྒྱུར་བས༔༙ ཕྲིན་ལས་བཞི་ལ་ཐོགས་པ་མེད༔༙ གསང་ན་དངོས་གྲུབ་མྱུར་དུ་ཐོབ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ ྀཨཚ༔༙ རིག་འཛིན་སྟག་ཤམ་རྡོ་རྗེའི་གཏེར་མའོ། ། ྈྈྈྈྈྈྈྈྈྈྈྈྈྈྈྈ རྡོ་རྗེ་དྲག་པོ་རྩལ་སྣང་སྲིད་ཟིལ་གྱིས་གནོན་པའི་གསང་སྒྲུབ་ནུས་པ་རང་འབར་བཞུགས་སོ༔༙ ྈྈྈྈྈ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔༙ རྡོ་རྗེ་དྲག་པོ་པདྨ་ཟིལ་གནོན་གྱི༔༙ གསང་སྒྲུབ་ནུས་པ་རང་འབར་བསྟན་པ་ནི༔༙ བརྟེན་རྫས་ཕུར་པ་ལྕགས་སམ་སེང་ལྡེང་བྱ༔༙ ཕྱི་ནང་མཆོད་རྫས་གང་འཛོམ་བཀོད་ནས་བསྒྲུབ༔༙ བདག་ཉིད་སྐད་ཅིག་དྲན་རྫོགས་ཉི་ཤར་ལྟར༔༙ སྟོང་པའི་ངང་ལས་ཧཱུྃ་མཐིང་མེ་འོད་འབར༔༙ ཡར་མར་དོན་བྱས་དྲེགས་པའི་སྲོག་བསྡུས་ནས༔༙ ཚུར་ཐིམ་ཡོངས་གྱུར་བདག་ཉིད་ཟིལ་གནོན་རྩལ༔༙ དཀར་དམར་མདངས་ལྡན་ཁྲོ་འཛུམ་དབང་གི་སྐུ༔༙ ཟ་འོག་དཀར་དམར་མཐིང་གསུམ་ཕོད་ཁ་ལ༔༙ སྨུག་བེར་ཆོས་གོས་དམར་ལ་སྣམ་སྦྱར་སེར༔༙ ཐང་ཤམ་ལྷམ་དང་མུ་ཏིག་དོ་ཤལ་ཅན༔༙ ཕྱག་གཡས་རྩེ་དགུ་རྡོ་རྗེ་མཁའ་ལ་ཕྱར༔༙ ཕྱག་གཡོན་སྡིགས་མཛུབ་སྙིང་ཕྲེང་ཕུར་པས་གཟིར༔༙ སྙན་ཆ་མགུར་ཆུ་རྒྱན་དྲུག་རུས་པས་སྤྲས༔༙ དབུ་ལ་ཤེའུའི་སྙན་ཞུ་ཁྱུང་གཤོག་ལྡིང༔༙ ཉི་ཟླ་མུ་ཏིག་གསེར་རྒྱན་དར་སྣ་འཕུར༔༙ རྡོ་རྗེ་རྒོད་ལྡེམ་ཐེག་པ་ཡོངས་རྫོགས་རྟགས༔༙ པདྨ་ཆོས་འབྱུང་ཉི་ཟླ་སྲིན་པོའི་སྟེང༔༙ བརྐྱང་བསྐུམ་སྣང་སྲིད་ཟིལ་གནོན་སྐུར་གསལ་བའི༔༙ སྤྱི་བོར་འོད་དཔག་མེད་པ་སྤྱན་རས་གཟིགས༔༙ གུ་རུ་པདྨ་ཡབ་ཡུམ་གཅེར་བུ་ལ༔༙ མཐིང་ནག་རྡོ་རྗེ་འཆང་ཆེན་ཡབ་ཡུམ་གསལ༔༙ དཔྲལ་བར་ཁྲག་ཞག་ཆོས་འབྱུང་དམར་སྨུག་ཀློང༔༙ འཇམ་དཔལ་ནཱ་ག་རཀྴ་སྐུ་མདོག་ནག༔༙ ཞལ་གཅིག་ཕྱག་གཉིས་རིགས་བདག་འཇམ་དཔལ་དབྱངས༔༙ དུར་ཁྲོད་ཆས་བརྒྱད་འཇིགས་པའི་དུག་རླངས་འཁྲིགས༔༙ ཕྱག་གཡས་ལྕགས་སྡིག་གཡོན་པས་དུག་སྦྲུལ་འགྱེད༔༙ སྐུ་སྨད་སྦྲུལ་མཇུག་ཁྲག་ཞགས་མཚོ་ནང་འཁྱིལ༔༙ ཀླུ་བདུད་ཕོ་མོའི་གདན་ལ་འགྱིང་བར་བསམ༔༙ མགྲིན་པར་ཟླ་གམ་པདྨ་ཉི་ཟླའི་སྟེང༔༙ རྟ་མགྲིན་དབང་ཆེན་དམར་ནག་ལྕགས་སྲེག་མདོག༔༙ ཞལ་གཅིག་ཁྲོ་བོ་སྤྱི་བོར་རྟ་ལྗང་འཚེར༔༙ ཕྱག་གཡས་ཐོ་བ་མེ་འབར་ཚྭ་ཚྭ་ཕྱར༔༙ གཡོན་པས་མེ་ཞགས་སྟོང་གསུམ་དགྲ་བགེགས་འཆིང༔༙ དུར་ཁྲོད་ཆས་བརྒྱད་འཇིགས་པའི་སྐུ་མཆོག་ལ༔༙ གླང་ཀོ་སྟག་ལྤགས་སྦྲུལ་ཆུན་མི་མགོའི་ཕྲེང༔༙ མེ་དཔུང་དབུས་སུ་བརྐྱང་བསྐུམ་བམ་རོ་གནོན༔༙ ཐུགས་ཀྱི་འོད་ལྔ་པདྨ་ཟླ་བའི་སྟེང༔༙ ཀུན་ཏུ་བཟང་པོ་བླ་མེད་རྡོ་རྗེ་འཆང༔༙ སྐུ་མདོག་མཐིང་ནག་རིན་ཆེན་རུས་པས་བརྒྱན༔༙ རྡོ་རྗེ་དྲིལ་འཛིན་རྡོ་རྗེ་ཕག་མོ་དམར༔༙ གྲི་ཐོད་ཐོགས་ནས་ཡབ་ཡུམ་གཉིས་མེད་སྦྱོར༔༙ ལྟེ་བར་ཆོས་འབྱུང་གྲུ་གསུམ་དུར་ཁྲོད་དུ༔༙ མགོན་པོ་དམར་ནག་ཁྲོ་གཏུམ་གེལ་པའི་གཟུགས༔༙ གྲི་གུག་ཐོད་བསྣམས་བེར་བརྩེགས་དམར་སྨུག་ལྗང༔༙ མི་ལྤགས་རྐེད་ཆིངས་བིང་བཙུགས་དུར་ཁྲོད་ཆས༔༙ སག་ཏི་དམར་པོའི་ལྷམ་བཅས་ཚོགས་བདག་སྟེང༔༙ ཆེ་བའི་རྗེ་བཙན་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔༙ གསང་བ་གྲུ་གསུམ་དམར་ནག་ཁྲག་མཚོ་ལ༔༙ དྲེགས་པ་ཀུན་འདུལ་ཁྱབ་འཇུག་རཱ་ཧུ་ལ༔༙ མེ་མདག་ལྟ་བུའི་སྐུ་ལ་དུད་པ་འཁྲིགས༔༙ སྤྱན་སྟོང་མེ་དཔུང་ལྟ་བུ་ཚྭ་ཚྭ་འཕྲོ༔༙ ཕྱག་གཡས་རལ་གྲི་གཡོན་པས་མདའ་གཞུ་བསྣམས༔༙ སྐུ་སྨད་སྦྲུལ་མཇུག་ཁྲག་མཚོ་འཁྱིལ་བར་བཞུགས༔༙ ཕྱོགས་མཚམས་བརྒྱད་དུ་ཀེའུ་རཱི་མ་མོ་བརྒྱད༔༙ རང་རང་ཆ་ལུགས་མ་མོ་རོལ་པའི་ཚུལ༔༙ རོ་ཡི་སྟེང་དུ་བརྐྱང་བསྐུམ་གར་གྱིས་བཞུགས༔༙ ཕྱི་རོལ་འཁོར་ལོ་འབར་བ་རྩིབས་བཅུ་ལ༔༙ ལྷ་དང་གཤིན་རྗེ་ཀླུ་དང་གནོད་སྦྱིན་དང༔༙ དྲང་སྲོང་སྲིན་པོ་རླུང་དང་འབྱུང་པོ་བརྒྱད༔༙ ས་བདག་ཉི་ཟླ་དྲེགས་པའི་སྡེ་དཔོན་བཅུ༔༙ ཆ་ལུགས་ཡབ་ཡུམ་རང་རང་དཔུང་དང་བཅས༔༙ མ་ཡེངས་མེ་རླུང་ཀློང་དུ་གསལ་བར་བསྐྱེད༔༙ རང་རང་ཐུགས་ཀར་ཧཱུྃ་ཡིག་ས་བོན་ཅིག༔༙ སྐུ་མདོག་དང་མཐུན་ཁ་དོག་སོ་སོར་གསལ༔༙ ཐ་མར་དྲག་སྔགས་མེ་ཕུང་ཤིག་ཤིག་ཏུ༔༙ འཁོར་བའི་ཤུགས་ཀྱིས་མེ་འབར་སྣོད་བཅུད་ཁེངས༔༙ སྲིད་གསུམ་གདུག་པ་ཀུན་བསྲེགས་ཐལ་བར་གྱུར༔༙ ཐམས་ཅད་སྦྱོང་བའི་ནུས་པ་བདག་ལ་འདུས༔༙ སེམས་ཅན་ཀུན་སྦྱངས་སངས་རྒྱས་བྱང་སེམས་དང༔༙ རིག་འཛིན་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔༙ འདུས་པ་ཆེར་འདུས་བདག་ལ་འདུས་པ་ཡིས༔༙ འཇིག་རྟེན་འདས་དང་མ་འདས་འཁོར་འདས་ཀྱི༔༙ བརྟན་གཡོ་སྣང་སྲིད་བདག་ལ་འདུས་པར་བསམ༔༙ ཡང་སྙིང་གསང་བའི་སྔགས་འདི་དག་པར་ཟློས༔༙ ཧཱུྃ་ཨ་ཀ་ཡ༔༙ ཧ་ཨ་མ་ར༔༙ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་སྦུར་ཐུམ་ཛ་ཛ༔༙ དྷ་ལོ་ཤ་བུ་ཝ་མ་ཨ་ནྲྀ་ཏྲི་སིདྡྷི་ཕ་ལ་ཛ་ཛ༔༙ འགྱུར་མེད་གསང་སྔགས་རྡོ་རྗེའི་སྙིང་པོ་འདི༔༙ ཕ་རྒྱུད་མ་རྒྱུད་གཉིས་མེད་མ་ནིང་རྒྱུད༔༙ བླ་མེད་ཡང་དག་རྒྱུད་སྡེ་ཆེན་པོ་བཞི༔༙ ཐེག་དགུ་ཨ་ཏིའི་རྩེ་མོ་ཡང་ཏིའི་སྙིང༔༙ འཇིག་རྟེན་འདས་དང་མ་འདས་སརྦ་ཡི༔༙ སྲོག་རྣམས་ཀུན་འདུས་བརྗོད་ཕངས་གསང་སྔགས་འདིས༔༙ བདག་འདྲ་པདྨས་ཨོ་རྒྱན་མཁའ་འགྲོའི་གླིང༔༙ ཕྲ་མེན་མུ་སྟེགས་མཁའ་འགྲོ་ཐམས་ཅད་བཏུལ༔༙ རྒྱ་གར་མུ་སྟེགས་རྒྱ་ནག་ཛེ་གྷྲྀ་དང༔༙ ཞང་ཞུང་བོན་ནག་བོད་ཀྱི་ལྷ་འདྲེ་དང༔༙ མ་རུངས་སྲིན་པོ་ཐམས་ཅད་བཏུལ་བའི་སྔགས༔༙ སྤེལ་ཕངས་ལྔ་བརྒྱར་དྲེགས་པ་སྡེ་བརྒྱད་ཕྱུར༔༙ ཁྱད་པར་ད་ལྟ་དམ་ལ་མ་ཐོགས་པའི༔༙ གློ་བུར་ལྷགས་པའི་མི་དང་མི་མ་ཡིན༔༙ བྱད་མ་གླང་སྙིང་རང་རང་སོ་སོའི་ལས༔༙ སྲིད་པའི་འདྲེ་དང་བསྡོང་ཟླ་མང་འབྱུང་བས༔༙ དེ་རྣམས་ཁོ་ནའི་དོན་དུ་གཏེར་དུ་སྦས༔༙ ཆོས་འདི་ཟབ་དང་གཉན་དང་ནུས་པ་རྣམས༔༙ པདྨ་ང་རང་ཚད་དུ་བཞག་པ་ཡིན༔༙ བདག་ལ་ནུས་མེད་ན་ནི་འདི་ལའང་མེད༔༙ ཇི་ཙམ་ཡོད་ན་གསང་སྔགས་འདི་ལའང་ཡོད༔༙ དེ་ཕྱིར་འདི་ལ་གཅེས་པར་འཆང་བར་མཛོད༔༙ མ་འོངས་འགྲོ་བ་སྡུག་བསྔལ་མནར་མེད་འདྲ༔༙ དེ་རྣམས་གང་གིས་ཕན་དཀའ་རང་གི་ལས༔༙ ལས་ལ་ལ་བཟླ་གསང་སྔགས་ནུས་པའི་ཆོས༔༙ ཟབ་བསྡུས་བཀླག་ཆོག་པདྨས་བཀོད་པ་རྫོགས༔༙ ཨཱརྻ་ས་ལེ་འོད་ཀྱི་སྐྱེ་བའི་ཐ༔༙ བདུན་གསུམ་ཉེར་གཅིག་མཚམས་སུ་ཐོན་པར་ཤོག༔༙ མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་མ་ཁྱོད་ཀྱིས༔༙ དམ་ཚིག་གནད་ཅིག་གསང་བའི་རྒྱུད་བཀྲོལ་ལ༔༙ གསང་རྒྱ་གབ་པའི་ཤོག་དྲིལ་བཅུ་གསུམ་ཡོད༔༙ དམ་ཚིག་གཅིག་པའི་སྲོག་ཆུས་སྲིས་ལ་གཏོད༔༙ དམ་ཉམས་རྣམས་ལ་ཤོར་ན་ཁྱོད་ཞན་ནོ༔༙ མ་ཤོར་ཐུབ་པར་སྲུངས་ཤིག་ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ བདག་སྟག་ཤམ་རྡོ་རྗེས་གཏེར་ནས་བཏོན་ནས་ནམ་མཁོ་ལ་བསམས་ནས་ཤོག་སེར་ལས་དག་པར་ཕབ་པའོ། ། ྈ ྈྈྈྈྈྈྈྈྈྈྈྈྈ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་ལས་བྱང་ཚངས་དབྱངས་རོལ་པ་བཞུགས་སོ༔༙ ྈྈྈྈྈྈྈྈྈྈྈ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔༙ རྡོ་རྗེ་དྲག་པོ་སྣང་སྲིད་ཟིལ་གནོན་རྩལ༔༙ དེ་ཡི་ལས་བྱང་རིམ་པ་བསྟན་པ་ནི༔༙ སྔོན་འགྲོ་མཚམས་གཅོད་བརྡ་སྒོ་དབྱེ་བ་དང༔༙ བརྡ་ཕྱག་འཚལ་དང་དམ་བཅའ་འབུལ་བ་དང༔༙ བྱིན་དབབ་བྱིན་བརླབ་རིམ་པ་དྲུག་ཏུ་བསྟན༔༙ དངོས་གཞི་ཏིང་འཛིན་ལྷ་གསལ་སྤྱན་འདྲེན་དང༔༙ ཆབ་འབུལ་བཞུགས་ཕྱག་མཆོད་པ་ཕྱི་ནང་གསང༔༙ སྨན་གཏོར་རཀྟ་འབུལ་ཞིང་བསྟོད་པ་དང༔༙ འཛབ་བསྐུལ་རིམ་པ་བཅུ་གཉིས་ས་བཅད་བསྟན༔༙ རྗེས་སུ་ཚོགས་བྱིན་ཚོགས་ལྷ་སྤྱན་འདྲེན་ཞིང༔༙ ཕུད་ཕུལ་སྐོང་བཤགས་ཐ་མ་ལྷག་མ་དང༔༙ ཆད་བརྟན་བྲོ་གར་ཚེ་འགུགས་དངོས་གྲུབ་བླང༔༙ བཤགས་ཤིང་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ༔༙ བསྡུ་ཆོག་དམིགས་མེད་རྟག་ཆད་མཐའ་བསལ་ཏེ༔༙ ལས་རིམ་བཅུ་བཞི་རྗེས་ཀྱི་རིམ་པའོ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ སྡེ་བརྒྱད་དྲེགས་པ་གཉིས་ཀྱི་ཙིཏྟ་དྷ་ན་ར༔༙༔༙ ྈྈྈྈྈྈྈ མཚམས་གཅོད་པ་ནི༔༙ ཧཱུྃ༔༙ ང་ནི་བདེ་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔༙ སྐུ་ལས་འོད་ཟེར་མེ་དཔུང་ཕྱོགས་བཅུར་འབར༔༙ གསུང་གི་ཧཱུྃ་སྒྲ་མཚོན་ཆ་འབར་བའི་གུར༔༙ ཐུགས་ལས་འོད་འཕྲོས་ཁྲོ་ཚོགས་སྐར་ལྟར་འཁྲུག༔༙ རང་བྱུང་ཡེ་གྲོལ་ཆེན་པོར་མཚམས་ཆོད་ཅིག༔༙ ཧཱུྃ་གུ་རུ་བཛྲ་ཀྲོ་ཏ་ཛྭ་ལ་རཾ༔༙ བྷནྡྷ་བཾ་ཧཱུྃ་བྷྲཱུྃ་ཙཀྲ་རཀྵ་ཧཱུྃ༔༙ གཉིས་པ་བརྡ་སྒོ་དབྱེ་བ་ནི༔༙ ཧཱུྃ༔༙ འཁོར་འདས་ཡེ་ནས་སྐུ་གསུམ་བླ་མའི་ངང༔༙ མ་རིག་གཉིས་འཛིན་ལོག་ལྟས་སྒོ་བཅད་པ༔༙ རང་གསལ་སྙིང་པོ་དོན་དམ་རྟོགས་པའི་ཕྱིར༔༙ རང་རིག་བླ་མར་མཇལ་ཕྱིར་སྒོ་དབྱེ་འཚལ༔༙ གུ་རུ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔༙ གསུམ་པ་བརྡ་ཕྱག་འཚལ་བ་ནི༔༙ ཧཱུྃ༔༙ འཁོར་འདས་རང་བྱུང་བླ་མ་ལྷ་ཡི་ངང༔༙ རང་རིག་མཐའ་དབུས་མེད་ཀྱང་མ་རྟོགས་གོལ༔༙ རང་རིག་བླ་མར་རྟོགས་ཕྱིར་བརྡ་ཕྱག་འཚལ༔༙ གུ་རུ་ན་མོ་པཱུ་རུ་ཤ་ཡ་ཧོ༔༙ བཞི་པ་དམ་བཅའ་བ་ནི༔༙ ཧཱུྃ༔༙ སྔོན་ཚེ་གུ་རུ་ཁྱེད་དང་སྨོན་ལམ་གཅིག༔༙ འདི་བཟུང་རང་སེམས་བླ་མར་མ་རྟོགས་བར༔༙ སྲོག་གི་ཕྱིར་ཡང་མི་གཏང་བཟུང་བར་བགྱི༔༙ གུ་རུ་ཙིཏྟ་བཛྲ་ས་མ་ཡ་ཛ༔༙ དེ་ནས་ལྔ་པ་བྱིན་དབབ་པ་ནི༔༙ ཧཱུྃ༔༙ བྱིན་ཆེན་ཕོབ་ཅིག་ཨོ་རྒྱན་རིག་འཛིན་རྗེ༔༙ བྱིན་གྱིས་རློབས་ཤིག་ཡི་དམ་གུ་རུ་རྗེ༔༙ དངོས་གྲུབ་སྩོལ་ཅིག་མཁའ་འགྲོ་པདྨ་འབྱུང༔༙ བར་ཆད་སོལ་ཅིག་ཆོས་སྐྱོང་ཀུན་འདུས་རྗེ༔༙ ཕྲིན་ལས་སྒྲུབས་ཤིག་དམ་ཅན་ཐོད་ཕྲེང་རྩལ༔༙ ཨོཾ་གུ་རུ་པདྨ་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛ་ཛ༔༙ དྲུག་པ་བྱིན་བརླབ་པ་ནི༔༙ ཧཱུྃ༔༙ རང་ཉིད་གུ་རུ་ལྷར་གསལ་ཐུགས་ཀ་ནས༔༙ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧོཿསེར་འཕྲོས༔༙ ཕྱི་ནང་མཆོད་རྫས་ཐམས་ཅད་བསྲེགས་སྦྱངས་བཀྲུས༔༙ ཨོཾ་གྱིས་འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང༔༙ ཨཱཿཡིས་ཟག་མེད་བདུད་རྩིས་ལྷ་ཚོགས་དགྱེས༔༙ ཧཱུྃ་གིས་དྲི་མ་སྦྱངས་པས་རོ་བཅུད་ལྡན༔༙ ཧོཿཡིས་སྣང་སྲིད་མཐའ་ཀླས་ཡོངས་བཀང་གྱུར༔༙ ཨོཾ་ཨཱཿཧཱུྃ་ཧོ༔༙ སྔོན་འགྲོའི་ལེའུ་དྲུག་པ་རྫོགས་སོ༔༙ ྀཨཚརྒྱ༔༙ དངོས་གཞི་ཏིང་འཛིན་འབྱུང་རིམ་ནི༔༙ ཧཱུྃ༔༙ ཆོས་སྐུ་མི་འགྱུར་འཁོར་འདས་ཆོས་རྣམས་ཀུན༔༙ ཡེ་ནས་བདག་མེད་སྤྲོས་དང་བྲལ་བ་ལས༔༙ ཀུན་སྣང་་་སྣ་ཚོགས་སྣང་བ་གསལ་མདངས་ཡེ་ཤེས་ཆེ༔༙ སྣང་བའི་དུས་ན་ཡེ་ནས་དངོས་པོས་སྟོང༔༙ རྒྱུ་ཡི་་་སྤྲོས་དང་བྲལ་བ་སྐྱེ་མེད་ཆོས་དབྱིངས་ངང༔༙ རང་བྱུང་བྱང་ཆུབ་སྙིང་པོ་བདེ་བ་ཆེ༔༙ རྩལ་སྣང་མ་འགག་རིག་པ་ཧཱུྃ་དུ་ཤར༔༙ འབྱུང་རིམ་་་ཧཱུྃ་ལས་སྣ་ཚོགས་རང་བྱུང་འོད་ལྔ་འཕྲོས༔༙ མ་བཅོས་ལྷུན་གྲུབ་གསང་ཆེན་ཡུམ་ལྔའི་ཀློང༔༙ ཨེ་ཡཾ་རཾ་སུཾ་ཀེཾ་ར་བྷྲཱུྃ༔༙ གཞལ་ཡས་ལྷ་གསལ་བ་ནི༔༙ བྷྲཱུྃ་ལས་རང་བྱུང་དུར་ཁྲོད་གཞལ་ཡས་ཁང༔༙ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྒྱན་རྣམས་རྫོགས༔༙ རིན་ཆེན་རྩིག་པ་འདོད་ཡོན་ལྷ་མོ་འཁྲིགས༔༙ ཕ་གུ་རིན་ཆེན་དྲྭ་ཕྱེད་མདའ་ཡབ་མཛེས༔༙ རྟ་བབས་གདུགས་ཏོག་ཆོས་འཁོར་ཁོར་ཡུག་རྫོགས༔༙ སྟོང་པའི་རང་བཞིན་ཕྱི་ནང་ཟང་ཐལ་གསལ༔༙ དུར་ཁྲོད་འོད་འབར་ཕོ་བྲང་ལྷུན་གྱིས་གྲུབ༔༙ ངོ་མཚར་རྨད་བྱུང་བླ་མའི་གཞལ་ཡས་ཁང༔༙ ལྷ་གསལ་བ་ནི༔༙ དེ་དབུས་ཆོས་འབྱུང་པད་སྡོང་སྙིང་པོ་ཟླུམ༔༙ ཐབས་ཤེས་ཉི་ཟླ་རང་བྱུང་ཟབ་འབོལ་སྟེང༔༙ དྲེགས་པ་ཕོ་མོ་བྱི་ཆིངས་བསྣོལ་བའི་སྟེང༔༙ ཧཱུྃ་ལས་བདག་ཉིད་ཟིལ་གནོན་ཀུན་འདུས་རྩལ༔༙ དཀར་དམར་ཁྲོ་འཛུམ་གཟི་བརྗིད་འོད་ཕུང་འབར༔༙ པད་ཞྭ་མཐོན་མཐིང་ཁྱུང་རུ་རྒོད་ལྡེམ་ཅན༔༙ སྐུ་ལ་ཟབ་བེར་སྨུག་ཁྲ་སྤྲིན་ཆེན་རིས༔༙ ཕོད་ཁ་མཐིང་ལ་ཆོས་གོས་དམར་པོ་གསོལ༔༙ ལེ་བརྒན་གསེར་རྒྱན་པ་ཏྲ་མིག་མང་རིས༔༙ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ཕྱར༔༙ གཡོན་པས་དྲེགས་པ་སྡེ་བཅུའི་སྙིང་ཕྲེང་འདྲེན༔༙ མེ་དཔུང་དམར་ནག་ཀློང་དུ་བརྐྱང་བསྐུམ་བཞུགས༔༙ སྤྱི་བོར་གུ་རུ་ཡིད་བཞིན་ནོར་བུ་ནི༔༙ དམར་པོ་རྡོ་རྗེ་དྲིལ་བསྣམས་སྐྱིལ་ཀྲུང་བཞུགས༔༙ ལོངས་སྤྱོད་རྫོགས་ཚུལ་མཚོ་རྒྱལ་དཀར་མོ་འཁྲིལ༔༙ གཞོན་ནུའི་ལང་ཚོ་ནོར་བུའི་ཐོད་པ་ཅན༔༙ དཔྲལ་བར་འཇམ་དཔལ་སྨུག་ནག་འཇིགས་པའི་གཟུགས༔༙ ཞལ་གཅིག་ཕྱག་གཉིས་སྤྱི་བོར་ཡེ་ཤེས་སེམས༔༙ ཕྱག་གཡས་སྡིག་པ་ནག་པོ་གཡོན་དུག་སྦྲུལ༔༙ སྐུ་སྨད་སྦྲུལ་མཇུག་རཀྟའི་མཚོ་ནང་དུ༔༙ ཀླུ་བདུད་ཕོ་མོ་རོ་ཡི་གདན་ལ་བཞུགས༔༙ མགྲིན་པར་དྲེགས་འདུལ་རྟ་མགྲིན་དམར་ནག་ཁྲོས༔༙ ཞལ་གཅིག་ཕྱག་གཉིས་སྤྱི་བོར་རྟ་མགོ་ལྗང༔༙ ཕྱག་གཡས་མེ་འབར་ཐོ་བ་གཡོན་མེ་ཞགས༔༙ དུར་ཁྲོད་ཆས་བརྒྱད་བརྐྱང་བསྐུམ་རོ་གདན་བཞུགས༔༙ ཐུགས་ཀར་ཀུན་བཟང་རྡོར་འཆང་སྐུ་མདོག་མཐིང༔༙ རིན་ཆེན་རྒྱན་ལྡན་ཕག་མོ་དམར་མོ་འཁྲིལ༔༙ ཡབ་ཡུམ་གཉིས་མེད་རྡོ་རྗེ་དྲིལ་བུ་བསྣམས༔༙ སྣང་སྟོང་ཟུང་འཇུག་པདྨ་ཟླ་གདན་བཞུགས༔༙ ལྟེ་བར་མགོན་པོ་དམར་ནག་གྲི་ཐོད་བསྣམས༔༙ དུར་ཁྲོད་ཆས་དང་བེར་དམར་སག་ལྷྭམ་བཅས༔༙ རབ་འཇིགས་ཚོགས་བདག་གླང་སྣའི་གདན་ལ་བཞུགས༔༙ གསང་གནས་དྲེགས་པ་ཁྱབ་འཇུག་རཱ་ཧུ་ལ༔༙ སྲིན་གཟུགས་ཞལ་བཅུ་བྱ་རོག་མགོ་བོ་ཅན༔༙ དམར་ནག་མེ་འབར་རལ་གྲི་མདའ་གཞུ་བསྣམས༔༙ སྐུ་སྨད་སྦྲུལ་མཇུག་ལྟེ་བར་སྲིན་པོའི་ཞལ༔༙ ཁྲག་ཞགས་མཚོ་ནང་བམ་རོའི་གདན་ལ་བཞུགས༔༙ ཐམས་ཅད་མ་ལུས་རང་རང་འཁོར་དང་བཅས༔༙ ཕྱོགས་མཚམས་བརྒྱད་དུ་མ་མོ་ཀེའུ་རཱི་བརྒྱད༔༙ ཕྲ་མེན་བཞི་ཡི་སྒོ་སྲུང་བཅས་པ་གསལ༔༙ དྲེགས་པ་ཆེན་པོ་སྡེ་བཅུ་ཕྱི་རོལ་བསྒོམ༔༙ སྤྱན་འདྲེན་ནི༔༙ ཧཱུྃ༔༙ དུར་ཁྲོད་གསང་ཆེན་བསྣོལ་མ་ནས༔༙ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔༙ སྐུ་ལ་འོད་ཕུང་གཟི་བརྗིད་འབར༔༙ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔༙ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབས༔༙ ཆོས་སྐྱོང་དམ་ཅན་གློག་ལྟར་འཁྱུག༔༙ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔༙ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔༙ ཧཱུྃ༔༙ དབུ་ལ་ཐོར་ཚུགས་རྒྱན་གྱིས་སྤྲས༔༙ དར་གྱི་ཅོད་པན་པུ་རུ་རུ༔༙ སྐུ་ལ་འོད་ཕུང་ལྷབས་སེ་ལྷབ༔༙ ཕྱག་གདུབ་ཞབས་གདུབ་སི་ལི་ལི༔༙ རོལ་མོ་མང་པོ་དི་རི་རི༔༙ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔༙ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔༙ མཁའ་འགྲོས་གར་བྱེད་ཤིགས་སེ་ཤིག༔༙ ཧཱུྃ་གི་སྣང་གླུ་དི་རི་རི༔༙ ཕཊ་ཀྱི་བརྡ་སྐད་སངས་སེ་སང༔༙ བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ༔༙ དངོས་གྲུབ་ཆར་འབབ་སི་ལི་ལི༔༙ འཆི་མེད་ན་བུན་ཐུ་ལུ་ལུ༔༙ ཉམས་དང་ཤེས་པ་བུན་ནེ་བུན༔༙ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔༙ ལུས་ངག་ཡིད་གསུམ་སྨིན་གྲོལ་ནས༔༙ གུ་རུ་ཆེན་པོས་བྱིན་གྱིས་རློབས༔༙ ཧཱུྃ༔༙ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔༙ བྱིན་གྱིས་རློབས་ཤིག་གུ་རུ་ཐུགས་རྗེ་ཅན༔༙ བདག་སོགས་འགྲོ་ལ་དབང་སྐུར་བྱིན་གྱིས་རློབས༔༙ བགེགས་རིགས་བདུད་དང་འབྱུང་པོའི་བར་ཆད་ཟློག༔༙ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔༙ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔༙ ཨརྒྷཾ་འབུལ་བ་ནི༔༙ ཧཱུྃ༔༙ སྐྱེ་མེད་རྣམ་དག་ཆོས་དབྱིངས་དཀྱིལ་འཁོར་དུ༔༙ ཨོ་རྒྱན་རིག་འཛིན་ཐོད་ཕྲེང་ལྷ་ཚོགས་ལ༔༙ འགྲོ་ཀུན་ཉོན་མོངས་བག་ཆགས་བསལ་བའི་ཕྱིར༔༙ ཨརྒྷཾ་ཁྲུས་ཆབ་འབུལ་གྱིས་བཞེས་པར་མཛོད༔༙ མ་ཧཱ་གུ་རུ་ཨརྒྷཾ་པྲ་ཝ་སད་ཀ་ར་ཧཱུྃ༔༙ གདན་འབུལ་བ་ནི༔༙ ཧཱུྃ༔༙ ཆོས་འབྱུང་རང་བཞིན་གསལ་བའི་དཀྱིལ་འཁོར་དུ༔༙ གེ་སར་པད་སྡོང་འདབ་སྟོང་མདངས་ལྡན་དབུས༔༙ ཉི་ཟླ་འོད་འབར་འབོལ་བརྩེགས་རོ་གདན་དབུས༔༙ རིགས་འདུས་ཨོ་རྒྱན་ཆེན་པོ་བཞུགས་སུ་གསོལ༔༙ མ་ཧཱ་གུ་རུ་ས་མ་ཡ་ཏིཥྛ་ལྷན༔༙ དེ་ནས་ཕྱག་འབུལ་བ་ནི༔༙ ཧཱུྃ༔༙ གསལ་སྟོང་གྲགས་སྟོང་རིག་སྟོང་མཁྱེན་གསུམ་ལྡན༔༙ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷུན་གྱིས་གྲུབ༔༙ གུ་རུ་ཟིལ་གནོན་རྩལ་ལ་ཕྱག་འཚལ་ལོ༔༙ གུ་རུ་མ་ཧཱ་ཀྵ་ནི་ན་མོ་ཧཱུྃ༔༙ དེ་ནས་མཆོད་ཚོགས་འབུལ་བ་ནི༔༙ ཧཱུྃ༔༙ རིགས་འདུས་ཨོ་རྒྱན་གུ་རུའི་ལྷ་ཚོགས་ལ༔༙ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ༔༙ མཆོད་སྤྲིན་རྒྱ་མཚོ་ནམ་མཁའི་མཐའ་ཀླས་ཀུན༔༙ རང་གི་ཐུགས་ནས་མེ་ཏོག་དཀར་མོ་དང༔༙ བདུག་སྤོས་སེར་མོ་མར་མེ་དམར་མོ་དང༔༙ དྲི་ཆབ་སྔོན་མོ་ཞལ་ཟས་མཐིང་ག་སོགས༔༙ སིལ་སྙན་ལྗང་མོར་སྤྲུལ་ནས་མཆོད་པར་འབུལ༔༙ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔༙ རིགས་འདུས་ཨོ་རྒྱན་ཆེན་པོའི་ཚོགས་ལ་འབུལ༔༙ འགྲོ་ཀུན་ཚོགས་རྫོགས་བརྩེར་དགོངས་བཞེས་སུ་གསོལ༔༙ ཧཱུྃ༔༙ རང་གི་ཐུགས་ནས་རྡོ་རྗེ་ལྷ་མོའི་ཚོགས༔༙ གདུགས་དང་རྒྱལ་མཚན་བ་དན་ལྡ་ལྡི་དང༔༙ ཕྱེ་མ་ཕུར་མ་སྨན་དང་རིན་ཆེན་རིགས༔༙ དར་ཟབ་འབྲུ་བཅུད་རྒྱལ་སྲིད་བཀྲ་ཤིས་རྫས༔༙ ལྷ་མིའི་འདོད་ཡོན་སྣ་ཚོགས་འཆར་བས་མཆོད༔༙ ཧཱུྃ༔༙ མཚན་ལྡན་རྡོ་རྗེ་བྷནྡྷའི་སྣོད་མཆོག་ཏུ༔༙ གདོད་ནས་རྣམ་དག་རྩ་བ་བརྒྱད་ལ་སྦྱར༔༙ ལོ་འདབ་སྟོང་གི་བཅུད་མཆོག་ཨ་མྲྀ་ཏ༔༙ དུག་ལྔ་སེལ་བྱེད་སྨན་གྱི་མཆོད་པ་འབུལ༔༙ ཧཱུྃ༔༙ མཚན་ལྡན་པདྨ་བྷནྡྷ་འཁོར་ཡུག་ཏུ༔༙ ཆོས་ཉིད་དབྱིངས་ལས་བྱུང་བའི་རང་བྱུང་རྫས༔༙ དེ་ཉིད་མ་བཅོས་ཡུམ་གྱི་བྷ་གར་འཁྱིལ༔༙ ཆགས་མེད་བདེ་ཆེན་རཀྟའི་མཆོད་པ་འབུལ༔༙ ཧཱུྃ༔༙ ཐབས་ཤེས་དབྱེར་མེད་ཐོད་ཞལ་འཁོར་ཡུག་ཏུ༔༙ ཤ་མཆོག་ལྔ་དང་འབྲུ་སྨན་ལྔ་སྦྱར་བའི༔༙ བཅུད་ལྡན་ཡེ་ཤེས་ལྔ་ལྡན་གཏོར་མ་འདི༔༙ རིགས་འདུས་མ་ཧཱ་གུ་རུའི་ཚོགས་ལ་འབུལ༔༙ ཧཱུྃ༔༙ སྦྱོར་བ་ཐབས་ཤེས་ཡབ་ཡུམ་གཉིས་སུ་མེད༔༙ སྒྲོལ་བ་གཉིས་འཛིན་རེ་དོགས་དུག་ལྔ་དག༔༙ དགྱེས་པའི་གར་དང་བདེ་སྟོང་ཟག་མེད་གླུ༔༙ སྣ་ཚོགས་ཐེག་པ་ཆེན་པོའི་ཉམས་ཀྱིས་མཆོད༔༙ མ་ཧཱ་གུ་རུ་སརྦ་པཱུ་ཙ་ཧོ༔༙ དེ་ནས་བསྟོད་པ་ནི༔༙ ཧཱུྃ༔༙ དམིགས་མེད་མཁའ་ལྟར་ཁྱབ་པའི་ངོ་བོ་ལ༔༙ ཡོན་ཏན་གཏེར་འབྱུང་ནོར་བུ་རིན་ཆེན་མཛོད༔༙ འགྲོ་བའི་དོན་བརྩོན་སྟོང་ཉིད་བདེ་ཆེན་རྒྱལ༔༙ དམིགས་པ་མེད་ཅིང་དམིགས་པའི་ཚུལ་གྱིས་བསྟོད༔༙ ཧཱུྃ༔༙ ཆོས་ཀྱི་དབྱིངས་ལས་མ་གཡོས་སྐུ་གསུང་ཐུགས༔༙ དོན་དམ་སྤྲོས་བྲལ་མཉམ་པའི་ངང་ཚུལ་ཅན༔༙ གཟུགས་སྐུ་མ་ངེས་ཤེལ་གྱི་མེ་ལོང་བཞིན༔༙ འགྲོ་བས་སོ་སོར་རྟོག་ཀྱང་དངོས་གྲུབ་ཅི་བཞིན་པ༔༙ རང་གི་ལྷག་པའི་བསམ་པས་བྱ་བ་ཐམས་ཅད་འགྲུབ༔༙ དེ་ཡི་ངོ་བོས་འགྲོ་དོན་དེ་འགྲུབ་འགྱུར༔༙ སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་མཐར་ཐུག་མེད༔༙ མི་གནས་སྤྲུལ་པས་དབྱིངས་སུ་སྒྲོལ་བ་ལ༔༙ རང་གི་དམ་ཚིག་ཉིད་ལས་འདའ་དཀའ་བའི༔༙ དཔལ་ཆེན་ཁྲག་འཐུང་ཁྱོད་ལ་ཕྱག་འཚལ་བསྟོད༔༙ ཧཱུྃ༔༙ དུག་ལྔ་དབང་སྡུད་མ་ཧཱ་གུ་རུ་རྡོ་རྗེའི་སྐུ༔༙ མཉམ་པར་དོན་སྟོན་དཔའ་བོ་ཆེན་པོ་དབང་ཆེན་ལོངས་སྤྱོད་རྫོགས༔༙ སྲིད་གསུམ་སྒྲོལ་མཛད་ཐུགས་རྗེ་ཆེན་པོ་སྤྲུལ་པའི་སྐུ༔༙ དབྱེར་མེད་སྙོམས་མཛད་རོ་གཅིག་བདེ་བ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔༙ ཧཱུྃ༔༙ བཅོམ་ལྡན་དཔལ་ལྡན་པདྨའི་དངོས༔༙ གསུང་གི་རྡོ་རྗེའི་རང་བཞིན་ལ༔༙ རྟ་མཆོག་དབང་གི་སྐུ་ལ་བསྟོད༔༙ ཧཱུྃ༔༙ འཁོར་ལོའི་དེད་དཔོན་བཅོམ་ལྡན་འདས༔༙ སྐུ་ཡི་རྡོ་རྗེའི་རང་བཞིན་ལ༔༙ འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔༙ ཧཱུྃ༔༙ སྟོང་པའི་ངང་ཚུལ་བཅོམ་ལྡན་འདས༔༙ ཐུགས་ཀྱི་རྡོ་རྗེའི་རང་བཞིན་ལ༔༙ ཀུན་བཟང་ཡབ་ཡུམ་ཕྱག་འཚལ་བསྟོད༔༙ ཧཱུྃ༔༙ སྣ་ཚོགས་ཆ་བྱད་བཅོམ་ལྡན་འདས༔༙ ཡོན་ཏན་རྡོ་རྗེའི་རང་བཞིན་ལ༔༙ དཔལ་ལྡན་མགོན་པོའི་ཚོགས་ལ་བསྟོད༔༙ ཧཱུྃ༔༙ ཁྱབ་བརྡལ་བླང་དོར་མེད་པའི་བཅོམ་ལྡན་འདས༔༙ ཕྲིན་ལས་རྡོ་རྗེའི་རང་བཞིན་ལ༔༙ གཟའ་བདུད་ཆེན་པོར་ཕྱག་འཚལ་བསྟོད༔༙ ཧཱུྃ༔༙ གནས་བརྒྱད་ཚོགས་དག་མ་མོའི་ཚོགས༔༙ ཞིང་བཅུ་སྒྲོལ་བྱེད་དེད་དཔོན་ཚོགས༔༙ ཕྲ་མེན་སྒོ་མ་ལ་སོགས་པའི༔༙ ཟིལ་གནོན་བླ་མ་དྲེགས་པའི་ཚོགས༔༙ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔༙ རྒྱས་པར་བསྟོད་བསྐུལ་ལྟར་དུ་བྱ༔༙ དེ་ནས་ཛཔ྄་བཟླས་ཛཔ྄་བསྟོད་རིམ་པ་ནི༔༙ ཧཱུྃ༔༙ དཀྱིལ་འཁོར་ཡང་གསང་ལྷ་ཡི་ཚོགས༔༙ རིགས་འདུས་བླ་མའི་ལྷ་ཚོགས་ལ༔༙ བསྐྱེད་རིམ་ཏིང་འཛིན་མཆོད་པ་འདི༔༙ རྒྱལ་བ་རྒྱ་མཚོའི་སྐུ་ལ་འབུལ༔༙ སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔༙ སྙིང་པོ་འཛབ་ཀྱི་མཆོད་པ་འདི༔༙ རྒྱལ་བ་རྒྱ་མཚོའི་གསུང་ལ་འབུལ༔༙ གསུང་གི་བྱིན་རླབས་ངག་ལ་སྩོལ༔༙ བདེ་སྟོང་ཡེ་ཤེས་མཆོད་པ་འདི༔༙ རྒྱལ་བ་རྒྱ་མཚོའི་ཐུགས་ལ་འབུལ༔༙ ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ༔༙ བདག་ཉིད་ལྷ་ལ་ལྷ་ཉིད་བདག༔༙ བདག་དང་ལྷ་གཉིས་དབྱེར་མེད་པ༔༙ སྣང་སྲིད་དག་པ་རབ་འབྱམས་པས༔༙ གུ་རུ་རྡོ་རྗེའི་དངོས་གྲུབ་སྩོལ༔༙ ཛཔ྄་ནི༔༙ ཧཱུྃ་ཨ་ཀ་ཡ༔༙ ཧ་ཨ་མ་ར༔༙ ཨ་ཡ་མ་དུ་རུ་ཙ་ཤ་ན༔༙ ཏྲིག་ནན༔༙ སྦུར་ཐུམ་ཛ་ཛ༔༙ དྷ་ལོ་ཤ༔༙ བུ་ཝ་མ༔༙ ཨ་ནྲྀ་ཏྲི༔༙ སིད་དྷི་ཕ་ལ་ཛ་ཛ༔༙ ཚེག་བར་སོ་བདུན་ཡིག་འབྲུ་བཞི་བཅུ་ཐམ༔༙ འཁོར་འདས་ཡེ་ཤེས་ཀུན་གྱི་སྤྱི་སྲོག་ཡིན༔༙ འབྲུ་འབུམ་སོང་ན་སྣང་སྲིད་གཡོ་ཞིང་འགུལ༔༙ ཚེ་གཅིག་རིག་འཛིན་བླ་མའི་གོ་འཕང་འགྲུབ༔༙ བྱེ་བ་བཟླས་ན་སྡེ་བརྒྱད་དྲེགས་པ་ཀུན༔༙ བསམ་པ་ཙམ་གྱིས་བྲན་དུ་ངེས་པར་ཁོལ༔༙ འབུམ་ཕྲག་བདུན་གྱིས་ལས་བཞི་ཐོགས་པ་མེད༔༙ འབུམ་ཕྲག་གསུམ་གྱིས་ཕྱི་ནང་བར་ཆད་སེལ༔༙ སྙིགས་དུས་འགོང་པོ་ཀུན་གྱི་ཐོ་བ་ཡིན༔༙ སྦས་ཡུལ་འགྲིམ་པ་ཀུན་གྱི་ལམ་ཡིག་ཡིན༔༙ མནན་གཏད་བྱེད་དང་གཏེར་འདོན་བྱེད་ཀུན་གྱི༔༙ སྣང་སྲིད་བཀའ་ལ་ཉན་པའི་བཀའ་ཐམ་ཡིན༔༙ འདི་ལས་ཟབ་པ་གཞན་དུ་སྦས་རེ་ཀན༔༙ ྈ དངོས་གཞིའི་ལེའུ་བཅུ་གཉིས་པ་རྫོགས་སོ༔༙ ཐ་འབྲ༔༙ དམ་རྒྱ༔༙ དེ་ནས་ཚོགས་ཀྱི་རིམ་པ་ནི༔༙ ཚོགས་བཤམ་སྦྱང་ཞིང་བྱིན་གྱིས་བརླབ༔༙ ཚོགས་ཞིང་སྤྱན་འདྲེན་ཚོགས་ཕུད་འབུལ༔༙ བར་པ་བཤགས་ཤིང་ཐ་མ་བསྟབ༔༙ སློབ་དཔོན་དྲངས་དང་ལྷག་མ་བསྔོ༔༙ བསྐུལ་དང་ཆད་བརྟན་རྟ་བྲོ་བརྡུང༔༙ དངོས་གྲུབ་བླང་དང་བཤགས་པ་བྱ༔༙ བཀྲ་ཤིས་བསྔོ་སྨོན་དཀྱིལ་འཁོར་བསྡུ༔༙ རྒྱུན་ཁྱེར་བརྟུལ་ཞུགས་བསྟན་པའོ༔༙ ཚོགས་བཤམ་གཞི་གདན་གང་རུང་ལ༔༙ གལ་དང་ཆང་དང་ཤ་དང་ཤིང་ཐོག་རིགས༔༙ ཐག་ཐུག་སྤོད་དང་འབྱོར་ཚོགས་ལེགས་པར་བཤམ༔༙ གཉིས་པ་སྦྱང་ཞིང་བྱིན་གྱིས་བརླབ་པ་ནི༔༙ རཾ་ཡཾ་ཁཾ༔༙ ཨོཾ་ཨཱཿཧཱུྃ༔༙ ལན་གསུམ། ཨོཾ༔༙ པདྨ་བྷནྡྷ་རྡོ་རྗེའི་སྣོད་ནང་དུ༔༙ ཤ་ལྔ་བདུད་རྩི་ལྔ་ལས་སྦྱར་བའི་བཅུད༔༙ ཆོས་དབྱིངས་ནམ་མཁའ་མཉམ་པར་ཟད་མེད་སྤེལ༔༙ རྡོ་རྗེ་མེ་རླུང་ཐོད་པར་སྦྱོར་བ་ཡི༔༙ ཚོགས་ཀྱི་ཞལ་ཟས་བདུད་རྩིར་བྱིན་གྱིས་བརླབས༔༙ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལས༔༙ སྐུ་ལྔ་ཡེ་ཤེས་ལྔ་ཡི་སྤྲིན་ཕུང་གཏིབ༔༙ འདོད་པའི་ཡོན་ཏན་རྣམ་པ་ལྔ་རུ་འཕྲོས༔༙ ལོངས་སྤྱོད་སྣ་ཚོགས་མཆོད་པའི་སྤྲིན་དུ་གྱུར༔༙ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿསྭཱ་ཧཱ༔༙ གསུམ་པ་སྤྱན་འདྲེན་པ་ནི༔༙ ཧཱུྃ༔༙ འོག་མིན་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔༙ དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྐུ༔༙ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔༙ རིག་འཛིན་གྲུབ་ཐོབ་བརྒྱུད་པའི་ཚོགས་དང་བཅས༔༙ ཧཱུྃ༔༙ ཟླ་གམ་དབང་ཆེན་རོལ་པའི་ཕོ་བྲང་ནས༔༙ ཕ་རྒྱུད་གཡོ་བ་རླུང་གི་ཧེ་རུ་ཀ༔༙ དབང་ཆེན་རྟ་མཆོག་ཡི་དམ་ལྷ་ཡི་ཚོགས༔༙ ཧཱུྃ༔༙ གསང་ཆེན་རོལ་པ་ཆོས་འབྱུང་དཀྱིལ་འཁོར་ནས༔༙ མ་རྒྱུད་བདེ་བ་ཉམས་ཀྱི་རྣལ་འབྱོར་མ༔༙ རྡོ་རྗེ་ཕག་མོ་མ་མོ་མཁའ་འགྲོའི་ཚོགས༔༙ ཧཱུྃ༔༙ ཐར་པའི་གྲོང་མཆོག་ཉི་ཤུ་རྩ་བཞི་ནས༔༙ བླ་མེད་བདེ་སྟོང་ཕྲིན་ལས་བཞི་ཡི་བདག༔༙ ཡེ་ཤེས་ལས་གྲུབ་ཆོས་སྐྱོང་དམ་ཅན་ཚོགས༔༙ ཧཱུྃ༔༙ རྩ་གསུམ་དམ་ཅན་ཨོ་རྒྱན་ལྷ་ཡི་ཚོགས༔༙ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་འདིར་བྱོན་ཅིག༔༙ རྣམ་སྤྲུལ་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔༙ ཨཱ་རཱལླི་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༔༙ རོལ་མོ་སིལ་སྙན་མང་པོ་སི་ལི་ལི༔༙ རིན་ཆེན་རུས་པའི་རྒྱན་ཆ་ཁྲ་ལ་ལ༔༙ སྣ་ཚོགས་གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔༙ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔༙ ཨ་ལ་ལ་སྟེ་དགྱེས་པར་བཞེས་ནས་ཀྱང༔༙ སྨིན་གྲོལ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔༙ དེ་ནས་ཚོགས་ཕུད་འབུལ་ལ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔༙ གཟུགས་ཀྱི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔༙ གཟུགས་མཛེས་མེ་ཏོག་སྤྱན་གྱི་མཆོད་པ་རྣམས༔༙ རྡོ་རྗེ་གཟུགས་ཀྱི་ལྷ་མོས་ཐོགས་ནས་ཀྱང༔༙ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔༙ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔༙ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔༙ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔༙ སྒྲ་ཡི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔༙ རོལ་མོ་སིལ་སྙན་སྙན་གྱི་མཆོད་པ་རྣམས༔༙ རྡོ་རྗེ་སྒྲ་ཡི་ལྷ་མོས་ཐོགས་ནས་ཀྱང༔༙ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔༙ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔༙ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔༙ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔༙ དྲི་ཡི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔༙ དྲི་མཆོག་བདུག་སྤོས་ཤངས་ཀྱི་མཆོད་པ་རྣམས༔༙ རྡོ་རྗེ་དྲི་ཡི་ལྷ་མོས་ཐོགས་ནས་ཀྱང༔༙ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔༙ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔༙ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔༙ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔༙ རོ་ཡི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔༙ རོ་མཆོག་ཞལ་ཟས་ལྗགས་ཀྱི་མཆོད་པ་རྣམས༔༙ རྡོ་རྗེ་རོ་ཡི་ལྷ་མོས་ཐོགས་ནས་ཀྱང༔༙ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔༙ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔༙ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔༙ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔༙ རེག་བྱ་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔༙ རེག་བྱ་བདེ་མཛེས་སྐུ་ཡི་མཆོད་པ་རྣམས༔༙ རྡོ་རྗེ་རེག་བྱའི་ལྷ་མོས་ཐོགས་ནས་ཀྱང༔༙ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔༙ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔༙ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔༙ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ༔༙ ཆོས་ཀྱི་རྡོ་རྗེ་མས་ཀྱང་མཆོད་པའི་ཕྱིར༔༙ བདེ་སྟོང་གཉིས་མེད་ཐུགས་ཀྱི་མཆོད་པ་རྣམས༔༙ རྡོ་རྗེ་ཆོས་ཀྱི་ལྷ་མོས་ཐོགས་ནས་ཀྱང༔༙ ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་མངོན་སྤྲུལ་ནས༔༙ རྡོ་རྗེའི་བར་དུ་གསང་བའི་གླུ་བླངས་ཤིང༔༙ རྡོ་རྗེའི་བར་དུ་གསང་བའི་གར་བསྒྱུར་ནས༔༙ རྣལ་འབྱོར་ཚོགས་མཆོད་འདི་འབུལ་བཞེས་སུ་གསོལ༔༙ གུ་རུ་དྷེ་བ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཙ་ལ་ཁ་རཾ་ཁཱ་ཧི༔༙ དེ་ནས་བར་པ་བཤགས་པ་ནི༔༙ ཧོ༔༙ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལྷ༔༙ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བཞི༔༙ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔༙ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔༙ དེ་ནས་ཐ་མ་བསྒྲལ་བ་ནི༔༙ ཨེ་ཡཾ་ཛ༔༙ ཞེས་གྲུ་གསུམ་བཙོན་མུན༔༙ ཏྲི་ཡཾ་ཛ༔༙ ཞེས་པས་བགེགས༔༙ ནྲྀ་ཡཾ་ཛ༔༙ ཞེས་པས་དགྲ་བསྐྱེད༔༙ ཧཱུྃ༔༙ རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔༙ སྐུ་ལས་ལྷ་མོ་བཞི་སྤྲོས་ཏེ༔༙ ལྕགས་ཀྱུ་དཀར་མོས་ནམ་མཁའ་གང༔༙ ཞགས་པ་སེར་མོས་བར་སྣང་གང༔༙ ལྕགས་སྒྲོག་དམར་མོས་ས་གཞི་གང༔༙ དྲིལ་བུ་ལྗང་མོས་ས་འོག་གང༔༙ ཐམས་ཅད་གར་ཉམས་གློག་ལྟར་འཁྱུག༔༙ དམ་ཉམས་དགྲ་བགེགས་གར་འདུག་ཀྱང༔༙ ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔༙ ལྕགས་སྒྲོག་སྡོམས་ལ་དྲིལ་བུས་མྱོས༔༙ རང་དབང་མེད་པར་འདིར་ཁུག་ཅིག༔༙ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔༙ བཛྲ་པཱ་ཤ་ཧཱུྃ༔༙ བཛྲ་སྥོ་ཊ་བཾ༔༙ བཛྲ་གཎྜེ་ཧོ༔༙ ཧོ༔༙ གཟུགས་ལ་ཕོབ་ཅིག༔༙ རྣམ་པར་ཆིངས་ཤིག༔༙ བྱད་དུ་ཆུགས་ཤིག༔༙ གཉིས་མེད་དུ་སྲེས་ཤིག༔༙ མགོན་སྐྱབས་བྱེད་པའི་ལྷ་ཐམས་ཅད་དང་ཕྲོལ་ཅིག༔༙ ཛཿཧཱུྃ་བཾ་ཧོ༔༙ པྲ་བེ་ཤ་ཡ་ཕཊ༔༙ དེ་ནས་བསྒྲལ་བ་ནི༔༙ ཧཱུྃ༔༙ བདག་ནི་རྡོ་རྗེ་ཐོད་ཕྲེང་རྩལ༔༙ ཞིང་བཅུ་བསྒྲལ་བར་ཐུགས་བསྐྱེད་པས༔༙ སྐུ་ལས་མཚོན་ཆ་སྐར་ལྟར་འཁྲུགས༔༙ གསུང་ལས་དྲག་སྔགས་འབྲུག་ལྟར་སྒྲོག༔༙ ཐུགས་ལས་ནུས་པ་མེ་ལྟར་འབར༔༙ དམ་ཉམས་དགྲ་བགེགས་རྡུལ་དུ་རློག༔༙ ཤ་ཁྲག་རུས་པ་ནང་རོལ་ཕྲོལ༔༙ རྣམ་ཤེས་སྲོག་དང་ཕྱེས་བྱས་ནས༔༙ བདེ་ཆེན་རྒྱལ་བའི་ཞིང་དུ་བཀོད༔༙ ཧཱུྃ་ཕཊ༔༙ དེ་ནས་བསྟབ་པ་ནི༔༙ ཧཱུྃ༔༙ དགྲ་ཡི་ཕུང་པོ་འོད་དུ་ཞུ༔༙ བདུད་རྩི་རོ་རྒྱའི་ཁ་ཟས་གྱུར༔༙ བླ་མ་རིག་འཛིན་ཞལ་དུ་བསྟབ༔༙ བྱིན་རླབས་དབང་བཞི་བདག་ལ་སྐུར༔༙ ཡི་དམ་ལྷ་ཚོགས་ཞལ་དུ་བསྟབ༔༙ མཆོག་གི་སིདྡྷི་ཕ་ལ་སྩོལ༔༙ མཁའ་འགྲོ་ཆོས་སྐྱོང་ཞལ་དུ་བསྟབ༔༙ ཐུན་མོང་ཕྲིན་ལས་རྣམ་བཞི་སྒྲུབས༔༙ ཨོཾ་ཨཱཿཧཱུྃ༔༙ དམ་ཉམས་རྣམས་ཀྱི་གཏི་མུག་ཤ་ལ་ཁ་རཾ་ཁཱ་ཧི༔༙ ཞེ་སྡང་རུས་ལ་ཁ་རཾྎ འདོད་ཆགས་ཁྲག་ལ་ཁ་རཾྎ དུག་གསུམ་དབྱིངས་སུ་དག་པར་གྱིས༔༙ དེ་ནས་རྡོ་རྗེ་སློབ་དཔོན་ལ་དྲང་བ་ནི༔༙ ཧོ༔༙ རྡོ་རྗེ་སློབ་དཔོན་ཚོགས་ཀྱི་བདག༔༙ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔༙ རང་བཞིན་གཅིག་པར་རྣམ་པར་དག༔༙ བདེ་སྟོང་ཆེན་པོར་ད་རོལ་ཅིག༔༙ ལན་འདེབས་པ༔༙ ཧོ༔༙ རིན་ཐང་མེད་ལས་ལེགས་འོང་ཆོས༔༙ གཟུང་དང་འཛིན་པ་ཀུན་བྲལ་བའི༔༙ ཆོས་ཀུན་བདེ་བ་ཆེན་པོའི་ངང༔༙ དེ་བཞིན་ཉིད་དུ་ཨ་ལ་ལ༔༙ དེ་ནས་ལྷག་མ་བསྔོ་བ་ནི༔༙ ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་ཁཱ་ཧི༔༙ ཞེས་བདུན་གྱིས་བསྔོ། ཚིགས་བཅད་ཀྱིས་བཏང་བ་ནི༔༙ ཧཱུྃ༔༙ དང་པོ་ཕུད་ཀྱིས་རྩ་གསུམ་མཆོད༔༙ ལུས་ཅན་ཀུན་གྱི་སྐྱབས་གནས་ཡིན༔༙ བདག་ཅག་སྐྱབས་འོག་ཚུད་པར་མཛོད༔༙ བར་དུ་སྣང་སྲིད་མགྲོན་ལ་འགྱེད༔༙ སྣང་སྲིད་མ་ལུས་དགྱེས་གྱུར་ནས༔༙ བདག་ཅག་བསོད་ནམས་རྫོགས་པར་ཤོག༔༙ ཐ་མ་ལྷག་མ་མི་བཏང་རྒྱུ༔༙ བྱང་ཆུབ་ལམ་ལ་བར་ཆད་དང༔༙ བདག་ཅག་བར་ཆད་རྐྱེན་ངན་ཟློག༔༙ ལྷག་མ་ལན་ཆགས་མི་བསྔོ་རྒྱུ༔༙ རྒྱུ་འབྲས་ཆོས་ལ་བསླུ་བ་མེད༔༙ བདག་ཅག་ལན་ཆགས་བུ་ལོན་སོབ༔༙ ཧཱུྃ༔༙ བླ་མ་ཡི་དམ་མཁའ་འགྲོ་ཡི༔༙ སྲུང་མ་ལྷག་ལ་དགྱེས་པ་རྣམས༔༙ ལྷག་མའི་གཏོར་མ་འདི་བཞེས་ལ༔༙ བསྟན་པ་སྲུངས་ལ་བསྟན་དགྲ་སོད༔༙ ཧཱུྃ༔༙ སྣང་སྲིད་ལྷ་འདྲེ་སྲིད་པའི་ཚོགས༔༙ ཟས་དང་སྐོམ་ལ་དགྱེས་པ་རྣམས༔༙ འདོད་ཡོན་ལོངས་སྤྱོད་འདི་བཞེས་ལ༔༙ ཕྱི་ནང་རྐྱེན་ངན་བར་ཆོད་སོལ༔༙ ཧཱུྃ༔༙ ཕུང་པོ་ལན་ཆགས་ལྷག་ལེན་ཚོགས༔༙ ཤ་ཁྲག་དྲོད་དབུགས་དགྱེས་པ་རྣམས༔༙ དམ་རྫས་ལྷག་མ་འདི་བཞེས་ལ༔༙ ཕུང་ཁམས་སྒྱུ་མའི་འདྲེ་གདོན་ཐུལ༔༙ ཧཱུྃ༔༙ དཀྱིལ་འཁོར་བཀའ་ཡི་སྲུང་མའི་ཚོགས༔༙ དུར་ཁྲོད་མ་མོ་མཁའ་འགྲོ་རྣམས༔༙ མཆོད་ལྷག་ཚོགས་འཁོར་འདི་བཞེས་ལ༔༙ བསྟན་དགྲ་ཐལ་བ་རྡུལ་དུ་རློག༔༙ སརྦ་ཌཱ་ཀི་ནཱི་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔༙ ཞེས་ཕུལ༔༙ དེ་ནས་བསྐུལ་བ་ནི༔༙ ཧཱུྃ༔༙ ཆོས་དབྱིངས་དུར་ཁྲོད་གསང་བ་མཆོག་གི་གནས༔༙ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ནས༔༙ གཟུགས་སྐུ་རོལ་པ་པདྨ་ཐོད་ཕྲེང་རྩལ༔༙ ཁྱོད་ནི་འཆི་མེད་རྡོ་རྗེའི་སྐུ་བརྙེས་ནས༔༙ མ་འོངས་འགྲོ་བའི་དོན་ཕྱིར་ཐུགས་བསྐྱེད་པའི༔༙ ཐུགས་དམ་དུས་ལ་བབ་པོ་ཕྲིན་ལས་མཛོད༔༙ ཧཱུྃ༔༙ གུ་རུའི་སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནས༔༙ སངས་རྒྱས་བྱང་སེམས་འགྲོ་དོན་ཐུགས་བསྐྱེད་པའི༔༙ བླ་མ་རིག་འཛིན་བཀའ་བརྒྱུད་གྲུབ་ཐོབ་བསྐོར༔༙ དཔྲལ་བ་ཆོས་འབྱུང་ཀླད་མཚོའི་དུར་ཁྲོད་ནས༔༙ འཇམ་དཔལ་ཁྲོ་བོ་ནཱ་ག་རཀྴ་ལ༔༙ འཇམ་དཔལ་སྐུ་ཡི་ཁྲོ་བོ་འབུམ་ཕྲག་བསྐོར༔༙ མགྲིན་པ་དབང་ཆེན་གསུང་གི་དུར་ཁྲོད་ནས༔༙ པདྨ་གསུང་མཆོག་དྲེགས་པ་རྟ་མགྲིན་ལ༔༙ པདྨ་གསུང་མཆོག་ཁྲོ་བོ་འབུམ་ཕྲག་བསྐོར༔༙ ཐུགས་ཀ་ཆོས་དབྱིངས་འོག་མིན་ཕོ་བྲང་ནས༔༙ ཐུགས་མཆོག་ཀུན་བཟང་རྡོ་རྗེ་འཛིན་པ་ལ༔༙ སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་འབུམ་ཕྲག་བསྐོར༔༙ ལྟེ་བ་དུར་ཁྲོད་རྩུབ་འགྱུར་ཚལ་ཆེན་ནས༔༙ དཔལ་ལྡན་ཡེ་ཤེས་གསུང་གི་མགོན་པོ་ལ༔༙ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འབུམ་ཕྲག་བསྐོར༔༙ གསང་གནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས༔༙ འཇིགས་བྱེད་ཆེ་མཆོག་མགོན་པོ་རཱ་ཧུ་ལ༔༙ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འབུམ་ཕྲག་བསྐོར༔༙ དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔༙ ཐུགས་དམ་བསྐུལ་ལོ་ཐུགས་བསྐྱེད་དུས་ལ་བབ༔༙ སྐུ་མཆོག་འཇམ་དཔལ་ལུས་ཀྱི་བར་ཆད་ཟློག༔༙ པདྨ་དབང་ཆེན་དབང་གི་དངོས་གྲུབ་སྩོལ༔༙ ཀུན་བཟང་རྡོར་འཛིན་སེམས་ལ་ཏིང་འཛིན་སྐྱེད༔༙ དཔལ་ལྡན་མགོན་པོས་བསྟན་པའི་ཆག་སྒོ་ཟློག༔༙ གཟའ་བདུད་ཆེན་པོས་དགྲ་བགེགས་རྡུལ་དུ་རློག༔༙ ཡིད་ལ་བསམ་པའི་དོན་འདི་ཁྱོད་ཀྱིས་སྒྲུབས༔༙ ཧཱུྃ༔༙ ཀོའུ་རཱི་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐུལ༔༙ ཚོགས་བརྒྱད་གནས་བརྒྱད་བར་ཆད་མ་ལུས་ཟློག༔༙ ཕྱོགས་སྐྱོང་ལྷ་དང་གཤིན་རྗེ་ཀླུ་གནོད་སྦྱིན༔༙ མེ་ལྷ་སྲིན་པོ་རླུང་དང་འབྱུང་པོ་ཆེ༔༙ ས་བདག་ཉི་ཟླ་དྲེགས་པ་བཅུ་ཡི་ཚོགས༔༙ ཐུགས་དམ་བསྐུལ་ལོ་བསྟན་པ་གཉན་པོ་སྲུངས༔༙ ཕྱི་ནང་བར་ཆད་དགྲ་གདོན་བྱད་མ་ཟློག༔༙ མ་ཧཱ་གུ་རུ་འགྲོ་བའི་གཉེན་གཅིག་པུ༔༙ ཐུགས་རྗེའི་ཐུགས་དམ་བྱིན་རླབས་དུས་འདིར་དགོངས༔༙ དངོས་གྲུབ་མ་ཆུང་ནུས་མཐུ་དགྲ་ལ་ཕོབ༔༙ བསམ་པ་སྒྲུབས་ལ་རེ་བའི་བློ་འདི་སྒྲུབས༔༙ རྣལ་འབྱོར་བཅོལ་པའི་ཕྲིན་ལས་བསྒྲུབ་ཏུ་གསོལ༔༙ ཅེས་འབུལ༔༙ ཆད་མདོ་ནི༔༙ ཧཱུྃ༔༙ སྔོན་ཚེ་འདས་དུས་བསྐལ་པའི་ཐོག་མ་ལ༔༙ རང་བཞིན་རྣམ་དག་ཆོས་དབྱིངས་ཕོ་བྲང་དུ༔༙ ཐོག་མའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས༔༙ རང་བྱུང་འོད་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔༙ འགྲོ་འདུལ་སྤྲུལ་པའི་ཆོ་འཕྲུལ་བསྟན་པའི་དུས༔༙ རིགས་ལྔ་ཡི་དམ་མཁའ་འགྲོ་མ་མོ་ཡིས༔༙ ཅིར་སྣང་རང་གྲོལ་གཏོར་མ་བླང་བ་དང༔༙ དུག་ལྔའི་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔༙ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔༙ འཁོར་འདས་དབྱེར་མེད་གཏོར་མ་འདི་བཞེས་ལ༔༙ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔༙ ཧཱུྃ༔༙ དེ་འོག་བར་གྱི་བསྐལ་པའི་བར་མ་ལ༔༙ རྒྱུ་རྐྱེན་མ་གྲུབ་པདྨ་འབྱུང་གནས་ཀྱིས༔༙ མོས་པའི་བློས་བཟུང་དཀྱིལ་འཁོར་ཞལ་ཕྱེས་ཚེ༔༙ སེམས་ཉིད་རང་གཟུགས་ཆོ་འཕྲུལ་བསྟན་པའི་ཚེ༔༙ གཟུང་འཛིན་རེ་དོགས་ལྷ་འདྲེ་ཐམས་ཅད་ཀྱིས༔༙ སྣང་སྲིད་ཡེ་གྲོལ་གཏོར་མ་བླང་བ་དང༔༙ རྣམ་གཡེང་དགྲ་བགེགས་བསྒྲལ་བར་མ་ཆད་དམ༔༙ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔༙ དྲན་སྣང་རང་གྲོལ་གཏོར་མ་འདི་བཞེས་ལ༔༙ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔༙ ཧཱུྃ༔༙ དེ་འོག་དུས་ཀྱི་བསྐལ་པའི་ཐ་མ་ལ༔༙ སྦས་ཡུལ་ཆེན་པོ་གསང་སྔགས་ཕོ་བྲང་དུ༔༙ རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔༙ ཤེས་རབ་གསང་ཡུམ་མཁའ་འགྲོ་མཚོ་རྒྱལ་གྱིས༔༙ མ་ཧཱ་གུ་རུའི་ཐུགས་ཀྱི་དཀྱིལ་འཁོར་དུ༔༙ ཐེག་ཆེན་གསང་སྔགས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔༙ མཁའ་འགྲོ་མ་མོ་ཆོས་སྐྱོང་ཡུལ་ལྷ་ཡིས༔༙ དགྱེས་ཤིང་རང་རང་ཕྱེད་གཟུགས་བསྟན་ནས་ཀྱང༔༙ དམ་རྫས་གཏོར་མ་བླང་བར་མ་ཆད་དམ༔༙ སྒྲུབ་མཆོག་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔༙ རིག་འཛིན་བཀའ་ཡི་གཏོར་མ་འདི་བཞེས་ལ༔༙ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔༙ མ་མ་ཡོ་གི་ནི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔༙ དེ་ནས་བརྟན་མ་སྐྱོང་བ་ནི༔༙ ཧཱུྃ༔༙ རྩ་གསུམ་རིགས་འདུས་ཨོ་རྒྱན་བཀའ་ཉན་པའི༔༙ བརྟན་མ་སྐྱོང་མ་མ་སྲིང་རྒྱ་མཚོའི་ཚོགས༔༙ དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྣམས༔༙ སྤྲུལ་པ་ཡང་སྤྲུལ་རྫུ་འཕྲུལ་བསམ་མི་ཁྱབ༔༙ འདོད་དགུར་བསྒྱུར་བའི་ཆ་ལུགས་ཅིར་ཡང་སྟོན༔༙ ཟས་སུ་ཤ་དང་ཁྲག་ལ་རྔམས་ཤིང་དགྱེས༔༙ ལས་སུ་སངས་རྒྱས་བསྟན་པ་གཉན་པོ་སྲུངས༔༙ དམ་ཚིག་ཅན་རྣམས་བསྲུང་ཞིང་སྟོངས་གྲོགས་མཛོད༔༙ ཨོ་རྒྱན་བཀའ་ཡི་གཏོར་མ་འདི་བཞེས་ལ༔༙ བསྟན་པའི་རྒྱུད་སྲུངས་སྒྲུབ་པའི་ཕྲིན་ལས་མཛོད༔༙ པྲ་མོ་ཧ་མ་མ་ལ་ལ་ལེ་ལེ༔༙ སྲིང་འགྲོ་མ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔༙ དེ་ནས་རྟ་བྲོ་ནི༔༙ ཧཱུྃ༔༙ བཞེངས་ཤིག་དཔའ་བོ་མཁའ་འགྲོ་རྣམས༔༙ དཔའ་བོ་ཡབ་ཡུམ་གཉིས་མེད་སྦྱོར༔༙ གཉིས་མེད་རོལ་པའི་བྱིན་རླབས་ལས༔༙ བདེ་བ་ཆེན་པོའི་བྲོ་གཅིག་བརྡུངས༔༙ གནོད་བྱེད་དགྲ་བགེགས་མ་ལུས་གནོན༔༙ བྲོ་ནི་ཡེ་ཤེས་ཆེན་པོའི་བྲོ༔༙ གླུ་ནི་ཐེག་པ་ཆེན་པོའི་གླུ༔༙ དགྲ་ནི་ཐལ་བར་བརླག་པའི་བྲོ༔༙ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔༙ གཟུང་འཛིན་ཞེན་པ་རྡུལ་དུ་རློག༔༙ ཨོཾ་ལཾ༔༙ ཧཱུྃ་ལཾ༔༙ སཏྭཾ་བྷ་ཡ་ནན༔༙ ན་ཤ་ཡ་མཱ་ར་ཡ་ནན༔༙ དེ་ནས་དངོས་གྲུབ་བླང་བ་ནི༔༙ ཧཱུྃ༔༙ གུ་རུ་རིན་ཆེན་ཟིལ་གནོན་གཏེར་གྱི་བདག༔༙ རྩ་གསུམ་རྒྱལ་བ་འདུས་པའི་དཀྱིལ་འཁོར་འདིར༔༙ སྒྲུབ་མཆོག་སྐལ་ལྡན་མཆེད་ལྕམ་ཐམས་ཅད་ཀྱིས༔༙ མོས་ཤིང་གུས་པས་གསོལ་བ་བཏབ་པའི་མཐུས༔༙ བླ་མ་རིག་འཛིན་ཀུན་འདུས་ཨོ་རྒྱན་གྱིས༔༙ བྱིན་རླབས་མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔༙ ཡི་དམ་ཀུན་འདུས་གུ་རུ་རིན་ཆེན་གྱིས༔༙ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔༙ མཁའ་འགྲོ་ཀུན་འདུས་རྒྱལ་སྲས་པདྨ་ཡིས༔༙ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔༙ ཆོས་སྐྱོང་ཀུན་འདུས་པདྨ་ཐོད་ཕྲེང་གིས༔༙ མཐུ་རྩལ་མྱུར་མགྱོགས་ཐོགས་མེད་དངོས་གྲུབ་སྩོལ༔༙ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔༙ ཨོཾ་ཀཱ་ཡ་སིདྡྷི་ཨོཾ༔༙ ཨཱཿཝཱ་ཀ་སིདྡྷི་ཨཱ༔༙ ཧཱུྃ་ཙིཏྟ་སིདྡྷི་ཧཱུྃ༔༙ ཧྲཱིཿསརྦ་སིདྡྷི་ཧྲཱི༔༙ དེ་ནས་བཤགས་པ་ནི། ཧོ༔༙ རྒྱལ་སྲས་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔༙ སྐུ་ཡི་དམ་ཚིག་ཉམས་པ་མ་ལུས་པ༔༙ བླ་མ་ཀུན་འདུས་ཨོ་རྒྱན་སྤྱན་སྔར་བཤགས༔༙ གསུང་གི་དམ་ཚིག་ཉམས་ཆག་མ་ལུས་པ༔༙ ཡི་དམ་ཀུན་འདུས་གུ་རུའི་སྤྱན་སྔར་བཤགས༔༙ ཐུགས་ཀྱི་དམ་ཚིག་ཉམས་ཆག་མ་ལུས་པ༔༙ མཁའ་འགྲོ་ཀུན་འདུས་པདྨའི་སྤྱན་སྔར་བཤགས༔༙ ཡན་ལག་དམ་ཚིག་ཉམས་ཆག་མ་ལུས་པ༔༙ ཆོས་སྐྱོང་ཀུན་འདུས་ཐོད་ཕྲེང་སྤྱན་སྔར་བཤགས༔༙ དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔༙ དཀྱིལ་འཁོར་ཀུན་འདུས་ལྷ་ཚོགས་སྤྱན་སྔར་བཤགས༔༙ ཞེས་ཡིག་བརྒྱ༔༙ དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་བརྗོད༔༙ དེ་ནས་བཀྲ་ཤིས་ནི༔༙ ཧཱུྃ༔༙ ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས༔༙ ཨོ་རྒྱན་ཆེན་པོའི་བྱིན་རླབས་སྤྲིན་ཆེན་འདུས༔༙ ཐུགས་རྗེའི་དངོས་གྲུབ་བདུད་རྩིའི་ཆར་ཆེན་འབེབ༔༙ དགོངས་པ་རྣམ་དག་མཆོག་གྱུར་བཀྲ་ཤིས་ཤོག༔༙ ཧཱུྃ༔༙ མཁའ་སྤྱོད་གནས་གསུམ་ཨོ་རྒྱན་ཕོ་བྲང་ནས༔༙ གུ་རུ་རིན་ཆེན་གསང་སྔགས་ས་བོན་འཐོར༔༙ བྱང་ཆུབ་སེམས་ཀྱི་མྱུ་གུ་ལོ་འདབ་རྒྱས༔༙ བསྐྱེད་རྫོགས་ཐེག་པའི་འབྲས་བུའི་བཀྲ་ཤིས་ཤོག༔༙ དེ་ནས་སྨོན་ལམ་ནི༔༙ ཧོ༔༙ ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང༔༙ བྱིན་རླབས་རྩལ་དབང་ནུས་པ་མཐར་ཕྱིན་ནས༔༙ བླ་མེད་མཆོག་གི་དངོས་གྲུབ་དེར་ཐོབ་ནས༔༙ ཕྲིན་ལས་རྣམ་བཞིས་འགྲོ་དོན་འགྲུབ་པར་ཤོག༔༙ བསྔོ་བ་ནི༔༙ བདག་གིས་དུས་གསུམ་ཚོགས་གཉིས་གང་བསགས་དང༔༙ ད་ལྟ་བསགས་པའི་དགེ་བ་གང་མཆིས་པ༔༙ མ་གྱུར་མཁའ་མཉམ་སེམས་ཅན་ཡོངས་ལ་བསྔོ༔༙ མ་ལུས་ཐེག་པ་ཆེན་པོའི་ས་ཐོབ་ཤོག༔༙ དཀྱིལ་འཁོར་བསྡུ་བ་ནི༔༙ མཐའ་ནས་རིམ་གྱིས་ཐུགས་སྲོག་ནཱ་དའི་བར་དུ་བསྡུ༔༙ བཛྲ་མུ༔༙ ཞེས་དམ་ཚིག་པ་རང་ལ་བསྡུ༔༙ སརྦ་གཙྪ་སུ་པྲ་ཏིཥྛ༔༙ ཡེ་ཤེས་པ་རྟེན་ལ་བསྟིམ༔༙ རྟེན་མེད་ན་རང་བཞིན་དུ་གཤེགས་སོ༔༙ དེ་ནས་རྒྱུན་ཁྱེར་དུ༔༙ ཧོ༔༙ སྣང་སྲིད་བླ་མའི་ཕོ་བྲང་ལ༔༙ གྲགས་སྟོང་དྲན་སྟོང་སོ་མའི་ངང༔༙ སྒྱུ་མ་ལྟ་བུའི་སྲིད་པའི་ཆོས༔༙ ཤེས་པའི་ངང་དུ་ལམ་དུ་ཁྱེར༔༙ ཧཱུྃ་ཧཱུྃ༔༙ ཞེས་རྡོ་རྗེ་དྲག་པོ་དྲེགས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ལས་བྱང་སྒྲུབ་པའི་རིམ་པ་རྫོགས་སོ༔༙ ས་མ་ཡ༔༙ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་སྐོང་ཕྲེང་བྱིན་རླབས་འོད་འབར་བཞུགས་པའི་དབུ་ཕྱོགས་ལགས༔༙ ྈྈྈྈྈྈ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་སྐོང་ཕྲེང་བྱིན་རླབས་འོད་འབར་བསྟན༔༙ ཧཱུྃ༔༙ དམིགས་མེད་ཆོས་ཉིད་མཁའ་སྤྱོད་ཕོ་བྲང་ནས༔༙ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔༙ ཐུགས་རྗེའི་དབྱིངས་ལས་གཟུགས་སྐུར་རབ་སྤྲུལ་ནས༔༙ གནས་འདིར་བྱོན་ལ་ཐུགས་དམ་སྐོང་རྫས་བཞེས༔༙ ཧཱུྃ༔༙ རྐང་གཉིས་གཙོ་བོ་སྟོན་པ་སངས་རྒྱས་དང༔༙ ཞི་བ་ཆགས་བྲལ་དམ་པའི་ཆོས་རྣམས་དང༔༙ ཚོགས་ཀྱི་ཞིང་གྱུར་འཕགས་པའི་དགེ་འདུན་ཏེ༔༙ དཀོན་མཆོག་རིན་ཆེན་གསུམ་གྱི་ཐུགས་དམ་བསྐང༔༙ ཧཱུྃ༔༙ བརྒྱུད་པ་དགུ་ལྡན་རྩ་བའི་བླ་མ་མཆོག༔༙ དངོས་གྲུབ་མཆོག་ལྡན་ཡི་དམ་ལྷ་ཡི་ཚོགས༔༙ ཕྲིན་ལས་བཞི་སྒྲུབ་མཁའ་འགྲོ་ཆོས་སྐྱོང་ཚོགས༔༙ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔༙ ཧཱུྃ༔༙ ཆོས་ཉིད་སྐྱེ་མེད་ཆོས་སྐུ་ཀུན་ཏུ་བཟང༔༙ མ་འགགས་རང་རྩལ་ལོངས་སྐུ་རིགས་ལྔའི་ཚོགས༔༙ སྣ་ཚོགས་སྤྲུལ་སྐུ་མ་ངེས་ཅིར་ཡང་སྟོན༔༙ སྐུ་གསུམ་རྣམ་པར་དག་པའི་ཐུགས་དམ་བསྐང༔༙ གསལ་བའི་ཡེ་ཤེས་ཕ་རྒྱུད་དཀྱིལ་འཁོར་ལྷ༔༙ སྟོང་པའི་བདག་ཉིད་མ་རྒྱུད་དཀྱིལ་འཁོར་ལྷ༔༙ གསལ་སྟོང་དབྱེར་མེད་གཉིས་མེད་དཀྱིལ་འཁོར་ལྷ༔༙ བླ་མེད་རྒྱུད་བཞིའི་ལྷ་ཚོགས་ཐུགས་དམ་བསྐང༔༙ ཧཱུྃ༔༙ ཐེག་པ་དགུ་ལྡན་བྱ་སྤྱོད་བླ་ན་མེད༔༙ ཀྲྀ་ཡ་ཨུ་པ་ཡོ་གའི་དཀྱིལ་འཁོར་ལྷ༔༙ མ་ཧཱ་ཨ་ནུ་ཨ་ཏི་རྫོགས་པ་ཆེ༔༙ ཡི་དམ་ལྔ་དང་མཁའ་འགྲོའི་ཐུགས་དམ་བསྐང༔༙ ཧཱུྃ༔༙ རིགས་ཀུན་བདག་ཉིད་ཟིལ་གནོན་ཐོད་ཕྲེང་རྩལ༔༙ སྐུ་མཆོག་འགྱུར་མེད་འཇམ་དཔལ་ནཱ་ག་རག༔༙ གསུང་མཆོག་འགག་མེད་རྟ་མགྲིན་དྲེགས་པ་འདུལ༔༙ ཐུགས་མཆོག་འཁྲུལ་མེད་ཀུན་བཟང་རྡོ་རྗེ་འཆང༔༙ ཧཱུྃ༔༙ ཀོའུ་རཱི་ཙཽ་རཱི་པྲ་མོ་བེ་ཏ་ལཱི༔༙ སྨེ་ཤ་པུཀྐ་ཙནྡྷ་གྷསྨ་རཱི༔༙ ཚོགས་བརྒྱད་གནས་བརྒྱད་ཡུལ་བརྒྱད་ཞིང་ལ་སྤྱོད༔༙ ཟིལ་གནོན་ཕྲིན་ལས་མཛད་པའི་ཐུགས་དམ་བསྐང༔༙ ཧཱུྃ༔༙ ལྷ་དང་དྲང་སྲོང་གཤིན་རྗེ་སྲིན་པོ་ཀླུ༔༙ རླུང་ལྷ་གནོད་སྦྱིན་འབྱུང་པོ་ས་བདག་དང༔༙ ཉི་མ་ཟླ་བ་ལ་སོགས་ཕྱོགས་སྐྱོང་བཅུ༔༙ བཀའ་འཁོར་དྲེགས་པའི་ཚོགས་ཀྱི་ཐུགས་དམ་བསྐང༔༙ ཧཱུྃ༔༙ དཔལ་མགོན་ཕོ་རྒྱུད་ལྷ་མོ་མོ་རྒྱུད་དང༔༙ སྲུང་མ་དམ་ཅན་མ་མོ་མཁའ་འགྲོ་སོགས༔༙ བླ་མ་རིག་འཛིན་བཀའ་ཡི་སྲུང་མ་སྟེ༔༙ ཆོས་སྐྱོང་དམ་ཚིག་ཅན་གྱི་ཐུགས་དམ་བསྐང༔༙ ཧཱུྃ༔༙ ཁྱེད་རྣམས་ཐུགས་དམ་སྐོང་བའི་དམ་རྫས་ནི༔༙ ཨརྒྷཾ་མེ་ཏོག་མར་མེ་བདུག་པའི་སྤོས༔༙ ཞལ་ཟས་རོལ་མོ་ལ་སོགས་ཕྱི་མཆོད་དང༔༙ གཟུགས་སྒྲ་དྲི་རོ་རེག་བྱ་རྟོག་པའི་ཚོགས༔༙ མིག་སོགས་དབང་པོ་རྣམ་ལྔའི་ཕྲེང་བ་དང༔༙ སྙིང་སོགས་དོན་སྣོད་ནང་རོལ་དམར་བའི་ཚོགས༔༙ བདུད་རྩི་ལྔ་དང་ཤ་ལྔ་རཀྟ་དམར༔༙ གཏོར་མ་ཚོགས་དང་འདེ་གུ་ཐག་ཐུག་སྤོད༔༙ སྤྱན་གཟིགས་མཆོད་རྫས་ཀུན་གྱིས་ཐུགས་དམ་བསྐང༔༙ ཧཱུྃ༔༙ ཕྱག་རྒྱ་སྐུ་རྟེན་སྐུ་ཡི་ཐུགས་དམ་བསྐང༔༙ རྐང་གླིང་ཐོད་རྔ་གསུང་རྟེན་ཐུགས་དམ་བསྐང༔༙ དམ་ཆོས་ཐུགས་རྟེན་ཐུགས་ཀྱི་ཐུགས་དམ་བསྐང༔༙ རྡོ་རྗེ་འབར་བ་སྐུ་ཡི་རྟེན་ཡིན་ཞིང༔༙ ཐོད་པ་གླིང་གཅིག་དམ་རྫས་གསུང་གི་རྟེན༔༙ རྩེ་གསུམ་ཐོད་མཁར་ཐུགས་ཀྱི་རྟེན་མཆོག་སྟེ༔༙ ཕྱར་དར་མདའ་དར་ཡོན་ཏན་རྒྱས་པའི་རྟེན༔༙ ཕུར་པ་རལ་གྲི་ཐུན་རྫས་ཕྲིན་ལས་རྟེན༔༙ མེ་ལོང་ཤེལ་ནི་དམ་ཚིག་དག་པའི་རྟེན༔༙ དམ་རྫས་ལྔ་ནི་ཡན་ལག་ཆོས་ཀྱི་རྟེན༔༙ ཕྱི་རྟེན་དཀོར་ནོར་རྣལ་འབྱོར་ལོངས་སྤྱོད་རྟེན༔༙ ནང་རྟེན་བདག་ལུས་བསྐྱེད་རྫོགས་མན་ངག་ཆོས༔༙ གསང་རྟེན་དད་པ་དམ་ཚིག་མོས་གུས་དང༔༙ བསྙེན་སྒྲུབ་ལས་གསུམ་ཁོ་ན་ཉིད་ཀྱི་རྟེན༔༙ དེ་དག་ཀུན་གྱིས་ཐུགས་དམ་བསྐང་གྱུར་ཅིག༔༙ ཧཱུྃ༔༙ སྐུ་ཡི་དམ་ཚིག་ཉམས་པ་མ་ལུས་པ༔༙ བསྐྱེད་རིམ་རྣམ་པར་དག་པས་ཐུགས་དམ་བསྐང༔༙ གསུང་གི་དམ་ཚིག་ཉམས་པ་མ་ལུས་པ༔༙ བཟླས་བརྗོད་ཕྱི་ནང་གསང་བས་ཐུགས་དམ་བསྐང༔༙ ཐུགས་ཀྱི་དམ་ཚིག་ཉམས་ཆག་མ་ལུས་པ༔༙ ཏིང་འཛིན་དམིགས་མེད་སྟོང་པས་ཐུགས་དམ་བསྐང༔༙ ཡན་ལག་དམ་ཚིག་ཉམས་ཆག་མ་ལུས་པ༔༙ ཕྱི་ནང་གསང་རྟེན་མཆོད་པས་ཐུགས་དམ་བསྐང༔༙ ཐུགས་དམ་བསྐང་ངོ་དམ་ཚིག་ཉམས་ཆག་བཤགས༔༙ བྱང་ཞིང་དག་ནས་ཚངས་པའི་དངོས་གྲུབ་སྩོལ༔༙ ཞེས་པས་སྐོང་བའི་རིམ་པ་རྫོགས་སོ༔༙ ྀཨཚ༔༙ རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་མའོ།། ྈྈ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་ཟོར་ཟློག་བཞུགས་སོ༔༙ ྈྈྈྈ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་ལ་ཕྱག་འཚལ་ལོ༔༙ ཟིལ་གནོན་རྩལ་གྱི་ཟོར་ཟློག་ནི༔༙ ཨརྒྷཾ་གཏོར་མ་བཤམས་བྱས་ནས༔༙ ཏིང་འཛིན་སྔགས་དང་བཅས་པས་གྱེར༔༙ ཧཱུྃ༔༙ དུར་ཁྲོད་གསང་ཆེན་རོལ་པའི་ཕོ་བྲང་འདིར༔༙ གནམ་ས་སྲུང་བའི་འཁོར་ལོ་རྡོ་རྗེའི་གུར༔༙ ཕྱི་རོལ་མེ་དཔུང་མཚོན་ཆ་འཁོར་ལོ་འབར༔༙ འུར་འུར་ཆེམ་ཆེམ་འབར་བའི་དྲག་ཤུལ་ལས༔༙ ལས་ཀྱི་ཕོ་ཉ་མང་པོ་སྐར་ལྟར་འཁྲུག༔༙ བྱ་ཁྱུང་ལྕགས་སྡིག་མང་པོ་ཤིག་ཤིག་རྔམས༔༙ དགྲ་བགེགས་བྱད་མའི་ཕུང་པོ་མྱལ་ལ་ལ༔༙ ཧཱུྃ༔༙ རྡོ་རྗེ་འབར་བའི་གུར་ཁང་འཁྲིགས་པའི་དབུས༔༙ ཁྲོ་རྒྱལ་འདུས་པའི་རིག་སྔགས་དྲག་པོའི་སྒྲས༔༙ དུས་གསུམ་ཀུན་མཆོད་བྱིན་རླབས་འོད་ཕུང་འབར༔༙ སེམས་ཅན་ཀུན་བསྒྲལ་རྣམ་ཤེས་གཅིག་ཏུ་བསྡུས༔༙ དྲེགས་པ་ཚར་བཅད་སྟོབས་དང་ནུས་པ་འདུས༔༙ ཀུན་གྱི་ཆེ་བཙན་དབང་ཕྱུག་ཀུན་གྱི་དབང༔༙ རྡོ་རྗེ་དྲག་པོ་ཟིལ་གནོན་ཐོད་ཕྲེང་རྩལ༔༙ ཧཱུྃ༔༙ སྐུ་མཆོག་ཞི་བའི་དབང་ཕྱུག་ཁྲོ་བོའི་གཟུགས༔༙ ཁྲོ་ཚོགས་ཀུན་ལས་རྗེ་བཙན་ཞི་བའི་ཚུལ༔༙ ཞི་ཁྲོ་ཀུན་འདུས་པདྨ་ཧེ་རུ་ཀ༔༙ རྔམ་བརྗིད་སྟོབས་ལྡན་ཐུགས་དམ་དབྱིངས་ནས་བསྐུལ༔༙ ཧཱུྃ༔༙ སྐུ་ཡི་སྤྲུལ་པ་འཇམ་དཔལ་ནཱ་ག་ཆེ༔༙ སྐུ་མཆོག་འཇམ་དཔལ་ཐུགས་དམ་དབྱིངས་ནས་བསྐུལ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་གི་ལུས་ཀྱི་བར་ཆད་ཟློག༔༙ ཧཱུྃ༔༙ གསུང་གི་སྤྲུལ་པ་རྟ་མགྲིན་དྲེགས་པ་འདུལ༔༙ གསུང་མཆོག་རྟ་མགྲིན་ཐུགས་དམ་དབྱིངས་ནས་བསྐུལ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་ངག་གི་བར་ཆད་ཟློག༔༙ ཧཱུྃ༔༙ ཐུགས་ཀྱི་སྤྲུལ་པ་ཀུན་བཟང་རྡོ་རྗེ་འཛིན༔༙ ཐུགས་མཆོག་ཀུན་བཟང་ཐུགས་དམ་དབྱིངས་ནས་བསྐུལ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་སེམས་ཀྱི་སྡུག་བསྔལ་ཟློག༔༙ ཧཱུྃ༔༙ ཡོན་ཏན་སྤྲུལ་པ་དཔལ་ལྡན་མགོན་པོའི་ཚོགས༔༙ མ་ཧཱ་ཀཱ་ལའི་ཐུགས་དམ་དབྱིངས་ནས་བསྐུལ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བསྐུལ༔༙ རྣལ་འབྱོར་ཆོས་དང་ཡོན་ཏན་བར་ཆད་ཟློག༔༙ ཧཱུྃ༔༙ ཕྲིན་ལས་སྤྲུལ་པ་དྲང་སྲོག་གཟའ་ཡི་ཚོགས༔༙ རཱ་ཧུ་ལ་ཡི་ཐུགས་དམ་དབྱིངས་ནས་བཞེངས༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་ཕྲིན་ལས་དམ་སྲིའི་བར་ཆད་ཟློག༔༙ ཧཱུྃ༔༙ ཀཽའུ་རཱི་དཀར་མོ་ཞིང་གི་དབྱུག་པ་ཕྱར༔༙ ཞིང་དབྱུག་ཅན་གྱི་མ་མོ་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་གི་མི་མཐུན་རྐྱེན་ཀུན་ཟློག༔༙ ཙོའུ་རཱི་སེར་མོ་ཐབས་ཤེས་མདའ་གཞུ་ཐོགས༔༙ མདའ་གཞུ་ཅན་གྱི་མ་མོ་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔༙ རྒྱལ་མཚན་ཐོགས་པའི་མ་མོ་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ བེ་ཏ་ལྗང་མོ་བྷནྡྷ་ལྕང་ལོ་ཐོགས༔༙ བྷནྡྷ་ཅན་གྱི་མ་མོ་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ པུསྐ་དཀར་སེར་ཞིང་ཟ་མགོ་ལུས་ཕྲལ༔༙ མགོ་དང་ལུས་གཉིས་ཕྲལ་བའི་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ ཙནྡྷ་སེར་དམར་ཞིང་གི་ལྷུ་གཟུགས་ཕྲལ༔༙ ཞིང་རོ་ཟ་ཞིང་ཕྲལ་བའི་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ སྨེ་ཤ་དམར་ལྗང་ཞིང་གི་ཁོག་པ་ཕྱེ༔༙ ཞིང་ཉུལ་དུར་ཁྲོད་འགྲིམ་པའི་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ ཀསྨ་ལྗང་དཀར་ཞིང་གི་རྒྱུ་མ་འདྲེན༔༙ ཞིང་གི་ནང་རོལ་ཟ་བའི་མཁའ་འགྲོ་འབུམ༔༙ དུག་གསུམ་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔༙ རྣལ་འབྱོར་བདག་ཅག་མི་མཐུན་རྐྱེན་ཚོགས་ཟློག༔༙ ཧཱུྃ༔༙ བཀའ་ཡི་ལས་བྱེད་དྲེགས་པ་སྡེ་དཔོན་བཅུ༔༙ ཤར་ཕྱོགས་ལྷ་དཀར་གླང་ཞོན་རྡོ་རྗེ་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ ལྷ་དང་དྲི་ཟའི་རྐྱེན་ངན་བར་ཆད་ཟློག༔༙ ཤར་ལྷོར་དྲང་སྲོང་ར་ཞོན་མེ་ཐབ་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ སྲེག་བྱེད་མེ་ཡི་གནོད་པ་ཐམས་ཅད་ཟློག༔༙ ལྷོ་ཕྱོགས་གཤིན་རྗེ་གླང་ཞོན་ཐོད་དབྱུག་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ འཆི་བདག་གཤིན་རྗེའི་གདོན་དང་གཏད་མནན་ཟློག༔༙ ལྷོ་ནུབ་སྲིན་པོ་ར་ཞོན་མི་སྙིང་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ གློ་བུར་ཡེ་འདྲོགས་སྲིན་པོའི་ཧུར་ཐུམ་ཟློག༔༙ ནུབ་ཕྱོགས་ཀླུ་རྒྱལ་སྦལ་ཞོན་ནོར་བུ་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ ཀླུ་གདོན་མཛེ་རིགས་བཅོ་བརྒྱད་ནད་ཀུན་ཟློག༔༙ ནུབ་བྱང་རླུང་ལྷ་ཤ་ཞོན་བ་དན་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ རླུང་གདོན་རིམས་ནད་འགོ་ཡམས་ཐམས་ཅད་ཟློག༔༙ བྱང་ཕྱོགས་གནོད་སྦྱིན་རྟ་ཞོན་མདའ་གཞུ་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ གནོད་སྦྱིན་གོད་འདྲེ་བདུད་ཀྱི་ཆད་པ་ཟློག༔༙ བྱང་ཤར་མ་མོ་དྲེལ་ཞོན་རལ་གྲི་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ བྱང་ཤར་དབང་ལྡན་གདོན་ཚོགས་ཁྲག་མཁྲིས་ཟློག༔༙ སྟེང་ཕྱོགས་རྒྱལ་པོ་རྟ་ཞོན་གསེག་ཤང་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ སྟེང་ཕྱོགས་རྒྱལ་འགོང་སྨྱོ་འབོག་ལྟས་ངན་ཟློག༔༙ འོག་ཕྱོགས་ས་བདག་སྦྲུལ་ཞོན་ཞགས་པ་ཐོགས༔༙ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔༙ ས་སྲིན་ཐེའུ་རང་གདོན་དང་གག་ལྷོག་ཟློག༔༙ ཧཱུྃ༔༙ ཕྲ་མེན་བཞི་ཡིས་ཕྱག་རྒྱ་བཞི་བསྒྱུར་ནས༔༙ རྣལ་འབྱོར་ཞི་རྒྱས་དབང་དྲག་ལས་བསྒྲུབས་ནས༔༙ རྣལ་འབྱོར་ཕྲིན་ལས་བར་ཆད་དམ་སྲི་ཟློག༔༙ སྟག་ཤམ་རྡོ་རྗེའི་གཏེར་མའོ། ྈྈྈྈ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་གྱི་བུམ་པ་ཁྲུས་ཀྱི་ལས་གྲིབ་ཕྱགས་བྱད་དགྲོལ་གདོན་བསྐྲད་ཆེན་མོ་བཞུགས་སོ༔༙ ༔༙ རྡོ་རྗེ་དྲག་པོ་ཟིལ་གནོན་རྩལ་ལ་ཕྱག་འཚལ་ལོ༔༙ ལས་ཀྱི་རིམ་པ་བསྟན་པ་ནི༔༙ ཐོག་མར་བུམ་པ་ལ་བརྟེན་ནས་ཁྲུས་ཀྱི་ལས་ནི༔༙ བུམ་པ་ཚད་ལྡན་ནང་དུ་གངས་ཆུའམ༔༙ ཆུ་མིག་རྟག་འབབ༔༙ ཆུ་བོ་རྒྱུན་འབབས་ཀྱི་ཆུས་བཀང་ལ༔༙ དར་གྱི་མགུལ་ཆིངས༔༙ རྨ་བྱའི་ཁ་རྒྱན༔༙ ནང་དུ་བུམ་རྫས་ཉེར་ལྔ༔༙ ཡང་ན་སུག་སྨེའི་ཁུ་བས་བཀང་ནས༔༙ བུམ་པ་སྟོང་པར་སྦྱང༔༙ སྟོང་པའི་ངང་ལས་བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་གསལ་བའི་དབུས༔༙ པད་ཟླའི་སྟེང་དུ་བདག་ཉིད་གུ་རུ་ཟིལ་གནོན་རྩལ་སྐུ་མདོག་དཀར་ལ་འོད་དུ་འབར་བ༔༙ ཞི་ཁྲོ་སྒེག་པའི་ཉམས་དང་ལྡན་པ༔༙ ཕྱག་གཉིས་རྡོ་རྗེ་བུམ་པ་བསྣམས་པ༔༙ སྐུ་ལ་ཟབ་བེར་དང་དབུ་ལ་སྙན་ཞུ་གསོལ་བ༔༙ ནོར་བུ་འབར་བའི་སྙན་ཆ་དང་སྦྲུལ་གྱི་གདུ་བུ་འཁྲོལ་བ༔༙ ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པའི༔༙ དཔྲལ་བར་འཇམ་དཔལ་དམར་སེར༔༙ མགྲིན་པར་རྟ་མགྲིན་དམར་པོ༔༙ ཐུགས་ཀར་ཀུན་བཟང་མཐིང་ནག༔༙ ལྟེ་བར་མགོན་པོ་དམར་པོ༔༙ གསང་གནས་རཱ་ཧུ་ལ་སྨུག་ནག་ཏུ་གསལ་བའི༔༙ གཙོ་བོའི་ཐུགས་ཀའི་ཀུན་བཟང་གི་ཐུགས་ཧཱུྃ་མཐིང་ཀའི་ཐ་མར་སྔགས་འཁོར་བར་བསམ་པའི༔༙ ངོ་བོ་སྔགས་ལ་རྣམ་པ་བདུད་རྩི་དཀར་པོ་ག་བུར་ལྟ་བུར་བསིལ་བ༔༙ དངུལ་ཆུ་ལྟ་བུར་འདྲིལ་བ༔༙ གངས་ཆུ་ལྟ་བུར་ལུད་པ༔༙ འོ་མ་ལྟ་བུར་འཁྱིལ་ནས་སྐུ་ལུས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་རྒྱུད་བསྐུལ་ཞིང་བདུད་རྩི་བབས་ནས་བུམ་པ་ལྟ་བུར་ལྟེམ་ལྟེམ་གང་བར་བསམས་ལ༔༙ ཧཱུྃ་ཨ་ཀ་ཡ༔༙ ཧ་ཨ་མ་ར༔༙ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་སྦུར་ཐུམ་ཛ་ཛ༔༙ དྷ་ལོ་ཤ་བུ་ཝ་མ་ཨ་ནྲྀ་ཏྲི་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ནད་གདོན་ཐམས་ཅད་ཨཱ་པ་ན་ཡེ་སྭཱ་ཧཱ༔༙ ཞེས་སྟོང་ཕྲག་གམ༔༙ བརྒྱ་རྩ་བརྗོད་ལྷ་ཐམས་ཅད་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་སུ་མེད་པར་བསམས་ནས་ཁྲུས་བྱེད་པ་ནི༔༙ ཧཱུྃ༔༙ བུམ་པ་རིན་ཆེན་མང་པོ་ཆུ་ཡིས་བཀང༔༙ ལེགས་འོང་དྲི་མཆོག་སྨན་མཆོག་བདུད་རྩི་ཡིས༔༙ སྐལ་ལྡན་རིགས་ཀྱི་བུ་ལ་ཁྲུས་གསོལ་ལོ༔༙ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔༙ ཧཱུྃ༔༙ སེམས་ཅན་ཞེ་སྡང་མ་རིག་ཉོན་མོངས་ཀྱིས༔༙ མ་རིག་ལུས་ལ་བག་ཆགས་ནད་གདོན་ཞུགས༔༙ འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་ཡི་མཆོག༔༙ བྱིན་རླབས་བདུད་རྩི་འདི་ཡིས་ཁྲུས་གསོལ་ལོ༔༙ སྔགས། ཧཱུྃ༔༙ སེམས་ཅན་འདོད་ཆགས་མ་རིག་ཉོན་མོངས་ཀྱིས༔༙ འདོད་ཆགས་ལས་གྱུར་ལུས་ལ་ནད་གདོན་ཞུགས༔༙ རྟ་མགྲིན་དབང་ཆེན་པདྨ་གསུང་གི་མཆོག༔༙ བྱིན་རླབས་བདུད་རྩི་འདི་ཡིས་ཁྲུས་གསོལ་ལོ༔༙ སྔགས། ཧཱུྃ༔༙ སེམས་ཅན་གཏི་མུག་མ་རིག་ཉོན་མོངས་ཀྱིས༔༙ གཏི་མུག་ལས་དབང་ལུས་ལ་ནད་གདོན་ཞུགས༔༙ ཀུན་ཏུ་བཟང་པོ་ཡེ་ཤེས་ཐུགས་ཀྱི་མཆོག༔༙ བྱིན་རླབས་བདུད་རྩི་འདི་ཡིས་ཁྲུས་གསོལ་ལོ༔༙ སྔགས། ཧཱུྃ༔༙ སེམས་ཅན་ང་རྒྱལ་མ་རིག་ཉོན་མོངས་ཀྱིས༔༙ ང་རྒྱལ་ལས་དབང་ལུས་ལ་ནད་གདོན་ཞུགས༔༙ དཔལ་ལྡན་མགོན་པོ་ཆེན་པོ་ཡོན་ཏན་མཆོག༔༙ བྱིན་རླབས་བདུད་རྩི་འདི་ཡིས་ཁྲུས་གསོལ་ལོ༔༙ སྔགས། ཧཱུྃ༔༙ སེམས་ཅན་ཕྲག་དོག་མ་རིག་ཉོན་མོངས་ཀྱིས༔༙ ཕྲག་དོག་ལས་དབང་ལུས་ལ་ནད་གདོན་ཞུགས༔༙ དཔལ་ལྡན་དྲང་སྲོང་བྱིན་རླབས་ཕྲིན་ལས་མཆོག༔༙ བྱིན་རླབས་བདུད་རྩི་འདི་ཡིས་ཁྲུས་གསོལ་ལོ༔༙ སྔགས། ཧཱུྃ༔༙ སེམས་ཅན་གཟུང་འཛིན་ཞེན་པ་རང་རྒྱུད་ཀྱིས༔༙ རེ་དོགས་ལས་དབང་ལུས་ལ་ནད་གདོན་ཞུགས༔༙ ཀུན་འདུས་པདྨ་ཐོད་ཕྲེང་ཐུགས་རྗེ་མཆོག༔༙ བྱིན་རླབས་བདུད་རྩི་འདི་ཡིས་ཁྲུས་གསོལ་ལོ༔༙ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱ་ཧཱུྃ༔༙ དེ་ནས་རྩ་སྔགས་གཤམ་དུ་། ནད་གདོན་ཐམས་ཅད་ཨཱ་པ་ན་ཡེ་སྭཱ་ཧཱ༔༙ ཞེས་བརྒྱ་རྩ་བྱས་ལ་དག་པར་བཀྲུ༔༙ དེ་ཡི་ཁྲུས་ཆུ་ལ་གླུད་དང་ཆང་བུ་ལོ་གྲངས་སུམ་འགྱུར་རམ༔༙ བརྒྱ་རྩ་སོགས་བྱས་ལ་གྲིབ་བདག་ལ་བསྔོས་ལ་དོར༔༙ གཞན་གྱི་བྱད་གཏད་སོགས་ཐུ་ན་རྫ་མ་སོ་བཏང་བ་ལ་ལྕགས་སྡིག་གི་གཟུགས་བྱས་ལ༔༙ ཁར་གླུད་རྣམས་བརྫངས་ཏེ་སྔགས་འདིས་བསྔོས༔༙ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཡེ་སྭཱ་ཧཱ༔༙ ཞེས་ཚར་བཅུ་རེ་ལ་སྔགས་ཉི་ཤུ་རྩ་གཅིག་གམ༔༙ བརྒྱ་རྩ་རེ་བྱས་ལ་ཆུ་སྦྲེང༔༙ ཐ་མ་རྩ་སྔགས་གཤམ་དུ༔༙ ཨ་ནྲྀ་ཏྲི་ཀྱཻ་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔༙ སུ་སཏྭཾ་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔༙ སྲི་བྲག་ནཱ་ག་རཱ་ཙ་མཱ་ར་ཡ་ཕུད་ཕུད་སྭཱ་ཧཱ༔༙ ཞེས་ལྕགས་སྡིག་དྲག་པོའི་སྤྲུལ་པར་བསམས་པས་ནད་གདོན་དགྲ་བགེགས་ཐམས་ཅད་ལྗིབ་ལྗིབ་ཐམ་ཐམ་འཆོས་པར་བསམས་ལ༔༙ ནད་པ་ལ་བལ་ཚོན་ཚོན་དྲུག་གིས་དཀྲིས་ནས་རིལ་པར་དཀྲོལ༔༙ དེ་ལྕགས་སྡིག་དང་གླུད་ལ་བཏབ༔༙ ནད་པ་ནད་གདོན་ལས་གྲོལ་བར་བསམས་ལ༔༙ གོང་གི་རྩ་སྔགས་དང་བྱད་དགྲོལ་སྔགས་ཤམ་ཚར་རེ་དང་སྤྲད་པར་བྱའོ༔༙ གླུད་བསྔོ༔༙ ལྕགས་སྡིག་གླུད་རྣམས་བཏང་ནས་ཟོར་བྱ༔༙ སྲུང་འཁོར་བསྒོམ་པའོ༔༙ ས་མ་ཡ༔༙ རྒྱ་རྒྱ་རྒྱ༔༙ སྟག་ཤམ་རྡོ་རྗེའི་གཏེར་མའོ།། །།
འཕགས་པ་ཛཾ་བྷ་ལ་དམར་པོའི་གསང་སྒྲུབ་རིན་ཆེན་གཏེར་མཛོད་ (Volume 50, Text 44)
༄༅༔ འཕགས་པ་ཛཾ་བྷ་ལ་དམར་པོའི་གསང་སྒྲུབ་རིན་ཆེན་གཏེར་མཛོད་ཅེས་བྱ་བ་བཞུགས་སོ༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ྀཨཚ། བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ ཕྲིན་ལས་ཀུན་ལ་མངའ་བརྙེས་པའི༔ གུ་རུའི་སྐུ་ལ་ཕྱག་འཚལ་ལོ༔ འདི་ཕྱིའི་བསོད་ནམས་རྒྱས་འདོད་པས༔ དངོས་གྲུབ་མྱུར་སྩོལ་ཆུ་དབང་སྐུར༔ ལས་ཀྱི་མཁའ་འགྲོ་ཐམས་ཅད་འདུས༔ ཛམ་དམར་ཐུགས་གཏེར་གསང་མཛོད་བཤད༔ སྒྲུབ་ཐབས་འདི་ལ་དོན་གསུམ་སྟེ༔ སྦྱོར་བ་དངོས་གཞི་མཇུག་དོན་ནོ༔ དེ་ལ་དང་པོ་སྦྱོར་བ་ནི༔ ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ༔ ཟངས་ལ་ཛམ་བྷ་ལ་དམར་པོ་བསྐྱེད་རིམ་དང་མཐུན་པའི་ལུགས་སྐུ་བྱས་པའི་ནང་དུ༔ ཛམ་བྷ་ལ་དམར་པོའི་དབང་སྡུད་ཀྱི་འཁོར་ལོ་བཅུག་སྟེ༔ ཟངས་གཞོང་ངམ་ཀ་པཱ་ལ་དུམ་བུ་གསུམ་པར་གཞུག་སྟེ༔ རབ་གནས་སྤྱི་དང་མཐུན་པར་བྱའོ༔ དེ་ནི་སྔོན་འགྲོའི་རིམ་པའོ༔ དེ་ནས་དངོས་གཞི་ནི༔ དང་པོ་སྣོད་བཅུད་མི་དམིགས་པ་ལས་བྷྲཱུྃ་གཅིག་བསམ༔ བྷྲཱུྃ་དེ་ཡོངས་སུ་གྱུར་པ་ལས་པདྨ་རཱ་གའི་གཞལ་ཡས་ཁང་ཟླ་གམ་ཞིག་ཏུ་བསམ་མོ༔ དེའི་ནང་དུ་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཛཾ་དམར་པོ་ཞིག་བསམ༔ དེ་ཉིད་འོད་དམར་པོར་འཁྱིལ་ཏེ་ཡོངས་སུ་གྱུར་པ་ལས་གཏེར་གྱི་ཛམ་བྷ་ལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ན་ཨ་རུ་ར་ཟུར་དྲུག་པ་བསྣམས་པ༔ གཡོན་ན་པདྨ་དམར་པོའི་ཕྲེང་བ་རིན་པོ་ཆེ་དང་སྤེལ་མར་བསྣམས་པ༔ མཆན་ཁུང་གཡས་སུ་གཏེར་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་ཞིང་ལུད་པ༔ མཆན་ཁུང་གཡོན་དུ་ཡུམ་མཁའ་འགྲོ་ནོར་རྒྱུན་མ་ནེའུ་ལེའི་ཚུལ་དུ་སྐུ་སྦས་ཏེ་ཁ་ནས་རིན་པོ་ཆེ་སྐྱུག་པ༔ ཞབས་གཡོན་བསྐུམ་པ༔ གཡས་བརྐྱང་བ་བུམ་པའི་ཁྲི་ལ་བཞུགས་པ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་སྐུ་ལ་བརྒྱན་པ་ཞིག་ཝལ་གྱིས་བསྐྱེད་དོ༔ དེ་ནས་ཡན་ལག་བདུན་གྱི་སྒོ་ནས་ཡེ་ཤེས་ཀྱི་ཛམ་བྷ་ལ་བསྒྲུབ་པ་ནི༔ གོང་དུ་བསྐྱེད་པ་ལྟ་བུའི་ཡེ་ཤེས་ཀྱི་ཛམ་བྷ་ལ་གཅིག་ལྕང་ལོ་ཅན་གྱི་ནུབ་ནས་སྤྱན་དྲངས་ཏེ༔ ཨེ་མ་ཧོ༔ ཆོས་ཉིད་རྣམ་དག་ཕོ་བྲང་མཆོག༔ གནོད་སྦྱིན་ལོངས་སྤྱོད་གཞལ་ཡས་ནས༔ དངོས་གྲུབ་སྣ་ཚོགས་བླང་བའི་ཕྱིར༔ ཆུ་དབང་གཏེར་སྐྱོང་འདིར་གཤེགས་ཤིག༔ ཛཾ་ཧྲཱིཾ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲང་བའི་ཡན་ལག་གོ༔ དེ་ནས་ཐལ་མོ་སྦྱར་ལ༔ གནོད་སྦྱིན་གཏེར་སྐྱོང་འཁོར་དང་བཅས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་སྐུ༔ དངོས་གྲུབ་མི་ཟད་གཏེར་འཆང་བའི༔ ནོར་ལྷ་ཁྱོད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་པ་ནི་ཕྱག་གི་ཡན་ལག་གོ༔ དེ་ནས་རྟེན་དང་གཉིས་སུ་མེད་པར་བསྟིམ་པ་ནི༔ གནོད་སྦྱིན་དེད་དཔོན་མཁའ་འགྲོའི་གཙོ༔ སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ བླ་རྟེན་འདི་ལ་བརྟན་པར་བཞུགས༔ ཨོཾ་ཨེ་ཧྱེ་ཧི་ཛམ་བྷ་ལ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཞེས་པ་ནི་བཞུགས་སུ་གསོལ་བའི་ཡན་ལག་གོ༔ དེ་ནས་སྙིང་པོའི་བཟླས་པ་ནི༔ ཨོཾ་ཨཱརྱ་ཛཾ་བྷ་ལ་ནཱ་ཐ་ཀུ་བེ་ར་རཏྣ་ཏྲ་ཡཱ་ཡ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་པས་མདུན་གྱི་ཛཾ་བྷ་ལའི་ཐུགས་ཀ་དང་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འདོད་ཡོན་གྱི་དངོས་གྲུབ་ཐམས་ཅད་བཀུག་ནས་སླར་བ་སྤུའི་བུ་གར་འདུས་པས་ནེའུ་ལེ་གང་སྟེ༔ ནེའུ་ལེའི་ཁ་ནས་བདག་ལ་དངོས་གྲུབ་སྟེར་བར་བསམ་ཞིང་བཟླ་འོ༔ དེ་ནི་རྟེན་བསྐྱེད་པའི་ཡན་ལག་གོ༔ དེ་ནས་དྲིན་ལན་གྱི་ཚུལ་གྱིས་ཆུ་དབུལ་ཏེ༔ བུམ་པ་ཆུས་བཀང་བ་བྷྲཱུྃ་ལས་རིན་པོ་ཆེར་བསྐྱེད༔ ནང་དུ་ཨོཾ་དཀར་པོ༔ ཨཱཿདམར་པོ༔ ཧཱུྃ་མཐིང་ག་གསུམ་གྱི་འཕྲོ་འདུ་ལས་ཆུ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པས་ཁེངས་པར་བསམ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་ཆུ་ཐིགས་གཅིག་ལག་མཐིལ་དུ་བླུགས་ལ་ཛཾ་དམར་པོ་བསམ༔ དེ་ལས་འོད་འཕྲོས་པས་ཛཾ་ཁ་དོག་རིགས་ལྔར་བསྐྱེད་པ་ལས་ཛཾ་བྷ་ལའི་གཞལ་ཡས་ཁང་དུ་བསྐྱེད༔ ལག་མཐིལ་དུ་ཆུ་ཙ་ར་ར་བླུགས་ཛཾ་རིགས་ལྔ་ལ་ཐིམ༔ ཛཾ་ལྔ་པོ་ལག་མཐིལ་དུ་ཐིམ་ནས་སླར་ཡང་སྲིན་ལག་གི་རྩེ་ལས་བདུད་རྩི་དང་བཅས་ཏེ་ཛཾ་རིགས་ལྔ་འབུ་རུ་རུ་བྱུང་ནས༔ ཛམ་བྷ་ལའི་ཞལ་དུ་གསོལ་བར་བསམ་སྟེ༔ ལག་པ་རྟེན་གྱི་ཞལ་དུ་སྦྱར་ལ་བཞག༔ དེ་ནས་ཛཾ་ཛཾ་ཛཾ་ཛཾ་ཛཾ་ཛཾ་ཛཾ་ཞེས་ལན་བདུན་བརྗོད་ལ་ཆུ་དབུལ་ལོ༔ ཤིན་ཏུ་མཉེས་ནས་བདག་ལ་དངོས་གྲུབ་སྟེར་བར་བསམ་མོ༔ ཆུ་སྦྱིན་པའི་ཡན་ལག་གོ༔ དེ་ནས་དངོས་གྲུབ་བླང་བ་ནི༔ གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ༔ ཆེ་བའི་ཡོན་ཏན་དངོས་གྲུབ་བསམ་མི་ཁྱབ༔ ཡིད་བཞིན་རིན་ཆེན་ལྟ་བུའི་དངོས་གྲུབ་མཆོག༔ སྐལ་ལྡན་སྒྲུབ་པ་པོ་ལ་བསྩལ་དུ་གསོལ༔ ཛཾ་ཧྲཱིཾཿཛ་སརྦ་སིདྡྷི་ཀུ་ན་ཕ་ལ་ཨ་ཨཱ༔ ཞེས་བརྗོད་ལ་ཆུ་ཧུབ་གཅིག་བཏུང་ངོ༔ དངོས་གྲུབ་བླང་བའི་ཡན་ལག་གོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཛཾ༔ ནོར་སྐྱོང་ཆུ་དབང་འཁོར་བཅས་རྣམས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་སྐུ༔ དངོས་གྲུབ་འཛད་མེད་མངའ་བརྙེས་པའི༔ གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ༔ ཞེས་ལན་གསུམ་བརྗོད་པ་ནི་བསྟོད་པའི་ཡན་ལག་སྟེ་བདུན་པ་འོ༔ དེ་ནས་ཡེ་ཤེས་སེམས་དཔའ་བདག་གི་ཐུགས་ཀར་བསྟིམས་ནས་དངོས་གྲུབ་ཐོབ་པར་བསམ་ལ་རྟེན་སྦའོ༔ མཇུག་གི་དོན་ལ་གསུམ་སྟེ༔ གྲུབ་རྟགས་བསྟན་པ༔ དམ་ཚིག་སྲུང་བ༔ ལས་ལ་སྦྱར་བའོ༔ དང་པོ་གྲུབ་རྟགས་བསྟན་པ་ནི༔ རྨི་ལམ་དུ་བུད་མེད་ཀྱི་ཚོགས་མང་པོ་འདུས་ནས་བདག་ལ་ཟས་སྟེར་བ་འོང༔ ཉམས་དང་བློ་སྣང་གཉིས་ལ་འབའ་ཞིག་འོང༔ གང་ཅི་ཡང་རུང་སྟེ་བདག་གི་དབང་དུ་བྱེད་པ་རྨི་བའོ༔ མངོན་སུམ་གྱི་རྟགས་སུ་ཟས་ནོར་གྱི་ཕྱི་མོ་བུད་མེད་འདུ་ཞིང་བརྩེ་བ་དང༔ བུད་མེད་ཀྱིས་མཐུན་རྐྱེན་སྦྱོར་བའོ༔ བསྙད་ཅི་ལ་བཏག་ཅིང་ལོངས་སྤྱོད་རྣམས་འདུ༔ ཡིད་ལ་མེད་པའི་ས་ནས་ནོར་འོང་ངོ༔ གཉིས་པ་དམ་ཚིག་ཏུ་ཆུ་སྦྱིན་མི་བཅག༔ རྨི་ལམ་ཅི་བྱུང་ཡང་བུད་མེད་ལ་གསང༔ བླ་རྟེན་གཞན་ལ་མི་བསྟན༔ ནོར་གང་རྙེད་པའི་ཕུད་བླ་མ་ལ་འབུལ༔ འཐབ་མོ་དང་མི་གཙང་བ་ལ་འཛེམ༔ སྙིང་རྗེའི་སྒོ་ནས་ལོང་སྤྲང་བསྐྱང༔ རྣམ་པ་ཐམས་ཅད་དུ་ཐེ་ཚོམ་མི་བྱའོ༔ གསུམ་པ་ལས་ལ་སྦྱར་བ་ནི༔ དེ་ལྟར་གྲུབ་རྟགས་བྱུང་ནས༔ བདག་ཉིད་ཛམ་བྷ་ལ་དམར་པོ་གོང་བཞིན་བསྐྱེད་པའི་སྙིང་གར་དབང་སྡུད་ཀྱི་ཙཀྲ་ཡིག་འབྲུ་དང་བཅས་པ་དམར་ཧྲམ་མེ་བསྒོམས་ཏེ༔་་་༼ཛམ་དམར་དབང་སྡུད་ཀྱི་འཁོར་ལོ་ནི། ཙཀྲ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ནོར་བུ་མིག་གསུམ་ལ་ཛཾ་ཧྲཱིཾ་ཛཿ རྩིབས་བརྒྱད་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སརྦ་སིདྡྷི་ཧཱུྃ༔ ཆེ་གེ་མོ་ཝ་ཤཾ་མ་ན་ཡེ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ རྩིབས་མཆན་བརྒྱད་ལ་ཨཱ་ལི་གཉིས་རེ། དེའི་ཕྱི་རིམ་མུ་ཁྱུད་ལ་ཀཱ་ལི། དེའི་ཕྱིར། རཏྣ་སིདྡྷི་ཧཱུྃ་ཨཱཿ ཨཱ་ཡུཿསིདྡྷི་ཧཱུྃ་ཨཱཿ པུཎྱེ་སིདྡྷི་ཧཱུྃ་ཨཱཿ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཨཱཿ སརྦ་སིདྡྷི་ཧཱུྃ་ཨཱཿ ན་ཀུ་ལ་ཕ་ལ་སིདྡྷི་ཧཱུྃ་ཨཱཿ ཞེས་ཁ་བསྒྱུར་སྤེལ་ཚིག་དང་བཅས་པའོ། །བསྒོམ་པ་ལ་རྩིབས་དང་ལྟེ་བ་རྐྱང་པ་བསྒོམས་ཀྱང་རུང་།མཆན།༽ དབུས་ཀྱི་ཛཾ་ཧྲཱིཾཿཛཿགསུམ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ རྒྱལ་པོ་བཙུན་མོ་ལ་སོགས་པ་གང་དབང་དུ་བྱ་བ་དེའི་སྙིང་གར་བཏབ་སྟེ༔ རང་གི་མདུན་དུ་འོད་དུ་ཞུ་ནས་སྙིང་གར་བསྡུས་པས་སླར་ཡིག་འབྲུ་གསུམ་ལ་ཐིམ་པར་བསམ་ཞིང༔ ཡང་ཡང་སྤྲོ་ཞིང་དགུག་པར་བྱས༔ རྗེས་ལ་བདག་གི་སྙིང་གའི་འཁོར་ལོ་ཐམས་ཅད་ལས་འོད་འཕྲོས་ཏེ༔ འཛམ་བུའི་གླིང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་དམར་པོར་གྱུར༔ ཁྱད་པར་དུ་གནས་གཞི་དགོན་པ་དང༔ གྲོང་ལ་སོགས་པ་གང་འདོད་པའི་ཡུལ་ཁམས་ལ་ཕོག་པས་དེ་དག་ཀྱང་འོད་དམར་པོར་གྱུར༔ འཁོར་ལོ་གཡོན་དུ་འཁོར་བས་འོད་དེ་དག་སྙིང་གར་འདུས་པར་བསམ་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སརྦ་སིདྡྷི་ཧཱུྃ༔ ཆེ་གེ་ཝ་ཤཾ་མ་ན་ཡ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་འདི་ལ་བསྙེན་པ་ཞག་ཉི་ཤུ་རྩ་གཅིག་བྱ༔ དེ་མ་གྲུབ་ན་ཡང་རྒྱུན་བསྙེན་བརྒྱ་རྩ་རེ་མ་ཆག་པ་བྱས་ན་དམིགས་པས་གར་ཁྱབ་ཐམས་ཅད་དབང་དུ་འདུ་བར་འགྱུར་ཏེ༔ ཐེ་ཚོམ་མི་བྱའོ༔ གསང་བ་རིན་ཆེན་གཏེར་རྒྱུད་ལས༔ ཛམ་དམར་ཐུགས་ཀྱི་སྒྲུབ་ཐབས་འདི༔ ཨོ་རྒྱན་པདྨ་བདག་གིས་བསྡུས༔ གསང་སྒྲུབ་ཤིན་ཏུ་ཟབ་པའི་ཕྱིར༔ ཐུགས་ཀྱི་ཡང་གཏེར་ནང་དུ་གཏམས༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན༔ དེ་དང་གདམས་ངག་འདི་འཕྲད་ཤོག༔ ༄༅༔ བཅོམ་ལྡན་འདས་ཛམ་བྷ་ལ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀུན༔ རྟེན་འབྲེལ་ཟབ་མོས་བསྒྲུབ་པར་བྱ༔ བདག་ཉིད་ཛམ་ལྷའི་ང་རྒྱལ་གྱིས༔ ཟས་དང་སློབ་མ་ནོར་དང་བུ༔ བུད་མེད་མལ་གོས་ཁྲོམ་དབང་བསྡུ༔ ཞེས་དངོས་གྲུབ་འབྱུང་བའི་རྒྱུད་ལས་གསུངས༔ དེ་བསྡུ་བའི་དོན་བཞིས་བསྟན་ཏེ༔ རྫས་དང༔ སྔགས་དང༔ ཏིང་ངེ་འཛིན་དང༔ བཅའ་ཐབས་སོ༔ དང་པོ་ཟས་བསྡུ་བ་ནི༔ རང་གི་དཔྲལ་བར་མཚལ་དང་རའི་འོ་མ་སྦྱར་ཏེ༔ ཨོཾ་གཅིག་བྲི༔ མེ་ལོང་མཐེབ་གང་ལ་ཁ་དྷེ་ཧཱུྃ་བྱ་བ་གུར་གུམ་གྱིས་བྲིས་ཏེ༔ བྱ་མོ་ནག་མོའི་སྒོ་ང་དང་བཅས་ཏེ་བཅང་ན་ཟས་འདུ་འོ༔ སློབ་མ་བསྡུ་ན་མགྲིན་པར་ཆང་གིས་ཨཱཿཞིག་བྲི༔ མེ་ལོང་ལ་སོ་ཁྲག་གིས་དྷ་ལ་སཾ་བྷོ་བྱ་བ་བྲི༔ བྱ་ཁུ་བྱུག་གི་སྒྲོ་དང་བཅས་ཏེ་མགུལ་དུ་བཅངས་ན་སློབ་མ་དབང་དུ་འདུ་འོ༔ ནོར་བསྡུ་ན༔ སྙིང་གར་རཏྣས་ཧཱུྃ་ཞིག་བྲི༔ མེ་ལོང་ལ་དྷ་ནཾ་མེ་བྱ་བ་བྲི༔ ཁྲའི་སྒྲོ་དང་བཅས་ཏེ་བཅངས་ན་ནོར་འདུ་འོ༔ བུ་འདུ་བར་འདོད་ན་ལྟེ་བར་བུ་རམ་གྱིས་ཡི་གེ་མ་གཅིག་བྲི༔ མེ་ལོང་ལ་བྱང་སེམས་ཀྱིས་པུ་ཏྲ་བྱ་བ་བྲིས་ཏེ༔ སྲེག་པའི་སྒྲོ་དང་བཅས་ཏེ་བཅངས་ན་བུ་འཕེལ་ལོ༔ བུད་མེད་དབང་དུ་བསྡུ་ན༔ མཚན་མ་ལ་གཡུ་ཡི་ཁུ་བས་ཛཿགཅིག་བྲི༔ མེ་ལོང་ལ་མཚལ་གྱིས་ཛཿཧཱུྃ་བྱ་བ་བྲིས་ལ༔ པུ་ཤུད་ཀྱི་སྒྲོ་དང་བཅས་ཏེ་མཚན་མ་ལ་བཏགས་ན་བུད་མེད་ཐམས་ཅད་དབང་དུ་འདུ་འོ༔ མལ་གོས་དབང་དུ་འདུ་བར་འདོད་ན༔ ལག་པ་གཡས་པའི་མཐིལ་དུ༔ བལ་ཚིས་མེ་དྷི་ནི་ཧི་བྱ་བ་བྲི༔ མེ་ལོང་ལ་སྣག་ཚྭས་སི་རི་མ་བྱ་བ་བྲིས་ཏེ༔ འུག་པའི་སྒྲོ་དང་བཅས་ཏེ་བཅངས་ན་མལ་གོས་དབང་དུ་འདུ་འོ༔ ཁྲོམ་འདུ་བར་འདོད་ན༔ ལྕང་མའམ་གླང་མ་ཁྲུ་གང་པ་གཅིག་ལ་སིནྡྷུ་རས་པུཎྱ་སིདྡྷི་བྱ་བ་བྲི༔ མེ་ལོང་ལ་མ་ཧཱ་སིདྡྷི་བྱ་བ་ཆང་གིས་བྲིས་ཏེ༔ དབྱུག་པ་ལ་བལ་ཚོན་སྣ་ལྔ་དང༔ སྨྱོན་པའི་གོས་དུམ༔ པཀྴའི་བྱ་རུའམ་རྒོད་ཀྱི་སྒྲོ༔ མདའ་གསུམ༔ འཕང་གཅིག༔ འུར་རྡོ་གཅིག་རྣམས་བཏགས་ཏེ༔ དབྱུག་པ་དེ་ནམ་མཁའ་ལ་འཕྱར་ན་ཁྲོམ་ཐམས་ཅད་དབང་དུ་འདུ་འོ༔ བྲི་རྫས་ལ་སོ་སོ་མ་རྙེད་ན༔ མཚལ༔ འོ་མ༔ གུར་གུམ་ཚོ་གང་རྙེད༔ རྣམས་ཀྱིས་བྲིས་ཏེ་གོང་མས་འགྲེའོ༔ དེ་རྣམས་གང་བྱེད་ཀྱང༔ ཛམ་བྷ་ལའི་བསྙེན་པའི་སྔགས་ལ་འགྲུབ་པར་ཤོག་ཅེས་ཉེར་གཅིག་བཏགས་ལ་བཟླ་འོ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་མེ་དྷི་ནི་པུཎྱ་སིདྡྷི་ནཱ་ནཱ་ཁ་དྷེ་ཧཱུྃ༔ དྷ་ལ་སཾ་བྷོ་དྷ་ནཾ་པུ་ཏྲ་ཛཿཧཱུྃ་མ་ཧཱ་སིདྡྷི༔ ཞེས་ཉེར་གཅིག་བཟླ་འོ༔ རང་རང་སོ་སོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས༔ དངོས་གྲུབ་བདུན་པོ་མྱུར་དུ་འགྲུབ་པར་འགྱུར་རོ༔ སྤྱིར་མན་ངག་ཏུ་བྱམས་སྙིང་རྗེ་ཐུན་མོང་མ་ཡིན་པ་གལ་ཆེ༔ ཛམ་བྷ་ལའི་བསྙེན་པ་ཚད་དུ་སོང་ནས༔ ལས་ཚོགས་ཇི་ལྟར་སྨྲོས་པ་བཞིན་འགྲུབ་པར་འགྱུར་རོ༔ རྟེན་འབྲེལ་ཟབ་མོའི་སྒྲུབ་ཐབས་བདུན་པོ་འདི༔ ཛམ་བྷ་ལའི་སྒྲུབ་ཐབས་ཐམས་ཅད་ཀྱི་མཐའ་རྒྱས་ཡིན་ནོ༔ ཨོ་རྒྱན་པདྨའི་གདམས་ངག་འདི༔ གསང་བ་ཡང་གཏེར་ནང་དུ་སྦས༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ གདམས་པ་འདིའི་ཡོན་ཏན་དཔེར་བྱས་ན༔ དགོས་འདོད་ཐམས་ཅད་རྣམ་ཐོས་བུ་དང་འདྲའོ༔ ཞེས་སེམས་བསྐྱེད་པའི་ཡོན་ཏན་གྱིས་དཔེར་བཞག་ནས་གདའ་བས་གཅེས་སྤྲས་སུ་བྱའོ༔ འདི་གཞན་ལས་སྒྲུབ་ཐག་ཉེ༔ དེ་བས་འདི་ལ་གསང་ལ་སྤྱད༔ འདི་འགྲུབ་ལོངས་སྤྱོད་འབྱུང་བ་རྣམས༔ སྤང་བྱ་བསྒྲུབ་བྱ་དམ་ཚིག་ནི༔ རྒྱུད་བཞིན་སྒྲུབ་པའི་བསོད་ནམས་དེས༔ ང་རྒྱལ་སྤངས་སྟེ་འགྲོ་དོན་བྱ༔ ཕ་མ་བླ་མ་སྤུན་གྲོགས་དང༔ འདྲི་ཀློག་བྱེད་པའི་མཆོད་གནས་དང༔ གང་དག་བྱང་ཆུབ་བསྒྲུབ་པ་ལ༔ ཞབས་ཏོག་རློམ་སེམས་མེད་པར་བྱ༔ མདོར་ན་སེམས་ཅན་ཐམས་ཅད་ལ༔ སྦྱིན་པ་དགེ་བའི་ཕྱོགས་སུ་སྦྱར༔ དེ་ཡི་བསོད་ནམས་གང་ཐོབ་ཀུན༔ སེམས་ཅན་རྣམས་དང་ཐུན་མོང་དུ༔ བྱང་ཆུབ་འཐོབ་ཕྱིར་བསྔོ་བ་གཅེས༔ སྤང་བྱ་ནི༔ ཕན་ཚུན་འཐབ་པར་བྱེད་པ་དང༔ མཚོན་ཆ་དུག་ལ་འཇལ་བ་དང༔ སྨད་འཚོང་མ་ལ་འཇལ་བ་དང༔ སྡེ་འཁྲུག་རྒྱུ་རུ་འགྲོ་བ་དང༔ སྡོམ་བྲལ་དམ་ཉམས་སྙིང་རྗེ་མེད༔ ལོག་ལྟ་གནོད་པའི་སྡིག་ཅན་ལ༔ བྱིན་ན་སྡུག་བསྔལ་རྒྱུར་འགྲོ་ཞིང༔ བདེ་བའི་ཕྱོགས་སུ་མི་འགྲོ་བས༔ དེ་དག་རྣམས་ལ་གསང་བར་བྱ༔ ཞེས་གསུངས་པས་རྗེས་ཀྱི་དམ་ཚིག་བསྲུང་བ་གལ་ཆེའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་དམ་པ་གུ་རུ་ཆོས་དབང་གིས། །ཛམ་དམར་གསང་སྒྲུབ་རིན་ཆེན་གཏེར་མཛོད་འདི། །ལྷོ་བྲག་གནམ་སྐས་ཅན་གྱི་གཏེར་སྒོ་ནས། །འགྲོ་བའི་དོན་ལ་དགོངས་ཏེ་ཕྱུང་བའོ།། །།
ཉང་གཏེར་རྟ་ནག་ཡང་ཕྱུང་གི་བསྙེན་ཡིག་ཁྲག་འཐུང་དཔའ་བོའི་མགུལ་རྒྱན་ (Volume 26, Text 44)
༄༅། །ཉང་གཏེར་རྟ་ནག་ཡང་ཕྱུང་གི་བསྙེན་ཡིག་ཁྲག་འཐུང་དཔའ་བོའི་མགུལ་རྒྱན་བཞུགས་སོ། ། ན་མོ་བཛྲ་ཀྲོ་དྷ་ཡ། མི་བཟད་མཐུ་སྟོབས་གནམ་ལྕགས་འབར་བའི་མེས། །བདུད་སྡེའི་ཚང་ཚིང་སྟུག་པོ་བསྲེགས་ནས་སླར། །མཆོག་ཐུན་དངོས་གྲུབ་དཔལ་གྱིས་རྗེས་སྐྱོང་བ། །དབང་ཆེན་ཧ་ཡ་གྲཱི་བས་ཤིས་པ་སྩོལ། །གང་དེའི་སྒྲུབ་ཐབས་རྒྱུད་སྡེའི་ཡང་སྙིང་གནད། །དུ་མ་ཕྱུང་སྟེ་ཉམས་ལེན་གཅིག་དྲིལ་བའི། །རྟ་ནག་དྲག་པོའི་བསྙེན་ཡིག་གསལ་བཀོད་པ། ཁྲག་འཐུང་དཔའ་བོའི་མགུལ་རྒྱན་འདི་ན་སྤེལ། །དེ་ལ་འདིར་མངའ་བདག་ཆེན་པོའི་གཏེར་བྱོན་རྟ་མགྲིན་ཡང་ཕྱུང་ནག་པོའི་སྒོ་ནས་བདག་གཞན་གྱི་དོན་སྒྲུབ་པ་ལ་ཡང་། རང་ལུས་རྡོ་རྗེའི་རྫོང་དུ་གཞུག་པའི་གོ་གྱོན་པ་དང་། གཞན་དཔུང་བདུད་སྡེའི་གཡུལ་བཅོམ་པའི་མཚོན་ཐོགས་པ་གཉིས་ལས། དང་པོ་ལ་ཡང་ཆིངས་གསུམ་སྟེ། ཁྲོ་ཆུ་ལྟ་བུའི་རྫས་དང་། གནམ་ལྕགས་ལྟ་བུའི་སྔགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་གསུམ་ལས། སྐབས་འདིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་གནམ་ལྕགས་ལྟ་བུའི་སྔགས་བཟླ་བའི་ལྷ་སྔགས་དབྱེར་མེད་ཀྱི་བསྙེན་སྒྲུབ་བྱ་ཚུལ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཡི་དམ་འདི་ཉིད་ཀྱི་སྒོ་ནས་དབང་ཐོབ་ཅིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་སྔགས་པས་འདུ་འཛི་དང་རྣམ་གཡེང་སོགས་སྒྲུབ་པའི་གེགས་དང་བྲལ་བའི་དབེན་པའི་གནས་སུ། ཟླ་བའི་ཆ་ཤས་འཕེལ་བའི་གཟའ་སྐར་དགེ་བར། སྒྲུབ་པའི་ཡོ་བྱད་མཐུན་རྐྱེན་གྱི་འབྱོར་པ་ཐམས་ཅད་མཚམས་ཀྱི་ཁོངས་སུ་གསར་འཛུད་མི་དགོས་པར་རྒྱས་པར་བསགས། གྲོགས་དམ་ཚིག་གཙང་ལ་བློ་མཐུན་ཞི་དུལ་གྱི་སེམས་དང་ལྡན་པ་བསྟེན། སྒྲུབ་པ་མཐར་མ་ཕྱིན་བར་རྐྱེན་དབང་དུ་མི་འགྲོ་བའི་དམ་བཅའ་དྲག་པོ་བྱ། ༈ གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། རང་གི་མདུན་དུ་ཡི་དམ་འདི་ཉིད་ཀྱི་བྲིས་སྐུ་སོགས་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ་གཙང་མའི་སྟེགས་ལ། ཡི་དམ་གྱི་དཔལ་གཏོར་དང་། མདུན་དུ་ཆོས་སྐྱོང་གི་གཏོར་མ་དང་སྨན་རཀ་སོགས་ཕྱི་ནང་གི་མཆོད་པ་བཤམ། རང་ཉིད་དཀྱིལ་འཁོར་དང་ཞལ་སྤྲོད་ཀྱི་ཚུལ་དུ་གདན་ནང་ཚངས་ཅན་འབོལ་ཞིང་བདེ་བའི་འོག་ཏུ་འབྲས་སམ་ས་དཀར་གྱིས་གཡུང་དྲུང་རྡོའམ་གཡམ་པ་ལ་སོགས་པར་བྲིས་པ་བཀོད། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་མེ་ཏོག་རྣམས་རིམ་པར་བཤམ། གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་སྐབས་འདིར་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱ། དེ་ནས་ཉམས་ལེན་གྱི་ངོ་བོ་ནི། ཐུན་བཞིའི་རྣལ་འབྱོར་ཏེ། ཉིན་དང་པོའི་དགོང་ཐུན་ནས་འགོ་འཛིན་པ་སྟེ། ཐོག་མར་བདེ་བའི་སྟན་ལ་འདུག་ནས། བརྒྱུད་འདེབས་སྐྱབས་སེམས་སྔོན་དུ་སོང་བས། རྟ་ཡི་ང་རྒྱལ་བརྟན་པོས་བཟླས་པ་བརྒྱ་ཕྲག་ཙམ་བྱས་ནས། གཞི་བདག་དང་བགེགས་ལ་གཏོར་མ་བྱིན་ལ་གུ་གུལ་གྱིས་བདུག་པ་དང་ཡུངས་ཐུན་གྱིས་བྲབ་པ་སོགས་ཏིང་འཛིན་སྔགས་རོལ་དང་བཅས་པས་ནན་ཆེར་དུ་བྱས་ནས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་ཐོ་འཛུག་གི་ཆོ་ག་ལྟར་བར་ཆད་བསྲུང་བའི་ཕྲིན་ལས་བཅོལ་བ་དང་བརྟན་བཞུགས་བྱ། ནང་དུ་ལོག་ནས་མཚམས་གཅོད་སྲུང་འཁོར་བསྒོམ་པ་སོགས་ཞིབ་པར་རྒྱས་ཐེབས་པར་བྱེད་ཅིང་། སྲུང་འཁོར་འདི་ནི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་ཐུན་འགོ་རྣམས་སུ་ཡང་ཡང་དུ་གསལ་འདེབས་པ་ནན་དུ་བྱས་ན་བར་ཆད་ཀྱིས་མི་ཚུགས་སོ། །དེ་ནས་བརྡ་སྒོ་ནས་བཟུང་སྔོན་འགྲོའི་ཆོས་བཅུ་གཅིག་པོ་ཐམས་ཅད་ཚང་བར་བྱས་ནས། དངོས་གཞི་ནི། རང་གི་སེམས་ཉིད་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་དངོས་འཛིན་སྨྲ་བརྗོད་ཀྱི་མཚན་མ་དང་བྲལ་ཡང་། རང་མདངས་འགག་མེད་ཀྱི་འཆར་སྒོ་སྒྱུ་འཕྲུལ་ལྷ་ཡི་རོལ་པ་ཅིར་ཡང་འཆར་བས་གདོད་མ་ནས་ཡེ་ཤེས་ཀྱི་འཁོར་ལོར་གནས་པ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བརྗོད་པས་སྔགས་ཀྱི་སྒྲ་གདངས་ཀྱི་རྐྱེན་གྱིས་སད་པ་ལས། སྐད་ཅིག་དྲན་རྫོགས་ཀྱིས་དམ་ཡེ་དབྱེར་མེད་ཀྱི་ལྷ་བསྒོམ་པའི་འདོན་དམིགས་གཞུང་བཞིན་ལ། ཁྱད་པར་དུ་དབུ་སྐྲ་གནམ་ལྕགས་ཀྱི་རལ་པ་བསིགས་པའི་སྐྲ་གསེབ་ནས་རང་འདྲའི་ཁྲོ་ཆུང་བསམ་གྱིས་མི་ཁྱབ་པ་འཕྲོས། བར་ཆད་ཀྱི་ལོག་འདྲེན་དགྲ་བགེགས་ཐམས་ཅད་ཚར་བཅད་དེ་མིང་ཡང་མེད་པར་བྱས་ནས། ཚུར་འདུས་ཁྲོ་བོའི་གུར་དུ་གྱུར༔ དེ་ཡང་སྲུང་དང་ཟློག་པ་དང༔ བསད་པའི་ལས་མཛད་ཁྲོ་བོ་ནི༔ རིམ་པ་གསུམ་གྱི་ཚུལ་དུ་བསམ༔ ཞེས་པ་ནི། ཁྲོ་བོ་རྣམས་ཚུར་འདུས་ཏེ་ཞལ་ནང་དུ་གཟིགས་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་བར་མེད་དུ་དཀྲིགས་ནས་སྲུང་བའི་ལས་མཛད་པར་བསམ་པས་སྲུང་བ། ཕྱི་རོལ་སྟེང་འོག་བར་གསུམ་ལ་ཁྲོ་ཆུང་གྲངས་མེད་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པར་བསམ་པས་ཟློག་པ། དེའི་ཕྱི་རོལ་ཏུ་གནམ་ས་ལྕགས་བསྲེགས་ཀྱི་འཁོར་ལོ་དྲག་པོ་མེ་དཔུང་འབར་བ་ཅན་གཡས་གཡོན་ཤུགས་དྲག་ཏུ་འཁོར་བ་ལས་མེའི་ཚྭ་ཚྭ་ནང་དུ་འཕྲོས་པ་དང་། ནང་གི་སྲུང་ཟློག་གི་ཁྲོ་བོའི་སྐུ་ལས་ཡང་སྤྲུལ་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་ཐོགས་པ་གྲངས་མེད་དང་། སྲེག་བྱེད་འབར་བའི་ཞུགས་ཕུང་ལས་མེའི་ཚྭ་ཚྭ་ཤུགས་དྲག་གི་འཐོར་རླུང་དང་བཅས་པ་ཕྱིར་འཕྲོས་པའི་བར་དུ་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་བསད་བཅད་གཏུབས་ཤིང་བསྲེགས་གཏོར་བྱས་ནས་རྡུལ་དུ་བརླགས་པར་བསམ་པས་བསད་པ་སྟེ་གུར་ཁང་གསུམ་མོ། །དེ་ནས་བཟླས་དམིགས་ནི། བདག་ཉིད་ཁྲོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་ཡིག་མཐིང་ནག་གཟི་བརྗིད་དང་ལྡན་པ་ལང་ཐབས་སུ་གནས་པའི་མཐར། རྩ་སྔགས་ཡི་གེ་བཅུ་པ་མེའི་མདོག་ཅན་འོད་ཟེར་དམར་པོ་འཕྲོ་བ་དང་བཅས་གཡས་སྐོར་དུ་མགལ་མེའི་ཕྲེང་བ་ལྟར་དམར་ཀྱི་ལེར་འཁོར་བའི། ཐུགས་སྲོག་སྔགས་ཕྲེང་ལས་འོད་དམར་མེའི་ཚྭ་ཚྭ་འཕྲོ་བ་ཅན་བསམ་གྱིས་མི་ཁྱབ་པ་སྤྲོས་པས། རང་རྒྱུད་ལ་སྔོན་ལས་ཀྱིས་གནས་པའི་སྡིག་སྒྲིབ་དང་འཕྲལ་རྐྱེན་གནོད་པའི་ནད་གདོན་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེགས་ནས། བ་སྤུའི་ཁུང་བུ་ནས་འོད་ཟེར་ཕྱིར་འཕྲོས་པས་སྣོད་བཅུད་མ་དག་པའི་དངོས་སྣང་ཐམས་ཅད་ཀྱང་བསྲེགས་ནས་བརྟེན་པ་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་འབར་བའི་དབུས་སུ། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་རིག་རྩལ་གྱི་ཁྲོ་བོའི་ཚོགས་ཆེན་པོར་གྱུར་ནས་མེ་དང་ཁྲོ་ཚོགས་ལས་ཀྱང་སྔགས་སྒྲ་འུ་རུ་རུ་སྒྲོག་པར་བསམ་ལ། མ་དག་འཁྲུལ་སྣང་གི་གཞི་སྣང་གྲགས་དྲན་རྟོག་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་པ་ལས་གཞན་དུ་མ་གྱུར་པའི་ལྟ་བའི་གདིང་དང་ལྡན་པའི་ལྷའི་ང་རྒྱལ་དྲག་པོ་རྩེ་གཅིག་པས། རྩ་སྔགས་འབྲུ་བཅུ་པ་ཉིད་བུང་བས་ཚང་ཚོལ་བ་ལྟར་དི་རི་རི་བཟླ་བར་བྱ་སྟེ། འདི་ལ་སྭ་བྷཱ་བས་སྟོང་པར་སྦྱོང་བ་དང༔ ལྷ་ས་བོན་ལས་བསྐྱེད་པ་དང༔ ཡེ་ཤེས་པ་བསྟིམ་པ་དང༔ དབང་བསྐུར་ཞིང་རྒྱས་གདབ་པ་རྣམས་མ་བཤད་དེ༔ གཞུང་ལས༔ སེམས་ཉིད་སྐྱེ་མེད་སྟོང་གསལ་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་བསྟིམ་རྒྱས་གདབ་མི་འཚལ་ཏེ༔ དྲན་པ་ཙམ་གྱིས་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི༔ སྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་གསུངས་སོ། །ཡང་གཞན་སྲུང་བ་སོགས་ཀྱི་དོན་དུ། སྒྲུབ་ཐབས་རྩ་བ་ལས། གལ་ཏེ་དམིགས་བྱ་བསྲུང་ན་ནི༔ ལུས་ངག་ཡིད་གསུམ་སྦ་བ་གཅེས༔ ལུས་ནི་སྲུང་བའི་གུད་དུ་སྦ༔ ངག་ནི་སྲོག་སྙིང་བར་དུ་སྦ༔ ཡིད་ནི་ཐིག་ལེའི་དབུས་སུ་སྦ༔ ཐུན་མོང་མ་ཡིན་ཁྱད་པར་གནད༔ སུས་ཀྱང་མཐོང་བར་མི་འགྱུར་རོ༔ ཞེས་པ་ནི། ཁྲོ་བོའི་གུར་ཁང་གི་ནང་དུ། རང་ཡི་དམ་དུ་གསལ་བའི་སྤྱི་བོར་སློབ་དཔོན། ཕོ་རིགས་གཡས། མོ་རིགས་གཡོན། བུ་དང་ཆུང་མ་མདུན། ནོར་རྫས་རྒྱབ་ཏུ་གསལ། བསྲུང་བྱ་དེ་རྣམས་ཀྱི་མགྲིན་པ་ནས་ངག་གི་དབང་པོ་ཡི་གེ་ཨཱཿཡི་རྣམ་པ་ཅན་དུ་བསྡུས་ཏེ། ཐུགས་སྲོག་གི་མདུན་སྔགས་ཕྲེང་གི་ནང་ངོས་སྲོག་དང་སྙིང་པོའི་བར་དེར་ཨཱཿཡིག་འོད་ཀྱི་གོང་བུའི་རྣམ་པ་ཅན་སྦ། བསྲུང་བྱའི་སྙིང་ག་ནས་རྣམ་ཤེས་ཀྱི་ངོ་བོ་ནྲྀ་ཡིག་ལྗང་གུ་ཧཱུྃ་གི་ཐིག་ལེའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་སྦ་བ་ནི་ཁྱད་པར་གྱི་གནད་དེ། དམིགས་བྱ་བསྲུང་བའི་དུས་མ་གཏོགས་མི་དགོས་སོ། །དེ་ལྟ་བུའི་རྩ་སྔགས་ཉིད་མ་མཐའ་ན་འབུམ་ཕྲག་བཅུ་མ་སོང་གི་བར་དུ་ཐུན་ཐམས་ཅད་ལ་དེ་ཁོ་ན་ནན་ཏན་གྱིས་བཟླ་ཞིང་ཐུན་བསྡུ་བ་ན། ཐུན་མཚམས་གཏོར་མའི་ལས་རིམ་ནི། ཤ་ཁྲག་གིས་བརྒྱན་པའི་གཏོར་མ་སྣོད་གཙང་དུ་བཤམས་ལ། ཨོཾ་བརྗོད་པས་སོགས། རང་གཞུང་གི་བྱིན་རླབས་མཐར། ཨོཾ་ཨཱཿཧཱུྃ་ལན་བདུན་གྱི་བྱིན་གྱིས་བརླབས་ལ། གཏོར་མའི་སྟེང་གི་ནམ་མཁར་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། དཔལ་རྟ་མགྲིན་ནག་པོ་ལ་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བྱོན་པར་བསམ་ལ་སྤྱན་དྲང་བ་ནས་མཆོད་པ་ཡན་སོང་བ་དང་། ཁྲོ་བོའི་ལྗགས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམས་ཤིང་མཉེས་པར་བསམ་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ་ལ། བསྟོད་ཅིང་ཕྲིན་ལས་བཅོལ་བ་སོང་ནས། དབྱངས་གསལ་དང་ཡིག་བརྒྱའི་མཐར། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་གསུམ་མམ་བདུན་བཟླས་ལ། དབང་ཆེན་འཁོར་བཅས་མཆོད་པ་ཡི། །སོགས་དང་། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་སོགས་རྫོགས་རིམ་འོད་གསལ་དུ་འཇུག་ཅིང་སླར་ཡང་ཐུན་མཚམས་ཀྱི་ལྷར་ལྡངས་ནས་དགེ་བསྔོ་ཤིས་བརྗོད་སོགས་བྱའོ། །སྐབས་འདིར་རྒྱུན་གྱི་དགེ་སྦྱོར་དང་བཟའ་བཏུང་སོགས་བྱེད། ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་བསྔོ་དང་ཚོགས་མཆོད་རྣམས་སྐབས་འདི་དང་སྲོད་ཐུན་གྱི་མཇུག་སོགས་གང་བདེ་ལ་བྱེད། དེ་ནས་སྲོད་ཐུན་ནི། སྐྱབས་སེམས་ཡན་ལག་བདུན་པ་དང་། མཆོད་པ་བྱིན་རླབས་ཙམ་སྔོན་དུ་འགྲོ་བས། དངོས་གཞི་ལ་འཇུག་ཅིང་བཟླས་དམིགས་དང་། ཐུན་བསྡུ་བ་རྣམས་སྔར་བཞིན་བྱས་ནས་ཆོས་སྐྱོང་གཏོར་ཆོག་སོགས་འདིར་སྦྲེལ་ལམ་མི་སྦྲེལ་གང་ལྟར་ཡང་། མཐར་རྫོགས་རིམ་གྱི་ངང་ལ་ཉལ་བའམ་ཡང་ན་སྙིང་གར་ཧཱུྃ་ཡིག་མཐིང་གསལ་དྭངས་པ་གཅིག་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ནས་ཉལ་བ་སོགས་གང་བདེས་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །ནངས་པར་ཐོ་རངས་སྟོང་ཉིད་ཀྱི་ངང་ངམ་ཡིག་འབྲུའི་རང་རྩལ་ལས་ལྷ་སྐུར་ལམ་གྱིས་ལངས་ནས། གཞི་བགེགས་ཀྱི་གཏོར་མ་གཏང་། བརྒྱུད་འདེབས་སྐྱབས་སེམས་མཆོད་པ་བྱིན་རླབས་སོགས་སྔོན་དུ་བཏང་ནས་ཐུན་མཚམས་ལ་ཐུག་གི་བར་སྔར་གྱི་དགོང་ཐུན་བཞིན་དང་། ཐུན་བར་འདིར་དགེ་སྦྱོར་ཆག་མེད་དགོས་རིགས་རྣམས་བྱེད། གཉིས་པ་སྔ་ཐུན། གསུམ་པ་གུང་ཐུན། བཞི་པ་སྲོད་ཐུན་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཚོགས་གསག་ཙམ་གྱིས་ཆོག །དངོས་གཞིའི་བཟླས་དམིགས་སོགས་དང་ཐུན་གྲོལ་བའི་ཚུལ་སྔར་ལྟར་ལས་ཁྱད་པར་མེད། རྒྱུན་དུ་སྲུང་མའི་གཏོར་ཆོག་གི་རྗེས་སུ་ཚོགས་མཆོད་བྱ་ཞིང་ལྷག་མ་བཙོན་དུ་འཛིན་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །ཐུན་གཞུང་དུ་སྔགས་བཟླ་བ་ཡང་སྒྲ་དྲག་ཞན་མྱུར་བུལ་སོགས་སྐྱོན་བཞི། གཉིད་གློ་ལུ་བ་སྦྲིད་པ་གླལ་བ་མཆིལ་སྣབས་དོར་བ་བཟའ་བཏུང་སོགས་བར་དུ་གཅོད་པ་དྲུག་སྟེ་བཟླས་པའི་སྐྱོན་བཅུ་སོགས་མདོར་ན་གསང་སྔགས་ཆུ་བོའི་རྒྱུན་བཞིན་བར་མ་ཆོད་པར་བཟླ་དགོས་པ་ལ་བར་ཆོད་པའི་སྐྱོན་ཆེ་ཕྲ་མཐའ་དག་སྤངས་ཏེ། ཚུལ་དེ་ལྟ་བུའི་ཐུན་བཞིའི་སྒོ་ནས། བསྙེན་ཚད་འབུམ་ཕྲག་བཅུ་མ་མཐའ་བྱས་པའི་གྲངས་ཇི་ཙམ་སོང་བའི་འབུམ་རྗེས་སུ་ཁྲི་དང་ཁྲི་རྗེས་སུ་སྟོང་གིས་ཁ་བསྐང་གྲངས་ལོངས་པར་བྱ་ཞིང་། དེ་དག་ནི་གྲངས་ཀྱི་བསྙེན་པའི་ཚུལ་ལོ། །དུས་ཀྱི་བསྙེན་པ་ནི། བསྙེན་སྒྲུབ་གཉིས་ཀ་ཟླ་དྲུག་མའི་དབང་དུ་བྱས་ན། བསྙེན་པ་ཟླ་བ་གསུམ་དུ་བྱའོ། །མཚན་མའི་བསྙེན་པ་ནི། བསྙེན་སྒྲུབ་གཉིས་གང་གི་དུས་ཡིན་ཡང་དངོས་ཉམས་རྨི་ལམ་གང་དུའང་ལྷ་ཞལ་མཐོང་བ། རྟ་མགོ་འཚེར་བ། རྟ་སྐད་ཐོས་པ། རང་གིས་རྟ་སྐད་འབྱིན་པ། རང་དང་གཏོར་མ་རྟེན་རྫས་གནས་ཁང་སྒྲུབ་ཆས་ཀྱི་ཡོ་བྱད་སོགས་ལ་མེ་འབར་ཞིང་དུད་པ་འཐུལ་བ། མེ་ཡི་ཚྭ་ཚྭ་འཕྲོ་ཞིང་ཚེག་སྒྲ་གྲགས་པ་དང་། མི་ནག་རལ་པ་ཅན་བྱུང་བ་དང་། རྟ་ནག་འཚེར་ཞིང་རྒྱུག་པ་སོགས་ལྷ་འགྲུབ་པའི་རྟགས་ཏེ། གཞན་ཕྱོགས་ལས་རྒྱལ་བ། དགྲ་དང་བྱད་ལས་རྒྱལ་བའི་རྟགས་ནི་གཞུང་དུ་གསལ། ལོང་བ་སྤྲང་པོ་མཛེ་ཕོ་སོགས་ཀྱིས་ཚུར་ལ་རྒོལ་བ་དང་། མི་ནག་ཁྲོས་པ་དང་། རྟ་ནག་གསོད་པ་སོགས་མཚན་མ་ངན་པ་གང་དག་དང་། རང་གི་ཉམས་ཀྱང་བྱིང་འཐིབས་སུ་འགྲོ་ཞིང་ཤེས་པ་དང་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་བཟླ་སྙིང་མི་འདོད་པ་རྣམས་ནི་མི་གཙང་བའི་ཉམས་གྲིབ་ཕོག་ནས་ལྷ་ཡི་དངོས་གྲུབ་གཡེལ་བ་ཡིན་པས་ཚོགས་དང་སྐོང་བཤགས་མངའ་གསོལ་ཡིག་བརྒྱ་སོགས་ལ་འབད་པར་བྱའོ། །གཞན་ཡང་རང་གི་ལུས་ལ་གདོན་ཆེན་ཞུགས་པ་དག་འདུལ་བར་འདོད་ན། སྔོན་དུ་གྲངས་དུས་ཀྱི་བསྙེན་པ་ཅི་ཙམ་བྱེད་པ་དག་འགྲོ་བར་བྱས་ནས། དེ་ནས་ཐུན་གྱི་ལས་གཞུང་སྲོང་ཚུལ་སོགས་སྔ་མ་ཇི་ལྟ་བ་བཞིན་གྱིས་བསྙེན་པའི་བཟླས་དམིགས་སྔོན་དུ་འགྲོ་བས་བསྙེན་པ་བརྒྱ་ཕྲག་ཁ་ཤས་བྱས་མཐར། དམིགས་པ་ནི། རང་གི་ལྟེ་བར་རཾ་ཡིག་དམར་པོ་བསམ། དེ་ལས་མེ་འབར་བས་ལུས་ཐམས་ཅད་བསྲེགས། རང་ལུས་མེ་དཔུང་ཆེན་པོར་གྱུར་པ་ལས། མེ་ཡི་ཚྭ་ཚྭ་རཾ་གྱིས་མཚན་པ་ཤུགས་དྲག་པོར་འཕྲོས་པས་ནད་དང་གདོན་གྱི་བདག་པོ་ལོག་འདྲེན་འབྱུང་པོ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་ཐལ་བ་བུན་གྱིས་བཏང་བའི་མེ་སྟག་གི་ཚྭ་ཚྭ་ལས་སྔགས་སྒྲ་འུ་རུ་རུ་སྒྲོག་པར་གྱུར། ཅེས་པའི་དམིགས་གནད་དང་ལྡན་པས་རབ་ཏུ་ལུས་ཀྱི་ནད་སེལ་བའི་བར་དང་། དངོས་སུ་ཤ་འགུལ་ཚ་ཚག །འབྲིང་རྨི་ལམ་དུ། བྱ་དཀར། ཁྱི་དཀར། སྤྲེའུ། བྱི་ལ། སྲེ་མང་། སྤྱང་ཀི །འཕར་བ་སོགས་གཅན་གཟན་གསོད་པ། བྱིས་པ་བུད་མེད་ལོང་སྤྲང་སེར་ཆགས། བླ་མ་སྔགས་པ། བོན་པོ་རྣམས་བརྡུང་ཞིང་དེད་པ། ལྷ་ཁང་ལྡེར་སོ་བཤིག་པ། མཚོ་དང་ཆུ་མིག་སྐམ་ཞིང་། སྦལ་སྦྲུལ་ཟོས་པ་རྣམས་གདོན་ཐུལ་བའི་རྟགས་དང་། ཉ་ལྕོང་སྡོམ་སྡིག་རྟ་བླ་སྦལ་སྦྲུལ་གྲོག་སྤུར་འབུ་སྦྲང་སྲིན་བུ་སོགས་ལུས་ལས་ཐོན་པ་ནི་གདོན་ལས་གྲོལ་བའི་རྟགས་སོགས་དང་། རྟགས་མཚན་མ་བྱུང་ཡང་གྲངས་ཚད་ནི་མ་མཐའ་ཡང་འབུམ་ཕྲག་བཅུའོ། །ཐུན་གྲོལ་ཚུལ་སོགས་གཞན་སྔ་མ་དང་འདྲའོ། །དེ་དག་ནི་བསྙེན་པའི་ཚུལ་ལོ། ༈ །གཉིས་པ་སྒྲུབ་པ་ལ་འཇུག་པ་ནི། བསྙེན་པ་སྔ་ཐུན་ལ་གྲོལ་བའི་དགོང་ཐུན་ནམ་མིན་ཡང་དེ་ཉིན་ངལ་གསོས་ཏེ་སང་གི་དགོང་ཐུན་ནས་འཇུག་ཀྱང་རུང་བས། སྒྲུབ་རྟེན་བཅས་བཤམ་ནི། དཀྱིལ་འཁོར་གྲུ་གསུམ་ནང་དུ་དུག་ཁྲག་དང་སོལ་བས་བྱུག་པ་མུ་རན་མེ་རི་དང་བཅས་པའམ། མིན་ན་དེ་འདྲའི་རས་བྲིས་སམ་མ་འབྱོར་ན་འབྲུ་ནག་གི་ཚོམ་བུའི་སྟེང་དུ་མཉྫི་ལ། ཁྲོ་ལྕགས་ཟངས་ཀྱི་སྣོད་དུ་གཏོར་མ་གཏེར་གཞུང་ལས་ཟུར་གསུམ་བརྗིད་བག་ཅན་གསུངས་འདུག་ཀྱང་། རིག་འཛིན་གོང་མའི་ཕྱག་བཞེས་ལྟར་ན་དཔལ་གཏོར་ནག་པོ་རྟ་མགོ་ལྗང་གུས་མཚན་པ་མཛད་པས་ཕྱི་མ་ཉིད་བཙན་པ་ལྟར་ལ། མདའ་རྒོད་སྒྲོ་མར་དར་ནག་ལ་རྟ་མགྲིན་གྱི་སྐུ་བྲིས་པ་བཏག །དར་རམ་མཐིང་ཤོག་ལ་བཟང་དྲུག་ཙནྡན་གུར་གུམ་བཙན་དུག་སོགས་ཀྱིས་བྱུགས་པའི་གཞི་ལ། གསེར་རམ་གྲི་ཁྲག་མཚལ་སོགས་གང་འབྱོར་གྱིས་སྲོག་འཁོར་གཞུང་བཞིན་བྲིས་པ་བསྐྱེད་བསྟིམ་རབ་གནས་བལྟེབ་བཅིང་བྱས་པ་མདའ་དར་གྱི་མགུལ་དུ་བཏགས་ལ་གཏོར་མ་ལ་བཙུག །གཏོར་མའི་གཡས་སུ་ཙནྡན་གྱི་རལ་གྲི་ཁྲུ་གང་བ་དང་། གཡོན་དུ་སེང་ལྡེང་གི་ཕུར་པ་རྟ་མགོ་ཅན་མཐོ་གང་བ་རྣམས་བཤམ། ཕྱག་མཚན་གཉིས་ལ་སྒྲུབ་སྔགས་བྲི་བ་ཕྱག་ལེན་འགའ་ཞིག་ལ་ཡོད་པ་མཛད་ཀྱང་ཆོག །སྒྲུབ་པ་གྲོལ་ཁར་སྲོག་དབང་རྒྱས་པ་སློབ་མ་ལ་བསྐུར་བ་ལྟར་ལེན་ན། ལྕགས་ཀྱུ་དངོས་སམ་ཙཀླི་བྲིས་པ་ཞིག་ཀྱང་བཤམ། དབང་སོ་སོར་མི་ལེན་ན་མི་དགོས། མདུན་དུ་ཆོས་སྐྱོང་གི་གཏོར་མ་དང་སྨན་གཏོར་རཀྟ། མཐར་ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་མཆོད་གཏོར་གཙང་ཞིང་རྒྱས་པར་བཤམ། རང་ཉིད་བདེ་བའི་སྟན་ལ་འདུག་ནས་བརྒྱུད་འདེབས་སྐྱབས་སེམས་ཚོགས་གསག་སྔོན་དུ་སོང་ནས་གཞི་བགེགས་ཀྱི་གཏོར་མ་བཏང་ལ་མཚམས་བཅད་སྲུང་འཁོར་སོགས་སྔར་བཞིན་ནན་ཏན་ཏུ་བྱེད་ཅིང་། གཞན་ཡང་སྔོན་འགྲོའི་ཆོས་ཐམས་ཅད་ཚང་བར་བྱས་ནས། དངོས་གཞི་བདག་མདུན་མཉམ་སྒྲུབ་བྱེད་པའམ། མིན་ཡང་སྔར་བསྙེན་པའི་སྐབས་ལྟ་བུ་སྔགས་བརྗོད་འདོན་དམིགས་ཀྱིས་བདག་བསྐྱེད་བཟླས་པ་ཕྲེང་སྐོར་ཙམ་བྱས་རྗེས། རྩ་སྔགས་བརྗོད་པའི་རྐྱེན་གྱིས། མདུན་གྱི་མཎྜལ་སྒྲུབ་རྫས་དང་བཅས་པ་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་པད་ཉིའི་གདན་ལ་མདུན་བསྐྱེད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞེས་པ་ནས། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྟ་མགྲིན་ནག་པོ་ལ་སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་པར་བསམ་ལ། སྤྱན་འདྲེན་ནས་བཟུང་བསྟོད་པའི་རྗེས་བར་བྱ། ཡང་མཆོད་པའི་གོང་དུ་བཟླས་པ་བྱེད་སྲོལ་ཡང་འདུག །མཆོད་བསྟོད་ཀྱི་འཕྲོས་ནས་བྱེད་པ་ཉིད་སྟབས་བདེ་བས་བཟླས་པ་ལ་འཇུག་ཁར། རུ་རཀྴ་དང་ཐོད་པ་སོགས་དྲག་པོའི་བགྲང་ཕྲེང་དུ་འོས་པའི་རིགས་གང་རུང་། གཡོན་གྱི་ལག་མཐིལ་དུ་བསྐྱིལ་ཏེ་མདོ་འཛིན་སྟེང་དུ་ཡོད་པར་བྱས་ནས་བསང་སྦྱང་། སྟོང་པའི་ངང་ལས་ཕྲེང་རྡོག་རེ་རེ་བཞིན་ཧཱུྃ་ཡིག་ལས་བསྐྱེད་པའི་རྟ་མགྲིན་ནག་པོའི་སྐུར་གྱུར། རང་འདྲའི་ཡེ་ཤེས་སེམས་དཔའི་སྐུ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་མེད་དུ་གྱུར། ལྷ་འོད་དུ་ཞུ་བ་ལས་ཁྲག་འཛག་པའི་མི་མགོའི་ཕྲེང་བར་གྱུར་པར་བསམ། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ཡེ་ཧཱུྃ་ཕཊཿ ཅེས་བཟླས་ནས་ཕུ་འདེབས་ཤིང་དབྱངས་གསལ་ལན་གསུམ་བརྗོད། བཟླས་དམིགས་ནི། བ་ཐག་འཁྲིད་པ་ལྟ་བུ་སྟེ། བདག་མདུན་གཉིས་ཀའི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་མཐིང་ནག་རྩ་བའི་སྔགས་ཀྱིས་བསྐོར་བ་དང་། བདག་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་མེ་ཡི་ཚྭ་ཚྭ་དང་བཅས་པ་ཞལ་ནས་ཐོན་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། ཧཱུྃ་གི་ཞབས་ཀྱུ་ནས་ཐོན་མདུན་བསྐྱེད་ཀྱི་ལྟེ་བ་ནས་བདག་གི་ལྟེ་བར་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་འགལ་མེ་ལྟར་འཁོར་བས། བདག་གཞན་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྔགས་ཀྱི་འོད་ཟེར་མེ་དཔུང་གི་ཚྭ་ཚྭས་བསྲེགས་པར་བསམ། ཞེས་རྩ་སྔགས་ལ་སྤུ་གྲིའི་ལས་སྔགས་སྦྲེལ་བ་ནི་སྒྲུབ་སྔགས་སྟེ་མེ་དཔུང་འབར་བ་ལྟར་བཟླའོ། །ཐུན་གྲོལ་བ་ན་ཐུན་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་པ་ལ་དམིགས་བྱ་འགུགས་བསྟིམ་བྱས་པ་འབྲུ་གསུམ་གྱི་བྱིན་རླབས་སྔར་ལྟར་ལ་བསྡུ་ན་ཕྲིན་ལས་གསོལ་བ་ཙམ་མམ། སྤྲོ་ན་བསྟོད་བསྐུལ་རྒྱས་པ་སོགས་ཀྱི་མཐར་ཕྲིན་ལས་གསོལ་བ་བྱ་ཞིང་གཏོར་མ་འབུལ། གཞན་བསྙེན་པའི་སྐབས་དང་འདྲ། དེ་ནུབ་ཚོགས་མཆོད་སོགས་རྒྱས་པར་བྱ། སྲོད་ཐུན་ལ་སྐྱབས་སེམས་ཚོགས་གསག་ཙམ་སྔོན་དུ་འགྲོ་བས་བདག་བསྐྱེད་དམིགས་བཟླས་ཅུང་ཞིག་སྔོན་དུ་སོང་ནས། མཆོད་རྫས་བྱིན་རླབས་བཅས་མདུན་བསྐྱེད་དམིགས་བཟླས་སྔར་ལྟར་ལ་ཕྲེང་བ་བྱིན་རླབས་མི་དགོས། ཐུན་གྲོལ་ཚུན་སོགས་དང་ཉལ་བའི་རྣལ་འབྱོར་གྱི་བར་སྔར་སྨོས་པ་རྣམས་བཞིན་ནོ། །ཐོ་རངས་ཀྱི་ཐུན་འགོར་སྔོན་གཏོར་གཉིས་མ་གཏོགས་པའི་གཞན་མ་བརྒྱུད་འདེབས་སྐྱབས་སེམས་ཚོགས་གསག་མཆོད་རྫས་བྱིན་རླབས་རྣམས་སོང་ནས། བདག་བསྐྱེད་དམིགས་བཟླས་བསྡུས་ཙམ་སྔོན་དུ་བཏང་ངམ། མིན་ཡང་རྩ་སྔགས་བརྗོད་པ་དང་མཉམ་དུ་འཇུག་པ་གཅིག་པས་མེ་ལོང་གཟུགས་བརྙན་བཞིན་བསྒྲུབས་ཀྱང་ཆོག་པས། གང་ལྟར་འཐད་པས་ལས་གཞུང་བསྲངས་ནས་ཕྲེང་བ་བྱིན་རླབས་བྱེད་དེ་བཟླས་པ་ལ་འཇུག་ནས། ཐུན་གཏོར་འབུལ་བ་དང་ཐུན་བསྡུ་བ་སོགས་སྔར་ལྟར་བྱ། ཐུན་མཚམས་ཀྱི་ལྷར་ལྡངས་ནས་དགེ་སྦྱོར་སོགས་བྱ་ཞིང་། བཟའ་བཏུང་ལ་ལོངས་སྤྱོད། དེ་ནས་སྔ་དགོང་སྲོད་གསུམ་གྱི་ཐུན་བཅད་ཚུལ་མདང་གི་སྲོད་ཐུན་དང་འདྲ་ཞིང་། ཐོར་ཐུན་མ་གཏོགས་གཞན་རྣམས་ལ་བརྒྱུད་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ཚོགས་གསག་མཆོད་རྫས་བྱིན་རླབས་ནས། དངོས་གཞིའི་ལས་གཞུང་བསྲང་བ་མ་གཏོགས་སྔོན་འགྲོའི་ཆོས་གཞན་ཐམས་ཅད་དང་ཕྲེང་བ་བྱིན་རླབས་རྣམས་མི་དགོས། དེ་ལྟར་ཐུན་བཞིའི་རིམ་པས་སྟན་གྱི་དྲོད་མ་ཡལ་བར། བསྐྱེད་རིམ་ཡང་རྣམ་པ་གསལ་བ་རྣམ་དག་དྲན་པ་ང་རྒྱལ་བརྟན་པ་སྟེ་མཚན་ཉིད་གསུམ་ལྡན་གྱི་སྒོ་ནས་སྐྱོན་བྲལ་གྱི་བཟླས་པ། དུས་བདུན་ཕྲག་གསུམ་ལས་གྲངས་ཀྱི་ངེས་པ་མ་མཛད་དོ། ༈ །གསུམ་པ་ལས་སྦྱོར་གྱི་སྔགས་ནི། སྒྲུབ་པའི་དུས་ཚང་བའི་རྗེས་བདུན་ཕྲག་གཅིག་ལ་བྱ་སྟེ། ཐུན་གཅོད་ཚུལ་དང་ལས་གཞུང་སྲོང་ཚུལ་ནི་སྒྲུབ་པ་དང་ཁྱད་མེད་ཅིང་བཟླས་པའི་འགོར། སྒྲུབ་སྔགས་བརྒྱ་རྩ་ཙམ་བཟླས་རྗེས། བཟླས་དམིགས་ཁ་བསྒྱུར་ནི། བདག་མདུན་གཉིས་ཀའི་ཐུགས་ཀར་ཉི་མ་ལ་ཧཱུྃ་མཐིང་ནག་རྩ་བའི་སྔགས་ཀྱིས་བསྐོར་བ་དང་། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་མེ་ཡི་ཚྭ་ཚྭ་དང་བཅས་པ་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྔགས་ཀྱི་མེ་ལྕེ་དྲག་ལ་རྩུབས་པའི་རྣམ་པ་ཅན་ཕྱོགས་བཅུར་འཕྲོས་པའི་འོད་ཟེར་འཁོར་རྣམས་ལ་ཕོག་པ་དང་དུས་མཉམ་དུ། བདག་མདུན་གཙོ་འཁོར་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་རང་འདྲའི་སྤྲུལ་པ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་རྣམས་གར་ཡོད་པའི་གནས་སུ་སོང་ནས། ཐོགས་པ་མེད་པར་བཀུག་ནས་འབར་བའི་མཚོན་ཆ་རྣམས་ཀྱིས་དུམ་བུར་གཏུབས། སྔགས་ཀྱི་མེ་ལྕེས་བསྲེགས། ཤ་ཁྲག་ལྷག་མ་གཙོ་འཁོར་ཐམས་ཅད་ཀྱིས་དམར་ཙི་རི་རི་གསོལ་བར་བསམ། ཞེས་མེ་སྒྱོགས་འཕངས་པ་ལྟ་བུའི་དམིགས་པ་སྟེ། དྲག་སྔགས་ནི་ཡཀྴ་ནག་པོ་མན་ཆད་ཀྱི་ལས་སྔགས་རྐྱང་པ་སྟེ་ཐོག་སེར་འབེབ་པ་ལྟར་བཟླའོ། །དེ་ཡང་དྲག་སྔགས་འདི་ཉིད་མང་ཉུང་དང་དག་དང་མི་དག་སྣ་ཚོགས་ཞིག་འདུག་ཀྱང་། སྔགས་ཐེམ་ལྟར་གྱི་གནད་དེ་ཅུང་ཞིག་བཀྲོལ་ན། ཡི་གེ་བཅུ་པ་ནི་གོང་གི་རྩ་སྔགས་ཡིན། ཡཀྴ་ནག་པོ་མན་ཆད་ནི་ལས་སྔགས་གནམ་ལྕགས་སྤུ་གྲི་སྟེ། ནྲྀ་ཏྲི་དགྲ་བགེགས་ཀྱི་བླ་སྲོག །དེ་ལ་འགུགས་གསོད་བསྲེག་གཏོར་འཇོམས་པ་ལྔ་ལས། ཧུར་ཐུཾ་ཛཿའགུགས་པ། གནོད་བྱེད་ནི་མིང་ཐེམ། གསོད་པ་ལ་ཡང་གསུམ་སྟེ། སྤྱི་ཁྱད་པར་ཐུན་མོང་ལས། མཱ་ར་ཡ་ནི་སྤྱིར་གསོད་པ། རྦད་སྔགས་བརྒྱད་པོ་སྲོག་གི་སྔགས་ཏེ་རལ་གྲིས་གསོད་པ། ཙིཏྟ་ཟུང་ནས་བྷྱོའི་བར་གྱི་ཉི་ཤུ་རྩ་བརྒྱད་རྦད་སྔགས་ཏེ་ལྕགས་ཀྱུས་གསོད་པ་སྟེ་ཁྱད་པར་གྱི་གསོད་པ། སྲོག་རྩ་ཆོད་ནས་རྦད་སོད་ཀྱི་བར་གྱི་ཉི་ཤུ་རྩ་དགུ་ནི་གཉིས་ཀས་ཐུན་མོང་དུ་གསོད་པ། རཾ་རཾ་ཛྭ་ལ་རཾ་གྱིས་བསྲེག་པ། ཨུ་ཙ་ཏ་ཡས་བསྐྲད་ཅིང་གཏོར་བ། ཕཊ་ཀྱིས་ཐམས་ཅད་འཇོམས་པར་བྱེད་པ་སྟེ། དེ་ལྟ་བུའི་སྔགས་དམིགས་དང་ལྡན་པར་བཟླས་པས་ནུས་པ་ནི། རྣོ་ཚད་མེ་མྱུར་ཚད་གློག་རྒོད་ཚད་ཐོག་གཏུམ་ཚད་རྦབ་དང་འདྲ་བས། ཚུར་ལ་གང་གིས་ཀྱང་བཟློག་ཏུ་མེད་ཅིང་། ཕར་ལ་མི་འཇོམས་པ་གང་ཡང་མེད་པས་ལས་སྔགས་གནམ་ལྕགས་སྤུ་གྲི་ཞེས་མཚན་དུ་གསོལ་བ་ཡིན་ནོ། །ལས་སྦྱོར་གྱི་དམིགས་པའི་སྐབས་འདིར་འཁོར་སྡེ་བརྒྱད་དགོས་པ་འདྲ་ཞིག་བྱུང་བ་དང་། འདོན་བསྒོམ་སོགས་སུ་ནི་མི་འདུག་སྙམ་པའི་ལོག་རྟོག་བསལ་བ་ནི། གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཚོགས༔ རང་བཞིན་ཤུགས་ལ་འཁོར་བས་ན༔ ཤིན་ཏུ་རྣོ་ལ་མྱུར་བ་ཡིན༔ ཞེས་པས། ལྷ་འདི་ཉིད་ལ་ཤུགས་ཀྱིས་འཁོར་བས་ལས་སྒྲུབ་པ་ཤུགས་བསྟན་གྱིས་དགོངས་པས་ཟིན་པ་མ་གཏོགས་ཟུར་དུ་བསྐྱེད་པ་མ་གསུངས་སོ། །ཡང་ལས་སྦྱོར་འདི་ཉིད་སྒེར་དུ་བསྒྲུབ་བྱར་ཆུན་དཀའ་བའི་རིགས་ལ་ལས་སྦྱོར་ཟུར་དུ་བསྙེན་པ་བས་སྒྲུབ་པ་དང་སྦྲེལ་ནས་ཡུན་བསྲིངས་ན་འཐད་པས། སྒྲུབ་པའི་དུས་ཀྱི་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ལས་སྦྱོར་གྱི་དམིགས་པ་དང་ལྡན་པས་ལས་སྔགས་སྦྱར་བ་བཟླས་ནས། སྒྲུབ་པའི་དུས་ཡུན་བདུན་ཕྲག་བཞི་ཙམ་བྱས་ན་ལེགས་པར་འགྱུར་བ་ཡིན། གཞན་དུས་བསྙེན་ཟླ་དྲུག་མ་ཙམ་ཡིན་ན་བསྙེན་སྒྲུབ་སོ་སོར་ཟླ་བ་གསུམ་རེ་བྱ། འདིར་བཤད་པའི་བསྙེན་ཚད་འབུམ་ཕྲག་བཅུ་དང་། སྒྲུབ་པ་ལས་སྦྱོར་དང་མ་སྦྲེལ་ན་བདུན་ཕྲག་གསུམ། ལས་སྦྱོར་དང་སྦྲེལ་ན་བདུན་ཕྲག་བཞི་ནི་མ་མཐའ་ཡིན་ཞིང་། མཚན་མའི་བསྙེན་པ་ནི་རྟགས་ཡིག་ལྟར་རོ། ༈ །གསུམ་པ་རྗེས་ལ་གཉིས་ལས། དང་པོ་དངོས་གྲུབ་ལེན་པ་ནི། དེ་ལྟར་དུས་གྲངས་མཚན་མའི་བསྙེན་པ་གང་ཡིན་ཡང་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས་མཆོད་གཏོར་གསར་པ་བཤམས་ཤིང་རྙིང་པ་ཡང་ཁ་གསོ། ཐུན་ཐམས་ཅད་ལ་ཡང་རྩ་སྔགས་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ།ཐུན་གཏོར་གྱི་འཕྲོར། ཨོཾ། ཀུན་ཏུ་བཟང་པོ་སོགས་ཀྱིས་དངོས་གྲུབ་བསྐུལ་བ་ཡང་བྱེད། ཚོགས་དང་སྐོང་བཤགས་མངའ་གསོལ་སོགས་ལ་འབད། གྲོལ་རྒྱུའི་སྔ་ཐུན་དེར་ཆོས་སྲུང་གི་གཏོར་ཆོག་ཚོགས་སྐོང་བཤགས་མངའ་གསོལ་སོགས་རྒྱས་པར་བྱེད། ལྷག་མ་རྣམས་ཀྱང་རབ་དུར་ཁྲོད་དམ། མིན་ཡང་སྒྲུབ་ཁང་ལས་གོམ་པ་བདུན་ཅུ་ལས་མི་ཉེ་བའི་སར་ཁྱེར། ཆད་ཐོ་རིགས་མཐུན་ནས་འཛུད་པའམ་མ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། བརྟན་མ་བཏང་ཞིང་སྒྲུབ་རྫས་རྣམས་ལྷར་གསལ་བ་ལ་སྨན་རག་གཏོར་མས་མཆོད་ཅིང་བསྟོད། ཉམས་ཆག་སྦྱང་ཕྱིར་ཡིག་བརྒྱ་མང་དུ་བཟླ། སྒྲུབ་རྫས་སོ་སོར་དབང་ལེན་པ་སློབ་མ་ལ་བྱ་བ་ལྟར་གྱི་དྲེགས་པའི་སྲོག་དབང་གིས་བྱ་སྟེ། དབང་སོ་སོའི་དམིགས་པ་སྔོན་དུ་འགྲོ་བས། ཧཱུྃ༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ ཞེས་པར་ཚིག་ཁ་བསྒྱུར་ཏེ་སྒྲུབ་རྫས་སོ་སོའི་དབང་ལེན། དེ་བས་བསྡུ་ན། ཧཱུྃ། དམ་ཚིག་ཆེན་པོའི་ཚུལ་བསྟན་པ། ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ། །སྤྲུལ་པའི་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །དབང་མཆོག་མ་ལུས་བདག་ལ་སྩོལ། །ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ། །ངག་ལ་སྔགས་ཀྱི་ནུས་པ་སྩོལ། །སེམས་ལ་རྟོགས་པ་བསྐྱེད་དུ་གསོལ། །ཡོན་ཏན་རྩལ་ཆེན་དབབ་ཏུ་གསོལ། །ཕྲིན་ལས་དྲག་པོ་སྒྲོལ་བའི་ལས། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཅེས་རྩ་སྔགས་ལ་དངོས་གྲུབ་ཀྱི་སྔགས་སྦྲེལ་བ་བཟླ་ཞིང་། སྒྲུབ་རྟེན་ལྷར་གསལ་བའི་གནས་ལྔ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་དངོས་གྲུབ་ཀྱི་རྣམ་པ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་སེར་ལྗང་བའི་རྣམ་པར་བྱོན་ཏེ། རང་གི་གནས་ལྔ་ལ་ཐིམ་པས་རྟ་མཆོག་ཧེ་རུ་ཀའི་དངོས་གྲུབ་མཐའ་དག་རང་ལ་ཐོབ་པར་བསམ་ལ་སྒྲུབ་རྫས་ཐམས་ཅད་སྤོམས་ཏེ་སྤྱི་བོར་འཇོག་ཅིང་གཏོར་མ་དང་སྒྲུབ་རྫས་ལྷར་གསལ་བ་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ལ། གཏོར་མ་དམ་རྫས་བདུད་རྩིར་མོས་ནས་ལྕེ་ཐོག་ཏུ་མྱོང་བས་ཟག་མེད་ཀྱི་བདུད་རྩི་ཆེར་འཕེལ་བས་རྩ་ཁམས་ཐམས་ཅད་གང་སྟེ་བདེ་ཆེན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་མཉམ་པར་གཞག །སྐུ་དང་སྲོག་འཁོར་ལུས་ལ་བཅང་ཞིང་རྫས་གཞན་སྒྲུབ་རྟེན་དུ་བཟུང་། མཇུག་ཆོག་ཤིས་བརྗོད་བཅས་པ་གཞུང་བཞིན་བྱའོ། ༈ །གཉིས་པ་རྫས་སྒྲུབ་དང་མཚམས་ཀྱི་རྗེས་རིམ་སོགས་ནི། དེ་ལ་རྫས་སྒྲུབ་ཀྱི་ཁྱད་པར་ནི། བསྙེན་སྒྲུབ་ཐེམས་པའི་སྔགས་པས་རྫས་གཞུང་ལྟར་བསགས་ནས། བྱུགས་རྫས་ཕྱེ་མ་དྲི་ཆུར་སྦྱར་ལ་གཡག་ནག་ཞུར་བུའི་རྭ་ཅོར་བླུག །བདུག་རྫས་རིལ་བུ་བྱས་ཏེ་ཤེལ་ཤིང་ནག་པོའི་པར་བུར་དང་། སྲུང་རྫས་རིལ་བུ་གྲི་རྐང་ནང་དུ་བླུགས་ཏེ། སྣོད་གསུམ་ག་མ་འཛོམ་ན་རྫས་གསུམ་ལ་སྣོད་གང་རུང་གཅིག་འཛོམ་ན་ཆོག །དེ་ཉིད་ལྷར་བསྐྱེད་དེ་སྒྲུབ་རྟེན་དུ་བྱེད་ནས་རྟགས་མཐོང་གི་བར་དུ་བསྒྲུབ། རྟགས་མཐོང་ནས་ལྷ་འོད་དུ་ཞུ་རྫས་ལ་ཐིམ་པས། བྱུགས་སྲུང་གི་རྫས་ནི་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་བསྐལ་པའི་མེ་དཔུང་འབར་བ་ལྟར་གྱུར་ནས་གནོད་བྱེད་རྣམས་དཔག་ཚད་རྒྱང་གྲགས་ཚུན་འདའ་མི་ནུས་པར་བསམ། བདུག་རྫས་ནི་དྲི་ཚོར་བ་ཙམ་གྱིས་འབྱུང་པོ་རྣམས་མྱོས་ཤིང་བརྒྱལ་ཏེ་དུད་སྤྲིན་གྱི་གསེབ་ནས་ཁྲོ་ཆུང་དཔག་མེད་འཕྲོས་པས། བགེགས་རྣམས་ཐལ་བར་བརླག་པའི་ནུས་ལྡན་དུ་བསམ། དེ་དག་ནི་ཁྲོ་ཆུ་ལྟ་བུའི་རྫས་ཏེ་ལུས་ལ་བཅངས་པ་ཙམ་གྱིས་སྲུང་བ་ཁྱད་པར་བའོ། །བསྙེན་པ་གྲོལ་ནས་རྩ་སྔགས་གྲངས་ཅི་ཙམ་སོང་བའི་བཅུ་ཆའི་གྲངས་ཀྱི་ཁ་བསྐང་ཞི་བའི་སྤྱིན་སྲེག་འགྲུབ་ན་རབ། མིན་ཡང་བཅུ་ཆའི་གྲངས་ཀྱི་ཡིག་བརྒྱས་ཁ་སྐོང་བྱ། དེ་ལྟར་ལས་རྣམས་མཐར་ཕྱིན་ནས་མཚམས་གྲོལ་བ་ནི། ཆོས་སྐྱོང་གཞི་བདག་སོགས་ལ་གཏང་རག་གི་མཆོད་བསྟོད་དང་། ཁྱད་པར་མཚམས་ཐོའི་ཡེ་ཤེས་པར་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བར་བྱ། སྤྱིར་མཚམས་ཀྱི་སྐབས་ཤེས་དགོས་པའི་གནད་ནི། མཚམས་ལ་འཇུག་ནས་མ་གྲོལ་བར་ཁ་ལག་མི་བཀྲུ །སྐྲ་སེན་མི་འབྲེག །མཚམས་ཁང་དེར་ཡོད་པའི་ཡོ་བྱད་སྒོ་ལ་མི་གཏོང་། ཕྱི་རོལ་ཡོ་བྱད་ནང་དུ་མི་ལེན། བཟའ་བཏུང་སོགས་ཀྱང་གསར་བྱུང་ཞག་མ་འདས་པར་སྒྲུབ་ཁང་དུ་བཙུད་པ་དང་ལོངས་སྤྱོད་མི་བྱ། མཚམས་འོག་ཏུ་འཇུག་དགོས་མི་དང་སྨན་པ་ཡོ་བྱད་སོགས་ཀྱང་སྔར་ནས་དམིགས་འོག་ཏུ་ཚུད་པར་བྱེད། དམིགས་འོག་ཏུ་མ་ཆུད་པའི་རིགས་ནང་དུ་གཏན་ནས་མི་འཇུག །རང་གིས་མི་མཐོང་བ་དང་། མིས་རང་མཐོང་བ་སོགས་མཚམས་བུག་པ་དང་རལ་བའི་རྒྱུར་འགྲོ་བས་ནན་ཏན་དུ་འཛེམ། མཚམས་རྒྱུན་རིང་སོགས་ལ་གོས་བརྗེ་དགོས་ན་རང་གི་ཉེ་འཁོར་དུ་བཞག །ཐུན་གསེང་དུ་འགྲོ་འཆག་སྤྱོད་ལམ་མང་པོ་མི་བྱེད་ཅིང་སྟན་གྱི་དྲོད་མ་ཡལ་བར་བྱེད། མེ་ལ་ཕུ་མི་བྱེད། བཟའ་བཏུང་གི་འཕྲོ་གཞན་ལ་མི་སྟེར། ཐུན་བར་དུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བཟླས་པ་བྱ། ལེགས་ཉེས་ཀྱི་མཚན་མ་གང་ལ་ཡང་སྤང་བླང་རེ་དོགས་ཀྱི་འཁུ་འཁྲིག་མ་ཞུགས་པར། གང་ཤར་སེམས་ཀྱི་འཆར་སྒོ་ལས་གཞན་དུ་མེད་ཅིང་སེམས་ཉིད་བརྗོད་བྲལ་ལྟ་བའི་ཀློང་དུ་རང་བབས་སུ་བཞག་པས་བགེགས་དང་བར་ཆད་ཀྱི་འཚེ་བ་གཏན་ནས་བྲལ་ལོ། །དེ་ལྟར་བསྒྲུབས་པ་ལས་རྡོ་རྗེ་ཐེག་པའི་ལས་རབ་འབྱམས་སྤྱི་དང་། ཁྱད་པར་ལྷག་པའི་ལྷ་འདི་ཉིད་ཀྱི་གོ་འཕང་མངོན་དུ་ཐོབ་ནས། རང་ལུས་རྡོ་རྗེའི་གོ་གྱོན་པ་ཡིན་ཏེ། ཕ་རོལ་དགྲ་བགེགས་བརླག་པའི་མཚོན་ཐོགས་པའི་ལས་གཞན་ཟློག་བསད་མནན་གཏད་འཕང་བ། བཙོ་རྔོ་སྲེག་པ། ཆར་དབབ་ཅིང་གཅོད་པ། སེར་བ་དབབ་དང་སྲུང་བ། སྨྱོ་འབོག་འདུལ་བ། མཛེ་དང་སྲིའུ་གསོ་བ། དབང་དུ་བྱེད་པ་སོགས་ལས་ཕྲན་གང་འདོད་པ་དག་ཐོགས་མེད་དུ་འགྲུབ་པའི་མཐུ་ཐོབ་པ་ཡིན་ནོ། །རྒྱལ་ཀུན་གསུང་གསང་སྒྱུ་འཕྲུལ་རྡོ་རྗེའི་གར། །བདུད་དཔུང་རུ་དྲ་འཇོམས་ལ་ཆེས་དཔའ་བ། །རྟ་མཆོག་རོལ་པའི་རྒྱུད་ལུང་སྒྲུབ་ཐབས་སོགས། །འབུམ་ཕྲག་དུ་མའི་ཡང་བཅུད་པད་འབྱུང་གི །ཟབ་དོན་ཐུགས་ཐིག་ཆོས་རྒྱལ་ཁྲི་སྲོང་ལ། །ལྷ་ཡི་སྐལ་བར་ཐོབ་པའི་མནོག་ཆོས་མཆོག །རྟ་ནག་ཡང་ཕྱུང་ནག་པོའི་སྒྲུབ་ཐབས་འདི། །པུ་རི་ནག་པོར་མི་འཇིག་རྒྱས་བཏབ་པ། །ཉང་རལ་ཉི་མའི་འོད་ཀྱིས་སྒོ་འབྱེད་པའི། །ཟབ་ཆོས་མཁའ་འགྲོའི་སྙིང་ཁྲག་དྲོད་རླངས་ཅན། །རིག་འཛིན་བརྒྱུད་པ་ལས་འོང་ཁོ་བོ་ཡི། །སྙིང་གི་བུམ་པར་འཁྱིལ་ལས་ཐོས་བརྩོན་གྱིས། །ཉམས་བླངས་བསྙེན་སྒྲུབ་གོ་དོན་ལེགས་བཤད་པས། །དགེ་བས་ལོག་འདྲེན་འཁྲུལ་གཟུགས་བདུད་ཀྱི་ཚོགས། །མཐུ་སྟོབས་དྲག་སྔགས་སྦྱོར་བས་རབ་བཅོམ་ནས། །དཔའ་རྟགས་རྟ་མཆོག་འབར་བའི་གད་རྒྱངས་ཀྱིས། །སྲིད་ཞིའི་ཁམས་ཀུན་ཡོངས་ཁྱབ་བདེ་ལེགས་སྩོལ། །ཅེས་རྟ་ནག་ཡང་ཕྱུང་ནག་པོའི་ཆོས་སྐོར་འདི་བོད་ཆེན་གྱི་ལྗོངས་འདིར་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་སོ་ཅོག་མཐའ་དག་གིས། བདག་གཞན་གྱི་དོན་གང་སྒྲུབ་ཀྱི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒོམ་བཟླས་ཕྱག་ལེན་གྱི་རིམ་པ་ཤིན་ཏུ་རྟོགས་སླའི་ཁུལ་དུ་བྱེད་ནས་ཀུན་གྱི་ཞལ་སྣེ་ལ་ཡོད་པའི་ཡི་དམ་གཅིག་རྒྱུག་མ་ཨ་ཕའི་གསོལ་ཞལ་ལྟ་བུ་ཡིན་འདུག་ཀྱང་། གང་ཟག་དབང་པོ་འབྲིང་མན་ཆད་ཀྱིས་གནད་དོན་ཇི་བཞིན་མི་རྟོགས་འདུག་ཕྱིར། གཞུང་དོན་རྟོགས་བྱེད་ཀྱི་ལེགས་བཤད་མན་ངག་གནད་ཀྱི་དོན་འགྲེལ་བསྙེན་ཡིག་ཁྲག་འཐུང་དཔའ་བོའི་མགུལ་རྒྱན་ཞེས་པ་འདི། རང་ཉིད་ཀྱིས་བརྩམ་འདུན་ཡོད་པའི་སྟེང་དབུ་མཛད་ཨོ་རྒྱན་སོགས་དོན་གཉེར་ཅན་དུ་མས་བསྐུལ་བས་ཀྱང་དྲན་པ་གསོས་ཏེ། དུས་མཐའི་རྡོ་རྗེ་འཛིན་པ་་་ཞེ་ཆེན་པ་་་པདྨ་གསང་སྔགས་བསྟན་འཛིན་གྱིས་རྣམ་བྱུང་ས་འབྲུག་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཆར་གཏེར་གཞུང་རྩ་བའི་སྒྲུབ་ཐབས་རྣམས་ལ་གཞིར་བྱས། གཞན་དགོས་རིགས་རྣམས་ཚད་ཐུབ་ཀྱི་བསྙེན་ཡིག་སོགས་ལ་བརྟེན་ནས་སྦྱར་བའི་ཡི་གེ་པ་ནི་བློ་གསལ་གྱི་བཙུན་པ་བསྟན་འཛིན་དབང་རྒྱལ་གྱིས་བགྱིས་པ་དགེ་བས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ལེགས་ཚོགས་སུ་གྱུར་ཅིག །མངྒ་ལཾ།། །།
ལམ་ཟབ་མོ་ཀུན་གྱི་སྤྱི་གཞུང་ཁྱད་མཆོག་རྡོ་རྗེ་སློབ་དཔོན་སྒྲུབ་པའི་མན་ངག་གནད་དྲིལ་ལམ་ཁྱེར་སྨར་ཆོས་མཆོག་ཐུན་དངོས་གྲུབ་བཅུད་འབེབ་ (Volume 5, Text 44)
༄༅། །ལམ་ཟབ་མོ་ཀུན་གྱི་སྤྱི་གཞུང་ཁྱད་མཆོག་རྡོ་རྗེ་སློབ་དཔོན་སྒྲུབ་པའི་མན་ངག་གནད་དྲིལ་ལམ་ཁྱེར་སྨར་ཆོས་མཆོག་ཐུན་དངོས་གྲུབ་བཅུད་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་མཱུ་ལ་བཛྲ་དྷཱ་ར་ཤྲཱི་ཝཱན། རྒྱལ་བ་ཀུན་ཐུགས་ཡེ་མཉམ་གཅིག་བཟླུམས་པ། །སྤྲོས་བྲལ་ཆོས་དབྱིངས་སྟོང་ཉིད་རྡོ་རྗེ་འཆང་། །སྣ་ཚོགས་ཐུགས་རྗེས་ཀུན་སྣང་སེམས་དཔའ་ཆེ། །དྲན་ཆོག་གསང་བདག་བླ་མར་ཕྱག་བྱས་ནས། །དུས་གསུམ་རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ། །གསང་བ་བསམ་མི་ཁྱབ་དཔག་མི་ལོང་བ། །མཐར་ཐུག་དོན་གཅིག་དེ་བཞིན་གཤེགས་པའི་ཤུལ། །མངོན་དུ་བྱེད་པའི་གནད་མཐའ་ཡས་པ་ལས། །སྙིང་པོར་གྱུར་པ་མྱུར་ཐབས་གསང་ཆེན་ཐེག །ཡང་གསང་ཚེ་གཅིག་བྱང་ཆུབ་བྱེད་པའི་དོན། །ཉམས་ལེན་མཐིལ་དྲིལ་ཀུན་ཞུན་ཆོས་བཞིའི་ཊིཀ །བྱིན་རླབས་བླ་མའི་རྣལ་འབྱོར་སྒྲུབ་པ་མཆོག །འདིར་སྣང་ཞེན་ལོག་ཆོས་ལ་བརྩོན་འགྲུས་ཅན། །སྐྱིད་སྡུག་རོ་སྙོམས་བླ་མར་མོས་གུས་དང་། །དམ་ལྡན་གཅིག་པུར་རི་ཁྲོད་འགྲིམ་པའི་ཆོས། །གཅིག་ཆོག་གདམས་པ་ཟབ་མོ་འདིར་སྟོན་ནོ། །དེ་ཡང་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ཚེ་འདིར་རྣམ་གྲོལ་བྱང་ཆུབ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་ན། ཆོས་ཀྱི་བྱེ་བྲག་ཟབ་ཟབ་ལེགས་ལེགས་སྙན་སྙན་དུ་གྱུར་པ་རྣམས་འདི་ཡང་ལེགས་འདི་ཡང་ལེགས་སྙམས་ནས་ཅུང་ཟད་རེ་ཉམས་སུ་བླངས་ནས་མཐར་མ་ཕྱིན་ཏེ་འཆི་ཁར་ཆོས་གང་ལ་ཡང་གྲུབ་རྟགས་མ་ཐོན་པར་དོན་མེད་སྟོང་ལས་ཀྱི་ངང་དུ་འཆི་བར་ཡང་ཤེས་པས། ཐོག་མར་ཆོས་ཟབ་མོ་གང་རུང་གི་དགོངས་དོན་མངོན་སུམ་རྟོགས་ཕྱིན་ཆད། གཅིག་ཤེས་ཀུན་གྲོལ་གྱིས་ཆོས་ཡོངས་ལ་བྱན་ཚུད་པར་འགྱུར་ཏེ། དེས་ན་དང་པོ་མཚན་ལྡན་བླ་མ་ཡང་དག་པའི་དྲུང་དུ་གདམས་པ་ཐོས་ལོ་དང་ཉན་ལོ་བསྒོམ་ལོ་སྒྲུབ་ལོ་ཙམ་དུ་མ་ཡིན་པར། བླ་མ་ལ་ཞབས་ཏོག་གིས་མཉེས་པར་བྱས་ཤིང་། ཆོས་ཀྱི་གཞུང་དོན་མན་ངག་གབ་སྐྱིབས་མེད་པར་མཐའ་རྒྱ་ཆོད་པར་ཞུས་ཤིང་དམ་སེལ་སྤུ་ཙམ་མེད་པར་བྱས་ནས། འཇིག་རྟེན་ཚེ་འདིའི་འཁྲི་བ་ཆོས་བརྒྱད་བཙན་ཐབས་སུ་བཅད་ལ། ཟས་གོས་ལ་ཆོག་མི་ཤེས་པ་དང་བག་མེད་ལེ་ལོ་རྣམ་གཡེངས་གཉིད་ཀྱིས་དུས་འདའ་བ་རྣམས་རྒྱང་བསྲིངས་ཤིང་། ཞེན་ལོག་དང་དགོས་མེད་བརྩོན་འགྲུས་ཀྱིས་དཔའ་བསྐྱེད། རི་ཁྲོད་དབེན་པ་བརྟེན་ནས་སྤྲོས་བཅས་ཀྱི་དགེ་སྦྱོར་ལ་མི་གཡེངས་པར། བྱམས་སྙིང་རྗེ་བྱང་སེམས་ཀྱི་གཞི་བཏིང་ནས། རང་གི་རྡོ་རྗེ་སློབ་དཔོན་ལ་དད་པ་མོས་གུས་དང་དམ་ཚིག་སྲོག་ཕུར་དུ་བཙུགས་ཏེ། རྟག་ཏུ་ཉམས་སུ་ལེན་པའི་མཐིལ་ཕུར། གཅིག་པུར་རི་ཁྲོད་འགྲིམ་པའི་རི་ཆོས་མཐར་ཐུག །མཆོག་ཐུན་དངོས་གྲུབ་མ་ལུས་པའི་བཅུད་འབེབས་པར་བྱེད་པ། བློ་བདེ་གཅིག་ཆོག །ལམ་ཟབ་མོ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ཀུན་གྱི་སྤྱི་གཅེས། རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་གཞུང་སྲོལ། ཁྱད་པར་རྨད་བྱུང་མཆོག་གི་གདམས་པ་ཡོངས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པ་རྩ་བའི་བླ་མ་རྡོ་རྗེ་སློབ་དཔོན་སྒྲུབ་པའི་མན་ངག་གནད་བསྡུས་ཆིག་དྲིལ་ལམ་དུ་ཁྱེར་བདེ་ཞིང་ཤིན་ཏུ་སྨར་བའི་སྙིང་པོ་ཡང་ཞུན་དམ་པའི་ཆོས་འདི་ལྟ་བུ་ཉམས་སུ་ལེན་པར་སྤྱི་དོན་ཆོས་བཞི་ལས། ཐོག་མར་བློ་ཆོས་སུ་འགྲོ་བར་བྱེད་པ་ལ་བློ་ལྡོག་རྣམ་པ་བཞི་ནི། ཀྱཻ་མ་སོམས་དང་གྲངས་མེད་བསྐལ་པ་རུ། །རྙེད་དཀའི་དལ་འབྱོར་ལན་གཅིག་ཐོབ་པ་འདི། །རབ་ཏུ་འཇིག་སླ་འཆི་རྐྱེན་བསམ་མི་ཁྱབ། །གཅེས་བསྐྱངས་ལུས་འདི་དེ་རིང་ཉིད་འཆི་སྲིད། །མི་དགེ་ལོག་ལྕི་མཚམས་མེད་སྡུག་བསྔལ་རྒྱུ། །འཁོར་བའི་བྱ་བ་ཐམས་ཅད་སྤངས་བྱས་ཤིང་། །ཅུང་ཟད་ལོང་ཡོད་དུས་འདིར་ལུས་ངག་ཡིད། །ཐར་པའི་ཕན་ཡོན་བསམས་ནས་ཆོས་བསྒྲུབ་འཚལ། །གཉིས་པ་ཆོས་ལམ་དུ་འགྲོ་བར་བྱེད་པ་ལ་སྐྱབས་སུ་འགྲོ་བ་ནི། ན་མོ་ཧཱུྃ། འགྲོ་ལ་ཕན་མཛད་སངས་རྒྱས་ཆོས་དགེ་འདུན། །རྩ་བརྒྱུད་བླ་མ་ཡི་དམ་ཌཱ་ཀིའི་ཚོགས། །སྐུ་གསུམ་རང་རིག་འདུ་འབྲལ་མེད་པའི་ལྷར། །རྟག་པར་སྐྱབས་མཆི་མགོན་པོས་བདག་བཟུང་མཛོད། །བྱང་ཆུབ་སེམས་བསྐྱེད་པ་ནི། མཁའ་མཉམ་འགྲོ་ལ་ཕན་དང་བདེ་བའི་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་མཆོག་ཆེར་བསྐྱེད་དེ། །སངས་རྒྱས་རྣལ་འབྱོར་རྗེས་སུ་བདག་འཇུག་སློབ། །སྡོམ་རྣམས་བརྟན་བགྱིད་ཐུགས་རྗེས་བྱིན་གྱིས་རློབས། །ཚོགས་གསག་མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། རི་གླིང་རྡུལ་སྙེད་མཆོད་སྤྲིན་ལྷ་མིའི་རྫས། །རང་ལུས་ཕུང་ཁམས་སྐྱེ་མཆེད་དབང་པོ་བཀྲ །སེམས་ཉིད་ཀ་དག་འོད་གསལ་ལྷུན་གྲུབ་བརྒྱན། །བླ་མ་སྐུ་གསུམ་ཞིང་འབུལ་ཚོགས་རྫོགས་ཤོག །སྒྲིབ་སྦྱོང་རྡོར་སེམས་བསྒོམ་བཟླས་ནི། ཧཱུྃ། བདག་ཉིད་སྤྱི་གཙུག་པད་ཟླར་རྡོ་རྗེ་སེམས། །དཀར་གསལ་ཞི་ཚུལ་རྡོར་དྲིལ་རོལ་སྟབས་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱས་བསྐོར། །བདུད་རྩིའི་རྒྱུན་བབས་བདག་ལུས་སྒྲིབ་གཉིས་སྦྱངས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌཱི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊཿ རྗེས་སུ་རྡོར་སེམས་རང་གི་སྙིང་ཁར་བྱོན། །སྐུ་དང་སྔགས་ཕྲེང་རིམ་བཞིན་ཧཱུྃ་ལ་འདུས། །ཧཱུྃ་ཉིད་འོད་ཞུ་བདུད་རྩིས་རང་ལུས་ཁྱབ། །སྒོ་གསུམ་ཆིག་འདྲེས་རང་རིག་ངོ་བོར་ཨཿ ཨ་ཏི་ཨ་ཏི། དེ་ནས་གསུམ་པ་ལམ་གྱི་འཁྲུལ་པ་ཞི་བར་བྱེད་པ་བྱིན་རླབས་ཀྱི་གནད་ཀུན་གྱི་ཡང་སྙིང་སྲོག་གི་དྭངས་མ་བླ་མའི་མོས་གུས་ཁྲིད་རིམ་གྱི་རྩ་བ་བསྙེན་པའི་རྣལ་འབྱོར་བསྒོམ་པ་ནི། ཨོཾ་ཨཱཿཧཱུྃ་ཧྲཱི༔ བདག་ལུས་ཞེན་མེད་སྣང་སྟོང་རྟ་ཕག་གི །སྤྱི་བོའི་ནམ་མཁར་འཇའ་གུར་སྣ་ལྔའི་དཀྱིལ། །མི་འཇིགས་སེངྒེ་བརྒྱད་ཀྱིས་བཏེག་པའི་ཁྲིར། །པད་དཀར་འདབ་སྟོང་ཉི་ཟླའི་དཀྱིལ་འཁོར་དབུས། །སྐྱེ་མེད་ཨ་ཡིག་དཀར་འཚེར་ལམ་མེ་བ། །བལྟ་བས་མི་བཟོད་འོད་ཟེར་མཆོག་ཏུ་འབར། །འོད་འཕྲོས་མདངས་ཀྱིས་ཡོངས་སུ་རབ་ཁྱབ་པས། །རིགས་དྲུག་སྒྲིབ་སྦྱངས་སྣོད་བཅུད་དག་པར་བསྒྱུར། །དགུ་ལྡན་རྒྱལ་བ་སྲས་རིག་གྲུབ་བླ་རབས། །རྩ་གསུམ་རབ་འབྱམས་ཀུན་འདུས་ཨར་ཐིམ་པས། །རྩ་བའི་བླ་མ་པད་འབྱུང་རྡོ་རྗེ་སེམས། །དཀར་གསལ་རིགས་ལྔའི་པྲོག་ཞུ་དར་དཔྱང་འཕུར། །རྡོར་དྲིལ་འཛིན་ཅིང་ཞི་ཚུལ་ལོངས་སྐུའི་ཆས། །རྫོགས་གསོལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོར་བཞུགས། །དེ་ཡི་སྤྱི་མགྲིན་ཐུགས་ཀ་ལྟེ་གསང་བར། ཁྲག་འཐུང་རིག་འཛིན་ཞི་བ་མཁའ་འགྲོ་ཕུར། །རྒལ་ཚིགས་དབང་མོ་ཉེར་བརྒྱད་གཞན་ཡང་སྐུར། །ཏིལ་གང་ཕྱེས་ལྟར་རྒྱལ་བ་རྒྱ་མཚོས་ཁེངས། །མཛེས་སྡུག་མཚན་དཔེས་རབ་བརྒྱན་གཟི་བརྗིད་འབར། །ཡིད་ལ་དྲན་ཙམ་འཁོར་བའི་སྡུག་བསྔལ་སེལ། །མཐོང་བས་ཟག་མེད་བདེ་བ་ལ་སྦྱོར་ཞིང་། །གསོལ་བཏབ་མཆོག་ཐུན་དངོས་གྲུབ་མྱུར་སྟེར་བའི། །སྐུ་རྒྱབ་འོད་ཀོར་བརྒྱུད་པའི་བླ་མ་དང་། །མདུན་དུ་ཐེག་རིམ་རྒྱུད་སྡེའི་ཡི་དམ་ལྷ། །གཡས་སུ་ཀུན་བཟང་རྫོགས་སངས་རྒྱས་གྲངས་མེད། །རྒྱབ་ཏུ་ཕར་ཕྱིན་ཡན་ལག་བཅུ་གཉིས་ཆོས། །གཡོན་དུ་རིགས་གསུམ་དགེ་འདུན་རྒྱ་མཚོའི་ཚོགས། །བར་མཚམས་དཔའ་བོ་མཁའ་འགྲོ་ཆོས་ཞིང་སྐྱོང་། །དཔག་མེད་སྤྲིན་ཕུང་གཏིབས་འདྲ་བྱིན་ཐིབས་སེ། །དམ་ཡེ་དབྱེར་མེད་མོས་སྣང་ངོར་ཤར་སྐུ །དགྱེས་ཞལ་བརྩེ་སྤྱན་བདག་ལ་རབ་གཟིགས་ཤིང་། །བག་དྲོ་བྱིན་ཆགས་ལྷན་ནེ་ལྷང་བཞུགས་པའི། །མདུན་དུ་བདག་མོས་གུས་ཤུགས་ཆེར་གཡོས་ཏེ། །དབང་མེད་དད་པའི་མཆི་མ་འཁྲུག་བཞིན་དུ། །སྣང་སྲིད་སྣོད་བཅུད་བདག་ལུས་ལོངས་སྤྱོད་དང་། །གཏན་གྱི་འདུན་མར་བཅས་པས་ཡོངས་མཆོད་ཅིང་། །ཐུགས་དམ་བསྐུལ་ནས་བདག་རྒྱུད་བྱིན་བརླབ་ཕྱིར། །མ་ཡེངས་ཕུར་ཚུགས་དྲག་པོས་གསོལ་བ་འདེབས། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་བཛྲ་སཏྭ་ཧཱུྃ། གསོལ་འདེབས་ཐུན་མོང་གི་སྒོ་ནས་བསྙེན་པ་ནི། ཨོཾ་ཨཱཿཧཱུྃ་ཧོཿ ཀུན་བཟང་རིགས་ལྔ་སྟོན་པ་བཅུ་གཉིས་སོགས། །དགོངས་བརྒྱུད་བླ་མར་གསོལ་འདེབས་བྱིན་གྱིས་རློབས། །དགའ་རབ་འཇམ་སིཾ་པད་འབྱུང་བི་མ་ལ། །བརྡ་བརྒྱུད་བླ་མར་གསོལ་འདེབས་བྱིན་གྱིས་རློབས། །བཻ་རོ་ནམ་སྙིང་མཚོ་རྒྱལ་རྗེ་འབངས་ཚོགས། །སྙན་བརྒྱུད་བླ་མར་གསོལ་འདེབས་བྱིན་གྱིས་རློབས། །ལྡང་ལྷུན་ལྕེ་བཙུན་ཀློང་ཆེན་གཏེར་སྟོན་བརྒྱ། །གཏེར་བརྒྱུད་བླ་མར་གསོལ་འདེབས་བྱིན་གྱིས་རློབས། །འདྲེན་པ་ཡོངས་གཙོ་པད་འབྱུང་བདེ་ཆེན་གླིང་། །སྡོམ་མཛད་མཆོག་གྱུར་ཀརྨ་རིག་པ་འཛིན། །རིགས་ཀུན་ཁྱབ་བདག་རྗེ་བཙུན་ཆོས་ཀྱི་རྗེ། །ཐུགས་རྗེའི་དབང་ཕྱུག་བླ་མེད་འགྲོ་བའི་མགོན། །བཀའ་དྲིན་མཉམ་བྲལ་དཔལ་ཆེན་གསང་བའི་བདག །འདྲེན་མཆོག་འཁོར་ལོའི་མགོན་པོ་ཧེ་རུ་ཀ །བྱིན་རླབས་བཅུད་སྦྱིན་ཚེ་དབང་ནོར་བུའི་དཔལ། །རྩ་བའི་བླ་མར་གསོལ་འདེབས་བྱིན་གྱིས་རློབས། །ཐེག་ཀུན་རྩེ་རྒྱལ་བཀའ་གསང་རྫོགས་པ་ཆེ། །ཚེ་གཅིག་འོད་སྐུར་གཤེགས་བྱེད་སྨིན་གྲོལ་ཆོས། །སྙིང་ཐིག་བརྒྱུད་པའི་བླ་མ་ཡི་དམ་ལྷ། །མཁའ་འགྲོ་སྲུང་མར་རྩེ་གཅིག་གསོལ་བཏབ་མཐུས། །མི་རྟག་འཆི་དྲན་ཆོས་བརྒྱད་ཞེན་པ་ལོག །རི་ཁྲོད་དཀའ་དཔྱད་ངེས་འབྱུང་དག་སྣང་རྒྱས། །གདམས་ངག་གོམས་འདྲིས་བསླབ་གསུམ་མི་ཉམས་བརྟན། །ཉམས་མྱོང་གོང་འཕེལ་རྟོགས་པ་ཀློང་དུ་གྱུར། །ཕྲ་བ་གཏིང་སློང་ཉིན་མཚན་འོད་གསལ་འདྲེས། །དྲོད་ཚད་མྱུར་བརྙེས་ས་ལམ་ཡོན་ཏན་རྫོགས། །སྣང་བཞི་ཟད་སྐྱོལ་གདིང་བཞི་མཐའ་རུ་ཕྱིན། །གདན་འདིར་གྲུབ་པ་ཐོབ་པར་བྱིན་གྱིས་རློབས། །ཞེས་དང་། ཐུན་མོང་མ་ཡིན་པ་བླ་མ་འབོད་དབྱངས་ཀྱིས་བསྙེན་པ་ནི། བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ། །རྩ་གསུམ་དཀྱིལ་འཁོར་གྱི་སྤྱི་དཔལ། །སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད། །འགྲན་བྲལ་བླ་མ་རང་མཁྱེན་ནོ། །འེ་འཻ་བླ་མ། འཽ་སངས་རྒྱས། བཀའ་བརྒྱུད་བླ་མ་ཡི་རྒྱལ་པོ། །ཟབ་དགུ་གདམས་མཆོག་གི་མཛོད་འཛིན། །སྨིན་གྲོལ་སྙིང་པོ་ཡི་དོན་སྟེར། །མཚན་ལྡན་བླ་མ་རང་མཁྱེན་ནོ། །འེ་འཻ་བླ་མ། འཽ་སངས་རྒྱས། བསླུ་མེད་ཐུགས་རྗེ་ཡི་མངའ་བདག །གཏན་བདེ་བྱང་ཆུབ་ཀྱི་དེད་དཔོན། །འདི་ཕྱིར་འདྲེན་མཛད་ཀྱི་དྲིན་ཅན། །རྩ་བའི་བླ་མ་རང་མཁྱེན་ནོ། །འེ་འཻ་བླ་མ། འཽ་སངས་རྒྱས། གདུང་ཡུས་ནི། བདག་འདྲའི་ལས་ངན་གྱི་སེམས་ཅན། །སྐྱིད་སྡུག་ཅི་བྱུང་ཡང་ཁྱེད་ལས། །བློ་ཕུགས་གཏད་ས་གཞན་མ་མཆིས། །མཐོ་དམན་གར་གཏོང་ཡང་ཁྱེད་ཤེས། །སྙིང་ནས་གསོལ་འདེབས་ཀྱི་བུ་ལ། །ཐུགས་རྗེས་གཡེལ་མེད་དུ་གཟིགས་ཤིག །ཅེས་དད་པས་མཆི་མ་བླགས་ཤིང་གདུང་ཤུགས་དྲག་པོའི་དབྱངས་ཀྱིས་རྩ་བའི་བླ་མའི་མཚན་ནས་འབོད་པ་ཡང་ངེས་པར་བྱས་ལ། ཁྱད་པར་གྱི་བསྙེན་པ་ཛཔ྄་ཀྱིས་གསོལ་བ་གདབ་པ་ནི། རྒྱུད་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །གསོལ་འདེབས་ཚུལ་དུ་འཛབ་འདི་བཟླ། །ཞེས་པའི་དོན་རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་བཞུགས་པ་ལ་ཡིད་གཞན་དུ་མ་ཡེངས་པར་དད་མོས་ཧྲིལ་དྲིལ་ཕུར་ཚུགས་སུ་གསོལ་བ་འདེབས་ལ་སྙིང་པོའི་འཛབ་འདི་ལ་ནན་ཏན་གཙོ་བོར་བྱ་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་བསྙེན་ནོ། །དེ་ནས་ནང་གི་རྣལ་འབྱོར་ཉེ་བར་བསྙེན་པ་བྱིན་རླབས་ལ་བརྟེན་ནས་མན་ངག་གི་དབང་བཞི་མོས་གུས་ཏིང་འཛིན་སྟོབས་ཀྱིས་བླང་བ་ནི། དེ་ནས་འཁོར་རྣམས་བླ་མར་ཡོངས་འདུས། །བླ་མའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱིཿ དེ་ལས་རབ་འཚེར་འོད་ཟེར་ལུག་རྒྱུད། །དཀར་དམར་མཐིང་ལྗང་བདག་གནས་བཞིར་ཞུགས། །ལུས་ངག་ཡིད་ཤེས་འཕོ་བཅས་སྒྲིབ་དག་་་སྒྲིབ་བཞི། །རྩ་རླུང་ཐིག་ལེ་བྱང་སེམས་རྒྱུད་་་བཞི་་་སྨིན། །བུམ་གསང་ཤེས་རིག་དོན་དམ་དབང་་་བཞི་་་ཐོབ། །བསྐྱེད་རྫོགས་ཕྱག་རྒྱ་རྫོགས་ཆེན་ལམ་་་བཞི་་་འབྱོངས། །དང་པོ་རྗེས་རྫོགས་རྣལ་འབྱོར་ཆེན་པོ་་་དུས་དགྲའི་གཤེད་ནག་རྒྱུད་ཀྱི་རྫོགས་རིམ་ལ་ལི་ཏའི་ལུགས། །སྙིང་གསང་སྣ་རྩེ་ཐིག་ལེ་ཡེ་ཤེས་་་གསང་འདུས་མན་ངག་གི་རྫོགས་རིམ་ཡེ་ཤེས་ཞབས་ཀྱི་ལུགས། །ལུས་ངག་སེམས་དབེན་སྒྱུ་ལུས་འོད་གསལ་་་གསང་འདུས་རྒྱུད་ལུགས་རྫོགས་རིམ་ཀླུ་སྒྲུབ་ཀྱི་སྲོལ། །ཕྲ་ཐིག་རྨིག་ནུ་སྙེ་བུམ་བསམ་བྲལ་་་རྡོ་རྗེ་གདན་བཞིའི་རྒྱུད་ནས་བཤད་པའི་རྫོགས་རིམ་མན་ངག་གིས་སྤྲས་པ། །བསྐྱེད་རིམ་བདག་བྱིན་དཀྱིལ་འཁོར་རྦ་རླབས་་་ཀྱེ་རྡོར་སོགས་རྒྱུད་སྤྱིའི་མན་ངག་བིྱྫྷ་པའི་ལམ་འབྲས་སུ་གྲགས་པ། །དབྱིབས་ལྷ་ཕྲ་སྔགས་ཆོས་ཐིག་དམིགས་མེད་་་མཱ་ཡཱ་དང་སངས་རྒྱས་ཐོད་པའི་རྫོགས་རིམ་ས་ར་ཧ་དང་ཀུ་ཀུ་རི་པའི་ལུགས། །རྒྱུད་སྔགས་ཡེ་ཤེས་གསང་བའི་རིམ་པ་་་བདེ་མཆོག་གི་རྫོགས་རིམ་ལཱུ་དྲིལ་ནག་གསུམ་ལས་ནག་པོ་པའི་སྲོལ་རིམ་བཞི། །རྣལ་འབྱོར་དང་རྗེས་ཤིན་ཏུ་ཆེན་པོ་་་སྒྲོལ་མ་འབྱུང་བ་བླ་མེད་རྒྱུད་ནས་བཤད་པའི་རྫོགས་རིམ་ཞི་སྦས་ལུགས། །ཆོས་དམ་ལས་རྒྱ་ཕྱག་རྒྱ་ཆེན་པོ་་་བླ་མེད་དགྱེས་བདེ་མཉམ་སྦྱོར་ཐིག་ལེ་སོགས་དང་སྔགས་ཡོ་ག་སྤྱིའི་ལམ་སྲོལ། །རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་་་རྒྱུད་ཨཱ་ལི་ཀཱ་ལི་སོགས་ཀྱི་ལམ་རིམ་དེང་དུས་ཛོ་ཀི་རྣམས་ལ་གྲགས་ཆེ་བ། །ཀུན་བཟང་བཟང་མོ་སྦྱོར་དག་ཁྱབ་བརྡལ་་་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་རྩ་བ་སྒྱུ་འཕྲུལ་གསང་སྙིང་རྫོགས་རིམ་སངས་རྒྱས་གསང་བའི་བཞེད་པ། །སོར་བསམ་སྲོག་འཛིན་རྗེས་དྲན་ཏིང་འཛིན་་་དུས་འཁོར་སོགས་བླ་མེད་ཀྱི་རྫོགས་རིམ་ཁྱད་པར་ཅན་ས་བཅུ་པའི་ལུགས། །གནས་ཉམས་མི་གཡོ་མཉམ་ཉིད་ལྷུན་གྲུབ་་་རྫོགས་ཆེན་སེམས་ཀློང་གི་ཉམས་རིམ་བཞི་དགའ་རབ་རྡོ་རྗེས་བཀྲལ་བ། །མངོན་སུམ་གོང་འཕེལ་ཚད་ཕེབས་ཆོས་ཟད་་་རྫོགས་ཆེན་ཡང་གསང་བླ་མེད་ཀྱི་རྒྱུད་ལས་ཀུན་བཟང་རྡོ་རྗེ་འཆང་གི་རྡོ་རྗེའི་གསུང་གིས་ཤིན་ཏུ་གསལ་བ། །དགའ་མཆོག་ཁྱད་དགའ་ལྷན་སྐྱེས་དགའ་བ་་་བླ་མེད་སྤྱིའི་ལམ་རིམ་རྟོགས་ཚུལ་དགའ་བ་བཞི་དང་། །སྣང་མཆེད་ཐོབ་པ་ཉེར་ཐོབ་ཡེ་ཤེས་་་སྣང་ཚུལ་ཡེ་ཤེས་བཞི། །ཞི་རྒྱས་དབང་དྲག་ཕྲིན་ལས་དབང་བསྒྱུར་་་བསྒྲུབ་བྱ་ཕྲིན་ལས་བཞི། །ཚོགས་སྦྱོར་མཐོང་སྒོམ་ཡོན་ཏན་ཡོངས་རྫོགས་་་བགྲོད་བྱ་ལམ་བཞི། །རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་་་གྲུབ་ཚུལ་རིག་འཛིན་བཞི། །སྐུ་གསུང་ཐུགས་མཆོག་ཡེ་ཤེས་རྡོ་རྗེ་་་བྲལ་འབྲས་རྡོ་རྗེ་བཞི། །སྤྲུལ་ལོངས་ཆོས་སྐུ་ངོ་བོ་ཉིད་གྲུབ་མཐར་ཐུག་གི་གོ་འཕང་སྐུ་བཞིའོ། །དུས་བཞི་དཔལ་མགོན་བླ་མའི་མཐུ་ཡིས། །དབང་བཞིའི་ལམ་འབྲས་ཡོན་ཏན་མ་ལུས། །བདག་གིས་ངེས་པར་མྱུར་ཐོབ་མཛོད་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དེ་ལྟར་ལམ་དབང་ཏིང་ངེ་འཛིན་གྱི་སྐབས་འདིར་རྡོ་རྗེ་ཐེག་པའི་ལམ་རིམ་ཆེ་ལོང་ཁ་ཤས་ཐོབ་པའི་དོན་སྔགས་བླ་མེད་རྒྱུད་སྡེའི་མན་ངག་ཁྱད་པར་ཅན་འདི་དག་ཕལ་ཆེ་བ་ཞིག་ནི་ཆ་ཙམ་ཤེས་པ་ལྟ་ཞོག་མཚན་ཡང་ནུབ་པར་ཉེ་ན། མཚན་ཙམ་ཐོས་ཏེ་མོས་པའི་ཕན་ཡོན་ཡང་བསམ་མི་ཁྱབ་པ་ཡི་དགེ་བའི་བག་ཆགས་བཞག་པའི་ཐབས་དང་། བསྟན་རྒྱུན་ལ་ཡང་ཕན་པར་སེམས་པས་ཡིན་ལ། ཐམས་ཅད་ཀྱི་མཐར་ཐུག་སྐྱེལ་སོ་སྙིང་པོར་གྱུར་པ་ནི་ཐེག་པའི་རྩེ་རྒྱལ་ཨ་ཏི་རྫོགས་པ་ཆེན་པོ་སྟེ། དེ་དོན་ཇི་བཞིན་རྟོགས་པའི་ཆེད་དུ་དམིགས་ནས་དབང་བཞི་ལེན་པའི་དམིགས་པ་སྤྲོ་བསྡུ་རྩེ་གཅིག་བྱ་བ་ཤིན་ཏུ་གཅེས་ཤིང་གལ་ཆེ་བའོ། །དེ་ནས་བླ་མའི་རྣལ་འབྱོར་གསང་བ་སྒྲུབ་པའི་རིམ་པ་ནི། དེ་ནས་བླ་མ་འབྲུ་བཞི་ཚངས་བུག་ནས། །མར་བྱོན་བདག་སྙིང་པདྨ་འདབ་བརྒྱད་དུ། །གྱུར་དབུས་མཚོན་གང་གཟི་བརྗིད་འོད་འབར་བ། །ཐུགས་ཀར་ཧཱུྃ་མཐིང་འོད་ཕུང་འབར་མཚན་གསལ། །ཞེས་བླ་མ་རང་ལ་ཐིམ་ནས། རང་ལུས་བླ་མེད་ཀྱི་རྒྱུད་སྡེའི་ལྷ། ཞི་བ་རིགས་ལྔ་ཡབ་ཡུམ་དང་། ཁྲོ་བོ་བཀའ་བརྒྱད་སོགས་རང་གིས་གང་མོས་སམ། ཁྱད་པར་རིགས་འདུས་རྡོ་རྗེ་སེམས་དཔའི་སྐུར་བསྒོམ་པ་དམ་ཚིག་སེམས་དཔའ་དང་། དེའི་སྙིང་ཁར་རྩ་བའི་བླ་མ་བསྒོམ་པ་སྟེ། ཇི་སྐད་དུ། རྒྱུད་ལས། སྒྲུབ་དུས་བླ་མ་སྙིང་ཁར་བསྒོམ། །ཞེས་པའི་དོན་ལྟར་དེ་ཡང་བླ་མ་པད་འབྱུང་རྡོ་རྗེ་སེམས་དཔའ་མཐིང་ནག །ཡུམ་མཚོ་རྒྱལ་རྡོ་རྗེ་སྙེམས་མ་དམར་གསལ་ཁ་སྦྱོར་དུ་ཞི་མ་ཁྲོས་དགྱེས་ཤིང་གཅེར་བུ་རྗེན་ཅེ་རེ་གསལ་བ་ཡེ་ཤེས་སེམས་དཔའ་སྟེ། དེའི་ཐུགས་དབྱིངས་སུ་ཡི་གེ་ཧཱུྃ་མཐིང་རབ་ཏུ་འཚེར་བ་ཏིང་འཛིན་སེམས་དཔའ། དེའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམས་ལ་མཆོག་གི་དངོས་གྲུབ་ཡོངས་སུ་དམིགས་ཏེ་འཛབ་ཀྱི་དགོངས་དོན་དང་ལྡན་པས་རང་གི་ཐུགས་དམ་རྩ་གསུམ་རབ་འབྱམས་གང་མོས་ཀྱི་འཛབ་དང་། ཡང་སྙིང་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་དང་། ཡི་གེ་དྲུག་པ་འདི་ཉིད་ནན་ཏན་ཧྲིལ་དྲིལ། ཨཱོཾ་བཛྲ་སཏྭ་ཧཱུྃ། ཞེས་པ་ཉིད་དུས་གྲངས་རྟགས་ཚད་མཐར་ཕྱིན་བར་ཕྱི་ནང་གསང་བའི་བཟླ་ལུགས་གང་མོས་ཀྱིས་བསྐྱར་ཞིང་། ཁྱད་པར་ལྷའི་སྐུ་དང་དེ་ཁོ་ན་ཉིད་རྗེས་སུ་དྲན་ཏེ་གནས་པ་དང་། ལྷག་པའི་ལྷའི་སྔགས་སམ། ཨོཾ་ཨཱཿཧཱུྃ། ཞེས་འབྲུ་གསུམ་ཁ་སྦྱོར་རྡོ་རྗེའི་བཟླས་པ་ཡིས་རྩ་རླུང་ཐིག་ལེ་དག་བྱེད་རྡོ་རྗེ་མཆོག་ལ་ཤིན་ཏུ་འབད་བརྩོན་དྲག་པོ་གཡེལ་བ་མེད་པར་བྱའོ། །དེ་ནས་ཡང་གསང་གི་རྣལ་འབྱོར་སྒྲུབ་པ་ཆེན་པོ་ནི། དེ་མཐར་བླ་མའི་སྐུ་ཉིད་ཡི་གེ་ཧཱུྃ། །མཐིང་ནག་གསལ་འཚེར་ཡེ་ཤེས་འོད་འབར་ཞིང་། །སྣང་བ་ཕྱི་ནང་བདག་གཞན་མཐའ་དབུས་ཁམས། །མི་དམིགས་རིག་གྲགས་གསལ་སྟོང་དབྱེར་མེད་གྱུར། །ཞེས་སྙིང་ཁར་བླ་མ་ཧཱུྃ་དུ་བསྒྱུར་བ་ལ་རིག་པ་གཏད་ཅིང་འཛིན་ཞེན་མེད་པར་གུ་ཡངས་ཁྲོ་ལེ་ཤེས་པ་ཧུ་རེ་བའི་ངང་ནས་ཧཱུྃ་གི་གླུ་དབྱངས་ལེན་པར་བྱའོ། །དེ་ནས་བཞི་པ་འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱེད་པ་ལ། རྒྱུད་ལས། ལས་སྦྱོར་བླ་མ་རང་གསལ་གདབ། །ཅེས་པ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བླ་མ་རང་རིག་གཉིས་སུ་མེད་པར་ཁྲེགས་ཆོད་ཐོད་རྒལ་གྱི་དོན་ཉམས་སུ་ལེན་པ་ནི། རྗེས་སུ་ཧཱུྃ་ཉིད་མཐིང་ཐིག་འོད་ལྔའི་མདངས། །རབ་འཚེར་འོད་མཆེད་རང་ལུས་འོད་ཕུང་ཡལ། །བླ་མའི་ཐུགས་ཉིད་རང་རིག་ཡེ་ཤེས་ཁམས། །གདོད་ནས་དབྱེར་མེད་ལྷན་སྐྱེས་བདེ་ཆེན་དབྱིངས། །ངོ་བོ་ཀ་དག་སྟོང་པ་སང་ངེ་བ། །རང་བཞིན་ལྷུན་གྲུབ་གསལ་བ་ལྷག་གེ་བ། །ཐུགས་རྗེ་གཉིས་མེད་རིག་པ་ས་ལེ་བ། །རང་བྱུང་སྤྲོས་པའི་མཐའ་བྲལ་ཀུན་ཏུ་བཟང་། །ཆོས་སྐུའི་ངང་གདངས་དགོངས་པ་ཤར་གྲོལ་གདིང་། །ལྟོས་མེད་བློ་བྲལ་ཡེ་ཡིན་རྫོགས་པ་ཆེ། །དམིགས་གཏད་ཡིད་གཉིས་བློ་སྙེམས་ལས་འདས་པ། །གནས་ལུགས་རང་སོ་རིག་ངང་ཟང་ཐལ་ལ། །རང་གསལ་དག་པ་རྡོར་སེམས་གསང་ལམ་མཁར། །ཆོས་དབྱིངས་རྣམ་དག་འོད་གསལ་ཞིང་ཁམས་སུ། །ཡེ་ཤེས་རང་གདངས་ཐིག་ལེའི་དཀྱིལ་འཁོར་དབུས། །བརྗོད་བྲལ་ཤེས་རབ་རང་རིག་དོན་དངོས་སྐུ། །ཞེན་མེད་སྣང་བ་རྡོ་རྗེ་ལུ་གུ་རྒྱུད། །དམིགས་མེད་མངོན་སུམ་ཤར་བའི་ལྟ་བ་ལ། །སྒོམ་མེད་ཡོངས་གྲོལ་རང་རིག་དོན་གོམས་པ། །ཡེངས་མེད་བླ་མའི་དགོངས་སྤྱོད་ཡངས་པར་བཞག །དེ་ལྟར་བླ་མའི་ཐུགས་དང་རང་རིག་དབྱེར་མེད་པ་སྟོང་ཉིད་རང་བྱུང་གི་ཤེས་རབ་སྨྲ་བསམ་བརྗོད་འདས་ཆེན་པོ་རིག་གདངས་རྩལ་ཤར་སྐྱེ་འགག་མེད་པར་མཉམ་པར་གཞག་གོ །འཿཨཿཤཿསཿམཿཧཿ ཞེས་ཉམས་སུ་ལེན་པར་དབྱེ་དབབ་གཞུག་གསུམ་གྱི་སྲང་ལ་གཅུན་ཏེ་གནས་ལུགས་ཀྱི་དོན་ཤོར་ས་དང་གོལ་སར་མ་ལྷུང་བ། མནོ་བསམ་དཔྱད་སྒོམ་ཡེངས་རྟོག་གིས་མ་སྦགས་པ། རིག་རིག་པོས་མ་བཅིངས། ཏུར་ཏུར་པོས་མ་བསླད། རྗེན་རྗེན་པོས་མ་བཅོས་པ་སྟེ། མཉམ་གཞག་གི་མཚན་ཉིད་དྭངས་ལ་གསལ་བ། ཕྲ་བ་མི་རྟོག་པའི་ངང་ཉིད་རྟག་ཏུ་བསྐྱངས་པས་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་སྤྲོས་པའི་མཐའ་རྣམས་ཀྱིས་དབེན་པ། སངས་རྒྱས་ཀུན་གྱི་ཆོས་སྐུ་རང་བཞིན་འོད་གསལ་བདེ་བ་ཆེན་པོའི་ངོ་བོ་གཏན་ལ་འབེབས་པར་བྱེད་པ་ནི་དམ་པའི་ཆོས་སྒོ་མ་ལུས་པའི་སྙིང་པོར་གྱུར་པ་སྟེ་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །དེ་ནས་རྗེས་ཀྱི་རིམ་པ་ནི། སྣང་རྣམས་གཟུང་འཛིན་ལས་འདས་བླ་མའི་སྐུ། །གྲགས་ཀུན་ཞེན་འཁྲིས་ཡོངས་བྲལ་བླ་མའི་གསུང་། །རྟོག་ཚོགས་བློ་འདས་རིག་གྲོལ་བླ་མའི་ཐུགས། །དབྱེར་མེད་མཉམ་པའི་དབྱིངས་སུ་རྟག་གནས་སོ། །དེ་ལྟར་ཆོས་ཀུན་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་ཤེས་ཤིང་། རྣམ་རྟོག་ཉོན་མོངས་ལྷ་འདྲེ་སྡུག་བསྔལ་ན་ཚ་འཆི་བ་ཀུན་སྟོང་གསལ་སྒྱུ་མ་ལྟ་བུར་རོ་སྙོམས་ཤིང་ལམ་དུ་ཁྱེར་བར་བྱའོ། །ཕཊ་ཕཊ་ཕཊ། ཡང་། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁ་དོན་གྱི་འོག་མིན་དབྱིངས། །རང་རིག་ཆོས་ཀྱི་སྐུ་དང་དབྱེར་མེད་པར། །རྟག་པར་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདག་སོགས་སྐྱེ་ཀུན་བླ་མ་དམ་པ་ཡིས། །རྗེས་བཟུང་དད་གུས་དམ་ཚིག་མཆོག་ཏུ་བརྟན། །ཐུགས་ཡིད་གཅིག་འདྲེས་ས་ལམ་ཡོན་ཏན་རྫོགས། །ཚེ་གཅིག་ཉིད་ལ་ཡང་དག་སངས་རྒྱས་ཤོག །འཁྲུལ་ཟད་གདོས་ཟད་བློ་ཟད་ཆོས་ཀུན་ཟད། །ཀུན་བཟང་གཞོན་ནུ་བུམ་སྐུར་གཤེགས་པར་ཤོག །འཆི་སྲིད་འཆར་སྒོ་རྗེས་དྲན་མངོན་ཤེས་ཀྱིས། །ཐིམ་ལུགས་བརྒྱད་ཐིམ་འོད་གསལ་དབྱིངས་གྲོལ་ཤོག །སྲིད་པར་རིགས་དྲུག་མངལ་དུ་མི་འཇུག་ཅིང་། །རིགས་བཞིའི་ཞིང་སྐྱེས་བྱང་ཆུབ་ཐོབ་པར་ཤོག །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །བསམ་མི་ཁྱབ་པས་འགྲོ་ཀུན་འདྲེན་པར་ཤོག །ཅེས་སོགས་སྨོན་ལམ་བཟང་པོ་ཅི་རིགས་པ་གདབ་ཅིང་། སྤྱོད་ལམ་ཀུན་རྩ་བའི་བླ་མ་ཡིད་དང་མི་འབྲལ་བའི་མོས་གུས་དང་དམ་ཚིག་གི་བསྲུང་སྡོམ་ལས་འདའ་བ་མེད་པར་རྟག་ཏུ་རྒྱུ་འབྲས་ཤན་འབྱེད་ཅིང་། འགྲོ་ལ་སྙིང་རྗེའི་རོལ་པའི་བརྩེ་བས་རྗེས་སུ་སྤྱོད་དོ། །དེ་ནས་ཐུན་མཚམས་སུ་དགེ་བ་འགྲོ་ལ་བསྔོ་བ་ནི། འདི་ལྟར་བདག་གིས་དཔལ་མཆོག་བླ་མ་ལ། །དད་གུས་གསོལ་བ་བཏབ་པའི་དགེ་ཚོགས་ཀུན། །མཁའ་མཉམ་འགྲོ་ལ་ཡོངས་སུ་བསྔོས་པའི་མཐུས། །ཐམས་ཅད་ཕྱམ་གཅིག་རྫོགས་སངས་རྒྱས་ཐོབ་ཤོག །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ། ཁྱེད་སྐུ་གསུང་ཐུགས་ཡོན་ཏན་ཇི་སྙེད་དང་། །འཁོར་ཚོགས་ཞིང་ཁམས་ཕྲིན་ལས་བཟང་པོ་གང་། །ཇི་བཞིན་བདག་གིས་མྱུར་བ་ཉིད་ཐོབ་ཤོག །དེ་ལྟར་བླ་མའི་རྣལ་འབྱོར་ཐུན་དྲུག་གམ་བཞི་ཐ་མ་ཡང་ལན་གཉིས་སུ་མི་ཆག་པར་ཉམས་སུ་བླངས་ལ། ཐུན་གྱི་དངོས་གཞི་སྟོང་ཉིད་དུ་མཉམ་པར་གཞག་སྟེ་རྒྱུ་འབྲས་ཀུན་དེར་ལ་བཟླས་ལ། ཐུན་མཚམས་རྗེས་ཐོབ་སྒྱུ་མ་ལྟ་བུར་ཆོས་སྤྱོད་བཅུ་སོགས་རྒྱུ་འབྲས་ཤན་འབྱེད་པའི་དགེ་བ་ལ་འབད་དོ། །རྒྱལ་བ་རྒྱ་མཚོའི་ལེགས་གསུངས་གསང་བ་ཆེ། །དྲང་དང་ངེས་པར་སྟོན་གྱུར་སྒོ་རབ་འབྱམས། །གདུལ་བྱའི་དབང་ཁམས་རིགས་དང་མཐུན་པ་རུ། །བསམ་མི་ཁྱབ་བསྟན་ཐ་དག་མདོ་འདུས་པ། །རང་རིག་རྟོགས་ཐབས་གཅིག་པུ་ཁོ་ནར་ཏེ། །ཚུལ་དེ་ཐབས་གཞན་གྱིས་ནི་རྟོགས་ནུས་མིན། །དཔལ་དང་ལྡན་མཆོག་བླ་མ་མཉེས་བྱས་ནས། །རྟག་ཏུ་གུས་པས་བསྟེན་ལས་འབྱུང་ཤེས་བྱོས། །སྲིད་པའི་ཆུ་ཀླུང་སྐྱེ་རྒ་ན་འཆི་ཡི། །རྦ་རླབས་ཆེར་འཁྲུག་སྡུག་བསྔལ་གྱིས་གང་བ། །འདི་སྒྲོལ་གཏན་བདེ་བྱང་ཆུབ་སྙེགས་འདོད་ཀུན། །ཐར་པའི་གྲུ་མཉན་བླ་མར་གུས་གྱིས་ལ། །མཛད་སྤྱོད་ཕྲིན་ལས་བཞི་ཡི་རྗེས་མཐུན་དུ། །ཞི་ཁྲོ་རྣམ་འགྱུར་ཚུལ་དང་ཚུལ་མ་ཡིན། །གང་ལ་གང་འདུལ་དཔག་དཀའི་མཛད་སྤྱོད་ཀུན། །ལོག་པར་མི་བལྟ་བརྡ་ཡི་ཆོས་སུ་སོམས། །དེང་སང་སྙིགས་དུས་འགྲོ་ལ་ཕན་གདགས་ཕྱིར། །རྡོ་རྗེ་སེམས་དཔའ་མི་ཡི་གཟུགས་སྤྲུལ་ནས། །ཆོས་སྟོན་རྡོ་རྗེ་སློབ་དཔོན་ཉིད་སྣང་སྟེ། །འདི་ནི་སངས་རྒྱས་ལས་ལྷག་བཀའ་དྲིན་ཆེ། །གང་ལྟར་རང་ལ་ཤེས་བྱའི་ཡོན་ཏན་དང་། །སྡོམ་འབོགས་སེམས་བསྐྱེད་དབང་ལུང་རྒྱ་མཚོ་ཆེ། །ནོས་པའི་ཡུལ་དེ་དྲིན་ཅན་བླ་མ་ཡིན། །རྟག་ཏུ་བསྙེན་བཀུར་བྱེད་ལ་རབ་འབུངས་གྱིས། །སྨིན་དབང་གནད་ཕུར་ཉམས་སུ་ལེན་པའི་ཆོས། །སྙིང་ཐིག་མངོན་སུམ་ལྟ་བའི་མན་ངག་མཆོག །རང་གི་རྒྱུད་ལ་འདོམས་མཛད་གང་ཡིན་དེ། །རྩ་བའི་བླ་མ་ཞེས་སུ་རབ་གྲགས་འདི། ཁྱིམ་པ་དགེ་བསྙེན་དགེ་སློང་བྱང་ཆུབ་སེམས། །སངས་རྒྱས་སེམས་ཅན་ལྷ་འམ་བདུད་ཀྱང་རུང་། །གང་ལྟར་ཡིན་ཡང་རང་གིས་སངས་རྒྱས་དངོས། །བལྟ་ཞིང་དམ་ཚིག་སྙིང་སྲོག་ལྟར་བསྲུང་གནད། །དེང་དུས་དམ་ཆོས་སྒོར་ཞུགས་མང་ལགས་ཀྱང་། །སྙིང་པོའི་དོན་སྟེར་བླ་མ་བསྟེན་པ་གཅེས། །དམ་པའི་གདམས་ངག་བརྩོན་པས་སྙིང་ནས་དྲིལ། །གསང་སྔགས་ཆོས་ཀུན་རྩ་བ་དམ་ཚིག་ཡིན། །ཉམས་ན་མར་གྱི་ཟང་ཐལ་ཐར་མེད་པ། །རྡོ་རྗེ་དམྱལ་བར་རབ་ལྟུང་ཕྱིར་མི་ལྡོག །དེས་ན་འདི་ཉིད་བག་ཡོད་དྲན་པ་ཡིས། །མ་ཉམས་རྟག་བསྲུང་རྒྱལ་བའི་གོ་འཕང་ཐོབ། །དུས་ཀུན་དྲིན་ལྡན་རྩ་བའི་བླ་མ་ནི། །མི་བརྗེད་སྤྱི་བོར་རྟག་ཏུ་མཆོད་བྱེད་ཅིང་། །སྤྱོད་པ་ཚུལ་ལྡན་དུལ་བཅས་ཐུགས་ཀྱི་རྒྱུད། །རབ་ཏུ་དགྱེས་པར་བྱེད་པའི་ལས་ལ་བརྩོན། །དེ་དགྱེས་དུས་གསུམ་རྒྱལ་ཀུན་དགྱེས་ལས་ལྷག །ཡོན་ཏན་དཔག་མེད་འབྱིན་པའི་གཏེར་མཛོད་དེ། །གཏན་བདེ་བྱང་ཆུབ་སར་སྐྱེལ་འདྲེན་པ་ཡིན། །དེས་ན་བྱ་བ་འདི་ལ་ཆེར་འབུངས་གྱིས། །སྒྱུ་མའི་ལུས་འདི་ནམ་འཆི་ཆ་མེད་ཀྱི། །མི་རྟག་དྲན་མཛོད་འདིར་སྣང་སྒྱུ་མ་ལ། །མ་ཞེན་འཇིག་རྟེན་བྱ་སྤྱོད་རྒྱང་བསྲིངས་ནས། །འཆི་ཁར་ཕན་བྱེད་གཏན་བདེའི་ལམ་ཚོལ་ཅིག །བླ་མར་དད་མོས་མ་ཡེངས་ཉམས་ལེན་ཆོས། །འགྲོ་ལ་སྙིང་རྗེ་མི་ཉམས་གསང་སྔགས་དམ། །བསླུ་མེད་རྒྱུ་འབྲས་བག་ཡོད་ཚུལ་ཁྲིམས་དང་། །ངེས་འབྱུང་ཞེན་ལོག་གནད་རྣམས་མ་འཆོལ་བར། །གནས་ལུགས་རང་རིག་དོན་གྱི་ཉམས་ལེན་གང། །མ་གོ་མ་ཤེས་དོན་ནོར་དོན་འཁྲུལ་པའི། །ཚུལ་ལ་མ་ཤོར་ཀ་དག་ཆོས་ཉིད་ཀྱི། །ངོ་བོ་ཉིད་ལ་རྟག་ཏུ་ལྟད་མོ་ལྟོས། །སྤང་བླང་དགག་སྒྲུབ་རེ་དོགས་བློས་བྱས་ལ། །མ་ཞེན་གང་ཤར་མ་བཅོས་རང་སར་ཀློད། །མ་ཡེངས་མ་སྒོམས་དྲན་པའི་བྱ་ར་ཐོངས། །བརྗོད་འདས་ཁྲེགས་ཆོད་དོན་གྱི་དབྱིངས་སྐྱོལ་མཛོད། །ཉམས་རྟོགས་ཤན་ཕྱེས་རྟོགས་པ་རྡོ་རུས་སྤྲོད། །ཞི་ལ་མ་མནལ་ལྷག་མཐོང་རང་ཞལ་གཟིགས། །ལྷུན་གྲུབ་འོད་གསལ་རོལ་པར་རྩེན་མཛོད་ལ། །ཚེ་འདིར་དོན་གཉིས་འགྲུབ་པའི་གཞི་ཐིང་ཞིག །ཐོས་དང་བསམ་པས་མང་པོ་རྟོགས་མིན་གྱི། །སྒོམ་ལ་བརྩོན་པས་གཅིག་ཤེས་ཀུན་གྲོལ་བས། །ཐོས་བསམ་སྤྲོས་ཚོགས་ནམ་ཕུག་ཕན་ཡོན་ཙམ། །སྤྲོས་མེད་ཆིག་དྲིལ་བསྒོམས་པས་ཚེ་འདིར་གྲོལ། །དེ་ལྟར་ཆོས་ཚུལ་ཇི་བཞིན་སྤྱོད་པ་ནི། །ཉིན་མོའི་སྐར་འདྲ་ཚུལ་མིན་ལས་བྱེད་པ། །ཆེས་མང་དེ་འདྲའི་སྤྱོད་པའི་ཚུལ་འདྲེས་རྣམས། །ཆོས་ལ་སེམས་ཀྱང་ཆོས་མིན་གྱུར་མང་བས། །དེས་ན་རྟག་ཏུ་རི་ཁྲོད་དབེན་པའི་སར། །རང་ཉིད་གཅིག་པུར་རི་དྭགས་རྨས་མ་བཞིན། །ཆོས་མིན་ཚུལ་ལ་ནམ་ཡང་མི་འཇུག་པར། །ཆོས་ཚུལ་སྙིང་ནས་སོམས་ལ་འདྲིས་པ་དང་། །མཚན་ལྡན་བླ་མ་ཡུན་ནས་ཡུན་བསྟེན་ཏེ། །ཐབས་ལ་མཁས་པས་ཐུགས་སུ་སྡུག་པ་དང་། །དད་བརྩོན་ཤེས་རབ་ཏིང་འཛིན་གྱིས་མཉེས་ཤིང་། །དམ་སེལ་མེད་པར་རྟག་ཏུ་འབད་གཅེས་སོ། །ཀྱེ་མ། དེང་དུས་སྙིགས་མའི་སེམས་ཅན་ཚེ་བསོད་དམན། ཁྱད་པར་ད་ལྟ་ཚེ་ལོ་སུམ་ཅུའི་དུས། །ནམ་འཆི་ཆ་མེད་ཚེ་ལ་ལོང་ཡང་མེད། །དལ་བར་སྡོད་མི་ཁོམ་པའི་དུས་ཡིན་གྱིས། །རྣམ་གཡེངས་འདི་ནི་དགྲ་ཡིན་རིང་དུ་བྲོས། །ཆོས་བརྒྱད་བཙོན་ར་ཡིན་ནོ་ཐར་ཐབས་འབད། །ལེ་ལོའི་རྐུན་བུར་མ་ཤོར་སོ་པས་གནོན། །བག་མེད་གཉིད་ཆང་དབང་དུ་མ་ཤོར་བར། །ཡང་ནས་ཡང་དུ་ནན་ཏན་ཆོས་ལ་ཝིག །འཆི་ཁར་མི་བྲེད་བར་དོར་མི་འཇིགས་པའི། །གདིང་ཞིག་ད་ལྟ་ལོང་ཁོམ་ཅུང་ཡོད་དུས། །མ་འབད་བེམ་རིག་བྲལ་ཉེར་འཇིགས་སྐྲགས་ཤིང་། །གདོང་པར་མཆིས་གང་ལུས་འདར་སེམས་རབ་ཞུམ། །ཅི་བྱ་གཏོལ་མེད་མགོན་སྐྱབས་སྲུང་ཟློག་དང་། །སྨན་རྩིས་རིམ་གྲོ་གང་གིས་མི་བཟློག་པར། །སླེབ་དུས་དམ་ཆོས་དྲན་ཀྱང་ཅི་བྱར་ཡོད། །དེ་བས་རང་གིས་རང་ལ་སྙིང་རྗེ་ལྟོས། །ཐོས་བསམ་འཆད་རྩོད་རྩོམ་སོགས་སྤྲོས་ཚོགས་ལ། །མ་འབྱམས་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གནད། །ཆིག་དྲིལ་སྤྲོས་མེད་དོན་གྱི་རྭ་བ་རུ། །ཆུབ་མཛོད་ཁོ་བོས་ཁ་ཆེམས་སྙིང་པོར་གདམས། །ཡང་ཁྱད་སྙིང་པོ་ལས་སྙིང་པོ་ཡི་གཏམ། །བླ་མར་སངས་རྒྱས་ལས་ལྷག་མོས་གུས་སྐྱེད། །ཅི་མཛད་ལེགས་པར་མཐོང་བའི་དག་སྣང་སྦྱོང་། །ནམ་ཡང་འགྱུར་ལྡོག་མེད་པའི་དད་པར་དྲིལ། །ཟབ་སྙན་ཆོས་ཚུལ་བྱེ་བ་ཕྲག་བརྒྱ་སྟོང་། །དུ་མའི་འབྲས་བུ་ཐར་པའི་སྙིང་པོའི་ཞུན། །བླ་མའི་རྣལ་འབྱོར་འདི་ཡིན་དེ་ཉིད་ལ། །རབ་འབད་ཉིན་མཚན་མེད་པར་ཁ་ལོ་བསྒྱུར། །ཆོས་མིན་ཉམས་པའི་གྲོགས་དང་མི་འགྲོགས་པར། །ཆོས་བརྒྱད་སྙིང་པོ་མེད་པར་ཞེན་ལོག་ཅིང་། །འདི་སྣང་དགོས་པ་མེད་པར་རྒྱུད་ལ་སྦྱོར། །གཏན་ཆོས་ངེས་དོན་གནས་ལུགས་ཉིད་ལ་བརྩོན། ཁྱད་པར་རྡོ་རྗེའི་དམ་ཚིག་གཉན་པོ་འདི། །སྐྱིད་རུང་སྡུག་རུང་སྲོག་ལ་བབས་ཀྱང་རུང་། །མ་ཉམས་འདའ་མེད་དུས་རྣམས་ཀུན་ཏུ་ནི། །མི་བརྗེད་རྟག་ཏུ་དྲན་ཤེས་འབད་པས་སྲུངས། །རྩ་བའི་དམ་ཚིག་སྡོང་པོ་མེ་འབྲས་འདྲ། །དེ་ཉམས་ཐར་པའི་ས་བོན་ངེས་པར་ཚིག །ཡན་ལག་དམ་ཚིག་ཡལ་ག་ལོ་མ་འདྲ། །ཕྲ་བཅས་སྲུང་བའི་ལས་ལ་རབ་བརྩོན་འཚལ། །རྩ་བའི་བླ་མ་དྲན་ཆོག་དམ་པའི་བཀས། །ཕ་གསོད་མར་གཡེམ་སེམས་ཅན་སྟོང་གི་སྲོག །ཆོད་ཅེས་གནང་དང་དགྱེས་པར་འགྱུར་བ་ན། །སྤྲོ་བཞིན་སྤྱོད་ཅེས་གཞུང་ཀུན་མཐུན་གསུངས་པས། །དེས་ན་རྟག་ཏུ་རབ་འབྱམས་རྒྱལ་ཀུན་ལས། །འདི་ཉིད་ཤིན་ཏུ་གཉན་པར་གྱུར་པས་ན། །སྲུང་སྡོམ་དམ་ཚིག་ལས་ལ་འདའ་མེད་པར། །འཇིགས་དང་ཕན་ཡོན་ཆེན་པོའི་སྒོ་ནས་སྲུངས། །སྐུ་མདུན་དགྱེས་པར་བྱེད་པའི་ལས་སྤྱོད་ཅིང་། །གསུང་གནང་མི་གཅོག་ཕྲ་འུ་བཅས་ལ་འབད། །ཐུགས་ལ་མཉེས་གྱུར་བྱ་བ་ཚེགས་ཆུང་ཞིག །གྱུར་ཀྱང་རང་གི་བརྩོན་པས་ཆེས་འབུང་གཅེས། །འདི་ཡི་ཚུལ་དེ་རྒྱལ་བས་གསུངས་པའི་བཀའ། །ཡོངས་ནས་བཤད་དོན་གཅིག་པའི་དོན་འགྲེལ་ནས། །སློབ་མར་བླ་མས་ནན་ཏན་ལེགས་སུ་གདམས། །སློབ་མས་སྲོག་ཕྱིར་མི་འདའ་ཁས་བླངས་དྲིལ། །ཨེ་མ། རང་གི་སྲོག་ལས་བླ་མ་གཅེས་སུ་བཟུང་། །རྡོ་རྗེ་མཆེད་ལ་བརྩེ་གདུང་གུས་པ་འདོན། །རིས་མེད་འགྲོ་ལ་རྟག་ཏུ་སེམས་བསྐྱེད་བརྩོན། །སེམས་ལ་ཉམས་མྱོང་རྟོགས་པའི་རྡོ་རུས་སྤྲོད། །གེགས་སེལ་བོགས་འདོན་བླ་མའི་གསོལ་འདེབས་གྱིས། །ཚེ་འདིའི་བྱ་བ་འདོད་ཞེན་རྒྱང་དུ་སྐྱུར། །ཕྱི་མའི་བརྟུལ་ཞུགས་བློ་ཕུག་མཆོག་གསུམ་གཏོད། །སྒྲུབ་ལ་དཀའ་སྤྱོད་སྐྱིད་སྡུག་རོ་སྙོམས་གྱིས། །ཆོས་ཀྱི་སྙན་ཚིག་ཐོས་བསམ་དཔེར་མ་བཞག །ཉག་གཅིག་དོན་དྲིལ་རང་རིག་ངོ་བོར་མྱོངས། །རང་གཞན་དོན་གཉིས་གཏེར་སྒོ་ཚེ་འདིར་ཕྱེས། །གཏན་ཆོས་གྲུབ་མཛོད་ཁ་ཆེམས་ཡིན་ནོ་ལོངས། །ཨེ་མ་ཧོ། འདི་ལྟར་གཅིག་ཆོག་བསྐྱེད་རྫོགས་ཀུན་དྲིལ་བཅུད། །གནད་གདམས་ཟབ་ཡང་ཞུན་མཆོག་རྒྱལ་བ་ཀུན། །གཤེགས་ཤུལ་སྙེགས་བྱེད་ཆོས་བཞིའི་ཉམས་ལེན་མཐིལ། །སྙིང་པོར་གྱུར་པ་བླ་མའི་རྣལ་འབྱོར་འདི། །སྙིགས་མའི་དུས་སྐྱེས་ཤཱཀྱའི་དགེ་བསྙེན་ནི། །སྔགས་ལམ་ལ་ཞུགས་རྣལ་འབྱོར་གཟུགས་འཆང་བ། །ཐོས་བསམ་སྒོམ་པས་རབ་དབེན་སྙོམ་ལས་མཁན། །ཚེ་དབང་ནོར་བུ་དཔལ་གྱི་རྒྱ་མཚོ་ཡིས། །རང་ལོ་ཉེར་བཞི་ལྔ་པ་ཟིན་ཉེ་བའི། །དགེ་བྱེད་ཧོར་ཟླ་དཔྱིད་ཐ་ས་གའི་ཚེས། །དཀར་ཕྱོགས་བྱང་ཆུབ་དུས་ཆེན་རི་དྭགས་སྤྲས། །རྒྱས་པའི་འགྲུབ་སྦྱོར་རབ་ཏུ་བཟང་པོར་བཀོད། །དགེ་དེས་ནམ་མཁའི་མཐའ་ཀླས་སེམས་ཅན་ཀུན། །རྣམ་དཀར་ཐར་པ་བྱང་ཆུབ་ལམ་ཟིན་ཞིང་། །གཏན་བདེ་མྱ་ངན་འདས་པའི་སར་གཤེགས་ནས། །སྐུ་གསུམ་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག །ཅེས་སྐལ་ལྡན་སྤྲོས་མེད་ཀྱི་དོན་ལ་གཉེར་བར་བྱེད་པར་བསྐྱེད་རྫོགས་ཀྱི་དོན་ཆིག་དྲིལ་ཁྱེར་བདེ་དེས་ཕན་པར་གོ་ནས། རྡོ་རྗེ་སློབ་དཔོན་སྒྲུབ་པའི་མན་ངག་འདི་ཉིད། སྔགས་ཀྱི་རྣལ་འབྱོར་ཚེ་དབང་ནོར་བུ་བསོད་ནམས་ཐེག་མཆོག་བསྟན་འཛིན་ནམ་ཀརྨ་བསྟན་པ་མཐའ་རྒྱས་འགྲོ་འདུལ་རྡོ་རྗེ་སེམས་དཔའ་རྩལ་གྱིས་ཡུལ་མདོ་ཁམས་འབྲི་རྒྱུད་རེ་ཁེ་ཆ་བསྭོ་ལྕི་རོང་བ་ཟལ་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེའི་གཟུགས་བརྙན་པ་རང་གི་སློབ་མ་དད་བརྩོན་དང་ལྡན་པ་རབ་འབྱམས་པ་ནོར་བུ་བློ་གྲོས་ཀྱིས་བགྱིས་པ་སྟེ། སླར་ཡང་རང་ལོ་བཞི་བཅུའི་བགྲང་བྱར་རེག་པ་རབ་བྱུང་བཅུ་གཉིས་པའི་སྐབས་དུས་ཀྱི་ཕོ་ཉ་ཞེས་ས་རྟ་དཔྱིད་ས་ག་ཟླ་བའི་དུས་བཟང་པོར་གངས་ཅན་བོད་ཡུལ་ཡོངས་ཀྱི་རྟེན་གཙོ་ར་ས་འཕྲུལ་སྣང་ཇོ་ཤཱཀ་ཀྱི་སྤྱན་སྔར་ཐེག་ཆེན་གྱི་སྨོན་ལམ་དོས་དྲག་ཏུ་བཏབ་པའི་དུས་སུ་གཞུང་འདིའི་འདོན་བྱར་བཤད་བདེ་བའི་སླད་དུ་ཅུང་ཟད་ཙམ་གྱི་ཚིག་སྣ་བསྲིང་བར་བྱས་པ་ཡིན་ནོ། །སྨྲས་པ། ཡིད་བཞིན་ནོར་བུ་རྙེད་ཚེ་རྒྱ་མཚོས་ཅི། །ཆོས་ཀྱི་སྙིང་པོ་ཐོབ་ཚེ་གཞུང་མང་ཅི། །བློ་སྣ་མ་མང་ལམ་ཟབ་འདི་ཁོ་ནར། །བརྩོན་པས་ཚེ་གཅིག་སངས་རྒྱས་ས་ཐོབ་ངེས། །བདག་གི་འབད་པས་གཞུང་འདི་བཀོད་པ་ཡི། །དགེ་བས་ཀྱང་ནི་མཁའ་ཁྱབ་འགྲོ་བ་ཀུན། །གཅིག་ཆོག་བླ་མའི་སྒྲུབ་པ་འདིར་ཞུགས་ནས། །ཀུན་ཏུ་བཟང་པོ་ཇི་འདྲ་མྱུར་ཐོབ་ཤོག །ཅེས་པའང་རིག་པ་འཛིན་པ་ཚེ་དབང་ནོར་བུས་སོ། །དགེའོ། །དགེའོ། །དགེའོ།། །།
ཛཔ྄་བསྐུལ་ (Volume 20, Text 44)
ཧྲཱི༔ བདག་མདུན་རིན་ཆེན་གཞལ་ཡས་ཁང་གི་དབུས༔ གེ་སར་པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས༔ རྩ་གསུམ་ཀུན་འདུས་ལྷ་ཡི་ཐུགས་ཀ་ན༔ འདབ་བརྒྱད་རིན་ཆེན་གསེར་རྡོར་ལྟེ་བ་རུ༔ བདེ་སྟོང་ཉི་ཟླའི་གྭ་འུ་ཁ་སྦྱོར་ནང༔ ཡེ་ཤེས་ལྔ་ལྡན་ཧྲཱིཿཡིག་ཚེག་དྲག་ཅན༔ མཐའ་སྐོར་སྔགས་ཕྲེང་དམར་པོ་དྭངས་གསལ་བསྐོར༔ རིག་པའི་གསལ་མདངས་ལྔ་ལྡན་ལུག་རྒྱུད་འོད༔ འཕྲོས་པས་རྒྱལ་ཀུན་མཆོད་ཅིང་དབང་བཞི་ཐོབ༔ འགྲོ་དྲུག་སྒྲིབ་སྦྱངས་ཕྱི་སྣོད་གཞལ་ཡས་ཁང༔ ནང་བཅུད་སྐུ་གསུམ་འཆི་མེད་ལྷ་རུ་ཤར༔ སྐུ་ལས་གསུང་བྱུང་གྲགས་སྟོང་སྔགས་སྒྲ་སྒྲོག༔ འཕོ་འགྱུར་གཉིས་མེད་ཐུགས་སྲོག་སྐྱེ་མེད་ཀློང༔ དེ་ཉིད་ངང་ལས་ལྕགས་ཀྱུའི་འོད་ཟེར་གྱིས༔ ཚེ་བཅུད་ཀུན་བསྡུས་བུང་བ་ཚང་འཁོར་ལྟར༔ ཐུགས་དགོངས་མ་བཅོས་སྐྱེ་མེད་ངང་དུ་བཟླ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཱ་ཡུཿསིདྡྷི་ཧཱུྃ་ཛ༔
ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ མ་མོ་འཁྲུགས་པའི་སྐོང་བ་ (Volume 39, Text 44)
༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལས༔ མ་མོ་འཁྲུགས་པའི་སྐོང་བ་བཞུགས་སོ༔ ྈྈྈྈྈྈྈྈ བཛྲ་བྷ་ར་ཧི་ན་མོ༔ མཁའ་འགྲོའི་ལས་ཚོགས་མ་མོ་འཁྲུགས་སྐོང་བསྟན༔ ཡུལ་དུ་དལ་ཡམས་བྱུང་ངམ་མ་མོ་དག༔ འཁྲུགས་ལྟས་བྱུང་ཚེ་དང་པོ་གཞུང་གཞན་འབྲེལ༔ སྨན་རཀ་གཏོར་གསུམ་ལྟག་སྤྲོད་རྐང་གླིང་རྔ༔ མེད་དུ་མི་རུང་གཞན་གྱི་མཆོད་རྫས་རྣམས༔ སྨན་རཀ་གཏོར་གསུམ་ལས་ནི་སྤྲུལ་སྤྲོ་གནད༔ ཅི་ཕྱིར་ཞེ་ན་མ་མོའི་རྫས་མང་བས༔ མ་འཛོམ་སྔགས་འཆང་བླུན་པས་རྫས་ལོག་ན༔ ཕན་ལས་ཉེས་ཆེ་དེས་ན་དེ་ལྟར་ལེགས༔ ཚིག་དོན་བཞིན་བསྒོམ་མ་ཡེངས་ངང་ནས་བྱ༔ ཨོཾ་ཨཱཿཧཱུྃ༔ བྷན་དྷ་འབར་བའི་སྣོད་སོགས་སུ༔ སྨན་དང་རཀྟ་གཏོར་མ་བཤམས༔ ཡེ་ཤེས་བདུད་རྩི་བདེ་བའི་རྒྱུན༔ འདོད་ཡོན་སྣ་ཚོགས་འབྱུང་གྱུར་ཅིག༔ ཧཱུྃ༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་བརྡུངས༔ མི་རྐང་གླིང་བུའི་སྐད་བཏང་ཚེ༔ སྣང་སྲིད་མ་མོ་མཆིས་སོ་ཅོག༔ ད་ལྟ་ཉིད་དུ་བརྩེར་དགོངས་གཤེགས༔ སོ་སོའི་གདན་སྤྲུལ་སྟེང་དུ་བཞུགས༔ ཕྱི་ནང་གསང་མཆོད་འདོད་ཡོན་ཚོགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ བསྟོད་པར་འོས་པ་ཀུན་ལ་བསྟོད༔ ན་མོ༔ བདག་གི་ལྷ་སྔགས་ཏིང་འཛིན་དང༔ མཆོག་གསུམ་རྩ་གསུམ་བདེན་སྟོབས་དང༔ ཆོས་ཉིད་རྟེན་འབྲེལ་བསླུ་མེད་མཐུས༔ སྣང་སྲིད་མ་མོ་ཅི་དགྱེས་རྫས༔ སྨན་རཀ་གཏོར་མ་འདིར་འབྱུང་ཤོག༔ དེ་ཡང་འཛད་མེད་སྣང་སྲིད་ཁྱབ༔ སོ་སོར་མོས་པའི་འདོད་ཡོན་ལྡན༔ ཕམ་རྒྱལ་རྩོད་སོགས་མི་འབྱུང་ཤོག༔ བྷྱོ༔ དུས་ངན་སྙིགས་མ་ལྔ་བདོའི་དུས༔ མཆོག་དམན་བར་པའི་འགྲོ་བ་དག༔ སྦྱོར་རྩུབ་ལོག་པར་བསྒྲུབས་པ་ཡིས༔ མ་མོ་འཁྲུགས་ཀུན་བསྐང་བར་བྱ༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མི་དགེ་ལས་ངན་བསགས་པའི་མཐུས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ལུས་ཀྱི་སྒོ་ནས་ཉེས་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ངག་གི་སྒོ་ནས་ཉེས་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ཡིད་ཀྱི་སྒོ་ནས་ཉེས་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ སངས་རྒྱས་བསྟན་ལ་གནོད་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ དམ་པའི་ཆོས་ལ་གནོད་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ དགེ་འདུན་མཆོག་ལ་གནོད་བྱས་པས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ཡེ་ཤེས་པ་ལ་ཐུགས་འགལ་བྱས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ འཇིག་རྟེན་པ་ལ་ཐུགས་འགལ་བྱས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ བསྐྱེད་སྔགས་ཏིང་འཛིན་གཡེལ་བ་ཡིས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ བསྙེན་སྒྲུབ་རྫས་ལ་ཚད་མ་ལྡན༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ ཐེག་པ་རིམ་དགུའི་དམ་ཚིག་འགལ༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མ་མོའི་སྐུ་དང་གང་འགལ་བྱས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མ་མོའི་གསུང་དང་གང་འགལ་བྱས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མ་མོའི་ཐུགས་དང་གང་འགལ་བྱས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མ་མོའི་ཡོན་ཏན་གང་འགལ་བྱས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མ་མོའི་ཕྲིན་ལས་དང་འགལ་བསྒྲུབས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བདག་དང་སེམས་ཅན་ཐམས་ཅད་ཀྱིས༔ མ་མོ་འཁྲུགས་པའི་ལས་ཀུན་བགྱིས༔ སྣང་སྲིད་མ་མོ་འཁྲུགས་སྲིད་ན༔ འཁྲུགས་པའི་མ་མོ་ཐུགས་དམ་བསྐང༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༔ བདུད་རྩི་སྨན་གྱི་མཆོད་པས་བསྐང༔ རཀྟ་དམར་གྱི་མཆོད་པས་བསྐང༔ རྨད་དུ་བྱུང་བའི་གཏོར་མས་བསྐང༔ ཕྱི་ནང་གསང་བའི་མཆོད་པས་བསྐང༔ མ་མོ་དགྱེས་རྫས་ཀུན་གྱིས་བསྐང༔ ཐོད་པ་ལྟག་སྤྲོད་རྔ་སྒྲས་བསྐང༔ མི་རྐང་གླིང་བུའི་སྒྲ་ཡིས་བསྐང༔ ཉེས་བྱས་ཐམས་ཅད་མཐོལ་ལོ་བཤགས༔ འགལ་བ་དག་ཅིང་སོར་ཆུད་ནས༔ སྣང་སྲིད་མ་མོ་རྟག་དགྱེས་ཤོག༔ སྣང་སྲིད་མ་མོ་དགྱེས་པའི་མཐུས༔ མ་མོའི་ནད་རིགས་མཐའ་དག་སོལ༔ འགྲོ་བའི་སྡིག་སྤྱོད་ཀུན་བྲལ་ནས༔ མ་མོ་ནང་འཁྲུགས་མི་འབྱུང་ཞིང༔ མ་མོའི་ཁ་རླངས་ནད་ཀུན་ཞི༔ འགྲོ་བ་རྟག་ཏུ་བདེ་ལྡན་ཤོག༔ ད་ནི་ཕྲིན་ལས་བཅོལ་བ་ནི༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ མི་རུངས་མི་ཤིས་མཐའ་དག་ཟློག༔ མི་མཐུན་རིགས་ཀུན་དགྲ་ལ་སྒྱུར༔ རིམས་ནད་འགོས་ནད་རིགས་ཀུན་ཟློག༔ མི་ཕྱུགས་ནད་ཡམས་ཞིང་གནོད་ཟློག༔ དམག་འཁྲུག་མུ་གེ་ལྟས་ངན་ཟློག༔ དགྲ་འདྲེ་བྱད་ཀྱི་འཚེ་བ་ཟློག༔ མ་མོའི་ཆད་པ་ཐམས་ཅད་སོལ༔ ཅི་བསམ་ཡིད་བཞིན་མྱུར་འགྲུབ་མཛོད༔ མཆོག་གསུམ་རྩ་གསུམ་ལྷ་སྔགས་དང༔ ཏིང་འཛིན་ཆོས་ཉིད་རྟེན་འབྲེལ་རྣམས༔ བདེན་པས་མ་མོ་འཁྲུགས་པ་ཀུན༔ ཞི་ནས་ཉམས་ཆག་སོར་ཆུད་ཤོག༔ མང་བྱས་ཚར་རེར་སྨན་གཏོར་རཀྟ་འབུལ༔ ཚིག་དོན་ཡིད་བསྒོམ་ཞེ་ཐག་བཤགས་པ་འབད༔ མ་མོ་འཁྲུགས་སྐོང་གཞན་ཡང་བྱས་ཀྱང་ལེགས༔ དེ་ལྟར་ཡང་འབད་ཕན་ཡོན་ཤིན་ཏུ་ཆེ༔ ཁྱད་པར་ནད་རིམས་དལ་ཡམས་དུས་སོགས་བྱ༔ ལར་ནི་ཀུན་ལ་མེད་དུ་མི་རུང་ངོ༔ ཚད་དང་ལྡན་ན་ཅི་བསམ་འགྲུབ་པའི་རྒྱུ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ མ་མོ་འཁྲུགས་པའི་སྐོང་བ་འདི་དང་མཁའ་འགྲོ་སེང་གདོང་མའི་ཆོས་སྐོར་འདི་ནི། དངོས་ངན་པ་རོལ་པའི་རྡོ་རྗེས་རྡོ་རྗེ་ཅོང་ཕུག་ནས་གདན་དྲངས་པའོ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ནད་མུག་མཚོན་གསུམ་ཞི་བའི་སྨོན་ལམ་དཀོན་མཆོག་གསུམ་དང་ཨོ་རྒྱན་ཡབ་ཡུམ་བདེན་པས་འགྲུབ་པར་ཤོག །ཡང་ཡེ། ཡང་ཡེ། ཡང་ཡེ། ཕ་དཀོན་མཆོག་ལ་བློ་ཕུག་མ་ལོག་ན། །ཕ་ཨོ་རྒྱན་ཡབ་ཡུམ་མ་བརྗེད་ན། །རང་གང་འདོད་ཆོས་དང་འཕྲད་པར་འགྱུར། །དེ་ཨེ་བདེན་ཨ་བུ་ང་ལ་གཟིགས། །ཉམས་མཚར་དུ་བྲིས་ལགས།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གདམས་པའི་ས་བཅད་ཟིན་ཐོར་བཀོད་པ་ངོ་མཚར་སྙིང་པོ་ (Volume 3, Text 44)
༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་གདམས་པའི་ས་བཅད་ཟིན་ཐོར་བཀོད་པ་ངོ་མཚར་སྙིང་པོ་བཞུགས་སོ། ། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་པ། །སྤྲོ་བསྡུའི་གར་མཁན་རིགས་བརྒྱའི་བདག །བླ་མ་རྡོ་རྗེ་སེམས་དཔའི་ཞབས། །སྤྱི་བོར་མཆོད་ནས་ཟིན་ཐུན་སྤེལ། །ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་དགོངས་པའི་གཏེར་ཁ་ལའང་ཟབ་ཅིང་རྒྱ་ཆེ་བར་སྣང་བ་ལས། གྲུབ་ཐོབ་ཐུགས་ཏིག་གི་ཆོས་སྐོར་ལ་རྩ་བ་དང་ཡན་ལག་གཉིས། རྩ་བ་ནི་གྲུབ་ཆེན་ཐང་རྒྱལ་ཉིད་ཀྱི་བླ་སྒྲུབ་སྨིན་གྲོལ་ཡན་ལག་བཅས་པ་བཞུགས་ཤིང་། དེའི་གྲོལ་བྱེད་ཁྲིད་ལའང་རྩ་བ་དང་ཡན་ལག་གཉིས། རྩ་བ་བསྐྱེད་རིམ་སྣང་སྟོང་དྲྭ་བ། རླུང་དང་གཏུམ་མོ་གསལ་སྟོང་དྲྭ་བ། ཐབས་ལམ་བདེ་སྟོང་དྲྭ་བ། རྫོགས་པ་ཆེན་པོ་ཡེ་ཤེས་དྲྭ་བ་སྟེ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་དྲྭ་བ་རྣམ་པ་བཞི། ཡན་ལག་ལྟ་བ་དབུ་མ་ཆེན་པོ་བརྒྱད་སྟོང་པའི་སྙིང་པོ་རྣམ་ཐར་སྒོ་གསུམ་དང་སྦྱར་བའི་ཁྲིད། སྒོམ་པ་ཕྱག་རྒྱ་ཆེན་པོ་གའུ་མ། སྤྱོད་པ་རོ་སྙོམས་ཆེན་པོ་ཐང་སྟོང་སྙན་བརྒྱུད་ཀྱི་གཅོད་ཡུལ། བོགས་འདོན་ཐབས་ལམ་ཆེན་པོ་ནི་གུ་ཆོས་དྲུག །འབྲས་བུ་རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་གྱི་སྙིང་པོ་བཅས། ཡན་ལག་སྐོར་ལ་རྒྱུད་སྡེ་སྒྱུ་འཕྲུལ་དང་འབྲེལ་བའི་སྒྲུབ་ཐབས་སྙིང་པོ་སྐོར་ལྔའི་ལམ་རིམ། སྒྲུབ་ཆེན་བཀའ་བརྒྱད་ལུང་། མན་ངག་སྨད་ལས་དང་བཅས་པ་ཆོས་ཚན་གཅིག་ཏུ་རྫོགས་པ། དེ་རྣམས་ཀྱི་བཀའ་སྲུང་ལྕགས་ཟམ་པའི་ལུགས་ཀྱི་མགོན་པོ་བདུན་རྫོགས་དམ་ཅན་སྡེ་བདུན་གཅིག་ཏུ་བསྡུས་པ་བཅས་ཟབ་རྒྱས་སུ་བཞུགས་པ་ལས། སྒྲུབ་ཐབས་སྙིང་པོ་སྐོར་ལྔ་ནི། གསང་བ་སྙིང་པོའི་རྒྱུད་ཤིན་ཏུ་གསང་བ་མན་ངག་སྙིང་པོའི་ལེའུ་ལས། མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་དང་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་པའི་རིམ་པ་རྣམས་ཀྱི་དགོངས་དོན་ལྟ་བ་ལམ་བྱེད་ཀྱིས་གཏན་ལ་དབབ། སྒོམ་པ་རྣམ་ཤེས་དང་ཡེ་ཤེས་ལམ་བྱེད་གཉིས་ཀྱིས་ཉམས་སུ་ལེན། སྤྱོད་ཡུལ་ལམ་བྱེད་དབང་དང་དམ་ཚིག་གིས་གཞི་བཟུང་ཞིང་ཕྲིན་ལས་ཀྱིས་ཁ་བསྐང་སྟེ་སྔ་མ་སྔ་མའི་འཁྲུལ་པ་ཕྱི་མས་རིམ་པར་བསལ་ནས་འབྲས་བུ་མཆོག་ལ་སྦྱོར་བའི་མན་ངག་གི་གཞུང་དང་རྒྱབ་རྟེན་ཟུང་དུ་འབྲེལ་བ་ཁྱད་པར་འཕགས་པའི་གཞུང་སྒྲུབ་ཐབས་སྙིང་པོ་སྐོར་ལྔ་འདི་ཉིད་འཆད་པ་ལ་གཉིས། མན་ངག་ཁྲིད་ཀྱི་རིམ་པ་དང་། རྒྱབ་རྟེན་བཤད་པའི་རིམ་པ་གཉིས། དང་པོ་མན་ངག་ཁྲིད་ཀྱི་རིམ་པ་ལ་གསུམ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་སྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། གདམས་ངག་གི་སྒོ་ནས་གྲོལ་བར་བྱེད་པའོ། །དང་པོ་ལ། ལོ་རྒྱུས་ལུང་གི་ངེས་པ་དངོས་ནི། བོད་ཀྱི་རྣལ་འབྱོར་ཐང་སྟོང་པ༔ སོགས་སྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བ་ལྟར་དང་། བྱེ་བྲག་དབང་གི་སྐབས་ཆུ་བོ་བཞིའི་བབས་ལུགས་དབང་ལེ་ནས། དེ་ཡང་འོག་མིན་གསང་ཆེན་སོགས་ཀྱིས་འཆད། གཉིས་པ་རྩ་བ་བླ་མ་ཞི་བའི་ཐེག་པ་བཅུ་གཅིག་གི་དབང་མཐའ་རྟེན་དམ་ཚིག་རྣམ་གཞག་བཅས། ཡན་ལག་གུར་དྲག །ཐུགས་རྗེ་ཆེན་པོ། རྟ་མགྲིན། ཕག་མོའི་དབང་སོ་སོའི་ཁྱད་པར་བཅས་བསྐུར། གསུམ་པ་གྲོལ་བྱེད་ཁྲིད་ལ་བླ་མ་ཞི་བའི་གཞུང་ལས། དེ་ཡང་དབང་ཐོབ་དམ་ཚིག་ལ༔ ཞེས་སོགས་ཀྱིས་བསྟན་པ་ལྟར་ཉམས་ལེན་གྱི་གཞི་བཅའ་བ་དང་ཉམས་ལེན་དངོས་གཉིས། ཕྱི་མ་ལ། སྔོན་འགྲོ །དངོས་གཞི། རྗེས་གསུམ། སྔོན་འགྲོ་ལ། ཐུན་དང་ཁྲིད་ཀྱི་སྔོན་འགྲོ་གཉིས། ཁྲིད་ཀྱི་སྔོན་འགྲོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་ངེས་འབྱུང་གི་བསམ་པ་བསྐྱེད་པ། རྒྱུ་དལ་འབྱོར་རྙེད་དཀའ། རྐྱེན་མི་རྟག་པ། ངོ་བོ་ངེས་འབྱུང་། འབྲས་བུ་ལས་འབྲས་བླང་དོར་གྱི་བློ་ལྡོག་རྣམ་བཞི་སྤྱི་ལྟར། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐར་པའི་ལམ་གྱི་རྩ་བ་སྐྱབས་འགྲོའི་རྟེན་བྱས་ནས་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་བརྟེན་པ་སེམས་བསྐྱེད་གཉིས་དམིགས་རྣམ་སྤྱི་ལྟར་དང་ངག་འདོན་ཕྲིན་ལས་ལྟར་བྱ། སྡིག་ལྟུང་སྦྱོང་བ་རྡོར་སེམས་བསྒོམ་བཟླས་སྦྱོར་དངོས་མཇུག་གསུམ་སྤྱི་ལྟར་ལ་ངག་འདོན་ཕག་མོའི་སྐོང་བཤགས་ནས་ལེན། མཎྜལ་ཕྱི་ཀུན་རྫོབ་རྫས་མཎྜལ་སོགས་རྣམ་གཞག་དང་དམིགས་པ་སྤྱི་ལྟར། ངག་འདོན། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་དང༔ བྱང་ཆུབ་སེམས་ཀྱི་མཎྜལ༔ དཀོན་མཆོག་རྩ་གསུམ་རྒྱ་མཚོར་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ གསག་སྦྱང་དབྱེར་མེད་བླ་མའི་རྣལ་འབྱོར་ལ། སྦྱོར་བ་ཚོགས་རྟེན་གསལ་གདབ་པ་རྒྱས་བསྡུས་གཉིས་ལས་རྒྱས་པ་སྐྱབས་ཡུལ་ལྟར་ཁྲོམ་ཚོགས་སུ་གསལ་བཏབ་ཀྱང་རུང་མོད། འདིར་བསྡུས་པའི་དབང་དུ་བྱས་ན། ཨེ་མ་ཧོ། སྣང་སྲིད་ཐམས་ཅད་པདྨ་དྲྭ་བའི་ཞིང་། །ཡིད་འཕྲོག་མཆོད་སྤྲིན་འཇའ་ཟེར་ཐིག་ལེར་བརྡལ། །རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་རབ་དམར་ཁྲོ་འཛུམ་མཆེ་བ་གཙིགས། །སྤྱན་གསུམ་དམར་ཟླུམ་རྗེས་ཆགས་ནམ་མཁར་གཟིགས། །དབུ་སྐྲ་ཐོར་ཅོག་ལྷག་མ་སྐུ་རྒྱབ་གྲོལ། །རྣ་ལྟག་གཡས་སུ་ཕག་ཞལ་བཞད་ཅིང་ངུར། །ཕྱག་གཡས་རྡོ་རྗེ་གྲི་གུག་ནམ་མཁར་འཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་བསྣམས། །གྲུ་མོ་གཡོན་ན་ཁ་ཊྭཱཾ་འོད་འབར་འཆང་། །སྐུ་ལ་རུས་པའི་ཕྱག་རྒྱ་རྣམ་ལྔ་དང་། །ཐོད་སྐམ་དབུ་རྒྱན་དོ་ཤལ་རིང་དུ་གཡོ། །དར་གྱི་ཅོད་པན་མེ་ཏོག་ཕྲེང་བས་བརྒྱན། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས། །པདྨ་ཉི་མ་བམ་རོའི་གདན་གྱི་སྟེང་། །ཡེ་ཤེས་མེ་ཕུང་འབར་བའི་དབུས་ན་རོལ། །མདུན་གྱི་ནམ་མཁའ་འཇའ་ཟེར་འོད་ཕུང་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་། །རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། །དཀར་དམར་མདངས་ལྡན་ཞི་འཛུམ་ཁྲོས་པའི་ཉམས། །ཕྱག་གཡས་རྡོ་རྗེ་ཐུགས་ཀའི་སྟོད་དུ་འཛིན། །གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས། །གྲུ་མོ་གཡོན་དུ་སྦས་ཡུམ་ཁ་ཊྭཱཾ་བརྟེན། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་དང་། །སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམ་བཀླུབས། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ངོ་བོར་གསལ། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་དབྱེར་མེད་གྱུར། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ནས། གུ་རུ་པདྨ་སིདྡྷི་ཧཱུྃ། དངོས་གཞི་ཚོགས་རྫོགས་པའི་སླད་དུ་ཡན་ལག་བཅུ་པ་བྱེད་པར་སྤྲོ་ན། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ སོགས་ཕྲིན་ལས་ལྟར། བྱིན་རླབས་འཇུག་པའི་སླད་དུ་གསོལ་བ་འདེབས་པ་སྤྲོ་ན་བརྒྱུད་པའི་གསོལ་འདེབས་དང། གསོལ་འདེབས་ལེའུ་བདུན་མ་ཚང་བའམ་ཁོལ་ཕྱུང་ཅི་རིགས་པ་བྱ། གང་ལྟར་ཡང་ཚིག་བདུན་གསོལ་འདེབས་དང་། གསོལ་འདེབས་ཀྱི་སྙིང་པོ་བཛྲ་གུ་རུ་ཆིག་སྒྲིལ་དུ་བྱ། མཇུག་དབང་བླང་བ་ནི། དཔལ་ལྡན་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །དེ་ཁོ་ན་ཉིད་ལ་བློ་བཞག་པ་ངག་འདོན་བྱ་བར་སྤྲོ་ན། བླ་མ་ཨོ་རྒྱན་ཆེན་པོ་ཉིད། །དགྱེས་པ་ཆེན་པོས་རང་ལ་ཐིམ། །རང་ཡང་ཀུན་གཞི་མ་བཅོས་པའི། །ངང་ལ་ཡིད་ནི་འཛིན་པ་བྲལ། །རྣམ་དག་སྤྲོསབྲལ་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་གཉིས་སུ་མེད། ཅེས་བརྗོད་ཅིང་དགོངས་པ་བསྐྱང་། སྔོན་འགྲོ་ཁོ་ནའི་ངག་འདོན་སྐབས། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་རྒྱས་བསྡུས་ཅི་ལྟར་རིགས་པ་བྱ། གཉིས་པ་དངོས་གཞི་ཉམས་སུ་བླང་བ་ལ། སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་སོགས། ལམ་གྱི་རིམ་པ་འབྲེལ་བསྒྲིགས་ནས་ཉམས་སུ་བླང་བ་ལ་གསུམ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ། ཞར་བྱུང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ནི། ལྟ་བ་ལམ་བྱེད། དངོས་གཞི་སྙིང་པོའི་ཏནྟྲ་སོགས་གཞུང་དང་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུང་མན་ངག་ལྟ་བའི་ཕྲེང་བ་ལྟར་སྦྱང་གཞི་འཇིག་རྟེན་དང་སྦྱོང་བྱེད་འཇིག་རྟེན་ལས་འདས་པའི་ཐེག་པའི་རིམ་པ་བཅུ་གཅིག་སྔ་མ་སྔ་མ་རྣམས་ཀྱི་ལོག་རྟོག་བསལ་ནས་ཕྱི་མའི་དགོངས་པ་ལ་རིམ་པར་འཁྲིད་ཅིང། མཐར་ཐུག་མ་ཧཱའི་ཨ་ཏི་རྫོགས་པ་ཆེན་པོ་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་རྣམ་ཤེས་ཀྱི་ཕྲེང་བའམ་རྣམ་ཤེས་ལམ་དུ་ཁྱེར་བ་བསྐྱེད་པའི་རིམ་པ་སྒྲུབ་ཐབས་དང་སྦྱར་བའི་དབང་དུ་བྱས་ན། སྦྱོར་བའི་ཆོས་དགུ་ཕྲིན་ལས་ལྟར་དང་། དངོས་གཞི་བསྐྱེད་རིམ་ལ་བླ་མ་ཞི་བ་སོགས་སྒྲུབ་ཐབས་སྐོར་ལྔ་སོ་སོའི་འཇུག་པའི་རིམ་པ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ནས། དམ་ཡེ་དབྱེར་མེད་ཀྱི་ཚུལ་དུ་བྱས་ཏེ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་ཀྱང་རུང་མོད། ཕྲིན་ལས་ཀྱི་གཞུང་དང་སྦྱར་ནའང་ལེགས་པས་དེ་ལྟར་ན་གནས་གསུམ་བྱིན་རླབས། རྒྱས་གདབ། དབང་བསྐུར། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་པ་ནས་བསྟོད་པའི་བར་ཤར་སྒོམ་གྱི་ཚུལ་དུ་ཉམས་སུ་བླངས། གནས་པའི་རིམ་པ་ནི་དམིགས་པའི་གཙོ་བོ་ལྷ་ཡི་སྣང་ཞེན་ལ་བསླབ་པ་སྟེ། དེ་ལའང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་ལས། རྣམ་པ་གསལ་བ་རྣམ་པ་སྤྱི་ལ་སེམས་འཛིན་པས་ཐ་མལ་སྣང་ཙམ་གྱི་བག་ཆགས་སྦྱོང་། རྣམ་པ་བྱེ་བྲག་ལ་སེམས་བཟུང་བས་དེར་ཞེན་པའི་བག་ཆགས་སྦྱོང་བ་ནི་བསྐྱེད་རིམ་གྱི་དངོས་གཞི་སྔགས་ཀྱི་ཞི་གནས་སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་ལ། དེ་ཡི་ཡན་ལག་ཏུ་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ང་རྒྱལ་བརྟན་པ་དང་། བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་དང་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བར་བྱེད་པ་དག་པ་དྲན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་གཟེར་བཏབ། དེའི་ཡན་ལག་ཏུ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་པ་བླ་མ་ཞི་བའི་གཞུང་ལས་སོ་སོར་གསལ་བར་གསུངས་པ་ལྟར་སྙིང་པོ་སྔགས་ཀྱི་གཟེར་དང་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་བཏབ། གཞན་རྣམས་ལ་བསྙེན་སྒྲུབ་ལས་གསུམ་གསུངས་པ་དོན་ཐོབ་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ལའང་སྦྱར་རུང་མོད། དམིགས་པའི་གཙོ་བོ་རང་གཞུང་ལྟར་བྱ། གང་ལྟར་ཡང་ལྷ་དང་བདག་གཉིས་དབྱེར་མེད་དུ་ཤེས་པས་དགོངས་པ་མི་འགྱུར་བའི་གཟེར་བཏབ་པ་སྟེ། འདི་རྣམས་སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པ་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཁྲིད་དུ་བྱས་ན་རྣམ་པ་གསལ་བར་འགྱུར། གསུམ་པ་ཡེ་ཤེས་ཀྱི་ཕྲེང་བའམ་ཡེ་ཤེས་ལམ་དུ་ཁྱེར་བ་རྫོགས་པའི་རིམ་པ་ལ་གཉིས། ཞུ་བདེ་ལྷན་སྐྱེས་ཀྱིས་དཔེའི་འོད་གསལ་འདྲེན་པ་དང་། རང་བཞིན་ལྷན་སྐྱེས་ཀྱིས་དོན་གྱི་ཡེ་ཤེས་མངོན་དུ་བྱ་བའོ། །དང་པོ་ལ་གཉིས། སྦྱོར་བ་གསང་དབང་གི་ལམ་རླུང་དང་གཏུམ་མོ་བསྒོམ་ཚུལ་སྦྱོར་བ་སྔོན་འགྲོའི་རྒྱུད་སྦྱང་སོགས་གཞུང་གསལ་ལྟར་ལ། གཏུམ་མོའི་དམིགས་པ་སྙིང་པོའི་རྒྱུད་ལས། འཁོར་ལོ་གསུམ་གཉིས། སོགས་གསུངས་པ་ལྟར་སྟེང་སྒོ་རྣམ་གྲོལ་གྱི་ལམ་རྒྱུ་དྲོད་ཀྱི་གཏུམ་མོ། རྐྱེན་བདེ་བའི་གཏུམ་མོ། རང་འབྲས་མི་རྟོག་པའི་གཏུམ་མོ་རྣམས་རིམ་པར་ཉམས་སུ་བླང་། གཉིས་པ་དངོས་གཞི་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག །དངོས་གཞི་གསུམ་པའི་དབང་གི་ལམ༔ ཞེས་སོགས་རྩ་ཐོ་ཙམ་གཞུང་གསལ་ལྟར་དབང་པོའི་རིམ་པ་དང་བསྟུན་པའི་ཉམས་ཁྲིད་ལོགས་སུ་ཤེས་དགོས། དབང་བཞི་པའི་ལམ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་གཏན་ལ་འབེབས་པ་ལའང་། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་བླང་པ། སྤྱོད་པས་བོགས་དབྱུང་བ་རྣམས་གཞུང་ནས། ལྟ་བ་བདེན་གཉིས་དབྱེར་མེད་པ༔ སོགས་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བསྟན་པ་ལྟར་ཉམས་སུ་བླང་། བསྐྱེད་རྫོགས་ཟུང་འབྲེལ་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བ། བསྐྱེད་རིམ་བསྙེན་པ། སྟེང་སྒོ་རྣམ་གྲོལ་ཉེ་བསྙེན། འོག་སྒོ་སྒྲུབ་པ། རང་བཞིན་ལྷན་སྐྱེས་སྒྲུབ་པ་ཆེན་པོ་དང་། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ལའང་བསྙེན་སྒྲུབ་བཞིར་དབྱེ་ཚུལ། བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཤེས་པ་སོགས་ལྟ་ཕྲེང་དང་འདིའི་མན་ངག་གཉིས་ཀ་ལྟོ་སྦྱོར་ན་ཤིན་ཏུ་གསལ་བར་ཡོད། ལམ་ལས་གྱུར་པའི་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི། མཐར་ཐུག་གི་འབྲས་བུ་སྐུ་ཡེ་ཤེས་ཕྲིན་ལས་ཀྱི་རྣམ་གཞག་གཞུང་ལ་མདོ་ཙམ་བསྟན་པའི་དོན་རྒྱས་པ་སྤྲོས་ཏེ་སྤྱི་ལྟར་སྦྱར། འདི་ཉིད་རྒྱུད་གསུམ་དང་སྦྱར་ན། རྒྱུ་ཤེས་པའི་མཚན་ཉིད་ཀུན་གཞི་རྒྱུའི་རྒྱུད། རྐྱེན་འཇུག་པའི་མཚན་ཉིད་ལམ་ཐབས་ཀྱི་རྒྱུད། ལམ་གྱུར་ཀྱི་འབྲས་བུ་མཐར་ཕྱིན་འབྲས་བུའི་རྒྱུད་དང་སྦྱར་དུ་རུང་སྟེ་དོན་གཅིག་པས་སོ། རྒྱུད་དོན་མན་ངག་གི་སྒོ་ནས་གཏན་ལ་འབེབས་པར་གསུངས་པ་འདི་ལྟ་བུ་ལ་དགོངས་པར་སྣང་། རྗེས་ཀྱི་ཁྲིད་ལ་ཐུན་གྱི་རྗེས་ནི་ལྡང་བའི་རིམ་པ་སྟེ། ཐུན་བཞི་སོགས་སུ་ལམ་རྩེ་གཅིག་ཏུ་སྒོམ་སྐབས་བསྐྱེད་རིམ་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ་བའམ་མ་གྲུབ་ཀྱང་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྣམ་ཕྲིན་ལས་ལྟར་མཐར་དབྱུང་། རྫོགས་རིམ་གྱི་སྐབས་བསྔོ་སྨོན་ཤིས་བརྗོད་ཙམ་བྱས་ནས་སྤྱོད་ལམ་ལ་འཇུག་པའི་སྐབས་དངོས་གཞིའི་ཉམས་ལེན་གང་རིགས་ཀྱི་རྩི་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག །ཁྲིད་ཀྱི་རྗེས་ཀྱི་རིམ་པ་ཉམས་རྟོགས་སྐྱེ་རིམ་བཞིན་བླ་མ་ཉམས་མྱོང་ཅན་གྱིས་ངོ་སྤྲོད་པ་དང་། གེགས་བསལ་བ་དང་། བོགས་དབྱུང་བ་དང་། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མཇུག་བསྡུ་བའོ། །བཞི་པ་ལས་ཀྱི་ཕྲེང་བའམ་ལས་ཀྱི་རིམ་པ་ལམ་དུ་ཁྱེར་བ་ལ། གཙོ་བོར་ཕྲིན་ལས་དང་བསྙེན་སྒྲུབ་ཡན་ལག་བཞི་ལྡན་སྦྱར་ནས་བྱ་བའི་ཚུལ་གཞུང་དུ་རྩ་ཐོ་ཙམ་གསལ་བ་དང་། གཞན་ཡང་དབང་། སྦྱིན་སྲེག །མཆོག་གི་ལས་སྦྱོར་ཐུན་མོང་བ་སྐྱེ་བདུན། ཁྱད་པར་གྱི་མྱང་གྲོལ་བདུད་རྩི་རིལ་བུ་སྒྲུབ་ཚུལ། དྲག་པོའི་ལས་སྦྱོར་རྩ་བ་སྲུང་ཟློག་བསད་གསུམ། མཐའ་སྡུད་མནན་འཕང་སྲེག་གསུམ། རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་སོགས་གཞུང་གསལ་དང་རྒྱས་པར་གཞན་དུ་ཞལ་འཕང་བ་ལྟར་ཤེས་པར་བྱའོ། །གཉིས་པ་རྒྱབ་རྟེན་བཤད་པ་བྱེད་ན། ལོ་རྒྱུས་ཀྱིས་ཐོག་དྲང་། སྤྱི་དོན་གྱིས་ཁོག་དབུབ། བླ་མ་ཞི་བའི་ལེའུའི་ལམ་བྱེད་སྐོར་བཞི་སྤྱི་ཆིངས་དང་། སྒྲུབ་ཐབས་གཞན་བཞི་རྣམ་ཤེས་ལམ་བྱེད་ཀྱི་ནང་གསེས་ཡིན་ཞིང་། ལམ་བྱེད་བཞི་པོ་རེ་རེ་ལའང་འཇིག་རྟེན་པ་ཕྱི་རོལ་པ་གསུམ་སྟེ་འདོར་བྱ་བཞི། དམན་ལམ་ཉན་རང་ཐེག་ཆེན་ཀྲི་ཡོག་བཅས་སྔ་མའི་སྐྱོན་ཕྱི་མས་སྤང་སྟེ་གསང་བ་གཉིས་ཀྱི་དོན་མཐར་ཐུག་ལ་སྦྱོར་བའི་ཚུལ་རྣམས་ལུང་རིགས་པ་གཏན་ཚིག་དུ་མའི་སྒོ་ནས་རྒྱས་པར་བཀྲོལ་ཞིང་། ཁྱད་པར་སློབ་དཔོན་ཆེན་པོའི་ཞལ་ལུང་རྩོད་པ་མེད་པ་མན་ངག་ལྟ་བའི་ཕྲེང་བ་རྩ་འགྲེལ་དང་ལྟོ་སྦྱར་ན་སྒྱུ་འཕྲུལ་སྙིང་པོའི་རྒྱུད་དོན་མན་ངག་གིས་བདེ་བླག་ཏུ་བཀྲོལ་བའི་ལེགས་བཤད་སྔ་ན་མེད་པ་འབྱུང་བར་འགྱུར་རོ། །དེའང་འདི་ལྟ་བུའི་གཞུང་རྒྱས་པ་ཕྲེང་བ་སྐོར་བཞི་ཞེས་ཤངས་ཟམ་བུ་ལུང་གི་གཏེར་ལུང་བདུན་པར་བཞུགས་ཤིང་པདྨས་རྗེས་བཟུང་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་གཏེར་སྐལ་ཡིན་སྣང་ཡང་རྟེན་འབྲེལ་གཞན་དབང་དུ་གྱུར་པས་ཕྱག་ཏུ་བཞེས་པ་མ་བྱུང་། འབྲིང་པོ་གནའ་བོའི་དུས་སུ་བྱོན་པའི་ལོ་ཙཱ་བ་ཤ་མི་གོ་ཆའི་རྣམ་འཕྲུལ་ཤ་མི་རྡོ་རྗེ་རྒྱལ་པོས་བསམ་ཡས་ཧས་པོ་རི་ནས་སྤྱན་དྲངས་པའི་དགོངས་དོན་ཟབ་ཏིག་འགྲོ་བ་ཀུན་སྒྲོལ་ཞེས་རྒྱུད་ལུང་མན་ངག་ཟབ་རྒྱས་སུ་ཡོད་པར་སྣང་ནའང་། དེང་སང་ནི་མཚན་ཙམ་ཡང་ཐོས་པ་དཀོན་པའི་སྐབས་འདིར། བསྡུས་པ་ལམ་ཁྱེར་སྐོར་བཞིའི་མན་ངག་སྒྲུབ་ཐབས་ལྔ་དང་འབྲེལ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བསམ་ཡས་མཆིམས་ཕུ་ནས་བཞེས་པའི་དཔེ་རྒྱུད་འོལ་བ་ལྷ་རྩེའི་བྲག་ཏུ་སྦས་ཤིང་། སྙན་བརྒྱུད་ཟབ་མོ་དགོངས་པའི་གཏེར་དུ་རྒྱས་བཏབ་པ་རྗེ་བླ་མས་གཏན་ལ་ཕབ་པ། འདི་ནི་པདྨའི་བཀའ་སྲོལ་འཛིན་པ་རྣམས་ནས་ཤིན་ཏུ་གཅེས་སྤྲས་སུ་མཛད་པར་རིགས་སོ། །དོན་མེད་དོན་ལོག་དོན་དམན་པའི། །སྐྱོན་ལས་གྲོལ་ཏེ་མཆོག་གསང་གི །འབྲས་ཐོབ་སྟོབས་ཀྱིས་ཁམས་གསུམ་པོ། །སྒྱུ་འཕྲུལ་དྲྭ་བར་སྡོམ་གྱུར་ཅིག །འདི་ལ་ཁྲིད་ཡིག་རྒྱས་པ་གལ་ཆེ་བར་སྣང་ཡང་སླད་ནས་འཆད་པ་པོ་རྣམས་ལ་ཁྲིད་རྒྱུན་དང་སྤྲོ་གཞིའི་ས་བོན་ཙམ་དུ་དམིགས་ནས་རྗེ་བཙུན་བླ་མ་རིན་པོ་ཆེའི་རྡོ་རྗེའི་ཞལ་ལུང་ཇི་ལྟ་བར་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །།
དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་ཕྱི་སྒྲུབ་རྒྱས་བསྡུས་རིག་གཏད་དང་བཅས་པའི་ཆོ་ག་ཚོགས་གཉིས་སྙིང་པོ་ (Volume 36, Text 44)
༄༅། །དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་ཕྱི་སྒྲུབ་རྒྱས་བསྡུས་རིག་གཏད་དང་བཅས་པའི་ཆོ་ག་ཚོགས་གཉིས་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡཻ། དུས་གསུམ་འདྲེན་པ་སྲས་བཅས་ལས། །ཐུགས་བསྐྱེད་ཕྲིན་ལས་ཕུལ་བྱུང་བ། །ཡུམ་གྱུར་སྒྲོལ་མ་ལ་བཏུད་ནས། །བྱ་སྤྱོད་དང་མཐུན་ཉམས་ལེན་བཤད། །དེའང་ཟབ་ཏིག་འདི་ཉམས་ལེན་ཡང་ཟབ་སྙིང་པོ་བསྡུས་པ་ཡིན་པས་སྤྲོས་བཅས་མང་དུ་མི་དགོས་ཀྱང་། ཅུང་ཟད་སྤྲོས་པ་དང་། རྒྱུན་ཁྱེར་དུ་བྱ་བ་སྟེ་རྒྱས་བསྡུས་གཉིས་ལས། དང་པོ་ནི། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྲིས་འབུར་སོགས་དཀོན་མཆོག་གི་རྟེན་གང་འཛོམ་གྱི་མདུན་དུ། སྟེགས་བུ་གཙང་མར་ཆུ་གཉིས་ཉེར་སྤྱོད། དཀར་ཟླུམ། བསང་ཆུ། མཆོད་པའི་མཎྜལ། འཐོར་ནས་སོགས་འདུ་བྱ། འགྲུབ་ན་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་བྱ་ཞིང་། མི་ལྕོགས་ན་ཤ་ཆང་མ་འབགས་པའི་སྔ་དྲོའི་ཆ་ལྟ་བུར་སྲིད་ལས་ངེས་པར་འབྱུང་བ་དང་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་སྐྱབས་སེམས་ནི། མདུན་གྱི་ནམ་མཁར་རྗེ་བཙུན་མ་མངོན་སུམ་བཞུགས་པར་མོས་ལ། ན་མོ། དཀོན་མཆོག་ཀུན་དངོས་རྗེ་བཙུན་མར། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་ནས། །ཟབ་མོའི་ལམ་ལ་འཇུག་པར་བགྱི། །ཚོགས་གསག་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པའི་བར་བརྗོད། མཆོད་པ་བྱིན་བརླབ་ནི། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་ཝ་སོགས་ཀྱིས་བསང་སྦྱང་། གནས་ཡུལ་པདྨོ་བཀོད་པའི་ཞིང་། །དབྱིབས་དང་རྒྱན་བཀོད་ཚད་མེད་པར། །ལྷ་རྫས་ཏིང་འཛིན་ལས་གྲུབ་པའི། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། དེ་ནས་ཐོག་མར་དཀོན་མཆོག་སྤྱི་ལ་ཕྱག་མཆོད་འབུལ་བ་ནི། ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང་། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་འཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་མཎྜལ་ཕུལ། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྲུང་ནོར་ལྷ་གཏེར་གྱི་བདག༔ ཡེ་ཤེས་གཅིག་གི་ངོ་བོ་ལས༔ རང་བཞིན་མ་འགགས་ཅིར་ཡང་སྟོན༔ ཐུགས་རྗེ་ཕྲིན་ལས་རྨད་པོ་ཆེས༔ འགྲོ་ཀུན་སྐྱབས་དང་མགོན་གྱུར་པ༔ མཁྱེན་བརྩེའི་བདག་ཉིད་ཁྱེད་རྣམས་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟག་ཏུ་ཐུགས་རྗེས་བསྐྱབ་མཛད་གསོལ༔ ནད་དང་གནོད་པ་ཞི་བ་དང༔ ཚེ་དང་བསོད་ནམས་འཕེལ་བ་དང༔ བསམ་པའི་དོན་རྣམས་མ་ལུས་ཀུན༔ ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་འདོད་དོན་གསོལ། དེ་ནས་བྱེ་བྲག་རྗེ་བཙུན་མ་ལ་མཆོད་པ་ལན་གསུམ་འབུལ་ཞིང་བསྟོད་པའི་རྒྱུད་འདོན་པ་ནི། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ ཐུགས་ཀར་ཟླ་སྟེང་ཏཱཾ་ལྗང་གུ༔ དེ་ལས་འོད་ཟེར་དཔག་ཡས་འཕྲོས༔ འཕགས་མ་རྣམ་འཕྲུལ་ཉེར་གཅིག་དང༔ དཀོན་མཆོག་རྒྱ་མཚོའི་སྤྲིན་འཕྲོ་བ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཏཱཾ༔ སྐྱེ་མེད་འོད་གསལ་ཆོས་སྐུའི་དབྱིངས༔ འགག་མེད་འཕགས་མའི་ཡེ་ཤེས་སྐུར༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་ཤར༔ ཚུར་གཤེགས་ཨཱརྻ་ཏཱ་རེ་ཛ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ། ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཕགས་མ་སྒྲོལ་མ་འཁོར་བཅས་མཆོད༔ ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྤྱན་དྲངས་ཤིང་མཆོད་པ་སྤྱིར་འབུལ། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་མཎྜལ་བྱེ་བྲག་ཏུ་ཕུལ་ནས། བསྟོད་པའི་རྒྱལ་པོའི་རྒྱུད། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་སོགས་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །བར་ཚར་གཉིས་བརྗོད། སླར་ཡང་། ཨོཾ༔ དངོས་འབྱོར་ཡིད་ལས་སོགས་མཆོད་པ་དང་། མཎྜལ་གོང་ལྟར་ཕུལ་ནས། ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཉིད༔ སྐྱབས་སྦྱིན་ཕྱག་རྒྱར་གྱུར་པའི་འོག༔ བདག་དང་བསྲུང་བྱ་ཀུན་ཚུད་ནས༔ འཇིགས་པ་ཀུན་ལས་དབུགས་དབྱུང་གྱུར༔ ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་བརྗོད། ཡང་མཆོད་པ་དང་མཎྜལ་ཕུལ་ལ། སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས༔ རང་དང་བསྲུང་བྱའི་སྤྱི་བོ་ནས༔ ཞུགས་ཏེ་ལུས་ཀུན་གང་བ་ཡིས༔ བྱིན་རླབས་མ་ལུས་ཞུགས་པར་གྱུར༔ ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་བཅས་བརྗོད། གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །འབྲུ་གསུམ་ལས་བྱུང་གཏོར་མ་ནི། །ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཙོ་མོ་དང་། ཨ་ཀཱ་རོ་ལན་གསུམ་གྱིས་མགྲོན་ཐབས་རྣམས་ལ་ཕུལ། ཨོཾ༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་འདོད་དོན་གསོལ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས་སྔགས་ཙམ་གྱིས་མཆོད། ཨོཾ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཐལ་མོ་སྦྱར་བས། རྗེ་བཙུན་འཕགས་མ་འཁོར་དང་བཅས། །དམིགས་མེད་ཐུགས་རྗེས་བརྩེར་དགོངས་ལ། །བདག་གིས་ཇི་ལྟར་གསོལ་བའི་དོན། །གེགས་མེད་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་ཐུགས་མཐུན་ཞབས་པད་བརྟན། །ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛོད། །ནད་མུག་འཁྲུགས་རྩོད་ཞི་བ་དང་། །ཆོས་ལྡན་དཔལ་འབྱོར་གོང་དུ་འཕེལ། །ཆོས་སྐྱོང་རྒྱལ་པོའི་མངའ་ཐང་རྒྱས། །རྒྱལ་ཁམས་མཐའ་དབུས་བདེ་བར་མཛོད། །འཇིགས་པ་བཅུ་དྲུག་དུས་མིན་འཆི། །རྨི་ལམ་མཚན་ལྟས་ངན་པ་དང་། །འཁོར་བ་ངན་སོང་སྡུག་བསྔལ་སོགས། །གནས་སྐབས་མཐར་ཐུག་འཇིགས་ལས་སྐྱོབས། །ཚེ་བསོད་དབང་ཐང་ཉམས་རྟོགས་འཕེལ། །མི་དགེའི་རྟོག་པ་མི་འབྱུང་ཞིང་། །བྱང་ཆུབ་སེམས་གཉིས་རྩོལ་མེད་སྐྱེས། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །འདི་ནས་བྱང་ཆུབ་སྙིང་པོའི་བར། །བུ་གཅིག་པོ་ལ་མ་བཞིན་དུ། །འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཉིད་དང་དབྱེར་མེད་མཛད་དུ་གསོལ། །ཅེས་འདོད་པའི་དོན་ལ་གསོལ་བ་ཁྱད་པར་དུ་བཏབ་ཅིང་ཐུགས་དམ་བསྐུལ་བས། མདུན་བསྐྱེད་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་ཉིད་དུ་བྱིན་བརླབས་པས༔ རང་ཉིད་འཕགས་མ་སྒྲོལ་མའི་སྐུ། །སྣང་ལ་རང་བཞིན་མེད་པར་གྱུར། །ཅེས་རང་ཉིད་འཕགས་མའི་གསལ་སྣང་དང་ང་རྒྱལ་ལ་སེམས་བཟུང་སྟེ་ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་མཐར། ཡིག་བརྒྱ་དང་། མ་རྙེད་ཡོངས་སུ་མ་ཚང་སོགས་བརྗོད་ལ་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང་། བཛྲ་མུཿབརྗོད་ལ་མགྲོན་ཐབས་ཀྱི་ལྷ་རྣམས་གཤེགས། ལྷ་དང་རང་སེམས་དབྱེར་མེད་པ༔ ཆོས་དབྱིངས་གཉུག་མའི་ངང་དུ་གཞག༔ ཅེས་གནས་ལུགས་ཀྱི་ལྟ་བ་བསྐྱང་། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་བྱ། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར། །བསམ་པའི་དོན་ཀུན་ཐོགས་མེད་སྩོལ་མཛད་པ། །རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་བཅས་ཀྱིས། །མི་འབྲལ་ཐུགས་རྗེས་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་ལ་མེ་ཏོག་འཐོར་རོ། །གཉིས་པ་རྒྱུན་ཁྱེར་དུ་བྱ་བའི་ཚེ། འཕགས་མའི་རྟེན་འཛོམ་ན་ལེགས། མ་འཛོམ་ན་ཡིད་ཀྱིས་བསྒོམས་པས་འཐུས། མཎྜལ་དང་མཆོད་པ་བཤམས་ལ། གོང་དུ་སྨྲོས་པའི་མདུན་གྱི་ནམ་མཁར་སོགས་དང་། སྐྱབས་སེམས་ཚོགས་གསག །མཆོད་པ་བྱིན་བརླབ་བར་གཏང་། དཀོན་མཆོག་སྤྱི་མཆོད་མི་དགོས་པས། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྗེ་བཙུན་འཕགས་མའི་སྐུར་གསལ་བའི༔ སོགས་ནས། མཆོད་པ་མཎྜལ། བསྟོད་པ་ལན་གསུམ་བསྐྱར་བའི་ཕྱི་མ་ཕྱག་འཚལ་ཉེར་གཅིག་ཚར་བདུན་ཕན་ཡོན་དང་བཅས་པའི་མཐར། སྤྲོ་ན། རྗེ་བཙུན་འཕགས་མ་འཁོར་དང་བཅས། །སོགས་འདོད་དོན་གསོལ། བསྡུ་ན་མ་བྱས་ཀྱང་ཆོག །མདུན་བསྐྱེད་འོད་ཞུ་སོགས་ནས་བཟླས་པ། ནོངས་བཤགས་བར་སྔར་ལྟར་ལ་གཤེགས་གསོལ་མི་དགོས། ལྷ་དང་རང་སེམས་སོགས་དང་དགེ་བསྔོ་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །འདིའི་སྒོ་ནས་རིག་པ་གཏད་པའི་ཆོ་ག་ནི། རྟེན་གྱི་མདུན་སྟེགས་གཙང་མར་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཅིག །མཐར་ཉེར་གཅིག་བཀོད་པའི་མདུན་དུ་གཟུངས་བུམ་དྲི་ཆབ་དང་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་ལྗང་གུ་འབྲས་བུ་ཅན་གྱི་ཤིང་གི་ཡལ་གས་ཁ་བརྒྱན་པ་བཀོད། དེ་མདུན་མཆོད་གཏོར་དཀར་ཟླུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། བསང་ཆུ། མཆོད་པའི་མཎྜལ་སོགས་འདུ་བྱས། གོང་སྨྲོས་ཆོ་ག་རྒྱས་པ་ལྟར་སྐྱབས་སེམས་ནས་གཏོར་འབུལ་འདོད་གསོལ་བར་བྱས་ལ། དེ་ནས་བདག་མདུན་ལྷར་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་ཏཱཾ་ཡིག་སྔགས་ཕྲེང་བཅས་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་བྱས་པའི་མཇུག་ཏུ་ཕྱག་འཚལ་ཉེར་གཅིག་ཚར་གཅིག་གམ་གང་འགྲུབ་བརྗོད། གཟུངས་བུམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཏཱཾ་ཡིག་ལྗང་གུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བསྒོམས་ལ་ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་དང་བསྟོད་པའི་རྒྱུད་འདོན་ལ་མཐར། གཟུངས་ཀྱི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར། བསང་ཆུའམ་ལས་བུམ་ལ་འཁྱིལ་པའི་སྔགས་བཟླས་ཏེ་བྱིན་བརླབ། དེ་ནས་སློབ་མ་རྣམས་འདུས་ཏེ། ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་པའི་ཆུ་བོ་ལས་བསྒྲལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ། བདག་ཉིད་ཀྱིས་རྗེ་བཙུན་འཕགས་མ་སྒྲོལ་མའི་སྨིན་བྱེད་ཀྱི་རིམ་པ་ནོད་ཅིང་ལམ་ཉམས་སུ་བླངས་ཏེ་རྫོགས་པའི་བྱང་ཆུབ་འཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེའང་རྗེ་བཙུན་འཕགས་མ་སྒྲོལ་མ་འདི་ཉིད་ངེས་པའི་དོན་དུ་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གཟུགས་སུ་སྣང་བ་ཡིན་ཀྱང་། དྲང་དོན་གདུལ་བྱ་འདུལ་ཚུལ་ལ་ལྟོས་ནས་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་པའི་ཚེ་སངས་རྒྱས་དོན་ཡོད་གྲུབ་པའི་སྤྱན་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད། བྱང་ཆུབ་སྤྱོད་མཆོག་སྤྱད་པ་དང་། འགྲོ་བ་སྒྲོལ་བ་དང་། བདུད་ཀྱི་སྡེ་འདུལ་བ་ལ་བརྩོན་འགྲུས་དང་སྙིང་སྟོབས་ཀྱི་སྤོབས་པ་སུས་ཀྱང་འགྲན་ཟླ་བྲལ་བས་སྒྲོལ་མ་མྱུར་མ་དཔའ་མོ་ཞེས་པའི་མཚན་གྱི་རྔ་སྒྲ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་སྙན་པར་གྲགས། ཐོག་མར་ཐུགས་བསྐྱེད་པ་ནས་བརྩམས། མངོན་པར་རྫོགས་པར་འཚང་མ་རྒྱས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཁོ་ནས་བྱང་ཆུབ་ཀྱི་ཆོས་ཡོངས་སུ་རྫོགས་ཤིང་འགྲོ་བ་སྒྲོལ་བར་མཛད་པའི་གོ་ཆ་དེ་ལྟ་བུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སུ་ལའང་མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་བས་ན། རྒྱལ་བ་སྲས་དང་བཅས་པས་མགྲིན་གཅིག་ཏུ་བསྔགས་པ་དེ་ཉིད་ཀྱི་རྒྱུད་དང་རིག་སྔགས་ཀྱི་རྟོག་པ་རྒྱུད་སྡེ་བཞི་ལས་རྣམ་གྲངས་དུ་མ་འབྱུང་ཞིང་། དེ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་བརྙེས་པ་འཕགས་བོད་ཀུན་ཏུ་ནམ་མཁའི་སྐར་ཚོགས་ཙམ་བྱོན། དེ་དག་གི་བཀའ་སྲོལ་ལས་བྱོན་པའི་སྒྲུབ་ཐབས་ཀྱི་རིམ་པའང་མཐའ་ཡས་པ་ཞིག་བྱུང་བ་ལས། ད་ལམ་གསང་སྔགས་རྙིང་མ་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ། སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཐུགས་བཅུད། མཁའ་འགྲོའི་ཁ་རླངས་དང་བྱིན་རླབས་ཀྱི་ངད་པ་མ་ཡལ་བ་ཡིན། གཏེར་བྱོན་སྒྲོལ་མའི་སྒྲུབ་ཐབས་ལའང་ཆོས་དབང་རིན་པོ་ཆེ་དང་རཏྣ་གླིང་པ་སོགས་སྔ་ཕྱིར་བྱོན་པའི་བཀའ་སྲོལ་མང་དུ་མཆིས་པ་ལས། འདིར་ནི་རྡོ་རྗེའི་ལུང་ལས། ཆོས་དབྱིངས་གནས་སུ་ཀུན་བཟང་མོས༔ བསམ་མེད་བདེ་བའི་སྔགས་རྒྱུད་བསྟན༔ འོག་མིན་རྡོ་རྗེ་བཙུན་མོ་ཡིས༔ ལྷ་སྔགས་ཡེ་ཤེས་རོལ་པར་བཤད༔ འགྲོ་འདུལ་གདུལ་བྱ་དུས་བབ་ཚེ༔ སྤྲུལ་སྐུ་རྗེ་བཙུན་སྒྲོལ་མའི་རྒྱུད༔ འབུམ་ཕྲག་མང་པོ་སྔོན་དུས་བྱུང༔ དེ་རྣམས་ཀུན་གྱི་སྙིང་པོའི་བཅུད༔ ཅུང་ཟད་སྤྲོས་དང་ཉེར་མཁོ་དང༔ ཟབ་པའི་མན་ངག་གསུམ་དུ་བསྡུས༔ རྒྱས་པ་མཐོང་གྲོལ་སྐུ་རྟེན་བཅས༔ ཟབ་ལུང་རྫ་ཡི་སུལ་དུ་གཏམས༔ ཉེར་མཁོ་དབང་གི་བྲག་ལ་སྦས༔ སྙིང་པོའི་བཅུད་འདི་ཟབ་པས་ན༔ དགོངས་པའི་གཏེར་ལས་ཡང་དག་འབྱུང༔ ཞེས་གསུངས་པ་ལྟར་གུ་རུ་རིན་པོ་ཆེས་སྐལ་ལྡན་རྗེ་འབངས་རྣམས་ཀྱི་ངོར། སྒྲོལ་མའི་སྔགས་རྒྱུད་རྒྱ་མཚོ་རྣམས་ཀྱི་སྙིང་པོའི་བཅུད་གཅིག་ཏུ་བསྡུས་ཏེ། རྒྱུད་ལུང་མན་ངག་གི་ཟབ་དོན་ཚང་བའི་ཅུང་ཟད་སྤྲོས་པ་རྒྱས་པ་དང་། ཁྱེར་བདེའི་ལག་ལེན་སྙིང་པོར་དྲིལ་བའི་ཉེ་བར་མཁོ་བ་དང་། ཡང་ཟབ་ཀྱི་ཉམས་ལེན་བཅུད་དུ་ཕྱུང་བ་ཟབ་པའི་མན་ངག་སྟེ་ཆོས་སྡེ་གསུམ་དུ་ཕྱེས་ནས། རྒྱས་པ་ཤངས་ཟབ་བུ་ལུང་དུ་འཕགས་མཆོག་ཀླུ་སྒྲུབ་ཀྱི་ཐུགས་དམ་སྐུ་རྟེན་དང་ལྷན་ཅིག །རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་གྱི་སྐལ་པར་བཞུགས་པ་རྟེན་འབྲེལ་གྱི་དབང་ལས་ཡོངས་རྫོགས་འདོན་པར་མ་མཛད་ཀྱང་། ཟབ་ཆོས་ཀྱི་དོན་མཐའ་དག་རྡོ་རྗེའི་ཚིག་མདོར་བསྡུས་གསུམ་གྱི་ཆིངས་ཆེན་པོས་བསྡུས་ཏེ་འབེབ་པར་མཛད་པ་དང་། སྐུ་བརྙན་ཡེ་ཤེས་པ་དངོས་དང་རྣམ་དབྱེར་མེད་པ་མདོ་ཁམས་སའི་བཅུད་དུ་སྤྱན་འདྲེན་པར་མཛད་པས་སྙིགས་དུས་ཀྱི་གཡོ་འཁྲུགས་ཕལ་ཆེར་ཞི་ཞིང་ཕྱིར་བསྲིང་བ་སོགས་བཀའ་དྲིན་བསམ་པའི་ར་བ་ལས་འདས་པ་ལགས། ཉེར་མཁོའི་སྐོར་རྣམས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཏུ་བསྡེབས་ཏེ་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་མཆོག་རི་བོ་དབང་ཞུའི་བྲག་ལ་སྦས་པ། ལྷ་སྲས་དམ་འཛིན་གྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་ཏེ་སྐལ་ལྡན་ཡོངས་ཀྱི་གསོས་སུ་བསྩལ་བར་མཛད། ཟབ་པའི་མན་ངག་གི་སྐོར་རྣམས་ཀློང་ཆེན་འོད་གསལ་ཐུགས་ཀྱི་སྒྲོམ་བུར་སྨོན་ལམ་ཟབ་མོའི་རྒྱས་བཏབ་པ། ཡོན་ཏན་གསུང་གི་གནས་མཆོག་པདྨ་ཤེལ་གྱི་ཕུག་པར་ཨོ་རྒྱན་མཆོག་གྱུར་གླིང་པས་དགོངས་པའི་གཏེར་རྒྱ་ཡོངས་སུ་བཀྲོལ་ཏེ། བརྒྱུད་པ་གསུམ་དུ་གཅིག་བརྒྱུད་མནོག་ཆོས་སུ་བསྩལ་བར་མཛད་པའི་ཟབ་ཆོས་འདི་ལ་སྨིན་གྲོལ་བཀའ་སྲུང་ཕྲིན་ལས་དང་བཅས་པའི་སྐོར་ཟབ་རྒྱས་དོན་འདྲིལ་དུ་བཞུགས་པའི། སྨིན་བྱེད་ལའང་ཕྱི་ནང་གསང་བ་གསུམ་དུ་མཆིས་པ་ལས། ཐོག་མར་བྱ་སྤྱོད་དང་རྗེས་སུ་མཐུན་པའི་ཕྱི་སྒྲུབ་ཀྱི་རིག་པ་གཏད་པ་བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་བབ་པ་ཞིང་ཁམས་འབུལ་བའི་བྱ་བ་ལ་འཇུག་པར་ཞུ། ཞེས་མཎྜལ་འབུལ་དུ་གཞུག ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པ་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །མ་ལུས་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། དེ་ལ་ཐོག་མར་ཐེག་པ་ཆེན་པོའི་ལམ་གྱི་གཞི་སྒྲུབ་ཅིང་རྒྱུད་སྦྱོང་བའི་སླད་དུ་འདུན་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་འཕགས་མ་སྒྲོལ་མ་སངས་རྒྱས་སྲས་དང་བཅས་པའི་འཁོར་གྱིས་བསྐོར་ཏེ་བཞུགས་པའི་དྲུང་དུ། བདག་གཞན་ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་ཞིང་། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྤྱོད་པ་ལ་སློབ་པའི་འདུན་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་སོགས་ལན་གསུམ། གསག་སྦྱོང་རྣམས་ཀྱི་སྙིང་པོ་བསྡུས་པ་ཡན་ལག་བདུན་པ་ཕྱག་མཆོད་སོགས་སོ་སོའི་དམིགས་རྣམ་གསལ་ལེགས་པར་བཏབ་བཞིན་པར་འདིའི་རྗེས་ཟློས། ཇི་སྙེད་སུ་དག་ནས། བྱང་ཆུབ་ཕྱིར་བསྔོ་འོའི་བར་ལན་གསུམ་མམ། ཐམས་ཅད་ལན་གཅིག་དང་ཕྱག་འཚལ་བ་སོགས་མན་ལན་གསུམ་བསྐྱར། དེས་ཐེག་ཆེན་གསང་སྔགས་ཀྱི་སྣོད་རུང་དུ་གྱུར་པ་ལ། དང་པོ་སྐུའི་རིག་གཏད་སྦྱིན་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་རྗེ་བཙུན་སྒྲོལ་མས་རིན་པོ་ཆེའི་བུམ་པ་སྔགས་ཀྱི་ལྷའི་རང་བཞིན་ཅན་གྱི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་སྩོལ་བར་མོས་ཤིག །ཨོཾ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ རིག་པའི་རང་བཞིན་བདུད་རྩིའི་ཆུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྒྲིབ་པའི་དྲི་མ་ཀུན་བྱང་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ༔ བུམ་པ་སྤྱི་བོར་བཞག །བུམ་ཆུས་བཀྲུ་བ་དང་འཐོར་འཐུང་བྱར་གཞུག །ཞེས་གསུང་ཞིང་སྤྱི་བོ་ནས་བདུད་རྩིའི་རྒྱུན་གྱིས་ཁྲུས་བྱས་ཤིང་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། སྐད་ཅིག་གིས་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་པ་ནི། སྐུ་མདོག་ལྗང་གུ་ནོར་བུ་མརྒད་ཀྱི་ལྷུན་པོ་ལྟ་བུ་མཛེས་ཤིང་སྒེག་པའི་ཉམས་དང་འཛུམ་པའི་མདངས་ཅན། ཕྱག་གཡས་མཆོག་སྦྱིན་པུས་སྟེང་དུ་བརྐྱང་ཞིང་གཡོན་ཐུགས་ཀར་མཐེབ་སྲིན་སྦྱར་བས་ཨུཏྤལ་སྔོན་པོའི་ཡུ་བ་ནས་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་མཚན་དཔེའི་གཟི་བརྗིད་འབར་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་རོལ་པའི་སྟབས་ཀྱིས་པད་ཟླ་ལ་བཞུགས་ཤིང་འོད་ཟེར་མཐའ་ཡས་པ་འཕྲོ་བའི་སྐུ་ཅན་དུ་ལམ་གྱིས་གྱུར་པར་མོས་མཛོད། གཉིས་པ་གསུང་གི་རིག་པ་གཏད་པའི་སླད་དུ་འདུན་པ་འདི་ལྟར་མཛོད། མདུན་བསྐྱེད་རྗེ་བཙུན་སྒྲོལ་མའི་ཞལ་ནས་བསྟོད་པའི་རྒྱུད་ཀྱི་རྒྱལ་པོའི་སྔགས་ཀྱི་ཡིག་འབྲུ་རྣམས། བཻ་ཌཱུརྻ་ཞུན་མའི་མདངས་ཅན་འོད་ཟེར་མར་མེ་འབར་བ་ལྟ་བུ་བར་མ་ཆད་པར་བྱོན་ཏེ། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཐིམ་པས་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་རྩ་བའི་སྔགས་དང་བསྟོད་པའི་རྒྱལ་པོའི་རྒྱུད་ཀྱི་རྗེས་ཟློས་ལན་གསུམ་གནང་བར་ཞུ། ཞེས་བརྡ་སྤྲད་ལ། ཡིག་བཅུ་དང་། ཕྱག་འཚལ་ཉེར་གཅིག་ལན་གསུམ་དང་ཕན་ཡོན་ཚར་གཅིག་བཅས་རྗེས་ཟློས་བྱར་གཞུག །གསུམ་པ་ཐུགས་ཀྱི་རིག་པ་གཏད་པའི་སླད་དུ། ཁྱེད་རང་རྣམས་ཀྱིས་བླ་མ་རྗེ་བཙུན་མ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་མདུན་བསྐྱེད་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ། ཁྱེད་རང་ལྷར་གསལ་བ་འོད་དུ་ཞུ་ནས་དབྱིངས་སུ་ཡལ་ཏེ་འཕགས་མའི་ཐུགས་དང་རང་གི་སེམས་དབྱེར་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འོད་གསལ་རང་བྱུང་གི་ཡེ་ཤེས་ཆེན་པོ་བཅོས་བསླད་མེད་པའི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཞེས་ངོ་སྤྲད། དེ་ལྟར་སྐུ་གསུང་ཐུགས་ཀྱི་རིག་པ་གཏད་པས་རྗེ་བཙུན་སྒྲོལ་མའི་སྐུ་ཕྱག་རྒྱ་བསྒོམ་པ་དང་། གསུང་རིག་སྔགས་བཟླ་བ་དང་། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣལ་འབྱོར་དུ་བྱེད་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྒོམ་བཟླས་དང་མ་བྲལ་བར་མཛོད་ཅིག །དེ་དག་གིས་རྗེ་བཙུན་སྒྲོལ་མའི་ཟབ་ཏིག་ལས་ཕྱི་སྒྲུབ་རིག་པ་གཏད་པའི་བྱ་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཡིག་བརྒྱ་ནོངས་བཤགས། མགྲོན་ཐབས་ཀྱི་ལྷ་གཤེགས་པ་མན་ཆད་ཕྲིན་ལས་ཀྱི་མཇུག་ཏུ་སྨྲོས་པ་ལྟར་བྱས་པས་འགྲུབ་བོ། །དངོས་གྲུབ་ཡོ༵ན་ཏན༵་ཀུན་འགྲུབ་ཅིང་། །རྒྱལ་བ་རྒྱ༵་མཚོ༵་སྐྱེད་པའི་ཡུམ། །སྒྲུབ་ཐབས་མཆོག་དམན་ཐམས་ཅད་ལ། །ཕན་པ་མཆོག་སྦྱིན་ཡིད་བཞིན་ནོར། །འདི་བྱས་དགེ་བས་འཇིག་རྟེན་གྱི། །རྒུད་པ་ཞི་ཞིང་ལེགས་ཚོགས་རྒྱས། །འཕགས་མའི་ཐུགས་རྗེའི་ཕྱག་རིང་གིས། །བདག་སོགས་དབུགས་འབྱིན་སྩོལ་མཛད་ཤོག །ཅེས་པ་འདིའང་ས་སྐྱོང་ཆོས་ཀྱི་རྒྱལ་པོ་སྡེ་དགེ་སྲས་གཅུང་ཡུམ་སྲས་ཀྱིས་གསུང་བསྐུལ་ནན་བསྐྱར་ཕེབས་པའི་བཞེད་སྐོང་སླད་དུ། གཅིག་བརྒྱུད་སྣོད་ཀྱི་མཆོག་ཏུ་དབུགས་དབྱུང་ཐོབ་པ། འཆི་མེད་བསྟན་གཉིས་གླིང་པ་བློ་གྲོས་མཐའ་ཡས་པའི་སྡེས་བླ་མའི་ཕྱག་བཞེས་བཞིན་སྦྱར་བ་དགེ་ལེགས་འཕེལ།། །། ༈ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་ནང་སྒྲུབ་དབང་བསྐུར་གྱི་ཆོ་ག་དང་བཅས་པ་དོན་གཉིས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷཊྚཱ་ར་ཀཱ་ཡཻ། མཁའ་ཁྱབ་ཞིང་དུ་མཚན་གཅིག་གིས། །འཁོར་བ་ཀུན་སྒྲོལ་ཐུགས་རྗེ་ཅན། །དེར་བཏུད་འཇིགས་བརྒྱད་སྐྱོབ་པ་ཡི། །ཕྲིན་ལས་སྨིན་བྱེད་རབ་གསལ་བྱ། །རྣལ་འབྱོར་གྱི་རྒྱུད་དང་རྗེས་སུ་མཐུན་པའི་ཉམས་ལེན་འཕགས་མ་ནང་ལྟར་སྒྲུབ་པའི་ཆོ་ག་བཤད་པ་ལ་གསུམ། བདག་བསྐྱེད་བཟླས་པའི་རྣལ་འབྱོར། མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་མཆོད། གཉིས་ཀ་ལ་བསྟེན་པའི་བདག་འཇུག་དབང་བསྐུར་དང་བཅས་པའོ། །དང་པོ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས་དང་པོ་ནི། སྟེགས་གཙང་མར་ཆུ་གཉིས་ཉེར་སྤྱོད་དང་། སྔོན་གཏོར་བཤམ། སྟན་བདེ་བར་གཙང་སྦྲ་དང་བཅས་ཏེ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པས་འཁོད་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། དང་། སྭ་བྷཱ་བས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །སྡྱཱ་ན་པ་ཏི་ཀྵེ་ཏྲ་པ་ལཱཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིནྟ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་བཞེས་ནས་འདོད་དོན་སྒྲུབས། །བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪཿས་དཀར་ཕྱོགས་པ་རྣམས་གཤེགས་སུ་གསོལ་བ་དང་ཆབས་ཅིག །ནག་ཕྱོགས་པ་རྣམས་ཀྱང་གཏོར་མའི་ལྷག་མས་ཚིམས་པར་བསམ་ལ། ཨ་མྲྀཏ་དང་། སུམྦྷ་ནི་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བར་གྱུར་པར་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྗེ་བཙུན་སྒྲོལ་མ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་བྱ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་སེམས་བསྐྱེད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་ཚོགས་བསགས་ཤིང་སྡོམ་པ་བཟུང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གནས་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཡུལ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་སྤྲིན་རབ་འབྱམས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་པས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་བསྐྱེད་བཟླས་ཀྱི་རྣལ་འབྱོར་ལ་གཉིས་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་སེམས་ཀྱི་གདངས༔ ཏཱཾ་ཡིག་ལྗང་གུ་མཁའ་ལ་ཤར༔ དེ་ལས་ཧཱུྃ་གི་སྒྲ་གདངས་ཀྱིས༔ སངས་རྒྱས་བྱང་ཆུབ་བརྟན་པར་བྱས༔ གདུག་པ་ཅན་རྣམས་ཚར་བཅད་ཅིང༔ འོད་ཟེར་སྤྲིན་ལས་རྡོ་རྗེའི་ཆར༔ ཕབ་པས་ས་གཞི་རྭ་བ་དང༔ དྲྭ་བ་གུར་དང་བླ་རེར་བཅས༔ སྲུང་འཁོར་ཡངས་ཤིང་རྒྱ་ཆེའི་དབུས༔ འབྱུང་བཞི་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དེ་དབུས་སྣ་ཚོགས་པདྨ་ནི༔ འདབ་བརྒྱད་ཟེའུ་འབྲུར་ཉི་ཟླའི་སྟེང༔ ཏཱཾ་ལས་ཨུཏྤལ་ཏཱཾ་གྱིས་མཚན༔ དེ་ལས་འོད་ཟེར་འཕྲོ་འདུ་ཡི༔ སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས༔ རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཨུཏྤལ་སྔོན་པོ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་མཚན་དཔེའི་ཕུང་པོར་འབར༔ དབུ་སྐྲའི་ཟུར་ཕུད་སྤྱི་བོར་བཅིངས༔ ལྷག་མ་ལྕང་ལོའི་ཚུལ་དུ་འཕྱང༔ ཞབས་ཟུང་གཡས་བརྐྱང་ཕྱེད་སྐྱིལ་གྱིས༔ འོད་ཟེར་སྣ་ལྔའི་ཀློང་ན་འགྱིང༔ སྣང་སྟོང་ཟུང་འཇུག་ཐུགས་སྲོག་ཏཱཾ༔ དེ་ལས་གཉིས་པ་ཕྱོགས་མཚམས་འཕྲོས༔ འགྲོ་རྣམས་གནས་སྐབས་མཐར་ཐུག་གི༔ ཕྱི་ནང་འཇིགས་བརྒྱད་ཞི་བར་མཛད༔ རྗེ་བཙུན་འཕགས་མའི་གོ་འཕང་བཀོད༔ ཚུར་འདུས་འདབ་མ་བརྒྱད་ཀྱི་སྟེང༔ པད་ཟླའི་གདན་ལ་འཁོད་པ་ལས༔ ཤར་ནས་བརྩམ་སྟེ་གཡས་སྐོར་དུ༔ སེང་གེའི་འཇིགས་སྐྱོབ་སྒྲོལ་མ་མཐིང༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ གླང་ཆེན་འཇིགས་སྐྱོབ་སྒྲོལ་མ་སེར༔ མཆོག་སྦྱིན་ཨུཏྤལ་ལྕགས་ཀྱུ་བསྣམས༔ མེ་ཡི་འཇིགས་སྐྱོབ་སྒྲོལ་མ་དཀར༔ མཆོག་སྦྱིན་ཨུཏྤལ་ཆུ་ཤེལ་བསྣམས༔ སྦྲུལ་གྱི་འཇིགས་སྐྱོབ་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་སྨན་མཆོག་བསྣམས༔ ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་དཀར༔ མཆོག་སྦྱིན་ཨུཏྤལ་མདའ་གཞུ་བསྣམས༔ ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ རྒྱ་མཚོའི་འཇིགས་སྐྱོབ་སྒྲོལ་མ་དམར༔ མཆོག་སྦྱིན་ཨུཏྤལ་མེ་ཤེལ་བསྣམས༔ ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་ནག༔ མཆོག་སྦྱིན་ཨུཏྤལ་མདུང་ཐུང་བསྣམས༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ ཁྱམས་ལ་མཆོད་པའི་ལྷ་མོ་དང༔ སྒོ་བཞིར་ཕྱག་རྒྱ་བཞིའི་ལྷ་མོ༔ རང་རང་རྒྱན་དང་ཆ་ལུགས་རྫོགས༔ ཀུན་ཀྱང་ཟབ་གསལ་གཉིས་མེད་ཀྱི༔ ཡེ་ཤེས་སྒྱུ་མའི་སྐུར་ཤར་བའི༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ རང་བཞིན་གནས་ནས་ཡེ་ཤེས་པ༔ དྲངས་ཏེ་གཉིས་སུ་མེད་པར་གྱུར༔ ཡེ་ཤེས་པ་སྤྱན་དྲང་བ་ནི། ཏཱཾ༔ ཆོས་སྐུ་མཁའ་ལྟར་རྣམ་དག་ཀྱང༔ ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ མཁའ་ལས་ཉི་གསལ་འོད་བཞིན་དུ༔ དམིགས་མེད་ཐུགས་རྗེས་གནས་འདིར་གཤེགས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ གཉིས་མེད་དུ་བྱ་བ་ནི། ཧོ༔ བདེ་བར་གཤེགས་སོ་སེམས་མའི་གཙོ༔ ཚུར་གཤེགས་དམ་ཡེ་དབྱེར་མེད་པར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཡ་ཏིཥྛནྟུ༔ ཕྱག་རྒྱ་བཞིས་བསྲེ་བ་ནི། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོ༔ དབང་བསྐུར་རྒྱས་གདབ་ནི། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ སྐུ་གང་སྒྲིབ་དག་རིགས་ཀྱི་བདག༔ འོད་དཔག་མེད་པས་དབུ་བརྒྱན་བསམ༔ ཨོཾ་པདྨ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱ༔ ཕྱག་མཆོད་བསྟོད་པས་བསྐུལ་བ་ནི། ན་མོ༔ རྨད་བྱུང་ཐུགས་བསྐྱེད་དམ་བཅས་ནས༔ འགྲོ་བ་སྒྲོལ་བའི་ཕྲིན་ལས་ཀྱིས༔ རྒྱལ་ཀུན་བྱང་ཆུབ་སྤྱོད་པ་མཆོག༔ ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ༔ ན་མོ་ན་མཱ་མི༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སྒེག་སོགས་ལྷ་མོས་ནམ་མཁའ་གང༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས༔ བྱུང་བའི་ཡེ་ཤེས་རོལ་མོས་མཆོད༔ ཨོཾ་བཛྲ་ལཱ་སྱཻ་ཧཱུྃ༔ ཨོཾ་བཛྲ་མཱ་ལྱཻ་ཏྲཱཾ༔ ཨོཾ་བཛྲ་གཱིརྟཱི་ཧྲཱི༔ ཨོཾ་བཛྲ་ནཱིརྟཱི་ཨཱ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པའི་རྒྱུད་ཀྱི་རྒྱལ་པོ་ཕྱག་འཚལ་ཉེར་གཅིག་བརྗོད་པས་བསྟོད། གཉིས་པ་བཟླས་པའི་རྣལ་འབྱོར་ནི། གཙོ་མོའི་ཐུགས་ཀར་པད་ཟླའི་སྟེང༔ ཏཱཾ་མཐར་ཡེ་གེ་བཅུ་པས་བསྐོར༔ གསལ་ཞིང་འབར་བའི་ཆོ་འཕྲུལ་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ སངས་རྒྱས་མཛད་པ་ཡོངས་སུ་བསྒྲུབས༔ འགྲོ་ཀུན་འཕགས་མའི་གོ་འཕང་བཀོད༔ ཚུར་འདུས་ཏཱཾ་ལ་ཐིམ་པ་ཡིས༔ དངོས་གྲུབ་ཡེ་ཤེས་དབང་བསྒྱུར་ཞིང༔ ཕྱག་རྒྱའི་ཡེ་ཤེས་ཐོབ་པར་གྱུར༔ ཅེས་ལྷ་སྐུའི་གསལ་སྣང་དང་། སྔགས་ཀྱི་སྒྲ་དང་། འོད་ཟེར་སྤྲོ་བསྡུ་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་ཆུ་བོའི་རྒྱུན་བཞིན་བཟླ། སྐབས་སུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་རང་བཞིན་ཡོངས་ཤེས་ཀྱི་ངང་དུ་བཞག །བཟླས་པའི་གྲངས་ཚད་འབུམ་ཕྲག་བཅུ་ཐེམས་ནས་ལས་སྔགས་ནི། སླར་ཡང་ཐུགས་ནས་འོད་འཕྲོས་པས༔ འཁོར་གྱི་སྒྲོལ་མའི་ཐུགས་རྒྱུད་བསྐུལ༔ འགྲོ་རྣམས་ཕྱི་ནང་འཇིགས་པ་བསལ༔ འདོད་རྒུའི་དངོས་གྲུབ་སྩོལ་བར་གྱུར༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན༔ པྲ་དུཥྚཱན༔ མ་མ་ཀྲྀ་ཏེ༔ ཛཾ་བྷ་ཡ༔ སཏྭཾ་བྷ་ཡ༔ མོ་ཧ་ཡ༔ བྷནྡྷ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སརྦ་དུཥྚཱན་སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ༔ ཞེས་བཟླ་སྟེ་གྲངས་ཚད་ཁྲི་ཕྲག་བཞིའོ། །གསུམ་པ་རྗེས་ལ་ཐུན་འཇོག་པ་ན། དཀྱིལ་འཁོར་ལྷ་ལས་ཡེ་ཤེས་པ། །ཕྱུངས་ཏེ་ནམ་མཁར་བཞུགས་པར་གྱུར། །ཅེས་དང་། གོང་བཞིན་ཚིགས་བཅད་སྔགས་རྒྱ་དང་བཅས་པས་མཆོད། བསྟོད་པ་ཕྱག་འཚལ་ཉེར་གཅིག་གམ། མི་འགྲུབ་ན། ཨོཾ༔ སྣང་བ་མཐའ་ཡས་པདྨའི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ བདག་ཅག་འཁོར་དང་བཅས་རྣམས་ཀྱི༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ རྟག་ཏུ་ཐུགས་རྗེས་བསྐྱང་མཛད་གསོལ༔ འཕགས་མ་སྒྲོལ་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་ཁྱད་པར་དུ་འཕྲལ་ཡུན་གྱི་འཇིགས་པ་ལས་སྐྱོབ་ཅིང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཡིག་བརྒྱ་དང་། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་གསལ་གྱི་ངང་དུ་ཐིམ་པར་གྱུར། ཅེས་བསྒོམས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྡུས་ནས་མཚན་མེད་ཀྱི་རྣལ་འབྱོར་ལ་མཉམ་པར་གཞག །སླར་སྐད་ཅིག་གིས་རྗེ་བཙུན་འཕགས་མའི་སྐུར་གྱུར་པར་མོས་ལ་དགེ་བསྔོ་དང་ཤིས་བརྗོད་བྱ། གཞུང་ལས། བདུན་ཕྲག་གསུམ་དུ་བརྩོན་པས་ཀྱང༔ བར་ཆད་ཞི་ཞིང་ལེགས་ཚོགས་རྒྱས༔ རྩེ་གཅིག་ཉམས་བླངས་ཟབ་གསལ་གཉིས༔ དབྱེར་མེད་ཡེ་ཤེས་འགྲུབ་པར་འགྱུར༔ ཞེས་གསུངས་པ་ལྟར་དུས་ཀྱི་བསྙེན་པ་བདུན་གསུམ་ཙམ་དུ་བགྱིས་ཀྱང་ཕན་ཡོན་ཚད་མེད་དོ། །གཉིས་པ་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པ་ལ། སྦྱོར་བ་མཆོད་སྟེགས་གཙང་མར་དཀྱིལ་འཁོར་སྒོ་རྫོགས་ཞི་དཀྱིལ་སྤྱི་ལྟར་ལ། ལྷ་གདན་པདྨ་འདབ་བརྒྱད་ཀྱི་དབུས་དང་པད་འདབ་བརྒྱད་ལ་གཙོ་མོ་དང་འཇིགས་སྐྱོབ་བརྒྱད། གྲྭ་བཞིའི་ཕྱི་ནང་དུ་སྒེག་སོགས་བརྒྱད། སྒོ་བཞིར་སྒོ་མ་བཞི་བཅས་གཙོ་འཁོར་ཉེར་གཅིག་པོ་སྐུ་དང་ས་བོན་ཕྱག་མཚན་ནམ་རང་མདོག་གི་ཐིག་ལེ་ཙམ་བཀོད། མི་ལྕོགས་ན་མཎྜལ་ལ་འབྲས་དཀར་དྲི་བཟང་གིས་སྦགས་པས་ཚོམ་བུ་བཤད་མ་ཐག་པའི་གོ་རིམ་ལྟར་བཀོད་པ་བཞག །བདག་འཇུག་སོགས་དང་འབྲེལ་ན། ཤར་སྒོའི་གཡས་སུ་རྣམ་བུམ་མགུལ་ཆིངས་ལྗང་གུ་ཉེར་ལྔའི་བཅུད་ལྡན་དུང་ཆོས་གཟུངས་རྡོར་དང་བཅས་པ། དབུ་རྒྱན། རྡོར་དྲིལ། གཙོ་འཁོར་དགུ་པོའི་ལྷ་ཙཀ །སྔགས་ཕྲེང་། ལས་བུམ་རྣམས་ཅི་ལྟར་བདེ་བར་བཀོད། དཀྱིལ་འཁོར་མདུན་དུ་ཟླུམ་གཏོར་དཀར་པོ་དང་། ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། མིག་དར། མེ་ཏོག །དམ་ཆུ་སོགས་ཀྱང་འདུ་བྱ། སྔོན་གཏོར་ནས་གཟུང་བདག་བསྐྱེད་བཟླས་པའི་བར་དུ་བྱས། དངོས་གཞི་མདུན་རྟེན་དཀྱིལ་འཁོར་ཨོཾ་ཤཱུནྱ་ཏཱས་བསང་སྦྱང་། སྟོང་པའི་ངང་ལས་སེམས་ཀྱི་གདངས༔ སོགས་ནས། ན་མཱ་མི༔ ཞེས་ཕྱག་བྱ་བའི་བར་སྔར་ལྟར་ལ། སླར་མཆོད་པ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཡུལ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་སྤྲིན་རབ་འབྱམས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་པས་བྱིན་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདིས། །རྗེ་བཙུན་འཕགས་མ་འཁོར་བཅས་མཆོད། །ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སྒེག་སོགས་ལྷ་མོས་ནམ་མཁའ་གང༔ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས༔ བྱུང་བའི་ཡེ་ཤེས་རོལ་མོས་མཆོད༔ ཨོཾ་བཛྲ་ལཱ་སྱཻ་ཧཱུྃ༔ ཨོཾ་བཛྲ་མཱ་ལྱཻ་ཏྲཱཾ༔ ཨོཾ་བཛྲ་གཱིརྟཱི་ཧྲཱི༔ ཨོཾ་བཛྲ་ནཱིརྟཱི་ཨཱ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་བཛྲ་གནྡྷེ་ཨཱ༔ ཞེས་དང་། ཨོཾ། དངོས་འབྱོར་ཡིད་ལས་བྱུང་བ་ཡི། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །མཆོད་སྤྲིན་ནམ་མཁའི་ཁྱོན་གང་བས། །རྗེ་བཙུན་འཕགས་མ་འཁོར་བཅས་མཆོད། །ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་པ་རྣམས་ཀྱིས་མཆོད། ཕྱག་འཚལ་ཉེར་གཅིག་གིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་སྲོག་སྔགས་འཁོར་འོད་ཟེར་སྤྲོ་བསྡུ་ལ་དམིགས་ཏེ་རྩ་སྔགས་དང་ལས་སྔགས་ཅི་ནུས་བཟླ། བདག་འཇུག་སོགས་ཀྱི་དོན་དུ་སྐབས་འདིར་བུམ་པ་བསྒྲུབ་ན། བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང། །བྷྲཱུྃ་ལས་བུམ་པ་གཞལ་མེད་ཁང་། །དེ་དབུས་སྣ་ཚོགས་པདྨ་ནི༔ སོགས་བདག་བསྐྱེད་ལྟར་ལ། རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ དེ་རྒྱབ་མཆོད་པའི་ལྷ་མོ་དང༔ ཕྱོགས་བཞིར་ཕྱག་རྒྱ་བཞིའི་ལྷ་མོ༔སོགས་བསྒྱུར་ནས་མཆོད་བསྟོད་བར་བདག་བསྐྱེད་སྐབས་ལྟར་བྱ། གཟུངས་ཐག་བླངས་ལ། རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ལ་རྩ་སྔགས་ཅི་འགྲུབ་དང་། ལས་སྔགས་ཀྱང་ཅུང་ཟད་བཟླ། ལས་བུམ་ནང་དུ་པད་ཉི་ལ། །ངོ་བོ་རྟ་མགྲིན་རྣམ་པ་ནི། །བདུད་རྩི་འཁྱིལ་ལྗང་ཁྲོ་བོའི་ཆས། །ཐལ་སྦྱར་བདུད་རྩིའི་བུམ་པ་བསྣམས། །ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར། །བཟླས་པས་རྒྱུད་བསྐུལ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་གང་བར་གྱུར། །ཅེས་མོས་ལ་འཁྱིལ་པའི་སྔགས་བཟླ། མཐར་མཆོད་བསྟོད་མདོར་བསྡུས་བྱས་ལ། ཡི་གེ་བརྒྱ་པ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བས་བུམ་པའི་ཆུ་བདུད་རྩིར་གྱུར། འབུལ་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ༔ ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ༔ ཧེ་ཧེ་བྷ་ག་བ་ཏཱི༔ མ་ཧཱ་སཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ༔ མཱ་བི་ལཾ་བ་མཱ་བི་ལཾ་བ༔ ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ༔ ལན་གསུམ་གྱིས་ཕུལ། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྗེ་བཙུན་མྱུར་མ་དཔའ་མོ་དང༔ འཇིགས་པ་ཐམས་ཅད་སེལ་མཛད་མ༔ འཁོར་གྱི་ཚོགས་དང་བཅས་ལ་བསྟོད༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ ཡེ་ཤེས་ཆེན་པོས་རྗེས་དགོངས་ལ༔ བདེ་བ་ཆེན་པོར་བཞེས་ནས་ཀྱང༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ བདག་གཞན་གནས་སྐབས་མཐར་ཐུག་གི༔ ཕྱི་ནང་འཇིགས་བརྒྱད་ཚོགས་རྣམས་ཀུན༔ སྲུང་དང་ཞི་དང་ཟློག་པར་མཛོད༔ འཁོར་བ་ངན་སོང་སྡུག་བསྔལ་སྒྲོལ༔ ཚེ་དང་བསོད་ནམས་ཡེ་ཤེས་སོགས༔ མཆོག་ཐུན་ཕྲིན་ལས་རྒྱས་པར་མཛོད༔ ཅེས་བསྟོད་ཅིང་འདོད་དོན་གསོལ། སྤྲོ་ཞིང་ནུས་ན་ཆ་གསུམ་གཏོར་མ་གཏང་། བདག་འཇུག་བྱེད་ན་སྐབས་འདིར་བྱ། རྗེས་ཆོག་ནི། མཆོད་པ་ཁ་གསོས། བསང་སྦྱང་བྱིན་བརླབ། ཆུ་གཉིས་ཉེར་སྤྱོད། སྒེག་སོགས་བརྒྱད་བཅས་གོང་སྨྲོས་ཀྱིས་མཆོད། ཕྱག་འཚལ་ཉེར་གཅིག་གམ། མི་ནུས་ན་བདག་བསྐྱེད་རྗེས་བསྡུ་སྐབས་ལྟར་བསྟོད་ཅིང་ཕྲིན་ལས་གསོལ། དེ་ལས་བཤད་པ་ལྟར་བདག་མདུན་གཉིས་ཀའི་ཡེ་ཤེས་པ་ནམ་མཁར་ཕྱུངས་ནས་ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཤགས། རྟེན་ཡོད་ན་དེ་ལ་བརྟན་བཞུགས་སམ་རང་བཞིན་གནས་སུ་གཤེགས་ཤིང་དམ་ཚིག་པ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་སྔར་སྨྲོས་པ་ལྟར་བྱའོ། །གསུམ་པ་གཉིས་ཀ་ལ་བསྟེན་པའི་བདག་འཇུག་དབང་བསྐུར་དང་བཅས་པ་ནི། གཞན་ལ་དབང་བསྐུར་བའམ་རང་གི་དམ་ཚིག་གསོ་བའི་ཆེད་དུ་བདག་འཇུག་བྱེད་ན། བདག་མདུན་བུམ་པ་སྒྲུབ་ཅིང་གཏོར་འབུལ་ཡན་གྲུབ་ནས། བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ཉིད་ཐ་མལ་གྱི་རྣམ་པས་ཕྱེ་སྟེ་མདུན་བསྐྱེད་ཀྱི་ཤར་སྒོར་འཁོད་པ་ལ། གཙོ་མོའི་ཐུགས་ལས་སྤྲུལ་པའི་ལས་ཀྱི་སེམས་དཔས་དབང་གི་བྱ་བ་མཛད་པར་བསམ་ལ། ཁྲུས་དང་མཎྜལ་ནས་བརྩམ་འོག་ཏུ་བཤད་པའི་དབང་རྣམས་རྒྱས་བསྡུས་ཇི་ལྟར་རིགས་པས་བླངས་ཏེ། སླར་རང་ཉིད་བདག་བསྐྱེད་ཀྱི་ཐུགས་ཀར་ཞུགས་པར་མོས་ལ་རྩ་སྔགས་བཟླ་ཞིང་གཙོ་མོའི་ང་རྒྱལ་བཟུང་ངོ་། །སློབ་མ་ལ་དབང་བསྐུར་ན། བདག་འཇུག་བླངས་གྲུབ་པ་དང་། སློབ་མ་རྣམས་འདུས་ཏེ་སྒོའི་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། ཁྱད་པར་རྗེ་བཙུན་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་དབང་གི་ཆོ་ག་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་བསྲེག་ཅིང་འཇོམས་པར་གདོན་མི་ཟའོ། །ཞེས་བཀའ་བསྒོས་ལ། ཨ་མྲྀཏ་དང་། སུམྦྷ་ནི་སོགས་བརྗོད། ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་ཅིས་ཀྱང་མི་ཆོད་མི་ཤིགས་པར་གྱུར་པར་བསམ། གྲལ་ལ་འཁོད་པ་དང་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སེམས་བསྐྱེད་གསལ་གདབ་དང་། ལོ་རྒྱུས་བཤད་པ་ཕྱི་སྒྲུབ་རིག་གཏད་སྐབས་ལྟར་ལ། སྨིན་བྱེད་ལའང་ཕྱི་ནང་གསང་བ་གསུམ་དུ་མཆིས་པ་ལས། སྐབས་འདིར་རྣལ་འབྱོར་རྒྱུད་དང་རྗེས་སུ་མཐུན་པ་ནང་སྒྲུབ་འཇིགས་བརྒྱད་སྐྱོབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བསྒྲུབ་པ་ལ་སོགས་སྦྲེལ་ནས་མཎྜལ་འབུལ་དུ་གཞུག སྔོན་ཆད་དཀྱིལ་འཁོར་འདིར་མ་ཞུགས་པས་དོན་གྱི་ཡེ་ཤེས་མ་མཐོང་བའི་བརྡར་གདོང་གཡོགས་འཆིང་མཛོད། ལས་སྔགས་བཟླས་པས་གདོང་གཡོགས། དཀྱིལ་འཁོར་བ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་ཁ་དོག་སྣ་ལྔའི་ཆུན་པོ་རྡོ་རྗེ་འཛིན་མའི་རྒྱས་ཐོགས་པར་ཞུ། མེ་ཏོག་སྦྱིན། ཕྱག་སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛད་པར་ཞུ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། རྡོ་རྗེ་སྙིང་གར་རེག །སུ་ར་ཏེ་ས་མ་ཡ་སཏྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། སེམས་བསྐྱེད་པ་དེ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་ཚུལ་བཞིན་དུ་གཟུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་གཟུང་བར་བགྱི། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཨོཾ་བཛྲ་དྭཱ་རོདྒྷཱ་ཊ་ཡ་ཧཱུྃ། ལན་བཞི། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་རེ་རེ་བཞིན་གཡས་སྐོར་གྱིས་ཞུགས་ཏེ་ལྷ་ཚོགས་རྣམས་ཀྱི་ཞབས་ལ་ཕྱག་བྱས་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་སྔགས་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མཿཧཱུྃ། ལན་བཞི། རྒྱུད་བྱིན་གྱིས་བརླབ་པའི་ཕྱིར་དུ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་སྔགས་དང་བུམ་ཆུས་བསང་། སྭ་བྷཱ་བས་སྦྱང་། ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། སེམས་ཉིད་ཏཱཾ་ལྗང་གུ་ལས་ཨུཏྤལ་སྔོན་པོ་ཏཱཾ་གྱིས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་པས་མཆོག་སྦྱིན་མཛད་ཅིང་གཡོན་པས་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤལ་སྔོན་པོ་བསྣམས་པ། མཚན་དཔེས་སྤྲས་པའི་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། དབུ་སྐྲའི་ཟུར་ཕུད་སྤྱི་བོར་བཅིངས་པའི་ལྷག་མ་ལྕང་ལོའི་ཚུལ་དུ་འཕྱངས་པ། ཞབས་གཡས་བརྐྱང་པའི་ཕྱེད་སྐྱིལ་གྱིས་འོད་ཟེར་སྣ་ལྔ་རབ་ཏུ་འབར་བའི་ཀློང་ན་འགྱིང་བ། སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཏཱཾ་ཡིག་ལྗང་གུས་མཚན་པའི་སྐུར་གསལ་ཐོབས་ཤིག །མདུན་བསྐྱེད་ལ་མོས་གུས་དུང་བྱས་པས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་དང་བཅས་པའི་སྐུའི་རྣམ་པ་ཆར་བབས་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་མོས་ཤིག །ཡིག་བཅུའི་ཤམ་དུ། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་དྲག་ཏུ་བརྗོད་ཅིང་དྲིལ་གསིལ་སྤོས་སྦྱོར་བཅས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་ཀྱི་ལྷ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། མཎྜལ་འདུ་བྱས་ལ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་པྲ་ཏཱིཙྪ་ས་མ་ཡ་སཏྭཾ། ཞེས་འདོར་དུ་གཞུག །མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་ལྷས་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་བྱིན་པར་མོས་ཤིག །མེ་ཏོག་རིན་ཆེན་གང་དུ་ནི། །བབས་པར་གྱུར་པའི་རིགས་ཀྱི་ལྷ། །གཙོ་བོར་རིགས་དེ་བསྒྲུབས་ན་ནི། །དངོས་གྲུབ་མྱུར་སྟེར་ཐེ་ཚོམ་མེད། །ཨོཾ་པྲ་ཏི་གྲྀཧྞ་ཧཱུྃ། ཞེས་མེ་ཏོག་མགོར་བཅིང་། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཧཱ་སྱེ་ཨུཏྒྶཊ་ཡ་ཧཱུྃ། ཞེས་མིག་དར་བསལ། ཨོཾ་བཛྲ་པཱ་ཤྱ་ཧོཿ བཅོམ་ལྡན་འདས་མ་རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། དུང་ཆོས་ཀྱི་ཆུ་བླུད་དེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ས་མ་ཡ་ཧྲི་ད་ཡ་མེ་པྲ་ཝེ་ཤ་ཡ་དྲྀ་ཌྷ་ཏིཥྛ་ཧཱུྃ། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། དཀྱིལ་འཁོར་པའི་ལྷ་ཚོགས་དང་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོས་སྤྱི་བོ་ནས་དབང་བསྐུར་བས་ཁྱེད་རང་རྣམས་བཅོམ་ལྡན་འདས་མི་བསྐྱོད་པའི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །རྣམ་རྒྱལ་བུམ་པས་དབང་བསྐུར་ལ། ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ བུམ་པའི་དབང་བསྐུར་བླ་མེད་པས༔ མི་བསྐྱོད་ངོ་བོར་ཁྱོད་དབང་བསྐུར༔ ཡིག་བཅུའི་མཐར། བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་འཐོར་འཐུང་བྱ། དབུ་རྒྱན་དངོས་སམ་ཕྱག་རྒྱས་གཏུགས་ལ། ཅོད་པན་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་སྤྱི་བོར་བཀོད་པས་ཁྱེད་རང་རྣམས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཏྲཱཾ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ དབུ་རྒྱན་དབང་བསྐུར་བླ་མེད་པས༔ རིན་འབྱུང་ངོ་བོར་ཁྱོད་དབང་བསྐུར༔ སྙིང་པོའི་མཐར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཕྱག་གཡས་སུ་བྱིན་པས། ཁྱེད་རང་རྣམས་སྣང་བ་མཐའ་ཡས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཧྲཱི༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེའི་དབང་བསྐུར་བླ་མེད་པས༔ སྣང་མཐའི་ངོ་བོར་ཁྱོད་དབང་བསྐུར༔ སྙིང་པོའི་མཐར། བཛྲ་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་གཡོན་དུ་བྱིན་པས། ཁྱེད་རང་རྣམས་དོན་ཡོད་གྲུབ་པའི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཨཱ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ དྲིལ་བུའི་དབང་བསྐུར་བླ་མེད་པས༔ དོན་གྲུབ་ངོ་བོར་ཁྱོད་དབང་བསྐུར༔ སྙིང་པོའི་མཐར། བཛྲ་གཱཎྜེ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་ཡེ་ཤེས་ཀྱི་ངོ་བོ་མིང་གི་དབང་བསྐུར་བས། ཁྱེད་རང་རྣམས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །ཨོཾ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ མིང་གི་དབང་བསྐུར་བླ་མེད་པས༔ རྣམ་སྣང་ངོ་བོར་ཁྱོད་དབང་བསྐུར༔ སྙིང་པོའི་མཐར། བཛྲ་ནཱམ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་དངོས་གཞི་བུམ་པ་དང་རྗེས་སུ་འབྲེལ་བའི་དབང་ལྔ་པོ་གྲུབ་ནས། མཐའ་རྟེན་སྐུ་གསུང་ཐུགས་ཀྱི་རྗེས་གནང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །མདུན་བསྐྱེད་གཙོ་འཁོར་སོ་སོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ཉོན་མོངས་པའི་རྒྱུ་འབྲས་ལས་བྱུང་བའི་གནས་སྐབས་མཐར་ཐུག་གི་འཇིགས་པ་དང་སྡུག་བསྔལ་མཐའ་དག་ཞི་བར་གྱུར་པར་མོས་མཛོད། གཙོ་འཁོར་དགུ་པོའི་ཙཀླི་རིམ་པར་སྤྱི་བོར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འཕགས་མ་སྒྲོལ་མའི་སྐུ་ཡི་དབང༔ དེང་འདིར་ཁྱོད་ལ་སྦྱིན་པ་ཡིས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཡིག་བཅུའི་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཏཱཾ་ སེང་གེའི་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ང་རྒྱལ་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་གོང་ལྟར་བརྗོད་པ་ཐམས་ཅད་ལ་འགྲེ། ཏཱཾ་ གླང་ཆེན་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གཏི་མུག་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། ཏཱཾ་ མེ་ཡི་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཞེ་སྡང་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། ཏཱཾ་ དུག་སྦྲུལ་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཕྲག་དོག་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། ཏཱཾ་ ཆོམ་རྐུན་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྟ་ངན་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། ཏཱཾ་ ལྕགས་སྒྲོག་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སེར་སྣའི་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། ཏཱཾ་ ཆུ་ཡི་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འདོད་པའི་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། ཏཱཾ་ ཤ་ཟའི་འཇིགས་སྐྱོབ་སྒྲོལ་མ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཐེ་ཚོམ་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཤོག༔ སྔགས་བརྗོད། མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་ཡི་གེ་བཅུ་པའི་སྔགས་ཕྲེང་བྱོན། ཁྱེད་རང་རྣམས་འཕགས་མ་སྒྲོལ་མར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་པད་ཟླ་ལ་གནས་པའི་ཏཱཾ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཡི་གེ་བཅུ་པའི་རྗེས་ཟློས་ལན་གསུམ་བྱར་གཞུག །སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བའི་མོས་པས་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་གི་ཕྲེང་བ་དེ་ཉིད་བྱིན་གྱིས་བརླབས་ཏེ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །བཅོམ་ལྡན་འདི་ལ་སོགས་བརྗོད་ཅིང་མེ་ཏོག་སྤྱི་བོར་བཞག །དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ཟབ་མོ། རྣམ་པ་རྟེན་འབྱུང་འགག་མེད་ཅིའང་འཆར་ཞིང་གསལ་བ། དབྱེར་མེད་ཟུང་འཇུག་རྗེ་བཙུན་འཕགས་མའི་ཐུགས་དོན་དམ་རང་བྱུང་གི་ཡེ་ཤེས་སུ་ཤེས་པར་མཛོད་ལ་མཉམ་པར་ཞོག་ཅིག །ཅེས་ངོ་སྤྲད་ལ་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག །དེ་དག་གིས་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། ནང་སྒྲུབ་འཇིགས་པ་བརྒྱད་སྐྱོབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་དང་། དཀྱིལ་འཁོར་རྗེས་ཆོག་གོང་དུ་སྨྲོས་པ་ལྟར་བྱས་པས་འགྲུབ་བོ། །འཇིགས་སྐྱོབ་གྲིབ་བསིལ་སྣུམ་པོ་འདིར། །བློ༵་གྲོ༵ས་ལྡན་རྣམས་རབ་བསྙེན་ན། །དགེ་ལེགས་འབྲས་བུ་མཐ༵འ་ཡས༵་པས། །ཕོངས་པ་ཀུན་ལས་སྒྲོལ་བར་འགྱུར། །ཅེས་པ་འདི་ཉིད་སྡེ་བཞི་དགེ་བ་བཅུ་ལྡན་གྱི་རྒྱལ་ཁབ་ཀྱི་ལུགས་ཟུང་གཉེར་འཛིན་བཀྲ་ཤིས་དོན་ཀུན་གྲུབ་པའི་གསུང་བསྐུལ་ངོར། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་གཞུང་སོར་བཞག་ཀུན་མཁྱེན་བླ་མའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་བྲིས་པ་དགེ་ལེགས་འཕེལ།། །། ༈ དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། གསང་སྒྲུབ་བྱིན་རླབས་དང་བཅས་པའི་ཕྲིན་ལས་རིམ་གཉིས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ས་མ་ཡ་ཏཱ་ར་ཡཻ། ཤེས་རབ་གསང་བ་དགྱེས་པ་ན། །ཐབས་མཆོག་རྡོ་རྗེ་རྟག་རོལ་པ། །དམ་ཚིག་སྒྲོལ་མ་ལ་བཏུད་ནས། །གསང་སྒྲུབ་ཕྲིན་ལས་གསལ་བཀོད་བྱ། །རྣལ་འབྱོར་བླ་མེད་མ་རྒྱུད་རྟ་མཆོག་གི་རིགས་འཕགས་མ་གསང་བ་ལྟར་སྒྲུབ་པའི་ཕྲིན་ལས་ལ་གཉིས། རང་དོན་བསྙེན་སྒྲུབ། གཞན་དོན་བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ལ་སྦྱོར་བ་སྔོན་འགྲོ །དངོས་གཞིའི་ཉམས་ལེན། རྗེས་ཀྱི་རིམ་པ་གསུམ་ལས་དང་པོ་ནི། འཛོམ་ན་དམ་ཚིག་གི་བྲིས་སྐུ་བཤམ་པའི་མདུན་དུ་བསྙེན་རྐྱང་ཙམ་ལ་སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བཅས་བཤམ། སྒྲུབ་པ་དང་འབྲེལ་ན་དཀྱིལ་འཁོར་གཞུང་མཐུན་རས་བྲིས་སམ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་གཙོ་འཁོར་དགུ་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་ལྗང་གུ །དེ་སྟེང་ཐོད་པ་མཚན་ལྡན་བདུད་རྩིས་བཀོང་བའི་ཁར། མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་དང་བཅས་པའི་ལྟེ་བར་ཏཱཾ། མཐར་གཡོན་སྐོར་དུ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་བྷ་ར་ཧི་བཾ་སྭཱ་ཧཱ༔ ཞེེས་བྲིས་པ་བཞག་ལ་དར་དམར་གྲུ་གསུམ་གྱིས་བཀབ་པའི་སྟེང་ཤེལ་རྡོ་བཞག །གཏོར་མཆོད་སྔར་ལྟར་བཤམ། སྔོན་འགྲོ་དཀར་བགེགས་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །དེ་ནས་ཐོག་མ་བརྒྱུད་པའི་གསོལ་འདེབས་སོགས་བྱ་ཞིང་གནས་བདག་ལ་དཀར་གཏོར་སྤྱི་འགྲོ་གཏང་། རང་ཉིད་སྐད་ཅིག་གིས་དམ་ཚིག་སྒྲོལ་མར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས། རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མ་རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར་པར་མོས་ལ་སྐྱབས་འགྲོ་ནི། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་དམ་ཚིག་སྒྲོལ་མ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། ཧོ༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྡུག་བསྔལ་མཚོ་ལས་བསྒྲལ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་རྣལ་འབྱོར་གྱིས༔ མཆོག་ཐུན་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་ནི། ཧོ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཡུམ་གྱུར་སྒྲོལ་མའི་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ཚོགས་ཞིང་རྣམས་རང་ལ་ཐིམ། རང་ཉིད་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀའི་སྐུར་གྱུར། བགེགས་གཏོར་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་བགེགས་འགུགས། སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ༔ གདོད་ནས་འཁོར་འདས་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ དྲག་སྔགས་དང་རོལ་མོ་ཐུན་གྱིས་བསྐྲད། སྲུང་འཁོར་ནི། ཧྲཱི༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་གུར་ཁང་དང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔ བྱིན་དབབ་པ་ནི། སྤོས་རོལ་བཅས། ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ གཞི་དབྱིངས་ཆོས་སྐུའི་ཕོ་བྲང་ནས༔ གཞི་སྣང་བྱ་བ་གྲུབ་པའི་རྩལ༔ ལས་ཀྱི་རིགས་མཆོག་བཅོམ་ལྡན་འདས༔ དམ་ཚིག་སྒྲོལ་མ་རྣལ་འབྱོར་མས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ ལུས་ངག་ཡིད་ལ་ཡེ་ཤེས་སྐྱེད༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ མཆོད་རྫས་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ༔ གནས་ཡུལ་ལས་རབ་སྟུག་པོ་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛཿམེ་གྷ་ས་མ་ཡེ་ཧཱུྃ༔ སྔགས་ལན་གསུམ་བརྗོད་དོ། །གཉིས་པ་དངོས་གཞིའི་ཉམས་ལེན་ལས། ཐོག་མར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཨ༔ སྟོང་པ་དེ་བཞིན་ཉིད་ཀྱི་ངང༔ སྙིང་རྗེ་ཆེན་པོར་ཀུན་ཏུ་སྣང༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི༔ རྒྱུ་ཡི་ཡི་གེ་ཏཱཾ་ལྗང་གུ༔ མཁའ་ལས་འཇའ་ཚོན་བཞིན་དུ་སྣང༔ དེ་ལས་ཡེ་ཤེས་མེ་རླུང་ཆུས༔ སྣོད་བཅུད་བག་ཆགས་བསྲེགས་གཏོར་བཀྲུས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མི་ཕྱེད་རྡོ་རྗེའི་སྲུང་འཁོར་དབུས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དེ་དབུས་པད་ཟླའི་གདན་གྱི་སྟེང༔ ཉི་ཟླ་ཁ་སྦྱོར་དབུས་སུ་ཏཱཾ༔ དེ་ལས་ཨུཏྤལ་ཏཱཾ་གྱིས་མཚན༔ ཡོངས་གྱུར་བདག་ཉིད་སྐད་ཅིག་གིས༔ དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང༔ ཞི་འཛུམ་ཆགས་པའི་ཉམས་ཀྱིས་སྒེག༔ དབུ་སྐྲ་གནག་སྣུམ་སྤྱི་བོར་བཅིངས༔ རྩེ་མོར་ཡིད་བཞིན་ནོར་བུས་བརྒྱན༔ ལྷག་མ་སིལ་བུ་ལྕང་ལོར་འཕྱང༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤལ་བསྣམས༔ ཞབས་ཟུང་གཡས་བརྐྱང་རོལ་པས་འགྱིང༔ རང་འོད་རྡོ་རྗེ་རྟ་མཆོག་དཔལ༔ ལྗང་གསལ་རལ་གྲི་དྲིལ་བུ་འཛིན༔ ཅུང་ཟད་ཁྲོ་ཞིང་ཆགས་པའི་ཉམས༔ ཡབ་ཡུམ་མཉམ་སྦྱོར་གཟི་བརྗིད་འབར༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ བྱང་སེམས་ས་བོན་འཕྲོ་འདུ་ལས༔ རིགས་བཞི་ཕྲིན་ལས་སྒོ་མ་བཅས༔ སྣང་སྟོང་ཟུང་འཇུག་ཆེན་པོར་བསྐྱེད༔ ཅེས་གཏེར་གཞུང་དངོས་བསྟན་ཙམ་གྱིས་གསལ་འདེབས་པའམ། སྤྲོ་ན། བྱང་སེམས་ས་བོན་ཏཱཾ་དང་བྷྲཱུྃ༔ ཧྲཱིཿཧཱུྃ་འཕྲོ་འདུའི་སྦྱོར་བ་ལས༔ ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང༔ མཆོག་སྦྱིན་ཨུཏྤལ་རྡོ་རྗེ་བསྣམས༔ ལྷོ་རུ་རིན་ཆེན་སྒྲོལ་མ་སེར༔ མཆོག་སྦྱིན་ཨུཏྤལ་རིན་ཆེན་བསྣམས༔ ནུབ་ཏུ་པདྨའི་སྒྲོལ་མ་དམར༔ མཆོག་སྦྱིན་ཨུཏྤལ་ལྕགས་ཀྱུ་བསྣམས༔ བྱང་དུ་ལས་ཀྱི་སྒྲོལ་མ་ནག༔ མཆོག་སྦྱིན་ཨུཏྤལ་རལ་གྲི་བསྣམས༔ ཐམས་ཅད་དར་དང་རིན་ཆེན་བརྒྱན༔ ཞི་རྒྱས་དབང་དྲག་ཉམས་དང་ལྡན༔ ཞབས་ཟུང་ཕྱེད་སྐྱིལ་པད་ཟླར་བཞུགས༔ སླར་ཡང་ཛཿཧཱུྃ་བཾ་ཧོཿའཕྲོས༔ སྒོ་བཞིར་པད་ཉིའི་གདན་གྱི་སྟེང༔ རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུའི་སྒྲོལ་མ་ནི༔ དཀར་སེར་དམར་ལྗང་ཞི་ཁྲོའི་ཉམས༔ རང་རྟགས་ཕྱག་མཚན་ཨུཏྤལ་བསྣམས༔ བརྐྱང་བསྐུམ་གར་གྱིས་བདུད་བཞི་བརྫིས༔ དར་དང་རཏྣའི་རྒྱན་གྱིས་མཛེས༔ བར་མཚམས་རྩ་གསུམ་ཆོས་སྲུང་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་ཚུལ་དུ་གསལ༔ ཞེས་སྦྱར། གང་ལྟར་དེ་དག་གི་རྗེས་སུ། ཀུན་ཀྱང་སྤྱི་མགྲིན་ཐུགས་ཀ་རུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཡེ་ཤེས་འཁོར་ལོ་སྤྱན་འདྲེན་པ་ནི། ཏཱཾ༔ སྟོང་པ་ཤིན་ཏུ་ཡོད་མེད་འོད་གསལ་དབྱིངས༔ ནམ་མཁའ་བཞིན་ལས་ཐུགས་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མའི་ཡུམ་གྱུར་རྗེ་བཙུན་མ༔ རིགས་ཀྱི་འཁོར་ལོར་བཅས་ཏེ་གནས་འདིར་གཤེགས༔ ཕྱི་ནང་འཇིགས་དང་སྡུག་བསྔལ་མ་ལུས་སོལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ ལུས་ངག་ཡིད་ལ་མཆོག་གི་དབང་བཞི་སྐུར༔ ལས་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཏཱ་ར་ཡོ་གི་ནཱི་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ གཉིས་མེད་བརྟན་བཞུགས་ནི། ཨོཾ༔ རྡོ་རྗེའི་ཡེ་ཤེས་བླ་མེད་པའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི༔ ཏིང་འཛིན་སྤྲུལ་པའི་ལྷ་ཚོགས་དང༔ དབྱེརམེད་ཆེན་པོར་བརྟན་པར་བཞུགས༔ བཛྲ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ གུས་ཕྱག་འཚལ་བ་ནི། ཨོཾ༔ དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་པ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ གཉིས་འཛིན་བྲལ་བ་ལྟ་བའི་ཕྱག༔ དག་མཉམ་ཆོས་སྐུའི་དབྱིངས་སུ་འཚལ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་ནང་གསང་མཆོད་འབུལ་བ་ནི། ཨོཾ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞིང་ཁམས་རྒྱ་མཚོའི་མཆོད་རྫས་ཀུན༔ རྗེ་བཙུན་དམ་ཚིག་སྒྲོལ་མར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ ཡུལ་དང་དབང་པོར་འབྲེལ་བ་ཡི༔ གཟུང་འཛིན་བདེ་བ་ཆེན་པོར་ཤར༔ རྡོ་རྗེའི་གཟུགས་སྒྲ་དྲི་རོ་རེག༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བཞེས༔ ཨོཾ་ཨཱརྻ་ཏཱ་ར་ས་པ་རི་བཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་པའི་རཀྟའི་བཅུད༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཨ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས༔ འཁོར་གསུམ་སྤྲོས་པ་ལས་འདས་པའི༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ མཆོག་གི་མཆོད་པ་ཆེན་པོར་བཞེས༔ སརྦ་དྷརྨ་དྷཱ་ཏུ་ཨཱཏྨཱ་ཀོ྅་ཧཾ༔ བསྟོད་པ་ནི། ཨོཾ༔ དོན་ཡོད་གྲུབ་པ་ལས་ཀྱི་རིགས༔ འཇིག་རྟེན་དབང་ཕྱུག་ཞལ་ལས་བྱུང༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ དམ་ཚིག་སྒྲོལ་མ་ཁྱོད་ལ་བསྟོད༔ དྲི་མེད་ནོར་བུ་མརྒད་མདོག༔ མཆོག་སྦྱིན་ཨུཏྤལ་ཕྱག་རྒྱ་ཅན༔ ཞི་འཛུམ་མཚན་དཔེའི་དཔལ་འབར་བའི༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དབྱངས་ཀྱི་ཡན་ལག་རྒྱ་མཚོ་ལས༔ ཞི་བསིལ་བདུད་རྩིའི་ཆར་འབེབ་པས༔ སེམས་ཅན་ཁམས་རྣམས་སད་མཛད་པ༔ ཚངས་པའི་གསུང་ལ་ཕྱག་འཚལ་བསྟོད༔ མཁྱེན་དང་བརྩེ་བའི་ཡེ་ཤེས་ཀྱིས༔ ཤེས་བྱ་ཀུན་ལ་སྙོམས་པར་འཇུག༔ བསམ་གྱིས་མི་ཁྱབ་ཕྱག་རྒྱ་ཆེ༔ འོད་གསལ་ཐུགས་ལ་ཕྱག་འཚལ་བསྟོད༔ གང་གིས་ཁྱོད་ལ་གསོལ་བཏབ་པས༔ དེ་ལ་དེ་མ་ཐག་བྱིན་རློབ༔ དངོས་གྲུབ་འདོད་དགུ་སྩོལ་མཛད་པའི༔ ཡོན་ཏན་ཕ་མཐའ་ཡས་ལ་བསྟོད༔ མཚན་དང་སྐུ་ཡི་བཀོད་པ་དང༔ རིག་པའི་གསང་སྔགས་སྣ་ཚོགས་པས༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔ ཆོས་ཉིད་གཅིག་ལས་མ་གཡོས་ཀྱང༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་འདུད༔ དེ་ནས་བཟླས་པའི་ཐོག་མར་སྒྲིབ་སྦྱོང་སྐུའི་བཟླས་པ་ནི། ཐུགས་ཀར་ཡེ་ཤེས་སེམས་མ་ནི༔ ཕག་མོ་མཐིང་ནག་གྲི་ཐོད་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླའི་སྦུབས༔ ཏིང་འཛིན་སེམས་དཔའ་ཏཱཾ་ལྗང་གུ༔ མཐའ་སྐོར་རྡོ་རྗེའི་སྔགས་ཀྱིས་མཚན༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྒྲིབ་གཉིས་བག་ཆགས་ཀུན་སྦྱངས་བསམ༔ ཨོཾ་ཏཱ་རེ་ཧཱུྃ་ཕཊ༔ བྱིན་རླབས་གསུང་གི་བཟླས་པ་ནི། སྔགས་ལས་འཕྲོས་པའི་འོད་ཟེར་གྱིས༔ སངས་རྒྱས་སྲས་དང་བཅས་པ་མཆོད༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་ཀུན༔ ཚུར་འདུས་བདག་ཐིམ་གཉིས་མེད་བསམ༔ ཨོཾ་ཏཱ་རེ་སྭཱ་ཧཱ༔ བདེ་ཆེན་ཐུགས་ཀྱི་བཟླས་པ་ནི། ཐུགས་སྲོག་ནཱ་ད་ལས་བྱུང་བའི༔ སྔགས་ཕྲེང་མགལ་མེ་བཞིན་དུ་འཁོར༔ ཡབ་ཡུམ་བདེ་ཆེན་ཡེ་ཤེས་སྐྱེད༔ མི་འགྱུར་མཆོག་དངོས་འགྲུབ་པར་བསམ། ཨོཾ་ཏཱ་རེ་ཏཱཾ་ཧཱུྃ༔ ཡོན་ཏན་ཡོངས་རྫོགས་བཟླས་པ་ནི། རང་དང་དཀྱིལ་འཁོར་ལྷ་ཚོགས་ལས༔ ལྷ་སྔགས་ཕྱག་མཚན་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ སངས་རྒྱས་མཛད་པ་བསྒྲུབ་པར་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་བྷ་ར་ཧི་བཾ་སྭཱ་ཧཱ༔ ཕྲིན་ལས་མཐར་དབྱུང་བཟླས་པ་ནི། དཀྱིལ་འཁོར་ལྷ་ཚོགས་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་སེར་འཕྲོས༔ འཇིགས་པ་ཀུན་ལས་དབུགས་དབྱུང་ཞིང༔ རྣམ་བཞིའི་ཕྲིན་ལས་ཡོངས་རྫོགས་བསམ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན༔ པྲ་དུཥྚཱན༔ མ་མ་ཀྲྀ་ཏེ༔ ཛཾ་བྷ་ཡ༔ སཏྭཾ་བྷ་ཡ༔ མོ་ཧ་ཡ༔ བྷནྡྷ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སརྦ་དུཥྚཱན་སཏྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱ༔ ཞེས་བཟླའོ། །བཟླས་པའི་གྲངས་ནི། སྐུ་གསུང་ཐུགས་གསུམ་འབུམ་ཕྲག་རེ་རེ། ཡོན་ཏན་འབུམ་ཕྲག་བཞི། ཕྲིན་ལས་ལས་སྦྱོར་གོང་གི་བཅུ་ཆ་སྟེ་ཁྲི་ཕྲག་བཞི་བཟླ་བར་གསུངས་ཤིང་། ལས་བྱང་དཀྱུས་ཙམ་གཏང་བའི་ཚེ་ནའང་དེའི་རིགས་པས་ཡོན་ཏན་ཡོངས་རྫོགས་ཅི་ནུས་དང་། ལས་སྦྱོར་ཉུང་ཙམ་བཟླ། ཐུན་མཐར་གོང་གསལ། ཨོཾ༔ དངོས་འབྱོར་ཡིད་ཀྱིས་སོགས་སྔགས་བཅས་པས་མཆོད། བསྟོད་པའི་རྒྱུད་ཕྱག་འཚལ་ཉེར་གཅིག་གིས་བསྟོད། ཡིག་བརྒྱ་བརྗོད། བདག་བསྐྱེད་རྐྱང་སྒྲུབ་ཡིན་ན་དེ་ཙམ་གྱིས་འཐུས། མདུན་རྟེན་དང་འབྲེལ་ན་བཟླས་པའི་ཐོག་མར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་དང་ཡིག་བཅུའི་མཐར། ཕཊ་ཛཿབཏགས་པས་ཛཔ྄་ཁང་དབྱེ། བདག་མདུན་གཉིས་ཀར་དམིགས་པའི་འཕྲོ་འདུ་བྱ། སྐབས་འདིར་བསྡུ་བ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཐོག་མར་ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་ཤ་ཆང་སོགས་འདུ་བྱས་ལ། རཾ་ཡཾ་ཁཾ་བརྗོད་བདུད་རྩིས་བསང་། སྟོང་པའི་ངང་ལས་རླུང་མེའི་སྟེང༔ སྣོད་ནི་བདེ་ཆེན་ཀ་པཱ་ལར༔ བཅུད་ནི་རིགས་ལྔའི་དམ་ཚིག་རྫས༔ འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧ་ཧོཿཧྲཱི༔ ཧྲཱི༔ འོག་མིན་ཆོས་དབྱིངས་ཕོ་བྲང་དང༔ གཡུ་ལོ་བཀོད་དང་པོ་ཏ་ལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ༔ སུམ་ཅུ་རྩ་གཉིས་གནས་མཆོག་ནས༔ རྗེ་བཙུན་དམ་ཚིག་སྒྲོལ་མ་ཡུམ༔ རྩ་གསུམ་ཆོས་སྲུང་རྒྱ་མཚོར་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང༔ འདོད་ཡོན་རྡོ་རྗེའི་དམ་ཚིག་རྫས༔ ཅིར་སྣང་ལྷ་དང་སྔགས་ཀྱི་སྒྲ༔ ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིག༔ སརྦ་ས་མ་ཡ་ཛཿཛ༔ ཞེས་ཚོགས་ཞིང་སྤྱན་དྲང་། ཚོགས་ཕུད་དཀྱིལ་འཁོར་དུ་མཆོད་ལ། ཨོཾ༔ རང་བྱུང་མཚན་ལྡན་ཀ་པཱ་ལར༔ བཟའ་བཅའ་བཏུང་བའི་ཚོགས་གཏོར་བཤམས༔ ཐབས་དང་ཤེས་རབ་དམ་རྫས་འདི༔ ཕྱི་ཡི་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཕུང་པོའི་བདུད་ཚོགས་དབྱིངས་སུ་སྒྲོལ༔ མི་ཤིགས་སྐུ་ཡི་དངོས་གྲུབ་སྩོལ༔ ས་མ་ཡ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཨཱ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ འདོད་ཡོན་རྒྱ་མཚོའི་དམ་རྫས་འདི༔ ནང་གི་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསུང་གི་དམ་ཚིག་ཉམས་པ་བཤགས༔ འཆི་བདག་བདུད་ཚོགས་དབྱིངས་སུ་སྒྲོལ༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ པཉྩ་ཀཱ་མ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ རྩ་གསུམ་འཁོར་ལོའི་ཀ་པཱ་ལར༔ བྱང་ཆུབ་སེམས་ཀྱི་ཚོགས་གཏོར་བཤམས༔ བདེ་སྟོང་དབྱེར་མེད་དམ་རྫས་འདི༔ གསང་བའི་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཉོན་མོངས་བདུད་ཚོགས་དབྱིངས་སུ་སྒྲོལ༔ འོད་གསལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཆོས་དབྱིངས་སྤྲོས་བྲལ་ཀ་པཱ་ལར༔ རིག་པ་རང་གསལ་ཚོགས་གཏོར་བཤམས༔ ཟུང་འཇུག་ཆེན་པོའི་དམ་རྫས་འདི༔ བླ་མེད་མཆོད་པར་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསང་གསུམ་དམ་ཚིག་ཉམས་པ་བཤགས༔ ལྷ་བུའི་བདུད་ཚོགས་དབྱིངས་སུ་སྒྲོལ༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་ལ་དམིགས་ཏེ། ལྷ་ཚོགས་བདུད་རྩིས་རབ་མཉེས་ནས༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ སྲིད་དང་ཞི་བའི་དྭངས་བཅུད་བསྡུས༔ དམ་ཚིག་ཚོགས་ཀྱི་རྫས་ལ་ཐིམ༔ མྱོང་གྲོལ་བདུད་རྩིའི་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་མྲྀཏ་ག་ཎ་ཙཀྲ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ བརྒྱ་རྩ་བརྒྱད་དམ་བདུན་ཡན་བརྗོད་པས་བྱིན་བརླབས་ནས་ལུས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་མོས་པས་ལོངས་སྤྱད། ལྷག་མ་བདུད་རྩིས་བྲན་ལ། པཉྩ་ཨ་མྲྀཏ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་བདུད་རྩིའི་ཕུང་པོ་ཟད་མི་ཤེས་པར་གྱུར། ཧཱུྃ༔ སྔོན་ཚེ་གྲུབ་རིག་འཛིན་རྣམས་ཀྱིས༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ ཚོགས་ཀྱི་འཁོར་ལོས་སྒྱུར་བའི་ཚེ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་གིས༔ ལྷག་མའི་གཏོར་མ་དངོས་སུ་བླངས༔ བཀའ་བཞིན་བསྒྲུབ་པར་དམ་བཅས་པའི༔ རྡོ་རྗེའི་ཡལ་གམ་དེང་བསྐུལ་ན༔ འདོད་ཡོན་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྐྱེད༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཙྪིཥྚ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་ལྷག་མ་བཏང་། སྨོན་ལམ་གདབ་པ་ནི། བདེ་ཆེན་རྡོ་རྗེའི་དམ་ཚིག་རྫས༔ ཚོགས་ཀྱི་མཆོད་པ་བླ་ན་མེད༔ དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱིས༔ འཆི་མེད་ཡེ་ཤེས་སྐུ་འགྲུབ་ཤོག༔ གཏང་རག་མཆོད་བསྟོད་མདོར་བསྡུས་བྱས་ལ། དངོས་གྲུབ་བླང་བ་ནི། ཨོཾ༔ ཤིན་ཏུ་རྣམ་དག་འོད་གསལ་དཀྱིལ༔ རིག་པ་ཡེ་ཤེས་འཁོར་ལོའི་ཚུལ༔ ཚོགས་མཆོག་དམ་ཚིག་སྒྲོལ་མའི་ལྷ༔ རྩེ་གཅིག་བསྙེན་ཅིང་བསྒྲུབས་ལགས་ན༔ སྔོན་ཚེ་ཐུགས་བསྐྱེད་དམ་བཅས་ལྟར༔ མི་འགྱུར་མི་ཤིགས་འོད་གསལ་རྩལ༔ རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མཆོག་གི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ནོངས་བཤགས་ནི། ཧོ༔ རྗེ་བཙུན་འཕགས་མའི་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཨ་ཨ་ཨ༔ ཞེས་འཁོར་གསུམ་མི་རྟོག་པའི་ངང་དུ་མཉམ་པར་གཞག །བསྡུ་རིམ་ནི། ཨ༔ རིག་པ་རང་སྣང་དམ་ཚིག་པ༔ རང་བྱུང་ཡེ་ཤེས་དབྱིངས་ཀྱི་ཀློང༔ འདུ་འབྲལ་མེད་པར་རོ་གཅིག་ཕྱིར༔ ཞལ་ཕྱག་མཚན་མ་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ རྗེས་སྤྱོད་ནི། ཏཱཾ༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ བདག་ཉིད་དམ་ཚིག་སྒྲོལ་མའི་སྐུ༔ སྣང་གྲགས་རྟོག་གསུམ་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ བསྔོ་བ་ནི། ཧོ༔ གདོད་ནས་དག་པའི་ཡེ་ཤེས་དང༔ རྟེན་ཅིང་འབྲེལ་འབྱུང་བསོད་ནམས་ཚོགས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ༔ སྨོན་ལམ་ནི། འདི་ནས་སྐྱེ་བ་ཐམས་ཅད་དུ༔ དམ་ཚིག་སྒྲོལ་མས་རྗེས་བཟུང་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ཤོག༔ ཤིས་བརྗོད་ནི་མེ་ཏོག་འཐོར་ལ། ཨོཾ༔ དགོངས་བརྡ་སྙན་བརྒྱུད་རིག་རྩལ་འཆང༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཞི་ཁྲོའི་ཕྱག་རྒྱར་སྣང༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ རྣལ་འབྱོར་གྲོགས་མཛད་བདེ་ཆེན་སྤེལ༔ ཕྱི་ནང་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོག༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ མཐར་ཐུག་འཕགས་མའི་ཡེ་ཤེས་སྐུ༔ མངོན་སུམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་དོ། །གཉིས་པ་གཞན་དོན་བྱིན་རླབས་ཀྱི་ཆོ་ག་ནི། དཀྱིལ་འཁོར་བུམ་པ་ཐམས་ཅད་གོང་དུ་སྨྲོས་པ་བཞིན་དང་། ལས་བུམ་མེ་ཏོག་གིས་མཚོན་པའི་ཉེར་མཁོའི་ཡོ་བྱད་ཚོགས་པར་བྱས་ལ། ཕྲིན་ལས་ཡོངས་རྫོགས་བཏང་། བཟླས་པའི་སྐབས་ཛཔ྄་ཁང་དབྱེ། བཟླས་པའི་རྗེས་སུ། བུམ་ཐོད་རང་བྱུང་གི་གཞལ་ཡས་ཁང་དུ་དཀྱིལ་འཁོར་པའི་ལྷ་ཡོངས་རྫོགས་སྐད་ཅིག་གིས་གསལ་བར་གྱུར། རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་སོང་། ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཟག་མེད་བདེ་སྦྱོར་མཛད་པའི་བྱང་སེམས་ཀྱི་རྒྱུན་བབས། བུམ་པ་དང་ཐོད་པ་གང་བར་གྱུར། ཅེས་མོས་ལ་བཟླས་པ་བྱས་པའི་མཐར་མཆོད་བསྟོད་ཡིག་བརྒྱ་བརྗོད་དུང་ཆུ་ཕུལ་ལ། ཨོཾ་ཨཱཿཧཱུྃ། ལྷ་རྣམས་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་བུམ་ཐོད་ཀྱི་བཅུད་དང་རོ་གཅིག་པར་གྱུར། ལས་བུམ་ནང་དུ་པད་ཉི་ལ་རྟ་མགྲིན་དམར་པོ་དབྱུག་ཏོ་དང་སྡིགས་མཛུབ་ཅན་སྐད་ཅིག་གིས་གསལ་བར་གྱུར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་བཟླ། མཐར། ཁྲོ་བོའི་དབང་པོ་འོད་དུ་ཞུ་ནས་དག་བྱེད་ཀྱི་ཁྲུས་ཆབ་ནུས་པ་དང་ལྡན་པར་གྱུར། ཅེས་མོས་ལ། རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད། དེ་ནས་སློབ་མ་རྣམས་ལ། ཁྲུས་དང་བགེགས་བསྐྲད་སྲུང་འཁོར་རྣམས་ནང་སྒྲུབ་དབང་ཆོག་དང་འདྲ། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་གདབ། ལོ་རྒྱུས་མཚམས་སྦྱོར་འཕྲོས། སྨིན་བྱེད་ལའང་ཕྱི་ནང་གསང་བ་གསུམ་དུ་མཆིས་པ་ལས། སྐབས་འདིར་རྣལ་འབྱོར་བླ་མེད་མ་རྒྱུད་རྟའི་རྒྱལ་པོའི་རིགས་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ལྷ་དགུ་པའི་དབང་བསྐུར་བྱིན་རླབས་ཀྱི་ཆོ་ག་བསྒྲུབ་པ་ལ་སོགས་བསྒྱུར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་བཅུད་དག་པའི་ཞིང་དུ་བྱས། ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ནས་ལུས་འོད་ཀྱི་གོང་བུར་གྱུར་པ་ཞལ་དུ་དྲངས། ཐུགས་ཀར་བརྒྱུད། སྦྱོར་མཚམས་སུ་དམ་ཚིག་སྒྲོལ་མའི་སྐུར་གྱུར་པ་ཕྱིར་བཏོན་ཏེ་རང་རང་གི་གྲལ་དུ་བཀོད་པར་མོས་ལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པ་དང། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། བླ་མ་དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ། བདག་སོགས་མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་སོགས་གསུམ། སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་འཕགས་མ་སྒྲོལ་མའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཅིང་ཟབ་མོའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ མཁའ་མཉམ་སེམས་ཅན་སོགས་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་གསག་སྦྱོང་ཕུལ་དུ་གྱུར་པ་ཡན་ལག་བདུན་པ་རེ་རེ་བཞིན་ཚིག་དང་དོན་མ་འཛོལ་བའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཧོ༔ ཕྱོགས་དུས་རྒྱལ་བ་སོགས། དེ་ནས་བྱིན་རླབས་ཀྱི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ལ། ཁྱེད་རང་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ཏེ་རྩེ་གཅིག་ཏུ་དམིགས་པ་འདི་བཞིན་བསྒོམ་འཚལ། ལས་སྔགས་དང་ལས་ཆུས་བསང་། ཤཱུནྱ་ཏཱས་སྦྱང་། འདི་ལྟར་སྣང་བའི་ཆོས་རྣམས་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཏཱཾ་ལྗང་གུ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་ཨུཏྤལ་ལྗང་སྔོན་ཏཱཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་སྐུ་མདོག་ལྗང་གུ་མརྒད་ཀྱི་ལྷུན་པོ་ལྟ་བུ་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་ལ་སྒེག་ཅིང་ཆགས་པའི་ཉམས་ཅན། གནག་སྣུམ་དབུ་སྐྲའི་ཟུར་ཕུད་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་ནོར་བུས་བརྒྱན་ཅིང་ལྷག་མ་སིལ་བུ་སྐུ་རྒྱབ་ཏུ་འཕྱང་བ། ཕྱག་གཡས་ཀྱིས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་ཞིང་གཡོན་པས་ཐུགས་ཀར་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་ཨུཏྤལ་སྔོན་པོའི་ཡུ་བ་ནས་འཛིན་པ། ཞབས་གཡས་བརྐྱང་རོལ་པའི་སྟབས་ཀྱིས་འགྱིང་ཞིང་ཡབ་རྡོ་རྗེ་རྟའི་རྒྱལ་པོ་ལྗང་གསལ་ཁྲོ་ཞིང་ཆགས་པའི་ཉམས་ཅན་རལ་གྲི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་ཤིང་འོད་དང་གཟི་བརྗིད་ཀྱི་ཟེར་མདངས་མཐའ་ཡས་པ་འཕྲོ་བར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་ཏཱཾ་ལྗང་གུས་མཚན་པ་དང་། བླ་མ་དཀྱིལ་འཁོར་པའི་གནས་རྣམས་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་བཅོམ་ལྡན་འདས་དམ་ཚིག་སྒྲོལ་མ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་མོས་ཤིག །དབྱངས་རོལ་དང་འབེབ་པའི་རྫས་སྦྱོར་བཅས་ཕྲིན་ལས་སུ་བཤད་པའི་བྱིན་འབེབ་བམ་སྤྱན་འདྲེན་གྱི་ཚིག་གང་རུང་བརྗོད། ཡིག་བཅུའི་ཤམ་དུ་ཡེ་ཤེས་དབབ་པའི་སྔགས་དྲག་ཏུ་བརྗོད་ལ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེའམ་མེ་ཏོག་མགོར་བཀོད། དེ་དག་གིས་སྔོན་དུ་འགྲོ་བའི་ཆོས་རྣམས་ལེགས་པར་གྲུབ་ནས། བྱིན་རླབས་དངོས་ལ་རྫས་ཀྱི་བརྡ་བཞི་ལ་བརྟེན་ནས་དོན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིར་བྱིན་གྱིས་བརླབ་པའི་ཆོ་ག་རིམ་པར་འབྱུང་བ་ལས། ཐོག་མར་བུམ་པའི་བརྡ་ལ་བརྟེན་ནས་སྐུའི་བྱིན་རླབས་བགྱི་བ་ལ་འདུན་པ་འདི་བཞིན་དུ་མཛོད། བླ་མ་དཀྱིལ་འཁོར་པ་དང་ནམ་མཁའ་གང་བར་བཞུགས་པའི་དབང་གི་ལྷ་རྣམས་ཀྱིས་སྣང་སྟོང་ཟུང་འཇུག་གི་རང་བཞིན་རྣམ་པར་རྒྱལ་བའི་བུམ་པ་ཡེ་ཤེས་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །ཨོཾ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྐུ་ཡི་ཡེ་ཤེས་ངོ་བོ་ཉིད༔ བུམ་པའི་དབང་བསྐུར་བླ་མེད་པས༔ སྣང་སྟོང་ངོ་བོར་ཁྱོད་དབང་བསྐུར༔ ཡིག་བཅུའི་མཐར། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ རྣམ་བུམ་སྤྱི་བོར་འཇོག་ལ་བུམ་ཆུ་སྦྱིན། དེས་ལུས་ཀྱི་སྒྲིབ་པ་དག་ནས་རྩ་ཁམས་ལྷར་སྨིན། ཕྱི་བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་ཐོད་པའི་བརྡ་ལ་བརྟེན་ནས་གསུང་གི་བྱིན་རླབས་བགྱི་བ་ནི། གསལ་སྟོང་ཟུང་འཇུག་གི་རང་བཞིན་མཚན་ལྡན་ཀ་པཱ་ལའི་བདུད་རྩི་ཐབས་ཤེས་མཉམ་སྦྱོར་བྱང་ཆུབ་ཀྱི་སེམས་ལྗགས་ལ་བཞག་པར་མོས་ཤིག །ཨཱ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ གསུང་གི་ཡེ་ཤེས་ངོ་བོ་ཉིད༔ གསང་བའི་དབང་བསྐུར་བླ་མེད་པས༔ གསལ་སྟོང་ངོ་བོར་ཁྱོད་དབང་བསྐུར༔ ཡིག་བཅུ་དང་། བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ཐོད་པ་མགྲིན་པར་གཏུགས་ཤིང་བདུད་རྩི་སྦྱིན། དེས་ངག་གི་སྒྲིབ་པ་དག་ནས་རླུང་ཁམས་སྔགས་སུ་སྨིན། ནང་གསང་བའི་དབང་ཐོབ། ལམ་རང་བྱིན་རླབས་བསྒོམ་པ་ལ་དབང་། གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་སིནྡྷུ་རའི་དཀྱིལ་འཁོར་གྱི་བརྡ་ལ་བརྟེན་ནས་ཐུགས་ཀྱི་བྱིན་རླབས་བགྱི་བ་ནི། བདེ་སྟོང་ཟུང་འཇུག་གི་རང་བཞིན་མེ་ལོང་སིནྡྷུ་ར་སྔགས་ཀྱི་དཀྱིལ་འཁོར་དང་བཅས་པ་ལས་བདེ་དྲོད་ཀྱི་འོད་ཟེར་བྱུང་ནས་ལྟེ་བར་ཐིམ་པས་གཏུམ་མོའི་མེ་སྦར། སྤྱི་བོའི་ཧཾ་ཡིག་ཞུ་བས་ལུས་སེམས་དགའ་བདེས་ཁྱབ་པར་མོས་ཤིག །ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ ཐུགས་ཀྱི་ཡེ་ཤེས་ངོ་བོ་ཉིད༔ ཤེས་རབ་དབང་བསྐུར་བླ་མེད་པས༔ བདེ་སྟོང་ངོ་བོར་ཁྱོད་དབང་བསྐུར༔ ཡིག་བཅུ་དང་། ཀརྨ་མུ་དྲཱ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་ལག་ཏུ་གཏད་ཅིང་སིནྡྷུ་རའི་ཐིག་ལེ་སྙིང་གར་བྱུག །དེས་ཡིད་ཀྱི་སྒྲིབ་པ་དག་ནས་ཐིག་ལེ་ཡེ་ཤེས་སུ་སྨིན། གསང་བ་ཤེས་རབ་ཀྱི་དབང་ཐོབ། ལམ་གཞན་ལུས་བརྟེན་པ་ལ་དབང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ལ་བརྟེན་ནས་ཡེ་ཤེས་ཀྱི་བྱིན་རླབས་བགྱི་བ་ནི། རིག་སྟོང་ཟུང་འཇུག་མཚོན་བྱེད་རང་བྱུང་གི་ཤེལ་གཏིང་གསལ་འོད་ལྔའི་མདངས་ཅན་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་ཤེས་པར་གྱིས་ལ་སྤྲོས་བྲལ་འོད་གསལ་བའི་དབྱིངས་སུ་མཉམ་པར་ཞོག་མཛོད། ཧོ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ དབྱེར་མེད་ཡེ་ཤེས་ངོ་བོ་ཉིད༔ བཞི་པའི་དབང་བསྐུར་བླ་མེད་པས༔ རིག་སྟོང་ངོ་བོར་ཁྱོད་དབང་བསྐུར༔ ཡིག་བཅུ་དང་། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ ཤེལ་རྡོ་བསྟན་ཅིང་གནས་གསུམ་དུ་བཞག །དེས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས་དྭངས་མ་འགྱུར་མེད་དུ་སྨིན། བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་ཐོབ། ལམ་འོད་གསལ་ཡེ་ཤེས་བསྒོམ་པ་ལ་དབང་། རིག་སྟོང་ཟུང་འཇུག་གི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་ལ་ཤིས་བརྗོད་ཇི་ལྟར་རིག་པར་བྱ་ཞིང་མེ་ཏོག་འཐོར། དེས་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་དགོངས་གཏེར་ལས་བྱོན་པའི་སྒྲོལ་མ་ཟབ་ཏིག་གི་གསང་སྒྲུབ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ལེགས་པར་བགྱིས་གྲུབ་པ་ལགས་པས། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་མ་ཉམས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་སྤྱི་ལྟར་བྱ། གཏེར་སྲུང་གཏོར་འབུལ་དང་ཚོགས་མཆོད་སོགས་རྗེས་ཀྱི་ལས་རིམ་རྣམས་ཕྲིན་ལས་སུ་བཤད་པ་བཞིན་བྱས་པས་འགྲུབ་བོ། །པ༵དྨ༵འི་རིགས་མཆོག་བཅོམ་ལྡན་མ། །ལས་རབ་གར༵་དབ༵ང་སྐུར་སྟོན་པའི། །སྒྲུབ་ཐབས་འདི་དགེས་བདུད་བཞི་ལས། །རྣམ་རྒྱལ་དཔའ་མོའི་དཔལ་ཐོབ་ཤོག །ཅེས་པ་འདི་ནི་སྡེ་བཞི་དགེ་བ་བཅུ་ལྡན་གྱི་ནོར་འཛིན་སྐྱོང་བ་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེས་བཀྲ་ཤིས་པའི་ལྷ་རྫས་བཅས་གསུང་བསྐུལ་རིང་ནས་གནང་བ་རྗེས་སུ་བསྒྲུབ་སླད། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་རྩ་བའི་གཏེར་གཞུང་དང་ཀུན་མཁྱེན་བླ་མའི་ཕྱག་བཞེས་གུང་བསྡེབས་ཏེ་བགྱིས་པ་དགེ་ལེགས་འཕེལ།། །།
འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ་ (Volume 49, Text 44)
༄༅། །འཆི་བ་བསླུ་བའི་གདམས་པ་ཆུ་སྦྱིན་སྟོང་ཟློག་གི་མན་ངག་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནད་པ་སོགས་ཀྱི་ལན་ཆགས་བསལ་བའི་ཕྱིར་ཆུ་སྦྱིན་སྟོང་ཟློག་བྱ་བར་འདོད་པས། ཐོ་རངས་མི་ཁྱི་མ་ལངས་པར། བནྡེ་གཉིས་ཁ་ལག་བཀྲུས་ལ། ཆུ་མིག་ཏུ་ཕྱིན་ནས་ཆབ་བླངས་ཏེ་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་ལྟ་བུར་བཞུགས་པར་མོས་ལ། སངས་རྒྱས་ཆོས་དང་ཚོགས་སོགས་ཀྱིས་སྐྱབས་སེམས་ལན་གསུམ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་བྱ། དེ་ནས་གཅིག་གིས་སྣོད་གཙང་མར་ཆུ་བླངས་ལ། རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླས་རྗེས། མདུན་དུ་ཡི་དྭགས་ཀྱི་རྒྱལ་མོ་ཁོ་ཤོག་མ་བྱ་བ། ལུས་ཤིན་ཏུ་ཆེ་ལ་རིད་པ། སྦོམ་ལ་ཡང་བ། ཤིང་བལ་ལྟར་གསུད་པ། རྐེ་དང་རྐང་ལག་ཕྲ་བ། དེ་ལྟ་བུ་གཅིག་ལ་འཁོར་དེ་འདྲ་བ་མང་པོས་བསྐོར་བར་གྱུར་པར་དམིགས་ཏེ། ཆུའི་དངོས་པོ་ནི་སེར་སྣ་མེད་པར་སྔོ་སྐྱ་ཆིལ་བར་འབབས་པ་དེ་ཉིད་ཁོང་རྣམས་ཀྱིས་འཐུངས་པས། སྔར་བྱས་པའི་ཕྱི་ནང་གི་སྒྲིབ་པ་བྱང་ནས་བདེ་བ་དང་ལྡན་པར་བསམ་ལ། ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པའི་སྔགས་ཚར་རེ་དང་། ལག་གཡས་ཀྱིས་ཆུ་རེ་སྦྲེང་བ། གཡོན་གྱི་སེ་གོལ་རེ་བརྡབ་པ་རྣམས་སྦྲགས་ལ་བྱ། སྔགས་ཚར་བརྒྱ་རྩ་རེའི་མཇུག །འཇུར་གེགས་མ་ལ་སོགས་པ་ཡི། །ཡི་དྭགས་ཚོགས་རྣམས་ཐམས་ཅད་ཀུན། །བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ནས། །བདེ་བའི་མཆོག་དང་ལྡན་གྱུར་ཅིག །ཅེས་པ་ལ་སོགས་པའི་སྨོན་ལམ་ལན་རེ་བཏབ། གཅིག་གིས་དེའི་བར་ལ་ཟབ་མདོ་ཚར་གཅིག་དང་། སྙིང་པོ་ཅི་ནུས་སུ་བགྲངས་ལ། ཆུ་སྦྱིན་བརྒྱ་རྩ་རེ་སོང་མཚམས་སུ་ཐལ་རྡེབ་རེ་བྱ། ཆུ་སྦྱིན་སྟོང་རྩ་གྲུབ་རྗེས་གཉིས་ཀས་ཟབ་མདོ་ཚར་གསུམ་འདོན་ལ་ཐལ་མོ་བརྡབ། བཀྲ་ཤིས་དང་སྨོན་ལམ་རྒྱས་པར་བྱ། ཚུར་ལོག་དུས་སྲུང་འཁོར་བསྒོམ་ཞིང་ཕྱིར་ལམ་བཅད་ནས་ཕྱི་མིག་མི་ལྟ་བར་གལ་ཆེ། ཆོ་ག་བྱ་བའི་བར་ལ་གཞན་དང་ངག་མི་བསྲེ་བར་བྱའོ། །དེ་ལྟར་བགྱིས་པས་ལན་ཆགས་དང་བུ་ལོན་བྱང་ཞིང་། འཆི་བ་བསླུ། ཆག་ཆེ། ཉམ་ང་། རྦོད་གཏོང་། མཚན་ངན། རྨི་ལམ་ངན་པ་སོགས་ཟློག་པའི་ཐབས་མཆོག་ཏུ་གྱུར་པའོ། །བཀའ་བརྒྱད་གསང་རྫོགས་ཀྱི་ཆ་ལག་ཆུ་སྦྱིན་སྟོང་ཟློག་གི་མན་ངག་སྙིང་པོར་དྲིལ་ནས་བཀླག་ཆོག་ཏུ་བཀོད་པ། ྀཨཚ། ༄༅། །འཆི་བསླུ་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ཝེ། བསྒྲུབ་བྱའི་ཁ་སྣའི་ཆུ་དག་དང་། །མིག་རྣག་དྲི་ཆེན་དྲི་ཆུ་དང་། །སྐྲ་སེན་ལུས་བཀྲུས་ཁུ་བ་དང་། །འབྲུ་སྣའི་ངར་ཕྱེ་སྦྲུས་པ་ལ། །མི་གཟུགས་དཀར་སེར་དམར་ལྗང་དང་། ཁྲ་བོ་གཅིག་སྟེ་ལྔ་བཟོས་ལ། །དར་སྣ་བལ་ཚོན་སྒྲོ་སྣ་གཟུག །ཆངས་བུ་བསྒྲུབ་བྱའི་ལོ་གྲངས་བཅས། །སྣོད་གཙང་འབྲུ་སྣས་བཀང་ཁར་བཞག །བསྒྲུབ་བྱའི་གོས་དུམ་རེ་རེ་བསྐོན། །སྐྱབས་སེམས་ཚད་མེད་སྔོན་སོང་བས། །རང་ཉིད་འོད་ཟེར་ཅན་མར་བསྒོམ། །གཏོར་མ་སྔགས་དྲུག་ཕྱག་དྲུག་གིས། །བྱིན་གྱིས་བརླབས་ནས་བསྔོ་བ་ནི། །འཆི་བདག་གཤིན་རྗེའི་རྒྱལ་པོ་དང་། །སྟེང་གདོན་འོག་གདོན་བར་གདོན་དང་། །ཕོ་འདྲེ་མོ་འདྲེ་མ་ནིང་གདོན། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས། །བདག་ལས་ལྷག་པའི་གཏོར་གླུད་འདི། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །འདོད་སྲེད་ཆགས་དང་ཞེན་པ་ཡིས། །དྲན་དང་མཐོང་རེག་བཟུང་པ་ཀུན། །སྡུས་ཤིག་གློད་ཅིག་ད་ཁྲོལ་ཅིག །སྔོན་གྱི་ལན་ཆགས་ཤ་མཁོན་དང་། །བུ་ལོན་འཕྲལ་གྱི་རྐྱེན་ལ་སོགས། །གང་ཡིན་མ་ལུས་འཁོར་བར་མཛོད། །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འབྱུང་པོ་མ་ལུས་ཚིམས་གྱུར་ཅིག །ཅེས་བརྗོད་ཕྱི་མིག་མི་བལྟ་བར། །ཆུ་བོ་ཆེན་པོའི་གཞུང་ལ་བསྐྱལ། །འཆི་ལྟས་བྱུང་ཚེ་ལོ་ཟླ་གཉིས། །ཟད་པའི་མཚམས་སུ་བྱས་པས་བཟློག །སློབ་དཔོན་པདྨས་མཛད་པའི་འཆི་བསླུ་བསྡུས་པའི་རིམ་པ་བྱིན་རླབས་ཅན་ནོ། །མངྒ་ལཾ། །ལོ་ཆེན་རཏྣ་བྷ་དྲའི་ཕྱག་ལེན་རྗེ་བཙུན་དམ་པའི་ཕྱག་དཔེ་ལས་བཤུས། ༄༅། །སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེའི་ལུགས་ཀྱི་བླ་བསླུའི་གླུད་བསྔོ་བཞུགས་སོ། །ན་མོ་གུ་རུ། ནད་པའི་བླ་ཚེ་བསླུ་བའི་གླུད་ནི། རིན་པོ་ཆེའི་སྣོད་དུ་བླ་གླུད་ཆེ་བ་དང་དཀོར་ཆས་གཏམས། ལོགས་སུ་གླུད་ཕྲན་ཆངས་བུ་རིལ་བུ་སོགས་མང་དུ་གསག །རྟེན་འབྲེལ་བརྟག་ན་བླ་རྟེན་མདའ་དར་བླ་གཡུས་བརྒྱན་པ། ལུང་པ་དགུའི་ཆུ་སྣའི་སྣོད་དུ་རྒྱ་ཕོར་གཙང་མར་བླ་ལུག་སྐྱེ་མཆེད་དོད་པ་བཞག །དེ་ནས་སྔགས་པས་ཡི་དམ་བསྒོམ་ཞེས་འབྱུང་བས། སྐྱབས་སེམས་དང་། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཕག་བདུན་གྱིས། །དྲངས་པའི་ཤིང་རྟར་པད་ཉིའི་སྟེང་། །མཾ་ལས་རང་ཉིད་འོད་ཟེར་ཅན། །སེར་པོ་ཕྱག་གཡས་མཆོག་སྦྱིན་གཡོན། །མྱ་ངན་མེད་པའི་ཡལ་ག་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཅུང་ཟད་ཁྲོ་ཞིང་འཛུམ་པའི་ཉམས། །ཕྱེད་སྐྱིལ་འོད་ཕུང་ཀློང་ན་བཞུགས། །ཐུགས་ཀར་ཉི་སྟེང་མཾ་གྱི་མཐར། །སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས། །འཕགས་མཆོད་གདོན་བགེགས་ཚར་བཅད་གྱུར། །ཨོཾ་མ་རཱི་ཙྱཻ་མཾ་སྭཱ་ཧཱ། སྟོང་ལས་མི་ཉུང་བར་བཟླ། གླུད་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པའམ་བསྡུ་ན་ནམ་མཁའ་མཛོད་ཀྱིས་སྤེལ་ཏེ། བསྔོ་བ་ནི། ཧཱུྃ། འབྱུང་བ་ཆེན་པོ་རྣམ་ལྔ་ནི། །སྐྱེ་འགྲོ་སེམས་ཅན་ཀུན་གྱི་རྟེན། །དེ་ཉིད་ལ་ནི་བརྟེན་བཅས་པའི། །སྤར་སྨེ་གཟའ་སྐར་ཚེས་གྲངས་ལྷ། །སྡེ་བརྒྱད་བགེགས་རིགས་འབྱུང་པོའི་ཚོགས། ཁྱད་པར་འཇིག་རྟེན་སྐྱོང་བ་བཅུ། །བཙུན་མོ་སྲས་དང་སྡེ་དཔུང་བཅས། །སྟོབས་ཆེན་གཟི་བརྗིད་ཆེ་བའི་ཚོགས། །རེ་ཏེ་མགོ་ཡག་བྱིས་པའི་བདུད། །ལི་བྱིན་ཧཱ་ར་སྲོག་གི་བདག །འཁོར་དང་བཅས་པ་ཇི་སྙེད་ཀུན། །རྩ་བ་གསུམ་གྱི་བཀའ་བྱུང་གིས། །གླུད་དང་གཏོར་མ་ལེན་པའི་ཕྱིར། །ཞི་ཞིང་ཕན་པའི་སེམས་ཀྱིས་སུ། །ད་ལྟ་ཉིད་དུ་གནས་འདིར་བྱོན། །བཤམས་པའི་གླུད་གཏོར་གསེར་སྐྱེམས་འདི། །མང་པོར་ཏིང་ངེ་འཛིན་གྱིས་སྤེལ། །སོ་སོར་ཐོབ་པ་སྔགས་ཀྱིས་བྱས། །ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད། ཁྱེད་རྣམས་མཉེས་པའི་རྫས་སུ་འབུལ། ཁར་སང་ཁར་གྱི་ཉི་མ་ལ། །རྒྱུ་འབྱོར་མི་འུ་རིན་ཆེན་འདིའི། །བླ་ལ་བརྐུས་སམ་བཞམས་སྲིད་ན། །བླ་གླུད་གསེར་སྐྱེམས་འདི་བཞེས་ལ། །བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེགས། །ཞི་བ་ཆེན་པོའི་ངང་དུ་བཞུགས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཞེས་སྤྱིར་བསྔོ། དེ་ནས་གླུད་ཕྲན་རྣམས་རེ་རེ་ནས། ཨོཾ་ཨཱཿཧཱུྃ་གིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་གྲོལ་དང་ཞི་བར་མཛོད། །ཅེས་བཀའ་བསྒོ། དེ་འདྲ་ལོ་གྲངས་སོང་མཐར། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུ་གྲངས་མེད་པ་འཕྲོས་པས། འཁོར་འདས་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཀྱི་དྭངས་བཅུད་ཐམས་ཅད་དང་། ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་འོད་ཟེར་ཐེག་ལེ་ཨ་ནྲྀ་བྷྲཱུྃ་སོགས་ཀྱི་རྣམ་པ་རང་དབང་མེད་པར་བཀུག་སྟེ་བསྒྲུབ་བྱ་ལ་ཐིམ་པས་བླ་ཚེ་སྲོག་དབུགས་ཉམས་པ་སོར་ཆུད། གནས་པ་གོང་དུ་འཕེལ། ཚེ་བསོད་དཔལ་འབྱོར་སྟོབས་རྩལ་ཐམས་ཅད་རྒྱས་པར་གྱུར། ཡི་དམ་གྱི་སྔགས་མཐར། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛཿཛཿ ཞེས་ངག་བཅད་ལ་བཟླ། ཡང་ཐུན་མཚམས་སུ་གླུད་གཏོར་ཅི་ལྟར་རིགས་པ་འབུལ། སྐབས་སུ་དམོད་པ་དང་བཅས་བླ་ལུག་བསྐོར་བས་ལན་གཅིག་མིན་པར་བླ་རྟེན་གྱི་ཕྱོགས་ལ་ཁ་གྱུས་ན་ཁུག་པའི་རྟགས་ཡིན། མཐར། ཆོས་རྣམས་ཐམས་ཅད་སོགས་པས་ཆོས་སྦྱིན་བྱ། བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་ལ་ཟབ་མདོ་འདོན། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪཿ ཞེས་པས་མགྲོན་རྣམས་གཤེགས། ནག་ཕྱོགས་སྡོད་སྲིད་པས་དྲག་སྔགས་ཀྱིས་མཚམས་བཅད་ལ། གླུད་གཏོར་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། བླ་གཡུ་བསྒྲུབ་བྱའི་མགུལ་དུ་གདགས་ལ་བཀྲ་ཤིས་བྱའོ། །ཞེས་ཡིག་རྙིང་ལས་འདོན་བདེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
གསང་སྔགས་སྤྱི་ཆིང་གི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ སྒྲུབ་གནས་སོགས་ས་ཡི་དཔྱད་ཐབས་གནད་ཀྱི་གཟེར་ཏིག་ (Volume 40, Text 44)
ྈ གསང་སྔགས་སྤྱི་ཆིང་གི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ སྒྲུབ་གནས་སོགས་ས་ཡི་དཔྱད་ཐབས་གནད་ཀྱི་གཟེར་ཏིག་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིངས་སྒྲུབ་གནས་ལ་སོགས་ཀྱི༔ ས་ཡི་དཔྱད་ཐབས་གནད་ཀྱི་གཟེར་ཏིག་བསྟན༔ སྤྱི་ལ་གཅེས་ཤིང་མཁས་ལྡན་རིགས་པ་ཡིས༔ མ་ནོར་ལེགས་པར་བརྟག་པ་གནད་དུ་ཟབ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ གསང་སྔགས་དབང་པོ་ཡང་རབ་པ་དག་ནི༔ དབེན་དང་མི་དབེན་གང་ཡང་རུང་བ་ཀུན༔ ཕྱི་སྣོད་རྒྱལ་བའི་ཞིང་ཁམས་ཁོ་ཐག་ཆོད༔ དེ་ལ་ཀུན་རྫོབ་བརྟག་པ་ཅང་མ་མཆིས༔ འབྲིང་གིས་སྐྱོན་དང་ཡོན་ཏན་སུ་ཡིན་ཡང༔ རོ་སྙོམས་ལམ་དུ་ཁྱེར་ནས་བརྟག་བྱ་ཟད༔ འོན་ཀྱང་སྙིགས་དུས་ཁ་ལ་དེ་བརྗོད་ཀྱང༔ དོན་ལ་རང་གི་གྲིབ་མ་དགྲར་མཐོང་ལྟར༔ འཛིན་རྟོག་གིས་བཅིངས་མང་དུ་འབྱུང་བས་ན༔ དེ་ལ་དོན་གྱི་ཁོ་ཐག་མ་ཆོད་ཕྱིར༔ མ་བརྟགས་གང་རུང་བྱས་པས་མི་རུང་འགྱུར༔ དེས་ན་ཕྱི་ནང་གཞན་གསུམ་རྟེན་འབྲེལ་གནད༔ གཅིག་ཕྱིར་བརྟག་ཐབས་བསྟན་པ་འདི་ལ་སོམས༔ དེ་ཡང་ཉམས་དགའ་དབེན་ཞིང་མེ་ཏོག་བཀྲ༔ མདུན་དམའ་གཡས་གཞོལ་རྒྱབ་རི་ལེགས་མཐོ་བསྟན༔ གཡོན་མཐོ་མདུན་དུ་ཆུ་མིག་རྣམ་པར་རྒྱས༔ ཆུ་ཡི་སྒྲ་ཆུང་བྱ་སྐད་སྙན་པར་སྒྲོག༔ བྲག་གི་མདོག་དཀར་ས་ཀུན་ཁད་ཀྱིས་འཇམ༔ ཁ་ནི་ཤར་ལྟ་ཉི་འོད་དྲོ་ལ་གསལ༔ དེ་ཡིས་སྤྱི་དང་ཞི་བའི་ལས་འགྲུབ་ཤིས༔ མས་འཛེགས་ཡས་ནས་ལྷུག་དང་ལུད་པ་འདྲ༔ རི་རྒྱུད་ནོར་བུ་སྦུབས་འདྲ་རྩི་ཤིང་དང༔ མེ་ཏོག་འབྲས་བུ་ཕྱུག་རྩི་བྲག་མདོག་སེར༔ ལྷོ་རུ་ཁ་བལྟས་རྒྱས་ཀུན་ལྷུན་གྱིས་གྲུབ༔ ས་སྣུམ་བྲག་དམར་ཆུ་ལུག་རི་འདུས་ཚུལ༔ དབྱིབས་སམ་ཕུག་སོགས་ཟླ་གམ་གཟུགས་སུ་གྲུབ༔ རི་རྣམས་པདྨ་ཁ་ཟུམ་འདྲ་བ་དང༔ ནུབ་ཏུ་ལྟ་བཟང་དབང་གི་ལས་འགྲུབ་ཤིས༔ གནམ་ས་གྲུ་གསུམ་ཧོམ་ཁུང་འདྲ་བ་འམ༔ བྲག་ནག་སྲིན་པོ་སོག་པོ་ཁྲོས་འདྲ་དང༔ ཆུ་ཡི་སྒྲ་ནི་འུར་ཆོམ་འབིར་སྒྲ་ལྡིར༔ བྲག་རི་ཟུར་གསུམ་དམར་གཏོར་མཚོན་རིགས་འདྲ༔ དུར་ཁྲོད་ཤིང་གཅིག་དྲུང་དང་ཚེར་མའི་གནས༔ ནགས་ཚལ་གཟིངས་ཤིང་སྲིན་མོ་རལ་བསིགས་འདྲ༔ གཅན་ཟན་ལ་སོགས་རི་དྭགས་དྲག་པོ་གནས༔ ལྷ་འདྲེ་འཇིགས་རུང་གནས་དང་བྱང་ལྟ་བཟང༔ དེ་ལ་དྲག་པོའི་ལས་བྱེད་ཤིན་ཏུ་ལེགས༔ སླར་ཡང་དེ་དག་མ་ལུས་ཡོངས་རྫོགས་རབ༔ ཆ་མཚུངས་འབྲིང་ལ་སྣ་འགའ་ཚང་རུང་ཙམ༔ དེ་ལྟར་སྤྱིར་བཏང་ལས་བཞིའི་བརྟགས་རྫོགས་ནས༔ ད་ནི་བྱེ་བྲག་འགའ་ཞིག་སོ་སོར་བཤད༔ དུར་ཁྲོད་ལ་ནི་གཤིན་རྗེ་དྲི་ཟ་གཟའ༔ ལྷ་འདྲེ་ཤ་ཟ་མཁའ་འགྲོ་ཚོགས་པས་ན༔ ལྟ་བའི་གདིང་ཅན་སྒྲུབ་པོ་གནས་དེར་འདུག༔ དྲག་པོའི་རྟགས་ཐོན་གང་འགྲུབ་མྱུར་བ་དང༔ ཏིང་ངེ་འཛིན་ལ་བོགས་འདོན་འོང་བ་ཡིན༔ བྲག་གི་ཕུག་པར་མོ་རིགས་གནས་པ་སྟེ༔ དབང་སྡུད་མོ་རྒྱུད་རིགས་བསྒྲུབ་འགྲུབ་མྱུར་ལ༔ རྣལ་འབྱོར་ཐབས་ཤེས་ཟུང་དུ་འཇུག་ལ་བསྔགས༔ བྲག་ཧྲིང་ཤིང་རྐང་གཅིག་པར་དབང་ཕྱུག་གནས༔ གནས་དེར་དེ་བསྒྲུབ་ངན་སྔགས་འགྲུབ་པར་འགྱུར༔ ནགས་ཁྲོད་ཀླུ་སྲིན་གནོད་སྦྱིན་རིགས་གནས་ཤིང༔ ས་ཕུག་ཐེའུ་རང་འདྲེ་རྒོད་དམ་སྲི་གནས༔ རང་རང་སོ་སོར་སྒྲུབ་མཁན་ཡོད་འགྲུབ་ལ༔ གཞན་གྱི་ལས་དག་འདྲེས་པར་མི་བྱ་འོ༔ དེ་ལྟའི་སྐྱོན་དང་ཡོན་ཏན་ཤེས་པར་དགོས༔ དེ་ནས་ས་ཡི་ཡོན་ཏན་བཤད་པར་བྱ༔ རྒྱབ་དང་བྱང་གི་རི་ནི་མཐོ་ན་བཟང༔ ཤར་དམའ་ལྷོ་ནས་འདུད་པ་འདྲ་ན་བཟང༔ གནམ་ས་ཆོས་ཀྱི་འབྱུང་གནས་དབྱིབས་བསྣོལ་བཟང༔ ལར་ནི་པདྨ་ཁ་ཕྱེས་ལྟ་བུར་བཟང༔ མདའ་ནི་བརྟན་འདྲ་གཡས་རི་དར་ཡོལ་དབྱིབས༔ གཡོན་རི་རིན་ཆེན་སྤུངས་འདྲ་ལུང་པའི་མདའ༔ བསྣོལ་མཚུངས་གནམ་དང་ས་ལ་རྩིབས་བརྒྱད་བཟང༔ རི་བརྗིད་ཆེ་ཞིང་ཁ་དོག་སྣུམ་ལ་མཛེས༔ ནགས་ཚལ་མེ་ཏོག་རྩྭ་སྔོན་འཐུག་ལ་མང༔ འཚོགས་ཤིང་ནུབ་ནས་ཆུ་འབབ་ས་རྒྱ་ཡངས༔ བསིལ་དྲོད་ལེགས་སྙོམ་འགྱུ་སྡང་ཆེན་པོ་མེད༔ གཉའ་ནས་ལམ་ཡུགས་འཕྲད་ཡོད་ཆུས་བཅད་བྲལ༔ ལར་ནི་བྱིན་ཅན་གནས་ཉིད་ཤིན་ཏུ་དགེ༔ དེ་ནས་ས་ཡི་སྐྱོན་རྣམས་བཤད་པར་བྱ༔ ནུབ་ཕྱོགས་ཧར་ན་མི་ཤིས་ན་ཚ་རྒོད༔ ཤར་ཕྱོགས་མཐོ་ན་ཚེ་ཐུང་འགྲོ་འདུལ་གཡེལ༔ ལྷོ་ཕྱོགས་དགྱེ་ན་དགྲས་འཚེ་འགྲོ་བས་ལྡང༔ བྱང་ཕྱལ་དབུལ་ཞིང་ཕྱི་ཐག་ཐུང་དགྲ་མང༔ རི་སྣ་མདུང་ཚུགས་འདྲ་ན་འཕྲལ་རྐྱེན་ཆེ༔ ལར་ནི་ལྷ་འདྲེ་དྲག་པོ་གནས་པ་ནི༔ དྲག་ལས་མ་གཏོགས་ཀུན་ལ་ངན་པས་སྤང༔ གཞི་བདག་དཀར་ཕྱོགས་ཡོད་ན་ཤིན་ཏུ་དགེ༔ དེ་དག་སྐྱོན་དང་ཡོན་ཏན་སྤྱིར་བཏང་ཡིན༔ དེ་ནས་ལེགས་པར་གཟེར་ཐིག་བཏབ་པ་བཤད༔ སྐྱིལ་ཀྲུང་བཅས་འདྲའི་པང་དང་དར་དཀར་པོ༔ བརྐྱངས་པ་ལྟ་བུའི་སྟོད་ལ་ཡིན་པ་འོ༔ པདྨ་རྒྱས་འདྲའི་ལྟེར་དང་ཆོས་འབྱུང་གནས༔ འདྲ་བའི་མཚམས་ལ་ཕྱག་རྒྱ་བསྣོལ་འདྲ་ཡིས༔ མཉམ་པར་བཞག་པའི་བར་སྟེང་ཡིན་པ་འོ༔ སེང་གེ་ལྟ་བུའི་རྒལ་དང་མི་འདྲའི་སྙིང༔ འབྲུག་འདྲའི་མཁལ་དང་ཁྱུང་འདྲའི་གཤོག་པའི་སྟེང༔ ཕག་འདྲའི་ལྟོ་བ་གཤང་སྒང་སྒབ་ཀྱི་གཤང༔ མདོར་ན་ས་ཡི་དཀྱིལ་དེར་ཡིན་པ་འོ༔ དེ་ནས་ཁོལ་བུའི་སྐྱོན་རྣམས་བཤད་པར་བྱ༔ ཞིང་ལྤགས་བརྒྱངས་འདྲ་ངུས་པའི་མཆི་རིས་འདྲ༔ སྟེང་ནས་བྲག་ལྷུང་ཤམས་དང་སྡེར་བསྒྲད་འདྲ༔ སྒོ་ནས་མི་ལོང་འཇབ་དང་བརྡེག་པ་འདྲ༔ ཕྱིར་གྱེས་གཡང་དུ་ལྷུང་བ་ལྟ་བུ་དང༔ གཅན་དུ་ཡུགས་ས་མོ་ཡི་མགོ་བསྟུམ་འདྲ༔ དེ་སོགས་ངན་རིགས་སྤང་བྱའི་གནས་སུ་ཤེས༔ སླར་ཡང་མཁས་ལྡན་རིག་པའི་འཕྲུལ་གྱིས་དཔྱད༔ རགས་བསྡུས་སྐྱོན་ཡོན་ངོས་འཛིན་དེ་ཙམ་ཡིན༔ དེ་ནས་ས་དགྲ་མེད་པ་བླུན་པོ་ཡིས༔ གསར་དུ་བསྐྲུན་པར་བྱས་པ་འདི་དག་ཡིན༔ ཤར་དུ་མཆོད་རྟེན་བརྩིགས་ན་ས་དགྲ་ཡིན༔ ལྷོ་ཡི་གད་སྣ་བཅད་ན་དེ་བཞིན་ནོ༔ ནུབ་ཏུ་ཆུ་ལམ་བཅད་ན་ས་དགྲ་ཡིན༔ བྱང་དུ་སོ་མཁར་བརྩེགས་ན་དེ་བཞིན་ནོ༔ མདུན་དུ་གཤོང་བུ་བྲུས་ན་ས་དགྲར་འགྱུར༔ ལྟག་ན་ལམ་ཆེན་བྱས་ན་དེ་བཞིན་ནོ༔ དེ་ནས་ནང་གི་སྒྲུབ་ཁང་ལ་ཡང་ནི༔ ཁ་ཡལ་ནང་ཕུག་གསལ་བར་འགྱུར་བ་དང༔ ཟུར་བསྣོལ་བྱང་ཁ་ལྷོ་མིག་སྦ་རུ་གདུང༔ གཏུག་དང་གདུང་ནི་རོ་འདོན་རང་འབྲི་དང༔ རྐང་དྲལ་གཤིབས་ཟུར་གཏད་དང་དེ་སོགས་སྤང༔ གལ་ཏེ་རང་བཞིན་གྱུར་ན་དེའི་ཐད་ཀར༔ བཀྲ་ཤིས་པ་ཡི་རྫས་བརྒྱད་རྟགས་བརྒྱད་པོ༔ དང་ནི་བཀྲ་ཤིས་བརྩེགས་མདོའི་སྙིང་པོ་བྲི༔ དེ་ནས་སྐྱོན་ནི་མལ་ས་མགོ་ཐུར་བསྟན༔ བླ་མ་ལྷ་རྟེན་སོགས་ལ་མཇུག་གཏད་སྐྱོན༔ དེ་བཞིན་ཟོམ་ལྷྭམ་ངན་རིགས་སྔས་འཇོག་དང༔ སྒོ་ཕྲད་རྒྱབ་གཏད་ལྤགས་རློན་བཏིང་བ་སྐྱོན༔ གདུང་གིས་མལ་རྐེད་བཅད་དང་ལྷོ་ཕྱོགས་ན༔ ཐབ་བཅའ་བ་དང་བདེན་བྲལ་རང་མལ་བྱེད༔ དེ་དག་སྐྱོན་ཡིན་སྤང་བླང་ཤེས་པར་བྱོས༔ དེ་ནས་ཕྱི་ཡི་ས་དགྲ་བཅོས་ཐབས་བཤད༔ སྦལ་སྦྲུལ་སྡིག་པ་ཉ་ལྕོང་ཆུ་སྲིན་སོགས༔ གཟུགས་འདྲ་གླུ་དང་ས་བདག་གནོད་དགྲའི་སར༔ བྱ་ཁྱུང་གཟུགས་བྱས་བཟློག་པར་བྱ་བ་ཡིན༔ རི་བྲག་ཆུ་སྣ་ཟུག་པ་སྔོན་པོའི་དགྲར༔ བྱུང་ན་མེ་ཡི་རི་མོས་བཟློག་པར་བྱ༔ ཞིང་ལྤགས་བརྒྱད་དང་སྡེར་བགྲད་གྲོག་པོ་ཧྲིལ༔ རི་མགོ་རྒྱབ་གཏད་དེ་ཡི་ཕྱོགས་སུ་ནི༔ བཀྲ་ཤིས་གཟུགས་དང་རྫས་རྟགས་བརྒྱད་པོ་བྲི༔ གྲོག་མདོ་རི་རལ་བྱེད་པ་ས་ཐུག་ཕྱོགས༔ ཆུ་རིས་བྱས་ཤིང་སྟེང་ནས་མཚོན་ལྷུང་འདྲ༔ ཡོད་ན་མཆོད་རྟེན་བརྩེགས་པར་བྱ་བ་ཡིན༔ གལ་ཏེ་ཕོ་མོའི་མཚན་མ་འདྲ་ཡོད་ན༔ གང་འདྲ་དེ་ཡི་གཉན་པོའི་མཚན་མ་བྱ༔ གོང་བུ་མདའ་ལྟོང་འདྲ་ན་ཤིང་འགུགས་བཞག༔ གཞན་ཡང་རིག་པས་དཔྱད་ལ་དགྲ་གང་བྱུང༔ དེ་ཡི་གཉེན་པོ་བཞག་པ་གནད་དུ་ཟབ༔ རང་གི་སྒོ་ལ་བཀྲ་ཤིས་རྫས་རྟགས་བརྒྱད༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་གཟུགས་བྲིས་པ༔ རྟེན་འབྲེལ་གནད་ཆེ་སྐྱོན་སེལ་ལེགས་པར་འགྱུར༔ དེ་ནས་ནང་མ་མཐུན་པར་བྱ་བ་ནི༔ ཤར་དུ་གསལ་སྐར་མེ་ལྷོར་ཐབ་ལུང་བཅའ༔ ནུབ་ཏུ་ཕྱུགས་ར་བྱང་དུ་བང་མཛོད་བྱ༔ བྱང་ཤར་རང་མལ་དང་ནི་ལྷ་རྟེན་གཟུག༔ དེ་ལྟར་སྒྲུབ་གནས་ས་ཡི་སྤང་བླང་དང༔ བཅོས་ཐབས་ཞར་བྱུང་བཅས་འདི་བསྡུས་ནས་བཀོད༔ ཞིབ་བརྟགས་གནད་མང་ཡོད་པས་ཤེས་པར་བྱོས༔ གུ་རུའི་གསུང་ལ་མཚོ་རྒྱལ་ཟིན་བྲིས་བགྱིས༔ མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ལ་ལི་ཏ་བཛྲ་གྱིས་གདན་དྲངས་སོ། །སརྦ་མངྒ་ལཾ།། །།
སྨིན་གཏེར་རིག་འཛིན་ཐུགས་ཐིག་ཆ་ལག་ཕུར་ཟློག་གི་ཟུར་འདེབས་ (Volume 31, Text 44)
༄༅། །སྨིན་གཏེར་རིག་འཛིན་ཐུགས་ཐིག་ཆ་ལག་ཕུར་ཟློག་གི་ཟུར་འདེབས་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀཱི་ལ་ཡ་ཡེ། རྡོ་རྗེ་ཕུར་པའི་གཏོར་ཆོག་དུག་ཟེར་རེག་ཕུང་ཉིན་རྫོགས་སོགས་མིན་པའི་ཞག་གྲངས་ལྟ་བུར་ཆོ་ག་ལག་ལེན་རྒྱས་པ་གཏེར་ཆེན་ཉིད་ཀྱི་ཞལ་རྒྱུན་དགེ་སྦྱོང་བློ་གསལ་རྒྱ་མཚོ། འབུམ་རམ་པ་ཨོ་རྒྱན་སྐལ་བཟང་། སྔགས་རམ་དཔལ་འབར་དང་ཤྲཱི་ནཱ་ཐ་སོགས་ཀྱི་ཕྱག་བཞེས་འཁྲུལ་མེད་པདྨ་དགྱེས་པའི་ཟིན་བྲིས་ལྟར་སྤྲོ་ན། ཐོག་མར་སྲུང་ཟློག་གི་ཙཀྲ་འབྲི་སྟེ། སྲུང་འཁོར་འབྲི་གཞི་དང་རྫས་རྣམས་གཙང་མར་སྦྱར་བས་འཁོར་ལོ་མུ་ཁྱུད་བདུན་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར་སྔགས་མགོ་ཕྱིར་བསྟན་གྱི་གཙོ་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ གི་མཐར་སྲུང་བའི་འདོད་གསོལ་ཤམ་བུ་ཅན། དེའི་ཕྱིར་འཁོར་ལོ་རྩིབས་བཅུ་པ་ལྟེ་བའི་ས་བོན་ཧཱུྃ་གི་མདུན་ཕྱོགས་ཤར་དུ་བྱས་པའི་རྩིབས་དང་པོར། ཨོཾ་ཧཱུྃ་ཀཱ་ར་ཧཱུྃ༔ ཤར་རྩིབས་གཉིས་པར། ཨོཾ་བི་ཛ་ཡ་ཧཱུྃ༔ ཤར་ལྷོའི་རྩིབས་ལ། ཨོཾ་ནཱི་ལ་དཎྜ་ཧཱུྃ༔ ལྷོ་རྩིབས་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ལྷོ་ནུབ་རྩིབས་ལ། ཨོཾ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ ནུབ་རྩིབས་དང་པོར། ཨོཾ་ཧྱ་གྲཱྀ་བ་ཧཱུྃ༔ ནུབ་རྩིབས་གཉིས་པར། ཨོཾ་མ་ཧཱ་བ་ལ་ཧཱུྃ༔ ནུབ་བྱང་རྩིབས་ལ། ཨོཾ་ཨ་པ་ར་ཛི་ཏ་ཧཱུྃ༔ བྱང་རྩིབས་ལ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ བྱང་ཤར་རྩིབས་ལ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཞེས་པ་རྣམས་སྔགས་མགོ་ཕྱིར་བསྟན་སྲུང་བའི་འདོད་གསོལ་ཤམ་བུ་ཅན། དེའི་ཕྱིར་མུ་ཁྱུད་ལ་གསལ་བྱེད་མགོ་ཕྱིར་བསྟན་གཡས་སྐོར། དེའི་ཕྱིར་དབྱངས་ཡིག་མགོ་ནང་བསྟན་གཡོན་སྐོར་དུ་བྲི་ལུགས་སྤྱི་དང་མཐུན། དེའི་ཕྱིར་མུ་ཁྱུད་ལ་རྟེན་སྙིང་མགོ་ཕྱིར་བསྟན་ཤམ་བུ་འདོད་གསོལ། དེའི་ཕྱིར་རྡོར་ར། དེའི་ཕྱིར་མེ་རི་གཡས་འཁོར་རྣམས་བྲིས་པ་ཡིག་འབྲུ་རྣམས་ལ་དྲི་བཟང་དང་ཆོས་སྨན་གྱིས་བྱུག །ཚོན་ཐོབ་ནི། ལྟེ་བ་མཐིང་ག །འཁོར་ལོ་སྔོ་སྐྱའམ་སེར་པོ། མཆན་དམར་པོ། མུ་ཁྱུད་གསུམ་ལྗང་གུ །རྡོར་ར་གཞི་མཐིང་ལ་རྡོ་རྗེ་སེར་པོ། མེ་དམར་སེར་རོ། །ལྟེ་བ་མ་ཆག་པའི་སྲུང་ལྟེབ་སྤྱི་ལྟར་བྱས་ལ་ཚོན་སྐུད་སྣ་ལྔས་བཅིང་། ༈ ཟློག་འཁོར་ནི། འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར་སྔགས་མགོ་ནང་བསྟན་གྱིས་གཙོ་སྔགས་མཐར་ཟློག་པའི་ཤམ་བུ་ཅན། དེའི་ཕྱིར་འཁོར་ལོ་རྩིབས་བཅུར་ཁྲོ་བཅུའི་སྔགས་སོ་སོར་ཟློག་ཤམ་སྦྱར་བ། དེའི་ཕྱིར་མུ་ཁྱུད་ལ། དགྲ་བགེགས་བྱད་མའི་སྙིང་རྩ་ལ་མཱ་ར་ཡ་རྦད་ཟློག༔ སརྦ་ཤ་ཏྲུཾ་ཙིཏྟ་རཱུ་པ་ཧ་ན་ད་ཧ་པ་ཙ་ཚིནྡྷ་དི་ན་མེ་ཀེ་ན་ཡ་ཧཱུྃ་ཕཊ༔ ཅེས་པའི་མཐར་ཟློག་པའི་ཤམ་བུ་ཅན། དེའི་ཕྱིར་མུ་ཁྱུད་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པ་བན་བོན་སྔགས་པའི་མཐུ་གཏད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་མཱ་ར་ཡ་རྦད་ཟློག །ཅེས་ཡི་གེ་རྣམས་མགོ་ནང་བསྟན་དུ་བྲི། དེའི་ཕྱིར་མེ་རི་གཡོན་འཁོར། མཚོན་ཐོབ་སྔར་བཞིན། སྔགས་རྣམས་ལ་དུག་ཁྲག་གིས་བྱུག ༈ །དེ་ནས་གཏོར་ཟློག་གང་དུ་བྱ་བའི་གཞི་དེར་སྔར་མ་དུལ་བའི་ས་ཡིན་ན་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས་ལ། དུག་ཁྲག་གིས་ཆག་ཆག་བཏབ་པ་ལ་བྱིན་གྱིས་བརླབས་པའི་ཐིག་སྐུད་ཀྱིས་ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་པའི་དབུས་སུ་འགྱིང་ཕུར་བཞག་པས་ཇི་ལྟར་རིགས་པའི་ཟླུམ་པོར་བསྐོར་བའི་ལྟེ་བར་གྲུ་གསུམ་རྩེ་མོ་མདུན་བསྟན། དེའི་མཐར་ལྟེ་བའི་ཕྱེད་ཆ་བསྐོར་བའི་འཁོར་ལོ་རྩིབས་བཅུ། དེའི་མཐར་ཆ་ཕྲན་གཅིག་བསྐོར་བར་རྡོར་རྭ། དེའི་ཕྱིར་ཆ་ཆེན་གཅིག་བསྐོར་བར་མེ་རི་བྲི། ཚོན་ཐོབ་ནི། ལྟེ་བ་མཐིང་ག །ཟླ་གམ་ཁྲག་མཚོ། འཁོར་ལོ་སྔོན་པོ། རྩིབས་མཆན་དམར་པོ། རྡོར་རྭ་གཞི་སྔོན་པོ་ལ་རྡོ་རྗེ་སེར་པོ། མེ་རི་དམར་སེར་ཏེ་རྡུལ་ཚོན་གྱིས་བྲི་བའམ་རས་བྲིས་བཀྲམ། ལྟེ་བ་དང་འཁོར་ལོའི་རྩིབས་ཏེ་ལྷ་གནས་རྣམས་སུ་ས་བོན་དང་ཕྱག་མཚན་ནམ། ཡང་ན་འབྲུ་ནག་གི་ཚོམ་བུ་བཀོད། བསྡུ་ན། ཞིང་ངམ། གཅན་གཟན་གྱི་པགས་པའམ། ཕྱར་བ་ལྟ་བུར་འབྲུ་ཚོམ་ལྷ་གྲངས་བཀོད་པས་ཀྱང་རུང་། དེའི་དབུས་སུ་མཉྫི་འམ་དྲག་ཤིང་གི་ཁྲིའུར། ལྕགས་སྣོད་དུ་འབྲུ་སྣའི་ངར་ཕྱེ་དུག་དང་ཁྲག་ཆང་གིས་སྦྲུས་པའི་དམར་གཏོར་ཟུར་གསུམ་རྣོ་དབལ་ཅན། འཁོར་གྱི་བཤོས་ཕྲན་བཅུ་པ་ཁྲག་ཀོང་མཚེ་ཡུངས་རྩང་དམར་ཤ་དུམ་རྒྱུ་རློན་སོགས་དྲག་རྒྱན་རྔམ་བརྗིད་ཅན་གྱི་རྩེ་མོར་སྐུ་རྟེན་ཙཀླི་དར་ནག་གི་འཕུར་ལྡིང་གཡོ་བས་བརྒྱན་པ་བཀོད། གཏོར་གདུགས་ཀྱི་འོག་ཏུ་སྲུང་འཁོར་འདོགས། གཏོར་མའི་རྩེ་མོར་ཟློག་འཁོར་འཕྱར་ཐབས་སུ་བཀོད། དྲག་དམར་གྱི་ལུགས་ལྟར་ཟློག་དཀྱིལ་གྱི་རྡོར་རྭའི་ཁར། གཏོར་ཟོར་བཞི། ཁྲག་ཟོར་བཞི། ཡུངས་ཟོར་བཞི་རྣམས་ཕྱོགས་རེར་ཚར་རེ་བཀོད། མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་སུ་བསྐོར་བའི་ཕྱི་ནས་དཀྱིལ་འཁོར་སྒབ་དཀྲིས་ཀྱིས་བསྐོར། ཕྱོགས་ཅི་བདེ་བར་བྲུབ་ཁུང་དུ་དུག་ཤོག་ལ་ལིང་རྐྱང་གནད་ཡིག་སྤྱི་འགྲོ་ལྟར། ལྟོ་བར་དགྲ་འདྲེ་གང་ཡིན་གྱི་ས་བོན་མཐར། བླ་འགུགས་ཀྱི་སྔགས་ཤམ་སྤེལ་ཚིག་ཅན། ལིང་གའི་མཐར་བསད་སྔགས་ཀྱི་མཐར་སྤེལ་ཚིག་སྦྱར་བ། སྦྱོང་ཁྲུས་སྤྱི་ལྟར་བྱས་ལ་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་པ་བཅུག །ཟན་ལིང་ཡང་སྤྱི་ལྟར་བཤམ། བྲུབ་ཁུང་ཉེ་སྐོར་དུ་ཐོད་པ་མཚན་ངན་ནང་ཡུངས་དཀར་ནག་ལྕགས་ཟངས་རྡོའི་ཕྱེ་མ་རྣམས་དུག་ཁྲག་གིས་སྦོལ་བའི་ཐུན་རྫས་བལ་ཚོན་སྔོ་དམར་གྱིས་ཁེབས་གཡོགས་པ། གུ་གུལ། སྒྲོ་གཉིས། ཕུར་བུ། སྒྲོལ་གྲི །ཐོ་བ། ཧོམ་གཟར་བཅས་དར་ནག་གི་ཁེབས་ཀྱིས་གཡོགས་པ་བཀོད། ཕུག་ལོགས་སོགས་ཅི་བདེར་ཕུར་པའི་དཔལ་གཏོར་འཁོར་བཅུ་པ་རྒྱན་ལྡན། གཡས་སུ་མགོན་པོ་ཞལ་བཞི་པ་སོགས་ཕོ་རྒྱུད་ཀྱི་གཏོར་སྤུངས། གཡོན་དུ་ཞིང་སྐྱོང་མ་མོ་སོགས་མོ་རྒྱུད་ཀྱི་གཏོར་སྤུངས། གཏེར་སྲུང་ཞིང་སྐྱོང་སོགས་དང་། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། ཐོད་རྔ། ནང་མཆོད། ནས་ཟེ། གཡབ་དར། གཞན་ཡང་རོལ་མོའི་བྱེ་བྲག །སྤྱན་གཟིགས་སོགས་ཀྱིས་གནས་ཁང་མཛེས་ཤིང་བརྗིད་ཆགས་པར་བྱའོ། ༈ །ཆོ་ག་དངོས་ལ། བརྒྱུད་འདེབས་སྔོན་དུ་འགྲོ་བས་རང་གཞུང་གི་སྐྱབས་སེམས་ནས་བཟླས་པ་ཡན་གྲུབ་རྗེས། སྲུང་བའི་དམིགས་བཟླས་ནི། སྲུང་འཁོར་གྱི་མེ་རིའི་ནང་དུ་མཚོན་ཆ་ལྔའི་གུར་ཁང་། དེའི་ནང་དུ་ཐབས་ཤེས་དབྱངས་གསལ་ཉི་ཟླའི་གུར་ཁང་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བའི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ་གི་ཐིག་ལེར་བླ་མ་སློབ་དཔོན། ཁོག་པར་རང་གཞན་བསྲུང་བྱ་མཐའ་དག་ཚུད་པར་གྱུར་པར་མོས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ མ་མ་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ། ཞེས་བཏགས་པ་ཅི་ནུས་བཟླ། ཟློག་པ་ནི། རང་ཉིད་དཔལ་ཆེན་པོ་འཁོར་བཅས་སུ་ལྷག་པར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་འབྲུག་ལྟར་སྒྲོག་ཅིང་། ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱི་རོལ་སྲུང་བའི་འཁོར་ལོ་དང་བཅས་པ་ལས་མེ་འོད་དང་མཚོན་ཆའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་ཕྲན་བཞིན་བརླགས་པར་བསམ་ལ། གཙོ་འཁོར་གྱི་སྔགས་སྦྲེལ་བའི་ཤམ་བུར། དགྲ་བགེགས་བྱད་མའི་སྙིང་རྩ་ལ་མཱ་ར་ཡ་རྦད་ཟློག༔ སརྦ་ཤ་ཏྲུཾ་ཙིཏྟ་རཱུ་པ་ཧ་ན་ད་ཧ་པ་ཙ་ཚིནྡྷ་དི་ན་མེ་ཀེ་ན་ཡ་ཧཱུྃ་ཕཊ༔ ཅེས་ཅི་ནུས་སུ་བཟླས་པའི་མཐར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་སོགས་ནས། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པ་ཐམས་ཅད་དང་། ཁྱད་པར་བན་བོན་སྔགས་པའི་མཐུ་གཏད་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་མཱ་ར་ཡ་རྦད་ཟློག །ཅེས་ཐལ་རྡེབ་ལན་གསུམ་བྱ། བསད་པ་ནི། བདག་གི་ཐུགས་ཀ་ནས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་སྟེ། བྲུབ་ཁུང་དུ་བཅུག་པ་ལ། བདག་དཔལ་ཆེན་པོའི་སྐུ་ལས་ཕུར་བུ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཐོག་ལྟར་ཕབ། གནས་ལུས་ལོངས་སྤྱོད་ཐམས་ཅད་རྡུལ་དུ་བརླགས་པར་བསམ་ལ། རྩ་སྔགས་ཀྱི་ཤམ་བུར། གནོད་བྱེད་དགྲ་བོའི་ཙིཏྟ་སྲོག་ལ་མཱ་ར་ཡ་ཏྲིག་རྦད་ཐུམ་ཛཿཧ་ལ་པ་ཏི་ཏྲིག་ནན་རྦད་ཛཿཛ༔ ཞེས་བཟླས་ལ་ཐུན་རྫས་བསྔགས། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་སྩོལ། །ཅེས་ཛཔ྄་བསྟོད་བྱས་ལ་ཐུན་གྲོལ། ཆོས་སྐྱོང་སྤྱི་སྒོས་ཀྱི་སྐོང་གསོ་གཉེར་གཏད་ཀྱི་བར་བྱས། ཚོགས་བྱིན་རླབས་ནས་མཆོད་བཤགས་སྐོང་གསོའི་བར་དུ་གཏང་། དེ་ནས་ཐུགས་དམ་བསྐུལ་བ་ནས་ཞལ་བསྟབ་བར་བསྒྲལ་ལས་བྱ། ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ་ཟློག་གཞུང་བརྒྱ་རྩ་སོགས་གྲངས་གང་འོས་གསག །མཐར་ཐུན་གཏོར་འབུལ་ཞིང་རྗེས་ཆོག་བྱའོ། །ཉིན་ཐ་མར་ཟློག་བྱང་ཡན་སྔར་ལྟར་སོང་རྗེས། མཆོད་པ་ཁ་གསོས་ལ། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་སོགས་ཀྱིས་བཤགས། གཏོར་ཆེན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས་ཟློག་བསད་སྔགས་བཟླས་པས་ཟོར་སྒྲུབ་བྱས་ལ། ཟོར་རྫས་རྣམས་ལ་ཕུས་བཏབ། ཐུན་གཏོར་དམིགས་བྱ་དགུག་བསྟིམ་བྱ། བདུད་རྩིར་སྤེལ་བ་བསྔོས་ཏེ་འདོད་དོན་གསོལ། གསེར་སྐྱེམས་བཅས་སྒོ་དབྱེ་བཏང་ལ་གཏོར་ལམ་འཐེན། དཀར་གཏོར་སྲིད་པ་ཧོའི་ཕྱག་རྒྱ་བཤམ། བསྐུལ་དང་ཆད་ཐོ་བསྒྲག །དེ་རྗེས་ཟོར་རྫས་དང་གཏོར་ཆེན་སྤག །ཕྱར་དར་སོགས་ཀྱིས་སྣ་དྲངས་ལ་གང་དུ་འཕེན་པའི་སར་སོང་ལ་ཟོར་གཏོར་རྣམས་སྟེགས་ལ་བཀོད། གསེར་སྐྱེམས་དང་སྲིད་པ་ཧོའི་རྒྱབ་ཡིག་བསྒྲགས་ཏེ་དཀར་གཏོར་གཏོང་། གཟུ་དཔང་ནི། རྩ་བརྒྱུད་བླ་མ་དཀོན་མཆོག་རིན་ཆེན་གསུམ། །ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་དང་། །སྤྲུལ་པའི་ཁྲོ་རྒྱལ་བཅུ་པོ་འཁོར་དང་བཅས། །ཡི་དམ་ཆོས་སྐྱོང་སྲུང་མ་མཁྱེན་པར་གསོལ། །སྣང་སྲིད་དྲེགས་པ་སྡེ་བརྒྱད་སྤྲུལ་པར་བཅས། །རབ་འཇིགས་ཕུར་པའི་ལྷ་ཚོགས་དཔང་མཛོད་ཅིག །སྔགས་འཆང་བདག་གིས་མ་ལན་མ་ཉེས་ཀྱང་། །དགེ་བཅུ་ཁྱད་གསོད་མི་དགེ་དང་ལེན་པའི། །བསྒྲལ་བའི་ཞིང་བཅུར་གྱུར་པའི་དགྲ་དང་བགེགས། །གཟུགས་ལིང་མིང་དང་བྱང་བུར་བཏབ་པ་འདི། །ཏིང་འཛིན་སྔགས་དང་དམོད་པའི་བདེན་ཚིག་གིས། །སྐད་ཅིག་འདིར་ཁུག་བསྒྲལ་གདབ་ལས་མཛོད་ཅིག །ཅེས་པའི་མཐར་དགུག་གཞུག་ཚར་གཅིག་བྱ། དེ་ནས་ལས་གཞུང་། ཧཱུྃ༔ ཕྱོགས་བཅུ་སྐྱོང་བའི་ནས། སྟོངས་གྲོགས་མཛོད༔ ཅེས་པའི་མཐར། ཧཱུྃ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡིས༔ ཕོ་ཉར་མངགས་པ་ཟོར་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ༔ དམར་ཆེན་དྲག་པོ་གཏོར་མའི་ཟོར༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ༔ དགྲ་བགེགས་ལུས་སེམས་འབེན་ལ་ཡཱ༔ ཞེས་ཟོར་སྔགས་དང་བཅས་གཏོར་ཟོར་བཞི་འཕང་། ཧཱུྃ༔ ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡིས༔ ཕོ་ཉར་མངགས་པ་ཟོར་གྱི་བདག༔ དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡཱ༔ རྦ་ཀློང་འཁྲུག་པ་ཁྲག་གི་ཟོར༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ༔ དགྲ་བགེགས་ལུས་སེམས་འབེན་ལ་ཡཱ༔ ཞེས་ཁྲག་ཟོར་བཞི་པོ་དང་། ཧཱུྃ༔ ཁྲག་འཐུང་རྡོ་རྗེ༴ ཕོ་ཉར༴ དགྲ་བགེགས༴ མཚོན་རྩེ་གཟིངས་པ་ཡུངས་དཀར་ཟོར༔ གློག་ལྟར༴ དགྲ་བགེགས༴ ཞེས་ཡུངས་ཟོར་བཞི་པོ་སྟེ་ཟོར་རྣམས་རིམ་པར་འཕང། བྷྱོ༔ དྲག་པོ་ལྕགས་ཀྱི་སོགས་ནས། བྷྱོ་བྷྱོ་ཟློག་ཟློག༔ ཅེས་གཏོར་ཆེན་འཕང་། སྲུང་འཁོར་བསྒོམ། ཚུར་ལོག་ནས་བཤལ་ཆུས་བརྟན་མ་བསྐྱང་། བྲོ་བརྡུང་། ནང་དུ་ཚེ་འགུགས་དང་དངོས་གྲུབ་བླང་བ་སོགས་གཞུང་ལྟར་བྱ། ནངས་པར་ལོང་ཁོམ་ཆེ་ན་ཕུར་པའི་ལས་བྱང་གི་གཞུང་བསྲངས་ཏེ་ཆོས་སྐྱོང་སྤྱི་སྒོས་ལ་གཏང་རག་གི་སྐོང་ཕྲིན་དང་འབྲེལ་བར་གཏོར་འབུལ་ཤིས་བརྗོད་སོགས་རྒྱས་པར་བྱ་བ་གནད་དུ་ཆེའོ། །ཞེས་པའང་ཚུལ་འདི་ཁོ་ན་ལག་ཏུ་ལེན་པ་རྣམས་ལ་རྒྱས་བསྡུས་ཀྱི་དམིགས་ཕྱེད་པའི་སླད་དུ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་གསལ་བྱེད་དུ་འཆི་མེད་བསྟན་གཉིས་གླིང་པས་བྲིས་པ་དགེ་ལེགས་འཕེལ།། །།
སྐུ་གསུང་ཐུགས་ཀྱི་འཁོར་ལོ་ (Volume 47, Text 44)
སྐུ་གསུང་ཐུགས་ཀྱི་འཁོར་ལོ་བཞུགས། རྒྱ་གར་སྐད་དུ། ཏ་ལ་ཨ་པ་དེ་བ་ནི་ནཱ་མ་ཏནྟྲ། བོད་སྐད་དུ། ཟླ་གསང་ནག་པོའི་རྒྱུད་ལས། སྲུང་ཟློག་གི་འཇམ་དཔལ་གྱི་ལེའུ་ནས་བྱུང་བ་ལགས། དེ་ལ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་འདི་ལ། དང་པོ་སྐུ་ཡི་འཁོར་ལོས་ཕྱོགས་ངན་ཀུན་སྲུང་བ་ནི། ཤོག་བུ་ལ་འཁོར་ལོ་བྲི། རྩིབས་ལྔ། ལྟེ་བ་མུ་ཁྱུད། ལྟེ་བར་ཨོཾ། རྩིབས་ལྔ་ལ་ཛྷི་ཧཾ་ཀ་རུ་ནི། ཞེས་བཀོད། རྩིབས་མཆན་ལ་ཕཊ་ལྔས་བསྐོར། མུ་ཁྱུད་ཕྱི་མ་ལ་ཨོཾ་ཛྷི་ཧཾ་ཀ་རུ་ནི་ཕཊ། ཕྱོགས་ངན་པ་ཟློག་ཅིག །བྱ་བ་བཀོད་ལ། དེ་ནས་ཙཀྲ་དེ་ལ་རབ་གནས་བྱ། ཁྲི་འུའམ་མཉྫིའི་ཁར་བཞག་ལ། འཁར་ཕོར་རག་ཕོར་གང་རུང་གི་ནང་དུ་བཞག །མདུན་དུ་པཱུ་ཙ་ལྔ་བཤམ། དངོས་སུ་མེད་ནའང་ཡིད་ཀྱིས་ཕུལ། དེ་ལ་དང་པོ་སྟོང་པའི་ངང་ལས། དེ་ནས་བྷྲཱུྃ་ཀཱ་ཡ་ཙཀྲ་ཞེས་བརྗོད་པས་ཙཀྲ་དེ་གསེར་གྱི་འཁོར་ལོར་གྱུར། འཁོར་ལོ་དེའི་ལྟེ་བར་ཨོཾ་ལས་བདག་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་ཕྱག་གཡས་པ་ན་རལ་གྲི་འདེབས་པའི་ཚུལ་དུ་འཕྱར་བ། གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད་པ། འཁོར་ལོ་རྩིབས་ལྔ་པ་དེ་གསེར་གྱི་རལ་གྲིར་བསམ། དེ་ནས་སྔགས་ནི། ཨོཾ་ཛྷི་ཧཾ་ཀ་རུ་ནི་ཕཊ། ཨོཾ་ཧཾ་ཀ་རུ་ནི་ཛྷི་ཕཊ། ཨོཾ་ཀ་རུ་ནི་ཛྷི་ཧཾ་ཕཊ། ཨོཾ་རུ་ནི་ཛྷི་ཧཾ་ཀ་ཕཊ། ཨོཾ་ནི་ཛྷི་ཧཾ་ཀ་རུ་ཕཊ། ཅེས་ཉི་ཤུ་རྩ་གཅིག་བཟླ། དེ་ལ་བརྒྱ་རྩ་ཡོད་དོ། །དེ་རྣམས་ཀྱི་རྗེས་རྟེན་འབྲེལ་སྙིང་པོ་རེ་བཟླས་ནས་རབ་གནས་བྱའོ། །སྔགས་བཟླས་པའི་དུས་སུ་འཁོར་ལོ་དེ་སྒོར་སྒོར་འཁོར་བས་ཕྱོགས་ངན་གྱི་གནོད་པ་ཞི་བར་བསམ། ཙཀྲ་དེ་རས་དཀར་པོའམ་སེར་པོས་དྲིལ་ལ་སྤྱི་བོར་བཏགས། ཕྱོགས་ངན་གང་དུ་འགྲོ་ན་སྲུང་བ་དང་། སྔགས་འདི་བརྒྱ་བཟླས་ན་ཕྱོགས་ངན་བདུད་གཅོད་ཡོད་ན་ཐུབ་ངེས་སོ། །འཆི་མི་སྲིད། ཕྱོགས་ངན་སྲུང་བ་སྐུའི་འཁོར་ལོ་ྀཨཚ། ༈ མནའ་ཟློག་སྲུང་བ་གསུང་གི་འཁོར་ལོ་ནི། རྒྱ་ཤོག་ལ་འཁོར་ལོ་བྲིས་ལ། ལྟེ་བར་གསུང་ཡིག་ཨཱཾཿབྲིས། འཁོར་ལོ་ལ་བི་ནཱ་ཡ་ཀ་ནི་ཞེས་བཀོད། རྩིབས་མཆན་ལ་ཕཊ་ལྔ་བྲིས། མུ་ཁྱུད་ལ་ཨཱཾཿབི་ནཱ་ཡ་ཀ་ནི་ཕཊ། མནའ་ཡི་ཆད་པ་ཟློག་ཅིག །བྱ་བ་བཀོད། མཉྫིའི་ཁྲིའུའི་ཁར་འཁར་ཕོར་རམ་ཟངས་གཞོང་དུ་བཞག་ལ། རྣམ་ལྔ་དབུལ་བ་གོང་དང་འདྲ། དེའང་སྟོང་པ་ཉིད་དུ་བསྒོམ། སྟོང་པའི་ངང་ལས་བྷྲཱུྃ་ཝཱ་ཀ་ཙཀྲ་ཞེས་བརྗོད་པས་ཟངས་ཀྱི་འཁོར་ལོ་དམར་པོར་གྱུར། དེ་ནས་ལྟེ་བའི་ཨཱཾཿདེ་ལས་བདག་ཉིད་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་ཤིན་ཏུ་འཇིགས་པ། གཡས་པས་རལ་གྲི། གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་པ་ཞིག་བསྒོམ། ཙཀྲའི་རྩིབས་ཟངས་ཀྱི་རལ་གྲི་འཁོར་བར་བསམ། དེ་ནས་སྔགས་བཟླ་བ་ནི། ཨཱཾཿབི་ནཱ་ཡ་ཀ་ནི་ཕཊ། ཨཱཾཿནཱ་ཡ་ཀ་ནི་བི་ཕཊ། ཨཱཾཿཡ་ཀ་ནི་བི་ནཱ་ཕཊ། ཨཱཾཿཀ་ནི་བི་ནཱ་ཡ་ཕཊ། ཨཱཾཿནི་བི་ནཱ་ཡ་ཀ་ཕཊ། ཅེས་ཉེར་གཅིག་སྟེ་བརྒྱ་རྩ་བརྒྱད་བཟླའོ། །དེའི་གཤམ་དུ་ཡེ་དྷརྨཱས་རབ་ཏུ་གནས་པར་བྱས། དེ་ནས་ཙཀྲ་དེ་ལེ་བརྒན་གྱིས་དྲིལ་ནས་སྐེར་གདགས། དེས་ནི་མནའ་སྐྱེལ་ལེན། བཀར་མི་ལག་འཇུ་སར་འགྲོ་རུང་། མནའི་ཆད་པ་ཟློག་ངེས་སོ། །གོང་གི་སྔགས་ཉི་ཤུ་རྩ་གཅིག་བཟླས་ནས་མནའི་ཆད་པ་ཟློག་ཅིག་བྱའོ། །དེས་མནའ་ཆད་མནའ་འགོག་མཁན་ལ་ཡོང་། འཁོར་ལོ་ཐོགས་ནས་མནའ་ཟོས་ཀྱང་མནའ་ཆད་མི་ཡོང་། དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་བསྒྲིབས་ནས། རང་ཀླུ་བཙན་ལྷ་སྲིན་རྒྱལ་འགོང་ལ་སོགས་པས་མི་མཐོང་བས་ཟངས་ཀྱི་ཙཀྲ་མེའི་འོད་དང་བཅས་པར་མཐོང་ནས། ཆད་པ་ཕར་ལ་གཅོད་པ་ཡིན། རང་གིས་འགོག་ན། ཙཀྲ་དེས་རང་བསྲུང་ནས། མནའ་སྐྱེལ་དེས་མནའ་མ་ཟོས་ཀྱང་ཆད་པ་གཅོད་པ་ཡིན། ཙཀྲས་ཀླུ་ཨར་ལ་གཏད་པས། ཁྱད་པར་ཀླུ་གནོད་པ་ལ་བཏགས་ན་ཕན། མནའ་མི་བསྐྱལ་ཡང་ཙཀྲ་ཀླུ་ཡི་གཉེན་པོར་སོང་ནས་ཡང་སྲུང་ངོ་། མནའ་ཟློག་གསུང་གི་འཁོར་ལོ་ྀཨཚ། ༈ ཐུགས་ཀྱི་འཁོར་ལོས་མཐུ་ཟློག་པ་ནི། རས་སམ་ཤོག་བུ་ལ་འཁོར་ལོ་རྩིབས་ལྔ་པ་བྲིས་ལ་ལྟེ་བར་ཧཱུྃ། རྩིབས་ལ་ཡ་མ་དྷུ་ཏི་ནི་བྱ་བ་བྲི། རྩིབས་མཆན་ཕཊ་ལྔས་བསྐོར། མུ་ཁྱུད་ལ་ཧཱུྃ་ཡ་མ་དྷུ་ཏི་ནི་ཕཊ། བདག་ལ་མཐུ་བྱེད་པའི་བྱད་ཁ་ཟློག་ཅིག །བྱ་བ་བཀོད། དེ་ནས་ཙཀྲ་དེ་ཀ་པཱ་ལའི་སྣོད་དུ་བཞག །དེའང་སྟོང་པ་ཉིད་དུ་བསྒོམ། བྷྲཱུྃ་ཙིཏྟ་ཙཀྲ་ཞེས་བརྗོད་པས། ལྕགས་ཀྱི་འཁོར་ལོ་ནག་པོར་གྱུར། དེ་ནས་དབུས་ཀྱི་ཧཱུྃ་དེ་ལས་བདག་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་བ། གཡོན་སྡིགས་མཛུབ་མཛད་པ། འཁོར་ལོའི་རྩིབས་ལྕགས་ཀྱི་རལ་གྲི་འབར་བར་བསམ། དེ་ནས་སྔགས་བཟླས་པས་འཁོར་ལོ་འཁོར་ཏེ་གནོད་བྱེད་གཏུབས་པར་བསམ། སྔགས་ནི། ཧཱུྃ་ཡ་མ་དྷུ་ཏི་ནི་ཕཊ། ཧཱུྃ་མ་དྷུ་ཏི་ནི་ཡ་ཕཊ། ཧཱུྃ་དྷུ་ཏི་ནི་ཡ་མ་ཕཊ། ཧཱུྃ་ཏི་ནི་ཡ་མ་དྷུ་ཕཊ། ཧཱུྃ་ནི་ཡ་མ་དྷུ་ཏི་ཕཊ། ཅེས་རྟེན་འབྲེལ་རབ་གནས་གོང་དང་འདྲ། འཁོར་ལོ་དེ་དར་ནག་པོས་དྲིལ་ལ་ཐུགས་ཀར་གདགས། ཐུགས་ཀྱི་འཁོར་ལོས་མཐུ་ཟློག་པ་ནི། རང་ལ་བན་བོན་བརྒྱས་བསྒྲུབས་ཀྱང་མི་ཚུགས། སླར་རྦོད་གཏོང་མཁན་དེ་རང་གི་བདུད་དུ་འབབ་པར་འགྱུར་རོ། །ཐུགས་ཀྱི་འཁོར་ལོས་མཐུ་ཟློག་པ་ྀཨཚ། ༈ འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན། སྡུད་པོ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །ཤཱནྟིཾ་གརྦྷ། དྷ་ན་ཏ་ལ། ཁྲག་འཐུང་ནག་པོ། བ་སུ་དྷཱ་ར། ཇོ་བོ་སངས་རྒྱས། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཧོ་སྟོན་ལྕགས་སེ། མེ་སྟོན་བན་ཆུང་། དྲན་སྟོན་མཐའ་བྲལ། མེས་སྟོན་ཀུན་རིག །བཀྲ་ཤིས་རྒྱལ་མཚན། སློབ་དཔོན་ལྷ་སྒོམ་པ། བླ་མ་གངས་པ། རྒྱལ་བ་གཡུང་སྟོན་རྡོ་རྗེ་དཔལ། ཐུགས་སྲས་དགེ་འདུན་བཟང་པོ་རྣམས་སོ།། །།
རྩ་གསུམ་དགོངས་པ་འདུས་པ་ལས༔ རིག་འཛིན་མཆོག་གི་སྒྲུབ་པ་ (Volume 10, Text 44)
༁ྃ༔ ༔རྩ་གསུམ་དགོངས་པ་འདུས་པ་ལས༔ རིག་འཛིན་མཆོག་གི་སྒྲུབ་པ་བཞུགས༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ འོད་གསལ་སྙིང་པོ་དགོངས་པའི་རྒྱུད༔ རིག་འཛིན་བརྡ་ཡི་སྐུ་རུ་ཤར༔ སྐལ་ལྡན་རྣམས་ལ་མཚོན་པའི་སླད༔ སྙན་བརྒྱུད་གདམས་ཤིང་གཏད་པ་ཡིས༔ མ་འོངས་ཕྱི་མ་ཕྱི་མའི་བར༔ བྱིན་རླབས་རྩལ་འཆང་མཐའ་ཡས་པ༔ འཛམ་གླིང་ཀུན་ཏུ་ཁྱབ་པར་འབྱུང༔ དེ་དག་རྣམས་ཀྱི་ཉམས་རྟོགས་དང༔ ཡེ་ཤེས་ཡོན་ཏན་སྐྱེད་པ་ནི༔ བྱིན་རླབས་ཁོ་ནར་ངེས་པས་ན༔ གསང་བ་མཆོག་གི་སྒྲུབ་པ་འདི༔ གདམས་པ་ཀུན་གྱི་སྙིང་པོར་ཟུངས༔ ས་མ་ཡ༔ འདི་ལ་སྤྱི་དོན་རྣམ་བཞི་སྟེ༔ དང་པོ་ཡོ་བྱད་སྟ་གོན་བྱ༔ གཉིས་པ་སྔོན་འགྲོས་རྒྱུད་སྦྱོང་ཞིང༔ གསུམ་པ་དངོས་གཞིས་ཉམས་སུ་བླང༔ བཞི་པ་རྗེས་ཀྱིས་མཐར་དབྱུང་ངོ༔ ས་མ་ཡ༔ དང་པོ་སྟ་གོན་བྱ་བ་ནི༔ གདོད་ནས་གྲུབ་པའི་དུར་ཁྲོད་དམ༔ རིག་འཛིན་བླ་མས་བྱིན་བརླབས་གནས༔ ཡིད་དང་མཐུན་པའི་སྒྲུབ་ཁང་དུ༔ བཀྲ་ཤིས་ས་ལ་སྟེགས་བུ་བྱ༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ དཀྱིལ་འཁོར་མཚན་ཉིད་རྫོགས་པར་བཞེངས༔ དབུས་སུ་བླ་མའི་སྐུ་འབག་དང༔ རྩ་གསུམ་ཡོངས་རྫོགས་གསུང་གི་རྟེན༔ བྱང་སེམས་གསང་བའི་རིལ་བུ་སོགས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དགོད༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ བག་དྲོ་བརྗིད་དང་ལྡན་པར་བཤམ༔ ལྟ་ཉན་འབྱུང་པོ་ཚར་བཅད་ཅིང༔ སྲུང་བའི་འཁོར་ལོས་ཕྱོགས་མཚམས་བཅིང༔ སྤོས་རོལ་དབྱངས་ཀྱི་བརྡས་མཚོན་ཏེ༔ བྱིན་ཆེན་དབབ་ཅིང་བརྟུལ་ཞུགས་བསྐྱེད༔ བདེ་སྟོང་ངང་དུ་མཉམ་བཞག་པས༔ བྱུང་ཚོར་རྟོག་པ་རང་གྲོལ་ནས༔ མོས་གུས་རྫོགས་པ་ཆེན་པོ་ཡི༔ ཉམས་མྱོང་རྒྱུད་ལ་འཆར་བ་ན༔ སྒྲུབ་པ་ལམ་དུ་ལོངས་པར་ངེས༔ ས་མ་ཡ༔ གཉིས་པ་སྔོན་འགྲོའི་རིམ་པ་ལ༔ རྒྱུད་སྦྱོང་མཚམས་བཅད་དམ་བཅའ་བཟུང༔ བྱིན་ཆེན་དབབ་ཅིང་གནས་ཁང་དང༔ མཆོད་པའི་ལོངས་སྤྱོད་བྱིན་གྱིས་བརླབ༔ དེ་ལ་དང་པོར་རྒྱུད་སྦྱང་ཕྱིར༔ ཚོགས་རྟེན་དཀྱིལ་འཁོར་བསྐྱེད་པ་ནི༔ ཧཱུྃ༔ ཆོས་རྣམས་ཡེ་ནས་བརྡལ་བ་ཆེན་པོའི་ཀློང༔ སྣོད་བཅུད་རྣམ་དག་པདྨོ་བཀོད་པའི་ཞིང༔ ཡིད་འཕྲོག་ངོ་མཚར་མཚན་ཉིད་ཡོངས་རྫོགས་པ༔ འཇའ་ཟེར་ཐིག་ལེ་འོད་ཕུང་འཁྱིལ་པའི་དབུས༔ རང་གི་མདུན་དུ་དཔག་བསམ་ལྗོན་པའི་ཤིང༔ ཡལ་ག་ལྔ་ལྡན་ལོ་མ་མེ་ཏོག་མཛེས༔ འདོད་འབྱུང་འབྲས་བུ་རབ་ཏུ་རྒྱས་པ་ཡི༔ དབུས་ཀྱི་ཡལ་གར་སེང་ཁྲི་པད་ཟླའི་སྟེང༔ རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང༔ མཐིང་གསལ་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ རིན་ཆེན་རུས་རྒྱན་དར་གྱི་ན་བཟས་བཀླུབས༔ རྡོ་རྗེའི་སྐྱིལ་ཀྲུང་གདོད་ནས་རྫོགས་སངས་རྒྱས༔ རྩ་གསུམ་ཀུན་འདུས་ཆེན་པོར་བཞུགས་པ་ཡི༔ མཐའ་སྐོར་བརྒྱུད་ལྡན་བླ་མའི་ཚོགས་ཀྱིས་བསྐོར༔ མདུན་དུ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༔ གཡས་སུ་དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ༔ རྒྱབ་ཏུ་མདོ་རྒྱུད་མན་ངག་གླེགས་བམ་ཚོགས༔ གཡོན་དུ་ཐེག་པ་ཆེ་ཆུང་དགེ་འདུན་དང༔ བར་མཚམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་བཅས༔ སྟོང་གསལ་མ་འགག་ཡེ་ཤེས་སྒྱུ་མའི་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེན་པོར་གྱུར༔ དེ་ལྟར་གསལ་བའི་སྐྱབས་ཀྱི་འོག༔ བདག་གཞན་མཁའ་མཉམ་སེམས་ཅན་འཁོད༔ སྒོ་གསུམ་མོས་ཤིང་གདུང་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་འགྲོར་དམིགས༔ ན་མོ༔ མཐའ་ཡས་བྱིན་རླབས་མ་ལུས་འབྱུང་བའི་གཞི༔ བརྒྱུད་གསུམ་བླ་མ་རྣམས་ལ་སྐྱབས་སུ་མཆི༔ མཁའ་ཁྱབ་འགྲོ་བའི་འདྲེན་པ་བླ་ན་མེད༔ བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ དངོས་གྲུབ་མཆོག་སྩོལ་བདེ་བ་ཆེན་པོའི་སྐུ༔ ཡི་དམ་ཞི་ཁྲོའི་ལྷ་ལ་སྐྱབས་སུ་མཆི༔ ཕྲིན་ལས་ཐོགས་མེད་ས་ལམ་བར་ཆད་སེལ༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐྱབས་སུ་མཆི༔ བདག་དང་རིགས་དྲུག་སེམས་ཅན་མ་ལུས་ཀུན༔ ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སྐྱབས་མགོན་རེ་ལྟོས་གཅིག་གྱུར་ཁྱེད་ཤེས་པས༔ བྱིན་རླབས་སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ དེ་ལྟར་རྩེ་གཅིག་གསོལ་བཏབ་པས༔ ཚོགས་ཞིང་རྣམས་ལས་འོད་ཟེར་འཕྲོས༔ བདག་གཞན་སྒྲིབ་གཉིས་བག་ཆགས་སྦྱངས༔ ཐར་པའི་ས་བོན་ཐེབས་པར་བསམ༔ སྨོན་འཇུག་སེམས་བསྐྱེད་དམ་བཅའ་བཟུང༔ ཧོ༔ ཇི་ལྟར་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་སྙིང་པོར་ཐུགས་བསྐྱེད་ལྟར༔ བདག་ཀྱང་མཐའ་ཡས་འགྲོ་བའི་དོན་སླད་དུ༔ སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ རང་རྒྱུད་ཉེས་པར་སྤྱོད་པ་ཡོངས་སུ་སྡོམ༔ ཐུན་མོང་ཁྱད་པར་མཆོག་གི་དགེ་ཆོས་སྡུད༔ གསང་སྔགས་བླ་ན་མེད་པའི་སྤྱོད་པ་ཡིས༔ འགྲོ་ཀུན་སྐུ་བཞིའི་གོ་འཕང་འགོད་པར་བགྱི༔ སྡིག་ལྟུང་སྦྱང་ཕྱིར་སྨྲེ་བཤགས་བྱ༔ ན་མོ༔ སྐྱབས་གནས་ཐུགས་རྗེའི་བདག་ཉིད་དགོངས་སུ་གསོལ༔ བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར༔ འོད་གསལ་འདུས་མ་བྱས་པའི་དོན་མ་རྟོགས༔ གཟུང་འཛིན་དབང་གིས་རྣམ་རྟོག་སྣ་ཚོགས་སྐྱེས༔ ཆགས་སྡང་དབང་གིས་སྡིག་པའི་ལས་མང་སྤྱད༔ ཉོན་མོངས་ཤུགས་དྲག་གཉེན་པོ་སྟོབས་ཆུང་བས༔ སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ༔ སྙིང་ནས་འགྱོད་པ་ཆེན་པོས་སོ་སོར་བཤགས༔ མི་འཆབ་མི་སྦེད་སླན་ཆད་བསྡམ་བགྱིད་ན༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ འགྱོད་པ་ཆེན་པོས་བཤགས་པ་ལས༔ ནམ་མཁར་བཞུགས་པའི་ཚོགས་ཞིང་དང༔ ཁྱད་པར་བླ་མའི་གསང་གསུམ་ལས༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན༔ ཆར་བཞིན་བབས་ནས་སྒོ་གསུམ་ཞུགས༔ ཉེས་ལྟུང་ཉམས་ཆག་ཀུན་སྦྱངས་བསམ༔ ཚོགས་གཉིས་རྫོགས་ཕྱིར་མཎྜལ་ཕུལ༔ ཨོཾ་ཨཱཿཧཱུྃ༔ རི་རབ་གླིང་བཞི་ལྷ་མིའི་དཔལ་འབྱོར་སོགས༔ མི་མཇེད་བྱེ་བ་ཕྲག་བརྒྱའི་མཎྜ་ལ༔ སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ལ་འབུལ༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་བཅས༔ ཡིད་བཞིན་འདོད་དགུ་འབྱུང་བའི་མཎྜ་ལ༔ སྐྱབས་གནས་རྩ་བ་གསུམ་གྱི་ཚོགས་ལ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཡེ་སྟོང་གདོད་ནས་དག་པའི་མཁའ་དབྱིངས་སུ༔ གསལ་མདངས་མ་འགག་ཡེ་ཤེས་མཎྜ་ལ༔ སྐྱབས་གནས་སྐུ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་རཏྣ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ༔ གསག་སྦྱོང་ཀུན་གྱི་སྙིང་པོ་ནི༔ ཡན་ལག་བདུན་པ་འབུལ་བར་བྱ༔ ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རབ་འབྱམས་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ དངོས་བཤམ་ཡིད་སྤྲུལ་རྨད་དུ་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི༔ ཚེ་རབས་འཁོར་བར་བསགས་པའི་སྡིག་ལྟུང་ཀུན༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་སྙིང་ནས་བཤགས༔ འཕགས་དང་སོ་སྐྱེའི་རྣམ་དཀར་དགེ་ཚོགས་ལ༔ དགའ་ཞིང་སྤྲོ་བས་རྗེས་སུ་ཡི་རང་ངོ༔ བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀུན༔ མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས༔ ཇི་སྲིད་འཁོར་བ་སྟོངས་པར་མ་གྱུར་བར༔ ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་གསོལ༔ དགེ་བ་འདི་དང་དུས་གསུམ་དགེ་བ་ཀུན༔ བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོས་པའི་མཐུས༔ འགྲོ་ཀུན་བླ་མེད་ཐེག་པའི་སྣོད་གྱུར་ནས༔ རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཤོག༔ རང་རྒྱུད་དག་ཕྱིར་སྡོམ་བཟུང་ནི༔ ཧོ༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་དགོངས༔ བདག་གིས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་བ་ཀུན་གྱི་དོན་བགྱིད་ཕྱིར༔ ཚུལ་ཁྲིམས་རྣམ་གསུམ་མི་གཏང་གཟུང་བར་བགྱི༔ བདེ་བར་གཤེགས་པ་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་སུ་བཞུགས་པ་ཡི༔ དམ་ཚིག་སྡོམ་པའི་ཚོགས་རྣམས་ཡོངས་བཟུང་བཞིན༔ རང་གཞན་དོན་དུ་རླབས་ཆེན་སྤྱོད་པ་སྤྱད༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཡན་ལག་རིགས་ལྔའི་དམ་ཚིག་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་ངང་དུ་མི་འདའ་བའི༔ རྡོ་རྗེ་མཆོག་གསུམ་དབྱེར་མེད་བསྒྲུབ་པར་བགྱི༔ ཁྱད་པར་བྱིན་རླབས་འཇུག་པའི་ཕྱིར༔ མི་ཕྱེད་གུས་པས་གསོལ་བ་གདབ༔ ཨེ་མ་ཧོ༔ འོད་གསལ་སྙིང་པོ་སྤྲོས་པ་ཀུན་དང་བྲལ༔ གཞོན་ནུ་བུམ་པའི་ཡེ་ཤེས་མཁའ་ཁྱབ་འཕྲོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ གནས་ལུགས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཀློང༔ རིག་འཛིན་རྩལ་འཆང་བྱིན་རླབས་སྤྲིན་ཕུང་འཕྲོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ བསྐྱེད་རྫོགས་དགོངས་པ་རྟོགས་པར་བྱིན་གྱིས་རློབས༔ རྒྱུད་ལུང་མན་ངག་ཟབ་མོའི་སྨིན་གྲོལ་གྱིས༔ སྐལ་ལྡན་འགྲོ་རྣམས་རྗེས་སུ་འཛིན་མཛད་པ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྙན་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས༔ གཞན་དོན་ལྷུན་གྲུབ་འབྱུང་བར་བྱིན་གྱིས་རློབས མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོའི་བདག༔ ཡོན་ཏན་མཉམ་མེད་ཐུགས་རྗེའི་གཏེར་ཆེན་པོ༔ དུས་གསུམ་སྐྱབས་གནས་ཐམས་ཅད་འདུས་པའི་དངོས༔ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས༔ ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ ཐུགས་རྗེས་གཟིགས་ཤིག་བརྒྱུད་ལྡན་བླ་མའི་ཚོགས༔ བྱིན་གྱིས་རློབས་ཤིག་རྗེ་བཙུན་གུ་རུ་མཁྱེན༔ བྱང་ཆུབ་བར་དུ་དགོངས་པས་བཟུང་དུ་གསོལ༔ སྒྲིབ་བཞིའི་བག་ཆགས་དག་པར་བྱིན་གྱིས་རློབས༔ དབང་བཞིའི་ཡེ་ཤེས་སྨིན་པར་བྱིན་གྱིས་རློབས༔ ལམ་བཞིའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས༔ སྐུ་བཞིའི་འབྲས་བུ་ཐོབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྩེ་གཅིག་བསྙེན་པས་ཐུགས་དམ་བསྐུལ༔ མཐར་ཐུག་དབང་བཞི་བླང་བ་ནི༔ སྤྱི་བོའི་ལྷ་ཚོགས་འོད་ཞུ་བླ་མར་ཐིམ༔ བླ་མ་དགྱེས་པ་ཆེན་པོས་གནས་གསུམ་ནས༔ འོད་ཟེར་བྱུང་བ་རང་གི་གནས་གསུམ་ཐིམ༔ སྒྲིབ་དག་དབང་དང་བྱིན་རླབས་དངོས་གྲུབ་ཐོབ༔ མཐར་ནི་དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ སྙོམས་ཞུགས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ༔ རང་ལ་ཐིམ་པས་ཡེ་ཤེས་རྒྱུད་ལ་སྨིན༔ གནས་ལུགས་གཉུག་མའི་དེ་ཉིད་མངོན་དུ་གྱུར༔ རང་རིག་ངོ་བོ་བླ་མ་ཆོས་ཀྱི་སྐུ༔ རང་བཞིན་མ་འགག་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མོས་གུས་རྫོགས་པ་ཆེན་པོའི་ངང༔ སྐུ་གསུམ་བླ་མའི་ཕྲིན་ལས་མཐར་ཕྱིན་ཤོག༔ ཅེས་བརྗོད་དུས་གསུམ་སྤྲོས་བྲལ་ངང༔ གནས་ལུགས་བླ་མའི་རང་ཞལ་བལྟ༔ སྣང་ལུགས་མོས་གུས་ལམ་དུ་ཁྱེར༔ སྒྱུ་མ་ལྟ་བུའི་སྤྱོད་པ་བསྐྱང༔ འདི་ལྟར་བརྩོན་པའི་རྣལ་འབྱོར་པ༔ བར་གཅོད་གེགས་ཞི་ཡེ་ཤེས་རྒྱས༔ གསང་བ་མཆོག་གི་རྟེན་འབྲེལ་ཀུན༔ རྩོལ་མེད་འབྱུང་བའི་ཉེ་ལམ་མོ༔ གཉིས་པ་བགེགས་ལ་བཀའ་བསྒོ་ཞིང༔ རྡོ་རྗེ་སྲུང་མཚམས་བཅད་པ་ནི༔ རང་ཉིད་གཏུམ་ཆེན་ཧེ་རུ་ཀའི༔ འབར་བ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ ཧཱུྃ༔ ས་གསུམ་གནས་པའི་ལོག་འདྲེན་འབྱུང་པོའི་ཚོགས༔ གསང་སྔགས་སྒྲུབ་ལ་བལྟ་བར་མི་དབང་ཀུན༔ རྡོ་རྗེའི་གནས་འདིར་འདུག་པའི་སྐབས་མེད་པས༔ རང་རང་སོ་སོའི་གནས་སུ་བདེ་བར་དེངས༔ གལ་ཏེ་མི་ཉན་གནོད་ཅིང་འཚེ་བྱེད་ན༔ རང་བཞིན་ངང་གིས་ཁྲོ་བོའི་ཡེ་ཤེས་རྩལ༔ ཐུགས་རྗེ་ཁྲོས་པའི་ཆོ་འཕྲུལ་མཐའ་ཡས་པས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ ཧཱུྃ༔ བདག་ཉིད་འབར་བ་ཆེན་པོའི་ཡེ་ཤེས་སྤྲིན༔ རྡོ་རྗེ་སྲུང་བའི་འཁོར་ལོས་ཕྱོགས་མཚམས་ཁྱབ༔ ཕྱག་མཚན་མེ་ཕུང་གུར་ཁང་གཅིག་ཏུ་འཁྱིལ༔ ཕོ་ཉ་དུ་མས་མཚམས་ཀྱི་ཕྲིན་ལས་མཛད༔ བར་གཅོད་བདུད་ཚོགས་འཇུག་པའི་སྐབས་མེད་ཅིང༔ ཅིར་སྣང་ལྷ་སྔགས་ཆོས་སྐུའི་རོལ་པ་ཆེས༔ གཉིས་འཛིན་འཁྲུལ་པའི་བགེགས་ཚོགས་མཚམས་བཅད་དོ༔ བཛྲ་པཉྩ་ཛྙཱ་ན་ཛྭ་ལ་ཀྲོ་དྷ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ༔ གསུམ་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ དག་མཉམ་ཆོས་སྐུའི་དབྱིངས་སུ་རོ་གཅིག་ཀྱང༔ གཟུང་འཛིན་རྟོག་པས་བཅད་པའི་མ་རིག་སྒོ༔ རང་རིག་ཡེ་ཤེས་ཐབས་ཀྱི་ཕྱག་རྒྱས་དབྱེ༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ཧཱུྃ༔ གདོད་ནས་རྣམ་དག་བྱང་ཆུབ་སེམས་ཀྱི་དབྱིངས༔ ཡེ་ཤེས་སྒྱུ་མ་རིག་འཛིན་བླ་མ་ལྷ༔ རིག་པ་འོད་གསལ་ངང་དུ་རོ་གཅིག་པས༔ ངོ་མཚར་ཆེན་པོའི་བརྡ་ཡིས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ ཧཱུྃ༔ བདེར་གཤེགས་སྙིང་པོ་གདོད་ནས་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ ཉོན་མོངས་འཁྲུལ་པའི་ལས་སྒྲིབ་ཅི་བསགས་པ༔ ལྷ་དང་རྟོག་པ་དབྱེར་མེད་ཀློང་དུ་བཤགས༔ ཛྙཱ་ན་ས་མ་ཡ་ཤུདྡྷེ་ཨ༔ ཧོ༔ ཀུན་ཏུ་བཟང་པོའི་སྤྱོད་ཡུལ་རྨད་པོ་ཆེ༔ རྡོ་རྗེའི་དམ་ཚིག་མཆོག་ཏུ་ལྷུན་རྫོགས་པའི༔ བྱང་ཆུབ་སེམས་མཆོག་མི་འདའ་ཕྱག་རྒྱ་ཆེ༔ སྐུ་དང་ཡེ་ཤེས་དབྱེར་མེད་ངང་དུ་བཟུང༔ ཛྙཱ་ན་ས་མ་ཡ་ཨ༔ ཨོཾ༔ འདི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན༔ སྣང་སྟོང་དབྱེར་མེད་ཕྱག་རྒྱའི་དམ་ཚིག་གིས༔ རིག་འཛིན་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ རྡོ་རྗེ་སྐུ་ཡི་གཟི་བྱིན་ལུས་ལ་ཕོབ༔ ཀཱ་ཡ་ས་མ་ཡ་ཨོཾ༔ ཨཱ༔ སྲིད་པ་གསུམ་གྱི་སྒྲ་སྐད་ཇི་སྙེད་ཀུན༔ གྲགས་སྟོང་དབྱེར་མེད་སྔགས་ཀྱི་དམ་ཚིག་གིས༔ རིག་འཛིན་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ སྙིང་པོ་སྔགས་ཀྱི་ནུས་པ་ངག་ལ་སྩོལ༔ ཝཱ་ཀ་ས་མ་ཡ་ཨཱ༔ ཧཱུྃ༔ གཟུང་འཛིན་འཁྲུལ་པའི་རྟོག་ཚོགས་ཇི་སྙེད་ཀུན༔ རིག་སྟོང་དབྱེར་མེད་ཡེ་ཤེས་དམ་ཚིག་གིས༔ རིག་འཛིན་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ འོད་གསལ་ཐུགས་ཀྱི་དགོངས་པ་ཡིད་ལ་སྦོར༔ ཙིཏྟ་ས་མ་ཡ་ཧཱུྃ༔ ཧོ༔ རྩ་རླུང་ཐིག་ལེ་རྟོག་ཚོགས་རྣམ་དག་དབྱིངས༔ ཡེ་ཤེས་རྨད་བྱུང་རྡོ་རྗེའི་སྐུ་གསུང་ཐུགས༔ རིག་འཛིན་བླ་མའི་ངོ་བོར་དབྱེར་མེད་པ༔ འདུ་འབྲལ་མེད་པའི་དམ་ཚིག་བཟུང་བར་བགྱི༔ ཛྙཱ་ན་ས་མ་ཡ་ཧོ༔ བཞི་པ་བྱིན་ཆེན་དབབ་པ་ནི༔ ཞྭ་གོས་རྒྱན་གྱིས་གཟི་བྱིན་བསྐྱེད༔ སྤོས་དང་རོལ་མོའི་བརྡས་མཚོན་ཏེ༔ གདུང་བའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ༔ དགོངས་བརྒྱུད་བླ་མའི་ཚོགས་རྣམས་དབྱིངས་ནས་བཞེངས༔ བྱིན་ཆེན་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ མ་འགག་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་སྐུར་སྣང་བ༔ བརྡ་བརྒྱུད་བླ་མའི་ཚོགས་རྣམས་དབྱིངས་ནས་བཞེངས༔ བྱིན་ཆེན་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ གང་འདུལ་འགྲོ་བ་སྒྲོལ་བའི་ཕོ་བྲང་ནས༔ སྨིན་གྲོལ་བྱིན་རླབས་དངོས་གྲུབ་སྤྲིན་ཕུང་འཕྲོ༔ སྙན་བརྒྱུད་བླ་མའི་ཚོགས་རྣམས་དབྱིངས་ནས་བཞེངས༔ བྱིན་ཆེན་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ རིག་འཛིན་བླ་མའི་བྱིན་རླབས་ལམས་སེ་ལམ༔ ཡི་དམ་ལྷ་ཚོགས་དངོས་གྲུབ་ཤ་ར་ར༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་འུ་རུ་རུ༔ རྡོ་རྗེའི་གླུ་དང་གར་ཐབས་མཁའ་ལ་སྒྱུར༔ མ་འགག་གསུང་གི་རང་སྒྲ་སྣང་སྲིད་ཁྱབ༔ འོད་གསལ་ཐུགས་ཀྱི་དགོངས་པ་ཀུན་ལ་བརྡལ༔ བྱིན་ཆེན་བྱིན་ཕོབ་རིག་འཛིན་བླ་མའི་ཚོགས༔ དབང་ཆེན་དབང་སྐུར་ཡི་དམ་ཞི་ཁྲོའི་ལྷ༔ དངོས་གྲུབ་མཆོག་སྩོལ་དཔའ་བོ་དྷཱ་ཀི་ནཱི༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ སྒྲུབ་པའི་གཞལ་ཡས་འདི་ལ་བྱིན་ཆེན་ཕོབ༔ དཀྱིལ་འཁོར་སྒྲུབ་རྫས་རྣམས་ལ་གཟི་བྱིན་སྐྱེད༔ སྒྲུབ་མཆོག་རྣལ་འབྱོར་རྒྱུད་ལ་རྟོགས་པ་སྤོར༔ སྣང་སྲིད་ལྷ་ཡི་ཕྱག་རྒྱར་བྱིན་ཕོབ་ཅིག༔ སྒྲ་གྲགས་སྔགས་ཀྱི་དབྱངས་སུ་བྱིན་ཕོབ་ཅིག༔ དྲན་རྟོག་ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིག༔ བདེ་སྟོང་དབྱེར་མེད་སྒྱུ་འཕྲུལ་དྲྭ་བའི་ཀློང༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་རྩ་གསུམ་ལྷ་ཚོགས་རྣམས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སད༔ བདག་གནས་ཡོ་བྱད་རྫས་ལ་ཐིམ༔ བདེ་ཆེན་གཟི་བྱིན་འབར་བར་བསམ༔ ལྔ་པ་གནས་དང་ཡོ་བྱད་རྣམས༔ བྱིན་གྱིས་བརླབ་པའི་རིམ་པ་ནི༔ རཾ་ཡཾ་ཁཾ༔ བདག་ཉིད་རིག་འཛིན་བླ་མའི་ཐུགས་ཀ་ནས༔ རཾ་ལས་ལྷག་མཐོང་མེ་ཡིས་དངོས་འཛིན་བསྲེགས༔ ཡཾ་ལས་རིག་རྩལ་རླུང་གིས་བག་ཆགས་གཏོར༔ ཁཾ་ལས་ཞི་གནས་ཆུ་ཡིས་ཉེས་སྐྱོན་སྦྱངས༔ སྣོད་བཅུད་འོད་གསལ་ཐིག་ལེ་ཆེན་པོའི་ངང༔ ཨོཾ་ཡིག་འོད་ཀྱི་འཕྲོ་འདུའི་རོལ་པ་ལས༔ ཆོས་དབྱིངས་ཡེ་ཤེས་ཞིང་དང་གཞལ་མེད་ཁང༔ ངོ་མཚར་སྒྱུ་མའི་བཀོད་པ་འབྱམས་ཀླས་དབུས༔ ཧཱུྃ་ལས་ཉེར་སྤྱོད་འདོད་ཡོན་མཆོད་པའི་སྤྲིན༔ མེ་ལོང་ཡེ་ཤེས་ནམ་མཁའི་མཛོད་དུ་ཤར༔ ཏྲཱཾ་ཡིག་ལས་བྱུང་དར་དང་རིན་ཆེན་རྒྱན༔ མཉམ་ཉིད་ཡེ་ཤེས་ལྷུན་གྲུབ་དྲྭ་བར་རྫོགས༔ ཧྲཱིཿཡིག་ཡོངས་གྱུར་རྡོ་རྗེའི་རིག་མ་ཡིས༔ སོ་སོར་རྟོག་པའི་རོལ་མོས་ཞིང་ཀུན་གཡོ༔ ཨཱཿལས་གཞན་ཡང་དཔག་མེད་མཆོད་པའི་ཚོགས༔ བྱ་བ་གྲུབ་པའི་ཡེ་ཤེས་སྒྱུ་མའི་ཚོགས༔ ཀུན་ཏུ་བཟང་པོའི་རྣམ་ཐར་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ ཧཱུྃ་ཧྲཱི༔ འོད་གསལ་དབྱིངས་ལས་ཡེ་ཤེས་མེ་རླུང་དང༔ རྣམ་ཐར་གསུམ་ལྡན་ཐོད་པའི་སྒྱེད་པུའི་སྟེང༔ བདེ་སྟོང་དབྱེར་མེད་འདོད་འབྱུང་ཀ་པཱ་ལར༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་བཅུད་དུ་འཁྱིལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཧཱུྃ་ཧྲཱི༔ དུང་ཆེན་སྣོད་དུ་ཁམས་གསུམ་ཁྲག་མཚོ་བསྐྱིལ༔ གཱིརྟིའི་མཁའ་ནས་བདེ་བའི་རྒྱུན་ཆེན་འབེབ༔ ཆགས་བྲལ་སོ་སོར་རྟོག་པའི་རིག་མདངས་རྩལ༔ དབྱེར་མེད་བདེ་མཆོག་བདེ་བའི་རོལ་པར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཧཱུྃ་ཧྲཱི༔ གཏོར་སྣོད་སྲིད་ཞི་བརྡལ་བའི་དབྱིངས་ཆེན་པོར༔ དམ་ཚིག་རྫས་མཆོག་རིག་ལྔ་ཡེ་ཤེས་ལྔ༔ དབྱེར་མེད་འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོ༔ རྩ་གསུམ་ལྷ་ཚོགས་དགྱེས་སྐོང་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡེ་ཧཱུྃ་ཧྲཱིཿཋ༔ དེས་ནི་སྔོན་འགྲོའི་ལས་རིམ་རྫོགས༔ ས་མ་ཡ༔ གསུམ་པ་དངོས་གཞིའི་ལས་རིམ་ལ༔ དམ་ཚིག་འཁོར་ལོ་བསྐྱེད་ཅིང་གསལ༔ ཡེ་ཤེས་འཁོར་ལོ་དགུག་ཅིང་བསྟིམ༔ མཆོད་བསྟོད་བཟླས་པས་ཐུགས་དམ་བསྐུལ༔ དེ་ལ་དང་པོ་བསྐྱེད་པ་ནིཿ ཨོཾ༔ ཆོས་ཀུན་སྙིང་པོ་མ་བཅོས་དེ་བཞིན་ཉིད༔ གདོད་ནས་རྣམ་དག་རིག་སྟོང་ཡེ་ཤེས་སེམས༔ གཟུང་འཛིན་སྤྲོས་པའི་མཚན་མ་ལས་འདས་པ༔ ནམ་མཁའ་བཞིན་དུ་བརྡལ་ཁྱབ་ཆེན་པོར་བསྒོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ དེ་ལྟར་མ་རྟོགས་མཐའ་ཡས་འགྲོ་བ་ལ༔ དམིགས་མེད་སྙིང་རྗེས་ཀུན་ཏུ་སྣང་བའི་སེམས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུའི་ཚུལ༔ མཁའ་ལས་ཉི་ལྟར་ཡོངས་ལ་ཁྱབ་པར་བསྒོམ༔ ཨོཾ་བཛྲ་མ་ཧཱ་ཀཱ་རུ་ཎི་ཀཱ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ སྟོང་པ་ཉིད་དང་སྙིང་རྗེ་ཟུང་འཇུག་པའི༔ འཁོར་འདས་ཀུན་འབྱུང་རྒྱུ་ཡི་ཡི་གེ་ཧཱུྃ༔ ནམ་མཁའི་ཀློང་ནས་འཇའ་ཚོན་ཤར་བ་ལྟར༔ བཟུང་བས་མི་ཟིན་ཆུ་ཟླའི་ཚུལ་དུ་བསྒོམ༔ ཨོཾ་བཛྲ་ཛྙཱ་ན་ཙིཏྟ་ས་མ་ཡ་ཨཱཏྨ་ཀོ྅་ཧཾ༔ ཧྲཱི༔ སྣང་སྟོང་དབྱེར་མེད་ཧཱུྃ་གི་རོལ་རྩལ་ལས༔ ཡེ་ཤེས་ལྔ་ལྡན་ཆོ་འཕྲུལ་བསམ་མི་ཁྱབ༔ འབར་བ་ཆེན་པོའི་འོད་ཟེར་ཕྱོགས་ཀུན་སྣང༔ གཟུང་འཛིན་དངོས་པོ་འོད་གསལ་དབྱིངས་སུ་སྦྱངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ རྒྱུ་ལས་ཨེ་སྤྲོས་ཀུན་བཟང་ནམ་མཁའི་ཀློང༔ ཡཾ་ལས་རླུང་གི་དཀྱིལ་འཁོར་རྒྱ་གྲམ་སྟེང༔ རཾ་ལས་བསྐལ་པ་སྲེག་པའི་མེ་ཆེན་འབར༔ བཾ་ལས་ཡན་ལག་བརྒྱད་ལྡན་རྒྱ་མཚོ་འཁྱིལ༔ ལཾ་ལས་རིན་ཆེན་གསེར་གྱི་ས་གཞི་བརྡལ༔ དེ་དབུས་སུཾ་ལས་རིན་ཆེན་རང་བཞིན་གྱི༔ རི་རབ་ལྷུན་པོ་བརྟན་ཅིང་བརྗིད་པར་གྱུར༔ ཨེ་ཡཾ་རཾ་བཾ་ལཾ་སུཾ་མཎྜ་ལ་ཨཱཿཧཱུྃ༔ རི་རབ་སྟེང་དུ་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན༔ རིན་ཆེན་རྣམ་ལྔའི་རང་བཞིན་རྩིག་པ་དང༔ ཕ་གུ་དྲྭ་བ་དྲྭ་ཕྱེད་ཤར་བུས་བརྒྱན༔ རྡོ་རྗེ་ནོར་བུའི་ཕྱུར་བུར་ཏོག་གིས་མཛེས༔ འདོད་པའི་སྣམ་བུར་མཆོད་པའི་ལྷ་མོས་བསྐོར༔ སངས་རྒྱས་ཡེ་ཤེས་བྱང་ཆུབ་ཕྱོགས་ཀྱི་ཆོས༔ བརྡ་དོན་རྟགས་ཀྱི་རྣམ་པར་ཡོངས་ཤར་བའི༔ རང་རིག་པདྨོ་བཀོད་པའི་གཞལ་མེད་ཁང༔ ཡེ་ཤེས་ཡོན་ཏན་རང་སྣང་རྒྱན་དུ་རྫོགས༔ བྷྲཱུྃ་བི་ཤྭ་བི་མཱ་ན་མཎྜ་ལ་ཨཱཿཧཱུྃ༔ ཧཱུྃ༔ གཞལ་ཡས་དབུས་སུ་རྣམ་ཐར་བརྒྱད་ལྡན་པའི༔ རིན་ཆེན་ཟུར་བརྒྱད་སྣང་སྟོང་འོད་འབར་བའི༔ ལྟེ་བར་པཾ་ལས་ཆགས་བྲལ་པདྨ་དང༔ མ་དང་ཨ་ལས་བདེ་སྟོང་ཉི་ཟླའི་གདན༔ ཡེ་ཤེས་རོལ་པའི་འོད་ཟེར་དྲྭ་བའི་སྤྲིན༔ ཕྱི་ནང་དངོས་ཀུན་ཡོངས་སུ་ཁྱབ་པར་བརྡལ༔ རཏྣ་པདྨ་སཱུརྻ་ཙནྡྲ་མཎྜ་ལ་ཨཱཿཧཱུྃ༔ ཧཱུྃ༔ སྙིང་རྗེ་ཆེན་པོའི་ཐུགས་དམ་ལྕགས་ཀྱུ་ཡིས༔ རྒྱུ་ཡི་ཡི་གེ་ཧཱུྃ་ཡིག་བསྐུལ་བ་ལས༔ སྐར་ཆེན་ཐང་ལ་བབས་པའི་ཚུལ་ལྟར་དུ༔ ནམ་མཁའི་ས་བོན་གདན་གྱི་སྟེང་དུ་བཞུགས༔ དཀར་དམར་མདངས་ལྡན་འོད་ཟེར་འཕྲོ་འདུ་ལས༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་གིས་མཚན༔ ཡོངས་གྱུར་བདག་ཉིད་རིག་འཛིན་པདྨ་འབྱུང༔ དགོངས་བརྡ་སྙན་བརྒྱུད་བླ་མ་ཀུན་གྱི་དངོས༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ་བའི་མཆོག༔ བདེ་སྟོང་ཟུང་འཇུག་དཀར་ལ་དམར་བའི་མདངས༔ དགའ་བཞིའི་ཡེ་ཤེས་བཅུ་དྲུག་ལང་ཚོ་ཅན༔ ཞལ་གཅིག་ཕྱག་གཉིས་སྣང་སྟོང་འོད་དུ་འབར༔ བདེ་བ་ཆེན་པོའི་རྡོ་རྗེའི་གསང་གོས་སྟེང༔ སྔགས་ཀྱི་ཆས་རྫོགས་མཐིང་ནག་ཕོད་ཆེན་དང༔ རབ་བྱུང་ཆ་ལུགས་ཆོས་གོས་རྣམ་གསུམ་གསོལ༔ བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་ཚུལ༔ དབང་གི་མདོག་ཅན་ཟབ་བེར་བརྗིད་པར་བཀླུབས༔ ཞབས་གཉིས་གཡོ་མེད་རྡོ་རྗེའི་སྐྱིལ་ཀྲུང་བཅིངས༔ ཕྱག་གཡས་རྡོ་རྗེ་སྣང་སྟོང་ཟུང་འཇུག་པ༔ བུམ་པའི་དབང་རྫོགས་ཐུགས་ཀའི་སྟོད་དུ་འཛིན༔ གཡོན་པས་མཉམ་གཞག་བནྡྷ་ཚེ་བུམ་བཅས༔ གསང་བའི་དབང་རྫོགས་བྱང་སེམས་བདུད་རྩིས་གཏམས༔ གྲུ་མོར་ཤེས་རབ་ཡེ་ཤེས་ཁ་ཊྭཱཾ་ཚུལ༔ ལྷན་སྐྱེས་ཉེ་རྒྱུའི་སྤྱོད་པའི་ཕྱག་རྒྱ་འཁྲིལ༔ དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ༔ ཡེ་ཤེས་དབང་རྫོགས་སྒྲོ་དར་མེ་ལོང་བརྒྱན༔ སྣང་སྲིད་ཟིལ་གནོན་འཇའ་ཟེར་ཐིག་ལེའི་ཀློང༔ སྐུ་བཞི་དབྱེར་མེད་བདེ་བ་ཆེན་པོར་བཞུགས༔ ཧཱུྃ༔ དེ་ཡི་སྤྱི་གཙུག་པད་སྡོང་ཉི་ཟླའི་སྟེང༔ གསང་བ་ཀུན་འཛིན་ཕྱག་ན་རྡོ་རྗེ་མཐིང༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་བུ་བསྣམས༔ གཡས་སུ་མཁྱེན་རབ་མངའ་བདག་འཇམ་པའི་དབྱངས༔ གསེར་མདོག་ཡེ་ཤེས་རལ་གྲི་གླེགས་བམ་འཛིན༔ གཡོན་དུ་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས༔ དཀར་གསལ་མཆོག་སྦྱིན་ཕྱག་རྒྱ་པདྨ་འཆང༔ གསུམ་ཀ་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྣང་སྟོང་ཟུང་འཇུག་མཚན་དཔེའི་ཕུང་པོར་འབར༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྙིང་པོ་རུ༔ ཤར་དུ་ཡི་དམ་ལྷ་ཡི་དབང་ཐོབ་པ༔ དགའ་རབ་རྡོ་རྗེ་དཀར་གསལ་སྤྲུལ་སྐུའི་ཚུལ༔ ས་གནོན་མཉམ་གཞག་མཚན་དང་དཔེ་བྱད་ལྡན༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལྷོ་རུ་གླེགས་བམ་དབང་ཐོབ་རྒྱལ་པོ་ཛཿ དཀར་གསལ་བརྗིད་ལྡན་རྒྱུད་ལུང་གླེགས་བམ་བསྣམས༔ འཁོར་ལོས་སྒྱུར་བ་ཆེན་པོའི་ཆ་བྱད་འཆང༔ ནུབ་ཏུ་རིག་རྩལ་དབང་ཐོབ་ཤྲཱི་སིཾ་ཧ༔ དམར་སྨུག་སྡིགས་མཛུབ་ཐོད་པ་བཅུད་བཀང་བསྣམས༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ་གྱིས་རོལ༔ བྱང་དུ་བཤེས་གཉེན་དབང་ཐོབ་སངས་རྒྱས་གསང༔ དཀར་མཛེས་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་མཛད༔ སྡེ་སྣོད་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས༔ བར་མཚམས་རིགས་ཅན་དྲྭ་མ་རྣམ་ལྔ་སོགས༔ ལྷ་ཀླུ་མི་ཡི་རིག་འཛིན་བསམ་མི་ཁྱབ༔ མ་འགག་རང་ཤར་རོལ་པའི་ཚུལ་དུ་གསལ༔ ཧཱུྃ༔ གསང་བདག་དབུ་གཙུག་པད་སྡོང་ཉི་ཟླའི་དབུས༔ གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང༔ གཅེར་བུ་མཐིང་གསལ་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ རང་འོད་ཀུན་ཏུ་བཟང་མོ་ཡུམ་དང་འཁྲིལ༔ མདུན་དུ་ཆོས་དབྱིངས་ཡེ་ཤེས་རྣམ་སྣང་མཛད༔ དེ་བཞིན་གཤེགས་པའི་རིགས་ཀྱི་ཚོམ་བུས་བསྐོར༔ ཤར་དུ་མེ་ལོང་ཡེ་ཤེས་རྡོ་རྗེ་སེམས༔ རྡོ་རྗེ་རིགས་མཆོག་བྱེ་བ་བསམ་ཡས་འཕྲོ༔ ལྷོ་རུ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང༔ རིན་ཆེན་རིགས་མཆོག་མཐའ་ཡས་སྤྲོ་ཞིང་བསྡུ༔ ནུབ་ཏུ་སོར་རྟོག་ཡེ་ཤེས་སྣང་མཐའ་ཡས༔ པདྨའི་རིགས་མཆོག་ཉི་དང་འོད་ཟེར་བཞིན༔ བྱང་དུ་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ༔ ལས་ཀྱི་རིགས་མཆོག་གཙོ་འཁོར་བསམ་མི་ཁྱབ༔ ཀུན་ཀྱང་ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་མཛེས༔ ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས༔ ཞི་ལས་ཡེ་ཤེས་རྣམ་ཁྲོས་འབར་བའི་ཚུལ༔ ཆེ་མཆོག་ལ་སོགས་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་སྟོན༔ རང་སྣང་ལོངས་སྐུའི་ཞིང་ཁམས་ཆེན་པོར་བརྡལ༔ ཧཱུྃ༔ གསང་མཆོག་བདེ་ཆེན་པདྨ་ཐོད་ཕྲེང་གི༔ གཡས་སུ་བདེ་བའི་ཡུམ་མཆོག་མནྡཱ་ར༔ འཆི་མེད་མཆོག་སྩོལ་མདའ་དར་ཚེ་བུམ་བསྣམས༔ གཡོན་དུ་སྟོང་པའི་ཡུམ་མཆོག་མཚོ་རྒྱལ་ལྕམ༔ དགའ་བཞིའི་བདེ་སྟེར་བདུད་རྩིའི་བནྡྷ་འཛིན༔ གཉིས་ཀ་དར་དང་རཏྣ་ཨུཏྤལ་བརྒྱན༔ དཀར་དམར་མདངས་ལྡན་ཞི་འཛུམ་དགྱེས་ཆགས་ཉམས༔ སེམས་མའི་སྐྱིལ་ཀྲུང་འཇའ་ཟེར་ཐིག་ལེའི་དབུས༔ བདེ་ཆེན་ཡེ་ཤེས་སྐྱེད་པའི་ཚུལ་དུ་བཞུགས༔ ཧཱུྃ༔ ཕྱི་རིམ་རིན་ཆེན་ཟུར་བརྒྱད་འོད་ལྔའི་ཀློང༔ སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང༔ ཤར་དུ་དཔལ་ཆེན་ཡང་དག་ཧཱུྃ་ཀཱ་ར༔ རྡོ་རྗེ་སེམས་དཔའི་གསང་གོས་དཀར་པོ་གསོལ༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ལྷོ་རུ་འཇམ་དཔལ་ཁྲག་འཐུང་བཤེས་གཉེན་རྩལ༔ གཤིན་རྗེའི་གསང་གོས་མཐིང་ནག་བརྗིད་པར་བཀླུབས༔ ཕྱག་གཉིས་རྡོ་རྗེའི་བེ་ཅོན་སྡིགས་མཛུབ་སྒྲེང༔ ནུབ་ཏུ་རྟ་མཆོག་རོལ་པ་ནཱ་གཱརྫུ༔ དབང་གི་གསང་གོས་དམར་པོ་ལྷབ་ལྷུབ་གཡོ༔ ཕྱག་གཉིས་འཁར་གསིལ་བདུད་རྩིའི་པར་བུ་བསྣམས༔ བྱང་དུ་རྡོ་རྗེ་གཞོན་ནུ་པྲ་བྷ་ཧ༔ ཕུར་པའི་གསང་གོས་མརྒད་མདངས་འོད་འཚེར༔ ཕྱག་གཉིས་རྒྱ་གྲམ་འཛིན་ཅིང་ཕུར་པ་འདྲིལ༔ ཤར་ལྷོར་མངོན་རྫོགས་དྷ་ན་སཾསྐྲྀཏ༔ སྲིད་པ་མ་མོའི་གསང་གོས་སྨུག་ནག་བརྗིད༔ ཕྱག་གཉིས་གསང་བའི་རྔེའུ་ཆུང་ཐོད་ཁྲག་བསྣམས༔ ལྷོ་ནུབ་དཔལ་ཆེན་ཆེ་མཆོག་བི་མ་ལ༔ བདུད་རྩིའི་གསང་གོས་ལྗང་སེར་འཇམ་མཉེན་འཁྲིལ༔ ཕྱག་གཉིས་མཉམ་གཞག་ཐོད་པ་བཅུད་བཀང་བསྣམས༔ ནུབ་བྱང་གསང་བདག་གུ་ཧྱ་ཙནྡྲ་ནི༔ འཇིག་རྟེན་ཟིལ་གནོན་གསང་གོས་མཐིང་ནག་འབར༔ ཕྱག་གཉིས་ལྕགས་ཀྱུ་གདེངས་ཤིང་ཞགས་པ་འཕེན༔ བྱང་ཤར་སྟོབས་ལྡན་ཤཱནྟིཾ་གརྦྷ་ཆེ༔ མངོན་སྤྱོད་དམོད་པའི་གསང་གོས་སྨུག་ནག་བརྗིད༔ ཕྱག་གཉིས་གནམ་ལྕགས་འབེབ་ཅིང་གྲི་གུག་གདེངས༔ ཀུན་ཀྱང་དཀར་དམར་མདངས་ལྡན་གཟི་བརྗིད་འབར༔ པདྨའི་ཞྭ་མནབས་དར་གྱི་ཆོས་གོས་གསོལ༔ ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་འགྱུར་ཅན༔ ཞབས་གཉིས་འདོར་ཐབས་སྤྲུལ་པ་ཅིར་ཡང་སྤྲོ༔ རིག་འཛིན་རྩལ་འཆང་བྱེ་བ་འབུམ་སྡེའི་དབུས༔ ངོ་བོ་ལྷ་ལ་རྣམ་པ་སློབ་དཔོན་ཚུལ༔ མདངས་གསལ་མ་འགག་འོད་སྐུར་ལམ་མེར་བཞུགས༔ ཧཱུྃ༔ དེ་ཡི་ཕྱི་རིམ་ཁོར་ཡུག་མུ་ཁྱུད་དུ༔ སྣ་ཚོགས་པདྨ་མདངས་ལྡན་འོད་ལྔའི་ཀློང༔ རིགས་འདུས་བཀའ་བབས་མངའ་བདག་ཆོས་ཀྱི་རྒྱལ༔ ཏིང་འཛིན་གཡོ་མེད་མཉམ་གཞག་འཁོར་ལོ་བསྣམས༔ ཡང་དག་བཀའ་བབས་གནུབས་ཆེན་ནམ་མཁའི་སྙིང༔ ཉི་ཟེར་ལ་འཆིབ་རྣམ་འཕྲུལ་ཅིར་ཡང་སྟོན༔ གཤིན་རྗེའི་བཀའ་བབས་སངས་རྒྱས་ཡེ་ཤེས་ཆེ༔ ཉི་ཟླ་གདན་བཏིང་དྲག་སྔགས་ཕུར་བུ་གདེངས༔ རྟ་མགྲིན་བཀའ་བབས་རྒྱལ་བ་མཆོག་དབྱངས་ནི༔ སྤྱི་གཙུག་རྟ་ཞལ་གྲགས་སྟོང་དབྱངས་སུ་འཚེར༔ བདུད་རྩིའི་བཀའ་བབས་ཛྙཱ་ན་ཀུ་མཱ་ར༔ སྲ་མཁྲེགས་བྲག་ལས་བྱང་སེམས་ཆུ་རྒྱུན་འབེབ༔ ཕུར་པའི་བཀའ་བབས་རྡོ་རྗེ་བདུད་འཇོམས་རྩལ༔ རླུང་སེམས་དབང་སྡུད་བྲག་རིར་ཐོགས་མེད་འཕྱོ༔ མ་མོའི་བཀའ་བབས་འབྲོག་མི་དཔལ་ཡེ་ཤེས༔ སྲིད་པའི་མ་མོ་ལས་ལ་བཀོལ་ཞིང་འགྱེད༔ དྲེགས་པའི་བཀའ་བབས་རླངས་ཆེན་ཤྲཱི་སི་ཧ༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ་ཞིང་འདུ༔ དྲག་སྔགས་བཀའ་བབས་པ་གོར་བཻ་རོ་ཆེ༔ ཡེ་ཤེས་སྤྱན་ལྡན་ཀུན་མཁྱེན་དགོངས་པ་བརྙེས༔ རྟོགས་པའི་བཀའ་བབས་རྒྱལ་མོ་གཡུ་སྒྲ་སྙིང༔ མཉམ་གཞག་མི་གཡོ་འོད་གསལ་ངང་དུ་བཞུགས༔ གྲུབ་པའི་བཀའ་བབས་ཨ་ཙར་ཡེ་ཤེས་དབྱངས༔ མཁའ་སྤྱོད་གནས་སུ་རྡོ་རྗེའི་གར་གྱིས་རོལ༔ ཁྲག་འཐུང་བཀའ་བབས་སོག་པོ་ཛྙཱ་ན་ཤྲཱི༔ བརྟུལ་ཞུགས་གཅན་གཟན་གདུག་པའི་གཉའ་ནས་འཛིན༔ སྤྱོད་པའི་བཀའ་བབས་སྣ་ནམ་ཡེ་ཤེས་སྡེ༔ རྫུ་འཕྲུལ་ནམ་མཁའི་ཀློང་ན་བྱ་ལྟར་གཤེགས༔ བསད་གསོའི་བཀའ་བབས་མཁར་ཆེན་དཔལ་གྱི་དབང༔ ཕུར་པ་གདེངས་པས་ཚར་གཅོད་རྗེས་སུ་འཛིན༔ མཁྱེན་རབ་བཀའ་བབས་ལྡན་མ་རྩེ་མང་ཞབས༔ མི་བརྗེད་གཟུངས་ཐོབ་ཆོས་སྒོ་མཐའ་ཡས་སྤྲོ༔ ཡེ་ཤེས་བཀའ་བབས་ལོ་ཆེན་དཔལ་བརྩེགས་ཞབས༔ གཞན་སེམས་ཀུན་མཁྱེན་སྡེ་སྣོད་རྒྱ་མཚོ་འཛིན༔ ཟབ་མོའི་བཀའ་བབས་ཤུད་པུ་དཔལ་གྱི་སེང༔ ཐིག་ལེ་འཛག་མེད་ཆུ་བོ་གྱེན་དུ་ཟློག༔ ཞི་ཁྲོའི་བཀའ་བབས་རྒྱལ་བའི་བློ་གྲོས་ཆེ༔ རོ་ལངས་གསེར་སྒྱུར་ངན་སོང་དོང་ནས་སྤྲུགས༔ བླ་མའི་བཀའ་བབས་ཁྱེའུ་ཆུང་ལོ་ཙཱ་བ༔ རང་སྣང་དབང་འདུས་ནམ་མཁའི་བྱ་རྣམས་འཛིན༔ རྟོགས་པའི་བཀའ་བབས་དྲན་པ་ནམ་མཁའ་ཆེ༔ ཡེ་ཤེས་མངོན་གྱུར་སེམས་ཅན་གདུག་པ་འགུགས༔ དྲག་པོའི་བཀའ་བབས་འོ་བྲན་དཔལ་གྱི་དབང༔ བྱིན་རླབས་ནུས་ལྡན་ཆུ་ལ་ཉ་ལྟར་འཕྱོ༔ རྒྱུད་ལུང་བཀའ་བབས་རྨ་ཐོག་རིན་པོ་ཆེ༔ སྣང་སེམས་རོ་གཅིག་ཕ་ཝཾ་ཟན་དུ་གསོལ༔ མངོན་སྤྱོད་བཀའ་བབས་དཔལ་གྱི་རྡོ་རྗེའི་ཞབས༔ ཡེ་ཤེས་གཟི་ལྡན་བྲག་རིར་ཐོགས་མེད་བགྲོད༔ དམོད་པའི་བཀའ་བབས་ལང་གྲོ་དཀོན་མཆོག་འབྱུང༔ ཏིང་འཛིན་རྩལ་ལྡན་གནམ་ལྕགས་ཐོག་ལྟར་འཕེན༔ དགོངས་པའི་བཀའ་བབས་རྒྱལ་བ་བྱང་ཆུབ་ཆེ༔ རིག་པའི་དབང་ཐོབ་ནམ་མཁར་སྐྱིལ་ཀྲུང་བཞུགས༔ ཀུན་ཀྱང་གྲུབ་པ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ རྣམ་འགྱུར་མ་ངེས་སྒྱུ་འཕྲུལ་རྡོ་རྗེའི་ཚུལ༔ དུས་གསུམ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས༔ སྤྲོ་ཞིང་སྡུད་པའི་བདག་ཉིད་ཆེན་པོར་གསལ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་རུ༔ པད་ཉི་བདུད་བཞི་ཕོ་མོ་བསྣོལ་བའི་སྟེང༔ ཤར་དུ་རྡོ་རྗེ་དཔའ་བོ་སྐུ་མདོག་དཀར༔ ཞི་བའི་ཉམས་ལྡན་རྡོ་རྗེ་ཐོད་ཁྲག་བསྣམས༔ ལྕགས་ཀྱུ་ཐོད་འཛིན་རྡོ་རྗེའི་ཡུམ་དང་འཁྲིལ༔ ལྷོ་རུ་རིན་ཆེན་དཔའ་བོ་གསེར་གྱི་མདོག༔ སྒེག་པའི་ཉམས་ལྡན་རིན་ཆེན་ཐོད་ཁྲག་བསྣམས༔ ཞགས་པ་ཐོད་འཛིན་རིན་ཆེན་ཡུམ་དང་འཁྲིལ༔ ནུབ་ཏུ་པདྨ་དཔའ་བོ་སྐུ་མདོག་དམར༔ ཆགས་པའི་ཉམས་ལྡན་པདྨ་ཐོད་ཁྲག་བསྣམས༔ ལྕགས་སྒྲོག་ཐོད་འཛིན་པདྨའི་ཡུམ་དང་འཁྲིལ༔ བྱང་དུ་ཀརྨ་དཔའ་བོ་མ་རྒད་མདངས༔ དྲག་པོའི་ཉམས་ལྡན་རལ་གྲི་ཐོད་ཁྲག་འཛིན༔ དྲིལ་བུ་ཐོད་འཛིན་ལས་ཀྱི་ཡུམ་དང་འཁྲིལ༔ ཀུན་ཀྱང་དར་དང་རིན་ཆེན་རུས་པས་བརྒྱན༔ ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་འཕྱང༔ སྟག་ཤམ་གསོལ་ཞིང་ཞབས་གཉིས་དོར་སྟབས་ཀྱིས༔ ཡེ་ཤེས་མེ་འོད་འབར་ཞིང་འཁྲུགས་པའི་ཀློང༔ ལས་བཞི་ལྷུན་གྱིས་གྲུབ་པའི་ཚུལ་དུ་གསལ༔ ཧཱུྃ༔ གཞན་ཡང་སྟེང་འོག་བར་མཚམས་ཐམས་ཅད་དུ༔ རླུང་སེམས་དབང་ཐོབ་རྣམ་པར་སྨིན་པ་དང༔ ཡེ་ཤེས་མངོན་གྱུར་འཆི་མེད་ཚེའི་རིག་འཛིན༔ རྡོ་རྗེའི་གདུང་འཚོབ་ཟུང་འཇུག་ཕྱག་རྒྱ་ཆེ༔ ས་བཅུ་རྒྱུན་མཐའི་སེམས་དཔའ་ལྷུན་གྱིས་གྲུབ༔ དམ་ཚིག་དབང་གི་བདུད་རྩིའི་ཆུ་རྒྱུན་འབེབ༔ ཤེས་རབ་རྒྱུད་འགྲོལ་བཤད་པའི་མཛོད་སྒོ་དབྱེ༔ མན་ངག་ལུང་བརྙེས་རྟོགས་པའི་རྩལ་ཆེན་རྫོགས༔ ཉམས་ཆག་སྐོང་བས་དབུགས་ཆེན་འབྱིན་པ་ཡི༔ རིག་འཛིན་སློབ་དཔོན་དུས་གསུམ་འབྱོན་པ་དང༔ སངས་རྒྱས་བྱང་སེམས་ཡི་དམ་དཀྱིལ་འཁོར་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་ནོར་ལྷའི་ཚོགས༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཀློང༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་དམ་ཚིག་གསལ་བཏབ་ནས༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བྱ༔ ཨོཾ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ སྤྱི་བོར་ཟླ་སྟེང་ཨོཾ་ཡིག་དཀར་པོར་གསལ༔ སྣང་སྟོང་ཟུང་འཇུག་ཕྱག་རྒྱའི་དམ་ཚིག་གིས༔ མི་ཕྱེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་བརླབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང༔ མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་གསལ༔ གྲགས་སྟོང་ཟུང་འཇུག་སྔགས་ཀྱི་དམ་ཚིག་གིས༔ མི་ཕྱེད་རྡོ་རྗེའི་གསུང་དུ་བྱིན་གྱིས་བརླབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་གསལ༔ རིག་སྟོང་ཟུང་འཇུག་ཡེ་ཤེས་དམ་ཚིག་གིས༔ མི་ཕྱེད་རྡོ་རྗེའི་ཐུགས་སུ་བྱིན་གྱིས་བརླབ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཡེ་ཤེས་རིགས་ལྔའི་དབང་མཆོག་བསྐུར༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་སྙོམས་ཞུགས་འོད་ཟེར་དང༔ བདེ་བའི་སྒྲ་ཡིས་ཕྱོགས་བཅུའི་རྒྱལ་བ་ཀུན༔ རྡོ་རྗེ་ནམ་མཁའི་དབྱིངས་སུ་སྤྱན་དྲངས་ཏེ༔ དགྱེས་པ་ཆེན་པོའི་རོལ་པས་བཞུགས་པར་གྱུར༔ ཨོཾ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་བྱུང་དབང་ཆེན་པོས༔ ཕུང་ཁམས་སྐྱེ་མཆེད་ལྷ་སྔགས་ཡེ་ཤེས་དབྱིག༔ རིགས་མཆོག་རྣམ་ལྔའི་ངོ་བོར་དབང་སྐུར་གསོལ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཀུ་རུ་ཧོ༔ ཧཱུྃ༔ རྣམ་ཤེས་གནས་འགྱུར་ཞེ་སྡང་དག་པའི་དབྱིངས༔ ཆོས་དབྱིངས་ཡེ་ཤེས་ཆེན་པོར་ལྷུན་གྲུབ་པ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེས༔ འགྱུར་མེད་རྡོ་རྗེའི་རིགས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ གཟུགས་ཕུང་གནས་འགྱུར་གཏི་མུག་དག་པའི་དབྱིངས༔ མེ་ལོང་ཡེ་ཤེས་ཆེན་པོར་ལྷུན་གྲུབ་པ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེས༔ འཕོ་མེད་བདེ་གཤེགས་རིགས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཏྲཱཾ༔ ཚོར་བ་གནས་འགྱུར་ང་རྒྱལ་དག་པའི་དབྱིངས༔ མཉམ་ཉིད་ཡེ་ཤེས་ཆེན་པོར་ལྷུན་གྲུབ་པ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཡོན་ཏན་གྱིས༔ རྩོལ་མེད་རིན་ཆེན་རིགས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་སཱ་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧྲཱི༔ འདུ་ཤེས་གནས་འགྱུར་འདོད་ཆགས་དག་པའི་དབྱིངས༔ སོར་རྟོག་ཡེ་ཤེས་ཆེན་པོར་ལྷུན་གྲུབ་པ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་གསུང་རྡོ་རྗེས༔ ཆགས་མེད་པདྨའི་རིགས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ འདུ་བྱེད་གནས་འགྱུར་ཕྲག་དོག་དག་པའི་དབྱིངས༔ བྱ་གྲུབ་ཡེ་ཤེས་ཆེན་པོར་ལྷུན་གྲུབ་པ༔ དཔལ་ལྡན་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱིས༔ ཐོགས་མེད་ལས་ཀྱི་རིགས་སུ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛཱ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཧྲཱི༔ བདེ་ཆེན་ཐིག་ལེ་བྱང་ཆུབ་སེམས་ཀྱི་སྤྲིན༔ ཡེ་ཤེས་བདུད་རྩིའི་དབང་སྐུར་ཆུ་རྒྱུན་གྱིས༔ ལྷ་ཚོགས་སྤྱི་བོ་ནས་ཞུགས་ལུས་ཀུན་གང༔ ཕུང་པོ་གནས་འགྱུར་ཉོན་མོངས་རྣམ་པར་དག༔ བདེ་བའི་རླབས་གཡོས་དབང་བཞིའི་ནུས་པ་སྨིན༔ ལྷག་མ་ཚངས་པའི་གནས་སུ་བརྟན་པ་ལས༔ ཞི་ཁྲོ་རིགས་ལྔ་རིགས་ཀྱི་ཡུམ་དང་བཅས༔ ཁ་སྦྱོར་བདེ་བའི་རོལ་པས་ལྷམ་མེར་བཞུགས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨཱཏྨ་ཀོ྅་ཧཾ༔ གཉིས་པ་ཡེ་ཤེས་དགུག་ཅིང་བསྟིམ༔ བརྟན་པར་བཞུགས་སུ་གསོལ་བ་ལ༔ དབྱིངས་ནས་ཡེ་ཤེས་སྙན་གསན་དབབ༔ ཧཱུྃ༔ སྟོང་པ་ཤིན་ཏུ་རྣལ་འབྱོར་འོད་གསལ་དབྱིངས༔ གཟུང་འཛིན་སྤྲོས་པའི་མཚན་མ་ལས་འདས་ཀྱང༔ ཡེ་ཤེས་སྙིང་རྗེ་སྒྱུ་མའི་རོལ་པ་ནི༔ རྩ་གསུམ་ལྷ་ཚོགས་བདེ་ཆེན་སྐུར་བཞེངས་ཤིག༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛ༔ དེ་ནས་སྤྱན་འདྲེན་སྤོས་རོལ་དང༔ གདུང་བའི་དབྱངས་ཀྱི་བརྡས་བསྐུལ་ཏེ༔ ཧཱུྃ་ཧྲཱི༔ བཞེངས་ཤིག་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས༔ དགོངས་ཤིག་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ གཤེགས་ཤིག་གནས་གསུམ་མཁའ་འགྲོ་ཆོས་སྲུང་ཚོགས༔ ཐུགས་རྗེ་ཆེན་པོའི་གཟི་བྱིན་བསྐྱེད་དུ་གསོལ༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་ཁྱབ་བརྡལ་ཞིང་ཁམས་ནས༔ ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་སོགས༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཚོགས་རྣམས་བཞེངས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ལྷ་ཀླུ་མི་ཡི་ཞིང་ཁམས་རྒྱ་མཚོ་ནས༔ རིགས་གསུམ་རིགས་ཅན་ཚོམ་བུ་འབུམ་སྡེ་སོགས༔ བདེ་ཆེན་བརྡ་བརྒྱུད་བླ་མའི་ཚོགས་རྣམས་བཞེངས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་གླིང༔ རྡོ་རྗེ་སེམས་དཔའི་ཤེལ་གྱི་ཁང་བུ་ནས༔ ཡི་དམ་ལྷ་ཡི་དབང་ཐོབ་དགའ་རབ་རྗེ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ཟ་ཧོར་རྒྱལ་པོའི་ཁབ༔ གསང་སྔགས་འབྱུང་གནས་ཆོས་ཀྱི་ཕོ་བྲང་ནས༔ གླེགས་བམ་དབང་ཐོབ་སྐལ་ལྡན་རྒྱལ་པོ་ཛ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་རང་བྱུང་རྡོ་རྗེའི་གདན༔ ཕོ་བྲང་ཐེག་པ་དགུ་རིམ་གཞལ་ཡས་ནས༔ རིག་པ་རྩལ་གྱི་དབང་ཐོབ་ཤྲཱི་སིཾ་ཧ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་རབ་སྣང་ཁ་ཆེའི་ཡུལ༔ སྡེ་སྣོད་རྒྱུད་སྡེའི་འབྱུང་གནས་ཆེན་པོ་ནས༔ དགེ་བའི་བཤེས་ཀྱི་དབང་ཐོབ་སངས་རྒྱས་གསང༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་ནས༔ བདེ་གཤེགས་ཀུན་འདུས་རིག་འཛིན་པདྨ་འབྱུང༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ངོ་མཚར་རྒྱ་གར་ཡུལ༔ རང་བྱུང་བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡང་དག་གྲུབ་པའི་སློབ་དཔོན་ཧཱུྃ་ཀཱ་ར༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ཁྱད་འཕགས་སིང་ངའི་ཡུལ༔ དྲག་ཤུལ་སྐུ་ལ་རྫོགས་པའི་དུར་ཁྲོད་དུ༔ འཇམ་དཔལ་གྲུབ་པའི་སློབ་དཔོན་མཉྫུ་ཤྲཱི༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་རང་བྱུང་བལ་པོའི་ཡུལ༔ རབ་འཇིགས་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ༔ རྟ་མཆོག་སྤྲུལ་པའི་སློབ་དཔོན་ནཱ་གཱརྫུ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ཡིད་འཕྲོག་ཟ་ཧོར་ཡུལ༔ གཏུམ་ཆེན་ལངྐ་བརྩེགས་པའི་དུར་ཁྲོད་དུ༔ ཕུར་པ་གྲུབ་པའི་སློབ་དཔོན་པྲ་ཧསྟི༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་འདོད་འབྱུང་ས་ལའི་ཡུལ༔ བརྟུལ་ཞུགས་གསང་ཆེན་རོལ་པའི་དུར་ཁྲོད་དུ༔ མ་མོ་གྲུབ་པ་དྷ་ན་སཾསྐྲྀཏ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་ཡུལ༔ འཆི་མེད་པདྨ་བརྩེགས་པའི་དུར་ཁྲོད་དུ༔ བདུད་རྩི་གྲུབ་པའི་སློབ་དཔོན་བི་མ་ལ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་འདོད་འབྱུང་ཁ་ཆེའི་ཡུལ༔ རྔམ་བཞད་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ དྲེགས་པ་གྲུབ་པའི་སློབ་དཔོན་གུ་ཧྱ་པ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་བྱིན་ཆེན་ལི་ཡི་ཡུལ༔ རྩུབ་འགྱུར་ལོ་ཀ་བརྩེགས་པའི་དུར་ཁྲོད་དུ༔ དྲག་སྔགས་གྲུབ་པའི་སློབ་དཔོན་ཤཱནྟིཾ་གར༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་རྒྱ་བོད་གྲུབ་པའི་ཞིང༔ ཧེ་རུ་ཀ་ཡི་གནས་ཡུལ་དུར་ཁྲོད་དུ༔ དངོས་གྲུབ་མཆོག་བརྙེས་བརྡ་བརྒྱུད་རིག་འཛིན་ཚོགས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་རི་བོ་ཏ་ལའི་ཞིང༔ བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀ་རུ༔ འཆི་མེད་གྲུབ་པའི་རྒྱལ་མོ་མནྡཱ་ར༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་བོད་ཁམས་དབུ་རུའི་སྟོད༔ ཏི་སྒྲོ་བྲག་དཀར་མཁའ་འགྲོའི་ཚོགས་ཁང་དུ༔ བདེ་ཆེན་གྲུབ་པའི་དབང་མོ་མཚོ་རྒྱལ་ཡུམ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་དཔལ་གྱི་ཆོས་འཁོར་ཆེ༔ བསམ་ཡས་བར་ཁང་གཡུ་ཞལ་འབར་བ་རུ༔ བདེ་གཤེགས་ཡོངས་འདུས་བཀའ་བབས་ཆོས་ཀྱི་རྒྱལ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ལྷོ་བྲག་གཉན་གྱི་གནས༔ མཁར་ཆུ་གསང་བ་ཕུག་རིང་གཞལ་མེད་དུ༔ ཡང་དག་བཀའ་བབས་རྡོ་རྗེ་ནམ་མཁའི་སྙིང༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ངམ་ཤོད་སྦྲགས་ཀྱི་ལུང༔ ཡང་རྫོང་དྲག་སྔགས་ཤེལ་གྱི་ཕུག་པ་རུ༔ གཤིན་རྗེའི་བཀའ་བབས་སངས་རྒྱས་ཡེ་ཤེས་ཞབས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་མཆིམས་ཕུ་ནགས་ཀྱི་ཁྲོད༔ དབང་ཆེན་དགྱེས་པ་དབེན་རྩའི་ཕུག་པ་རུ༔ རྟ་མགྲིན་བཀའ་བབས་རྒྱལ་བ་མཆོག་དབྱངས་རྩལ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་བཀྲ་ཤིས་ཡར་མོའི་ལྗོངས༔ ཁྲག་འཐུང་ཕོ་བྲང་ཤེལ་གྱི་ཕུག་པ་རུ༔ བདུད་རྩིའི་བཀའ་བབས་ཛྙཱ་ན་ཀུ་མཱ་ར༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་གཙང་རོང་བདེ་བའི་ཚལ༔ རྫུ་འཕྲུལ་ཚོགས་ཁང་བྲག་དམར་ཀེའུ་ཚང་དུ༔ ཕུར་པའི་བཀའ་བབས་སྣ་ནམ་བདུད་འཇོམས་རྩལ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ཡར་མོ་སྟོད་ཀྱི་ཆ༔ ཤམ་པོ་དཔལ་བརྩེགས་གངས་ཀྱི་ར་བ་རུ༔ མ་མོའི་བཀའ་བབས་དཔལ་གྱི་ཡེ་ཤེས་རྩལ༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་ལྷོ་མོན་སྤ་གྲོའི་ནགས༔ ལྷ་སྲིན་འདུ་གནས་སྟག་ཚང་སེང་ཕུག་ཏུ༔ དྲེགས་པའི་བཀའ་བབས་རླངས་ཆེན་དཔལ་གྱི་སེང༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་བྲག་དམར་དཔལ་གྱི་སྟོད༔ རང་བྱུང་གཡའ་མ་ལུང་གི་ཕུག་པ་རུ༔ དྲག་སྔགས་བཀའ་བབས་བཻ་རོ་ཙ་ནའི་ཞབས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཡུལ་གྱི་མིང་ནི་བོད་ཁམས་གླིང་དགུའི་ལྗོངས༔ གུ་རུས་བྱིན་བརླབས་གནས་མཆོག་ཐམས་ཅད་ནས༔ ཟབ་དོན་བཀའ་བབས་རྗེ་འབངས་འདུས་པའི་ཚོགས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ གཞན་ཡང་དཔའ་བོ་མཁའ་འགྲོའི་འདུ་གནས་དང༔ རི་བྲག་ལྗོངས་གསུམ་ཆོས་འཁོར་རབ་འབྱམས་ནས༔ དུས་གསུམ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཧཱུྃ་ཧྲཱི༔ གསང་མཆོག་རྡོ་རྗེ་ཐེག་པའི་ཕོ་བྲང་ནས༔ རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་ཀྱི༔ རིག་འཛིན་སྐུ་བརྙེས་རྒྱལ་བའི་གདུང་འཚོབ་ཀུན༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ མཐའ་ཡས་གདུལ་བྱ་འདྲེན་པའི་གནས་མཆོག་ནས༔ དབང་བསྐུར་རྒྱུད་བཤད་ཟབ་མོའི་མན་ངག་སྟོན༔ ཉམས་ཆག་སྐོང་མཛད་གྲུབ་པའི་སློབ་དཔོན་རྣམས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ སྐུ་གསུམ་དག་པའི་ཞིང་ཁམས་རྒྱ་མཚོ་ནས༔ དངོས་གྲུབ་ཆར་འབེབ་ཡི་དམ་ཞི་ཁྲོའི་ལྷ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རྣམས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ གདོད་ནས་གྲུབ་པའི་གནས་ཡུལ་དུར་ཁྲོད་ནས༔ ཕྲིན་ལས་མཆོག་སྩོལ་དཔའ་བོ་ཌཱ་ཀི་ནཱི༔ དམ་ཅན་ཆོས་སྲུང་གཏེར་བདག་ཚོགས་རྣམས་ཀུན༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཚད་མེད་བཞི་ལྡན་དཀྱིལ་འཁོར་སྒོ་སྐྱོང་བ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཔའ་བོ་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས༔ བྱིན་རླབས་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས༔ ཧཱུྃ་ཧྲཱི༔ རྗེ་བཙུན་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེའི་སྐུ་ཡིས་བརྟན་གཡོ་ཀུན་ལ་ཁྱབ༔ རྩ་གསུམ་རྒྱ་མཚོ་བ་སྤུའི་ཁུང་བུར་རྫོགས༔ ཐུགས་རྗེ་རྫུ་འཕྲུལ་ཕྲིན་ལས་བསམ་མི་ཁྱབ༔ ཁྱད་པར་བོད་ཁམས་གདུལ་བྱའི་མགོན་གཅིག་པུ༔ མོས་ཤིང་གདུང་བས་རྩེ་གཅིག་ཐུགས་དམ་བསྐུལ༔ དམ་ཚིག་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ བརྡ་དང་རོལ་མོའི་སྒྲ་ཡིས་རྒྱུད་བསྐུལ་ན༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ཤིག༔ བརྒྱུད་གསུམ་རིག་འཛིན་བླ་མའི་སྤྲིན་ཕུང་འཕྲོ༔ དགོངས་པས་བྱིན་རླབས་ཡེ་ཤེས་ལམས་སེ་ལམ༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ཚོམ་བུར་བརྡལ༔ དངོས་གྲུབ་མཆོག་སྩོལ་ཛཔ྄་དབྱངས་དི་རི་རི༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་གཟི་བྱིན་འབར༔ ཕྲིན་ལས་ཐོགས་མེད་གར་ཐབས་ཁྱུགས་སེ་ཁྱུག༔ ཡེ་ཤེས་ལས་དང་ཆོས་སྲུང་རྒྱ་མཚོའི་ཚོགས༔ ཚར་གཅོད་རྗེས་འཛིན་རྣམ་རོལ་ཤ་ར་ར༔ རྩ་གསུམ་དམ་ཅན་སྲུང་མ་ཐམས་ཅད་ཀུན༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་གནས་མཆོག་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་རྫས་དམ་ཚིག་བདུད་རྩིར་བྱིན་གྱིས་རློབས༔ སྒྲུབ་མཆོག་ལུས་ངག་ཡིད་ལ་དབང་བཞི་སྐུར༔ གྲུབ་པའི་རྟགས་དང་མཚན་མ་མྱུར་དུ་ཕྱུངས༔ རབ་འབྱམས་ཐེག་པའི་བཀའ་ཡི་སྒོ་དབྱེ་འཚལ༔ ཟབ་དོན་གཏེར་གྱི་དངོས་གྲུབ་མ་ལུས་སྩོལ༔ མན་ངག་སྙིང་པོའི་ཉམས་རྟོགས་རྒྱུད་ལ་སྐྱེད༔ ཐུན་མོང་ཕྲིན་ལས་ཐོགས་མེད་འདོད་རྒུར་སྒྱུར༔ ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་གྱིས་རློབས༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ རྩེ་གཅིག་གདུང་བས་རྒྱུད་བསྐུལ་ན༔ རྩ་གསུམ་ལྷ་ཚོགས་ངེས་པར་བྱོན༔ དེ་རྟགས་ལུས་བདེ་བ་སྤུ་གཟིངས༔ ཏིང་འཛིན་དགོངས་བརྒྱུད་ཉམས་མྱོང་འཆར༔ སྤྱན་དྲངས་ཡེ་ཤེས་དམ་ཚིག་པར༔ ཕྱག་རྒྱ་རྣམ་བཞིས་འགུགས་གཞུག་བརྟན༔ ཨོཾ༔ སྙིང་རྗེའི་ལྕགས་ཀྱུས་ཐུགས་དམ་དབྱིངས་ནས་བསྐུལ༔ བྱམས་པའི་ཞགས་པས་དམ་ཚིག་རྟེན་དང་བསྲེ༔ དགའ་བའི་སྒྲོག་གིས་རྡོ་རྗེ་གསུམ་དུ་བཅིངས༔ བཏང་སྙོམས་དྲིལ་བུས་འབྲལ་མེད་དགྱེས་པ་བསྐྱེད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་ཛཿཧཱུྃ་བཾ་ཧོ༔ ཛྙཱ་ན་ས་མ་ཡསྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གཉིས་མེད་དགྱེས་པར་བཞུགས་སུ་གསོལ༔ ཧཱུྃ་ཧྲཱི༔ དམ་ཚིག་དཀྱིལ་འཁོར་རང་སྣང་ཕྱག་རྒྱའི་དབྱིངས༔ ཡེ་ཤེས་སྒྱུ་མའི་ལྷ་ཚོགས་དབྱེར་མེད་པར༔ དགྱེས་པ་ཆེན་པོས་དགོངས་ཤིང་བཞུགས་ནས་ཀྱང༔ མཆོད་བཞེས་དམ་སྐོངས་བྱིན་རློབས་དངོས་གྲུབ་སྩོལ༔ སརྦ་ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་མཆོད་པའི་ལས་རིམ་ལ༔ ཐོག་མར་ཕྱག་གིས་འདུད་པ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ བརྒྱུད་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་ལོ༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡི་དམ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཡིད་བཞིན་ལས་དང་དངོས་གྲུབ་ཆར་ཆེན་འབེབ༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ རང་སྣང་དག་པ་རིག་པའི་ལྷ་ཚོགས་ལ༔ གདོད་ནས་འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ ཀུན་བཟང་ཕྱི་ནང་གསང་བ་དང༔ དེ་ཉིད་རྨད་བྱུང་མཆོད་སྤྲིན་འབུལ༔ ཨོཾ༔ ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཆེན་པོ༔ ཀུན་འབྱུང་མི་ཟད་འདོད་རྒུའི་འབྱུང་གནས་ཆེ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་མཉེས་གྱུར་ཅིག༔ ཨོཾ་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ཨོཾ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་བདུད་རྩིའི་མཆོད་ཡོན་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་དག་བྱེད་ཞབས་བསིལ་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་མཚར་སྡུག་མེ་ཏོག་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་དྲི་ཞིམ་བདུག་སྤོས་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་སྣང་གསལ་མར་མེའི་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་བསིལ་ལྡན་དྲི་ཆབ་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་བཅུད་ལྡན་ཞལ་ཟས་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ནཻ་བིདྱ་པྲ་ཏཱིཙྪ་སྭཱ་ཧཱ༔ ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་རྒྱ་མཚོ་ན༔ དངོས་འབྱོར་ཡིད་སྤྲུལ་སྙན་འགྱུར་རོལ་མོའི་ཚོགས༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དབང་བཞིའི་ཆུ་བོས་སྨིན་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ༔ སྲིད་དང་ཞི་བའི་ཞིང་ཁམས་རབ་འབྱམས་ཀྱི༔ སྣང་སྟོང་རྡོ་རྗེ་གཟུགས་ཀྱི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་རཱུ་པ་པྲ་ཏཱིཙྪ་ཨོཾ༔ ཨཱ༔ སྲིད་དང་ཞི་བའི་ཞིང་ཁམས་རབ་འབྱམས་ཀྱི༔ གྲགས་སྟོང་རྡོ་རྗེ་སྒྲ་ཡི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཤབྡ་པྲ་ཏཱིཙྪ་ཨཱ༔ ཧཱུྃ༔ སྲིད་དང་ཞི་བའི་ཞིང་ཁམས་རབ་འབྱམས་ཀྱི༔ ཚོར་སྟོང་རྡོ་རྗེ་དྲི་ཡི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་པྲ་ཏཱིཙྪ་ཧཱུྃ༔ ཏྲཱཾ༔ སྲིད་དང་ཞི་བའི་ཞིང་ཁམས་རབ་འབྱམས་ཀྱི༔ མྱང་སྟོང་རྡོ་རྗེ་རོ་ཡི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ར་ས་པྲ་ཏཱིཙྪ་ཏྲཱཾ༔ ཧཱ༔ སྲིད་དང་ཞི་བའི་ཞིང་ཁམས་རབ་འབྱམས་ཀྱི༔ གསལ་སྟོང་རྡོ་རྗེ་རེག་བྱའི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་སྤརྴེ་པྲ་ཏཱིཙྪ་ཧཱ༔ ཧོ༔ སྲིད་དང་ཞི་བའི་ཞིང་ཁམས་རབ་འབྱམས་ཀྱི༔ བདེ་སྟོང་རྡོ་རྗེ་ཆོས་ཀྱི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷརྨ་དྷཱ་ཏུ་པྲ་ཏཱིཙྪ་ཧོ༔ ཧྲཱི༔ གསལ་བརྟན་ཏིང་འཛིན་རོལ་པ་ལས་བྱུང་བའི༔ པདྨ་ཅན་སོགས་ལང་ཚོའི་འཇོ་སྒེག་ཅན༔ གླུ་གར་རོལ་མོ་འདོད་པའི་སྒྱུ་རྩལ་གྱིས༔ མཐོང་ཐོས་དྲན་པས་བདེ་ཆེན་སྐྱེད་ནུས་པའི༔ རྡོ་རྗེའི་རིག་མ་ནམ་མཁའི་ཁམས་གང་བ༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ གཉིས་སུ་མེད་པའི་ཚུལ་གྱིས་བཞེས་ནས་ཀྱང༔ དགའ་བཞིའི་ལྷན་སྐྱེས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཧཱ་སུ་ཁ་ཀརྨ་མུ་དྲ་པཱུ་ཛ་ཧོ༔ ཧཱུྃ༔ ཨེ་དབྱིངས་རྡོ་རྗེ་སྲིན་པོའི་བྲུབ་ཁུང་དུ༔ ཁམས་གསུམ་གཟུང་འཛིན་རུ་དྲ་མ་ལུས་བཀུག༔ ཝྃ་ཡིག་བདེ་ཆེན་རྡོ་རྗེས་བསྒྲལ་ནས་ཀྱང༔ རྣམ་ཤེས་འོད་གསལ་ཐིག་ལེའི་དབྱིངས་སུ་ཐིམ༔ ཤ་ཁྲག་ཟག་མེད་ཚོགས་ཀྱི་མཆོད་པའི་སྤྲིན༔ ཧེ་རུ་ཀ་དཔལ་དགྱེས་པའི་ལོངས་སྤྱོད་མཆོག༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འོད་གསལ་སྙིང་པོའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ཏྲཾ་རུ་དྲ་མཱ་ར་ཡ་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧེ་ཧེ་ཧཱུྃ་ཕཊ༔ ཨཱ༔ འཁོར་འདས་ཆོས་ཀུན་གདོད་ནས་བྱང་ཆུབ་སེམས༔ གཉིས་མེད་བློ་འདས་ཆེན་པོའི་མཆོད་པའི་སྤྲིན༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ རིག་སྟོང་ཟུང་འཇུག་དོན་གྱི་དངོས་གྲུབ་སྩོལ༔ ཨ་ཛྙཱ་ན་དྷཱ་ཏུ་ཨ་ཨ༔ ཨོཾ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བའི༔ དམ་ཚིག་རྫས་མཆོག་པཉྩ་ཨ་མྲྀཏ༔ སྣང་སྲིད་གདོད་ནས་དག་པའི་མཆོད་སྤྲིན་མཆོག༔ བླ་མ་རྩ་གསུམ་དཀྱིལ་འཁོར་རབ་འབྱམས་དང༔ ཁམས་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ཆེར༔ མ་བཅོས་ལྷུན་གྲུབ་ངང་དུ་འབུལ་ལགས་ན༔ དགྱེས་པར་བཞེས་ནས་ཕྱི་ནང་བར་གཅོད་སོལ༔ མཐུ་དབང་ནུས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ༈ གདོད་མའི་མགོན་པོ་ཆོས་སྐུ་འོད་དཔག་མེད། །ལོངས་སྤྱོད་ཡོངས་རྫོགས་པདྨ་གར་གྱི་དབང་། །སྤྲུལ་པའི་སྐུར་བཞེངས་མཚོ་སྐྱེས་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། འཆི་མེད་གྲུབ་པའི་དབང་མོ་མནྡཱ་ར། །གསང་ཆེན་ཀུན་གྱི་མཛོད་འཛིན་མཚོ་རྒྱལ་ལྕམ། །ཡེ་ཤེས་སྤྱན་ལྡན་ལོ་ཆེན་བཻ་རོ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། གངས་ཅན་བསྟན་འགྲོའི་ཉིན་བྱེད་ཁྲི་སྲོང་རྗེ། །བཀའ་བབས་བདུན་ལྡན་པདྨ་མདོ་སྔགས་གླིང་། །ཟབ་གཏེར་མངའ་བདག་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་ཡི་བརྒྱུད། །གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱའི་བརྒྱུད། །རིག་འཛིན་བླ་མ་དགོངས་འདུས་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། གནས་གསུམ་མཁའ་འགྲོ་ཆོས་སྲུང་གཏེར་གྱི་བདག །གཙང་རིས་དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་སོགས། །སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་མཆོག་དངོས་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། ༈ ཨོཾ་ཨཱཿཧཱུྃ༔ བཅུད་ལྡན་བདུད་རྩི་སྙིང་པོ་ཅན་གྱི་དབུས༔ གསང་གསུམ་བྱིན་རླབས་རྡོ་རྗེའི་ཡི་གེ་གསུམ༔ ཐབས་ཤེས་གུ་ཧྱའི་ཕྱག་རྒྱས་བླངས་ཤིང་མྱང༔ བདེ་ཆེན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཨཱ༔ དུང་ཆེན་སྣོད་མཆོག་ལྕང་ལོར་བཅས་པ་རུ༔ ཁམས་གསུམ་བཀུག་ནས་ཁྲག་གི་རྒྱ་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་གསང་བའི་ཆུ་རྒྱུན་ཕབ༔ ཆགས་མེད་རཀྟའི་ལྦུ་ཕྲེང་དམར་འོད་འཕྲོ༔ དཔལ་གྱི་དམ་ཚིག་གཟི་བྱིན་ཆེན་པོའི་རྫས༔ ཉོན་མོངས་འཁོར་བ་སྟོངས་པའི་མཆོད་སྤྲིན་ཆེ༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ བདེ་མཆོག་བདེ་བའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ༔ བཅུད་ཀྱི་སེམས་ཅན་འགྲོ་དྲུག་གཏོར་མར་སྦྱར༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་མཁའ་ལ་འཕྲོ༔ བཀོད་པ་ཆེན་པོའི་ལོངས་སྤྱོད་བསམ་མི་ཁྱབ༔ རི་རབ་གཏོས་དང་རྒྱ་མཚོའི་གཏིང་ལྟར་ཟབ༔ ཡེ་ཤེས་ལྔ་ལྡན་རྨད་བྱུང་མཆོད་སྤྲིན་འདི༔ བླ་མ་རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་བཅུའི་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཞི་པ་ཆེ་བའི་ཡོན་ཏན་རྣམས༔ རྗེས་སུ་དྲན་པའི་བསྟོད་པ་ནི༔ ཨོཾ༔ གདོད་ནས་རྣམ་དག་ནང་གསལ་བུམ་སྐུའི་ཀློང༔ སྐུ་དང་ཡེ་ཤེས་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རིགས་བརྒྱ་རིགས་ལྔ་རིགས་གཅིག་ཀུན་ཏུ་བཟང༔ དགོངས་བརྒྱུད་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཨཱ༔ ལྷ་གནས་གསུམ་སོགས་སྤྲུལ་པའི་ཞིང་ཁམས་སུ༔ ཡེ་ཤེས་སྐུ་ཡི་སྒྱུ་འཕྲུལ་ཅིར་ཡང་ཤར༔ རིགས་གསུམ་སེམས་དཔའ་ལྷ་ཀླུ་མིའི་རིག་འཛིན༔ བརྡ་བརྒྱུད་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་འཁྲུལ་ཀ་དག་སྔོན་གྱི་བསྐལ་པ་ལ༔ ལྷུན་གྲུབ་རིག་རྩལ་སིནྡྷུ་རྒྱ་མཚོའི་གླིང༔ རྒྱུ་རྐྱེན་ལས་འདས་མཚོ་སྐྱེས་རྡོ་རྗེ་འཆང༔ སོར་རྟོག་ཡེ་ཤེས་འོད་ཀྱི་སྐུ་རུ་ཤར༔ བདེ་སྟོང་དཀར་དམར་མཚན་དཔེའི་ཕུང་པོར་འབར༔ བཅུ་དྲུག་ན་ཚོད་དགའ་བའི་རྣམ་འགྱུར་རྫོགས༔ ཐིག་ལེ་ཉག་གཅིག་འཛུམ་ཁྲོའི་ཞལ་དང་ལྡན༔ ཐབས་དང་ཤེས་རབ་ཟུང་འཇུག་ཕྱག་རྒྱ་ཡིས༔ སྣང་སྟོང་དབྱེར་མེད་རྡོ་རྗེ་ཐུགས་ཀར་གཏོད༔ གསལ་སྟོང་ཟུང་འཇུག་མཉམ་གཞག་ཐོད་བུམ་བསྣམས༔ བདེ་ཆེན་ཉེ་རྒྱུའི་ཁ་ཊྭཱཾ་གཡོན་དུ་འཁྲིལ༔ ཡེ་ཤེས་རིག་རྩལ་པདྨའི་སྙན་ཞུ་གསོལ༔ སྐུ་ལ་གསང་གོས་བདེ་ཆེན་འདུ་འབྲལ་མེད༔ མཐིང་ནག་ཕོད་ཆེན་སྔགས་ཀྱི་བརྟུལ་ཞུགས་རྫོགས༔ རྣམ་གསུམ་ཆོས་གོས་ཤཱཀྱའི་རྒྱལ་ཚབ་ཚུལ༔ བྱང་ཆུབ་སྤྱོད་པས་འགྲོ་བ་འདུལ་བའི་ཕྱིར༔ སྲིད་ཞི་དབང་སྡུད་ཟབ་བེར་དམར་སྨུག་བཀླུབས༔ རྡོ་རྗེའི་སྐྱིལ་ཀྲུང་དུས་གསུམ་བདེར་གཤེགས་དང༔ དབྱེར་མེད་མངོན་པར་སངས་རྒྱས་བྱང་ཆུབ་འཆང༔ ཆེ་བའི་ཡོན་ཏན་དར་དང་རིན་ཆེན་སོགས༔ འདོད་ཡོན་མ་སྤངས་ཡེ་ཤེས་རྒྱན་དུ་མཛེས༔ བདེན་གཉིས་དབྱེར་མེད་པད་ཉི་ཟླ་བའི་སྟེང༔ སྣང་སྲིད་གཞིར་བཞེངས་འོད་ཕུང་ཀློང་ན་བཞུགས༔ དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་དངོས༔ སྐུ་གསུམ་དབྱེར་མེད་པདྨ་ཐོད་ཕྲེང་རྩལ༔ ཞིང་ཁམས་རབ་འབྱམས་སྤྲོ་དང་བསྡུ་བའི་གཞི༔ དྲན་པས་གདུང་སེལ་བྱང་ཆུབ་ལམ་སྣ་འདྲེན༔ རིག་འཛིན་འདུས་པའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ རྡོ་རྗེ་སེམས་དཔའ་བདེ་ཆེན་ལྷུམས་སུ་ཞུགས༔ སྤྲུལ་པའི་སྐུར་སྣང་ཐེག་མཆོག་སྟོན་པ་ཆེ༔ ཡི་དམ་ལྷ་དང་གཉིས་མེད་དབང་མཆོག་ཐོབ༔ དགའ་རབ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད༔ སྨོན་ལམ་ལས་སད་ཆོས་ཀྱི་ཆར་ཆེན་བབས༔ གསང་བདག་བྱིན་བརླབས་དགོངས་པའི་རྩལ་ཆེན་རྫོགས༔ རྒྱུད་ལུང་མན་ངག་ཡོངས་ཀྱི་ཤིང་རྟ་ཆེ༔ སྐལ་ལྡན་རྒྱལ་པོ་ཛཿལ་ཕྱག་འཚལ་བསྟོད༔ དུར་ཁྲོད་རྣམས་སུ་བརྟུལ་ཞུགས་སྤྱོད་པ་མཛད༔ རྡོ་རྗེ་གདན་དུ་ཀུན་བཟང་གདུང་འཚོབ་ཅིང༔ རིག་རྩལ་དབང་ཐོབ་སྣང་སྲིད་འདོད་རྒུར་སྒྱུར༔ ཤྲཱི་སིཾ་ཧའི་སྐུ་ལ་ཕྱག་འཚལ་བསྟོད༔ འཇམ་དཔལ་བྱིན་བརླབས་རིག་པའི་གནས་ལ་མཁས༔ སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་རྟོགས༔ རྨད་བྱུང་རྡོ་རྗེ་ཐེག་པའི་དགེ་བའི་བཤེས༔ སངས་རྒྱས་གསང་བའི་ཞབས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ ཤེས་རབ་དབྱིངས་ཀྱི་ལྷ་མོ་ཙནྡྷ་ལཱི༔ པདྨ་ཅན་གྱི་ཕྱག་རྒྱའི་གཟུགས་སུ་སྤྲུལ༔ འཆི་མེད་ཚེ་ལ་དབང་ཐོབ་ཡེ་ཤེས་བརྙེས༔ མནྡཱ་ར་བའི་ཞབས་ལ་ཕྱག་འཚལ་བསྟོད༔ བདེ་མཆོག་བདེ་བའི་གར་གྱིས་སྲིད་པ་སྦྱངས༔ ཞི་ལ་མི་གནས་སྒྱུ་འཕྲུལ་དྲྭ་བའི་ལྕམ༔ མི་བརྗེད་གཟུངས་ཐོབ་བཀའ་ཡི་བསྡུ་བ་མཛད༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ དཔལ་ཆེན་ཁྲག་འཐུང་ཆེན་པོའི་ཐུགས་ཀྱི་སྲས༔ རིག་འཛིན་སྐུར་སྣང་ཡེ་ཤེས་ཆེན་པོ་བརྙེས༔ འོད་གསལ་དགོངས་པས་འགྲོ་བའི་མུན་པ་སེལ༔ སློབ་དཔོན་ཧཱུྃ་ཀཱ་ར་ལ་ཕྱག་འཚལ་བསྟོད༔ འཇམ་དཔལ་ཁྲག་འཐུང་ཆེན་པོའི་ཐུགས་ཀྱི་སྲས༔ འཁོར་ལོ་རྣམ་བཞིའི་དགོངས་པ་མངོན་དུ་གྱུར༔ བརྟུལ་ཞུགས་ཆེན་པོས་བདུད་དང་མུ་སྟེགས་འདུལ༔ སློབ་དཔོན་མཉྫུ་ཤྲཱི་ལ་ཕྱག་འཚལ་བསྟོད༔ དབང་ཆེན་པདྨ་གསུང་གི་ཐུགས་ཀྱི་སྲས༔ རྟ་སྐད་ཐེངས་གསུམ་འཁོར་འདས་མཉམ་པར་བརྡལ༔ ཆོས་སྒོ་མཐའ་ཡས་ཀུན་མཁྱེན་རྒྱལ་ཚབ་ཆེ༔ སློབ་དཔོན་ནཱ་གཱརྫུ་ནར་ཕྱག་འཚལ་བསྟོད༔ དཔལ་ཆེན་ཆེ་མཆོག་དགྱེས་པའི་ཐུགས་ཀྱི་སྲས༔ སྣང་སྲིད་བདུད་རྩི་རྣམ་དག་དགོངས་པར་ཤར༔ པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་མཁས་པའི་མཆོག༔ སློབ་དཔོན་བི་མ་ལ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་སྲས༔ ཐལ་འབྱིན་རྣམ་བཞིས་སྲིད་པ་ཕུར་བུར་རྫོགས༔ མཐུ་སྟོབས་ནུས་པ་བྱིན་རླབས་གཏེར་ཆེན་འཆང༔ སློབ་དཔོན་པྲ་ཧསྟིར་ཕྱག་འཚལ་བསྟོད༔ ཧེ་རུ་ཀ་དཔལ་མངོན་རྫོགས་རྒྱལ་པོའི་སྲས༔ རྩ་རླུང་ཐིག་ལེ་བྱང་སེམས་གདིང་ལྡན་པས༔ སྲིད་པའི་མ་མོ་ཐམས་ཅད་ལས་ལ་བཀོལ༔ སློབ་དཔོན་སཾསྐྲྀཏ་ལ་ཕྱག་འཚལ་བསྟོད༔ གསང་བ་ཀུན་འདུས་ཕྱག་ན་རྡོ་རྗེའི་སྲས༔ བརྟེན་སྒྲུབ་མཆོད་པའི་ལས་ལ་རང་དབང་འབྱོར༔ དྲེགས་པ་ཟིལ་གནོན་ཡེ་ཤེས་གཟི་བྱིན་འབར༔ སློབ་དཔོན་གུ་ཧྱ་བ་ལ་ཕྱག་འཚལ་བསྟོད༔ གདུག་པ་ཚར་གཅོད་སྟོབས་ལྡན་ནག་པོའི་སྲས༔ རྫོང་འཕྲང་སྲོག་གསུམ་དགོངས་པའི་གདིང་དང་ལྡན༔ ས་གསུམ་ལོག་འདྲེན་བསྒྲལ་བའི་བརྟུལ་ཞུགས་ཅན༔ སློབ་དཔོན་ཤཱནྟིཾ་གརྦྷར་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ དགོངས་པ་མངོན་གྱུར་མངའ་བདག་ཆོས་ཀྱི་རྒྱལ༔ ཡང་དག་གྲུབ་པའི་སློབ་དཔོན་ནམ་མཁའི་སྙིང༔ འཇམ་དཔལ་ཁྲག་འཐུང་སངས་རྒྱས་ཡེ་ཤེས་ཆེ༔ དབང་ཆེན་བཞད་པ་རྒྱལ་བ་མཆོག་གི་དབྱངས༔ བདུད་རྩིའི་བཅུད་འབྱིན་ཛྙཱ་ན་ཀུ་མཱ་ར༔ ཕྲིན་ལས་ཐོགས་མེད་རྡོ་རྗེ་བདུད་འཇོམས་རྩལ༔ རྩ་རླུང་དབང་ཐོབ་འབྲོག་མི་དཔལ་ཡེ་ཤེས༔ དྲེགས་ཚོགས་ཟིལ་གནོན་རླངས་ཆེན་དཔལ་གྱི་སེང༔ དྲག་སྔགས་ཐོག་འབེབ་ཀུན་མཁྱེན་བཻ་རོའི་ཞབས༔ དཀྱིལ་འཁོར་གཙོ་མཆོག་རྣམས་དང་དབྱེར་མེད་པའི༔ མཆོག་གི་རིག་འཛིན་རྡོ་རྗེ་སློབ་དཔོན་ཚུལ༔ བཀའ་བབས་གྲུབ་ཆེན་དགུ་ལ་ཕྱག་འཚལ་བསྟོད༔ རྫོགས་པའི་སངས་རྒྱས་པདྨའི་ཐུགས་ཀྱི་སྲས༔ སྙན་བརྒྱུད་མཛོད་འཛིན་སྒྱུ་འཕྲུལ་ཅིར་ཡང་སྟོན༔ འོད་གསལ་མངོན་གྱུར་གཡུ་སྒྲ་སྙིང་པོ་སོགས༔ རྗེ་འབངས་གྲུབ་ཐོབ་ཡོངས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་བྱོན་པ་ཡི༔ རིག་འཛིན་རྣམ་བཞིའི་སར་བཞུགས་བྱང་ཆུབ་སེམས༔ སློབ་དཔོན་བཞི་ཡི་ཚུལ་གྱིས་སྐལ་ལྡན་འདྲེན༔ རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ འོད་གསལ་དབྱིངས་ནས་ཡེ་ཤེས་སྒྱུ་མའི་ཚུལ༔ བདེ་སྟོང་ཟུང་འཇུག་ཁ་སྦྱོར་ལོངས་སྤྱོད་རྫོགས༔ ཞི་དང་ཁྲོ་བོའི་རྣམ་རོལ་ཅིར་ཡང་སྟོན༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ རྩ་རླུང་ཐིག་ལེའི་གནས་ཡུལ་དུར་ཁྲོད་དུ༔ ལྷན་སྐྱེས་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་སྣང༔ བར་གཅོད་ཀུན་སེལ་ཕྱི་ནང་ཕྲིན་ལས་མཛད༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་སྒོ་བཞི་སྐྱོང་མཛད་ཧེ་རུ་ཀ༔ རིགས་བཞིའི་དཔའ་བོ་མཁའ་འགྲོའི་རྣམ་རོལ་གྱིས༔ ཕྱི་ནང་མཚམས་སྲུང་ལས་ཀུན་ཐོགས་མེད་སྒྲུབ༔ སྒོ་སྲུང་ཆོས་སྐྱོང་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱི༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཕྱག་རྒྱའི་སྐུ༔ གྲགས་སྟོང་དབྱེར་མེད་ཨཱ་ལི་ཀཱ་ལིའི་གསུང༔ རིག་སྟོང་ཁྱབ་བརྡལ་འོད་གསལ་གཉུག་མའི་ཐུགས༔ རྩོལ་མེད་ཡོན་ཏན་རང་སྣང་རྒྱན་དུ་ཐོགས༔ གང་འདུལ་ཕྲིན་ལས་གདུལ་བྱའི་དཔལ་དུ་འཕྲོ༔ བྱིན་རླབས་སྤྲིན་ཕུང་དངོས་གྲུབ་ཆར་ཆེན་འབེབ༔ ལས་དང་ཡེ་ཤེས་གྲུབ་པ་རྒྱ་མཚོའི་མཛོད༔ རྩ་གསུམ་རབ་འབྱམས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཆེ་བའི་ང་རྒྱལ་བསྐྱེད༔ ལྔ་པ་ཛཔ྄་ཀྱི་དགོངས་པ་ནི༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་དབྱིག༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་བསྒྲུབ༔ དེ་ལ་ཐོག་མར་རྟེན་བརྟེན་པའི༔ དཀྱིལ་འཁོར་ཡོངས་རྫོགས་གསལ་སྣང་ལ༔ རྩེ་གཅིག་སེམས་བཟུང་ཏིང་འཛིན་བསྒྲུབ༔ ཆེ་བའི་ཡེ་ཤེས་ང་རྒྱལ་བརྟན༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ཀཱ་ཡ་ཝ་ཀ་ཙིཏྟ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གསལ་བརྟན་གྱད་དུ་གྱུར་པ་ན༔ དགོངས་བརྒྱུད་བླ་མ་བསྙེན་པ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ལྷ༔ སྣང་སྟོང་གཟུགས་སྐུ་མཚན་དཔེར་ལམས་སེ་ལམ༔ གྲགས་སྟོང་སྔགས་ཀྱི་ཛཔ྄་སྒྲ་འུ་རུ་རུ༔ རིག་སྟོང་ཟང་ཐལ་ཡེ་ཤེས་ཤ་ར་ར༔ སྣང་སྲིད་གཞིར་བཞེངས་དགོངས་པ་གསལ་བརྟན་ཅིང༔ བཟླས་བརྗོད་རྡོ་རྗེའི་ཚིག་གིས་རྒྱུད་བསྐུལ་ཏེ༔ མ་གྲུབ་བར་དུ་རྩེ་གཅིག་བསྒྲུབ་ལགས་ན༔ རིག་འཛིན་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་དམིགས་པའི་སེམས་འཛིན་བྱ༔ ཀུན་ཏུ་བཟང་པོ་རྡོ་རྗེ་དབྱིངས་ཀྱི་ལྷ༔ ཞི་ཁྲོ་ཡོངས་རྫོགས་དགོངས་བརྒྱུད་བླ་མ་ཡི༔ ཐུགས་ཀར་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་ཚོགས༔ བདག་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་སྦྱངས༔ ཡེ་ཤེས་མཆོག་གི་གཟི་བྱིན་འབར་བར་གྱུར༔ ཅེས་གསལ་སྔགས་འདི་སེལ་མེད་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བཞི་ཡིས་བྱིན་བརླབས་སྨིན༔ བརྡ་བརྒྱུད་བླ་མའི་བསྙེན་པ་ནི༔ གསང་བདག་ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས༔ བདག་ལ་ཐིམ་པས་མཐུ་སྟོབས་ནུས་པ་བསྐྱེད༔ གསང་བ་ཐམས་ཅད་འཛིན་པའི་སྐལ་ལྡན་གྱུར༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ༔ འཇམ་དཔལ་ཐུགས་ཀར་ཟླ་སྟེང་དྷཱིཿསེར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས༔ བདག་ལ་ཐིམ་པས་མ་རིག་རྨོངས་པ་བསལ༔ གཟུངས་དྲན་སྤོབས་པའི་གཏེར་མཛོད་གྲོལ་བར་གྱུར༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ་སྭཱ་ཧཱ༔ འཕགས་མཆོག་ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས༔ བདག་ལ་ཐིམ་པས་རང་དོན་རྟོག་སྒྲིབ་སྤྱངས༔ འགྲོ་འདུལ་སྙིང་རྗེའི་ཡེ་ཤེས་རྒྱས་པར་འགྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དགའ་རབ་རྡོ་རྗེའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་བྱུང་བ་བདག་གི་གནས་གསུམ་ཐིམ༔ སྒོ་གསུམ་སྣང་ཞེན་བག་ཆགས་ཐམས་ཅད་སྦྱངས༔ ཡི་དམ་ལྷ་དང་དབྱེར་མེད་དབང་ཐོབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ རྒྱལ་པོ་ཛཿཡི་ཕྱག་གི་གླེགས་བམ་ལས༔ རྒྱུད་ལུང་མན་ངག་ཆོས་ཀྱི་ཆར་ཆེན་བབས༔ དབྱངས་གསལ་འོད་ཀྱི་རྣམ་པས་བདག་ལ་ཐིམ༔ ཆོས་སྒོ་མཐའ་ཡས་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་རཱ་ཛ་ཛཿསརྦ་སིདྡྷི་ཧཱུྃ༔ ཤྲཱི་སིཾ་ཧའི་ཐུགས་ཀའི་ཨ་ཡིག་ལས༔ རིག་རྩལ་ཡེ་ཤེས་ལྔ་ལྡན་འོད་ཟེར་སྤྲིན༔ སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་ཐིམ༔ རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ སངས་རྒྱས་གསང་བའི་ཐུགས་ཀའི་དྷཱིཿཡིག་ལས༔ སྡེ་སྣོད་རྒྱ་མཚོའི་ངོ་བོ་ཨ་དཀར་པོ༔ ཆར་ལྟར་བབས་ཏེ་རང་ལ་ཐིམ་པ་ཡིས༔ བསླབ་གསུམ་ཡེ་ཤེས་ཡོན་ཏན་ཡོངས་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་གུཔྟ་སརྦ་སིདྡྷི་ཧཱུྃ༔ གཞན་ཡང་བརྡ་བརྒྱུད་རིག་འཛིན་རྒྱ་མཚོ་ཡི༔ ཡེ་ཤེས་གཟི་བྱིན་ཐུགས་རྗེའི་འོད་ཟེར་གྱིས༔ ཕུང་ཁམས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས༔ གྲོལ་བ་བཞི་ལྡན་དགོངས་པ་མངོན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འདི་རྣམས་འབུམ་ཕྲག་བཟླས་པ་ཡིས༔ ཁྱད་པར་ཡེ་ཤེས་སྨིན་པར་འགྱུར༔ རིག་འཛིན་ཡོངས་རྫོགས་སྒྲུབ་པ་ནི༔ ཧཱུྃ་ཧྲཱི༔ བདག་ཉིད་གཙོ་མཆོག་པདྨ་ཐོད་ཕྲེང་གི༔ ཐུགས་ཀར་པད་ཉི་ཟླ་བའི་དཀྱིལ་འཁོར་དབུས༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧྲཱིཿཡིག་མཐར༔ བདེན་དོན་བཅུ་གཉིས་རྡོ་རྗེའི་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པས་བརྙེས༔ བདེ་ཆེན་འོད་ཟེར་བདུད་རྩིས་རང་དབང་བསྐུར༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་དབྱིངས་སུ་ཞི༔ དབང་བཅུའི་ཡེ་ཤེས་ཡོན་ཏན་རིག་རྩལ་རྒྱས༔ སྣང་བ་དབང་བསྡུས་གཟུང་འཛིན་དགྲ་བགེགས་བཅོམ༔ བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་དཔལ༔ མཚོ་སྐྱེས་རྡོ་རྗེ་འཆང་དང་དབྱེར་མེད་པའི༔ དགོངས་པ་མི་གཡོ་འོད་གསལ་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབ༔ སླར་ཡང་གསང་མཚན་ཐུགས་ཀྱི་ཡི་གེ་ལས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་ཕྱོགས་བཅུར་འཕྲོས༔ འགྲོ་ཀུན་སྒྲིབ་སྦྱངས་རྩ་གསུམ་གོ་འཕང་བཀོད༔ སྣོད་བཅུད་རྒུད་པ་ཞི་ཞིང་གཟི་བྱིན་བསྐྱེད༔ དྲེགས་པ་སྡེ་བརྒྱད་ཚོགས་རྣམས་ཟིལ་གྱིས་མནན༔ གདུག་ཅིང་གཏུམ་པའི་འབྱུང་པོ་ཚར་ཐག་བཅད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྱིས་གྲུབ༔ ཚུར་འདུས་འཁོར་འདས་དྭངས་བཅུད་བདག་ལ་ཐིམ༔ ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཞི་བཟླས་ལས་ཀུན་བྱེད༔ འཆི་མེད་མནྡཱ་ར་བའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ འཆི་མེད་གཉུག་མ་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ མཚོ་རྒྱལ་ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ བཾ་ཡིག་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ བདག་རྒྱུད་བྱིན་རླབས་ཐིག་ལེའི་སྒྲིབ་པ་སྦྱངས༔ བདེ་ཆེན་ལྷན་སྐྱེས་ཡེ་ཤེས་བརྟན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཟླས་པས་ཡེ་ཤེས་སྐྱེ༔ ཐུགས་ཀྱི་རིག་འཛིན་རྡོ་རྗེ་ཧཱུྃ་ཀཱ་རའི༔ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ རུ་ལུ་འབྲུ་བརྒྱད་ཡེ་ཤེས་མངོན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཧཱུྃ་ཀཱ་ར་རུ་ལུ་རུ་ལུ་སརྦ་སིདྡྷི་ཧཱུྃ་བྷྱོ་ཧཱུྃ༔ སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་གྱི༔ ཐུགས་ཀར་ཡཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ འཁོར་ལོ་རྣམ་བཞིའི་ཡེ་ཤེས་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ༔ གསུང་གི་རིག་འཛིན་ནཱ་གཱརྫུ་ན་ཡི༔ ཐུགས་ཀར་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ རྟ་སྐད་ཐེངས་གསུམ་སྣང་སྲིད་ཀ་དག་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ནཱ་གཱརྫུ་ན་ཧ་ཡ་གྲཱི་བ་སརྦ་སིདྡྷི་ཧཱུྃ༔ ཕྲིན་ལས་རིག་འཛིན་པྲ་བྷ་ཧསྟི་ཡི༔ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ ཐལ་འབྱིན་རྣམ་བཞིས་སྲིད་པ་ཕུར་བུར་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་བྷ་ཧསྟི་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ༔ མངོན་རྫོགས་རིག་འཛིན་དྷ་ན་སཾསྐྲྀཏའི༔ ཐུགས་ཀར་བྷྱོ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ རྩ་རླུང་ཐིག་ལེ་དབུ་མའི་དབྱིངས་སུ་ཐིམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷ་ན་སཾསྐྲྀཏ་གུ་ཧྱ་ཛྙཱ་ན་སརྦ་སིདྡྷི་བྷྱོ་ཧཱུྃ༔ ཡོན་ཏན་རིག་འཛིན་བི་མ་མི་ཏྲ་ཡི༔ ཐུགས་ཀར་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ སྣང་སྲིད་ཡེ་ཤེས་བདུད་རྩིའི་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་པཉྩ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ མཆོད་བསྟོད་རིག་འཛིན་གུ་ཧྱ་ཙནྡྲ་ཡི༔ ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ འཇིག་རྟེན་དྲེགས་པ་དབང་འདུས་བཀའ་ཉན་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་གུ་ཧྱ་ཙནྡྲ་བཛྲ་པཱ་ཎི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ དམོད་པའི་རིག་འཛིན་ཤཱནྟིཾ་གརྦྷ་ཡི༔ ཐུགས་ཀར་བྷྱོ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་བདག་ལ་ཐིམ༔ རྫོང་འཕྲང་སྲོག་གསུམ་ཡེ་ཤེས་གཟི་བྱིན་འབར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱནྟིཾ་གརྦྷ་སརྦ་དུཥྚཱན་སིདྡྷི་ཕ་ལ་ཧཱུྃ་ཨེ་ཛ་བྷྱོ༔ འབུམ་ཕྲག་བཟླས་པས་དགོངས་པའི་གདིང༔ བརྒྱད་ལྡན་ཡེ་ཤེས་རྒྱུད་ལ་འཆར༔ སྙན་བརྒྱུད་བླ་མའི་སྒྲུབ་ཆེན་ནི༔ བདག་ཉིད་གཙོ་མཆོག་པདྨ་ཐོད་ཕྲེང་གི༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་ཁྱབ༔ རྣལ་འབྱོར་དབང་ཕྱུག་རྗེ་འབངས་ཐམས་ཅད་ཀྱི༔ ཐུགས་དམ་རྒྱུད་བསྐུལ་རྡོ་རྗེའི་གར་སྟབས་བསྒྱུར༔ བདེ་བའི་འོད་ཟེར་ཁམས་གསུམ་ཀུན་ཏུ་འཕྲོས༔ ཐ་མལ་སྣང་ཞེན་བག་ཆགས་བཅས་པ་སྦྱངས༔ སྣོད་ཀྱི་འཇིག་རྟེན་པདྨ་དྲྭ་བའི་ཞིང༔ གཟུགས་སྣང་རིག་འཛིན་བླ་མའི་ཕྱག་རྒྱའི་སྐུ༔ སྒྲར་གྲགས་གཞོམ་མེད་མི་ཤིགས་སྔགས་ཀྱི་དབྱངས༔ དྲན་རྟོག་དབྱིངས་རིག་དབྱེར་མེད་བྱང་ཆུབ་སེམས༔ ཡོན་ཏན་རང་བྱུང་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་དང༔ རིག་འཛིན་རྣམ་བཞིའི་དགོངས་པ་མངོན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཡོ་གཱི་ཤྭ་ར་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་ཡང་གསང་ཧཱུྃ་ཡིག་བཟླ༔ འབུམ་ཕྲག་བཞི་ཡིས་སྣང་ཞེན་འབྱོངས༔ ལྷ་སྔགས་ཡེ་ཤེས་སྲོག་འགྲུབ་འགྱུར༔ མཐའ་རྒྱས་ཕྲིན་ལས་ཁ་བསྒྱུར་ནི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི༔ ཐུགས་དམ་ཟབ་མོ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡེ་ཤེས་ཡོན་ཏན་གཟི་བྱིན་བདག་ལ་ཐིམ༔ མཆོག་ཏུ་མི་འགྱུར་རྟོགས་པའི་ཡེ་ཤེས་འབར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འབུམ་ཕྲག་བཞི་ཡིས་རྩ་གསུམ་གྱི༔ ཐུགས་དམ་རྒྱུད་བསྐུལ་བྱིན་བརླབས་འགྱུར༔ རྡོ་རྗེ་དཔའ་བོ་ཡབ་ཡུམ་ཐུགས་ཀ་རུ༔ ཐུགས་སྲོག་སྔགས་ཀྱིས་བསྐོར་བའི་འོད་ཟེར་དཀར༔ བདུད་རྩིའི་རང་བཞིན་སྣོད་བཅུད་ཀུན་ལ་ཁྱབ༔ ནད་གདོན་འཇིགས་བརྒྱད་མི་མཐུན་ཀུན་ཞི་གྱུར༔ ཨོཾ་ར་བཛྲ་དྷཱ་ཀ་ཧ་བཛྲ་དྷཱ་ཀི་ནཱི་ཨོཾ་ཤཱནྟིཾ་ཀུ་རུ་ཨོཾ༔ རིན་ཆེན་དཔའ་བོ་ཡབ་ཡུམ་ཐུགས་ཀ་རུ༔ ཐུགས་སྲོག་སྔགས་ཀྱིས་བསྐོར་བའི་འོད་ཟེར་སེར༔ ཉི་མའི་མདངས་ལྡན་སྣོད་བཅུད་ཀུན་ལ་ཁྱབ༔ ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྒྱས་པར་གྱུར༔ ཨོཾ་ཙ་རཏྣ་དྷཱ་ཀ་རི་རཏྣ་དྷཱ་ཀི་ནཱི་བྷྲཱུྃ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ པདྨ་དཔའ་བོ་ཡབ་ཡུམ་ཐུགས་ཀ་རུ༔ ཐུགས་སྲོག་སྔགས་ཀྱིས་བསྐོར་བའི་འོད་ཟེར་དམར༔ རྗེས་ཆགས་རང་བཞིན་སྣོད་བཅུད་ཀུན་ལ་ཁྱབ༔ ཁམས་གསུམ་སྣང་སྲིད་དབང་དུ་འདུས་པར་གྱུར༔ ཨོཾ་ཧྲི་པདྨ་དྷཱ་ཀ་ནི་པདྨ་དྷཱ་ཀི་ནཱི་ཧྲཱིཿཝ་ཤཾ་ཀུ་རུ་ཧོ༔ ཀརྨ་དཔའ་བོ་ཡབ་ཡུམ་ཐུགས་ཀ་རུ༔ ཐུགས་སྲོག་སྔགས་ཀྱིས་བསྐོར་བའི་འོད་ཟེར་མཐིང༔ ཚ་ཞིང་རྩུབ་པས་སྣོད་བཅུད་ཀུན་ལ་ཁྱབ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་བཅད་གྱུར༔ ཨོཾ་ཡ་ཀརྨ་དྷཱ་ཀ་ས་ཀརྨ་དྷཱ་ཀི་ནཱི་ཧཱུྃ་མཱ་ར་ཡ་ཕཊ༔ ཐོ་རངས་ཞི་བ་ཉི་ཤར་རྒྱས༔ དགོང་མོ་དབང་སྟེ་སྲོད་ཀྱི་དུས༔ དྲག་པོའི་ལས་ཀྱི་དམིགས་བཟླས་བྱ༔ བདུན་ཕྲག་གཅིག་གིས་ལས་ཀུན་བྱེད༔ ས་མ་ཡ༔ ཐུན་མཚམས་དབང་གི་ཆུ་བོ་ཡིས༔ ཡེ་ཤེས་རིག་རྩལ་སྤར་བའི་ཕྱིར༔ མཆོད་ཅིང་བསྟོད་ལ་ཉམས་ཆག་བཤགས༔ རྩེ་གཅིག་མོས་པས་གསོལ་གདབ་བྱ༔ ཧཱུྃ་ཧྲཱི༔ ཡིད་བཞིན་ཀུན་འབྱུང་མཆོད་པའི་ཏིང་འཛིན་གྱིས༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡེ་ཤེས་བསྟོད༔ ཉམས་ཆག་ཀུན་བཤགས་དགོངས་པས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ༔ དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཚོགས༔ མོས་ཤིང་གདུང་བས་རྩེ་གཅིག་གསོལ་འདེབས་ན༔ བྱིན་རླབས་དབང་གི་ཡེ་ཤེས་ཆུ་བོ་ཆེས༔ བདག་རྒྱུད་སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཧཱུྃ༔ རྩེ་གཅིག་བསྙེན་པས་ཐུགས་དམ་བསྐུལ་བའི་མཐུས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ནམ་མཁའ་གང་བར་བཛྲ་ས་མཱ་ཛ༔ ཨོཾ༔ ནམ་མཁའི་རྡོ་རྗེས་རིགས་ལྔའི་རྒྱལ་བ་ལྔར༔ དགོངས་ཤིང་དབང་མཆོག་ཇི་ལྟར་བསྩལ་པ་བཞིན༔ མཆོད་པ་ཆེན་པོ་ཡེ་ཤེས་བརྡ་ཡི་དབང༔ རིག་འཛིན་གདུང་འཚོབ་བདག་ལ་དེང་འདིར་སྩོལ༔ ཞེས་པས་གསོལ་བཏབ་མཁའ་ཁྱབ་རྒྱལ་བ་ལས༔ གྲུབ་པའི་སློབ་དཔོན་བུདྡྷ་གུཔྟ་དང༔ རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་ཡིས༔ མཆོད་པ་དང་བཅས་ཕྱི་ཡི་དབང་བསྐུར་བསམ༔ ཨོཾ༔ བྱང་ཆུབ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཕུང་ཁམས་གནས་གྱུར་རིགས་ལྔའི་ཡེ་ཤེས་བརྙེས༔ ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་ཆེ༔ རྒྱལ་སྲས་རྡོ་རྗེ་འཛིན་པར་མངའ་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དྷརྨ་བསཏྲ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ ནམ་མཁའི་ལྷ་ལས་དགའ་རབ་རྡོ་རྗེ་དང༔ རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་ཡིས༔ མཆོད་པ་དང་བཅས་ནང་གི་དབང་བསྐུར་བསམ༔ ཧཱུྃ༔ རྡོ་རྗེ་མི་ཕྱེད་གསུམ་གྱིས་དབང་བསྐུར་བས༔ སྒོ་གསུམ་གནས་འགྱུར་ལྷ་སྔགས་ཡེ་ཤེས་བརྙེས༔ ཡི་དམ་ལྷ་དང་དབྱེར་མེད་གསང་བའི་མཛོད༔ རིག་པ་འཛིན་པ་ཆེན་པོར་མངའ་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཨཱཿཧཱུྃ༔ མ་ཧཱ་བིདྱཱ་དྷཱ་ར་བསཏྲ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ ནམ་མཁའི་ལྷ་ལས་སྐལ་ལྡན་རྒྱལ་པོ་ཛ༔ རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་ཡིས༔ མཆོད་པ་དང་བཅས་སྒྲུབ་པའི་དབང་བསྐུར་བསམ༔ ཧོ༔ རྒྱུད་ལུང་མན་ངག་གླེགས་བམ་དབང་བསྐུར་བས༔ དམ་པའི་མཛོད་གསུམ་འཆད་ཉན་སྒྲུབ་ལ་དབང༔ བརྟུལ་ཞུགས་སྤྱོད་པས་འགྲོ་འདུལ་རིག་པ་འཛིན༔ ཀུན་ཏུ་འོད་ཀྱི་ས་རུ་མངའ་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་དྷརྨ་པུསྟཀ་ཨ་བྷི་ཥེ་ཀ་ཏ་ཧྲཱི༔ ཤྲཱི་ཧེ་རུ་ཀ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ ནམ་མཁའི་ལྷ་ལས་ཀུན་བཟང་ཤྲཱི་སིཾ་ཧ༔ རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་ཡིས༔ མཆོད་པ་དང་བཅས་གསང་བའི་དབང་བསྐུར་ཕྱིར༔ སྙོམས་འཇུག་བདུད་རྩིའི་སྤྲིན་ཆེན་སྤྲོས་པར་བསམ༔ ཨཱ༔ ཇི་ལྟར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས༔ བྱང་ཆུབ་སྲས་ལ་བདུད་རྩིའི་དབང་བསྐུར་ལྟར༔ དཀར་དམར་ལྷག་པའི་ཡེ་ཤེས་ཆེན་པོ་ཡིས༔ མ་ཆགས་པདྨའི་ས་རུ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་རྒྱའི་སྒྱུ་མས་ལྷན་སྐྱེས་ཡེ་ཤེས་བསྐྱེད༔ ཧཱུྃ༔ ལྷན་སྐྱེས་ཡེ་ཤེས་འབྱུང་བའི་པདྨ་ཅན༔ སངས་རྒྱས་ཀུན་གྱི་དམ་ཚིག་བླ་ན་མེད༔ རྡོ་རྗེ་རིག་མའི་བརྟུལ་ཞུགས་ལ་བསྟེན་ནས༔ འཁོར་ལོ་ཚོགས་ཆེན་ས་རུ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དཔེ་ཡི་ཐབས་ཀྱིས་དོན་དམ་མངོན་གྱུར་བསམ༔ ཧྲཱི༔ སེམས་ཀྱི་ཆོས་ཉིད་འོད་གསལ་རྫོགས་པ་ཆེ༔ བདེ་ཆེན་ཐབས་ཀྱིས་མཚོན་པའི་དེ་ཁོ་ན༔ བྱིན་རླབས་དོན་གྱི་འཕོ་བ་ལ་བརྟེན་ནས༔ ཡེ་ཤེས་བླ་མའི་ས་ལ་ལྷུན་རྫོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧྲཱིཿ ཧཱུྃ༔ རྒྱལ་བའི་སྲས་མཆོག་པདྨ་ཐོད་ཕྲེང་རྩལ༔ ས་ལམ་ཡོངས་རྫོགས་དཀྱིལ་འཁོར་ཀུན་གྱི་བདག༔ དགོངས་པ་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ རིག་འཛིན་སློབ་དཔོན་ཆེན་པོར་མངའ་གསོལ་ལོ༔ མ་ཧཱ་ཨ་ཙརྻ་ཨ་ལངྐཱ་ར་ཨ་བྷི་ཥིཉྩཱ་མི༔ ཕྱི་ནང་སྒྲུབ་པ་གསང་བའི་དབང་ཐོབ་པས༔ སྒྲིབ་པ་བཞི་སྦྱངས་དབང་བཞིའི་ཡེ་ཤེས་སྨིན༔ ལམ་བཞིས་རྒྱུད་གྲོལ་དངོས་གྲུབ་རྣམ་བཞི་ཐོབ༔ སྐུ་བཞི་དབྱེར་མེད་ཆེན་པོ་མངོན་དུ་གྱུར༔ མཁར་བཞུགས་དབང་གི་ལྷ་རྣམས་རང་ལ་བསྟིམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཛྙཱ་ན་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ང་རྒྱལ་བཟུང་ཞིང་ཡེ་ཤེས་བསྐྱེད༔ ཏིང་ངེ་འཛིན་གྱིས་ལམ་གྱི་དབང༔ ཐུན་མཚམས་ཀུན་ཏུ་བླངས་པ་ཡིས༔ རིག་འཛིན་རྣམས་ཀྱི་གདུང་འཚོབ་ཅིང༔ སྨིན་གྲོལ་ཡེ་ཤེས་མཐར་ཕྱིན་འགྱུར༔ ས་མ་ཡ༔ བཞི་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་མཆོད་བྱ་ཞིང་ཐུགས་དམ་བསྐུལ༔ དངོས་གྲུབ་གསོལ་ཞིང་མཐའ་གཉིས་བསལ༔ བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ དང་པོ་ཚོགས་ཀྱི་མཆོད་པ་ལ༔ མ་ད་ན་དང་བ་ལ་སོགས༔ རིག་འཛིན་མཁའ་འགྲོ་དགྱེས་སྐྱེད་པའི༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ ཕྱི་ཡི་དཀྱིལ་འཁོར་མཆོད་པའི་ཕྱིར༔ བསང་ཆུས་བྲན་ཅིང་བདུད་རྩི་འཐོར༔ རཾ་ཡཾ་ཁཾ༔ ཡེ་ཤེས་ཚོགས་ལ་ཉེས་སྐྱོན་མ་མཆིས་ཀྱང༔ དམ་ཚིག་རྫས་ཀྱི་གཉིས་འཛིན་སྦྱང་བའི་ཕྱིར༔ གཏུམ་མོའི་མེ་ཡིས་དངོས་སྣང་མཚན་མ་བསྲེགས༔ སྲོག་རྩོལ་རླུང་གིས་ཉེས་པའི་དྲི་མ་གཏོར༔ བྱང་སེམས་ཆུ་ཡིས་རྟོག་སྒྲིབ་བག་ཆགས་བཀྲུས༔ སྣོད་བཅུད་སྟོང་གསལ་རང་བྱུང་གཉུག་མའི་ངང༔ བྷྲཱུྃ་ལས་དབྱིངས་ཀྱི་བནྡྷ་ཡངས་པ་རུ༔ ཨོཾ་ལས་ཡེ་ཤེས་ལྔ་ལྡན་ཚོགས་མཆོད་ཆེ༔ ཧཱུྃ་གིས་ཟག་པ་མེད་པའི་བདུད་རྩིར་བསྒྱུར༔ ཏྲཱཾ་ལས་འདོད་པའི་ཡོན་ཏན་རྣམ་མང་པོ༔ ཧྲཱིཿཡིས་ངོ་མཚར་ཀུན་ཏུ་བཟང་པོའི་སྤྲིན༔ ཨཱཿཡིས་ལྷ་ཚོགས་དགྱེས་སྐོང་མཆོད་པར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཚོགས་ལ་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱི༔ དབྱིངས་ནས་སྐུ་བསྐྱོད་རིག་འཛིན་བླ་མའི་ཚོགས༔ ཡེ་ཤེས་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷ༔ ཟུང་འཇུག་རིག་རྩལ་མཁའ་འགྲོ་གིང་ལངྐ༔ ཆོས་སྐྱོང་སྲུང་མ་འབུམ་ཕྲག་ཡངས་པའི་ཚོགས༔ དམ་ཚིག་རྫས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ བདེ་ཆེན་སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ སྙིང་པོ་ཛཔ྄་ཀྱི་སྒྲ་དབྱངས་འུ་རུ་རུ༔ འོད་གསལ་ཐུགས་ཀྱི་དགོངས་པ་ལམས་སེ་ལམ༔ རིན་ཆེན་རུས་རྒྱན་དར་དཔྱང་པུ་རུ་རུ༔ རྐང་གླིང་གསང་བའི་རྔེའུ་ཆུང་སངས་སེ་སང༔ རྣམ་མང་དགའ་བཞིའི་སྒྱུ་རྩལ་ཁྱུགས་སེ་ཁྱུག༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ གནས་ཁང་འོག་མིན་བདེ་ཆེན་ཞིང་དུ་སྒྱུར༔ རྣལ་འབྱོར་རིག་འཛིན་གྲལ་དུ་དབང་མཆོག་སྐུར༔ དགོངས་རྒྱུད་ཏིང་འཛིན་དག་པར་བྱིན་ཆེན་ཕོབ༔ དམ་རྫས་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་སྐྱིལ༔ ཐམས་ཅད་བདེ་མཆོག་བདེ་བའི་རོལ་མོ་ཡིས༔ ཧེ་རུ་ཀ་དཔལ་དགྱེས་པའི་གཟི་བྱིན་སྐྱེད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ཨེ་ཨཱ་རལླི་མ་ཧཱ་སུ་ཁ་ཛྙཱ་ན་ཛྭ་ལ་ཨཱ་བེ་ཤ་ཡ་ས་མ་ཡ་སཏྭཾ༔ དང་པོ་མཆོད་པས་དགྱེས་པ་བསྐྱེད༔ ཧཱུྃ་ཧྲཱི༔ ཚོགས་ཀྱི་ངོ་བོ་སྐུ་ལྔ་ཡེ་ཤེས་ལྔ༔ ཚོགས་ཀྱི་རང་བཞིན་དམ་ཚིག་བདུད་རྩིའི་རྫས༔ ཚོགས་ཀྱི་རང་རྩལ་འདོད་ཡོན་རྒྱ་མཚོར་འཁྱིལ༔ ཚོགས་ཀྱི་བྱེད་ལས་ཟག་མེད་བདེ་ཆེན་སྐྱེད༔ བླ་ན་མེད་པའི་དགོངས་སྤྱོད་ཆེན་པོ་འདི༔ རིག་འཛིན་བླ་མའི་ཚོགས་ལ་མཆོད་པ་འབུལ༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལས་ལ་སྐུལ༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་མགྲོན༔ དགྱེས་མཉམ་མཆོག་གི་མཆོད་པ་ཆེན་པོ་བཞེས༔ དགོངས་བརྒྱུད་ཏིང་འཛིན་དག་པས་བྱིན་གྱིས་རློབས༔ ལས་དང་ཡེ་ཤེས་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་ག་ཎ་ཙཀྲ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ བར་པ་སྐོང་བས་ཉམས་ཆག་བཤགས༔ ཕྱི་མཆོད་ཉེར་སྤྱོད་ཕྲེང་བ་བཤམ༔ ནང་མཆོད་འདོད་ཡོན་སྣ་ཚོགས་བསྟར༔ ཁྱད་པར་སྨན་གཏོར་རཀྟ་དང༔ མར་མེ་ཚོགས་ཀྱི་ལོངས་སྤྱོད་སོགས༔ རྨད་བྱུང་རྡོ་རྗེ་ཐེག་པ་ཡི༔ མཆོད་པ་ཐམས་ཅད་དཔུང་བསྐྱེད་ལ༔ ཞྭ་གོས་བརྗིད་ལྡན་དབྱངས་རོལ་བཅས༔ སྐོང་རྫས་ནམ་མཁའི་མཛོད་དུ་བརླབ༔ ཨོཾ་ཨཱཿཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་འཛིན་རྩ་གསུམ་ལྷ་ཚོགས་དགྱེས་པའི་རྫས༔ བདེ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ༔ སྐོང་རྫས་ནམ་མཁའི་མཛོད་ཀྱི་གཏེར་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བཛྲ་སྥ་ར་ཎ་ཁཾ༔ ཧཱུྃ་ཧྲཱི༔ རང་བྱུང་གསང་མཆོག་རྡོ་རྗེའི་དཀྱིལ་འཁོར་འདིར༔ དམ་ཚིག་སྒྲུབ་པའི་རྫས་ནི་སྐར་ལྟར་བཀྲམ༔ ཡེ་ཤེས་རིག་རྩལ་དགོངས་པ་ཉི་ལྟར་བརྡལ༔ དབྱེར་མེད་འདོད་ཡོན་རོལ་མོ་བསམ་མི་ཁྱབ༔ འོག་མིན་གསང་བ་ཆེན་པོའི་མཎྜ་ལར༔ འོད་གསལ་རང་སྣང་བཀོད་པའི་རྒྱན་སྟུག་པོ༔ ལྷག་པ་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལས༔ ཡུལ་དང་དབང་པོ་གཉིས་མེད་དགྱེས་བསྐྱེད་པ༔ ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་མཉམ་པས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དབྱིངས་སུ་བསྐང༔ གཉིས་མེད་བདེ་བ་མཆོག་གི་གཟི་བྱིན་སྐྱེད༔ བྱིན་རླབས་ནུས་པའི་མཐུ་དབང་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ འོག་མིན་བརྡལ་ཁྱབ་ཆེན་པོའི་ཞིང་ཁམས་ནས༔ ཀུན་བཟང་རིགས་ལྔ་བསམ་ཡས་ཞི་ཁྲོའི་ལྷ༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང༔ དགོངས་ཀློང་འདུ་འབྲལ་མེད་པའི་དངོས་གྲུབ་སྩོལ༔ ལྷ་ཀླུ་མི་ཡི་ཞིང་ཁམས་རབ་འབྱམས་ནས༔ རིགས་གསུམ་སེམས་དཔའ་ལྷ་ཀླུ་མིའི་རིག་འཛིན༔ བརྡ་བརྒྱུད་ཚོམ་བུ་འབུམ་སྡེའི་ཐུགས་དམ་བསྐང༔ བདེ་སྟོང་ཐིག་ལེ་ཆེན་པོའི་དངོས་གྲུབ་སྩོལ༔ རྒྱ་བོད་ཞིང་ཁམས་གནས་ཡུལ་ཆོས་འཁོར་ནས༔ དབང་སྐུར་རྒྱུད་བཤད་མན་ངག་ཆུ་རྒྱུན་སྤེལ༔ སྙན་བརྒྱུད་གྲུབ་པ་རྒྱ་མཚོའི་ཐུགས་དམ་བསྐང༔ སྨིན་གྲོལ་འགྲོ་དོན་མཐར་ཕྱིན་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ གསང་བ་མཐའ་དག་འཛིན་པའི་ཕོ་བྲང་ནས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་རིག་པ་འཛིན༔ བཅོམ་ལྡན་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང༔ མཐུ་སྟོབས་ནུས་བྱིན་འབར་བའི་དངོས་གྲུབ་སྩོལ༔ མཁྱེན་རབ་ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་ནས༔ སངས་རྒྱས་ཀུན་གྱི་སྐུ་ཡི་རིག་པ་འཛིན༔ བཅོམ་ལྡན་འཇམ་དཔལ་དཔའ་བོའི་ཐུགས་དམ་བསྐང༔ གཟུངས་དྲན་སྤོབས་པ་མཐའ་ཡས་དངོས་གྲུབ་སྩོལ༔ བྱམས་ཆེན་སྙིང་རྗེའི་རང་བཞིན་དཀྱིལ་འཁོར་ནས༔ སངས་རྒྱས་ཀུན་གྱི་གསུང་གི་རིག་པ་འཛིན༔ བཅོམ་ལྡན་སྤྱན་རས་གཟིགས་དབང་ཐུགས་དམ་བསྐང༔ འགྲོ་འདུལ་ཐུགས་རྗེ་ཆེན་པོའི་དངོས་གྲུབ་སྩོལ༔ རྡོ་རྗེ་སེམས་དཔའི་ཤེལ་གྱི་ཁང་བུ་ནས༔ དུས་གསུམ་བདེ་གཤེགས་ཡེ་ཤེས་སྤྲུལ་པའི་སྐུ༔ རིག་འཛིན་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང༔ ལྷ་དང་རྟོག་པ་དབྱེར་མེད་དངོས་གྲུབ་སྩོལ༔ བདེ་ཆེན་རྡོ་རྗེ་བརྩེགས་པའི་ཕོ་བྲང་དུ༔ གླེགས་བམ་དབང་ཐོབ་ཟུང་འཇུག་ཡེ་ཤེས་སྐུ༔ སྐལ་ལྡན་རྒྱལ་པོ་ཛཿཡི་ཐུགས་དམ་བསྐང༔ རྒྱུད་ལུང་མན་ངག་ཆོས་ཀྱི་དངོས་གྲུབ་སྩོལ༔ ཐེག་དགུ་ཡོངས་རྫོགས་སྙིང་པོའི་ཀེའུ་ཚང་དུ༔ རིག་རྩལ་དབང་ཐོབ་ཐིག་ལེ་ཆེན་པོའི་སྐུ༔ གྲུབ་མཆོག་ཤྲཱི་སིཾ་ཧའི་ཐུགས་དམ་བསྐང༔ གནས་ལུགས་རྟོགས་པ་མཐར་ཕྱིན་དངོས་གྲུབ་སྩོལ༔ པཎ་ཆེན་གྲུབ་པ་ལྔ་བརྒྱའི་འདུ་གནས་སུ༔ བཤེས་གཉེན་དབང་ཐོབ་རྡོ་རྗེ་འཛིན་པའི་སྐུ༔ སློབ་དཔོན་བུདྡྷ་གུཔྟའི་ཐུགས་དམ་བསྐང༔ སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བདེ་གཤེགས་ཡོངས་འདུས་ཞི་ཁྲོའི་དཀྱིལ་འཁོར་ནས༔ སྐུ་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་དངོས༔ འཆི་མེད་པདྨ་ཐོད་ཕྲེང་ཐུགས་དམ་བསྐང༔ སྨིན་གྲོལ་ཡེ་ཤེས་མཐར་ཕྱིན་དངོས་གྲུབ་སྩོལ༔ དབུས་འགྱུར་བསིལ་ཚལ་གྱི་དུར་ཁྲོད་དུ༔ དཔལ་ཆེན་ཡང་དག་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་ཧཱུྃ་ཀཱ་ར་ཡི་ཐུགས༴ འབྲུ་བརྒྱད་ཐིག་ལེར་རྫོགས་པའི་དངོས་གྲུབ་སྩོལ༔ སིང་ང་སྐུ་ལ་རྫོགས་པའི་དུར་ཁྲོད་དུ༔ འཇམ་དཔལ་ཁྲག་འཐུང་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་མཉྫུ་ཤྲཱིའི་ཐུགས༴ སྲིད་ཞི་འཁོར་ལོ་བཞིར་རྫོགས་དངོས་གྲུབ་སྩོལ༔ བལ་ཡུལ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ༔ དབང་ཆེན་ལྷ་དང་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་ནཱ་གཱརྫུ་ནའི་ཐུགས༴ རྡོ་རྗེའི་རྟ་སྐད་གྲུབ་པའི་དངོས་གྲུབ་སྩོལ༔ ཟ་ཧོར་ལངྐ་བརྩེགས་པའི་དུར་ཁྲོད་དུ༔ རྡོ་རྗེ་གཞོན་ནུ་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་པྲ་བྷ་ཧསྟིའི་ཐུགས༴ སྲིད་པ་ཐལ་འབྱིན་ཆེན་པོའི་དངོས་གྲུབ་སྩོལ༔ སཱ་ལའི་གསང་ཆེན་རོལ་པའི་དུར་ཁྲོད་དུ༔ མངོན་རྫོགས་ལྷ་དང་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་དྷ་ན་སཾསྐྲྀའི་ཐུགས༴ རྩ་རླུང་ཐིག་ལེ་སྨིན་པའི་དངོས་གྲུབ་སྩོལ༔ ཨོ་རྒྱན་པདྨ་བརྩེགས་པའི་དུར་ཁྲོད་དུ༔ ཆེ་མཆོག་དཔལ་དང་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་བི་མ་མི་ཏྲའི་ཐུགས༴ སྣང་སྲིད་བདུད་རྩིར་དག་པའི་དངོས་གྲུབ་སྩོལ༔ ཁ་ཆེ་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ༔ གསང་བདག་ལྷ་དང་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་གུ་ཧྱ་ཙནྡྲའི་ཐུགས༴ དྲེགས་པ་བྲན་དུ་འཁོལ་བའི་དངོས་གྲུབ་སྩོལ༔ ལི་ཡུལ་ལངྐ་བརྩེགས་པའི་དུར་ཁྲོད་དུ༔ སྟོབས་ལྡན་དཔལ་དང་དབྱེར་མེད་ཡེ་ཤེས་བརྙེས༔ སློབ་དཔོན་ཤཱིནྟཾ་གརྦྷའི་ཐུགས་དམ་བསྐང༔ དྲག་སྔགས་མཐུ་དབང་རྫོགས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བྲག་ཕུག་མཱ་ར་ཏི་ཀའི་གནས་མཆོག་ཏུ༔ འཆི་མེད་རྡོ་རྗེའི་ས་བརྙེས་ཟུང་འཇུག་སྐུ༔ ལྷ་ལྕམ་མནྡཱ་ར་བའི་ཐུགས་དམ་བསྐང༔ ཚེ་དང་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཏི་སྒྲོ་བྲག་དཀར་མཁའ་འགྲོའི་ཚོགས་ཁང་དུ༔ སྣང་བཞི་མཐར་ཕྱིན་འཕོ་མེད་དྭངས་མའི་སྐུ༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་ཐུགས༴ གཟུངས་དྲན་ཏིང་འཛིན་རྒྱ་མཚོའི་དངོས་གྲུབ་སྩོལ༔ དཔལ་གྱི་བསམ་ཡས་དབུ་རྩེའི་གནས་མཆོག་ཏུ༔ བདེ་འདུས་བཀའ་བབས་རྒྱུན་མཐའི་ཏིང་འཛིན་བརྙེས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཐུགས༴ རྩ་གསུམ་དགོངས་འདུས་ལུང་གི་དངོས་གྲུབ་སྩོལ༔ ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ༔ ཡང་དག་བཀའ་བབས་ཉི་མའི་ཟེར་ལ་གཤེགས༔ གནུབས་ཆེན་ནམ་མཁའི་སྙིང་པོའི་ཐུགས༴ འོད་གསལ་སྙིང་པོ་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྦྲགས་ཀྱི་ཡང་རྫོང་གསང་བའི་ཕུག་པ་རུ༔ གཤིན་རྗེའི་བཀའ་བབས་ཉི་ཟླ་གདན་ཏུ་བཏིང༔ མཐུ་ཆེན་སངས་རྒྱས་ཡེ་ཤེས་ཐུགས༴ ཁྲག་འཐུང་རོལ་པ་སྐུ་ཡི་དངོས་གྲུབ་སྩོལ༔ བསམ་ཡས་མཆིམས་ཕུ་དཔལ་གྱི་ནགས་འདབས་སུ༔ རྟ་མགྲིན་བཀའ་བབས་རྟ་སྐད་འཛམ་གླིང་ཁྱབ༔ སློབ་དཔོན་རྒྱལ་བ་མཆོག་དབྱངས་ཐུགས༴ དབང་ཆེན་བཞད་པ་གསུང་གི་དངོས་གྲུབ་སྩོལ༔ བསམ་འགྲུབ་བདེ་ཆེན་ཤེལ་གྱི་ཕུག་པ་རུ༔ ཆེ་མཆོག་བཀའ་བབས་བྲག་ལས་བདུད་རྩི་འབེབ༔ གཉགས་ཆེན་ཡེ་ཤེས་གཞོན་ནུའི་ཐུགས༴ སྐུ་དང་ཡེ་ཤེས་ཡོན་ཏན་དངོས་གྲུབ་སྩོལ༔ མ་མོའི་འདུ་གནས་བྲག་དམར་ཀེའུ་ཚང་དུ༔ ཕུར་པའི་བཀའ་བབས་མཁའ་ལ་ཐོགས་མེད་འཕྱོ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཐུགས༴ བདུད་བཞི་ཟིལ་གནོན་ཕྲིན་ལས་དངོས་གྲུབ་སྩོལ༔ ཡར་སྟོད་ཤམ་པོ་གངས་ཀྱི་ཕུག་པ་རུ༔ མ་མོའི་བཀའ་བབས་སྲིད་པ་ལས་ལ་བཀོལ༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཐུགས་དམ༴ རྦོད་གཏོང་གྲུབ་པ་སྔགས་ཀྱི་དངོས་གྲུབ་སྩོལ༔ སྟག་ཚང་བསམ་འགྲུབ་སེང་གེའི་ཕུག་པ་རུ༔ དྲེགས་པའི་བཀའ་བབས་སྡེ་བརྒྱད་བྲན་དུ་བཀོལ༔ རླངས་ཆེན་དཔལ་གྱི་སེང་གེའི་ཐུགས༴ གསང་བ་འཛིན་པ་སྟོབས་ཀྱི་དངོས་གྲུབ་སྩོལ༔ འཆི་མེད་གཡའ་མ་ལུང་གི་བྲག་ཕུག་ཏུ༔ དྲག་སྔགས་བཀའ་བབས་ཀུན་མཁྱེན་ཡེ་ཤེས་བརྙེས༔ ལོ་ཆེན་རྣམ་པར་སྣང་མཛད་ཐུགས༴ གཟུང་འཛིན་ཚར་གཅོད་མཐུ་ཡི་དངོས་གྲུབ་སྩོལ༔ བོད་ཡུལ་སྒྲུབ་པའི་གནས་མཆོག་རབ་འབྱམས་སུ༔ རྩ་གསུམ་བཀའ་བབས་རྫུ་འཕྲུལ་བརྟུལ་ཞུགས་གྲུབ༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ལས་དང་ཡེ་ཤེས་མཐར་ཕྱིན་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ལྷ་དང་རྟོག་པ་དབྱེར་མེད་དཀྱིལ་འཁོར་དུ༔ བསྙེན་སྒྲུབ་མཐར་ཕྱིན་སྐལ་ལྡན་རྗེས་སུ་འཛིན༔ རིག་འཛིན་སློབ་དཔོན་ཡོངས་ཀྱི་ཐུགས་དམ་བསྐང༔ ལམ་ལྔ་ས་བཅུ་ཡོངས་རྫོགས་དངོས་གྲུབ་སྩོལ༔ གསང་མཆོག་རོལ་པ་རྒྱན་གྱི་དཀྱིལ་འཁོར་དུ༔ བདེ་ཆེན་སྐུར་བཞེངས་རྣམ་འཕྲུལ་ཅིར་ཡང་སྟོན༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས༴ ལས་བཞི་གྲུབ་བརྒྱད་མཆོག་གི་དངོས་གྲུབ་སྩོལ༔ གནས་ཡུལ་དུར་ཁྲོད་གསང་བའི་དཀྱིལ་འཁོར་དུ༔ ཞི་ཆགས་འབར་བའི་གར་སྒྱུར་འཕྲུལ་པོ་ཆེ༔ དཔའ་བོ་མཁའ་འགྲོ་ཡོངས་ཀྱི་ཐུགས༴ ཚར་གཅོད་རྗེས་འཛིན་ལས་ཀྱི་དངོས་གྲུབ་སྩོལ༔ ཕྱི་ནང་མཚམས་འཛིན་སྲུང་བའི་དཀྱིལ་འཁོར་དུ༔ ཚད་མེད་བཞི་ལྡན་རྣམ་བཞིའི་ཕྲིན་ལས་མཛད༔ སྒོ་སྐྱོང་གིང་ཆེན་ཡབ་ཡུམ་ཐུགས༴ ཞི་རྒྱས་དབང་དྲག་ལས་བཞིའི་དངོས་གྲུབ་སྩོལ༔ བཀའ་དང་བསྟན་པ་སྐྱོང་བའི་དཀྱིལ་འཁོར་དུ༔ དཔལ་གྱི་དམ་བཞེས་ཕྲིན་ལས་ཐོགས་མེད་སྒྲུབ༔ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཐུགས༴ བསྟན་དང་དེར་འཛིན་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཐུགས་དམ་སྐོང་བའི་རྨད་བྱུང་མཆོད་སྤྲིན་ནི༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་འཕྲུལ་པའི༔ གླིང་བཞིའི་ཉེར་སྤྱོད་འདོད་འབྱུང་ཡིད་བཞིན་གཏེར༔ ཕྱི་མཆོད་ནམ་མཁའ་གང་བས་ཐུགས་དམ་བསྐང༔ རྡོ་རྗེའི་གཟུགས་མཛེས་སྙན་འགྱུར་བརྗིད་པའི་སྒྲ༔ བདུད་རྩིའི་དྲི་བསུང་རོ་བརྒྱའི་ཞལ་ཟས་དང༔ རེག་བྱ་འཇམ་འཁྲིལ་བདེ་ཆེན་ཡེ་ཤེས་སྐྱེད༔ ནང་མཆོད་སྲིད་གསུམ་ཁྱབ་པས་ཐུགས༴ འདོད་ཆགས་ཁྲག་མཚོ་ཞེ་སྡང་རུས་པའི་རི༔ གཏི་མུག་ཤ་ཆེན་ང་རྒྱལ་མྱོས་བྱེད་རྒྱུན༔ ཕྲག་དོག་དོན་སྣོད་ཚོམ་བུར་བརྡལ་བ་སོགས༔ དུར་ཁྲོད་དྲག་པོའི་མཆོད་པས་ཐུགས༴ སྐུ་གསུང་ཐུགས་ཀྱི་བདེ་ཆེན་ཡེ་ཤེས་སྐྱེད༔ ཡོན་ཏན་རྒྱན་ལྡན་ཕྲིན་ལས་གླུ་དབྱངས་ལེན༔ གསང་མཆོག་པདྨོ་བཞད་པའི་རྣམ་འགྱུར་ཅན༔ རྡོ་རྗེའི་རིག་མའི་ཚོགས་ཀྱིས་ཐུགས༴ ལྷན་སྐྱེས་ཡེ་ཤེས་བྱང་ཆུབ་སེམས་སུ་སྦྱོར༔ གཟུང་འཛིན་རྟོག་པ་འོད་གསལ་དབྱིངས་སུ་བསྒྲལ༔ ཟུང་འཇུག་འཁོར་གསུམ་ལས་འདས་འོད་གསལ་ཀློང༔ བླ་མེད་གསང་བའི་མཆོད་པས་ཐུགས༴ སྣང་སྲིད་རྣམ་དག་བདུད་རྩིའི་རྒྱ་མཚོ་བསྐྱིལ༔ ཁམས་གསུམ་སྟོངས་བྱེད་ཁྲག་མཚོ་ལྦུ་ཕྲེང་འཁྲིགས༔ འདོད་འབྱུང་དཔལ་གཏོར་ལྷུན་པོ་བརྗིད་དང་ལྡན༔ རྨད་བྱུང་དམ་ཚིག་མཆོད་པས་ཐུགས༴ འོད་གསལ་ཡེ་ཤེས་མར་མེའི་སྣང་བས་ཁྱབ༔ བདེ་མཆོག་སྒྱུ་མའི་གདུགས་འཕན་བླ་བྲེ་འཕྱང༔ བྱང་ཆུབ་ཁང་བཟང་ནོར་བུའི་རྒྱན་ལྡན་སོགས༔ རྣམ་མང་བཀོད་པ་རྒྱ་མཚོས་ཐུགས༴ གཞན་ཡང་སྒྲུབ་རྫས་གཉན་པོས་གཞི་བཟུང་སྟེ༔ མཆོད་རྫས་སྐོང་རྫས་ལོངས་སྤྱོད་ཆེན་པོར་སྤུངས༔ རྟེན་གྱི་རྫས་འཆང་བསྐྱེད་རྫོགས་ཏིང་འཛིན་གསལ༔ དམ་ཚིག་ལོངས་སྤྱོད་ཡོངས་ཀྱིས་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་གྱུར་ཉམས་ཆག་རྟོག་སྒྲིབ་དག༔ ཞི་རྒྱས་དབང་དྲག་ལས་ཀུན་ལྷུན་གྱིས་གྲུབ༔ རིག་འཛིན་བཞི་དང་དབང་བཅུའི་ཡེ་ཤེས་འཕེལ༔ སྟོབས་བཅུའི་རྩལ་ཆེན་རྫོགས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཧོ༔ རིག་འཛིན་རྩལ་འཆང་དུས་གསུམ་བླ་མ་དང༔ ཡི་དམ་ལྷ་དང་མཁའ་འགྲོ་དམ་ཅན་སོགས༔ དཔང་གྱུར་སྤྱན་ལྡན་སྐྱབས་མཆོག་མ་ལུས་ཀུན༔ དམིགས་མེད་ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ཅག་ཐོག་མེད་དུས་ཀྱི་སྔོན་རོལ་ནས༔ རང་ངོ་མ་མཐོང་གཟུང་འཛིན་རྟོག་པས་བསྒྲིབས༔ འགྲོ་བ་དྲུག་ཏུ་སྐྱེ་བའི་ཁ་བརྒྱུད་དེ༔ ལས་ཀྱི་དབང་གིས་བག་ཆགས་སྣ་ཚོགས་ཤར༔ ཉོན་མོངས་དབང་གྱུར་ལུས་ངག་ཡིད་གསུམ་གྱིས༔ སྡིག་པ་མི་དགེའི་ལས་རྣམས་ཅི་བསགས་པ༔ སྙིང་ནས་འགྱོད་པས་བཤགས་ཤིང་བསྡམ་བགྱིད་ན༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཉེས་སྤྱོད་སྤོང་བ་སོ་ཐར་སྡོམ་པ་དང༔ དགེ་བའི་ཆོས་སྡུད་བྱང་ཆུབ་བསླབ་པ་མཆོག༔ ཐུན་མོང་རྒྱུད་སྡེའི་རྩ་བ་ཡན་ལག་སོགས༔ སྤྱི་ཡི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ བླ་མེད་གསང་མཆོག་རྡོ་རྗེའི་དཀྱིལ་འཁོར་དུ༔ འདའ་དཀའ་ཁས་བླངས་རྩ་ལྟུང་བཅུ་བཞི་དང༔ སྦོམ་པོའི་ལྟུང་བ་ཕྲ་མོ་ཇི་སྙེད་སོགས༔ ཁྱད་པར་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ ཧེ་རུ་ཀ་དཔལ་སྒྲུབ་པའི་སྤྱོད་པ་མཆོག༔ དགོངས་ཏེ་གསུངས་པའི་བརྟུལ་ཞུགས་ཉི་ཤུ་དང༔ གསང་བར་འོས་དང་གཉེར་གཏད་ལ་སོགས་པ༔ ལྷག་པའི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ དབང་ཐོབ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི༔ ཕྱག་རྒྱ་མ་གསལ་བྱིང་རྒོད་དབང་དུ་གྱུར༔ བཀོད་པའི་ལྷ་དང་ཕྱག་མཚན་སྟོན་པ་སོགས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ རྡོ་རྗེའི་གསང་སྔགས་བསྙེན་ཅིང་སྒྲུབ་པ་གཡེལ༔ བཟླས་པའི་སྐྱོན་གྱིས་བྱིན་རླབས་ནུས་པ་ཡལ༔ སྔགས་ཀྱི་སྙེམས་པས་ཕྲ་མོའི་ལས་ལ་བཀོལ༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ རྟོག་པའི་དབང་གིས་གནས་ལུགས་དོན་མ་མཐོང༔ ལེ་ལོའི་དབང་གྱུར་མཉམ་གཞག་སྒོམ་པ་གཡེལ༔ གཟུང་འཛིན་མཚན་མས་སྤྱོད་པ་དངོས་པོར་གོལ༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་སོགས༔ སྡོམ་དང་དམ་ཚིག་ཉམས་ཆག་འགལ་འཁྲུལ་ཀུན༔ མི་འཆབ་མི་སྦེད་བཤགས་ཤིང་བསྡམ་བགྱིད་ན༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ དོན་དམ་བཤགས་དང་བཤགས་བྱ་ལས་འདས་ཀྱང༔ ཀུན་རྫོབ་སྒྱུ་མའི་ཉམས་སྒྲིབ་བྱང་ཞིང་དག༔ རྡོ་རྗེ་གསང་བ་མཆོག་གི་ཡེ་ཤེས་དང༔ དབྱེར་མེད་སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག༔ བརྐྱང་ཕྱག་འཚལ་ཞིང་ཡིག་བརྒྱ་བཟླ༔ རིག་སྟོང་གཉུག་མར་མཉམ་བཞག་པས༔ བསྐལ་པར་བསགས་པའི་སྡིག་ལྟུང་ཡང༔ སྐད་ཅིག་ཉིད་ལ་བྱང་བར་ངེས༔ དེ་ལྟར་སྐོང་བཤགས་རིམ་པ་འདི༔ དུས་དྲུག་རྩེ་གཅིག་བརྩོན་པ་ཡིས༔ སྔགས་འཆང་དམ་ཚིག་རྣམ་དག་པས༔ རིག་འཛིན་བླ་མས་བྱིན་གྱིས་རློབ༔ ཡི་དམ་ལྷ་ཡིས་དངོས་གྲུབ་སྟེར༔ དཔའ་བོ་མཁའ་འགྲོས་གྲོགས་མཛད་ནས༔ ནང་གི་ས་ལམ་མྱུར་བགྲོད་འགྱུར༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ འབར་བ་ཆེན་པོའི་ཕྱག་རྒྱ་རྣམ་བཞི་ཡིས༔ འཇིག་རྟེན་ཀུན་གྱི་ལོག་འདྲེན་དགྲ་བགེགས་ཚོགས༔ དགུག་བསྟིམ་བཅིང་ཞིང་ཆོས་ཉིད་ངང་དུ་མྱོས༔ མ་རུངས་བསྒྲལ་བའི་ཞིང་དུ་མངོན་གྱུར་ཅིག༔ ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ དཔལ་ཆེན་ཁྲོས་པའི་ལས་མཛད་ཧེ་རུ་ཀའི༔ གཟི་བརྗིད་སྟོབས་ཀྱིས་ཚེ་བསོད་སྒྲུབ་ལ་བསྟིམ༔ བྱང་སེམས་སྟོབས་ཀྱིས་གནས་ཀྱི་དྲི་མ་སྦྱང༔ ཡེ་ཤེས་སྟོབས་ཀྱིས་རྣམ་ཤེས་དབྱིངས་སུ་སྦྱོར༔ དྲག་ཤུལ་སྟོབས་ཀྱིས་གཟུགས་ཕུང་ཚོགས་སུ་བསྒྲལ༔ ཤ་ཁྲག་རུས་གསུམ་དགྱེས་པའི་ལོངས་སྤྱོད་རྫས༔ རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཞལ་དུ་སྟོབ༔ ཁམས་གསུམ་ཡོངས་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་ནས༔ བདེ་ཆེན་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་བིགྷྣཱན་ཧཱུྃ་ཨ་མཱ་ར་ཡ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧེ་ཧེ་ཧཱུྃ་ཧཱུྃ༔ ནང་གི་དཀྱིལ་འཁོར་དགྱེས་པའི་ཕྱིར༔ དམ་ཚིག་་་་རྫས་ཀྱི་ལོངས་སྤྱོད་འབུལ༔ ཧོ༔ རྡོ་རྗེའི་དམ་ཚིག་ཆེན་པོ་ནི༔ སྤང་ལེན་མཉམ་པའི་བརྟུལ་ཞུགས་རྫས༔ རིག་འཛིན་མཁའ་འགྲོའི་ལོངས་སྤྱོད་མཆོག༔ དགྱེས་པ་མཆོག་གིས་བཞེས་སུ་གསོལ༔ ཧོ༔ རྡོ་རྗེ་བཟའ་བའི་དམ་ཚིག་རྫས༔ བདེ་ཆེན་ཡེ་ཤེས་བདུད་རྩིའི་བཅུད༔ ཕུང་ཁམས་ལྷ་དང་མཉམ་སྦྱོར་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་བླང༔ མ་ཧཱ་པཱུ་ཛ་ས་མ་ཡ་ཨཱཏྨ་ཀོ྅་ཧཾ༔ ཧོ༔ བདག་ཉིད་དཀྱིལ་འཁོར་གཙོ་མཆོག་ཐོད་ཕྲེང་རྩལ༔ གསལ་བརྟན་ཏིང་འཛིན་ཡེ་ཤེས་དཀྱིལ་འཁོར་དབུས༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གཞལ་མེད་ཁང༔ བདེ་ཆེན་ཡེ་ཤེས་སྒྱུ་མའི་བཀོད་པ་རྫོགས༔ སྤྱི་བོར་དགོངས་བརྒྱུད་བདེ་གཤེགས་མཁའ་ཁྱབ་བཞུགས༔ མགྲིན་པར་བརྡ་བརྒྱུད་རིག་འཛིན་དགོངས་ཉམས་བསྐྱང༔ སྙིང་ཁར་རིགས་ཀུན་ཁྱབ་བདག་རྡོ་རྗེ་ཆོས༔ དཔལ་ཆེན་གྲུབ་པའི་སློབ་དཔོན་ཚོགས་ཀྱིས་བསྐོར༔ ལྟེ་བར་སྙན་བརྒྱུད་རྣལ་འབྱོར་དབང་ཕྱུག་དང༔ གསང་གནས་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཕྲོ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀུན༔ རྩ་གསུམ་ཡོངས་རྫོགས་ཏིལ་གྱི་གོང་བུ་ལྟར༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་བ་ཡི༔ ལག་གཉིས་ཐབས་ཤེས་རྡོ་རྗེའི་དགང་བླུགས་ཀྱིས༔ བཟའ་བཅའ་བཏུང་བ་བླ་མེད་དམ་ཚིག་རྫས༔ ལྷ་དང་དབྱེར་མེད་དགྱེས་བཞད་ཞལ་དུ་འབུལ༔ གཏུམ་མོའི་མེ་ཡིས་བཞུ་བཏུལ་བྱང་ཆུབ་སེམས༔ ཡུལ་དང་དབང་པོ་གཉིས་མེད་བདེ་བ་ཆེ༔ ཆོས་ཉིད་ཁྱབ་བརྡལ་ཆེན་པོའི་མཆོད་སྤྲིན་གྱིས༔ དགྱེས་མཉམ་མཆོག་གི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སུ་ཁ་སཾ་བྷོ་ག་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ དེ་ལྟར་ཏིང་འཛིན་གསལ་བཏབ་ནས༔ ཞེན་མེད་ངང་ནས་ཚིམས་པར་རོལ༔ ཕྱི་ནང་སྐྱེ་མཆེད་ལྷ་ཡི་ཚོགས༔ མཉེས་ཕྱིར་རྡོ་རྗེའི་གླུ་གར་བྱ༔ ཨོཾ་ཧཱུྃ༔ གསང་བ་མཆོག་གི་དགྱེས་པ་ན༔ རྩ་གསུམ་ལྷ་ཚོགས་རྟག་ཏུ་བཞུགས༔ སྣང་སྲིད་གཞིར་བཞེངས་ཡེ་ཤེས་ཀྱིས༔ སྣོད་བཅུད་དམ་ཚིག་ཕྱག་རྒྱར་བཞེངས༔ ཀཱ་ཡ་ཛྙཱ་ན་ཨ་ལ་ལ་ཧོ༔ ཏེ་ན་ཧཱུྃ་ཏེ་ན་ཧཱུྃ༔ ཏི་པུ་མ་ཧཱ་སུ་ཁ་ཨ་ཧཾ༔ སྐྱེ་ཞིང་གནས་དང་སྡུད་པའི་རླུང༔ སྔགས་ཀྱི་སྒྲ་དབྱངས་འདུ་འབྲལ་མེད༔ རྣལ་འབྱོར་དྲོད་དང་བདེ་བ་ཡིས༔ ཁ་སྦྱོར་དབུ་མའི་སྲོག་ཏུ་བཞེངས༔ ཝཱ་ཀ་ཛྙཱ་ན་ཨ་ལ་ལ་ཧོ༔ ཏེ་ན་ཧཱུྃ་ཏེ་ན་ཧཱུྃ༔ ཏི་པུ་མ་ཧཱ་སུ་ཁ་ཨ་ཧཾ༔ རབ་དགྱེས་ཆོས་ཀྱི་འབྱུང་གནས་མ༔ བདེ་ཆེན་མཆོག་གིས་ལྷག་པར་བརྒྱན༔ རྨད་བྱུང་འདོད་པའི་སྒྱུ་རྩལ་གྱིས༔ ཟག་མེད་ལྷན་སྐྱེས་ཐིག་ལེར་བཞེངས༔ ཙིཏྟ་ཛྙཱ་ན་ཨ་ལ་ལ་ཧོ༔ ཏེ་ན་ཧཱུྃ་ཏེ་ན་ཧཱུྃ༔ ཏི་པུ་མ་ཧཱ་སུ་ཁ་ཨ་ཧཾ༔ འཁོར་བ་དང་ནི་མྱ་ངན་འདས༔ ཐམས་ཅད་ཀ་དག་གཉུག་མའི་དབྱིངས༔ རིག་རྩལ་འགག་མེད་ཡེ་ཤེས་ཀྱིས༔ ལྷུན་རྫོགས་འོད་གསལ་རྒྱན་དུ་བཞེངསཿ བཛྲ་ཛྙཱ་ན་ཨ་ལ་ལ་ཧོ༔ ཏེ་ན་ཧཱུྃ་ཏེ་ན་ཧཱུྃ༔ ཏི་པུ་མ་ཧཱ་སུ་ཁ་ཨ་ཧཾ༔ རྡོ་རྗེ་རྟག་པ་རྒྱུན་གྱི་གླུ༔ ཡེ་ཤེས་ཉི་མའི་སྒྲ་དབྱངས་ཅན༔ པདྨ་གར་གྱི་ལས་བྱས་པས༔ ཐམས་ཅད་ཕྱག་རྒྱའི་འཁོར་ལོར་རྫོགས༔ མ་ཧཱ་ཛྙཱ་ན་གཱིརྟི་ཨ་ལ་ལ་ཧོ༔ ཏེ་ན་ཧཱུྃ་ཏེ་ན་ཧཱུྃ༔ ཏི་པུ་མ་ཧཱ་སུ་ཁ་ཨ་ཧཾ༔ རྟ་མཆོག་དཔལ་གྱི་བདེ་བའི་དབྱངས༔ རྡོ་རྗེ་སེམས་དཔའི་ཡེ་ཤེས་ཅན༔ ཧེ་རུ་ཀ་དཔལ་དགྱེས་པའི་གར༔ འཁོར་འདས་ཀུན་གྱི་སྲོག་ཏུ་གྲུབ༔ བཛྲ་སཏྭ་ཛྙཱ་ན་གཱིརྟི་ཨ་ལ་ལ་ཧོ༔ ཏེ་ན་ཧཱུྃ་ཏེ་ན་ཧཱུྃ༔ ཏི་པུ་མ་ཧཱ་སུ་ཁ་ཨ་ཧཾ༔ སྐྱེ་བ་མེད་ལ་འགག་པ་མེད༔ གནས་མེད་ལེན་མེད་རྟེན་དང་བྲལ༔ ཐམས་ཅད་ཡེ་ཤེས་ཕྱག་རྒྱའི་རྒྱན༔ ལྷུན་གྲུབ་ཆེན་པོའི་ཐིག་ལེར་འཁྱིལ༔ དྷཱ་ཏུ་ཛྙཱ་ན་ཨ་ལ་ལ་ཧོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་གུ་ཎ་ཀརྨ་མ་ཧཱ་ཤཱུནྱ་ཏཱ་མ་ཧཱ་སུ་ཁ་མ་ཧཱ་ཛྙཱ་ན་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ འ་བུདྡྷ་ཛྙཱ་ན་ས་མ་ཡ་ཧོ༔ ཨ་བཛྲ་ཛྙཱ་ན་ས་མ་ཡ་སཏྭཾ༔ ས་རཏྣ་ཛྙཱ་ན་ཨ་ནུ་རཱ་ག་ཡ་ཧོ༔ ཤ་པདྨ་ཛྙཱ་ན་ཨ་ནུ་རཱ་ག་ཡཱ་མི༔ མ་ཀརྨ་ཛྙཱ་ན་ཛཿཧཱུྃ་བཾ་ཧོ༔ ཧ་ཧེ་རུ་ཀ་ཛྙཱ་ན་མ་ཧཱ་སུ་ཁ་ཨ་ཏི་བི་ཤུདྡྷ་ཛྙཱ་ན་ཨ་ཧཾ༔ བཀྲ་ཤིས་གང་ཞིག་རྟག་པའི་ཡེ་ཤེས་རྡོ་རྗེ་སེམས༔ ཉི་མའི་སྟོབས་རྫོགས་པདྨ་དགྱེས་པའི་ཞལ་མངའ་བས༔ ཨ་ཧཾ་རྡོ་རྗེ་རྟ་ཡི་མགྲིན་གླུས་ཧེ་རུ་ཀ༔ དགའ་བ་ཆེན་པོས་ཁམས་གསུམ་རྟག་ཏུ་རོལ་གྱུར་ཅིག༔ གསང་བའི་གླུ་འདི་སུས་བླངས་པ༔ ཧེ་རུ་ཀ་ཡང་ཐུགས་འཕྲོག་ན༔ དཔའ་བོ་མཁའ་འགྲོ་ལྟ་ཅི་སྨོས༔ མཐོང་ཐོས་དྲན་རེག་ཐམས་ཅད་ཀུན༔ རྡོ་རྗེ་སེམས་དཔས་དབུགས་དབྱུང་ནས༔ བདེ་ཆེན་མཆོག་གི་བྱིན་ཕེབས་ཏེ༔ ཚེ་འདི་ཉིད་ལ་གྲོལ་བར་ངེས༔ གསང་བ་སྙོམས་འཇུག་ཚོགས་འཁོར་གྱིས༔ ལྷན་སྐྱེས་ཡེ་ཤེས་འཕེལ་བའི་ཕྱིར༔ དྲོད་ཐོབ་སྤྱོད་པ་དངོས་སུ་བརྩམ༔ རྗེས་མཐུན་ཏིང་འཛིན་ཆོ་གས་བསྒྲུབ༔ ཧོ༔ སངས་རྒྱས་ཀུན་གྱི་དམ་ཚིག་བླ་ན་མེད༔ བདེ་མཆོག་སྒྱུ་མའི་འབྱུང་གནས་ལྷ་མོ་ཆེ༔ དགྱེས་ཤིང་འཛུམ་པའི་མདངས་ལྡན་པདྨ་ལ༔ བྱང་ཆུབ་སེམས་སྤྲིན་དབབ་ཕྱིར་དང་དུ་བླང༔ པྲ་ཛྙཱ་མུ་དྲ་ས་མ་ཡ་ཨཱཏྨ་ཀོ྅་ཧཾ༔ ཧོ༔ བདག་ཉིད་ཐབས་ཀྱི་ཡེ་ཤེས་ཐོད་ཕྲེང་རྩལ༔ ཕྱག་རྒྱ་ཤེས་རབ་སྒྱུ་མ་མནྡཱ་ར༔ མཁའ་གསང་བདེ་ཆེན་རྡོ་རྗེ་པདྨའི་འཛུམ༔ ཧཱུྃ་དང་ཨཱཿཡིས་མཚན་པའི་འོད་ཟེར་གྱིས༔ ཞི་ཁྲོ་རབ་འབྱམས་སྤྱན་དྲངས་དབྱེར་མེད་ཐིམ༔ བདེ་བ་མཆོག་གི་ཡེ་ཤེས་བྱིན་ཆེན་ཕེབས༔ གང་ཤར་བདེ་བའི་སྒྱུ་རྩལ་རྨད་བྱུང་བས༔ སངས་རྒྱས་བྱང་ཆུབ་མངོན་དུ་བྱ་བའི་ཕྱིར༔ བརྡ་དང་ལན་གྱིས་བསྐུལ་བའི་དམ་ཚིག་གིས༔ ཕྱག་རྒྱ་བཞི་ལྡན་རོལ་པས་སྙོམས་པར་ཞུགས༔ གསོར་དང་བསྐྱོད་པའི་རྗེས་ཆགས་ཆེན་པོའི་མེས༔ བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གནས་ལྔར་བབས༔ ཕུང་ཁམས་སྐྱེ་མཆེད་རྩ་གསུམ་ལྷ་ཚོགས་ཀུན༔ དགྱེས་པ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར༔ འཛག་མེད་བཟུང་ཞིང་གྱེན་དུ་ལྡོག་པ་དང༔ གནས་སུ་བཀྲམ་པའི་ལྷན་སྐྱེས་དགའ་བ་བཞི༔ ཐམས་ཅད་ཤིན་ཏུ་རྣམ་དག་འོད་གསལ་ངང༔ ཟུང་འཇུག་ཁ་སྦྱོར་ལོངས་སྤྱོད་ཆེན་པོར་རོལ༔ ཨོཾ་པདྨ་བཛྲ་མནྡཱ་ར་ཨ་ཧཾ༔ བཛྲ་པདྨ་ཧཱུྃ་ཨཱ༔ མ་ཧཱ་སུ་ཁ་ཀཱ་མ་གུ་ཎ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་ག་ཧོ༔ ཨ་ནུ་རཱ་ག་ཡཱ་མི༔ བཛྲ་སྤརྴེ་ཛ༔ བཛྲ་ཀླེ་ཥ་ཧཱུྃ༔ བཛྲ་བནྡྷ་བཾ༔ བཛྲ་ཨཱ་བེ་ཤ་ཧོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བདུད་རྩི་ལྔ་ནི་སྙིང་གར་བྱུགས༔ ཤ་ཆེན་བཟའ་ཞིང་བརྟུལ་ཞུགས་བསྐྱེད༔ མཐར་ཐུག་དེ་ཁོ་ན་ཉིད་ཀྱི༔ ཡེ་ཤེས་ངང་དུ་མཉམ་པར་བཞག༔ ཨ༔ གདོད་ནས་རྣམ་དག་རིག་སྟོང་རྫོགས་པ་ཆེ༔ གནས་ལུགས་དོན་གྱི་བླ་མ་རྩ་གསུམ་ལྷ༔ རང་བཞིན་ཡོངས་ཤེས་ངང་དུ་མཉམ་གཞག་པའི༔ མཆོད་པ་ཆེན་པོས་རྟག་ཏུ་མཉེས་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཛྙཱ་ན་པཱུ་ཛ་ཨཱཏྨ་ཀོ྅་ཧཾ༔ དྷརྨ་དྷཱ་ཏུ་ཨ་ཨ༔ དེ་ལྟར་བསོད་ནམས་ཡེ་ཤེས་ཀྱི༔ ཚོགས་ཀྱི་མཆོད་པའི་འབྲས་བུ་ཆེ༔ མྱུར་དུ་འགྲུབ་པའི་སྨོན་ལམ་ནི༔ རྩེ་གཅིག་གདུང་བས་འདི་ལྟར་གདབ༔ ཧོ༔ སྣང་སྲིད་དག་པ་རབ་འབྱམས་དཀྱིལ་འཁོར་དུ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ བུམ་དབང་དམ་ཚིག་ཉམས་ཆག་བྱང་ཞིང་དག༔ སྣང་སྟོང་ཕྱག་རྒྱའི་ཡེ་ཤེས་མྱུར་འགྲུབ་ཤོག༔ རྡོ་རྗེ་ལུས་ཀྱི་ཕུང་པོའི་དཀྱིལ་འཁོར་དུ༔ དམ་རྫས་ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ གསང་དབང་དམ་ཚིག་ཉམས་ཆག་བྱང་ཞིང་དག༔ གསལ་སྟོང་བདེ་བའི་ཡེ་ཤེས་མྱུར་འགྲུབ་ཤོག༔ ཤེས་རབ་ཕྱག་རྒྱའི་པདྨའི་དཀྱིལ་འཁོར་དུ༔ བྱང་སེམས་ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ ཤེར་དབང་དམ་ཚིག་ཉམས་ཆག་བྱང་ཞིང་དག༔ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་མྱུར་འགྲུབ་ཤོག༔ ཆོས་དབྱིངས་མཐའ་དང་བྲལ་བའི་དཀྱིལ་འཁོར་དུ༔ རིག་རྩལ་ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ ཚིག་དབང་དམ་ཚིག་ཉམས་ཆག་བྱང་ཞིང་དག༔ དབྱིངས་རིག་ཟུང་འཇུག་ཡེ་ཤེས་མྱུར་འགྲུབ་ཤོག༔ སྣང་སྲིད་ཐམས་ཅད་པདྨ་དྲྭ་བའི་ཞིང༔ སྣོད་བཅུད་མ་ལུས་བདེ་ཆེན་ཚོགས་ཀྱི་རྒྱན༔ ཤེས་དང་ཤེས་བྱ་རོ་གཅིག་འཁོར་ལོའི་ངང༔ འཆི་མེད་རྩ་གསུམ་གོ་འཕང་འགྲུབ་གྱུར་ཅིག༔ ཕྱི་ཡི་ཚོགས་ཀྱིས་ཉམས་ཆག་སྐོང༔ དངོས་གྲུབ་འདོད་རྒུ་མྱུར་དུ་འགྲུབ༔ ནང་གི་ཚོགས་ཀྱིས་རྩ་རླུང་འབྱོངས༔ ཐིག་ལེ་ལས་སུ་རུང་བར་འཕེལ༔ གསང་བའི་ཚོགས་ཀྱིས་འཕོ་ཆགས་དག༔ ཟག་མེད་བདེ་བའི་ཡེ་ཤེས་རྒྱས༔ དེ་ཁོ་ན་ཉིད་ཚོགས་ཆེན་པོས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ དེ་ཕྱིར་རྡོ་རྗེ་ཐེག་པ་ཡི༔ གསང་བའི་ཀུན་སྤྱོད་རྨད་བྱུང་བ༔ རིག་འཛིན་ཡོངས་ཀྱི་ཁྱད་པར་དང༔ རྒྱུན་གྱི་ཉམས་ལེན་སྙིང་པོ་ཡིན༔ དེ་ལྟར་དངོས་སམ་རྗེས་མཐུན་པའི༔ ཚོགས་ཀྱི་སྤྱོད་པ་མཐར་ཕྱིན་ནས༔ གཙང་སྨེའི་ལྷག་གཏོར་སོ་སོར་བཤམ༔ བདུད་རྩིས་འཐོར་ཞིང་ཁ་ཕྲུ་དབབ༔ ཧཱུྃ་ཧྲཱི༔ དམ་ཚིག་ལྷག་མ་འདོད་ཡོན་རྒྱ་མཚོའི་སྤྲིན༔ ཧེ་རུ་ཀ་དཔལ་ཁ་ཆུའི་འོད་ཟེར་འཕྲོ༔ ཀུན་ཏུ་བཟང་པོའི་ཡེ་ཤེས་བདུད་རྩི་མཆོག༔ རྨད་དུ་བྱུང་བའི་དམ་རྫས་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ཧཱུྃ་ཧྲཱི༔ དཔལ་ཆེན་ཁྲག་འཐུང་རོལ་པའི་གནས་བཅུ་དང༔ དུར་ཁྲོད་བརྒྱད་སོགས་དབང་དྲག་ཞིང་རྣམས་ནས༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་ཚུལ་བཟུང་བའི༔ ལྷག་མགྲོན་དམ་ཚིག་ཅན་རྣམས་འདིར་གཤེགས་ཤིག༔ མ་མ་དྷཱ་ཀ་དྷཱ་ཀི་ནཱི་ཛྙཱ་ན་ལོ་ཀ་ཀརྨ་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧྲཱི༔ ཤར་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་འབུམ༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ༔ མི་འགྱུར་རིགས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ ནད་གདོན་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ ལྷོ་ནས་རིན་ཆེན་མཁའ་འགྲོ་སེར་མོ་འབུམ༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ༔ རྔམ་བརྗིད་རིགས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ནས་པདྨ་མཁའ་འགྲོ་དམར་མོ་འབུམ༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ༔ རྗེས་ཆགས་རིགས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་ལྗང་མོ་འབུམ༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ༔ དྲག་གཏུམ་རིགས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ མི་མཐུན་དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ དབུས་ནས་བདེ་གཤེགས་མཁའ་འགྲོ་དཀར་མོ་འབུམ༔ ཞལ་ཟས་ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ༔ འཕྲུལ་བཞད་རིགས་ཀྱི་མཁའ་འགྲོའི་བསུན་མ་ཟློག༔ མཆོག་གི་སྤྱོད་པ་གྲུབ་པའི་ཕྲིན་ལས་མཛོད༔ པཉྩ་ཛྙཱ་ན་དྷཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏ་ཁཱ་ཧི༔ ཕུད་ལྷག་གཅིག་ཏུ་བསྲེས་བྱས་ལ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཀརྨ་ཨུ་ཙྪིཥྚ་བ་ལིཾ་ཏ་ཧཱུྃ་ཧ་ཧོཿཧྲཱི༔ ཧཱུྃ་བྷྱོ༔ དང་པོ་ཕུད་ཀྱིས་རྩ་གསུམ་དགྱེས་པ་བསྐངས༔ བར་དུ་ལོངས་སྤྱོད་རྣལ་འབྱོར་རྒྱན་དུ་རོལ༔ ཐ་མ་ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ དཔལ་གྱི་ཕམ་ཕབ་ཞལ་ཟས་འདི་བཞེས་ཤིག༔ མཁའ་འགྲོ་སོ་གཉིས་རིགས་ལྔའི་ཀིངྐ་ར༔ སུམ་བརྒྱ་དྲུག་ཅུ་རིགས་ཀྱི་ཕོ་ཉ་མོ༔ མ་བདུན་སྲིང་བཞི་མགྱོགས་མ་སྤོར་མའི་ཚོགས༔ སྣང་སྲིད་གནས་ཡུལ་ཀུན་ཏུ་ཁྱབ་པ་ཡི༔ དཔའ་བོ་རྔམས་བརྗིད་གད་རྒྱངས་ཡ་ལ་ལ༔ དཔའ་མོ་རྗེས་ཆགས་བཤུག་གླུ་ཀྱུ་རུ་རུ༔ ཕོ་ཉ་ལས་མཁན་སྐར་ལྟར་ཁྱུགས་སེ་ཁྱུག༔ ཐམས་ཅད་རྡོ་རྗེའི་དམ་ཚིག་ལ་གནས་པས༔ ཤ་ཁྲག་བདུད་རྩི་ལྷག་མའི་ལོངས་སྤྱོད་རོལ༔ སྒྲུབ་མཆོག་རྣལ་འབྱོར་རྣམས་ཀྱི་བར་ཆད་ཟློག༔ བསྒྲུབ་པའི་གནས་སྲུངས་བགེགས་ཚོགས་ཚར་ཐག་ཆོད༔ བསྒྲུབ་རྫས་སྲིད་ཞིའི་འདོད་ཡོན་བཅུད་དུ་ཕོབ༔ བསྒྲུབ་པའི་ཏིང་འཛིན་འཕེལ་བའི་ཕྲིན་ལས་མཛོད༔ མ་མ་ལོ་ཀ་པཉྩ་དྷཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏ་ཁཱ་ཧི༔ བཤལ་ཆུ་བདུད་རྩིའི་རྒྱུན་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་ཧོཿབྷྱོ༔ གཞན་ཡང་མི་སྲུན་ལས་ཀྱི་ཕོ་ཉ་མོ༔ འཇིག་རྟེན་ཀུན་ཉུལ་གིང་འགོང་རླུང་ཤུགས་འཆང༔ འཇིགས་པའི་སྐུར་སྟོན་རྔམ་པའི་མགོ་བརྙན་ཅན༔ ནམ་མཁའ་ས་གཞི་བར་སྣང་ཁྱབ་པ་ཀུན༔ རྩ་གསུམ་ཞལ་ཟས་བདུད་རྩིའི་བཤལ་ཆུ་བཞེས༔ དཔལ་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ༔ འཁོར་སྲུངས་རྐྱེན་ཟློག་འདོད་རྒུའི་བསམ་པ་སྒྲུབས༔ འཇིག་རྟེན་ཁམས་ཀུན་བདེ་བའི་ཕྲིན་ལས་མཛོད༔ སརྦ་ཀརྨ་དྷཱ་ཀི་ནཱི་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏ་ཁཱ་ཧི༔ མཁའ་འགྲོ་མ་ཡི་ལྷག་ཆོག་ཚུལ༔ གཞན་དུ་མ་བསྟན་གདམས་པ་འདིས༔ རྣལ་འབྱོར་སྒྲུབ་པའི་བར་ཆད་ཞི༔ ཕྲིན་ལས་ཐོགས་མེད་མྱུར་འགྲུབ་འགྱུར༔ གཉིས་པ་བསྐུལ་གྱི་ལས་རིམ་ལ༔ དང་པོ་ཡེ་ཤེས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔ སྔོན་གྱི་དུས་ནས་གཡར་དམ་བཞེས་པ་ལྟར༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་དུས་ལ་བབ༔ རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབ་ཏུ་གསོལ༔ ལུས་ངག་ཡིད་ལ་དབང་བཞི་བསྐུར་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་གཅིག་སངས་རྒྱས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ འོག་མིན་གསང་བ་ཆེན་པོའི་གཞལ་ཡས་ནས༔ ཀུན་བཟང་རིགས་ལྔ་ཞི་ཁྲོ་རབ་འབྱམས་ལྷ༔ རྒྱལ་བ་དགོངས་བརྒྱུད་བླ་མ་དབྱིངས་ནས་བཞེངས༔ སྐྱེ་མེད་ཆོས་སྐུར་སྨིན་པའི་ཕྲིན་ལས་མཛོད༔ ལྷ་གནས་གསུམ་སོགས་སྤྲུལ་པའི་ཞིང་ཁམས་ནས༔ རིགས་གསུམ་སེམས་དཔའ་སྐལ་ལྡན་འདུས་པའི་ཚོགས༔ རིག་འཛིན་བརྡ་བརྒྱུད་བླ་མ་དབྱིངས་ནས་བཞེངས༔ འགག་མེད་ལོངས་སྐུར་རྫོགས་པའི་ཕྲིན་ལས་མཛོད༔ གནས་ཡུལ་དུར་ཁྲོད་གྲུབ་པའི་ཕོ་བྲང་ནས༔ གང་འདུལ་ཐབས་ཀྱིས་འགྲོ་རྣམས་དྲང་མཛད་པ༔ དུས་གསུམ་སྙན་བརྒྱུད་བླ་མ་དབྱིངས་ནས་བཞེངས༔ གནས་མེད་སྤྲུལ་སྐུར་གྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྟོབས་བཅུའི་ནུས་པས་བདུད་སྡེའི་དཔུང་ཚོགས་བཏུལ༔ རིག་འཛིན་གསང་བའི་བདག་པོ་དབྱིངས་ནས་བཞེངས༔ བྱིན་རླབས་ནུས་རྩལ་འབར་བའི་ཕྲིན་ལས་མཛོད༔ སངས་རྒྱས་ཀུན་གྱི་སྐུ་ཡི་དཀྱིལ་འཁོར་ནས༔ ཡེ་ཤེས་སྣང་བས་འགྲོ་བའི་མུན་པ་སེལ༔ རིག་འཛིན་འཇམ་དཔལ་གཞོན་ནུ་དབྱིངས་ནས་བཞེངས༔ མཁྱེན་གཉིས་གཏེར་ཆེན་བརྡོལ་བའི་ཕྲིན་ལས་མཛོད༔ སངས་རྒྱས་ཀུན་གྱི་གསུང་གི་དཀྱིལ་འཁོར་ནས༔ ཐུགས་རྗེ་ཆེན་པོས་ཁམས་གསུམ་དབུགས་ཆེན་འབྱིན༔ རིག་འཛིན་སྤྱན་རས་གཟིགས་དབང་དབྱིངས་ནས་བཞེངས༔ སྙིང་རྗེའི་དཀྱིལ་འཁོར་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཡི་དམ་ལྷ་དང་དབྱེར་མེད་དཀྱིལ་འཁོར་ནས༔ བདེ་ཆེན་རྡོ་རྗེ་སེམས་དཔའི་གདུང་འཚོབ་ཆེ༔ རིག་འཛིན་དགའ་རབ་དཔའ་བོ་དབྱིངས་ནས་བཞེངས༔ རྟོག་ཚོགས་ལྷ་སྐུར་སྨིན་པའི་ཕྲིན་ལས་མཛོད༔ རྒྱུད་ལུང་གླེགས་བམ་འདུས་པའི་དཀྱིལ་འཁོར་ནས༔ གསང་ཆེན་བླ་ན་མེད་པའི་ཤིང་རྟ་ཆེ༔ རིག་འཛིན་ཨིནྡྲ་བྷཱུ་ཏི་དབྱིངས་ནས་བཞེངས༔ རྒྱལ་ཀུན་གསུང་ལ་དབང་ཐོབ་ཕྲིན་ལས་མཛོད༔ རིག་རྩལ་འགག་མེད་འོད་ཀྱི་དཀྱིལ་འཁོར་ནས༔ འོད་གསལ་རྡོ་རྗེ་སྙིང་པོའི་ཤིང་རྟ་ཆེ༔ རིག་འཛིན་ཤྲཱི་སིཾ་ཧ་དབྱིངས་ནས་བཞེངས༔ ཐུགས་ཀྱི་དགོངས་དོན་རྟོགས་པའི་ཕྲིན་ལས་མཛོད༔ བཤེས་གཉེན་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་ནས༔ སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་སློབ་དཔོན་ཆེ༔ རིག་འཛིན་སངས་རྒྱས་གསང་བ་དབྱིངས་ནས་བཞེངས༔ བསླབ་གསུམ་རྩལ་ཆེན་རྫོགས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་ངོ་བོ་ཉིད༔ དཔལ་རི་པདྨ་འོད་ཀྱི་གཞལ་མེད་ཁང༔ ཡེ་ཤེས་འོད་ཟེར་བཀོད་པ་བཀྲག་ཏུ་འཚེར༔ རྩ་གསུམ་རབ་འབྱམས་འདུ་གནས་བྱིན་རེ་ཆེ༔ དཔའ་བོ་ཕོ་ཚོགས་མཆོད་སྤྲིན་བག་རེ་དྲོ༔ དཔའ་མོ་རིག་མའི་གླུ་གར་ཉམས་རེ་དགའ༔ ཆོས་སྐྱོང་དྲེགས་པའི་གཏུམ་རྔམ་བརྗིད་རེ་ཆེ༔ དཔེ་མེད་བསམ་བརྗོད་ལས་འདས་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ལྷུན་གྲུབ་འདུས་པའི་དཔལ༔ རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ་བའི་མཆོག༔ ཨོ་རྒྱན་མ་ཧཱ་གུ་རུ་དབྱིངས་ནས་བཞེངས༔ བོད་ཁམས་སྡུག་བསྔལ་དྲག་པོས་ཉམ་ཐག་ཚེ༔ རྗེ་བཙུན་ཁྱེད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེ་ནུས་པའི་རྩལ་ཤུགས་སྤྲུག་ཏུ་གསོལ༔ སྒྲུབ་པའི་གནས་མཆོག་འདི་ལ་བྱིན་ཆེན་ཕོབ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ བདེ་གསལ་མི་རྟོག་ཡེ་ཤེས་མངོན་སུམ་སྐྱེད༔ བྱང་ཆུབ་སྒྲུབ་པའི་བགེགས་ཚོགས་རྡུལ་དུ་རློག༔ ལོག་འདྲེན་འབྱུང་པོའི་བར་ཆད་ཟིལ་གྱིས་ནོན༔ ཐུན་མོང་ཕྲིན་ལས་རྣམ་བཞིའི་རྟེན་འབྲེལ་སྒྲིགས༔ རིག་འཛིན་གྲུབ་པའི་གསེང་ལམ་ལ་བརྟེན་ནས༔ མཆོག་གི་དངོས་གྲུབ་སྐུ་ལྔ་ཡེ་ཤེས་དབྱིངས༔ ཁམས་གསུམ་འགྲོ་ཀུན་གྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཡང་དག་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་ཧཱུྃ་ཆེན་ཀཱ་ར་སྐུ་བཞེངས་ཤིག༔ འབྲུ་བརྒྱད་གསེར་ཕྲེང་འོད་འབར་ཀློང་ཡངས་སུ༔ གཞི་འབྲས་རྩལ་ཆེན་རྫོགས་པའི་ཕྲིན་ལས་མཛོད༔ ཟིལ་གནོན་གཤིན་རྗེ་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་མཉྫུ་མི་ཏྲ་སྐུ་བཞེངས་ཤིག༔ རང་བྱུང་འཁོར་ལོ་རྣམ་བཞིའི་ཆོ་འཕྲུལ་གྱིས༔ འཁོར་འདས་དབྱེར་མེད་རྟོགས་པའི་ཕྲིན་ལས་མཛོད༔ དབང་ཆེན་པདྨ་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་ནཱ་གཱརྫུ་ན་སྐུ་བཞེངས་ཤིག༔ རྟ་སྐད་ཐེངས་གསུམ་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ སྲིད་གསུམ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ བདེ་ཆེན་ཆེ་མཆོག་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་བི་མ་མི་ཏྲ་སྐུ་བཞེངས་ཤིག༔ སྣང་སྲིད་བདུད་རྩིར་འཁྱིལ་པའི་བཅུད་ཆེན་པོས༔ འགྲོ་འདུལ་གྲོལ་བ་བཞི་ལྡན་ཕྲིན་ལས་མཛོད༔ མངོན་སྤྱོད་ཕུར་པ་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་པྲ་བྷ་ཧསྟི་སྐུ་བཞེངས་ཤིག༔ ཐལ་འབྱིན་བཞི་ལྡན་བཛྲ་ཀཱི་ལ་ཡའི༔ རྣམ་བཞིའི་གྲུབ་མཐའ་སྙོགས་པའི་ཕྲིན་ལས་མཛོད༔ བདེ་མཆོག་མངོན་རྫོགས་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་དྷ་ན་སཾསྐྲྀ་སྐུ་བཞེངས་ཤིག༔ ལས་དང་འཇིག་རྟེན་ཡེ་ཤེས་མ་མོའི་ཚོགས༔ རྩ་རླུང་ཐིག་ལེར་དག་པའི་ཕྲིན་ལས་མཛོད༔ གཏུམ་ཆེན་དྲེགས་འདུལ་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་གུ་ཧྱ་ཙནྡྲ་སྐུ་བཞེངས་ཤིག༔ སྟོང་སྲོག་རང་རིག་ཆོས་སྐུར་ལྷུན་རྫོགས་པས༔ ཁམས་གསུམ་དྲེགས་པ་ཟིལ་གནོན་ཕྲིན་ལས་མཛོད༔ དྲག་སྔགས་སྟོབས་ལྡན་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་ཤཱནྟིཾ་གརྦྷ་སྐུ་བཞེངས་ཤིག༔ རྫོང་འཕྲང་སྲོག་གསུམ་དམོད་པའི་རྩལ་ཆེན་པོས༔ གཟུང་འཛིན་ལོག་འདྲེན་ཚར་གཅོད་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ བདེ་མཆོག་བདེ་སྤྱོད་ཉེ་རྒྱུའི་དཀྱིལ་འཁོར་དུ༔ ཟག་པ་གསུམ་ཟད་མི་ཤིགས་རྡོ་རྗེའི་སྐུ༔ འཆི་མེད་མནྡཱ་ར་བ་དབྱིངས་ནས་བཞེངས༔ ཚེ་དང་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ བདེ་སྟོང་ཟུང་འཇུག་ཐིག་ལེའི་དཀྱིལ་འཁོར་དུ༔ གཟུངས་དྲན་མངོན་ཤེས་ཏིང་འཛིན་རྒྱ་མཚོ་བརྙེས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་དབྱིངས་ནས་བཞེངས༔ ལྷན་སྐྱེས་རང་རྩལ་རྫོགས་པའི་ཕྲིན་ལས་མཛོད༔ ཚོམ་བུ་དགུ་ལྡན་རོལ་པའི་དཀྱིལ་འཁོར་དུ༔ ཡི་དམ་ལྷ་དང་དབྱེར་མེད་དངོས་གྲུབ་བརྙེས༔ བཀའ་བབས་རྗེ་འབངས་རྣམ་དགུ་དབྱིངས་ནས་བཞེངས༔ ཡེ་ཤེས་ཀློང་དགུར་གྲོལ་བའི་ཕྲིན་ལས་མཛོད༔ རྩ་གསུམ་དགོངས་འདུས་སྙིང་པོའི་དཀྱིལ་འཁོར་དུ༔ དབང་བསྐུར་ལུང་བསྟན་བྱིན་རླབས་ནུས་རྩལ་འབྱོངས༔ རྣལ་འབྱོར་དབང་ཕྱུག་ཚོགས་རྣམས་དབྱིངས་ནས་བཞེངས༔ མཆོག་ཐུན་གྲུབ་པ་རྒྱ་མཚོའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་དཀྱིལ་འཁོར་དུ༔ རྣམ་སྨིན་ཚེ་དབང་ཕྱག་རྒྱར་ལྷུན་གྲུབ་པའི༔ རིག་འཛིན་སློབ་དཔོན་ཚོགས་རྣམས་དབྱིངས་ནས་བཞེངས༔ དགོངས་པས་བྱིན་གྱིས་བརླབ་པའི་ཕྲིན་ལས་མཛོད༔ ཞི་ཁྲོ་འབར་བ་ཆེན་པོའི་དཀྱིལ་འཁོར་དུ༔ དགྱེས་པའི་གར་མཛད་བདེ་ཆེན་གཟི་བྱིན་འབར༔ རབ་འབྱམས་ཡི་དམ་ལྷ་ཚོགས་དབྱིངས་ནས་བཞེངས༔ དངོས་གྲུབ་ཆར་བཞིན་འབེབ་པའི་ཕྲིན་ལས་མཛོད༔ ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་དུ༔ རྣལ་འབྱོར་གྲོགས་མཛད་བདེ་སྟོང་ཡེ་ཤེས་སྤེལ༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དབྱིངས་ནས་བཞེངས༔ ཉེ་རྒྱུའི་སྤྱོད་པ་གྲུབ་པའི་ཕྲིན་ལས་མཛོད༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ནས༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ སྒོ་སྲུང་ཕོ་ཉ་རྣམ་བཞི་དབྱིངས་ནས་བཞེངས༔ ཞི་རྒྱས་དབང་དྲག་ལས་ཀྱི་ཕྲིན་ལས་མཛོད༔ བཀའ་དང་དམ་ཚིག་གཉན་པོའི་དཀྱིལ་འཁོར་དུ༔ ལེགས་ཉེས་སྟངས་འཛིན་བསྟན་པའི་བྱ་ར་མཛད༔ བརྒྱུད་གསུམ་ཆོས་སྲུང་ཚོགས་རྣམས་དབྱིངས་ནས་བཞེངས༔ བཤད་སྒྲུབ་བསྟན་པ་དར་བའི་ཕྲིན་ལས་མཛོད༔ ཨོ་རྒྱན་ཆེན་པོའི་བཀའ་ཡི་གཉེར་འཛིན་ཅིང༔ ཟབ་མོའི་ཆོས་དང་སྦས་གནས་གཉན་པོ་སྐྱོང༔ གཏེར་བདག་སྲུང་མ་རྒྱ་མཚོ་དབྱིངས་ནས་བཞེངས༔ ཟབ་གཏེར་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ རྗེ་བཙུན་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཐུགས་ཀྱི་དགོངས་པ་མཁའ་ལྟར་རྣམ་པར་དག༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ ཡི་དམ་ལྷ་ཚོགས་ཞི་ཁྲོའི་ཉམས་འགྱུར་སྟོན༔ དཔའ་བོ་མཁའ་འགྲོས་བདེ་བའི་གར་ཐབས་སྒྱུར༔ ཆོས་སྲུང་ཕོ་ཉའི་ཚོགས་རྣམས་ལས་ལ་མྱུར༔ ཐུགས་དམ་དུས་ལ་བབ་བོ་གཟི་བྱིན་སྐྱེད༔ བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ཀྱི༔ སྡང་བའི་དགྲ་ཐུལ་གནོད་པའི་བགེགས་ཚོགས་ཆོམས༔ ས་དང་ལམ་གྱི་བར་ཆད་དབྱིངས་སུ་སོལ༔ མཆོག་ཐུན་གྲུབ་པ་རྒྱ་མཚོའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་ཛྙཱ་ན་ཨ་དྷིཥྛཱ་ན་སིདྡྷི་ཀརྨ་སརྦ་ས་མ་ཡ་ཧཱུྃ་ཧཱུྃ༔ ཞེས་བསྐུལ་དགོངས་པའི་གདིང་བསྐྱེད་པས༔ རྩ་གསུམ་རབ་འབྱམས་ལྷ་ཚོགས་ཀྱི༔ སྐུ་སྔགས་ཕྱག་རྒྱའི་ཆོ་འཕྲུལ་གྱིས༔ མཆོག་ཐུན་ལས་ཀུན་ལྷུན་གྲུབ་བསམ༔ དེ་ནས་འཇིག་རྟེན་སྐྱོང་བ་རྣམས༔ མཆོད་ཅིང་ཐ་ཚིག་བསྒྲག་པའི་ཕྱིར༔ བདག་ཉིད་ཧེ་རུ་ཀ་དཔལ་དང༔ དབྱེར་མེད་ཏིང་འཛིན་རྩལ་བསྐྱེད་ལ༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་དུར་ཁྲོད་དྲག་པོའི་ཞིང༔ ཕྱི་ནང་གསང་མཆོད་འདོད་ཡོན་ཆར་བཞིན་འབེབ༔ སྐོང་རྫས་རྟེན་རྫས་མཐུན་པའི་རྫས་ལ་སོགས༔ བཀོད་པ་རབ་རྫོགས་ནམ་མཁའི་མཛོད་དུ་ཤར༔ ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཨཱ་བརྟ་ཧོ༔ བཛྲ་སྥ་ར་ཎ་ཁཾ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ འོད་གསལ་སྙིང་རྗེའི་ཡེ་ཤེས་འབར་བའི་འཕྲུལ༔ དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་དབུས༔ རྩིབས་བརྒྱད་འཁོར་ལོའི་ལྟེ་བར་པད་ཉི་དང༔ དགྲ་བགེགས་བསྣོལ་ཅིང་མེ་རླུང་འཁྲུགས་པའི་ཀློང༔ རྡོ་རྗེ་སྲིན་པོ་མ་ནིང་སྟོབས་ཀྱི་བདག༔ མཐིང་ནག་རུ་མཚོན་གདེངས་ཤིང་སྙིང་ཕྲེང་འཆང༔ དར་ནག་བེར་གསོལ་བེང་ཆེན་སྐེད་པར་བཙུག༔ ཁྲོ་བོའི་ཆས་རྫོགས་ཞབས་གཉིས་འདོར་ཐབས་འགྱིང༔ གཡས་སུ་ཕོ་རྒྱུད་གཙོ་བོ་ལེགས་ལྡན་ནག༔ གཡོན་དུ་མོ་རྒྱུད་ཚོགས་རྗེ་རལ་གཅིག་མ༔ མདུན་དུ་སྐུ་ཡི་མགོན་པོ་སྟག་ལ་ཞོན༔ རྒྱབ་ཏུ་གསུང་གི་མགོན་པོ་ཕྱག་དྲུག་པ༔ ཤར་ལྷོར་ཐུགས་ཀྱི་མགོན་པོ་གྲི་གུག་ཅན༔ ལྷོ་ནུབ་ཡོན་ཏན་མགོན་པོ་རྣམ་ཐོས་སྲས༔ ནུབ་བྱང་ཡེ་ཤེས་མགོན་པོ་ཕྱག་བཞི་པ༔ བྱང་ཤར་ཕྲིན་ལས་མགོན་པོ་སྟོབས་འཕྲོག་དབང༔ དེ་ཡི་ཕྱི་རོལ་ཁྲག་མཚོ་འཁྲུགས་པའི་ཀློང༔ ཤར་ལྷོར་ལྷ་ཡི་མགོན་པོ་དབང་ཕྱུག་ཆེ༔ ལྷོ་ནུབ་གཟའ་ཡི་མགོན་པོ་རཱ་ཧུ་ལ༔ ནུབ་བྱང་བདུད་ཀྱི་མགོན་པོ་ཏྲཀྴད་ནག༔ བྱང་ཤར་གནོད་སྦྱིན་མགོན་པོ་བདུད་འདུལ་དབང༔ སྒོ་བཞིར་རྡོ་རྗེ་ལེགས་པ་བཙན་འགོང་ཚོགས༔ ཞིང་སྐྱོང་སེང་གདོང་གནས་ཡུལ་སྐྱོང་བའི་འཁོར༔ ཀླུ་ཡི་སྲིན་པོ་ཀླུ་གཉན་ས་བདག་དཔུང༔ དུར་ཁྲོད་མ་མོ་བརྟན་མ་སྐྱོང་མར་བཅས༔ ཀུན་ཀྱང་སྟོང་ཉིད་ངང་ལས་འབར་བའི་ཚུལ༔ རིགས་ཀྱི་ཆོ་འཕྲུལ་སྤྲུལ་པ་བསམ་ཡས་འགྱེད༔ ཧེ་རུ་ཀ་དཔལ་ཕོ་ཉ་ཆེན་པོར་གསལ༔ ཕྱི་འཁོར་དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ དབང་ཕྱུག་ཉེར་བརྒྱད་གིང་བདུད་རྩིས་བཤན་དང༔ དམུས་ལོང་ཁྱི་འབྲུག་ཅེ་སྤྱང་འབར་མ་བརྒྱད༔ དམ་ཅན་བཅུ་གཉིས་མིང་པོ་མང་པོའི་ཚོགས༔ གཏུམ་ཞིང་དྲག་ཤུལ་ལྷ་སྲིན་སྡེ་བརྒྱད་དཔུང༔ བར་མཚམས་སྡེ་དཔོན་དྲེགས་ཆེན་གིང་ལངྐ༔ མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་ཚོགས༔ གཙོ་དང་འཁོར་བཅས་མངོན་སུམ་གསལ་བ་ལ༔ བདག་ཉིད་དཔལ་ཆེན་ཐུགས་ཀའི་ས་བོན་ལས༔ འོད་ཟེར་ལྕགས་ཀྱུས་དབྱིངས་ནས་སྤྱན་དྲངས་ཐིམ༔ ཧཱུྃ་བྷྱོ༔ ཧེ་རུ་ཀ་དཔལ་ཆེན་པོའི་གདུང་འཚོབ་ཕྱིར༔ དད་པ་དམ་ཚིག་དབང་གིས་རྒྱུད་བསྐུལ་ན༔ དཔལ་ལྡན་མགོན་པོ་བསྟན་སྲུང་རྒྱ་མཚོའི་ཚོགས༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་ད་ཚུར་བྱོན༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ངྷརྨ་པཱ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་བྷྱོ༔ དུར་ཁྲོད་དྲག་པོ་མེ་རླུང་འཁྲུགས་པའི་དབུས༔ རྔམ་བརྗིད་སྟོབས་ལྡན་རྡོ་རྗེ་སྲིན་པོ་ཆེ༔ རྒྱུད་གསུམ་དྲེགས་པ་རྒྱ་མཚོའི་དཔུང་དང་བཅས༔ བསྟན་པ་བསྲུང་ཕྱིར་དགྱེས་བཞིན་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ བཛྲ་ས་མ་ཡ་སཏྭཾ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་བྷྱོ༔ དངོས་སུ་བཤམས་དང་ཡིད་ལས་བྱུང་བ་ཡི༔ དགྲ་བགེགས་བསྒྲལ་པའི་དྲག་པོའི་མཆོད་སྤྲིན་དང༔ སྨན་གཏོར་རཀྟ་བྱང་ཆུབ་སེམས་ཆེན་པོས༔ དཔལ་མགོན་ལྕམ་དྲལ་འཁོར་བཅས་མཉེས་གྱུར་ཅིག༔ ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་ངྷརྨ་པཱ་ལ་ས་པ་རི་བཱ་ར་མ་ཧཱ་རུ་དྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་པཱུ་ཛ་ཧོ༔ པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཁྱད་པར་གཏོར་མའི་མཆོད་པ་ནི༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ བདུད་རྩི་དགྲ་བགེགས་ཤ་རུས་ཁྲག༔ དགྱེས་མཆོད་ཆེན་པོར་བཞེས་པར་བསམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བྷུ་རུ་ཀུ་རུ་ཨུ་ཙུཥྨ་ས་པ་རི་བཱ་ར༴ མ་མ་ཨེ་ཀ་ཛཱ་ཊི་ས་པ་རི༴ ཨོཾ་མ་ཧཱ་ཀཱ་ལ་རཱུ་པ༴ ཨོཾ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་པཱ་ལ༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ༴ ཨོཾ་བཻ་ཏྲག་རཀྴ་བྷྱོ༴ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད༴ ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ༴ ཨོཾ་མ་ཧཱ་དེ་བ་ཛ་ཧྲིཾ༴ ཨོཾ་རཀྴ་རཱ་ཧུ་ལ༴ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་བྷྱོ༴ ཨོཾ་མ་ཧཱ་ཀཱ་ལ་རཏྣ་ཙིཏྟ༴ ཏྲི་བཛྲ་སཱ་དྷུ༴ བྷྱོ་སིཾ་ཧ་མུ་ཁ༴ ཡ་ནཱ་ག་རཀྴ༴ བྷྱོ་མ་མ་ར་ལི༴ ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་མ་ཡ་བྷྱོ་ཧྲཱིཿཛཿཛྭ་ལ་དྷཱ་ཏི་རཀྵ་ཧྲཱི་ཨཿཡཿམཿདུཿརུཿཙཿཤཿནཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཇི་ལྟར་རིགས་པས་ཕུལ་བའི་མཐར༔ ཐུགས་དམ་བསྐང་ཞིང་བསྟོད་པ་ནི༔ ཧཱུྃ་བྷྱོ༔ ཁྲག་འཐུང་གསང་ཆེན་རོལ་པའི་དུར་ཁྲོད་ཆེ༔ རྔམ་བརྗིད་སྟོབས་ལྡན་དྲག་པོའི་ཕོ་བྲང་འདིར༔ འཇིགས་རུང་རྗེས་ཆགས་བཀོད་པ་བསམ་ཡས་པས༔ དམ་ཅན་འཁོར་བཅས་དགྱེས་པ་སྐྱེད་གྱུར་ཅིག༔ དགྲ་བགེགས་བསྒྲལ་པའི་དབང་པོའི་མེ་ཏོག་དང༔ གསུར་ཆེན་བདུག་པ་ཞུན་ཆེན་མར་གྱི་མེ༔ མཁྲིས་པའི་དྲི་ཆབ་ཤ་ཁྲག་རུས་པའི་ཟས༔ རྐང་གླིང་དྲག་པོའི་རོལ་མོས་ཐུགས་དམ་བསྐང༔ ཞིང་གི་བླ་བྲེ་རྒྱུ་རློན་ལྡ་ལྡི་འཕྱར༔ རོ་སྐྲའི་རྔ་ཡབ་དོན་སྙིང་འཕན་ཚར་བཀྲམ༔ རྐང་ལག་ཤར་བུ་མགོ་བོའི་ཚོམ་བུས་སྤྲས༔ བརྗིད་ལྡན་དཔལ་གྱི་འབྱོར་པས་ཐུགས་དམ་བསྐང༔ རི་རབ་གླིང་བཞི་རོལ་མཚོ་ལྕགས་རིར་བཅས༔ ལྷ་དང་མི་ཡི་འདོད་ཡོན་རྒྱ་མཚོས་གང༔ རིན་ཆེན་ནོར་བུའི་ལྷུན་པོ་རྒྱན་ཕྲེང་སོགས༔ རྨད་དུ་བྱུང་བའི་བཀོད་པས་ཐུགས་དམ་བསྐང༔ བདུད་རྩི་སྨན་གྱི་རྒྱ་མཚོ་འཁྱིལ་ལི་ལི༔ དམར་ཆེན་རཀྟའི་རྦ་རླབས་ཕྱུ་རུ་རུ༔ དམ་རྫས་དཔལ་གྱི་གཏོར་ཆེན་སྤུངས་སེ་སྤུང༔ མཆོག་གི་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྟེན་པའི་རྫས་བཤམ་སྒྲུབ་པའི་ཕྱག་རྒྱ་བཀྲམ༔ དགྱེས་པའི་མཐུན་རྫས་མ་ཚང་མེད་པ་ཡིས༔ བསྙེན་སྒྲུབ་དམ་ཚིག་ཆེན་པོས་ཐུགས་དམ་བསྐང༔ དམ་ཅན་འཁོར་བཅས་ཐུགས་དམ་གཉན་པོ་བསྐང༔ རྣལ་འབྱོར་དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ རྩེ་གཅིག་མོས་པས་དཔལ་གྱི་གདུང་འཚོབ་ཕྱིར༔ ཧེ་རུ་ཀ་ཡི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཧཱུྃ་བྷྱོ༔ གཉིས་མེད་ཡེ་ཤེས་མ་ནིང་གསང་བའི་བདག༔ ཐབས་ཀྱི་ཕྱག་རྒྱ་ལེགས་ལྡན་ཚོགས་ཀྱི་བདག༔ ཤེས་རབ་དབྱིངས་ཡུམ་སྔགས་སྲུང་རལ་གཅིག་མ༔ རྒྱུད་གསུམ་དྲེགས་པའི་གཙོ་ལ་ཕྱག་འཚལ་བསྟོད༔ ཧེ་རུ་ཀ་དཔལ་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཡེ་ཤེས་ཕྲིན་ལས་རྩལ་ཤར་བ༔ ལྷ་དང་དབྱེར་མེད་བསྟན་སྲུང་མཐུ་བོ་ཆེ༔ དཔལ་ལྡན་མགོན་པོའི་ཚོགས་ལ་ཕྱག་འཚལ་བསྟོད༔ འདོད་ཁམས་ལྷ་དང་གཟའ་གདོང་སྡེ་བརྒྱད་ཚོགས༔ བདུད་དང་གཏུམ་པོ་གནོད་སྦྱིན་གཏེར་གྱི་བདག༔ ཀུན་ཀྱང་དབང་ཕྱུག་མཐུ་སྟོབས་བསམ་མི་ཁྱབ༔ དྲེགས་པའི་དེད་དཔོན་བཞི་ལ་ཕྱག་འཚལ་བསྟོད༔ གསང་བའི་གཉེར་འཛིན་རྡོ་རྗེ་ལེགས་པ་ཆེ༔ ཞིང་རྣམས་སྐྱོང་མཛད་མཐུ་ལྡན་ཟབ་གཏེར་སྲུང༔ དྲག་ཤུལ་ཀླུ་སྲིན་དུར་ཁྲོད་གནས་ཀྱི་བདག༔ མ་མོ་བརྟན་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ དཔལ་གྱི་བཀའ་སྡོད་མཐུ་སྟོབས་གློག་ལྟར་མྱུར༔ རིག་འཛིན་བཀའ་ཉན་བཅོལ་པའི་ལས་ཀུན་སྒྲུབ༔ རྡོ་རྗེའི་ཐ་ཚིག་མི་གཡེལ་ཐུགས་དམ་ཅན༔ ཕྱི་ནང་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ མངའ་དབང་གསོལ་ཞིང་ལས་བཅོལ་ཕྱིར༔ སྦྱར་བའི་སྤོས་བདུག་རུ་མཚོན་ཕྱར༔ བརྗིད་ལྡན་དབྱངས་དང་རོལ་མོའི་སྒྲ༔ ལྟ་སྒོམ་དགོངས་པའི་གདིང་བསྐྱེད་ལ༔ ཧཱུྃ་བྷྱོ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ གདུལ་བྱའི་སྣང་ངོར་དྲེགས་པའི་གཙོ་བོར་བཞེངས༔ མ་འགག་རོལ་རྩལ་རྣམ་འཕྲུལ་བསམ་མི་ཁྱབ༔ འོད་གསལ་ཆོས་ཀྱི་སྐུ་རུ་མངའ་གསོལ་ལོ༔ ཞི་བའི་དབྱིངས་ལས་འབར་བ་ཆེན་པོའི་འཕྲུལ༔ ཁ་སྦྱོར་བདེ་བའི་ཐིག་ལེར་འདུ་འབྲལ་མེད༔ ཡེ་ཤེས་ཡོན་ཏན་སྟོབས་བཅུའི་ཤུགས་འཆང་བ༔ ཟུང་འཇུག་ལོངས་སྤྱོད་རྫོགས་སྐུར་མངའ་གསོལ་ལོ༔ རྒྱལ་བའི་བསྟན་སྲུང་མི་མཐུན་ཞི་བར་མཛད༔ དབང་བཅུའི་དཔལ་སྐྱེད་ཁམས་གསུམ་གཡོ་ཞིང་འགུགས༔ ཁྱད་པར་འདུལ་ཐབས་དྲག་ཤུལ་མི་བཟད་སྟོན༔ གང་འདུལ་སྤྲུལ་པའི་སྐུ་རུ་མངའ་གསོལ་ལོ༔ དམ་ཅན་འཁོར་བཅས་ཆེ་བའི་ཡོན་ཏན་ལ༔ བསྟོད་ཅིང་མངའ་གསོལ་ཆེན་པོས་གཟི་བྱིན་སྐྱེད༔ ཐོགས་མེད་ལས་ཀྱི་བརྟུལ་ཞུགས་གཉེར་གཏད་ན༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔོན་ཚེ་དགོངས་བརྒྱུད་ཞི་ཁྲོ་རབ་འབྱམས་དང༔ བར་དུ་བརྡ་བརྒྱུད་རིག་འཛིན་སློབ་དཔོན་ཆེ༔ ཐ་མར་དུས་གསུམ་སྙན་བརྒྱུད་བླ་མ་ཡིས༔ ཇི་ལྟར་བཀའ་བསྒོས་གཡར་དམ་བཞེས་པ་བཞིན༔ ཆོས་སྐྱོང་བསྟན་སྲུང་རྒྱ་མཚོ་ལས་ལ་བཞེངས༔ ཕོ་རྒྱུད་མགོན་པོས་རྔམ་པའི་གཟི་བྱིན་སྐྱེད༔ མོ་རྒྱུད་མ་མོས་དབང་དྲག་སྒྱུ་འཕྲུལ་སྟོན༔ གཉིས་མེད་རྡོ་རྗེ་སྲིན་པོའི་དགོངས་པ་ཡིས༔ ཁམས་གསུམ་དྲེགས་པ་ཐམས་ཅད་ཟིལ་གྱིས་ནོན༔ དམ་རྫས་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ནད་གདོན་འཇིགས་བརྒྱད་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་རིགས་རྒྱུད་འཁོར་སློབ་སྤེལ༔ སྣོད་བཅུད་ལེགས་པའི་ཡོན་ཏན་དབང་དུ་སྡུས༔ ཉེས་པའི་རྐྱེན་དང་གློ་བུར་བར་ཆད་ཟློག༔ བསྟན་ལ་འཚེ་བའི་མ་རུངས་དགྲ་བགེགས་དང༔ བྱང་ཆུབ་སྒྲུབ་ལ་བར་ཆད་བདུད་སྡེའི་དཔུང༔ དྲག་ཤུལ་ཆེན་པོའི་རོལ་པས་ཚར་བཅད་ནས༔ སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་དུ༔ རིག་འཛིན་སློབ་དཔོན་རྣམས་ཀྱི་དགོངས་པའི་གདིང༔ རྒྱུད་ལུང་མན་ངག་བཤད་སྒྲུབ་འཕེལ་བ་དང༔ གྲུབ་བརྙེས་བྱེ་བས་འཇིག་རྟེན་ཁམས་ཀུན་ཁྱབ༔ ནད་མུག་དུག་མཚོན་དུས་ཀྱི་རྒུད་པ་ཞི༔ བདེ་སྐྱིད་དཔལ་གྱིས་འཚོ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་གནས་སུ་སྟོབ༔ དེ་ལྟར་སྲུང་མ་སྤྱིར་བསྐུལ་ནས༔ བྱེ་བྲག་ཐ་ཚིག་བསྒྲག་པ་ནི༔ ཤ་ཁྲག་གཏོར་མ་བཤམ་ཞིང་བསྔོ༔ བཀའ་ནན་རྡོ་རྗེའི་གཡར་དམ་བསྒྲག༔ ཨོཾ་ཨཱཿཧཱུྃ་ཧོ༔ ཤྲཱི་བཛྲ་དྷརྨ་པཱ་ལ་ཨེ་ཛཿབྷྱོ༔ ཨི་དཾ་བ་ལིཾ་ཏ་བྷུཉྫ་ཧོ༔ ཧཱུྃ་ཧྲཱི༔ ང་ནི་དུས་གསུམ་རིག་འཛིན་ཐམས་ཅད་ཀྱི༔ དགོངས་པའི་གདུང་འཚོབ་གསང་བའི་བརྟུལ་ཞུགས་འཆང༔ པདྨ་ཐོད་ཕྲེང་རྩལ་དང་དབྱེར་མེད་ཕྱིར༔ འཇིག་རྟེན་དྲེགས་པ་ཐམས་ཅད་ལས་ལ་འདུས༔ ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཁྱབ་བརྡལ་ཕོ་བྲང་དུ༔ ཀུན་བཟང་ཆེ་མཆོག་ཞི་ཁྲོ་རབ་འབྱམས་ཀྱིས༔ དགོངས་པ་དབྱིངས་ཀྱི་ཆོས་འཁོར་བསྐོར་བའི་ཚེ༔ དམ་ལ་གནས་པའི་རང་སྣང་སྲུང་མ་ཀུན༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བར་དུ་ལྷ་ཀླུ་མི་ཡི་འདུ་གནས་སུ༔ རིགས་གསུམ་སེམས་དཔའ་ཚོམ་བུ་འབུམ་ཕྲག་གིས༔ བརྡ་ཐབས་དུ་མས་ཆོས་སྒོ་དབྱེ་བའི་ཚེ༔ དམ་ལ་གནས་པའི་རྡོ་རྗེའི་སྲུང་མ་ཀུན༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདེ་ཆེན་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐ་མ་རྒྱ་བོད་གྲུབ་པའི་གནས་རྣམས་སུ༔ སྙན་བརྒྱུད་མཛོད་འཆང་སློབ་དཔོན་ཚོགས་རྣམས་ཀྱིས༔ གསང་སྔགས་བཤད་སྒྲུབ་བསྟན་པ་སྐྱོང་བའི་ཚེ༔ དམ་ལ་གནས་པའི་དྲེགས་པ་ཐམས་ཅད་ཀུན༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྣོད་བཅུད་དབང་དུ་བསྡུ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ད་ལྟ་བཀྲ་ཤིས་བྱིན་ཆགས་སྒྲུབ་གནས་འདིར༔ མ་ཧཱ་གུ་རུའི་ཕྲིན་ལས་གདུང་འཚོབ་ཕྱིར༔ རྩ་གསུམ་དཀྱིལ་འཁོར་གཉན་པོའི་ཞལ་ཕྱེས་ཚེ༔ དམ་ལ་གནས་པའི་སྲུང་མ་རྒྱ་མཚོའི་ཚོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ དེ་ལྟར་ཕྲིན་ལས་སྤྱིར་གསོལ་ནས༔ བྱེ་བྲག་སློབ་དཔོན་ཆེ་རྣམས་ཀྱི༔ ཐ་ཚིག་གཉན་པོ་བསྐུལ་བ་ནི༔ སོ་སོའི་དགོངས་པའི་གདིང་བསྐྱེད་ལ༔ ཧཱུྃ་ཧཱུྃ༔ རྡོ་རྗེ་སེམས་དཔའི་ཤེལ་གྱི་ཁང་བུ་རུ༔ སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཡིས༔ རིག་པ་ཡེ་ཤེས་འོད་ཀྱི་སྐུར་བཞེངས་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ བདེ་ཆེན་རྡོ་རྗེ་བརྩེགས་པའི་ཕོ་བྲང་དུ༔ སྐལ་ལྡན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡིས༔ ཏནྟྲ་བཅོ་བརྒྱད་ཆོས་ཀྱི་མཛོད་བརྙེས་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ རྒྱུད་ལུང་བཤད་སྒྲུབ་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ རྡོ་རྗེ་གདན་གནས་ཐེག་པའི་ཕོ་བྲང་དུ༔ རིག་འཛིན་ཆེན་པོ་ཤྲཱི་སིཾ་ཧ་ཡིས༔ རིག་རྩལ་དབང་ཐོབ་སྣང་སྲིད་དབང་བསྡུས་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ སྙིང་པོའི་རྒྱུད་འཛིན་འཕེལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཁ་ཆེའི་ཡུལ་གྱི་རབ་སྣང་གནས་མཆོག་ཏུ༔ པཎ་གྲུབ་ཆེན་པོ་སངས་རྒྱས་གསང་བ་ཆེས༔ སྡེ་སྣོད་རྒྱུད་སྡེ་གཏན་ལ་ཕབ་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་བསིལ་བ་ཚལ་གྱི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་ཀཱ་རས༔ འབྲུ་བརྒྱད་དགོངས་པའི་གདིང་ཆེན་མངོན་གྱུར་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ མཆོག་གི་ཡེ་ཤེས་འཕེལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་སྐུ་ལ་རྫོགས་པའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་མཉྫུ་མི་ཏྲ་ཡིས༔ འཁོར་ལོ་རྣམ་བཞིའི་བརྟུལ་ཞུགས་གྲུབ་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཟིལ་གནོན་མངོན་སྤྱོད་རོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་ལྷུན་གྲུབ་བརྩེགས་པའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་ནཱ་གཱརྫུ་ན་ཡིས༔ རྟ་སྐད་ཐེངས་གསུམ་འཛམ་གླིང་བསྒྲགས་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ དབང་ཆེན་དགྱེས་པ་གར་གྱི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་ལངྐ་བརྩེགས་པའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི་ཡིས༔ ཐལ་འབྱིན་རྣམ་བཞིས་མཆོག་ཐུན་གྲུབ་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ སྲིད་པ་ཕུར་བུར་གྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་གསང་ཆེན་རོལ་པའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏས༔ རྩ་རླུང་ཐིག་ལེ་དབུ་མར་བསྟིམས་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ ཕྱིར་ཟློག་རྦོད་གཏོང་གྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་པདྨ་བརྩེགས་པའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཡིས༔ ཡེ་ཤེས་བདུད་རྩི་བཅུད་དུ་ལེན་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ སྤོང་ལེན་རྟོག་པ་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་ཧེ་ཆེན་བརྡལ་བའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་གུ་ཧྱ་ཙནྡྲ་ཡིས༔ སྲིད་གསུམ་དྲེགས་ཚོགས་ཟིལ་གྱིས་མནན་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ བཀའ་གཉན་བྱིན་ཆེ་མྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དུར་ཁྲོད་ལོ་ཀ་བརྩེགས་པའི་གནས་མཆོག་ཏུ༔ སློབ་དཔོན་ཆེན་པོ་ཤཱནྟིཾ་གརྦྷ་ཡིས༔ རྫོང་འཕྲང་སྲོག་གི་ཡེ་ཤེས་བརྙེས་པའི་ཚེ༔ དམ་ལ་གནས་པའི་སྲུང་མ་ཐམས་ཅད་ཀུན༔ མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ༔ དྲག་པོའི་མཐུ་དབང་རྫོགས་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་ཡུལ༔ དྷ་ན་ཀོ་ཥ་བདེ་ཆེན་མཚོ་གླིང་དུ༔ སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་སྐུ༔ པདྨ་ཐོད་ཕྲེང་རྡོ་རྗེ་དྲག་པོ་རྩལ༔ སྐུ་གསུམ་དབྱེར་མེད་འོད་ཀྱི་སྐུར་བཞེངས་ཚེ༔ དྷཱ་ཀིའི་སྔགས་ཀྱིས་གནས་གསུམ་མཁའ་འགྲོ་འདུས༔ དབང་དྲག་སྐད་ཀྱིས་ས་གསུམ་འབྱུང་པོ་བཀུག༔ ཡེ་ཤེས་དགོངས་པའི་ཕྱག་རྒྱས་ཟིལ་གྱིས་མནན༔ ཅི་བགྱིའི་བཀའ་ཉན་འབངས་སུ་གཡར་དམ་བཅས༔ བོད་ཁམས་གླིང་དགུའི་དབུས་སུ་བྱོན་པའི་ཚེ༔ གཉུག་མར་གནས་པའི་མགུར་ལྷ་དགེ་བསྙེན་དང༔ ས་བདག་བརྟན་མ་གནོད་སྦྱིན་གཏུམ་པའི་སྡེ༔ གློ་བུར་ལྷགས་པའི་བདུད་བཙན་པེ་ཧར་སོགས༔ ཐམས་ཅད་སྲོག་སྙིང་དྲངས་ཤིང་བཀའ་བསྒོས་ཚེ༔ འདའ་དཀའི་ཐ་ཚིག་དང་དུ་བླངས་པ་ལྟར༔ བདག་ནི་རིག་འཛིན་སློབ་དཔོན་དེ་ཡི་གདུང༔ ཁྱེད་ཅག་སྔོན་གྱི་ལྷ་འདྲེའི་རིགས་ཡིན་པས༔ ཆོས་ཉིད་བདེན་ཚིག་རྒྱལ་བའི་བཀའ་ལ་ཉོན༔ དཔལ་གྱི་ཕ་འབབ་གཏོར་མ་འདི་ལོངས་ལ༔ གངས་ཅན་མཐའ་དབུས་ཀུན་ཏུ་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ སྒྲུབ་པའི་རིག་འཛིན་ཚོགས་རྣམས་དབྱིངས་ནས་བཞེངས༔ ཡི་དམ་ལྷ་ཚོགས་གར་དགུའི་རོལ་རྩེད་སྒྱུར༔ དཔའ་བོ་མཁའ་འགྲོའི་ཕོ་ཉ་སྐར་ལྟར་འཁྲུགས༔ དམ་ལ་གནས་པའི་སྲུང་མ་ལས་ལ་འདུས༔ འདའ་དཀའི་གཡར་དམ་གཉན་པོ་རྗེས་དགོངས་ལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བརྔན་དུ་བཞེས༔ བདག་གིས་བཅོལ་པའི་ལས་རྣམས་ཐམས་ཅད་ཀུན༔ མ་གཡེལ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད༔ དམིགས་བསལ་ཕྱིར་ཟློག་ལས་བཅོལ་ཕྱིར༔ ཉམས་པའི་གཟུགས་བརྙན་སྦྱར་པ་ལ༔ དགྲ་བགེགས་དགུག་བསྟིམ་ཚོགས་སུ་བསྒྲལ༔ ཟས་སུ་བསྔོ་ཞིང་ཕྲིན་ལས་གསོལ༔ ཧཱུྃ་ཧཱུྃ༔ རིག་འཛིན་བླ་མ་རོལ་པའི་བྱིན་རླབས་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཐུ་རྩལ་གྱིས༔ བསྟན་དང་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན༔ མཚན་མ་རྟེན་ཏུ་བཅས་པ་འདིར་ཁུག་ཅིག༔ དཔལ་གྱི་ཐུགས་ནས་ཕོ་ཉ་སྐར་ལྟར་སྤྲོས༔ ལྕགས་ཀྱུས་ཟུངས་ཤིག་ཞགས་པས་དམ་དུ་ཆིངས༔ ལྕགས་སྒྲོག་དྲྭ་བར་དྲིལ་བུས་མྱོས་སུ་ཆུག༔ ལྷ་དང་ཕྲལ་ནས་གཟུགས་ལ་དབྱེར་མེད་བསྟིམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་སརྦ་ཤ་ཏྲཱུན་བིབྷྣཱན་བཛྲ་ཨངྐུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཱཎྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨ༔ ཧཱུྃ༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡས༔ རྒྱུད་དྲུག་འཁོར་བའི་བག་ཆགས་གཞོམ་པའི་ཕྱིར༔ ཚེ་བསོད་ཡེ་ཤེས་ཟེར་གྱིས་བདག་ལ་ཐིམ༔ བྱང་སེམས་བདེ་ཆེན་ཆུ་ཡིས་དྲི་མ་བཀྲུས༔ རྣམ་ཤེས་དབྱིངས་རིག་དབྱེར་མེད་ཕྱག་རྒྱར་དྲོངས༔ ཕུང་པོ་ཤ་ཁྲག་རྡུལ་ཕྲན་བཞིན་དུ་རློག༔ ཧེ་རུ་ཀ་དཔལ་འབར་བའི་བརྟུལ་ཞུགས་ཀྱིས༔ མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་བིགྷྣཱན་ཧཱུྃ་ཕཊ་མཱ་ར་ཡ་རྦད༔ ཧཱུྃ༔ བསྟན་ལ་གནོད་བྱེད་དགྲ་བགེགས་རུ་དྲ་ཀུན༔ ཐུགས་རྗེ་ཁྲོས་པས་བསྒྲལ་པའི་ཤ་ཁྲག་རུས༔ བརྒྱུད་གསུམ་དྲེགས་ཚོགས་རྒྱ་མཚོའི་ཞལ་དུ་བསྟབ༔ དགྱེས་པར་བཞེས་ལ་བཅོལ་པའི་ཕྲིན་ལས་མཛོད༔ ཨཿཡཿམཿདུཿརུཿཙཿཤཿནཿས་པ་རི་བཱ་ར་སརྦ་ཤ་ཏྲཱུཾ་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་བྷྱོ༔ ཡེ་ཤེས་ཆོས་སྐྱོང་ཚོགས་རྣམས་དབྱིངས་ནས་བཞེངས༔ འཇིག་རྟེན་དྲེགས་པའི་དཔུང་ཚོགས་ལས་ལ་ཆོས༔ ཕོ་ཉ་ལས་མཁན་མྱུར་བའི་ཤུགས་སྐྱེད་ལ༔ ཕྱིར་ཟློག་དྲག་པོའི་ཕྲིན་ལས་དུས་ལ་བབ༔ རིག་འཛིན་སྒྲུབ་མཆོག་བདག་ཅག་འཁོར་བཅས་ལ༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་ཡི༔ སྔོན་ལས་འཕྲལ་རྐྱེན་དུས་མིན་འཆི་བ་ཟློག༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་ཟློག༔ བྱད་ཕུར་རྦོད་གཏོང་ཐན་དང་ལྟས་ངན་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་དང་འཚེ་བ་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་དང་བར་གཅོད་ཟློག༔ གློ་བུར་ཡེ་འདྲོག་བྱུར་དང་སྲི་ཀེག་ཟློག༔ སྡེ་བརྒྱད་གཏུམ་པོའི་ཁེངས་ལོག་ཆོ་འཕྲུལ་ཟློག༔ མཐའ་དམག་ཀླ་ཀློ་གདུག་པའི་འཚུབས་འགྱུར་ཟློག༔ བན་བོན་སྐྱེ་བོའི་དམོད་ངན་ཡ་ག་ཟློག༔ འཇིགས་པའི་བདུད་བཞི་ཆོས་ཉིད་ཀློང་དུ་ཟློག༔ གསང་བའི་དགྲ་གསུམ་འོད་གསལ་དབྱིངས་སུ་ཟློག༔ བར་གཅོད་འཕྲང་གསུམ་ཀ་དག་ཆེན་པོར་ཟློག༔ གཟུང་འཛིན་རྣམ་རྟོག་རྫོགས་པ་ཆེན་པོར་ཟློག༔ བཟློག་གོ་མི་མཐུན་ཐམས་ཅད་དགྲ་ལ་ཟློག༔ བསྒྱུར་རོ་ལྟས་ངན་བར་གཅོད་བགེགས་ལ་སྒྱུར༔ ཐམས་ཅད་ལྷུན་མཉམ་གཉུག་མ་ཁྱབ་བརྡལ་ཀློང༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ས་མ་ཡ་ཨེ་ཛཿབྷྱོ་ཨཿཡཿམཿདུཿརུཿཙཿཤཿནཿབྷྱོ་བྷྱོ་ཟློག་ཟློག༔ ཅེས་བཅོལ་གཏོར་མ་ཟོར་དུ་འཕང༔ ཧཱུྃ་ཧཱུྃ༔ སྒྲུབ་གནས་གསང་བའི་ཕོ་བྲང་ཆེན་པོ་ཡི༔ རྣམ་ཐར་བཞི་ལྡན་འོད་་་་གསལ་དབྱིངས་ཀྱི་སྒོ༔ ཚད་མེད་བཞི་ལྡན་ཡེ་ཤེས་ཕྱག་རྒྱས་དབྱེ༔ དཔལ་གྱི་དམ་ཚིག་ཅན་རྣམས་ད་གཤེགས་ཤིག༔ ཧཱུྃ་ཧྲཱི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཀུན༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་སྐུར་སྟོན་ལ༔ དྲག་པོ་ཟོར་གྱི་གཟུ་དང་དཔང་མཛོད་ཅིག༔ ཧཱུྃ་ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་དབང་སྒྱུར་བའི༔ དཀར་ཕྱོགས་དཔལ་མགོན་ལྷ་ཀླུ་འཁོར་བཅས་ཀྱང༔ གཏོར་མའི་ཟོར་ལམ་དབྱེ་ཕྱིར་སྐུ་བཟུར་ལ༔ བཟློག་བསྒྱུར་ལས་ཀྱི་དཔུང་དང་གྲོགས་ལ་ཆོས༔ དུས་གསུམ་རིག་འཛིན་ཞི་ཁྲོའི་ཚོགས་རྣམས་ཀྱིས༔ བདུད་དང་རུ་དྲའི་བར་ཆད་འདུལ་བའི་ཚེ༔ ཇི་ལྟར་རྟགས་བསྟན་མཐུ་རྩལ་ཕྱུངས་པ་བཞིན༔ ཟོར་ཆེན་རྫས་ཀྱི་མཐུ་སྟོབས་ནུས་པ་སྐྱེད༔ ཆད་མདོའི་ཐ་ཚིག་གཉན་པོ་ལ་གནས་པའི༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་ཕོ་ཉའི་ཚོགས༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་དམག་ལ་ཆོས༔ སྲིན་པོ་ཁྲོས་པའི་རྔམ་བརྗིད་ཡ་ལ་ལ༔ དཔལ་གྱི་རུ་མཚོན་གཉན་པོ་ལྷབས་སེ་ལྷབ༔ བྷྱོ་ཟློག་དམོད་པའི་གད་རྒྱངས་འུ་རུ་རུ༔ ཐུན་རྫས་གཏོར་མའི་ཐོག་འབེབ་ཤ་ར་ར༔ ཟོར་འཕེན་བསྟན་ལ་གནོད་པའི་དགྲ་ལ་འཕེན༔ བར་གཅོད་རྩོམ་པའི་འདྲེ་དང་བགེགས་ལ་འཕེན༔ བོད་ཁམས་ཕུང་བྱེད་ཀླ་ཀློའི་སྟེང་དུ་འཕེན༔ ཕྱི་ནང་གཡོ་འཁྲུགས་འགོང་པོའི་སྟེང་དུ་འཕེན༔ དགྲ་དཔུང་ཐམས་ཅད་ཐལ་བའི་རྡུལ་བཞིན་རློགས༔ བགེགས་དཔུང་མ་ལུས་ཕྱེ་མ་དུམ་བུར་ཐོང༔ བཟློག་བསྒྱུར་ཟོར་གྱི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཨེ་ཛཿབྷྱོ་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་མ་ཧཱ་ཤ་རཱི་རཾ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་འཕང་ཐལ་མོ་དུལ་མོ་བརྡབ༔ རྟེན་དང་ལམ་གྱི་བར་གཅོད་ཀུན༔ རྗེས་ཤུལ་ལྷག་མེད་བརླག་པར་བསམ༔ སྟོང་ཉིད་ཀ་དག་ངང་དུ་བཞག༔ རིག་འཛིན་བྱིན་རླབས་མཐུ་བཙན་ཞིང༔ དམ་ཅན་སྲུང་མ་རྩལ་ལྡན་པས༔ བྱང་ཆུབ་སྒྲུབ་པའི་བར་གཅོད་ཀུན༔ ངེས་པར་བཟློག་འགྱུར་ཐེ་ཚོམ་མེད༔ རྗེས་སུ་བཤལ་ཆུའི་བདུད་རྩི་དང༔ གཏོར་མས་ཕྱི་རོལ་སྐྱོང་བའི་མ༔ ཆེ་ཞེ་འཁོར་བཅས་མཆོད་པ་ནི༔ མཐུན་རྫས་འདོད་ཡོན་སྤྲིན་དུ་བརླབ༔ བྷྲཱུྃ་རཏྣ་བ་ལིཾ་ཏ་ཏྲཱཾ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཧཱུྃ་བྷྱོ༔ བྲན་དང་བཀའ་ཡི་ཚོགས་ཀྱི་འདུ་བའི་བདག༔ ཁྲག་འཐུང་དེ་བཞིན་ཉིད་བརྙེས་ནམ་མཁའི་སྐུ༔ པདྨ་ཐོད་ཕྲེང་སྦྱན་སྔར་དམ་མནོས་པའི༔ བོད་སྐྱོང་བརྟན་མ་འཁོར་བཅས་འདིར་གཤེགས་ཤིག༔ མ་མ་བྷྱོ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛ༔ བྷྱོ༔ ཧེ་རུ་ཀ་དཔལ་སྐུ་ཡི་རིགས་ཀྱི་ཡུམ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ གངས་ཀྱི་གཡུ་བུན་རྡོ་རྗེ་ཀུན་ཏུ་བཟང༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ དྲག་ཤུལ་བདུད་ཀྱི་བུ་མོ་མཆེད་སྡེ་བཞི༔ སྐྱོང་མ་ཡ་མ་འབུམ་ཕྲག་འཁོར་དང་བཅས༔ དམ་ཚིག་རྗེས་དགོངས་བཤལ་ཆུའི་གཏོར་མ་བཞེས༔ འཁོར་སྲུངས་རྐྱེན་ཟློག་ཚེ་བསོད་དཔལ་འབྱོར་སྐྱེད༔ གངས་ཅན་མཐའ་དབུས་ནད་མུག་འཁྲུགས་རྩོད་སོལ༔ ལོ་ལེགས་འབྲུ་དང་རྐང་འགྲོས་ནོར་ཕྱུགས་སྤེལ༔ བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ བྷྱོ༔ ཧེ་རུ་ཀ་དཔལ་གསུང་གི་རིགས་ཀྱི་ཡུམ༔ གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གཏུམ་ཆེན་གནོད་སྦྱིན་བུ་མོ་མཆེད་སྡེ་བཞི༔ སྐྱོང་མ་ཡ་མ་འབུམ་ཕྲག་འཁོར་དང་བཅས༔ དམ་ཚིག་རྗེས་དགོངས་བཤལ་ཆུའི་གཏོར་མ་བཞེས༔ འཁོར་སྲུངས་རྐྱེན་ཟློག་ཚེ་བསོད་དཔལ་འབྱོར་སྐྱེད༔ གངས་ཅན་མཐའ་དབུས་ནད་མུག་འཁྲུགས་རྩོད་སོལ༔ ལོ་ལེགས་འབྲུ་དང་རྐང་འགྲོས་ནོར་ཕྱུགས་སྤེལ༔ བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ བྷྱོ༔ ཧེ་རུ་ཀ་དཔལ་ཐུགས་ཀྱི་རིགས་ཀྱི་ཡུམ༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ ཡིད་འཕྲོག་སྨན་གྱི་བུ་མོ་མཆེད་སྡེ་བཞི༔ སྐྱོང་མ་ཡ་མ་འབུམ་ཕྲག་འཁོར་དང་བཅས༔ དམ་ཚིག་རྗེས་དགོངས་བཤལ་ཆུའི་གཏོར་མ་བཞེས༔ འཁོར་སྲུངས་རྐྱེན་ཟློག་ཚེ་བསོད་དཔལ་འབྱོར་སྐྱེད༔ གངས་ཅན་མཐའ་དབུས་ནད་མུག་འཁྲུགས་རྩོད་སོལ༔ ལོ་ལེགས་འབྲུ་དང་རྐང་འགྲོས་ནོར་ཕྱུགས་སྤེལ༔ བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ མ་མཱ་ཏ་ཏཱ་ཏེ་ཏཻ་ཏཾ་ཏཱཾ་ལ་ལཱ་ལི་ལཱི་ཁ་རཀྨཱ་མ་མ་སྲིང་འགྲོ་མ་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཡཱ་ཧི་གཙྪ༔ ལས་ལ་མྱུར་བའི་ཚུལ་དང་བཅས༔ དགྱེས་བཞིན་རང་གནས་གཤེགས་པར་བསམ༔ ལས་མཇུག་མཐར་ཕྱིན་བྱ་བའི་ཕྱིར༔ རྡོ་རྗེ་བྲོ་ཡི་ཆོ་ག་ནི༔ གཏོར་གཞོང་རི་རབ་ལྷུན་པོའི་འོག༔ དམ་སྲི་དཔུང་བཅས་རྒྱས་གདབ་བསམ༔ ཧཱུྃ༔ ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧྲཱི༔ རྩ་གསུམ་ལྷ་ཚོགས་དགྱེས་པའི་དཀྱིལ་འཁོར་དུ༔ བར་ཆད་བྱེད་པའི་བདུད་དང་དམ་སྲིའི་དཔུང༔ རྡོ་རྗེ་རི་རབ་ལྷུན་པོའི་འོག་ཏུ་བཀུག༔ མི་འགྱུར་ཡེ་ཤེས་ལྟ་བས་རྒྱས་གདབ་བོ༔ སརྦ་ཤ་ཏྲཱུན་བིགྷྣཱན་སཏྭམྦྷ་ཡ་ནན༔ ཨོཾ༔ དཀར་ཟླུམ་ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྩ་གསུམ་རྡོ་རྗེ་རིགས་ཀྱི་བྲོ་བརྡུངས་པས༔ ཞེ་སྡང་ཆོས་དབྱིངས་ཡེ་ཤེས་ཕྱག་རྒྱར་རྫོགས༔ མི་མཐུན་གཏུམ་པོ་ཐམས་ཅད་ཞི་གྱུར་ཅིག༔ ཧཱུྃ་བཛྲ་མ་ཧཱ་གུ་རུ་ཀྲོ་དྷ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཏྲཱཾ༔ སེར་མཉམ་མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྩ་གསུམ་རིན་ཆེན་རིགས་ཀྱི་བྲོ་བརྡུངས་པས༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་ཀློང་དུ་ཐིམ༔ རྡོ་རྗེའི་གཟི་བརྗིད་ཡེ་ཤེས་རྒྱས་གྱུར་ཅིག༔ ཏྲཱཾ་རཏྣ་མ་ཧཱ་གུ་རུ་ཀྲོ་དྷ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿ དམར་འཁྱིལ་ཝཾ་གི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྩ་གསུམ་པདྨ་རིགས་ཀྱི་བྲོ་བརྡུངས་པས༔ འདོད་ཆགས་སོར་རྟོག་ཡེ་ཤེས་ཐིག་ལེར་འཁྱིལ༔ ཡིད་འཕྲོག་འདོད་རྒུ་དབང་དུ་འདུས་གྱུར་ཅིག༔ ཧྲཱིཿཔདྨ་མ་ཧཱ་གུ་རུ་ཀྲོ་དྷ་ཝ་ཤཾ་ཀུ་རུ་ཧོ༔ ཧཱུྃ༔ མཐིང་ནག་ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ རྩ་གསུམ་ལས་ཀྱི་རིགས་ཀྱི་བྲོ་བརྡུངས་པས༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་ཀློང་དུ་ཐིམ༔ མི་མཐུན་དགྲ་བགེགས་ཐམས་ཅད་བརླག་གྱུར་ཅིག༔ ཧཱུྃ་ཀརྨ་མ་ཧཱ་གུ་རུ་ཀྲོ་དྷ་མཱ་ར་ཡ་ཕཊ༔ ཧཱུྃ་ཧཱུྃ༔ ཚིག་ནི་བརྗོད་བྲལ་སྐྱེ་མེད་གཉུག་མའི་དབྱངས༔ གླུ་ནི་རོལ་པ་འགག་མེད་ཡེ་ཤེས་གླུ༔ བྲོ་ནི་གཉིས་མེད་ཟུང་འཇུག་བདེ་ཆེན་གར༔ རྩ་གསུམ་ཞི་ཁྲོ་སྒྱུ་མའི་ཆོ་འཕྲུལ་གྱིས༔ འཇིགས་པའི་བདུད་བཞི་རི་རབ་འོག་ཏུ་མནན༔ གསང་བའི་དགྲ་གསུམ་རྡོ་རྗེའི་ཕྱག་རྒྱས་བཏབ༔ བར་ཆད་འཕྲང་གསུམ་ཡེ་ཤེས་མེ་ཡིས་བསྲེག༔ ཐམས་ཅད་ལྷུན་རྫོགས་ཡེ་ཤེས་དབྱིངས་སུ་ཐིམ༔ སརྦ་བིགྷྣཱན་ཤ་ཏྲཱུན་སཏྭཾ་བྷ་ཡ་མོ་ཧ་ཡ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཨ༔ སླར་ཡང་གཏོར་སྣོད་ཁ་ཕྱེ་ལ༔ རིན་ཆེན་སྨན་འབྲུ་བདུད་རྩིས་བཀང༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་དང༔ བདེ་ཆེན་ཡེ་ཤེས་རྒྱས་པར་བསམ༔ གསུམ་པ་དངོས་གྲུབ་བླང་བ་ནི༔ མདའ་དར་གཡབ་ཅིང་གདུང་ཤུགས་བསྐྱེད༔ སྲིད་དང་ཞི་བའི་དྭངས་བཅུད་ཀུན༔ དངོས་གྲུབ་རྫས་ལ་བཀུག་ཅིང་བསྟིམ༔ ཧྲཱི༔ རྗེ་བཙུན་ཨོ་རྒྱན་པདྨ་ཚེ་དཔག་མེད༔ རྩ་གསུམ་རྒྱལ་བ་རབ་འབྱམས་དབྱིངས་ནས་བཞེངས༔ དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལས་ལ་བསྐུལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཚུད༔ འཇིག་རྟེན་སྣོད་བཅུད་འབྱུང་བའི་དྭངས་མ་སྡུས༔ ཡེ་ཤེས་གཟི་བྱིན་འོད་ཀྱི་ཐིག་ལེར་སྐྱིལ༔ སྒྲུབ་རྟེན་རྫས་ལ་འཁོར་འདས་དྭངས་བཅུད་སྟིམས༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ ཚེ་ཁུག་གཡང་སྐྱོབས་མཆོག་ཐུན་དངོས་གྲུབ་དང༔ འཆི་མེད་རྡོ་རྗེའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་བཟླས་དྭངས་བཅུད་གཟི་བྱིན་སྦར༔ དེ་ནས་རྟེན་དང་སྒྲུབ་པའི་རྫས༔ སྤྱི་བོར་བླང་ཞིང་གནས་གསུམ་གཏུགས༔ ཚེ་དང་གལ་སོགས་ལོངས་སྤྱོད་བྱ༔ ཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རིག་པ་རང་སྣང་དགོངས་ཀློང་འདུ་འབྲལ་མེད༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཚོགས་རྣམས་ཀྱིས༔ སྐྱེ་མེད་ཆོས་སྐུའི་དངོས་གྲུབ་བསྩལ་དུ་གསོལ༔ བདེ་ཆེན་ལྷུན་གྲུབ་འོད་གསལ་དཀྱིལ་འཁོར་ནས༔ གང་འདུལ་སྐུར་སྣང་བརྡ་ཐབས་དུ་མར་སྟོན༔ རིགས་གསུམ་རིག་འཛིན་ཚོམ་བུ་འབུམ་སྡེ་ཡིས༔ འགག་མེད་ལོངས་སྐུའི་དངོས་གྲུབ་བསྩལ་དུ་གསོལ༔ རིག་རྩལ་རོལ་པའི་རྡོ་རྗེའི་དཀྱིལ་འཁོར་ནས༔ རྒྱུད་ལུང་མན་ངག་སྙན་བརྒྱུད་ཆོས་འཁོར་བསྐོར༔ རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཡིས༔ འགྲོ་འདུལ་སྤྲུལ་སྐུའི་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱི༔ བདེ་ཆེན་པདྨ་དྲྭ་བའི་དཀྱིལ་འཁོར་ནས༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ༔ བཀའ་བབས་ཆུ་བོ་བཞི་འདུས་སློབ་དཔོན་དང༔ ཡི་དམ་དཔལ་ཆེན་བརྒྱད་ཀྱི་རིག་པ་འཛིན༔ དཔའ་བོ་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཚོགས༔ དང་པོ་བསྙེན་ཅིང་བར་དུ་དབྱེར་མེད་བསྒྲུབས༔ དེང་འདིར་དངོས་གྲུབ་གསོལ་བའི་དུས་ལགས་ན༔ ཐུགས་རྗེ་ཆེན་པོའི་གཟི་བྱིན་བསྐྱེད་དུ་གསོལ༔ ནམ་མཁའི་གཟུགས་ཅན་འགྲན་ཏུ་མེད་པ་ཡི༔ མཚན་དཔེ་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྡོ་རྗེ་མི་ཤིགས་ནཱ་དའི་སྒྲ་ཆེན་པོ༔ ཚངས་དབྱངས་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ གདོད་ནས་རྣམ་དག་སྐུ་གསུམ་ཐིག་ལེར་འཁྱིལ༔ འོད་གསལ་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ སྟོབས་དང་རྫུ་འཕྲུལ་དབང་བཅུའི་གཏེར་ཆེན་པོ༔ འདོད་འབྱུང་ཡོན་ཏན་དངོས་གྲུབ་བསྩལ་དུ་གསོལ༔ གང་འདུལ་ཐབས་ཀྱིས་གདུལ་བྱའི་རེ་བ་སྐོང༔ ཐོགས་མེད་ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ༔ རབ་འབྱམས་མདོ་རྒྱུད་བཀའ་ཡི་དངོས་གྲུབ་སྩོལ༔ རྡོ་རྗེའི་ལུང་མཆོག་གཏེར་གྱི་དངོས་གྲུབ་སྩོལ༔ མན་ངག་སྙིང་པོ་གདམས་པའི་དངོས་གྲུབ་སྩོལ༔ ཐུན་མོང་ཡིད་བཞིན་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཁྱད་པར་མཆོག་གསང་དོན་གྱི་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་ཆེན་ཡེ་ཤེས་རྟོགས་པའི་དངོས་གྲུབ་སྩོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཛྙཱ་ན་བཛྲ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སིདྡྷི་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་གཏང་རག་མཆོད་བསྟོད་བྱ༔ ནོངས་པའི་ཚོགས་རྣམས་བཟོད་པར་གསོལ༔ ཧོ༔ ཆོས་ཀྱི་དབྱིངས་ལ་ཉེས་པའི་སྐྱོན་མེད་ཀྱང༔ བདག་ཅག་མ་རིག་གློ་བུར་འཁྲུལ་པ་ཡིས༔ ནོངས་པ་གང་མཆིས་སྙིང་ནས་བཟོད་པར་གསོལ༔ དག་ཅིང་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ཅི་ནུས་བརྗོད༔ བཞི་པ་རྟག་ཆད་མཐའ་བསལ་ཕྱིར༔ སྣང་ཆ་ལྷ་ཡི་འཁོར་ལོ་ཀུན༔ འོད་གསལ་སྟོང་པའི་དབྱིངས་སུ་བསྡུ༔ རྗེས་ཐོབ་ཟུང་འཇུག་ལྷ་སྐུར་ལྡང༔ ཨ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ་ཡི་སྐུ༔ རྟག་མཐའ་གཟུང་འཛིན་མཚན་མ་སྦྱང་བའི་ཕྱིར༔ མཁའ་ལ་འཇའ་བཞིན་འོད་གསལ་དབྱིངས་སུ་ཐིམ༔ མ་བཅོས་སྐྱེ་མེད་གཉུག་མའི་ངང་དུ་བཞག༔ མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ སླར་ཡང་བདེན་གཉིས་དབྱེར་མེད་ཆེན་པོའི་ངང༔ ཆད་པའི་མཐའ་དང་སྟོང་པ་ལས་གྲོལ་ཕྱིར༔ སྣང་ཆ་འཆི་མེད་པདྨ་ཐོད་ཕྲེང་རྩལ༔ མི་ཕྱེད་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས༔ བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱཏྨ་ཀོ྅་ཧཾ༔ ལྔ་པ་བསྔོ་སྨོན་ཤིས་བརྗོད་ནི༔ ཧོ༔ ཁྱབ་བརྡལ་ཆོས་དབྱིངས་ཆེན་པོའི་དཀྱིལ་འཁོར་དུ༔ རིག་འཛིན་མཆོག་གི་བསྙེན་ཅིང་སྒྲུབ་ལ་སོགས༔ དུས་གསུམ་བསགས་པའི་དགེ་བ་གང་མཆིས་པ༔ བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་བདག་གཞན་སེམས་ཅན་ཀུན༔ ཚེ་རིང་ནད་མེད་འདོད་རྒུའི་འབྱོར་པ་རྒྱས༔ ཐེག་མཆོག་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་ཡིས༔ རྟག་ཏུ་བདེ་བའི་དཔལ་ལ་རོལ་པར་ཤོག༔ རྣམ་པར་སྨིན་པས་རླུང་སེམས་ལྷ་སྐུར་བཞེངས༔ ཚེ་ལ་དབང་ཐོབ་ཕྱག་རྒྱའི་རིགས་སུ་ཤར༔ ལྷུན་གྱིས་གྲུབ་པའི་ཟུང་འཇུག་སྒྱུ་མ་ཡིས༔ སྐུ་དང་ཡེ་ཤེས་གོ་འཕང་མྱུར་འགྲུབ་ཤོག༔ ཨོཾ༔ ཆོས་སྐུའི་དབྱིངས་ལས་བདེ་ཆེན་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རྣམ་རོལ་པདྨ་ཐོད་ཕྲེང་རྩལ༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱི༔ བྱིན་རླབས་སྤྲིན་ཕུང་འཁྲིགས་པའི་བཀྲ་ཤིས་ཤོག༔ འོད་གསལ་ངང་ལས་བདེན་གཉིས་དབྱེར་མེད་སྐུ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་པར་ཤར༔ རབ་འབྱམས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི༔ དངོས་གྲུབ་ཆར་དུ་བསྙིལ་བའི་བཀྲ་ཤིས་ཤོག༔ ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་དུ༔ བདེ་སྟོང་གར་མཛད་ཞི་ཆགས་ཁྲོས་པའི་ཉམས༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ འདོད་རྒུའི་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག༔ རྒྱལ་བའི་བསྟན་སྲུང་བཀའ་ཡི་བྱ་ར་མཛད༔ ལོག་འདྲེན་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན༔ རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་བདག་གི༔ ཕྲིན་ལས་གློག་ལྟར་མྱུར་བའི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་པའི་སྙིང་པོ་དར་ཞིང་རྒྱས༔ བསྟན་འཛིན་ཐུགས་མཐུན་སྐུ་ཚེ་མཛད་ཕྲིན་འཕེལ༔ འཇིག་རྟེན་ཀུན་ཏུ་ནད་མུག་མཚོན་འཁྲུག་ཞི༔ རྟག་ཏུ་བདེ་སྐྱིད་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཕྱོགས་བཅུར་འཐོར༔ སྙན་འགྱུར་རོལ་མོ་ཡུན་དུ་བྱ༔ དགའ་ཞིང་སྤྲོ་བའི་ཉམས་བསྐྱངས་ལ༔ ཆོས་སྤྱོད་བཅུ་ལ་བརྩོན་པར་བྱ༔ ས་མ་ཡ༔ ྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈ བསྒྲུབ་གཞི་འོད་གསལ་བདེ་གཤེགས་སྙིང༔ འཆི་མེད་རྩ་གསུམ་དོན་གྱི་ལྷ༔ གདོད་ནས་འདུ་འབྲལ་མེད་པའི་ཕྱིར༔ བདེན་གཉིས་དབྱེར་མེད་ཆེན་པོར་བལྟ༔ སྒྲུབ་བྱེད་སྨིན་དང་གྲོལ་བའི་ལམ༔ རྡོ་རྗེ་ཐེག་པའི་གསང་བ་ཆེ༔ སྣང་སྟོང་བདེ་སྟོང་རིག་ཅིང་སྟོང༔ བསྐྱེད་རྫོགས་ཟུང་འཇུག་ཆེན་པོར་བསྒོམ༔ སྒྲུབ་པ་མཐར་ཕྱིན་འབྲས་བུ་ནི༔ སྐུ་དང་ཡེ་ཤེས་ཕྲིན་ལས་བདག༔ མཁའ་ཁྱབ་རྟག་པ་ལྷུན་གྲུབ་མཆོག༔ ཤིན་ཏུ་རྣམ་གྲོལ་ཆེན་པོར་འཆར༔ དེ་ལྟ་བུ་ཡི་ལམ་གྱི་རིམ༔ ཟབ་ཅིང་རྒྱ་ཆེ་མཁའ་འདྲ་བའི༔ སྙིང་པོ་མཐར་ཐུག་རིག་འཛིན་བཞིའི༔ གོ་འཕང་མཆོག་ཏུ་སྒྲུབ་པའི་ཕྱིར༔ ལུས་བརྒྱའི་མགོ་དང་དཔྲལ་བའི་མིག༔ ཁོག་པའི་སྙིང་དང་ཟུངས་ཁྲག་ལྟར༔ མ་བྱུང་འབྱུང་བར་དཀའ་བའི་ཆོས༔ རྩ་གསུམ་དགོངས་འདུས་ཆོས་ཀྱི་མཛོད༔ ད་ལྟ་རང་བྱུང་ཧེ་རུ་ཀ༔ འཆི་མེད་པདྨ་བདག་ཉིད་ཀྱིས༔ ཐུགས་ཀྱི་དྭངས་མ་མངོན་ཕྱུངས་ནས༔ སྔོན་གྱི་སྨོན་ལམ་འབྲེལ་པ་ཡི༔ མངའ་བདག་ཡབ་སྲས་རྣམས་ལ་གཏད༔ དད་དང་མོས་པས་རྩེ་གཅིག་ཆོངས༔ བཻ་རོ་ཙ་ན་ཉིད་ལ་གདམས༔ བཤད་དང་སྒྲུབ་པས་གསལ་བར་ཕྱེས༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་བསྟིམས༔ མཁའ་འགྲོ་བརྡ་ཡི་ཡི་གེར་བྲིས༔ མ་འོངས་རིག་འཛིན་རྗེ་འབངས་རྣམས༔ བསམ་བཞིན་སྤྲུལ་པ་བཟུང་བའི་ཆེད༔ བཀའ་ཤོག་ས་ཡི་གཏེར་དུ་སྦོས༔ ལས་ཅན་རྣམས་དང་འཕྲད་ནས་ཀྱང༔ ཡིད་བཞིན་ནོར་བུའི་མཛོད་ཆེན་དབྱེ༔ ལས་ཀྱི་རིམ་པ་འདི་ཉིད་ཀྱང༔ ཀློག་དང་འཛིན་པ་ལྟ་ཅི་སྨོས༔ དཔེ་རྒྱུད་ཙམ་ཞིག་འཆང་བས་ཀྱང༔ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུ༔ ཡུལ་ཁམས་ཀུན་ཏུ་དགེ་ལེགས་འབྱུང༔ འབྲེལ་ཚད་བྱང་ཆུབ་ལམ་ལ་འགོད༔ ཁྱད་པར་ཨོ་རྒྱན་བདག་ཉིད་ཀྱི༔ དབུས་གཙང་སྒྲུབ་གནས་ཉེར་གཅིག་དང༔ མདོ་ཁམས་གནས་ཆེན་ཉེར་ལྔ་ལ༔ འདི་ཉིད་ཚོགས་སུ་བསྒྲུབ་པ་ན༔ བོད་ཁམས་བསྟན་པ་ཡུན་དུ་འཕེལ༔ མཆོག་ཏུ་ཡར་མར་ཚེས་བཅུའི་དུས༔ འབྱོར་ཚོགས་ཐམས་ཅད་རྫས་སུ་བཤམ༔ མོས་ཤིང་གདུང་བས་རྒྱུད་བསྐུལ་ཚེ༔ ཨོ་རྒྱན་རིག་འཛིན་ཐམས་ཅད་དང༔ མཁའ་འགྲོའི་འདུ་བ་དངོས་སུ་འོང༔ ཆུ་བོ་བཞི་ཡི་ཡེ་ཤེས་འཕེལ༔ སྒྲུབ་སྡེ་དགུ་ཡི་དངོས་གྲུབ་ཐོབ༔ རྩ་ཁམས་རླུང་ལ་བྱིན་བརླབས་པས༔ རིག་འཛིན་རྣམ་བཞི་མྱུར་དུ་འགྲུབ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ཡར་བར་མ་དོར་སྒྲུབ་ལ་འབུངས༔ འགྲོ་འདུལ་བསྟན་པ་མཐའ་རྒྱས་འགྱུར༔ ས་མ་ཡཿ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གཉེར་རྒྱ༔ གསང་རྒྱ༔ གདམས་རྒྱ༔ ས་མ་ཡ༔ ཁ་ཐམ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།
འཇམ་དཔལ་ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་མན་ངག་ (Volume 53, Text 44)
༄༅། །འཇམ་དཔལ་ཚེ་བདག་ཡང་ཟློག་མེའི་སྤུ་གྲིའི་མན་ངག་བཞུགས་སོ། ། ན་མོ་གུ་རུཤྩ་མཉྫུ་ཤྲཱི་མཎྜ་ལེ་བྷྱཿ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པའི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །སྒྱུ་འཕྲུལ་གར་གྱི་དབང་ཕྱུག་བདུད་ཀྱི་དགྲ། །སྲིད་ཞིའི་མགོན་པོ་དེ་ལ་ཕྱག་བྱས་ཏེ། །གང་ཞིག་ལེགས་ལམ་སྒྲུབ་པའི་རྣལ་འབྱོར་ལ། །བན་དགྲ་བདུད་བགེགས་བར་ཆོད་གླགས་འཚོལ་ན། །དེ་དག་སྲུང་ཟློག་གསད་གནན་ལས་ཀྱི་མཛོད། །ཉིང་ཁུའི་ཡང་སྙིང་རྣལ་མ་འདིར་བརྗོད་བྱ། །འདི་ལ་ཡིད་ཆེས་པར་བྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། གདམས་ངག་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་གཙུག་ལག་དཔལ་དགེས་འཇམ་དཔལ་ཚེ་བདག་ནག་པོའི་རྒྱུད་ནས་བསྡུས་ཏེ། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་སཾ་བྷ་བ་ལ་གནང་། དེས་བལ་པོའི་སློབ་དཔོན་བཱ་སུ་དྷཱ་ར་སྟེ་ནོར་འཛིན་ལ་གནང་། དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཀའ་རྒྱ་དང་བཅས་ནས་གནང་། དེས་སྤེལ་བའི་གནས་མ་རྙེད། མ་འོངས་པ་ན་རང་ཉིད་ཀྱི་སྐྱེ་བ་རྒྱ་དུམ་པ་ཞང་ཁྲོམ་གྱི་དུས་སུ་དགོས་པར་གཟིགས་ནས། ལྷོ་བྲག་མཁོ་མཐིང་གི་གཙུག་ལག་ཁང་དུ་གཏེར་དུ་སྦས་པ་ཡིན་ཏེ། འདིའི་སྲུང་ཟློག་གསད་གསུམ་གྱི་ཞལ་གདམས་ཀྱི་མཇུག་ཏུ། སྔགས་པ་ནང་རྒྱས་བྱུང་བའི་ཚེ༔ དེ་ཚེ་མན་ངག་འདི་གཅེས་སོ༔ སེང་གེ་ཁ་འཐབ་བྱུང་བའི་ཚེ༔ དེ་ཚེ་མན་ངག་འདི་གཅེས་སོ༔ གཡག་སེང་ཐུག་ཕྲད་བྱུང་བའི་ཚེ༔ དེ་ཚེ་མན་ངག་འདི་གཅེས་སོ༔ ཁྱུང་ཆེན་སྡེར་འཛིང་བྱུང་བའི་ཚེ༔ དེ་ཚེ་མན་ངག༴ སྒྱོགས་གཉིས་ནང་ཕྲད་བྱུང་བའི་ཚེ༔ དེ་ཚེ་མན་ངག༴ སྤུ་གྲི་སོ་འཐབ་བྱུང་བའི་ཚེ༔ དེ་ཚེ་མན་ངག༴ རི་གཟར་རྦབ་ཆེན་བྱུང་བའི་ཚེ༔ དེ་ཚེ་མན་ངག༴ སྔགས་པ་ནང་འཐབ་བྱུང་བའི་ཚེ༔ སྲུང་བ་མཆོད་རྟེན་སྒྲོམ་བུ་འདི་གཅེས་སོ༔ གཅེས་པ་བརྒྱད་དང་ལྡན་པ་འདི༔ ཀུན་ལ་ཡོད་ན་ངོ་མཚར་ཆུང༔ བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས༔ རྒྱ་གར་བལ་པོའི་མཐའ་བསྐོར་ཏེ༔ སྲ་བ་བྲག་ལས་བརྐོས་ཏེ་བླངས༔ ཟབ་པ་རྒྱ་མཚོའི་ཀློང་ནས་བླངས༔ མཐོ་བ་རི་ལ་འཛེགས་ཏེ་བླངས༔ དཀའ་བ་སྲོག་དང་བསྡོས་ནས་བླངས༔ གསེར་སྲང་བརྒྱ་འཇལ་རིན་གྱིས་ཉོས༔ ཞེས་གསུངས་ཏེ། ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་དུ་མཆོང་སྒྲོམ་སྨུག་པོ་ཤེལ་གྱི་པར་བུ་རུ། ཆུ་དར་སྔོན་པོ་ལ་དངུལ་གྱིས་བྲིས་ནས་གཏེར་དུ་སྦས་སོ། །དེ་དུས་ཕྱིས་སུ་རྒྱ་ཞང་ཁྲོམ་གྱིས་གཏེར་ནས་བཏོན་ནས། རོག་གྲགས་རྩེ་ལ་གནང་། དེས་ཁམས་པ་གསེར་ཁུར་ལ་གནང་བས་དེང་སང་ཡང་ཁམས་ན་དར་སྲོལ་ཆེ་ལ། ཡང་ཁམས་པས་ལྷ་རྗེ་གནུབས་ཆུང་ལ་གནང་། དེས་མཚུར་སྟོན་རིན་ཆེན་རྡོ་རྗེ་ལ་གནང་སྟེ། མཚུར་དེས། དཔོན་གཞོན་སྟོན་ཆུང་བྱ་བའི་སྔགས་པ་མི་དཔོན་གཉིས་ཀ་བྱེད་པ་ཞིག་གི་ཕ་བུ་སྤུན་ཟླ་མེས་པོ་ཕ་ཚན་དང་བཅས་པའི་མི་ཕོ་ངོ་དྲུག་ཅུ་རྩ་གཅིག་ལིང་ག་ལ་བཏབ་ནས་མཐུ་བྱས་པས། དཔོན་གཞོན་གྱིས་རྔོག་མེས་སྟོན་སྤྱན་དྲངས་ཏེ་ཟློག་པ་ཞུས་པས། མཚུར་ལ་ཆོ་འཕྲུལ་ཆེན་པོ་བྱུང་སྟེ། ཁ་རག་ཏུ་ཕྱིན་ནས་རང་གི་བླ་མ་བལ་པོ་དབང་ཕྱུག་རྡོ་རྗེ་ལ་ལོ་རྒྱུས་ཀུན་བཤད་དེ་ཟློག་པ་ཞུས་པས། བལ་པོའི་ཞལ་ནས། མེས་སྟོན་ལས་ཟློག་པ་མཁས་པ་དབུས་གཙང་གི་རྒྱལ་ཁམས་ན་མེད། ང་ལ་ཟློག་པ་ཡང་ཞུན་ལ་སོགས་པ་རིགས་མང་པོ་ཡོད་དེ་དེས་མི་འོང་། ཁྱོད་ལ་རྫུན་བཏང་བས་མི་ཡོང་། ཁྱེད་རང་ལ་ཡང་ཕྱག་ཆ་དང་རྫས་ཟློག་དང་ཨུར་མོ་ལ་སོགས་པ་ལ་མཁས་ཏེ་དེ་འདྲས་མི་ཡོང་། ཡང་ཟློག་ཟབ་པ་གཅིག་དགོས་པ་ཡིན། ང་ལ་རྒྱུས་ཡོད་པས། གཙང་རོང་ན་ལྷ་རྗེ་གནུབས་ཆུང་ལ་ཡོད་གསུངས་ནས་ལུང་བསྟན། དེ་ནས་མཚུར་གྱིས་སྣམ་བུ་བཟང་པོ་གོས་འདེད་པ་བདུན་ཁྱེར་ནས་གཙང་རོང་དུ་ཕྱིན་ནས་ཕུལ། ཡང་ཟློག་ཞུས་ནས་ཚུར་འོང་། ལམ་དུ་སྔགས་རྒྱུན་བཙུགས་པས་ཆོ་འཕྲུལ་ཆེར་སོང་། དེ་ནས་རྟ་ཕོ་ཁམ་པ་ཁྱེར་ཏེ་ཕུལ། གདམས་པ་འདི་མ་ཚང་བར་སྣང་བས་ཚང་བ་ཞིག་ཞུ་དགོས། དེ་མི་གནང་ན་ང་རང་གི་འབུལ་བ་ཚོ་ཕྱིར་ཁྱེར་འགྲོ །འདི་བྱས་པས་ཆོ་འཕྲུལ་ཆེར་སོང་ཞུས་པས། དེ་གོང་དུ་ལྷ་སྒོམ་ཐབས་དང་སྔགས་ཀྱི་ཤམ་བུ་འདོགས་ཐབས་གཉིས་སྦས་ནས་མ་གནང་བ་ལ་དེར་གནང་སྟེ། ད་འདི་ལ་ལྷག་ཆད་ཡོད་རེ་དབུ་བསྙུང་བཞེས། ཁྱེད་རང་གི་བརྒྱུད་པ་མིན་པ་གཞན་ལ་མི་སྤེལ་བའི་མནའ་བསྒགས་ནས་གནང་ངོ་། །དེ་དུས་མཚུར་གྱི་བུ་ཆེ་བ་མཚུར་སྟོན་འཇམ་དཔལ་ལོ་བཅོ་བརྒྱད་པ་དང་། མཚུར་སྟོན་དབང་ངེ་ལོ་བཅུ་བདུན་པ་གཅིག་དང་ཕ་སྤད་གསུམ་གྱིས་ཟློག་པ་འདིའི་བཅས་བྱས་ནས་སྔགས་རྒྱུན་བཙུགས་པས། རྔོག་མེས་སྟོན་དཔོན་གཡོག་ཁྲག་བཤལ་སྐྱུགས་ཀྱིས་མཚམས་ནང་དུ་ཤི །དེ་ནས་དཔོན་གཞོན་ལ་མཐུ་ཁ་ཟུག་སྟེ། ལོ་གསུམ་གྱི་ཁོངས་སུ་ལིང་ག་ལ་བཏབ་པའི་མི་དྲུག་ཅུ་རྩ་གཅིག་པོ་ཐམས་ཅད་ཤིའོ། །དེ་ནས་རིམ་པར་བརྒྱུད་པའོ།། ༈ །།གཉིས་པ་གདམས་ངག་དངོས་ཀྱི་དང་པོར་འདི་ལ་དོན་བཅུ་རུ་ཤེས་པར་བྱ་སྟེ། སྐོར་གསུམ། མཚན་བཞི། གནད་གསུམ་དང་བཅུའོ། །སྐོར་གསུམ་ནི། སྲུང་ཟློག་གསད་གསུམ་མོ། །མཚན་བཞི་ནི། ལྷ་ལ་མཚན་དུ་གསོལ་བ་གཤིན་རྗེ་ཚེ་བདག །སྔགས་ལ་མཚན་དུ་གསོལ་བ་ཨེ་ཀ་ཡ་མ། རྫས་ལ་མཚན་དུ་གསོལ་བ་སཱཙྪ་དཀར་ནག །དཔེ་ལས་མཚན་དུ་གསོལ་བ་མེའི་སྤུ་གྲིའོ། །གནད་གསུམ་གྱི་བཅའ་བ་རྫས་ཀྱི་གནད་སཱཙྪ་དང་འཁོར་ལོ་བྲི་ཐབས། བསྒོམ་པ་ལྷའི་གནད་གཤིན་རྗེ་ཚེ་བདག་ཏུ་གསལ་བ། བཟླས་པ་སྔགས་ཀྱི་གནད་གང་བྱེད་ཤམ་བུ་སྒྱུར་བ་སྟེ། བཅུ་པོ་དེས་ཡང་ཟློག་གི་གདམས་པ་ཐམས་ཅད་རྫོགས་པ་ཡིན་ནོ། །དེ་ལ་གནད་གསུམ་འཛོམས་པ་ན༔ ཕུར་ཐོགས་སྟོང་གིས་བྲུབ་གྱུར་ཀྱང༔ རང་ལ་མི་ཚུགས་ཁོ་རང་ཕུང༔ མཐའ་ནས་བརླག་འགྱུར་གདོན་མི་ཟ༔ ཡང་ཟློག་མེ་ཡི་སྤུ་གྲི་འོ༔ ཞེས་སོ། །དེ་ལ་བཅའ་བ་རྫས་ཀྱི་གནད་ནི། སྲུང་ཟློག་སཱཙྪ་དཀར་པོ་ལ་བརྟེན་པ། གསད་གནན་སཱཙྪ་ནག་པོ་ལ་བརྟེན་པའོ། །སྲུང་ཟློག་གཉིས་གང་བྱེད་ཀྱང་། བཀྲ་ཤིས་པའི་ས་ལ་སྔགས་པ་དམ་ལྡན་གཅིག་གིས་སཙྪ་དཀར་པོ་བཏབ་པའི་ནང་དུ། དར་རམ་ཤོག་བུ་ལ་བཟང་དྲུག་དྲི་བཟང་རྣམས་ཀྱིས་འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྔ་དང་བཅས་པའི་ལྟེ་བར། བདག་གམ་བསྲུང་བྱའི་མིང་རུས་སྲུངས་ཤིག་བྲི། ལྟེ་བའི་མུ་ཁྱུད་ལ། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ༔ བྲི། མུ་ཁྱུད་གཉིས་པ་ལ་རྩིབས་བཞིའི་སྟེང་མ་ལ། ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ རྩིབས་གཡས་པ་ལ། ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ རྩིབས་གཡོན་པ་ལ། གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ རྩིབས་འོག་མ་ལ། སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་སཾ་གྷྲི་ཝཱ་རི་བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ༔ བྲི། དེའི་ཕྱི་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲི། དེ་ཕྱིར་རྡོར་ར་དང་མེ་རིས་བསྐོར་ཏེ་རབ་གནས་བྱས་ལ་དྲིལ་ལ་མགོ་མཇུག་མ་ལོག་པར་བཅུག །སྲུང་འཁོར་གྱི་ལྟེ་བར་གསེར་གྱི་ཨོཾ་ཨཱཿཧཱུྃ་བཅུག །གཞི་མ་དཀར་པོའི་སྟེང་དུ་ནས་འབྲས་དཀར་པོའི་ཚོམ་བུ་བཀོད་ལ་དབུས་སུ་སཱཙྪ་བཞག །དེ་ཨེ་ལས་ལྕགས་ཀྱི་གུར་ཁང་རཾ་ལས་མེའི་གུར་ཁང་དུ་གྱུར་ཏེ་བསྲུང་བྱ་ཐམས་ཅད་དེའི་ནང་དུ་བསྒོམ། ཕྱོགས་མཚམས་ཀྱི་ཚོམ་བུ་བརྒྱད་ལ། དཀོན་མཆོག་ཡི་དམ་ཆོས་སྐྱོང་སྡེ་བརྒྱད་ཁོའི་སྲུང་མ་དང་བཅས་པའི་གཏོར་མ་བཀོད། གསེར་སྐྱེམས་རྒྱས་པར་བྱ། དཀོན་མཆོག་ཡི་དམ་ཆོས་སྐྱོང་སྡེ་བརྒྱད་རྣམས་ལ་ཕྲིན་ལས་བཅོལ། ཁོའི་སྲུང་མ་རྣམས་ལ་བཀའ་བསྒོ་བྱས་ལ། སྲུང་སྔགས་བརྒྱ་རྩ་བརྒྱད་དང་། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱས་ལ། བསྐོར་བ་ཆོས་སྐོར་བདུན་བྱ། བཀྲ་ཤིས་བརྗོད་ལ་ཁང་པའི་ཡ་ཐེམ་སྟེང་དུ་གཞུག་གོ །སྲུང་བ་ཡང་ཟློག་མེའི་སྤུ་གྲི་རྫོགས་སོ།། ༈ །།གསད་གནན་གང་བྱེད་ཀྱང་། དུག་ཁྲག་གིས་དུར་ཁྲོད་ས་ནག་སྦྲུས་ལ་སཱཙྪ་ནག་པོ་ཉི་ཤུ་དགུའི་ཉི་མ་ཟེར་སྡུད་ཁར་བཤན་པས་བཏབ་ལ། རོ་སོལ་དང་དུག་ཁྲག་གིས་ཕྱི་ནང་ཀུན་དམར་ནག་ཏུ་བྱུགས་ལ། རོ་རས་སམ་དུག་ཤོག་ལ།་་་དེའི་ནང་དུ་འཁོར་ལོ་རྩིབས་བཞི་པ་སྲུང་བ་ལྟར་ལ། སྔགས་ཀྱི་ཤམ་བུ་སྲུངས་ཤིག་རྣམས། སོད་དམ། ནན་དུ་བསྒྱུར། རྟེན་འབྲེལ་སྙིང་པོ་དང་། རྡོར་ར་མེ་རི་མི་བྲི་བར་འཁོར་ལོའི་མཐའ་ལ་ལིང་གར་ཕུར་པ་རལ་གྲི་ལ་སོགས་པ་རང་མཚོན་རང་ལ་འདེབས་པ་བྲིའོ། ༈ །ཟློག་པའི་འཁོར་ལོ་ཡང་དེ་དང་འདྲ་བ་ལ། སྔགས་ཤམ་ཟློག་ཏུ་བསྒྱུར། ཙཀྲའི་ཕྱི་རོལ་ལིང་གའི་དཔུང་མགོ་གཉིས་ནས་རྡོ་རྗེ་རྒྱ་གྲམ་གཟེར་བའོ། ༈ །གནན་པའི་འཁོར་ལོ་རྩིབས་བཞི་པ། ལུས་གནོན་ཙཀྲ་ལིང་གའི་མགོ་ལ་བསྐོར། ངག་གནོན་ཙཀྲ་ལྕེ་ལ་བསྐོར། ཡིད་གནོན་ཙཀྲ་སྙིང་གར་བསྐོར། དེ་ནི་མན་ངག་དམ་པ་སྟེ། །འཁོར་ལོ་མེ་ཡི་སྤུ་གྲི་འོ། །རྩིབས་མཆན་རྣམས་སུ་ལྷ་ལྔའི་མིང་རེ་དང་སཏྭམྦྷ་ཡ་ནན་བྲིའོ། ༈ །གསད་པའི་དུས་སུ་ལིང་གའི་སྙིང་གའི་འཁོར་ལོ་རྩིབས་བཞི་བྲི། དགུག་བསྟིམ་ལྷ་དབྱེ་ཚར་ནས་ཏི་ཚ་དཀར་ནག་བར་དུ་གསད། ༈ སྲུང་དུས་སྔགས་མགོ་ཕྱི་རུ་བསྟན། ཟློག་དུས་སྔགས་མགོ་ནང་དུ་བསྟན། །དེ་ཡི་མན་ངག་ཤེས་པར་བྱ། །ྀཨཚ། འཁོར་ལོ་དེ་ལྟར་སཱཙྪ་ནག་པོར་བཅུག་ལ། དེ་ཡང་སྔོན་ལ་སཱཙྪ་དང་འཁོར་ལོ་གཉིས་ཕྱར་བ་ནག་པོའི་སྟེང་དུ་སྲན་མ་སོགས་འབྲུ་ནག་གི་ཚོམ་བུ་བཀོད་པའི་དབུས་སུ་བཞག །དཀོན་མཆོག་དང་ཆོས་སྐྱོང་སོགས་ཀྱི་གཏོར་མཆོད་གོང་བཞིན་བཤམ། གསོལ་གདབ་བཀའ་བསྒོ་གོང་ལྟར་བྱ། དེ་ནས་ཏི་ཚ་ནག་པོ་དེ། ལྕགས་ཀྱི་ཁང་སྒྲོམ་འབར་བར་བསམ། དེའི་ནང་དུ་བྱད་མ་དངོས་སུ་ཚུད་པར་བསམ། ཕོ་ལྷ་དང་བཅས་པ་དགུག་གཞུག་དྲག་པོས་བསྟིམ། ཁོ་རང་གི་ལྷས་ཁོ་རང་བསྒྲལ་བར་བསམ་ཞིང་། ལྷ་དབྱེ་དང་གདབ་ལས་བྱ། ཚོན་སྐུད་ཀྱིས་བཅིངས་ལ་སཱཙྪའི་ནང་དུ་བཅུག །རང་གཤིན་རྗེ་གཤེད་དུ་བསྒོམ། གསད་གནན་གྱི་སྔགས་ཁ་བསྒྱུར་ཏེ་བརྒྱ་རྩ་བརྒྱད་བཟླ། བསྐོར་བ་བོན་སྐོར་དུ་བདུན་བྱས་ལ་རེ་བ་ནག་པོས་བཏུམས་ཏེ། སྒྲུབ་ཁང་གི་ཐེམ་པའི་འོག་ཏུ་མནན་ནོ།་་་མགོ་ཞབས་བཟློག་ལ། དེ་ནི་མནན་པ་མེའི་སྤུ་གྲིའོ། །ྀཨཚ། ཉམས་པ་མྱུར་དུ་བསྒྲལ་འདོད་ན། ཕུང་ས་ལ་སོགས་བཀྲ་མི་ཤིས་པའི་ས་འདག་ལ་དུག་ཁྲག་དང་གདོང་གཅིག་སད་ཁྱེར་ཆུས་སྦྲུས་ཏེ་སཱཙྪ་བྱས་ལ་གྲི་ཁྲག་དང་དུག་སོལ་གྱིས་ཕྱི་ནག་པོའམ།་་་དམར་པོར་བྱས་པའི་ནང་དུ་ཙཀྲ་དཔེའུ་ཆུང་བཞིན་དུ་ལིང་ག་དང་བཅས་པ་ལ་དགུག་གཞུག་བྱས་ལ་གཞུག །བྲུབ་ཁུང་ཁྲུ་གང་པའི་ནང་དུ་མགོ་མཇུག་བཟློག་ལ་བཅུག །སཱཙྪ་དཀར་པོ་གཅིག་གི་ནང་ཟང་མར་བྲུས་ལ་ཐུན་ལམ་བཏོན་ལ་སྟེང་ནས་མནན། བསད་རྟགས་སྤྱི་དང་མཐུན་པར་མ་བྱུང་བར་དུ་བསྙེན་ཅིང་བསྒྲུབ། སྐབས་སུ་ཐུན་ལམ་ན་མར་ཐུན་གྱིས་བྲབ། བསད་རྟགས་བྱུང་ནས་དཔང་གཟུག་གདབ་ལས་ལ་སོགས་པ་བྱས་ལ། སྦྱིན་སྲེག་བྱ། ཐལ་བ་ཆ་གསུམ་དུ་བགོས། ཆ་གཅིག་སྒྲུབ་ཁང་ཐེམ་པའི་འོག་ཏུ་གནན། ཆ་གཅིག་ཁྱབ་འཇུག་རྒྱུ་བའི་ཕྱོགས་ནས་དགྲ་ཕྱོགས་སུ་རླུང་ལ་ཕྱར། ཆ་གཅིག་མཚོའམ་ཆུ་མིག་ཏུ་གནན། ཡང་ན་རང་གི་སྒྲུབ་ཁང་ཐེམ་པའི་འོག་ཏུ་སཱཙྪ་དང་བཅས་མགོ་མཇུག་བཟློག་ལ་གནན། དེས་ནི་ཉམས་པ་རང་གཤེད་རང་གིས་བྱེད་དོ། །གསད་པ་མེའི་སྤུ་གྲིའོ། །ྀཨཚ། འདིར་ཡང་ཟློག་མཁན་པོ་ནང་འགྲས་ན། ཏི་ཚ་དཀར་ནག་ཁ་སྦྱར་བའི་བར་དུ། ཁོའི་ལིང་ག་འཁོར་ལོ་དང་བཅས་པ་བཅུག །རྟགས་བྱུང་ནས་རང་གི་མལ་འོག་ཏུ་མགོ་མཇུག་བཟློག་ལ་གནན། རང་ལྷར་གསལ་བས་ཁོ་རང་གི་ལྷ་སྲུང་ཁོ་རང་གི་གཤེད་དུ་འཁོར་བར་བསམ་ལ་སྔགས་བཟློགས་ལ་བཟླ་འོ། །དང་པོ་ཤད་ཟློག །དེས་མི་ཐུབ་པ་འདྲ་ན་ཚག་ཟློག །དེས་ཀྱང་མི་ཐུབ་པ་འདྲ་ན་ཐ་མ་འབྲུ་བཟློགས་ལ་བཟླ་འོ། །དེས་ནི་ཉམས་པ་རང་གཤེད་རང་ལ་འབེབ། ཡང་ཟློག་མེའི་སྤུ་གྲིའོ། །ྀཨཚ། མན་ངག་དམ་པ་གུད་དུ་བཀོལ། །གཞུང་ལྟར་བཅའ་གཞི་རྫོགས་པ་ན། །བསྒོམ་པ་ལྷ་ཡི་གནད་འདི་ཡིན། །དང་པོ་ཆོས་ཐམས་ཅད་བདག་མེད་པར་གྱུར། དེའི་ངང་ལས་ཀུན་ལ་ཁྱབ་པའི་སྙིང་རྗེ་བསྒོམ། དེ་ནས་སེམས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་གཅིག་བསྒོམ། ཧཱུྃ་ལས་འོད་ཟེར་འཕྲོས། ཡ་མ་ཏི་ར་བམ། གཤིན་རྗེ་ཕོ་མོ་གཉིས་ཀྱི་གདན། དེའི་སྟེང་མ་ཧེ་ཕོ་མོ་བསྣོལ་བའི་གདན། དེའི་སྟེང་དུ་ཉི་ཟླ་པདྨ་སུམ་བརྩེགས་ཀྱི་སྟེང་དུ། ཧཱུྃ་དེ་བབས་ནས་འོད་དུ་ཞུ་བ་ལས། རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར། དེ་འོད་དུ་ཞུ་བ་ལས། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ༔ ཞེས་པས་བདག་ཉིད་སྐད་ཅིག་གིས་དཔལ་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་པ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་གཤེ་བ། དབུས་ཞལ་མཐིང་ལ་རྔམ་པ། ཕྱག་གཡས་ཀྱི་དང་པོ་འཁོར་ལོ་རྩིབས་བརྒྱད་རྣོ་ངར་ཅན་ཕྱར་བ། བར་མ་རལ་གྲི། ཐ་མ་རྡོ་རྗེ། གཡོན་དང་པོ་ལྕགས་ཀྱུ། བར་མ་གཏུན་ཤིང་། ཐ་མ་སྡིགས་མཛུབ། སྤྱི་གཙུག་ན་ཁྱུང་ནག་པོས་བརྒྱན་པ། བ་སྤུའི་བུ་ག་ཐམས་ཅད་ཁྱུང་དང་རྡོ་རྗེས་གཏམས་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། སྦྲུལ་ནག་ཁྲས་སྐེ་རགས་བྱས་པ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་གླང་ཆེན་གྱི་ཀོ་རློན། སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ། ཡེ་ཤེས་ཀྱི་མེའི་དབུས་ན་བཞུགས་པ། དབུ་གསུམ་ཕྱག་དྲུག་བློས་མ་ལྕོགས་ནའང་། ཞལ་གཅིག་ཕྱག་གཉིས་པ། གཡས་ཙཀྲ་རྩིབས་བརྒྱད་པ། གཡོན་ལྕགས་ཀྱུ་བསྣམས་པ། རྒྱན་དང་ཆ་ལུགས་གོང་དང་འདྲ་བར་བསྒོམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་ཅིག་བསྒོམ། དེའི་གཡོན་དུ་མོ་རྒྱུད་ཁྲོ་མོ་ཐམས་ཅད་ཀྱི་རང་བཞིན་ཡུམ་ཁྲག་མིག་མ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པས་གཡོན་ཟུར་ནས་འཁྱུད་པའི་ཚུལ། གཡས་སུ་ཕོ་རྒྱུད་ཁྲོ་བོ་ཐམས་ཅད་ཀྱི་རང་བཞིན་སྲས་མཆོག་ཡ་མ་རཱ་ཛ་བཤན་གྲི་དང་ཙིཏྟ་འཛིན་པ། འཆི་བདག་སྲོག་བདག་གཉིས་པོ་དེ་སྐུ་མདོག་དམར་ནག་ཁྲག་རུལ་གྱི་མདོག་ཅན་དུར་ཁྲོད་ཀྱི་ཆས་དང་ལྡན་པར་བསམ། དེ་ནི་བསྐྱེད་པ་ལྷའི་གནད་དོ།། ༈ བཟླས་པ་སྔགས་ཀྱི་གནད་ནི། སྲུང་ཟློག་གསད་གནན་བཞི་ལས། ༈ དང་པོ་སྲུང་བའི་སྔགས་ནི། ཡབ།་་ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཡུམ།་་་ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ སྲས་མཆོག་ཡ་མ་རཱ་ཛ།་་་གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷྲི་བཱ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྵ༔ ཞེས་པའོ། ༈ །ཟློག་སྔགས་ནི། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བགེགས་ཀྱི་ཤ་རྒྱུད་སྙིང་ལ་རྒྱུག་མཱ་ར་ཡ༔ དབུགས་རྒྱུད་སྲོག་ལ་རྒྱུག་མཱ་ར་ཡ༔ ཁྲག་རྒྱུད་རྩ་ལ་རྒྱུག་མཱ་ར་ཡ་ཧཱུྃ་ཕཊ་ཟློག་ཡ༔ ཞེས་བཟླ་འོ། ༈ །གསད་སྔགས་ནི། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་སོད་ཡ༔ དགྲ་བགེགས་ཀྱི་ཤ་རྒྱུད་སྙིང་ལ་མཱ་ར་ཡ་སོད༔ དབུགས་རྒྱུད་སྲོག་ལ་མཱ་ར་ཡ་སོད༔ ཁྲག་རྒྱུད་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ་སོད་ཡ༔ ཞེས་བཟླས་པའི་དུས་སུ་ཕྱག་གཡོན་དང་པོ་ལྕགས་ཀྱུས་བྱད་མའི་ནྲྀ་ལ་བཟུང་ནས། ཕྱག་གཡས་དང་པོ་འཁོར་ལོས་གཏུབ་པར་བསམ། དེ་ལྟར་གསལ་བར་བསྒོམས་ནས་ངག་གཅད། དམ་བཅའ་སྟོང་རྩ་རེ་བྱས་ལ་དྲག་ཏུ་བཟླ་འོ། ༈ །གནན་པའི་སྔགས་ནི། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཆེ་གེ་སཏྭམྦྷ་ཡ་ནན༔ ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཆེ་གེ་སཏྭམྦྷ་ཡ་ནན༔ གྷྲི་མ་ཡ་མ་དུ་རུ་ཙཀྲ་ཆེ་གེ་སཏྭམྦྷ་ཡ་ནན༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ༔ དགྲ་བོ་ཆེ་གེ་མོ་ལྷ་སྲུང་དང་བཅས་པའི་མཐུ་དང་སྟོབས་དང་ལུས་ངག་ཡིད་གསུམ་སཏྭམྦྷ་ཡ་ནན༔ སྲོག་ལ་མཱ་ར་ཡ་རྦད་ཧཱུྃ་ཕཊ༔ དེ་རྣམས་ནི་བཟླས་པ་སྔགས་ཀྱི་གནད་ཡིན་པས་དམ་ཚིག་ཅན་གྱིས་བཟླས་པར་བྱའོ། །གནད་འདི་མེད་ན་མི་རྒན་དཔའ་བོར་ཁས་ལེན་འདྲ། ༈ དེ་ལྟར་དྲག་ཏུ་བཟླས་པས་བན་དགྲ་ནུས་པ་ཆེ་ན་ཁྲག་གཟེར་གྱིས་ཞག་བདུན་ནས་འཆི། ནུས་པ་འབྲིང་ན་ཞག་བཅུ་བཞི། ཐ་མ་ཉི་ཤུ་རྩ་གཅིག་ན་འཆི། དམ་མེད་རྣམས་ལ་བྱིན་གྱུར་ན༔ གཞན་གྱི་ལག་ཆར་སོང་ནས་ནི༔ དམ་ཅན་རང་གི་གཤེད་མར་འགྱུར༔ དེ་བས་ཤིན་ཏུ་གསང་བར་བྱ༔ ཚེ་བདག་རྒྱུད་ལུང་མན་ངག་ཀུན་གྱི་བཅུད༔ ཡང་ཟློག་ཐུགས་ཀྱི་སྤུ་གྲི་འདིས༔ གང་ལ་དམིགས་པ་བརླག་པར་བྱེད༔ བཀའ་འདས་སྲིད་པ་གསུམ་ཡང་བསྲེག༔ དབང་བསྐུར་དམ་བཅའ་ཡེ་ཤེས་ཆེ༔ འདི་འདྲ་འཇིག་རྟེན་ཁམས་ན་དཀོན༔ མ་སྤེལ་སྙིང་ཁྲག་བཞིན་དུ་ཆོངས༔ འདི་ཡིས་བསྟན་པ་བསྲུང་བར་འགྱུར༔ ཞེས་གསུངས་ནས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གནང་ངོ་།། ༈ །།རྟགས་ནི་སྲུང་བའི་དུས་སུ་མཁར་བརྩིག་པ། དམག་དཔོན་བྱེད་པ། ཁྲོ་ཆུའི་མཁར་དུ་ཞུགས་པ། རྟ་རྒྱུག་པ། གོ་གྱོན་པ་སོགས་འོང་། ཟློག་པ་ལ་ཆུ་དང་ཤྭ་རྦུད་སྒྱུར་བ། དམག་དཔུང་ཟློག་པ། ཆར་སེར་དྲག་པོ་ཡུལ་གཞན་དུ་སྒྱུར་བ། རྡོ་སློག་པ་སོགས་འོང་། གསད་པའི་དུས་སུ། སེམས་ཅན་བསད་པ། ཤིང་བཅད་པ། བྲག་བཤིག་པ། རྦབ་འགྲིལ་བ། ཤ་ཁྲག་རུས་པ་སྟེར་བ་འོང་། རྟགས་ཐོན་ནས་ལིངྒ་སྲེག་གནན་འཕང་ངོ་། ༈ །སྲུང་བའི་པུ་རི་སྒྲུབ་ཁང་གི་ཡ་ཐེམ་སྟེང་དུ་བཞག །ཟློག་གསད་པུ་རི་ལིང་ག་གསར་པ་བཅས་ལ་ཐེམ་ཞབས་སུ་གནན་པ་སོགས་གོང་བཞིན་ནོ། ༈ །ཟློག་ཙཀྲ་རུ་དུ་མ་ཡ་ཀ་ཨེ་ཨོཾ༔ ཟློག་ཙཀྲ་རུ་དུ་མ་ཡ་ཀ་ཧེ༔ ཟློག་ཙཀྲ་རུ་དུ་མ་ཡ་མ་གྷྲི༔ ནན་བྷིག་ཐུམས་གཟིར་ཙིཏྟ་སརྦ༔ ཡ་ཟློག་ཡ་རྦད་ནན་ཏྲིག༔ འདི་ཡན་ཤད་ཟློག་ཡིན་ནོ།། ༈ ཡ་ཟློག་ཡ་རྦད་ནན་ཏྲིག་ནན་བྷིག་ཐུམས་གཟིར་ཏྟཙི་སརྦ༔ ཟློག་ཙཀྲ་རུ་དུ་མ་ཡ་མ་གྷྲི༔ ཟློག་ཙཀྲ་རུ་དུ་མ་ཡ་ཀ་ཧེ༔ ཟློག་ཙཀྲ་རུ་དུ་མ་ཡ་ཀ་ཨེ་ཨོཾ༔ འདི་ཡན་འབྲུ་ཟློག་ཡིན། ༈ ཨོཾ་ཧེ་ཨེ་ཀ་ཀ་ཡ་ཡ་མ་མ་དུ་དུ་རུ་རུ་ཙཀྲ་ཙཀྲ་ཟློག་ཟློག༔ གྷྲི་སརྦ་མ་ཙིཏ་ཡ་ཏ་མ་གཟིར་དུ་ཐུམས་རུ་བྷིག་ཙཀྲ་ནན་ཟློག༔ ཏྲིག་ཡ་ནན་ཟློག་ཡ་རྦད༔ ཚག་ཟློག་ཡིན་ནོ།། ༈ རང་ཉིད་གཤིན་རྗེའི་གཤེད་ཀྱི་ཐུགས་ཀར་ཕྱག་ན་རྡོ་རྗེ། དེའི་ཐུགས་ཀར་འཇམ་དཔལ། དེའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་དགུ་པ། དེའི་ལྟེ་བའི་ནང་དུ་ཉི་ཟླ་གྭའུ་ཁ་སྦྱོར། དེའི་ནང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ནག །འ་འདོགས་ཀྱི་ནང་དུ་བསྲུང་བྱ་རྣམས་གནས་པར་གྱུར། རང་ཡི་དམ་དུ་གསལ་བས། ཁོ་རང་གི་ལྷ་སྲུང་གིས་ཁོ་རང་ལ་གཤེད་དུ་ཕར་འཁོར་བར་བསམ་ལ། སྔགས་དང་པོར་ཤད་ཟློག །བར་དུ་ཚག་ཟློག །ཐ་མ་འབྲུ་ཟློག་གོ །དེས་ཁོ་རང་གཤེད་ལ་འབེབ་བོ། །ཡང་ཟློག་མེའི་སྤུ་གྲིའོ། ༈ །ནན་ལྟར་འགྲས་ཆེ་ན་ཟ་ཡིག་ྈྈྈྈྈྈྈྈ་་་་འདི་མིད་པས་ཁོ་རང་ཞག་བདུན་ནས་འཆི་འོ། །དེ་བས་ནུས་པ་ཆུང་ན་ཟླ་བ་ཕྱེད་ནས་འཆི་འོ། །དེ་ལ་མ་ཤི་ན་ཁོ་རང་ལ་ནུས་པ་མེད་པ་ཡིན་ནོ། །འདི་ཚེས་གསུམ་ནམ་བྱུང་ལ་ཟའོ། །དེ་ཡན་ཆད་ནི། ཡང་ཟློག་གཞུང་དང་གདམས་པ་ཞལ་གདམས་གནད་ཡིག་དང་བཅས་པ་སྟེ་མ་ཚང་བ་མེད་པ་བསྟན་ཟིན་ཏོ།། ༈ །།ཞར་བྱུང་དུ་མི་འདྲ་བའི་ཁྱད་པར་ཞལ་གདམས་མང་པོར་སྔར་མ་གྲགས་པ། དུས་ཕྱིས་འབྲི་གུང་རིན་པོ་ཆེའི་ཕྱག་ཏུ་བྱུང་བ་ཞིག་སྣང་སྟེ། ཨོ་རྒྱན་ཆེན་པོས། སངས་རྒྱས་ཡེ་ཤེས་ལ་གནང་བའི་ཚུལ་དང་། བར་སྐབས་ཀྱི་སྲུང་ཟློག་གསད་གནན་གྱི་སྔགས་རྣམས་ལ་འདོགས་ཤིན་ཏུ་མང་བ་ཞིག་བྱས། རྗེས་ཀྱི་རླུང་འཁོར་བཅའ་གཞི་དང་བཅས་པ་ཟབ་ཟབ་མོར་བྱེད་ཀྱིན་འདུག་ན་ཡང་། ལུགས་འདི་ལ་སོགས་པ་གཤིན་རྗེའི་སྐོར་ཟབ་ལ་རྒྱ་ཆེ་བ་མང་པོ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་སློབ་དཔོན་ཆེན་པོ་ལ་ཞུ་མ་ཐུབ་པས། སླད་དུ་སློབ་དཔོན་སྲིན་ཡུལ་དུ་བཞུད་ཁར་ཁྱོད་མ་འོངས་པ་ན་ང་དྲན་པའི་དུས་གཅིག་འོང་། དེ་ཙ་ན་བལ་པོར་སོང་ལ། ངའི་སློབ་མ་བལ་པོ་བཱ་སུ་དྷཱ་ར་ལ་ངའི་གཤིན་རྗེའི་ཆོས་སྐོར་ཐམས་ཅད་ཡོད། དེ་མིན་སུ་ལ་ཡང་མེད་པས། དེ་ལ་གཏུགས་ཤིག་གསུངས་པ་ལྟར། ཕྱིས་སུ་བལ་པོར་ལན་གསུམ་བྱོན་དགོས་པར་བྱུང་བ་ཡིན་ལ། སློབ་དཔོན་པདྨས་གནང་བའི་དོན་མི་སྣང་ལ། སྔགས་དང་འཁོར་ལོ་ཡང་དཔྱད་པའི་གཞིར་སྣང་ངོ་། །འདིར་སྨྲས་པ། ཡང་ཟློག་གཞུང་གདམས་འོ་མའི་རྒྱ་མཚོ་ལས། །ལག་ལེན་མར་གྱི་སྙིང་པོ་འདི་ཕྱུང་སྟེ། །སངས་རྒྱས་བསྟན་པ་སྲུང་བའི་སྐྱེས་མཆོག་དང་། །སྔགས་འཆང་དམ་ཚིག་ཅན་ལ་སྐྱེས་སུ་འབུལ། །ཆོས་ཚུལ་འདི་ལ་བླ་མ་གོང་མ་ཡིས། །ཟབ་ཅིང་ཕངས་ནས་གབ་ཅིང་སྦས་དང་དཀྲུགས། །བསྟན་པ་རྣམས་ཀྱང་ཡིག་ཆུང་སྣ་མང་པོས། །འཐོར་ཏེ་ལག་ཏུ་ལེན་པ་དཀའ་མོར་མཛད། །ད་ནི་ལག་ལེན་ཚུལ་བཞིན་མ་བསྟན་ན། །ཆོས་ཀུན་དུས་ཀྱི་ཤུགས་ཀྱིས་རིམ་པར་ཉམས། ཁྱད་པར་ཡང་ཟློག་ཤེས་པ་མ་མཐོང་བས། །ནུབ་པར་ཕངས་ནས་གསལ་བར་བཀོད་པ་ལ། །མ་གཤིན་དྲེགས་པའི་ཚོགས་རྣམས་བཟོད་པར་མཛོད། །བླ་མའི་དྲིན་གྱིས་གསལ་བའི་སྔོན་གོམས་བློ། །ལྷག་བསམ་དག་པའི་སྣང་བས་འདི་བཀོད་པས། །ཀུན་ཀྱང་ཆོས་ཀྱི་འགལ་རྐྱེན་ཀུན་ཞི་ནས། །གསང་སྔགས་བསྟན་པ་ཡུན་དུ་གནས་གྱུར་ཅིག །ཅེས་པའང་སོག་ཟློག་པའི་མིང་ཅན་གྱིས་ཆུ་མོ་ཡོས་ཀྱི་ལོ་ཁྲུམས་ཟླ་བའི་ཚེས་བཅུ་ལ་ཆུ་སེར་དཔལ་གྱི་སྡེ་ཆེན་དུ་སྦྱར་པའོ། །དགེ་ལེགས་འཕེལ། སརྦ་དཱ་མངྒ་ལཾཾ།། །།
དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་རྩ་བའི་དབང་བསྐུར་ཟབ་གསང་བཅུད་འདུས་ (Volume 9, Text 44)
༄༅། །དགོངས་གཏེར་བསམ་པ་ལྷུན་གྲུབ་མའི་རྩ་བའི་དབང་བསྐུར་ཟབ་གསང་བཅུད་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་རིག་འཛིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ངེས་པ་དོན་གྱི་སློབ་དཔོན་ཆེན་པོ་དཔལ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་གུ་རུའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུའི་མན་ངག་བཅུ་གསུམ་རྩ་བའི་དབང་བསྐུར་གྱིས་སྐལ་ལྡན་སྨིན་པར་བྱེད་པའི་རིམ་པ་ལ། སྦྱོར་བ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་ནི། དཔོན་སློབ་གནས་དུས་རྟེན་འབྱུང་འཛོམ་པའི་སྐབས་སུ། རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་སམ། ཡིད་དང་མཐུན་པའི་གནས་སུ་སྟེགས་བཟང་པོའི་ཁར་མཎྜལ་གྱི་སྟེང་དུ་ཚོམ་བུ་དྲི་བཟང་གིས་སྦགས་པ་བཅུ་གསུམ་བཀོད། དེའི་སྟེང་དུ་མཉྫིའི་ཁར་རྣམ་རྒྱལ་བུམ་པ་ལྔ་ཕྲག་ལྔའི་རྫས་དང་འོ་མས་སུམ་གཉིས་དགང་། སྣ་ཚོགས་དར་གྱི་མགུལ་ཆིངས་དང་། ཁ་རྒྱན་དུང་ཆོས་གཟུངས་རྡོར་བཀོད་པའི་སྟེང་དུ་དབང་གཏོར་དཔེའུ་རིས་བཞིན་བཤམ། དེ་དང་ཉེ་བར་གང་བདེར་འཁོར་ལོའི་ཙཀླི་བཞག །ལས་བུམ་མགུལ་ཆིངས་དམར་པོ་ཅན་ཞིག་ཀྱང་བཤམ། ཤར་དུ་སྐུ་གཟུགས་ཙཀླི །ལྷོར་དབུ་རྒྱན་ཅོད་པན་དང་རིན་ཆེན་ཕྲེང་བ། ནུབ་ཏུ་རྡོ་རྗེ་དར་དམར་བཏགས་པ་དང་མེ་ཏོག་ཕྲེང་བ། བྱང་དུ་དྲིལ་བུ་དར་ལྗང་བཏགས་པ། ཤར་ལྷོར་ཤེལ་གྱི་ཕྲེང་བ། ལྷོ་ནུབ་ཏུ་ཐོད་པ་བདུད་རྩི་རིལ་བུ་དང་ལྡན་པ། ནུབ་བྱང་དུ་གཟུང་མའི་ཙཀླི །བྱང་ཤར་དུ་རྒྱ་གྲམ་དང་མེ་ལོང་། མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་མཆོད་པ་ཕྲེང་ཚར། བཀའ་སྲུང་རྣམས་ལ་གཏོར་འབུལ་དམར་གཏོར་དྲུག དཀར་གཏོར་གཉིས། གཏེར་སྲུང་ལ་གསེར་སྐྱེམས་དཀར་གཏོར་སྨན་ལེབ་དང་། མཚོ་སྨན་ལ་བུ་ཁུར། ཀླུ་བདུད་ལ་ཟུར་གསུམ་སྦྲུལ་དཀྲིས་ཅན་བཤམ། ཆད་མདོའི་དམར་གཏོར། བརྟན་མའི་གཏོར་མ་སུམ་ཚོམ་ཅན། ལས་ཕུར། ཚོགས་ཀྱི་ཡོ་བྱད་གང་འབྱོར། སྔོན་འགྲོ་བགེགས་གཏོར་གླུད་གཟུགས། གཞན་ཡང་མིག་དར། མེ་ཏོག །དམ་ཆུ། སྤོས་དང་། གུ་གུལ། སློབ་དཔོན་གྱི་མདུན་དུ་ཌཱ་དྲིལ་འཐོར་ནས་ཉུངས་ཀར། མཎྜལ་སོགས་མཆོད་རྫས་རྣམས་ཚང་ཞིང་ཡིད་འོང་བཤམ་བཀོད་སྤེལ་ལེགས་བྱས་ལ། དངོས་གཞི་ལ། སློབ་དཔོན་དང་དབང་རྫས་ལྷའི་རྣལ་འབྱོར་གྱིས་ནུས་ལྡན་དུ་བསྒྲུབ་པ་དང་། སློབ་མ་དལ་དུ་བཅུག་སྟེ་རྒྱུད་སྨིན་པར་བྱེད་པ་གཉིས་ཀྱི་དང་པོར། རྡོ་རྗེ་སློབ་དཔོན་ཞལ་ལྷོ་ནུབ་བམ་དཀྱིལ་འཁོར་ལ་ཕྱོགས་པས་སྟན་བདེ་བ་ལ་འཁོད་ནས། ཚིག་བདུན་གསོལ་འདེབས་དང་། དྲག་ཁྲོས་གཞུང་ལྟར་བགེགས་གཏོར་བཏང་། དེ་ནས་རྒྱལ་བ་ཀུན་འདུས་ཀྱི་ལས་བྱང་བཀའ་བསྒོ་མཚམས་གཅོད་ནས་བསྙེན་པའི་བར་མཐར་ཆགས་སུ་འདོན་ཅིང་བདག་མདུན་གཉིས་ཀ་གྱེར་ཚིག་གཅིག་གིས་བསྐྱེད་ཅིང་བསྙེན་པ་རྣམས་སོ་སོར་ཅི་འགྲུབ་རེ་བཟླའོ། །དེ་ནས་བསམ་པ་ལྷུན་གྲུབ་མའི་གོང་གི་གསོལ་འདེབས་ཚན་ལྔ་བཏོན་ནས་དེ་ཕྱིན་མན་ངག་བཅུ་གསུམ་གྱི་ལྷ་རྣམས་མདུན་བསྐྱེད་ཀྱི་ཚུལ་དུ་རིམ་པས་གསལ་གདབ་ཚུལ་གཏེར་གཞུང་ཇི་བཞིན་ངེས་པར་བྱས་ནས། སོ་སོའི་གསོལ་འདེབས་ཚར་ཁ་ཤས་བཏོན་མཐར། མདུན་བསྐྱེད་ལས་ལྷ་གཉིས་པ་སྤྲོས་རང་ལ་ཐིམ་པར་བསྒོམ་པ་སྐབས་འདིའི་དམིགས་བསལ་ལོ། །རང་ལྷར་གསལ་བའི་ངང་སྔགས་རྣམས་བཟླ། དེ་ནས་བུམ་བསྐྱེད་རྒྱལ་ཀུན་འདུས་པའི་དབང་གཞུང་སོར་བཞག་ནི། ཧཱུྃ༔ ཆགས་མེད་པདྨ་ཟླ་བའི་སྟེང༔ བྷྲཱུྃ་ལས་བྱུང་བའི་རིན་ཆེན་བུམ༔ ཁ་གཡེལ་ཞབས་ཞུམ་མགྲིན་པ་ཕྲ༔ མཆུ་འཕྱང་ལྟོ་བ་ཡངས་ཤིང་ཟླུམ༔ ནང་ནི་སྣ་ཚོགས་བཅུད་ཀྱིས་བཀང༔ དཔག་བསམ་ཤིང་གི་ཁ་རྒྱན་དང༔ མགུལ་ཆིངས་སྣ་ཚོགས་དར་ལས་བྱས༔ དེ་དབུས་ཆུ་ལས་སྐྱེས་པ་ཡི༔ པདྨ་འདབ་བཞིའི་གདན་སྟེང་དུ༔ ཟླ་དཀྱིལ་ཧཱུྃ་གི་འཕྲོ་འདུ་ལས༔ བླ་མ་ཆེན་པོ་རྡོ་རྗེ་འཆང༔ བཻ་ཌཱུརྱ་ཡི་མདོག་ལྟར་སྔོ༔ ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་ཧཱུྃ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ པང་དུ་རྡོ་རྗེ་ཕག་མོ་སྔོ༔ ཕྱག་རྒྱ་ལྔ་ལྡན་གྲི་ཐོད་འཛིན༔ ཆགས་པའི་ཉམས་ཅན་ཡབ་ལ་འཁྲིལ༔ ཟུང་འཇུག་བདེ་སྟོང་ངང་དུ་བཞུགས༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དང༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཚོགས༔ དཔག་མེད་སྤྲིན་ལྟར་གཏིབས་པས་བསྐོར༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རིགས་ཀྱི་བདག་པོ་འཁོར་བཅས་རྣམས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ༔ དམ་ཚིག་པ་དང་དབྱེར་མེད་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་བརྗོད་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཚིག་བསྐྱེད་དང་དབྱེར་མེད་པར༔ འདྲེས་ཤིང་གཅིག་ཏུ་གྱུར་པར་བསམ༔ ལྷ་དབང་མི་དགོས་པད་འབྱུང་བཀའ༔ ཧཱུྃ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ མཆོད་ཡོན་མེ་ཏོག་བདུག་སྤོས་མེ༔ དྲི་ཆབ་ཞལ་ཟས་རོལ་མོ་དབྱངས༔ བཅོམ་ལྡན་བུམ་པའི་ལྷ་ལ་འབུལ༔ བརྩེ་བ་ཆེན་པོས་བཞེས་ནས་ཀྱང༔ འགྲོ་བའི་དོན་ཆེན་མཛད་པ་དང༔ སྨིན་ཅིང་གྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་སོགས། ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ༔ མཁའ་ཁྱབ་མི་གཡོ་རྡོ་རྗེ་ཅན༔ ཀུན་འདུས་ཕྲིན་ལས་རྡོ་རྗེའི་བདག༔ ཐོག་མཐའ་མེད་པའི་རྡོ་རྗེ་འཆང༔ གསང་གསུམ་རྡོ་རྗེ་ཁྱོད་ལ་བསྟོད༔ ཅེས་བརྗོད་རང་གི་ཐུགས་ཀ་ནས༔ འོད་ཟེར་གཟུངས་ཐག་ཞོན་ནས་འཕྲོས༔ བུམ་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག༔ རྒྱུད་བསྐུལ་ཞལ་ནས་བདུད་རྩི་བབས༔ བུམ་པ་ཁེངས་ཏེ་བདུད་རྩིའི་ནང༔ རྡོ་རྗེ་རིན་ཆེན་པདྨ་དང༔ རྒྱ་གྲམ་གཟུགས་བརྙན་འཆར་ནས་ནི༔ འོད་ཟེར་སྣ་ལྔ་འཕྲོས་པར་བསམ༔ ཨོཾ་མ་ཧཱ་གུ་རུ་བཛྲ་དྷཱ་ར་ཧཱུྃ༔ ཌཱ་ཀི་ནཱི་བཛྲ་ཝཱ་རཱ་ཧཱི་ཙིཏྟ་སིདྡྷི་མ་བྷྱོ་ཛ༔ བརྒྱ་སྟོང་ལ་སོགས་སྐབས་དང་བསྟུན༔ མཐར་ནི་ལྷ་རྣམས་འོད་དུ་ཞུ༔ བུམ་པའི་ཆུ་དང་དབྱེར་མེད་འདྲེས༔ དེ་ཉིད་ནུས་མཐུ་ལྡན་པར་བསམ༔ ལས་བུམ་ནང་དུ་རྟ་མགྲིན་དམར་པོ་བསྐྱེད་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བགེགས་བཟློག་པའི་ཕྲིན་ལས་བཅོལ། དེ་ནས་བདག་འཇུག་ནི་ལས་བྱང་གི །ཧྲཱི༔ བླ་མ་ལྷ་དང་ཌཱ་ཀིའི་ཚོགས༔ ཞེས་སོགས་ཐུགས་དམ་བསྐུལ་ཚིག་སྔགས་བཅས་འདོན་ཅིང་། བུམ་པ། གཏོར་མ། ཙཀླི་ཐོད་ཆང་གནས་གསུམ་གཏུགས་ལ་དབང་བཞི་ལེན་པའི་དམིགས་པ་བྱ། སྐབས་འདིར་ཚོགས་གཏོར་འབུལ་ལ། ཞལ་བསྟབ་ཚར་བ་དང་། བཀའ་སྲུང་གཏོར་འབུལ་བྱེད། སློབ་དཔོན་ལ་ཚོགས་དྲང་། དེ་ནས་སློབ་མ་རྣམས་གྲལ་དུ་འཁོད་ལ། ཇི་ལྟར་བལྟམས་པ་སོགས་ལས་བུམ་གྱིས་ཁྲུས་བྱ། མེ་ཏོག་བཀྲམ་བསྡུ་དང་། བགེགས་གཏོར་གཏང་ཞིང་། བཀའ་བསྒོ་མཚམས་བཅད་བྱ། དབང་གི་ལོ་རྒྱུས་བརྗོད་ལ། མཎྜལ་ཕུལ། ད་ཁྱེད་རྣམས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཁྱབ་བདག་སྟོན་པ་རིན་པོ་ཆེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སྨིན་གྲོལ་མཛོད༔ རྡོ་རྗེའི་དམ་ཚིག་དུས་འདིར་སྩོལ༔ ལན་གསུམ། དེ་ནས་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། ཧོ༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་མ་རིག་དབང་གྱུར་པས༔ སོ་སོ་ཐར་པའི་སྡོམ་པ་ཉམས༔ བྱང་ཆུབ་སེམས་དཔའི་སེམས་བསྐྱེད་འཁྲུལ༔ རྡོ་རྗེ་ཐེག་པའི་དབང་བསྐུར་གྱི༔ རྩ་བ་ཡན་ལག་དམ་ཚིག་ཆག༔ ཕྱག་རྒྱ་ཆེན་པོར་གོ་བ་ལོག༔ རིམ་པ་གཉིས་ཀྱི་གསང་ཚིག་བསྒྲགས༔ མདོར་ན་ཚོར་དང་མ་ཚོར་བའི༔ ཐུགས་དང་འགལ་བ་ཅི་མཆིས་པ༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཚངས་དབང་མཆོག་གི་དངོས་གྲུབ་སྩོལ༔ ཅེས་ལན་གསུམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་ལད་མོ་མཛོད། ཧོཿ དུས་གསུམ་སངས་རྒྱས་བྱང་སེམས་ཀྱིས༔ སེམས་ཅན་རྣམས་ཀྱི་དོན་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་བསྐྱེད་ལྟར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཁྱེད་རྣམས་སྔོན་ཆད་གསང་ཆེན་བླ་ན་མེད་པའི་དལ་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ཏེ་འཇུག་པ་ལ་གསང་སྒྲོག་གི་ཉེས་པ་མི་འབྱུང་བའི་ཕྱིར་གདོང་གཡོགས་དམར་པོ་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ མིག་དར་དང་མེ་ཏོག་གཏད། དེ་ནས་དམ་ལ་བཞག་པ་ནི༔ མགོ་བོར་རྡོ་རྗེ་བཞག་བྱས་ནས༔ དབྱངས་དང་བཅས་པས་འདི་སྐད་དོ༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ བླ་མ་ཆེན་པོ་རྡོ་རྗེ་འཆང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ དེ་ཕྱིར་རྡོ་རྗེའི་དམ་ཚིག་ནི༔ ཇི་ལྟར་བསྩལ་བཞིན་སྲུང་དགོས་སོ༔ མི་འདའ་གཉན་གྱི་དམ་ཚིག་མཆོག༔ བསྲུང་ན་དངོས་གྲུབ་གཞི་ཡིན་ཏེ༔ ཉམས་ན་ཉེས་པ་ཀུན་གྱི་གཞི༔ དེ་ཕྱིར་སྙིང་ནས་བྲོ་བོར་ལ༔ སྲོག་ལ་བབ་ཀྱང་མ་འདའ་ཞིག༔ ཡེ་ཤེས་རྡོ་རྗེའི་དམ་ཚིག་ནི༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ མ་ཧཱ་ས་མ་ཡ་བཛྲ་གྲྀཧྞ་རཀྵ་རཀྵ་ཨི་དཾ༔ དེ་ནས་མནའ་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ སློབ་མ་ཁྱོད་ལ་སྦྱིན་པར་བྱ༔ བསྲུང་ན་བདུད་རྩི་ཉམས་ན་དུག༔ བླ་མེད་གསང་བའི་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་འགའ་ལ་སྨྲས་གྱུར་ན༔ ཆུ་འདིས་ཁྱོད་རང་བསྒྲལ་ནས་ནི༔ ཕྱི་མ་དམྱལ་བར་ལྟུང་བ་ཡིན༔ ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་སྭཱ་ཧཱ༔ ས་མ་ཡ་ན་ར་ཀ་ཨི་དཾ་སི་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པའི་ཕྱིར༔ སློབ་མའི་ངོ་བོ་འདི་ལྟར་བསྒོམ༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་སྟོང་པའི་ངང༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ སློབ་མའི་ངོ་བོ་པདྨ་འབྱུང༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ དར་དང་རིན་ཆེན་སྣ་ཚོགས་བཀླུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཕྱེད་སྐྱིལ་དགྱེས་པའི་གར་སྟབས་རོལ༔ བདག་གི་ཐུགས་ཀའི་ཧཱུྃ་ཡིག་དང༔ སློབ་མའི་སྙིང་གའི་ས་བོན་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ དཔག་མེད་མཐའ་ཀླས་ཞིང་ཁམས་ནས༔ རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས༔ མཚོ་ལ་ཁ་ཆར་འབེབ་པ་ལྟར༔ སློབ་མའི་སྤྱི་བོར་སིབ་སིབ་ཐིམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་གྱུར༔ ཧཱུྃ༔ ཁྱབ་བརྡལ་བདེ་ཆེན་ཀློང་ཡངས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ རྡོ་རྗེ་འཆང་ཆེན་བྱིན་ཕོབ་ཅིག༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ རི་བོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོས་བྱིན་ཕོབ་ཅིག༔ རྔ་ཡབ་གླིང་གི་ཞིང་ཁམས་ནས༔ པདྨ་འབྱུང་གནས་བྱིན༴ བདེ་སྟོང་སྒྱུ་མའི་ཕོ་བྲང་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ རྒྱལ་བ་རྒྱ་མཚོ་དཔག་མེད་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཧཱུྃ༔ རང་བཞིན་དབྱིངས་ལས་མ་གཡོས་ཀྱང༔ ཐབས་མཁས་ཐུགས་རྗེས་སྤྲུལ་སྒྱུར་འགྱེད༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྣང་སྲིད་སྐུ་ཡི་བཀོད་པས་ཁྱབ༔ སློབ་མའི་ལུས་ལ་བྱིན་གྱིས་རློབས༔ ཆོས་ཉིད་རང་སྒྲ་འབྲུག་ལྟར་ལྡིར༔ སློབ་མའི་ངག་ལ་བྱིན་གྱིས་རློབས༔ དབྱིངས་རིག་ཐིག་ལེ་སྣ་ཚོགས་འཆར༔ སློབ་མའི་ཡིད་ལ་བྱིན་གྱིས་རློབས༔ སྒྲ་འོད་ཟེར་གསུམ་བསམ་ལས་འདས༔ སློབ་མའི་ཕུང་ཁམས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧཱུྃ༔ ཕེཾ་ཕེཾ༔ རཱ་རཱ་རཱ་རཱ༔ ཙ་ལཱ་ཡ་ཙ་ལཱ་ཡ༔ ཏོ་ཤཱ་ཡ་ཏོ་ཤཱ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་སྙིང་པོ་བཟླས་ནས་ནི༔ བྱིན་འབེབ་བྱེད་ཅིང་དམིགས་གསལ་གདབ༔ རྡུལ་དང་བདེ་དྲོད་འབར་བ་དང༔ བ་སྤུ་གཡོ་བ་འབེབས་རྟགས་ཡིན༔ བརྟན་ཕྱིར་རྡོ་རྗེ་སྤྱི་བོར་བཞག །དེ་ཝ་ཏིཥྛ་བཛྲ་ཧཱུྃ༔ ཀཱ་ཡ་ཏིཥྛ་བཛྲ་ཧཱུྃ༔ ཝཱ་ཀ་ཏིཥྛ་བཛྲ་ཧཱུྃ༔ ཙིཏྟ་ཏིཥྛ་བཛྲ་ཧཱུྃ༔ གུ་རུ་མཎྜལ་ཏིཥྛ་བཛྲ་ཧཱུྃ༔ དེ་ནས་རང་རིག་ལྷ་ཞལ་བསྟན༔ མ་རིག་པ་ཉོན་ཤེས་ཀྱི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་ཤིག༔ ཧཱུྃ༔ མ་རིག་གཏི་མུག་ཆུ་བུར་མིག༔ ཤེས་རབ་གསལ་བའི་ཐུར་མ་ཡིས༔ ཐབས་ཤེས་དབྱེར་མེད་ངང་དུ་དབྱེ༔ རང་རིག་དཀྱིལ་འཁོར་ལྷ་ལ་ལྟོས༔ ཨོཾ་བཛྲ་པ་ཤྱ་ཧོ༔ ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ རང་སེམས་ཅིར་ཡང་མ་གྲུབ་པ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན༔ སྟོང་པ་ཕྱལ་ཆད་མ་སོང་བ༔ བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ འགག་མེད་རིག་རྩལ་སྣ་ཚོགས་ཤར༔ སྐུ་གསུམ་བླ་མའི་དཀྱིལ་འཁོར་ཡིན༔ རྒྱལ་བའི་དཀྱིལ་འཁོར་གཞན་ན་མེད༔ དེ་ནས་རྡུལ་ཚོན་དཀྱིལ་འཁོར་བསྟན༔ ཧཱུྃ༔ འདི་ནི་བསྐྱེད་པའི་དབྱིབས་རྡུལ་ཏེ༔ ཕྲིན་ལས་བླ་མའི་དཀྱིལ་འཁོར་ཡིན༔ ལྟོས་ཤིག་འདི་ལ་འཇུག་པར་བྱོས༔ སྨིན་གྲོལ་ཟབ་མོ་ཐོབ་པར་འགྱུར༔ དེ་ནས་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ལྷ་ཚོགས་དྲུང་དུ་ཕྱག་འཚལ་ཞིང་ཕྱག་རྟེན་མེ་ཏོག་རེ་འབུལ་མཛོད། དངོས་གཞི་དབང་བསྐུར་འདི་ལྟ་སྟེ༔ ཆུ་དང་ཅོད་པན་རྡོར་དྲིལ་དང༔ འཁོར་ལོ་རྒྱ་གྲམ་སྐུ་གཟུགས་དང༔ ཤེལ་ཕྲེང་མེ་ལོང་བདུད་རྩི་བུམ༔ དེ་དག་རྣམས་ཀྱིས་བསྐུར་བར་བྱ༔ ཞེས་གསུངས་བཞིན་རིག་པའི་དབང་ལྔ་རིམ་བཞིན་བསྐུར་བ་ལ། བུམ་པ་ཐོགས་ལ། ཧཱུྃ༔ ཕྲིན་ལས་རྡུལ་ཚོན་དཀྱིལ་འཁོར་འདིར༔ བླ་མ་སྤྲུལ་སྐུ་འཇའ་ལྟར་ཤར༔ སྣང་སྲིད་འཁོར་འདས་སྐུ་ཡིས་གང༔ འོད་ཟེར་དཀར་པོས་ཕྱོགས་མཐར་ཁྱབ༔ ཧཱུྃ༔ ང་ནི་རྡོ་རྗེ་ཐོད་ཕྲེང་རྩལ༔ སྐུ་མདོག་སྔོན་པོ་རྡོར་དྲིལ་བསྣམས༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བདུད་རྩི་ཉོན་མོངས་དག་བྱེད་ཆུ༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཞེ་སྡང་འཇོམས་ཤིང་རྣམ་ཤེས་འཇིགས༔ མེ་ལོང་ཡེ་ཤེས་མངོན་གྱུར་ནས༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་ཐུགས་ཀ་ནས༔ མཁའ་འགྲོ་སྔོན་མོས་དབང་བུམ་ཐོགས༔ སློབ་མ་ཁྱོད་ལ་གཉིས་མེད་ཐིམ༔ ཁྱོད་རང་རྡོ་རྗེ་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཨ་བྷ་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་བསྐུར་བཀྲ་ཤིས་བརྗོད༔ ཅོད་པན་རིན་ཆེན་ཕྲེང་བ་ཐོགས༔ ཧཱུྃ༔ ང་ནི་རཏྣ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་པོ་རྡོར་དྲིལ་བསྣམས༔ ཅོད་པན་བསམ་འཕེལ་ཡིད་བཞིན་ནོར༔ རིན་ཆེན་ཕྲེང་བ་ཟད་མེད་རྒྱུན༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ སེར་སྣ་འཇོམས་ཤིང་ཚོར་ཕུང་གཅོད༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ནས༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་ལྟེ་བ་ནས༔ མཁའ་འགྲོ་སེར་མོས་ཅོད་པན་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་རིན་ཆེན་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ༔ དེ་ནས་རྡོ་རྗེའི་དབང་བསྐུར་བ་ནི༔ ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་རྡོར་དྲིལ་བསྣམས༔ རྡོ་རྗེ་ཉོན་མོངས་འཇོམས་པའི་རྫས༔ མེ་ཏོག་ཕྲེང་བ་ཆགས་པ་མེད༔ སློབ་མ་ཁྱོད་ལ་དབང་སྐུར་རོ༔ འདོད་ཆགས་འཇོམས་ཤིང་འདུ་ཤེས་དག༔ སོར་རྟོག་ཡེ་ཤེས་མངོན་གྱུར་ནས༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་མགྲིན་པ་ནས༔ མཁའ་འགྲོ་དམར་མོས་རྡོ་རྗེ་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་པདྨ་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་པདྨ་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱི༔ དེ་ནས་དྲིལ་བུ་རལ་གྲི་ཐོགས་ལ༔ ཧཱུྃ༔ ང་ནི་ཀརྨ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་རྡོར་དྲིལ་བསྣོལ༔ དྲིལ་བུ་བཏང་སྙོམས་གཉིས་མེད་རྫས༔ རལ་གྲིས་གཟུང་འཛིན་འཁྲི་བ་གཅོད༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཕྲག་དོག་འཇོམས་ཤིང་འདུ་བྱེད་འཐོར༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ནས༔ ལས་ཀྱི་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་གསང་བ་ནས༔ མཁའ་འགྲོ་ལྗང་མོས་དྲིལ་བུ་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་ཀརྨ་ཐོད་ཕྲེང་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀརྨ་ཨ་བྷི་ཥིཉྩ་ཨཱཿཨཱཿཨཱ༔ དེ་ནས་འཁོར་ལོ་གཏོར་མ་ཐོགས༔ ཧཱུྃ༔ ང་ནི་བླ་མ་རྡོ་རྗེ་འཆང༔ སྐུ་མདོག་སྔོན་པོ་རྡོར་དྲིལ་བསྣམས༔ འཁོར་ལོས་འཁོར་བའི་བཙོན་ར་འཇོམས༔ གཏོར་མ་ཐམས་ཅད་ལྷུན་གྲུབ་རྫས༔ སློབ་མ་ཁྱོད་ལ་དབང་སྐུར་རོ༔ གཏི་མུག་དག་ཅིང་ངར་འཛིན་ཞི༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ནས༔ དེ་བཞིན་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ མདུན་བསྐྱེད་ལྷ་ཡི་སྤྱི་བོ་ནས༔ མཁའ་འགྲོ་དཀར་མོས་འཁོར་ལོ་ཐོགས༔ སློབ་མ་ཁྱོད་དང་གཉིས་མེད་ཐིམ༔ ཁྱོད་རང་རྡོ་རྗེ་འཆང་དུ་གྱུར༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཨོཾ༔ སློབ་མ་ལྷ་རུ་གསལ་བ་ཡིས༔ རྣམ་བཞིས་གཞན་དོན་བསྒྲུབ་པའི་ཕྱིར༔ རྒྱ་གྲམ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་རྡོ་རྗེ་རྒྱ་གྲམ་སྟེ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ སློབ་མ་ཁྱོད་ལ་དབང་སྐུར་བས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་གྱིས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བསྐུར། དེ་ལྟར་རིག་པའི་དབང་ལྔ་བསྐུར་བས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། ཐོད་ཕྲེང་རྩལ་ལྔའི་གོ་འཕང་ཐོབ། ཕྲིན་ལས་རྣམ་བཞིར་དབང་བསྒྱུར་བའི་སྐལ་པ་དང་ལྡན་པར་བྱས་སོ། །དེ་ནས་སྨིན་བྱེད་ཟབ་མོའི་དངོས་གཞི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། ད་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གྱི་རྩ་བར་གྱུར་པ་རྒྱལ་བ་ཀུན་འདུས་ཨོ་རྒྱན་རིན་པོ་ཆེའི་སྨིན་དབང་གི་དོན་དུ་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀ་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་བདུད་རྩིའི་རྒྱ་མཚོ་སྔོ་ཞིང་དྭངས་པ་རྒྱ་ཁྱོན་དང་གཏིང་མཐའ་འབྱམས་ཀླས་པའི་ཀློང་ནས་འཐོན་པའི་པདྨའི་སྡོང་པོ་འདབ་མ་འབུམ་དང་ལྡན་པ་ཡལ་ག་ལོ་འབྲས་ཕུན་སུམ་ཚོགས་ཤིང་། གེ་སར་མངོན་པར་མཐོ་བའི་སྟེང་དུ་ཉི་མ་དང་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་ཡིད་ཙམ་ཁྲོ་བའི་རྣམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་ཤིང་། གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པའི་གྲུ་མོ་ན་ཁ་ཊྭཱཾ་ག་རྩེ་གསུམ་བརྟེན་པ། དབུ་ལ་ཤེའུའི་སྙན་ཞུ་པད་འདབ་ཅན་རྩེ་མོར་རྡོ་རྗེ་རྩེ་ལྔ་པ་དང་། རྨ་བྱའི་མདོངས་དང་རྒོད་ལྡེམ་གྱིས་བརྒྱན་ཅིང་། མེ་ལོང་དང་གསེར་གྱི་ཉི་ཟླ་དར་གྱི་ཅོད་པན་གྱིས་སྤྲས་པ་གསོལ་ཞིང་། སྐུ་ལ་མདོ་དང་མཐུན་པའི་ཆ་ལུགས་ཆོས་གོས་དམར་པོ་གསེར་གྱི་རི་མོ་ཅན་དང་། སྔགས་ཀྱི་ཆ་ལུགས་ན་བཟའ་ཕོད་ཀ་མཐིང་ག་དང་གསང་གོས། འཁོར་ལོས་སྒྱུར་རྒྱལ་གྱི་ཆས་ཟབ་ཆེན་བེར་སྨུག་གསེར་གྱི་ཧ་རིས་ཅན་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་ཆ་ཤས་རེ་རེར་ཡང་བསྐལ་པར་བལྟས་ཀྱང་ཆོག་མི་ཤེས་ཤིང་བལྟ་བས་མི་ངོམས་པའི་མཚན་དཔེ་མཆོག་ཏུ་རྒྱས་པའི་གཟི་བརྗིད་ཉི་མ་འབུམ་དང་མཚུངས་ཤིང་། མཐོང་ཐོས་དྲན་པ་ཙམ་གྱིས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་ནུས་པ་ཞིག་ཏུ་བྱིན་ཐིབས་སེ་བཞུགས་པར་སྒོམས་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཚར་གསུམ། དེ་ནས་ཁྱད་པར་གྱི་གསོལ་བ་འདེབས་པ་དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པའི་དོན་དུ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ༴ སྤྲུལ་སྐུ༴ འཛམ་བུ༴ འགྲོ་དོན༴ ཨོ་རྒྱན༴ བསམ་པ༴ རྒྱལ་པོ༴ ཆོས་རྒྱལ༴ དུས་གསུམ༴ བོད་ཀྱི༴ རྒྱལ་པོ༴ ཨོ་རྒྱན༴ བསམ་པ༴ སྐུ་ནི༴ ཐུགས་རྗེས༴ མ་རིག༴ ཉོན་མོངས༴ བརྩེ་གདུང༴ ཨོ་རྒྱན༴ བསམ་པ༴ དུས་ངན༴ ནངས་རེ༴ ཉི་ཟེར༴ ཡར་ངོ༴ འགྲོ་དོན༴ ཨོ་རྒྱན༴ བསམ་པ༴ ལྔ་བརྒྱ་ཐ༴ སེམས་ཅན༴ ཉོན་མོངས༴ དེ་འདྲའི༴ དད་ལྡན༴ ཨོ་རྒྱན༴ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ལན་གསུམ། དེ་ནས་སྐུ་གསུང་ཐུགས་ཀྱིས་དབང་བསྐུར་བ་ནི། སྐུ་གཟུགས་ཐོགས་ལ་འདི་སྐད་བརྗོད༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ བསྐྱེད་རིམ་ལྡན་པས་འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སྟེ༔ དུས་གསུམ་སངས་རྒྱས་འདུས་པའི་གསུང༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ སྔགས་རིམ་ལྡན་པས་འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་ཐུགས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ རྫོགས་རིམ་ལྡན་པས་འགྲོ་དོན་གྱིས༔ དེ་ནས་མན་ངག་དང་པོ་གུ་རུ་དྲག་པོ་མེ་ཕྲེང་ཅན་གྱི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པདྨ་དམར་པོའི་སྟེང་དུ་ཟླ་ཉི་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་ཆེ་མཆོག་པདྨ་དྲག་པོ་ཞལ་གསུམ་གཡས་དཀར་གཡོན་ལྗང་དབུས་དམར་བ། ཕྱག་དྲུག་གི་གཡས་ན་རྡོ་རྗེ་ཐོ་བ་མེ་དཔུང། གཡོན་ན་ཐོད་ཁྲག་ལྕགས་སྡིག་ཕུར་པ་བསྣམས་པ། ཞབས་བཞི་འདོར་སྟབས་སུ་བགྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྫོགས་ཤིང་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད་ཅིང་། སྐུ་ལ་མེ་དཔུང་ཁྲོ་ཚོགས་ལྕགས་སྡིག་འཕྲོ་བ། འཁོར་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། ཧོར་སོག་འཇིགས་པའི༴ ཆོས་འཁོར་གཉན༴ ཡིད་གཉིས༴ ཨོ་རྒྱན་ལྷ་སྲིན༴ ཧོར་སོག༴ ཨོ་རྒྱན༴ བསམ་པ༴ ལན་གསུམ། སྐུ་གཟུགས་ཐོགས་ལ་འདི་སྐད་བརྗོད༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ བསྐྱེད་རིམ་ལྡན་པས་འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སྟེ༔ དུས་གསུམ་སངས་རྒྱས་འདུས་པའི་གསུང༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ སྔགས་རིམ་ལྡན་པས་འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨཱོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ཨཱཿཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ལན་གསུམ། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་ཐུགས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ རྫོགས་རིམ་ལྡན་པས་འགྲོ་དོན་གྱིས༔ ད་མན་ངག་གཉིས་པ་གུ་རུ་སྨན་བླའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་སྟེང་དུ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་སངས་རྒྱས་སྨན་གྱི་བླ་སྐུ་མདོག་སྔོན་པོ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རིགས་ལྔ་བསྣམས་པ། གཡོན་མཉམ་གཞག་གི་སྟེང་ན་བཻ་ཌཱུརྻའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་བསྣམས་ཤིང་། ཞབས་རྡོར་སྐྱིལ་གྱིས་བཞུགས་པ། མཚན་དཔེ་ཡོངས་སུ་རྫོགས་པའི་སྐུ་ལ་ཆོས་གོས་རྣམ་གསུམ་བཀླུབས་པ། འཁོར་བདེ་གཤེགས་བརྒྱད་དང་། བསྐལ་བཟང་སངས་རྒྱས་སྟོང་རྩ། སྨན་གྱི་ལྷ་མོ། དྲང་སྲོང་རིག་འཛིན་དཔག་ཏུ་མེད་པས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། སེམས་ཅན་སྒྱུ་ལུས༴ མི་བཟོད༴ ཡིད་གཉིས༴ ཨོ་རྒྱན་སྨན་གྱི༴ ཚེ་ཟད༴ ཨོ་རྒྱན༴ བསམ་པ༴ ལན་གསུམ། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ན་མོ་བྷ་ག་ཝ་ཏེ༔ བྷཻ་ཥ་ཛྱཻ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་གསུམ་པ་གུ་རུ་ཛམ་བྷ་ལའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པད་ཟླ་ལ་གཏེར་གྱི་བུམ་པ་ཟུང་དང་ཉི་དཀྱིལ་སྟེང་དུ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་རྨུགས་འཛིན་སྐུ་མདོག་དམར་པོ་ཞལ་གཅིག་པ་གཞོན་ཤ་རྒྱས་ཤིང་བརྗིད་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང་། གཡོན་པས་ནེའུ་ལེ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་སྟབས་སུ་བཞུགས་པའི་པང་དུ་ཡུམ་བདེ་རྒྱས་མ་དམར་མོ་གཡས་ནོར་བུ། གཡོན་ཐོད་ཁྲག་བསྣམས་པས་འཁྱུད་ཅིང་། ཡབ་ཡུམ་གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན་པ། འཁོར་ནོར་ལྷ་ཡབ་ཡུམ་བརྒྱད་སོགས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ནོར་ལྷ་བྱེ་བ་འབུམ་གྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། འབྱུང་བ་དགྲར་ལངས༴ སེམས་ཅན༴ ཡིད་གཉིས༴ ཨོ་རྒྱན་མཁའ་འགྲོ༴ དབུལ་ཕོངས༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་སྭཱ་ཧཱ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་བཞི་པ་གུ་རུ་ཡི་དམ་ལྷའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་ཟླ་ཉི་བདུད་བཞིའི་གདན་ལ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་། ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་ཁ་ཊྭཱཾ་དང་མེ་དཔུང་། མཐའ་གཉིས་ཕུར་པ་འདྲིལ་བ། ཞབས་བཞིའི་མདུན་གཉིས་གཡས་བསྐུམ་གཡོན་བརྐྱང་། རྒྱབ་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། གསང་བ་ནས་ཕུར་བུ་རྒྱན་གྱི་ཚུལ་དུ་འཕྱང་བ་བགེགས་ཀྱི་སྙིང་གར་ཟུག་པ། དུར་ཁྲོད་དང་དཔལ་གྱི་ཆས་རྣམས་རྫོགས་པ། ཡུམ་འཁོར་ལོ་རྒྱས་འདེབས་དྲིལ་བུ་ཐོད་ཁྲག་བསྣམས་པས་འཁྲིལ་ཞིང་། འཁོར་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་བརྒྱད་སོགས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། ལས་ཅན་འགྲོ་བའི་དོན༴ དམ་ཚིག༴ ཡིད་གཉིས༴ ཨོ་རྒྱན་ཡི་དམ༴ ཕ་ནོར༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་ལྔ་པ་གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པད་ཉིའི་སྟེང་དུ་གུ་རུ་པདྨ་ཟིལ་གནོན་དྲག་པོ་རྩལ་སྐུ་མདོག་དཀར་དམར་ཁྲོ་ལ་འཛུམ་པ། དབུ་ལ་པད་ཞྭ་ཁྱུང་ལྡེམ་ཅན་གསོལ་ཞིང་། ཟབ་བེར་གསང་གོས་དང་ཆོས་གོས་གསོལ་བ། གཡས་རྡོ་རྗེ་རྩེ་དགུ་རྭ་གདེངས་པ་འཕྱར་ཞིང་། གཡོན་སྙིང་ཕྲེང་བསྣམས་པ། ཞབས་འདོར་སྟབས་སུ་བཞུགས་པའི་དཔྲལ་བར་འཇམ་དཔལ། མགྲིན་པར་རྟ་མགྲིན། ཐུགས་ཀར་གསང་བདག །ལྟེ་བར་ཡེ་ཤེས་མགོན་པོ། གསང་བར་ཁྱབ་འཇུག་རཱ་ཧུ་ལ། འཁོར་དུ་ཞིང་སྐྱོང་སེང་གེའི་གདོང་ཅན་སོགས་དགེ་བསྙེན་བརྟན་མ་སྡེ་བརྒྱད་ཡུལ་ལྷའི་ཚོགས་ཀྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། སྦས་ཡུལ་ནགས་ཁྲོད༴ ཁ་ཆར༴ ཡིད་གཉིས༴ ཨོ་རྒྱན་གཞི་བདག༴ ཆོས་མཛད༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ བུར་ཐུཾ་ཛཿཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་ནྲྀ་ཏྲི་སིདྡྷི་ཕ་ལ་ཛཿཛཿཛ༔ ལན་གསུམ། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་དྲུག་པ་གུ་རུ་སེང་གེ་སྒྲ་སྒྲོག་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པད་ཟླ་ཉི་མའི་སྟེང་དུ་དགྲ་བགེགས་བསྣོལ་བའི་གདན་ལ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་གསང་བདག་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་འཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པས་ཡུམ་བདུད་འདུལ་དྲག་མོ་སེང་གདོང་མ་དམར་ནག་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན། དབུ་སྐྲའི་གསེབ་ནས་སེང་ཞལ་ཕྱུང་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། དཔའ་བོ་དཔའ་མོ་གིང་ཆེན་སྡེ་བཞི་སོགས་འཁོར་བྱེ་བ་གྲངས་མེད་ཀྱིས་བསྐོར་ཞིང་དྲིལ་གཡེར་ཌཱ་མ་རུ་སོགས་རོལ་མོའི་སྒྲ་འུར་དིར་དང་བཅས་གསལ་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། སྟག་གཟིག་དོམ་དྲེད༴ འབྲོག་ཆེན༴ ཡིད་གཉིས༴ ཨོ་རྒྱན་དཔའ་བོ༴ གདུག་པའི༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་གུ་རུ་སིཾ་ཧ་གཎྜེ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས་ འགྲོ་དོན་གྱིས༔ དེ་ནས་མན་ངག་བདུན་པ་གུ་རུ་པདྨ་བཛྲའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་ཐེག་པ་རིམ་དགུ་མཚོན་པའི་གདན་གྱི་སྟེང་དུ། ངོ་བོ་གུ་རུ་པདྨ་ལ་རྣམ་པ་སངས་རྒྱས་ཐོད་པ་རྩལ། སྐུ་མདོག་དམར་པོ་ཞལ་གསུམ་གཡས་དཀར་གཡོན་མཐིང་དབུས་དམར་སྤྱན་དགུ་ཁྲོ་འཛུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་རྡོར་དྲིལ། བར་པ་གཉིས་རལ་གྲི་བྷནྡྷ། ཐ་མ་གཉིས་ཚེ་བུམ་དང་ཁ་ཊྭཱཾ་བསྣམས་པ། ཞབས་བཞི་འདོར་སྟབས་སུ་བགྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་། གཙུག་ཏུ་རིགས་བདག་འོད་དཔག་མེད་བཞུགས་པ། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཌཱ་མ་རུ་དང་བྷནྡྷ་བསྣམས་པ་སྐུ་ལ་འཁྲིལ་ཞིང་། འཁོར་དེ་བཞིན་གཤེགས་པ་ཧེ་རུ་ཀའི་ཆས་ཅན་ཡབ་ཡུམ་བརྒྱད་དང་འབྱུང་བ་བཞིའི་ལྷ་མོ་རྣམས་ཀྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། ས་ཆུ་མེ་རླུང༴ སྒྱུ་ལུས༴ ཡིད་གཉིས༴ ཨོ་རྒྱན་འབྱུང་བ༴ འབྱུང་བ༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿདྷཱུ་མ་གྷ་ཡེ་ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་ཧྲཱི་མ་ཧ་རི་ནི་སཿར་ཙ་ཧྲི་ཡ་ཛཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སྭཱ་ཧཱ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ནྲྀ་ཏྲི་ཛཿསརྦ་ཨཾ་ཀུ་ཤ་ཛཿཙིཏྟ་ཧྲཱིཾ་ཧྲཱིཾ་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་བརྒྱད་པ་གུ་རུ་རྟ་མགྲིན་ནག་པོའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་དཀྱིལ་དུ་མེ་དཔུང་འབར་བ། དེའི་སྟེང་དུ་ཀེང་རུས་སྟག་དང་རུ་དྲ་ཕོ་མོ་བརྩེགས་པའི་གདན་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་དཔལ་ཆེན་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་སེང་ལྡེང་གི་རྔ་པུས་མོ་གཡོན་པའི་སྟེང་དུ་བརྡུང་བ། ཞབས་གཉིས་མིའུ་ཐུང་གེལ་པའི་ཚུལ་གྱིས་བཞུགས་པ། ཀེང་རུས་ཀྱི་སྙན་ཆ་དང་། རལ་པའི་གསེབ་ནས་རྟ་མགོ་ལྗང་ཞུར་འཚེར་བ། སྤྱི་བོར་པདྨ་ཐོད་ཕྲེང་དམར་ནག་ཌཱ་དྲིལ་འཛིན་པས། ཡུམ་རྡོ་རྗེ་ཕག་མོར་འཁྱུད་པའི། འཁོར་མཁའ་འགྲོ་སྡེ་བཞིས་བསྐོར་བ། ཡུམ་ཁྲོས་མ་སྔོན་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་། ཕྱོགས་བཞིར་ཕྱག་རྒྱ་རྣམ་བཞི་འཛིན་པའི་མཁའ་འགྲོ་བཞི་སོགས་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། ལམ་སྲང་འཇིགས་པའི༴ བསད་ཁྱེར༴ ཡིད་གཉིས༴ ཨོ་རྒྱན་ཕྱག་རྒྱ༴ ཙོ་ར༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་ཧ་རི་ནི་ས་ས་མ་ཡ་ཛཿཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྃ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས་ འགྲོ་དོན་གྱིས༔ དེ་ནས་མན་ངག་དགུ་པ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་གྱི་སྨིན་དབང་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་རྡོ་རྗེའི་གུར་ཁང་ཡེ་ཤེས་ཀྱི་མེ་ཀློང་དུ་པད་ཉིའི་གདན་ལ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་ཁྲོ་རྒྱལ་ལོ་ཀོཏྟ་ར་སྐུ་མདོག་དམར་སྨུག་ཁྲོ་བོ་འཆོལ་བའི་སྐུ་ཅན་ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཧཱུྃ་སྒྲ་སྒྲོག་པ། སྤྱན་གསུམ་ནམ་མཁར་གཟིགས་པ། ཐོད་སྐམ་དབུ་རྒྱན་དང་། ཐོད་རློན་དོ་ཤལ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་གར་སྟབས་ལིང་ལིང་མཛད་པ། སྐུ་ལ་ཟ་འོག་མཐིང་ཀའི་བེར་ཕོད་དང་། ཆོས་གོས་དམར་པོ། རུས་པའི་རྒྱན་དྲུག་དང་། དུང་གི་སྙན་རྒྱན། ཕྱག་གཡས་གསེར་གྱི་རྡོ་རྗེ། གཡོན་གནམ་ལྕགས་ཕུར་བུ་བསྒྲིལ་བ། རྔམ་བརྗིད་ཁྲོས་པ་ཡེ་ཤེས་མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཁོར་དུ་བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་དང་ཁྲོ་ཆུང་མང་པོས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། གང་ཞིག་གཤེད་མའི༴ མཚོན་ཆ༴ ཡིད་གཉིས༴ ཨོ་རྒྱན་རྡོ་རྗེའི༴ གཤེད་མ༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་བཅུ་པ་གུ་རུ་པདྨ་རྒྱལ་པོའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་ཡེ་ཤེས་འོད་ལྔའི་ཀློང་དུ་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་པདྨ་རྒྱལ་པོ་གངས་ཆེན་མཚོ་སྟེ། དེའང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཐལ་སྦྱར་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་འོད་དཔག་མེད་དང་། ཐུགས་ཀར་རྡོ་རྗེ་སེམས་དཔས་མཚན་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ་འཁོར་ཉེ་བའི་སྲས་བརྒྱད་དང་། གཞན་ཡང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། ནམ་ཞིག་ཚེཟད༴ གནད་གཅོད༴ ཡིད་གཉིས༴ ཨོ་རྒྱན་སྣང་བ༴ བདེ་བ་ཅན༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་བཅུ་གཅིག་པ་གུ་རུ་སྣང་མཐའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ་པད་ཟླའི་གདན་ལ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱས་ལྷུང་བཟེད་འཛིན་པ་ཞབས་སྐྱིལ་ཀྲུང་། ཆོས་གོས་རྣམ་གསུམ་སོགས་སྤྲུལ་པའི་སྐུའི་ཆ་ལུགས་ཅན། འཁོར་མི་འཁྲུགས་པ་སོགས་སངས་རྒྱས་རབས་བརྒྱད་དང་། གཞན་ཡང་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། སྒྱུ་ལུས་གཡར་པོ༴ འཁྲུལ་སྣང༴ ཡིད་གཉིས་ཐེ༴ ཨོ་རྒྱན་དུས་གསུམ༴ འཁྲུལ་སྣང༴ ཨོ་རྒྱན༴ བསམ་པ༴ ལན་གསུམ། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨཱོཾ་ཨ་མི་ཏ་བྷཱ་ཧྲཱིཿ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་བཅུ་གཉིས་པ་གུ་རུ་ཀུན་ཏུ་བཟང་པོའི་སྨིན་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་ཡེ་ཤེས་ལྔ་ཡི་རང་འོད་འཇའ་ཟེར་གྱི་ཀློང་དུ་པདྨ་ཉི་ཟླའི་གདན་ལ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། གཟུང་འཛིན་གྱི་སྒྲིབ་གཡོགས་བྲལ་ཕྱིར་སྐུ་གཅེར་བུ་རྒྱན་ཆ་སྤངས་པ། ཡུམ་ཆོས་དབྱིངས་ཀུན་ཏུ་བཟང་མོ་ལྗང་གུ་རྡོར་དྲིལ་འཛིན་པས་འཁྱུད་ཅིང་། འཁོར་རྒྱལ་བ་རིགས་ལྔ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། གཞན་ཡང་ལས་དང༴ འཁྲུལ་སྣང༴ ཡིད་གཉིས༴ ཨོ་རྒྱན་བདེ་ཆེན༴ སྡུག་བསྔལ་སྣང་བ་རྩད་ནས༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ འ་ཨ་ཤ་ས་མ་ཧ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ དེ་ནས་མན་ངག་བཅུ་གསུམ་པ་གུ་རུ་ཡིད་བཞིན་ནོར་བུའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་པདྨ་འདབ་སྟོང་རྒྱས་པའི་གེ་སར་ཉི་ཟླའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་གུ་རུ་པདྨ་འབྱུང་གནས། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཡིད་བཞིན་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་བསྣམས་པ། ཡུམ་མཁའ་འགྲོ་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ལྡན་གྲི་ཐོད་འཛིན་པས་འཁྱུད་པ། ཟག་མེད་ཀྱི་བདེ་བ་མཆོག་ཏུ་རྒྱས་ཤིང་། ཡེ་ཤེས་ལྔའི་འོད་ཀློང་དུ་བཞུགས་པའི་འཁོར་དུ་རྣམ་པར་སྨིན་པའི་རིག་འཛིན་སོགས་རིག་འཛིན་བཞི། ཤེས་རབ་རྒྱུད་ཀྱི་སློབ་དཔོན་སོགས་སློབ་དཔོན་བཞི་སྟེ་བརྒྱད་ཀའང་ཡུམ་དང་འཁྲིལ་ཞིང་། གཞན་ཡང་གྲུབ་ཐོབ་ཕོ་མོ་བརྒྱད་ཅུ་རྩ་བཞི། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་ཆེན་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་དང་རྩ་གཉིས་སོགས་གསང་སྔགས་གསར་རྙིང་གི་རིག་འཛིན་བྱེ་བ་འབུམ་གྱིས་བསྐོར་བར་སྒོམས་ལ་འདིའི་རྗེས་ཟློས་མཛོད། འགྲོ་དྲུག་སྡུག་བསྔལ༴ ཁྱད་པར༴ དད་གུས༴ ཡིད་གཉིས༴ ཨོ་རྒྱན་ཐུགས་རྗེས༴ ཨོ་རྒྱན༴ བསམ་པ༴ ལན་གསུམ་བརྗོད། སྐུ་གཟུགས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་སོགས་ནས། འགྲོ་དོན་གྱིས༔ ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སོགས་ནས། འགྲོ་དོན་གྱིས༔ སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་གུ་རུ་དྷཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་སོགས་ནས། འགྲོ་དོན་གྱིས༔ ཞེས་བཅུ་གསུམ་རྫོགས་ནས། དེ་ནས་ཁྱད་པར་དུའང་མཆོག་དབང་གོང་མ་གསུམ་ཞུ་བའི་དོན་དུ་མཎྜལ་ཕུལ། དེ་ནས་གསང་བའི་དབང་བསྐུར་ནི༔ བདུད་རྩི་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཀུན་རྫོབ་བྱང་སེམས་དཀྱིལ་འཁོར་འདིར༔ ལོངས་སྐུའི་བླ་མ་སྤྲིན་ལྟར་གཏིབས༔ ཡིག་འབྲུ་སྣ་ཚོགས་ཆར་ལྟར་འབེབ༔ འོད་ཟེར་དམར་པོས་ཕྱོགས་མཐར་ཁྱབ༔ ཧཱུྃ༔ ང་ནི་བླ་མ་ཀུན་ཏུ་བཟང༔ བདེ་སྟོང་ཀུན་ཏུ་བཟང་མོར་འཁྲིལ༔ ཐབས་ཤེས་ཟུང་འཇུག་ཉམས་རྩལ་འབར༔ བདེ་ཆེན་སྒྲ་ཡིས་ཕྱོགས་བཅུར་གཡོ༔ རྒྱལ་བ་རབ་འབྱམས་ཀུན་འདུས་ནས༔ ཡབ་ཡུམ་སྦྱོར་བའི་སྤྱི་བོར་ཞུགས༔ ཨ་བ་དྷཱུ་ཏིའི་ལམ་བརྒྱུད་དེ༔ ཡབ་ཡུམ་མཁའ་ནས་བདུད་རྩི་འབབས༔ སློབ་མ་ཁྱོད་ཀྱི་སྤྱི་བོར་ཐིམ༔ འཁོར་ལོ་བཞི་རིམ་མེར་གྱིས་ཁེངས༔ དགའ་བཞི་ཡེ་ཤེས་དབང་ཐོབ་ཤོག༔ བདུད་རྩི་བླུད། དེ་ནས་ཤེས་རབ་དབང་བསྐུར་ནི༔ གཟུང་མ་ཐོགས་ནས་འདི་སྐད་དོ༔ ཧཱུྃ༔ ཡེ་ཤེས་བྷ་གའི་དཀྱིལ་འཁོར་འདིར༔ ཆོས་སྐུའི་བླ་མ་མཁའ་ལྟར་དག༔ གཉིས་མེད་འོད་གསལ་འཁོར་ཡུག་བསྐོར༔ འོད་ཟེར་མཐིང་གས་ཕྱོགས་མཐར་ཁྱབ༔ ཧཱུྃ༔ འདི་ནི་ཤེས་རབ་གཟུང་མ་སྟེ༔ རྟེན་འབྲེལ་བཅུ་གཉིས་ཡེ་ནས་དག༔ ཁྱོད་ཀྱིས་བསྟེན་བྱར་སངས་རྒྱས་གསུངས༔ ཐབས་ལམ་སྣ་ཚོགས་ཆགས་ཞེན་བྲལ༔ འཁོར་ལོའི་རིམ་པའི་སྦྱོར་བ་ཡིས༔ བདེ་བ་ཆེན་པོར་སྤྱོད་པར་གྱིས༔ འབྲས་བུ་བླ་ན་མེད་པ་ཡི༔ སངས་རྒྱས་མྱུར་དུ་ཐོབ་པར་ཤོག༔ དེ་ནས་ཚིག་གི་དབང་བསྐུར་ནི༔ རྒྱས་པ་ཡེ་ཤེས་སྙིང་པོར་ཤེས༔ བསྡུ་ན་འདི་བཞིན་བྱ་བ་ཡིན༔ མཉམ་གཞག་བྱས་ལ་འདི་སྐད་དོ༔ ཧཱུྃ༔ དོན་དམ་འོད་གསལ་དཀྱིལ་འཁོར་འདིར༔ ཅི་ཡང་མེད་པའི་ངོ་བོ་ཉིད༔ གསལ་ཞིང་དག་ལ་རྙོགས་པ་མེད༔ གཟུང་དུ་མེད་ཅིང་བརྗོད་དུ་མེད༔ ཨ་ཨ་ཨ༔ ཨ་ནི་སྐྱེ་བ་མེད་པའི་ཨ༔ ཡེ་ཤེས་ལྔ་དང་ལྡན་པའི་ལུས༔ དོན་དམ་འོད་གསལ་གཞོམ་གཞིག་བྲལ༔ སྨྲ་བསམ་བརྗོད་འདས་ཨེ་མ་ཧོ༔ བུ་ཁྱོད་རང་སེམས་རང་ཞལ་ལྟོས༔ གཟུགས་མེད་མཐོང་བའི་ཡུལ་དང་བྲལ༔ སྒྲ་མེད་ཐོས་པའི་ཡུལ་དང་བྲལ༔ དྲི་མེད་ཚོར་བའི་ཡུལ་དང་བྲལ༔ རོ་མེད་མྱོང་བའི་ཡུལ་དང་བྲལ༔ ལུས་མེད་རེག་པའི་ཡུལ་དང་བྲལ༔ སེམས་མེད་བསམ་པའི་ཡུལ་དང་བྲལ༔ འདི་ཉིད་ལྟོས་ཤིག་གཞི་རྩ་ཆོད༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ བལྟས་ཀྱང་མི་མཐོང་སྟོང་པ་ཡིན༔ རིག་པ་ཕྱོགས་མཐའ་ཁྱབ་པར་མཐོང༔ འགྲོ་བ་མ་ཡིན་ཁྱབ་བརྡལ་ཡིན༔ སེམས་ཀྱི་ཁ་དོག་ངོ་བོ་བརྟག༔ ཅིར་ཡང་མ་གྲུབ་རང་བཞིན་གསལ༔ གསལ་སྟོང་ཟུང་འཇུག་ངང་དུ་བཞག༔ བདག་འཛིན་མེད་པའི་བྱ་ར་གྱིས༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ རིག་པ་རྗེན་པ་དྲི་མེད་ལ༔ འཁོར་བའི་སྐྱོན་གྱིས་ག་ལ་གོས༔ ཤེས་པ་འཇོག་ལེན་མ་བྱེད་པར༔ ཡེངས་མེད་མ་བཅོས་ངང་ལ་བཞག༔ རང་སེམས་དངོས་མེད་སྟོང་པ་འདི༔ སྐྱེ་བ་མེད་པའི་ཆོས་སྐུ་ཡིན༔ རང་བཞིན་གསལ་ལ་དག་པ་འདི༔ འགག་པ་མེད་པའི་ལོངས་སྐུ་ཡིན༔ མ་འགག་ཅིར་ཡང་ཤར་བ་འདི༔ གཡོ་བ་མེད་པའི་སྤྲུལ་སྐུ་ཡིན༔ སྐུ་གསུམ་རང་ཆས་རིག་པའི་གདངས༔ འདི་དོན་བལྟ་ཞིང་འདི་ཉིད་བསྒོམ༔ བུ་ཁྱོད་སེམས་ཀྱི་ངོ་བོ་ལྟོས༔ བལྟས་པས་མི་མཐོང་ངང་ལ་བཞག༔ ཞེ་སྡང་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་ཞེ་སྡང་བྲལ༔ དེ་ནི་མེ་ལོང་ཡེ་ཤེས་ཡིན༔ གཏི་མུག་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་གཏི་མུག་བྲལ༔ དེ་ནི་མཉམ་ཉིད་ཡེ་ཤེས་ཡིན༔ འདོད་ཆགས་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་འདོད་ཆགས་བྲལ༔ དེ་ནི་སོར་རྟོག་ཡེ་ཤེས་ཡིན༔ ཕྲག་དོག་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་ཕྲག་དོག་བྲལ༔ དེ་ནི་བྱ་གྲུབ་ཡེ་ཤེས་ཡིན༔ ང་རྒྱལ་ངོ་བོ་བལྟ་བར་བྱ༔ ངོ་བོ་སྟོང་པས་ང་རྒྱལ་བྲལ༔ དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ རང་རིག་སྟོང་པའི་རང་རྩལ་ཡིན༔ འདི་དོན་བརྟགས་ཤིང་འདི་ཉིད་བསྒོམ༔ ཚེ་གཅིག་སངས་རྒྱས་འགྲུབ་ནས་ནི༔ རང་རིག་རྩལ་དབང་ཐོབ་པར་འགྱུར༔ འཇིགས་སྐྲག་ཡ་ང་དེ་ལ་མེད༔ སྡུག་བསྔལ་ཞི་བ་སྨོས་ཅི་དགོས༔ ཞེས་པ་ཚིག་དབང་བསྐུར་བ་འོ༔ དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བས་སྐུ་བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་པ་དག་ཅིང་། ལམ་མ་ཧཱ་ཡོ་ག་བསྒོམ་པར་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ། གཉིས་པ་གསུང་གསང་བའི་དབང་གིས་ངག་གི་སྒྲིབ་པ་དག །ལམ་ཨ་ནུ་ཡོ་ག་བསྒོམ་པར་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཀྱི་སྒྲིབ་པ་དག །ལམ་ཨ་ཏི་ཡོ་ག་བསྒོམ་པར་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ། བཞི་པ་ཚིག་དབང་རིན་པོ་ཆེས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །ལམ་རྫོགས་ཆེན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པར་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་དམ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་དང་ལྡན་པར་བྱས་སོ། །དེ་ལྟར་བླ་མའི་དཀྱིལ་འཁོར་ཆེན་པོའི་དབང་བཞི་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ་པ་ཡིན་པས་དེ་ཡང་གསང་སྔགས་ཀྱི་རྩ་བ་དབང་། དབང་གི་རྩ་བ་དམ་ཚིག་སྟེ། དེ་ཡང་རྒྱས་པར་ཕྱེ་ན་ས་མ་ཡ་འབུམ་སྡེར་གསུངས་པའི་བསྡུས་དོན་རྡོ་རྗེ་ཐེག་པ་ལས་རིགས་ལྔ་སྤྱིའི་དམ་ཚིག་དང་། རྩ་བའི་ལྟུང་བ་བཅུ་བཞི། གལ་མདོར་གྱུར་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། བླ་མ་སངས་རྒྱས་སུ་ལྟ་བའི་མོས་གུས་ནི་ཀུན་གྱི་སྙིང་པོར་གྱུར་པར། གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཅི་ཕྱིར་ཡི་དམ་བསྒྲུབ་ཀྱང་བྱིན་རླབས་སྒོ༔ བླ་མ་ལས་གཞན་མ་ཡིན་ཆོས་ཐམས་ཅད༔ བླ་མའི་མོས་གུས་ལྟེམ་རྐྱང་མེད་ལ་འདུ༔ ཁྱད་པར་རྡོ་རྗེ་ཐེག་པའི་སྲོག་སྙིང་སྟེ༔ འདི་ཡོད་སྲོག་ཡོད་འདི་མེད་སྲོག་མེད་འགྱུར༔ དེས་ན་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང༔ བླ་མའི་མོས་གུས་དམ་ཚིག་འབྲལ་མི་རུང༔ རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ༔ སངས་རྒྱས་ཀུན་འདུས་པད་འབྱུང་ངོ་བོར་བསམ༔ ཞེས་གསུངས་ཕྱིར་བསྲུང་སྡོམ་མཐའ་དག་གི་རྩ་བ་བླ་མའི་དམ་ཚིག་སྲོག་ལྟར་གཅེས་པས་གཞིར་བྱས། བསམ་སྦྱོར་འགྲོ་བའི་དོན་དུ་གང་འགྱུར་བྱ་ཞིང་སྔགས་ཀྱི་ལམ་དུ་ཞུགས་ན་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་ཐོབ་པ་གསང་སྔགས་ཟབ་མོའི་ཁྱད་ཆོས་ཡིན་པས། རྡོ་རྗེའི་སློབ་མ་ཁྱེད་རྣམས་ཀྱིས་དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུ་རུ་པདྨ་འབྱུང་གནས་ལྷ་དང་བླ་མ་དབྱེར་མེད་དུ་བཟུང་ཞིང་གསོལ་འདེབས་དང་སྙིང་པོའི་སྔགས་བཟླ་བ། ཁྱད་པར་ཚེས་བཅུའི་དུས་མཆོད་སོགས་ངེས་པར་དང་ལེན་སྤྲོ་བའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ཨོ་རྒྱན་ཆེན་པོའི་ཐུགས་ཏིག་ལམ་ཟབ་བླ་མའི་བྱིན་རླབས་དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་གི་དོན་དུ་མཎྜལ། ཞེས་བརྗོད། དེ་ནས་སློབ་མ་རྣམས་ཚོགས་ལ་རོལ། གསང་ཆེན་མན་ངག་རྒྱ་མཚོའི་སྙིང་པོ་བླ་མ་རིག་འཛིན་གྱི་བསྙེན་སྒྲུབ་དང་སྨིན་གྲོལ་འཆད་སྤེལ་སོགས་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་ཅིག །བསོད་ནམས་འདི་ཡིས་སོགས་བརྗོད། སློབ་མ་རང་གནས་སུ་གཏང་། དེ་ནས་ལས་གཞུང་གི་ལྷག་མ་དང་ཆད་བརྟན་གཏོར་མ་འབུལ། གཏོར་བྲོ་བཀྲ་ཤིས་ལ་སོགས་མཐར་ཆགས་བྱའོ། །ལྷ་མཚན་རྣམས་ལ་ཨ་ཀཱ་རོ་བརྗོད་བཞིན་བསྡུ། གསང་སྔགས་གསང་བའི་ཕྱིར་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་སྨིན་དབང་བསྐུར་བའི་ཐབས་ནི། ༧རིག་པ་འཛིན་དབང་ཆེན་པོ་དེ་ཉིད་ཀྱི་དགོངས་གཏེར་ཟབ་མོའི་མན་ངག་རྩ་བ་དང་ཞལ་ལུང་གིས་གཞིར་བྱས། བཀའ་བབ་ཆོས་བདག་སྐྱེས་བུའི་ཁྲིད་ཡིག་དང་བསྟུན་བཀླག་ཆོག་མར་བཀོད་པ་འདིའང་གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་ལུང་ནས་ཆོས་ཀྱི་སྤྱན་ཅན་དྲུག་གི་རྗེས་སུ་པདྨའི་ལྗགས་ལྡན་དྲུག་ཏུ་ལུང་བསྟན་པའི་ཐོག་མ། ༧སི་ཏུ་པདྨ་དབང་ཆེན་ཞེས་གྲགས་པས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་སྦྱར་བའི་དགེ་བས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།
གཏེར་གསར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བརྒྱུད་པའི་གསོལ་འདེབས་ (Volume 48, Text 44)
གཏེར་གསར་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །སྣང་བ་མཐའ་ཡས་འཕགས་མཆོག་འཇིག་རྟེན་མགོན། །པདྨཱཀ་ར་དབྱིངས་ཕྱུག་བདེ་ཆེན་རྒྱལ། །ཆོས་རྒྱལ་ཡབ་སྲས་ཐུགས་རྗེའི་གཏེར་རྣམས་ལ། །གསོལ་བ་འདེབས་སོ་འཁོར་བ་དོང་སྤྲུག་ཤོག །སྙིགས་མའི་འགྲོ་འདུལ་མཆོག་གྱུར་བདེན་ཆེན་གླིང་། །བརྒྱུད་པའི་བླ་མ་འཁོར་ལོའི་མགོན་པོ་དང་། །ཡི་དམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་འཁོར་བ་དོང་སྤྲུག་ཤོག །རང་དོན་སྤྲོས་བྲལ་ཆོས་སྐུ་མངོན་གྱུར་ནས། །གཞན་དོན་ལྷུན་གྲུབ་གཟུགས་སྐུའི་ཕྲིན་ལས་ཅན། །ནམ་མཁའ་ཇི་སྲིད་རྒྱུན་ཆད་མི་མངའ་བ། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་དགེ་སྦྱོང་ཀརྨ་ལྷ་དཔལ་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ། །།
དམ་ཅན་རྡོ་རྗེ་ལེགས་པའི་གསང་སྒྲུབ་དགྲ་བོའི་སྲོག་གི་སྤུ་གྲི་ (Volume 38, Text 44)
ྈ དམ་ཅན་རྡོ་རྗེ་ལེགས་པའི་གསང་སྒྲུབ་དགྲ་བོའི་སྲོག་གི་སྤུ་གྲི་བཞུགས་སོ༔ ྈྈྈྈྈྈྈྈ མ་ལུས་གདུག་པའི་ཚོགས་འཇོམས་དབང་མཛད་ལྷ༔ ཁྲོ་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ཡི༔ གཏེར་གྱི་སྲུང་མ་དགེ་བསྙེན་དམ་ཚིག་ཅན༔ རྣོ་མྱུར་རྡོ་རྗེ་ལེགས་པའི་གསང་སྒྲུབ་འདི༔ མ་འོངས་དོན་དུ་པདྨ་བདག་གིས་སྦས༔ ཤིན་ཏུ་མྱུར་མགྱོགས་སྤུ་གྲི་འདི་ཁོ་ནའོ༔ དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ སྐྱེས་བུ་ཆེན་པོའི་སྒྲུབ་པ་ནི༔ བྲག་ཕུག་དབེན་གནས་རྡོ་མཁར་དང༔ ཤིན་ཏུ་དབེན་ཞིང་གཙང་བའི་སར༔ ལྷ་ཁང་འདྲེ་ཅན་གཤའ་རྦུད་དང༔ ལ་བཙས་གཉན་དགུ་བཙན་རྒོད་དང༔ སེར་བས་བཅོམ་སོགས་ས་བླངས་ལ༔ གནས་ལ་བསྟུན་ལ།་་་སྟེགས་བུ་མདའ་གང་ཁྲུ་གང་ལ༔ ར་ཁྲག་དྲི་བཟང་རོ་སོལ་བྱུགས༔་་་དམར་པོ་བྱས་ན་རབ། དབུས་སུ་སྟེགས་བུ་གྲུ་གསུམ་པ༔ གྱེན་དུ་བརྩིགས་ཤིང་ཐུར་དུ་བྲུ༔ དུག་ཁྲག་རོ་སོལ་མར་ནག་བྱུགས༔ ཁ་ཁྱེར་སྐྱེར་པའི་རྩང་དམར་ལ་༔ མཚལ་དང་ར་ཁྲག་ཏྲི་རེ་བྲི༔ མགོ་མཇུག་མ་ནོར་ཉེར་གཅིག་ནི༔ དགེ་བསྙེན་ཉེར་གཅིག་མངའ་གསོལ་ལ༔ སྲིན་མོ་འགྲོས་སུ་བཙུག་པར་བྱ༔ ནང་དུ་སྤྱང་ཐོད་དག་་་ཁ་དགྲ་ལ།ལ་ནི༔ མ་ཉམས་ར་ཁྲག་དམར་པོར་་་ཁའི་ནང་ལ།བྱུགས༔ རས་སམ་གྲོ་ག་རྒྱ་ཤོག་ལ༔ དུག་ཁྲག་སྦྱར་བས་་་དགྲ་དུ་ཡོད་པའི།ལིངྒ་བྲི༔ རང་གི་ཁ་རླངས་དྲི་མ་སྤང༔ ཟག་རྫས་དྲུག་ནི་བྱུག་པར་བྱ༔ དཔྲལ་བར་རུས་ལ་སྙིང་གར་མིང༔ བརླ་ལ་བླ་དྭགས་འདོམས་སུ་ཚ༔ ཡན་ལག་ཛཿཡི་གཟེར་གྱིས་གདབ༔ དུད་ངན་བདུག་ཅིང་ལྷ་དང་དབྱེ༔ དྲིལ་ལ་སྔོ་དམར་དག་གིས་བཅིང༔ ར་རོག་སྙིང་ནང་བཅུག་པར་བྱ༔ ཟ་འོག་སྐུད་པས་རྒྱ་གྲམ་བཅིང༔ སྤྱང་ཐོད་ཁ་ནང་དམ་དུ་བརྫང༔ དེ་ཉིད་བྲུབ་ཁུང་ནང་དུ་བཙལ༔ རེ་སྦྲ་ནག་པོས་སྟེང་ནས་གཡོགས༔ རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ བཤོས་བུ་མཁར་ཐབས་ཁྲུ་གང་ལ༔ སྐུ་དང་དར་དམར་མདའ་ལ་བཏགས༔ རྟེན་གཏོར་དག་ཏུ་གཟུགས་པར་བྱ༔ རྒྱུན་གཏོར་ནར་མ་་་ཟུར་གསུམ།དུས་བཞི་འམ༔ ཡང་ན་གུང་གཉིས་དུས་སུ་གཏང༔ དགེ་བསྙེན་བརྟན་མ་ལ་སོགས་པ༔ འཁོར་གྱི་གཏོར་མ་རྒྱས་པར་བཤམ༔ ཟུར་བཞིར་གཏོར་མ་བཞི་ཡང་བྱ༔ དེ་ལ་སྐུ་དང་མདའ་དར་གཟུག༔ ར་ཁྲག་བྱུག་ཅིང་ཡུངས་དཀར་བརྒྱན༔ ཆང་ཕུད་ར་ཁྲག་ཆོས་སྨན་སྦྱར༔ བྷནྡྷ་མཚན་ལྡན་གང་ཡང་བཤམ༔ མོན་ནམ་རབས་ཆད་ཐོད་པ་རུ༔ ཡུངས་དཀར་ཡུངས་ནག་ཀེ་ཚེ་དང༔ རྡོ་ལྕགས་ཟངས་ཕྱེ་གྲི་ལྕགས་ཕྱེ༔ སོ་དོག་་་ལྕགས་སྐོགས།ཐང་ཕྲོམ་དུག་ཁྲག་སྦོལ༔ བྲུབ་ཁུང་དེ་ཡི་ཟུར་བཞིར་བཞག༔ དུག་ཤིང་གླང་མ་སྐྱེར་པ་ཡི༔ གང་རུང་གཅིག་ལ་གསལ་ཤིང་བྱ༔ དགྲ་བོའི་མིང་རུས་སྡེ་ཚན་བྲི༔ དེ་ཡང་བྲུབ་ཁུང་ཟུར་གཅིག་ཏུ༔་་་གཟུག །བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྤྱི་གཏོར་དག་ཀྱང་བཤམ་བྱ་སྟེ༔ དེ་ནི་སྒྲུབ་བཅས་རིམ་པ་འོ༔ རྣལ་འབྱོར་ཁ་ནི་ནུབ་བསྟན་ལ༔ བདག་ཉིད་བཅོམ་ལྡན་གཏུམ་པོ་འམ༔ དབང་ཆེན་རྟ་མགྲིན་དུ་བསྐྱེད་ལ༔ མདུན་དུ་ཏྲི་ལས་སྐྱེས་བུ་ནི༔ དམར་ནག་རབ་འཇིགས་ཁྲོས་པའི་སྐུ༔ ཕྱག་གཡས་རྡོ་རྗེས་དགྲ་སྲོག་གཟིར༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ ཞལ་གདངས་མཆེ་གཙིགས་མེ་རླངས་འཕྲོ༔ དར་བེར་སྔོ་ཁྲའི་འཇོལ་འགྱིང་ལ༔ གསེར་དངུལ་ཧ་རིའི་གསེར་སྐ་བཅིངས༔ མགོ་ལ་སྭག་ཞུ་ནག་པོ་གསོལ༔ སྟག་རལ་གཟིག་ཤུབས་བཙན་མདུང་ཕྱར༔ མི་བཟད་སེང་གེ་དཀར་མོ་འཆིབ༔ འཁོར་དུ་སུམ་བརྒྱ་དྲུག་ཅུས་བསྐོར༔ རོལ་དུ་སྟག་སྤྱང་དོམ་དྲེད་ཁྲིད༔ ཕོ་ཉ་འཛིན་གིང་མོན་དཀར་ནག༔ ལྷ་སྲིན་སྡེ་བརྒྱད་ཀུ་སྒྲས་འགེངས༔ དམ་ཉམས་དགྲ་ལ་ཧབ་ཁྱེར་བྱེད༔ ཕུང་གསུམ་གཡབ་ཀྱིས་འདེབས་བྱེད་ཅིང༔ དགྲ་བོ་རང་དབང་མེད་པར་བཀུག༔ བྲུབ་ཁུང་ནག་པོར་ལིང་གིས་བསྐྱུར༔ སྙིང་སྲོག་ཤ་ལ་དམར་གཡོས་བྱེད༔ སྐད་ཅིག་ཉིད་ལ་བརླག་པར་བསམ༔ དེ་འདྲའི་ཏིང་འཛིན་གསལ་བ་ཡི༔ ཞེ་སྡང་ང་རྒྱལ་དྲག་པོ་ཡིས༔ འབོད་རྦད་གསད་གསུམ་གཅིག་དྲིལ་བའི༔ གནམ་ལྕགས་ཐོག་གི་སྤུ་གྲི་འདི༔ ཐང་ལྷོད་མེད་པར་དྲག་ཏུ་བཟླ༔ ཐུན་ལ་སྔགས་ཤིང་དུག་ཁྲག་སྦོལ༔ བདུན་གཉིས་སོང་ནས་དྲག་ཏུ་བྲབ༔ མཚོན་དང་ནད་དང་དུག་རླངས་ཀྱིས༔ དགྲ་བོ་ཐུམ་ཐུམ་བསད་པར་བསམ༔ བཛྲ་སཱ་དྷུ་ཙ་ཏྲི་ཛ༔ ཏྲི་པ་ཙ་ཤུ་ལ་ནྲྀ་ཛ༔ པྲ་ན་ས་དུ་ཚེ་ལ་གུར་པ་ཏི༔ ཙ་མུན་རག་མུན་ཐུཾ་པ་དུ་རག་རྦད༔ སྲི་ཀ་ད་རི་ས་དུ་ཤིག༔ ཆེ་གེ་མཱ་ར་ཡ་སོད༔ ཅེས་པ་བདུན་ནམ་ཉེར་གཅིག་ཏུ༔ སྟན་དྲོད་མ་ཡལ་མི་མི་འཕྲད༔ ཁྱི་དང་བུད་མེད་ཉེ་མི་རུང༔ མི་བསྟན་གསང་བ་ཤིན་ཏུ་གཅེས༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ སློབ་དཔོན་སྔགས་པ་ཨ་ཙ་ར༔ ཕ་ཁུ་ཞང་བློན་མི་རེང་དང༔ ཞག་བདུན་འབོད་པ་དང་པོའི་རྟགས༔ སྟག་སྤྱང་གཅན་གཟན་རི་དྭགས་འདེད༔ འོད་སྒྲ་ཐོག་འཚུབ་དམག་ལ་འགྲོ༔ མཚོན་བརྡུང་བྲག་བཤིགས་ཤིང་གཅོད་དང༔ རྦབ་དང་ལིངས་བྱེད་རི་དྭགས་གསོད༔ བར་གྱི་ཞག་བདུན་རྦད་པའི་རྟགས༔ ཤ་ཁྲག་དམར་གཡོས་ནང་ཁྲོལ་ཟ༔ མགོ་དང་གློ་སྙིང་བདག་ལ་སྟེར༔ ལན་གསུམ་བར་དུ་བསྐྱར་ཞིང་འབྱུང༔ ལས་གྲུབ་རྗེས་ཀྱི་བསད་རྟགས་སོ༔ དེ་ལྟར་རྟགས་རྫོགས་དཀྱིལ་འཁོར་ནུབ༔ ལས་ཁུང་ནང་དུ་སྐྱེར་པ་ཡི༔ ཧོམ་བྱ་ཐོད་པའི་ལིང་ག་ཕྱུང༔ གྲི་མཚོན་གཏུབས་ཤིང་ཕུར་པས་གདབ༔ ཟན་གྱི་ཉ་བོ་མིང་རུས་ཅན༔ གསར་པ་ཉི་ཤུ་རྩ་གཅིག་དང༔ གོང་གི་ལིང་གར་དགུག་གཞུག་བྱ༔ ཐོ་བས་བརྡུང་ཞིང་ལིང་རོ་དང༔ བསྲེག་རྫས་ར་ཡི་དབང་པོ་ལྔ༔ མེ་ལྷར་དམ་ཅན་བསྐྱེད་ལ་འབུལ༔ གོང་གི་སྔགས་ལ་ཁཱ་ཧི་བཏགས༔ དམ་ཅན་དྲེགས་པ་འཁོར་བཅས་ཀྱིས༔ དགྲ་བོའི་ཤ་རུས་མ་ལུས་པ༔ རྔམས་ཤིང་རྔམས་ཤིང་ཟོས་པར་བསམ༔ ཐལ་བ་ཆ་གཅིག་མཆོད་རྟེན་ནམ༔ ཡང་ན་རྒྱ་གྲམ་ལམ་དུ་མནན༔ ཆ་གཅིག་ཀླུ་བཙན་གནས་སར་གཏད༔ ཆ་གཅིག་དགོང་མོར་རླུང་ལ་བསྐུར༔ དེས་ནི་རྡོ་རྗེའི་སྲོག་ཡོད་ཀྱང༔ སྒྲོལ་བར་ངེས་ཀྱི་ཐེ་ཚོམ་མེད༔ གལ་ཏེ་རྟགས་མེད་འཁུ་ལྡོག་ན༔ རང་ཉིད་ཡི་དམ་ང་རྒྱལ་བསྐྱེད༔ ཤོག་བུ་རོ་རས་ཤིང་ཤུན་ལ༔ སྐྱེས་བུའི་སྐུ་འབག་གོང་བཞིན་བྲི༔ སྤྱང་ཐོད་ནང་གི་ལིང་ག་ཉིད༔ སྐུ་གཟུགས་དེ་ཡི་སྙིང་གར་བླན༔ རྦད་གསད་སྔགས་ཀྱིས་ཐ་མ་བསྐོར༔ དགུག་གཞུག་བྱས་ལ་སྔར་བཞིན་དུ༔ སྐུ་གཟུགས་ཀྱི།་་་སྙིང་ནང་དྲིལ་ལ་སྤྱང་ཐོད་གཞུག༔ ཞག་གསུམ་སྲོག་སྔགས་དབུ་ཞབས་བཟློག༔ དགྲ་ཡི་མིང་ཤུལ་སྐྱེས་བུ་གཞུག༔ གསད་པའི་སྦྱོར་བ་དེ་ལ་བརྩམ༔ དེ་ཚེ་འདུད་དང་ཕྱག་བྱེད་པ༔ བསད་རྟགས་ལ་སོགས་གཏན་ཕེབས་ནས༔ སྐུ་གཟུགས་ཕྱུང་ལ་སྨན་སྤོས་ཆུས༔ བཀྲུ་ཞིང་གསོལ་དང་སྐོང་བཤགས་བྱ༔ ལིངྒ་སྔར་ཤུལ་བཅུགས་ལ་བྲབ༔ ལས་གཞུག་གོང་བཞིན་བྱས་པ་ཡིས༔ ལས་མི་འགྲུབ་པའི་དོགས་མ་མཆིས༔ ཤི་ས་ཨར་ལ་གཏད་པ་སྟེ༔ ཚོད་དང་སྦྱར་བ་ཤིན་ཏུ་གཅེས༔ མང་ན་ཆོས་སྐྱོང་མཐུ་སྟོབས་ཟད༔ འདི་ལྟ་བུ་ཡི་སྦྱོར་བ་ཡིས༔ རྡོ་རྗེ་འཛིན་ཀྱང་འཇིགས་པར་ནུས༔ དགྲ་བོ་ཙམ་ལ་སྨྲོས་ཅི་དགོས༔ སྐྱེས་བུ་ཆེན་པོའི་གསང་སྒྲུབ་འདི༔ གནམ་སྐས་བྲག་ལ་སྦས་ཏེ་བཞག༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རཏྣ་གླིང་པ་ངས། ཁྱི་ལོ་རྟ་ཟླའི་ཚེས་གཅིག་ལ། །གནམ་སྐས་བྲག་ནས་བཏོན་པ་ཡིན། །གཡུ་མཚོའི་མགུལ་དུ་ཤོག་སེར་ངོས་ནས་བཤུས་པའོ།། །། ྈ དམ་ཅན་གྱི་རྗེས་གནང་བཞུགས་སོ༔ ྈྈྈྈྈྈྈྈ དམ་ཅན་སྐྱེས་བུ་ཆེན་པོ་ཡི༔ རྗེས་གནང་དབང་གི་རིམ་པ་བསྟན༔ དབེན་པའི་གནས་སུ་ད་ལ་བྱ༔ ཡང་ན་སྣམ་ཕྱིང་གྲུ་བཞིའི་ཁར༔ བཤོས་བུ་མཁར་ཐབས་གཏོར་ཚོགས་དང༔ སྨན་རཀ་ར་ཡི་གསུར་དུད་དང༔ རྡོ་རྗེ་སྙིང་དང་བླ་རྡོ་དང༔ སྐྱེས་བུའི་སྐུ་དང་སྒྲུབ་ཡིག་བཤམ༔ གསོལ་ཁ་མཆོད་བསྟོད་འབོད་སྔགས་ཀྱིས༔ ཁུག་པར་བཀུག་ལ་བླ་རྡོ་དང༔ སྐྱེས་བུའི་སྐུ་ལ་ཡང་ཡང་བསྟིམ༔ གསེར་སྐྱེམས་ཕུད་སྐོང་རྒྱས་བྱས་ལ༔ རང་ཉིད་རྡོ་རྗེ་གཏུམ་པོར་བསྐྱེད༔ དམ་ཅན་དབང་སྡུད་ཟིལ་གྱིས་མནན༔ སློབ་མ་རྡོ་རྗེ་གཏུམ་པོར་བསྐྱེད༔ ཐོག་མར་སྤྱི་གཏོར་སྐུ་དང་བཅས༔ བུ་ཡི་སྙིང་གར་བཞག་ནས་ཀྱང༔ ཧཱུྃ་ཧྲཱི༔ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་སྲུང་མར་གཏད་པར་བྱ༔ རྟག་ཏུ་མཆོད་ཅིང་བརྩོན་པར་གྱིས༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སིདྡྷི་ཕ་ལ་ཨཱ་བེ་ཤ་ཡ་ཛ༔ ཅེས་དམ་ཅན་སློབ་བུའི་སྙིང་གར་བསྟིམ་མོ༔ དེ་ནས་སྐུ་གཟུགས་ལག་གཡས་དང་གཡོན་དུ་བླ་རྡོ་གཏད་སྒྲུབ་ཡིག་ཀྱང་གཏད་ནས༔ ཧཱུྃ༔ ལས་ཀྱི་དབང་གིས་དྲེགས་པ་ནི༔ དགྲ་བླ་རྡོ་རྗེ་ལེགས་པ་ཡིན༔ དབང་སྡུད་ཟིལ་གྱིས་མནན་ནས་ནི༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་ཁྱོད་ལ་གཏད༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ བཀའ་དང་དམ་ལ་གནས་པར་འགྱུར༔ བཛྲ་སཱ་དྷུ་ས་མ་ཡ་རཱ་ཙ་ཏྲི་ཛཿཔ་ཤང་ཀུ་རུ་ཧཱུྃ་ཕཊ༔ ཅེས་གཏད་ལ་ལྷའི་ང་རྒྱལ་བྱའོ༔ དེ་ནས་རྡོ་རྗེ་གཡས་ཙིཏྟ་གཡོན་དུ་གཏད་དེ༔ ཧཱུྃ༔ པདྨ་ཧེ་རུ་ཀ་ཡི་སྤྲུལ་པ་སྟེ༔ བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ རྡོ་རྗེས་ཕོ་རྒྱུད་ཕོ་ཉར་འགྱེད༔ ཙིཏྟས་མོ་རྒྱུད་ལས་ལ་འཛུད༔ རྡོ་རྗེ་ལེགས་པའི་དབང་ཐོབ་ཤོག༔ ཙཀྲ་ཤཱུ་ལ་ཙ་ཧྲིང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧྲཱི༔ དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་ཤོག༔ ཅེས་དབང་བསྐུར༔ གཏོར་མ་དང་མཆོད་བསྟོད་ལ་བརྩོན་ཞིང༔ དམ་ཚིག་བླ་མ་སྤྱི་བོར་ཁུར་ཅིག༔ ཆོས་སྐྱོང་བྲན་བཞིན་དུ་ཉན་པར་འགྱུར་རོ༔ ཞེས་བཀའ་གཏད་གཏོར་མ་དངོས་གྲུབ་ཏུ་རོལ༔ དལ་བསྡུ༔ ཡོན་འབུལ༔ བཀྲ་ཤིས་དང་བསྔོ་བ་སྨོན་ལམ་བྱའོ༔ བོད་ཡུལ་མཐའ་དབུས་ཐམས་ཅད་དུ༔ སྒྲུབ་ཐབས་མང་དུ་སྦས་ན་ཡང༔ དབང་གི་རྗེས་གནང་འདི་ལས་མེད༔ ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང༔ སངས་རྒྱས་བསྟན་པའི་སྲུང་མར་ཤོག༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ རཏྣ་གླིང་པས་གནམ་སྐས་བྲག་ནས་བཏོན་པའོ།། །། ྈ དམ་ཅན་ནོར་སྒྲུབ་རིན་ཆེན་གཏེར་མཛོད་ཅེས་བྱ་བ་བཞུགས༔ ྈྈྈྈྈྈྈྈྈྈྈ དཔལ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྣོ་མྱུར་ཡང་ཟབ་དམ་ཚིག་ཅན༔ སྐྱེས་བུ་རྡོ་རྗེ་ལེགས་པ་ཡི༔ ནོར་སྒྲུབ་ཟབ་མོ་མཐར་ཐུག་པ༔ མ་འོངས་བརྒྱུད་འཛིན་དོན་ཆེད་དུ༔ པདྨ་འབྱུང་གནས་བདག་གིས་བསྟན༔ དམ་ཚིག་ལྡན་པའི་རྣལ་འབྱོར་པ་ལ༔ སྐྱེས་བུ་ཆེན་པོ་འདི་ནི་ཟས་ནོར་སྙན་གྲགས་ལོངས་སྤྱོད་ཀྱི་བདག་པོ༔ མི་སྙིང་འཕྲལ་དུ་སྐུལ་བར་ནུས་པས་ཤིན་ཏུ་ཟབ་པ་ཡིན་ནོ༔ འདི་ཡི་ནོར་སྒྲུབ་བྱ་བ་ནི་གསུམ་སྟེ༔ རྟེན་བཅས་ཏེ་ནོར་བདག་བཟུང་བ༔ བླ་རྡོ་འཁོར་ལོ་ལུས་ལ་འཆང་བ༔ སྔགས་བཟླས་ཤིང་ཕྲིན་ལས་བཅོལ་བའོ༔ དང་པོ་རྟེན་བཅའ་བ་ནི༔ སྤྱིན་པའི་ས་ལ་སྨན་དང་རིན་པོ་ཆེ་བརྡར་དྲི་བཟང་གིས་སྦྲུས་ལ༔ དམ་ཅན་སྐུ་མདོག་དམར་སེར་བེར་དམར་ཐོད་དམར་ཅན༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ༔ གཡོན་པས་ཐོད་པ་དམར་གྱིས་བཀང་བ༔ སེང་གེའམ་ར་དཀར་པོ་ལ་ཞོན་པ་གཅིག་བྱ༔ རྒྱབ་ལ་ནང་བུག་བྱས་ལ་དེར་འཁོར་ལོ་དང་འདོད་བྱང༔ འབྲུ་སྣ་དར་སྣ་རིན་པོ་ཆེ་ལ་སོགས་པ་གཞུག༔ ཚོན་དང་སྤྲ་རྩི་ལེགས་པར་བཏང༔ ཡང་ན་བྲིས་སྐུ་བྱས་ཀྱང་རུང་ངོ༔ དང་པོ་ཡང་སྐར་མ་རྒྱལ་ལ་བཞེངས༔ རྗེས་རབ་གནས་ཀྱང་སྐར་མ་རྒྱལ་ལ་བྱའོ༔ དམ་ཅན་དགུག་གཞུག་ཡང་ཡང་བྱའོ༔ རྟེན་དེ་མི་ལ་སྦེད་ཅིང་ནོར་མཛོད་དམ༔ བང་བའི་ཁར་གཞུག༔ རང་ཕྱོགས་སུ་འགྲོ་དུས་བཤོས་བུ་དང་གསོལ་ཁ་རྒྱས་པར་བྱས་ལ༔ སྐུ་དེ་འགྲོ་ཕྱོགས་སུ་ཞལ་བསྒྱུར་ལ༔ ཕྲིན་ལས་འདོད་གསོལ་རྒྱས་པར་བྱའོ༔ གཉིས་པ་བླ་རྡོ་འཁོར་ལོ་བྱ་བ་ནི༔ རབ་དར་དཀར་བྲེ་ཞབས་ཙམ༔ འབྲིང་རས་ཆག་ཆེན༔ ཐ་མ་ཤོག་བུ་ལ༔ སྐྱེས་བུ་ཆེན་པོ་བྲིས་པའི་ལྟོ་བ་ནས༔ ར་ཁྲག་དང་མཚལ་སྦྱར་ལ་ཙཀྲ་རྩིབས་བཞི་མུ་ཁྱུད་གསུམ་བྲིས་ལ་ལྟེ་བར༔ བཛྲ་སཱ་དྷུ་ས་མ་ཡ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བདག་ལ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཀྱི་དངོས་གྲུབ་སྩོལ༔ ཅེས་པའི་འདོད་གསོལ་བྲི༔ རྩིབས་བཞི་ལ༔ ཨོཾ་ཧྲཱིཿཏྲི་བཛྲ་སཱ་དྷུ་ས་ཡ་མ་སྲོག་ཏྲིའུ་མ་ར་ན་ཛཿཛ༔ ཨོཾ་ཧྲཱིཿཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་མ་ར་ན་ཧཱུྃ་ཧཱུྃ༔ ཨོཾ་ཧྲཱིཿཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་མ་ར་ན་བཾ་བཾ༔ ཨོཾ་ཧྲཱིཿཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་མ་ར་ན་ཧོཿཧོ༔ ཞེས་བྲི༔ རྩིབས་མཆན་ལ༔ ཨ་ཇོ་ཆེན་པོ་ཁྱོད་ཀྱིས་སྔོན་གྱི་དམ་ཚིག་ལས་མ་འདའ་ཞིག༔ ཅེས་ཚན་བཞིར་བྲི༔ ཕྱིའི་མུ་ཁྱུད་ལ༔ ཨོཾ་ཧྲཱིཿཏྲི་པདྨཱནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བྲི༔ རྡོ་ཕ་ཝཾ་ལོང་བུའི་ལོགས་དྲུག་ལ༔ ར་ཁྲག་དང་མཚལ་གྱིས་ཏྲི་དྲུག་བྲི༔ དེ་འཁོར་ལོའི་དབུས་སུ་བཞག༔ ཙཀྲ་དྲིལ་ལ་རཏྣ་ལྔ་དར་སྣ་ལྔ་འབྲུ་སྣ་ལྔས་འཁོར་ལོ་རིམ་པར་དྲིལ༔ ཤུག་པའམ་ཙན་དན་བྱང་བུ་ལ༔ ཀྱེ་ཨ་ཇོ་ཆེན་པོ༔ དམུ་བཙན་རོལ་པོ༔ བདུད་བཙན་མཐུ་ཆེན་སྒྲུབ་པ་པོ་བདག་ལ་གཡང་ཆེན་གྱི་ནོར་སྩོལ་ཅིག༔ བརྗིད་ཆེན་གྱི་གོས་སྩོལ་ཅིག༔ བཅུད་ཆེན་གྱི་ཟས་སྩོལ་ཅིག༔ གདུལ་བྱ་དང་སྙན་གྲགས་སྩོལ་ཅིག༔ ཅེས་ར་ཁྲག་དང་མཚལ།་་་ཅོག་ལ་སྦྱར་ནས་བྲིས་ལ་ཟངས་སམ་ལྕགས་ཀྱི་བླ་ཁབ་ཏུ་དྲིལ༔ དེ་ཟ་འོག་གི་ཁུག་མར་དྲིལ༔ དེ་ར་ཡི་སྙིང་ལྤགས་སུ་དྲིལ༔ དེ་ཤ་བའི་སྙིང་ཁུག་ཏུ་དྲིལ༔ འཁུ་ལྡོག་བྱེད་ན༔ ལྕགས་ཀྱི་སྡིག་པ་སྙིང་གར་བཞག༔ ཡི་དམ་དབང་ཆེན་གྱི་སྔགས་དང་བསྐྱེད་རིམ་གྱིས་གཅུན༔ འཕྲལ་དུ་མི་དགོས་སོ༔ གཞི་བརྟེན་ན་གོང་གི་རྟེན་མདུན་དུ༔ མདའ་འུག་སྒྲོ་མའི་མགུལ་དུ་དར་དམར་བཏགས་ལ༔ སྨྱུག་མ་རྩེ་རྒྱལ་ལ་ཁྲབ་བྱང༔ དུང་འབུ༔ རྔ་ཁྲ༔ དར༔ སྟག་རས༔ གཟིག་རས་དང་བཅས་པ་བཏགས༔ ཤུག་པ་སྔོན་པོ་བལ་ཚོན་བརྒྱན་པ༔ བཤོས་བུ་མཁར་ཐབས་དང་བཅས་པ་གཏར་བཟུང་ངོ༔ བྱེས་ཆས་བྱེད་ན་ཁུག་མ་མཆན་དུ་གཟུང་ངོ༔ དེ་རྣམས་ནི་རྟེན་དང་སྒྲུབ་པའི་རྫས་སོ༔ གསུམ་པ་ཇི་ལྟར་བསྒྲུབ་པ་ནི༔ དབེན་པའི་གནས་སུ་གོང་གི་རྫས་རྣམས་བཤམ༔ བཤོས་བུ་ཤ་ཁྲག་གིས་བརྒྱན་པ་བཟང་པོ་གཅིག་གཏར་གཟུང་ངོ༔ གཞན་ཉི་དྲོས་ལ་བཤོས་བུ་ཅི་རིགས་པ་རེ་འབུལ༔ ཆང་བན་སྐྱོགས་དང་བཅས་པ་བཤམ༔ རའི་གསུར་གྱིས་མཆོད་ཅིང༔ བདག་ཉིད་དབང་ཆེན་དུ་གསལ་བས༔ སྐུ་འབག་བླ་རྡོ་དང་བཅས་པ་ལ༔ འགུགས་གཞུག་ལེགས་པར་བྱས་ཏེ་སྐྱེས་བུ་དངོས་སུ་བསམ༔ དེ་ནས་སྔགས་ནི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་མ་ར་ན་རཏྣ་ཕ་ལ་སིདྡྷི་ཧཱུྃ༔ ཞེས་ཞག་བདུན་སྨྲ་བཅད་བཟླས་པས༔ ནོར་དང་ལོངས་སྤྱོད་འབྱུང་བའི་ངོ༔ ལོ་ཏོག་རྒྱས་པ༔ ཚོང་པ་ཁལ་ཁུར་ཁྱིམ་ཁེངས་པ༔ ཁྲོམ་འདུས་པ་སོགས་དཔག་མེད་འབྱུང་ངོ༔ སྤྲང་པོ་ཞུད་འཁང་བྱུང་ན་གཏོར་མ་བཟང་དུ་བྱ༔ གཙང་སྦྲ་བྱ༔ ཉེས་བཤགས་བྱའོ༔ སྒྲུབ་པ་ཚར་ནས་རྟེན་གོང་ལྟར་སྦ༔ དགོས་དུས་སྐོང་གསོ་བཤོས་བུ་བཟང་པོ་གཏང༔ ཁྱད་པར་བཅུ་བཞི་དང་དགུ་སྟོང་ལ་གཏང་ངོ༔ གོང་གི་སྔགས་གཤམ་དུ༔ ཨོཾ་ཤ་ཏྲི་མི་ལི་ཤི་ཏྲི་ཧྲི་ཏྲི༔ ཨཱ་ཀརྴ་ཡ༔ རཏྣ་འདུས་འདུས༔ དབང་དུ་འདུས་སྲིད་པ་གསུམ་གྱི་ཀ་ཆ་ང་ལ་ཤོག༔ ཟས་ནོར་དངོས་གྲུབ་བདག་ལ་སྩོལ༔ ཅེས་རྒྱུན་དུ་བརྩོན་པ་དང་བྱེས་ལ་སོགས་པར་བརྒྱ་རྩ་རེ་མ་ཆག་པར་བྱའོ༔ ཁོ་ཟས་ལ་རྔམས་པས་གསོལ་ཀ་སྐོང་གསོ་ཕུད་གསེར་སྐྱེམས་རོལ་མོའི་སྒྲ་དང་མདའ་དར་གཡབ༔ ར་གསུར་བཏང་བ་རྒྱས་པར་བྱའོ༔ སྒྲུབ་དུས་ཀྱི་བཤོས་བུ་དང༔ ཕྱོགས་སུ་འགྲོའམ་ལས་ལ་བསྐུལ་དུས་ཀྱི་བཤོས་བུ་བྱ་ཁྱི་ལ་མི་སྦྱིན༔ དངོས་གྲུབ་ཏུ་རོལ་ལོ༔ འདི་བསྒྲུབ་ན་ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ་སྟེ་རྒྱལ་པོ་ལྟར་འགྱུར་རོ༔ མིའི་སྣང་བ་འཕྲལ་དུ་བསྒྱུར་ནུས༔ ཟས་ནོར་གྱི་རྩ་བ་བུད་མེད་ལྷག་པར་འདུའོ༔ དྲག་པོ་བསྒྲུབ་པས་མཐུ་མྱུར༔ བུ་ཚ་རིགས་རྒྱུད་འཕེལ༔ གནས་ནི་རྡོ་མཁར་བཟང་པོ་ལ་བཅའ༔ ཆོས་པའི་སྲུང་མ་བྱེད༔ བོན་ལ་གསས་བྱེད༔ ཚོང་གི་སྣ་འདྲེན༔ དམག་དང་ཇག་གི་དཔུང་བྱེད༔ ཕ་ཀླུ་ཡིན་པས་ལོངས་སྤྱོད་ཆེ༔ མ་བདུད་ཡིན་པས་དབང་ཆེ༔ ཁོ་རང་བཙན་ཡིན་པས་དྲག་རྩལ་ཆེ༔ བཀའ་ཉན་མ་སང་ཡིན་པས་ལས་མྱུར༔ གྲོགས་བརྟན་མ་ཡིན་པས་སྙིང་ཉེ༔ དམ་ཚིག་ལ་གནས་པས་ཆོས་བྱེད་ཙམ་ལ་སྐྱོབ༔ ཁྱད་པར་པདྨའི་བརྒྱུད་འཛིན་དང་གཏེར་གྱི་བརྒྱུད་པ་རྣམས་ལ་ལུས་དང་གྲིབ་མ་ལྟར་འགོ་ཞིང་ཕྲིན་ལས་བྱེད་དོ༔ དམ་ཅན་ནོར་སྒྲུབ་རིན་ཆེན་གཏེར་མཛོད་ཅེས་བྱ་བ༔ ཨོ་རྒྱན་གསུང་བཞིན་བདག་མཁར་ཆེན་བཟས་ཡི་གེ་ལ་བཀོད་དེ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་དུ་གནམ་སྐས་བྲག་ལ་སྦས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ྈྈྈྈྈྈྈ ྈྈྈ ཕྱི་མའི་དུས་སུ་ལས་ཅན་བུ་དང་འཕྲད༔ ལོངས་སྤྱོད་མི་ཟད་གཏེར་ལ་སྤྱོད་པར་ཤོག༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གཏེར་སྟོན་རཏྣ་གླིང་པ་ཡི། ནོར་བདག་ཟབ་ངེས་པ་ཡིན༔ ཤོག་སེར་སྒྲུབ་ཐབས་མཐོ་དོ་པ་གཅིག་གི་རྒྱབ་ནས་བཤུས་སོ།། །། ྈ སྐྱེས་བུ་ལུས་དང་གྲིབ་མ་ལྟར༔ འགྲོགས་ཐབས་བླ་རྡོའི་མན་ངག་ནི༔ དམ་ཅན་ཉིད་ཀྱི་ལྟོ་བ་རུ༔ འཁོར་ལོ་རྩིབས་དྲུག་མུ་ཁྱུད་ལ༔ ཛཿཧཱུྃ་བཾ་ཧོཿབཞི་ཡི་དབུས༔ ཏྲི་བྲི་ཕྱི་རོལ་རྩིབས་དྲུག་ལ༔ བཛྲ་སཱ་དྷུ་ཙ་ཧྲི་ཛ༔ ཏྲི་པ་ཙ་ཤཱུ་ལ་ནྲྀ་ཛ༔ རྩིབས་མཆན་དྲུག་ལ་སྔགས་འདི་བྲི༔ བཛྲ་སཱ་དྷུ་ཨཾ་གྷུ་ཤ་ཛ༔ ཕྱི་རིམ་མུ་ཁྱུད་རྟ་མགྲིན་དང༔ རྡོ་རྗེ་གཏུམ་པོའི་སྔགས་ཀྱིས་བསྐོར༔ ཕ་ཝཾ་ལོང་བུའི་ངོས་བཞི་ལ༔ ཛཿཧཱུྃ་བཾ་ཧོཿཏྲི་སྟེང་འོག༔ བྲིས་ལ་ཙཀྲའི་ཏྲི་དང་སྤྲད༔ བྲི་གཞི་དར་རམ་ཤོག་བུ་ལ༔ མཚལ་དང་ར་ཁྲག་སྦྱར་བས་བྲི༔ ཟ་འོག་གམ་ནི་དར་དམར་བཏིང༔ ཟངས་གཞོང་ནང་དུ་འཁོར་ལོ་བཞག༔ དར་སྣ་སྨན་སྣ་རིན་ཆེན་ལྔ༔ ར་ཡི་དབང་པོ་ལྔ་ཡང་བཞག༔ རང་ཉིད་ཕྱག་རྡོར་གསལ་བ་ཡིས༔ དམ་ཅན་འགུགས་བསྟིམ་དྲག་ཏུ་བྱ༔ གསོལ་ཁ་མཆོད་བསྟོད་ཕྲིན་ལས་བཅོལ༔ དར་ཟབ་ར་ཡི་སྙིང་ཤུན་དྲིལ༔ སྤྲེ་འུ་འུག་པ་བྱི་ལ་ནི༔ གང་རུང་ཐོད་པར་གཞུག་བྱས་ནས༔ ལྕགས་སམ་ཟངས་ཀྱི་ག་འུར་བཅུག༔ རྣལ་འབྱོར་མཆན་ཁུང་གཡོན་དུ་བཅང༔ རྟག་ཏུ་ལུས་དང་གྲིབ་ལྟར་འགྲོགས༔ ཡང་གཅེས་བླ་རྡོའི་མན་ངག་འདི༔ སྙིང་གི་བུ་མིན་གཞན་ལ་གསང༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ གསང་བ་ནང་གི་སྒྲུབ་པ་ནི༔ དར་དཀར་རམ་ནི་ཤོག་བུ་ལ༔ ཨ་མྲྀཏ་ཡི་ཆུས་བྱུག་ཅིང༔ མཚལ་དང་ར་ཁྲག་སྦྱར་བ་ཡིས༔ དམ་ཅན་སྐྱེས་བུའི་སྐུ་བྲིས་ལ༔ ལྟོ་བའི་ནང་དུ་ཙཀྲ་ནི༔ རྩིབས་བརྒྱད་མུ་ཁྱུད་གསུམ་དུ་བསྐོར༔ དབུས་ཀྱི་ལྟེ་བ་དག་ལ་ནི༔ དཀྱིལ་དུ་ཏྲི་དང་མཚམས་བཞི་རུ༔ ཏྲིའུ་ཏྲི་དུ་ཡ་ཏྲི་དུ་ཏྲི་བྲི༔ མུ་ཁྱུད་ལ་ནི་རྩ་སྔགས་བྲི༔ རྩིབས་བརྒྱད་མགོ་ནས་རིམ་པ་བཞིན༔ བྲི་བའི་ཡི་གེ་བསྟན་པ་ནི༔ བཛྲ་སཱ་དྷུ་ཏྲི་ཛ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཏྲིའུ་ཛ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཏྲི་དུ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཡ་ཏྲི་ཛ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་དུ་ཏྲི་ཛ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཏྲི་ལིང་ཛ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཙ་པ་ཛ༔ ས་མ་ཡ་ཛ༔ བཛྲ་སཱ་དྷུ་བྷ་ག་ཛ༔ ས་མ་ཡ་ཛ༔ ཞེས་པ་བྲི། རྩིབས་མཆན་བརྒྱད་ལ་བྲི་བ་ནི༔ བཛྲ་སཱ་དྷུ་ཏྲིའུ་ཏྲིའུ་ཏྲི་ནྲྀ་སྒུལ་སྒུལ་སྡུས་སྡུས་ས་མ་ཡ་ཛཿ ཞེས་བྲི༔ མུ་ཁྱུད་ནང་མ་ལ༔ བཛྲ་སཱ་དྷུ་རྡོ་རྗེ་འབར་བ༔ མགར་བ་ནག་པོ༔ དམུ་བདུད་རོལ་པོ༔ རྣལ་འབྱོར་པ་བདག་གི་མཐུན་རྐྱེན་སྒྲུབས༔ འགལ་རྐྱེན་ཟློག༔ ཅེས་པ་བྲི༔ བར་མ་ལ་རྟེན་འབྲེལ་སྙིང་པོ་དང་ཕྱག་རྡོར་གྱི་རྩ་སྔགས་བྲི༔ ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་བྲི་ལ༔ དར་དམར་པོའི་སྟེང་དུ་བཞག༔ དེ་ནས་རྡོ་ཕ་ཝཾ་ལོང་བུའི་ལོགས་སུ་ཏྲི་བྲི༔ མཚམས་བཞིར༔ ཛཿཧཱུྃ་བཾ་ཧོཿབྲི༔ སྟེང་དུ་ནན་བྲི༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ སྲོག་གི་སྙིང་པོ་ཏྲི་བརྗོད་ཅིང༔ རོལ་མོ་སྒྲོག་ཅིང་སྤྱན་འདྲེན་བྱ༔ སྤྱན་གཟིགས་བཤམས་ལ་མཆོད་སྐོང་དང༔ གསེར་སྐྱེམས་ལ་སོགས་གཞུང་བཞིན་བྱ༔ ཤིན་ཏུ་དགྱེས་པར་འགྱུར་བ་དང༔ ཕ་ཝང་ལོང་བུའི་ཏྲི་དེ་ལ༔ དམ་ཅན་དངོས་སུ་ཐིམ་པར་བསམ༔ འཁོར་ལོའི་ཏྲི་དང་ཁ་སྦྱར་ལ༔ སྲོག་སྙིང་གཞུག་ལ་སྔགས་འདི་བཏགས༔ ཏྲིའུ་ཏྲིའུ་དུ་དུ་ཏྲི་སཱ་དྷུ་ས་མ་ཡ་ཛ༔ ཅེས་བཟླ༔ བརྟན་བཞུགས་བྱ༔ བཀྲ་ཤིས་བརྗོད༔ ལུས་ལ་བཅང༔ ྈ དམ་ཅན་རྡོ་རྗེ་ལེགས་པའི་ལྟས་ངན་ཆོ་འཕྲུལ་སྒྲུབ་པ་ཤིན་ཏུ་ཟབ་པ་བཞུགས༔ ྈྈྈྈྈྈ རྡོ་རྗེ་འཛིན་ལ་གུས་བཏུད་ནས༔ བདག་ཉིད་པདྨ་ཐོད་ཕྲེང་གིས༔ དགྲ་བླ་རྡོ་རྗེ་ལེགས་པ་ཡི༔ ཆོ་འཕྲུལ་ལྟས་ངན་གཏང་བ་བསྟན༔ འདི་ལ་དོན་ལྔ་སྟེ༔ སྒྲུབ་པའི་རྫས༔ བསྐྱེད་པའི་ལྷ༔ བཟླས་པའི་སྔགས༔ འགྲུབ་པའི་རྟགས༔ ལས་ཀྱི་མཐའ་སྡུད་དོ༔ དང་པོ་ནི༔ ཁྱི་དཀར་སྣ་དམར་གྱི་ཐོད་པ་ལ་ར་ཁྲག་དང༔ མཚལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་ལ༔ དེ་ནས་བག་ཟན་ལ་ཨ་ཙ་རའི་གཟུགས་བྱས་ལ༔ དེའི་ལག་པ་གཡས་སུ་སྤྱང་ཀིའི་གཟུགས༔ གཡོན་དུ་སྤྲེའུའི་གཟུགས་བྱས་ལ་བསྐུར་རོ༔ བཙན་རྒོད་དང་ལྷ་འདྲེ་དྲག་པོ༔ ལྷ་ཁང་འདྲེ་གནས་ས་ནས་ས་བླངས་ཏེ༔ དལ་གྲུ་གང་པའི་དབུས་སུ་བྲུབ་ཁུང་བྱས་ལ་དེར་་་དགྲ་བོའི་ལིངྒ་མིང་རུས་ཟག་རྫས་ཚང་མ་དུ་དགོས་ཀླད་ཁུང་།ཁྱི་ཐོད་གཞུག་གོ༔ དེའི་མཐའ་དང་བྲུབ་ཁུང་གི་སྟེང་ནས་ཕར༔ ཁམ་ས་ལ་ལྟས་ངན་སྣ་ཚོགས༔ སྤྲེའུ༔ ཝ༔ སྤྱང་ཀི༔ བྱ་རོག༔ འུག་པ༔ སྲིན་བྱ༔ བུད་མེད༔ ཨ་ཙ་ར༔ མོན་པ༔ དེ་རྣམས་གཅིག་ལ་གཅིག་ཞོན་པ༔ ཁྲིད་པ༔ འཛིང་པ་ལ་སོགས་ལྟས་ངན་གང་འདོད་བྱའོ༔ སྤྲེའུ་དང་ཨ་ཙ་རས་རང་འཐག་བསྐོར་བ༔ བུད་མེད་མེ་འབུད་པ༔ སྒྱེད་བུ་ལ་སྦྲུལ་དཀྲིས་པ་ཡང་བྱའོ༔ གཉིས་པ་བསྐྱེད་པའི་ལྷ་ནི༔ རང་ཉིད་ཨ་ཙ་ར་ནག་པོ་བེར་ནག་དང་ཞྭ་ནག་གྱོན་པ༔ ཞལ་བགྲད་པ༔ མཆེ་བ་གཙིགས་པ༔ རྐེད་ལ་གསེར་སྐ་བཅིངས་པ༔ མི་བཟད་སེང་གེ་ལ་ཞོན་པ༔ ཕྱག་གཡས་རྡོ་རྗེ་དང༔ གཡོན་པ་མི་སྙིང་དང་དར་ནག་ཕྱར་བ༔ ཕྱི་ནས་ཚུར་ལྕགས་ཀྱི་སྤྱང་ཀི་དང༔ ཟངས་ཀྱི་འཕར་བ་ཁྲིད་པ༔ ཁམས་གསུམ་དབང་དུ་སྡུད་པ༔ སྟོང་གསུམ་གཡོ་འགུལ་ནུས་པ་གཅིག་བསྒོམ་མོ༔ གསུམ་པ་བཟླས་པའི་སྔགས་ནི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ འབར་བ་རཱ་ཙ་ཧེ་དུ་ཏྲིག་ཏྲིག༔ ཁཾ་ཁཾ༔ ཤཾ་ཤཾ༔ ལིང་ལིང༔ རྦུད་རྦུད༔ ཀྱེ་ཀུར༔ ཀིང་ཀ་ར༔ ཁཾ་ཤག་ཧཱུྃ་ཕཊ༔ ཅེས་བཟླས་པས༔ བཞི་པ་བསྒྲུབས་པའི་རྟགས་ནི༔ ཁང་པ་ཚག་པ་དང༔ ཁྱི་ཟུག་པ་དང༔ ཕྱུགས་མ་འདྲོགས་པ་དང༔ འོད་དང༔ སྒྲ་དང༔ འགྲམ་ལྕག་རྡེག་པ་འབྱུང་སྟེ༔ གོང་དུ་གཏོར་མ་གཉིས་བྱས་ལ་གཅིག་གཏར་བཟུང་ནས་ལས་ཟིན་ནས་གཏང་གི་བྱ༔ གཅིག་རྟགས་དེ་རྣམས་བྱུང་བ་དང་འབུལ་ལོ༔ ལྔ་པ་ལས་ཀྱི་མཐའ་སྡུད་ནི༔ ཁྱི་ཐོད་དང་ལྟས་ངན་ཚོ༔ ཁ་དགྲ་ཕྱོགས་སུ་གཏད་ལ༔ རྡེའུ་དཀར་ནག་དང་ཡུངས་དཀར་གྱིས་རྒྱབ་ནས་བྲབ་ཅིང་སྔགས་འདི་གོང་དང་སྦྲེལ་ལ་བཟླའོ༔ ཨོཾ་རཱ་ཙ་ས་མ་ཡ་གྷྲིག་ནན༔ རྡོ་རྗེ་འབར་བ་འུར་བ་འུར་བ༔ རྒྱུག་རྒྱུག༔ བྲིང་བྲིང༔ ཤག་ཤག༔ ཚལ་ཚལ༔ རྦད་ལིང༔ མོ་ཡ༔ ཧེ་ཙ་དུ་ན༔ ཕོབ་ཡཱ༔ ཞེས་བཟླས་པས༔ རང་གཉིད་ལོག་ཏུ་མི་སྟེར་བ་དང༔ ཁྱི་ཐོད་ལ་འོད་ཡོང་བ་དང༔ སང་ནུབ་ཁྱི་ཐོད་དགྲ་ཕྱོགས་སུ་འཕང་ངོ༔ གསོལ་ཀ་དང་རྦད་བསྐུལ་ཤེས་ཚད་བྱ༔ དམོད་མོ་བྱ༔ ར་ལྤགས་བརྡབ༔ ཤག་བཏབ་དུལ་མོ་དྲག་ཏུ་བྱའོ༔ འདི་ལ་རྣལ་འབྱོར་པ་དམ་ཅན་དང་ཡི་དམ་གྱི་བསྙེན་པ་ཐེམས་པས་ནི༔ ཞག་གཅིག་རང་གིས་འགྲུབ་བོ༔ སྔགས་གོང་མ་ལ་ཞག་བཞི༔ འོག་མ་དང་སྦྲེལ་བ་ཞག་གསུམ༔ ཞག་བདུན་གྱིས་སུས་བསྒྲུབས་ཀྱང་ཐེ་ཚོམ་མེད་དོ༔ བསྒྲུབ་དུས་མི་དང་མི་འཕྲད༔ ངག་བཅད༔ རྫས་རྣམས་མིས་མ་མཐོང་བར་བྱའོ༔ འདི་དང་འདྲ་མིན་མང་དུ་སྦས་ཀྱང༔ འདི་སྔགས་ཀྱི་ཁྱད་པར་གྱིས་ཤིན་ཏུ་ཟབ་སྟེ༔ འདི་ལས་ཟབ་པ་མེད་དོ༔ འདི་ནི་བདུད་པོ་ཟུ་ར་ར་སྐྱེས༔ མོན་པ་ནག་པོ་སྐྲ་འཐེན༔ ཤར་ཕྱོགས་རྒྱལ་པོ་ནོར་སྙག༔ ཐེའུ་རང་སྟོང་སྡེའི་དམག་དཔོན་ཞེས་བྱ་སྟེ༔ དགྲ་བླའི་རྒྱུད་ལས་ཕྱུང་བ༔ གཞན་རྣམས་དང་སྔགས་ཅུང་མི་འདྲ་སྟེ༔ སྤུ་གྲི་སྲོག་གཅོད་ཅེས་བྱ་བ༔ འདི་ལ་ཡུན་དུ་བསྒྲུབ་ན༔ སྲོག་དང་ལྟས་ངན་ཆོ་འཕྲུལ་ཐམས་ཅད་འགྲུབ་པ་ཡིན་ནོ༔ གསང་འདུས་ཐུགས་རྗེའི་གཏེར་སྲུང་འདི༔ དགྲ་བོ་ཆམ་ལ་དབབ་པའི་ཕྱིར༔ གནམ་སྐས་བྲག་ལ་སྦས་ཏེ་བཞག༔ མ་འོངས་རྩོད་ལྡན་ཐ་མ་ལ༔ ཐུགས་ཀྱི་སྲས་དང་འདི་འཕྲད་ནས༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈྈྈྈ ྈྈྈ སྤྲུལ་སྐུ་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས་པའོ།། །། ྈ ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས༔ དམ་ཅན་སྐྱེས་བུ་ཆེན་པོའི་ལས་བྱང་བཞུགས་སོ༔ ྈྈྈྈྈྈ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ལ༔ རབ་ཏུ་དད་པས་ཕྱག་འཚལ་ལོ༔ སྐྱེས་བུ་ཆེན་པོའི་གསོལ་ཁ་ནི༔ བསེ་ཕོར་ཟངས་གཞོང་དག་ཏུ་ཡང༔ བཤོས་བུ་མཁར་ཐབས་ཅི་འབྱོར་ལ༔ བཙན་བཤོས་སྨན་ལེབ་ཕྱི་བ་དང༔ ཆངས་བུ་ལྕགས་ཏེལ་འབྲང་རྒྱས་བྱ༔ ཡུངས་དཀར་ར་ཡི་ཙིཏྟས་བརྒྱན༔ ར་ཡི་ཤ་ཁྲག་གསུར་ཆེན་དང༔ ཕུད་དང་གསེར་སྐྱེམས་སྤྱན་གཟིགས་བཤམས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ རྔ་བརྡུང་དབྱངས་ཀྱིས་སྤྱན་ཡང་དྲང༔ ཧཱུྃ༔ རྒྱལ་བ་ཤཱཀ་ཐུབ་བསྟན་པ་ལ༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ ཉི་མ་ནུབ་ལ་མངའ་མཛད་པའི༔ གནམ་ས་ཕྱེད་ཀྱི་བདག་པོ་སྟེ༔ འཛམ་བུ་གླིང་གི་སྐྱེས་གཅིག་པོ༔ དགྲ་བླ་ཆེན་པོ་གཤེགས་སུ་གསོལ༔ འོ་ཡུག་ཤང་གི་གནས་མཆོག་ནས༔ སྐྱེས་མཆོག་སྐུ་འཁོར་གྲ་རྒྱས་པོ༔ རྒྱ་བོད་མདོ་གཙང་ཀུན་གྱི་བདག༔ བཙན་རྒོད་ཆེན་པོ་གཤེགས་སུ་གསོལ༔ གཙུག་ལག་ཆོས་འཁོར་དབེན་གནས་དང༔ གནས་མཆོག་དམ་པ་གར་བཞུགས་ཀྱང༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་སཱ་དྷུ་ཏྲི་ཤཱུ་ལ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ ཧཱུྃ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ དེང་གི་གནས་མཆོག་དམ་པ་འདིར༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དམ་རྫས་སྨན་གཏོར་རཀྟ་དང༔ ཕྱི་ནང་གསང་བའི་མཆོད་ཚོགས་རྣམས༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ སྐྱེས་མཆོག་ཐུགས་དམ་བསྐངས་གྱུར་ནས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་སཱ་དྷུ་ས་མ་ཡ༔ ཏྲི་ཤུ་ལ་མ་ཧཱ་པཉྩ་ཨ་མྲྀཏ༔ མ་ཧཱ་བ་ལིཾ་ཏ༔ མ་ཧཱ་རཀྟ༔ སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད་ནས་དབྱངས་སྙན་པོས་བསྟོད་པ་ནི༔ ཧཱུྃ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ འོ་ཡུག་ཤང་གི་བྲེ་མོ་ན༔ ལྕགས་མཁར་གནམ་དུ་ཟངས་སེ་ཟང༔ ཕོ་བྲང་དེ་ཡི་ནང་ཤེད་ན༔ ཕ་ནི་བདུད་ལ་མ་ནི་དམུ༔ དམུ་བདུད་བཤོས་པའི་མཐུ་བོ་ཆེ༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང༔ མངོན་ཤེས་རྫུ་འཕྲུལ་སྟོབས་ཀྱི་བདག༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔ སྐུ་ལ་དར་དམར་བེར་ཆེན་གསོལ༔ དབུ་ལ་སྭག་ཞུ་སྨུག་པོ་གསོལ༔ སྐུ་མདོག་དམར་ནག་ཁྲོས་པའི་ཞལ༔ རྣོ་གདུག་མཆེ་བ་རབ་ཏུ་གཙིགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ བཙན་མདུང་དམར་པོ་ཕྱ་ར་ར༔ གཡས་ན་སུམ་བརྒྱ་དྲུག་ཅུས་བསྐོར༔ རྟ་བ་ཞུབས་ཅན་སི་ལི་ལི༔ གཡོན་ན་དགེ་བསྙེན་ཉི་ཤུ་གཅིག༔ ལྷ་དམག་བསྭོ་སྒྲ་དི་རི་རི༔ རྒྱབ་ན་བརྟན་མ་སྨན་གྱི་ཚོགས༔ གླུ་ལེན་བཤུགས་སྒྲ་ཀྱུ་རུ་རུ༔ མདུན་ན་འཛིན་གིང་བཞི་བཅུ་གཉིས༔ མཚོན་ཞགས་དགྲ་ལ་རུབས་སེ་རུབ༔ ཕྱི་འཁོར་བཙན་རྒོད་སྟོང་གིས་བསྐོར༔ བཙན་གྱི་བཤུགས་སྒྲ་དི་རི་རི༔ སྔོན་ནས་ལྕགས་ཀྱི་སྤྱང་ཀི་དགུ༔ དགྲ་བོའི་སྲོག་ལ་ཞུངས་སེ་ཞུང༔ ཕྱི་ན་ཟངས་ཀྱི་འཕར་བ་དགུ༔ དགྲ་བོའི་བླ་འཁྱམས་འདེད་ཅིང་འགུགས༔ སྐྱེས་བུ་འཁོར་དང་བཅས་པ་ལ༔ རབ་ཏུ་གུས་པས་བདག་གིས་བསྟོད༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཞག་ནས་ཀྱང༔ དབང་བསྐུར་གསང་བའི་མཚན་ཡང་བཏགས༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ གསང་སྔགས་བཀའ་ཡི་སྲུང་མ་བཅོལ༔ གཏེར་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ སྔོན་གྱི་དམ་བཅའ་ཞལ་བཞེས་བཞིན༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད་ལ༔ བཤོས་བུ་ནུབ་ཕྱོགས་གཙང་སར་བསྐྱལ་ལོ༔ འདི་ནི་ངོ་བརྡར༔ དམ་གཙང༔ སྙིང་ཉེ༔ ལས་མྱུར༔ ཀོ་ལོང་དམ༔ གསོལ་མཆོད་རེམ་ན་ཅི་བསམ་འགྲུབ་བོ༔ ཞེས་ཨོ་རྒྱན་རིན་པོ་ཆེས་གསུངས་སོ༔ སྐྱེས་བུ་ཆེན་པོའི་གསོལ་ཁ་འདི༔ བདག་འདྲ་ཨ་ཙ་ར་ཡེ་ཤེས་ཀྱིས་ལ་ཡག་མོན་མཁར་སྟེང་དུ་བྲིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རཏྣ་གླིང་པའི་གཏེར་མ་གནམ་སྐས་མའོ།། །། ྈ ྈྈྈྈ བཛྲ་པཱ་ཎི་ལ་ན་མོ༔ དམ་ཅན་སྐྱེས་བུ་ཆེན་པོའི་ཕ་ནི་བདུད་ཡིན་པས༔ སྒྲུབ་པའི་འཁོར་ན་བསེ་རག་ཡོད་པས་་་སྒྲུབ་པའི་ཐོག་མར།བསེ་རག་གི་ཁ་འཆིང་དགོས༔ དེ་མ་ཤེས་ན་བསེ་རག་ཟུར་ཟ་བས་ནོར་ཕྱུགས་ཡོངས་ལ་གཟན་པས་དེ་ཉིད་བཅིངས་པའི་ཐབས་ནི༔ སྟག་པ་སོགས།་་་ཕོ་ཤིང་གི་བྱང་བུ་གསུམ་བྱས་ལ༔ བྱང་བུ་གཉིས་ཡི་དམ་་་དྲག་པོ།ལྷའི་སྔགས་ཤམ་དུ༔ ཨོཾ་ཏེ་ཏེ་ལུས་ཏེ་གུར་པ་ཏ་རི་མ་རུ་ཐིབ་ཐིབ་ས་མ་ཡ༔ ཁ་ཆིངས་ཡ༔ ཞེས་བྱང་བུ་གཉིས་ལ་བྲིའོ༔ བྱང་བུ་གཅིག་ལ་གཙོ་བོའི་སྲོག་སྙིང་དང་འཁོར་དམུ་བདུད་གཉན་དང་གསུམ་གྱི་སྲོག་སྙིང་འབྲི་བ་ནི༔ བཛྲ་ཙན་དྷ་ལི་བྷྱོ༔་་་དམུ། བཛྲ་ཏྲག་པ་བྷྱོ༔་་་བདུད། བཛྲ་ཏྲི་ལ་བྷྱོ༔་་་གཉན། བཛྲ་སཱ་དྷུ་ས་མ་ཡ་བྷྱོ༔ ཅེས་པ་བྲི༔ དེ་ནས་གྲོ་ག་ལ་ར་དང་ཁྱིའི་གཟུགས་བྲིས་ལ་བྱང་བུ་དྲིལ༔ ཁྱི་སྤུ་ར་བལ་གྱིས་བཏུམ༔ ཡི་དམ་ལྷའི་བྱང་བུ་གཉིས་སྟེང་འོག་ཏུ་བྱས་ལ༔ དར་སྐུད་དམ་སྣལ་མའམ༔་་་སྔོ་དམར། ཁྱི་སྤུ་ར་བལ་གྱི་སྐུད་པས་བཅིངས་ལ་མིས་མི་འགོང་བའི་སར་དོང་གྲུ་གསུམ་བྲུས་ལ་སྦས༔ སྟེང་དུ་གཡམ་པས་བཀབ༔ དེའི་སྟེང་དུ་ཚྭ་ཚྭ་རབ་གནས་་་དང་ནང་གཞུག།ཅན་བཞུགས་ལ་་་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོངས་རྫོགས་སུ་མངའ་གསོལ།མནན་པར་བྱའོ༔ དེས་ནི་རྒབ་འདྲེ་བསེ་རག་ཁ་འཆིང་བར་ཐེ་ཚོམ་མེད་དོ༔ ཐེམ་མེད་གུད་དུ་སྦས་པ་འདི༔ སྙིང་གི་བུ་ལ་གཅིག་རྒྱུད་གྱིས༔ ས་མ་ཡ༔ ྈྈྈ དྷ་ཐིམ༔ ྈྈ གུ་ཧྱ༔ རྡོ་རྗེ་ལེགས་པའི་སྒབ་འདྲེ་སྤུན་གསུམ་མནན་ཐབས་བཞུགས་སོ༔ ྈྈྈྈྈ དཔལ་ཆེན་རྟ་མགྲིན་སྐུ་ལ་ཕྱག་འཚལ་ལོ༔ དམ་ཅན་རྡོ་རྗེ་ལེགས་པ་བསྒྲུབ་པར་འདོད་པའི་སྔོན་དུ་སྒབ་འདྲེ་འདི་གསུམ་མནན་པ་གལ་ཆེའོ༔ སྒབ་འདྲེ་གསུམ་ནི༔ བདུད་བཙན་ཐེ་རང་དང་གསུམ་མོ༔ དེ་ཡང་བདུད་སྙབ་པ་ལག་རིང་ནི༔ བནྡེ་ཆེན་པོའམ༔ བོན་པོ་ནག་པོའམ༔ གཅན་གཟན་དུ་སྤྲུལ་ནས་སྒྲུབ་པ་པོ་ལ་གནོད་ཅིང༔ རྣལ་འབྱོར་པའི་སྲོག་ལ་རྒོལ༔ བཙན་ཡམ་ཤུད་དམར་པོ་ནི༔ རྟ་བོང་དང་ཁྱི་རུ་སྤྲུལ་ནས་རྟ་དང་ནོར་ཕྱུགས་ལ་གནོད༔ ཐེ་རང་སྟོང་འཁྲུགས་ནི་དམག་དང་ཟང་ཟིང་དུ་སྤྲུལ་ནས༔ ཆུང་མ་དང༔ བྱིས་པ་དང༔ འཁོར་བྲན་གཡོག་དང༔ རང་གི་ཁ་རྗེ་དང༔ དབང་ཐང༔ ཀླུང་རྟ༔ སྲོག་ལུས༔ ཟ་ཐང་ཀུན་ལ་གནོད་དོ༔ དེའི་ཕྱིར་དུ་འདི་གསུམ་མནན་པ་དང༔ བསྲེག་པ་དང༔ འཕྱེད་མ་ཤེས་ན་རྣལ་འབྱོར་པ་ཚེ་ཐུང༔ བསོད་ནམས་ཉམས༔ མི་ཁ་སྡང༔ བཀྲ་མི་ཤིས་པ་དང༔ ནོར་ཕྱུགས་མི་འཕེལ༔ འཁོར་དང་ཟས་ནོར་ཀུན་ལ་གཟན་པའི་དམ་སྲི་སྤུན་གསུམ་ཡིན་ནོ༔་་་ཀུན་ལ་དམ་སྲི་འདི་གསུམ་གྱིས་གནོད་པར་བྱེད་པ་ཡིན། ཁོ་རང་ཕྱག་ན་རྡོ་རྗེའི་ཞལ་མཐོང་ནས་མི་གནོད་པར་ངེས་སོ། །འདི་གསུམ་མནན་པ་དང་བསྲེག་ཐབས་གཉིས་ལས༔ དང་པོ་ནི་ཁམ་ས་སྤྱིན་པོ་ལ༔ ཚིག་ཕྱེ༔ བྲག་ནག་གི་དྲེག་པ༔ རམ་པའི་ཕྱེ་མ༔ ཐལ་ཆེན་དེ་རྣམས་བསྲེས་ལ༔ མི་གཟུགས་ཁྲུ་གང་མགོ་བོ་གསུམ་པ་བྱས་ཏེ༔ དབུས་མ་མིའི་མགོ་བོ༔ གཡས་རྟ་མགོ༔ གཡོན་སྤྲེལ་མགོ་བྱས་ལ༔ དབུས་མའི་སྙིང་གར་རས་ལ་མི་ཁྲག་གིས་ལིང་ག་བྲིས་ལ༔ སྙིང་གར་ཏྲི་ཛཿའི་མཐར་གནོད་བྱེད་བདུད་སྙབ་པ་ལག་རིང་རུ་ཏྲི་རུ་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ སཏྭམྦྷ་ཡ་ནན་བྱ་བ་བྲི༔ རྟ་མགོའི་སྙིང་གར་གྲོ་བ་ལ༔ རྟ་གཟུགས་ཀྱི་སྙིང་གར་རྟ་ཁྲག་གིས༔ ཏྲི་ཛཿའི་མཐར་གནོད་བྱེད་བཙན་ཡམ་ཤུད་དམར་པོ་རུ་ཏྲི་རུ་ཧུ་རུ་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ སཏྭམྦྷ་ཡ་ནན་བྱ་བ་བྲི༔ སྤྲེའུའི་སྙིང་གར་ཤོག་བུ་ལ་ཁྱི་ཁྲག་གིས་སྤྲེའུའི་གཟུགས་བྱས་པའི་སྙིང་གར༔ ཏྲི་ཛཿའི་མཐར་གནོད་བྱེད་ཐེའུ་རང་སྟོང་འཁྲུགས་རུ་ཏྲི་རུ་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ བདུད་བཙན་ཐེའུ་རང་སྟོང་འཁྲུགས་སཏྭམྦྷ་ཡ་ནན་ཆིངས་ཤིག་སྭཱ་ཧཱ༔ བྱ་བ་བྲི༔ རང་ཉིད་རྟ་མགྲིན་ཕྱག་རྡོར་གང་རུང་བསྐྱེད་ལ༔ མདུན་དུ་ལྕགས་ཁང་ནང་དུ་བདུད་བཙན་ཐེའུ་རང་བསྐྱེད༔ དགུག་གཞུག་རྨིས་ལྟས་མ་བྱུང་བར་དུ་བྱས་ལ༔ ཡི་དམ་སྔགས་ཤམ་དུ་གོང་གི་བྲིས་པའི་སྔགས་རྣམས་བཏགས་ལ་བགྲང་ངོ༔ རྟགས་ནི༔ བདུད།་་་བྱ་ནག་དང༔ བཙན།་་་མི་རེང་དམར་པོ༔ ཐེའུ་རང་།་་་སྤྲེའུ་རྣམས་བརྡུང་བ་དང༔ བསྒྱེལ་པ་དང༔ མནན་པ་དང༔ ཁ་བསྡམས་པ་དང༔ བསད་པ་ལ་སོགས་པ་རྨིའོ༔ དེ་ལྟར་བྱུང་ནས༔ ལམ་སུམ་མདོའམ༔ ལྷ་ཁང་ངམ༔ མཆོད་རྟེན་ཞབས་སུ་མནན་ནོ༔ ཡང་སོ་སོར་མནན་ན༔ སྙབ་པ་ལག་རིང་ནི༔ ཐོད་ངན་ནམ་གཅན་གཟན་གྱི་ཐོད་པར་རྨི་ལམ་དུ་ཇི་ལྟར་བྱུང་བའི་གཟུགས་བྲིས་ལ༔ སྙིང་གར་ཏྲི་ཛཿའི་མཐར་གནོད་བྱེད་སྲོག་བདག༔ བདུད་པོ་ལྟེ་ཕུར་དུ་ཏྲི་ཧུར་ཐུཾ་ཛཿམཱ་ར་ཡ་ཛ༔ སཏྭམྦྷ་ཡ་ནན༔ ཧཱུྃ་ཕག་ཤུ་མུ་ཧ་ཧཱུྃ་ཛ་ཛ༔ ཤོ་ན་དམ་སྲི་ཛ༔ བྷ་ར་མུ་ཏྲི་ཁོས༔ ཞེས་བྲི༔ དེ་རྒྱབ་ཛཿནན་ཁྲམ་གསུམ་བྲིས་ལ་བསྒྲུབས་ནས་མཆོད་རྟེན་ནམ་ལྷ་ཁང་ཐེམ་པའི་འོག་ཏུ་མནན་ནོ༔ ྀཨཚ༔ ཡམ་ཤུད་དམར་པོ་ནི་རྟའི་གཟུགས་གཅིག་བྲིས་ལ་སྙིང་གར་ཏྲི་ཛཿའི་མཐར་གོང་བཞིན་སྔགས་བྲིས་ལ་བསྒྲུབས་ནས༔ རྟའམ་བོང་བུའི་ཐོད་པར་་་ཤོག་གུ་ལ་རྟ་མགོའི་གཟུགས་བྲིས་པའི་ནང་དུ་དྲིལ་ཡང་ཉན་ནོ།བཅུག་ལ༔ མ་སྒྱེད་ཀྱི་འོག་ཏུ་མནན་ནོ༔ ཐེའུ་རང་སྟོང་འཁྲུགས་ནི༔ ཚིག་མ་དང་བག་ཕྱེ་བསྲེས་ལ་སྤྲེའུའི་གཟུགས་བྱས་ལ་གོང་ལྟར་མིང་དང་སྔགས་བྲིས་ལ་བསྒྲུབས་ནས༔ ཁྱི་ཐོད་དམ་བྱི་ལའི་ཐོད་པར་བཅུག་ལ་རེ་ཧྲུལ་ནག་པོ་རྙིང་པས་བཏུམ༔ ཚོན་སྐུད་ཀྱིས་དཀྲིས་ལ༔ མདུན་དུ་བྲུབ་ཁུང་དུ་བཅུག་ནས༔ རང་བདུད་ཆས་སུ་ཞུགས་ཏེ༔ གདན་ནག་བཏིང༔ གོས་ནག་གྱོན༔ ཐོད་ནག་བཅིངས༔ དོམ་མམ༔ ཁྱི་དཀར་པོའི་གཡང་གཞི་བརྡབ་ཅིང༔ ཡི་དམ་ལྷའི་ང་རྒྱལ་བརྟན་པོས་དགུག་གཞུག་དྲག་པོ་བྱ༔ ཡི་དམ་སྔགས་ཤམ་དུ་དམ་སྲི་ལྟེ་ཕུར་ནག་མོ་སཏྭམྦྷ་ཡ་ནན༔ ཅེས་པ་དང༔ གོང་གི་སྔགས་གསུམ་བཏགས་ལ༔ ཡུངས་ནག་གིས་བྲབ་བོ༔ སྲན་མ་རམ་བུ༔ སྦང་སྐམ་དང་ཚིག་ཕྱེ་རྣམས་ཀྱིས་གཟུགས་ལ་བྲབ༔ བགེགས་བསྐྲད་པའི་ཕྱིར༔ སྒྲུབ་ཁང་བང་མཛོད་ཀུན་ལ་གཏོར༔་་་ཁྱི་ལྤགས་བརྡབ་ཅིང། དམིགས་ཆུན་པའི་རྟགས་སུ༔ རང་གླལ་ཆལ་ཆལ༔ སྐྱི་བུན་བུན༔ མཆིལ་མ་ཤམ་ཤམ་བྱུང་ན་དམ་སྲི་ཁུག་པའི་རྟགས་ཡིན་པས༔ སྐྱེར་ཕུར་སོར་བརྒྱད་པ་གཅིག་་་ལ་བདུད་རྩི་འཁྱིལ་པའི་སྔགས་བྲིས་ལ།ལིངྒའི་སྙིང་གར་གདབ༔ ཤུག་པའི་ཕུར་པས་་་སྟོབས་པོ་ཆེའི་སྔགས་བྲིས་ལ།ཀུན་ནས་གདབ་པ༔ རོ་གཡམ་ལ་དུག་དང་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་ལ་དེའི་ཕྱོགས་བཞིར་དམ་སྲི་གནོད་བྱེད་ལྟེ་ཕུར་སཏྭམྦྷ་ཡ་ནན་བྱ་བ་བྲི༔ སྟེང་དུ་རི་རབ་གླིང་བཞི་བྲིས་ལ༔ མཆོད་རྟེན་ནམ༔ ལམ་རྒྱ་གྲམ་མམ༔ ལྷ་ཁང་ཞབས་སུ་དོང་གྲུ་གསུམ་བྲུས་ལ༔ དེའི་ནང་དུ་ལིང་ག་མགོ་མཇུག་བཟློག་ལ་མནན༔ གཡམ་པས་ཁ་བཅད༔ ཕྲིན་ལས་རྣམ་བཞིས་བྲོ་བརྡུང་ལ་སྔགས་་་བརྒྱ་རྩ་བརྒྱད་བཟླ།འདིས་མནན་ནོ༔ སུ་ཤ་ཨ་ན་ཀ༔ དུ་ན་ཨ་དུ་ན༔ ས་ན་ནི་ནན༔ སུ་ཤ་ཨ་ཀ་ནན༔ དུ་ན་ཨ་ཀ་ནན༔ སུ་ན་ས་ཏྲི་ནན༔ བག་ཏྲི་ཨ་ནན༔ སྙིང་ཏྲི་ཨ་ནན༔ སྲོག་ཏྲི་ཨ་ནན༔ ཏྲི་དུ་ས་མ་ཡ་གུར་ནན༔ གནོད་བྱེད་དམ་སྲི་སཏྭམྦྷ་ཡ་ནན༔ ཧཱུྃ༔ དམ་སྲི་བྱ་བའི་ལས་ངན་ཁྱོད༔ ད་ལྟ་ཤཱཀ་ཐུབ་བསྟན་པ་ནས༔ བྱམས་མགོན་བསྟན་པའི་བར་དུ་མནན༔ བདག་གི་མི་རབས་ཐམས་ཅད་དུ༔ འཁོར་དང་རྐང་འགྲོས་རྟ་ཕྱུགས་དང༔ སྒྲུབ་པ་པོ་ལ་གནོད་མ་བྱེད༔ དམ་སྲིད་ཐམས་ཅད་ད་ནོན་ཅིག༔ ཅེས་བརྗོད་དོ༔ དམ་ཅན་གྱི་ཕྱིར་འབྲང་གི་སྒབ་འདྲེ་མནན་པ་རྫོགས་སོ། །སྦྱིན་སྲེག་ནི་ལིངྒ་བརྒྱ་རྩ་བརྒྱད་ལ་སོགས་པ་བྱས་ནས༔ འགུགས་འདྲེན་དྲག་པོ་བྱ་བ༔ དུག་ཤིང་གྲུ་གསུམ་བརྩེགས་ལ༔ ནང་དུ་ཡི་དམ་བསྐྱེད་ནས་བསྲེག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པའི་ཐུགས་ཏིག་གོ །ཟབ་བོ།། །།
ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར་ (Volume 52, Text 44)
༄༅། །ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར་བཞུགས་སོ། ། གསང་སྒྲུབ་སྒྲོལ་མའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཀུན་ཏུ་བཟང་པོའི་ནམ་མཁའ་ལ། །འོད་སྣང་མཐའ་ཡས་ཉིན་མོར་བྱེད། །སྙིང་རྗེའི་པདྨ་རྒྱས་པའི་ཕྱག །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །སྲིད་པའི་མཚོ་ལས་སྒྲོལ་བའི་ཡུམ། །འདབ་བརྒྱའི་དབུས་འཁྲུངས་ཨོ་རྒྱན་རྗེ། །ཚངས་པ་ལྷ་ཡི་མེ་ཏོག་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །དྲིན་ཆེན་བླ་མ་བཻ་ཌཱུར་ཡ། །དད་པའི་རྒྱལ་མཚན་རྩེར་མཆོད་ན། །ཚེ་གཅིག་བྱང་ཆུབ་འདོད་པ་འཇོ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །རང་དོན་འཕགས་མའི་གོ་འཕང་ཐོབ། །འགྲོ་ཀུན་འཇིགས་བརྒྱད་འཁོར་ལོ་ལས། །སྒྲོལ་ནས་རྣམ་མཁྱེན་ལ་འགོད་ཤོག །ཅེས་པ་དད་ལྡན་བླ་མ་ཚེ་རིང་ངོར་རྡོ་རྗེ་དྲག་པོས་བྲིས་པ་དགེ། །། ༈ ༁ྃ༔ འཕགས་མ་སྒྲོལ་མའི་གསང་སྒྲུབ་གུ་རུའི་ཐུགས་བཅུད་བཞུགས་སོ༔ ྈྈྈྈྈྈྈྈ འཕགས་མ་སྒྲོལ་མའི་གསང་སྒྲུབ་ནི༔ སྐྱབས་སེམས་ཡིད་ལ་འདྲེས་ངེས་བྱ༔ རྣམ་པར་རྟོག་པའི་ཆོས་ཐམས་ཅད༔ གདོད་ནས་མཚན་བྲལ་སྟོང་པའི་ངང༔ པདྨ་ཟླ་ཉིའི་གདན་གྱི་ཁར༔ ཏཱཾཿཡིག་དམར་པོ་ཡོངས་གྱུར་ལས༔ རང་ཉིད་བཅོམ་ལྡན་སྒྲོལ་མའི་སྐུ༔ པདྨ་རཱ་ག་ལྟར་དམར་ཞིང༔ མཚན་དང་དཔེ་བྱད་གསལ་ཞིང་རྫོགས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པ་ཡིས༔ མཐེབ་སྲིན་ཨུཏྤལ་དམར་པོ་འཛིན༔ དབུ་སྐྲ་གནག་སྣུམ་ཟུར་ཕུད་རྩེར༔ ནོར་བུ་ཛམ་བུ་ཆུ་བོའི་གསེར༔ རིན་ཆེན་ཕྲ་ཚོམ་མཛེས་པ་ཡི༔ དབུ་སྙན་ཕྱག་ཞབས་རྐེད་སྐབས་སྤྲས༔ ཨུཏྤལ་དམར་པོའི་དོ་ཤལ་སྤུད༔ དར་དམར་སྟོད་གཡོགས་སྣ་ཚོགས་གསོལ༔ སྨད་དཀྲིས་ཞབས་གཉིས་གཡས་ཅུང་ཟད༔ བརྐྱང་ཞིང་གཡོན་བསྐུམ་འགྱིང་བཅས་བཞུགས༔ འོད་དཔག་རིགས་ཀྱི་ཅོད་པན་ཅན༔ གནས་གསུམ་འབྲུ་གསུམ་ས་བོན་ཏཱཾ༔ འོད་འཕྲོས་ཡེ་ཤེས་སྤྱན་དྲང་གྱུར༔ པོ་ཊ་ལ་ཡི་གནས་མཆོག་ནས༔ ཏཱཾཿཡིག་དམར་པོ་ལས་འཁྲུངས་ཤིང༔ ཏཱཾཿཡིག་འོད་ཀྱིས་འགྲོ་བ་སྒྲོལ༔ སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀུན༔ དབང་གི་ལྷ་ཡི་རྣམ་པར་བྱོན༔ དབང་བསྐུར་བྱིན་བརླབས་དབང་རྟགས་སུ༔ འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཞིང་ཁམས་རབ་འབྱམས་གང་བ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་དྲུག༔ མཆོད་པའི་བྱེ་བྲག་མཐའ་ཡས་པ༔ རྗེ་བཙུན་བཅོམ་ལྡན་འདས་མ་མཆོད༔ གཙོ་གྱུར་རྒྱལ་བ་སྲས་བཅས་ལ༔ བདག་གིས་གུས་པས་རབ་འབུལ་ན༔ ཐུགས་རྗེའི་མཐུ་ཡིས་བཞེས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་སརྦ་ཏ་ཐཱ་ག་ཏ་བོ་དྷི་སཏྭ་བྷྱཿཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རྒྱས་པར་ཕྱག་འཚལ་ཉེར་གཅིག་གམ་ཡང་ན། ཚངས་དང་དབང་པོ་བིཥྞུ་དང༔ དྲག་པོ་བདུད་དང་འཇིག་རྟེན་གསུམ༔ མ་ལུས་དབང་དུ་མཛད་པ་ཡི༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ཐུགས་ཀར་ཨུཏྤལ་དམར་པོའི་དབུས་ཉི་མ་ལ་ཏཱཾཿདམར་པོ༔ མཐར་ཡིག་བཅུ་ཞལ་ནང་བསྟན་བཀོད༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཅུའམ་ལྔ་བཟླ༔ དབང་དུ་བྱེད་པའི་སྔགས་ཡིག་བཅུའི་མཐར༔ སརྦ་ཏྲཻ་ལོ་ཀ་དེ་ཝ་ནཱ་ག་ན་ར་ཨཱ་ཡུར་པུཎྱེ་ཤྲཱི་གུ་ན་པཱ་ཤཾ་ཀུ་རུ་ཛ་ཧཱུྃ༔ ཞེས་པ་སྤྱི་ཁྱབ་དང༔ བྱེ་བྲག་མིང་དང༔ མ་མ་པཱ་ཤཾ་ཀུ་རུ་ཛཿཧཱུྃ་མཐའི་ཏཱཾཿདང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་སུ་ཤིན་ཏུ་རྣོ་བ་གྲངས་མེད་པ་འཕྲོས་ཕྱི་སྣོད༔ ནང་བཅུད༔ རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀར་ཕོག༔ རྒྱལ་བའི་ཐུགས་རྗེ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་ཕྱེ་འབྱར་བ་ལྟ་བུར་འུབས་ཀྱིས་འོད་ཀྱི་ལྕགས་ཀྱུའི་རྩེར་བླངས་རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་རང་དབང་དུ་བྱས་པར་བསམ༔ ཡང་དམིགས་བསལ་འོད་ཟེར་གོང་ལྟར་ལ༔ ཕོ་ཡི་སྙིང་ག་དང༔ མོ་ཡི་སྐྱེ་གནས་ འོད་ཀྱི་ལྕགས་ཀྱུས་བཏབ་པས་ཡིད་བསྒྱུར་རང་ལ་རྗེས་སུ་ཆགས༔ དེ་ཡི་དྭངས་བཅུད་ཐིག་ལེ་་་ཕོ་མོ་སོ་སོ།དཀར་དམར་གྱི་རྣམ་པ་ཐུགས་ཀའི་འ་འདོགས་ལ་ཐིམ་པས་དབང་དུ་གྱུར་པར་བསམ༔ སྔགས་ཡུངས་དཀར་ལ་སྔགས་ནས་གཏོར་བ་དང༔ ཟས་་་ཤིང་ཐོག་སོགས།ཁ་དོག་དམར་པོའི་རིགས་ལ་སྔགས་ནས་བྱིན་ན་དབང་དུ་འགྱུར༔ མི་མཐུན་པ་སེམས་ཉེ་བར་བྱེད་ན༔ རང་ཉིད་སྒྲོལ་མའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ ཕ་རོལ་པོའི་སྙིང་ཁར་དྭངས་མ་དཀར་པོ་འོད་ཀྱི་རང་བཞིན་ནང་ནྲྀ་ཡིག་གནས་པ་ལ་ཕོག༔ ང་རྒྱལ་དྲག་པོའི་གདུག་རྩུབ་ཞི༔ བྱམས་པའི་སེམས་དང་ལྡན༔ དྭངས་མ་དེ་རྗེ་བཙུན་སྒྲོལ་མ་རང་གིས་བསྒོམས་པ་ཇི་ལྟ་བ་ཚོན་གང་བ་དང་སེན་གང་བར་གྱུར༔ འོད་ཟེར་དང་འགྲོགས་ཏེ་རང་གི་སྙིང་གར་ཐིམ་པར་བསམ༔ ཆེ་གེ་མོ་ཨཱ་ཀརྵཱ་ཡ་ཛ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ གཞན་གཉིས་འདུམ་པར་བྱེད་ན་སྔགས་དམིགས་བསྒྱུར་བའོ༔ དབང་དུ་བྱེད་པའི་འཁོར་ལོ་གོས་ཆེན་དམར་པོའམ་ཤོག་དམར་ལ༔ མཚལ་དང་ལི་ཁྲི་གཞོན་ནུ་མའི་ཏི་ལ་ཀ་སྦྱར་བའི་སྣག་ཚས་མུ་ཁྱུད་བརྒྱད་བསྐོར༔ དབུས་སུ་ཏཱཾ༔ དེ་རྒྱབ་ཨུཏྤལ་དམར་པོ་འདབ་བརྒྱད༔ མདུན་ནས་ཞལ་ནང་བསྟན་དུ་ཡི་གེ་བཅུ༔ དེའི་ཕྱིར་དབང་དུ་བྱེད་པའི་སྔགས་སྤྱི་དང་བྱེ་བྲག༔ དེའི་ཕྱིར་དབྱངས་ཡིག༔ དེའི་ཕྱིར་གསལ་བྱེད༔ དེའི་ཕྱིར་རྟེན་འབྲེལ་སྔགས༔ དེ་རྒྱབ་ལྕགས་ཀྱུ་དང་ཨུཏྤལ༔ དེ་རྒྱབ་མེ་རི་བྲི༔ ཅུ་གང༔ བྲག་ཞུན༔ གླ་རྩི༔ དྲི་བཟང༔ ཙནྡན་དམར་པོ༔ བྱི་རུ༔ ཤེལ་ལ་ཨ་བྲིས་པ༔ གཡུ་ལ་ནྲྀ༔ ཕ་ཝཾ་ལོང་བུར་ཏྲི༔ གསེར་ལ་ཛཾ་དང་བཾ༔ མཚོ་ཀླུ་གནས་པའི་རྡེའུ་ལ་ནཱཾ་བྲིས་པ་ནང་དུ་བཞག༔ འབྲུ་ལྔ༔ སྨན་སྣ་བཅས་ཀ་ར་བུ་རམ་སྦྲང་རྩི་ཟུང་རེ་བཞག༔ འཁོར་ལོ་དེ་སྒྲོལ་མར་བསྒོམ༔ རབ་གནས་བྱ༔ འདོད་དོན་གསོལ་བ་བཏབ༔ མཆོད་པ་བྱས་ན་རེ་བ་མྱུར་དུ་འགེང༔ ཡང་ན་ལུས་ལ་བཅང་ནའང་ཀུན་གྱིས་འདུད་ཅིང་ཁྱད་པར་དམིགས་བྱ་ངེས་པར་དབང་དུ་འདུ༔ སྒྲོལ་མའི་ཕྱག་མཚན་ཨུཏྤ་ལས་མཚན་པའི་ལྕགས་ཀྱུ་ཟངས་ལ་བཟོ༔ རྩེ་ཤིན་ཏུ་རྣོ་བར་བྱའོ༔ དར་དམར་ལ་ཡིག་བཅུ་དང་སྔགས་གོང་གི་སྤྱི་དང་བྱེ་བྲག་དབང་དུ་བྱེད་པ་དེ་གསེར་གྱིས་བྲིས་ལ་འདོག༔ སྒྲོལ་མར་བསམ༔ རབ་ཏུ་གནས༔ ལས་ལ་སྦྱར་དུས་དམིགས་བྱ་ལ་འདེབས་ཚུལ་ཅུང་ཟད་བྱ༔ ཡང་རཱུ་པ་སྐྱེ་མཆེད་དོད་པ་དབང་དུ་བྱ་བ་དེ་འདྲ་བ་བྱས༔ སྙིང་ཁར་ནྲྀ༔ ཡན་ལག་བཞི་ལ་ཛཿབཞི་བྲི༔ གསང་གནས་ལ་ཡིད་ཙེག་ཙེག་འགུལ་འགུལ་ཞེས་བྲི༔ དམིགས་པ་གོང་ལྟར་ལ༔ ལྕགས་ཀྱུས་ནྲྀ་མིག་དང་གསང་བར་འདེབས༔ གཞུང་ལྟར་དམིགས་པ་དྲག་ཏུ་བྱའོ༔ ཕྱག་མཚན་འདི་རང་གིས་བཅང་དགོས༔ རཱུ་པ་དེ་དབང་གི་སྦྱིན་སྲེག་བྱའོ༔ ཡང་མཚལ་དང་ལི་ཁྲི་རྒྱ་སྐྱེགས་ལ་ཡིག་བརྒྱད་ཤམ་དུ༔ སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་སྟོང་ཕྲག་གི་གྲངས་སུ་སྔགས༔ རང་གི་སྙིང་གར་ཐིག་ལེའམ་དགའ་བ་འཁྱིལ་པ་བྲིས་ན་གང་མཐོང་དགའ་ཞིང་བྱམས་པར་འགྱུར༔ ཤྭ་རྒྱན་རྒྱལ་བ་ལ་ཡིག་བརྒྱད་མཐར༔ སརྦ་ཨརྠ་སིདྷི་རེ་འདོད་མུ་ན་ཡེ་སྭཱ་ཧཱ༔ ཞེས་ཉེར་གཅིག་གིས་རྒྱལ་བར་འགྱུར༔ ཆར་པ་དབབ་ན་རང་ཉིད་སྒྲོལ་མར་བསྒོམ༔ གཞུང་ལྟར་བསྐྱེད་བསྟིམ་མཆོད་སྟོད་བྱས་ལ༔ ཡིག་བཅུ་བཟླ༔ སྤྲ་ཚིལ་ལམ་བག་ཟན་ལ་ཀླུའི་གཟུགས་སྟོད་ལྷ་བུ་སྨད་སྦྲུལ་མཇུག་རིན་པོ་ཆེས་བརྒྱན་པ༔ དར་གྱི་ན་བཟའ་གསོལ་བ་སོར་བཞི་པ་བྱ༔ སྙིང་ཁར་དར་སྔོན་པོའམ་དུག་ཤོག་མ་ཡིན་པའི་ཤོག་བུར༔ ཕུཿཛ་ཡ་བི་ཛ་ཡ༔ བ་རུ་ཎཱ༔ ཨཱ་ནནྟ༔ ཏཀྵ་ཀ༔ ཀརྐོ་ཊ༔ ཀུ་ལུ་ཀ༔ བཱ་སུ་ཀཱི༔ ཤཾ་ཁ་པཱ་ལ༔ པདྨ༔ མ་ཧཱ་པདྨ༔ སརྦ་ནཱ་ག་ནཱ་གི་ཛ༔ ཞེས་བཅུག་པ་སྟེ༔ དེ་ཡང་ཤོག་དྲིལ་སྨྱུག་སྦུག་ཏུ་བཅུག༔ ཀླུ་སྨན་རིལ་བུ་ཡང་བརྫང༔ ཁ་སྤྲ་ཚིལ་གྱིས་བཅད་ལ་བཞག་པའོ༔ མཚོ་ཆུ་མིག་ཁ་ཤར་དུ་བལྟ་བ་བྱ་ཁྱིས་མི་གནོད་སར་སྦས༔ སྒྲོལ་མའི་སྙིང་པོར་གོང་གི་ཀླུ་བཅུ་གཅིག་འཁོར་བཅས་ཀྱི་སྔགས་དང༔ འབེབ་སྔགས༔ མ་ཧཱ་མེ་གྷ་སྭཱ་ཧཱ༔ ནཱ་ག་ནཱ་གི་ཆར་ཕོབ༔ ནཱ་ག་རཱ་ཛ་ས་མ་ཡ་བྷ་རི་ཤ་ཡ་ཕོབ་ཡ༔ ཞེས་དྲག་ཏུ་བཟླ༔ རང་ཉིད་སྒྲོལ་མའི་ཐུགས་སྲོག་ས་བོན་ལས་འོད་འཕྲོས༔ ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་འཕགས་མའི་ཕྱག་གི་མཆོད་སྦྱིན་ལས་ཀླུ་སྨན་གྱི་མཆོད་སྦྱིན་བབས༔ ཀླུ་ཡིས་ཁྲུས་བྱས་ལོངས་སྤྱོད་པས༔ ན་བ་གསོས༔ འཆི་བ་བསླངས༔ སྡུག་བསྔལ་ཞི༔ སྡིག་སྒྲིབ་དག༔ བདེ་བ་དང་ལྡན་པར་བྱས༔ དེ་དག་གི་གདེངས་ཀ་ཁ་སྣ་ནས་རླངས་པ་སྤྲིན་དུ་གྱུར་པས༔ ཆར་པ་དྲག་དུ་འབེབས་པར་བསམ༔ གཙང་སྦྲ་དང་ལྡན་པས་གཟུགས་ཀླུ་ཆེན་བཅུ་གཅིག་འཁོར་བཅས་བསམ༔ ཀླུ་གཏོར་གཏང་ཤིན་ཏུ་ཟབ༔ སད་བསྲུང་ན༔ ཟངས་སྣོད་དུ་ས་སྣ་རྡེའུ་བཅས་ཆུ་སྣས་བཀང༔ ལྕགས་ཀྱི་མཉྫིལ་ལྟ་བུར་བཀོད༔ གཤམ་ནས་མར་མེ་སྦར༔ ནང་དུ་གོང་གི་ཀླུ་གཟུགས་བཅུ་གཅིག༔ སྔགས་རྒྱུན་མི་ཆད་པའམ༔ ཐུན་དྲུག་ཉིན་ནུབ་མེད་པར་འབད༔ ཆར་ཆོག་ཅི་ལྟ་བའོ༔ ཆུ་སྣ་རླངས་མ་ཡལ་བ་གལ་ཆེ༔ སྲིའུ་གསོ་ན༔ འཁོར་ལོ་མུ་ཁྱུད་གསུམ༔ ལྟེ་བར་ཏཱཾ༔ སྟེང་ནས་སྔགས་ཡིག་བཅུ་དང༔ བྱིས་པ༔ ཆུང་སྲི་བྱིས་པའི་གདོན་བཅོ་ལྔའི་གནོད་པ་ལས་སྲུངས་ཤིག༔ རཀྵཾ་ཀུ་རུ་ཧཱུྃ༔ དེ་རྒྱབ་འཁོར་ལོ་རྩིབས་བཞིར༔ སརྦ་ཧ་རི་རཀྨོ་པི་ཤཱ་ཙ་ཏུ་ཏྲི་ཀཱ་ཡ་ཝཱ་ཀ་མ་ན་བྷནྡྷ་ཧཱུྃ་ཕཊ༔ ཅེས་རེ་རེ་དང༔ རྩིབས་མཆན་ལ༔ ཆུང་སྲི་དང་གདོན་བཅོ་ལྔའི་གནོད་པ་བྷྱོ་ཟློག༔ ཡིག་མགོ་ནང་ལ་བསྟན་ནས་བྲི༔ དེ་རྒྱབ་མེ་རི༔ ཡུངས་དཀར་གུ་གུལ་ལི་ཁྲི་བཞག༔ སྲུང་འཁོར་སྒྲོལ་མར་བསྒོམ༔ རབ་ཏུ་གནས༔ ཅི་བདེར་ལྟེ་བ་མ་ཉམས་པར་ལྟེབ༔ མགུལ་ཏུ་བཏགས་ན་ཆུང་སྲི་ཐུབ་པར་ཐེ་ཚོམ་མེད༔ གཞན་ཡང་ཐལ་ཆེན་ཉུངས་དཀར་སྔགས་འདིས་བཏབ་ལ༔ ཡིག་བཅུ་དང༔ སརྦ་ཧ་རི་རཀྨོ་བིགྷྣཱན་ཧ་ན་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་བརྒྱ་སྟོང་བཟླས་ཁོང་དུ་བཏང༔ གུ་གུལ་བདུག༔ ཡུངས་དཀར་གྱིས་བྲབ་པས་བྱིས་པའི་གདོན་ཞི་བར་འགྱུར་རོ༔ སེར་བ་གདོང་ཟློག་ལ༔ ཡིག་བཅུ་དང༔ སརྦ་ཏྲཱི་མཱ་ར་ཡ་རྦད་ནན་བྷྱོ༔ ཞེས་པས་ཡུངས་དཀར་ལ་སྔགས་ནས༔ གཏོར་ན་སེར་བ་ཟློག༔ ཕྱུགས་ནད་གང་ལ་ཡང་ཡིག་བཅུའི་མཐར༔ སརྦ་ཏྲཱི་ཤུ་ལ་ནཱ་ག་རྦད༔ དུ་དུ་རྦད༔ ཤི་དུ་རྦད༔ འགོ་བའི་ནད་ལ་རྦད༔ ཅེས་བྲིས་པ་གི་ཝཾ་ལི་ཁྲི་བྱུག༔ ཡིག་བཅུས་རབ་གནས་བྱས་ན་ཐུབ༔ རྦོད་གཏོང་ཟློག་ན༔ སཱཙྪའམ་མཆོད་རྟེན་ནག་པོའི་ནང༔ སརྦ་དུཥྚཱཾ་མནྟྲ་བེ་ག་བྷྱོ༔ སརྦ་ཤ་ཏྲཱུཾ་རཱུ་པ་ད་ཧ་པ་ཙ་མནྟྲ་ཧཱུྃ་ཕཊ༔ ཅེས་ཤོག་དྲིལ་བྱས་ནས་བཅུག༔ ཡུངས་དཀར་འབྲུ་དགུར་ཡིག་བཅུ་སྟོང་བཟླ༔ རབ་གནས་བྱས༔ བྱད་མ་གནས་པའི་ཕྱོགས་སུ་སྦས་ན་ཐུབ་བོ༔ དབང་ཐང་རྒྱས་པར༔ ཟངས་མའི་བུམ་པར་བྱིན་བརླབས་གནས་ཆེན་དང༔ བཀྲ་ཤིས་པའི་ས་སྣ༔ འབྲུ་སྨན་གྱིས་བཀང་བའི་དཀྱིལ་དུ༔ ཙནྡན་དམར་པོའི་བྱང་བུའི་རྩེར་ཉི་ཟླ་དང་ནོར་བུ་དབང་རྒྱལ་གྱི་ལྟེ་བར་ཡིག་བརྒྱད་མཐར༔ མ་མ་པུཎྱེ་ཨཱ་ཡུར་ཏིཥྛ་སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་གསེར་གྱིས་བྲིས་ཤམ་དུ་དཀྲིས༔ སྒྲོལ་མར་བསམ༔ རབ་ཏུ་གནས༔ ཞབས་སུ་པད་མ་འདབ་བརྒྱད་དང༔ ཁ་ཆོད་ལ་གསེར་གྱི་འཁོར་ལོ་དང༔ དར་དམར་གྱིས་བཏུམས༔ བུམ་པ་ལ་ཕྱོགས་བཞིར་རིགས་ལྔའི་ཕྱག་མཚན་བྲིས་ཁྱིམ་གྱི་སྦུག་ཏུ་མཆོད་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ༔ ཚེ་སྤེལ་ན་ཡིག་བརྒྱད་མཐར༔ མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་སརྦ་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ ནོར་བསྒྲུབ་ན་བུམ་པ་གོང་དང་འདྲ༔ ནང་དུ་ཕྱུག་པོ་དང་སྟོབས་འབྱོར་ཅན་གྱི་རྫས་རིན་ཆེན་ལྔ༔ འབྲུ་ལྔ༔ སྨན་ལྔ་སོགས་ཀྱིས་བཀང༔ དབུས་སུ་ཙནྡན་བྱང་བུར༔ རིན་ཆེན་དབང་རྒྱལ་ལྟེ་བར་ཡིག་བཅུ་དང༔ དྷ་ནཿམེ་དྷི་སརྦ་བཱ་སུ་སིདྡྷི་པུཥྚིཾ་ཀུ་རུ་བྷྲཱུྃ༔ རྣམ་སྲས་དང༔ ཛཾ་ལའི་སྙིང་པོ་བྲི༔ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན་གཤམ་དུ་བྲིས་ལ་གཞན་གོང་དང་འདྲ༔ མཛོད་དུ་སྦས་སྒྲོལ་མར་བསམ༔ རབ་གནས་བྱས་པས་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་བུ་ལྟར་རྒྱུན་མི་ཆད་པར་འབྱུང༔ རྫོགས་རིམ་ནི༔ རང་ཉིད་འཕགས་མ་མི་དམིགས་པར་བསམ༔ ཀ་དག་ངང་དུ་མཉམ་པར་བཞག༔ སླར་ཆུ་ལ་ཉ་འཕར་བའི་ཚུལ་ལྟ་བུས་འཕགས་མའི་སྐུར་ལྡང༔ དགེ་བ་བསྔོ༔ བཀྲ་ཤིས་བརྗོད༔ འཕགས་མ་སྒྲོལ་མའི་གསང་སྒྲུབ་ཟབ་པའི་སྙིང་པོ་གུ་རུའི་ཐུགས་བཅུད་འདི༔ དབུས་ནས་སྨོན་ལམ་འབྲེལ་པ་ཡི༔ མི་ཆེན་ཞིག་གི་བསྐུལ་མ་འབྱུང༔ ཞེས་པའི་ལུང་དོན་ལྟར་འདོད་དཔལ་མཁན་རིན་པོ་ཆེའི་སྐུ་ཞབས་སུ་བཀའ་གནང་བཞེད་པ་བསྒྲུབ་སླད་དུས་མཐའི་དགེ་སློང་རྡོ་རྗེ་འཛིན་པ་དབང་གི་རྒྱལ་པོ་ནུས་ལྡན་དྲག་པོ་རྩལ་གྱིས། ལྷ་ལྡན་འཕྲུལ་སྣང་གི་ཤཱཀྱའི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་གཡུ་ཐོག་ཁང་སར་དུ་དགོངས་པའི་གཏེར་ལས་ཡི་གེར་ཕབ་པ་དགེ་བས་འགྲོ་ཀུན་རྒྱལ་ཡུམ་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །ྈྈྈྈ ༁ྃ༔ སྒྲོལ་མ་གསང་སྒྲུབ་ཀྱི་དབང་སྐུ་བཞིའི་བྱིན་རླབས་མྱུར་འབེབ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ སྒྲོལ་མའི་དབང་ལ་མཎྜལ་དམར་པོ་པདྨ་འདབ་བརྒྱད་དབུས་སུ་མཉྫིར་བུམ་པ་རྒྱུན་འབབ་ཆུ་ཡིས་སུམ་གཉིས་བཀང་བུམ་རྫས་སྦྱར༔ ཀུ་ཤ་དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན༔ རྡོ་རྗེ་གཟུངས་ཐག་བཅས༔ ཐོད་པའི་བདུད་རྩིར་ཀ་ར་སྦྲང་རྩི་བཏབ༔ མེ་ལོང་སིནྡྷུ་ར་ཡིས་བྱི་དོར་བྱས༔ ཆོས་འབྱུང་སྒྲོལ་མའི་སྔགས་ས་བོན་བཅས་པས་ཁ་བཀབ༔ སྐུ་དང་སྔགས་ཕྲེང་ཤེལ་རྡོ་གཏོར་མ་དར་དམར་གྱི་གདུགས་ཕུབ་པ་བཤམ༔ གཞན་ཡང་མཆོད་རྫས་ཉེར་སྤྱོད་སྨན་ཕུད་ཚོགས་ལ་སོགས་མཁོ་བའི་ཡོ་བྱད་འདུ་བྱ༔ ཁྲུས་དང་མཎྜལ༔ དཔལ་ལྡན་བླ་མ་རྡོ་རྗེ་འཛིན༔ སྲིད་པའི་འཇིགས་ལས་སྒྲོལ་བ་པོ༔ ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ༔ གུར་ནས་འབྱུང་བའི་རྒྱུན་བཤགས་དང༔ བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ༔ མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་བྱུང་བ༔ ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ༔ མངའ་བདག་བདག་ལའང་དེ་ལྟར་མཛོད༔ འཁོར་བ་འདམ་གྱི་མཚོ་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ ཞེས་ཁྱད་པར་གྱིས་གསོལ་བ་གདབ༔ དམ་ཚིག་བསྐྱེད་སྤྱན་དྲངས་ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ༔ གྱིས་བརྟན་པར་བྱའོ༔ བུམ་པས་དབང་བསྐུར༔ བུམ་པ་དག་པ་ཆོས་དབྱིངས་གཞལ་ཡས་སུ༔ བུམ་རྫས་ལོངས་སྐུ་འཕགས་མ་སྒྲོལ་མ་ཡི༔ སྤྲུལ་སྐུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས༔ སྣང་སྟོང་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་བླུད༔ ཐོད་པའི་བདུད་རྩི་མགྲིན་པར་བཞག༔ འཕགས་པ་མཆོག་དང་དམ་ཚིག་སྒྲོལ་མ་ཡུམ༔ སྦྱོར་བའི་མཁའ་གསང་བྱང་ཆུབ་སེམས་རྒྱུན་གྱིས༔ གསང་བའི་དབང་མཆོག་དམ་པ་འདི་བསྐུར་པས༔ གྲགས་སྟོང་གསང་བ་གསུང་གི་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དམ་ཆུ་བླུད༔ སིནྡྷུ་རས་ཐིག་ལེ་གནས་གསུམ་དུ་དགའ་བ་འཁྱིལ་བ་བྲིས་ལ༔ བདེ་བ་སྙིང་རྗེ་ཆེན་པོ་ཐབས་ཀྱི་གསང༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཡུམ་གྱི་མཁའ༔ མཉམ་སྦྱོར་བྱང་སེམས་ལུགས་འབྱུང་ལུགས་ལྡོག་གི༔ དགའ་བཞི་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ ཨེ་ཝཾ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་མའི་སྐུ་སྤྱི་བོར་བཞག༔ རྒྱལ་ཀུན་ཡུམ་གྱུར་འཕགས་མ་འཁོར་ལོས་སྒྱུར༔ ཕྲིན་ལས་རང་གཟུགས་དམ་ཚིག་སྒྲོལ་མ་ཡི༔ ལྷ་སྐུ་ཕྱག་རྒྱས་ཁྱོད་ལ་དབང་བསྐུར་པས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་འབོགས༔ སྔགས་དང་ཕྲེང་བས་དབང་བསྐུར༔ བསྐྱེད་རིམ་སྣང་སྟོང་སྒྱུ་མའི་སྐུར་གསལ་ཞིང༔ གྲགས་སྟོང་རིག་སྔགས་ཆུ་བོའི་རྒྱུན་ལྟར་ཟློས༔ སྒྲ་རུ་གྲགས་ཀུན་འཕགས་མའི་གསུང་རྡོ་རྗེ༔ མངོན་གྱུར་བྱིན་རླབས་ནུས་པའི་དབང་ཐོབ་ཤོག༔ ཡིག་བཅུ་ཤེལ་རྨ་བྱའི་མདོངས་བསྟན་ལ༔ ཨ༔ རང་རིག་མཚན་བྲལ་ཀ་དག་སྟོང་པ་ཉིད༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་འཇའ་ཚོན་བཞིན༔ སྣང་སྟོང་དབྱེར་མེད་བདེ་ཆེན་འདུས་མ་བྱས༔ རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུའི་མཐར༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ གཏོར་མའི་བཀའ་བསྒོ་བྱ༔ དམ་ཚིག་ཁས་བླང་མཎྜལ་ཕུལ༔ དེ་ལྟར་དབང་འདི་ལྕགས་གྲོང་མཁན་རིན་ཆེན་སྐལ་བཟང་ཕྲིན་ལས་ཡར་འཕེལ་སྨོན་ལམ་འབྲེལ་པས་ཆོས་འདིར་དབང་བས་ཐོག་མར་དབང་ཕུལ་སྐབས་སུ། རྡོ་རྗེ་དྲག་པོའི་ཀུན་གཞིའི་མཚོ་ལས་བྱུང་བ། དེ་བས་ཁམས་གསུམ་དཔལ་ཀུན་རང་དབང་སྤྱོད་ཅིང་བསྟན་འགྲོའི་ཕན་བྱེད་རྒྱས་པར་གྱུར་ཅིག །ྈྈྈྈ ༄༅། །སྒྲོལ་མ་གསང་སྒྲུབ་ཀྱི་ལས་བྱང་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། །འཕགས་མ་སྒྲོལ་མ་མཆོག་ལ་གུས་བཏུད་ནས། །གང་གི་གསང་སྒྲུབ་ལས་བྱང་དཔག་བསམ་ཤིང་། །དངོས་གྲུབ་འདོད་འཇོ་འདི་ན་བཤད་པར་བྱ། །སྒྲོལ་མ་གསང་སྒྲུབ་ཉམས་སུ་ལེན་པ་དོན་དུ་གཉེར་བའི་གང་ཟག་གིས་གནས་ཡིད་དང་མཐུན་པར། བྲིས་འབུར་གྱི་རྟེན་བཀྲམ་ལ། དེའི་མདུན་དུ་སྟེགས་ལ་མཎྜལ་པདྨ་འདབ་བརྒྱད་ལ་ཁ་དོག་དམར་པོ་དབུས་སུ་ཚོམ་བུ་བཀོད། མཐར་རྡོར་ར་མེ་རི་བཅས་རྡུལ་ཚོན་རས་བྲིས་སམ་འབྲས་རྡུལ་ཚོན་གྱིས་ཁ་དོག་བསྒྱུར་པ་གང་རིགས་བྱ། མཐར་བསྐོར་མཆོད་དམ། ཕྲེང་ཚར་གང་རིགས་སུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། ནང་མཆོད། གཏོར་མ་ཟླུམ་པོའམ་ཡང་ན་ཁ་ཟས་བཟང་རྒུ་རིན་པོ་ཆེའི་སྣོད་དུ་བཤམ། དུང་ཆོས་དང་དྲི་བཟང་གི་ཆུ། ཀུ་ཤའི་འཐོར་གཡབ། སྔོན་འགྲོ་གཏོར་མ་བཅས་པ་དང་། གཞན་ཡང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་འདུ་བྱ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ཅང་ཏེའུ། ནས་ཟེ། བཟེད་ཞལ་སོགས་ཉེར་མཁོའི་ཡོ་བྱད་འཚོགས་པར་བྱ། བདེ་བའི་གདན་ལ་འཁོད་དེ། གསོལ་འདེབས་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།སོགས་ནས། སངས་རྒྱས་འགྲུབ་པར་ཤོག །བར་གྱི་སྐྱབས་སེམས་ལན་གསུམ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་།སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །བར་གྱི་ཡན་ལག་བདུན་པ་བརྗོད། ཨོཾ་བཛྲ་ཨ་མྲྀཏེ་ཧཱུྃ་ཕཊཿ ཅེས་བཟླ། བསང་ཆུ་བདུད་རྩི་འཁྱིལ་པའི་སྔགས་ཀྱི་རང་བཞིན་བསམ། སྔོན་འགྲོ་གཏོར་མ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །ཡི་དྭགས་འབྱུང་པོའི་ཚོགས་མ་ལུས། །མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ། །ཞི་བའི་སེམས་ཀྱིས་གནས་པར་གྱིས། །ཨ་ཀཱ་རོའི་སྔགས་བཅས་ཕུལ། སྟེང་འོག་ཕྱོགས་མཚམས་རིག་སྔགས་འཁོར་ལོ་དང་། །འོད་ཟེར་དྲུག་དང་རྡོ་རྗེའི་ར་བ་གུར། །ཡེ་ཤེས་མེ་དཔུང་རབ་ཏུ་འབར་བ་ཡི། །སྲུང་བའི་འཁོར་ལོས་བར་མཚམས་མེད་པར་གཏམས། །ཨོཾ་ཏཱ་རེ་བཛྲ་རཀྵ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། གནས་ཁང་། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། གནས་ཁང་བྷྲཱུྃ་ལས་ཐར་པ་ཆེན་པོ་ཡི། །གཞལ་མེད་ཁང་དུ་ཨཱཿལས་པད་སྣོད་དུ། །སྨན་དང་གཏོར་མ་མཆོད་པའི་བྱེ་བྲག་ཀུན། །རྣམ་པ་དེར་འཆར་ངོ་བོ་བདུད་རྩིར་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། ཨོཾ་ཨཱཿཧཱུྃ། བདུད་རྩི་ལ་དམིགས་ལན་གསུམ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃཿ ཞེས་པས་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾཿ རྣམ་པར་རྟོག་པའི་ཆོས་ཐམས་ཅད༔ གདོད་ནས་མཚན་བྲལ་སྟོང་པའི་ངང༔ པདྨ་ཟླ་ཉིའི་གདན་གྱི་ཁར༔ ཏཱཾཿཡིག་དམར་པོ་ཡོངས་གྱུར་ལས༔ བདག་མདུན་བཅོམ་ལྡན་སྒྲོལ་མའི་སྐུ༔ པདྨ་རཱ་ག་ལྟར་དམར༴ ཞེས་འདོན་པ་སྤོས་ལ། འོད་འཕྲོས་ཡེ་ཤེས་སྤྱན་དྲང་གྱུར༔ བདག་མདུན་ཚིག་རིས་གཅིག་གིས་སོ་སོར་བསྐྱེད་ལ། པོ་ཊ་ལ་ཡི་གནས་མཆོག་ནས༔སོགས་ནས། ཛཿཧཱུྃ་བཾ་ཧོ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀུན༔སོགས་ནས། འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཞིང་ཁམས་རབ་འབྱམས་གང་བ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔སོགས་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རྒྱས་པར་སྤྲོ་ན། ཞིང་ཁམས་རབ་འབྱམས་གང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །འཕགས་མ་སྒྲོལ་མ་འཁོར་བཅས་ལ། །བདག་འབུལ་ཐུགས་རྗེའི་མཐུ་ཡིས་བཞེས། །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། ལྷ་རྫས་དམ་པའི་ཞབས་བསིལ་འདི། །པཱ་དྱཾ། ལྷ་རྫས་དམ་པའི་མེ་ཏོག་འདི། །པུཥྤེ། ལྷ་རྫས་དམ་པའི་བདུག་སྤོས་འདི། །དྷཱུ་པེ། ལྷ་རྫས་དམ་པའི་མར་མེ་འདི། །ཨཱ་ལོ་ཀེ །ལྷ་རྫས་དམ་པའི་དྲི་ཆབ་འདི། །གནྡྷེ། ལྷ་རྫས་དམ་པའི་ཞལ་ཟས་འདི། །ནཻ་བིདྱཱ། ལྷ་རྫས་དམ་པའི་རོལ་མོ་འདི། །ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཐོག་མཐའ་འདྲ་བས་མཆོད། ཚངས་དང་དབང་པོ་བིཥྞུ་དང༔ དྲག་པོ་བདུད་དང་འཇིག་རྟེན་གསུམ༔ མ་ལུས་དབང་དུ་མཛད་པ་ཡི༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ཆགས་བྲལ་ཐབས་ཤེས་པདྨ་ཉི་ཟླའི་སྟེང་། །བཅོམ་ལྡན་ཁྱེད་སྐུ་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་ཞི་ཆགས་འདྲེས་པའི་ཉམས། །ལོངས་སྤྱོད་མཚན་དཔེ་རྫོགས་ལ་ཕྱག་འཚལ་བསྟོད། །ཞལ་བཞད་སྨིན་ལེགས་ཤངས་དཀྱུས་ལྟ་ན་སྡུག །སྤྱན་ཟུང་པདྨ་རྒྱས་པའི་འདབ་ལྟར་མཛེས། །དབུ་སྐྲ་བུང་བ་ལྟར་གནག་ལྟག་པར་བཅིངས། །ནུ་རྒྱས་རྐེད་སྐབས་ཕྲ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཨུཏྤལ་འཛིན། །དགའ་བའི་ཆ་རྫོགས་བཅུ་དྲུག་ལོན་པའི་ཚུལ། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་འགྱིང་བཅས་བཞུགས། །སྲིད་ཞིའི་མཛེས་པའི་ཕུལ་ཁྱེད་ཕྱག་འཚལ་བསྟོད། །འཛམ་བུའི་གསེར་དང་མུ་ཏིག་ལ་སོགས་པའི། །དབུ་རྒྱན་སྙན་མགུལ་ཕྱག་ཞབས་མཛེས་པར་བྱས། །སྟ་ཟུར་རྐེད་དུ་ནུ་འབུར་ཕྲེང་བ་དང་། །ཨུཏྤལ་དམར་པོས་སྤྲས་ལ་ཕྱག་འཚལ་བསྟོད། །དྲི་མེད་ལྷ་རྫས་དམར་པོའི་སྟོད་གཡོགས་དང་། །སྣ་ཚོགས་དར་གྱི་སྨད་དཀྲིས་ཅོད་པན་གཡོ། །ཡིད་འོང་ཆུ་ཤེལ་དབང་པོའི་རྒྱབ་ཡོལ་ཅན། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ཕྱག་འཚལ་བསྟོད། །བདག་སོགས་སྐྱེ་དང་ཚེ་རབས་ཕྲེང་ཀུན་དུ། །འཕགས་མ་ཁྱེད་ཀྱིས་དགེ་བའི་བཤེས་མཛོད་ལ། །འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྒྲོལ་ནས། །འགྲོ་བ་མགོན་མེད་རྣམས་ཀྱི་མགོན་གྱུར་ཅིག །རང་རིག་གདོད་ནས་ཆོས་ཀྱི་སྐུར་བཞུགས་ཀྱང་། །རང་ངོ་མ་ཤེས་མ་རིག་གིས་ནོངས་པ། །གང་གི་མཐུ་ལས་བདེ་ཆེན་སྐད་ཅིག་ལ། །འཆར་ནས་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག །གནས་སྐབས་ནད་གདོན་བགེགས་སོགས་མི་མཐུན་ཞི། །ཚེ་བསོད་དཔལ་འབྱོར་ལེགས་བྱས་རབ་ཏུ་རྒྱས། ཁམས་གསུམ་མོས་བཞི་འབད་མེད་དབང་དུ་འདུས། །གཞན་དོན་བྱང་ཆེན་སྤྱོད་པ་མཐར་ཕྱིན་ཤོག །བསྟན་པ་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །རྒྱལ་ཁམས་བདེ་ཞིང་ཆོས་བཞིན་སྤྱོད་པ་དང་། །འབྲེལ་བཅས་འགྲོ་ཀུན་རྡོ་རྗེ་འཆང་གི་སར། །འགོད་ནུས་འཕགས་མའི་ཐུགས་རྗེས་སྐྱོང་གྱུར་ཅིག །རང་གི་སྙིང་ཁར་ཨུཏྤལ་དམར་པོ་ཟླ་ཉིའི་གདན་ལ་ཡེ་ཤེས་སེམས་དཔའ་དང་། དེའི་ལྟེ་བར་ཏཱཾཿདམར་པོ་དང་ཏིང་ངེ་འཛིན་སེམས་དཔའ། དེ་མཐར་ཡིག་བཅུས་བསྐོར་བ་ཞལ་ནང་བསྟན་གསལ་བཏབ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བཟླའོ། །ཚོགས་རྫས་ཁ་ན་མ་ཐོ་མེད་པ་ཇི་ལྟར་འབྱོར་པ་བཤམ། ཚོགས་ཀྱི་མ་དག་ཉེས་སྐྱོན་ཀུན། །རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་ཀྱི། །ཟག་མེད་བདུད་རྩིའི་ངོ་བོར་གྱུར། །ཆོས་དབྱིངས་རྣམ་དག་ཞིང་ཁམས་ནས། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །འདིར་གཤེགས་དམ་རྫས་བྱིན་གྱིས་རློབས། །དམ་ཚིག་སྒྲོལ་མ་ཡུམ་དང་སྲས། །རྩ་གསུམ་དམ་ཅན་རྒྱ་མཚོ་ལ། །འདོད་ཡོན་མི་རྟོག་བདེ་ཆེན་རྫས། །ཚོགས་ཀྱི་མཆོད་པ་དམ་པ་འབུལ། །ཚོགས་དང་པོ་ཕུལ། བདག་ཅག་མ་རིག་འཁྲུལ་དབང་གིས། །འཕགས་མ་སྒྲོལ་མ་འཁོར་བཅས་ཀྱི། །ཐུགས་འགལ་ཉེས་སྐྱོན་སྒྲིབ་པའི་ཚོགས། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བརྗོད། བདག་གི་ཚེ་དང་བསོད་ནམས་ལ། །བར་གཅོད་དགྲ་བགེགས་མ་ལུས་པ། །ཚོགས་འདིར་བསྟིམས་ནས་ཁྱོད་ཞལ་བསྟབ། །བྱང་ཆུབ་སྒྲུབ་གེགས་མེད་པར་མཛོད། །ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཏྲཾ་རུ་ཏྲ་མཱ་ར་ཡ་སརྦ་ཤ་ཏྲཱུཾ་ཁཱ་ཧི༔ ལྷག་ལ་དབང་བའི་མཁའ་འགྲོ་མ། །རྫུ་འཕྲུལ་ཐོགས་མེད་མཁའ་ལ་འགྲོ། །སྐལ་ལྡན་རྗེས་འཛིན་སྐལ་མེད་སྒྲོལ། །ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབས། །ཌཱ་ཀ་ཌཱ་ཀི་བ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་མ་ཕུལ། ཐོག་མ་བར་དང་ཐ་མའི་བསྐལ་པ་ལ། །ཀུན་བཟང་སྒྲོལ་མ་པདྨ་ཐོད་ཕྲེང་གིས། །དགོངས་པ་གཏད་དང་རྒྱུད་གསུངས་གཏེར་སྦས་ཚེ། །ཡེ་ཤེས་ལས་ཀྱི་མཁའ་འགྲོ་དམ་ཅན་རྣམས། །རང་རང་གཟུགས་བསྟན་རང་རྟགས་སྲོག་སྙིང་ཕུལ། །ཅི་ལྟར་དམ་ལ་བཏགས་ཤིང་ཁས་བླངས་ལྟར། །གཏོར་མ་འདི་བཞེས་བར་ཆད་ཟློག་པ་དང་། །བཅོལ་བའི་ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད། །ད་དུས་བསྐལ་པར་སྐལ་ལྡན་ཆོས་བདག་གིས། །དགོངས་པ་ཟབ་མོའི་གཏེར་ཁ་འབྱེད་པའི་ཚེ། །སྲུང་མ་སོ་སོས་ཁས་བླངས་ཅི་བཞིན་དུ། །གཏོར་མ་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཆད་ཐོ་ཕུལ། སློབ་དཔོན་པདྨའི་བཀའ་ཉན་བརྟན་མའི་ཚོགས། །འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ། །ནད་ཁ་ཆོད་ལ་མཚོན་བསྐལ་ཐུལ་བ་དང་། །བོད་ཁམས་བདེ་བའི་སྡོངས་གྲོགས་མཛད་དུ་གསོལ། །མ་མཱ་ལི་ལཱི་ཁ་ཁཱ་ཏེ་ཏེ་མ་མ་སྲིང་འགྲོ་མ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བརྟན་མ་ཕུལ། མཐར་མཆོད་བསྟོད་བསྡུས་པ་བྱ། ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་པ་དང་སོགས་ཤྭ་ལོ་ཀ་གཉིས་ཀྱིས་བཟོད་གསོལ་བྱ། ཡེ་ཤེས་རྟེན་ལ་བརྟན་བཞུགས་དང་། རང་ཉིད་འཕགས་མ་མི་དམིགས་པར་བསམ༔ ཀ་དག་ངང་ལ་མཉམ་པར་གཞག༔ སླར་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་ལྟ་བུར་འཕགས་མའི་སྐུར་ལྡང༔ དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །ཐུགས་རྗེས་བདག་དང་འགྲོ་བ་ཀུན། །འབྲལ་མེད་རྟག་པར་སྐྱོང་གྱུར་ནས། །བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག །དགེ་བསྔོ་དང་བཀྲ་ཤིས་བརྗོད། དེ་ལྟར་འཕགས་མ་སྒྲོལ་མ་གསང་སྒྲུབ་ཀྱི་ལས་བྱང་དངོས་གྲུབ་འདོད་འཇོ་འདི་ཡང་འདོད་དཔལ་མཁན་རིན་པོ་ཆེ་སྐལ་བཟང་ཕྲིན་ལས་ཡར་འཕེལ་གྱིས་བཀའ་གནང་བ་ལྟར། རྡོ་རྗེ་དྲག་པོས་འོག་མིན་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་དུ་བྲིས་པ་མཁའ་མཉམ་འགྲོ་ཀུན་འཕགས་མའི་གོ་འཕང་ལ་འགོད་པར་གྱུར་ཅིག །ཤུབྷཾ།། །། ༄༅། །ཨོཾ་ཨཱཿཧཱུྃ། རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་ཀྱི། །རང་གཟུགས་བཅོམ་ལྡན་འདས་མ་སྒྲོལ་མཛད་ཡུམ། །རྒྱལ་བ་སྲས་བཅས་བླ་མ་ཡི་དམ་དང་། །ཌཱ་ཀི་ཆོས་སྐྱོང་ཐུགས་དམ་སྐོང་བའི་རྫས། །མེ་ཏོག་སྤོས་མཆོག་སྣང་གསལ་དྲི་ཞལ་སོགས། །ལྷ་མོ་བཅུ་དྲུག་སྨན་རཀ་གཏོར་ཆེན་དང་། །བདེ་སྟོང་མཉམ་སྦྱོར་དགའ་བཞི་འཛིན་བྲལ་སོགས། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །དགྱེས་རྫས་སྲིད་ཞིའི་དངོས་པོ་མ་ལུས་པ། །རྣམ་པ་འདོད་པའི་ཡོན་ཏན་མ་ཚང་མེད། །ངོ་བོ་ཟག་མེད་རྨད་བྱུང་བསྐྱེད་པ་འདིས། །རྩ་བ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས༴ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས༴ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས༴ ཁྱད་པར་སྒྲོལ་མ་འཁོར་བཅས་ཐུགས༴ གཏེར་སྲུང་དྲག་པོའི་ཚོགས་ཀྱི་ཐུགས༴ དཀར་ཕྱོགས་སྐྱོང་བ་འཁོར་བཅས་ཐུགས༴ ཡུལ་ལྷ་གཞི་བདག་འཁོར་བཅས་ཐུགས༴ བསྐང་བར་འོས་པ་ཀུན་གྱི་ཐུགས༴ སྟོང་པ་ཆོས་ཀྱི་དབྱིངས་སུ་ཐུགས༴ སྣང་བ་འཛིན་མེད་ཀློང་དུ་ཐུགས༴ སྣང་སྟོང་ཟུང་འཇུག་ཆེན་པོར་ཐུགས་དམ་བསྐང་། །ཀ་དག་ཀུན་བཟང་ཀློང་དུ་བསྐང་གྱུར་ཅིག །ཅེས་པའང་ལྷ་བཟོ་རྡོ་རྗེ་དབང་ཕྱུག་གི་ངོར་རྡོ་རྗེ་དྲག་པོས་བརྗོད་པའོ། །ཤུབྷཾ།། །། ༄༅། །སྒྲོལ་མའི་གསང་སྒྲུབ་དབང་གི་སྦྱིན་སྲེག་ཁམས་གསུམ་ཡིད་འགུགས་ཞེས་བྱ་བ་བཞུགས་སོ། །ན་མ་ཨཱརྱ་ཏཱ་ར་ཡ། སྒྲོལ་མ་དམར་མོའི་དབང་གི་སྲེག་བླུག་བྱ་བར། སྟེགས་བུ་ཇི་ལྟར་འཚམ་པར་དབང་གི་ཐབ་ཟླ་གམ་རྡོར་ར་འོད་ཕྲེང་གི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ལྕགས་ཀྱུས་མཚན་པ་བྱ། དབང་གི་བུད་ཤིང་ཙནྡན་རྒྱ་ཤུག་དམར་པོ་སོགས་ཟླ་གམ་དུ་བརྩེགས། སློབ་དཔོན་གྱི་གཡས་སུ་ཡོན་ཆབ་ཉེར་སྤྱོད་ལྔ། མྱོས་བྱེད་ཀྱིས་སྦྲུས་པའི་གཏོར་མ་རིལ་བུ་སོགས་མཆོད་རྫས། གཡོན་ངོས་སུ་མེ་ཏོག་དང་འབྲས་བུ་དམར་པོ། ལི་ཁྲི། སྟར་བུ། དབང་དུ་བྱ་བའི་རཱུ་པ་ཡིད་སྒྱུར་རྫས་སོགས་མ་ཚང་བ་མེད་པ་དང་། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་དགང་གཟར་བླུག་གཟར་བསང་ཆུ་རྣམས་བཀོད། བདག་བསྐྱེད་བཟླས་པའི་བར་བཏང་། ལས་བུམ་ལ་དམིགས། ཨོཾ་བཛྲ་ཨ་མྲྀཏེ་ཧཱུྃ་ཕཊཿ བརྒྱ་རྩ་བརྒྱད་བཟླ། མཆོད་གཏོར་རྣམས་ལས་བྱང་ལྟར་བྱིན་བརླབ། ཐབ། ཨ་མྲྀཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་དབང་གི་ཐབ་ཁུང་མཚན་ཉིད་དང་ལྡན་པ་ཡེ་ཤེས་ཀྱི་མེ་འབར་བར་གྱུར། ཧྲཱིཿཛྭ་ལ་རཾ་པཱ་ཤཾ་ཀུ་རུ་ཧོཿ མེ་འབར་བའི་དབུས་སུ་དབང་གི་མེ་ལྷ་དྲང་སྲོང་ཆགས་པའི་ཉམས་ཅན་ཕྱག་བཞིའི་དང་པོ་གཉིས་ཧོམ་གཟར་དང་མེ་ཕུང་། འོག་མས་ལྕགས་ཀྱུ་དང་ཞགས་པ་འཛིན་པ་རྒྱན་གོས་མཆོད་ཕྱིར་ཐོགས་ཁ་དོག་དམར་པོ་ཅན་ར་སྐྱེས་ལ་པདྨའི་འདུག་སྟངས་ཀྱིས་གནས་པ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཨགྣ་ཡེ་བཛྲ་ས་མ་ཡ་ཛཿ སྤྲོ་ན། དད་པ་དང་ནི་སོགས་ཀྱི་མཐར། ཛཿཧཱུྃ་བཾ་ཧོཿ དམ་ཡེ་དབྱེར་མེད་བསམ། དགང་བླུག་བྱོན་སྐྱེམས་མར་ཁུ་ལན་བདུན་འབུལ། ཨོཾ་ཨགྣ་ཡ། ཨ་དི་བྱ། ཨཱ་ཝེ་ཤ་ཡ། མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ན་ཡ་སྭཱ་ཧཱ། མེ་ལྷ་ཐབ་ཀྱི་ཁ་ཁྱེར་ལ་འཁོད་པར་བསམ། མེ་ཕུང་རབ་ཏུ་འབར་བའི་དབུས་སུ་གསང་སྒྲུབ་ལྟར་བསྐྱེད། སྤྱན་དྲངས། དབང་བསྐུར་རྒྱས་གདབ་ཀྱི་འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཞེས་པ་ཡན་སོང་ནས་མཆོད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨགྣེ་དྷེ་ཝ་སརྦ་ཏྲཻ་ལོ་ཀ་ཤྲཱི་གུ་ཎ་ལཀྵྨཱི་པཱ་ཤཾ་ཀུ་རུ་སྭཱ་ཧཱ། ཐུན་མོང་དག་གི་རྫས་རྣམས་རེ་རེ་བཞིན་ནམ། བསྲེས་པ་བརྒྱ་ལྔ་བཅུ། ཉེར་གཅིག་སོགས་ཕུལ་བ་སྟེ། དེ་ཡང་གཙོ་བོ་སྒྲོལ་མ་དང་མེ་ལྷ་བཀའ་སྡོད་ཀྱི་ཚུལ་ཐུན་མོང་དུ་ཕུལ། ཁྱད་པར་རྫས། གང་དབང་དུ་བྱ་བའི་རཱུ་པ་གཞུང་གསལ་ལྟར་བྲིས་ལ་ཆེ་གེ་མོ། བདག་གིས་ཡིད་བསྒྱུར་ནས་རྗེས་སུ་ཆགས་ཏེ་དབང་དུ་འདུ་བར་མཛད་དུ་གསོལ། ཆེ་གེ་མོ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། ཆགས་སྐྱེད་་་ལི་ཁྲི།ཡིད་སྒྱུར་་་ད་དྷུ་ར།སོགས་རྫས་འབུལ། ལས་བྱང་ལྟར་སྒྲོལ་མའི་བསྟོད་པ་དང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། སྒྲོལ་མའི་བཟླས་པ་ཅུང་ཟད་བྱ། གོང་གི་དམིགས་པ་གཞུང་ལྟར་ཅུང་ཟད་འཕྲུལ་ཤེས་པར་བྱ། འདོད་གསོལ། ཧོཿ བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཕྲིན་ལས་སུ་གསོལ་བ་ནི། ཁམས་གསུམ་བརྟན་གཡོའི་ཡོ་བྱད་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བདག་གི་དབང་དུ་འདུ་བར་མཛད་དུ་གསོལ། དང་ཁྱད་པར་དམིགས་བྱ་འདི་ཡི་ལུས་ངག་ཡིད་གསུམ་ཟས་ནོར་ཐམས་ཅད་བདག་གི་དབང་དུ་སརྦ་པཱ་ཤཾ་ཀུ་རུ་ཧོཿ ཞེས་བརྗོད་སྒྲོལ་མ་དང་མེ་ལྷར་བྱོན་སྐྱེམས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨགྣ་ཡེ་སྭཱ་ཧཱཿ ལན་བདུན། ཉེར་སྤྱོད་སྔགས་ཙམ་གྱིས་མཆོད། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་གསོལ་བྱ། མདུན་གྱི་བཅོམ་ལྡན་འདས་མ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་ཁར་བསྡུ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་བརྗོད། འཇིག་རྟེན་མེ་ལྷ་སརྦ་གཙྪས་གཤེགས། དབང་དུ་བྱ་བའི་ངོ་བོ་ཐིག་ལེ་དཀར་དམར་རང་གི་སྣ་བུག་ནས་རླུང་རྔུབས་པ་དང་འགྲོགས་ཏེ་རོ་རྐྱང་གི་ལམ་ནས་མར་ཞུགས། ལྟེ་བར་གཏུམ་མོའི་མེ་ལ་ཐིམ་པར་བསམ། བཀྲ་ཤིས་བརྗོད། རྫས་ལྷག་མ་རང་གི་མཛོད་དུ་སྦ། སོལ་བ་རི་མཐོ་སར་རླུང་ལ་བསྐྱལ། ཆུ་ལའང་ཕུལ། དེ་ལྟར་སྒྲོལ་མ་གསང་སྒྲུབ་ཀྱི་སྦྱིན་སྲེག་འདི་ཡང་འདོད་དཔལ་མཁན་རིན་པོ་ཆེའི་བཞེད་པ་ལྟར། རྡོ་རྗེ་དྲག་པོས་མཚུར་ཕུའི་གཟིམས་ཆུང་བཀའ་རྒྱ་མར་བྲིས་པ་དགེའོ།། །། ༁ྃ༔ ྈྈྈ ྈྈྈྈྈྈྈ སྒྲོལ་མའི་རླུང་འཁོར༔ མུ་ཁྱུད་བརྒྱད་བསྐོར༔ ལྟེ་བར་ཏཱཾ༔ མུ་ཁྱུད་ལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཚར་གང་ཚུད༔ དེ་རྒྱབ་རྩིབས་བཞིར༔ ཨོཾ་ཏཱ་རེ་སརྦ་སིདྡྷི་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་པཱ་ཤཾ་ཀུ་རུ་ཛཿཧཱུྃ༔ དེ་རྒྱབ་སརྦ་ཏྲཻ་ལོ་ཀ་དེ་ཝ་ནཱ་ག་སོགས། པཱ་ཤཾ་ཀུ་རུ་ཛཿཧཱུྃ༔ ཁྱད་པར་དམིགས་བྱ་ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲི༔ དེ་རྒྱབ་དབྱངས་ གསལ༔ དེ་རྒྱབ་ལྕགས་ཀྱུ༔ ཨུཏྤལ་ཞགས་པ་སྦྲེལ༔ ཕྱི་རུ་རླུང་བྲི༔ སྟེང་འཁོར་ཡིག་མགོ་ཕྱིར་ལྟ་སྟེང་ནས་བརྩམ་སྟེ་བྲི༔ འོག་འཁོར་ཡིག་མགོ་ནང་བསྟན༔ གཞན་གོང་དང་འདྲ༔ བར་དུ་རྩེ་གསུམ་མུ་ཁྱུད་བཞི་པ༔ ལྟེ་བར་རཱུ་པ་མིང་བྲི༔ ཡན་ལག་བཞིར་ཛ༔ མུ་ཁྱུད་ལ་ཆེ་གེ་མོ་ཨཱ་ཀརྵཱ་ཡ་ཛ༔ པཱ་ཤཾ་ཀུ་རུ་ཧོ༔ ཞེས་གང་མང་དང༔ དེའི་ཕྱིར་དབང་དུ་བྱེད་པའི་སྔགས༔ དེ་རྒྱབ་ཆེ་གེ་མོ་བདག་གི་དབང་དུ་འདུས་པར་གྱུར་ཅིག༔ ཡིད་བསྒྱུར་རྗེས་སུ་ཆགས་ནས་མཛའ་གྲོགས་དང་མངའ་འབངས་སུ་གྱུར་ཅིག་བྲི༔ ཕྱིར་ཛཿཧཱུྃ་གིས་བསྐོར༔ འཁོར་ལོ་གཉིས་ཀྱི་བར་དུ་འདི་བཅུག༔ ཁ་དོག་དམར་པོ་ལི་ཁྲི༔ ཕོ་ལ་པདྨ་རཀྟ༔ མོ་ལ་བྱང་སེམས༔ ཆགས་སྐྱེད་རྫས་དང༔ ཡིད་འཁྲུལ་ཐང་ཕྲོམ་འབྲུ༔ སྤྱིར་ལི་ཁྲི་བཞག༔ ཤིང་ཟླུམ་པོ་ལ་འཁོར་ལོ་བུག་པ་དང་སྲོག་ཤིང་མི་དགོས་པར་རླུང་ལ་བསྐོར་བས་ལས་མྱུར༔ མངྒ་ལཾ་བྷ་ཝནྟུ།། །། ༁ྃ༔ སྒྲོལ་མ་གསང་སྒྲུབ་ཀྱི་སད་སྲུང་སྤྲིན་ཕྲེང་གཞོན་ནུ་ཕན་བདེའི་གྲུ་ཆར་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ༔ འཕགས་མ་སྒྲོལ་མར་གུས་པས་ཕྱག་འཚལ་ལོ༔ དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་ལོ་ཏོག་ལ་ཕན་ཕྱིར་སད་སྲུང་བ་ལ༔ བྲིས་སྐུ་བཀྲམ་པའི་མདུན༔ སྟེགས་རིམ་པ་གཉིས་ཀྱི་སྟེང་ལ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ༔ ཉི་གདན་ཚོམ་བུ་དམར་པོ་བཀོད་པའམ༔ ཡང་ན་མཎྜལ་སྟེང་འབྲས་དཀར་རྒྱ་སྐྱེགས་ཀྱིས་ཁ་དོག་བསྒྱུར་པའི་ཚོམ་བུ་བརྒྱད་བཀོད༔ དེའི་སྟེང་དུ་མཉྫི་ལ་བུམ་པ་ཆས་སུ་བཅུག༔ ཆུ་སྣས་སུམ་གཉིས་བཀང༔ མདུན་དུ་གཏོར་མ་ཉེར་སྤྱོད་བདུན༔ ཆད་ཐོ༔ བརྟན་མ༔ ཚོགས༔ སྔོན་འགྲོ་གཏོར་མ་སོགས་འདུ་བྱ༔ སྟེགས་འོག་མའི་ཁར་ལྕགས་ཀྱི་མཉྫི་ལྟ་བུའི་ཁར་ཟངས་སྣོད་གཙང་མའི་ནང་ལ་ས་སྣ་རྡེའུ་སོགས་བླུགས་ལ་ཆུ་སྣས་བཀང༔ ནང་དུ་སྤྲ་ཚིལ་ལམ༔ རྡོ་ལ་ཀླུ་གཟུགས་སོར་བཞི༔ ནང་དུ་ཀླུ་བཅུ་གཅིག་གི་སྔགས་ཤམ་དུ༔ མ་ཧཱ་མེ་གྷ་སྭཱ་ཧཱ༔ ཞེས་སྤྲིན་སྡུད་སྔགས་དར་རམ་རྒྱ་ཤོག་ལ་བྲི༔ མཇུག་ནས་ཡར་དྲིལ༔ སྨྱུག་སྦུབ་ཏུ་ཀླུ་སྨན་བཅས་བཅུག༔ ཁ་སྤྲ་ཚིལ་གྱིས་བསྡམ༔ དེ་ཀླུའི་ནང་དུ་བཅུག་ཆུ་མི་འགྲོ་བར་བྱ༔ ཀླུ་གཟུགས་ཆུ་ནང་དུ་མགོ་ཞབས་མ་ལྡོག་པ་དྲང་པོར་གཞུག༔ ཟངས་ཀྱི་ཞབས་སུ་མར་མེ་སྦར༔ རླངས་པ་མ་ཆད་པར་བྱ༔ དེ་ནས་སྐྱབས་སེམས་ནས་གཟུང་ལས་བྱང་བཟླས་པའི་བར་གཏང༔ བཟླས་པ་ཟིན་ནས༔ མདུན་བསྐྱེད། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། རང་ཉིད་འཕགས་མ་སྒྲོལ་མར་གསལ་བའི་མདུན༔ རཏྣའི་བྲག་རི་བྱ་སྐྱིབས་བྱང་ཤར་བལྟ༔ དེ་ཡི་མདུན་ངོས་པདྨ་ཆེན་པོ་ནི༔ དེ་ཡི་ལྟེ་བ་དབུས་དང་ཕྱོགས་མཚམས་དང༔ སྟེང་འོག་ཕུཿཡིག་རང་རང་མདོག་གནས་པ༔ ཡོངས་གྱུར་ལྟེ་བར་ཆུ་ལྷ་ཟླ་བའི་མདོག༔ སྦྲུལ་ཞགས་རིན་ཆེན་འབར་བ་འཛིན་པ་དང༔ ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ་འཛིན༔ ལྷོ་རུ་འཇོག་པོ་དམར་པོ་དགྲ་སཏྭ་འཆང༔ ནུབ་ཏུ་སྟོབས་རྒྱུ་ནག་པོ་སྦྲུལ་ཞགས་འཛིན༔ བྱང་དུ་རིགས་ལྡན་དཀར་པོ་ནོར་རྐྱལ་འཛིན༔ ཤར་ལྷོར་ནོར་རྒྱས་སེར་པོ་བུམ་པ་ཐོགས༔ ལྷོ་ནུབ་དུང་སྐྱོང་སེར་པོ་དུང་འཛིན་པ༔ ནུབ་བྱང་པདྨ་དམར་པོ་པུཥྤ་འཛིན༔ བྱང་ཤར་པདྨ་ཆེན་པོ་ཀུ་མུད་འཛིན༔ སྟེང་དུ་རྒྱལ་བ་ལྗང་གུ་ནོར་བུ་འཛིན༔ འོག་ཏུ་རྣམ་རྒྱལ་སྔོན་པོ་སྦྲུལ་འཛིན་པ༔ ཀུན་ཀྱང་སྐུ་སྟོད་ལྷ་ཡི་བུ་ལྟ་བུ༔ ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་དུ་མ༔ དར་ཟབ་རབ་ཏུ་མཛེས་པའི་ན་བཟའ་ཅན༔ སྦྲུལ་མགོའི་གདེངས་ཀ་བདུན་ལྡན་སྦྲུལ་མཇུག་འཁྱིལ༔ རང་རང་ཆུང་མ་བུ་དང་བུ་མོ་དང༔ མ་དྲོས་སོག་མ་མེད་སོགས་ཀླུ་ཡི་འཁོར༔ བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པས་བསྐོར༔ རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ༔ དེ་རྣམས་ཐུགས་ཀའི་ཕུཿལས་འོད་འཕྲོས་པས༔ ཀླུ་རྒྱལ་འཁོར་དང་བཅས་པ་སྤྱན་དྲངས་ནས༔ མདུན་གྱི་རྟེན་དང་དབྱེར་མེད་གྱུར་པར་བསམ༔ སྤྱན་དྲང་བ༔ ཨོཾ༔ གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི༔ ས་འོག་མུན་པ་མ་ལུས་སེལ་མཛད་པ༔ བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ༔ ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨཱ་ཀརྵཱ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ མཆོད་པ༔ གཙང་ཞིང་ཡིད་འོང་ལྟ་ན་སྡུག༔ ལྷ་རྫས་མཆོད་ཡོན་ཞབས་བསིལ་དང༔ མེ་ཏོག་སྤོས་དང་སྣང་གསལ་མཆོག༔ དྲི་ཆབ་ཞལ་ཟས་རོལ་མོ་དང༔ ཁང་བཟང་སྐྱེད་ཚལ་ཁྲུས་ཀྱི་རྫིང༔ ཡིད་མཐུན་འདབ་ཆགས་རི་སྐྱེས་དང༔ རྟ་དང་དྲེ་འུ་བ་ཕྱུགས་ཁྱུ༔ ནོར་བུ་རིན་ཆེན་རྨད་བྱུང་རྣམས༔ འབྲུ་སྣ་ཀླུ་སྨན་སྣ་ཚོགས་པ༔ དར་ཟབ་དཀར་གསུམ་མངར་གསུམ་དང༔ གདན་ཁྲི་མལ་སྟན་གོས་དང་རྒྱན༔ བཞེད་པའི་འདོད་ཡོན་རྣམ་པ་དྲུག༔ རིན་ཆེན་གཏེར་གྱི་བུམ་པ་བཟང༔ དངོས་སུ་ཇི་ལྟར་འབྱོར་པ་དང༔ ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཚོགས༔ ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཨོཾ་ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨརྒྷཾ་ནས༔ ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ བསྟོད་པ༔ ཐུབ་པའི་སྤྱན་སྔར་བསྟན་པ་བསྲུང་བ་དང༔ འགྲོ་བའི་ཕན་བདེ་སྤེལ་བའི་གཡར་དམ་ཅན༔ དམ་ལྡན་བུ་བཞིན་སྐྱོང་བའི་ཀླུ་རྒྱལ་ཚོགས༔ ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ དེ་ནས་ཀླུ་རྒྱལ་བཅུ་གཅིག་འཁོར་བཅས་ཀྱི་ཐུགས་ཀར་རང་མདོག་ཕུཿཡིག་རེ་རེ་གནས་པ་དེ་མཐར་སྔགས་ཕྲེང་མེ་ལོང་ནང་དུ་གཟུགས་བརྙན་ཤར་ལྟར་བསམ་ལ༔ ཨོཾ་ཕུཿཛྭ་ལི་ཀཱ་སྭཱ་ཧཱ༔ ཨོཾ་ཕུཿཨཱ་ནན་ཏ་སྭཱ་ཧཱ༔ ཨོཾ་ཕུཿཏཀྵ་ཀ་སྭཱ་ཧཱ༔ ཨོཾ་ཕུཿཀརྐོ་ཊ་སྭཱ་ཧཱ༔ ཨོཾ་ཕུཿཀུ་ལུ་ཀ་སྭཱ་ཧཱ༔ ཨོཾ་ཕུཿབཱ་སུ་ཀི་སྭཱ་ཧཱ༔ ཨོཾ་ཕུཿཤངྑ་པཱ་ལ་སྭཱ་ཧཱ༔ ཨོཾ་ཕུཿཔདྨ་སྭཱ་ཧཱ༔ ཨོཾ་ཕུཿམ་ཧཱ་པདྨ་སྭཱ་ཧཱ༔ ཨོཾ་ཕུཿཛ་ཡ་སྭཱ་ཧཱ༔ ཨོཾ་ཕུཿབི་ཛ་ཡ་སྭཱ་ཧཱ༔ ཨོཾ་ཕུཿསརྦ་ནཱ་ག་ནཱ་གི་ཛཿསྭཱ་ཧཱ༔ སྤྲིན་ཆེན་སྔགས་འདི་བཏགས༔ སརྦ་མ་ཧཱ་མེ་གྷ་སྭཱ་ཧཱ༔ ཞེས་བཟླ༔ དམིགས་པ་འོག་གཞི་འབྱུང་བ་རླུང་གཡོས་མེའི་དཀྱིལ་འཁོར་ཆེར་སྦར་རྒྱ་མཚོ་དྲོས༔ དེའི་རླངས་པས་ས་གཞི་དྲོད་དང་ལྡན་པར་བསྒོམ༔ རང་ཉིད་སྒྲོལ་མའི་ཐུགས་ཀའི་ཏཱཾཿལས་འོད་འཕྲོས༔ མདུན་གྱི་ཀླུ་རྒྱལ་འཁོར་བཅས་ཀྱི་ས་བོན་སྔགས་ཕྲེང་ལ་ཕོག༔ རྒྱུད་བསྐུལ་དམ་ཚིག་བརྟན་ནས་སོ་སོའི་ས་བོན་སྔགས་དང༔ ཁ་སྣ་གདེངས་ཀ་ནས་རླངས་པ་སྤྲིན་ཆེན་པོར་གྱུར༔ ནམ་མཁའི་ཁྱོན་ཁེབས་པར་བསམ་མོ༔ སྐབས་སུ་གཞུང་གི་དམིགས་པ་ཡང་སྦྱར༔ དགོང་མོ་སྤྲིན་བྱེར་ན་སྤྲིན་སྡུད་སྔགས་བཟླ༔ ཐུན་མཚམས་སུ༔ སྤྲིན་ཆེན་མདོ་བཀླག༔ དཀར་གསུམ་མངར་གསུམ་སྦྱར་བའི་གཏོར་མ་ལྷ་གྲངས་གཅིག་གིས་རུང༔ ཨོཾ་ཨ་མྲྀཏས་བསང༔ སྭ་བྷཱ་ཝས་སྦྱང༔ སྟོང་པའི་ངང་ལས་རིན་པོ་ཆེའི༔ སྣོད་དུ་གཙང་སྦྱར་གཏོར་མ་ནི༔ རྣམ་པ་དཀར་གསུམ་མངར་གསུམ་ལ༔ ངོ་བོ་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཛྭ་ལི་ཀཱ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་འབུལ༔ ཀླུ་རྒྱལ་འཁོར་བཅས་གཏོར་མ་ནི༔ བཞེས་ལ་སངས་རྒྱས་བསྟན་པ་སྲུངས༔ འགྲོ་ལ་བདེ་སྐྱིད་འབྱུང་བ་དང༔ བདག་ལ་དགྱེས་བཞིན་ལས་རྣམས་སྒྲུབས༔ ནམ་མཁའ་འདི་ལ་སྤྲིན་ཞིག་སྡུས༔ བར་སྣང་འདི་ལ་མདངས་ཤིག་ཕྱུངས༔ ས་གཞི་འདི་ལ་དྲོད་ཅིག་ཕོབ༔ ལོ་ཐོག་འབྲུ་ལ་བཅུད་ཅིག་ཕོབ༔ སད་ཀྱི་གནོད་པ་ཞི་བ་དང༔ འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད༔ འགལ་རྐྱེན་ཀུན་ལས་སྲུང་བ་དང༔ མཐུན་རྐྱེན་ཐམས་ཅད་སྒྲུབ་མཛོད་ཅིག༔ གཞི་བདག་ལ་གཏོར་མ་བསྔོ་བ་ནི་གཞན་ལྟར་རོ༔ སྐབས་སུ་བདེན་པ་བརྗོད་པ་ནི༔ ཤཱཀྱ་ཐུབ་པ་ལ་སོགས་པ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་དྲོད་ཕོབ་ཅིག༔ ཐུགས་རྗེ་ཆེན་པོ་ལ་སོགས་པ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་དྲོད་ཕོབ་ཅིག༔ ཉན་ཐོས་ཆེན་པོ་མཆོག་བརྒྱད༔ གནས་བརྟན་བཅུ་དྲུག་ལ་སོགས་པ་དགྲ་བཅོམ་པ་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་དྲོད་ཕོབ་ཅིག༔ ལྷ་ཆེན་པོ་བརྒྱད༔ ཀླུ་ཆེན་པོ་བརྒྱད༔ གཟའ་ཆེན་པོ་བརྒྱད༔ ཕྱོགས་སྐྱོང་བཅུ༔ རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་དྲོད་ཕོབ་ཅིག༔ ཅེས་དང༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐྱོང་སྲུང་མའི་བཀའ་བདེན་པ་དང༔ ཁྱད་པར་འཕགས་པ་སྤྱན་རས་གཟིགས་དང༔ འཕགས་མ་སྒྲོལ་མའི་བཀའ་བདེན་པ་དང༔ རྒྱལ་པོ་ཆེན་པོ་སྡེ་བཞི༔ ལྷ་ཆེན་པོ་བརྒྱད༔ ཀླུ་ཆེན་པོ་བརྒྱད༔ གཟའ་ཆེན་པོ་བརྒྱད༔ རྒྱུ་སྐར་ཉེར་བརྒྱད༔ ཕྱོགས་སྐྱོང་བཅུ༔ འཇིགས་བྱེད་དགུ༔ དྲེགས་པའི་སྡེ་དཔོན་རྣམས་དང༔ ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་ས་བདག་ཀླུ་གཉན་དཀར་པོའི་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་བདེན་པས་རླུང་ནོན༔ སྤྲིན་གཏིབས་ལ་ས་གཞི་ལ་དྲོད་ཕོབ༔ བ་མོ་གྲང་རེག་གི་གནོད་པ་མི་འབྱུང་ཞིང༔ ལོ་ལེགས་འབྲུ་འཕེལ་སྐྱེ་འགྲོ་བདེ་སྐྱིད་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད༔ མཐར་ཉེར་སྤྱོད་དང༔ བསྟོད་པ་གོང་ལྟར་བྱ༔ སྒྲོལ་མའི་ཚོགས་སོགས་རྗེས་ཆོག་བྱ༔ དེ་ལྟར་རབ་ཐུན་དྲུག༔ བཞི་སོགས་འབད་ན་སད་ཀྱིས་མི་ཚུགས་སོ༔ སྒྲུབ་པ་ཚར་ནས་རྗེས་མི་མངོན་པར་བྱ༔ སྨྲས་པ༔ དེང་སང་དུས་ཀྱིས་བསླད་པའི་གང་ཟག་འགས༔ ཚད་ཐུབ་རྒྱུད་དང་བླ་མའི་མན་ངག་བཞིན༔ ཉམས་སུ་མི་ལེན་བཅོས་པའི་གདོལ་ཆོས་དང༔ ཅི་དྲན་ལག་ཏུ་བཀལ་ནས་གཞན་སེམས་བསླུ༔ འདི་ནི་པདྨ་འབྱུང་གནས་བྱིན་རླབས་ཀྱི༔ མཐུས་བསྐྲུན་རྨད་བྱུང་དགོངས་གཏེར་རྩོད་མེད་དེ༔ ཉམས་སུ་བླངས་ཚེ་ཡིད་ཆེས་ངེས་ཤེས་འཆར༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་འདྲ༔ དེ་ཕྱིར་སྐལ་ལྡན་གུས་པས་དོན་གཉེར་གྱི༔ རེ་བ་བསྐང་སླད་གཞན་ཕན་བསམ་པ་ཡིས༔ ཡི་གེར་བྲིས་འདིར་ནོངས་ན་འཕགས་མར་བཤགས༔ དགེ་བས་འགྲོ་ཀུན་བྱང་ཆེན་ལ་རེག་ཤོག༔ ཅེས་དོན་གཉེར་འགས་བསྐུལ་ཀྱང་སྙོམ་ལས་ཀྱིས་གཡེང་བས། སླར་ཡང་འགྱུར་མེད་བདེ་ཆེན་ནས་བསྐུལ་ངོར་རྡོ་རྗེ་དྲག་པོས་བྲིས་པ་བཀྲ་ཤིས་དགེ་ལེགས་འཕེལ།། །། ༈ རླུང་གནོན་རྫས་ལ་རླུང་ལྷ་དཔེའུ་རིས་ལྟར་བཟོ༔ སོ་བཏང༔ ནང་དུ༔ ཨོཾ་ཡཾ་ཡཾ་བཱ་ཡུ་དེ་ཝ་ཆར་ཡ་ཆུར་ཡ་སཏྭམ་བྷ་ཡ་ནན༔ ཆར་ཡ་ནན༔ ཆུར་ཡ་ནན༔ བཱ་ཡུ་ནན་སྭཱ་ཧཱ༔ ཚག་མེད་པར་བྲི༔ མགོ་ནས་དྲིལ༔ སྙིང་ཁར་བཅུག༔ དོང་གྲུ་གསུམ་ནང་དུ་མནན༔ དེའི་ཞབས་ལིང་ག་སྤྱི་ལྟར་ལ་འགུགས་གཞུག་བྱ༔ དོང་ཁ་བཅད༔ འཇིག་རྟེན་གྱི་རླུང་ཐམས་ཅད་མནན་པར་བསམ༔ དེ་སྟེང་སཱཙྪ་བཞག༔ ཕྱག་ན་རྡོ་རྗེ་བསྒོམ་མོ༔ ཟབ། ྈ ྈྈ ྈྈྈ ྈྈྈྈ ༄༅། །དགོངས་གཏེར་སྒྲོལ་མ་དམར་མོའི་ལས་ཚོགས་རླུང་འཁོར་གྱི་ཟིན་བྲིས་དངོས་གྲུབ་མྱུར་སྩོལ་བཞུགས་སོ། །སྭསྟི། པད་འབྱུང་རྡོ་རྗེ་དྲག་པོ་དབྱེར་མེད་པ། །རང་སེམས་གདོད་ནས་ལྷུན་གྲུབ་ངེས་པ་ལ། །གསོལ་འདེབས་སྔོན་ཆད་བཀའ་རྒྱས་བཏབ་ན་ཡང་། །འགྲོ་བའི་དོན་ཆེད་ཟིན་ཐོ་གཞན་ཕན་གྱི། །ཆེད་དུ་འགོད་ལ་བཀའ་གནང་བྱིན་རླབས་སྩོལ། དེའང་དང་པོ་རྒྱ་ཤོག་འདྲ་དུག་ཤོག་མ་ཡིན་པ་གཙང་མ་ལ་རྒྱ་སྣག་གཙང་མས་བྲི་བའམ། སྤར་བཏབ་ལ། ཕྲེང་གོང་མར་རྣམ་འཇོམས་ཀྱི་ཉེ་སྙིང་དང་། ཨོཾ་བཛྲ་ཨ་མྲྀཏེ་ཧཱུྃ་ཕཊཿ བར་ཆད་བགེགས་རྣམས་ཨུ་ཙ་ཏ་ཡ་ཕཊཿ ཨོཾ་ཨ་ཀ་ནི། ནི་ཀ་ནི། ཨ་བྱི་ལ། མན་དྷ་ལེ། མཎྜ་ལེ་སྭཱ་ཧཱ། འཁོར་ལོ་འདི་བསྐོར་བ་ལ་ལོ་ཟླ་ཞག་དུས་མི་རུང་བ་དང་ཕོག་ཐུག་འགྲམ་འཁྲུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཕྲེང་གཅིག །དེ་འོག་སྒྲོལ་མའི་སྔགས་ཡི་གེ་བཅུ་པ་ཕྲེང་གང་ཤོང་བྲི། དེ་འོག་ཀླུ་ཆེན་བཅུ་གཅིག་གི་སྔགས་ལ་སྤྲིན་སྡུད་སརྦ་མ་ཧཱ་མེ་གྷ་སྭཱ་ཧཱ༔ སྦྱར་བ་དང་། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་བདེན་སྟོབས་བརྗོད་པ་ཕྲེང་གཅིག་བཅས་དག་པར་བྲི་བཀོད་བྱས་ལ་སྲོག་ཐུར་ལ་མཇུག་ནས་ཡིག་ངོ་ཕྱིར་བསྟན་དྲིལ། གཡོགས་དཀར་པོ་བྱེད་ནས་རླུང་འཁོར་དང་ཆུ་འཁོར་སོགས་གང་བདེ་ཆོག་པར་གཡས་སུ་བསྐོར་དགོས། གཟའ་སྐར་བཟང་པོར་བགེགས་བསྐྲད་དང་རབ་གནས་བྱ། གཞི་བདག་ལ་དཀར་གཏོར་སྤྱི་ལྟར་འབུལ། ཀླུ་གཏོར་དང་ཀླུ་བསང་གཏང་། སྤྲིན་ཆེན་མདོ་བཀླག །བཀྲ་ཤིས་བརྗོད་ལ་ལེགས་པར་བཙུག་པས་རང་གཞན་ཐམས་ཅད་ཕན་བདེའི་བཙས་སུ་འགྱུར་བར་ངེས། ཚུལ་འདིར་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ། །འདིར་འབྲེལ་སེམས་ཅན་འབྱུང་བཞིའི་གནོད་པ་ཞི། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པའང་རིག་འཛིན་རྗེའི་ཞལ་སློབ་གུ་རུ་མ་ཎི་ཞེས་པའི་རྒྱལ་ཁམས་པས་ཡོངས་ལ་སྨན་ཕྱིར་སྐལ་ལྡན་མོས་པ་ཅན་རྣམས་ཀྱི་ངོར་བཀོད་པ་དགེའོ། །ཤུབྷཾ།། །།
འཇམ་དཔལ་ཚེ་བདག་ནག་པོའི་ཡང་ཟློག་གི་མན་ངག་རྡོ་རྗེ་ཕ་ལམ་ (Volume 53, Text 45)
༄༅། །འཇམ་དཔལ་ཚེ་བདག་ནག་པོའི་ཡང་ཟློག་གི་མན་ངག་རྡོ་རྗེ་ཕ་ལམ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་གནམ་ལྕགས་རྡོ་རྗེའི་ལྟེར། །རུ་དྲ་གླང་རྒོད་ཆུ་གླང་ཟུང་བཞིའི་སྟེང་། །པདྨ་ཉི་ཟླ་བརྩེགས་པའི་གདན་དབུས་སུ། །ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། །བདག་ཉིད་ཚེ་བདག་ནག་པོ་སྐུ་མདོག་མཐིང་། །སྐུ་ཆེ་ཡན་ལག་རགས་པ་རི་རབ་མཉམ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྡང་མིག་བསྒྲད། །ཨག་ཚོམ་མེ་འབར་སྨིན་མ་གློག་ལྟར་འཁྱུག །ཞལ་གཅིག་ཕྱག་གཉིས་གཡས་པས་འཁོར་ལོ་ནི། །རྩིབས་བརྒྱད་རྣོ་ངར་ལྡན་པ་ནམ་མཁར་ཕྱར། །གཡོན་པས་སྡིགས་མཛུབ་དང་བཅས་ལྕགས་ཀྱུ་དང་། །ཞགས་པ་བསྣམས་ཤིང་ཧ་ཧ་ཧཱུྃ་ཧཱུྃ་སྒྲས། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ་པ་དང་། ཁམས་གསུམ་གཡོ་ཞིང་སྡེ་བརྒྱད་འབྱུང་པོ་ཀུན། །འདར་ཞིང་སྔངས་ནས་འབོག་ཅིང་བརྒྱལ་བར་བྱེད། །འཇིགས་རུང་ཆེ་བཙན་འགྲན་ཟླ་བྲལ་བར་གྱུར། །དེ་ཡི་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ལྷོ་ཕྱོགས་ཀྱི། །འོག་མིན་གནས་ནས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །སླར་ཡང་གཟི་བརྗིད་འོད་ཟེར་འབར་བར་གྱུར། །ཕྱག་གཡོན་ལྕགས་ཀྱུས་དགྲ་བགེགས་བྱད་མ་བཀུག །མདུན་དུ་སྒྱེལ་ཞིང་ལྕགས་ཀྱུས་སྙིང་ནས་བཟུང་། །ཞགས་པས་སྐེ་བཅིངས་སྡིགས་མཛུབ་ཀྱིས་བསྡིགས་པས། ཁ་འདར་ལུས་སྦྲིད་སྐྱོབ་པའི་ལྷ་དང་ཕྲལ། །རྡོ་རྗེའི་ཕྱི་རོལ་གནམ་ལྕགས་འཁོར་ལོ་དང་། །ཕྱག་གཡས་འཁོར་ལོས་མགོ་ལུས་དུམ་བུར་གཏུབས། །ཤ་ཁྲག་གཤིན་རྗེའི་ཚོགས་ཀྱིས་རྗེས་མེད་ཟོས། །ལྷག་མ་བསྐལ་མེས་བསྲེགས་ཤིང་རླུང་གིས་གཏོར། །ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ འདི་ཡི་ཡནྟྲ་ནི། དང་པོ་སྲུང་བའི་འཁོར་ལོ་ནི། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བསྐོར། ལྟེ་བར་ཆེ་གེ་མོ་ལ་སྲུངས་ཤིག །རྩིབས་བརྒྱད་ལ་སྔགས་ཚན་བརྒྱད་བཀོད།་་་ཡིག་མགོ་ཕྱིར་བལྟ། མུ་ཁྱུད་ལ་དབྱངས་གསལ་ཡེ་དྷརྨཱ་བྲི། དེ་རྒྱབ་རྡོ་རྗེའི་ར་བ་མེ་རི་གཡས་སྐོར་བྲི། དྲི་བཟང་གིས་བྱུགས་ལ་རབ་གནས་བྱ། དྲོད་དང་མ་བྲལ་བར་མགུལ་ལམ་དཔུང་གཡོན་བཏགས་ཏེ་སྐབས་སུ་འཁོར་ལོ་བསྐུལ་བར་བྱ། ཟློག་འཁོར་ནི། ལྟེ་བར་ཆེ་གེ་མོ་ཟློག་དང་། རྩིབས་བརྒྱད་ལ་སྔགས་ཚན་བརྒྱད་དང་། ཐ་མ་ལ་མེ་རི་གཡོན་སྐོར་བྲིའོ། །སྲུང་བའི་དམིགས་པ་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་གནམ་ལྕགས་རྡོ་རྗེའི་ལྟེར། །རུ་དྲ་གླང་རྒོད་ཆུ་གླང་ཟུང་བཞིའི་སྟེང་། །པདྨ་ཉི་ཟླ་སོགས་གོང་ལྟར་ནས། སླར་ཡང་གཟི་བརྗིད་འོད་ཟེར་འབར་བར་གྱུར། །བར་དང་། ཐུགས་ཀར་གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུས། །རིན་ཆེན་ལས་གྲུབ་འོད་འབར་མཆོད་རྟེན་གྱི། །བུམ་ནང་ཉི་ཟླ་ཁ་སྦྱོར་ནང་དུ་ཧཱུྃ། །ཐ་མར་སྔགས་ཕྲེང་ཨཱ་ལི་ཀཱ་ལིས་བསྐོར། །ཧཱུྃ་མཐིང་ནང་དུ་བསྲུང་བྱ་མཐའ་དག་སྦ། །རྩིབས་སྟེང་འཇམ་དཔལ་དབྱངས་་་ཞི་བ་དམར་སེར་རལ་པོད་ཅན།བཞིས་ནང་གཟིགས་སྲུང་། སྲུང་སྔགས་བཟླའོ། ༈ །ཟློག་པ་དང་གསད་པའི་སྐབས། རྩིབས་བཞིར་འཇམ་དཔལ་དམར་ནག་རལ་གྲི་དང་། །ཞགས་འཛིན་དུར་ཁྲོད་ཆས་གསོལ་དོར་སྟབས་བཞུགས། །ཞལ་ཕྱིར་གཟིགས་ཏེ་ཟློག་པའི་ལས་མཛད་གྱུར། །ཟློག་གསད་ཀྱི་བཅས་ནི། དུག་ཤོག་ལ་ལིངྒ་དབང་པོ་ཚང་བའི་དཔྲལ་བར་རུས། སྙིང་གར་མིང་། ལྟེ་བར་བླ་དྭགས་རྣམས་དམོད་ཤམ་ཅན་དུ་བྲི། ཕྱི་ནས་ཟློག་སྔགས་ཀྱིས་གཡོན་དུ་བསྐོར། ཛ་ཁྲམ་ཉེར་གཅིག་བྲི། སྟེགས་བུ་ཁྲུ་གང་བར་མར་ལ་བྲུབ་ཁུང་གྲུ་གསུམ་ནག་པོ་བྲུས་པའི་ནང་དུ་བཅུག །རྩང་གིས་བསྐོར། དེའི་སྟེང་ལྕགས་སྣོད་དུ་འབྲུའི་ངར་ཕྱེ་གསོན་ཁྲག་གིས་སྦྲུས་པར་དམར་གཏོར་བཅས་ལ་རྩང་མཚེ་ཡུངས་ཀྱིས་བརྒྱན། དེ་ལ་ལིངྒ་པྲ་ཚིལ་གྱི་རཱུ་པ་ཅན་སྤྱི་གཙུག་ཏུ་བཙུག །སཱཙྪ་དཀར་ནག་གི་འཕྲུལ་འཁོར་ཀྱང་འགྲུབ་ན་ལེགས། ཐུན་རྫས་སོགས་འདུ་བྱས་ལ། ཕྱག་གཡོན་ལྕགས་ཀྱུས་དགྲ་བགེགས་བྱད་མ་བཀུག །མདུན་དུ་སྒྱེལ་ཞིང་ལྕགས་ཀྱུས་སྙིང་ནས་བཟུང་། །ཞགས་པས་སྐེ་བཅིངས་སྡིགས་མཛུབ་ཀྱིས་བསྡིགས་པས། ཁ་འདར་ལུས་སྦྲིད་སྐྱོབ་པའི་ལྷ་དང་ཕྲལ། །ལིངྒར་ཐིམ་པས་དགྲ་བོ་དངོས་སུ་གྱུར། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ༴ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་ཚེ་བདག་ནག་པོའི་བཀའ༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས༔ དགྲ་བོ་བྱད་མ་ལྷ་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་གར་ཡོད་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ཅེས་བཟླ་འོ། །དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས། ལིང་ཤག །ལིང་ཐུམས་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་བཟླ་འོ། །རྡོ་རྗེའི་ཕྱི་རོལ་གནམ་ལྕགས་འཁོར་ལོ་དང་། །ཕྱག་གཡས་འཁོར་ལོས་མགོ་ལུས་དུམ་བུར་གཏུབས། །ཤ་ཁྲག་གཤིན་རྗེའི་ཚོགས་ཀྱིས་རྗེས་མེད་ཟོས། །ལྷག་མ་བསྐལ་མེས་བསྲེགས་ཤིང་རླུང་གིས་གཏོར། །ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོཿསོགས་ཡིག་འབྲུ་སོ་དྲུག་པ་འདོན། དེ་ཡང་རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ ཞེས་པ་དག་གོ །ལག་གཉིས་གནམ་སའི་བར་དུ་དགྲ་བོ་བཅར། །ལུས་སེམས་སྟོབས་ནུས་རྨེག་མེད་བརླག་པར་གྱུར། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་གི་བཀའ༴ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་དུ་དཔལ་ཚེ་བདག་ནག་པོའི་བཀའ༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ནུས་པ་ལ་བརྟེན་ནས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ༔ ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་རྨིས་ལྟས༔ རྦོད་གཏོང་རྦད་འདྲེ༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློགས་ཤིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་ཐུངས་ཤིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཀྱང་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག༔ བྷྱོ་བྷྱོཿ བརྒྱ་ཕྲག་རེ་སོང་ནས་ཐལ་རྡེབ་ལན་གསུམ་རེ་བྱ། ཐུན་མཚམས་སུ་མཐར་སྒྲུབ་གཏོར་དགྲ་ཕྱོགས་སུ་འཕང་སྟེ། བྷྱོ༔ གཤིན་རྗེ་གཤེད་པོ་འཁོར་བཅས་ཀྱིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློགས༔ བྱད་ཟོར་ཕུར་ཁ་སྟོན་པ་ཟློགས༔ ལྷ་འདྲེའི་ཟ་ཁ་ཟུག་པ༴ རྒྱལ་པོ་ལོ་ཡི་བདུན་ཟུར༴ བློན་པོ་ཟླ་བའི་དབང་བཙན༴ དམག་མི་ཞག་གི་དཔུང་དགྲ༴ མཚོན་ཆ་དུས་ཀྱི་རྣོ་ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ སྨེ་བ་དུར་དུ་ཚུད་པ༴ ས་བདག་ཀོ་ལོང་གདུག་རྩུབ༴ ཧོམ་དང་བྱད་དུ་བཅུག་པ༴ དགྲ་ཆེན་བདུད་དུ་ལངས་པ༴ ལྟས་ངན་གློ་བུར་ཡེ་འདྲོག༴ མི་ཁ་བྲ་མཆུ་ཐམས་ཅད༴ ཆག་ཆེ་ཉམ་ང་ཐམས་ཅད༴ སྔོན་སྒུག་ཕྱི་ནས་འདེད་པ༴ དགྲ་སྣ་ཕུང་སྣ་གྱོད་སྣ༴ ནད་སྣ་རིམས་སྣ་ཡམས་སྣ༴ དགྲ་སྲི་རྨིས་ངན་ཐམས་ཅད༴ ཆེ་སྲི་ཆུང་སྲི་རྒན་སྲི༴ གཞོན་སྲི་དར་སྲི་དུར་སྲི༴ མདོར་ན་སྲིད་པའི་ཆག་སྒོ་དང༔ བདག་ལ་སྡང་བའི་དགྲ་བགེགས་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོ༔ བྷྱོ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ རིམ་པ་བདུན་གྱི་ས་འོག་ནས༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས༔ ཁྲི་དང་དྲུག་སྟོང་འཁོར་དང་བཅས༔ རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད༔ ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད༔ ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ༔ ཕྱག་ན་ཟློག་པའི་ཀོང་ཟོར་ཐོགས༔ རང་རྟགས་མཚོན་ཆ་མེ་ལྟར་འབར༔ སྔོན་ནས་བྱད་ཟོར་ཟློག་པའི་ལྷ༔ དམར་ཆེན་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་དཔུང་ལ་ཆོས༔ དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད༔ ཡ་མ་རཱ་ཛ་དགྲ་བོའི་སྙིང་ལ་བྷྱོ་བྷྱོ༔ ཞེས་པས་ཟློག་ཅིང་བསྐུལ་ལོ། །ཉིན་ཐ་མ་ལ་བྲུབ་ཁུང་གི་ལིངྒ་དང་གཏོར་མའི་རྩེའི་རཱུ་པ་ལ་ཐུན་གྱིས་བྲབ་ཅིང་མཚོན་ཆས་གཏུབས་ལ་བསྒྲལ་ཏེ་བྲུབ་ཁུང་དུ་ཚེར་མའི་མེ་སྦར་ལ་དུག་ཁྲག་གིས་བྲན་ནས། སྐད་ཅིག་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །རུ་དྲ་གླང་རྒོད་ཆུ་གླང་ཟུང་བཞིའི་སྟེང་། །པདྨ་ཉི་ཟླ་སོགས་གོང་ལྟར་ནས། སླར་ཡང་གཟི་བརྗིད་འོད་ཟེར་འབར་བར་གྱུར། །བར་དང་། དགྲ་བོ་བྱད་མ་ལྷ་དང་བཅས་པ་ཀུན། །མེ་དཔུང་འབར་བའི་ཞལ་དུ་བསྟབ་པར་གྱུར། །སྔགས་ཀྱི་མཐར། ཀཱི་ལ་ཡ་བྷྱོ༔ དགྲ་བགེགས་བྱད་མ་མཱ་ར་ཡ་ཛྭ་ལ་རཾ། ཞེས་པས་ལིང་རོ་མེ་ཧོམ་དུ་བརྒྱ་རྩ་བརྒྱད་དུ་ཕུལ་ནས་མཐར། ཨོཾ་བཛྲ་མུཿ ཞེས་པས་ལྷ་གཤེགས་ནས་ཐལ་བ་མནན་དོང་དུ་བཅུག་ལ། ཨེ། རང་ཉིད་དཔལ་ཆེན་གཤིན་རྗེའི་གཤེད་པོ་ཡི། །ཕྱག་གཡས་རལ་གྲི་བརྒྱབས་པས་ས་གཞི་གས། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཨ་ཝ་གླང་གི་མགོ །གནམ་ས་ཙམ་གྱི་ཞལ་གདངས་འོ་དོད་འབོད། །དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་རྣམས། །ཐམས་ཅད་དེད་ནས་ལས་གཤིན་ཞལ་དུ་བླུག །བྷྱོ༔ ཉི་མ་ལྷོ་ཕྱོགས་སོགས་གོང་ལྟར་ནས། སྙིང་ལ་བྷྱོ་བྷྱོ༔ བར་དང་། གཏོར་མ་དགྲ་བོ་ཉིད་དང་དབྱེར་མེད་པ། །ལས་གཤིན་ཞལ་དུ་འཕངས་པས་རབ་ཏུ་མཉེས། ཁ་བསྡམས་འོག་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །དེ་སྟེང་རྒྱ་མཚོ་གསེར་གྱི་ས་གཞི་ཆགས། །དེ་སྟེང་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །རི་རབ་སྟེང་དུ་འཇམ་དཔལ་ལྷ་ཚོགས་དང་། །གླིང་བཞིར་རྒྱལ་ཆེན་བཞི་པོ་དཔུང་དང་བཅས། །སྣང་སྲིད་སྡེ་བརྒྱད་ཀུན་གྱིས་མནན་པར་གྱུར། །སྔགས་མཇུག་ཏུ། གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དགྲ་བོ་ས་ཡི་ཁམས་སུཾ་ནན༔ མེའི་ཁམས་རཾ་ནན༔ ཆུའི་ཁམས་བཾ་ནན༔ རླུང་གི་ཁམས་ཡཾ་ནན༔ ནམ་མཁའི་ཁམས་ཨེ་ནན༔ རྣམ་པར་ཤེས་པའི་ཁམས་སཏྭཾ་བྷ་ཡ་ནན༔ ཞེས་བཟླས་ཐུན་གཏོར་འཕང་། གནན་པའི་ལས་རྣམས་བྱ་འོ། །དེ་ལྟ་བུའི་ཡང་ཟློག་གི་མན་ངག་འདིས་ནི་གཞན་གྱིས་བྱས་པའི་ངན་བྱད་རྣམས་ཟློག་ཅིང་། རང་ཉིད་ཀྱིས་བརྩམས་པའི་འཕྲུལ་འཁོར་དང་གནན་སྲེག་གི་སྦྱོར་བ་རྣམས་ཀྱང་ཚུར་ལ་མི་ལྡོག་པའི་ཡང་ཟློག་སྟེ། རཏ་གླིང་དང་། འཇའ་ཚོན་དང་། བདེ་ཆེན་གླིང་པའི་གཏེར་ཁ་གསུམ་ཚིག་དོན་ཞུས་དག་ཕེར་བར་བཞུགས་པ་ལས། འདི་རྣམ་སྣང་ལོ་ཙཱའི་སྒྱུ་འཕྲུལ་གཏེར་སྟོན་ཆེན་པོ་པདྨ་བདེ་ཆེན་གླིང་པའམ་ཧཱུྃ་ནག་བདེ་གཤེགས་སྙིང་པོ་རྩལ་གྱི་ཟབ་གཏེར་ལས་བྱོན་པ་ལྟར་རིག་པ་འཛིན་པ་རྡོ་རྗེ་ཚེ་དབང་ནོར་བུ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ལྗགས་སྒྲིག་གི་འདོན་ཆ་ལ། གཏེར་གཞུང་གི་མན་ངག་རྣམས་འཁོར་ལོའི་མགོན་པོ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་ལུང་ལྟར་རྒྱལ་ཁམས་པ་ཚེ་དབང་ཀུན་ཁྱབ་ཀྱི་རེག་ཟིག་སྟེ་ཛ་ཡནྟུ། མངྒ་ལཾ།། །།
གུ་རུའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་གསལ་བྱེད་ཟིན་བྲིས་དོན་གསལ་ཉི་མ་ (Volume 9, Text 45)
༄༅། །གུ་རུའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བསམ་པ་ལྷུན་གྲུབ་མའི་གསལ་བྱེད་ཟིན་བྲིས་དོན་གསལ་ཉི་མ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི། ཕྱོགས་དུས་སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །སྤྱི་གཟུགས་སྐྱབས་གསུམ་ངོ་བོ་བཀའ་དྲིན་ཅན། །དྲན་མཆོག་མགོན་པོ་ཚེ་དབང་ནོར་བུའི་ཞབས། །བྱང་ཆུབ་བར་གྱི་གཙུག་ཏོར་རྒྱན་དུ་མཆོད། །མཆོག་ཁྱེད་པད་འབྱུང་དངོས་དང་མི་གཉིས་ཀྱང་། །གདུལ་བྱའི་མོས་ངོར་སྒྲིབ་བྲལ་དགོངས་པའི་མཚོར། །བྱིན་རླབས་ཟླ་གཟུགས་གསལ་བའི་ཡིད་བཞིན་གཏེར། །རྨད་བྱུང་ཟབ་ལམ་གདམས་མཆོག་འགྲོ་བའི་དཔལ། །གང་འདིར་ཟབ་བརླིང་དཔག་དཀའི་དོན། །མ་ནོར་གོ་སླ་དགོངས་འགྲེལ་ཚུལ། །རགས་རིམ་དམ་པའི་གསུང་གི་བཅུད། །ཟིན་ཐོ་ཅུང་ཟད་འདིར་བཀོད་བྱ། །འདིར་གུ་རུའི་གསོལ་འདེབས་ཀྱི་སྒྲུབ་ཐབས་བསྐྱེད་རྫོགས་ཀྱི་ཟབ་ལམ་ངོ་མཚར་རྨད་དུ་བྱུང་བ་འདི་འཆད་པ་ལ་སྤྱི་དོན་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྔོན་འགྲོ་བསྟན་པ་དང་། རྩ་བ་དང་ཡན་ལག་གི་སྒྲུབ་ཐབས་དངོས་བཤད་པ་དང་། གདམས་པའི་རྒྱུ་མཚན་ཆེ་བརྗོད་སྨོན་ལམ་དང་བཅས་པའོ། །དང་པོ་ལ་གསུམ། མཆོད་པར་བརྗོད་པ་དང་། རྩ་བའི་གཞུང་དང་བཅས་པའི་མན་ངག་བཤད་པར་དམ་བཅའ་བ། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའོ། །དང་པོ་གཉིས་གོ་སླ། གསུམ་པ་ནི། དེ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན༔ ཞེས་སོགས་ཤློ་ཀ་གཅིག་གི་དོན་བཤད་པ་ལ། ཟབ་མོའི་ལམ་སྒྲུབ་པ་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་དགོས་པས། འཆད་པ་པོ་སློབ་དཔོན་ནི་བྱིན་རླབས་བརྒྱུད་པར་ལྡན་པ་སྟོན་པ་ཕུན་ཚོགས་དང་། ཉན་པ་པོ་སློབ་མ་དམ་ཚིག་དང་དད་གུས་ལྡན་ན་འཁོར་ཕུན་ཚོགས་ཏེ། དེ་ལྟར་སྣོད་བཅུད་མཚན་ཉིད་དང་ལྡན་པ་འཛོམ་ན་དུས་ཕུན་ཚོགས་ཡིན་པས་ཆོས་ཕུན་སུམ་ཚོགས་པ་ཤུགས་ལས་འགྲུབ། གནས་ནི་ཡིད་དུ་འོང་ཞིང་སྣོད་མིན་དང་ཉེར་འཚེ་མེད་པའི་དབེན་གནས་སུ་བློ་སྦྱོང་ཕྱག་རྒྱ་བཞིའམ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཞེས་བྱ་བས་ཁོག་ཕུབ་སྟེ། འདི་ལྟར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་འཇིག་པའི་ཆོས་ཅན་མི་རྟག་པར་ལྟ་བ་དང་། འཁོར་བའི་བདེ་འབྱོར་སོགས་གནས་སྐབས་ཐམས་ཅད་ནི་ཟག་པ་དང་བཅས་པ་སྟེ། སྡུག་བསྔལ་དུ་ཤེས་པར་བྱས་ཏེ་འཁོར་བ་ལས་ཡིད་དབྱུང་། ཆོས་ཐམས་ཅད་ནི་བདག་མེད་པ་དང་། ཞི་བ་མྱ་ངན་ལས་འདས་པ་ཉེ་བར་ཞི་བའི་ཐར་པ་དོན་གཉེར་གྱི་བློས་ཀུན་ནས་བསླངས་ཏེ་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་དྲན་པས་རྒྱུད་བསྐུལ། ལས་འབྲས་བསླུ་མེད་དང་འཁོར་བའི་ཉེས་དམིགས་བསམས་ཏེ་འཁོར་བ་ལ་བློ་ལྡོག །ཐར་པའི་ཕན་ཡོན་དང་དཀོན་མཆོག་གི་ཡོན་ཏན་དྲན་པས་སྤྲོ་བ་དང་དད་པ་བསྐྱེད་དེ་སྐྱབས་འགྲོ་སེམས་བསྐྱེད། ཕྱག་མཆོད། བཤགས་སྡོམ། གསུང་རབ་བཀླག་པ། སཱཙྪ་འདེབས་པ། སྲོག་བསླུ། སྦྱིན་གཏོང་སོགས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་གསག་པ་དང་། སྡིག་པ་སྦྱོང་བའི་ཐབས་ལ་འབད་རྩོལ་སྔོན་དུ་འགྲོ་བས་རང་རྒྱུད་དག་པར་བྱས་ལ་གསང་བ་ཟབ་མོའི་སྣོད་དུ་རུང་བར་བྱ་བའི་ཕྱིར། འདི་ཉིད་ཀྱི་རྩ་བའི་དབང་ཐོབ་ན་མཆོག །དེ་མིན་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་བཞི་རྫོགས་པར་ཐོབ་པའམ། གུ་རུ་གསང་བ་འདུས་པ་ལྟ་བུའི་དབང་གིས་སྨིན་པར་བྱ་བ་རྣམས་སོ། །སྤྱི་དོན་གཉིས་པ་སྒྲུབ་ཐབས་དངོས་བཤད་པ་ལ་སྤྱི་སྒྲུབ་དང་། ཡན་ལག་གཉིས་ཀྱི། དང་པོ་ནི། དེ་ནས་དངོས་གཞི་རྩ་བའི་སྒྲུབ་པ་ལ༔ ཞེས་སོགས་ཤློ་ཀ་བརྒྱད་ཀྱིས་བསྟན་པའི་རྩ་བའི་སྒྲུབ་ཐབས་ཀུན་འདུས་ནོར་བུ་ལུགས་སུ་སྒྲུབ་པ་ལ་སྡོམ་ནི། ཚོགས་ཞིང་གསལ་བཏབ་སྐྱབས་སེམས་དང་། །ཡན་ལག་བཅུ་ཕུལ་ཡེ་ཚོགས་གསག །སྲུང་འཁོར་དྲུག་བསྒོམ་སྔོན་འགྲོའི་སྡོམ། །ཞེས་ས་བཅད་དྲུག་གི་དང་པོ་ཚོགས་ཞིང་གསལ་གདབ་པ་ནི། སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་འདུག་ནས། རང་གི་མདུན་གྱི་ནམ་མཁར་པདྨ་ཉི་ཟླའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་གུ་རུ་པདྨ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་ཏེ་བཞུགས་པར་བསམས་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ཁྱེད་ཤེས་ཀྱི་དད་པས་རེ་ལྟོས་ལིང་བསྐྱུར་གྱིས་ངག་ཏུ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་བརྒྱ་སྟོང་སོགས་ཅི་མང་བྱ། གསུམ་པ་སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཕ་དང་མའི་རང་བཞིན་དྲིན་ཅན་འདི་རྣམས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་ལོངས་སྤྱོད་ཅིང་རྟག་ཏུ་འཁོར་བར་འཁྱམས་པ་སྙིང་རེ་རྗེ། མ་རྣམས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ནམ་ཡོང་ན་སྙམ་དུ་སྨོན་པ་སེམས་བསྐྱེད། མ་རྣམས་བྱང་ཆུབ་ཐོབ་ཕྱིར་བདག་གི་སྒོ་གསུམ་དགེ་བ་ལ་བཀོལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ། དེའི་ཆེད་དུ་གུ་རུའི་སྒྲུབ་པ་ཉམས་སུ་ལེན་པར་བྱའོ་སྙམ་པས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཞེས་སྙིང་ཐག་པས་བྱ་སྟེ་འཇུག་པ་སེམས་བསྐྱེད་དང་བདེ་སྡུག་གི་གཏོང་ལེན་ཡང་ཅི་ནུས་བྱའོ། །བཞི་པ་ཡན་ལག་བཅུ་འབུལ་བ་ནི། རང་བཞིན་གནས་ནས་བླ་མ་ཡི་དམ་སྐྱབས་གནས་མཆོད་ཡུལ་ཐམས་ཅད་སྤྱན་དྲངས་པར་མོས་པ་སོགས་ཚིག་གི་དོན་དྲན་པས། ན་མོ། བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །འཁོར་འདས་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་ཡང་ཡང་བྱ་སྟེ། སྤྱན་འདྲེན་བཞུགས་གསོལ་ཡན་ལག་བདུན་མཐར་སྨོན་ལམ་སྟེ་ཡན་ལག་བཅུ་པ་འབུལ་བ་ཚོགས་གསོག་གི་མཆོག་ཡིན་ལ། སྤྲོ་ན་སྐུ་གསུམ་གྱི་མཎྜལ་ཡང་འབུལ་ལོ། །མཐར་ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་བསྔོ་བ་བྱ། ཞར་བྱུང་དུ་རྡོར་སེམས་ཡིག་བརྒྱའི་སྒོམ་བཟླས་བྱ་སྟེ། རྡོ་རྗེ་སེམས་དཔའ་རང་གི་སྤྱི་གཙུག་ཏུ་བསྒོམས་ནས་སྟོབས་བཞི་ཚང་བས་བཤགས་པའི་ཚུལ་དུ་བཟླ་བ་བྱ་རྒྱུད། སྙིང་ག་ལ་སོགས་པར་བསྒོམ་པ་སྤྱོད་རྒྱུད། རང་ལུས་རྡོར་སེམས་སུ་བསྒོམ་པ་རྣལ་འབྱོར། སྣང་གྲགས་ལྷ་སྔགས་སུ་གསལ་བའི་ངང་ནས་བཟླ་བ་བླ་མེད་ཀྱི་ཚུལ་བཞི་པོ་གང་ལྟར་བསྒོམ་ཡང་ཆོག་གསུང་ངོ་། །ལྔ་པ་ཡེ་ཤེས་ཀྱི་ཚོགས་གསག་པ་ནི། ཚོགས་ཞིང་རང་ལ་བསྟིམས་རྗེས། ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཡང་དག་པའི་དོན་གྱི་གནས་ལུགས་བསྒོམ་པ་ཡིན། དེ་ཡང་ཕྱི་གཟུང་བའི་ཡུལ་གྱི་སྣང་བ་བེམ་པོ་རྣམས་དང་སེམས་ཅན་སོགས་ལ་འདི་ནི་འདིའོ་ཞེས་ནང་འཛིན་པའི་སེམས་རྣམ་རྟོག་གིས་སྣང་བ་གང་ལ་ཡང་བཟང་ངན་སོགས་ཀྱི་རྩིས་གདབ་མེད་པར་ཤེས་པ་ཁོང་གློད་ཅིང་དོན་དེ་ཡང་ཡང་བསྐྱར་བ་རྩ་བ་དང་། ཕྲ་མོའི་རྟོག་དཔྱོད་ཀྱི་རྣམ་རྟོག་ཐམས་ཅད་ནི་ཡན་ལག་སྟེ་མདོར་ན་ཕྲ་རགས་ཀྱི་རྣམ་རྟོག་གང་ཤར་ཐམས་ཅད་ལ་ང་བདག་ཏུ་འཛིན་པ་མེད་པར་སྟོང་པ་ཉིད་དུ་སྦྱོང་བ་སྟེ། སྣང་ཡུལ་དང་འཛིན་སེམས་གང་ལ་ཡང་དེར་འཛིན་མ་ཞུགས་པ་དེ་ཀ་སྦྱོང་བའི་དོན་ཡིན་པས་གང་ཤར་ལ་རྟོག་དཔྱོད་ཀྱི་བློ་དང་བྲལ་བའི་ངང་ལ་མཉམ་པར་གཞག་གོ །དྲུག་པ་སྲུང་འཁོར་བསྒོམ་པ་ནི། རྣམ་གྲངས་དྲུག་སྟེ། རང་ཉིད་གང་དུ་ཡོད་པའི་གནས་དེའི་འོག་གཞི་རྡོ་རྗེ་རྩེ་དགུ་རྒྱ་གྲམ་དུ་ཡོད་པའི་རྭ་རྩེ་རྣམས་གྱེན་དུ་ལངས་ཤིང་། སྟེང་ནས་རྡོ་རྗེའི་གུར་རྒྱ་གྲམ་གྱི་རྭ་རྩེ་རྣམས་ཐུར་དུ་འཕྱང་བ། ཕྱོགས་མཚམས་ཐམས་ཅད་དུ་བསྣོལ་ཏེ་དྲྭ་མིག་ལྟ་བུའི་བར་གསེང་རྣམས་སུ་ཟློག་པའི་ལས་མཛད་པའི་ཁྲོ་བོ་མང་པོ་ཞལ་ཕྱིར་གཟིགས་ཤིང་། སྲུང་བའི་ལས་མཛད་པའི་ཁྲོ་བོ་མང་པོ་ཞལ་ནང་གཟིགས་སུ་ཡོད་པར་བསམས་ཏེ་སྐུའི་སྲུང་འཁོར། དེའི་ཕྱི་རོལ་དུ་རྡོ་རྗེ་རལ་གྲི་གྲི་གུག་དགྲ་སཏྭ་ཁ་ཊྭཱཾ་ཕུར་བུ་མདའ་མདུང་སོགས་མཚོན་ཆའི་གུར་རྩེ་མོ་ཕྱིར་གཟིངས་པའི་ཕྱི་ནས་མེ་རི་མེ་དཔུང་གཅུས་ཐབས་སུ་འུར་འུར་འབར་བའི་རྩེ་དང་། ཁྲོ་བོ་རྣམས་ཀྱི་ཞལ་ནས་ཀྱང་ཧཱུྃ་དང་ཕཊ་གྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་གྱི་སྔགས་ཀྱི་སྒྲར་བསྒོམ་པ་གསུང་གི་སྲུང་འཁོར། རྡོ་རྗེའི་གུར་ཁང་དེ་རྐྱེན་གང་གིས་ཀྱང་བཤིག་པར་མི་ནུས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་སྟེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཕར་ཐམས་ཅད་དུ་ཐོགས་པ་མེད་པ། ཚུར་གང་གིས་ཀྱང་མི་ཚུགས་པས་མ་ཕམ་པའི་དོན་བསམས་ཏེ་ཐུགས་ཀྱི་སྲུང་འཁོར། གུར་ཁང་གི་ནང་དུ་ཡང་འོད་ལྔའི་ཐིག་ལེ་ཐིག་ཕྲན་ནམ། རིན་པོ་ཆེའི་གཞལ་ཡས་ཁང་ངམ། པདྨའི་གུར་ཁང་གང་མོས་ཤིག་བསྒོམ་པ་ཡོན་ཏན་གྱི་སྲུང་འཁོར། དེ་ཐམས་ཅད་ཀྱི་ཕྱི་རོལ་དུ་བསྐལ་པའི་མེ་དཔུང་གི་གུར། དེའི་ཕྱི་རོལ་དུ་རླུང་སྤུ་གྲི་རེག་གཅོད་ཀྱི་གུར། དེའི་ཕྱི་རོལ་དུ་ཆུའི་གུར་ཏེ་འབྱུང་བའི་རང་བཞིན་ཕྲིན་ལས་ཀྱི་སྲུང་འཁོར། དེ་ལྟར་སེམས་སྣང་དུ་བསྒོམ་པའི་སྲུང་འཁོར་རྣམས་དང་། གནོད་བྱེད་ཀྱི་དགྲ་གདོན་སོགས་དོན་དམ་གྱི་གཤིས་སུ་གང་ཡང་མ་གྲུབ་ལ་ཀུན་རྫོབ་ཏུ་སྣང་བ་དེ་ཡང་མ་འགག་པའི་ངོ་བོ་ཡེ་ཤེས་ཀྱི་རང་སྣང་ཡོད་མེད་རྟག་ཆད་དང་བྲལ་བ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ལ་མཉམ་པར་བཞག་སྟེ་དོན་དམ་པ་ཡེ་ཤེས་ཀྱི་སྲུང་འཁོར་རོ། །སྒྲུབ་པ་དངོས་ལ་སྡོམ་ནི། །རྟེན་བསྐྱེད་སྤྱན་འདྲེན་དབང་རྒྱས་བཏབ། །ཕྱག་མཆོད་བསྟོད་པ་གསོལ་འདེབས་དང་། །དབང་ལེན་འཛབ་བཟླས་རྗེས་སྡུད་དང་། །རྫོགས་རིམ་བཅུ་གཅིག་དངོས་གཞིའི་སྡོམ། །ཞེས་ས་བཅད་བཅུ་གཅིག་གི་དང་པོ་གསོལ་འདེབས་ཀྱི་རྟེན་བསྐྱེད་པ་ལ། སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རང་ལུས་འདི་ཡི་དམ་གདན་གསུམ་ཚང་བའི་དོན་དྲན་པར་བྱས་ཏེ། གདན་ཞེས་པ་སྒྱུ་མའི་ལུས་ཀྱི་རྟེན་ལ་ཀུན་གཞི་བདེ་བར་གཤེགས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་བརྟེན་པའི་ཚུལ་དུ་གནས་པས་ན་གདན་ཞེས་བྱ། གསུམ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདན། རིག་མ་དང་ལྷ་མོའི་གདན། ཁྲོ་བོ་དང་ཁྲོ་མོའི་གདན་ཞེས་པ། བདག་གི་གཟུགས་སོགས་ཕུང་པོ་ལྔ་ནི་སངས་རྒྱས་ལྔ། མིག་གི་རྣམ་ཤེས་སོགས་ཚོགས་བརྒྱད་སེམས་དཔའ་བརྒྱད་དེ་སངས་རྒྱས་བྱང་སེམས་ཀྱི་གདན། ས་སོགས་འབྱུང་བ་ལྔ་ནི་ཡུམ་ལྔ། གཟུགས་སོགས་ཡུལ་བརྒྱད་སེམས་མ་བརྒྱད་དེ་རིག་མ་དང་ལྷ་མོའི་གདན། ཚིགས་ཆེན་བཅུ་ནི་ཁྲོ་བོ་བཅུ། ཡུལ་བཅུ་ནི་ཁྲོ་མོ་བཅུ་སྟེ་ཁྲོ་བོ་ཁྲོ་མོའི་གདན་ནོ། །དེ་ལྟར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་རང་བཞིན་དུ་གདོད་ནས་གནས་པའི་མོས་པ་ཙམ་ལས་སྐུ་མདོག་ཕྱག་མཚན་དང་བཅས་པའི་ལྷར་བསྒོམ་མི་དགོས་གསུངས། དེ་ལྟར་མོས་པའི་སྤྱི་བོའི་གཙུག་གམ་མདུན་གྱི་ནམ་མཁའ་གང་མོས་སུ་བདུད་རྩིའི་རྒྱ་མཚོ་སྔོ་ཞིང་དྭངས་པ་རྒྱ་ཁྱོན་གཏིང་མཐའ་འབྱམས་ཀླས་པའི་ཀློང་ནས་ཐོན་པའི་པདྨའི་སྡོང་པོ་འདབ་མ་འབུམ་དང་ལྡན་པ། ཡལ་ག་དང་ལོ་འབྲས་ཕུན་སུམ་ཚོགས་ཤིང་གེ་སར་མངོན་པར་མཐོ་བའི་སྟེང་དུ་ཉི་མ། དེའི་སྟེང་དུ་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་ཡིད་ཙམ་ཁྲོས་པའི་རྣམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་ཤིང་གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པའི་གྲུ་མོ་ན་ཁ་ཊྭཱཾ་ག་རྩེ་གསུམ་བརྟེན་པ། དབུ་ལ་ཤེའུའི་སྙན་ཞུ་པད་འདབ་ཅན་རྩེ་མོར་རྡོ་རྗེ་རྩེ་ལྔ་དང་རྨ་བྱའི་མདོངས་རྒོད་ཀྱི་ཐེལ་ཆུང་གིས་བརྒྱན་ཅིང་། མེ་ལོང་དང་གསེར་གྱི་ཉི་ཟླ་དར་གྱི་ཅོད་པན་གྱིས་སྤྲས་པ་གསོལ་ཞིང་། སྐུ་ལ་མདོ་དང་མཐུན་པའི་ཆ་ལུགས་ཆོས་གོས་དམར་པོ་གསེར་གྱི་རི་མོ་ཅན་དང་། སྔགས་ཀྱི་ཆ་ལུགས་ན་བཟའ་ཕོད་ཁ་མཐིང་ག་དང་གསང་གོས། འཁོར་ལོས་སྒྱུར་རྒྱལ་གྱི་ཆ་ལུགས་ཟབ་ཆེན་གྱི་བེར་སྨུག་གསེར་གྱི་ཧ་རིས་ཅན་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་ཆ་ཤས་རེ་རེར་ཡང་བསྐལ་པར་བལྟས་ཀྱང་ཆོག་མི་ཤེས་ཤིང་མི་ངོམས་པའི་མཚན་དཔེ་མཆོག་ཏུ་རྒྱས་པའི་གཟི་བརྗིད་ཉི་མ་འབུམ་དང་མཚུངས་ཤིང་། མཐོང་ཐོས་དྲན་པ་ཙམ་གྱིས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་ནུས་པ་ཞིག་ཏུ་བྱིན་ཐིབས་སེ་བཞུགས་པར་གསལ་གདབ། གཉིས་པ་ཡེ་ཤེས་པ་སྤྱན་འདྲེན་པ་ནི། གུ་རུའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསྒོམས་པའི་ཧཱུྃ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས། ཐུགས་རྗེའི་དྭངས་མ་གུ་རུ་པདྨ་འབྱུང་གནས་སྤྱན་དྲངས། གཞན་ཡང་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གུ་རུ་པདྨའི་རྣམ་པར་བྱོན་པར་བསམ་ཞིང་། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ ཞེས་སོགས་ཚིག་བདུན་གསོལ་འདེབས་ཅི་རིགས་པ་བརྗོད་ཅིང་སྤྱན་དྲངས། དམ་ཚིག་པ་ལ་ཐིམ་པས་དམ་ཡེ་དབྱེར་མེད་རོ་མཉམ་དུ་བཞུགས་པར་བསམ། གསུམ་པ་དབང་བསྐུར་རྒྱས་གདབ་ནི། ཡང་ཐུགས་ཀ་ནས་འོད་འཕྲོས་རང་བཞིན་གྱི་གནས་ནས་དབང་གི་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་གུ་རུའི་སྐུ་ལ་བུམ་ཆུས་ཁྲུས་གསོལ་ཞིང་དབང་བསྐུར་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ་མོ། །བཞི་པ་ཕྱག་འཚལ་བ་ནི། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བར་མོས་ནས། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཞེས་སོགས་ཕྱག་དངོས་སུ་གྲུབ་ནའང་བྱ། ལྔ་པ་མཆོད་པ་ནི། མཆོད་ཡོན་མེ་ཏོག་སོགས་ཕྱིའི་མཆོད་པ་དང་། གཟུགས་སྒྲ་སོགས་འདོད་ཡོན་ལྔ། རང་ལུས་བདུད་རྩིར་སྤེལ་བའི་ནང་མཆོད། ལྷ་མིའི་བུ་མོ་མཚན་ལྡན་མང་པོ་གཟུང་མར་དབུལ་བ་གསང་མཆོད། མཆོད་ཡུལ་མཆོད་མཁན་མཆོད་རྫས་སོགས་འཁོར་གསུམ་ཡང་དག་ཏུ་ལྟ་བ་དེ་ཁོ་ན་ཉིད་དང་། ཕྲིན་ལས་སྒྲུབ་པའི་མཆོད་པ་སོགས་རྒྱ་ཆེར་སྤྲོ་བའམ། བསྡུ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཅེས་དམིགས་པ་རྒྱ་ཆེར་སྤེལ་ཏེ་འབུལ། དྲུག་པ་བསྟོད་པ་ནི། སྐྱེ་འགག་འགྱུར་མེད་སྐུ་གསུང་ཐུགས་དང་ལྡན༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་བསྒྲལ་སླད་དུ༔ ཕྲིན་ལས་རྣམ་བཞིས་ཡིད་བཞིན་རེ་བ་སྐོང༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཅེས་དང་སྤྲོ་ན། བསྟོད་ཚིག་ཅི་ཤེས་བྱ། བདུན་པ་གསོལ་བ་འདེབས་པ་ནི། གསོལ་འདེབས་ཞེས་པ་གུ་རུའི་ཐུགས་རྗེ་དང་ཡོན་ཏན་རྗེས་སུ་དྲན་པའི་ཡིད་ཀྱིས་གདུང་བ་དྲག་པོའི་སྒོ་ནས་ངག་གི་སྒྲ་ལྷང་ལྷང་དབྱངས་སྙན་པའི་ཚིག་གུ་རུའི་སྙན་དུ་གསོལ་བས་གུ་རུའི་ཐུགས་རྗེ་བསྐུལ་བ་སྟེ་འདོད་དོན་ཐུགས་ལ་གསལ་འདེབས་པ་ལྟར་གྱུར་ནས་བདག་ལ་ཐུགས་རྗེས་བརྩེ་བས་དགོངས་ཏེ་བྱིན་གྱིས་བརླབས་པར་བསམ་ཞིང་། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ ཞེས་སོགས་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས། སྐུ་ནི་ལྷ་ནུབ་སོགས། དུས་ངན་སྙིགས་མའི་སོགས། ལྔ་བརྒྱའི་ཐ་མ་སོགས། ཤློ་ཀ་ལྔ་པོ་ཅི་མང་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་མཛད་པའི་ཕྲིན་ལས་ལ་ཐ་དད་མི་མངའ་བར་གྱུར་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ལུས་ངག་ཡིད་གསུམ་སྨིན་པ་དང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་གསོལ་འདེབས་བརྒྱ་རྩ་སོགས་ཅི་མང་བྱ་སྟེ་ཐུན་མོང་གི་ཚུལ་དུ་གསོལ་བ་འདེབས་པ་ཡིན་ལ། ཁྱེད་ཤེས་ཀྱི་དད་པས་རེ་ལྟོས་ལིང་བསྐྱུར་གྱི་མོས་གདུང་དྲག་པོའི་སྒོ་ནས་གུ་རུའི་ཐུགས་ཀར་རིག་པ་མ་ཡེངས་པར་གཏད་དེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་འཛབ་ཀྱི་ཚུལ་དུ་གསོལ་འདེབས་ཕུར་ཚུགས་སུ་བྱེད་པ་ནི་ཐུན་མོང་མ་ཡིན་པའི་གསོལ་འདེབས་ཏེ་བརྒྱ་སྟོང་ཅི་འགྲུབ་བྱའོ། །བརྒྱད་པ་དབང་བླང་བ་ནི། གུ་རུའི་གནས་བཞི་རུ་འབྲུ་གསུམ་དཀར་དམར་མཐིང་ག་ཧྲཱིཿལྗང་གུ་སྟེ་ཡིག་འབྲུ་བཞི་གསལ་གདབ། ཨོཾ་ལས་འོད་ཟེར་དཀར་པོ་མང་དུ་འཕྲོས་རང་གི་དཔྲལ་བར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་སྦྱངས། བུམ་དབང་ཐོབ། ལུས་སྐུ་རྡོ་རྗེ་སྤྲུལ་སྐུར་སྨིན། ཨཱཿལས་འོད་ཟེར་དམར་པོ་བྱུང་རང་གི་ལྕེ་སྟེང་དུ་ཞུགས་པས་ངག་སྒྲིབ་སྦྱངས། གསང་དབང་ཐོབ། གསུང་རྡོ་རྗེ་ལོངས་སྐུར་སྨིན། ཧཱུྃ་ལས་འོད་ཟེར་སྔོན་པོ་རང་གི་སྙིང་གར་ཞུགས་པས་ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་སྐུར་སྨིན། ཧྲཱིཿལས་འོད་ཟེར་ལྗང་གུ་འཕྲོས། རང་གི་ལྟེ་བར་ཞུགས་པས་བག་ཆགས་ཀྱི་སྒྲིབ་པ་སྦྱངས། བཞི་པ་ཚིག་དབང་ཐོབ། ཟུང་འཇུག་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུར་སྨིན་པར་བྱས་པའི་ངེས་ཤེས་བསྐྱེད། སླར་ཡང་མོས་གུས་ཀྱི་གདུང་ཤུགས་བསྐྱེད་པས། གུ་རུ་རང་གི་སྤྱི་གཙུག་ཏུ་བྱོན་པ་རང་འོད་ཀྱི་ཡུམ་དང་རོལ་པས་ཟག་མེད་བདེ་བ་ཆེས་ཆེར་གཡོས་པའི་སྦྱོར་མཚམས་ནས་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་གྱི་རྒྱུན་ལྷུག་པར་བབས་པ་རང་གི་ཚངས་བུག་ནས་ཞུགས། མགྲིན་པ་ཡན་ཆད་ཀྱི་རྩ་འཁོར་ཐམས་ཅད་བདུད་རྩི་བདེ་བའི་རང་བཞིན་ཅན་གྱིས་གང་བས་ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྤྲུལ་སྐུར་སྨིན། སྙིང་ག་ཡན་ཆད་གང་བས་ངག་སྒྲིབ་སྦྱངས། གསང་དབང་ལོངས་སྐུར་སྨིན། ལྟེ་བ་ཡན་ཆད་གང་བས་ཡིད་སྒྲིབ་སྦྱངས། ཤེར་དབང་ཆོས་སྐུར་སྨིན། ལུས་ཀྱི་ཆ་ཐམས་ཅད་གང་བས་བག་ཆགས་ཀྱི་དྲི་མ་སྦྱངས། དབང་བཞི་པ་ངོ་བོ་ཉིད་སྐུར་སྨིན་པ་གོང་བཞིན་བསམ། མཐར་གུ་རུ་ཡབ་ཡུམ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་གུ་རུའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའི་ངེས་ཤེས་བསྐྱེད་ཅིང་། དོན་ལ་རང་གི་རིག་པའི་ངོ་བོ་འདི་ཀ་བླ་མའི་ཐུགས་ཀྱི་ངོ་བོ་ཡེ་ཤེས་ཉིད་ཡིན་ལ། ཡིན་ལུགས་ངེས་ཤེས་བསྐྱེད་བཞིན་པའི་གསལ་རིག་རྗེན་པ། བླ་མ་དང་རང་སེམས་དབྱེར་མེད་རོ་གཅིག་པའི་ངེས་ཤེས་ཨར་ལ་གཏད་དེ་ཧྲིག་གེ་རྗེན་ནེ་ཤིགས་སེ་བཞག །དགུ་པ་འཛབ་བཟླ་བ་ནི། རང་ཉིད་གུ་རུ་པདྨའི་སྐུར་གསལ་བའི་ཐུགས་ཀའི་ནང་དུ་པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲའི་ཐུགས་ཀར་ཡང་པད་ཟླ་ལ་རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག །ཕྱོགས་བཞིའི་རྭ་དབུས་མ་ཕྱོགས་མདོག་ལ། མཚམས་བཞིའི་རྭ་ཐམས་ཅད་མཐིང་ག །དེའི་ལྟེ་བར་ཧཱུྃ་ཨཱཿཨཱོཾ་གསུམ་བརྩེགས་མའི་ཧཱུྃ་གི་མཐར་གཡས་སྐོར་དུ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་སྔགས་ཕྲེང་གསེར་གྱི་མདོག་ཅན་གྱིས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་རྣམས་མཆོད་བྱིན་རླབས་དངོས་གྲུབ་རྣམས་ཚུར་བསྡུས། ཡང་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བསལ་ཏེ་བདེ་ཆེན་ལ་བཀོད། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་བསྡུས་ནས་ཏིང་ངེ་འཛིན་སེམས་དཔའ་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་བཛྲ་གུ་རུ་བཟླའོ། །དེ་ཡང་སེམས་དཔའ་སུམ་བརྩེགས་ཀྱི་དམིགས་པ་དང་། རྡོ་རྗེ་བཞི་ཡི་དགོངས་པ་གཟེར་དུ་བཏབ་སྟེ། གཟུགས་སུ་སྣང་བ་ཐམས་ཅད་གུ་རུ་པདྨའི་སྐུའི་རོལ་པ་སྐུ་རྡོ་རྗེར་བལྟ། སྒྲ་ལ་སྣང་བ་ཐམས་ཅད་ནི་གུ་རུའི་གསུང་རྡོ་རྗེ་བཛྲ་གུ་རུའི་རང་སྒྲར་བསྒོམ། སེམས་ཀྱི་རྣམ་རྟོག་འགྱུ་དྲན་བཟང་ངན་ཅི་ཤར་ཡང་སྔོན་བསུ་རྗེས་དཔྱོད་ཀྱི་བཟོ་མེད་པ་ཐུགས་རྡོ་རྗེ། སྐུ་གསུང་ཐུགས་ཀྱི་སྣང་བ་ཐམས་ཅད་དབྱེར་མེད་པ་ཟུང་འཇུག་ཡེ་ཤེས་རྡོ་རྗེ་སྟེ། རྡོ་རྗེ་བཞི་ཡི་དགོངས་པའི་གཟེར་མ་བཅོས་སོ་མའི་ངང་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་མཚོན་པ་དང་དག་པའི་གཞོམ་མེད་རྡོ་རྗེའི་རང་སྒྲ །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བྱིན་རླབས་རྨད་དུ་བྱུང་བ་ཡིན་ལ། བཟླས་པའི་སྐྱོན་ཧ་ཅང་མྱུར་བ། ཧ་ཅང་དལ་བ། སྒྲ་ཆེས་པ། ཆུང་དྲགས་པ། གཏམ་ཚིག་དང་འདྲེས་པ། སེམས་གཡེངས་ཤིང་སྔགས་ཆད་ལྷག་ཏུ་སོང་བ་མ་ཡིན་པའི་སྒོ་ནས་བཟླ་ཞིང་། བཅུ་པ་རྗེས་སྡུད་ནི། ཐུན་གྱི་མཐར་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་རྣམས་ལ་ཐིམ། དེ་ཡང་ཕྱི་ནས་རིམ་པ་བཞིན་རང་ཉིད་ལ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། རྡོ་རྗེ་སྔགས་ཕྲེང་ཨོཾ་ཨཱཿདང་བཅས་པ་ཧཱུྃ་ལ། དེ་ཞབས་ཀྱུ་ནས་ཡར་ཐིག་ལེ་ནཱ་དའི་བར་དུ་ཐིམ། ནཱ་ད་མི་དམིགས་པའི་ངང་ལ་བཞག །སླར་སྐད་ཅིག་དྲན་རྫོགས་སུ་གུ་རུའི་སྐུར་ཝལ་གྱིས་ལངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གདབ་བོ། །བཅུ་གཅིག་པ་རྫོགས་རིམ་བསྒོམ་པ་ནི། ཟབ་མོ་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་ཞེས་གྲགས་པ་མདོ་སྔགས་ཀྱི་བཞེད་གཞུང་དུ་མར་ཡོད་ལ། འདིར་ནི་རྡོ་རྗེ་ཐེག་པའི་གཞུང་ལུགས་མཐར་ཐུག་རྒྱུད་སྡེ་བླ་ན་མེད་པའི་དགོངས་པ་དབང་བཞི་པའི་ཡེ་ཤེས་ཉིད་དེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཡི་གེ་འབྲུ་བཞིའི་དོན་རྟག་ཆད། ཡོད་མེད། ཕྱི་ནང་། སྐྱེ་འགག་སོགས་གཉིས་སྣང་གི་མཐའ་དང་བྲལ་བའི་དབུ་མ། རྐྱེན་གཞན་ལ་མི་ལྟོས་པར་བླ་མའི་བྱིན་རླབས་ཁོ་ནས་རྟོགས་པར་འགྱུར་བ་ནི་དབང་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཞེས་བྱ། དེའི་དོན་སྔ་མའི་སྣང་བ་མི་བསམ། ཕྱི་མའི་སྣང་བ་ལ་མི་མནོ། ད་ལྟའི་སྣང་བ་ལ་དཔྱད་བཟོ་མེད་པའི་དྲན་རིག་སོ་མའམ་སྐད་ཅིག་མ་ཡིད་ཆེས་ལ་འདི་འདྲ་ཞེས་བརྗོད་དུ་མེད་པའི་ཉམས་ཧ་རེ་རྗེན་ནེ་བ་འདི་ཡི་དམ་མམ་སྙིང་དང་སྲོག་ལྟ་བུ་ཆོས་ཐམས་ཅད་ཀྱི་གནད་དོན་ཡིན་ཏེ། དྲན་རིག་འདི་ལས་ལོགས་སུ་ཡི་དམ་ཞེས་ཡན་པ་ཞིག་བཙལ་དུ་མེད་ཅིང་། འཁོར་འདས་བདེ་སྡུག་ཐམས་ཅད་ཀྱི་གཞིའམ་རྩ་བ་འདི་ཡིན་པས་ཐ་མལ་འཁྲུལ་འབྱམས་སུ་མི་བཏང་བར་མ་ཡེངས་པར་དྲན་པ་གནས་ལུགས་རྗེན་པ་ལ་ཡི་དམ་གཅེས་པའི་མཆོག་ཏུ་བཟུང་སྟེ་ནན་ཏན་སྙིང་པོར་བསྒྲུབ་པ་ལ་འབད་པ་གལ་ཆེ་བར་གསུངས་པས། བླ་མ་ལ་མོས་གུས་དང་མ་བྲལ་བའི་སྒོ་ནས་མ་ཡེངས་དྲན་པ་རང་རིག་གི་རང་ཞལ་བལྟ་བ་ལ་འབད་དེ་བསྒོམ་པར་བྱའོ། །དེ་དག་གི་སྐབས་སུ་གོལ་ཤོར་སོགས་ཀྱི་མཐའ་སྤང་བ་དང་། ཞི་ལྷག་སོགས་ཉམས་རྟོགས་ཀྱི་སྤུ་རིས་ཕྱེ་ཞིང་ངོ་སྤྲོད་སོགས་ཁྲིད་རིམ་གཞུང་གཞན་ནས་སྦྱོར་ཞིང་ཉམས་མྱོང་དང་བསྟུན་པར་གསུངས་སོ། །དེ་ལྟར་མཉམ་གཞག་དང་བསྐྱེད་རྫོགས་ཀྱི་རིམ་པ་བསྒོམ་པ་ལ་འབད་ཅིང་། རྗེས་ཐོབ་ཏུ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་རང་རྒྱུད་ལ་བརྟགས་ཏེ། སྡིག་པ་མི་དགེ་བ་ཕྲ་མོས་ཀྱང་མ་གོས་པ་དང་། དགེ་བ་ཕྲ་མོ་ནས་གསག་པ་དང་དུས་ཐམས་ཅད་དུ་བླ་མའི་མོས་གུས་ཡིད་དང་མ་བྲལ་བས་གསོལ་འདེབས་བྱ་ཞིང་། འགྲོ་དུས་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམས་ཏེ་བསྐོར་བའི་ཚུལ་དུ་འགྲོ །སྡོད་དུས་སྤྱི་བོའམ་སྙིང་གར་བསྒོམ། བཟའ་བཏུང་བྱེད་ཚེ་རང་ལྷར་གསལ་བའི་སྤྱི་མགྲིན་སྙིང་ག་དང་ལྟེ་བར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གསལ་བས་ཟས་ཚོགས་མཆོད་དུ་ཕུལ། གཉིད་ལོག་དུས་གུ་རུ་སྤྱི་བོ་ནས་མར་བྱོན་རང་གི་སྙིང་འོད་ཀྱི་གོང་བུའི་ནང་དུ་བཞུགས་པར་བསྒོམ། ནམ་སད་དུས་གསལ་འདེབས་བྱེད། ལངས་པའི་ཚེ་གུ་རུ་སྙིང་ནང་ནས་དབུ་མའི་ལམ་བརྒྱུད་དེ་སྤྱི་བོའི་ནམ་མཁར་བཞུགས་པར་བསམ། ནམ་ཞིག་འཆི་བའི་དུས་སུ་གུ་རུ་སྤྱི་བོར་བཞུགས་པའི་ཐུགས་ཀར་འདུན་པ་རྩེ་གཅིག་པས་གསོལ་འདེབས་ཀྱི་འཕོ་བ་ཁྱད་པར་ཅན་དུ་འགྱུར། ཚེ་སྒྲུབ་སོགས་ལས་གང་ལའང་བཟླས་པ་བཛྲ་གུ་རུ་ལ་དངོས་གྲུབ་གང་འདོད་འདུན་པ་བསྒྱུར་བས་ཐོགས་མེད་དུ་འགྲུབ་པར་གསུངས་སོ། །རྗེས་ཀྱི་ཐུན་མཚམས་ཐམས་ཅད་དུ་ཡང་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བས་རྒྱས་བཏབ་ཅིང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བར་བྱའོ། །དེ་ལྟར་ཉམས་སུ་བླང་ན་སྒྲིབ་པ་ཐམས་ཅད་བྱང་ཞིང་ཚོགས་གཉིས་རྫོགས། ས་ལམ་ཐམས་ཅད་མཐར་ཕྱིན་ནས་ཟུང་འཇུག་རྡོ་རྗེ་འཆང་ཆེན་མ་ཧཱ་གུ་རུའི་གོ་འཕང་ཐོབ་ངེས་པའི་ལམ་ཟབ་མོ་མོས་གུས་བླ་མའི་སྒྲུབ་པ་གསོལ་འདེབས་ལམ་ཁྱེར་བསམ་པ་ལྷུན་གྲུབ་མ་ཡིད་བཞིན་ནོར་བུ་ལྟ་བུའི་རྩ་བའི་སྒྲུབ་ཐབས་གསལ་བར་བཤད་ཟིན་ཏོ། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་མཁན་པོ་ཡི། །གདམས་བཅུད་བླ་མའི་རྣལ་འབྱོར་མན་ངག་མཆོག །མོས་གུས་གསོལ་འདེབས་ལམ་གྱིས་དབང་བཞིའི་དོན། །མངོན་གྱུར་ཡེ་ཤེས་བླ་མའི་ས་ཐོབ་ཤོག །རྒྱུད་ལུང་མན་ངག་བཅུད་དྲིལ་རིན་ཆེན་ཁམས། བྱིན་རླབས་འོད་བརྒྱ་འབར་བ་སྤྱི་སྒྲུབ་ཀྱི། །ཉིན་བྱེད་སྔོན་བསགས་བསོད་ནམས་ལྷ་ལམ་དུ། །དད་བརྩོན་ལས་སྨོན་རྟ་བདུན་གྱིས་དྲངས་པ། །འདི་ཀོ་སྔོན་སྨོན་དགེ་འབྲས་ཅུང་ཟད་དང་། །མ་ཧཱ་གུ་རུའི་རྣམ་རོལ་ཡོངས་འཛིན་གྱི། །ཐུགས་རྗེའི་དྲིན་ལས་རྙེད་པའི་ལམ་བཟང་སྟེ། །བསྟན་འགྲོ་ཡོངས་ལ་ཕན་བདེའི་རྒྱུར་གྱུར་ཅིག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ༈ །ན་མོ་གུ་རུ། དོན་གཉིས་པ་བྱེ་བྲག་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་བཤད་པ་ལ། སྒྲུབ་ཐབས་རེ་རེ་ལ་ས་བཅད་རྣམ་པ་དྲུག་དྲུག་གིས་བསྟན་པའི་སྡོམ་ནི། རྟེན་བསྐྱེད་གསོལ་བཏབ་དབང་བཞི་བླང་། །བདག་བསྲེ་རྗེས་སྡུད་རྫོགས་རིམ་མོ། །ཞེས་དེ་ལྟར་ས་བཅད་དྲུག་གི་རྟེན་བསྐྱེད། གསོལ་འདེབས། དབང་ལེན་པ་གསུམ་མདུན་བསྐྱེད་ཀྱི་ཆ་དང་། བདག་བསྲེ་རྗེས་སྡུད་གཉིས་བདག་བསྐྱེད་ཀྱི་ཆ། རྫོགས་རིམ་ནི་ཐུན་མོང་པའོ། །དང་པོ་གསོལ་འདེབས་ཀྱི་རྟེན་མདུན་བསྐྱེད་གསལ་འདེབས་པ་ལ་ནང་གསེས་ཀྱི་རྟེན་བསྐྱེད། སྤྱན་འདྲེན། བཞུགས་གསོལ། དབང་བསྐུར། མཆོད་བསྟོད་དང་ལྔ་ལས་དང་པོ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་སྲུང་བའི་འཁོར་ལོ་རྣམ་པ་དྲུག་ལྡན་སྔར་བཞིན་བསྒོམས་པའི་ནང་། རང་གི་མདུན་གྱི་ནམ་མཁར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བ་དང་ཉི་མ་རཀྴ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་སྟེང་དུ། རང་གི་རྩ་བའི་བླ་མ་དང་དབྱེར་མེད་པ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་གུ་རུ་པདྨ་ལ་རྣམ་པ་ཆེ་མཆོག་པདྨ་དྲག་པོ་གཏུམ་དྲག་མེའི་ཕྲེང་བ་ཅན་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་ནག་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་ཧཱུྃ་ཕཊ་རཾ་གྱི་ཚྭ་ཚྭ་འཕྲོ་བ་ཕྱར་ཞིང་། གཡོན་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་དང་ལྡན་པ་སྡིགས་མཛུབ་ཀྱི་རྩེ་ནས་འགྱེད་པའམ་སྨད་ཀྱི་ཆ་ནས་བཟུང་སྟེ་འགྱེད་ཐབས་སུ་བརྒྱན་པ། ཞལ་གནམ་ས་ཙམ་དུ་གདངས་ཤིང་མཆེ་བ་ཟངས་ཡག་ཏུ་གཙིགས་པ། སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་། དབུ་སྐྲ་ཁམ་སེར་གྱེན་དུ་གཟེངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་རློན་པའི་དོ་ཤལ། སྦྲུལ་གྱི་ཆུན་པོ། ཞིང་གླང་གི་སྟོད་གཡོགས་དང་རྐེད་དཀྲིས། སྟག་ཤམ། རུས་རྒྱན། ཁྲག་ཞག་ཐལ་བའི་མཚན་མ་སོགས་དུར་ཁྲོད་ཀྱི་ཆས་བརྒྱད། ཁྱད་པར་སྡིག་པའི་གོ་ཁྲབ་དང་། གསང་བའི་ཐད་ནས་སྡིག་པ་ཁ་ཐུར་བསྟན་འཕྱང་བས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་དོར་སྟབས་སུ་བཞུགས་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གྲི་ཐོད་འཛིན་པ་ཁྲོ་མོའི་ཆས་རྫོགས་པས་འཁྱུད་པ་ཡེ་ཤེས་མེ་དཔུང་གི་ཀློང་ན་བཞུགས་པར་བསྒོམ། ཡང་ན་ཞལ་གསུམ་ཕྱག་དྲུག་གམ། དབུ་དགུ་ཕྱག་བཅོ་བརྒྱད་པ་སོགས་སྒྲུབ་ཐབས་གཞན་ནས་འབྱུང་བ་གང་མོས་བསྒོམ་གསུངས་སོ། །དེ་ལྟ་བུའི་འཁོར་དུ་དྲེགས་པ་སྡེ་བརྒྱད་ཀྱིས་བསྐོར་བ་ནི། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་མདོག་ནག་པོ་སྟག་ལྤགས་ཀྱི་བེར་གསོལ་བ། ཕྱག་གཉིས་བེ་ཅོན་དང་དབྱུག་ཐོ་བསྣམས་པ། ཡུམ་ཟ་བྱེད་ནག་མོ་གཡས་འཁོར་ལོ་བསྐོར་ཞིང་གཡོན་ཚོན་གྱི་དྲུ་གུ་བསྣམས་པས་ཡབ་ལ་འཁྱུད་པ། ལྷོར་བདུད་ནག་རྐོས་རྗེ་དྲང་དཀར་ཕྱག་གཉིས་ཁྲམ་ཤིང་དང་དགྲ་སཏྭ། ཡུམ་བདུད་མོ་རི་ཏི་མཐིང་ནག་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ། ནུབ་ཏུ་སྲིན་པོ་གློག་ཕྲེང་ལྗང་ནག་ཐོག་དང་སེར་བ་བསྣམས་པ། ཡུམ་ཁྲག་མིག་མ་དམར་ནག་ཁྲག་གི་ཕུར་པ་དང་ཁྲག་ཕོར་སྟོབ་པ། བྱང་དུ་གནོད་སྦྱིན་ཡཀྴ་མེ་དབལ་དམར་ནག་རལ་གྲི་དང་རིན་པོ་ཆེ། ཡུམ་མོན་མོ་ནག་མོ་མི་སྲུན་མ་ལྗང་ནག་རལ་གྲི་དང་ལྕགས་ཀྱི་སྤྱང་མོ། ཤར་ལྷོར་གཟའ་བདུད་སྤུ་གྲི་འབར་བདུད་ཁ་མདའ་གཞུ་དང་སྦྲུལ་ཞགས། ཡུམ་གནམ་སྨན་ཐོག་གི་བུ་ཡུག་མ་དམར་མོ་ཐོག་མདའ་དང་རུས་སྦལ། ལྷོ་ནུབ་ཏུ་ཀླུ་བ་དུད་ནག་པོ་སྐུ་མདོག་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན། ཡུམ་ཀླུ་མོ་ལྕམ་གཅིག་མ་དམར་མོ་ནད་རྐྱལ་དང་དུག་གི་སྤུ་གྲི །ནུབ་བྱང་དུ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་རླུང་ཞགས་དང་ལྕགས་ཀྱུ། ཡུམ་ཨུ་མ་དེ་ཝཱི་དམར་མོ་སྲིད་གསུམ་གསལ་བའི་མེ་ལོང་དང་གཏེར་གྱི་སྒྲོམ་བུ་བསྣམས་པ། བྱང་ཤར་དུ་ཁྲག་འཐུང་མ་ཧཱ་ཀཱ་ལ་མཐིང་ནག་ཟངས་གྲི་དང་ལྕགས་ཀྱི་པར་བུ། ཡུམ་དུང་སྐྱོང་མ་ནག་མོ། གནམ་ལྕགས་ཀྱི་རལ་གྲི་དང་ནེའུ་ལེའི་རྐྱལ་པ་སྟེ། ཡུམ་ཐམས་ཅད་ཡབ་ལ་འཁྱུད་ཅིང་ཕན་ཚུན་འཁྲིལ་བ། དེ་ཐམས་ཅད་ཞིང་ལྤགས་གོས་ཀྱི་སྟོད་གཡོགས་དང་། མི་མགོའི་འཕྱང་འཕྲུལ་སོགས་མི་སྡུག་པའི་ཆས་དུ་མས་བརྒྱན་ཅིང་ཤིན་ཏུ་ཁྲོ་ཞིང་གཏུམ་ལ་འཇིགས་པའི་ཆས་ཅན་ནོ། །དེ་དག་གི་མཐའ་སྐོར་དུ་ཕྱི་ནང་གསང་བ་ཡང་གསང་སོགས་སྡེ་བརྒྱད་ཀྱི་མིང་དང་རྣམ་གྲངས་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་སྔགས་བདག་སྡེ་དཔོན་སུམ་ཅུ། མགོན་པོ་བདུན་ཅུ་རྩ་ལྔ་སོགས་སྡེ་བརྒྱད་སྡེ་རིགས་གྲངས་མེད་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམས་ལ། གཉིས་པ་སྤྱན་འདྲེན་པ་ནི། སྔར་བཞིན་ཚིག་བདུན་གསོལ་འདེབས་ཅི་ནུས་ཀྱིས་གསོལ་བ་བཏབ་པས། གུ་རུ་རྩ་བ་གསུམ་གྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱང་པདྨ་དྲག་པོ་རྩལ་གྱི་རྣམ་པར་བྱོན་ནས་མདུན་བསྐྱེད་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །གསུམ་པ་ནི། དམ་ཡེ་དབྱེར་མེད་དུ་བཞུགས་པར་གསོལ་བ་གདབ། བཞི་པ་ནི། སྔར་བཞིན་དབང་གི་ལྷ་སྤྱན་དྲངས། དེ་དག་གིས་དབང་བསྐུར། རིགས་བདག་འོད་དཔག་མེད་ཀྱི་རྒྱས་གདབ་བོ། །ལྔ་པ་ནི། ཕྱི་ནང་གསང་མཆོད་ཅི་ནུས་ཀྱིས་མཆོད། བསྟོད་པ་ཅི་ཤེས་ཀྱིས་བསྟོད་ལ། གཉིས་པ་གསོལ་བ་གདབ་པ་ནི། ཧོར་སོག་འཇིགས་པའི་དམག་གིས་མཐའ་སྐོར་ནས༔ སོགས་ཀྱིས་གསོལ་འདེབས་བརྒྱ་སྟོང་ཅི་འགྲུབ་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་འདེབས་ཕུར་ཚུགས་ཀྱང་ཅི་ནུས་བྱ་ཞིང་། དེ་དག་གི་སྐབས་སུ་དམིགས་པ་ནི། རང་གི་དད་པའི་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་གུ་རུ་པདྨ་དྲག་པོའི་ཐུགས་ཀ་ནས་འོད་ཟེར་དང་ཁྲོ་ཆུང་མང་པོ་འཕྲོས། འཁོར་གྱི་སྡེ་བརྒྱད་དྲེགས་པ་ཅན་རྣམས་ལ་ཕོག །དེ་རྣམས་ཀྱི་སྔོན་གྱི་གཡར་དམ་དྲན་ནས་སྤྲུལ་པ་ཡང་སྤྲུལ་དཔག་མེད་དང་། མེ་རླུང་དང་མཚོན་ཆ་མང་པོ་སྤྲོ་ཞིང་བཀྱེས་ནས། སྤྱིར་བསྟན་འགྲོ་ཡོངས་ལ་གནོད་ཅིང་འཚེ་བའི་མཐའ་དམག་སོགས་བསམ་སྦྱོར་ངན་པ་འཆང་བའི་དགྲ་བགེགས་ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག །བྱེ་བྲག་ཏུ་རྒྱལ་འགོང་དམ་སྲི་འབྱུང་པོའི་བར་ཆད་ཀྱི་འཚེ་བ་ཐམས་ཅད་ཚར་བཅད། སྤྲུལ་པ་རྣམས་ཚུར་འདུས། རྡོ་རྗེའི་གུར་དང་མེ་དཔུང་ཁྲོ་བོ་དང་དྲེགས་པའི་གུར་ཁང་རབ་ཏུ་སྲ་ཞིང་བརྟན་པའི་ཕྱི་རོལ་ཏུ་འོག་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་དང་། སྟེང་ནས་མེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རྩེ་མོ་གཉིས་རྣོ་མྱུར་ཤུགས་དྲག་བསྣོལ་མར་རླུང་སྤུ་གྲི་རེག་ཆོད་ལྟར་འཁོར་བའི་བར་དུ་དགྲ་བགེགས་བྱད་མ་དམ་སྲི་འགོང་པོ་ལྷག་མར་གྱུར་པ་ཐམས་ཅད་ཀྱང་བཀུག་ནས་དུམ་བུར་ཐོར་ཐོར་བཏང་བས་རྗེས་མེད་དུ་སོང་བར་བསམས་ལ་མི་དམིགས་པའི་རྒྱས་གདབ། གསུམ་པ་དབང་བླང་བ་ནི། རང་གིས་གསོལ་བ་བཏབ་པས་གུ་རུ་དྲག་པོའི་སྐུ་ཡི་དཔྲལ་བ་ནས་འོད་ཟེར་འཕྲོས་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས་ནས་དཔྲལ་བར་ཐིམ། སླར་ཡང་དཔྲལ་བ་ནས་རང་འདྲའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་རང་གི་དཔྲལ་བར་ཐིམ། ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྤྲུལ་སྐུར་སྨིན། ཐུགས་ཀའི་ནང་དུ་ཐུགས་སྲོག་ཧཱུྃ་དམར་པོ་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་ཆད། མགྲིན་པ་ནས་བརྒྱུད་དེ་ལྗགས་སྟེང་དུ་གནས་པ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་མཐུ་དང་བྱིན་རླབས་བསྡུས། ལྗགས་སྟེང་གི་ས་བོན་སྔགས་བཅས་ལ་ཐིམ་པ་ཚུར་བྱུང་རང་གི་ལྕེ་ལ་ཐིམ། ངག་སྒྲིབ་སྦྱངས། གསང་དབང་ཐོབ། ལོངས་སྐུར་སྨིན། ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་རྒྱ་སྲན་ཙམ་པ་དམར་པོ་ལས་འོད་ཟེར་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་ཐིག་ལེ་ལ་ཐིམ། ཐིག་ལེ་ཚུར་འདུས་རང་གི་སྙིང་གར་ཐིམ། ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཆོས་སྐུར་སྨིན། གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་རོ་མཉམ་རང་བབ་ཏུ་བཞག་པས་བག་ཆགས་ཀྱི་སྒྲིབ་པ་སྦྱངས། དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །བཞི་པ་རང་དང་བསྲེ་བ་ལ། བསྲེ་བ། བཟླས་པ། ལས་སྦྱོར་དང་གསུམ་ལས་དང་པོ་ནི། སླར་ཡང་མདུན་བསྐྱེད་ལ་གུས་འདུད་དྲག་པོ་བྱས་པའི་རྐྱེན་གྱིས་གུ་རུ་ཡབ་ཡུམ་བདེ་བ་ཆེན་པོས་འོད་ཀྱི་གོང་བུར་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས་རང་ཉིད་གུ་རུ་དྲག་པོའི་སྐུར་ལམ་གྱིས་བསྐྱེད་པའི་སྤྱི་བོར་འཇམ་དཔལ་གཤིན་རྗེའི་གཤེད་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ། མགྲིན་པར་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ། ཐུགས་ཀར་ཕྱག་རྡོར་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ། ལྟེ་བར་ཁྲོས་མ་མཐིང་ནག་གྲི་ཐོད་ཁ་ཊྭཱཾ། གསང་བར་ཡཀྴ་མེ་དབལ་མཐིང་ནག་ཐོ་བ་དང་མེ་ཞགས་འཛིན་པ་རྣམས་བསྐྱེད་ལ། གཉིས་པ་བཟླས་པ་ནི། རང་གི་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་མཆོད་རྟེན་གྱི་བུམ་ནང་དུ་པད་ཉི་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དམར་པོ་ལ་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོས་བསྐོར་བ་ལས་འོད་འཕྲོས། རྩ་བ་གསུམ་གྱི་ལྷ་ལ་དགྱེས་མཆོད་ཕུལ། དྲེགས་པ་ཐམས་ཅད་ཀྱི་གདུག་སེམས་བཅོམ་ནས་སྲོག་གི་སྙིང་པོ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་རྣམ་པར་བསྡུས་ཏེ་ཐུགས་སྲོག་ཧཱུྃ་གི་གདན་དུ་གནས་པར་བསམ། ཕྱི་རོལ་གྱི་གསེར་དང་མེའི་འཁོར་ལོ་རྩེ་བསྣོལ་གྱི་བར་དུ་དགྲ་བགེགས་ཐམས་ཅད་ཐལ་བ་ཙམ་དུ་བརླག །སྣོད་བཅུད་ཀྱི་དྭངས་མ་དང་། རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་ཐུགས་རྗེའི་ནུས་སྟོབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་སྤྱན་དྲངས། སྙིང་གའི་སྔགས་ཕྲེང་ལ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་བསམས་ལ་ཡིད་རྩེ་གཅིག་པས། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བཟླ། གསུམ་པ་ལས་སྦྱོར་ཞི་རྒྱས་དབང་དྲག་སོགས་གང་འདོད་ཀྱི་ཁ་བསྒྱུར་མདེ་ཐུང་གཞུང་གཞན་ནས་འབྱུང་བ་ལྟར་སྦྱར་རོ། །ལྔ་པ་ཐུན་མཐར་རྗེས་སྡུད་ནི། ཐུན་འཇོག་པ་ན་རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་སྲུང་འཁོར་ལ་བསྡུ། དེ་འཁོར་རྣམས་ལ། དེ་ཡུམ་ལ། ཡུམ་ཡབ་ལ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་དུ་ཇེ་ཕྲ་ཇེ་ཕྲར་འཇའ་ལྟར་ཡལ་ནས་བསམ་བརྗོད་མེད་པར་མཉམ་གཞག་བྱ། སླར་ཡང་སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་ལངས་ཏེ་དགེ་བ་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གདབ། དྲུག་པ་རྫོགས་རིམ་བསྒོམ་པ་ནི། སྤྱིར་ཕྱི་རོལ་དུ་བདེ་བ་དང་སྡུག་བསྔལ་སོགས་ཀྱི་འབྲས་བུ་ཐམས་ཅད། ནང་གི་རྣམ་རྟོག་དུག་ལྔའི་བྱེད་ལས་ཀྱི་རྒྱུ་ལས་འབྱུང་བ་ཡིན་པས། དེའི་གཉེན་པོར་བསྐྱེད་རྫོགས་ཀྱི་གདམས་པ་བསྟན་ལ། འདིར་དམིགས་སུ་གསལ་བ་ཕྱི་རོལ་དུ་དམག་འཁྲུགས་ལ་སོགས་པ་རྣམས། ནང་གི་ཀུན་རྟོག་ཞེ་སྡང་རང་གར་ཡན་པའི་མདངས་ཡིན་པས་དེའི་གཉེན་པོར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ལམ་ཁྱེར་སྒྱུ་ལུས་ཉམས་སུ་བླང་བའོ། །དེ་ལ་དང་པོ་བྱམས་པ་ནི། འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕ་དང་མའི་འདུ་ཤེས་བཞག་སྟེ། ཚེ་རབས་ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཤ་སྟག་ཏུ་བསྒོམ་པ་ལས་གནོད་པར་འགྲོ་བ་རྨི་ལམ་དུ་ཡང་མི་བྱ་བའི་འདུ་ཤེས་སྦྱང་། སྙིང་རྗེ་ནི། ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་འདོད་ནི་བདེ་བ་ཁོ་ན་འདོད་ཀྱང་། བདེ་བའི་རྒྱུ་དཀར་པོའི་དགེ་བ་མ་བསྒྲུབས་པས་མྱང་རྒྱུ་སྡུག་བསྔལ་ལས་མེད་པ་སྙིང་རེ་རྗེ། དེ་ཡང་རིགས་དྲུག་གི་གནས་ན་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་སྒྲུབ། ལ་ལ་ནི་འབྲས་བུ་ལ་ལོངས་སྤྱོད་ཅིང་རྟག་ཏུ་སྡུག་བསྔལ་བ་སྙིང་རེ་རྗེ། སེམས་ཅན་སྡུག་བསྔལ་བ་འདི་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་དུ་སྙིང་ཐག་པས་ཀམ་ཀམ་བསྐམ་པ་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱའོ། །སྡུག་བསྔལ་དང་བྲལ་བར་བྱའོ། །སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་དང་། བདེ་སྡུག་གི་གཏོང་ལེན་ལ་བསླབ་པར་བྱ་སྟེ། རང་གི་ཚེ་རབས་ཐོག་མེད་ནས་བསགས་པའི་རྒྱུ་དགེ་བའི་རྩ་བ། འབྲས་བུ་བདེ་སྐྱིད་ཀྱི་དངོས་པོ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་པས་དབུགས་ཕྱིར་འགྲོ་བ་ན་རང་གི་སྣ་བུག་གཡས་ནས་བདེ་བ་དང་དགེ་ཚོགས་འོད་གྱི་ཐིག་ལེ་ཟླ་བ་ལྟ་བུ་ཞིག་ཕར་འཕྲོས། སེམས་ཅན་ཐམས་ཅད་ལ་ཁྱབ་པས་དེ་དག་ཐམས་ཅད་བདེ་བ་དང་ལྡན་པར་བསམ། དབུགས་ནང་དུ་འཇུག་པ་ན། སེམས་ཅན་གྱི་རྒྱུ་སྡིག་སྒྲིབ་དང་འབྲས་བུ་སྡུག་བསྔལ་ཐམས་ཅད་ཧྲིལ་འདུས་ནས་རང་ལ་ཐིམ་པར་བསམ། སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་བདག་གིས་སྐད་ཅིག་ཉིད་ལ་བྱང་ཞིང་དག་པར་བྱའོ་སྙམ་དུ་བསམ་ཞིང་མི་དམིགས་པར་མཉམ་པར་གཞག །དེ་ལྟར་ཡང་ཡང་དུ་འབད་དེ་བསྒོམ་མོ། །གཉིས་པ་སྒྱུ་མ་ལྟ་བུའི་ལམ་ཁྱེར་སྒོམ་པ་ལ་གཉིས། མ་དག་པའི་སྒྱུ་ལུས་ཀྱི་སྣང་སྲིད་བདེན་ཞེན་མེད་པར་གཏན་ལ་དབབ་པ་དང་། དག་པའི་སྒྱུ་ལུས་ལ་བརྟེན་ནས་ལྷ་ཁྲིད་ཉམས་སུ་ལེན་པའོ། །དང་པོ་ནི། འདི་ལྟར་ཕྱི་སྣང་བའི་དངོས་པོ་ས་རྡོ་རི་བྲག་ཁང་ཁྱིམ་ལ་སོགས་པ་དང་། མི་སོགས་སྲོག་ཆགས་ཕོ་མོ་སྟེ་ནང་སེམས་ཅན་གྱི་རིགས་འདི་དང་འདི་ཞེས་མིང་དང་ཐ་སྙད་དུ་བཏགས་པ་འདི་དག་སེམས་འཁྲུལ་པའི་ངོ་ན་སྣང་ནི་སྣང་། དོན་དམ་པའི་གནས་ལུགས་ཀྱི་ཐོག་ན་བདེན་པར་གྲུབ་པ་གཅིག་ཀྱང་མེད་དེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་ཀུན་རྫོབ་རྡུལ་ཕྲ་རབ་འདུས་པ་ལས་བྱུང་ཞིང་། མཐར་མེ་ཆུ་སོགས་ཀྱིས་དངོས་མེད་དུ་འཇིག་པའི་ཆོས་ཅན་ཏེ་འཁྲུལ་ངོ་ན་སྣང་བ་ལས་བདེན་པར་མ་གྲུབ། སྣང་ཞིང་སྲིད་པ་བཅུད་ཀྱི་སེམས་ཅན་དུ་གྱུར་པ་ཐམས་ཅད་ཀྱང་འཁྲུལ་པའི་ལས་དབང་གིས་ལུས་གྲུབ་ཅིང་ཆགས་སྡང་ཨ་འཐས་ཀྱིས་འཁྲུལ་པའི་ངོ་ན་བདེ་བ་དང་སྡུག་བསྔལ་མཐོ་དམན་སོགས་ཇི་ལྟར་སྣང་ཡང་ཡུད་ཙམ་གྱིས་འཕོ་ཞིང་འགྱུར་བའི་ཆོས་ཅན་རྨི་ལམ་ལྟ་བུ་བདེན་པར་མ་གྲུབ་ལ། རང་ཉིད་ཀྱི་བདེ་སྡུག་བཟང་ངན་བར་མའི་བྱ་བྱེད་དང་རྣམ་རྟོག་སོགས་ཀྱང་ཡུད་ཙམ་གྱིས་འགྱུར་ཞིང་མི་རྟག་པས་བདེན་གྲུབ་ཏུ་མེད་པ་སྒྱུ་མ་ལྟ་བུ། དགའ་བཤེས་གཉེན་གྲོགས་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཀྱང་མི་རྟག་པའམ་མི་བདེན་པ་རྨི་ལམ་དང་སྒྱུ་མ་ལྟ་བུ། ཡུལ་ཡིད་དུ་མི་འོང་བ་ཕ་རོལ་གྱི་དགྲ་གདོན་སོགས་ཉོན་མོངས་པ་ཞེ་སྡང་སྐྱེ་བའི་ཡུལ་རྐྱེན་ཐམས་ཅད་ཀྱང་མི་བདེན་པ་འཁྲུལ་ངོ་ཙམ་དུ་ཤེས་པར་བྱས་ལ། རང་གཞན་བདེ་སྡུག་ཆགས་སྡང་གི་སྣང་བ་ཐམས་ཅད་གཤིས་ལ་བདེན་གྲུབ་ཏུ་འདུག་གམ་མི་འདུག་བརྟགས་ལ། བདེན་གྲུབ་མ་རྙེད་པའི་ཚེ་ཤེས་པ་ཁོང་ལྷོད་ནས་མི་རྟོག་པའི་ངང་ལ་གཞག །དོན་ལ་ཕྱི་སྣང་བའི་དངོས་པོ་སྣོད་བཅུད་གཉིས་སུ་འཛིན་པའི་འཁྲུལ་སྣང་བསྐྱེད་པའི་རྐྱེན་སྣང་ཐམས་ཅད་ཀྱི་ངོ་བོའམ་གཉིས་འཛིན་ལ་བརྟགས་ཤིང་དཔྱད་དེ་བདེན་འཛིན་ཨ་འཐས་ཀྱི་དབང་དུ་མི་བཏང་བར་ཞེན་པ་བཅད་དེ་འལ་མ་འོལ་དུ་ལམ་ཁྱེར་བྱ་བ་སྟེ་ཞེ་སྡང་གི་གཉེན་པོའོ། །གཉིས་པ་དག་པའི་སྒྱུ་ལུས་ནི། རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡི་དམ་གྱི་ལྷར་བསྒོམས་པ་བཞིན་དུ། ཕྱི་རོལ་ཞེ་སྡང་སྐྱེ་བའི་ཡུལ་དགྲ་གདོན་ལ་སོགས་པ་ཐམས་ཅད་ཀྱང་ཡི་དམ་གྱི་ལྷར་བསྒོམ་པར་བྱ་ཞིང་། མདོར་ན་སྣོད་ཀྱི་འཇིག་རྟེན་བེམ་པོའི་དངོས་སྣང་ཐམས་ཅད་ཀྱང་ཡི་དམ་ལྷའི་གཞལ་ཡས་ཁང་དུ་བལྟ། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཡི་དམ་གྱི་ལྷའི་རང་བཞིན། སྒྲར་སྣང་བ་ཐམས་ཅད་ཀྱང་ཡི་དམ་ལྷའི་སྔགས་ཀྱི་སྒྲར་མོས་པས། གཟུང་ཡུལ་བཟང་ངན་དུ་མ་སོང་བར། འཛིན་སེམས་ཀྱིས་ལྷ་དང་གཞལ་ཡས་ཁང་དུ་ལྟ་བ་དང་མ་བྲལ་བས་སྡང་ཞེན་མེད་པ་མཉམ་པ་ཉིད་ཀྱི་དྲན་རིག་ལས་མ་གཡོས་པར་བྱ་བ་སྟེ། དོན་ལ་སྣོད་བཅུད་ཀྱིས་བསྡུས་པའི་གཟུང་ཡུལ་དུ་གྱུར་པ་ཐམས་ཅད་ལ་ཞེན་པ་དང་འཛིན་པ་མ་ཞུགས་པ་ཞིག་གི་ལམ་ཁྱེར་ཤེས་པར་བྱ་དགོས་པའི་དོན་ཏོ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། སྒྱུ་ལུས་གཉིས་གང་འཐད་པ་བསྒོམ་པས་ཆོག་སྟེ་རང་གི་བློ་དང་བསྟུན་ནས་ཉམས་སུ་བླང་བར་བྱའོ། །རྫོགས་རིམ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་དང་། དག་མ་དག་གི་སྒྱུ་ལུས་བསྒོམ་པའི་རྣམ་གཞག་དང་ཁྲིད་ཚུལ་རྒྱས་པ་ལ་སྤྲོ་ན་གཞུང་གཞན་ནས་འབྱུང་བ་ལས་ཤེས་པར་བྱའོ། །བྱེ་བྲག་གི་མན་ངག་བཅུ་གསུམ་གྱི་དང་པོར། མ་ཧཱ་གུ་རུ་དྲག་པོའི་སྒྲུབ་པ་ལ་བསྟེན་ནས་ཕྱི་ལྟར་བསྟན་པ་འཇིག་ཅིང་ནང་ལུས་སྲོག་ཏིང་ངེ་འཛིན་ལ་བར་དུ་གཅོད་པའི་དགྲ་བགེགས་དམག་དཔུང་དང་འདྲ་བ་ཟློག་ཅིང་ཞི་བར་བྱེད་པས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་དང་པོའོ། ༈ །བྱེ་བྲག་གི་མན་ངག་གཉིས་པ་གུ་རུ་སྨན་བླར་སྒྲུབ་པ་ནི། ས་བཅད་རྣམས་སྔར་དང་འདྲ་ཞིང་། དང་པོ་མདུན་བསྐྱེད་གསལ་འདེབས་པ་ནི། སྲུང་བའི་འཁོར་ལོའི་དབུས། རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་མངོན་པར་མཐོ་བའི་སྟེང་དུ་ཉི་མ་དང་ཟླ་བའི་གདན། དེའི་སྟེང་དུ་ངོ་བོ་གུ་རུ་པདྨ་འབྱུང་གནས་ལ་རྣམ་པ་སངས་རྒྱས་སྨན་གྱི་བླ་སྐུ་མདོག་སྔོན་པོ་བཻ་ཌཱུརྻའི་ལྷུན་པོ་དྭངས་པ་ལ་ཉི་མ་ཤར་བ་ལྟ་བུ། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་ར་རིགས་ལྔ་བསྣམས་པ། གཡོན་མཉམ་གཞག་གི་སྟེང་ན་བཻཌཱུརྻའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལ་ཆོས་གོས་གསུམ་གསོལ་བ། སངས་རྒྱས་སྤྲུལ་པའི་སྐུའི་ཆ་ལུགས་ཅན། གཙུག་ཏོར་ལྟར་མི་མངོན་ཞིང་མཛོད་སྤུ་གཡས་སུ་འཁྱིལ་བ་སོགས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། འོད་ཕུང་གི་ཀློང་ན་བཞུགས་པ། པད་འདབ་བརྒྱད་ལ་ཤར་ནས་རིམ་པར་སྨན་བླ་སྔོན་པོ་མཆོག་སྦྱིན་ཨ་རུ་ར། ལྷོ་རུ་མངོན་མཁྱེན་རྒྱལ་པོ་དང་། ནུབ་ཏུ་ཆོས་གྲགས་རྒྱ་མཚོའི་དབྱངས་གཉིས་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན། བྱང་དུ་མྱ་ངན་མེད་དམར་པོ་མཉམ་གཞག །ཤར་ལྷོར་གསེར་བཟང་དྲི་མེད་དཀར་སེར། ལྷོ་ནུབ་རིན་ཆེན་ཟླ་བ་དམར་སེར། ནུབ་བྱང་དུ་མཚན་ལེགས་དཔལ་སེར་པོ། གསུམ་ཀ་གཡས་མཆོག་སྦྱིན། བྱང་ཤར་དུ་ཤཱཀྱ་ཐུབ་པ་གཡས་ས་གནོན། ཐམས་ཅད་གཡོན་མཉམ་གཞག་གིས་ལྷུང་བཟེད་བསྣམས་པ། ཆོས་གོས་གསུམ་གསོལ་ཞིང་མཚན་དཔེ་རྫོགས་པ་ཞབས་རྡོར་སྐྱིལ། གཞན་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་དང་། བདུད་རྩི་སྨན་གྱི་ལྷ་མོ། རིག་འཛིན་གྲུབ་ཐོབ་དྲང་སྲོང་དཔག་ཏུ་མེད་པས་བསྐོར་བར་གསལ་གདབ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་གུ་རུ་སྨན་བླ་མཆེད་བརྒྱད་ཀྱི་རྣམ་པར་སྤྱན་དྲངས་ནས་མདུན་བསྐྱེད་ལ་ཐིམ་པར་བསམ་ཞིང་ཚིག་བདུན་གསོལ་འདེབས་བྱ། ཇི་སྲིད་སངས་རྒྱས་མ་ཐོབ་བར་དུ་བརྟན་པར་བཞུགས་པར་གསོལ་བ་གདབ། དབང་གི་ལྷ་སྤྱན་དྲངས་དབང་བསྐུར་ཁྲུས་གསོལ་མི་བསྐྱོད་པས་དབུར་བརྒྱན། སྣང་སྲིད་ཐམས་ཅད་ལྷའི་བདུད་རྩིའི་རང་བཞིན་གྱི་མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པར་དམིགས་ཏེ་འབུལ། ཐུགས་རྗེ་ཀུན་ལ་སྙོམས་མཛད་བཅོམ་ལྡན་འདས། །སོགས་ཀྱིས་བསྟོད་ལ། སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ སོགས་ཅི་མང་དང་། ཧྲཱིཿ ཕྱོགས་བཅུ་དུས་གསུམ་སོགས་ཕུར་ཚུགས་ཀྱིས་གསོལ་བ་བཏབ་པའི་ཚེ། གུ་རུ་སྨན་བླ་མཆེད་བརྒྱད་དང་བཅས་པའི་སྤྱི་བོར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ནང་དུ་པད་ཟླ་ལ་ཨོཾ་ཡིག་དཀར་པོ་ཆ་ལྔ་པ་ཞིག་བསྒོམ། ཐུགས་ཀའི་ཨཱོཾ་ཡིག་དང་། མཛོད་སྤུ་དང་། ཕྱག་གི་ལྷུང་བཟེད་ལས་བདུད་རྩི་དཀར་པོ་འོད་ཟེར་སེར་པོ་སྒྲ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང། གཞིའམ་རྩ་བ་འདོད་ཆགས་ཀྱིས་བསྐྱེད་པའི་དངོས་པོ་རླུང་ལས་གྱུར་པ་གྲང་བའི་ནད་དང་། ཞེ་སྡང་གིས་བསྐྱེད་པའི་དངོས་པོ་མཁྲིས་པ་ལས་གྱུར་པ་ཚ་བའི་ནད་དང་། གཏི་མུག་གིས་བསྐྱེད་པའི་དངོས་པོ་བད་ཀན་ལས་གྱུར་པའི་ནད་དང་། ཆ་མཉམ་མ་རིག་པས་བསྐྱེད་པའི་དངོས་པོ་འདུས་པ་ལས་གྱུར་པའི་ནད་དེ་རྣམས་ཀྱི་བྱེད་ལས་ཀྱིས་ཚོར་བ་སྡུག་བསྔལ་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་ཤེལ་གོང་དྭངས་པ་ལྟར་དྭངས་ཤིང་རྙོགས་པ་དང་བྲལ་བ་འཆི་མེད་རྡོ་རྗེའི་སྐུར་གྱུར། འོད་ཟེར་རྣམས་ཚུར་འདུས་ས་ཆུ་མེ་རླུང་གི་དྭངས་བཅུད། སྐྱེ་འགྲོ་བསོད་ནམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་བདུད་རྩིའི་རྣམ་པར་ཚུར་བསྡུས་ཏེ་བདག་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །བྱེ་བྲག་ཏུ་རང་ངམ་གཞན་ན་བ་ལ་དམིགས་པ་ཁ་བསྒྱུར་ནི། ལུས་ཀྱི་ཕྱི་ནང་གང་ན་སར་འོད་ཀྱི་ཐིག་ལེ་འཕང་ལོ་ཙམ་གྱི་ནང་དུ་པད་ཟླའི་གདན་ལ་གུ་རུ་སྨན་བླ་མཆེད་བརྒྱད་དང་བཅས་པའི་སྐུ་ཆུང་ལ་རྫོགས་པ་གསལ་དྭངས་འོད་ཀྱི་རང་བཞིན་ཅན་དུ་བསམས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པས་དེ་དག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ནད་ཐམས་ཅད་སང་སང་དག་ཅིང་ཞི་བར་བསམས་ཏེ། དེ་ཡང་རླུང་གི་ནད་ལ་བདུད་རྩི་མར་ཁུའི་མདོག་ཅན་རོ་བཅུད་དྲོད་དང་ལྡན་པས་ནད་ཀྱི་དམིགས་དང་ལུས་ཀྱི་ཆ་ཐམས་ཅད་གང་བར་བསམ། མཁྲིས་པ་སོགས་ཚ་བ་ལ་བདུད་རྩི་དཀར་པོ་གྲང་ཞིང་བསིལ་བ། བད་ཀན་ལ་དམར་པོ་ཚ་ཞིང་རྩུབ་པ་དང་། འདུས་པ་ལ་སྔོ་སྐྱ་དེ་དང་དེའི་ཚོར་བ་ཐམས་ཅད་ཞི་བར་ནུས་པ་བབས་པས་ནད་གང་ཡིན་ཐམས་ཅད་ཤེལ་དག་པ་ལྟར་གྱུར་པར་བསམ། གཟའ་ཀླུ་སོགས་གདོན་ནད་ལ་བདུད་རྩི་ཚ་ཞིང་སྲེག་པ་ཁྲོ་ཆུ་ལྟ་བུའི་ཤུགས་དང་ལྡན་པ་མེ་འོད་འབར་བ་དང་བཅས་པས་ལུས་ནང་གང་བས་ནད་གདོན་ཐམས་ཅད་གཞོབ་ཏུ་ཐུལ་ཐུལ་བསྲེགས་ཤིང་སྦྱངས་ནས་ཤེལ་དག་པ་ལྟར་གྱུར་པར་བསམ་མོ། །དབང་བླང་བ་ནི། གུ་རུ་སྨན་གྱི་བླ་ཡི་དཔྲལ་བ་ནས་རང་འདྲའི་སྐུ་དཔག་མེད་བྱོན་རང་གི་སྤྱི་བོར་ཐིམ། ཐུགས་ཀའི་སྔགས་ཕྲེང་ལྗགས་སྟེང་ནས་བྱོན་རང་གི་ལྕེ་ལ་ཐིམ། ཐུགས་ཀ་ནས་འོད་ཀྱི་ཐིག་ལེ་སྔོན་པོ་མཱ་ཤའི་ཚད་ཙམ་བྱོན། རང་གི་སྙིང་གར་ཐིམ། དབང་གསུམ་ཐོབ། སྒྲིབ་གསུམ་སྦྱངས། སྐུ་གསུམ་དུ་སྨིན་པ་སྔར་བཞིན་བསམ། རང་གི་སྒོ་གསུམ་དང་གུ་རུའི་གསང་གསུམ་རོ་མཉམ་དུ་གྱུར་ཏེ་བཞི་པའི་དབང་དོན་རྒྱུད་ལ་སྐྱེས་པར་བསམ་མོ། །བདག་བསྲེ་ནི། མཐར་མདུན་བསྐྱེད་རང་ལ་ཐིམ་པས་རང་ཉིད་སྨན་གྱི་བླར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་འདྲ་དེའི་ཐུགས་ཀར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ཆ་ལྔ་པའི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་ལ་དགྱེས་མཆོད་ཕུལ། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། སེམས་ཅན་ཐམས་ཅད་སྨན་བླའི་སྐུར་གྱུར་པས་སྔགས་ཀྱི་སྒྲ་དི་རི་རི་ཡོད་པར་བསམས་ལ། ན་མོ་བྷ་ག་ཝ་ཏེ༔ བྷཻ་ཥ་ཛྱཻ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨཱོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ཞེས་གཟུངས་རིང་དང་། གཟུངས་ཐུང་ཅི་ནུས་བཟླ་བར་བྱ་ཞིང་། སྨན་གྱི་བླའི་མདོ་དང་བདེ་བ་ཅན་གྱི་ཞིང་གི་མདོ་བཀླག །འོད་དཔག་མེད་དང་བདེ་གཤེགས་བརྒྱད་ཀྱི་མཚན་ནས་བརྗོད་པའི་ཕྱག་དང་ཡན་ལག་བདུན་པ་འབུལ་བར་བྱའོ། །ཐུན་མཚམས་རྣམས་སུ་ཡི་གེ་འབྲི་བ་དང་། མཆོད་པ་དང་། སྦྱིན་པ་དང་། ཆོས་ཉན་པ་དང་། ཀློག་པ་དང་། ཚིག་འཛིན་པ་དང་། འཆད་པ་དང་། ཁ་ཏོན་དང་། དོན་ལ་སེམས་པ་དང་། སྟོང་ཉིད་བསྒོམ་པ་སྟེ་ཆོས་སྤྱོད་བཅུ་ལ་འབད་པར་བྱའོ། །རྗེས་སྡུད་ནི། སྣོད་བཅུད་ཐམས་ཅད་ཏིང་ངེ་འཛིན་སེམས་དཔའ་ཨོཾ་ནཱ་དའི་བར་དུ་བསྡུ་ཞིང་སྨན་བླའི་སྐུར་ལངས་ཏེ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་གོང་བཞིན་བྱའོ། །རྫོགས་རིམ་ནི། ཕྱི་རུ་འབྱུང་བ་བཞི་འདུས་པའི་ལུས་ལ་ཚོར་བ་དྲག་པོའི་ནད་འབྱུང་བ་ནི། ནང་ན་མ་རིག་པའི་ཀུན་སློང་གི་བདག་ཏུ་འཛིན་པ་རང་ཉིད་ལ་གཅེས་འཛིན་གྱི་བློ་ཨ་འཐས་སུ་ཡོད་པས་ལན། འཛིན་པ་དེ་འཁྲུལ་པ་གློ་བུར་བ་ཡིན། དེའི་གཉེན་པོར་བདག་མེད་ཀྱི་དོན་བསྒོམ་པར་བྱ་སྟེ། སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལུས་མི་གཡོ་བར་འདུག །ཐ་མལ་གྱི་འཁྲུལ་གཏམ་ལྟ་ཅི་སྨོས་ཏེ་རེ་ཞིག་བཟླས་བརྗོད་སོགས་ཀྱང་བཞག་སྟེ་ངག་མི་གཡོ་བར་སྨྲ་བ་བཅད། སྔ་ཕྱི་བཟང་ངན་གང་གི་རྩིས་གདབ་ཀྱང་མེད་པར་རང་བབས་སུ་སེམས་མི་གཡོ་བར་བཞག །ལྟ་སྟངས་གྱེན་ཐུར་གཡས་གཡོན་དུ་མ་ཡིན་པར་མདུན་ཐད་དྲང་པོའི་ནམ་མཁར་ཧ་རེ་བལྟ་བ་སངས་རྒྱས་ཀྱི་ལྟ་སྟངས་ཞེས་ཐ་སྙད་དུ་མཛད་པ་བཞིན་མིག་མི་གཡོ་བ་སྟེ་མི་གཡོ་བཞི་ལྡན་དུ་བྱས་ལ། སེམས་ཀྱིས་སྔར་བཞིན་འདི་བྱུང་འདི་བྱས་དང་། མ་འོངས་པ་ན་ཅི་འདྲ་འོང་སོགས་དང་། ད་ལྟའི་ཤེས་པ་ལ་བཅོས་བསླད་བཟོ་བཅོས་ཀྱིས་བསྒྱུར་བཀོད་མེད་པར་རང་བབས་སུ་རང་གི་ངོ་ལ་བལྟ་ཞིང་རྗེན་ནེ་ཤིག་གེ་སྐྱོང་ཞིང་ཉམས་སུ་བླངས་པས། ཉམས་རིམ་པ་བཞི་འཆར་ཏེ། གནས་པའི་ཉམས། མི་གཡོ་བའི་ཉམས། མཉམ་ཉིད་ཀྱི་ཉམས། ལྷུན་གྲུབ་ཀྱི་ཉམས་སོ། །དེ་རེ་རེ་ལ་ཡང་གཡོ་བ་དང་། གོམས་པ་དང་། བརྟན་པ་ཐོབ་པའི་བར་གསུམ་སྦྱར་བའི་ས་ལམ་གྱི་ངེས་འབྱེད་ནི་བླ་མའི་མན་ངག་དང་གཞུང་གཞན་ལས་ཤེས་པར་བྱའོ། །དེ་ལྟར་བརྩོན་པས་ཉམས་སུ་བླངས་ན་ཚེ་རབས་གྲངས་མེད་ནས་བསགས་པའི་སྡིག་སྒྲིབ་འདག །ཚེ་འདི་དང་ཕྱི་མ་ལ་མྱོང་འགྱུར་གྱི་ནད་གདོན་མ་ལུས་པ་ཞི་ཞིང་། ཚེ་འཕོས་ནས་ཀྱང་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་ཐོབ་པར་འགྱུར་རོ། །གུ་རུ་སྨན་གྱི་བླ་ལ་བསྟེན་ནས་རང་གཞན་གྱི་ནད་གདོན་ཐམས་ཅད་ཞི་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་འདྲ་བའི་མན་ངག་ལེའུ་གཉིས་པའོ། ༈ །མན་ངག་གསུམ་པ་གུ་རུ་ནོར་ལྷར་སྒྲུབ་པ་ནི། སྔར་བཞིན་སྲུང་འཁོར་གྱི་ནང་རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དམར་པོའི་ལྟེ་བར་ཟླ་གདན་གྱི་སྟེང་དུ་གཏེར་གྱི་བུམ་པ་གཉིས་ཞབས་སྤྲད་ཀྱི་ཚུལ་གྱི་ཁ་གཡས་གཡོན་དུ་བསྟན་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཛཾ་ཡིག་དང་བཾ་ཡིག་དམར་པོ་ཞལ་སྤྲོད་ལས་སྐྱེས་པའི་གུ་རུ་པདྨ་ཛམྦྷ་ལ་འམ་རྨུགས་འཛིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཞོན་ཤ་རྒྱས་ཤིང་བརྗིད་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་འབར་བ་ཐུགས་ཀར་འཛིན་ཅིང་། གཡོན་ནེའུ་ལེ་ནོར་བུས་གང་བ་དཀུར་བརྟེན་པ། རྒྱལ་པོ་རོལ་པའི་འདུག་སྟངས་སམ། གཡས་བསྐུམ་གཡོན་བརྐྱང་གིས་བཞེངས་སྟབས་སུའང་རུང་གསུངས། པང་དུ་ཡུམ་བདེ་རྒྱས་མ་དམར་མོ་གཡས་ནོར་བུ་དང་བཅས་པས་ཡབ་མགུལ་འཁྱུད་ཅིང་། གཡོན་ཐོད་ཁྲག་སྟོབ་པའི་ཚུལ་ཅན་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ཕྲེང་དུ་མས་བརྒྱན་པ། དེའི་ཤར་དུ་ནོར་བུ་བཟང་པོ་ཡུམ་ལྷ་མོ་ཟླ་ཤེལ་མ་དང་འཁྲིལ་བ། ལྷོ་རུ་གང་བ་བཟང་པོ་དང་ཟས་སྦྱིན་མ། ནུབ་ཏུ་ནོར་སྦྱིན་དང་སྦྱིན་བཟང་མ། བྱང་དུ་རྣམ་ཐོས་སྲས་དང་འཕགས་མ། ཤར་ལྷོར་རོལ་པའི་ཕྲེང་བ་དང་རབ་བཟང་མ། ལྷོ་ནུབ་ཏུ་འཇམ་པོ་འཁྱིལ་བ་དང་རབ་སྦས་མ། ནུབ་བྱང་དུ་ཞལ་གྱི་དབང་པོ་དང་ལྷ་མོ། བྱང་ཤར་དུ་སྤྱོད་དབང་དང་དབྱངས་ཅན་མ་སྟེ་བརྒྱད་ཀ་ཡང་རྒྱན་ཆ་ལུགས་བཞུགས་སྟངས་ཕྱག་མཚན་གཙོ་བོ་ཡབ་ཡུམ་དང་མཚུངས་པ། གཞན་ཡང་ནོར་ལྷའི་རིགས་བྱེ་བ་བརྒྱ་སྟོང་གྲངས་མེད་ཀྱིས་བསྐོར་ཞིང་དགོས་འདོད་རིན་པོ་ཆེའི་ཆར་འབེབ་པ། དངོས་གྲུབ་ཀྱི་སྤྲིན་ལས་ནོར་བུ་རིན་པོ་ཆེའི་ཆར་ལྷུག་ལྷུག་དལ་གྱིས་འབབ་པ། ས་གཞི་ཐམས་ཅད་ཀྱང་ནོར་བུའི་གཏེར་ཟད་མི་ཤེས་པའི་ཕུང་པོས་ཡོངས་སུ་གང་བས་བག་དྲོ་ཆིལ་ལེར་ཡོད་པར་གསལ་གདབ་བོ། །འདི་ནི་འཁོར་ལོ་སྡོམ་པའི་རྒྱུད་ལས་བཤད་པ་ལྟར་ཡིན་ལ། རྣམ་པ་གཞན་ལ་མོས་ན་ཡང་ངོ་བོ་གུ་རུ་ལ་རྣམ་པ་ཛམ་བྷ་ལ་སེར་པོ། ནག་པོ། དཀར་པོ། དམར་པོ། ལྗང་གུ །རྣམ་ཐོས་སྲས་སོགས་རང་གང་མོས་གཙོ་བོར་བསྐྱེད་ཅིང་འཁོར་གོང་ལྟར་བསྐྱེད་དོ། །དེ་ནས་ཚིག་བདུན་གསོལ་འདེབས་ཀྱིས་ཡེ་ཤེས་སྤྱན་འདྲེན་བཞུགས་སུ་གསོལ། དབང་བསྐུར། རིན་འབྱུང་གི་རྒྱས་གདབ། འདོད་དགུ་འབྱུང་བ་རིན་པོ་ཆེའི་རང་བཞིན་ཅན་གྱི་ཕྱི་ནང་གསང་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །སོགས་ཀྱིས་བསྟོད་པ་བྱས་ལ། གསོལ་འདེབས། འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ། སོགས་དང་། ཕུར་ཚུགས་མས་གསོལ་བ་བཏབ་པས། གུ་རུ་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་མེད་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་དང་སྲས་རྣམས་དང་། སློབ་པ་དང་མི་སློབ་པའི་འཕགས་པ་ཉན་རང་ཐམས་ཅད་ཀྱི་སྨིན་མཚམས། ཐུགས་ཀ །ཞལ་གྱི་སྒོ །ཕྱག་མཐིལ་སོགས་ནས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་ནང་ཚན་ཡོ་བྱད་ཀྱི་དབང་ཕྱུག་ནམ་མཁའི་མཛོད་ཆེན་པོའི་རིན་པོ་ཆེའི་གཏེར་ཟད་མི་ཤེས་པ་ཐམས་ཅད་ཡིད་བཞིན་ནོར་བུ་རིན་པོ་ཆེའི་རྣམ་པར་སྤྱན་དྲངས། གཞན་ཡང་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར། འབྱུང་བའི་དྭངས་མ་དང་བཅུད་ཐམས་ཅད་བསྡུས་ཏེ་ཚུར་བྱུང་བ་དང་ལྷན་ཅིག་གུ་རུ་ཡབ་ཡུམ་གྱི་སྦྱོར་མཚམས་ལྟེ་བ། ཞལ་སྒོ །ཕྱག་གི་ནེའུ་ལེའི་ཁ། གདན་གྱི་གཏེར་བུམ་རྣམས་ནས་རིན་པོ་ཆེ་ཆར་བཞིན་བབས། བདག་དང་དབུལ་ཕོངས་བཀྲེས་སྐོམ་གྱིས་ཉེན་པའི་ཉམ་ཐག་གི་འགྲོ་བ་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ནང་ཁེངས། གནས་ཁང་དང་བང་མཛོད་ཐམས་ཅད་ཀྱང་ཕྱུར་གྱིས་ཁེངས་པར་བསམ་མོ། །དེ་ལྟའི་མཐུ་ཡིས་བསོད་ནམས་དང་ལོངས་སྤྱོད་མངའ་ཐང་ཐམས་ཅད་རྒྱས་པར་བྱས། མཐར་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་རྣམས་ཀྱིས། ཞིང་གི་མཆོག་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་བཀུར་སྟི་རྒྱ་ཆེན་པོས་མཆོད་པས་བསོད་ནམས་དང་ལོངས་སྤྱོད་སྔར་བས་ཀྱང་ཆེར་འཕེལ། རྒྱུ་དེས་སངས་རྒྱས་ལ་མཆོད་པ་རྒྱ་ཆེན་སྤྲོས་པས་ཀུན་ཀྱང་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བསམ་མོ། །དབང་བླང་བ་ནི། གུ་རུ་ཛམ་བྷ་ལའི་དཔྲལ་བ་ནས་རང་འདྲའི་སྐུ །ལྗགས་སྟེང་ནས་སྔགས། ཐུགས་ཀ་ནས་ཐིག་ལེ་གསུམ་བྱུང་རང་གི་གནས་གསུམ་དུ་ཐིམ་པས་སྦྱངས་ཐོབ་སྨིན་པ་སོགས་གོང་དང་འདྲ། བདག་བསྲེ་ནི། གུ་རུ་རང་ལ་ཐིམ་པས་རང་ཉིད་ཛམ་བྷ་ལ་ཡབ་ཡུམ་དུ་གྱུར་པའི་ཐུགས་ཀར་པད་ཉི་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་མཐའ་སྐོར་ཉི་མའི་སྟེང་དུ་གུ་རུའི་སྙིང་པོ་ཐོད་ཕྲེང་རྩལ་གྱིས་བསྐོར་བ། དེའི་ཐུགས་ཀར་པད་ཉི་ལ་ཏིང་འཛིན་སེམས་དཔའ་ཛཾ་དང་བཾ་ཁ་སྦྱོར་རམ་སྟེང་འོག་ཏུ་བསྒོམས་པའི་མཐར་སྔགས་ཕྲེང་དམར་པོས་བསྐོར་བ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་ནས་ཐུགས་སྲོག་ས་བོན་ལ་ཐིམ། བདག་གི་ལུས་ཀྱི་ནང་ཐམས་ཅད་རིན་པོ་ཆེས་ཁེངས། བསོད་ནམས་དཔག་མེད་དུ་རྒྱས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་བདག་གི་དབང་དུ་གྱུར་ཏེ་གུས་ཤིང་ཆགས་པའི་ཚུལ་གྱིས་དུང་དུང་འདུད་པར་བསམས་ལ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷིཿཧྲཱིཿཌཱ་ཀི་ནཱི་ཛ་ལ་སམྦྷ་རཾ་སྭཱ་ཧཱ༔ ཞེས་བཟླ་ཞིང་། ཐུན་འཇོག་པ་ན་འགྲོ་བ་སེམས་ཅན་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་པ་རྣམས་དང་། ཛམྦྷ་ལ་ཐམས་ཅད་བདག་ལ་ཐིམ་པས་རང་ཉིད་མཐུ་དཔལ་དང་གཟི་བརྗིད་ཆེས་ཆེར་རྒྱས་པར་བསམ་མོ། །རྗེས་སྡུད་དང་ལྷར་ལྡང་བ་གོང་དང་འདྲ། ཐུན་མཚམས་རྣམས་སུ་ཛམྦྷ་ལའི་ཆུ་སྦྱིན་དང་། འབྱུང་པོ་སྤྱིའི་གཏོར་མ་གཏང་ཞིང་། གསེར་འོད་དང་ནོར་རྒྱུན་མའི་མདོ་བཀླག །དཀོན་མཆོག་ལ་མཆོད་པ་དང་། ངན་སློང་དང་སྐྱེ་བོ་ལ་སྦྱིན་གཏོང་འབད། རྫོགས་རིམ་ནི། ཕྱི་རུ་བཀྲེས་སྐོམ་སོགས་མུ་གེ་འབྱུང་བའི་རྒྱུ། ནང་ཉོན་མོངས་འདོད་ཆགས་ཀྱིས་ཡོ་བྱད་ལ་བརྐམ་ཞིང་ཆགས་པའི་ཞེན་པ་སེར་སྣ་འཇུར་གེགས་ཀྱིས་བཅིངས་པས་ལན། དེའི་གཉེན་པོར་ཡོ་བྱད་དགྲ་གཉེན་སོགས་གང་ལ་ཡང་བདེན་འཛིན་ཞེན་ཆགས་མེད་པར་དཀོན་མཆོག་ལ་མཆོད་པ་འབུལ་བ་དང་། དམན་པ་དག་ལ་སྦྱིན་པ་སོགས་ལ་བརྩོན་པར་བྱ་ཞིང་། མཆོད་སྦྱིན་ཐམས་ཅད་ཀྱི་དོན་ཚང་བ་ཀུ་སུ་ལུའི་ཚོགས་གསོག་གམ། གསང་བའི་གཏོར་མ་ཕུང་པོའི་ཚོགས་འཁོར་གྱིས་སྲི་ཞུའི་མགྲོན་རྣམས་མཆོད་པ་དང་། དམ་ཅན་ཆོས་སྐྱོང་རྣམས་བསྐང་བ་དང་། རིགས་དྲུག་དང་ལན་ཆགས་ཀྱི་མགྲོན་ལ་ཁྱབ་པར་སྦྱིན་པ་སོགས་ཞིབ་པར་ལོགས་སུ་འབྱུང་བ་ལྟར་སྦྱར་བར་བྱ་ལ། དེ་ལྟ་བུའི་མཆོད་སྦྱིན་ནི་སྤྱིན་པ། འཁོར་གསུམ་རྣམ་པར་མི་རྟོག་པའི་རྒྱས་བཏབ་སྟེ། མཆོད་སྦྱིན་གྱི་ཡུལ། མཆོད་མཁན་གྱི་བདག །མཆོད་རྫས་ཀྱི་དངོས་པོ་གསུམ་རྣམ་པར་མི་རྟོག་པའི་སྣང་བ་གཏད་མེད་ངང་དུ་བཞག་པ་ནི་སྙན་སྨྲ །དུས་ཐམས་ཅད་དུ་ཆགས་མེད་གང་ཤར་ལམ་ཁྱེར་ལས་མ་གཡོས་པས་སྦྱོང་བ་ནི་དོན་སྤྱོད་པ། འདི་དང་འདི་སོགས་ཀྱིས་རྩིས་གདབ་མེད་པར་བློ་འདས་ཀྱི་ལྟ་བར་ལ་ཟླ་བ་ནི་དོན་མཐུན་པ་སྟེ། བསྡུ་བའི་དངོས་པོ་བཞིའི་ངེས་དོན་གྱི་ཉམས་ལ་ཞེན་འཛིན་མེད་པ་སྒྱུ་མ་ལྟ་བུར་མཉམ་གཞག་དང་རྗེས་ཐོབ་ཀྱི་གནས་སྐབས་བར་མཚམས་མེད་པར་བསླབ་པར་བྱའོ། །དེ་ལྟར་ཉམས་སུ་བླང་ན་ཚེ་རབས་ཀྱི་སྒྲིབ་པ་དག་ཅིང་བསོད་ནམས་རྒྱས། འདི་ཕྱིའི་ཚེ་རབས་ཐམས་ཅད་དུ་དབུལ་བ་དང་བྲལ་བ་འབྱོར་ལྡན་གྱི་ལུས་ཤ་སྟག་ཐོབ་པར་འགྱུར་རོ། །གུ་རུ་ཛམྦྷ་ལའི་སྒྲུབ་པ་ལ་བརྟེན་ནས་དབུལ་ཕོངས་སེལ་ཞིང་འདོད་དགུའི་ལོངས་སྤྱོད་སྤེལ་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་གསུམ་པའོ། ༈ །མན་ངག་བཞི་པ་གུ་རུ་ཡི་དམ་དུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་དུ་རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་ཟླ་བ་ཉི་མ་བདུད་བཞིའི་གདན་ལ། ངོ་བོ་གུ་རུ་པདྨ་ལ་རྣམ་པ་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ་གཡས་དཀར་གཡོན་དམར་དབུས་མཐིང་ག གཡས་དང་པོ་དང་བར་པས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་དང་པོ་དང་བར་པས་ཁ་ཊཱཾ་ག་རྩེ་གསུམ་དང་སྡིགས་མཛུབ་ཀྱིས་མེ་དཔུང་། ཐ་མ་གཉིས་མཆོག་ཕུར་སྒྲིལ་བ། ཞབས་བཞིའི་མདུན་མ་གཉིས་གཡས་བསྐུམ་གཡོན་བརྐྱང་གི་དོར་སྟབས་དང་། རྒྱབ་མ་གཉིས་གཡས་བརྐྱང་གཡོན་བསྐུམ་གྱི་གར་སྟབས་ཀྱིས་བདུད་བཞི་བརྫིས་པ། གསང་བ་ནས་ཕུར་བུ་ཞིག་རྒྱན་གྱི་ཚུལ་དུ་འཕྱང་བ་བགེགས་ཆེན་བི་ན་ཡ་ཀའི་སྙིང་གར་ཟུག་པ། དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་ཕྱག་གཡས་ཨུཏྤ་ལས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་ཐོད་ཁྲག་སྟོབ་པ། ཕྱོགས་མཚམས་བརྒྱད་དུ་ཤར་དུ་ཡང་དག །ལྷོར་འཇམ་དཔལ་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་ཆེ་མཆོག །ཤར་ལྷོར་མངོན་རྫོགས། ལྷོ་ནུབ་ཏུ་རིག་འཛིན། ནུབ་བྱང་དྲེགས་འདུལ། བྱང་ཤར་སྟོབས་ལྡན་ནག་པོ་སྟེ་དཔལ་བརྒྱད་ལ། ཡུམ་རོ་ལངས་མ། པདྨ་གཟི་ལྡན་མ། རྡོར་དབྱིངས། གནམ་ཞལ། རྡོ་རྗེ་རྣལ་འབྱོར་མ། མུ་ཁ་ལེ། སྲི་འདུལ། འབྱུང་ལྔའི་བདག་མོ་བརྒྱད་དང་འཁྲིལ་བ་ཐམས་ཅད་ཀྱང་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་ཡེ་ཤེས་མེ་དཔུང་གི་ཀློང་ན་བཞུགས་པ། གཞན་ཡང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། འདི་ལ་གཙོ་བོ་རང་རང་གི་མོས་བློ་དང་སྦྱར་ཏེ་གཙོ་བོ་དགུ་གང་རིགས་སམ། རྡོ་རྗེ་དྲག་པོ་རྩལ་ལྟ་བུ་ལ་འཁོར་དཔལ་བརྒྱད་ཀྱིས་བསྐོར་བ་གང་འདོད་བྱ་གསུངས་སོ། །འཁོར་གྱི་དཔལ་བརྒྱད་པོ་ཞལ་གསུམ་ཕྱག་དྲུག་པའམ། ཞལ་གཅིག་ཕྱག་གཉིས་གང་འདོད་གསལ་བཏབ་ལ། སྤྱན་འདྲེན་བཞུགས་གསོལ། མཆོད་པ་དང་བསྟོད་པ་རྣམས་སྔར་གྱི་གོ་རིམ་ལྟར་བྱའོ། །དེ་ནས། ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ སོགས་བཅད་ལྷུག་གི་གསོལ་འདེབས་ཀྱི་ཚེ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། གུ་རུ་ཡི་དམ་གྱི་སྐུ་ལས་སྐུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་རང་ལ་ཐིམ་པས་ལུས་བྱིན་གྱིས་བརླབས། ཐུགས་ཀ་ནས་ལྗགས་སྟེང་བརྒྱུད་དེ་སྔགས་ཀྱི་སྒྲ་གདངས་དང་བཅས་པའི་ཡིག་འབྲུ་གོང་བཞིན་བྱུང་རང་གི་ལྕེ་ལ་ཐིམ་པས་ངག་བྱིན་གྱིས་བརླབས། ཐུགས་ཀ་ནས་ཐུགས་ཀྱི་དྭངས་མ་ཐིག་ལེ་ཐིག་ཕྲན་ཕྱག་མཚན་རྡོ་རྗེ་ཕུར་བུ་སོགས་མང་པོ་བྱོན་སྙིང་གར་ཐིམ་པས་ཡིད་བྱིན་གྱིས་བརླབས། ལྟེ་བ་ནས་འོད་ལྔའི་ཐིག་ལེ་རང་གི་ལྟེ་བར་ཐིམ་དབང་པོ་རྣམས་བྱིན་གྱིས་བརླབས། གསང་བ་ནས་མེ་རླུང་ཆུ་གསུམ་འབར་ཞིང་གཡོ་བའི་ཚུལ་དུ་བྱུང་རང་གི་གསང་བར་ཐིམ་པས་རྩ་རླུང་ཐིག་ལེ་ལས་རུང་དུ་བྱིན་གྱིས་བརླབས་པར་བསམ། གཏེར་བདག་རྣམས་ཀྱི་གཡས་ཕྱག་འཚལ་བའི་སྟངས་ཀ་དང་། གཡོན་ནོར་བུ་བཟུང་ནས་བདག་ལ་དངོས་གྲུབ་འབུལ་བར་བསམ། མཐར་ཡི་དམ་ཐམས་ཅད་རང་ལ་ཐིམ་པས་རང་ཉིད་དེའི་སྐུར་གྱུར་པའི་སྙིང་གར་ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་སྔར་བཞིན་གསལ་བཏབ་ལ་བཟླས་པ་བྱ། འཕྲོ་འདུ་གོང་ལྟར་མཆོག་སྒྲུབ་བྱེད་ཅིང་། ཆོས་སྐྱོང་དམ་ཅན་རྣམས་ཀྱིས་སྲོག་སྙིང་བདག་ལ་དབང་མེད་དུ་ཕུལ་ནས་ཅི་བསྒོ་བའི་ལས་སྒྲུབ་པར་དམིགས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཡི་དམ་གྱི་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་རོལ་པར་བལྟ་ཞིང་ཐམས་ཅད་ཀྱིས་རང་སྒྲ་འུར་འུར་སྒྲོག་པར་དམིགས་ཏེ། དེ་ཡང་རང་གཞན་གྱི་ལུས་ལྷ། ངག་གི་སྨྲ་བརྗོད་དང་འབྱུང་བའི་སྒྲ་སོགས་སྔགས། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་བལྟ་བ་སྟེ། གསལ་བ་གསུམ་ལྡན་གྱི་དགོངས་པའི་ངང་ནས་ཧཱུྃ་བཟླ། ཞི་བའི་ལས་ལ་ཧཱུྃ་རྐྱང་འདེད་བར་མཚམས་མེད་པ་དང་། དྲག་པོ་ལ་གཉིས་བརྩེགས། དབང་ལ་ལྔ་སྒྲིལ། རྒྱས་པ་ལ་བདུན་སྒྲིལ་བཟླ། གོམས་པར་གྱུར་ནས་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པ་དབུགས་ཉིད་ཡེ་ནས་ཧཱུྃ་སྒྲར་སྣང་བ་ལ་དྲན་འཛིན་བྱས་ཏེ་དོན་གྱི་ངང་བསྐྱང་བ་ལ་བསླབ། དམིགས་ཀྱིས་བསལ་ཏེ་རང་ཡི་དམ་ཀཱི་ལ་ཡ་སོགས་གང་དུ་བསྒོམས་པ་དེའི་སྙིང་པོ་བཟླ་བ་ལ་འབད། རྗེས་སྡུད་ལྷར་ལྡང་སྤྱི་ལྟར་རོ། །རྫོགས་རིམ་ནི། གཏེར་འདོན་ན་ཞེས་པའི་དོན་གྱིས། སྤྱིར་སྣང་སྲིད་འཁོར་འདས་ཐམས་ཅད་གཏེར་ཡིན་ཏེ། དེ་ལས་ཐུན་མོང་དང་མཆོག་སོགས་གང་འདོད་པའི་འབྲས་བུ། དེ་དང་དེའི་ལས་སྒྲུབ་པ་ལ་འབད་པས་ངེས་པར་འགྲུབ་པ་ཉིད་གཏེར་ཐོན་པ་ཡིན་ཞིང་། གཏེར་ཐམས་ཅད་ཀྱི་དམ་པ་ནི་ཡང་དག་པའི་ཡེ་ཤེས་སངས་རྒྱས་ཀྱི་དགོངས་པ་མི་འགྱུར་བདེ་བ་ཆེན་པོའི་དོན་དེ་ཉིད་ཡིན། དེ་ལྟ་བུའི་ཟབ་གཏེར་རིག་པ་དྲི་མ་མེད་པའི་ཆོས་ཀྱི་སྐུའི་གཏེར་དེ་འདོན་པ་ལ། ཡང་དག་པའི་དོན་ལ་སྒྲིབ་པའི་འཁྲུལ་སྣང་ཨ་འཐས་ཐ་མལ་གྱི་རྣམ་རྟོག་ངོ་མ་ཤེས་བག་ལ་ཉལ་ཕྱི་རོལ་གྱི་བྲག་རི་ལྟ་བུ། བྲག་རིའི་ནང་ན་རྫས་ཀྱི་གཏེར་ཡོད་པ་དང་མཚུངས་པར། མིག་དང་། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་དང་། ཉོན་ཡིད་དེ་རྣམ་པར་ཤེས་པའི་ཚོགས་བདུན་གྱིས་ཀུན་ནས་གཡོགས་པའམ་རྒྱས་བཏབ་པའི་དབུས་སམ་ནང་ན། ཀུན་གཞི་བདེ་གཤེགས་སྙིང་པོ་རིག་པའི་ངོ་བོ་དེ་ཉིད་རྣམ་ཤེས་ཚོགས་བདུན་དང་ཐ་དད་པའང་མ་ཡིན་པར་གསལ་འགྲིབ་འཕོ་འགྱུར་བྲི་གང་མེད་པ་གཉུག་མར་བཞུགས་བཞིན་པ། མ་རིག་པའི་སྒྲིབ་གཡོགས་ཀྱིས་མ་མཐོང་བ་དེ་ཉིད། རྫས་ཀྱི་རྫས་འདོན་པའི་ཁ་བྱང་ལྟར་རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ལུང་གིས་མཚོན་པར་བྱས་པའི་ཐོས་བསམ་གྱི་མཐུ་དང་། ཁྱད་པར་བྱིན་རླབས་ཅན་གྱི་བླ་མ་ལ་ལྟེམ་རྐྱང་མེད་པའི་མོས་གུས་ཀྱིས་གསོལ་བ་བཏབ་པའི་ནུས་པས་ཇི་ལྟ་བའི་དོན་དེ་ཉིད་རྟོགས་པར་འགྱུར་ལ། ཇི་ལྟ་བ་རྟོགས་པ་དེ་བརྟན་པ་མ་ཐོབ་ཀྱི་བར་དུ་ཉམས་སུ་བླངས་ཏེ། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མམ། གཤེགས་ཤུལ། སངས་རྒྱས་ཀྱི་ཡེ་ཤེས་དྲང་ཐད་དུ་ངོ་སྤྲོད་པར་བྱེད་པའི་གདམས་པ་རིག་པ་གཅེར་མཐོང་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་ལེན་པར་བྱའོ། ཁྲེགས་ཆོད་ཅེས་པ་རྫོགས་པ་ཆེན་པོའི་རང་སྐད་ཡིན་ཏེ། ཁྲེགས་ཞེས་པ་རིག་པའི་ཡེ་ཤེས་དེ་མན་ངག་གི་གནད་མེད་པར་རྟོགས་སུ་མེད་པས་རྡོ་རྗེ་ཕ་ལམ་ལྟ་བུས་མཚོན་ཏེ་སྲ་བའི་དོན་ནོ། །ཆོད་ཅེས་པ་བླ་མའི་མན་ངག་གིས་རྟོགས་ཤིང་མ་རིག་པའི་དྲྭ་བ་ཐེ་ཚོམ་ཆོད་པས་ན་ཆོད་ཅེས་བྱ། དེ་ལྟ་བུའི་ལམ་བཟང་མ་ནོར་བར་བརྩོན་པས་བསྒོམས་ན་ཚེ་འདི་ཁོ་ན་ལ་གྲོལ་བ་ཐོབ་སྟེ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པས་ན། གཏེར་ཐམས་ཅད་ཀྱི་རྒྱལ་པོའམ་དམ་པ་ཡིན་ཞིང་། དེ་ལྟ་བུ་གྲུབ་པའི་གཏེར་སུས་ཐོན་པ་དེ་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཡིན་ལ། གྲོལ་བ་ཐོབ་པའི་ཡོན་ཏན་དེ་འདྲ་དང་མི་ལྡན་ན་ཕྱི་རོལ་རྫས་ཀྱི་གཏེར་ཇི་ཙམ་ཐོན་ཀྱང་འབྲས་བུའི་དམ་པ་མ་ཡིན་གསུངས་སོ། །དེ་ལྟ་བུའི་ཁྲེགས་ཆོད་ཀྱི་ལམ་ཟབ་མོ་ནི་རྫོགས་པ་ཆེན་པོའི་གཞུང་ལུགས་བླ་མའི་མན་ངག་བཞིན་དུ་ཤེས་པར་བྱ་བ་ཡིན་ལ། དེ་ལྟར་མན་ངག་བཞི་པ་ཚུལ་བཞིན་ཉམས་སུ་བླངས་ན་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་གསུངས་སོ། །གུ་རུ་ཡི་དམ་དུ་སྒྲུབ་པས། ཕྱི་ནང་གི་ཟབ་གཏེར་འདོན་ཞིང་གཏན་གྱི་དོན་ཆེན་འགྲུབ་བྱེད་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཞི་པའོ། ༈ །མན་ངག་ལྔ་པ་གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་སྒྲུབ་པ་ལ་བསྟེན་ནས་སྦས་ཡུལ་འབྱེད་པ་ནི། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་མའི་གདན་ལ་གུ་རུ་ཟིལ་གནོན་དྲག་པོ་རྩལ་སྐུ་མདོག་དཀར་དམར་ཁྲོ་ལ་འཛུམ་པ། དབུ་ལ་པད་ཞྭ་ཁྱུང་ལྡེམ་ཅན་གསོལ་ཞིང་ཟབ་བེར་གསང་གོས་དང་ཆོས་གོས་གསོལ་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རྭ་གདེངས་པ་འཕྱར་ཞིང་། གཡོན་སྙིང་ཕྲེང་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་འདོར་སྟབས་སུ་བཞུགས་པ། དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཕྱག་རྡོར་གཉིས་ཀ་མཐིང་ནག །ལྟེ་བར་ཡེ་ཤེས་མགོན་པོ། གསང་བར་ཁྱབ་འཇུག་རཱ་ཧུ་ལ་རྣམས་དང་། འཁོར་དུ་ཕྱོགས་བཞིར། ཤར་དུ་ཞིང་སྐྱོང་སེང་གདོང་ཅན། ལྷོར་བསེའི་སྐྱེས་བུ། ནུབ་ཏུ་ལྕགས་ཀྱི་སྐྱེས་བུ། བྱང་དུ་དུང་གི་སྐྱེས་བུ། ཤར་ལྷོར་རྡོ་རྗེ་ལེགས་པ། ལྷོ་ནུབ་ཏུ་རྨ་ཆེན་སྤོམ་ར། ནུབ་བྱང་དུ་ཐང་ལྷ། བྱང་ཤར་དུ་ལྷ་མོ་དྲེའུ་ཞོན་མ། གཞན་ཡང་དགེ་བསྙེན་ཉེར་གཅིག །བརྟན་མ་བཅུ་གཉིས། སྲིད་པའི་ལྷ་རབས། ཆེ་བ་དང་གཉན་པ་དྲག་པོ་དང་བཙན་པོ་དང་། རི་དབང་མགུར་ལྷ་སོགས་བོད་ཀྱི་རྒྱལ་ཁམས་ལ་དབང་བྱེད་པའི་གཞི་བདག་མཐུ་ཆེན་ཐམས་ཅད་ཀྱིས་བསྐོར་བར་གསལ་གདབ། དེ་དག་ཐམས་ཅད་ཀྱང་བྲན་གྱི་ཚུལ་དུ་གཡས་ཐལ་མོ་སྦྱར་ཚུལ་དང་གཡོན་ནོར་བུ་ཐོགས་ནས་གུ་རུ་ལ་འདུད་ཅིང་བཀའ་ཉན་གསུང་སྡོད་པར་བསམ། སྤྱན་འདྲེན། མཆོད་བསྟོད་ཀྱི་བར་སྤྱི་ལྟར། སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཞེས་སོགས་བཅད་ལྷུག་གི་གསོལ་བ་བཏབ་པའི་ཚེ་དམིགས་པ་ནི། གུ་རུའི་ཐུགས་ཀ་ནས་རྣོ་ཞིང་མྱུར་བའི་འོད་ཟེར་མང་པོ་འཕྲོས། འཁོར་རྣམས་ལ་ཕོག་པས་དེ་རྣམས་གནད་ལ་ཕབ་སྟེ། དེ་ཐམས་ཅད་ཀྱིས་སྔོན་གུ་རུའི་སྤྱན་སྔར་སྲོག་སྙིང་ཕུལ་ཅིང་དམ་བཅས་པའི་གཡར་དམ་རྗེས་སུ་དྲན་ནས། དུས་ངན་སྙིགས་མ་ལྔའི་ཉེས་སྐྱོན་གྱིས་དབེན་པའི་སྦས་པའི་ཡུལ་ལྗོངས་བདེ་བ་དང་ལྡན་པ་གང་ཡིན་པ་དག་རང་ལ་སྟེར་ཞིང་ལུང་སྟོན་པར་དམིགས། སྦས་ཡུལ་སོགས་འབྱེད་འདོད་མ་ཡིན་ཀྱང་། རང་ཉིད་གང་དུ་སྡོད་པའི་ས་ཕྱོགས་དེ་ཉིད་སྦས་ཡུལ་དང་ཡོན་ཏན་མཚུངས་ཤིང་། སྙིགས་མ་ལྔས་དབེན་པའི་བདེ་སྐྱིད་དཔལ་གཡང་ཐམས་ཅད་བསྐྱེད་པར་བསམ། མཐར་དབང་ལེན་པ་སྤྱི་ལྟར་གྱི་རྗེས་སུ། གུ་རུ་རང་ལ་བསྟིམས་ནས། རང་ཉིད་གུ་རུའི་སྐུ་གནས་ལྔའི་ལྷ་དང་བཅས་པ་གསལ་བཏབ་པའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས། འཇིག་རྟེན་འཁོར་བའི་ལྷ་གཞི་བདག་མཐུ་ཆེན་རྣམས་དང་། འདས་པའི་ལྷ་ཡི་དམ་མཁའ་འགྲོ །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་མཐུ་བྱིན་བསྡུས་ནས་གནས་ལྔའི་ལྷ་རྣམས་ལ་ཐིམ། གནས་གསུམ་གྱི་ལྷའི་བྱིན་རླབས་ཀྱིས་བདག་གི་མཐུ་སྟོབས་བསྐྱེད། མགོན་པོ་དང་སྒྲ་གཅན་གྱིས་བདག་གིས་ཅི་བསྒོ་བའི་ལས་ཐམས་ཅད་བསྒྲུབས་པར་བསམ་ཞིང་། བཟླས་པ་ནི། ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ སྦུར་ཐུམ་ཛཿཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་ནྲྀ་ཏྲི་སིདྡྷི་ཕ་ལ་ཛཿཛཿཛ༔ ཞེས་བཟླའོ། །རྗེས་སྡུད་ལྷར་ལྡང་བསྔོ་སྨོན་སྤྱི་ལྟར་རོ། །རྫོགས་རིམ་ནི། ཕྱི་རུ་སྙིགས་མ་ལྔའི་སྡུག་བསྔལ་སྐྱོབ་ཕྱིར་སྦས་ཡུལ་དབེན་པར་འཇུག་པ་ལྟར། ནང་དུ་འཁྲུལ་སྣང་ཉོན་མོངས་ཀྱི་ཟུག་རྔུ་ལས་སྐྱོབ་པའི་དབེན་ས། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་སྟེ། དེ་ལ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་དང་འོག་སྒོ་རྣམ་པར་གྲོལ་བའི་ལམ་གཉིས་ལས། འདིར་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་གཏུམ་མོ་ཙཎྜ་ལཱི་བསྒོམ་པ་གཙོ་བོར་བསྟན་ལ། དེའི་ཚུལ་ནི་ཕྱི་ནང་གི་སྟོང་ར་བསྒོམས་ནས་རླུང་སྦྱོར་བ་བཞི་ལྡན་དང་། ཨ་ཧཾ་གི་དམིགས་གནད་ལ་ཨ་ཐུང་གི་མེ་སྦར་ཞིང་། ཧཾ་གི་བདུད་རྩི་ཞུ་བའི་འདུ་འཕྲོད་ལ་བརྟེན་ནས་བདེ་བ་དང་དྲོད་ཀྱི་ཡེ་ཤེས་སྐྱེ་ཞིང་། དེ་ལ་བརྟན་པ་ཐོབ་ན་བོགས་འདོན་པ་འོག་སྒོ་བདེ་བ་ཆེན་པོའི་ལམ་རང་གཞན་གྱི་ལུས་ལ་བརྟེན་པའི་མན་ངག་སྟེ། དེ་ལྟ་བུའི་ལམ་ཚུལ་བཞིན་ཉམས་སུ་བླངས་པས་རོ་མའི་ནུས་པ་འབར་ཞིང་རྐྱང་མའི་ནུས་པ་འཛག་པའི་རྟེན་འབྲེལ་གྱི་མཐུས། ལས་ཀྱི་རླུང་རིམ་གྱིས་དབུ་མར་ཞུགས་ཤིང་། ཡས་འབབ་དང་མས་བརྟེན་གྱི་དགའ་བ་བཞི་ཉམས་སུ་མྱོང་ཞིང་ངོ་འཕྲོད་པའི་ཏིང་ངེ་འཛིན་གྱིས་ས་ལམ་རིམ་གྱིས་བགྲོད་དེ་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་འདི་ལ་མངོན་དུ་བྱེད་པ་ནི་རྡོ་རྗེ་ཐེག་པའི་ཉེ་ལམ་མམ། རྡོ་རྗེ་སེམས་དཔའི་གསེང་ལམ་ཞེས་བྱ་བ། བློ་ཆུང་སྐལ་དམན་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་སྐལ་པ་དང་ལྡན་པ་དག་གི་སྤྱོད་ཡུལ་ཅན་ཡིན་པས་ན་སྦས་ཡུལ་གྱི་དམ་པ་སྟེ། ལམ་འདིའི་ཡོན་ཏན་ཞུ་བདེ་ལྷན་ཅིག་སྐྱེས་པའི་རྐྱེན་གྱིས་སྡུག་བསྔལ་བདེ་བར་ཤར་པས། མ་དག་འཁྲུལ་པའི་རྣམ་རྟོག་གི་དགྲ་ལས་སྐྱོབ་པའི་དོན་གྱིས་ན་སྦས་ཡུལ་གྱི་ཐ་སྙད་དཔེར་བཞག་པའོ། །ཉམས་ཁྲིད་དངོས་ནི་གཞུང་གཞན་ལས་ཤེས་པར་བྱ་བ་ཡིན་ཏེ་འདིར་ནི་རྒྱུ་མཚན་ས་བོན་ཙམ་མོ། །གུ་རུ་ཟིལ་གནོན་དྲག་པོ་རྩལ་གྱི་སྒྲུབ་པས་ཐུན་མོང་དང་ཁྱད་པར་གྱི་སྦས་ཡུལ་འབྱེད་པར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་ལྔ་པའོ། ༈ །མན་ངག་དྲུག་པ་གུ་རུ་སེང་གེ་སྒྲ་སྒྲོག་ཏུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་རང་གི་མདུན་གྱི་ནམ་མཁར་པདྨ་ཟླ་བ་ཉི་མའི་སྟེང་ན་དགྲ་བགེགས་དྲེགས་པ་དམ་སྲི་བརྫིས་པའི་གདན་ལ། ངོ་བོ་གུ་རུ་པདྨ་ཉིད་རྣམ་པ་གསང་བདག་སེང་གེ་སྒྲ་སྒྲོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའི་དབྱིངས་སུ་འཕྱར་ཞིང་། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པས་ཡུམ་ལ་འཁྱུད་པ། ཁྲོ་གཏུམ་འཇིགས་པའི་ཉམས་ཅན་དབུ་སྐྲའི་གསེབ་ནས་སེང་གེའི་ཞལ་ཕྱུང་བ། སྐུ་སྟོད་ལ་སེང་གླང་གི་སྟོད་གཡོགས་མི་ལྤགས་ཀྱི་སྐེད་དཀྲིས། སྟག་ཤམ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་འདོར་སྟབས་སུ་བཞུགས་པ། ཡུམ་བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་མ། སྐུ་མདོག་དམར་ནག་གྲི་ཐོད་འཛིན་པ་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པས་གཡོན་ནས་འཁྱུད་པ། དེའི་ཤར་དུ་རྡོ་རྗེ་དཔའ་བོ་སྔོན་པོ་ཕྱག་གཡས་རྡོ་རྗེ་འཛིན་པ། ཡུམ་རྡོ་རྗེ་དཔའ་མོ་སྔོ་སྐྱ་གཡས་ཌཱ་མ་རུ། ལྷོར་རིན་ཆེན་དཔའ་བོ་སེར་པོ་ནོར་བུ། རིན་ཆེན་དཔའ་མོ་སེར་སྐྱ་རིན་ཆེན་ཟར་བུ། ནུབ་ཏུ་པདྨ་དཔའ་བོ་དམར་པོ་པདྨ། པདྨ་དཔའ་མོ་དམར་སྐྱ་པད་སྡོང་། བྱང་དུ་ལས་ཀྱི་དཔའ་བོ་ལྗང་གུ་རྒྱ་གྲམ། ལས་ཀྱི་དཔའ་མོ་ལྗང་སྐྱ་རལ་གྲི །ཡབ་རྣམས་ཀྱིས་གཡོན་དྲིལ་བུ་འཛིན་པས་ཡུམ་གྱི་སྐེད་ནས་འཁྱུད་པ། དབུ་སྐྲ་ནག་པོ་སྤྱི་བོར་བཅིངས་ཤིང་ཐུར་དུ་གྲོལ་བ། ཡུམ་རྣམས་གཡོན་ཀ་པཱ་ལ་བདུད་རྩིས་བཀང་བ་ཡབ་ལ་སྟོབ་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། སྐུ་བཞེངས་སྟབས་སུ་བགྱིང་བག་དང་ལྡན་པའོ། །ཤར་ལྷོར་འགུགས་གིང་འགུགས་བྱེད་མཐིང་ནག་གཡས་ལྕགས་ཀྱུ། ཡུམ་རྡོ་རྗེ་གིང་མོ་སྔོན་མོ་གཡས་རྡོ་རྗེ། ལྷོ་ནུབ་ཏུ་འཛིན་གིང་གསོད་བྱེད་སེར་ནག་རལ་གྲི །རིན་ཆེན་གིང་མོ་སེར་མོ་རིན་པོ་ཆེ། ནུབ་བྱང་དུ་སྟོབ་གིང་ཟ་བྱེད་དམར་ནག་ཐོད་པར་སྙིང་བཅུག་པ། པདྨ་གིང་མོ་དམར་མོ་གཡས་པདྨ། བྱང་ཤར་དུ་རྒྱུག་གིང་ལས་བྱེད་ལྗང་ནག་རྒྱུ་ཞགས། ཡུམ་ལས་ཀྱི་གིང་མོ་ལྗང་གུ་རྒྱ་གྲམ། དཔའ་མོ་དང་གིང་མོ་ཐམས་ཅད་གཡས་ཡབ་ལ་འཁྱུད་པ། གཡོན་དྲིལ་བུ་འཁྲོལ་ཞིང་། ཀིང་རུས་ཀྱི་གཟུགས་སུ་ཁྲོས་པ། ཡབ་ཐམས་ཅད་གཡོན་ཐོད་ཁྲག་དང་བཅས་པས་ཡུམ་ལ་འཁྱུད་པ། ཡབ་རྣམས་རིན་པོ་ཆེ་དང་དར་དཔྱང་སྦྲུལ་གྱིས་བརྒྱན་ཅིང་ཞིང་ལྤགས་གྱོན་པ། བཞེངས་ཏེ་ཞབས་བགྲད་པ་དང་། བརྐྱང་བསྐུམ་དཔའ་བོའི་སྟངས་སྟབས་སུ་གནས་པའོ། །གཞན་ཡང་དེ་དག་གི་མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་གིང་ཕོ་མོ་ལ་སོགས་པའི་འཁོར་བྱེ་བ་གྲངས་མེད་པ་ཐམས་ཅད་དྲིལ་གཡེར་ཌཱ་མ་རུ་སོགས་རོལ་མོའི་སྒྲ་འུར་དིར་དང་བཅས་པས་བསྐོར་བ་བྱིན་ཐིབས་སེ་བཞུགས་པར་བསམ་མོ། །སྤྱན་འདྲེན་བཞུགས་སུ་གསོལ། དབང་མཆོད་བསྟོད་རྣམས་སྔར་བཞིན་དང་། གསོལ་འདེབས། སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ སོགས་དང་། རྒྱུན་ཆགས་ཀྱི་གསོལ་བཏབ་ཀྱི་ཚེ། གུ་རུ་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་དུས་རྒྱལ་བ་རྒྱ་མཚོ་ལ་ཕོག །སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཐུགས་དམ་གྱི་རྒྱུད་བསྐུལ་བས་ཐུགས་རྗེའི་བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བྱུང་། བདག་དང་བསྲུང་བྱ་ཐམས་ཅད་ལ་ཕོག་པས་སྟག་གཟིག་དོམ་དྲེད་གཅན་གཟན་མ་རུངས་པའི་གནོད་པ་སོགས་ཕྱི་ནང་གི་འཇིག་པ་མཐའ་དག་ཞི་བར་བྱིན་གྱིས་བརླབས། འགྲོ་བ་ཐམས་ཅད་ཀྱང་གདུག་པའི་སེམས་ཅན་གྱི་གནོད་པས་བར་དུ་གཅོད་པ་ཐམས་ཅད་ལས་གྲོལ་བར་བྱིན་གྱིས་བརླབས་པར་བསམ་མོ། མཐར་དབང་ལེན་པ་དང་བདག་བསྲེ་སྤྱི་དང་འདྲ་བ་ལས། རང་ཉིད་གུ་རུ་གསང་བདག་སེང་སྒྲ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་གདན་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུཾ་ཡིག་མཐིང་ག་སྔགས་ཕྲེང་གིས་བསྐོར་བ། དེ་ཡང་སྔགས་ཕྲེང་རྣམས་འགལ་མེའི་ཕྲེང་བ་ལྟར་འཁོར་བ་ལས་མེའི་ཚྭ་ཚྭ་དྲག་པོ་འབར་ཞིང་འཕྲོས་པས། ཕྱིའི་བར་ཆད་གཅན་གཟན་གདུག་པ་ཅན་དང་། ནང་གི་བར་ཆད་ཕྲ་མེན་བསེན་མོ། མོ་གདོན་སོགས་མ་རུངས་པ་རྣམས་དང་། གསང་བ་བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་གཏོང་བའི་ལྷ་སྲུང་དང་བཅས་པ་ཐམས་ཅད་རང་གཤེད་དུ་དབབ་ཅིང་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག །ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་དཔུང་ཁྲོ་མཚོན་གྱི་ཚྭ་ཚྭ་འཕྲོ་བའི་སྲུང་བའི་གུར་ཁང་གིས་རབ་ཏུ་གཏམས་པས་ཅིས་ཀྱང་མི་ཤིགས་པར་བསམས་ལ། ཨཱོཾ་བཛྲ་གུ་རུ་སིང་ཧ་གྷཎྜེ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྩ་སྔགས་དང་། ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཞེས་སྤྱི་དྲིལ་གསང་བདག་གི་མཚན་བརྒྱ་དང་། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་བདུད་འདུལ་དྲག་མོའི་གསང་སྔགས་ཡང་སྙིང་སྟེ། གང་མོས་གཙོ་བོར་བཟླ་བའམ་ཆ་མཉམ་པ་སོགས་ཀྱི་སྒོ་ནས་བཟླས་པ་ཅི་ནུས་ཀྱི་མཐར། རྗེས་སྡུད་ལྷར་ལྡང་བསྔོ་སྨོན་སོགས་སྤྱི་ལྟར་རོ། །དེ་ལྟ་བུའི་བསྐྱེད་བཟླས་ཀྱི་སྒོ་ནས་ཉམས་སུ་བླངས་པས་སྒྲུབ་པའི་རྟགས་རྫོགས་པའི་ཚེ། སྔགས་རྫས་དམིག་པ་སོགས་ཀྱིས་ཁ་བསྒྱུར་ཏེ་ལས་ལ་སྦྱོར་ན། གང་བརྩམ་པ་དེ་ཐོགས་མེད་དུ་འགྲུབ་པར་གསུངས་སོ། །རྫོགས་རིམ་ནི། ཕྱི་རོལ་ན་འབྲོག་ཆེན་ཏེ་མི་མེད་རི་སྟོང་ལུང་སྟོང་ནགས་ཁྲོད་སོགས་འཇིགས་པའི་འཕྲང་ལ། གཅན་གཟན་མ་རུངས་པ་སོགས་གདུག་པའི་སེམས་ཅན་གྱི་འཇིགས་པ་ཡོད་པ་ལྟར། ནང་དུ་འཕོ་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་མ་གྱུར་པའི་རྣམ་རྟོག་འཕོ་བཅས་ཀྱི་དབང་གིས་སྐྱེ་བ་དང་། འཆི་བ་དང་། བར་མ་དོར་འཁྱམས་པ་སྟེ། དེ་དག་ནི་ཤིན་ཏུ་ཡ་ང་ཞིང་མི་བཟོད་པའི་འབྲོག་ཆེན་ཡིན་ལ། དེ་ལྟ་བུའི་འཇིགས་པ་ལས་སྐྱོབ་པའི་མན་ངག་ལམ་དུ་ཁྱེར་བ་ལ། བར་དོའི་གདམས་པ་བསྒོམ་པ་གཅེས་སོ། །དེ་ཡང་བར་དོ་སྟོན་བྱེད་ཀྱི་གཞུང་རྣམས་ལས། རང་བཞིན་གྱི་བར་དོ། སྐྱེ་གནས་གྱི་བར་དོ། རྨི་ལམ་གྱི་བར་དོ། འཆི་ཀའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་དྲུག་གསུངས་པ་ལས། དང་པོ་རྣམ་པ་གསུམ་ནི་རང་བཞིན་གྱི་བར་དོར་འདུ་ལ། དེར་ལམ་ཉམས་སུ་ལེན་པའི་ཚུལ་དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་བྱ་ཁྲ་ཚང་དུ་འཇུག་པ་ལྟ་བུ་ནི། དོན་བླ་མ་དམ་པ་བསྟེན་ནས་དེས་བསྟན་པའི་གདམས་ངག་གི་དོན་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་གནད་དུ་བསྣུན་ཏེ་རྩེ་གཅིག་ཏུ་འབད་པར་བྱ་བ་ཡིན་ལ། འདིར་ནི་འཆི་ཀའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུ་ནི་སྔར་བསྒོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་ཐེབས་པ་དང་། ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི་ཉམས་ལེན་གྱི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་གདིང་ཚུད་པ་དང་། སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པ་དང་། སྲིད་པ་བར་དོའི་གདམས་པ་ཉམས་སུ་ལེན་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་གྲུབ་སྟེ་གྲོལ་བ་ཐོབ་པར་གསུངས་ལ། དེ་དག་གི་ཚུལ་ཞིབ་པར་ནི་གཞུང་གཞན་དང་། ཁྱད་པར་ཡེ་ཤེས་ཀྱི་སྐུ་ཅན་བླ་མ་དམ་པའི་ཞལ་ལས་བླང་བར་བྱའོ། །གུ་རུ་སེང་གེ་སྒྲ་སྒྲོག་ཏུ་སྒྲུབ་པས་ཕྱི་གཅན་གཟན་གྱི་འཇིགས་པ་སྲུང་ཞིང་། ནང་བར་དོའི་འཁྲུལ་སྣང་གི་འཇིགས་སྐྲག་ཞི་བར་བྱེད་པའི་གདམས་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་དྲུག་པའོ། ༈ །མན་ངག་བདུན་པ་གུ་རུ་པདྨ་བཛྲ་རྩལ་དུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་མདུན་གྱི་ནམ་མཁའ་ལ། ཉན་ཐོས་ཀྱི་ཐེག་པ་མཚོན་པའི་བརྡར་པདྨའི་ཟེའུ་འབྲུ་ལ་རིན་པོ་ཆེའི་མུ་ཏིག་འབར་བ་བཀྲམ་པ། དེའི་སྟེང་དུ་རིམ་པ་བཞིན་རང་རྒྱལ་གྱི་ཤིང་ཨསྨ་གརྦྷའི་མགོ་བོ་འཁྲིགས་པ། བྱང་སེམས་ཀྱི་ནོར་བུ་རིན་པོ་ཆེ་དཀར་དམར་གྱི་བྲག་རི། ཀྲི་ཡའི་རྡོ་རྗེ་རྩེ་གཅིག་པའི་བྲག །ཨུ་པའི་རྡོ་རྗེ་རྩེ་གསུམ་པའི་བྲག །ཡོ་གའི་རྡོ་རྗེ་རྩེ་ལྔ་པའི་བྲག་གིས་གཏམས་པ། མ་ཧཱའི་རྩེ་དགུ་པ། ཨ་ནུའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཨ་ཏིའི་ཐེག་པ་མཚོན་པའི་ཉི་ཟླ་ཁ་སྦྱོར་གྱི་གདན་ཏེ་ཐེག་པ་རིམ་དགུ་མཚོན་པའི་གདན་དགུ་རྫོགས་ཀྱི་སྟེང་དུ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་རྩ་བའི་བླ་མ་གུ་རུ་འོད་དཔག་མེད་མགོན་པདྨ་བཛྲ་རྩལ་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་མཐིང་དབུས་དམར་ཁྲོ་འཛུམ་བཞད་པ། སྤྱན་དགུ་པ་ཁྲོ་གཉེར་དང་བཅས་པ། དབུ་སྐྲ་ནག་པོའི་ཐོར་ཚུགས་ཀྱི་རྩེར་ནོར་བུས་མཚན་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་རལ་གྲི་དང་བྷནྡྷ། ཐ་མ་གཉིས་ཚེ་བུམ་དང་ནམ་མཁའི་དབྱུག་པ་སྟེ་ཁ་ཊྭཱཾ་བསྣམས་པ། ཞབས་བཞི་དོར་སྟབས་སུ་བགྲད་པ། མཚན་དཔེའི་གཟི་བརྗིད་དང་ལྡན་པ། རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གསོལ་བ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་གླང་ཆེན་ལྤགས་པའི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས། ཞིང་ལྤགས་ཀྱི་སྐེད་དཀྲིས། དར་གྱི་ཅོད་པན་དང་། སྦྲུལ་རིགས་བཞིས་བརྒྱན་པ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གར་དགུའི་ཉམས་ཅན། རིགས་བདག་འོད་དཔག་མེད་དབུ་གཙུག་ཏུ་བཞུགས་པའོ། །དེའི་པང་དུ་ཡུམ་ལྷ་ལྕམ་མནྡཱ་ར་བ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ། རིན་པོ་ཆེ་དང་། རུས་པ་དང་དུར་ཁྲོད་ཀྱི་ཆས་ཀྱིས་སྤྲས་པ། དར་ལེ་བརྒན་གྱི་ཅོད་པན་ཅན། ཕྱག་གཡས་ཌཱ་མ་རུ་དང་གཡོན་དུང་ཆེན་དམར་བཀང་སྟོབ་པ། གཞོན་ཚུལ་ནུ་མ་འབུར་བ་ཡབ་ལ་གཉིས་སུ་མེད་པར་འཁྱུད་པ། འོད་ཕུང་དམར་པོའི་དབུས་ན་བཞུགས་པའི་ཤར་དུ་ཞེ་སྡང་རྡོ་རྗེ་མཐིང་ནག་ཕྱག་གཡས་རྡོ་རྗེ། ཡུམ་སྐྱོད་བྱེད་མ་དམར་མོ་རྡོ་རྗེ་གྲི་གུག །ལྷོར་ང་རྒྱལ་རྡོ་རྗེ་སེར་པོ་རིན་པོ་ཆེ། གཤིན་རྗེ་འཇོམས་མ་ལྗང་གུ་རིན་ཆེན་གྲི་གུག །ནུབ་ཏུ་འདོད་ཆགས་རྡོ་རྗེ་དམར་པོ་པདྨ། སྲེག་བྱེད་མ་སྔོན་མོ་པདྨ་གྲི་གུག །བྱང་དུ་ཕྲག་དོག་རྡོ་རྗེ་ལྗང་ནག་རྒྱ་གྲམ། ཙན་ཏི་ཀ་སེར་མོ་རྒྱ་གྲམ་གྲི་གུག །ཤར་ལྷོར་གཏི་མུག་རྡོ་རྗེ་སྨུག་ནག་འཁོར་ལོ། རྨོངས་བྱེད་མ་དཀར་མོ་ཁ་ཊྭཱཾ། ལྷོ་ནུབ་ཏུ་བདེ་བའི་རྡོ་རྗེ་སེར་སྐྱ་པདྨའི་ཞགས་པ། ལཱ་མ་སྔོན་མོ་ལྕགས་ཀྱུ། ནུབ་བྱང་དུ་མཚོ་སྐྱེས་རྡོ་རྗེ་དམར་པོ་བུམ་པ། ལྷ་ལྕམ་མནྡཱ་ར་བ་དཀར་སྔོ་པད་སྡོང་། བྱང་ཤར་དུ་ཁྲག་འཐུང་རྡོ་རྗེ་སྨུག་ནག་དགྲ་སཏྭ། གསོད་བྱེད་མ་ལྗང་གུ་སྤུ་གྲི་སྟེ། ཡབ་ཐམས་ཅད་ཀྱིས་ཕྱག་གཡོན་དྲིལ་བུ་དང་བཅས་ཡུམ་ལ་འཁྱུད་ཅིང་། ཡུམ་ཐམས་ཅད་གཡོན་བྷནྡྷ་བསྣམས་པ་ཡབ་ལ་འཁྲིལ་བ། ཐམས་ཅད་ཀྱང་སྤྱན་གསུམ་པ་ཅུང་ཟད་ཁྲོ་ལ་འཛུམ་པའི་མདངས་ཅན་རུས་པ་དང་རིན་པོ་ཆེས་བརྒྱན་པ། དར་གྱི་ཅོད་པན་ལྷབ་ལྷུབ་དང་དབུ་སྐྲ་ནག་པོའི་ཐོར་ཚུགས་ཅན། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ཡེ་ཤེས་རང་འོད་ཀྱི་མེ་རི་ཁ་དོག་ལྔ་ཕུང་འཁྲིགས་པའི་དབུས་ན་ཞི་མ་ཁྲོ་ཚུལ་གཟི་བརྗིད་དང་ལྡན་པར་བཞུགས་པའོ། །གཞན་ཡང་འབྱུང་བ་བཞིའི་ལྷ་རིགས་ལྔ་སྟེ། མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་སའི་ལྷ་མོ་རིན་ཆེན་མཁའ་འགྲོ །ཆུའི་ལྷ་མོ་རྡོ་རྗེ་མཁའ་འགྲོ །མེའི་པདྨ་མཁའ་འགྲོ །རླུང་གི་ལས་ཀྱི་མཁའ་འགྲོ་མའོ། །མཆན། མངོན་རྟོགས་སྤྱི་ལྟར་དང་མཁའ་འགྲོ་བྱེ་བ་འབུམ་སྡེ་གྲངས་མེད་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ཏེ་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱང་བདག་ལ་ཐུགས་བརྩེ་བས་དགོངས་པའི་ཚུལ་བྱིན་ཐིབས་སེ་བཞུགས་པར་བསམ་མོ། །སྤྱན་འདྲེན་མཆོད་བསྟོད་སོགས་འདྲ་བ་ལས། གསོལ་འདེབས། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ ཞེས་སོགས་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ། གུ་རུ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་མང་པོ་འཕྲོས་པས། ཕྱི་ལྟར་ན་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞིའི་གནོད་པས་བར་དུ་གཅོད་པའི་དགྲ་ཐམས་ཅད་ཞི་བར་བྱས། ནང་གི་འབྱུང་བ་ཆ་མ་སྙོམས་པར་འཁྲུགས་པའི་འདུ་བའི་ནད། ཚ་གྲང་རླུང་མཁྲིས་བད་ཀན་འདུས་པའི་ནད་ཐམས་ཅད་ཞི་བར་བྱས། གསང་བ་ཉོན་མོངས་པ་དུག་ལྔའི་རྣམ་རྟོག་ཐམས་ཅད་ཞི་ནས་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་པར་བསམ་ཞིང་རྩེ་གཅིག་ཏུ་གསོལ་བ་བཏབ་བོ། །དབང་ལེན་པ་དང་བདག་བསྲེ་སོགས་སྤྱི་ལྟར་ལས། རང་ཉིད་པདྨ་བཛྲ་རྩལ་དུ་གསལ་བའི་ཐུགས་ཀར་ཉི་ཟླའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ཁོང་སེང་དུ་ཡོད་པའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་རྒྱན་མེད་སྐྱིལ་ཀྲུང་མཉམ་གཞག་ཅན་གྱི་ཕྱག་ཏུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་ཚེའི་བུམ་པ་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བའི་ནང་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཨོཾ་ཨཱཿཧཱུྃ་བརྩེགས་མ། སྣང་མཐའི་ཐུགས་ཀར་ཧྲཱིཿགསལ་འཚེར་ལས་འོད་ཟེར་དམར་གསལ་འཕྲོ་བ་དང་བཅས་པ། སྣང་མཐའི་སྐུའི་མཐའ་སྐོར་པད་འདབ་ཀྱི་སྟེང་དུ་མདུན་ནས་གཡས་སྐོར་དུ་སྔགས་ཕྲེང་གིས་འཁོར་བ་རྣམས་ཀྱང་བསྐོར་བ་བྱེད་པའི་ཚུལ་དུ་དམར་ཧྲམ་ཧྲམ་འཁོར་ཞིང་སྒྲ་དང་བཅས་པ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། བདེ་བར་གཤེགས་པ་ཡབ་ཡུམ་རྣམས་ཀྱི་ཞལ་ནས་དེ་འདྲ་བའི་སྔགས་འབྲུ་བསམ་གྱིས་མི་ཁྱབ་པ་ཐོན་ནས། སྔགས་ཕྲེང་ལ་ཐིམ་པས་སྔགས་ཐམས་ཅད་བཀྲག་དང་གཟི་བརྗིད་དང་ལྡན་པར་བྱས། སླར་ཡང་བུམ་ནང་གི་འབྲུ་གསུམ་ལས་འོད་ཟེར་འཕྲོས་ཕྱོགས་བཅུར་རབ་འབྱམས་ཀྱི་རྩ་གསུམ་མཆོག་གསུམ་ཐམས་ཅད་ལ་ཕོག །དགྱེས་མཆོད་ཕུལ་ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་རྗེ་བྱིན་རླབས་ནུས་མཐུ་གཟི་མདངས་ཚེ་དཔལ་འབྱོར་པ་ཐམས་ཅད་བསྡུས་བུམ་པར་ཞུགས། སྟོང་གསུམ་གྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་སྙན་གྲགས་མཐུ་ནུས་ཐམས་ཅད་བསྡུས་བུམ་པར་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི་མཐུ་བྱིན་གྱི་དབང་ཐོབ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བདག་ཉིད་གྱུར་ཅིང་། རང་གང་དུ་འདུག་པའི་ཞིང་འདི་ཡང་འབྱུང་བ་བཞིའི་སྐྱོན་གྱིས་མི་གནོད་པར་ཉེས་སྐྱོན་ཐམས་ཅད་དང་བྲལ་བ་བདེ་བ་ཅན་གྱི་ཞིང་ཁམས་ཉིད་དུ་གྱུར་པར་བསམས་ནས། ཨཱོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿདྷུ་མ་གྷ་ཡེ་ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ ཞེས་པདྨ་བཛྲ་གྱི་རྩ་སྔགས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛཿཧཱུྃ༔ ཞེས་མཁའ་འགྲོ་ཡབ་ཡུམ་གྱི་སྲོག་སྔགས་དང་། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སྭཱ་ཧཱ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་ནྲྀ་ཏྲི་ཛཿསརྦ་ཨཾ་ཀུ་ཤ་ཛཿཙིཏྟ་ཧྲཱིཾ་ཧྲཱིཾ་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ཞེས་རྩ་གསུམ་གྱི་སྤྱི་དྲིལ་ལས་སྔགས་བཏགས་པ་དང་། བཛྲ་གུ་རུའི་འཛབ་ཀྱང་ཅི་ནུས་སུ་བཟླ་ཞིང་། ཉེར་བསྡུ་ནི་སྤྱི་ལྟར་རོ། །ལས་སྦྱོར་ནི། འབྱུང་བའི་གནོད་པ་བྱུང་བའི་ཚེ་གོང་གི་དམིགས་པ་བཞིན་གསོལ་འདེབས་རྩེ་གཅིག་ཏུ་བྱ་ཞིང་། གཞན་ཡང་འབྱུང་བའི་དགྲ་སོ་སོ་ལ་རྫས་སྔགས་དམིགས་པ་རྟེན་འབྲེལ་སོགས་གཞུང་གཞན་ལས་འབྱུང་བ་བཞིན་དུ་སྦྱར་བར་བྱའོ། །ནང་འབྱུང་འཁྲུགས་ཀྱི་ནད་ཞི་བ་དང་། རྩ་རླུང་ཐིག་ལེའི་གེགས་སྐྱོན་བསལ་བ་སོགས་ནི་གེགས་སྐྱོན་རང་རང་གི་ཐད་དུ་མན་ངག་སོ་སོའི་གཞུང་བཞིན་གང་འོས་སྦྱར་རོ། །རྫོགས་རིམ་ནི། གསང་བ་ཏིང་འཛིན་སེམས་ཀྱི་གེགས་བསལ་བ་ཟབ་གསལ་གྱི་མན་ངག་བསྒོམ་སྟེ། བྱིང་བ་དང་རྨུགས་པ་དང་འཐིབས་ན་སའི་གེགས་ཉོན་མོངས་པ་གཏི་མུག་གིས་བསྐྱེད་པའི་སྐྱོན་ཡིན་པས་དེ་བསལ་བ་ལ་གཉེན་པོ་ཤེས་པ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བསྒྲིམས་ཤིང་རིག་པ་ངར་བསྐྱེད་པ་དང་། ཤེས་པ་འཕྲོ་བ་ཤས་ཆེ་བ་ནི་ཕྱི་ཡོ་བྱད་དང་། ནང་སེམས་ཅན་ལ་ཆགས་པའི་འདོད་ཆགས་ཀྱིས་བསྐྱེད་པ་ཆུའི་གེགས་དང་སྐྱོན་ནོ། དེ་སེལ་བའི་ཐབས་ཞེན་པ་བཅད་དེ་ཤེས་པ་རང་སར་ཀློད་ནས་འཇོག་པ་དང་། ཤེས་པ་རྒོད་པ་དང་ཟ་ཟི་མང་བ་ནི་མེའི་གེགས་ཉོན་མོངས་པ་ཞེ་སྡང་གིས་བསྐྱེད་པའི་སྐྱོན་ཡིན་ཏེ། དེ་ལ་ཤེས་པ་ཁོང་གློད་དེ་རང་བབས་སུ་འཇོག་པ་དང་། རྣམ་རྟོག་སྤྲ་སྤྲོ་མང་པོ་འདི་ཡིན་གྱི་ངོས་བཟུང་མེད་པར་འཐོར་བ་སྟེ་རླུང་། ཉོན་མོངས་པ་ཕྲག་དོག་གིས་བསྐྱེད་པའི་གེགས་དང་སྐྱོན་ཡིན་པས་དེ་སེལ་བའི་ཐབས། ཤེས་པ་སྤྲ་སྤྲོ་མེད་པར་གང་ལྟར་སྣང་བ་དེ་གའི་ངང་ལ་རང་སར་རང་གྲོལ་དུ་བཞག་པའོ། །དེ་བཞིན་དུ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའི་སྐབས་ན་འདོད་པའི་ཉམས་དང་། དགའ་བའི་ཉམས་དང་། བརྟན་པའི་ཉམས་སོགས་སྐྱོན་རྣམས་བསལ་ནས། ཡོད་མེད་རྟག་ཆད་སོགས་མུ་བཞིའི་གོལ་སར་མ་ལྷུང་བའི་རང་སར་རང་ངོ་ཤེས་པ་ལྷག་མཐོང་གི་ཡེ་ཤེས་བློ་ལས་འདས་པ་གནས་ལུགས་རྗེན་པའི་རང་ཞལ་ལ་བལྟ་ཞིང་། དེ་ཡང་འདི་ལྟ་བུའོ་སྙམ་པས་བསྒོམ་དུ་མེད་ཅིང་། བསྒོམ་རྒྱུ་མེད་དོ་སྙམ་པའི་རྒྱ་ཡན་ངང་བློས་བྱས་ཀྱི་དྲི་མས་མ་བསླད་པར་རང་གི་རང་ངོ་ཤེས་བཞིན་གྱི་ཡིད་ཆེས་དང་མ་བྲལ་བས་ཡེངས་པ་མེད་པར་མཉམ་པར་བཞག་སྟེ། ཕྲ་བ་དང་། དྭངས་པ་དང་། གསལ་བ་དང་། མི་རྟོག་པ་སྟེ་མཚན་ཉིད་བཞི་དང་ལྡན་པར་སྐྱོང་བའི་དོན་དང་ལྡན་ན་གེགས་སེལ་བོགས་འདོན་གྱི་གནད་ཕལ་ཆེར་ཚང་ཞིང་འདུས་པས་ན་འདི་ཁོ་ན་ལ་གོམས་འདྲིས་བྱེད་པ་གཅེས་པར་གསུངས་ཤིང་དེས་འདྲ་མིན་གྱི་གེགས་དང་གོལ་ས་ཐམས་ཅད་བྲལ་བ་དང་། འབྱུང་བའི་ཁམས་རྣམས་དང་རྩ་རླུང་ཐིག་ལེ་རྣམས་དག་པར་བྱེད་པའི་བསྙེན་སྒྲུབ་འདི་ལ་བརྩོན་པས་ཉམས་སུ་བླངས་ན་མི་ཤིགས་པ་རྡོ་རྗེ་གསུམ་གྱི་འབྲས་བུ་ལ་སྦྱོར་བར་འགྱུར་རོ། །གུ་རུ་པདྨ་བཛྲ་རྩལ་གྱི་སྒྲུབ་པས་ཕྱི་ནང་གི་འབྱུང་བའི་གནོད་པ་ཞི་བར་བྱེད་པ་རྡོ་རྗེའི་རྣལ་འབྱོར་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བདུན་པའོ། ༈ །མན་ངག་བརྒྱད་པ་གུ་རུ་རྟ་མགྲིན་ནག་པོར་སྒྲུབ་པ་ནི། དེ་ཡང་སྔོན་འགྲོ་རྣམས་གཞན་དང་འདྲ་བ་ལས། མདུན་གྱི་ནམ་མཁར་སྐད་ཅིག་དྲན་རྫོགས་སུ་རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་དཀྱིལ་དུ་མེ་དཔུང་ཆེན་པོ་འབར་བ། དེའི་དབུས་སུ་ཀེཾ་ལས་ཀེང་རུས་ཕོ་མོ་གཉིས་སུ་བསམ། དེ་གཉིས་ཁ་གདངས་བཙུམ་སྤེལ་མར་བྱས་པའི་རྐྱེན་གྱིས་མེ་ལྕེ་ཆེན་པོ་གཉིས་གློག་བཞིན་དམར་ཁྱུག་ཁྱུག་ཀེཾ་ཀེཾ་བྱས་པས་མེ་ལྕེའི་རྩེ་ནས་ཡི་གེ་ཧྲཱིཿདམར་ནག་རྡོ་རྗེས་མཚན་པ་ཞུ་བ་ལས་ཀེང་རུས་གཉིས་ཀྱི་མགོ་སྟེང་དུ་སྟག་ཕོ་མོ་གཉིས་སུ་གྱུར། དེ་གཉིས་ཀྱང་ཁ་གདངས་བཙུམ་གྱི་རྐྱེན་ལས་དེ་གཉིས་ཀྱི་མགོ་ཐོག་ཏུ་རུ་དྲ་ཕོ་མོའི་གདན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཐིག་ལེ་དམར་ནག་ཉི་འོད་དང་མཚུངས་པ་ཞུ་བ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་གུ་རུ་པདྨཱ་ཀ་ར་ཉིད་རྣམ་པ་ཁྲོ་བོ་ཐམས་ཅད་ཀྱི་ཆེ་མཆོག་དཔལ་རྟ་མགྲིན་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་མིའུ་ཐུང་གེལ་ཚུལ་དུ་བཞུགས་པ། ཕྱག་གཉིས་ཀྱིས་སེང་ལྡེང་གི་རྔ་པུས་མོ་གཡོན་པའི་སྟེང་དུ་རྡུང་བ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། ཞལ་གདངས་ཤིང་ལྗགས་འདྲིལ་མཆེ་བ་གཙིགས་པ། དབུ་སྐྲ་སྨ་ར་སྨིན་མ་ལས་མེ་འབར་བ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། སྙན་ཆ་ཀེང་རུས་ཀྱིས་བརྒྱན་པ་ཤིན་ཏུ་དྲག་གཏུམ་གསོད་པའི་ངར་དང་ལྡན་པའི་པང་དུ་ཡུམ་རྡོ་རྗེ་ཁྲོས་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ། གཅེར་བུ་རུས་པའི་རྒྱན་ཅན། ཕྱོགས་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྟེ་ཕྱག་རྒྱ་བཞི་འཛིན་པའི་མཁའ་འགྲོ་སྡེ་བཞི་དཀར་སེར་དམར་ལྗང་གི་མདོག་ཅན་རུས་པའི་རྒྱན་ཅན་དང། གུ་རུ་རྟ་མགྲིན་གྱི་སྤྱི་བོར་སློབ་དཔོན་པདྨ་ཐོད་ཕྲེང་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་མཛད་པ། ཕྱག་གཡས་ཐོད་རྔ་ནམ་མཁའ་ལ་འཕྱར་བས་འཁྲོལ་ཞིང་གཡོན་དྲིལ་བུ་དཀུ་ལ་བརྟེན་པ། སྟག་གི་ཤམ་ཐབས། ཐོད་པ་སྐམ་རློན་དང་རུས་པས་བརྒྱན་པ། ཁྲོ་བོའི་ཆས་ཅན། ཡུམ་རྡོ་རྗེ་ཕག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་དང་གཉིས་སུ་མེད་པར་རོལ་པ། དེའི་ཕྱོགས་བཞིར་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་བཞི་མདུན་ནས་རིམ་བཞིན་སྐུ་མདོག་དཀར་སེར་དམར་ལྗང་གི་མདོག་ཅན། ཞལ་གཅིག་ཕྱག་གཉིས་ཅང་ཏེའུ་དང་དྲིལ་བུ་ཐོགས་པ། རུས་པའི་རྒྱན་ཅན་ཁྲོ་མོའི་རྣམ་པ་ཅན་ནོ། །གཞན་ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མཐའ་སྐོར་དུ་ཁྲོ་བོ་དང་ཁྲོ་མོའི་ཚོགས་གྲངས་མེད་པ་ཁ་བ་བུ་ཡུག་ལྟ་བུར་འཚུབས་པའི་ཕྱི་རིམ་ཐམས་ཅད་མེ་དཔུང་གོ་མཚམས་མེད་པ་རབ་ཏུ་འབར་བའི་མེ་ལྕེའི་རྩེ་མོ་ཐམས་ཅད་རྡོ་རྗེ་དང་ཡི་གེ་རཾ་གྱིས་བརྒྱན་ཅིང་ཚྭ་ཚྭ་ཀུན་ཏུ་འཕྲོ་བའི་བར་ལྷག་ཐམས་ཅད་ཀེང་རུས་མགོ་ལག་སོགས་ཀེཾ་གྱིས་བརྒྱན་པས་དཀྲིགས་པའི་དབུས་སུ། གཙོ་འཁོར་ཐམས་ཅད་རབ་ཏུ་འཇིགས་སུ་རུང་བའི་སྐུ་ཅན་དུ་བསྐྱེད་དོ། །སྤྱན་འདྲེན་མཆོད་བསྟོད་སོགས་འདྲ་བ་ལས། གསོལ་འདེབས། ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔ ཞེས་སོགས་རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ་གུ་རུ་འཁོར་བཅས་ཀྱི་སྐུ་དང་སྲུང་འཁོར་ལས་ཡེ་ཤེས་ཀྱི་མེ་དཔུང་ཚ་ངར་ཅན་མང་པོ་འཕྲོས་པས། གནོད་བྱེད་ཐམས་ཅད་རྡུལ་ཕྲན་བཞིན་དུ་བཅོམ་ཞིང་འོད་ཟེར་དང་མེ་ཐམས་ཅད་ཚུར་འདུས་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོར་འགལ་མེ་ལྟར་འཁོར་བས། དགྲ་ཇག་ཆོམ་པོ། རྐུན་མ། བྱུར་དང་། གནོད་པའི་བགེགས་དང་། ལྟས་ངན་པ་དང་། སྲི་ངན་པ་དང་། མི་ཁ་དང་། ཀེག་ཆག་དང་། བྱད་ཁ་དང་། རྨིས་ལྟས་ངན་པ་སོགས་ཉམ་ང་བའི་ཚོགས་མཐའ་དག་མིང་ཙམ་ཡང་མ་ལུས་པ་རྡུལ་ཕྲན་དང་ཕྱེ་མར་བརླག་ཅིང་བཅོམ་ནས་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་གུར་ཁང་གིས་རབ་ཏུ་གཏམས་པས་གང་གིས་ཀྱང་མི་ཕྱེད་པའི་རང་བཞིན་དུ་གྱུར་པར་བསམས་ལ་གསོལ་བ་རྩེ་གཅིག་ཏུ་གདབ་བོ། །དེ་ནས་དབང་ལེན་པ་དང་བདག་བསྲེ་སྤྱི་ལྟར་བྱས་པའི་མཐར། བཟླས་པ་ནི། རང་ཉིད་གུ་རུ་རྟ་མགྲིན་ནག་པོའི་སྐུ་སྔར་ལྟར་གསལ་བའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱིཿནག་པོ་སྔགས་ཕྲེང་འགལ་མེའི་ཕྲེང་བ་ལྟ་བུས་བསྐོར་བ་དང་། སྤྱི་བོའི་གུ་རུའི་ཐུགས་ཀར་ཧཱུྃ་མཐིང་ག །མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ཛ་ལྗང་གུ་རེ་བསམས་ལ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཡེ་ཤེས་ཀྱི་མེ་བོ་ཆེ་ཚ་ཞིང་ངར་དང་ལྡན་པ་དྲག་རྩུབ་དང་སྤྲུལ་པའི་ཁྲོ་ཆུང་དཔག་ཏུ་མེད་པ་འུར་ཆོམ་དྲག་པོ་དང་བཅས་པ་མང་པོ་འཕྲོས། མེ་དེས་ནམ་མཁའི་མཐའ་ཁྱབ་ཚད་གང་། ཕྱི་རོལ་གྱི་གནོད་བྱེད་དགྲ་ཇག་སོགས་ལུས་སྲོག་གི་བར་ཆད་དུ་གྱུར་པ་ཐམས་ཅད་ལ་ཕོག་པས་བྱ་སྤུ་གཞོབ་ཏུ་བསྲེགས་པ་ལྟར་ཐུལ་ཐུལ་བསྲེག་པར་བསམ། མེ་རྣམས་ནང་དུ་བཀུག་ཅིང་ཞལ་དུ་བཅུག་པས་ནང་ལུས་ལ་ཞུགས་པའི་གཟའ་ཀླུ་སོགས་ཀྱི་གདོན་དང་། རླུང་མཁྲིས་བད་འདུས་ཀྱི་ནད་དང་སྡིག་སྒྲིབ་དང་བཅས་པ་བསྲེགས་ཤིང་བཅོམ་ནས་མེ་བཤང་ལམ་ནས་ཐོན། ས་གཞི་བར་སྣང་ནམ་མཁའ་ཐམས་ཅད་གང་བས་བར་གྱི་གདོན་ཕྲའུ་དང་བཅས་པ་ཐམས་ཅད་གཞོབ་ཏུ་ཐུལ་གྱིས་བསྲེགས། མེའི་གསེབ་ཏུ་རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པས་གང་ཞིང་བདག་གཞན་བཟང་ངན་འཁོར་འདས་སོགས་གཉིས་སུ་སྣང་བའི་རྟོག་ཚོགས་མཐའ་དག་སྟོང་པ་ཉིད་དུ་སྦྱངས་ནས་མ་ཡེངས་རིག་པའི་ངར་དང་བཅས་ཏེ། ཨཱོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་ཧ་རི་ནི་ས་ས་མ་ཡ་ཛཿཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླའོ། །གྲངས་ཚད་ནི་ཉིས་ཁྲི་སུམ་སྟོང་སྟེ་རླུང་རིག་སྦྲགས་ཏེ་དམིགས་པའི་འཕྲུལ་རྣམས་ཀྱང་རླུང་དང་བསྟུན་པར་བྱའོ། །ལས་སྦྱོར་ནི། ཕྱི་ལྟར་དུ་སྡང་དགྲ་ཇག་པ་ཆོམ་རྐུན་སོགས་རྫས་སྔགས་དམིགས་པའི་གནད་ཀྱིས་བཅིངས་པ་དང་། ནང་ལྟར་དུ་སྟེང་གདོན་གཟའ་དང་། འོག་གདོན་ཀླུ་དང་ས་བདག །རྒྱལ་འགོང་བསེན་མོ་འདྲེ་མོ་སོགས་གདོན་གདུག་པའི་གནོད་པ་བསྲུང་བ་དང་། བཅིངས་པ་དང་། མནན་པ་སོགས་ལས་ཚོགས་དེ་དག་གང་སྒྲུབ་ཀྱང་ཏིང་ངེ་འཛིན་ལས་ཡེངས་པ་མེད་པ་དང་། བསྐྱེད་རིམ་གསལ་བརྟན་གྱི་སྒོ་ནས་བསྙེན་སྒྲུབ་ཐེམ་པར་བསྐྱལ་བས་སྔགས་ཀྱི་ནུས་པའི་རྟགས་མཚན་རྙེད་རྙེད་དུ་བརྩོན་པས་འདིའི་གཞུང་ནས་འབྱུང་བའི་ལས་ཚོགས་རྣམས་རྩོམ་ན་གང་ཡིན་པ་དེ་ཐོགས་པ་མེད་པར་འགྲུབ་པར་ངེས་པའོ། །རྫོགས་རིམ་ནི། འདིར་གསང་བ་སེམས་ཀྱི་གེགས་བསལ་བ་ལ། རྣམ་རྟོག་རང་ག་མ་བྱུང་རྒྱལ་དུ་ཤོར་བ་ནི་བསྐྱེད་རྫོགས་སོགས་ལམ་གྱི་ཆོས་གང་བསྒོམ་ཡང་བར་དུ་གཅོད་པས་ན། གཟུགས་ཅན་བསད་ཁྱེར་གྱི་ཇག་རྐུན་དང་འདྲ་བ་ཡིན། རྣམ་རྟོག་དེ་ལམ་དུ་ཁྱེར་བ་ནི། དེ་ཡང་ཕྲ་པ་དང་སྦོམ་བ་རགས་པ་གང་ཡང་། མིག་གི་རྣམ་ཤེས་གཟུགས་དང་། རྣ་བའི་རྣམ་ཤེས་སྒྲ་དང་། སྣའི་རྣམ་ཤེས་དྲི་དང་། ལྕེའི་རྣམ་ཤེས་རོ་དང་། ལུས་ཀྱི་རྣམ་ཤེས་རེག་བྱ་དང་། ཡིད་ཀྱི་རྣམ་ཤེས་ཆོས་ཏེ་ཚོགས་དྲུག་གི་ཡུལ་ལ་ཞེན་པ་ནི་འཁྲུལ་པའི་རྣམ་རྟོག་ཡིན་ཏེ་སྡུག་བསྔལ་འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པར་བྱེད་པའི་རྒྱུ་ཡིན་པས་ལམ་དུ་ཁྱེར་བ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་མིག་གི་ཡུལ་དུ་སྐྱེས་པའམ་བུད་མེད་ཟས་ནོར་གྱི་དངོས་པོ་གང་ཡང་རུང་བ་རང་གི་ཡིད་ལ་འབབ་པ་མཛེས་པ་ཞིག་མཐོང་བ་ན། དེའི་ཚེ་ཡང་དག་གི་དྲན་པས་མ་ཟིན་པར་ཡིད་དུ་འཐད་པའི་བློས་དེ་ལ་ཡིད་འཇུག །རིམ་པར་འདོད་པའི་འདོད་ཆགས་སྐྱེ་བས་དེ་དོན་དུ་གཉེར་ཞིང་སྲེད་པས་ལས་ངན་གསོག་གོ །ལམ་དུ་ཁྱེར་བ་ནི། འདོད་ཆགས་ཀྱི་སྣང་བ་དུང་སྐྱེས་དུས་ཆགས་པའི་རྣམ་རྟོག་དེའི་ངོ་བོ་ལ་གཅེར་གྱིས་བལྟ་ཞིང་སྔོན་བསུ་རྗེས་དཔྱོད་ཀྱི་བློ་མ་ཞུགས་པར་ལྷན་གྱིས་བཞག །དེ་བཞིན་དུ་ཡིད་དུ་མི་འོང་བ་དགྲ་ལྟ་བུ་དང་། སྲོག་ཆགས་མ་རུངས་པ་སོགས་མཐོང་བ་ལ་མི་དགའ་ཞིང་ཞེ་སྡང་གི་བློ་སྐྱེས་ན་གོང་བཞིན་དེའི་ངོ་ལ་བལྟ་ཞིང་བཟོ་མེད་དུ་བཞག་པས་ཆགས་སྡང་གི་ལས་མ་གསག་པ་ནི་ལམ་དུ་ལོང་བའོ། །དེ་བཞིན་དུ་སྒྲ་སྙན་པ་ལ་ཆགས་པ་དང་། མི་སྙན་པ་ལ་སྡང་བ་དང་དྲི་ཞིམ་མི་ཞིམ། རོ་བདའ་མི་བདའ། རེག་བྱ་འཇམ་དང་རྩུབ། ཆོས་བདེ་དང་སྡུག་སོགས་ཐམས་ཅད་གོང་བཞིན་ཆགས་སྡང་རང་གའི་དབང་དུ་མ་ཤོར་བར་དེ་དང་དེའི་ངོ་བོ་ལ་བལྟ་ཞིང་། སྤང་བྱའི་རྣམ་རྟོག་དང་། གཉེན་པོའི་ཡེ་ཤེས་ཞེས་དཔྱད་བཟོ་མེད་པར་རང་ངོ་རྗེན་པའི་གཤིས་ཐོག་ཏུ་ལྷོད་དེ་འཇོག་པའོ། །དེ་ལྟར་གུ་རུ་རྟ་མགྲིན་ནག་པོའི་སྒྲུབ་པས་ཕྱི་དགྲ་ཇག་ཆོམ་རྐུན། ནང་གཟའ་ཀླུ །གསང་བ་ཚོགས་དྲུག་གི་རྣམ་རྟོག་ལམ་དུ་ཁྱེར་བ་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བརྒྱད་པའོ། ༈ །མན་ངག་དགུ་པ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དུ་སྒྲུབ་པ་ནི། སྲུང་འཁོར་གྱི་ནང་དུ་མདུན་གྱི་ནམ་མཁའི་དཀྱིལ་དུ་རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་ཡེ་ཤེས་གྱི་མེ་དཔུང་རབ་ཏུ་འབར་བ་དང་བཅས་པའི་ཀློང་དུ། པདྨ་ཉི་མའི་གདན་ལ་རྩ་བའི་བླ་མ་གུ་རུ་པདྨཱ་ཀ་ར་ཆེ་མཆོག་རྡོ་རྗེ་གྲོ་ལོད་རྩལ། སྐུ་མདོག་དམར་སྨུག་རབ་ཏུ་ཁྲོས་པ་འཆོལ་བའི་སྐུ་ཅན། ཞལ་རབ་ཏུ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་སྒྲ་སྒྲོག་པ། སྤྱན་གསུམ་སྡང་མིག་ནམ་མཁའི་དབྱིངས་སུ་གཟིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཨག་ཚོམ་དང་སྨིན་མ་མེ་ལྟར་འབར་བ། ཐོད་པ་སྐམ་པོ་ལྔས་དབུར་བརྒྱན་པ། མི་མགོ་རློན་པ་ཁྲག་འཛག་པའི་དོ་ཤལ་ཅན། ཐབས་ཤེས་དབྱེར་མེད་པའི་ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་པའི་གར་སྟབས་ཀྱིས་ལིང་ལིང་མཛད་པའི་འགྱིང་བག་གིས་རོལ་པའི་སྐུ་ལ་ཟ་འོག་མཐིང་གའི་བེར་ཕོད་དང་། ཆོས་གོས་དམར་པོ་གསེར་གྱི་དྲྭ་རིས་ཅན་དང་། རུས་པའི་རྒྱན་དྲུག་དང་། སྙན་ལ་དུང་གི་ཝང་མིག་འཁྲོལ་ཞིང་རིན་པོ་ཆེའི་གདུ་བུ་གསོལ་བ། ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་རཾ་དང་ཧཱུྃ་དགུས་མཚན་པ་ནམ་མཁའ་ལ་ཕྱར་བས་དངོས་པོ་ཐམས་ཅད་སྐད་ཅིག་གིས་འཇོམས་པ། གཡོན་གནམ་ལྕགས་ཀྱི་ཕུར་བུ་སྐུ་གསུམ་གྱི་ངོ་བོ་སྒྲིལ་ཞིང་གསོར་བ། རྔམ་བརྗིད་ཤིན་ཏུ་ཁྲོས་པ། ཡེ་ཤེས་མེའི་ཚྭ་ཚྭ་འཁྱུག་ཅིང་འུར་ཆོམ་གྱི་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་པའི་འཁོར་དུ་བདུད་འདུལ་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་བཅུས་བསྐོར་བ་ནི། སྟེང་དུ་ཧཱུྃ་ཀཱ་ར། ཤར་དུ་རྣམ་པར་རྒྱལ་བ། ལྷོ་རུ་གཤིན་རྗེའི་གཤེད་ཆེན། ནུབ་ཏུ་རྟ་སྐད་ཅན་ཏེ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་དབྱུག་སྔོན་ཅན། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། འོག་ཏུ་སྟོབས་པོ་ཆེ་སྟེ། ཁྲོ་བོ་ཆེན་པོ་བཅུ་པོ་དེ་ཀུན་ཀྱང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་པང་དུ་ནི། རིམ་པ་བཞིན་དུ་སྒྲ་འབྱིན་མ་དཀར་མོ་འཁོར་ལོ་འཛིན་པ། མདའ་སྙེམས་མ་སྔོ་སྐྱ་རྡོ་རྗེ། དུར་བདག་སེར་སྐྱ་རལ་གྲི །ཙཎྜ་ལཱི་ལྗང་གུ་དབྱུག་ཏོ། རླུང་འབྱིན་མ་སྔོ་སྐྱ་རྔ་ཡབ། རྡོ་རྗེ་སྡེར་མོ་དམར་སེར་རལ་གྲི །གཏུན་ཁུང་མ་དམར་མོ་ཐོ་བ། རྡོ་རྗེ་སྙེམས་མ་ལྗང་གུ་བུམ་པ། སྐུལ་བྱེད་མ་སེར་སྐྱ་རྩེ་གསུམ། གསོད་བྱེད་མ་སེར་མོ་དགྲ་སཏྭ་བསྣམས་པ་སྟེ། ཡུམ་ཁྲོ་མོ་བཅུ་ཕྱག་གཡས་ཀྱིས་འཁྱུད་ཅིང་གཡོན་དུང་ཁྲག་བསྣམས་པ་དང་ལྷན་ཅིག་ཏུ་རོལ་པ། གཞན་ཡང་དེ་དག་གི་འཁོར་དང་སྟེང་འོག་བར་གསུམ་ཐམས་ཅད་དུ་སྤྲུལ་པའི་ཁྲོ་ཆུང་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སོགས་མཚོན་ཆ་སྣ་ཚོགས་པའི་ཕྱག་མཚན་བསྣམས་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་གྱིས་བསྐོར་ནས་བཞུགས་པར་གསལ་གདབ་བོ། །སྤྱན་འདྲེན་མཆོད་བསྟོད་སོགས་འདྲ་བ་ལས། གསོལ་འདེབས་ནི། གང་ཞིག་གཤེད་མའི་མི་ཡིས་མཐའ་སྐོར་ནས༔ ཞེས་སོགས་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ། གུ་རུ་གཙོ་འཁོར་གྱི་ཐུགས་ཀའི་ས་བོན་ཧཱུྃ་ཡིག་སྐུའི་ཆ་བ་སྤུའི་བུ་ག་དང་། དབུ་སྐྲའི་གསེབ་དང་། ཕྱག་མཚན་རྣམས་ལས་སྤྲུལ་པའི་ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པའི་ཚོགས་གྲངས་མེད་པ་དང་། ལྕགས་སྡིག་གི་ཕོ་ཉ་མེ་མཚོན་གྱི་ཚྭ་ཚྭ་འཕྲོ་བ་བུ་ཡུག་འཚུབས་པ་ལྟར་འཕྲོས་པས། བདག་ལ་སྡང་བ་དང་གནོད་ཅིང་འཚེ་བའི་སེམས་དང་ལྡན་པའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་གདོན་བགེགས་ཀུན་གཟིར་ཞིང་བཅོམ་པས་ཕྱེ་མ་དང་དུམ་བུར་བརླགས་ཤིང་བསད་བཅད་གཏུབས་པའི་ཤ་ཁྲག་རུས་པ་ཐམས་ཅད་ལ། ཁྲོ་ཆུང་དང་ལྕགས་སྡིག་སོགས་ཕོ་ཉ་རྣམས་ཀྱིས་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་ཧབ་དིར་དིར་ལྷག་མ་མ་ལུས་པར་རོལ་ཅིང་ཟོས། ཁྲོ་བོ་རྣམས་ཚུར་འདུས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རང་བཞིན་ཅན་གྱི་མེ་མཚོན་གྱི་གུར་ཁང་མི་ཆོད་མི་ཤིགས་མི་ཕྱེད་པ་སྲ་བརྟན་གྱི་གོང་བུ་གཅིག་ཏུ་གྱུར་པར་བསམ་ཞིང་རྩེ་གཅིག་ཏུ་གསོལ་བ་གདབ་བོ། །དབང་བླང་བ་སོགས་སྤྱི་ལྟར་བྱས་པའི་མཐར་བདག་བསྲེ་ནི། རང་ཉིད་གུ་རུ་ཆེ་མཆོག་པདྨ་གྲོ་ལོད་དུ་གསལ་བའི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་ཆེ་ཆུང་ནས་འབྲས་ཙམ་གྱི་ལྟེ་བར་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐའ་མ་ལ་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས། གནོད་སེམས་འཆང་བའི་མི་དང་མི་མིན་འབྱུང་པོ་རྣམས་ཀྱི་གདུག་ཅིང་རྩུབ་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་བྱས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་བར་ཆད་མ་ལུས་པ་ཀུན་སེལ་བར་བསམས་ལ་སྣང་གྲགས་ལྷ་སྔགས་ཀྱི་རོལ་པར་བལྟ་ཞིང་རིག་པ་མ་ཡེངས་པའི་ངར་དང་བཅས་པས། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་ཏེ། དེ་མ། ཡང་ན་ཨརྩིག་ནིརྩིག་གམ། དེ་གཉིས་གང་རུང་བཟླ། ཡང་ན་ཟུར་ཆག་གི་སྐད་དུ་བསྒྱུར་བའི་རྩ་བའི་སྔགས་ནི། ཨོཾ་བཛྲ་གུ་རུ་གྲོ་བོ་ལོཏ་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྔགས་འདི་གསུམ་པོ་རང་གི་བློ་ལ་གང་མོས་པ་ཉིད་ལ་གཙོ་བོར་བཟླ་བའམ། གསུམ་ཀར་བཟླས་པ་གང་འཐད་བྱ། སྐབས་སུ་རྩ་སྔགས་ཟུར་ཆག་སྐད་འགྱུར་གྱི་ཤམ་བུར་ཧཱུྃ་ཕཊ་ཅེས་བཏགས་པ་དང་། ཧཱུྃ་གི་འཛབ་དབྱངས་ཀྱང་རིག་པའི་ངར་དང་ལྡན་པས་མང་དུ་བཟླ་ཞིང་། སྣང་བའི་ཡུལ་བཟང་ངན་རྣམས་ལ་ཐོགས་རྡུགས་མེད་པར་རིག་པ་ངར་ཕྱུང་རང་ཤར་དུ་རྩལ་ཡང་ཡང་དུ་སྦྱང་བར་བྱའོ། །དེ་ལྟར་ཆེ་མཆོག་པདྨ་ཁྲོ་ལོད་རྩལ་གྱི་རྩ་བའི་སྔགས་གསུམ་པོ་གང་མོས་བཟླས་ཤིང་ནུས་པའི་རྟགས་ཐོན་ནས་ལས་ལ་སྦྱར་བ་ནི། མན་ངག་གཞན་དང་ཟུར་དུ་བཀོལ་པའི་ཡིག་ཆུང་ལྟར་མཚོན་སྲུང་གི་རིམ་པ་རྣམས་བྱའོ། །རྫོགས་རིམ་ནི། ཕྱི་རོལ་དམག་ཚོགས་མཚོན་གྱིས་གནོད་པའི་འཇིགས་པ་ནི། རང་ལ་ནང་ན་ཞེ་སྡང་སོགས་གཟུང་འཛིན་གྱི་ཉོན་མོངས་ཧྲག་པའི་རྒྱུ་ལས་བྱུང་བས། དེས་ན་སྡུག་བསྔལ་གྱི་རྩ་བ་བདག་འཛིན་གྱི་ཉོན་མོངས་ལམ་དུ་ཁྱེར་བ་སྟེ། དེ་ཡང་ཞེ་སྡང་གི་སྣང་བ་ཀམ་གྱིས་སྐྱེས་པའི་དུས། དྲན་པས་ཅེར་བཟུང་སྟེ་སྣང་བ་འཕྲོ་བ་དེའི་རྗེས་མི་མཐུད་ཅིང་བློ་བཟོ་གང་ཡང་མེད་པར་ཞེ་སྡང་གི་སྣང་བ་ཁོ་རང་གི་རང་ངོ་དེ་ཀའི་ཐོག་ཏུ་ཙན་ནེ་བཞག་པ་ན་ཞེ་སྡང་གི་རྣམ་རྟོག་དེ་རང་སར་ཡལ་ནས་སྤང་བྱ་དང་གཉེན་པོ་སོ་སོ་ཐ་དད་མེད་པར་རང་གི་རིག་པ་གསལ་སྟོང་དུ་རྗེན་ལྷང་གིས་འཆར་བ་ནི། ཉོན་མོངས་ཞེ་སྡང་གནས་གྱུར་པའི་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ལ། དེ་བཞིན་དུ་འདོད་ཆགས་དང་། ང་རྒྱལ་དང་། ཕྲག་དོག་དང་། གཏི་མུག་གང་ཤར་བ་དེའི་ངོ་བོ་ལ་བལྟ་ཞིང་བསྒོམས་པས་ཉོན་མོངས་མ་སྤངས་གནས་སུ་དག་པ་ཡེ་ཤེས་ལྔའི་དོན་རང་ཆས་སུ་རྟོགས་པའི་ཉམས་མྱོང་ཁྱད་པར་ཅན་སྐྱེ་བར་འགྱུར་ཞིང་། ཉོན་མོངས་རང་ག་མའི་དབང་དུ་མ་ཤོར་བར་ལམ་དུ་ལྷོང་པས་ཐ་མལ་འཁྲུལ་པའི་སྐྱོན་གྱིས་མ་བསླད་པའི་དྲན་རིག་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཏེ། དོན་དེ་ཁོ་ན་ལ་འབད་པར་བྱའོ། །གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པས་ཕྱི་རོལ་དགྲ་མཚོན་གྱི་གནོད་པ་དང་ནང་ཉོན་མོངས་དུག་ལྔ་རང་སར་གྲོལ་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་དགུ་པའོ། ༈ །མན་ངག་བཅུ་པ་གུ་རུ་པདྨ་རྒྱལ་པོ་སྒྲུབ་པ་ནི། རང་གི་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་རང་འོད་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཀློང་དུ་པདྨ་འདབ་མ་འབུམ་ལྡན་ནམ་བརྒྱད་ལྡན་ཉི་ཟླའི་གདན་ལ་མ་ཧཱ་གུ་རུ་པདྨ་རྒྱལ་པོ་གངས་ཆེན་མཚོ་སྟེ། པདྨ་རྒྱལ་པོ་ལ་སྤྲུལ་སྐུ་པདྨ་རྒྱལ་པོ། ལོངས་སྐུ་པདྨ་རྒྱལ་པོ། ཆོས་སྐུ་པདྨ་རྒྱལ་པོ་དང་གསུམ་དུ་ཡོང་བ་ལས་འདིར་ལོངས་སྐུ་དེ་ཡང་པདྨ་རྒྱལ་པོ་ཞེས་པ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ཏེ། དོན་ལ་སྤྲུལ་པ་དང་སྤྲུལ་གཞིའི་ཁྱད་པར་ཙམ་ལས་དབྱེར་མེད་ལ། འདི་ནི་སྤྱན་རས་གཟིགས་ཡིན། གངས་ཆེན་མཚོ་ཞེས་པ་ནི་མཛད་པ་དང་གདུལ་བྱ་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་དོན་ཡིན་པས་རྣམ་སྣང་དུ་མ་ཟད་རིགས་ལྔ་ཆར་ལ་སྦྱར་དུ་རུང་གསུངས། དེ་ཡང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན། ཕྱག་གཉིས་ཐལ་སྦྱར་གྱི་བར་དུ་ཨུཏྤལ་དམར་པོའི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། རུས་པའི་རྒྱན་དང་སྟག་ཤམ་གསོལ་བ། ཞལ་དང་སྤྱན་ཞི་མ་ཁྲོའི་རྣམ་པ། དེའི་པང་དུ་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པ། གཉིས་ཀའང་ཨུཏྤལ་དམར་པོའི་ཅོད་པན་དང་དོ་ཤལ་གྱིས་བརྒྱན་པ། སྤྱི་བོར་འོད་དཔག་མེད་དང་ཐུགས་ཀར་རྡོ་རྗེ་སེམས་དཔའ། པད་འདབ་བརྒྱད་ལ་ཤར་དུ་ས་སྙིང་དཀར་པོ་རིན་པོ་ཆེའི་མྱུ་གུ །ཤར་ལྷོར་ཕྱག་རྡོར་ལྗང་གུ་རྡོ་རྗེ། ལྷོར་ནམ་སྙིང་དཀར་པོ་རལ་གྲི །ལྷོ་ནུབ་ཏུ་སྤྱན་རས་གཟིགས་དམར་པོ་པདྨ། ནུབ་ཏུ་སྒྲིབ་སེལ་ལྗང་གུ་པུསྟི། ནུབ་བྱང་དུ་ཀུན་བཟང་དམར་པོ་རིན་པོ་ཆེ། བྱང་དུ་བྱམས་པ་དཀར་སེར་ཀླུ་ཤིང་། བྱང་ཤར་དུ་འཇམ་དཔལ་དཀར་ལྗང་ཨུཏྤལ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཞན་ཡང་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བར་བསྒོམ། ཚིག་བདུན་གསོལ་འདེབས་ཀྱིས་སྤྱན་འདྲེན། བཞུགས་གསོལ། དབང་བསྐུར། རྒྱས་གདབ། མཆོད་བསྟོད་སྔར་དང་འདྲ། གསོལ་འདེབས་ནི། ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ ཞེས་སོགས་དང་རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པས་གུ་རུ་གཙོ་འཁོར་གྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་སྦྱངས། དེ་དག་གི་སྡིག་དང་སྡུག་བསྔལ་ཐམས་ཅད་སྦྱངས། རིགས་དྲུག་སེམས་ཅན་ཐམས་ཅད་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་གྱུར། འོད་ཟེར་ལྕགས་ཀྱུ་ལྟ་བུས་དེ་དག་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་དྲངས། ཀུན་ཀྱང་མེ་ཏོག་པདྨའི་སྦུབས་སུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱི་ཞལ་མཐོང་། མོས་སྤྱོད་ལ་གནས་པ་ཐམས་ཅད་ཀྱང་ས་བཅུ་རྒྱུན་མཐའི་བྱང་ཆུབ་སེམས་དཔར་གྱུར་ནས་སྤང་རྟོགས་ཀྱི་ཡོན་ཏན་རྩལ་རྫོགས་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་བསམ། དབང་ལེན་པ་སྤྱི་དང་མཚུངས། མཐར་རང་ལ་ཐིམ་པས་རང་ཉིད་འཕགས་པ་པདྨའི་རྒྱལ་པོའི་སྐུར་གྱུར་པའི་ཐུགས་ཀར་རྡོ་རྗེ་སེམས་དཔའ། དེའི་ཐུགས་ཀར་པདྨ་ཉི་ཟླ་ལ། ལྟེ་བར་ཧྲཱིཿ དེའི་གཡས་སུ་ཨཱོཾ། གཡོན་དུ་ཨཱཿ མདུན་དུ་ཧཱུྃ། མཐའ་སྐོར་དུ་ཡི་གེ་དྲུག་པའི་སྔགས་ཕྲེང་གིས་བསྐོར་བ་གསལ་གདབ། ཡང་ན་འབྲུ་བཞི་བརྩེགས་ྈྈབྱས་ཀྱང་རུང་། གང་ལྟར་ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས་ཐམས་ཅད་ལ་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ། ཡང་འོད་ཟེར་གྱིས་རིགས་དྲུག་གི་གནས་ཀུན་ཏུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཀུན་ཀྱང་པདྨ་རྒྱལ་པོའི་སྐུར་གྱུར་པར་བསམས་ཏེ། ལམ་ཁྱེར་རྣམ་གསུམ་ལས། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དང་ལྷ། སྒྲ་གྲགས་ཐམས་ཅད་འཕགས་པའི་གསུང་ཡི་གེ་དྲུག་མ། དྲན་རྟོག་ཐམས་ཅད་འཕགས་པའི་ཐུགས་ཀྱི་རོལ་པ་ལས་མི་འདའ་བའི་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས། ཨཱོཾ་ཨཱཿཧཱུྃ་ཧྲཱིཿཨཱོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླ་ཞིང་རྗེས་སྡུད་ལྷར་ལྡང་བསྔོ་སྨོན་སྔར་ལྟར་རོ། །རྫོགས་རིམ་ནི། སྤྱིར་བསྐྱེད་རྫོགས་ཀྱི་ལམ་ཐམས་ཅད་སྐྱེ་འཆི་བར་དོ་གསུམ་ལམ་དུ་བྱེད་པ་ལས། འདིར་འཆི་བ་འོད་གསལ་གཙོ་བོར་བསྟན་པ་ཡིན་ཏེ། འཆི་བ་ཞེས་བྱ་བ་འོང་བའི་རྒྱུ་ནི་འཕོ་བ་དང་བཅས་པའི་རྣམ་པར་རྟོག་པ་ཡིན། དེ་ལ་སྤྱིར་ཀུན་རྫོབ་རྒྱུའི་ཐིག་ལེ་འཕོ་བ་མེད་པར་བཅིངས་ཏེ་ཟག་མེད་ཀྱི་བདེ་བ་རྒྱུད་ལ་སྐྱེ་བར་བྱེད་པ་འམ། མཆོག་ཏུ་མི་འགྱུར་བའི་དགེ་བ་སྒྲུབ་པ་ཞེས་དཔལ་དུས་ཀྱི་འཁོར་ལོ་སོགས་ནས་གསུངས་ལ། ཀུན་རྫོབ་རྒྱུའི་ཐིག་ལེ་འཆིང་བ་དེ་འཕོ་མེད་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཕོ་བཅས་ཞེས་པ། དོན་ལ་སྔ་མའི་རྣམ་རྟོག་འགག་རྒྱུ་ཞིག་དང་། ཕྱི་མའི་རྣམ་རྟོག་སྐྱེ་རྒྱུ་ཞིག་འདུག་རིང་ལ་འཕོ་བཅས་ཀྱི་རྣམ་རྟོག་ཡིན། སྔ་ཕྱིའི་རྟོག་པས་བར་མི་ཆོད་པའི་མཉམ་གཞག་ཁོར་ཡུག་ཉིན་མཚན་གྱི་བར་མཚམས་མེད་པ་ཞིག་ཏུ་སོང་ན་འཕོ་མེད་ཀྱི་ཡེ་ཤེས་ཡིན། དེས་ན་འཕོ་བཅས་ཀྱི་རྣམ་རྟོག་ཡོད་པ་དེ་སྲིད་དུ་དྲན་འདུན་གྱི་རྩིས་ཡང་དག་པར་བཟུང་ནས་ཉིན་མོའི་སྣང་བ་ལ་རྒྱས་གདབ་ཅིང་། མཚན་མོའི་གཉིད་འཐུག་གི་འོད་གསལ་སྦྱང་བ་འབད་དགོས། འོད་གསལ་དེ་འབྱོངས་པའི་སྔོན་དུ། རྨི་ལམ་གྱི་འོད་གསལ། ཉམས་ཀྱི་འོད་གསལ། སྲབ་མོའི་འོད་གསལ་གསུམ་པོ་ཟིན་དགོས། དེ་བཟུང་བའི་ཐབས་ལ་བཞི། བླ་མའི་མོས་གུས་ལ་བརྟེན་ནས་བཟུང་བ་དང་། རྗེས་གཞིག་ལ་བརྟེན་ནས་དང་། ཧྲིལ་འཛིན་ལ་བརྟེན་ནས་དང་། དཀར་དམར་འདུ་འཕྲོད་ལ་བརྟེན་ནས་བཟུང་བའོ། །དང་པོ་ནི། རང་ལུས་པདྨའི་རྒྱལ་པོའི་སྐུར་གསལ་བའི་སྙིང་ནང་དུ་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་སེམས་དཔའ་སྔར་བཞིན་བསྒོམ། དེའི་ཐུགས་ཀར་ཧྲཱིཿདཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་བསམས་ལ་བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་བཏབ་པས། ཧྲཱིཿལས་འོད་ཟེར་ཉི་མ་ཤར་བ་ལྟ་བུར་འཕྲོས། ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་གང་བས་ལུས་འཇའ་འོད་ཀྱི་རང་བཞིན་དུ་གྱུར། རིམ་པར་གནས་ཁང་དང་ལུང་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་བཀྲ་སལ་ལེ་ཡོད་པར་བསམ་ཞིང་འོད་གསལ་ཤར་བ་ངོས་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་གསལ་བཏབ་སྟེ་གཉིད་དོ། །གཉིས་པ་ནི། སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ནས་རང་ལུས་ཡི་དམ་དུ་གསལ་བ་ལ་ཐིམ། དེ་པད་གདན་ནས་ཡར་རིམ་པར་མེ་ལོང་ལ་ཧས་བཏབ་པ་ལྟར་བསྡུས་ཏེ་ཧྲཱིཿལ་ཐིམ། དེ་གི་གུའི་བར་དུ་ཐིམ། གི་གུ་ཇེ་ཕྲ་ཇེ་ཕྲར་མི་དམིགས་པར་བཞག །རྟོག་པ་ནམ་ཤར་ཡང་ཡི་དམ་གྱི་སྐུར་ཝལ་གྱིས་ལྡང་། ཡང་སྔར་བཞིན་བསྒོམ། འོད་གསལ་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་བྱ། གསུམ་པ་ནི། སྣོད་བཅུད་ཐམས་ཅད་སྐད་ཅིག་ལ་འུབ་ཀྱིས་འདུས་ནས་རང་ལ་ཐིམ་སྟེ་མི་དམིགས་པར་བཞག །དེ་གཉིས་ལ་རིམ་གྱིས་བསྡུ་བ་དང་། སྐད་ཅིག་ལ་བསྡུ་བའི་ཁྱད་པར་ཙམ་མོ། །བཞི་པ་ནི། རང་ཡི་དམ་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་བཏབ་པའི་ཡར་རྩེར་ཐིག་ལེ་དཀར་པོ་དང་། མར་སྣེར་ཐིག་ལེ་དམར་པོ་སྲན་མ་ཙམ་རེ་བསྒོམས་ལ། དཀར་པོ་མར་བྱུང་། དམར་པོ་ཡར་བྱུང་ནས་སྙིང་གའི་ཐད་དུ་རེག་ལ་ཁད་དུ་བྱས། ཡང་སོ་སོར་གྱེས། གཉིད་ཡུར་བྱུང་བ་དང། ཡང་རེག་ལ་ཁད་དུ་བྱས་སོ་སོར་གྱེས། མཐར་དཀར་དམར་གཉིས་ཁྲུག་གིས་འདྲེས་ནས་དབུ་མའི་ནང་ཐམས་ཅད་ཁམས་དྭངས་མས་གང་བས་ལུས་ཐམས་ཅད་བདེ་མེར་གྱུར་པའི་ངང་ལ་མ་ཡེངས་པར་གཉིད་ཅིང་། འདུན་པ་ནི་ཡང་ནས་ཡང་དུ་བྱའོ། །དེ་ལྟར་ཉམས་སུ་བླངས་པས་འཁྲུལ་སྣང་དག་སྟེ་འོད་གསལ་གྱི་གདམས་པ་རང་བྱན་ཚུད་ནས། འཆི་ཁ་ཞེས་རྣམ་ཤེས་འོད་གསལ་ལ་ཐིམ་པ་དང་ལྷན་ཅིག་འཆི་བ་ཆོས་སྐུའི་ཞིང་ཁམས་ལ་སངས་རྒྱ་བར་འགྱུར་ཏེ་གྲོལ་བ་ཐོབ་པ་ཞེས་བྱའོ། །བསྐྱེད་རྫོགས་གང་གིའང་ཐུན་མཚམས་རྣམས་སུ་སངས་རྒྱས་དང་བྱང་སེམས་ཀྱི་མཚན་བརྒྱ་དང་། ཟ་མ་ཏོག་གི་མདོ་བཀླག །ཉིན་མཚན་ཐུན་དྲུག་ཏུ་འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ་བོ། །གུ་རུ་པདྨ་རྒྱལ་པོའི་སྒྲུབ་པས་འཆི་བ་ལམ་དུ་ཁྱེར་བ་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཅུ་པའོ། །མན་ངག་བཅུ་གཅིག་པ་གུ་རུ་སྣང་མཐའི་སྒྲུབ་པ་ནི། མདུན་གྱི་ནམ་མཁར་བདེ་བ་ཅན་གྱི་ཞིང་ཁམས་ལག་མཐིལ་ལྟར་མཉམ་པ། གསེར་གྱི་ས་གཞི་ལ་བཻ་ཌཱུརྻའི་མིག་མང་རིས་སུ་བྱས་པའི་སྙིང་པོར་དཔག་བསམ་ཤིང་རིན་པོ་ཆེ་པདྨ་རྣམ་པར་སྣང་བ་ཞེས་བྱ་བ་རིན་པོ་ཆེའི་རང་བཞིན་དཔངས་སུ་དཔག་ཚད་སྟོང་དང་དྲུག་བརྒྱ་པ་ལོ་མ་རེ་རེ་ཡང་བཀྲ་ཤིས་རྟགས་བརྒྱད་དང་། འབྲས་བུ་རེ་རེར་རྒྱལ་སྲིད་སྣ་བདུན་གྱི་བཀོད་པས་མཛེས་པ། སྤྲུལ་པའི་བྱ་ཚོགས་མང་པོས་སྒྲ་སྐད་སྙན་པར་སྒྲོག་པ་དེ་ལྟ་བུ་ལ་སྐུ་རྒྱབ་རྟེན་ནས་པདྨའི་སྡོང་པོ་འདབ་སྟོང་ལྡན་པ་དང་ཟླ་གདན་ལ། ངོ་བོ་གུ་རུ་པདྨ་ལ་རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། ཆོས་གོས་གསུམ་གསོལ་བ། མཛོད་སྤུ་སུམ་ཅུ་རྩ་གཉིས་དཀར་ཞིང་དྭངས་ལ་རྙོགས་པ་དང་བྲལ་བ། ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་དཔེ་རྫོགས་པ། དེའི་ཤར་དུ་སངས་རྒྱས་མི་འཁྲུགས་པ་སྔོན་པོ་ས་གནོན་དང་མཉམ་གཞག་གི་སྟེང་ན་རྡོ་རྗེ་བསྣམས་པ། ཤར་ལྷོར་རྣམ་གཟིགས་ས་གནོན་མཉམ་གཞག །ལྷོར་གཙུག་ཏོར་ཅན་མཉམ་གཞག །ལྷོ་ནུབ་ཏུ་ཐམས་ཅད་སྐྱོབ་སྐྱབས་སྦྱིན་མཉམ་གཞག །ནུབ་ཏུ་འཁོར་བ་འཇིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ནུབ་བྱང་དུ་གསེར་ཐུབ་ཆོས་འཆད་མཉམ་གཞག །བྱང་དུ་འོད་སྲུངས་གཡས་མཆོད་སྦྱིན་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུར་འཛིན་པ། བྱང་ཤར་དུ་ཤཱཀྱ་ཐུབ་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། ཐམས་ཅད་ཞབས་རྡོར་སྐྱིལ་ཆོས་གོས་གསུམ་གསོལ་བ། མཚན་དཔེ་ཐམས་ཅད་རྫོགས་ཤིང་རང་རང་གི་བྱང་ཆུབ་ཤིང་དྲུང་ན་བཞུགས་པ་བདུན་ཀའང་གསེར་བཙོ་མའི་མདོག་ཅན་ནོ། །གཞན་ཡང་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མའི་གྲངས་ཙམ་པ་མཐའ་ཡས་པས་བསྐོར་བར་གསལ་གདབ། གནས་གསུམ་དུ་ཡི་གེ་གསུམ་དང་། ཐུགས་ཀའི་ནང་དུ་པད་ཟླ་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧྲཱིཿདམར་པོ་བསམ། སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་བར་སྔར་བཞིན་དང་། གསོལ་འདེབས། སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ ཞེས་སོགས་དང་རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པས། གུ་རུ་གཙོ་འཁོར་ཐམས་ཅད་ཀྱི་མཛོད་སྤུ་དང་ཐུགས་ཀ་གཙུག་ཏོར་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རིགས་དྲུག་གི་གནས་ཐམས་ཅད་ཁྱབ། རིགས་དྲུག་སྤྱི་དང་ཁྱད་པར་སྲིད་པ་བར་དོར་འཁྱམས་པའི་སེམས་ཅན་ཡིད་ལུས་ཐམས་ཅད་ལ་ཕོག་པས་སྡུག་བསྔལ་གྱི་འཁྲུལ་སྣང་ཐམས་ཅད་སྐད་ཅིག་ལ་སྦྱངས། དེ་དག་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་དྲངས་ནས་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་བསམ་མོ། །དབང་བཞི་སྔར་བཞིན་བླང་། མཐར་འཁོར་རྣམས་གཙོ་བོར་འདུས། གཙོ་བོ་འོད་ཀྱི་གོང་བུར་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པས་རང་ཉིད་འོད་དཔག་མེད་ཀྱི་སྐུར་གྱུར་པར་རང་འདྲའི་ཡེ་སེམས་ཀྱི་ཐུགས་ཀར་རྡོ་རྗེ་ཧྲཱིཿདང་བཅས་པའི་ཐ་མར། ཨཱོཾ་ཨ་མི་ཏ་བྷཱ་ཧྲཱི༔ ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་ཅིང་དགྱེས་པ་བསྐངས། སྲིད་པ་བདུན་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་སངས་རྒྱས་འོད་དཔག་མེད་ཀྱི་སྐུར་གྱུར་པར་བསམས་ལ་གོང་གི་སྔགས་དང་མཚན་བརྒྱ་རྩ་བརྒྱད་པ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་བདུན་སྤྱིའི་སྔགས་དང་། ཀཾ་ཀ་ནི་ཅི་ནུས་བཟླ་ཞིང་། རྗེས་སྡུད་ལྷར་ལྡང་སྔར་བཞིན་བྱ། རྫོགས་རིམ་ནི། བར་དོའི་སྣང་བའི་གཞིའམ་རྩ་བ་ཀུན་འོད་གསལ་གྱི་ངང་དུ་གནས་མ་ནུས་པར་རྣམ་རྟོག་ལས་ཀྱི་རླུང་གིས་བསྐྱོད་པ་ལས་བར་དོའི་འཁྲུལ་སྣང་ཤར་ཏེ་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་པས། དེ་ལམ་དུ་ཁྱེར་བའི་ཉམས་ལེན་གྱི་སྙིང་པོ་རྨི་ལམ་བཟུང་བ་དང་། ཟིན་ནས་སྦྱང་བ། སྤེལ་སྒྱུར། བཅད་པ་དང་ལྔ་ཉམས་སུ་ལེན་པ་གལ་ཆེ། དེ་ལ་བཟུང་བ་ནི། རང་གི་མགྲིན་པར་ཧྲཱིཿདམར་པོ་མར་མེ་ལྟར་གསལ་བ་ཞིག་བསྒོམ། དེ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ལ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པས་བཟུང་། དེས་མ་ཟིན་ན་སྤྱི་བོར་ཧྲཱིཿདཀར་པོ་དང་འོག་སྒོར་དམར་པོ་བསམ། དེ་གཉིས་ཡར་མར་འོང་ནས་ཕྲད་པ་དང་དམར་པོས་དཀར་པོ་དེད་ནས་འབྲོས་འདེད་བསྒོམ། མཐར་དཀར་པོ་ལ་དམར་པོ་ཐིམ་ནས་དམར་སྐྱ་གཅིག་ཏུ་གྱུར་པ་དེ་ཝལ་གྱིས་ཡལ་བས་ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་ཁེངས་པར་བསམས་ལ་འདུན་པ་གོང་བཞིན་བྱ། དེས་ཀྱང་མ་ཟིན་ན་ཐུན་མོང་མ་ཡིན་པས་བཟུང་སྟེ། རླུང་བུམ་ཆེན་ཉི་ཤུ་རྩ་གཅིག་བཟུང་། འདུན་པ་དྲག་པོ་ཉེར་གཅིག་བཏང་། ཁ་མཆིལ་མག་གིས་བཀང་ལ་འདུན་པ་གོང་བཞིན་བྱས་པས་ཟིན་ངེས་གསུངས་སོ། །དེ་ཡང་ཡང་གིས་བརྟན་པ་ཐོབ་པར་བསྒོམ་པ་ནི་སྦྱང་བ། ཉུང་ངུ་མང་པོ་དང་། མང་པོ་ཉུང་ངུ་དང་། མེ་ཆུ་རུ་སྒྱུར་བ་སོགས་ནི་སྤེལ་སྒྱུར་དང་། བཅད་པ་ནི་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་བཞིན་པས་མཉམ་གཞག་ཏུ་ལྷོད་དེ་རྒྱུད་རིང་པོར་གནས་ནུས་པ་ལ་ཟེར་བ་ཡིན་ཞིང་། རྨི་ལམ་བསྒོམས་པའི་གྲུབ་འབྲས་འདི་ཁོ་ན་ཡིན་གསུངས་སོ། །དེ་ལྟར་ཉམས་སུ་ལེན་པའི་ཐུན་མཚམས་རྣམས་སུ་དཀོན་བརྩེགས་ནས་གསུངས་པའི་འོད་དཔག་མེད་ཀྱི་མདོ་བཀླག་ཅིང་། སེམས་བསྐྱེད་འགྱུར་བ་བཅུ་ལ་འབད། བདེ་ཆེན་ཞིང་སྨོན་མ་ཆག་པར་འདོན། དེས་གུ་རུ་འོད་དཔག་མེད་ཀྱི་སྒྲུབ་པས་བར་དོའི་སྡུག་བསྔལ་རང་སར་ཞི་སྟེ་བདེ་བ་ཅན་དུ་སྐྱེ་བར་བྱེད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཅུ་གཅིག་པའོ། །འགྱུར་བ་བཅུ་ནི། སྐུའི་རྟེན་དུ་ལྷ་ཁང་བཞེངས་པ། གསུང་གི་རྟེན་དུ་གླེགས་བམ། ཐུགས་རྟེན་མཆོད་རྟེན། སེམས་ཅན་སྤྱིའི་དོན་དུ་ཟམ་པ་འཛུགས་པ། གཅིག་གི་དོན་དུ་སྲོག་བསླུ་བ་སྟེ་རྩ་བའི་འགྱུར་བ་ལྔ། རྒྱུན་པར་ལྷ་ཁང་ལ་མཆོད་པ། གླེགས་བམ་ཀློག་པ། མཆོད་རྟེན་ལ་བསྐོར་བ། ཟམ་པ་འཛུགས་པ།་་་ཟམ་པ་གསོ་བ། སྲོག་བསླུ་་་གཞན་སྲོག་ལ་མི་གནོད་པ་་་རྣམས་རྒྱུན་མི་ཆད་པར་བྱ་སྟེ། ཡན་ལག་གི་འགྱུར་བ་ལྔ་སྟེ་འགྱུར་བ་བཅུའོ། ༈ །མན་ངག་བཅུ་གཉིས་པ་གུ་རུ་ཀུན་ཏུ་བཟང་པོར་སྒྲུབ་པ་ནི། མདུན་གྱི་ནམ་མཁར་ཡེ་ཤེས་ལྔའི་རང་འོད་འཇའ་ཟེར་གྱི་ཀློང་དུ་པདྨ་ཉི་ཟླའི་གདན་ལ་གུ་རུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་གསལ་ཞལ་གཅིག་ཕྱག་གཉིས་པའམ། ཞལ་བརྒྱད་སྟེང་ཞལ་བརྩེགས་མ་གཉིས་ཏེ་བཅུ་གང་མོས་བསྒོམས་ཏེ་རྒྱ་ཆད་ཕྱོགས་ལྷུང་བྲལ་བས་ཕྱོགས་བཅུར་གཟིགས་པའི་དོན་དང་། ཞལ་གཅིག་པའི་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་རྫོགས་པའི་མཚན་དོན་ནོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་གཞག །སྐུ་གཅེར་བུ་རྒྱན་མེད་དུ་བསྒོམ། དེའི་དོན་སྐྱིལ་ཀྲུང་ནི་མཐའ་གཉིས་ཀྱིས་མི་གཡོ་བ། མཉམ་གཞག་ནི་འཁོར་འདས་རོ་མཉམ་པ། གཅེར་བུ་ནི་གཟུང་འཛིན་གྱི་སྒྲིབ་གཡོགས་བྲལ་བའོ། །པང་དུ་ཡུམ་ཆོས་དབྱིངས་ཀུན་ཏུ་བཟང་མོ་སྐུ་མདོག་ལྗང་གུ་རྡོར་དྲིལ་འཛིན་པས་ཡབ་མགུལ་འཁྱུད་ཅིང་ཞབས་པདྨའི་སྐྱིལ་ཀྲུང་གིས་རོལ་པ། དེ་ཡང་ཡབ་སྣང་བ་དང་ཡུམ་སྟོང་པ་སྟེ་ཟུང་འཇུག་གདོད་ནས་ལྷུན་གྲུབ་ཀྱི་མཚོན་དོན་ནོ། །དེའི་མདུན་དུ་རྒྱལ་སྲས་རྡོར་སེམས་དཀར་པོ། ཤར་དུ་རྣམ་སྣང་མཐིང་ག །ལྷོར་རིན་འབྱུང་སེར་པོ། ནུབ་ཏུ་སྣང་མཐའ་དམར་པོ། བྱང་དུ་དོན་གྲུབ་ལྗང་གུ་རྣམས། རང་རྟགས་ཀྱི་ཕྱག་མཚན་རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རལ་གྲི །གཡོན་ཐམས་ཅད་དྲིལ་བུ་འཛིན་པས་ཡུམ་དང་འཁྲིལ་བ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན། ཤར་ལྷོར་ཕུར་པ། ལྷོ་ནུབ་བཛྲ་ཧེ་རུ་ཀ །ནུབ་བྱང་རྟ་མགྲིན། བྱང་ཤར་དུ་བདུད་རྩི་འཁྱིལ་པ་རྣམས་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་རང་འོད་ཀྱི་ཡུམ་དང་བཅས་པ་དང་། གཞན་ཡང་རིགས་གཅིག །རིགས་ལྔ། རིགས་གསུམ། རིགས་བརྒྱ་སོགས་ཞི་ཁྲོ་རབ་འབྱམས་ཀྱི་ཚོམ་བུ་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། སྤྱན་འདྲེན་རྒྱས་གདབ་མཆོད་བསྟོད་སྔར་བཞིན་དང་། གསོལ་འདེབས། གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ སོགས་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པའི་ཚེ། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་པད་ཟླར་ཡེ་ཤེས་རང་འོད་འཇའ་སྣ་ལྔ་ལྡན་རྨ་བྱའི་མདོངས་ལྟ་བུའི་ལྟེ་བར་ཡི་གེ་ཨཱོཾ་ཨཱཿཧཱུྃ༔ གསལ་བའི་མཐར། འ་ཨ་ཤ་ས་མ་ཧ༔རྣམས་ཀྱིས་བསྐོར་བ་དང་། སྨིན་མཚམས་དང་ཐུགས་ཀ་ནས་འོད་འཕྲོས། དེ་ཡང་འོད་ཟེར་མེ་འོད་ལྟ་བུ་འཕྲོས། རིགས་དྲུག་དང་བར་མ་དོ་སྟེ་སྲིད་པ་བདུན་གྱི་འགྲོ་བ་ཐམས་ཅད་ཀྱི་སྣ་བུག་གམ་སྤྱི་བོ་ནས་ཞུགས། འཁོར་བའི་རྒྱུའམ་རྩ་བ་རྣམ་པར་ཤེས་པའི་ཚོགས་བདུན་ཀུན་གཞིའི་བག་ཆགས་དང་བཅས་པའི་སྡིག་སྒྲིབ་མ་ལུས་པ་བསྲེགས་ཤིང་སྦྱངས། རྣམ་སྨིན་གྱི་ཕུང་པོ་ཐམས་ཅད་བསྲེགས་ཤིང་སྦྱངས། དེ་དག་ཐམས་ཅད་ཀྱི་རིག་པའི་ངོ་བོ་རྒྱལ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། མི་འགྱུར་བ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོའི་དབྱིངས་སུ་སྦྱངས་པར་བསམ། དབང་བཞི་བླངས་ནས་རང་ལ་བསྟིམས་ཏེ། རང་ཉིད་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་པད་ཟླར་ཡེ་ཤེས་འོད་ལྔའི་ཐིག་ལེ་གོང་བཞིན་བསམས་ལ། ལྟེ་བར་རྡོ་རྗེའི་རང་སྒྲ །ཨཱོཾ་ཨཱཿཧཱུྃ༔ འ་ཨ་ཤ་ས་མ་ཧ༔ ཞེས་པའི་འབྲུ་དགུ་ཡས་མར་བརྩེགས་པ་ལ་རིག་པ་གཏད་ཅིང་འཕྲོ་འདུ་སྔར་བཞིན་བྱས་ཏེ་སེམས་ཅན་ཐམས་ཅད་ཀུན་བཟང་དུ་གྱུར་པ་རྣམས་ཀྱིས་ཀྱང་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པར་བསམ་ཞིང་བཟླས་པ་བྱ། རྗེས་སྡུད་འོད་གསལ་དུ་འཇུག་ལྡང་གོང་ལྟར་རོ། །རྫོགས་རིམ་ནི། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ནི་དངོས་པོར་ཞེན་པའི་འཛིན་པ་ཨ་འཐས་དམ་པོས་བྱས་ལ། དངོས་འཛིན་གྱི་འཁྲུལ་སྣང་དེ་ཟློག་ཅིང་འཇིག་པར་བྱེད་པ་ལ། ལྷུན་གྲུབ་སྒྲོན་མ་བཞིའི་མན་ངག་ཉམས་སུ་བླང་དགོས། དེ་ཡང་ལམ་གཞན་གྱི་དབང་དུ་བྱས་ན་ཁྲེགས་ཆོད་ལྟ་བས་ཕྱི་རོལ་སྣང་བའི་ཡུལ་ལ་དེར་འཛིན་མ་ཞུགས་པས་རང་ཉིད་མི་འཆིང་ཙམ་གྱི་དོན་བྱེད་པ་ལས་འཁྲུལ་སྣང་ཉིད་རང་གྲོལ་དུ་མི་འགྱུར། རང་སར་གྲོལ་ནུས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་དབང་པོའི་སྤྱོད་ཡུལ་མངོན་སུམ་ཤར་བ་ཉམས་སུ་མྱོང་དགོས། དེའི་ལམ་གྱི་ཚུལ་ནི་མན་ངག་རྫོགས་པ་ཆེན་པོ་གསང་བ་བས་ཀྱང་ཆེས་གསང་བ་ཐོད་རྒལ་མངོན་སུམ་སྣང་བ་བཞིའི་གདམས་པ་ཉམས་སུ་བླངས་ཏེ། དེ་ཡང་སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིའི་འབྲས་བུ་མངོན་དུ་བྱེད་པ་སོགས་ཐུན་མོང་མ་ཡིན་པའི་བླ་མའི་ཞལ་གྱི་གདམས་པ་ལས་རྟོགས་པར་བྱའོ། །ཐུན་སྐབས་སུ་སངས་རྒྱས་སྲས་གཅིག་ས་བོན་གྱི་རྒྱུད་དང་། བཏགས་གྲོལ་རྒྱུད་དྲུག །གསེར་གྱི་ཞུན་མའི་རྒྱུད་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་ལ་སོགས་པ་མང་དུ་བཀླག་ཅིང་། དེའི་དོན་སེམས་པ་ལ་འབད་པར་བྱའོ། །དེ་ལྟར་གུ་རུ་ཀུན་ཏུ་བཟང་པོའི་སྒྲུབ་པས་འཁྲུལ་སྣང་རང་གྲོལ་དུ་བྱེད་པ་ཡིད་བཞིན་ནོར་བུ་དང་འདྲ་བའི་མན་ངག་ལེའུ་བཅུ་གཉིས་པའོ། ༈ །མན་ངག་བཅུ་གསུམ་པ་གུ་རུ་རྩ་བའི་བླ་མར་སྒྲུབ་པ་སྟེ། མདུན་གྱི་ནམ་མཁར་པདྨ་འདབ་སྟོང་རྒྱས་པའི་གེ་སར་ཉི་ཟླའི་གདན་གྱི་སྟེང་དུ་ས་བོན་ཨཱཿལས་ངོ་བོ་རྩ་བའི་བླ་མ། རྣམ་པ་གུ་རུ་པདྨ་འབྱུང་གནས་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་ཡིད་བཞིན་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་བསྣམས་པ། ཡུམ་མཁའ་འགྲོ་མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཕྱག་གཉིས་གྲི་ཐོད་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡུམ་ཟག་མེད་ཀྱི་བདེ་བ་མཆོག་ཏུ་རྒྱས་པ་ཡེ་ཤེས་འོད་ལྔའི་ཀློང་དུ་བཞུགས་པ། དེའི་ཤར་དུ་ཧཱུྃ་ལས་རྣམ་པར་སྨིན་པའི་རིག་འཛིན་དཀར་པོ་རྡོ་རྗེ་འཛིན་པ། ལྷོར་སྭཱ་ལས་ཚེ་ལ་དབང་བའི་རིག་འཛིན་སེར་པོ་འཁོར་ལོ། ནུབ་ཏུ་ཨཱོཾ་ལས་ཕྱག་རྒྱ་ཆེན་པོའི་རིག་འཛིན་དམར་པོ་པདྨ། བྱང་དུ་ཧཱ་ལས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལྗང་གུ་རྒྱ་གྲམ་འཛིན་པ་བཞི་ཀ་མཉམ་གཞག །མཚམས་བཞིར་ཧྲཱིཿལས་ཤེས་རབ་རྒྱུད་ཀྱི་སློབ་དཔོན། ཉམས་ཆག་སྐོང་བའི་སློབ་དཔོན། དམ་ཚིག་དབང་གི་སློབ་དཔོན། མན་ངག་ལུང་གི་སློབ་དཔོན་ཏེ་བརྒྱད་ཀ་ཆ་ལུགས་གཙོ་བོ་དང་མཐུན་པ། སློབ་དཔོན་བཞི་པོ་མཉམ་གཞག་གི་སྟེང་ན་ཐོད་པ་དང་བུམ་པ་འཛིན་པ། རང་རང་གི་ཁ་དོག་དང་མཚུངས་པའི་ཡུམ་དང་སྦྱོར་བ། གཞན་ཡང་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་གདབ། སྤྱན་འདྲེན། མཆོད་པ། བསྟོད་པ་སོགས་སྤྱི་ལྟར་དང་། འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ སོགས་ཅི་མང་དང་། རྒྱུན་ཆགས་ཀྱིས་གསོལ་བ་བཏབ་པས། གུ་རུའི་དཔྲལ་བ་ནས་སྐུ་མང་དུ་བྱོན་ནས་རང་གི་དཔྲལ་བར་ཐིམ། ལྗགས་སྟེང་ནས་གསུང་ཡིག་འབྲུ་མང་དུ་བྱོན་ནས་རང་གི་མགྲིན་པར་ཐིམ། ཐུགས་ཀ་ནས་ཕྱག་མཚན་མང་པོ་བྱུང་རང་གི་སྙིང་གར་ཐིམ། ལྟེ་བ་ནས་ཐིག་ལེ་དང་ཐིག་ཕྲན་མང་པོ་བྱུང་རང་གི་ལྟེ་བར་ཐིམ། གསང་གནས་ནས་མེ་རླུང་ཆུ་གསུམ་བྱུང་། རང་གི་གསང་བར་ཐིམ་པ་དེ་ལྟ་བུའི་ཚུལ་གྱིས་དབང་བླང་བ་ཕྱིའི་དབང་བཞི། འཁོར་རྣམས་གཙོ་བོར་འདུས། གུ་རུ་རང་གི་སྤྱི་བོར་བྱོན་ཡབ་ཡུམ་མཉམ་སྦྱོར་གྱི་བྱང་སེམས་རང་གི་སྤྱི་བོ་སོགས་རིམ་པར་གང་བའི་དབང་བཞི་བླང་བ་ནང་གི་དབང་བཞི། བླ་མ་ཡབ་ཡུམ་སྤྱི་བོ་ནས་མར་བྱོན་སྙིང་གའི་དབུས་སུ་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར་ཉི་ཟླའི་སྟེང་ན་གུ་རུའི་སྐུ་མཚོན་གང་བ་མཚན་དཔེའི་གཟི་བྱིན་ཆེས་ཆེར་འབར་བ་ཞིག་བསྒོམ། དེའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་ནས་འབྲུ་ཙམ་གྱི་ལྟེ་བར་འོད་ལྔའི་ཐིག་ལེའི་དབུས་སུ་ཡི་གེ་ཨཿ མཐའ་སྐོར་འོད་ལྔ་ལུ་གུ་རྒྱུད་ཀྱི་ཐིག་ལེ་རེ་རེའི་སྟེང་དུ། ཨཱོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་ཡིག་འབྲུ་རེ་རེ་གནས་པ་ལུ་གུ་རྒྱུད་དུ་འཁོར་བའི་འཕྲོ་འདུ་སྔར་བཞིན་གྱི་དམིགས་པ་དང་བཅས་སྔགས་ཅི་འགྲུབ་བཟླ། དེ་ཡང་སྣང་སྲིད་སྐུ་དང་ཞིང་ཁམས་སུ་གསལ་བ་དང་། ཐུགས་ཀའི་ས་བོན་སྔགས་ཕྲེང་གི་འཕྲོ་འདུས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡེ་ཤེས་རང་གི་རྒྱུད་ལ་སྐྱེས་པར་བསམ་ཞིང་བཟླའོ། །ཐུན་མཚམས་རྣམས་སུ་བླ་མའི་མོས་གུས་གནད་དུ་བསྣུན་ཏེ། དྲན་པ་ཙམ་གྱིས་ཀྱང་འགལ་རྐྱེན་སྡུག་བསྔལ་ཐམས་ཅད་འཇོམས་ཤིང་། དགའ་བདེ་གནམ་ས་འཐབ་པ་ལྟ་བུའི་བྱིན་རླབས་དང་དངོས་གྲུབ་ཆར་བཞིན་འབེབ་པར་དམིགས་ལ་ཚིག་བདུན་གསོལ་འདེབས་ལེ་བདུན་སོགས་དང་། རྩ་བའི་བླ་མའི་མཚན་བསྟོད་དུང་དུང་ཀློག་པ་ལ་འབད་དོ། །རྫོགས་རིམ་ནི། ཟབ་གསལ་བདེ་བ་ཆེན་པོའི་ཡེ་ཤེས་བསྒོམ་པ་སྟེ། དེ་ལ་ཟབ་ཅེས་པ། སེམས་ཀློང་གསང་སྐོར་སོགས་ཀྱི་དོན་ནི་ཟབ་པ། སྦྱོར་དྲུག་སོགས་དང་ཁྱད་པར་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་དོན་ནི་གསལ་བ། ནཱ་རོ་ནི་གུ་ལམ་འབྲས་སོགས་ཞུ་བདེའི་ལམ་བསྒོམ་པ་ནི་བདེ་བ་སྟེ། དེ་ཐམས་ཅད་ཀྱི་དོན་གྱི་འགག་ནི་བླ་མའི་མོས་གུས་ལ་འདུ། དེ་ཡང་འདས་མ་འོངས་ད་ལྟའི་རྣམ་རྟོག་གིས་མ་བསླད་པའི་ཤེས་པ་རིག་རིག་འགྱུ་འགྱུ་འདི་ལ་བལྟས་ཚེ་ངོ་བོ་ངོས་བཟུང་གང་དུའང་མ་གྲུབ་ལ། གདངས་མོས་གུས་སུ་ལྷང་ངེ་བའི་དྲན་རིག་དེ་ཁ་དྲན་པས་ཟིན་བཞིན་མ་བཅོས་པར་སྐྱོང་བ། བླ་མའི་ཐུགས་དང་དབྱེར་མེད་པའི་ངང་བསྒོམ་ལ་ལ་བཟླ་བའི་མཉམ་གཞག་ལ་བསླབ་བོ། །དེས་ན་སྒྲུབ་ཐབས་ཀྱི་སྙིང་པོ་ལྟ་བུ་རྩ་བའི་བླ་མར་བསྒྲུབས་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་བྱེད་པའི་མན་ངག་ཡིད་བཞིན་ནོར་བུ་དང་འདྲ་བའི་ལེའུ་བཅུ་གསུམ་པའོ། ༈ །དེ་ལྟར་རྩ་བ་དང་ཡན་ལག་གི་རྣལ་འབྱོར་གང་གི་ཚེ་ཡང་བསྐྱེད་རིམ་ལ་སྐུ་མདོག་རྒྱན་དང་ཆ་ལུགས་ཕྱག་མཚན་བཞུགས་སྟངས་སོགས་རྣམ་པ་གསལ་ཐེབས་ཤིང་། དེ་ཀའི་ང་རྒྱལ་ལ་གནས་ཉམས་བརྟན་པ་དང་པོའི་བརྡ་དོན་དག་པ་དྲན་པ་རྣམས་ནན་ཏན་གྱིས་ཉམས་སུ་བླང་ཞིང་། སྔགས་ཀྱི་རིམ་པ་དག་ཀྱང་ཆད་ལྷག་ནོར་འཁྲུལ་དུ་མ་སོང་བ་རིང་ཐུང་སོགས་བརྡ་དག་ཅིང་སྐྱོན་དང་བྲལ་བར་ངག་བཟླས་གྲངས་ཚད་རྫོགས་པར་བཟླ་བ་དང་། རླུང་ཁ་སྦྱོར་གྱི་ངང་ནས་ཟླ་བ་འགོག་པ་ཐུན་མོང་དང་ཁྱད་པར་གྱི་རྡོར་བཟླས་ལ་བརྩོན་པས་བསླབ་པ་དང་། མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་རྣམས་ཀྱང་སོ་སོའི་མན་ངག་བཞིན་རྩེ་གཅིག་ཏུ་འབད་པས་བསྒོམ་པར་བྱའོ། །རྗེས་ཐོབ་རྣམས་སུའང་ལས་འབྲས་ཀྱི་དོན་ལ་གཞིག་སྟེ་སྒོ་གསུམ་གྱི་བླང་དོར་མཐའ་དག་བྱོལ་ཉོག་ཏུ་མ་སོང་བ་རྒྱུ་དང་འབྲས་བུ་ཕྲ་ཞིང་ཞིབ་པར་ཤན་ཕྱེ་སྟེ་མི་དགེ་སྡིག་པ་མཐའ་དག་སྤང་བ་དང་། དགེ་བ་ཕྲ་མོ་ནས་དང་ལེན་གྱིས་སྒྲུབ་པའི་ལག་ལེན་གཙོ་བོར་འབད་ཅིང་། ཉམས་ལེན་གྱི་གནས་སྐབས་མཉམ་རྗེས་ཐམས་ཅད་དུ་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་མཐར་ཐུག་བླ་མའི་མོས་གུས་ཁོ་ན་ལ་གཙོ་བོར་བྱ་བ་སྟེ་བཟང་ངན་ཅི་བྱུང་ཡང་གུ་རུ་རྩ་བའི་བླ་མ་ཉིད་སངས་རྒྱས་དངོས་སུ་ཡིད་ཆེས་པས་གསོལ་འདེབས་ཀྱིས་ལམ་དུ་བྱ་བ་ལས་བཟང་པོ་ལ་དགའ་བྲོད་རློམ་ཞེན། ངན་པ་ལ་སེམས་ལྷོང་སོགས་གང་ལ་ཡ་ང་སྙེམས་འཕྲིགས་ཡང་སྒྱིད་ལུག་གི་དབང་དུ་མི་གཏང་བར་རྐྱེན་ཐམས་ཅད་རང་སེམས་རྣམ་རྟོག་རྟེན་འབྲེལ་གྱི་རོལ་པར་ཤེས་པར་བྱ་བ་དང་། མོས་གུས་དང་དམ་ཚིག་ལ་ངོ་ལྐོག་མེད་པར་སྲོག་ལས་གཅེས་པར་བཟུང་སྟེ་རང་སེམས་དཔང་དུ་བཙུགས་པར་བྱ་ཞིང་། མདོར་ན་ཀུན་གཞིའི་རྣམ་ཤེས་འདི་ལ་སྒྱུ་མ་ལྟ་བུ་རིག་པའི་རྒྱས་བཏབ་ནས་མ་ཡེངས་དྲན་པའི་རྩིས་ཟིན་པར་བྱས་ཏེ། མཉམ་རྗེས་ཉིན་མཚན་གྱི་ཐུན་མཚམས་མ་འདྲེས་ཀྱི་བར་དུ་འབད་ཅིང་། ཐུན་ཐམས་ཅད་ཀྱི་རྗེས་ཀྱི་བྱ་བ་ནི་དགེ་ཚོགས་འདུ་བྱས་པ་ཐམས་ཅད་ཆུད་མི་ཟ་བར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བར་བྱ་བ་ཡིན་ལ། བྱང་ཆུབ་ཀྱི་བར་དུ་སེམས་ཅན་གྱིས་དོན་དུ་ལྷག་བསམ་གྱི་འདོད་དོན་ལ་སྨོན་པ་ནི་སྨོན་ལམ་ཡིན་ཏེ་ཚིག་ཏུ་སྨོས་ནས་འདོད་དོན་ཡིད་ལ་གདུང་བས་སྨོན་ལམ་བཏབ་སྟེ། བསྔོ་བ་དང་སྨོན་ལམ་གྱི་བྱེད་ལས་རང་དོན་བྱང་ཆུབ་དང་གཞན་དོན་རྒྱ་ཆེན་པོ་འགྲུབ་པའོ། །གཞན་ཡང་གདམས་པ་ཉམས་ལེན་གྱི་ཁ་སྐོང་འགྲོ་དུས་བསྐོར་བ། ཟས་ཚོགས་འཁོར། སྨྲ་བརྗོད་དམ་དབུགས་གསང་སྔགས་ཀྱི་རང་སྒྲ །རིག་པ་ཆོས་སྐུ །འགྱུ་དྲན་རྣམ་ཤེས་སྒྱུ་མའི་འཕྲུལ་དུ་གོ་བ་དང་། ཚོགས་དྲུག་གི་སྣང་བ་ཅི་ཤར་ཅི་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པས་ལམ་དུ་ཁྱེར་རོ། །མདོར་ན་རྒྱལ་བའི་བཀའ་ལ་མི་བསླུ་བར་ཡིད་ཆེས་པའི་དད་པ་བརྟན་པོས་བླ་མ་དང་སངས་རྒྱས་བྱང་སེམས་འཕགས་པ་རྣམས་དགྱེས་པའི་ལས་སྒོ་གསུམ་བག་ཡོད་བརྟེན་པ་དང་། ཐུན་མོང་དང་ཐུན་མིན་གྱི་ཆོས་སྤྱོད་མཐའ་དག་ལ་བརྩོན་པ་དང་། ལྷག་བསམ་བཟང་པོས་གཞན་ལ་ཕན་པའི་ལས་དགེ་བ་མཐའ་དག་འབད་པ་སྟེ། རང་གཞན་མི་བསླུ་བ་གཏན་གྱི་བདེ་བ་ཐར་པ་བྱང་ཆུབ་ཀྱི་ལམ་བཟང་པོ་ལ་འཇུག་པ་ལ་སྐྱོ་ངལ་མེད་པའི་སྤྱོད་པ་བརྩམས་ཏེ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་སྡོམ་པ་རྣམ་པར་དག་པ་ལ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོངས་སུ་འདུ་བ་ཡིན་གསུངས་སོ། །དེ་དག་གིས་དངོས་གཞིའི་བྱེ་བྲག་གི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་རྣམ་གྲངས་བཅུ་གསུམ་ལེགས་པར་བཤད་ཟིན་ཏོ། །ཨེ་མ་ཧོ། དེང་དུས་གངས་ཅན་ལྗོངས་འདིར་ཐུབ་བསྟན་གྱི། །སྙིང་པོ་རྡོ་རྗེ་ཐེག་པའི་ལམ་སྲོལ་ཀུན། །མཁྱེན་བརྩེ་ནུས་མཐུས་མི་ནུབ་འཛིན་མཛད་མགོན། །གང་དེའི་བཀའ་དྲིན་དྲན་པས་སླར་ཡང་འདུད། །མཆོག་དེའི་ཐུགས་བསྐྱེད་རྣམ་གྲོལ་དྭངས་པའི་མཚོར། །པད་འབྱུང་བྱིན་རླབས་ཡིད་བཞིན་དབང་གི་རྒྱལ། །གསལ་ལས་འདོད་དགུའི་ཡོན་ཏན་མཆོག་མངའ་བའི། །ཆ་ཤས་གུ་རུའི་སྒྲུབ་ཐབས་ངོ་མཚར་ཕུལ། །ཡོངས་འདུས་སྒྲུབ་ཐབས་སྤྱི་དང་བྱེ་བྲག་བཅས། །གནས་སྐབས་མཐར་ཐུག་འདོད་དགུ་འབྱུང་བའི་གཏེར། །གསལ་བྱེད་ལྡེ་མིག་ཟིན་བྲིས་བཏབ་པའི་དགེས། །བསྟན་འགྲོ་ཡོངས་ཀྱི་ལེགས་ཚོགས་འཕེལ་རྒྱས་ཤོག །རྒྱལ་བསྟན་སྤྱི་དང་རྡོ་རྗེ་ཐེག་པ་ཡི། །ལམ་སྲོལ་མཐའ་དག་དར་རྒྱས་ཡུན་གནས་ཤིང་། །སྐྱེས་མཆོག་ཞབས་བརྟན་བཤད་སྒྲུབ་ཕྲིན་ལས་འཕེལ། །སྐྱེ་དགུ་ཡོངས་ལ་བདེ་སྐྱིད་དཔལ་འབར་ཤོག །རིགས་དྲུག་འཁོར་བའི་མ་རྒན་སེམས་ཅན་རྣམས། །བླ་མའི་སྒྲུབ་ཐབས་ལམ་མཆོག་འདིར་ཞུགས་ནས། །ཚོགས་གཉིས་མཐུ་རྒྱས་སྐུ་གཉིས་མངོན་གྱུར་ཏེ། །དོན་གཉིས་བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག །བླ་མའི་མོས་གུས་གསོལ་འདེབས་ཀྱི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་མན་ངག་འདི་ནི། ཤིང་ཡོས་ལོར་ཤངས་སྟག་རྣར་བདག་སོགས་སྐལ་ལྡན་ལྔ་ཙམ་ལ་བཀའ་གསང་ཞིབ་རྒྱས་སུ་གནང་བའི་དུས་རང་ཉིད་ཀྱི་དྲན་པའི་གཟུངས་སུ་ཟིན་བྲིས་སུ་བཏབ་པ་ལས་སླར་ཡང་རྒྱས་འགྲེལ་ཁྲིད་ཡིག་ལྟ་བུ་བྲིས་ཤིག་ཅེས་ཁྱབ་བདག་རྩ་བའི་བླ་མའི་བཀས་གནང་བར་བརྟེན། ཆུ་ཕོ་སྤྲེའུ་ལོ་ནག་པས་ཉ་བའི་ཡར་ངོའི་དུས་ཆེན་བཟང་པོ་ལ་རྗེ་བླ་མ་རིག་འཛིན་རྒྱལ་བའི་སྤྱི་གཟུགས་གང་གི་ཞབས་རྡུལ་སྤྱི་བོས་མཆོད་ཅིང་གསུང་གི་གསང་བས་དབུགས་དབྱུང་བ་ཐོབ་པའི་རྣལ་འབྱོར་པ་ཨོ་རྒྱན་ངག་དབང་ཡེ་ཤེས་ཀྱིས་གཡས་རུ་ཤངས་ཀྱི་རི་ཁྲོད་བདེ་ཆེན་འབའ་ར་བྲག་གི་ཡང་དགོན་བླ་བྲང་དུ་སུག་བྲིས་སུ་བཏབ་པའི་དགེ་བས་གངས་རིའི་ཁྲོད་ཀྱི་བསྟན་འགྲོ་མཐའ་དག་ལ་ཕན་བདེའི་ལེགས་ཚོགས་རྒྱ་ཆེན་པོ་འབྱུང་བ་དང། དཔལ་ལྡན་བླ་མའི་བསྟན་པ་རིན་པོ་ཆེ་ས་སྟེང་ཐམས་ཅད་དུ་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་ཤིང་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྐྱེན་མཆོག་ཏུ་གྱུར་ཅིག །ལམ་འདིར་ཐོས་བསམ་སྒོམ་བྱེད་རྣམས། །ཉེར་འཚེ་ཀུན་ཞི་བསམ་དགུ་འགྲུབ། །བྱང་ཆུབ་བར་དུ་མ་ཧཱ་གུ་རུས། །རྗེས་བཟུང་དོན་གཉིས་ལྷུན་གྲུབ་ཤོག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།
འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ་ (Volume 48, Text 45)
༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བསྙེན་སྒྲུབ་ཕྲིན་ལས་དང་བཅས་པ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། པདྨ་གར་དབང་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །འཁོར་བ་དོང་སྤྲུག་ཐུགས་རྗེ་ཆེའི། །སྒྲུབ་ཐབས་ཕྲིན་ལས་འདུས་གསལ་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་སྟེགས་བུའི་ཁར་བསྒོམ་དོན་དང་མཐུན་པའི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ། མཆོད་གཏོར་གྱིས་མཐའ་བསྐོར། དབང་བསྐུར་སོགས་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་དང་། ལྷ་ཙཀ་བཅས་བཤམ། རང་གི་མདུན་དུ་རྡོར་དྲིལ། འཐོར་ནས། ལས་བུམ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། རྒྱུན་གྱི་རྣལ་འབྱོར་ཙམ་ལ་མཆོད་གཏོར་ཁོ་ནའམ་ཏིང་ངེ་འཛིན་གྱིས་སྤྲུལ་པས་ཀྱང་རུང་ངོ་། །གཉིས་པ་ཆོ་གའི་སྦྱོར་བ་ལ་གཉིས། སྐྱབས་སེམས་ཚོགས་གསག་གིས་རྒྱུད་སྦྱང་བ་དང་། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཧཱུྃ༔ རང་རིག་རྩ་བ་གསུམ་གྱི་དངོས༔ མཆོག་གསུམ་འདུས་པ་ལྷག་པའི་ལྷ༔ འཁོར་བ་དོང་སྤྲུག་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ མཆོད་ཅིང་སྡིག་པ་ཐམས་ཅད་བཤགས༔ ཡི་རང་བསྐུལ་ཞིང་མི་འདའ་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གཉིས་པ་མཆོད་ཡོ་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྣང་སྲིད་ཀུན༔ མཆོད་པའི་ཕྱག་རྒྱ་ཆེན་པོར་གསལ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾ༔ གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ནི། ཧཱུྃ༔ སྣང་སྲིད་འཁོར་འདས་གདོད་ནས་སྟོང༔ ཀུན་ཁྱབ་སྙིང་རྗེ་འགྲོ་ལ་བསྒོམ༔ ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ཡིས༔ སྣོད་བཅུད་ཐུགས་རྗེའི་ཞིང་དུ་གྱུར༔ དེ་དབུས་པདྨ་ཟླ་བའི་སྟེང༔ རང་རིག་ཧྲཱིཿལས་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཁྱེ་འུ་གཞོན་ནུའི་ངང་ཚུལ་ལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཟུར་ཕུད་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འདྲེན༔ གཡོན་པས་ཁྲུས་ཀྱི་བུམ་པ་འཛིན༔ དར་གྱི་ཨཾ་རག་མཛེས་པར་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ འོད་ཕུང་འབར་བའི་ཀློང་དུ་གསལ༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ བདག་གི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿམཐར་ཡི་གེ་དྲུག་པས་བསྐོར༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ཞིང༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ཞེས་བདག་ཉིད་ཕྱག་རྒྱ་གཅིག་པའི་ལྷ་སྐུར་གསལ་བར་བསྒོམས་ལ་སེམས་གཟུང་། དེས་སྐྱོ་ན་བཟླས་པ་བྱ་བ་ནི། ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ རྒྱལ་བ་ཀུན་གྱི་བྱིན་རླབས་བསྡུས༔ འགྲོ་བའི་ལས་སྒྲིབ་ཀུན་སྦྱངས་ཏེ༔ འཁོར་བ་དོང་ནས་སྤྲུགས་པར་བྱས༔ སྣང་སྲིད་ཐུགས་རྗེའི་ཞིང་དུ་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཅི་ནུས་དང་། ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལེ༔ སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨ་དྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་འཁོར་བ་དོང་སྤྲུག་གི་གཟུངས་སྔགས་ཀྱང་ཇི་ལྟར་རིགས་པ་བཟླ། གཉིས་པ་མདུན་སྐྱེད་སྒྲུབ་པ་ལ་གཉིས། མདུན་བསྐྱེད་དངོས་དང་། ཞར་བྱུང་བུམ་པ་སྒྲུབ་པའོ། །དང་པོ་ལ། ལྷ་བསྐྱེད་ཡེ་ཤེས་དགུག་ཅིང་བསྟིམ། །བཞུགས་གསོལ་དབང་བསྐུར་ཕྱག་རྒྱས་གདབ། །མཆོད་བསྟོད་བཟླས་པ་བྱ་བའོ། །ཞེས་བདུན་ལས། དང་པོ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཆོས་རྣམས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཉི་ཟླའི་སྟེང༔ ཧྲཱིཿཡིག་འོད་ལས་སྲུང་བའི་གུར༔ ཞིང་ཁམས་ཆེན་པོར་དག་པའི་དབུས༔ ཡེ་ཤེས་ལས་གྲུབ་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྒྱན་རྣམས་རྫོགས༔ འདབ་བརྒྱད་གེ་སར་ཡངས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ༔ འོད་འབར་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཁྱེ་འུ་མཚན་དཔེ་རྫོགས་པའི་ཚུལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཐོར་ཚུགས་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འཛིན༔ གཡོན་པས་ཁྲུས་ཀྱི་བུམ་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་མཉམ་པར་བཞེངས་པའི་ཚུལ༔ འོད་ཕུང་དམར་པོ་ཀུན་ཏུ་འབར༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ དམར་གསལ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས༔ མཉམ་གཞག་ཕྱག་རྒྱས་ལྷུང་བཟེད་འཛིན༔ པདྨ་ཟླ་བའི་གདན་དུ་གསལ༔ ཤར་དུ་ཁ་སརྤ་ཎི་དཀར༔ མཆོག་སྦྱིན་ཕྱག་རྒྱས་པད་དཀར་འཛིན༔ ལྷོ་རུ་དོན་ཡོད་ཞགས་པ་སེར༔ ཡིད་བཞིན་ནོར་བུ་ཞགས་པ་འཛིན༔ ནུབ་ཏུ་པདྨ་གཙུག་ཏོར་དམར༔ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ བྱང་དུ་རྡོ་རྗེ་སྙིང་པོ་སྔོ༔ ཕྱག་གཉིས་རྡོ་རྗེ་ཞགས་པ་འཛིན༔ མཚམས་བཞིར་རིགས་བཞིའི་སྒྲོལ་མ་བཞི༔ དཀར་སེར་དམར་ལྗང་ཨུཏྤལ་འཛིན༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ བདེ་བའི་ཉམས་ལྡན་མཆོད་སྤྲིན་སྤྲོ༔ སྒོ་བཞིར་ལྷ་མོ་དཀར་སེར་དམར༔ ལྗང་གུ་ཕྱག་རྒྱ་བཞི་འཛིན་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་དགུག་བསྟིམ་ནི། ཧྲཱི༔ ཤར་ཕྱོགས་པོ་ཏ་ལ་ཡི་ཞིང༔ ངོ་མཚར་བཀོད་པ་ཁྱད་འཕགས་ནས༔ ཐུགས་རྗེ་ཆེན་པོ་སྤྱན་འདྲེན་གྱིས༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་ཐུགས་ཀྱི་ཡེ་ཤེས་སྤོར༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་གསོལ་ནི། ཧྲཱིཿ བཅོམ་ལྡན་ཐུགས་རྗེའི་ལྷ་ཚོགས་རྣམས། །བདག་ཅག་འགྲོ་ཀུན་དོན་མཛད་ཕྱིར། །རིན་ཆེན་གཞལ་ཡས་མཛེས་ཁྲིའི་དབུས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷནཿ བཞི་པ་དབང་སྐུར་རྒྱས་གདབ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །ཡེ་ཤེས་ལྔ་བདག་ཅོད་པན་འཆང་། །ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་ཧཱུྃ། ལྔ་པ་མཆོད་པ་ནི། ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ནས༔ འཇིག་རྟེན་དབང་ཕྱུག་འཁོར་བཅས་མཆོད༔ ཨོཾ་ཨཱརྻ་ལོ་ཀེ་ཤྭ་ར་ས་པ་རི་བཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུག་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ རིགས་ཀྱི་བདག་པོ་འོད་དཔག་མེད༔ གང་འདུལ་རོལ་པས་འཁོར་བ་སྒྲོལ༔ ཀུན་བཟང་རྣམ་ཐར་སྤྲིན་སྤྲོ་བ༔ འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད༔ བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །བདུན་པ་བཟླས་པ་ནི། ཐུགས་ཀར་པདྨ་ཟླ་བའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སླར་ཡང་འགྲོ་བའི་སྒྲིབ་པ་སྦྱངས༔ ཐམས་ཅད་འཕགས་པའི་ས་རུ་བཀོད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་ཅི་ནུས་དང་། སྤྲོ་ན་འཁོར་བ་དོང་སྤྲུག་གི་གཟུངས་སྔགས་ཀྱང་བཟླ། གཉིས་པ་བུམ་སྒྲུབ་ནི། རྣམ་བུམ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་བ་བི་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༔ བདུད་རྩིའི་སྟེང་དུ་པད་ཟླའི་དབུས༔ ཧྲཱིཿལས་ཐུགས་རྗེ་ཆེན་པོ་ནི༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཕྱག་གཉིས་པད་ཕྲེང་བུམ་པ་འཛིན༔ དར་དང་མེ་ཏོག་རྒྱན་གྱིས་བཀླུབས༔ བཞེངས་སྟབས་སྤྱི་བོར་འོད་དཔག་མེད༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་བརྗོད་ཅིང་བསམ་ལ་རྩ་སྔགས་ཅི་ནུས་དང་། ཆུ་ཡི་ཟེགས་མ་རེ་རེ་ཡང༔ འཁོར་བ་དོང་སྤྲུག་སྐུ་རུ་གསལ༔ གང་གི་ཁ་རུ་སོང་ཚད་རྣམས༔ འཁོར་བ་དོང་སྤྲུག་མཐུ་ལྡན་གྱུར༔ ཅེས་དང་གཟུངས་སྔགས་ཅི་རིགས་པ་བཟླ། ཐུན་མཚམས་སུ་མཆོད་བསྟོད་རྒྱས་བསྡུས་གང་རུང་དང་སྤྲོ་ན། ཨོཾ༔ བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ འཁོར་བ་དོང་སྤྲུག་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡིས༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ ཞེས་འདོད་དོན་གསོལ། ཡི་གེ་བརྒྱ་པ་བརྗོད། བསང་ཆུའམ་ལས་བུམ་ལ་དམིགས་ནས། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཅེས་པས་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །གསུམ་པ་ལས་ལ་སྦྱར་བ་ལ་གཉིས། ཚེ་ལྡན་དབང་གི་ཆོ་གས་རྗེས་སུ་འཛིན་པ་དང་། ཚེ་འདས་གནས་ལུང་གི་ཆོ་གས་རྗེས་སུ་འཛིན་པའོ། །དང་པོ་ནི། སློབ་དཔོན་རང་ཉིད་རིག་པའི་མེ་ཏོག་དོར་བའི་སྒོ་ནས་འཇུག་ཅིང་སློབ་མ་འཇུག་པར་གནང་བ་ནོས། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འཇུག་པ་ན་བགེགས་བསལ། སྲུང་བའི་འཁོར་ལོས་ཕྱོགས་མཚམས་བཅིང་། ཆོས་བཤད་ཇི་ལྟར་རིགས་པ་དང་། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཀུན་བཟང་རྡོ་རྗེ་སེམས་དཔའི་ཐུགས་བཅུད། གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆ་ལག །སྙིང་ཐིག་རིགས་གསུམ་གྱི་ཡ་གྱལ་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གར་དབང་གི་སྙིང་ཐིག་ལས། འཇིག་རྟེན་དབང་ཕྱུག་འཁོར་བ་དོང་སྤྲུག་གི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་པདྨ་གར་གྱི་དབང༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ མགོན་པོ་སྤྱན་རས་གཟིགས་དབང་གི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་ནམ་མཁའ་གང་བའི་སྤྱན་སྔར་ལམ་ལོག་པ་ལས་ཁྱད་པར་དུ་བྱ་ཞིང་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི༔ འཇིགས་པ་མ་ལུས་བསལ་བ་དང༔ ཐར་པའི་གནས་སུ་དྲང་དུ་གསོལ༔ ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་ཐོག་མར་གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཇི་སྙེད་སུ་དག་སོགས། དངོས་གཞི་སྨོན་འཇུག་གི་སེམས་བསྐྱེད་པའི་སླད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོས་འདིའི་རྗེས་ཟློས་མཛོད། འཕགས་པ་ཐུགས་རྗེ་ཆེན་པོ་ཡིས༔ བྱང་ཆུབ་ཏུ་ནི་ཐུགས་བསྐྱེད་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཚད་མེད་བཞི་ཡིས་ཀུན་བསླངས་ཏེ༔ ཕ་རོལ་ཕྱིན་པ་དྲུག་དང་ནི༔ བསྡུ་བའི་དངོས་པོ་བཞི་ལ་སོགས༔ བསླབ་བྱ་ཀུན་ལ་བསླབ་པར་བགྱི༔ ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུས་བསང་ཞིང་། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ྄༔ སློབ་མ་མི་དམིགས་སྟོང་པའི་ངང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ༔ འོད་འབར་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་པ་མ་ལུས་སྦྱངས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུག་སྐུ་མདོག་དམར༔ ཁྱེ་འུ་མཚན་དཔེ་རྫོགས་པའི་ཚུལ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ རལ་པའི་ཐོར་ཚུགས་དར་གྱིས་བཅིངས༔ ཕྱག་གཡས་པདྨའི་ཕྲེང་བ་འཛིན༔ གཡོན་པས་ཁྲུས་ཀྱི་བུམ་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་གཉིས་མཉམ་པར་བཞེངས་པའི་ཚུལ༔ འོད་ཕུང་དམར་པོ་ཀུན་ཏུ་འབར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ སྤྲོ་ན་སྤྱན་འདྲེན་ཚིགས་བཅད་དང་། གང་ལྟར་ཡང་རྩ་སྔགས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པའི་མོས་པ་མཛོད། ཨོཾ༔ བཀྲ་ཤིས་དགེ་བའི་བུམ་པ་རུ༔ ཡེ་ཤེས་བདུད་རྩི་ཆེན་པོས་གཏམས༔ སྐལ་ལྡན་སློབ་མར་ཁྲུས་བགྱིས་པས༔ དྲི་མ་ཐམས་ཅད་དག་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་རིགས་ཀྱི་བདག་པོ་འོད་དཔག་ཏུ་མེད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་མོས་པ་མཛོད། རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་རང་འདྲ་བའི་སྐུ་གཉིས་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུའི་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧྲཱི༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེ་འདུས་པ་ནི༔ དཔལ་ལྡན་པདྨ་གར་གྱི་བདག༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་བཟླས་པའི་ལུང་སྦྱིན་པའི་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པ་བཟླས་པའི་རྐྱེན་གྱིས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡིག་དྲུག་དང་། སྤྲོ་ན་འཁོར་བ་དོང་སྤྲུག་གི་གཟུངས་ཀྱི་རྗེས་ཟློས་ཀྱང་བྱ། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲེང་པར་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པས་འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་དགོངས་པ་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་དཔོན་སློབ་གཉིས་ཀས་ཅུང་ཟད་མཉམ་པར་བཞག །དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་གྱུར་པ་ལ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཨོཾ༔ མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ ཐུགས་རྗེ་ཆེན་པོའི་སྣང་བས་ཁྱབ༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ ཆོས་སྐུ་མཆོག་མངའ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་བདག་ཉིད་གར་གྱི་དབང༔ སྤྲུལ་པས་འཁོར་བ་དོང་ནས་སྤྲུག༔ འཇིག་རྟེན་དབང་ཕྱུག་བཀྲ་ཤིས་ཤོག༔ གནས་འདིར་ཉིན་མོ་བདེ་ལེགས་སོགས་ཇི་ལྟར་རིགས་པ་བརྗོད། རྗེས་གཙོ་བོས༴ མཎྜལ། དེང་ནས་སོགས་སྤྱི་ལྟར་དང་། དགེ་བ་བསྔོ། སློབ་མ་རྣམས་རང་གནས་སུ་བཏང་ངོ་། །ཞར་བྱུང་མྱང་གྲོལ་རིལ་བུའི་དབང་བསྐུར་ན། སྦྱོར་བའི་སྐབས་རྣམ་བུམ་གྱི་མདུན་དུ་མྱང་གྲོལ་གྱི་ཟ་མ་ཏོག་རྒྱན་ལྡན་བཤམ། དངོས་གཞི་རྣམ་བུམ་གྱི་བཟླས་པའི་མཇུག་ཏུ་རིལ་བུ་ལ་དམིགས་ཏེ། ཟ་མ་ཏོག་ནི་གཞལ་ཡས་ཁང༔ རིལ་བུ་འཁོར་བ་དོང་སྤྲུག་གི༔ དཀྱིལ་འཁོར་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ མཁྱེན་བརྩེའི་ཡེ་ཤེས་ཐམས་ཅད་བསྡུས༔ འགྲོ་བ་ཀུན་ལ་དབང་བསྐུར་ནས༔ ཡེ་ཤེས་སེམས་དཔའི་ས་ལ་བཀོད༔ སྣོད་བཅུད་ཀུན་གྱི་དྭངས་མ་བསྡུས༔ རིལ་བུའི་ལྷ་ལ་ཐིམ་པ་ཡིས༔ གསང་སྔགས་གཟི་བྱིན་འབར་བ་དང༔ དངོས་གྲུབ་བཅུད་དུ་འཁྱིལ་བར་གྱུར༔ ཡིག་དྲུག་གཤམ་དུ། ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ ཞེས་ཅི་ནུས་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བཏགས་པའང་ཅུང་ཟད་བཟླས་མཐར། ལྷ་རྣམས་བདུད་རྩིའི་གོང་བུར་གྱུར་པར་བསམ། དབང་གི་སྐབས་ཐུགས་ཀྱི་དགོངས་པ་ངོ་སྤྲད་པའི་མཇུག་ཏུ། མཐའ་རྟེན་མྱང་གྲོལ་རྫས་ཀྱི་རིལ་བུ་ཡེ་ཤེས་སེམས་དཔའི་ངོ་བོ་ཅན་རྡོ་རྗེའི་ལྗགས་ཀྱིས་མྱངས་པས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་ནས་དངོས་གྲུབ་རྒྱ་མཚོའི་དཔལ་ལ་དབང་འབྱོར་བའི་མོས་པ་མཛོད། ཧཱུྃ༔ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ༔ སངས་རྒྱས་ཀུན་གྱི་གདུང་འཛིན་པ༔ རྨད་བྱུང་ཕྲིན་ལས་རོལ་པ་ཆེ༔ མྱང་གྲོལ་དབང་མཆོག་སྦྱིན་པར་བྱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཏིཥྛ་ཨོཾ༔ ཞེས་བརྗོད་ཅིང་ཟ་མ་ཏོག་སྤྱི་བོར་བཞག་ལ་རིལ་བུ་སྦྱིན། ཤིས་བརྗོད་མན་གོང་ལྟར་བྱས་པས་གྲུབ་བོ། །གཉིས་པ་གནས་ལུང་ནི། སྦྱོར་བའི་སྐབས། དཀྱིལ་འཁོར་གྱི་ཉེ་ལོགས་སུ་མིང་བྱང་ཁེབས་ལྡན། སྤྲོ་ན་རིགས་དྲུག་གི་དཀྱིལ་འཁོར། བགེགས་གཏོར། ཟས་བསྔོ། རང་གི་མདུན་དུ་བྲབ་རྫས་སོགས་འདུ་བྱ། དངོས་གཞི་བདག་མདུན་གྱི་སྒྲུབ་མཆོད་གྲུབ་ནས། མིང་བྱང་ཧ་ཡ་གྲཱི་བས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །ནྲྀ་ལས་ཚེ་འདས་ལྷ་ཡི་གཟུགས། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །རྣམ་ཤེས་ཨ་དཀར་རྣམ་པས་ཐིམ། །ན་མོ། དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་། །འཕགས་མཆོག་ཐུགས་རྗེའི་བྱིན་རླབས་ཀྱིས། །ཚེ་འདས་རྣམ་ཤེས་གར་གནས་ཀྱང་། །དམིགས་པའི་རྟེན་འདིར་མཆིས་གྱུར་ཅིག །ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་པས་རྣམ་ཤེས་དགུག །ཛཿཧཱུྃ་བཾ་ཧོཿས་རྟེན་ལ་བསྟིམ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བིགྷྣཱན་ཨཱ་ཀརྴ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧིཿ ལན་གསུམ་གྱིས་བསྔོ། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ ཚེ་འདས་ཐར་ལམ་བར་ཆད་བདུད༔ པདྨ་གར་དབང་བཀའ་བྱུང་བས༔ བརླག་པར་འགྱུར་གྱིས་གཞན་དུ་སོང༔ དྲག་སྔགས་དང་ཡུངས་ཐུན་གྱིས་བསྐྲད། བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། སྡིག་པ་སྦྱོང་བ་ནི། ཚེ་འདས་ལུས་ཀྱི་གནས་དྲུག་ཏུ༔ རིགས་དྲུག་ས་བོན་དྲུག་བཀོད་དེ༔་་་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་ས་བོན་སུ་དམར་ལྗང་། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་སྐྱ། རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་ནག་པོ་རེ། བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཞེས་ཐལ་མོ་བྱིན་གྱིས་བརླབ། ཨོཾ་སུ་ར་ཏ་སཏྭཾ༔ ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི༔ ཞེས་སོར་མོ་བསྣོལ། བཛྲ་བྷནྡྷ་བཾ༔ ཞེས་པས་སོར་མོ་བསྡམ། དེ་དག་རྣམས་ཀྱི་སྦྱོར་མཚམས་ནས༔ ཡེ་ཤེས་འོད་ཟེར་འཕྲོས་པ་ཡིས༔ རིགས་དྲུག་ས་བོན་བསྲེགས་པར་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནཱ་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨཱ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཐལ་མོ་སྤྲུགས། སྔགས་བྱེ་དང་ཡུངས་དཀར་བརྡེག་ཅིང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཙྪིནྡ་ཙྪིནྡ་སརྦ་ནྲྀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ མེ་ལོང་ངོགས་སུ་མིང་བྱང་གི་གཟུགས་བརྙན་ཤར་བ་ལ་བུམ་པའི་ཆུས་ཁྲུས་བྱས་ཏེ། ཧཱུྃ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ འཁོར་བ་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་ཕྱིན་དྲུག་རང་བཞིན་ཏེ༔ ཉོན་དྲུག་དྲི་མ་རྣམ་པར་སྦྱོང༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བི་པུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྡེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷེ༔ བི་མ་ལེ༔ སཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ༔ ཛྭ་ལ་ཛྭ་ལ༔ བུདྡྷ་བི་ལོ་ཀི་ཏེ༔ གུ་ཧྱ་ཨདྷིཥྛི་ཏེ་གརྦྷེ་སྭཱ་ཧཱ༔ པདྨ་དྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཞེས་བཀྲུ། ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ བླ་མ་ལྷ་ལ་དད་པ་སྐྱེད༔ དགའ་དང་གུས་པས་འདིར་ཤོག་ལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཞེ་སྡང་ལས་བྱུང་དམྱལ་བའི་ཁམས༔ སྟོང་གསལ་མེ་ལོང་ལྟ་བུར་བལྟ༔ སེར་སྣ་ཡི་དྭགས་འཇིག་རྟེན་ཁམས༔ མཉམ་ཉིད་ཡེ་ཤེས་ངང་དུ་རྫོགས༔ གཏི་མུག་དུད་འགྲོའི་ཡུལ་རྣམས་ནི༔ ཆོས་དབྱིངས་ཡེ་ཤེས་འོད་གསལ་བ༔ འདོད་ཆགས་མི་ཡི་གནས་རིགས་ཀུན༔ སོ་སོར་རྟོག་པའི་ཡེ་ཤེས་ཉིད༔ ཕྲག་དོག་ལྷ་མིན་ཡུལ་ཁམས་རྣམས༔ བྱ་བ་གྲུབ་པའི་ཡེ་ཤེས་རྩལ༔ ཁམས་གསུམ་ལྷ་ཡི་གནས་རྣམས་ནི༔ འོད་གསལ་ཡེ་ཤེས་ངང་དུ་རྟོགས༔ མ་དག་རིགས་དྲུག་འཇིག་རྟེན་ཁམས༔ དག་པ་ཡེ་ཤེས་དྲུག་གི་གནས༔ གཅིག་འདུས་སེམས་ཉིད་སྟོང་པ་ལ༔ དག་དང་མ་དག་མིང་ཡང་མེད༔ སྟོང་གསལ་ལྷུན་གྲུབ་དཀྱིལ་འཁོར་དུ༔ རིག་པ་སྙིང་པོ་ཁྱོད་ཞུགས་ཤིག༔ ཅེས་བརྗོད་ཅིང་རིགས་དྲུག་གི་གནས་ནས་དྲངས་ཏེ་མིང་བྱང་སློབ་དཔོན་མདུན་དུ་བཞག །ཉེ་དྲུང་རྣམས་ཀྱིས་ཕྱག་འཚལ་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག༴ དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག༴ གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག༴ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུག་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག༴ ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བ་ངན་སོང་འཇིགས་ལས་སྒྲོལ། །ཐར་པའི་གནས་སུ་དྲང་དུ་གསོལ། །ཞེས་བརྗོད། ཚེ་འདས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་ཐུགས་རྗེའི་ལྷ་ཚོགས་བཞུགས༔ ཆུ་ནི་ཡེ་ཤེས་བདུད་རྩིར་གྱུར༔ འཁོར་བ་དོང་ནས་སྤྲུག་བྱའི་ཕྱིར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་དབང་བསྐུར། བཟའ་བཏུང་རྣམས་ཆུས་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཨོཾ༔ ཐམས་ཅད་ནམ་མཁའི་མཛོད་བཞིན་དུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཞེས་བསྔོ། ལམ་སྦྱོང་བསྟན་སོགས་ནི། ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞེན་པར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨོ་བཀོད་པའི་ཞིང་དུ་སོང༔ སྣང་བ་མཐའ་ཡས་ཡེ་ཤེས་དང༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ རྣམ་ཤེས་ཨ་ཡི་རྣམ་པ་ནི༔ འོད་དཔག་མེད་པའི་ཐུགས་ཀར་ཐིམ༔ སྙིགས་མ་ཡེ་ཤེས་མེ་ལྕེ་ཡིས༔ གཏིང་གསལ་ཀ་དག་དབྱིངས་སུ་སྦྱང༔ ཡིག་དྲུག་དང་གཟུངས་སྔགས་བཟླས་ཤིང་བྱང་བུ་བསྲེགས་ལ་དམིགས་མེད་ཀྱི་ངང་དུ་བཞག །ཐལ་བ་འཇིམ་པ་ལ་བསྲེས་ནས་སཱཙྪ་གདབ། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ཤིང་། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཡང་གདབ་བོ། །གསུམ་པ་རྗེས་ནི། གཏང་རག་ནོངས་བཤགས་བསྡུ་རིམ་དང་། །བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད། །ཅེས་ལྔ་ལས། དང་པོ་ནི། རྗེས་ཆོག་གི་མཆོད་པ་ཁ་གསོ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཧཱུྃ༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན་པོ༔ འཁོར་བ་དོང་ནས་སྤྲུག་མཛད་པའི༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། གཉིས་པ་ནོངས་བཤགས་ནི། ཡི་གེ་བརྒྱ་པས་ནོངས་པ་བཤགས་ཤིང་ལྷག་ཆད་ཁ་བསྐང་། གསུམ་པ་བསྡུ་རིམ་ནི། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུཿས་མདུན་བསྐྱེད་དང་བུམ་པའི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བཾ་ཧོཿས། དམ་ཚིག་པ་རང་དང་དབྱེར་མེད་དུ་ཐིམ། ཧཱུྃ༔ བདག་ཉིད་ལྷར་སྣང་བ་འོད་གསལ་གྱི་ངང་དུ་ཐིམ། ཕཊ༔ སླར་ཡང་ཐུགས་རྗེ་ཆེན་པོའི་སྐུར་གསལ་བར་གྱུར། བཞི་པ་བསྔོ་སྨོན་ནི། ཧཱུྃ༔ ཐུགས་རྗེའི་ལྷ་ཚོགས་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ འཁོར་བ་དོང་ནས་སྤྲུག་པ་དང༔ ཐུགས་རྗེ་ཆེན་པོའི་སྐུ་ཐོབ་ཤོག༔ ལྔ་པ་ཤིས་བརྗོད་ནི། བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མའི་ཚོགས༔ ཐུགས་རྗེའི་ཆར་འབེབ་ཡི་དམ་སྤྱན་རས་གཟིགས༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིག་ཇི་ལྟར་རིགས་པས་མཐའ་བརྒྱན་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི། །བསྙེན་སྒྲུབ་གཞན་ཕན་ཕྲིན་ལས་ཀྱིས། །མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །བྱང་ཆུབ་སྙིང་པོར་རོ་གཅིག་ཤོག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧མཆོག་གྱུར་བདེ་ཆེན་གླིང་པས་བཀའ་གནང་བ་དང་། རང་ཉིད་ཀྱིས་ཀྱང་ལམ་འདི་ལ་མངོན་པར་དད་པའི་བློས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས། གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་ཀྱི་བྱེ་བྲག་འཆི་མེད་དཀར་མོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རང་བྱུང་རྡོ་རྗེའི་བྲག་གི་ཀེའུ་ཚང་དུ་སྦྱར་བའི། ཡི་གེ་པ་ནི་བརྟན་མཁས་ཡོན་ཏན་གྱིས་མངོན་པར་མཐོ་བ་མཁན་པོ་བླ་མ་པདྨ་དྲི་མེད་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པ་དགེ་ལེགས་སུ་གྱུར་ཅིག། །། ༈ ཁྲུས་ཀྱི་སྐབས་སྤྲོ་ན། ཆུ་ནི་བཟོད་པའི༴ ཁོང་ཁྲོའི་དྲི་མ༴ སྦྱིན་པའི་དང་སེར་སྣའི། ཤེས་རབ་དང་གཏི་མུག །བརྩོན་འགྲུས་དང་ལེ་ལོའི། ཚུལ་ཁྲིམས་དང་ཕྲག་དོག །བསམ་གཏན་དང་རྣམ་གཡེང་། ཞེས་སོ་སོར་སྦྱར་རོ།། །། ཞིང་སྨོན་ནི། ༁ྃ༔ ཨེ་མ་ཧོ༔ ཆོས་དབྱིངས་ཡེ་ནས་དག་པའི་སྟོང་པ་ཉིད༔ མ་འགགས་རང་རྩལ་ཐུགས་རྗེས་ཅིར་ཡང་སྣང༔ སྣང་སྟོང་ཟུང་འཇུག་ཤར་གྲོལ་བདེ་ཆེན་ཀློང༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱི་དབྱིངས༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བདེན་པ་དང༔ འོད་དཔག་མེད་པ་སྤྱན་རས་གཟིགས་མགོན་གྱིས༔ ཐུགས་བསྐྱེད་སྨོན་ལམ་བཟང་པོའི་བདེན་སྟོབས་ཀྱིས༔ མཐའ་ཡས་སེམས་མ་ལུས་ཐམས་ཅད་ཀྱི༔ སྒྲིབ་གཉིས་བག་ཆགས་མ་ལུས་ཀུན་བྱང་ནས༔ བསོད་ནམས་ཡེ་ཤེས་འབྲས་བུ་རྒྱུད་ལ་སྨིན༔ གནས་སྐབས་འཁྲུལ་པའི་སྡུག་བསྔལ་ཀུན་བྲལ་ཞིང༔ བར་དོའི་གནས་ནས་སྤྱན་རས་གཟིགས་དབང་གིས༔ མ་རིག་མུན་པ་བསལ་ནས་ལམ་སྣ་དྲོངས༔ བདེ་བ་ཅན་གྱི་ཞིང་དུ་འོད་དཔག་མེད༔ སྤྱན་རས་གཟིགས་ཀྱི་ཞབས་དྲུང་དེར་སྐྱེས་ནས༔ སྐད་ཅིག་དེ་ལ་སྒྲིབ་པ་ཀུན་ཟད་ནས༔ ཡང་དག་དོན་གྱི་ཡེ་ཤེས་མཐོང་བར་ཤོག༔ དེ་མཐོང་ཕྱིར་མི་ལྡོག་པའི་ས་ནོན་ནས༔ སྤྲུལ་པས་འགྲོ་བ་འདྲེན་པའི་དེད་དཔོན་གྱུར༔ རྒྱལ་སྲས་སྤྱན་རས་གཟིགས་ཀྱི་མཁྱེན་པ་ལྟར༔ བདག་གིས་སྨོན་ལམ་འདི་དག་འགྲུབ་པར་ཤོག༔ ཅེས་པ་འདི་ནི་མཆོག་གླིང་གཏེར་མ་ཐུགས་ཆེན་པདྨ་གར་དབང་ལས་ཁོལ་དུ་ཕྱུང་བའོ།། །།
དམ་ཅན་མགར་བ་ནག་པོའི་རྒྱུད་ (Volume 38, Text 45)
༄༅༔ དམ་ཅན་མགར་བ་ནག་པོའི་རྒྱུད་བཞུགས་སོ༔ རྒྱ་གར་སྐད་དུ༔ བཛྲ་སཱ་དྷུ་ཨ་ཡསྐཱར་ཀཱ་ལ་ཏན་ཏྲ་ནཱ་མ༔ བོད་སྐད་དུ༔ རྡོ་རྗེ་ལེགས་པ་མགར་བ་ནག་པོའི་རྒྱུད་ཅེས་བྱ་བ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ རྒྱ་གར་གྱི་ཡུལ་རུལ་སུངས་རོ་མྱགས་སྣོལ་བའི་དཀྱིལ་ཞེས་བྱ་བ་ན༔ གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ལྗོངས་ཤིན་ཏུ་སྐྱི་གཡའ་བ༔ རབ་ཏུ་འཇིགས་པའི་ནང་ན༔ རྡོ་ཕ་ཝང་ལོང་བུའི་མཁར་གཅིག་ན༔ འཇའ་འོད་སྣ་ལྔས་བསྐོར་བ༔ སྟེང་དུ་སྤྲིན་ནག་པོ་མུན་ལྟར་འཐིབ་པའི་ནང་དུ་གློག་འགྱུ་བ༔ དུས་མ་ཡིན་པའི་ཐོག་སེར་བུ་ཡུག་ཁུ་འཕང་དང༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པ༔ གསོད་གཅོད་རྔམ་པའི་འབྲུག་སྒྲ་སྒྲོག་པ༔ ཉིན་བཞིན་རླུང་ནག་འཚུབས་པ༔ མཚན་བཞིན་མེ་དཔུང་འབར་བ༔ སྟེང་ན་འབྱུང་བ་རླུང་གི་འཁོར་ལོ་འཁོར་བ༔ འོག་ན་འབྱུང་བ་སའི་འཁོར་ལོ་འཁོར་བ༔ འབྱུང་བ་ཚ་གྲང་འཁྲུགས་པའི་ནང་ན༔ ཕ་སྲིན་པོ་བྱི་ལའི་གདོང་ཞེས་བྱ་བ༔ ཞེ་སྡང་གི་མེ་འབར་བ་གཅིག་དང༔ མ་བདུད་མོ་སྤྲེའུའི་གདོང་མ་ཞེས་བྱ་བ༔ འདོད་ཆགས་ཀྱི་ཆུ་ཁོལ་བ་གཅིག་ཡོད་པ་དེ་གཉིས་ཀྱིས༔ ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ༔ སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང༔ ལས་སུ་སྐྱེ་འགྲོའི་སྲོག་གཅོད་པ༔ དེ་ལྟ་བུ་གཉིས་ཀྱིས་ཉོན་མོངས་པ་རང་གར་སྤྱད་པ་ལས༔ བུ་ཟ་བྱེད་སྤྱང་ཀིའི་གདོང་ཞེས་བྱ་བ་གཅན་གཟན་ཟ་བྱེད་གདུག་པའི་མཆེ་བ་ཅན་ཞིག་སྐྱེས་ཏེ༔ དེ་ལ་འཁོར་དུར་ཁྲོད་ཀྱི་བདུད་པོ་སྤུན་གསུམ་ཞེས་བྱ་བས་བསྐོར་ནས༔ སྐྱེ་འགྲོ་ཀུན་གྱི་བདུད་དུ་བྱུང་ངོ༔ གཞན་ཡང་དེ་དག་གི་འཁོར་ན༔ སེང་གེ་དང་སྟག་ལ་སོགས་པ་གཅན་ཟན་ཐམས་ཅད་དང༔ བྱ་རྒོད་ལ་སོགས་པའི་འདབ་ཆགས་དང༔ སྡིག་པ་ལ་སོགས་པའི་རྡུང་བྱེད་རྭ་ཅན་དང༔ ཅེ་སྤྱང་ལ་སོགས་པ་དཔག་ཏུ་མེད་པ་གནས་ཏེ༔ ཀུན་ཀྱང་མི་རོ་གསར་རྙིང་ལ་ལོངས་སྤྱོད་ཅིང༔ ཉིང་ཤ་ཉིང་གིས་ཟ་བ༔ ཉིང་ཁྲག་ཉིང་གིས་འཐུང་བ༔ ཤིན་ཏུ་སྡུག་བསྔལ་བར་གནས་སོ༔ དེའི་དུས་སུ༔ རྒྱ་གར་གྱི་ཡུལ་འབྲོག་གནས་ཀྱི་དགོན་པ་ཞིག་ན༔ དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་ཞིག་ར་རྫི་བྱེད་ཅིང་གནས་སོ༔ དེའི་ཚེ་ཟ་བྱེད་སྤྱང་ཀིའི་གདོང་གིས་ར་བསད་ནས་ཤ་ཁྲག་རུས་གསུམ་ཟོས་པ་དང༔ དྲང་སྲོང་གིས་བཅོམ་ལྡན་འདས་ལ་ཞུས་པ༔ འཁོར་བ་སྒྲོལ་བའི་མཐུ་སྟོབས་ཅན༔ ད་ལྟ་འཇིག་རྟེན་ཁམས་འདི་ན༔ ཡི་དྭགས་རྫུ་འཕྲུལ་ནུས་མཐུ་ཅན༔ ཁམས་གསུམ་སེམས་ཅན་བདུད་དུ་བྱུང༔ ཐམས་ཅད་མཁྱེན་པས་འདུལ་བར་ཞུ༔ ཞེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས༔ མཐུ་སྟོབས་དང་ལྡན་པ་དཔལ་ཕྱག་ན་རྡོ་རྗེ་ལ་ཐུལ་ཅིག་ཅེས་བཀའ་བསྒོས་པ་དང༔ ཕྱག་ན་རྡོ་རྗེ་ཐུགས་ཁྲོས་པའི་ཚུལ་གྱིས༔ ཚེ་སྲོག་འགུགས་པའི་སྔགས་ཀྱི་རང་སྒྲ་བསྒྲགས་པས༔ ཡི་དྭགས་བཙན་གྱི་རྒྱལ་པོ་བཀུག༔ ཕྱིར་མི་ལྡོག་པའི་སྔགས་ཀྱི་རང་སྒྲས་བྲོས་པའི་ལམ་བཅད༔ གཟུགས་ལ་དབབ་པའི་སྔགས་ཀྱི་རང་སྒྲས་དབང་དུ་བསྡུས༔ རྡོ་རྗེ་སྙིང་ཁར་བཞག་ནས་སྲོག་སྙིང་ཡིག་འབྲུ་ལྔ་སྔགས་ཀྱི་ངོ་བོར་བཏོན་ནས་གཟིར་བས༔ རང་དབང་མེད་པར་བསྔངས་ཏེ་བརྒྱལ་ནས༔ སངས་པ་དང༔ བརྟན་པ་མེད་པར་རང་བྲེད་ནས༔ རང་རྟགས་སྲོག་གི་སྙིང་པོ་ས་བོན་ཏྲི་ཞེས་ཕུལ་ལོ༔ བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་སོ༔ དེ་ནས་རྡོ་རྗེ་འཛིན་པས་གསང་བའི་མིང་ཡང་རྡོ་རྗེ་ལེགས་པར་བཏགས༔ བྷག་ཏྲཾ་ཤི་ནི༔ ཞེས་པས་སེམས་བསྐྱེད༔ ཀྲ་མ་ནི་ཞེས་པས་དབང་བསྐུར༔ ས་མ་ཡ་ཞེས་པས་དམ་ཚིག་ཕོག༔ སཱ་དྷུ་ཞེས་པས་དམ་ལ་བཞག༔ ཏྲི་ཛ༔ ཞེས་པས་དམ་ལས་འདས་ན་རྡོ་རྗེ་དམྱལ་བར་སོང་ཞིག་པར་དམོད་བཙུག༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་བཀུག་གཞུག་བཅིངས་དགྱེས་པར་བྱས་ཏེ༔ ཞིང་བཅུ་སྒྲོལ་བའི་ཤན་པར་བསྐོས་སོ༔ དམ་ཚིག་ཆོས་ཀྱི་སྲུང་མར་དབང་བསྐུར་རོ༔ མགར་བ་ནག་པོའི་རྒྱུད་ལས༔ གླེང་གཞིའི་ལེའུ་སྟེ་དང་པོའོ༔ དེ་ནས་དྲང་སྲོང་པྲ་སེ་ནས༔ རྡོ་རྗེ་འཛིན་ལ་འདི་སྐད་གསོལ༔ ཨེ་མ་ཧོ་རྡོ་རྗེ་འཛིན་པ་ཆེ༔ ཡི་དྭགས་བཙན་གྱི་རྒྱལ་པོ་འདི༔ བསྒྲུབ་པར་འདོད་པའི་ཕྱི་རབས་པས༔ ལུས་དང་གྲིབ་བཞིན་མི་འབྲལ་ཞིང༔ རྟག་ཏུ་རང་དང་གཉིས་མེད་པའི༔ འཛིན་པའི་བླ་རྡོ་ཇི་ལྟར་བགྱི༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ ཉོན་ཅིག་དྲང་སྲོང་ཆེན་པོ་ཁྱོད༔ མི་འབྲལ་བླ་རྡོའི་རིམ་པ་ནི༔ ཡི་དྭགས་བཙན་གྱི་རྒྱལ་པོའི་གཟུགས༔ ཡན་ལག་བཞི་སྟེ་མགོ་དང་ལྔ༔ ཁོང་པར་སྲོག་འཁོར་རྩིབས་བཞི་བྲི༔ སྙིང་ཁར་ཡི་དྭགས་ས་བོན་བྲི༔ མགོ་ལ་སེམས་བསྐྱེད་དབང་བསྐུར་ཏེ༔ དམ་ཚིག་རྡོ་རྗེ་དམྱལ་བའི་སྔགས༔ ལག་གཡས་ཚེ་སྲོག་འགུགས་པའི་སྔགས༔ ལག་གཡོན་ཕྱིར་མི་ལྡོག་པའི་སྔགས༔ རྐང་གཡས་གཟུགས་ལ་དབབ་པའི་སྔགས༔ རྐང་གཡོན་བླ་རྡོ་དྲིལ་བའི་སྔགས༔ ཕ་ཝང་ལོང་བུར་ཏྲི་ལོག་བྲི༔ ཤར་དུ་ཛཿདཀར་ཧཱུྃ་སེར་སྔོ༔ ནུབ་ཏུ་བཾ་དམར་ཧོཿལྗང་བྱང༔ སྟེང་ནན་ཏྲི་དང་ཊྀ་ཁ་སྤྲད༔ དེ་ནས་ལེགས་པར་དྲིལ་བྱས་ཏེ༔ ཟ་འོག་ཁུག་མའི་ནང་དུ་གཞུག༔ ར་སྙིང་དབང་པོ་ལྔ་ཡང་བཙལ༔ དེ་སྟེང་མ་ཧེའི་ཁུག་མར་གཞུག༔ བྱི་ལ་སྤྲེ་འུའི་ཐོད་པར་བཅུག༔ རྡོ་རྗེ་རྒྱ་གྲམ་ཕྱག་རྒྱས་བཏུམ༔ ཚོན་སྐུད་སྣ་ལྔས་བསྣོལ་མར་བཅིངས༔ རྟག་ཏུ་རང་གི་ལུས་ལ་བཅང༔ ལུས་དང་གྲིབ་བཞིན་མི་འབྲལ་འགྱུར༔ ཅེས་གསུངས་སོ༔ མགར་བ་ནག་པོའི་རྒྱུད་ལས༔ བླ་རྡོའི་ལེའུ་སྟེ་གཉིས་པའོ༔ དྲང་སྲོང་ཆེན་པོས་ཡང་ཞུས་པ༔ ཨེ་མ་ཧོ་རྡོ་རྗེ་འཛིན་པ་ཆེ༔ བསྙེན་སྒྲུབ་ལས་ལ་སྦྱོར་དུས་སུ༔ བསམ་གཏན་ཏིང་འཛིན་ཇི་ལྟར་ལགས༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ ཉོན་ཅིག་བཤད་ཀྱིས་པྲ་སེ་ན༔ སྟོང་པའི་ངང་ལས་རང་སེམས་ཧཱུྃ༔ དོན་གཉིས་བྱས་ནས་རྡོ་རྗེར་གྱུར༔ འཕྲོ་འདུས་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་མཐིང་ནག་ཧཱུྃ་གིས་མཚན༔ ཡོངས་སུ་གྱུར་ལས་ཐ་མལ་ལུས༔ རྡོ་རྗེ་འཛིན་པའི་སྐུར་གྱུར་ཏེ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག༔ གཡས་གཡོན་རྡོ་རྗེ་སྡིགས་མཛུབ་འཛིན༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ ཤིན་ཏུ་ཁྲོ་ཞིང་གཏུམ་པར་བསྒོམ༔ སྙིང་པོ་འབྲུ་ལྔའི་གྲངས་བསྙེན་བྱ༔ ས་བོན་ཏྲི་ཡི་འཕྲོ་འདུ་ལས༔ སྲོག་གི་སྙིང་པོའི་རང་སྒྲ་ཡིས༔ ཏིང་འཛིན་རྡོ་རྗེ་ལེགས་པ་བསྐྱེད༔ ཏྲི་ལ་ཛཿབཏགས་དགུ་ཁྲི་བགྲང༔ ཛཿལས་འོད་ཟེར་ལྕགས་ཀྱུ་འཕྲོས༔ རང་རྒྱུད་བཙན་གྱི་རྒྱལ་པོ་བཀུག༔ ཁ་སྤྲོད་ཏྲི་ལ་གཉིས་མེད་བསྟིམ༔ ཚེ་སྲོག་འགུགས་སྔགས་ཞག་གཅིག་བཟླ༔ ཛཿདབྱུང་ཧཱུྃ་གདགས་སུམ་ཁྲི་བགྲང༔ ཧཱུྃ་ལས་འོད་ཟེར་ཞགས་པས་བཅིངས༔ ཕྱིར་མི་ལྡོག་སྔགས་ཞག་གཅིག་བཟླ༔ ཧཱུྃ་དབྱུང་བཾ་བཏགས་སུམ་ཁྲི་བགྲང༔ བཾ་ལས་འོད་ཟེར་ལྕགས་སྒྲོག་བསྡོམ༔ གཟུགས་ལ་བསྟིམ་སྔགས་ཞག་གཅིག་བཟླ༔ བཾ་དབྱུང་ཧོཿབཏགས་སུམ་ཁྲི་བགྲང༔ ཧོ་ལས་དྲིལ་བུས་དབང་དུ་བསྡུས༔ བླ་རྡོ་དྲིལ་སྔགས་ཞག་གཅིག་བཟླ༔ དེས་ནི་རང་དང་རྟག་ཏུ་འགྲོགས༔ དགྲ་བོའི་བླ་ཚེ་འགུགས་པ་ནི༔ བཀའ་ཉན་རྡོ་རྗེ་ལེགས་པ་དང༔ འཁོར་གྱི་ཚེ་འཕྲོག་བདུད་པོ་གསུམ༔ ཕོ་ཉ་གཅན་གཟན་གདུག་པ་ཅན༔ བརྟུལ་ཞུགས་ལྡན་པས་རྦད་པའི་ཚེ༔ དམག་དཔོན་སུམ་བརྒྱ་དྲུག་ཅུ་དང༔ ཟ་བྱེད་མཆེ་བ་ཅན་རྣམས་ཀྱིས༔ དགྲ་བོའི་ཚེ་སྲོག་འགུགས་པར་བསམ༔ གསད་པ་ལས་ཀྱི་ཏིང་འཛིན་ནི༔ གྲུ་གསུམ་ལྕགས་ཁང་ནག་པོ་རུ༔ དམིགས་པའི་དགྲ་བོ་བཀུག་པ་ལ༔ བཙན་གྱི་རྒྱལ་པོ་འཁོར་དང་བཅས༔ གཅན་གཟན་གདུག་པའི་མཆེ་བ་ཅན༔ ཀུན་གྱིས་ཚེ་སྲོག་ལོངས་སྤྱོད་ཅིང༔ ཤ་རུས་ཁྲག་ལ་རོལ་པར་བསམ༔ དགྲ་བོ་ཐེ་ཚོམ་མེད་པར་གསོད༔ མགར་བ་ནག་པོའི་རྒྱུད་ལས༔ བསམ་གཏན་ཏིང་ངེ་འཛིན་གྱི་ལེའུ་སྟེ་གསུམ་པའོ༔ དྲང་སྲོང་ཆེན་པོས་ཡང་ཞུས་པ༔ ཨེ་མ་ཧོ་རྡོ་རྗེ་འཛིན་པ་ཆེ༔ ལྷ་བསྙེན་སྲོག་ནས་དྲང་བ་དང༔ རྦད་དང་གསད་དང་ཆོ་འཕྲུལ་དང༔ སྦྱིན་སྲེག་མནན་པའི་གསང་སྔགས་གང༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ ལྷ་བསྙེན་གསང་བའི་སྙིང་པོ་འདི༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བྷག་ཏྲཾ་ཤི་ནི་ཀྲ་མ་ནི༔ ས་མ་ཡ་སཱ་དྷུ་ཏྲི་ཊྀ་ཛཿཛ༔ ཛཿཧཱུྃ་བཾ་ཧོཿཞེས་པ་འོ༔ ཚེ་སྲོག་འགུགས་སྔགས་རང་སྒྲ་ནི༔ ཚེ་ཁུག་ཡར་མ་ཡར་ཏེ་ཁུག༔ བླ་མ་འཕྱོ་ཏེ་ཁུག༔ སྦྲང་ཙམ་ཡར་ཏེ་ཁུག༔ ཁ་རག་ཏྲི་ཊི་ལྷན༔ ཕྱིར་མི་ལྡོག་པའི་སྔགས་ཀྱི་སྒྲ༔ ཨོཾ་བཛྲ་ཨཾ་ཀུ་ཛ༔ ཏྲི་ཊྀ་ནན༔ སཱ་དྷུ་ཏྲི་ཊྀ་ནན༔ བླ་མ་འཇུར་མ་ལྡོག་ཏྲི་ཊྀ་ལྡན་ཏྲི་ཧཱུྃ༔ གཟུགས་ལ་དབབ་པའི་སྔགས་ཀྱི་རང་སྒྲ༔ མ་ཐང་མ་ཐང༔ དེ་བ་དེ་བ་མི་ཁུ་ཧོར་ཁན༔ མ་བླ་ལ་ཧེར་ཏྲི་ཊྀ་ལྷན༔ བཞི་པ་བླ་རྡོ་དྲིལ་བའི་སྔགས༔ ཧ་ཙ་ལུ་ཙག་བླ་ནན༔ ཨོཾ་ཏྲི་ནན༔ ཨོཾ་དུ་ནན༔ ཨོཾ་ཁ་ར་ནན༔ མ་ཏི་སེ་ལྡེ་སོད༔ ཏྲི་ཊྀལྷན༔ རྦད་པ་ལས་ལ་གཏང་བ་ཡི༔ སྔགས་ཀྱི་ཡིག་འབྲུ་བསྟན་པ་ནི༔ ཨོཾ་བཛྲ་ཙཀྲ་མས་ཁུག༔ ཨོཾ་བཛྲ་གིང་ཀ་རས་ཁུག༔ ཨོཾ་བཛྲ་རག་ཤ་རག་ཤས་ཁུག༔ ཏ་ར་ན་ཁུག༔ ཧ་ར་ཧ་ར་ཁུག༔ ས་མ་ཡ་ཁུག༔ དགྲ་བོའི་བླ་ཁུག༔ སཱ་དྷུ་མཱ་ར་ན་ཛཿཛ༔ བསད་པ་སྔགས་ཀྱི་ཡིག་འབྲུ་ནི༔ ཨོཾ་བཛྲ་རག་ཤ་དགྲ་བོའི་སྙིང་ལ་རྦད༔ ཨོཾ་བཛྲ་རག་ཤ་དགྲ་བོའི་སྲོག་ལ་རྦད༔ ཨོཾ་བཛྲ་རྦད་བུ་རྦད་བུ་དགྲ་བོའི་ཁྲག་ལ་རྦད༔ ཨོཾ་བཛྲ་སཱ་དྷུ་དགྲ་བོ་མཱ་ར་ན་ཛཿཛ༔ ཏྲི་རག་ཤ་མྱགས་ཏི་རྦད༔ ཁྲག་ཏི་རྦད༔ ཁ་ལ་ཁྲག་ཏི་རྦད༔ སྤྱང་བེ་འུར་བ་རྦད༔ མགར་བ་ནག་པོ་རྒྱུག༔ སྙིང་ལ་ཐུར་ཐུར་ཤིག༔ སྲོག་ལ་བྲེང་ཤག་རྦད་རྦད༔ ལྟས་ངན་ཆོ་འཕྲུལ་གཏང་བའི་སྔགས༔ སྲི་དུད་ཐིབ་མེལ་མེལ་ཐིབ༔ མྱལ་མྱལ་ཐིལ༔ གྲི་སུ་ཨེ་ན་དུ་ལ་རྦད༔ མ་ལེ་ལེ་འབྲེ་མུན་འདྲེ་སྭཱ་ཧཱ༔ ལིང་ག་ཐོ་བས་བརྡུང་བའི་སྔགས་ཀྱི་རང་སྒྲ་ནི༔ བཛྲ་སཱ་དྷུ་ས་མ་ཡ༔ གཤའ་ར་ར་རུ་རུ་ཤ་ར་ར༔ རྡུང་རྡུང༔ ཐོག་ཐོག་ཡེར་ཡེར༔ ཆེམ་ཆེམ༔ མགར་བ་ནག་པོ་གཏོག་ཡ༔ བལ་པོ་སླུ་གུ་འཕྲོག་འཕྲོག༔ ཁ་རག་དཔལ་མོ་བཙུན་སྐུལ་སྐུལ༔ ཤ་མེད་གངས་དཀར་མས་གཏོར་གཏོར༔ ཧེ་ཙ་དུན་ཕོབ་ཕོབ༔ སྦྱིན་སྲེག་སྔགས་ཀྱི་རང་སྒྲ་ནི༔ བཛྲ་སཱ་དྷུ་ས་མ་ཡ༔ ལང་ཤ་དགྲ་བོ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ མནན་པ་སྔགས་ཀྱི་རང་སྒྲ་ནི༔ ཧཱུྃ་ལཾ་སཏྭམྦྷ་ཡ་རག་ཤ་དགྲ་བོ་མཱ་ར་ཎ་ཡ་ནན༔ ཅེས་གསུངས་སོ༔ མགར་བ་ནག་པོའི་རྒྱུད་ལས༔ གདུག་པ་སྔགས་ཀྱི་ལེའུ་སྟེ་བཞི་པའོ༔ དྲང་སྲོང་ཆེན་པོས་ཡང་ཞུས་པ༔ འབོད་རྦད་གསད་གསུམ་ལྟས་ངན་དུས༔ མཚན་མའི་ལྟས་རྣམས་ཇི་ལྟར་འབྱུང༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ འབོད་ཅིང་བླ་རྡོ་བཟུང་དུས་སུ༔ སྒྲ་དང་འོད་དང་ཨ་ཙ་ར༔ གཅན་གཟན་གདུག་པ་མཆེ་བ་ཅན༔ ཡང་ན་ལྕགས་བཟོ་མཁན་རྣམས་འབྱུང༔ རྦད་པའི་ཚེ་སྲོག་འགུགས་དུས་སུ༔ མཚོན་ཆ་སྣ་ཚོགས་ཐོགས་པ་དང༔ ར་ཁྱུར་གཅན་གཟན་ཞུགས་པ་དང༔ དམག་དང་དུད་འགྲོ་འཐབ་པ་དང༔ དགྲ་བོ་དངོས་སུ་ཁུག་པ་དང༔ སྒྲ་འོད་ཐུག་ཆོམ་ཆེན་པོ་དང༔ དམིགས་པའི་ལིང་ག་འགུལ་བ་འབྱུང༔ གསད་པ་དམོད་མོ་བཏང་དུས་སུ༔ གཅན་གཟན་ཤ་ཁྲག་ཟ་བ་དང༔ མཚོན་ཆའི་རྩེ་མོ་ཁྲག་ཅན་དང༔ དུད་འགྲོས་སེམས་ཅན་གསད་པ་དང༔ དགྲ་ཡི་བྱང་བུ་གས་པ་དང༔ དམིགས་བྱ་དངོས་སུ་བསད་པ་དང༔ ལྷ་སྒྲ་ཐུག་ཆོམ་འུར་སྒྲ་དང༔ སྐྱི་ཟིང་གནོན་པ་དག་འབྱུང་ངོ༔ རབ་ཀྱིས་རྟགས་མཚན་དངོས་སུ་འབྱུང༔ འབྲིང་ལ་ཉམས་སུ་འབྱུང་བ་སྟེ༔ ཐ་མའི་རྟགས་མཚན་རྨི་ལམ་རྨི༔ སྲོད་ལ་བག་ཆགས་རྨི་ལམ་སྟེ༔ ནམ་ཕྱེད་ཆོ་འཕྲུལ་རྨི་ལམ་འབྱུང༔ ཐོ་རངས་མཚན་མའི་རྟགས་ལ་བརྟགས༔ ཞེས་མགར་བ་ནག་པོའི་རྒྱུད་ལས༔ རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་ལྔ་པའོ༔ དེ་ནས་དྲང་སྲོང་པྲ་སེ་ནས༔ རྡོ་རྗེ་འཛིན་ལ་ཡང་གསོལ་བ༔ དྲག་པོའི་ལས་རྣམས་བྱེད་དུས་སུ༔ ཕྲིན་ལས་རིམ་པ་ཇི་ལྟར་བསྐུལ༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ ལས་ལ་བསྐུལ་བ་བསྟན་པ་ནི༔ ར་གསུར་གཏོར་མས་མཆོད་བྱ་ཞིང༔ དྲག་པོའི་ཤུགས་ཀྱིས་རྦད་པར་བྱ༔ ཧཱུྃ༔ སྔོན་ཚེ་རྡོ་རྗེ་འཛིན་པ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་ནས༔ རང་རྟགས་སྲོག་གི་སྙིང་པོ་ཕུལ༔ བསྟན་པ་བསྲུང་བར་ཁས་བླངས་སོ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སེམས་བསྐྱེད་དབང་བསྐུར་དམ་ཚིག་ཕོག༔ གསང་མཚན་རྡོ་རྗེ་ལེགས་པ་སྟེ༔ ཞལ་གཅིག་པ་ལ་ཕྱག་གཉིས་པ༔ སྐུ་མདོག་ནག་པོ་དུ་བའི་མདོག༔ དབུ་ལ་འོབ་ཞུ་ཆེན་པོ་གསོལ༔ སྡང་མིག་དམར་པོ་ཟུར་གསུམ་ལྟ༔ འགལ་བྱེད་ལོག་ལྟ་ཞེ་ལ་གནོན༔ སྙན་ནི་དགེ་སྡིག་གཏམ་ལ་ཉན༔ གདུག་པ་ཅན་ལ་ཆད་པ་གཅོད༔ ཤངས་ནས་རླུང་ནག་འཚུབ་མ་འཁྱིལ༔ ལས་ངན་དགྲ་བོ་མྱོས་སུ་ཆུག༔ ཞལ་ནི་དམར་ནག་ཟུར་གསུམ་བསྒྲད༔ བསྒྲལ་བའི་ཞིང་བཅུ་བཞེས་སུ་གསོལ༔ གསོད་གཅོད་སྒྲ་ནི་འབྲུག་ལྟར་སྒྲོག༔ ལས་ངན་རྨུགས་ཤིང་བརྒྱལ་དུ་ཆུག༔ ལྕེ་ནི་དམར་པོ་གློག་ལྟར་འགྱུ༔ སྡང་བའི་དགྲ་བོ་ཇུར་མིད་གྱིས༔ རྣོ་གདུག་མཆེ་བ་གཙིགས་པ་ཡིས༔ དམ་ཉམས་དགྲ་བོ་རྩད་ནས་གཅོད༔ དུག་གི་ཁ་རླངས་ནག་པོ་འཕྲོ༔ བསྟན་པ་བཤིག་པའི་དགྲ་བོ་འདི༔ སྨྱོ་འབོག་ཁྲག་ཏུ་སྐྱུགས་སུ་ཆུག༔ སྐུ་ལ་དར་བེར་ནག་པོ་གསོལ༔ དགྲ་ལ་བདུད་དམག་མུན་ལྟར་གཏིབས༔ གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས༔ ལོག་པར་ལྟ་བའི་ཕུང་པོ་ཆོམས༔ གཡོན་ན་རྦུད་པ་ནག་པོ་འབུད༔ སྡང་དགྲ་གནོད་བགེགས་ཐལ་བར་རློགས༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ བསྟན་པ་བཤིགས་པ་རྡུལ་དུ་རློགས༔ ཡི་དྭགས་བཙན་གྱི་རྒྱལ་པོ་ཁྱོད༔ མཐུ་སྟོབས་རྫུ་འཕྲུལ་ནུས་མཐུ་ཅན༔ འགལ་བྱེད་ལོག་ལྟ་ཆམ་ལ་ཕོབ༔ རྡོ་རྗེ་ལེགས་པའི་དུས་ལ་བབ༔ བཅོལ་པའི་ལས་རྣམས་འགྲུབ་པར་མཛོད༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང༔ ཕོ་ཉ་གཅན་གཟན་གདུག་པ་ཅན༔ ཟ་བྱེད་མཆེ་བ་ཅན་རྣམས་ཀྱིས༔ དགྲ་བོའི་ཤ་རུས་ཁྲག་ལ་རོལ༔ དེ་བཞིན་གཤེགས་པའི་བཀའ་མ་བཅག༔ རིགས་གསུམ་མགོན་པོའི་གསུང་སྡོད་ཉོན༔ དམ་ཚིག་གཉན་པོ་ཐུབ་པར་སྲུངས༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བཅོལ་པའི་ལས་རྣམས་གྲུབ་པར་མཛོད༔ མི་འདིས་སམ་དགྲ་འདིས་ཁྱོད་ཀྱི་དམ་བཀྲལ་ལོ༔ སྐུ་ལ་བསྡོས་ཤིང་རིགས་ལ་བསྙགས༔ སྲི་ལ་བརྐུས་ཤིང་ཐུགས་དཀྲུགས་སོ༔ མི་འདིའི་ཁོང་པའི་སྙིང་ཕྱུངས་ཤིག༔ དཔྲལ་ནས་མིག་ཕྱུངས་མདངས་ཀྱང་ཕྲོགས༔ གཟུགས་ཀྱི་ཕུང་པོ་རྨིངས་ནས་ཤིགས༔ སྒོ་ཆོགས་ཁྱིམ་ཆོགས་སྒྲ་འོད་ཐོངས༔ མཆན་གྱི་བུ་ཕྲོགས་ཟླ་རོག་སོད༔ ར་བའི་ནོར་ཁྱེར་ཕུག་སྲིས་རྐུས༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཕུང་གསུམ་གཡབ་ཀྱིས་ཐོབ་ལ་ཤོག༔ ཅེས་པས་བསྐུལ་ཞིང་དགྲ་ལ་རྦད༔ མྱུར་དུ་ལས་རྣམས་བྱེད་པར་འགྱུར༔ ཅེས་གསུངས་སོ༔ མགར་བ་ནག་པོའི་རྒྱུད་ལས༔ དྲག་པོ་ཕྲིན་ལས་ཀྱི་ལེའུ་སྟེ་དྲུག་པའོ༔ དྲང་སྲོང་ཆེན་པོས་ཡང་ཞུས་པ༔ བསྙེན་ཅིང་ལས་ལ་གཏང་བ་དང༔ བསད་པས་ལུས་སེམས་ཕྲལ་དུས་སུ༔ རྟེན་འབྲེལ་མཐུན་རྫས་ཇི་ལྟར་གསག༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ རྟེན་པའི་རྫས་ནི་བླ་རྡོ་དང༔ སྟག་དང་ར་དང་བྱི་ལའི་སྙིང༔ སྨྱུག་རྒོད་མེ་ལོང་ཁྲབ་བྱང་དང༔ རྔ་མ་ཟ་འོག་དར་སྣ་དང༔ སྟག་དང་གཟིག་གི་རས་མོ་དང༔ ར་སྤྲེའུ་བྱི་ལའི་རྒྱལ་མཚན་ཕྱར༔ དམིགས་རྟེན་བྲིས་སྐུ་དག་ཀྱང་བཀྲམ༔ ཙ་ར་དཀར་པོ་གཉའ་ནག་ལ༔ དར་སྣ་རྔ་མས་བརྒྱན་པ་བཞག༔ མཆོད་རྫས་ཕྱི་ནང་གསང་བ་གསུམ༔ ཕྱི་ཡི་མཆོད་རྫས་ཕྱེ་ཕུད་ལ༔ རིན་ཆེན་འབྲུ་དང་བཅས་པའི་བཤོས༔ གྲུ་བཞི་ཕ་ཝང་ལོང་རྡོ་ལྟར༔ མཁར་ཐབས་ར་ཁྲག་དམར་པོས་བྱུག༔ རྩེ་ལ་ཉུངས་དཀར་སྒང་བུ་གཟུགས༔ རིན་ཆེན་མཛེས་པའི་སྣོད་དུ་བཞག༔ ཕྱི་ནས་མཐེབ་ཀྱུས་རབ་བསྐོར་ཏེ༔ ནང་དུ་སྨན་ཕུད་རཀྟ་བླུགས༔ ནང་ནུབ་གསེར་སྐྱེམས་བཤོས་བུ་ཟུར་གསུམ་མཆོད༔ ཆུ་གཏོར་རྒྱུན་དུ་གཏང་བར་བྱ༔ ནང་ནི་དམར་གཏོར་བདུད་རྩི་དང༔ ར་ཡི་དབང་པོ་རྣམ་ལྔ་དང༔ ར་ཤ་ལག་པ་གཡས་པ་དང༔ ར་གསུར་བཏང་ཞིང་རྒྱུན་དུ་མཆོད༔ གསང་བ་མཆོད་རྫས་ཅིས་མཆོད་ཀྱང༔ དགྲ་བོའི་ཤ་དང་ཁྲག་ཏུ་བསམ༔ འཁོར་བཅས་རྔམས་བཀྲེས་ཞལ་གདངས་ནས༔ ཟས་སྐལ་དགྲ་ལ་བྱེད་པར་བསམ༔ རྦད་པའི་རྫས་དང་བཅའ་ཐབས་ནི༔ བཙན་གནས་བྲག་གི་ས་རྡོ་ལ༔ གྲུ་བཞི་ཕ་ཝང་ལོང་རྡོ་ལྟར༔ རྒྱ་དང་དཔངས་སུ་ཁྲུ་རེ་བ༔ གསུམ་གྱི་བར་དུ་གྲུ་གསུམ་ནང༔ གང་ལ་དམིགས་པའི་ལིང་ག་བཅའ༔ སྟེགས་བུ་གྲུ་གསུམ་རྩེ་མོ་ལ༔ འཁོར་གྱི་ཕུང་བྱེད་བདུད་པོ་གསུམ༔ ཨཱ་ཙ་ར་ཡི་གཟུགས་བྱས་བཞག༔ ཁྲོས་ཚུལ་ཁ་དོག་ནག་པོ་བྱ༔ ལག་ཏུ་དུག་ཤིང་ལས་བྱས་པའི༔ མདུང་ལ་གྲིར་བསད་མདེའུ་བཙུགས༔ བྲུབ་ཁུང་ནང་གི་དགྲ་ལ་གཏད༔ གསད་པ་ལས་ཀྱི་བཅའ་ཐབས་ནི༔ ཤྭ་འོད་ས་དང་ཐོག་བརྒྱབས་ས༔ ལོ་ཐོག་སེར་བས་བཅོམ་ས་ལ༔ གསད་པའི་སྟེགས་བུ་གྲུ་གསུམ་བཅའ༔ རྒྱ་དང་དཔངས་སུ་ཁྲུ་གང་བརྩིག༔ གྲུ་གསུམ་རྩེ་མོ་བསྣོལ་མ་བྱ༔ གྲུ་གསུམ་རྩེ་ལ་རྟེན་རྫས་གཞུག༔ སྟེགས་འཕང་ཁྲུ་གང་གྲུ་གསུམ་པའི༔ མེ་ཐབ་ཧོཾ་ཁུང་གྲུ་གསུམ་བྲུ༔ ཐུར་དུ་གཏིང་ཟབ་བུ་ག་བཏོན༔ ཁྲག་དང་དུག་ཆུས་ཞལ་ཞལ་བྱ༔ ཕྱི་ནང་དུར་ཁྲོད་སོལ་བས་བྱུགས༔ བཙོ་བསྲེགས་ཚ་གྲང་བརྡུངས་ཡག་བྱ༔ མནན་གཟིར་དྲག་པོའི་འབག་འཆམས་དང༔ གྲོག་མཁར་ས་དང་དྲི་མ་དྲུག༔ ཁ་ཤོག་སྦྲང་རྒོད་དུག་ཆུས་་་བོད་ཀྱི་ཐང་ཁྲོམ་འབྲས་བུ།སྦྱར༔ དགྲ་བོའི་འདྲ་འབག་ཆག་གང་བྱ༔ དུར་ཁྲོད་རས་སམ་ཤིང་ཤུན་ལ༔ དགྲ་བོའི་མིང་རུས་བླ་དྭགས་རྣམས༔ ཁྲག་དང་དུག་ཆུས་བྲི་བྱས་ཏེ༔ ཚོན་སྐུད་སྣ་ལྔས་བྱད་དུ་གཞུག༔ སྔར་གྱི་དགྲ་གཟུགས་སྙིང་ཁར་བཞག༔ མགོ་གཞུག་མེད་པར་རེ་བས་བཏུམ༔ གྲུ་གསུམ་བྲུས་པའི་སྟེང་དུ་བཞག༔ ས་བཟང་རིན་ཆེན་འབྲུ་བསྡེབས་ལ༔ ཕོ་མོའི་བྱང་སེམས་རཀྟས་སྦྲུ༔ ཨ་ཙ་ར་ཡི་གཟུགས་གསུམ་བྱ༔ གཟི་བཀྲའི་མིག་ལ་རུས་པའི་སོ༔ ཞོ་ཤའི་སྙིང་ལ་ཟེར་མོའི་སྐྲ༔ སྤྱི་རིང་དར་གྱི་ཅོད་པན་ཅན༔ སྟེགས་བུ་གསུམ་གྱི་སྟེང་དུ་བཞག༔ མི་བསད་གྲི་མདའ་མདུང་ལ་སོགས༔ མཚོན་ཆ་ཁ་དམར་ལྕགས་སྣ་ལ༔ རོ་བསྲེགས་སོལ་བས་མདུང་ལྕགས་བརྡུང༔ ཁྲག་སྣ་དུག་སྣའི་ངར་ཆུ་བླུད༔ དུག་ཤིང་ཚེར་མའི་ཤིང་ལ་གཟུག༔ ཡུ་བར་དུག་སྣས་གསད་སྔགས་བྲི༔ རྒྱ་གར་གཟུགས་གསུམ་ལག་ཏུ་བསྐུར༔ དམིགས་པའི་ལིང་གའི་སྙིང་གར་གཏད༔ ཟུར་གསུམ་ཁ་ཁྱེར་ཕྱི་མཐའ་ལ༔ གཅན་གཟན་གདུག་པ་ཅན་་་སེང་གེ་སྟག་སྤྱང་ཀི།གྱིས་བསྐོར༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དུག༔ ཀེ་ཚེ་ཤང་ཚེ་ཉུངས་ཚེ་དང༔ གྲི་ཟོར་མདའ་མདུང་ལ་སོགས་པ༔ གསོད་པའི་རྫས་ཀྱིས་ཐུན་དུ་བརྡེག༔ སྟེང་ཡང་མེ་ཐབ་ཟུར་གསུམ་དུ༔ རོ་བསྲེགས་སོལ་བ་ནག་པོའི་མེས༔ སྟེགས་བུ་གཏིང་ཟབ་བུ་ག་དེར༔ སྦུད་པའི་སོ་ཁ་བཅུག་ལ་སྦར༔ དུག་ཤིང་ཚེར་མའི་བྱང་བུ་ལ༔ ཁྲག་དང་དུག་ཆུས་མིང་རུས་བྲི༔ ཁྲོ་ཆུའི་ཐོ་བས་ལིང་ག་བརྡུང༔ ལིང་རོ་སོལ་བའི་མེ་ལ་བསྲེག༔ བསྲེག་རྫས་ར་ཡི་དབང་པོ་ལྔ༔ ཤུལ་དུ་ར་ཁྲག་ཚིལ་གསུར་བཏང༔ ཐལ་བ་ཕྱགས་ལ་རླུང་ལ་བསྐུར༔ མགར་བ་ནག་པོའི་རྒྱུད་ལས༔ རྟེན་འབྲེལ་བཅའ་ཐབས་ཀྱི་ལེའུ་སྟེ་བདུན་པའོ༔ དྲང་སྲོང་ཆེན་པོས་ཡང་གསོལ་བ༔ ཨེ་མ་ཧོཿརྡོ་རྗེ་འཛིན་པ་ཆེ༔ མནན་པའི་རིམ་པ་ཇི་ལྟར་ལགས༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ ཟླ་བ་ནག་པོའི་མར་ངོ་ལ༔ ས་སྲུབ་བཙན་གྱི་འགྱུ་སྲང་དུ༔ གྲུ་གསུམ་གཏིང་འབྲུ་ནག་པོར་བྱུག༔ ཁྲག་དང་དུག་ཆུས་བྱུག་པར་བྱ༔ ཚེར་མ་བཀྲམ་ལ་་་གྲུ་གསུམ་དབུས།དགྲ་གཟུགས་བཞག༔ དེ་སྟེང་རོ་གཡམ་ནག་པོ་ལ༔ རྒྱ་གྲམ་ཧཱུྃ་ལཾ་བཅས་པས་མནན༔ ལཾ་ལ་གསེར་གྱི་རི་རབ་བསྐྱེད༔ བསྐལ་པའི་བར་དུ་མི་ཐར་རོ༔ ཞེས་གསུངས་སོ༔ མགར་བ་ནག་པོའི་རྒྱུད་ལས༔ མནན་པའི་ལེའུ་སྟེ་བརྒྱད་པའོ༔ དྲང་སྲོང་ཆེན་པོས་ཡང་ཞུས་པ༔ འཁུ་ལྡོག་བཅིང་བའི་ལོག་ནོན་དང༔ མ་འགྲུབ་ཤི་ས་ཇི་ལྟར་བསྟན༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ གལ་ཏེ་འཁུ་ལྡོག་བྱེད་གྱུར་ན༔ ཕྱག་ན་རྡོ་རྗེའི་ཏིང་འཛིན་གྱིས༔ ཁོ་ཉིད་ཞབས་ཀྱི་འོག་ཏུ་གཟིར༔ བྷག་ཀྲཾ་ཤི་ནི་ཀྲ་མ་ནི༔ བཛྲ་སཱ་དྷུ་ས་མ་ཡ༔ ཏྲི་ཊྀ་ཏྲིག་ནན་གཟིར་ཐུཾ་ཛཿཧཱུྃ་བཾ་ཧོ༔ ཅེས་པ་བརྒྱ་རྩ་བརྒྱད་བཟླ་འོ༔ གལ་ཏེ་ལས་རྣམས་མ་འགྲུབ་ན༔ བླ་རྡོ་སྟེགས་བུ་གྲུ་གསུམ་བསྩལ༔ དྲག་སྔགས་མགོ་མཇུག་ལྡོག་པ་ཡིས༔ དྲག་པོའི་ཐུན་རྫས་ཀུན་བསགས་ཤིང༔ གསད་ལས་བླ་རྡོ་དག་ལ་བརྩམ༔ དེས་ནི་འགྲུབ་འགྱུར་ཐེ་ཚོམ་མེད༔ མགར་བ་ནག་པོའི་རྒྱུད་ལས༔ གནད་ལ་དབབ་པའི་ལེའུ་སྟེ་དགུ་པའོ༔ དེ་ནས་དྲང་སྲོང་པྲ་སེ་ནས༔ བཙན་གྱི་རྒྱལ་པོ་རྡོར་ལེགས་དང༔ སྤྲུལ་པ་འཁོར་དང་བཅས་པ་ལ་བསྟོད་པ༔ ཨེ་མ་ཧོཿདཔལ་ལྡན་རྡོ་རྗེ་འཛིན༔ རབ་བརྗོད་ཁམས་གསུམ་དབང་དུ་བསྡུས༔ འཇིག་རྟེན་བདག་པོ་མཐུ་སྟོབས་ཅན༔ རྒྱུད་ཆེན་གསུངས་ལ་བདག་ཅག་འདུད༔ ཅེས་གསོལ་ནས༔ བསྟན་པའི་སྲུང་མར་གྱུར་ཏེ་རང་སར་དེངས་སོ༔ མགར་བ་ནག་པོའི་རྒྱུད་ལས༔ རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་པའོ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་གཅིག་དང་འདི་འཕྲད་ནས༔ ཞྭ་ཡི་ལྷ་ཁང་བསྲུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ཀུན་སྐྱོང་གླིང་པས་ལྷོ་བྲག་མཁོ་མཐིང་གི་ལྷ་ཁང་ནས་བཏོན་པའོ།། །།
དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་དབང་ཆོག་ཀུན་ཕན་སྙིང་གི་བདུད་རྩི་ (Volume 52, Text 45)
༄༅། །དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་དབང་ཆོག་ཀུན་ཕན་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྻ་ཏཱ་ར་ཡེ། ཀུན་རྟོག་ཡེ་ཤེས་ཐིག་ལེ་ཡིས། །འཁོར་འདས་དབང་བྱེད་མྱུར་མཛད་མ། །རྒྱལ་བའི་ཡུམ་དེར་གུས་བཏུད་ནས། །ཀུན་ཕན་དབང་གི་མཚམས་སྦྱོར་དགོད། །སྒྲོལ་མ་གསང་སྒྲུབ་ཀྱི་སྨིན་བྱེད་ཟབ་མོས་སྐལ་ལྡན་རྗེས་སུ་འཛིན་པ་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་དབང་གི་ལས་རིམ་གཉིས་ལས། དང་པོ་ནི། གནས་དབེན་པར་བྲིས་འབུར་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་དྲི་བཟང་དང་། མྱོས་བྱེད་ཀྱིས་ཆག་ཆག་བཏབ་པ་ལ་མཎྜལ་པདྨ་དམར་པོ་རྡོར་ར་མེ་རིས་བསྐོར་བའི་ལྟེ་བར་ཚོམ་བུ་དམར་པོ་གཅིག་བཀོད། དེ་སྟེང་མཉྫི་ལ་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་ཐག་ལྡན་པ་བཀོད། མདུན་དུ་སྐུ་གཟུགས་དངོས་སམ་ཙཀླི། གཡས་སུ་བྷན་དྷར་ཆང་ལ་སྦྲང་དང་ཀ་ར་སྦྱར་བའི་ཁར་མེ་ལོང་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་ལྟེ་བར་ཏཱཾཿཡིག་དང་མཐར་སྐོར་ཡིག་བཅུ་བྲིས་པས་བཀབ། གཡོན་དུ་སྔགས་བྱང་། བྱེ་རུའམ་ཙན་དན་ཕྲེང་བ། ཤེལ་རྡོ། རྨ་བྱའི་སྒྲོ་མདོངས། རྒྱབ་ཏུ་དབང་གཏོར་དམར་པོ་དར་དམར་གྱི་གདུགས་ཕུབ་པ། མདུན་དུ་མཆོད་གཏོར་ཟླུམ་པོ་དང་ནང་མཆོད། ཉེར་སྤྱོད་སྦྲེང་ཚར་རམ་སྐོར་བཤམ། གཞན་ཡང་ལས་བུམ། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་སོགས་ཕྲིན་ལས་ལ་དགོས་པ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞིའི་དོན་དུ་བདག་མདུན་སྒྲུབ་མཆོད་བྱ་བ་ནི། རིག་འཛིན་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས་དང་། ལས་བྱང་དངོས་གྲུབ་འདོད་འཇོའི་སྐྱབས་སེམས་ནས་བརྩམ་མཐར་ཆགས་སུ་གཏང་། བདག་མདུན་སོ་སོར་དམིགས་པའི་སྤྲོ་བསྡུ་བཅས་བཟླས་པ་ཅི་འགྲུབ་བྱ། བུམ་བཟླས་ཟུར་དུ་བྱས་ན་དམིགས་རྣམ་ཕྱེད་ཅིང་ལེགས་པས། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་འཕགས་མ་སྒྲོལ་མ་དམར་མོ་སྐད་ཅིག་གིས་གསལ་བར་གྱུར། བདག་བསྐྱེད་ཀྱི་ཐུགས་སྲོག་ལས་འོད་འཕྲོས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩི་དམར་པོའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་པའི་ཏིང་ངེ་འཛིན་དང་ལྡན་པས་གཟུངས་ཐག་བླངས་ལ་ཡིག་བཅུ་བཟླ། གཞུང་འདིར་གཏོར་འབུལ་བྱ་བ་མ་གསུངས་ཀྱང་སྤྲོ་ན་སྐབས་འདིར་སྤྱི་མཐུན་སྦྱར། མཐར་མཆོད་བསྟོད་བྱ་ཞིང་ཡིག་བརྒྱ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་དམིགས། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་གཏང་། སྤྲོ་ན་ཚོགས་བར་པའི་དབུར་སྐོང་བཤགས་ཟུར་གསལ་སྦྱར། ཏིང་ངེ་འཛིན་གྱིས་དབང་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ཀྱི་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་བཅས་སོང་ནས། སེམས་བསྐྱེད་གསལ་གདབ། ཆོས་བཤད་ལོ་རྒྱུས་ཅི་རིགས་པ་དང་ཁྱད་པར། འདིར་སྐབས་སུ་བབས་པའི་འཆད་བྱ། རྗེ་བཙུན་འཕགས་མ་སྒྲོལ་མ་འདི་ཉིད་ངེས་པའི་དོན་དུ་འཕགས་བཞི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐ་དད་མི་མངའ་ཡང་། གདུལ་བྱ་དྲང་བའི་དོན་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་དུ་རྒྱལ་བའི་སྲས་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བའི་སྐྱེ་སྲིད་བཟུང་ནས། དེ་བཞིན་གཤེགས་པ་རྔ་སྒྲ་ལས་ཐུགས་བསྐྱེད་ཅིང་འཁོར་བ་ཇི་སྲིད་བར་དུ་བུད་མེད་ཀྱི་ལུས་རྟེན་ཁོ་ནས་འགྲོ་བ་རྣམས་སྒྲོལ་ཞིང་བདུད་རྣམས་འདུལ་བར་དམ་བཅས་པའི། ཐུགས་བསྐྱེད་དང་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀུན་ལས་ཁྱད་པར་འཕགས་པ་དང་། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ལས་བྱུང་བར་བསྟན་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་རོལ་པ་མཐའ་ཡས་པས་འགྲོ་བའི་དོན་མཛད་ཅིང་། སྒྲོལ་མའི་སྔགས་རྒྱུད་བསམ་གྱིས་མི་ཁྱབ་པ་འདས་པའི་སངས་རྒྱས་རྣམས་ཀྱིས་རིམ་པར་གསུངས་ཤིང་། ད་ལྟ་བདག་ཅག་གི་སྟོན་པའི་བསྟན་པ་ལའང་མདོ་རྒྱུད་རྟོགས་པའི་རིགས་མང་དུ་བྱོན་པ། དེ་དག་དང་འབྲེལ་བའི་སྒྲུབ་ཐབས་སློབ་དཔོན་རྣམས་ཀྱི་བཀའ་སྲོལ་ལས་བྱུང་བ་འཕགས་བོད་གཉིས་སུ་མཐའ་ཡས་པ་བྱོན་པ་ལས། འདིར་འོད་དཔག་མེད་དངོས་གུ་རུ་པདྨ་འབྱུང་གནས་ཀྱིས་མངའ་བདག་རྗེ་འབངས་རྣམས་ལ་བསྩལ་པའི་གདམས་ཟབ་རྣམས་མ་འོངས་གདུལ་བྱའི་དོན་དུ་གཏེར་རིགས་བཅོ་བརྒྱད་དུ་སྦས་པ། དུས་བབས་གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་རིམ་པར་བཏོན་ཅིང་འགྲོ་དོན་མཛད་པ་ལས། མངའ་བདག་ཆོས་རྒྱལ་ཆེན་པོ་སྐྱེ་བ་བཅུ་བཞིའི་མཐར་བཅོམ་ལྡན་འདས་པདྨའི་སྤྱན་དུ་མངོན་པར་རྫོགས་པ་སངས་རྒྱས་ནས་ལྗོངས་འདིར་གཏེར་ཁ་གོང་འོག་གཙོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཕྲག་ལྔ། དེ་ལས་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པས་གང་ལ་གང་འདུལ་གྱི་ཕྲིན་ལས་རྒྱུན་མི་ཆད་པར་མཛད་པའི་ནང་ཚན། རིག་འཛིན་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་གྱི་དགོངས་པའི་ཀློང་ནས་བརྡོལ་པའི་ཟབ་ཆོས། བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་སྒྲོལ་མ་གསང་སྒྲུབ་བཀའ་གཏེར་ཆུ་བོ་གཅིག་དྲིལ་གྱི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་བཅོམ་ལྡན་འདས་མ་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན༔ སྲིད་པའི་འཇིགས་ལས་སྒྲོལ་བ་པོ༔ ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། དེ་ནས་དད་མོས་གུས་པའི་གདུང་ཤུགས་སྐྱེད་ལ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ༔ མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་བྱུང་བ༔ ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ༔ མངའ་བདག་བདག་ལའང་དེ་ལྟར་མཛོད༔ འཁོར་བ་འདམ་གྱི་མཚོ་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །རྣམ་པར་རྟོག་པའི་ཆོས་ཐམས་ཅད༔ སོགས་གཞུང་ལྟར་བརྗོད། འོད་དཔག་རིགས་ཀྱི་ཅོད་པན་ཅན༔ དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་ཟླ་བའི་དཀྱིལ་འཁོར་ལ་ཏཱཾཿཡིག་དམར་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གཡུ་ལོ་བཀོད་དང་པོ་ཊ་ལ་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ན་བཞུགས་པའི་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར་པའི་མོས་པ་བརྟན་པོ་མཛོད་ཅིག །པོ་ཊ་ལ་ཡི་སོགས་དང་། ཡིག་བཅུའི་ཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། སྤོས་དུད་རོལ་མོ་བཅས་བྱིན་དབབ། མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ དེ་ལྟར་དབང་དོན་གྱི་ཡེ་ཤེས་སྐྱེད་པར་བྱེད་པའི་དབང་བཞི་རིམ་པར་བསྐུར་བའི་བུམ་པའི་དབང་གི་དོན་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་བའི་ཕྲིན་ལས་མཛད་ཅིང་། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་ག་སྦྱིན་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། བུམ་པ་དག་པ་ཆོས་དབྱིངས་གཞལ་ཡས་སུ༔ བུམ་རྫས་ལོངས་སྐུ་འཕགས་མ་སྒྲོལ་མ་ཡི༔ སྤྲུལ་སྐུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་པས༔ སྣང་སྟོང་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་བླུད། དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། རགས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་སྦྱང་། སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དམ་ཚིག་སྒྲོལ་མ་རང་འོད་ཀྱི་ཡབ་འཇིག་རྟེན་དབང་ཕྱུག་དང་མཉམ་པར་སྦྱོར་བའི་ལྷག་པ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཁའ་གསང་ནས་ཕྱུང་སྟེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ནས་ལྗགས་ལ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་ཁར་སྦྱིན་ལ། འཕགས་པ་མཆོག་དང་དམ་ཚིག་སྒྲོལ་མ་ཡུམ༔ སྦྱོར་བའི་མཁའ་གསང་བྱང་ཆུབ་སེམས་རྒྱུན་གྱིས༔ གསང་བའི་དབང་མཆོག་དམ་པ་འདི་བསྐུར་པས༔ གྲགས་སྟོང་གསང་བ་གསུང་གི་དབང་ཐོབ་ཤོག༔ ཡིག་བཅུའི་མཐར། གུ་ཧྱེ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་འདིའི་རྗེས་ཟློས་བཅས་ཏེ་མྱངས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ཕྲ་བ་རྩ་དང་རླུང་གི་དྲི་མ་སྦྱང་། རང་བྱིན་བརླབ་ཀྱི་ཐབས་ལམ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སིནྡྷུ་རའི་དཀྱིལ་འཁོར་ལས་མཚན་ཉིད་དང་ལྡན་པའི་རིག་མ་དམ་ཚིག་སྒྲོལ་མའི་ངོ་བོར་སྤྲོས་པ། ཁྱེད་རང་རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཏུ་གསལ་བ་དང་སྙོམས་པར་ཞུགས་པས། ཡས་བབས་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །སིནྡྷུ་རའི་ཐིག་ལེས་གནས་གསུམ་དུ་དགའ་བ་འཁྱིལ་པ་བྲིས་ལ། བདེ་བ་སྙིང་རྗེ་ཆེན་པོ་ཐབས་ཀྱི་གསང༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཡུམ་གྱི་མཁའ༔ མཉམ་སྦྱོར་བྱང་སེམས་ལུགས་འབྱུང་ལུགས་ལྡོག་གི༔ དགའ་བཞི་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར། ཨེ་བཾ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བ་སིནྡྷུ་རའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཤིན་ཏུ་ཕྲ་བ་ཐིག་ལེའི་སྒྲིབ་པ་སྦྱང་། གཞན་ལུས་ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བུམ་དབང་གི་མཐའ་རྟེན་དུ་སྐུའི་བྱིན་རླབས་བྱ་བ་ལ། མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་སྤྲོས་སྤྱི་བོ་ནས་ཐིམ་པར་མོས་ཤིག །སྒྲོལ་མའི་སྐུ་སྤྱི་བོར་བཞག །རྒྱལ་ཀུན་ཡུམ་གྱུར་འཕགས་མ་འཁོར་ལོས་སྒྱུར༔ ཕྲིན་ལས་རང་གཟུགས་དམ་ཚིག་སྒྲོལ་མ་ཡི༔ ལྷ་སྐུ་ཕྱག་རྒྱས་ཁྱོད་ལ་དབང་བསྐུར་པས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བཅུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་གཟུང་སྟེ་འཕགས་མའི་བསྐྱེད་རིམ་རྟག་ཏུ་བསྒོམ་པ་དང་འདི་ལྟར་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསང་དབང་གི་མཐའ་རྟེན་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཏཱཾཿཡིག་གི་མཐར་འཁོད། འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ་ཡིག་བཅུ་ལན་གསུམ། དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། བསྐྱེད་རིམ་སྣང་སྟོང་སྒྱུ་མའི་སྐུར་གསལ་ཞིང༔ གྲགས་སྟོང་རིག་སྔགས་ཆུ་བོའི་རྒྱུན་ལྟར་ཟློས༔ སྒྲ་རུ་གྲགས་ཀུན་འཕགས་མའི་གསུང་རྡོ་རྗེ༔ མངོན་གྱུར་བྱིན་རླབས་ནུས་པའི་དབང་ཐོབ་ཤོག༔ དེང་ནས་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་གྲགས་པ་ཐམས་ཅད་སྙིང་པོ་སྔགས་དང་འཕྲོ་འདུའི་ཏིང་ངེ་འཛིན་གྱིས་ཐེབས་པར་གྱིས་ཤིག །ཤེར་དབང་གི་མཐའ་རྟེན་དུ་རང་བྱུང་དོན་དམ་པའི་ཡེ་ཤེས་ངོ་སྤྲད་པ་ནི། ཤེལ་གཞི་ཀ་དག་ནང་གསལ་གྱི་དབྱིངས། རྨ་བྱའི་མདངས་ནི་ལམ་ལྷུན་གྲུབ་འོད་གསལ་གྱི་གདངས། ཡིག་བཅུ་ཟུང་འཇུག་དབྱིངས་རིག་འདུ་འབྲལ་མེད་པ་སྟེ། བརྡ་འདི་དག་གིས་མཚོན་ནས་རང་རིག་ཀ་དག་སྤྲོས་བྲལ་འོད་གསལ་ལྷུན་རྫོགས་ཕྱམ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཡིག་བཅུ་ཤེལ་རྡོ་རྨ་བྱའི་མདངས་བསྟན། ཨ༔ རང་རིག་མཚན་བྲལ་ཀ་དག་སྟོང་པ་ཉིད༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་འཇའ་ཚོན་བཞིན༔ སྣང་སྟོང་དབྱེར་མེད་བདེ་ཆེན་འདུས་མ་བྱས༔ རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུའི་མཐར། དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ དེང་ནས་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་སྟེ་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། རབ་ཏུ་ཕྲ་བ་འཕོ་བའི་དྲི་མ་སྦྱང་། ཁྲེགས་ཆོད་ཐོད་རྒལ་གྱི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་གཏོར་མའི་བཀའ་བསྒོ་བྱ་བར་གསུངས་པས་དབང་གཏོར་ཐོགས་ལ། གཏོར་སྣོད་པདྨ་དབང་གི་གཞལ་ཡས་ཁང་ཆེན་པོར་གཏོར་མ་ཉིད་མྱུར་མཛད་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་སྒྲིབ་པ་བཞི་དག །དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ་པར་བྱས་པའི་མོས་པ་མཛོད་ཅིག །བཅོམ་ལྡན་འདས་འཕགས་མ་སྒྲོལ་མ། གུ་རུ་པདྨ་སཾ་བྷ་ཝ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཚངས་པ་ལྷའི་མེ་ཏོག །རིག་འཛིན་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས། རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་བར་མཛད་དུ་གསོལ། ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་། ཚེ་བསོད་དཔལ་འབྱོར་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། སྣང་སྲིད་འཁོར་འདས་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བ་དང་། དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་ཐུན་མོང་དང་མཆོག་གི་ལས་དང་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོར་སྦྱིན། །ཡིག་བཅུའི་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་གཏོར་མ་གནས་བཞིར་བཞག །གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །མཚམས་སྦྱོར་སྤྱི་མཐུན་བཅས་ཤིས་བརྗོད་སྤེལ། གཙོ་བོས་ཇི་ལྟར་སོགས་དམ་གཟུང་བ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་པས་དབང་རིམ་གྲུབ། རྗེས་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་ནས་དགེ་བསྔོ་བཀྲ་ཤིས་ཀྱི་བར་ཡང་ལས་བྱང་གི་དཀྱུས་ལྟར་བྱའོ། །གསར་རྙིང་བཀའ་སྲོལ་མང་མཆིས་ཀྱང་། །འདི་ཉིད་བྱིན་ནུས་མྱུར་བར་གྲགས། །དེང་སང་འདི་དོན་གཉེར་མང་བས། །དེ་དོན་འཇུག་སྒོར་བསམས་ནས་བཀོད། །སྣང་བའི་གཡེང་བས་ཕྱི་རུ་མི་བསླུ་བར། །ནང་དུ་བདག་འཛིན་རྩད་གཅོད་བདག་མེད་རྟོགས། །རང་སྣང་དབང་དུ་འདུས་ནས་གཞན་དག་ཀྱང་། །སྒྲོལ་ལ་དབང་མཛད་སྒྲོལ་མ་འདི་མཚུངས་ཤོག །ཅེས་དགོངས་གཏེར་དབང་གི་མཚམས་སྦྱོར་ཡབ་སྲས་གོང་མས་མཛད་པ་མང་ཡང་འདི་ལ་མ་བཞུགས་པས། རྒྱལ་སྲས་པདྨ་དབང་དྲག་གིས་རིང་ནས་གསུང་བསྐུལ་མཛད་ཀྱང་སྙོམས་ལས་སུ་ལུས་པ་སླད་ནས་ཉེར་མཁོའི་ཆེད་དུ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཉང་གཏེར་བརྟན་མདོས་ནང་གི་འགྲེས་བྱང་ (Volume 43, Text 45)
ཉང་གཏེར་བརྟན་མདོས་ནང་གི་འགྲེས་བྱང་རིགས། དང་པོ། སྲིད་པའི་མདོས་ཆེན་འདི་བཞེས་ལ༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ རིམས་ནད་ཡམས་ནད་དགྲ་ལ་སྒྱུར༔ བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ༈ གཉིས་པ། བཙའ་སད་སེར་གསུམ་དགྲ་ལ་སྒྱུར༔ མི་ཁ་བྲ་མཆུ་དགྲ་ལ་སྒྱུར༔ ཐན་ལྟས་ངན་པ་དགྲ་ལ་སྒྱུར༔ ཡུལ་ཕྱོགས་ལོ་གཡང་འདིར་སྡུས་ཤིག༔ མི་གཡང་ཟས་གཡང་ནོར་གཡང་རྣམས༔ གཡང་རྫས་འདི་ལ་ཐིམ་པར་ཁུག༔ ༈ གསུམ་པ། ཁྱེད་རྣམས་ཞལ་དང་གཉིས་སུ་མེད༔ བདུད་བཞི་ལས་རྒྱལ་རྒྱལ་མཚན་ལྔ༔ ཁྱེད་རྣམས་སྐུ་དང་གཉིས་སུ་མེད༔ རིན་ཆེན་རྒྱན་ལྡན་རྒྱང་བུ་ལྔ༔ ཁྱེད་རྣམས་གསུང་དང་གཉིས་སུ་མེད༔ འཁོར་བའི་གཡུལ་ཟློག་རུ་མཚོན་ལྔ༔ ཁྱེད་རྣམས་ཐུགས་དང་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་ཕྱག་རྒྱ་ཆེས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཐབས་མཆོག་སྟག་པའི་ཕོ་ཐང་དང༔ འཕྲུལ་གྱི་མདའ་བཀྲ་སྒྲོ་སྒྲོན་མདིལ་གྱིས་མཐུད༔ ཁྱེད་རྣམས་སྐུ་གཉན་མཐུན་པའི་རྫས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཤེས་རབ་གླང་མའི་མོ་ཐང་དང༔ འཕྲུལ་གྱི་འཕང་བཀྲ་རིན་ཆེན་བརྒྱན༔ དེ་དག་ཁྱེད་རྣམས་དགྱེས་སྡེ་དང༔ མཐུན་པའི་རྫས་སུ་འབུལ་བར་བགྱི༔ སྐུ་གླུད་མཐུན་རྫས་འདི་དག་གིས༔ ཁྱེད་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ མི་ནད་ནོར་ནད་ལོ་ནད་ཟློག༔ མི་ཁ་ལྟས་ངན་གདོན་རིགས་ཟློག༔ ༈ བཞི་པ། ཡོན་བདག་འདི་ལ་གནོད་བྱེད་རྣམས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཁོག་སྟོད་གསེར་ལ་ཁོག་སྨད་དངུལ༔ རྐེད་པ་མཆོང་ལ་ལུང་ཐང་མིག༔ འགྲོན་བུའི་སོ་ལ་ཞོ་ཤའི་སྙིང༔ སྦལ་ཟེར་སྐྲ་ལ་མཚལ་གྱི་ཁྲག༔ དུང་གི་རུས་ལ་སྤྲ་ཡི་ཚིལ༔ གཟུགས་མཛེས་ལྷ་ཡི་བུ་ཕོ་འདྲ༔ ཡོན་བདག་སྐུ་ཡི་གླུད་དུ་འབུལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ སྤར་ཁའི་དགྲ་གཤེད་སྨེ་བའི་སྐག༔ ལོ་སྐག་སྡེ་བརྒྱད་གནོད་པ་ཟློགས༔ མ་མོ་མཁའ་འགྲོའི་སུན་མ་ཟློགས༔ ༈ ཉང་གཏེར་བརྟན་མདོས་གཤེགས་གསོལ་སྐབས་ཚིག་ཆད་བྱུང་བ་དཔེ་གཞན་འགར་བསྡུར་ཀྱང་མ་རྙེད་པས་ཆགས་མེད་གསུང་ཁྲག་མདོས་སོགས་ལས་དཔྱད་ནས་བྲིས་པ་ཁུངས་མེད་གནས་སྐབས་ཀྱི་ཡིག་ཆ་ཙམ་མོ།། <!TCC Tibetan character 4,97 undefined in unicode!> གནས་མཆོག་དེ་འདྲའི་གཞལ་ཡས་ནས། །མ་གཅིག་ལྷ་མོ་དུད་སོལ་དང་། །དཔལ་ལྡན་ཨེ་ཀ་ཛཱ་ཊི་མ། །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །དབང་མོ་སྡེ་བརྒྱད་འཁོར་གཡོག་འབུམ། །གཙོ་འཁོར་བཅས་པ་ད་གཤེགས་ཤིག །ད་ནི་རང་རང་གནས་སུ་གཤེགས། །རི་རབ་ཆེན་པོའི་རྩེ་ལ་གཤེགས། །ཡོངས་འདུའི་ཤིང་གི་རྩ་བར་གཤེགས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །མ་ཕམ་གཡུ་མཚོའི་ནང་དུ་གཤེགས། །ཨོ་རྒྱན་མཁའ་འགྲོའི་གནས་སུ་གཤེགས། །དུར་ཁྲོད་ཆེན་པོ་བརྒྱད་དུ་གཤེགས། །འཁོར་གྱི་ལྷ་སྲིན་དྲེགས་པའི་ཚོགས། །ལྷ་དང་ལྷ་མོ་སོགས།
ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཟིན་བྲིས་ཚེ་དབང་མཆོག་ཏུ་རྒྱས་པ་ (Volume 16, Text 45)
༄༅། །ཟབ་རྒྱ་གཉིས་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པའི་ཟིན་བྲིས་ཚེ་དབང་མཆོག་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མཉྫུ་ཤྲཱི་ཨཱ་ཡུཿཔ་ཏ་ཡེ། འཇམ་དཔལ་ཚེ་བདག་དབང་གི་སྟོབས་བསྟན་ཚེ། །དུས་ཀྱི་ཆད་པས་བཀུག་པའང་སྡུད་འགྱུར་ན། །བརྟན་གཡོའི་ཚེ་བཅུད་ཁབ་ལེན་ལྕགས་ཕྱེ་བཞིན། །ཤུགས་ཀྱིས་དབང་སྒྱུར་མཛད་དེས་ཚེ་མཆོག་སྩོལ། །རྩ་བ་ཁ་སྐོང་བྲལ་བ་ཡིས། །ཐོས་ཆུང་དག་ལ་སོམ་ཉི་སྟེར། །ལག་ལེན་ཕལ་ཡང་རྣམ་པར་འཁྱམས། །དེ་བས་རྣམ་གསལ་ཟིན་བྲིས་བཀོད། ཁྱད་པར་དུ་འཕགས་པའི་ཚེ་སྒྲུབ་ཀྱི་གདམས་པ་འདིའི་སྒོ་ནས་དོན་གཉིས་སྒྲུབ་པ་ལ་གཉིས། བསྙེན་སྒྲུབ་ཉམས་སུ་ལེན་པ། གྲུབ་ནས་དབང་བསྐུར་སྦྱིན་པའོ། དང་པོ་སྦྱོར་བ་ཟླ་བ་ཡར་ངོར་གནས་ཡིད་དང་མཐུན་པར་ཆང་དང་མཚེའི་ཁཎྜ་སྦྲང་རྩིས་བྱུགས་པའི་སྟེགས་བུ་ལ་ཞི་དཀྱིལ་སྤྱི་འགྲོ །ལྟེ་བར་འཁོར་ལོ་སེར་པོ་རྩིབས་བརྒྱད་མུ་ཁྱུད་ལྷ་མཚན་དང་བཅས་པ་བྲི། མ་འབྱོར་ན་འབྲུ་ཚོམ་གཙོ་འཁོར་དགུ་བཀོད་པའི་ཁར་ཁྲིའུ་ལ། ཆང་མར་སྦྲང་བུ་རམ་སྤྲི་སྟེ་བཅུད་ལྔ་བསྲེས་པའི་ཟན་ལས་ཚེ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གས་གྲུམ་མེད་པ་རྒྱན་ལྡན་རིན་པོ་ཆེའི་སྣོད་གས་ཆག་མེད་པར་བཞག་པ་ལ་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་སྣས་བསྐོར་ཅིང་དར་གྱི་གུར་ཕུབ། དེའི་ཤར་དུ་ཚེ་རྟེན་གསེར་གྱི་རྡོ་རྗེ། ལྷོར་སྲོག་རྟེན་མདའ་དར་དམར་པོ། ནུབ་ཏུ་དབང་སྲོག་ལུས་ཀྱི་རྟེན་བུམ་པ་བཅུད་ལྔ་དང་བཟང་དྲུག་སྦྱར་བའི་ཆུས་བཀང་བ་རྒྱན་ལྡན། བྱང་དུ་དངོས་གྲུབ་ཀྱི་རྟེན་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་རྣམས་དང་། རྒྱབ་ཕྱོགས་སུ་བླ་མ་ཡི་དམ་མཁའ་འགྲོའི་གཏོར་མ། གཡས་གཡོན་དུ་སྨན་རཀ །མདུན་ངོས་སུ་ཕྱི་མཆོད་ཕྲེང་ཚར། འབྱོར་ན་དཀྱིལ་འཁོར་གྱི་མཐར་ཡང་ཕྱི་མཆོད་བསྐོར་བཤམ། གཞན་ཡང་སྔོན་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་གཏོར་འབུལ་སོགས་འདུ་བྱའོ། །དངོས་གཞི་བདག་བསྐྱེད་རང་གི་ཡི་དམ་གང་ལ་བྱེད་པ་དེ་ཉིད་ཀྱི་ཕྲིན་ལས་གཞུང་བསྲང་སྟེ་དེའང་བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་བསྐྱེད་བཟླས་ཚོགས་མཆོད་བཅས་གྲུབ་པར་བྱ་དགོས་ཀྱང་། དམིགས་བསལ་མེད་ན་ཚེ་བདག་སོགས་འཇམ་དཔལ་ཞི་དྲག་གི་རིགས་གང་རུང་གཏང་ན་ཤིན་ཏུ་འབྲེལ་ཆགས་ལ། འོན་ཀྱང་འདིར་གཏེར་ཁའི་འབྲེལ་དང་ཁྱེར་བདེ་བའི་སླད་དུ། བླ་མ་དགོངས་འདུས་ཀྱི་ལས་བྱང་མེ་ཏོག་ཕྲེང་མཛེས་གཏང་བའི་དབང་དུ་བྱས་ཏེ། གསོལ་འདེབས་བསྡུས་པ། བགེགས་བསྐྲད་སྲུང་འཁོར་ནས་བརྩམ་སྟེ་བསྟོད་པའི་མཐར་འཛབ་བཟླས་གང་འགྲུབ་བྱ་ཞིང་། ཚོགས་བྱིན་རླབས་ནས་ལྷག་མ་ཡན་ཆད་གྲུབ་པ་དང་། འདི་ཉིད་ཀྱི་རང་གཞུང་ལྟར། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་སོགས་ནས། ནྲྀ་དམར་ལ་འཚེར་བ་ཞིག་ཏུ་གསལ་བར་གྱུར། མདུན་གྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཚེའི་ཟན་དེ་ཉིད་ཤེལ་གྱི་མཆོད་རྟེན་ངང་ཙེ་རེ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དམར་པོ་ཁྲུ་གང་པ་སོགས་གོང་ལྟར་ལ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། དེའི་མཐའ་སྐོར་རྩིབས་བརྒྱད་ལ། ཤར་དུ་སངས་རྒྱས་སྤྱན་མ། སོགས་ནས། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རི་དང་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་པའི་གུར་ཁང་འཁྲིགས་པའོ། །དེ་ལྟར་གསལ་བའི་སོགས་ནས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། སྤྱན་འདྲེན་ནི། ཧཱུྃ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །བཅོམ་ལྡན་འཇམ་དཔལ་སྲས་བཅས་རྣམས། །དད་པས་བདག་གིས་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱན་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་ས་མ་ཡ་སཏྭཾ། སྤྲོ་ན། ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་དྲི༔ སྒྲ་དབྱངས་ཨརྒྷཾ་ལ་སོགས་མཆོད་པའི་སྤྲིན༔ ཕྱི་མཆོད་རྣམ་དག་རྒྱལ་བ་རྣམས་ལ་འབུལ༔ ནང་མཆོད༔ ལྷ་མིའི་མཆོད་རྫས་འདོད་ཡོན་ལོངས་སྤྱོད་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི༔ རང་བྱུང་ནང་མཆོད་ཀུན་བཟང་སྤྲིན་ཕུང་ལྟར༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ གསང་མཆོད༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཆེ༔ ཕྲག་དོག་ཤ་ཁྲག་རྒྱུས་པ་ནང་རོལ་ཏེ༔ ཙིཏྟར་བཅས་རྣམས་དུག་ལྔ་ཕུང་པོའི་རྫས༔ གསང་མཆོད་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཞེས་ཕྱི་ནང་གསང་མཆོད་མེ་ཕྲེང་ལྟར་འབུལ། མི་ལྕོགས་ན། ཧཱུྃ། དངོས་བཤམས་ཡིད་ལས་རྣམ་སྤྲུལ་པའི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །དཔག་ཡས་ནམ་མཁའི་ཁྱོན་བཀང་སྟེ། །བཅོམ་ལྡན་འཇམ་དཔལ་ཚོགས་ལ་འབུལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་བཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨཱ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོ༔ བཛྲ་ས་མ་ཡ་སོགས་ཀྱིས་བདག་མདུན་གཉིས་ཀ་དམ་ཡེ་བསྲེ། དེ་ནས་བསྙེན་བཟླས་འདི་ཉིད་ཀྱི་བསྙེན་སྒྲུབ་ཆེད་དུ་བྱེད་ན་གཞུང་གསལ་ལྟར། སྔ་དྲོ་བདག་བསྐྱེད་ཁོ་ན་ལ་དམིགས་པ། ཉིན་གུང་མདུན་བསྐྱེད་དང་འཕྲོ་འདུ། དགོང་མོར་ཚེ་འགུགས་པའི་སྔགས་དང་དམིགས་པ་སོ་སོར་བྱ། ཐུན་མཚམས་སུ་འོག་ནས་བཤད་པ་ལྟར་ཚེ་འགུག་མཆོད་བསྟོད་བྱ། ཐུན་རྗེས་མ་ལ་འཇུག་པའི་ཚེ་འདི་ཉིད་ཀྱི་གཞུང་དངོས་བསྐྱར་ནས་འདོན་ཏེ་གསལ་གདབ་པ་མ་གཏོགས་ཡི་དམ་གྱི་གཞུང་བསྐྱར་མི་དགོས་སོ། །དབང་སྐབས་ལྟ་བུར། བཟླས་དམིགས་རིམ་པ་སྤོས་ལ་བསྙེན་བཟླས་ཚོ་གསུམ་མུ་མཐུད་དུ་ཅི་འགྲུབ་བྱས་ལ་མཐར། ཧཱུྃ༔ དུས་གསུམ་སངས་རྒྱས་སོགས་ཀྱིས་ཚེ་འགུག །མེ་ཕྲེང་གི བདུད་རྩི་སྨན་མཆོད༔ ཧྲཱི༔ བྷནྡྷ་ཁོར་ཡུག་ཡངས་པའི་སྣོད་ཆེན་པོར༔ དབྱིངས་དང་ཡེ་ཤེས་གཉིས་སྦྱོར་བདུད་རྩི་མཆོག༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྒྱུ་དྲུག་རྐྱེན་བཞི་བདུད་རྩི་ར་སཱ་ཡ༔ རང་བྱུང་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཐུགས་རྗེའི་རྩལ་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མ་འགག་སྤྲུལ་པའི་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མོས་པའི་བློས་བཟུང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འདུས་བྱས་ལྟར་སྣང་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ དམ་ཚིག་གཉན་གྱི་སྲུང་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཁོར་འདས་ལྷ་དང་འགྲོ་བ་ཐམས་ཅད་ལ༔ རྣམ་དག་བདུད་རྩི་དམ་རྫས་དགྱེས་མཆོད་འབུལ༔ ཨཱོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རཀྟ་འབུལ་བ་ནི༔ ཧྲཱི༔ དུང་ཆེན་སྣོད་དུ་དམར་ཆེན་རྦ་རླབས་འཕྱོ༔ རྟེན་འབྲེལ་བཅུ་གཉིས་རཀྟའི་བ་གམ་འཁྲིགས༔ གུ་ཧྱ་མཱུ་ལ་རཀྟར་བཅས་པ་རྣམས༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ཨཱོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱི༔ དབྱིངས་རིག་མ་བུའི་བྱུར་འདྲེ་རབ་བསྒྲལ་ཏེ༔ གཉིས་སྣང་རྟོག་པའི་བཅུད་ཆེན་གཏོར་མར་སྦྱར༔ འཕྲོ་འདུའི་རླངས་ལས་སྣ་ཚོགས་རྒྱུ་རྐྱེན་འདུས༔ དཀར་སེར་དམར་ལྗང་མཐིང་ནག་འོད་ཟེར་འཕྲོ༔ ཁ་མངར་སྐྱུར་རྩུབ་རོ་བཅུད་ནུས་པར་ལྡན༔ ཚོགས་དྲུག་ཡུལ་སྣང་གཏོར་མ་བརྗིད་ལྡན་འདི༔ ཆོ་འཕྲུལ་དུ་མས་བསྲེགས་སྦྱངས་བཀྲུས་ཤིང་བསྒྱུར༔ རྣམ་དག་བདུད་རྩིའི་ཞལ་ཟས་ཆེན་པོ་སྟེ༔ ཡེ་ཤེས་རབ་འབྱམས་མཆོད་པ་ཆེན་པོའི་རྫས༔ བྱིན་རླབས་མཁྱེན་ལྡན་རྩ་བརྒྱུད་བླ་མ་དང༔ རང་སྣང་རྣམ་དག་ཡི་དམ་ལྷ་ཡི་ཚོགས༔ སྤྲུལ་པས་འགྲོ་འདུལ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པར་འབུལ་གྱིས་བླང་དོར་མེད་པར་བཞེས༔ འདུས་བྱས་རྫས་སྦྱར་སྣོད་བཅུད་ཕུན་སུམ་ཚོགས༔ ཚོགས་གཉིས་སྤེལ་ཕྱིར་རྒྱུ་རྐྱེན་གཏོར་མ་འདི༔ མཛེས་པའི་དཀར་ཐིག་དམར་གུར་བདུད་རྩིས་བརླན༔ སྣ་ཚོགས་ཅོད་པན་ལྡིང་གུར་བརྗིད་ལྡན་ཕུབ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་བྲན་པ་འདི༔ བླ་མ་རྣམས་དང་ཡི་དམ་མཁའ་འགྲོའི་ཚོགས༔ དཔའ་བོ་དཔའ་མོ་དམ་ཅན་ཆོས་སྐྱོང་དང༔ མཆོད་འོས་བཀའ་སྡོད་སྲུང་མར་བཅས་ལ་འབུལ༔ ཐུགས་རྗེ་ཐུགས་དམ་དབང་གིས་བཞེས་སུ་གསོལ༔ དགྱེས་ཤིང་རོལ་པ་ཆེན་པོར་བཞེས་ནས་ཀྱང༔ བདག་གཞན་འགྲོ་བས་ཇི་ལྟར་འདོད་པ་ཡི༔ དོན་འབྲས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨཱོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པའི་བར་གྱིས་སྨན་རཀ་གཏོར་གསུམ་འབུལ། རང་གཞུང་ལྟར། ཧཱུྃ༔ ཡེ་ཤེས་ཀློང་ཡངས་སོགས་ཀྱིས་བསྟོད་པ་བྱ། སྒྲུབ་པའི་སྐབས་སྲོད་ཐུན་ལ་འདིའི་འཕྲོས་སུ་བཀའ་སྲུང་གཏོར་འབུལ་དང་ཡི་དམ་གྱི་རྗེས་ཆོག་གཏང་། གྲོལ་ཁར་གོང་གི་བསྟོད་པའི་འཕྲོར་ཚེ་འགུགས་གཏང་། དབང་དང་དངོས་གྲུབ་བླངས་ལ་འོག་ནས་འབྱུང་བའི་བསྡུ་རིམ་དང་ཡི་དམ་རྗེས་ཆོག་བྱ་བ་ཡིན་ཡང་། གཞན་ལ་དབང་བསྐུར་བའི་སྐབས་འདིར་གོང་གསལ་བསྟོད་པའི་འཕྲོས་སུ་བཀའ་གཏེར་སྲུང་མ་རྣམས་ལ་གཏོར་མ་ཕུལ། ལས་བུམ་ནང་དུ་པད་ཉིའི་གདན་ལ་ཡ་མཐིང་ནག་ལས་གཤིན་རྗེ་གཤེད་མཐིང་ནག་གཡས་བེ་ཅོན་ནམ་མཁར་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་གསལ་བར་གྱུར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བཟླ། ལྷ་འོད་དུ་ཞུ་བས་རྡོ་རྗེ་བདུད་རྩིའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་མོས། ཧཱུྃ༔ ཚེ་བདག་རྔམས་པའི་སོགས་ཀྱིས་དངོས་གྲུབ་བླང་ངོ་། །གཉིས་པ་དབང་བསྐུར་བ་ནི། ལས་བུམ་གྱི་ཆུས་སློབ་མ་ལ་ཁྲུས་བྱ། མེ་ཕྲེང་ལྟར་བགེགས་གཏོར་བཏང་ཞིང་མཚམས་བཅད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་འགྲོ་བ་ཐམས་ཅད་ཀྱི་ཚེ་སྲོག་གི་བདག་པོ་ནི་འཆི་བདག་གཤིན་རྗེ་ཉིད་ཡིན་ལ། དེ་འདུལ་བྱེད་ཀྱི་གཉེན་པོ་ནི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་སུ་ཤར་བ་བཅོམ་ལྡན་འདས་འཇམ་དཔལ་དབྱངས་གཤིན་རྗེའི་གཤེད་པོར་ཡོངས་སུ་གྲགས་པ་ལྟར་ལྷ་འདི་ཉིད་ཀྱི་རྣམ་ཐར་ཡོན་ཏན་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡིན། དེའི་རྒྱུད་དང་སྒྲུབ་ཐབས་གསང་སྔགས་གསར་རྙིང་གི་རིང་ལུགས་རྒྱ་མཚོ་ལྟ་བུ་ཞིག་བཞུགས་པའི་ནང་ནས། འདིར་སྔ་འགྱུར་གཏེར་མའི་ཕྱོགས་སུ་བྱོན་པ་སྟེ། དེའང་སྤྲུལ་པའི་གཏེར་ཆེན་སངས་རྒྱས་གླིང་པས་ཀོང་རྒྱ་ལའི་རྦ་དོང་བར་པ་འཇམ་དཔལ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་འཇམ་དཔལ་ཞི་དྲག་ཕྱེད་མ་ཟབ་རྒྱ་ཅན་གྱི་སྐོར་གསུམ་ལས། ད་ལམ་ཟབ་རྒྱ་བར་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ་ལོངས་སྤྱོད་ཚེ་འཕེལ་གྱི་དབང་བསྐུར་བ་སྦྱིན་པ་སྟེ། གཞུང་ལས། འཇམ་དཔལ་དམར་པོའི་ཚེ་སྒྲུབ་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བའི་དོན་ཆེད་དུ༔ ཡེ་ཤེས་མཚོ་རྒྱལ་བདག་ལ་གནང༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་དུས་ཀྱི་སྙིགས་མ་ལ༔ ཆོས་བྱེད་སྐུ་ཚེ་ཐུང་བའི་དུས༔ བར་ཆད་གློ་བུར་ཐོག་ལྟར་འབབ༔ སངས་རྒྱས་བསྟན་པ་ཉམས་དམའི་ཚེ༔ གདམས་པ་འདི་དང་ལྡན་པར་གྱིས༔ འདི་ལ་སྤྱད་དང་སུས་བསྒྲུབ་པ༔ ཚེ་ཡི་བར་ཆད་བསལ་ནས་ནི༔ ཚེ་ཡི་རིག་འཛིན་འཐོབ་པར་འགྱུར༔ དེ་ཕྱིར་འདི་ལ་འབད་པར་བྱ༔ ཞེས་གདམས་པར་མཛད་པ་ལྟར་དགོས་པ་ཆེ་ཞིང་ཟབ་འདྲིལ་བྱིན་བརླབས་ཀྱི་བཅུད་དང་ལྡན་པའི་དབང་བསྐུར་བ་ལ་སོགས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཚེ་བདག་རྔམས་པའི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་སློབ་མ་རྣམས། །དད་ཅིང་གུས་པས་གསོལ་འདེབས་ཀྱིས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་བདག་སྐྱབས་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་ལན་གསུམ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཧཱུྃ་དམར་པོ་ཁྲུ་གང་བ་སོགས་བདག་བསྐྱེད་ལྟར་ལ། ཐུགས་ཀར་ཉི་ཟླའི་གདན་ལ་རྣམ་པར་ཤེས་པ་ཚེ་སྲོག་གི་ངོ་བོ་ནྲྀ་དམར་ལ་འཚེར་བ་ཞིག་གསལ་བར་གྱུར། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་རྣམས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་དབང་ཐང་གཟི་བརྗིད་བཅུད་དང་དྭངས་མ་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་དང་ཐིག་ལེའི་རྣམ་པར་བཀུག་སྟེ་མདུན་གྱི་ཚེ་རྫས་དང་སྙིང་གའི་ནྲྀ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །མདའ་དར་གཡབ་ལ། ཧཱུྃ༔ རང་བཞིན་གནས་ནས་སྤྲུལ་པའི་ལྷ༔ སོགས་ཀྱིས་བསྟོད་ཅིང་བསྐུལ། ཚེ་ཟན་གྱི་ནང་དུ་བསྐྱེད་པའི་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་གྱིས་ཁྱེད་རང་ལ་དབང་བསྐུར་བ་ཙམ་གྱིས་ཚེ་ཉི་ཟླ་དང་མཉམ་པའི་དབང་ཐོབ་པར་མོས་མཛོད། ཚེ་ཟན་མགོ་ཐོག་ཏུ་བཞག་ལ། ཧཱུྃ༔ བཀྲ་ཤིས་ཚེ་འཕེལ་སོགས་ནས། རྡོ་རྗེ། མདའ་དར། བུམ་པ། ཐོད་ཆང་རྣམས་ཀྱི་དབང་གཞུང་ལྟར་རིམ་པར་བསྐུར། མཐའ་རྟེན་ཚེའི་དངོས་གྲུབ་ཞུ་བ་ནི། སྔགས་ཚིག་བརྗོད་པ་ཙམ་གྱིས་ཚེའི་ལྷ་ཚོགས་ཐམས་ཅད་ཀྱིས་བདུད་རྩིའི་ཆར་རྒྱུན་ཕབ་པས་རང་རང་གི་ལུས་ཐམས་ཅད་གང་དྭངས་མའི་བཅུད་རབ་ཏུ་རྒྱས་ཏེ་སྐྱེ་འཆི་མེད་པ་ཚེའི་རིག་འཛིན་ཐོབ་པར་མོས་ལ་འདི་རྣམས་ལྷན་ཅིག་ཏུ་གསུང་བར་ཞུ། ཞེས་བསྙེན་སྒྲུབ་ཀྱི་སྔགས་རྣམས་ལན་ཁ་ཤས་བཟླ་ཞིང་། གསོལ་བ་འདེབས་པ་ནི། ཧཱུྃ༔ ཚེ་བདག་རྔམས་པའི་དཀྱིལ་འཁོར་དུ༔ བཅོམ་ལྡན་ཚེ་བདག་འཇམ་པའི་དབྱངས༔ འདུས་པའི་མཆེད་དང་ལྕམ་དྲལ་རྣམས༔ དད་ཅིང་གུས་པས་གསོལ་འདེབས་ཀྱིས༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དེས་འགྲེས་ཏེ་ཚིག་རྐང་ཐོག་མཐའ་བཞི་པོ་འདྲ་བ་ལས། གཉིས་པ་བཅོམ་ལྡན་ཚེ་བདག་སོགས་བསྒྱུར་ཏེ། ལྷ་མོ་ཡུམ་ཆེན་སངས་རྒྱས་སྤྱན། །ལྷ་མོ་ཡུམ་ཆེན་མཱ་མ་ཀི །ལྷ་མོ་ཡུམ་ཆེན་གོས་དཀར་མོ། །ལྷ་མོ་ཡུམ་ཆེན་དམ་ཚིག་སྒྲོལ། །ཡུམ་ཆེན་ལྷ་མོ་རྒྱས་བྱེད་མ། །ཡུམ་ཆེན་ལྷ་མོ་བརྟན་བྱེད་མ། །ཡུམ་ཆེན་ལྷ་མོ་འཕེལ་བྱེད་མ། །ཡུམ་ཆེན་བདུད་རྩི་ལོ་འདབ་མ། །ཞེས་འཁོར་བརྒྱད་རེ་རེ་བཞིན་འགྲེས་སུ་སྦྱར་བའི་མཐར་ཚེ་ཟན་ཐོད་ཆང་རྣམས་དངོས་གྲུབ་ཀྱི་རྫས་སུ་རོལ་ལ་ཤིས་པའང་བརྗོད་དོ། །དེ་དག་གིས་འཇམ་དཔལ་ཚེ་བདག་དམར་པོའི་སྒོ་ནས་ཚེའི་དངོས་གྲུབ་སྦྱིན་པའི་དབང་བསྐུར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས་གཏང་རག་སོགས་སྤྱི་ལྟར་བྱའོ། །རྗེས་ཀྱི་བྱ་བ་མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པ་བྱ། ནོངས་བཤགས་དང་ཡིག་བརྒྱས་ལྷག་ཆད་བསྐང་། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས། དམ་ཚིག་པ་རྣམས་རང་གི་སྙིང་གའི་ནྲྀ་ལ་ཐིམ་པས་བྱིན་གྱིས་བརླབས་ཏེ་མི་འགྱུར་བ་གཡུང་དྲུང་ལྟ་བུའི་སྐུ་ཚེ་ལ་མངའ་བརྙེས་པར་གྱུར་པར་མོས་ལ་དམིགས་མེད་སྤྲོས་བྲལ་གྱི་ལྟ་བས་རྒྱས་གདབ། བདག་བསྐྱེད་ཆོ་གའི་མཇུག་བསྐུལ་པ་ཆད་བརྟན་ནས་ཤིས་བརྗོད་བསྔོ་སྨོན་གྱི་བར་མེ་ཕྲེང་ཉིད་མཐར་ཆགས་སུ་གཏང་ངོ་། །ཚེ་སྒྲུབ་བདུད་རྩིའི་ལྗོན་ཤིང་གི །གྲིབ་བསིལ་སྣུམ་པོར་ངལ་བསོས་ཏེ། །འགྲོ་ཀུན་འཆི་བདག་ཚ་ངར་ལས། །རྣམ་གྲོལ་འཆི་མེད་ལུས་ཐོབ་ཤོག །ཅེས་པའང་ཆོས་འདིའི་ཞབས་ཏོག་ཆེད་དུ་དམིགས་ནས་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཀྱི་སྒྲུབ་གནས་འཆི་མེད་དགའ་བའི་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།། །།
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་དུ་བཀོད་པ་ (Volume 21, Text 45)
༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་དུ་བཀོད་པ་བཞུགས་སོ། ། བླ་མ་དང་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །དེ་ཉིད་ཀྱི་དབང་བསྐུར་ཐོབ་ཅིང་དམ་ཚིག་ལ་གནས་པའི་གང་ཟག་གིས་རང་གཞན་གྱི་དོན་དུ་བསྐྱེད་རྫོགས་ཀྱི་ཉམས་ལེན་བྱེད་པར་འདོད་ན། དུར་ཁྲོད། གཡའ་རི། བྲག་རི། གངས་རི་ལ་སོགས་པ་དབེན་ཞིང་ཉམས་དགའ་བ་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ་སོང་ལ། ཡར་ངོ་དང་མར་ངོ་གང་ཡང་རུང་བའི་ཚེས་བཅུའི་དུས་ཇི་ལྟར་འཚམ་པའི་སྟེགས་བུར་ཆོས་འབྱུང་གྲུ་གསུམ་བསྣོལ་མ་ཕྱི་དཀར་ལ་ནང་དམར་བའི་ལྟེ་བར་ཧྲཱིཿཡིག་དམར་པོ། ཟུར་གྱི་ཁུག་དྲུག་ཏུ་དགའ་འཁྱིལ་དཀར་པོ་གཡོན་སྐོར། ཆོས་འབྱུང་གི་ཕྱིར་སྣ་ཚོགས་པདྨ་ལྟེ་བ་དམར། མུ་ཁྱུད་སེར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་མཚམས་བརྒྱད་དང་མུ་ཁྱུད་དམར་ཆེན། དེའི་ཕྱི་རོལ་རྒྱས་པར་ན། དཀྱིལ་འཁོར་གྲུ་བཞི་སྒོ་བཞི། བསྡུ་ན་རྡོར་རྭ་སེར་པོ། མེ་རི་སྣ་ཚོགས་མདོག་གཡས་སྐོར་བྲི། དེ་དབུས་སུ་སྟེགས་བུའི་སྟེང་དུ་རིན་པོ་ཆེའི་སྣོད་ཆག་གས་མེད་པ་འབྲུ་བཟང་པོས་ཕྱུར་བུར་བཀང་བ། དེའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཡིད་དུ་འོང་བ་སྨན་རིན་པོ་ཆེ་འབྲུ་སྣ་ཚོགས་པ་དང་སྦྱར་བའི་བཏུང་བས་གང་བ། ཁ་རྒྱན་མགུལ་དཀྲིས་དང་བཅས་པ་བཀོད། བུམ་པའི་སྟེང་དུ་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་བདུད་རྩི་རིལ་བུ་དང་སྨན་དྲི་བཟང་རིན་པོ་ཆེ་ཟས་གོས་སྣ་ཚོགས་ཀྱི་བཀང་བ་དར་དམར་པོས་ཞལ་ཁེབས་བྱས་ལ་བཞག །དེའི་སྟེང་དུ་མེ་ལོང་དྲི་མ་མེད་པ་གསལ་ངོས་སུ་སིནྡྷུ་རས་མཐའ་ལ་ཟླུམ་སྐོར། ཆོས་འབྱུང་ཟུར་དྲུག་པ། ཟུར་རྣམས་སུ་དགའ་འཁྱིལ། དབུས་སུ་ཧྲཱིཿཡིག་གི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཞེས་སྔགས་མགོ་ནང་བསྟན་གྱིས་བསྐོར་བ། འདབ་མ་བཞིའི་ཤར་དུ་ཧ་ར། ལྷོར་རི་ཙ། ནུབ་ཏུ་ནི་ཧྲི། བྱང་དུ་ས་ཡ་རྣམས་སྔགས་མགོ་ཕྱིར་བསྟན་བྲིས་ལ་བཞག །དར་དམར་པོའི་གུར་ཕུབ། དེ་ནས་དཀྱིལ་འཁོར་གྱི་འགྲམ་ནུབ་ཕྱོགས་སུ་ཤ་ཆང་གིས་བརྒྱན་པའི་གཏོར་མ་ལྔའམ་བདུན་བཤམ། མཐར་མཆོད་པ་སྣ་ཚོགས་ཀྱིས་བསྐོར་ཞིང་། ཚོགས་ཀྱི་ཡོ་བྱད་བཤམས་ལ། བདག་ཉིད་ཀྱི་མདུན་གཡོན་ཕྱོགས་ནས་བརྩམ་ནང་མཆོད། རྡོ་རྗེ་དྲིལ་བུ། ཌཱ་རུ་རྣམས་བཀོད། དེ་ནས་རྣལ་འབྱོར་བསྒོམ་པའི་རིམ་པ་ནི། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོར་གྱུར། ནང་མཆོད་བསང་ཆུས་བྲན་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ་གིས་སྦྱང་། རང་གི་ཐུགས་ཀའི་ས་བོན་ལས། །རཾ་ཡཾ་ཀཾ་དང་ཨ་སྤྲོས་ཏེ། །འོད་ཞུ་རླུང་མེ་ཐོད་སྒྱེད་སྟེང་། །ཐོད་པ་ཕྱི་དཀར་ནང་དམར་དབུས། །གོ་ཀུ་ད་ཧ་ན་ལས་ཤ། །བི་མུ་མ་ར་ཤུ་རྣམས་ལས། །བདུད་རྩི་ལྔ་སྟེ་རླུང་མེས་སྦར། །རྫས་ཞུ་རབ་ཏུ་ཁོལ་བར་གྱུར། །ཧཱུྃ། ཐུགས་ཀྱི་བདུད་རྩི་ཁ་དོག་སྔོ། །ཨཱཿ གསུང་གི་བདུད་རྩིའི་རང་བཞིན་དམར། །ཨོཾ། སྐུ་ཡི་བདུད་རྩི་དཀར་པོ་ནི། །འོ་མའི་རྒྱ་མཚོ་ལྟ་བུར་གྱུར། །ནང་མཆོད་ཀྱི་དབུས་སུ་གཡོན་པའི་མཐེབ་སྲིན་སྦྱར་བས་གཡོན་སྐོར་དུ། ཨོཾ་ཨཱཿཧཱུྃ་ཞེས་ཆོས་འབྱུང་བྲི། དེའི་དབུས་སུ་བཞག་ནས་ཧྲཱིཿཞེས་བརྗོད་པས་བདུད་རྩིར་བྱིན་བརླབ། བགེགས་གཏོར་བཤམས་ལ་བསང་ཆུ་དང་ནང་མཆོད་ཀྱིས་བྲན། ཕྱག་རྒྱ་དང་བཅས་ཏེ། ཨ་ཀཱ་རོས་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། གང་དག་དཀྱིལ་འཁོར་བསྒྲུབ་པ་ལ། །མངོན་པར་དགའ་བ་གང་ཡིན་རྣམས། །ལེགས་བཤམས་མཆོད་པ་གཏོར་མ་དག །བཞེས་ནས་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་ཕུལ་བས་གཙང་སར་དོར། ཨོཾ་བཛྲ་ཀྲོ་དྷ་དང་། སུམ་བྷའི་སྔགས་བརྗོད་ཅིང་ཡུངས་དཀར་གྱིས་བྲབ། མཚམས་བཅད། རྡོ་རྗེའི་ས་གཞི་རྭ་བ་དང་། །གུར་གྱིས་ཀུན་ནས་གཏམས་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། མཆོད་རྫས་རྣམས་ལ་བདུད་རྩི་གཏོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དྷཱུ་པེ་དང་པུཥྤེའི་བར་དུ་སྦྱར། བདག་སོགས་མཁའ་མཉམ་སེམས་ཅན་རྣམས། །དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མ་ཡི་དམ་དཀོན་མཆོག་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ནམ་མཁའ་དང་མཉམ་སེམས་ཅན་ཀུན། །བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །སྤྱན་རས་གཟིགས་ཀྱི་གོ་འཕང་སླད། །རིམ་གཉིས་ཟབ་མོ་བསྒོམ་པར་བྱ། །བདག་ཉིད་རྒྱལ་བ་རྒྱ་མཚོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པདྨ། །གཡོན་པ་བགྲང་ཕྲེང་སྐྱིལ་ཀྲུང་བཞུགས། །རྒྱན་རྫོགས་སྐུ་མདོག་རབ་དམར་བའི། །ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་ཡི་དམ་སངས་རྒྱས་དང་། །བྱང་སེམས་ཚོགས་བཅས་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁར་བཞུགས་པར་གྱུར། །བཛྲ་ས་མཱ་ཛཿ ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པེ་ པུཥྤེ་སོགས་ལའང་འགྲེ །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐོག་མེད་དུས་ནས་བདག་ཅག་གི །དུག་གསུམ་དབང་གིས་སྒོ་གསུམ་གྱིས། །སྡོམ་པ་གསུམ་ལས་འགལ་བ་སོགས། །སྡིག་པའི་ལས་རྣམས་མཐོལ་ལོ་བཤགས། །སྤྲོ་ན་ཇི་སྙེད་སུ་དག་ནས། བྱང་ཆུབ་ཕྱིར་བསྔོ་འོ། །བར་བཟང་སྤྱོད་སྨོན་ཐུང་སྦྱར། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མ་གཅིག་གྲུབ་པའི་རྒྱལ་མོ་ལ་གསོལ་བ་འདེབས། །།ཏི་པུ་དྲི་མེད་བཤེས་གཉེན་ལ་གསོལ་བ༴ རས་ཆུང་རྡོ་རྗེ་གྲགས་པ་ལ་གསོལ་བ༴ བླ་མ་ཟངས་རི་རས་པ་ལ༴ འགྲོ་མགོན་རས་པ་ཆེན་པོ་ལ༴ རྒྱལ་སྲས་པུཎྱེ་བཛྲ་ལ༴ གྲུབ་ཆེན་ཀརྨ་པཀྴི་ལ༴ གཉན་རས་སངྒྷ་ལཀྵ་ལ༴ ཆོས་རྗེ་རང་བྱུང་རྡོ་རྗེ་ལ༴ མཁས་གྲུབ་གྲགས་པ་སེང་གེ་ལ༴ རྟོགས་ལྡན་མགོན་པོ་རྒྱལ་མཚན་ལ༴ རང་བྱུང་རོལ་པའི་རྡོ་རྗེ་ལ༴ དཔལ་ལྡན་མཁའ་སྤྱོད་དབང་པོ་ལ༴ ཆོས་རྗེ་དེ་བཞིན་གཤེགས་པ་ལ༴ སོག་དཔོན་རིག་པའི་རལ་གྲི་ལ༴ གྲུབ་མཆོག་ཆོས་དཔལ་ཡེ་ཤེས་ལ༴ ཀུན་མཁྱེན་མཐོང་བ་དོན་ལྡན་ལ༴ བྱང་སེམས་དཔལ་འབྱོར་དོན་གྲུབ་ལ༴ རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ༴ གར་དབང་ཆོས་ཀྱི་གྲགས་པ་ལ༴ གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར་ལ༴ མཚུངས་མེད་མི་བསྐྱོད་རྡོ་རྗེ་ལ༴ རྒྱལ་དབང་དཀོན་མཆོག་ཡན་ལག༴ རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ༴ གར་དབང་ཆོས་གྱི་དབང་ཕྱུག་ལ༴ ལུང་རིག་སྨྲ་བའི་ཉི་མ་ལ༴ རྗེ་བཙུན་ཀརྨ་ཆགས་མེད་ལ༴ དུལ་མོ་ཀརྨ་དར་རྒྱས་ལ༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ༴ ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ལ༴ རྒྱལ་དབང་བདུད་འདུལ་རྡོ་རྗེ་ལ༴ པདྨ་ཉིན་བྱེད་དབང་པོ་ལ༴ ཐེག་པ་མཆོག་གི་རྡོ་རྗེ་ལ༴ དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །རྟག་ཏུ་བདེ་ཆེན་གོ་འཕང་ལ། །བཏང་སྙོམས་ཆེན་པོར་གནས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཨོཾ་སྭ་བྷཱ་བ་སོགས། གཟུང་འཛིན་ཆོས་རྣམས་སྟོང་པར་གྱུར། །དེ་ཡི་ངང་ལས་རང་སེམས་ཧྲཱིཿ དམར་པོ་དེ་ལས་འོད་འཕྲོས་པས། །འོད་ཟེར་ལས་གྲུབ་གཞལ་ཡས་ཁང་། །ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །དེ་དབུས་པད་སྡོང་ཁ་གསུམ་གྱི། །དབུས་སུ་ཉི་ཟླའི་གདན་སྟེང་ཧྲཱིཿ བབས་པ་དེ་ལས་འོད་འཕྲོས་པས། །འགྲོ་བའི་སྒྲིབ་སྦྱངས་རྒྱལ་བ་དང་། །རྒྱལ་སྲས་རྣམས་ཀྱི་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་པས་འོད་དུ་ཞུ། །བདག་ཉིད་སྤྱན་རས་གཟིགས་དབང་སྐུ །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་པདྨའི་བགྲང་ཕྲེང་དམར། །གཡོན་པས་ཨུཏྤལ་དམར་པོ་འཛིན། །རལ་པའི་ཅོད་པན་དར་གྱིས་མཛེས། །རིན་ཆེན་ཟེའུ་འབྲུའི་སྲོག་ལྡན་པ། །སྤྱན་དམར་ཞལ་འཛུམ་ཐུགས་རྗེ་ཡིས། །སེམས་ཅན་ཡོངས་ལ་གཟིགས་པ་ལ། །བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར། །གཡས་ཕྱོགས་པདྨ་ཉི་མའི་སྟེང་། །བདུད་བཞིའི་གདན་ལ་རྟ་མཆོག་སྐུ །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ཌཱ་རུ་གཡོན་སྡིགས་མཛུབ། །དྲིལ་བུར་བཅས་པ་དཀུ་ལ་བརྟེན། །སྟག་ཤམ་དུར་ཁྲོད་རུས་རྒྱན་ཅན། ཁྲོ་ཞལ་སྤྱན་གསུམ་མཆེ་བ་གཙིགས། །རལ་པ་དམར་སེར་འཁྱིལ་པའི་དབུས། །རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྔོག་མ་དམར་པོ་མེ་ལྟར་འབར། །མ་མོ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་དྲེགས་བྱེད་དང་། །ཀླུ་རྣམས་དབང་དུ་སྡུད་པར་བྱེད། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ནས། །ཡེ་ཤེས་མེ་ཕུང་ཀློང་ན་བཞུགས། །འཁོར་དུ་དཔའ་བོ་རྒྱ་མཚོའི་ཚོགས། །ཡེ་ཤེས་ཁྲོ་བོ་བཅུ་ལ་སོགས། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ྄་སྒྲ་སྒྲོག །སྣང་སྲིད་ཟིལ་གྱིས་གནོན་པར་གྱུར། །གཡོན་ཕྱོགས་པད་སྡོང་ཆོས་འབྱུང་བསྣོལ། །དེ་དབུས་པད་ཉི་རོ་ཡི་སྟེང་། །གསང་བ་ཡེ་ཤེས་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། ཁྲོ་འཛུམ་མཆེ་གཙིགས་སྤྱན་རྩ་དམར། །དབུ་སྐྲ་གྲོལ་ཞིང་སྐུ་སྟོད་ཁེབས། །གཡས་བསྐུམ་གཡོན་བརྐྱང་རོ་སྟེང་བརྫིས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཡས་གྱི་དང་པོས་གྲི་གུག་འཕྱར། །འོག་མས་རལ་གྲི་བསྣམས་པ་འོ། །གཡོན་གྱི་དང་པོས་ཐོད་ཁྲག་འཛིན། །འོག་མས་ཁ་ཊྭཱཾ་ག་བསྒྲེང་བའི། །མགུལ་པར་དར་དཔྱང་ཌཱ་རུ་འཁྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་ཡིས་བརྒྱན། །རིན་ཆེན་དར་དཔྱང་རྒྱན་གྱིས་སྤྲས། །མེ་རི་འབར་བའི་དབུས་བཞུགས་ཤིང་། །དཔའ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར། །ཨཱ་རལླི་དང་ཕེཾ་གྱི་སྒྲས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སྣང་སྲིད་དབང་དུ་སྡུད་པར་གྱུར། །རང་གི་་་མདུན་བསྐྱེད་སྐབས་དེ་ཡི་ཞེས་བསྒྱུར་མཆན། སྤྱི་གཙུག་པད་ཟླའི་སྟེང་། །རྩ་བའི་བླ་མ་དེ་ཉིད་ནི། །པདྨ་འབྱུང་གནས་རྣམ་པ་སྟེ། །སྐུ་མདོག་ནག་ལ་གཟི་བརྗིད་འབར། །རུས་པའི་འཁོར་ལོ་ལ་སོགས་པ། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །སྣང་སྲིད་བྱིན་གྱིས་རློབ་མཛད་པའི། །ཕྱག་རྒྱ་གར་སྟབས་ཚུལ་གྱིས་བཞུགས། །དེ་ལ་བཀའ་བརྒྱུད་བླ་མ་དང། །རིག་འཛིན་བྱེ་བ་དུ་མས་བསྐོར། །འོག་ཕྱོགས་མེ་རླུང་འཁྲུགས་པ་ཡི། །འབྱུང་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་བཞིའི་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །ཕྱི་ནང་སྲུང་མ་མ་ལུས་རྣམས། །མཁའ་འགྲོ་སྡེ་བཞིའི་ངོ་བོར་གྱུར། །གྲི་གུག་ཐོད་པ་ཁ་ཊྭཱཾ་བསྣམས། །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་རྒྱན་དང་དར་གྱིས་མཛེས། །ཧ་རི་ནི་སའི་སྒྲ་སྒྲོག་ཅིང་། །གདན་འོག་པདྨ་འདེགས་པར་བྱེད། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པད་སྟེང་ཨཱཿདམར་པོ། །སྙིང་གར་ཉི་སྟེང་ཧཱུྃ་མཐིང་ག །གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་། །ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས། །བསྐྱེད་པ་དང་འདྲའི་ཡེ་ཤེས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ཕཻཾ་ཕཻཾ་ཕཻཾ། ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ། །དབྱེར་མེད་ཆུ་ལ་ཆུ་བཞག་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རིགས་ལྔ་ཡུམ་བཞི་སེམས་དཔའ་དང་། ཁྲོ་བོའི་ཚོགས་དང་མཆོད་པ་ཡི། །ལྷ་མོར་བཅས་པ་སྤྱན་དྲངས་ལ། །ཨོཾ་བཛྲ་ཨརྒྷཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་པས་གསོལ་བ་བཏབ་པའི་མོད། །རྒྱལ་བས་དབང་བསྐུར་དགོངས་པ་མཛད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ཅིང་། །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་བརྗོད། །མཆོད་པའི་ལྷ་མོས་མཆོད་པ་དང་། །ཡུམ་བཞིས་བུམ་པས་དབང་བསྐུར་ཞིང་། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། བུདྡྷ་ཨ་བྷི་ཥིཉྩ་ཨོཾ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་སྒོ་གསུམ་གྱི། །སྡིག་སྒྲིབ་དག་ཅིང་དབང་བཞི་ཐོབ། །ལྷ་ཚོགས་ཀུན་གྱི་སྤྱི་བོ་རུ། །རིགས་བདག་སྣང་བ་མཐའ་ཡས་དང་། །རིགས་ལྔས་དབུ་ལ་བརྒྱན་པར་གྱུར། །ཞེས་བསྐྱེད་རིམ་བསྒོམ་ཞིང་། བཟླས་པ་བྱེད་ན། དེ་ནས་ལྷ་ཚོགས་ཐམས་ཅད་ཀྱི། །ཐུགས་ཀར་པདྨ་ཉི་མ་དང་། །ཟླ་བའི་གདན་ལ་ཧྲཱིཿཡིག་མཐར། །རང་རང་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་མཆོད། །མཉེས་ནས་བྱིན་རླབས་དངོས་གྲུབ་རྣམས། །བདག་ལ་ཐིམ་པས་སྡིག་སྒྲིབ་དག །ཚོགས་གཉིས་རྫོགས་ཤིང་དབང་བཞི་ཐོབ། ཁམས་གསུམ་འགྲོ་དྲུག་སེམས་ཅན་ལ། །འོད་ཟེར་ཕོག་པས་སྡིག་སྒྲིབ་སྦྱངས། །ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ལྷ་ཡི་དཀྱིལ་འཁོར་ཏེ། །ཕོ་རྣམས་སྤྱན་རས་གཟིགས་སུ་གྱུར། །མོ་རྣམས་གསང་བ་ཡེ་ཤེས་ལ། །བདུད་དང་ལོག་འདྲེན་རྟ་མགྲིན་སྐུ །འཇའ་འོད་མེ་དཔུང་འབར་བའི་ཞིང་། །རྒྱལ་བ་རྒྱ་མཚོའི་ཚོགས་སུ་གྱུར། །གཟུགས་སྣང་ལྷ་ཡི་རང་བཞིན་ལ། །སྒྲ་གྲགས་ཐམས་ཅད་སྔགས་ཀྱི་སྒྲ། །སེམས་ཀྱི་དྲན་རྟོག་ཆོས་སྐུའི་ངང་། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གཙོ་བོའི་ཡི་གེ་བཅུ་པ་མཚན་རྟགས་མ་ཐོན་གྱི་བར་དུ་བཟླ། དེ་ལ་བསྙེན་པ་འཁྱོལ་ནས་ཡི་གེ་བཅུ་པའི་རྗེས་སུ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་རྟ་མགྲིན་དང་སྦྱར་བའམ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཞེས་ཡུམ་སོགས་དང་སྦྱར་བ་གང་རུང་གི་བཟླས་པ་བྱ་ཞིང་། མཐར། ཕྱི་སྣོད་ནང་བཅུད་འོད་དུ་ཞུ། །རིམ་གྱིས་ཐམས་ཅད་བདག་ལ་འདུས། །བདག་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། །ཧྲཱིཿཡིག་ནཱ་དའི་ངང་དུ་འདས། །བསྒོམ་དུ་མེད་ཅིང་ཡེངས་སུ་མེད། །དགག་ཏུ་མེད་ཅིང་བསྒྲུབ་ཏུ་མེད། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཞེས་ཅི་གནས་སུ་མཉམ་པར་བཞག །སླར་ཡང་བདག་ཉིད་འཇིག་རྟེན་མགོན། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །མདུན་བསྐྱེད་ཀྱི་དམིགས་རྟེན་ལ་བདུད་རྩི་གཏོར་ཞིང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །འོད་ཟེར་ལས་གྲུབ་གཞལ་ཡས་ཁང་། །ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །དེ་དབུས་པད་སྡོང་ཁ་གསུམ་གྱི། །དབུས་སུ་ཉི་ཟླའི་གདན་སྟེང་ཧྲཱིཿ དམར་པོ་དེ་ལས་འོད་འཕྲོས་པས། །འགྲོ་བའི་སྒྲིབ་སྦྱངས་རྒྱལ་བ་དང་། །རྒྱལ་སྲས་རྣམས་ཀྱི་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་ཞིང་འོད་དུ་ཞུ། །དེ་ལས་སྤྱན་རས་གཟིགས་དབང་སྐུ །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །ཞེས་པ་ནས། ཕེཾ་ཕེཾ་ཕེཾ། ཞེས་པའི་བར་གོང་ལྟར་དང་། རོལ་མོ་བདུག་པ་བཅས། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །གྲུབ་ཐོབ་བྱེ་བ་འབུམ་གྱི་དབུས། །སློབ་དཔོན་པདྨ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །མཁའ་འགྲོ་བྱེ་བ་འབུམ་གྱི་དབུས། །ཡུམ་གཅིག་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །དཔའ་བོའི་ཚོགས་བཅས་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །དག་པ་སྐུ་ཡི་གཞལ་ཡས་ནས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་ཐུགས་ཀྱི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་གསུང་གི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་ཏན་རྒྱས་པའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །བསམ་གྱིས་མི་ཁྱབ་སྤྲུལ་པའི་ཚོགས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཚོགས། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་བའི་དོན་དུ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བ་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱ་ཡ་སཏྭཾ་སྭཱ་ཧཱ། ཨོཾ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེ་པུཥྤེ་སོགས་སྦྱར། ཛཿཧཱུྃ་བཾ་ཧོཿནས། རིགས་ལྔས་དབུ་ལ་བརྒྱན་པར་གྱུར། །ཞེས་པའི་བར་གྱིས་ཡེ་ཤེས་པ་བསྟིམ་པ་དང་དབང་བསྐུར་རྒྱས་གདབ་བྱ། དེ་ནས་སླར་སྔར་ལྟར་མཆོད་པ་བྱིན་གྱིས་བརླབས་ནས། ཨོཾ། མཆོད་ཡོན་བདུག་སྤོས་སོགས་ཀྱིས་གོང་ལྟར་མཆོད་ནས། །པདྨ་དབང་གི་དཀྱིལ་འཁོར་དུ། །པདྨ་མཆོག་གི་སྐུ་སྤྲུལ་པ། །གདུག་པ་འདུལ་མཛད་ཐོད་ཕྲེང་རྩལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་འདུད། །ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་གཏོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་མཉམ་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུས་གསུམ་བདེ་གཤེགས་ཡུམ་གཅིག་མ། །ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །སྐུ་མདོག་དམར་མོ་དབང་གི་ཚུལ། །ཚད་མེད་རྣམ་བཞིས་འགྲོ་དོན་མཛད། །རྣམ་རྟོག་རྩད་གཅོད་གྲི་གུག་གཡས། །འཁོར་བ་དབང་སྡུད་ཐོད་ཁྲག་གཡོན། །སྐྱེ་འཆི་རྩད་གཅོད་རལ་གྲི་གཡས། །དུག་གསུམ་རྩད་གཅོད་ཁ་ཊྭཱཾ་གཡོན། །ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །འདོད་ཡོན་རང་དག་རུས་པས་བརྒྱན། །གཞོན་ནུའི་ཆ་ལུགས་ཅུང་ཟད་ཁྲོ། །ཐུགས་རྗེའི་ཆགས་པས་དབང་དུ་སྡུད། །ནམ་མཐོང་དྲན་པས་ཡེ་ཤེས་སྐྱེད། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མས། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མས། །ནོར་དང་བསོད་ནམས་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་མཁའ་འགྲོ་མས། །ཆགས་པ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མས། །དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ། །མཁའ་གསང་ཡེ་ཤེས་མཁའ་འགྲོ་མས། །ཆོས་དབྱིངས་ལྷུན་གྲུབ་དངོས་གྲུབ་སྩོལ། །མ་ཧཱ་མུ་དྲའི་དངོས་གྲུབ་སྩོལ། །ཧཱུྃ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །སྐུ་མདོག་དམར་ནག་དྲེགས་པ་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་གྱི་འཛུམ་ཚུལ་ཐུགས་རྗེས་ཀུན་ལ་སྙོམས། །མཆེ་བཞི་གཙིགས་པས་སྐྱེ་འཆི་རྩད་ནས་གཅོད། །དབུ་གཙུག་རྟ་མགོ་གཞན་གྱིས་འགྲན་དུ་མེད། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །དབང་སྡུད་ཕྱག་རྒྱས་སྐྱེ་འགྲོ་ཟིལ་གྱིས་གནོན། །པདྨའི་ཕྱག་མཚན་འཁོར་བའི་སྐྱོན་དང་བྲལ། །རིན་ཆེན་རྒྱན་ཆ་འདོད་ཡོན་མ་སྤངས་དག །ཞབས་གཉིས་བརྐྱང་བསྐུམ་ཡེ་ཤེས་སེམས་དཔའི་ཚུལ། །དབང་ཆེན་རྟ་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །སྒྲུབ་མཆོག་བདག་ལ་དབང་སྐུར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བསྡུ་བ་རྣམ་བཞིས་འཇིག་རྟེན་དབང་དུ་སྡུས། །འཇིག་རྟེན་ཟིལ་གནོན་ཕྲིན་ལས་དངོས་གྲུབ་སྩོལ། །བདུད་རྩི་མཐེབ་སྲིན་གྱིས་མཆོད་ཅིང་། སྣང་བ་མཐའ་ཡས་སྤྱན་གཟིགས་པདྨ་འབྱུང་། །གྲུབ་པའི་རྒྱལ་མོ་ཏི་པུ་རས་ཆུང་པ། །ཟངས་རི་རས་པ་རས་ཆེན་སྤོམ་བྲག་པ། །ཀརྨ་པཀྴིའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བླ་མ་གཉན་རས་རང་བྱུང་གྲགས་སེང་བ། །མགོན་པོ་རྒྱལ་མཚན་རོལ་རྡོར་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རིག་པའི་རལ་གྲི་དང་། །ཆོས་དཔལ་ཡེ་ཤེས་ཞལ་དུ་ཨོཾ་ཨཱཿཧཱུྃ། །དོན་ལྡན་གོ་ཤྲཱི་ཆོས་གྲགས་རྒྱ་མཚོའི་ཞབས། །སྤྱན་སྔ་ཆོས་གྲགས་མཉན་པ་མི་བསྐྱོད་རྗེ། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་ཞལ་དུ་ཨོཾ་ཨཱཿཧཱུྃ། །ལུང་རིག་ཉི་མ་ཆགས་མེད་དུལ་མོ་བ། །ཆོས་ཀྱི་དོན་གྲུབ་ཆོས་འབྱུང་བདུད་འདུལ་རྗེ། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་འཆང་། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞེས་པས་བླ་མ་བརྒྱུད་པ་རྣམས་དང་། རྗེ་བཙུན་འཕགས་པ་འཇིག་རྟེན་དབང་ཕྱུག་དང། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །སྤྱན་རས་གཟིགས་བཞི་རིགས་ཀྱི་ཡུམ་བཞི་མཆོད། །རིགས་བཞི་མཁའ་འགྲོ་དཔལ་བོ་རྒྱ་མཚོ་དང་། །དཔའ་མོ་རྒྱ་མཚོ་གྲུབ་པ་བརྙེས་པ་རྣམས། །དམ་ཅན་རྒྱ་མཚོར་བདུད་རྩིའི་རྒྱུན་འབུལ་གྱིས། །བཞེས་ནས་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པས་དཀྱིལ་འཁོར་བ་ལ་འབུལ། དེ་ནས་བདུད་རྩི་མཆོད་རྫས་དང་གནས་ཁང་དང་རང་ཉིད་ཀྱི་ལུས་ལ་གཏོར་ཞིང་། མཐེབ་སྲིན་གྱིས་ལྕེ་ཐོག་ཏུ་མྱང་། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། དེ་ནས་ཚོགས་རྫས་བསང་སྦྱང་། བདུད་རྩི་ལྟར་བྱིན་གྱིས་བརླབས་ནས། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་འབུལ་བའི་གནས་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སློབ་དཔོན་པདྨ་དབང་གི་ལྷ། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །རྒྱལ་བ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །གསང་བ་ཡེ་ཤེས་ཌཱ་ཀི་མ། །མཁའ་འགྲོ་རྒྱ་མཚོའི་དབུས་ནས་བཞེངས་། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མེ་དཔུང་འབར་བའི་དཀྱིལ་འཁོར་ནས། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དཔའ་བོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ས་བླ་ས་འོག་ས་སྟེང་གི །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དེ་ནས་ཚོགས་ཕུད་གཏོར་མར་བྲན་ལ། །གཏོར་མ་བདུད་རྩི་ལྟར་བྱིན་བརླབས་ཏེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། གཉན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་གྲུབ་གྲགས་པ་སེང་གེ །རྟོགས་ལྡན་མགོན་པོ་རྒྱལ་མཚན། རང་བྱུང་རོལ་པའི་རྡོ་རྗེ། དཔལ་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། གྲུབ་མཆོག་ཆོས་དཔལ་ཡེ་ཤེས། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གར་དབང་ཆོས་ཀྱི་གྲགས་པ། སངས་རྒྱས་མཉན་པ་གྲུབ་ཆེན། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །ལུང་རིག་སྨྲ་བའི་ཉི་མ། འགྲོ་མགོན་ཀརྨ་ཆགས་མེད། དུལ་མོ་ཀརྨ་དར་རྒྱས། དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྒྱལ་དབང་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཐེག་པ་མཆོག་གི་རྡོ་རྗེ་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་རློབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། ཨི་དཾ་སོགས། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཨི་དཾ་སོགས་བཏགས་པ་དང་། བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། དཔའ་མོ་རྒྱ་མཚོ། གྲུབ་ཐོབ་རྒྱ་མཚོ། དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །མཆོག་དང་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ། ཡི་དམ་ཆོས་སྐྱོང་གཞན་གྱི་གཏོར་མ་འབུལ་བར་སྤྲོ་ན་སོ་སོའི་ལུགས་ལྟར་རམ། སྤྱི་ཙམ་དུ་མདོར་བསྡུས་པ་འདི་བཞིན་སྦྱར་ཏེ། ཨོཾ། ཆོས་དབྱིངས་རྣམ་དག་ངང་ལས་རླུང་མེ་དང་། །ཐོད་པའི་སྒྱེད་པུུ་པདྨ་བྷཉྫའི་སྣོད། །ཡངས་ཤིང་རྒྱ་ཆེར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བས་དམ་ཚིག་བདུད་རྩི་འབར། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩི་བཀུག །ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས། །འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་འཕྲོ། །ཟག་མེད་བདེ་བ་སྐྱེད་པའི་དམ་རྫས་འདིས། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོ་མཆོད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་སྲས་དང་བཅས། །འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་མཆོད། །རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ། །དབང་ཆེན་རྟ་མགྲིན་དཔའ་བོ་རྒྱ་མཚོ་མཆོད། །རིགས་ལྔའི་རང་བཞིན་གནས་ཡུལ་དུར་ཁྲོད་སྐྱོང་། །གསང་བ་ཡེ་ཤེས་མཁའ་འགྲོ་རྒྱ་མཚོ་མཆོད། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་འཁོར་བཅས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་ཅིང་། །བསྟན་པ་སྐྱོང་དང་རྣལ་འབྱོར་གྲོགས་མཛད་པ། །འདས་དང་མ་འདས་དམ་ཅན་རྒྱ་མཚོ་མཆོད། །གཙང་རིས་དཔལ་མགོན་ལྷ་སྲིན་སྡེ་བརྒྱད་ཚོགས། །དཀར་ཕྱོགས་སྐྱོང་མཛད་དགེ་བསྙེན་དམ་ཚིག་ཅན། །ཡུལ་གཞི་གནས་ཀྱི་བདག་པོ་མཐུ་བོ་ཆེ། །གཙུག་ལག་ཁང་དང་ཆོས་འཁོར་སྐྱོང་རྣམས་མཆོད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ། །རབ་ཏུ་གུས་པས་བསྟོད་ཅིང་བསྔགས་པར་བགྱི། །ཕྱི་ནང་གསང་བའི་མཆོད་པས་དགྱེས་ཚིམས་ནས། །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་དང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །མཐུན་རྐྱེན་ཡིད་ལ་གང་བསམ་འགྲུབ་པར་མཛོད། །ཐུན་མོང་མཆོག་གི་ལས་དང་དངོས་གྲུབ་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་སོ། །དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་དྲང་། ལྷའི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད། ལྷག་མ་བསྡུས་ལ་སློབ་དཔོན་གྱི་ཁ་བཤལ་བའི་ཆུས་བྲན། ཨོཾ་བཛྲ་ཨ་ཧ་ཧ་ཧ་ཨུཙྪིཥྚ་ཏྲེ་བ་ཏྲེ་པཾ། ཞེས་བྱིན་བརླབ། ཧཱུྃ། ཆོས་ཉིད་རྣམ་དག་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱུང་། །ཐབས་ཆེན་ཟླ་གསང་ཐིག་ལེ་ལས། །གཡར་དམ་ཅན་རྣམས་འདུ་བར་མཛོད། །མཁའ་འགྲོ་གིང་དང་དབང་ཕྱུག་དང་། །མ་མོ་འབྱུང་པོ་ཤ་ཟའི་ཚོགས། །གཤིན་རྗེ་ཡི་དྭགས་མ་ལུས་ཀུན། །དཔལ་གྱི་ཕམ་ཕབ་འདི་བཞེས་ལ། །ཞི་དང་རྒྱས་དང་དབང་ལ་སོགས། །མངོན་སྤྱོད་ལས་རྣམས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་བརྗོད་ལ་དཔལ་འབར་རོལ་མོ་དང་བཅས་ཕྱི་རོལ་དུ་དོར་རོ། །དེ་ནས་མཆོད་བསྟོད་མདོར་བསྡུས་བྱ། ཡིག་བརྒྱ་བརྗོད། བདག་ནི་མ་རིག་དབང་གྱུར་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །ཆོ་ག་ལྷག་ཆད་ཅི་མཆིས་པ། །དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལ། །རས་བྲིས་སོགས་རྟེན་ཡོད་ན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་སྤྱི་ལྟར་བརྟན་བཞུགས་བྱ། དམ་ཚིག་པ་ཨོཾ་ཨཱཿཧཱུྃ་གིས་བདག་ལ་བསྡུ། རྡུལ་ཚོན་ནམ་རྟེན་མེད་ན། མཆོད་ཡོན་སྦྲེང་ཞིང་དྲིལ་བུ་བསིལ་ལ་ཡིག་བརྒྱ་བརྗོད་ཅིང་། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཞིང་དུ་གཤེགས་སུ་གསོལ། །སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཡེ་ཤེས་སེམས་དཔའ་གཤེགས་གྱུར་ནས། །དམ་ཚིག་པ་རྣམས་འོད་དུ་ཞུ། །རང་གི་སྙིང་གར་ཐིམ་པར་གྱུར། །ཨ་ཀཱ་རོ་སོགས་བརྗོད་བཞིན་པས་མཆོད་གཏོར་རྣམས་བསལ་ཞིང་སིནྡྷུ་རའི་དཀྱིལ་འཁོར་མཐའ་ནས་བསྡུས་ལ་རིམ་བཞིན་རང་གི་གནས་གསུམ་དུ་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། ལྷག་མ་བདུད་རྩི་དང་བསྲེས་ཏེ་རིལ་བུར་བྱས་ལ་དམ་ཚིག་གི་རྫས་སུ་བཟུང་ཞིང་རྡུལ་ཚོན་ཆུ་བོར་དོར། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཀྲ་ཤིས་ནི། སློབ་དཔོན་པདྨའི་བཀྲ་ཤིས་ཤོག །རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་མོ་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །བསྔོ་སྨོན་ནི། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་གདབ་བོ། །ཅེས་པ་འདི་ནི་སྣང་རྩེ་ནས་སྡེ་པ་རིག་འཛིན་ཆེན་པོའི་ཉམས་བཞེས་ཀྱི་ཆེད་དུ། ཤཱཀྱའི་དགེ་སློང་དཀོན་མཆོག་འབངས་ཀྱིས་དགོན་པ་ཆེན་པོ་མཚུར་ཕུའི་བཀྲ་ཤིས་གསར་སྟེང་དུ་དཔའ་བོ་དགའ་སྟོན་གྱི་གྲལ་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། སླད་ནས་ཀུན་མཁྱེན་བླ་མ་རིན་པོ་ཆེའི་བཀའ་ལྟར་བློ་གྲོས་མཐའ་ཡས་ཀྱིས་ཁ་འཕང་རྣམས་དཀྱུས་སུ་བསྡེབས་ཏེ་བཀླག་ཆོག་ཏུ་བཀོད་པའོ།། །།
གནུབས་ལུགས་ཀྱི་དཔལ་མགོན་སྟག་ཞོན་གྱི་སྒྲུབ་ཐབས་དང་དབང་ཆོག་ (Volume 61, Text 45)
ཨཱོྃ་སྭསྟི། སངས་རྒྱས་ཀུན་གྱི་མཐུ་སྟོབས་གཟུགས། །དྲག་པོའི་གར་གྱིས་རྣམ་རོལ་པ། །སྟག་ཞོན་མགོན་ལ་གུས་བཏུད་ནས། །གང་དེའི་སྒྲུབ་ཐབས་ཉུང་ངུར་འབྲི། །འདིར་དཔལ་མགོན་སྟག་ཞོན་གནུབས་ལུགས་ཀྱི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། གནས་དབེན་པར་ཉེར་དགུ་སོགས་དུས་ཁྱད་པར་ཅན་ལ། བྲིས་སྐུ་ལ་སོགས་པའི་རྟེན་བཤམས་པའི་མདུན་དུ། མཎྜལ་གྲུ་གསུམ་མཐིང་ནག་ལ་ལྷ་གྲངས་ཀྱི་ཚོམ་བུ་བཀོད། དེའི་དབུས་སུ་གཏོར་མ་སྐུ་རྟེན་དང་མདའ་དར་ནག་པོས་བརྒྱན་པ་བཞག །མཐའ་མཆོད་གཏོར་སོགས་དམ་རྫས་རྣམས་ཀྱིས་བསྐོར། ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ནི། བདག་བསྐྱེད་གསང་བའི་བདག་པོའམ། ཡི་དམ་ཁྲོ་བོ་གང་རུང་གི་རྣལ་འབྱོར་ལ་གནས་པས། སྤྱི་དང་ཁྱད་པར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོའི་ས་གཞིར་ཨེ་ལས་བྱུང་བའི་ཆོས་འབྱུང་མཐིང་ནག་འབར་བའི་ནང་དུ་པད་ཉི་ལ་གནས་པའི་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྟག་ཞོན་ནག་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་གནག་ཅིང་། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་སྡང་མིག་གཡོ་ཞིང་དབུ་སྐྲ་དང་སྨ་ར་སྨིན་མ་འབར་བ། ཕྱག་གཡས་ཙནྡན་གྱི་བེང་ཆེན་ནམ་མཁར་འཕྱར་ཞིང་གཡོན་ལྕགས་པར་ཁྲག་གིས་གང་བ་ཞལ་དུ་གསོལ་བ། དར་ནག་གི་བེར་ཆེན་དགུ་བརྩེགས་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། སག་ཏིའི་ལྷམ་ཅན། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་ནག་གི་ཐོད་བཅིངས། གསེར་གྱི་རྣ་ཆ་ལ་སོགས་པས་བརྒྱན་པ། ཆིབས་སུ་སྟག་ཆེན་རྔམ་པ་བཅིབས་ཤིང་སེང་གེ་རོལ་དུ་ཁྲིད་པ། ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་ཞིང་ཅེ་སྤྱང་དོམ་དྲེད་ཕྱི་ནས་འབྲང་བ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཡོན་དུ་བྷྱོ་ལས་ལྷ་མོ་དམར་ནག་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ། ལྕགས་ཀྱི་དྲེལ་རྟ་རྐང་གསུམ་ལ་བཅིབས་ཤིང་རླུང་ནག་འཚུབས་མའི་དབུས་ན་བཞུགས་པའོ། །ཡབ་ཡུམ་དེ་དག་གི་གཡས་སུ་སྐུའི་མོན་པ་སྲོག་བདག་སྔོ་སྐྱ་གཡས་ཏྲི་ཤཱུ་ལའི་རྩེ་ལ་མི་རོ་བཙུགས་པའི་རྒྱལ་མཚན་དང་གཡོན་པས་དར་ནག་གི་རུ་མཚོན་འཕྱར་བ། གཡོན་དུ་གསུང་གི་མོན་པ་བཤན་པ་དམར་ནག་གཡོན་མ་ཧེའི་རྭ་དུང་འབུད་ཅིང་གཡས་ཕུར་བུ་དང་ཞགས་པས་དམ་ཉམས་འཆིང་བ། མདུན་དུ་ཐུགས་ཀྱི་མོན་པ་ཐེའུ་ནག་པོ་གཡས་སྤུ་གྲི་དང་གཡོན་མི་སྙིང་ཐོགས་པ། གཞན་ཡང་ཤ་ཟན་གྱི་མོན་པ། ཁྲག་འཐུང་གི་མོན་པ། སྲོག་གཅོད་ཀྱི་མོན་པ། བླ་འགུགས་ཀྱི་མོན་པ། སྙིང་འབྱིན་གྱི་མོན་པ། གཟེར་འདེབས་ཀྱི་མོན་པ། ཚེ་འཕྲོག་གི་མོན་པ་རྣམས་ལས་མཁན་གྱི་ཆ་ལུགས་ཅན། གཡས་རལ་གྲི་སོགས་མཚོན་ཆ་སྣ་ཚོགས་དང་གཡོན་ཐོད་ཁྲག་ཐོགས་པ། དེའི་ཕྱི་རོལ་དུ་མ་མོ་བདུན་ལ་སོགས་པ་མ་མོ་མཁའ་འགྲོ་ཤ་ཟ་གྲངས་མེད་པ་དང་བཅས་པས་བསྐོར་བའོ། །ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས། ལྕང་ལོ་ཅན། མ་ལ་ཡ། འོད་མའི་ཚལ། རི་རབ་ཀྱི་ཁོང་སེང་། རྡོ་རྗེ་གདན་ལ་སོགས་པ་ནས་མགོན་པོ་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ དུར་ཁྲོད་ཆེན་པོ་རབ་འཇིགས་པ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ལྷ་ཆེན་མ་ཧཱ་ཀཱ་ལ་དང༔ ལྕམ་མོ་དཔལ་ལྡན་རེ་མ་ཏཱི༔ འཁོར་དང་བཅས་པ་མ་ལུས་པ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ དམ་ཉམས་དགྲ་བོ་བསྒྲལ་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨཱོྃ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛ༔ ཏྲག་རཀྴ་ས་མ་ཡ་མཎྜལ་ཨཱ་ཀདྡྷ་ཨཱ་ཀདྡྷ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ཏིཥྛ་ཨ་བ་ལོ་ཀ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཛ༔ ཞེས་སྤྱན་དྲངས། ཧཱུྃ༔ རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མ་གཡེལ་བར༔ གྲུ་གསུམ་མཐིང་ནག་དཀྱིལ་འཁོར་འདིར༔ བཞུགས་ལ་བཅོལ་བའི་ཕྲིན་ལས་མཛོད༔ ཛཿཧཱུྃ་བཾ་ཧོཿམ་ཧཱ་ཀཱ་ལ་ཏིཥྛ་བཛྲ་ས་མ་ཡ་སཏྭཾ༔ ཞེས་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་སུ་གསོལ། ཡི་དམ་གྱི་སྔགས་མཐར་ཨཱོྃ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ས་མ་ཡ་སཏྭཾ། ཞེས་དམ་ལ་གཞག་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་བསམ་མོ།། ཧཱུྃ༔ ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང༔ ལྷ་དམག་དཀར་པོའི་དབུགས་འབྱིན་པ༔ ལེགས་ལྡན་ནག་པོ་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། མཆོད་པ་ནི། ཧཱུྃ༔ གདུག་པའི་དགྲ་དང་བགེགས་རྣམས་ཀྱི༔ དམར་གྱི་ཨརྒྷཾ་དབང་པོ་ལྔ༔ གསུར་ཆེན་སྤོས་དང་ཞུན་མར་མེ༔ སྦྱར་བའི་དྲི་དང་ཞལ་ཟས་མཆོག༔ སྙན་བརྗིད་རོལ་མོའི་མཆོད་པ་དང༔ ཤ་ལྔ་དང་ནི་བདུད་རྩི་ལྔ༔ ཉ་ཤ་ལ་དུ་ལ་ཕུག་དང༔ འབྲུ་བཅུད་ཆང་དང་ཁུར་བ་དང༔ འཆི་མེད་སྨན་དང་རཀྟའི་སྐྱེམས༔ བ་ལིཾ་བདུད་རྩིའི་གཏོར་མ་སོགས༔ ཕྱི་ནང་གསང་བའི་དམ་ཚིག་རྫས༔ ལོངས་སྤྱོད་ལྔ་ལྡན་འདི་དག་ཀུན༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཐུགས་དམ་དབང་གིས་བཞེས་སུ་གསོལ༔ ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། སྨན་དང་རཀྟ་འབུལ་ཚིགས་རིགས་མཐུན་སྔགས་དང་བཅས་པས་འབུལ་བའམ། བསྡུ་ན་གོང་གི་སྔགས་མཐར་མ་ཧཱ་པཉྩ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་པས་འབུལ། ཁྱད་པར་དུ་ལྗགས་བྱིན་གྱིས་བརླབས་ཏེ། རྩ་སྔགས་ཀྱི་མཐར་བ་ལིཾ་ཨི་དཾ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་ཧོ། རཀྟ་པི་པ་ཏོ་ས་མ་ཡ་སྭཱ་ཧཱ༔ ཞེས་པ་བདུན་གྱིས་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་སོགས་ནས་བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་སྟག་ཞོན་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སོགས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ༔ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་རྔམ་པའི་སྐུ་གཅིག་བྱུང་བ་ནི༔ མཐིང་ནག་མི་བསྲུན་འཇིགས་བྱེད་འབར་བའི་སྐུ༔ ལེགས་ལྡན་དཔའ་བོ་ཆེ་བཙན་དྲག་ཤུལ་ཅན༔ ས་གསུམ་དབང་སྒྱུར་སྟག་ཞོན་ནག་པོ་ཆེ༔ བསྟན་དགྲ་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁྲག་མཚོར་རྒྱུག་ཅིང་ཁམས་གསུམ་སྐད་ཅིག་ཉུལ༔ མ་གཅིག་རེ་མ་ཏཱི་ལ་ཕྱག་འཚལ་བསྟོད༔ ལེགས་ལྡན་ནག་པོའི་སྐུ་གསུང་ཐུགས་ལས་སྤྲུལ༔ དགྲ་བགེགས་སྒྲོལ་མཛད་དྲེགས་པ་བདུན་དུ་བསྟན༔ ཕྲིན་ལས་ཕོ་ཉ་དུར་ཁྲོད་མ་མོ་བདུན༔ ཡེ་ཤེས་དབྱིངས་ཀྱི་སྤྲུལ་པའི་འཁོར་ལ་བསྟོད༔ རྣམ་འཕྲུལ་ཕོ་ཉ་མ་ངེས་སྣ་ཚོགས་པ༔ མཆེ་བ་ཅན་དང་བྱ་གཅན་གདུག་པའི་ཚོགས༔ སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད་པ་འབུལ༔ བདག་ཅག་རེ་སྨོན་དུས་འདིར་འགྲུབ་པར་མཛོད༔ ཅེས་བསྟོད། བཟླས་པ་བྱ་བ་ནི། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སོ་སོའི་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་མ་ཧཱ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ སྐུའི་སྙིང་པོའོ། །ཨཱོྃ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ཎི་ཛ༔ གསུང་གི་སྙིང་པོའོ། །ཨཱོྃ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛཿདགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ ཐུགས་ཀྱི་སྙིང་པོ་སྟེ་བཟླས་པའི་གཙོ་བོ་འདི་ལ་བྱེད། ཏྲག་རཀྴ་ཧ་ལ་དགྲ་བོ་མཱ་ར་ཡ་ཛཿཛ༔ ལྷ་མོའི་སྙིང་པོའོ། །དུ་ན་རུ་དྲ་རུ་ཐུཾ་བྷ་ཏི་ཛ༔ ཤཱུ་ལ་རཱ་ཙ་ཏྲི་ཤཾ་ཛ༔ བཛྲ་ཏྲི་སྣ་སཱ་དྷུ་ཁ་ཐུཾ་ཏྲི་ས་མ་ཡ་ཛཿདགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་མོན་པའི་སྔགས་ཏེ་གཙོ་འཁོར་གྱི་འགྲོས་སྦྱར་ནས་ཅི་རིགས་བཟླས་པའི་མཐར། མཆོད་ཅིང་ཕྲིན་ལས་གསོལ། ཚོགས་མཆོད་དང་སྐོང་བཤགས་སོགས་སྤྲོ་ན་སྐབས་འདིར་བྱ། རྒྱུན་དུ་ཐུན་གཏོར་ཡོད་ན། ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །དཔལ་ལྡན་མ་ཧཱ་ཀཱ་ལ་ནི། །ལྷ་མོ་གཉན་དང་གཉིས་སུ་མེད། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་སྤྱི་དང་མཐུན་པར་བསྟབ། མཆོད་བསྟོད། བཟོད་གསོལ། གཤེགས་གསོལ། དམ་ཚིག་པ་བསྡུ་བ། སྨོན་ལམ་ཤིས་བརྗོད་རྣམས་བྱའོ། །བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་རྣམས་ཡིག་རྙིང་ལས་ཤེས་ཤིང་འདིར་ནི་གཏོར་ཆོག་ཙམ་སྨྲོས་པའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་བཟླས་པའི་བར་དང་ཕྲིན་ལས་གསོལ་བ་རྣམས་སྔར་བཞིན་བྱའོ། །སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱས། བགེགས་སྐྲོད་པ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་ཅི་རིགས་པ་བཤད་ནས། ཁྱད་པར་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་སྟག་ཞོན་ནག་པོ་ཞེས་བྱ་བ་བསྟན་པའི་བཀའ་སྲུང་ཐམས་ཅད་ཀྱི་ཆེ་བཙན་མཐུ་སྟོབས་དང་ནུས་པའི་བྱིན་རླབས་གཞན་ལས་ཁྱད་པར་དུ་འཕགས་པ་དེ་ཡིན། དེ་ཡང་རྡོ་རྗེ་འཆང་ཆེན་པོས་འདིའི་རྒྱུད་གསུངས་ཏེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་གཏད། དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ཤཱནྟིཾ་གརྦྷ། བཱ་སུ་དྷཱ་ར་སོགས་རིག་འཛིན་གྲུབ་ཐོབ་རྣམས་ལས་བརྒྱུད་དེ། གནུབས་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་བཀའ་བབས་པ་ཉིད། དགེ་བཤེས་གྲ་ང་ཀུན་གྲགས་ནས། སོ་བན་འབུམ་གྲགས། སྐྱོ་བན་མཐུ་ཆེན། ལྕེ་མདོ་སྡེ་སེང་གེ་སོགས་ལས་བརྒྱུད་པའི་སྐོར་དང་། ཤིན་ཏུ་ཟབ་པ་བཀའ་རྒྱ་ཅན་རྣམས་གནུབས་ཀྱིས་སྐོར་ཚོ་གསུམ་དུ་ཕྱེ་ནས་གཏེར་དུ་སྦས་པ་སྟེ། ནོར་སྲུང་ལྟར་སྒྲུབ་པ་བེང་མའི་སྐོར་རྣམས་ཉུག་གི་རྡོ་རྗེ་སྒྲོམ་བུ་དང་། བཀའ་སྡོད་ལྟར་སྒྲུབ་པ་ཏྲི་ཡཾ་མའི་སྐོར་ཕུང་པོ་རི་བོ་ཆེ་དང་། དྲག་སྔགས་སུ་སྒྲུབ་པ་དུག་གི་སྤུ་གྲིའི་སྐོར་གཡུང་གི་རྫ་ལྷུད་མོར་གཏེར་དུ་སྦས་པ་རྣམས། རྒྱ་ཞང་ཁྲོམ་རྡོ་རྗེ་འབར་གྱིས་གཏེར་ནས་བཏོན་པ་རོག་གྲགས་སེང་། རོག་ཤེར་དབང་། ལྕེ་མདོ་སྡེ་སེང་གེ་སོགས་ལས་བརྒྱུད་པ་སྟེ། བཀའ་གཏེར་བརྒྱུད་པ་གཉིས་ལྡན་གྱི་རྗེས་གནང་ཟབ་མོ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ལ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཐུགས་རྗེ་ཆེན་པོ་མངའ་བའི་བདག །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བསྟན་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །མགོན་པོའི་སྒྲུབ་ཐབས་བདག་ལ་སྩོལ། །ཅེས་ལན་གསུམ། སློབ་དཔོན་གྱིས། དཔལ་མགོན་མ་ཧཱ་ཀཱ་ལ་འདི། ཁྱོད་ཀྱིས་ལེགས་པར་མཆོད་ནུས་སམ། །ཕྲིན་ལས་བཅོལ་དང་དམ་ཚིག་རྣམས། །རྗེས་སུ་མཐུན་པར་བྱེད་ནུས་སམ། །ཞེས་དྲིས། དེས་ཀྱང་ནུས་པར་ཁས་བླང་། སླར་ཡང་སློབ་དཔོན་གྱིས། སྣོད་དང་ལྡན་པའི་བུ་ཁྱོད་ཀྱིས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མགོན་པོའི་སྒྲུབ་པ་ངས་སྦྱིན་གྱིས། ཁྱོད་ཀྱིས་སྤྲོ་བས་བརྩོན་པར་མཆོད། །ཅེས་གདམས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་རྒྱུན་བཤགས་བྱ། གཉིས་པ་དངོས་གཞི་ལ། སློབ་དཔོན་གྱིས་སློབ་མ་ཉིད་བདག་བསྐྱེད་ཀྱི་ཡི་དམ་དུ་སྒོམ་ཚུལ་འཕོག་ནས། མདུན་དུ་དུར་ཁྲོད་ཆེན་པོའི་ས་གཞིར་ཨེ་ལས་བྱུང་བའི་ཆོས་འབྱུང་མཐིང་ནག་སོགས་ནས། གྲངས་མེད་པ་དང་བཅས་པས་བསྐོར་བའོ། །ཞེས་པའི་བར་གོང་བཞིན་མདུན་བསྐྱེད་གསལ་འདེབས་སུ་གཞུག །སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་མགོན་པོའི་སྐུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ལུས་ལ་ཐིམ་པར་མོས་ཤིག །ཅེས་བརྗོད་ལ་སྔགས་དང་རོལ་མོའི་སྒྲ་སྦྱར། སྐུ་རྟེན་སྤྱི་བོར་བཞག་ལ། ཧཱུྃ༔ དམ་ཚིག་ཅན་གྱི་བུ་ཁྱོད་ལ༔ དཔལ་མགོན་སྐུ་ཡི་དབང་བསྐུར་བས༔ ཁྱོད་ཀྱིས་རྒྱུན་དུ་སྒྲུབ་པ་དང༔ སྐུ་ཡི་དངོས་གྲུབ་ཐོབ་པར་ཤོག༔ སྐུ་སྙིང་།་་་རྩ་སྔགས་ཀྱི་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བརྗོད་སྐུའི་དབང་ངོ་། །ཡང་སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས། མདུན་བསྐྱེད་དང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡི་གེ་དཔག་མེད་སྤྱན་དྲངས་ཁྱེད་རང་གི་མགྲིན་པར་ཐིམ་པར་མོས་ཤིག་བྱས་ལ། ཕྲེང་བ་གཏད་དེ། ཧཱུྃ༔ དཔལ་ཆེན་གསུང་གི་དབང་བསྐུར་བས༔ བསྙེན་སྒྲུབ་སྔགས་རྣམས་བཟླས་པ་ཡིས༔ ངག་གི་ནུས་པ་མཐར་ཕྱིན་ནས༔ གསུང་གི་དངོས་གྲུབ་ཐོབ་པར་ཤོག༔ གསུང་སྙིང་།་་་སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཐོན་པ་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་བསམ་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་གཞུག །གསུང་གི་དབང་ངོ་། །ཡང་སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་མཚན་དཔག་མེད་སྤྱན་དྲངས་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག་བྱས་ལ། ཙནྡན་གྱི་བེང་ལག་གཡས་སུ་གཏད་དེ། ཧཱུྃ༔ མ་ཧཱ་ཀཱ་ལའི་ཕྱག་མཚན་ནི༔ ཙནྡན་བེང་ཆེན་སྒོ་གསུམ་པ༔ ལྷ་དང་ལྷ་མིན་དམག་ཚོགས་འགྱེད༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཐུགས་སྙིང་།་་་སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་དབང་ངོ་། །དེ་ནས་གཏོར་མ་མགོན་པོར་གསལ་བ་སྤྱི་བོར་བཞག་ལ། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཧཱུྃ༔ ལྷ་ཆེན་ཁྱོད་དང་མི་འབྲལ་བའི༔ བཀའ་དང་དམ་ལ་བཏགས་པ་དང༔ ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕྱིར༔ དམ་རྫས་གཏོར་མའི་དབང་བསྐུར་རོ༔ གཙོ་འཁོར་ཡོངས་སྙིང་།་་་སྔགས་མཐར་མ་ཧཱ་བ་ལིནྟ་ཨ་བྷི་ཥིཉྩ་མི༔ ཞེས་དང་། བརྒྱུད་པའི་བཤར་འདེབས་དང་དམ་བསྒྲག་སྔོན་དུ་འགྲོ་བས་བཀའ་བསྒོ་རྒྱས་བསྡུས་ཅི་རིགས་པར་བྱ། གཏོར་མ་ལས་ཅུང་ཟད་བླངས་པ་བདུད་རྩི་ལ་སྦྱར་བ་དམ་བསྲེའི་སྔགས་་་་དམ་བཞག་ལྟར།མཆན།ཀྱིས་སློབ་མ་ལ་སྦྱིན། གཏོར་མ་ལ་ཡང་བྲན་ཏེ་ཐུན་མོང་མིན་པའི་དབང་དུའོ། །རྗེས་དམ་ཚིག་བསྒྲག་གཟུང་དང་མཎྜལ་ཡོན་འབུལ་རྣམས་སྤྱི་དང་འདྲ་ཞིང་། རྗེས་གཏོར་འབུལ་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཆོག་རྣམས་གོང་བཞིན་བྱའོ། །རྣམ་འ༵གྱུར་སྣ་ཚོགས་དྲག་པོའི་གར། །གཉིས་མེ༵ད་ཡེ་ཤེས་རྡོ༵་རྗེ༵འི་དངོས། །སྟག་ཞོན་སྒྲུབ་ཐབས་གནུབས་ཆེན་གྱི། །གདམས་པའི་རྒྱ་མཚོ་བཅུད་དུ་དྲིལ། །སྟག་ཞོན་གནུབས་ལུགས་ཀྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར་ཁྲོ་བོའི་ཛཔ྄་དམིགས་འབྲིང་པོ་བདེ་ཆེན་འབར་བའི་ཐིག་ལེ་ (Volume 62, Text 45)
མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར་ཁྲོ་བོའི་ཛཔ྄་དམིགས་འབྲིང་པོ་བདེ་ཆེན་འབར་བའི་ཐིག་ལེ་བཞུགས། །ཤྲཱི་སུ་ཁ་ཛྭ་ལཱ་ཡ། ཛཔ྄་དམིགས་བཟླས་པ་འབྲིང་པོའི་ཚེ། །བྱང་བུ་ཁྲིགས་བསྡེབས་ཛཔ྄་བསྐུལ་མཚམས། །ཐོག་མར་ཞི་བའི་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གི་བྱིན་བརླབས་གྱུར༔ ཨཱོྃ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་བྱིན་དབང་ཐོབ༔ ས་མ་ཡ༔ ཁྲག་འཐུང་གཙོ་བོའི་བཟླས་པའི་སྐབས༔ རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ ཐ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨཱོྃ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀཿཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ འབུམ་ཕྲག་གཅིག་བཟླས་དངོས་གྲུབ་འགྱུར༔ ས་མ་ཡ༔ ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་སོགས། རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ ས་མ་ཡ༔ དཀྱིལ་འཁོར་ཡོངས་རྫོགས་བཟླས་པའི་སྐབས། བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ འབྲིང་པོའི་སྐབས་འདིར་ཁྲག་འཐུང་རབ་འབྱམས་སྤྱི་དྲིལ་སྔགས། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྤྱི་དྲིལ་གང་འགྲུབ་བཟླས་པའི་མཐར། ཁ་བསྐང་ནུས་འཕེལ་བརྟན་པར་བྱ། །སྟོང་ཚིགས་བྱ་ཞིང་རོལ་མོ་འབུལ། །འདི་ནི་འབྲིང་པོའི་ཁྲིགས་སྡེབ་སྟེ། །རྒྱས་པ་གཏེར་གཞུང་ཉིད་ལ་ཡང་། །ཤིན་ཏུ་རྒྱས་སྐབས་འཕྲུལ་ཤེས་བྱ། །གཏེར་སློབ་འདུལ་འཛིན་རཏྣ་ཡིས། བསྙེན་སྒྲུབ་སྐབས་སུ་ཉེར་མཁོར་བྲིས། །འགལ་བཤགས་དགེ་ཚོགས་འགྲོ་ལ་བསྔོ། །མཆོག་གཏེར་བསྟན་པ་འཕེལ་རྒྱས་ཤོག །སརྦ་མངྒ་ལཾ།། །།
དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དྲག་སྔགས་བསྙེན་ལུགས་གསུམ་གྱི་གདམས་པ་ (Volume 25, Text 45)
དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དྲག་སྔགས་བསྙེན་ལུགས་གསུམ་གྱི་གདམས་པ་བཞུགས་སོ༔ ན་མོ་ཧ་ཡ་གྲཱི་བཱ་ཡ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དྲག་སྔགས་བསྙེན་ལུགས་གསུམ་དུ་བསྟན༔ འཇིག་རྟེན་ལས་ལ་གཟུད་པའི་ཕྱིར༔ དྲེགས་པ་གཅུན་པའི་བསྙེན་པ་དང༔ ཏིང་འཛིན་ལས་སུ་རུང་བའི་ཕྱིར༔ གསང་བ་སྔགས་ཀྱི་བསྙེན་པ་དང༔ རྟོགས་པ་མངོན་སུམ་བྱ་བའི་ཕྱིར༔ ལྟ་བ་སྐྱེ་མེད་བསྙེན་པ་འོ༔ རྒྱ་རྒྱ་རྒྱ༔ དྲེགས་པ་གཅུན་པའི་བསྙེན་པ་ནི༔ ཡི་དམ་སྔགས་ཀྱིས་མགོ་དྲངས་ཏེ༔ སྡེ་བརྒྱད་གནད་ལ་དབབ་པ་ཡི༔ དྲག་སྔགས་ཐེམ་དུ་བསྟན་པར་བྱ༔ ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཡ་མཱནྟ་ཀ་ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨེ་ཛཿཧཱུྃ་བཾ་ཧོ༔ སརྦ་ཨེ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛ༔ ཨེ་མཱ་ར་ཡ་རྦད༔ ཡ་མ་ཡ༔་་་གཤིན་རྗེ། མ་མ་རུ་ལུ་མ༔་་་མ་མོ། མ་ཧཱ་དེ་ཝ་ཨ༔་་་ལྷ་ཆེན། ཏཱིརྟི་ཀ་དུ༔་་་མུ་སྟེགས། ཡཀྴ་ཤྭ༔་་་གནོད་སྦྱིན། རཱ་ཙ་ཙ༔་་་རྒྱལ་པོ། ཤུ་ལ་ཙ་ཙ༔་་་དྲེགས་པ་སྲོག་ཟན་དམར་པོ། ཧཾ་ཤཾ་ཏྲི༔་་་འགོང་པོ། རཀྴ་ར༔་་་སྲིན་པོ། རུ་དྲ་ཧ༔་་་བདུད། བཛྲ་སཱ་དྷུ་ཏྲི༔་་་རྡོ་རྗེ་ལེགས་པ། རུ་དྲ་རུ༔་་་དམ་སྲི། བིཥྞུ་ར༔་་་གཟའ། མུན་མུན་པ༔་་་བདུད། བི་ནཱ་ཡ་ཀ་ཏྲི༔་་་བགེགས། ཨ་བི་ཤུ་ལ་ཛ༔་་་བཙན་ཡ་བ་རྐྱ་བདུན། ཏྲི་ནུ་ཤུ་ལ་ཏྲི༔་་་ཐེའུ་རང་། ནཱ་ག་ཕུ༔་་་ཀླུ་བདུད་རྣམས་ཀྱི་སྲོག་སྙིང་། ཨེ་སརྦ་སྙིང་གཟིར་བྲེང་ཤག་ཡཾ་རྦད༔་་་གཟིར་སྔགས་སོ། །གོང་དུ་བསྙེན་པ་སོང་བ་ཡིས༔ བདག་ཉིད་ཏིང་འཛིན་རྩལ་ཤུགས་བསྐྱེད༔ བདག་གམ་གཞན་ལ་འཚེ་དུས་སུ༔ དྲེགས་པ་གང་ཡིན་ཤེས་པ་ན༔ དེ་ཉིད་ཁོ་ན་ཐེམ་དུ་གཞུག༔ ཤིས་ལ་ཚན་ཆེ་མྱུར་བ་ཡིན༔ དྲེགས་པ་གང་ཡིན་མ་ཤེས་ན༔ ཐམས་ཅད་དྲིལ་ཏེ་བཟླ་བ་ཡིན༔ བདག་གམ་གཞན་གྱི་དགྲ་བསད་ན༔ དྲེགས་པའི་གཟིར་སྔགས་མཇུག་ཉིད་དུ༔ དགྲ་བགེགས་མིང་ནས་གང་བླངས་པ༔ དེ་མ་ཐག་ཏུ་བརླག་པར་འགྱུར༔ དྲག་སྔགས་ཐེམ་ཡིག་བསྙེན་དུས་སུ༔ སྔགས་རྣམས་མཚོན་ཆའི་རང་བཞིན་ཅན༔ དྲེགས་པ་གང་གནོད་བསྒྲལ་བར་བསམ༔ དེ་ལས་ཡེ་ཤེས་མེ་ཕུང་དང༔ དྲག་སྔགས་མཚོན་ཆའི་འཁོར་ལོ་འཕྲོས༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་དང༔ འབྱུང་པོ་ཀླུ་རིགས་རྒྱལ་བསེན་སོགས༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐམས་ཅད་མ་ལུས་བསྲེག་པར་བསམ༔ འདི་ལྟར་བསྒྲུབས་པའི་དྲག་སྔགས་ཀྱིས༔ གཟའ་ཀླུ་གནོད་སྦྱིན་གཏུམ་པོ་སོགས༔ དྲེགས་པ་མཐུ་སྟོབས་ཆེ་རྣམས་ཀྱང༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐལ་བ་རྡུལ་དུ་བརླག་འགྱུར་ན༔ ས་བདག་རྒྱལ་བསེན་ལ་སོགས་པ༔ འབྱུང་པོ་ཕྲ་མོ་སྨྲོས་ཅི་དགོས༔ བརྡར་བསྲེགས་སྟེང་གི་རྩ་སྦུར་བཞིན༔ ཐམས་ཅད་མ་ལུས་བསྲེག་པར་འགྱུར༔ དྲེགས་པ་གཅུན་པའི་བསྙེན་པ་འོ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གསང་བ་དྲག་སྔགས་བསྙེན་པ་ནི༔ དཀྱིལ་འཁོར་དམ་པ་གཉིས་རྫོགས་ནས༔ ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས༔ རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས༔ གསལ་ཞིང་བརྟན་པའི་གཟི་བརྗིད་དང༔ སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས༔ རྒྱལ་བ་རྒྱ་མཚོར་མཉེས་མཆོད་ཕུལ༔ འགྲོ་དྲུག་སེམས་ཅན་ལོག་རྟོག་སྦྱངས༔ ཐམས་ཅད་སྔགས་ཀྱི་རང་སྒྲར་འུར༔ ཡང་དག་བསྐྱེད་རིམ་བརྟན་པོའི་ངང༔ ཕཊ་ཕཊ་ཕཊ་ཀྱི་སྒྲ་བརྗོད་པས༔ སྣང་སྲིད་དྲེགས་པ་ཐམས་ཅད་ཀྱང༔ འདར་ཞིང་བདག་ལ་འདུད་པར་བསམ༔ དངོས་པོ་འབྱུང་བ་ཐམས་ཅད་ཀུན༔ ལྷ་དང་སྔགས་སུ་བྱིན་གྱིས་བརླབ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོ་ཐོབ༔ བྱིན་རླབས་ཐུགས་ཀའི་ཧཱུྃ་ལ་བསྡུ༔ དེ་ལ་སེམས་བཟུང་མ་ཡེངས་བཞག༔ རྒྱ་རྒྱ་རྒྱ༔ ྈྈྈ ལྟ་བ་ཆོས་ཉིད་བསྙེན་པ་ནི༔ གདོད་ནས་སྣང་སྲིད་འཁོར་འདས་ཀུན༔ སྐྱེ་མེད་བརྗོད་བྲལ་ཆོས་ཀྱི་སྐུ༔ ཆོས་སྐུ་དག་པའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་བཞེངས༔ ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རྣམས༔ མ་སྐྱེས་གདོད་ནས་རང་ལ་རྫོགས༔ སྣང་ལ་རང་བཞིན་མེད་པའི་ངང༔ འགག་མེད་འོད་གསལ་ཕྱོགས་བཅུར་འབར༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ སྟོང་གསལ་རང་བྱུང་དཀྱིལ་འཁོར་ཏེ༔ དམིགས་སུ་མེད་ལ་མངོན་སུམ་གསལ༔ བྱར་མེད་ངང་ནས་སྙིང་པོའི་སྔགས༔ གྲགས་སྟོང་བྲག་ཅའི་རང་སྒྲར་འུར༔ སྐྱེ་འགག་མེད་པའི་ཏིང་འཛིན་ལ༔ མ་ཡེངས་ངང་གིས་བཞག་པ་ནི༔ མཐར་ཐུག་དབང་ཆེན་སྒྲུབ་པའི་ཐབས༔ དམ་པའི་དོན་གྱི་མན་ངག་གོ༔ དེ་ལྟར་རང་སེམས་རྣལ་འབྱོར་པས༔ སྐད་ཅིག་འབྲས་བུ་ཆོས་སྐུ་ཐོབ༔ དམིགས་མེད་སྙིང་རྗེས་གཟུགས་སྐུར་བཞེངས༔ ཕྲིན་ལས་རྟ་མཆོག་ཉིད་དང་མཉམ༔ སྙིགས་མ་འབྲས་བུའི་དུས་ཚོད་དུ༔ གདམས་པ་འདི་ཉིད་དར་ནས་ཀྱང༔ སྤྲུལ་པ་རིམ་ནས་རིམ་བརྒྱུད་པས༔ འགྲོ་བའི་དོན་ཆེན་བྱེད་པར་ཤོག༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མངའ་བདག་ཁྲི་སྲོང་དང་ལོ་ཆེན་བཻ་རོ་ཙ་ན་ལ་གདམས་པ་ྀཨཚ༔ གཏེར་རྒྱ༔ གབ་རྒྱ༔ གཏད་རྒྱ༔ སྤ་གྲོ་དཔྱད་དཀར་སྟག་ཚང་གི་བྲག་དམར་པོ་མེ་ལྕེ་མཆེད་པ་འདྲ་བ་ནས་དྲག་སྔགས་ཀྱི་གཏེར་སྟོན་གྲུ་གུ་ཡང་དབང་གཏེར་གྱིས་སྤྱན་དྲངས་པའོ།། །།
བྲམ་ཟེ་སྡོམ་པ་བཟང་པོའི་རླུང་འཁོར་གྱི་དཔེའུ་རིས་བྲི་ཐབས་ལྟར་སྔོན་མེད་གསར་དུ་བྲིས་པ་ (Volume 42, Text 45)
༈ བྲམ་ཟེ་སྡོམ་པ་བཟང་པོའི་རླུང་འཁོར་གྱི་དཔེའུ་རིས་བྲི་ཐབས་ལྟར་སྔོན་མེད་གསར་དུ་བྲིས་པ་བཞུགས་སོ། ། ༈ འདི་ནི་བལ་ཡུལ་ཞེ་ཆེན་པར་གསར་སྐབས་པར་ལས་སྲི་ཞུ་པས་བྲི་ ཐབས་ཁ་གསལ་ཡོད་པ་ལྟར་དཔྱད་ནས་གསར་དུ་བྲིས་པ་ཡིན་ཞིང་ དོན་དུ་འགྱུར་མིན་ཡང་མ་ཤེས་ལ། སྔོན་གྱི་དཔེ་རིས་སྙིང་པ་རིང་ བརྒྱུད་ཅན་མིན་པ་ཡང་མཁྱེན་དགོས་པ་གལ་ཆེ་བར་ཞུའོ། །
མཁའ་འགྲོ་གསང་བ་ཀུན་འདུས་ལས༔ དཔའ་བོ་དཔའ་མོའི་སྒྲུབ་ཐབས (Volume 34, Text 45)
མཁའ་འགྲོ་གསང་བ་ཀུན་འདུས་ལས༔ དཔའ་བོ་དཔའ་མོའི་སྒྲུབ་ཐབས་བཞུགས༔ ྈ ྈྈྈྈྈྈྈ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ དཔའ་བོ་དཔའ་མོའི་སྒྲུབ་ཐབས་ནི༔ ཕྲིན་ལས་ཀྱི་གཞུང་བསྲངས་ལ༔ ཕག་མོ་ལྷ་ལྔའི་བསྐྱེད་རིམ་མཐར་ཐུག་པའི་བར་གསལ་གདབ༔ དེ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་ཡུལ་ཉེར་བཞིིའི་དཔའ་བོ་རྣལ་འབྱོར་མ་བསྐྱེད་པར་བྱ་སྟེ༔ ཧཱུྃ༔ སྙིང་པོའི་འཁོར་ལོའི་པད་འདབ་བཞིའི༔ ཕྱི་རོལ་མུ་ཁྱུད་གསུམ་ལྡན་གྱི༔ ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ༔ ཨིནྡྲ་ནཱི་ལའི་མདངས་ལྡན་པའི༔ ཤར་རྩིབས་པུལླི་ར་མ་ལར༔ ཁཎྜ་ཀ་པཱ་ལ་གཏུམ་མོ༔ ལྷོ་རྩིབས་ཨརྦུ་ཏ་ཡི་དབུས༔ མཆེ་བ་རྣམ་གཙིགས་སྣ་ཆེན་མ༔ ནུབ་རྩིབས་ཨོ་ཌཱི་ཡ་ན་རུ༔ ཀཾ་ཀཱ་ལ་དང་འོད་ལྡན་མ༔ བྱང་རྩིབས་ཛཱ་ལནྡྷ་ར་རུ༔ མ་ཧཱ་ཀཾ་ཀཱ་གཏུམ་མིག་མ༔ ཤར་ལྷོར་གོ་ད་ཝ་རི་རུ༔ སུ་རཱ་བཱི་ར་བློ་ཅན་མ༔ ལྷོ་ནུབ་རཱ་མེ་ཤྭ་ར་རུ༔ འོད་དཔག་མེད་དང་མིའུ་ཐུང་མ༔ ནུབ་བྱང་དེ་བཱི་ཀོ་ཊི་རུ༔ རྡོ་རྗེའི་འོད་ཅན་ལངྐ་མ༔ བྱང་ཤར་མ་ལ་བ་ཡི་དབུས༔ རྡོ་རྗེའི་སྐུ་དང་ཤིང་གྲིབ་མ༔ ཀུན་ཀྱང་ཁྲོ་ཉམས་སྐུ་མདོག་སྔོ༔ མཁའ་ལ་སྤྱོད་པའི་ཚུལ་གྱིས་རོལ༔ དེའི་ཕྱིར་གསུང་གི་འཁོར་ལོ་བརྒྱད༔ པདྨ་རཱ་གའི་མདངས་ལྡན་པའི༔ ཤར་རྩིབས་ཀཱ་མ་རཱུ་པ་རུ༔ ཨཾ་ཀུ་རི་དང་ཨེ་ར་ཝི༔ ལྷོ་རྩིབས་ཀོ་ས་ལ་ཡི་དབུས༔ རྡོ་རྗེ་ཧཱུྃ་མཛད་ཆང་འཐུང་མ༔ ནུབ་རྩིབས་ཏྲི་ཤ་ཀུ་ནེ་རུ༔ དཔའ་བོ་ཆེན་པོ་རླུང་ཤུགས་མ༔ བྱང་རྩིབས་ཨོ་ཊི་སྡྱཱ་ནར༔ རྡོ་རྗེ་རལ་ཅན་འཇིགས་བྱེད་མ༔ ཤར་ལྷོར་ཀ་ལིངྐ་ཡི་དབུས༔ རབ་ཏུ་བཟང་པོ་ཤྱ་མ་དེ༔ ལྷོ་ནུབ་ལམྦ་ཀ་ཡི་དབུས༔ རྡོ་རྗེ་བཟང་པོ་ཤིན་ཏུ་བཟང༔ ནུབ་བྱང་ཀཉྩིའི་རྩིབས་དབུས་སུ༔ འཇིགས་བྱེད་ཆེན་པོ་རྟ་རྣ་མ༔ བྱང་ཤར་ཧི་མ་ལ་ཡ་རུ༔ མིག་མི་བཟང་དང་ཁ་གཱ་ནཱི༔ ཀུན་ཀྱང་ཆགས་ཉམས་སྐུ་མདོག་དམར༔ ས་སྟེང་སྤྱོད་པའི་ཚུལ་གྱིས་བཞུགས༔ དེའི་ཕྱིར་སྐུ་ཡི་འཁོར་ལོ་བརྒྱད༔ ཟླ་བའི་འོད་ལྟར་དྭངས་པའི་དབུས༔ ཤར་རྩིབས་པྲེ་ཏ་པུ་རི་རུ༔ སྟོབས་ཆེན་འཁོར་ལོའི་ཤུགས་འཆང་མ༔ ལྷོ་རྩིབས་སུ་ཝརྞ་དྭཱི་པར༔ ནམ་སྙིང་འཁོར་ལོའི་གོ་ཆ་མ༔ ནུབ་རྩིབས་སཽ་རཱཥྚ་རུ༔ རྟ་མགྲིན་དཔའ་བོ་ཤཽཎྜི་ནཱི༔ བྱང་རྩིབས་གྲྀ་ཧ་དེ་བ་རུ༔ རིན་ཆེན་རྡོ་རྗེ་དུམ་སྐྱེས་མ༔ ཤར་ལྷོར་ན་ག་ར་ཡི་རྩིབས༔ ཧེ་རུ་ཀ་དང་ཤིན་ཏུ་དཔའ༔ ལྷོ་ནུབ་སིནྡྷུ་ར་ཡི་རྩིབས༔ པདྨ་གར་དབང་སྟོབས་ཆེན་མ༔ ནུབ་བྱང་མ་རུ་ཏཱ་ཡི་རྩིབས༔ རྣམ་པར་སྣང་མཛད་འཁོར་སྒྱུར་མ༔ བྱང་ཤར་ཀུ་ལུ་ཏཱ་ཡི་རྩིབས༔ རྡོ་རྗེ་སེམས་དཔའ་བརྩོན་ཆེན་མ༔ ཀུན་ཀྱང་ཞི་ཉམས་སྐུ་མདོག་དཀར༔ ས་འོག་སྤྱོད་པའི་ཚུལ་གྱིས་འགྱིང༔ དཔའ་བོ་དཔའ་མོ་ཐམས་ཅད་ཀྱང༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྟག་གི་པགས་པའི་ཤམ་ཐབས་གྲོལ༔ ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ༔ གཡས་བརྐྱང་པད་ཉི་རོ་སྟེང་བཞེངས༔ ཡུམ་རྣམས་ཁ་ཊྭཱཾ་ཐོད་ཁྲག་གིས༔ ཡབ་ལ་འཁྱུད་ཅིང་བརྐྱང་བསྐུམ་རོལ༔ ཡེ་ཤེས་མེ་ཕུང་འཕྲོ་བའི་དབུས༔ ཁྲོ་འཛུམ་ཞི་ཆགས་ཉམས་འགྱུར་རྫོགས༔ རང་རང་རིགས་ཀྱི་ཚོམ་བུ་འབུམ༔ ཉི་དང་འོད་ཟེར་བཞིན་དུ་འཕྲོ༔ བདེ་ཆེན་གཟི་བརྗིད་འབར་བར་བཞུགས༔ ཞེས་གསལ་གདབ་ཅིང༔ དེ་ནས་སྒོ་བཞིར་ཕྲ་མེན་བཞི༔ མཚམས་བཞིར་དམ་ཚིག་གི་མཁའ་འགྲོ་བཞི་བསྐྱེད་པ་སོགས་ཕྲིན་ལས་ལྟར་བྱའོ༔ བཟླས་པའི་སྐབས་སུ་བབ་པ་ན༔ ཐུགས་ཀྱི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་སྦྱངས༔ ཡེ་ཤེས་དགོངས་པ་མངོན་གྱུར་བསམ༔ ཨོཾ་ཙིཏྟ་ཙཀྲ་པུ་ཛཱ་ཨོ་ཨ་གོ་རཱ་དེ་མ་ཧཱུྃ་ཧཱུྃ་ཕཊ༔ གསུང་གི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨཱ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ གསུང་གི་དམ་ཚིག་ཉམས་ཆག་སྦྱངས༔ སྔགས་ཀྱི་ནུས་པ་འབར་བར་བསམ༔ ཨོཾ་ཝཱ་ཀཱ་ཙཀྲ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་ཧཱུྃ་ཧཱུྃ་ཕཊ༔ སྐུ་ཡི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨོཾ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ སྐུ་ཡི་དམ་ཚིག་ཉམས་ཆག་སྦྱངས༔ བདེ་ཆེན་གཟི་བྱིན་རྒྱས་པར་བསམ༔ ཨོཾ་ཀཱ་ཡ་ཙཀྲ་པྲེ་གྲྀ་སཽ་སུ་ན་སི་མ་ཀུ་ཧཱུྃ་ཧཱུྃ་ཕཊ༔ དེ་ལྟར་དམིགས་པ་གསལ་བས་འབུམ་ཕྲག་རེ་བཟླས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང༔ ལུས་བདེ་ཆེན་གྱི་གཟི་བརྗིད༔ ངག་སྔགས་ཀྱི་ནུས་པ༔ ཡིད་ཡེ་ཤེས་ཀྱི་དགོངས་པ་རྣམས་མངོན་དུ་འགྱུར་ཞིང་ཚེ་འདིར་ཡུལ་དང་ཡུལ་ཆེན་རྣམས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ལམ་གྱི་གྲོགས་མཛད་དེ་མྱུར་དུ་བདེ་བ་མཆོག་རྡོ་རྗེ་བཙུན་མོའི་གོ་འཕང་ལ་སྦྱོར་བར་འགྱུར་རོ༔ ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་བདེ་མཆོག་རོལ་པའི་རྒྱུད་ལས་བཏུས་ཏེ་རིགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་གྱི་དོན་དུ་གདམས་ཤིང་གཏད་པ་སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོའི་ཟབ་གཏེར་སླད་ནས་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བཀླག་ཆོག་ཏུ་བཀོད་པ་ཧ་ལའི་བཅུད་ལེན་ (Volume 18, Text 45)
༄༅། །འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་བཀླག་ཆོག་ཏུ་བཀོད་པ་ཧ་ལའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། དུག་གསུམ་མཐར་ཕྱིན་དུག་གསུམ་འཇོམས། །ཟློག་མེད་གཤེད་ཆེན་དུག་ཁྲག་མདོག །འཇམ་དབྱངས་ཤིན་ཏུ་ཁྲོས་པའི་ལྷར། །བཏུད་ནས་སྨིན་བྱེད་སྙིང་པོ་བཀོད། །འདི་ལ་སྦྱོར་བ་གཤོམ་ནི། སྟེགས་བུར་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་གཙོ་འཁོར་བདུན་བཀོད་པའི་སྟེང་ཁྲིའུའི་སྟེང་ཐོད་པའམ་ལྕགས་སྣོད་དུ་གྲུ་གསུམ་བསྣོལ་མའི་གདན་དབུས་དམར་གཏོར་ཟུར་གསུམ་ཁྲམ་རིས་ཅན། ཟུར་དྲུག་ཏུ་དམར་གཏོར་དྲུག་གིས་བསྐོར་བ་ལ་མེ་རི་ཤ་ཁྲག་གིས་བརྒྱན། སྐུ་ཙཀ་དང་གདུགས་བཙུགས། གཙོ་འཁོར་བདུན་ལ་རྩང་ཐུར་ཤ་རྒྱན་རེ་རེ་གཟུག་པའི་ཕྱག་ལེན་ཡང་སྣང་ངོ་། །སྨན་རཀ་གཏོར་མཆོད་སྤྱི་མཐུན་བྱ། དངོས་གཞིའི་ཐོག་མར་ལས་བྱང་རྒྱས་པ་མི་ལྕོགས་ན་ཆགས་མེད་ལུགས་ཀྱི་ཁྲོ་ཆུ་གནམ་ལྕགས་གོ་མཚོན་སྐྱབས་སེམས་ནས་བརྩམ་མཐར་ཆགས་སུ་གཏང་། བདག་མདུན་གཉིས་ཚིག་རིས་གཅིག་གིས་མཉམ་དུ་བསྐྱེད། རྒྱས་པའི་ལུགས་ཀྱི་སེར་མ་རྣམས་སྐབས་འདིར་མི་མཁོ་བས། མངོན་རྟོགས་ནང་དེ་ཡི་ཕྱི་རོལ་ནས། འབར་བར་གྱུར། བར་དང་། དེ་ཡི་ཐུགས་ཀར་ནས། དམར་ནག་མཚན་པར་གྱུར། བར་བཞག །རཀྟའི་མཆོད་པ་སོང་ནས་ཞི་བསྙེན་བཞག་ལ། ཐུགས་ཀའི་ཧཱུྃ་མཐར་སོགས་ཀྱིས་དམིགས་པའི་སྤྲོ་བསྡུ་བདག་མདུན་གཉིས་ཆར་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་དང་། མདུན་བསྐྱེད་ལ་དོ་ལིའི་བཟླས་པའི་མཐར་ཏིང་འཛིན་དབང་ལེན་བྱ། ཧཱུྃ། ཕྱི་སྣོད་འཇིག་རྟེན་སོགས་ཀྱིས་གཏོར་འབུལ་བསྟོད་པ་ཡན་གྲུབ་ནས། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། དེ་ནས་སློབ་མ་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་སེམས་བསྐྱེད་གསལ་གདབ་རྣམས་བྱས་ལ། དེའང་རྗེ་བཙུན་འཇམ་དཔལ་དུས་དགྲའི་དབང་པོ་འཁོར་འདས་ཐམས་ཅད་ཀྱི་ཕྱག་རྒྱ་ཟིལ་གྱིས་གནོན་པར་མཛད་པ་འཇིགས་བྱེད་ཧེ་རུ་ཀ་དཔལ་ཉིད་དཀྱིལ་འཁོར་རབ་འབྱམས་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་ཏེ། འབར་བ་ཆེན་པོ་ཉམས་བརྒྱར་རོལ་པའི་གར་གྱིས་བདུད་དང་གདུག་པ་ཅན་ཉོན་མོངས་རང་རྒྱུད་དུ་འཁྲུལ་པ་རྣམས་ཤུགས་སྒྲོལ་དྲག་པོས་འདུལ་བའི་རྣམ་འགྱུར་བསམ་ལས་འདས་པ་སྟོན་པར་མཛད་པ་ལས། ཕྱི་རོལ་ཕྲ་མེན་གདུག་པའི་ངན་སྔགས་དང་ནང་པའི་ཡི་དམ་ཆོས་སྐྱོང་རྣམས་ཀྱི་གསང་སྔགས་ལ་བརྟེན་པའི་བྱད་ཕུར་རྦོད་གཏོང་གཙོ་བོར་གྱུར་པའི་གློ་བུར་བར་གཅོད་མ་རུངས་པ་ཐམས་ཅད་ཀྱི་གཉེན་པོར། ཟློག་མེད་ལས་ཀྱི་གཤིན་རྗེ་ཤིན་ཏུ་དྲག་པོའི་ཚུལ་དུ་ཁྲོས་ཤིང་རིགས་གསུམ་གྱི་མཐུ་སྟོབས་ནུས་བྱིན་གཅིག་ཏུ་བསྡུས་པ་ཁྲོ་ཆུ་དུག་གདོང་གི་གདམས་སྐོར་རྣམས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས་སྤྱན་དྲངས་པའི་དུག་དབང་བསེ་སྒྲོམ་ལས་ཁོལ་དུ་ཕྱུང་བ་སྨིན་བྱེད་ཀྱི་སྙིང་པོ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །དེ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་ཆེན་པོ་བདག་ལ་དགོངས། །བདག་ནི་བླ་མ་ལྷ་ལ་རབ་ཏུ་དད། །ལས་ཀྱི་གཤིན་རྗེ་ནག་པོ་ཡི། །བྱིན་རླབས་དབང་རྣམས་བསྩལ་དུ་གསོལ། །ལན་གསུམ། བླ་མས། ཁྱོད་ནི་སྣོད་དང་མི་ལྡན་པའི། །མུ་སྟེགས་ཅན་དང་རིགས་ངན་དང་། །ལོག་ལྟ་ཅན་དང་དམ་མེད་ཅན། །ཉམས་པ་ཅན་དང་ལོག་སེམས་ཅན། །གཡོ་སྒྱུ་ཅན་རྣམས་མ་ཡིན་ནམ། །ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །མུ་སྟེགས་ལོག་ལྟ་ཉམས་པ་ཅན། །གཡོ་སྒྱུ་ཅན་སོགས་མ་ཡིན་པས། །བདག་ལ་གནང་བར་མཛད་དུ་གསོལ། །ཅེས་བརྗོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ་ལ་རྩ་གསུམ་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། དུས་འདི་ནས་བཟུང་སོགས་ལས་བྱང་ལྟར་ལན་གསུམ། སེམས་ཅན་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་པོའི་གོ་འཕང་ལ་འགོད་པའི་ཕྱིར་བདག་གིས་སྨིན་གྲོལ་གྱི་ལམ་བཟང་དུ་འཇུག་པར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་ཐོབ་ལ་འདིའི་རྗེས་ཟློས། །སྣང་གྲགས་ཆོས་རྣམས་སོགས་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་དང་། སྭཱ་བྷཱ་བས་སྦྱང་། སྣང་གྲགས་ཀྱི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པའི་ངང་ལས་ས་ཕྱོགས་མཚོན་ཆ་ཚ་གྲང་འཁྲུགས་པའི་དབུས་སུ་ཆོས་འབྱུང་གྲུ་གསུམ་དམར་ནག་བསྣོལ་མ་དང་བྱད་མ་པད་ཟླ་ཉི་མའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པ་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག །དབུ་གསུམ་གྱི་སྟེང་ན་དུག་དང་ཁྲོ་ཆུ་ལྕགས་ལས་གྲུབ་པའི་མཆོད་རྟེན་གསུམ་གྱིས་བརྒྱན་པ། ཕྱག་དྲུག་གཡས་གསུམ་དགྲ་སཏྭ་དང་གཡོན་གསུམ་བྱད་མའི་ཙིཏྟ་སྲོག་རྩ་དང་བཅས་པ་བསྣམས་པ། སྤུ་གྲིའི་གཤོག་པ་ནམ་མཁར་གདེངས་ཤིང་དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྐུ་སྨད་ཁྲོ་ཆུའི་ཕུར་པ་ཆུ་སྲིན་གྱི་རྔམས་ཞལ་དང་སྦྲུལ་ནག་གི་ཆུན་པོས་བརྒྱན་པ། དུག་གི་མེ་རླུང་འཁྲིགས་པའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཡས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་ནས་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་སྐུ་ཆེ་ཕྲ་སྣ་ཚོགས། གསུང་སྔགས་ཀྱི་ཕྲེང་བ། ཐུགས་གནམ་ལྕགས་ཀྱི་རྡོ་རྗེ་དང་ཡ་མཐིང་ནག་ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག །གུ་གུལ་ཚིལ་དུད་རོལ་མོའི་སྒྲ་སྦྱར་ལ། ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། ཞེས་སོགས་ལས་བྱང་གི་སྤྱན་འདྲེན་བྱས་པའི་མཇུག་ཏུ། རྩ་སྔགས་ལ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་མང་དུ་བརྗོད་ལ་དབབ། ཡེ་ཤེས་པ་དེ་ཉིད་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག །དེ་ནས་དབང་བསྐུར་དངོས་གཞི་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ། སངས་རྒྱས་བསྟན་པ་བསྲུང་བ་དང་། །སློབ་དཔོན་སྐུ་དགྲ་འདུལ་བ་དང་། །རུ་དྲ་ཆམ་ལ་ཕབ་པ་དང་། །དཀོན་མཆོག་དབུ་འཕང་བསྟོད་བྱའི་ཕྱིར། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དབང་རྣམས་བདག་ལ་སྩོལ། །གསུམ། གཏོར་མ་ཐོགས་ལ། གཏོར་མའི་སྣོད་ཆོས་འབྱུང་གྲུ་གསུམ་དམར་ནག་བསྣོལ་མ་དང་བྱད་མ་པད་ཟླ་ཉི་མའི་གདན་ལ་གཏོར་མ་ཉིད་ལས་ཀྱི་གཤིན་རྗེ་སོགས་གོང་ལྟར་ལ། དུག་གི་མེ་རླུང་འཁྲིགས་པའི་ཀློང་ན་ཚེ་བདག་འཆི་བདག་སྲོག་བདག་བཻ་བྷཱ་སྭ་ཏ་ཟ་བ་ལྗང་དམར་ཡ་མ་རཱ་ཙའི་འཁོར་དང་བཅས་ཏེ་བཞུགས་པའི་གཙོ་བོའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་དུ་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་འགྱུར་མེད་སྐུའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་དང་བདུད་རྩི་དཀར་པོའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །སྐུ་ཡི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། གཏོར་སྣོད་བྷནྡྷ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་སྐུ་དང་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྐུ་མཆོག་གཡོ་མེད་སྐུ་ཡི་དབང་ཐོབ་ཤོག །རྩ་སྔགས་དང་། ཀཱ་ཡ་བཛྲ་ཨོཾ། ཞེས་སྤྱི་བོར་བཞག དེས་སྐུའི་དབང་དང་བྱིན་རླབས་ཐོབ། དེང་ནས་འཇམ་དཔལ་ལས་ཀྱི་གཤིན་རྗེའི་སྐུ་བསྒོམ་པ་ལ་དབང་བ་ཡིན་པས་སྣང་སྟོང་བསྐྱེད་པའི་རིམ་པ་ལ་བརྩོན་པར་གྱིས་ཤིག །ཡང་གཏོར་མ་ལྷར་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་ཁྱད་པར་དུ་གསུང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་འགག་མེད་གསུང་གི་དངོས་གྲུབ་ཐམས་ཅད། འོད་ཟེར་དམར་པོའི་རྣམ་པ་དང་བདུད་རྩི་དམར་པོའི་རྒྱུན་བབས། ཁྱེད་རང་གི་མགྲིན་པར་ཞུགས་པས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །གསུང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། གཏོར་སྣོད་བྷནྡྷ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་གསུང་དང་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། གསུང་མཆོག་འགག་མེད་གསུང་གི་དབང་ཐོབ་ཤོག །རྩ་སྔགས་དང་། ཝཱ་ཀ་བཛྲ་ཨཱཿ མགྲིན་པར་བཞག །དེས་གསུང་གི་དབང་དང་བྱིན་རླབས་ཐོབ། དེང་ནས་ཁྲོ་ཆུ་དུག་གདོང་ནག་པོའི་སྔགས་བཟླ་བ་ལ་དབང་བ་ཡིན་པས་གྲགས་སྟོང་གསང་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་གཞུང་བཞིན་དུ་གྱིས་ཤིག །ཡང་གཏོར་མ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་དུ་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ། འོད་ཟེར་སྔོན་པོའི་རྣམ་པ་དང་བདུད་རྩི་སྔོན་པོའི་རྒྱུན་བབས། ཁྱེད་རང་གི་ཐུགས་ཀར་ཞུགས་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། གཏོར་སྣོད་བྷནྡྷ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་ཐུགས་དང་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཐུགས་མཆོག་གཡོ་མེད་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས་དང་། ཙིཏྟ་བཛྲ་ཧཱུྃ། སྙིང་གར་བཞག །དེས་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། དེང་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་བསྒོམ་པ་ལ་དབང་བ་ཡིན་པས་རིག་སྟོང་ཟུང་འཇུག་གི་མཉམ་གཞག་ལས་མ་གཡོས་པར་གྱིས་ཤིག །ཡང་གཏོར་མ་ལྷར་གསལ་བའི་ལྟེ་བའི་སྭཱ་སེར་པོ་ལས་འོད་ཟེར་སེར་པོ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་དུ་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཡོན་ཏན་གྱི་དངོས་གྲུབ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པ་དང་བདུད་རྩི་སེར་པོའི་རྒྱུན་བབས། ཁྱེད་རང་གི་ལྟེ་བར་ཞུགས་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །ཡོན་ཏན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ། གཏོར་སྣོད་བྷནྡྷ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་ཡོན་ཏན་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཡོན་ཏན་རེ་སྐོང་དབང་མཆོག་ཐོབ་པར་ཤོག །རྩ་སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་སྭཱ། ལྟེ་བར་བཞག །དེས་ཡོན་ཏན་གྱི་དབང་དང་བྱིན་རླབས་ཐོབ། དེང་ནས་འཇམ་དཔལ་ཁྲོ་བོའི་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ལ་འབད་པར་གྱིས་ཤིག །ཡང་གཏོར་མ་ལྷར་གསལ་བའི་གསང་གནས་ཧཱ་ལས་འོད་ཟེར་ལྗང་གུ་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་དང་། ཁྱད་པར་དུ་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཕྲིན་ལས་འགྲོ་འདུལ་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་གུའི་རྣམ་པ་དང་བདུད་རྩི་ལྗང་གུའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག །ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ། གཏོར་སྣོད་བྷནྡྷ་ཡངས་པའི་དཀྱིལ་འཁོར་དུ། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཟག་མེད་བདུད་རྩི་དཔལ་གྱི་གཏོར་མ་འདི། །ལས་ཀྱི་གཤིན་རྗེའི་ཕྲིན་ལས་གཉིས་སུ་མེད། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དགྲ་བགེགས་ཚར་གཅོད་དྲག་པོའི་དབང་ཐོབ་ཤོག །རྩ་སྔགས་མཇུག་ཏུ། ཀརྨ་ཨ་བྷི་ཥིཉྩ་ཧཱ། ཞེས་གསང་བར་བཞག །དེས་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཐོབ། དེང་ནས་ལས་ཀྱི་གཤིན་རྗེའི་ལས་རབ་འབྱམས་སྒྲུབ་པ་ལ་དབང་བ་ཡིན་པས་ཕྲིན་ལས་བཞི་དང་ཁྱད་པར་མངོན་སྤྱོད་དྲག་པོའི་སྒོ་ནས་གདུག་པ་ཅན་ཚར་གཅོད་པར་གྱིས་ཤིག །དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་ལྟར་བྱ་བ་ལ། སྤྲོ་ན་གཏོར་མ་ལག་ཏུ་ཐོགས་ལ་བསྟོད་པ་རིང་ཐུང་གང་རུང་འདོན། གཏོར་མ་འདི་ཉིད་འཇམ་དཔལ་ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག་དང་བཅས་པའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་དམ་ཅན་ལས་ཀྱི་གཤིན་རྗེའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་དབང་བསྐུར་བྱིན་གྱིས་རློབ་པར་མོས་ཤིག །དམིགས་བསལ་དགོས་ན་བརྒྱུད་པའི་མཚན་དང་གཙོ་འཁོར་བདུན་རེ་རེ་ནས་བརྗོད་ལ་འདོད་གསོལ་གཞུང་དོན་དང་མཐུན་པར་བྱ། བསྡུ་ན། བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེའི་གཤེད་པོ། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་། སློབ་དཔོན་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཞང་ཁྲོམ་རྡོ་རྗེ་འོད་འབར་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། འཇམ་དཔལ་ལས་ཀྱི་གཤིན་རྗེ་ནག་པོ་ཁྲོ་ཆུ་དུག་གདོང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྲུལ་པའི་གཤིན་རྗེ་རིགས་ལྔ། ལས་ཀྱི་མཐའ་སྡུད་ཡ་མ་རཱ་ཙ་ལ་སོགས་པ་མ་གཤིན་དམ་ཅན་རྒྱ་མཚོའི་འཁོར་ཚོགས་དང་བཅས་པས་རིག་པ་འཛིན་པ་འདི་རྣམས་ལ་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། བྱད་ཁ་ཕུར་ཁ། རྦོད་གཏོང་རྦད་འདྲེ། ཀག་དང་ལྟས་ངན། ཆག་ཆེ་ཉམ་ང་། རྐྱེན་ངན་བར་གཅོད་ཐམས་ཅད་དྲག་པོའི་ཕྲིན་ལས་ཀྱིས་ཕྱིར་བཟློག་པ་དང་གཏན་ནས་ཞི་བར་མཛད་དུ་གསོལ། དུས་རྟག་ཏུ་སྲུང་བ་དང་སྐྱོབ་པ་དང་མཐུ་སྟོབས་ཆེན་པོའི་གཟི་བརྗིད་ཀྱིས་བྱིན་གྱིས་རློབ་པར་མཛད་དུ་གསོལ། རྩ་སྔགས་ལ་སྲུང་སྔགས་བཏགས་པ་བརྗོད་ལ་གཏོར་མ་མགོར་བཞག །གཏོར་མའི་ལྷ་ཡེ་ཤེས་པ་ཐམས་ཅད་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པས། འཇམ་དཔལ་ཁྲོ་ཆུ་དངོས་དང་དབྱེར་མེད་པར་གྱུར་སྙམ་པའི་ངང་ལ་མི་དམིགས་པར་ཞོག་མཛོད། དེ་ནས་སྔགས་པ་ཉམས་སུ་ལེན་མཁན་ཡིན་ན། གཏོར་མ་ལག་ཏུ་གཏད་ནས་འཁོར་ལས་གཤིན་རྣམས་ཀྱི་མཚན་བརྗོད་ལ། བཀའ་བསྒོ་གང་འོས་སྤྱི་ལྟར་བྱ། དེ་ནས་བཟླས་པའི་ལུང་བླང་བའི་སླད་དུ་མེ་ཏོག་སྔོན་པོའི་ཕྲེང་བ་རེ་ཕུལ་བའི་མོས་པ་མཛོད་ལ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་ནག་ཞབས་ཀྱུ་ལ་ཡས་མཚན་པའི་མཐར་འཁོད། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། འཁོར་འདས་ཀྱི་མཐུ་སྟོབས་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པས་གཟི་བརྗིད་མཚུངས་པ་མེད་པར་གྱུར་པར་མོས་ལ་འདིའི་རྗེས་ཟློས། རཀྴའི་ཕྲེང་བ་འདྲེན་དུ་བཅུག་ལ། བསྙེན་སྔགས། སྲུང་སྔགས། ཟློག་སྔགས། གལ་ཆེ་ན་བསད་སྔགས་ཀྱང་རྗེས་ཟློས་ལན་གསུམ་རེ་བྱར་གཞུག །སྔགས་ཀྱི་ཕྲེང་བ་མེ་ཏོག་གི་ཕྲེང་བ་བྱས་ནས་སྤྱི་བོར་བཅིང་བའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་འཇམ་དཔལ་གཤིན་རྗེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག །དེ་ནས་མེ་ཏོག་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ། དེས་འཇམ་དཔལ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་གི་གཏོར་དབང་ལེགས་པར་ཐོབ་པས། སྒྲུབ་པ་སྲུང་ཟློག་སོགས་རུང་བ་ཡིན་པས། འདི་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བཟུང་བའི་མོས་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་སོགས་སྤྱི་འགྲོ་བྱ། སློབ་དཔོན་གྱིས་མདུན་བསྐྱེད་ལ་སླར་ཡང་གཏོར་འབུལ། མཆོད་བསྟོད། ནོངས་བཤགས་བྱ། གཤེགས་བསྟིམ་རྟེན་དང་བསྟུན། བདག་བསྐྱེད་བསྡུ་ལྡང་སོགས་ལས་བྱང་གཤམ་གསལ་ལྟར་བྱའོ། །གདུལ་དཀའི་མི་དང་མི་མིན་རྣམས། །དྲག་ཤུལ་རོལ་པས་ཚར་བཅད་ནས། །ཀུན་ཀྱང་འཇམ་དཔལ་སྤྱོད་ལ་གཞུག །ཀུན་གཟིགས་ཞིང་དུ་རྣམ་གྲོལ་ཤོག །ཁྲོ་ཆུ་རྐྱེན་ཟློག་འཕྲལ་མཁོའི་ལག་ཆར་ཁྱེར་མཁན་མང་ཡང་སྨིན་གྲོལ་གྱི་གདམས་པ་དོན་དུ་མི་གཉེར་བར་བོན་གྱེར་ཙམ་ལ་བློ་ཕུག་གཏོད་པ་སོགས་ལ་ཕན་ཐོགས་པར་སྣང་བས། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་ལ་གསལ་བྱེད་བཀླག་ཆོག་ཏུ་བྱས་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཀོད་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།
རིན་ཆེན་ཁང་བུ་ལས༔ ལུད་སྦྱོར་འདོད་ལྡན་ (Volume 51, Text 45)
༄༅༔ རིན་ཆེན་ཁང་བུ་ལས༔ ལུད་སྦྱོར་འདོད་ལྡན་བཞུགས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མངའ་བདག་ཁྲི་སྲོང་ལྡེ་བཙན་ལ་གསུངས་པ༔ ཀྱེ་རྒྱལ་པོ་ཆེན་པོ་ལགས༔ སྙིགས་མའི་དུས་ན་མི་ལ་ནོར་དགོས༔ ནོར་ལ་ནས་དགོས༔ ནས་ལ་ཞིང་དགོས༔ ཞིང་ལ་ལུད་དགོས༔ ལུད་མེད་ན་ཞིང་མི་སྐྱེ༔ དེ་ལ་ལུད་མེད་པར་ཞིང་སྐྱེ་བའི་མན་ངག་ལ༔ ས་རུལ་སྦངས་པའི་ཁུ་བ་བྲེ་གང༔ བའམ་བུད་མེད་ཀྱི་ཆུ་བྲེ་གང༔ གླ་བའི་དུད་པ་བྱ་བལ་མ་བྲེ་དོ༔ འབའ་ཆ་ཕུལ་གང༔ མར་ཁུ་ཕུལ་ཕྱེད༔ གླ་རྩི་ཐུན་གཅིག༔ ཕུག་རོན་བྲུན་བྲེ་དོ༔ རྫས་བདུན་པོ་འདི་ཞིང་སང་འདེབས་པའི་དགོང་མོར་སྦངས་ལ༔ ས་བོན་ཁལ་གཅིག་ལ་བྱུགས་ལ༔ སྦངས་ནས་བཏབ་བོ༔ དེ་ལྟར་བྱས་ན་ཞིང་བཟང་པོ་སྐྱེའོ༔ ས་རུལ་ཁུ་བས་མགལ་བ་མང༔ བ་ཆུ་ཡིས་ནི་ལྗང་འབྲུ་བཟང་ཐན་སྲན་ཆེ༔ འབའ་ཆ་དང་མར་ཁུས་མིག་ཏུ་རྒྱུག་མིག་བཟང༔ དུ་བས་སད་དང་རྫི་བ་སྲ༔ སྐྱེ་རྩལ་ཆེ༔ བྱ་རས་སྐྱེ་གཟུགས་བཟང༔ སོག་རྐང་ཧྲག༔ གླ་བས་འབུ་མི་འོང༔ ཞེས་གསུངས་སོ༔ ྀཨཚ༔ གོ་རིམ་གོང་གི་ཤེས་སོ༔ དེ་ནས་སྔགས་ནི་བཤད་བྱ་བ༔ བཅུད་ལེན་སྔགས་ཀྱིས་ཞིང་ལུད་བྱ༔ འོད་ལྡན་མི་བྲུན་ཕུག་རོན་བྲུན༔ ལུག་རིལ་ས་རུལ་འབའ་ཆ་ཕབས༔ བུད་མེད་དམ་བ་ཆུས་སྦངས་ལ་ཞག་གསུམ་བསྙལ༔ ས་བོན་མར་ནག་སྦོལ་བྱས་ནས༔ སྔགས་འདི་སྟོང་སྟོང་བཟླས་ཤིང་བཏབ༔ ཨོཾ་ཨཱཿཧཱུྃ་དྷི་ཏི་རཏྣ་ཛྷ་བྷ་མ་མ་ཧཱ་སིདྡྷི་ཧཱུྃ༔ རྩ་བ་ཟུག་ལ་ཐན་སྲན་ཆེ༔ མིག་ནད་མི་འོང་ནས་རྡོག་བཟང༔ འགྱུར་མེད་བོངས་ནི་ཆེ་བར་འགྱུར༔ ཡེ་ཤེས་འོད་ལྡན་གྱི་རྒྱུད་ལས༔ ཞིང་ལུད་ཀྱི་ལེའུ་སྟེ་གསུམ་པའོ༔ ༈ མ་ཧཱ་གུ་རུ་དྲག་པོ་རྩལ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ ལོ་ནད་བཙའ་སེར་སྲུང་བ་ནི༔ གོང་དུ་ཁྲུས་ཀྱི་ཆོ་ག་བྱ༔ སྡེ་བརྒྱད་གནོད་པ་བཅོས་ཏེ་བསྲུང༔ ལུང་གསུམ་འདུས་པའི་ཆུ་བླངས་ལ༔ སྔགས་འདི་ལྔ་བརྒྱ་བཟླས་ཏེ་བཏབ༔ ཨོཾ་གུ་རུ་རཱ་ཙ་རྒྱ་ལ་ཏྲི་ལོཀྵ་ཧ་ཏིག་ན་ཏྲི་ཕཊ༔ ཞིང་ལ་བཙའ་སེར་འབབ་པ་ལ༔ དཔའ་བོ་སྔགས་ཀྱི་ཆུ་གཏོར་བས༔ ཡེ་ཤེས་རླུང་གི་སྡེ་གཡོས་ནས༔ བཙའ་སེར་ཐམས་ཅད་གཏོར་བར་བསམ༔ ཆུ་དེས་ཐམས་ཅད་ཁྱབ་པར་གཏོར༔ བཙའ་སེར་དེ་ཡིས་ཐུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཙའ་དམར་དག་ཏུ་བབས་པ་ན༔ བྱེ་མ་གཙང་མ་བླངས་ནས་ཀྱང༔ གནོད་བྱེད་སྲོག་སྙིང་བགྲང་བར་བྱ༔ ཨོཾ་ཏྲི་མཱ་ར་ཡ་སྲོག་ཤན་སྙིང་ནུར་མཱ་ར་ཡ་ཧཱུྃ་ཕཊ༔ གྷུ་ཡ་གྷུ་ཡ་གྷུ་མཱ་ར་ཡ་རྦད༔ སྔགས་དེ་ལྔ་བརྒྱ་བཏབ་ནས་ཀྱང༔ བྱེ་མས་ཞིང་ཀུན་ཁྱབ་པར་གདབ༔ རླུང་གིས་བཙའ་དམར་གཏོར་བར་བསམ༔ ཞིང་གི་སྟོད་ནས་དྲག་ཏུ་བཏབ༔ བཙའ་དམར་དེ་ཡིས་ཐུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཙའ་ནད་སེར་ནག་བབས་པ་ན༔ དཀྱིལ་འཁོར་བྱིན་རླབས་ཅན་གྱི་ཚོན༔ གཙང་འགྲམ་བྱེ་མ་གཙང་མར་བསྲེ༔ སྔགས་འདི་སྟོང་ཕྲག་གཅིག་ཏུ་བཟླ༔ ཨོཾ་གྲེན་ཕྲུ་ཐོག་ཕྲུ་ཤེལ་ཀ་ལི་ནོན༔ སུ་བྲཾ་བྲཾ་རི་སོད་སྭཱ་ཧཱ༔ རྡུལ་ཚོན་བྱེ་མ་ལ་བསྲེས་བརྡེག༔ རྡུལ་གཡབ་བ་དན་ཕྱར་ལ་གཡབ༔ ཡི་དམ་ལྷ་ཡི་ལྗགས་སྟེང་ནས༔ ཧཱུྃ་ལས་ཧཱུྃ་འཕྲོས་བར་སྣང་ཁེངས༔ ཤངས་ནས་ཡཾ་ལས་རླུང་བྱུང་ནས༔ བཙའ་ནད་ཐལ་བ་ལྟ་བུ་དེ༔ བསྐལ་པའི་རླུང་གིས་གཏོར་བར་བསམ༔ བཙའ་རྣམས་ཐུབ་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ ཐུགས་སྒྲུབ་བསྙེན་པའི་རྟགས་རྫོགས་ནས༔ ལོ་ཐོག་ཟ་བའི་སེམས་ཅན་གྱི༔ གནོད་པ་བསྲུང་བར་བྱ་བ་ནི༔ བྱ་དང་བྱི་བ་བྲ་བུས་པ༔ རི་བོང་ཤ་བ་ལ་སོགས་པ༔ ཞིང་ལ་ཟ་ཞིང་གནོད་བྱེད་ན༔ གནག་ཕྱུགས་བ་གླང་གང་རུང་གི༔ ལྕི་བ་དབྱར་གྱི་སེར་སྐམ་མ༔ ས་དང་མ་འདྲེས་བསྲེགས་ཐལ་ལ༔ སྔགས་ཀྱིས་ཁ་ཕྲུ་བཏབ་བྱས་ཏེ༔ ཞིང་དང་འོང་ས་སྲང་མགོ་ལ༔ གཏོར་བས་སེམས་ཅན་འགྲོ་བར་འགྱུར༔ བྱི་བ་ཡོད་པའི་ཁྱིམ་ནང་དུ༔ གཏོར་བས་བྱི་བ་སྐྱས་ཏེ་འགྲོ༔ ཨོཾ་ང་ན་ང་ན་ཛ་ལ་ཛ་ལ་ཙུ་རུ་ཙུ་རུ་ཙག་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རི་བོང་བྱི་བ་གདུག་པ་ཅན༔ ཞིང་ལ་ཟ་ཞིང་གནོད་བྱེད་ན༔ དུད་འགྲོ་ཏེ་ལོ་པ་ཡི་ཤ༔ སྦྲེ་མོང་སྤུ་དང་མུ་ཟི་དང༔ སྒོག་པ་བྱི་ཀུ་པ་དང་ནི༔ གླ་རྩི་སྦྱར་བའི་དུད་པ་ཡིས༔ ཁུང་སྒོའི་འགྲིམ་ལམ་བདུག་བྱས་པས༔ གཞན་དུ་འབྲོས་པར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སངས་རྒྱས་བསྟན་པ་ཐ་མ་ལ༔ བྱི་བས་མི་ཡུལ་འདོན་པ་འབྱུང༔ གླ་རིལ་བྱི་ལའི་བྲུན་རྫས་རྣམས༔ ཞིབ་བཏགས་ར་ཡི་ཆུ་སྦྱར་བའི༔ ལྡེ་གུ་བྱི་བ་བཟུང་ལ་བསྐུ༔ སྤུ་རྣམས་ཁྱབ་པར་བྱུག་པར་བྱ༔ བཏང་བས་བྱི་བ་ཐམས་ཅད་ཀུན༔ ཡུལ་ཕྱོགས་གཞན་དུ་འབྲོས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱི་བའི་གནོད་པ་བྱུང་བའི་ཚེ༔ མུ་ཟི་ཤིང་ཀུན་བྱི་ལའི་བྲུན༔ ཞིབ་བཏགས་མི་ཡི་དྲི་ཆུས་སྦྱར༔ བྱི་བ་བཟུང་ལ་མགོ་ལུས་བྱུག༔ བྱི་བ་ཐམས་ཅད་འབྲོས་པར་འགྱུར༔ བསྐུས་པའི་བྱི་བ་དེ་ཉིད་ནི༔ སྤུ་རྣམས་རྔོ་བཞིན་འགྲོ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ།། །།
རྫས་སྲུང་ཀུན་གྱི་རྒྱལ་པོ་བདུག་བྱུག་འདོག་གསུམ་རྒྱན་གྱི་འཁོར་ལོ་ (Volume 44, Text 45)
༄༅། །རྫས་སྲུང་ཀུན་གྱི་རྒྱལ་པོ་བདུག་བྱུག་འདོག་གསུམ་རྒྱན་གྱི་འཁོར་ལོ་བཞུགས་སོ། ། ན་མོ་གུ་རུ་བཛྲ་པཱ་ཎ་ཡེ། གདོན་སྲུང་རྣམས་ལས་མཆོག་ཏུ་གྱུར་པའི། །འཁོར་ལོ་གསུམ་ལས་དང་པོ་འདི་ནི། །བདུག་པ་རྒྱན་གྱི་འཁོར་ལོ་ཞེས་བྱ། །གུ་གུལ་ཡུངས་དཀར་ཤིང་ཀུན་དྲི་ཆེན། །ཉ་མཁྲིས་བཙན་དུག་ཤུ་དག་རྟ་བོན། །སྤྲུ་ནག་མིང་ཅན་མུ་ཟི་ཨ་རུ། །གྲི་ཚིལ་མཛེ་ཁྲག་པདྨ་རཀྟ། །དངུལ་ཆུ་ར་དུག་ཁྱི་སྤུ་་་ཁྱི་རྒྱ་བོ་མིག་བཞིའི་སྙིང་སྤུ།སྤུ་ངན།་་་ཕོ་མོ་གོ་ལྡོག་རྨོང་སྤུ། གླ་རྩི་བ་བླ་ལྡོང་རོས་ལྷྭམ་ཀྲད། །རྡོ་དྲེག་རན་སྐྱགས་སྦྱར་བའི་ཉེར་ལྔ། །རྩི་བཞིན་བཏགས་ལ་རྟ་གསེབ་ཆུས་སྦྲུས། །རིལ་བུ་བྱས་པ་སྐྱེར་པའི་མེ་ཡིས། །མཁར་གོང་ངམ་ནི་གྲི་ལྕགས་བསྲེགས་ལ། །དེ་སྟེང་བདུག་པས་ལུས་ལ་གནས་པའི། །གདོན་བགེགས་སྡེ་བརྒྱད་ལྷ་དང་བཅས་པ། །སྐད་ཅིག་བྱ་ནག་འུར་དེད་བཞིན་བྲོས། ཁྱད་པར་ཆུང་སྲི་སྨྱོ་འབོག་ལ་བསྔགས། །འདི་ལ་ཁྱད་པར་ཟབ་པའི་ཁ་ཚར། །ལུས་ཀྱི་འགོ་བའི་ལྷ་དང་སྲུང་མ། །དགྲ་བླ་ལ་སོགས་མི་མནོལ་མི་འབྲོས། །ལུས་ལ་གནས་ཕྱིར་སྤོས་དཀར་སྤང་སྤོས། །ཙནྡན་གཉིས་དང་ག་པུར་ཨ་གར། །ད་ལི་སྦུར་ལེན་ན་གི་བྱིན་རྟེན། །སྦྱར་སྤོས་ཁ་ཚར་འདེབས་པ་གནད་དོ། །གནམ་གྱིས་མཐོང་སར་བདུག་ན་མཁའ་ལ། །སྤྲིན་མེད་སད་འབྱུང་སེར་བ་ཆད་དོ། །ཆུ་མིག་ས་གཉན་དག་ལ་བདུག་ན། །ཀླུ་དང་ས་བདག་བརྒྱལ་འགྱུར་དེ་བས། །ཆུ་མིག་ལ་སོགས་གཉན་གནས་མིན་པར། །གནམ་མི་མཐོང་བའི་ཁང་ཁྱིམ་དག་ཏུ། །མགོ་གཏུམས་ནད་པས་བདུག་ཚེ་ཕྱི་ནས། །ཤུག་ལོ་ཕྱེ་མར་སྦྱར་བའི་དུད་པས། ཁྱིམ་ཀུན་འགེངས་པ་གནད་དུ་ཆེ་འོ། །སྲི་འུ་གསོ་ན་མ་བུ་གཉིས་ཀར། །འདི་བདུག་དེ་ལ་གཞན་ནས་རྫས་སྲུང་། །འཁོར་ལོ་སྐུད་པ་ལ་སོགས་དགོས་དོན། །ཅི་ཡང་མེད་དོ་འ་འབུས་མྱངས་གྲུབ། ༈ །གདོན་སྲུང་རྣམས་ལས་མཆོག་ཏུ་གྱུར་པའི། །འཁོར་ལོ་གསུམ་ལས་གཉིས་པ་འདི་ནི། །བྱུག་པ་རྒྱན་གྱི་འཁོར་ལོ་ཞེས་བྱ། །གུ་གུལ་དཀར་ནག་རྒྱ་ཚིལ་མི་ཚིལ། །བྱ་རྒོད་ཚིལ་དང་དྲིལ་ཆེན་རྟ་བོན། །གླ་རྩི་མུ་ཟི་ལི་ཤི་སུག་སྨེལ། །ཛཱ་ཏི་གུར་གུམ་ཆུ་དག་ཀ་ཀོལ། །རྨ་བྱའི་མདོངས་དང་གི་ཝཾ་ཤིང་ཀུན། །ཨ་ཀ་རུ་དང་ཙནྡན་དཀར་དམར། །སྤང་སྤོས་རྒྱ་སྤོས་བྲག་སྤོས་བླ་རྐང་། །སྦྱོར་བ་ཉི་ཤུ་རྩ་ལྔ་འདི་དག །སོ་སོར་ཞིབ་བཏགས་གཅིག་ཏུ་བསྡམས་ལ། །དངུལ་ཆུ་རྒོད་པོ་དང་ནི་དྲི་ཆུས། །བསྐ་སླ་ཟན་དྲོན་ཙམ་བྲན་སྔ་དྲོ། །འདམ་བཏགས་དེ་ལ་སྦྱར་སྤོས་བཏབ་ཅིང་། །བཙན་དུག་ཆུས་བྲན་ཉི་ཕྱེད་འདམ་བཏགས། །གསེར་དངུལ་ཟངས་ལྕགས་ཞ་གཤའ་མཁར་ཁྲོ། །མུ་ཏིག་བྱི་རུ་མུ་མེན་སྦུར་ལེན། །གཡུ་དུང་ཤེལ་རིགས་ལ་སོགས་རིན་ཆེན། །བཞུ་དང་མི་བཞུའི་ཁམས་རྣམས་གང་ཚོགས། །སོ་སོར་ཞིབ་བཏགས་ཁ་ཚར་བཏབ་ལ། །ལེགས་པར་འདམ་བཏགས་ཐོད་སྣོད་ནང་བླུགས། །འབྲུ་ལྔས་དབང་བསྐུར་རྒྱས་གདབ་ལ་སོགས། ཁྱུང་ལྔ་སྤྱི་བཞིན་བྱས་ལ་གང་གི །ལུས་ལ་བྱུགས་ན་སྡེ་བརྒྱད་ལ་སོགས། །གནོད་བྱེད་མ་ལུས་ཀུན་གྱིས་དེ་ལ། །ཧཱུྃ་སོགས་དྲག་པོའི་སྔགས་དང་ཡི་གེ །ཁྱུང་སོགས་གདུག་པའི་ཁྲོ་བོར་མཐོང་ཞིང་། །འཚེ་བར་མི་ནུས་སྲོག་སྙིང་འབུལ་ཏེ། །རེས་འགའ་དུག་གི་སྡོང་པོར་མཐོང་ནས། །ཉེ་བར་མི་གནས་རིང་དུ་འབྲོས་སོ། །སྲི་འུ་གསོ་ན་མ་བུ་གཉིས་ཀར། །བྱུགས་ན་རྡོ་རྗེ་རྫོང་ཆེན་འགྲུབ་བོ། །གཞན་ཡང་ཐོག་དང་གྲི་མཚོན་དུག་དང་། །ནད་རིགས་ཀུན་ཐུབ་ཁྱད་པར་འཕགས་སོ། ༈ །གདོན་སྲུང་རྣམས་ལས་མཆོག་ཏུ་གྱུར་པའི། །འཁོར་ལོ་གསུམ་ལས་གསུམ་པ་འདི་ནི། །འདོགས་པ་རྒྱན་གྱི་འཁོར་ལོ་ཞེས་བྱ། །ག་པུར་གུར་གུམ་ཛཱ་ཏི་རྟ་བོན། །སྤྱང་བྲུན་གླ་རྩི་གུ་གུལ་གཡེར་མ། །སྤྲུ་ནག་མུ་ཟི་སེར་ནག་རེ་ལྕག །གླ་སྲན་མཁན་དམར་ཟོ་ཤེ་བཙན་དུག །ཆུ་དག་ཨ་རུ་ཡུངས་དཀར་དྲི་ཆེན། །འུག་མིག་ར་མིག་བྱ་རྒོད་མིག་དང་། །ཤིང་ཀུན་དང་ནི་དར་མའི་གྲི་སྙིང་། །སྦྱོར་བ་ཉི་ཤུ་རྩ་ལྔའི་ཕྱེ་མ། །ཞིབ་བཏགས་ཆང་རག་གྲི་ཁྲག་དག་གིས། །རིལ་བུ་ཟུར་གསུམ་སྲན་མ་ཙམ་བྱས། །ནུས་ལྡན་ཚོགས་པའི་སྔགས་ཐུན་མཚེ་དང་། །ཡུངས་དཀར་ཀེ་ཚེ་ཤང་ཚེ་ལྕགས་ཕྱེ། །ཟངས་ཕྱེ་རི་གཟར་རྦབ་རྡོ་དུར་རྡོ། །རོ་སོལ་ཐོག་རྡོ་ཐོག་ཤིང་ཐོག་རུས། །ཚྭ་དང་སྤང་ཕྱེ་དུག་ཁྲག་མཁར་གོང་། །གྲི་ལྕགས་དང་སྦྲགས་སྦྲུལ་གྱི་པགས་པ། །སྲེ་མོའི་ཤུན་པས་བཏུམས་ལ་དར་གྱི། །ཚོན་སྣ་ལྔ་ལྡན་སྐུད་པས་བཅིངས་ལ། །ཤེར་ཤིང་སྐྱེ་ཕུར་གཟུགས་མོ་བྱི་ཐུར། །རྨ་བྱའི་མདོངས་དང་སྦྲགས་པ་མགུལ་དུ། །བཏགས་ན་སྲི་དང་ཐེ་འགོང་འབྱུང་པོ། །སྡེ་བརྒྱད་བྱད་སྟེམས་མནན་གཏད་སྐོར་འཕང་། །གང་བྱས་བྱེད་པ་པོ་ལ་ཟློག་ཅིང་། །སུས་ཀྱང་མི་ཐུབ་བྱད་མ་འབུམ་རྡུགས། །འགོས་ནད་མཚོན་སྲུང་རྡོ་རྗེའི་གོ་ཁྲབ། །མཐོང་ཐོས་དབང་སྡུད་མ་ཧཱ་དེ་ཝ། །ལོངས་སྤྱོད་ཀུན་འདུས་ཡིད་བཞིན་ནོར་བུ། །སྲིད་སྤེལ་སྲིད་སྲུང་སོ་སོར་འབྲང་མ། །སྲི་འུ་གསོ་ན་མ་བུ་གཉིས་ཀར། །འདི་བཏགས་དེ་ལས་ལྷག་པ་གཞན་ནས། །འདོད་ན་མི་དེ་གདོན་གྱིས་བསླུས་སོ། ༈ །དེ་ལྟར་བདུག་བྱུག་འདོགས་པ་རྒྱན་གྱི། །འཁོར་ལོ་གསུམ་ནི་འཛམ་གླིང་འདི་ན། །རིན་ཐང་མེད་པའི་ཚེ་ཡི་སྲུང་མ། །ཀུན་ལ་མེད་པའི་ཟབ་གནད་དམ་པ། །མང་པོས་མི་དབང་ཆིག་བརྒྱུད་བཀའ་རྒྱ། །དམ་མེད་དག་ལ་བསྟན་ན་མཁའ་འགྲོ །སྲུང་མར་བཅས་པས་སྙིང་ཁྲག་ཕོས་ཤིག །དམ་ཚིག་ལྡན་པས་སྙིང་ནས་ཞུ་ན། །དམ་ལས་མི་འདའི་སྡོམ་པ་ལོངས་ལ། །དམ་ཚིག་མིག་སྙིང་བཞིན་དུ་བསྲུང་ཞིང་། །ཞུ་དུས་ཚོགས་དང་མཎྜལ་ཕྱག་བསྐོར། །གསེར་སོགས་རིན་ཆེན་སྣ་བདུན་ཡོན་ཕུལ། །མན་ངག་ཟ་འོག་དར་གདུགས་ཀྱིས་བཀླུབས། །ཐལ་སྦྱར་སྤོས་དང་མེ་ཏོག་འཐོར་ཞིང་། །རང་གི་སྤྱི་བོར་ལོངས་ལ་ཆོངས་ཤིག །དགོས་ཆེད་ཆེ་གལ་མ་གཏོགས་ནམ་རེད། །གདམས་པ་འདི་ཡི་ཕྱག་ལེན་མ་མང་། །དྲང་སྲོང་རིག་པ་རྩལ་གྱི་ཐུགས་གཏེར། །མ་ལུས་ཀུན་ནས་ཚང་ལ་རྫོགས་ཟིན། །ཞེས་གཏེར་ཁ་གོང་མ་མངའ་བདག་ཉི་མ་འོད་ཟེར་གྱི་ཟབ་གཏེར་གཉན་པོ་ལྷ་གསུམ་གྱི་མན་ངག་ཟབ་པར་གདམས་པའོ། །མངྒ་ལཾ།། །།
ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་ལས༔ འཕགས་མ་དུག་སེལ་མ་ལྗང་ཁུའི་གསང་སྒྲུབ་ (Volume 45, Text 45)
༄༅༔ ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་ལས༔ འཕགས་མ་དུག་སེལ་མ་ལྗང་ཁུའི་གསང་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ འཕགས་མ་དུག་སེལ་མ་ལ་ཕྱག་འཚལ་ལོ༔ བདག་འདྲ་རྒྱ་གར་མཁས་པ་པད་འབྱུང་གིས༔ ཟངས་གླིང་མུ་སྟེགས་ཡུལ་ཁམས་ཆོས་བཙུད་ཚེ༔ ངན་ཐབས་སྟོན་པས་མི་ཁའི་སྦྱོར་བ་བརྩམས༔ དེ་ཡི་མཐོང་རེག་ཁ་རླངས་སྦྱར་བའི་དུག༔ ལྷན་ཅིག་སྐྱེས་དང་འབྱུང་བཞིའི་བསམ་པའི་དུག༔ དེ་ཡི་གཉེན་པོར་སྔགས་པས་བསྲུང་དང་སེལ་བ་ལ༔ རྨ་བྱ་མྱོས་པའི་སྨན་གྱི་ནགས་ཚལ་དུ༔ བཅོམ་ལྡན་འདས་མ་འཕགས་མ་དུག་སེལ་མས༔ རིག་སྔགས་ཆེན་མོའི་རྒྱུད་དང་འབྲེལ་བར་གསུངས༔ དེ་ལ་བདག་ཉིད་པདྨས་མན་ངག་དང༔ ལག་ལེན་ཡིག་ཆུང་དག་དང་འབྲེལ་བར་བསྡེབས༔ དུག་ཤིང་ཤུན་པའི་ལོག་ལ་མཐའ་འཁོབ་ཀྱི༔ དུག་གི་ཡུལ་གླིང་ནག་པོའི་ཡི་གེར་བཀོད༔ ལོ་ཙཱ་མཁས་པ་བཻ་རོ་ཙ་ནར་གཏད༔ མ་འོངས་དྲག་སྤྱོད་ལྔ་བརྒྱའི་ཐ་མ་ལ༔ དུག་གི་མཚོ་རྡོལ་མི་ཕྱེད་དེ་ཡིས་འཆི༔ ཁྱད་པར་སར་གནས་བྱང་ཆུབ་སེམས་དཔའ་བཀྲོངས༔ ད་ལྟའི་བོན་གཤེན་བོན་བློན་མ་རུངས་པ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ཆགས་སྡང་ངན་སེམས་ཁ་ཟས་གདན་གོས་དུག་ཅན་སྦྱོར༔ དེ་ཚེ་སྤྲུལ་སྐུའི་བར་ཆད་བསྲུང་བའི་ཕྱིར༔ མི་ཤིགས་གཏེར་དུ་རྒྱས་བཏབ་བཙས་སུ་བཞག༔ ྈྈྈ ྈྈྈྈྈྈ དང་པོ་འཕགས་མ་དུག་སེལ་ལྗང་ཁུ་ཡི༔ གསང་བའི་སྒྲུབ་པ་བུམ་ཆོག་རྗེས་གནང་ངོ༔ གཉིས་པར་མཐོང་རེག་བསམ་པའི་དུག་རྣམས་ལ༔ སྔགས་དང་བུམ་ཆུས་བཀྲུ་བྱབ་སྲུང་བ་འོ༔ གསུམ་པ་སྦྱར་དུག་ཁོང་དུ་སོང་བ་ལ༔ བརྟག་ཐབས་ངེས་ནས་འབྱུང་བའི་རིམ་པ་ནི༔ སྨན་གང་བརྟེན་ཐབས་རྗེས་ཀྱི་བྱ་བའོ༔ རྒྱན་ཐ༔ དང་པོར་ས་ཕྱོགས་དབེན་ཞིང་གཙང་ལྡན་སར༔ ཤ་ཆང་ཉེའུ་ཀུན་དོང་དྲི་ངའི་ཟས༔ དྲི་ཙམ་མི་བསྣོམས་སྤོས་ཆུས་ཁ་གདོང་བཀྲུ༔ ལྷ་རྗེས་སུ་དྲན་པས།་་་དྲི་མེད་གོས་གྱོན་ཚངས་སྐུད་གཙུག་ཏོར་བཅིང༔་་་རྨ་བྱའི་མདོངས་སྒྲོ། བདེ་བའི་གདན་ལ་ཤར་དུ་ཕྱོགས་པས་འདུག༔ སྐྱབས་སེམས་ཡན་ལག་བདུན་པ་སྔོན་འགྲོ་བས༔ སྟོང་ཉིད་ངང་ལས་དུག་གི་ནགས་ཚལ་ནི༔ མེ་ཏོག་སྔོན་པོ་འབའ་ཞིག་འཁྲིགས་པའི་དབུས༔ རྨ་བྱ་མཇིང་བསྣོལ་པདྨ་ཟླ་བའི་སྟེང༔ རང་སེམས་ཧྲཱིཿལྗང་དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི༔ མཐོང་རེག་བསམ་དང་སྦྱོར་བའི་བི་ཥ་བསལ༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ འཕགས་མ་དུག་སེལ་ལྗང་སྔོན་ཞི་མ་ཁྲོ༔ ཕྱག་བཞི་གཡས་གཉིས་རྩེ་གསུམ་རྨ་བྱའི་མཇུག་མའི།་་་སྒྲོ༔ གཡོན་གཉིས་དུག་སྦྲུལ་དུག་གི་མེ་ཏོག་སྔོ༔ མི་འཇིགས་སྦྱིན་ཚུལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ སྦྲུལ་མགོའི་གདེངས་ཀ་བདུན་ལྡན་ཕྱག་ཞབས་དང༔ དབུ་སྐྲ་མགུལ་པ་དོ་ཤལ་སྦྲུལ་གྱིས་བརྒྱན༔ ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་མཐར༔་་་ཧྲཱིཿལྗང་སྔོན། ཨོཾ་ཨ་བི་ཛི་ཧྭེ་བཛྲ་ཀ་ཡེ་གྲ་ས་གྲ་ས་ཛྭ་ལ་ཛྭ་ལ་མ་ཧེ་ཛྭ་ལེ་མ་ཧཱ་ཡོ་གཱི་ཤྭ་རཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སྔགས་ཕྲེང་མརྒད་མདོག་མཚུངས་གཡས་སུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པས་རང་ལུས་གང༔ མཐོང་རེག་བསམ་སྦྱོར་ངན་པ་ལས་བྱུང་དང༔ ལྷན་ཅིག་སྐྱེས་དང་འབྱུང་བཞིའི་དུག་ལ་སོགས༔ དབང་པོའི་སྒོ་དང་བ་སྤུའི་རྩ་ནས་འཐོན༔ འོད་ཟེར་ལུས་ཀྱི་ནང་གང་རྩེ་མོ་རྣམས༔ བ་སྤུའི་རྩ་བར་འཐོན་པའི་རྩེ་མོ་ཀུན༔ རྨ་བྱའི་མདོངས་བཞིན་ཀུན་ནས་འབར་བ་ཡི༔ འོད་ཟེར་འཕྲོ་བས་དུག་ཀུན་སྲུང་བ་དང༔ སླར་ཡང་འོད་འཕྲོས་སྣོད་བཅུད་ཐམས་ཅད་ཀྱི༔ དུག་གི་དབལ་བཅོམ་ཀུན་ནས་དག་པར་བསྒོམ༔ སྔགས་ཀྱི་ཤམ་བུར་ཤཱནྟིཾ་ཀུ་རུ་དང༔ རཀྵ་རཀྵ་ཧཱུྃ་གིས་ཞི་ཞིང་བསྲུང༔ རིན་ཆེན་བུམ་པར་གཙང་བ་ར་རི་སོགས༔ དྲི་མེད་གངྒཱའི་ཆབ་ཀྱིས་སུམ་གཉིས་དགང༔ སྨན་ལྔ་དྲི་ལྔ་སྙིང་པོ་རྣམ་ལྔ་དང༔ ཨ་རུ་ར་དང་རིན་ཆེན་ཕྱེ་མ་བཏབ༔ རྨ་བྱའི་མདོངས་གཟུགས་རས་དཀར་ཁ་ཚར་དཀྲིས༔ པདྨ་སྔོན་པོ་འདབ་བརྒྱད་དལ་སྟེང་བཞག༔ བུམ་པ་བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོའི་དབུས་སུ་འཕགས་མ་བསྐྱེད༔ གནས་གསུམ་བྱིན་རླབས་ཡེ་ཤེས་སེམས་དཔའ་བསྟིམ༔ གཟུངས་སྔགས་བཟླས་པས་ལྷ་ཡི་ཐུགས་དམ་བསྐུལ༔ ཐུགས་ཀའི་ས་བོན་སྔགས་ཕྲེང་བཅས་པ་ལས༔ བདུད་རྩིའི་རྒྱུན་བབས་བུམ་པ་མེར་གྱིས་གང༔ མཆོད་ཅིང་བསྟོད་མཐར་བུམ་ཆུར་རོ་གཅིག་ལྟ༔ ཁྲུས་འཐུང་ཉེ་རེག་བྱས་པས་ནད་གདོན་དང༔ མཐོང་རེག་ཁ་རླངས་་་མན་ངག་གི་རྫས་དང་སྦྱར་བའི།འབྱུང་བའི་དུག་ཀུན་བྱང༔ གཞན་ལ་རྗེས་སུ་གནང་བ་སྦྱིན་པའི་དུས༔ འབྲུ་ཚོམ་བུམ་པ་ལྷ་སྐུ་གཏོར་མ་བཤམ༔ སློབ་མ་ཁྲུས་བྱ་དྲི་ལྡན་མེ་ཏོག་དང༔ ཚངས་སྐུད་གཙུག་ཏོར་ཐལ་སྦྱར་བདུན་ཕྲག་བྱ༔ ལྷ་བསྐྱེད་ཡེ་ཤེས་སེམས་དཔའ་སྤྲོ་ལ་བསྟིམ༔་་་སྐུ་རྟེན། རང་བཞིན་གནས་ནས་དབང་ལྷ་སྤྱན་དྲངས་ནས༔ བུམ་ཆོག་ལྡན་པའི་བུམ་པ་སྤྱི་བོར་བསྐུར༔ བདུད་རྩིས་ལུས་གང་དུག་དབྱུངས་ཆུ་ལྷག་མ༔ གྱེན་དུ་འཁྱིལ་བ་དོན་ཡོད་གྲུབ་པར་བསྒོམ༔ རིག་སྔགས་ཆེན་མོའི་ལུང་བྱིན་ལྷ་ཡི་སྐུ༔ རྣམ་པར་མི་རྟོག་ངང་ལ་ཅི་གནས་བཞག༔ དེས་ནི་ལྷ་བསྒོམ་རིག་སྔགས་འཛིན་ལ་དབང༔ རྟྱ་ཏྱ༔ རཏྣ་རྒྱརརྣ༔ གཉིས་པ་མཐོང་རེག་བསམ་པའི་དུག་རྣམས་ལ༔ སྔགས་དང་བུམ་ཆུའི་བཀྲུ་བྱབ་བསྲུང་བ་ནི༔ དང་པོ་ཐུན་མོང་རྫས་ཀྱི་གདོང་ཐུག་འདི༔ མཐོང་བའི་དུག་ཀུན་རྨ་བྱའི་མདོངས་ཀྱིས་སྲུང༔ རེག་པའི་དུག་ནི་རྨ་བྱའི་སྒོང་ཆུས་སྲུང༔ ཁ་རླངས་རྫི་དུག་མུ་ཟི་གླ་རྩི་དང༔ སྒོག་སྐྱའི་རྩ་བ་གསུམ་གྱི་དྲི་ཡིས་སེལ༔ གཉིས་པ་རྫས་སྔགས་དམིགས་པ་ཟུང་འཇུག་གི༔ ཐོག་མར་རང་ལུས་རྫས་ཀྱི་སྡེ་གུས་བྱུག༔ དེ་ནས་བུམ་ཆོག་བྱས་པའི་ཆུ་ཡིས་བཤལ༔ སྤྱི་གཙུག་འཕགས་མ་དུག་སེལ་བདུད་རྩིའི་ཆུས༔ ལུས་ཀྱི་ཕྱི་ནང་ཀུན་ཁྱབ་དུག་ནད་ཀུན༔ དབང་པོ་བ་སྤུའི་སྒོ་ནས་བྱང་དག་བསྒོམ༔ རྨ་བྱའི་མདོངས་སྒྲོ་དར་སྣ་མེ་ལོང་གིས༔ བྱབ་ཅིང་དར་དཀར་དྲི་མ་མེད་པས་ཕྱིས༔ ནད་གདོན་ཕྱག་མས་བྱབ་པ་བཞིན་དུ་བསྒོམ༔ ཁྲུས་ཆུ་ཟན་སྦྱར་མཐོང་་་སྔོན་པོ།རེག་་་སེར་པོ།ཁ་རླངས་་་དམར་པོ།དང༔ བསམ་་་ཁྲ་བོ།སྦྱོར་་་ནག་པོ།ངན་གཡོ་དུག་དོན་ཡས་གཟུགས་བཅོས༔ བདག་ཉིད་འཕགས་མ་དུག་སེལ་ཐུགས་ཀ་ནས༔ འོད་འཕྲོས་མཐའ་འཁོབ་དུག་གི་གླིང་བར་ནས༔ དུག་གི་བདག་པོ་མདུན་བཀུག་ཡས་ལ་བསྟིམས༔ ཆངས་བུ་བརྒྱ་རྩ་ཏིང་ལོ་བརྒྱ་རྩ་དང༔ མེ་ཏོག་སྣ་ཚོགས་ཤིང་སྣ་ཁ་ཟས་རྣམས༔ ཁ་འབར་སྔགས་དང་བདེ་གཤེགས་མཚན་བཞིས་བསྔོ༔ ཚིམས་ཤིང་གདུག་རྩུབ་ཤ་མཁོན་ཀུན་ཞི་སྟེ༔ དཔག་ཚད་བྱེ་བ་བརྒྱ་ཡི་ཕ་མཐར་བསྐྲད༔ རྨ་བྱའི་མདོངས་སྒྲོ་ལྟ་བའི་འོད་ཟེར་ནི༔ ཀུན་ནས་འབར་བས་བསྲུངས་ཤིང་མཚམས་བཅད་བསྒོམ༔ དེ་དག་བཀྲུ་བྱབ་སྲུང་བའི་མན་ངག་གོ༔ ྈྈ ྈྈྈ ྈྈྈ ྈྈྈྈྈྈྈྈྈྈྈྈ ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་གསང་བའི་ཀློང་སྒྲོམ་ནས་ཆོས་རྗེ་གླིང་པས་བཏོན་པའོ།། །། ༈ ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་ལས༔ འཕགས་མ་དུག་སེལ་མ་ལྗང་ཁུའི་གསང་སྒྲུབ་ལས་བིཥ་བརྟག་པ་དང་གསོ་ཐབས་ཟུར་དུ་ཕྱུང་བ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ བཅོམ་ལྡན་འདས་འཕགས་མ་དུག་སེལ་མ་ལ་ཕྱག་འཚལ་ལོ༔ གསུམ་པ་སྦྱར་དུག་བརྟག་པ་གསོ་ཐབས་ལ༔ སྨན་གང་བརྟེན་ཐབས་མཇུག་གི་བྱ་བའོ༔ དང་པོ་གསང་བ་སྨན་གཅིག་ལེགས་བཏུས་ལ༔་་་སྔོ་སྨན་སྤྱི་བཞིན་དུ། རྫ་ཤིང་སྣོད་དུ་ནམ་མཁའ་མ་མཐོང་ཞིང༔ བུད་མེད་མ་རིག་རྩ་བ་མ་ཉམས་པ༔ སྨྲ་བཅད་གསང་བ་འབྲུ་གཉིས་བཟླས་ཏེ་བརྡུང༔ ཆང་དང་སྦྱར་བ་འབྲུ་ཡི་དཀྱིལ་དུ་བསྙལ༔ ཉིན་ཕྱེད་ནས་མཚན་ཕྱེད།་་་གསོ་བྱ་མགོ་མཇུག་ལྡོག་ཉལ་གསོ་བ་པོ༔ ཤ་དམར་ཟས་ལྡན་རྟེན་འབྲེལ་ཁ་བརྡར་བཅས༔ བྱིན་རྗེས་ཁ་བཤལ་ངག་བསྡམ་དྲོ་བར་ཉལ༔ བི་ཥ་ཡིན་ན་སྦོ་འཁྲོག་སྐྱུགས་བཤལ་འབྱུང༔ མིན་ན་ཕན་གནོད་མེད་དོ་བརྟག་པ་འོ༔ གཉིས་པ་གསོ་སྨན་གོང་གི་གསང་སྨན་ཉིད༔ ཡུལ་རིགས་ཀུན་ཏུ་འདི་ཉིད་མི་སྐྱེ་མེད༔ རྩ་བ་ཉེ་ཤིང་འབྲས་ལྗང་འདབ་མ་ལ༔ མེ་ཏོག་རྒྱ་ཁ་གྱེན་བསྟན་གོང་དུ་ནི༔ ཐུར་གསུམ་སྙིང་ནང་འབྲས་བུ་ལ་ཕུག་གི༔ ས་བོན་དང་མཚུངས་བསྟེན་ཐབས་གསང་སྨན་འདི༔ ཚིག་བརྡུང་འབྲས་ཉག་བདུན་བསྲེས་ཆུ་གཙང་སྦྱོར༔ རས་དཀར་གྱིས་བཏུམ་རིན་ཆེན་སྣོད་དུ་བཙིར༔ གསང་བ་འབྲུ་གཉིས་རབ་ཏུ་གནས་པར་བྱ༔ གདོལ་ཆེན་མགུལ་སྲུང་བཅུད་ལེན་ཁ་ཟས་སྤང༔ བདུན་ནས་བཅུ་གཅིག་བར་དུ་རིམ་པར་བརྟེན༔ སྔ་མ་ཞུ་རྗེས་ཕྱི་མ་རིམ་བཞིན་སྦྱར༔ ཐུན་རེ་བཞིན་དུ་མོན་སྲན་འབྲུ་རེ་མིད༔ མགོ་མཇུག་ལྡོག་ཉལ་ངག་བསྡམ་སླར་ལ་སྲོང༔ གཟེར་འཁྱུག་སྦོ་འཁྲོག་འདར་དང་དངངས་པ་དང༔ དང་པོ་སྡུད་པས་ལུས་ཀུན་ཁོལ་བུར་ན༔ བར་དུ་གསོད་པས་ཕོ་བ་ལོང་ཁ་འཁྲོག༔ ཐ་མར་ནད་རྣམས་མ་ལུས་འཁྲུ་བ་སྟེ༔ གྱེན་དུ་་་ཉ་ཕག།སྐྱུགས་ན་ལོག་གནོན་ཐབས་ལ་འབད༔ མ་ཡིག་ཐུན་ཆུང་ལས་ཏེ་བཏབ་པས་འགྲུབ༔ མོན་སྲན་ཚོས་དང་ཕྱི་ཤུན་བུད་པ་ནི༔ བིཥ་དག་པའི་རྟགས་ཡིན་ལུས་ཟུངས་གསོ༔ རྗེས་ནས་ཤ་རུལ་མ་སྨིན་ཞོ་ཆང་དང༔ གང་ལ་སྦྱར་བའི་ཁ་ཟས་དེ་ཉིད་བསྲུང༔ དྲག་ཤུལ་རྔུལ་འབྱུང་ལུས་ཟུངས་གནོད་ཀུན་སྤང༔ ཁྱད་པར་ཟབ་མོ་སྔགས་ཀྱི་སྲུང་བའི་ཐབས༔ འཕགས་མ་དུག་སེལ་གཟུངས་སྔགས་ཤམ་བུ་རུ༔ ྈྈྈྈྈྈྈྈ ྈྈྈྈ ྈྈྈྈྈྈ ྈྈྈྈྈྈྈ ྈྈྈྈྈ ྈྈྈ ཐོ་རེངས་བརྒྱ་རྩ་བཟླ་བ་སྲུང་བའི་མཆོག༔ ཡང་ན་རྒྱ་ཤོག་རྒྱ་སྣག་གཙང་མ་ཡིས༔ ཡིག་རྒོད་ཟ་ཡིག་འདི་ཉིད་བརྟེན་པས་ཐུབ༔ ྈྈྈ བདག་འདྲ་རྒྱ་གར་མཁས་པ་པད་འབྱུང་གིས༔ འཕགས་མ་བིཥ་སེལ་བའི་གཟུངས་སྔགས་དང༔ དྲང་སྲོང་རྒྱུན་ཤེས་མན་ངག་ཟུང་བསྡེབས་ཏེ༔ མ་འོངས་ཆོས་བདག་སྐྱེས་བུའི་བཙས་སུ་བཞག༔ སྐལ་ལྡན་ལས་ཅན་དེ་དང་འཕྲད་ནས་ཀྱང༔ བར་ཆད་སེལ་ཞིང་འགྲོ་དོན་འགྲུབ་པར་མཛོད༔ ྈྈྈ ྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ཆོས་རྗེ་གླིང་པས་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་ཕྱུང་བའོ།། ༈ དུག་འཇོམས་འཆི་གསོས་བདུད་རྩིའི་དགའ་སྟོན་འདི༔ ྈྈྈ ཀུན་ལ་གསང་ཕྱིར་དྲང་སྲོང་ཕྱག་གི་རྒྱ༔ ས་མ་ཡ༔ ཨ་ཐཱ༔ ལྷ་ཡི་དྲང་སྲོང་རྣམ་པ་རུ༔ ཡོངས་བཞེངས་གུ་རུ་པདྨ་འབྱུང༔ གུས་པས་བཏུད་ནས་དུག་སེལ་གྱི༔ གདམས་པ་ཟིན་བྲིས་བརྗེད་ཐོར་བཀོད༔ ལོ་རྒྱུས་ནི་ལོ་གསུམ་གྲོལ་ཁ་དུག་གི་དོགས་པ་བྱུང་བ་ཟབ་ལུང་དུ་སྨིན་པའི་ཚེ༔ འདུས་དང་དམིགས་པའི་འཕྲུལ་འཁོར་གྱིས་ནད་ཁྲུས་ཤིང་དེ་རྗེས་ཆུ་གཞིའི་ནད་ཀྱིས་བྲོ་འཚལ་བ་ཡང་སྨན་བཅོས་ཀྱི་རིམ་གྱིས་དང༔ དེ་དག་གི་ཚེ་བླ་མ་ཨོ་རྒྱན་ལྷའི་དྲང་སྲོང་གི་རྣམ་པས་མན་ངག་བསྩལ་པ་རྣམས་ཟིན་བྲིས་སུ་བརྗེད་ཐོ་ཙམ་བཀོད་པ༔ དང་པོ༔ ལྷ་གཅིག༔ སྔགས་གཅིག༔ རྩ་བའི་དམིགས་པ་གཅིག༔ གཉིས་པ་དེ་ལ་བསྡུ་གསད༔ སྦྱོང་བའི་ཁ་བསྒྱུར་གྱི་སྔགས་དམིགས་བཏག་ལུགས༔ གསུམ་པ་དུག་སྦྱོང༔ སྲུང་བ༔ དབང་པོ༔ དང་པོ་ལྷ་གཅིག་ནི༔ དུག་གི་ནགས་ཚལ་རབ་ཏུ་འཁྲིགས་པ༔ དུག་གི་རླངས་པ་ན་བུན་ལྟར་འཐུལ་བ་ས་གཞིར་དུག་རི་སྣ་ཚོགས་ཀྱི་མེ་ཏོག་བཀྲ་བ༔ དེའི་དབུས་སུ་ལྷའི་དྲང་སྲོང་སྔོ་སྐྱ་ཤིན་ཏུ་རིད་པ་རལ་པའི་ཐོར་ཚུགས་སྨ་ར་སྨིན་མ་ཨག་ཚོམ་རྣམས་དཀར་སེར་བ་སྤུ་སྔོ་ཞོལ་ལེ་བ་རས་དཀར་གྱི་ཨང་རག་ཅན་རྐང་པ་སྐྱིལ་ཀྲུང༔ ལག་པ་གཡས་སོར་མོ་གསུམ་སྒྲེང༔ གཡོན་གདན་བཙུག༔ སྦྲུལ་ལྤགས་ཀྱི་སྟན༔ རྨ་བྱའི་སྒྲོ་གདུགས་མིག་སེར་ཁྱིལ་ལེ་བསྒོམ་མོ༔ སྔགས་གཅིག༔ ཨོཾ་ཧྲཱིང་ཧྲཱིང་ཨཾ་གུ་ལ་ཀ་ཐ་ཋ༔ རྩ་བའི་དམིགས་པ་གཅིག་ནི་ལྷའི་རྣམ་པ་དེ་ཁ་ལ་སེམས་བཟུང་བའོ༔ གོང་བསྙེན་འབུམ་ཚོ་གཅིག་གོ༔ གཉིས་པ་བསྡུ་གསད་སྦྱོང་གསུམ་གྱི་སྔགས་དམིགས་ནི༔ དང་པོ༔ རང་གོང་བཞིན་བསམ༔ ཁྱད་པར་ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་ཞིང་དམིགས་པ་དེ་ལྟར་བྱ༔ ལུས་ཀྱི་དབུས་དྲང་པོར་དབུ་རྐྱང་རོ་གསུམ་རྩ་འཁོར་ལྔ་སྤྱི་འགྲེ་བཞིན་བསྒོམ༔ རླུང་བུམ་ཅན་སྦྱོར་བ་བཞི་ལྡན་བྱ༔ མདུན་དུ་བྲིས་སྐུ་དགྲམ༔ བྲིས་སྐུ་ལྷ་ཡི་དྲང་སྲོང་དངོས་སུ་བསྒོམ༔ རླུང་ཕྱིར་འབུད་པའི་ཚེ་འོད་ཟེར་འཕྲོས་དྲང་སྲོང་ལ་ཐིམ༔ ནང་དུ་རྔུབ་ཚེ་དེའི་ཐུགས་ཀ་ནས་འོད་ཟེར་ལྗང་དམར་གཅིག་འཕྲོས༔ སྣ་བུག་ནས་ཞུགས་རོ་རྐྱང་བརྒྱུད་དབུ་མར་ཞུགས་གསང་བའི་རྩ་འཁོར་གང༔ ཐམས་ཅད་བསྡུས་གསང་རྩའི་དབུས་སུ་སྦལ་སྡིག་གང་རུང་ལྗང་དམར་མཐེ་བོང་ཙམ་བསྒོམ༔ དམིགས་པ་དེས་འགྲེ་བས་རྩ་འཁོར་ལྔ་ཀ་ལ་བྱ༔ རླུང་བུམ་ཅན་བསྒོམ༔་་་སྔགས་བསྒྱུར་ཕྱིར་ཨོཾ་ཧྲིང་བི་ཧུབ་མང་གུ་ལ་གནས་ཀ་སྡུས་སྡུས༔ གཉིས་པ་ནི༔ གོང་བཞིན་ལ་ལག་གཉིས་ཁུ་ཚུར་བརླ་ཁུགས་སམ་པུས་སྟེང་བཞག་ཅིང་དམིགས་པ་ཡང་སྤོ༔ སྤྱི་བོར་དྲང་སྲོང་བསྒོམས་པའི་མདུན་གྱི་བྲིས་སྐུ་ལ་བརྟེན་ཀྱང་རུང༔ སྔགས་བསྒྱུར་གནས་ཀ་སོད་སོད༔་་་རླུང་གོང་བཞིན་ལས་རྔུབ་དུས་དྲང་སྲོང་གི་ཐུགས་ལས་འོད་ཟེར་མེ་སྟག་ལྟ་བུ་འཕྲོས་སྤྱི་བོ་ནས་ཞུགས་སྤྱི་བོའི་རྩ་འཁོར་གྱི་སྦལ་སྡིག་ལ་ཕོག་ནུས་པ་བསྲེགས༔ དེ་བཞིན་དུ་རིམ་པས་འཁོར་ལོ་བཞི་ཀར་འགྲེ༔ གསུམ་པ་སྦྱོང་བ་ནི༔ ལུས་གནད་ཙོག་པུ་རྐང་པ་རེའུ་མིག་ལག་པ་གཡས་གཡོན་མཁྲིག་མས་བཟུང་ཞིང་པུས་འཁྱུད་བྱ་དམིགས་པ་དེ་སྤོ༔ དྲང་སྲོང་གི་ཐུགས་ཀ་ནས་འོད་ཟེར་དཀར་སིལ་འཕྲོས༔ སྤྱི་བོ་ནས་ཐིམ་རྩ་འཁོར་ཁེངས༔ དུག་གི་གཡའ་ཐམས་ཅད་འདུས་སྦལ་སྡིག་གི་རོ་དང་བཅས་ཐམས་ཅད་མགྲིན་རྩར་བསྐྱལ༔ དེ་བཞིན་དུ་འཁོར་ལོ་ལྔ་ལ་རིམ་བཞིན་འགྲེ༔ མཚང་མདོར་བསྐྱལ་བར་བསམ་་་གནས་དུས་བུམ་ཅན་ཀ་ཕུད་ཕུད༔ཕོ་བ་གཡས་གཡོན་བསྐོར་ཞིང་དཀྲུག༔ ནད་ཚབས་ཆེ་བ་དང་རླུང་དམིགས་ཞེར་པ་སོགས་ལ་བསྡུ་གསད་སྦྱོང་དམིགས་དང་བསྡུས་པའི་ཁོང་སྨན་གཏོང༔ བསྡུ་གསད་སྦྱོང་དམིགས་ལ༔ ཞག་རེ་བྱས་པའི་མཐུས་ནད་རྣམས་གང་ལ་སྦྱར་བའི་བཟའ་བཏུང་ངམ༔ ཡུན་སོང་ན་སྲོག་ཆགས་རྣམ་པར་འཐོན་ཡོང་ངོ༔ དེའི་མཇུག་གཅོད་རྨུ་ཆུ་སོགས་ཀྱིས་སྨན་གྱི་ཁ་བསྒྱུར་དང་འཕྲོད་རྟེན་བྱའོ༔ གསུམ་པ༔ དུག་སྦྱོང་བ༔ སྲུང་བ༔ དབང་ལས་དང་པོ༔ དམིགས་པ༔ དྲང་སྲོང་ཉི་ཟླའི་མིག་རྨ་བྱའི་མཆུ་ལག་ན་དུག་རིགས་སྣ་ཚོགས་བསྣམས་ཤིང་གསོལ་བར་བསྒོམ༔ སྡར་ཀ་གཞིལ་གཞིལ༔ བརྒྱ་སྟོང་ཁྲི་ཙམ་གོང་བསྙེན་མང་ཉུང་དང་བསྟུན་པའི་བཙན་དུག་དང་པོར་ཡུངས་འབྲུ༔ དེ་ནས་ནས༔སྲན༔སྲན་ཕོས༔ རྒྱ་སྲན་ཕྱེད་གཉིས་སོགས་ནས་མཐར་གོམས་ནས་མཐེབ་ཚིགས་ཙམ་ལ་སྔགས་ཏེ་བཟའ་ཆང་བཟང་པོས་ཕུལ་ལོ༔ གཉིས་པ་ནི༔ དྲང་སྲོང་རྨ་བྱའི་སྒྲོ་ཐུལ་གྱོན་པ༔ མིག་གཉིས་ཉི་ཟླ༔ མཆུ་དམར་སེར༔ ཕྱག་ན་རྨ་བྱའི་སྒྲོ་གདུགས་ཕྱིན་ཁ་ལོག་སྐྱིར་བའི་མདོངས་བསྣམས་ནས་འོད་ཟེར་སྣ་ཚོགས་འཕྲོ་བས་བསྲུང་བ་ཞབས་འོག་ཏུ་ཕག་རྒོད་ཀྱིས་སྦལ་དུག་འདྲེ་སྡིག་སྦྲུལ་སོགས་སྲོག་ཆགས་ཀྱི་རྣམ་པ་ཅན་འཇིབ་འཇིབ་ཟ་བར་བསྒོམ༔ སྔགས་ཤམ༔ ྈྈྈ རྟེན་འབྲེལ་འཁོར་ལོ་བཏགས་རྒྱུ་ཞིག་ཀྱང་མཆིས།་་་བར་རླུང་ཙམ་ལ་བརྟེན༔ གསུམ་པ་ནི༔ བྲིས་སྐུ་བཀྲམ༔ གཙང་གཏོར་གཅིག༔ རྒྱ་བལ་མདོ་ཁམས་མོན་གོང་གི་ཟས་སྣ་རེ་བཤམ༔ དུག་ལ་སྔགས་ཀྱིས་བཏབ་པ༔ བྲིས་སྐུ་ལྷའི་དྲང་སྲོང་དུ་བསྒོམ༔ སློབ་མ་དྲང་སྲོང་རིགས་སོ་སོར་བསྐྱེད༔ རྩ་སྔགས་བསྡུ་གསད་སྦྱོང་སྲུང་བའི་སྔགས་ཀྱི་ལུང་ཕོགས༔ ཟས་སྣ་རྣམས་ལ་སྔགས་བརྒྱ་སྟོང་ཅི་འགྲུབ་བཟླས་པའི་ཟས་སྣ་སོ་སོ་ནས་བྱིན༔ དེ་མཐར་དུག་ལ་སྔགས་ཀྱིས་བྲན་པ་བྱིན༔ རྟེན་རྫས༔ རྨ་བྱའི་མདོངས༔ ལུང་ཐང་ཕྲེང་བ༔ བྲིས་སྐུ་རྣམས༔ དམ་ཚིག་གཙང་སྦྲ་བྱ༔ དམེ་ཟས་སྤང༔ རྩ་བའི་ལྷ་དང་སྔགས་ཉེར་གཅིག་རེ་ཉིན་རེར་དྲན་བཟླས་དགོས་སོ༔
དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཉམས་ཆག་སྐོང་བའི་ཆོ་ག་ (Volume 27, Text 45)
༁ྃ༔ དཔལ་ཡང་དག་ཐུགས་ཀྱི་སྙིང་པོ་ལས༔ ཉམས་ཆག་སྐོང་བའི་ཆོ་ག་བཞུགས་སོ༔ ྈྈྈྈ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཉམས་ཆག་སྐོང་བའི་ཆོ་ག་ནི༔ སྟེགས་བུ་འདོམ་གང་ཆག་ཆག་གདབ༔ དཀྱིལ་འཁོར་ཚུལ་བཞིན་བྲི་བར་བྱ༔ ཕྱག་རྒྱའི་སྐུ་དང་མར་མེ་དགུ༔ བུམ་པ་ཆས་ལྡན་དབུས་སུ་བཤམ༔ ཐ་མར་སྨན་རཀ་གཏོར་གསུམ་བརྒྱ༔ དེ་བཞིན་མར་མེ་ཚེ་ཛ་གད༔ ཟླ་རྒྱས་ཟླ་ཕྲོམ་མཱཾ་ས་དང༔ སྤོས་དང་མེ་ཏོག་ཁུར་བ་བཤམ༔ ཡང་ན་གང་འབྱོར་ཙམ་གྱིས་ཆོག༔ དཀྱིལ་འཁོར་གཙོ་བོ་བླ་མ་དང༔ དབྱེར་མེད་བསྒོམས་ལ་ཕྲིན་ལས་གཏང༔ བུམ་པ་ཟླ་གམ་གཞལ་ཡས་སུ༔ ཧེ་རུ་ཀ་དཔལ་བསྐྱེད་བཟླས་དང༔ ལས་ཀྱི་བུམ་པར་རྡོར་སེམས་བསྒོམ༔ ཡི་གེ་བརྒྱ་པ་གང་ནུས་བཟླ༔ ཚོགས་འཁོར་བྱ་ཞིང་ཕྱི་མཆོད་འབུལ༔ ནང་མཆོད་སྟེགས་ལ་དཀྱིལ་འཁོར་བསྐོར༔ ཧཱུྃ༔ སྟོང་པ་ཉིད་ཀྱི་བྷནྡྷ་རུ༔ བདེ་བ་ཆེན་པོའི་བདུད་རྩིས་བཀང༔ བདེ་སྟོང་དབྱེར་མེད་བདུད་རྩི་འདི༔ བླ་མ་ཧེ་རུ་ཀ་དཔལ་དང༔ རྣལ་འབྱོར་མ་ཡི་ཚོགས་ལ་འབུལ༔ བདག་ཅག་ཉམས་ཆག་བསྐང་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ འབྱུང་ནུས་རྩ་རླུང་བྷནྡྷ་རུ༔ ཕུང་པོ་རྣམ་ཤེས་དབང་པོ་བསྒྲལ༔ འཛིན་རྟོག་བསྒྲལ་པའི་རཀྟ་འདི༔ བླ་མ་ཧེ་རུ་ཀ་དཔལ་དང༔ རྣལ་འབྱོར་མ་ཡི་ཚོགས་ལ་འབུལ༔ བདག་ཅག་ཉམས་ཆག་བསྐང་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ སྣང་སྲིད་སྣོད་ཀྱི་བྷནྡྷ་རུ༔ བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ ལྷ་དང་ལྷ་མོའི་གཏོར་མ་འདི༔ བླ་མ་ཧེ་རུ་ཀ་དཔལ་དང༔ རྣལ་འབྱོར་མ་ཡི་ཚོགས་ལ་འབུལ༔ བདག་ཅག་ཉམས་ཆག་བསྐང་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དབང་པོ་ཚོགས་བརྒྱད་བྷནྡྷ་རུ༔ རྣམ་ཤེས་བརྒྱད་རྣམས་ཚོགས་སུ་སྦྱར༔ སྐུ་གསུང་ཐུགས་ཀྱི་ཚོགས་འཁོར་འདི༔ བླ་མ་ཧེ་རུ་ཀ་དཔལ་དང༔ རྣལ་འབྱོར་མ་ཡི་ཚོགས་ལ་འབུལ༔ བདག་ཅག་ཉམས་ཆག་བསྐང་དུ་གསོལ༔ མ་ཧཱ་ག་ཎ་ཙཀྲ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ དུས་བཞི་རྟག་ཆད་བསྒྲལ་པ་ཡི༔ མཱཾ་ས་ཚེ་གལ་ཟླ་རྒྱས་དང༔ ཟླ་ཕྲོམ་ཁུར་བ་མེ་ཏོག་སྤོས༔ སྣང་སྲིད་ཚོགས་ཀྱི་ལོངས་སྤྱོད་འདི༔ བླ་མ་ཧེ་རུ་ཀ་དཔལ་དང༔ རྣལ་འབྱོར་མ་ཡི་ཚོགས་ལ་འབུལ༔ བདག་ཅག་ཉམས་ཆག་བསྐང་དུ་གསོལ༔ པཉྩ་ཀ་མ་གུ་ཎ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་ཕོ་བྲང་དུ༔ རང་རིག་ལྷ་ཡི་མར་མེ་སྦར༔ དབྱིངས་རིག་དབྱེར་མེད་འོད་གསལ་འདི༔ བླ་མ་ཧེ་རུ་ཀ་དཔལ་དང༔ རྣལ་འབྱོར་མ་ཡི་ཚོགས་ལ་འབུལ༔ བདག་ཅག་ཉམས་ཆག་བསྐང་དུ་གསོལ༔ ཨཱ་ལོ་ཀེ་པཱུ་ཛཿཧོ༔ དཀྱིལ་འཁོར་མཐར་བཀོད་དབྱངས་སྙན་པོས༔ བདག་གི་འདྲེན་མཆོག་བླ་མ་རྗེ༔ ཧེ་རུ་ཀ་དཔལ་ཐུགས་དམ་བསྐང༔ སྐུ་ཡི་ཕྱག་རྒྱར་གྱུར་པ་ཡི༔ བཛྲ་རྣལ་འབྱོར་ཐུགས་དམ་བསྐང༔ རིགས་ཀྱི་སྲས་སུ་གྱུར་པ་ཡི༔ རྡོ་རྗེ་སེམས་དཔའི་ཐུགས༴ སྐུ་ཡི་ཕྱག་རྒྱར་བཞེངས་པ་ཡི༔ གཽ་རཱི་དཀར་མོའི་ཐུགས༴ གསུང་གི་དབྱིངས་སུ་བཞེངས་པ་ཡི༔ པྲ་མོ་ཧ་ཡི་ཐུགས༴ ཐུགས་ཀྱི་དབྱིངས་སུ་བཞེངས་པ་ཡི༔ ཙཎྜ་ལཱི་ཡི་ཐུགས༴ ཡོན་ཏན་དབྱིངས་སུ་བཞེངས་པ་ཡི༔ ཙཽ་འུ་རཱི་ཡི་ཐུགས༴ ཕྲིན་ལས་དབྱིངས་སུ་བཞེངས་པ་ཡི༔ བཻ་ཏཱ་ལི་ཡི་ཐུགས༴ ཡེ་ཤེས་དབྱིངས་སུ་བཞེངས་པ་ཡི༔ པུཀྐ་སི་ཡི་ཐུགས༴ གཟི་བརྗིད་དབྱིངས་སུ་བཞེངས་པ་ཡི༔ སྨེ་ཤ་ནི་ཡི་ཐུགས༴ དངོས་གྲུབ་དབྱིངས་སུ་བཞེངས་པ་ཡི༔ གྷསྨ་རཱི་ཡི་ཐུགས༴ དབང་ཁྲིད་བཤད་པའི་བཀའ་དྲིན་སྐྱོང༔ སློབ་དཔོན་རྣམས་ཀྱི་ཐུགས༴ ལམ་ཁྲིད་ས་མཁན་བརྩེ་གདུང་ཅན༔ མཆེད་ལྕམ་རྣམས་ཀྱི་ཐུགས༴ དངོས་གྲུབ་སྟེར་ཞིང་བྱིན་རླབས་སྩོལ༔ ཡི་དམ་རྣམས་ཀྱི་ཐུགས༴ རྟོགས་པ་བསྐྱེད་ཅིང་བརྩེ་གདུང་ཅན༔ ཕྱག་རྒྱ་རྣམས་ཀྱི་ཐུགས༴ བར་ཆད་སེལ་ཞིང་ཕྲིན་ལས་ཅན༔ མཁའ་འགྲོ་ཆོས་སྐྱོང་ཐུགས༴ ལེགས་ཉེས་ཕན་གནོད་ལས་བྱེད་པའི༔ ལྷ་སྲིན་རྣམས་ཀྱི་ཐུགས༴ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ མ་མོ་རྣམས་ཀྱི་ཐུགས༴ སྙིང་རྗེའི་ཡུལ་གྱུར་འགྲོ་དྲུག་རྣམས༔ ལྷ་དང་ལྷ་མོར་ཐུགས༴ ལན་ཆགས་བགེགས་རིགས་ཐམས་ཅད་ཀུན༔ ཡི་དམ་ལྷར་གསལ་ཐུགས༴ ཐུགས་དམ་སྐོང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང༔ སྦྱོར་སྒྲོལ་སྨན་རཀ་གཏོར་མ་དང༔ འདོད་ཡོན་རོལ་མོ་སྙན་པའི་དབྱངས༔ མར་མེ་འོད་གསལ་མདངས་ཀྱིས་བསྐང༔ ཧཱུྃ༔ དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང༔ སྡུག་བསྔལ་ཀ་དག་ཆོས་ཉིད་ཀློང་དུ་བསྐང༔ ཀུན་རྫོབ་དོན་དམ་གཉིས་མེད་ཀློང་དུ་བསྐང༔ བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ སྒྲོལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྐབས་འདིར་བརྗོད་མེད་སྨྲེ་བཤགས་དང་ཁྲོ་བོ་སྤྱི་བཤགས་རྣམས་བྱའོ༔ མཆེད་ལྕམ་རྣམས་ཀྱིས་མར་མེ་ཐོགས་ལ༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉེན་གྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྟུང་ཞིང༔ མ་རིག་མུན་པའི་ནང་དུ་མི་འཐུམ་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་དང༔ དམྱལ་བའི་ཟངས་ཁར་ལམ་དུ་མི་ལྟུང་ཞིང༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཏེ༔ ལས་ཀྱི་མཚོན་རྣོན་དབལ་གྱིས་མི་ཕོག་ཤོག༔ བཤེས་གཉེན་དམ་པ་བཀའ་དྲིན་ཆེ་བ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་མཆེད་གྲོགས་རྣམས༔ ཤེས་རབ་གཉེན་གྱིས་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོག་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ཚེ༔ མ་རིག་གཏི་མུག་རྨོངས་པའི་སྡུག་བསྔལ་གྱིས༔ འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་ན༔ གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག༔ ཞེེ་སྡང་མནར་བའི་ལས་ཀྱི་སྡུག་བསྔལ་གྱིས༔ དམྱལ་བའི་ཟངས་ཁར་ལམ་དུ་ལྟུང་སྲིད་པས༔ གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག༔ ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས༔ གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་པས༔ གསལ་བའི་སྒྲོན་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག༔ འདོད་ཆགས་འཛིན་པའི་ལས་ཀྱི་སྡུག་བསྔལ་གྱིས༔ གཅོང་རོང་ཟབ་མོའི་ནང་དུ་སྐྱེ་སྲིད་པས༔ གསལ་བའི་མར་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག༔ ཕྲག་དོག་ཟུག་རྔུའི་ལས་ཀྱི་སྡུག་བསྔལ་གྱིས༔ མཚོན་ཆ་གདུག་པའི་དབལ་གྱིས་ཕོག་སྲིད་པས༔ སྣང་གསལ་མར་མེ་ཐུགས་རྗེ་དེར་མ་ཆུང༔ སྣང་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདིས༔ རིག་འཛིན་སྒྲུབ་པ་པོ་ཡི་ཤུལ་མཚོན་ཅིག༔ ས་བཅུ་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས༔ འགྲོ་དོན་ཐོགས་པ་མེད་པའི་བརྩོན་འགྲུས་ཀྱིས༔ ས་བཅུ་གཅིག་ཆར་རྫོགས་པར་གྱུར་ནས་ཀྱང༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདུན་སུས་ཤིག༔ བྱང་ཆུབ་སེམས་མ་རྣམས་ཀྱིས་མཐའ་སྐྱོར་ཅིག༔ ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་རྒྱབ་རྟེན་ཅིག༔ ས་བཅུ་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ༔ ཕྱིར་མི་ལྡོག་པའི་དངོས་གྲུབ་དེར་ཐོབ་བོ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་ཤུལ་མཚོན་ཅིག༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཐའ་སྐྱོར་ཅིག༔ ཡེ་ཤེས་ཏིང་ངེ་འཛིན་གྱིས་རྒྱབ་རྟེན་ཅིག༔ རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པའི་ཚེ༔ གསལ་བའི་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ མཆོད་པའི་ལྷ་མོ་རྣམས་ཀྱིས་མཐར་སྐྱོར་ཅིག༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱབ་རྟེན་ཅིག༔ པདྨ་ཅན་གྱི་ས་ལ་ཕྱིན་པའི་ཚེ༔ ཤེས་རབ་ཏིང་ངེ་འཛིན་གྱིས་ཤུལ་མཚོན་ཅིག༔ སྒོ་བ་ཆེན་པོ་རྣམས་ཀྱིས་མཐའ་སྐྱོར་ཅིག༔ ཏ་ཀྲིཏ་ཆེན་པོ་རྣམས་ཀྱིས་རྒྱབ་རྟེན་ཅིག༔ འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པའི་ཚེ༔ འདས་པའི་སངས་རྒྱས་རྣམས་ཀྱིས་མདུན་སུས་ཤིག༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་རྒྱབ་རྟེན་ཅིག༔ མ་ཚོགས་དབང་ཕྱུག་རྣམས་ཀྱིས་མདུན་སུས་ཤིག༔ བཀོད་པ་རབ་རྫོགས་ས་ལ་ཕྱིན་པའི་ཚེ༔ ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་ཞལ་མཐོང་ནས༔ རིག་འཛིན་རྣམས་ཀྱི་ཞིང་དུ་སྐྱེས་ནས་ཀྱང༔ བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དཀྱིལ་འཁོར་ཐུགས་ཀའི་འོད་ཟེར་ནི༔ རང་ལ་ཕོག་པས་ཉམས་ཆག་བསྐང༔ རུ་ལུའི་སྔགས་ཀྱིས་གར་སྟབས་བྱ༔ འོག་མིན་གནས་ནས་རྡོ་རྗེ་སེམས༔ བྱོན་ཏེ་བདག་ལ་ཁྲུས་བྱས་བསམ༔ ཡིག་བརྒྱ་བུམ་ཆུས་ཁྲུས་བྱ་འོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ལ་དབང་བཞི་བསྩལ་དུ་གསོལ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས༔ བདག་ལ་དབང་བསྐུར་མཛད་པར་བསམ༔ ཧཱུྃ༔ ཡེ་ཤེས་ལྷ་ཡིས་བུམ་པ་ཡིས༔ མ་རིག་སྒྲིབ་པའི་ཚོགས་རྣམས་བཀྲུ༔ ཕྱག་རྒྱ་སྐུ་ཡི་དཀྱིལ་འཁོར་གྱིས༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ སྙིང་པོ་སྔགས་ཀྱི་དབང་བསྐུར་བས༔ རྩ་རླུང་སྔགས་སུ་འགྱུར་བར་ཤོག༔ བདུད་རྩི་ཐོད་པའི་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་འཆར་བར་ཤོག༔ སྣང་གསལ་མར་མེའི་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧྲཱི༔ དབང་བླང་དེ་ལྟར་དུས་བཞིར་བྱ༔ ཉམས་ཆག་ཐམས་ཅད་བསྐང་བར་འགྱུར༔ ཕྲིན་ལས་མཇུག་བསྡུ་གཞུང་བཞིན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ སྤྲུལ་སྐུ་མཆོག་གྱུར་གླིང་པས་ས་སྤྱོད་གསུང་གི་གནས་འོག་མིན་ཀརྨའི་དམ་ཅན་བྲག་ནས་གདན་དྲངས་པའོ། །དགེ་ལེགས་འཕེལ།། །།
སྲིད་པ་མ་མོ་སྒང་ཤར་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་ (Volume 32, Text 45)
༄༅། །སྲིད་པ་མ་མོ་སྒང་ཤར་གྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ། ཤྲཱི་མཱཾ་གུ་རུ་ཧེ་རུ་ཀཾ་ན་མཱ་མི། སྣང་སྲིད་ཤེས་རབ་ཡུམ་གྱི་བྷ་གའི་དབྱིངས། །མཁའ་བཞི་གཅིག་ཏུ་འཁྱིལ་བའི་བདེ་ཀློང་ན། །ཐབས་ཀྱི་སྐུར་སྟོན་མངོན་རྫོགས་ཧེ་རུ་ཀ །ཟུང་འཇུག་འཁོར་ལོའི་མགོན་པོར་ཤར་ལ་འདུད། །གྲུབ་པའི་རིག་འཛིན་ཆེན་པོས་ལེགས་ཕྱེས་པའི། །སྨིན་བྱེད་ཆོ་ག་དུས་བསྐལ་འཚམ་པའི་ཁྲིགས། །རིང་ལུགས་ཉི་ཟླའི་དཀྱིལ་འཁོར་སླར་འཆར་ཕྱིར། །འགོད་ལ་བཀའ་ཡིས་གནང་ཞིང་བྱིན་རླབས་སྩོལ། །བཀའ་སྲོལ་འདིའི་དཀྱིལ་འཁོར་གྱི་ཆོ་ག་གྲུབ་པའི་སློབ་དཔོན་ནམ་མཁའ་རྒྱལ་པོ་ཤཱནྟིཾ་གར་བྷས་མཛད་པ་ལྟར་བྱ་བ་སྔོན་བྱོན་རིག་འཛིན་རྣམས་ཀྱི་ཕྱག་བཞེས་ཡིན་འདུག་ཀྱང་། འདིར་སྒྲུབ་གནས་རྙིང་པར་རས་བྲིས་ཀྱི་དཀྱིལ་འཁོར་ཙམ་ལ་བརྟེན་ཏེ་དབང་རྒྱུན་བསྐུར་བའི་ཕྱག་ལེན་ཁྱེར་བདེར་བཀོད་པ་ལ་དོན་བཞི། སྟ་གོན། སྒྲུབ་མཆོད། དབང་བསྐུར། རྗེས་ཀྱི་རིམ་པའོ། །དང་པོ་ལ་ལྔ། བདག་བསྐྱེད། སྔོན་གཏོར། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། ལོགས་གང་བདེར་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་བཤམ། ཕྲིན་ལས་ཆེ་ཆུང་གང་རུང་ལྟར་དཀྱིལ་འཁོར་བསྐྱེད་བཟླས་རྫོགས་པར་བྱ། ཅིས་ཀྱང་མི་ལྕོགས་ན་སྤྱི་འགྲེའི་རིགས་པས་ཕྱག་རྒྱ་རྐྱང་སྒྲུབ་ཙམ་བྱ་སྟེ། རྒྱུན་བཤགས་ཡན་ལག་བརྒྱད་པ་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། སྐྱེ་འགག་མེད་པའི་ངོ་བོ་ལས། །མ་གཡོས་ཆོས་སྐུ་དེ་བཞིན་ཉིད། །སྙིང་རྗེ་ནམ་མཁའ་ལྟ་བུ་བསྐྱེད། །སྣང་སྟོང་གཉིས་མེད་ཆུ་ཟླ་ལྟར། །སྟེང་འོག་ཕྱོགས་བཅུ་ཀུན་ཏུ་སྣང་། །འོད་འདུས་རྒྱུ་ཡི་ཡི་གེ་ཧཱུྃ། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་བདག་ཉིད་ཧེ་རུ་ཀ །དཔལ་ཆེན་མངོན་རྫོགས་རྒྱལ་པོ་ནི། །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་ཁྲོ་བོའི་སྐུ །རྡོ་རྗེ་རལ་གྲི་དགྲ་སཏྭ་གཡས། །དྲིལ་བུ་རྔེའུ་ཆུང་སྦྲུལ་ཞགས་གཡོན། །རྫུ་འཕྲུལ་ཞབས་བཞིས་མ་མོ་མནན། །པད་ཉི་ཟླ་སྟེང་མེ་ཕུང་ཀློང་། །དབྱིངས་ཀྱི་མུ་ཁ་ལེ་དང་འཁྲིལ། །མཐིང་ག་ཞལ་ལྔ་ཕྱག་དྲུག་སྟེ། །རྡོ་རྗེ་གྲི་གུག་བདུད་རྩི་གཡས། །དྲིལ་བུ་བནྡྷ་ཞིང་ཆུང་གཡོན། །ཞབས་བརྒྱད་མཁའ་བཞི་དབྱིངས་སུ་སྡུད། །ངོ་བོ་དབྱིངས་ཀྱི་མ་མོར་བཞུགས། །རང་བཞིན་ཡེ་ཤེས་མ་མོར་རྫོགས། །ཐུགས་རྗེ་སྤྲུལ་པའི་མ་མོ་རྣམས། །རྩ་རླུང་ཐིག་ལེའི་དྭངས་མར་གནས། །མ་ནི་ཆོས་དབྱིངས་མཉམ་པ་ཉིད། །མོ་ནི་རིག་པའི་ཡེ་ཤེས་ཏེ། །རྩལ་ལས་སྣང་སྲིད་མ་མོར་ཤར། །སྟོང་གསུམ་དུར་ཁྲོད་གཞལ་ཡས་ཁང་། །སྐྱེ་འགྲོ་ཡེ་ནས་མ་རྒྱུད་ལྷ། །སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར། །དོན་གཉིས་མཛད་པ་ལྷུན་གྱིས་གྲུབ། །ཐམས་ཅད་རང་རིག་བྱང་ཆུབ་སེམས། །མཁའ་ཀློང་ཡངས་པའི་དཀྱིལ་འཁོར་དུ། །བདེ་ཆེན་འོད་ཀྱི་ཐིག་ལེར་འཁྱིལ། །དབྱིངས་ཡེ་ཟུང་འཇུག་འགྱུར་བ་མེད། །མ་བཅོས་རང་བྱུང་ཆེན་པོར་བཞག །ཅེས་པའི་དོན་གསལ་བཏབ་ལ་འབྲུ་གསུམ་རླུང་དང་སྦྱར་བའི་རྡོ་རྗེའི་བཟླས་པ་བྱ་ཞིང་། སྤྲོ་ན་ཕྲིན་ལས་ལྟར་སྙིང་པོའང་བཟླ། འདི་ནི་རྒྱུད་ལས་ཕྱུངས་པའོ། །གཉིས་པ་སྔོན་གཏོར་ནི། དཀར་གཏོར་དང་གསེར་སྐྱེམས། རཾ་ཡཾ་ཁཾ་གིས་བསང་། བྱིན་རླབས་དང་སྔགས་བསྔོས་སྤྱི་ལྟར་བྱས་ལ། ཧཱུྃ། ས་ཕྱོགས་འདི་ན་གནས་པ་ཡི། །ས་བདག་ལྷ་ཀླུ་འཁོར་དང་བཅས། །གནས་འདི་རྣལ་འབྱོར་བདག་གཡར་གྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གི་ལས་འདི་མ་གྲུབ་བར། །གནས་བདག་ཁྱེད་རྣམས་གཞན་དུ་དེངས། །ཞེས་པས་གཏོར་མ་ཕྱི་རོལ་དུ་འབུལ་ལོ། །གསུམ་པ་ལྷ་ལྷག་གནས་ནི། དཀྱིལ་འཁོར་གྱི་སྟེགས་བུ་དྲི་ཡིས་བྱུགས་པ་ལ། ཆང་དང་བདུད་རྩི་ལྔས་གཙོ་བོའི་གནས་སུ་ཐིག་ལེ་གྲུ་བཞི། འཁོར་རྣམས་ལ་ཟླུམ་པོ་ལྷ་གྲངས་གནས་མ་འཆོལ་བར་བྱས་པའི་སྟེང་དུ་དྲི་བཟང་གིས་གཤེར་བའི་འབྲུའི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད། རྒྱབ་ངོས་སུ་སྨན་གཏོར་རཀྟ། མཐའ་སྐོར་དུ་ཕྱི་མཆོད་ཆ་གང་འཛོམ་གྱིས་བསྐོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ལས་བྱང་ལྟར་སྨན་རཀ་གཏོར་མ་སྔགས་ཙམ་དང་། ཚིག་ལྷུག་བཅས་ཀྱིས་ཕྱི་མཆོད་བྱིན་བརླབ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་ཙཀྲ་པདྨ་བྷནྡྷ་ཛྙཱ་ན་མཎྜ་ལ། ཛྙཱ་ན་ཙཀྲ །པཾ་པདྨ་མཎྜ་ལ། མ་སཱུརྻ། ཨ་ཙནྡྲ་མཎྜ་ལ། ཚོམ་བུའི་དཀྱིལ་འཁོར་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་གྲུ་གསུམ་མཐིང་ནག །དེ་རྒྱབ་འཁོར་ལོ་རྩིབས་བརྒྱད། དེ་རྒྱབ་པད་འདབ་བརྒྱད་དང་བཅུ་དྲུག །གཙོ་བོའི་གནས་སུ་པདྨ་ཉི་ཟླ་མ་མོ་སོགས་ལྷ་སོ་སོའི་གདན་དང་བཅས་པ་གསལ་བའི་སྟེང་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཨ་ཀྲ་ཧཱུྃ། ཧཱུྃ་ཉིད་ཞི་མུ་ཁ་ལེ་ཀྲོ་ཏཱི་ཤྭ་རཱི་བྷ་ག་པདྨ་རྒྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་བྷྱོ་ཛཿ བཛྲ་ལཾ་ཏེ་ཧ། གྷྲྀ་ས་མུ་ཧཾ་ཧ། ཛྭ་ལ་བ་རཾ་ཧ། བི་ཤ་སན་ཏི་ཧ། བི་ཡཾ་ཡཾ་ཏེ་ཧ། ཧཱུྃ་ཉིད་ཞི་མུ་ཁ་ལེ་བྷ་ག་པདྨ་རྒྱ་ཧཱུྃ་ཧཱུྃ། ཧཱུྃ་བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ། བཛྲ་སཱུརྻ་བྱི་ཏ་ཨ་ཏོ་ཡེ། བཛྲ་པདྨ་བྱི་ཏ་ཨ་ཏོ་ཡེ། བཛྲ་ཁ་རག་བྱི་ཏ་ཨ་ཏོ་ཡེ། བཛྲ་སྲིང་འགྲོ་བྱི་ཏ་ཨ་ཏོ་ཡེ། བཛྲ་ཀེཾ་ཀེཾ །བཛྲ་ཏ་ཀེཾ་ཏ་ཀེཾ །བཛྲ་ནི་ལ་ནི་ལ། བཛྲ་ལན་ཏ་ལན་ཏ། ཨོཾ་མུ་ཏྲི་ནི། ཨ་ཤན་ཏྲི་ནི། བྷ་ག་དན་ཏྲི་ནི། ཁ་མུན་དུན་ཏྲི་ནི། བཛྲ་ཟ་རཾ་གྷྲཾ་མུ་རཾ་ཀྵཾ། བཛྲ་ཁ་རག་སྙིང་ཁ་རག །ཏྲག་རཀྴ་མུ་ཏྲ། ཏྲག་རཀྴ་མུ་ཏྲ། ཁ་མུན་ཏྲ་ཏྲག་རཀྴ། པྲ་བྷ་ན་རཱ་ག་ཏིཔྟ་བྷྱོཿ པྲ་གྷི་ཝང་གྷི་བྷྱོ། ཧཱུྃ་བྷྱོ་ཀ་རི་ཀ །བ་རོད་ད་རོད། ནི་ལ་ཆུར་མི་ཏ། ཁ་ཊྭཱཾ་ག །ཏ་ལ་ཙ་ལ། པདྨ་ཙནྡྷ། མ་གུ་རཀྟོ། དིང་སཾ་དིང་སཾ་ཨེ་ཨཱ་རལླི། པུ་བྱི་རུ་ལུ་བྷྱོ། ཏྲག་རཀྴ། བཛྲ་ཨ་ཏིང་བྷྱོ། པ་ཏིང་བྷྱོ། སུ་ཏིང་བྷྱོ། མུ་ཏིང་བྷྱོ། བཛྲ་ཤཱནྟིཾ་བྷྱོ། དུནྟིང་བྷྱོ། ཧར་ཏིང་བྷྱོ། གྲུབ་ཏིང་བྷྱོ། ཏེ་པཾ་བྷྱོ། ཨ་པར་ལནྟ་བྷྱོ། ད་ལ་དུན་བྷྱོ། དྷི་ནམ་མ་ཡས་བྷྱོ། བཛྲ་རུ་ལུ་མ་མ་རཀྴ་བྷྱོ། རཏྣ་རུ་ལུ་མ་མ་ཡ་མ་བྷྱོ། པདྨ་རུ་ལུ་མ་མ་ནཱ་ག་ལེ་བྷྱོ། ཀརྨ་རུ་ལུ་མ་མ་ཡཀྴ་ཁ་རཀ་བྷྱོ། དབུས་སུ་བཅོམ་ལྡན་འདས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡབ་ཡུམ། མདུན་དང་རྩིབས་བཞི་ལ་རྟག་པའི་རྒྱལ་མོ་ལྔ། གཡས་གཡོན་དུ་བདེ་འགྲོ་དང་ཐོད་ཕྲེང་། དེ་རྒྱབ་ཕྱོགས་ཀྱི་པད་འདབ་བཞི་ལ་ཁྲོས་མ་བཞི་དང་དགྱེས་སྡེ་བཞི། མཚམས་བཞིར་སྦས་པའི་མ་བཞི། དེ་རྒྱབ་པདྨ་བཅུ་དྲུག་ལ་དམན་མོ་བཅུ་དྲུག །ལྕེ་མཆན་བཞི་ལ་དམག་རྒྱལ་མ་བཞི། གྲུ་ཆད་བཞི་ལ་གྲུ་འདེགས་མ་བཞི། ནང་གི་སྒོ་བཞིར་སྲིང་མོ་བཞི། ཕྱིའི་ཁྱམས་སྒོར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཡོངས་སུ་རྫོགས་པར་གསལ་བར་གྱུར། བཛྲ་ས་མ་ཡ་ཛཿ ཧཱུྃ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ན། །རང་བྱུང་ཆེ་མཆོག་ཁྲོ་བོའི་སྐུར་བསྟན་པ། །དབྱིངས་ལས་སྤྲུལ་པའི་མ་ཚོགས་ལྷུན་གྱིས་གྲུབ། །གདུག་པ་འདུལ་ཕྱིར་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་ཧེ་རུ་ཀ་ཛྙཱ་ན་མཱ་ཏྲི་མ་ཧཱ་ཀུ་རུ་དྲྀ་ཤྱ་ཧོཿ ས་མ་ཡ། ཛཿཧཱུྃ་བཾ་ཧོཿ དཔལ་ཆེན་བླ་མེད་ཧེ་རུ་ཀ །དབྱིངས་དང་ཡེ་ཤེས་དམན་མོའི་ཚོགས། །ཞིང་བསྣོལ་ཞིང་རྐྱང་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ། ཛྙཱ་ན་མཱ་ཏྲི་ཏཱིཔྟ་བཛྲ། ཨ་ཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ ཧཱུྃ། ལག་གི་འདུ་བྱེད་བསྒོམ་པ་ནི། །ཡེ་ཤེས་ལྔ་ཡི་འཕྲོ་འདུ་ལས། །མཆོད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་རྒྱའི་མཆོད་པས་མཉེས་གྱུར་ཅིག །མུ་དྲ་པཱུ་ཛ་ཧོཿ བཛྲ་དྷཱི་བྱ། བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་བིདྱཱ། བཛྲ་གཱིརྟཱི་ཧཱུྃ། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་འདི། །དཔལ་ཆེན་ཆེ་མཆོག་ཡབ་ཡུམ་དང་། །མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱིས། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབསྩོལ། །སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི། འདོད་ཡོན་མ་ཆགས་གཏོར་མ་དང་། །རང་བྱུང་བདུད་རྩི་ཨ་མྲྀ་ཏ། །ཐུགས་རྗེ་ཆགས་པའི་རཀྟ་དང་། །རྣམ་རྟོག་ཆོས་ཉིད་དབྱིངས་སུ་སྒྲོལ། །ཡུམ་ནི་ཆོས་ཀྱི་དབྱིངས་སུ་སྦྱར། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། །མ་ཧཱ་བ་ལིཾ་ཏ། པཉྩ་ཨ་མྲྀཏ། མ་ཧཱ་རཀྟ། ཏ་ན་ག་ཎ་པཱུ་ཛ་དྷརྨ་དྷཱ་ཏུ་ཨཱཿ ཧཱུྃ། མཉམ་ཉིད་མི་གཡོ་བདེ་ཆེན་ཆོས་ཉིད་ལ། །ཡེ་ཤེས་ལྔ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཀྱི་བདག །དཔལ་ཆེན་བདེ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ལས་བསྐྱེད། །སྐྱེ་འགྲོ་མ་ལུས་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས། །འབྱུང་བ་ལྔ་ཉིད་ཡུམ་གྱི་བྷ་གའི་ཀློང་། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་བསྟོད། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་པ་རྣམས་ཀྱིས་དཀྱིལ་འཁོར་བསྐྱེད་བསྟིམ་མཆོད་བསྟོད་མདོར་བསྡུས་གྲུབ་ནས་གསོལ་བ་གདབ་པ་ནི། སྤོས་དང་རྡོར་དྲིལ་ཐོགས་ལ། ཧཱུྃ། མི་མངོན་མཁའ་དབྱིངས་དཀྱིལ་འཁོར་ན། །དཔའ་བོ་མཁའ་འགྲོ་རྣམས་བཞུགས་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་བདག་གིས་ནི། །ནངས་པར་ཤེས་རབ་དཀྱིལ་འཁོར་བྲི། །རྗེས་སུ་བརྩེ་བས་འདིར་བཞུགས་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་གསུམ་བརྗོད་དོ། །བཞི་པ་བུམ་པ་སྟ་གོན་ནི། གསང་བའི་བུམ་པ་མཚན་ལྡན་ཆང་ངམ་དྲིའི་ཆུས་བཀང་བ་ལྔ་སྟེགས་བུའི་ཕྱོགས་བཞི་དབུས་ལྔར་འཕྲུལ་སྟེགས་ལ་བཀོད་པའི་དབུས་ཀྱི་ཐོད་པར་བདུད་རྩི་དྲི་ཆེན། ཤར་དུ་བྱང་སེམས་དཀར་པོ། ལྷོར་ཤ་ཆེན་ནམ་ཀླད་པ། ནུབ་ཏུ་པདྨ་རཀྟ། བྱང་དུ་དྲི་ཆུ་རྣམས་གོང་མས་སྦྱར་བའི་སྐྱོབས་ལྡན་བཏབ། མ་འབྱོར་ན་ཐམས་ཅད་ལ་ཆོས་སྨན་ནམ་བདུད་རྩི་རིལ་བུ་སྦྱར། ཐོད་པ་ལྔའང་མ་འཛོམ་པའམ་སྤྱི་འགྲོ་བྱེད་ན། རྒྱ་གཞུང་ལས། མ་ནུས་གཞན་དང་མཐུན་པ་ལ། །ལྔ་ཚན་ལྔ་ཡི་ཆུ་དང་ལྡན། ཞེས་གསུངས་པས་བུམ་པ་ཉེར་ལྔའི་བཅུད་ལྡན་ལྔ་བཤམས་ཀྱང་ཆོག་པར་བཤད། །གང་ལྟར་མཆོད་པ་གསར་དུ་བཤམ་པའམ་ཁ་གསོས་ལ་གོང་སྨྲོས་ལྟར་བྱིན་བརླབ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྟོང་པར་སྦྱང་། སྟོང་པའི་ངང་ལས། ཧཱུྃ་ལས་བུམ་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་སོགས་གོང་གསལ་ལྷ་སྟ་གོན་སྐབས་ལྟར་གསལ་བཏབ་ལ། སྙན་གསན། སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་བར་ཡང་དེ་ལྟར་བྱ། གཟུངས་ཐག་བླང་། དམིགས་པ་སྤྱི་མཚུངས་གསལ་བཏབ་ལ་སྙིང་པོ་ཅི་ནུས་བཟླས། མཐར་མཆོད་བསྟོད་མདོར་བསྡུས་དང་ཡིག་བརྒྱ་བརྗོད། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་འོད་དུ་ཞུ་བས་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་བདུད་རྩིའི་ཆུར་གྱུར། ཅེས་མོས་ལ་བཅས་རྣམས་ཡོལ་བས་བསྒྲིབ་བོ། །ལས་བུམ་དུ་བཀའ་མ་སྤྱི་འགྲོས་ལྟར་དབྱིངས་ཕྱུག་མ་བསྐྱེད་བཟླས་བྱས་ན་ལེགས་པར་མངོན་ཅིང་ལས་ཀྱི་ལྷ་སྤྱི་འགྲེས་ཀྱང་ཆོག་གོ །ལྔ་པ་སློབ་མ་ལྷག་པར་གནས་པ་ནི། སོ་ཤིང་། དུང་ཆུ། ཀུ་ཤ །མདུད་པ་ལྔ་བཏབ་པའི་སྲུང་སྐུད་དམར་པོ། དྲིའི་ཆབ། མཆོད་པ་ལྔ། མཎྜལ་སོགས་ཉེ་བར་བསྡོག །བགེགས་གཏོར་བཤམ། དེ་ནས་སྣོད་དུ་རུང་བའི་སློབ་མ་རྣམས་ལས་བུམ་གྱིས་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བྱིན་རླབས་བསྔོ་བ་བདེན་བརྗོད་སྤྱི་མཐུན་དང་། ལས་བྱང་ལྟར། ཧཱུྃ། མ་མོ་གསང་བའི་དཀྱིལ་འཁོར་སོགས་ཀྱིས་མཚམས་བཅད། ཐུན་བྲབ། གུ་གུལ་བདུག །སྲུང་འཁོར་བསྒོམ། ཕྱག་བཅས་གྲལ་དུ་འཁོད་པ་ལ་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་བསྡུས་ཏེ་སྒྲུབ་པའི་ཐབས་ཀྱི་ཉེ་ལམ་ངོ་མཚར་རྨད་དུ་བྱུང་བ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དུ་གྲགས་པ་ལ། འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་ལྔ། འདས་མ་འདས་ཆ་སྙོམ་དུ་སྟོན་པ་གཅིག །འཇིག་རྟེན་པ་གཙོ་བོར་བསྟན་པ་གཉིས་རྣམས་སུ་བཞུགས་པའི་ནང་ཚན་འདིར་ཆ་སྙོམས་མ་མོ་རྦོད་གཏོང་གི་སྒྲུབ་སྡེ་སྟོན་པའི་སྐབས་སུ་བབས་པ་ཡིན། དེའང་ཆོས་ཀྱི་དབྱིངས་ཀུན་བཟང་མུ་ཁ་ལེའི་མཁའ་ཀློང་གཏིང་དཔག་དཀའ་བར་དཔལ་ཆེན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོས་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོས། ལས་ཀྱི་མ་མོ་རྣམས་དམ་ལ་བཞག་ཅིང་སྲིད་པ་མ་རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲུལ་བཤད་མཛད་དེ་རྒྱུད་སྡེ་མཐའ་ཡས་པ་གསུངས་པ་རྣམས་ལྷ་གནོད་འདུལ་གྱི་རྒྱལ་པོ་རྡོ་རྗེ་སེམས་དཔས་བསྡུས་ཏེ་ལྷ་མོ་ཡོངས་འཁྱུད་བདེ་མ་སོགས་མཁའ་འགྲོ་རྣམས་ལ་གཉེར་གཏད། མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པར་གསང་ཆེན་ངེས་པའི་ཐེག་པས་འདུལ་བའི་སྐབས་སུ་བབས་པ་ན་འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་རྣམས་ལ་བཀའ་སོ་སོར་བབས་པ་ལས། གསུང་རྡོ་རྗེ་བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཉིད་ངེས་དོན་དུ་རྒྱུད་ཀྱི་བདག་པོ་དཔལ་ཧེ་རུ་ཀ་ཉིད་ལས་གཞན་དུ་མ་དམིགས་ཀྱང་། དྲང་དོན་དུ་སློབ་དཔོན་ཆེན་པོ་དུ་མ་ལས་སྒྲུབ་སྡེ་བརྒྱད་ཀྱི་རྒྱུད་ལུང་མན་ངག་མ་ལུས་པ་གསན་པའི་ཚུལ་བསྟན་ཅིང་། ཁྱད་པར་མ་མོའི་སྐོར་རྣམས་གུ་རུ་ནམ་མཁའི་རྒྱལ་པོ་ཤཱནྟིཾ་གརྦྷ་དང་། པྲ་བྷ་ཧསྟི། དྷ་ན་སཾསྐྲྀཏ་གསུམ་ལས་གཙོ་བོར་གསན། རྩ་བའི་རྒྱུད་མ་མོ་སྲིད་པ་བེམ་ཆེན་པོ། དེའི་སྙིང་ཕྱུང་བ་སྲིད་པ་རྒྱུད་ལུགས། དགོས་པའི་ཆ་རྐྱེན་རྒྱུད་ལུང་ཆེན་མོ་བཞི། བཤད་པའི་རྒྱུད་མ་མོ་འབུམ་ཏིག །མན་ངག་གི་རྒྱུད་རིན་ཆེན་ཕྲ་བཀོད། ཐམས་ཅད་ཀྱི་དཀའ་བ་གཅོད་པའི་རྒྱུད་གསང་རྒྱུད་རོལ་པ། རིན་པོ་ཆེ་གཏེར་གྱི་རྒྱུད་གཉིས། ཡན་ལག་ཕན་བྱའི་རྒྱུད་ལྔ། གནོད་བྱའི་རྒྱུད་ལྔ་སྟེ་ཉི་ཤུ་པོའི་བཀའ་བབས། གངས་ཅན་གྱི་ལྗོངས་སུ་སྐལ་ལྡན་རྗེ་འབངས་རྣམས་དང་ཁྱད་པར་འབྲོག་མི་དཔལ་གྱི་ཡེ་ཤེས་སོགས་ལ་གནང་བས་ལྷ་དང་གཉིས་སུ་མེད་པའི་དངོས་གྲུབ་ཐོབ་ཅིང་། རྒྱུད་ཀྱི་བཤད་པ་དང་སྨིན་གྲོལ་གདམས་ངག་གི་རིམ་པ་ཟམ་མ་ཆད་པར་བྱོན་པས་སྔ་འགྱུར་གྱི་ལུགས་འཛིན་རྣམས་ལ་མ་གཤིན་ཕུར་གསུམ་ཞེས་ཡོངས་སུ་གྲགས། ཕྱིས་སྤྲུལ་སྐུ་ར་ཤག་ཆེན་པོས་མ་མོ་སྒང་ཤར་གྱི་རྒྱུད་ལུང་མན་ངག་གཏེར་དུ་བཞེས་པའི་དུས་སུ་མ་མོ་ལྷོ་འགྲིམས་སུ་གྲགས་པའི་བཀའ་མའི་སྨིན་གྲོལ་དང་ཆུ་བོ་གཅིག་འདྲེས་སུ་གྱུར་ཅིང་། སྲིད་པ་བེམ་ཆེན་དང་སྒང་ཤར་གཏེར་རྒྱུད་མ་བུ་བསྡེབས་པའི་བཤད་སྲོལ་ཡང་བྱུང་བར་གྲགས། བཀའ་བརྒྱད་ཀྱི་གཞུང་རྣམས་སུ་མ་མོའི་དཀྱིལ་འཁོར་བཞུགས་ཀྱང་ཟུར་བཀའ་ཤིན་ཏུ་དཀོན་པས། ཁུངས་ཆེ་ཞིང་གནད་དོན་དགོས་པ་ཁྱད་པར་དུ་འཕགས་པའི་དབང་བསྐུར་བསྒྲུབ་པ་ལ་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང་། དངོས་གཞི་དབང་བསྐུར་བའི་རིམ་པ་གཉིས་སུ་ཡོད་པ་ལས། ཐོག་མར་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །དེ་ནས་སྟ་གོན་གྱི་ཆོས་བཅུ་རིམ་པར་བསྒྲུབ་པའི་ཐོག་མར་རིགས་ཀྱི་སྲས་སུ་བསྐྲུན་པ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བྱུང་། ཁྱེད་རང་རྣམས་ལ་ཕོག་པས་གཉིས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ཡི་གེ་ཧཱུྃ་མཐིང་ནག་ཏུ་གྱུར་པ་ཞལ་དུ་དྲངས། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་མཁའ་ལ་བབས་པས་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་གྱུར་པ་མཁའ་གསང་ནས་བཏོན། རང་གི་གོ་སར་པདྨའི་གདན་ལ་འཁོད་པ་ལ་གནང་བ་སྩོལ་བར་མོས་ཤིག །བུ་ཚུར་གསང་བའི་ཆོས་འདི་ལ། ཁྱོད་ནི་ཚུལ་ཅན་སྣོད་ཡིན་ཏེ། །ཤེས་རབ་ཟབ་མོའི་ཆོ་ག་འདི། ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་བཞུགས་པའི་མཁའ་འགྲོས་ཀྱང་། །སྐལ་པ་ཅན་ལ་ཕན་ཕྱིར་མཛད། །བུས་ཀྱང་བློ་ལ་གོ་བར་གྱིས། །གཉིས་པ་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སེམས་ཀྱི་བསླབ་པ་རྒྱུད་ལ་ལྡན་པའི་སླད་དུ། བླ་མ་རྩ་གསུམ་མཆོག་གསུམ་སྲུང་མར་བཅས་པ་ལ་བདག་གཞན་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །མངོན་རྫོགས་དཔལ་དང་མཁའ་འགྲོར་བཅས། །དེ་རྣམས་ལ་ཡང་སྐྱབས་སུ་མཆི། །དཀྱིལ་འཁོར་བདག་པོར་གྱུར་པ་ཡི། །བྱང་ཆུབ་སེམས་ཀྱི་དངོས་པོ་སྟེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ལན་གསུམ། མ་གྱུར་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། འཇུག་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས། དཀྱིལ་དང་འཁོར་དུ་བཅས་པ་ཡི། །དཔའ་བོ་མཁའ་འགྲོ་མ་རྣམས་ཀུན། །དེ་དག་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་གཟུང་ནས། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །བདག་གིས་སྡོམ་པ་ལེགས་པར་བཟུང་། །ལན་གསུམ། གསུམ་པ་རྒྱུད་རྣམ་པར་དག་པའི་སླད་དུ། ཡུལ་ཁྱད་པར་ཅན་སྒྲིབ་མེད་མངོན་སུམ་དུ་བཞུགས་པ་དེ་དག་གི་སྤྱན་སྔར་སྡིག་པ་བཤགས་ཤིང་དགེ་བ་ལ་ཡི་རང་བ་དང་། གསང་བ་ཆེན་པོའི་ཆོས་འཁོར་བསྐུལ་ཞིང་རྟག་བརྟན་ཆེན་པོར་བཞུགས་གསོལ་འདེབས་པ་དང་། ཁྱད་པར་གྱི་སྐྱབས་སུ་འགྲོ་ཞིང་ལེགས་བྱས་བྱང་ཆུབ་ཆེན་པོར་བསྔོ་བའི་ཚིག་དོན་རྗེས་སུ་དྲན་པས་འདི་རྣམས་ཀྱི་རྗེས་ཟློས། དཔལ་ལྡན་ཁྱེད་ནི་དགེ་སྡིག་དཔང་པོ་སྟེ། །བདག་གིས་ལུས་ངག་སེམས་ཀྱི་སྡིག་པའི་ཚོགས། ཁྱེད་ཀྱི་ཐད་དུ་འགྱོད་པས་བཤགས་ལགས་ན། །ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། ཁྱེད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགའ་མཐུན་ཕྲག་དོག་མེད་པས་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱེད་ཀྱི་རྒྱུད་ལ་འབུལ། །དེ་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །མཚན་བཟང་སུམ་ཅུ་རྩ་གཉིས་མཐུ་སྟོབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་མཛད། །སྒྱུ་འཕྲུལ་དྲྭ་བའི་ཚུལ་གྱིས་གསང་བའི་འཁོར་ལོ་སྐོར། །ཡང་དག་ཡོན་ཏན་ཉིད་ཀྱི་སྐུ་མཆོག་ནི། །སྒྲིབ་པ་སྦྱང་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །བླ་མ་དཔའ་བོ་མཁའ་འགྲོར་བཅས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ཉིད་སྐྱབས་སུ་མཆི། །དེ་ལྟར་ཕྱག་འཚལ་མཆོད་དང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་གདབ་ན། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ། །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། བཞི་པ་སྨིན་གྲོལ་རྣམས་ཀྱི་རྟེན་དང་སྲོག་ཏུ་གྱུར་པ་རྡོ་རྗེ་ཐེག་པའི་འདུལ་བར་ཇི་སྐད་གསུངས་པའི་དམ་ཚིག་མཐའ་དག་རྒྱུད་ལ་བརྟེན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་དཔའ་བོ་མཁའ་འགྲོར་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་དུས་འདི་ནས་བཟུང་ནས། །བྱང་ཆུབ་ཆེན་པོར་མཆིས་ཀྱི་བར། །རྩ་བའི་དམ་ཚིག་གསུམ་ལ་གནས། །ཡན་ལག་དམ་ཚིག་ལྔ་རྣམས་སྤྱད། །རྫོགས་པ་སྤྱི་ཡི་དམ་ཚིག་གཟུང་། ཁྱད་པར་དམ་ཚིག་ཉམས་སུ་བླང་། །འདི་ནི་མ་མོའི་ཁྱད་པར་ཏེ། །སྤྱི་ཡི་དམ་ཚིག་དག་ཀྱང་གཟུང་། །ལན་གསུམ། ལྔ་པ་སྒོ་གསུམ་བྱིན་གྱིས་བརླབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་དཔལ་ཧེ་རུ་ཀའི་སྐུར་གསལ་བའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། མགྲིན་པར་པདྨ་ལ་ཨཱཿདམར་པོ་ལས་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྫོགས་པའི་ཆས་ཅན་དུ་གསལ་བའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སངས་ཀྱིས་བསལ་བར་མོས་ཤིག །བདུད་རྩིའི་ཆུ་བླུད་ལ། ཨོཾ་ཨཱཿཧཱུྃ་བརྗོད། སྒོ་ལྔའི་དབང་པོ་ལ་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་པར་མོས་ཤིག །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མེ་ཏོག་དབུ་ལ་འབུལ་བ་ནས། ཞལ་ཟས་ལྗགས་ལ་འབུལ་བའི་བར་བྱ། དྲུག་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་སོ་ཤིང་སོར་བཅོ་བརྒྱད་པ་དྲི་ཡིས་བྱུགས་ཤིང་མེ་ཏོག་གི་ཅོད་པན་ཅན་འདི་ཉིད་ཐལ་མོའི་བར་དུ་ཟུངས་ལ། དངོས་གྲུབ་ཀྱི་ལྟས་ལེགས་པར་བསྟན་དུ་གསོལ་སྙམ་དུ་ཡིད་ཀྱིས་དམོད་པ་འདོར་བ་དང་ལྷན་ཅིག་མི་སྨྲ་བར་མཎྜལ་དུ་འདོར་བར་ཞུ། ཞེས་སོ་ཤིང་སྦྱིན་ལ་འདོར་གཞུག །རྩེ་མོ་གྱེན་དུ་བསྟན་ན་དངོས་གྲུབ་རབ། ཕྱོགས་བཞིར་འབྲིང་། མཚམས་བཞིར་ཐ་མ། གལ་ཏེ་འོག་ཏུ་བསྟན་ན་ས་འོག་གི་དངོས་གྲུབ་འགྲུབ་པར་གསུངས་སོ། །བདུན་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་པའི་ཁྱོར་ཆུ་བྱིན་པས་ངག་གི་དྲི་མ་བྱང་བར་མོས་ཤིག །ཨོཾ་ཨཱཿཧཱུྃ་ཞེས་བཟླས་ལ་དུང་ཆུ་བླུད། བརྒྱད་པ་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་འཚལ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལ་འགའ་འམ་རེས་འགའ་ཞིག །འབྱུང་སྲིད་ཀུན་གྱི་ཐུན་མོང་མིན། །དེ་བས་ཀྱང་ནི་རྙེད་དཀའ་བ། །གསང་སྔགས་ཟབ་མོའི་ཆོ་ག་འདིས། །སྐྱེ་བ་འདི་ཉིད་ཁོ་ན་ལ། །སེམས་ཅན་སངས་རྒྱས་སྒྲུབ་བྱེད་པ། །བུ་ཁྱོད་ལ་ནི་སྦྱིན་པར་བྱ། །ད་ལྟར་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་ཐམས་ཅད་ནི། །དེ་དག་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །དགུ་པ་རྨི་ལམ་གྱི་ལྟས་བརྟག་པའི་ཕྱིར་བཀྲ་ཤིས་དག་བྱེད་རྩྭའི་མལ་སྟན་སྦྱིན་པར་མོས་ཤིག །ཀུ་ཤ་ལས་ཆུས་བསང་། ཤཱུནྱ་ཏཱས་སྦྱང་། ཨོཾ་ཨཱཿཧཱུྃ་བཟླས་ལ་ལག་གཡས་གཡོན་དུ་སྦྱིན། དེ་ལྟར་བྱིན་པའི་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །བཅུ་པ་སྲུང་སྐུད་དམར་པོ་མདུད་པ་ལྔ་ལྡན་སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས་པས་བར་གཅོད་ཀྱི་བགེགས་ཐམས་ཅད་ལས་བསྲུང་བ་བྱས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དཔའ་བོ་འབྲུ་ལྔས་བཏབ་པ་སྔགས་དེ་བརྗོད་ལ་བཅིང་། དོ་ནུབ་བླ་མ་དང་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡིད་ལ་དྲན་པའི་རྣལ་འབྱོར་གྱིས་ཉོལ་ལ་རྨི་ལམ་གྱི་ལྟས་བརྟག་པར་གྱིས་ཤིག །དེ་རྣམས་ཀྱིས་སྟ་གོན་གྱི་རིམ་པ་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བར་མཛོད། ཅེས་བསྔོ་སྨོན་བརྗོད་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་བྱ། ནུས་ཤིང་ལྕོགས་ན་ཆོས་སྐྱོང་གཏོར་འབུལ་དང་ཆ་གསུམ་ཡང་གཏང་། མ་ལྕོགས་ན་ཆད་སྐྱོན་མེད། གང་ལྟར་རྡོ་རྗེ་འདེགས་པའི་རྒྱ་དང་། ཨོཾ་བཛྲ་ཨུཏྟིཥྛ། ཞེས་པས། སྟ་གོན་གྱི་ལྷ་རྣམས་ནམ་མཁའི་དབྱིངས་སུ་བཞུགས་པར་བསམ་ལ་ཚོམ་བུ་མཆོད་པ་རྣམས་བསྡུའོ། །རྩ་བའི་གཉིས་པ་དབང་དོན་སྒྲུབ་ཅིང་མཆོད་པ་ནི། སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་ཚོམ་བུ་ལྷ་གྲངས་གནས་མ་འཆོལ་བར་བཀོད་པའི་དབུས་དང་ཕྱོགས་བཞིར་རྐང་གསུམ་གྱི་ཁར་སྔར་སྟ་གོན་བྱས་པའི་གསང་བུམ་ལྔ་པོ་མ་ནོར་བར་བཞག །དབང་ཕྱུག་ཉེར་བརྒྱད་ནས་མངོན་རྫོགས་ཡབ་ཡུམ་བར་གཙོ་འཁོར་ལྷ་ཙཀ་ཚང་བ་དབུས། དབུ་རྒྱན་ལྷོ། རྡོ་རྗེ་རྩེ་དགུ་ནུབ། དྲིལ་བུ་བྱང་། ཡབ་ཡུམ་ཕྱག་མཚན་རྡོར་དྲིལ་མདུན། མཚམས་རྣམས་སུ་དུར་ཁྲོད་ཆས་དང་ཕྱག་མཚན་རྣམས་ཀྱི་ཙཀླི། གསང་དབང་ཐོད་ཆང་མངར་གསུམ་སྦྱར་བ། རིག་ཙཀ །མེ་ལོང་དྭངས་པ། རལ་གྲི་སོགས་རིགས་རྟགས་ལྔ་སོ་སོར་ཕྲལ་བ་རྣམས་ཅི་བདེར་བཞག །འཛོམ་ན་མངའ་གསོལ་ཆས་གདུགས་དཀར་པོ། །གཞན་ཡང་མིག་དར་ཅོད་པན་གསེར་ཐུར་ཕྱག་ཤིང་སོགས་ཉེ་བར་མཁོ་བ་རྣམས་ཀྱང་འདུ་བྱ། དཀྱིལ་འཁོར་རྒྱབ་ངོས་སུ་དཔལ་གཏོར་མཐེབ་ཀྱུ་བདུན་ཅུ་རྩ་ལྔས་བསྐོར་ཅིང་རྒྱན་སྤྲོས་གདུགས་མཐིང་ཤ་དར་སོགས་ཀྱི་རྒྱན་ལྡན། གཡས་གཡོན་དུ་སྨན་རག །མཐར་ཕྱི་མཆོད་བསྐོར་བཤམ། རྒྱལ་མཚན་བཞི་དང་འཕན་ལ་སོགས་པས་ཀྱང་བརྒྱན་ཅིང་བག་དྲོ་བརྗིད་ཆགས་བྱ། ཚོགས་ཀྱི་ཡོ་བྱད། བརྟན་གཏོར་སོགས་ཀྱང་བསྡོག །ནངས་པར་སློབ་དཔོན་གྱིས་རྣམ་འཇོམས་སོགས་བཟླས་པའི་སྔགས་ཆུས་ཕྱི་ཁྲུས་བྱ། སེམས་ཅན་ཐམས་ཅད་དཔལ་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་འདོད་པའི་བྱང་ཆུབ་སེམས་བསྐྱེད་ཀྱི་ནང་ཁྲུས། རྣམ་པར་མི་རྟོག་པའི་སྟོང་ཉིད་སྤྲོས་བྲལ་ལ་བློ་བཞག་པའི་གསང་ཁྲུས་དང་ལྡན་པས་སྤོས་བལྟམ། རོལ་མོ་བསྒྲགས་ལ། ཧཱུྃ། མཁའ་དབྱིངས་དག་པའི་དཀྱིལ་འཁོར་ན། །དཔའ་བོ་མཁའ་འགྲོ་རྣམས་བཞུགས་པ། །དོན་གྱི་རྣམ་རྟོག་མི་མངའ་ཡང་། །བདག་གིས་སློབ་མར་དབང་བསྐུར་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་ལ་སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་རྣམས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཐིམ་པར་མོས། དེ་ནས་ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་མཚམས་གཅོད་ནས་བརྩམ་སྟེ་ཕྲིན་ལས་ཀྱི་གཞུང་བསྲང་། བདག་མདུན་དབྱེར་མེད་ཀྱི་དཀྱིལ་འཁོར་དབྱིངས་ཡེ་ཟུང་འཇུག་གི་ཚུལ་དུ་བསྒོམ། བཟླས་པའི་སྐབས་མདུན་དཀྱིལ་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་བཟླས་པ་ཅི་ནུས་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱི་གསལ་བཏབ་ལ་བུམ་བཟླས་བྱས་པའི་མཐར། གཞི་བསྟོད་ནོངས་བཤགས། བུམ་ལྷ་འོད་ཞུ་བྱ། ཛཔ྄་ཁང་མི་བསྡུ་བར་དབང་དོན་དུ་བཞག་ན་རྟོགས་དགོངས་དམན་པ་ལ་རྣམ་པ་འཆར་བདེ། དེ་ནས་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་གྲུབ་ཀྱི་བར་གཏང་། རིག་པའི་མེ་ཏོག་དོར་བས་ཆོག་ཀྱང་། གཞུང་ལས། བླ་མས་ཡེ་ཤེས་དཀྱིལ་འཁོར་ལས། །ཏིང་ངེ་འཛིན་གྱི་དབང་རྣམས་ཞུ། །ཞེས་འབྱུང་བས་དམིགས་པ་ཙམ་གྱིས་བདག་འཇུག་རྫོགས་པར་གྲུབ་ན་མཆོག་ཡིན་ལ། མི་འགྲུབ་ན། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་དངོས་གྲུབ་འདིར་སྩོལ་ཅིག །སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཨ་བཏགས་པ་བརྗོད་ལ། ཡེ་ཤེས་ཀྱི་མ་མོ་རྣམས་ཀྱིས་ཡེ་ཤེས་ཀྱི་དབང་བསྐུར། ལས་ཀྱི་མ་མོ་རྣམས་ཀྱིས་རྫུ་འཕྲུལ་མཐུའི་དབང་བསྐུར་པས་གསང་མཆོག་རྫོགས་པའི་དབང་ཆེན་བརྙེས་པར་བསམ་ལ་སློབ་མ་གཞུག་པའི་གནང་བ་ནོད་དོ། །གསུམ་པ་དབང་བསྐུར་དངོས་ལ་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ལའང་གཉིས། ཕྱི་འཇུག་དང་ནང་འཇུག་གོ། །དང་པོ་ནི། སྟ་གོན་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་སྣང་སྲིད་མ་མོ་རྩ་རླུང་ཐིག་ལེར་རྣམ་དག་གི་དགོངས་པ་ལ་བྱང་ཆུབ་པས་ཡེ་ཤེས་ཀྱི་མ་མོ་དང་གཉིས་སུ་མེད་ཅིང་། ལས་དང་འཇིག་རྟེན་གྱི་མ་མོའི་སྟོང་སྲོག་ལ་རང་དབང་ཐོབ་པའི་ཧེ་རུ་ཀ་དཔལ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་འཇིག་རྟེན་གྱི་ཁམས་ལ་ཕན་བདེ་བླ་ན་མེད་པས་སྐྱོབ་ཅིང་མཐར་ཐུག་མཆོག་ལ་སྦྱོར་བའི་སླད་དུ། མ་མོའི་རྒྱུད་ལུང་ཉི་ཤུའི་ཡང་བཅུད་མཁའ་ཀློང་གསང་བ་ལྷ་མོ་སྒྱུ་འཕྲུལ་གྱི་རྒྱུད་དོན་མན་ངག་ཏུ་དྲིལ་བ་མ་མོ་སྒང་ཤར་གྱི་སྐོར་རྣམས་མཛད་ཅིང་བོད་དུ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ། རྒྱུད་དང་མན་ངག་ཟབ་མོ་རྣམས་ལ་གང་ཟག་རས་ཆོད་མཁན་གྱིས་བསླད་མི་ཞུགས་པ་དང་དུས་སྙིགས་མའི་འགྲོ་བ་ཕན་བདེའི་བཙས་སུ་གལ་ཆེ་བར་དགོངས་ཏེ་མོན་ཡུལ་སྤ་གྲོ་གཅལ་གྱི་ཕ་ཝང་སྡིག་རུ་ཅན་བྲག་རྟ་ཁབ་ཏུ་གཏེར་རྒྱས་བཏབ་པ། ཇི་སྐད་དུ། ལྷོ་བྲག་མཁོ་མཐིང་སྦས་པའི་གཏེར་ཁ་འདི། །མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང་། །ཞེས་ལུང་བསྟན་པ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། འབྲོག་མི་དཔལ་གྱི་ཡེ་ཤེས་ཟུང་དུ་འཇུག་པའི་རྣམ་འཕྲུལ། ཡར་འབྲོག་གཉན་གྱི་གཏེར་སྟོན་སྤྲུལ་སྐུ་ཆེན་པོ་ར་ཤག་ཆོས་འབར་རམ་བསོད་ནམས་རྡོ་རྗེས་སྤྱན་དྲངས་ཏེ། དབུས་པ་ཀླུ་སེང་སོགས་ལས་རིམ་པར་བརྒྱུད་ཅིང་རྒྱ་ཆེར་དར་བའི་སྨིན་བྱེད་ཀྱི་རྒྱུན་སྲོལ་ཕྱིས་སུ་བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་དང་དོན་གྱིས་ཆུ་བོ་གཅིག་འདྲེས་སུའང་གྱུར་པ་སྟེ། རིང་བརྒྱུད་གཏེར་ཆེན་འགྱུར་མེད་རྡོ་རྗེ་ལས་ཚིག་བརྒྱུད་བར་མ་ཆད་དུ་བྱོན་པ་དང་། ཉེ་བརྒྱུད་གསང་བ་ཀུན་གྱི་མངའ་བདག་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་བཀའ་བབས་དྲུག་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གུ་རུ་རིན་པོ་ཆེ་ཉིད་ཡར་རྗེ་ཨོ་རྒྱན་གླིང་པའི་སྐུར་བསྟན་ནས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། ར་ཤག་ཆེན་པོའི་བཀའ་སྲུང་མ་མོ་བྱ་རོག་གདོང་མས་ཀྱང་གཏེར་དཔེ་པོད་བཞི་ཕུལ་ནས་བཀའི་གཉེར་གཏད་ཞུས་པའི་གཟིགས་སྣང་བྱུང་བའི་རྗེས་ཐོག་ཏུ་ཁོ་བོ་ཅག་ལ་ཟབ་རྒྱས་ཀྱི་བཀའ་དྲིན་དུ་བསྩལ་པས་བྱིན་རླབས་ཀྱི་གཟི་བྱིན་གཞན་ལས་ཀྱང་ཁྱད་པར་དུ་འཕགས་པ། དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སྔོན་འགྲོ་འཇུག་པའི་ཆོས་དང་། དངོས་གཞི་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ་འབྲུ་གསུམ་གྱིས་བསྔགས་པའི་མིག་དར་དང་མེ་ཏོག་སྦྱིན། དེ་ནས་ཕྱི་འཇུག་གི་ཐོག་མར་རིགས་དང་མོས་པ་དྲི་བ་ཡིན་ཏེ། བུ་ཁྱོད་ལས་འཕྲོ་ཅི་ལ་དད། །ཅེས་དྲིས་པའི་ལན་རྗེས་ཟློས། བདག་ནི་སྐལ་པ་བཟང་པོ་ལགས། །ལས་འཕྲོ་གསང་བའི་ཆོས་ལ་དད། །ཅེས་བྱ། ཡང་སློབ་དཔོན་གྱིས། བུ་ཚུར་ཤོག་ཅིག་སྐལ་པ་ཅན། ཁྱོད་ནི་ཅི་དང་ཅི་ལ་དགའ། །འདོད་དོན་གང་ཡིན་ཁྱོད་ཀྱིས་སྨྲོས། །ཞེས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་གསང་བའི་དཀྱིལ་འཁོར་ལ། །རབ་ཏུ་བལྟ་བར་འཚལ་ལགས་སོ། །ཞེས་བརྗོད། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དམ་པ་ཡེ་ཤེས་ལྷ། །མཁའ་འགྲོའི་འཁོར་དང་བཅས་པ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཤེས་རབ་མ་མོའི་དཀྱིལ་འཁོར་དུ། །སློབ་དཔོན་གྱིས་ནི་བདག་གཞུག་འཚལ། །ལན་གསུམ། བླ་མས། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །མྱ་ངན་འདས་པའི་གྲོང་ཁྱེར་མཆོག །མཁའ་འགྲོའི་དཀྱིལ་འཁོར་དམ་པ་འདིར། །རིགས་ཀྱི་བུ་མཆོག་འཇུག་པ་ན། །དད་པ་གསུམ་དང་ལྡན་མི་ལྡན། །སྡོམ་པ་གསུམ་ལ་བརྟེན་ནམ་ཅི། །གསང་བའི་དོན་ལ་དད་མི་དད། །སྨྲོས་ཤིག་སྐལ་ལྡན་རིགས་ཀྱི་བུ། །ཞེས་དྲིས་པའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས། དད་པ་གསུམ་དང་ལྡན་པ་ལགས། །སྡོམ་པ་གསུམ་ལ་བརྟེན་པར་བགྱི། །གསང་བའི་དོན་ལ་ཤིན་ཏུ་དད། །ཅེས་བྱ། སྡོམ་པ་བསྒྲག་པ་འདི་ལ་གསན་འཚལ། རིགས་ཀྱི་བུ་མཆོག་ཚུར་ཉོན་ཅིག །གྲོང་ཁྱེར་ལས་ཀྱང་གྲོང་ཁྱེར་ཏེ། །མྱ་ངན་འདས་པའི་གྲོང་ཁྱེར་མཆོག །མ་མོའི་དཀྱིལ་འཁོར་དམ་པ་འདིར། །རིགས་ཀྱི་བུ་མཆོག་འཇུག་པ་ན། །རྩ་བའི་དམ་ཚིག་གསུམ་ལ་གནས་པར་གྱིས། །ཡན་ལག་དམ་ཚིག་ལྔ་རྣམས་སྤྱད་པར་གྱིས། །རྫོགས་པ་སྤྱི་ཡི་དམ་ཚིག་གཟུང་བར་གྱིས། ཁྱད་པར་དམ་ཚིག་ཉམས་སུ་བླང་བར་གྱིས། །ཞེས་དང་། བླ་མས་ཇི་ལྟར་བསྒོས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ཚུལ་བཞིན་བསྲུང་སྙམ་པའི་ཡིད་ཀྱིས་རྗེས་ཟློས། བླ་མ་དཔའ་བོ་མཁའ་འགྲོར་བཅས། །སོགས་སྟ་གོན་སྐབས་ལྟར་ལན་གསུམ་བྱ། དེ་ནས་སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྲིན་ལག་ནས་བཟུང་སྟེ་དཀྱིལ་འཁོར་ཆེན་པོའི་ཤར་ལ་སོགས་པའི་སྒོ་བཞིར་ཚད་མེད་པ་བཞིའི་རང་བཞིན་སྒོ་མ་གདོང་ཅན་བཞི་ལ་སྔགས་ཀྱིས་བསྐུལ་ཏེ་སྒོ་ཕྱེས་ནས་ནང་དུ་གཞུག་པར་མོས་ཤིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ པྲ་བེ་ཤ་ཡ་ཕཊ། ཨོཾ་བཛྲ་པཱ་ཤ་ཧཱུྃ། པྲ་བེ་ཤ་ཡ་ཕཊ། ཨོཾ་བཛྲ་སྥོ་ཊ་བཾ། པྲ་བེ་ཤ་ཡ་ཕཊ། ཨོཾ་བཛྲ་གཎྜེ་ཧོཿ པྲ་བེ་ཤ་ཡ་ཕཊ། སླར་ཤར་སྒོ་ནས་ནང་དུ་ཞུགས་ཏེ་ཁྱམས་སུ་འཁོད་པར་མོས་ལ་འདིའི་རྗེས་ཟློས། ཨཱ་ཁཾ་བཱི་ར་ཧཱུྃ། དེ་རྣམས་ཀྱི་དཀྱིལ་འཁོར་ཕྱི་ནས་འཇུག་པའི་བྱ་བ་གྲུབ་ནས། གཉིས་པ་ནང་འཇུག་ཡེ་ཤེས་པ་དབབ་པའི་སྔོན་འགྲོ་ཕན་ཡོན་དང་ཉེས་དམིགས་དང་གཉིས་ཀ་དང་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་བཞི་པོ་རིམ་པར་འབྱུང་བ་ལགས་པས་ཐུགས་ལ་ངེས་པར་ཞུ། རྡོ་རྗེ་སྤྱི་བོར་བཞག་ལ། རིགས་ཀྱི་བུ་མཆོག་ཚུར་ཉོན་དང་། །དེང་འདིར་མངོན་རྫོགས་འཁོར་བཅས་ཀྱི། །ནང་དུ་ཁྱོད་ནི་གཞུག་པ་ཡིན། །སློབ་དཔོན་ལུང་ལྡན་ང་ཡིས་ཀྱང་། །མངོན་རྫོགས་རྒྱལ་པོ་འཁོར་བཅས་ཀྱི། །ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ། །རིགས་ཀྱི་བུ་མཆོག་ཁྱོད་ཀྱིས་ནི། །མ་མོ་མཁའ་འགྲོ་འཁོར་བཅས་ཀྱི། །དངོས་གྲུབ་དམ་པ་ཐོབ་གྱུར་ན། །དངོས་གྲུབ་གཞན་ལྟ་སྨྲོས་ཅི་དགོས། ཁྱོད་ཀྱིས་དལ་མ་མཐོང་བ་ཡི། །དྲུང་དུ་ནམ་ཡང་སྨྲ་མི་བྱ། །གལ་ཏེ་སྨྲས་པར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ །རྡོ་རྗེ་སྙིང་གར་བཞག་ལ། དཔལ་ལྡན་མངོན་རྫོགས་རྒྱལ་པོ་ཡང་། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩིའི་དམ་ཆུ་སྦྱིན་ལ། ཧཱུྃ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་དང་། ཐ་ཚིག་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧ་ན་ཧ་ན་ན་ར་ཀན། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། འདི་ནས་བརྩམ་སྟེ་ཐམས་ཅད་དུ། ཁྱོད་ཀྱི་མངོན་རྫོགས་ང་ཡིན་གྱིས། ཁྱོད་ཀྱིས་ང་ལ་བརྙས་མ་བྱེད། །གལ་ཏེ་བརྙས་པར་གྱུར་ན་ནི། །ཚེ་ཡི་དུས་བྱས་དམྱལ་བར་ལྟུང་། །དེ་ནས་ཡེ་ཤེས་པའི་བྱིན་རླབས་དབབ་པ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དམ་པ་དགོངས་སུ་གསོལ། །མངོན་རྫོགས་རྒྱལ་པོ་འཁོར་བཅས་པ། །དེ་རིང་བདག་ལ་དབབ་ཏུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ལུས་གནད་གཡོ་མེད་དྲང་པོར་བསྲང་། ངག་གི་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་སྐད་ཅིག་ཀྱང་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱང་། སྟོང་པའི་ངང་ལས། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་མཁའ་ཀློང་གཉིས་སུ་མེད་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་དབུས་སུ། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་མ་མོ་བསྣོལ་བའི་གདན་ལ་དབྱིངས་རིག་ཟུང་འཇུག་གི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག །དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་བ། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་དགྲ་སཏྭ། གཡོན་གསུམ་དྲིལ་བུ་རྔེའུ་ཆུང་སྦྲུལ་ཞགས་བསྣམས་པ། ཞབས་བཞི་འདོར་ཐབས་སུ་བགྲད་པ། དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་གར་གྱི་ཉམས་དགུ་ལྡན་པ། ཡུམ་དབྱིངས་ཀྱི་མུ་ཁ་ལེ་སྔོན་མོ་ཞལ་ལྔ་དཀར་སེར་དམར་ལྗང་མཐིང་གའི་མདངས་ཅན། ཕྱག་དྲུག་གཡས་གསུམ་རྡོ་རྗེ་གྲི་ཞགས་བདུད་རྩིའི་གྭའུ། གཡོན་གསུམ་དྲིལ་བུ་བནྡྷ་ཞིང་གཡབ་ཐོགས་པ། ཞབས་བརྒྱད་ཀྱི་མཁའ་བཞི་ཐབས་དང་སྦྱོར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། སློབ་དཔོན་ཡང་དཔལ་ཆེན་ཧེ་རུ་ཀ་དངོས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། འོག་མིན་ཆོས་དབྱིངས་མེ་རི་འབར་བའི་ཞིང་ཁམས། སྟེང་ཕྱོགས་འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་ལ་སོགས་པ་ནས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་སྲིད་པ་མ་རྒྱུད་མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས་པ་དུས་མཐའི་ཆར་སྤྲིན་འཁྲིགས་པ་ལྟར་ནམ་མཁའ་གང་བར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །འབེབ་པའི་རྫས་བསྲེག །རོལ་མོ་སྣ་ཚོགས་བསྒྲག །བཤུགས་གླུས་བསྐུལ་ཏེ་ལས་བྱང་གི་སྤྱན་འདྲེན་ནམ་བྱིན་འབེབ་གང་རུང་དབྱངས་དང་བཅས་པས་བརྗོད། སྙིང་པོའི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ། བཏགས་པ་མང་དུ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲ། ཞེས་རྡོ་རྗེ་རྒྱ་གྲམ་མགོར་བཞག །སྤྱན་དར་གྱི་འོག་ནས་དཀྱིལ་འཁོར་གྱི་བར་སྣང་དུ་ལྟོས་ལ་ཁ་དོག་ཇི་ལྟར་མཐོང་བ་སྨྲོས་ཤིག །ཅེས་དྲིས་ལ་དཀར་པོས་ཞི་བ་སོགས་ལུང་སྤྱི་ལྟར་བསྟན། སྔར་བྱིན་པའི་མེ་ཏོག་དེ་ཉིད་རིགས་དང་འབྲེལ་བའི་ལྷ་ལ་འབུལ་བའི་མོས་པས་རྗེས་ཟློས། སྔོན་ཚེ་ཡེ་ཤེས་གྲུབ་པའི་ལྷ། །དེ་རིང་བདག་ལ་འབབ་གྱུར་ཅིག །བཛྲ་པྲ་ཏཱིཙྪ་ཧོཿ ཞེས་འདོར་དུ་གཞུག །མེ་ཏོག་རང་རིགས་ཀྱི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལ་ཕོག་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་གྲུབ་ནས་ཀྱང། །དངོས་གྲུབ་ཉིད་དེ་གོང་ན་མེད། །ཅེས་པས་ཅོད་པན་སྤྱི་བོར་བཅིང་། མ་རིག་པའི་མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས། འཇིག་རྟེན་མ་རིག་མུན་པ་ཡིས། །བདག་ནི་ལྡོངས་པར་གྱུར་ལགས་ན། །བདེ་བར་གཤེགས་པའི་ཐུགས་རྗེ་ཡིས། །བདག་གི་མིག་འདི་དབྱེ་རུ་གསོལ། །ཞེས་ཞུ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་མ་རིག་པའི་སྒྲིབ་གཡོགས་ཕྱལ་གྱིས་བསལ་བར་མོས། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མིག་གི་ལིང་ཐོག་བསལ་པ་ལྟར། །བཅོམ་ལྡན་མངོན་རྫོགས་རྒྱལ་པོ་ཡིས། །བུ་ཡི་མི་ཤེས་རབ་རིབ་བསལ། །ཨོཾ་བཛྲ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཕཊ། མིག་ཐུར་གྱིས་མིག་དར་བསལ། ཕྱག་ཤིང་གིས་དཀྱིལ་འཁོར་མཚོན་ལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །གསང་བའི་དོན་ལ་མོས་པར་གྱིས། །འགྲོ་བ་ཀུན་གྱི་དོན་ཡང་སྒྲུབས། ཁྱོད་ནི་ཤེས་རབ་རིགས་སུ་འགྱུར། །དག་པ་ཡེ་ཤེས་ཀྱི་སྤྱན་ཐོབ་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་གྱུར་པ་ནི། འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་རྒྱན་དང་བཀོད་པ་ཚད་མེད་པ། དུར་ཁྲོད་བརྒྱད་རྡོར་ར་མེ་རི་དང་བཅས་པས་བསྐོར་བའི་དབུས་མཐིང་ནག་གྲུ་གསུམ་འབར་བའི་ལྟེ་བར་དྲེགས་པ་ཕྱོགས་སྐྱོང་གི་གདན། སྤྲུལ་པ་མ་མོའི་གདན། སྲི་ཞུ་འོད་ཀྱི་གདན་རྣམས་རིམ་པར་བརྩེགས་པའི་སྟེང་དུ་དཔལ་ཆེན་བླ་མེད་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ལ་ཡུམ་ཀུན་བཟང་མུ་ཁ་ལེས་འཁྲིལ་པ། མདུན་གྱི་ཟླ་གམ་ལ་རྟག་པའི་རྒྱལ་མོ་བཀྲག་གསལ་འབར། དེ་རྒྱབ་འཁོར་ལོ་རྩིབས་བཞི་ལ་རྟག་རྒྱལ་རིགས་བཞི། མཆན་གཡས་གཡོན་དུ་སྲིད་པ་བདེ་འགྲོ་དང་ཉི་ཟླ་ཐོད་ཕྲེང་། དེ་རྒྱབ་པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིར་ཁྲོས་མ་བཞི་དང་དགྱེས་སྡེ་བཞི། མཚམས་བཞིར་སྦས་པའི་མ་བཞི། དེ་རྒྱབ་འདབ་མ་བཅུ་དྲུག་ལ་ལས་ཀྱི་མ་མོ་ཉེར་བརྒྱད། ལྕེ་མཆན་བཞི་ལ་དམག་གི་རྒྱལ་མོ་བཞི། ནང་གི་སྒོ་བཞི་ལ་སྲིང་མོ་བཞི། ཕྱིའི་ཁྲག་ཁྱམས་ལ་དབང་ཕྱུག་ཉེར་བརྒྱད་དང་བཅས་པ་བཀྲ་ལམ་གྱིས་མཇལ་བར་མོས་ལ་དད་མོས་སྤྲོ་དགའི་ཤུགས་བསྐྱེད་འཚལ། དེའང་དོན་དབྱིངས་ཀྱི་མ་མོ་ཆོས་ཀྱི་དབྱིངས་སུ་ངོ་བོ་ཉིད་ཀྱི་སྐུར་བཞུགས་པ་ཉིད། བརྡ་ཡེ་ཤེས་ཀྱི་མ་མོ་རིགས་ལྔའི་ཞིང་དུ་ལོངས་སྐུར་སྣང་བ། རྟགས་རང་བཞིན་གྱི་མ་མོ་རང་གི་རྩ་དང་ཐིག་ལེ་ལ་དྭངས་མའི་འོད་དུ་གསལ་བའི་རང་མདངས། རྩལ་དམ་ཚིག་གི་མ་མོ་སྣང་སྲིད་ཁྱབ་པར་གནས་པ་སྟེ་རྩ་རླུང་རྣམ་དག་གི་དགོངས་པ་རྒྱུད་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། འོད་ཆེན་ཁ་དོག་སྣ་ཚོགས་ཞེས། །ཀུན་གཞི་དྭངས་མ་རིན་པོ་ཆེ། །གླང་ཆེན་མགོ་ཡི་མུ་ཏིག་བཞིན། །བྱང་ཆུབ་སེམས་ཀྱི་མུ་ཏིག་གཉིས། །ཙིཏྟ་ཁོང་གི་སྦུབ་ན་གསལ། །ས་དང་ཁྲག་དང་དྲོད་དང་དབུགས། །འབྱུང་བ་དྭངས་མའི་རྩ་བཞི་ནི། །སྤྱི་གཙུག་རྐང་མཐིལ་ཁྱབ་པར་རྒྱུ། ཁྲོས་པའི་མ་བཞི་དོན་གྱིས་འཆར། །དེ་ལས་གྱེས་པའི་འོད་ཟེར་བརྒྱད། །རྣམ་ཤེས་བརྒྱད་ཀྱི་དྭངས་མ་བརྒྱད། །སྒོ་ལྔའི་ཙིཏྟའི་རྩ་ལ་གནས། །སྦས་དང་དགྱེས་སྡེའི་རང་བཞིན་འཆར། །བདེ་ཆེན་བྱང་ཆུབ་སེམས་ཀྱི་གནས། །ཐིག་ལེ་མུ་ཏིག་ཕྲེང་བ་འདྲ། །ཕོ་བྲང་ཀླད་པའི་རྒྱས་ན་གནས། །ཨོཾ་ལས་རིགས་ལྔའི་ས་བོན་རྫོགས། །དེ་ལས་གྱེས་པའི་རྩ་གཉིས་ལས། །མེ་རླུང་རྩ་ལ་གནས་པར་བཤད། །དཔག་བསམ་ཤིང་ནི་བྱང་ཆུབ་ལམ། །ཐིག་ལེ་དྲུག་ལ་མ་མོ་དྲུག །སྲོག་རྩ་ཚངས་པའི་སྦུ་གུ་ལ། །བཅུད་ནི་ཁྲག་ཤ་མ་ཤ་ཙམ། །འོད་ཟེར་མ་མོ་གསུམ་གྱི་གནས། །མདོར་བསྡུས་སྲིད་པའི་མ་བཞི་བསྐྱེད། །ཕྱི་ནང་ཐིག་ལེ་དཀར་དང་སྔོ། །དཔའ་བོ་རྩ་ལ་ཐིག་ལེ་བདུན། །དྭངས་མའི་ཆུ་ནི་རྣམ་ཤེས་གསལ། །མིག་སོགས་དབང་པོ་ཀུན་ལ་གནས། །ཨ་ཝ་དྷཱུ་ཏི་གཡས་དང་གཡོན། །ཐབས་དང་ཤེས་རབ་འོད་ཟེར་ལས། །རྩ་ཡི་གཡས་དང་གཡོན་ལ་གནས། །མགྲིན་པ་བྱང་ཆུབ་བཤང་ལམ་ནས། །སྟེང་འོག་སྒོ་ནས་ཐིག་ལེ་གཉིས། །ཕྲ་རགས་རྩ་ལ་ཐིག་ལེ་བཅུད། །སྲིད་པ་མངལ་དུ་འཇུག་བྱེད་པ། །བདུན་བདུན་མཚམས་ལ་ཐིག་ལེ་བཞི། །དཀར་སྔོ་ལྗང་དམར་ལ་སོགས་བཞི། །མི་ཐུབ་ཁྲོ་གཉེར་རལ་གཅིག་མ། །རོ་ལངས་མ་དང་རྣམ་བཞི་སྟེ། །ཡེ་ཤེས་ངང་གིས་མཐུ་འཇོམས་པས། །རང་དབང་མེད་པར་འཕྲོག་པར་བྱེད། །གསེར་དང་དངུལ་གྱི་གུར་ཆེན་པོ། །རྒྱ་མཚོ་ཐོད་ཕྲེང་ཡིན་པར་བཤད། །དྭངས་མ་མ་བཞི་བུ་བཞི་བརྒྱད། །རཀྟའི་རྫིང་བུ་མེ་གཅིག་མ། །གཡས་གཡོན་བསྭེ་ཡི་གྭ་འུ་ནི། །རལ་པ་ཅན་དང་དབང་སྒྱུར་མ། །ཟངས་ཀྱི་ཕྲེང་ཐག་ལས་མཁན་མོ། །ཆགས་པར་བྱེད་པ་རླུང་གི་རྩ། །དྲོད་ཀྱི་ཆ་འཛིན་ཆ་སྙོམས་མ། །ཐུགས་ཀྱི་གསང་ཚིག་རལ་གཅིག་མ། །དམར་ཆེན་རྒྱ་མཚོ་འདོད་ཁམས་གཙོ། །རྡོ་རྗེ་ཐོ་བ་སྨན་ཕྲན་སྤུན། །ནང་ཁྲོལ་སྣ་བདུན་མ་མོ་བདུན། །བདུད་རྩི་རྫིང་བུ་ལེ་བརྒན་ཡོལ། །གར་གྱི་དབང་ཕྱུག་སྤུན་ཡིན་ཏེ། །སྤྱི་དཔུང་རྣམ་བཞི་རྒྱལ་མོ་བཞི། །ཚིགས་བཞི་ལ་ནི་གྲུ་འདེགས་བཞི། །རྐང་ལག་བཞི་ལ་སྲིང་བཞི་འོ། །ཙཀྲའི་རྩིབས་བརྒྱད་དབང་ཕྱུག་ཚོགས། །ཕྱག་རྒྱ་ཆེན་པོའི་དུས་ཉིད་ལ། །རང་བྱུང་དཀྱིལ་འཁོར་ཡེ་རྫོགས་ཡིན། །ཞེས་གསུངས་ཏེ། གཞི་རང་བཞིན་གྱིས་གནས་པའི་དཀྱིལ་འཁོར་བསྒྲུབ་གཞིར་བྱས་ཏེ། ལམ་དུས་ཕྱི་མཚན་མའི་དཀྱིལ་འཁོར་དུ་རྒྱུད་སྨིན་ནས། ནང་རྩ་རླུང་བདེ་བའི་དཀྱིལ་འཁོར་ཐབས་ཀྱིས་གོམས་པས། གསང་བ་ཐིག་ལེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྩལ་རྫོགས་ཏེ། འབྲས་བུ་མཐར་ཕྱིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྐུ་ལྔ་ཡེ་ཤེས་ལྔ་མཁའ་ཀློང་དབྱེར་མེད་པའི་ངོ་བོར་བྱང་ཆུབ་པར་འགྱུར་རོ། །དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ། གཉིས་པ་དབང་དངོས་གཞི་རིམ་པར་བསྐུར་བ་ལ་ཐོག་མར་སྐུ་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སྔོན་ཚེ་འོག་མིན་གནས་མཆོག་ཏུ། །བཅོམ་ལྡན་མངོན་རྫོགས་རྒྱལ་པོ་ཡིས། །མ་མོའི་ཚོགས་ལ་དབང་བསྐུར་ལྟར། །བཅོམ་ལྡན་མངོན་རྫོགས་རྒྱལ་པོ་ཡིས། །ཕྱིར་མི་ལྡོག་པའི་དབང་བསྐུར་གསོལ། །ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ནུབ་ཕྱོགས་སུ་རྡོ་རྗེ་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླའི་གདན་ལ་དཔལ་ཆེན་ཧེ་རུ་ཀའི་རྣམ་པས་འཁོད་པའི་སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྒྲེང་། མཆོད་པའི་བཀོད་པས་མདུན་བདར་ཏེ་དབང་བསྐུར་བའི་ཐོག་མར་བར་དུ་གཅོད་པའི་བགེགས་རྣམས་ཁྲོ་ཆུང་མེ་མཚོན་གྱི་ཚོགས་ཀྱིས་རྒྱང་རིང་དུ་བསྐྲད་པར་མོས་ཤིག །དྲག་སྔགས་བརྗོད། ཡུངས་ཐུན་སོགས་ཀྱིས་ཚམ་རྔམ་བྱ། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱངས། སྟོང་པའི་ངང་ལས། ཤར་གྱི་གསང་བུམ་ཟླ་གམ་དུ་ཧཱུྃ་མཱུཾ་མཐིང་ཁ་ལས་བདུད་རྩི་བྱང་སེམས་ཀྱིས་གང་བ། ཧཱུྃ་མཱུཾ་བདུན་བརྗོད་པ་རྗེས་མ་རྣམས་ལ་འགྲེ། མི་བསྐྱོད་པ་ཡབ་ཡུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མས་ཐོགས་ནས་དབང་བསྐུར་བར་མོས་ཤིག །ཐོད་པ་རྣམས་ཚིག་མཐུན་རིམ་པར་དབང་བསྐུར་ལ། ཧཱུྃ། ཤར་ཕྱོགས་བྷནྡྷ་ཟླ་གམ་དུ། །བདུད་རྩི་བྱང་སེམས་ཆུས་བཀང་ནས། །ཞེ་སྡང་གནས་སུ་དག་བྱའི་ཕྱིར། །མེ་ལོང་ཡེ་ཤེས་དབང་བསྐུར་རོ། །ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩི་བླུད་ཅིང་སྤྱི་བོར་འཐོར། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། བསྐལ་པ་ཐོག་མེད་ནས་བསགས་པའི་ཞེ་སྡང་གི་དྲི་མ་རྣམས་དྲི་ཁུ་མཐིང་ནག་གི་རྣམ་པར་ཟག་པས་རྣམ་ཤེེས་ཀྱི་ཕུང་པོ་མེ་ལོང་ལྟ་བུའི་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས། ལྷོའི་གསང་བུམ་སོག་ཁར་སྭཱ་མཱཾ་སེར་པོ་ལས་བདུད་རྩི་མཱཾ་སས་གང་བ། སྭཱ་མཱཾ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡུམ་རིན་ཆེན་དབྱིངས་ཕྱུག་མས་ཐོགས་ནས་དབང་བསྐུར་བར་མོས། ཧཱུྃ། ལྷོ་ཕྱོགས་བྷནྡྷ་སོག་ཁ་རུ། །བདུད་རྩི་མཱཾ་སའི་བཅུད་ཀྱིས་བལྟམས། །ང་རྒྱལ་གནས་སུ་དག་བྱའི་ཕྱིར། །མཉམ་ཉིད་ཡེ་ཤེས་དབང་བསྐུར་རོ། །ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཱཾ། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། བསྐལ་པ་ཐོགས་མེད་ནས་བསགས་པའི་ང་རྒྱལ་གྱི་དྲི་མ་རྣམས་དྲི་ཁུ་སེར་ནག་གི་རྣམ་པར་ཟག་པས་ཚོར་བའི་ཕུང་པོ་མཉམ་པ་ཉིད་ཀྱི་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །སྔགས། སྟོང་པའི་ངང་ལས། ནུབ་ཀྱི་གསང་བུམ་ཟླུམ་པོར་ཨཱཾཿཔཱཾ་དམར་པོ་ལས་བདུད་རྩི་རཀྟས་གང་བ། ཨཱཾ་པཱཾ། སྣང་བ་མཐའ་ཡས་ཡབ་ཡུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡུམ་པདྨ་དབྱིངས་ཕྱུག་མས་ཐོགས་ནས་དབང་བསྐུར་བར་མོས། ཧཱུྃ། ནུབ་ཕྱོགས་བྷནྡྷ་ཟླུམ་པོ་རུ། །བདུད་རྩི་སིཧླས་བཅུད་སྦྱར་ཏེ། །འདོད་ཆགས་གནས་སུ་དག་བྱའི་ཕྱིར། །སོར་རྟོག་ཡེ་ཤེས་དབང་བསྐུར་རོ། །ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། བསྐལ་པ་ཐོགས་མེད་ནས་བསགས་པའི་འདོད་ཆགས་ཀྱི་དྲི་མ་ཐམས་ཅད་དྲི་ཁུ་དམར་ནག་གི་རྣམ་པར་ཟག་པས་འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །སྔགས། སྟོང་པའི་ངང་ལས། བྱང་གི་གསང་བུམ་གྲུ་བཞིར་ཧཱ་ཏཱཾ་ལྗང་གུ་ལས་བདུད་རྩི་དྲི་ཆུས་གང་བ། ཧཱ་ཏཱཾ། དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡུམ་ལས་ཀྱི་དབྱིངས་ཕྱུག་མས་ཐོགས་ནས་དབང་བསྐུར་བར་མོས། ཧཱུྃ། བྱང་ཕྱོགས་བྷནྡྷ་གྲུ་བཞི་རུ། །བདུད་རྩི་དྲི་ཆུའི་ཆུས་བལྟམས་ནས། །ཕྲག་དོག་གནས་སུ་དག་བྱའི་ཕྱིར། །བྱ་གྲུབ་ཡེ་ཤེས་དབང་བསྐུར་རོ། །ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། བསྐལ་པ་ཐོག་མེད་ནས་བསགས་པའི་ཕྲག་དོག་གི་དྲི་མ་ཐམས་ཅད་དྲི་ཁུ་ལྗང་ནག་གི་རྣམ་པར་ཟག་པས་འདུ་བྱེད་ཀྱི་ཕུང་པོ་བྱ་བ་གྲུབ་པའི་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །སྔགས། སྟོང་པའི་ངང་ལས། དབུས་ཀྱི་གསང་བུམ་སུལ་མང་དུ་ཨོཾ་ལཱཾ་དཀར་པོ་ལས་བདུད་རྩི་དྲི་ཆེན་གྱིས་གང་བ། ཨོཾ་ལཱཾ། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པ་ཡུམ་བདེ་གཤེགས་དབྱིངས་ཕྱུག་མས་ཐོགས་ནས་དབང་བསྐུར་བར་མོས། ཧཱུྃ། དབུས་ཕྱོགས་བྷནྡྷ་སུལ་མང་དུ། །བདུད་རྩི་དྲི་ཆེན་བཅུད་ཀྱིས་བཀང་། །གཏི་མུག་གནས་སུ་དག་བྱའི་ཕྱིར། །ཆོས་དབྱིངས་ཡེ་ཤེས་དབང་བསྐུར་རོ། །ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། བསྐལ་པ་ཐོག་མེད་ནས་བསགས་པའི་གཏི་མུག་གི་དྲི་མ་ཐམས་ཅདདྲི་ཁུ་དཀར་ནག་གི་རྣམ་པར་ཟག་པས་གཟུགས་ཀྱི་ཕུང་པོ་ཆོས་ཀྱི་དབྱིངས་ཀྱི་སྐུ་དང་ཡེ་ཤེས་སུ་དག་པར་མོས་ཤིག །རྟེན་སྙིང་དང་ཤིས་པ་བརྗོད། ཐོད་པ་བཞི་པོའི་བདུད་རྩི་དབུས་སུ་བསྡུ་པ་ཐོགས་ལ། སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་སུཾ་ཡིག་སེར་པོ་ལས་བྱུང་བའི་བུམ་ཆུ་རྟག་པའི་རྒྱལ་མོ་རྣམ་སྣང་གསལ་གྱི་ངོ་བོར་བྱིན་གྱིས་བརླབས་པས་དབང་བསྐུར་བས་ས་ཁམས་སྤྱན་མའི་རང་བཞིན་དུ་གནས་གྱུར་པར་མོས། བུམ་ལྔ་གཅིག་ཏུ་བསྡུས་པ་ལ། །རྡོ་རྗེ་ས་ཡིས་བྱིན་བརླབས་ཏེ། །བུམ་པ་ལྔ་བསྡུས་དབང་བསྐུར་བས། །མེ་ལོང་ཡེ་ཤེས་མངོན་གསལ་ཏེ། །རྡོ་རྗེ་རིགས་ཀྱི་དོན་རྟོགས་པའི། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །གྷྲྀ་ས་མུ་ཧཾ་ཧཱུྃ་ཧ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ཡིན་ཏེ། དེའང་མཚུངས་ལྡན་གྱི་རྒྱུ་རང་རང་ལ་རྣམ་ཤེས་རྩ་ཐིག་ཡི་གེའི་དབྱིབས་དང་ལྷའི་ངོ་བོར་ཡེ་ནས་གནས་པ་ལ། རྐྱེན་བླ་མའི་དགོངས་པས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་ལྷ་སོ་སོ་བསྟིམས་པས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་དབྱེར་མི་ཕྱེད་པར་ས་ལམ་བགྲོད་ཅིང་། འབྲས་བུ་མངོན་དུ་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས་བརྗོད་ཚིག་དང་མཐུན་པའི་ཏིང་ངེ་འཛིན་རྣམས་རིམ་པར་གསལ་ཐོབ་ཅིག །ལས་ཆུ་དང་སྔགས་ཀྱིས་སྦྱང་། དབང་ཕྱུག་ཉེར་བརྒྱད་ནས་གཙོ་བོ་ཡབ་ཡུམ་བར་གྱི་ཙཀ་ལི་རྣམས་རིམ་པར་ཐོགས་ལ། བདེ་ཀློང་རྣམ་དག་ཡུམ་གྱི་ཡེ་ཤེས་ཀྱི། །སྲིད་པ་འཇུག་བྱེད་མ་མོའི་ཕོ་བྲང་དུ། །མི་སྲིན་གཡག་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རབ་ཏུ་དགའ་བའི་དབང་མཆོག་ཐོབ་པར་ཤོག །བྷྱོ་མ་ནུ་རཀྴ་སཱི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། བདེ་ཀློང་རྣམ་དག་ཡུམ་གྱི་ཡེ་ཤེས་ཀྱི། །སྲིད་པ་འཇུག་བྱེད་མ་མོའི་ཕོ་བྲང་དུ། །ཚངས་མ་སྦྲུལ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རབ་ཏུ་དགའ་བའི་དབང་མཆོག་ཐོབ་པར་ཤོག །བྲཧྨ་ཎཱི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། བདེ་ཀློང་རྣམ་དག་ཡུམ་གྱི་ཡེ་ཤེས་ཀྱི། །སྲིད་པ་འཇུག་བྱེད་མ་མོའི་ཕོ་བྲང་དུ། །འཁྲུག་མ་གཟིག་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རབ་ཏུ་དགའ་བའི་དབང་མཆོག་ཐོབ་པར་ཤོག །རཽ་ཏྲཱི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། བདེ་ཀློང་རྣམ་དག༴ སྲིད་པ་འཇུག་བྱེད༴ དཀར་མོ་སྲེ་མོང་མགོ་ཅན་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཀུ་མཱ་རཱི་བྷྱོ་ཨ་བྷི༴ བདེ་ཀློང་རྣམ་དག༴ སྲིད་པ་འཇུག་བྱེད༴ ཁྱབ་འཇུག་ཕ་ཝང་མགོ་ཅན་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ བེཥྞ་བེ་བྷྱོ་ཨ་བྷི༴ བདེ་ཀློང་རྣམ་དག༴ སྲིད་པ་འཇུག་བྱེད༴ དབང་མོ་དྲེད་མགོ་མྱང་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཨིནྡྲི་ཎི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ སེར་མོ་དོམ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ བཛྲ་པིཾ་ག་ལཱི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ བདུད་རྩི་ཆུ་སྲིན་མགོ་ཅན་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཨ་མྲྀ་ཏཾ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ ཞི་བ་སྡིག་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ སཽ་མྱ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ བེ་ཅོན་ཁྲ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ དྷ་ན་ཧཾ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ སྲིན་མོ་ཝ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ རཀྴ་སཱི་བྷྱོ་ཨ་བྷི༴ བདེ་ཀློང་རྣམ་དག་ཡུམ་གྱི་ཡེ་ཤེས་ཀྱི། །སྲིད་པ་འཇུག་བྱེད་མ་མོའི་ཕོ་བྲང་དུ། །ཟ་བྱེད་སྟག་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རབ་ཏུ་དགའ་བའི་དབང་མཆོག་ཐོབ་པར་ཤོག །བཀྴ་སཱི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། བདེ་ཀློང༴ སྲིད་པ༴ རྒན་བྱེད་བྱ་རྒོད་མགོ་ཅན་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ རཱ་ཏི་བཛྲ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ ཁྲག་འཐུང་རྟ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ རུ་དྷི་ར་མཱཏྟ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ གཅིག་སྤྱོད་ཁྱུང་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཨེ་ཀ་ཙ་རི་ཎཱི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ ཡིད་འཕྲོག་ཁྱི་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ མ་ནོ་ཧ་ར་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ གྲུབ་མ་པུ་ཤུད་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ སིདྡྷི་ཀཾ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ རླུང་མོ་ཤ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ བཱ་ཡ་བེ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ གསོད་བྱེད་སྤྱང་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ མ་ཧཱ་མཱ་ར་ཎ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ མེ་མོ་སྐྱིན་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཨགྣཱ་ཡེ་བྷྱོ་ཨ་བྷི༴ བདེ་ཀློང་རྣམ་དག་ཡུམ་གྱི་ཡེ་ཤེས་ཀྱི། །སྲིད་པ་འཇུག་བྱེད་མ་མོའི་ཕོ་བྲང་དུ། །ལྗང་སེར་ཕག་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རབ་ཏུ་དགའ་བའི་དབང་མཆོག་ཐོབ་པར་ཤོག །བ་ར་ཧཱི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། བདེ་ཀློང༴ སྲིད་པ༴ འབར་བ་ཁ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཙ་མུཎྜཱི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ སྣ་ཆེན་གླང་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ སུ་ར་ནཱི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ ཀླུ་མོ་སྦྲུལ་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ ཝ་རུ་ཎཱི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ ནག་མོ་ཁུ་བྱུག་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ བཛྲ་མ་ཧཱ་ཀ་ལཱི་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ དམར་སེར་ར་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ བཛྲ་ཙཱ་ཀ་ལ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ བུམ་རྣ་སེང་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ རབ་ཏུ༴ བཛྲ་ཀུམྦྷ་ཀརྞ་ྜྷ་བྷྱོ་ཨ་བྷི༴ བདེ་ཀློང༴ སྲིད་པ༴ གསུས་ལྡིར་སྐྱེག་མགོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རབ་ཏུ་དགའ་བའི་དབང་མཆོག་ཐོབ་པར་ཤོག །བཛྲ་ལམྦྷོ་དཱ་ར་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཀའ་སྡོད་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ་དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི་ཕྱག་རྒྱའི་དབང་བསྐུར་པས། དང་པོ་རབ་ཏུ་དགའ་བའི་ས་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །ཅེས་ཙཀླི་སྤྱི་བོར་བཞག་སྟེ་དབང་བསྐུར་པས། སློབ་མའི་སྒལ་ཚིགས་ལ་དབང་མོ་ཉེར་བརྒྱད་ཡོད་པ་ལ། དཀྱིལ་འཁོར་གྱི་དབང་མོ་ཉེར་བརྒྱད་ཐིམ་པས། སྒལ་ཚིགས་ཉེར་བརྒྱད་རང་རྒྱུད་དུ་འཛིན་པའི་ཞེན་པ་དག །དབང་མོ་ཉེར་བརྒྱད་ཀྱི་དབང་ཐོབ། སེར་སྣའི་དྲི་མ་དག །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས། ལུས་ཀྱི་རྣམ་པར་ཤེས་པ་དག །བདེ་ཆེན་རྣམ་དག་ཐིག་ལེའི་ཡེ་ཤེས་རྟོགས། །དང་པོ་རབ་ཏུ་དགའ་བའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པར་གྱུར་པའི་ངེས་ཤེས་སྐྱེད་ཅིག །འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །ལག་གཡས་ཐབས་ཀྱི་ཕོ་བྲང་དུ། །ལྷ་ཡི་སྲིང་མོ་མྱ་ངན་འདས་པའི་དབང་། །རྒྱལ་སྲས་དམ་པ་ཁྱོད་ལ་དབང་བསྐུར་བས། །དྲི་མ་མེད་པའི་དབང་མཆོག་ཐོབ་པར་ཤོག །ཏེ་པཾ་ཏེ་པཾ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །ལག་གཡོན་ཤེས་རབ་ཕོ་བྲང་དུ། །གཤིན་རྗེའི་སྲིང་མོ་མྱ་ངན་འདས་པའི་དབང་། །རྒྱལ་སྲས་དམ་པ་ཁྱོད་ལ་དབང་བསྐུར་བས། །དྲི་མ་མེད་པའི་དབང་མཆོག་ཐོབ་པར་ཤོག །ཨ་པར་ལནྟ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །རྐང་པ་་་གཡས་སྟོད་ཐབས་ཀྱི་ཕོ་བྲང་དུ། །ཀླུ་ཡི་སྲིང་མོ་མྱ་ངན་འདས་པའི་དབང་། །རྒྱལ་སྲས་དམ་པ༴ དྲི་མ་མེད་པའི༴ ད་ལ་དུན་བྷྱོ་ཨ་བྷི༴ འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །གཡོན་སྟོད་ཤེས་རབ་ཕོ་བྲང་དུ། །གནོད་སྦྱིན་སྲིང་མོ་མྱ་ངན་འདས་པའི་དབང་། །རྒྱལ་སྲས༴ དྲི་མ༴ དྷི་ནམ་མ་ཡས་བྷྱོ་ཨ་བྷི༴ འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །ལག་པ་་་གཡས་སྨད་ཐབས་ཀྱི་ཕོ་བྲང་དུ། །དཀར་མོ་མཆེ་གཙིགས་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །དྲི་མ༴ བཛྲ་ཨ་ཏིང་བྷྱོ་ཨ་བྷི༴ འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །གཡོན་སྨད་ཤེས་རབ་ཕོ་བྲང་དུ། །ནག་མོ་ཁ་འགལ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས༴ དྲི་མ༴ པ་ཏིང་བྷྱོ་ཨ་བྷི༴ འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །རྐང་པ་་་གཡས་སྨད་ཐབས་ཀྱི་ཕོ་བྲང་དུ། །དམར་མོ་མཆུ་འཇིབ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས༴ དྲི་མ༴ སུ་ཏིང་བྷྱོ་ཨ་བྷི༴ འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱི། །གཡོན་སྨད་ཤེས་རབ་ཕོ་བྲང་དུ། །སེར་མོ་རྐང་ལྡག་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །དྲི་མ་མེད་པའི་དབང་མཆོག་ཐོབ་པར་ཤོག །མུ་ཏིང་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། སོགས་གོང་ལྟར་ལ། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ་སྲིང་མོ་བཞི་དང་། དམག་རྒྱལ་བཞིའི་ཕྱག་རྒྱས་དབང་བསྐུར་པས། གཉིས་པ་དྲི་མ་མེད་པའི་ས་མངོན་དུ་བྱེད་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། ལག་པ་རྐང་པའི་སྟོད་ཀྱི་རྩ་བཞི་ལ་སྲིང་མོ་བཞི། སྨད་ཀྱི་འཕར་རྩ་བཞི་ལ་དམག་རྒྱལ་བཞི་ཐིམ་པས། སློབ་བུའི་ཡན་ལག་བཞི་རང་རྒྱུད་དུ་འཛིན་པ་གནས་སུ་དག །སྲིང་མོ་བཞི་དང་དམག་རྒྱལ་བཞིའི་དབང་ཐོབ། འཆལ་བའི་དྲི་མ་དག །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། ལྕེའི་རྣམ་པར་ཤེས་པ་དག །ཆོས་ཉིད་སྡུད་པ་ཐིག་ལེའི་ཡེ་ཤེས་རྫོགས། གཉིས་པ་དྲི་མ་མེད་པའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །རྡོ་རྗེ་ཀུན་གྲགས་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །འོད་བྱེད་ས་ཡི་དབང་མཆོག་ཐོབ་པར་ཤོག །ཧཱུྃ་བྷྱོ་ཀ་རི་ཀ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །ཀུན་ཏུ་བཟང་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ འོད་བྱེད༴ བ་རོད་ད་རོད་ཨ་བྷི༴ སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །རྡོ་རྗེ་གྲགས་སྙེམས་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །འོད་བྱེད་ས་ཡི་དབང་མཆོག་ཐོབ་པར་ཤོག །ནི་ལ་ཆུར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །རྡོ་རྗེ་ཡེ་ཤེས་མཆོག་གི་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ འོད་བྱེད༴ ཁ་ཊྭཱཾ་ག་ཨ་བྷི༴ སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །རྡོ་རྗེ་འོད་ཆགས་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ འོད་བྱེད༴ ཏ་ལ་ཙ་ལ་ཨ་བྷི༴ སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །རྡོ་རྗེ་གསལ་འཕྲོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ འོད་བྱེད༴ པདྨ་ཙནྡྷ་ཨ་བྷི༴ སྐྱེ་མེད་ཀློང་གི་ཡེ་ཤེས་ཀྱི། །དབང་པོ་མོད་གསལ་ཕོ་བྲང་དུ། །རྡོ་རྗེ་གཡུ་སྒྲོན་མྱ་ངན་འདས་པའི་དབང། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །འོད་བྱེད་ས་ཡི་དབང་མཆོག་ཐོབ་པར་ཤོག །མ་གུ་རཀྟོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་གོང་བཞིན། བྱིན་རླབས་ཀྱིས། རིགས་ཀྱི་བུ་རྣམས་ལ་སྲིང་མོ་མ་བདུན་གྱི་ཕྱག་རྒྱའི་དབང་བསྐུར་པས། གསུམ་པ་འོད་བྱེད་པའི་ས་མངོན་དུ་བྱེད་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། སློབ་བུའི་རྣམ་པར་ཤེས་པའི་ཚོགས་བདུན་ལ་ཡེ་ཤེས་ཀྱི་སྲིང་མོ་མ་བདུན་ཐིམ་པས། ཚོགས་བདུན་རང་རྒྱུད་དུ་འཛིན་པ་གནས་སུ་དག་ནས། སྲིང་མོ་མ་བདུན་གྱི་དབང་ཐོབ། ཁོང་ཁྲོའི་དྲི་མ་དག །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས། སྣའི་རྣམ་པར་ཤེས་པ་དག །འཕོ་འགྱུར་མེད་པའི་ཐིག་ལེའི་ཡེ་ཤེས་རྫོགས། གསུམ་པ་འོད་བྱེད་པའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ །སྲིད་པ་མོད་བསྡུས་ཕོ་བྲང་དུ། །རིན་ཆེན་སྲིད་འདེབས་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །འོད་འཕྲོ་བ་ཡི་དབང་མཆོག་ཐོབ་པར་ཤོག །ཁ་མུན་ཏྲ་ཏྲག་རཀྴ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ །སྲིད་པ་མོད་བསྡུས་ཕོ་བྲང་དུ། །གླིང་བཞི་སྤྱི་འགྲོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །འོད་འཕྲོ་བ་ཡི་དབང་མཆོག་ཐོབ་པར་ཤོག །པྲ་བྷ་ན་རཱ་ག་ཏིཔྟ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། རིགས་ཀྱི་བུ་རྣམས་ལ་ནམ་མཁའི་རྒྱལ་མོ་སྤུན་གཉིས་ཀྱི་ཕྱག་རྒྱའི་དབང་བསྐུར་པས། བཞི་པ་འོད་འཕྲོ་བའི་ས་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། ནམ་མཁའི་རྒྱལ་མོ་སྤུན་གཉིས་ལུས་ལ་ཐིམ་པས། སྣང་བ་དང་སྟོང་པ་རང་རྒྱུད་པར་འཛིན་པའི་ཞེན་པ་དག །ནམ་མཁའི་རྒྱལ་མོ་སྤུན་གཉིས་ཀྱི་དབང་ཐོབ། ལེ་ལོའི་དྲི་མ་དག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། རྣ་བའི་རྣམ་པར་ཤེས་པ་གནས་སུ་དག །སྣང་སྟོང་དབྱེར་མེད་ཐིག་ལེའི་ཡེ་ཤེས་རྫོགས། བཞི་པ་འོད་འཕྲོ་བའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །སྐྱེ་འགག་མེད་པའི་ཡེ་ཤེས་ཀྱི། །ཆགས་པ་མེད་པའི་དབང་ཆེན་ཕོ་བྲང་དུ། །དཔལ་ལྡན་ནག་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །སྦྱང་དཀའི་དབང་མཆོག་ཐོབ་པར་ཤོག །པྲ་གྷི་ཝང་གྷི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐྱེ་འགག་མེད་པའི་ཡེ་ཤེས་ཀྱི། །ཆགས་པ་མེད་པའི་དབང་ཆེན་ཕོ་བྲང་དུ། །རྡོ་རྗེ་གར་དབང་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ སྦྱང་དཀའི༴ པུ་བྱི་རུ་ལུ་བྷྱོ་ཨ་བྷི༴ སྐྱེ་འགག་མེད་པའི་ཡེ་ཤེས་ཀྱི། །ཆགས་པ་མེད་པའི་དབང་ཆེན་ཕོ་བྲང་དུ། །པདྨ་གར་དབང་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ སྦྱང་དཀའི༴ ཏྲག་རཀྴ་ཏྲག་རཀྴ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། རིགས་ཀྱི་བུ་རྣམས་ལ་འདོད་ཁམས་ཀྱི་གཙོ་མོ་གསུམ་གྱི་ཕྱག་རྒྱའི་དབང་བསྐུར་པས། ལྔ་པ་སྦྱང་དཀའ་བའི་ས་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་དེ། སློབ་བུའི་གནས་གསུམ་དུ་འདོད་ཁམས་ཀྱི་གཙོ་མོ་སྤུན་གསུམ་ཐིམ་པས། ལུས་ངག་ཡིད་གསུམ་རང་རྒྱུད་དུ་འཛིན་པའི་ཞེན་པ་དག །འདོད་ཁམས་གཙོ་མོ་གསུམ་གྱི་དབང་ཐོབ། གཡེང་བའི་དྲི་མ་དག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། མིག་གི་རྣམ་པར་ཤེས་པ་དག །སྐྱེ་འགག་མེད་པའི་ཐིག་ལེའི་ཡེ་ཤེས་རྫོགས། ས་ལྔ་པ་སྦྱང་དཀའ་བའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །མཁའ་ཀློང་རྣམ་དག་ཐིག་ལེ་ཡེ་ཤེས་ཀྱི། །སྲིད་པ་རང་ལུགས་གཉུག་མའི་ཕོ་བྲང་དུ། །ཨེ་ཀ་དྲག་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །མངོན་དུ་གྱུར་པའི་དབང་མཆོག་ཐོབ་པར་ཤོག །ཏྲག་རཀྴ་ཨ་བྷི་ཥིཉྩ་ཧཱུྃ་ཨ། མཁའ་ཀློང་རྣམ་དག་ཐིག་ལེ་ཡེ་ཤེས་ཀྱི། །སྲིད་པ་རང་ལུགས་གཉུག་མའི་ཕོ་བྲང་དུ། །ཨེ་ཀ་ཙ་ར་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མངོན་དུ༴ ཏྲཀ་རཀྴ་ཁ་མུ་དྲ་བྷ་ན་ཨ་བྷི༴ མཁའ་ཀློང་རྣམ་དག་ཐིག་ལེ་ཡེ་ཤེས་ཀྱི། །སྲིད་པ་རང་ལུགས་གཉུག་མའི་ཕོ་བྲང་དུ། །ཧར་ཏིང་དཀར་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མངོན་དུ༴ ཧར་ཏིང་བྷྱོ་ཨ་བྷི༴ མཁའ་ཀློང་རྣམ་དག་ཐིག་ལེ་ཡེ་ཤེས་ཀྱི། །སྲིད་པ་རང་ལུགས་གཉུག་མའི་ཕོ་བྲང་དུ། །དུན་ཏིང་ནག་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མངོན་དུ༴ དུནྟིང་བྷྱོ་ཨ་བྷི༴ མཁའ་ཀློང་རྣམ་དག་ཐིག་ལེ་ཡེ་ཤེས་ཀྱི། །སྲིད་པ་རང་ལུགས་གཉུག་མའི་ཕོ་བྲང་དུ། །ཤཱནྟིཾ་དམར་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མངོན་དུ༴ ཨོཾ་ཤཱནྟིཾ་བྷྱོ་ཨ་བྷི༴ མཁའ་ཀློང་རྣམ་དག་ཐིག་ལེ་ཡེ་ཤེས་ཀྱི། །སྲིད་པ་རང་ལུགས་གཉུག་མའི་ཕོ་བྲང་དུ། །གྲུབ་ཏིང་སེར་ནག་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །མངོན་དུ་གྱུར་པའི་དབང་མཆོག་ཐོབ་པར་ཤོག །གྲུབ་ཏིང་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། ཛཱ་ཊི་སྤུན་དྲུག་གི་ཕྱག་རྒྱའི་དབང་བསྐུར་པས། ས་དྲུག་པ་མངོན་དུ་གྱུར་པའི་དབང་མཆོག་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། ཛཱ་ཊི་སྤུན་དྲུག་བཅུད་འཛིན་འོད་ཀྱི་ཐིག་ལེ་དྲུག་ལ་ཐིམ་པས་སློབ་བུའི་རྒྱུད་དྲུག་རང་རྒྱུད་འཛིན་པའི་ཞེན་པ་དག །ཨེ་ཀ་ཛཱ་ཊི་སྤུན་དྲུག་གི་དབང་ཐོབ། རྨོངས་པའི་དྲི་མ་དག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། ཉོན་མོངས་པ་ཅན་གྱི་ཡིད་དག །མཁའ་ཀློང་རྣམ་དག་ཐིག་ལེའི་ཡེ་ཤེས་རྫོགས། དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །སྐུ་གསུམ་རྣམ་དག་ཡེ་ཤེས་ཀྱི། །བདེ་ཆེན་གསང་བའི་ཕོ་བྲང་དུ། །སྲིད་པ་ཆགས་བྱེད་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །རིང་དུ་སོང་བའི་དབང་མཆོག་ཐོབ་པར་ཤོག །བཛྲ་ཟ་རཾ་གྷྲཾ་མུ་རཾ་ཀྵཾ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐུ་གསུམ་རྣམ་དག་ཡེ་ཤེས་ཀྱི། །བདེ་ཆེན་གསང་བའི་ཕོ་བྲང་དུ། །སྲིད་པ་ཆ་སྙོམས་མྱ་ངན་འདས་པའི་དབང། །སྐལ་ལྡན༴ རིང་དུ་སོང་བའི་དབང་མཆོག༴ བཛྲ་ཁ་རག་སྙིང་ཁ་རག་ཨ་བྷི༴ ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ་ཆགས་བྱེད་ཆ་སྙོམས་ཕྱག་རྒྱའི་དབང་བསྐུར་པས། བདུན་པ་རིང་དུ་སོང་བའི་ས་མངོན་དུ་གྱུར་ནས། དོན་དམ་པའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། ཆགས་བྱེད་ཆ་སྙོམས་ལྟེ་བར་ཐིམ་པས་སློབ་བུའི་ཆགས་སྡང་རང་རྒྱུད་དུ་འཛིན་པའི་ཞེན་པ་དག །ཆགས་བྱེད་ཆ་སྙོམས་མྱ་ངན་འདས་པའི་དབང་ཐོབ། ཞུམ་པའི་དྲི་མ་དག །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། ཡིད་ཀྱི་རྣམ་པར་ཤེས་པ་དག །སྐུ་གསུང་ཐུགས་ཀྱི་ཐིག་ལེའི་ཡེ་ཤེས་རྫོགས། བདུན་པ་རིང་དུ་སོང་བའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །རྒྱན་གྱི་རྒྱལ་མོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱེད་ལ་དབང་བསྐུར་བས། །མི་གཡོ་བ་ཡི་དབང་མཆོག་ཐོབ་པར་ཤོག །ཨོཾ་མུ་ཏྲི་ནི་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །རྡོ་རྗེ་དབྱིངས་ཕྱུག་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ༴ ཨ་ཤནྟྲི་ནི་ཨ་བྷི༴ ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །བདག་ཉིད་དམར་ནག་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ༴ བྷ་ག་དན་ཏྲི་ནི་ཨ་བྷི༴ ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །གཅིག་པུ་ལྗང་ནག་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ་ཡི་དབང་མཆོག་ཐོབ་པར་ཤོག །ཁ་མུན་དུན་ཏྲི་ནི་ཨ་བྷི༴ ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །དཀར་མོ་སྤྱན་གཅིག་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ༴ བཛྲ་ཀེཾ་ཀེཾ་ཨ་བྷི༴ ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །ནག་མོ་མཆེ་གཙིགས་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ་༴ བཛྲ་ཏ་ཀེཾ་ཏ་ཀེཾ་ཨ་བྷི༴ ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །དམར་མོ་དབང་སྒྱུར་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ༴ བཛྲ་ནི་ལ་ནི་ལ་ཨ་བྷི༴ ཧཱུྃ། རྟག་ཆེན་གཡུང་དྲུང་ཡེ་ཤེས་ཀྱི། །དྭངས་མ་རྒྱན་གྱི་ཕོ་བྲང་དུ། །སེར་མོ་ལས་མཁན་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ མི་གཡོ་བ༴ བཛྲ་ལནྟ་ལནྟ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ་སྦས་པའི་མ་བཞི་དང་། དགྱེས་སྡེ་བཞིའི་ཕྱག་རྒྱའི་དབང་བསྐུར་པས། ས་བརྒྱད་པ་མི་གཡོ་བ་མངོན་དུ་གྱུར་པའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། སྦས་པའི་མ་བཞི་འབྱུང་བའི་རྩ་བཞི་དང་། དགྱེས་སྡེ་མ་བཞི་འབྱུང་བའི་དྭངས་མ་བཞི་ལ་ཐིམ་པས། སློབ་བུའི་རྩ་བཞིའི་དྭངས་མ་རྣམ་ཤེས་བཞི་དང་། ཡུལ་བཞི་རང་རྒྱུད་དུ་འཛིན་པ་གནས་སུ་དག །སྦས་པའི་མ་བཞི་དང་ཐུགས་ཀྱི་དགྱེས་སྡེ་བཞི་མྱ་ངན་ལས་འདས་པའི་དབང་ཐོབ། ཐབས་ལ་རྨོངས་པའི་དྲི་མ་དག །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། སྦྱོར་བ་ཀུན་གཞིའི་རྣམ་པར་ཤེས་པ་དག །རྟག་པ་ཆེན་པོ་ཐིག་ལེའི་ཡེ་ཤེས་རྫོགས། བརྒྱད་པ་མི་གཡོ་བའི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །བདེ་ཆེན་ཐིག་ལེ་ཡེ་ཤེས་ཀྱི། །ཐིག་ལེ་རྒྱན་གྱི་ཕོ་བྲང་དུ། །ཉི་མ་ཁྲོས་མ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །ལེགས་པའི་བློ་གྲོས་དབང་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་སཱུརྻ་བྱི་ཏ་ཨ་ཏོ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་ཨ། བདེ་ཆེན་ཐིག་ལེ་ཡེ་ཤེས་ཀྱི། །ཐིག་ལེ་རྒྱན་གྱི་ཕོ་བྲང་དུ། །བདུད་རྩི་ཁྲོས་མ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ ལེགས་པའི༴ བཛྲ་ཁ་རག་བྱི་ཏ་ཨ་ཏོ་ཡེ་ཨ་བྷི༴ བདེ་ཆེན་ཐིག་ལེ་ཡེ་ཤེས་ཀྱི། །ཐིག་ལེ་རྒྱན་གྱི་ཕོ་བྲང་དུ། །པདྨ་ཁྲོས་མ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ ལེགས་པའི༴ བཛྲ་པདྨ་བྱི་ཏ་ཨ་ཏོ་ཡེ་ཨ་བྷི༴ བདེ་ཆེན་ཐིག་ལེ་ཡེ་ཤེས་ཀྱི། །ཐིག་ལེ་རྒྱན་གྱི་ཕོ་བྲང་དུ། །ལས་རབ་ཁྲོས་མ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ ལེགས་པའི༴ བཛྲ་སྲིང་འགྲོ་བྱི་ཏ་ཨ་ཏོ་ཡེ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། མ་རྒྱུད་གསང་བ་མཆོག་གི་དཀྱིལ་འཁོར་དུ་རིགས་ཀྱི་བུ་འདི་རྣམས་ལ་ཁྲོས་པའི་དབང་མོ་བཞིའི་ཕྱག་རྒྱས་དབང་བསྐུར་པས། དགུ་པ་ལེགས་པའི་བློ་གྲོས་མངོན་དུ་གྱུར་པའི་ས་ནོན་པའི་དབང་། རིགས་ཀྱི་བུ་དང་ཕྱོགས་བཅུའི་རྣལ་འབྱོར་ཕོ་མོ་རྣམས་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། ཁྲོས་པའི་དབང་ཆེན་མ་བཞི་དྭངས་མ་བཞིའི་རྩ་གནས་སུ་ཐིམ་པས། རྟག་ཆད་མུ་བཞི་རང་རྒྱུད་དུ་འཛིན་པའི་ཞེན་པ་དག་ནས། ཁྲོས་པའི་དབང་མོ་བཞིའི་དབང་ཐོབ། སྨོན་ལམ་མ་དག་པའི་དྲི་མ་དག །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། །གཞི་དོན་གྱི་ཀུན་གཞིའི་ཡེ་ཤེས་དག །བདེ་བ་ཆེན་པོའི་ཐིག་ལེའི་ཡེ་ཤེས་རྫོགས། དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། ཁ་དོག་སྣ་ཚོགས་ཕོ་བྲང་དུ། །སྲིད་པ་བདེ་འགྲོ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །ཆོས་ཀྱི་སྤྲིན་གྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཀྲོ་ཏཱི་ཤྭ་རཱི་བྷ་ག་པདྨ་རྒྱ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། ཁ་དོག་སྣ་ཚོགས་ཕོ་བྲང་དུ། །ཉི་ཟླ་ཐོད་ཕྲེང་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །ཆོས་ཀྱི་སྤྲིན་གྱི་དབང་མཆོག་ཐོབ་པར་ཤོག །བཛྲ་ཤཱནྟིཾ་པདྨ་ཀུ་རུ་ཏི་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ལ་བདེ་འགྲོ་ཐོད་ཕྲེང་གཉིས་ཀྱི་ཕྱག་རྒྱའི་དབང་བསྐུར་པས། ས་བཅུ་པ་ཆོས་ཀྱི་སྤྲིན་མངོན་དུ་གྱུར་པའི་དབང་མཆོག་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། བདེ་འགྲོ་དང་ཐོད་ཕྲེང་གཉིས་མདུན་རྒྱབ་གསེར་དངུལ་གྱི་གུར་ཆེན་ལ་ཐིམ་པས། སློབ་བུའི་ཉོན་མོངས་པ་རང་རྒྱུད་གཟུང་འཛིན་གཉིས་སུ་འཛིན་པའི་ངོ་བོ་གནས་སུ་དག་ནས། བདེ་འགྲོ་ཐོད་ཕྲེང་མྱ་ངན་ལས་འདས་པའི་དབང་ཐོབ། ཉོན་མོངས་པའི་དྲི་མ་དག །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས། རྣམ་པར་ཤེས་པའི་ཚོགས་དྲུག་གནས་སུ་དག །མི་གནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྫོགས། བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ཕོ་བྲང་དུ། །མཁའ་འགྲོ་རྣམ་སྣང་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱས་སྲས་ཁྱོད་ལ་དབང་བསྐུར་བས། །ཀུན་ཏུ་འོད་ཀྱི་དབང་མཆོག་ཐོབ་པར་ཤོག །གྷྲྀ་ས་མུ་ཧཾ་ཧ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ཕོ་བྲང་དུ། །མཁའ་འགྲོ་ཡང་གསལ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ ཀུན་ཏུ་འོད་ཀྱི༴ བི་ཡཾ་ཡཾ་ཏེ་ཧ་ཨ་བྷི༴ ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ཕོ་བྲང་དུ། །མཁའ་འགྲོ་མཉེན་གསལ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ ཀུན་ཏུ་འོད་ཀྱི་དབང་མཆོག་ཐོབ་པར་ཤོག །བི་ཤ་སནྟི་ཧ་ཨ་བྷི༴ ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ཕོ་བྲང་དུ། །མཁའ་འགྲོ་འོད་གསལ་མྱ་ངན་འདས་པའི་དབང་། །སྐལ་ལྡན༴ ཀུན་ཏུ་འོད་ཀྱི༴ ཛྭ་ལ་བ་རཾ་ཧ་ཨ་བྷི༴ ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ཕོ་བྲང་དུ། །མཁའ་འགྲོ་བཀྲག་གསལ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱས་སྲས་ཁྱོད་ལ་དབང་བསྐུར་བས། །ཀུན་ཏུ་འོད་ཀྱི་དབང་མཆོག་ཐོབ་པར་ཤོག །མ་མ་ལཾ་ཏེ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བྱིན་རླབས་ཀྱིས། མ་རྒྱུད་གསང་བ་མཆོག་གི་དཀྱིལ་འཁོར་དུ། རིགས་ཀྱི་བུ་འདི་རྣམས་ལ་མཁའ་དྲུག་རྒྱལ་མོའི་ཕྱག་རྒྱའི་དབང་བསྐུར་བས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་དབང་། མངོན་དུ་སྣང་བའི་རིགས་ཀྱི་བུ་འདི་རྣམས་དང་། ཕྱོགས་བཅུའི་རྣལ་འབྱོར་པ་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། རྟག་རྒྱལ་མ་ལྔ་སྙིང་གའི་ལྔ་འདུས་འོད་ཀྱི་རྡོ་རྗེའི་མར་རྩེར་ཐིམ་པས། ཉོན་མོངས་པ་སེར་སྣ་ལ་སོགས་པའི་དྲི་མ་རང་རྒྱུད་དུ་འཛིན་པ་དག །ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས། ཀུན་བརྟགས་ཀྱི་མ་རིག་པ་དག །སྟོང་པ་ཉིད་ཀྱི་ཡེ་ཤེས་རྟོགས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པའི་ནུས་པ་རྒྱུད་ལ་བཞག་པའི་ངེས་ཤེས་སྐྱེད་ཅིག །ཡེ་ཤེས་ཐིག་ལེ་ཆེན་པོ་ཡི། །གསང་ཆེན་བདེ་བའི་ཕོ་བྲང་དུ། །ཆེ་མཆོག་ཡབ་ཡུམ་མྱ་ངན་འདས་པའི་དབང་། །སྐལ་ལྡན་རྒྱལ་སྲས་ཁྱོད་ལ་དབང་བསྐུར་བས། །མ་ཆགས་པདྨ་ཅན་གྱི་དབང་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱུྃ། མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཨ་ཀྲ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཉིད་ཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རཱི་བྷ་ག་པདྨ་རྒྱ་བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་བྷྱོ་ཛཿ ཨ་བྷི་ཥིཉྩ་ཧཱུྃ་ཨ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་བདེན་པའི་བྱིན་རླབས་གོང་བཞིན་འགྲེའོ། །བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་བདག་གིས་རིགས་ཀྱི་བུ་ཁྱེད་རྣམས་ལ་ཆེ་མཆོག་ཡབ་ཡུམ་གྱི་ཕྱག་རྒྱའི་དབང་བསྐུར་པས། ཉོན་མོངས་པ་རང་རྒྱུད་དུ་འཛིན་པའི་སྒྲིབ་པ་དག་ཅིང་། ཏིང་འཛིན་གྱི་དཀྱིལ་འཁོར་ལ་དབང་ཐོབ་ནས། ས་དང་ཕ་རོལ་ཏུ་ཕྱིན་པ་རྫོགས་ཏེ། མངོན་དུ་སྣང་བའི་རིགས་ཀྱི་བུ་འདི་རྣམས་དང་། ཕྱོགས་བཅུའི་རྣལ་འབྱོར་ཕོ་མོ་རྣམས་དང་། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མངོན་དུ་བྱེད་པའི་འབྲས་བུ་ཐོབ་པར་གྱུར་ཅིག །ཅེས་བརྗོད་པས། ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་ཙིཏྟའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ལ་ཐིམ་པས། ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་དག །ཚོགས་གཉིས་རྫོགས། ལྷན་ཅིག་སྐྱེས་པའི་མ་རིག་པ་དག །རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་རྟོགས། བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པའི་ནུས་པ་རྒྱུད་ལ་ཐོབ་པར་གྱུར་ཏོ་སྙམ་དུ་ངེས་ཤེས་སྐྱེད་ཅིག །ཡེ་དྷར་དང་ཤིས་བརྗོད་བྱ། དེ་ལྟར་དབང་བསྐུར་བའི་དགོས་པ་ནི། རྩ་གནས་འཁོར་ལོ་བརྒྱད་རང་རྒྱུད་དུ་འཛིན་པའི་རྟོག་པ་དང་། སེར་སྣ་ལ་སོགས་པའི་སྒྲིབ་པ་དག་ནས་ལྷ་བདུན་ཅུ་རྩ་དྲུག་དང་ཡེ་ཤེས་དགུའི་རྟོགས་པ་ཐོབ་པའོ། །དབུ་རྒྱན་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས། རཾ་ཡིག་དམར་པོ་ལས་དབུ་རྒྱན་རྟག་པའི་རྒྱལ་མོ་འོད་གསལ་སེམས་མའི་ངོ་བོར་བྱིན་གྱིས་བརླབས་པ་མགོ་བོར་བཅིངས་པས་མེ་ཁམས་དྲོད་གོས་དཀར་མོའི་རང་བཞིན་དུ་གནས་གྱུར་པར་མོས། ཧཱུྃ། ཅོད་པན་དེ་བཞིན་གཤེགས་པ་ལྔ། །དར་དཔྱང་འཁོར་བའི་མཐའ་ལས་བརྒལ། །གཉིས་སུ་མེད་པས་རིན་པོ་ཆེ། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཛྭ་ལ་བ་རཾ་ཧཱུྃ་ཧ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། རྡོ་རྗེ་རྩེ་དགུ་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས། བཾ་ཡིག་དཀར་པོ་ལས་རྡོ་རྗེ་རྟག་པའི་རྒྱལ་མོ་མཉེན་གསལ་འབར་གྱི་ངོ་བོར་བྱིན་གྱིས་བརླབས་པ་ཕྱག་གཡས་སུ་གཏད་པས་ཆུ་ཁམས་ཁྲག་མཱ་མ་ཀཱིའི་རང་བཞིན་དུ་གནས་གྱུར་པར་མོས་ཤིག །ཧཱུྃ། ཡེ་ཤེས་རྡོ་རྗེ་རྩེ་དགུ་ཡིས། །ཡུམ་ཆེན་ཉིད་ཀྱི་མཚན་དགུ་སྟེ། །ཡེ་ཤེས་དགུ་ཡི་དོན་རྟོགས་པའི། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །བི་ཤ་སན་ཏི་ཧཱུྃ་ཧ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དྲིལ་བུ་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས་ཡཾ་ཡིག་ལྗང་གུ་ལས་དྲིལ་བུ་རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཀྱི་ངོ་བོར་བྱིན་གྱིས་བརླབས་པ་ཕྱག་གཡོན་དུ་གཏད་པས་རླུང་ཁམས་དབུགས་དམ་ཚིག་སྒྲོལ་མའི་རང་བཞིན་དུ་གནས་གྱུར་པར་མོས་ཤིག །ཧཱུྃ། ཤེས་རབ་དབྱིངས་ཀྱི་དྲིལ་བུ་འདི། །ཆོས་ཉིད་སྟོང་པ་ཆེན་པོའི་གསུང་། །སེམས་ཅན་ཐམས་ཅད་བསྐུལ་བའི་ཕྱིར། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །བི་ཡཾ་ཡཾ་ཏེ་ཧཱུྃ་ཧ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རྡོར་དྲིལ་ལྷན་ཅིག་པ་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས། ཨེ་ཡིག་སྔོན་པོ་ལས་མིང་དབང་རྟག་པའི་རྒྱལ་མོ་བཀྲག་གསལ་སེམས་མའི་ངོ་བོར་བྱིན་གྱིས་བརླབས་པ་མགོ་ཐོག་ཏུ་དཀྲོལ་ཞིང་རྡོ་རྗེའི་མིང་བཏགས་པས་མཁའ་ཁམས་སེམས་ཡིད་དབྱིངས་ཕྱུག་མའི་རང་བཞིན་དུ་གནས་གྱུར་པར་མོས་ཤིག །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །རབ་ཏུ་བསྔགས་པ་གསང་བའི་དབང་། །ནམ་མཁའ་རྡོ་རྗེ་ལ་སོགས་པ། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །བཛྲ་ལཾ་ཏེ་ཧཱུྃ་ཧ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། གསང་མཚན་ནི། མེ་ཏོག་དབུས་སུ་བབས་ན། རྡོ་རྗེ་མངོན་རྫོགས་ཆེ་བའི་མཆོག །ཤར་དུ་རྡོ་རྗེ་རིག་པ་གསལ་བྱེད། ལྷོར་རྡོ་རྗེ་རིན་ཆེན་མྱུ་གུ །ནུབ་ཏུ་རྡོ་རྗེ་པདྨའི་དབང་ཕྱུག །བྱང་དུ་རྡོ་རྗེ་ལས་རབ་དྲག་པོ། བུད་མེད་ལ་དབུས་སོགས་རིམ་བཞིན་ནམ་མཁའི་དབྱིངས་ཕྱུག་མ་དང་། རིག་པ་གསལ་བྱེད་མ་དང་། རྙེད་ལྡན་ཨེ་མ་ཧོ་དང་། མ་ཆགས་བདེ་བའི་རྒྱན་དང་། ཤེས་རབ་གསལ་བྱེད་མ། ཞེས་གདགས་སོ། །དཀྱིལ་འཁོར་གྱི་རྡོར་དྲིལ་སྔགས་ཀྱིས་སྦྱང་། སྟོང་པའི་ངང་ལས། ཧཱུྃ་དང་མཱུཾ་ཡིག་ལས་རྡོ་རྗེ་དང་དྲིལ་བུ་དཔལ་ཆེན་གཙོ་བོ་ཡབ་ཡུམ་གྱི་ངོ་བོར་བྱིན་གྱིས་བརླབས་ཏེ་ཁྱེད་རང་ལ་བྱིན་པ་བསྣོལ་མར་འཁྱུད་པས་ཕུང་ཁམས་སྐྱེ་མཆེད་བདེ་ཆེན་ལྷའི་འཁོར་ལོར་གནས་གྱུར། ཐབས་ཤེས་ཟུང་འཇུག་དཔལ་ཆེན་པོ་ཡབ་ཡུམ་གྱི་གོ་འཕང་ཐོབ་པར་མོས་ཤིག །ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་པའི། །མཁའ་དབྱིངས་དག་པའི་ཕྱག་མཚན་འདིས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །བདེ་བ་ཆེན་པོའི་དོན་རྟོགས་ཤོག །མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཨ། ཡེ་དྷར་དང་ཤིས་པ་བརྗོད། དུར་ཁྲོད་ཀྱི་ཆས་དང་ཕྱག་མཚན་རྣམས་རིམ་པར་ཕུལ་ཞིང་མངའ་གསོལ་བས་དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི་གཟི་བརྗིད་མཐུ་སྟོབས་མཚུངས་པ་མེད་པར་གྱུར་པར་མོས་མཛོད། སྔགས་ཀྱིས་སྦྱང་། རིམ་གྱི་གནས་སོ་སོར་བགོ་བའི་ཚུལ་དང་། ལག་ཏུ་སྦྱིན་ལ། དུག་གསུམ་དག་པའི་དབང་རྟགས་ན་བཟའ་གསུམ། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དཔའ་བརྗིད་ན་བཟའི་དོན་དང་ལྡན་པར་ཤོག །ཧསྟི་ཡཾ་ཏི་ར་བཾ་ཨ་བྷི་ཥིཉྩ་ཧཱུྃ་ཨ། གཟུང་འཛིན་སྐྱོན་སྤངས་སྟག་གི་ཤམ་ཐབས་འདི། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུང་འཛིན་མཚན་མའི་སྐྱོན་ལས་གྲོལ་གྱུར་ཅིག །བྱཱ་ཀྲི་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐྱེ་ཤི་རྩད་གཅོད་ཐལ་ཆེན་ཚོམ་བུ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཉོན་མོངས་སྐྱེ་ཤི་རྩད་གཅོད་དབང་ཐོབ་ཤོག །སུ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ་ཨ། འཁོར་བ་བཅུད་ལེན་ཞག་གི་ཟོ་རིས་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཁོར་བ་མ་སྤངས་བཅུད་ཀྱིས་གཏམས་པར་ཤོག །ས་མ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཐུགས་རྗེ་ཆགས་བྱེད་རཀྟའི་ཐིག་ལེ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མ་ཆགས་སྐྱོན་བྲལ་རཀྟའི་དབང་ཐོབ་ཤོག །རཀྟ་ཨ་བྷི་ཥིཉྩ་ཧཱུྃ་ཨ། སྐུ་གསུམ་འབྲས་བུ་རྫོགས་པའི་ཐོད་པ་གསུམ། །སྐུ་གསུམ་རྫོགས་ཕྱིར་དབུ་ལ་དབང་བསྐུར་བས། །ཉོན་མོངས་དུག་གསུམ་དབྱིངས་སུ་དག་གྱུར་ཅིག །བྷནྡྷ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུྃ་ཨ། རིགས་བཞི་དབང་དུ་སྡུད་པ་སྦྲུལ་གྱི་ཆས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རིགས་བཞིའི་ཀླུ་རྣམས་དབང་དུ་འདུས་གྱུར་ཅིག །ཝ་རུ་ཎ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཐམས་ཅད་ཟིལ་གནོན་རྡོ་རྗེའི་གཤོག་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་འཇིགས་སྲ་བའི་གོ་ཆ་བགོས་གྱུར་ཅིག །རཏྣ་ཨ་བྷི་ཥིཉྩ་ཧཱུྃ་ཨ། འཁོར་བ་རུ་ནས་ཟློག་པའི་དབུ་སྐྲ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཁོར་བ་རུ་ཟློག་བདུད་ལས་རྒྱལ་གྱུར་ཅིག །སྨིནྟ་ཨ་བྷི་ཥིཉྩ་ཧཱུྃ་ཨ། འབར་འཕྲོ་འདུ་ཀློང་རང་བྱུང་ཡེ་ཤེས་མེས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟུང་འཛིན་མཚན་མའི་བག་ཆགས་བསྲེག་གྱུར་ཅིག །ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ་ཨ། དམ་རྫས་དང་ཕྱག་མཚན་རྣམས་སྦྱིན་ལ། ཧཱུྃ། གདུག་པ་ཚར་གཅོད་དཔལ་ཆེན་ཕྱག །ཐོད་པ་བདུད་རྩི་ཤ་ཆེན་དང་། །རྔ་དང་མདའ་གཞུ་ཕུར་པ་དང་། །རལ་གྲི་འཁོར་ལོ་མཚོན་ཆ་ཡིས། །ཉོན་མོངས་ལོག་རྟོག་གཅོད་པའི་མཆོག །རྒྱལ་སྲས་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཉོན་མོངས་འཁོར་བའི་གཡུལ་ལས་རྒྱལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་བྷནྡྷ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ཡེ་དྷར་དང་ཤིས་པ་བརྗོད། དེ་ལྟར་ན་དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ལྟ་བ་ངོ་བོ་ཉིད་གསུམ་མངོན་དུ་བྱེད་པ་དང་། གྲུབ་མཐའ་འཁོར་འདས་དབྱེར་མེད་སྙོག །འདའ་ཀ་འོད་ཀྱི་གོང་བུ་སྒྲས་འཕོ་བར་དབང་། འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། དེ་ནས་དབང་གོང་མ་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་དམ་པ་ཁྱེད། །ཉོན་མོངས་འདམ་དུ་བྱིངས་པ་ལ། །ཐུགས་རྗེ་ཆེན་པོས་སྐྱོབ་ཏུ་གསོལ། །མ་རིག་མུན་པར་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མ་སྦར་དུ་གསོལ། །རྣམ་རྟོག་ནད་ཀྱིས་ཟིན་པ་ལ། །བདུད་རྩི་སྨན་ཆེན་གཏང་དུ་གསོལ། །གསུམ། ཁྱད་པར་གསང་དབང་ཞུ་བའི་དོན་དུ་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ཕུལ་བར་མོས་ལ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གཉིས་མེད་བྱང་ཆུབ་སེམས་ཞེས་པ། །དོན་ཆེན་ཟབ་མོས་ཉོན་མོངས་འཇོམས། །དེ་རིང་བདག་ལ་དབབ་པར་ཞུ། །རྫས་སྒྲུབ་པ་ནི། སློབ་དཔོན་སྐད་ཅིག་གིས་དཔལ་ཆེན་མངོན་རྫོགས་རྒྱལ་པོར་གསལ་བའི་གནས་ལྔར་ཧཱུྃ་ལས་རིགས་ཀྱི་ཧེ་རུ་ཀ་ཡབ་ལྔ། རེ་རེ་ལའང་རིགས་ཆུང་བཞི་བཞིས་བསྐོར་བ། སྒལ་ཚིགས་རྣམས་སུ་ཧཱུྃ། རྐང་གཉིས་ལ་ཛཿ ལག་གཉིས་ལ་བཾ། མདོ་བསྡུས་ཀྱི་གཡས་གཡོན་དུ་ཨཾ༔ ཡུམ་དབྱིངས་ཕྱུག་མུ་ཁ་ལེར་གསལ་བའི་གནས་ལྔར་ཧཱུྃ་ལས་རིགས་ཀྱི་ཁྲོ་མོ་ཡུམ་ལྔ། རེ་རེ་ལའང་རིགས་ཆུང་བཞི་བཞིས་བསྐོར་བ། རྐང་གཉིས་ལ་ཧོཿ ལག་གཉིས་ལ་ཧཱུྃ། མདོ་བསྡུས་ཀྱི་གཡས་གཡོན་དུ་ཧཱུྃ་རྣམས་སུ་གསལ་བར་གྱུར། བཛྲ་ཏིཥྛ། ཡབ་ཀྱི་གསང་བར་རྡོ་རྗེ་རྩེ་བརྒྱད་པའི་རྩེ་མོར་ཨོཾ་ཡེ་ཤེས་ལྔའི་རང་བཞིན། བུ་གར་བྱང་སེམས་སྤྲོ་བའི་ཕཊ། ཨེ་མཎྜ་ལ། ཡུམ་གྱི་མཁའ་ཆོས་འབྱུང་གྲུ་གསུམ། སྣ་རྩེར་འདོད་ཆགས་དག་པའི་བྱང་སེམས་ཨཾ། སྦྱོར་མཚམས་སུ་ཡཾ་གིས་མཚན་པར་གྱུར། ཡབ་ཡུམ་རྗེས་སུ་ཆགས་པའི་རོལ་པས་སྙོམས་པར་ཞུགས་པའི་རྐྱེན་གྱིས་ལུས་གནས་ཀྱི་ལྷ་རྣམས་ཀྱང་མཉམ་པར་སྦྱོར་བའི་ཆགས་པ་ཆེན་པོས་འོད་དུ་ཞུ། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ནམ་མཁའ་གང་བའི་དཀྱིལ་འཁོར་པ་རྣམས་ལ་མཉེས་མཆོད་ཕུལ། འགྲོ་བ་དྲུག་གི་རྟོག་སྒྲིབ་སྦྱངས་ནས་སངས་རྒྱས་སེམས་ཅན་གཉིས་སུ་མེད་པར་བྱས། ཚུར་འདུས་ལུས་ཀྱི་ནང་གང་། བྱང་སེམས་བདུད་རྩིའི་རྒྱུན་དཔའ་བོ་འབྲུ་ལྔའི་རྣམ་པར་མཁའ་གསང་ནས་ཕྱུངས་ཏེ་ཁྱེད་རང་རྣམས་ལ་བྱིན་པར་མོས་ཤིག །ཧཱུྃ། གསང་བའི་དབང་ཆེན་གསང་བའི་གཏེར། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །གསང་བ་འདི་ལས་མི་མངའ་བས། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །རྣམ་རྟོག་ཐམས་ཅད་ཆོམས་པར་བྱ། །ཞེས་བརྗོད་ལ་ཐོད་པའི་བདུད་རྩི་སྦྱིན། དེ་ལྟར་བྱིན་པ་ལ་ཆེད་དུ་བརྗོད་པར་མོས་ལ་འདིའི་རྗེས་ཟློས་དང་བཅས་ཏེ་རོལ་པར་ཞུ། ཀྱེ་མ་བསྔགས་བརྗོད་ངོ་མཚར་ཆེ། །དོན་ཆེན་ཟབ་མོས་ཉོན་མོངས་བཅོམ། །རྒྱལ་བ་ཀུན་དང་དེང་འདིར་མཉམ། །མངོན་རྫོགས་རྒྱལ་པོ་དེ་རིང་ཉིད། །བྱང་ཆུབ་སེམས་ཀྱིས་ལུས་གནས་རྩ་ཁམས་ཐམས་ཅད་ལ་ཁྱབ། སྣང་མཆེད་ཐོབ་གསུམ་གྱི་རྟོག་པ་འགག །གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་ནི་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ལམ་བདག་བྱིན་རླབས་བསྒོམ་པ་ལ་དབང་། ལྟ་བ་རང་བྱུང་ཡེ་ཤེས་མངོན་དུ་བྱེད་པ་དང་། གྲུབ་མཐའ་མ་འདྲེས་ཡོངས་རྫོགས་སྙོག །འདའ་ཀ་དཔེའི་འོད་གསལ་དུ་འཕོ་བ་ལ་དབང་། འབྲས་བུ་ལོངས་སྐུ་རང་བཞིན་ལྷུན་གྲུབ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པ་ལ་ཐོག་མར་བརྟུལ་ཞུགས་ཀྱི་ནུས་པ་དྲི་བར་བྱ་བ་ཡིན་ཏེ། བུ་ཁྱོད་ཚུར་ཤོག་གསང་བའི་བདག །བདུད་རྩི་ཟས་ལྔ་ཟ་ནུས་སམ། །རྟོག་མེད་སྤྱོད་པ་བྱེད་ནུས་སམ། །ཤེས་རབ་དད་པས་བསྟེན་ནུས་སམ། །བྷ་གར་འོ་བྱེད་མི་རྟོག་གམ། །ཞེས་དྲིས་པའི་ལན་བཏབ་པ་འདིའི་རྗེས་ཟློས། བདུད་རྩི་ཟས་ལྔ་ཟ་ནུས་ལགས། །རྟོག་མེད་སྤྱོད་པ་བྱེད་ནུས་ལགས། །ཤེས་རབ་དད་པས་བསྟེན་ནུས་ལགས། །བྷ་གར་འོ་བྱེད་མི་རྟོག་ལགས། །དེ་ཉིད་དབང་གི་སྣོད་དུ་རུང་བར་རིག་ནས་ཤེས་རབ་མ་ལ་བཀའ་བསྒོས་པར་མོས་ཤིག །སྟོང་ཉིད་སྙིང་རྗེས་མི་ཕྱེད་པར། །ཐབས་དང་ཤེས་རབ་མཐུ་ལས་བྱུང། །དེ་དོན་བུ་འདི་དག་ལ་སྦྱིན། །རིག་ཙཀ་སྦྱིན་ལ། མཚན་ཉིད་དང་ལྡན་ཅིང་ལང་ཚོ་ཕུལ་དུ་བྱུང་བའི་ཤེས་རབ་མའི་སྲིན་ལག་ནས་བཟུང་སྟེ་ཁྱེད་རང་ལ་རིག་མའི་བརྟུལ་ཞུགས་སྦྱིན་པར་མོས་ཤིག །ཀྱེ་མ་རང་རིག་བདེ་བ་ཆེ། །སྟོང་པའི་རང་བཞིན་དེ་ལས་ནི། །རང་རིག་ཡེ་ཤེས་སྐྱེད་པར་བྱེད། །སྟོང་ཉིད་ཡེ་ཤེས་དག་ལ་རོལ། །དེ་ལྟར་བྱིན་པའི་རིག་མ་དེས་ཀྱང་འདི་ལྟར་ཆེད་དུ་བརྗོད་པར་མོས་ཤིག །ཀྱེ་མ་བདེ་གཤེགས་རྒྱལ་བའི་སྲས། །པདྨ་བྷ་གའི་དཀྱིལ་འཁོར་འདི། །འབྱུང་བ་ལྔ་ལས་གྲུབ་པ་སྟེ། །ཟེའུ་འབྲུ་རིན་ཆེན་ཟ་མ་ཏོག །ཕྱི་ཁྱམས་ཡེ་ཤེས་གྲུ་བཞི་ལ། །སྒོ་བར་བཅུད་ཀྱི་རྒྱས་འདེབས་བཞི། །བདུད་རྩི་བཅུད་ཀྱི་སྣོད་ཡིན་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་རིག་ཡེ་ཤེས་འདི་ལས་སྐྱེད། །ཤེས་རབ་སྙིང་པོའི་རྩེར་འབྱུང་བ། །ཕ་རོལ་ཕྱིན་མའི་ངོ་བོ་ཉིད། །ཅེས་ཐར་པ་བསྟེན་པར་བསྐུལ་བ་ལས། ཁྱེད་རང་སྐད་ཅིག་གིས་དཔལ་ཆེན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ། རིག་མ་དབྱིངས་ཕྱུག་མུ་ཁ་ལེར་གསལ་བའི་གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་གྱིས་མཚན་པ། བཛྲ་པདྨ་ཨེ། ཡབ་ཀྱི་གསང་བ་རྡོ་རྗེ་རྩེ་དགུ་པ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་ཆོས་འབྱུང་གྲུ་གསུམ་ཨཾ་གིས་མཚན་པར་གསལ། ཐབས་ཟབ་མོ་འདི་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་མངོན་དུ་བྱ་བའི་འདུན་པས་སྙོམས་པར་ཞུགས་པར་མོས་ཤིག །པདྨར་རྡོ་རྗེ་ལྡན་པ་ལ། །བཛྲ་དྷྲྀཀ྄་ཅེས་ཕུལ་ནས་ཀྱང་། །དལ་ནས་དལ་དུ་བསྐྱོད་པ་ལས། །ལྷ་མོ་བཞི་ཡི་ནུས་མཐུ་ལས། །ལས་ཀྱི་རྟོག་རླུང་དབང་བསྡུས་ནས། །བདེ་བ་ཆེན་པོའི་ཐིག་ལེ་དག །སྟོན་པའི་གནས་སུ་སྤྱན་དྲངས་ཏེ། །སྣང་བ་སྣང་མཆེད་སྣང་བ་ཐོབ། །འོད་གསལ་བ་ཡི་རང་བཞིན་ཏེ། །དགའ་བ་བཞི་ཡི་རྣམ་རྟོག་བཅོམ། །སྟོང་ཉིད་ཡེ་ཤེས་གཅིག་ཏུ་འཁྱིལ། །ཐིག་ལེ་ཆེན་པོ་ཡེ་ཤེས་གསལ། །ཡས་བབ་ཀྱི་དགའ་བ་སྣང་བ། མཆོག་དགའ་མཆེད་པ། ཁྱད་དགའ་ཐོབ་པ། ལྷན་སྐྱེས་དགའ་བ་ཉེར་ཐོབ་ཀྱི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟ་བུ་ཡི་ངང་ཉིད་ལས། །ཟློག་དང་བསྣུན་པ་མ་ཤེས་ན། །དེ་ནི་དམ་པ་མ་ཡིན་ཏེ། །འཁོར་བའི་གཡང་སར་ལྟུང་བར་འགྱུར། །ཅེས་གསུངས་པས་རླུང་དམིགས་འཕྲུལ་འཁོར་གྱི་སྦྱོར་བས་ཐིག་ལེ་འཕོ་བ་མེད་པར་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བ་བཞིའི་ཡེ་ཤེས་གོང་དུ་འཕེལ། མཐར་འོད་གསལ་ལྷན་ཅིག་སྐྱེས་པ་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་བསྒོམ་པ་ལ་དབང་། ལྟ་བ་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱེད་པ་དང་། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་སྙོག །འདའ་ཀ་རྡོ་རྗེ་སེམས་དཔར་འཕོ་བ་ལ་དབང་། འབྲས་བུ་ཆོས་སྐུ་རང་བཞིན་ལྷུན་གྲུབ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་བཞི་པ་ནི། གསུམ་པའི་སྐབས་སུ་སྐྱེས་པའི་ཡེ་ཤེས་དེ་ནི་དཔེ་ཙམ་ཡིན་པས། འདིར་མཚོན་བྱེད་ཀྱི་དཔེ་དང་ཚིག་ལས་འདས་པའི་བློ་བྲལ་རང་བྱུང་གི་ཡེ་ཤེས་མ་བཅོས་ལྷུག་པའི་ངང་དུ་མཉམ་པར་ཞོག་ཅིག །དེས་ན་མཚོན་བྱེད་དང་བྲལ་བའི། དེ་ལྟར་གསལ་བའི་ཡེ་ཤེས་ཏེ། །ཉོན་མོངས་མི་སྐྱེ་རང་རིག་གསལ། །དེ་ཚེ་ཉམས་སུ་ལོངས་པར་གྱིས། །དཀྱིལ་ཆོག་ཏུ་དེ་ཙམ་ལས་མི་འབྱུང་ཡང་རྒྱུད་ཀྱི་རྡོ་རྗེའི་ཚིག་བསྒྲག་ན་འགལ་བ་མེད་པས། སེམས་ཉིད་རིག་པ་གསལ་སྟོང་སྟེ། །དཔེ་ནི་ནམ་མཁའ་སྟོང་པ་འདྲ། །འཁྲུལ་ན་སྤྲིན་དང་ཁུ་རླངས་འབྱུང་། །སྐྱེ་བ་མེད་དང་བཅིང་བ་མེད། །དེ་ནི་གཅིག་མེད་དུ་མ་མེད། །དེ་ནི་འཁོར་མིན་འདས་པ་མིན། །དེ་ནི་རྟག་མིན་ཆད་པ་མིན། །ཡོད་པ་མ་ཡིན་མེད་པ་མིན། །དབྱིབས་དང་ཁ་དོག་དམིགས་སུ་མེད། །དངོས་མེད་དབང་པོའི་ཡུལ་ལས་འདས། །སེམས་ཉིད་དག་པའི་དོན་ལ་སྒོམས། །ཞེས་དར་གཅིག་མཉམ་པར་འཇོག་ཏུ་བཅུག །དེ་ལྟར་དོན་དམ་དབྱིངས་ཡེ་ཟུང་འཇུག་གི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་པ་ཐོབ། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང་། ལྟ་བ་ཆོས་རྣམས་རྣམ་དག་མངོན་དུ་བྱེད་པ་དང་། གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་སྙོག །འདའ་ཀ་ཕྱག་རྒྱ་ཆེན་པོར་འཕོ་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་རང་བཞིན་ལྷུན་གྲུབ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་དབང་དངོས་གཞི་གྲུབ་ནས་མཐའ་རྟེན་རྣམས་རིམ་པར་སྦྱིན་པ་ལགས་པས། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་དོན་དྲན་པར་གྱིས་ཤིག །མེ་ལོང་བསྟན་ལ། ཆོས་རྣམས་རང་བཞིན་མེད་པ་སྟེ། །མེ་ལོང་གཟུགས་བརྙན་དག་དང་མཚུངས། །དག་ཅིང་གསལ་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ཐམས་ཅད་དེ་ལྟའི་དོན་དུ་རྟོགས། །འབྱུང་ལྔས་བྱིན་གྱིས་བརླབས་པའི་ཕྱག་མཚན་ལྔ་རིམ་པར་བྱིན་པས་དུག་ལྔ་འདུལ་བའི་ཆོས་སྟོན་པའི་རྗེས་གནང་བསྩལ་བར་མོས་ཤིག །ཕྱག་མཚན་ཚིག་མཐུན་གཏད་ལ། ཧཱ། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཤེས་རབ་ཆེན་པོས་ཉོན་མོངས་གཅོད། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐྱོབ་པ་རྣམས་ཀྱི་དམ་ཆོས་ཤོད། །ཧཱུྃ། སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །ཤེས་རབ་ཆེན་པོས་ཉོན་མོངས་འཇོམས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐྱོབ་པ་རྣམས་ཀྱི་དམ་ཆོས་ཤོད། །སྭཱ། སངས་རྒྱས་ཀུན་གྱི་རིན་པོ་ཆེ། །ཤེས་རབ་ཆེན་པོས་ཉོན་མོངས་སེལ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐྱོབ་པ་རྣམས་ཀྱི་དམ་ཆོས་ཤོད། །ཨཱཿ སངས་རྒྱས་ཀུན་གྱི་པདྨ་ཆེ། །ཤེས་རབ་ཆེན་པོས་ཉོན་མོངས་སྦྱོང་། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐྱོབ་པ་རྣམས་ཀྱི་དམ་ཆོས་ཤོད། །ཨོཾ། སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །ཤེས་རབ་ཆེན་པོས་ཉོན་མོངས་འདུལ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སྐྱོབ་པ་རྣམས་ཀྱི་དམ་ཆོས་ཤོད། །རྐང་དུང་གཏད་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་ཇི་ལྟར་འདུལ་འགྱུར་བ། །ཤེས་རབ་ཆོས་ཀྱི་དུང་འདི་བུས། །དེ་ནས་ལུང་བསྟན་པ་ནི། སློབ་དཔོན་གྱི་ལག་གཡོན་པས་ཆོས་གོས་ཀྱི་གྲྭ་བཟུང་། གཡས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། སློབ་དཔོན་ཉིད་མཆོག་གི་སྤྲུལ་པའི་སྐུར་གནས་གྱུར་ཏེ་ཁྱེད་རང་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་བསྩལ་བར་མོས་ཤིག །དེ་རིང་ཁྱོད་ལ་ལུང་བསྟན་ཏེ། །མངོན་རྫོགས་རྒྱལ་པོ་འཁོར་བཅས་ཀྱིས། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །བདེ་བ་ཆེན་པོ་སྙེན་པར་བྱེད། །ཨོཾ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧཱུྃ། བླ་མ་ཧེ་རུ་ཀ་དཔའ་བོ་མཁའ་འགྲོར་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་དབུགས་དབྱུང་བསྩལ་བར་མོས་ཤིག །གསང་ཆེན་མཆོག་གི་དཀྱིལ་འཁོར་འདིར། །མཐོང་བ་དང་ནི་བཅུག་པ་ཡིས། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །གསང་བ་གསང་ཆེན་གསང་ཆེན་བདག །སྐུ་དང་གསུང་དང་ཐུགས་གསང་བའི། །གསང་བའི་བདག་པོས་དབང་བསྐུར་རོ། །སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །རྣལ་འབྱོར་ཀུན་ལ་བདེ་སྦྱིན་པ། །དོན་ལྡན་སྐྱེས་བུ་ཁྱོད་ཀྱིས་ཟུངས། །ཕྱི་དང་ནང་དང་གསང་བ་ཡི། །ང་ཡི་གསང་བའི་གདམས་ངག་འདི། །སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །འགྲོ་བ་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་སྤྱོད་པ་མཐའ་དག་དང་། །ང་ཡི་བྱིན་རླབས་ཆེན་པོ་སྟེ། །དོན་ལྡན་སྐྱེས་བུ་ཁྱོད་ཀྱིས་ཟུངས། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་སྐུ་ར་ཤག་ཆེན་པོའི་ཟབ་གཏེར་ལས་བྱོན་པའི་སྲིད་པ་མ་མོ་སྒང་ཤར་དུ་གྲགས་པའི་དབང་བསྐུར་ཟབ་མོ་རྫོགས་པར་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་བྱ། ཇི་སྐད་དུ། དེ་ནས་བུ་མཆོག་དམ་པ་དེས། །རྟ་དང་གླང་པོ་མ་ཧེ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །འབྲུ་དང་སྙིང་པོ་རྣམ་པ་དང་། །རྒྱན་དང་བགོ་བའི་ལོངས་སྤྱོད་དང། །སྙིང་དང་སྙིང་གི་གྲོགས་མོ་དང་། །ཕྱག་བྱས་བླ་མ་དམ་པ་ལ། །མ་ཞེན་པ་ཡིས་སེམས་ཀྱིས་འབུལ། །ཅེས་གསུངས་པ་ལྟར་གཏང་རག་གི་མཆོད་པ་རྒྱ་ཆེར་འབུལ་བའི་བློས་ཞིང་ཁམས་འབུལ་འཚལ། མཎྜལ་དང་ལུས་ལོངས་སྤྱོད་འབུལ། དེ་ནས་གདུགས་ཡོད་ན་སློབ་མའི་སྟེང་དུ་ཕུབ་ལ། དེ་ལྟར་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་བདེ་ཆེན་མ་རྒྱུད་ཀྱི་དབང་གི་ཆུ་བོ་རྫོགས་པས་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པར་གྱུར་པ་ལ། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ། ཕྱོགས་མཚམས་ཀུན་ཏུ་རྒྱལ་བྱེད་བཀྲ་ཤིས་ཀྱི་མཚན་མ་དང་མཆོད་པའི་བཀོད་པ་དུ་མས་མདུན་བདར། བླ་མ་དཀྱིལ་འཁོར་པའི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན་ཞིང་མེ་ཏོག་གི་ཆར་སིལ་མ་བསྙིལ་བས་མངའ་གསོལ་བར་མོས་ཤིག །རྟེན་སྙིང་བཟླས་པའི་འབྲུ་འཐོར་ལ་ཤིས་བརྗོད་རྒྱས་པར་བྱ་ཞིང་སྙན་པའི་རོལ་མོ་བསྒྲག །དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། འབྱོར་ཞིང་ནུས་ན་སླར་ཡང་ཚོགས་ཀྱི་འཁོར་ལོ་རྒྱས་པར་བྱ། གང་ལྟར་ཚོགས་ལ་རོལ་ཞིང་ལྷག་ཆོག་དང་བརྟན་མ་བསྐྱང་། མཆོད་པ་ཁ་གསོས་ལ་བྱིན་བརླབ། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་དང་། རས་བྲིས་ཡིན་ན་ཡེ་ཤེས་པ་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་ནས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་མཐར་དབྱུང་བས་གྲུབ་བོ། །ཟབ་མོའི་གནས་ལ་བྱིས་བློ་རྣམ་པར་འཁྱམས། །འོན་ཀྱང་བླ་མའི་བཀའ་དང་ཟབ་ཆོས་འདིའི། །ཕྲིན་ལས་ཉི་ཟླའི་ཤིང་རྟ་འདྲེན་པའི་ཕྱིར། །འབད་ལ་ནོངས་ཀུན་རྩ་བ་གསུམ་ལ་བཤགས། །མཁའ་ཀློང་བདེ་ཆེན་ཡངས་པའི་དཀྱིལ་འཁོར་དུ། །དབྱིངས་ཡེ་ཟུང་འཇུག་དཔལ་གྱི་སྐུ་ཐོབ་ནས། །སྲིད་པ་ཆགས་པའི་རྒྱ་མཚོ་སྐེམ་བྱེད་པའི། །ཐུགས་རྗེའི་ཉི་འོད་འབུམ་དུ་བརྡལ་བར་ཤོག །ཅེས་དཀྱིལ་འཁོར་གྱི་དབང་ཕྱུག་སྤྱི་དཔལ་ཆེན་པོ་དང་རྣམ་དབྱེར་མེད་པ་༧ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་སྨིན་བྱེད་བདུད་རྩིའི་ཉིང་ཁུས་རྗེས་སུ་བཟུང་ཞིང་འདི་ལྟར་འོས་པའི་གནང་བ་བསྩལ་པ་ལ་བརྟེན། རུ་ནམ་མཁའི་རྒྱལ་པོའི་དཀྱིལ་ཆོག་ལ་ད་ལྟ་ཁྱེར་བདེ་དང་བསྟུན་པའི་འདོར་ལེན་དང་མཚམས་སྦྱོར་གྱིས་བརྒྱན་ཏེ། པདྨའི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
བརྗོད་མེད་དོན་བཤགས (Volume 41, Text 45)
དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་དམ་ཚིག་ལ་གནས་པ་རྣམས་ཀྱིས་བརྗོད་མེད་ཀྱི་བཤགས་པ་འདི་གསུངས་སོ། །ཧཱུྃ། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ལ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཧཱུྃ། ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ནི། །སྟོན་པའི་བཀའ་དང་དམ་ལས་འདས་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱའོ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང། །ཉམས་ལ་མ་འཛེམས་ཉམས་པའི་སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མ་གྱུར་ཀྱང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ། །ཞེས་གསུངས་སོ། །བཤགས་པའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས། ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པ་སྟེ་ལེའུ་བཞི་པ་ཁོལ་དུ་ཕྱུང་བའོ།། །།
རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་ (Volume 11, Text 45)
<!TCC Tibetan character 3,183 undefined in unicode!>༔ རྗེ་ཀརྨ་པཀྴི་ཞལ་གཟིགས་མའི་ལས་བྱང་བཞུགས་སོ༔ གུ་རུ་བུདྡྷ་དྷཱརྨ་ཀཱ་ཡ་ན་མོ༔ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ དེ་ཡང་ཉམས་ལེན་བླ་མ་སྒྲུབ་པའི་ཚུལ༔ རིག་འཛིན་མི་འགྱུར་རྡོ་རྗེའི་མིང་ཅན་དེས༔ རང་ལོ་ཉེར་ལྔ་ལོན་པའི་སྦྲུལ་ལོ་ལ༔ མགོན་པོ་རྡོ་རྗེ་བེར་ཅན་སྒྲུབ་པའི་ཚེ༔ ཐོ་རངས་མནལ་ལམ་མ་ཡིན་དངོས་ཉམས་སུ༔ མིག་ལམ་འོད་དམར་ཁྱུག་ཁྱུག་ཁྱིམ་ཀུན་ཁེངས༔ གཟའ་ནད་ནའམ་ཆོ་འཕྲུལ་ཡིན་ནམ་བསམ༔ ཅུང་ཟད་དྲན་མེད་ཉིད་དུ་བརྒྱལ་ནས་སོང༔ དེ་ཚེ་རང་མདུན་ནམ་མཁའི་ཀློང་ལས་ནི༔ འཁྲུལ་སྣང་མངོན་སྣང་བླ་མའི་དཀྱིལ་འཁོར་མཐོང༔ དེ་ཡི་འཁོར་གྱི་བུད་མེད་གཅིག་གིས་ནི༔ བདག་ལ་ལྟ་ཞིང་མཛུབ་མོ་ལྷ་ལ་བཙུགས༔ གཙོ་བོའི་ཞལ་ནས་བདག་ལ་འདི་སྐད་གསུངས༔ ས་མ་ཡ༔ ཀྱེ་ཧོ༔ རང་རིག་ཡེ་ཤེས་བརྗོད་མེད་ནི༔ ཞེན་པའི་ཡུལ་ལྗོངས་སྣང་བའི་རང་མདངས་ལས༔ འཁྲུལ་པའི་གཞི་འབྱུང་རིག་རྩལ་དེ་རྗེས་འབྲང༔ ཨ་འཐས་བདེན་འཛིན་བག་ཆགས་ལུ་གུ་རྒྱུད༔ སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཅི་ཡང་འཆར༔ གང་ཤར་བདེ་སྡུག་བདེན་མེད་སྣང་བའི་ཡུལ༔ དེ་ལ་གཅེར་ལྟོས་རང་རིག་གཅེར་བུར་ཞོག༔ སྣང་བ་བརྡ་ཡི་བླ་མ་སྣང་བའི་ཡུལ༔ གང་ཤར་ཞེན་མེད་རང་གྲོལ་ཨེ་མ་ཧོ༔ དེ་ནི་གཞི་ཡི་སེམས་ཉིད་ལྟ་ཚུལ་ཡིན༔ སྣང་བ་བརྡ་ཡི་བླ་མ་དེ་ཡིན་ནོ༔ དེ་ནི་སེམས་ཀྱི་གནས་ལུགས་སྒོམ་ཚུལ་ཡིན༔ དེ་ནས་ལམ་གྱི་སྤྱོད་ཡུལ་སྦྱོང་ཚུལ་ནི༔ ཀྱེ་ཧོ༔ མ་འགག་སྣ་ཚོགས་འཆར་བའི་ཚེ༔ འཁྲུལ་ལས་ཡིད་འཕྲེང་གཉིས་འཛིན་རེ་དོགས་ནི༔ གང་ཤར་དུག་ལྔའི་རང་ཞལ་འདི་ལྟར་ལྟོས༔ ཉོན་མོངས་རྒྱུ་ལས་བྱུང་བའི་འཁྲུལ་ཆ་འདི༔ དུག་གསུམ་འདོད་ཆགས་བདེ་བར་ཞེན་པའི་ཡིད༔ ཟས་ནོར་ལོངས་སྤྱོད་མངའ་ཐང་ཟླ་གྲོགས་ལ༔ ཨ་འཐས་རེ་དོགས་མེད་པའི་བྱ་བྲལ་གྱིས༔ བློ་འདས་ཀློང་ཡངས་ཆེན་པོའི་ཀློང་དུ་ཞོག༔ གང་ཤར་མ་ཞེན་གང་ཤར་རང་གྲོལ་ངང༔ དེ་ལ་མ་ཡེངས་དྲན་རིག་གཅེར་མཐོང་ལམ༔ དེ་ནི་ལམ་གྱི་སེམས་སྦྱོང་ཚུལ་ཡིན་ནོ༔ ས་མ་ཡ༔ ཀྱེ་ཧོ༔ རང་རིག་རང་བྱུང་འཕྲོ་འདུ་ལས༔ གང་ཤར་མ་ཞེན་ཞེན་འཛིན་སྤྲོས་པ་བྲལ༔ སྤྲོས་བྲལ་དེ་ཡི་ངང་ལས་ཉམས་སྣང་སྦྱང༔ སྣང་བའི་ཡུལ་སྟོང་སྟོང་ཉིད་ནམ་མཁའི་ཀློང༔ དེ་དབུས་བློ་འདས་བརྗོད་མེད་ཡེ་ཤེས་བཞུགས༔ དེ་ཡང་ཡེངས་མེད་འཁྲུལ་མེད་གཅེར་མཐོང་བཞུགས༔ དེ་ལ་དངོས་པོ་མ་མཆིས་སྣ་ཚོགས་འཕྲོ༔ འཕྲོ་འདུའི་བྱེད་ལས་རིག་རྩལ་རྒྱུ་ཡི་ལམ༔ བྱེད་ལས་གང་ཤར་བདེན་མེད་ཤར་གྲོལ་ལམ༔ འདི་དོན་རྟོགས་ན་ཚེ་གཅིག་སངས་རྒྱས་འགྱུར༔ ས་མ་ཡ༔ ཅེས་གསུངས༔ དེ་ནི་ཞལ་གདམས་སླད་མེད་པའོ༔ ས་མ་ཡ༔ དེ་ལ་བརྟེན་ནས་རང་འདོད་དུ་བརྩམས་པ༔ དེ་ཡི་ལས་བྱང་བསྟན་པ་ནི༔ དཀྱིལ་འཁོར་པདྨ་འདབ་བརྒྱད་སྟེང་དུ་བླ་མའི་གཏོར་མ་དང༔ དེའི་མདུན་རྒྱབ་ཏུ་གཏོར་མ་ཟུར་གསུམ་བདུན་གྱིས་བསྐོར༔ སྨན་གཏོར་རཀྟ་མཆོད་རྫས་སྣ་ཚོགས་བཤམས་ཏེ༔ ཡིད་གཉིས་ཐེ་ཚོམ་དང་བྲལ་བས༔ བཅོས་མིན་གྱི་མོས་གུས་དང་ལྡན་པས་བསྒྲུབས་ན་དངོས་སུ་ཞལ་མཐོང་བར་ཐེ་ཚོམ་མེད་དོ༔ དངོས་གཞི་ལས་བྱང་ནི༔ སྐྱབས་འགྲོ་སེམས་བསྐྱེད༔ བདག་མདུན་བསྐྱེད་རིམ༔ སྤྱན་འདྲེན༔ ཕྱག་འཚལ༔ བཞུགས་གསོལ༔ ཕྱི་ནང་གསང་བའི་མཆོད་པ༔ སྐོང་བཤགས༔ བསྟོད་པ༔ གསོལ་གདབ༔ དབང་བླང་སོགས༔ ས་བཅད་བཅུ་པོ་འདི་ལ་མ་བཅོས༔ མ་བསྲེ༔ མ་བསླད་པར་ཉམས་སུ་ལེན་པ་གལ་ཆེ༔ ས་མ་ཡ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ མ་གྱུར་འགྲོ་དྲུག་སེམས་ཅན་རྣམས༔ ངན་སོང་སྡུག་བསྔལ་ཞི་གྱུར་ཅིག༔ བདེ་ལྡན་སངས་རྒྱས་ཐོབ་པར་ཤོག༔ རྟོག་ཚོགས་གཉིས་འཛིན་རང་སར་ཞི༔ རང་གསལ་གཅེར་མཐོང་འགྲུབ་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ༔ ཆོས་འབྱུང་དམར་པོ་བསྣོལ་བའི་དབུས༔ པདྨ་འདབ་བརྒྱད་ཁ་བྱེའི་སྟེང༔ ཆོས་སྐུའི་རང་སྒྲ་ཧཱུྃ་ཡིག་ལས༔ གྲུབ་ཆེན་ཀརྨ་པཀྴི་པ༔ དམར་སྨུག་གཏུམ་རྔམ་འབར་བའི་སྐུ༔ སྤྱན་རྩ་དམར་ཞིང་ལྟ་སྟངས་འདྲིལ༔ ཨག་ཚོམ་ཟུར་གསུམ་ནག་སྣུམ་དཀྱུས༔ ཞྭ་ནག་གསེར་མདངས་དབུ་ལ་གསོལ༔ ཆོས་གོས་རྣམ་གསུམ་སྐུ་ལ་བཀླུབས༔ རྡོ་རྗེ་ཕུར་བུ་ཕྱག་ན་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་ལྷམ་མེར་བརྗིད༔ པདྨ་ཉི་ཟླའི་ཁྲི་སྟེང་གསལ༔ སྤྱི་བོར་པདྨ་འབྱུང་གནས་ནི༔ སྐུ་མདོག་དཀར་ལ་དམར་མདངས་ལྡན༔ པད་ཞྭ་ཕོད་ཀ་ཆོས་གོས་གསོལ༔ རྡོ་རྗེ་ཐོད་པ་ཁ་ཊྭཱཾ་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ གཡས་སུ་ཧ་ཡ་གྲཱི་ཝ་དམར༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར༔ སྤྱི་བོར་རྟ་མགོ་ལྗང་ཞུར་འཚེར༔ གཏུམ་རྔམ་ཁྲོ་བོའི་དབང་རྟགས་རྫོགས༔ ཐོད་དབྱུག་མེ་ཞགས་ཕྱག་ན་བསྣམས༔ ཞབས་གཉིས་འདོར་སྟབས་རུ་དྲ་བརྫིས༔ གཡོན་དུ་རྡོ་རྗེ་ཕག་མོ་དམར༔ དྲག་གཏུམ་ཁྲོས་རྔམ་ཁྲོ་ཆས་རྫོགས༔ སྤྱི་བོར་ཕག་ཞལ་ངུར་སྒྲ་ལྡིར༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཁ་ཊྭཱཾ་མཆན་བཅུག་གར་སྟབས་འགྱིངས༔ བམ་རོ་པདྨ་ཉི་ཟླར་གནས༔ རྒྱབ་ཏུ་རས་ཆུང་རྡོ་རྗེ་གྲགས༔ རས་ཞྭ་དཀར་པོ་རྭ་གཟུགས་མནབས༔ ཡིད་འོང་མཛེས་སྡུག་རས་གཟན་གསོལ༔ གཟུགས་མཛེས་ཡིད་འོང་ལྟ་ན་སྡུག༔ རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས༔ རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན༔ རྡོར་སྐྱིལ་པདྨ་ཉི་ཟླར་གནས༔ མདུན་དུ་རྡོ་རྗེ་བེར་ནག་ཅན༔ མཐིང་ནག་ཁྲོས་རྔམ་སྲིན་པོའི་གཟུགས༔ ཞལ་བགྲད་མཆེ་གཙིགས་སྤྱན་གསུམ་གཡོ༔ དུར་ཁྲོད་ཆས་བརྒྱད་ཁྲོ་ཆས་རྫོགས༔ དར་ནག་འཇོལ་བེར་སྐུ་ལ་གསོལ༔ ཟངས་གྲི་ཐོད་ཁྲག་ཕྱག་ན་བསྣམས༔ ཞབས་གཉིས་འདོར་སྟབས་ལོག་འདྲེན་མནན༔ རང་བྱུང་རྒྱལ་མོ་དྲེ་འུ་ཞོན༔ མཐིང་ནག་ཁྲོ་གཏུམ་འོད་དུ་འབར༔ ཁ་ཊྭཱཾ་ཕུར་བུ་མེ་ལོང་སྦྲུལ༔ ཕྱག་བཞིར་བསྣམས་ཤིང་ཞབས་བཙན་སྐྱིལ༔ རྡོ་རྗེ་ལེགས་པ་ར་སྐྱེས་འཆིབ༔ དམར་ནག་ཐོ་བ་སྦུད་པ་འཛིན༔ དྲག་གཏུམ་སྐུ་ལ་དར་གོས་གསོལ༔ དེ་ལྟར་སྣང་སྟོང་འོད་འབར་གསལ༔ བདག་མདུན་བླ་མའི་དཀྱིལ་འཁོར་ལས༔ འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས༔ སྣང་སྲིད་བླ་མ་ཕྱག་རྒྱ་ཆེ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧཱུྃ་བྷྱོ་ཏྲི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རིགས་བདག་པདྨ་འབྱུང་གནས་མཆོག༔ རིག་འཛིན་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་ཆོས་དབྱིངས་དཀྱིལ་འཁོར་ནས༔ གྲུབ་ཆེན་ཀརྨ་པཀྴི་རྗེ༔ བཀའ་བརྒྱུད་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ རས་ཆུང་རྡོ་རྗེ་གྲགས་པ་ནི༔ གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཟླ་གམ་དབང་དྲག་གཞལ་ཡས་ནས༔ ཧ་ཡ་གྲཱི་ཝ་རྟ་མཆོག་དཔལ༔ དཔའ་བོ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་མཁའ་སྤྱོད་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་རྒྱལ་ཀུན་ཡུམ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་བྱང་ཕྱོགས་དུར་ཁྲོད་མཆོག༔ དྲག་པོ་ཐུགས་ཀྱི་དཀྱིལ་འཁོར་ནས༔ མ་ཧཱ་ཀཱ་ལ་རྡོ་རྗེ་བེར༔ ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མུ་ལེ་མཐིང་གུར་གཞལ་ཡས་ནས༔ ལྷ་མོ་རང་བྱུང་རྒྱལ་མོ་ནི༔ མ་མོ་བྱེ་བའི་ཚོགས་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འཛམ་གླིང་དག་པའི་ཡུལ་ལྗོངས་ནས༔ དམ་ཅན་རྡོ་རྗེ་ལེགས་པ་ཆེ༔ མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་སྲིད་ཟིལ་གནོན་ལྷ་ཚོགས་རྣམས༔ ད་ལྟ་སྙིགས་དུས་བསྐལ་པ་ལ༔ རྣལ་འབྱོར་བདག་ལ་བསྲུང་བའི་ཕྱིར༔ མ་ཐོགས་མྱུར་དུ་གནས་འདིར་བྱོན༔ རྩོད་ལྡན་སྙིགས་མ་ལྔ་བདོ་འདིར༔ བདག་གིས་ལྷང་ལྷང་མི་འབོད་རྒྱུས༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དབང་མཆོག་བསྐུར་ཕྱིར་གཤེགས་སུ་གསོལ༔ ལམ་སྣ་འདྲེན་ཕྱིར་གཤེགས་སུ་གསོལ༔ ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧཱུྃ་བྷྱོ་ཏྲི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་འབྱུང་གྲུ་གསུམ་བསྣོལ་མ་འདིར༔ ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས༔ པདྨ་ཉི་ཟླ་འབར་བའི་གདན༔ ཐབས་ཤེས་དབྱེར་མེད་ལྷུན་གྱིས་གྲུབ༔ འོད་འབར་བརྗིད་ལྡན་ལྷུན་ཆགས་པའི༔ གདན་མཆོག་འདི་རུ་བཞུགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དབང་སྒྱུར་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དགྱེས་རྫས་མཆོད་པ་འབུལ་བ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང༔ བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་ན་བཟའ་སོགས༔ འདོད་ཡོན་ཕྱི་ཡི་མཆོད་པ་འདིས༔ སྣང་སྲིད་འཁོར་འདས་ཀུན་བཀང་སྟེ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ དགྱེས་རྫས་ཐོད་ཆང་སྔོ་ལ་དྭངས༔ གུར་གུམ་སྦྲང་རྩིའི་བཅུད་ཀྱིས་སྦགས༔ ཐབས་ཀྱི་བདུད་རྩིར་སྤེལ་བ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ དམར་ཆེན་རཀྟ་འོད་ཟེར་འབར༔ ཤེས་རབ་བདུད་རྩིར་སྤེལ་བ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ རི་རབ་ཙམ་གྱི་གཏོར་ཆེན་ལ༔ དཀར་ཐིག་དམར་རྒྱན་བརྒྱན་པ་འདི༔ མཆོད་དོ་འབུལ་ལོ་དགྱེས་པར་རོལ༔ སྣང་སྲིད་ཟིལ་གནོན་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ རྩ་བ་ཡན་ལག་དམ་ཚིག་དང༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཉམས་གྱུར་ཐམས་ཅད་མཐོལ་ལོ་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་བདུད་བཞི་བཅོམ༔ སྐྱེ་འཆི་མེད་པ་འོད་ཀྱི་སྐུ༔ འཕོ་འགྱུར་མེད་པར་འགྲོ་དོན་མཛད༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ དེ་ཉིད་སྤྲུལ་པའི་གནས་འགྱུར་ལས༔ དགེ་སློང་ཚུལ་འཛིན་ཧེ་རུ་ཀ༔ མཐུ་སྟོབས་རྫུ་འཕྲུལ་དབང་སྒྱུར་བའི༔ ཀརྨ་པཀྴིའི་སྐུ་ལ་བསྟོད༔ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ༔ མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན༔ རྡོ་རྗེ་ཐེག་པའི་མཛོད་འཛིན་པ༔ རས་ཆུང་རྡོར་གྲགས་སྐུ་ལ་བསྟོད༔ ཧ་ཡ་གྲཱི་ཝ་རུ་དྲའི་གཤེད༔ ང་རྒྱལ་རྣམ་དག་རྟ་གདོང་ལྗང༔ ཁམས་གསུམ་དབང་སྡུད་སྐུ་མདོག་དམར༔ དབང་ཆེན་རྟ་མགྲིན་སྐུ་ལ་བསྟོད༔ རྡོ་རྗེ་ཕག་མོས་དུས་མཚན་བཏུལ༔ གཏི་མུག་རྣམ་དག་ཕག་ཞལ་ནག༔ རྣམ་རྟོག་རྩད་གཅོད་གྲི་ཐོད་འཛིན༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ མ་ཧཱ་ཀཱ་ལ་རྡོ་རྗེ་བེར༔ ཕྲག་དོག་རྣམ་དག་ཁྲོ་གཏུམ་རྔམ༔ དུག་ལྔ་རྩད་གཅོད་ཟངས་གྲི་འཛིན༔ ཀུན་རྟོག་ཀུན་འཇོམས་ཐོད་ཁྲག་རོལ༔ རྡོ་རྗེ་བེར་ཅན་སྐུ་ལ་བསྟོད༔ བསྟན་སྲུང་ལྷ་མོ་རང་བྱུང་མ༔ སྲིད་གསུམ་ལྷ་འདྲེའི་སྡེ་དཔོན་མཆོག༔ ཉམས་པའི་སྲོག་དབུག་སྡུད་མཛད་མོ༔ རང་བྱུང་རྒྱལ་མོའི་སྐུ་ལ་བསྟོད༔ བཀའ་སྡོད་ཕོ་ཉ་རྡོ་རྗེ་ལེགས༔ སྟོང་གསུམ་སྐུ་ཡི་སྤྲུལ་པས་གང༔ གློག་ལྟར་མྱུར་ཞིང་ཕྲིན་ལས་སྒྲུབ༔ རྡོ་རྗེ་ལེགས་པའི་སྐུ་ལ་བསྟོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་བླ་མར་གསལ་བ་ཡི༔ ཐུགས་ཀར་འོད་ཀྱི་ཐིག་ལེའི་དབུས༔ པདྨ་འབྱུང་གནས་གཙོ་འཁོར་གསུམ༔ བཀྲ་གསལ་ལྷམ་མེར་གསལ་བ་ཡི༔ ཐུགས་ཀར་ཧྲཱིཿལ་རིག་སྔགས་བསྐོར༔ གང་བསམ་ཕྲིན་ལས་མྱུར་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཀརྨ་པཀྴི་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲྀ་ད་ཧཱུྃ་ཕཊ༔ ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛ༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཱ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ དོན་སྔགས་བྱང་བསྟན་པའོ༔ །<!TCC Tibetan character 4,50 undefined in unicode!> མདུན་བསྐྱེད་བླ་མའི་ལྷ་ཚོགས་ཐུགས་ཀ་ནས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་འོད་ཟེར་རྣམས༔ ཆར་ལྟར་བབས་ཏེ་རང་ལ་སིབ་སིབ་ཐིམ༔ ལུས་གནས་རྩ་འཁོར་བཞི་པོ་མེར་གྱིས་གང༔ དབང་བཞི་ཡོངས་རྫོགས་གཅིག་ཅར་ཐོབ་པར་གྱུར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདུན་བསྐྱེད་བླ་མ་རང་གི་སྙིང་གར་ཐིམ༔ འཁོར་རྣམས་འོད་ཞུ་རང་ལ་ཐིམ་པར་གྱུར༔ དེ་ཡང་དམིགས་མེད་བློ་འདས་བརྗོད་མེད་ངང༔ ༈ དེ་ནས་དབང་བླང་བ་ནི༔ ཁྲུས་དང་མཎྜལ་སྔོན་དུ་སོང་ནས༔ བླ་མའི་རྣམ་ཐར་བརྗོད༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ སློབ་མ་ལྷར་བསྐྱེད་པ༔ སྤྱན་འདྲེན་བྱིན་དབབ་ལ༔ སློབ་མའི་མགོར་རྡོ་རྗེ་བཞག་ལ༔ ཏིཥྛ་བཛྲ༔ དེ་ནས་བུམ་པ་ཐོགས་ཏེ༔ ཧཱུྃ༔ སྣང་བ་སྣོད་ཀྱི་བུམ་པ་རུ༔ སྟོང་པ་བཅུད་ཀྱི་བདུད་རྩིས་གཏམས༔ སྣང་སྟོང་བླ་མ་ཕྱག་རྒྱ་ཆེ༔ གསལ་སྟོང་སྐུ་ཡི་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཧཱུྃ་དཀར་དམར་མཐིང་གསུམ་ཐོགས་ཏེ༔ ཧཱུྃ༔ གྲགས་སྟོང་མ་འགགས་ཧཱུྃ་ཡིག་དཀར༔ རིག་སྟོང་རྩལ་འབྱོངས་ཧཱུྃ་ཡིག་དམར༔ གསལ་སྟོང་ལྷུན་གྲུབ་ཧཱུྃ་ཡིག་མཐིང༔ གྲགས་སྟོང་བླ་མ་ཕྱག་རྒྱ་ཆེ༔ བླ་མའི་གསུང་གི་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་ཕུར་བུ་ཐོགས་ཏེ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་ཐུགས་རྡོ་རྗེ༔ སྐུ་གསུམ་ལྷུན་གྲུབ་ཀཱི་ལ་ཡ༔ རྣམ་རྟོག་སྣ་ཚོགས་ཐལ་བར་རློག༔ མ་རིག་ལོག་རྟོག་དབྱིངས་སུ་སྒྲོལ༔ བདེ་སྟོང་བླ་མ་ཕྱག་རྒྱ་ཆེ༔ བླ་མའི་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་ཐོགས་ཏེ༔ ཧཱུྃ༔ རང་སེམས་ཡིད་བཞིན་ནོར་བུ་ལ༔ ཡེ་ཤེས་ལྔ་ཡི་རང་མདངས་གསལ༔ དགོས་འདོད་ཀུན་འབྱུང་འབྲས་བུ་སྨིན༔ ཡོན་ཏན་ཀུན་འབྱུང་ཕྱག་རྒྱ་ཆེ༔ བླ་མའི་ཡོན་ཏན་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ རཏྣ་ཨ་བྷི་ཥིཉྩ་བྷྲཱུྃ༔ དེ་ནས་རྒྱལ་མཚན་ཐོགས་ཏེ༔ ཧཱུྃ༔ ཀུན་ཁྱབ་ཡེ་ཤེས་རྒྱལ་མཚན་ལ༔ ཐབས་ཤེས་དབྱེར་མེད་ཉི་ཟླས་བརྒྱན༔ ལས་ཉོན་བདུད་བཞིའི་གཡུལ་ལས་རྒྱལ༔ འཇིགས་བྲལ་བླ་མེད་ཕྱག་རྒྱ་ཆེ༔ བླ་མའི་ཕྲིན་ལས་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐིག་ལེ་ཐོགས་ཏེ༔ ཧཱུྃ༔ བདེ་བའི་ཉམས་ཀྱི་ནམ་མཁའ་ལ༔ ཡེ་ཤེས་ལྔ་ཡི་ཐིག་ལེ་ཤར༔ སྣང་སྲིད་བླ་མ་ཕྱག་རྒྱ་ཆེ༔ བརྗོད་མེད་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་བྱང་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྐུ་གཟུགས་ཐོགས་ཏེ༔ ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ བདེ་སྟོང་ཟུང་འཇུག་མཁའ་དབྱིངས་སྦྱོར༔ གསལ་སྟོང་བླ་མ་ཕྱག་རྒྱ་ཆེ༔ རྡོ་རྗེ་འཆང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཅོད་པན་ཐོགས་ཏེ༔ ཧཱུྃ༔ མ་འགག་མི་དམིགས་དར་དཔྱང་ནི༔ གློ་བུར་ཡིད་བྱེད་རླུང་གིས་སྐྱོད༔ སྣ་ཚོགས་ཆོ་འཕྲུལ་རྒྱན་དུ་ཆེ༔ འགག་མེད་ཤར་གྲོལ་ཕྱག་རྒྱ་ཆེ༔ གང་ཤར་ཤར་གྲོལ་དབང་ཐོབ་ཤོག༔ སྔགས་བྱང་སྔར་ལྟར༔ དེ་ནས་མེ་ཏོག་ཐོགས་ལ༔ ཧཱུྃ༔ སྣང་སྲིད་སྟོང་པའི་ཆོ་འཕྲུལ་ལས༔ རང་རིག་ཡེ་ཤེས་མེ་ཏོག་བཀྲ༔ ཉོན་མོངས་རྟོག་ཚོགས་གང་ཤར་རྣམས༔ བུང་བས་མེ་ཏོག་རྩི་ལེན་ལྟར༔ གང་ཤར་བདེ་སྡུག་ལམ་དུ་ཁྱེར༔ རེ་དོགས་མེད་པའི་དབང་ཐོབ་སྟེ༔ བྱ་བྲལ་ཆེན་པོའི་དབང་ཐོབ་ཤོག༔ གཏོར་མ་ཐོགས་ཏེ༔ ཧཱུྃ༔ དམ་རྫས་གཏོར་ཆེན་འབར་བ་འདི༔ བླ་མའི་སྐུ་དང་གཉིས་སུ་མེད༔ དབང་མཆོག་འདི་ནི་བསྐུར་བའི་མཐུས༔ དངོས་འཛིན་ཨ་འཐས་འདུན་གྲོས་ཀུན༔ སྒྱུ་མར་ཤེས་པར་བྱིན་གྱིས་རློབས༔ ཚེ་འདིའི་རྟག་བརྟན་འདུན་གྲོས་རྣམས༔ འཁྲུལ་པར་ཤེས་པར་བྱིན་གྱིས་རློབས༔ སྔོན་བྱུང་སྲིད་པའི་ཡིད་ལུས་རྒྱུན༔ རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ ད་ལྟའི་སྒྱུ་ལུས་གཅེས་འཛིན་མཁར༔ འཇིག་པར་ཤེས་པར་བྱིན་གྱིས་རློབས༔ ཅལ་སྒྲོག་རྗེས་འཇུག་འཆལ་གཏམ་འདི༔ བྲག་ཆ་ལྟ་བུར་རྟོགས་གྱུར་ཅིག༔ རང་ཆས་དུག་ལྔའི་རླུང་འཚུབས་འདི༔ ཡེ་ཤེས་ལྔ་རུ་རྟོགས་གྱུར་ཅིག༔ སྣང་སྲིད་འཁོར་འདས་ཞིང་ཁམས་འདི༔ རྨི་ལམ་ལྟ་བུར་རྟོགས་གྱུར་ཅིག༔ སྤྱིར་བདག་དང་མཐའ་ཡས་སེམས་ཅན་རྣམས༔ རྟེན་སྒྱུ་ལུས་དུས་མིན་འཇིག་པའི་དུས༔ རང་གཅིག་པུར་བར་དོར་འཁྱམས་པའི་དུས༔ གྲོགས་ནོར་རྫས་ཤུལ་དུ་ལུས་པའི་དུས༔ ལས་དགེ་སྡིག་འབྲས་བུ་སྨིན་པའི་དུས༔ གནས་གཤིན་རྗེའི་ཕོ་བྲང་མཐོང་བའི་དུས༔ སེམས་འཁྲུལ་སྣང་སྔངས་སྐྲག་གཡེང་བའི་དུས༔ ཡིད་བཟོད་མེད་ཡི་རེ་མུག་པའི་དུས༔ ཚེ་སྔར་བྱས་དགེ་སྡིག་དྲན་པའི་དུས༔ ཐབས་གང་དྲག་སེམས་ལ་འཕྲེང་བའི་དུས༔ ཚེ་ཕྱི་མའི་གནས་ཁང་བཙལ་བའི་དུས༔ རང་ལག་སྟོང་མཆན་དུ་བཅུག་པའི་དུས༔ སེམས་དབང་མེད་གཡེང་བར་འཕྱོ་བའི་དུས༔ ཕ་པདྨ་འབྱུང་གནས་མཐུ་མ་ཆུང༔ རྗེ་ཀརྨ་པཀྴིའི་ཐུགས་རྗེའི་རྩལ་སྤྲུགས་ཤིག༔ འཁོར་ཡི་དམ་ཆོས་སྐྱོང་རྩལ་མ་ཞན༔ དུས་གནས་སྐབས་དེ་ཙམ་ཤར་བའི་དུས༔ ཕ་བླ་མའི་ཐུགས་རྗེ་ཅི་འདུག་བལྟ༔ བདག་ངན་སོང་གསུམ་དུ་མ་གཏང་ཞིག༔ ཞིང་དག་པ་མཁའ་སྤྱོད་ཞིང་ཁམས་སུ༔ ཡིད་སྐད་ཅིག་གློག་འགྱུའི་རྫུ་འཕྲུལ་གྱིས༔ འབྲས་ཕྱིར་མི་ལྡོག་པར་གནས་གྱུར་ཅིག༔ སྔགས་བྱང་མཐར༔ མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱ་གྲམ་ཐོགས་ཏེ༔ ཧཱུྃ༔ སྐལ་ལྡན་སྐྱེས་བུ་ཁྱོད་ཉིད་ལ༔ རྡོ་རྗེ་རྒྱ་གྲམ་དབང་བསྐུར་བས༔ རྟེན་འབྲེལ་བཅུ་གཉིས་དག་གྱུར་ཅིག༔ ཐེག་པ་རིམ་དགུའི་རྒྱས་གདབ་བོ༔ རྡོ་རྗེ་འཆང་དང་དབྱེར་མེད་ཤོག༔ ཏིཥྛ་བཛྲ༔ རྗེས་མཎྜལ་ལ་སོགས་བྱའོ༔ ཡང་ཟབ་བླ་མའི་སྒྲུབ་པ་དབང་དང་བཅས་པ་འདི། བཀའ་བབས་ཀྱི་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་བརྩམས་པའི་ཆོས་སོ། །ས་མ་ཡ། མངྒ་ལཾ།། །།
ཟབ་པ་སྐོར་བདུན་ལས། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་དྲག་སྔགས་བཅུད་ཀྱི་ཞུན་ཐིགས་ (Volume 33, Text 45)
༄༅། །ཟབ་པ་སྐོར་བདུན་ལས། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཕྱག་བཞེས་བཞིན་བཀོད་པ་དྲག་སྔགས་བཅུད་ཀྱི་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་གུ་རུ་བཱ་ལ་བ་ཏེ། གཞི་གྲོལ་ཀ་དག་དབྱིངས་ཁྱབ་མུན་པ་ཆེས། །གཞི་སྣང་རུ་དྲའི་སྡེ་དཔུང་བཅོམ་པ་ལས། །གློ་བུར་འཁྲུལ་པ་ཟློག་པའི་དམོད་མཐུ་ཅན། །བླ་མ་དཔལ་ཆེན་གསང་བའི་བདག་པོས་སྐྱོངས། །སྤྱི་བཀའ་ཀུན་ལ་གྲགས་མོད་ཀྱང་། །སྒོས་བཀའ་སྔོན་ཆད་མ་བྱོན་པ། །རྒྱུད་ཀྱི་ཁུངས་དང་གྲུབ་ཐོབ་ཀྱི། །བརྒྱུད་པ་ཟབ་ཁྱད་ལྡན་འདི་འོ། །ཤིན་ཏུ་དཀོན་པའི་ཟུར་བཀའ་ཁྱད་པར་ཅན་འདི་ཉིད་སྒྲུབ་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་པར་རྟེན་དང་བཀོད་པས་མཛེས་པ་ལ་སྟེགས་བུར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འབྱོར་ན་མཎྜལ་ལ་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ག་ཁ་རྒྱན་གཟུངས་རྡོར་བཅས་བཀོད། མདུན་དུ་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཙཀླི། གཡས་གཡོན་དུ་དབུ་རྒྱན། རྡོར་དྲིལ། སྔགས་བྱང་དང་རཀྴའི་ཕྲེང་བ། དཔལ་དང་དུར་ཁྲོད་ཀྱི་ཆས་ཕྱོགས་བསྡུས། རྒྱབ་ཏུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བསྐོར་བཤམ། ལས་བུམ། མིག་དར་མེ་ཏོག །སྒྲོལ་ཕུར། སྔོན་གཏོར་ཚོགས་རྫས་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། གསོལ་འདེབས་རིགས་སྔོན་དུ་འགྲོ་བས། ཟབ་བདུན་སྤྱི་ལྟར་སྒྲུབ་ཁོག་དཀར་གཏོར་སྐྱབས་སེམས་ཡན་ལག་བདུན་པ་ཁ་བསྒྱུར་ཅན། བགེགས་གཏོར་བཏང་ཞིང་སྔོན་འགྲོའི་སྤྱི་ཆིངས་ལྟར་བགེགས་བསྐྲད་ནས་ཏིང་འཛིན་རྣམ་གསུམ་བཏང་། དེ་ནས་རང་གཞུང་གི་ལྷ་བསྐྱེད་དང་། གནས་གསུམ་བྱིན་རླབས་ནས་བསྟོད་པའི་བར་ལ་ཟུར་གསལ་ཁ་སྐོང་བྱང་བུ་སྦྱར། བཟླས་དམིགས་སྤྱི་ལྟར་གསལ་བཏབ་ལ་དྲག་སྔགས་རྩ་བའི་སྙིང་པོ་ཅི་འགྲུབ་བཟླ། བུམ་བཟླས་སྟོང་ཚིགས་འོད་ཞུ་རྣམས་སྤྱི་དང་མཐུན། ལས་བུམ་དུ་བདུད་རྩི་འཁྱིལ་བ་ལྟ་བུའི་བསྐྱེད་བཟླས་བྱ། གཏེར་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་སོང་ནས་རིག་མེ་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་དངོས་ལ་གཉིས། འཇུག་པ་དང་། དབང་དངོས་སོ། །དང་པོ་ནི། སློབ་མ་རྣམས་ལས་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་མཚམས་གཅོད་བྱ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། མཚམས་སྦྱོར་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་ལ་ཡོངས་སུ་གྲགས་པའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ཕྱི་མ་ལ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། དེ་ལའང་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་དང་བྱེ་བྲག་སོ་སོར་སྒྲུབ་པའི་རྒྱུད་ལུང་མན་ངག་རིང་བརྒྱུད་བཀའ་མ་དང། ཉེ་བརྒྱུད་གཏེར་མ་དང་། ཟུང་འཇུག་སྙན་བརྒྱུད་ཀྱི་བཀའ་སྲོལ་ལས་བྱོན་པ་མང་དུ་མཆིས་པ་རྣམས་ཀྱི་ནང་ནས། འཇིག་རྟེན་པའི་སྒྲུབ་ལུགས་གཉིས་ཀྱི་ཡ་གྱལ་དམོད་པ་དྲག་སྔགས་སྐོར་ལ། ཤེལ་ཕྲེང་དཀར་པོ་སྐུ་རྒྱུད། དྲག་སྔགས་འདུས་པ་གསུང་རྒྱུད། ཙིཏྟ་དམར་འབྱིན་ཐུགས་རྒྱུད། གཏེར་མཛོད་ཆེན་པོ་ཡོན་ཏན་རྒྱུད། ལས་མཐའ་སྣ་ཚོགས་ཕྲིན་ལས་ཀྱི་རྒྱུད་སོགས་དྲག་སྔགས་སྤྱིའི་རྒྱུད་དང་། སྔགས་བདག་དྲེགས་པ་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་མཐའ་ཡས་པ་བཞུགས་པ་རྣམས་རིག་འཛིན་ཆེན་པོ་ཤཱནྟིཾ་གརྦྷ་ལ་བཀའ་བབས་པས་བསྟན་སྲུང་དྲག་པོའི་ཕྲིན་ལས་ཐམས་ཅད་དྲེགས་པའི་སྲོག་དང་འཕྲོག་ཐབས་ཀྱི་གནད་གཉིས་སུ་བསྡུས་ཏེ་གཏན་ལ་ཕབ། དེ་ལས་སངས་རྒྱས་ཀུན་དངོས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གསན་པའི་ཚུལ་བསྟན་ཏེ་བོད་དུ་ཆོས་རྒྱལ་ཡབ་སྲས་གཙོར་གྱུར་སྐལ་ལྡན་རྗེ་འབངས་སྤྱི་དང་ཁྱད་པར་བཀའ་བབས་ལས་ཅན་སྙིང་གི་བུ་དགུའི་ནང་ཚན་པ་གོར་བཻ་རོ་ཙ་ན་ལ་རྒྱུད་དང་གདམས་སྐོར་རྫོགས་པར་གནང་པ། ཐུགས་ཉམས་སུ་བཞེས་པས་ཐུན་མོང་གི་དངོས་གྲུབ་བདེན་ཚིག་དང་དམོད་པ་གྲུབ། མཆོག་གི་དངོས་གྲུབ་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཅིང་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། གདམས་སྐོར་རྣམས་གསང་བདག་ཡེ་ཤེས་མཚོ་རྒྱལ་གྱིས་བཀའི་བསྡུ་བ་མཛད་དེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་ཁ་ཟབ་མོ་མང་དུ་སྦས་པ་ལས། སྐབས་སུ་བབས་པ་འདི་ནི་ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་འོག་མིན་གསུང་གི་འཁོར་ལོ་ཀརྨའི་གནས་དང་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་གསང་མཛོད་ཆེན་མོ་ནས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ། བྱང་བུ་ལྔ་སྐོར་གྱི་གདམས་པ་ལ་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་སུ་བཞུགས་པའི་ནང་ཚན་ཡན་ལག་གི་སྐོར། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་སྒོས་སུ་སྒྲུབ་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །ས་ཕྱོགས་འདི་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་གནས་ཁང་མཐིང་ནག་གྲུ་གསུམ་འབར་བའི་གཞལ་མེད་ཁང་དུ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ། ཁྱེད་རང་ཡང་དཔལ་ཆེན་སྟོབས་ལྡན་ནག་པོ་རྩ་བའི་ལྷ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པས་འཁོད་པར་མོས་ཤིག །མཚམས་སྦྱོར་སྤྱི་ལྟར་བྱས་ལ། ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་འཆིང་། ཨཱ་ཁཾ་བཱི་ར་ཧཱུྃཿགིས་མེ་ཏོག་གཏད། སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། ཞེས་ཞུས་པ་ལ་གནང་བ་བསྩལ་ཞིང་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཧོ༔ ཧེ་རུ་ཀ་ཡི་གྲོང་ཁྱེར་དུ༔ ཞུགས་པ་བསྐལ་པ་དུ་མར་མིན༔ དེ་བས་ཁྱོད་ཞུགས་དངོས་གྲུབ་ཐོབ༔ དམ་ཚིག་རིགས་རྣམས་ཐུབ་པར་གྱིས༔ རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་རྩ་གསུམ་རྒྱལ་བ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་བདག་གཞན་འགྲོ་བ་མ་ལུས་པ་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ། ནམ་མཁས་ཁྱབ་པའི་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་མ་བསྒྲལ་བ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཆེན་སྟོབས་ལྡན་ནག་པོའི་གོ་འཕང་མཆོག་ཏུ་བསྒྲལ་བར་བྱའོ་སྙམ་དུ་སྨོན་པ་དང་། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ཤིང་ལམ་རིམ་པ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚད་མེད་པ་བཞིའི་ཏིང་ངེ་འཛིན་ལ་བློ་སྦྱོང་བ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཅེས་གསུམ། ཚོགས་ཞིང་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བཅུ་པ་ཚིག་གི་རྗེས་སུ་དོན་དྲན་པའི་བསྒོམ་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་ཤོག༔ ཅེས་གསུམ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ཏེ་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདེ་གཤེགས་རིགས་མཆོག་ཆེན་པོ་ཡི༔ སྐུ་ཡི་དམ་ཚིག་རྣམ་པ་གསུམ༔ བདེ་གཤེགས་གསུང་གི་དམ་ཚིག་གཉིས༔ གསང་བ་བཅུ་ལ་སོགས་པ་ཡི༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཉི་ཤུ་རྩ་ལྔ་ཡན་ལག་སོགས༔ དཔལ་ཆེན་བླ་མས་གང་བསྒོས་པ༔ སྲོག་གི་ཕྱིར་ཡང་མི་གཏང་བསྲུང༔ ལན་གསུམ། དམ་བསྒྲག་པ་ནི། རྡོ་རྗེ་དང་བཅས་པའི་ཕྲེང་བ་སྤྱི་བོར་བཞག་ལ། ཧོ༔ རིགས་ཀྱི་བུ་ཁྱོད་དེང་ཕྱིན་ནས༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཧེ་རུ་ཀ་དཔལ་བལྟ་བར་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ བདུད་རྩིའི་དམ་ཆུ་སྦྱིན་ལ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡེ་ཤེས་བསྐྱེད་ཅིང་ལམ་སྣ་འདྲེན༔ མ་བསྲུང་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་ཕྱིར་དམ་ཚིག་ཐུབ་པར་གྱིས༔ ས་མ་ཡ་བྷཀྵ་སི་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ འདི་ནི་གསང་བ་ཆེས་གསང་བ༔ བླ་མེད་ཡང་གསང་བྱིན་རླབས་ཏེ༔ དམ་ཚིག་ཉམས་ལ་སྨྲ་མི་བྱ༔ དབང་མ་ཐོབ་ལའང་དེ་བཞིན་ཏེ༔ དད་མི་ལྡན་ལའང་མ་ཡིན་ནོ༔ གསང་བ་དམ་པ་ཐུབ་པར་གྱིས༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ ཅེས་བསྒོས་པ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན་བཛྲ་ས་མ་ཡ་ཏིཥྛནྟུ༔ དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྱེད་རང་གི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླ་དང་དྲེགས་པ་ཕོ་མོའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སྐད་ཅིག་གིས་ཁྱེད་རང་དཔལ་ཆེན་སྟོབས་ལྡན་ནག་པོ་མིག་སྨན་གྱི་མདོག་ཅན་གཡས་རྡོ་རྗེ་རྩེ་དགུ །གཡོན་ལྷ་ཀླུའི་ཙིཏྟ་བསྣམས་པ། འབར་བའི་གར་དགུ་དང་ལྡན་ཅིང་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཡུམ་འབྱུང་ལྔའི་བདག་མོ་ཕྱག་གཡས་འདེགས་ཤིང་གཡོན་གནོན་པའི་ཚུལ་ཅན་དང་འཁྲིལ་བ། ཞབས་འདོར་ཐབས་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དཀྱིལ་འཁོར་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་གནས་གསུམ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་ཚོགས་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ཕྱི་ནང་ཁེངས། གནས་གསུམ་གྱི་ཡིག་འབྲུ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཕེབ་པར་མོས་ཤིག །སྙིང་པོའི་གཤམ་དུ། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་རོལ་མོ་དང་སྤོས་སྦྱོར་བྱ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་བར་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཞག་ལ་བརྟན་པར་བྱ། འགྲིམ་དཀྱིལ་འདུ་བྱས་ལ། ཧོ༔ ཧེ་རུ་ཀ་ཡི་ཕོ་བྲང་འདིར༔ དཔལ་ཆེན་པོ་རྣམས་དངོས་སུ་བཞུགས༔ ཁྱོད་ཀྱིས་འབྲེལ་པ་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ འབྲེལ་བ་གང་ཡོད་མཐོང་བར་འགྱུར༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷ་ལ་འབུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སོ་སོར་དབྱེ་རུ་མི་འཚལ་ཡང༔ ཡེ་ཤེས་སོ་སོར་སྣང་བ་ཡི༔ དཔལ་ཆེན་ཧེ་རུ་ཀ་དཔལ་ཚོགས༔ བདག་ནི་གང་དུ་འབྲེལ་པ་ཡི༔ དཔལ་ཆེན་པོ་ཡིས་རྗེས་སུ་ཟུངས༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག་ལ་གསང་མཚན་གདགས། མེ་ཏོག་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་སྟེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཞེས་མེ་ཏོག་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་ཐུར་མས་གདོང་བསལ། དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། ཧཱུྃ༔ རིགས་ཀྱི་བུ་རྣམས་ལེགས་པར་གསོན༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་འདི༔ ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྒྲིབ་པ་འདག༔ དེ་བས་དཀྱིལ་འཁོར་བཟང་པོར་ལྟོས༔ མཐོང་ན་ངོ་མཚར་ཨེ་མ་ཧོ༔ ཧོཿ རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ལ་ལྟོས་ཤིག །འདི་ན་རས་བྲིས་དང་བུམ་པ་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་དཔལ་ཆེན་པོའི་གྲོང་ཁྱེར་མངོན་སུམ་དུ་གསལ་བ་འདི་ནི་མཚོན་བྱེད་ཀྱི་དཔེ་ཙམ་ལས་མི་འདུག་གི །མཚོན་བྱ་རང་རིག་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས་དཔལ་ཆེན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་གསལ་རྫོགས་སུ་བཞུགས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །ནང་འཇུག་དཀྱིལ་འཁོར་བ་ལ་གསོལ་བ་གདབ་པ་ནི། ཧོ༔ འདུས་པའི་གཙོ་བོ་སྟོབས་ལྡན་ནག་པོ་ཆེ༔ སྐལ་པར་ལྡན་པའི་སློབ་མ་དེང་བྱུང་གིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེས་བཟུང་དུ་གསོལ༔ མྱུར་བ་ཉིད་དུ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་པས་གནང་བ་བསྩལ་པར་བསམ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་སྒོ་བཞི་ནས་ལྷ་ཚོགས་ཀྱི་ཞབས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས། ཧཱུྃ༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་བྱས་ལ། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དབང་དངོས་ནི། མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཧེ་རུ་ཀ་དཔལ་དགོངས༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་མཆོག་བསྩལ་བ་དང༔ རྗེས་གནང་རིགས་ཀྱང་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་བུམ་པ་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་གང་བ་མི་བསྐྱོད་པའི་ངོ་བོས་དབང་བསྐུར་བསྩལ་བའི་མོས་པ་མཛོད་ཅིག །རྣམ་བུམ་ཐོགས་ལ། ཧཱུྃ༔ མཐའ་གྲོལ་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ རྩ་སྔགས། ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཅོད་པན་དབུ་ལ་བཅིངས་པར་མོས་ཤིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཅོད་པན་ནི༔ ཡེ་ཤེས་ལྔ་ལས་རྣམ་པར་གྲུབ༔ དུག་ལྔ་རྣམ་པར་དག་པ་ཡི༔ ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་རཏྣ་སམྦྷ་བ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ འོད་དཔག་མེད་ཀྱི་ངོ་བོ་རྡོ་རྗེ་ལག་གཡས་སུ་གསོར་ཅིག །ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ༔ གཞོམ་གཞིག་མེད་ཅིང་དུག་ལྔ་འཇོམས༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ ཀུན་ཏུ་གསོར་ཕྱིར་དབང་བསྐུར་རོ༔ པདྨ་ཨ་མྲིཏ་བྷ་ཝ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་ལག་གཡོན་གྱིས་དཀྲོལ་ནས་དཀུ་ལ་བརྟེན་པར་གྱིས་ཤིག །ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་ནི༔ རྒྱུན་མི་ཆད་ཅིང་རྒྱ་ཆེ་བ༔ སོ་སོར་མ་འདྲེས་ཀུན་ཏུ་རིག༔ ཤེས་རབ་དྲིལ་བུའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཨ་མོ་གྷ་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་བསྐུར་བྱིན་པར་མོས་ཤིག །ཧཱུྃ༔ རྡོ་རྗེ་སེམས་དཔའ་མིང་ཆེ་བ༔ ཡེ་ཤེས་ཡེ་ཤེས་རྣམ་པར་ལྡན༔ ས་གསུམ་ཀུན་ཏུ་གྲགས་གྱུར་པའི༔ རྡོ་རྗེའི་མིང་གི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་རྡོ་རྗེ་སྟོབས་མཆོག་རྩལ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྡོར་དྲིལ་ལྷན་ཅིག་སྤྱི་བོར་འཁྲོལ། དེས་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་ལྔ་སྦྱང་། ཕུང་པོ་ལྔ་སྒྲིབ་བྲལ་དུ་བྱས། རིགས་ལྔའི་ས་བོན་གསོས་བཏབ་སྟེ་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དཀྱིལ་འཁོར་ལྷ་རྣམས་ལས་སོ་སོའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་ལྷར་གསལ་བ་ལ་ཐིམ་པར་མོས་ཤིག །གཙོ་བོའི་ཙཀླི་སྤྱི་བོར་བཞག །འཁོར་རྣམས་སྤྱི་བོར་བཞག་ཅིང་ལག་པར་གཏད་ལ། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ སོགས་གཏེར་གཞུང་ལྟར་ཚང་བ་བརྗོད། དེ་ལྟར་ལུས་ལ་ལྷ་སྐུ་ཕྱག་རྒྱས་དབང་བསྐུར་པས། སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པ་དང་། དྲེགས་པ་ཅན་རྣམས་བྲན་དུ་ཁོལ་བའི་ནུས་པ་ཐོབ་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ལན་གསུམ། ཕྲེང་བ་སྔགས་བྱང་མགྲིན་པར་བཞག་སྟེ་དབང་བསྐུར་བས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་དབྱངས་གནད༔ གཅིག་ཏུ་བསྡུས་པ་དྲག་པོའི་སྔགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་ལྡན༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་ལ་རྡོ་རྗེའི་དབང་བསྐུར་པས། བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་བརྗོད་བྱ་བ་དང་། དྲག་སྔགས་ཀྱི་ནུས་མཐུ་ཐོགས་པ་མེད་པར་འགྲུབ་པ་ཡིན་ནོ། །རང་རིག་ཟང་ཐལ་འོད་དུ་གསལ་བ་ཐབས་ཧེ་རུ་ཀ །ངོ་བོ་སྟོང་ཉིད་སྤྲོས་དང་བྲལ་བ་ཤེས་རབ་དབྱིངས་ཕྱུག་མ། གདོད་ནས་འབྲལ་མེད་ཟུང་དུ་འཇུག་པ་རང་བབས་ཀྱི་གནས་ལུགས་སུ་ཤེས་པར་གྱིས་ལ་མཉམ་པར་ཞོག་ཅིག །རྡོར་དྲིལ་སྙིང་གར་འཇོག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་ལ་ཅི་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ཡིད་ལ་ལྟ་བའི་རྩལ་དབང་བསྐུར་པས། རིག་སྟོང་ཀ་དག་གི་དགོངས་པ་སྟོང་སྲོག་གཅིག་ཅར་དུ་འཕྲོག་པའི་རྩལ་ཆེན་རྫོགས་པར་འགྱུར་རོ། །དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་སྐུའི་གནས་སོ་སོར་བགོས་པར་མོས་ཤིག །ཙཀླི་གནས་སོ་སོར་བགོ་ཚུལ་བྱས་ལ། ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ དཔལ་དང་དུར་ཁྲོད་ཆས་རྣམས་ཀྱིས༔ སྐུ་ལ་བརྒྱན་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དྲག་པོའི་ཆས་ཆེན་རྣམས་ཀྱིས་མངའ་གསོལ་བས་འཁོར་འདས་ཀྱི་ཞིང་ན་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་པ་ཡིན་ནོ། །སྨན་རཀ་གཏོར་གསུམ་ལག་ཏུ་གཏད་ལ། ཧཱུྃ༔ སྨན་རཀ་གཏོར་གསུམ་མཆོད་པའི་རྫས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་རྣམས་སྒོམ་སྒྲུབ་བསྙེན་པ་དང༔ ལས་སྦྱོར་བྱེད་པའི་དབང་ཐོབ་ཤོག༔ ཤྲཱི་ཧེ་རུ་ཀ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་ཕུར་གཏད་ལ། ཧཱུྃ༔ སྙིང་རྗེའི་སྲོག་དང་ལྡན་པ་ཡི༔ གསལ་བ་གསུམ་གྱི་ཏིང་འཛིན་ལྡན༔ དགོངས་པ་གསུམ་དང་ལྡན་པ་ཡིས༔ དགྲ་བགེགས་བསྒྲལ་བའི་དབང་ཐོབ་ཤོག༔ དྲག་སྔགས་སོ་ལྔ་བརྗོད། ཕྲིན་ལས་ཀྱི་རྗེས་སུ་གནང་བ་ཐོབ་པས་བསྙེན་སྒྲུབ་མཆོད་བསྟོད་ལས་སྦྱོར་སྤྱི་དང་། ཁྱད་པར་རྫོང་འཕྲང་སྲོག་གི་གནད་དང་ལྡན་པས་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་མཐུ་ཐོབ་པ་ཡིན་ནོ། །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་བྱང་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས། ལྕེ་ཐོག་ཏུ་བཞག་པས་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་འཕེལ་ཞིང་ལུས་སེམས་བདེ་བས་ཁྱབ་པར་གྱུར། བདུད་རྩི་ཁར་སྦྱིན་ལ། ཧཱུྃ༔ ཐབས་ཤེས་ཡབ་ཡུམ་མཉམ་སྦྱོར་བའི༔ དགའ་བ་བཞི་པོ་སྐྱེད་མཛད་པ༔ དུས་གསུམ་རྒྱལ་བའི་བྱང་སེམས་དབང༔ འདི་མྱོང་བདེ་ཆེན་ཡེ་ཤེས་རྒྱས༔ ཨོཾ་མ་ཧཱ་སུ་ཁ་ཧོ༔ དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་ཞིང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དཀྱིལ་འཁོར་ལྷའི་ཐུགས་ཀ་ནས་རིག་མ་ལང་ཚོས་བརྒྱན་པ་འཕྲོས། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་གསང་ཆེན་རྒྱལ་བའི་ལམ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཕྱིར༔ དགའ་ཆེན་ལྷ་མོ་འདི་ལོངས་ལ༔ མཉམ་སྦྱོར་བདེ་ཆེན་ཡེ་ཤེས་རྒྱས༔ མ་ཧཱ་མུ་དྲཱ་བྷཉྫ་མོཀྵ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་བདེ་སྟོང་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །རང་གི་སེམས་ཉིད་མ་བཅོས་པ་འདི་ཀ་དཔལ་ཧེ་རུ་ཀར་ངོ་ཤེས་པས་གང་ཤར་གྱི་ངོ་བོ་ལ་བཅོས་བསླད་མེད་པར་ཞོག་ཅིག །ཧཱུྃ༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེས་ཚིག་དབང་རིན་པོ་ཆེ་ཐོབ། བག་ཉལ་གྱི་སྒྲིབ་པ་རྣམས་དག །ལམ་རྫོགས་ཆེན་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ནི། དེ་རྣམས་ཀྱིས་དཔལ་ཆེན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དབང་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་མཇུག་གི་སྤྱི་ཆིངས་ལྟར་ལ། རྟ་བྲོའི་རྗེས་མཆོད་བསྟོད་བྱས་ནས་དངོས་གྲུབ་བླང་། ནོངས་བཤགས་བྱ། དཀྱིལ་འཁོར་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐའ་རྒྱས་སུ་བྱའོ། །བདེན་ཚིག་དམོད་པས་བསྟན་དགྲའི་མཐུ་དཔུང་གཞོམ། །ཕྱག་རྒྱའི་དངོས་གྲུབ་དོན་གཉིས་མཐའ་རུ་ཕྱིན། །དཔལ་ཆེན་སྟོབས་ལྡན་ནག་པོའི་གསང་གསུམ་དང་། །དབྱེར་མེད་རྡོ་རྗེའི་གསང་མཛོད་འཛིན་པར་ཤོག །ཅེས་པའང་༧སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གི་དགོངས་བཞེད་སྐོང་བ་དང་། ཟབ་ཆོས་ཁྱད་པར་དུ་འཕགས་པ་ལ་ཞབས་ཏོག་ཏུ་འགྱུར་བའི་འདུན་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས། གཏེར་ཆེན་བླ་མའི་ཕྱག་བཞེས་ཇི་ལྟ་བར་ཤྲཱི་དེ་བཱི་ཀོ་ཊིའི་ཡང་སྙིང་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
ཁྱུང་དམར་མེའི་གཤོག་པ་ཅན་གྱི་བྱིན་རླབས་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་ (Volume 46, Text 45)
༄༅། ཁྱུང་དམར་མེའི་གཤོག་པ་ཅན་གྱི་བྱིན་རླབས་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ། བདེ་གཤེགས་རྒྱལ་བའི་ཐུགས་རྗེའི་གར། །གདུག་པ་ཀླུ་གདོན་གཉེན་པོ་རུ། །གཏུམ་པོ་ཡེ་ཤེས་ཁྱུང་དམར་པོར། །ཕྱག་འཚལ་ཉམས་ལེན་ཉུང་གསལ་བྲི། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་དཀྱིལ་འཁོར་དབུས་ཚོམ་བུ་ལྔ་བཀྲམ། དེ་སྟེང་བུམ་པ་ཙཀླི། སྔགས་ཕྲེང་། ཤེལ་རྡོ། གཏོར་མ་བཀོད། རྣམ་ལྔའི་མཆོད་པ་དང་། རྡོར་དྲིལ། འཐོར་ནས་ཉེར་མཁོ་རྣམས་བཤམ། དངོས་གཞི་དང་པོ་སྒྲུབ་པའི་རིམ་པ་ལ། སྐྱབས་སེམས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ བདག་མདུན་དབྱེར་མེད་ཡི་དམ་ལྷ༔ ཁྲོ་རྒྱལ་མ་ལུས་འདུས་པའི་སྐུ༔ ཁྱུང་དམར་མེ་ཡི་གཤོག་པ་ཅན༔ གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་མིག༔ རྡོ་རྗེའི་རྭ་ལྡན་དཔྲལ་བའི་དཀྱིལ༔ ཉི་ཟླའི་འོད་འབར་ནོར་བུས་སྤྲས༔ ཕྱག་གཉིས་ཀླུ་གཉན་སྦྲུལ་རིགས་བཟུང༔ གཟི་བརྗིད་འོད་དང་ལྡན་པར་བསྒོམ༔ གནས་གསུམ་ཡི་གེ་གསུམ་ཁྱད་པར༔ ཐུགས་ཀའི་ཁྲོཾ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀུན༔ རང་ལ་ཐིམ་ཞིང་བྱིན་བརླབས་གྱུར༔ བཛྲ་ག་རུ་ཊཿས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཁྲོཾ་བཛྲ་ག་རུ་ཊཿཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་མཆོད་ཅིང་། དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔ ཐུགས་རྗེའི་བྱིན་རླབས་གཅིག་བསྡུས་སྐུ༔ གདུག་པའི་ཀླུ་གཉན་འདུལ་མཛད་པའི༔ ཁྱུང་ཆེན་འབར་བའི་སྐུ་ལ་བསྟོད༔ སྤྲོ་ན། བསྙེན་དང་བསྟོད་པའི་ཕྲིན་ལས་ཀྱིས༔ བདག་སོགས་གདུག་པ་ཀླུ་ཡི་ནད༔ མཛེ་ཤུ་འབྲུམ་བུ་སྐྲན་གྲུམ་ནད༔ མཛེ་རིགས་བཅོ་བརྒྱད་ནད་ལ་སོགས༔ རླུང་མཁྲིས་བད་ཀན་ཆུ་སྲིན་རྒྱུ༔ ཀླུ་གདོན་ནད་ལས་བསྐྱབ་ཏུ་གསོལ༔ ཞེས་ཕྲིན་ལས་བཅོལ་ཞིང་། ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོཾ་དམར་ནག་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཁྲོཾ་ག་རུ་ཊཿཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བསྐོར་བར་བསམ་ལ་ཅི་འགྲུབ་བཟླ། རང་ཉིད་ཁྱུང་ལས་འོད་འཕྲོས་པས༔ ཀླུ་གཉན་ས་བདག་མ་ལུས་ཀུན༔ ཚ་བའི་ཟེར་ལ་མ་བཟོད་ནས༔ རང་ལ་སྲོག་སྙིང་ཕུལ་བར་བསམ༔ ནཱ་ག་གནོད་བྱེད་མཱ་ར་ཡ་རྦད༔ ཅེས་བཟླ་ཞིང་མཆོད་བསྟོད་བྱས་ལ། འདི་ཡི་བྱིན་རླབས་དབང་བྱ་བར་འདོད་ན། སློབ་མ་གྲལ་ལ་འཁོད་ཁྲུས་བྱ། བགེགས་གཏོར་བཏང་། མཚམས་བཅད་སོང་ནས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བ་དང་། གནས་སྐབས་སུ་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཞི་ཞིང་། བསམ་པའི་དོན་གེགས་མེད་དུ་འགྲུབ་པའི་ཆེད་དུ་ཡེ་ཤེས་ཀྱི་ཁྱུང་དམར་པོའི་དབང་ཟབ་མོ་ཞུ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་། མདོ་རྒྱུད་རིན་པོ་ཆེ་རྣམས་ནས་ཇི་སྐད་བཀའ་བསྩལ་པ་ལྟར་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། སྤྱིར་ཁྱུང་འདི་ལ་རིགས་མང་དུ་ཡོད་པ་ལས། དེ་ཡང་འཇིག་རྟེན་པའི་ཁྱུང་ནི་ནམ་མཁའ་ལྡིང་ཞེས་ཕྱིའི་རྒྱ་མཚོའི་འགྲམ་ཤིང་སྡོང་གི་རྩེར་རིགས་བཞིར་གནས་ཤིང་། དེས་སྐྱེ་གནས་བཞིའི་ཀླུ་ཟ་བར་བྱེད་ཅིང་། གདུག་རྩུབ་ནི་ཤིན་ཏུ་ཆེ་ལ་ཁོ་ཤི་བའི་ཚེ་ནའང་ལུས་ལ་མེ་འབར་བས་ནགས་ཚལ་ཐམས་ཅད་བསྲེགས། སྙིང་དེ་ནོར་བུར་གྱུར་ནས་རྒྱ་མཚོའི་སྟེང་དུ་ལན་གསུམ་རྒྱུག་པས་ཀླུ་རྒྱལ་རྣམས་ཀྱིས་བླངས་ནས་གཙུག་གི་རྒྱན་དུ་འདོགས་པས་མཁའ་ལྡིང་གི་འཇིགས་པ་ལས་སྐྱོབ་པར་འདོད། དེའི་གཙོ་བོ་ནི་ནམ་མཁའ་ལྡིང་གསེར་མིག་ཅན་ཞེས་བྱ་བ། ཕྱིའི་སྡེ་བརྒྱད་ཀྱི་གྲར་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ཆོས་ཐོབ་པའི་དགེ་བསྙེན་ཡིན་པར་གསུངས་ཤིང་། ཁྲོ་རྒྱལ་རྣམས་ཀྱི་དབུ་དང་ཕྱག་ཏུ་ལྡིང་བའི་ཁྱུང་ནི། ཀླུ་འདུལ་བའི་གཉེན་པོར་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལས་སྤྲུལ་པའི་ཁྱུང་དང་། སངས་རྒྱས་བྱང་སེམས་ཉན་ཐོས་རྣམས་ཀྱིས་ཀྱང་ཀླུ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་སྐུ་ལུས་ཁྱུང་གི་རྣམ་པར་གྱུར་པ་སྟེ། དེ་དག་ནི་ཡེ་ཤེས་ཀྱི་ཁྱུང་སྟེ། ད་ལམ་ཁྱུང་དམར་འདིའི་ལོ་རྒྱུས་ལྟར་ན། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་ལ་བུ་སྟོང་དང་། གསུམ་བྱུང་བའི་ཐམས་ཅད་ཀྱིས་སེམས་བསྐྱེད་ནས་སངས་རྒྱས་ལ་བསྙེན་བཀུར། སེམས་ཅན་གྱི་དོན་མཛད་པའི་སྨོན་ལམ་བཏབ་པས་བསྐལ་བཟང་གི་སངས་རྒྱས་སྟོང་དང་། གསུམ་པོ་ཡང་བསྟན་པ་སྲུང་བའི་ཕྱག་ན་རྡོ་རྗེ། ཆོས་འཁོར་བསྐོར་བར་ཞུ་བའི་ཚངས་པ། ཐ་ཆུང་གདུག་པ་འདུལ་བའི་ཁྱུང་འདི་ཡིན་པས། ཁོ་བོ་ས་ལ་གནས་པའི་སེམས་དཔའ་ཆེན་པོ་བསྐལ་བཟང་སྟོང་གི་བསྟན་པར་ཀླུའི་ཁ་གནོན་མཛད་པར་སྨོན་ལམ་གྱི་སྟོབས་དང་། མཐར་ཐུག་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་སུ་གཙུག་ཏོར་མི་ཟད་པའི་ཡེ་ཤེས་འོད་ཟེར་འབྱུང་གནས་ཞེས་བྱ་བར་འཚང་རྒྱ་བ། ད་ལྟ་ཁོས་ཟོས་པའི་ཀླུ་རྣམས་གཟུགས་ཁམས་ཀྱི་ལྷ་བུར་སྐྱེས་ནས་མཐར་སངས་རྒྱས་ཀྱི་འཁོར་དུ་འགྱུར་བར་གསུངས་ཤིང་། ལས་ཀྱི་ཁྱུང་བསྒྲུབ་ནི་ཕྱི་རོལ་དང་བོན་པོ་ལའང་དར་མོད། བཀའ་སྲོལ་འདི་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བོད་དུ་ཕེབས། ཟན་ཡང་གི་གཙུག་ལག་ཁང་བཞེངས་པའི་སྐབས་ཤིག་མཆིམས་ཕུར་ཞག་བདུན་ཀླུ་འདུལ་གྱི་ཏིང་ངེ་འཛིན་ལ་བཞུགས་ནས་རྡོ་རྗེ་ཁྱུང་གི་སྐུར་བཞེངས་པས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དེའི་སྒྲུབ་ཐབས་ཞུས་པ་དང་། མ་འོངས་བོད་འདིར་ཀླུ་གདོན་གྱིས་གནོད་པར་དགོངས་ནས། དེ་ལ་ཕན་ཕྱིར་ཁྱུང་སྒྲུབ་ལས་ཚོགས་དང་བཅས་མང་དུ་གསུངས་པ། གླིང་པ་རྣམས་དང་། མ་ཏི་རཏྣ། སྟག་ཤམ་པ་སོགས་ཀྱིས་སྤྱན་དྲངས་པའི་རྙིང་མ་དང་། བདེ་མཆོག །དུས་འཁོར། ནཱ་རོ། ཇོ་ལུགས་སོགས་གསར་རྙིང་གི་བཀའ་སྲོལ་དུ་མ་ཡོད་པ་ལས། འདི་ནི་གཏེར་སྟོན་བདུད་འཇོམས་རོལ་པ་རྩལ་གྱི་གཏེར་ཁ་ལས་བྱུང་བའི་ཁྱུང་དམར་མེའི་གཤོག་པ་ཅན་གཙོ་བོར་བྱས་པའི་་་མ་ཏི་རཏྣ་དང་སྟག་ཤམ་པ་བཅས།བཀའ་སྲོལ་གསུམ་ལྡན་གྱི་སྒོ་ནས་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱང་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་དུས་ངན་སྙིགས་མ་འདིར༔ གདུག་པ་ཀླུ་ཡི་ནད་གྲོལ་ཕྱིར༔ དྲག་པོ་ཁྱུང་གི་དབང་མཆོག་སྩོལ༔ ལན་གསུམ་དང་། དེ་ནས་ཡན་ལག་བརྒྱད་པོ་དང་ལྡན་པའི་སྒོ་ནས་རྒྱུན་བཤགས་བྱ་བ་ནི། ཚོགས་ཞིང་གི་དམིགས་པ་ཕོག་ལ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་བྱ། ཡེ་ཤེས་དབབ་པ་ནི། སྟོང་པའི་ངང་ལས་སློབ་མ་སྐད་ཅིག་གིས་ཁྲོཾ་དམར་པོ་ལས་འོད་ཟེར་འཕྲོས། ཀླུ་གཉན་ས་བདག་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཁྲོཾ་ཡོངས་སུ་གྱུར་པ་ལས། རང་ཉིད་བྱ་ཁྱུང་མེའི་མདོག་ཅན། གཤོག་པ་གཡུ། མཆུ་དང་སྡེར་མོ་གནམ་ལྕགས་ལས་གྲུབ་པ། སྤྱི་བོར་ནོར་བུའི་དབུ་རྒྱན་དང་། སྤྲུལ་རིགས་ལྔའི་མགོ་ཁ་ནང་བཅུག་ནས་ཟ་བ། དེའི་ལུས་ལ་མེ་འོད་ཕྱོགས་བཅུར་འཕྲོས་པས་ཏོང་ཏོང་གི་སྒྲ་སྒྲོག་པ། ཀླུ་རིགས་གཉན་རིགས་ས་བདག་ཐམས་ཅད་སྙིང་འདར་བར་བསྒོམས་པའི་གནས་ལྔའི་ཡི་གེ་ལྔ་དང་། ཁྱད་པར་ཐུགས་སྲོག་ཁྲོཾ་ལས་འོད་འཕྲོས། ཕྱོགས་དུས་ཞིང་གི་བདེ་གཤེགས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྱུང་ཆེན་ཚད་མེད་གྲངས་མེད་པ་སིབ་སིབ་ཐིམ་བྱུང་བའི་མོས་པ་མཛོད། ཧཱུྃ༔ འབྱུང་བ་ལྔ་ཡི་རི་རབ་རྩེ་མོ་ནས༔ ས་བདག་ཀླུ་གཉན་གནོད་བྱེད་བསྣོལ་བའི་ཁྲིར༔ པདྨ་ཉི་ཟླ་འབར་བའི་གདན་སྟེང་དུ༔ རང་བཞིན་འོད་ཟེར་འབར་བའི་གཞལ་ཡས་ནས༔ གང་འདུལ་ཁྲོ་རྒྱལ་སྤྲུལ་པ་ག་རུ་ཊ༔ བདག་གི་དད་པ་དམ་ཚིག་སྤྱན་འདྲེན་ནོ༔ ཨོཾ་ཨཱཿཧཱུྃ་བཛྲ་ཁྲོཾ་ག་རུ་ཊཿཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ རྡོ་རྗེ་སྤྱི་བོར་བཞག་ཅིང་བརྟན་པར་བྱ། ཏིཥྛ་བཛྲ་ཧཱུྃ༔ ཞེས་མེ་ཏོག་འཐོར། དངོས་གཞིའི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཁྱུང་ཆེན་འབར་བ་ལྷ་ཡི་ཚོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་དག་ལ༔ དབང་མཆོག་དམ་པ་བསྩལ་དུ་གསོལ༔ བརྗོད་ཅིང་བུམ་པ་ཐོགས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདེ་གཤེགས་རྡོ་རྗེ་ཁྱུང་གི་ལྷ་ཚོགས་ནམ་མཁར་སྤྱན་དྲངས། བུམ་པས་དབང་བསྐུར། འོད་ཞུའི་བདུད་རྩིས་ལུས་གང་། ནད་གདོན་དྲི་མ་དག །ཆུའི་ལྷག་མ་རིགས་བདག་གི་རྣམ་པ་ཉི་ཟླ་ནོར་བུས་བརྒྱན་པར་མོས་ལ། ཧཱུྃ༔ བུམ་པ་ཆོས་དབྱིངས་ངང་ཉིད་ལས༔ ནང་བཅུད་ཡེ་ཤེས་ཁྱུང་ཆེན་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ཀླུ་གདོན་ནད་རྣམས་ཞི་བར་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཁྱུང་གི་སྐུ་ཐོགས་ལ། ཡང་འོད་ཟེར་འཕྲོས། སྟོང་གསུམ་རི་རབ་བྱེ་བ་ཕྲག་བརྒྱའི་རྩེ། དཔག་བསམ་ཤིང་གི་རྩེ་མོ་གྲངས་མེད་པ་ནས། ཁྱུང་ཆེན་གྱི་སྐུ་དཔག་ཏུ་མེད་པ་བྱོན་ནས་དཔྲལ་བར་ཐིམ་པར་མོས་ལ། ཧཱུྃ༔ ཁྱུང་དམར་མེ་ཡི་གཤོག་པ་ཅན༔ ཀྲང་ཀྲིང་སྒྲ་སྒྲོག་ཀླུ་རིགས་གསོལ༔ དངོས་སུ་སློབ་མའི་སྤྱི་བོར་བྱོན༔ སྐུ་ཡི་བྱིན་རླབས་དེང་འདིར་སྩོལ༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་ཐོགས་ལ། ཡང་མདུན་བསྐྱེད་ལ་མོས་གུས་བྱས། ཐུགས་སྲོག་ལས་སྔགས་ཕྲེང་འོད་ཟེར་གྱི་རྣམ་པ་བྱུང་། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་བརྟན་པར་བྱས། གཞན་ཡང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་རང་སྒྲ་བཅས་ཆར་བཞིན་དུ་བབས་པས་མགྲིན་པར་ཐིམ་པར་མོས་ལ། ཧཱུྃ༔ གསུང་མཆོག་དག་པ་རབ་འབྱམས་ལྷ༔ གྲགས་སྟོང་ཚངས་པའི་དབྱངས་དང་ལྡན༔ སྔགས་ཕྲེང་གསུང་གི་དབང་བསྐུར་བས༔ སྙིང་པོ་སྔགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་མཚན་ནམ་ཤེལ་ཐོགས་ལ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་སྲོག་ཡིག་གི་རྣམ་པར་ཆར་བཞིན་བབས་ནས་སྙིང་གར་ཐིམ་པས་རང་རིག་གསལ་སྟོང་ནམ་མཁའ་ལྟ་བུའི་དོན་རྒྱུད་ལ་སྐྱེས་པར་མོས་ལ། ཧཱུྃ༔ ནམ་མཁའི་དབྱིངས་ལྟར་འགྱུར་མེད་རྡོ་རྗེའི་ཐུགས༔ སྐྱེ་འགག་གནས་ལུགས་སྤྲོས་བྲལ་བདེ་བ་ཆེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུས་གསུམ་འཕོ་འགྱུར་བྲལ་བའི་དབང་ཐོབ་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་ཁྱུང་དམར་པོ་མེ་ཡི་གཤོག་པ་ཅན། སྤུ་གསེབ་ནས་བྱེ་ཚན་གྱི་ཆར་འབེབས་ཤིང་། སྤུ་གྲི་དང་མེའི་ཚྭ་ཚྭ་འཕྲོ་བ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རང་འདྲ་འཇིགས་པའི་བྱ་ཁྱུང་བྱེ་བ་ཕྲག་བརྒྱ་བྱོན་ནས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་པའི་ནད་གདོན་རྐྱེན་བགེགས་བྱད་ཕུར་རྦོད་གཏོང་ཐམས་ཅད་ཞི་ཞིང་། རྩ་སྦུར་མེ་ལ་བསྲེགས་པ་ལྟར་གྱུར། ཁྱུང་འོད་དུ་ཞུ་རང་ལ་ཐིམ་པས་དབྱེར་མེད་པར་མོས་ལ། ཧཱུྃ༔ ལྷ་མཆོག་ཆེན་པོའི་གཏོར་མའི་དབང༔ ཡེ་ཤེས་ཁྱུང་ཆེན་འབར་བའི་ཚོགས༔ མངོན་སུམ་སློབ་མའི་སྤྱི་བོར་བྱོན༔ ནད་གདོན་སྡིག་སྒྲིབ་ཀུན་དག་ཤོག༔ རྩ་སྔགས། མ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད། དེ་ལྟར་དབང་ཐོབ་ནས་ཡེ་ཤེས་ཀྱི་ཁྱུང་དམར་ནག་གང་གི་ཡང་བསྙེན་སྒྲུབ་ལ་འཇུག་རུང་བ་དང་། དེ་དག་གི་གནས་སྐབས་སུ་དམ་ཚིག་ནི། བྱ་ཤ་སྒོ་ང་མི་ཟ། བྱ་ཚང་མི་རློག །བྱ་བྱིའུ་ལ་མི་འཚེ། རི་གཉན་དང་མཚོ་གཉན་ཆུ་མིག་གི་འགྲམ་དུ་སྔགས་མི་བཟླ། བཟླས་རུང་སྒྲ་ཆེར་མི་བྱ། དེ་རྣམས་བསྲུང་སྡོམ་ཚུལ་བཞིན་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། མཎྜལ་ཕུལ། ཡེ་ཤེས་པ་བརྟན་པར་བྱ་བའི་ཆེད་དུ་བཀྲ་ཤིས་པའི་མེ་ཏོག་འཐོར་ནས། དགེ་བ་བསྔོ་བ་སོགས་སྤྱི་ཡི་ཆིངས་ལྟར་ཤེས་པར་བྱའོ། །ཟབ་གཏེར་རྣམས་ཀྱི་དགོངས་བཅུད་གཅིག་དྲིལ་ནས། །ཟབ་ལ་ཉུང་བསྡུས་གཞུང་དོན་མ་འཁྲུགས་བསྡེབས། །ཟབ་མོའི་བརྒྱུད་པ་ཉེ་བ་གཙོ་བགྱིས་ཏེ། །ཟབ་ཆོས་གོང་མའི་བྱིན་རླབས་ཆེད་ཁ་སྐོང་། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་ཀཿཐོག་པའི། །ཆོས་བརྒྱུད་འཛིན་པ་ཡོངས་ལ་མཁོ་བའི་ཕྱིར། །ཆོས་ཀྱི་རྡོ་རྗེ་ཞེས་བྱ་རྨོངས་པ་དེས། །ཆོས་རྒྱུན་ཆུ་བོའི་ཀླུང་ལྟར་རྒྱས་ཕྱིར་སྤེལ། །ཤུ་བྷཾ་སརྦ་མངྒ་ལཾ།། །། ༈ འདིའི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། གཏེར་སྟོན་པདྨ་ཆོས་རྒྱལ། དཔལ་ཆོས་ཀྱི་རྡོ་རྗེ། ངེས་དོན་དབང་པོ། ཆོས་དབྱིངས་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་སོ།།
བླ་མ་རྒྱལ་བ་འདུས་པ་དང་ཐུགས་ཀྱི་ནོར་བུ་ཐུན་མོང་གི་དྲག་སྒྲུབ་མེའི་འཁོར་ལོའི་ཕྲིན་ལས་ཉུང་ངུར་བསྡུས་པ་ཟབ་ལམ་དགོངས་འདུས་ (Volume 13, Text 45)
༄༅། །བླ་མ་རྒྱལ་བ་འདུས་པ་དང་ཐུགས་ཀྱི་ནོར་བུ་ཐུན་མོང་གི་དྲག་སྒྲུབ་མེའི་འཁོར་ལོའི་ཕྲིན་ལས་ཉུང་ངུར་བསྡུས་པ་ཟབ་ལམ་དགོངས་འདུས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། འོད་གསལ་དབྱིངས་ལས་བདེ་ཆེན་སྐུ །འབར་བའི་གར་གྱིས་རྣམ་རོལ་བ། །རྡོ་རྗེ་སྲིན་པོ་གཙུག་རྒྱན་དུ། །རྟག་བཞུགས་བཀའ་ཡི་གནང་བ་སྩོལ། །འདིར་གཏེར་ཆེན་ཞིག་པོ་གླིང་པ་དང་ཆོས་རྗེ་གླིང་པ་ཟུང་གི་ཟབ་གཏེར་ལས་ཚིག་དོན་གཅིག་པར་བྱོན་པའི་བླ་མ་དྲག་པོ་མེ་འཁོར་གྱི་ཕྲིན་ལས་ལ་འཇུག་པ་ན། སྦྱོར་བ་ཡོ་བྱད་ཀྱི་བཤོམ་ནི། བསྙེན་སྒྲུབ་ཀྱི་སྐབས་སུ་དཀྱིལ་འཁོར་གཞུང་མཐུན་བྲིས་པའི་དབུས་སུ་ཟངས་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པ། ཤར་དུ་དཔལ་གཏོར་ཟུར་གསུམ་པདྨ་འདབ་བརྒྱད་ཀྱིས་མཚན་ཅིང་སྤོད་ཆང་གིས་བྲན་པ། ལྷོར་ཐོད་པ་དུམ་གཅིག་དཀར་མངར་ཆོས་སྨན་སྦྱར་བས་བཀང་བའི་ཁ་དར་དམར་དང་མེ་ལོང་གིས་བཀབ་པ། ནུབ་ཏུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཚེ་རིལ་ཚེ་ཆང་གིས་བསྐོར་བ། བྱང་དུ་དྲག་པོའི་སྐུ་འབག་སྔགས་བྱང་དང་བཅས་པ་བཀོད། མདའ་རལ་གྲི་སོགས་རྒྱན་རྫས་དང་། སྨན་རཀ་གཏོར་གསུམ། ཕྱི་ནང་མཆོད་པ་སྤྱི་ལྟར་བཤམ། དབང་དང་འབྲེལ་ན་དབང་ཆོག་ནས་འབྱུང་བ་ལྟར་བྱ། ཚོགས་སྐོང་ཙམ་ལ་ནི་གཏོར་མཆོད་ཁོ་ན་ལ་བརྟེན་པས་ཆོག་གོ །ཕྲིན་ལས་དངོས་ལ་སྔོན་འགྲོ །དངོས་གཞི། རྗེས་གསུམ། དང་པོ་ལ་ལྔའི་ཐོག་མར་སྐྱབས་སུ་འགྲོ་བ་ནི། བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གུ་རུ་དྲག་པོའི་རྣམ་པར་མདུན་གྱི་ནམ་མཁར་སད་པར་གྱུར། ན་མོ༔ བརྒྱུད་པའི་རྩ་བ་བླ་མར་བཅས༔ དངོས་གྲུབ་སྩོལ་བའི་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ དབང་དྲག་པདྨ་བསྒྲུབས་ནས་ཀྱང༔ ལོག་འདྲེན་དགྲ་བགེགས་བསྒྲལ་ནས་ནི༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ གསུམ། ཛཿཧཱུྃ་བཾ་ཧོཿ སྐྱབས་ཡུལ་རང་ལ་ཐིམ་པར་གྱུར། གསུམ་པ་བགེགས་བསྐྲད་པ་ནི། བགེགས་གཏོར་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་འགུགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ ཀུན་བཟང་ཁྱབ་བདལ་ཆེན་པོའི་རང་བཞིན་ལ༔ ལས་ཀྱི་དབང་གིས་བལྟ་བར་མི་དབང་བའི༔ བདུད་དང་ལོག་འདྲེན་འབྱུང་པོ་གང་ཡིན་པ༔ ལན་ཆགས་རེ་བའི་གཏོར་མ་འདི་ཁྱེར་ལ༔ དཀྱིལ་འཁོར་འདི་ཡི་འཁོར་ཡུག་འདའ་མ་བྱེད༔ གལ་ཏེ་རྡོ་རྗེའི་བཀའ་ལས་འགལ་གྱུར་ན༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ སུམྦྷ་ནིའི་དྲག་སྔགས་བརྗོད་ལ་བསྐྲད། བཞི་པ་མཚམས་བཅད་པ་ནི། ཧཱུྃ༔ ང་ནི་དབང་དྲག་པདྨའི་སྐུ༔ སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས༔ སྟེང་འོག་རྡོ་རྗེའི་གུར་དུ་གྱུར༔ ཡེ་ཤེས་འབར་བའི་མེ་དཔུང་གིས༔ ཕྱོགས་མཚམས་མ་ལུས་རབ་གཏམས་ཤིང༔ ཁྲོ་བོ་ཁྲོ་མོས་གནམ་ས་གང༔ སྣོད་བཅུད་ལྷ་ཡི་གཞལ་ཡས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཧཱུྃ་ཧཱུྃ་བཛྲ་ཀྲོ་དྷ་ཏཱིཀྵྞ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ལྔ་པ་བྱིན་དབབ་ཅིང་མཆོད་རྫས་བརླབ་པ་ནི། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ བླ་མ་རིག་འཛིན་ཡི་དམ་ཌཱ་ཀིའི་ཚོགས༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་རྣམས༔ ཐུགས་དམ་དབང་གིས་བདག་ལ་བརྩེར་དགོངས་ནས༔ བྱིན་ཆེན་དབབ་ཅིང་དབང་ཆེན་བསྐུར་དུ་གསོལ༔ གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྣོད་བྷནྡྷ་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ སྨན་རཀ་གཏོར་མ་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་སྤྲིན་ཕུང་མཁའ་ཁྱབ་ཏུ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་སིདྡྷི་ས་མ་ཡེ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ༔ ཨི་དཾ་པུཥྤེ་དྷཱུ་པཾ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་མ་ཧཱ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་མ་ཧཱ་པཱུ་ཛ་ཧོ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ གཉིས་པ་དངོས་གཞི་ལ་བདུན་ཡོད་པའི་དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཧཱུྃ༔ ཆོས་རྣམས་དམིགས་མེད་སྤྲོས་བྲལ་ལས༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་བསྒོམ༔ ཟུང་འཇུག་རང་སེམས་ཧཱུྃ་དམར་ལས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ དྲག་པོའི་རྒྱན་བཀོད་ཡོངས་སུ་རྫོགས༔ ཕྱི་ནང་མེ་ཕུང་སྨུག་ནག་འབར༔ དེ་ནང་འཁོར་ལོ་གཉིས་རིམ་གྱི༔ དབུས་སུ་གྲུ་གསུམ་མཐིང་ནག་ལ༔ པད་ཉི་སྡེ་བརྒྱད་དྲེགས་པའི་སྟེང༔ རང་རིག་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་མཐིང་ནག་ཧཱུྃ་གིས་མཚན༔ ཡོངས་གྱུར་པདྨ་ཐོད་ཕྲེང་རྩལ༔ གཏུམ་དྲག་མེ་ཡི་འཁོར་ལོ་ཅན༔ སྐུ་མདོག་དམར་ནག་སྲིན་པོའི་གཟུགས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ༔ གཡས་བསྐུམ་གཡོན་བརྐྱང་འདོར་སྟབས་བགྲད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་འཁྲུག་ཅིང་སྨིན་མ་དང༔ སྨ་ར་རལ་པ་མེ་འོད་འཕྲོ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ གཡོན་པས་ལྕགས་ཀྱི་སྡིག་པ་འགྱེད༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ༔ ཐོད་སྦྲུལ་རུས་རྒྱན་ཞིང་གོས་སོགས༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ གཡོན་ནས་རྡོ་རྗེ་ཕག་མོ་འཁྲིལ༔ མཐིང་ནག་གྲི་ཐོད་ཕག་ཞལ་སྒྲོག༔ དེ་ཡི་སྤྱི་གཙུག་བྱ་ཁྱུང་མཐིང༔ མེ་གཤོག་གནམ་ལྕགས་ཚྭ་ཚྭ་འཕྲོ༔ དེ་སྟེང་རིགས་བདག་མཐའ་ཡས་དམར༔ མཉམ་གཞག་ལོངས་སྐུ་པད་ཟླར་བཞུགས༔ དཔྲལ་བར་གསེར་འཁོར་རྩིབས་བཞིའི་དབུས༔ འཇམ་དཔལ་སེར་པོ་རལ་གྲི་དང༔ འཁོར་ལོ་འཛིན་པའི་སྤྱི་བོར་ཨོཾ༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ རྟ་མགྲིན་དམར་པོ་རྟ་ཞལ་མཚན༔ གྲི་ཐོད་འཛིན་པའི་མགྲིན་པར་ཨཱ༔ ཐུགས་ཀར་མཆོད་རྟེན་བུམ་པ་རུ༔ ཕྱག་རྡོར་མཐིང་ནག་རྡོ་རྗེ་དང༔ དྲིལ་བུ་དཀུར་བརྟེན་ཐུགས་ཀར་ཧཱུྃ༔ ལྟེ་བར་རིན་ཆེན་འབར་བའི་དབུས༔ མཁའ་འགྲོ་སྡེ་ལྔ་གྲི་ཐོད་འཛིན༔ རུས་པའི་རྒྱན་ལྡན་ཐུགས་ཀར་སྭཱ༔ གསང་གནས་རྡོ་རྗེ་རྒྱ་གྲམ་དབུས༔ མེ་དབལ་སྨུག་ནག་ཐོ་བ་དང༔ སྡིགས་མཛུབ་མེ་ཞགས་ཐུགས་ཀར་ཧཱ༔ ཡི་གེ་ལྔ་ལས་འོད་ལྔ་འཕྲོས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ལྷ་རྣམས་སྤྱན་དྲངས་སོ་སོར་ཐིམ༔ སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས༔ སྣང་བ་མཐའ་ཡས་སྐུ་ལ་ཐིམ༔ ཡོངས་རྫོགས་དབང་བསྐུར་ཐོབ་པར་གྱུར༔ བདག་བསྐྱེད་ཁོ་ན་ལ་འདི་ཙམ་གྱིས་ཆོག །མདུན་དཀྱིལ་དང་འབྲེལ་ན། དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ རྡོ་རྗེ་རིན་ཆེན་པདྨ་དང༔ ཀརྨ་དྲག་པོ་རྩལ་བཞི་པོ༔ དཀར་སེར་དམར་ལྗང་དུར་ཁྲོད་ཆས༔ གཡས་པས་རྡོ་རྗེ་བེ་ཅོན་གྲི༔ ཐོ་བ་གཡོན་པས་ལྕགས་སྡིག་འཛིན༔ དེ་རྒྱབ་འཁོར་ལོའི་རྩིབས་རྣམས་སུ༔ གོ་ཆའི་ལྷ་ལས་ཧེ་ཧྲཱིཿཧཱུྃ༔ ཧཱུྃ་འཕྲོས་གཤིན་རྗེ་རྟ་མགྲིན་རྒྱལ༔ ཕྱག་རྡོར་མེ་དབལ་རྣམས་སུ་གསལ༔ མུ་ཁྱུད་པད་ཉི་རོ་གདན་སྟེང༔ ལྟེ་བའི་ལྷ་ལས་ཧྲཱིཿལྔ་འཕྲོས༔ མཁའ་འགྲོ་སྡེ་ལྔ་གར་སྟབས་སྒྱུར༔ ཐམས་ཅད་མ་འདྲེས་ལྷམ་མེར་གསལ༔ སླར་ཡང་ཐུགས་སྲོག་ཧཱུྃ་དམར་ལས༔ འོད་འཕྲོས་ཧཱུྃ་ནག་འཇིག་རྟེན་གང༔ ཡཀྴ་མེ་དབལ་སྐུར་གྱུར་ནས༔ གདོན་བགེགས་སྡེ་བརྒྱད་གཟིར་བར་གྱུར༔ ཨོཾ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧཱུྃ༔ ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ༔ ཨཱཿཧཱུྃ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཕེཾ་ཕེཾ་ཛཿཛ༔ གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ༔ དུར་ཁྲོད་སྨུག་ནག་འབར་བའི་དཀྱིལ་འཁོར་ནས༔ དྲེགས་པ་འདུལ་མཛད་དབང་དྲག་ཐོད་ཕྲེང་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འདོད་ཆགས་རཀྟའི་རྒྱ་མཚོའི་ཀློང་ནས་བཞེངས༔ ཞེ་སྡང་ཀེང་རུས་བཀྲམ་པའི་ཀློང་ནས་བཞེངས༔ གཏི་མུག་ཤ་ཆེན་སྤུངས་པའི་དབུས་ནས་བཞེངས༔ ང་རྒྱལ་མེ་ལྟར་འབར་བའི་དབྱིངས་ནས་བཞེངས༔ ཕྲག་དོག་རླུང་ནག་འཚུབས་པའི་ནང་ནས་བཞེངས༔ དགྲ་བགེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ དམ་སྲི་ཕོ་མོ་འདུལ་ཕྱིར་གཤེགས༴ ཡུམ་ཆེན་རྡོ་རྗེ་ཕག་མོ་གཤེགས༴ གོ་ཆ་ལྷ་ལྔ་དྲག་པོ་རིགས་བཞི་དང༔ ཆོས་སྐྱོང་སྲུང་མའི་ལྷ་ཚོགས་གཤེགས་སུ་གསོལ༔ བཛྲ་གུ་རུ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ ཏི་ར་ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ མ་ཧཱ་གུ་རུ་དབང་དྲག་ཐོད་ཕྲེང་རྩལ༔ འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ དབང་དྲག་པདྨ་ཐོད་ཕྲེང་དྲག་པོའི་སྐུ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུལ་མཛད་ཅིང༔ འགྲོ་བ་མ་ལུས་འདྲེན་པའི་དཔལ་གྱུར་པ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་ནི། ཧཱུྃ༔ བླ་མ་དབང་དྲག་པདྨའི་དཀྱིལ་འཁོར་དུ༔ མེ་ཏོག་བདུག་སྤོས་སྣང་གསལ་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ལ་སོགས་ཡིད་འོང་རྫས༔ གཟུགས་སྒྲ་དྲི་རོ་རེག་བྱ་མཆོད་པའི་སྤྲིན༔ སྣང་སྲིད་ནམ་མཁའ་ཐམས་ཅད་ཡོངས་བཀང་ནས༔ དགྱེས་པ་བསྐང་ཕྱིར་མཆོད་པ་འབུལ་ལོ་བཞེས༔ ཨོཾ་བཛྲ་པུཥྤེ་ནས་ ཤབྡ་ཨཱཿཧཱུྃ༔ ནང་མཆོད་ནི། ཧཱུྃ༔ བླ་མ་དབང་དྲག་ཐོད་ཕྲེང་དཀྱིལ་འཁོར་ལ༔ དམ་རྫས་མཆོག་གི་གཏོར་མ་རི་ལྟར་སྤུངས༔ བདུད་རྩི་སྨན་གྱི་མཆོད་པ་མཚོ་ལྟར་བསྐྱིལ༔ རཀྟ་དམར་གྱི་ཨརྒྷཾ་རྦ་རླབས་འཁྲུགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་རྒྱ་ཆེན་བཤམས༔ མཆོད་པའི་བྱེ་བྲག་དཔག་མེད་མཐའ་ཡས་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་འབུལ༔ མ་ཧཱ་བ་ལིཾ་ཏ་པཉྩ་ཨ་མྲྀཏ་རཀྟ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གསང་མཆོད་ནི། ཧཱུྃ༔ བླ་མ་དབང་དྲག་ཐོད་ཕྲེང་དཀྱིལ་འཁོར་ལ༔ ཡབ་ཡུམ་གཉིས་མེད་བདེ་སྟོང་རབ་སྦྱར་ནས༔ མཁའ་གསང་བྱང་སེམས་དཀར་དམར་བདེ་བའི་མཆོག༔ སྐུ་ལུས་དགྱེས་པ་བསྐང་ཕྱིར་མཆོད་པར་འབུལ༔ བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཙ་ཧོ༔ དྲུག་པ་བསྟོད་པ་ནི། ཧཱུྃ༔ མ་ཧཱ་གུ་རུ་དབང་དྲག་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་མེ་ཡི་མདོག་འདྲ་ལ༔ བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས༔ རིན་ཆེན་རུས་པའི་རྒྱན་ཆ་རབ་ཏུ་འཁྲོལ༔ ཞིང་ཆེན་གཡང་གཞི་སྐུ་ཡི་ཤམ་ཐབས་ཅན༔ དབུ་སྐྲ་དམར་སེར་ལྕང་ལོ་གྱེན་དུ་འཁྱིལ༔ དེ་ལ་ཚྭ་ཚྭ་དམར་པོ་སྐར་ལྟར་འཁྲུགས༔ སྤྱན་རྩ་དམར་ནག་གདངས་མིག་གྱེན་དུ་བསྒྲིལ༔ བར་སྣང་ཁམས་ཀྱི་གདོན་ཚོགས་བརླག་པར་བྱེད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ཡིས༔ རི་རབ་ཆེན་པོ་ཀུན་ཀྱང་ཐལ་བར་བསྙིལ༔ ཕྱག་གཡོན་ལྕགས་སྡིག་ཁ་དགུ་བསྣམས་པ་ནི༔ ཡཀྴ་རཀྴའི་གནོད་པ་ཐམས་ཅད་འདུལ༔ བགེགས་འདུལ་དབང་དྲག་པདྨའི་སྐུ་ལ་བསྟོད༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཤེས་རབ་མ༔ དགྱེས་སྦྱོར་གསང་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ རིགས་མཆོག་བདག་པོ་རྒྱལ་བ་འོད་དཔག་མེད༔ གསུང་མཆོག་འདུས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཀུན་གྱི་སྐུ་རྣམས་འདུས་པའི་དཔལ༔ མཁྱེན་རབ་འཇམ་དཔལ་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཀུན་གྱི་གསུང་རྣམས་འདུས་པའི་དཔལ༔ རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་གྱི་ཐུགས་རྣམས་འདུས་པའི་དཔལ༔ གསང་བདག་གཏུམ་པོའི་ལྷ་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཀུན་གྱི་ཡོན་ཏན་འདུས་པའི་དཔལ༔ མཁའ་འགྲོ་སྡེ་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་གྱི་ཕྲིན་ལས་འདུས་པའི་དཔལ༔ ཡཀྴ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་གྱི་ཐུགས་རྗེའི་འོད་ཟེར་ལས༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ ཁྲོ་བོ་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛཔ྄་བཟླ་བ་ནི། བདག་བསྐྱེད་གསང་བདག་ཐུགས་ཀའི་ཉི་སྟེང་ཧཱུྃ་དམར་ནག་ལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། རྒྱལ་བ་རྣམས་མཆོད་ཅིང་བྱིན་རླབས་བསྡུས། འགྲོ་བའི་སྒྲིབ་པ་སྦྱངས་ནས་ལྷར་གྱུར་ཏེ་སྔགས་སྒྲ་སྒྲོག་པར་མོས་ལ། བསྙེན་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧཱུྃ༔ ཆོས་གླིང་ཟབ་ལམ་ལྟར་ན། ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་ཙམ་ཁྱད་པར་རོ།། སྒྲུབ་པ་ནི། མདུན་བསྐྱེད་དང་འབྲེལ་ན། བདག་གི་ཞལ་ནས་སྔགས་ཕྲེང་ཐོན་ཏེ་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས། ཐུགས་སྲོག་དང་སྦྱོར་མཚམས་བརྒྱུད། རང་གི་ཐུགས་ཀར་ཐིམ་པ་བར་མ་ཆད་པ་ལུ་གུ་རྒྱུད་དུ་འཁོར་བ་དང། ཡང་སྔགས་ཕྲེང་རྣམས་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། དངོས་གྲུབ་ཀྱི་ཚུལ་དུ་ཚུར་འདུས་ཏེ་རྒྱལ་བསེན་ཐམས་ཅད་ཚར་བཅད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བྲན་དུ་འཁོལ་བར་མོས་ལ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཨཱཿཧཱུྃ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ༔ ལས་སྦྱོར་སྡེ་བརྒྱད་འདུལ་ཕྱིར་རྩ་སྔགས་ཀྱི་ཤམ་བུར་་་༼སྡེ་བརྒྱད་སོ་སོའི་སྙིང་ག་ནས་ནི། སྲོག་གི་གཟུངས་ཏེ་ཞལ་དུ་བལྟེམས༔ ཞེས་དམིགས་ལ།༽ འདི་ཉིད་བཏགས་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་དམ་སྲི་འབྱུང་པོའི་སྲོག་ལ་ཧབ༔ སྙིང་ལ་རྦད༔ ལུས་ངག་ཡིད་གསུམ་མཱ་ར་ཡ་ཆིངས་ནན༔ རྒྱལ་འགོང་གདུག་པ་གནད་ལ་གཟིར་བའི་ཕྱིར་རྩ་སྔགས་ཀྱི་ཤམ་བུར།་་་་༼མེ་རླུང་སྤུ་གྲི་སོ་བསྣོལ་བར༔ ཤིན་ཏུ་མི་སྲུན་དཀོར་བདག་རིགས༔ སྡེ་བརྒྱད་འབྱུང་པོ་གནད་ནས་གཟིར༔ ཅེས་སོགས་དམིགས་པའི་འཕྲུལ་ཤེས་པས།༽ ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ༔ བཛྲ་རཀྴ་ཙིཏྟ་ཟུང་ཟུང༔ ཁ་རག་མྲྀ་ཤ་རྦད་རྦད༔ ཁུ་ན་དུཾ་བུ་ཤིག་ཤིག༔ དྷ་ན་རཱ་ཙ་ཙིཏྟ་ཕྱུང་རྦད་རྦད༔ བཟློག་ན་རཱ་ཙ་ཙིཏྟ་རྦད་རྦད་གཏུབས་གཏུབས་རཱ་ཙའི་ཙིཏྟ་གཏུབས༔ ཞེས་བཟླ། དེ་ཡང་བསྙེན་པ་འབུམ། སྒྲུབ་པ་འབུམ་ཕྲག་གསུམ། ལས་སྦྱོར་ཁྲིའམ་སྟོང་ཕྲག་ལྔ་སོགས་བཟླ་བར་གསུངས། ཐུན་མཐར་ཁ་སྐོང་སྟོང་ཚིགས་སྤྱི་ལྟར་དང་། བར་འདིར་གཏེར་སྲུང་རྣམས་ཀྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ཡོད་པའི་དང་པོ་ཚོགས་མཆོད་ནི། ཆུ་ཆང་ནང་མཆོད་ཀྱིས་བྲན་ལ། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུྃ་ཕཊ༔ སྭ་བྷཱ་བ་སོགས་ཀྱིས་བསང་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨ་ལས་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཚོགས་རྫས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་རོ་བརྒྱ་ལྡན་པའི་བདུད་རྩིར་གྱུར། བདག་གི་ཐུགས་ལས་ཨོཾ་དཀར་པོ་འཕྲོས། ཚོགས་མཆོད་འདོད་པའི་ཡོན་ཏན་ཞིང་ཁམས་ཐམས་ཅད་གང་། ཨཱཿདམར་པོ་འཕྲོས། ཡེ་ཤེས་ཀྱི་བདུད་རྩིས་འཇིག་རྟེན་གང་། ཧཱུྃ་སྔོན་པོ་འཕྲོས། མཆོད་པའི་ལྷ་མོ་ནམ་མཁའ་གང་བས་རྒྱལ་བ་རྣམས་མཆོད་པར་གྱུར། ཨོཾ་ཨཱཿཧཱུྃ་ཧྲཱི༔ གསུམ་གྱིས་བྱིན་བརླབས་ལ་ཚོགས་མགྲོན་སྤྱན་དྲང་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ དབང་དྲག་པདྨ་ཐོད་ཕྲེང་རྩལ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་འདིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཏིཥྛ་ལྷན༔ དང་པོ་མཆོད་པ་ནི། ཧཱུྃ༔ དབང་དྲག་པདྨ་ཐོད་ཕྲེང་རྩལ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ཧཱུྃ༔ གསང་ཆེན་དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ ཡང་གསང་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང༔ མཆོད་རྫས་བསྒྲུབ་རྫས་གཞུང་བཞིན་བཤམས་པ་འདིས༔ དབང་དྲག་པདྨའི་ཐུགས་དམ་བསྐང་གྱུར་ཅིག༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་ཐུགས༴ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས༴ འཁོར་ཚོགས་དམ་ཅན་རྣམས་ཀྱི་ཐུགས༴ གཡར་དམ་ཉམས་ཆག་མ་ལུས་སོར་སྩོལ་ཅིག༔ ཧཱུྃ༔ བླ་མ་དབང་དྲག་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་ཧོ༔ ཐ་མ་བསྒྲལ་བསྟབ་ནི། འགུགས་བསྟིམ་སྤྱི་ལྟར་བྱས་ལ་ཕུར་བུ་ཐོགས་ཏེ། ཧཱུྃ༔ དབང་དྲག་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་མེ་ལྟར་འབར༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གདེངས༔ གཡོན་པས་ཕུར་བུས་དགྲ་སྙིང་འཛིན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་སྲི་ལ་སོགས༔ རྡུལ་དུ་རློགས་ལ་དབྱིངས་སུ་སྒྲོལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཨོཾ་གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷ་བཛྲ་ནྲྀ་ཏྲི་དགྲ་བགེགས་ལ་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ མ་ཧཱ་མཱཾ་ས་ཙིཏྟ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ དེ་ནས་བརྡའི་འབུལ་ལེན་སྤྱི་ལྟར་བྱས་ཏེ་ཚོགས་ལ་རོལ། ལྷག་མ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཧཱུྃ་བྷྱོ༔ སྔོན་ཚེ་དབང་དྲག་པདྨ་ཐོད་ཕྲེང་གིས༔ ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི༔ མ་མོ་མཁའ་འགྲོ་དཔའ་བོ་གིང་གི་ཚོགས༔ ཐུགས་དམ་བཞིན་དུ་མཆོད་ཀྱིས་འདིར་བྱོན་ལ༔ རྣམ་ལྔའི་ལོངས་སྤྱོད་ལྷག་མའི་ཕ་འབབ་བཞེས༔ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ དབང་དྲག་པདྨ་ཡབ་ཡུམ་འཁོར་བཅས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་གཤེགས་ལ༔ ཁྱེད་ཀྱི་ཐུགས་རྗེའི་བརྩེ་བས་བདག་ལ་དགོངས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དབང་དང་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ དྲེགས་པ་སྡེ་བརྒྱད་གནོད་བྱེད་ཕོ་མོ་དང༔ དགྲ་བགེགས་ལོག་འདྲེན་ཕོ་མོ་རྡུལ་དུ་རློགས༔ དབང་དྲག་པདྨ་ཡབ་ཡུམ་འཁོར་བཅས་རྣམས༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་མ་ལུས་སྒྲུབ་པར་མཛོད༔ གསུམ་པ་ཆད་མདོ་ནི། ཧཱུྃ༔ སྔོན་ཚེ་རི་བོ་གནམ་ལྕགས་རྩེ་མོ་རུ༔ བཅོམ་ལྡན་ཁྲག་འཐུང་པདྨ་ཧེ་རུ་ཀས༔ ལོག་འདྲེན་རུ་དྲ་ཕོ་མོ་བསྒྲལ་པའི་ཚེ༔ དྲེགས་པ་ཕོ་མོའི་ཚོགས་རྣམས་ཐམས་ཅད་ཀྱིས༔ སོ་སོའི་སྲོག་སྙིང་ཕུལ་ནས་དམ་བཅས་ཚེ༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་བར་མ་ལ༔ བྲག་དམར་དཔལ་གྱི་བསམ་ཡས་མཆིམས་ཕུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ དབང་དྲག་པདྨའི་སྐུ་རུ་བཞེངས་པའི་ཚེ༔ དྲེགས་པ་སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཡིས༔ སོ་སོའི་སྲོག་སྙིང་ཕུལ་ནས་དམ་བཅས་ཚེ༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ དེ་འོག་རྩུབ་འགྱུར་བསྐལ་པའི་ཐ་མ་ལ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ སློབ་མ་རིག་འཛིན་གར་གྱི་དབང་ཕྱུག་ལ༔ རྩ་གསུམ་བླ་མའི་བཀའ་གཏད་མཛད་པའི་ཚེ༔ བདུད་བཙན་ཀླུ་གསུམ་ལ་སོགས་བཀའ་སྲུང་གིས༔ སོ་སོའི་སྲོག་སྙིང་ཕུལ་ནས་དམ་བཅས་ཚེ༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ བཞི་པ་བཤལ་ཆུས་བརྟན་མ་སྐྱོང་བ་ནི། བྷྱོ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ རླངས་ཆེན་དཔལ་སེང་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ དལ་ཁ་ཆོད་ལ་རིམས་ཁ་སྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལྔ་པ་རྟ་བྲོ་བྱ་བ་ནི། གཏོར་གཞོང་སྦུབས་པའི་འོག་ཏུ་དམ་སྲི་བཀུག་ལ། ཧཱུྃ༔ ཁྲག་འཐུང་དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ གདུག་པ་ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ༔ དབང་དྲག་པདྨ་ཁྲོ་བོས་བྲོ་བརྡུངས་པས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ དགྲ་བགེགས་མ་ལུས་ཐལ་བར་བརླག་པར་མཛོད༔ སཏྭམྦྷ་རཀྴ་མཱ་ར་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི། བླ་མ་དྲག་པོ་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁར་སྤྲིན་གཏིབས་པ་ལྟར་བྱོན། སྐུ་གསུང་ཐུགས་ལས་བྱིན་རླབས་འོད་ཟེར་དཔག་མེད་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར་པར་བསམས་ལ། གཏོར་མ་སྤྱི་བོར་བཟུང་ལ། ཨོཾ༔ དགོངས་ཤིག་དབང་དྲག་པདྨ་ཐོད་ཕྲེང་རྩལ༔ བདག་ནི་རྡོ་རྗེའི་རྣལ་འབྱོར་དམ་ཚིག་ཅན༔ ཁྱེད་དང་བདག་ཉིད་གཡར་དམ་གཅིག་པས་ན༔ བསྙེན་སྒྲུབ་ལས་སྦྱོར་མ་ལུས་མཐའ་རུ་ཕྱིན༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནས༔ ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ གནས་ལྔར་བཞག་ལ་གཏོར་ཟན་བདུད་རྩི་མྱང་། བདུན་པ་གཏང་རག་ནོངས་བཤགས་ནི། མདུན་བསྐྱེད་ཡོད་ན་མཆོད་བསྟོད་མདོར་བསྡུས་བྱ། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ མ་འབྱོར་ཉམས་དང་འགལ་འཁྲུལ་དང༔ ལྷག་ཆད་ཉེས་ལྟུང་ཅི་མཆིས་པ༔ མཐོལ་བཤགས་དམ་པ་བཞེས་ནས་ཀྱང༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱ་བརྗོད། བརྒྱད་པ་གཤེགས་བསྡུ་ནི། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རས་བྲིས་སོགས་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མཐའ་ནས་རིམ་འདུས་ཧཱུྃ་ལ་ཐིམ༔ དེ་ཡང་རིམ་ཡལ་ཆོས་དབྱིངས་ངང༔ སླར་ཡང་རྡོ་རྗེ་ཁྲོ་བོར་ཤར༔ དགུ་པ་སྨོན་ལམ་ནི། ན་མོ༔ བདག་ཉིད་རིག་འཛིན་སྔགས་འཆང་སྒྲུབ་པ་པོས༔ དབང་དྲག་པདྨའི་དཀྱིལ་འཁོར་བསྒྲུབས་ལ་སོགས༔ དུས་གསུམ་དགེ་བ་ཅི་བསགས་པ༔ ཡོན་ཏན་ཀུན་རྫོགས་ཕྲིན་ལས་ཀུན་འགྲུབ་ཤོག༔ བཅུ་པ་བཀྲ་ཤིས་ནི། ཧོ༔ ཆོས་སྐུ་སྤྲོས་བྲལ་སྐྱེ་མེད་མཐའ་བྲལ་བ༔ དབང་དྲག་པདྨ་མཆོག་གི་བཀྲ་ཤིས་ཤོག༔ ལོངས་སྤྱོད་རྫོགས་སྐུ་མཉམ་ཡངས་བརྗོད་ལས་འདས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ སྤྲུལ་སྐུ་ཀུན་ཁྱབ་འགྲོ་དོན་ཕྱོགས་བཅུར་མཛད༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་ཡོན་ཏན་ཀུན་འབྱུང་བ༔ བཀའ་སྲུང་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག༔ སྔོན་གྱི་ཐ་ཚིག་མ་གཡེལ་ལས་ཀུན་སྒྲུབ༔ གཏེར་སྲུང་ལས་བྱེད་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བྱའོ༔ འདི་བྱས་ནོངས་པ་སྙིང་ནས་བཤགས༔ དགེ་བས་སྐལ་ལྡན་སྐྱེ་བོ་ཀུན༔ འདི་སྤྱོད་ལས་བཞི་མཐར་ཕྱིན་ནས༔ དབང་དྲག་མཆོག་གི་རིག་འཛིན་ཤོག །ཚུལ་འདི་ཞིག་གླིང་རྒྱལ་བ་འདུས་པ་དང་ཆོས་གླིང་ཟབ་ལམ་ཐུགས་ཀྱི་ནོར་བུའི་ཆོས་སྡེར་ཚིག་དོན་ཞུ་དག་ཕེར་པ་བྱོན་པ་ཕྱི་མ་ལ་ལས་བྱང་མི་བཞུགས་པས་ཆོས་རྗེ་གླིང་པས་དབང་འབུམ་པདྨ་རཱ་གའི་ཕྲེང་བར་གཏེར་ཁ་གཉིས་ཆུ་བོ་གཅིག་བསྡུས་ལ་འདོན་ཆ་སོགས་ཞིག་གླིང་ལུགས་སོར་བཞག་གནང་བ་ཤིན་ཏུ་ལེགས་ཀྱང་ཅུང་ཟད་བསྡུས་ཆེས་པས། འདིར་གཏེར་གཞུང་གི་རྐང་ཚང་བར་བྱས་ཏེ་ཤྲཱི་དེ་བཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར། ཕྱོགས་མེད་རིས་མེད་སྤྲང་ཆལ་གྱི་རིག་པ་འཛིན་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
འཕགས་པ་ཛམ་བྷ་ལ་ནག་པོའི་ཆུ་སྦྱིན་གྱི་ཆོ་ག་དངོས་གྲུབ་སྙིང་པོ་ (Volume 50, Text 45)
༄༅། །འཕགས་པ་ཛམ་བྷ་ལ་ནག་པོའི་ཆུ་སྦྱིན་གྱི་ཆོ་ག་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲྀཥྞ་ཛམ་བྷ་ལ་ཡ། འདིར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཛཾ་བྷ་ལ་ནག་པོའི་སྒྲུབ་ཐབས་རིན་ཆེན་ཆར་འབེབ་ལས། མདུན་བསྐྱེད་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་ལ། སྔ་དྲོའི་ཆར་གནས་གཙང་ཞིང་དབེན་ལ་ཡིད་དང་མཐུན་པར་རང་གི་མདུན་ཟངས་གཞོང་གི་དབུས་སུ་འཕགས་པ་ཛམ་བྷ་ལའི་སྐུ་ཡོད་ན་བཤམ། དེའི་མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་དང་། རིན་པོ་ཆེའི་སྣོད་དུ་སྲོག་ཆགས་མེད་པའི་ཆུ་གཙང་མ་རྣམས་འདུ་བྱ། ཚོགས་ཞིང་ནམ་མཁའ་གང་བར་སད་པར་གྱུར་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ གནོད་སྦྱིན་ནོར་ལྷ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། ཚོགས་གསག་པ་ནི། ཧོ༔ མ་ལུས་ཕྱོགས་ན་བཞུགས་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ནོར་བདག་མགོན་པོ་ཛམ་བྷ་ལ༔ གནོད་སྦྱིན་གཏེར་འཆང་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ མཆོད་པ་རྣམ་པ་དུ་མས་མཆོད༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་འགྲོ་བ་ཡོངས་ལ་བསྔོ༔ སྙིང་པོ་བྱང་ཆུབ་མཆོག་ཐོབ་ཤོག༔ ལན་གསུམ། མཎྜལ་ནི། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བླ་མེད་མཆོད་བཞེས་མཆོག་གི་དངོས་གྲུབ་སྩོལ༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜ་ལ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་འབུལ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བདག་བསྐྱེད་ནི། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་རྒྱས་པར་བྱ་བའམ། བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་། གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། པད་ཟླའི་གདན་ལ་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ། མདུན་བསྐྱེད་ནི། རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་ནོར་བདག་རྣམ་མང་ཐོས་པའི་གཟུགས་ནོར་བུ་སྐྱུགས་པའི་སྟེང་དུ་ཛཾ་ནག་པོ༔ དེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་གྲངས་མེད་པ་འཕྲོས་པས་འཇིག་རྟེན་ཁམས་དང༔ དག་པའི་ཞིང་གི་སྣོད་དང་བཅུད་ཀྱི་འབྱོར་པ་དང་མངའ་ཐང་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཛཾ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་མགོན་པོ་ཛམ་བྷ་ལ་ནག་པོ་མིག་སྨན་གྱི་རི་བོ་ལྟར་བརྗིད་ཅིང་ལྷུན་སྟུག་པ༔ སྐྲ་ཁམ་པ་གྱེན་དུ་བརྗེས་པ༔ གཅེར་བུ་རྣ་བ་མ་ཕུག་པ་ཞོ་འཐུང་བྱིས་པ་དྲེགས་པའི་ཉམས་དང་ལྡན་པ༔ མཚན་མ་གྱེན་དུ་བསྒྲེང་ཞིང་བ་སྤུ་ལངས་པ༔ སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྱིལ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ༔ གཡོན་པས་ནེའུ་ལེ་ནོར་བུ་སྣ་ཚོགས་པ་ལྷུག་ལྷུག་སྐྱུག་པ་བརླ་གཡོན་པ་ལ་བརྟེན་ནས་བཟུང་བ༔ ཞབས་གཡས་བསྐུམ་ཞིང་གཡོན་ཅུང་ཟད་བརྐྱང་པ༔ ཀླུ་ཆེན་པོ་བརྒྱད་སྦྲུལ་གྱི་རྣམ་པས་སྤྲས་པ༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ཤིང་མི་བསྐྱོད་པས་དབུ་བརྒྱན་པར་བསམ་ལ༔ ཐུགས་ཀར་ཟླ་བའི་དབུས་སུ་རྡོ་རྗེ་རྩེ་དགུ་པ་ཟླ་བ་ཧཱུྃ་ཡིག་དང་བཅས་པ༔ དཔྲལ་བར་ཨོཾ༔ ལྕེ་ལ་ཛཾ༔ དཔུང་པ་གཡས་པར་བྷ༔ གཡོན་པར་ལ༔ ཐུགས་ཀར་ཛ༔ ལྟེ་བར་ལེན༔ ངར་གདོང་གཡས་པར་དྲ༔ གཡོན་པར་ཡ༔ བོལ་གོང་གཡས་པར་སྭཱ༔ གཡོན་པར་ཧཱ༔ དེ་རྣམས་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་འདུལ་བའི་ཕྱིར༔ བཅོམ་ལྡན་མགོན་པོ་མི་བསྐྱོད་པ༔ ཐུགས་རྗེས་སྐུ་སྤྲུལ་ཛམ་བྷ་ལ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱརྻ་ཛམ་བྷ་ལ་བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ ཞེས་གཉིས་སུ་མེད་པར་བསམ་ལ་ཕྱག་འཚལ་བ་ནི། ཧཱུྃ༔ གདོད་ནས་མངོན་པར་སངས་རྒྱས་ཀྱང༔ ས་བརྒྱད་དབང་ཕྱུག་སེམས་དཔའི་ཚུལ༔ ནོར་བདག་མགོན་པོ་ཛཾ་བྷ་ལ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་བས། པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་ལན་མཛད་པར་བསམ། དེ་ནས་རང་གི་ལག་པ་གཡས་པར་པཾ་ལས་བྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོ་བདུད་རྩིའི་ཆུ་རྒྱུན་གྱིས་སྦགས་པའི་མཁྲིག་མར་ཨོཾ༔ བུམ་པའི་ནང་དུ་ཛཾ༔ མཛུབ་མོ་ལ་བྷ༔ གུང་མོ་ལ་ལ༔ སྲིན་ལག་ལ་ཛ༔ མཐེའུ་ཆུང་ལ་ལེན༔ མཐེ་བོང་ལ་དྲ༔ མཁྲིག་མའི་མཚམས་སུ་ཡ༔ དེའི་གཡས་སུ་སྭཱ༔ གཡོན་དུ་ཧཱ༔ ཐམས་ཅད་ཟླ་བ་བདུད་རྩིས་གང་བ་ལ་གནས་པར་གྱུར༔ རང་གི་ཁྱོར་བའི་ཆུ་རྡོ་རྗེའི་སྔགས་ཀྱིས་བདེ་བ་ཆེན་པོའི་རང་བཞིན་བདུད་རྩིའི་རྒྱུན་ཟད་མི་ཤེས་པར་གྱུར་པ་མདུན་གྱི་ཛམ་བྷ་ལའི་ཞལ་དུ་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམས་ནས་ནོར་གྱི་དངོས་གྲུབ་མ་ལུས་པ་བསྩལ་བར་བསམ་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨིནྡྲ་ནཱི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབ། ཨོཾ་ཛམ་ལུཾ་སྭཱ་ཧཱ༔ བརྒྱ་དང་བརྒྱད་ཀྱིས་དབུལ་བར་བྱའོ། །དེ་ནས་མཆོད་པ་ནི། ཧཱུྃ༔ མེ་ཏོག་ཕྲེང་སོགས་རིན་ཆེན་དང༔ བདུག་སྤོས་སྣང་གསལ་སྒྲོན་མེའི་འོད༔ དྲི་མཆོག་ཞལ་ཟས་འདོད་ཡོན་ཚོགས༔ འབུལ་ལོ་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཛམ་བྷ་ལ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་སརྦ་ས་མ་ཡ་ཧཱུྃ༔ ཞེས་མཆོད། ཧཱུྃ༔ མི་བསྐྱོད་ཡེ་ཤེས་རྡོ་རྗེ་སེམས་དཔའ་ནི༔ འགྲོ་བ་འདུལ་ཕྱིར་གནོད་སྦྱིན་དབང་པོའི་ཚུལ༔ ནམ་མཁའི་མདོག་ཅན་མ་སྐྱེས་ཆོས་སྐུའི་ངང༔ ལོངས་སྤྱོད་རྫོགས་མཛད་ཐོད་ཁྲག་ནེའུ་ལེ་བསྣམས༔ སྤྲུལ་པའི་ཐུགས་རྗེས་སེམས་ཅན་དབུལ་ཕོངས་སེལ༔ གཞན་དོན་ལ་བཞེངས་ཞབས་གཉིས་བརྐྱང་བསྐུམ་ཚུལ༔ སྒེག་ཅིང་གཞོན་དང་ཁྲོ་བོའི་ཉམས་ལྡན་པས༔ སྒྲུབ་པོའི་རེ་སྐོང་ཕྲིན་ལས་ལྷུན་གྱིས་གྲུབ༔ མགོན་པོ་ཛམ་བྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ནོར་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ འཛད་མེད་དབྱིག་གི་ཆར་ཆེན་འབེབ་པར་མཛོད༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སིདྡྷི་སིདྡྷི་ཀུ་ན་ཧཱུྃ་ཧཱུྃ༔ ཞེས་བསྟོད་ཅིང་གསོལ་བ་གདབ་པར་བྱའོ། །ཟངས་གཞོང་ན། སླར་ཡང་རང་གི་ལག་པ་གཡས་པར་པཾ་སོགས་ནས་བསྟོད་གསོལ་གྱི་བར་བསྐྱར། མཐར་ཐལ་མོ་སྦྱར་ཏེ། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་ན། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་ཀུན་དོན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ གཏོར་མགྲོན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པས་མཐུ་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ལྟར་བརྩོན་པའི་རྟགས་དང་ཕན་ཡོན་ཡང་གཞུང་ལས། དེ་ལྟ་བུ་བརྒྱ་སྟོང་ཁྲི་འབུམ་སོགས་གྲུབ་ན༔ རྨི་ལམ་དུ་ཆུ་བོ་རྒྱས་པ་དང༔ གཏེར་རྙེད་པ་དང༔ ལོ་ཏོག་དང་ནགས་ཚལ་ཕུན་སུམ་ཚོགས་པ་སོགས་ཀྱི་ལྟས་དང་བཅས་ཏེ་ནོར་འཕེལ་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་བྲག་རྟ་མགྲིན་མགུལ་ནས་སྤྱན་དྲངས་པའི་ཛམ་བྷ་ལ་ནག་པོ་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་ཟུར་དུ་ཕྱུང་སྟེ་བཀླགས་པས་གྲུབ་པར་བསྡེབས་པ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
རྟ་ནག་ལྕགས་རལ་ཅན་གྱི་སྒྲུབ་ཐབས་ (Volume 26, Text 45)
༄༅༔ རྟ་ནག་ལྕགས་རལ་ཅན་གྱི་སྒྲུབ་ཐབས་བཞུགས་སོ༔ ཆོས་དབང་གི་གཏེར་ཁའོ། ། ྈྈྈ སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ སྔོན་རྒྱ་གར་གྱི་ཡུལ་དུ༔ སློབ་དཔོན་པདྨ་འབྱུང་གནས་འགྲོ་དྲུག་སེམས་ཅན་རྣམས་ཀྱི་དོན་དུ་བྱོན་ནས༔ རྒྱ་གར་ཤེ་ལོ་གངས་ཀྱི་བྲག་ཕུག་ཏུ་དགོངས་པ་ཞག་གསུམ་མཛད་པས་ཐུགས་ལ་དགོངས་པ༔ ས་བདག་ཀླུ་གཉན་རྒྱལ་བསེན་འདི་རྣམས་འཕྲལ་འབྱུང་སླ༔ ཕུགས་གསོ་དཀའ༔ སྙིང་ངན་ལ་གདུག་པ་ཆེ་བས་མ་རུངས་པ་འདི་རྣམས་འདུལ་དགོངས་ནས༔ དགོངས་པ་བཏང་བས༔ སློབ་དཔོན་ཉིད་ཀྱི་ཐུགས་ལས་སྤྲུལ་པའི་སྒྲུབ་ཐབས་ཁྱད་པར་ཅན་གསུམ་མཛད༔ སློབ་དཔོན་རང་ཉིད་ཁྲོ་བོར་བཞེངས་པ་དང་བཞི་མཛད༔ དེ་ལ་སློབ་དཔོན་རང་ཉིད་རྡོ་རྗེ་འཆང་ཆེན་པོར་ཁྲོས་པའི་སྐུ་དྲག་སྒྲུབ་དང༔ འཕགས་པ་ཨཱ་ཡུརྫྙཱ་ན་ཚེའི་སྒྲུབ་ཐབས་སྐུ་མདོག་དཀར་པོ་དང་གཉིས༔ ཕྱག་ན་རྡོ་རྗེ་གསུང་གི་སྒྲུབ་ཐབས་སྐུ་མདོག་དམར་པོ་ལ་རིགས་བཞི་མཁའ་འགྲོས་བསྐོར་བ་དང་གསུམ༔ རྟ་མགྲིན་ནག་པོ་རྒྱལ་བསེན་འདུལ་བ་དྲག་པོ་ཕྲིན་ལས་ཀྱི་སྒྲུབ་ཐབས་དང་བཞིའོ༔ དེ་ལ་འདིར་ནི་རྟ་མགྲིན་ནག་པོ་ཕྲིན་ལས་ཀྱི་སྒྲུབ་ཐབས་ལགས་སོ༔ སློབ་དཔོན་པདྨ་ལྷོ་བྲག་ཏུ་བྱོན་ཙ་ན༔ ཤོག་དྲིལ་བཞི་བསྣམས་ནས་བྲག་ཁྲོ་བོ་རྟ་མགྲིན་གྱི་མགུལ་པར་གཏེར་དུ་སྦས༔ གཏེར་སྲུང་བཙན་གྱི་རྒྱལ་པོ་ཤྭ་བ་ཡཀྴ་མེ་དབལ་ནག་པོ་ལ་གཏད་ནས་བཞག་གོ༔ བྲག་རྟ་མགྲིན་གྱི་མགུལ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བ༔ སློབ་དཔོན་པདྨའི་ཐུགས་ཀྱི་སྲས༔ གུ་རུ་ཆོས་དབང་གིས་གཏེར་ནས་གདན་དྲངས་པ་ལགས་སོ༔ རིན་པོ་ཆེ་སྐལ་ལྡན་ཡབ་སྲས་ནས་རིམ་པར་བརྒྱུད་དེ༔ དེ་ཡན་ཆད་ནི་ཆོས་ལ་ཡིད་ཆེས་ཤིང་ཁུངས་བཙུན་པ་བརྒྱུད་པའི་ལོ་རྒྱུས་ཀྱི་ཚུལ་བསྟན་པའོ༔ ༈ བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ རྟ་མགྲིན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྟ་མགྲིན་ནག་པོའི་སྒྲུབ་ཐབས་འདི་ལ་དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ༔ ལྷ་བསྒོམ་པ་དང་གཅིག༔ སྔགས་བཟླ་བ་དང་གཉིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བ་ལ་སོགས་དང་གསུམ༔ སྲུང་བའི་འཁོར་ལོ་དང་བཞི༔ བུམ་ཆོག་དང་ལྔ༔ རྫས་ཀྱིས་བྱུག་བདུག་བྱ་བ་དང་དྲུག༔ རྒྱལ་བསེན་གདུག་པ་ཅན་འདུལ་བ་དང་བདུན༔ ཆར་དབབ་པ་དང་བརྒྱད༔ སེར་བ་སྲུང་བ་དང་དགུ༔ བསད་ཅིང་མནན་པ་དང་བཅུ༔ དྲག་པོའི་སྦྱིན་སྲེག་དང་བཅུ་གཅིག༔ ཆུང་སྲི་འདུལ་བ་དང་བཅུ་གཉིས༔ གཏོར་དབང་བྱ་བ་དང་བཅུ་གསུམ་མོ༔ དེ་ལ་དང་པོ་ལྷ་བསྒོམ་པ་ནི༔ སྲུང་བའི་འཁོར་ལོ་བསྒོམ་པ་ནི་སྲུང་བའི་དུས་སུ་ཁྲོ་བོ་རྣམས་སྐུ་མདོག་དཀར་པོར་བསྒོམ། གཡས་བུམ་པ་གཡོན་འཁོར་ལོའོ། །བཟློག་པ་དང་བསད་པའི་དུས་སུ་ནག་པོ། ཞལ་ཕྱིར་བསྒྱུར་ནས་མཚོན་ཆ་བསྣམས་པ། དྲག་པོ་སྟོང་ལྡན་གྱི་འཁོར་ལོའོ། །མཆན།་་་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་ཅི་ཡང་མི་དམིགས༔ ཅིར་ཡང་མི་རྟོག་པ་བདེ་སྟོང་གསལ་ལ་རང་བཞིན་མེད་པ་ཕྱག་རྒྱ་ཆེན་པོའི་ངང་ལ་ཡུན་ཅི་རིང་དུ་ལྷན་ནེར་བཞག་གོ༔ ཡང་ངག་ཏུ་དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་བརྗོད་པས། སྟོང་པ་ཉིད་བདེ་གསལ་ཆོས་ཉིད་ཀྱི་ཆོས་འདི་མ་རྟོགས་པའི་སེམས་ཅན༔ སྡང་དགྲ་གནོད་བྱེད་དྲེགས་པ་ཅན་འདི་རྣམས་སྙིང་རེ་རྗེ༔ འདི་རྣམས་ཀྱི་དོན་ལ༔ དཔལ་རྟ་མགྲིན་ནག་པོ་ཆེན་པོ་འདི་བསྒྲུབ་པར་བྱའོ་སྙམ་དུ་བསམ༔ དེ་ནས་ངག་ཏུ༔ ཨེ་ཛྙཱ་ན་བྷནྡྷ་ཙཀྲ་མཎྜ་ལ་བྷྲཱུྃ༔ ཞེས་བརྗོད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི༔ ཀེང་རུས་གསར་རྙིང་གི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཆེན་པོ་ཞིག་བསྒོམ༔ དེའི་ནང་དུ་ཨེ་ལས་ནམ་མཁའ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ་ཞིག་བསྒོམ༔ དེའི་ནང་དུ་ཀླུ་འབུམ་གཉན་ཁྲི༔ ས་བདག་སྟོང༔ ཕྱོགས་སྐྱོང་བཅུ༔ རྒྱལ་ཆེན་བཞི༔ གཞན་ཡང་དྲེགས་པ་བཅོ་བརྒྱད༔ རྒྱལ་བསེན་ཕོ་མོ་རྣམས་ཕྱོགས་རྣམས་སུ་གན་རྐྱལ་དུ་བསྒྱེལ་པའི་སྟེང་དུ༔ དྲི་ཟ་ཀླུ་གཤིན་རྗེ་གནོད་སྦྱིན་དང་བཞིའི་ཐོད་པའི་མཁར་བྱས་པ༔ ལྷ་ཆེན་པོ་བཞིའི་ཐོད་པས་མཁར་གྱི་ཡ་ཐོད་བྱས་པ༔ ཕྱོགས་བཞིར་རལ་པ་ནག་པོ་སི་ལེར་འཕྱང་བ༔ དེ་ལྟ་བུའི་གཞལ་ཡས་ཁང་རྒྱ་ཆེ་ལ་འཕང་མཐོ་བ་འཇིགས་སུ་རུང་བའི་དབུས་སུ༔ སྣ་ཚོགས་པདྨ་དང་ཉི་ཟླའི་གདན༔ དེའི་ཐོག་ཏུ་གནོད་བྱེད་དྲེགས་པ་ཅན་གྱི་སྟེང་དུ༔ རང་གི་རིག་པའི་ངོ་བོ་ཧཱུྃ་དམར་ནག་གམ༔ ཧྲཱིཿའབར་བ་འཁྲུགས་པ་ལ་ཉི་ཟེར་ལྟ་བུའམ༔ སྐར་ཆེན་ནམ༔ གནམ་ལྕགས་ལྟ་བུའི་ཚྭ་ཚྭ་ཁོལ་བ་ཤིན་ཏུ་འཇིགས་སུ་རུང་བ་ཞིག་བསམ༔ དེ་ལས་འོད་ཟེར་ཕར་འཕྲོས་པས་འོག་མིན་གྱི་གནས་ནས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ ཡེ་ཤེས་ཀྱི་ཁྲོ་བོ་དང་ཁྲོ་མོ༔ དཔལ་རྟ་མགྲིན་གྱི་ལྷ་ཚོགས་ལ་ཕོག་པས༔ དེ་རྣམས་ཀྱི་མཐུ་སྟོབས་དང་རྫུ་འཕྲུལ་ཐམས་ཅད་དུས་གཅིག་ཏུ་འུབ་ཀྱིས་ཚུར་འདུས་པས༔ གོང་གི་ཧཱུྃ་ངམ་ཧྲཱིཿལ་ཕོག༔ དེ་འོད་དུ་ཞུ་བ་ལས༔ བདག་ཉིད་དཔལ་རྟ་མགྲིན་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས༔ སྐུ་མདོག་མཐིང་ནག་རྔམ་པའི་ཞལ་ལ་གཏུམ་པའི་སྐུ༔ དེ་ལ་དར་ནག་འཇོལ་བེར་གསོལ་བ༔ དེའི་སྟེང་དུ་མི་ལྤགས་ཀྱི་གཡང་གཞི་རློན་པ་དང༔ གླང་ཆེན་གྱི་ཀོ་རློན་གྱིས་སྟོད་གཡོགས་བྱས་པ༔ སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པས་བསྒྲད་པ༔ སྐུ་ཡི་ཡན་ལག་བཞི་ལ་ཀླུ་རིགས་བཞིས་བརྒྱན་པ༔ དབུ་ལ་ཐོད་སྐམ་ལྔའི་སྟེང་དུ་རིགས་ལྔའི་ཧེ་རུ་ཀ་ལྔ་ཁྲོས་པའི་ཚུལ་གྱིས་བཞུགས་པ༔ ཐོད་རློན་གྱིས་དོ་ཤལ་བྱས་པ༔ སྨིན་མཚམས་སུ་ཐལ་ཆེན་ཚོམ་བུ་བྱས་པ༔ ཞལ་ལ་རཀྟའི་ཐིག་ལེ་བྱས་པ༔ ཐུགས་ཀར་ཞག་གི་ཟོ་རིས་བྱས་པ༔ བ་སྤུའི་གསེབ་ནས་ཡེ་ཤེས་ཀྱི་མེ་དཔུང་འབར་བ༔ ཐོག་དང་སེར་བ་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོ་བ༔ སྐུ་ལས་བསྐལ་པའི་མེ་དཔུང་འབར་བ༔ གནོད་བྱེད་རྒྱལ་བསེན་ས་བདག་ཀླུ་གཉན་ཐམས་ཅད་སྲེག་པ༔ དབུ་ལ་གནམ་ལྕགས་ཀྱི་རལ་པ་བསིགས་པ༔ རལ་པའི་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་གྲངས་མེད་པ་འཕྲོས་པས༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློག་པ༔ ཕྱག་གཡས་རལ་གྲི་ཕྱར་བའི་རྩེ་ལ་མེ་ཡི་ཚྭ་ཚྭ་འཕྲོ་བ༔ གཡོན་པས་ལྕགས་ཀྱུ་ཐུགས་ཀར་བསྣམས་ནས་སྡིགས་མཛུབ་བསྒྲེངས་པའི་རྩེ་ལ་གནམ་ལྕགས་ཀྱི་སྡིག་པ་ནག་པོ་སྤྱང་ཐང་ཙམ་གྱིས་གདུག་པའི་ངར་སྐད་འདོན་པ༔ གདངས་པའི་ཞལ་ནས་རྣོ་བའི་མཆེ་བ་གཙིགས་པ༔ ཨེ་ཨཱ་རལླི་ཧྲིང་ཧྲིང་ཕེཾ་ཕེཾ་ཧ་ཧ་ཧི་ཧིའི་སྒྲ་སྒྲོག་པ༔ ཞལ་གྱི་སྨ་ར་སེར་པོ་མེ་ལྟར་འབར་བ༔ ཤངས་ནས་བསྐལ་པའི་རླུང་ནག་འབུད་པ༔ ཞལ་ནས་ཁྲག་མཚོའི་ཚྭ་ཚྭ་འཕྲོ་བ༔ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་པ༔ མེ་སྟག་ཚྭ་ཚྭ་འཕྲོ་བ༔ ལྕགས་ཀྱི་རལ་པ་ཁམ་ནག་གྱེན་ལ་འབར་བ༔ ཐོད་པ་སྐམ་རློན་རྙིད་གསུམ་གྱིས་དབུ་བརྒྱན་པའི་སྟེང་དུ༔ འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་རྣམས་བཞུགས་པ༔ དབུ་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བ༔ རྔོག་མ་ལེ་བརྒན་བསྐལ་པའི་མེ་ལྟར་འབར་བ༔ མེའི་བྱ་ཁྱུང་དམར་པོ་སྤྱི་གཙུག་ཏུ་བཞུགས་པ༔ གཤོག་པའི་ཐེའུ་ཕྲན་ཐམས་ཅད་མེ་དཔུང་དུ་འདུག་པ༔ རྭ་དང་མཆུ་སྡེར་ཐམས་ཅད་གནམ་ལྕགས་སུ་འདུག་པ༔ ཀླུ་རྒྱལ་རིགས་ཐམས་ཅད་ཟས་སུ་ཟ་བ༔ ཀླུ་འབུམ་གདན་དུ་བཏིང་བ༔ ཁྱུང་སྐད་ནམ་མཁར་འཚེར་བ་ཞིག་ཏུ་བསྒོམ༔ བདག་གི་གཡས་ཀྱི་ཕྱོགས་སུ་གྲུ་གསུམ་དམར་ནག་ཡངས་ཤིང་འཇིགས་སུ་རུང་བའི་ནང་དུ༔ རྒྱལ་བསེན་ཕོ་མོ་ས་བདག་ཀླུ་འབུམ་བསྣོལ་བའི་གདན་སྟེང་དུ༔ ཁྲོ་བོ་ཡཀྴ་མེ་དབལ་སྐུ་མདོག་དམར་པོ་མེ་ཡི་རལ་པ་ཅན༔ གཡས་མེའི་ཞགས་པ༔ གཡོན་ཐོ་བ་བསྣམས་པར་བསྒོམ༔ ཞབས་གཉིས་གཡས་བསྐུམ་གཡོན་བསྒྲད་པ༔ སྐུ་ལས་རང་འདྲའི་ཁྲོ་ཚོགས་མང་པོ་འཕྲོ་བ༔ གནོད་བྱེད་ཐམས་ཅད་བརླག་ཅིང་ཟ་བར་བསྒོམ༔ ཤིན་ཏུ་འཇིགས་སུ་རུང་བ་ཞིག་བསྒོམ༔ བདག་གི་གཡོན་ཕྱོགས་སུ་གྲུ་གསུམ་མཐིང་ནག་འབར་བའི་ནང༔ དགྲ་བགེགས་གནོད་བྱེད་བསྣོལ་བའི་གདན་སྟེང་དུ༔ གནོད་སྦྱིན་ནག་པོ་ལྕགས་ཀྱི་རལ་པ་ཅན༔ སྐུ་མདོག་མཐིང་ནག་མོན་པའི་གཟུགས་སུ་འདུག་པ༔ གཡས་པ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡོན་ན་མེའི་ལྕགས་ཀྱུ་བསྣམས་པ༔ ཞབས་གཉིས་བསྒྲད་པ༔ གཡས་ན་སྤྲུལ་པའི་མོན་པ་བདུན་རྒྱུག་པ༔ གཡོན་ན་ཤན་པ་ནག་པོ་བདུན་རྒྱུག་པ༔ འཁོར་དུ་གནོད་སྦྱིན་ལས་མཁན་བྱེ་བ་ས་ཡས་བསྐོར་བ་ཞིག་ཏུ་བསྐྱེད༔ དགྲ་བགེགས་གནོད་བྱེད་ཐམས་ཅད་བརླགས་ནས་ཟ་བར་བསྒོམ༔ བདག་གི་མདུན་ན་རྐང་བོལ་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་འབྲོང་ཆེན་པོ་ཁྲོས་པ་ལྟ་བུ་འཇིགས་སུ་རུང་བ༔ བ་སྤུ་ལ་སྡིག་པ་བྱེ་བ་འཕྲོ་བ༔ ལུས་ལ་མེ་དཔུང་འབར་བ༔ རྐང་ལག་གིས་གནམ་ས་གང་བ༔ ཁ་དགུ་མིག་དགུ་བསྒྲད་པ༔ གནོད་བྱེད་རྒྱལ་བསེན་ཐམས་ཅད་བརྒྱལ་བར་བྱེད་པ༔ སྙིང་ཁྲག་འཇིབས་ཤིང་རྩ་རྒྱུས་གཅོད་པ་ཞིག་བསྒོམ༔ དེའི་མདུན་དུ་ཕར་ཐད་ཙམ་དུ་ལྕགས་ཀྱི་མི་རེངས་བསྐྱེད་པ་ཡིན༔ སྐུའི་གཡས་སུ་ལྕགས་ཀྱི་མི་རེངས་ནག་པོ་གཡས་དགྲ་སཏྭས་དགྲ་བོའི་ལུས་སྲོག་གཅོད་པ༔ གཡོན་སྦྲུལ་ཞགས་བསྣམས་ནས་དགྲ་བགེགས་ཐམས་ཅད་བཅིང་བར་བསྒོམ༔ སྐུའི་གཡོན་དུ་ལྕགས་ཀྱི་མི་རེངས་ནག་པོ་ཕྱག་གཡས་རལ་གྲིའི་འཁོར་ལོ་བསྣམས་པས་གནོད་བྱེད་ཐམས་ཅད་དུམ་བུར་གཏུབ་པ༔ གཡོན་པ་ཐོད་པ་གཏོར་མས་བཀང་བ་གཙོ་བོ་ལ་སྟོབ་པ་ཞིག་ཏུ་བསྒོམ༔ སྔོན་རྒྱབ་གཉིས་ན་ཟངས་ཀྱི་མི་རེངས་དམར་པོ་གཉིས་གཡས་ན་ལྕགས་ཀྱི་བེར་ཀ་བསྣམས་པས་དགྲ་བགེགས་ཐམས་ཅད་བརྡུང་བར་བསམ༔ གཡོན་ན་ཙིཏྟ་དམར་པོ་བསྣམས་པ་གཙོ་བོ་ལ་སྟོབ་པར་བསྒོམ༔ དེ་ཐམས་ཅད་ཀྱང་གཏུམ་ལ་འཇིགས་པ༔ མཐོང་ཚད་འཛིན་པ༔ ཟིན་ཚད་གསོད་ཅིང་ཟ་བར་བསྒོམ༔ སྟོང་གསུམ་སྲིད་གསུམ་དེ་འདྲས་མེར་གྱིས་གང་བར་བསྒོམ༔ ཞལ་ནས་དྲག་སྔགས་སི་ལི་ལི་བཟླ་བར་བསྒོམ༔ དེས་གསོད་པའི་དུས་སུ་རང་ཉིད་རྟ་མགྲིན་དུ་བསྒོམ༔ ཐུགས་ཀར་ཡཀྴ་མེ་དབལ༔ གནོད་སྦྱིན་ལྕགས་རལ༔ ལྕགས་ཀྱི་མི་རེངས༔ ཟངས་ཀྱི་མི་རེངས་རྣམས་ཀྱིས་གསོད་གཅོད་བྱེད་པར་བསྒོམ༔ རང་ཉིད་རྟ་མགྲིན་དུ་བསྒོམ་པའི་ལག་གི་ཕུར་པ་དེ། སྐུ་སྟོད་ཁྲོ་བོ་གནོད་སྦྱིན་ལྕགས་རལ་ཅན་སྐུ་སྨད་ཕུར་བུའི་གཟུགས་སུ་འདུག་པ། ལིངྒ་ལ་ཕུར་བུ་བཏབ་པའི་དུས་སུ། དགྲ་བགེགས་གནོད་བྱེད་བསྒྲལ་བར་བསམ། ལྕགས་ཀྱི་སྤྱང་ཀིས་དགྲ་བགེགས་གནོད་བྱེད་ཀྱི་ཤ་ཟོས་པར་བསམ། ཟངས་ཀྱི་འཕར་བས་ཁྲག་འཐུང་བར་བསྒོམ། སྤྲུལ་པའི་ཁྲོ་ཚོགས་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཟོས་ཁྲག་འཐུང་དངོས་མེད་དུ་བཏང་བར་བསམ། ཐུན་གྱིས་བྲབ་པའི་དུས་སུ་ནད་ཀྱི་ཆར་སྔོ་དམར་དང་། མཚོན་གྱི་ཆར་པས་དགྲ་བགེགས་བརླག་པར་བསམ་མོ། །ཕྱག་གི་ཕུར་བུ་དེ་སྐུ་སྟོད་གནོད་སྦྱིན་ལྕགས་རལ་ཅན༔ སྐུ་སྨད་ཕུར་བུས་དགྲ་བགེགས་ཐམས་ཅད་གཟིར་ཅིང་བསྒྲལ་བར་བསྒོམ༔ སྤྲུལ་པའི་ཕྱག་ཆས་བཅད་གཏུབས་ཟ་འཐུང་བྱེད་པ་དེ༔ ཁྲོ་བོ་ཞི་སྒྲུབ་དང་འདྲའོ༔ མདུན་དུ་ལྕགས་ཀྱི་མི་རེངས་ནག་པོ་རལ་པ་ནག་པོ་རྐེད་པར་སླེབས་པ༔ རལ་པའི་གསེབ་ནས་མཚོན་ཆ་སྣ་ཚོགས་འཕྲོ་བ༔ གཡས་ཟིལ་གནོན་གྱི་ཕྱག་རྒྱ་མཛད་པ༔ སྤྲུལ་པའི་བྱ་ཁྱུང་ཕོ་ཉར་འགྱེད་པ༔ གཡོན་སྦྲུལ་ཞགས་བསྣམས་པ༔ དགྲ་བགེགས་དྲུ་གུར་འཆིང་བ༔ སྐུ་རྐེད་སྤུ་གྲིའི་འཁོར་ལོ་བསྐོར་བས་དགྲ་བགེགས་དུམ་བུར་གཏུབ་པ༔ ལྕགས་སྤྱང་ཕོ་མོ་ལ་འཆིབ་པར་བསྒོམ༔ ལྷ་ཚོགས་དེ་རྣམས་ཀྱང་འཇིགས་སུ་རུང་བ༔ དཔའ་བ༔ གཏུམ་པ༔ རྔམས་ལ་ཁྲོ་བ༔ སྒེག་པ་དགོད་པ༔ འབར་བ་གཤེ་བ༔ གར་གྱི་ཉམས་དགུ་དང་ལྡན་པ༔ ཤིན་ཏུ་དྲག་པོའི་ཚུལ་གྱིས༔ སྟོང་གསུམ་གྱི་སྟོང་ཆེན་པོ་གང་བར་བསྒོམ་མོ༔ དེའི་རྒྱབ་ཏུ་ཡེ་ཤེས་ཀྱི་ཁྲོ་བཅུ་སྲུང་བའི་དུས་སུ་སྐུ་མདོག་དཀར་པོ༔ གཡས་འཁོར་ལོ་གཡོན་བུམ་པ་བསྣམས་པར་བསྐྱེད་དོ༔ ཟློག་པ་དང་བསད་པའི་དུས་སུ་ཐམས་ཅད་མཐིང་ནག་ཞལ་གཅིག་ཕྱག་གཉིས༔ མཚོན་ཆ་སྣ་ཚོགས་བསྣམས་ནས་ཞལ་ཕྱིར་བསྒྱུར་བས་བསྐོར་བར་བསྒོམ༔ དེའི་ཕྱི་རོལ་དུ་སྲུང་བའི་གུར་ཁང་བསྒོམ་པ་ནི༔ གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ རྣོ་བའི་ངར་དང་ལྡན་པ༔ གཡས་སུ་འཁོར་བས་དྲེགས་བྱེད་ཕོ་རྒྱུད་རྩད་ནས་གཅོད་པ༔ གཡོན་དུ་འཁོར་བས་མོ་རྒྱུད་རྩད་ནས་གཅོད་པ༔ དགྲ་བགེགས་གནོད་བྱེད་ཐམས་ཅད་དམར་མྱལ་མྱལ་བཏང་བར་བསྒོམ་མོ༔ དེའི་རྒྱབ་ཏུ་གནམ་ལྕགས་རྡོ་རྗེའི་གུར་ཁང་སྲ་བ༔ མཐུག་པ༔ བརྟན་པ༔ མི་ཆོད་པ༔ མི་ཤིགས་པ༔ སྲིད་པའི་རླུང་ཡང་མི་ཐར་བར་བསྒོམ༔ དེའི་རྒྱབ་ཏུ་མཚོན་ཆ་སྣ་ཚོགས་ཀྱི་གུར་ཁང་སོ་ཕྱི་ལ་བསྟན་པ༔ གང་ལ་བྱ་བ་ཚལ་པ་དུམ་བུར་བཏང་བར་བསམ་མོ༔ དེའི་རྒྱབ་ཏུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་དམར་ནག་འུ་རུ་རུ་འབར་བས༔ སྡང་དགྲ་གནོད་བྱེད་བྱད་མ་རྦོད་གཏོང་ཐམས་ཅད་ཐལ་བ་རྡུལ་དུ་བརླགས་པས༔ གཞོབ་རག་རག་བསྲེགས་པར་བསམ༔ དེ་ནི་སྲུང་བའི་གུར་ཁང་ངོ༔ དེ་ནས་དབང་བསྐུར་བ་ནི༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བརྗོད་པས་བདག་ལ་ཡེ་ཤེས་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་བར་བསམ་མོ༔ དུག་ལྔ་དག་ནས་ཡེ་ཤེས་ལྔའི་དབང་དང༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ༔ དེ་ནས་བདག་ཉིད་སྔར་བས་ཀྱང་ཡན་ལག་རགས་པ༔ ལྷ་ཚོགས་འདི་རྣམས་འོད་དང་འོད་ཟེར་གྱི་ཕུང་པོ་དང་ལྡན་པ༔ ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་དབང་ཐོབ་པར་བསམ་མོ༔ དེ་ནི་བདག་ཉིད་ལྷ་བསྒོམ་པ་དང༔ བསྐྱེད་པའི་རིམ་པ་དང་གཞལ་ཡས་ཁང་གི་རིམ་པའོ༔ ྈྈྈྈ དེ་ནས་གཉིས་པ་སྔགས་ཀྱིས་སྲུང་བ་ལྷ་བསྙེན་ཅིང་སྒྲུབ་པ་ནི༔ ཐོག་མར་ངག་ཏུ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཅེས་བརྗོད་པས༔ བདག་ཉིད་གོང་ལྟར་དཔལ་ཆེན་པོ་རྟ་མགྲིན་ནག་པོ་གཞུང་ལྟར་བསྒོམས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཡི་གེ་འཁོར་ལོའི་དབུས་སུ་བདག་ཉིད་རྟ་མགྲིན་བསྒོམ༔ ཐུགས་ཀར་ཧྲཱིཿདམར་པོ་ལ་བསྲུང་བྱ་བསྒོམ༔ མདུན་དུ་ཉི་ཟླ་ཁ་སྦྱོར་གྱི་ནང་དུ་བསྒོམ་པ་གཅེས༔ ཧྲཱིཿདམར་ནག་འོད་འབར་ཞིང་འཁྲུགས་པ་ལས༔ རྩ་བའི་སྔགས་འབྲུ་བཅུ་པོ་དམར་ཁྲ་ལེར་བསྐོར་བ་འོད་ཟེར་དམར་ནག་ཉི་ཟེར་ཚྭ་ཚྭ་ལྟ་བུ་ཕར་འཕྲོས་པས༔ འགྲོ་དྲུག་གི་སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས༔ སངས་རྒྱས་ཀྱི་ས་ལ་བཀོད༔ ཡར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ལ་ཕོག༔ སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ༔ ཁྲོ་བོ་རྟ་མགྲིན་ལ་སོགས་ཁྲག་འཐུང་ཧེ་རུ་ཀ་རྣམས་ལ་ཕོག༔ མཐུ་སྟོབས་རྫུ་འཕྲུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་དང༔ དངོས་གྲུབ་ཀྱི་བཅུད་ཐམས་ཅད་དུས་གཅིག་ལ་གློག་འགྱུ་བ་ལྟར་བྱུང་སྟེ་བདག་ལ་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བཤང་གཅིའི་ལམ་དུ་བུད་ནས་དག༔ ལུས་ཀྱི་ནང་ཐམས་ཅད་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱིས་མེར་མེར་སྐྱིལ་སྐྱིལ་ལྟེམ་ལྟེམ་གང་བར་བསམ༔ བར་བར་དུ་ཁྲོ་ཆུང་གི་འདུ་འཕྲོ་དང་འོད་ཟེར་ཕར་འཕྲོས་ཚུར་འདུས་སྤྲོ་བསྡུ་རྒྱུན་མ་ཆད་པ་རླུང་གི་རྟ་ལ་བསྐྱོན་པར་བྱའོ༔ དེ་ནས་ནམ་འཇོག་པའི་དུས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་རང་བཞིན་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་འོད་ཟེར་དམར་པོའི་རང་བཞིན་དུ་གྱུར་ནས༔ བདག་གི་གཞལ་ཡས་ཁང་ལ་ཐིམ༔ ལྷ་རྣམས་བདག་གཙོ་བོ་ལ་ཐིམ༔ གཙོ་བོ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ༔ སྔགས་ཕྲེང་ཧྲཱིཿལ་ཐིམ༔ ཧྲཱིཿཡང་ར་བཏགས་ནས་ཧ་ལ་ཐིམ༔ ཧ་གི་གུ་ལ་ཐིམ༔ གི་གུ་རིམ་གྱིས་ཡལ་ཏེ༔ བདེ་ཆེན་མི་རྟོག་སྟོང་གསལ་སེང་ངེ༔ ཤིག་གེ༔ འབོལ་ལེ༔ རང་གསལ་འཛིན་མེད་མ་བཅོས་པ༔ འདས་པའི་རྗེས་མི་གཅོད༔ མ་འོངས་པའི་སྔོན་མི་བསུ༔ ད་ལྟར་བ་ཡིད་ལ་མི་བྱེད༔ བཟང་ངན་མི་དགག་མི་སྒྲུབ་ཚོགས་དྲུག་གི་སྣང་བ་ཐམས་ཅད་ནམ་མཁའ་སྟོང་པ་ལྟར༔ གསལ་སྟོང་འཛིན་མེད༔ རྫོགས་པ་ཆེན་པོའི་ངང་ལ་ཡུན་རིང་བར་བཞག༔ རྗེས་དགེ་བའི་རྩ་བ་བསྔོའོ༔ དེ་ནི་རྩ་བའི་བསྙེན་པའོ༔ རབ་ཞལ་མཐོང༔ འབྲིང་གསུང་ཐོས༔ ཐ་མའང་མེ་ཏོག་དམར་པོའི་གླིང་དུ་ཕྱིན་པ་དང༔ འཐུ་བ་དང༔ གོས་དམར་པོ་གྱོན་པ་དང༔ བུད་མེད་ཀྱིས་ཟས་མང་པོ་སྟེར་བ་དང༔ ལུང་སྟོན་པ་དང༔ ཉི་མ་ཤར་བ་དང༔ གཞན་ཡང་རྨི་ལམ་བཟང་པོ་སྣ་ཚོགས་འབྱུང་ངོ༔ གདོན་ཐུབ་པའི་རྟགས་དང༔ སྟོད་སྐྱུག་པ་དང༔ སྨད་བཤལ་བ་དང༔ བཙུན་བ་བུད་མེད་སྤྲེའུ་བརྡུངས་པ་དང༔ ལྷ་ཁང་མཆོད་རྟེན་བསྲེགས་པ་དང༔ རང་ལུས་ལ་མེ་འབར་བས་ཐམས་ཅད་བསྲེགས་པ་རྨིའོ༔ དེ་ལྟར་ཡང་དང་ཡང་དུ་དེ་མ་བྱུང་བར་བསྒྲུབ་བོ༔ དེ་ལྟར་གོང་དུ་རྟགས་བྱུང་ནས་ཤམ་བུ་བཏགས་པ་ནི༔ བདག་ཉིད་གོང་ལྟར་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཆུང་མཚོན་ཆ་སྣ་ཚོགས་ཐོགས་པས་ནད་དུག་གི་རླངས་པ་སྤུ་གྲི་ལྟ་བུས༔ གནོད་བྱེད་གང་ཡིན་ཚལ་པ་དུམ་བུར་ཕྱེ་མར་བྱས་ནས༔ ལས་མཁན་རྣམས་ཀྱིས་དགྲ་བགེགས་གནོད་བྱེད་ཀྱི་ཤ་ཟོས་ཁྲག་འཐུང༔ རུས་པ་འཆོས་ནས་ཐལ་བའི་རྡུལ་དུ་བརླགས་པར་བསམ་མོ༔ རྩ་བའི་སྔགས་ལ་འདི་སྦྲེལ༔ ཡཀྴ་ནག་པོས་གནོད་བྱེད་ཕོ་མོའི་སྲོག་རྩ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ སྙིང་རྩ་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཡིད་ལ་རྦད་རྦད༔ ཡཀྴ་ཀཱ་ལ་ཆེན་པོས་ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཙིཏྟ་ཟུང་ཟུང༔ ཙིཏྟ་ཤིག་ཤིག༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་ཐུཾ༔ རིལ་རིལ་རྦད་རྦད༔ ཡ་ཡ་བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ གཏུབས་གཏུབས་ཁཾ་ཁཾ༔ རྦད་རྦད༔ དུམ་བུར་རྦུད་རྦུད༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦད་སོད༔ མྱོག་བཾ་རིལ་མཱ་ར་ཡ་རྦད་རྦད༔ དེ་ནི་སྔགས་ཀྱི་རིམ་པའོ། དེ་ལྟར་རྫས་དང་སྔགས་དང་ཏིང་འཛིན་གསུམ་བྱས་པས༔ རྟགས་ནི་ལུས་ལ་ན་ཚ་སྣ་ཚོགས་འབྱུང་ངོ༔ དེའི་དུས་སུ་སྔགས་ལ་བརྩོན་འགྲུས་དྲག་པོ་བསྐྱེད་ནས་བཟླའོ༔ དེས་སྦལ་སྦྲུལ་ལ་སོགས་་་ཁྱི་ཕག་བྱ་སྤྲེལ་བྱི་ལ༔ སེམས་ཅན་གདུག་པས་སོ་འདེབས་པའི་དུས་སྔགས་ལ༔ གོང་ལྟར་ཐུབ་རྟགས་མ་བྱུང་བར་བཟླའོ༔ བར་བར་དུ་བྱམས་སྙིང་རྗེ་དྲག་པོ་གདིང་ནས་བསྐྱེད་དོ༔ གདོན་དང་གདོན་ས་གནོད་བྱེད་གསུམ་རྣམས་སྟོང་པར་བརྟགས་ལ༔ ཅི་ཡང་མི་དམིགས་པའི་ངང་ལ་བཞག་གོ༔ དེ་ལྟར་བྱས་པས་རང་གི་ལུས་ལ་ན་ཚ་གང་གིས་ཀྱང་མི་ཚུགས་སོ༔ དཔེར་ན་རྡོ་ཚན་ལ་ཁ་བ་བབས་པ་དང་འདྲའོ༔ ལྕགས་བསྲེགས་ལ་སྦྲང་བུ་བབས་པ་དང་འདྲའོ༔ ཕྱིས་ཀྱང་ཟློག་མི་སྲིད་དོ༔ འདི་ཤིན་ཏུ་ཟབ་ལ་གཉན་ཞིང་སྡིག་ཆེ་བས་གསང་ངོ༔ དམ་མེད་ལ་མ་སྤེལ་ཅིག༔ གལ་ཏེ་རེ་རེ་ལ་སྤེལ་ན་ཡང་བཀའ་རྒྱ་དམ་པར་བྱའོ༔ དབང་བསྐུར་བྱས་ལ་གསང་བར་དམ་བཅའ་འོ༔ དེ་ལྟར་བྱས་པས་ཕྲིན་ལས་རྣམས་ལྷུན་གྱིས་གྲུབ་པས༔ དགྲ་བགེགས་རྣམ་གཉིས་དུས་གཅིག་ཏུ་བསྒྲལ་ནས༔ ཕྱི་མར་པདྨ་དབང་གི་ས་ཐོབ་ནས༔ པདྨ་འོད་ཀྱི་གཞལ་ཡས་སུ་སངས་རྒྱས་པར་འགྱུར་རོ༔ རྒྱ་རྒྱ་རྒྱ༔ ྈྈྈ དེ་ནས་དམ་ཚིག་སེམས་དཔའི་བསྐྱེད་རིམ་གསལ་བར་བསྒོམ༔ གསུམ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི་འདི་སྐད་དོ། །ཧྲཱི༔ སྟོང་ཉིད་དབང་དྲག་ཆོས་དབྱིངས་དཀྱིལ་འཁོར་ནས༔ ཀེང་རུས་གསར་རྙིང་གཅལ་བཀྲམ་དུར་ཁྲོད་ནས༔ དྲག་པོ་ཨེ་ཡི་གཞལ་ཡས་ཆེན་པོའི་ནང༔ ཀླུ་འབུམ་གཉན་ཁྲི་ས་བདག་བྱེ་བ་སྟོང༔ རྒྱལ་ཆེན་སྡེ་བཞི་ལྷ་ཆེན་ཀླུ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་དང་གཟའ་དང་རྒྱུ་སྐར་དང༔ དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་ཐོད་པའི་མཁར༔ སྣ་ཚོགས་པདྨ་ཐབས་ཤེས་ཉི་ཟླའི་ཁྲི༔ གནོད་བྱེད་ཕོ་མོ་དྲེགས་བྱེད་བཅོ་བརྒྱད་སྟེང༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཡེ་ཤེས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ གཏུམ་ཆེན་རབ་འབར་ཧ་ཡ་གྲཱི་ཝའི་སྐུ༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ལྷ་སྲིན་སྡེ་བརྒྱད་གདུག་པ་འདུལ་བའི་ཕྱིར༔ རྟ་གདོང་ཞལ་གྱི་ཕྱག་རྒྱས་སྤྱན་འདྲེན་ན༔ ཕྲིན་ལས་མྱུར་མགྱོགས་གར་ཡང་ཐོགས་པ་མེད༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ ཆོས་དབྱིངས་དབང་དྲག་རབ་འཇིགས་ཕོ་བྲང་ནས༔ དཔལ་ཆེན་རྟ་མགྲིན་ནག་པོ་གཤེགས་སུ་གསོལ༔ སྤྱི་གཙུག་ནམ་མཁའ་ཡངས་པའི་ད་ལ་ནས༔ དཔལ་ཆེན་གསུང་སྤྲུལ་ཁྱུང་ཆེན་ག་རུ་ཌ༔ རིགས་ལྔ་སྤྲུལ་པའི་བྱ་ཁྱུང་འཁོར་དང་བཅས༔ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་ནས༔ དབང་ཆེན་སྐུ་སྤྲུལ་ཡཀྴ་མེ་དབལ་སྐུ༔ སྤྲུལ་པའི་ཁྲོ་ཚོགས་བྱེ་བ་འཁོར་དང་བཅས༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ནས༔ རྟ་མཆོག་ཐུགས་སྤྲུལ་གནོད་སྦྱིན་ལྕགས་རལ་ཅན༔ གནོད་སྦྱིན་མོན་པ་ཤན་པ་འཁོར་དང་བཅས༔ གནོད་བྱེད་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ འཇིགས་པའི་གཟུགས་སྤྲུལ་སྡིག་པ་གཤེགས་སུ་གསོལ༔ དཔལ་ཆེན་རྟ་མགྲིན་ནག་པོའི་ལྷ་ཚོགས་རྣམས༔ སྟོང་གསུམ་དྲེགས་བྱེད་འདུལ་ཕྱིར་གཤེགས་སུ་གསོལ༔ སྲོག་བདག་རྒྱལ་འགོང་འདུལ་ཕྱིར་གཤེགས་སུ་གསོལ༔ འཇིག་རྟེན་ལྷ་འདྲེ་འདུལ་ཕྱིར་གཤེགས་སུ་གསོལ༔ གནོད་བྱེད་རྒྱལ་བསེན་འདུལ་ཕྱིར་གཤེགས་སུ་གསོལ༔ ཐམས་ཅད་མ་ལུས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོ༔ ཨེ་ཨཱ་རལླི་ཧྲིང་ཧྲིང་ས་མ་ཡ་ཛ་ཛ༔ ཅེས་བརྗོད་པས་དཔལ་རྟ་མགྲིན་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས། སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ནས། བདག་ཉིད་ཀྱིས་ཕྲིན་ལས་གང་བཅོལ་མཛད་པའི་ཕྱིར། སྐད་ཅིག་ཙམ་ལ་མདུན་གྱི་ནམ་མཁར་བྱ་ཁྱུ་ཐང་ལ་བབས་པ་ལྟར། དབང་དྲག་གི་ལས་ལ་ཐིབ་ཐིབ་ཤར་ཤར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་བྱོན་པར་བསམ་མོ། །དེ་ནས་བཞུགས་སུ་གསོལ་བ་ནི། ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དུར་ཁྲོད་རབ་འཇིགས་འབར་བའི་ཕོ་བྲང་དབུས༔ དྲེགས་ཆེན་མ་ཏྲཾ་བསྒྲལ་པའི་གདན་སྟེང་ན༔ དྲག་པོ་ཁྲོ་ཆེན་ཙིཏྟའི་གཞལ་ཡས་དང༔ ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ན༔ ལྷ་བདུད་ཕོ་མོ་བསྣོལ་བའི་གདན་སྟེང་དུ༔ དཔལ་ཆེན་རྟ་མགྲིན་ནག་པོ་བཞུགས་སུ་གསོལ༔ ཧཱུྃ༔ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ༔ མཁའ་ལྡིང་ཁྱུང་ཆེན་རྒྱལ་པོ་བཞུགས་སུ་གསོལ༔ པདྨ་ཉི་ཟླ་དྲེགས་པའི་གདན་སྟེང་དུ༔ སྤྲུལ་སྐུ་ཡཀྴ་མེ་དབལ་བཞུགས་སུ་གསོལ༔ པདྨ་ཉི་ཟླ་བསྣོལ་བའི་གདན་སྟེང་དུ༔ ཐུགས་སྤྲུལ་གནོད་སྦྱིན་ནག་པོ་བཞུགས་སུ་གསོལ༔ པདྨ་ཉི་ཟླ་ལྕགས་སྤྱང་ཕོ་མོའི་སྟེང༔ གསང་མཚན་གཤིན་རྗེ་ནག་པོ་བཞུགས་སུ་གསོལ༔ པདྨ་ཉི་ཟླ་ཀླུ་གཉན་གདན་སྟེང་དུ༔ ལས་མཁན་ལྕགས་སྡིག་ནག་པོ་བཞུགས་སུ་གསོལ༔ དཔལ་ཆེན་རྟ་མགྲིན་ནག་པོའི་ལྷ་ཚོགས་རྣམས༔ གདུག་པ་འདུལ་ཕྱིར་གནས་འདིར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་གྲི་ནི་པདྨ་ཀ་མ་ལ་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་མདུན་གྱི་ནམ་མཁའ་ལ། བདག་དམ་ཚིག་སེམས་དཔའ་བསྐྱེད་པ་ལ་དགོངས་ནས། བརྟན་ཅིང་མི་གཡོ་བར་བཞུགས་པར་བསྒོམ་མོ། །དེ་ནས་ཕྱག་འཚལ་བ་ནི། ཧྲཱི༔ རང་བཞིན་ལྷུན་གྲུབ་གཞལ་ཡས་ནས༔ དབང་དྲག་མཐར་ཕྱིན་ཁྲོ་རྒྱལ་རྟ་མཆོག་དཔལ༔ ཆེ་བཙན་དཔེ་བྲལ་ཁམས་གསུམ་འགྲན་ཟླ་མེད༔ སྐུ་མདོག་མཐིང་ནག་རབ་བརྗིད་འཇིགས་པའི་གཟུགས༔ ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་སྒྲོལ༔ རྟ་མགྲིན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་སྡུད་སྐུ་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག༴ དབང་དྲག་ལྷུན་གྱིས་གྲུབ་ལ་ཕྱག༴ དྲེགས་པ་དགྲ་བགེགས་འདུལ་ལ་ཕྱག༴ གདུག་པའི་ཀླུ་གཉན་མ་ལུས་འདུལ་བའི་ཕྱིར༔ གསུང་སྤྲུལ་ག་རུ་ཌ་ལ་ཕྱག༴ གདུག་པའི་དགྲ་བགེགས་དྲེགས་ཆེན་འདུལ་བའི་ཕྱིར༔ ཡཀྴ་མེ་དབལ་སྐུ་ལ་ཕྱག༴ གནོད་བྱེད་འབྱུང་པོ་མ་ལུས་འདུལ་བའི་ཕྱིར༔ གནོད་སྦྱིན་ལྕགས་རལ་ཅན་ལ་ཕྱག༴ སྡང་བའི་དགྲ་བགེགས་མ་ལུས་འདུལ་བའི་ཕྱིར༔ གསང་མཚན་གཤིན་ནག་སྐུ་ལ་ཕྱག༴ རྒྱལ་བསེན་འབྱུང་པོ་ས་བདག་འདུལ་བའི་ཕྱིར༔ ལྕགས་སྡིག་ལས་མཁན་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ དམ་ཅན་བཀའ་སྲུང་ཚོགས་ལ་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ས་མ་ཡ་ཡཀྴ་ཀཱ་ལ་ཨེ་ཧྱེ་ཧི་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཅེས་བརྗོད་པས་བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་མེད་དུ་ཕྱག་འཚལ་བར་བསམ་མོ། །དེ་ནས་མཆོད་པ་འབུལ་བ་ནི། བདག་གོང་ལྟར་དུ་གྱུར་པའི་ཐུགས་ཀ་ནས། རཾ་ཡཾ་ཁཾ་གིས་གཏོར་མ་བསྲེག་སྦྱང་བྱ། མདུན་གྱི་གཏོར་མ་དེ་སྣོད་བྷནྡྷ་རྒྱ་ཆེ་ལ་འཕང་མཐོ་བ། སྟོང་གསུམ་གྱི་སྟོང་ཆེན་པོ་འདི་དང་མཉམ་པ་ཕྱི་དཀར་ལ་ནང་དམར་བ། བཅུད་ཤ་ཁྲག་གི་ཕུང་པོ་རི་རབ་དང་མཉམ་པ། ལྦུ་བ་རི་རབ་དང་མཉམ་པ། དྲེགས་བྱེད་དགྲ་བགེགས་གང་གནོད་པ་ཐམས་ཅད་དང་། བསྒྲུབ་བྱའི་ཤ་ཁྲག་ཏུ་དམིགས་ལ་འབུལ་ལོ། །གཞན་ཡང་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ཕྱི་ནང་གསང་གསུམ་གྱི་མཆོད་པ། ནམ་མཁའི་སྐར་ཚོགས་དང་བར་སྣང་གི་སྤྲིན་ཕུང་། ས་གཞིའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཙམ་དུ་བྱིན་གྱིས་བརླབས་ལ་འབུལ་ལོ། །དེ་ཡང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱི་དང་པོས་སྟོང་པར་སྦྱང་། གཉིས་པས་བསམ་གྱིས་མི་ཁྱབ་པར་སྤེལ། གསུམ་པས་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉེས་ནས། ལྗགས་རྡོ་རྗེའི་སྦུ་གུས་དགྲ་བགེགས་ཀྱི་ཤ་ཁྲག་རྣམས། རྐན་སྒྲ་དང་བཅས་པས་གསོལ་བར་བསམ་མོ། །བདག་གི་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། སྡང་གདུག་གཉིས་དུས་གཅིག་ལ་བསྒྲལ་བར་བསམ། རྩ་སྔགས་གཤམ་ལ་ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི༔ ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི༔ ཞེས་བརྗོད་པས་འབུལ་ལོ། །གཞན་ཡང་ལྷ་ཚོགས་རྐང་འཐོན་ཚིག་གིས་འབུལ་ལོ། །དེ་ནས་བདག་ཉིད་ཏིང་ངེ་འཛིན་གསལ་བར་བྱས་ལ་འདི་སྐད་དོ། །ཧྲཱི༔ དབང་ཕྱུག་ལྷུན་གྲུབ་འབར་བའི་ཕོ་བྲང་ནས༔ ཁམས་གསུམ་དབང་སྡུད་ཁྲོ་རྒྱལ་རྟ་མཆོག་དཔལ༔ གར་མཁན་བསྒྱུར་འདྲའི་པདྨ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཆོས་ཉིད་དོན་དང་ལྡན༔ ཕྱག་གཡས་གདུག་པའི་མཚོན་ཆས་དགྲ་བགེགས་སྒྲོལ༔ གཡོན་པའི་ལྕགས་ཀྱུས་དམ་ཉམས་སྙིང་ནས་འདྲེན༔ དུར་ཁྲོད་ཆས་བརྒྱད་འབར་བས་སྐུ་ལ་བརྒྱན༔ ཁྲོ་བོའི་བཞིན་རྔམ་ལྕང་ལོ་རལ་པ་ཅན༔ སྤྲུལ་པའི་ཁྲོ་བོ་ཉིས་སྟོང་སྐུ་ལ་འཕྲོ༔ ཡེ་ཤེས་ཁྲོ་རྒྱལ་རྟ་མགྲིན་ནག་པོ་ལ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་དང༔ དུག་ལྔ་སྨན་བསྒྱུར་པཉྩ་ཨ་མྲྀ་ཏ༔ ཕྱི་ནང་གསང་བའི་འདོད་ཡོན་ཚོགས་དང་བཅས༔ དགྲ་བགེགས་དོན་སྙིང་དབང་པོ་རྣམ་ལྔ་དང༔ ཁམས་གསུམ་ཡོངས་སྒྲོལ་ཤ་ཁྲག་རྒྱ་མཚོར་བཅས༔ ཏན་གན་སྦྱོར་སྒྲོལ་ལ་སོགས་མཆོད་པའི་རྫས༔ ཏིང་འཛིན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི༔ དཔལ་ཆེན་རྟ་མགྲིན་ནག་པོའི་ལྷ་ཚོགས་དང༔ དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་དང༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ གདུག་པའི་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་སྩོལ༔ ཧྲཱི༔ དཔལ་ཆེན་གསུང་སྤྲུལ་ཁྱུང་ཆེན་ག་རུ་ཌ༔ གདུག་པའི་ཀླུ་འདུལ་བྱ་ཁྱུང་རྒྱལ་པོ་ལ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ གདུག་པ་ཀླུ་གཉན་འདུལ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ དཔལ་ཆེན་གསུང་སྤྲུལ་དགྲ་བགེགས་ཡོངས་ཀྱི་གཤེད༔ འཇིགས་བྱེད་ཁྲོ་རྒྱལ་ཡཀྴ་མེ་དབལ་ལ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་དྲེགས་ཆེན་གནོད་བྱེད་གཤེད༔ གནོད་སྦྱིན་ནག་པོ་ལྕགས་ཀྱི་རལ་པ་ཅན༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་སྩོལ༔ དཔལ་གྱི་བཀའ་སྡོད་གསང་མཚན་གཤེད་ནག་པོ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ གནོད་བྱེད་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་སྩོལ༔ དཔལ་ཆེན་བཀའ་སྡོད་འཇིག་རྟེན་དྲེགས་པའི་གཤེད༔ འཇིགས་པའི་གཟུགས་སྤྲུལ་སྡིག་པ་ནག་པོ་ལ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་འབུལ༔ ས་བདག་ཀླུ་གཉན་འདུལ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་དམ་ཅན་སྲུང་མའི་ཚོགས༔ བསྟན་པ་སྲུང་མཛད་ཆོས་སྐྱོང་སྲུང་མ་ལ༔ དམ་རྫས་ཤ་ཁྲག་དམར་གྱི་མཆོད་པ་འབུལ༔ བསྟན་པའི་དགྲ་བོ་སྒྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་པདྨ་ག་རུ་ཌ༔ ཡཀྴ་ཀཱ་ལ་རཱུ་པ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨརྒྷཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་ཝིདྱ༔ ཤབྡ་པཱུ་ཛ་ཨཱཿཧཱུྃ༔ མ་ཧཱ་མཱཾ་ས༔ མ་ཧཱ་རཀྟ༔ མ་ཧཱ་ཙིཏྟ༔ བ་སུ་ཏ༔ གོ་རོ་ཙ་ན༔ ཀིཾ་ནི་རི་ཏི་ཨ་མྲྀཏ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དགྲ་བགེགས་གནོད་བྱེད་ཀྱི་ཤ་ཁྲག་ལ་ཁཱ་ཧི༔ ཞེས་པ་དང་། གཞན་ཡང་ལྷ་ཚོགས་རྣམས་ཀྱི་གཏོར་སྔགས་དང་། ཚིགས་བཅད་ཀྱིས་རྐང་འཐོན་བརྗོད། ཕྲིན་ལས་གང་སྒྲུབ་ཀྱི་དོན་ལ་གསོལ་བ་བཏབ་ལ་འབུལ་ལོ། །དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཐབས་ཤེས་ཉི་ཟླ་པདྨ་དྲེགས་པའི་སྟེང༔ གཏུམ་ཆེན་རབ་འབར་ཁྲོ་བོ་ཀུན་གྱི་རྗེ༔ གསུང་གི་དབང་ཕྱུག་པདྨ་ཧེ་རུ་ཀ༔ ཆོས་སྐུ་འགྱུར་མེད་ཁྲོ་རྒྱལ་རྟ་མཆོག་དཔལ༔ ཆོས་དབྱིངས་མི་འགྱུར་སྐུ་མདོག་མཐིང་ནག་ལ༔ སྐྱེ་མེད་ངང་ལས་དབང་དྲག་ཞལ་གདངས་རྔམས༔ འཇིགས་བྱེད་ལྕགས་ཀྱི་རལ་པ་གྱེན་ཐུར་བཤལ༔ སྐུ་གསུམ་དོན་ལྡན་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ ཡེ་ཤེས་ལྔ་ལྡན་རིགས་ལྔས་དབུ་ལ་བརྒྱན༔ གཞན་ལས་ཁྱད་འཕགས་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཐལ་ཆེན་རཀྟ་ཞག་གི་ཟོ་རིས་མཚན༔ གླང་ཆེན་ཀོ་རློན་སྟག་ཤམ་སྦྲུལ་ཆུན་བརྗིད༔ ཐོད་པ་སྐམ་རློན་དོ་ཤལ་མགུལ་ཆུར་ལྡན༔ ཕྱག་གཡས་རལ་གྲིས་དྲེགས་པའི་སྲོག་རྩ་གཅོད༔ གཡོན་པའི་ལྕགས་ཀྱུས་གདོན་བགེགས་སྙིང་ནས་འདྲེན༔ སྡིག་པ་ནག་པོས་མ་རུངས་སྙིང་ཁྲག་འཇིབ༔ སྟོང་གསུམ་རབ་སྡུད་དར་ནག་བེར་ཆེན་གསོལ༔ འབར་བའི་གར་དགུ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཚམ་རྔམ་བརྐྱང་བསྐུམ་ཞབས་གཉིས་དགྲ་བགེགས་གནོན༔ མེ་རི་མེ་དཔུང་གནོད་བྱེད་ཐམས་ཅད་སྲེག༔ ཚངས་པའི་གསུང་གིས་ཐམས་ཅད་དབང་དུ་སྡུད༔ དྲག་པོ་ཀུན་སྒྲོལ་སྲིད་གསུམ་ཟིལ་གྱིས་གནོན༔ ཁམས་གསུམ་དབང་སྡུད་རྟ་མགྲིན་རྒྱལ་པོའི་སྐུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བསམ་མི་ཁྱབ༔ སྤྲུལ་པའི་ཁྱུང་ཆེན་སྤྱི་གཙུག་ཁྲ་ཐབས་འགྱེད༔ ཡཀྴ་མེ་དབལ་གཡས་སུ་ཁྲ་ཐབས་འགྱེད༔ སྤྲུལ་པའི་ཁྲོ་ཆུང་དཔག་མེད་ཁྲ་ཐབས་འགྱེད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་སྤྲུལ་པ་འགྱེད༔ དབང་ཆེན་ཁྲག་འཐུང་སྐུ་ལ་ཕྱག་འཚལ་བསྟོད༔ དབང་ཆེན་ཁྲོ་མཆོག་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་མཆོག་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ལྷ་ཚོགས་འཕྲོ་ལ་ཕྱག༴ ཕྲིན་ལས་ཕྱོགས་བཅུར་ཁྱབ་ལ་ཕྱག༴ བདུད་དཔུང་ཟིལ་གྱིས་གནོན་ལ་ཕྱག༴ ཆེ་བཙན་འགྲན་ཟླ་མེད་ལ་ཕྱག༴ དབང་དྲག་ཀུན་འདུས་ཁྱོད་ལ་ཕྱག་འཚལ་བསྟོད༔ ཐམས་ཅད་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་རྩད་ནས་གཅོད་ལ་ཕྱག་འཚལ་བསྟོད༔ མ་རུངས་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ ཐམས་ཅད་ཀུན་སྒྲོལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ གདུག་པའི་དགྲ་བགེགས་སྒྲོལ་བའི་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧྲིང་ཧྲིང་ཧྲིང༔ ཧ་ཧ་ཧ༔ ཧོ་ཧོ་ཧོཿ ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ས་མ་ཡ་ཛཿཛ༔ ཞེས་བསྟོད་ལ། ལྷ་ཚོགས་ཐམས་ཅད་ཀྱང་སྔར་ལས་སྐུ་ཆེ་བ་ཡན་ལག་རགས་པ། སྐུ་མདོག་ཕྱག་མཚན་ཤིན་ཏུ་འཇིགས་ལ་རྔམ་པ། འོད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་ལྡན་པ། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བསམ་ལ་བསྟོད་དོ། །དེ་ནས་ཕྲིན་ལས་རྣམས་བཅོལ་བ་ནི། གོང་ལྟར་དཔལ་རྟ་མགྲིན་ལྷ་ཚོགས་སུ་སྐུ་གསལ་བཏབ་སྟེ། དེ་ཡང་ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས་སྐྱེ་བའི་ཆོ་འཕྲུལ་དུ་ལྷ་ཚོགས་ཐམས་ཅད་སྡང་དགྲ་གདུག་པ་འདུལ་བའི་ཁྲོ་རྒྱལ་ཁྲག་འཐུང་དྲག་པོའི་ཚུལ་དུ་སྐུ་གསལ་བཏབ་སྟེ། ཀུན་ཀྱང་སྐུ་མདོག་མཐིང་ནག་དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན་པ། ཕྱག་ན་གདུག་པའི་མཚོན་ཆ་སྣ་ཚོགས་ཐོགས་ནས། སྤྲུལ་པ་ཡང་སྤྲུལ་གསུམ་སྤྲུལ་དང་བཅས་པ་བདག་གིས་བསྐུལ་བ་ལས། སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ནས། ཕྲིན་ལས་རྣམ་བཞིས་དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་འབྲོང་རྒོད་ཐག་པ་བཅད་པ་དང་། དྲག་པོའི་ཐོག་ལྷུང་བ་ལྟར་ཆོམ་ཆོམ་ཐུལ་ཐུལ་ཆེམ་ཆེམ་ཤ་ཟོས་ཁྲག་འཐུང་ཀླད་པ་འཇིབ། སྐྱེ་བ་བདུན་རྒྱུད་རྩད་ནས་གཅོད། རྗེས་ཤུལ་ལྷག་མ་ཡང་མེད་པར་བྱས་ཏེ། རྣམ་ཤེས་ཆོས་སྐུར་ཐིམ་པར་བསམ། དེ་ནས་རྔ་བརྡུང་། རལ་པ་བསིག །འཆམ་སྟབས་བྱ་ཞིང་དྲག་ཏུ་འདི་སྐད་བསྐུལ་ལོ། །ཧྲཱི༔ ཧྲཱི༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན༔ ཀེང་རུས་གསར་རྙིང་གཅལ་བཀྲམ་དུར་ཁྲོད་ན༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ན༔ དྲེགས་ཆེན་ལྷ་བདུད་ཐོད་པའི་གཞལ་ཡས་ན༔ མ་ཆགས་པདྨ་གེ་སར་གདན་སྟེང་ན༔ འབར་འཁྲུགས་འོད་འཕྲོ་ཉི་ཟླའི་ཁྲི་སྟེང་ན༔ ས་བདག་ཀླུ་གཉན་སྡེ་བརྒྱད་རྒྱལ་བསེན་སྟེང༔ ཁྲོ་རྒྱལ་ཀུན་འདུས་པདྨ་ཧེ་རུ་ཀ༔ གཏུམ་ཆེན་མེ་འབར་ཁྲོ་རྒྱལ་རྟ་མཆོག་དཔལ༔ དཔལ་ཆེན་རྟ་མགྲིན་ནག་པོ་སྐུ་བཞེངས་འཚལ༔ གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུ་བཞེངས་ཤིག༔ དགྲ་བགེགས་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ འཇིགས་བྱེད་ཁྲོ་རྒྱལ་རྟ་མགྲིན་ནག་པོ་ནི༔ རྔམ་པའི་ཞལ་ལ་གཏུམ་པའི་སྐུ་དང་ལྡན༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་རྒྱལ་བའི་ཕྲིན་ལས་མཛོད༔ ཁྲོ་རྒྱལ་རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག༔ གདུག་པ་འདུལ་མཛད་ཁྲོ་བོ་སྐུ་བཞེངས་ཤིག༔ ཆོས་ཉིད་འགྲོ་བའི་དོན་ལ་དགོངས་ཏེ་བཞེངས༔ དབང་དྲག་ལས་ཀྱིས་དྲེགས་པ་འདུལ་ཕྱིར་བཞེངས༔ སྐུ་མདོག་མཐིང་ནག་འཇིགས་པར་བསྟན་པ་ནི༔ ཆོས་ཉིད་དོན་ལ་འགྱུར་བ་མེད་པའི་རྟགས༔ སྐུ་ལ་དར་ནག་བེར་ཆེན་གསོལ་བ་ནི༔ སྟོང་གསུམ་མ་ལུས་དབང་དུ་སྡུད་པའི་རྟགས༔ སྐུ་སྟོད་གླང་ཆེན་ཀོ་རློན་གསོལ་བ་ནི༔ གཏི་མུག་མ་སྤངས་ཤེས་རབ་གསལ་བའི་རྟགས༔ མི་ལྤགས་རློན་པ་སྟོད་གཡོགས་བྱས་པ་ནི༔ ཕྲག་དོག་མ་སྤངས་བདེ་བ་སྐྱེད་པའི་རྟགས༔ སྐུ་སྨད་སྟག་ལྤགས་རློན་པ་དཀྲིས་པ་ནི༔ ཆེ་བའི་དཔའ་རྟགས་གཡུལ་ལས་རྒྱལ་བའི་རྟགས༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས་པ་ནི༔ ཤ་ཟའི་ཚོགས་རྣམས་དབང་དུ་སྡུད་པའི་རྟགས༔ སྦྲུལ་ཆེན་རིགས་ལྔས་སྐུ་ལ་བརྒྱན་པ་ནི༔ ཀླུ་རྣམས་མ་ལུས་དབང་དུ་སྡུད་པའི་རྟགས༔ ཐལ་ཆེན་ཚོམ་བུས་ཐིག་ལེ་བྱས་པ་ནི༔ དུར་ཁྲོད་མ་ཚོགས་དབང་དུ་སྡུད་པའི་རྟགས༔ རཀྟའི་ཐིག་ལེས་དོ་ཤལ་བྱས་པ་ནི༔ འདོད་ཁམས་མ་ལུས་དབང་དུ་སྡུད་པའི་རྟགས༔ ཞག་གི་ཟོ་རིས་སྐུ་ལ་བརྒྱན་པ་ནི༔ བྱང་ཆུབ་སེམས་ཀྱིས་འགྲོ་དོན་མཛད་པའི་རྟགས༔ གནམ་ལྕགས་རལ་པ་ཐང་ལ་བསིགས་པ་ནི༔ གནོད་བྱེད་འབྱུང་པོ་རྡུལ་དུ་རློག་པའི་རྟགས༔ རལ་པའི་གསེབ་ནས་ཁྲོ་ཚོགས་འཕྲོ་བ་ནི༔ ས་བདག་ཀླུ་གཉན་རྒྱལ་བསེན་འདུལ་བའི་རྟགས༔ སྐུ་ལ་མེ་དཔུང་ཐོག་སེར་འཕྲོ་བ་ནི༔ དམ་ཉམས་གདོན་བགེགས་འབྱུང་པོ་སྲེག་པའི་རྟགས༔ གཡས་པ་གནམ་ལྕགས་རལ་གྲི་ཕྱར་བ་ནི༔ ལྷ་སྲིན་སྡེ་བརྒྱད་མ་ལུས་བསྒྲལ་བའི་རྟགས༔ གཡོན་པས་ལྕགས་ཀྱུ་ཐུགས་ཀར་འཛིན་པ་ནི༔ ས་བདག་ཀླུ་གཉན་སྙིང་ནས་འདྲེན་པའི་རྟགས༔ ལྕགས་ཀྱི་སྡིག་པ་ཕོ་ཉར་འགྱེད་པ་ནི༔ ས་བདག་ཀླུ་གཉན་སྙིང་ཁྲག་འཇིབ་པའི་རྟགས༔ རྣོ་དབལ་ལྡན་པའི་མཆེ་བ་གཙིགས་པ་ནི༔ སྐྱེ་བ་རྣམ་བཞི་རྩད་ནས་གཅོད་པའི་རྟགས༔ ལེ་བརྒན་པདྨའི་ལྗགས་དམར་འཁྱུགས་པ་ནི༔ ས་བདག་ཀླུ་གཉན་སྙིང་ཁྲག་འཐུང་བའི་རྟགས༔ སྨ་ར་དམར་སེར་བསྐལ་མེ་འབར་བ་ནི༔ གདོན་བགེགས་རྒྱལ་བསེན་ཟིལ་གྱིས་གནོན་པའི་རྟགས༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ནི༔ ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་པའི་རྟགས༔ ཤངས་ནས་རྡོ་རྗེའི་རླུང་ནག་འཚུབས་པ་ནི༔ དགྲ་བགེགས་འབྱུང་པོ་མ་ལུས་གཏོར་བའི་རྟགས༔ ཞལ་ནས་ཁྲག་མཚོ་ཁོལ་ཞིང་གད་རྒྱངས་སྒྲོག་པ་ནི༔ དགྲ་བགེགས་འབྱུང་པོ་དབང་དུ་སྡུད་པའི་རྟགས༔ མཆེ་བ་དཀར་པོ་ཟུར་གསུམ་གཙིགས་པ་ནི༔ གནོད་བྱེད་རྒྱལ་བསེན་ཤ་ཁྲག་ཟ་བའི་རྟགས༔ རལ་པ་ཁམ་ནག་སྲིད་རྩེར་སླེབ་པ་ནི༔ དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟགས༔ ཐོད་པ་ཚར་ལྔས་དབུ་ལ་བརྒྱན་པ་ནི༔ རིགས་གསུམ་རིགས་ལྔས་དབང་བསྐུར་མཛད་པའི་རྟགས༔ རྟ་མགོ་ལྗང་ཞུར་རྔམ་ལ་འཚེར་བ་ནི༔ སེམས་ཅན་དོན་ལ་བརྩོན་འགྲུས་མྱུར་བའི་རྟགས༔ རྟ་སྐད་སྣ་བདུན་ཕྱོགས་བཅུར་སྒྲོག་པ་ནི༔ སེམས་ཅན་ཐམས་ཅད་སྐད་ཅིག་འདུལ་བའི་རྟགས༔ རྔོག་མ་ལེ་བརྒན་མེ་ལྟར་འབར་བ་ནི༔ སྟེང་གི་ལྷ་རྣམས་དབང་དུ་སྡུད་པའི་རྟགས༔ དབུ་ལ་མེ་ཡི་བྱ་ཁྱུང་བཞུགས་པ་ནི༔ ས་བདག་གདུག་པ་ཅན་རྣམས་འདུལ་བའི་རྟགས༔ ཧ་ཧ་ཧི་ཧི་སང་སང་བཞད་པ་ནི༔ སྟོང་གསུམ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས༔ སྤྱན་རྩ་དམར་པོ་མེ་ལྟར་འབར་བ་ནི༔ འཁོར་བའི་རྣམ་རྟོག་དུག་ལྔ་སྲེག་པའི་རྟགས༔ ཤངས་ནས་བུ་ཡུག་སྐར་ལྟར་འཁྲུགས་པ་ནི༔ སྟོང་གསུམ་གཡོ་ཞིང་ཁམས་གསུམ་འཁྲུགས་པའི་རྟགས༔ ཞལ་ནས་ཧཱུྃ་གི་ང་རོ་སྒྲོག་པ་ནི༔ ཚངས་པའི་སྒྲ་དབྱངས་འབྲུག་ལྟར་སྒྲོག་པའི་རྟགས༔ ཚམ་རྔམ་ཞབས་གཉིས་བརྐྱང་བསྐུམ་བསྒྲད་པ་ནི༔ བདུད་བཞི་མ་ལུས་རྡུལ་དུ་བརླག་པའི་རྟགས༔ སྤྲུལ་པའི་ཁྲོ་ཆུང་བྱེ་བས་བསྐོར་བ་ནི༔ ཕྱོགས་མེད་ཀུན་ཏུ་སྤྲུལ་པ་འགྱེད་པའི་རྟགས༔ མེ་ཡི་བྱ་ཁྱུང་སྤྱི་གཙུག་འགྱིང་བ་ནི༔ སྤྲུལ་པའི་ཚོགས་ཀྱིས་མ་རུངས་འདུལ་བའི་རྟགས༔ ཡཀྴ་མེ་དབལ་གཡས་སུ་འགྱེད་པ་ནི༔ སྐུ་ཡི་སྤྲུལ་པས་དྲག་པོ་འདུལ་བའི་རྟགས༔ བྱ་ཁྱུང་མཐིང་ནག་མདུན་དུ་འགྱེད་པ་ནི༔ གསུང་གི་སྤྲུལ་པས་ཀླུ་གདོན་འདུལ་བའི་རྟགས༔ གནོད་སྦྱིན་ཚོགས་རྣམས་གཡོན་ནས་འགྱེད་པ་ནི༔ ཐུགས་ཀྱི་སྤྲུལ་པས་སྡེ་བརྒྱད་འདུལ་བའི་རྟགས༔ ལྕགས་ཀྱི་སྡིག་པ་སྔོན་དུ་འགྱེད་པ་ནི༔ ཕྲིན་ལས་སྤྲུལ་པས་ཀླུ་གཉན་འདུལ་བའི་རྟགས༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ནི༔ བསྟན་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་རྟགས༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་དང༔ ལྷ་སྲིན་སྡེ་བརྒྱད་དྲེགས་ཆེན་བཅོ་བརྒྱད་དང༔ ས་བདག་ཀླུ་གཉན་རྒྱལ་བསེན་མཆོད་པར་བཞེས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ན༔ ས་བདག་ཀླུ་གཉན་རྒྱལ་བསེན་གདན་སྟེང་ན༔ མི་བཟད་ཁྲོ་བོ་ཡཀྴ་མེ་དབལ་སྐུ༔ སྐུ་མདོག་དམར་ནག་རབ་ཏུ་འཇིགས་པའི་སྐུ༔ གཡས་ན་བསྐལ་པའི་མེ་ཡི་ཞགས་པ་བསྣམས༔ གཡོན་ན་རྡུང་བྱེད་མེ་ཡི་ཐོ་བ་བསྣམས༔ སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་མང་པོ་འཕྲོ༔ ས་བདག་ཀླུ་གཉན་རྒྱལ་བསེན་རྡུལ་དུ་རློགས༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ཕོ་བྲང་ན༔ གནོད་བྱེད་དགྲ་བགེགས་བསྒྲལ་པའི་གདན་སྟེང་ན༔ གནོད་སྦྱིན་ནག་པོ་ལྕགས་ཀྱི་རལ་པ་ཅན༔ གཡས་ཀྱི་ཕྱག་ན་རྡོ་རྗེའི་དབྱུག་ཏོ་བསྣམས༔ གཡོན་པའི་ཕྱག་ན་ཙིཏྟ་དམར་པོ་བསྣམས༔ སྐུ་ལས་གནོད་སྦྱིན་བྱེ་བ་ས་ཡ་འཕྲོ༔ ཕོ་ཉར་གནོད་སྦྱིན་ཤན་པ་སྤུན་བདུན་འགྱེད༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་འཁོར་དང་བཅས༔ སྐུ་གསུང་ཐུགས་སྤྲུལ་ཕོ་ཉ་འཁོར་བཅས་ཀྱིས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ སངས་རྒྱས་བསྟན་པ་གཉན་པོ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་གཉན་པོ་ཁྱེད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་སྡིག་ཅན་ཁྱེད་ཀྱིས་སྒྲོལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ལོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ༈ ཧ་ཡ་གྲཱི་ཝ་ལ་ཕྱག་འཚལ་ལོ༔ བཞི་པ་རྟ་མགྲིན་ནག་པོའི་སྲུང་བའི་འཁོར་ལོ་ནི༔ རྩིབས་མུ་ཁྱུད་དྲུག་ཏུ་བྲི༔ ལྟེ་བར་ཧྲཱིཿདང་བླ་མའི་སྙིང་པོ་བྲི༔ དེའི་རྒྱབ་མུ་ཁྱུད་ལ་རིགས་གསུམ་མགོན་པོའི་སྙིང་པོ་བྲི༔ རྩིབས་རེ་རེ་ལ་རྩ་སྔགས་ཚང་བར་བྲི༔ དེའི་རྒྱབ་མུ་ཁྱུད་ལ་དྲག་སྔགས་ཚང་བར་བྲི༔ དེའི་རྒྱབ་ལ་ཨཱ་ལི་ཀཱ་ལི་བྲི༔ དེའི་རྒྱབ་ལ་རྟེན་འབྲེལ་སྙིང་པོ་བྲི༔ དེའི་རྒྱབ་ལ་མཚོན་ཆ་སྣ་ཚོགས་དང་རྡོ་རྗེའི་ར་བ་བྲི༔ དེའི་རྒྱབ་ལ་མེ་རི་གཡས་སྐོར་བྲི༔ དེ་ཡང་དུས་ཚོད་བཟང་པོ་ཡར་ངོའི་རྒྱལ་ལ་སོགས་སྐར་མ་བཟང་པོ་ལ་བྲི་བར་བྱའོ༔ མཎྜལ་དང་མཆོད་གཏོར་བཟང་པོ་ལེགས་པར་བཤམ༔ འཁོར་ལོ་མཎྜལ་སྟེང་དུ་བཞག༔ རྟ་མགྲིན་ལྷ་ཚོགས་གསལ་བར་བསྐྱེད༔ རང་ཉིད་ལྷའི་ང་རྒྱལ་གྱིས་གཡས་སུ་ཕོ་རྒྱུད་ཐམས་ཅད་བསྒོམ༔ གཡོན་དུ་མོ་རྒྱུད་ཐམས་ཅད་བསྒོམ༔ མདུན་དུ་བུ་དང་ཉེ་དུ་ཐམས་ཅད་བསྒོམ༔ རྒྱབ་ཏུ་འཁོར་དང་ནོར་ཕྱུགས་ཐམས་ཅད་བསྒོམ༔ དེ་ལྟར་འཁོར་ལོ་བཏགས་ལ་བསྐྱེད་བསྟིམ་ཡང་ཡང་བྱ༔ མཆོད་བསྟོད་ཚོགས་འཁོར་ཆོས་སྤྱོད་རྒྱས་པར་བྱ༔ རྩ་སྔགས་མཇུག་ཏུ་རྟེན་འབྲེལ་སྙིང་པོ་བཏགས༔ བདག་བསྐྱེད་ལེགས་པར་བྱས་ལ་མེ་ཏོག་དོར༔ བཀྲ་ཤིས་བརྗོད་ལ་བརྟན་པར་བྱ༔ དེ་ལྟ་བུ་ནི་བྱས་གྱུར་ན༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས༔ གང་ལ་བཏགས་ཤིང་འཆང་བ་དེ༔ མེ་ཡི་ཕུང་པོར་མཐོང་བར་འགྱུར༔ བར་གཅོད་གླགས་ཚོལ་སྐབས་མི་རྙེད༔ སྲུང་བའི་མཆོག་ཏུ་འགྱུར་བ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ལྔ་པ་དཔལ་རྟ་མགྲིན་གྱི་སྒོ་ནས་བུམ་ཆོག་བྱེད་པར་འདོད་ན༔ གདན་གྲུ་གསུམ་བསྣོལ་བའི་སྟེང་དུ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ཕྱི་ནག་ལ་ནང་དམར་བ༔ རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ༔ དཔལ་རྟ་མགྲིན་ནག་པོ་བརྫུས་སྐྱེས་སུ་བསྒོམ་མོ༔ བདག་གི་ཐུགས་ཀར་ཧཱུྃ་བསམ༔ བུམ་པའི་ནང་གི་དཔལ་རྟ་མགྲིན་གྱི་ཐུགས་ཀའི་ཧཱུྃ་ལ་ཕོག༔ སྔགས་བཟླས་པའི་འོད་ཟེར་མདུན་གྱི་ནམ་མཁའ་ལ་འཕྲོས༔ ཕྱོགས་བཅུའི་བུདྡྷ་དང་བོ་དྷི་སཏྭ་དང༔ ཡེ་ཤེས་ཀྱི་ཁྲོ་བོ་ཐམས་ཅད་བུམ་པའི་ལྷ་ལ་བསྟིམས༔ ལྷ་ཡང་བདུད་རྩིར་གྱུར་པས་བུམ་པ་གང་བར་བསམ་མོ༔ ཁྲུས་བྱས་པས་ནད་གདོན་ཐམས་ཅད་དག་པར་བསམ་མོ༔ ས་མ་ཡ༔ ༈ དྲུག་པ་རྫས་ཀྱི་རིམ་པ་ལ་གཉིས་ཏེ༔ བྱུག་པ་དང་བདུག་པའི་རྫས་སོ༔ དང་པོ་བྱུག་པ་ནི༔ མུ་ཟི་ནག་པོ༔ གུ་གུལ་ནག་པོ༔ བཙན་དུག་ནག་པོ༔ མཁན་པའི་རྩ་བ༔ ཤིང་ཀུན༔ སྒོག་སྐྱ༔ སྤྱང་ཚེར༔ གླ་རྩི༔ སྤྲུ་བ་དེ་རྣམས་ཞིབ་ཏུ་བཏགས་ལ༔ རང་རང་གི་ལུས་ཐམས་ཅད་བཀྲུས་ལ་དག་པར་བྱས་པས༔ ས་བདག་ལ་སོགས་པ་གནོད་པའི་གདོན་རིགས་ཀྱིས་ཉེན་པ་མི་འབྱུང་ངོ༔ གཉིས་པ་བདུག་པའི་རྫས་ནི༔ ཤིང་ཀུན༔ གུ་གུལ༔ གླ་རྩི༔ བཙན་དུག༔ བོང་དུག༔ ཐར་ནུ༔ རེ་ལྕག༔ སྒོག་སྐྱ༔ བྱི་ལ་ནག་པོའི་རིལ་མ༔ ཁྱི་ལུད་བྱ་བལ་མ༔ ཕག་རིལ༔ བཤུལ་ཚིལ་སྣ་ཚོགས་དང་སྦྱར་ནས༔ གདོན་གྱིས་ཟིན་པའི་སྒོ་དགུ་ནས་བདུག་གོ༔ དེས་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ༔ ས་མ་ཡ༔ ༈ བདུན་པ་དཔལ་རྟ་མགྲིན་ནག་པོའི་སྒོ་ནས༔ རྒྱལ་བསེན་འདུལ་བར་འདོད་པས༔ ཕོ་འཁོར་དབུས་སུ་རྒྱལ་པོའི་མིང་བྱང་བྲི༔ རྩིབས་བརྒྱད་ལ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་བྲི༔ མུ་ཁྱུད་ལ་དྲག་སྔགས་འཁོར་བར་བྲི༔ ཕྱི་རིམ་མཚོན་ཆ་བྲི་བར་བྱ༔ མོ་འཁོར་ཙཀྲ་རྩིབས་བཞི་བྲི་བར་བྱ༔ དབུས་སུ་བསེན་མོའི་སྲོག་སྙིང་བྲི་བར་བྱ༔ མུ་ཁྱུད་དྲག་སྔགས་འཁོར་བར་བྲི༔ ཕྱི་རིམ་མུ་ཁྱུད་ལ་མེ་རི་འཁོར་བར་བྲི༔ དེ་གཉིས་བར་དུ་གང་འདོད་ལིངྒ་གཞུག༔ སའི་གའུའི་ནང་དུ་གཞུག༔ ར་ཁྱི་ཕག་གསུམ་གྱི་སྐུད་པས་རྒྱ་གྲམ་བཅིང༔ མུ་ཟི་ལྡོང་རོས་གུ་གུལ་དང༔ ཁྱི་ཕག་བྱི་ལ་ནག་པོའི་རིལ་མས་བདུག༔ ལྷ་དང་དབྱེ་ཞིང་གྲོགས་དང་འཕྲལ༔ ཕོ་འཁོར་མོ་འཁོར་སྲོག་རྩ་བསྐོར༔ བསད་པ་ཐུན་ཁུང་ནང་དུ་གཞུག༔ ལྕགས་བསྲེགས་ཁང་སྒྲོམ་འབར་བར་བསྐྱེད༔ དྲག་སྔགས་ཤམ་ལ་འདི་གདགས་སོ༔ རཱ་ཙ་གིང་ཀ་ར༔ པྲ་མ་ཤི་ཀ་དུན་ཏྲི་ཛ་ཡ་ཏྲི་ཡ༔ མ་ཏྲི་ཡ་མ་ཏྲི་ཡ༔ མ་ཞུང་ཏྲི་ཡ་མ་ཞུང་ཏྲི་ཡ༔ བྲམ་ཟ་བྲམ་ཟ༔ ཛ་ཛ༔ རྒྱལ་བསེན་གནོད་བྱེད་ཀྱི་སྲོག་ལ་མཱ་ར་ཡ་རྦད་རྦད༔ རྒྱལ་བསེན་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་རྦད༔ བདག་ཉིད་ཡི་དམ་ཏིང་འཛིན་བྱ༔ བསྟོད་བསྐུལ་བྱ་ཞིང་དྲག་ཏུ་བསྐུལ༔ ཐུབ་རྟགས་མ་བྱུང་བར་དུ་དགུག་གཞུག་སྤྲོ་བསྡུ་བྱ༔ དུག་དང་ནད་དང་མཚོན་གྱི་ཆར་དྲག་ཏུ་ཕབ༔ ཐུབ་པའི་རྟགས་ནི༔ རྒྱལ་པོ་དང་བཙུན་པ་བོན་པོ་དགེ་བཤེས༔ ཞང་བློན་དེ་རྣམས་བཙོན་དུ་བཟུང་བ་དང༔ སྤྲེལ་དང་བྱི་ལ་བྱ་ནག་དང༔ ཁྱི་དང་བུད་མེད་ནག་མོ་བརྡུང་བ་ནི༔ རྒྱལ་བསེན་ཐུལ་བའི་རྟགས་ཡིན༔ རྒྱལ་བསེན་གཟིར་བའི་ལས་སོ༔ ས་མ་ཡ༔ ༈ བརྒྱད་པ་དཔལ་རྟ་མགྲིན་ནག་པོའི་སྒོ་ནས་ཆར་དབབ་པར་འདོད་ན༔ ཆུ་མིག་ཁ་བྱང་ལ་བལྟས་པའི་ནང་དུ་རྫིང་བསྐྱིལ་ལ༔ རྫིང་གི་ནང་དུ་ཁྲི་ཆེན་པོ་ཞིག་བརྩིགས་ལ༔ དེའི་སྟེང་པདྨ་འདབ་བརྒྱད་བྲི༔ དབུས་སུ་ནཱ་ག་སྥ་ར་ན་ཕཊ༔ མར་བསྟན་ལ་ཆའི་སྦལ་པ་ཁ་མཇུག་ཟང་ཐལ་དུ་བྱས་ལ༔ མཛེ་ཕོ་དང་རྨེ་ཕོའི་ཁྲག༔ མངལ་ཁྲག༔ གྲི་ཁྲག་དང་ཁྲག་སྣ་ཚོགས༔ རྐྱང་གི་བོན༔ དུག་སྣ་ཚོགས༔ མུ་ཟི་དེ་རྣམས་ལ་ཆའི་སྦལ་བའི་ཁོང་པར་བརྫང༔ ཡུག་སའི་སྐྲ་ཤད་ཀྱིས་ལེགས་པར་དཀྲིས༔ སྲོག་རྩ་བརྒྱུད་ནས་ཁ་ནས་བྱུང་བར་བྱས་ལ༔ ཆུ་མིག་ཕུགས་སུ་བཅུག་ལ༔ ཁྲི་ཐོག་ནས་དྲང༔ རང་ཡང་ཁྲི་ཐོག་བསྡད་ལ་གཟུངས་ཐག་བཟུང༔ ཏིང་ངེ་འཛིན་ནི་བདག་ཉིད་དཔལ་རྟ་མགྲིན་དུ་བསྒོམས་པའི་ཞབས་སུ་རྒྱ་མཚོ་བསམ༔ དེའི་ནང་དུ་ཀླུ་ཆེན་པོ་བརྒྱད་གན་རྐྱལ་དུ་བསྒྱེལ་ནས་ཡོད་པར་བསམ༔ ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས༔ རྒྱ་མཚོའི་སྟེང་དབུས་ནས་ཀླུ་བདུད་ནག་པོ་ཆུ་སྲིན་གྱི་མགོ་ཅན་གྱི་སྲོག་རྩ་ནས་བཟུང༔ ལྕགས་ཀྱུས་ཙར་ཙར་དྲངས་པས་བདག་ལ་ཤིན་ཏུ་སྐྲགས་ནས་གུས་པར་བྱེད་པར་བསམ་ལ༔ རྩ་སྔགས་ཤམ་ལ་འདི་བཏགས་ལ་བཟླའོ༔ ཨོཾ་ཁྱུང་ནི་ཁྱུང་ནི༔ ཀ་ར་ཀ་ར་ཀང་ཀ་ར་ནཱ་ག་ཙིཏྟ་ནི་ཧཱུྃ་ཛཿཛ༔ ཆར་མྱུར་དུ་ཕོབ༔ ནཱ་ག་ས་མ་ཡ༔ ཛཿཛ༔ ཅེས་སྨྲ་བཅད་བྱས་ལ་བཟླའོ༔ གཡས་སུ་ཡི་དམ་ཆོས་སྐྱོང་གི་པཱུ་ཙ་བཤམ༔ གཡོན་དུ་ཀླུའི་པཱུ་ཙ་བཤམས་ནས་ཀླུ་ལ་འབུལ༔ བཀའ་བསྒོ་བྱ༔ དེ་ལྟར་བྱས་ན་གདོན་མི་ཟ་བར་ཆར་ཕེབས་ངེས་སོ༔ གལ་ཏེ་དེས་ཀྱང་མ་ཕེབ་ན༔ བདག་ཉིད་རྟ་མགྲིན་ནག་པོར་བསྒོམ༔ མཛེ་ཕོ་ལ་སོགས་པའི་ཁྲག་སྣ་ཚོགས་དང༔ བཙན་དུག་ལ་སོགས་པའི་དུག་སྣ་ཚོགས༔ མི་ལུད་ལ་སོགས་པའི་མི་གཙང་བ་སྣ་ཚོགས་དང༔ དམར་གཏོར་ལྕགས་བསྲེགས་ལ་སོགས་པ་རྣམས་རྫིང་ལ་བླུག༔ དཀར་དམར་ཐབ་ཉེས་ཆེན་པོ་བྱ༔ གཡབ་མོ་བརྡབ༔ ཆུ་མིག་དཀྲུག༔ དེས་ནི་མྱུར་དུ་ཕེབས་སོ༔ དེས་ཀྱང་མ་ཕེབ་ན་ཀླུ་མེད་པ་ཡིན་པས༔ གཞན་དུ་སྤོས་ལ་གོང་ལྟར་བྱའོ༔ བབས་ཚར་ནས་ཁྲི་ལྷོག༔ རྫིང་བཀྲལ་ཀླུ་བསྐྱོད༔ བྱམས་སྙིང་རྗེ་དང་མི་དམིགས་པ་བསྒོམ༔ ཀླུ་ལ་དཀར་གསུམ་མངར་གསུམ་གཏང་རག་བྱའོ༔ ཆར་སློང་ཆོ་ག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ དགུ་པ་སེར་བ་སྲུང་བ་ནི༔ རྟེན་འབྲེལ་རྫས་དང་ནུས་པ་སྔགས༔ ཞེས་གསུངས་པས༔ རྫས་ནི་གཞུང་ནས་བཤད་པ་རྣམས་དང༔ ཡུངས་དཀར་ནག༔ ནུས་པ་ཅན་གྱི་དྲི་ཆེན༔ རོ་བསྲེགས་པའི་ཐལ་བ་རྣམས་ལ་དྲག་སྔགས་མང་དུ་གདབ༔ རོ་རས་ཀྱི་ཐུམ་བུ་མང་དུ་བྱ༔ སྐྱེར་ཕུར་རྒྱ་མདུད་ཡོད་པའི་ལོགས་ལ་རྩ་སྔགས་ལ༔ སེར་བ་སེར་བྱེད་ཐམས་ཅད་མཱ་ར་ཡ་ཕཊ༔ སཏྭཾ་བྷ་ཡ་ནན༔ ཅེས་བྲི༔ རྒྱ་མདུད་བར་མ་ལ་རྫས་ཀྱི་ཐུམ་བུ་རྣམས་བཏགས༔ དུར་ཁྲོད་ཀྱི་ས་ལ་སཱཙྪ་ནག་པོ་བྱས་ལ༔ ཕུར་པའི་ལོགས་ཀྱི་སྔགས་དེ་གྲོ་གའམ༔ ཤོག་བུ་ལ་བྲིས་ལ་སཱཙྪའི་སྙིང་པོ་བྱ༔ ཕུར་བུ་དང་སཱཙྪ་རྟ་མགྲིན་དུ་བསྒོམ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ལ༔ རང་གི་བསྲུང་རིས་ཀྱི་མཚམས་སུ་འཁོར་ལོ་བཀྲམ་ལ་གཞུག༔ ཆར་ཆུ་མ་ཕོག་པར་བྱའོ༔ ཕྱོགས་སྐྱོང་བཅུ་དང་མགོན་པོ་ལ་གཏོར་མ་ཕུལ༔ སེར་བ་མི་འབྱུང་བར་ཕྲིན་ལས་བཅོལ༔ གཞན་ཡང་སྡེ་བརྒྱད་དང༔ ཡུལ་གྱི་གཞི་བདག་རྣམས་ལ་གཏོར་མཆོད་ཕུལ་ནས༔ ཡུལ་དེར་སེར་བ་མ་གཏང་ཞིག་བྱས་ལ་བཀའ་བསྒོ༔ རང་གི་བསྲུང་རིས་ཐམས་ཅད་རྡོ་རྗེའི་ར་བ་དང༔ མེ་རིའི་གུར་ཁང་དུ་བསམ༔ དེའི་ནང་དུ་གནམ་ལྕགས་ཀྱི་མཚོན་ཆའི་གུར་ཁང༔ དེའི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་ཕྱིར་བསྟན་པ་བསྒོམ༔ ནང་གཞལ་ཡས་ཁང་དུ་འདུག་པ༔ དེའི་ནང་དུ་པདྨ་ཉི་མའི་སྟེང་དུ་རང་གི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿམཐིང་ནག་གཅིག་ཡོངས་སུ་གྱུར་པ་ལས༔ རྟ་མགྲིན་སྒྲུབ་ཐབས་ལྟར་བསྐྱེད༔ སྤྲུལ་པའི་ཁྲོ་ཚོགས་བྱ་ཁྱུང་ལྕགས་སྡིག་བསམ་ལ༔ བསྲུང་རིས་མེ་དཔུང་ནང་དུ་ཚུད་པར་བསྒོམ༔ དྲག་སྔགས་ཀྱིས་གདོང་བཟློག་བྱ༔ སྐབས་སུ་ཁྱུང་སྔགས་བཟླས་པའི་ཤམ་ལ་གོང་གི་སྔགས་བཏགས༔ ནས་བརྔ་ཐོན་པ་དང་སཱཙྪ་ཐུམ་བུ་ཐམས་ཅད་བསྡུའོ༔ ཚོགས་དང་གཏོར་མ་བྱས་ལ་གཏང་རག་གི་མཆོད་པ་བྱ༔ སྒྲུབ་ཁང་གི་རྟེན་གཏོར་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུའོ༔ ས་མ་ཡ༔ ༈ བཅུ་པ་དཔལ་རྟ་མགྲིན་ནག་པོའི་སྒོ་ནས་མནན་སྲེག་དང་སྦྱིན་སྲེག་བྱ་བ་ནི༔ རྟ་མགྲིན་གྱི་འཁོར་ལོ་གཉིས་ཁ་སྦྱར་བར་དུ་ལིངྒ་གཞུག༔ ཕུར་བུས་གཟིར༔ གཟུངས་ཐག་ནག་པོ་བཏགས་ལ་རང་གིས་བཟུང་བའི་རྒྱུད་ལས་འོད་ཟེར་ནག་པོ་འཕྲོས་པས༔ རྟ་མགྲིན་ལ་ཕོག་པས་རྒྱུད་བསྐུལ་ནས་འོད་ཟེར་འཁོར་ལོ་ལ་ཕོག་པས༔ འཁོར་ལོའི་ནང་གི་རྩིབས་ཟངས་ཀྱི་འཁོར་ལོ་གཡོན་དུ་འཁོར༔ རྩིབས་བཅུ་ལྕགས་ཀྱི་འཁོར་ལོ་གཡས་སུ་འཁོར་བས༔ འདྲེ་བསེན་རྒྱལ་གསུམ་གྱི་གནོད་བྱེད་ཕྱེ་མར་བཏང་བར་བསྒོམ༔ ཐུབ་རྟགས་བྱུང་ནས་ལྷོ་ནུབ་ན་ཅ་ཏི་ནག་པོའི་ཞབས་སུ་མནན་ནོ༔ ྀཨཚ༔ ས་མ་ཡ༔ ༈ བཅུ་གཅིག་པ་དཔལ་རྟ་མགྲིན་ནག་པོའི་སྒོ་ནས་སྦྱིན་སྲེག་བྱ་བ་ནི༔ མཆོད་གཏོར་བཤམས་ནས་གདུག་པ་ཅན་གྱི་ཤིང་ལ་མེ་ཐབ་གྲུ་གསུམ་པ་བརྩིག༔ མེ་སྦར་མེ་ལྷ་རྟ་མགྲིན་བསྐྱེད་ལ་གཏོར་མ་ལྷ་ཚོགས་ཀྱི་ཞལ་དུ་ཕུལ་ཚར་བ་དང༔ དྲག་པོའི་ཐབ་མཚན་ཉིད་དང་ལྡན་པ་བྲིས་ལ་དེའི་དབུས་སུ་ཕྱག་མཚན་ནམ། ས་བོན་བྲི། ཐ་མ་རྡོ་རྗེ་མེ་རིས་བསྐོར། ཡམ་ཤིང་དུར་ཁྲོད་ཀྱི་ཤིང་ངམ། ཁ་ཚ་བའི་ཤིང་ལ་བརྒྱ་རྩ་བརྒྱད་བྱ། བསྲེག་རྫས་ཐམས་ཅད་སྟ་གོན་བྱས་ལ། རང་ཉིད་རྟ་མགྲིན་དུ་བསྒོམ། ཐབ་ནང་དུ་ཡང་རྟ་མགྲིན་འཁོར་དང་བཅས་པ་གཞུང་བཞིན་བསྐྱེད། དེ་ཡང་ཞལ་གདངས་པའི་ནང་དུ་གནོད་བྱེད་ཐམས་ཅད་གསོལ་བར་བསམ་མོ། །བསྲེག་རྫས་གྲངས་ནི་བརྒྱ་རྩ་བརྒྱད་ལ་སོགས་པས་སྦྱིན་སྲེག་བྱའོ། །ཐབ་ཀྱི་ལྷ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ༔ བཀྲ་ཤིས་བརྗོད༔ སྨོན་ལམ་གདབ༔ རྗེས་དགེ་བ་བསྔོའོ༔ ཐབ་ཆུ་བོའི་གཞུང་དུ་དོར་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཅུ་གཉིས་པ་དཔལ་རྟ་མགྲིན་ནག་པོའི་སྒོ་ནས་ཆུང་སྲི་འདུལ་བ་ནི༔ ཕུང་གསུམ་གྱི་ས་ལ་འབྲུབ་ཁུང་ཟུར་གསུམ་པ་བྱ༔ འཁོར་ལོ་རྩིབས་བཞི་པ་བྲི༔ ལྟེ་བར་གནོད་བྱེད་ཀྱི་གཟུགས་དང་མིང་བྱང་བྲིས་ལ༔ རྩིབས་བཞི་ལ་རྩ་སྔགས་བྲི༔ ཐ་མ་མེ་རི་བྲིས་ཏེ༔ གྲིལ་ལ༔ བྱི་ལའི་ཐོད་པར་བཅུག༔ ཡུག་ས་མོའི་སྐྲ་ཤད་ཀྱིས་རྒྱ་གྲམ་དུ་དཀྲིས༔ ཁྱི་སྤུ་ར་བལ་གྱི་ཐག་པས་བཅིངས་ལ་སྣེ་མོར་བཏགས༔ དེ་ནས་ཐུན་ཁུང་བཅུག༔ བདག་ཉིད་ཡི་དམ་དུ་བསྒོམ༔ གཟུངས་ཐག་ལ་འོད་ཟེར་བསྡུས་པའི་རྒྱུད་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཅུད་ཚུར་བསྡུ༔ ཕར་ལ་ནད་དང་མཚོན་ཆ་དུག་སྣ་ཚོགས་སྤྲོས་པས༔ ཁོ་ཐལ་བར་བཏང་བར་བསམ༔ གང་གནོད་ཀྱི་སྙིང་ནང་དུ་མེའི་ཚྭ་ཚྭ་འཕྲོ་བའི་ཙཀྲ་རྩིབས་བཞི་པ༔ ཚ་ལ་རྩུབ་པ་རྣོ་ལ་འཇིགས་པའི་ངར་དང་ལྡན་པ་ཞིག་བསྐོར༔ ཐུན་ཁུང་དུ་ཡང་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་རྣོ་བའི་ངར་དང་ལྡན་པ་ཞིག་བསྐོར༔ འཁོར་ལོ་གཉིས་བསྐོར་བའི་བར་དུ་གནོད་བྱེད་ཐམས་ཅད་མྱལ་མྱལ་དུམ་བུར་རྦུད་རྦུད་བཏང་ནས་བསད་པར་བསམ༔ རྩ་སྔགས་མཇུག་དང་སྔགས་རིང་བར་དུ་ཆུང་སྲིའི་མིང་སྟེམ་ལ༔ ས་བདག་ཀླུ་གཉན་མི་ཟེར་བར༔ ཆུང་སྲི་ཆུང་འདྲེ་བྱ་བ་བཅུག༔ ཟངས་ལྕགས་དུག་གསུམ་གྱི་ཐུན་གྱིས་ལིངྒ་བྲབ་བོ༔ ཐུབ་པའི་རྟགས་ནི༔ ཁྱི་དང་བུ་ཆུང་རྨང་རྩེ་སྲེ་མོ་བསད་བཅད་བྱས་པ་རྨིས་ན་ཐུབ་པའི་རྟགས་ཡིན༔ དེ་ལྟར་བྱུང་ན་རྟེན་རབ་གནས་ཅན་གྱི་འོག་ཏུ་མནན༔ དགྲ་བགེགས་གནོད་བྱེད་གང་ཡིན་ཡང༔ ལས་མཐའ་བརྟུལ་བའི་ལས་ཡིན་པས༔ རེ་བས་བཏུམས་ལ་ཡུག་སའི་སྐྲ་ཤད་ཀྱིས་རྒྱ་གྲམ་དུ་བཅིང༔ མཆོད་རྟེན་རབ་གནས་ཅན་གྱི་ཞབས་སུ་མནན༔ བདག་ཉིད་དཔལ་ཆེན་རྟ་མགྲིན་དུ་བསྒོམས་པས་ལས་བཞིའི་བྲོ་བརྡུང༔ རི་རབ་ཆེན་པོའི་འོག་ཏུ་གནོད་བྱེད་གང་ཡིན་དེ་བསྐལ་པ་གྲངས་མེད་དུ་ཡང་མི་ལྡང་བར་བསམ་མོ༔ དེ་ཡི་རྗེས་ལ་མི་དམིགས་པས་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བཅུ་གསུམ་པ་དཔལ་རྟ་མགྲིན་ནག་པོའི་སྒོ་ནས་གཏོར་དབང་བྱེད་པར་འདོད་པས༔ གདན་པད་ཟླའི་སྟེང་དུ་རྟ་མགྲིན་ལྷ་ཚོགས་སུ་བསྒོམ༔ མདུན་དུ་ཕྱག་ན་རྡོ་རྗེ་གཏུམ་པོ་བསྒོམ༔ གཡས་སུ་ཡཀྴ་མེ་དབལ༔ གཡོན་དུ་གནོད་སྦྱིན་ནག་པོ༔ རྒྱབ་ཏུ་འཇམ་དཔལ༔ དབུས་སུ་པདྨ་འབྱུང་གནས་སྐུ་མདོག་མཐིང་ནག༔ དེ་རྣམས་གཏོར་མ་ལ་བསྐྱེད་ལ་སྤྱན་འདྲེན་ལ་སོགས་པ་བྱ༔ གཏོར་མ་སློབ་མའི་མགོར་བཟུང་ལ༔ སྤྲོ་བསྡུ་བསྐྱེད་བསྟིམ་ལེགས་པར་དམིགས་པ་གཏད༔ བསྟོད་པ་དང་གསོལ་བ་གདབ༔ ཅི་འདོད་ཁམས་དང་བསྟུན་པ་བྱ༔ གཏོར་དབང་ཚར་བ་དང་ལྷ་ཚོགས་རྣམས་གཏོར་མ་དང༔ བདག་ལ་ཚུར་བསྟིམ༔ གཏོར་མའི་ཕུད་ལྷ་ཚོགས་ལ་མཆོད་ནས༔ ལྷག་མ་དངོས་གྲུབ་ཏུ་ལོངས་སྤྱོད༔ སློབ་མ་རྗེས་སུ་འཛིན་པའི་ཆོ་གའོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དྲེགས་པ་ཅན་བཅོ་བརྒྱད་ཁ་ཕྱུར་བའི་དུས་སུ་གཞན་གང་གིས་ཀྱང་མི་ཐུབ་པས༔ ཤིན་ཏུ་རྣོ་ལ་མྱུར་བའི་དྲེགས་པ་ཅན་མ་རུངས་པ་རྣམས་སྐད་ཅིག་ལ་བརླག་པར་བྱེད་པ༔ པདྨ་དབང་ཆེན་དྲེགས་པ་སྲོག་གཅོད་ཀྱི་ནང་ནས་བསྡུས་པ༔ རྟ་མགྲིན་ནག་པོ་འདི་ཕྱི་རབས་ཀྱི་དོན་དུ་བྲག་ཁྲོ་བོ་རྟ་མགྲིན་གྱི་མགུལ་པར་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་གདན་དྲངས་པའོ། །ལས་ཅན་རེ་རེ་ལ་མ་གཏོགས་གཞན་ལ་མི་སྤེལ་བར་བྱའོ། །ཤིན་ཏུ་དམ་པར་བཀའ་རྒྱའོ། །ཨུ་པ་དྷེ་ཤ་པྲ་ཛྙཱ་ཧ་ཡ་གྲཱི་ཝ་གྷོ་ར་ཏ་ཨུ་པ་རྒྱ། ཐཾ་ཐཾ། ༈ བུད་མེད་ལ་ཆུང་སྲི་ཞུགས་ནས་སྒབ་མི་འཕེལ་བ་ལ་འདི་ལྟར་བྱའོ། །ཕུང་ཤུལ་གྱི་ས་ལ་ཐུན་ཁུང་གྲུ་གསུམ་པ་ཞིག་བྱས་ལ༔ གྲོ་ག་ལ་ཙཀྲ་རྩིབས་བཞི་པ་ཞིག་བྱས་ལྟེ་བ་ལ་གང་གནོད་པའི་ལིངྒ་མིང་བྱང་བྲི༔ རྩིབས་བཞི་ལ་རྩ་སྔགས་བྲི༔ མུ་ཁྱུད་ལ་སྔགས་རིང་བྲི༔ ཐ་མ་མེ་རིས་བསྐོར་བ་བྲི༔ དེ་དྲིལ་ལ་བྱི་ལ་ནག་པོའི་ཐོད་པར་བཅུག༔ ཡུག་ས་མོའི་ཞབས་མས་གཏུམ༔ དེ་ཐུན་ཁུང་ནང་དུ་བཅུག༔ ཁྱི་སྤུ་ར་བལ་གྱི་སྐུད་པས་བཅིང༔ ཡུག་ས་མོའི་སྐྲ་ཤད་ཀྱི་སྐུད་པས་གཟུངས་ཐག་བྱ༔ ཏིང་འཛིན་ནི་བདག་ཡི་དམ་དུ་བསྒོམ༔ གཟུངས་ཐག་ལ་འོད་ཟེར་ཚུར་བསྡུ༔ ཕར་ལ་དུག་དང་མཚོན་གྱི་ཆར་སྤྲོ༔ གང་གནོད་པའི་སྟེང་དུ་མེ་ཡི་འཁོར་ལོ་རྩིབས་བཞི་པ་ཞིག་བསྐོར༔ ཐུན་ཁུང་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཞིག་གཡས་སུ་བསྐོར༔ འཁོར་ལོ་གཉིས་ཀྱི་བར་དུ་བསད་བཅད་གཏུབས་པར་བསམ༔ ཐུབ་པའི་མཚན་མ་ནི༔ ཁྱི་གུ་ནག་པོ་དང་ལི་ལི་ནག་པོ་དང༔ བུ་ཆུང་སྲེ་མོ་བསད་པ་དང༔ བཟུང་བ་ཐུབ་རྟགས་ཡིན་པས༔ བདུག་པ་བྱས་ཏེ་ལྷ་དང་དབྱེ༔ སའི་གའུའི་ནང་དུ་བཅུག་སྟེ༔ ལྷ་ཁང་ངམ་མཆོད་རྟེན་ནམ༔ སཱཙྪ་རབ་གནས་ཅན་གྱི་ཞབས་སུ་སྦ༔ ཐག་པ་ནག་པོས་རྒྱ་གྲམ་དུ་བཅིངས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཕྱི་རབས་བན་དྷེ་འབོང་ཆུང་གི་དོན་དུ་མཛད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཆོས་ཟབ་དགུ་ཀུན་གྱི་ཡང་ཞུན་བླ་སྒྲུབ་ཀྱི་དམིགས་པའི་རྐང་གྲངས་འཛིན་ཚུལ་པདྨའི་ཕྲེང་བ་ (Volume 5, Text 45)
༄༅། །ཆོས་ཟབ་དགུ་ཀུན་གྱི་ཡང་ཞུན་བླ་སྒྲུབ་ཀྱི་དམིགས་པའི་རྐང་གྲངས་འཛིན་ཚུལ་པདྨའི་ཕྲེང་བ་བཞུགས་སོ། ། ཆོས་ཟབ་དགུ་ཀུན་གྱི་ཡང་ཞུན་བླ་སྒྲུབ་ཀྱི་དམིགས་པའི་རྐང་གྲངས་འཛིན་ཚུལ་པདྨའི་ཕྲེང་བ་ཞེས་བྱ་བ། བདེ་ཆེན་འཁོར་ལོའི་དབང་ཕྱུག་པདྨ་འབྱུང་གནས་ཡབ་ཡུམ་སྲས་བརྒྱུད་པར་བཅས་པ་ལ་ཕྱག་འཚལ་ལོ། ༈ །དེ་ཡང་མཚན་ལྡན་རྡོ་རྗེ་སློབ་དཔོན་གྱིས་སྐལ་ལྡན་སློབ་མ་རྣམས་ལམ་ཟབ་བླ་སྒྲུབ་སྲོག་གི་དྭངས་མའི་ཁྲིད་སྐྱོང་བར་བྱེད་པའི་སྐབས་སུ་སླ་ཆོས་ཚར་སྐྱེན་དུ་མ་སོང་བར་སྨིན་ཁྲིད་དུ་བྱེད་པ་ཤིན་ཏུ་གལ་ཆེ་ལ། ཐོག་མ་ཁྲིད་ཞུ་ཚོ་འདུས་དུས་ཡིག་བརྒྱ་འུར་ལྡིར་བཀླགས་ནས་འདུས་ཤིང་གྲལ་ལ་མཐོ་དམན་ངེས་ངེས་ཏིག་ཏིག་མེད་པར་སྤུངས་འདུས་སུ་བྱས་ན་ཚོགས་པ་དར་རྒྱས་ཀྱི་རྟེན་འབྲེལ་ཡོད་གསུངས། དེ་ནས་ཕྱག་དང་བཅས་གྲལ་ལ་འཁོད་ནས་བླ་མའི་རྣལ་འབྱོར་སྐད་རྟ་གདངས་དབྱངས་མཐུན་པར་ཚར་གཅིག་བཏོན་མཐར་ཆོས་སྐྱོང་སྤྱི་དང་ཁྱད་པར་སྒོས་ཀྱི་སྲུང་མ་མགོན་པོ་མ་ནིང་དང་མ་གཟའ་དམ་གསུམ་ལ་གཏོར་མ་རྒྱན་ལྡན་ཛ་གད་བཅས་ངེས་པར་འབུལ་དགོས། དེ་ནས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་མཎྜལ་ཕྱག་ལེན་ལྟར་ཚོམ་བུ་སོ་བདུན་མ་དུས་རྟག་ཏུ་རེ་རེ་དང་། ངོ་སྤྲོད་སོགས་ཆོས་ཁྲིད་གནད་ཆེ་བ་ལ་གསུམ་གསུམ་འབུལ། ༈ དེ་ནས་ཆོས་བཤད་ཀྱི་མཚམས་ཇི་ལྟར་འོས་པ་བརྗོད་ཅིང་། ཁྱད་པར་ཁྲིད་རྐང་གི་ཚིག་རྣམས་མ་ནོར་བ། མ་འཁྲུལ་བ། མ་འཛིངས་པ། དག་པ། གཙང་བ། གསལ་སྒྲོས་དོད་པར་རང་གི་བློ་གྲོས་དང་། ཉན་པ་པོའི་བློ་དང་བསྟུན་ནས་བཤད་པ་གཅེས་སོ། ༈ །དམིགས་རྐང་ཐུན་མཐར་དགེ་བ་བྱང་ཆེན་དུ་བསྔོ་བ་མཎྜལ་བཅས་ཆོས་ཐུན་འབྱུང་རེས་བཞིན་དེ་དག་མ་ཆག་པ་རྟེན་འབྲེལ་གྱི་གནད་ཟབ་མོ་ཡོད་པས་གལ་ཆེའོ། ༈ །དེ་ནས་དམིགས་པའི་རྐང་གྲངས་བསྟན་པ་ནི། དང་པོ་བློ་ཆོས་སུ་འགྲོ་བའི་ཁྲིད་ལ། དལ་འབྱོར་རྙེད་དཀའ་ཚུལ། རྒྱུ་ཡི་སྒོ་ནས་རྙེད་པར་དཀའ་བ། དེ་བཞིན་དོན་དང་དཔེས་གཏན་ལ་ཕབ་སྟེ་བསྒོམ་པ་སྟེ་ཐུན་ཆེན་གཅིག༡༽ མི་རྟག་པར་བསམ་པ་ལ། ཕ་མ་གཉེན་ཚན་དགྲ་བོ། བཏང་སྙོམས་བར་མའི་འགྲོ་བ་སྡེ་དཔོན་ཡུལ་ཁམས། རྒྱལ་པོ། བླ་ཆེན། འཁོར་ལོས་སྒྱུར་བ། ཚངས་དང་བརྒྱ་བྱིན་རྣམས་མི་རྟག་པ་དང་། རྫོགས་པའི་སངས་རྒྱས་རྣམས་ཀྱང་མྱ་ངན་ལས་འདའ་ཚུལ་སྟོན་པ་དང་། སྣོད་ཀྱི་འཇིག་རྟེན་ཆགས་འཇིག་ལ་བསམ་པ་སྟེ་དམིགས་རྐང་ཐུན་ཆེན་གཅིག༢༽ ལས་འབྲས་བསླུ་མེད་ཀྱི་ངང་ཚུལ་གཏམ་རྒྱུད་དང་བཅས་པ་དམིགས་རྐང་ཐུན་ཆེན་གཅིག༣༽ ཐར་པའི་ཕན་ཡོན་ལ། ཆོས་ལ་བརྩོན་འགྲུས་བསྐུལ་བ་དམིགས་རྐང་ཐུན་ཆེན་གཅིག༤༽ དེ་ལྟར་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནི་ཆོས་པའི་རྐང་ཡིན་པས་བློ་རྒྱུད་ཆོས་དང་མ་འདྲེས་བར་དུ་དཔེ་དོན་ལོ་རྒྱུས་དུ་མས་བསྟན་ཏེ་སྨིན་ཁྲིད་སྐབས་དམིགས་རྐང་ས་བཅད་བཞི་ཡིན་ནའང་ཐུན་གྲངས་དང་ཞག་གྲངས་ངེས་པ་མེད་ཀྱི་སློབ་མའི་བློ་འདི་སྣང་དགོས་མེད་མ་ཤར་བར་དུ་བསྐྱར་འཇུག་ལ། རྐང་ཁྲིད་ཀྱི་སྐབས་སུ་ཡང་བློ་ལྡོག་བཞི་པོ་རེ་རེ་ལ་ཞག་བདུན་ལྔ་གསུམ་གང་རིགས་བསྐྱར་འཇུག་པ་ཤིན་ཏུ་གལ་ཆེའོ། །ྀཨཚ། །གཉིས་པ་ཆོས་ལམ་དུ་འགྲོ་བ་ལ་དང་པོ་སྐྱབས་འགྲོར། ཐོག་མར་སྐྱབས་འགྲོ་དང་དགེ་བསྙེན་གདམས་པ་གང་རུང་འབོགས་ལ། དེ་ནས་སྒོམ་རིམ་ལ་ཕྱི་མདོ་ལུགས།༡༽ ནང་གསང་སྔགས་ལུགས།༢༽ གསང་བ་མདོ་སྔགས་དྲིལ་བ།༣༽ དེ་ཁོ་ན་ཉིད་དོན་དམ་པ་སྟེ།༤༽ དམིགས་རྐང་བཞི་ཐུན་བསྡུ་རིམ་རྣམས་རྩ་བ་ལ། ཡན་ལག་ནི་ཇི་སྙེད་སྤྲོས་ཆོག་གོ །ྀཨཚ། །གཉིས་པ་སེམས་བསྐྱེད་ལ། ཐོག་མར་སེམས་ཙམ་དང་དབུ་མ་ལུགས་ཀྱི་སེམས་བསྐྱེད་འབོགས་པའི་ཆོ་ག་ལྟར་ནོད་པ་ཤིན་ཏུ་ལེགས་མོད། དེ་ལྟར་མ་ཐོབ་ཀྱང་སེམས་བསྐྱེད་ཀྱི་ཁྲིད་བཀའ་སྟོན་པས་ཐུབ་ལ། དེ་ཡང་རྩ་བ་སྨོན་འཇུག་གཉིས་སུ་འདུ་ཡང་། ཁྲིད་ཚུལ་ཕྱག་ལེན་ལ་བྱམས་པ་བསྒོམ་པ།༡༽ སྙིང་རྗེ་བསྒོམ་པ།༢༽ བྱང་ཆུབ་སེམས་བསྒོམ་པ།༣༽ གསུམ་ནི་རྩ་བ་ཡིན་ཞིང་། དེ་ནས་སྨོན་པ་ཚད་མེད་བཞི་བཤད་པ།༤༽ འཇུག་པ་ཕར་ཕྱིན་དྲུག་གི་གོ་དོན་དང་།༥༽ ཐམས་ཅད་ཡེ་ཤེས་ཚོགས་སུ་བསྒྱུར་ཐབས་བསྟན་པ།༦༽ ཀུན་གྱི་དོན་དྲིལ་ནས་བཤད་པ་སྟེ།༧༽ རྩ་བའི་ས་བཅད་བདུན་ཡིན་ལ། སེམས་བསྐྱེད་ཀྱི་ཕན་ཡོན་རྒྱས་པར་བཤད། སྤྲོ་ན་ཚད་མེད་བཞི་ལ་ཐུན་བཞི། ཕར་ཕྱིན་དྲུག་ལ་ཐུན་དྲུག་སོགས་རྒྱས་པར་བསྟན་པར་བྱའོ། །ྀཨཚ། །གསུམ་པ་ཚོགས་གསག་ཁྱད་པར་ཅན་མཎྜལ་གྱི་ཁྲིད་ནི། ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་དུ་ལུས་ཀྱི་ལས་ཚོམ་བུ་དགོད། ངག་གི་ལས་ཚིགས་བཅད་བརྗོད། ཡིད་ཀྱི་ལས་དམིགས་པ་གསལ་བ་གསུམ་སྦྲགས་ནས་ཕྱིའི་མཎྜལ་འབུལ་ཏེ། དེ་ཡང་ཚོགས་ཞིང་གསལ་ནས་ཕྱིའི་མཎྜལ་འབུལ་བ།༡༽ ནང་གི་མཎྜལ་འབུལ་བ།༢༽ གསང་བའི་མཎྜལ་འབུལ་བ།༣༽ དེ་ཁོ་ན་ཉིད་ལ་བཟླ་བ་སྟེ།༤༽ རྩ་བའི་དམིགས་རྐང་བཞི་ལ་མཎྜལ་གྱི་ཕན་ཡོན་རྒྱས་པར་བསྟན་ཅིང་། སྤྲོ་ན་སྣོད་བཅུད་འཇིག་རྟེན་ཆགས་ཚུལ་མངོན་པ་དང་མཐུན་པར་བཤད་དོ། །ྀཨཚ། །བཞི་པ་སྒྲིབ་སྦྱོང་རྡོར་སེམས་ཀྱི་སྒོམ་བཟླས་ནི། ཐོག་མར་རྡོར་སེམས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་ན་ལེགས་ལ། དེ་ལྟར་མ་གྱུར་ཀྱང་ཏིང་འཛིན་དབང་བསྐུར་ཞིག་བྱས་ན་ཡོན་ཏན་ཆེ་བས་བྱས་ལ། དེ་ནས་ཕྱི་བྱ་རྒྱུད་ལྟར་བསྙེན་པ།༡༽ ནང་སྤྱོད་རྒྱུད་ལྟར་ཉེ་བར་བསྙེན་པ།༢༽ གསང་བ་རྣལ་འབྱོར་ལྟར་སྒྲུབ་པ།༣༽ ཡང་གསང་བླ་མེད་ལྟར་སྒྲུབ་པ་ཆེན་པོ།༤༽ དེ་ཁོ་ན་ཉིད་བསྐྱེད་རྫོགས་ཟུང་འཇུག་ལ་བཟླ་བ་བསྟན་ལ།༥༽ སྡིག་པ་བཤགས་པ་གཉེན་པོ་སྟོབས་བཞིའི་ཚུལ་ལེགས་པར་བཤད་ཅིང་ཅི་རིགས་པ་སྤྲོས་སོ། ༈ །དེ་ལྟར་བློ་ལྡོག་ནས་བཟུང་དམིགས་པ་གོང་འོག་ཐམས་ཅད་ལ་ཐོག་མར་སེམས་བསྐྱེད། རྗེས་སུ་རང་འདོད་མེད་པར་བསྔོ་སྨོན་བཟང་པོས་མཚམས་སྦྱར་བ་ནི་དམིགས་ཐུན་ཐམས་ཅད་དུ་མ་ཆག་པར་གལ་ཆེ་བར་བྱའོ། །ྀཨཚ། །དེ་ལྟར་ཆོས་ལམ་དུ་འགྲོ་བ་དམིགས་ཆེན་ཉི་ཤུ་ཐམ་པ་སྟེ་ཚོགས་ཀྱི་ལམ་ཆེ་འབྲིང་ཆུང་ངུ་རྣམས་བགྲོད་པར་བྱེད་པའོ། ༈ །སྤྱི་དོན་གསུམ་པ་ལམ་གྱི་འཁྲུལ་པ་ཞི་བར་བྱེད་པ་བླ་མའི་སྒྲུབ་པ་དངོས་གཞི་བསྒོམ་པ་ལ། ཐོག་མར་རྡོ་རྗེ་འཆང་གི་བཀའ་བླ་མེད་རྒྱུད་སྡེ་གང་ཡང་རུང་བའི་དབང་རྫོགས་པར་ཐོབ་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ལ། དེ་ནས་བླ་སྒྲུབ་ཀྱི་མན་ངག་ཉམས་སུ་བླང་བྱ་རྩ་བ་ཚོགས་བཤད། ཁྱད་པར་ཞལ་གདམས་ཏེ། དང་པོ་ལ་རྡོ་རྗེ་སློབ་དཔོན་གྱི་ཕྱི་བསྙེན་པ། ནང་སྒྲུབ་པ། གསང་བ་ཉེ་བར་སྒྲུབ་པ། ཡང་གསང་སྒྲུབ་པ་ཆེན་པོ་སྟེ་རྩ་བའི་ས་བཅད་རྣམ་པ་བཞི་ཡིན་ལ། སྨར་ཁྲིད་དུ་དང་པོ་ཕྱི་སྒྲུབ་པ་ལ་ཡང་རང་ལུས་ཡི་དམ་ལྷག་པའི་ལྷའི་སྐུར་གསལ་ཞིང་སྣང་སྟོང་དུ་སྦྱོང་བ།༡༽ དེ་ནས་སྤྱི་བོར་འཁོར་ལོའི་དབང་ཕྱུག་རྡོ་རྗེ་སེམས་དཔའ་བསྒོམ་པའི་ཐོག་མར་འོད་གུར་གདན་དང་ས་བོན་བསྐྱེད་པ།༢༽ དེའི་འོད་ཟེར་གྱིས་རིགས་དྲུག་གི་གནས་ཀུན་ཁྱབ་ཅིང་སྣོད་བཅུད་དག་པ་སྐུ་དང་ཞིང་ཁམས་སྦྱོངས་བ་སྟེ། དམིགས་རྐང་ཞིབ་མོར་བསྟན་སྐབས་དམྱལ་བའི་སྣོད་བཅུད་སྦྱོང་བ།༣༽ ཡི་དྭགས།༤༽ བྱོལ་སོང་།༥༽ ལྷ་མིན།༦༽ ལྷ།༧༽ མིའི་སྣོད་བཅུད་སྦྱོང་བ།༨༽ དེ་དྲུག་ཐུན་ཆེན་གཅིག་ཡིན་ནོ། །དེ་ནས་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་དགྱེས་པར་བྱེད་པ།༩༽ ས་བོན་ལ་རྩ་གསུམ་རབ་འབྱམས་ཐམས་ཅད་བསྡུ་བ།༡༠༽ ས་བོན་བླ་མའི་སྐུར་བསྒྱུར་བ།༡༡༽ བླ་མའི་ཐུགས་ཀ་དང་།༡༢༽ དུང་ཁང་།༡༣༽ མགྲིན་པ།༡༤༽ ལྟེ་བ།༡༥༽ གསང་གནས་སུ་ལྷའི་དཀྱིལ་འཁོར་རིམ་གྱིས་གསལ་བཏབ་པ།༡༦༽ སྐུའི་གནས་ཐམས་ཅད་དུ་ལྷའི་སྐུ་གསལ་བཏབ་པ།༡༧༽ བརྒྱུད་པའི་བླ་མ་ཕྲེང་བར་བསྒོམ་པ།༡༨༽ འཁོར་ཁྲོམ་ཚོགས་ཡི་དམ་སངས་རྒྱས་ཆོས་དགེ་འདུན་བསྒོམ་པ།༡༩༽ དད་འདུན་བློ་ལིང་གཏད་ཀྱིས་མཎྜལ་འབུལ་བ།༢༠༽ ཡིད་རྩེ་གཅིག་ལས་རྩ་སྔགས་ཀྱིས་ཐུགས་རྒྱུད་བསྐུལ་བ།༢༡༽ གསོལ་འདེབས་ཚིགས་བཅད་དང་གདུང་ཤུགས་འོ་དོད་ཀྱི་གསོལ་འདེབས།༢༢༽ ཛཔ྄་སྔགས་ཀྱི་གསོལ་བ་འདེབས་པ།༢༣༽ སྟེ་དེ་ཡན་གྱིས་ཕྱི་ལྟར་བླ་མ་བསྙེན་པ་བློ་སྦྱོང་ལྷ་ཁྲིད་ཀྱིས་དབང་དམན་རྗེས་སུ་བཟུང་བ་སྟེ་སྦྱོར་ལམ་གྱི་དྲོད་ཐོབ་པར་བྱེད་པའོ། །སྐབས་འདིར་རྡོ་རྗེ་སློབ་དཔོན་གྱི་དབྱེ་བ་རྩ་བ་ཡན་ལག་གི་བླ་མའི་ཚུལ། བླ་མ་བསྟེན་ཚུལ། དམ་ཚིག་སྲུང་ཚུལ། ཉམས་ན་གསོ་ཚུལ་རྣམས་ཤིན་ཏུ་ནན་ཆེ་བས་བཤད་དོ། །ྀཨཚ། །གཉིས་པ་ནི་བླ་མ་སྒྲུབ་པ་ལ་འཁོར་ཡི་དམ་སངས་རྒྱས་ཆོས་དགེ་འདུན་རྣམས་གཙོ་བོ་ལ་བསྡུ་བ།༡༽ དེ་རྣམས་དགེ་འདུན་ཨོཾ་ཆོས་ཨཱཿསངས་རྒྱས་ཧཱུྃ་ཡི་དམ་ཧྲཱིཿའམ་ཧོཿརུ་གསལ་ནས་གཙོ་བོའི་གནས་བཞིའི་ཡི་གེར་བསྟིམ་པ།༢༽ དེ་ནས་བུམ་དབང་བླང་བ།༣༽ གསང་དབང་བླང་བ།༤༽ ཤེར་དབང་བླང་བ།༥༽ ཚིག་དབང་བླང་བ།༦༽ མཐར་ཅིག་ཅར་གྱི་སྤྲོ་བསྡུ་སྟེ།༧༽ དེ་ནང་བླ་མ་སྒྲུབ་པ་ཏིང་ངེ་འཛིན་གྱི་དབང་བསྐུར་མཆོག་ཏུ་ཟབ་པ་དབང་པོ་བར་མ་རྗེས་སུ་བཟུང་བ་སྟེ། སྦྱོར་ལམ་གྱི་རྩེ་མོ་ཐོབ་པར་བྱེད་པའོ། །སྐབས་འདིར་དབང་སྤྱིའི་རྣམ་གཞག་དང་། ཁྱད་པར་དུ་ཏིང་ངེ་འཛིན་དབང་བསྐུར་བའི་ཕན་ཡོན། དེ་དག་གི་ས་བཅད་རྣམས་སྤྲོས་ནས་བཤད་དོ། །ྀཨཚ། །གསུམ་པ་གསང་བ་བླ་མ་ཉེ་བར་སྒྲུབ་པ་སྟེ། བླ་མ་རྡོ་རྗེ་བཞིའི་རང་བཞིན་ཅན་དྷཱུ་ཏི་ནས་སྙིང་དབུས་སུ་སྤྱན་འདྲེན་པ།༡༽ བདག་ཉིད་ལྷག་པའི་ལྷའི་ང་རྒྱལ་འཕོ་བ།༢༽ བླ་མ་ཡབ་ཡུམ་ཁ་སྦྱོར་དུ་ལྟ་བ།༣༽ ས་བོན་ལ་ཡིད་བཞག་པ་སྟེ།༤༽ སྐབས་འདིར་སེམས་དཔའ་སུམ་བརྩེགས་ཀྱི་གོ་དོན་ལེགས་པར་བཤད་པ།༥༽ དེ་ནས་སྔགས་ཕྲེང་བཀོད་པ།༦༽ ཛཔ྄་ཀྱི་དགོངས་པ་ལེགས་པར་བསྟན་པ།༧༽ སྟེ་དེ་ནི་བླ་མ་གསང་བ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་ཉེ་བར་སྒྲུབ་པ་བསྐྱེད་རིམ་ཐམས་ཅད་ཀྱི་དོན་གཅིག་ཏུ་དྲིལ་ཞིང་། འཁྲུལ་འཁོར་རྒྱ་ཆེ་བ་དབང་རབ་རྗེས་སུ་འཛིན་པ་སྟེ་སྦྱོར་ལམ་གྱི་བཟོད་པ་ཐོབ་པར་བྱེད་པའི་རིམ་པའོ། །སྐབས་འདིར་ལྷ་བསྐྱེད་རིམ་སྔགས་བཟླས་པ་དམིགས་པ་ཏིང་འཛིན་གྱི་རྣམ་གཞག་རྒྱས་པར་བཤད་པར་བྱའོ། །ྀཨཚ། །བཞི་པ་ཡང་གསང་བླ་མ་སྒྲུབ་པ་ཆེན་པོ་ཉམས་སུ་ལེན་པ་ལ། བླ་མ་ཡབ་ཡུམ་ཀྱི་སྐུ་འགྱུར་མེད་ཐུགས་ཀྱི་ས་བོན་དུ་བསྒྱུར་ནས་གསོལ་བ་གདབ་པ།༡༽ ལས་བཞི་ལྷུན་གྲུབ་ཀྱི་དགོངས་པ།༢༽ ཞི་བ།༣༽ རྒྱས་པ།༤༽ དབང་།༥༽ དྲག་པོ།༦༽ མཆོག་དོན་དུ་གཉེར་བ།༧༽ སྟེ་དེ་ནི་ཡང་གསང་བླ་མ་སྒྲུབ་པ་ཆེན་པོ་ལྷ་སྐུ་གཅིག་སྔགས་འབྲུ་གཅིག་ཏིང་འཛིན་གཟེར་གཅིག་གིས་གྲོལ་བ་དབང་རྣོན་རྗེས་སུ་བཟུང་བ་སྟེ་སྦྱོར་ལམ་གྱི་ཆོས་མཆོག་ཐོབ་པར་བྱེད་པའི་རིམ་པའོ། །སྐབས་འདིར་བསྐྱེད་རྫོགས་ཟུང་འཇུག་མྱུར་ལམ་ཐབས་ཀྱི་མན་ངག་ཀྱང་ཅི་རིགས་པར་བཤད་པར་བྱའོ། །ྀཨཚ། །དེ་ལྟར་ལམ་གྱི་འཁྲུལ་པ་ཞི་བར་བྱེད་པ་མན་ངག་ཀུན་གྱི་མཐར་ཐུག་བླ་མ་སྒྲུབ་པའི་ཟབ་ཆོས་སྲོག་གི་དྭངས་མ་ལྟ་བུའི་ཟབ་ཁྲིད་དངོས་གཞིའི་རིམ་པ་སྤྱི་དོན་བཞི་ལ་ཆོས་ཐུན་གྱི་རྐང་བསྡམས་པས་བཞི་བཅུ་རྩ་བཞི་པ་སྟེ་སྦྱོར་ལམ་གྱི་ངེས་འབྱེད་བཞི་དང་སྦྱར་ནས་བསྟན་པའོ། །ྀཨཚ། །གཉིས་པ་ཁྱད་པར་བ་ཞལ་གདམས་ལ་འགའ་ཞིག་ནི་གོང་གི་ས་བཅད་སྐབས་སུ་སོང་ལ་ཤིན་ཏུ་གསང་བ་རྒྱ་ཆེ་བའི་དོན་མདོར་བསྡུ་ན། བུམ་དབང་དང་འབྲེལ་བ་དཀྱིལ་འཁོར་བསྐྱེད་རིམ་གྱི་མན་ངག་སྔགས་ཀྱི་ཞལ་གདམས་དང་བཅས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྲེ་བ། གསང་དབང་དང་འབྲེལ་བ་རྡོར་བཟླས་གཏུམ་མོའི་རིམ་པ། ཤེར་དབང་དང་འབྲེལ་བ་ཐབས་ལམ་ཕོ་ཉའི་གདམས་པ་རྣམས་ཡིན་ལ། ཚིག་དབང་དང་འབྲེལ་བ་ནི་འོག་ཏུ་བསྟན་ཏེ། འདི་ནི་ས་བཅད་ཙམ་སྟེ། ཆོས་ཐུན་གྱི་རྐང་གྲངས་ནི་ཞལ་ལས་ཤེས་སོ། །གྷམྦྷཱིར་ཨུ་པ་དེ་ཤ་གུ་ཧྱ་ྀཨཚ། ༈ །སྤྱི་དོན་བཞི་པ་འཁྲུལ་སྣང་ཡེ་ཤེས་སུ་འཆར་བ་བླ་མ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་ལ། སྙིང་ཁའི་བླ་མ་ཧཱུྃ་ཡིག་ཏུ་གསལ་བ་ཧྲིལ་སྡུད་དམ་རིམ་སྡུད་ཀྱི་མཐར་ཐིག་ལེ་སྟོང་པ་ནཱ་དར་གཞིལ་བ།༡༽ ཕུང་ཁམས་ཡོངས་སུ་སྦྱོང་བ།༢༽ སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་ངང་དུ་བཞག་པ།༣༽ སྟེ་རྩ་བས་བསྟན་པའི་དམིགས་རྐང་གསུམ་ཡིན་ལ། དེ་དང་འབྲེལ་བ་སྟོང་ཉིད་ལྷར་སད་པའི་གདམས་པ་དང་།༡༽ གཞན་ཡང་ཡན་ལག་ཏུ་བཟའ་བ།༢༽ གྱོན་པ།༣༽ འགྲོ་བ།༤༽ འདུག་པ།༥༽ གཉིད་པ།༦༽ དམིགས་པ་ཁ་བསྒྱུར།༧༽ རྣམས་ཀྱང་སྐབས་འདིར་སྤྲོས་ཏེ་བཤད་པ་གནད་ཆེ། ༈ །དེ་ལྟར་སྐྱབས་སེམས་ནས་བཟུང་རྩ་བའི་དམིགས་རྐང་འདི་རྣམས་ལ་ཁྲིད་ལུགས་རབ་འབྲིང་ཐ་མ་གསུམ་སྟེ། དེ་ཡང་རབ་ལ་དངོས་ཉམས་རྨི་ལམ་གྱི་རྟགས་མཚན་ཐོབ་པ། འབྲིང་ལ་ཞག་གྲངས་བདུན་ལྔ་གསུམ་དུ་ལེ་ལོ་མེད་པར་སྦྱོང་བ་དང་། ཐ་མ་ཡང་ཞག་རེ་རེར་སྦྱངས་ནས་དམིགས་རྐང་མ་འཛོལ་ཞིང་ཟིན་ངེས་པར་བྱ་བ་ལས། ཡམ་ཁྲིད་ཤད་ཤུད་ཡེ་ནས་མི་རུང་ངོ་། །སེམས་ལ་རྡོ་རུས་ཐུག་ངེས་པར་སྦྱོང་བ་ཤིན་ཏུ་གལ་ཆེའོ། །དེ་ཡང་སྦྱོར་དངོས་རྗེས་ཀྱི་ཁྲིད་རིམ་ཐམས་ཅད་ལ་ཐོག་མར་འགྲོ་དོན་དུ་སེམས་བསྐྱེད་པ། བར་དུ་དགེ་སྦྱོར་ལ་ཡིད་རྩེ་གཅིག་ཏུ་འཇོག་པ། མཐར་དགེ་བ་ལ་མི་ཞེན་ཞིང་རྣམ་སྨིན་རེ་དོགས་མེད་པར་བྱང་ཆུབ་ཆེན་པོར་བསྔོ་བ་རྣམས་ཤིན་ཏུ་གལ་ཆེ་བས་དུས་རྟག་ཏུ་མ་ཆག་པར་བྱའོ། །དེ་ལྟར་བླ་མ་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་སྒོ་གསུམ་དང་གཉིས་སུ་མེད་པར་ལ་བཟླ་བ་ནི་མཐོང་ལམ་གྱི་ཡོན་ཏན་ཐོབ་པར་བྱེད་པའི་རིམ་པའོ། །ྀཨཚ། །འདིར་ཁྱད་པར་གྱི་གདམས་པ་བླ་མ་དང་རང་སེམས་རོ་གཅིག་ཏུ་བསྲེས་ནས་དབུ་ཕྱག་ཁྲེགས་ཆོད་ཀྱི་གནད་སེམས་དང་པོ་མི་གནས་པ་གནས་པར་བྱེད་པ། གནས་པ་བརྟན་པ། བརྟན་པ་གྲོལ་བར་བྱེད་པ་གསུམ་ལས། ཐོག་མར་དངོས་པོ་ཕྲ་མོ།༡༽ ལྷ་སྐུ།༢༽ ཡིག་འབྲུ།༣༽ ཕྱག་མཚན།༤༽ ཐིག་ལེ།༥༽ རླུང་དང་།༦༽ ཐིག་ལེ་འབར་འཛག་ལ་བསླབ་པ།༧༽ ལ་སོགས་པའི་མན་ངག་བླ་མའི་ཕྱག་བཞེས་ལྟར་བསྟན་ནས་གནས་འགྱུ་རིག་པ་ངོ་ཟིན་ངེས་བྱས་ཏེ་ཞི་གནས་གཏན་ལ་དབབ། གཉིས་པ་བྱུང་གནས་འགྲོ་གསུམ་རྩད་གཅོད་དྲག་པོ་བྱས་ནས་སེམས་ཉིད་ཀྱི་ངོ་བོ་གཏན་ལ་ཕབ་ནས་ངོ་སྤྲད་ཅིང་ཞི་ལྷག་ཟུང་འཇུག་གི་ཉམས་བསྐྱང་། གསུམ་པ་ཉམས་ཞེན་གྱི་བློ་ཞིག་ནས་མ་བཅོས་སྐྱེ་མེད་སྤྲོས་བྲལ་ལྷག་མཐོང་གི་རྟོགས་པ་ངོ་མཐོང་བ་དང་། རྩལ་བསྐྱེད་པ་དང་། མཐར་ཐུག་མངོན་གྱུར་འོད་གསལ་ཁོར་ཡུག་མ་བུ་གཅིག་ཏུ་མ་འདྲེས་བར་སྐྱོང་ངོ་། །དེ་དག་ཀྱང་རྒྱལ་བའི་བཀའ་ལུང་གི་དོན་མ་འཁྲུལ་པར་རྟོགས་ལྡན་བླ་མས་ཉམས་ཁྲིད་དུ་སྟོན་པ་ལས་རང་གི་རྟོགས་ཆོས་སུ་རློམ་ནས་བཀའ་དོན་དུ་འགལ་བའི་བློས་བཅོས་ཀྱི་ཆོས་ཁྲིད་དང་། རང་ཉིད་ཀྱིས་མ་རྟོགས་པར་དཔེ་བཤད་ན་ཡམ་དང་རྟོག་གེའི་བརྟག་དཔྱད་ཀྱིས་བསྲེ་བསླད་བྱེད་པ་ནི་ནམ་དུ་ཡང་མི་རུང་ལ། རྒྱལ་བའི་བཀའ་ཟུང་འཇུག་ཐོབ་པ་རྣམས་ཀྱི་གསུང་མ་འཁྲུལ་བར་བསྟན་པར་གཅེས་སོ། །དེ་ཡང་ཁྲིད་སྟོན་པ་པོ་རབ་རྟོགས་པ་ཅན། འབྲིང་ཉམས་སྐྱེས་པ། ཐ་མ་ཡང་བླ་མའི་གསུང་མ་ནོར་བར་སྟོན་ནུས་ཤིང་གཞུང་དོན་ནི་གོ་ངེས་པ་ཞིག་དགོས། དེ་བས་རང་གི་མྱོང་ཆོས་རྟོགས་ཆོས་ཡིན་པར་རློམ་ཞིང་རྒྱལ་བའི་བཀའ་ལས་འདས་པར་བསྟན་ན་རྡོ་རྗེ་དམྱལ་བའི་རྒྱུ་ཡིན་པས་གཟབ་འཚལ། དེས་ན་ཉམས་རྟོགས་བརྟན་པ་མ་ཐོབ་ཀྱང་ཁྲིད་ཀྱི་གོ་དོན་མ་འཁྲུལ་པར་གོ་བ་ཞིག་ནི་ཤིན་ཏུ་གལ་ཆེའོ། །བློ་རྨོངས་ཉམས་བྲང་བྲིང་སྐྱེས་པས་ཆོས་བཤད་པ་ལས། བློ་གྲོས་ལྡན་པ་གོ་བ་ཡང་དག་ཐོབ་པས་བསྟན་པ་ལ་ཕན་ཐོགས་ཆེ་བར་འགྱུར་ཞིང་། ལར་སློབ་མའི་མོས་གུས་ཀྱི་གནད་ཁོ་ནར་རག་ལུས་པས། བཀའ་ཆོས་ཞུས་པའི་བླ་མ་ནི་ནམ་དུ་ཡང་དད་པ་ལྟེམ་རྐྱང་མེད་པར་རྡོ་རྗེ་སེམས་དཔར་བལྟ་བར་བྱ་ཞིང་སྤྱིར་ཉམས་དང་རྟོགས་པའི་ཤན་འབྱེད་ཅིང་འདྲ་མཚུངས་གོལ་ཤོར་དབང་དུ་མ་སོང་བ་ཤིན་ཏུ་གལ་ཆེའོ། །ྀཨཚ། །བླ་མ་རང་སེམས་བསྲེ་བའི་གནད་ཐུན་མོང་མ་ཡིན་པ་ཁྲེགས་ཆོད་ཐོད་རྒལ་གྱི་དོན་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ནི་བླ་མ་དམ་པའི་ཞལ་ལས་བླང་བར་བྱའོ། །ྀཨཚ། ༈ །དེ་ལྟར་བླ་སྒྲུབ་ཀྱི་སྦྱོར་དངོས་རྗེས་གསུམ་གྱི་དམིགས་པའི་རྐང་ལ་ཆོས་བཞིའི་དང་པོར་དམིགས་རྐང་བཞི། གཉིས་པར་ཉི་ཤུ། གསུམ་པར་བཞི་བཅུ་ཞེ་བཞི། བཞི་པར་རྩ་བ་གསུམ་ཡན་ལག་བདུན་ཏེ་དམིགས་རྐང་བདུན་ཅུ་རྩ་བརྒྱད་ཐམ་པའོ། །དེ་ནས་དངོས་པོ་ཕྲ་མོར་ཐུན་གྱི་རྩ་བ་བྱས་ལ། དེ་ནས་སྐུ་ལ་ཉི་ཤུ་རྩ་ལྔ། ཡིག་འབྲུར་ལྔ། ཕྱག་མཚན་ལ་བདུན། ཐིག་ལེར་བདུན། རླུང་གི་བསླབ་པར་ལྔ། ཐིག་ལེའི་སྦྱོར་བར་བཞི་སྟེ་དམིགས་རྐང་དྲིལ་ནས་དྲུག་ཅུ་སྟེ། གོང་མ་དང་བསྡམས་པས་བརྒྱ་དང་སུམ་ཅུ་རྩ་བདུན་གྱིས་རྫོགས་པ་སྟེ་སློབ་མའི་རྒྱུད་ཚོད་དང་བསྟུན་ཏེ་དམིགས་པའི་བསྒྱུར་བཀོད་ནི་མཐའ་གཅིག་ཏུ་མ་ངེས་པས་སློབ་དཔོན་མྱོང་བ་ཅན་གྱི་བློས་བསྟན་ལ། ཞལ་ཤེས་གདམས་པ་འགའ་ཞིག་མ་གཏོགས་དམིགས་རྐང་མ་ཚང་མེད་པ་ཡོངས་སུ་རྫོགས་པའོ། །དེ་ལྟར་ཉམས་སུ་ལེན་པ་ལ་གོ་བ་དང་ཉམས་མྱོང་ཤན་དབྱེ། ཉམས་དང་རྟོགས་པ་མ་ནོར་བར་དཔལ་ལྡན་བླ་མ་ཉམས་རྟོགས་ལྡན་པས་མྱོང་ཁྲིད་ཉིད་དུ་བྱ་ལ། སྤྱིར་ཉམས་དང་རྟོགས་པའི་ནོར་ས་གོལ་ས་འདྲ་འདྲ་ནི་དབང་པོ་འབྲིང་མན་ཆད་ལ་ཤིན་ཏུ་མང་ཞིང་། གཞུང་ནས་བཤད་པའི་ཉམས་ལེན་གྱིས་མཚམས་དང་མཚུངས་མི་མཚུངས་ཅི་རིགས་པ་འབྱུང་ལ། དབང་པོ་རབ་རྣམས་ལ་དེ་ལྟ་བུས་མི་བརྫི་ཞིང་། བློ་གྲོས་མཆོག་ཐོབ་པ་རྣམས་ཀྱི་ཡང་ཤན་འབྱེད་པ་ལ་མཁས་པའོ། །དེ་ལྟར་མ་ཡིན་པ་རྣམས་ནི་ཉམས་འདྲ་མིན་གོལ་ཤོར་མེད་པར་རྟོགས་ལྡན་བླ་མའི་རྒྱལ་བའི་བཀའི་བླ་མ་ལ་ཞུན་ཐར་བཅད་པ་མཆོག་ཏུ་གཅེས་པ་སྟེ། ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའི་ལྟ་འདོད་ལ་ལ་དང་། དབུ་མ་འཛིན་པ་རྣམས་ལ་ཁྱད་ཆ་ཤས་ཕྲ་མོ་རེས་འབྱེད་པ་ཡིན་ཞེས་ཤིང་རྟ་མཆོག་གྱུར་་་ཐམས་ཅད་མཁྱེན་པ་སྒྲོལ་མགོན་ཞབས་་་རྣམས་ཀྱིས་བཞེད་ལ། སྤྱིར་ལྟ་བ་མ་འཁྲུལ་སྤྱོད་པ་མ་ལོག་པ་ནི་མཆོག་ཏུ་རྒྱལ་བ་རྣམས་ཀྱིས་གསུངས་པའི་གལ་འགག་གོ ༈ །མདོར་ན་ལྟ་བ་ནམ་མཁའ་ལྟ་བུ་ལ། རྗེས་ཐོབ་སྒྱུ་མ་ལྟ་བུ། ཆོས་ཀུན་རང་སེམས་སུ་ཐག་ཆོད་ཅིང་རྒྱུ་འབྲས་རྟེན་འབྲེལ་དུ་ཤེས་པས་འདོར་ལེན་ལ་མཁས། ༧རྩ་བའི་བླ་མ་ནི་སངས་རྒྱས་ཀུན་ལས་ལྷག་པར་ཤེས་ཤིང་ལུས་སྲོག་ལྟོས་པ་མེད་པར་དད་གུས་ཞབས་ཏོག་དམ་ཚིག་ཡེ་ནས་གཡེལ་བ་མེད་པར་སྙིང་ཁོངས་རུས་པའི་གཏིང་ནས་ཁ་སེམས་མེད་པ་ངོས་ལྐོག་མེད་པ་སྐྱིད་སྡུག་མེད་པ་ཤིན་ཏུ་ནས་གལ་ཆེའོ། །གལ་ཆེའོ། །དེ་ལྟར་ཆོས་དྲན་པའི་མི་གཅིག་ལ་ཆོག་པ་ཡི་ནི་ཆོས་གཅིག་ནི་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་སེམས་དཔའ་ཐོབ་པར་བྱེད་པའི་ལམ་མ་ཚང་བ་མེད་པ་དོན་ཟབ་པ་རྒྱ་ཆེ་བ་བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཆེས་ཆེར་རྨད་དུ་བྱུང་བ་ཆིག་ཆོག་རི་ཆོས་ཟབ་པའི་མཐར་ཐུག་པ་སྟེ། ཡང་དག་པའི་ལམ་དོན་དུ་གཉེར་བ་རྣམས་སྲོག་སྟེར་བར་བྱེད་པ་བདུད་རྩི་ལྟ་བུ་ཆོས་འདི་ཁོ་ནའོ། །དེ་བས་ལས་སྐལ་མཆོག་དང་ལྡན་པ་རྣམས་ཀྱིས་བརྩོན་འགྲུས་དྲག་པོས་ཉམས་སུ་ལོངས་ཤིག །སྒོམས་ཤིག །སྒྲུབས་ཤིག །སྟོན་ཅིག །ཤོད་ཅིག །ཆོས་ཀྱི་སྙིང་པོར་ཟུངས་ཤིག །ཤིན་ཏུ་གཅེས་པར་གྱིས་ཤིག །ཙིཏྟ་དྷ་ཐིམ། ཕར་ཕྱིན་ཐེག་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་བགྲངས་ནས་བྱང་ཆུབ་བསྒྲུབ་པ་སྔགས་འོག་མ་རྣམས་སྐྱེ་བ་གྲངས་ཅན་གྱིས་ཐོབ་པར་བྱེད་པ་དང་། བླ་མེད་རྣམས་ཀྱིས་འདི་ཕྱི་བར་དོར་བྱང་ཆུབ་ཆེན་པོ་རྡོ་རྗེ་སེམས་དཔའི་གོ་འཕང་བརྙེས་པར་འདོད་པ་ཡིན་ཏེ། དེའི་གནད་བླ་མ་ལ་མོས་གུས་དམ་ཚིག་རྣམ་པར་དག་པ་གལ་ཆེ་ཞིང་། དམ་ཚིག་རྣམ་པར་མ་དག་ན་རྡོ་རྗེ་དམྱལ་བར་སྐྱེ་བས་དཔེར་ན་སྦྲུལ་སྨྱུག་དོང་དུ་བཅུག་པ་ལྟ་བུ་རྡོ་རྗེ་ཐེག་པའི་ལམ་སྟེ་དད་མོས་དམ་ཚིག་ལ་རབ་ཏུ་བརྩོན་པར་གཅེས་སོ། ༈ །སྤྱིར་ཐ་སྙད་ཀྱི་གཞུང་ལུགས་ལ་ལོ་བརྒྱར་འབད་པ་ལས། ངེས་དོན་རྟོགས་པར་བློ་ཕྱོགས་ནས་གླེགས་བམ་སྤྱི་བོར་བཞག་པས་བྱང་ཆུབ་ལ་ཉེ་ཞིང་། ཐོས་བསམ་འདུས་བྱས་ཀྱི་དགེ་བ་ཇི་སྙེད་བགྱིས་པ་ལས། ཡང་དག་འཇོག་ཐུན་ཅིག་གིས་བྱང་ཆུབ་ལ་ཉེ་ཞེས། རྒྱལ་བའི་བཀའ་མདོ་རྒྱུད་དུ་མ་ནས་གསུངས་ཤིང་ཟུང་འཇུག་བརྙེས་པ་རྣམས་ཀྱིས་ཡོངས་སུ་བསྒྲགས་པར་ཡིད་ཆེས་པས་ཉམས་ལེན་དོན་གྱི་སྙིང་པོ་སྒོམ་སྒྲུབ་ལ་འབད་པར་བྱོས་ཤིག །འབད་པར་བྱོས་ཤིག །བདག་ལྟ་བུའི་སྐྱེ་བོ་ལ་དེང་སང་ཡིད་རྟོན་པར་མི་བྱེད་པ་བདེན་ན་ཡང་། བདག་གི་སྨྲ་བ་འདི་དག་ནི་རྒྱལ་བའི་བཀའ་དང་མཆོག་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཅི་ལྟར་གསུངས་པའི་དོན། རང་བཟོས་མ་རྙོག་པར་གཞན་ཕན་གྱི་ལྷག་བསམ་འབའ་ཞིག་གིས་བཤད་པ་ཡིན་པས་དེས་ན་ཆོས་ཀྱི་ཚིག་དོན་ལ་ཡིད་བརྟན་དུ་བྱ་བར་རིགས་སོ། ༈ །དེ་ལྟར་བླ་མ་སྒྲུབ་པའི་ཁྲིད་རིམ་གྱི་ས་བཅད་མིག་ལོང་གི་སྣ་ཁྲིད་ལྟ་བུ་ཤིན་ཏུ་གསལ་བར་བཀོད་པ་ཟབ་བོ། །འདི་བྲིས་ཉེས་གྱུར་ཐམས་ཅད་འཁོར་ལོ་ཡི། །དབང་ཕྱུག་དྲན་མཆོག་རྡོ་རྗེ་སེམས་དཔར་བཤགས། །འདི་ཕྱིའི་སྒྲིབ་བྲལ་རྣམ་དག་དབུགས་དབྱུང་ཞིང་། །ལེགས་དགེས་འགྲོ་ཀུན་བླ་མའི་སར་བརྙེས་ཤོག །ཅེས་བླ་སྒྲུབ་དམིགས་པའི་རྐང་གྲངས་པདྨའི་ཕྲེང་བ་འདི་ཉིད་ལས་སྐལ་མཆོག་དང་ལྡན་པ་སློབ་མ་དད་དམ་བརྩོན་འགྲུས་ཅན་རྣམས་ཀྱིས་ལན་གཅིག་མ་ཡིན་པར་ཡང་ཡང་བསྐུལ་བའི་ངོར། དཔལ་ཆེན་རྡོ་རྗེ་ཁྲག་འཐུང་ཐོད་ཕྲེང་རྩལ་གྱི་ཐུགས་དང་གཉིས་སུ་མེད་པ་གནུབས་ནམ་མཁའི་སྙིང་པོའི་མཚན་ཙམ་ཁོ་ནས་༼ནམ་སྙིང་སྤྲུལ་པའི་ཟློས་གར་པདྨ་ནོར་བུ་དྲི་མེད་རྡོ་རྗེ་གཟི་བརྗིད་རྩལ་གྱི་མཚན་ཙམ་གྱིས། མ་དཔེ་གཅིག་ལ་འདི་བཞིན་འདུག་ཟེར་ལགས༽ བྱིན་གྱིས་བརླབས་པ་ཡུལ་མདོ་ཁམས་ལྷ་རིགས་ཇུའི་བྱ་བྲལ་རིག་སྔགས་འཛིན་པ་ཚེ་དབང་ནོར་བུ་འཇམ་དབྱངས་རྒྱ་མཚོའམ། མིང་གཞན་དུ་པདྨ་ཐེག་མཆོག་བསྟན་པའི་གསལ་བྱེད་ངེས་གསང་གྲུབ་པའི་ཤིང་རྟ་ཕྱོགས་ལས་རྣམ་རྒྱལ་གྲུབ་མཆོག་དབང་པོའི་སྡེ་ཞེས་བྱ་བ་ཕྱོགས་ཀུན་ཏུ་རྒྱུ་བ་ཡིས་རང་ལོ་སུམ་ཅུའི་སྣེ་ལ་ཟིན་ཉེ་བ་ཞི་བ་ཞེས་ས་བྱ་སྟོན་ཟླ་ར་བའི་ཚེས་བཟང་ཉེར་གསུམ་ལ་བོད་ཡུལ་སྟོད་མངའ་རིའི་ཆ་ལྷོ་མོན་བོད་ཀྱི་མཚམས་གུང་ཐང་ནུབ་རིའི་བས་མཐའ་ཏ་ལིའི་ཡང་རྩེ་རུ་བཀོད་པའི་ཡིག་རིས་ནི་མདོ་ཁམས་སྟག་བུའི་བཙུན་པ་བསོད་ནམས་རབ་བརྟན་གྱིས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།
གུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས༔ ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ་བཅས་ (Volume 20, Text 45)
༁ུྃ༔ གུ་རུའི་སྒྲུབ་ཐབས་འཆི་མེད་ཐུགས་ཐིག་ལས༔ ཚེ་འགུགས་ཚེའི་ཕོ་ཉ་བསྐུལ་བ་ཚེ་པྲ་བརྟག་པ་བཅས་བཞུགས་སོ༔ འཆི་མེད་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་རྒྱ་གར་མཁས་པ་པདྨ་བདག༔ སྐྱེ་འཆི་གཉིས་མེད་རྡོ་རྗེ་ལྟ་བུའི་སྐུ༔ འགྲོ་བའི་དོན་ཕྱིར་འཆི་མེད་ཚེ་སྒྲུབ་ནི༔ བསམ་གྱིས་མི་ཁྱབ་རིན་ཆེན་གཏེར་དུ་སྦས༔ མ་འོངས་ལས་ཅན་བུ་དང་འདི་འཕྲད་ཤོག༔ ཚེ་ཡི་ཕྲིན་ལས་ཁ་སྐོང་དུ༔ དངོས་གྲུབ་བསྐུལ་དང་བྱིན་འབེབས་ཤིང༔ ཚེ་འགུགས་མགྱོགས་མ་བསྐུལ་བ་འོ༔ ཐུགས་དམ་གནད་ནས་བསྐུལ་རྗེས་སུ༔ དངོས་གྲུབ་བླངས་ཤིང་དབང་བསྐུར་བྱ༔ ས་མ་ཡ༔ ཧྲཱི༔ ཡང་གསང་ཐུགས་ཀྱི་ལྷ་ཚོགས་རྣམས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ད་ནི་ཚེ་འགུགས་དབང་ཡང་བསྐུར༔ སྐྱེ་འཆི་མེད་པར་རྒྱས་འདེབས་འཚལ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རི་བོ་ཏ་ལའི་ལྷོ་ནུབ་ཏུ༔ རིགས་གསུམ་མགོན་པོའི་ཕོ་བྲང་ན༔ སློབ་དཔོན་པདྨ་འབྱུང་གནས་དང༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ རྡོ་རྗེའི་ཚེ་མཆོག་བསྒྲུབས་པ་ལ༔ ཚེ་དཔག་མེད་མགོན་དངོས་སུ་བྱོན༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་འཆི་མེད་པར་རྒྱ་ཡིས་གདབ༔ དེ་ཚེ་རྟགས་བསྟན་བསྙེལ་ལམ་ཅི༔ ཁྱེད་ཀྱི་ཐུགས་དམ་བདག་བསྐུལ་གྱིས༔ ད་ལྟ་རིག་འཛིན་སྒྲུབ་པ་པོ༔ འདིར་ཚོགས་སྐལ་ལྡན་ཐམས་ཅད་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ རྟག་པར་བསྐུལ་བ་མི་ཞུ་སྟེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ ཡང་གསང་ཨཱ་ཡུའི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་སྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ནས༔ འགྲོ་བ་འདྲེན་པའི་དཔལ་གྱུར་ཤོག༔ ཅེས་བརྗོད་མདའ་དར་གཡབ་ཅིང་ཚེ་རྫས་རྣམས་སློབ་མའི་མདུན་དུ་བཞག་ལ་བྱིན་དབབ་པ་ནི༔ ཧྲཱི༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེ་ཚེ་སྒྲུབ་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡིས་བརྙེས༔ བསྒྲེས་རྒུད་མེད་པ་སུ་ཡིས་ཐོབ༔ མགོན་པོ་ཚེ་དཔག་མེད་པ་དང༔ ཡུམ་མཆོག་གསང་བའི་གོས་དཀར་མོས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རིག་འཛིན་དགའ་རབ་རྡོ་རྗེ་དང༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ་གཉིས༔ ཆུ་བོ་ཆེན་པོ་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རིག་འཛིན་ཤྲཱི་སིང་ཧ་དང༔ མཁའ་འགྲོ་རིག་འཛིན་ཞི་བ་མཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁའ་འགྲོ་ལྷ་ལྕམ་མནྡཱ་རས༔ བྲག་ཕུག་མཱ་ར་ཏཱི་ཀ་རུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ པཎ་ཆེན་བི་མ་མི་ཏྲ་དང༔ མཁའ་འགྲོ་དབང་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ གནུབས་བན་ནམ་མཁའི་སྙིང་པོ་དང༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་འཚོས༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རིག་འཛིན་པདྨ་འབྱུང་གནས་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གཡའ་མ་ལུང་གི་སྒྲུབ་གནས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ གུ་རུ་འཆི་མེད་རྡོ་རྗེ་དང༔ ལས་ཅན་རྗེ་འབངས་གྲོགས་བཅས་ཀྱིས༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ ཤུད་པུ་དཔལ་གྱི་སེང་གེ་དང༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ མཁའ་འགྲོ་དྲྭ་བའི་གསང་ཕུག་ཏུ༔ མ་འོངས་བུ་འབངས་འགྲོ་བའི་དོན༔ སྐྱེ་འཆི་མེད་པར་སྨོན་ལམ་བཏབ༔ བསྒྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སྔོན་དུས་ཚེ་ཡི་ཁུངས་རེ་བཟང༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང༔ སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྣོད་བཅུད་ཐམས་ཅད་ཚེ་རུ་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་སྐུར༔ སྐུ་ཡི་སྤྲུལ་པ་གློག་སྟོང་འཁྱུག༔ གསུང་གི་སྤྲུལ་པ་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་སྡུས༔ སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ནས༔ རང་བྱུང་ཚེ་ཡི་བཅུད་ཁུག་སྟིམས༔ བླ་ཚེ་ཉམས་པ་སོར་ཆུད་དེ༔ ཚེ་ཡི་དངོས་གྲུབ་བུམ་པར་སྡུས༔ དཔལ་དང་བསོད་ནམས་བདག་ལ་སྐྱེད༔ རྟགས་དང་མཚན་མ་བསྟན་པ་དང༔ ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བྱིན་དབབ་བོ༔ དེ་ནས་ཚེ་འགུགས་ནི༔ ལས་ཀྱི་རྡོ་རྗེས་སྤོས་ཐོགས་ལ་མདའ་དར་བཅས་དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ༔ ཧྲཱི༔ རང་གསལ་ལྷུན་གྲུབ་གཞལ་ཡས་ནས༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་རུ༔ གུ་རུ་པད་འབྱུང་ཚེ་དཔག་མེད༔ རང་འདྲའི་ཡུམ་མཆོག་ཙཎྜ་ལཱི༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ཚེ་ཡི་འོད་ཟེར་ཁྲ་ལ་ལ༔ ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས༔ འཆི་མེད་ཚེ་ཡི་བཅུད་སྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ སྣང་བ་མཐའ་ཡས་ཚེ་ཡི་བདག༔ སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ གསང་བ་ཡེ་ཤེས་ཤེས་རབ་ཡུམ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ཡང་གསང་ཨཱ་ཡུའི་བཅུད་སྡུས་ལ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ དབུས་ཕྱོགས་དཀར་གསལ་ཐིག་ལེའི་དབུས༔ གུ་རུ་བུདྡྷ་ཚེ་དཔག་མེད༔ མནྡཱ་ར་བ་སངས་རྒྱས་སྤྱན༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ དབུས་ཕྱོགས་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ཤར་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ མཐིང་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་བཛྲ་ཚེ་དཔག་མེད༔ ཡེ་ཤེས་མཚོ་རྒྱལ་མཱ་མ་ཀཱི༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ཤར་ཕྱོགས་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ལྷོ་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ སེར་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་རཏྣ་ཚེ་དཔག་མེད༔ ཀ་ལ་སིདྡྷི་རིན་ཆེན་སྒྲོལ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ ལྷོ་ཕྱོགས་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ནུབ་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ དམར་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་པདྨ་ཚེ་དཔག་མེད༔ ཤཱཀྱ་དེ་བ་གོས་དཀར་མོ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ བྱང་ཕྱོགས་ཚེ་ཡི་དཀྱིལ་འཁོར་ནས༔ ལྗང་གསལ་ཐིག་ལེའི་གཞལ་ཡས་སུ༔ གུ་རུ་ཀརྨ་ཚེ་དཔག་མེད༔ བཀྲ་ཤིས་ཁྱེའུ་འདྲེན་དམ་ཚིག་སྒྲོལ༔ ཡབ་ཡུམ་ཟུང་འཇུག་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་བཅུད་བསྡུས་ཏེ༔ བདག་ཅག་སྐལ་ལྡན་རྣམས་ལ་སྩོལ༔ ཧྲཱི༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ དཀར་མོ་ཞི་བའི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱི་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དཀར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ སེར་མོ་རྒྱས་པའི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱི་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་སེར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ དམར་མོ་དབང་གི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱིས་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་དམར༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ལྗང་མོ་དྲག་པོའི་ལས་མཛད་མ༔ གཡས་གཡོན་མདའ་དར་ཚེ་བུམ་འཛིན༔ གཡས་ཀྱིས་མདའ་དར་གཡབ་མཛད་དེ༔ སྣང་སྲིད་ཀུན་ནས་བཅུད་སྡུས་ལ༔ གཡོན་གྱི་བུམ་པའི་ནང་དུ་སྟིམས༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང༔ བུམ་པའི་མགུལ་ཆིངས་ལེ་བརྒན་ལྗང༔ བུམ་པའི་གཟུངས་ཐག་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ཀྱང་སྲོག་གི་རྟེན༔ གནས་འདིར་ཚེ་ཁུག་བྱིན་ཕོབ་ཅིག༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ བླ་སྲོག་དབུགས་ཚེ་ཉམས་པ་ཁུག༔ འཆི་མེད་ཚེ་འདི་བརྟན་པར་མཛོད༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ཤར་སྒོ་རུ༔ ཚེ་ཡི་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་མཆོག་ལྷ་མོ་ལྕགས་ཀྱུ་མ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ཞི་བ་ལྷུན་གྲུབ་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟད་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ་རུ༔ ཚེ་ཡི་ཁྲོ་བོ་གཤིན་རྗེའི་གཤེད༔ ཡུམ་མཆོག་ལྷ་མོ་ཞགས་པ་མ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ལྷུན་གྲུབ་རྒྱས་པའི་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་རུ༔ ཚེ་ཡི་ཁྲོ་བོ་རྟ་མགྲིན་རྒྱལ༔ ཡུམ་མཆོག་མཁའ་འགྲོ་ལྕགས་སྒྲོག་སྦྱོར༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ལོ་ཀ་དབང་གི་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་ཆེན་པོའི་བྱང་སྒོ་རུ༔ ཚེ་ཡི་ཁྲོ་བོ་བདུད་རྩི་འཁྱིལ༔ ཡུམ་མཆོག་མཁའ་འགྲོ་དྲིལ་བུ་མ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ རྩལ་ལྡན་དྲག་པོའི་སྒོ་སྲུངས་ལ༔ འབྱུང་པོའི་ཚོགས་རྣམས་ཚར་ཆོད་ཅིག༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང༔ ཕོ་རྒྱུད་བརྒྱ་འཕེལ་མོ་རྒྱུད་སྲིངས༔ སྲ་ལ་བརྟན་པ་མི་ཡི་ཚེ༔ མང་ལ་སྙོམས་པ་ནོར་གྱི་གཡང༔ སྣུམ་ལ་འདྲིལ་བ་ཟས་ཀྱི་བཅུད༔ དར་ལ་རྒྱས་པ་བསོད་ནམས་དཔལ༔ དེ་རྣམས་མ་ལུས་འཐོབ་བྱའི་ཕྱིར༔ བུམ་པ་འདི་ལ་དཔལ་ཞིག་སྐྱེད༔ ཚེ་ཟན་འདི་ལ་བཅུད་ཅིག་ཕོབ༔ ཚེ་འབྲས་འདི་ལ་པྲ་ཞིག་སྟོན༔ མདའ་དར་འདི་ལ་འོད་ཅིག་ཟུག༔ དཀྱིལ་འཁོར་འདི་ལ་མདངས་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་ཚེ་སྩོལ་ཅིག༔ ཧྲཱི༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ ཚེ་ཡི་ལས་བྱེད་བཀའ་སྲུང་དང༔ གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་སྐྱོང་བར་ཁས་བླངས་རྣམས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ བླ་ཚེ་ཡར་བ་ད་ལྟ་ཁུག༔ ཉམས་རྒུད་ཡར་བ་ཁུག་ལ་གསོས༔ བཅོལ་བའི་ལས་འདི་མ་བྱས་ན༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ སྙིང་ཁྲག་འཐུངས་ནས་བརླག་པར་བྱེད༔ དེ་བས་དམ་ལས་མ་འདའ་བར༔ སྒྲུབ་མཆོག་སྐུ་ཚེ་བསྲིང་བ་དང༔ སྔགས་ཀྱི་བསྟན་པ་སྐྱོང་བར་མཛོད༔ ཅེས་བརྗོད་གཏོར་མ་ཤ་ཆང་གིས་བརྒྱན་ལ་གཙང་སར་འབུལ་ཞིང་མདའ་དར་གཡབ༔ དེ་ནས་ཚེ་ཡི་པྲ་བརྟག་ནི༔ ཚེ་འབྲས་ཀྱི་ནང་དུ་ཉི་ཟླ་སྐར་གསུམ༔ གཡུང་དྲུང་དང༔ དུང་དཀར༔ ལྕགས་ཀྱུ༔ ཞགས་པ༔ ལྕགས་སྒྲོག༔ དྲིལ་བུ་བཅས་མར་གྱི་བསྒྲུབས་ལ་བླུགས༔ ཚེ་སྔགས་བཟླ་ཞིང་ཚེ་པྲ་སྟོན་པར་གསོལ་བ་གདབ༔ ཁ་རྡོ་རྗེ་རྒྱ་གྲམ་གྱིས་གཅོད༔ ཉི་ཟླ་གཉིས་རྒྱབ་ལོགས་ནས་ནུབ་ཏུ་ཕྱོགས་ན་ཤིན་ཏུ་ངན༔ ཁ་སྤྲོད་བཟང༔ ཕྱག་མཚན་བཞི་པོ་གནས་འཆོལ་ན་ཆོས་སྲུང་བསྐང་གསོ་དང་བཟློག་པ་བྱ༔ སྐར་མ་འཐོར་ན་བུ་དང་ནོར་ལ་ངན་པས་གཡང་སྐྱབས་བྱ༔ གཡུང་དྲུང་ཡལ་ན་སྦྱིན་བདག་ལ་ངན༔ དུང་དཀར་ཡལ་ན་སློབ་དཔོན་དང་རང་གི་སྙན་གྲགས་ལ་ངན༔ དེ་རྣམས་ལ་བཙན་གཏོར་གཏང༔ བརྒྱ་བཞི༔ བདུད་ཞལ་བསྒྱུར༔ འཆི་བསླུ་རྣམས་བྱའོ༔ ཚེ་མདའ་རིང་དུ་སོང་ན་ཚེ་འཕེལ་རྟགས་ཡིན༔ སྒྲོ་ལ་སྐྱོན་སོང་ན་སྦྱིན་བདག་ལ་ངན༔ ལྟོང་གས་ན་རིག་མ་ལ་ངན༔ མདེའུ་བུད་ན་རྣལ་འབྱོར་རང་ལ་ངན༔ དར་ཚོན་རལ་ན་སློབ་མ་ལ་ངན༔ རོལ་མོ་ཆག་གམ་རྐེ་བུད་ན་གནས་ཁང་ལ་ངན༔ དེ་ལ་འབུམ་འུར་འདོན༔ འགོ་བའི་ལྷ་མཆོད༔ སྲི་མནན་བྱ༔ གཡང་སྒོ་བསྡམ༔ རྣམ་འཇོམས་ཀྱི་ཁྲུས་བྱའོ༔ ཚེ་ཟན་འཕེལ་བ༔ བདུད་རྩི་བབ་པ༔ ཚེ་གཏོར་གྲངས་ཕེབས་པ༔ མདའ་དར་འགུལ་བ༔ འོད་འཁྱུགས་པ༔ ཚེ་ཆང་ཁོལ་བ་རྣམས་བྱུང་ན་བཟང་བའི་རབ་མཆོག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བར་བསྒྲགས་པ་བོན་ལུགས་ལྟར་བསྟན་པ་ (Volume 39, Text 45)
༄༅། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བར་བསྒྲགས་པ་བོན་ལུགས་ལྟར་བསྟན་པ་བཞུགས་སོ། ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། པདྨ་མཐོང་གྲོལ་པདྨ་འབྱུང་གནས་ཞེས། །རྫུ་འཕྲུལ་མངའ་བསྙེམས་གདུལ་དཀའ་ཐབས་ཀྱིས་འདུལ། །བོད་ཁམས་འགྲོ་ལ་བཀའ་དྲིན་མཚུངས་མེད་པ། །ངོ་མཚར་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་བ། །རྒྱ་མཚོའི་འཇིངས་དང་ནམ་མཁའི་མཐའ་ལྟ་བུ། །སངས་རྒྱས་རྣམས་ཀྱི་མཁྱེན་པ་ཁོ་ན་ལས། །སོ་སོ་སྐྱེ་བོའི་ཡུལ་དུ་མ་གྱུར་ཀྱང་། །རེ་ཞིག་གདུལ་བྱ་ཐུན་མོང་སྣང་ངོ་རུ། །རྣམ་པར་ཐར་པ་ཕྱོགས་རེར་མཚོན་པ་ལས། །བསྒྲགས་པ་བོན་གྱི་ལུང་བྱང་ལས་བྱུང་བ། །ཆ་ཤས་ཙམ་ཞིག་བརྗོད་ན་འདི་ལྟ་སྟེ། །ལྷ་ཡི་ཡུལ་མཚུངས་ཞང་ཞུང་གྲོང་ཁྱེར་གྱི། །འདོད་རྒུ་འདུ་བ་རྒྱལ་བ་མཉེས་པའི་དབུས། །གྲུབ་པའི་ཕོ་བྲང་ཁྱུང་ལུང་དངུལ་མཁར་དུ། སྐལ་ལྡན་རིགས་རྒྱུད་རྒྱུད་ཡར་མུ་ཁོད་རྗེ། །ཕྱ་བཙུན་གོང་མ་སྟངས་དང་དཔྱལ་ཚོགས་ཀྱང་། །སྲས་བུ་མེད་ནས་ཞང་བོད་རྣམ་གཉིས་ཀྱི། །གྲུབ་པ་ཐོབ་པའི་ལོ་པཎ་རྣམ་བརྒྱད་ལ། །གསེར་ཕྱེ་གླང་ཆེན་ཁལ་དུ་བཀལ་བ་ཕུལ། །དབང་དང་སྨོན་ལམ་ཞུས་པ་ལ་བརྟེན་ནས། །ཀུན་བཟང་ཐུགས་རྗེའི་འོད་ཟེར་ཨ་དཀར་པོ། །འོད་ཞུ་ཁྱེ་འུ་དག་པ་དྲི་མེད་ཉིད། །འགྲོ་བ་དང་མཐུན་ཆ་ལུགས་མི་ཡི་ཚུལ། །མཚན་དཔེ་ཡོན་ཏན་རྫོགས་པའི་སྲས་སུ་བལྟམས། །སྐུ་མདོག་ནམ་མཁའ་དྭངས་པའམ་དག་འདྲ་བ། །ཤེས་རབ་གསལ་བའི་སྤྱན་གསུམ་རྣམ་པར་བཀྲ །ཐུགས་ཀར་གསེར་གྱི་པདྨ་འདབ་བརྒྱད་དང་། །ཞབས་གཡོན་མཐིལ་དུ་ཡེ་ཤེས་མིག་གིས་མཚན། །ཡི་དམ་ཞི་ཁྲོ་བརྒྱ་ཡི་ཞལ་གཟིགས་ཤིང་། །མི་དང་མི་མིན་ཐམས་ཅད་དམ་ལ་འདུས། །རྫུ་འཕྲུལ་རྩལ་གྱིས་གནས་ཡུལ་ཀུན་དུ་ཉུལ། །མཁའ་འགྲོ་མ་ཚོགས་ཀུན་གྱིས་འཚོ་བ་འདྲེན། །རི་དྭགས་གཅན་གཟན་རྣམས་ཀྱིས་བསྐོར་བ་བྱེད། །སྐྱེ་བ་ལྔ་བརྒྱ་མ་བསྒྲིབས་གསལ་མཁྱེན་པས། །དྲན་པ་ནམ་མཁའ་ཞེས་སུ་འཇིག་རྟེན་ན། །སྐྱེ་ཕྱི་གྲགས་སྔ་རིག་འཛིན་ཡོངས་ཀྱི་གཙོ། །གྲུབ་པའི་རིག་འཛིན་ཉི་མ་ལྟ་བུར་ཤར། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །ཡབ་བླ་ཆེན་དྲན་པ་ནམ་མཁའ་སྐུ་འཁྲུངས་པའི་ལེའུ་སྟེ་དང་པོའོ།། །།དེ་ལྟ་བུ་ཡི་བླ་མ་ཆེན་པོ་ཉིད། །དོན་དུ་མཆོག་གི་སྤྲུལ་པའི་སྐུ་ཉིད་ཕྱིར། །བསླབ་དང་སྦྱང་བའི་ངལ་བར་མ་ལྟོས་ཀྱང་། །སྔོན་གྱི་ལས་འཕྲོ་སད་པའི་རྐྱེན་ཙམ་དང་། །གདུལ་བྱ་རྣམས་ལ་དཔེ་ཆེ་བསྟན་པའི་ཕྱིར། །མཁས་པ་ཆེན་པོ་ཐ་མི་ཐད་གེ་སོགས། །ཞང་བོད་མཁས་པ་བརྒྱད་ཀྱི་ཐུགས་བཅུད་བླངས། །རྒྱ་གར་མཁས་པ་དགུ་ཡི་ཞབས་ལ་གཏུགས། །སྒྲ་ཚད་ལུང་རིག་ཀུན་ལ་བློ་གྲོས་གྲོལ། །གསང་སྔགས་གསང་བའི་སྤྱོད་པར་མངའ་བསྙེམས་པས། །གྲུབ་ཐོབ་ཆེན་པོ་བིརྺ་པ་ཞེས་གྲགས། །སྟག་གཟིག་ཡུལ་བྱོན་གཤེན་གྱི་སེམས་དཔའ་ཆེ། །ནམ་མཁའ་སྣང་བ་མདོག་ཅན་སྤྱན་སྔ་ནས། །མདོ་དང་སྔགས་ཀྱི་རྒྱུད་སྡེ་མཐའ་ཡས་གསན། །མཁས་པ་ཆེན་པོ་གཡུང་དྲུང་བློ་གསལ་ལས། །ཕྱི་རྒྱུད་མདོ་མཛོད་འདུལ་བ་མཐའ་དག་ཞུས། །དཔལ་བུ་ང་ཚ་སྐྱོལ་པོའི་ཞལ་སྔ་ནས། །གསང་ཆེན་སྦྱོར་སྒྲོལ་མན་ངག་ཟབ་མོ་ནོད། །དེ་ཚེ་བདུད་འདུལ་སྔགས་ཀྱི་གླིང་ཆེན་དུ། །གཡུང་དྲུང་མི་འགྱུར་རྒྱལ་པོ་ཞེས་སུ་གྲགས། །སློབ་དཔོན་ཆེན་པོ་སྟོང་རྒྱུད་མཐུ་ཆེན་ལས། །དྲག་རྩལ་མཐུ་དང་རྫུ་འཕྲུལ་རྐང་མགྱོགས་ཞུས། །སྐད་འགྱུར་ཉི་ཤུ་རྩ་གཅིག་མཁས་པར་སྦྱངས། །ཨོ་རྒྱན་ཡུལ་ཀྱི་དུར་ཁྲོད་གནས་བརྒྱད་དུ། །དཔའ་བོ་གིང་ཆེན་སྡེ་བརྒྱད་ཚུལ་དུ་སྤྲུལ། །ལྷ་སྲིན་དམ་བཏགས་ཚོགས་ཀྱི་དཔོན་པོ་མཛད། །ཞང་ཞུང་ལྷོ་ནུབ་མུ་སྟེགས་སྟོན་པ་ནི། །ལྔ་བརྒྱའི་དཔུང་ཚོགས་ལུང་རིག་རྩོད་པས་ཟློག །གོལ་བའི་མཐའ་བཀག་སངས་རྒྱས་བསྟན་ལ་བཙུད། །གྱེར་སྤུངས་སྨྲ་བའི་སེང་གེ་ཞེས་སུ་གྲགས། །ཞང་ཞུང་བར་པ་མངའ་རིས་སྐོར་གསུམ་དུ། །རྣམ་དག་འདུལ་བའི་གྲྭ་སྡེ་ཆེན་པོ་བཙུགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཕྱར་བའི་ཚེ། །མཁས་ཆེན་རྫུ་འཕྲུལ་ཡེ་ཤེས་ཞེས་སུ་གྲགས། །ཞང་ཞུང་སྒོ་བ་རུ་བཞིའི་བོད་ཁམས་སུ། །མངའ་བདག་རྒྱལ་པོའི་བླ་ཡི་མཆོད་གནས་མཛད། །སྤྱིར་ཡང་རྒྱ་གར་ཡུལ་དུ་ལན་བདུན་དང་། །སྟག་གཟིག་ཕུག་པའི་ཡུལ་དུ་ལན་ལྔ་བྱོན། །འཆི་མེད་ཚེ་ཡི་སྒྲུབ་པ་མངའ་བསྙེམས་ཏེ། །འཇིག་རྟེན་ལྷ་འདྲེ་ཐམས་ཅད་དམ་ལ་བཞག །ཕྱི་རབས་རིག་འཛིན་བརྒྱ་ལ་བྱིན་རླབས་མཛད། །མ་འོངས་ལས་ཅན་སྒྲིབ་མེད་ལུང་དུ་བསྟན། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། ཡབ་བླ་མ་ཆེན་པོའི་སྐུ་ཆེ་བའི་ཡོན་ཏན་གྱི་ལེའུ་སྟེ་གཉིས་པའོ།། །།ཁྱད་པར་སངས་རྒྱས་བསྟན་པ་སྤེལ་བ་དང་། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད་པའི་ཕྱིར། །སྔོན་གྱི་ཐུགས་དམ་ཟབ་མོ་རྗེས་དགོངས་ཏེ། །རྒྱ་གར་བྷི་ཤའི་ཚོང་དུས་ཆེན་པོར་བྱོན། །བྲམ་ཟེའི་རིགས་ལས་ཀུན་དགའ་བཟང་པོ་ཡི། །བུ་མོ་ཉི་མའི་སྙིང་པོ་འོད་འབར་མ། །མཚན་ཉིད་ཀུན་ཚང་ལས་ཀྱི་ཡུམ་དུ་བཞེས། །མ་ཆགས་ཐབས་ཀྱི་རོལ་རྩེད་མཛད་པ་ལས། །སྤྲུལ་པའི་རྒྱལ་སྲས་ཆེན་པོ་རྣམ་གཉིས་འཁྲུངས། །གཅེན་པོ་སྐུ་མདོག་ཤེལ་ལྟར་གསལ་བ་ལ། །དཔྲལ་བའི་དཀྱིལ་ན་གཡུང་དྲུང་རིས་ཡོད་པ། །འདི་ཕྱི་མ་འོངས་མཁྱེན་པ་ས་ལེར་གསལ། གཡེང་ལ་མི་གནས་གཅིག་པུར་ཞི་ལ་གཞོལ། །གཡུང་དྲུང་དོན་གསལ་ཞེས་སུ་མཚན་ཡང་གསོལ། །གཅུང་པོ་ཞལ་རས་སྨུག་ནག་གཟི་བརྗིད་ལྡན། །སྤྱན་གཉིས་འབྲུ་ཚུགས་ཤངས་ལ་ཁྲོ་གཉེར་དོད། །ཟུར་གསུམ་ཞལ་གདངས་ཕྱག་ནི་རྔམ་སྟབས་མཛད། །ཞབས་ནི་གར་འཆམ་འགྲོ་བ་ཞིག་བྱུང་བས། །ཡབ་ཀྱི་པདྨ་མཐོང་གྲོལ་མཚན་དུ་གསོལ། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །སྤྲུལ་པའི་སྲས་གཉིས་སྐུ་འཁྲུངས་པའི་ལེའུ་སྟེ་གསུམ་པའོ།། །།གཡུང་དྲུང་དོན་གསལ་འོད་འཕྲོ་སེང་གེའི་ཚལ། །སྤྱི་སྤུངས་རིག་འཛིན་སྐོར་གྱི་སྒྲུབ་པ་མཛད། །གྲུབ་པ་བརྙེས་ཏེ་ཚེ་ཡི་རིག་འཛིན་ཐོབ། །ས་ལ་གནས་པའི་སེམས་དཔའ་ཆེན་པོར་གྱུར། །པདྨ་མཐོང་གྲོལ་རྫུ་འཕྲུལ་བཅུ་གསུམ་དང་། །དྲག་པོ་མཐུ་ཡི་དབང་མཆོག་བསྐུར་ནས་ཀྱང་། །ནུབ་ཕྱོགས་གནོད་སྦྱིན་ཁྲོས་པའི་དུར་ཁྲོད་ཆེར། །བསྒྲུབས་པས་དྲོད་དང་རྟགས་ཚད་མཐིལ་དུ་ཕེབས། །ཡུམ་གྱིས་གསང་བའི་བྲག་གི་ཕུག་པ་རུ། །གེ་ཁོད་གསང་བའི་བསྙེན་སྒྲུབ་དང་བླངས་པས། །གསང་བའི་ལྷ་དང་སྐལ་བ་མཉམ་པར་གྱུར། །དེ་ནས་ཡུམ་གྱིས་ཡབ་ལ་གསོལ་བ་ནི། །རིགས་བརྒྱའི་དཀྱིལ་འཁོར་གཙོ་བོ་བླ་ན་མེད། །རྒྱལ་བའི་དབང་པོ་འགྲན་པའི་ཟླ་དང་བྲལ། །སྣང་སྲིད་འཁོར་འདས་མཁྱེན་པའི་བདག་ཉིད་ལགས། །བདག་ནི་འཇིག་རྟེན་ལས་ཀྱི་མཁའ་འགྲོ་སྟེ། །གེ་ཁོད་གསང་བའི་སྒྲུབ་པ་བསྙེམས་ན་ཡང་། །ཡང་དག་ཡེ་ཤེས་ས་ཆེན་ནོན་མ་གྱུར། །བདག་ནི་སྐྱེ་ཐོག་འདི་ལ་ས་ནོན་ན། །བྱང་ཤར་གཡུང་དྲུང་རོལ་པའི་མཁའ་སྐྱོད་ཞིང་། །གསང་བ་དབྱིངས་ཀྱི་མ་བཙུན་བྱ་བར་སྐྱེ། །མཁའ་འགྲོ་ཁྲི་སྐོར་གཙོ་མོ་བྱེད་འགྱུར་བས། །དེ་དོན་འགྲུབ་ཕྱིར་ལྷོ་ནུབ་མི་འགྱུར་ཚལ། །སྐྱེ་བདུན་མཆོག་གྱུར་བྲམ་ཟེ་ནོར་བུ་ཞེས། །འགྲོ་དོན་སྐུ་བཤེགས་ཀུན་གྱིས་མཆོད་བསྟོད་པས། །བདག་ཀྱང་དེ་ལ་བསྟོད་པ་བྱེད་དུ་འགྲོ། །ཉིད་ཀྱིས་སྣང་སྲིད་ལྷ་འདྲེ་ཟིལ་ནོན་པའི། །ཟིལ་གནོན་དགོངས་པའི་ཐུགས་རྗེ་མ་ཆུང་ཞིག །ཅེས་ཞུས་སོང་བས་ཡབ་ཀྱི་དགོངས་པ་གཡེལ། །ཡུམ་ཡང་ལྷོ་ནུབ་མི་འགྱུར་ཚལ་ཕྱིན་མོད། །བྲམ་ཟེའི་སྐུ་ཤའི་དངོས་གྲུབ་ཞུས་པ་ན། །ལྷོ་ནུབ་མཁའ་འགྲོ་མངོན་རྫོགས་དབྱིངས་ཕྱུག་མས། །སྔོན་དུ་ཐོབ་ལ་འཇུས་པས་མ་ཟིན་ཏེ། །དབུ་སྐྲ་ཉག་གཅིག་ཐོབ་པ་ཞལ་དུ་བཅུག །ཚུར་འོངས་ཡུམ་གྱིས་ཡབ་ལ་གསོལ་བ་ནི། །སྔོན་ཀྱང་ལས་ངན་བསགས་པས་མོ་ལུས་ཐོབ། །བར་དུ་ལས་འཕྲོ་ཡོད་པས་ཉིད་དང་མཇལ། །ཐ་མར་བག་སྒྲིབ་ཡོད་དམ་དོན་མ་འགྲུབ། །དེ་ཡང་སྲས་གཉིས་འབྲེལ་བའི་གཟུངས་མ་ལ། །དེ་ཙམ་ཐུགས་ལ་མི་འདོགས་ཞེ་རེ་ཁྲེལ། །སྲས་གཉིས་ཡུམ་གྱི་རྗེས་སུ་འབྲང་བར་བགྱི། །ཞེས་ཞུས་དེ་ལ་ཡབ་ཀྱིས་ལན་གསུངས་པ། །ཉོན་ཅིག་འོད་ལྡན་འབར་མ་ཁྱོད། །རང་ལ་ལས་དབང་མེད་པ་ལ། །གཞན་ལ་ཁྱད་གསོད་མིང་མ་མཆིས། །བསྐྱེད་སྨིན་ཡབ་ཡུམ་གཉིས་ཡིན་པས། །བུ་གཉིས་བདག་གི་གན་དུ་སྡོད། །ཡུམ་ཅིག་ཐུགས་དམ་གང་བདེ་གྱིས། །ཞེས་གསུངས་གནང་བའི་གོ་སྐབས་མ་ཕྱེ་བས། །དེ་ཚེ་སྲས་པོ་གཉིས་ཀྱིས་བཀའ་བགྲོས་ནས། །གཅེན་པོ་དོན་གསལ་ཡབ་ཀྱི་ཟླ་རུ་བཞུགས། །གཅུང་པོ་པདྨ་མཐོང་གྲོལ་ཡུམ་རྗེས་འབྲངས། །ཡུམ་སྲས་གཉིས་ཀྱིས་ཡབ་ལ་ཕྱི་ཕྱག་འཚལ། །སྨོན་ལམ་བཏབ་ནས་རྒྱ་གར་ཡུལ་དུ་བྱོན། །ཀུན་དགའ་མེ་ཏོག་མཛེས་པའི་གླིང་ཕྱིན་ཏེ། །སྲས་ཉིད་པདྨ་རྒྱས་པའི་སྦུབས་སུ་སྦས། ཡུམ་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ་གླིང་དུ། །མཁའ་འགྲོ་མ་ཞིག་སྐྱེ་བདུན་སྐུ་ཤ་ལ། །ཚོགས་ཀྱི་འཁོར་ལོ་མཛད་པ་གཟིགས་ནས་བྱོན། །ལྷག་མ་བསྡུས་ཏེ་ཞལ་དུ་གསོལ་བའི་མོད། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མའི། །ཚོགས་ཀྱི་དཔོན་གྱུར་ཡེ་ཤེས་ས་ཆེན་ནོན། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། །ཡུམ་སྲས་གསུམ་གྱིས་དངོས་གྲུབ་བསྙེམས་པའི་ལེའུ་སྟེ་བཞི་པའོ།། །།དེ་ཡི་དུས་ན་རྒྱ་གར་ལྷོ་ཕྱོགས་ཀྱི། །རྒྱལ་ས་རིན་ཆེན་ལྷུན་གྲུབ་གྲོང་ཁྱེར་ན། །ལས་དང་སྐལ་བར་ལྡན་པ་རྒྱལ་པོའི་རིགས། །ཡབ་ནི་ཀུན་ཏུ་དགེ་ཞེས་བྱ་བ་དང་། །ཡུམ་ནི་སྣང་བ་འོད་ལྡན་མ་ཞེས་པར། །ཐུགས་ལ་བརྩེ་བའི་སྲས་བུ་མེད་པས་གདུངས། །དཀོན་མཆོག་གསོལ་བཏབ་དགེ་ཚོགས་བསགས་པའི་ཚེ། བྲམ་ཟེ་ཡིད་བཞིན་བཟང་པོའི་ཞལ་ན་རེ། །བསོད་ནམས་བསགས་པའི་རྒྱལ་པོ་ཆེན་པོ་གསོན། །ཉིད་ཀྱི་བསྟན་པ་རབ་ཏུ་བརྟན་པའི་ཕྱིར། །སང་ཉིད་ཀུན་དགའ་མེ་ཏོག་མཛེས་པའི་གླིང་། །རྒྱལ་པོ་འཁོར་བཅས་སྐུ་འཆག་མཛད་གྱུར་ན། །བཙུན་མོ་དམ་པ་རིན་ཆེན་འདི་ཉིད་ལ། །སྲས་ཀྱི་སྐལ་པ་འབྱུང་བར་ངེས་སོ་ཞེས། །ཇི་སྐད་གསོལ་བ་བཞིན་དུ་ཕྱི་ཉིན་མ། །སྟག་ལོ་ཚེས་བརྒྱད་གཟའ་ཆེན་དམག་དཔོན་དང་། །སྐར་མ་རྟ་ཆེན་ཤར་བའི་དུས་མཆོག་ལ། །རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་ཡིས། །ལྷ་རྫས་མཆོད་པ་ཇི་སྙེད་ཐོགས་ནས་སུ། །ཀུན་དགའ་མེ་ཏོག་མཛེས་པའི་གླིང་དུ་བྱོན། །བདེ་གཤེགས་རྣམས་ལ་གསོལ་མཆོད་རྒྱ་ཆེར་མཛད། །དེ་ཚེ་རྒྱལ་པོ་ཡབ་ཡུམ་སྤྱན་ལམ་དུ། །མེ་ཏོག་སྡོང་པོ་ཞིག་ནི་འགུལ་བར་མཐོང་། །ངོ་མཚར་སྐྱེས་ནས་མང་དུ་གཟིགས་པ་ཡིས། །མཚན་དང་ལྡན་པའི་ཁྱེ་འུ་ཞིག་འདུག་སྟེ། །དེ་ཡང་ཤ་རྩ་དཀར་ལ་དམར་བའི་མདངས། །སྤྱན་གཉིས་འབྲུ་ཚུགས་ཤངས་ལ་ཁྲོ་གཉེར་དོད། །ཟུར་གསུམ་ཞལ་གདངས་ཕྱག་གིས་རྔམ་སྟབས་སྒྱུར། །ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་འདུག་པ་ལ། །ཀུན་གྱིས་ངོ་མཚར་རྗེས་སུ་ཡི་རངས་ཏེ། །རྒྱལ་ས་རིན་ཆེན་ལྷུན་གྲུབ་ཁབ་ཏུ་ཕེབས། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། ལྷོ་ཕྱོགས་རྒྱལ་པོའི་སྲས་ཀྱི་སྐལ་བར་མཛད་པའི་ལེའུ་སྟེ་ལྔ་པའོ།། །།ཡབ་དང་ཡུམ་གཉིས་ཤིན་ཏུ་དགྱེས་ནས་སུ། །ཡུམ་ལ་མཚན་དང་ལྡན་པའི་ཁྱེ་འུ་ཞིག །ངོ་མཚར་ལྟས་དང་བཅས་ཏེ་འཁྲུངས་ཡོད་པས། །ཆབ་འབངས་ཐམས་ཅད་འདུས་ཤིག་གསུངས་པ་ན། །ཀུན་ཀྱང་འདུས་ནས་གསེར་གཡུ་དར་ཟབ་དང་། །མ་ཧེ་གླང་ཆེན་རྟ་མཆོག་ལ་སོགས་པ། །སྣ་ཚོགས་དཀོར་ཆ་དཔག་ཏུ་མེད་པ་ཕུལ། །བྲམ་ཟེ་མཚན་མཁན་བོས་ནས་མཚན་བརྟགས་པས། །རྒྱལ་བུ་དམ་པ་རིན་ཆེན་འདི་ཉིད་ལ། །སྤྱིར་ན་སངས་རྒྱས་ཡོན་ཏན་ཡོངས་སུ་རྫོགས། ཁྱད་པར་ཤ་རྩ་དཀར་དམར་འདུག་པ་ནི། །སྣང་སྲིད་ལྷ་འདྲེ་ཀུན་ལ་བཀའ་བཙན་རྟགས། །ཤངས་ལ་ཁྲོ་བོའི་གཉེར་མ་དོད་པ་ནི། །གདུལ་དཀའ་སྲིན་པོའི་སྡེ་ཚོགས་ཁ་གནོན་རྟགས། །ཞལ་ཉིད་ཟུར་གསུམ་དབྱིབས་སུ་འདུག་པ་ནི། །མ་མོ་མཁའ་འགྲོའི་གཙོ་བོ་མཛད་པའི་རྟགས། །ཞེས་པའི་ཁ་དམར་བཏགས་ཏེ་རྒྱལ་སར་བཀུར། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། ལྷོ་ཕྱོགས་རྒྱལ་པོས་རྒྱལ་ས་ཆེན་པོར་མངའ་གསོལ་བའི་ལེའུ་སྟེ་དྲུག་པའོ།། །།ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ནས་རེ་ཞིག་དུས་ན་རྒྱལ་བུ་དེས། །རྫུ་འཕྲུལ་སྟོན་ཕྱིར་སོར་རྡོ་འཕངས་པ་ལས། །བློན་པོའི་བུ་ཡི་མཚོག་མར་ཕོག་ནས་ཤི །བློན་གྱིས་རྒྱལ་བུར་ཉེས་ཆད་གཅད་པར་ཞུས། །རྒྱལ་གྱིས་འབངས་བུའི་སྟོང་དུ་རིན་པོ་ཆེ། །ཚད་དང་བཅས་ནས་བྱིན་ཡང་མ་ཉན་ཏེ། །ཀུན་གྱིས་རྒྱལ་བུ་དུག་མཚོ་མེར་བའི་ནང་། །བསྐྱུར་ཀྱང་མ་ཚུགས་གཟི་བརྗིད་སྔར་ལས་ལྷག །དུག་རིའི་རྩེ་ནས་བསྒྲིལ་ཀྱང་གནོད་མ་ནུས། །དུག་སྦྲུལ་མི་ཟན་འཇིགས་པའི་ཁར་བཏབ་ཀྱང་། །མི་ཤིགས་སྐུ་ལ་ཅུང་ཟད་མ་ཚུགས་ཤིང་། །ཙན་དན་ཏིལ་མར་མེ་ལ་བསྲེགས་བྱས་ཀྱང་། །མེ་དཔུང་མཚོར་འཁྱིལ་པདྨ་རྒྱས་པའི་དབུས། །གྲང་གྲང་བསིལ་བསིལ་ཟིལ་པ་ཕྲོམ་མེར་བཞུགས། །དེ་ཚེ་འདུས་པ་ཀུན་ཀྱང་ཧ་ལས་ནས། །སྐྱེས་བུ་མཆོག་འདི་འཇིགས་པ་ཆེན་པོ་དང་། །གནོད་པ་གང་གིས་ཉམ་ང་རྡུལ་ཙམ་མེད། །སྔོན་ཡང་མེ་ཏོག་པདྨའི་སྦུབས་ནས་རྙེད། །དེ་ཕྱིར་འདི་ནི་རྫོགས་པའི་སངས་རྒྱས་ཀྱི། །མཆོག་གི་རྣམ་འཕྲུལ་ཡིན་པར་ངེས་སོ་ཞེས། །ཀུན་གྱིས་བསྟོད་ཅིང་ཕྱག་འཚལ་སྡིག་པ་བཤགས། །གསོལ་བ་བཏབ་ཅིང་མཆོད་པས་མངའ་དབུལ་ཚེ། །པདྨ་འབྱུང་གནས་ཞེས་བྱར་ཡོངས་སུ་གྲགས། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། རྫུ་འཕྲུལ་རྨད་དུ་བྱུང་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྒྱལ་སྲས་པདྨ་འབྱུང་གནས་ཉིད། །ཡུམ་གྱིས་ཚོགས་འཁོར་མཛད་པའི་གྲལ་དུ་ཕེབས། །ཚོགས་ཀྱི་འཁོར་ལོའི་འདུ་བར་སྤྱོད་པ་ན། །ཡུམ་མཆོག་མཁའ་འགྲོ་ཆེན་མོས་བཀའ་བསྩལ་པ། །རྒྱལ་བའི་སྲས་ཁྱོད་འདི་ནས་ལྷོ་ཕྱོགས་གཤེགས། །རིན་ཆེན་འབར་བའི་བྲག་ཅེས་བྱ་བ་ན། །གཏེར་གྱི་སྒོ་མོ་བསམ་མི་ཁྱབ་པ་ཡོད། །དེ་རྣམས་ལོངས་ལ་རང་གིས་ཉམས་སུ་ལོངས། །གྲུབ་པ་ཐོབ་ནས་གཞན་ལ་ཡོངས་སུ་སྤེལ། །ཅེས་པའི་ལུང་བསྟན་མཛད་པ་ཇི་བཞིན་དུ། །རྒྱལ་བའི་སྲས་པོ་པདྨ་འབྱུང་གནས་ཆེ། །ལྷོ་ཕྱོགས་རིན་ཆེན་འབར་བའི་བྲག་ཏུ་བྱོན། །བང་སོ་སེང་གེ་གནམ་འཕྱོང་ནང་རོལ་ནས། །ཟབ་མོ་གཏེར་གྱི་སྒྲོམ་བུ་ལྔ་ཐོན་ཏེ། །དེ་ཡང་རིན་ཆེན་ལྕགས་ཀྱི་སྒྲོམ་བུ་ནས། །རྡོ་རྗེ་ཕུར་པའི་རྒྱུད་དང་མན་ངག་བྱུང་། །བསེ་ཡི་སྒྲོམ་ནས་མདོ་སྒྱུ་སེམས་གསུམ་དང་། །ཤེལ་གྱི་སྒྲོམ་ནས་ཡང་དག་རྒྱུད་ལུང་དང་། །ཟངས་ཀྱི་སྒྲོམ་ནས་མ་མོ་གཤིན་རྗེའི་སྐོར། །རུས་པའི་སྒྲོམ་ནས་ལས་མཁན་དྲེགས་པ་བཅས། །གསང་བ་སྔགས་ཀྱི་སྐོར་ཚོ་མཐའ་དག་བྱུང་། །བླ་མ་ཡི་དམ་མཁའ་འགྲོས་བྱིན་བརླབས་ཏེ། །དཔེ་ལ་གཟིགས་པས་ཚིག་དོན་མ་ལུས་མཁྱེན། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་མདོར་དྲིལ་བ་ལས། ཟབ་མོ་གཏེར་གྱི་དངོས་གྲུབ་བརྙེས་པའི་ལེའུ་སྟེ་བརྒྱད་པའོ།། །།ཡུམ་མཆོག་མཁའ་འགྲོས་ལུང་བསྟན་ཇི་བཞིན་དུ། །ལྷོ་ཕྱོགས་དུག་རི་ཁྲོས་པའི་ཕུག་ཏུ་བྱོན་། །རྡོ་རྗེ་ཕུར་པའི་སྒྲུབ་པ་རྩེ་གཅིག་མཛད། །གྲུབ་རྟགས་བྲག་ལ་ཕུར་པ་ཐལ་འབྱིན་གདབ། །ལྷོ་ཕྱོགས་སྲིན་པོའི་ཕུག་ཏུ་རྫོགས་པ་ཆེའི། །ཉམས་ལེན་མཛད་པས་རྟོགས་ཚད་མཐའ་རུ་ཕྱུངས། །བྱང་ཕྱོགས་དྲག་རྩུབ་ཕུག་ཏུ་མ་མོ་དང་། །གཤིན་རྗེ་བསྒྲུབས་པས་དྲེགས་པ་ལས་ལ་བཀོལ། །ཤར་ཕྱོགས་གསང་བ་གཏིང་རྫོགས་ཕུག་པ་རུ། །ཡང་དག་བསྒྲུབས་པས་བདེ་ཆེན་ཡེ་ཤེས་བསྙེམས། །དབུས་ཕྱོགས་རིན་ཆེན་འདུས་པའི་གླིང་ཆེན་དུ། །མདོ་དང་སྒྱུ་འཕྲུལ་སེམས་སོགས་བསྒྲུབས་པ་ཡིས། །རྒྱལ་བའི་གདུང་འཚོབ་འོད་ཀྱི་སྐུ་རུ་གྲུབ། །བཤད་སྒྲུབ་གཉིས་ཀྱི་བསྟན་པའི་རྒྱལ་མཚན་ཕྱར། །མི་དང་མི་མིན་གདུལ་བྱ་མཐའ་ཡས་པ། །མཐོང་ཐོས་དྲན་པས་ཐར་པའི་ས་ལ་སྦྱར། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། སྒྲུབ་པ་མཐར་ཕྱིན་ཕྲིན་ལས་མཛད་པའི་ལེའུ་སྟེ་དགུ་པའོ།། །།ཁྱད་པར་བོད་ཁམས་གཉན་དགུའི་རི་ལ་བཞུགས། །དྲེགས་པ་ཕོ་མོ་ཐམས་ཅད་དམ་ལ་བཏགས། །རུ་དྲ་ལོག་པའི་སྡེ་དཔུང་བརྒྱ་རྩ་བཏུལ། །སྒྲུབ་པའི་གནས་ཆེན་བརྒྱ་རྩ་བྱིན་གྱིས་བརླབས། །གནས་ཕྲན་སྟོང་དང་རྩ་བརྒྱད་ཞལ་ཡང་ཕྱེས། །ཡུལ་ཁམས་བཀྲ་ཤིས་སྣོད་བཅུད་ཕུན་ཚོགས་སྤེལ། །རི་བྲག་མཚོ་གསུམ་གཏེར་ཁ་བསམ་ཡས་སྦས། །རྫུ་འཕྲུལ་རྗེས་བཞག་ཀུན་གྱིས་མངོན་པར་མཛད། །རིག་འཛིན་སྒྲུབ་པོ་བརྒྱད་ལ་ལུང་བསྟན་ཅིང་། །དབང་བསྐུར་བྱིན་བརླབས་གདམས་ངག་རྗེས་སུ་གནང་། །མཁའ་འགྲོ་བརྒྱ་རྩའི་གསང་སྦྱོར་དབའ་བོ་མཛད། །སྦྱོར་བ་མཐར་ཕྱིན་དགོངས་པ་མི་འགྱུར་བརྟན། །སྒྲོལ་བ་མཐར་ཕྱིན་གཉིས་སྣང་དྲེགས་པ་ཐུལ། །བརྟུལ་ཞུགས་མཐར་ཕྱིན་གདུལ་བྱ་ཐམས་ཅད་ཀུན། །མཆོག་དང་ཐུན་མོང་དངོས་གྲུབ་མངའ་བསྙེམས་མཛད། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། བོད་ཁམས་ལ་བཀའ་དྲིན་ལྷག་པར་མཛད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལྷོ་ནུབ་རཀྴ་ཁྲོས་པའི་ཡུལ། །སྲིན་པོ་མི་ཟན་བྱེ་བ་ཐེར་འབུམ་གྱིས། །ཡོངས་སུ་གང་ཞིང་གྲྭ་སྟོབས་རྒྱས་པ་ན། །མཐའ་ཡི་རྒྱ་མཚོ་ཆེན་པོ་འཕྱུར་བ་བཞིན། །གདོང་དམར་སྲིན་པོ་ཐམས་ཅད་ཁ་ལྷུད་དེ། །གནམ་ལ་འཕུར་ཞིང་ཆུ་ཡི་གཏིང་ནས་འཛུལ། །བྲག་རིར་ཐོགས་མེད་ས་ལ་རླུང་ལྟར་རྒྱུགས། །འཛམ་གླིང་ཡུལ་ཆེན་ཡུལ་ཕྲན་ཀུན་ཏུ་ཁྱབ། །ཕོ་རྣམས་བསད་ཅིང་ཤ་ཁྲག་དམར་ཟས་བྱེད། །མོ་རྣམས་སྦྱོར་ཞིང་སྲིན་གྱི་བུ་ཕྲུག་སྤེལ། །མཐར་ནི་ཐམས་ཅད་སྲིན་པོའི་གླིང་དུ་འགྱུར། །དགེ་མེད་སྡིག་གིས་རྒྱལ་ཁམས་གང་བས་ན། །གདུལ་དཀའ་དེ་དག་གཞན་གྱིས་མི་འདུལ་ཞིང་། །པད་འབྱུང་ཁོ་ན་ཉིད་ཀྱིས་འདུལ་གཟིགས་ནས། ཁྱུང་ཆེན་འཕུར་བཞིན་སྲིན་པོའི་གླིང་དུ་གཤེགས། །རཀྴ་སྲིན་པོའི་རྒྱལ་པོ་གནས་སྤར་ཏེ། །དེ་ཡི་ཁོག་པའི་གསོབ་ཏུ་ཞུགས་ནས་ཀྱང། །ཇི་སྲིད་འཁོར་བ་སྟོངས་པར་མ་གྱུར་བར། །ཐབས་ཐུགས་མ་འགགས་སྤྱོད་པ་རྨད་བྱུང་བས། །སྲིན་པོ་འདུལ་ཞིང་འཛམ་གླིང་བདེ་ལ་བཀོད། །ངོ་མཚར་བཀའ་དྲིན་ཕུལ་དུ་གྱུར་པ་འོ། །རྒྱལ་སྲས་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་མདོར་དྲིལ་བ་ལས། ད་ལྟ་གདོང་དམར་སྲིན་པོའི་ཁ་གནོན་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། དེ་ལྟར་གུ་རུ་པདྨ་འབྱུང་གནས་ཀྱི། །རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས། །སྐྲ་རྩེའི་ཟེགས་མས་ཐིགས་གཅིག་བླངས་པ་ལྟར། །རེ་ཞིག་ཉི་ཚེའི་གདུལ་བྱའི་སྣང་ངོ་རུ། །བསྒྲགས་པ་བོན་གྱི་ལུང་བྱང་ཇི་ལྟ་བར། །མདོར་བསྡུས་སྙིང་པོར་བཀོད་པའི་དགེ་བ་ཡིས། །འདི་ཉིད་མཐོང་ཐོས་དྲན་རེག་གདུལ་བྱ་ཀུན། །པདྨ་མཐོང་གྲོལ་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་གཏེར་བོན་སྔ་མའི་རྣམ་ཐར་ལས་འབྱུང་བ་ལྟར་མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་་་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ།གྱིས་བྲིས་པ་དགེ། །།ཐ་ཚུན་མུ་ཚུག་སྨར་རོ།། །།
དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། ལེགས་སོ་གསུམ་གྱི་དོན་ཁྲིད་གསལ་བར་བཀོད་པ་གྲུབ་གཉིས་ཐིག་ལེ་ (Volume 36, Text 45)
༄༅། །དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས། ལེགས་སོ་གསུམ་གྱི་དོན་ཁྲིད་གསལ་བར་བཀོད་པ་གྲུབ་གཉིས་ཐིག་ལེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡཻ། ངོ་མཚར་ཐུགས་བསྐྱེད་དམ་བཅའི་གོ་བགོས་ནས། །མཁའ་ཁྱབ་འགྲོ་སྒྲོལ་ཕྲིན་ལས་རླབས་པོ་ཆེ། །སྲས་བཅས་རྒྱལ་བ་ཀུན་ལས་རྨད་བྱུང་བ། །རྗེ་བཙུན་འཕགས་མས་བྱང་ཆུབ་བར་དུ་སྐྱོངས། །དེ་ཡི་རྒྱུད་བཟང་རྒྱ་མཚོ་ལས། །ཡང་ཟབ་དགོངས་པའི་ཏི་ལ་ཀ །ཁ་ཚང་དོན་འདྲིལ་ཆོས་སྡེའི་བཅུད། །ཚེ་གཅིག་མཆོག་སྦྱོར་ཁྲིད་རིམ་དབྱེ། །དེ་ལ་དང་པོ་ཁྲིད་ཚུལ་འདི་དང་འབྲེལ་བའི་ལོ་རྒྱུས་མདོ་ཙམ་སྨྲོས་ན། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐྱེད་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མའི་རྒྱུད་དང་མན་ངག་མཐའ་ཡས་པ་སངས་རྒྱས་ཀྱི་ཞིང་འདིར་བྱོན་པའི་ནང་ནས། འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་སྤྲུལ་པའི་སྐུར་བསྟན་པ་ཨོ་རྒྱན་པདྨཱཀ་རས་གངས་ཅན་ལྗོངས་ཀྱི་མངའ་བདག་རྗེ་འབངས་སྐལ་པ་དང་ལྡན་པ་རྣམས་ལ་རྗེ་བཙུན་སྒྲོལ་མའི་གདམས་སྐོར་རྒྱས་བསྡུས་ཅི་རིགས་པ་བསྩལ་ཅིང་། ཕལ་ཆེར་མ་འོངས་པའི་དོན་ལ་དགོངས་ནས་གཏེར་ཁ་སྣ་ཚོགས་པར་སྦས་པའི་ནང་ཚན་སྙིང་པོའི་ཡང་བཅུད་ཀྱི་ཆོས་སྐོར་ལ་རིམ་པ་གསུམ་དུ་བཞུགས་པའི་དང་པོ། སྒྲོལ་མའི་ཐུགས་ཏིག་གི་སྐོར་རྣམས་ཤངས་ཟབ་བུ་ལུང་དུ་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་སྐལ་དུ་བཞུགས་པ་རྟེན་འབྲེལ་གྱི་དབང་ལས་དངོས་སུ་འདོན་པར་མ་མཛད་ཀྱང་དེའི་རྩ་བ་རྡོ་རྗེའི་ཚིག་རྐང་རིམ་པ་གསུམ་པ་དང་། འཆི་མེད་འཕགས་མའི་སྙིང་ཏིག་གི་སྒྲུབ་སྐོར་ངོ་མཚར་ཅན་དགོངས་པའི་གཏེར་ལས་ཕྱུང་པ་དང་། འབྲིང་པོ་ཉེར་མཁོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཏུ་བྱོན་ཅིང་། ཡང་ཟབ་སྙིང་པོའི་བཅུད་མཆོག་སྒྲོལ་མ་ཟབ་ཏིག་གི་ཆོས་སྡེ་འདི་ནི། སྙིགས་མའི་དུས་ཀྱི་མཐའ་འདིར་རྩོད་པ་དང་བྲལ་ཞིང་ཡོངས་སུ་གྲགས་པ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་དེ་ཉིད་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཡོན་ཏན་གསུང་གི་གནས་སྨད་ཤོད་ཛམ་ནང་པདྨ་ཤེལ་ཕུག་ཏུ་བཞུགས་པའི་སྐབས་སུ། ཐོ་རངས་ཤིག་ལ་རྗེ་བཙུན་སྒྲོལ་མས་ཞལ་མངོན་དུ་བསྟན་ནས་ལེགས་སོ་ལེགས་སོ་ལེགས་སོ་ཞེས་ལན་གསུམ་གསུངས་ཤིང་བྱིན་གྱིས་བརླབས་པའི་རྐྱེན་ལ་བརྟེན་ནས། ཟབ་ཅིང་འདྲིལ་བའི་ཆོས་སྡེ་འདི་ཉིད་དགོངས་པའི་ཀློང་ནས་རང་བརྡོལ་བའི་ཚུལ་གྱིས་གཏན་ལ་ཕབ་སྟེ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་སྨིན་གྲོལ་བདུད་རྩི་ཆིག་བརྒྱུད་ཚུལ་དུ་བསྩལ། དེ་ནས་བགྲང་བྱ་གསུམ་ལྷག་པའི་འོག་ཏུ་རྗེ་བླ་མ་རིན་པོ་ཆེ་ཐམས་ཅད་མཁྱེན་གཟིགས་ཉིད་ནས་ཁོ་བོ་ལ་བརྩེ་བས་གཟིགས་ཏེ་བཀའ་དྲིན་དུ་བསྩལ་བ་ལགས་སོ། །ལོ་རྒྱུས་དེ་ལྡན་གྱི་གདམས་ངག་ལ་རྩ་བ་དབང་། ཕྱི་ནང་གསང་བའི་སྒྲུབ་ཐབས། མཆོག་གི་ལས་སྦྱོར། བཀའ་སྲུང་གི་སྐོར་རྣམས་སུ་བཞུགས་པ་ལས། འདིར་མཆོག་གི་ཕྲིན་ལས་གཉིས་ལས་ཚེ་གཅིག་གིས་བཅོམ་ལྡན་འདས་མའི་གོ་འཕང་མངོན་དུ་བྱེད་པ་ལེགས་སོ་གསུམ་གྱི་དོན་ཁྲིད་ཁྱད་པར་ཅན་བགྱི་བ་སྟེ། དེའང་གཞུང་ལས། དེ་ཡི་དོན་ཁྲིད་རིམ་པ་ནི༔ ལེགས་སོ་གསུམ་གྱི་མན་ངག་སྟེ༔ ལེགས་སོ་ལེགས་སོ་ལེགས་སོ་ཞེས༔ རྡོ་རྗེ་མི་ཤིགས་ནཱ་དའི་རྒྱུད༔ བརྗོད་མེད་བརྗོད་པ་ཀུན་གྱི་གཞི༔ གདུལ་བྱའི་བསམ་པ་བཞིན་དུ་སྣང༔ ཞེས་གསུངས་སོ། །དེ་ལྟ་བུའི་ཁྲིད་འཆད་པ་ལ་དོན་གསུམ། ཐོག་མར་དགེ་བ་ལམ་སྟེགས་ཀྱི་ཁྲིད། བར་དུ་དགེ་བ་ལམ་གྱི་རྩ་བའི་ཁྲིད། ཐ་མར་དགེ་བ་ལམ་དངོས་གཞི་རྗེས་རིམ་གྱི་ཁྲིད་དང་བཅས་པའོ། །དང་པོ་ནི། མངོན་མཐོ་ལྷ་མི་དང་ངེས་ལེགས་ཉན་རང་གི་ཐེག་པ་རྣམས་དང་རྗེས་སུ་འབྲེལ་བ་དད་པ་དང་ངེས་འབྱུང་རྣམ་པར་དག་པའི་ཉམས་ལེན་སྐྱེས་བུ་ཆུང་འབྲིང་གི་ལམ་འཆད་པ་སྟེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་དངོས་སོ། །དང་པོ་ནི། བསམ་གཏན་གྱི་ཚེར་མས་དབེན་པའི་གནས་སུ་སྒོ་གསུམ་འཁྲུལ་པའི་བྱ་བ་ཐམས་ཅད་བཏང་། སྟན་བདེ་བར་སྐྱིལ་མོ་ཀྲུང་གིས་འདུག །ལུས་དྲང་པོར་བསྲང་། རླུང་རོ་ལན་གསུམ་འབུད། སེམས་མི་གཡེང་བར་དྲན་པ་མངོན་དུ་བཞག་སྟེ། མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རྗེ་བཙུན་སྒྲོལ་མ་སྐྱབས་གནས་དཀོན་མཆོག་ཀུན་འདུས་ཀྱི་སྐུར་གསལ་བཏབ། མོས་གུས་དྲག་ཏུ་བསྐྱེད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། དཔལ་ལྡན་བླ་མ་དམ་པ་དང་རྗེ་བཙུན་སྒྲོལ་མ་དབྱེར་མ་མཆིས་པ་ལ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་ཕྱིན་ཅི་ལོག་གི་དྲི་མ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱིན་ཅི་མ་ལོག་པའི་རྟོགས་པ་ཐམས་ཅད་བསྐྱེད་པར་མཛད་དུ་གསོལ། ཐེག་པ་ཆེན་པོའི་ཆོས་བསྒྲུབ་པ་ལ་བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ། མཐར་བླ་མ་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་འོད་ཀྱི་གུར་ཁང་དུ་བཞུགས་པར་མོས། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་དགེ་བ་བསྔོ། འདི་ནི་འོག་གི་སྒོམ་རིམ་ཐུན་མོང་བ་ཐམས་ཅད་ཀྱི་སྔོན་དུ་ཚར་རེ་འགྲོ་དགོས་སོ། །གཉིས་པ་ཁྲིད་དངོས་ལའང་གཉིས། སྐྱེས་བུ་ཆུང་ངུ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་བའི་རིམ་པ་ལ་བསླབ་པའོ། །དང་པོ་ལ་ལྔ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ངན་སོང་གི་སྡུག་བསྔལ། ལས་རྒྱུ་འབྲས་ལ་བསམ་པ། སྐྱབས་སུ་འགྲོ་བའོ། །དང་པོ་ནི། ཐུན་གྱི་སྔོན་འགྲོ་གོང་བཞིན་བྱས་ལ། དེ་རྗེས་གནས་ལུས་ལོངས་སྤྱོད་ཐམས་ཅད་ལ་གཞིག་འབྲེལ་བཏང་སྟེ། ཕྱི་མ་ཐམས་ཅད་ཀྱི་དམིགས་པའི་གཞི། བདག་གིས་ད་རེས་ཐོབ་པའི་མི་ལུས་འདི་འདྲ་ནམ་ཡང་རྙེད་པ་ཤིན་ཏུ་དཀའ། འདི་ཆུད་ཟོས་སུ་མི་གཏང་། ཆོས་ལ་ཁེལ་བ་ཞིག་ངེས་པར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམ། དེའང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མིར་སྐྱེ་བ་ནི་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་རྙེད་པར་དཀའ་བ་ལགས་སོ། །ཞེས་གསུངས་ཏེ། མིའི་ལུས་རྟེན་ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། ངོ་བོ་མི་ཁོམས་པ་བརྒྱད་ལས་ལོག་པའི་དལ་བ་བརྒྱད་ཐོབ། ཁྱད་ཆོས་འབྱོར་པ་བཅུ་དང་ལྡན་པ་འདི་འདྲ་རྙེད་པ་ཤིན་ཏུ་དཀའ་སྟེ། དེ་ལ་མི་ཁོམས་པ་བརྒྱད་ནི། ཚ་གྲང་གི་སྡུག་བསྔལ་བར་མཚམས་མེད་པར་མྱོང་བའི་དམྱལ་བ། བཀྲེས་སྐོམ་གྱིས་རྟག་ཏུ་སེམས་ཚིག་པ་ཡི་དྭགས། ཤིན་ཏུ་གླེན་ཅིང་ལྐུགས་པ་དུད་འགྲོ །འདོད་ཡོན་དང་ཏིང་ངེ་འཛིན་གྱི་གཡེང་བས་ཆོས་ལ་འབད་མི་ཁོམས་པ་ལྷ་ཚེ་རིང་པོ། མི་ཡིན་དུ་ཟིན་ཀྱང་མཐའ་འཁོབ་ཀྱི་ཡུལ་དུ་དུད་འགྲོའི་འདུ་ཤེས་ཅན་དུ་སྐྱེས་པ་ཀླ་ཀློ། དགེ་སྡིག་དང་མཐོ་རིས་ཐར་པའི་རྒྱུ་འབྲས་ལ་ཡིད་མི་ཆེས་པ་ལོག་ལྟ་ཅན། སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་སྐྱེས་པ། དབང་པོ་མ་ཚང་བ་གླེན་ལྐུགས་སུ་གྱུར་ནས་ལེགས་ཉེས་མི་གོ་བ་ལྐུགས་པ་རྣམས་སུ་མ་སྐྱེས་པས་དལ་བ་བརྒྱད་དང་ལྡན། སྤྱིར་མི་ལུས་ཐོབ། སྒོས་ཆོས་དར་བའི་ཡུལ་དབུས་སུ་སྐྱེས། དབང་པོ་སྒོ་ལྔ་ཚང་པས་ཅི་བསླབ་ཤེས་སུ་རུང་། ལྟ་བ་ལོག་པ་དང་མཚམས་མེད་སོགས་མ་བྱས་པས་ལས་ཀྱི་མཐའ་མ་ལོག །དཀར་པོའི་ཆོས་ཀྱི་གནས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་བཅས་རང་འབྱོར་ལྔ་ཚང་། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་དམ་པའི་ཆོས་གསུངས། དེའི་བསྟན་པའང་མ་ནུབ་པར་གནས། དེ་ལ་འཇུག་པའང་མང་། ཆོས་བྱེད་རྣམས་ལ་གཞན་དག་སྙིང་བརྩེ་བས་མཐུན་རྐྱེན་སྦྱིན་པ་སོགས་ཡོད་པས་གཞན་འབྱོར་ལྔ་ཚང་བས། མི་ལུས་རིན་ཆེན་ཞེས་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་པ་འདི་རྙེད་པའི་དུས་སུ་ཆུད་ཟོས་སུ་མི་གཏང་བར་ཆོས་ལ་ཅིས་ཀྱང་འབད་སྙམ་དུ་བསམ། གྲངས་ལ་བསམ་ནས་རྙེད་དཀའ་བ་ནི། དམྱལ་བ་ས་ཆེན་པོའི་རྡུལ་ཕྲན་ཙམ། ཡི་དྭགས་ཁ་བ་བུ་ཡུག་ཙམ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་ལ་ཆང་གི་སྦང་མ་ཙམ། ཁ་འཐོར་བ་ས་གཞི་བར་སྣང་རི་ཀླུང་ཁེངས་པ་ཙམ། མཐོ་རིས་ཀྱི་འགྲོ་བ་སེན་མོའི་སྟེང་གི་རྡུལ་ཙམ། དེ་བས་ཀྱང་སྤྱིར་མིའི་འགྲོ་བ་ཉུང་། སྒོས་འཛམ་བུའི་གླིང་པ། ཡང་སྒོས་ཆོས་བྱེད་པའི་མི་ལུས་ཉིན་སྐར་དང་འདྲ། དེའི་རྒྱུ་མཚན་སེམས་ཅན་གྱི་ནང་ན་སྡིག་པ་སྤྱོད་པ་ཤ་སྟག་ལས་དགེ་བ་བྱེད་པ་དཀོན། དེའི་ནང་ནས་མི་ལུས་ཐོབ་པའི་རྒྱུ་ཚུལ་ཁྲིམས་སྲུང་ཐུབ་པ་དཀོན་པས་ཐོབ་དཀའ་བའི་དཔེ། རྒྱ་མཚོ་ཆེར་གཡེང་སོགས་ཀྱི་ལུང་དང་ཡང་སྦྱར། རྙེད་པ་དོན་ཆེ་བ་བསམ་པ་ནི། མི་ལུས་འདི་ལ་བརྟེན་ནས་ཚེ་རབས་ཀུན་ཏུ་འཁོར་བའི་བདེ་སྐྱིད། ཐར་པའི་གོ་འཕང་། བླ་ན་མེད་པ་སངས་རྒྱས་ཀྱི་འབྲས་བུ་ཡང་བསྒྲུབ་ནུས། ཕྱིས་ནས་འདི་འདྲའི་དལ་འབྱོར་མི་ཐོབ་པས་ཚེ་འདིའི་བདེ་སྐྱིད་བྱ་བྱེད་རྨི་ལམ་དང་འདྲ་བ་འདི་རྣམས་བློས་བཏང་ནས་ཆོས་ལ་འབད་དགོས་ཏེ། ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་པའི་དུས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོ། །གཉིས་པ་མི་རྟག་པ་བསམ་པ་ལ། ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་པས། སྤྱིར་འདུས་བྱས་ཐམས་ཅད་འཇིག་པའི་མཐའ་བཞི་ལས་མ་འདས་པས་མི་རྟག །སྒོས་འགྲོ་བའི་ཚེ་སྲོག་ཆུའི་ཆུ་བུར་དང་འདྲ་སྟེ་ནམ་ཡལ་ཆ་མེད། མི་ལུས་ཐོབ་ཀྱང་ངེས་པར་འཆི་སྟེ་སྔར་མ་ཤི་ནས་ལུས་པ་གཅིག་ཀྱང་མེད། ལུས་འདུས་བྱས་ཡིན་པས་ཀྱང་རྟག་བརྟན་མེད། ཚེ་སྐད་ཅིག་མ་རེ་རེ་འདས་ཤིང་འཆི་བ་ལ་ཇེ་ཉེར་སོང་བ་ཡིན་ཏེ་རྩལ་པོ་ཆེས་མདའ་འཕངས་པའམ། རི་གཟར་གྱི་ངོས་ནས་ཆུ་འབབ་པའམ། གསོད་སར་ཁྲིད་པའི་སྲོག་ཆགས་དང་འདྲ་སྟེ། ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་བོར་ཞིང་འཆི་དང་ཉེ། །ཞེས་སོ། །ནམ་འཆི་ཆ་མེད་བསམ་པ་ནི། འགྲོ་བ་གཞན་དང་གླིང་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པས་སྐྱེས་མ་ཐག་ནས་འཆི་བ་སོགས་མང་། ལུས་མི་གཙང་བའི་རྫས་འདུས་པ་མ་གཏོགས་སྙིང་པོ་གཅིག་ཀྱང་མེད། ཕྱིའི་རྐྱེན་མེ་ཆུ་གཡང་ས་གཅན་གཟན་ལ་སོགས་པ། ནང་ལུས་ལ་ནད་དང་གདོན་གྱི་རིགས། འཚོ་བའི་རྐྱེན་ཟས་སྨན་ལོགས་པ་སོགས་འཆི་རྐྱེན་ཤིན་ཏུ་མང་ཞིང་ནམ་འོང་ངེས་པ་མེད་དེ། ཀླུ་སྒྲུབ་ཞབས་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་སོ། །འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པ་བསམ་པ་ནི། འཆི་བའི་དུས་སུ་ནོར་རྫས་ཇི་ཙམ་ཡོད་ཀྱང་ཁབ་གཅིག་ཁྱེར་དབང་མེད། གཉེན་གྲོགས་འཁོར་གཡོག་ཇི་ཙམ་ཡོད་ཀྱང་བྲན་གྱི་ཐ་མ་ཙམ་ཁྲིད་དབང་མེད། རང་གི་ལུས་ཀྱང་ཤུལ་དུ་བསྐྱུར། སེམས་དགེ་སྡིག་གི་ལས་ཀྱི་རྗེས་སུ་འབྲངས་ནས་འགྲོ་དགོས་ཏེ། ཆོས་ལྡན་རབ་འབྱོར་གྱིས། དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་སོ། །དེས་ན་འཆི་བ་ལ་གཞན་ཅིས་ཀྱང་ཕན་པ་མེད། འཆི་ཁ་ཕན་ཆད་སྐྱེ་བ་ཐམས་ཅད་དུ་ཕན་ངེས་པ་དམ་པའི་ཆོས་ཁོ་ན་ཡིན་པས་དེ་རིང་ཉིད་ནས་དམ་པའི་ཆོས་ལ་འབད་སྙམ་དུ་བསམ་མོ། །གསུམ་པ་ངན་སོང་གི་སྡུག་བསྔལ་བསམ་པ་ལ། འཆི་བ་ཁོ་ནས་མི་ཆོག །སྐྱེ་བ་དབང་མེད་དུ་ལེན་དགོས། གར་སྐྱེ་རང་དབང་མེད། ལས་དགེ་སྡིག་གིས་མཐོ་རིས་ངན་སོང་དུ་འཕེན། ད་ལྟ་དགེ་བ་བསྒྲུབ་མི་ནུས། སྒོ་གསུམ་སྡིག་པའི་ལས་ཁོ་ན་སྤྱད་པས་ངན་སོང་གསུམ་དུ་སྐྱེ། དེར་སྐྱེས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ། ཚེ་ཚད་རིང་བས་ཐར་པའི་དུས་མེད། དེ་ལ་དམྱལ་བ་ནི། ཚ་དམྱལ་གྱི་གནས་ལྕགས་བསྲེགས་ཀྱི་ས་གཞི་ལ་མེ་ཤིན་ཏུ་ཚ་བ་འབར་བ། ཆུ་དང་མཚོ་རྣམས་ཟངས་ཞུན་ཁྲོ་ཆུ་འགྱུར་བྱེད་ཀྱི་ཆུ་ཅན། ཤིང་རྣམས་ལྕགས་བསྲེགས་སོགས་ལས་གྲུབ་པ། ལས་ཀྱི་གཤིན་རྗེ་དང་སྲིན་པོ་གདུག་པའི་བྱ་སྦྲུལ་གཅན་གཟན་དུ་མས་གང་བ་ལ། ཡང་སོས་ནས་མནར་མེད་ཀྱི་བར་བརྒྱད་པོ་རྣམས་སྔ་མའི་སྡུག་བསྔལ་གྱི་སྟེང་ཕྱི་མའི་སྡུག་བསྔལ་ལྷག་པོར་ཡོད་པ། གྲང་དམྱལ་གྱི་གནས་ས་གཞི་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་རླུང་དང་བུ་ཡུག་འདྲེས་པས་རྟག་ཏུ་ཁྱབ་པས་གྲང་ངད་བཟོད་གླགས་མེད་པ། ཆུ་བུར་ཅན་ནས་པདྨ་ལྟར་ཆེར་གས་པའི་བར་བརྒྱད་པོ་གོང་མ་ལས་འོག་མ་བདུན་འགྱུར་གྱིས་གྲང་བ། ཚེ་ཚད་ཤིན་ཏུ་རིང་བ། ཚ་དམྱལ་བརྒྱད་པོའི་ཕྱོགས་བཞིར་ཉེ་འཁོར་བ་བཞི་ནི། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ལམ། ཤལ་མ་ལིའི་སྡོང་པོ་རྣམས་དང་། ཉི་ཚེ་བའི་དམྱལ་བ་ས་འོག་ས་སྟེང་ངེས་མེད་དུ་ལུས་ཀྱི་རྣམ་པ་དང་སྡུག་བསྔལ་མྱོང་ཚུལ་མ་ངེས་པ་དཔག་ཏུ་མེད་པ་ཡོད་པའི་ཚུལ་ལ་བསམ། ཡི་དྭགས་ས་འོག་གཤིན་རྗེའི་ཡུལ་དང་། ཁ་འཐོར་ས་འོག་ས་སྟེང་བར་སྣང་ཐམས་ཅད་ཁྱབ་པར་གནས། དེ་དག་གི་རིགས་མདོ་སྡེ་དྲན་པ་ཉེར་བཞག་ལས་སུམ་ཅུ་རྩ་དྲུག་ཏུ་གསུངས་ཀྱང་བསྡུ་ན་གསུམ་སྟེ། ཕྱིའི་སྒྲིབ་པ་ཅན་ཟས་སྐོམ་ལ་རྣག་ཁྲག་ཏུ་མཐོང་བ་དང་། ཆུ་ཀླུང་ལ་སོགས་པའི་འགྲམ་དུ་ཕྱིན་ཀྱང་དེ་མ་ཐག་སྐམ་པའོ། །སྐྱེས་བུ་གོ་མཚོན་ཐོགས་པས་སྲུང་བར་མཐོང་བ་སོགས་ཀྱིས་ལོ་གྲངས་མང་པོར་ཟས་སྐོམ་ཡེ་མི་རྙེད་པས་རྟག་ཏུ་བཀྲེས་པས་སྡུག་བསྔལ། ནང་གི་སྒྲིབ་པ་ཅན་ནི། བཟའ་བཏུང་བྱེད་པའི་མཐུ་མེད་པ་སྟེ། བཤེས་སྤྲིང་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ཁྱོན་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར་རོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་བྱས་པ་དེ་ཉིད་ཁོང་པའི་ནང་དུ་མེ་ལྕེར་གྱུར་ནས་ཚིག་པ་དང་། ཁ་ཅིག་ཕྱི་ས་དང་གཅིན་འཐུང་ཞིང་རང་གི་ཤ་བཅད་ཅིང་ཟ་བའོ། །དེ་ཐམས་ཅད་རྟག་ཏུ་བཀྲེས་སྐོམ་བཟོད་གླགས་མེད་པས་ཚོལ་འགྲོས་ཀྱིས་ཐང་ཆད། གོས་དང་བྲལ་བས་ཚད་པས་ཚིག་ཅིང་གྲང་བས་སྦྲེབས་པ་སོགས་སྡུག་བསྔལ་དོས་དྲགས། ཚེ་ཚད་མི་ལོ་སྟོང་ཕྲག་བཅོ་ལྔ་ཐུབ། དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོའི་ནང་ན་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཡོད་པ་རྣམས་བརྟེན་པའི་གནས་མེད། རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་གིས་གཅིག་ཟ་བ། རྟག་ཏུ་འཇིགས་སྐྲག་གིས་བདེ་བ་མེད། ཁ་འཐོར་བ་མི་ཡུལ་ན་གནས་པ་འདི་རྣམས་ཏེ། མིས་བདག་ཏུ་མ་བཟུང་བ་རྣམས་ནི་རྟག་ཏུ་དགྲ་བྱུང་དོགས་ཀྱིས་སེམས་ལ་བདེ་བ་མེད། བདག་ཏུ་བཟུང་བ་རྣམས་ནི། ཞོན་པ་དང་། ཁུར་བཀལ་བ་སོགས་བཀོལ་སྤྱོད་དང་། ཤ་ལྤགས་ཀྱི་ཆེད་དུ་གསོད་པས་སྡུག་བསྔལ་བ། གཙོ་བོ་དུད་འགྲོ་རྣམས་གླེན་ཞིང་ལྐུགས་པས་གསོན་བཞིན་དུ་གཅིག་གིས་གཅིག་ཟ་བས་རྟག་ཏུ་འཇིགས་སྐྲག་གིས་གནས་དགོས་པས། སྡུག་བསྔལ་དེ་ལྟ་བུ་རྣམས་རང་གིས་མྱོང་དགོས་ན་བཟོད་པའི་ཐབས་མེད་པས་དམ་པའི་ཆོས་ཁོ་ན་བསྒྲུབ་པའི་ཞེ་དམ་བཅའ་འོ། །བཞི་པ་ལས་འབྲས་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་གསུངས་པ་ལྟར། བདེ་སྡུག་ཐམས་ཅད་ལས་བསགས་པ་ཁོ་ན་ལས་བྱུང་བ་སྟེ། དགེ་བའི་ལས་བསགས་པ་ལས་འབྲས་བུ་བདེ་བ་མྱོང་། མི་དགེ་བའི་ལས་བསགས་པས་འབྲས་བུ་སྡུག་བསྔལ་ཁོ་ན་མྱོང་། ས་བོན་གང་བཏབ་པའི་ལོ་ཏོག་སོ་སོར་སྨིན་པ་དང་འདྲ། དགེ་སྡིག་གང་ཡིན་ཡང་རྒྱུ་ལས་བསགས་པའི་དུས་ཆུང་ངུ་ལས་མེད་ཀྱང་རིམ་པར་བརྒྱ་འགྱུར་སྟོང་འགྱུར་འཕེལ་བས་འབྲས་བུ་རྣམ་སྨིན་ཤིན་ཏུ་ཆེ། ལས་དཀར་ནག་ཆེ་ཆུང་གང་བྱས་ཀྱང་གཉེན་པོས་མ་བཅོམ་ན་འབྲས་བུ་མ་སྨིན་གྱི་བར་དུ་ཆུད་མི་ཟ། རང་གིས་བྱས་པའི་ལས་དཀར་ནག་གང་ཡིན་ཡང་རང་ཉིད་ལ་སྨིན་ཅིང་མ་བྱས་པའི་ལས་དང་མི་འཕྲད་པའི་ཚུལ་ལ་ནན་དུ་བསམ་ཏེ་དགེ་སྡིག་ལ་བླང་དོར་བྱ། དེ་ལ་མི་དགེ་བའི་ལས་གཙོར་བསྡུས་པ་བཅུ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་སྒོ་ནས་སེམས་ཅན་ཆེ་ཆུང་གང་རུང་གི་སྲོག་གཅོད་པ་དང་། མཐུ་དང་འཇབ་བུ་དང་གཡོ་སྒྱུས་མ་བྱིན་པར་ལེན་པ་དང་། རིགས་དང་བདག་པོ་དང་ཆོས་ཀྱིས་བསྲུངས་པ་ལ་འདོད་ལོག་སྤྱོད་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ། ཕ་མ་དང་ཆེན་པོ་དང་ཆུང་ངུ་ལ་བརྫུན་སྨྲ་བ། བཙན་ཕྲ་གཞོགས་ཕྲ་ལྐོག་ཏུ་སྨྲ་བའི་ཕྲ་མ། དངོས་དང་གཞོགས་དང་བརྒྱུད་དེ་སྨྲ་བའི་ཚིག་རྩུབ། ལོག་པ་དང་འཇིག་རྟེན་པ་དང་བདེན་པའི་ངག་ཀྱལ་པ་སྟེ་ངག་གི་བཞི། བདག་དང་གཞན་དང་གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས། ཞེ་སྡང་ཕྲག་དོག་འཁོན་འཛིན་ལས་བྱུང་བའི་གནོད་སེམས། ལས་འབྲས་དང་བདེན་པ་དང་དཀོན་མཆོག་ལ་ལོག་པར་ལྟ་བ་སྟེ་ཡིད་ཀྱི་གསུམ་རྣམས་སྤྱོད་པས་སོ་སོར་རྣམ་སྨིན་དང་རྒྱུ་མཐུན་དང་དབང་གི་འབྲས་བུ་མྱོང་། དེའང་ཉོན་མོངས་ཞེ་སྡང་གི་དབང་གིས། གྲངས་མང་པོ། ཡུལ་ཆེན་པོ་བརྟེན་ནས་སྤྱད་པས་དམྱལ་བ། འདོད་ཆགས་དང་འབྲིང་པོ་ལས་ཡི་དྭགས། གཏི་མུག་དང་ཆུང་ངུས་དུད་འགྲོར་སྐྱེ་བས་འདི་རྣམས་སྡུག་བསྔལ་གྱི་རྩ་བ་ཡིན་པར་བསམ་སྟེ་སྔར་བྱས་སྦྱོང་བའི་ཐབས་ལ་འབད། ཕྱིན་ཆད་མི་བྱེད་པའི་དམ་བཅའ། དེ་ལས་ལྡོག་པ་སྲོག་གཅོད་སྤོང་བ། རྫུན་མི་སྨྲ་བ་སོགས་བཅུ་ནི་དགེ་བ་བཅུ་ཡིན་ལ། འཇུག་པའི་ལས་གཞན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ། བདེན་པ་སྨྲ་བ། མི་མཛའ་བ་བསྡུམ་པ། ཞི་དེས་འཇམ་པོ་སྨྲ་བ། དོན་དང་ལྡན་པ་ཁོ་ན་སྨྲ་བ། ཆགས་པ་ཆུང་ཞིང་ཆོག་ཤེས་པ། བྱམས་པས་ཕན་སེམས་བསྐྱེད་པ། ལས་འབྲས་སོགས་ལ་ཡིད་ཆེས་པས་དད་པ་རྣམ་གསུམ་སྐྱེད་པ་སྟེ་འབྲས་བུ་རྒྱུ་མཐུན་སོགས་གསུམ་གོང་ལས་ལྡོག་པ་མྱོང་། དགེ་བ་བཅུ་ཆེར་སྤྱད་པས་ལྷ། འབྲིང་པོས་མི་ལུས་ཐོབ། དགེ་བ་ཡིན་ཡང་བསམ་པ་མ་དག་པ་སོགས་མི་དགེ་བ་དང་འདྲེས་པས་ལྷ་མིན་དུ་སྐྱེ། དགེ་བ་བཅུ་ནི་འདི་ཕྱི་ཀུན་ཏུ་བདེ་ལེགས་ཀྱི་རྒྱུ་ཡིན་པས་དུས་རྟག་ཏུ་དགེ་བ་འབའ་ཞིག་བསྒྲུབ་པར་བགྱིའོ་སྙམ་དུ་བསམ་མོ། །ལྔ་པ་སྐྱབས་སུ་འགྲོ་བ་ནི། དེ་ལྟར་ངན་སོང་གི་སྡུག་བསྔལ་བཟོད་པའི་ཐབས་མེད་པས་གནས་ངན་དེར་མི་སྐྱེ་བའི་སྐྱབས་གནས་ཞིག་མི་ཚོལ་ཀ་མེད་དུ་སོང་། འཁོར་བ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ནི་རང་སྡུག་བསྔལ་དེ་ལས་ཐར་པ་ཞིག་དགོས་པས་ཚངས་པ་བརྒྱ་བྱིན་ལྟ་བུ་འཇིག་རྟེན་པའི་ཆེན་པོ་སུས་ཀྱང་སྐྱོབ་མི་ཐུབ། མདོ་སྡེ་མྱ་ངན་འདས་ཆེན་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཅེས་གསུངས་པས་ཡུལ་དཀོན་མཆོག་གསུམ་ལ་བརྟེན་དགོས། དེ་ལའང་གསུམ་སྟེ། མདུན་ན་བཞུགས་པའི་སྐྱབས་ཡུལ་ནི། སྐུ་གསུང་ཐུགས་རྟེན་དང་དགེ་འདུན་ཏེ་དམིགས་པའི་རྟེན་ཙམ་མོ། །མངོན་པར་རྟོགས་པའི་ཡུལ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ལུང་དང་རྟོགས་པའི་དམ་ཆོས། འཕགས་པའི་དགེ་འདུན་གསུམ་སྟེ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཞུ་བའོ། །དེ་ཁོ་ན་ཉིད་ཀྱི་ཡུལ་ནི་སངས་རྒྱས་ཉག་གཅིག་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཅེས་སོ། །སྐབས་འདིར་སྐྱབས་གནས་ཐམས་ཅད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་འདུ་སྟེ་དེ་ཉིད་ངོ་བོ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ལ། རྣམ་པ་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པའོ། །དེས་ན་མདུན་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྐྱབས་གནས་དཀོན་མཆོག་རྒྱ་མཚོས་བསྐོར་ཏེ་མངོན་སུམ་བཞུགས་པའི་ཕྱག་གཡས་སྐྱབས་སྦྱིན་མཛད་པའི་འོག་ཏུ་བདག་དང་འགྲོ་བ་ཐམས་ཅད་ཚུད། འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་རྟག་ཏུ་སྐྱོབ་པར་བསམ་ལ་མོས་གུས་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་ནི། ན་མོ༔ བླ་མ་ཡི་དམ་རྗེ་བཙུན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་བརྒྱ་སྟོང་ཅི་ནུས་སུ་བརྗོད། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་ལ་དགེ་བ་བསྔོ། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཟིན་ནས་སྤྱིའི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་རྣམས་ལ་སློབ་ཚུལ་སྤྱི་ལྟར་བྱས་པས་ཁྱད་པར་ཅན་གྱི་ཕན་ཡོན་བརྒྱད་འཐོབ་པར་འགྱུར་རོ། །དེ་རྣམས་ཀྱིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་མོ། །གཉིས་པ་སྐྱེས་བུ་འབྲིང་པོ་དང་ཐུན་མོང་བའི་རིམ་པ་སྦྱོང་བ་ལ་གཉིས། འཁོར་བའི་རྒྱུ་འབྲས་དང་། ཐར་པའི་རྒྱུ་འབྲས་བསམ་པའོ། །དང་པོ་ལའང་གཉིས། འབྲས་བུ་སྡུག་བསྔལ་དང་། རྒྱུ་ཀུན་འབྱུང་གི་རབ་དབྱེ་བསམ་པའོ། །དང་པོ་ནི། བདག་ངན་སོང་ལས་ཐར་ནས་མཐོ་རིས་སུ་སྐྱེས་ན་ཆོག་གམ་སྙམ་ན་དེར་ཡང་བདེ་བ་མེད་དེ། མིར་སྐྱེས་པ་རྣམས་སྡུག་བསྔལ་བརྒྱད་ཀྱིས་མནར་བ་སྟེ། དང་པོ་སྐྱེ་བའི་སྡུག་བསྔལ་ནི། མའི་མངལ་དུ་གནས་དུས་མངལ་གནས་དེ་དོག་ཅིང་འཁུམ་པ་དང་མུན་ནག་དང་དྲི་ངན་པའི་སྡུག་བསྔལ་གསུམ་རྟག་ཏུ་འོང་། མ་འགྲེང་པའི་ཚེ་རིས་མནན་པ་ལྟ་བུ། ལྟོགས་པའི་ཚེ་གཡང་ལ་དཔྱངས་པ་ལྟ་བུ། བཟའ་བཏུང་དྲོ་གྲང་ལས་ཚ་གྲང་གི་སྡུག་བསྔལ་མྱོང་། མངལ་ནས་བཙས་པའི་ཚེ་འཇུར་མིག་ནས་དྲངས་པ་ལྟ་བུ། འཇམ་པོས་དཀྲིས་ཀྱང་ཚེར་དོང་དུ་བསྐྱུར་བ་ལྟ་བུ། ལག་གིས་བླངས་པས་བྱེའུ་ཁྲས་ཁྱེར་བ་ཙམ་གྱི་སྡུག་བསྔལ་ཡོད། སྤྱིར་མི་བཟོད་པའི་ཚོར་བ་དང་བཅས་ཏེ་སྐྱེ་དགོས་པས་སྐྱེ་བ་སྡུག་བསྔལ་དང་ལྡན། ཉོན་མོངས་སྐྱེད་འཕེལ་གྱི་ས་བོན་ཟུག་པས་གནས་ངན་ལེན་དང་ལྡན། རྒ་ན་འཆི་སོགས་འབྱུང་བའི་ཁུངས་སུ་གྱུར་པས་སྡུག་བསྔལ་གྱི་གནས་སུ་གྱུར། ཕྱིས་རྐྱེན་དང་འཕྲད་པས་ཉོན་མོངས་ལྡངས་ཏེ་ལས་གསོག་པའི་གཞིར་བྱུང་བས་ཉོན་མོངས་ཀྱི་གནས་སུ་གྱུར། རྒྱུན་སྐད་ཅིག་སྐད་ཅིག་གིས་འགྱུར་བས་དབང་མེད་དུ་འཇིག་པ་སྟེ་སྡུག་བསྔལ་རྣམ་པ་ལྔ་དང་ལྡན་པའོ། །གཉིས་པ་རྒས་པའི་ཚེ་ན། ཤ་མདོག་ལེགས་པོ་སྔོ་ཧམ་དང་སྐྲ་དཀར་པོར་སོང་ནས་ཁ་དོག་ཉམས། སོ་བུད། ལུས་པོ་རྒུར། རྐང་ལག་འཁྱོགས། ཤ་ལྤགས་སྐམ་ནས་དབྱིབས་ཉམས། ལང་འདུག་འགྲོ་སྡོད་མི་ནུས་པས་མཐུ་སྟོབས་ཉམས། མིག་མི་གསལ་རྣ་བ་འོན་པ་སོགས་དབང་པོ་ཉམས། ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་ལོངས་སྤྱོད་ཉམས་པ་བཅས་སྡུག་བསྔལ་ལྔ་དང་ལྡན། གསུམ་པ་ན་བའི་ཚེ། ཟུག་རྔུའི་ཚོར་བས་ཡིད་མི་བདེ། ཤ་ཞུ་པགས་པ་སྐམ་ནས་ལུས་ཀྱི་རང་བཞིན་འགྱུར། ཡུལ་ཡིད་དུ་འོང་བ་སྤྱད་དབང་མེད། མི་འདོད་པ་སྨན་དཔྱད་རྩུབ་མོ་སོགས་བརྟེན་དགོས། སྲོག་གི་དབང་པོ་འབྲལ་བར་ཉེ་བས་སྐྲག་ཅིང་འཚེར་བ་སྟེ་སྡུག་བསྔལ་ལྔ་དང་ལྡན། བཞི་པ་འཆི་བའི་སྐབས་སུ། ལོངས་སྤྱོད་གཉེན་གྲོགས། འཁོར་གཡོག་ཕུན་སུམ་ཚོགས་པ་རྣམས་དང་བྲལ། གཅེས་པའི་ལུས་ཀྱང་བོར། ཡིད་མ་བདེ་བའི་ཚོར་བ་དྲག་པོ་སྤྱད་པས་སྡུག་བསྔལ་ལྔ་དང་ལྡན་པའོ། །གཞན་ཡང་ཡོད་པ་སྐྱོང་གིས་མི་ལོང་བ་ནི། ལོངས་སྤྱོད་མངའ་ཐང་སྙན་གྲགས་ཟས་ནོར་རྟ་ཕྱུགས་ལ་སོགས་པ་ཡོད་ན་དེ་རྣམས་གསག་པ་དང་སྲུང་བ་དང་སྤེལ་བ་ལ་འབད་པ་དུ་མས་ཉིན་མཚན་དུ་བརྩོན་དགོས་ཤིང་། གྱོང་གོད་ཅུང་ཟད་རེ་བྱུང་ནའང་ཡིད་མི་བདེ་ཆེན་པོས་མནར་བས་སྡུག་བསྔལ། མེད་པ་ཚོལ་བས་མི་རྙེད་པ་ནི། ལོངས་སྤྱོད་ཟས་ནོར་སོགས་ཀྱི་དོན་དུ་བཀྲེས་སྐོམ་ངལ་དུབ་དང་། ལུས་སྲོག་ལའང་མ་བལྟས་པར་འབད་ཀྱང་ལྟོ་གོས་ཙམ་ལེགས་པར་མ་འཁྱོངས་པས་སྡུག་བསྔལ། མི་འདོད་པ་དང་འཕྲད་པ་ནི། བཙན་པོ་དང་། མཁོན་ཡོད་པ་དང་། ཇག་རྐུན། གཅན་གཟན་སོགས་ཀྱི་གནོད་པ་གློ་བུར་ནམ་འོང་ཆ་མེད་པ་དང་། རྒྱལ་པོའི་མངའ་འབངས། ཕྱུག་པོའི་འཁོར་གཡོག་ལྟ་བུ་མི་འདོད་མི་ཁྱག་བཞིན་དུ་ལས་དེ་བྱེད་དགོས་པས་སྡུག་བསྔལ། འདོད་པ་དང་བྲལ་བ་ནི། ཕ་མ་སྤུན་ཟླ་གྲོགས་འཁོར་ལ་སོགས་པ་མེད་ཐབས་མེད་པ་དང་བྲལ་བའམ། མངའ་ཐང་ལོངས་སྤྱོད་ཉམས། ནོར་རྫས་སྟོར་བརླག་དང་རྟ་ཕྱུགས་ཤི་གོད་སོགས་ཡིད་ལ་ཆགས་པ་རྣམས་དང་བྲལ་བས་སེམས་ལ་མྱ་ངན་ཆེན་པོ་སྐྱེ་སྟེ་སྡུག་བསྔལ་བའོ། །ལྷ་མིན་རྣམས་ཀྱང་ལུས་རྟེན་དེ་བཟུང་བ་ཙམ་ནས་ཕྲག་དོག་ཆེ་བས་གཞན་དང་འཐབ་རྩོད་ཁོ་ནས་དུས་འདའ། ཁྱད་པར་ལྷ་དང་འཐབ་པའི་ཚེ། ལྷ་མིན་བསོད་ནམས་ཆུང་བས་གཡུལ་ཕམ་སྟེ་གསོད་རྡུང་ཡང་མྱོང་། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་མོས། ལྷ་རྣམས་ཀྱང་གནས་སྐབས་བདེ་བ་ལ་རྣམ་གཡེང་ཁོ་ནས་དུས་འདའ་ཞིང་ཆོས་སྒྲུབ་པའི་བློ་མི་སྐྱེ། ཚེ་ཚད་རིང་པོ་རྣམས་ཀྱང་སྐད་ཅིག་གཅིག་ཙམ་སྡོད་པའི་སྣང་བ་ལས་མེད་པར་འཆི་བའི་ལྟས་ལུས་ཀྱི་འོད་ཉམས། ཡིད་སྐྱོ་བས་སྟན་ལ་སྡོད་སྙིང་མི་འདོད། མེ་ཏོག་གི་རྒྱན་རྙིང་། གོས་ལ་དྲི་མ་ཆགས། ལུས་ལ་རྔུལ་འབྱུང་བའི་ཚེ་གྲོགས་གཞན་རྣམས་ཀྱིས་ཀྱང་སྤངས་ནས་བྱེར། ཤི་བའི་འོག་ཏུ་ངན་སོང་དུ་འགྲོ་བ་སོགས་མཐོང་ནས་ཡུན་རིང་པོར་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་བའོ། །མདོར་ན་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་བདེ་བ་ཅུང་ཟད་ཀྱང་མེད་དེ། གུ་རུ་རིན་པོ་ཆེའི་ཞལ་ནས། འཁོར་བ་འདི་ན་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན་ཅེས་གསུངས། །ཅུང་ཟད་བདེ་ཡང་འགྱུར་བའི་སྡུག་བསྔལ་ཡོད། །ཅེས་གསུངས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཚོར་བ་བཏང་སྙོམས་དང་ལྡན་པ་ཐམས་ཅད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་འཁོར་བ་ཐམས་ཅད་ལ་དེས་མ་ཁྱབ་པ་མེད། ངན་སོང་གསུམ་དང་མཐོ་རིས་ཀྱི་ནད་གདོན་ལ་སོགས་པའི་ཚོར་བ་སྡུག་བསྔལ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ། བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་ལྷ་མིའི་བདེ་སྐྱིད་སོགས་ཚོར་བ་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཡིན་པས་སྡུག་བསྔལ་གསུམ་པོ་དེ་ལས་ཅིས་ཀྱང་ཐར་བར་འདོད་པའི་བློ་སྐྱེད། གཞན་ཡང་འཁོར་བ་འདི་ལ། མཐོ་དམན་བདེ་སྡུག་དགྲ་གཉེན་ཕ་བུ་གནས་ལུས་ལོངས་སྤྱོད་ངེས་པ་མེད་པར་འགྲོ་བ་དང་། འདོད་ཡོན་སྤྱད་པས་མི་ངོམས་ཤིང་། སྡུག་བསྔལ་མྱོང་བས་ཡི་མུག་པས་ངོམས་མི་ཤེས་པ་དང་། ལུས་ཡང་ནས་ཡང་དུ་འདོར་དགོས་པ་དང་། ཉིང་མཚམས་ཡང་ཡང་སྦྱོར་དགོས་པ་དང་། བདེ་སྡུག་མཐོ་དམན་འབྱོར་རྒུད་སྣ་ཚོགས་སུ་འགྱུར་བ་དང་། གཅིག་པུར་གྲོགས་མེད་པ་སྐྱེ་རྒ་ན་འཆི་བར་དོའི་སྡུག་བསྔལ་མྱོང་དགོས་པ་བཅས་སྡུག་བསྔལ་དྲུག་གིས་མནར་བའི་འཁོར་བ་ལ་མེའི་འོབས་དང་ཤ་བཙོན་གྱི་དོང་ལྟ་བུར་མཐོང་བས། འདི་ལས་ཅི་ནས་ཀྱང་ཐར་བར་བྱ་སྙམ་དུ་བསམ་མོ། །གཉིས་པ་རྒྱུ་ཀུན་འབྱུང་བ་བསམ་པ་ནི། སྡུག་བསྔལ་ཅན་གྱི་འཁོར་བ་དེ་རྒྱུ་མེད་རྐྱེན་མེད་པས་རང་བཞིན་བྱུང་བ་མ་ཡིན། དེ་ཐམས་ཅད་ལས་བསགས་པ་ལས་བྱུང་། ལས་ཐམས་ཅད་ཉོན་མོངས་པའི་ཀུན་སློང་ལས་བྱུང་། ཉོན་མོངས་པ་ལ་རྩ་ཉོན་དྲུག་དང་ཀུན་ཏུ་སྦྱོར་བ་དགུ་སོགས་རབ་དབྱེ་མང་ཡང་ཀུན་གྱི་རྩ་བ་དུག་གསུམ་དུ་འདུ། ཐམས་ཅད་ཀྱི་རྩ་བ་ནི་གནས་ལུགས་མ་རྟོགས་པའི་མ་རིག་པས་བསྒྲིབས་ཏེ་ཕུང་པོ་ལ་ཞེན་ནས་བདག་དང་། བདག་གཅེས་པར་འཛིན་པས་འཁོར་བའི་རྒྱུར་སོང་། བདག་འཛིན་ལ་བརྟེན་ནས་ལྟ་བ་ངན་པ་ཐམས་ཅད་བྱུང་སྟེ་རང་གི་ལུས་སེམས་སོགས་ནང་སེམས་ཅན་དང་ཕྱི་ཉེར་སྤྱོད་ལ་ཞེན་པས་འདོད་ཆགས་བྱུང་། དེ་ལ་བརྟེན་ནས་ང་རྒྱལ་ཕྲག་དོག་སེར་སྣ་རྣམས་བྱུང་། རང་ངམ་རང་ཕྱོགས་ལ་གནོད་ཅིང་འཚེ་བ་ལ་ཁོང་ཁྲོ་བའི་ཞེ་སྡང་དང་དེའི་རྣམ་འགྱུར་གནོད་སེམས་ཁྲོ་འཚིག་ལ་སོགས་པ་བྱུང་། དེ་རྣམས་ཀྱིས་ལས་བསགས་པས་བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་འགྲོ། བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས། མི་གཡོ་བའི་ཟག་བཅས་ཀྱི་བསམ་གཏན་གྱིས་གཟུགས་དང་གཟུགས་མེད་དུ་འཕེན་པས། རང་གཞན་ཐམས་ཅད་འཁོར་བར་འཁྱམས་བྱེད་ཀྱི་རྒྱུ་ཀུན་འབྱུང་ཉོན་མོངས་པ་ཅི་ནས་ཀྱང་སྤང་བར་བྱའོ་སྙམ་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ལ་བརྟག་གཞིག་བྱས་ཏེ་བསྒོམ་མོ། །གཉིས་པ་ཐར་པའི་རྒྱུ་འབྲས་བསམ་པ་ནི། འཁོར་བ་སྤངས་ནས་དོན་དུ་གཉེར་བ་ནི་ཐར་པ་ཡིན་ལ། དེ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ་བདག་མེད་པའི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པ་ཡིན། དེའི་རྒྱུར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས། དེའི་རྒྱུ་ངེས་འབྱུང་གི་ཚུལ་ཁྲིམས་རྣམ་པར་དག་པ་དགོས་པས། ད་ནི་འཁོར་བ་ལས་ཐར་བར་བྱ་བའི་ཕྱིར། ཚུལ་ཁྲིམས་བསྲུང་། ཏིང་ངེ་འཛིན་བསྒོམ། ཤེས་རབ་བསྐྱེད་ནས་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པའི་དོན་རྟོགས་པར་བྱའོ་སྙམ་དུ་བསམ། དེ་དག་སྐྱེས་བུ་འབྲིང་གི་ཉམས་ལེན་ཏེ་སྔོན་འགྲོའི་ཆོས་རྣམས་གྲུབ་བོ། ༈ །གཉིས་པ་བར་དུ་དགེ་བ་ཐེག་པ་ཆེན་པོ་དང་རྗེས་སུ་འབྲེལ་པ་ལྷག་བསམ་རྣམ་པར་དག་པའི་ཉམས་ལེན་སྐྱེས་བུ་ཆེན་པོའི་ལམ་འཆད་པ་སྟེ། འདི་ལ་གཉིས། བསམ་པའི་འཇུག་སྒོ་ལ་བསླབ་པ་དང་། དེ་ཉིད་མཐའ་རྒྱས་སུ་བྱེད་པའོ། །དང་པོ་ནི། འཁོར་བའི་ཉེས་དམིགས་རྣམས་ཤེས་ནས་སྤང་། ཐར་པ་མྱང་འདས་ཐོབ་དགོས་པ་ལ་འཐོབ་བྱ་མྱང་འདས་ཀྱི་བྱང་ཆུབ་དེ་ལ་ཉན་རང་གཉིས་རྫོགས་པའི་སངས་རྒྱས་དང་གསུམ་དུ་ཡོད་པ་ལས། རང་དོན་སྤང་རྟོགས་ཡོངས་སུ་རྫོགས་ཤིང་གཞན་དོན་ཕྲིན་ལས་ལ་ཐོག་པ་མེད་པ་ཐར་པ་བྱང་ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པས། ཇི་ལྟར་བྱས་ན་བདག་སངས་རྒྱས་འཐོབ་པར་འགྱུར་སྙམ་དུ་ཡང་ཡང་བསམ། གཉིས་པ་དེ་ཉིད་མཐའ་རྒྱས་སུ་བྱེད་པ་ལ་གཉིས། རྒྱུ་འབྲས་ཀྱི་འབྲེལ་བསམ་པ། དེའི་དོན་བསམ་པའོ། །དང་པོ་ནི། བདག་སངས་རྒྱས་ཐོབ་དགོས་པ་ལ་དེའི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ། དེའི་རྒྱུར་བྱམས་པ། དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་བཟོ་བ། དེའི་རྒྱུར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཕ་མར་ཤེས་དགོས་པར་འདུག །ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་ཕ་མ་ཡིན། རེ་རེ་ནས་དྲིན་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་ན་ཅི་མ་རུང། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་བདག་གིས་སངས་རྒྱས་འཐོབ་པར་བྱ། ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་བསམ། གཉིས་པ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ་གསུམ། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་སྒོམ་པའོ། །དང་པོ་ནི། ཐོག་མར་རྩ་བའི་མ་དེ་མདུན་ན་ཡོད་པ་དམིགས། འདིས་བདག་དང་པོ་ལུས་བསྐྱེད། བདག་གི་ཕྱིར་དུ་དཀའ་བ་དུ་མ་སྤྱད། བདག་ལ་གཅེས་པའི་སྲོག་ཀྱང་བྱིན། མཐར་གཏན་ཚིག་གཅིག་སློབ་པ་ནས་བཟུང་འཇིག་རྟེན་གྱི་བྱ་བ་ཡོངས་སུ་རྫོགས་པ་བསྟན་ནས་རང་ལས་ཀྱང་གཅེས་པའི་བྱམས་པས་བསྐྱངས། ཕན་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པས་དྲིན་ཆེ། མ་འདི་བདེ་སྐྱིད་དང་ལྡན་ན་ཅི་མ་རུང་། སྐྱེ་བ་འདི་ཁོ་ནར་མ་ཟད་སྐྱེ་བ་གཞན་དཔག་ཏུ་མེད་པ་ལ་མ་བྱས། བྱས་རེས་ཀྱིས་ད་ལྟ་བཞིན་དུ་ཕན་བཏགས། ལན་རེ་ཕ་དང་གཉེན་གྲོགས་མཛའ་བཤེས་སུ་གྱུར་ནས་ཕན་བཏགས་པ་ལའང་ཚད་མེད་སྙམ་དུ་མ་དེ་སྙིང་དུ་སྡུག་ཅིང་ཕན་པ་དང་བདེ་བར་འདོད་པའི་བྱམས་པའི་སེམས་གཤའ་མ་རྒྱུད་ལ་མ་སྐྱེས་བར་དུ་བསྒོམ། དེ་ལ་སྐྱེས་ནས་ཉེ་དུ་སོགས་སྐྱེ་སླ་བ་ཉུང་ངུ་དང་། དེ་ནས་ཡུལ་མི། རིམ་པར་རྒྱ་ཇེ་ཆེ་ལ་བཏང་སྟེ་སྟོང་གསུམ་དང་མཁའ་ཁྱབ་ཀྱི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རྩ་བའི་མ་བཞིན་བྱམས་པའི་སེམས་མ་སྐྱེས་བར་དུ་བསྒོམ། མ་འདི་རྣམས་བདེ་ཞིང་སྐྱིད་པར་གྱུར་ཅིག །བདག་གིས་འདི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་དགོད་ནུས་པར་གྱུར་ཅིག་སྙམ་དུ་ཡང་ཡང་བསམ། རིན་ཆེན་ཕྲེང་བ་ལས། བྱམས་པ་བསྒོམ་པའི་ཕན་ཡོན་ཆེན་པོ་བརྒྱད་ཐོབ་པར་གསུངས་ཤིང་། རྫིའུ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེར་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཉེ། །ཞེས་མདོར་བསྡུས་ཏེ་བསྟན་ཏོ། །གཉིས་པ་སྙིང་རྗེ་བསྒོམ་པ་ནི། དེ་ལྟ་བུའི་དྲིན་ཅན་གྱི་མ་རྒན་སེམས་ཅན་འདི་རྣམས་ལུས་སེམས་ལ་བདེ་བ་འདོད་པ་མཚུངས་ཀྱང་མྱོང་བ་སྡུག་བསྔལ་ཁོ་ན་མྱོང་། ངན་སོང་གསུམ་སོགས་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད། མཐོ་རིས་ཕལ་ཆེར་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། འགའ་ཞིག་སྡིག་པའི་ལས་ཚབས་པོ་ཆེ་བསགས་པས་དབུགས་འགག་མ་ཐག་ཏུ་དམྱལ་བར་སྐྱེ་དགོས་པ་རྣམས་ཤིན་ཏུ་སྙིང་རྗེ་སྙམ་དུ་བསྒོམ། དེའང་ཐོག་མར་རང་གི་རྩ་བའི་མ་ལ་སྦྱར་ནས་བསྒོམ་སྟེ། མ་དེ་ས་ཕྱོགས་འདིར་མེར་བསྲེགས་པའམ། འཁྱགས་ནས་འཁེངས་པའམ། གཞན་དག་གིས་གཅོད་ཅིང་གཏུབས་ན་ཤིན་ཏུ་སྙིང་རྗེ། དེ་བཞིན་དུ་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་དྲིན་ཅན་ཁོ་ན་ཡིན་པས་སྙིང་རྗེ་བསྒོམ། དེས་འགྲེས་ཏེ། མ་དེ་བཀྲེས་སྐོམ་དང་ན་ཚས་གཟིར་བ་ལ་དམིགས་ནས་ཡི་དྭགས། མ་རྒས་འཁོག་ལ་མི་ནུས་བཞིན་དུ་གཞན་དག་གིས་བརྡེག་འཚོགས་བཀོལ་སྤྱོད་བྱས་པ་ལ་དམིགས་ནས་དུད་འགྲོ །མ་དེ་མིག་མི་གསལ། གཡང་ས་ཆེན་པོ་ནས་ཟོན་མི་ཤེས་པར་ལྷུང་ལ་ཁད་དུ་འགྲོ །ལྷུངས་ནས་ཐར་དུས་མེད་པའི་སྡུག་བསྔལ་མྱོང་བ་ལ་དཔེར་བྱས་ནས་མཐོ་རིས་གསུམ་གྱི་འགྲོ་བ་རྣམས་ལ་སྙིང་རྗེ་ཤས་མི་བཟོད་པ་བསྒོམ། དེ་དག་ཀྱང་རིམ་པར་རྒྱ་བསྐྱེད་ལུགས་བྱམས་པ་དང་མཚུངས་ཤིང་། སྙིང་རྗེ་བཅོས་མིན་དུ་སྐྱེ་ཙ་ན། མ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། སྡུག་བསྔལ་གྱི་གནས་འཁོར་བ་ལས་འདྲེན་པར་བྱ་སྙམ་དུ་བསམ། སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག་བསམ་ལ་ངག་ཏུའང་བརྗོད། སྤྱན་རས་གཟིགས་ཀྱི་རྟོགས་པ་ལས། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟར་འགྱུར་ཏེ་གཅིག་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོ་འོ། །ཞེས་གསུངས་པས་མཚོན་ཕན་ཡོན་ཚད་མེད་དོ། །དེ་ལྟར་བྱམས་པ་དང་སྙིང་རྗེ་མ་སྐྱེས་པ་བསྐྱེད་ནས། སྐྱེས་པ་གོང་དུ་སྤེལ་ཞིང་རང་དོན་ཡིད་བྱེད་སྤོང་བའི་ཉམས་ལེན་གྱི་གཙོ་བོ་བདག་གཞན་མཉམ་པ་དང་བརྗེ་བའི་སེམས་ཀྱིས་བདེ་སྡུག་བཏང་ལེན་ལ་བསླབ་དགོས་ཏེ། ཞི་བ་ལྷས། བདག་དང་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས། དེ་ལ་ཐོག་མར་རང་ཉིད་བདེ་བར་འདོད། སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་དེ་དང་འདྲ་བས་འདོད་པ་མཉམ། བདག་གཅིག་པུ་ཡིན་ལ་སེམས་ཅན་མང་པོ་ཡིན་པས་མཉམ་པ་ལས་ཀྱང་ལྷག །མ་རྒན་སེམས་ཅན་རྣམས་ཀྱིས་མི་འདོད་པའི་སྡུག་བསྔལ་རང་ལ་ལེན། འདོད་པའི་བདེ་བ་དེ་རྣམས་ལ་ཕར་བཏང་བའི་འདུན་པས། དབུགས་ཕར་གཏོང་བ་དང་མཉམ་དུ། བདག་གིས་ཐོག་མ་མེད་པ་ནས་བསགས་པའི་དགེ་བ་དང་བདེ་བ་ཅི་ཡོད་པ་ཐམས་ཅད་དཀར་ལམ་གྱིས་ཕར་སོང་ནས་སེམས་ཅན་རེ་རེ་བཞིན་ཆ་རེ་ཐོབ་པས་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན། དབུགས་ཚུར་རྔུབ་པའི་ཚེ། སེམས་ཅན་རྣམས་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་ལས་ཉོན་སྡིག་སྒྲིབ་འབྲས་བུ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་འུབ་ཀྱིས་བསྡུས་ཏེ་རང་ལ་ཐིམ་པས། དེ་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་མོས་ལ། ངག་ཏུའང་བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ཀྱིས་ཐོབ་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །ཅེས་སྙིང་ཐག་པ་ནས་བརྗོད་ཅིང་བློ་སྦྱང་བར་བྱའོ། །གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ། འཇུག་པ་ཕར་ཕྱིན་དྲུག་ལ་བསླབ་པའོ། །དང་པོ་ནི། ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་རྟག་ཏུ་ལྡན། སྡུག་བསྔལ་དང་གཏན་དུ་བྲལ་བ་ལ་རྫོགས་པའི་སངས་རྒྱས་འཐོབ་དགོས་པར་འདུག །དེ་ཐོབ་པར་བྱེད་པ་ལ་དང་པོ་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ཐོབ་ནས་སེམས་ཅན་གཅིག་ཀྱང་མ་ལུས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཏེ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་སྙམ་དུ་སེམས་བསྐྱེད་པ་ནི་བྱང་ཆུབ་ཏུ་སྨོན་པ་ཡིན། དེས་རང་གཞན་གྱི་དོན་གཉིས་བསྒྲུབ་པ་དང་། ཉེས་པ་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་འདུ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་ལས་ལྷག་པར་འགྱུར། །ཅེས་གསུངས། སྨོན་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་དགོས་པས་རྩ་བ་སེམས་ཅན་བློས་མི་སྤོང་བ་དང་། ནག་པོའི་ཆོས་བཞི་སྤང་། དཀར་པོའི་ཆོས་བཞི་ལ་བསླབ་ཅིང་ཉིན་མཚན་དུ་ཚོགས་གཉིས་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་བརྩོན་པ་བསྐྱེད་དོ། །དེ་ལ་སེམས་ཅན་བློས་སྤངས་པ་ལ། བདག་གིས་སངས་རྒྱས་ཐོབ་མི་ནུས་སོ་སྙམ་ནས་ཐེག་ཆེན་གྱི་ཆོས་ལ་བློ་ལོག་ནས་རང་དོན་ཡིད་བྱེད་ལ་གནས་པ་ནི་སངས་རྒྱས་ཀྱི་རྒྱུ་རྩ་བ་ནས་སྤངས་པས་ཉེས་པ་ཤིན་ཏུ་ལྕི་ལ། སེམས་ཅན་གཅིག་གམ་གཉིས་ལ་ཁོང་ཁྲོ་བས་ཁྱོད་འདྲ་བ་དང་མི་འཕྲད་པར་ཤོག །ཁྱོད་ལ་ཕན་མི་གདགས་སོ་སྙམ་པ་སོགས་དང་། དུད་འགྲོ་ཁྱི་རྐུན། བྱི་བ་ཤིག་སྲོ་ཡན་ཆད་ལ་རྡེག་རྡུང་གནོད་སེམས་བྱེད་པའང་དེའི་ཁོང་དུ་གཏོགས་པ་ཡིན། ནག་པོའི་ཆོས་བཞི་ནི། བླ་མ་སྦྱིན་གནས་མཆོད་འོས་བསླུ་བ་དང་པོ་སྟེ་རྫུན་ལབ་ནས་མགོ་བསྐོར་བཏང་བ་ཡིན། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་གཉིས་པ་སྟེ་སྡིག་པ་བྱས་པ་ལ་འགྱོད་དགོས་ཀྱང་དགེ་བ་བྱས་པ་ལ་འགྱོད་པ་སྐྱེད་པ་ཡིན། སེམས་བསྐྱེད་པའི་གང་ཟག་ལ་མི་སྙན་པ་བརྗོད་པ་གསུམ་པ་སྟེ་སེམས་བསྐྱེད་ཚིག་ཙམ་བཏོན་མྱོང་བ་ཡན་ཆད་ལ་དངོས་སམ་ལྐོག་ཏུ་སྐྱོན་བརྗོད་པ་ཡིན། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་བཞི་པ་སྟེ་རང་དོན་བསྒྲུབ་པའི་ཕྱིར་གཞན་ལ་ཁྲམ་དང་གཡོ་སྒྱུས་མགོ་སྐོར་དང་ཐ་ན་བྲེ་སྲང་ཚུན་ལ་དྲང་པོ་མི་བྱེད་པ་ཡིན། དེ་རྣམས་ཉེས་པ་ཤིན་ཏུ་ཆེ་བས་དེ་ལས་ལྡོག་པའི་དཀར་པོའི་ཆོས་བཞི་ལ་བསླབ་དགོས་ཏེ། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་དགེ་བ་ལ་འགོད་ཅིང་ཁྱད་པར་སེམས་བསྐྱེད་སོགས་ཐེག་པ་ཆེན་པོའི་དགེ་རྩ་ལ་འགོད་པ་དང་། སེམས་བསྐྱེད་བྱས་ཚད་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག་ནས་ཡོན་ཏན་བརྗོད་པ་དང་། སེམས་ཅན་གང་ལའང་གཡོ་སྒྱུ་མེད་པའི་དྲང་པོ་དང་། གཞན་དོན་ཉིད་རང་གི་ཁུར་དུ་ཁྱེར་བའི་ལྷག་བསམ་ལ་གནས་པར་བྱ་དགོས་སོ། །བསོད་ནམས་ཀྱི་ཚོགས་སྒོ་གསུམ་གྱི་དགེ་བའི་སྤྱོད་པ་ཇི་ལྟར་ནུས་པ་དང་། ཡེ་ཤེས་ཀྱི་ཚོགས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བློ་ཡིས་གང་ལྕོགས་བྱ་བ་ལའང་བསླབ་པར་བྱའོ། །གཉིས་པ་འཇུག་པ་སེམས་བསྐྱེད་ལ་གཉིས། འཇུག་སེམས་སྤྱིར་སྒོམ་པ། བྱེ་བྲག་བསླབ་པ་ལ་སློབ་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་ཞེས་བྱ་བ་དེ་འཐོབ་པར་འདོད་པ་ཙམ་གྱིས་མི་ཆོག་ཐོབ་བྱེད་ཀྱི་རྒྱུ་བྱང་ཆུབ་སྤྱོད་པ་ལ་བསླབ་དགོས། སྤྱོད་པ་དེ་ཉིད་ཤིན་ཏུ་རྒྱ་ཆེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་སླད་དུ་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པར་བགྱིའོ་སྙམ་པས་བསྡུ་དངོས་བཞི་ལ་གནས་པ་ནི། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་པ་ཡི་གྲོས་ཀྱང་གདབ། །ཅེས་སོགས་སྦྱིན་སོགས་ཕར་ཕྱིན་དྲུག་རང་གིས་ཉམས་སུ་ལེན། གཞན་ལ་ཚིག་གིས་བཤད། ལག་ལེན་བྱེད་དུ་འཇུག་པ་དེ་ཕྱིན་དྲུག་ཀྱང་ཡིན་ལ་བསྡུ་དངོས་ཀྱང་ཡིན་པས། བདག་གིས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ནན་ཏན་སྙིང་པོར་བསྒྲུབ་པར་བགྱི། དེའང་ཕྱི་དུས་སུ་མ་ཡིན་པར་ད་ལྟ་ཉིད་ནས་ལག་ཏུ་བླང་བར་བྱའོ། །སྙམ་པའི་དམ་བཅའ་དང་ལག་ལེན་མ་འཛོལ་བར་ཅི་ནུས་ཅི་ལྕོགས་ཀྱིས་ལག་ལེན་འཕྲལ་རང་དུ་ཐེབ་པར་བྱའོ། །སེམས་བསྐྱེད་དེའང་ཐོག་མར་སློབ་དཔོན་ནམ་རྟེན་ལས་ལེན་པའམ། རང་སྟོབས་ཀྱི་དམིགས་པས་ལེན་པ་གཉིས་ལས་སྐབས་འདིར་ཕྱི་མ་ལྟར་ན། མདུན་གྱི་ནམ་མཁར་བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས། ངག་ཏུ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་ལན་མང་དུ་བརྗོད། མཐར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པས་ཀུན་རྫོབ་ལ་དོན་དམ་གྱི་རྒྱས་ཐེབ་པར་འགྱུར་རོ། །གཉིས་པ་བསླབ་བྱ་ལ་སློབ་པ་ལ་གཉིས། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཇུག་པའི་སེམས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་དགོས། བསླབ་བྱ་ཐམས་ཅད་ལྷག་པའི་བསླབ་པ་རྣམ་པ་གསུམ་དུ་འདུ་སྟེ། བྱང་ཆུབ་ལམ་སྒྲོན་ལས། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་ནས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེན་འགྱུར། །ཅེས་གསུངས་པ་ལྟར། ལྷག་པ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གསུམ་ལ་སློབ་དགོས། དེའང་ཚུལ་ཁྲིམས་བསླབ་པ་ནི་ཕྱིན་དྲུག་གི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ཡིན་ལ། བསམ་གཏན་སེམས་ཀྱི་བསླབ་པ། ཤེས་རབ་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་དེ་ཐམས་ཅད་ཀྱི་གྲོགས་ཡིན་སྟེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར་རོ། །ཕར་ཕྱིན་དྲུག་པོ་འདི་ལ་སངས་རྒྱས་ཐོབ་པའི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པ་ཡིན་ཏེ། ལག་བཟང་གིས་ཞུས་པའི་མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་ཡོངས་སུ་རྫོགས་པར་བྱའོ། །ཞེས་གསུངས་སོ། །དེའང་དོན་དུ་གཉེར་བྱ་མངོན་མཐོ་ངེས་ལེགས་གཉིས་སུ་ངེས་ཤིང་དེའི་རྒྱུ་ཕར་ཕྱིན་དྲུག་ལ་ཚང་བ་སྟེ། མངོན་མཐོའི་དོན་དུ་ལོངས་སྤྱོད་ཀྱི་སྦྱིན་པ། ལུས་ཀྱི་དོན་དུ་ཚུལ་ཁྲིམས། འཁོར་གྱི་དོན་དུ་བཟོད་པ། ངེས་ལེགས་ཀྱི་དོན་དུ་ཡོན་ཏན་འཕེལ་བའི་རྒྱུ་བརྩོན་འགྲུས། ཞི་གནས་ཀྱི་རྒྱུ་བསམ་གཏན། ལྷག་མཐོང་གི་རྒྱུ་ཤེས་རབ་སྟེ། དེ་རྣམས་ཀྱང་འཇུག་སླ་བ་དང་རགས་པ་རྣམས་སྔ་མ་དང་། འཇུག་དཀའ་བ་དང་ཕྲ་བ་རྣམས་རིམ་གྱིས་བསྟན་པ་ཡིན་པས། བདག་གིས་ཀྱང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ནས་སངས་རྒྱས་བསྒྲུབ་པའི་དོན་དུ་ཕྱིན་དྲུག་བྱ་སླ་བ་དང་དཀའ་བ་ལ་རིམ་གྱིས་འཇུག་པར་བགྱིའོ་སྙམ་དུ་དམ་བཅའ། དེ་དག་བསྡུ་ན་ཚོགས་རྣམ་པ་གཉིས་སུའང་འདུ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་བསོད་ནམས། ཤེས་རབ་ཡེ་ཤེས་ཀྱི་ཚོགས། གཞན་གསུམ་ཚོགས་གཉིས་ཀར་གཏོགས། ཕར་ཕྱིན་རེ་རེ་ལའང་རང་རང་གི་མི་མཐུན་ཕྱོགས་ཉམས་པར་བྱེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་དང་། འདོད་པ་རྫོགས་པར་བྱེད་པ་དང་། སེམས་ཅན་སྨིན་པར་བྱེད་པའི་མཚན་ཉིད་བཞི་བཞི་དང་ལྡན་པ་ཡིན་ལ། སྦྱིན་པ་ལ་སོགས་པ་ལྔ་པོའང་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཟབ་མོས་མ་ཟིན་ན་སངས་རྒྱས་ཀྱི་རྒྱུར་མི་འགྲོ་ལ། ཤེས་རབ་རྣམ་པར་དག་པས་ཟིན་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་འཐོབ་པར་ནུས་མ་ཡིན། །ཅེས་གསུངས་པས་སྦྱིན་སོགས་གང་སྤྱད་ཀྱང་སྔོན་དངོས་རྗེས་ཀྱི་དམ་པ་གསུམ་དང་། ཁྱད་པར་འཁོར་གསུམ་སྤྲོས་པ་དང་བྲལ་བའི་ཤེས་རབ་དྲི་མ་མེད་པས་ཟིན་པར་བྱ་ཞིང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚོགས་གཉིས་ཀྱིས་བསྡུས་པའི་ཕར་ཕྱིན་མཚན་ཉིད་བཞི་ལྡན་འཁོར་གསུམ་དམིགས་པ་མེད་པའི་ངང་ནས་སྒྱུ་མ་ལྟ་བུར་རྒྱུན་མི་འཆད་པར་སྤྱད་པར་བགྱིའོ་སྙམ་པས་དེ་ལྟར་ཉམས་སུ་བླང་ངོ་། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཕར་ཕྱིན་དང་པོ་བཞི་མདོར་བསྡུས་ཏེ་བསྟན། བསམ་གཏན་དང་ཤེས་རབ་སོ་སོར་བཤད་པའོ། །དང་པོ་ནི། དེ་ལྟར་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་སྦྱིན་པ་ལ་གསུམ་ལས། ཟང་ཟིང་གི་སྦྱིན་པ་ནི། ཟས་གོས་ནོར་རྫས་མཁོ་བའི་ཡོ་བྱད་འབྱོར་བས་གང་ལྕོགས་རྣམས་ཞིང་བསམ་པ་དངོས་པོ་ཐབས་བཅས་མ་དག་པ་བཞི་སྤངས་ཏེ་རྣམ་པར་དག་ཅིང་བསམ་སྦྱོར་ཕུན་སུམ་ཚོགས་པས་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་ནི། གཞན་དག་ནད་དུག་མཚོན་ཆ་མེ་ཆུ་གཅན་གཟན་ལམ་འཕྲང་བཙོན་ལ་སོགས་པ་ལས་བསྐྱབ་པ་དང་། ཆོས་ཀྱི་སྦྱིན་པ་ནི། ཆོས་བཤད་པའི་ནུས་པ་ཡོད་ན་ཆོས་འདོད་པ་རྣམས་ལ་རྙེད་བཀུར་དང་ཁེ་གྲགས་ལ་མི་ལྟ་བར་ཐར་པ་སྒྲུབ་པའི་ཆོས་བཤད། མི་ནུས་ན་མི་དང་མི་མ་ཡིན་པ་ལ་བཤད་པར་མོས་ཏེ་རྒྱལ་བའི་གསུང་རབ་བསྒྲག་པ་རྣམས་སོ། །ཚུལ་ཁྲིམས་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། མི་དགེ་བ་བཅུ་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་། སོ་ཐར་རིས་བདུན། བྱང་སྡོམ་ལུགས་གཉིས། སྔགས་རྩ་བ་དང་ཡན་ལག་གི་དམ་ཚིག་སོགས་བཅས་པའི་ཁ་ན་མ་ཐོ་བ་རང་གི་ཁས་བླངས་གང་ཡིན་པ་རྣམས་དང་མ་འགལ་བར་བྱ་བ་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། སྒོ་གསུམ་དང་འབྲེལ་བའི་དགེ་བའི་བྱ་བ་ཆེ་ཕྲ་ཐམས་ཅད་ཅི་ནུས་སུ་བསྒྲུབ་པ་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་ས་ལས་རྣམ་པ་བཅུ་གཅིག་ཏུ་གསུངས་པ་མདོར་བསྡུ་ན་ལྷག་བསམ་བཟང་པོས་དངོས་དང་བརྒྱུད་ནས་སེམས་ཅན་རྣམས་བདེ་དང་དགེ་བ་ལ་དགོད་པའོ། །བཟོད་པ་ལ་གསུམ་ལས། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། གཞན་སུའང་རུང་བས་རང་ལ་བརྡེག་བརྡུང་འཕྲོག་བཅོམ་ཚིག་ངན་རྩོད་པ་སོགས་བྱེད་པ་ལ་ཁོང་མི་ཁྲོ་བར་སླར་བྱམས་པ་བསྒོམ་པ་དང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། ཆོས་ཚོལ་བ་དང་ཆོས་སྒྲུབ་པའི་ཚེ་ཚ་གྲང་ལྟོག་སྐོམ་ངལ་དུབ་ཐང་ཆད་ཇི་ཙམ་བྱུང་ཡང་ཅུང་ཟད་ཙམ་བག་མི་འཁུམས་པར་བསྲན་བསྐྱེད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་ནི། རྒྱལ་བ་སྲས་བཅས་ཀྱི་ཐུགས་བསྐྱེད་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། སྟོང་ཉིད་ཀྱི་གནས་ལུགས། ཐབས་ཟབ་མོ་ཐོས་ན་མི་སྐྲག་མི་དངངས་པར་སླར་ཡང་དང་བ་བསྐྱེད་པའོ། །བརྩོན་འགྲུས་གསུམ་ལས། གོ་ཆའི་བརྩོན་འགྲུས་ནི། དགེ་བ་ཆུང་ངུ་ལ་འདི་ལྟ་བུ་མི་དགོས་སྙམ་པའི་ཁྱད་གསོད་དང་། ཆེན་པོ་ལ་འདི་ཙམ་མི་ནུས་སྙམ་པའི་ཞུམ་པ་མེད་པར་དགེ་བར་གཏོགས་སོ་ཅོག་སྒྲུབ་པའི་སྤྲོ་སེམས་དང་། སྦྱོར་བའི་བརྩོན་འགྲུས་ནི། ཆོས་དང་དགེ་བ་སྒྲུབ་པའི་ཚེ་ལེ་ལོ་རྣམ་གཡེང་དབང་དུ་མི་གཏོང་བར་དེ་ཉིད་རྒྱུན་བསྲིང་བ་དང་། སླར་མི་ལྡོག་པའི་བརྩོན་འགྲུས་ནི། ཕན་ཡོན་དྲོད་རྟགས་འཕྲལ་དུ་མ་བྱུང་ནའང་སྒྱིད་ལུགས་དང་ཞུམ་པ་མི་བྱ་བར་དེའི་འབྲས་བུ་མཐར་མ་ཕྱིན་བར་དུ་བརྩོན་པ་སྟེ། དེ་རྣམས་ལས་སྐབས་སུ་བབ་པའི་ཉམས་ལེན་ཅི་ལྕོགས་སུ་བྱ་བར་དམ་བཅའོ། །གཉིས་པ་བསམ་གཏན་བཤད་པ་ལ་གཉིས། བསམ་གཏན་སྐྱེ་བའི་རྒྱུ། བསམ་གཏན་དངོས་སོ། །དང་པོ་ནི། བསམ་གཏན་དང་ཞི་གནས་ངོ་བོ་གཅིག་ཡིན་ལ་དེའི་རྒྱུ་ཚོགས་བརྟེན་པ་ལ། ལུས་འདུ་འཛིས་དབེན་པ་དང་། སེམས་རྣམ་པར་རྟོག་པས་དབེན་པར་བྱ་དགོས། དེ་ལ་འདུ་འཛི་ནི། བུ་སྨད་གཉེན་འཁོར་སོགས་སེམས་ཅན། ཟས་ནོར་སོགས་རྙེད་བཀུར། བསྟོད་བསྔགས་སོགས་སྙན་གྲགས་ལ་ཆགས་ཞེན་གྱིས་གཡེང་བ་རྣམས་ཡིན་ཞིང་དེ་ལ་ཉེས་པ་ཉི་ཤུ་ཡོད་པ་མདོ་ལས་གསུངས། ཁྱད་པར་སེམས་གནས་སུ་མི་སྟེར་བའོ། །འདུ་འཛི་དང་བྲལ་བ་ནི་དབེན་པ་སྟེ། རྣམ་གཡེང་ཐམས་ཅད་སྤངས་ནས་གཅིག་པུར་དགོན་པར་གནས་ན་མྱུར་དུ་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་བས་དེ་ལྟར་བྱ། དབེན་པར་སྡོད་ཀྱང་ལུས་དང་ངག་གིས་མི་དགེ་བ་ལ་སྤྱད་པ་དང་། ལུང་མ་བསྟན་གྱི་བྱ་བས་རྣམ་པར་གཡེང་བ་ཐམས་ཅད་སྤང་དགོས་ཤིང་། སེམས་ཀྱིས་ཉོན་མོངས་པའི་རྣམ་པར་རྟོག་པ་དང་། འཇིག་རྟེན་གྱི་བྱ་བྱེད་འཁྲུལ་པའི་རྗེས་སུ་འབྲང་བའི་རྟོག་པ་ཕྲ་རགས་ཐམས་ཅད་ཀྱང་སྤངས་ནས་གཡེང་བ་མེད་པའི་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། །གཉིས་པ་བསམ་གཏན་དངོས་ལ་གསུམ། དང་པོ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་ནི། ལུས་སེམས་ཤིན་ཏུ་སྦྱངས་པའི་ཞི་གནས་བསྒྲུབ་པ་སྟེ། སྐབས་དོན་གྱི་ཉམས་ལེན་འདིའི་དབང་དུ་བྱས་ན་ལུས་གནད་དང་སེམས་གནད་གཉིས་ལས། ལུས་གནད་བདེ་བའི་སྟན་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་ལྟེ་འོག་ཏུ་མཉམ་པར་གཞག །རྒལ་ཚིགས་དྲང་པོར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱངས། ལྕེ་ཡ་རྐན་ལ་སྦྱར། མགྲིན་པས་ཨོལ་མདུད་ནོན་པར་དགུག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁར་གདང་ཟུམ་མཉམ་པར་བཞག་པ་ནི་རྣམ་སྣང་གི་ཆོས་བདུན་ཞེས་བྱ་བ་ཡིན་ལ། དེ་ཉིད་ཧ་ཅང་བསྡམ་མ་དྲགས་པ་དང་ལྷོད་མ་དྲགས་པའི་རན་པར་བཅའོ། །སེམས་གནད་ལ་རྟེན་ཅན་ལ་བསླབ་པ་དང་། རྟེན་མེད་ལ་བསླབ་པ་གཉིས་ཀྱི་དང་པོ་ནི། མདུན་དུ་འཕགས་མ་སྒྲོལ་མའི་སྐུ་བརྙན་བྲིས་འབུར་གང་ཡིན་བཟོ་ལེགས་ཚད་ལྡན་བཀྲམ་པ་ལ་སེམས་འཛིན་པའམ། ཡང་ན་དམིགས་པས་ཀྱང་རུང་སྟེ། གང་ལྟར་ལུས་གནད་བཅའ། རླུང་རོ་ལན་གསུམ་བསལ། རང་གི་མདུན་གྱི་བར་སྣང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་མར་གད་ཀྱི་སྙིང་པོ་ལྟ་བུ་གསལ་ཞིང་དྭངས་ལ་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་ཤིང་། གཡོན་པ་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་སྦྱར་བས་ཨུཏྤལ་སྔོན་པོའི་ཡུ་བ་ནས་འཛིན་པའི་མེ་ཏོག་སྙན་གྱི་ཐད་དུ་ཁ་བྱེ་བ། དབུ་སྐྲ་ཕྱེད་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ནོར་བུ་འོད་འབར་བས་མཚན་ཅིང་ཕྱེད་ཐུར་དུ་གྲོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། སྙན་རྒྱན། མགུལ་ཆུ། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་རྣམས་ཀྱིས་སྤྲས་པ། ལྷའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་བ། ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པས་པད་དཀར་དང་ཟླ་བའི་གདན་ལ་བཞུགས་པར་གསལ་བཏབ། དེ་ལ་སེམས་འཛིན་གྱི་རྟེན་ཙམ་བྱ་བ་ལས་གསལ་མི་གསལ་དང་། གནས་མི་གནས་སོགས་ཀྱི་རེ་དོགས་འགྱུ་དྲན་ཐམས་ཅད་རྦད་ཀྱིས་བཅད། མ་ཡེངས་ཙམ་གྱི་དྲན་པའི་བྱ་ར་བཀོད། བྱིང་རྒོད་མཉམ་ན་ཐུགས་ཀར་སེམས་གཏད་ལྟ་སྟངས་མཉམ་པར་གཞག །བྱིང་རྨུགས་འཐིབ་གསུམ་བྱུང་ན་སྨིན་མཚམས་མཛོད་སྤུར་སེམས་གཏད་ལ་ལྟ་སྟངས་གྱེན་དུ་གཏོད། འཕྲོ་རྒོད་ཆེ་ན་ལྟེ་བར་ཐིག་ལེ་སྔོན་པོ་ལ་སེམས་བཟུང་ལྟ་སྟངས་ཐུར་དུ་ཕབ། ཐམས་ཅད་ལ་ཡིད་མིག་རླུང་གསུམ་ཆིག་དྲིལ་མདུང་ཚུགས་སུ་གཏད་ཅིང་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་རྩེ་གཅིག་པའི་སེམས་གཞན་དུ་མི་གཡེང་བར་ཡུན་ཐུང་ལ་གྲངས་མང་བ་བྱ། ཡེངས་ན་དེ་མ་ཐག་ཏུ་དྲན་པས་བཟུང་ལ་རང་མལ་དུ་བཞག །དེ་ལྟར་ཡང་ནས་ཡང་དུ་གསལ་གདབ་ལ་སེམས་བཟུང་། ཟིན་པ་ན་མ་ཡེངས་ཙམ་གྱི་ངང་རང་བབས་སུ་གློད་ལ་ཅི་གནས་སུ་བསྐྱང་། ཐུན་མཐར་མདུན་དུ་སྒོམ་པའི་ལྷ་འོད་དུ་ཞུ་ནས་རང་ལ་ཐིམ། བླ་མ་རྗེ་བཙུན་མའི་ཐུགས་དང་རང་སེམས་དབྱེར་མེད་རོ་མཉམ་དུ་གྱུར་པར་མོས་ལ་མཉམ་པར་བཞག་གོ །གཉིས་པ་རྟེན་མེད་ལ་བསླབ་པ་ནི། ལུས་གནད་བཅའ། རླུང་རོ་བསལ། སེམས་དུས་གསུམ་སྤྲོས་པའི་རྟོག་པ་བཅད་དེ། སྔར་བྱུང་བ་དང་བྱས་ཟིན་པ་རྣམས་རྗེས་མི་བཅད། མ་འོངས་པར་འདི་བྱ་འདི་བྱེད་འདི་འབྱུང་གི་སྔུན་མི་བསུ། ད་ལྟ་བའི་ཤེས་པ་ལ་བཟོ་བཅོས་དགག་སྒྲུབ་གང་ཡང་མི་བྱེད་པར་མ་ཡེངས་ཙམ་གྱི་ངང་རིག་པ་དྭངས་སེང་ངེར་བཞག །བྱིང་རྒོད་བྱུང་ན་ལྟ་སྟངས་སོགས་གོང་གིས་འགྲེ །གསལ་དྭངས་ལྷན་ནེར་གནས་པའི་ཚེ་འཕྲོ་བཅད་ལ་སླར་མཉམ་པར་གཞག་པ་ཡང་ཡང་བྱ་ཞིང་སྒོམ་གྱིས་སྣ་མི་སུན་པར་བྱ། མིག་ཡུལ་གཟུགས། རྣ་བར་སྒྲ་སོགས་ཚོགས་དྲུག་གི་རྟོག་པ་ཤར་ནའང་དེ་ཀའི་ཐོག་ཏུ་སེམས་འཛིན་གྱི་རྟེན་བྱས་ལ་གཞག །འཕྲོ་རྒོད་ཆེ་བས་སུན་པར་བྱུང་ན་ནང་དུ་བཀུག་ནས་གཅུན་པ་ལྟར་མི་བྱེད་པར་གང་འགྱུས་འགྱུ་རུ་བཅུག་ནས་དེ་ཐོག་བསྐྱང་། ཐོག་མར་གྲིམ་ལྷོད་སྤེལ། གོམས་ནས་གྲིམ་དྲགས་པ་དང་ལྷོད་དྲགས་པའི་སྐྱོན་དང་བྲལ་བས་རན་པར་བསྐྱངས་པ་ལས་གནས་ཉམས་གསུམ་པོ་རིམ་གྱིས་འཆར་བར་འགྱུར་ཏེ། དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཆུ་བོ་དལ་འབབ་ལྟ་བུ། གསུམ་པ་རྒྱ་མཚོ་མི་གཡོ་བ་ལྟ་བུ་རྣམས་རིམ་པར་འཆར། དེ་ལྟར་ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེས་ན་ཏིང་ངེ་འཛིན་དང་ལྷག་མཐོང་སོགས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །གཉིས་པ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ནི། རྣམ་པར་ཐར་པ་དང་། ཟིལ་གནོན་དང་། ཟད་པར་གྱི་སྐྱེ་མཆེད་དང་། མངོན་ཤེས་སོགས་སྒྲུབ་པར་བྱེད་པ་རྣམས་ཡིན་ལ། གསུམ་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནི། ཏིང་ངེ་འཛིན་དང་མངོན་ཤེས་ལ་བརྟེན་ནས་གཞན་ལ་ཕན་གདགས་པ་སྟེ། གཉིས་ཀའང་སྔར་གྱི་ཏིང་ངེ་འཛིན་མཐར་ཕྱིན་པ་ལས་འབྱུང་བའོ། །གསུམ་པ་ཤེས་རབ་ཉམས་སུ་ལེན་པ་ལ། ངོ་བོ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ལ་དེའི་རྒྱུ་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པ་ལས་འབྱུང་སྟེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་སོ། །དེ་ལ་སྤྱིར་བསམ་པ་དང་སྦྱོར་བ་གཉིས་སུ་ཡོད་པའི། དང་པོ་ལ་གསུམ། གནས་ལུགས་སྟོང་པ་ཉིད་རྟོགས་པ་དོན་དམ་ཤེས་པའི་ཤེས་རབ། ཤེས་བྱ་ཐམས་ཅད་ཀྱི་ངོ་བོ་རྒྱུ་འབྲས་རྟེན་འབྲེལ་མ་ནོར་བར་ཤེས་པ་ཀུན་རྫོབ་ཤེས་པའི་ཤེས་རབ། བསྡུ་དངོས་བཞིའི་སྒོ་ནས་འགྲོ་དོན་བྱེད་ཤེས་པ་གཞན་དོན་ཤེས་པའི་ཤེས་རབ་རྣམས་སུ་ཡོད་ཅིང་། སྦྱོར་བ་ལའང་གསུམ། གང་ཟག་བདག་མེད། ཆོས་ཀྱི་བདག་མེད། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བསླབ་པ་སོགས་གཞུང་ཆེན་པོ་རྣམས་ཀྱི་དགོངས་པ་སྟེ་གཙོ་བོ་ལྟ་བ་གཏན་ལ་འབེབ་པར་བྱེད་པ་ཤེས་པར་བྱ་བའི་ཤེས་རབ་ཡིན་པས་ས་བཅད་ཙམ་ལས་མ་སྤྲོས། འདིར་བསྒོམ་པར་བྱ་བའི་ཤེས་རབ་ལྷག་མཐོང་གི་ཡེ་ཤེས་སྐྱེད་པ་ནི་ཉམས་སུ་ལེན་བྱ་དངོས་ཡིན་ལ། དེའང་གཞུང་རྩ་བ་ལས་ཇོ་བོ་རྗེའི་ལམ་རིམ་དང་མཐུན་པར་དཔྱད་པ་སྔོན་འགྲོས་མཉམ་པར་འཇོག་པར་བསྟན་པ་ལྟར་འཆད་པ་ལ་གཉིས། དཔྱད་པས་གཏན་ལ་དབབ་པ་དང་། གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པའོ། །དང་པོ་ལ་གསུམ། ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། སེམས་ཀྱི་ངོ་བོ་འཚོལ་ཞིང་དཔྱད་པའོ། །དང་པོ་ནི། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོགས་པ་ཡིན། །ཞེས་དང་། ཕལ་པོ་ཆེ་ལས། ཀྱེ། རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། སྦྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ལྕེ་དེ་དག་གང་ལས་བྱུང་། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་བཀའ་དང་བསྟན་བཅོས་རྣམས་ལས་མཐའ་ཡས་པར་གསུངས་པ་ལྟར། ཕྱི་རོལ་སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞི་ལས་གྲུབ་པ་རྣམས་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་བ་རྣམ་པ་བཞིས་བསྡུས་པ་ཐམས་ཅད་ཀྱང་རང་གི་སེམས་འཁྲུལ་པའི་སྣང་བ་ཕྱི་རོལ་དུ་ཤར་པ་མ་གཏོགས། དོན་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། དཔེར་ན། རྨི་ལམ་དུ་རི་རབ་ཁང་ཁྱིམ་སྐྱེས་པ་བུད་མེད་རྟ་གླང་ལ་སོགས་པའི་གཟུགས་དང་། བདེ་ཞིང་སྐྱིད་པ། མི་བདེ་སྡུག་བསྔལ། འཇིགས་ཤིང་སྐྲག་པ་ལ་སོགས་ཇི་ཙམ་རྨིས་ཀྱང་ཉིང་འཁྲུལ་གྱི་སྣང་བ་འབའ་ཞིག་པ་ལས་གཅིག་ཀྱང་མི་བདེན། མི་བདེན་བཞིན་དུ་རྨི་ལམ་ཉིད་རྨི་ལམ་ཡིན་པར་མ་ཤེས་པས་བདེ་སྡུག་སྐྲག་སྔངས་ལ་སོགས་པ་མྱོང་བ་བཞིན་དུ། ད་ལྟའི་སྣང་བ་འདི་རྣམས་ཀྱང་མི་བདེན་བཞིན་དུ་འཁྲུལ་ངོར་བྱ་བ་བྱེད་པ་ཡིན་ལ། འདི་རྣམས་འཁྲུལ་སྣང་རྫུན་པར་ཤེས་ན་ཀུན་རྫོབ་འཁྲུལ་པའི་ཕུག་རྡིབ་ཅིང་སྣང་བ་ཉིད་སེམས་སུ་ཤེས་པར་འགྱུར་བས་ནན་ཏན་དུ་བརྟག་པར་བྱའོ། །གཉིས་པ་ནང་འཛིན་སེམས་ལ་དཔྱད་པ་ནི། ཡུལ་སྣང་ཐམས་ཅད་སེམས་ཡིན་ན། ནང་འཛིན་བྱེད་ཀྱི་སེམས་དེ་ཉིད་བདེན་པར་གྲུབ་བམ་སྙམ་ན་དེའང་བདེན་དངོས་སུ་གྲུབ་པ་མེད་དེ། སེམས་ཀྱི་རྒྱུན་སྐད་ཅིག་དང་དུ་མར་གྲུབ་པ་དང་། སུས་ཀྱང་མཐོང་བ་མེད་པ་དང་། ཡུལ་མེད་པས་སེམས་མ་གྲུབ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུངས་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ལ་ཡང་མི་དམིགས་སོ། །འོད་སྲུངས་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། བརྟེན་པ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པའོ། །འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས་ཏེ། སེམས་ཞེས་བྱ་བ་དོན་ལ་རྣམ་རྟོག་ཝལ་གྱིས་ཤར་ནས་སང་གིས་ཡལ་སྙམ་བྱེད་པ་འདི་མ་གཏོགས་ཅིའང་མེད་དོ། །དཔེར་ན་བར་སྣང་ལས་སྤྲིན་ལྡང་བ་ན་ནམ་མཁའ་སྟོང་པའི་ངང་ལས་སྤྲིན་ཐོལ་གྱིས་ཤར། འདིར་སོང་མེད་པར་སྟོང་པའི་ངང་དུ་ཡལ་བ་བཞིན་གནས་ལུགས་སྟོང་པའི་ངང་ལས་རྣམ་རྟོག་གི་འགྱུ་བ་ཤར། འགྱུར་བ་དེ་ཉིད་སྟོང་པའི་ངང་དུ་རང་ཡལ་དུ་སོང་བ་ལ་སྐྱེ་འགགས་གྲངས་སུ་བཏབ་པས་ཐམས་ཅད་འཁྲུལ། སྟོང་པ་ཅིའང་མེད་པ་ལ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མས་ངའམ་བདག་ཏུ་འཛིན་པ་ལ་གང་ཟག་གི་བདག་བྱུང་ཞིང་། བདག་དེ་ཉིད་གནས་ཚུལ་ལ་ཅུང་ཟད་ཙམ་ཡང་གྲུབ་པ་མེད་པར་གདིང་ནས་རྟོགས་ཤིང་ཐག་ཆོད་ན་གང་ཟག་གི་བདག་མེད་རྟོགས་པ་ཡིན་ལ། སྔ་མས་ཆོས་ཀྱི་བདག་མེད་དོན་གྱིས་གཏན་ལ་ཕབ་པ་ཡིན་ནོ། །གསུམ་པ་སེམས་ཀྱི་ངོ་བོ་འཚོལ་ཞིང་དཔྱད་པ་ནི། བདག་གཉིས་སུ་བཏགས་པ་ཙམ་ལས་ཅིར་ཡང་གྲུབ་པ་མེད་པས་སེམས་ཀྱི་རང་བཞིན་ཡང་སྟོང་པ་ཅིའང་མེད་པའོ་སྙམ་ནའང་མ་ཡིན་ཏེ། གཟུང་འཛིན་གཉིས་པོ་སྔར་དངོས་པོར་ཡོད་པ་ལ་ཕྱིས་མེད་པ་ཞིག་ཡིན་ན་དངོས་མེད་དུ་གདགས་སུ་རུང་ཡང་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་མ་གྲུབ་པས་དངོས་པོར་ཡོད་མེད་གཉིས་ཀའི་མཐའ་ལས་འདས་པ་སྟེ། ལང་ཀར་གཤེགས་པ་ལས། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་དངོས་སུ་གཟུང་བ་མེད། །ལྟ་བ་ཐམས་ཅད་རབ་སྤངས་པ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་དང་། ཡུམ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། ས་ར་ཧས། དངོས་པོར་འཛིན་པ་ཕྱུགས་དང་འདྲ་བར་སྤྱོད། །དངོས་མེད་འཛིན་པ་དེ་བས་ཀྱང་ནི་བླུན། །ཅེས་སོགས་གསུངས་པ་ལྟར། རང་སེམས་ཀྱི་ངོ་བོ་ལ་ལེགས་པར་དཔྱད་པས་ཡོད་པ་མ་ཡིན་ཏེ་གཟུགས་དབྱིབས་ཁ་དོག་དངོས་པོ་མཚན་མ་གང་དུའང་མ་གྲུབ། མེད་པ་མ་ཡིན་ཏེ་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འཆར་བའི་གཞི་གསལ་རིག་ཙམ་རྒྱུན་ཆད་མེད། དེ་ལྟ་ན་སེམས་དུ་མར་ཡོད་དམ་སྙམ་ན་དུ་མར་ཡང་མ་གྲུབ་སྟེ་འཆར་སྒོ་ཐམས་ཅད་སྟོང་ཉིད་དུ་རོ་མཉམ། གཅིག་པུའང་མ་ཡིན་ཏེ་ཚོགས་དྲུག་གི་སྣང་བ་གསལ་ལམ་མེར་འཆར་དུ་རུང་བས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཅན་དུ་ཤེས་པར་བྱའོ། །དོན་གཉིས་པ་གནས་ལུགས་ཀྱི་ངང་དུ་མཉམ་པར་འཇོག་པ་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་མདོར་བསྡུས་པ་སྔོན་དུ་སོང་ནས་གནས་ལུགས་ལ་ངེས་པ་རྙེད་པ་དེའི་སྟེང་དུ་མཉམ་པར་འཇོག་པའི་ཚུལ་ནི། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལྟར་ཉམས་སུ་བླངས་ཏེ། ལུས་གནད་ཆོས་བདུན་དང་ལྡན་པས། རླུང་རོ་བསལ། སྔར་གྱི་གནས་པ་བདེ་གསལ་མི་རྟོག་པའི་མཚན་ཉིད་ཅན་དེའི་སྟེང་དུ་ཡོད་མེད་བླང་དོར་ཡིན་མིན་ལ་སོགས་པའི་འཛིན་སྟངས་ཐམས་ཅད་ཕྲལ། གང་ལའང་མི་རྟོག །ཅིར་ཡང་མི་སེམས། སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་བློ་ཡིས་བཟོ་བཅོས་མ་བྱས་པའི་རང་བབ་ནམ་མཁའ་དྭངས་པ་ལྟ་བུའི་ངང་བསྐྱངས་ཏེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མི་རྟོག་ཅིར་ཡང་མ་སེམས་ཤིག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ནི་གདམས་ངག་རྣམས་ལས་ལྷག་མཐོང་གི་ཁྲིད་རིམ་དུ་གྲགས་པ་སྟེ། མཉམ་གཞག་གི་སྐབས་སུ་སྒོམ་རྒྱུ་ཅིའང་མེད་པ་ལ་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་བ་རང་སོར་བཞག་པ་ལ་རྒྱུན་བསྐྱང། རྗེས་ཐོབ་ཏུ་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཡིད་ཆེས་པར་བལྟ། གནས་ལུགས་སྟོང་པ་ཉིད་མ་རྟོགས་པར་བདག་འཛིན་འཁྲུལ་པའི་དབང་གིས་འཁོར་བར་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་བའི་ཕ་མ་སེམས་ཅན་རྣམས་ལ། སྙིང་རྗེ་དྲག་ཏུ་བསྐྱེད་ཅིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ལམ་ལ་བསླབ་པས་རིམ་གྱིས་གནས་ལུགས་རྟོགས་པའི་གདིང་ཐོབ་སྟེ། དོན་དམ་པའི་རྗེ་བཙུན་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་ཞལ་མཇལ་བར་འགྱུར་རོ། །དེ་དག་གིས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་གྲུབ་བོ། ༈ །གསུམ་པ་ཐ་མར་དགེ་བ་རྡོ་རྗེ་ཐེག་པའི་གསང་བ་བླ་ན་མེད་པའི་ཉམས་ལེན་གང་ཟག་དབང་པོ་རབ་ཀྱི་ལམ་འཆད་པ་ལ་གསུམ། ཕྱི་བྱ་སྤྱོད་དང་མཐུན་པར་ཚོགས་གསག་བསྙེན་པའི་ཚུལ། ནང་རྣལ་འབྱོར་རྒྱུད་དང་མཐུན་པར་བྱིན་དབབ་སྒྲུབ་པའི་ཚུལ། གསང་བ་བླ་མེད་ལུགས་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད་རིམ་འཆད་པའོ། །དང་པོ་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ལམ་རིམ་དངོས་སོ། །དང་པོ་ནི། འདིར་ཐེག་པ་རིམ་པ་དགུར་རིམ་འཇུག་གི་དབང་དུ་བྱས་ཏེ་གོང་དུ་བཤད་པའི་ཐུན་མོང་གི་ཐེག་པ་གཉིས་ཀྱིས་ལམ་གྱི་སྔོན་འགྲོའི་རིམ་པས་རྒྱུད་འབྱོངས་ཤིང་། དངོས་གཞི་ཐེག་པ་ཆེན་པོ་སྟོང་པ་ཉིད་ཀྱི་ལྟ་སྒོམ་གྱིས་ལམ་གྱི་རྩ་བ་ཚུགས་ནས། དེ་དག་ལས་ཁྱད་པར་འཕགས་པའི་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་འཇུག་པ་ནི། དོན་ཆེན་པོ་དང་ལྡན་པ་སྟེ། འདུས་པ་ལས། འདི་ཡིས་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་སོ། །དེ་ལ་འདིར་ཀྲི་ཡོག་གཉིས་དང་ཚུལ་མཐུན་པའི་ཕྱི་ནང་གི་སྒྲུབ་ཐབས་ནི་ཡན་ལག་ཙམ་ཡིན་ལ། ལམ་གྱི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་ཡིན་ཞིང་དེའི་ལམ་མཐའ་དག་རིམ་པ་གཉིས་སུ་འདུ་བ་ཡིན་ཏེ། འདུས་པ་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་འོ། །ཞེས་གསུངས། དེའང་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྦྱོང་བ་ལ་ཐོག་མར་བསྐྱེད་རིམ་དང་། རླུང་སེམས་མི་ཤིགས་པའི་ཐིག་ལེར་བཅིངས་ཏེ་བདེ་སྟོང་ཟུང་འཇུག་གི་མཆོག་སྒྲུབ་པའི་ཕྱིར་རྫོགས་པའི་རིམ་པ་ལ་འཇུག་དགོས་པས། འདིར་ཡང་སྟོང་ཉིད་སྐྱེ་བ་མེད་པ་དེའི་ངང་ལས་རོལ་པའི་སྣང་ཆ་འགག་མེད་དཀྱིལ་འཁོར་རྣམ་པ་གསུམ་གྱི་ཏིང་ངེ་འཛིན་ལ་འཇུག་པར་གསུངས་པ་ཡིན་ནོ། །གཉིས་པ་བྱེ་བྲག་ལམ་རིམ་དངོས་ནི། གནས་གཙང་མར་རྗེ་བཙུན་མའི་སྐུ་བརྙན་བྲིས་འབུར་གང་རུང་བཤམས་པའི་མདུན། མཆོད་པའི་མཎྜལ་དང་ཆུ་གཉིས་ཉེར་སྤྱོད་སོགས་གཙང་ཞིང་དག་པའི་མཆོད་པ་ཅི་འབྱོར་བཤམས། རང་ཉིད་ཡན་ལག་ལྔ་ཁྲུས་བྱ། བཟའ་བ་མ་ཡིན་པ་ཤ་ཆང་སྒོག་ཙོང་སྤང་། ཟས་དཀར་གསུམ་ལ་བརྟེན་པ་སོགས་གཙང་སྦྲའི་སྤྱོད་ལམ་ལ་གནས་པས། འཁོར་བ་ལ་ངེས་འབྱུང་དང་སེམས་ཅན་ལ་སྙིང་རྗེའི་སེམས་ཀྱིས་ཀུན་ནས་བསླངས་ཏེ། རྒྱས་པར་སྤྲོ་ན་མཎྜལ་བཞི་པའི་ཆོ་ག་གཞན་ནས་འབྱུང་བ་དང་མཐུན་པར་བྱ། གཞུང་འདིའི་དངོས་བསྟན་མདོར་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་ཚོགས་གསག་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མའི་སྐུར་གསལ་བའི་ཐུགས་ཀར་ཟླ་སྟེང་ཏཱཾ་ཡིག་ལྗང་གུ་ལས་འཕྲོས་པའི་འོད་ཟེར་གྱིས། གཡུ་ལོ་བཀོད་པ་སོགས་དག་པའི་ཞིང་ནས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་རྣམ་འཕྲུལ་ཉི་ཤུ་རྩ་གཅིག་གིས་བསྐོར་བ་དང་། རབ་འབྱམས་དཀོན་མཆོག་རྒྱ་མཚོའི་ཚོགས་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་པར་བསམ་ལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། མཎྜལ་རྒྱས་བསྡུས་གང་ལྕོགས་ཕུལ། ཕྱག་འཚལ་ཉེར་གཅིག་བསྟོད་པ་ཚར་གཉིས་བརྗོད། སླར་འཕགས་མ་གཙོ་འཁོར་རྣམས་ཀྱི་ཕྱག་གཡས་པ་སྐྱབས་སྦྱིན་མཛད་པའི་འོག་ཏུ་རང་དང་བསྲུང་བྱ་རྣམས་ཚུད་ནས་འཇིགས་པ་ཐམས་ཅད་ལས་བསྐྱབ་པར་མོས་ལ། མཆོད་པ། མཎྜལ། བསྟོད་པ་ཚར་གསུམ་བརྗོད། སླར་ཡང་གཙོ་འཁོར་རྣམས་ཀྱི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། རང་དང་བསྲུང་བྱ་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་གང་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ། མཆོད་པ། མཎྜལ། བསྟོད་པ་ཚར་བདུན་བརྗོད། མདུན་མཁར་བཞུགས་པའི་རྗེ་བཙུན་མ་འཁོར་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་ལྷ་དང་བདག་དབྱེར་མེད་དུ་བྱིན་གྱིས་བརླབ་པར་མོས་ལ་ཡི་གེ་བཅུ་པའི་བཟླས་པ་ཅི་ནུས་བྱ། མཐར་ལྷ་དང་རང་སེམས་དབྱེར་མི་ཕྱེད་པ་ཆོས་ཉིད་གཉུག་མའི་རང་བབ་ལ་མཉམ་པར་གཞག །བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་ཞག་གསུམ་བདུན་ལ་སོགས་པར་ཡང་ནས་ཡང་དུ་འབད་པས་ཕྱི་ནང་གི་བར་ཆད་ཞི་བ་དང་། ཇི་ལྟར་སྨོན་པའི་ལེགས་ཚོགས་མཐའ་དག་འགྲུབ་པར་འགྱུར་ཏེ་ཕྱི་སྒྲུབ་བསྙེན་པའི་རིམ་པས་ཚོགས་གསག་པའོ། །གཉིས་པ་ནང་རྣལ་འབྱོར་རྒྱུད་དང་མཐུན་པར་བྱིན་དབབ་སྒྲུབ་ཚུལ་ནི། གཤོམ་གྱི་བཀོད་པ་དང་། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད། རྣམ་པར་དག་པའི་ཀུན་སློང་རྣམས་གོང་དང་མཚུངས་པས། སྐྱབས་སེམས་ཚོགས་གསོག་གི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་ལ་གསུམ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ནི། སྐབས་འདིར་སྲུང་བའི་འཁོར་ལོ་སྒོམ་པ་ཙམ་ལ་བྱ་སྟེ། དེའང་ཤཱུནྱ་ཏཱའི་སྔགས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་སྦྱང་། དེའི་ངང་ལས་རང་སེམས་ཀྱི་གདངས་རྩལ་ཏཱཾ་ཡིག་ལྗང་གུ་ནམ་མཁའ་ལ་སྐར་ཆེན་ལྟར་ལྷག་གིས་ཤར་བ་ལས་ཧཱུྃ་གི་སྒྲ་གདངས་ཆེར་གྲགས་པས། སངས་རྒྱས་བྱང་ཆུབ་ཀྱི་ཁམས་སད་ཅིང་བརྟན་པར་བྱས། བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་ཚར་བཅད་འོད་ཟེར་གྱི་སྤྲིན་ཆེན་པོ་ལས་རྡོ་རྗེའི་ཆར་དབབ་པས་འོག་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ། བར་མཚམས་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་མོས་གཏམས་པ་ལ་བསྐལ་པའི་རླུང་ཡང་རྒྱུ་མི་ནུས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་ལ་ཤིན་ཏུ་བརྟན་པར་གྱུར་པར་བསྒོམ། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། དེའི་དབུས་སུ་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་དང་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་གདན་གྱི་སྟེང་དུ་ནམ་མཁའི་ཏཱཾ་ཡིག་བབས། ཨུཏྤལ་ལྗང་གུ་ཏཱཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་ཁམས་སྦྱོང་བ་སོགས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམ་འགྱུར་ཐམས་ཅད་མངོན་རྟོགས་ནས་ཇི་ལྟར་འབྱུང་བ་བཞིན་ཡོངས་སུ་རྫོགས་ཤིང་མཚན་དཔེའི་གཟི་བྱིན་འབར་བ། སྣང་ལ་རང་བཞིན་མེད་པའི་སྐུར་གསལ་བའི་ཐུགས་ཀར་ཏཱཾ་ཡིག་ལྗང་གུས་མཚན་པར་གསལ་གདབ། ཏཱཾ་ལས་ཏཱཾ་ཡིག་བརྒྱད་ཕྱོགས་བཞི་དང་མཚམས་ཀྱི་པད་འདབ་རྣམས་སུ་སྤྲོས། དེ་རྣམས་ལས་འོད་ཟེར་འཕྲོས་པས། སེམས་ཅན་རྣམས་ཀྱི་གནས་སྐབས་ཕྱིའི་འཇིགས་པ་བརྒྱད་དང་མཐར་ཐུག་ནང་གི་འཇིགས་པ་བརྒྱད་ཉོན་མོངས་པའི་ཚོགས་ཞི་བར་བྱས་ནས་འཕགས་མའི་གོ་འཕང་ལ་བཀོད། ཚུར་འདུས་པ་ལས་ཤར་གྱི་འདབ་མར་སེང་གེའི་འཇིགས་པ་སྐྱོབ་པའི་སྒྲོལ་མ་ནས་བརྩམ་སྟེ་གཡས་སྐོར་གྱིས་འཇིགས་བརྒྱད་སྐྱོབ་པའི་སྒྲོལ་མ་རྣམས་དང་། གྲུ་ཆད་བཞིའི་ནང་མ་ལ་སྒེག་མོ་ཕྲེང་བ་གླུ་མ་གར་མ་བཞི། ཕྱི་མ་ལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་བཞི། སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ལྷ་མོ་བཞི་རྣམས་རང་རང་གི་ཉམས་འགྱུར་རྒྱན་ཆ་ལུགས་ཕྱག་མཚན་རྣམས་ཡོངས་སུ་རྫོགས་པ་ཟབ་གསལ་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་གསལ་གདབ་པ་ནི་བརྟེན་པ་ལྷ་བསྒོམ་པའོ། །དེ་ལྟ་བུའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེ་འབྲུ་གསུམ་གསལ་ཞིང་འོད་ཟེར་འབར་བས་རྒྱས་བཏབ་པར་བསྒོམ། གསུམ་པ་ལས་རྒྱལ་མཆོག་ནི། ཐམས་ཅད་ཀྱི་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་གི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ་སྤྱན་འདྲེན་གྱི་སྔགས་ཚིག་དང་། ཕྱག་རྒྱ་བཞིའི་སྔགས་རྒྱས་དབྱེར་མེད་དུ་བྱ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས། བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་བསམ། རང་ལས་སྤྲུལ་པའི་ལྷ་མོ་ནམ་མཁའ་གང་བ་ཐམས་ཅད་ཀྱིས་ཕྱག་འཚལ། སྒེག་སོགས་བརྒྱད་ཀྱིས་མཆོད་པ་ཕུལ། བསྟོད་པའི་རྒྱལ་པོ་སྙན་པའི་དབྱངས་ཀྱིས་གླུར་བླངས་ནས་བསྟོད་ཅིང་ལྷ་མོ་རྣམས་སླར་རང་ལ་ཐིམ་པར་བསམ་ལ། ཇི་སྲིད་མི་སྐྱོའི་བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་རེ་རེ་ནས་གསལ་གདབ་ལ་ལྷར་སྣང་གི་ཏིང་ངེ་འཛིན་བརྟན་པོར་བསྒྲུབ་པར་བྱའོ། །དེ་ལྟར་བསྐྱེད་པའི་རིམ་པ་གྲུབ་ནས་བཟླས་པ་ལ་འཇུག་པ་ན། གཙོ་མོའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ཡིག་ལྗང་གུའི་མཐར་ཡི་གེ་བཅུ་པའི་སྔགས་ཕྲེང་མརྒད་ཞུན་མའི་མདངས་ཅན་གཡས་སྐོར་གསལ་ཞིང་འཚེར་ལ་འོད་ཟེར་འབར་བ་གསལ་བཏབ། དེ་ལ་སེམས་ཟིན་ནས་བཟླས་པ་བྱས་པའི་རྐྱེན་གྱིས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྐུ་དང་སྔགས་ཕྲེང་འོད་ཟེར་གྱི་ཚོགས་ནམ་མཁའི་ཁམས་གང་བ་འཕྲོས། མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ནས་འཕགས་མ་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་རང་ལ་ཐིམ་པས་ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ལ་མངའ་དབང་བརྙེས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་ཐོབ་པར་བསམ་ལ་ཡི་གེ་བཅུ་པ་བཟླས་པའི་སྐྱོན་དང་བྲལ་བ་རྒྱུན་མི་འཆད་པར་བཟླས། ཡིད་གཞན་དུ་མ་ཡེངས་པར་ལྷ་སྔགས་འོད་ཟེར་གྱི་སྤྲོ་བསྡུ་རྣམས་ལ་སེམས་རྩེ་གཅིག་ཏུ་འཛིན། དེ་ཐམས་ཅད་ཀྱང་རང་སེམས་སྟོང་ཉིད་ཀྱི་རང་རྩལ་ལས་ཤར་ཀྱང་བདེན་དངོས་སུ་གྲུབ་པ་མེད་པའི་གསལ་སྟོང་ཟུང་འཇུག་རང་བཞིན་ཡོངས་ཤེས་ཀྱི་ལྟ་བ་དང་མ་བྲལ་བ་བྱ། རྩ་བའི་བསྙེན་པ་གྲུབ་ནས་ལས་སྔགས་བཟླ་བའི་ཚེ། གཙོ་མོའི་ཐུགས་ལས་འོད་ཟེར་འཕྲོས་འཁོར་གྱི་སྒྲོལ་མ་བརྒྱད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སོ་སོའི་སྐུ་ལས་རང་འདྲ་བའི་སྐུ་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གཞན་རྣམས་ལ་བར་དུ་གཅོད་པའི་མེ་ཆུ་ལ་སོགས་པ་ཕྱིའི་འཇིགས་པ་དང་། དུག་ལྔ་དང་སེར་སྣ་ཐེ་ཚོམ་ལོག་ལྟ་སོགས་ནང་ཉོན་མོངས་ཀྱི་འཇིགས་པའི་ཚོགས་མ་ལུས་པ་བསལ། གནས་སྐབས་མཐར་ཐུག་གི་འདོད་དོན་ཡིད་བཞིན་དུ་འགྲུབ་པར་བསམ། བཟླས་པའི་གྲངས་རྩ་སྔགས་འབུམ་ཕྲག་བཅུ་དང་ལས་སྔགས་ཁྲི་ཕྲག་བཞི་ཡིན་ལ། དུས་ཀྱི་དབང་དུ་བྱས་ན། གཞུང་ལས། བདུན་ཕྲག་གསུམ་དུ་བརྩོན་པས་ཀྱང༔ བར་ཆད་ཞི་ཞིང་ལེགས་ཚོགས་རྒྱས༔ རྩེ་གཅིག་ཉམས་བླངས་ཟབ་གསལ་གཉིས༔ དབྱེར་མེད་ཡེ་ཤེས་འགྲུབ་པར་འགྱུར༔ ཅེས་ཕན་ཡོན་དང་བཅས་ཏེ་གསུངས་པ་ལྟར་རོ། །བཟླས་པ་གྲུབ་པའི་ཐུན་མཐར་མཆོད་བསྟོད་བྱ། སྔགས་དམིགས་ཙམ་མམ། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་གནས་སྐབས་མཐར་ཐུག་གི་འཇིགས་པ་ཐམས་ཅད་བསལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་བར་མཛད་དུ་གསོལ། ཞེས་པས་དངོས་གྲུབ་བླང་། ནོངས་པ་བཟོད་གསོལ་བྱ་ཞིང་ཡེ་ཤེས་པ་གཤེགས། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་གྱི་ངང་དུ་བསྡུ། སླར་ཡང་འཕགས་མའི་སྐུ་སྒྱུ་མ་ལྟ་བུར་ལྡངས་ལ་བསྔོ་སྨོན་དང་ཤིས་བརྗོད་བྱ། དེ་ལྟ་བུའི་ཚུལ་གྱིས་གྲངས་དུས་གང་རུང་གི་བཟླས་པ་ཐེམས་ནས་མདུན་བསྐྱེད་སྒྲུབ་མཆོད་སྤྲོ་ན། དཀྱིལ་འཁོར་མཆོད་པའི་རིགས་རྒྱས་པར་བཤམས། བདག་བསྐྱེད་བཟླས་པ་བཅས་གྲུབ་ནས་མདུན་རྟེན་གྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྱན་དྲངས་པ་སོགས་བདག་བསྐྱེད་ཇི་ལྟ་བ་ལ། མཆོད་བསྟོད་རྒྱས་པར་བྱ། བཟླས་པ་ཇི་ཙམ་འགྲུབ་པས་ཐུགས་རྒྱུད་བསྐུལ། བདག་ཉིད་འཇུག་ཅིང་དབང་བླངས་ལ་རྗེས་ཆོག་གི་རིམ་པ་རྣམས་བྱ་སྟེ་འདི་ལ་དུས་གྲངས་ཀྱི་ཚད་ངེས་པ་མེད་དོ། །དེ་དག་གིས་ནང་ལྟར་རྒྱུད་ལ་ཡེ་ཤེས་པའི་བྱིན་དབབ་ཅིང་སྒྲུབ་པའི་རིམ་པ་གྲུབ་བོ། །གསུམ་པ་གསང་བ་བླ་མེད་ལུགས་ཀྱི་དབང་བཞིའི་ལམ་ཡོངས་སུ་རྫོགས་པའི་ཁྲིད་རིམ་འཆད་པ་ལ་གཉིས། ཁྱད་པར་གྱི་སྔོན་འགྲོ །དངོས་གཞི་རྣལ་འབྱོར་གྱི་རིམ་པའོ། །དང་པོ་ལ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་སྔར་ལམ་རིམ་སྐབས་སུ་བཤད་པ་ལྟར་བྱ། སྡིག་སྒྲིབ་སྦྱོང་བྱེད་དོན་ཡོད་རྡོ་རྗེའི་བསྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་སྟེང༔ བླ་མ་དོན་ཡོད་གྲུབ་པ་ལྗང༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ རང་འདྲའི་སྒྲོལ་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ མཚན་དཔེའི་གཟི་འབར་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་བདུད་རྩིའི་རྒྱུན་བབས་པ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དག༔ བདེ་ཆེན་ཡེ་ཤེས་སྐྱེས་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་བྱས་ལ། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧཱ་པྲ་ཛྙཱ་དྷྲིཀ྄་ཏཱཾ་བཛྲ་རཱ་ཏི་སརྦ་པཱ་པཾ་ཨཱ་བ་ར་ཎ་བི་ཤོ་དྷ་ན་སྭཱ་ཧཱ༔ ཞེས་འབུམ་ཕྲག་ལ་སོགས་པ་སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཟླ། ཐུན་འཇོག་པའི་ཚེ། མགོན་པོ་བདག་ནི་སོགས་བཤགས་སྡོམ་སྤྱི་ལྟར་བྱས་པས་སྡིག་ལྟུང་དག་པའི་གནང་བ་བསྩལ། བླ་མ་དོན་ཡོད་གྲུབ་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་གཞག །དེ་ནས་བླ་མའི་རྣལ་འབྱོར་ལ་བསྟེན་ནས་ཚོགས་གསག་ཅིང་བྱིན་རླབས་ཞུ་བ་ལ་རྟེན་བསྐྱེད་པ་ནི། ཨ༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ པད་དཀར་ཟླ་བ་རྒྱས་པའི་དབུས༔ བླ་མ་རྗེ་བཙུན་སྒྲོལ་མ་ལྗང༔ མཆོག་སྦྱིན་ཨུཏྤལ་ཕྱག་རྒྱ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་དཔལ་འབར་བ༔ མཆོག་གསུམ་འདུས་པའི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རང་བཞིན་ཡོངས་གྲུབ་ངང་དུ་གསལ༔ ཞེས་པས་གསལ་བཏབ། མཆོད་པའི་མཎྜལ་ལག་ཏུ་བླངས་ལ་ཚོམ་བུ་བདུན་མའམ་སོ་བདུན་མ་སོགས་བཀོད་ཅིང་འབུལ་བའི་ལག་ལེན་སྤྱི་ལྟར་བྱ་བ་དང། ཨོཾ་ཨཱཿཧཱུྃ། ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པས་གྲངས་ཅི་ནུས་སུ་འབུལ། གསོལ་བ་འདེབས་པ་ནི་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ། ཀྱེ་ཀྱེ་བླ་མ་རྗེ་བཙུན་མར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཏཱ་རེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཅི་ནུས་བརྗོད་ལ་མཐར་དབང་བཞི་ལེན་པ་ནི། བླ་མ་རྗེ་བཙུན་སྒྲོལ་མའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དབང་བཞི་བླངས་པའི་མཐར། སླར་ཡང་མོས་གུས་དྲག་ཏུ་བྱས་པས་བླ་མ་རྗེ་བཙུན་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གསང་བ་གསུམ་དང་སྒོ་གསུམ་རོ་མཉམ་དུ་གྱུར་པར་མོས་ལ་སེམས་རང་བབས་ཀྱི་ངོ་བོ་བསྐྱང་ལ་འོད་གསལ་གཉུག་མའི་ངང་དུ་ཅི་གནས་སུ་མཉམ་པར་གཞག །དེ་དག་ནི་ཁྱད་པར་གྱི་སྔོན་དུ་འགྲོ་བའོ། །གཉིས་པ་གསང་བ་སྒྲུབ་པ་ཆེན་པོའི་ལམ་རིམ་དངོས་འཆད་པ་ལ་བཞི། དང་པོའི་རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པའོ། །དང་པོ་ལ་བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར་གསུམ་ཡོད་པའི། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ། རྒྱུ་ཏིང་ངེ་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ནི། འདི་ལྟར་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའོ་སྙམ་དུ་བསྒོམས་པ་ནི་དེ་བཞིན་ཉིད་སྟོང་པ་ཆེན་པོའོ། །གནས་ལུགས་དེ་ལྟ་བུའི་དོན་མ་རྟོགས་པའི་སེམས་ཅན་ཐམས་ཅད་གཞི་མེད་པ་ལས་ཀུན་བརྟགས་ཀྱི་འཁྲུལ་པ་གློ་བུར་དུ་བྱུང་ནས་འཁོར་བའི་གནས་སུ་སྡུག་བསྔལ་མི་བཟོད་པ་མྱོང་བ་སྙིང་རེ་རྗེ་སྙམ་པ་ནི་སྙིང་རྗེ་སྒྱུ་མ་ཀུན་ཏུ་སྣང་བའོ། །སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་རང་རྩལ་ཏཱཾ་ལྗང་གུ་འོད་འབར་བ་ནམ་མཁའི་དབྱིངས་སུ་འཇའ་ཚོན་ཤར་བ་བཞིན། སྐད་ཅིག་གིས་བཀྲ་ལམ་མེར་གསལ་བ་ནི་ཐམས་ཅད་སྐྱེད་བྱེད་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ནས་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཏཱཾ་ཡིག་ལས་ཡེ་ཤེས་ཀྱི་མེ་རླུང་ཆུ་རྣམས་བྱུང་བས་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་སྦྱང་། ཏཱཾ་ཡིག་གི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་ཕུང་འབར་བ་དང་བཅས་པའི་སྲུང་འཁོར་ནང་དུ་ཏཱཾ་ལས་བྷྲཱུྃ་ཡིག་འཕྲོས། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་རྒྱན་བཀོད་བྱང་ཆུབ་ཕྱོགས་ཆོས་ཀྱི་བརྡ་དོན་རྟགས་སུ་སྣང་བའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་དབུས་ཀྱི་ཟེའུ་འབྲུ་དང་ཕྱོགས་བཞིའི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། སྒོ་བཞི་ལ་པདྨ་དང་ཉི་མའི་གདན་རེ་རེ་གསལ་གདབ་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་གདན་གྱི་སྟེང་དུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་དབུས་སུ་རྒྱུ་ཡི་ས་བོན་ཏཱཾ་ཡིག་ཞུགས། ཡོངས་སུ་གྱུར་པ་ལས་ཨུཏྤལ་ལྗང་གུ་ཏཱཾ་གྱིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་བསལ་ནས་སྒྲོལ་མའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ །ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཀྱིས་སྒེག་པ། དབུ་སྐྲ་གནག་སྣུམ་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུས་བརྒྱན་ཅིང་ལྷག་མ་སིལ་བུར་འཕྱང་པ། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱི་བར་ན་ཨུཏྤལ་སྔོན་པོའི་སྡོང་བུ་བསྣམས་པའི་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་གཡས་བརྐྱང་བའི་སྟབས་ཀྱིས་འགྱིང་བག་གི་ཚུལ་དུ་བཞུགས་པའི་པང་དུ། རང་འོད་ཀྱི་ཡབ་རྡོ་རྗེ་རྟ་མཆོག་ཅུང་ཟད་ཁྲོས་ཤིང་ཆགས་པའི་ཉམས་ཅན་རལ་གྲི་དང་དྲིལ་བུ་འཛིན་པས་འཁྱུད་པ། ཡབ་ཡུམ་གཉིས་ཀ་དར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་ཞིང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པར་གསལ་བཏབ། དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བ་ནི། ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱང་ཆུབ་སེམས་ཀྱི་རང་བཞིན་ཡི་གེ་ཏཱཾ་བྷྲཱུྃ་ཧྲཱིཿཧཱུྃ་རྣམས་ཕྱོགས་བཞིའི་གདན་སྟེང་འཕྲོས། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཤར་དུ་རྡོ་རྗེ་སྒྲོལ་མ་མཐིང་ག་ཞི་བའི་ཉམས་ཅན། གཡོན་ཨུཏྤལ་སྔོན་པོ་རྡོ་རྗེས་མཚན་པ་བསྣམས་པ། ལྷོར་རིན་ཆེན་སྒྲོལ་མ་གསེར་མདོག་སྒེག་པའི་ཉམས་ཅན། གཡོན་ཨུཏྤལ་སེར་པོ་རིན་པོ་ཆེས་མཚན་པ་བསྣམས་པ། ནུབ་ཏུ་པདྨའི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན། གཡོན་ཨུཏྤལ་དམར་པོ་ལྕགས་ཀྱུས་མཚན་པ་བསྣམས་པ། བྱང་དུ་ལས་ཀྱི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན། གཡོན་ཨུཏྤལ་ནག་པོ་རལ་གྲིས་མཚན་པ་བསྣམས་པ། གཞི་ཀ་ཕྱག་གཡས་མཆོག་སྦྱིན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་ཕྱེད་སྐྱིལ་གྱིས་བཞུགས་པ། སླར་ཡང་སྦྱོར་མཚམས་བྱང་སེམས་ལས་ཡིག་འབྲུ་ཛཿཧཱུྃ་བཾ་ཧོཿབཞི་འཕྲོས་པ་ལས་ཤར་སྒོར་ལྕགས་ཀྱུ་སྒྲོལ་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་སྒྲོལ་མ་སེར་མོ་གཡས་ཞགས་པ། ནུབ་སྒོར་ལྕགས་སྒྲོག་སྒྲོལ་མ་དམར་མོ་གཡས་ལྕགས་སྒྲོག །བྱང་སྒོར་དྲིལ་བུ་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ། གཡོན་རྣམས་ཨུཏྤལ་བསྣམས་པ། ཞི་འཛུམ་ཁྲོས་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་གྱིས་གར་སྟབས་ཅན། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་རང་འོད་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་པའི་ངོ་བོར་བསྒོམ་པ་ནི་བརྟེན་པ་ལྷའི་འཁོར་ལོ་གསལ་གདབ་པའི་རིམ་པའོ། །དེ་ལྟར་སྦྱང་གཞི་ཐ་མལ་གྱི་སྣོད་དང་བཅུད་དུ་སྣང་བ་ལ་སྦྱོང་བྱེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆ་ཚང་བ་བསྒོམས་པས་སྣང་ཞེན་ལྷ་རུ་དག་པའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཤིང་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་གཞི་ཐིངས་པར་འགྱུར་བ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པ་དེ་དག་ཀྱང་གསལ་བརྟན་དག་གསུམ་གྱི་མཚན་ཉིད་ཚང་བས་ལེགས་པར་བསྒྲུབ་པར་བྱ་དགོས་ཏེ། དེ་ལ་རྣམ་པ་གསལ་བ་ནི། ཇི་སྐད་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཐུན་བཞི་ལ་སོགས་པར་བསྒོམ་ཞིང་སྒྲུབ་ཐབས་དང་སྦྲེལ་བའི་ཚེ་སྦྱོར་བ་ཚོགས་གསག་ནས་གཟུང་། དངོས་གཞི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་བསྟིམ། ཕྱག་མཆོད་བསྟོད་པས་བསྐྱེད་པ་རྣམས་ཚིག་རྐྱང་དུ་མ་སོང་བར་རེ་རེ་བཞིན་གསལ་སྣང་འདོན། སླར་གཙོ་མོའི་དབུ་ནས་གདན་གྱི་བར་མས་རིམ་དང་། གདན་ནས་དབུའི་བར་ཡས་རིམ་དུ་ཞལ་ཕྱག་ཁ་དོག་རྒྱན་ཆ་ལུགས་ཉམས་འགྱུར་རེ་རེ་བཞིན་གསལ་འདེབས། མཐར་སྐུ་ཡོངས་རྫོགས་གཅིག་ཅར་དུ་གསལ་འདེབས་ཤིང་སེམས་གཟུང་། དེ་ལ་གསལ་སྣང་སྐྱེས་ནས་འཁོར་རྣམས་རེ་རེ་བཞིན་གསལ་འདེབས། དེ་ནས་ཕྱི་རོལ་གཞལ་ཡས་ཁང་ཁོར་ཡུག་རྡོར་རྭ་མེ་རིའི་བར་དུ་གསལ་འདེབས། རེས་ཕྱི་རོལ་ནས་གཞལ་ཡས་ཁང་། འཁོར་གྱི་ལྷ། གཙོ་མོའི་བར་དུ་ནང་ལ་རིམ་གྱིས་གསལ་གདབ། གང་ལའང་སེམས་བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མི་བཏང་བར་བསྒོམ་བྱ་ལ་རྩེ་གཅིག་བར་མ་ཆད་པར་ཐོག་མར་ཡུན་ཐུང་ལ་གྲངས་མང་བ་དང་། རིམ་པར་ཡུན་ཇེ་རིང་ཐུན་རེའི་མགོ་མཇུག་འཁྱོངས་ནུས་པར་བྱས་ཏེ། མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་དུ་མ་གཅིག་ཅར་དུ་གསལ་བ་ལྟར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྣང་ལ་རང་བཞིན་མེད་པ་ཆུ་ཟླའམ་འཇའ་ཚོན་ལྟ་བུར་བཀྲ་ལམ་མེར་འཆར་བ་ལ་བསླབ་བོ། །ང་རྒྱལ་བརྟན་པ་ནི། རྟེན་བརྟེན་པ་གང་ལའང་རྣམ་པ་གསལ་བཏབ་པའི་འོག་ཏུ་འབྲས་དུས་ཀྱི་དེ་དང་དེ་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་བསྐྱེད་ནས་གསལ་སྣང་དང་ང་རྒྱལ་གཉིས་ཡ་བྲལ་དུ་མ་སོང་བ་རང་བཞིན་རོ་མཉམ་དུ་སྐྱེ་བར་བྱ། དེའང་ཐ་མལ་གྱི་ངར་འཛིན་ཕུང་ཁམས་མིང་ལ་སོགས་པའི་རྟོག་པ་སྤངས་ནས་ལྷ་སྐུའི་རྣམ་པ་གསལ་རུང་མི་གསལ་རུང་། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་རྗེ་བཙུན་དམ་ཚིག་སྒྲོལ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་རང་ལ་ཡེ་ནས་ཡོད་པས་དེ་ཉིད་དངོས་ཡིན་ནོ་སྙམ་པ་དང་། རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་ངའོ་སྙམ་པ་བཅོས་མིན་དུ་མ་སྐྱེས་བར་བསྒོམས་ནས་ཐ་མལ་གྱི་ཞེན་པ་འགོག་ནུས་པར་བྱའོ། །རྣམ་དག་དྲན་པ་ལ། རྟགས་ཀྱི་དག་པ་དང་། དོན་གྱི་དག་པ་དྲན་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པས་ཕྱག་གཉིས་པ། ཞི་བའི་མཐའ་ལ་མི་གནས་པས་ཞབས་གཡས་བརྐྱང་ཞིང་སྲིད་པ་ལས་འདས་པས་གཡོན་བསྐུམ་པ། བྱ་བ་གྲུབ་པའི་ཡེ་ཤེས་རིགས་ཀྱི་གཙོ་མོར་བཞེངས་པས་སྐུ་མདོག་ལྗང་གུ། འགྲོ་ལ་རྗེས་སུ་བརྩེ་བས་ཞི་འཛུམ་ཆགས་པའི་ཉམས་ཅན། སྒྲུབ་ལ་དངོས་གྲུབ་སྟེར་བས་ཕྱག་གཡས་མཆོག་སྦྱིན་དང་། འགྲོ་ལ་མི་འཇིགས་སྦྱིན་པས་གཡོན་སྐྱབས་སྦྱིན་མཛད་པ། ཕྲིན་ལས་ཐོགས་པ་མེད་པས་ཨུཏྤལ་སྔོན་པོ་བསྣམས་པ། དགེ་བའི་ཆོས་ཡོངས་སུ་རྫོགས་ཤིང་གཞན་དག་རྗེས་སུ་འཛིན་པས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་ཤིང་ལྷག་མ་ཐུར་དུ་འཕྱངས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བས་དར་གྱི་སྟོད་གཡོགས་སྨད་དཀྲིས། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་ཆེ་བས་རིན་པོ་ཆེ་དང་། ཕ་རོལ་ཕྱིན་དྲུག་རྫོགས་པས་རུས་པའི་རྒྱན་གྱིས་སྤྲས་པ། ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྣང་ཆ་ཟུང་དུ་འཇུག་པས་རང་འོད་ཀྱི་ཡབ་རྡོ་རྗེ་རྟའི་རྒྱལ་པོ་དང་མཉམ་པར་སྦྱོར་བ། ཡེ་ཤེས་རྣམ་པ་བཞིའི་རང་གཟུགས་འཁོར་གྱི་ལྷ་མོ་བཞི། ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་སྒོ་མ་བཞི་རྣམས་དང་། གཞལ་ཡས་ཁང་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་ལ་སོགས་པའི་བརྡ་དོན་རྟགས་ཀྱི་རྣམ་པར་ཤར་བ། མཚན་མའི་རྟོག་པས་མི་ཕྱེད་པའི་རྡོ་རྗེའི་རྭ་བ། རྣམ་རྟོག་གི་བག་ཆགས་གཞོམ་པའི་མེ་ཕུང་གིས་བསྐོར་བ་སོགས་སོ་སོ་ནས་དྲན་པས་རང་རྒྱུད་པར་འཛིན་པའི་ཞེན་པ་བཟློག་པར་བྱའོ། །འདིར་ལས་དང་པོ་པ་སེམས་རྣལ་དུ་མི་གནས་པས་དེ་ཙམ་མི་ནུས་ན་ལྷའི་གསལ་སྣང་ཐེབས་ནས། འདི་རྣམས་སངས་རྒྱས་ཆོས་ཀྱི་སྐུའི་ཡེ་ཤེས་དང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ཐུགས་རྗེའི་མཛད་ཕྲིན་རྨད་དུ་བྱུང་བ་རྣམས། མཚོན་བྱེད་བརྡ་དང་རྟགས་སུ་ཤར་བ་ཡིན་ནོ་སྙམ་པའི་མོས་གུས་སྦྱངས་པས་ལས་བྱང་མོས་སློབ་ཀྱི་དག་དྲན་རྗེས་སུ་མཐུན་པར་འགྱུར་རོ། །གཉིས་པ་དོན་གྱི་དག་པ་དྲན་པ་ནི། དེ་ལྟར་བསྒོམས་པའི་དཀྱིལ་འཁོར་པ་དེ་དག་གདོས་བཅས་ཨ་འཐས་སུ་ནམ་ཡང་མི་བསྒོམ་པ་མ་ཟད་ཐ་མལ་རང་སྣང་ཙམ་གྱི་ཞེན་པས་ཀྱང་མི་འཆིང་བར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པ། སེམས་ཉིད་སྟོང་པ་ལྷ་སྐུའི་རྣམ་པར་ཤར། ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་གཞན་དུ་མ་གྲུབ་པར་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་ཤེས་དགོས་ཏེ། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་དོན་ལྟར་ཤེས་པར་བྱའོ། །དེ་ལྟར་གསལ་བརྟན་དག་གསུམ་གྱིས་བསྒྲུབས་པའི་བསྐྱེད་རིམ་ལ་ཡུན་རིང་དུ་གོམས་པས་ཡུལ་གསུམ་ལ་གསལ་སྣང་རིམ་པར་ཐོབ་ནས། མཐར་གསལ་བའི་ཚད་བཞི་དང་བརྟན་པའི་ཚད་བཞི་གྱད་དུ་གྱུར་ཏེ་ཐ་མལ་གྱི་སྣང་ཞེན་འགོག་ནུས་པའི་གསལ་བ་རབ་ཀྱི་མཐར་སོན་པ་ན་བསྐྱེད་རིམ་ཚད་དུ་ཕྱིན་པའོ། །གཉིས་པ་བཟླས་པའི་རྣལ་འབྱོར་ནི། གསུང་རྡོ་རྗེའི་རྒྱུ་མཐུན་པའི་བཟླས་པས་སྒོ་གསུམ་གྱི་དྲི་མ་སྦྱོང་བ་དང་། སྔགས་ཀྱི་ལྷ་ནི་སྔགས་ལས་བྱུང་བ་ཡིན་པས་རྒྱུ་སྔགས་བསྒྲུབས་པས་འབྲས་བུ་ཡེ་ཤེས་ཀྱི་ལྷ་དང་ཇེ་ཉེར་འགྱུར་བ་ཆོས་ཉིད་ཡིན་པ་དང་། ཇི་སྐད་དུ། བསྐྱེད་རིམ་མེ་དང་འདྲ་བ་ལ༔ བཟླས་བརྗོད་རླུང་དང་འདྲ་བས་བསྐུལ༔ ཅེས་པ་ལྟར་བསྒོམས་པའི་ནུས་པ་མྱུར་དུ་འབྱིན་པར་བྱེད་པ་བཟླས་པའི་རིམ་པ་ལ་ལྔ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཟླས་པའོ། །དང་པོ་སྒྲིབ་པ་སྦྱོང་བྱེད་སྐུའི་བཟླས་པའི་བསྒོམ་བྱའི་ཏིང་འཛིན་ནི། རང་ཉིད་དམ་ཚིག་སྒྲོལ་མའི་ཐུགས་ཀར་ཡེ་ཤེས་སེམས་མ་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཞབས་གར་སྟབས་པད་ཉི་ལ་འགྱིང་བ། དེའི་ཐུགས་ཀར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་ཏིང་འཛིན་སེམས་དཔའ་ཏཱཾ་ཡིག་ལྗང་གུ །དེའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བ་རྣམས་དྭངས་པའི་ཤེལ་ལ་ཉི་ཟེར་ཕོག་པ་ལྟར་ཤིན་ཏུ་གསལ་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཁྲ་གསལ་གྱིས་ཁྱབ་པས་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་མུན་ཁང་ལ་ཉི་མ་ཤར་བ་ལྟར་སྐད་ཅིག་གིས་བྱང་བར་མོས་ལ་སྐུའི་བཟླས་པ་བྱ། གཉིས་པ་བྱིན་རླབས་འབེབ་བྱེད་གསུང་གི་བཟླས་པ་ལ་དམིགས་པའི་གཞི་སྔར་ལྟར་ལས། བཟླ་བྱའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་ཁྱབ་པར་འཕྲོས། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཕུལ་བས་མཉེས་པར་བྱས། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། མཆོག་ཐུན་མོང་གི་དངོས་གྲུབ། ཡེ་ཤེས་རྣམ་པ་ལྔའི་དབྱིག་ཐམས་ཅད་འོད་དང་ཐིག་ལེའི་རྣམ་པར་བསྡུས་ཏེ་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ལ་གསུང་གི་བཟླས་པ་བྱ། གསུམ་པ་བདེ་ཆེན་སྐུལ་བྱེད་ཐུགས་ཀྱི་བཟླས་པ་ནི། ཐུགས་སྲོག་ཏཱཾ་ཡིག་གི་ནཱ་ད་ལས་སྔགས་ཀྱི་ཕྲེང་བ་བར་མ་ཆད་པ་བྱུང་། གཙོ་མོའི་ཞལ་ནས་ཡབ་ཀྱི་ཞལ་དུ་སོང་། གསང་བའི་རྡོ་རྗེ་ནས་ཡུམ་གྱི་མཁར་བརྒྱུད། ཐུགས་སྲོག་ལ་ཐིམ། དེ་ལྟ་བུ་མགལ་མེའི་འཁོར་ལོ་བཞིན་བར་མ་ཆད་པར་འཁོར་བས་ཡབ་ཡུམ་གཉིས་ཀྱི་རྒྱུད་ལ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས། མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་བསམ་ལ་ཐུགས་ཀྱི་སྔགས་བཟླ། སྔགས་དེ་གསུམ་གྱི་གྲངས་ཚད་ནི་འབུམ་ཕྲག་རེ་ཡིན་པར་བཤད། བཞི་པ་དཀྱིལ་འཁོར་ཡོངས་རྫོགས་ཡོན་ཏན་གྱི་བཟླས་པ་ནི། ས་བོན་ལ་བཟླ་བྱའི་སྔགས་ཕྲེང་གིས་བསྐོར་བ་དང་། རང་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་ཆེ་ཕྲ་སྣ་ཚོགས་པ། གསུང་ལས་སྔགས་ཀྱི་ཕྲེང་བ། ཐུགས་ལས་ཕྱག་མཚན། འོད་ཟེར་སྣ་ལྔའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་ནམ་མཁའི་ཁམས་གང་བ་འཕྲོས། རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ་བླ་ན་མེད་པའི་མཆོད་པར་གྱུར། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བྱས། ཐམས་ཅད་ཚུར་འདུས་རང་ལ་ཐིམ་པར་དམིགས་ལ་ཡོན་ཏན་སྔགས་བཟླ་སྟེ་གྲངས་ཚད་འབུམ་ཕྲག་བཞིའོ། །ལྔ་པ་ཕྲིན་ལས་མཐའ་རུ་དབྱུང་བའི་བཟླས་པ་ནི། གོང་མ་རྣམས་ཚད་དུ་འཁྱོལ་ནས། ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་མགྲིན་སྙིང་ཁ་ལྟེ་བའི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་སེར་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀུན་ནས་ཁྱབ། སེམས་ཅན་རྣམས་ཀྱི་སྒོ་གསུམ་ལ་འཚེ་བའི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པར་བསམ་ལ་གཟུངས་ཀྱི་རིག་པ་ཁྲི་ཕྲག་བཞི་བཟླ། ཐུན་མཐར་མཆོད་ཅིང་བསྟོད་པའི་རྒྱུད་ཀྱི་རྒྱལ་པོས་གཞི་བསྟོད་བྱའོ། །གསུམ་པ་རྫོགས་པའི་རྣལ་འབྱོར་ནི། བསྐྱེད་པའི་རིམ་པས་རྟག་པ་ཅན་དུ་ཞེན་པའི་མཐའ་བསལ་བའི་ཕྱིར་ཐུན་མཇུག་རྣམས་སུ་སྟོང་ཉིད་དུ་བསྡུ་བར་བྱ་སྟེ། གཙོ་མོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སྣོད་བཅུད་དག་པའི་འཁོར་ལོར་གྱུར། དེ་ཐམས་ཅད་འདུས་ནས་མེ་རི་རྡོར་རྭ་གཞལ་ཡས་ཁང་ལ་རིམ་གྱིས་བསྡུ། གཞལ་ཡས་ཁང་འཁོར་རྣམས་ལ་ཐིམ། འཁོར་རྣམས་གཙོ་མོ་ལ་ཐིམ། ཡབ་ཀྱང་ཡུམ་ལ་ཐིམ། དེའང་དབུ་ཞབས་ནས་རིམ་གྱིས་འདུས་ཏེ་ཐུགས་སྲོག་ཏཱཾ་ལ་ཐིམ། དེ་ཉིད་གྱེན་རྫོགས་སུ་རིམ་གྱིས་ཡལ་ནས་ནཱ་ད་ཤིན་ཏུ་ཕྲ་བ་ལ་སེམས་གཟུང་། དེ་ཉིད་མི་དམིགས་པར་བསམ་ལ་འོད་གསལ་བའི་དབྱིངས་སུ་མཉམ་པར་གཞག །སླར་དེ་ལས་སྐད་ཅིག་གིས་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡངས་ཤིང་སྣང་གྲགས་རྟོག་ཚོགས་འཁོར་ལོ་གསུམ་གྱི་རོལ་པར་ལམ་དུ་ཁྱེར་ལ་དགེ་བ་བསྔོ་འོ། །གཉིས་པ་རྗེས་སུ་རྣལ་འབྱོར་ནི། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལས་འགྱུར་བ་མེད། །དེ་གོམས་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཅེས་གསུངས་པའི་དོན། ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་བརྟན་པར་བྱེད་པ་སྟེང་འོག་གི་སྣ་རྩེའི་ཕྲ་ཐིག་ལས་ཀྱང་ཟབ་པ་འདིར་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེ་ལ་སེམས་འཛིན་པ་སྟོན་ཏེ། རིམ་པ་དང་པོ་བསྐྱེད་པའི་གསལ་སྣང་མཐར་ཕྱིན་ནས་འདི་ལ་འཇུག་པ་ན། ལུས་གནད་རྐང་པ་རྡོར་སྐྱིལ། ལག་པ་ཁུ་ཚུར་བརླ་བཞག །སྒལ་ཚིག་བསྲང་བ་སོགས་གཞན་སྤྱི་ལྟར་བྱས་ལ་དབང་པོ་ལྔའི་བྱེད་ལས་བཅིངས། སེམས་གནད་སྙིང་གའི་དབུས་སུ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་འོད་ཀྱི་གོང་བུ་གསལ་ཞིང་འཚེར་བ་ཡུངས་འབྲུ་འམ་སྲན་མ་ཙམ་གསལ་བཏབ་པ་ལ་སེམས་ཧྲིལ་གྱིས་གཏད། རྣམ་རྟོག་གང་ལའང་མི་འཕྲོ་བར་དམིགས་པ་དེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་ཟིན་པས་དུ་བ་ལ་སོགས་པའི་རྟགས་རྣམས་ཀྱང་རིམ་གྱིས་འཆར་བར་འགྱུར། དེ་ལ་གོམས་པ་བརྟན་ནས་སྙིང་གའི་ཐིག་ལེའི་རྣམ་པ་ཡིད་ལ་མི་བྱེད་པར། སེམས་ཉིད་གཤིས་ཀྱི་གནས་ལུགས་རང་བབས་གཉུག་མའི་ངང་དུ་སྤང་བླང་རེ་དོགས་སྤྲོ་བསྡུ་ལ་སོགས་པའི་ཡིད་བྱེད་ཐམས་ཅད་དང་བྲལ་བར་ཅི་གནས་སུ་བཞག་ལ་རྒྱུན་བསྐྱང་ངོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ལ་གཉིས། དངོས་དང་བོགས་འདོན་ནོ། །དང་པོ་ནི། གོང་གི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་ཡེ་ཤེས་ཅུང་ཟད་སྐྱེས་པ་ན། ཐོག་མར་རླུང་སྦྱང་བར་བྱ་སྟེ། ལུས་གནད་ཆོས་བདུན་བཅའ། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་མོས་ལ་རླུང་རོ་ལན་གསུམ་བསལ། སྣ་བུག་གཉིས་ནས་རླུང་ཕྱིར་འགྲོ་བ་དང་། ནང་དུ་ཞུགས་པ་དང་། ཁོང་པར་གནས་པ་གསུམ་ལ་ཆེད་དུ་རྩོལ་བ་མ་ཡིན་པའི་རང་བབས་ཀྱི་རྒྱུ་བ་ལ་སེམས་གཏད་ཅིང་ནང་དུ་རང་བཞིན་གྱིས་གནས་ཡུན་རིང་བ་དང་། རྒྱུ་བ་གསལ་བ་སོགས་རྟགས་མ་བྱུང་གི་བར་དུ་བགྲང་སྟེ་རྡོ་རྗེའི་བཟླས་པས་རླུང་ལམ་ལེགས་པར་འབྱངས་པར་བྱ། དེ་ནས་རང་ཉིད་གཙོ་མོར་གསལ་བའི་སྟོང་རའི་ནང་དུ་རྩའི་གཙོ་མོ་གསུམ་དང་སྤྱི་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་རྣམས་དང་བཅས་པ་སྤྱི་ལྟར་གསལ་གདབ་ལ་རླུང་རོ་དགུ་ཕྲུགས་འབུད། སྟེང་རླུང་རྔུབ། འོག་རླུང་འཐེན། ལྟེ་བར་ཁ་སྦྱར་བའི་བུམ་ཅན་གཟུང་། སྣ་རྩེའི་ཐད་ཀྱི་སོར་བཅུ་དྲུག་པའི་ནམ་མཁའ་ནས་འོད་ཟེར་ལྔའི་རྣམ་པའི་རླུང་ཚུར་བྱུང་། སྣ་བུག་གཡས་གཡོན་གཉིས་ནས་རོ་རྐྱང་བརྒྱུད་དེ་སོང་། ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་ཏེ་ཡལ་བར་བསམ། དབུ་མའི་ནམ་མཁར་སེམས་གཏད། མཚམས་སུ་གཞིལ་བ་དང་མི་ཐུབ་པ་ན་སང་གིས་འབུད་ཅིང་འཕང་བ་སྟེ་སྦྱོར་བ་བཞི་ལྡན་གྱི་རླུང་བུམ་ཅན་རབ་ཀྱི་ཚད་དུ་ཕྱིན་པ་སྦྱང་ངོ་། །དེ་དག་གིས་སྔོན་འགྲོ་རྩ་རླུང་ལས་སུ་རུང་བར་བྱས་ནས་དངོས་གཞི་ཕོ་ཉའི་ལམ་ཉམས་སུ་ལེན་པ་ཁོ་ན་གསུངས་ཀྱང་། འདི་ལ་ཐོག་མར་རང་ལུས་ཐབས་ལྡན་ལེགས་པར་འབྱངས་དགོས་པ་དང་། དེང་སང་གང་ཟག་སྤྱི་ཁྱབ་རྣམས་ཀྱིས་གཞན་ལུས་ཉམས་སུ་མི་ལོན་པས་རང་ལུས་ལ་བརྟེན་པའི་ཐབས་ལམ་མདོར་བསྡུས་པ་ནི། རང་ཉིད་དོན་གྲུབ་རྡོ་རྗེ་རྟའི་རྒྱལ་པོ་དང་མདུན་དུ་ཡིད་ཆགས་སུ་རུང་བའི་བུ་མོ་དམ་ཚིག་སྒྲོལ་མར་གསལ་བཏབ། འདོད་ཆགས་ཀྱི་སྒྱུ་རྩལ་རྣམས་བྱས་པར་བསམ་ལ་ཆགས་པ་སྐྱེས་པ་ན། རང་གི་གསང་གནས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་ཅིང་བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་བཞི་པ་ཟེའུ་འབྲུ་ཨཱཿས་མཚན་པ་གསལ། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མངོན་དུ་བྱས་ལ་སེམས་ཅན་ཐམས་ཅད་ཀྱང་འགྱུར་མེད་བདེ་ཆེན་རྡོ་རྗེའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་གཡོ་བ་དགའ་བ། མགྲིན་པར་བབས་པ་མཆོག་དགའ། སྙིང་གར་ཁྱད་པར་གྱི་དགའ་བ། ལྟེ་བར་དགའ་བྲལ་རྣམས་རེ་རེ་བཞིན་བདེ་བའི་རང་ངོ་ལ་བལྟས་ཏེ་མཉམ་པར་གཞག་བཞིན་དལ་བུས་དབབ། ལས་དང་པོས་འཁོར་ལོ་སྔ་མ་རྣམས་ནས་གྱེན་དུ་ལྡོག་ཅིང་བདེ་བ་ཡལ་ན་སླར་དབབ་པ་སོགས་བྱ། གོམ་པ་བརྟན་ནས་རྡོ་རྗེ་ནོར་བུའི་རྩེར་ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་གཟུང་། རླུང་གི་གནད་དང་དམིགས་པ་འཕྲུལ་འཁོར་གྱི་སྟོབས་ཀྱིས་ཐིག་ལེ་ཕྱིར་མི་འཕོ་བར་བཟུང་ཞིང་གྱེན་དུ་རིམ་པར་ལྡོག་ལ་མས་བརྟན་གྱི་དགའ་བ་བཞི་ངོས་གཟུང་། སེང་གེ་རྣམ་རོལ་ལ་སོགས་པས་ཐིག་ལེ་ལུས་ཐམས་ཅད་ལ་ཁྱབ་པར་བཀྲམ་ཞིང་ཟག་མེད་ཡེ་ཤེས་ཆེན་པོའི་རང་ངོར་བསྐྱལ་ཏེ་བདེ་སྟོང་ཟུང་འཇུག་གི་ཏིང་འཛིན་ལ་དབང་ཐོབ་པར་བྱའོ། །དེ་ལྟར་རང་ལུས་ལ་གོམས་པ་བརྟན་པའི་རྣལ་འབྱོར་པས་གཞན་ལུས་ཕོ་ཉའི་ལམ་ཉམས་སུ་ལེན་པ་ན། མཚན་ལྡན་གྱི་རིག་མ་བརྟག་འགུགས་སྒྲུབ་ནས་དྲང་ངེས་ལམ་གྱིས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། དངོས་གཞིའི་ཉམས་ལེན་གྱི་རིམ་པ་རང་ལུས་ཐབས་ལྡན་གྱིས་མཚོན་ནས་ཉམས་སུ་བླངས་པས་གྲུབ་བོ། །གཉིས་པ་དེ་ལ་བོགས་འདོན་པ་ནི། བདེ་དྲོད་མི་རྟོག་པའི་ཡེ་ཤེས་གསུམ་པོ་ཟུང་དུ་འཇུག་པའི་ལམ་ལ་བསླབས་པས་འབྲས་བུ་སྐུ་གསུམ་ཟུང་འཇུག་འགྲུབ་པ་རྒྱུད་ཀྱི་དགོངས་པ་ཡིན་པས། ཐབས་ལམ་སྔ་མ་ལ་བདེ་བ་སྐྱེས་ཀྱང་དྲོད་མ་སྐྱེས་ན་གཏུམ་མོའི་རྣལ་འབྱོར་ལ་བརྟེན་དགོས་ཏེ། ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་བཞི་གསལ་བའི་ལྟེ་འོག་རོ་རྐྱང་གི་འདུས་མདོ་ཙཎྜ་ལཱི་མེའི་རང་བཞིན་ཐིག་ལེའི་རྣམ་པ་ཅན་ཤིན་ཏུ་དམར་བ་ལ་སེམས་གཏད། རླུང་བུམ་ཅན་བཟུང་བས་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟར་མེའི་ཐིག་ལེ་ཤིན་ཏུ་ཚ་ཞིང་མེ་ལྕེ་ཕྲ་མོ་སྤུ་ཉག་ལྟ་བུ་གྱེན་དུ་བྱུང་བས་ལྟེ་བའི་འཁོར་ལོ་དྲོས་པ་ལ་སེམས་གཏད། དྲོད་ཀྱི་སྣེ་རྙེད་པ་དང་དམིགས་པ་བྱང་རིམ་གྱིས་མེ་ལྕེ་ཇེ་རིང་ཇེ་སྦོམ་དུ་འབར་ནས་སྤྱི་བོ་མན་ཆད་དྲོས། མཐར་ལུས་ཐམས་ཅད་ལ་ཁྱབ་པས་ཕྱི་ནང་ཐམས་ཅད་མེའི་ཚ་ངད་ཀྱིས་ཁྱབ་ནས་དྲོ་འུ་རེ་ཡོད་པར་བསྒོམ། འདི་དག་གི་སྐབས་སུ་ལུས་སྦྱོང་གི་འཕྲུལ་འཁོར་གྱི་རིམ་པའང་ཅི་རིགས་པར་བྱའོ། །བཞི་པ་རྣལ་འབྱོར་ཆེན་པོ་ལ་བརྟེན་ནས་མི་རྟོག་པ་ལ་བོགས་འདོན་པ་ནི། སྙིང་གའི་དབུ་མའི་ནང་དུ་ཏཱཾ་ཡིག་ལྗང་གུ་འོད་འབར་བ་གསལ་གདབ། རླུང་ཕྱིར་འགྲོ་བའི་ཚེ་ཨོཾ་གྱི་སྒྲ་གདངས་སྣང་སྲིད་གང་བར་སྤྲོས་པས་བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ལ་ཕོག །ནང་དུ་རྔུབ་པའི་ཚེ་ཧཱུྃ་གི་སྒྲ་གདངས་ཀྱིས་དེ་དག་འུབ་ཀྱིས་བསྡུས་ཏེ་སྣ་བུག་གཉིས་ནས་བརྒྱུད་ཏཱཾ་ཡིག་མི་ཤིགས་པའི་ཐིག་ལེར་ཐིམ་པར་བསམ་ལ་སེམས་གཏད་དེ་རླུང་ཁ་སྦྱོར་དུ་གཟུང་ཞིང་བརྟན་པར་བྱ་བ་ལ། ཡང་ནས་ཡང་དུ་བསླབས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་མཐའ་དབུས་མེད་པར་རང་ཤུགས་ཀྱིས་སྐྱེས་པ་ན། རླུང་སྦྱོར་དང་དམིགས་པ་སོགས་རྩོལ་བཅས་ཀྱི་སྤྲོས་པ་རྦད་ཀྱིས་བཅད་ལ། གདོད་མ་ནས་རང་བྱུང་གི་རིག་པ་སྤྲོས་པའི་མཐའ་ལས་འདས་ཤིང་རང་བཞིན་གྱིས་འོད་གསལ་བ། གསུམ་བྲལ་བཞི་ཆ་བཅོས་མིན་གྱི་ཤེས་པ་སྐད་ཅིག་མའི་ངོ་བོ་ངོས་ཟིན་པས་གནས་ལུགས་རང་ཚོ་ཐུབ་པར་བྱས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་ཆོས་ཅན་གྱི་སྣང་བ་ཟད་སར་བསྐྱལ་ཏེ་གདོད་མའི་གྲོལ་གཞིར་ལ་བཟླའོ། །དེ་དག་ནི་གསང་སྔགས་ཐབས་ཀྱིས་ཆེ་བ་དབང་བཞིའི་ལམ་མཆོག་ཡོངས་སུ་རྫོགས་པའི་ཁྲིད་རིམ་ཚེ་གཅིག་གིས་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་ནུས་པ་གཞན་ལས་ཁྱད་པར་འཕགས་པ་ཡིན་པས། དད་བརྩོན་དམ་ཚིག་དང་ལྡན་པའི་གང་ཟག་སྐལ་པ་ཅན་དག་གིས་ཉམས་ལེན་ལ་འབད་ན། མཚོན་བྱེད་དཔེའི་ཡེ་ཤེས་ལ་བརྟེན་ནས་མཚོན་བྱ་དོན་གྱི་ལྷན་སྐྱེས་བདེ་བ་ཆེན་པོ་དུས་རིང་པོར་མི་ཐོགས་པར་མངོན་དུ་གྱུར་ཏེ། ནམ་ཡང་འཕོ་འགྱུར་གཞོམ་གཞིག་དང་བྲལ་བ་མི་ཤིགས་དྭངས་མ་གསུམ་ལྡན་རྡོ་རྗེ་སྒྲོལ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་བར་གསུངས་སོ། །ཡེ་ཤེས་ཀློང་ཆེན་དགོངས་མཛོད་ནོར་བུའི་སྒྲོམ། །སྐལ་བཟང་གདུལ་བྱའི་དཔྱིད་དུ་ཕྱེས་པ་ལས། །སྔོན་མེད་ཟབ་ཁྲིད་ཡིད་བཞིན་དབང་གི་རྒྱལ། །ལྷག་བསམ་རྒྱལ་མཚན་རྩེ་མོར་བཀོད་འདིར་ལྟོས། །གཏེར་ཆེན་བླ་མ་ཟུང་གི་དགོངས་པ་སྐོང་། །བསྟན་འཛིན་སྐྱེས་བུའི་ཞབས་བརྟན་ཕྲིན་ལས་རྒྱས། །ཟབ་ཆོས་འདི་ལ་ཉམས་ལེན་མཐར་ཕྱིན་ཏེ། །གྲུབ་གཉིས་གྲུབ་པས་འཇིག་རྟེན་ཀུན་ཁྱབ་ཤོག །ཟབ་ཆོས་འདིའི་སྨིན་གྲོལ་ཡོངས་རྫོགས། འཕགས་མ་དངོས་དང་རྣམ་དབྱེར་མེད་པའི་སྐུ་རྟེན་བཅས་རྗེ་བླ་མ་ཐམས་ཅད་མཁྱེན་པ་༧རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་བཀའ་དྲིན་དུ་བསྩལ་ཏེ་གསལ་བྱེད་ཀྱི་ཡིག་ཆ་རྣམས་སྤེལ་འོས་པར་བཀས་གནང་ནས་རིང་དུ་འདས་ཀྱང་། ཟབ་ཁྲིད་ཀྱི་རྩ་བ་མདོ་རྒྱུད་གཉིས་འདུས་ཚིག་དོན་ཤིན་ཏུ་སྒྲོམ་ཆེ་བའི་དབང་གིས་རྒྱས་པར་བཀྲོལ་ན་ཡིག་ཚོགས་ཧ་ཅང་ཆེ། ཤིན་ཏུ་བསྡུས་ཀྱང་ཕན་ཐོགས་པར་དཀའ་བས་རིམ་པར་འགྱངས། སླད་མར་རང་ལོ་དོན་བརྒྱད་པར་བླ་མའི་བཀའ་རྗེས་སུ་བསྒྲུབ་པའི་དགོས་པ་ལ་བསམ་སྟེ། གཏེར་གཞུང་རྩ་བའི་ས་བཅད་ཚང་ཙམ་པའི་དབང་དུ་བྱས་ནས་རྒྱས་བསྡུས་འཚམ་པར་ཀུ་སཱ་ལི་རྒན་པོ་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།
འཇའ་ཚོན་མ་ནིང་གི་ཞི་བའི་ལས་ཀྱི་བྱེ་བྲག་མཁའ་འགྲོའི་སུན་ཟློག་གི་ལས་འགྲིགས་དང་། སངས་གླིང་དགོངས་འདུས་ཕལ་པར་སུན་ཟློག་མདོར་བསྡུས་བྱ་ཚུལ་གཉིས་གསལ་བར་བཀོད་པ་ཕན་བདེ་ཀུན་ཁྱབ་ (Volume 49, Text 45)
༄༅། །འཇའ་ཚོན་མ་ནིང་གི་ཞི་བའི་ལས་ཀྱི་བྱེ་བྲག་མཁའ་འགྲོའི་སུན་ཟློག་གི་ལས་འགྲིགས་དང་། སངས་གླིང་དགོངས་འདུས་ཕལ་པར་སུན་ཟློག་མདོར་བསྡུས་བྱ་ཚུལ་གཉིས་གསལ་བར་བཀོད་པ་ཕན་བདེ་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། མཁའ་འགྲོའི་དབང་ཕྱུག་བདུད་འདུལ་དྲག་པོ་རྩལ། །འཇའ་ཚོན་སྐུ་ཅན་གཏེར་འབྱེད་གྲུབ་པའི་དབང་། །དབྱེར་མེད་རྡོ་རྗེ་འཛིན་ལ་གུས་བཏུད་ནས། །ཞི་བའི་ལས་ཀྱི་རྐྱེན་ཟློག་འདིར་གསལ་བྱ། །བར་ཆད་སུན་མ་ཟློག་པའི་ཚུལ་གཏེར་ཁ་རྣམས་སུ་རྒྱས་བསྡུས་དུ་མ་འབྱུང་ཡང་ལག་ལེན་ཤིན་ཏུ་བདེ་བའི་ལུགས་འདི་བཤད་པ་ལ་བདུན། བྱེད་པ་པོ་གང་ཡིན་པ། ཡུལ་གང་ལ་བྱ་བ། དགོས་པ་གང་གི་ཕྱིར་བྱེད་པ། གནས་གང་དུ། དུས་ནམ་གྱི་ཚེ། ཚུལ་གང་ལྟར་བྱ་བ། སྐྱོན་དང་ཡོན་ཏན་བཤད་པའོ། །དང་པོ་གང་གིས་བྱེད་པའི་སློབ་དཔོན་རབ་ལྟ་སྒོམ་གྱི་དྲོད་ཐོབ་པ། འབྲིང་བསྙེན་སྒྲུབ་བྱིན་རླབས་དང་ལྡན་པ། ཐ་མ་དམ་ཚིག་གཙང་ཞིང་ཆོ་ག་ལག་ལེན་མ་ནོར་བ་ཤེས་པ་ཞིག་གིས་བྱས་ན་ཕན་ཐོགས་པར་འགྱུར་རོ། །གཉིས་པ་བྱ་བའི་ཡུལ་བཞི་སྟེ། རབ་སྐྱེས་ཆེན་འགྲོ་དོན་མཛད་པ་དང་། འབྲིང་སྒྲུབ་པ་ཕུར་ཚུགས་བྱེད་པ་རྣམས་ལ་བླ་མ་ཡི་དམ་མཁའ་འགྲོའི་སུན་མ་དང་། ཐ་མ་བསྟན་པའི་སྒོར་ཞུགས་པ་དང་། ཡང་མཐའ་སྐྱེ་བོ་ཕལ་པ་རྣམས་ལའང་ཆོས་སྐྱོང་འཁྲུགས་པའམ་སྡེ་བརྒྱད་ཀྱིས་སྲོག་དབུགས་ལེན་པའི་སུན་མ་འབྱུང་བས་དེ་དག་ལ་བྱ་དགོས་སོ། །གསུམ་པ་བྱ་བའི་དགོས་པ་གང་ཡིན་ན། གང་ཟག་བཞི་ཀ་ལའང་རྒྱུ་སྔོན་གྱི་ལས། རྐྱེན་དམ་ཉམས་ཀྱི་གྲིབ་ལ་སོགས་པ་དང་། རང་གི་ཉམས་ཆག་བྱེད་སྤྱོད་མ་གཟོབ་པ་ལ་བརྟེན་ནས་ནད་གདོན་གློ་བུར་མི་འདོད་པ་འབྱུང་བ་དེ་དག་ཟློག་པ་ལ་འདི་ལྷག་པར་ཟབ་སྟེ། དགོངས་འདུས་ལས། དེས་ནི་ཚེ་ཟད་འཆི་བའི་དུས་ལ་བབས་ཀྱང་ལོ་གསུམ་གྱི་བར་དུ་བཤོལ་ཐེབས་པར་འགྱུར་བའི་ཕྱིར་ན༔ རྐྱེན་ཕྲན་བུ་ཟློག་པ་སྨྲོས་ཅི་འཚལ༔ ཞེས་དང་། མདོར་ན་ཕྱི་ནང་གི་བར་ཆད་རྩོམ་པའི་གདོན་བགེགས་ཐམས་ཅད་བཟློག་པའི་ཕྱིར་བྱེད་དགོས་པ་ལ་སོགས་པ་རྒྱུ་མཚན་མང༔ དེར་མ་ཟད་བསྟན་འཛིན་གྱི་སྐྱེས་བུ་དང་ཆོས་མཛད་སྒྲུབ་པ་པོའི་སྐུའི་རིམ་གྲོར་དམིགས་ཏེ་སེམས་བསྐྱེད་དང་ལྡན་པས་འདི་བརྩམས་ན་བསོད་ནམས་བསམ་ལས་འདས་པ་ཐོབ་པར་འགྱུར༔ ཞེས་གསུངས་སོ། །བཞི་པ་གནས་ནི་རབ་མཁའ་འགྲོ་འདུ་བའི་སར་ཕན་སྟོབས་ཆེ། ཐ་མ་གྲིབ་མ་ངན་པས་མ་ཕོག་པ་ཞིག་དགོས་ལ། གང་ཟག་བསྒྲུབ་བྱ་རབ་འབྲིང་ཐ་མའི་བྱེ་བྲག་དང་བསྟུན་ནོ། །ལྔ་པ་ནམ་བྱ་བའི་དུས་ལའང་། ལོང་ཁོམ་ཡོད་ན་ཡར་མར་གྱི་ཚེས་བརྒྱད་དང་བཅུ། ཉ་སྟོང་། ཟླ་བ་ར་བ་བཞི། མཁའ་འགྲོ་རྒྱུ་བའི་དུས་རྣམས་སུ་བྱ། ལོང་མེད་གློ་བུར་དུ་ནད་གདོན་རྐྱེན་ངན་བྱུང་བའམ། མོ་རྩིས་ལྟས་ངན་བྱུང་བ་དང་། ཁྱད་པར་རྨི་ལམ་དུ་སུན་མ་དང་འཆི་ལྟས་མང་བ། ལོ་ཟླ་ཞག་ཀག་གི་ཐོག་ཏུ་ཕྱིན་པ། བཟང་ངན་མི་ཁའི་གྲགས་གཡེར་སོགས་བྱུང་ན་དེ་ཉིད་དུ་ལེ་ལོ་མེད་པར་ཆོ་ག་འདི་ལ་བརྩོན་དགོས་སོ། །དྲུག་པ་གང་ལྟར་བྱ་བའི་ཚུལ་ལ། སྤྱིར་གང་ཟག་མཆོག་རྣམས་ཀྱི་དོན་དུ་དགོངས་འདུས་གསུམ་དང་རཏྣའི་ཐུགས་སྒྲུབ། དྲི་མེད་སུན་ཟློག་སོགས་ལས་འབྱུང་བ་ལྟར་ཤིན་ཏུ་རྒྱས་པར་བྱ་དགོས་ཤིང་། གཞན་རྣམས་བསྒྲུབ་བྱའི་ཡུལ་མཐོ་དམན་གལ་ཆེ་ཆུང་དང་བསྟུན་ནས་འབྲིང་པོ། །བསྡུས་པ། ཡང་བསྡུས་ཀྱི་ཚུལ་དུ་བྱ་དགོས་པ་ཡིན་ཡང་། འདིར་མཆོག་དམན་སྤྱི་ལ་ཉུང་འདུས་སུ་བྱ་བའི་ཚུལ་དང་། བྱེ་བྲག་སྐྱེ་བོ་ཕལ་པ་ལ་དམིགས་སུ་བྱ་བའི་རིམ་པ་གཉིས་སུ་བསྟན་ནོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གཉིས་ལས། ཐོག་མར་བཅས་བཤམ་ནི། ལྷ་གཞུང་གང་ལ་བྱེད་པ་དེའི་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་ཚེ་རྫས་སོགས་བཤམ། དེའང་རྟ་མགྲིན་ནམ་མཁའ་འགྲོའི་ཕྲིན་ལས་ལྟ་བུ་བསྔགས་ཀྱང་སྟབས་བདེ་ཞིང་འདུས་ཆེ་བ་དཀོན་མཆོག་སྤྱི་འདུས་ལྟ་བུ་གཏང་ན་ལེགས་པས་དེའི་ལུགས་ལྟར་ཚོགས་པར་བྱའོ། །དེའི་མདུན་ངོས་སམ་སྟེགས་གཞན་ལ་འབྲུ་ཚོམ་ལྔ་བཀོད་པའི་སྟེང་རིན་པོ་ཆེའི་སྣོད་ལྔར་དབུས་སུ་གཏོར་མ་ཟུར་བརྒྱད། ཤར་དུ་ཟླུམ་པོ། ལྷོར་གྲུ་བཞི། ནུབ་ཏུ་ཟླ་གམ། བྱང་དུ་ཟུར་གསུམ་ཕྱོགས་མདོག་ཅན་རྒྱན་སྤྲོས་བྱས་པ་ལ་དར་ཐག་དབུས་དཀར་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་གུ་བསྒྲུབ་བྱའི་གདན་ལ་སླེབ་ཚོད་བྱས་པ་དྲིལ་ནས་བཞག །ཁྲུས་བུམ་བཅུད་ལྡན་མེ་ལོང་དར་དཀར་ཁྲུས་སྣོད་བཅས་པའང་འདུ་བྱ། སུན་ཟློག་གི་བཅས་ནི། ཤིང་སྟེགས་གྲུ་བཞི་པའི་སྟེང་ས་གཙང་མ་ལ་བང་རིམ་གསུམ་བྱས་པའི་སྟེང་དུ་བཙུན་པ་ལ་ལྷ་ཁང་གསེར་འཕྲུ་ཅན། སྔགས་པ་ལ་མཆོད་རྟེན། སྐྱེས་པ་ལ་མཁར་ཁང་དང་དཔལ་བཤོས། བུད་མེད་ལ་མལ་ཁང་སྟེ་ཁང་ཆུང་ལེགས་པར་བཟོས་པའི་ཕྱི་རོལ་ཤར་དུ་བོང་ཞོན། ལྷོར་གླང་ཞོན། ནུབ་ཏུ་འབྲུག་ཞོན། བྱང་དུ་རྨ་བྱ་ཞོན་པའི་བུད་མེད་དར་དང་རིན་པོ་ཆེས་བརྒྱན་པ། ལག་གཉིས་ཌཱ་དྲིལ་ཐོགས་པ་བཀོད། དེ་རྒྱབ་ཕྱོགས་མཚམས་བརྒྱད་དུ་གར་མཁན་གྱི་གཟུགས་བརྒྱད་བཞག །ཐུར་མའི་རྩེར་ཁྱུང་འབྲུག་སོགས་འདབ་ཆགས་བྱ་རིགས་ཀྱི་གཟུགས་སྣ་ཚོགས་འཛུགས། བང་རིམ་བར་མ་ལ་མཆོད་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པ་ཅི་འགྲུབ་དང་། ལྷ་བཤོས་བརྒྱད། མར་མེ་བརྒྱད། གཅན་གཟན། རི་དྭགས། གཡུང་དྭགས་རྣམས་སྤར་བཏབ་ལ་བཀོད། བང་རིམ་ཐ་མ་ལ་འབྲང་རྒྱས་ཞལ་དཀར་སྡེ་བརྒྱད་བཤོས་བུ་སྤྱི་མཐུན། ཏིང་ལོ་མཆོད་རྫས་དཀོར་ཆའི་བྱེ་བྲག་སྣ་ཚོགས་བཞག །སྟེགས་ཀྱི་སྟེང་དུ་ཆུ་གནས། ས་འཛུལ། ཁལ་བཀལ་བའི་གཟུགས་སྣ་ཚོགས་དང་། དཀར་མངར་འབྲུ་སྨན་རིན་པོ་ཆེ་དར་ཟབ་ཤ་ཚིལ་ལ་སོགས་པ་བླུགས་ལ་མཆོད་གཞིའི་མདུན་ངོས་ལྟ་བུ་གར་བདེར་གཞི་སྟེང་འབྲུ་ཚོམ་ལྔ་བཀོད་པའི་ཁར་བཞག་ལ་རྣམ་ལྔའི་མཆོད་པའང་བཤམ། དེའི་མདུན་དུ་སྣོད་གཙང་མར་འབྲུ་སྣའི་ཕྱེ་ལ་སྨན་སྣ་རིན་པོ་ཆེ་བསྲེས་པའི་སྦྱིན་བདག་གི་གླུད་ཆེ་ཞིང་ལེགས་པ་ལ་ལུང་ཏང་མིག་སོགས་བྱས་པ་དང་སྐྲ་སེན་དངོས་གླན། དར་གོས་དང་རྒྱན་གང་འབྱོར་བྱས་ལ་གླུད་ཕྲན་བཅུ་གཉིས་ཀྱིས་བསྐོར། སྦྱིན་བདག་ཕོ་མོ་གང་ཡིན་དང་མཐུན་པའི་ཤིང་ལ་ཁྲམ་ལོ་གྲངས་བཏབ་པ་ཕོ་ལ་དཔུང་པ་གཡས། མོ་ལ་གཡོན་དུ་བཙུགས། རྟ། དྲེལ། མཛོ། གཡག །གླང་སོགས་ལ་གསེར་དངུལ་འབྲུ་དར་ཇ་ནས་སོགས་ཀྱི་ཁལ་བཀལ་བའི་ཚུལ་ཅན་མང་དུ་བཞག །གླུད་ཡས་རྣམས་ཤིན་ཏུ་གཙང་མ་བྱ། དྲིལ་ཕྱིས་བཞག་མི་རུང་། ཟོར་གཏོར་དམར་པོ་གྲུ་གསུམ་རྩང་གིས་བརྒྱན་པ། འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ལ་དཀར་ངོས་མར་མེ་ལྔ་དང་ནག་ངོས་ཟོར་ཀོང་ལྔ་ཐུར་མ་ལ་བཙུགས་པ་རྣམས་གང་བདེར་བཞག །བླ་ཆེན་དཔོན་ཆེན་ལ་ཁྲི་དང་། གཞན་ལ་རང་ཚོད་དང་བསྟུན་པའི་གདན་དཀར། རྒྱ་གྲམ་གཡུང་དྲུང་གི་རི་མོ་ཡོད་པ། དབུ་ཞྭ། ཕྲེང་བ། བཀྲ་ཤིས་རྟགས་རྫས་སོགས་བཅག་ཐབས་འབུལ་ཆས་འོག་ནས་འབྱུང་བ་རྣམས་ཀྱང་གང་འཛོམ་དང་། མ་འཛོམ་པ་གཟུགས་བརྙན་བཅས་ཚོགས་པར་བྱའོ། །གཉིས་པ་ལས་གཞུང་བསྲང་བ་ནི། གསོལ་འདེབས་སྔོན་གཏོར་བགེགས་བསྐྲད་ནས་བརྩམ་མཐར་ཆགས་སུ་གཏང་ཞིང་། བཟླས་པ། བཀའ་སྲུང་གཏོར་འབུལ། ཚོགས་བྱིན་རླབས་ནས་གནམ་ཕུད་འབུལ་བའམ་བསྒྲལ་བསྟབ་ཡན་རྫོགས་པར་བྱ། ཁྲུས་བུམ་དུ་རྡོར་སེམས་རྣམ་འཇོམས་སྨེ་བརྩེགས་གང་རུང་སྒོམ་བཟླས་དང་འོད་ཞུ་བྱས་ལ་བཞག་གོ །གཉིས་པ་དངོས་གཞི་ལའང་གསུམ། སྔོན་འགྲོ་བྱིན་རླབས། དངོས་གཞི་སུན་ཟློག །རྗེས་གཤེགས་སྐྱོང་ངོ་། །དང་པོ་ནི། བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས། མདོས་ཀྱི་མི་གཙང་བ་བསྲེགས་གཏོར་བཀྲུས། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་མདོས་གཞི་ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་བཅས་པའི་ནང་དུ། མདོས་གཏོར་ནང་བཅུད་ཀྱི་དཔལ་འབྱོར་ལྷ་དང་མིའི་ལོངས་སྤྱོད། མཆོད་པའི་བྱེ་བྲག །སྐོང་བའི་དམ་རྫས། མཁོ་དགུའི་ཡོ་བྱད། མཛེས་དགུའི་གཟུགས་འགྲོས། གཅེས་དགུའི་དཀོར་ཆ། སྲོག་གི་སྐྱིན་པོ། ལུས་ཀྱི་ཚབ་རིན། འདོད་པའི་ཡོན་ཏན་མ་ཚང་བ་མེད་པ་རྒྱ་ནམ་མཁའ་དང་མཉམ་ཞིང་དུས་རྒྱུན་ཆད་མེད་པར། མགྲོན་རིགས་གོང་མ་ལ་མཆོད་པ་འོག་མ་ལ་སྦྱིན་པའི་གཏེར་ཆེན་བསམ་གྱིས་མི་ཁྱབ་པར་འབྱུང་བར་གྱུར། ཅེས་དམིགས་ལ་སྤྲོ་ན་སྔགས་དྲུག་ཕྱག་དྲུག་གི་བྱིན་རླབས་རྒྱས་པ་སྦྱར། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ་བོ། །གཉིས་པ་སུན་ཟློག་དངོས་གཞི་ལ་བདུན། ལས་གཞུང་། བཤགས་པ། གདན་བཞུགས། ཚོགས་མཆོད། གླུད་བསྔོ། དར་ཐག །བཅག་ཐབས་འབུལ་བའོ། དང་པོ་ནི། བདག་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་ནམ་མཁའ་ལ་སྤྲིན་ལྟར་འཁྲིགས། དཔའ་བོ་མཁའ་འགྲོ་བར་སྣང་ལ་ཆར་ལྟར་བབས། ཆོས་སྐྱོང་སྡེ་བརྒྱད་ས་གཞི་ལ་རླུང་ལྟར་འཚུབས་ཏེ་སྐད་ཅིག་གིས་བྱོན་ནས་མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར། ཅེས་དམིགས་ལ་སྦྱར་སྤོས་དབྱངས་རོལ་བཅས། ཧཱུྃ༔ དགོངས་ཤིག་སྤྲོས་པ་མེད་པའི་དབྱིངས༔ རང་བཞིན་མཐའ་བྲལ་ངང་ཉིད་ལས༔ ཀུན་རྫོབ་སྒྱུ་མ་ལྟ་བུ་ལས༔ ཐུགས་རྗེའི་སྤྲུལ་པ་སྐུ་བཞེངས་ཤིག༔ དུར་ཁྲོད་རབ་ཏུ་འབར་བའི་དབུས༔ རིན་ཆེན་ལས་གྲུབ་གཞལ་ཡས་ཁང༔ ཐོད་རུས་བརྩེགས་པའི་སྐུ་མཁར་ན༔ པདྨ་ཉི་ཟླ་གདན་དུ་བཏིང༔ ཏི་ར་བམ་ཆེན་གཅལ་དུ་བཀྲམ༔ དྲེགས་པ་ཕོ་མོ་བསྣོལ་བའི་ཁྲི༔ རབ་འཇིགས་གནས་མཆོག་དམ་པ་འདིར༔ སྤྱན་འདྲེན་བཞུགས་གསོལ་ཁྲུས་འབུལ་ལོ༔ ན་མོ༔ ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་དང༔ དཔལ་མགོན་ལྕམ་དྲལ་མ་ལུས་དང༔ ཕྱི་ནང་གསང་བའི་ལྷ་ཚོགས་ལ༔ རྟག་ཏུ་གུས་པས་ཕྱག་འཚལ་ལོ༔ སྨན་རཀ་གཏོར་མའི་མཆོད་པ་འབུལ༔ སྡིག་བཤགས་དགེ་ལ་རྗེས་ཡི་རངས༔ ཆོས་འཁོར་བསྐོར་ཞིང་བསྐལ་པར་ཡང༔ གྲངས་མེད་འགྲོ་བའི་དོན་ལ་བཞུགས༔ སྐྱབས་གསོལ་བྱང་ཆུབ་ཆེན་པོར་བསྔོ༔ ཧཱུྃ༔ ཀུན་བཟང་རྡོར་སེམས་དགའ་རབ་དང༔ འཇམ་དཔལ་ཤྲཱི་སིང་ཀླུ་སྒྲུབ་དང༔ ཨིནྡྲ་བོ་དྷི་པདྨ་འབྱུང༔ རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱང༔ ཕྱི་ནང་མཆོད་པ་འདི་བཞེས་ལ༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ བཅོམ་ལྡན་རྣམ་སྣང་དབྱིངས་ཕྱུག་སོགས༔ རིགས་ལྔ་ཡབ་ཡུམ་ལྕམ་དྲལ་དང༔ ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད༔ ཞི་བ་བཞི་བཅུའི་དཀྱིལ་འཁོར་རྣམས༔ ཕྱི་ནང་མཆོད་པ་འདི་བཞེས་ལ༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ ཆེ་མཆོག་ཡབ་ཡུམ་ཁྲོ་བོ་བཅུ༔ ཀཽ་རཱི་སིང་ཧ་དབང་ཕྱུག་སོགས༔ བཀའ་བརྒྱད་ཁྲོ་བོའི་ལྷ་ཚོགས་རྣམས༔ ཕྱི་ནང་མཆོད་པ་འདི་བཞེས་ལ༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་སོགས༔ མཁའ་འགྲོ་སྡེ་ལྔ་ཤུགས་འགྲོ་དང༔ ཨེ་ཀ་ཛཱ་ཊི་རེ་མ་ཏི༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱང༔ ཕྱི་ནང་མཆོད་པ་འདི་བཞེས་ལ༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ ཡེ་ཤེས་མགོན་པོ་མ་ནིང་དང༔ ཕྱག་བཞི་ཕྱག་དྲུག་གྲི་གུག་སོགས༔ དཔལ་མགོན་བདུན་ཅུ་སྲུང་མ་རྣམས༔ ཕྱི་ནང་མཆོད་པ་འདི་བཞེས་ལ༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ གཞན་ཡང་དུར་ཁྲོད་གནས་བརྒྱད་ན༔ ལས་ཀྱི་མཁའ་འགྲོ་མ་ལུས་དང༔ འདོད་དགུ་ལྷུན་གྲུབ་གཞལ་ཡས་ན༔ རིགས་ཀྱི་མཁའ་འགྲོ་ཐམས་ཅད་དང༔ དྲག་པོ་ཨེ་ཡི་གཞལ་ཡས་ན༔ འཇིག་རྟེན་དྲེགས་པ་ཕོ་མོ་དང༔ ཐོད་མཁར་འབར་བའི་ཕོ་བྲང་ན༔ གིང་ཆེན་གིང་ཕྲན་ལ་སོགས་དང༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཡང༔ ཕྱི་ནང་མཆོད་པ་འདི་བཞེས་ལ༔ དཔའ་བོ་མཁའ་འགྲོའི་སུན་མ་ཟློགས༔ ཧཱུྃ༔ སྟོང་ཉིད་ཕྱག་རྒྱ་ཆེན་པོ་ཡིས༔ ཡེ་ཤེས་མཁའ་འགྲོའི་སུན་མ་ཟློགས༔ བྱམས་དང་སྙིང་རྗེའི་སེམས་སྐྱེད་ཀྱིས༔ དབྱིངས་ཀྱི་མཁའ་འགྲོའི་སུན་མ༴ བསྟོད་བསྐུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ དཔའ་བོ་མཁའ་འགྲོའི་སུན་མ༴ དར་ཚོན་སྣ་ལྔའི་མཆོད་པ་ཡིས༔ རིགས་ཀྱི་མཁའ་འགྲོའི་སུན༴ ཐོད་པ་ལྟག་སྤྲོད་རྔ་སྒྲ་ཡིས༔ རྡོ་རྗེ་མཁའ་འགྲོའི་སུན༴ རིན་ཆེན་སྣ་ལྔའི་རྒྱན་ཆ་ཡིས༔ རིན་ཆེན་མཁའ་འགྲོའི་སུན༴ ཤ་ཆེན་སྤོས་ཀྱི་དུད་པ་ཡིས༔ པདྨ་མཁའ་འགྲོའི་སུན༴ སྨན་སྣ་ཚང་བའི་དམ་རྫས་ཀྱིས༔ ལས་ཀྱི་མཁའ་འགྲོའི་སུན༴ མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས༔ སངས་རྒྱས་མཁའ་འགྲོའི་སུན༴ རྐང་གླིང་དུང་དང་སྒྲ་དབྱངས་ཀྱིས༔ རིགས་ལྔ་མཁའ་འགྲོའི་སུན༴ ཤ་སྣ་ཚང་བའི་གཏོར་མ་འདིས༔ འཇིག་རྟེན་མཁའ་འགྲོའི་སུན༴ ཁྲག་སྣ་ཚང་བའི་གཏོར་མ་འདིས༔ ཤ་ཟ་མཁའ་འགྲོའི་སུན༴ མཚན་ལྡན་གསང་བའི་རྔ་ཆུང་འདིས༔ སྣ་ཚོགས་མཁའ་འགྲོའི་སུན༴ གཟུགས་དབྱིབས་མཆོད་རྫས་སྣ་ཚོགས་འདིས༔ ལྷ་སྲིན་སྡེ་བརྒྱད་སུན༴ ཕྱེ་མར་ཟས་སྐོམ་སྣ་ཚོགས་ཀྱིས༔ རིགས་དྲུག་ལན་ཆགས་སུན༴ འབྲང་རྒྱས་ཏིང་ལོ་ཞལ་དཀར་གྱིས༔ སྨན་མོ་བྲན་གཡོག་སུན༴ གསེར་གཡུ་རིན་ཆེན་ཁལ་བཀལ་འདིས༔ དཀོར་བདག་ཡོངས་ཀྱི་སུན༴ གཞན་ཡང་ཤིང་མེ་ས་ལྕགས་དང༔ ཆུ་དང་ནམ་མཁའི་ལྷ་ལ་སོགས༔ འབྱུང་བཞིའི་ལྷ་མོའི་སུན༴ རི་རབ་རྩེ་ལ་བཞུགས་པ་ནི༔ ལྷ་ཆེན་ཚངས་པ་ལ་སོགས་པའི༔ ལྷ་ཡི་སུན་མ་ཐམས་ཅད་ཟློགས༔ རི་རབ་རྩ་བར་བཞུགས་པ་ནི༔ ས་བདག་ཙང་ཀུན་ལ་སོགས་པ༔ ལྷ་མིན་གཡུལ་ངོའི་སུན༴ རྒྱུ་སྦྱོར་སྦྱིན་པའི་བདག་པོ་འདིའི༔ ཤ་ཡི་སུན་མ་ཐམས་ཅད་ཟློགས༔ ཁྲག་གི་སུན་མ་ཐམས་ཅད༴ རུས་པའི་སུན་མ་ཐམས་ཅད༴ དབང་པོ་སྒོ་ལྔའི་སུན་མ་ཐམས་ཅད༴ རྣམ་ཤེས་ཚོགས་བརྒྱད་སུན་མ་ཐམས་ཅད༴ མི་མཐུན་རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ མོ་ངན་རྩིས་རྩུབ་ཐམས་ཅད་ཟློག་ཏུ་གསོལ༔ རྟགས་མཚན་རྨི་ལམ་ངན་པ་ཟློག་ཏུ་གསོལ༔ བྲན་གཡོག་སྐྱེ་བོའི་ཡ་ག་ཟློག་ཏུ་གསོལ༔ བྷྱོ་བྷྱོ་ཟློག་ཟློག་དགྲ་ལ་སྒྱུར་དུ་གསོལ༔ ཞེས་བརྗོད། འདི་ལས་གཞུང་རྩ་བ་ཡིན་པས་ཚར་གྲངས་གསུམ་བདུན་ལོ་གྲངས་ལ་སོགས་པ་གང་འགྲུབ་འདོན། མདོས་ལ་འབྲུ་སྣ་ཚོགས་ཀྱིས་ཁ་གསོ། གཉིས་པ་བཤགས་པ་བྱ་བ་ནི། སྦྱིན་བདག་བོས་ལ་མདུན་དུ་བཞག །འབྲང་རྒྱས་ཀྱི་མར་མེ་ལྔ་པོ་སྦར་བ་བཏེགས། འབྲང་རྒྱས་སྟེང་དུ་མར་མེ་དུག་ལྔ་སྲེག་པའི་མེ་ཁ་དོག་ལྔ་ལྡན་དུ་འབར་བའི་ཀློང་དུ་རིགས་ལྔའི་མཁའ་འགྲོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལས་ཡེ་ཤེས་ལྔའི་མེ་འོད་རབ་ཏུ་འབར་བ་འཕྲོས་པས། བསྲུང་བྱའི་ཉོན་མོངས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཐུལ་ཐུལ་བསྲེགས་པའི་གཞོབ་ནག་མེ་འུར་དང་བཅས་པ་ཀོང་ནག་ཏུ་ཉིལ་ཉིལ་སོང་བར་གྱུར། ཧཱུྃ༔ རང་བཞིན་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་གསན་ཅིང་དགོངས་སུ་གསོལ༔ ཁྱེད་ནི་ཆོས་དབྱིངས་རྣམ་པར་དག་པ་ལ༔ བདག་ཅག་མ་རིག་གཏི་མུག་རྟག་ཏུ་འཁྲུལ༔ རྡོ་རྗེ་ཕག་མོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་མེ་ལོང་ཡེ་ཤེས་དག་པ་ལ༔ བདག་རྟོག་དབང་གིས་ཞེ་སྡང་རང་སར་བཟུང༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ གཟུང་འཛིན་མཐའ་བྲལ་མཉམ་ཉིད་ངོ་བོ་ལ༔ གཉིས་རྟོག་དབང་གིས་ང་རྒྱལ་རང་སར་བཟུང༔ རིན་ཆེན་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ པདྨ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ མ་འདྲེས་རང་གསལ་སོར་རྟོག་ངོ་བོ་ལ༔ ཞེན་འཛིན་དབང་གིས་འདོད་ཆགས་རང་སར་བཟུང༔ པདྨ་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ ལས་ཀྱི་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཕྲིན་ལས་རྣམ་དག་བྱ་གྲུབ་ངོ་བོ་ལ༔ ལོག་རྟོག་དབང་གིས་ཕྲག་དོག་རང་སར་བཟུང༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ འབྱུང་བ་ལྔ་ཡི་བདག་ཉིད་དགོངས་སུ་གསོལ༔ ཡེ་ནས་རྣམ་དག་སངས་རྒྱས་ངོ་བོ་ལ༔ གཟུང་འཛིན་དབང་གིས་ཨ་འཐས་དངོས་པོར་བཟུང༔ འབྱུང་ལྔ་བདག་མོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ ཤ་ཟ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང༔ དཀྱིལ་འཁོར་སྐྱོང་མཛད་མ་ཡམས་བརྟན་མའི་ཚོགས༔ མ་རིག་དབང་གིས་ཉེས་པའི་སྐྱོན་བྱུང་བ༔ རིགས་འདུས་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང༔ སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་པའི་ཚོགས༔ ཆོས་སྐྱོང་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ འགོ་བའི་ལྷ་སྲིན་སྡོངས་གྲོགས་བྱེད་པའི་ཚོགས༔ ཐམས་ཅད་ཀུན་ནས་བདག་ལ་དགོངས་སུ་གསོལ༔ བདག་ཅག་མ་རིག་རྨོངས་པའི་ལས་དབང་དང༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཁྱེད་ཀྱི་ཐུགས་དགོངས་ནམ་མཁའ་ལྟ་བུ་ལ༔ ཐུགས་ལ་བདག་རྟོག་གཉིས་འཛིན་མི་མངའ་ཡང༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མི་དམིགས་བཏང་སྙོམས་ངང་དུ་བཞེས་ནས་ཀྱང༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས༔ བཀའ་གསང་གཉན་པོའི་རྒྱུད་ནས་དེ་སྐད་གསུངས༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཕྲག་དོག་བག་ཆགས་སྐྱོན་གྱི་གྲིབ་མ་དེས༔ བདག་ལུས་སྒྱུ་མ་འདི་ལ་གོས་གྱུར་ན༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ཉམས་དང་དྲི་མའི་སྐྱོན་རྣམས་བྱང་བར་མཛོད༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས་པ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་པའི་ཟས་ཟོས་ཉམས་པའི་ཆུ་འཐུང་དང༔ ཉམས་དང་གཏམ་བརྗོད་ཁ་རླངས་ཕོག་པ་ཀུན༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས༔ ཉམས་དང་གྲིབ་མའི་སྐྱོན་རྣམས་བྱང་བར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ སྤྲོ་ཞིང་ནུས་ན་ཡེ་ཤེས་མཁའ་འགྲོའི་བཤགས་པ་སོགས་བྱ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ས་མ་ཡ་དྷཱ་ཀི་ནཱི་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པའི་མཐར། དྷཱ་ཀི་ནཱི་ས་མ་ཡ་སཏྭ་ཨ་ཨ་ཨ༔ ཞེས་པ་གསུམ་སོགས་བརྗོད། འབྲང་རྒྱས་དཀར་ནག་ཕན་ཚུན་མ་འགོས་པར་གྲིས་བཅད། དཀར་པོ་མཆོད་གཞིའི་སྟེང་དང་ནག་པོ་མདོས་མདུན་དུ་བཞག་གོ །གསུམ་པ་གདན་བཞུགས་ནི། བླ་མ་ཡིན་ན་རིགས་ལྔའི་ཕྱག་མཚན་རྒྱ་གྲམ་གྱིས་སྤྲས་པ་གདན་ཁྲི་རྒྱབ་ཡོལ་བླ་རེ་བཅས། སྔགས་པ། སྐྱེ་བོ། བུད་མེད་རིགས་ལྡན་སོགས་ལ་རང་ཚོད་དང་བསྟུན་པའི་གདན་བཏིངས་པ་ལ་བཞག་ནས་ཐོག་མར་ཁྲུས་བྱ་བ་ནི། ཁྲུས་བུམ་གྱི་ཁྲུས་ལག་ལེན་སྤྱི་མཐུན་བྱས་ཏེ། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས། རྒྱས་པར་སྤྲོ་ན། འདི་ནི་སྦྱིན་པའི་སོགས་ཕྱིན་དྲུག་ཚིགས་བཅད་དང་། བསྡུ་ན། འདི་ནི་ཕ་རོལ་ཕྱིན་དྲུག་ཆུ། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུའི། ཁྲུས་ལེགས་མཛད་ཀྱིས་ཁྲུས་གསོལ་ལོ། །ཞེས་དང་བར་མཚམས་རྣམས་སུ་ཁྲུས་བུམ་སྒྲུབ་བྱེད་གང་ཡིན་གྱི་སྔགས་དང་། ཨོཾ་ཨེ་ཧོཿཤུདྡྷེ་ཤུདྡྷེ། ཡཾ་ཧོཿཤུདྡྷེ་ཤུདྡྷེ། བཾ་ཧོཿཤུདྡྷེ་ཤུདྡྷེ། ལཾ་ཧོཿཤུདྡྷེ་ཤུདྡྷེ། རཾ་ཧོཿཤུདྡྷེ་ཤུདྡྷེ། ཨ་ཨཱ་སྭཱ་ཧཱ། ཆག་ཉམས་དང་རྟོག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཁྲུས་བདུན་རིག་པ་བཅས་བརྗོད་ལ་ཁྲུས་བྱ། དེ་དག་སྐུ་ལ་སོགས་ཤླཽ་ཀ་གཉིས་སྔགས་བཅས་བརྗོད་པས་སྐུ་ཕྱི་བྱ། མཁའ་འགྲོའི་གཏོར་མ་ལས་དར་ཐག་འཐེན་ཏེ་བསྒྲུབ་བྱའི་ཕྱོགས་བཞི་དབུས་ལྔར་སྦྲེལ། མདུན་དུ་མཆོད་པ་རྣམ་བདུན་བཤམ། དེ་ནས་བླ་ཆེན་དང་སྔགས་འཆང་ཚད་ལྡན་ཡིན་ན། སློབ་དཔོན་གྱི་གོ་ས་དང་བསྟུན་པའི་གུས་འདུད་དང་བཅས། ཀྱེ། འགྲོ་བའི་མགོན་སྐྱབས་ལགས། ཞེས་སམ། ཀྱེ༔ རིག་འཛིན་ཆེན་པོ་ལགས༔ ཁྱེད་མཁའ་འགྲོའི་གནས་སུ་མ་འབྱོན་པར༔ ངེད་རང་བོད་ཀྱི་ཡུལ་དུ་བཞུགས་པར་ཞུ༔ ཞེས་ཞུས་པའི་ལན་དུ། དེ་ལྟར་བྱའོ༔ ཞེས་གདབ། ཡང་ཞུ་འབུལ། ཧཱུྃ༔ མཁའ་འགྲོའི་ཡུལ་ལས་སྡུག་པ་མེད༔ འཇའ་ཚོན་གུར་ཁང་ལེགས་རྒྱུ་མེད༔ དེ་ཡང་མི་རྟག་ཡལ་ནས་འགྲོ༔ མེ་ཏོག་ཆར་འབབ་ལེགས་རྒྱུ་མེད༔ རྨི་ལམ་སྒྱུ་མ་ཙམ་ཞིག་ཡིན༔ ཕོ་བྲང་ལོངས་སྤྱོད་ལྡན་པ་ཡང༔ ཡང་དག་རྩིས་ན་ཡལ་ནས་འགྲོ༔ མཁའ་འགྲོའི་ཡུལ་ལས་སྡུག་པ་མེད༔ མཁའ་འགྲོའི་ཡུལ་ལས་བཙོག་པ་མེད༔ མཁའ་འགྲོའི་ཡུལ་ལས་ཞན་པ་མེད༔ མཁའ་འགྲོའི་ཡུལ་ལས་ངན་པ་མེད༔ ཟས་སུ་མི་ཤ་དྲོན་མོ་ཟ༔ སྐོམ་དུ་མི་ཁྲག་དྲོན་མོ་འཐུང༔ ལས་སུ་གསོད་དང་གཅོད་ལ་རྔམས༔ འཐབ་རྩོད་ལས་ལ་ཟིན་དུས་མེད༔ དེ་འདྲའི་ཡུལ་དུ་མ་བྱོན་པར༔ བོད་ཀྱི་ཡུལ་དུ་བཞུགས་པར་ཞུ༔ གླིང་མཆོག་ཁྱད་པར་འཛམ་བུའི་གླིང༔ ཡང་སྒོས་གངས་ཅན་བོད་ཀྱི་ཡུལ༔ སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན༔ སངས་རྒྱས་ཉིད་ཀྱིས་ལུང་བསྟན་ཅིང༔ དམ་ཆོས་དར་ཞིང་རྒྱས་པའི་ས༔ འདི་ལས་ལྷག་པ་གཞན་ན་མེད༔ མཁའ་འགྲོའི་གནས་སུ་མ་བྱོན་པར༔ བོད་ཀྱི་ཡུལ་དུ་བཞུགས་པར་ཞུ༔ ཕ་མ་སེམས་ཅན་དོན་དུ་བཞུགས་པར་ཞུ༔ བླ་ཆེན་ལ།་་་ཆོས་རྒྱུད་སློབ་རྒྱུད་སྤེལ་ཕྱིར་བཞུགས་པར་ཞུ༔ སྔགས་འཆང་ལ།་་་བུ་དང་ཚ་བོའི་དོན་དུ་བཞུགས་པར་ཞུ༔ གཉིས་ཀར།་་་དཀར་པོ་དགེ་བ་སྤེལ་ཕྱིར་བཞུགས་པར་ཞུ༔ ནག་པོའི་སྡིག་སྒྲིབ་སྦྱོང་ཕྱིར་བཞུགས་པར་ཞུ༔ ཉམས་རྟོགས་ཡོན་ཏན་རྒྱས་ཕྱིར་བཞུགས་པར་ཞུ༔ དལ་འབྱོར་དོན་ལྡན་བསྒྲུབ་ཕྱིར་བཞུགས་པར་ཞུ༔ ལན་དུ། དེ་ལྟར་བྱའོ༔ ཞེས་གདབ། བཀའ་དྲིན་ཆེའོ༔ ཞེས་ཞུ། སྐྱེས་པ་བུད་མེད་ཕལ་པ་ལ་ཞུས་ལན་མི་དགོས་པས་ཁྲུས་ཚར་ནས་ཚོགས་ལ་འཇུག་གོ །བཞི་པ་ཚོགས་མཆོད་ནི། ཚོགས་རྫས་ཆུ་ཆང་ནང་གསུམ་གྱིས་བྲན་ལ་དཀོན་སྤྱི་ལྟར། ཧྲཱི༔ བདག་ཉིད་ལྷ་ཡི་སོགས་ནས། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་བརྗོད། ཚོགས་ཕུད་སྨན་གཏོར་དང་མཁའ་འགྲོའི་གཏོར་མ་རྣམས་ལ་ཕུལ་ཏེ། ཧྲཱིཿ མཁའ་འགྲོའི་དབང་ཕྱུག་པདྨ་འོད་འབར་སྐུ །ཌཱ་ཀི་རྒྱ་མཚོའི་འཁོར་ཚོགས་སྤྲིན་ལྟར་འཁྲིགས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །མ་ཚོགས་མཁའ་འགྲོ་ཡོངས་ཀྱི་སུན་མ་ཟློགས། །ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །རྡོ་རྗེ་མཁའ་འགྲོ་འཁོར་ཚོགས་འབུམ་གྱིས་བསྐོར། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་སུན་མ༴ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རིན་ཆེན་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་སུན་མ༴ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ། །པདྨ་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །ནུབ་ཕྱོགས་པདྨ་མཁའ་འགྲོའི་སུན་མ༴ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་ཚོགས་བཅས་ཀྱིས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་སུན་མ༴ རིག་འཛིན་དཔའ་བོ་ཡོངས་རྗེ་པདྨ་འབྱུང་། །གིང་ཆེན་དཔའ་བོ་འབུམ་གྱི་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །རིག་འཛིན་དཔའ་བོ་ཡོངས་ཀྱི་སུན་མ༴ མ་མོ་ཡོངས་ཀྱི་དེད་དཔོན་པདྨ་འབྱུང་། །སྣང་སྲིད་མ་མོ་འབུམ་གྱི་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །སྣང་སྲིད་མ་མོ་རྣམས་ཀྱི་སུན་མ༴ བརྟན་མ་ཡོངས་ཀྱི་སྤྱི་རྗེ་པདྨ་འབྱུང་། །བརྟན་སྐྱོང་སྨན་ཕྲན་མང་པོའི་གཡོག་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །བརྟན་མ་བཅུ་གཉིས་རྣམས་ཀྱི་སུན་མ༴ སྣང་སྲིད་དྲེགས་པ་ཀུན་འདུལ་པདྨ་འབྱུང་། །སྡེ་དཔོན་སྡེ་བརྒྱད་ཡུལ་ལྷའི་བྲན་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །སྣང་སྲིད་སྡེ་བརྒྱད་རྣམས་ཀྱི་སུན་མ༴ ཆེ་མཆོག་པདྨའི་བཀའ་ལས་མ་འདའ་བར། །ཚེ་དང་སྲོག་གི་བར་ཆད་ད་ཟློགས་ཤིག །རྣལ་འབྱོར་བདག་དང་བསྲུང་བྱ་འཁོར་བཅས་ཀྱིས། །ཨོ་རྒྱན་ཚེ་དཔག་མེད་ལ་སྐྱབས་གསོལ་གྱིས། །ཐུགས་རྗེ་མ་ཆུང་སྔོན་གྱི་དམ་བཅའ་དགོངས། །དུས་མིན་འཆི་བའི་རྐྱེན་རྣམས་ཟློག་ནས་ཀྱང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད། །བདག་དང་བསྲུང་བྱ་རྡོ་རྗེའི་དམ་ཚིག་ཅན། །ལུས་རྟེན་འདི་ལ་སངས་རྒྱས་མ་ཐོབ་བར། །སྐྱེ་འཆི་འཕོ་འགྱུར་མེད་པར་དམ་བཅའ་འོ། །ཡེ་ཤེས་ལས་དང་འཇིག་རྟེན་སར་གནས་པའི། །མ་མོ་མཁའ་འགྲོ་ལྷ་སྲིན་ཐམས་ཅད་ཀྱང་། །འདི་ཉིད་བྱང་ཆུབ་སྒྲུབ་ལ་གེགས་མ་བྱེད། །གལ་ཏེ་བྱང་ཆུབ་སྒྲུབ་ལ་གེགས་བྱེད་ན། །ལྕང་ལོ་ཅན་དུ་ཁྲོ་བོའི་ཆད་པས་སྡིགས། །དམ་ཚིག་ཉམས་པས་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་དུས་མིན་འཆི་བའི་རྐྱེན་སོལ་ལ། །སྒྲུབ་མཆོག་རྣལ་འབྱོར་སྐུ་ཚེ་བསྲིང་བར་མཛོད། །ཨོཾ་དྷཱ་ཀི་ནཱི་ས་ར་ནན་མུ་ཁ་ས་དུ་ན་ཟློག །ཅེས་བརྗོད། སྤྲོ་ན། ཡེ་ཤེས་སྐུ་མཆོག་བརྗོད། ལྔ་པ་གླུད་བསྔོ་བ་ནི། ཟུར་གསལ་ལྟར་གླུད་རབས་ལྷའི་གཎྜེ་འདིར་སྦྱར། ན་མོ། བདག་གི་བསམ་པའི་སྟོབས་དག་སོགས་བདེན་ཚིག་བརྗོད་ལ། ཀྱེ༔ སུན་མའི་ཚོགས་རྣམས་སྙན་གསོན་དང༔ སངས་རྒྱས་དགོངས་པ་ལས་བྱུང་བའི༔ སྐུ་གླུད་རིན་ཆེན་རྒྱན་དང་ལྡན༔ མཚན་དཔེས་རབ་བརྒྱན་གཟི་བརྗིད་ཆེ༔ ཁ་དོག་དབྱིབས་ལེགས་བསམ་མི་ཁྱབ༔ སངས་རྒྱས་ཐུབ་པའི་སྐུ་ཚད་ཡིན༔ ཡོད་པ་རང་གི་རྒྱུ་ལས་བསྒྲུབས༔ མེད་པ་མི་ལ་བསླུས་ནས་བརྫངས༔ ཁྱོད་སུན་མའི་ཚོགས་ལ་གླུད་འབུལ་ལོ༔ ཚོགས་དང་གཏོར་མ་སྨན་རཀ་འབུལ༔ རོལ་མོ་སིལ་སྙན་མཆོད་པ་འབུལ༔ སྙན་པའི་དབྱངས་ཀྱི་མཆོད་པ་འབུལ༔ བདུད་རྩི་ཆང་གི་མཆོད་པ་འབུལ༔ ཕྱི་ནང་གསང་བའི་མཆོད་རྫས་འབུལ༔ མཁའ་འགྲོའི་སུན་མ་ཕྱིར་ལོག་མཛོད༔ རིགས་བཟང་སྐྱེས་བུ་འདི་ཉིད་ནི༔ འགྲོ་དོན་བསྟན་པ་རྒྱས་པ་དང༔ སེམས་ཅན་མྱང་འདས་དབྱིངས་འགོད་ཕྱིར༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ བོད་ཀྱི་ཡུལ་འདིར་བཞུགས་པ་ལ༔ ཁྱེད་རྣམས་སུན་མ་མི་འབྱོན་ཞུ༔ ཞེས་བསྔོ། འདིར་ལོངས་ཁྱབ་མེད་ན་གླུད་རབས་མི་སྦྱོར་བར་གླུད་བྱིན་རླབས་དང་བདེན་ཚིག་བརྗོད་ནས་གཞུང་འདི་ཁོ་ནས་བསྔོས་ཀྱང་འཐུས་སོ། །དྲུག་པ་དར་ཐག་བསྡུ་བ་ནི། ཐོག་མར་བླ་ཆེན་དང་སྔགས་འཆང་ཡིན་ན་མཎྜལ་ཚིག་ལྷུག་པའི་མཐར། འདི་ཉིད་དཔལ་ལྡན་བླ་མ་དམ་པ་གདུལ་བྱ་གཞན་དོན་དུ་མི་དགོངས་པར་བདག་སོགས་བསྟན་འགྲོའི་མགོན་དུ་ཡུལ་དང་གནས་མཆོག་འདི་ཉིད་དུ། ཞབས་པད་བསྐལ་པ་རྒྱ་མཚོར་འགྱུར་བ་མེད་པར་བརྟན་པར་གསོལ་བ་འདེབས་པའི་ཡོན་དུ་འབུལ་བར་བགྱིའོ། །ཞེས་དང་། ཀྱེ༔ འགྲོ་བའི་སྐྱབས་མགོན་མཚན་ལྡན་བླ་མ་རྗེ༔ གནས་གསུམ་མཁའ་འགྲོའི་ཡུལ་དུ་མ་འབྱོན་པར༔ བོད་ཡུལ་སེམས་ཅན་དོན་དུ་བཞུགས་སུ་གསོལ༔ བུ་སློབ་གདུལ་བྱ་སྨིན་གྲོལ་མཛད་དུ་གསོལ༔ ཡང་སྔགས་པ་ལ། ཀྱེ༔ མཐུ་སྟོབས་རྩལ་ལྡན་སྔགས་འཆང་ཆེན་པོ་རྗེ༔ ཞེས་ཚིག་རྐང་དང་པོ་ཁ་སྒྱུར་ལ་ཞུ། ཁྱིམ་བདག་དང་མོ་བཙུན་ཕལ་པ་ལ་མཎྜལ་མི་དགོས། བཀྲ་ཤིས་ཁ་དར་ལྟ་བུ་གཏད་ལ། ཀྱེ༔ རིགས་བཟང་ལྷ་ཡི་སྐྱེས་བུ་དཔའ་རྩལ་ཅན༔ ཅེས་སམ། ཀྱེ༔ རིགས་ལྡན་ལྷ་ཡི་སྲས་མོ་ཡིད་འོང་མ༔ ཞེས་པའི་མཐར། སུན་མས་བསླུས་པའི་ཡུལ་གཞན་མ་འབྱོན་པར༔ གཉེན་འབྲེལ་འཁོར་འབངས་དོན་དུ་བཞུགས་སུ་གསོལ༔ དཀར་པོ་དགེ་བའི་ལམ་མཆོག་མཐར་ཕྱིན་མཛོད༔ ཅེས་བརྗོད་པའི་ལན་སྔར་བཞིན་བཏབ། དེ་ནས་སློབ་དཔོན་ནམ་ལས་རྡོར་གྱིས་དར་ཐག་འདོན་ཚིག་དང་བསྟུན་ལ་བསྡུས་ཏེ། ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །རང་འདྲ་རྡོ་རྗེ་དཔའ་བོར་བཅས། ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ཤར་གྱི་དར་ཐག་དབྱིངས་སུ་སྡུས། །ཤར་གྱི་སུན་མ་ཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོངས་གྲོགས་མཛོད། ༼།སྒོས་མཚན་ལྡན་བླ་མའི་སྐུ་ཚེ་སྲིངས། །ཞེས་དང་། སྔགས་པ་ལ། སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཞེས་དང་། སྐྱེས་པ་ལ། སྒོས་སྐྱེས་བུ་འདི་ཡི་ཚེ་སྲོག་སྲིངས། །བུད་མེད་ལ། སྒོས་རིགས་ལྡན་འདི་ཡི་ཚེ་སྲོག་སྲིངས། །ཞེས་སྒྱུར་བ་འོག་མ་རྣམས་ལའང་འགྲེ །རྡོར་སེམས་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་འཚོ་གཞེས་ཤོག །ཅེས་རོལ་མོ་དང་བཅས་ཤར་གྱི་དར་ཐག་གཏོར་མའི་དྲུང་དུ་བསྡུ་བ་འོག་མ་རྣམས་ལའང་རིགས་འགྲེ། ༈ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །རང་འདྲ་རིན་ཆེན་དཔའ་བོར་བཅས། ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ལྷོ་ཡི་དར་ཐག་དབྱིངས་སུ་སྡུས། །ལྷོ་ཡི་སུན་མ་ཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོངས་གྲོགས་མཛོད། ༼།སྒོས་མཚན་ལྡན་བླ་མའི་སྐུ་ཚེ་སྲིངས།༽ །རིན་འབྱུང་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་འཚོ་གཞེས་ཤོག ༈ །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་མདངས་དང་ལྡན། །རང་འདྲ་པདྨ་དཔའ་བོར་བཅས། ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ནུབ་ཀྱི་དར་ཐག་དབྱིངས་སུ་སྡུས། །ནུབ་ཀྱི་སུན་མ་ཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོངས་གྲོགས་མཛོད། ༼།སྒོས་མཚན་ལྡན་བླ་མའི་སྐུ་ཚེ་སྲིངས།༽ །སྣང་མཐའ་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་འཚོ་གཞེས་ཤོག ༈ །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་མདངས་དང་ལྡན། །རང་འདྲ་ཀརྨ་དཔའ་བོར་བཅས། ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །བྱང་གི་དར་ཐག་དབྱིངས་སུ་སྡུས། །བྱང་གི་སུན་མ་ཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོངས་གྲོགས་མཛོད། ༼།སྒོས་མཚན་ལྡན་བླ་མའི་སྐུ་ཚེ་སྲིངས།༽ །དོན་གྲུབ་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་འཚོ་གཞེས་ཤོག ༈ །དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་མདངས་དང་ལྡན། །རང་འདྲ་བུདྡྷ་དཔའ་བོར་བཅས། ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །དབུས་ཀྱི་དར་ཐག་དབྱིངས་སུ་སྡུས། །དབུས་ཀྱི་སུན་མ་ཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོངས་གྲོགས་མཛོད། ༼།སྒོས་མཚན་ལྡན་བླ་མའི་སྐུ་ཚེ་སྲིངས།༽ །སྣང་མཛད་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་འཚོ་གཞེས་ཤོག །ཅེས་དབུས་ཀྱི་དར་ཐག་བསྡུ་འོ། །བདུན་པ་བཅག་ཐབས་འབུལ་ཚིགས་གཤར་གདངས་བྱ། འབུལ་བྱ་རེ་རེ་བཞིན་དངོས་འབྱོར་དངོས་དང་མ་འབྱོར་པ་གཟུགས་བརྙན་ལ་སོགས་འབུལ་ཏེ། བླ་མ་ལ། ཀྱེ༔ འགྲོ་བའི་སྐྱབས་མགོན་མཚན་ལྡན་བླ་མ་ལ༔ ཟིལ་གནོན་དབུ་ཞྭའི་བཅག་ཐབས་འབུལ་ལོ༔ དབུ་ལ་བཞེས༔ བཟླས་བརྗོད་ཕྲེང་བའི་བཅག་ཐབས་འབུལ་ལོ༔ ཕྱག་ལ་དཀྲི༔ རྡོ་རྗེ་དྲིལ་བུའི་བཅག་ཐབས་འབུལ་ལོ༔ རྡོར་དྲིལ་ཕྱག་གཉིས་བསྣོལ་རྒྱས་ཐུགས་ཀར་བླང༔ སྣང་གསལ་མར་མེའི་བཅག་ཐབས་འབུལ་ལོ༔ ཞལ་ཟས་ཚོགས་ཀྱི་བཅག་ཐབས༴ བདུད་རྩི་རཀྟའི་བཅག་ཐབས༴ བདེ་ཆེན་ལོངས་སྤྱོད་བཅག་ཐབས༴ ཤ་ཆང་སྤོད་སྣའི་བཅག་ཐབས༴ འདོད་ཡོན་ལྔ་ཡི་བཅག་ཐབས༴ མེ་ཏོག་འབྲུ་སྣའི་བཅག་ཐབས༴ དར་ཟབ་ན་བཟའི་བཅག་ཐབས༴ ཕྱག་མཚན་བཟང་པོའི་བཅག་ཐབས༴ བདེ་སྟོང་གྲོགས་ཀྱི་བཅག་ཐབས༴ གླེགས་བམ་པོ་ཏིའི་བཅག་ཐབས༴ ཀུ་ཀུ་རཱ་ཙའི་བཅག་ཐབས༴ གྱི་ལིང་རྟ་ཡི་བཅག་ཐབས༴ བཞུགས་གདན་འབོལ་གྱི་བཅག་ཐབས༴ བཞུགས་ཁང་ཕོ་བྲང་བཅག་ཐབས༴ དཔོན་སློབ་གྲྭ་པའི་བཅག་ཐབས༴ འདུས་པ་འཁོར་གྱི་བཅག་ཐབས་འབུལ་ལོ༔ ཞེས་འབུལ་ལོ། སྔགས་པ་ལ། ཀྱེ༔ མཐུ་སྟོབས་རྩལ་ལྡན་སྔགས་འཆང་ཆེན་པོ་ལ༔ ཟིལ་གནོན་དབུ་ཞྭའི་སོགས་གོང་བཞིན་བྱ། སྐྱེས་པ་ལ། ཀྱེ༔ རིགས་བཟང་ལྷ་ཡི་སྲས་པོ་ལ༔ ཟིལ་གནོན་དབུ་ཞྭའི་བཅག་ཐབས་འབུལ་ལོ༔ མཛེས་པའི་རྒྱན་གྱི་བཅག་ཐབས༴ འདོད་ཡོན་ལྔ་ཡི་བཅག་ཐབས༴ མེ་ཏོག་འབྲུ་སྣའི་བཅག་ཐབས༴ དར་ཟབ་ན་བཟའི་བཅག་ཐབས༴ ཕྱག་མཚན་བཟང་པོའི་བཅག་ཐབས༴ བདེ་སྟོང་གྲོགས་ཀྱི་བཅག་ཐབས༴ ཀུ་ཀུ་རཱ་ཙའི་བཅག་ཐབས༴ གྱི་ལིང་རྟ་ཡི་བཅག་ཐབས༴ བཞུགས་གདན་འབོལ་གྱི་བཅག་ཐབས༴ བཞུགས་ཁང་ཕོ་བྲང་བཅག་ཐབས༴ ལོངས་སྤྱོད་ནོར་རྫས་བཅག་ཐབས༴ གཉེན་འབྲེལ་མཛའ་བཤེས་བཅག་ཐབས༴ འདུས་པ་འཁོར་གྱི་བཅག་ཐབས་འབུལ་ལོ༔ ཞེས་དང་། བུད་མེད་ལ། ཀྱེ༔ རིགས་ལྡན་ལྷ་ཡི་སྲས་མོ་ལ༔ རིན་ཆེན་དབུ་རྒྱན་བཅག་ཐབས་འབུལ༔ མཛེས་པའི་རྒྱན་གྱི་སོགས་མན་སྐྱེས་པ་ལྟར་བྱའོ། །དེ་ནས་བླ་ཆེན་ཡིན་ན། ཁྲི་འགྱུར་བ་མེད་པ་རྡོ་རྗེའི་ཁྲི། །འཕོ་འགྱུར་མེད་པ་ནོར་བུའི་ཁྲི། །འཇིགས་བརྒྱད་བྲལ་བ་སེང་གེའི་ཁྲི། ཁྲི་འདི་ལས་ལྷག་པ་གཞན་ན་མེད། ཁྲི་འདི་ལ་དགོངས་ནས་བཞུགས་སུ་གསོལ། །གདན་དྲི་མ་མེད་པ་པདྨའི་གདན། །མ་རིག་མུན་སེལ་ཟླ་བའི་གདན། །གསལ་འགྲིབ་མེད་པ་ཉི་མའི་གདན། །གདན་འདི་ལས་ལྷག་པ་གཞན་ན་མེད། །གདན་འདི་ལ་དགོངས་ནས་བཞུགས་སུ་གསོལ། །མི་འགྱུར་གཡུང་དྲུང་ལྟ་བུར་བཞུགས་སུ་གསོལ། །མི་འགག་ཚངས་དབྱངས་ལྟ་བུར་བཞུགས་སུ་གསོལ། །གཡོ་མེད་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །ལྷུན་གྲུབ་ཆེན་པོའི་ངང་དུ་བཞུགས་སུ་གསོལ། །ཕྱོགས་ལས་རྣམ་རྒྱལ་མངའ་བར་བཞུགས་སུ་གསོལ། །ཞེས་དང་རང་རང་གི་ཞབས་བརྟན་ཤེས་ནའང་བརྗོད། སྔགས་པ་ཆེ་རིགས་ལའང་དེ་ལྟར་བྱ། ཕལ་པ་རྣམས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། །བླ་མ་མཆོག་གསུམ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །ཚེ་སྲོག་བར་དུ་གཅོད་པ་ཀུན་ཞི་ཞིང་། །ལོ་བརྒྱར་འཚོ་གཞེས་དོན་གཉིས་མཐར་ཕྱིན་ཤོག །ཅེས་སོགས་རིང་འཚོའི་སྨོན་ལམ་ཇི་ལྟར་འོས་པ་བྱའོ། །དེ་ནས་ཕྱེ་མར་དང་དཀར་སྤྲོ་སོགས་ཡོད་ན་དྲང་། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་དཀོན་སྤྱི་ལྟར་བྱ། །གསུམ་པ་རྗེས་གཤེགས་སྐྱོང་ལ་བརྒྱད། ཆད་ཐོ། བཀའ་བསྒོ། གཤེགས་གསོལ། ཟོར་འཕེན་པ། བརྟན་མ། རྟ་བྲོ། སྲུང་འཁོར། ཚེ་འགུགས་སོ། །དང་པོ་ལ་ལམ་སེལ་དཀར་གཏོར་དང་གསེར་སྐྱེམས་བཤམ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཧཱུྃ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །གསེར་སྐྱེམས་འདི་བཞེས་མདོས་ཟོར་ལམ་སྒོ་ཕྱེས། །རྣལ་འབྱོར་མཐུ་སྐྱེད་བར་ཆད་རྐྱེན་ངན་ཟློགས། །དཔལ་མགོན་བདུན་ཅུ་དཀར་པོའི་ཕྱོགས་སྐྱོང་དང་། །བོད་སྐྱོང་སྲུང་མ་ཡུལ་རིས་གཞི་གནས་བདག །གསེར་སྐྱེམས་འདི་བཞེས་མདོས་ཟོར་ལམ་སྒོ་ཕྱེས། །རྣལ་འབྱོར་མཐུ་སྐྱེད་བར་ཆད་རྐྱེན་ངན་ཟློགས། །ཕ་མེས་རྒྱུད་སྲུང་ལོ་ཟླ་ཞག་དུས་བདག །ཁྱད་པར་དུས་དང་ཕྱོགས་སུ་རྒྱུ་བ་རྣམས། །གསེར་སྐྱེམས་འདི་བཞེས་མདོས་ཟོར་ལམ་སྒོ་ཕྱེས། །རྣལ་འབྱོར་མཐུ་སྐྱེད་བར་ཆད་རྐྱེན་ངན་ཟློགས། །ཅེས་མདོས་ཟོར་གཏང་ཕྱོགས་སུ་འབུལ། དེ་ནས་དམར་གཏོར་ལ་འགུགས་གཞུག་བྱས་ཏེ། སྤྲོ་ན་དྲག་སེང་ལྟ་བུ་ཡི་དམ་གྱི་བསྐུལ་འདོན། བསྡུ་ན་མི་དགོས། ལས་གཞུང་གི་ཆད་མདོ་གྱེར་ལ་གཏོར་མ་ཕུལ། གཉིས་པ་བཀའ་བསྒོ་བ་ནི། དར་རས་འབྲུ་སྨན་ཟས་སྣ་སོགས་རྫོངས་སུ་བཏབ་ལ། ཧཱུྃ་བྷྱོ༔ རྣལ་འབྱོར་དུར་ཁྲོད་རྒྱུ་ཞིང་ཚོགས་ཁང་ཉུལ༔ ཟས་སུ་ཤ་ཟ་སྐོམ་དུ་ཁྲག་ལ་འཐུང༔ ལས་སུ་སངས་རྒྱས་བསྟན་པ་སྐྱོང་བ་རྣམས༔ མཆོད་གཏོར་བཞེས་ལ་ཤུགས་འགྲོའི་སུན་མ་ཟློགས༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས༔ མ་ཚོགས་དབང་ཕྱུག་བདུད་མོའི་སུན་མ་ཟློགས༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་བདག་གི་དམ་མ་འདའ༔ ཡང་གཅིག་སུན་མ་ཟློག་པ་ནི༔ ཡེ་ཤེས་མཁའ་འགྲོའི་སུན་མ་ཟློགས༔ འཇིག་རྟེན་མཁའ་འགྲོའི་སུན་མ་ཟློགས༔ ཆོས་སྐྱོང་སྲུང་མའི་སུན་མ༴ གཞི་བདག་ལྷ་ཀླུའི་སུན་མ༴ ཡང་གཅིག་སུན་མ་ཟློག་པ་ནི༔ མ་མོ་མཁའ་འགྲོའི་རྒྱལ་མོ་སྟེ༔ དཀར་མོ་སྤྱན་གཅིག་མ་ཡི་སུན་མ༴ ནག་མོ་རལ་གཅིག་མ་ཡི་སུན་མ༴ སློབ་དཔོན་སྲུང་མའི་སུན་མ༴ བླ་རྐུན་བཞི་ཡི་སུན་མ༴ མ་མོ་རྣམ་བཞིའི་སུན་མ༴ ལས་ཀྱི་མ་བཞིའི་སུན་མ༴ བསེ་ཡི་ལྷ་མོ་བཞི་ཡི་སུན་མ༴ གནོད་སྦྱིན་སྙིང་འཕྲོག་སུན་མ༴ བཀའ་སྡོད་བློན་པོ་བཞི་ཡི་སུན་མ༴ དམ་གནས་མ་བཞིའི་སུན་མ༴ ཡིད་སྐྱེས་མཁའ་འགྲོའི་སུན་མ༴ དབུགས་འཕྲོག་ལྷ་མོ་བཞི་ཡི་སུན་མ༴ སྙིང་འཕྲོག་མ་བཞིའི་སུན་མ༴ ལས་ཀྱི་མ་མོ་བཞི་ཡི་སུན་མ༴ མ་སྲིང་བརྟན་མའི་སུན་མ༴ སྟེང་ཕྱོགས་ལྷ་ཡི་སུན་མ༴ འོག་ཕྱོགས་ཀླུ་ཡི་སུན་མ༴ བར་སྣང་གཉན་གྱི་སུན་མ༴ སུན་མའི་རིགས་གྱུར་ཐམས་ཅད་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ མི་བས་གླུད་མཚར་མཆོད་པ་འབུལ༔ བྱ་ལས་སྤུ་མཚར་མཆོད་པ་འབུལ༔ མཆོད་པ་བཞེས་ལ་སུན་མ་ཟློགས༔ ཞེས་བརྗོད་ལ་གླུད་སྔོན་དུ་འགྲོ་བའི་མདོས་ཁ་ཕྱིར་སྒྱུར་རོ། །གསུམ་པ་གཤེགས་གསོལ་ནི། ཧཱུྃ༔ ད་ནི་གཤེགས་ཤིག་གཤེགས་རེ་རན༔ ད་ནི་བཞུགས་པ་ཡུན་མ་རིང༔ ཉི་མ་ནུབ་ཕྱོགས་ཕ་གི་ནས༔ མཁའ་འགྲོའི་འབོད་དབྱངས་ལྷངས་སེ་ལྷང༔ རོལ་མོ་སིལ་སྙན་ཁྲོལ་ལོ་ལོ༔ དཔའ་བོ་དཔའ་མོ་གར་སྟབས་འཁྱུག༔ དེ་འདྲའི་གནས་མཆོག་ཉམས་རེ་དགའ༔ དེ་འདྲའི་གནས་མཆོག་དྲི་རེ་ཞིམ༔ ཁྱེད་རྣམས་དེ་རུ་བྱོན་རེ་རན༔ རང་རང་ཡུལ་དེར་གཤེགས་སུ་གསོལ༔ བསྐྱལ་ལོ་ཁྱེད་རྣམས་འབྱོན་པར་ཞུ༔ ཁྱེད་རྣམས་འབྱོན་པའི་ཤུལ་ལམ་བདེ༔ དྲི་བཟང་སྨན་ངད་ཆི་ལི་ལི༔ རྐང་གླིང་མཆོད་ཚོགས་ཐིབས་སེ་ཐིབ༔ ཞིང་ལྤགས་གཡང་གཞི་གོས་རེ་དྲོ༔ ཐོད་པའི་ཁང་ཁྱིམ་བརྗིད་རེ་ཆེ༔ བམ་ཆེན་མི་རོ་དཔངས་རེ་མཐོ༔ ཚིལ་ཆེན་མར་མེ་འོད་རེ་ཆེ༔ རཀྟའི་རྒྱ་མཚོ་མེ་རེ་རེ༔ བ་ལིཾ་གཏོར་མ་རི་ལྟར་སྤུངས༔ མེ་ཏོག་ཤིང་ཐོག་བཀྲག་མདངས་ལྡན༔ ཟས་སྣ་སྣ་ཚོགས་ཐིབས་སེ་ཐིབ༔ ཁྱེད་རྣམས་ལམ་བསྟན་ཤིན་ཏུ་ལེགས༔ ད་ལྟ་ཉིད་དུ་གཤེགས་པར་ཞུ༔ སྐྱི་སེར་རླུང་ལ་འཆིབས་ཏེ་གཤེགས༔ བྱ་རྒྱལ་རྒོད་པོ་འཆིབས་ཏེ་གཤེགས༔ རྟ་དྲིལ་བོང་བུ་འཆིབས་ཏེ་གཤེགས༔ སྟག་གཟིག་དོམ་དྲེད་འཆིབས་ཏེ་གཤེགས༔ ལམ་བསྟན་སྡང་བའི་དགྲ་ལ་བསྟན༔ ལམ་བསྟན་གནོད་པའི་བགེགས་ལ་བསྟན༔ ཞེས་བརྗོད་ལ། སྣང་སྲིད་ཀྱི་མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་རྣམས་ཀྱིས་མདོས་ཡས་རྣམས་དང་སྦྱིན་བདག་གི་གླུད་ལ་སོགས་པ་ཁྱེར་ནས་དགྱེས་ཤིང་ཚིམས་ཏེ་རང་རང་འདོད་པ་བསྐངས། སྔོན་ཆད་གནོད་པ་བྱས་པ་རྣམས་བཀྲོལ། ཕྱིན་ཆད་མི་བྱེད་པར་དམ་བཅས་ཏེ་རང་གནས་སུ་དགྱེས་པས་གཤེགས་པར་གྱུར་པར་མོས་ལ། སྐུ་གླུད་དང་རྫོངས་བ་རྣམས་ཀྱིས་སྣ་དྲངས་མདོས་ཐག་རིང་དུ་བསྐྱལ་ལོ། །དེའང་ཤར་དུ་ཕུལ་ན་སུན་མའི་སྣ་འདྲེན་དུ་འགྱུར་བར་གསུངས་པས་མི་ལེགས། སྒྲུབ་པ་པོ་དང་སྦྱིན་བདག་གི་ལོ་ལྷ་མིན་ཞིང་མཁའ་འགྲོ་ཕར་རྒྱུ་ཕྱོགས་དེ་འགྲིགས་ན་ལེགས། འབུལ་ཡུལ་དངོས། ནུབ་སྟོད་སྨད་ལྷོ་ནུབ་ནུབ་བྱང་རྣམས་ལ་འབུལ་དགོས་པར་གསུངས། ནད་པ་ཡིན་ན་གླུད་ཕྲན་གཅིག་འདྲེ་ལྔ་སྡོད་པའི་སར་སྐྱེལ་བའང་བཤད་དོ། །བཞི་པ་ཟོར་འཕེན་པ་ནི། སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་ཟོར་གཏོར་མདོས་བོར་བའི་རྒྱབ་ཕྱོགས་སུ་འཕེན་ལ། ཧཱུྃ༔ དམར་གྱི་གཏོར་མ་ཆེན་པོ་འདི༔ མཁའ་འགྲོ་དམ་ཅན་མཆོད་པའི་རྫས༔ བགེགས་དང་དམ་སྲི་སྒྲོལ་བའི་མཚོན༔ ནད་དང་རིམས་ཀྱི་ན་བུན་འཐིབས༔ མཚོན་དང་ཐུན་གྱི་ཆར་པ་འབེབ༔ བསྟན་པ་བཤིག་པའི་དགྲ་བོ་ལ༔ མཚོན་ཆ་སྣ་ཚོགས་ཆར་པ་ཕོབ༔ ཁྲག་ཐུན་སྔགས་ཟོར་དགྲ་ལ་རྒྱོབ༔ ཕུང་བྱེད་འདྲེ་ལ་གཏོར་ཟོར་རྒྱོབ༔ གནོད་བྱེད་བགེགས་ལ་གཏོར་ཟོར་རྒྱོབ༔ བར་ཆད་རྐྱེན་ལ་གཏོར་ཟོར་རྒྱོབ༔ མ་མོ་མཁའ་འགྲོའི་དམག་དཔུང་ཟློགས༔ སྣང་སྲིད་ཡོངས་ཀྱི་སུན་མ་ཟློགས༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློགས༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ རྨི་ལམ་མཚན་ལྟས་ངན་པ༴ མི་ཁ་བྲ་མཆུ་ཐམས་ཅད༴ བསམ་ངན་སྦྱོར་རྩུབ་ཐམས་ཅད༴ རླུང་འཁོར་ཕུང་སེལ་ཐམས་ཅད༴ བྱད་ཕུར་ཁང་སེལ་ཞིང་སེལ༴ ཐབ་སེལ་བྱེད་པའི་ལྟས་ངན༴ ནད་ཡམས་འཁྲུག་རྩོད་ཐམས་ཅད༴ འཇིག་རྟེན་འདས་དང་མ་འདས་ཀྱི༔ ལྟས་ངན་སུན་མ་ཐམས་ཅད༴ ཟློག་གོ་གཏོར་མདོས་འདི་ཡིས་ཟློགས༔ སྒྱུར་རོ་ཆག་ཆེ་ཉམ་ང་སྒྱུར༔ ཡེ་ཤེས་དང་འཇིག་རྟེན་གྱི་སུན་མ་ཐམས་ཅད་རང་གནས་སུ་ཟློགས་ཤིག༔ མཱ་ར་ཡ་ཕཊ༔ ཟློགས་ཤིག༔ ཅེས་བརྗོད་ལ། གཞན་ཡང་སེང་གདོང་མ་དང་། ལོཀྟྲིའི་དམོད་པ་གཙོར་གྱུར་ཐལ་རྡེབ་ཟློག་པ་ཅི་འགྲུབ་བྱའོ། །ལྔ་པ་བརྟན་སྐྱོང་ནི། གཏོར་སྣོད་བཤལ་པའི་ཆུ་བརྟན་མའི་གཏོར་མར་བླུགས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབས་ལ་ལས་གཞུང་ལྟར་བརྟན་མ་བསྐྱང་། དྲུག་པ་རྟ་བྲོ་ནི། གཏོར་སྣོད་སྦུབས་པའི་འོག་ཏུ་སྒབ་འདྲེ་དམ་སྲི་འགུགས་གཞུག་བྱས་ལ་རྟ་བྲོ་བརྡུངས་ཤིང་ལྷ་རྒྱལ་བརྗོད། བདུན་པ་སྲུང་འཁོར་ནི། ལས་གཞུང་གི་སྲུང་འཁོར་འདོན་ལ་བསྒྲུབ་བྱ་སྲུང་འཁོར་ཤིན་ཏུ་བརྟན་པོའི་ནང་དུ་ཚུད་ཅིང་ཚེ་དཔག་མེད་ཀྱི་སྐུར་གྱུར་པར་མོས། བརྒྱད་པ་ཚེ་འགུགས་ནི། མདའ་དར་གཡབ་ལ་ཚེ་འགུགས་གྱེར། ཚེ་རྫས་ཡོད་ན་བཀྱེ་ཞིང་ཚེ་ཆང་དྲང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ནི། ལྷ་གཞུང་གི་གཏང་རག་མཆོད་བསྟོད། ནོངས་བཤགས་ནས། ཤིས་བརྗོད་སོགས་ལས་གཞུང་ལྟར་ཚང་བར་བྱའོ།། ༈ །།གཉིས་པ་ཕལ་པ་ལ་དམིགས་སུ་བྱ་བ་ནི། གོང་གི་དེས་ཀྱང་འཐུས་མོད། གདན་བཞུགས་བཅག་ཐབས་སོགས་མི་དགོས་པའི་དཀྱུས་མ་འདིའང་སྟབས་བདེ་ཞིང་འཐད་པས་དེ་ལྟར་ན། ལྷ་གཞུང་གི་མཆོད་ཚོགས་གཏོར་མ་བཤམས་པའི་མདུན་དུ་ཁྲིའུའི་ཁར་མཁའ་འགྲོའི་དཔལ་གཏོར་ཟུར་གསུམ་ཆེ་བ་གཅིག་ལ་ཟུར་གསུམ་བཅུ་གསུམ་དང་མར་མེ་བཅུ་གསུམ་གྱིས་བསྐོར། སྡེ་བརྒྱད་བཤོས་བུ་སྤྱི་མཐུན་ཡང་མཐའ་སྐོར་དུ་བཞག་ལ་དར་ཟབ་སྙིང་སྣ་ཤ་སྣ་ལ་སོགས་པས་བརྒྱན། སྨན་རཀ །ཕྱི་མཆོད་ཕྲེང་ཚར་དུ་བཤམ། དེའི་མདུན་ཕྱོགས་དམའ་བར་ལྷ་མོ་ནག་མོ་དྲེའུ་ནག་ལ་ཁ་ཕྱིར་ལོག་ཏུ་ཞོན་པ། གཡས་ཁྲམ་ཤིང་དང་གཡོན་ཐོད་ཁྲག་འཛིན་ཅིང་མི་ལྤགས་གྱོན་པའི་གཟུགས་བྱས་ལ་བཞག །སྦྱིན་བདག་གི་གླུད་མཐོ་གང་ལས་མི་ཆུང་བ་སྐྲ་སེན་གོས་དུམ་བསྐོར། གླུད་རྫས་ཚང་བར་བྱས་ལ་ལྷ་མོ་ལ་ཁ་ཕྱོགས་པར་བཞག་པའི་བར་དུ། གླུད་རྫས་དར་རས་འབྲུ་སྨན་རིན་ཆེན་ཤ་མར་ཇ་དར་སོགས་ཅི་འབྱོར་དང་། མ་འབྱོར་ན་ས་རྡོ་དཀར་ནག་དང་བྱེ་མ་ལ་སོགས་པ་ལོངས་སྤྱོད་སྣ་ཚོགས་སུ་དམིགས་ལ་སྣོད་དུ་སྤུངས་པའི་ལོགས་སུ་འཇལ་བྱེད་བྲེ་སྲང་རྒྱ་ཕུལ་གཉིས་གསུམ་བཟོས་ལ་བཞག །དེ་ནས་དཀོན་སྤྱི་ལྟ་བུ་ཡི་དམ་གང་ལ་བརྟེན་ཀྱང་རུང་མོད། མཁའ་འགྲོའི་ལས་གཞུང་ཞིག་ཡིན་ན་འབྲེལ་ཆེ། གོང་ལྟར་ཚོགས་སྐོང་ལྷག་མ་ཡན་ཆད་གྲུབ་པར་བྱའོ། །དེ་ནས་མདོས་གཏོར་ཡས་གླུད་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ། གོང་གཞི་མཁའ་འགྲོའི་གཏོར་མ་སོགས་ལ་དམིགས་ཏེ། རང་ཉིད་ལྷར་གསལ་བའི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ལ་འཁོར་རིགས་བཞིའི་མཁའ་འགྲོ་ཡེ་ཤེས་ཀྱི་དྷཱ་ཀི་དཔག་ཏུ་མེད་པས་བསྐོར་བ། ཡེ་ཤེས་ཀྱི་མ་མོ་མཁའ་འགྲོའི་སུན་མ་ཟློག་པའི་ཕྲིན་ལས་མཛད་པ། དེའི་མདུན་དུ་སྐུ་གཟུགས་སྟོང་པའི་ངང་ལས་སྐད་ཅིག་གིས་མ་མོ་མཁའ་འགྲོ་ཡོངས་ཀྱི་ཕོ་ཉ་ལྷ་མོ་ནག་མོ་ཁྲམ་ཤིང་དང་ཐོད་ཁྲག་བསྣམས་ཤིང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། དྲེའུ་ནག་མོ་ལ་ཁ་ཕྱིར་ལོག་ཏུ་ཞོན་པ་ལ་འཇིག་རྟེན་མ་མོ་སྡེ་བརྒྱད་འབྱུང་པོའི་ཚོགས་ཀྱིས་བསྐོར་བ། འཇིག་རྟེན་གྱི་མ་མོ་གདོན་བགེགས་འདྲེ་སྲིན་ཚོགས་ཀྱི་སུན་མ་ཟློག་པའི་ལས་མཛད་པ། དམར་གཏོར་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་དྲེགས་པ་སྡེ་བརྒྱད་འདྲེ་སྲིན་དང་བཅས་པའི་སུན་མ་དགྱེས་ཤིང་ཚིམས་པར་བྱེད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ། གླུད་རྫོངས་གདབ་རྣམས་ཀྱང་གང་ལ་གང་མཁོ་བའི་འདོད་ཡོན་ངག་ནས་ཇི་ལྟར་སྨྲོས་པ་ལྟར་འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། དེ་ནས་རྣལ་འབྱོར་པ་ལྷའི་ང་རྒྱལ་དང་ལྡན་པས། གསུར་ཆེན་གྱི་དུད་པ་གཏང་། རོལ་མོ་བསྒྲགས་ལ་འདི་སྐད་དོ། ཧཱུྃ་ཧྲཱི༔ སྤྲོས་མེད་རྣམ་དག་རང་བཞིན་ལས༔ ཐོད་རུས་བརྩེགས་པའི་གཞལ་ཡས་འདིར༔ སྤྱན་འདྲེན་བཞུགས་སུ་གསོལ་བ་ནི༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ཀུན༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང༔ འདྲེ་སྲིན་འབྱུང་པོ་ལ་སོགས་པའི༔ འཇིག་རྟེན་སྣང་སྲིད་ལྷ་འདྲེའི་ཚོགས༔ སྦྱིན་བདག་འདི་ལ་གནོད་བྱེད་པའི༔ སུན་མའི་ཚོགས་རྣམས་མ་ལུས་ཀུན༔ རང་རང་གནས་ནས་སྐུ་སྐྱོད་ལ༔ བཤམས་ཤིང་མཆོད་པའི་གནས་འདི་རུ༔ སྐད་ཅིག་ཙམ་གྱིས་སྤྱན་འདྲེན་གྱིས༔ ཡུད་ཙམ་ཞིག་གིས་གཤེགས་སུ་གསོལ༔ ཡུད་ཙམ་ཞིག་གིས་གཤེགས་ནས་ཀྱང༔ གྲུ་གསུམ་འབར་བའི་གཞལ་ཡས་འདིར༔ བཤམས་པའི་གཟུགས་དང་གཏོར་མ་དང༔ མཆོད་པ་འབུལ་ཕྱིར་བཞུགས་སུ་གསོལ༔ བཞུགས་ནས་བཤམས་པའི་མཆོད་གཏོར་བཞེས༔ བཞེས་ནས་སྦྱིན་པའི་བདག་པོ་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ སུན་མའི་ཚོགས་རྣམས་ཟློག་པ་དང༔ གཞན་ཡང་ཇི་ལྟར་བཅོལ་བ་ཡི༔ ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་སྤྱན་དྲངས་པ་ཙམ་གྱིས་སུན་མའི་ཚོགས་འཁོར་དང་བཅས་པ་ཐམས་ཅད་མདུན་དུ་སྤུང་གིས་ཚོགས་པར་བསམ། ཧཱུྃ། མ་མོ་མཁའ་འགྲོའི་ཚོགས་རྣམས་དང་། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང་། །འཁོར་གྱི་འབྱུང་པོའི་ཚོགས་རྣམས་ལ། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས། །མཱཾ་ས་ཁྲག་ཆང་འབྲས་དང་སྨན། །མེ་ཏོག་བདུག་པ་མར་མེ་དྲི། །ཞལ་ཟས་རོལ་མོའི་སྒྲ་དབྱངས་དང་། །བཅུད་ལྡན་བ་ལིཾ་བཟའ་བཅའ་བཏུང་། །ཅི་འདོད་མཆོད་པ་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །ཆག་ཆེ་ཉམ་ངའི་བར་ཆད་ཟློགས། །དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་སུ་རཱ་བ་ལིཾ་ཏ། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི། ཞེས་མཆོད་གཏོར་འབུལ། ཟློག་ཕྲིན་བཅོལ་བ་ནི། བྷྱོ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཤར་གྱི་ཕྱོགས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷོ་ཡི་ཕྱོགས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ནུབ་ཀྱི་ཕྱོགས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བྱང་གི་ཕྱོགས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྟེང་གི་ཕྱོགས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ བྷྱོ༔ རྡོ་རྗེ་རིགས་ཀྱི་ཤུགས་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཤར་ལྷོ་མཚམས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ རིན་ཆེན་རིགས་ཀྱི་ཤུགས་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྷོ་ནུབ་མཚམས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ པདྨ་རིགས་ཀྱི་ཤུགས་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ནུབ་བྱང་མཚམས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ ལས་ཀྱི་རིགས་ཀྱི་ཤུགས་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བྱང་ཤར་མཚམས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ སངས་རྒྱས་རིགས་ཀྱི་ཤུགས་འགྲོ་མ༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འོག་གི་ཕྱོགས་ནས་བྱུང་བ་ཡི༔ གནོད་བྱེད་སུན་མ་ཟློག་ཏུ་གསོལ༔ ཧཱུྃ་ཧྲཱི༔ གཟུགས་ཀྱི་མཆོད་པ་འབུལ་བ་ནི༔ གཟུགས་མཛེས་སྤྲུལ་པས་ཁམས་གསུམ་གཡོ༔ ཤིན་ཏུ་སྒེག་པའི་གཟི་ལྡན་འབར༔ མ་མོ་མཁའ་འགྲོ་དགྱེས་པར་མཛོད༔ ལས་ཀྱི་མཁའ་འགྲོའི་སུན་མ་ཟློགས༔ སྒྲ་ཡི་མཆོད་པ་འབུལ་བ་ནི༔ བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོག༔ ཤིན་ཏུ་སྒེག་པའི་གཟི་ལྡན་འབར༔ མ་མོ་མཁའ་འགྲོ་དགྱེས་པར་མཛོད༔ ལས་ཀྱི་མཁའ་འགྲོའི་སུན་མ་ཟློགས༔ དྲི་ཡི་མཆོད་པ་འབུལ་བ་ནི༔ སྤོས་ཀྱི་སྤྲིན་ཕུང་བདུག་པ་འཕྲོས༔ ཤིན་ཏུ་སྒེག་པའི་གཟི་ལྡན་འབར༔ མ་མོ་མཁའ་འགྲོ་དགྱེས་པར་མཛོད༔ ལས་ཀྱི་མཁའ་འགྲོའི་སུན་མ་ཟློགས༔ རོ་ཡི་མཆོད་པ་འབུལ་བ་ནི༔ ཞལ་ཟས་སྣ་ཚོགས་བཅུད་དང་ལྡན༔ ཤིན་ཏུ་སྒེག་པའི་གཟི་ལྡན་འབར༔ མ་མོ་མཁའ་འགྲོ་དགྱེས་པར་མཛོད༔ ལས་ཀྱི་མཁའ་འགྲོའི་སུན་མ་ཟློགས༔ རེག་གི་མཆོད་པ་འབུལ་བ་ནི༔ འཇམ་མཉེན་འཁྲིལ་ཆགས་བདེ་བའི་མཆོག༔ ཤིན་ཏུ་སྒེག་པའི་གཟི་ལྡན་འབར༔ མ་མོ་མཁའ་འགྲོ་དགྱེས་པར་མཛོད༔ ལས་ཀྱི་མཁའ་འགྲོའི་སུན་མ་ཟློགས༔ མཆོད་པའི་ལྷ་མོ་ཐམས་ཅད་ཀྱིས༔ གར་བསྒྱུར་མཛད་ཅིང་མཆོད་པ་འབུལ༔ རིན་ཆེན་ཁང་པ་བདུན་བརྩེགས་དང༔ རིན་ཆེན་གཏེར་གྱི་བུམ་པ་དང༔ ལྷ་མིའི་མཆོད་པ་སྣ་ཚོགས་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ནས༔ མ་མོ་མཁའ་འགྲོའི་ཚོགས་ལ་འབུལ༔ ལས་ཀྱི་སུན་མ་ཟློག་ཏུ་གསོལ༔ ཧཱུྃ་ཧྲཱི༔ ནམ་མཁའ་གཡུ་ཡི་གུར་ཁང་ནས༔ ཉི་འོད་འབར་བའི་སྨན་གཅིག་མ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་སྐུལ༔ དགོངས་ཤིག་དགོངས་ཤིག་བདག་ལ་དགོངས༔ འབོད་ཅིང་བསྐུལ་གྱིས་ད་ཚུར་བྱོན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལས་ཀྱི་སུན་མ་ཟློག་ཏུ་གསོལ༔ བརྟན་མ་དམག་གི་རྒྱལ་མོ་ཡང༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལས་ཀྱི་སུན་མ་ཟློག་ཏུ་གསོལ༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མ་མོ་རྣམས་ཀྱི་སུན་མ་ཟློགས༔ ལྷོ་ཡི་སྐྱི་མཐིང་ཡ་མ་སྐྱོང༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བཙན་གྱི་རྒྱལ་མོའི་སུན་མ་ཟློགས༔ ཁ་རག་སྤྱི་བཙུན་དཔལ་གྱི་ཡུམ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བདུད་ཀྱི་རྒྱལ་མོའི་སུན་མ༴ བྱང་གི་གསེར་ཐང་གཡུ་བུན་མ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་རྒྱལ་མོའི་སུན་མ༴ གངས་དཀར་དེ་ནི་ཤ་མེད་མ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྨན་གྱི་རྒྱལ་མོའི་སུན་མ༴ ཏིང་ཏིང་དེ་ནི་ཏིང་ལོ་སྨན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འབྲོག་སྲིན་རྒྱལ་མོའི་སུན་མ༴ སྨན་བཙུན་ཁུག་ཆོས་གཡར་མོ་བསིལ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཀླུ་ཡི་རྒྱལ་མོའི་སུན་མ༴ དཔལ་ཆེན་གསང་བའི་གྲོགས་མཆོག་མ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ རི་ཡི་རྒྱལ་མོའི་སུན་མ༴ སྐྱི་མཐིང་གངས་ཀྱི་ལ་རོ་སྨན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཤེལ་ཟ་ལ་རོའི་སུན་མ༴ དྷ་ལ་བཙན་མོ་ཡེ་ཤེས་མཆོག༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མ་སང་མ་མོའི་སུན་མ༴ མ་མོ་ཁྲི་དེ་ཁམས་ཀྱི་རྒྱལ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམག་གི་རྒྱལ་མོའི་སུན་མ༴ སྨན་བཙུན་མ་སངས་ཡ་མ་སྐྱོང༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ཀོང་བཙུན་ཕྱི་ཡི་སུན་མ༴ གཞན་ཡང་བརྟན་སྐྱོང་མ་མོའི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ ལྕམ་གཅིག་དཀར་མོའི་སུན་མ༴ ནག་མོ་རལ་གཅིག་སུན་མ༴ སློབ་དཔོན་མོ་ཡི་སུན་མ༴ བླ་རྐུན་ནག་མོའི་སུན་མ༴ སོ་མཚམས་སྲུང་བར་བྱེད་པ་ཡི༔ མ་མོ་བཞི་ཡི་སུན་མ༴ བསེ་མོ་བཞི་ཡི་སུན་མ༴ གནོད་སྦྱིན་མ་མོ་སྙིང་འབྱིན་མ༔ མ་མོ་བརྒྱད་ཀྱི་སུན་མ༴ བཀའ་སྡོད་བློན་མོ་བཞི་ཡི་སུན་མ༴ ཡ་གམ་དམག་གི་རྒྱལ་མོ་བཞི་ཡི་སུན་མ༴ དམ་ལ་གནས་པའི་དམ་ཅན་བཞི་ཡི་སུན་མ༴ ཡིད་ལ་གཅེས་པའི་མཛའ་མོ་བཞི་ཡི་སུན་མ༴ བཀའ་སྡོད་བློན་མོ་མཆེད་བཞིའི་སུན་མ༴ བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞིའི་སུན་མ༴ ཕུར་བུ་སྒྲུབ་པའི་བློན་མོ་བཞིའི་སུན་མ༴ མ་མོ་ཀུན་གྱི་གཙོ་མོ་བཞིའི་སུན་མ༴ མ་མོ་ཐུན་གྱི་བདག་མོ་བཞི་ཡི་སུན་མ༴ ལས་ལ་གཤེགས་པའི་བྲན་མོ་བཞི་ཡི་སུན་མ༴ དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི་ཡི་སུན་མ༴ མཚོ་སྨན་རྒྱལ་མོ་འཁོར་དང་བཅས་པའི་སུན་མ༴ དབྱིངས་ཕྱུག་ལྷ་མོ་འཁོར་དང་བཅས་པའི་སུན་མ༴ གློག་སྤྲིན་རྒྱལ་མོ་འཁོར་དང་བཅས་པའི་སུན་མ༴ དཔྱིད་ཀྱི་རྒྱལ་མོ་འཁོར་དང་བཅས་པའི་སུན་མ༴ སྟོན་གྱི་རྒྱལ་མོ་འཁོར་དང་བཅས་པའི་སུན་མ༴ དགུན་གྱི་རྒྱལ་མོ་འཁོར་དང་བཅས་པའི་སུན་མ༴ དབྱར་གྱི་རྒྱལ་མོ་འཁོར་དང་བཅས་པའི་སུན་མ༴ མ་མོ་འཁོར་དང་བཅས་པའི་སུན་མ༴ བོད་ཁམས་སྐྱོང་བའི་སྐྱོང་མ་རྣམས་ཀྱི་སུན་མ༴ ཛམ་གླིང་བརྟན་པའི་བརྟན་མ་རྣམས་ཀྱི་སུན་མ༴ སྟེང་ཕྱོགས་ལྷ་གདོན་རྣམས་ཀྱི་སུན་མ༴ བར་སྣང་གཉན་གྱི་ཚོགས་ཀྱི་སུན་མ༴ འོག་ཕྱོགས་ཀླུ་གདོན་རྣམས་ཀྱི་སུན་མ༴ གྲུབ་པའི་མ་མོའི་ཚོགས་ཀྱི་སུན་མ༴ འཇིག་རྟེན་མཁའ་འགྲོ་མ་ཡི་སུན་མ༴ སྣང་སྲིད་གིང་མོའི་ཚོགས་ཀྱི་སུན་མ༴ དབང་ཕྱུག་མ་མོའི་ཚོགས་ཀྱི་སུན་མ༴ དུར་ཁྲོད་ལང་ཀའི་ཚོགས་ཀྱི་སུན་མ༴ ཕོ་ཉ་དྲུག་ཅུ་རྩ་བཞིའི་སུན་མ༴ སྤྲུལ་པ་འབར་མ་བརྒྱད་ཀྱི་སུན་མ༴ ཡང་སྤྲུལ་མ་མོ་བདུན་གྱི་སུན་མ༴ མིང་སྲིང་ལྕམ་དྲལ་བཞི་ཡི་སུན་མ༴ བཀའ་སྲུང་ཕོ་ཉ་རྣམས་ཀྱི་སུན་མ༴ ཡང་གཡོག་བྲན་ཁོལ་རྣམས་ཀྱི་སུན་མ༴ འབྱུང་པོ་འདྲེ་སྲིན་རྣམས་ཀྱི་སུན་མ་ཟློགས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ལུས་ངག་ཡིད་ལ་གནོད་བྱེད་ཅིང༔ སྲོག་གཅོད་ཚེ་རྐུན་མདངས་འཕྲོག་ཅིང༔ དབུགས་འགམ་ཤ་ཟ་ཁྲག་ལ་འཐུང༔ རུས་པ་ནང་རོལ་འཇོམས་བྱེད་པའི༔ སུན་མ་ཐམས་ཅད་ཟློག་ཏུ་གསོལ༔ ཞེས་བརྗོད་ཚར་གྲངས་གསོག་ན་གཏོར་མདོས་ཁ་གསོས་ལ། འབྲུ་གསུམ་གྱིས་བྱིན་བརླབས་ཏེ་གོང་གི་སྤྱན་འདྲེན་ནས་འདི་ཡན་བསྐྱར་རོ། །ཚར་གཅིག་གམ། གྲངས་རྫོགས་པའི་མཐར། སུན་མའི་མགྲོན་ཚོགས་མ་ལུས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རང་རང་གནས་སུ་བསྐྱོད་དེ་གཤེགས༔ ཞེས་སྦྱར་ལ་གཏོར་མ་དང་ལྷ་མོའི་གཟུགས་ཅུང་ཟད་ཕྱིར་སྤག །གླུད་བྲན་ལ་གླུད་རབས་ལྷ་ཡི་གཎྜེ་གྱེར། རིན་པོ་ཆེ་དང་རྡོ་དཀར་ནག་སོགས་སྲང་ལ་གཞལ། དར་རས་སོགས་འདོམ་ལ་འཇལ། མར་ཐུད་ཤ་སོགས་རྒྱ་མར་བཀྱགས། འབྲུ་སྨན་དང་ཕྱེ་མ་སོགས་བྲེ་ཕུལ་གྱིས་འཇལ་བའི་ཚུལ་བྱས་ལ། རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེའི་གླུད་དང་སྲོག་གི་སྐྱིན་དུ་ཞེས་པ་ཐམས་ཅད་ཀྱི་འགོར་སྦྱར་ལ། གསེར་དངུལ་བྱེ་རུ་གཡུ་དུང་ལ་སོགས་པ་རིན་པོ་ཆེའི་རིགས་སྲང་གཅིག །བཅུ། བརྒྱ། སྟོང་། ཁྲི། འབུམ། བྱེ་བ། ས་ཡ། དུང་ཕྱུར་གྲངས་མེད་པ་འབུལ་ལོ། <!TCC Tibetan character 4,37 undefined in unicode!> །དར་ཟབ་ཐེར་སྣམ་རས་ལིང་ལ་སོགས་པ་གོས་དར་གྱི་རིགས་འདོམ་པ་གཅིག །བཅུ། བརྒྱ། སྟོང་སོགས་སྔར་ལྟར། <!TCC Tibetan character 4,37 undefined in unicode!> མར་ཐུད་བཟང་ཇ་ཤ་དང་ཁུར་བ་སོགས་བཟའ་བ་དང་བཅའ་བའི་རིགས་རྒྱ་མ་གཅིག །བཅུ་སོགས་སྔར་ལྟར། <!TCC Tibetan character 4,37 undefined in unicode!> འབྲུ་དཀར་འབྲུ་ནག་སྨན་སྣ་ཤིང་ཐོག་ལ་སོགས་པ་བྲེ་ཕུལ་གཅིག །བཅུ་སོགས་རྫོངས་འདེབས་རྣམས་རྫོགས་པར་གཞལ། མཐར་བྲེ་སྲང་སོགས་བཅག་དཀྲུག་བྱས་ལ་མཉམ་དུ་འཕང་། མར་མེ་རྣམས་སྤར་ལ། འོ་སྣང་ཞིང་སྲིད་པའི་མ་མོ་མཁའ་འགྲོ༔ དྲེགས་པ་སྡེ་བརྒྱད་འདྲེ་སྲིན་འབྱུང་པོ༔ མ་ཡམས་ལ་སོགས་པ༔ སྦྱིན་བདག་ཆེ་གེ་མོ་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཁྱེད་རྣམས་ལ༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས༔ ད་ལྟ་ཡན་ཆད་དུ་བསགས་པའི་ལན་ཆགས་སྟོང་རིན་ཐམས་ཅད་གཞལ་བ་ཡིན་ནོ༔ ལན་ཆགས་འཁོར༔ བུ་ལོན་བྱང་ངོ༔ སྟོང་རིན་དག་གོ༔ སྔོན་གྱི་ལས་ལས་གྱུར་པའི་བུ་ལོན་ལན་ཆགས་ཐམས་ཅད་བྱང་ངོ༔ དག་གོ༔ འཕྲལ་གྱི་རྐྱེན་ལས་གྱུར་པའི་བུ་ལོན་ལན་ཆགས་ཐམས་ཅད་འཁོར་རོ༔ བྱང་ངོ༔ དག་གོ༔ ཕྱི་ཤ་ཁྲག་ལྤགས་པའི་གླུད༔ ནང་དོན་ལྔ་སྣོད་དྲུག་གི་གླུད༔ བར་དབང་པོ་སྒོ་ལྔའི་གླུད༔ རྣམ་ཤེས་ཚོགས་བརྒྱད་ཀྱི་གླུད༔ ཚེའི་གླུད༔ སྲོག་གི་གླུད༔ དབང་ཐང་གི་གླུད་དུ་གཞལ་བ་ཡིན་པས༔ ཐོབ་པར་གྱིས་ལ་སོང་ཞིག༔ ངོམས་པར་གྱིས་ལ་སོང་ཤིག༔ འགྲངས་པར་གྱིས་ལ་སོང་ཤིག༔ ཚིམས་པར་གྱིས་ལ་སོང་ཞིག༔ མགུ་བར་གྱིས་ལ་སོང་ཞིག༔ མ་ཆགས་པར་སོང་ཞིག༔ མ་འཁོར་བར་སོང་ཞིག༔ ཕྱི་མིག་མ་བལྟ་བར་སོང་ཞིག༔ ཅེས་དང་། ཅི་སྟེ་མི་འགྲོ་གནོད་བྱེད་ན༔ དབང་ཆེན་རྒྱལ་པོ་ཁྲོས་ནས་ནི༔ གནོད་པར་བྱེད་པའི་སུན་མ་རྣམས༔ དྲག་པོའི་ལས་ཀྱིས་ཚར་བཅད་དེ༔ ཆེ་ཆེ་རེངས་ཤིང་སྐྲག་པར་བྱེད༔ ཆུང་ཆུང་བརྒྱལ་ཞིང་སྔངས་བར་བྱེད༔ ཐམས་ཅད་རྡུལ་ཕྲན་བཞིན་དུ་གཏོར༔ དེ་ཕྱིར་སྐད་ཅིག་ཡུད་ཙམ་ལ༔ རང་རང་གནས་སུ་ཕྱིན་པར་སོང༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་ཏྲག་རག་ཤ་ཧཱུྃ་བྷྱོ་ཧཱུྃ༔ གནོད་བྱེད་དམ་སྲི་སརྦ་གཙྪ༔ ཞེས་དང་དྲག་སྔགས་ཡུངས་ཐུན་རོལ་མོ་སོགས་བྱས་ལ། ཡེ་ཤེས་པའི་འཁོར་རྣམས་རང་གནས་སུ་གཤེགས། འཇིག་རྟེན་པའི་མ་མོ་གཙོ་མོས་བཀའ་བསྒྱུར་ཏེ་མཁའ་འགྲོ་ལྷ་སྲིན་འབྱུང་པོ་སོགས་གནོད་བྱེད་སུན་མ་ཐམས་ཅད་མགུ་ཞིང་ཚིམས་ནས་བྱེར་བར་བསམ་ལ་གཏོར་མ་ནུབ་ཕྱོགས་སོགས་གོང་སྨྲོས་ལྟར་སྐྱེལ་ལ་མེར་བསྲེག །མ་མོའི་གཟུགས་དང་གླུད་ཁ་ཕྱིར་བསྟན་ལ་བཞག །རྫོངས་འདེབས་རྣམས་མདུན་དུ་སྤུངས། གཏོར་སྐྱེལ་རྣམས་ཞལ་སྐྱེམས་རེ་བཏུང་ལ་ཕྱི་མིག་མི་བལྟ་བར་ལོག་གོ །སློབ་དཔོན་གྱིས་བརྟན་མ་བསྐྱང་། རྟ་བྲོ་བརྡུང་། སྲུང་འཁོར། ཚེ་འགུགས་བྱ། མཁའ་འགྲོ་ཡེ་ཤེས་པ་དང་འཇིག་རྟེན་པའི་གཙོ་མོ་སྐད་ཅིག་གིས་གསལ་བཏབ་སྟེ། གཏང་རག་གི་མཆོད་བསྟོད་ནོངས་བཤགས་བྱས་ལ་གཤེགས་སུ་གསོལ། སླར་དཀྱིལ་འཁོར་གང་ལ་བརྟེན་པ་དེའི་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་རྒྱས་པར་བྱའོ། །བདུན་པ་མ་བྱས་པའི་སྐྱོན་ནི། སུན་ཟློག་གིས་མཚོན་རིམ་གྲོ་བྱེད་དགོས་བཞིན་མ་བྱས་པ་དང་། རྐྱེན་དབང་གིས་མི་འགྲུབ་པ་རྣམས་བར་ཆད་ཀྱི་དབང་དུ་ཤོར་བའི་རྟགས་ཡིན་པས་དུས་མ་ཡིན་པར་འཆི་བའི་རྐྱེན་གློ་བུར་བར་ཆད་སྣ་ཚོགས་འབྱུང་བར་འགྱུར་ལ། བྱས་པའི་ཡོན་ཏན་ནི། གནས་སྐབས་མ་མོ་མཁའ་འགྲོ་དམ་ཅན་སྡེ་བརྒྱད་འདྲེ་སྲིན་ཡན་ཆད་དགྱེས་ཚིམས་མགུ་ནས་བར་ཆད་ཞི། མཐུན་རྐྱེན་དགེ་བའི་སྡོངས་གྲོགས་བྱེད། ནད་གདོན་རྐྱེན་ངན་མི་འབྱུང་། ཚེ་རིང་ཞིང་བསམ་པ་འགྲུབ། མཐར་ཐུག་བསོད་ནམས་ཀྱི་ཚོགས་འཕེལ་བས་བྱང་ཆུབ་སྒྲུབ་པའི་ལམ་གྲོགས་སུ་འགྱུར་བའི་ཕྱིར་འབད་པ་དོན་ཡོད་པའི་རིམ་གྲོ་ཞེས་བསྔགས་པར་མཛད་དོ། །བདག་འཛིན་སྔུན་བསུ་རྣམ་རྟོག་ཤུགས་འགྲོའི་དཔུང་། བདག་མེད་ཧེ་རུ་ཀ་དཔལ་སྟོབས་ཀྱིས་ཟློག །སྐྱེ་འགག་གནས་བྲལ་རྟག་པ་དམ་པའི་བདག །མངོན་གྱུར་འཆི་མེད་བཙན་ས་ཟིན་གྱུར་ཅིག །ཅེས་མཆོག་དམན་ཀུན་ལ་ཉེར་མཁོའི་ལག་ཆར་གྱུར་ཀྱང་རྒྱས་དྲགས་པས་ལག་ཏུ་མི་ལོན་པ་དང་བསྡུས་དྲགས་པས་གནད་མ་ཚང་བ་རེས་འགའ་ཙམ་ལས་གནད་དུ་སྨིན་པའི་ལག་ལེན་བྱེད་པ་དཀོན་པར་མཐོང་བས། མདོ་རྒྱས་འཚམ་ལ་ཁུངས་དང་འབྲེལ་བའི་གཞུང་འདི་ཉིད་རང་གཞན་ལ་ཕན་འདོད་ཀྱི་བསམ་པས་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པ་རྩལ་གྱིས་མཁའ་འགྲོ་འདུ་བའི་དབེན་ཁྲོད་ཙ་འདྲ་རིན་ཆེན་བྲག་ཏུ་གསལ་བར་བསྡེབས་པ་དགེ་ལེགས་འཕེལ།། །།
ས་ཆོག་མདོར་བསྡུས་བྱ་ཚུལ་གསལ་བ་ (Volume 40, Text 45)
༄༅། །ས་ཆོག་མདོར་བསྡུས་བྱ་ཚུལ་གསལ་བ་བཞུགས་སོ། ། ན་མོ་མཉྫུ་ཤྲཱི་ཡེ། སྤུར་རམ་ལྷ་ཁང་མཆོད་རྟེན་གསས་མཁར་སོགས། །ས་ཆོག་དགོས་པར་ལྟོ་འཕྱེ་ལེགས་པར་བརྩིས། །གདོང་མི་གཏུག་ལ་ས་ལྷའི་གཏོར་མ་གཅིག །འགྲུབ་ན་རྣམ་ལྔ་མི་འགྲུབ་ཡིད་ཀྱིས་སྤྲུལ། །སློབ་དཔོན་སྐད་ཅིག་གསང་བའི་བདག་པོ་དང་། །པད་འབྱུང་ལ་སོགས་ཡི་དམ་གང་རུང་བ། །སྐད་ཅིག་བསྒོམས་ལ་ལག་གཡས་རྡོ་རྗེ་གཡས། །ས་ལ་ལན་གསུམ་འདེབས་ཚུལ་འདོན་སྒོམ་སྦྲགས། །ཧཱུྃ། རང་ཉིད་ཡི་དམ་ཆེ་གེ་ཡི། །ཕྱག་གཡས་ས་ལ་བརྡབས་པ་ཡིས། །ས་གས་རྣམ་པ་དྲུག་ཏུ་གཡོས། །དེ་ནང་ས་ལྷ་གསེར་གྱི་མདོག །ཐར་སྦྱར་བུམ་བསྣམས་སྐུ་སྟོད་ཐོན། །དགྱེས་པའི་འཛུམ་མདངས་ཕྱུང་བར་གྱུར། །ཨོཾ། ཚུར་སྤྱོན་ཚུར་སྤྱོན་ས་ཡི་ལྷ། །ལྷ་མོ་བརྟན་མ་ད་ཚུར་བྱོན། །སྔོན་བྱོན་ཐུབ་པའི་དབང་པོ་ཡི། །སྤྱན་སྔར་ཅི་བགྱིས་དམ་བཅས་ལྟར། །ས་གླུད་གཏོར་མ་གསེར་སྐྱེམས་འབུལ། །མཆོད་པ་རྣམ་པ་བདུན་གྱིས་མཆོད། །ཨོཾ་པྲྀ་ཐི་དི་བཱི་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཨོཾ། སྔོན་བྱུང་བཅོམ་ལྡན་དཔང་མཛད་ལྟར། །ས་འདི་བདག་ཞུ་གནས་འདི་དོར། །བཅོམ་ལྡན་འདས་ཀྱི་ཞབས་བརྟེན་པ། །ས་ཡི་ལྷ་མོར་ཕྱག་འཚལ་ལོ། །ཞེས་བསྟོད་ནས། ས་ཡི་ལྷ་མོ་འཛུམ་ཕྱུངས་ནས། །ས་འདི་ཁྱོད་འབུལ་ཅི་བདེར་སྤྱོད། །ཅེས་གསུངས་ལྷ་མོ་ས་དེར་ཐིམ། །ས་ཡང་གསེར་གྱི་ཕུང་པོར་གྱུར། །བྷྲཱུྃ་ལས་རིན་ཆེན་སྣོད་ཡངས་པར། །དཀར་གསུམ་གཏོར་མ་བདུད་རྩིའི་མཚོ། །ས་གླུད་བཟང་པོ་བཅས་པ་འདི། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ས་ཡི་ལྷ་མོ་བརྟན་མ་དང་། །ལྟོ་འཕྱེ་ས་འཛིན་ལག་པ་ཆེ། །ཐེ་སེ་སྤྲེལ་ཁོག་ས་སྨན་དང་། །ས་ལ་དབང་བའི་ལྷ་ཀུན་དང་། །ལོ་སྐོར་བཅུ་གཉིས་སྟེང་གནས་པའི། །ས་བདག་གདུག་པའི་རིགས་ཅན་རྣམས། ཁྱད་པར་ཡུལ་ཕྱོགས་འདི་ཡི་བདག །བྲག་བདག་ཆུ་བདག་རྡོ་ཡི་བདག །ཤིང་བདག་རི་བདག་ཀུན་ལ་འབུལ། ཁྱད་པར་ས་སྐོར་ས་མིག་འདིར། །གཉུག་མར་གནས་པ་ཀུན་ལ་འབུལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ས་འདི་གནང་བར་མཛད་དུ་གསོལ། །ཨོཾ་པྲྀ་ཐི་དེ་ཝཱི་སརྦ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་འབུལ། ས་གླུད་ས་བཀྲོལ་བ་ནི། འབྱུང་པོ་ས་འདྲེ་ས་སྲིན་དང་། །ས་ལ་བགེགས་བྱེད་བར་ཆད་རྣམས། །ས་གླུད་བཟང་པོ་འདི་བཞེས་ལ། །འབྱུང་པོའི་ཚོགས་རྣམས་གནས་གཟུར་ལ། །ས་བདག་རྣམས་ཀྱིས་ས་འདི་འདུལ། །བཀྲ་ཤིས་བྱིན་ལྡན་མཛད་དུ་གསོལ། །སརྦ་ཨུ་ཙིཥྚ་བྷ་ལིཾ་ཏ་གྷྲྀཧྞ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། དེ་ནས་སློབ་དཔོན་ལངས་ཏེ་ཕུར་པ་འདྲིལ་ལ། སྐད་ཅིག་གིས་དབང་ཆེན་རྟ་མགྲིན་སྐུ་སྨད་ཕུར་པ་མགལ་གྱི་སོལ་མལ་ལས་བླངས་པ་ལྟར་དམར་ཟང་ངེ་བ་ཕྱག་གིས་ཕུར་པ་འདྲིལ་བས་ས་འདྲེ་ས་སྲིན་ཐམས་ཅད་དམྱལ་ཁམས་རྡོ་རྗེ་གདན་ལ་གཟེར་བར་བསམ་ལ་ངག་ཏུ། ཧཱུྃ་ཧཱུྃ་ཧ་ཧ་ཕེཾ་ཕེཾ། ལན་བདུན་ཙམ་དུ་ཕྱོགས་བཅུར་སྡང་མིག་ཏུ་བལྟ་ཞིང་ཕུར་པ་འདྲིལ། འཆམ་སྟབས་བྱ་ཞིང་། ས་འདུལ་དྲག་སྔགས་ནི། ཨོཾ་གྷ་གྷ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཨ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ས་འདྲེ་ས་སྲིན་ཨུ་ཙཊྚ་ཡ་ཕཊ། དེས་ས་འདུལ་བའོ། །ས་སྦྱོང་བ་ནི། ཨོཾ་སྭ་བྷཱ་བ་ལན་བདུན་གྱིས་སྦྱང་ལ། ས་ཉིད་གསེར་གྱི་ཕུང་པོར་གྱུར། དེ་ནས་མེ་ཏོག་ཚོམ་བུ་ལྔ་བཀོད་ལ་སྔགས་འདི་བཏབ། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་ཧཱུྃ། ལན་གསུམ། སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི། །སྒོ་བཞི་རྟ་བབས་བཞི་ལྡན་མཚན་ཉིད་རྫོགས། །འཇའ་འོད་དྲ་བས་བྲེས་ཤིང་ཤིན་ཏུ་དྭངས། །སྟུག་བཀོད་ཡོན་ཏན་དང་མཉམ་དེ་དབུས་སུ། །སེང་ཁྲིར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན། །ཤར་དུ་གླང་ཁྲིར་མི་བསྐྱོད་རྡོ་རྗེ་བསྣམས། །ལྷོ་རུ་རྟ་ཁྲིར་རིན་འབྱུང་རིན་ཆེན་བསྣམས། །ནུབ་ཏུ་རྨ་བྱ་སྣང་མཐའ་པདྨ་བསྣམས། །བྱང་དུ་ཤང་ཤང་དོན་གྲུབ་རྒྱ་གྲམ་བསྣམས། །གཡོན་རྣམས་དྲིལ་བུ་རིགས་ཀྱི་སེམས་དཔས་བསྐོར། །གནས་གསུམ་འོད་འཕྲོས་རང་འདྲ་སྤྱན་དྲངས་བསྟིམ། །ཧཱུྃ། སྟུག་པོ་བཀོད་དང་མངོན་དགའ་དཔལ་ལྡན་མཛེས། །བདེ་བ་ཅན་དང་ལས་རབ་ཞིང་ཁམས་ནས། །རིགས་ལྔའི་སངས་རྒྱས་བྱང་སེམས་བཅས་པ་རྣམས། །འདིར་བྱོན་ ཚེ་འདས་ ལས་སྒྲིབ་སྦྱང་དུ་གསོལ། །སྐུ་གདུང་ གསས་མཁར་ འདི་ལ་རྒྱས་པར་མཛོད། །སོགས་སྦྱར་རོ། ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་ལོ། །ཚེ་འདས་སམ། ཡོན་བདག་ གནས་མལ་བདེ་ཕྱིར་བཞུགས་སུ་གསོལ། །གཞན་ཡང་མཆོད་བསྟོད་དཔག་མེད་ཡིད་སྤྲུལ་མཆོད། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བོ་དྷི་སཏྭ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱི་སྔགས་དང་ཕྱག་རྒྱའི་འགྲེས། མཎྜ་ལ་པཉྩ་ཀཱི་ལ་ག་ཎ་ཙཀྲ་རཏྣ་སརྦ་པཱུ་ཛ་ཧོཿ རྡོ་རྗེ་གཏི་མུག་དྭངས་ལ་འདུད། །རྡོ་རྗེ་ཞེ་སྡང་དྭངས་ལ་འདུད། །རྡོ་རྗེ་ང་རྒྱལ་བཅོམ་ལ་འདུད། །རྡོ་རྗེ་འདོད་ཆགས་འཇོམས་ལ་འདུད། །རྡོ་རྗེ་ཕྲག་དོག་ཞི་ལ་འདུད། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བླ་མ་ཡི་དམ་མཁའ་འགྲོ་བཅས་ལ་འདུད། །དྲང་སྲོང་རིག་འཛིན་གྲུབ་པའི་བདེན་པ་ཡིས། །རིགས་ལྔའི་སངས་རྒྱས་བྱང་སེམས་བཅས་པ་རྣམས། །གནས་འདིར་བརྟན་བཞུགས་སྡིག་སྒྲིབ་སྦྱང་བར་མཛོད། །བར་ཆད་ཐམས་ཅད་སེལ་བར་མཛད་དུ་གསོལ། །ཨོཾ་བུདྡྷ་བཻ་རོ་ཙ་ན་ཨོཾ། ཡེ་དྷརྨཱ་དང་བཅས་ལན་བདུན་བརྗོད། ཨོཾ་བཛྲ་ཨཀྵོ་བྷྱཿཧཱུྃ། ཡེ་དྷརྨཱ་བདུན། ཨོཾ་རཏྣ་སཾ་བྷ་བ་ཏྲཱཾ། ཡེ་དྷརྨཱ་བདུན། ཨོཾ་པདྨ་དྷེ་བ་ཧྲཱིཿ ཡེ་དྷརྨཱ་བདུན། ཨོཾ་ཀརྨ་ཨ་མོ་གྷ་སིདྡྷི་ཨཱཿ ཡེ་དྷརྨཱ་བདུན་སོགས་གོང་ལྟར་བརྗོད་ལ་རབ་ཏུ་གནས་པར་བྱའོ། །དམར་དུར་སོགས་ཀུན་ལ་མཁོ་ཆེ་བ་ཚེ་འདས་བླ་དང་རྣམ་སྣང་གཉིས་དབྱེར་མེད་བསྐྱེད་པས་ཕན་ཡོན་ཆེའོ། །གཞན་ཚོམ་བུ་རང་ལ་བསྐྱེད་དོ། །དེ་ལྟར་ས་བྱིན་རླབས་སོང་ནས། དཀར་ལས་གསས་མཁར་ཁང་བཟོ་སོགས་འདི་འདྲ་མ་གཏོགས་གཞན་མི་དགོས། དེ་རྗེས་དཀར་གཏོར་ཡུལ་ལྷ་དེ་ལ་བྱིན་ནས་ལས་འདི། ཞེས་བྱ་བ་ལ། རུ་ང་དང་ཕྲག་དོག་མ་མཛད། ཅེས་བཀའ་བསྒོའོ། །དེ་ནས་བཀྲ་ཤིས་ཚིག་བརྗོད་ནས་ས་མིག་དེར་རིགས་ལྔའི་ཕྱག་མཚན་བཀོད་ལ། ཧཱུྃ། དབུས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་ནས་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ནས་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ནས་བཀྲ་ཤིས་དོན་གྱི་ལྷ། །དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞན་ཡང་བཀྲ་ཤིས་ཚིགས་བཅད་གང་ཤེས་བརྗོད། ཚེ་འདས་དོན་ལ་ཚེ་འདས་སྤྱན་རས་གཟིགས་དང་། དུར་ས་བདེ་བ་ཅན་དུ་བསྐྱེད་ལ་ཡེ་ཤེས་པ་བསྐྱེད་བསྟིམ་བྱ། ཡིག་དྲུག་བརྒྱའམ་སྟོང་བཟླས་ནས་རབ་ཏུ་གནས་པར་བྱས། བཀྲ་ཤིས་སྨོན་ལམ་མདོར་བསྡུས་བཏབ་པས་ཕན་ཡོན་ཆེན་པོ་དཔག་ཏུ་མེད་པ་ཡོད་པ་དང་། དུར་གྱི་འདྲེ་ལྟོག་དྲི་ཟའི་གནོད་པ་མི་བྱེད་པར་འགྲོ་གསུང་། གཅོད་ལས་ཐོས་སོ། ཨེ་མ་རྒྱ་ནག་ནས་འགྱུར་ས་ཕབ་ས་མིག་བཙལ། །རྒྱ་གར་ནས་འགྱུར་ས་ཕབ་རྒྱ་གྲམ་བཅའ། །མེ་ཉག་ནས་འོངས་ས་མདའ་ས་མིག་བཙུག །ནག་རྩིས་སོགས་ལས་མང་བྱུང་ཡོད་པ་ཀུན། །ཉེས་པ་ཆེ་བས་ས་མཁན་དམྱལ་བར་སྐྱེ། །དེ་ཕྱིར་ཀྲི་ཡ་དང་ནི་དགོངས་འདུས་ལས། །ས་འདུལ་ས་སློང་བྱིན་རླབས་དང་། །ས་གཞི་རབ་གནས་ཉུང་ཙམ་མདོར་བསྡུས་བྲིས། །ཡི་གེ་དོན་ཚིག་འདོན་ཆ་ཚང་བར་ཡོད། །ཕྱི་རབས་བླུན་རྨོངས་འགའ་ལ་ཕན་པའི་ཕྱིར། །སྔགས་རྒན་རཱ་ག་ཨ་སྱས་འཕྲལ་དུ་བྲིས། །སྔགས་ཆུང་ཨོ་རྒྱན་མགོན་གྱིས་ཡི་གེར་བཏབ། །ཉེས་འགལ་ས་སྙིང་ལ་བཤགས་དགེ་བ་དེས། །འགྲོ་ཀུན་ས་འཁྲུགས་ཉེས་པ་ཞི་གྱུར་ཅིག། །། ༈ ལྟོ་འཕྱེ་ཁ་གྱུ་ཕྱོགས། དཔྱིད་གསུམ་བྱང་། དབྱར་གསུམ་ཤར། སྟོན་གསུམ་ལྷོ། དགུན་གསུམ་ནུབ་ལ་གྱུ་ན་ས་བརྐོ་མཁན་རང་ཡང་དེ་ལྟར་ཁ་གྱུ་ན་ས་མིག་ཏུ་འཇོར་བུ་ལན་གསུམ་བརྡེག་གོ །ཚེས་བཅུ་གཉིས་ནམ་ཡང་བརྐོ་མི་རུང་བས་ཕྱིར་ནང་བརྐོ་ཆོག། །།
གཤིན་རྗེ་ཚེ་བདག་གི་མན་ངག་ཚེ་བདག་འཆི་བདག་སྲོག་བདག་གསུམ་གྱི་ཟ་ཡིག་བསྐྱེད་ཆོག་རྫོང་ཆེན་མ་ (Volume 47, Text 45)
གཤིན་རྗེ་ཚེ་བདག་གི་མན་ངག་ཚེ་བདག་འཆི་བདག་སྲོག་བདག་གསུམ་གྱི་ཟ་ཡིག་བསྐྱེད་ཆོག་རྫོང་ཆེན་མ་བཞུགས་སོ༔ ྈྈྈ ཡ་མ་ཀ་པ་ཙ་ཕཊ༔ གུ་ཧྱ༔ གོང་མ་རྣམས་ཀྱི་ཐུགས་བཅུད་སྲིད་པ་གསུམ་ན་དཀོན་པའོ༔ གདམས་པའི་རྒྱ་མཚོ་ཐམས་ཅད་ནས༔ བཅུད་ཀྱི་ནང་ནས་སྙིང་གི་ཁྲག༔ འདི་ལ་གཅེས་སྤྲས་བྱ་བའི་གནས༔ ྈྈྈ ད་ནི་གདམས་པ་འདི་ལ་རྣམ་པ་བརྒྱད་ཀྱིས་བསྟན་ཏེ༔ དང་པོ་བྱུང་ཁུངས་སློབ་དཔོན་གྱི་རྣམ་ཐར༔ བླ་མ་བརྒྱུད་པའི་རིམ་པ༔ འདི་བྱེད་དགོས་པའི་གང་ཟག༔ དགོས་པའི་རྟགས༔ བྲི་བའི་གཞི་མ༔ དུས་ཚོད་ཁའི་སྟོན་ཕྱོགས༔ ཙཀྲ་དངོས་དང་བརྒྱད་དོ༔ དང་པོ་བྱུང་ཁུངས་ནི༔ དུར་ཁྲོད་ཕུང་ལུང་ནག་པོ་རུ༔ སློབ་དཔོན་ཤཱནྟིཾ་གརྦྷ་ལ༔ མཁའ་འགྲོ་མ་འབར་མ་འབྲུག་གི་གདོང་པ་ཅན་གྱིས་གཏད༔ དེ་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ཞུས༔ འདི་བྱེད་དགོས་པའི་གང་ཟག་དམ་ཚིག་གཙང་ཞིང་ཕན་བདེའི་བསམ་པས་བསྟན་པ་སྐྱོང་ཞིང༔ ལྷ་དང་སྲུང་མ་མི་སྤོང་བ་ལ་བྱེད༔ དགོས་པའི་རྟགས༔ ལུས་ལ་ནད་ཀྱིས་བཏབ་བམ༔ མདངས་ཤོར་རམ༔ ཤེད་ཆུང་སྐྱིད་སྐྱུར་གཞན་གྱི་ཡིད་དུ་མི་འོང༔ ངག་ལ་དིག་ལྐུགས་སྐད་འགགས༔ གང་བཤད་གཞན་གྱིས་མི་ཉན༔ མི་ཁ་བྲ་མཆུ་འདུས༔ ཡིད་ལ་བསམ་པ་མི་འགྲུབ༔ རྨི་ལམ་འཁྲུགས༔ ཡིད་མི་དགའ༔ དོན་མེད་ལ་འཚིག་པ་ཟ་བ་འོང༔ བྲི་གཞི་ནི་རའི་སྙིང་ཤུན་ནམ་སྒོང་ཕག་ལ་བྱའོ༔ དུས་ཚོད་ནི་བཅོ་ལྔའི་ཉི་མ་ནངས་ནུབ་ལ་ཁ་ལྷོ་ཕྱོགས་སུ་བསྟན༔ ཙཀྲ་ནི་འཆི་བདག་ཚེ་བདག་སྲོག་བདག་གསུམ་གྱི་ངོ་བོ་ཡིག་རྒོད་འབྲུ་བཅོ་ལྔ་པའོ༔ དེ་ནི་གདམས་པའི་ས་བཅད་དོ༔ ྀཨཚ༔ སྐུའི་ཡིག་འབྲུ་རྣམས་མིད་པའི་དུས་སུ་འཇམ་དཔལ་སྐུའི་ལྷ་ཚོགས་དང་བཀའ་བརྒྱུད་བླ་མ་རྣམས་ནམ་མཁའ་ནས་ཡུད་ཙམ་ཞིག་ལ་བྱོན་ནས་བདག་ལ་བྱིན་གྱིས་བརླབས་པ་ཙམ་གྱིས་བདག་གི་ལུས་ལ་གནམ་ལྕགས་ཀྱི་ཁྲབ་གྱོན་པས༔ ལུས་ལ་གནོད་པ་ཐམས་ཅད་དང་བྲལ་བར་བསྒོམ༔ ཡང་གསུང་གི་ཡིག་འབྲུ་རྣམས་མིད་པས༔ པདྨ་གསུང་གི་ལྷ་ཚོགས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བྱོན་ནས་བྱིན་གྱིས་བརླབས་པས་ཕུབ་གྱོན་པར་བསམ༔ ཡང་ཐུགས་ཀྱི་ཡིག་འབྲུ་རྣམས་མིད་པས་དཔའ་བོ་མཁའ་འགྲོ་རྣམས་དང་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་བྱོན་ནས་མགོ་ལ་རྡོ་རྗེའི་རྨོག་གྱོན་པར་བསམ༔ ཡིག་འབྲུ་ཐམས་ཅད་མིད་ཟིན་པ་དང༔ ངག་ཏུ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཅེས་པ་ཚར་བཅོ་ལྔ་བརྗོད་ལ་ཕ་རོལ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བྱས་པའི་གཏད་ཁྲམ་ཐམས་ཅད་གྲོལ་ནས་བདེ་ལེགས་ཕུན་སུམ་ཚོགས་པར་བསམ་ལ༔ དམིགས་མེད་ཀྱི་རྒྱས་གདབ་བོ༔ ྀཨཚ༔ གཤིན་རྗེ་ཚེ་བདག་མའི་ཆོས་སྐོར་དང་གཏེར་ཁ་གཅིག་གོ༔ འདི་སྐྱེ་བོ་ལ་བྱིན་ན་བསྟན་པ་ལ་གནོད་པས་གསང་བར་བྱའོ༔ འདི་གཏེར་ཁ་གསུམ་དུ་སྦས་པ་ལ༔ འཆི་བདག་ཚེ་བདག་སྲོག་བདག་གསུམ་གྱི་ཟ་ཡིག་བསྐྱེད་ཆོག་རྫོང་ཆེན་མ་ཞེས་བྱའོ༔ དྷ་ཐིམ༔ སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱི་གཏེར་མའོ༔ བཛྲ་རཱ་ཛ་བདག་གི་གཡར་དམ། དྷརྨ་ཀེ་ཏུ། རིན་པོ་ཆེ་ཆོས་ཀྱི་བློ་གྲོས། རྗེ་ནམ་མཁའ་དཔལ་ལྡན་གྱི་བཀའ་རྒྱ་མ། དེས་བདག་པདྨ་དབང་རྒྱལ་རྡོ་རྗེ་སྤུན་གཉིས་ལ་ཉི་མ་དབུས་ཀྱི་རྒྱལ་ཁམས་སུ་གནང་བའོ། །དཀའ་བ་སྤྱད་པའི་གདམས་ངག་ཡིན། །ཀུན་ལ་སྟེར་དུ་མནའ་ཡང་དགག །བརྒྱུད་འཛིན་གཅིག་ལ་སྦྱིན་པར་བྱ། །ྀཨཚ༔ ྈ་་་་་ཚེ་བདག་སྐུའི་ཟ་ཡིག་འབྲུ་ལྔ། ྈ་་་་་གསུང་གི་ཡིག་འབྲུ། ྈ་་་་ཐུགས་ཀྱི་ཡིག་འབྲུ། ྈ་་་་སྲོག་བདག་སྐུའི་ཡིག་འབྲུ་ལྔ། ྈ་་་་གསུང་གི་ཡིག་འབྲུ། ྈ་་་་ཐུགས་ཀྱི་ཡིག་འབྲུ། ྈ་་་་འཆི་བདག་སྐུའི་ཡིག་འབྲུ་ལྔ་བའོ།། ྈ་་་་གསུང་གི་ཡིག་འབྲུ། ྈ་་་་ཐུགས་ཀྱི་ཡིག་འབྲུ།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ གསོལ་འདེབས་རྒྱུད་བསྐུལ་གྱི་བཀོལ་བྱང་ (Volume 10, Text 45)
༁ྃ༔ ༔རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ གསོལ་འདེབས་རྒྱུད་བསྐུལ་གྱི་བཀོལ་བྱང་བཞུགས༔ རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ རིག་འཛིན་བླ་མའི་ལྷ་ཚོགས་ཀྱི༔ ཐུགས་དམ་དབྱིངས་ནས་བསྐུལ་བ་ལས༔ བྱིན་རླབས་མངོན་སུམ་འབྱུང་བའི་ཕྱིར༔ བསྙེན་སྒྲུབ་ཀུན་གྱི་ཐོག་མ་དང༔ བར་དུ་ཛཔ྄་ཀྱི་ཕྲིན་ལས་དང༔ ཐ་མ་དངོས་གྲུབ་བླང་བ་སོགས༔ དུས་དང་རྒྱུན་གྱི་གནས་སྐབས་ཀུན༔ མོས་པའི་གདུང་ཤུགས་དྲག་པོ་ཡིས༔ རྩེ་གཅིག་སྙན་པའི་དབྱངས་དང་བཅས༔ གསོལ་འདེབས་རྒྱུད་བསྐུལ་འདི་ལྟར་བྱ༔ ཨོཾ་ཨཱཿཧཱུྃ༔ མ་བཅོས་སྤྲོས་མེད་འོད་གསལ་ཕོ་བྲང་ནས༔ དགོངས་ཀློང་འདུ་འབྲལ་མེད་པའི་ཡེ་ཤེས་བརྙེས༔ ཀུན་བཟང་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ལྷ༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་དགོངས་བརྒྱུད་བླ་མའི་ཚོགས༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ ཀ་དག་ལྷུན་གྲུབ་དབྱེར་མེད་ཡེ་ཤེས་དབྱིངས༔ ཆོས་སྐུའི་དགོངས་པ་རྟོགས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ལྷུན་གྲུབ་བདེ་ཆེན་མཆོག་གི་ཕོ་བྲང་ནས༔ རྣམ་འཕྲུལ་དུ་མས་ཆོས་སྒོ་མཐའ་ཡས་སྟོན༔ རིགས་གསུམ་རིགས་ཅན་ཚོམ་བུ་འབུམ་ཕྲག་སོགས༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་བརྡ་བརྒྱུད་རིག་འཛིན་ཚོགས༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ མཁྱེན་བརྩེ་ནུས་ལྡན་རང་བྱུང་འོད་ལྔའི་ཀློང༔ ལོངས་སྐུའི་ཡེ་ཤེས་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཕོ་བྲང་ནས༔ མདོ་སྔགས་རྒྱུད་སྡེའི་གསང་བ་ཐམས་ཅད་འཛིན༔ མཐུ་སྟོབས་ནུས་པས་བདུད་བཞིའི་དཔུང་ཚོགས་འདུལ༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས༔ གསོལ་བ་འདེབས་སོ་དཔལ་ལྡན་གསང་བའི་བདག༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ ཡེ་ཤེས་དགོངས་པ་རྨད་དུ་བྱུང་བའི་དབྱིངས༔ གསང་འཛིན་ནུས་རྩལ་འཆང་བའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ཡི་ཕོ་བྲང་ནས༔ གཟུངས་དང་སྤོབས་པ་མཁྱེན་པའི་གཏེར་ཆེན་འཆང༔ འགྲོ་བའི་མུན་སེལ་ཡེ་ཤེས་སྣང་བ་ཆེ༔ བཅོམ་ལྡན་འཇམ་པའི་དབྱངས་ལ་གསོལ༴ གསོལ་བ་འདེབས་སོ་རྗེ་བཙུན་མཁྱེན་པའི་གཏེར༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་དག་པའི་དབྱིངས༔ མཁྱེན་གཉིས་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་གི་ཕོ་བྲང་ནས༔ བྱམས་དང་སྙིང་རྗེའི་དཀྱིལ་འཁོར་རབ་རྒྱས་པས༔ རིགས་དྲུག་འཁོར་བའི་སྡུག་བསྔལ་དོང་ནས་སྤྲུགས༔ བཅོམ་ལྡན་སྤྱན་རས་གཟིགས་ལ་གསོལ༔ གསོལ་བ་འདེབས་སོ་འཕགས་མཆོག་ཐུགས་རྗེའི་གཏེར༔ བྱིན་གྱིས༴ བྱང་ཆུབ་སེམས་ཀྱི་རྩལ་ཆེན་རྫོགས་པའི་དབྱིངས༔ འབྲེལ་ཚད་དོན་ལྡན་ཆེན་པོའི་དངོས་གྲུབ༴ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་སེམས་དཔའི་འོད་ཀྱི་ཕོ་བྲང་ནས༔ ཡི་དམ་ལྷ་དང་དབྱེར་མེད་བདེ་བ་ཆེ༔ ས་བཅུ་རྒྱུན་མཐའི་དགོངས་པ་མངོན་དུ་གྱུར༔ དགའ་རབ་སྤྲུལ་པའི་སྐུ་ལ་གསོལ༴ གསོལ་བ་འདེབས་སོ་རིག་འཛིན་དགའ་རབ་རྗེ༔ བྱིན་གྱིས༴ ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་དག་པའི་དབྱིངས༔ ཡེ་ཤེས་སྒྱུ་མ་བརྙེས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་རྡོ་རྗེ་བརྩེགས་པའི་ཕོ་བྲང་ནས༔ རྒྱུད་ལུང་མན་ངག་གླེགས་བམ་ཆར་ཆེན་བབས༔ གསང་བདག་བྱིན་བརླབས་དགོངས་བརྒྱུད་ཡེ་ཤེས་བརྙེས༔ སྐལ་ལྡན་རྒྱལ་པོ་ཛཿལ་གསོལ༴ གསོལ་བ་འདེབས་སོ་རིག་འཛིན་རྒྱལ་པོ་ཛཿ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ རྒྱུད་ལུང་མན་ངག་ཟབ་དོན་ཐིག་ལེའི་དབྱིངས༔ ཆོས་ཀྱི་གཏེར་མཛོད་བརྡོལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་རཱ་ཛ་ཛཿསརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་གདན་མཆོག་ཐེག་དགུའི་ཕོ་བྲང་ནས༔ ཟབ་གསང་རྫོགས་ཆེན་རྟོགས་པ་མངོན་དུ་གྱུར༔ རིག་རྩལ་དབང་ཐོབ་སྣང་སྲིད་འདོད་རྒུར་སྒྱུར༔ ཤྲཱི་སིཾ་ཧའི་ཞབས་ལ་གསོལ༴ གསོལ་བ་འདེབས་སོ་རིག་འཛིན་ཤྲཱི་སིང༔ བྱིན་གྱིས༴ སྣང་བཞིའི་འོད་གསལ་རྩལ་ཆེན་རྫོགས་པའི་དབྱིངས༔ ཆོས་ཉིད་ཟད་སར་འཁྱོལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ མཁས་པའི་འདུ་གནས་རབ་སྣང་ཕོ་བྲང་ནས༔ བསླབ་པ་གསུམ་གྱི་ཡོན་ཏན་རྨད་དུ་བྱུང༔ སྡེ་སྣོད་རྒྱུད་སྡེ་སྨྲ་བའི་བཤེས་གཉེན་ཆེ༔ སངས་རྒྱས་གསང་བའི་ཞབས་ལ་གསོལ༴ གསོལ་བ་འདེབས་སོ་རིག་འཛིན་སངས་རྒྱས་གསང༔ བྱིན་གྱིས༴ གཟུངས་དང་སྤོབས་པ་མཐའ་ཡས་འོད་གསལ་དབྱིངས༔ ལུང་རྟོགས་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བུདྡྷ་གུཔྟ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་འདུ་འབྲལ་མེད་པའི་ཕོ་བྲང་ནས༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་མཆོག༔ ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ༴ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ་པའི་དབྱིངས༔ དོན་གཉིས་མཛད་པ་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ ཞི་ཁྲོ་རབ་འབྱམས་འདུས་པའི་ཕོ་བྲང་ནས༔ ཚད་དང་སྐུ་ཡི་བཀོད་པ་བསམ་མི་ཁྱབ༔ ཡིད་བཞིན་ནོར་ལྟར་གང་འདུལ་ཕྲིན་ལས་མཛད༔ པདྨ་ཐོད་ཕྲེང་རྩལ་ལ་གསོལ༴ གསོལ་བ་འདེབས་སོ་པདྨ་ཐོད་ཕྲེང་རྩལ༔ བྱིན་གྱིས༴ མཆོག་དང་ཐུན་མོང་ཕྲིན་ལས་འདུས་པའི་དབྱིངས༔ བསམ་པ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ འཆི་མེད་གཉུག་མ་རྡོ་རྗེའི་ཕོ་བྲང་དུ༔ ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས༔ མི་ཤིགས་སྐུ་བརྙེས་མཁའ་སྤྱོད་དྷཱ་ཀིའི་གཙོ༔ མནྡྷཱ་ར་བའི་ཞབས་ལ་གསོལ༴ གསོལ་བ་འདེབས་སོ་དབྱིངས་ཡུམ་མནྡཱ་ར༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པའི་དབྱིངས༔ འཕོ་མེད་འོད་སྐུར་འགྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་པདྨ་མནྡཱ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གསང་བ་ཆེན་པོ་འདུས་པའི་ཕོ་བྲང་ནས༔ ཉེ་རྒྱུའི་བརྟུལ་ཞུགས་གྲུབ་པའི་གཟི་བྱིན་གྱིས༔ མི་བརྗེད་གཟུངས་ཐོབ་བཀའ་ཡི་བསྡུ་བ་མཛད༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ༴ གསོལ་བ་འདེབས་སོ་བདེ་ཆེན་མཚོ་རྒྱལ་ལྕམ༔ བྱིན་གྱིས༴ ས་བཅུ་ལམ་ལྔ་འོད་གསལ་དབུ་མའི་དབྱིངས༔ ལྷན་སྐྱེས་རྩལ་ཆེན་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ རང་བྱུང་བསིལ་བ་ཚལ་གྱི་ཕོ་བྲང་ནས༔ དཔལ་ཆེན་ཡང་དག་དགྱེས་པའི་གར་མཛད་པས༔ འོད་གསལ་སྙིང་པོའི་ཐིག་ལེར་འདུ་འབྲལ་མེད༔ རིག་འཛིན་ཧཱུྃ་ཀཱ་ར་ལ་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་ཧཱུྃ་ཀཱ་ར༔ བྱིན་གྱིས༴ རུ་ལུ་འབྲུ་བརྒྱད་གསེར་གྱི་ཕྲེང་བའི་དབྱིངས༔ བསྙེན་སྒྲུབ་ཡན་ལག་མཐར་ཕྱིན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཧཱུྃ་ཀཱ་ར་རུ་ལུ་རུ་ལུ་སརྦ་སིདྡྷི་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ གཏུམ་དྲག་སྐུ་ལ་རྫོགས་པའི་ཕོ་བྲང་ནས༔ ཟིལ་གནོན་ཕྱག་རྒྱ་ཆེན་པོའི་དགོངས་པ་བརྙེས༔ རྡོ་རྗེའི་སྐུ་མཆོག་འོད་ཀྱི་སྙིང་པོར་ཤར༔ རིག་འཛིན་མཉྫུ་ཤྲཱི་ལ་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་མཉྫུ་ཤྲཱི༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ རང་བྱུང་འོད་གསལ་འཁོར་ལོ་རྣམ་བཞིའི་དབྱིངས༔ སྲིད་ཞིའི་རྟོག་ཚོགས་དག་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རབ་འཇིགས་ལྷུན་གྲུབ་བརྩེགས་པའི་ཕོ་བྲང་ནས༔ དབང་ཆེན་ལྷ་དང་དབྱེར་མེད་ཏིང་འཛིན་གྱིས༔ གསུང་རབ་མཛོད་བརྙེས་ཆོས་སྒོ་མཐའ་ཡས་སྟོན༔ རིག་འཛིན་ཀླུ་སྒྲུབ་སྙིང་པོར་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་ནཱ་གཱརྫུ༔ བྱིན་གྱིས༴ རྟ་སྐད་ཐེངས་གསུམ་ཀ་དག་གཉུག་མའི་དབྱིངས༔ ཐེག་དགུའི་དགོངས་དོན་རྟོགས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ནཱ་གཱརྫུ་ན་ཧྱ་གྲཱི་བ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ མངོན་སྤྱོད་ལངྐ་བརྩེགས་པའི་ཕོ་བྲང་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་རྩལ་རྫོགས་པས༔ བདུད་སྡེའི་དཔུང་བཅོམ་རྫུ་འཕྲུལ་མཐའ་ཡས་སྟོན༔ རིག་འཛིན་པྲ་བྷ་ཧ་ལ་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་པྲ་ཧསྟི༔ བྱིན་གྱིས༴ ཐལ་འབྱིན་རྣམ་བཞིའི་བརྟུལ་ཞུགས་གྲུབ་པའི་དབྱིངས༔ སྲིད་གསུམ་ཡེ་སྒྲོལ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧསྟི་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ བརྟུལ་ཞུགས་གསང་ཆེན་རོལ་པའི་ཕོ་བྲང་ནས༔ མངོན་རྫོགས་ཁྲག་འཐུང་གྲུབ་པའི་ཡེ་ཤེས་ཀྱིས༔ སྣང་སེམས་དབང་སྒྱུར་མ་ཚོགས་བྲན་དུ་བཀོལ༔ རིག་འཛིན་སཾསྐྲྀཏ་ལ་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་སཾསྐྲྀཏ༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ རྩ་རླུང་ཐིག་ལེ་བྱང་ཆུབ་སེམས་ཀྱི་དབྱིངས༔ ཁམས་གསུམ་བདེ་ཆེན་འབར་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷ་ན་སཾསྐྲྀཏ་གུ་ཧྱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཁའ་འགྲོ་པདྨ་བརྩེགས་པའི་ཕོ་བྲང་ནས༔ དཔལ་ཆེན་ཆེ་མཆོག་བདུད་རྩིའི་བཅུད་བླངས་པས༔ འཕོ་མེད་འཇའ་ལུས་རྡོ་རྗེའི་གོ་འཕང་བརྙེས༔ རིག་འཛིན་བི་མ་ལ་ལ་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་བི་མ་ལ༔ སྣང་སྲིད་བདུད་རྩིའི་བཅུད་དུ་འཁྱིལ་པའི་དབྱིངས༔ གྲོལ་བ་བཞི་ལྡན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་པཉྩ་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ རྔམ་བཞད་ཧེ་ཆེན་བརྡལ་བའི་ཕོ་བྲང་ནས༔ དྲེགས་པ་ཀུན་འདུལ་དགོངས་པའི་སྲོག་ཐོབ་པས༔ ས་གསུམ་གདུག་པ་ཟིལ་གནོན་ཕྱག་རྒྱ་བརྙེས༔ རིག་འཛིན་གུ་ཧྱ་ཙནྡྲར་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་གུ་ཧྱ་པ༔ བྱིན་གྱིས༴ གསང་བ་ཀུན་འདུས་རྡོ་རྗེ་འབར་བའི་དབྱིངས༔ གཟུང་འཛིན་མཚན་མ་དག་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་གུ་ཧྱ་ཙནྡྲ་བཛྲ་པཱ་ཎི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རྩུབ་འགྱུར་ལོ་ཀ་བརྩེགས་པའི་ཕོ་བྲང་ནས༔ སྟོབས་ལྡན་ཁྲག་འཐུང་རོལ་པའི་བྱིན་རླབས་ཐོབ༔ དམོད་པའི་མཚོན་ཆས་ལོག་འདྲེན་ཆམ་ལ་ཕབ༔ རིག་འཛིན་ཤཱནྟིཾ་གརྦྷར་གསོལ༴ གསོལ་བ་འདེབས་སོ་སློབ་དཔོན་ཞི་བའི་སྙིང༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ རྫོང་འཕྲང་སྲོག་གསུམ་མི་ཕྱེད་རྡོ་རྗེའི་དབྱིངས༔ རྟོག་ཚོགས་རང་སར་གྲོལ་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱནྟིཾ་གརྦྷ་སརྦ་དུཥྚཱན་སིདྡྷི་ཕ་ལ་ཧཱུྃ་ཨེ་ཛཿབྷྱོ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ བོད་ཡུལ་སྒྲུབ་གནས་སོ་སོའི་ཕོ་བྲང་ནས༔ རིགས་འདུས་ཐོད་ཕྲེང་རྩལ་གྱིས་རྗེས་སུ་བཟུང༔ བསྐྱེད་རྫོགས་མཐར་ཕྱིན་རྫུ་འཕྲུལ་ཅིར་ཡང་སྟོན༔ རྗེ་འབངས་འདུས་པའི་ཚོགས་ལ་གསོལ༴ གསོལ་བ་འདེབས་སོ་སྙན་བརྒྱུད་བླ་མ་རྣམས༔ བྱིན་གྱིས༴ རིམ་གཉིས་དགོངས་པ་དབྱེར་མེད་འོད་གསལ་དབྱིངས༔ འགྲོ་འདུལ་རྩལ་ཆེན་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཡོ་གཱི་ཤྭ་ར་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ༴ ཨོཾ་ཨཱཿཧཱུྃ༔ སྐུ་དང་ཡེ་ཤེས་དབྱེར་མེད་ཕོ་བྲང་ནས༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་རབ་འབྱམས་ཀྱིས༔ སྐལ་ལྡན་གདུལ་བྱའི་རེ་བ་ཡིད་བཞིན་སྐོང༔ རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ༴ གསོལ་བ་འདེབས་སོ་རྩ་གསུམ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ རྡོ་རྗེ་གསུམ་དང་དབྱེར་མེད་ཐིག་ལེའི་དབྱིངས༔ མཆོག་ཐུན་གྲུབ་པ་རྒྱ་མཚོའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཚད་མེད་བྱམས་པ་ཆེན་པོའི་ཕོ་བྲང་ནས༔ རྟོག་ཚོགས་དབྱིངས་སུ་ཐིམ་པའི་རྩལ་ཆེན་པོས༔ ནད་གདོན་འཇིགས་བརྒྱད་བར་ཆད་སེལ་བར་མཛད༔ རྡོ་རྗེ་རིགས་ཀྱི་ཕོ་ཉར་གསོལ་བ༴ གསོལ་བ་འདེབས་སོ་མི་འགྱུར་རྡོ་རྗེའི་རིགས༔ བྱིན་གྱིས༴ ཤིན་ཏུ་རྣམ་དག་འོད་གསལ་མཆོག་གི་དབྱིངས༔ མི་མཐུན་ཕྱོགས་ཀུན་ཞི་བའི་དངོས་གྲུབ་སྩོལ༔ ཨོཾ་ར་བཛྲ་དྷཱ་ཀ་ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ འགྲོ་འདུལ་སྙིང་རྗེ་ཆེན་པོའི་ཕོ་བྲང་ནས༔ རྨད་བྱུང་ཡོན་ཏན་ཐབས་ལ་མཁས་པ་ཡིས༔ འབྱོར་པ་དྲུག་གི་འདོད་རྒུ་འཕེལ་བར་མཛད༔ རིན་ཆེན་རིགས་ཀྱི་ཕོ་ཉར་གསོལ༴ གསོལ་བ་འདེབས་སོ་རེ་སྐོང་རིན་ཆེན་རིགས༔ བྱིན་གྱིས༴ མི་ཤིགས་དྭངས་མ་འོད་གསལ་ཆེན་པོའི་དབྱིངས༔ ཚེ་བསོད་ཡེ་ཤེས་རྒྱས་པའི་དངོས་གྲུབ་སྩོལ༔ ཨོཾ་ཙ་རཏྣ་དྷཱ་ཀ་རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རྗེས་ཆགས་དགའ་བ་ཆེན་པོའི་ཕོ་བྲང་ནས༔ རྔམ་བཞད་བདེ་བ་མཆོག་གི་ཏིང་འཛིན་གྱིས༔ འཁོར་འདས་ལེགས་ཚོགས་མ་ལུས་དབང་དུ་མཛད༔ པདྨ་རིགས་ཀྱི་ཕོ་ཉར་གསོལ༴ གསོལ་བ་འདེབས་སོ་ཆགས་མེད་པདྨའི་རིགས༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ བདེ་སྟོང་དབྱེར་མེད་སྒྱུ་འཕྲུལ་དྲྭ་བའི་དབྱིངས༔ ཁམས་གསུམ་རྟོག་པ་དབང་འདུས་དངོས་གྲུབ་སྩོལ༔ ཨོཾ་ཧྲི་པདྨ་དྷཱ་ཀ་ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཁྱབ་བརྡལ་བཏང་སྙོམས་ཆེན་པོའི་ཕོ་བྲང་ནས༔ དྲག་གཏུམ་རྡོ་རྗེ་ཁྲོས་པའི་མཚོན་ཆ་ཡིས༔ གཟུང་འཛིན་དགྲ་བགེགས་མ་ལུས་ཐལ་བར་རློག༔ ལས་ཀྱི་རིགས་ཀྱི་ཕོ་ཉར་གསོལ་བ་འདེབས༔ གསོལ་བ་འདེབས་སོ་ཐོགས་མེད་ལས་ཀྱི་རིགས༔ བྱིན་གྱིས་རློབས་ཤིག་སྨིན་གྲོལ་དབང་མཆོག་སྐུར༔ རང་བཞིན་ཀུན་ཁྱབ་འོད་གསལ་ཐིག་ལེའི་དབྱིངས༔ གཉིས་སྣང་ལོག་འདྲེན་ཚར་གཅོད་དངོས་གྲུབ་སྩོལ༔ ཨོཾ་ཡ་ཀརྨ་དྷཱ་ཀ་ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་དྷིཥྛཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དགོངས་བརྡ་སྙན་བརྒྱུད་དུས་གསུམ་བླ་མ་དང༔ ཕྱོགས་བཅུ་དུས་བཞིའི་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་ཚོགས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་སུ་བསྐུལ༔ རྩེ་གཅིག་མོས་པའི་གདུང་བས་གསོལ་འདེབས་ན༔ བྱམས་པའི་ཞལ་བཟང་མངོན་སུམ་བསྟན་དུ་གསོལ༔ གསུང་གི་གདམས་པའི་བདུད་རྩི་བསྩལ་དུ་གསོལ༔ ཐུགས་ཀྱི་དགོངས་པས་བྱིན་གྱིས་བརླབ་ཏུ་གསོལ༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མཚན་དཔེའི་སྐུ་ཡི་གཟི་བྱིན་ལུས་ལ་ཕོབ༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ བསྐྱེད་རིམ་ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ནས༔ སྐུ་ཡི་རྡོ་རྗེར་འགྲུབ་པར་བྱིན་གྱིས་རློབས༔ ཚངས་དབྱངས་སྔགས་ཀྱི་ནུས་པ་ངག་ལ་ཕོབ༔ ངག་གི་ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ རྫོགས་རིམ་རླུང་སེམས་ཡེ་ཤེས་མངོན་གྱུར་ནས༔ གསུང་གི་རྡོ་རྗེར་འགྲུབ་པར་བྱིན་གྱིས་རློབས༔ འོད་གསལ་ཐུགས་ཀྱི་དགོངས་པ་ཡིད་ལ་ཕོབ༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ ལྷན་སྐྱེས་དགའ་བཞིའི་ཡེ་ཤེས་མངོན་གྱུར་ནས༔ ཐུགས་ཀྱི་རྡོ་རྗེར་འགྲུབ་པར་བྱིན་གྱིས་རློབས༔ གསང་གསུམ་དབྱེར་མེད་རིག་རྩལ་རྒྱུད་ལ་ཕོབ༔ སྒོ་གསུམ་ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ མི་ཕྱེད་སྙིང་པོའི་ཡེ་ཤེས་མངོན་གྱུར་ནས༔ བདེ་ཆེན་རྡོ་རྗེར་འགྲུབ་པར་བྱིན་གྱིས་རློབས༔ བདག་དང་མཁའ་ཁྱབ་སེམས་ཅན་མ་ལུས་ཀུན༔ རྩ་གསུམ་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་བརླབས་སྨིན་གྲོལ་དངོས་གྲུབ་ཐོབ༔ ཚོམ་བུ་གཅིག་ཏུ་གྲོལ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུྃ་བཛྲ་ཤཱནྟི་ཀ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ར་ཙ་ཧྲི་ཡ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ དེ་ལྟར་རྟག་ཏུ་མོས་གུས་ཀྱིས༔ སྙིང་ནས་གསོལ་བ་འདེབས་པའི་བུར༔ པདྨ་བདག་གིས་མངོན་སུམ་དུ༔ བྱིན་གྱིས་བརླབ་འགྱུར་ཐ་ཚིག་ཡིན༔ གེགས་སེལ་བོགས་འདོན་མཐར་ཐུག་པ༔ འདི་ལས་གཞན་དུ་ངས་མ་བསྟན༔ དེ་ཕྱིར་པདྨའི་རྗེས་འཇུག་རྣམས༔ ཐུགས་དམ་སྙིང་པོ་འདི་ལ་དྲིལ༔ ས་མ་ཡ༔ གསོལ་འདེབས་རྒྱུད་བསྐུལ་བྱང་བུ་འདི༔ མངའ་བདག་ཡབ་སྲས་རྣམས་ལ་གདམས༔ སྤྲུལ་པའི་ལོ་ཙཱ་ཆེན་པོར་གཏད༔ མཚོ་རྒྱལ་མོས་པས་ཡི་གེར་བྲིས༔ རིན་ཆེན་ས་ཡི་བཅུད་དུ་གཏམས༔ མ་འོངས་བདག་གིས་བྱིན་བརླབས་པའི༔ རིག་འཛིན་ཟུང་དང་འཕྲད་ནས་ཀྱང༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།
རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། མཁའ་འགྲོའི་སུན་ཟློག་གི་སྙིང་པོ་བསྡུས་པ་འཆི་མེད་རྡོ་རྗེའི་སྲོག་མཁར་ (Volume 49, Text 46)
༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ལས། མཁའ་འགྲོའི་སུན་ཟློག་གི་སྙིང་པོ་བསྡུས་པ་འཆི་མེད་རྡོ་རྗེའི་སྲོག་མཁར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ། བརྟན་བཞུགས་བར་ཆད་སེལ་བ་འདི་ལ། ཚེ་འཕྲང་དང་ཚེ་དུས། ཚེའི་བར་ཆད་དཔའ་བོ་མཁའ་འགྲོ་དང་ཕྱི་ནང་གསང་བའི་སྡེ་བརྒྱད་ཀྱི་བསུན་མ། དུས་མ་ཡིན་པར་འཆི་བའི་འཇིགས་པའི་རྐྱེན་ཐམས་ཅད་སེལ་བའི་མན་ངག་གི་སྙིང་པོ། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་བཅུད། སུན་ཟློག་གི་སྙིང་པོ་བསྡུས་པ་འཆི་མེད་རྡོ་རྗེའི་སྲོག་མཁར་བཤད་པ་འདི་ཉིད་ལ་སྤྱི་དོན་རྣམ་པ་དགུས་བསྟན་ཏེ། དང་པོ་བཅའ་གཞི། གཉིས་པ་ཁྲུས་གསོལ། གསུམ་པ་མདོས་གཏོར་བྱིན་གྱིས་བརླབ་པ། བཞི་པ་གཏོར་མདོས་གླུད་དང་བཅས་པ་བསྔོ་ཞིང་དར་ཐག་བསྡུ་བ། ལྔ་པ་མཚམས་གཅོད། དྲུག་པ་བརྟན་བཞུགས། བདུན་པ་ཚེ་བཅུད་འགུགས་པ། བརྒྱད་པ་ཚོགས་ཀྱི་འཁོར་ལོ་མཁོ་བའི་ཡོ་བྱད་རྟགས་བརྒྱད་དང་བཅས་པ་འབུལ་ཞིང་ལྷག་མ་སོགས་བྱ་བ། དགུ་པ་ཤིས་པ་བརྗོད་པའོ། །དང་པོ་བཅའ་གཞི་ནི། རྣམ་འཇོམས་རྨེ་བརྩེགས་སོགས་ཀྱི་བུམ་སྒྲུབ་བྱས་པའི་ལས་བུམ་དང་། ཡེ་ཤེས་མཁའ་འགྲོའི་གཙོ་བུམ། མཁའ་འགྲོ་སྡེ་ལྔའི་སྐུ་རས་བྲིས་སམ་འབྲུ་ཚོམ་བཀོད་པའི་དབུས་སུ་བཞུགས། གཡས་སུ་ཚེ་བུམ། གཡོན་དུ་ཚེ་ཆང་། མདུན་དུ་མདའ་དར། རྒྱབ་ཏུ་ཚེ་རིལ། དེའི་གཡས་ཕྱོགས་སུ་རི་རབ་བང་རིམ་བཞི་པའི་རྩེ་མོ་ལ་ཐོད་ཕྲེང་རིགས་ལྔའི་གཏོར་མ། དེ་འོག་བང་རིམ་གཉིས་པ་ལ་མཁའ་འགྲོ་སྡེ་ལྔ་དང་འབུམ་ཕྲག་ཡངས་པའི་གཏོར་མ་མཐེབ་ཀྱུ་བརྩེག །དེ་འོག་བང་རིམ་གསུམ་པ་ལ་ཞི་རྒྱས་དབང་དྲག་གི་གཏོར་མ་བཞི་ལ། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་འཁོར་གྱིས་བསྐོར། དེ་འོག་བང་རིམ་བཞི་པ་ལ། ཕྱི་ནང་གསང་བའི་བཀའ་སྲུང་སྡེ་བརྒྱད་ཀྱི་གཏོར་མ་བཅས་པ། དེའི་མཐའ་སྐོར་དུ་གནམ་ལ་འཕུར་དགུ། ས་ལ་འཛུལ་དགུ། ཤར་དུ་ཟླུམ་པོ། །ལྷོར་གྲུ་བཞི། ནུབ་ཏུ་ཟླ་གམ། བྱང་དུ་གྲུ་གསུམ། ས་ཆུ་མེ་རླུང་གི་རྫས་དང་ཤ་བརྒྱ་ཟན་བརྒྱས་བསྐོར་བ། མཐའ་སྐོར་དུ་ནམ་མཁའ་རྒྱང་བུ། སྐུ་གླུད་ལོ་གྲངས། བླ་ལུག་གི་གཟུགས་དང་བཅས་པའི་འཁོར་དུ་ལོ་འགྲོས་བཅུ་གཉིས་དང་འཆི་བདག་ཕོ་མོའི་གཟུགས་བྱང་ངམ་ལྷོ་ལ་བཀོད། ཚོགས་ཀྱི་འཁོར་ལོ་དང་། དེའི་དབུས་སུ་རྡོ་རྗེ་སློབ་དཔོན་གྱི་ཁྲི་བཤམ། མཁའ་འགྲོ་སྡེ་ལྔའི་བརྟན་བཞུགས། ཨེ་ལས་འཁོར་ལོ། ཡཾ་ལས་རྒྱ་གྲམ། ཁཾ་ལས་རྡོ་རྗེའི་གདན། ལཾ་ལས་རི་རབ་བམ་རིན་པོ་ཆེ། རཾ་ལས་པདྨའི་གདན་རྣམས་བསང་སྦྱང་སྤོས་ཀྱིས་བདུག་ཅིང་རིམ་པར་བརྩེག །བྱིན་དབབ་པ་དང་རབ་ཏུ་གནས་པ་བྱས་ཏེ་སྟེང་དུ་རྡོ་རྗེ་དྲིལ་བུ་བཞག །སློབ་དཔོན་ཐོག་མར་གདན་རྙིང་པའི་སྟེང་དུ་ཞལ་ཕྱོགས་ངན་དང་བདུད་གཅོད་ཀྱི་སྟེང་དུ་གཏད་ལ། དར་ཐག་ལྔ་དང་ཁྲུས་སྡེར་ཁྲུས་རྫས་རོལ་མོ་སོགས་བཤམ་པ་ནི་སྤྱི་དོན་དང་པོ་བཅའ་གཞིའི་རིམ་པ་བསྟན་པའོ། །སྤྱི་དོན་གཉིས་པ་ཁྲུས་གསོལ་ནི། ཁྲུས་གསོལ་ཆེན་མོ་ལྟར་བྱ། སྤྱི་དོན་གསུམ་པ་གཏོར་རྫས་བྱིན་གྱིས་བརླབ་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་བདག་བསྐྱེད་ཀྱི་རིམ་པ་ཡི་དམ་གྱི་ལྷ་གང་ཡིན་སྔོན་དུ་སོང་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་རྫས་མདོས་རྣམས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་བཅུད་ཟག་པ་མེད་པའི་སྟེང་དུ་ཡི་གེ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ག །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ། ཞེས་ཉེར་གཅིག་བརྗོད་པས། འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨཱཿལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཉིས་ཀྱི་ནང་དུ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱཿ ཞེས་བརྗོད་པས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ རྡོ་རྗེའི་གནས་ཁང་དུར་ཁྲོད་བརྒྱད་དང་ཡུལ་ཉི་ཤུ་རྩ་བཞིའི་བཀོད་སྤྲིན་ཕུན་སུམ་ཚོགས་པ་གཅིག་ཏུ་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕེཾ་ཕེཾ། མཆོད་རྫས་མཐའ་དག་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར། ཅེས་བྱིན་གྱིས་བརླབ་པའི་རིམ་པའོ། །སྤྱི་དོན་བཞི་པ་མཆོད་རྫས་གླུད་དང་བཅས་པ་བསྔོ་བ་ནི། ཧཱུྃ། ཆོས་དབྱིངས་ལོངས་སྤྱོད་རྫོགས་སྐུའི་ཞིང་། །སྤྲུལ་སྐུའི་གནས་མཆོག་མ་ལུས་པར། །བཞུགས་པའི་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོར་མཆོད་པ་འབུལ། །ཉི་ཤུ་རྩ་བཞིའི་གནས་མཆོག་དང་། །ས་གསུམ་ཁྱོན་ལ་དབང་སྒྱུར་ཞིང་། །འབྱུང་བ་བཞི་ཡི་ཕོ་བྲང་ན། །ཕྱི་ནང་བཀའ་སྲུང་མ་ལུས་དང་། །སྡེ་བརྒྱད་ཡོངས་ལ་མཆོད་པ་འབུལ། །སྲིད་པའི་རྩེ་ནས་མནར་མེད་ཡན། །འཁོར་འདས་ཚོགས་དྲུག་ཞིང་ཁམས་ན། །མཆོད་སྦྱིན་མགྲོན་དུ་གྱུར་པ་ལ། །རང་རང་འདོད་དགུའི་དགྱེས་མཆོད་འབུལ། །དེ་རིང་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་རིན་ཆེན་པདྨ་ལས། །འབུམ་ཕྲག་ཡངས་པའི་ཕོ་བྲང་འདིར། །མཆོད་སྦྱིན་མགྲོན་རྣམས་གཤེགས་སུ་གསོལ། །རི་རབ་སྲིད་པའི་རྩེ་མོ་ནས། །མནར་མེད་ལྕགས་ཁང་ཡན་ཆད་ཀྱི། །འདོད་རྒུའི་མཆོད་པ་མི་ཟད་པ། །བླ་མའི་སྐུ་ཚེ་བརྟན་པའི་ཕྱིར། །མགྲོན་རྣམས་ཀུན་གྱི་སྤྱན་སྔར་འབུལ། །ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །དཀར་མོ་འབུམ་གྱི་དར་ཐག་སྡུས། །ལྷོ་ནས་རིན་ཆེན་མཁའ་འགྲོ་མ། །སེར་མོ་འབུམ་གྱི་དར་ཐག་སྡུས། །ནུབ་ནས་པདྨ་མཁའ་འགྲོ་མ། །དམར་མོ་འབུམ་གྱི་དར་ཐག་སྡུས། །བྱང་ནས་ལས་ཀྱི་མཁའ་འགྲོ་མ། །ལྗང་མོ་འབུམ་གྱི་དར་ཐག་སྡུས། །དབུས་ནས་བུདྡྷ་མཁའ་འགྲོ་མ། །སྣ་ཚོགས་མཁའ་འགྲོའི་དར་ཐག་སྡུས། །བཀའ་འཁོར་སྡེ་བརྒྱད་སུན་མ་ཡི། །གདུག་སེམས་འཕྲེང་བའི་དར་ཐག་སྡུས། །རང་རང་བཀའ་འཁོར་འབུམ་ཕྲག་གི །བསུན་མའི་དཔུང་ཚོགས་ཐམས་ཅད་ལ། །སྣང་སྲིད་མདོས་སུ་བཤམས་ནས་འབུལ། །སྣོད་བཅུད་བདུད་རྩིར་བསྐྱིལ་ནས་འབུལ། །ཆོས་དབྱིངས་རཀྟས་བཀང་ནས་འབུལ། །སྲིད་ཞིའི་འདོད་རྒུ་སྤུངས་ནས་འབུལ། །ཏིང་འཛིན་སྦྱོར་སྒྲོལ་མཆོད་པ་འབུལ། །སྐུ་གླུད་མི་ལས་དགའ་བ་འབུལ། །གསུང་གླུད་ཆོས་ཕུང་བརྒྱད་ཁྲི་འབུལ། །ཐུགས་གླུད་ཏིང་འཛིན་འོད་འབར་འབུལ། །བླ་གླུད་གཡང་མོ་ལུག་མཛེས་འབུལ། །སྲིད་ཞིའི་འདོད་རྒུ་ཀུན་ཚང་ཞིང་། །ཡོན་ཏན་གཞལ་དུ་མེད་པའི་གླུད། །བཞེས་ཤིག་བླ་མ་ཡི་དམ་ལ། །འབུལ་ལོ་ཡེ་ཤེས་མཁའ་འགྲོའི་ཚོགས། །གསོལ་ཅིག་ཆོས་སྐྱོང་དམ་ཅན་ཚོགས། །བསྔོ་འོ་རིགས་དྲུག་ལྷག་མའི་མགྲོན། ཁྱོད་རྣམས་ཐུགས་དམ་གཉན་སྐོངས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །ཉན་ཐོས་འདུལ་ཁྲིམས་ཉམས་པ་བཤགས། །གསང་སྔགས་རྩ་ལྟུང་ཕོག་པ་བཤགས། །སྤྱི་དང་ཁྱད་པར་དམ་ཉམས་བཤགས། །རྩ་བ་ཡན་ལག་སྐུ་དང་གསུང་། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། ཁྱད་པར་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་ཌཱ་ཀི་མ། །ཡེ་ཤེས་མཁའ་འགྲོ་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆག་ཐམས་ཅད་བཤགས། །ཆོས་སྐུ་སྐྱེ་མེད་ཀློང་དུ་བཤགས། །ལོངས་སྐུ་འགག་མེད་ཀློང་དུ་བཤགས། །སྤྲུལ་སྐུ་ཡེ་ཤེས་འོད་ལྔར་བཤགས། །སྐུ་གསུམ་མཉམ་ཉིད་ཐིག་ལེར་བཤགས། །རྒྱས་པར་འདོད་ན་གཞན་ཡང་བྱ། སྐུ་ཁྲུས་གསོལ་བའི་གྲིབ་ཁྲུས་གོས་རྙིང་པ་ཟུལ་ཏེ་ཕུད། མདོས་ཀྱི་ཕྱོགས་སུ་སྤུངས་ལ་གསར་པ་གྱོན། བརྟན་བཞུགས་ཀྱི་ཁྲི་སྟེང་དུ་ཞལ་སྲོག་འཚོ་ལ་བསྟན་ཏེ་བཞུགས་སུ་གསོལ། དེ་ནས་བསུན་མའི་དཔུང་ཚོགས་ལྷ་གྲངས་དང་མཉམ་པས་ཕྱི་ནས་འདི་སྐད་དོ། །སྒོ་ལན་གསུམ་བརྡུངས་ལ། ཀྱཻཿ ཁྱབ་གདལ་ཆོས་སྐུའི་ཞིང་ནས་འོངས། །ལྷུན་གྲུབ་ལོངས་སྐུའི་ཞིང་ནས་འོངས། །འཇའ་ཟེར་འོད་ལྔའི་ཀློང་ནས་འོངས། །ཉི་ཤུ་རྩ་བཞིའི་ཞིང་ནས་འོངས། །དུར་ཁྲོད་ཆེན་པོ་བརྒྱད་ནས་འོངས། །མཁའ་སྤྱོད་དག་པའི་ལམ་ནས་འོངས། །ཞེ་སྡང་མེ་ལོང་ཡེ་ཤེས་སྐུ །ང་ནི་རྡོ་རྗེ་མཁའ་འགྲོ་ཡིན། །འཁོར་ཡང་འབུམ་ཕྲག་དུ་མ་ཡོད། །འོད་ཟེར་དཀར་པོའི་དར་ཐག་ཀློང་། །རིག་འཛིན་བླ་མ་གཤེགས་སུ་གསོལ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ངང་། །ང་ནི་རིན་ཆེན་མཁའ་འགྲོ་ཡིན། །འཁོར་ཡང་འབུམ་ཕྲག་དུ་མ་ཡོད། །འོད་ཟེར་སེར་པོའི་དར་ཐག་ཀློང་། །རིག་འཛིན་བླ་མ་གཤེགས་སུ་གསོལ། །འདོད་ཆགས་སོར་རྟོག་ཡེ་ཤེས་ངང་། །ང་ནི་པདྨ་མཁའ་འགྲོ་ཡིན། །འཁོར་ཡང་འབུམ་ཕྲག་དུ་མ་ཡོད། །འོད་ཟེར་དམར་པོའི་དར་ཐག་ཀློང་། །རིག་འཛིན་བླ་མ་གཤེགས་སུ་གསོལ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ངང་། །ང་ནི་ལས་ཀྱི་མཁའ་འགྲོ་ཡིན། །འཁོར་ཡང་འབུམ་ཕྲག་དུ་མ་ཡོད། །འོད་ཟེར་ལྗང་ཁུའི་དར་ཐག་ཀློང་། །རིག་འཛིན་བླ་མ་གཤེགས་སུ་གསོལ། །སྲིད་པ་དྲི་ཟའི་གྲོང་ཁྱེར་འདྲ། །མི་ཡི་ཡུལ་འདི་དམ་མི་གཙང་། །བསམ་སྦྱོར་ངན་པའི་དམ་མེད་ཁྲོད། །སྐྱེས་མཆོག་མ་བཞུགས་གཤེགས་སུ་གསོལ། །ཞེས་པ་དང་། ནང་ནས། ཀྱཻཿ སྐུ་གསུམ་རྒྱལ་བའི་ཞིང་ཁམས་དང་། །ཡེ་ཤེས་མཁའ་འགྲོའི་གླིང་རྣམས་ནི། །མི་ཡི་ཡུལ་ལས་ལྷག་པ་ཅི། །རྒྱལ་དང་རྒྱལ་བ་སྲས་བཅས་ཀྱི། །བསྟན་པ་རིན་ཆེན་ཡོངས་འཛིན་པའི། །བསྟན་འཛིན་སྐྱེས་བུ་རིན་པོ་ཆེ། །རྡོ་རྗེ་སློབ་དཔོན་འདི་ལགས་པས། །བདག་སོགས་འདུས་པའི་དབུས་ཉིད་དུ། །བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །བསུན་མའི་མགྲོན་རྣམས་ཟློག་ཏུ་གསོལ། །ཞེས་པའི་ལན་དུ་ཕྱི་ནས། ཀྱཻཿ རྡོ་རྗེ་སློབ་དཔོན་འདིར་བཞུགས་ན། །འདི་ཡི་སྐུ་ཚབ་མདོས་གཏོར་དང་། །ཚོགས་ཀྱི་འཁོར་ལོ་མི་ཟད་པ། །འདོད་ཡོན་ལྔ་ཡི་རྫོངས་དང་བཅས། །མགྲོན་རྣམས་འདུས་ལ་སྔར་བསྔོས་ཀྱང་། །དེ་རིང་བསུན་མའི་ཚོགས་རྣམས་ལ། །འདོད་པ་ཚིམས་པའི་རྫོངས་ཤིག་ཐོབས། །རྒྱ་གར་ཡུལ་གྱི་དུར་ཁྲོད་དང་། །ཡེ་ཤེས་དབྱིངས་ཀྱི་ཞིང་དུ་འགྲོ། །ཞེས་བརྗོད་པ་དང་། དེ་ནས་རྫོངས་སུ་བསྟབ་པ་ནི། གོང་གི་ཡས་འབུལ་ཚར་གཅིག་བཏང་ལ། ཟློག་པ་སྒོ་དབྱེ་ལམ་བསྟན་དང་། ཆད་མདོ་བརྟན་སྐྱོང་བྱ། དེ་ནས་མཁའ་འགྲོའི་དཀྱིལ་འཁོར་དུ་སྨན་རག་གཏོར་གསུམ་བྲན་ལ་གཏོར་བསྔོས་བྱ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ཀུན། །འཇའ་ཟེར་ཐིག་ལེའི་གུར་ཁང་ཕུབ། །ཉི་ཤུ་རྩ་བཞིའི་གནས་མཆོག་ཀུན། །སྨན་དང་དྲི་བཟང་སྤོས་ངད་འཐུལ། །མཁའ་སྤྱོད་ཡངས་པའི་ཞིང་ཁམས་ཀུན། །ལྟ་བས་མི་ངོམ་ངོ་མཚར་ཆེ། །མཁའ་འགྲོའི་བཞུགས་གནས་དེ་ན་བཟང་། །བསུན་མའི་དཔུང་ཚོགས་དེར་གཤེགས་ཤིག །གླུ་གར་གླིང་བུ་ཀྱུ་རུ་རུ། །དྲིལ་གཡེར་རོལ་མོ་འུ་རུ་རུ། །མཛེས་པའི་གར་སྟབས་ཁྱུགས་སེ་ཁྱུག །དར་དཔྱང་ཅོད་པན་པུ་རུ་རུ། །རི་རབ་རི་ཡི་རྩེ་མོར་གཤེགས། །རྒྱ་གར་ཡུལ་གྱི་ཕ་མཐར་གཤེགས། །ཆོས་དབྱིངས་གདོད་མའི་ཀློད་དུ་བཞུད། །སྤྱི་དོན་ལྔ་པ་མཚམས་གཅོད་ནི། ཧྲཱིཿ པད་ཟླ་ཉི་གདན་བམ་རོ་བསྣོལ་བའི་སྟེང་། །སྐད་ཅིག་དྲན་རྫོགས་དབང་ཆེན་ཡབ་ཡུམ་གྱི། །སྐུ་ལས་མེ་འབར་ཁྲོ་བཅུ་ཕོ་ཉའི་དཔུང་། །མནར་མེད་སྲིད་རྩེ་ཁྱབ་པའི་ཕྱག་མཚན་གྱིས། །གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་བཅད་ནས། །བུ་ཡུག་མཚོན་ཆ་རྡོ་རྗེ་པདྨ་དང་། །འཁོར་ལོའི་གུར་ཁང་འཇའ་འོད་འཁྱིལ་པའི་ནང་། །བདག་ཅག་བསྲུང་བྱ་འཁོར་བཅས་ཚུད་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། སྤྱི་དོན་དྲུག་པ་བརྟན་བཞུགས་འབུལ་བ་ནི། ཨོཾ་སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་གནས་ཁང་འདི་ཉིད་ཕྱི་ལྟར་སྤྲུལ་སྐུ །ནང་ལྟར་ལོངས་སྐུ །གསང་བ་ཆོས་སྐུའི་གཞལ་ཡས་ཁང་གི་ངོ་མཚར་གྱི་བཀོད་པ་རབ་ཏུ་འབར་བའི་དབུས་སུ་སེངྒེ་དང་གྱད་ཀྱིས་བཏེག་པའི་རྡོ་རྗེའི་ཁྲི་མཆོག་ཡངས་པའི་སྟེང་དུ། དབུས་སུ་སངས་རྒྱས་རིགས་ཀྱི་གདན་ཁྲི་འཁོར་ལོ་སྔོན་པོ་ཨོཾ་གྱིས་མཚན་པ། ཤར་དུ་རྡོ་རྗེ་རིགས་ཀྱི་གདན་ཁྲི་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། ལྷོར་རིན་ཆེན་རིགས་ཀྱི་གདན་ཁྲི་རིན་པོ་ཆེ་སེར་པོ་ཏྲཱཾ་གིས་མཚན་པ། ནུབ་ཏུ་པདྨ་རིགས་ཀྱི་གདན་ཁྲི་པདྨ་དམར་པོ་ཧྲཱིཿཡིས་མཚན་པ། བྱང་དུ་ལས་ཀྱི་རིགས་ཀྱི་གདན་ཁྲི་རྒྱ་གྲམ་ལྗང་ཁུ་ཨཱཿཡིས་མཚན་པ། དེ་དག་ཐམས་ཅད་ཀྱང་། མི་ཆོད་པ། མི་ཤིགས་པ་སོགས་རྡོ་རྗེའི་མཚན་ཉིད་བཞི་དང་ལྡན་པ། བཀྲ་ཤིས་པའི་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་ཚང་བ། ཚེ་དང་དཔལ་སྐྱེད་པ་ལ་སོགས་དངོས་གྲུབ་ཀྱི་མཛོད་ཁང་། ཡིད་བཞིན་གྱི་ནོར་བུ་ལ་སོགས་དགོས་འདོད་ཐམས་ཅད་འབྱུང་བའི་ཞིང་། བྱིན་རླབས་དང་ལྡན་པས་འབྲེལ་བར་གྱུར་པ་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་ནུས་པ་གཅིག་ཏུ་གྱུར། དེ་ཉིད་ཀྱི་དབུས་སུ་དཔལ་ལྡན་བླ་མ་དམ་པ་འདི་ཉིད་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ལ། རྩ་བ་གསུམ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རྫོགས་པ། གསུང་གསང་བ་བསམ་གྱིས་མི་ཁྱབ་པ་ལ། ཐོག་མཐའ་བར་དགེའི་དམ་པའི་ཆོས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པ། ཐུགས་ཆོས་ཀྱི་དབྱིངས་འོད་གསལ་གྱི་རང་བཞིན་ལ། དུས་གསུམ་གྱི་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་རྫོགས་པ། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ལ། རྣམ་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཡབ་ཡུམ་འཁྲིལ་སྦྱོར་རྡོ་རྗེ་ཐོད་པ་གྲི་གུག་ཐོད་ཁྲག་འཛིན་པ་མཚན་དཔེའི་མངའ་བདག་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་མཛེས་ཤིང་། ཁྱེའུ་ཆུང་ལོ་བརྒྱད་ལོན་པའི་ན་ཚོད་ཅན་དཀར་ལ་དམར་མདངས་འཚེར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་གསལ་བར་གྱུར་པ་ནི་བརྟན་བཞུགས་ཀྱི་རིམ་པའོ། །སྤྱི་དོན་བདུན་པ་ཚེ་བཅུད་འགུགས་པ་ནི། མདའ་དར་ཁ་དོག་ལྔ་ལྡན་རོལ་མོ་དང་བཅས་ཏེ། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བཞེངས་ཤིང་གར་དང་བཅས་ཏེ་འདི་སྐད་དོ། །ཧཱུྃ་ཧྲཱིཿ སྐུ་གསུམ་ཞིང་དང་ཉི་ཤུ་རྩ་བཞི་ཡི། །ངོ་མཚར་རྒྱན་དང་བཀོད་རབ་འབར་བའི་ཞིང་། །འཇའ་ཟེར་སྤོས་སྤྲིན་མེ་ཏོག་མདངས་མཛེས་ཀུན། །ལྷ་དང་ལྷ་མོའི་འོད་ཀྱི་གུར་ཁང་འཁྲིགས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཞིང་མཆོག་ནས། །མེ་ལོང་ཡེ་ཤེས་གསལ་འཚེར་ཌཱ་ཀི་མ། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རྡོ་རྗེ་རིགས་ཀྱི་ཚེ་ཡི་རིག་འཛིན་ཐོབ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས་པར་ཤོག །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་ནས། །མཉམ་ཉིད་ཡེ་ཤེས་གསལ་འཚེར་ཌཱ་ཀི་མ། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རིན་ཆེན་རིགས་ཀྱི་ཚེ་ཡི་རིག་འཛིན་ཐོབ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས་པར་ཤོག །ནུབ་ཕྱོགས་པདྨའི་རིགས་ཀྱི་ཞིང་ཁམས་ནས། །སོར་རྟོག་ཡེ་ཤེས་གསལ་འཚེར་ཌཱ་ཀི་མ། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །པདྨ་རིགས་ཀྱི་ཚེ་ཡི་རིག་འཛིན་ཐོབ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས་པར་ཤོག །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཞིང་ཁམས་ནས། །བྱ་གྲུབ་ཡེ་ཤེས་གསལ་འཚེར་ཌཱ་ཀི་མ། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །ལས་ཀྱི་རིགས་ཀྱི་ཚེ་ཡི་རིག་འཛིན་ཐོབ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས་པར་ཤོག །དབུས་ཕྱོགས་ཐུགས་ཀྱི་རིགས་ཀྱི་ཞིང་ཁམས་ནས། །ཆོས་དབྱིངས་ཡེ་ཤེས་གསལ་འཚེར་ཌཱ་ཀི་མ། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་སྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་དུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །ཐུགས་ཀྱི་རིགས་ཀྱི་ཚེ་ཡི་རིག་འཛིན་ཐོབ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས་པར་ཤོག །མི་ཟད་སྐུ་དང་འཇའ་འོད་ཡིག་འབྲུ་དང་། །སྣ་ཚོགས་ཕྱག་མཚན་མེ་ཏོག་ཆར་བསིལ་ཞིང་། །བཀྲ་ཤིས་ངོ་མཚར་བཀོད་པའི་རྫས་མཆོག་ཀུན། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལ་ཐིམ་ནས། །མི་གཡོ་འཛམ་གླིང་བསྟན་པའི་སྒྲོན་མེ་དང་། །འགྲོ་བའི་དེད་དཔོན་དམ་པར་མངའ་གསོལ་ལོ། །མཐུ་སྟོབས་ནུས་པའི་བདག་པོར་དབུགས་དབྱུང་ངོ་། །བཀྲ་ཤིས་མི་འགྱུར་བརྟན་པར་གསོལ་བ་འདེབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །སོགས་བྱའོ། །བརྒྱད་པ་ཚོགས་ཀྱི་འཁོར་ལོ་ལ་སོགས་བཀྲ་ཤིས་རྫས་རྟགས། མཎྜལ་རྒྱས་བསྡུས། གཞན་ནས་བྱུང་བའི་གསོལ་འདེབས་བརྟན་བཞུགས་སོགས་བྱས་ལ། བསྐལ་བརྒྱར་བཞུགས་པའི་ཞལ་བཞེས་ཞུ། དཔའ་བོ་མཁའ་འགྲོ་མཆེད་ལྕམ་དྲལ་ལ་གཏང་རག་གི་ཚོགས་འཁོར་བསྐོར་ཞིང་། ལྷག་གཏོར་བརྟན་སྐྱོང་། དཀྱིལ་འཁོར་བསྡུ་ཆོག་སོགས་བདག་བསྐྱེད་ལྷའི་རྣལ་འབྱོར་གང་བྱེད་ཀྱི་གཞུང་དང་བསྟུན། སྤྱི་དོན་དགུ་པ་ཤིས་པ་སྐྱོང་བ་ནི། སྲིད་ཞིའི་ཆོས་རྣམས་གདོད་མར་འུབས་ཆུབ་སྟེ། །སྟོང་ཁམས་ཐམས་ཅད་འཇའ་འོད་ཐིག་ལེའི་དབྱིངས། །བླ་མ་ཡི་དམ་མཁའ་འགྲོར་འོད་འབར་བའི། །བཀྲ་ཤིས་བྱིན་ཆགས་ཆར་ཆེན་འདིར་ཕོབ་ཅིག །སྣང་གྲགས་རྡོ་རྗེ་གསང་གསུམ་རྒྱན་གྱི་མཛོད། །འཇིག་རྟེན་བཀྲ་ཤིས་བྱེད་པོའི་གླུ་གར་གང་། །ནམ་ཡང་དངོས་གྲུབ་འདོད་དགུའི་དཔལ་འཁྱིལ་བའི། །དགའ་བདེ་རྫོགས་ལྡན་གསར་པའི་ཤིས་པས་སྐྱོངས། །གར་ཡང་ཉམས་དགའ་བདེ་ཞིང་སྐྱིད་པའི་གླིང་། །འདོད་ལྔའི་གཡུར་ཟ་ལྡེམ་པའི་ལྗོན་པའི་ཁྲོད། །མཆོག་ལྡན་དགའ་བདེས་མྱོས་ནས་བཀྲ་ཤིས་གླུ། །ངོ་མཚར་སྣང་བའི་བདུད་རྩི་འདིར་སྩོལ་ཅིག །ལྷ་དང་ཀླུ་དབང་མི་དབང་དཔལ་འབྱོར་གྱི། །གཟི་འོད་རྩེ་མོ་ཡངས་པའི་མཁའ་སྤྱོད་དབྱིངས། །རྒྱལ་བའི་བྱིན་རླབས་ཐུགས་རྗེས་ཡོངས་གང་བས། །འདོད་དགུས་དོན་གཉེར་བུ་ཡི་རེ་སྐོངས་ཤིག །སྲིད་ཞིའི་ཁམས་ཀུན་འདྲེན་མཆོག་དབང་པོ་ཡི། །རྒྱན་གྱུར་གང་གིས་སྨོན་ལམ་ཅི་བཏབ་པ། །གཅིག་ཆར་དུས་འདིར་བདག་སོགས་ཀྱིས་འགྲུབ་ནས། །དཔལ་ལྡན་བླ་མའི་ཕྲིན་ལས་ཆེར་སྤེལ་ཤོག །སྲིད་ཞིའི་ཁམས་ཀྱི་རྡུལ་ཕྲན་ཆ་རྫོགས་པའི། །སྤྲུལ་པ་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་ཏུ། །དཔོན་སློབ་མི་འབྲལ་རྟག་པར་ཆོས་འཁོར་བསྐོར། །འགྲོ་བ་སྒྲོལ་བའི་དེད་དཔོན་ཆེན་པོར་ཤོག །གཞོན་ནུ་བུམ་སྐུ་རྡོ་རྗེ་སྙིང་པོའི་ངང་། །པདྨ་འོད་སྣང་བརྩེགས་པའི་གཞལ་ཡས་སུ། །རང་རིག་ཨཽརྻཱན་ཌཱ་ཀིའི་གཙོ་མཆོག་རྒྱལ། །འཇའ་ལུས་པདྨ་འབྱུང་གི་སྐུ་ཐོབ་ཤོག །སརྦ་ཛ་ག་ཏཾ། དགེའོ།། །།
ས་བདག་ལྟོ་འཕྱེ་ཆེན་པོ་བརྟག་པའི་རབ་ཏུ་བྱེད་པ་ཉེས་པ་ཀུན་སེལ་ (Volume 40, Text 46)
༄༅། །ས་བདག་ལྟོ་འཕྱེ་ཆེན་པོ་བརྟག་པའི་རབ་ཏུ་བྱེད་པ་ཉེས་པ་ཀུན་སེལ་ཞེས་བྱ་བ་བཞུགས་སོ། ། ས་བདག་ལྟོ་འཕྱེ་ཆེན་པོ་བརྟག་པའི་རབ་ཏུ་བྱེད་པ་ཉེས་པ་ཀུན་སེལ་ཞེས་བྱ་བ། བླ་མ་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མཐོང་ཐོས་དྲན་པས་ཀྱང་། །མི་ཤེས་མུན་པ་རྣམ་འཇོམས་པའི། །འཇམ་མགོན་དགེ་བའི་བཤེས་དེ་ཉིད། །རྟག་ཏུ་བདག་གིས་བླ་མར་བསྟེན། །དམ་པ་དང་པོའི་རྩ་རྒྱུད་ལས། །ས་ཡི་སྒྲ་གཅན་ཞེས་གསུངས་ཤིང་། །དེ་ཡི་འགྲེལ་ཆེན་རྣམས་སུ་ཡང་། །དྲག་པོ་ཞེས་ནི་མིང་དུ་བརྗོད། །རྒྱུད་གཞན་རྣམས་སུ་ལྟོ་འཕྱེ་ཞེས། །ལྷ་ཁང་མཆོད་རྟེན་ཁང་བཟང་དང་། །རབ་གནས་དབང་བསྐུར་སྦྱིན་སྲེག་སོགས། །ཀུན་ལ་གཅེས་པའི་མན་ངག་འདི། །འཆུག་མེད་ལག་ལེན་གོ་བདེ་བར། ཁོ་བོས་བཤད་ཀྱིས་ཤེས་ལྡན་དག །ཡོད་ན་གཅོམ་སྐྱུངས་དགའ་བས་ལོངས། །གང་དུ་བྱ་བའི་ས་ཕྱོགས་དེར། །རྐྱང་ནུལ་མེ་ལོང་ངོས་ལྟར་བྱ། །དེ་སྟེང་ཤར་ནུབ་ཚངས་ཐིག་གདབ། །དབུས་ཚད་བཟུང་ལ་ཤར་ནུབ་ཏུ། །འཚམ་པའི་མཚན་མ་རེ་རེ་བྱ། །མཚན་མ་གཉིས་ཀྱི་སྟེང་ནས་རིམ། །ལྷོ་བྱང་བྱ་རོག་རྗེས་སུ་བྲི། །རྒྱ་གྲམ་སྟེང་དུ་ལྷོ་བྱང་གི །ཚངས་ཐིག་གཉིས་སུ་བཏབ་པའི་ངོས། །ལྷོ་བྱང་སྔར་ཚད་མཚན་མ་གདབ། །མཚན་མ་བཞི་སྙེགས་ནས་རིམ་བཞིན། །མེ་སྲིན་རླུང་དབང་སོ་སོ་རུ། །བྱ་རྗེས་བྱས་ཏེ་ཟུར་ཐིག་གདབ། །ས་ཕྱོགས་ཡང་དོག་གོ་སྐབས་དང་། །བསྟུན་བྱའི་རྒྱ་ཚད་ཤར་ནུབ་ཀྱི། །ཚངས་ཐིག་སྟེང་དུ་མཚན་མ་བྱ། །ཚད་དེ་ཚངས་སྟེང་ནས་བཟུང་ལ། །ཟུར་ཐིག་སྟེང་དུ་མཚན་མ་བྲི། །དེ་དག་སྦྲེལ་བས་དངོས་གཞིའི་ཐིག །གཞུང་དུ་ཀླུ་ཡི་རྒྱལ་པོ་ཡི། །ལུས་ཚད་མཐོ་བཅུ་གསུངས་པའི་དོན། །ཆ་ཆེན་གྲངས་ཡིན་མཐོ་དངོས་མིན། །དེ་ཕྱིར་ཚངས་ལས་གཡས་གཡོན་དུ། །སྙོམ་པའི་ཚན་མ་ལྔ་ལྔ་བྱ། །སོ་སོར་ཐིག་བཏབ་ངོས་རེ་རེ། །ཆ་ཆེན་བཅུ་འབྱུང་སླར་ཆ་ཆེན། །རེ་རེའང་ཆ་ཕྲན་དགུ་དགུར་དབྱེ། །དེས་ནི་རེ་མིག་ཀུན་སྡོམ་པར། །བརྒྱད་སྟོང་བརྒྱད་ཕྲག་གཅིག་འབྱུང་ངོ་། །ཕྱི་ཡི་ངོས་རེར་རེ་མིག་ནི། །དགུ་བཅུ་དགུ་བཅུ་འབྱུང་བ་ཡིན། །ཞག་གྲངས་སུམ་བརྒྱ་དྲུག་ཅུ་སོགས། །དེ་ཡང་དག་པའི་གནས་ལུགས་ལ། །དགུན་གསུམ་མགོ་ཤར་ཁ་ལྷོར་བལྟ། །དཔྱིད་གསུམ་མགོ་ལྷོ་ཁ་ནུབ་བལྟ། །དབྱར་གསུམ་མགོ་ནུབ་ཁ་བྱང་བལྟ། །སྟོན་གསུམ་མགོ་བྱང་ཁ་ཤར་བལྟ། །ལ་ལ་དགུན་གསུམ་མགོ་བོ་ལྷོ། །དཔྱིད་གསུམ་མགོ་ནུབ་དབྱར་གསུམ་ལ། །མགོ་བྱང་སྟོན་གསུམ་མགོ་ཤར་ཞེས། །འབྱུང་ངོ་གཞན་ཡང་དཔྱིད་ར་སོགས། །ངོས་འཛིན་དུས་ཀྱི་འཁོར་ལོ་དང་། །རྒྱ་ནག་གསར་རྙིང་ལ་སོགས་པ། །ཐ་དད་ལུགས་མང་ངལ་བའི་རྒྱུ། །སློབ་དཔོན་གསང་སྔགས་སྔ་འགྱུར་བ། །ཡིན་ན་ཧོར་ཟླ་བཅུ་གཉིས་པ། །དཔྱིད་ར་སྟག་ཡིན་སློབ་དཔོན་དེ། །གསང་སྔགས་ཕྱི་འགྱུར་ལ་མོས་ན། །དཔྱིད་ར་དབོ་ཉ་ཟླ་ཁྱིམ་གཟུང་། །ལུགས་གཞན་ཆུ་ལ་མར་བཞིན་དུ། །བལྟ་ཕྱོགས་རང་ལུགས་རྣམ་དག་ནི། །དཔྱིད་གསུམ་མགོ་ནུབ་ཁ་བྱང་བསྟན། །དབྱར་གསུམ་མགོ་བྱང་ཁ་ཤར་བལྟ། །སྟོན་གསུམ་མགོ་ཤར་ཁ་ལྷོར་བསྟན། །དགུན་གསུམ་མགོ་ལྷོ་ཁ་ནུབ་བསྟན། །དེ་ཡང་དཔྱིད་དུས་མགོ་ནུབ་བསྟན། །མཇུག་མ་ཤར་ཕྱོགས་ཀུན་ལ་འགྲེ །ཐ་ཆུང་བཞི་ཡི་གནམ་སྟོང་དང་། །ར་བ་བཞི་ཡི་ཚེས་གཅིག་ལ། །ཟུར་ཐིག་གཡས་གཡོན་ཆ་ཕྲན་སྟེང་། །འབྲིང་བཞིའི་བཅོ་ལྔ་བཅུ་དྲུག་ལ། །ཚངས་ཐིག་བཞི་ཡི་གཡས་གཡོན་གྱི། །ཆ་ཕྲེང་སྟེང་ནས་དེ་ཁོ་ནར། །ཉིན་ཞག་རེ་ལ་རེ་མིག་རེ། །སྤྱོད་ཅིང་གཡས་སུ་འཁོར་བར་བྱ། །དེ་ལྟར་གནས་པའི་ལུས་ཚད་དང་། །དངོས་གྲུབ་ས་མིག་མི་ཤེས་པར། །གང་བྱུང་ཚེ་འོལ་བགྱིས་པ་ན། །འདི་ནི་ཤིན་ཏུ་གཉན་པ་སྟེ། །མཐོང་དང་རེག་བསམ་ཁ་རླངས་སོགས། །དུག་ལྔ་ལྡན་ཅིང་ཀླུ་ས་བདག །ཀུན་གྱི་རྒྱལ་པོ་ལྷ་དང་གཉན། །གཟའ་དང་སྡེ་བརྒྱད་ཡོངས་ཀྱིས་བསྐོར། །འདི་ཡི་མགོ་རྒྱབ་མཇུག་མ་དང་། །ལག་པ་གདོང་དང་འཕོངས་སོགས་ལ། །དམག་སྣ་གཏད་ན་དམག་དཔོན་གསོད། །དཀྱིལ་འཁོར་བྲིས་ན་སློབ་དཔོན་གུམ། །བག་མ་བྱས་ན་མོ་རང་འཆི། །ཟོར་སྣ་གཏད་ན་སྔགས་པ་ཉམས། །དུར་ས་བཏབ་ན་རྩིས་མཁན་འཆི། །སྟོན་མོ་བཏང་ན་རིམས་ནད་འབྱུང་། །ལྟད་མོ་བྱས་ན་ཀུན་ལ་ངན། །ནད་པའི་སྔས་གཏད་ཚེ་སྲོག་འཕྲོག ཁང་པ་བྱས་ན་དུར་སར་འགྱུར། །འདི་ལ་ལས་གང་བགྱིས་པ་ན། །བྱེད་མི་ནད་ཀྱིས་ཐེབ་པར་བཤད། །ཆོས་ཁྲི་བརྩིགས་ན་ཆོས་འཆད་ཉམས། །གཏར་དང་མེ་བཙའ་བྱས་པ་ན། །བཅོས་ལོག་ཚེ་སྲོག་བཀུམ་པར་འགྱུར། །དེ་ཕྱིར་འདི་ལ་གཟབ་པ་གཅེས། །ད་ནི་ལུས་དང་འཁོར་ལུགས་དང་། ཁམས་ལྔ་ལྡན་པའི་གནས་རྟོགས་ཕྱིར། །ཟླ་བ་གང་ཡིན་ཕྱོགས་ངོས་གཟུང་། །དེ་ཡི་ཚེས་གྲངས་གང་བབ་པའི། །རེའུ་མིག་དེ་ནས་མཇུག་མའི་རྩེ། །གར་གནས་བར་དུ་་་ཆ་ཆེན་བཅུ།ལུས་ཀྱི་ཚད། །ཡིན་ཕྱིར་ལུས་ཀྱི་ཚངས་ཐིག་བཏབ། །དེ་ཡི་མདུན་ནམ་རྒྱབ་དག་ཏུ། །ཆ་ཕྲན་དགུ་དགུ་གཞལ་བ་ན། །ལུས་ཀྱི་དབུས་ཚད་ཆ་ཕྲན་དེ། །སྔ་དྲོ་མདུན་དང་ཕྱི་དྲོ་རྒྱབ། །དགུ་རེ་བགྲངས་བའི་ཐོག་མ་ཡིན། །ཆ་ཆེན་གཉིས་རེ་ལུས་མདུན་དང་། །རྒྱབ་ཐིག་ཡིན་པས་ཐལ་གྱིས་བཏབ། །ཚེས་གྲངས་གར་བབས་རེ་མིག་སྟེང་། །སྦྲུལ་མགོ་དབུས་མ་གནས་པ་སྟེ། །མཇུག་རྩེའང་དེའི་ཐད་རེ་མིག་གཏད། །གདེངས་ཀ་ལ་ནི་ཆ་ཆེན་གཅིག །དེ་ནས་སྙིང་ཁར་ཆ་ཆེན་གཅིག །སྙིང་ནས་ལྟེ་བར་ཆ་ཆེན་གཅིག །ལྟེ་བ་ནས་ནི་གསང་གནས་བར། །ཆ་ཆེན་གཅིག་གི་ཁྱོན་བསྡོམས་པར། །ཆ་ཆེན་ལྔ་སྟེ་ཆ་ཕྲན་ནི། །ཞེ་ལྔ་འབྱུང་བ་ལུས་སྟོད་ཚད། །གསང་བ་ནས་ནི་སྦྲུལ་མཇུག་ཐོན། །མཇུག་རྩེའི་བར་དུ་ཆ་ཆེན་ལྔ། །དེ་བས་ཚངས་ཟུར་རྒྱ་གྲམ་ནི། །གསང་གནས་སྦྲུལ་མཇུག་མཚམས་དག་ཏུ། །འབྱུང་གི་དུས་ཀུན་འཕོ་འགྱུར་མེད། །གཞོག་གཡོན་འོག་བཅུག་གཡས་པ་སྟེང་། །ལག་གཡོན་རྣ་བ་གཡོན་པར་གཏད། །ལག་གཡས་དཀུ་གཡས་སྟེང་དུ་བཞག །འོད་འབར་ཡིད་བཞིན་ནོར་བུ་ཐོགས། ཁ་དོག་པདྨའི་རྩ་བ་འདྲ། །རྒྱན་སོགས་འོག་གི་ངག་འདོན་ནས། །ཇི་ལྟར་འབྱུང་ལྟར་རྡུལ་ཚོན་གྱིས། །ལེགས་བྲིས་དངོས་གྲུབ་ས་ཡི་དམིགས། །ལུས་དབུས་ཐིག་གི་སྟེང་ནས་འོག །ཆ་ཕྲན་ཉེར་བདུན་གཞལ་བ་དོར། །དེ་ནས་འོག་ཏུ་ཆ་ཕྲན་ནི། །བཅོ་བརྒྱད་གཞལ་བའི་བར་དབུས་ནས། །མདུན་དུ་ཆ་ཕྲན་དགུ་བརྩིས་པའི། །བར་ནི་ས་མིག་ཡིན་པར་བཤད། །ཡང་ན་སྟེང་ནས་ཆ་ཕྲན་ནི། །ཉེར་བདུན་དོར་བ་ནས་ཐུར་དུ། །ཆ་ཕྲན་དགུ་དང་དེ་ཐད་ཀྱི། །རྒྱབ་ནས་ཆ་ཕྲན་ཕྱེད་བཅུ་བཞི། །དོར་ནས་མདུན་དུ་ཆ་ཕྲན་ནི། །ཕྱེད་ལྔ་རྩིས་པའི་བར་དེ་དག །དངོས་གྲུབ་ས་ཡི་མིག་ཏུ་བཤད། །དེ་ལྟར་ས་མིག་ལུགས་གཉིས་ལས། །ཕྱི་མ་འཐད་པར་ཁོ་བོས་སེམས། །རྒྱུ་མཚན་ཅན་གྱི་འོག་ཡིན་ནོ། །དེ་ལྟར་ལེགས་པར་གྲུབ་ཟིན་ནས། །དེ་མདུན་དཀར་གསུམ་མངར་གསུམ་གྱིས། །སྦགས་པའི་གཏོར་མ་དར་སྣས་བརྒྱན། །ཆུ་གཉིས་ཉེར་སྤྱོད་བཅས་པ་བཤམ། །སློབ་དཔོན་གདོང་ནི་ས་བདག་ལ། །ཕྱོགས་པས་ཆོ་ག་འདི་ལྟར་བྱ། །སྐྱབས་སེམས་ཚངས་གནས་སྔོན་བཏང་ལ། བསང་སྦྱང་སྟོང་པའི་ངང་ཉིད་ལས། མདུན་དུ་སའི་སྒྲ་གཅན་ལྟོ་འཕྱེ་ཆེན་པོ་ཁ་དོག་པདྨའི་རྩ་བ་ལྟར་རབ་ཏུ་དཀར་ཞིང་འོད་འཕྲོ་བ། ལུས་སྟོད་ལྷའི་རྣམ་པ་ལ་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། སྐ་རག །དོ་ཤལ། ཕྱག་གདུབ་ལ་སོགས་རྣམ་པ་དུ་མའི་རྒྱན་གྱིས་མཛེས་པ། མགོ་བོར་ཁ་དོག་སྣ་ཚོགས་པའི་སྦྲུལ་མགོ་དགུ་ཡི་གདེང་ཀ་གཡོ་ཞིང་ཕུད་ཕུད་ཀྱི་སྒྲ་འབྱིན་པ། གཞོག་གཡས་སྟེང་། གཡོན་འོག་ཏུ་བཅུག་པ། ཕྱག་གཡོན་རྣ་བ་གཡོན་པར་གཏད་ཅིང་། གཡས་དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་འོད་སྟོང་རབ་ཏུ་འབྱིན་པ་ཐོགས་ཏེ་དཀུར་བརྟེན་པ། སྐུ་སྨད་ལྟོ་འགྲོ་ལྗང་གུ་རབ་ཏུ་བརྗིད་པའི་རྣམ་པ་ཅན། དེའི་སྤྱི་བོར་མཐའ་ཡས་དཀར་པོ། མགྲིན་པར་འཇོག་པོ་དམར་པོ། རྣ་བར་པདྨ་དཀར་པོ། སྙིང་གར་ནོར་རྒྱས་སྔོན་པོ། དཔུང་པར་པདྨ་ཆེན་པོ་སེར་པོ། ལྟེ་བར་དུང་སྐྱོང་སེར་སྐྱ། གསང་གནས་སུ་སྟོབས་རྒྱུ་ལྗང་གུ །མཇུག་མར་རིགས་ལྡན་མཐིང་ག་རྣམས་རྒྱན་དང་བཅས་པ། ལུས་སྟོད་ལྷའི་རྣམ་པ་ལ་སྨད་སྦྲུལ་དུ་འཁྱིལ་བ། སྦྲུལ་མགོའི་གདེང་ཀ་བདུན་བདུན་གཡོ་ཞིང་། ལག་ཏུ་འོད་འབར་བའི་ནོར་བུ་སྣ་ཚོགས་ཐོགས་པ་རྣམས་སུ་གྱུར། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ལྟོ་འཕྱེ་ཆེན་པོ་ཀླུ་བརྒྱད་དང་བཅས་པ་བསྒོམས་པ་དང་འདྲ་བ་སྐད་ཅིག་གིས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཐལ་མོ་སྦྱར་བ་ལས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ལ། བྷཱུ་མི་པ་ཏི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་རཀྵནྟུ་ཧཱུྃ་ཧོཿཧཱུྃ། ཞེས་ལན་གསུམ་གྱིས་དམ་ལ་གཞག་གོ །ཨོཾ་མ་ཧཱ་བྷཱུ་མི་པ་ཏི་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་སྦྱར་བས་མཆོད། གཏོར་མར་འོ་མ་བྲན་ལ་སྔགས་དྲུག་གིས་བྱིན་གྱིས་བརླབས་ནས། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་རྒྱས། ཨོཾ་བྷུ་མི་པ་ཏི་ན་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་མཾ་བ་ལིཾ་གྷྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུ་ཛ་ཐ་པི་པ་ཐ་བི་ཤྭ་བ་སུ་ཀཱ་མ་གུ་ཎ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཉེར་གཅིག་དང་། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་བརྗོད། རྡོར་དྲིལ་འཛིན་པས། ཨེ་མ་ཧོ། རྒྱ་མཚོའི་གོས་ལྡན་ནོར་འཛིན་དབང་པོ་རྣམ་པ་ཀུན་དུ་བདེར་སྐྱོང་བའི། །ས་ཡི་བདག་པོ་ལྟོ་བའི་འགྲོས་ལྡན་སྣ་ཚོགས་རིན་ཆེན་རྒྱན་མང་འཛིན། །ཀླུ་ཡི་རྒྱལ་པོ་ཆེན་པོ་བརྒྱད་ཀྱང་ཁྱོད་ཀྱི་ལུས་ཀྱི་ཆ་ལ་བརྟེན། །ས་ཡི་སྒྲ་གཅན་ལུས་སྟོད་ལྷ་དབང་དུག་ཅན་གདེངས་ཀ་སྤྲིན་ལྟར་གཡོ། །སྐུ་སྨད་བུམ་སྣ་ཅན་གྱི་རྣམ་པ་སྟོབས་ལྡན་ཁྱོད་ལ་བདག་འདུད་ཀྱིས། །མཐའ་དག་སྐྱེ་འགྲོའི་ལོངས་སྤྱོད་དག་ཀྱང་འཛིན་པའི་གཞི་མར་རབ་བརྟེན་གྱིས། །སློབ་དཔོན་བདག་ཉིད་འགྲོ་ལ་སྨན་ཕྱིར་དངོས་གྲུབ་ས་ཡི་དགའ་སྟོན་སྩོལ། །ཅེས་བསྟོད་ཅིང་གསོལ་བས། ས་བདག་གི་རྒྱལ་པོས། རིག་པ་འཛིན་པ་ཁྱོད་དངོས་གྲུབ་ཀྱི་ས་ཅི་དགའ་བར་ལོངས་སྤྱོད་པར་གྱིས་ཤིག །ཅེས་གནང་བ་བྱིན་པར་གྱུར་པར་བསམ། དེ་ནས་དངོས་གྲུབ་བླང་བ། སློབ་དཔོན་བགེགས་མཐར་བྱེད་པ་ཡི། །ང་རྒྱལ་ལྡན་པས་ཏོག་ཙེ་ནི། །རྡོ་རྗེས་མཚན་པ་ལག་གཡོན་འོག །གཡས་པ་སྟེང་དུ་བཟུང་ནས་ནི། །སློབ་དཔོན་གདོང་ལ་ལྟོ་འཕྱེའི་མགོ །རྒྱབ་ནི་མཇུག་མ་ལ་ཕྱོགས་ཏེ། །དམིགས་ནས་ཁམ་བཞི་བྲུས་པའི་ས། །ཕྱི་རོལ་མེ་ཡི་མཚམས་སུ་དོར། །མཇོར་ཁམ་ལྔ་པ་དངོས་གྲུབ་ས། །ཡིན་ཕྱིར་སྣོད་དུ་བཅང་བར་བྱ། །དེ་ལ་ཁམ་ལྔ་ལྡན་པ་ཡི། །ས་ཞེས་བརྗོད་ཀྱི་གོ་བར་བྱོས། །དེ་ཚེ་ཁམས་ལྔའི་ས་དེ་ནང་། །ཤིང་དང་སྐྲ་དང་གྲོག་མཁར་དང་། །སེན་མོ་ཐལ་བ་སོགས་བྱུང་ན། །མི་ལ་གནོད་པ་སྣ་ཚོགས་འབྱུང་། །རྡོ་ཡིས་རླུང་འབྱུང་ཕུབ་མ་དང་། །མགལ་དུམ་གྱིས་ནི་རིམས་སྐྱེད་ལ། །རུས་པས་ཟུག་གཟེར་སོགས་འབྱུང་ངན། །དེ་སོགས་སྐྱོན་དང་མི་ལྡན་པར། །ས་ནི་འཇམ་ལ་སྣུམ་མེད་བཟང་། ཁ་དོག་དཀར་སེར་དམར་ནག་དང་། ཁྲ་བོས་རིམ་བཞིན་ཞི་རྒྱས་དབང་། །དྲག་དང་སྣ་ཚོགས་ལས་འགྲུབ་སོགས། །དེ་ལྟར་གནད་དང་མི་ལྡན་པར། །ཆ་དགུའི་ས་ནས་གཞན་དག་ཏུ། །བརྐོས་ན་ཕ་མ་བུ་དང་སྤུན། །ཆུང་མ་བུ་མོ་མཛའ་བཤེས་འཆི། །རྒྱབ་ཏུ་བརྐོས་ན་རང་འཆི་ཞིང་། །ཡང་ན་རང་ཉིད་གནས་ནས་དབྱུང་། །མཇུག་མ་བརྐོས་ན་རྟ་གླང་དང་། །མ་ཧེ་བ་གླང་ལ་སོགས་པ། །རྐང་བཞི་པ་རྣམས་བརླག་པ་དང་། །རང་ཉིད་སྟོབས་ཀྱང་ཉམས་པར་འགྱུར། །དེ་ནས་ཁམ་ལྔའི་ཤུལ་དེ་རུ། །བུམ་གཏེར་ལག་ལེན་ལྟར་བཅོས་པ། །ལེགས་པར་བཅུག་པ་ས་ཡིས་དགབ། །ས་བདག་ལ་མཆོད་བསྟོད་བྱས་ནས། །བཟོད་པར་གསོལ་ལ་དེ་འཁོར་བཅས། །གཞི་དེར་དགྱེས་བཞིན་ཐིམ་པར་བསམ། །གཟུགས་དང་ཐིག་སོགས་མི་མངོན་དབྱི། །མཆོད་གཏོར་མེ་མཚམས་ཕྱོགས་སུ་དོར། །དེ་ཤུལ་ལྷ་ཁང་མཆོད་རྟེན་དང་། ཁང་བཟང་དཀྱིལ་འཁོར་ལ་སོགས་པ། །གང་ཡིན་བྱ་བའི་གནས་སུ་གསུངས། ཁམ་ལྔ་ལྡན་པའི་ས་དེ་ཉིད། །བཀྲ་ཤིས་ས་གཞན་དང་བསྲེས་ནས། །གང་དུ་གཏོར་ཀྱང་ཉེས་ཀུན་ཞི། །བཀྲ་ཤིས་བདེ་ལེགས་འབྱུང་བར་གསུངས། །ཀྱེ་མ། གསང་སྔགས་གསར་རྙིང་རྒྱུད་ཀུན་ལས། །དབང་བསྐུར་རབ་གནས་སྦྱིན་སྲེག་གི །སྔོན་དུ་ལྟོ་འཕྱེ་བརྟག་པར་གསུངས། །དེང་སང་རྡོ་རྗེ་སློབ་དཔོན་མིང་། །ས་ལ་གྲངས་མང་རྒྱུ་བ་ཀུན། །མིང་ལ་ཆགས་ཤིང་ནོར་གྱིས་འཆུམས། །ལོ་འདོད་གཏམ་ལ་སྙིང་པོ་བྱེད། །རིམ་གཉིས་དང་ནི་ལག་ལེན་དངོས། །རྒྱུད་ཀྱི་དགོངས་དོན་རྩྭ་ལྟར་འདོར། །མཁས་འདོད་ཚིག་ལ་སྤུ་རིས་བྱེད། །ཀུན་རྫོབ་བརྡར་བཏགས་སློབ་དཔོན་དེ། །དོན་གྱི་སློབ་དཔོན་ཅི་ཕྱིར་ཡིན། །སོམས་ཤིག་དེང་སང་ཤེས་ལྡན་ཀུན། །མ་སྦྱང་པ་དང་སྦྱངས་ཀྱང་བསྐྱུར། །དེ་ལ་མཁས་པ་ཅི་ལ་འབྱུང་། །ཤེས་ཀྱང་ལག་ལེན་གནད་མེད་ན། །ནེ་ཙོའི་འདོན་པ་དང་མཚུངས་མོད། །ལག་ལེན་ཚིག་དོན་ཀུན་ཤེས་ན། །མཁས་པ་ཞེས་བྱ་དོན་དང་ལྡན། །དེ་བས་མ་བསླབ་མཁས་མི་འགྱུར། །དེ་ཕྱིར་མཁས་པར་འདོད་རྣམས་ཀྱིས། །སློབ་དཔོན་བསྟེན་ལ་མཁས་པར་སློབས། །འདི་བརྩམས་པ་དང་གཞན་དག་ལ། །ཕན་པའི་དགེ་བ་གང་མཆིས་པ། །སེམས་ཅན་ཀུན་ལ་ཕ་འབབ་ཀྱི། །ནོར་དུ་སྦྱིན་ནོ་གོ་བར་བྱོས། །དེ་ལྟར་ས་བདག་ལྟོ་འཕྱེ་ཆེན་པོ་རབ་ཏུ་བརྟགས་ཤིང་ཆོ་ག་དང་བཅས་པའི་རབ་ཏུ་བྱེད་པ་ཉེས་པ་ཀུན་སེལ་ཞེས་བྱ་བ་འདི་ཡང་། དོན་གཉེར་འགའ་ལ་འདི་ཉིད་ཀྱི་ཐིག་རྩ་ཁྲིད་པའི་ཚེ་དགེ་སློང་གྲོགས་དན་པ་དཀོན་མཆོག་ཚེ་རིང་གིས་བསྐུལ་བའི་ངོར་བགྱིས་ཏེ། སྔོན་གྱི་ཐིག་རྩ་ཁ་ཤས་སྣང་བ་ཀུན་ཀྱང་འཐོར་ཞིང་ཅུང་ཟད་གོ་དཀའ་བར་གནས་པ་ཞིག་མཆིས་པ་ལས། སློབ་དཔོན་རིགས་ཀྱི་བྱིན་པས་རིམ་པ་རྒྱས་པ་ནས་བསྡུས་པ་པཎྜི་ཏ་བི་བྷཱུ་ཏི་ཙནྜས་བསྒྱུར་བ་གཙོ་བོར་བཟུང་། ཐིག་རྩ་གཞན་ནས་ཀྱང་ཁ་བསྐངས་ཏེ་འབྲི་གུང་པ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་གྲགས་པས། ཆུ་ཁམས་མགྱོགས་འགྲོའི་ལོ་བདག་ཅག་གི་སྟོན་པས་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་དམ་པ་དང་པོའི་སྨིན་གྲོལ་གྱི་དགའ་སྟོན་བསྩལ་པའི་དུས་ཁྱད་པར་ཅན་ལ། ཀླུང་ཤོད་ཀྱི་ས་ཡི་ཐིག་ལེ་ཕོ་བྲང་སྲ་བརྟན་རྡོ་རྗེའི་གནས་མཆོག་ཏུ་མགྱོགས་པར་སྦྱར་བའོ། །མངྒ་ལཾ།། །།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་ཛཔ྄་ཀྱི་བཀོལ་བྱང་ (Volume 10, Text 46)
༁ྃ༔ རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་ཛཔ྄་ཀྱི་བཀོལ་བྱང་བཞུགས༔ རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ རིག་འཛིན་ཛཔ྄་ཀྱི་དགོངས་པ་ནི༔ རྩ་གསུམ་ལྷ་ནི་སྔགས་ཡིན་ལ༔ སྔགས་ཀྱང་ལྷ་ཡི་རྣམ་པར་ཤར༔ ལྷ་སྔགས་རྣམ་དབྱེར་མི་ཕྱེད་པ༔ དཔེར་ན་ཡིད་བཞིན་ནོར་བུར་མཚུངས༔ ནོར་བུ་རྒྱལ་མཚན་རྩེར་མཆོད་ནས༔ གསོལ་བཏབ་དགོས་འདོད་འབྱུང་བ་བཞིན༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ན༔ དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད༔ ས་མ་ཡ༔ དེ་ཡང་བསྙེན་དང་ཉེ་བསྙེན་དང༔ སྒྲུབ་དང་སྒྲུབ་པ་ཆེན་པོ་བཞིས༔ སྙིང་པོ་སྔགས་ཀྱི་གཟེར་གདབ་ཅིང༔ འཕྲོ་འདུ་ཕྲིན་ལས་དགོངས་པ་བསྐྱང༔ ས་མ་ཡ༔ དེ་ལ་དང་པོ་བསྙེན་པ་ནི༔ ལྷ་ལ་སྙན་གསན་འབེབ་པ་སྟེ༔ རང་བྱུང་སྦས་པའི་གནས་ཆེན་ནི༔ གྲུབ་ཐོབ་གོང་མས་བྱིན་བརླབས་པ༔ བཀྲ་ཤིས་བྱིན་ཆགས་འཚེ་བ་མེད༔ འདུ་འཛི་གཡེང་བ་བྲལ་བའི་སར༔ སྣང་བའི་མི་ལ་རིན་གྱིས་བཙལ༔ མི་སྣང་ལྷ་ལ་གཏོར་མས་བརྔན༔ ས་ཡི་སྐྱོན་སྦྱངས་དབང་དུ་བྱ༔ སྲུང་བ་མཚམས་ཀྱི་ཕུར་པ་གདབ༔ རང་དབང་འདུས་པར་གྱུར་པ་ན༔ རང་བྱུང་རྡོ་རྗེའི་བྲག་སྐྱིབས་སམ༔ སྒྲུབ་པའི་ཁང་པ་མཚན་ལྡན་དུ༔ བཀྲ་ཤིས་ས་བླངས་སྟེགས་བུ་ནི༔ གྲུ་བཞི་ལྷམ་པ་མཛེས་པར་བརྩིགས༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ མཚན་མའི་དཀྱིལ་འཁོར་ཅི་རིགས་བཞེངས༔ ཁྱད་པར་སྐུ་ཡི་རྟེན་ཉིད་དུ༔ སྐུ་ཚབ་དངོས་སམ་རྗེས་མཐུན་ནམ༔ ཡང་ན་རས་འདུལ་བྱས་པའི་གཞིར༔ སེལ་མེད་བདུད་རྩི་བྱང་ཆུབ་སེམས༔ ཚོན་སྣ་ལྔ་རྣམས་བསྲེས་བྱས་ལ༔ ལྷ་བཟོ་དམ་ཚིག་ལྡན་པ་ཡིས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ མཚན་རྫོགས་བརྗིད་ལྡན་བྲིས་པའི་རྒྱབ༔ བསྙེན་སྒྲུབ་རྣམ་པ་བཞི་ཡི་སྔགས༔ རྒྱས་བསྡུས་ཇི་ལྟར་རིགས་པའི་མཐར༔ གུ་རུ་རྩ་གསུམ་ལྷ་ཚོགས་རྣམས༔ རྟེན་འདིར་བརྟན་པར་བཞུགས་ནས་ཀྱང༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ ཞལ་སྟོན་བྱིན་རློབས་དངོས་གྲུབ་སྩོལ༔ ཅེས་དང་དབྱངས་གསལ་རྟེན་སྙིང་བྲི༔ རབ་གནས་ཚུལ་བཞིན་བྱས་པ་དགྲམ༔ གསུང་རྟེན་ཙཀྲ་བཅའ་བ་ནི༔ གྲོ་ག་འམ་ནི་དར་ཤོག་ལ༔ འཁོར་ལོ་མུ་ཁྱུད་ལྔ་ལྡན་གྱི༔ ལྟེ་བར་རྡོ་རྗེ་རྩེ་ལྔའི་དབུས༔ དགོངས་རྒྱུད་གསང་སྔགས་ཕྲེང་དུ་དགོད༔ མཐའ་སྐོར་ཐོད་ཕྲེང་རྩ་སྔགས་དང༔ སྒྲུབ་པའི་སྔགས་ཀྱི་ཕྲེང་བ་བྲི༔ གོང་རས་རིགས་གསུམ་སེམས་དཔའི་སྔགས༔ མུ་ཁྱུད་དང་པོ་འདབ་བཞི་ལ༔ བཀའ་བབ་བཞི་ཡི་མཚན་སྔགས་དང༔ གཉིས་པར་རིན་ཆེན་ཟུར་བརྒྱད་ལ༔ རིག་འཛིན་རྣམ་བརྒྱད་མཚན་གྱི་སྔགས༔ བར་མཚམས་རིག་འཛིན་སྤྱི་དྲིལ་དགོད༔ གསུམ་པར་མཁའ་འགྲོ་རྣམ་གཉིས་དང༔ སྙན་བརྒྱུད་བླ་མའི་སྔགས་ཀྱིས་བརྒྱན༔ བཞི་པར་རྩ་གསུམ་སྤྱི་དྲིལ་དང༔ དབྱངས་གསལ་སྒོ་བ་བཞི་ཡི་སྔགས༔ རྟེན་འབྲེལ་སྙིང་པོའི་མཐའ་རྟེན་ཅིང༔ ཀུན་ལ་རང་རང་ཛཔ྄་དགོངས་དང༔ མཐུན་པའི་སྤེལ་ཚིག་སོ་སོ་འམ༔ སྤྱིར་བཏང་ཇི་ལྟར་འཐད་པ་དང༔ ལྔ་པར་ནོར་འཛིན་པ་ཏྲས་བརྒྱན༔ དྲི་བཟང་བདུད་རྩི་ལྔ་ཡིས་བྱུག༔ རབ་གནས་ཚུལ་བཞིན་བྱས་པ་ཉིད༔ སྐུ་ཡི་རྟེན་གྱི་གཡས་སུ་བཤམས༔ ཐུགས་རྟེན་སྲོག་གི་ཕུར་པ་ནི༔ ཙན་དན་ལས་བྱས་སོར་བཅུ་གཉིས༔ རྒྱ་མདུད་གོང་མར་རིང་བསྲེལ་དང༔ བླ་མའི་སྐུ་གདུང་སྐུ་བལ་བཅུག༔ ཆང་བཟུང་བསྙེན་སྒྲུབ་གསང་སྔགས་དང༔ རྒྱ་མདུད་འོག་མར་བྱང་ཆུབ་སེམས༔ དཀར་དམར་འདྲེས་པའི་རིལ་བུས་གཏམས༔ རབ་གནས་ལེགས་བྱས་གཡོན་དུ་བཤམས༔ མདུན་དུ་ཡོན་ཏན་གཏོར་ཆེན་དང༔ རྒྱབ་དུ་ཕྲིན་ལས་དངོས་གྲུབ་རྫས༔ ཚེ་གལ་ལ་སོགས་ཅི་འབྱོར་དགོད༔ གལ་ཏེ་སྤྲོས་མེད་རྣལ་འབྱོར་པས༔ དེ་རྣམས་ཐམས་ཅད་མ་འབྱོར་ཡང༔ གུ་རུའི་གཏོར་ཆེན་ཙམ་ལ་བརྟེན༔ གང་ཡང་སྨན་རག་གཏོར་མཆོད་སོགས༔ བག་དྲོ་བརྗིད་དང་ལྡན་པར་བཤམ༔ བར་ཆད་བསལ་ཞིང་བྱིན་ཆེན་དབབ༔ དེ་ནས་སྒྲུབ་ཁང་སྒོ་དྲུང་དུ༔ མཚན་མའི་རྟེན་དང་མཆོད་གཏོར་བཤམས༔ མཐུ་ཆེན་རྒྱལ་པོ་ཆེན་པོ་བཞིར༔ ཕྱི་མཚམས་སྲུང་བའི་ཕྲིན་ལས་གསོལ༔ རྡོ་རྗེའི་གར་གྱིས་ཕྱོགས་མཚམས་བཅིང༔ ཆོས་ཉིད་སྟོང་པའི་ཕྱག་རྒྱས་གདབ༔ དེ་ནི་བསྙེན་སྒྲུབ་སྟ་གོན་ནོ༔ ས་མ་ཡ༔ དེ་ནས་བདེ་བའི་གདན་ལ་འདུག༔ ལུས་ངག་ཡིད་གསུམ་རྣལ་དུ་དབབ༔ བླ་མར་མོས་གུས་དྲག་ཏུ་བྱ༔ ཅི་མཛད་ཁྱེད་ཤེས་བློ་སྙིང་གཏད༔ དལ་འབྱོར་རྙེད་དཀའ་འཇིག་སླ་དང༔ ལས་འབྲས་བསླུ་མེད་དོན་ལ་བསམ༔ སྲིད་ལ་ངེས་འབྱུང་བཅོས་མིན་བསྐྱེད༔ སྐྱབས་འགྲོ་ལ་སོགས་རྒྱུད་སྦྱང་བའི༔ སྔོན་འགྲོའི་རིམ་པ་ཚུལ་བཞིན་བྱ༔ ཁྱད་པར་བླ་མའི་རྣལ་འབྱོར་བསྒོམ༔ གསོལ་འདེབས་བསྙེན་པ་བྱེ་བ་འམ༔ འབུམ་ཕྲག་གཅིག་གི་མཐའ་རྟེན་བཟླ༔ དབང་བླང་ཐུགས་ཡིད་བསྲེས་བྱས་ལ༔ དུས་གསུམ་སྤྲོས་བཅད་གཉུག་མར་བཞག༔ བསམ་གཏན་སྣོད་དུ་རུང་བ་ན༔ ལས་ཀྱི་རིམ་པ་གཞུང་བསྲངས་ལ༔ བདག་དང་མདུན་རྟེན་དབྱེར་མེད་པར༔ རྩ་གསུམ་དཀྱིལ་འཁོར་ཆེན་པོར་བསྒོམ༔ མཆོད་ཅིང་བསྟོད་པས་མཉེས་པར་བྱས༔ ཁྱད་པར་དཀྱིལ་འཁོར་གཙོ་བོ་ནས༔ འཁོར་གྱི་བར་རྣམས་ཐམས་ཅད་ལ༔ རེ་རེ་བཞིན་དུ་སེམས་བཟུང་ཞིང༔ རང་སེམས་ལྷ་སྐུར་ཤར་བ་ན༔ གསལ་དྭངས་རྙོགས་པ་མེད་པའི་ངང༔ ཡུན་ཐུང་གྲངས་མང་རྩེ་གཅིག་བསྒོམ༔ གོམས་ནས་སྒོམ་ཡུན་ཇེ་རིང་བྱ༔ དེ་ལྟར་བརྩོན་པས་ཡིད་ཀྱི་ཡུལ༔ མ་འདྲེས་ཡོངས་རྫོགས་གསལ་སྣང་འཆར༔ བར་དུ་རླུང་སེམས་ཟིན་པ་ལ༔ སྟོང་གཟུགས་ལྷ་སྐུ་དབང་པོ་གསལ༔ ཐ་མ་རླུང་སེམས་ལྷ་ཡི་སྐུ༔ རྣམ་སྨིན་རིག་འཛིན་གྲུབ་པའི་རྟགས༔ ལུས་ཉིད་ལྷ་སྐུར་རང་ཤར་འབྱུང༔ ལྷ་དང་སེམས་བྱུང་ཆོས་ཉིད་གསུམ༔ དབྱེར་མེད་དགོངས་པའི་གདེང་ཐོབ་ནས༔ བསྐྱེད་རིམ་མཐའ་རུ་ཕྱིན་པར་འགྱུར༔ གཞན་ཡང་ང་རྒྱལ་བརྟན་པ་དང༔ དག་པ་དྲན་པ་སྤེལ་མར་བསླབ༔ དེ་ལྟ་བུ་ཡི་བསྐྱེད་པའི་རིམ༔ ཏིང་འཛིན་སྲོག་ཏུ་བཟུང་ནས་ཀྱང༔ བསྙེན་པའི་ཛཔ྄་དགོངས་དངོས་གཞི་ནི༔ ཐོག་མར་དགོངས་བརྒྱུད་རྒྱལ་བ་རྣམས༔ ཛཔ྄་ཀྱི་ཕྲིན་ལས་ཆེན་པོར་བསྐུལ༔ ཧཱུྃ་ཧྲཱི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་དཀྱིལ་འཁོར་ལྷ༔ སྣང་སྟོང་གཟུགས་སྐུ་མཚན་དཔེ་ལམས་སེ་ལམ༔ གྲགས་སྟོང་སྔགས་ཀྱི་ཛཔ྄་སྒྲ་འུ་རུ་རུ༔ རིག་སྟོང་ཟང་ཐལ་ཡེ་ཤེས་ཤ་ར་ར༔ སྣང་སྲིད་གཞིར་བཞེངས་དགོངས་པ་གསལ་བརྟན་ཅིང༔ བཟླས་བརྗོད་རྡོ་རྗེའི་ཚིག་གིས་རྒྱུད་བསྐུལ་ཏེ༔ མ་འགྲུབ་བར་དུ་རྩེ་གཅིག་སྒྲུབ་ལགས་ན༔ རིག་འཛིན་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བསྐུལ་བཟླས་པའི་དམིགས་པ་བཅས༔ བླ་མ་ཞི་ཁྲོའི་ཡང་གསང་བཟླ༔ སྟོང་སྟོང་ཚིགས་སམ་ཐུན་གྱི་མཐར༔ ཛཔ྄་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ ལྷ་དང་དབྱེར་མེད་སྔགས་ཀྱི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟའི་ལོངས་སྤྱོད་དང་བཅས་འབུལ༔ ཏིང་འཛིན་ཛཔ྄་ཀྱི་དམ་ཚིག་ཉམས་ཆག་བསྐང༔ དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ས་མ་ཡ་མནྟྲ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་གསོལ་བ་རྩེ་གཅིག་གདབ༔ ཐུགས་ཡིད་བསྲེས་ལ་མཉམ་པར་བཞག༔ ས་མ་ཡ༔ གཉིས་པ་ཉེ་བར་བསྙེན་པ་ནི༔ ལྷ་ཉིད་དབང་དུ་བྱེད་པ་སྟེ༔ དེ་ཡང་བརྡའ་བརྒྱུད་རིག་པ་འཛིན༔ སྤྱི་དང་ཁྱད་པར་སྒོ་ནས་འཇུག༔ ཐོག་མར་ནུས་པའི་རྩལ་འཆང་ཕྱིར༔ གསང་བདག་དཔའ་བོའི་བཟླས་པ་བྱ༔ དེ་བཞིན་འཇམ་དཔལ་མཁྱེན་པ་དང༔ ཐུགས་རྗེ་ཆེན་པོའི་བརྩེ་བ་ཆེ༔ བཀའ་བབ་སློབ་དཔོན་རྣམ་བཞི་ལ༔ བསྟེན་ནས་ལྷ་དང་གཉིས་མེད་ཅིང༔ རྒྱུད་ལུང་བཀའ་བབ་རིག་རྩལ་འབྱོངས༔ སྡེ་སྣོད་རྒྱུད་སྡེའི་ཡོན་ཏན་རྫོགས༔ གྲོལ་བ་བཞི་ལྡན་ཆེན་པོར་བཟླ༔ ས་མ་ཡ༔ གསུམ་པ་སྒྲུབ་པའི་རིམ་པ་ནི༔ ལྷ་དང་དབྱེར་མེད་བྱ་བ་སྟེ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རིག་འཛིན་ཡོངས་རྫོགས་སྒོ་ནས་འཇུག༔ དེ་ཡང་བདེ་གཤེགས་འདུས་པའི་དཔལ༔ པདྨ་ཐོད་ཕྲེང་ལ་བསྟེན་ནས༔ བདག་དོན་བྱིན་རླབས་ནུས་རྩལ་སྨིན༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་ཡིས༔ དངོས་གྲུབ་ཀུན་ལ་རང་དབང་བསྒྱུར༔ མནྡཱ་ར་བ་ལ་བསྟེན་ནས༔ འཆི་མེད་ཡེ་ཤེས་གོང་དུ་སྤེལ༔ མཚོ་རྒྱལ་ལ་བསྟེན་བདེ་ཆེན་བསྐྱེད༔ མཆོག་གི་རིག་འཛིན་རྣམ་བརྒྱད་ཀྱིས༔ རྡོ་རྗེའི་འཛབ་དང་ཏིང་འཛིན་གྱིས༔ འབྲུ་བརྒྱད་འོད་གསལ་དགོངས་པ་བསྐྱངས༔ རྣམ་བཞིའི་ཡེ་ཤེས་འཁོར་ལོ་བསྐོར༔ རྟ་སྐད་ཐེངས་གསུམ་དབྱིངས་སུ་བསྐྱལ༔ ཐལ་འབྱིན་བཞི་ཡིས་འཁོར་འདས་བསྲེ༔ རྩ་རླུང་བྱང་སེམས་དབུ་མར་བསྟིམ༔ སྣང་སྲིད་བདུད་རྩིའི་བཅུད་དུ་བསྐྱིལ༔ རྟོག་ཚོགས་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ དེ་ལྟ་བུ་ཡི་དགོངས་པ་ཡིས༔ དཔལ་ཆེན་དགུ་དང་དབྱེར་མེད་འགྱུར༔ ས་མ་ཡ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ དབང་སྒྱུར་མཆོག་གི་ཏིང་འཛིན་ཏེ༔ སྙན་བརྒྱུད་བླ་མ་ལ་བསྟེན་ནས༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་བསྒྲུབ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་བརྟན༔ སྒོ་སྲུང་དཔའ་བོ་ཡབ་ཡུམ་ལ༔ བསྟེན་ནས་ཞི་རྒྱས་དབང་དྲག་བསྒྲུབ༔ གང་ཡང་ཀུན་གྱི་ཐོགས་མ་རུ༔ ཛཔ྄་ཀྱི་ཐུགས་དམ་ཆེན་པོ་བསྐུལ༔ བར་དུ་དམིགས་པ་རྩེ་གཅིག་པས༔ བཟླས་བརྗོད་ཆུ་བོའི་གཞུང་བཞིན་བྱ༔ མཐར་ནི་ཛཔ྄་ཀྱི་མཆོད་སྤྲིན་འབུལ༔ གསོལ་བ་གདབ་ཅིང་གདུང་ཤུགས་བསྐྱེད༔ དབང་དང་དངོས་གྲུབ་བླངས་བྱས་ལ༔ ལྷ་དང་དབྱེར་མེད་ང་རྒྱལ་བསྐྱེད༔ གཞི་དུས་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་འགགས་ལམ་གྱིས་ལྷ་སྐུར་ཤར༔ འབྲས་བུ་རང་བཞིན་ཆོས་ཀྱི་སྐུ༔ གཟུགས་སུ་བཞེངས་པའི་དཀྱིལ་འཁོར་དང༔ མི་ཕྱེད་དག་པ་དྲན་པ་ཡིས༔ བསྐྱེད་རིམ་མཆོག་གི་ཉེར་རྒྱུད་བསྒྱུར༔ མདོར་ན་གསལ་བ་རྣམ་གསུམ་ལ༔ བརྟེན་ནས་སྐུ་ཡི་ཏིང་འཛིན་བསྒྲུབ༔ སྙིང་པོ་སྔགས་ཀྱི་གཟེར་གདབ་པས༔ གསུང་གི་ནུས་པ་རྒྱུད་ལ་ཞུགས༔ འཕྲོ་འདུས་དགོངས་པ་སྣ་ཚོགས་ཀྱིས༔ ཡོན་ཏན་ཕྲིན་ལས་འདོད་རྒུར་འཆར༔ མཐར་ཐུག་ལྷ་ནི་སེམས་ཀྱི་གཤིས༔ སེམས་ཉིད་རོལ་རྩལ་ལྷ་སྐུར་སྣང༔ ལྷ་དང་སེམས་ཉིད་དབྱེར་མེད་པ༔ དགོངས་པ་མི་འགྱུར་གདིང་བསྐྱེད་ལ༔ དུས་གསུམ་རྟོག་པས་མ་བསླད་པའི༔ ཐུགས་དགོངས་མ་བཅོས་ངང་དུ་བཞག༔ རྩ་གསུམ་ཡེ་ཤེས་ཚེ་འདིར་འགྲུབ༔ ས་མ་ཡ༔ རྗེས་སུ་དབང་བཞིའི་ཆུ་རྒྱུན་བླངས༔ ཚོགས་མཆོད་བྱ་ཞིང་བསྐུལ་ལ་སོགས༔ ཕྲིན་ལས་གཞུང་གི་རིམ་པ་ལྟར༔ རྒྱས་བསྡུས་ཇི་ལྟར་རིགས་པར་བྱ༔ ཁྱད་པར་ཐུན་མཚམས་རྣལ་འབྱོར་ནི༔ གཟུགས་སྣང་རྩ་གསུམ་སྐུ་རུ་བལྟ༔ སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ༔ སྒྲ་གྲགས་རྩ་གསུམ་སྔགས་སུ་བལྟ༔ གྲགས་སྟོང་བྲག་ཆ་ལྟ་བུར་བསྒོམ༔ དྲན་རྟོག་རྩ་གསུམ་ཐུགས་སུ་བལྟ༔ རིག་སྟོང་འོད་གསལ་དགོངས་པ་བསྐྱང༔ གནས་ཁང་པདྨ་དྲྭ་བའི་ཞིང༔ འདོད་ཡོན་ཆོས་ཉིད་རོལ་པའི་རྒྱན༔ འགྲོ་འདུག་བསྒུལ་བསྐྱོད་ཐམས་ཅད་ཀྱང༔ རྡོ་རྗེའི་གར་གྱིས་བདེ་ཆེན་སྤེལ༔ བཟའ་བཏུང་ནང་གི་ཚོགས་མཆོད་དང༔ རྗེས་ཆགས་གསང་བའི་ཚོགས་སུ་སྤྱོད༔ ཉལ་དུས་བསྡུ་རིམ་འོད་གསལ་ལམ༔ ཟུང་འཇུག་ལྷ་སྐུའི་ངང་དུ་ཉལ༔ ལྡང་ཚེ་དཔའ་བོ་མཁའ་འགྲོ་མས༔ བདེ་ཆེན་གླུ་ཡིས་བསྐུལ་བར་བསམ༔ ལྷར་སྣང་འོད་གསལ་སྒྱུ་མའི་ངང༔ རྣལ་འབྱོར་ཆུ་བོའི་རྒྱུན་ལ་འཇུག༔ ས་མ་ཡ༔ བཟླས་པའི་དམ་ཚིག་བསྟན་པ་ནི༔ ཟས་གོས་སྨན་ལ་སོགས་པ་རྣམས༔ མཐའ་གཉིས་མ་ལྷུང་ཚགས་སུ་འཛུད༔ ཅིས་ཀྱང་བྲེལ་བ་མེད་པར་བྱ༔ ཕྱི་ནང་རྒྱུ་འགྲུལ་རྦད་ཀྱིས་བཅད༔ ཕན་ཚུན་སུས་ཀྱང་མི་མཐོང་གཅེས༔ མི་རྟག་ངེས་འབྱུང་ལྕག་གིས་བསྐུལ༔ གང་ཡང་དགོས་མེད་བློ་སྣ་བསྟུང༔ བསམ་པ་བཟང་པོའི་བྱང་སེམས་བསྐྱེད༔ བླ་མའི་མོས་གུས་སྲོག་ཏུ་བཟུང༔ ནད་ཞི་གདོན་སེལ་དབང་སྡུད་སོགས༔ ཐུན་མོང་ཙམ་ལ་བློ་མི་འཕྲེང༔ མཆོག་གི་དངོས་སྒྲུབ་ཐོབ་འདོད་པས༔ སྒྲུབ་པའི་དམ་བཅའ་ཕྱི་ཕྱིར་བསྲིང༔ ཁྱད་པར་འདོད་ཐག་ཉེ་བ་སྤང༔ དཀའ་ཐུབ་བརྟུལ་ཞུགས་མཐའ་རུ་དབྱུང༔ དེ་རྣམས་ཉམས་ལེན་སྤྱི་ལ་གཅེས༔ ཁྱད་པར་སྔགས་ཀྱི་བཟླས་པའི་ཚེ༔ གཉིད་ཉལ་གློ་ལུ་འོག་རླུང་སོགས༔ གནས་ངན་ལེན་གྱི་སྤྱོད་པ་སྤང༔ ཐ་མལ་ཚིག་གིས་བར་མ་བཅད༔ སྒྲ་མེད་མ་ཡིན་ཆུང་བ་མིན༔ མགྱོགས་པ་མ་ཡིན་བུལ་བ་མིན༔ ཡེངས་མིན་གླལ་སོགས་བར་ཆད་མིན༔ སྔགས་ཀྱི་གྲྭ་ཟུར་མ་ཉམས་བཟླས༔ སྐབས་དེར་སྔགས་ཀྱི་གཟུགས་ལ་དམིགས༔ འོད་ཟེར་སྤྲོ་བསྡུ་གཙོ་བོར་བྱ༔ རེས་འགའ་སྔགས་ཀྱི་སྒྲ་ལ་དམིགས༔ སྒྲ་མཐའ་ཆོས་ཉིད་ངང་དུ་བསྐྱལ༔ རེས་འགའ་སྔགས་ཀྱི་འབྲུ་དོན་བསམ༔ དད་དང་ངེས་ཤེས་དྲག་ཏུ་བསྐྱེད༔ མཐར་ཐུག་སྔགས་ཀྱི་དེ་ཁོ་ན༔ སྐྱེ་མེད་རྡོ་རྗེའི་བཟླས་པར་བཞག༔ མདོར་ན་མ་ཡེངས་རྩེ་གཅིག་བཟླས༔ ཡེངས་ན་ངལ་བ་དོན་མེད་འགྱུར༔ གཞན་ཡང་ཕྲ་མོའི་དམ་ཚིག་ནི༔ སྐྲ་སེན་མི་བྲེག་གདོང་མི་བཀྲུ༔ སྟན་གྱི་དྲོད་མ་ཡལ་བར་བྱ༔ ལྕེ་དང་མཚེར་པ་སྒོག་ཙོང་སོགས༔ སྔགས་ནུས་འཕྲོག་པའི་བཟའ་བཏུང་སྤང༔ མེ་དང་ཉི་མའི་འོད་མི་འདུག༔ དབང་དང་བྱིན་རླབས་སྲུང་ཟློག་སོགས༔ གཞན་དོན་ལྟར་སྣང་སྤྲོས་པ་བཅད༔ རབ་ནི་ཆུ་བོའི་རྒྱུན་བཞིན་ཏེ༔ འབྲིང་ནི་ཉིན་མཚན་ཐུན་དྲུག་གམ༔ ཐུན་བཞིའི་ངེས་པ་བརྟན་པོར་བཟུང༔ དེ་ཡང་ཐོ་རངས་ནས་བཟུང་སྟེ༔ ཉི་ཤར་བར་དུ་ཐོར་ཐུན་གཅེས༔ རླུང་རིག་དྭངས་དུས་ལྷ་ཡི་སྐུར༔ སེམས་བཟུང་བསྐྱེད་རིམ་གསལ་སྣང་འདོན༔ ཉི་ཤར་ནས་བཟུང་ཉིན་ཕྱེད་བར༔ སྔ་དྲོའི་ཐུན་ཏེ་སྤྲོ་བའི་དུས༔ འོད་ཟེར་འཕྲོ་འདུའི་རྩལ་ཆེན་སྦྱང༔ ཕྱི་ཡོལ་ནས་བཟུང་ཉི་རྒས་བར༔ ཕྱི་དྲོའི་ཐུན་ཏེ་འདུན་པའི་དུས༔ བྱིན་བསྡུ་གསང་སྔགས་དྲག་ཏུ་བཟླས༔ སྲོད་འཁོར་ནས་བཟུང་ནམ་ཕྱེད་བར༔ སྲོད་ཀྱི་ཐུན་ཏེ་རྩུབ་པའི་དུས༔ མི་རྟོག་དགོངས་པའི་གདིང་ཆེན་བསྐྱེད༔ ཉིན་གུང་མཚན་གུང་འཐིབས་པའི་དུས༔ བསམ་གཏན་འཇིག་པས་ངལ་ཡང་གསོ༔ ནམ་ཡང་འདུ་འཛི་ཕྱི་ཐག་བསྲིང༔ མི་ངོ་མི་སྲུང་དམ་ཚིག་སྲུང༔ ལྷག་པར་དམ་ཚིག་ཉམས་པ་དང༔ གདོང་མི་འཕྲད་ཅིང་ཟས་གོས་སོགས༔ ཡོ་བྱད་ཕྲ་མོའང་བླང་མི་བྱ༔ ཉམས་པ་མི་སྐོང་གྲིབ་ལ་འཛེམ༔ བཟླས་པ་ཡུན་ནི་ཕྲེང་བ་སྟེ༔ ཞི་བར་ཤེལ་དང་ཙནྡན་དཀར༔ རྒྱས་པར་གསེར་དང་བྱང་ཆུབ་ཤིང༔ དབང་ལ་བྱི་རུ་ཙནྡན་དམར༔ དྲག་པོ་རཀྴ་སེང་ལྡེང་སོགས༔ ཚེར་ཅན་ཤིང་དང་གྲི་ཡི་ལྕགས༔ མཆོག་ལ་རིན་ཆེན་ཐོད་ཕྲེང་ཤིས༔ ཀུན་ལ་བོ་དྷི་ཙི་ཉིད་བསྔགས༔ བཟླས་བརྗོད་གྲངས་མེད་འགྱུར་བར་གསུངས༔ གང་ཡང་སྲིད་ཅན་མེས་ཚིག་དང༔ གྲངས་མི་ཚང་དང་ཚད་ལས་ཐལ༔ ཉམས་པའི་ལག་ནས་བྱུང་བ་སྤང༔ གསང་བ་དྲི་བཟང་ཆུ་ཡིས་བཀྲུ༔ མདུད་འཛིན་ལ་སོགས་ཚད་ལྡན་སྤེལ༔ ཕྲེང་བ་ཐལ་མོ་བར་དུ་བཟུང༔ སྟོང་པའི་ངང་ལས་ལག་པ་གཉིས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ བདེ་བའི་སྒྲ་དང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན༔ ཕྱག་རྒྱ་སྔགས་དང་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་ཞལ་དུ་ཞུགས༔ ཐུགས་ཀར་རྗེས་ཆགས་མེ་ཡིས་ཞུ༔ དྭངས་མ་སྦྱོར་མཚམས་ནས་བྱུང་སྟེ༔ སྔགས་ཀྱི་ཕྲེང་བར་ཁྱབ་པར་ཐིམ༔ འོད་ཟེར་གཟི་རྗིད་དཔལ་དུ་འབར༔ ངོ་བོ་རྩ་གསུམ་བྱིན་རླབས་དབྱིག༔ རྣམ་པར་སྔགས་ཀྱི་ཕྲེང་བའི་ཚུལ༔ བྱེད་ལས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་སྩོལ་བའི་ནོར་བུར་བསམ༔ ཨོཾ་བཛྲ་སཏྭ་ཨཱ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་རཏྣ་མཱ་ལ་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ སྟོང་ཕྲག་བཟླས་པས་བྱིན་གྱིས་བརླབས༔ རྡོ་རྗེ་སེམས་དཔའ་ཉིད་ཀྱང་བསྟིམ༔ རྟེན་འབྲེལ་སྙིང་པོས་བརྟན་པར་བྱ༔ འདི་ལྟ་རབ་ཏུ་གནས་པ་ཡིས༔ སྔགས་ཀྱི་ནོར་བུ་མཆོག་ཏུ་འགྱུར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ དཀའ་བ་མེད་པར་འགྲུབ་པར་ངེས༔ སྐབས་སུ་རབ་ཏུ་འཕེལ་བའི་སྔགས༔ ཨོཾ་རུ་ཙི་ར་མ་ཎ་པྲ་བརྡྷཱ་ན་སྭཱ་ཧཱ༔ བཏབ་པས་བཟླས་བརྗོད་འབུམ་དུ་འགྱུར༔ དེ་ལྟ་བུ་ཡི་བསྙེན་ཕྲེང་དེ༔ མི་ལ་མི་སྟོན་ལག་མི་འགྲིམ༔ ཁྱད་པར་ཉམས་པའི་ཕྱོགས་ཀུན་སྤང༔ གཅེས་སྤྲས་ཆེན་པོས་མགུལ་དུ་འཆང༔ རྣལ་འབྱོར་འདོད་དོན་སྟེར་བར་བྱེད༔ ས་མ་ཡ༔ བཟླས་པའི་གེགས་སེལ་བསྟན་པ་ནི༔ བྱིང་ན་གཟེངས་བསྟོད་ཧུར་བག་བྱ༔ རྒོད་ན་བག་ཕབ་རྣམ་རྟོག་གདུལ༔ བྱིང་རྒོད་མེད་པར་གནས་པའི་ཚེ༔ ཁ་ཟས་སྤྱོད་ལམ་ལ་སོགས་ཀྱང༔ མཐའ་གཉིས་སྤངས་ལ་མཉམ་པར་སྤྱོད༔ དམ་གྲིབ་མི་གཙང་སོགས་ཀྱི་མཐུས༔ སྒྲུབ་པའི་ལྟས་རྣམས་ལོག་པ་ན༔ ཉམས་སྐོང་བཤགས་པ་ཅི་ནུས་བྱ༔ ཁྱད་པར་རྒྱུན་གྱི་མན་ངག་ནི༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཤེས་རབ་སྙེམས་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་རོལ༔ ཐུགས་ཀར་པདྨ་ཉི་མའི་སྟེང༔ ཉམས་གྲིབ་གཉེན་པོ་སྟོབས་ཀྱི་ལྷ༔ ཡེ་ཤེས་སེམས་དཔའ་སྨེ་བ་བརྩེགས༔ ལྗང་ནག་ཕྱག་གཉིས་ཐལ་སྦྱར་བར༔ བདུད་རྩིས་གང་བའི་བུམ་པ་འཛིན༔ ཁྲོ་ཚུལ་འཇིགས་པའི་ཆས་ཀྱིས་བརྒྱན༔ ཞབས་གཉིས་འདོར་སྟབས་མེ་དཔུང་རོལ༔ བུམ་པའི་དབུས་སུ་ཟླ་བའི་སྟེང༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བའི་ཐུགས་དམ་བསྐང༔ རིགས་དྲུག་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྒྱལ་བ་སྲས་བཅས་ཀྱི༔ བྱིན་རླབས་ནུས་སྟོབས་ཐམས་ཅད་ཀུན༔ བདུད་རྩིའི་རྣམ་པས་བུམ་ནང་འཁྱིལ༔ དེ་ལས་བདུད་རྩིའི་ཆུ་རྒྱུན་ལུད༔ ཁྲོ་རྒྱལ་སྐུ་ཡི་དབྱིབས་བརྒྱུད་དེ༔ རྡོར་སེམས་ཡབ་ཡུམ་སྦྱོར་མཚམས་ནས༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་ལྟུང་ཐམས་ཅད་དང༔ ཉམས་གྲིབ་མི་གཙང་བག་ཆགས་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླས༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་མ་ཧཱ་བཱ་ལ་ཨུ་ཙུཥྨ་ཀྲོ་དྷ་ིརའ་ཛ་ཧཱུྃ་ཧཱུྃ་ཕཊ༔ སྐབས་སུ་སྔགས་ཤམ་འདི་ཡང་གདགས༔ ཨེ་ཡཾ་རཾ་བཾ་ལཾ་སརྦ་པཱ་པཾ་ཀླེ་ཤམ་ལ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཡི་གེ་བརྒྱ་པའི་སྔགས་ཀྱང་བཟླ༔ སྤྲོ་ན་སྨྲེ་སྔགས་གདུང་བས་བཤགས༔ མཐར་ནི་བླ་མ་རྡོ་རྗེ་སེམས༔ དགྱེས་པ་ཆེན་པོས་འོད་དུ་ཞུ༔ རང་ལུས་དག་པའི་ཤེལ་ལྟར་བསམ༔ མ་བཅོས་སྤྲོས་མེད་ངང་དུ་བཞག༔ སྔགས་ནུས་གནོད་པའི་བཟའ་བཏུང་སོགས༔ ཀུན་སྤྱོད་ཕྲ་མོར་འགལ་བ་རྣམས༔ གཟུངས་འདི་ཡིད་ལ་དྲན་པས་བྱང༔ བསྒོམ་བཟླས་ཐོ་རངས་མ་ཆག་ན༔ རྩ་བའི་ལྟུང་བ་ཀུན་ཀྱང་འབྱང༔ གལ་ཏེ་ཉམས་གྲིབ་ཚབ་ཆེ་ན༔ རྟེན་འབྲེལ་ལས་ཀྱིས་སྦྱང་བ་ནི༔ བུམ་པ་ཚད་ལྡན་ཆས་སུ་བཅུག༔ ཤེལ་དང་གི་ཝཾ་སིནྡྷུ་ར༔ རྒྱ་སྤོས་སྤང་སྤོས་ག་པུར་དང༔ ཤུ་དག་ལྔ་ཚན་ལྔ་ཡི་རྫས༔ ཁྱད་པར་བྱང་སེམས་དཀར་དམར་སོགས༔ བདུད་རྩི་ཆེན་པོའི་ཆུ་ཡིས་གཏམས༔ ལྷ་བསྐྱེད་སྔགས་བཟླས་འོད་དུ་ཞུ༔ འཐོར་འཐུང་བཀྲུས་པས་ཉམས་ཆག་འབྱང༔ ཡང་ན་ཞི་བའི་ཐབ་ཁུང་དབུས༔ ལྷ་བསྐྱེད་ཏིལ་གྱི་སྦྱིན་སྲེག་འབུལ༔ མཆོག་ཏུ་གསང་བའི་ཁྲུས་ཆུ་་་ཐོ་རངས་དུས་ཀྱི་དྲི་ཆུ་བར་པ།མཆན་་་ལ༔ སྔགས་བཏབ་ཕུད་ཀྱིས་བླ་མ་མཆོད༔ ལྷག་མ་བཏུང་ཞིང་སྙིང་གར་བྱུགས༔ གསང་བའི་གྲིབ་སེལ་བླ་མེད་དོ༔ རྒྱལ་འགོང་དམ་སྲིས་འཚེ་བ་ན༔ རང་ཉིད་ཁྱབ་བདག་ཐོད་ཕྲེང་རྩལ༔ སྐད་ཅིག་གནས་འགྱུར་ཁྲོ་བོའི་ཉམས༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཕུར་པ་བགེགས་ལ་གཟིར༔ རྩེ་ལ་སྤྲུལ་པའི་ལྕགས་སྡིག་དང༔ མེ་མཚོན་ཚྭ་ཚྭ་སྐར་ལྟར་འཁྲུགས༔ བར་ཆད་འབྱུང་པོ་ཐམས་ཅད་དང༔ ཁྱད་པར་སྒྲུབ་ལ་ཐེ་ཚོམ་པའི༔ རྒྱལ་བསེན་དམ་འགོང་འབྱུང་པོའི་ཚོགས༔ སྲོག་ནས་དྲངས་ཤིང་སྙིང་ནས་གཟིར༔ བཀའ་སྡོད་བྲན་དང་འབངས་སུ་བྱས༔ དམ་ལ་མི་གནས་གདུག་ཅན་ཀུན༔ གནམ་ལྕགས་སྡིག་པའི་ཕོ་ཉ་འཕྲོས༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེགས༔ རྗེས་ཤུལ་ལྷག་མ་མེད་པར་བསམ༔ ཆོས་ཉིད་ལྟ་བའི་གདིང་བསྐྱེད་ལ༔ གསང་བའི་སྔགས་འདི་དྲག་ཏུ་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨརྩིག་ནིརྩིག་པདྨ་ཀཱི་ལི་ཀཱི་ལ་ཡ་རུ་རུ་བྷ་ཤ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྐབས་སུ་ཧཱུྃ་གི་སྣང་གླུ་ལེན༔ གདུག་པ་ཅན་རྣམས་ཚར་གཅོད་འགྱུར༔ བྱད་ཕུར་རྦོད་གཏོང་རྟགས་བྱུང་ན༔ རང་ཉིད་ཐོད་ཕྲེང་དྲག་པོ་ཡི༔ ཐུགས་ནས་ལས་ཀྱི་ཕོ་ཉ་མོ༔ སེང་གདོང་ཁྲོས་མ་དཔག་མེད་སྤྲོས༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ བྱད་ཁ་ཕུར་ཁ་རྦོད་གཏོང་དང༔ རྨི་ལམ་རྟགས་མཚན་ངན་པ་ཀུན༔ གྲི་གུག་འབར་བས་བཀུག་ཅིང་གཏུབ༔ བྷནྡར་བཅུག་ནས་ཞལ་དུ་གསོལ༔ ཡེ་ཤེས་མེས་བསྲེགས་རླུང་གིས་གཏོར༔ ཆོས་ཉིད་ངང་དུ་ཐིམ་པར་བསམ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བཅུ་བཞིའི་སྔགས་འདི་དྲག་ཏུ་བཟླ༔ མཐར་ནི་ཉི་ཟླའི་ཐལ་མོའི་བར༔ དགྲ་བགེགས་བརླག་ཅིང་ཕྱིར་བཟློག་མོས༔ ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་དང༔ སེང་གདོང་ཁྲོས་མའི་བདེན་སྟོབས་ཀྱིས༔ གསང་སྔགས་སྒྲུབ་ལ་བར་གཅོད་པའི༔ མི་དང་མི་མིན་འབྱུང་པོ་དང༔ བྱད་ཕུར་རྦོད་གཏོང་ལྟས་ངན་ཀུན༔ སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ ཐམས་ཅད་ཀ་དག་དབྱིངས་སྟིམས་ལ༔ སྔགས་མཐར་ཕྱིར་བཟློག་འདི་ཡང་གདགས༔ མ་ཧཱ་ཤ་རི་རཾ་བྷྱོ་བྷྱོ་ཟློག་ཟློག༔ ཐལ་མོ་བརྡབ་ཅིང་དམིགས་པས་གཟིར༔ མཐར་ནི་ཁྲོ་མོ་ཚུར་འདུས་ནས༔ སྲུང་བའི་གུར་དང་དབྱེར་མེད་བསམ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ་མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ༔ བྱད་ཕུར་རྦོད་གཏོང་ཞི་བར་འགྱུར༔ བྱེ་བྲག་ཕྱིར་ཟློག་བཅུ་བཞིའི་སྔགས༔ གུ་གུལ་ལ་བཏབ་གནས་ལ་བདུག༔ ཡུངས་དཀར་ལ་བཏབ་རྫས་ལ་གཏོར༔ ཁྲོས་ཆུ་ལ་བཏབ་ཁོང་དུ་བཏུང༔ གནས་རྫས་རྣལ་འབྱོར་བར་ཆད་ཞི༔ གཞན་ཡང་བྱིང་རྒོད་གཉིད་རྨུགས་དང༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཆུང༔ གནས་ཁང་སྒྲུབ་རྫས་ཉམས་བག་དམན༔ རྣལ་འབྱོར་ནད་གདོན་འཚེ་བ་མང༔ འཁོར་གཡོག་འཐབ་རྩོད་ཁོང་ཁྲོ་ལྡང༔ དེ་སོགས་སྒྲུབ་པའི་འགལ་རྐྱེན་ཀུན༔ གསང་བའི་ཉུལ་ལེའི་རྟགས་ཡིན་པས༔ དཔལ་གྱི་ཕོ་ཉ་ཆེན་མོ་དགུ༔ གནས་ནས་སྤྱན་དྲངས་་་སྒྲུབ་ཁོག་ལྟར།གཏོར་མ་འབུལ༔ ཐུགས་དམ་བསྐུལ་བས་ཚར་ཐག་བཅད༔ སྤྲོས་པའི་ཆོ་ག་མ་གྲུབ་ན༔ རིག་འཛིན་ཐོད་ཕྲེང་དྲག་པོ་ཡི༔ ཕྱག་གི་ཕུར་པ་གསོར་བ་ལས༔ དཔལ་གྱི་ཕོ་ཉ་སྐར་ལྟར་འཕྲོས༔ དྲག་ཤུལ་ཁྲོས་འཁྲུགས་རྔམས་པ་ཡིས༔ སྒྲུབ་ལ་བར་ཆད་ཐམས་ཅད་དང༔ ཁྱད་པར་དམ་སྲི་ཉུལ་ལེའི་དཔུང༔ སྙིང་རྗེ་ཁྲོས་པའི་ལྕགས་ཀྱུས་བཟུང༔ ཏིང་ངེ་འཛིན་གྱི་བྲུབ་ཁུང་བཅུག༔ མངོན་སྤྱོད་རིག་རྩལ་ཕུར་པ་དང༔ ནད་མཚོན་དུག་གི་ཐུན་ཆར་ཕབས༔ མིང་གི་ལྷག་མ་མེད་པར་བཅོམ༔ འོད་གསལ་དབྱིངས་སུ་ཐིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ་དུཥྚན་ཧཱུྃ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གྲུ་གྲུ་གྲུ༔ ཨ་པ་ཙེ༔ རུ་པ་ཙེ༔ ཐུན་དུ་ཐུན་དུ༔ ནཱ་ཤ་ཡ་སྟམྦྷ་ཡ༔ བི་ནཱ་ཡ་བི་ནཱ་ཡ་ཀ་ཀ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ དགོངས་པའི་གདེང་བསྐྱེད་ལྟ་སྟངས་གཟིར༔ ཕུར་པ་འདྲིལ་ཞིང་ཐུན་གྱིས་བྲབས༔ གུ་གུལ་ལ་སོགས་དུད་པས་བདུག༔ མི་རྟོག་གཉུག་མའི་ངང་དུ་བཞག༔ དེས་ནི་བར་ཆད་ཐམས་ཅད་བཟློག༔ ཉམས་བཟང་འབར་ན་བྱིན་ཡང་དབབ༔ མདོར་ན་ཇི་ལྟར་ཁས་བླངས་པའི༔ སྡོམ་དང་དམ་ཚིག་དག་པར་བྱ༔ རེ་དོག་བློ་སྣ་རྦད་ཀྱིས་བཅད༔ བླ་མ་ལྷ་དང་གསང་སྔགས་ལ༔ ཡིད་ཆེས་དད་པ་བརྟན་པོར་བཟུང༔ བརྩོན་འགྲུས་ཡལ་བར་མི་འདོར་ཞིང༔ བཟང་ངན་མཚན་མ་ཅི་བྱུང་ཡང༔ ཐམས་ཅད་སྒྱུ་མར་ཡིན་ཤེས་ན༔ བགེགས་རྣམས་རང་སར་གྲོལ་བར་ངེས༔ ས་མ་ཡ༔ སྒྲུབ་དང་བཟླས་པའི་བོགས་འབྱིན་ནི༔ ཐོག་མར་ངག་སྦྱོང་བྱིན་རླབས་ཤིང༔ དབང་བསྐུར་ནུས་བྱིན་བསྐྱེད་པའི་ཕྱིར༔ ཐོ་རངས་མལ་ནས་ལྡང་མ་ཐག༔ རླུང་རོ་བསལ་ཞིང་ལུས་གནད་བསྲང༔ འཇམ་རླུང་ཅུང་ཟད་བཟུང་བྱས་ལ༔ རང་གི་ལྟེ་བར་རཾ་ཡིག་ལས༔ བདེ་ཆེན་གཏུམ་མོའི་མེ་ལྕེ་འབར༔ ལུས་གང་ནད་གདོན་སྡིག་སྒྲིབ་བསྲེགས༔ ཁྱད་པར་ལྕེ་ཡི་དབང་པོ་ཡི༔ ཉེས་སྐྱོན་སྦྱངས་ཤིང་སྟོང་པའི་ངང༔ ཨ་ཡིག་དམར་པོ་ཡོངས་གྱུར་ལས༔ རྡོ་རྗེ་རྩེ་གསུམ་དམར་པོ་ནི༔ སྟོང་གསལ་འོད་ཀྱི་རང་བཞིན་ཅན༔ གཡས་གཡོན་ཐབས་ཤེས་དབྱངས་གསལ་དང༔ དབུས་རྭར་ཟུང་འཇུག་སྙིང་པོའི་སྔགས༔ ལྟེ་བར་ཨཱཿཡིག་དམར་གསལ་མཚན༔ དེ་མཐར་རྟེན་འབྲེལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྩ་གསུམ་རབ་འབྱམས་ཀྱི༔ གསུང་གི་བྱིན་རླབས་ཨཱཿདམར་པོ༔ གྲངས་མེད་སྤྱན་དྲངས་ཨཱཿལ་ཐིམ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ལྗགས་སུ་བྱིན་བརླབས་བསམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཛི་ཧཱ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ རྩ་གསུམ་ལྷ་ཚོགས་རབ་འབྱམས་ཀུན༔ སྤྱན་དྲངས་བདུད་རྩིའི་ངོ་བོར་ཞུ༔ སྔགས་ཀྱི་ཕྲེང་བར་ཐིམ་པ་ཡིས༔ བྱང་ཆུབ་མཆོག་གི་ཡེ་ཤེས་སྨིན༔ རྡོ་རྗེའི་གསུང་དུ་དབང་བསྐུར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཝ་ཀ་ཨ་བྷི་ཥིཉྩ་ཨཱ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ལྷ་སྔགས་བདེ་ཆེན་རོལ་པ་ཡི༔ འོད་ཀྱིས་རྩ་གསུམ་རབ་འབྱམས་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་སོགས༔ དབྱངས་གསལ་ཡི་གེ་འོད་འབར་བའི༔ རྣམ་པ་ཨཱ་ལི་ཀཱ་ལིར་ཐིམ༔ སྔགས་ཀྱི་ཡེ་ཤེས་ཀུན་འདུས་ཤིང༔ ནུས་པ་འབུམ་དུ་བསྐྱེད་པར་བསམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མནྟྲ་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་ཛཿཧཱུྃ་བཾ་ཧོ༔ ཞེས་དང་དབྱངས་གསལ་དག་པར་བཟླ༔ རྟེན་འབྲེལ་སྙིང་པོའི་སྔགས་བཟླས་པས༔ དེ་ལས་བྱུང་བའི་འོད་ཟེར་གྱིས༔ ལྕེ་ཡི་སྔགས་ཕྲེང་ཀུན་ལ་ཁྱབ༔ བྱིན་ནུས་འབྲལ་མེད་བརྟན་པར་བསམ༔ འདི་ལྟ་བུ་ཡི་མན་ངག་གིས༔ ངག་གི་ཉེས་པའི་སྐྱོན་ཀུན་བྱང༔ སྔགས་ཀྱི་བྱིན་རླབས་རྒྱུད་ལ་འཇུག༔ སྔགས་གཅིག་བཟླས་པས་ཐམས་ཅད་འགྲུབ༔ ནུས་པ་འཕེལ་ཞིང་བརྟན་པར་འགྱུར༔ གཞན་ཡང་སྔགས་ ཨཨཨཊཊ འདི་ལེགས་པར་བྲིས༔ བདུད་རྩི་བྱུགས་ཤིང་རྩ་གསུམ་གྱི༔ གསུང་གི་ངོ་བོར་རབ་ཏུ་གནས༔ ཁོང་དུ་མིད་ལ་སྔགས་གཅིག་བཟླས༔ འབུམ་དུ་འཕེལ་བའི་མན་ངག་ཡིན༔ དེ་ནས་ཁྲུས་ཀྱི་བྱ་བ་ནི༔ ལེགས་པར་བསྒྲུབས་པའི་བུམ་ཆུ་འམ༔ བདུད་རྩི་དང་སྦྱར་ཆུ་གཙང་མར༔ ཆོས་ཉིད་རྣམ་དག་སྔགས་ཀྱིས་བཏབ༔ ངོ་བོ་རྡོ་རྗེ་མ་མཱ་ཀི༔ རྣམ་པ་ཡེ་ཤེས་བདུད་རྩིའི་རྒྱུན༔ བྱེད་ལས་སྒོ་གསུམ་དྲི་མ་སྦྱང༔ ཡེ་ཤེས་བསྐྱེད་པའི་ནུས་ལྡན་བསམ༔ བཾ་བཛྲ་མ་མཱ་ཀི་ཨ་མྲྀཏ་ཀུནྜ་ལི་བཾ༔ རྣམ་པར་འཇོམས་པའི་གཟུངས་ཀྱང་བཟླ༔ བཀྲུ་ཞིང་འཐོར་འཐུང་བྱས་པ་ཡིས༔ སྒོ་གསུམ་སྡིག་སྒྲིབ་དག་པར་བསམ༔ ཡེ་ཤེས་རྒྱུད་ལ་འཕེལ་བའི་ཕྱིར༔ ཤ་ལྔ་བདུད་རྩིའི་རིལ་བུ་འམ༔ ཕྱེ་མ་མཐེབ་སྲིན་སྦྱོར་བས་མྱོང༔ ཨོཾ༔ ལུས་རྩ་ཁམས་ཀྱི་རང་བཞིན་ལ༔ དམ་ཚིག་བདུད་རྩི་གདོད་ནས་གྲུབ༔ ཡེ་ཤེས་བདུད་རྩི་དབྱེར་མེད་ཐིམ༔ བྱིན་རླབས་ནུས་སྟོབས་དཔལ་དུ་འབར༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ བདུད་རྩིས་ལུས་གང་བདེ་བས་མྱོས༔ སྒྲིབ་དག་བྱིན་ནུས་རྟོགས་པ་འབར༔ དྭངས་མ་སྙིང་དབུས་ཐིག་ལེར་ཐིམ༔ ཧེ་རུ་ཀ་དང་དབྱེར་མེད་བསམ༔ འདིས་ནི་དམ་ཚིག་ཉམས་ཆག་སྐོང༔ ལྷ་སྔགས་ཏིང་འཛིན་ནུས་པ་འཕེལ༔ ནད་རིམས་བགེགས་ཀྱིས་མི་ཚུགས་ཤིང༔ རྩ་གསུམ་ལྷ་ཡིས་བྱིན་བརླབས་འགྱུར༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་དང༔ ཁྱད་པར་རྒྱུན་གྱི་མེ་མཆོད་ཀྱིས༔ སྔགས་ཀྱི་ལྷག་ཆད་ཉེས་པ་སྦྱང༔ ནུས་པའི་རྩལ་ཁ་རྒྱས་པའི་ཕྱིར༔ ཞི་བའི་ཐབ་བམ་ཅི་རིགས་མེ༔ ཏིལ་དང་ཟས་མཆོག་ལ་སོགས་བཤམས༔ ཨོཾ་ཨཱཿཧཱུྃ༔ མེ་ཉིད་གདོད་ནས་གོས་དཀར་མོ༔ རྣམ་པ་ཡེ་ཤེས་འབར་བའི་དབུས༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀུན༔ ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ བདེ་ཆེན་གཟི་བྱིན་འབར་བར་བཞུགས༔ བདག་གི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་སྔགས་ཀྱི་ལྷག་ཆད་སོགས༔ རྡོ་རྗེའི་དམ་ལས་འགལ་བ་རྣམས༔ སྣ་སྒོའི་རླུང་དང་ལྷན་ཅིག་པར༔ རྫས་ལ་ཐིམ་ཞིང་བདུད་རྩིར་བསྒྱུར༔ ལྷ་རྣམས་ཞལ་དུ་ཕུལ་བ་ཡིས༔ ཡེ་ཤེས་མཆོག་གི་དགྱེས་པ་བསྐྱེད༔ ཉེས་ལྟུང་ཐམས་ཅད་བསྲེག་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་ཏིལ་འབྲུ་ཅི་རིགས་འབུལ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྒྲུབ་པ་པོ་ཡི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་ཟས་མཆོག་འབྲུ་སྨན་སོགས༔ བདུད་རྩིའི་རང་བཞིན་ཕུལ་བ་ཡིས༔ ཟག་མེད་བདེ་བས་དགྱེས་པའི་འོད༔ ཉི་མ་འཆར་ཁའི་མདངས་ལྟ་བུ༔ བདག་གི་རྒྱུད་ལ་ཞུགས་པ་ཡིས༔ སྔགས་ཀྱི་ཡེ་ཤེས་རྒྱས་པར་བསམ༔ རྩ་གསུམ་སྔགས་དང་སྤེལ་ཚིག་ནི༔ ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་སྔགས་ཀྱི་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཇི་ལྟར་རིགས་པ་ཕུལ་བའི་མཐར༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀུན༔ རླུང་གི་སྦྱོར་བས་དྲངས་པ་ལས༔ ལྟེ་བའི་མེ་དང་གཉིས་མེད་གྱུར༔ དེ་ལས་འབར་བའི་མེ་འོད་ཀྱིས༔ རྩ་ཁམས་སྙིགས་མ་ཐམས་ཅད་བསྲེགས༔ དྭངས་མ་བདེ་ཆེན་བདུད་རྩིར་ཞུ༔ ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་ཀུན༔ ཟག་མེད་བདེ་བས་དགྱེས་པར་བསམ༔ དབྱིངས་རིག་ཟུང་འཇུག་དགོངས་པ་བསྐྱང༔ ཕྱི་ནང་དོན་གྱི་མེ་མཆོད་འདི༔ སྒྲུབ་པའི་རིམ་པ་ཀུན་ལ་གཅེས༔ སྐབས་སུ་བདུད་རྩིའི་མཆོད་པ་བཤམས༔ སྨན་རཀ་གཏོར་མའི་མཆོད་པ་འབུལ༔ ཕྲིན་ལས་རིམ་པའི་བྱིན་འབེབ་སོགས༔ དབྱངས་དང་རོལ་མོར་བཅས་ཏེ་བྱ༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ དམ་ཚིག་རྫས་ཀྱི་དུད་པ་བཏང༔ ཛཔ྄་དབྱངས་བྱ་ཞིང་ལྟ་གདིང་བསྐྱེད༔ ཉམས་འབར་བྱིན་བརླབས་ལྟས་བྱུང་ན༔ རྒྱུན་གྱི་དངོས་གྲུབ་གསོལ་བས་བླང༔ མདོར་ན་ཐབས་ཀྱི་རིམ་པ་ལ༔ ནམ་ཡང་ཁྱད་དུ་མི་གསོད་ཅིང༔ ཤེས་རབ་ཟབ་མོའི་ལྟ་གདིང་གིས༔ བདེན་གཉིས་ཟུང་འཇུག་ཆེན་པོའི་ངང༔ ལྷ་དང་བླ་མ་དབྱེར་མེད་པར༔ མོས་གུས་དམ་ཚིག་སྲོག་བཟུང་ན༔ རྡོ་རྗེའི་ལམ་གྱི་བོགས་བསྐྱེད་ཀུན༔ དབྱར་གྱི་ཆར་བཞིན་རྒྱས་པར་ངེས༔ ས་མ་ཡ༔ དེ་ལྟར་ཡིད་གཡེང་ཀུན་སྤངས་ནས༔ བསྐྱེད་པ་ལྷ་ཡི་གསལ་སྣང་དང༔ བཟླས་པ་སྔགས་ཀྱི་སེམས་འཛིན་དང༔ འོད་ཟེར་སྤྲོ་བསྡུས་རྩལ་སྦྱང་དང༔ དགོངས་པ་མི་གཡོའི་གདིང་བཅས་པས༔ རྩེ་གཅིག་ཉམས་སུ་བླངས་པ་ལས༔ རྟགས་དང་མཚན་མ་ཅིར་ཡང་འབྱུང༔ རབ་ལ་རིག་འཛིན་ལྷ་ཞལ་མཐོང༔ གསུང་ཐོས་ཐུགས་ཀྱི་ཡེ་ཤེས་འཆར༔ དཀྱིལ་འཁོར་སྒྲུབ་རྫས་འོད་ཟེར་འཕྲོ༔ བདུད་རྩི་ཁོལ་ཞིང་རཀྟ་འཕྱུར༔ གཏོར་མར་བདུད་རྩིའི་ཟིལ་པ་འབེབ༔ བྷནྡ་འཕར་ཞིང་བྲིས་སྐུ་བཞད༔ སྤོས་དང་མར་མེ་ཡུན་དུ་འཚོ༔ ཁྱད་པར་ལུས་སེམས་ཤིན་སྦྱོང་སྐྱེ༔ རྣམ་སྨིན་རིག་འཛིན་ཐོབ་པར་འགྱུར༔ འབྲིང་དུ་དེ་རྣམས་ཉམས་སུ་འཆར༔ ལྷ་དང་བླ་མ་དབྱེར་མེད་པར༔ དད་དང་ངེས་ཤེས་ལྷག་པར་འགྱུར༔ རྩེ་གཅིག་སྒྲུབ་ལ་སྤྲོ་བ་དང༔ ལུས་བདེ་ངག་ལ་ནུས་པ་འབྱུང༔ སེམས་ལ་མི་རྟོག་ཡེ་ཤེས་རྙེད༔ ཟབ་མོའི་ལམ་འདི་ཁོ་ན་ལས༔ མི་ལྡོག་ངེས་ཤེས་བརྟན་པོ་འཆར༔ ཐ་མ་རྨི་ལམ་གནས་སྐབས་སུ༔ ལྷ་སྐུའི་གཟུགས་བརྙན་མཐོང་བ་དང༔ བླ་མ་མཇལ་ཞིང་གདམས་ངག་གནང༔ སེང་གེ་གླང་ཆེན་རྟ་མཆོག་ཞོན༔ ཤ་ཆེན་བདུད་རྩི་རོ་ལྡན་བཏུང༔ མཁའ་འགྲོའི་ཚོགས་ཀྱི་རྩེ་དགས་སྤྱོད༔ ཉམས་དགའ་ཞིང་དང་གནས་ཡུལ་བགྲོད༔ དེ་སོགས་མཆོག་གི་ལྟས་སུ་ཤེས༔ ཉི་ཟླ་ཤར་དང་གཏེར་ཆེན་རྙེད༔ རྩི་ཤིང་ལོ་ཏོག་མེ་ཏོག་བཞད༔ ཆུ་བོ་ཡིད་འོང་འཕེལ་བ་སོགས༔ ཚེ་དང་བསོད་ནམས་རྒྱས་པའི་རྟགས༔ ནམ་མཁར་འཕུར་དང་ས་འོག་བགྲོད༔ དྭངས་པའི་ཤེལ་དང་ནོར་བུ་རྙེད༔ འཇའ་འོད་མེ་ཏོག་ཆར་འབེབ་སོགས༔ ཡེ་ཤེས་རྒྱས་པའི་རྟགས་སུ་བཤད༔ ཁྲུས་བྱས་ལུས་ལས་རྣག་ཁྲག་དང༔ མི་གཙང་སྲོག་ཆགས་འཇིགས་པ་ཐོན༔ གོས་དཀར་དྲི་མེད་བགོས་པ་སོགས༔ ནད་གདོན་སྡིག་སྒྲིབ་ཞི་བའི་རྟགས༔ སྐྱེ་བོས་འདུད་ཅིང་འདོད་ཡོན་འབུལ༔ གོས་དང་མེ་ཏོག་དམར་པོས་བརྒྱན༔ རྔ་རོལ་པི་ཝཾ་དབྱངས་སྙན་འཁྲོལ༔ ལེགས་ཚོགས་དབང་འདུས་ལྟས་སུ་བཤད༔ ཉམ་ངའི་འཕྲང་དང་གཡུལ་ལས་ཐར༔ གོ་བགོས་མཚོན་ཐོགས་རྫོང་བཙན་བཟུང༔ སྲོག་ཆགས་བསད་དང་རི་བསིལ་སོགས༔ སྲུང་དང་དྲག་པོའི་ལས་འགྲུབ་རྟགས༔ དེ་སོགས་རྟགས་མཚན་ཅི་བྱུང་ཡང༔ ལྷ་དང་བླ་མ་གདམས་ངག་ལ༔ ངེས་ཤེས་དད་པ་གོང་དུ་སྤེལ༔ ང་རྒྱལ་རློམས་སེམས་དགའ་བྲོད་སྤང༔ ཆོས་ཉིད་སྒྱུ་མའི་ངང་དུ་སྤྱོད༔ དེ་ལྟའི་རྟགས་ཀྱི་རིམ་པ་ཡང༔ ནུས་ལ་ལྟོས་ན་དབང་པོ་རབ༔ ཟླ་བ་དྲུག་གིས་བརྟན་པ་ཐོབ༔ རྣམ་པར་སྨིན་པའི་དྲོད་ཚད་རྙེད༔ འབྲིང་ལ་བསྐྱར་ཏེ་བསྒྲུབ་པ་ཡིས༔ ཟླ་བ་བཅུ་གཉིས་བར་དུ་སྟེ༔ ཐ་མ་སྤོག་ཆོག་དང་བཅས་པའི༔ ཟླ་བ་བཅོ་བརྒྱད་རྩེ་གཅིག་ཏུ༔ བསྒྲུབས་ན་ངེས་པར་འགྲུབ་པ་ཡིན༔ མཚན་མ་ཐོབ་མིན་ཇི་ལྟར་ཡང༔ གྲངས་ཀྱི་ངེས་པས་བསྙེན་པ་ལ༔ དགོངས་བརྒྱུད་བདེ་གཤེགས་འབུམ་ཕྲག་བཞི༔ བརྡའ་བརྒྱུད་སོ་སོར་དེའི་བཞི་ཆ༔ དཀྱིལ་འཁོར་བདག་པོའི་འབྲུ་འབུམ་སྟེ༔ གསང་མཚན་སུམ་ཆར་ཤེས་པར་བྱ༔ འཁོར་གྱི་རིག་འཛིན་འབུམ་ཕྲག་བཟླ༔ སྙན་བརྒྱུད་སྤྱི་དྲིལ་འབུམ་བཞི་འོ༔ ཕྲིན་ལས་དུས་གནད་དང་སྦྱར་ནས༔ ཞག་བདུན་ཐུན་བཞིའི་རིམ་པས་བསྒྲུབ༔ དེ་ལྟར་ལེགས་པར་ཐེམས་པ་ཡིས༔ བསྙེན་སྒྲུབ་བྱིན་ནུས་ལྡན་པ་དང༔ རང་གཞན་དོན་གཉིས་བསྒྲུབ་ལ་དབང༔ སྤྱིར་ནི་བསྙེན་སྒྲུབ་ཟབ་མོ་འདིར༔ འབྲེལ་བ་སྣ་རེ་ཐོགས་པས་ཀྱང༔ ཚེ་འདིར་མི་མཐུན་ཕྱོགས་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་འཕེལ༔ ཟབ་གསང་སྙིང་པོའི་བསྟན་པ་དར༔ ཕྱི་མར་རྔ་ཡབ་སྤྲུལ་པའི་ཞིང༔ རིག་པ་འཛིན་པའི་གཟུགས་གྱུར་ཏེ༔ མྱུར་དུ་བྱང་ཆུབ་འགྲུབ་པར་འགྱུར༔ དེ་ཕྱིར་པདྨའི་སྔགས་རྒྱུད་རྣམས༔ འདི་ཉིད་ཐུགས་དམ་སྙིང་པོར་དྲིལ༔ རང་གཞན་དོན་གཉིས་འགྲུབ་པར་ངེས༔ ས་མ་ཡ༔ དེ་ལྟར་བུ་ཡི་བསྙེན་སྒྲུབ་ལ༔ རྟགས་དང་དུས་ཀྱི་རིམ་པ་འམ༔ གྲངས་ཀྱི་བཟླས་པ་མཐར་ཕྱིན་ནས༔ གནས་དུས་འཁོར་རྫས་ཚོགས་པ་ན༔ སྒྲུབ་པའི་ལས་རིམ་ཚུལ་བཞིན་བྱ༔ དངོས་གྲུབ་ཆེན་པོ་རྒྱས་པར་བླངས༔ དེ་ཙམ་སྤྲོས་པས་མི་ནུས་ན༔ ཚོགས་དང་མཆོད་པ་དཔུང་བསྐྱེད་འབུལ༔ ལས་གཞུང་རྒྱས་པར་བསྲངས་ནས་ཀྱང༔ རྡོ་རྗེ་སྲིན་པོའི་ནམ་ལངས་དུས༔ དངོས་གྲུབ་བླང་བའི་ཆོ་ག་བྱ༔ ཐོག་མར་ཚེ་ཡི་བཟླས་པ་དང༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐུལ༔ ཚེ་དང་ཡེ་ཤེས་བཅུད་རྣམས་ཀུན༔ དངོས་གྲུབ་རྫས་ལ་ལྷག་པར་ཐིམ༔ ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་བསྐོར༔ དངོས་གྲུབ་བར་ཆད་རྒྱང་རིང་བསྐྲད༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལ༔ ནམ་མཁའ་གང་བའི་རྩ་གསུམ་ལྷ༔ དགྱེས་པ་ཆེན་པོའི་ཐུགས་ཀ་ནས༔ འོད་འཕྲོས་བླ་མ་ཡི་དམ་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་དབྱིག༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན༔ བདུད་རྩི་འོད་ཟེར་ལྔ་ལྡན་གྱི༔ རྣམ་པས་བསྒྲུབ་རྫས་ཀུན་ལ་ཐིམ༔ དངོས་གྲུབ་ཀུན་གྱི་དཔལ་དུ་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་མ་ཧཱ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷིཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝ་ཀཱ་ཙིཏྟ་གུ་ཎ་ཀརྨ་ཛྙཱ་ན་ལོ་ཀ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཏིང་འཛིན་གསལ་བས་ཅི་རིགས་བཟླ༔ མཆོད་བསྟོད་འཁོན་གཅུགས་ཉམས་ཆག་བཤགས༔ སླར་ཡང་ཐུགས་དམ་གནད་ནས་བསྐུལ༔ ཧཱུྃ་ཧཱུྃ༔ ཡེ་ཤེས་འཁོར་ལོ་རྩ་གསུམ་རབ་འབྱམས་ལྷ༔ རྟག་རྒྱུན་རང་བཞིན་དགོངས་པ་མཐའ་ཀླས་པ༔ ཐུགས་དམ་གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ བདག་ཅག་འདོད་གདུང་དྲག་པོའི་གསོལ་འདེབས་ན༔ སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ནས༔ ཡེ་ཤེས་ཐུགས་རྗེའི་གཟི་བྱིན་ལྷག་པར་སྐྱེད༔ ཁམས་གསུམ་ཡོངས་སྒྲོལ་བདེ་ཆེན་བརྟུལ་ཞུགས་ཀྱིས༔ མཆོག་ཐུན་དངོས་གྲུབ་ད་ལྟ་མྱུར་དུ་སྩོལ༔ སྤྱི་དྲིལ་གྱི་སྔགས་མཐར༔ མ་ཧཱ་བཛྲ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ བཛྲ་ས་མ་ཡ་སཏྭཾ༔ ཞེས་བསྐུལ་རཀྟས་གཟི་བྱིན་བསྐྱེད༔ ཧཱུྃ་ཧཱུྃ༔ ཁམས་གསུམ་འཁོར་བ་ཆོས་ཉིད་ཀློང་དུ་བསྒྲལ༔ སོ་སོར་རྟོག་པའི་རཀྟ་དམར་འོད་འཁྱིལ༔ བདེ་མཆོག་བདེ་སྤྱོད་མཆོད་པ་འདི་བཞེས་ལ༔ དངོས་གྲུབ་ཆེན་པོའི་གཟི་བྱིན་བསྐྱེད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་སིདྡྷི་ཏེ་ཛ་ས་མ་ཡ་སཏྭཾ༔ བདག་ཉིད་རང་འོད་རིག་མ་དང༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ བདུད་རྩིའི་བཅུད་དང་དབྱེར་མེད་བསམ༔ ཛ་གད་དཔའ་བོའི་ཕུད་ཀྱིས་མཆོད༔ ཧཱུྃ་ཧྲཱི༔ བདག་ཉིད་ཡབ་ཡུམ་སྣང་སྟོང་ཐབས་ཤེས་སྦྱོར༔ རྡོ་རྗེ་པདྨ་སྦྱོར་ཞིང་སྐྱོད་པ་ཡིས༔ བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁའ་ལ་འཁྱིལ༔ ཛ་གད་བདེ་ཆེན་ཕུད་ཀྱི་མཆོད་པ་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་ཨ་མྲྀཏ་ཛ་གད་པཱུ་ཛ་ཧོ༔ མ་ཧཱ་སིདྡྷི་སུ་ཁཾ་ས་མ་ཡ་སཏྭཾ༔ སྦྱོར་བའི་དམ་ཚིག་ཆེན་པོ་ཡིས༔ ཐུགས་དམ་གནད་ནས་བསྐུལ་བ་ལས༔ ནམ་མཁར་བཞུགས་པའི་རྩ་གསུམ་ལྷ༔ མཆོག་ཏུ་མི་འགྱུར་བདེ་བས་མཉེས༔ དམ་ཚིག་སྐོང་ཞིང་ཡེ་ཤེས་བསྐྱེད༔ སྙོམས་ཞུགས་བདེ་སྟོང་ངོ་བོར་ཞུ༔ མདུན་རྟེན་ལྷ་དང་དབྱེར་མེད་ཐིམ༔ འོད་ཟེར་རབ་ཏུ་འབར་བཞིན་པས༔ དངོས་གྲུབ་མཐའ་དག་སྩོལ་བ་ལ༔ ངོ་མཐོན་ཚུལ་དུ་བཞུགས་པར་བསམ༔ སྐུལ་ཚིག་རྒྱས་བསྡུས་གང་རུང་གིས༔ སྐུ་གསུང་ཐུགས་རྟེན་གནས་གསུམ་རེག༔ ཡོན་ཏན་གཏོར་མ་ལྟེ་བར་བཞག༔ ཕྲིན་ལས་དངོས་གྲུབ་དམ་རྫས་མྱོང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ ཐུན་མོང་མཆོག་གི་སིདྡྷི་རྣམས༔ སྟན་ཐོག་གཅིག་ཏུ་ཐོབ་པར་བསམ༔ རྟེན་རྣམས་བླ་རྡོར་འབྲལ་མེད་འཆང༔ ཛཔ྄་དབྱངས་བྱ་ཞིང་ཉམས་རྟོགས་སྤར༔ ལྷ་དང་སྒྲུབ་རྫས་སྒྲུབ་པ་པོ༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འདྲེས༔ ཡེ་ཤེས་ཆེན་པོའི་སྲོག་ཐོབ་མོས༔ མ་བཅོས་གཉུག་མའི་ངང་དུ་བཞག༔ ལྷག་མ་ལ་སོགས་རྗེས་ཀྱི་རིམ༔ ཕྲིན་ལས་གཞུང་ལྟར་མཐར་དབྱུང་ངོ༔ ས་མ་ཡ༔ དེ་ལྟར་དངོས་གྲུབ་བླངས་ནས་ཀྱང༔ སྔགས་ཀྱི་ལྷག་ཆད་ལ་སོགས་པའི༔ བསྙེན་བསྒྲུབ་ཉམས་ཆག་ཞི་བ་དང༔ ནུས་པ་འཕེལ་ཞིང་བརྟན་པའི་ཕྱིར༔ ཞི་རྒྱས་སྲེག་བླུགས་ཅི་མང་འབུལ༔ གནས་དང་རྣལ་འབྱོར་བཀྲ་ཤིས་སླད༔ རེ་ཞིག་སྒྲུབ་པའི་ཁང་པ་རུ༔ ཕྲིན་ལས་གཞུང་བསྲང་ཚོགས་མཆོད་འབུལ༔ རྒྱལ་ཆེན་རྣམས་ལ་གཏང་རག་བྱ༔ གཤེགས་སུ་གསོལ་ཞིང་ཤིས་པ་བརྗོད༔ དམ་ཚིག་ལྡན་པའི་མཆེད་གྲོགས་སོགས༔ རིམ་གྱིས་འཕྲད་ལ་ཁད་ཀྱིས་གྲོལ༔ དབེན་ཞིང་ཉམས་དགའི་སྨན་ཚལ་དུ༔ ལྗོངས་རྒྱུ་བྱ་ཞིང་དགའ་སྟོན་སྤྱད༔ ཁམས་ཀྱི་དུབ་པ་བསལ་བ་དང༔ ཡུལ་གྱི་བདུད་རྩི་བསྟན་པ་ཡིས༔ ཉམས་དང་རྟོགས་པའི་བོགས་ཀྱང་དབྱུང༔ ཁྱད་པར་དུས་དང་རྣམ་པ་ཀུན༔ བསྙེན་བསྒྲུབ་ཟབ་མོ་ཐེམས་ཕྱིན་ཆད༔ རབ་ཀྱི་ཉིན་མཚན་ཐུན་བཞི་འམ༔ ཐ་མ་ཐུན་རེ་མ་ཆག་པར༔ ཕྲིན་ལས་རྒྱས་བསྡུས་གང་རུང་ངམ༔ རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ༔ ཟབ་མོའི་ལམ་འདི་ཁོ་ན་ལས༔ བྱང་ཆུབ་སྒྲུབ་པའི་གཡར་དམ་བཟུང༔ རང་རྒྱུད་སྨིན་ནས་གཞན་གྱི་དོན༔ དབང་བསྐུར་བསྐྱེད་རྫོགས་མན་ངག་བསྟན༔ འབྲེལ་ཚད་པདྨ་འོད་དུ་གྲོལ༔ ཚོམ་བུ་ཚོགས་ཀྱི་བསྒྲུབ་པ་བྱ༔ ཚེ་འདིར་དངོས་གྲུབ་རྣམ་གཉིས་ཐོབ༔ རྒྱུན་དང་དུས་ཀྱི་མཆོད་པར་འབད༔ ཆུ་བོ་བཞི་ཡི་རྒྱུན་འབེབས་ཤིང༔ ཡེ་ཤེས་ཀློང་དགུའི་རྩལ་ཆེན་རྫོགས༔ སྙིང་པོའི་བསྟན་པའི་བཙས་ཆེན་འགྱུར༔ དེ་ཕྱིར་རང་སྨིན་གཞན་ཡང་སྨིན༔ རང་གཞན་དོན་ཀུན་འདིས་འགྲུབ་འགྱུར༔ ས་མ་ཡ༔ དེ་ལྟར་རིག་འཛིན་ཡོངས་རྫོགས་ཀྱི༔ ཛཔ྄་ཀྱི་པྲ་ཁྲིད་བཀོལ་བྱང་འདི༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་ཀུན་གྱི་སྙིང་པོའི་བཅུད༔ ཁ་ཚང་དོན་འགྲིལ་ལག་ལེན་བདེ༔ པདྨ་བདག་གི་ཐུགས་ཁྲག་ཏེ༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན༔ སྔོན་ཆད་གཞན་དུ་མ་བསྟན་པར༔ དེང་འདིར་ལོ་ཙཱ་ཆེན་པོར་གདམས༔ ནམ་ཞིག་ཁ་བ་ཅན་ལྗོངས་འདིར༔ སྒྲུབ་བརྒྱུད་རྟོག་གེའི་ཕྱི་བཞིན་འབྲང༔ བཤད་པས་སྒྲུབ་པའི་ལད་མོ་བྱེད༔ བསྙེན་སྒྲུབ་རྣམ་བཞིའི་སྲོག་རྩ་བཅད༔ གྲུབ་རྟགས་སྣ་རེ་ཐོན་པ་ཉུང༔ རང་ཉིད་བློ་སྣ་མང་བའི་དུས༔ རིག་འཛིན་བརྒྱུད་པ་མ་ཟིན་པར༔ ཆོས་དང་བླ་མར་འཁང་ར་བྱེད༔ དངོས་གྲུབ་ཐན་སྤྲིན་བཞིན་དུ་ཡལ༔ དེ་ཚེ་ད་ལྟའི་སྨོན་ལམ་མཐུས༔ མངའ་བདག་ཡབ་སྲས་ལོ་ཙཱ་ཆེ༔ འགྲོ་འདུལ་སྒྱུ་མའི་སྐྱེས་བུར་ཤར༔ དེ་དུས་ད་ལྟའི་གདམས་པ་ནི༔ སྨོན་ལམ་དབང་གིས་ལག་ཏུ་སོན༔ བྱིན་རླབས་སྟོབས་ཀྱིས་གཏན་ལ་འབེབས༔ ཐུགས་བསྐྱེད་ཟབ་མོས་བོད་ཁམས་ཀུན༔ ཕན་བདེའི་ཕྲིན་ལས་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།
བྱད་འགྲོལ་གསེར་གྱི་ལྡེ་མིག་གི་ཉམས་ལེན་སྒྲུབ་ཐབས་ངག་འདོན་སྙིང་པོ་གསལ་བ་ (Volume 47, Text 46)
༄༅། །བྱད་འགྲོལ་གསེར་གྱི་ལྡེ་མིག་གི་ཉམས་ལེན་སྒྲུབ་ཐབས་ངག་འདོན་སྙིང་པོ་གསལ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། རྒྱལ་ཀུན་མཐུ་སྟོབས་རྡོ་རྗེ་འབར་བའི་མེས། །མ་ལུས་བདུད་སྡེའི་བུད་ཤིང་ཀུན་བསྲེགས་ནས། །ཡེ་ཤེས་མཆོག་གི་སྣང་བ་རྒྱས་མཛད་པ། །བླ་མ་ཁྲག་འཐུང་རྡོ་རྗེ་གཙུག་ཏོར་རྒྱལ། །རྣམ་མཁྱེན་སྐུ་བཞིར་འཇུག་སྒོ་ལུས་ངག་ཡིད། །ཕས་རྒོལ་རིག་སྔགས་དམོད་པས་དམ་འཁྱུད་ལྕགས། །འགྲོལ་བྱེད་ཟབ་དོན་གསེར་བཟང་འཕྲུལ་བག་གིས། །འབྱེད་མཁས་མཆོག་གི་ལྡེ་མིག་འདི་ཁོ་ན། །འདིར་གནམ་ལྕགས་སྡིག་པའི་ཆོས་སྡེའི་ཕྲིན་ལས་ཀྱི་སྦྱོར་བ་ཤིན་ཏུ་ཟབ་ཅིང་རྣོ་བ་བྱད་འགྲོལ་གསེར་གྱི་ལྡེ་མིག་ཉམས་སུ་ལེན་པ་ལ་གཉིས། རང་དོན་དུ་བསྙེན་པ་བྱ་བ། གཞན་དོན་དུ་བུམ་སྒྲུབ་ཀྱི་ཆོ་ག་བཤད་པའོ། །དང་པོ་ནི་རང་གི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར། གཏོར་མ་ཟླུམ་བརྗིད་པད་འདབ་བཞིས་བསྐོར་བ་རྒྱན་གྱིས་བརྒྱན་པའི་གཡས་གཡོན་དུ་སྨན་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སྦྲེང་ཚར་བཀོད། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་ལ་སོགས་ཀྱང་འདུ་བྱས་ལ། མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསམ་ལ་འོག་གི་མཆོད་སྔགས་རྣམས་འབྲུ་གསུམ་སྤེལ་བ་བརྗོད། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས་ཚོགས་ཞིང་སྤྱན་དྲང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ་བརྗོད། ཅེས་ཚོགས་ཞིང་རང་ལ་ཐིམ་པར་བསམ། ཧཱུྃ། ཆོས་རྣམས་མ་བཅོས་གདོད་ནས་སྤྲོས་བྲལ་དབྱིངས། །མ་རྟོགས་འགྲོ་ལ་མཁའ་མཉམ་སྙིང་རྗེ་ཤར། །ཟུང་འཇུག་རིག་པ་མཐིང་ནག་ཡི་གེ་ཧཱུྃ། །དེ་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་མཆོད། །ཕས་རྒོལ་རིག་སྔགས་དམོད་པའི་སྦྱོར་བ་བཤིགས། །བྱིན་རླབས་དངོས་གྲུབ་དྭངས་བཅུད་ཧཱུྃ་ལ་ཐིམ། །དེ་ཉིད་ཡོངས་གྱུར་པདྨ་ཉི་ཟླའི་སྟེང་། །བདག་ཉིད་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཅན། །དབུ་སྟོང་རྩ་ཞལ་གཉིས་བརྒྱ་མཐིང་ནག་རྔམ། །གཡས་ཞལ་གཉིས་བརྒྱ་གསེར་མདོག་འཛུམ་ཉམས་རྒྱས། །རྒྱབ་ཞལ་གཉིས་བརྒྱ་དམར་པོ་ཆགས་པའི་ཉམས། །གཡོན་ཞལ་གཉིས་བརྒྱ་ལྗང་གུ་གཏུམ་པའི་ཚུལ། །སྟེང་ཞལ་གཉིས་བརྒྱ་དཀར་པོ་བཞད་པའི་ཞལ། །སྟོང་ཕྲག་ཕྱག་ལྡན་བྱེ་བ་ཕྲག་བརྒྱའི་སྤྱན། །དམར་ཟླུམ་སྡང་མིག་ཕྱོགས་བཅུ་ཀུན་ཏུ་བལྟ། །རྫི་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར། །ཞལ་གདངས་ཡ་སོ་ཧཱུྃ་ལས་ཁྲོ་བོ་བཅུ། །མ་སོ་ཧྲཱིཿལས་ཁྲོ་མོ་བཅུ་རུ་གཙིགས། །མགྲིན་པ་ཉི་ཟླ་ལྕེ་ནི་གཅོད་བྱེད་ཀྱི། །རྣོ་ངར་རལ་གྲི་འབར་བའི་རྣམ་པར་གདེངས། །སྟོང་ཕྲག་ཕྱག་ན་གནམ་ལྕགས་རལ་གྲི་བསྣམས། །ཐོད་སྐམ་དབུ་རྒྱན་ཞིང་གླང་སྟོད་གཡོགས་དང་། །སྟག་ཤམ་མགོ་ཕྲེང་དུར་ཁྲོད་རྒྱན་ཆས་བརྒྱན། །ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་དྲག་པོར་བསྒྲད། །གར་དགུའི་ཉམས་རྒྱས་དབང་སྔོན་ལྷུན་པོ་ལ། །ཉི་མ་སྟོང་གིས་འཁྱུད་བཞིན་གཟི་བརྗིད་འབར། །བསྐལ་པའི་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས། །དེ་ཡི་སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པདྨ་དམར་པོའི་ལྟེ་བར་ཨཱཿ སྙིང་གར་ཉི་དཀྱིལ་ཧཱུྃ་སྔོན་མཚན་པ་ལས། །འོད་འཕྲོས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་བསྐུལ། །སྤྱན་དྲངས་ཡི་གེ་གསུམ་ལ་ཐིམ་པ་ཡིས། །རིམ་བཞིན་རྣམ་སྣང་དཀར་པོ་འཁོར་ལོ་འཛིན། །སྣང་མཐའ་དམར་པོ་གཡས་པ་པདྨ་འཛིན། །མི་བསྐྱོད་མཐིང་ག་གཡས་པ་རྡོ་རྗེ་འཛིན། །ཀུན་ཀྱང་གཡོན་པ་དྲིལ་འཛིན་ལོངས་སྐུའི་ཆས། །མཚན་དཔེའི་གཟི་འབར་སྐུ་གསུང་ཐུགས་བྱིན་བརླབས། །དེ་ཡི་སྤྱི་བོར་ཞེས་པ་མན་གྱི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་ཚུལ་འདི་ཉིད་རྩ་བའི་གཞུང་ནས་ཚིག་ཟིན་དངོས་སུ་ཡོད་པར་མ་ཟད་སྔ་འགྱུར་བཀའ་གཏེར་གྱི་ལྷ་བསྐྱེད་ཀྱི་མངོན་རྟོགས་ཐམས་ཅད་དང་བབ་མཐུན་པས་འཐད་པར་སེམས་སོ། །རིག་འཛིན་རྗེའི་ཡིག་ཆ་ལྟར་ན། དེ་ཡི་སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔར། །རྣམ་སྣང་འོད་དཔག་མེད་མགོན་མི་བསྐྱོད་པ། །རིན་འབྱུང་དོན་གྲུབ་ལྔ་ཀ་ཁྲག་འཐུང་ཚུལ། །གཡས་པ་རང་རྟགས་གཡོན་པ་དུང་ཁྲག་འཛིན། །གར་དགུའི་ཉམས་ལྡན་འབར་བའི་སྟབས་སུ་བཞུགས། །ཞེས་སྦྱར། དེ་ལྟར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་འབུལ་བ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾནྟ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་རོལ་ལས། །རིག་སྔགས་དམོད་པ་ཕྱིར་ཟློག་དྲག་པོའི་ལྷར། །རྣམ་རོལ་རྡོ་རྗེ་ཁྲག་འཐུང་གཙུག་ཏོར་ཅན། །འཇིགས་བྱེད་འཇིགས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད། དེ་ནས་བཟླས་དམིགས་ནི། བདག་གི་སྐུ་ཡི་ཆ་ལས་འབར་བའི་མེ། །སྔགས་ཀྱི་ཚྭ་ཚྭ་རྡོ་རྗེའི་ཞུགས་སུ་འཕྲོས། །གནོད་བྱེད་ཕས་རྒོལ་རིག་སྔགས་བྱད་མ་མཁན། །ཐམས་ཅད་བསྲེགས་ཤིང་སྦྱངས་ནས་སྟོང་པར་གྱུར། །ཅེས་ཏིང་ངེ་འཛིན་གྱི་ང་རྒྱལ་དྲག་པོ་དང་ལྡན་པས་གཟུངས་རིང་ཐུང་རྣམས་ཅི་ནུས་པར་བཟླ་འོ། །ཐུན་བསྡུ་བ་ནི། སྣོད་བཅུད་ཐམས་ཅད་བདག་ཉིད་ལྷར་ཐིམ་ཞིང་། །དེ་ཡང་ཧཱུྃ་ཡིག་ལ་ཐིམ་ནཱ་དའི་བར། །མི་དམིགས་ངང་གྱུར་སླར་ཡང་སྐད་ཅིག་གིས། །སྣང་སྟོང་སྒྱུ་མ་ཁྲོ་རྒྱལ་སྐུ་རུ་གྱུར། །ཅེས་པས་རྟག་ཆད་ཀྱི་མཐའ་བསལ་ཞིང་། སླར་ཡང་བདག་རྗེས་ཀྱི་ལས་རྣམས་བྱའོ། །གཉིས་པ་གཞན་དོན་གྱི་བུམ་པ་སྒྲུབ་པ་ནི། རྒྱལ་ཕུར་འཛོམ་པའམ། མིན་ནའང་རྒྱུ་སྐར་རྒྱལ་དང་ལྡན་པ་ལ། རིན་པོ་ཆེ་ལ་སོགས་པའི་བུམ་པ་མཚན་ཉིད་དང་ལྡན་པ་གཙང་ཞིང་དག་པར་བཀྲུས་པ་ལ་ཁ་རྒྱན་དང་མགུལ་ཆིངས་སོགས་ཀྱི་ཆས་སུ་གཞུག །རྒྱུན་བབས་ཀྱི་ཆུ་དང་བ་དམར་ཟལ་གྱི་འོ་མས་གཞི་བྱས་པ་ལ་ཁྱད་པར་གྱི་རྫས་རྣམས་ཞིབ་ཏུ་བསྣུར་བའི་ཕྱེ་མ་བཏབ། སྟེགས་བུའི་ཁར་བུམ་གདན་པད་འདབ་བརྒྱད་དམ། ཚོམ་བུའི་ཁར་སྤོས་ཀྱིས་བདུག་ནས་བཀོད། དེའི་ཁར་དུང་ཆོས་གཟུངས་རྡོར་དང་བཅས་པ་བཞག །བྱད་འགྲོལ་ལས་སྦྱོར་བྱེད་ན་དེའི་ཕྱོགས་གཅིག་ཏུ་གྷ་ཊ་སོགས་སྣོད་གང་རུང་དུ་རྒྱུན་འབབ་ཀྱི་ཆུ་ལ་རིན་པོ་ཆེ་ལྔའི་ཕྱེ་དང་། བྱ་རོག་འུག་པའི་དང་རུ་བསྲེགས་པའི་གཞོབ་ཐལ་བཏབ་པའང་བཞག །གཏོར་མ་དང་མཆོད་པ་རྣམ་ལྔ་སྔགས་སོགས་སྔར་དང་འདྲ། དེ་ནས་སྒྲུབ་པ་ནི། བདག་བསྐྱེད་ཀྱི་བཟླས་པ་སོགས་ཚར་བའི་རྗེས་བུམ་པ་བསང་། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་བུམ་པ་ལྟོ་ལྡིར་མགྲིན་པ་ཕྲ། ཁ་གཡེལ་ཞབས་ཞུམ་མཆུ་འཕྱང་ལྷ་རྫས་ཀྱི། །མགུལ་ཆིངས་དཔག་བསམ་ཤིང་གི་ཁ་རྒྱན་ཅན། །མཚན་ཉིད་ཡོངས་རྫོགས་བདུད་རྩིའི་ཆུ་གཏེར་དབུས། །པད་ཉི་ཟླ་སྟེང་མཐིང་ནག་ཧཱུྃ་ཡིག་ལས། །དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཙུག་ཏོར་ཅན། །དབུ་སྟོང་རྩ་ཞལ་གཉིས་བརྒྱ་མཐིང་ནག་རྔམ། །ཞེས་པ་ནས་བསྟོད་པའི་བར་བདག་བསྐྱེད་བཞིན་ལ། བཟླས་པའི་ཚེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་དམིགས་པ་དང་སྦྱར་་ནས་གཟུངས་ཐག་ལ་འཇུས་ཏེ་གཟུངས་རིང་ཐུང་གི་བཟླས་པ་ཅི་ནུས་བྱ་ཞིང་སྔགས་ཆུ་ལའང་ཕུ་འདེབས། དེ་ནས་དུང་ཞལ་གྱི་མཆོད་ཡོན་འབྲུ་གསུམ་གྱིས་བུམ་པར་ཕུལ་བས་ལྷ་ཚོགས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་ཞུ་བར་བསམ་མོ། །སྐབས་འདི་དག་ཏུ་གཏོར་མགྲོན་སྤྱན་འདྲེན་ལ་སོགས་པ་ལག་ལེན་སྣ་ཚོགས་སུ་འདུག་མོད། གསར་མའི་རྒྱས་འགེབས་ཀྱི་སྤྲོས་པ་ལས་གཞུང་གི་དགོངས་པ་མིན་པས་རྙིང་མའི་རང་ལུགས་འདི་ཙམ་མོ། །དེ་ལྟ་བུའི་བུམ་པ་དེ་ཉིད་ཐོག་མར་ཞག་བདུན་ལ་སོགས་པ་ཅི་ནུས་བསྒྲུབས་ནས། སླར་ཡང་རྒྱལ་ཕུར་འཛོམ་པའམ་རྒྱུ་སྐར་རྒྱལ་ལའང་ཁ་གསོ་ཞིང་གཏའ་མ་ཆད་པར་བྱས་ནས་དུས་རྒྱུན་འཁྲུད་ཅིང་བཏུང་བ་དང་། གནས་རྟེན་རྣམས་ལ་བསང་གཏོར་ལ་སོགས་བྱས་ན་བཤད་པའི་ཕན་ཡོན་རྣམས་འབྱུང་བར་ཐེ་ཚོམ་མེད་དོ། །ལས་སྦྱོར་གྱི་བྱད་འགྲོལ་བྱེད་པར་འདོད་ན་རང་ལུགས་ཀྱི་ལག་ལེན་ཟུར་དུ་བཤད་པ་དང་རིག་འཛིན་རྗེའི་ལུགས་དེ་ཉིད་ཀྱིས་མཛད་པའི་ཡིག་ཆ་རྣམས་ལས་ཤེས་པར་བྱའོ། །བྱད་འགྲོལ་གསེར་གྱི་ལྡེ་མིག་ཅེས། །ཀུན་ལ་གྲགས་པ་གསལ་ལྡན་ཡང་། །རྩ་བའི་ཁུངས་དང་ལྷ་སྔགས་ཀྱང་། །མ་ཤེས་འཆོལ་བར་སྤྱོད་པ་མཐོང་། །དེས་ན་སྙིང་པོའི་ཡི་གེ་འདི། །མཐོང་ན་དང་པོའི་ལས་ཅན་ཀྱང་། །རྨོངས་པ་མེད་པའི་གནས་ཐོབ་འགྱུར། །དེ་ཕྱིར་འདི་ཡང་མན་ངག་གོ །ཞེས་པའང་མིའི་དབང་པོ་ས་ཆེན་ཀུན་དགའ་བསོད་ནམས་སྟོབས་ཀྱི་རྒྱལ་པོ་མཆོག་གིས་བསྐུལ་བ་ལས། རྒྱལ་ཁམས་པ་འགྱུར་མེད་རྡོ་རྗེས་མན་ངག་གི་དགོངས་པ་རྣམ་དག་ལས་སྙིང་པོར་དྲིལ་ནས་བཀོད་པའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ།། །།
གཏེར་ཁ་གསུམ་འདུས་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་སྲུང་ཟློག་གསད་པའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་མེ་ལྕེ་ (Volume 53, Text 46)
༄༅། །གཏེར་ཁ་གསུམ་འདུས་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་སྲུང་ཟློག་གསད་པའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་རྡོ་རྗེའི་མེ་ལྕེ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡ་མཱ་རི་ཡེ། རིག་སྔགས་ནུས་པའི་ཟློག་སྒྱུར་རྡོ་རྗེའི་མཚོན། །སླར་ཡང་ཟློག་མཛད་གནམ་ལྕགས་དྲག་པོའི་ཤུགས། །གང་ལ་མངའ་དེ་དུས་དགྲའི་དབང་པོ་ཞེས། །མཐུ་ལྡན་ཀུན་གྱི་སྐྱབས་སུ་རྩེ་གཅིག་བསྙེན། །གཏེར་ཁ་སྣ་ཚོགས་ཡང་ཟློག་གི །ལག་ལེན་གནད་འདྲིལ་རིག་སྔགས་འཆང་། །མཐོང་བ་བརྒྱུད་པའི་ཞལ་ཤེས་ཉིད། །གཞན་ལ་ཕན་ཕྱིར་བཀླག་ཆོག་བསྡེབ། །འདིར་འཇམ་དཔལ་གཤིན་རྗེའི་གཤེད་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་སྲུང་ཟློག་གསད་པའི་ལག་ལེན་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། དཔལ་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་བསྙེན་པ་ལས་སུ་རུང་བ། སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པའི་སྔགས་པས་ཡིད་མཐུན་གྱི་གནས་སུ། རི་རུད་ས། ཕུང་ས། རྒྱ་གྲོག་དམར་ནག་འཐབས་ པའི་ས་སྟེ་གདུག་པའི་ས་སྣ་གསུམ་གྱི་སྟེགས་བུ་ཁྲུ་གང་གྲུ་བཞི་རོ་སོལ་དང་ཐལ་ཆེན་གྱིས་ནག་པོར་བྱས་པའི་དབུས་སུ་གྲུ་གསུམ་རྩེ་མོ་མདུན་དུ་བསྟན་པ་བྲུས་པའི་ནང་། རོ་རས་སམ་དུག་ཤོག་ལ་དུག་ཁྲག་བསྲེས་པའི་སྣག་ཚ་དང་། བྱ་ཤ་ཟན་གྱི་སྒྲོ་རྐང་གི་སྨྱུ་གུས་ལིང་ག་སྤྱི་ལྟར་བྲིས་པའི་ཚིགས་ཆེན་བཞིར་ཛཿཧཱུྃ་བཾ་ཧོཿ སྤྱི་བོར་ཏྲིག་ནན། དཔྲལ་བར་ཇི་འུ་ཀུང་ཀེག་ཤང་ཁུག་ཛཿ མིག་གཉིས་ལ་ལོང་། རྣ་བ་གཉིས་ལ་འོན། ཁ་ནང་དུ་བདུད་པོ་ང་ལོངས། སྙིང་གར་ཛ་ཁ་སྦྱོར་བར་ནྲྀ་ཏྲི། དེ་དག་གི་ཕྱོགས་བཞིར་ཨེ་ཧུར་ཐུམས་ཛཿཞེས་དང་། དེ་རྒྱབ་མགྲིན་པའི་ངོས་ནས་ཡིག་མགོ་ཕྱིར་བསྟན་གྱིས། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་ལངས་པའི་གནོད་བྱེད་དགྲ་བགེགས་བྱད་མ་བསམ་ངན་སྦྱོར་རྩུབ་འཆང་བ་སྤྱི་དང་། ཁྱད་པར་དུ་བྱད་མ་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཁུག་ཛ་ཛཿ ཨཱ་ཀརྵཱ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་པ་དང་། བརླ་གཡོན་པར་ཡི་གེ་ཚ་ལ། ཏྲོཾ་ཏྲི་ཤཾ་ཏྲི་ཛཿཁཾ་ཤ་གྷ་ཛཿཏྲི་ཐུཾ་ཛཿ ཞེས་སྔགས་མགོ་ནང་བསྟན་གྱིས་བསྐོར་བ་བྲི། རྐང་མཐིལ་གཉིས་སུ་ཡཾ་ཡཾ་དང་། སྤྱི་བོ་ནས་ཡིག་མགོ་ཕྱིར་བསྟན་གཡོན་སྐོར་གྱིས་ཟློག་སྔགས་དང་། དེ་རྒྱབ་ཛཿཁྲམ་ཉེར་གཅིག་བཅས་ལྷག་ཆད་བྲིས་གསུབ་སྤངས་ཏེ་དག་པར་བྲི། འབྱུང་བཞིའི་བཀྲུ་སྦྱངས་ཟིན་པ་དང་། གྲི་མཛེའི་ཁྲག་དང་དུག་སྣ་ཅི་ཚོགས། ཁྱད་པར་དམིགས་བྱའི་དྲི་མ་དྲུག་སོགས་ཟག་རྫས་དང་། བགེགས་རིགས་ལ་འདྲེ་ཚུགས་ཀྱི་ས་དང་རྟེན་གནས་ས་རྡོ་ཆུ་ཤིང་གང་ཡིན་བཅས། བྱུག་རྫས་རྣམས་ལྕགས་སྣོད་དུ་རླངས་ཐོན་ཙམ་མེར་བསྲོས་ནས་བྱུགས་པས་ལས་མྱུར་བའི་དགོས་པ་ཡོད། ལྟེབ་པའི་གནད་ནི་མཐའ་ནས་རིམ་པར་བསྡུས་པའི་མཚོན་ལྟེབ་བམ་རོ་སྒོང་དུ་གྲགས་པས་སྙིང་གའི་ས་བོན་མཐོང་བའམ། འདྲེ་ལྟེབ་ལ་སྙིང་གའི་ས་བོན་བཅག །བགེགས་རིགས་ལ་འདི་ཉིད་རང་ཤས་ཆེ་བར་གསུང་། དེ་རྗེས་ཕོ་ལ་དཔུང་པ་གཡས། མོ་ལ་གཡོན་སྔོན་ལ་གཅོག །མགོ་ནས་མར། མཇུག་ནས་ཡར་ལྟེབས། ཤི་སྐྲ་དང་། བདུད་དང་གནོད་སྦྱིན་གྱི་ཞགས་པ་ཞེས་བྱད་ཐག་སྔོ་དམར་གྱིས་བཅིངས་ནས་གཞུག །དེ་སྟེང་དབྱེ་རྫས་ཀྱི་ཐུམ་བུ་བཞག །ཐུན་ཐག་བཏགས་པ་ཟོར་ཆེན་རྩེའི་ཟློག་འཁོར་འོག་ནས་དྲངས་ཏེ་སློབ་དཔོན་མདུན་གྱི་ཕུར་པར་བཏགས། རོ་གཡམ་ལ་སྟེང་རི་རབ་དང་འོག་རྡོ་རྗེ་རྒྱ་གྲམ་བྲིས་པའི་དབུས་སུ་ཐུན་ལམ་ཡོད་པས་ཁ་གཅད། དབྱེ་རྫས་བྱ་རོག་གི་དོང་རུ་གཡས་པར་ཡུགས་སའི་མངལ་ཁྲག་གིས་ནྲྀ་དང་། འུག་པའི་དོང་རུ་གཡོན་པར་མཛེ་ཁྲག་གིས་ཨ་བྲིས་པ་ས་སྟེགས་སྟེང་གཡས་གཡོན་དང་། གྲུ་གསུམ་གྱི་ཁ་ཁྱེར་ལ་སྐྱེར་རྩང་སྟོད་སྨད་ཁྲག་དང་དབུས་རོ་སོལ་གྱིས་ནག་པོར་བྱུག་ཅིང་། རྩེ་མོ་ཤས་བརྒྱན་པ་ཉེར་གཅིག་སྲིན་མོ་འགྲོས་སམ་འཚུབ་མ་རིས་སུ་བཙུགས་ལ་འགུགས་བྱེད་ཀྱི་ཕོ་ཉར་མངའ་གསོལ། དེའི་སྟེང་དུ་མཉྫིའམ་སྲིད་པ་ལུགས་འབྱུང་དྲག་པོའི་ཤིང་གི་ཨེ་ཁྲོམ་ཁར་ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པར་དམར་གཏོར་ཟུར་གསུམ་རྣོ་དབལ་ཅན་གདོང་མདུན་དུ་བསྟན་པ། གལ་ཆེ་ན་ཤོག་བུར་ཟློག་སྔགས་ཤམ་བུར་འདོད་གསོལ་བྲིས་པ་གཤམ་ནས་དྲིལ་ཏེ་གཏོར་མའི་ནང་དུ་འཛུད། ཨེ་ཁྲོམ་རེ་ནག་གམ་དར་ནག་གིས་དཀྲིས་ལ་ཉི་ཟླའི་ཟེར་དང་། མར་མེའི་འོད། བདུད་རྩིའི་ཟེགས་མ་སོགས་མི་འཇུག་པར་བྱེད། གཏོར་ཆེན་རྩེར་དར་གདུགས་ནག་པོའི་འོག་ཙཀླི་དང་། སྲུང་བའི་འཁོར་ལོ་ནི་ཙཀྲ་རྩིབས་བརྒྱད་མུ་ཁྱུད་བཞིས་བསྐོར་བར། ལྟེ་བར་ཧཱུྃ་དང་བདག་སྒྲུབ་པ་པོ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་ཕ་རོལ་བན་བོན་སྔགས་པས་གཏད་པའི་བྱད་ཕུར་རྦད་འདྲེ་རྦོད་གཏོང་ཐན་དང་ལྟས་ངན་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུངས་ཤིག་དང་། རྩིབས་བརྒྱད་ལ་ཡིག་ངོ་ནང་ལྟའི་སྔགས་ཚན་བརྒྱད་བཀོད། མུ་ཁྱུད་ལ་དབྱངས་གསལ་དང་ཡེ་དྷཱར་དེ་རྒྱབ་རྡོར་ར་དང་མེ་རི་གཡས་སྐོར་བཅས་བྲི། ཆོས་སྨན་བྱུགས་ཤིང་རབ་གནས་ལྡན་པ་དང་། ཟློག་འཁོར་ནི། ལྟེ་བར་འདོད་གསོལ་གོང་བཞིན་གྱི་མཐར་ཟློགས་ཤིག་ཅེས་དང་། རྩིབས་བརྒྱད་ལ་ཡིག་ངོ་ཕྱིར་བལྟའི་སྔགས་ཚན་བརྒྱད་དང་། མུ་ཁྱུད་ལ་མཚོན་ཆ་དང་མེ་རི་གཡོན་སྐོར་ཅན་བཅས་བཙུགས། གཞན་ཡང་མཚེ་ཡུངས་ཀྱི་གང་བུ་དང་ཁྲམ་བྱང་། རྩ་བར་བཅད་ཁ་ཕྱིར་བསྟན་གྱི་མཐེབ་ཀྱུ་གྲངས་མང་དང་། རྩང་དམར་རྒྱུ་རློན་ཤ་དུམ་སོགས་དྲག་རྒྱན་རྔམ་བརྗིད་ལྡན་པ་ཅན་བཞག་པའི་མདུན། ཕྱི་ནང་གི་ཉེར་སྤྱོད་དང་སྨན་གཏོར་རཀྟ་སོགས་མཆོད་རྫས་དང་། རྐང་གསུམ་ཁར་ལྕགས་སྣོད་དུ་ཐུན་གཏོར་ཟུར་གསུམ་དམར་ནག་རྩ་བར་མཐེབ་ཀྱུ་གཅིག་དང་། རྩེར་མཚེ་ཡུངས་ཀྱི་གང་བུ་བཙུགས་པ་བཅས་བཤམ། ཡང་ཟློག་མེའི་སྤུ་གྲིའི་གཞུང་ནས་བཤད་པའི་སཱཙྪ་དཀར་ནག་གི་འཕྲུལ་འཁོར་ཡང་འབྲི་བྱང་རིག་འཛིན་བརྒྱུད་པའི་མན་ངག་གི་ཡིག་ཆ་ལྟར་གྲུབ་ན་ལེགས། ཉེ་ལོགས་གང་བདེར་ལྕགས་སྣོད་དུ་གུལ་ནག་དང་མུ་ཟི་ནག་པོ་སོགས་བསྲེས་པའི་དབྱེ་བདུག་གི་རྫས་དང་། ཐོད་ཚལ་དུ་སྐེ་ཚེ་ཤང་ཚེ་ཡུངས་དཀར་ནག་ལྕགས་ཟངས་རྡོ་ཕྱེ་སོགས་དུག་ཁྲག་གིས་ངར་བཏབ་པའི་ཐུན་རྫས། བྲུབ་ཁུང་ལིངྒ། གདབ་ཕུར། སྒྲོལ་གྲི། ཐོ་བ་རྣམས་དང་། གཞི་བགེགས་ཀྱི་གཏོར་མ་བཅས་འདུ་བྱ། ཡི་དམ་དྲག་པོའི་རིགས་སྤྱི་དང་། བྱེ་བྲག་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ལས་བྱང་ཚོགས་བཅས་སྦྲེལ་ན་འབྲེལ་ཆགས་ཤིང་ལེགས་པས། དེས་ན་མཆོད་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཀྱང་མཐོང་བརྒྱུད་བཞིན་ཚོགས་པར་བྱ་དགོས་མོད། ལྷ་མཆོག་འདི་ཉིད་འཁོར་འདས་ཀྱི་ཕྱག་རྒྱ་ཐམས་ཅད་ཟིལ་གྱིས་གནོན་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཕྱིར་གོང་ནོན་ལྟ་བུའི་མཐའ་གཅིག་ཏུ་ལྷ་གཞུང་གཞན་དང་སྦྲེལ་དགོས་པའི་ངེས་པ་ནི་མེད་དོ།། །།གཉིས་པ་དངོས་གཞི་ནི། རང་ཉིད་དཔལ་ཚེ་བདག་ནག་པོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་རིག་འཛིན་འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་མ་ལུས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲང་། བླ་མ་མཆོག་གསུམ་ཡི་དམ་ལྷ། །འཇམ་དཔལ་དཀྱིལ་འཁོར་ལྷ་ཚོགས་ལ། །བྱང་ཆུབ་སྙིང་པོ་མ་འཐོབ་བར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ལན་གསུམ། མ་རིག་དུག་ལྔས་རྒྱུད་དཀྲུགས་པའི། །མ་རུངས་གདུག་པའི་དགྲ་བགེགས་རྣམས། །སྐྱེ་མེད་དབྱིངས་སུ་བསྒྲལ་ནས་ནི། །བྱང་ཆུབ་ལམ་ལ་འགོད་པར་བྱ། །ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱ་འོ། །ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཅེས་དང་། སྔོན་གཏོར་མཚམས་གཅོད་སྲུང་འཁོར་བཅས་ནི་ལྷ་གཞུང་གཞན་དང་སྦྲེལ་ཚེ་དེས་འཐུས་ཤིང་། འདི་ཉིད་ཁོ་ནའི་ཚེ་རིགས་མཐུན་གྱི་ཆོ་ག་གཞན་ནས་ལེན་པར་བྱའོ། །མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ། གཏོར་སྣོད་དམར་གྱི་དུང་ཆེན་ནང་། །གཏོར་རྫས་དགྲ་བགེགས་ཤ་ཁྲག་རུས། །སྨན་རག་ཕྱི་ནང་མཆོད་པའི་ཚོགས། །ཟག་མེད་བདུད་རྩི་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཧཱུྃ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་ངོ་བོར་གྱུར། ངོ་བོ་སྟོང་ལ་རང་བཞིན་གསལ་བའི་ངང་ནས་སྙིང་རྗེ་ཆེན་པོས་ཀུན་ལ་ཁྱབ་པར་གྱུར། སྟོང་ཉིད་སྙིང་རྗེའི་རང་རྩལ་ཧཱུྃ་མཐིང་ནག་ལས་རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུར་གྱུར་པས་དངོས་པོར་འཛིན་པ་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་འཕྲོས་པས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་ལས་གནམ་ལྕགས་ཀྱི་གཞལ་ཡས་ཁང་སྟེང་འོག་འཁོར་ལོ་རྩིབས་བརྒྱད་པ་རྩེ་མོ་ཐག་ཐོགས་མེད་པར་ཀྱི་ལི་ལི་འཁོར་བས་དགྲ་བགེགས་བྱད་མའི་ལུས་ངག་ཡིད་གསུམ་ཤ་གཞོབ་ཉི་ལི་ལི་ཁྲག་ལྦུ་ཙི་རི་རིར་བཏང་བར་གྱུར། དེ་ཡི་ལྟེ་བར། བདུད་དང་རུ་དྲ་གླང་རྒོད་ཆུ་གླང་ཟུང་བཞི་བསྣོལ་བའི་སྟེང་དུ༔ པདྨ་ཉི་ཟླ་བརྩེགས་པའི་གདན་ལ༔ ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས༔ བདག་ཉིད་ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་མཐིང་ནག་འབར་བ༔ སྐུ་ཆེ་ལ་ཡན་ལག་རགས་པ་རི་རབ་དང་མཉམ་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གངས་རི་ལྟར་གཙིགས་པ༔ སྡང་མིག་ཕྱོགས་བཅུར་བགྲད་པ༔ ཨག་ཚོམ་ལས་མེ་འབར་བ༔ སྨིན་མ་གློག་ལྟར་འཁྱུག་པ༔ ཕྱག་གཡས་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་རྣོ་བའི་ངར་དང་ལྡན་པ་ནམ་མཁར་ཕྱར་བ༔ གཡོན་སྡིགས་མཛུབ་ཀྱིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ ཧ་ཧ་དང་ཧཱུྃ་ཧཱུྃ་ཞེས་པའི་སྒྲ་སྒྲོག་པས་ཁམས་གསུམ་གཡོ་བ༔ རི་རབ་འགུལ་བ༔ རྒྱ་མཚོ་འཁྱོམ་པ༔ སྣང་སྲིད་སྡེ་བརྒྱད་ཐམས་ཅད་འདར་བ༔ སྔངས་འབོག་བརྒྱལ་བར་བྱེད་པ་འཇིགས་སུ་རུང་བ༔ ཆེ་བཙན་འགྲན་ཟླ་དང་བྲལ་བར་བསྒོམ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གསལ་བར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ ལྷོ་ཕྱོགས་ཀྱི་འོག་མིན་ནས་རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། མི་གནས་མི་དམིགས་ཆོས་སྐུར་དག་པ་ལས༔ བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་བསྟན་པ༔ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐར། །དྲག་སྔགས་དམར་ནག་གཡས་སུ་འཁོར། །འོད་ཟེར་མཚོན་ཆ་ཀྱི་ལི་ལི། །དགྲ་བགེགས་རྡུལ་དུ་བརླག་པར་གྱུར། །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་པ་ངག་གཅད་བརྒྱ་སྟོང་བཟླ། དེ་ནས་མདུན་བསྐྱེད་ནི། མདུན་གྱི་གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་ཨེ་ཡཾ་རཾ་བཾ་ལཾ་འཕྲོས་པས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ། བྷྲཱུྃ་ལས་གནམ་ལྕགས་ཀྱི་གཞལ་ཡས་ཁང་སྟེང་འོག་འཁོར་ལོ་རྩིབས་བརྒྱད་པ། རྩེ་མོ་ཐག་ཐོགས་མེད་པར་ཀྱི་ལི་ལི་འཁོར་བས་དགྲ་བགེགས་བྱད་མའི་ལུས་ངག་ཡིད་གསུམ་ཤ་གཞོབ་ཉི་ལི་ལི་ཁྲག་ལྦུ་ཙི་རི་རིར་བཏང་བར་གྱུར། དེའི་ལྟེ་བར་བདུད་དང་རུ་དྲ་གླང་རྒོད་ཆུ་གླང་ཟུང་བཞི་བསྣོལ་བའི་སྟེང་དུ༔ པདྨ་ཉི་ཟླ་བརྩེགས་པའི་གདན་ལ༔ ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས༔ ཚེ་བདག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་མཐིང་ནག་འབར་བ༔ སྐུ་ཆེ་ལ་ཡན་ལག་རགས་པ་རི་རབ་དང་མཉམ་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གངས་རི་ལྟར་གཙིགས་པ༔ སྡང་མིག་ཕྱོགས་བཅུར་བགྲད་པ༔ ཨག་ཚོམ་ལས་མེ་འབར་བ༔ སྨིན་མ་གློག་ལྟར་འཁྱུག་པ༔ ཕྱག་གཡས་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་རྣོ་བའི་ངར་དང་ལྡན་པ་ནམ་མཁར་ཕྱར་བ༔ གཡོན་སྡིགས་མཛུབ་ཀྱིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ ཧ་ཧ་དང་ཧཱུྃ་ཧཱུྃ་ཞེས་པའི་སྒྲ་སྒྲོག་པས་ཁམས་གསུམ་གཡོ་བ༔ རི་རབ་འགུལ་བ༔ རྒྱ་མཚོ་འཁྱོམ་པ༔ སྣང་སྲིད་སྡེ་བརྒྱད་ཐམས་ཅད་འདར་བ༔ སྔངས་འབོག་བརྒྱལ་བར་བྱེད་པ་འཇིགས་སུ་རུང་བ༔ ཆེ་བཙན་འགྲན་ཟླ་དང་བྲལ་བར་བསྒོམ༔ དེ་ཡི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གསལ་བར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ ལྷོ་ཕྱོགས་ཀྱི་འོག་མིན་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ། ཆོས་དབྱིངས་དྲག་པོ་ཨེ་ཡི་ཞིང་ཁམས་ནས། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །དྲག་པོར་ཁྲོས་པ་ཚེ་བདག་ནག་པོ་ཆེ། །སྤྲུལ་པ་ཡང་སྤྲུལ་བཀའ་ཉན་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །བྱད་མ་དགྲ་བགེགས་བམ་རོའི་གདན་ལ་བཞུགས། །སྒོ་གསུམ་རབ་གུས་དྭངས་བས་ཕྱག་འཚལ་ལོ། །འཁོར་བཅས་དམ་ཡེ་གཉིས་མེད་རིག་ཀློང་བསྲེ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཡ་མི་ན་མོ། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཧཱུྃ། རཀྟའི་ཨརྒྷཾ་དབང་པོ་ལྔ། །ཚིལ་ཆེན་བདུག་སྤོས་ཞུན་མེ་དང་། །མཁྲིས་པའི་དྲི་ཆབ་དམར་གཏོར་བཤོས། །རྐང་གླིང་རོལ་མོའི་རྔ་སྒྲ་བཅས། །འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ། །དགྲ་བགེགས་བསྒྲལ་ཕྱིར་བཞེས་སུ་གསོལ། །བྱད་མ་བརླག་ཕྱིར་བཞེས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པ་རི་བཱ་ར་མ་ཧཱ་ཤྨ་ཤཱ་ན་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དམར་ཆེན་སྙིང་ཁྲག་འཁྲུགས་པའི་མཚོ། །དམ་རྫས་རོ་བརྒྱར་ལྡན་པའི་བཤོས། །འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ། །ཨོཾ་ཡ་མ་རཱ་ཛ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཧཱུྃ་ཧཱུྃ། གདོད་ནས་ཆོས་སྐུ་སྐྱེ་བ་མེད་པ་ལས། །ལྷུན་གྲུབ་འགགས་མེད་རང་རྩལ་ལོངས་སྐུར་ཤར། །གང་འདུལ་སྤྲུལ་པས་དྲེགས་པ་ཚར་གཅོད་པ། །ཚེ་བདག་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །མཐིང་ནག་ཧཱུྃ་ལས་ཤར་བ་རྔམ་བརྗིད་ཅན། །གཡས་གཡོན་ཕྱག་ན་འཁོར་ལོ་ལྕགས་ཀྱུ་ཞགས། །དམར་ཟླུམ་མིག་བགྲད་གངས་རིའི་མཆེ་བ་གཙིགས། །གཏུམ་དྲག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །སྨ་ར་ཨག་ཚོམ་སྨིན་མ་མེ་དཔུང་འབར། །ལྗགས་འདྲིལ་ཧ་ཧ་ཧཱུྃ་ཕཊ་སྔགས་སྒྲ་སྒྲོག །མི་གཡོ་སྤྲོས་བྲལ་སྙིང་རྗེ་ཆེན་པོའི་ཐུགས། །རུ་དྲ་ཆུ་གླང་བརྫིས་ལ་ཕྱག་འཚལ་བསྟོད། །ཐོད་སྐམ་ལ་སོགས་དུར་ཁྲོད་ཆས་དང་ལྡན། །མེ་རླུང་དམར་ནག་འཁྲུགས་པའི་ཀློང་དུ་འགྱིང་། །གར་དགུའི་མཚན་དཔེའི་སྟོབས་དང་ལྡན་པ་པོ། །འཇམ་དཔལ་ཚེ་བདག་ཁྱེད་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ཞི་བའི་ངང་ལས་འགྲོ་འདུལ་ཕྱིར། །ལོངས་སྐུ་སྐྱེ་འགྲོ་ཁམས་གསུམ་སྲོག་བདག་བཞེངས། །སྤྲུལ་པས་དགྲ་བགེགས་ཚེ་དབུགས་བརླག་མཛད་པ། །སྲོག་བདག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །བདུད་སྡེ་ནག་པོའི་གཡུལ་ལས་རྒྱལ་བར་མཛོད། །མདུན་བསྐྱེད་ཐུགས་ཀར་ཧཱུྃ་མཐིང་མཐར། །དྲག་སྔགས་གནམ་ལྕགས་ཐོག་ལྟར་འཕྲོས། །བསྐོར་ཞིང་འཁོར་བའི་རིག་མདངས་ཀྱིས། །བྱད་མ་རང་གཤེད་དབབ་པར་གྱུར། །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་ཅི་ནུས་བཟླ་འོ། ༈ །སྲུང་དམིགས་ནི། ལོ་ཆེན་ཚེ་དབང་ཀུན་ཁྱབ་ལྷན་ཐབས་ལས།་་་བདག་མདུན་ཐུགས་ཀར་གསེར་འཁོར་རྩིབས་བཞིའི་དབུས། །རིན་ཆེན་ལས་གྲུབ་འོད་འབར་མཆོད་རྟེན་གྱི། །བུམ་ནང་ཉི་ཟླ་ཁ་སྦྱོར་ནང་དུ་ཧཱུྃ། །ཐ་མར་སྔགས་ཕྲེང་ཨཱ་ལི་ཀཱ་ལིས་བསྐོར། །ཧཱུྃ་མཐིང་ནང་དུ་བསྲུང་བྱ་མཐའ་དག་སྦ། །རྩིབས་སྟེང་འཇམ་དཔལ་དབྱངས་ཞི་བ་དམར་སེར་རལ་པོད་ཅན།་་་བཞིས་ནང་གཟིགས་སྲུང་། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སྲུངས༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ སཾ་གྷི་བཱ་རི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་སྲུང་སྔགས་བཟླ་འོ། ༈ ཟློག་དམིགས་ནི། ལྷན་ཐབས་ལས།་་་རྩིབས་བཞིར་འཇམ་དཔལ་དམར་ནག་རལ་གྲི་དང་། །ཞགས་འཛིན་དུར་ཁྲོད་ཆས་གསོལ་དོར་སྟབས་བཞུགས། །ཞལ་ཕྱིར་གཟིགས་ཏེ་ཟློག་པའི་ལས་མཛད་གྱུར། །ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཞེས་པ་དང་། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་ཅི་ནུས་བཟླས་མཐར། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་གི་བཀའ༴ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་དུ་དཔལ་ཚེ་བདག་ནག་པོའི་བཀའ༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ནུས་པ་ལ་བརྟེན་ནས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ༔ ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་རྨི་ལྟས༔ རྦོད་གཏོང་རྦད་འདྲེ༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློགས་ཤིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་ཐུངས་ཤིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཀྱང་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག༔ བྷྱོ་བྷྱོ༔ ཞེས་བདེན་སྟོབས་ལན་གསུམ་ཐལ་རྡེབ་བཅས་དང་། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་གསུངས་པ་ཡི། །གསང་སྔགས་སྦྱོར་བས་བསླུས་པ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བརྗོད་དེ་དོན་ལ་ངེས་ཤེས་བརྟན་པོ་གཏིང་ཚུགས་པ་བྱའོ། །དེ་ནས་ལྷ་གཞུང་གཞན་དང་སྦྲེལ་ཚེ་་་༼དེའི་ཚོགས་མཆོད་བྱ་བའམ། མ་སྦྲེལ་ཀྱང་རིགས་མཐུན་གྱི་ཚོགས་མཆོད་བྱ་ན།༽དམ་ཅན་སྤྱི་གཏོར་སོགས་དང་། ཚོགས་སྐོང་བཅས་སྐབས་འདིར་བཏང་ནས། ༈ གསད་ལས་ནི། དམར་གཏོར་ལ་རཀྟ་དང་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ། ཨ་ལས་ཐོད་པའི་སྣོད་ནང་དུ། །གཏོར་མ་ཤ་ལྔ་བདུད་རྩི་ལྔ། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་བྱད་མའི་ཤ་ཁྲག་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། མདུན་བསྐྱེད་ལྷ་ཚོགས་ཞལ་གདངས་པའི། །ལྗགས་ནི་རྡོ་རྗེ་རལ་གྲིའི་ཚུལ། །སྦུ་གུ་ལས་བརྒྱུད་གསོལ་བ་ཡིས། །མཉེས་ཚིམས་ཕྲིན་ལས་སྒྲུབ་པར་བསམ། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་རའི་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་ལན་བདུན་གྱིས་ཕུལ། དེ་ནས་ཐུགས་དམ་བསྐུལ་བ་དང་གཟུ་དཔང་ཕྱོགས་སྦྲེལ། ཧཱུྃ་ཨེ། ཆོས་དབྱིངས་དྲག་པོ་ཨེ་ཡི་ཞིང་ཁམས་ནས། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །ཚེ་བདག་ནག་པོ་སྤྲུལ་པ་འཁོར་དང་བཅས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་དྲག་པོའི་ལས་ལ་སྐུལ། །མཛོད་ཅིག་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྒྲོལ་ཅིག་དགྲ་བགེགས་བྱད་མ་མྱུར་དུ་སྒྲོལ། །དོ་ནུབ་མ་ཏྲཾ་ཕོ་བྲང་འདིར་གཤེགས་ལ། །རིག་སྔགས་རྦོད་གཏོང་བྱེད་པའི་དམ་ཉམས་ཀྱི། །སྲུང་བའི་གུར་ཁང་རྡོ་རྗེའི་མཚོན་གྱིས་ཤིགས། །འགོ་བའི་ལྷ་སྲུང་གནོད་པའི་བདུད་དུ་ཕོབ། །སྔགས་ཀྱི་ནུས་པས་རང་སྲོག་གཅོད་པར་གྱིས། །ལུས་ལ་སྣ་ཚོགས་མཚོན་ཆའི་ཆར་པ་ཕོབ། །རྣམ་ཤེས་ལུས་སྲོག་རྟེན་དང་ཕྲལ་བར་གྱིས། །གནོད་བྱེད་བྱད་མ་བསྒྲལ་བའི་དུས་ལ་བབ། །རྦོད་གཏོང་རིག་སྔགས་ཟློག་པའི་དུས་ལ་བབ། །བདག་ཅག་དམ་ལྡན་རིག་འཛིན་སྒྲུབ་པ་པོས། །ལས་སུ་ཆོས་བྱས་དོན་དུ་ལྷ་གཉེར་ནས། །བྱང་ཆུབ་སེམས་སྦྱོང་རིམ་གཉིས་སྒོམ་ལགས་ཀྱང་། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །ཀུན་མཁྱེན་མགོན་པོས་གཟུ་དང་དཔང་པོ་མཛོད། །མ་གནོང་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ། །སྙིགས་མ་ལྔ་བདོའི་ལས་སྣང་ལས་བྱུང་བའི། །ཆོས་མིན་ཟོག་པོ་དམ་ལོག་མཐུ་བྱེད་མཁན། ཁོ་ཡི་སྔགས་དང་ནུས་པ་གཏད་མནན་མཐུ། །ཕྱིར་ཟློགས་རང་གཤེད་ཕོབ་ལ་མྱུར་དུ་སྒྲོལ། །དམ་རྫས་དམར་ཆེན་དཔལ་གཏོར་འདི་བཞེས་ལ། །ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་མེད་སྒྲུབས། །ཅེས་བསྐུལ། གསེར་སྐྱེམས་བྱ་བ་ནི། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ལས་གཤིན་འཆི་བདག་མ་མགོན་ལྕམ་དྲལ་སོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་པ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་འབུལ་ལོ། །སྔགས་སྡེབ་སྙིང་གཟེར་ནག་པོ་ནས་བྱུང་བའི་སྡེ་བརྒྱད་བསྐུལ། ཧཱུྃ་ཡ༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ འཇིག་རྟེན་ཁམས་ལ་མངའ་མཛད་པའི༔ རྣམ་འགྱུར་ཁྲོ་གཏུམ་དྲག་ཤུལ་ཅན༔ དྲེགས་པ་སྡེ་བརྒྱད་ད་ཚུར་བྱོན༔ ཧཱུྃ་ཡ༔ འཆི་བདག་ནག་པོ་ཁྲམ་ཐོགས་ནི༔ གཤིན་རྗེ་ཡོངས་ཀྱི་དེད་དཔོན་ཡིན༔ ཡ་ལས་བསྐྱེད་ཅིང་ཡ་ལ་སྡུད༔ སྲོག་སྙིང་ཡ་མ་མེ་ད་ཀྵེ༔ སྤྲུལ་པ་བདུད་དང་མོན་པ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ཁྲམ་ལ་ཐོབས༔ འབྱུང་བ་ལྔ་ཡི་རྒྱལ་མོ་ནི༔ སྣང་སྲིད་མ་མོའི་དེད་དཔོན་ཡིན༔ མ་ལས་བསྐྱེད་ཅིང་མ་ལ་སྡུད༔ སྲོག་སྙིང་མ་མ་རུ་ལུ་མ༔ སྤྲུལ་པ་བུད་མེད་འབུམ་སྡེ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་ནད་ཡམས་ཐོངས༔ ནག་པོ་མེ་ཡི་ཁ་རླངས་ཅན༔ ཡ་བདུད་ཀུན་གྱི་དེད་དཔོན་ཡིན༔ དུ་ལས་བསྐྱེད་ཅིང་དུ་ལ་སྡུད༔ སྲོག་སྙིང་དུ་ཏྲི་མ་ནི་ཡ༔ སྤྲུལ་པ་ཞགས་ཐོགས་ཟོར་ཐོགས་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་ཐོམས་སུ་ཆུགས༔ གང་བ་བཟང་པོ་རལ་པ་ཅན༔ གནོད་སྦྱིན་ཡོངས་ཀྱི་དེད་དཔོན་ཡིན༔ ཀྵ་ལས་བསྐྱེད་ཅིང་ཀྵ་ལ་སྡུད༔ སྲོག་གི་སྙིང་པོ་ཡཀྵ་ཏྲི༔ སྤྲུལ་པ་གནོད་སྦྱིན་འབུམ་སྡེ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་མྱུར་དུ་སྒྲོལ༔ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ གཟའ་དང་སྲིན་པོའི་དེད་དཔོན་ཡིན༔ ར་ལས་བསྐྱེད་ཅིང་ར་ལ་སྡུད༔ སྲོག་སྙིང་མ་ར་ཙ་ཤ་ཨེ༔ སྤྲུལ་པ་ཐོག་དང་སེར་བ་གཏོང༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་ཀི་ཀང་ཕོབ༔ སྲོག་བདག་སྲིད་པའི་ལི་བྱིན་ཧཱར༔ རྒྱལ་པོ་ཡོངས་ཀྱི་དེད་དཔོན་ཡིན༔ ཙ་ལས་བསྐྱེད་ཅིང་ཙ་ལ་སྡུད༔ སྲོག་སྙིང་ཏྲི་ཙ་པ་ལ་ཨ༔ སྤྲུལ་པ་འོད་དང་འབག་སེང་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་ལ་སྨྱོ་འབོག་ཐོངས༔ ཡམ་ཤུད་དམར་པོ་སྲོག་གི་གཤེད༔ བཙན་རྣམས་ཡོངས་ཀྱི་དེད་དཔོན་ཡིན༔ ཙ་ལས་བསྐྱེད་ཅིང་ཙ་ལ་སྡུད༔ སྲོག་གི་སྙིང་པོ་ཙ་ཏྲི་ཨ༔ སྤྲུལ་པ་རྟ་དམག་འབུམ་སྡེ་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་ལ་ཁྲག་སྐྱུག་གཟེར་ནད་ཐོངས༔ ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ནི༔ ཀླུ་རྣམས་ཡོངས་ཀྱི་དེད་དཔོན་ཡིན༔ ཕུ་ལས་བསྐྱེད་ཅིད་ཕུ་ལ་སྡུད༔ སྲོག་སྙིང་ནཱ་ག་ཕུ་ཏྲི་ནཱ༔ སྤྲུལ་པ་ཀླུ་འབུམ་གཉན་ཁྲི་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་ལ་མཛེ་ཤུ་ཕོལ་འབྲས་ཐོངས༔ དམུ་རྗེ་བཙན་པོ་དྲེགས་པའི་ཚོགས༔ སྲིད་པ་དམུ་ཡི་དེད་དཔོན་ཡིན༔ ག་ལས་བསྐྱེད་ཅིང་ག་ལ་སྡུད༔ སྲོག་སྙིང་མུན་མུན་ག་པ་ཛ༔ སྤྲུལ་པ་མུན་ནག་དམུ་བྱ་གཏོང༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་ལ་དིག་ལྐུག་རྨུགས་བྱིང་ཐོངས༔ དགེ་བསྙེན་རྡོ་རྗེ་ལེགས་པ་ནི༔ ཐེའུ་རང་ཀུན་གྱི་དེད་དཔོན་ཡིན༔ ཏྲི་ལས་བསྐྱེད་ཅིང་ཏྲི་ལ་སྡུད༔ སྲོག་སྙིང་བཛྲ་སཱ་དྷུ་ཏྲི༔ སྤྲུལ་པ་ཁྲ་སྤྱང་ཕོ་རོག་འགྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དགྲ་ལ་ཁྲག་སྐྱུག་གཟེར་ནད་ཐོངས༔ སྡེ་བརྒྱད་དམག་སྣ་དགྲ་ལ་དྲོངས༔ སྲིད་པ་གསུམ་ལ་དབང་བྱེད་ཅིང༔ བར་སྣང་ཁམས་ནས་རྩལ་འབྱིན་པའི༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་བོ་སྲིད་གསུམ་གར་འདུག་ཀྱང་། །སྐད་ཅིག་རང་དབང་མེད་པར་ཁུག །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ལས་ཀྱི་གཤིན་རྗེ་བསམ་མི་ཁྱབ། །སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕོ་ཉ་བཤན་པའི་ཚོགས་སྤྲོས་ནས། །ཉམས་པའི་དགྲ་བོ་ཁུག་ལ་ཤོག །མིང་བྱང་འདི་ལ་གནས་པར་གྱིས། །གཟུགས་བྱང་འདི་ལ་གནས་པར་མཛོད། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དུས་ལ་བབ་བོ་ས་མ་ཡ། །ཞེས་དང་། དེ་ནས་བྲུབ་ཁུང་བསྐྱེད་པ་ནི། རང་ཉིད་ཚེ་བདག་ནག་པོར་གསལ་བའི་མདུན་དུ། ལས་ཀྱི་ཚེ་བདག་ནག་པོ་ལས་མཁན་ཕོ་ཉ་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་ནག་པོ་འཕྲོས་པས། ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་དམར་ནག་ཟུར་གསུམ་པ། ཁ་དོག་ལ་གཏིང་ཟབ་པ། ཕྱི་ན་ཞེ་སྡང་གི་མེ་འབར་བ། ནང་ན་གཏི་མུག་གི་མུན་པ་འཁྲིགས་པ། ཟུར་གསུམ་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་གསུམ་ན་ང་རྒྱལ་གྱི་བྲག་རི་ཉིལ་བ། འོག་ཏུ་ཕྲག་དོག་གི་རླུང་ནག་འཚུབས་པ། སྟེང་ན་མཚོན་ཆའི་ཐོག་སེར་འབེབ་པ། ནམ་མཁའ་ལ་ནད་ཀྱི་ན་བུན་འཐིབ་ཅིང་བསྐལ་པའི་མུན་ནག་རུབ་པའི་ནང་ན་འབྱུང་བ་ཚ་གྲང་འཐབས་པའི་ཚེག་སྒྲ་དང་འུར་ཆོམ་གྱི་སྒྲ་སྒྲོག་པ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ནས་གཤིན་རྗེའི་ལས་མཁན་ཕོ་ཉ་བསམ་གྱིས་མི་ཁྱབ་པས་མཚོན་ཆ་སྣ་ཚོགས་ཐོགས་ནས། སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འགྱེད་ཅིང་ཞལ་ནས་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་རྒྱོབ་སོད་ཀྱི་ཀུ་སྒྲ་ཆེན་པོ་དང་བཅས་ཏེ་ཤ་ལ་ཟ་ཞིང་ཁྲག་ལ་རྔམས་པའི་ཚུལ་གྱིས་བསྐོར་བ། ཕྱི་རིམ་དུ་གདུག་པའི་གཅན་གཟན་སྣ་ཚོགས་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་འཁྲུགས་པའི་ཚུལ་དུ་བསྐོར་ནས་དགྲ་བགེགས་འབྱུང་པོ་ཐམས་ཅད་རང་དབང་མེད་པར་ཚུད་པའི་གནས་སུ་གྱུར། ལྕགས་ཁང་ཐར་མེད་བཙོན་དོང་ནག་པོ་དེ་ཡི་ནང་དུ་དམ་ཉམས་པའི་དགྲ་བོ་བྱད་མ་ཆེ་གེ་དེ་ཉིད་ཕུ་ཡི་མགོན་དང་བྲལ་བ། མདའ་ཡི་སྐྱབས་དང་བྲལ་བ། བར་གྱི་དཔུང་གཉེན་དང་བྲལ་བ། སྔོ་བ། སྐྱ་བ། རིད་པ། ཧམ་པ། མགོ་བོ་ལྷོ་ནུབ་མཚམས་སུ་བསྟན་པ། རྐང་པ་བྱང་ཤར་མཚམས་སུ་བསྟན་པ། ལག་པ་མྱ་ངན་གྱི་ཕྱག་རྒྱ་བཅའ་བ། ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་བསྡམས་པ། འགུལ་བསྐྱོད་མི་ནུས་ཤིང་ཁ་ནས་ཁྲག་སྐྱུག་ཅིང་འདར་བ། ཤ་འགུལ་འཕྲིག་པ། མིག་ནས་མཆི་མ་ཁྲག་ལྟར་འཛག་པ། དབུགས་ལྡེག་ལྡེག་སྐད་ངན་ཙི་རི་རི་འདོན་པ་སྙིང་རྗེའི་གནས་སུ་གྱུར། དེ་ལ་བདག་ཅག་གི་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་དང་སྐྱེ་བ་འདིའི་དམ་ཆོས་སྒྲུབ་པའི་བར་ཆད་དངོས་དང་དངོས་མེད་གང་ཡིན་པ་ཐམས་ཅད་གཟུགས་ལིང་ག་ལ་ཐིམ་པར་གྱུར། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ ཡི་དམ་དམ་པ་རིགས་བརྒྱ་དང་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ༴ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོ། ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴ ཁྱད་པར་དུ་དཔལ་ཚེ་བདག་ནག་པོ་སྤྲུལ་པ་ཡང་སྤྲུལ་ཕོ་ཉ་བྲན་གཡོག་དང་བཅས་པའི་བཀའ༴ གཞན་ཡང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་མཆེད་ལྕམ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་བན་དགྲ་བྱད་མ་དམ་ལོག་བསམ་སྦྱོར་ངན་པ་ཅན་ཆེ་གེའི་བླ་སྲོག་རྣམ་པར་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། ཉི་ཟླའི་ཧམ་ཕྲག །བན་བོན་ནུས་པ་ཅན་གྱི་སྲུང་བའི་གུར་ཁང་། གཞི་བདག་དྲག་རྩལ་ཅན་གྱི་བླ་གབ། ལྷ་སྲུང་གཉན་པོའི་སྐྱབས་འོག །ས་ཆུ་མེ་རླུང་ནམ་མཁའ་འབྱུང་བ་ལྔའི་ཁམས་གར་ཡོད་ཀྱང་། ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན་རྣམས་ཀྱིས་རང་དབང་མེད་པར་གཟུགས་ལིངྒ་འདི་ལ་ཁུག་ཅིག །སྟིམས་ཤིག །བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཞེས་རང་ཉིད་ལྷར་གསལ་བའི་སྣ་བུག་གཡས་ནས་དབུགས་ཕྱིར་རྒྱུ་བ་དང་མཉམ་དུ་ཁྲོ་ཆུང་ཚོན་གང་བ་ཡུངས་དཀར་ཙམ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་སྤུ་གྲི་དང་གཡོན་ལྕགས་ཀྱུའི་རྩེ་ལ་ཛཿདམར་པོ་ཡོད་པ་འཛིན་པ་སྤྲོས། དམིགས་བྱའི་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབས་པ་དང་ལྷན་དུ་ཞུགས་ནས་ཁོའི་སྙིང་དཀར་ནག་མཚམས་སུ་སྤུ་གྲིས་བཅད། སྙིང་གའི་ས་བོན་ལྕགས་ཀྱུའི་ཛཿདམར་པོ་དེས་འུབ་ཀྱིས་བླངས་ནས་སྣ་བུག་གཡས་ནས་རླུང་རྒྱུ་བ་དང་མཉམ་དུ་ཐོན་ནས་ས་བོན་ལིང་གར་ཐིམ། ཁོའི་ལུས་སོལ་སྡོང་འགྱེལ་བ་ལྟར་སོང་བར་བསྒོམ་ལ། བདེན་སྟོབས་ལན་གསུམ་མམ་བདུན་དང་། འགུགས་སྔགས་ནི། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་བྱད་མ་མིང་རུས་གཟུགས་སུ་བྲིས་པའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས། ལིང་ཤག །ལིང་ཐུམས་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་ཅི་ནུས་བཟླས་ནས། ཀིང་ནག་གི་བླ་འགུགས་ནི། ཧཱུྃ་བྷྱོཿ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ། །ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར། །ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས། །དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས། །དམ་ཉམས་དགྲ་བོའི་བླ་འཁྱམས་ཁྲིད་ལ་ཤོག །བྷྱོཿ ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར། །སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་དུས། །དགྲ་བོ་སྡིག་ཅན་ལས་ངན་གཉིད་ལོག་པའི། །བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག །བྷྱོཿ ད་ལྟ་ནམ་གྱི་ཐོ་རངས་བབ་དུས་འདིར། །དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས། །དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས། །ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག །བྷྱོཿ ད་ལྟ་ནམ་ལངས་ཉི་མ་ཤར་དུས་འདིར། །མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས། །དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོཿ ད་ལྟ་ཉི་མའི་གུང་ལ་བབ་དུས་འདིར། །དགྲ་ཀུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས། །དགྲ་བོའི་བླ་ཚེ་འཐོམས་ཤིང་འཁྱམས་པའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོཿ ད་ལྟ་ཉི་ནུབ་གྲིབ་སོ་ཕོག་དུས་འདིར། །སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས། །དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས། །བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག །བྷྱོཿ བླ་འཁྱམས་ལས་ངན་འཁྱམས་པའི་དུས་དྲུག་ལ། །བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུགས། །མགོན་མེད་བྱིའུ་ཕྲུག་རྒྱ་ཁྲས་ཟིན་པ་ལྟར། །རང་དབང་མེད་པར་མྱུར་དུ་ཁྲིད་ལ་ཤོག །དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ན། །ཕོ་ཉ་གནོད་སྦྱིན་སྲིན་པོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་དགོ་བར་བརྫུ་བ་ན། །ཕོ་ཉ་ལྕགས་དོམ་ནག་པོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་ལུག་ཏུ་བརྫུ་བ་ན། །ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་ར་རུ་བརྫུ་བ་ན། །ཕོ་ཉ་བྱེ་རུའི་ཁྱི་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན། །ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན། །ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །བྷྱོཿ དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ། །ཕོ་ཉ་བརྒྱད་ཀྱི་གཉེན་པོའི་སྐུར་སྤྲུལ་ལ། །བྲུབ་ཁུང་འཁོར་བའི་བཙོན་དོང་འདི་ནང་དུ། །དམ་ཉམས་ལིང་གའི་རྟེན་ལ་བླ་སྲོག་ཕོབ། །བླ་སྲོག་གསུམ་ལ་དྲག་པོའི་ཕུར་བུས་ཐོབས། །ཕུར་མཚོན་དབལ་གྱིས་ལུས་སེམས་ཕྱེས་ལ་སྒྲོལ། །དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ། །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག །བླ་འཁྱམས་ལས་ངན་སྟེང་དུ་མཱ་ར་ཡ། །ར་དང་ལུག་དང་བོང་བུ་རྣམ་པ་གསུམ། །བླ་རྟགས་ཡིན་པས་མྱུར་དུ་ཁྲིད་ལ་ཤོག །སོ་དང་སེན་མོ་པགས་པ་གསུམ་པོ་ནི། །ཕྱི་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །རྣ་བ་ལྕེ་དང་མིག་དང་གསུམ་པོ་ནི། །དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི། །དོན་སྙིང་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །གཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི། །ནང་ཁྲོལ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་དང་། བླ་འགུགས་ཀྱི་མོན་པ་བཞིའི་བསྐུལ་ནི། ཛ༔ ཤར་གྱི་ཕྱོགས་ནས་བླ་འགུགས་པ༔ དུང་གི་མོན་པ་སེང་གེའི་མགོ༔ ལྷོ་ཡི་ཕྱོགས་ནས་བླ་འགུགས་པ༔ ལྕགས་ཀྱི་མོན་པ་སྟག་གི་མགོ༔ ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ༔ བསེ་ཡི་མོན་པ་དྲེད་ཀྱི་མགོ༔ བྱང་གི་ཕྱོགས་ནས་བླ་འགུགས་པ༔ གསེར་གྱི་མོན་པ་ཁྱུང་གི་མགོ༔ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས༔ ཕྱག་དགུ་ཞབས་དགུ་ཙིཏྟ་དགུ༔ ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག༔ སྤྱན་དགུས་དགྲ་བགེགས་བལྟས་ནས་གཟིར༔ སྙིང་དགུས་དགྲ་བགེགས་ཡིད་ལ་བྱེད༔ ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན༔ ཞལ་དགུས་ཁ་མངར་མེད་པར་གསོལ༔ ལྗགས་དགུས་ཉམས་པའི་ཁྲག་ལ་འཐུང༔ དགྲ་བགེགས་མྱུར་དུ་ཁྲིད་ལ་ཤོག༔ བླ་རྐུན་ཤན་པ་ལས་ལ་འགྱེད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མིང་དང་གཟུགས་སུ་བྲིས་པ་ཡི༔ ཚེ་བླ་སྲོག་གསུམ་མྱུར་དུ་ཁུག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། ལྷ་དང་དབྱེ་བ་ནི། དབྱེ་རྫས་ཀྱིས་བདུག་ཅིང་བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་རྣམས་དང་རྫས་ཀྱི་དུད་སྤྲིན་གྱི་གསེབ་ནས་སྤྲུལ་པའི་ཁྲོ་ཚོགས་ཉིན་མཚན་གྱི་ལས་བྱེད་བྱ་འུག་གི་གདོང་དང་གཤོག་པ་ཅན་དཔག་མེད་འཕྲོས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་ཁྱེར་བའམ་བྱ་རོག་རྡོས་བདས་པ་བཞིན་ཕྱིར་བསྐྲད་པར་བསམ་ལ་ལྷ་ལྔ་སོ་སོར་འབྱེད་པའི་སྔགས། ཨོཾ༔ དགྲ་བོའི་སྙིང་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་བླ་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་ཕོ་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་སྲོག་ཤ་མཱ་ར་ཡ་ཕཊ༔ དགྲ་བོའི་ལེ་ཤ་མཱ་ར་ཡ་ཕཊ༔ ཅེས་སྔགས་ཚན་སོ་སོར་གསུམ་མམ་བདུན་གྱིས་འབྱེད། སྒྲོ་གཉིས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་ཕུར་ཞབས་ཅན་དབུ་བྱ་རོག་དང་འུག་པའི་ཚུལ་ཅན་སྤུ་གྲིའི་སྒྲོ་གཤོག་འཕུར་ལྡིང་འཛིང་ཐབས་སུ་བརྡབས། སྐྱོབ་བྱེད་ཀྱི་ལྷ་སྲུང་རྣམས་ཀྱིས་མ་བཟོད་པར་དགྲ་བོ་བྱེའུ་ཕྲུག་ཐང་ལ་བོར་བ་བཞིན་བསྐྱུར་ནས་རང་རང་གི་གནས་སུ་བྲོས་པར་བསམ་ལ། ཧཱུྃ། ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་དབུ། །རྟོག་མེད་ཟས་སུ་ཤ་ཟ་ཞིང་། ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུག །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །ལུས་དང་སྲུང་མ་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག །ཕ་དང་བུ་གཉིས་ཕྲོལ་ལ་ཤོག །གཉེན་དང་ཉེ་དུ་ཕྲོལ་ལ་ཤོག །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །བང་ལྷ་མཛོད་ཚང་ནང་ནས་ཕྲོལ། །ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས། མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕྱེས། ཞེས་པས་བསྐུལ། ཨོཾ་དགྲ་བོ་ཡུལ་ཤ་ཕཊ༔ ཨོཾ་དགྲ་བོ་དགྲ་ཤ་ཕཊ༔ ཨོཾ་དགྲ་བོ་མོ་ཤ་ཕཊ༔ ཨོཾ་དགྲ་བོ་སྲོག་ཤ་ཕཊ༔ ཨོཾ་དགྲ་བོ་སྙིང་ཤ་ཕཊ༔ ཨོཾ་དགྲ་བོ་ལྷ་ཤ་ཕཊ༔ ཅེས་བརྒྱ་རྩས་ལྷ་བྲལ་བར་བསམ། གཞན་ཡང་། ཨོཾ་ཏྲག་རཀྴ་མཱ་ར་ཡ་ཕྱེས། ནྲྀ་ཏྲག་རཀྴ་མཱ་ར་ཡ་ཕྱེས། དྷེ་ཝ་ནི་ཤག་ཕྱེས། དྷེ་ཝ་ཙིཏྟ་ནི་ཤག་ཕྱེས། མ་ཏྲག་རཀྴ་ལྷ་དང་ཕྱེས། ཡཾ་ཡཾ་ཡ་ཏྲི་ཕྱེས། མཾ་མཾ་མ་ཏྲི་ཕྱེས། སྦུ་སྦུ་བུ་ཏྲི་ཕྱེས། ཁ་འུར་པ་ཁ་འུར་པ་ཤག་ཕྱེས། རུ་ཏྲ་ནི་ལྷ་དང་ཕྱེས། རུ་ཏྲ་ཧབ་ལེ་ཧོབ་ལེ་ཤག་ཕྱེས། དྷེ་ཝ་ཤག་ཕྱེས། བྷ་རི་ཤག་ཕྱེས། ན་སུ་ཡེ་ཤག་ཕྱེས། མ་མ་ཀ་སུ་ཡེ་ཤག་ཕྱེས། ཡ་མ་རཱ་ཙ་ཀླུ་ལིང་སང་སང་མ་ལྕགས་སང་སང་ཀུ་ཏ་ཕཊཿ ཅེས་དང་། ཀ་ཁ་ག་གྷ་ང་ཡཾ་དགྲ་བོ་སྐྱོབ་བྱེད་ལྷ་བཅུ་དང་ཤག་ཕྱེས། བོན་ལེ་དགུའི་ལྷ་དང་ཤག་ཕྱེས། ཆོས་སྐྱོང་སྲུང་མའི་ལྷ་ཡོད་ན་དགྲ་བོ་ཆེ་གེའི་གཤེད་དུ་ཕོབ་ཅིག །དགྲ་བོ་དམ་ཉམས་ལིངྒ་ལ་བཏབ་པ་འདི་རྣམས་ཀྱི་གཤེད་དུ་ཕོབ་ཅིག །ཕོ་ལྷ་དང་ཕྱེས་ཤིག །ཕོ་སྲི་དང་སྤྲོད་ཅིག །དགྲ་ལྷ་དང་ཕྱེས་ཤིག །དགྲ་སྲི་དང་སྤྲོད་ཅིག །མ་ལྷ་དང་ཕྱེས་ཤིག །ཆུང་སྲི་དང་སྤྲོད་ཅིག །སྲོག་ལྷ་དང་ཕྱེས་ཤིག །སྲོག་གཅོད་དང་སྤྲོད་ཅིག །ཡུལ་ལྷ་དང་ཕྱེས་ཤིག །ཡུལ་འདྲེ་དང་སྤྲོད་ཅིག །དགྲ་བོ་འདི་རྣམས་ཀྱི་འགོ་བའི་སྲུང་མ་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག །བརྣག་པར་བྱེད་པའི་བདུད་རྣམས་རྡོ་ཚན་ལ་ཁ་བ་བབ་པ་བཞིན་དུ་ཐོངས་ཤིག །ལུས་ལིངྒའི་སྟེང་དུ་ཕོབ་ཅིག །ངག་ལིངྒའི་སྟེང་དུ་ཕོབ་ཅིག །ཡིད་ལིངྒའི་སྟེང་དུ་ཕོབ་ཅིག །རྣམ་པར་ཤེས་པ་རྟེན་ལ་ཕོབ་ཅིག །ཤག་ཤག་དགྲ་བོའི་བླ་ཤག །ཤེལ་ཤེལ་དགྲ་བོའི་བླ་ཤེལ། ཕུང་ཕུང་དགྲ་བོའི་བླ་ཕུང་། དགྲ་བོ་ལྷ་དང་བཅས་པ་ཤིག་ཤིག་རྦད་རྦད། གནོད་བྱེད་དགྲ་བོ་རྣམས་ཀྱི་བླ་ཁུག་ཅིག །ཨཾ་གུ་ཤ་ཛ་ཛཿ ཞེས་སྔགས་ཚན་གསུམ་པོ་སོ་སོར་བདུན་ནམ་གསུམ་རེ་བརྗོད་ནས། གཏེར་གཞུང་།་་་རང་གི་མདུན་ཞབས་འོག་བྲུབ་ཁུང་ནང་དུ་དགྲ་བོ་བྱད་མ་མཁན་དུ་ཡོད་པ་རྣམས་གན་རྐྱལ་དུ་མནན་པ༔ ཕྱག་གཡོན་པས་ལྕགས་ཀྱུས་དགྲ་བོ་རྣམས་ཀྱི་སྙིང་དཀར་ནག་མཚམས་ནས་བཟུང༔ ཞགས་པས་མགུལ་ནས་བཅིངས༔ སྡིགས་མཛུབ་ཀྱིས་བསྡིགས་པས༔ ཁ་འདར་ལུས་སྦྲིད༔ སྐྱོབ་པའི་ལྷ་དང་བྲལ་ནས་འདུག་པར་བསྒོམ༔ ཕྱག་གཡས་པའི་འཁོར་ལོས་མགོ་ལུས་ཐམས་ཅད་རྦད་རྦད་བཅད་ཅིང༔ ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླགས་པར་བསྒོམ༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་ཟློག་སྔགས་ཡིག་འབྲུ་སོ་དྲུག་པ་བཟླ། དེ་ནས། ལག་གཉིས་གནམ་སའི་བར་དུ་དགྲ་བོ་བཅར། ལུས་སེམས་སྟོབས་ནུས་རྨེག་མེད་བརླག་པར་གྱུར། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་གི་བཀའ༴ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་དུ་དཔལ་ཚེ་བདག་ནག་པོའི་བཀའ༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ནུས་པ་ལ་བརྟེན་ནས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ༔ ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་རྨི་ལྟས༔ རྦོད་གཏོང་རྦད་འདྲེ༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློགས་ཤིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་ཐུངས་ཤིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཀྱང་ཁོ་ཡི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག༔ བྷྱོ་བྷྱོ༔ ཞེས་ཟློག་སྔགས་བརྒྱ་ཕྲག་རེའི་མཚམས་སུ་བདེན་སྟོབས་ལན་གསུམ་རེ་ཐལ་རྡེབ་བཅས་བྱ། ཧ་ཅང་བྱད་ལྟས་འཚུབ་ཅིང་སྔགས་བཟླས་ཀྱང་ཞི་བར་མ་གྱུར་པའི་ཚེ་སྔགས་ཀྱི་ཡིག་འབྲུའི་གྲངས་ཀྱི་ཤོ་ཆུང་ངུ་དྲག་ཤིང་ལ་བཅོས་ཏེ་ཤོག་སོ་སོར་ཡིག་འབྲུ་ཚེག་བར་རེ་རེ་ནས་བྲིས་ཏེ་ལྷུང་བཟེད་ཀྱི་ནང་དུ་བླུག །དར་ནག་གིས་ཁ་བཅད་གཡོན་སྐོར་དུ་བསྲུབ་ཅིང་སྔགས་བགྲང་། དེའང་སྡེ་བརྒྱད་ཐེབས་པའི་དུས་གཉན་གྱི་ཉི་མ་ནུབ་པ་དང་སྤྲད། མཐར་དམོད་མོ་དང་ཐལ་རྡེབ་གོང་བཞིན་བྱ། ཡང་ཤ་དམར་དུམ་བུ་ཆུང་ངུ་བཙན་དུག་ཅུང་ཟད་ཀྱིས་བསྒོས་པ་ལག་མཐིལ་དུ་བཞག་སྟེ་དགུག་གཞུག་བྱ། དགྲ་བོ་དངོས་སུ་གྱུར་པ་དེ་རང་གཤིན་རྗེ་གཤེད་དུ་གསལ་བའི་ལྟོ་བར་ལས་གཤིན་རུ་སྦལ་རྔམས་པ་མི་ཟན་ཁ་གདངས་པའི་ཁར་མགོ་མཇུག་ལོག་ནས་སོང་བས་ཐལ་བ་རྡུལ་ཕྲན་ལྟར་བརླགས་པར་མོས། དེ་ནས་ཟློག་སྔགས་བགྲང་བའི་མཆིལ་མ་རྣམས་ཀྱང་ནད་མཚོན་དུག་གསུམ་དུ་གྱུར་ནས། རུ་སྦལ་གྱི་ལྟོ་བའི་དགྲ་བོའི་སྟེང་དུ་བབས་ནས་བརླགས་པར་བསམ་མོ། །དེ་ནས། ཧཱུྃ་ཡ། འདི་ནས་ལྷོ་ཕྱོགས་རི་བོའི་རྨང་། །རིམ་པ་བདུན་གྱི་འོག་རོལ་ན། །སྲོག་ལ་དབང་བྱེད་གཤིན་རྗེ་ནི། །ཡབ་ཡུམ་བློན་འབངས་ཆུང་མ་དང་། །བྲན་དང་བཀའ་ཉན་ཆུང་མར་བཅས། །ཤ་ཟ་ཡི་དྭགས་འཁོར་བཅས་རྣམས། །དུས་ལ་བབ་བོ་ས་མ་ཡ། །ཤ་ཆེན་ཁྲག་ཞག་ཆེན་པོ་ཡི། །གཏོར་མ་རྒྱ་མཚོ་འདི་བཞེས་ལ། །འཇམ་དཔལ་ཡ་མཱནྟ་ཀ་ཡིས། །ཇི་ལྟར་བཀའ་བསྒོས་གཉེར་གཏད་བཞིན། །མྱུར་བ་མྱུར་བར་ལས་མཛོད་ལ། །ཕྲིན་ལས་གཉན་པོ་ད་སྒྲུབས་ཤིག །ཅེས་གཤིན་རྗེ་ཉི་བཞི་ལས་ཕྱུང་བ་དང་། སོ་སྡེབ་ནས་གསུངས་པའི་བདུད་བཞི་བསླང་བའི་བསྐུལ་བ་ནི། ཧཱུྃ༔ ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ སྐུ་མདོག་སྔོ་ནག་རལ་པ་མུན་ལྟར་གཏིབས༔ ས་ཡི་རང་བཞིན་སྤྱི་གཙུག་རྩ་ལ་འཇིབ༔ དམ་ཉམས་བསྒྲལ་ཕྱིར་ཚངས་པའི་གཙུག་ཐག་ཆོད༔ དྭངས་མ་སྡུས་ལ་ཀླད་ཁྲག་ཞོ་ལྟར་བྱོས༔ འདོད་ཆགས་ཁྲག་མཚོ་དམར་པོའི་ནང་ཤེད་ན༔ ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན༔ ཆུ་ཡི་རང་བཞིན་སྡིག་པ་བགྲད་པའི་ཚུལ༔ དམ་ཉམས་བསྒྲལ་ཕྱིར་མགྲིན་པའི་རྩ་ཆོད་ལ༔ དྭངས་མ་སྡུས་ལ་ཁྲག་ལྟར་སྐྱུག་ཏུ་ཆུགས༔ ང་རྒྱལ་ཀེང་རུས་འབར་བའི་དཀྱིལ་འཁོར་ན༔ སྐུ་མདོག་དུད་ཁ་རྔམས་པའི་ཞལ་གདངས་ཤིང༔ འཇིགས་པའི་ཚུལ་གྱིས་ལུས་ཀྱི་རྩ་མདུད་འཇོམས༔ དམ་ཉམས་བསྒྲལ་ཕྱིར་ལྟེ་བའི་རྩ་ཆོད་ལ༔ དྭངས་མ་སྡུས་ལ་ལུས་སེམས་ཕྲལ་བར་གྱིས༔ གཏི་མུག་དུག་མཚོ་ཁོལ་བའི་ནང་ཤེད་ན༔ སྲོག་བདག་ནག་པོ་མ་རུངས་རལ་པ་ཅན༔ མཆེ་བ་གཙིགས་ཤིང་དུག་གསུམ་ཁོང་དུ་འཇོམས༔ སྐྱེ་འགྲོ་སྲིད་པ་གསུམ་གྱི་ཚེ་སྲོག་སྡུད༔ རླུང་གི་རང་བཞིན་དཀར་ནག་མཚམས་ན་གནས༔ དམ་ཉམས་བསྒྲལ་ཕྱིར་སྲོག་གི་རྩ་ཆོད་ལ༔ དྭངས་མ་སྡུས་ལ་ཚེ་ཡི་འདུ་བྱེད་སྐུམས༔ གཞན་ཡང་འཆི་བདག་འཁོར་ན་གནས་པ་ཡི༔ ལས་ཀྱི་གནོད་སྦྱིན་མོན་མོ་ནག་མོ་བདུན༔ ལྕགས་ཀྱུ་འབར་བས་དགྲ་སྙིང་ཁྱེར་ལ་ཤོག༔ མོན་པ་གསོད་བྱེད་མེ་དང་འཁོར་ལོ་བསྣམས༔ གནམ་ལྕགས་མདའ་དང་གདུག་པའི་ཁྲམ་བམ་ཐོགས༔ ཁྱི་མོ་དམར་མོ་དོན་སྙིང་བླ་ལ་ཁྱེ༔ བྱ་ནག་བདུན་ནི་ཁོང་ནས་ཙིཏྟ་འབྱིན༔ དུག་སྦྲུལ་བདུན་ནི་ཁོང་ནས་དུག་མདའ་རྡེག༔ རུས་སྦལ་བདུན་ནི་དགྲ་བོའི་ཚེ་སྲོག་སྡུད༔ སྡིག་པ་བདུན་ནི་དགྲ་བོའི་སྲོག་དབུགས་ལེན༔ དུས་ལ་བབ་བོ་དམ་རྫས་འདི་ལོངས་ལ༔ དམ་ཉམས་རུ་དྲ་འདི་ལ་རང་གཤེད་ཕོབ༔ ཅེས་བསྐུལ་ཞིང་། དེ་ནས་གསད་དམིགས་ནི། བདག་ཉིད་ཚེ་བདག་ནག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་དུ་ལས་གཤིན་ཚེ་བདག་ནག་པོའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་ཚ་ལ་རྩུབ་པ་འཁོར་གྱི་སྣང་སྲིད་བཀའ་སྡོད་ལས་གཤིན་སྣང་སྲིད་འཇིག་རྟེན་དྲེགས་པའི་སྡེ་ཚོགས་ཐམས་ཅད་ལ་ཕོག །ལས་ལ་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ནས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་སྤྲོས། གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་སྲིད་པ་གསུམ་གྱི་ཁམས། ལྷ་སྲུང་གཉན་པོའི་སྐྱབས་འོག་གར་གནས་ཀྱང་། ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པས་རང་དབང་མེད་པར་བཀུག་ནས་ཉམ་ཐག་སྐྱབས་དང་བྲལ་བར་མདུན་གྱི་བྲུབ་ཁུང་དུ་བསྐྱུར། གོ་ར་བསྐོར་བའི་ཚུལ་གྱིས་ཐུན་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་ནས་ལུས་ངག་ཡིད་གསུམ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླགས། ཁོའི་ཚེ་བསོད་བཀྲག་མདངས་ནུས་སྟོབས་ཐམས་ཅད་ཚུར་འདུས་རང་ལ་ཐིམ། རང་ཉིད་ཚེ་དཔལ་རྒྱས་པར་གྱུར། དེ་ནས་ཁོའི་ཁོག་པར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་རྣོ་ངར་ལྡན་པ་གཉིས་གཡས་གཡོན་དྲག་ཏུ་འཁོར་བས་སྲོག་རྩ་ཁྲག་རྩ་སྙིང་རྩ་རྦད་རྦད་བཅད་དེ། ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས་ཀྱིས་ཧབ་སྒྲ་དིར་རི་རི་ཤ་རུས་ལྷག་མེད་དུ་གསོལ་ནས་རྗེས་ཤུལ་ཙམ་ཡང་མ་ལུས་པར་གྱུར། ཉིན་མོ་གཏོར་བའི་སྔགས་ལ་འབྱུང་སྔགས་སོ་སོར་སྦྱར་བ། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་ཀླད་ཁྲག་རྩ་ལ༔ པྲ་མ་ཡ༔ མུཉྫ་ཡ༔ ར་ག་ར་ཙ་ར་ཡ༔ ནྲྀ་ཤ་ཀུ་རུ་ཡ༔ མཱ་ར་ཡ་ཧཱུྃ་ཕཊ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ དགྲ་བགེགས་བྱད་མ་ལྷ་སྲུང་བཅས་པའི་མགྲིན་པའི་ཁྲག་རྩ་ལ༔ པྲ་མ་ཡ༔ མུཉྫ་ཡ༔ ར་ག་ར་ཙ་ར་ཡ༔ ནྲྀ་ཤ་ཀུ་རུ་ཡ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་ཁྲག་སྲོག་ལ༔ པྲ་མ་ཡ༔ མུཉྫ་ཡ༔ ར་ག་ར་ཙ་ར་ཡ༔ ནྲྀ་ཤ་ཀུ་རུ་ཡ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་ལྟེ་བའི་ཁྲག་རྩ་ལ༔ པྲ་མ་ཡ༔ མུཉྫ་ཡ༔ ར་ག་ར་ཙ་ར་ཡ༔ ནྲྀ་ཤ་ཀུ་རུ་ཡ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླ། མཚན་མོ་དྲིལ་བའི་སྔགས་ལ། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་ཀླད་རྩ་མགྲིན་རྩ་སྙིང་རྩ་ལྟེ་བའི་ཁྲག་རྩ་ལ༔ པྲ་མ་ཡ༔ མུཉྫ་ཡ༔ ར་ག་ར་ཙ་ར་ཡ༔ ནྲྀ་ཤ་ཀུ་རུ་ཡ༔ མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླ། དེ་ནས། འབྲི་གུང་ཆོས་གྲགས་ཀྱི་ཁྲོ་ཆུའི་ལྗགས་སྒྲིག་ལས་སོ།་་་མདུན་དུ་དམིགས་པའི་དགྲ་བོ་གསལ་བ་ལ༔ རང་ཉིད་གཤིན་རྗེར་གསལ་བའི་ཐུགས་སྲོག་ལས༔ འོད་ཟེར་འཕྲོས་དང་བདག་གིས་སྔགས་བཟླས་པའི༔ སྒྲ་དང་དྲག་པོའི་ཐུན་རྣམས་ལྷན་ཅིག་ཏུ༔ བྱད་མའི་སྤྱི་བོར་ལྷ་ཡི་བུ་ཡི་བདུད༔ ས་ཡི་དྭངས་མ་བུང་བ་མེ་ཏོག་ལ༔ འཇིབ་འདྲ་དེ་ལ་ཕོག་པས་དེ་སྔངས་ནས༔ ཚངས་པའི་གཙུག་ཐག་བཅད་ཅིང་ལུས་འབྱུང་དཀྲུགས༔ སླར་ཡང་འོད་སྔགས་ཐུན་བཅས་མགྲིན་པ་རུ༔ ཆུ་ཡི་དྭངས་མ་ཉོན་མོངས་བདུད་པོ་ནི༔ སྡིག་པ་དམར་པོ་བྲག་ལ་འཛེག་འདྲ་བ༔ དེ་ལ་ཕོག་པས་དེ་སྔངས་རྩེ་ཆུང་གཉིས༔ བཅད་ནས་བྱད་མ་ཁྲག་ཏུ་སྐྱུག་པར་བྱས༔ སླར་ཡང་འོད་སྔགས་ཐུན་བཅས་ལྟེ་བ་རུ༔ མེ་ཡི་དྭངས་མ་ཕུང་པོའི་བདུད་པོ་ནི༔ སྡོམ་གཟུགས་དུད་ཁ་འདོམ་བསྒྲད་འདྲ་དེར་ཕོག༔ དེ་སྔངས་ལྟེ་བའི་རྩ་བཅད་ལུས་སེམས་ཕྲལ༔ སླར་ཡང་འོད་སྔགས་ཐུན་བཅས་སྙིང་ཁ་རུ༔ རླུང་གི་དྭངས་མ་འཆི་བདག་བདུད་པོ་ནི༔ མཐིང་ནག་གྱད་མི་སྟོབས་ལྡན་འདྲ་དེ་ལ༔ ཕོག་པས་དེ་སྔངས་སྲོག་གི་རྩ་བཅད་པས༔ ལུས་སེམས་བྲལ་ཞིང་ཚེ་སྲོག་འགགས་པར་བྱས༔ སླར་ཡང་འོད་སྔགས་ཐུན་བཅས་སྤྱི་བོ་རུ༔ ཕོག་པས་ས་དྭངས་མགྲིན་པའི་ཆུ་ལ་བསྡུས༔ མགྲིན་པར་ཕོག་པས་ཆུ་དྭངས་ལྟེ་བར།་་་མེ་ལ་བསྡུས༔ ལྟེ་བར་ཕོག་པས་མེ་དྭངས་སྙིང་གའི།་་་རླུང་ལ་བསྡུས༔ སྙིང་གར་ཕོག་པས་རླུང་དེ་སྲོག་རྩར་འདུས༔་་་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དོན་ནོ། །དེ་ཚེ་སྙིང་གར་ཁྲག་གི་སྦལ་པ་ནི༔ བྱིའུ་ལེན་པའི་མགོ་ཙམ་དེ་ཡི་ནང༔ རྣམ་ཤེས་ནྲྀ་ཡིག་ལྗང་གུར་གནས་པ་ལས༔ སྦལ་པ་ཞུ་ནས་རྣམ་ཤེས་ནྲྀ་ལ་ཐིམ༔ ནྲྀ་ལྗང་འོད་བཅས་མར་མེ་བསད་པ་ལྟར༔ ནག་ཐུམ་སོང་བས་བེམ་རིག་བྲལ་བར་བསམ༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ་སོད་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག་སོད༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག་སོད༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག་སོད༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད་ཡ༔ ནྲྀ་མཱ་ར་ཡ་རྦད་ཡ༔ ཨོཾ་ར་ཏྲི་སྲོག་ལ་མཱ་ར་ཡ་རྦད་ཡ༔ ཀླུ་བདུད་ནག་པོ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད༔ ཅེས་གསད་སྔགས་བཟླ་ཞིང་ཐུན་རྫས་སྔགས་ལ་ཐུན་རྣམས་སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་ཕབ་པས་དགྲ་བོའི་ལུས་ཐལ་ཐལ་ཕུག །ནད་ཀྱིས་དོན་སྣོད་ནང་ཁྲོལ་ཐམས་ཅད་རུལ་ཞིང་མྱགས། དུག་རླངས་སྔོ་དམར་གྱིས་རྩ་རྒྱུས་རྣམས་ཁེངས་ཤིང་ཁྱབ་པས་གཏན་བརླག་ཏུ་སོང་བའི་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུད་ཁ་མར་མེ་འཆི་ཁ་ལྟ་བུ་དེའང་ནག་སྐེམ་གྱིས་བསད་པར་བསམ་ལ་ཐུན་བརྡེག་པ་ནི། ཧཱུྃ། ཕུར་ཐུན་ཐོག་ལྟར་ཡུངས་ཐུན་རྦབ་ལྟར་འགྲིལ། ཁྲག་ཐུན་མཚོ་ལྟར་མཚེ་ཐུན་སྐར་ལྟར་འཁྲུགས། །དུག་ཐུན་རླུང་ལྟར་མཚོན་ཆའི་བུ་ཡུག་འཚུབས། །མདའ་རྡོའི་ཐུན་ཆར་གཏོར་ཟོར་མེ་ལྟར་འབར། །གནོད་བྱེད་དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློགས། །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ མཐར་དགྲ་བགེགས་བྱད་མ་དམ་ལོག་ཆེ་གེའི་སྲོག་ལ་ཏྲིག་ནན་ཨེ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་སོད༔ ཅེས་ཐུན་བརྡེག །ཕུར་གདབ་ནི། བདག་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཕྱག་སོར་བཅུ་རིགས་ལྔ་ཡབ་ཡུམ་དེ་རྣམས་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་བྱུང་བའི་སྲས་མཆོག་ཀཱི་ལ་ཡའི་རྣམ་པར་ཕུར་བུ་དེ་ཉིད་བསྐྱེད་ཅིང་། རྒྱལ་བའི་བྱིན་རླབས་བསྡུས་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་ནུས་པའི་མཐུ་ལྡན་དུ་གྱུར་པ་དེ་ལས་འོད་ཟེར་འཕྲོས། ཁོ་ལ་ཕོག་པས་བདུད་བཞི་རང་གཤེད་དུ་བབས་ནས་འཁོར་ལོ་བཞིའི་རྩ་རྣམས་བཅད། ཀླད་ཁྲག་ཁྲུག་གིས་འདྲེས། གཟུགས་ཕུང་གི་འབྱུང་ལྔའི་དྭངས་མ་རྣམས་རིམ་གྱིས་འདུས་ནས་ཡལ། ཚེ་རྟེན་ཨ་དང་རྣམ་ཤེས་ནྲྀའི་རྣམ་པར་འདུས་པ་ཕུར་རྩེའི་ཧཱུྃ་གིས་བླངས་ནས་རང་ལ་བསྟན་པས། ཨ་དཀར་འོད་ཀྱི་རང་བཞིན་སྙིང་གར་ཐིམ། ཚེ་དཔལ་གཟི་བརྗིད་འབར། ནྲྀ་དེ་ཕཊ་ཀྱིས་འཕངས་པས་ཕུར་བུའི་ཁོང་སེང་ནས་ཞུགས། ལས་ངན་གྱི་རྣམ་སྨིན་བཀྲུས། དྭངས་མ་ཨ་རུ་གནས་གྱུར་པ་རྒྱ་མདུད་མགོར་ཐོན་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཐལ་ལེར་ཐིམ་པར་བསམ་ལ། ཧཱུྃ༔ ཕུར་པ་ལས་བྱུང་ཡེ་ཤེས་མེ་རླུང་ཆུས༔ ཁྱོད་ལུས་སྒྲིབ་སྦྱངས་ཤེལ་སྒོང་ལྟ་བུར་གྱུར༔ ཚེ་བསོད་འུབ་ཀྱིས་ཚུར་འདུས་བདག་ཉིད་ཀྱི༔ ལུས་ངག་ཡིད་ཐིམ་མཐུ་བྱིན་ཆེར་རྒྱས་གྱུར༔ སྙིང་གར་རྣམ་ཤེས་ནྲྀ་ལ་ཕུར་རྩེས་རེག༔ ཨ་དཀར་གཅིག་གྱུར་རྒྱལ་བའི་ཐུགས་ཀར་ཕཊ༔ ཅེས་ཕུར་པ་གདབ་ཅིང་། བདུད་རྩི་བྲན་ལ་སྟོབ་པ་ནི། ཧཱུྃ། དཔལ་ཆེན་ཚེ་བདག་ནག་པོ་ཞལ་ཕྱེས་ཤིག །གནམ་སའི་ཞལ་གདངས་གངས་རིའི་མཆེ་བ་གཙིགས། །བར་སྣང་ལྗགས་བརྐྱང་སྟོང་གསུམ་མིད་པ་རུ། །བསྟབ་བོ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས། །ཉོན་མོངས་དུག་གསུམ་བླ་མེད་མཆོད་པ་འདི། །གསོལ་ལོ་ལྷག་མ་མ་ལུས་དགྱེས་པར་རོལ། །བཞེས་ནས་བདག་ཅག་གཡར་དམ་སོར་ཆུད་ཅིག །ཐུགས་དམ་བསྐངས་ནས་འདོད་པའི་དངོས་གྲུབ་སྩོལ། །འགལ་རྐྱེན་མི་མཐུན་བར་ཆད་ཟློག་ཏུ་གསོལ། །དགྲ་བགེགས་རྣམ་ཤེས་ཧེ་རུ་ཀ་ཐོབ་ཤོག །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ དགྲ་བགེགས་བྱད་མ་རྣམས་ཀྱི་གཏི་མུག་ཤ་ལ་ཁ་རཾ་ཁཱ་ཧི། འདོད་ཆགས་ཁྲག་ལ་ཁ་རཾ་ཁཱ་ཧི། ཞེ་སྡང་རུས་ལ་ཁ་རཾ་ཁཱ་ཧི། ཞེས་བདུད་རྩིར་སྤེལ་བའི་ཤ་ཁྲག་གིས་ཕུད་གཏོར་མར་བྲན་ལ། ༼ཚོགས་མཆོད་བྱས་ན།༽་་་ཚོགས་ལ་རོལ། ལྷག་མ་ཕྱིར་བཏང་།་་་ལིང་རོ་ཕྲན་བུ་བསྲེ། དེ་ནས་འཕང་བའི་ཕྱིར་ལིང་རོའི་ལྷག་མ་རཀྟར་བཅས་པས་མཆོད་ཅིང་སླར་ཡང་ཟློག་སྒྱུར་སོགས་དྲག་པོའི་ལས་ལ་ཐུགས་དམ་བསྐུལ་བ་ནི། གཤིན་རྗེ་དྲེགས་འཇོམས་ལས།་་་ཨྱེ༔ རང་བཞིན་རྣམ་དག་ཆོས་དབྱིངས་དྲག་པོའི་ཞིང༔ སྐྱེ་མེད་དབྱིངས་ནས་སྒྱུ་མའི་སྐུར་བཞེངས་པ༔ ཁྲག་འཐུང་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ མངོན་སྤྱོད་ཕྲིན་ལས་མཛད་ཕྱིར་ཐུགས་དམ་བསྐུལ༔ ཁྱོད་ཐུགས་ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང༔ སྙིགས་མ་ལྔ་བདོའི་ལས་ངན་འགྲོ་བ་རྣམས༔ ཞི་བས་མི་ཐུལ་དེ་ཕྱིར་ཐུགས་རྗེ་ཆེས༔ མི་བཟད་རབ་འཇིགས་དྲག་པོའི་སྐུར་བཞེངས་ཤིག༔ བྱང་ཆུབ་སྒྲུབ་ལ་འཚེ་བའི་གདོན་ཚོགས་དང༔ ཞིང་བཅུ་ཚང་བ་བསྟན་པ་སྤྱི་ཡི་དགྲ༔ ཁྱད་པར་བདག་ལ་སྡང་བའི་དགྲ་བོའི་ཚོགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་གཡེལ་བར༔ རིངས་པར་ཁུག་ལ་སྲོག་ཆོད་དུས་མཐའ་སྟུངས༔ མིང་ཙམ་མེད་པར་རྡུལ་དུ་བརླག་པ་ཡི༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ རྣལ་འབྱོར་བདག་གིས་དད་པས་བསྐུལ་སྒྲུབ་ཚེ༔ འདོད་པའི་འབྲས་བུ་མཆིས་པར་མི་མཛད་ན༔ ཞལ་བཞེས་ཐུགས་དམ་ཉམས་པར་མི་འགྱུར་རམ༔ དེ་བས་ཁྲག་འཐུང་འཁོར་བཅས་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད༔ ཅེས་བསྐུལ། ཟློག་པ་བྱ་བ་ནི། དྲེགས་འཇོམས་ལས་སོ།་་་ཨྱེ༔ ཆོས་དབྱིངས་དྲག་པོ་ཨེ་ཡི་ཞིང་ཁམས་སུ༔ རྡོ་རྗེའི་རྭ་གུར་ཡེ་ཤེས་མེ་དཔུང་དབུས༔ དྲེགས་པ་སྡེ་བརྒྱད་ཆུ་གླང་མ་ཧེའི་སྟེང༔ དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་མཐིང་ནག་དུག་ཆེན་ཧ་ལའི་མདོག༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་སྟབས་བགྲད༔ རྣོ་དབལ་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ དཔའ་བརྗིད་དུར་ཁྲོད་འབར་བའི་ཆས་ཀྱིས་བཀླུབས༔ སྐུ་ནི་མི་བཟད་གར་གྱི་ཉམས་དགུར་ལྡན༔ གསུང་གི་ང་རོ་འབྲུག་སྟོང་ལྟར་རྔམ་སྒྲ༔ ཐུགས་ནི་ཆོས་དབྱིངས་སྤྲོས་བྲལ་སྙིང་རྗེའི་ངང༔ ཡོན་ཏན་མཆོག་ཐུན་དངོས་གྲུབ་སྟེར་བའི་མཛོད༔ ཕྲིན་ལས་དགྲ་བགེགས་བྱད་མ་སྒྲོལ་བའི་གཤེད༔ བདེ་གཤེགས་ཁྲོ་རྒྱལ་ཡོངས་ཀྱི་རྗེ་བོ་ཆེ༔ རབ་འཇིགས་གཤིན་རྗེ་མང་པོའི་འཁོར་གྱིས་བསྐོར༔ ཁྱོད་ཀྱིས་མི་ཟློག་མི་སྒྱུར་གང་ཡང་མེད༔ དེང་འདིར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་ཀུན༔ དོ་ནུབ་ཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛོད༔ ཅེས་དང་། སླར་ཡང་། དྲེགས་འཇོམས་ལས་སོ།་་་བྷྱོ། སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ལ། །གཡོ་ཅན་བདུད་ཀྱིས་བར་ཆད་བྱུང། །དེ་ཚེ་ཁྱོད་སྦྲན་ཟོར་འཕངས་པས། །བདུད་སྡེ་དཔུང་བཅས་ཕྱེ་མར་བརླགས། །དེ་ནས་རྒྱ་གར་ཆོས་འཁོར་རྣམས། །མུ་སྟེགས་ནག་པོས་འཇིགས་ཉེའི་ཚེ། །པད་འབྱུང་ཞི་བའི་སྙིང་པོ་ཡིས། ཁྱོད་བསྐུལ་མུ་སྟེགས་གཡུལ་ངོ་བཅོམ། །དེ་ནས་བོད་ཡུལ་རྒྱལ་པོ་ལ། །སྣང་སྲིད་ལྷ་འདྲེའི་ཆད་པ་བྱུང། །པ་གོར་བཻ་རོ་ཙ་ན་ཡིས། ཁྱོད་བསྐུལ་མངའ་བདག་བཞེད་པ་གྲུབ། །དེང་འདིར་རིག་འཛིན་སྔགས་འཆང་བདག །སྲུང་བའི་གོ་བགོས་ཟློག་གསད་ཀྱི། །དྲག་པོའི་འཕྲུལ་འཁོར་མི་བཟད་པའི། །དམག་དཔུང་དགྲ་དང་བགེགས་ལ་འགྱེད། །ཧཱུྃ། བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། ཁྲག་འཐུང་ཀུན་གྱི་འཁོར་ལོས་སྒྱུར། །བཀའ་སྡོད་ཕོ་ཉར་བཅས་རྣམས་ཀྱིས། །ད་ནི་ཟློག་པའི་ཕྲིན་ལས་མཛོད། །ཧཱུྃ། མ་ཧཱ་དེ་བ་ལྷ་ཡི་གདོན། །སྒེག་པའི་སྟོབས་ཀྱིས་ཟློག་ཏུ་གསོལ། །འཆི་བདག་ནག་པོ་གཤིན་རྗེའི་གདོན། །དཔའ་བའི་སྟོབས་ཀྱིས་ཟློག་ཏུ་གསོལ། ཁྲམ་ཐོགས་ནད་བདག་མ་མོའི་གདོན། །མི་སྡུག་སྟོབས་ཀྱིས་ཟློག༴ ནག་པོ་བཀྲག་མེད་བདུད་ཀྱི་གདོན། །རྒོད་པའི་སྟོབས་ཀྱིས་ཟློག༴ གང་བ་བཟང་པོ་གནོད་སྦྱིན་གདོན། །གཤེ་བའི་སྟོབས་ཀྱིས་ཟློག༴ ཁྱབ་འཇུག་སྒྲ་གཅན་གཟའ་ཡི་གདོན། །འཇིགས་པའི་སྟོབས་ཀྱིས་ཟློག༴ ལི་བྱིན་ཧཱ་ར་འགོང་པོའི་གདོན། །སྙིང་རྗེའི་སྟོབས་ཀྱིས་ཟློག༴ ཡམ་ཤུད་དམར་པོ་བཙན་གྱི་གདོན། །རྔམ་པའི་སྟོབས་ཀྱིས་ཟློག༴ དགའ་བོ་འཇོག་པོ་ཀླུ་ཡི་གདོན། །ཞི་བའི་སྟོབས་ཀྱིས་ཟློག༴ ནད་མཚོན་དུག་སྦྱོར་ལུས་ཀྱི་གདོན། །སྐུ་ཡི་སྟོབས་ཀྱིས་ཟློག༴ མི་ཁའི་དམོད་ཚིག་ངག་གི་གདོན། །གསུང་གི་སྟོབས་ཀྱིས་ཟློག༴ བདག་འཛིན་རྣམ་རྟོག་སེམས་ཀྱི་གདོན། །ཐུགས་རྗེའི་སྟོབས་ཀྱིས་ཟློག༴ མི་མཐུན་ལྟས་ངན་ཆོ་འཕྲུལ་ཀུན། །མཐུ་སྟོབས་རྩལ་གྱིས་ཟློག་ཏུ་གསོལ། །བྷྱོ༔ གཞན་ཡང་བཟློག་ཅིང་བསྒྱུར་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་བར་དུ་གཅོད་པ་ཡི༔ ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློགས༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ དུས་མིན་འཆི་དང་འཇིགས་བརྒྱད༴ གློ་བུར་བདུན་བརྒྱ་ཉི་ཤུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གདོན་རིགས་སྟོང་ཕྲག་བཅོ་བརྒྱད༴ ཀེག་ཆེན་སུམ་བརྒྱ་དྲུག་ཅུ༴ ལྷ་ཆེན་དྲག་པོའི་གདུག་རྩུབ༴ ལྷ་མ་ཡིན་གྱི་སྒྱུ་ཐབས༴ མགོན་པོའི་པར་བུ་བསྐོར་བ༴ གཤིན་རྗེའི་འཕྲུལ་འཁོར་བཅས་པ༴ དྲང་སྲོང་བྲམ་ཟེའི་དམོད་པ༴ གཟའ་ཡི་ཀི་ཀང་འཕེན་པ༴ བཙན་ནད་གཟེར་ཁ་གཏོང་བ༴ ས་བདག་ཀླུ་ཡི་མཛེ་ནད༴ བནྡེས་འབུམ་བསྐོར་བྱེད་པ༴ སྔགས་པས་སྔགས་ཟོར་འཕེན་པ༴ བོན་གྱིས་བཙོ་དམར་འཕེན་པ༴ མུ་སྟེགས་ངན་སྔགས་བྱེད་པ༴ བྱད་ཕུར་རྦོད་གཏོང་ཟུག་པ༴ གནན་གཏད་སྲེག་འཕང་བྱས་པ༴ མོ་རྩིས་རྨི་ལམ་མཚན་ངན༴ སྔ་ཞགས་མདའ་ལྟར་འཕེན་པ༴ ཕྱི་ཞགས་གྲུ་གུར་འཐུལ་བ༴ མི་མཐུན་གནོད་པའི་ཕྱོགས་ཀུན་ཟློགས༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ སྒྱུར་རོ་འཇམ་དཔལ་མཐུ་ཡིས་སྒྱུར༔ ཟོར་རོ་དགྲ་དང་བགེགས་ལ་ཟོར༔ བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཚོགས༔ དམ་རྫས་མཆོད་པ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་སྒྱུར་བ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག༔ གྷྲི་མ་ཡ་མ་དུ་རུ་ཙཀྲས་ཟློག༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་ལ་རྒྱུག༔ སྙིང་ལ་མཱ་ར་ཡ་རྒྱུག༔ དབུགས་ལ་རྒྱུག༔ སྲོག་ལ་མཱ་ར་ཡ་རྒྱུག༔ ཁྲག་ལ་རྒྱུག༔ རྩ་ལ་མཱ་ར་ཡ་རྒྱུག༔ ཧཱུྃ་ཕཊ༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཟློག་ཡ༔ ཞེས་པ་དང་། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་ཅི་ནུས་བཟླས་མཐར། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་གི་བཀའ༴ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་དུ་དཔལ་ཚེ་བདག་ནག་པོའི་བཀའ་བདེན་པ་དང༔ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ནུས་པ་ལ་བརྟེན་ནས༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ༔ ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་རྨི་ལྟས༔ རྦོད་གཏོང་རྦད་འདྲེ༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློགས་ཤིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་འཐུངས་ཤིག༔ ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཀྱང་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་ཟློག༔ བྷྱོ་བྷྱོ༔ ཞེས་པ་ལན་གསུམ་ཐལ་རྡེབ་བཅས་བྱ། དེ་ནས་ཐུན་གཏོར་ལ་རཀྟ་བྲན་ལ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། །ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་གི་བཀའ༴ སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་དུ་དཔལ་ཚེ་བདག་ནག་པོའི་བཀའ་བདེན་པ་དང་། སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དགྲ་བོ་བྱད་མ་ལྷ་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་གར་ཡོད་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོགས་མྱོགས། ཡེད་ཡེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོགས། ལིང་ཤག །ལིང་ཐུམས་ཛཿ ཙ་མུནྟྲི་ཛཿཧཱུྃ་བཾ་ཧོཿ ཞེས་བདེན་སྟོབས་སྔགས་བཅས་ལན་གསུམ་གྱིས་དམིགས་བྱ་བཀུག་ལ། བདུད་རྩིར་བསྒྱུར་བ་ནི། རཾ་ཡཾ་ཁཾ།་་་ཆོག་སྒྲིག །ཨ་ལས་ཐོད་པའི་སྣོད་ནང་དུ། །གཏོར་མ་ཤ་ལྔ་བདུད་རྩི་ལྔ། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་བྱད་མའི་ཤ་ཁྲག་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། བདུད་རྩི་བྲན་ལ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ། སླར་གཏོར་མ་དེ་ཉིད་ལས་ཀྱི་གཤིན་རྗེ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་གནམ་ས་བར་སྣང་ཁེངས་པ། ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་ཕར་ཟློག་ཅིང་གསད་བཅད་གཏུབས་ཏེ་ཤ་ཁྲག་རྣམས་ཟོས། དགྲ་ཡུལ་དྲེགས་པའི་དམག་གིས་ཁེངས་ནས་ཐན་དང་ལྟས་ངན་གྱི་ཆར་ཕབ་པར་བསམ་ལ། ཟོར་བསྐུལ་ནི། འབྲི་གུང་ཡང་ཟློག་ལས་སོ།་་་ལྕགས་སམ་བྷནྡྷའི་སྣོད་ནང་དུ། །འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས། །དྲག་པོའི་བཤོས་བུ་ཟུར་གསུམ་བཞེངས། །མདའ་མདུང་མཚེ་ཡུངས་རྩང་གིས་བརྒྱན། །མྱོས་བྱེད་དུག་དང་ཁྲག་གིས་བྱུགས། །རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ། །ངོས་ལ་ཞེ་སྡང་མེ་དཔུང་འབར། །འོག་ཏུ་གཏི་མུག་མུན་པ་འཁྲིགས། །རྩེ་མོར་མཚོན་ཆའི་བུ་ཡུག་འཚུབས། །རྐེད་པར་གཤིན་རྗེའི་དམག་དཔུང་བསྡུས། །གཤིན་རྗེ་རོལ་པའི་གཏོར་ཟོར་འདི། །འཕང་ནི་གཤིན་རྗེ་ཉིད་ཀྱིས་འཕང་། །རྡེག་པ་དམ་ཉམས་དགྲ་ལ་རྡེག །དགྲ་ཁམས་ཐལ་བའི་རྡུལ་དུ་རློགས། །རྦད་ཐུམས་རིལི་ལི་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད༔ གྷྲྀ་མ་ཡ་མ་དུ་རུ་ཙཀྲས་སོད༔ སརྦ་ཙིཏྟ་གཟིར་ཐུམས་བྷིག་ནན་ཏྲིག་ནན་རྦད་ཡ་ཟློག་ཡ༔ རིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱགས་ཀ་པ་ཡེ༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ ཞེས་ཟློག་སྔགས་བཟླ་བཞིན་ཟོར་དུ་ཤེས་པས་ཕྱིར་འཕང་། ཆོས་སྐྱོང་གི་གཏོར་སྐྱོང་རྗེས་ཆོག་དང་། ལྷ་གཞུང་གི་སྐུལ་དང་ཆད་མདོ་བརྟན་སྐྱོང་། གཏང་རག་གི་མཆོད་བསྟོད་ནོང་བཤགས། བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ།། །།གསུམ་པ་རྗེས་ཀྱི་ལས་རིམ་མཐའ་སྡུད་གསུམ་གྱི་ལས་སྦྲགས་མར་བསྒྲུབ་པ་ལ། དེ་ལྟར་སྒྲུབ་པའི་ཞག་གྲངས་རྫོགས་ནས་གཏོར་ཆེན་འཕང་བའི་ཉིན། ཕུར་གདབ་རྫོགས་པའི་བར་དཀྱུས་བཞིན་ལ་བྲུབ་ཁུང་གི་གསད་ལིང་མཚོན་ཆས་གཏུབས་ལ་བསྒྲལ་ཏེ། སྐྱེར་པའི་བུད་ཤིང་གྲུ་གསུམ་དུ་བརྩེགས་པར་མེ་སྦར་དུག་ཁྲག་གིས་བྲན་ལ། ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་ལྷན་ཐབས་ལས་སོ།་་་སྐད་ཅིག་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །རུ་དྲ་གླང་རྒོད་ཆུ་གླང་ཟུང་བཞིའི་སྟེང་། །པདྨ་ཉི་ཟླ་བརྩེགས་པའི་གདན་དབུས་སུ། །ཧཱུྃ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། །མེ་ལྷ་ཚེ་བདག་ནག་པོ་སྐུ་མདོག་མཐིང་། །སྐུ་ཆེ་ཡན་ལག་རགས་པ་རི་རབ་མཉམ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྡང་མིག་བགྲད། །ཨག་ཚོམ་མེ་འབར་སྨིན་མ་གློག་ལྟར་འཁྱུགས། །ཞལ་གཅིག་ཕྱག་གཉིས་གཡས་པས་འཁོར་ལོ་ནི། །རྩིབས་བརྒྱད་རྣོ་ངར་ལྡན་པ་ནམ་མཁར་ཕྱར། །གཡོན་པས་སྡིགས་མཛུབ་དང་བཅས་ལྕགས་ཀྱུ་དང་། །ཞགས་པ་བསྣམས་ཤིང་ཧ་ཧ་ཧཱུྃ་ཧཱུྃ་སྒྲས། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམ་པ་དང་། ཁམས་གསུམ་གཡོ་ཞིང་སྡེ་བརྒྱད་འབྱུང་པོ་ཀུན། །འདར་ཞིང་སྔངས་ནས་འབོག་ཅིང་བརྒྱལ་བར་བྱེད། །འཇིགས་རུང་ཆེ་བཙན་འགྲན་ཟླ་བྲལ་བར་གྱུར། །དེ་ཡི་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ལྷོ་ཕྱོགས་ཀྱི། །འོག་མིན་གནས་ནས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །སླར་ཡང་གཟི་བརྗིད་འོད་ཟེར་འབར་བར་གྱུར། །དགྲ་བོ་བྱད་མ་ལྷ་དང་བཅས་པ་ཀུན། །མེ་དཔུང་འབར་བའི་ཞལ་དུ་བསྟབ་པར་གྱུར། །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་རཀྴན༔ ཏིང་ཡ་རཀྴ་བྷྱོ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ དགྲ་བགེགས་བྱད་མ་མཱ་ར་ཡ་ཛྭ་ལ་རཾ། ཞེས་པས་ལིང་རོ་མེ་ཧོམ་དུ་བརྒྱ་རྩ་བརྒྱད་དུ་ཕུལ་ནས། ཧཱུྃ། དཔལ་ཆེན་ཚེ་བདག་སོགས་རང་གཞུང་ཞལ་བསྟབ་མཐར། ཨོཾ་བཛྲ་མུཿཞེས་པས་མེ་ལྷ་གཤེགས་ནས་མེ་རོ་དུག་ཁྲག་གིས་བསད། གནན་སྣོད་ནི། ཕ་རོལ་གྱི་བྱད་ཟོར་དང་དམོད་པ་རྒྱུན་དུ་ཟུག་ན། ཀྱུང་ཀ་དང་བྱ་རོག་འུག་པ་དུར་བྱ་རྣམས་ཀྱི་མགོ་བོར་ལིངྒ་བཞག་ཅིང་མི་མགོའི་ནང་དུ་བཅུག་སྟེ་གནན། ཞེས་མན་ངག་གི་གཞུང་ཆེན་རྣམས་ནས་གསུངས་པས། གོང་དུ་སྨྲོས་པའི་མགོ་གང་འབྱོར་དང་གསད་ལིང་བསྲེགས་ཐལ་བཅས་མི་མགོའི་ནང་དུ་བླུག །སྐེ་ཤང་ཡུངས་ཏེ་འབྲུ་གསུམ། ལྕགས་ཟངས་རྡོ་ཡི་ཕྱེ་གསུམ། སྦང་བྲ་རམ་སྟེ་ངན་གསུམ། ཕུང་ས་དགུ་སོགས་ས་སྣ་དང་བྱེ་མ། མཛེ་དམེ་རབས་ཆད་ཁྲ་སྤྱང་གྲི་ཁྲག་སོགས་ཁྲག་སྣ། བཙན་དུག་སོགས་དུག་སྣའི་རིགས་ཏེ་དེ་རྣམས་ཀྱིས་བཀང་ནས་ཕུང་རེས་བསྒྲིལ། ཚོན་སྐུད་ཀྱིས་བཅིང་། སྐྱེར་རྩང་གིས་ཀུ་རུ་རིས་སུ་ཕྱོགས་ཀུན་ཏུ་འཛེར་པ་བཅས་གནན་ཆས་ལག་ལེན་ལྟར་བྱས་ལ། ཟློག་བྱང་རྫོགས་པར་བཏང་། དེ་ནས་ཞི་དྲག་གི་མཆོད་པ་རྣམས་ཁ་གསོ་ཞིང་གཏོར་མའི་ལྷ་ཚོགས་རྣམས་ལ་དམིགས་ནས། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་མ་ཧཱ་པཱུ་ཛ་ཧོཿ ཞེས་དང་། དྲག་མཆོད། ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་མ་ཧཱ་ཤྨ་ཤཱ་ན་བཛྲ་པུཥྤེ་ནས། ཤབྡའི་བར་དང་། སྨན་རཀ་བྲན་ནས། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་ཕྱི་ནང་གི་མཆོད་པ་དང་སྨན་རཀྟ་གཏོར་མ་རྣམས་འབུལ། ཧཱུྃ༔ གདོད་ནས་སྤྲོས་བྲལ་མི་དམིགས་ཆོས་ཀྱི་སྐུ༔ རང་རྩལ་འགག་མེད་སྣ་ཚོགས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་རབ་ཁྲོས་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ གང་འདུལ་དེར་སྟོན་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་ཡ་མ་རཱ་ཛ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ། ཡ་མ་རཱ་ཛ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན྄་སརྦ་ཏ་ཐཱ་ག་ཏཱ། ཡ་མ་རཱ་ཛ་མཱ་མེ་མུཉྩ། ཡ་མ་རཱ་ཛ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་པས་བཟོད་གསོལ་བྱ། ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། ཅེས་བརྗོད་ལ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས། ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབ་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམས་པར་གྱུར་པར་བསམ་ཞིང་། རྩ་སྔགས་དང་ཟློག་སྔགས་མཐར། ཨྱེ་ཡ་མ་རཱ་ཛཿཤ་ཏྲུཾ་རཱུ་པ་ཏྲི་ནན༔ ནྲྀ་ཏྲི་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད་བྷྱོ༔ ཞེས་པའི་ཟོར་སྔགས་བཏགས་པས་ནུས་ལྡན་དུ་བསྒྲུབ། དམར་གཏོར་རཀྟས་བྲན་པར། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་སོགས་ཀྱིས་དམིགས་བྱ་འགུག་གཞུག་བྱ་ཞིང་། རཾ་ཡཾ་ཁཾ་སོགས་ནས། ཁཱ་ཧིའི་བར་གྱིས་ཤ་ཁྲག་བདུད་རྩིར་སྤེལ་ནས་འབུལ་བའི་བར་སྔར་ལྟར་བྱས་ནས་དམག་ལྟོའི་ཚུལ་དུ་ཕུལ་ལ། ཧཱུྃ། བཅོམ་ལྡན་གཤིན་རྗེའི་གཤེད་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། ཁམས་གསུམ་དབང་སྡུད་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་ནུས་མཐུ་ཤིགས། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་ཐུན་གཏོར་ཟོར་ཆེན་ལ་སྟོབ་ཅིང་འདོད་དོན་གསོལ། སྤྲོ་ན། ལྷ་ཡི་ལྷ་མཆོག་སོགས། འདོད་དོན་སྨོན་ལམ་ལེ་ཚན་རྣམས་ཀྱང་བྱ་ཞིང་། ནམ་མཁའ་མེད་པར་སོགས་ཀྱང་བརྗོད། པད་སྣོད་དུ་གཞི་བདག་གཏོར་མ་དཀར་ཟླུམ་འདབ་བཞི་མཐེབ་རིལ་ཅན་ཏེ་དཀར་གཏོར་གླིང་བཞི་མར་གྲགས་པ་ཉི་ཟླའི་རྒྱན་སྤྲོས་ཅན་སྲིད་པ་ཧོའི་ཕྱག་རྒྱ་རྒྱབ་ཡིག་དང་ལྡན་པ་དང་གཏོར་གདུགས་དཀར་པོ་བཙུགས་པ་བཤམས་ནས་ཟོར་ལམ་འཐེན། སློབ་དཔོན་དྲག་པོའི་ཆས་སུ་འཇུག་ཅིང་གདོང་ཕྱིར་ཕྱོགས་ཏེ་སྒོ་དབྱེ་བ་ནི། དྲེགས་འཇོམས་ལས།་་་ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་ལ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་ཟུར་དབུ་སྨོད་ཞབས་སྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེས༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་ཁྱེར༔ དཔའ་བའི་འཕྲུལ་འཁོར་དེར་ཤོམས་ཤིག །དེ་ནས་གཏོར་ཆེན་བསྒུལ་ནས་སྒྲུབ་ཁང་གི་སྒོའི་ནང་རོལ་ཙམ་དུ་བཀོད་ལ་སྨན་རཀ་བྲན། ལས་བྱང་གི་བསྐུལ་པ་དང་ཆད་མདོ་བསྒྲགས་ནས་གཟའ་རྒྱུ་ཕྱོགས་གང་དུ་འཕང་བའི་སར་ཁྱེར་ནས། ཐོག་མར་གསེར་སྐྱེམས་གཏང་ལ། དཀར་གཏོར་བསྔོ་ཞིང་འདོད་དོན་གསོལ། གནན་པ་བྱ་ན། ཧཱུྃ། བདག་ཉིད་ཁྲག་འཐུང་དཔའ་བོ་གཤིན་རྗེའི་གཤེད། །སྟོང་གསུམ་གང་བའི་སྐུར་གྱུར་ཕྱག་གཡས་ཀྱིས། །རལ་གྲི་བསྣུན་པས་ས་གཞི་གས་པའི་ནང་། །ཕྱི་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །ཅེས་བསམ་ཞིང་། སའི་སྒྲ་གཅན་དཔྱིད་གསུམ་ནུབ། དབྱར་གསུམ་ལྷོ། སྟོན་གསུམ་ཤར། དགུན་གསུམ་བྱང་དུ་གདོང་ཕྱོགས་པར་གནས་པས་དེ་དང་མཐུན་པར་གདོང་ཕྱོགས་ཏེ། ཨོཾ་ན་མོ་བུདྡྷ་དྷརྨ་སཾ་གྷ་བྷྱཿཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ་ཨག་ནི་ར་ཛ་ལི་ཏ་པ་ཙ་ཤི་ཀ་པྲེ་ཏ་ཤྲཱི་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་རལ་གྲིའི་ཕྱག་རྒྱ་ས་ལ་བསྣུན་པའི་ཚུལ་བྱས་ནས། གནན་པའི་ས་མཆོད་རྟེན་ནམ་ལམ་རྒྱ་གྲམ་ལྷ་ཁང་གི་ཐེམ་འོག་གམ་སྡེ་བརྒྱད་དྲག་པོ་གནས་པའི་ས་སོགས་གང་དུ་བྱེད་ཀྱང་། དོང་ཚད་ནི་ཁྲུ་གང་ཡན་ཆད་ས་རོ་ཡིན་པས་དོར་ལ་དེ་ནས་སོར་ཉི་ཤུ་པའི་དོང་གྲུ་གསུམ་དུ་བྲུས་ནས། ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་གྱི༔ འཇིགས་སུ་རུང་བ་མུན་པའི་ཀློང༔ དྲེགས་པ་ཀུན་གྱི་བཤན་ཁང་ནས༔ ལས་བྱེད་གཤིན་རྗེ་འཁོར་དང་བཅས༔ བདག་གི་དད་པས་སྤྱན་འདྲེན་ན༔ སྔོན་གྱི་ཁས་བླངས་དམ་བཅས་བཞིན༔ མ་ཐོགས་རིངས་པའི་ཚུལ་གྱིས་ནི༔ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ཨེ་ཡ་མ་རཱ་ཛ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཞེས་བོས་པས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་གཤིན་རྗེའི་གྲོང་ཁྱེར་ནས་འཆི་བདག་ལས་ཀྱི་གཤིན་རྗེ་བྱེ་བ་དགུ་རིང་། མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན་མ་ཧེ་ལ་ཞོན་པ་གནམ་ས་ལྟ་བུའི་ཞལ་གདངས་ནས་ང་རོ་འབྲུག་ལྟར་ཁོལ་བ། ལག་གཉིས་ལེན་པའི་ཕྱག་རྒྱ་ཅན་ལྷ་མ་སྲིན་དྲེགས་པ་ཐམས་ཅད་ཀྱིས་བསྐོར་བ་སྐད་ཅིག་གིས་ལྷགས་པར་བསམ་ལ། ཤ་ཟན་རཀྟས་བྲན་པའི་དམར་གཏོར། ཧཱུྃ༔ ལས་མཛད་གཤིན་རྗེ་འཁོར་བཅས་ལ༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ དམར་ཆེན་ཁྲག་དང་དབང་པོ་ལྔ༔ ཚིལ་ཆེན་གསུར་དུད་ཞུན་ཆེན་མེ༔ མཁྲིས་ཆེན་བདུད་རྩི་སྨན་གྱི་བཅུད༔ ཤ་ཁྲག་དམར་གྱི་གཏོར་མ་སོགས༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ བདག་ཅག་དད་པས་འབུལ་ལགས་ན༔ བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ༔ ཨོཾ་ཡ་མ་རཱ་ཛ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། མ་ཧཱ་པཱུ་ཛ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ། སླར་ཡང་འགུགས་འདྲེན་བླ་འགུགས་ལྷ་དབྱེ་རྣམས་བྱས་པའི་གནན་ཆས་ཐོགས་ལ། ཧཱུྃ། འབྱུང་བ་རྟེན་གཞིའི་རྔམས་འོག་ནས། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེན་པོ་རྨད་དུ་བྱུང་། །མུན་ནག་འཐིབས་པའི་ནང་དུ་བཞུགས། །གཡས་པའི་ལག་ན་རི་རབ་བསྣམས། །གཡོན་པའི་ལག་ན་རྒྱ་མཚོ་འཁྲུགས། །ཞབས་ཀྱིས་རླུང་གི་འཁོར་ལོ་མནན། །དམ་ཉམས་ལས་ཀྱི་དགྲ་བོ་ལ། །གནན་པ་ལས་ཀྱི་དུས་ལ་བབ། །ཧཱུྃ༔ སེམས་ཅན་ལས་ངན་སྡིག་ཅན་འདི༔ དུག་གསུམ་སྲིད་པའི་བཙོན་ཁང་དུ༔ འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ སྦ་འོ་ཀླུ་རྒྱལ་སྙིང་ལ་སྦ༔ གནན་ནོ་རི་རབ་འོག་ཏུ་གནན༔ འདི་ལས་འདའ་བར་མ་བྱེད་ཅིག༔ ཨོཾ་ཡ་མཱནྟ་ཀ་དགྲ་འདྲེ་ཨ་མུ་ཀ་ཏྲིག་ནན༔ ནྲྀ་ཏྲི་ཧུར་ཐུམས་ཛ༔ ཤ་ཏྲུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཱ་ར་ཡ་ནན༔ སཏྭམྦྷ་ཡ་ནན༔ ལཾ་ནན༔ ཞེས་གནན་རྫས་ལས་ཀྱི་གཤིན་རྗེར་གཏད་པར་མོས་ནས་དོང་ནང་དུ་སྐྱུར་ཏེ་ནམ་ཡང་ལྡོག་མེད་ཀྱི་དམོད་པ་བརྗོད་ཅིང་ཐལ་མོ་བརྡབ། དམིགས་བྱ་ཁོང་ཆུད་འཆི་བདག་ཞལ་བསྡམས་ཏེ། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །རོ་གཡམ་སྣ་ཚོགས་རྡོ་རྗེ་དང་སྟོང་ཁམས་བྲིས་པས་ཁ་བཀབ། འབྱུང་བ་གོ་ལྡོག་གི་དམིགས་པ་དང་བཅས། མཁའ་དབྱིངས་རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་། །སུཾ་ལས་རིན་ཆེན་རི་རབ་སྲ་ཞིང་བརྟན། །རབ་འབར་སྣ་ཚོགས་རྡོ་རྗེ་དང་བཅས་པས། །རྟག་ཏུ་ཐར་མེད་གཟིར་མནན་རྒྱས་གདབ་བོ། །ཨེ་ཡཾ་རཾ་བཾ་སུཾ་ནྲྀ་ཏྲི་མཱ་ར་ཡ་སཏྭཾ་བྷ་ཡ་ནན། ཞེས་མེ་ཁམས་པ་ཡིན་ན་ཐོག་མར་ཆུ་དང་། དེ་ནས་ཤིང་། ལྕགས། མེ་བཅས་ཏེ་དགྲ་འདེད་ཀྱི་འབྱུང་བ་སོ་སོས་རིམ་པར་རྒྱས་གདབ་ཅིང་མཐར་ས་རྡོས་མི་མངོན་པར་བཀབ་ལ། བྲོ་བརྡུང་མན་གཞུང་བཞིན་བྱ།་་་གཏོར་ཟློག་དང་འབྲེལ་ཚེ་འདིར་མ་བྱས་ཀྱང་ཆོག །ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་སོགས་འགུགས་པ་ལན་གསུམ་གྱིས་དམིགས་ཡུལ་གྱི་འབེན་བཅས་ལ། ཟོར་བསྐུལ་བ་ནི། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྲག་འཐུང་ཀུན་གྱི་རྒྱལ་པོ་ཡིན༔ བཀའ་འཁོར་ལས་བྱེད་སྟོང་གསུམ་གང༔ ཐམས་ཅད་དྲག་པོའི་ལས་ལ་ཆོས༔ སྒྲོལ་བྱེད་དྲག་པོ་ཟོར་གྱི་རྫས༔ སྡང་དགྲ་གནོད་བགེགས་ཕྱོགས་སུ་འཕེན༔ གཏོར་ཟོར་ཐོག་ལྟར་ཤ་ར་ར༔ དཔལ་ཆེན་དྲག་པོའི་གཏོར་ཟོར་འདི། །སྡང་བ་དགྲ་ཡི་སྙིང་ལ་ཡ༔ བདུན་རྒྱུད་ཆོད་ཅིག་མཱ་ར་ཡ༔ གནོད་པ་བགེགས་ཀྱི་སྙིང་ལ་ཡ༔ མེད་པར་ཆོམས་ཤིག་མཱ་ར་ཡ༔ ཡུལ་མཁར་ཁྱིམ་ལ་གཏོར་ཟོར་ཡ༔ རྡུལ་དུ་རློགས་ཤིག་མཱ་ར་ཡ༔ བདག་འཛིན་བདུད་ལ་གཏོར་ཟོར་ཡ༔ གཉིས་མེད་སྒྲོལ་ཅིག་མཱ་ར་ཡ༔ ཞེས་དང་། དེ་ནས་ཟོར་འཕེན་པ་ནི། ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔ ཁྲག་འཐུང་གཤིན་རྗེའི་དམག་དཔུང་སྐྱེད༔ བྱད་མའི་སྙིང་ལ་གཏོར་ཟོར་རྒྱོབ༔ སྨྲ་བྱེད་ལྕེ་ལ་གཏོར་ཟོར་རྒྱོབ༔ སེམས་བྱེད་སྙིང་ལ་གཏོར་ཟོར་རྒྱོབ༔ བལྟ་བྱེད་མིག་ལ་གཏོར་ཟོར་རྒྱོབ༔ སྙབ་བྱེད་ལག་ལ་གཏོར་ཟོར་རྒྱོབ༔ འགྲོ་བྱེད་རྐང་ལ་གཏོར་ཟོར་རྒྱོབ༔ ལྔ་ཕུང་ལུས་ལ་གཏོར་ཟོར་རྒྱོབ༔ ཐལ་བའི་རྡུལ་དུ་རློག་པར་མཛོད༔ བཛྲ་སརྦ་དུཥྚཱན་ཏྲིག་ནན་ཨེ་ཧུར་ཐུམས་ཛ༔ མཱ་ར་ཡ་རྦད༔ ཅེས་ཟློག་སྔགས་དམོད་ཚིག་དང་བཅས་གཏོར་ཆེན་འཕངས་པས་སྤྲུལ་པའི་དམག་ཚོགས་ནམ་མཁའ་གང་བ་དཔའ་བའི་ངར་སྒྲ་དང་བཅས་དགྲ་ཡུལ་དུ་ཆས་ནས། དགྲ་བོ་འཁོར་བཅས་རྗེས་ཤུལ་ལྷག་མེད་དུ་བརླགས་པར་བསམ། ཟློག་གསད་ཀྱི་འཁོར་ལིང་རྣམས་ཧོམ་ནང་དུ་གཤིན་རྗེའི་ལྷ་ཚོགས་ཐམས་ཅད་ཞལ་རབ་ཏུ་གདངས་པར་ཕུལ་བར་བསམ་ལ་རྩ་སྔགས་ཏྲིག་ཁྲོཾ་མཐར། ཡ་མཱནྟ་ཀ་སརྦ་ཤ་ཏྲཱུཾ་རཱུ་པ་ཙིཏྟ་ཨགྣེ་ཛྭ་ལ་རཾ་རཾ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད། སྲུང་སྔགས་བཟླ་ཞིང་སྲུང་འཁོར་གྱི་ར་བས་མཚམས་གཅོད། གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་སྐྱོང་ཞིང་། ས་ལ་ཆོས་འབྱུང་དུ་ནྲྀ་ཡིག་བྲིས་པར་དམིགས་བྱ་བཀུག་ནས་གཤིན་རྗེའི་བཙོན་ཁང་དུ་གཏད་པའི་ཁར་གཏོར་གཞོང་རི་རབ་ཏུ་གྱུར་པས་མནན་པར་བསམ་ལ་རྩ་སྔགས་ཏྲིག་ཁྲོཾ་མཐར། གནན་སྔགས། ཨེ་ས་མ་ཡ་དགྲ་བོ་ཆེ་གེ་མོའི་ཀཱ་ཡ་ཝཱ་ཀ་ཙིཏྟ་སཏྭཾ་བྷ་ཡ་ལཾ་ནན༔ བྷི་ཏང་སཏྭཾ་བྷ་ཡ་ནན༔ གརྦྷ་ནག་པོ་ཨ་མུ་ཀ་དགྲ་བོ་ཆེ་གེ་མོའི་ཙིཏྟ་ནན༔ པྲི་དུ་ནན༔ ཛ་ཏི་ནན༔ སྙིང་གཟེར་རྦུད་རྦད་ནན༔ ཏྲིག་ནན༔ བྷིག་ནན༔ ནྲྀ་ཏྲི་མཱ་ར་ཡ་ནན༔ ཞེས་བཏགས་པ་བཟླ་ཞིང་རྟ་བྲོ་བརྡུངས་ནས་གཏོར་གཞོང་ཁ་ཡར་གཟེད། མེ་ཏོག་གི་ཆར་དབབ་ནས། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་མེ་ཏོག་འཐོར། ནང་དུ་ལོག་ལ་མཆོད་གཏོར་གསར་པ་བཤམ་པའམ་ཁ་གསོས་ལ་ཚེ་འགུགས་ཤིང་དངོས་གྲུབ་ལེན། གཏང་རག་གི་མཆོད་བསྟོད་ནས་ཤིས་པ་བརྗོད་པ་སོགས་ལས་ཀྱི་རྗེས་བསྡུ་བ་རྣམས་ལྷ་གཞུང་གང་ལ་བརྟེན་པའི་གཞུང་བཞིན་དང་། གནས་སྐབས་ཀྱི་སྤྱོད་ལམ་དྲག་སྔགས་སྤྱི་ལྟར་བྱ་བ་གཅེས་སོ། །དེ་ལྟར་རྩ་བའི་གཞུང་ལས། ཟློག་པ་མང་སྟེ་ཡང་ཟློག་ཉུང༔ འདི་ལ་ཡི་དམ་བྱས་གྱུར་ན༔ ལུས་ཀྱིས་མཚོན་དང་ཟས་ངན་ཐུབ༔ ཕུར་ཐོགས་བརྒྱ་ཡིས་བཟློགས་བྱས་ཀྱང༔ ཉམ་ང་བག་ཚ་བྱ་མི་དགོས༔ ཞེས་སོགས་ཨོ་རྒྱན་རྡོ་རྗེའི་བཀའ་རྟགས་ཀྱིས་བསྟན་པའི་ཕྱིར་དཔེ་མཐོང་བོན་དུ་གྱེར་བའི་གྱ་ཚོམ་གྱི་ལས་སུ་མ་གྱུར་པར། ཐོག་མར་ཤེས་འཇུག་གི་སྦྱོར་བས་རྟོགས་པས་བདག་སྒྲོལ་བྱེད་སྟོད་ལས་དང་འབྲེལ་བར་བསྐྱེད་རྫོགས་ཀྱི་རིམ་པ་ཉམས་སུ་བླངས་པའི་སྒོ་ནས་སྒྲུབ་པ་ལམ་གྱི་གཞིར་བཟུང་། ཐུགས་རྗེས་གཞན་སྒྲོལ་བྱེད་སྨད་ལས་དང་འབྲེལ་བར་དྲག་པོ་མངོན་སྤྱོད་ཀྱི་ལས་རྣམས་ཚུལ་བཞིན་བརྩམས་ན། ཕས་ཀྱི་རྒོལ་བ་བྱད་དང་རྦོད་གཏོང་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཁོ་རང་ལ་ཟློག་ཅིང་། མཐུན་རྐྱེན་ཡར་ངོའི་ཟླ་ལྟར་འཕེལ་བར་འགྱུར་བས་ལམ་གྱི་གྲོགས་བྱས་ཏེ། མཐར་ཐུག་འཇམ་དཔལ་ཡེ་ཤེས་སེམས་དཔའི་གོ་འཕང་མངོན་དུ་བྱེད་པ་ནི་ངེས་པ་འོ། །སངས་རྒྱས་བསྟན་དང་གདུལ་བྱའི་ཞིང་གྱུར་ལ། །གནོད་བྱེད་བདུད་དགྲའི་དཔུང་རྣམས་ཚར་བཅད་ནས། །འཇམ་དཔལ་ཡ་མཱནྟ་ཀའི་ཕྱག་རྒྱ་མཆོག །བདག་སོགས་ལུས་ཅན་ཀུན་གྱིས་མྱུར་འགྲུབ་ཤོག །ཅེས་པ་འདིའང་ནུས་མེད་ཀྱི་སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བརྒྱུད་ལྡན་དམ་པའི་གསུང་གི་གསལ་བྱེད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
གསང་བ་རིན་པོ་ཆེའི་འཆི་མེད་ཚེའི་པྲ་བརྟག་བསྟན་པ་ (Volume 48, Text 46)
༄༅༔ གསང་བ་རིན་པོ་ཆེའི་འཆི་མེད་ཚེའི་པྲ་བརྟག་བསྟན་པ་བཞུགས་སོ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ༔ ལས་འཕྲོ་སྐལ་བར་ལྡན་པ་ཡི༔ རྣལ་འབྱོར་དབང་ཕྱུག་མཆོག་རྣམས་ཀྱིས༔ འཆི་མེད་ཚེ་ཡི་རྒྱུད་དག་ལ༔ བརྟེན་ནས་རིང་ཐུང་བརྟག་པ་ནི༔ མདོར་བསྡུས་ཙམ་ནི་འདིར་བསྟན་ནོ༔ དེ་ལ་ཚེའི་པྲ་བརྟག་པ་ལ་བཞི་སྟེ༔ ཚེ་ཉམས་པར་བྱེད་པའི་རྐྱེན་བསྟན་པ་དང༔ ཚེ་ཉམས་པའི་རྟགས་བསྟན་པ་དང༔ ཚེ་འགུགས་པར་བྱེད་པའི་སློབ་དཔོན་བསྟན་པ་དང༔ ཚེ་སྒྲུབ་པའི་ཐབས་དངོས་བསྟན་པའོ༔ དེ་ལ་ཚེ་ཉམས་པར་བྱེད་པའི་རྐྱེན་ལ་བཞི་སྟེ༔ སེམས་འཁྲུགས་པ་དང༔ ཞེ་སྡང་དྲག་པོ་སྐྱེས་པ་དང༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང༔ སྙིང་མི་དགའ་བ་འདི་རྣམས་ནི༔ ཚེ་འཕྲོག་དབུགས་རྔུབ་བགེགས་ཀྱི་ཡུལ་དུ་གྱུར་པ་ཡིན༔ ཞེས་སོ༔ ཚེ་ལ་ཉམས་རྟགས་བཞི་ཡོད་པ་ནི༔ འཁོར་ལ་འཚིག་པ་ཟ་བ་དང༔ བཞིན་འགྱུར་བ་དང༔ སྤྱོད་ལམ་ལོག་པ་དང༔ ཟས་ཟ་སྙིང་མི་འདོད་པ་འདི་རྣམས་ནི་ཉམས་པའི་རྟགས་ཡིན་ནོ༔ ཡང་ཚེ་ཉམས་རྟགས་ལ༔ ཉི་མ་ནུབ་པ་རྨི་བ་དང༔ ས་སྲོས་པ་དང༔ སྙིང་མི་དགའ་བ་དང༔ འཚིག་པ་ཟ་བ་དང༔ གཉིད་མི་ཕེབ་པ་དང༔ རྨི་ལམ་ངན་པ་དང༔ གཅིག་པུར་འཁྱམས་པ་དང༔ གཅེར་བུར་འདུག་པ་དང༔ བཙོན་ལ་བཟུང་ཞིང་དོང་ནང་དུ་བཅུག་པ་དང༔ ལུག་དང་གཡུ་བོར་བ་རྨི་བ་དང༔ དེ་རྣམས་གང་བྱུང་ཡང་ཉམས་པའི་རྟགས་སོ༔ ཚེ་མཐུད་པའི་སློབ་དཔོན་ལ་གསུམ་སྟེ༔ ཏིང་ངེ་འཛིན་ལ་མངའ་བརྙེས་པ༔ མཚན་ཉིད་ཀུན་དང་ལྡན་པ༔ མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ༔ བཀའ་ལུང་ཐོབ་ཅིང་མན་ངག་དང་ལྡན་པས་བཀུག་ན་ཁུག་ངེས་སོ༔ ཚེ་སྒྲུབ་པའི་ཐབས་དངོས་བསྟན་པ་ནི༔ དལ་བསྒོམ་ཞིང་སྤྱན་དྲངས་པ་དང༔ ཚེའི་རང་བཞིན་བསྟན་པ་དང༔ ཚེ་འགུགས་པ་དང༔ ཚེ་བཅིང་བ་དང༔ བཟླས་བརྗོད་བྱེད་ཅིང་ཚེ་སླན་པ་དང༔ ཚེ་བུམ་གྱི་དབང་བསྐུར་ཞིང་བསྟིམ་པ་དང་བདུན་ནོ༔་་་དེ་རྣམས་ཚེའི་སྒྲུབ་ཐབས་ནང་ན་གསལ་ལ། ཚེ་ཁུག་པའི་རྟགས་ནི༔ ཚེ་ཟན་དཀར་ལ་སྣུམ་པའི་མདངས་ཆགས་ན་ཁུག་པ་ཡིན༔ ཚེ་ཆང་དྲོ་ཞིང་བཅུད་དང་ལྡན་ན་ཁུག་པ་ཡིན༔ གཡུང་དྲུང་རིས་ལ་གཞན་གྱིས་བསྐོར་ན་ཁུག་པ་ཡིན༔ ཞི་རྒྱས་དབང་དྲག་རྣམས་ལུ་གུ་རྒྱུད་ལྟར་འབྲེལ་ན་ཁུག་པ་ཡིན༔ མ་ཁུག་པའི་རྟགས་ནི༔ ཚེ་ཟན་གྱི་རྩ་བ་ནས་རྩེ་མན་གས་ན་ཡོན་བདག་སྤྱི་ལ་ངན༔ སྡོད་ཆག་ཡོད་པ༔ ནང་བྲུམ་པ་འདོན་པ་བྱུང་ན་ཁྱིམ་སྤྱི་ལ་ངན༔ རྡོ་རྗེའི་རྩ་བ་ནས་གས་ན་སྐྱེས་པ་ལ་ངན༔ པད་འདབ་གས་ན་བྱིས་པ་ལ་ངན༔ བུམ་པ་གས་པ་དང་ཚེ་ཆང་བཅུད་ཤོར་ན་ནོར་ལ་ངན༔ དཔྱད་བརྟག་པ་ནི༔ ནང་འཇམ་ལ་ཡངས་པ་མི་ནོར་ཀུན་ལ་དགེ༔ ནང་རྩུབ་པ་དང་ཧོམ་བྱུང་ན་ནོར་ལ་གོད་ཁ་ཡོང་ཞིང་རྐུན་མ་འོང༔ བཅད་མཚམས་གྲུ་གསུམ་བྱུང་ན་ཟོར་ཁ་ཡོད་པས་ཕུར་ཁ་དེ་ལ་བཅོས་བྱ༔ དཔྱད་རྟགས་མན་ངག་ྀཨཚ༔ ཚེ་འབྲས་བརྟག་པ་ནི༔ ཉི་ཟླ་ཡར་ན་སྐྱེས་པ་ལ་ངན༔ ྈ དེ་ལ་རིམ་གྲོ་བླ་བསླུ་ཚེ་འགུགས་བྱ༔ ཆོས་རྒྱས་འབྲིང་རྣམས་འདོན༔ དེ་ཡང་རང་ཕྱོགས་ལ་ཡར་ན་བཟང༔ གཡས་ཕྱོགས་ཡར་ན་འབྲིང༔ ྈ ཞི་བ་ཡར་ན་ཁྱིམ་ཕྱྭ་ལ་ངན༔ བརྒྱ་བཞི་བྱ༔ ཉི་ཁྲི་འདོན༔ དགྲ་ཕྱོགས་ལ་ཡར་ན་ཤིན་ཏུ་ངན་པས༔ བླ་བསླུ་ཚེ་འགུགས་བསྐྱར་ནས་བྱ༔ དེས་ཐུབ་བོ༔ ྈ རྒྱས་པ་ཡར་ན་ཚེ་དང་བསོད་ནམས་ཉམས་པས་ནོར་གཡང་འགུགས༔ ཚེ་ཆོག་བྱ༔ བླ་བསླུ་དང་ཕལ་ཆེན་འདོན་ནོ༔ ྈ ནོར་གྱི་ཚེ་འབྲས་ཡར་ན་ནོར་ལ་ངན་པས་གང་སྟོང་ཉེན་འབྱུང༔ ྈ དབང་གི་ཡར་ན་ནོར་ལ་ངན༔ གཡང་ལེན་བྱ༔ བྲེས་གཏའ་བསྡམ༔ སྐྱེས་པ་ལ་ངན༔ ཤེར་ཕྱིན་གླེགས་བམ་འདོན༔ གཡས་སུ་བོར་ན་ཕོ་ནོར་ལ་ངན༔ གཡོན་དུ་ཡར་ན་མོ་ནོར་ལ་ངན༔ ྈ དྲག་པོ་ཡར་ན་བྱིས་པ་ཆུང་ལ་ངན༔ གླུད་དང་གདོན་འགྲོལ་བྱ༔ བླ་བསླུ་བྱ༔ གཟུངས་གྲ་ལྔ་འདོན༔ དྲག་པོའི་ཚེ་འབྲས་ཟུར་ནང་དུ་ཟུག་ན་ཕུར་ཁ་གནོད་པས་ཟློག་པ་རིམ་གྲོ་བྱ༔ ྈ གཡུང་དྲུང་རིས་དཀྱིལ་དུ་བྱས་ནས་གཞན་རྣམས་ཀྱིས་མཐའ་བསྐོར་ན༔ བཟང་བས་རིམ་གྲོ་བྱ་མི་དགོས༔ ྈ སྟོད་དུ་སྒོ་བྱེ་བ་འདྲ་ན༔ གནམ་སྒོ་བྱེ་བ་ཡིན་པས་སྐྱེས་པ་རྒན་རིམ་ལ་ངན༔ གནམ་སྒོ་བསྡམ་པ་དང་ཕལ་ཆེན་འདོན་པ་གལ་ཆེའོ༔ ྈ སྨད་དུ་སྒོ་བྱེ་བ་འདྲ་ན་ས་སྒོ་རལ་བ་ཡིན་པས་ནོར་དང་བྱིས་པ་ཆུང་ལ་ངན༔ བྲེས་གཏའ་བསྡམ༔ གཡང་ལེན་བྱ༔ གྲ་ལྔ་འདོན་པ་གལ་ཆེའོ༔ ྈ སྤྲིན་འཐོར་བ་དང་འདྲ་ན་མི་ནོར་གཉིས་ཀ་ལ་ངན་ཞིང་གང་སྟོང་ཆེ་བས་དུར་སྲི་མནན་པ་དང༔ དུར་ལྷ་གསོལ་ཁམས་ལྔའི་གཏོ་ནས་གདོན་དགོས་སོ༔ ྈ རིན་པོ་ཆེ་སྤུངས་པ་འདྲ་ན་མི་ས་རུ་མི་དར༔ དགྲ་ལྷ་འགོ༔ ནོར་ས་རུ་ནོར་མང༔ ཕྱུགས་ས་རུ་ཕྱུགས་འཕེལ་ཏེ་བཟང་ཞིང་གང་ལའང་དགེའོ༔ ྈ རིན་པོ་ཆེ་གསེར་གྱི་ས་གཞི་འདྲ་ན༔ ཞིང་ས་ཁང་ས་ནས་ཀླུ་འགོ༔ མི་གཙང་བ་ལ་གཟབ༔ ཉི་མ་ལྷོ་ཕྱོགས་ནས་ཀླུ་འགོ༔ ཆུ་མིག་གི་མི་ནོར་ཟས་གསུམ་འཕེལ་བས་བཟང༔ ནད་པ་ཡོད་ན་གཞི་ཆེ་སྟེ་མི་འཆིའོ༔ ྈ མུ་ཏིག་བསྟར་ལ་བརྒྱུས་པ་འདྲ་ན༔ ཕྱུགས་སྤུ་རྟགས་ཅན་ནམ་རྟ་གཡག་ལ་སོགས་པ་ཆོས་སྐྱོང་རྟེན་དུ་འཛུགས༔ མི་ནོར་གཉིས་ཀ་ལའང་བཟང་ངོ༔ ྈ གཡུང་དྲུང་རིས་འདྲ་བ་བྱུང་ན༔ རྙེད་པ་མ་ནོར་དཔལ་གྱི་མཁར་སོ་བརྩིག༔ མི་རབས་མི་ཆད་ཚེ་རིང༔ ཆོས་སྐྱོང་ལ་བསྟོད་པ་བཏང་ཞིང་ཕོ་ལྷ་ལ་གསོལ་ཁ་བྱ༔ བཟང་བར་བཤད་དོ༔ ྈ སྨན་མོའི་སྦྱོར་ར་འདྲ་ན་ལྷ་སྨན་འགོ༔ མི་གཙང་བ་ལ་འཛེམ༔ བུ་མོ་ཕར་གཏང་ཚུར་ལེན་གྱི་ངོ་བྱས་ཀྱང་ཆེ་སྟེ་འགྲུབ༔ ཚོང་བྱས་ན་བཟང་ངོ༔ ྈ གཡང་མོའི་ཞག་སྐོར་འདྲ་ན༔ ཁྱེད་ཀྱི་རྩ་ན་མི་ཞར་བ་ཅན་ནམ༔ ཕྱུགས་སྤུ་རྟགས་ཅན་ཡོད༔ མི་རྒྱུད་ཆུ་བོའི་གཞུང་ལས་རིང༔ ཚེ་སྲོག་རྡོ་རྗེའི་བྲག་བས་སྲ༔ ཤིན་ཏུ་བཟང་ངོ༔ ྈྈ བྱིས་པའི་རྣ་ཚར་གྱི་གཡུ་རིལ་འདྲ་ན༔ བཟང་སྟེ་སྐྱེས་པའི་ལག་ཏུ་ནོར་ཡོང༔ ཟ་མའི་ལག་ཏུ་སྲིས་འཁོར་ཏེ་བཟང༔ ཿཿཿཿཿ རྟའི་གདང་འདྲ་ན་སྐྱེས་པ་ཕོ་ཡི་སྡང་བའི་དགྲ་བོ་རྒྱབ་ཏུ་སྐྱུར༔ བྱམས་པ་གཉན་གྱིས་མདུན་བསུ༔ ཕོ་ལྷ་བཟང་སྟེ་མྱུར་བར་གསོལ༔ ྈ གཉིད་ཡར་བ་འདྲ་ན༔ ལྷ་ས་ན་ཆག་སྒོ་ཡོད་པ་ཡིན་པས༔ ཚེ་དཔག་མེད་འདོན༔ བླ་བསླུ་བྱ༔ ཚེ་དབང་བསྐྱར་ནས་བྱ༔ སྲོག་བསླུའི་ཆོ་ག་བྱའོ༔ ྈ འདི་ནི་བྱིས་པའི་བླ་འགུགས་པའི་རྟགས་ཡིན་པས་ཤིན་ཏུ་བཟང༔ ྈ འདི་ནི་སྐྱེས་པའི་བླ་ཁུག་པ་ཡིན་པས་སྐྱེས་ཕོ་ལ་བཟང་ངོ༔ ྈྈ འདི་ནི་རྨིག་པ་ཁ་བྲག་ལ་ངན་པས་བྲེས་གཏའ་བསྡམ་པ་དང༔ ནོར་རྒྱུན་མ་འདོན་པ་གལ་ཆེའོ༔ ྈྈ འདི་འདྲ་ན་ཤིན་ཏུ་ངན་པས་གདོན་དུ་རྒྱལ་པོ་གནོད༔ དཀོན་མཆོག་བརྩེགས་པ་དང༔ རྒྱལ་མདོས་བྱ༔ དེས་ཐུབ་བོ༔ ྈ འདི་འདྲ་ན་མི་ཁ་ཡོད་པའི་ངོ་ཡིན་པས་གཡང་ལེན་གྱིས༔ མི་ཁ་སྐྱས་འདེགས་ཀྱི་ཆོ་ག་བྱ༔ ྈ ཟུར་གསུམ་འདི་འདྲ་ན་ཕུར་ཁ་གནོད་པས་གཏོར་ཟློག་དང༔ ཟ་འདྲེ་ཁ་བསྒྱུར་དང༔ མི་ཁ་སྐྱས་འདེགས་བྱ༔ དེས་ཐུབ་བོ༔ ྈ ལུག་ལ་སྤྱང་ཀི་ཤོར་བ་འདྲ་བ་བྱུང་ན༔ ནད་པ་ལ་ངན་པས་བླ་བསླུ་ཚེ་དབང་ཞུ༔ ཚེ་དཔག་མེད་འདོན༔ བུ་ཚའི་ས་ལ་འབྲིང༔ ྈ སྔགས་པའི་བྲུབ་ཁུང་འདྲ་ན༔ ཕུར་ཁ་གནོད་པས་མི་ལ་ན་ཚ་དང༔ ཕྱུགས་ལ་གོད་ཁ་ཡོང་བས༔ གཏོར་ཟློག་དང༔ གཙུག་ཏོར་སྟོང་ཟློག་འདོན་ནོ༔ སྔགས་པ་ཡིན་ན་མི་སྐྱོན་ནོ༔ ྈ ཐོ་རེངས་སྐར་བརྒྱ་འདྲ་ན༔ ཁྱེད་ཀྱི་ས་ན་བཟའ་མི་ཡ་བྲལ་འབྱུང་ངམ༔ ཡུལ་ལ་འཕོ་འཕྱུག་འབྱུང་ངམ༔ མི་ཁ་ཁ་མཆུའི་ངོ་ཡིན་པས་རིམ་གྲོ་ཆེར་བྱའོ༔ ྈ ཐལ་སྒྲོ་བརྒྱངས་པ་འདྲ་ན་ཉི་མ་ལྷོ་ཕྱོགས་ནས་རྒྱལ་པོ་གནོད་པས་སྐྱས་འདེགས་བྱ༔ རྔ་སྒྲ་འདོན༔ མི་ཁའི་ཆོ་ག་བྱ༔ ཁྱིམ་རྩུབ་བོ་ཨང༔ ྈ འཁྲུགས་པ་རྒྱག་པ་འདྲ་ན་དམར་ངོ་དང་ཁྲག་ངོ་ཡོད༔ རྐུན་ངོ་དང་འཁྲུག་པའི་ངོ༔ གཏོར་ཟློག་དང་རིམ་གྲོ་བྱའོ༔ དེས་ཐུབ༔ ཿཿཿཿཿ བྱད་དབྱིབས་འདྲ་ན་ཕྱུགས་ལ་ཤ་དམར་དང་སློ་དམར་ངོ༔ སྔར་བྱུང་ན་དེས་ཐུབ༔ གཡང་ལེན་ལ་ནན་ཏན་འབད༔ ཚེ་གཡང་སྤྲོད༔ ཀླུ་གསོལ་ན་དགེ་འོ༔ ྈ ར་ཕོ་ཁྱུ་ནས་འདོན་པ་འདྲ་ན༔ ཁྱེད་ཀྱིས་ཕྱུགས་སྤུ་རྟགས་ཅན་ཕྱིར་ཤོར་བས་ལན་ནམ༔ ཉམས་པའི་ངོ་གཅིག་འདུག༔ གཡང་ཁ་སྤྲོད་བྱ༔ ྈྈ སྦྲུལ་ནག་ཐུར་ལ་རྒྱུག་པ་འདྲ་ན༔ ས་བདག་ཀླུ་གཉན་གནོད༔ ཁྱེད་ཀྱི་ས་ན་ལར་མཛེ་ནད་དམ༔ གཅོང་ནད་ཡོད༔ ཀླུ་བཅོས་དང་དགེ་སྦྱོར་བྱ༔ ྈྈ ཀོ་བ་གཞུང་རལ་འདྲ་ན་མི་ལ་ན་ཚ་དང༔ ཁ་སྨྲས་ཁ་མཆུའི་ངོ་ཡོད༔ ཆོས་ཉི་ཁྲི་དང་ཤེར་སྙིང་ཟློག་པ་བྱ༔ བརྒྱ་བཞི་གྱིས༔ ཿཿཿ དཀྱིལ་ཆད་བྱུང་ན་ནད་པ་ཡོད་ན་ངན༔ ཚེ་གཡང་འགུགས༔ ཟློག་པ་བྱ༔ དེས་ཐུབ་ཨང༔ ཟབ་རྒྱ༔ གཏེར་རྒྱ༔ གཉན་རྒྱ༔ ཁ་ཐཾ༔ དཔལ་བདུད་རྩི་འཁྱིལ་བའི་རྒྱུད་ལས༔ ཨོ་རྒྱན་པདྨ་སཾ་བྷས་བསྡུས་ཏེ༔ ཁྲི་སྲོང་ལྡེའུ་བཙན་དོན་དུ་མན་ངག་ཁོལ་དུ་ཕྱུང༔ རིན་ཆེན་གཏེར་དུ་སྦས་ཏེ་མངའ་བདག་མྱང་གིས་ཐོན༔ གཏེར་མ་མ་ཉམས་ཆད་ལྷག་མེད་པ་འོ༔ ༈ ཨེ་མ་སྙིགས་དུས་འགྲོ་བ་འདྲེན་པའི་མཆོག༔ བདག་གཞན་དོན་གཉིས་འགྲུབ་པའི་དབང་ཕྱུག་མཆོག༔ མངའ་བདག་ཡབ་སྲས་ཆོས་ཀྱི་དབང་ཕྱུག་ལ༔ ཁོ་བོ་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས༔ རྒྱུད་གསུམ་དབང་གིས་སྨིན་པར་བྱིན་གྱིས་རློབས༔ བདག་གཞན་དོན་གཉིས་འགྲུབ་པར་ཐུགས་རྗེས་ཟུངས༔ ཅེས་པ་འདི་ཉིད་རིག་འཛིན་ཆེན་པོ་དྷརྨ་ཨིནྡྲའི་ཞལ་ནས་གསུངས་པའོ།། ༈ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ སེམས་ཅན་སྐྱེ་འགྲོ་མི་རྣམས་ལ༔ ཚེ་ཟད་ནད་ཀྱིས་བཏབ་པར་འགྱུར༔ དེ་ལ་ཚེ་འབྲས་བརྟག་པ་ནི༔ བུམ་པ་གཞལ་ཡས་ཁང་དུ་བྱ༔ ༡༽རང་ས༔ ༢༽མི་ས༔ ༣༽ཕྱུགས་ས༔ ༤༽དགྲ་ས༔ ༥༽ལྷ་ས༔ ༦༽བུ་ཚའི་ས༔ ༧༽ཕ་མེས་ས༔ ༨༽འདྲེ་ས་རྣམས་མ་ནོར་བ་ཤིན་ཏུ་གཅེས༔ དང་པོ་ཚེ་འབྲས་རྣམས་རིན་པོ་ཆེའི་འབྲས་བུ་བཅེར་བའམ༔ མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའམ༔ སྲོག་གི་ཀ་བ་བཙུགས་པ་ལྟ་བུའམ༔ སྐར་ཆེན་ཐང་ལ་མ་ལྷུང་བ་ལྟ་བུ་འོད་ཀྱི་ཐིག་ལེར་འཚེར་བ་བྱུང་ན་ཤིན་ཏུ་བཟང༔ རང་ས་རྡོ་རྗེ་སློབ་དཔོན་ཡིན་པས་ཚེ་འབྲས་ཡར་ན་རང་ལ་ངན༔ ཚེ་སྒྲུབ་བྱ༔ དགྲ་ས༔ འདྲེ་ས་གང་དུ་ཡར་ཀྱང་བླ་བསླུ་དང་ཚེ་ཆོག་བྱ༔ ཚེ་དཔག་འདོན༔ ཟློག་པ་གང་ལྕོགས་བྱ༔ རང་ས་སྟོང་ན་སཱཙྪ་བརྒྱ་བཞི་བྱ༔ ཕྱུགས་ས་སྟོང་ན་གཡང་འགུགས་བྱ༔ བྲེས་གཏའ་བསྡམ༔ ལྷ་ས་སྟོང་ན་ལྷ་གསོལ་བྱ༔ བུ་ཚའི་ས་སྟོང་ན་ལན་ཆགས་གཏོར་རིལ་ལམ་གཏོར་མ་བརྒྱ་རྩ་བྱ༔ ཕ་མེས་ཀྱི་ས་སྟོང་ན་མི་རྒྱུད་ལ་ངན་པས་དུར་སྲི་མནན༔ དུར་ཟློག་བྱ༔ དགྲ་ས་འདྲེ་ས་སྟོང་ན་ནད་མེད་ཅིང་ཤིན་ཏུ་ལེགས༔ དེ་ལ་བཟང་ངན་གྱི་བྱེད་པ་ནི༔ རིན་པོ་ཆེའི་འབྲས་བུས་བཅེར་བ་དང༔ མུ་ཏིག་བསྟར་ལ་བརྒྱུས་པ་དང༔ སྲོག་གི་ཀ་བ་བཙུགས་པ་རྣམས་བཟང༔ གཡུང་དྲུང་རིས་གྲལ་ལ་འཁོད་པ་འབྲིང༔ སྐར་ཆེན་ཐང་ལ་ལྷུང་ནས་འཐོར་བ་དང་འདྲ་ན་ཐ་མ་ཡིན་པས་རིམ་གྲོ་ཆེར་བྱའོ༔ གསང་ཆེན་ཚེའི་སྒྲུབ་ཐབས་ལས༔ ཚེ་འབྲས་བརྟག་པ་ཟབ་རྒྱ་ྀཨཚ༔ ཉང་གི་བནྡྷེ་དྷྭ་ཛ་ཤྲཱི་བྷ་དྲའི་དཔལ་དུ་ཤོག༔ ༈ འདིའི་ལག་ལེན་ལ། ཚེ་སྒྲུབ་ལ་ཐོག་མར་འཇུག་ཁར་རིན་པོ་ཆེའི་སྣོད་གས་ཆག་མེད་པའམ། ཐོད་པ་མཚན་ལྡན་གྱི་ནང་དུ་ཆང་ལ་ཨ་མྲྀཏ་བཏབ་པས་སུམ་གཉིས་བཀང་པ་ལ། མར་གྱི་ཉི་ཟླ་རྒྱུ་སྐར་ལས་བཞིའི་མཚན་མ་རྣམས་དང་། གཡུང་དྲུང་འཁྱིལ་བ་ལེགས་པར་བཅོས་ལ་བླུགས། ཁ་དར་དམར་པོས་བཅད་ཅིང་རྒྱས་བཏབ་ལ་དཀྱིལ་འཁོར་གྱི་མདུན་སོགས་སུ་དམོད་བོར་ཏེ་བཞག །ཐུན་མཚམས་ཐམས་ཅད་དུའང་ལེགས་ཉེས་ཀྱི་པྲ་རྟགས་སྟོན་ཅིག་ཅེས་གསོལ་བ་བཏབ་ཅིང་དམོད་འབྲུ་འཐོར། དེ་ནས་སྒྲུབ་པ་གྲོལ་ནས་དལ་བུས་རྒྱ་བཤིག་ཅིང་པྲ་རྟགས་ལེགས་པར་དཔྱད་དོ། །རང་ས་སོགས་བརྒྱད་ནི། སྣོད་ལ་འདབ་བརྒྱད་དུ་བགོས་པའི་ཤར་ནས་བརྩམ་སྟེ་ཕྱོགས་མཚམས་གཡས་སྐོར་དུ་ཤེས་པར་བྱ་སྟེ། དེའང་བྱང་དང་བྱང་ཤར་དུ་དགྲ་ས་དང་འདྲེ་ས། ཤར་དང་ཤར་ལྷོར་རང་ས་དང་ལྷ་ས་འབྱུང་བས་མཚོན་ནོ། །འདིའི་སྦྱོར་དངོས་རྗེས་གསུམ་གྱི་སྐབས་ཐམས་ཅད་དུ་རང་མ་གཏོགས་གཞན་གྱིས་མ་མཐོང་བ་གལ་ཆེའོ། །སརྦ་དཱ་མངྒ་ལཾ།། །།
དམ་ཅན་སྐྱེས་བུ་ཆེན་པོའི་སྒྲུབ་སྐོར་ (Volume 38, Text 46)
༄༅། །དམ་ཅན་སྐྱེས་བུ་ཆེན་པོའི་སྒྲུབ་སྐོར་བཞུགས་སོ། ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་དམ་ཅན་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་འཆད་པ་ལ། ལོ་རྒྱུས་ཀྱི་རྣམ་གཞག །རྗེས་གནང་གི་རིམ་པ། རྒྱུད་ལ་བརྟེན་པའི་མགར་ནག་གི་སྒྲུབ་ཐབས། སློབ་དཔོན་པདྨའི་གསུང་ལས་བྱུང་བའི་སེང་ཞོན་གྱི་སྒྲུབ་ཐབས་ཏེ་བཞི་རུ་ཡོད། དང་པོ་ལ། རུལ་སུངས་རོ་མྱགས་སྣོལ་བའི་དཀྱིལ་འཁོར་ཞེས་བྱ་བ་གཤིན་རྗེའི་གྲོང་ཁྱེར་ཆེན་པོའི་ལྗོངས་ཤིན་ཏུ་སྐྱི་གཡའ་བ་རབ་ཏུ་འཇིགས་པའི་ནང་ན། རྡོ་ཕ་ཝཾ་ལོང་བུ་ཞེས་བྱ་བ་གཅིག་ལ་འོད་སྣ་ལྔས་བསྐོར་བ། སྟེང་དུ་སྤྲིན་ནག་པོ་མུན་པ་ལྟར་གཏིབས་པའི་ནང་ན་གློག་འགྱུ་བ། དུས་མ་ཡིན་པར་ཐོག་སེར་བུ་ཡུག་འབབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། གསོད་གཅོད་རྔམ་པའི་སྒྲ་སྒྲོག་པ། ཉིན་བཞིན་རླུང་ནག་འཚུབས་པ། མཚན་བཞིན་མེ་དཔུང་འབར་བ། སྟེང་ནས་འབྱུང་བ་ཆུ་ཡི་འཁོར་ལོ་བསྐོར་བ། འོག་ནས་འབྱུང་བ་སའི་འཁོར་ལོ་བསྐོར་བ། འབྱུང་བ་ཚ་གྲང་འཁྲུགས་པ་ཞིག་གི་ནང་ན། ཕ་སྲིན་པོ་བྱི་ལའི་གདོང་པ་ཅན་ཞེས་བྱ་བ་ཞེ་སྡང་གི་མེ་འབར་བ་ཞིག་དང་། མ་བདུད་མོ་སྤྲེའུའི་གདོང་པ་ཅན། སྐོམ་དུ་སྐྱེ་འགྲོའི་ཁྲག་འཐུང་བ། ཟས་སུ་སྐྱེ་འགྲོའི་སྲོག་གཅོད་པ་གཉིས་ལ་བུ་སྤྱང་ཀིའི་གདོང་པ་ལ་ཟ་བྱེད་གདུག་པའི་མཆེ་བ་ཅན་ཞིག་སྐྱེས་ཤིང་། དེ་ལ་འཁོར་དུར་ཁྲོད་ཀྱི་བདུད་ནག་པོ་སྤུན་གསུམ་ཞེས་བྱ་བས་བསྐོར་ནས་སྐྱེ་འགྲོ་ཐམས་ཅད་ཀྱི་བདུད་དུ་བྱུང་། གཞན་ཡང་དེའི་འཁོར་ལ་སེང་གེ་དང་སྟག་ལ་སོགས་པ་གཅན་གཟན་ཐམས་ཅད་དང་། བྱ་རྒོད་ལ་སོགས་པའི་འདབ་ཆགས་ཐམས་ཅད་དང་། སྡིག་པ་ལ་སོགས་པའི་རྡུང་བྱེད་རྭ་ཅན་དང་། ཅེ་སྤྱང་ལ་སོགས་པ་དཔག་ཏུ་མེད་པ་གནས་ཏེ། ཀུན་ཀྱང་མི་རོ་གསར་རྙིང་ལ་ལོངས་སྤྱོད། ཉིང་ཤ་ཟ་བ་སོགས་ཤིན་ཏུ་འཇིགས་པར་གནས་སོ། །དེའི་དུས་སུ་རྒྱ་གར་གྱི་ཡུལ་འབྲོག་གནས་དགོན་པ་ཞེས་བྱ་བར། དྲང་སྲོང་མངོན་པར་ཤེས་པ་ཅན་པྲ་སེ་ན་ཞེས་བྱ་བ་ཞིག་ར་རྫི་བྱེད་ཅིང་གནས་སོ། །དེ་ཚེ་ཟ་བྱེད་སྤྱང་ཀའི་གདོང་ཅན་གྱིས་ར་གཅིག་བསད་ནས་ཤ་ཁྲག་རུས་གསུམ་ཟོས་པས། དྲང་སྲོང་གིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ཏེ། འཁོར་བ་ལས་སྒྲོལ་མཐུ་སྟོབས་ཅན། །ད་ལྟ་འཇིག་རྟེན་ཁམས་འདི་ན། །ཡི་དྭགས་རྫུ་འཕྲུལ་མཐུ་ཅན་འདི། ཁམས་གསུམ་སེམས་ཅན་བདུད་དུ་བྱུང་། །ཐམས་ཅད་མཁྱེན་པས་འདུལ་བར་ཞུ། །ཞེས་གསོལ་བ་བཏབ་པས་བཅོམ་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཐུལ་ཅིག་ཅེས་བཀའ་བསྒོས་པ་ན། ཕྱག་ན་རྡོ་རྗེས་ཚེ་སྲོག་འགུགས་པའི་སྔགས་ཀྱི་རང་སྒྲས་ཡི་དྭགས་བཙན་གྱི་རྒྱལ་པོ་རང་དབང་མེད་པར་བཀུག །ཕྱིར་མི་ལྡོག་པའི་སྔགས་ཀྱི་རང་སྒྲས་འབྲོས་པའི་ལམ་བཅད། གཟུགས་ལ་དབབ་པའི་སྔགས་ཀྱི་རང་སྒྲས་དབང་དུ་བསྡུས་ཏེ་རྡོ་རྗེ་སྙིང་གར་གཏད། གསང་བའི་སྙིང་པོ་འབྲུ་ལྔ་སྔགས་ཀྱི་ངོ་བོར་བསྟན་ནས་གཟིར་བས་རང་དབང་མེད་པར་དངངས་ནས་བརྒྱལ་བར་གྱུར་ཏོ། །སངས་པ་དང་རང་རྟགས་སྲོག་གི་སྙིང་པོ་ས་བོན་ཏྲི་ཊྀ་ཞེས་པ་ཕུལ། བསྟན་པ་བསྲུང་བར་ཁས་བླངས་དམ་བཅས། དེ་ནས་རྡོ་རྗེ་འཛིན་པས་གསང་བའི་མིང་རྡོ་རྗེ་ལེགས་པར་བཏགས། ཝ་ཀ་ཏྲཾ་ཏྲཾ་ཤི་ནི་ཞེས་སེམས་བསྐྱེད། ཀྲ་མ་ནི་ཞེས་དབང་བསྐུར། ས་མ་ཡ་ཞེས་དམ་ཚིག་ཕོག །སཱ་དྷུ་ཞེས་དམ་ལ་བཞག་སྟེ་ཞིང་བཅུ་སྒྲོལ་བའི་བཤན་པར་བསྐོས་སོ། །ཞེས་བྱ་བ་འདི་ཉིད་ཀྱི་རྒྱུད་ལེའུ་བཅུ་པ་ཞྭའི་ལྷ་ཁང་ནས་བྱུང་བ་གཏེར་མ་ཞིག་ནས་བཤད་དོ། །དེ་ནས་གཞན་ཡང་སེང་ཞོན་གྱི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་བུམ་ཐང་དགེ་གནས་ཀྱི་གཏེར་མ་ཞིག་ནས་འདི་ལྟར་འབྱུང་སྟེ། སྔོན་ཨ་སུ་རའི་བྲག་ཕུག་ཏུ་སློབ་དཔོན་ཆེན་པོ་བཞུགས་པའི་ཚེ་ནམ་གྱི་ཆ་སྟོད་གཅིག་ལ་ཁྱེའུ་ཆུང་དམར་པོ་ཟུར་ཕུད་ཅན་ཞིག་དྲུང་དུ་བྱུང་ནས། སློབ་དཔོན་ཆེན་པོ་ལགས། བདག་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དམ་ལ་བཏགས། བསྟན་པའི་སྲུང་མར་དབང་བསྐུར། ལག་ཏུ་རྡོ་རྗེ་གཏད། ལྕེ་ལ་བདུད་རྩི་བཞག་པ་ཡིན། སློབ་དཔོན་དགོངས་པ་ཀློད་པར་ཞུ་ཞེས་གསོལ་བས། སློབ་དཔོན་གསང་བདག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཁྱེའུ་ཆུང་འདར་ཏེ་སྔངས་ནས་སློབ་དཔོན་ལ་སྲོག་གི་སྙིང་པོ་ཕུལ་ཞིང་། སྐྱེ་རྒྱུད་གསོལ་བ། སློབ་དཔོན་ཆེན་པོ་ལགས། བདག་གི་ཕ་ནི་དམུ། མ་ནི་དམུ་བདུད། བདག་ནི་དམུ་བདུད་རྡོ་རྗེ་ལེགས་པ་བྱ་བ་ལགས། འཁོར་ནི་བཙན་རྒོད་སུམ་བརྒྱ་དྲུག་ཅུ། ཡང་འཁོར་བརྟན་མ་བཅུ་གཉིས་དང་ཐེའུ་རང་སྟོང་སྡེས་བསྐོར་བ། ཕྱི་ལྟར་བསྒྲུབ་ན་འཇིག་རྟེན་བྲན་དུ་འཁོལ། ཟས་ནོར་གྱི་བཅུད་སྡུད། ནང་ལྟར་བསྒྲུབ་ན་དགྲ་བོའི་སྲོག་རྩ་གཅོད་ཅིང་བསྟན་པའི་བྱ་ར་བྱེད། གསང་བ་ལྟར་བསྒྲུབ་ན་ལྟས་ངན་ཆོ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་ཁྱབ་པར་ནུས་ཞེས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ། གཞན་ཡང་འདི་ཉིད་ནས་སྐུ་ལྟར་དུ་བསྒྲུབ་ན་བཙན་རྒོད་སུམ་བརྒྱ་དྲུག་ཅུས་བསྐོར་བ། གསུང་ལྟར་བསྒྲུབ་ན་མགར་བ་ནག་པོར་བྱོན་པ། ཐུགས་ལྟར་དུ་བསྒྲུབ་ན་ཆེ་བཙན་དཔལ་གྱི་མཐུ་བོ་ཆེར་འབྱོན་པ། ཡོན་ཏན་ལྟར་བསྒྲུབ་ན་སེར་སྐྱ་ནག་པོར་འབྱོན་པ། ཕྲིན་ལས་ལྟར་བསྒྲུབ་ན་སྤུ་གྲིས་དགྲ་སྲོག་གཅོད་པ། དྲག་སྔགས་སུ་བསྒྲུབ་ན་གནོད་སྦྱིན་མཆེད་བཞིར་འབྱོན་པ། མན་ངག་ལྟར་བསྒྲུབ་ན་བརྟན་མ་བཅུ་གཉིས་ཀྱིས་བསྐོར་བ། མ་སངས་སུ་བསྒྲུབ་ན་དྲག་པོ་བཙན་ལྟར་འབྱུང་བ། རྒྱལ་པོ་ལྟར་བསྒྲུབ་ན་སྨྱོ་འབོག་གཏོང་། གིང་ལྟར་བསྒྲུབ་ན་སྒྲོལ་བའི་བཤན་པ་བྱེད། ཐེའུ་རང་ལྟར་བསྒྲུབ་ན་ཟས་ནོར་གྱི་བཅུད་སྡུད། བདུད་ལྟར་བསྒྲུབ་ན་དགྲ་བོ་ཁྲམ་ལ་འདེབས་པ་ལ་སོགས་པ་སྒྲུབ་ལུགས་ཀྱི་རྣམ་གྲངས་མཐའ་ཡས་པ་ཡོད་པར་གསུངས་སོ། །གཉིས་པ་རྗེས་གནང་གི་རིམ་པ་ལ། བརྒྱུད་པའི་རིམ་པ་དང་། རྗེས་གནང་དངོས་སོ། །དང་པོ་ནི། ཕྱག་རྡོར། སློབ་དཔོན་པདྨ། གྲུབ་ཆེན་པཀྴི། སངྒྷ་ལཀྵ། རྗེ་རང་བྱུང་བ། གྲགས་པ་སེང་གེ །དར་རྒྱལ་བ། མཁའ་སྤྱོད་པ། དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། དཔལ་འབྱོར་དོན་གྲུབ། བཀྲ་ཤིས་དཔལ་འབྱོར། རྗེ་མི་བསྐྱོད་རྡོ་རྗེ་རྣམས་ཀྱི་བར་དུ་རིམ་པར་བརྒྱུད་པའོ། །གཉིས་པ་རྗེས་གནང་དངོས་ནི། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཅན་སྐྱེས་བུ་ཆེན་པོ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །བླ་མ་ཕྱག་རྡོར་གྱི་ཐུགས་ཀ་ནས་འོད་འཕྲོས། སློབ་མ་ལ་ཕོག །ནད་གདོན་སྡིག་སྒྲིབ་བསྲེགས། རྣམ་སྨིན་གྱི་ཕུང་པོ་སྦྱངས་ཏེ། ཕྱག་རྡོར་དུ་བསྐྱེད་བསྟིམ། མདུན་དུ་དམ་ཅན་བསྐྱེད། བསྟིམ། ལྷ་བསྟིམ་པའི་རྗེས་གནང་ངོ་། །སྔགས་བཟླས་པ་ནི། སློབ་དཔོན་གསང་བདག་གི་ཞལ་ནས་སྔགས་སྒྲ་སྒྲོག་པར་མོས། སློབ་མ་ཕྱག་རྡོར་གྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དམ་ཅན་གྱི་ས་བོན་ཏྲི་ལ་ཕོག །རྒྱུད་བསྐུལ། ཕྲིན་ལས་ཐམས་ཅད་སྒྲུབ་པར་མོས། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཀྟྲཾ་ཏྲཾ། ཤི་ནི་ཀྲ་མ་ནི། ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོཿ ཞེས་བཟླས་ལུང་བྱའོ། །སྲོག་སྙིང་གཟུང་བ་ནི། ཧཱུྃ་གི་འོད་ཟེར་གྱིས་དམ་ཅན་གྱི་ཐུགས་ཀའི་ཏྲི་ཡིག་བླངས། ཧཱུྃ་ལ་ཐིམ་པས་སྲོག་སྙིང་ཤོར། དབང་དུ་བསྡུས་ཏེ། ལུང་ནོད་ཅིང་འདར་ཁྲི་ལི་ལི་འདུག་པར་སྒོམས་ཞེས་གཏོར་མ་ལག་ཏུ་གཏད་དེ་བཀའ་བསྒོ་བྱའོ། །གསུམ་པ་རྒྱུད་ལ་བརྟེན་པའི་མགར་ནག་གི་སྒྲུབ་པ་ལ། མཆོད་རྫས་ཀྱི་རྣམ་གཞག །སྔགས་ཀྱི་འགྲིགས་རིམ། སྒབ་འདྲེ་མནན་ཐབས། སྒྲུབ་ཐབས་དངོས་ཀྱི་ལག་ལེན་དང་བཞི། དང་པོ་ནི། རྒྱུད་ནས་གསལ་བར་འབྱུང་སྟེ། རྟེན་འབྲེལ་བཅའ་ཐབས་ཀྱི་ལེའུ་བདུན་པ་ནས། དྲང་སྲོང་ཆེན་པོས་ཡང་ཞུས་པ། །བསྙེན་ཅིང་ལས་ལ་གཏང་བ་དང་། །བསད་པས་ལུས་སེམས་ཕྲལ་དུས་སུ། །རྟེན་འབྲེལ་མཐུན་རྫས་ཇི་ལྟར་གསག །རྡོ་རྗེ་འཛིན་པས་བཀའ་བསྩལ་པ། །རྟེན་པའི་རྫས་ནི་བླ་རྡོ་དང་། །སྟག་དང་ར་དང་བྱི་ལའི་སྙིང་། །སྙུག་རྒོད་མེ་ལོང་ཁྲབ་བྱང་དང་། །རྔ་མ་ཟ་འོག་དར་སྣ་དང། །སྟག་དང་གཟིག་གི་རས་མ་དང་། །ར་སྤྲེའུ་བྱི་ལའི་རྒྱལ་མཚན་ཕྱར། །དམིགས་རྟེན་བྲིས་སྐུ་དག་ཀྱང་བཀྲམ། །ར་ནི་དཀར་པོ་གཉའ་ནག་ལ། །དར་སྣ་རྔ་མས་བརྒྱན་པ་བཞག །མཆོད་རྫས་ཕྱི་ནང་གསང་བ་གསུམ། །ཕྱི་ཡི་མཆོད་རྫས་ཕྱེ་ཕུད་ལ། །རིན་ཆེན་འབྲུ་དང་བཅས་པའི་བཤོས། །གྲུ་བཞི་ཕ་ཝང་ལོང་རྡོ་ལྟར། །མཁར་ཐབས་ར་ཁྲག་དམར་པོར་བྱུགས། །རྩེ་ལ་ཡུངས་དཀར་གང་བུ་གཟུག །རིན་ཆེན་མཛེས་པའི་སྣོད་དུ་བཞག །ཕྱི་ནས་མཐེབ་ཀྱུས་རབ་བསྐོར་ཏེ། །ནང་དུ་སྨན་ཕུད་རཀྟ་བླུག །ནང་ནུབ་གསེར་སྐྱེམས་བཤོས་བུ་མཆོད། །ཆུ་གཏོར་རྒྱུན་དུ་གཏང་བར་བྱ། །ནང་ནི་དམར་གཏོར་བདུད་རྩི་དང་། །ར་ཡི་དབང་པོ་རྣམ་ལྔ་དང་། །ར་ཤ་ལག་པ་གཡས་པ་དང་། །ར་གསུར་བཏང་ཞིང་རྒྱུན་དུ་མཆོད། །གསང་བ་མཆོད་རྫས་ཅི་མཆོད་ཀྱང་། །དགྲ་བོའི་ཤ་དང་ཁྲག་ཏུ་བསམ། །འཁོར་བཅས་རྔམས་བཀྲེས་ཞལ་གདངས་པས། །ཟས་སྐལ་དགྲ་ལ་བྱེད་པར་བསམ། །རྦད་པའི་དམ་རྫས་བཅའ་ཐབས་ནི། །བཙན་གནས་བྲག་གི་ས་རྡོ་ལ། །གྲུ་བཞི་ཕ་ཝང་ལོང་རྡོ་ལྟར། །རྒྱ་དང་དཔངས་སུ་ཁྲུ་རེ་བ། །གསུམ་གྱི་བར་དུ་གྲུ་གསུམ་ནང་། །གང་ལ་དམིགས་པའི་ལིང་ག་བཅའ། །སྟེགས་བུ་གྲུ་གསུམ་རྩེ་མོ་ལ། །འཁོར་གྱི་ཕུང་བྱེད་བདུད་པོ་གསུམ། །ཨ་ཙ་ར་ཡི་གཟུགས་བྱས་བཞག །ཁྲོས་ཚུལ་ཁ་དོག་ནག་པོ་བྱ། །ལག་ཏུ་དུག་ཤིང་ལས་བྱས་པའི། །མདུང་ལ་གྲིར་བསད་མདེ་འུ་བཙུགས། །བྲུབ་ཁུང་ནང་གི་དགྲ་ལ་གཏད། །གསད་པ་ལས་ཀྱི་བཅའ་ཐབས་ནི། །ཤྭ་འོད་ས་དང་ཐོག་བརྒྱབས་ས། །ལོ་ཐོག་སེར་བས་བཅོམ་ས་ལ། །གསད་པའི་ཁང་བུ་ཟུར་གསུམ་བྱ། །རྒྱ་དང་དཔངས་སུ་ཁྲུ་གསུམ་བརྩེགས། །གྲུ་གསུམ་རྩེ་མོ་བསྣོལ་མ་བྱ། །གྲུ་གསུམ་རྩེ་ལ་རྟེན་རྫས་གཟུག །སྟེགས་དཔངས་ཁྲུ་གང་གྲུ་གསུམ་པའི། །མེ་ཐབ་ཧོམ་ཁུང་གྲུ་གསུམ་བྲུ། །ཐུར་དུ་གཏིང་ཟབ་བུ་ག་བཏོན། ཁྲག་དང་དུག་ཆུས་ཞལ་ཞལ་བྱ། །ཕྱི་ནང་དུར་ཁྲོད་ཐལ་བས་བྱུག །བཙོ་བསྲེག་ཕྱི་ནང་བརྡུང་བཏགས་བྱ། །མནན་གཟིར་དྲག་པོའི་འབག་འཚོམ་དང། །གྲོག་མཁར་ས་དང་དྲི་མ་དྲུག །ཁ་ཤོག་སྦྲང་རྒོད་དུག་ཆུས་སྦྱར། །དགྲ་བོའི་འདྲ་འབག་ཆོ་ག་བྱ། །དུར་ཁྲོད་རས་སམ་ཤིང་ཤུན་ལ། །དགྲ་བོའི་མིང་རུས་བླ་དྭགས་རྣམས། ཁྲག་དང་དུག་ཆུས་བྲིས་བྱས་ཏེ། །ཚོན་སྐུད་སྣ་ལྔས་བྱད་དུ་གཞུག །སྔར་གྱི་དགྲ་གཟུགས་སྙིང་གར་བཞག །མགོ་མཇུག་མེད་པར་ཤི་སྐྲས་བཏུམ། །གྲུ་གསུམ་དབུས་མའི་སྟེང་དུ་བཞག །ས་བཟང་རིན་ཆེན་འབྲུ་བསྡེབས་ལ། །ཕོ་མོའི་བྱང་སེམས་རཀྟས་སྦྲུས། །ཨ་ཙ་ར་ཡི་གཟུགས་གསུམ་བྱ། །གཟི་འདྲའི་མིག་ལ་རུས་པའི་སོ། །ཞོ་ཤའི་སྙིང་ལ་ཟེར་མོའི་སྐྲ །ཕྱི་རིམ་དར་གྱི་ཅོད་པན་ཅན། །སྟེགས་བུ་གསུམ་གྱི་སྟེང་དུ་བཞག །མི་བསད་གྲི་མདའ་མདུང་ལ་སོགས། །མཚོན་ཆ་ཁ་དམར་ལྕགས་སྣ་ལས། །རོ་བསྲེགས་སོལ་བས་མདུང་ལྕགས་བརྡུང་། ཁྲག་སྣ་དུག་སྣའི་ཆུས་ངར་བླུད། །དུག་ཤིང་ཚེར་མའི་ཤིང་ལ་གཟུག །ཁུ་བར་དུག་སྣས་གསད་སྔགས་བྲི། །རྒྱ་གར་གཟུགས་གསུམ་ལག་ཏུ་སྐུར། །དམིགས་པའི་ལིང་གའི་སྙིང་གར་གཏད། །ཟུར་གསུམ་ཁ་ཁྱེར་ཕྱི་མཐའ་ལ། །གཅན་གཟན་གདུག་པ་ཅན་གྱིས་བསྐོར། །ལྕགས་ཕྱེ་ཟངས་ཕྱེ་རམ་ཕྱེ་དུག །ཀེ་ཚེ་ཤང་ཚེ་ཉུངས་ཚེ་དང་། །གྲི་ཟོར་མདའ་མདུང་ལ་སོགས་པ། །གསད་པའི་རྫས་ཀྱིས་ཐུན་དུ་བརྡེག །སྟེང་ཡང་མེ་ཐབ་ཟུར་གསུམ་དུ། །རོ་བསྲེགས་སོལ་བ་ནག་པོའི་མེས། །སྟེགས་བུ་གཏིང་ཟབ་བུ་ག་དེར། །སྦུད་པའི་ཟེའུ་ཁ་བཅུག་ལ་སྤར། །དུག་ཤིང་ཚེར་མའི་བྱང་བུ་ལ། ཁྲག་དང་དུག་ཆུས་མིང་རུས་བྲི། ཁྲོ་ཆུའི་ཐོ་བས་ལིང་ག་བརྡུང་། །ལིང་རོ་སོལ་བའི་མེ་ལ་བསྲེག །བསྲེག་རྫས་ར་ཡི་དབང་པོ་ལྔ། །ཤུལ་དུ་ར་ཁྲག་ཚིལ་གསུར་བཏང་། །ཐལ་བ་ཕྱགས་ལ་རླུང་ལ་བསྐུར། །ཞེས་བྱ་བ་རྣམས་སོ། །གཉིས་པ་སྔགས་ཀྱི་འགྲིགས་རིམ་ནི། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བསྙེན་པའི་སྔགས་སོ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོཿ རྩ་བའི་སྔགས་རྒྱུན་དུ་བགྲང་ངོ་། །བླ་རྡོ་སྲོག་འཁོར་གྱི་དུས་ན། འབྲུ་བཞིའི་འབྱིན་འཇུག་ནི། ཙ་ཏྲིའུ་ཤམ་ལ་ཛཿ ཚེ་ཁུག་ཡར་མ་ཡར་ཏེ་ཁུག །བླ་མ་འཕྱོ་ཏྲི་ཁུག །སྤྲང་འཁན་ཡར་ཏེ་ཏྲི་ཁུག །ཁ་རག་ཏི་ཏྲི་ཁུག་ནོན། ཚེ་སྲོག་འགུགས་སྔགས་ཡིན་པས་ཁྲི་ཚོ་བཟླས་ལ་བསྟིམ། ཨོཾ་བཛྲ་ཨ་ཡ་ཛཿ བླ་མ་འཆུ་མ་མ་ལྡོག །ཏྲི་ཏྲི་ནན། ཕྱིར་མི་ལྡོག་པའི་སྔགས་ཡིན་པས་ཁྲི་ཚོ་བཟླས། བཾ་མཐང་ཐང་། ངོབ་ངོབ། ཨོ་ཁུ་ཧེར། བླ་མ་ཏེར་ནན། མཁན་མ་ཧེར་ནན། ཏི་ཏྲི་ནན། གཟུགས་ལ་དབབ་པའི་སྔགས་ཡིན་པས་ཁྲི་ཚོ་བཟླ། ཧོ་ཧ་ཙ་ལ་ཁུག །ཨོཾ་སྲི་ནན། ཁ་ར་དུ་ནན་ནན། བླ་རྡོ་དྲིལ་བའི་སྔགས་ཡིན་པས་ཁྲི་གསུམ་བཟླ། དཀྱུས་སུ་གོང་མ་བཟླའོ། །ཡང་ན་ཁྲི་ཚོ་རེའམ། ཞག་རེ་བྱས་ལ་གཞུང་ལ་འཇུག་གོ །དགྲ་འགུགས་པའི་སྔགས་ནི། བསྙེན་སྔགས་དང་རྩ་སྔགས་ཀྱི་གཤམ་དུ། ཨོཾ་བཛྲ་ཙཀྲ་མས་ཁུག །བཛྲ་གིང་ཀ་རས་ཁུག །བཛྲ་རཀྵ་རཀྵ་ཁུག །ཏ་རེས་ན་ཁུག །ཧ་ར་ཧ་ར་ཁུག །བཛྲ་སཱ་དྷུ་ས་མ་ཡ་ཆེ་གེ་མོ་ནྲྀཿ ཛཿཛཿཁུག །ཞེས་རྟགས་མ་བྱུང་བར་བཟླ། གསད་པའི་སྔགས་ནི། བཛྲ་རཀྵ་ཛཿ བཛྲ་ཡཀྵ་ཛཿ བཛྲ་རྦད་བུ་རྦད་བུ་ཛཿ བཛྲ་སཱ་དྷུ་ས་མ་ཡ་ཆེ་གེ་མོ་མཱ་ར་ཡ་ཛཿ སྲོག་ལ་ཐུམས་རྦད། ཐུན་སྔགས་ནི། བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཐུན། རྦད་ཐུན་རོལ་ཐུན། མགར་བ་ནག་པོ་ཐུན། མོན་པ་ནག་པོ་ཐུན། འུར་བ་འུར་བ་ཐུན། ལྕགས་སྤྱང་མགོ་ནག་ཐུན། རྒྱ་སྟག་ཁྲ་བོ་ཐུན། སྟག་སྤྱང་རོལ་བ་ཐུན། འུར་བ་རོལ་པ་དགྲ་བོ་ཐུན་སོད། ཏྲག་སོད། ཏྲི་མ་དུ་ཤ་སོད། ཨི་ཆོ་ཚེ་སོད། ལིང་ག་ཐོ་བས་བརྡུང་བའི་སྔགས་ནི། བཛྲ་སཱ་དྷུ་ས་མ་ཡ་ར་ར་རུ་རུ་ཤ་ར་ར་རྡུངས་རྡུངས་ཐོག་ཡེ་རེ་རེ། ཆོམ་ཆོམ། མགར་བ་ནག་པོ་གཏོར་ཡ། བལ་པོ་ཀུ་རུ་ཆེ་གེ་མོའི་སྲོག་ལ་འཕྲོག །ཁ་རག་དཔལ་མོ་བཙུན་སྐུལ་སྐུལ། ཤ་མེད་གངས་དཀར་མས་གཏོར་གཏོར། སྦྱིན་སྲེག་གི་སྔགས་ནི། བཛྲ་སཱ་དྷུ་ས་མ་ཡ། དགྲ་བོ་མཱ་ར་ཡ་ཛྭ་ལ་རཾ། མནན་པའི་སྔགས་ནི། བཛྲ་སཱ་དྷུ་ས་མ་ཡ། ཧཱུྃ་ལཾ། དགྲ་བོ་མཱ་ར་ཡ་ནན། བླ་རྡོ་དུས་ཀྱི་སྔགས་བཞི་པོ་ནི། སྤྱན་འདྲེན་པ། དབང་དུ་བྱ་བ། དམ་ལས་མི་འདའ་བ། ཟིལ་གྱིས་གནོན་པ་བཞིའོ། །ལིང་གའི་གདབ་སྔགས་ནི། སྤྱི་བོར་པེའུར་ཐིམ། ལག་པ་གཉིས་ལ་ཁ་མེལ་མལ་ཐིབས། སྙིང་གར་ཕ་ཏྲི་དུ། ཡོ་ཤ་ལ་ཐུཾ། རྐེད་པ་ལ་འགས་མ་འགས་མ། བྷ་བྷ་ལི་ལི། འདོམས་བར་དུ། འདྲེ་མོ་འདྲེ་སྭ་ཧཱ། །བྲི་བར་དང་མཐའ་མར་མིང་རུས་དང་། བླ་དྭགས་གཟུད། འཁོར་ལོ་ཟུར་དྲུག་པ་ལ་བརྒྱང་། བྲིས་ལ་བྱད་ཐག་དྲངས་ཏེ་རཱུ་པའི་སྙིང་གར་གཞུག །དགུག་གཞུག་ལྷ་དབྱེ་གཞན་དང་འདྲ། བྲུབ་ཁུང་རྒྱུ་ནི། ས་ནག །འཐབ་མོའི་ས། གྲོག་རལ་ས་གསུམ། ཁ་ནུབ་བལྟའི་ཆུས་སྦྲུས་ལ་བྱའོ། །དུག་ཁྲག་དུག་སོལ་བྱུགས། ཁ་རྩང་གིས་བསྐོར། ས་སྤྱིན་ཤོག་འདམ་ལ་མོན་པ་ནག་པོ་དུང་དང་བྱད་ཐག་གཉིས་ཀ་འཛིན་པའོ། །བྲུབ་ཁུང་སོལ་བས་བསྐོར། རྟེན་གཏོར་དང་བླ་རྡོ་ནམ་མཁའ་ལ་བཅང་ངོ་། །དམ་ཅན་སྐྱེས་བུ་ཆེན་པོའི་སྔགས་ཀྱི་མན་ངག་ྀཨཚ། །འདིའི་བརྒྱུད་པ་ནི། གྲུབ་ཆེན་ཀརྨ་པ། སངྒྷ་ལཀྵ། རང་བྱུང་རྡོ་རྗེ། རྟོགས་ལྡན་མི་བསྐྱོད་རྡོ་རྗེའོ། །གསུམ་པ་སྒབ་འདྲེ་མནན་ཐབས་ནི། དམ་ཅན་འདི་ལྷ་བཟང་སྟེ་འཁོར་ངན་པས། རིགས་གང་བསྒྲུབ་ཀྱང་དམ་སྲི་གསུམ་མནན་པ་འདི་ཁག་ཆེའོ། །བདུད་སྙབ་པ་ལག་རིང་ནི་བནྡྷེ་ཆེན་པོའམ། བོན་པོའམ། རྟ་ལ་སོགས་པ་དང་། གཅན་གཟན་དུ་སྤྲུལ་ནས་བདག་སྒྲུབ་པ་པོའི་སྲོག་ལ་རྒོལ་ལོ། །བཙན་ཡམ་ཤུད་དམར་པོ་ནི། རྟ་དམར་པོ་དང་། བོང་བུ་ཁྱིར་སྤྲུལ། རྟ་དང་ནོར་ལ་གནོད། ཐེའུ་རང་སྟོང་འཁྲུགས་ནི་དམག་ཟིང་དང་བྱིས་པར་སྤྲུལ་ཏེ། འཁོར་དང་སྲིས་ལ་གནོད། འདི་གསུམ་མནན་ཅིང་བཀར་བ་མ་ཤེས་ན་རྣལ་འབྱོར་པ་ཚེ་ཐུང་བ་དང་། ནོར་ཕྱུགས་ལ་ཤི་གོད་འོང་བ་དང་། འཁོར་དང་ཟས་ནོར་ལ་གནོད་པ་བྱེད་པས། འདིའི་མནན་པ་ཤིན་ཏུ་ཁག་ཆེའོ། ཁོ་རང་གིས་ཕྱག་ན་རྡོ་རྗེའི་ཞལ་མཐོང་ཞིང་དགེ་བསྙེན་གྱི་སྡོམ་པ་བླངས་པས་སེམས་ཅན་ལ་གནོད་པ་མི་སྐྱེལ་ངེས་པའོ། །འདི་གསུམ་མནན་པ་ལ་བཞིར་ཤེས་པར་བྱ་སྟེ། བཀུག་བསྟིམ་བྱ་བ། གནད་ལ་དབབ་པ། སྤྱིར་མནན་པ། སྒོས་སུ་མནན་པ་དང་བཞིའོ། །སྤྱིར་མནན་པ་ནི། སྐམ་ས་དང་ཚིག་ཕྱེ་དང་། བྲག་ནག་པོའི་དྲེག་པ་དང་། རམ་གྱི་ཕྱེ་མ་དང། ཐལ་ཆེན་དང་། ལྕི་བ་དང་། རམ་བུ་རྣམས་བསྲེས་ཏེ། གཟུགས་གྲུ་བཞི་ཁྲུ་གང་བ་གསུམ་བྱས་ཏེ། དབུས་མིའི་མགོ་ཅན་བྱ། སྙིང་གར་རས་ལ་མི་ཁྲག་གིས། ཨོཾ་པག་ཤུ་མུ་ཐ་ཧཱུྃ་ཛཿཛཿསྙབ་པ་ལག་རིང་མཱ་ར་ཡ་ཏྲི་ཛཿཁུག༔ སཏྭམྦྷ་ཡ་ནན་བྱ་བ་བྲིས་ལ་བཅུག་གོ །གཡས་རྟ་མགོ་ཅན་བྱས་ལ། དེའི་སྙིང་གར་གྲོ་ག་ལ་རྟ་ཁྲག་གིས། ཨོཾ་ཤོ་ན་ཏ་ཀྲི་ཛཿཛཿཡམ་ཤུད་དམར་པོ་མཱ་ར་ཡ་ཏྲི་ཛཿཁུག །སཏྭམྦྷ་ཡ་ནན། བྱ་བ་བྲིས་ལ་བཅུག །གཡོན་སྤྲེའུའི་མགོ་ཅན་བྱ། སྙིང་གར་ཤོག་གུ་ལ་ཁྱི་ཁྲག་གིས། ཨོཾ་བྷ་ར་མུ་ཏྲི་ཁས་ཛཿཛཿཐེའུ་རང་སྟོང་འཁྲུགས་མཱ་ར་ཡ་ཏྲི་ཛཿཁུག་སཏྭམྦྷ་ཡ་ནན། བྱ་བ་བྲིས་ལ་བཅུག །གཟུགས་གསུམ་གྱི་སྙིང་གར་ཏྲི་རེ་རེ་བྲི། རང་ཡི་དམ་དུ་གསལ་བས་ཛཿཧཱུྃ་བཾ་ཧོ༔ས་དགུགས་གཞུག་བྱའོ། །དམ་སྲི་གསུམ་གྱི་སྙིང་པོ་འདི་ཁྲི་སྟོང་བཟླ། ཨོཾ་པག་ཤུ་མུ་ཏ་ཧཱུྃ་ཛཿ ཤོན་ཏ་ཀྲི་ཧཱུྃ་ཛཿ བྷ་ར་མ་ཏྲི་ཁས་ཧཱུྃ་ཛ་ཛཿ དེ་ནས་རང་བདུད་ཆས་སུ་ཞུགས་ཤིང་། ལྷའི་ང་རྒྱལ་དང་ལྡན་པས། དོམ་རས་དང་། ཁྱི་ལྤགས་དཀར་པོ་རྡེབ་ཅིང་། རྡེའུ་ནག་པོ་དང་། ཡུངས་དཀར་ནག་དང་། བྲ་བོ་སྲན་མ་ཚིག་ཕྱེ་རྣམས་གཟུགས་ལ་བྲབ་ཅིང་གནད་ལ་དབབ་པའི་སྔགས་འདི་བཟླའོ། །གྷ་ཏྲི་ཨ་ནན། བག་ཏྲི་ཨ་ནན། སྙིང་ཏྲི་ཨ་ནན། སྲོག་ཏྲི་ཨ་ནན། སྲོག་ཏྲི་དུ་མཱ་ར་ཡ་གུར་ནན། སྔགས་དེ་མཐའ་འགྱུར་དང་བཅས་པ་གཟུགས་གསུམ་གྱི་སྙིང་གར་ཡང་བཅུག་གོ །རབ་ཞག་བདུན། འབྲིང་ལྔ། ཐ་མ་ཡང་གསུམ་བསྒྲུབ་པོ། །གླལ་ཆོ་ཆོ་བ་དང་། སྐྱི་བུན་བུན་པ་དང་། མཆིལ་མ་ཤལ་ཤལ་བྱེད་ན་ཁུག་པའི་རྟགས་སོ། །ཧཱུྃ་ཀ་རའི་སྔགས་ཀྱིས་སེང་ལྡེང་གི་ཕུར་པ་སོར་བཞི་པས་སྤྱི་བོར་བཏབ། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་སྐྱེར་པའི་ཕུར་པ་སོར་བཞི་པ་སྙིང་གར་གདབ། སྟོབས་པོ་ཆེའི་སྔགས་ཀྱིས་ཤུག་པའི་ཕུར་པ་སོར་བཞི་པ་འཕོངས་སུ་བཏབ་བོ། །གསུམ་པ་མནན་པ་ནི། ཁྲི་ལམ་བཞི་མདོའམ། མལ་འོག་གམ། མཆོད་རྟེན་འོག་ཏུ་དོང་གྲུ་གསུམ་པ་དེའི་ནང་དུ་མགོ་སྟེང་འོག་བསྣོལ་ལ་མནན་ནོ། །མནན་སྔགས་ནི་བརྒྱ་རྩ་བཟླས་ལ་མནན་ནོ། །རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས། ཕྱི་རོ་སོལ་གྱིས་རི་རབ་གླིང་བཞི་བྲིས་པས་ཁ་བཅད། སུ་ཤ་ཨ་ན་ཀ་དུ་ནན། སུ་ཤ་ཨ་ཀ་ནན། དུ་ན་ཨ་ཀ་ནན། དུ་ན་ས་ཏྲི་ནན། དམ་སྲི་སྤུན་གསུམ་སཏྭམྦྷ་ཡ་ནན། སྒྲུབ་པའི་བར་ཆད་མ་བྱེད་ཅིག །ཅེས་སོ། །མནན་པ་ཡིན་པས་ལོ་བརྒྱར་མ་ལངས་ཤིག །རྒྱལ་བ་བྱམས་པའི་བསྟན་པར་ལོངས་ལ་ཆོས་ཉོན་བྱས་ལ། དགུ་སྟོང་ལ་མནན་ནོ། །ནང་དུ་ལོག་ལ་ཚིག་ནག་གིས་ནང་དུ་བྲབ། ཁྲོ་བཅུའི་སྔགས་ཀྱིས་མཚམས་བཅད་དོ། །སྒོས་སོ་སོར་མནན་པ་ནི། སྙབ་པ་ལག་རིང་རབས་ཆད་ལ་སོགས་པ་གཅན་གཟན་གང་རུང་གི་ཐོད་པར་རྨི་ལམ་གང་བྱུང་གི་གཟུགས་བྱས་ལ། སྙིང་གར་ལིང་ག་དང་སྔགས་བཅུག་ལ། མཆོད་རྟེན་ནམ་ལྷ་ཁང་ཐེམ་པའི་འོག་ཏུ་མནན་ནོ། །ཡམ་ཤུད་དམར་པོ་རྟ་བོང་གི་གཟུགས་བྱས་ལ་སྙིང་གར་མིང་བཅུག་སྟེ། རྟ་ཐོད་དང་བོང་བུའི་ཐོད་པར་བཅུག་ནས་ལམ་རྒྱ་གྲམ་འོག་ཏུ་མནན། ཐེའུ་རང་སྟོང་འཁྲུགས་ནི། ཚིག་མ་དང་བག་ཕྱེ་ལ་སྤྲེའུའི་གཟུགས་བྱས་ནས་སྙིང་གར་མིང་རུས་བཅུག་སྟེ། ཁྱི་གུའམ་བྱི་ལའི་ཐོད་པར་བཅུག་ལ། རེ་ཧྲུལ་རྙིང་པའི་རྣོལ་འཕྲང་དུ་མནན་ནོ། །སྤྱི་དང་བྱེ་བྲག་གང་བྱེད་ཀྱང་རུང་། གཟུགས་དང་ཐོད་པ་གང་རུང་རེ་བས་བསྟུམས་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་ཏེ། གཟིར་མནན་བྲོ་བརྡུང་དྲག་ཏུ་བྱེད། དམ་སྲི་སྤུན་གསུམ་མནན་པའི་མན་ངག་གོ །བཞི་པ་སྒྲུབ་ཐབས་དངོས་ནི། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ་ཡི། །མན་ངག་དམ་པ་བཤད་པར་བྱ། །དང་པོ་སྒྲུབ་པའི་རྣལ་འབྱོར་གྱི། །གཉེན་པོའི་ལྷ་ལ་རྟགས་ཐོན་ནས། །འདི་ཉིད་ངེས་པར་བརྩམ་པར་བྱ། །འདི་ལ་གསུམ་སྟེ་བསྙེན་པ་དང་། །སྒྲུབ་པ་ལས་ལ་འགྱེད་པ་དང་། །མ་གྲུབ་སྤོགས་པའི་ཆོ་ག་འོ། །དང་པོ་ལ་ཡང་རྣམ་གཉིས་ཏེ། །བླ་རྡོ་བཅའ་བའི་བསྙེན་པ་དང་། །རྒྱུན་གྱི་བསྙེན་པ་བྱ་བའོ། །དང་པོ་བླ་རྡོ་བཅའ་བ་ནི། །དུར་ཁྲོད་རས་ལ་སྐྱེས་བུའི་གཟུགས། །བྲིས་ཏེ་སྙིང་གར་ས་བོན་བྲི། །མགོ་ལ་དབང་བསྐུར་སེམས་བསྐྱེད་སྔགས། །ལག་གཡས་ཚེ་སྲོག་འགུག་པ་དང་། །གཡོན་པར་ཕྱིར་མི་ལྡོག་པའི་སྔགས། །གཟུགས་ལ་དབབ་སྔགས་རྐང་པ་གཡས། །བླ་རྡོ་དྲིལ་བ་གཡོན་ལ་བྲི། །བླ་རྡོའི་ངོས་ལ་ཡིག་འབྲུ་བཞི། །སྟེང་དུ་རྩ་བའི་སྲོག་ཏྲི་སྟེ། །དེ་ནི་སྙིང་གར་གཞུག་པར་བྱ། །ར་ཡི་དབང་པོ་རྣམ་ལྔ་དང། །བཅས་པ་མདུན་དུ་ལེགས་པར་བཞག །བདག་ཉིད་ལྷག་པའི་ལྷ་རུ་བསྐྱེད། །བསྟན་པ་བསྲུང་བའི་བསམ་པ་ཡིས། །ཏྲི་ལས་སྐྱེས་བུ་ལེགས་བསྐྱེད་དེ། །རང་སྔགས་རྩ་བའི་ཤམ་བུ་ནི། །ཚེ་སྲོག་དགུག་པ་ཁྲི་བཟླས་ལ། །ལྕགས་ཀྱུ་ལྟ་བུས་དགུག་ལ་བསྟིམ། །དེ་བཞིན་ཕྱིར་མི་བཟློག་པ་དང་། །གཟུགས་ལ་དབབ་དང་བླ་རྡོ་དྲིལ། །གོང་བཞིན་བསྙེན་པ་བྱས་ནས་ནི། །ཞུགས་དང་བརྟན་དང་དགྱེས་པར་བྱ། །དེ་དྲིལ་ཟ་འོག་ཁུག་མར་བཅུག །དེ་ཉིད་བྱི་བའི་ཐོད་པར་བཅུག །དེས་ནི་རྒྱུན་དུ་འཁོར་བར་འགྱུར། །གཉིས་པ་རྒྱུན་པར་བསྙེན་པ་ནི། །བདག་དང་དམ་ཅན་ཏིང་འཛིན་གྱིས། །གསལ་གདབ་རྩ་བའི་སྙིང་པོ་བགྲང། །ཐུན་བཞིར་མཆོད་དང་གཏོར་མ་བཤམ། །དབང་དུ་འདུ་བར་ཐེ་ཚོམ་མེད། །གཉིས་པ་སྒྲུབ་པའི་རིམ་པ་ནི། །བཅའ་གཞི་བསྐྱེད་པའི་ཏིང་འཛིན་དང་། །རྗེས་དང་གྲུབ་པའི་མཚན་མ་དང་། །མཆོད་པའི་རིམ་པ་བསྟན་པ་འོ། །དང་པོ་ཕྱི་ཡི་རྟེན་རྫས་ནི། །སྐུ་གཟུགས་ཙ་ར་རོག་པོ་དང་། །ར་སྤྲེའུ་བྱི་ལའི་ཤ་ལྤགས་མགོ །སྨྱུག་རྒོད་སྟག་གཟིག་དར་ཟབ་དང་། །ཕྱི་ནང་མཆོད་པའི་དམ་རྫས་སོགས། །ནང་རྟེན་གཏོར་མ་རཀྟ་དང་། །ཨ་མྲྀཏ་སོགས་རྟག་ཏུ་བཅང་། །གསང་རྟེན་སྲོག་གི་འཁོར་ལོ་འོ། །དེ་ལྟར་ཚོགས་ནས་དབེན་པའི་སར། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །སོར་བཞིའི་ཚད་དུ་བརྩིགས་པའི་སྟེང་། །ཨེ་དབྱིབས་མཛུབ་དོའི་ཚོད་དུ་བྱ། །རྩེ་མོ་ལྷོར་བསྟན་ལག་གང་བ། །དུར་ཁྲོད་རོ་སོལ་ལེགས་པར་བྱུག །ཁ་ལ་གདུག་པའི་རྩང་གིས་བསྐོར། །མོན་པ་སྤྱང་ཀི་སྟག་ལ་སོགས། །ཡུམ་དང་བཅས་ལ་ལེགས་པར་བཀོད། །དབུས་སུ་དམིགས་པའི་རཱུ་པ་གཞུག །སྙིང་ནས་དྲོངས་ལ་ཕུར་བུས་བརྟོད། །ཡང་ན་མོན་པའི་ལག་གཡོན་བསྐོར། །བ་ལིཾ་མཆོད་རྫས་ལེགས་པར་བཤམ། །གཉིས་པ་ཏིང་འཛིན་རིམ་པ་ནི། །བདག་ཉིད་དཔལ་གྱི་མདུན་དུ་ཡང་། །ཏྲི་ལས་དམ་ཅན་དུ་བའི་མདོག །འཇིགས་པའི་གཟུགས་ཅན་ཕྱག་གཉིས་པ། ཁ་རླངས་དུག་ལ་ང་རོ་འབྲུག །ཤངས་ནས་རླུང་ནག་འཚུབ་མ་འབྱུང་། །གཡས་ན་ཁྲོ་ཆུའི་ཐོ་བ་ཅན། །གཡོན་ན་ར་ཡི་རྒྱལ་མཚན་བསྣམས། །རང་སྙིང་སྲོག་སྔགས་བཅས་པ་བསྐྱེད། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །ཕོ་ཉ་གཅན་གཟན་གདུག་པ་ཅན། །ཡུམ་དང་བཅས་པ་གསལ་བར་བསྐྱེད། །གསང་བ་སྲོག་གི་སྙིང་པོ་ནི། །རྟགས་མ་བྱུང་གི་བར་དུ་བཟླ། །ཡང་ན་འབུམ་ཕྲག་གཅིག་ཏུ་འོ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝག་ཏྲཾ་ཏྲཾ་ཤི་ནི་ས་མ་ཡ། སཱ་དྷུ་ཏྲི་ཛ་ཛཿཧཱུྃ་བཾ་ཧོཿ དམིགས་བྱའི་དགྲ་བོ་འགུགས་པ་ནི། །དམ་ཅན་འཁོར་དང་བཅས་པ་རྣམས། །བརྟུལ་ཞུགས་ལྡན་པས་རྦད་པའི་ཚེ། །འགུགས་པའི་ཕོ་ཉ་ལ་སོགས་ཀྱིས། །རང་དབང་མེད་པར་བཀུག་ཅིང་བསྟིམ། །དགུག་པའི་སྙིང་པོ་ཞག་བདུན་བཟླ། །གསད་པའི་དུས་ཀྱི་ཏིང་འཛིན་ནི། །གྲུ་གསུམ་ནག་པོའི་གཏིང་རུམ་དུ། །དམིགས་པའི་དགྲ་བོ་གསལ་བ་ལ། །ནད་ཡམས་དུག་ཁྲག་འཚུབས་མ་ཡིས། །མཉམ་པོར་འོང་བའི་ལྷ་དང་ཕྱེ། །ལྷན་ཅིག་སྐྱེས་པའི་བདུད་དེ་ནི། །གཅན་གཟན་གདུག་པའི་མཆེ་བ་ཅན། །དམ་ཅན་ཁྲོས་པའི་ཕོ་ཉར་གྱུར། །ཤ་ཟ་ཁྲག་འཐུང་རུས་པ་འཆའ། །སྲོག་སྙིང་དྲང་ཞིང་སྟོབ་པར་བསམ། །གསད་པའི་སྙིང་པོ་ཞག་བདུན་བཟླ། །དུས་དྲུག་ཐུན་གྱི་ཏིང་འཛིན་ནི། །ཡུངས་དཀར་ཡུངས་ནག་ཀེ་ཚེ་དང་། །ལྕགས་ཟངས་དཀར་ནག་དུག་ཁྲག་གིས། །དུས་དྲུག་དམིགས་པའི་ལིང་ག་བྲབ། །བདག་ཉིད་སྒྲོལ་བའི་གིང་དུ་བསྒོམ། །ནད་ཡམས་དུག་ཁྲག་འཚུབས་མ་ཡིས། །མྱོས་ཤིང་བརྒྱལ་དང་འགྱེལ་བར་བྱེད། །ཐུན་རྣམས་མཚོན་ཆའི་ཆར་དུ་བསམ། །དམིགས་བྱའི་ཕུང་པོ་བཤིག་པར་བསམ། །ཐུན་སྔགས་ཉི་ཤུ་རྩ་གཅིག་བཟླ། །གཞན་ཡང་ལས་ཀྱི་ལིང་ག་ལ། །བརྡུང་བའི་དུས་ཀྱི་ཏིང་ངེ་འཛིན། ཁྲོ་ཆུའི་ཐོ་བ་འབར་བ་ཡིས། །སྤྱི་བོའི་གཙུག་ནས་ངེས་བཅོམ་སྟེ། །གནས་ལྔར་བརྡུང་ཞིང་རྣམ་ཤེས་བསྐྱོད། །གོང་གི་ར་ར།་་་རུ་ཡི་བརྡུང་སྔགས་བཟླ། །དེ་ལ་མ་ཡེངས་བརྩོན་འགྲུས་བསྐྱེད། །དམིགས་པའི་དགྲ་བོ་སྒྲོལ་བར་ངེས། །རྗེས་སུ་དུག་ཤིང་བསྣོལ་བརྩིགས་ཏེ། །མགར་བའི་ཁྱིམ་ནས་མེ་བླངས་སྦར། །མེ་ཉིད་བཛྲ་སཱ་དྷུར་བསྐྱེད། །དམིགས་པའི་ལིང་ག་བསྲེག་པར་བྱ། །རྩ་བའི་སྔགས་ལ་སྲེག་སྔགས་བཟླས། །ཐལ་བ་ཝ་ཡི་ཐོད་པར་བླུག །གདུག་པའི་གནས་སམ་བཙན་གྱི་སྲང་། །བྱི་ནཱ་ཡ་ཀའི་གནས་སུ་ནི། །ཨེ་དབྱིབས་ནང་དུ་མནན་པར་བྱ། ཁ་ནི་རྡོ་རྗེ་རྒྱ་གྲམ་བཅད། །བསྐལ་པའི་མཐའ་རུ་མནན་པར་བྱ། །དེ་ནས་མཚན་ལྟས་རིམ་པ་ནི། །བསྙེན་ཅིང་བླ་རྡོ་བཟླ་དུས་སུ། །སྐྱེས་བུ་མོན་དང་ཨ་ཙ་ར། །འོད་དང་སྒྲ་དང་ཐུག་ཆོམ་དང་། །ངེས་མེད་རྣམ་པ་དུ་མ་འོང། །སྲོད་ལ་བག་ཆགས་རྨི་ལམ་ཡོང་། །ནམ་ཕྱེད་ཆོ་འཕྲུལ་རྨི་ལམ་ཡོང་། །ཐོ་རངས་མཚན་མའི་རྟགས་ལ་བརྟག །དགུག་ཅིང་རྦད་པར་བྱེད་པའི་ཚེ། །གཅན་གཟན་ར་ཁྱུར་ཞུགས་པ་དང་། །དགྲ་བོ་དངོས་ཁུག་ལིང་ག་འགུལ། །ཆོ་རོ་སྐྱ་ཤར་ལིངས་པ་དང་། །འབྲོས་དང་འདེད་དང་གཟུང་དང་བཀྱིགས། ཁུག་པའི་མཚན་མར་ཤེས་པར་བྱ། །གསད་པའི་དུས་ཀྱི་མཚན་ལྟས་ནི། །སྲོག་ཆགས་བསད་དང་བྱ་གླང་འགས། །གཅན་གཟན་ཤ་ཁྲག་ཟ་བ་དང་། །མཚོན་ཆའི་རྩེ་ལ་ཁྲག་འཆར་དང་། །མོན་གྱིས་ཤ་ཁྲག་དོན་སྙིང་སྟེར། །དེ་བྱུང་ཐེ་ཚོམ་མེད་པ་ཡིན། །སྤྲང་པོར་བྱུང་ན་བསྐང་བཤགས་བྱ། །རྟགས་ཀྱི་མཚན་མ་འདི་དག་ནི། །རབ་ནི་དངོས་ལ་འབྲིང་ནི་ཉམས། །ཐ་མ་རྨི་ལམ་དག་ཏུ་འོང་། །དམ་ཅན་སྐྱེས་བུ་འཁོར་བཅས་ལ། །བསྙེན་ཅིང་སྒྲུབ་པའི་དུས་སུ་ནི། །ཐུན་གཏོར་བདུད་རྩིར་བསམ་ལ་འབུལ། །རྩ་བའི་སྔགས་ལ་བ་ལིཾ་ཏ། །ར་ཡི་གསུར་གྱིས་རྒྱུན་དུ་མཆོད། །རྒྱུ་བའི་དུས་ན་སྨན་ཕུད་མཆོད། །རྦད་པའི་དུས་ན་གཏོར་མ་ནི། །མི་བཏང་ཁ་ཡིས་བླང་བར་བྱ། །ལོག་རྡུག་ཐེ་ཚོམ་བྱུང་བ་ན། །གསེར་སྐྱེམས་བཏང་ཞིང་རྟག་ཏུ་མཆོད། །ལས་སྦྱོར་དུས་ན་གཏོར་མ་རྣམས། །དགྲ་བོའི་ཤ་ཁྲག་བསམ་ལ་འབུལ། །ར་ལྤགས་གདབ་ཅིང་བཤུགས་གླུ་ལེན། །མིང་ནས་འབོད་ཅིང་གནད་ནས་བསྐུལ། །དེས་ནི་ཐེ་ཚོམ་མེད་པར་འགྲུབ། །གལ་ཏེ་འཁུ་ཞིང་ལྡོག་པ་འམ། །འཁོར་དང་ནོར་ཕྱུག་ཁྱིམ་མཚེས་ལ། །གནོད་ཅིང་དགྲ་ལ་རྟགས་མེད་ན། །དེ་ཡི་ཤི་ས་བསྟན་པ་ནི། །སྲོག་འཁོར་བྲུབ་ཁུང་ནང་དུ་བཅུག །སྲོག་སྙིང་འབོད་རྦད་གསད་པ་རྣམས། །ཕྱག་ན་རྡོ་རྗེའི་ཐེམས་ལ་བགྲངས། །ཡང་ན་རྩ་སྔགས་དཀྲུག་བཟློག་བཟླ། །ཐུན་གྱི་ཚོགས་ཀྱིས་དེ་ལ་གཟིར། །ཐུགས་ཀའི་སྲོག་སྙིང་ཏྲི་བླངས་ཏེ། །ཕྱག་ན་རྡོ་རྗེའི་གདན་དུ་གཟིར། །དེ་དུས་མོན་པ་ཁ་སྦུབ་འགྱེལ། །ར་དང་སྤྲེ་འུ་མགར་བ་རྣམས། །ཉམ་ཆུང་བ་ཡི་རྟགས་བྱུང་ན། །གཏོར་མ་ཕུལ་ལ་ལས་ལ་རྦད། །གྲོང་རྒྱུ་ཁྱིམ་མཚེས་ལ་གནོད་ན། །རྣམ་འཇོམས་སྔགས་ཀྱི་རྗེས་སུ་ནི། །སྔགས་བྲི་གྲོང་དུ་རྒྱུ་བ་ན། །སྲོག་སྙིང་ཚལ་བར་ཁོས་ཞེས་བྲི། །ཞ་ཉེའི་ཐོ་བ་སྟག་ཡུ་ཅན། །དེ་ཉིད་དྲིལ་ཏེ་བཞག་པར་བྱ། །དེས་མ་ཐུབ་ན་ཐོ་བས་བརྡུང་། །གལ་ཏེ་ནོར་ལ་གནོད་པ་ན། །གསེར་དངུལ་ཟངས་ལྕགས་འབྲུ་སྣ་བཅས། །དར་ཟབ་ནོར་གྱི་བྱེ་བྲག་རྣམས། །བླ་རྡོའི་ནང་དུ་བཅུག་བྱས་ལ། །ཟས་ནོར་ཀུན་གྱི་བདག་པོ་མཛོད། །མི་ནོར་ཟས་གསུམ་དབང་དུ་སྡུས། །ཅེས་བཟླས་ནོར་སྒྲུབ་ཆེན་པོར་འགྱུར། །གལ་ཏེ་འཁོར་ལ་གནོད་པ་ན། །རྡོ་རྗེ་རྒྱ་གྲམ་ལྟེ་བ་ལ། །དམ་ཅན་སྲོག་གི་སྙིང་པོ་བྲི། །ཐ་མར་རྣམ་འཇོམས་སྔགས་ཀྱིས་བསྐོར། །ལུས་ལ་བཏགས་པས་བསྲུང་བར་འགྱུར། །ཆོ་འཕྲུལ་ལ་སོགས་ཇི་སྙེད་པ། །གཞན་དུ་སྒྲུབ་ནི་མི་དགོས་ཏེ། །རྦད་པ་ཙམ་གྱིས་ངེས་པར་འགྱུར། །མན་ངག་གནད་ཀྱི་སྒྲུབ་པ་ནི། །དམ་ཅན་རྒྱུད་དང་སྒྲུབ་ཐབས་དང་། །དཔལ་ལྡན་ཀརྨ་པ་ལ་ནི། །དམ་ཅན་ཉིད་ཀྱིས་སྲོག་སྙིང་ཕུལ། །མི་རབས་བརྒྱུད་པ་བཅུ་གསུམ་དུ། །བསྟན་པ་བསྲུང་བར་ཁས་བླངས་པའི། །ཞལ་གྱི་གདམས་པ་ཡོད་པ་རྣམས། །གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་འདི། །སྔོན་ཆད་གཞན་གྱིས་མི་ཤེས་ཤིང་། །རང་གི་དྲན་པ་གསོ་བ་དང་། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །རང་བྱུང་རྡོ་རྗེས་བསྡེབས་པ་ཡིན། །རྒྱལ་བའི་བསྟན་པ་བསྲུང་བར་ཤོག །བཞི་པ་སློབ་དཔོན་པདྨའི་གསུང་ལས་བྱུང་བའི་སེང་ཞོན་གྱི་སྒྲུབ་ཐབས་ནི། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོ་རང་གི་དགོན་པར་དཀྱིལ་འཁོར་གཅིག་བྱས་ལ། དེའི་དཀྱིལ་དུ་བྲུབ་ཁུང་ཟུར་གསུམ་བྱས་ནས་ཁ་ཁྱེར་རྩང་གིས་བསྐོར་རོ། །དང་པོ་དཀྱིལ་འཁོར་དང་བྲུབ་ཁུང་གཉིས་ཀར་སྔགས་ཀྱིས་ཆག་ཆག་གདབ། བག་ཟན་ལ་དགྲ་བོའི་གཟུགས་བྱས་ལ། དེའི་སྙིང་གའི་ནང་དུ་དགྲ་བོའི་གཟུགས་བྲིས་པའི་ལིང་ག་གཞུག །དེ་ནས་ཁོ་ལ་གཏོར་མ་བཤམས་ལ་ཐུན་རྫས་འདི་ཚོ་གསོག་གོ །འབྲུ་སྣ་ལྔ། ཡུངས་དཀར། ཐང་ཕྲོམ། རྡེའུ་དཀར་ནག །བཙན་དུག །ར་ཁྲག་རྫས་དེ་རྣམས་གསག་གོ །དམ་ཚིག་མཚམས་ཀྱི་བར་དུ་འཁོན་དང་། ཡུགས་ས་དང་། མི་ཐོང་དང་ཁ་མི་བསྲེའོ། །ནུབ་རེ་གཏོར་མ་གཏང་། ནངས་རེ་བཤོས་བུ་གཏང་བར་བྱའོ། །དེ་ནས་ཁོའི་དམ་རྫས་བླ་རྡོ་ཚགས་བྱས་ལ། བདག་ཉིད་ལྷ་རུ་བསྒོམ་པར་བྱ་སྟེ། སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་རྩ་དམར་ཞིང་སྡང་མིག་ལྟ་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སག་ཞུ་དབུ་ལ་གསོལ་བ། སྐུ་ལ་ངུར་སྨྲིག་གསོལ་ཞིང་གསེར་རྐེད་རྐེད་ལ་བཅིངས་པ། ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་དང་གཡོན་པས་མི་སྙིང་དམར་པོ་བསྣམས་པ། ཆིབས་སུ་སེང་གེ་དཀར་མོ་ལ་འཆིབ་སྟེ་འབངས་རྣམས་འཁོར་དུ་ཁྲིད་ནས་དམ་ཉམས་མ་ལུས་རྩད་ནས་གཅོད་པར་བསྒོམ། དེ་ནས། ལྷ་གཉན་དུ་འབོད་པའི་སྔགས་འདི་བཟླའོ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ། ཏྲི་ཐུག་ཏྲི་ཐུག་ཏྲི་རྦད་ཛཿ སྲོག་ལ་རྦད་རྦད། ཁ་ལ་ཡག་ཤ་དུ་ཏྲི། ཙཀྲ་ཧྲིང་ཧྲིང་། ཡང་ཅིག་ངས་འུར་འུར། ཐུག་ཐུག་ཆེམ་ཆེམ། ངུར་ངུར། ཏི་ཉག་ཝཏྟི་ཐུཾ་ཐུཾ་བྲེང་བྲེང་ཤག་ཤག ཚལ་ཚལ། སྐྱེས་བུ་ཆེན་པོ་དམ་ལ་འདུས་ཡ། །ཞེས་བཟླས་པས། ཞག་བདུན་ན་རང་ལ་ནང་རྟགས་འདི་རྣམས་འོང་ངོ་། །འོད་དང་ཁང་པ་ཚག་པ་དང་། འབོད་པ་དང་འཇིགས་པ་འོང་ངོ་། །དེ་ནས་ཁོ་ལ་གཏོར་མ་བཏང་ལ་སྔགས་འདི་བཟླའོ། །རྦད་སྔགས། ཨོཾ་བཛྲ་ཤོག་ཏྲི་མུ་ཏྲི་སྲོག་ལ་རྦད་ཏི། ཏྲི་རཱ་ཙ་ཐུཾ་ཐུཾ། རྦུད་རྦུད། ཚལ་ཚལ། ཉོག་ཉོག །དུཾ་བུ་དུཾ་བུ། གྱིང་ནཱ་ག་ཚེ་ལ་རྦུད་ཡ། ཞེས་བཟླས་པས་ཨ་ཙ་ར་མང་པོ་སྒོ་ཕྱེ་ནས་སྒྲོལ་དུ་འོང་ངོ་། །དེ་ནས་ལིང་ག་ལ་ཐུན་བྲབ་ཅིང་སྔགས་འདི་བཟླའོ། །གསད་སྔགས། ཨོཾ་བཛྲ་ཤོག་ཏྲཾ། ཧ་ར་ཧ་ར། དུ་ལིང་རྦུད་ཡ། རྡོ་རྗེ་འབར་བས་ཧས་བྱ་ཧུས་བྱ། རི་ལི་རི་ལི། སྲོག་ལ་ཡ། རྦུད་ཡ། ཆེ་གེ་མོ་ལ་ཡཾ་ཡཾ། ཡུཾ་ཡུཾ། རྩིར་རྩིར། ཟུང་ཟུང་། སྲོག་རྩ་བྲོབས་ཡ་སྲོག་རྩ་བྲོབས་ཡ། ནག་པོ་ལ་ཡན་ཏེ། དགྲ་བོ་སོད་ཡ། དེ་ལྟར་བྱས་པས་དགྲ་བསད་ནས་ཡོང་བས་ཁོ་ལ་གཏང་རག་གཏང་ངོ་། །ཟས་ཕུད་ཆང་ཕུད་ཀྱིས་མཆོད་དོ། །ལིང་ག་དེ་མེ་ལ་བསྲེགས་ནས་ཐལ་བ་རླུང་ལ་ཕྱར་རོ། །དགྲ་ལྷ་གྲུབ་ནས་ལས་མ་ཉན་པ་དང་། རྩུབ་པ་དང་། བར་ཆད་དང་། ནང་རྟགས་མ་བྱུང་ན། ཁོ་རང་གནད་ལ་དབབ་པའི་གཅུན་ཐབས་དགྲ་ལྷ་ཤི་ས་བསྟན་པར་བྱ་སྟེ། བདག་ཉིད་ཡེ་ཤེས་པ་གཅིག་གི་སྒྲུབ་ཐབས་ལ་ཞུགས་ཏེ། ཞག་འགའ་མཚམས་བཅད་ལ། དེ་ནས་ཁོའི་དམ་རྫས་དང་། བླ་རྡོ་དང། ཧོམ་དང་། མིང་རུས་དང་དེ་ཚོ་མེ་ལ་བསྲེག་ཅིང་། གུ་གུལ་དང་། མུ་ཟི་དང་། ཁྱི་ལུད་དང་། ཚིལ་ཆེན་དང་། མཛེ་ཁྲག་དང་། དེ་རྣམས་ཀྱི་དུད་པས་བདུག་ཅིང་དམ་ལ་བརྡར་ནས་སྔགས་འདི་དྲག་ཏུ་བཟླའོ། ཁོ་རང་གི་གཅུན་སྔགས་ཡིན་ནོ། །ཨོཾ་བཛྲ་ཀྲོ་ཏ་ཧ་ལ་ཧ་ལ། བཛྲ་སཱ་དྷུ་ཏྲི་རྦུད། བཛྲ་སཱ་དྷུ་ཏྲི་མཱ་ར་ཡ་རྦུད་རྦུད། ལིང་ལིང་ཁཾ་ཁཾ། སོད་སོད་ཕྱུང་ཕྱུང་། རཱ་ཙ་ཏྲི་ཤི་བྲུད་ཧར་རྦུད་ཛཿཛཿ བཛྲ་ཏྲིའུར་ས་ཏྲིག་ཤཾ །དམ་ཉམས་སྲོག་ལ་རྦད་ཡ། དེ་ལྟར་བླ་རྡོ་ལ་ཞག་གསུམ་བཟླས་ལ། ཞག་གསུམ་རང་གི་ལུས་ལ་བཅངས་པས་ཁོ་དམ་ལ་ཐོགས་ནས་ཅི་བཅོལ་ཉན་པར་ཡོང་ངོ་། །སྒྲུབ་ཐབས་འདི་ལ་ཟླ་བ་གཅིག་ཙམ་བྱས་པས་དགྲ་བོ་རབ་ཟླ་བ་གཅིག་ན་འཆི། འབྲིང་གཉིས་ནས་འཆི། ཐ་མ་གསུམ་ནས་ཐེ་ཚོམ་མེད་པར་འཆིའོ། །དགྲ་བླ་ནང་ལྟར་དུ་སྒྲུབ་པའི་ཐབས་དྲག་པོ་སྲོག་གི་སྤུ་གྲི་དམར་པོ་ཞེས་བྱ་བའོ། །ྀཨཚ། དེ་ལྟར་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་ཕྱོགས་གཅིག་ཏུ་བསྒྲིགས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །ཅེས་པ་དཀོན་མཆོག་འབངས་ཀྱིས་སོ། །ཤུ་བྷམསྟུ་སརྦ་ཛ་ག་ཏ།། །།
ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ དབང་གི་ལས་སྦྱོར་པདྨ་མཁའ་འགྲོའི་སྒྲུབ་ཐབས་ (Volume 52, Text 46)
༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ དབང་གི་ལས་སྦྱོར་པདྨ་མཁའ་འགྲོའི་སྒྲུབ་ཐབས་བཞུགས༔ ྈྈ རྒྱལ་བའི་ཡུམ་ལ་གུས་བཏུད་པདྨ་ངས༔ ཕྱི་རབས་བསྟན་པ་འཛིན་ལ་ཕན་པའི་ཕྱིར༔ དབང་གི་ལས་སྦྱོར་པདྨ་མཁའ་འགྲོ་ཡི༔ སྒྲུབ་ཐབས་བསྟན་ཏེ་དང་པོ་གནས་དབེན་པར༔ དེ་ཡང་ས་དམར་རི་བྲག་རྩེ་རྣོ་བར༔ མཎྜལ་ཟླ་གམ་དབུས་སུ་སྒོ་རྫོགས་དང༔ པདྨ་རྡོ་རྗེ་མེ་ཡི་ར་བ་བྲི༔ ལྟེ་བར་འདབ་བརྒྱད་དབུས་དང་བཅས་པ་རུ༔ པདྨ་དམར་པོའི་ལྕགས་ཀྱུས་མཚན་པ་བྲི༔ མཉྫི་ཁ་རུ་ཟངས་ཀྱི་བུམ་པའི་ནང༔ ཆང་གིས་བཀང་ཞིང་དབང་གི་རྫས་གསུམ་དང༔ སྤྱི་རྫས་ཉེར་ལྔ་བདུད་རྩི་ལྔ་རྣམས་བཏབ༔ མགུལ་ཆིངས་ལེ་བརྒན་ཁ་རྒྱན་སེ་བ་དང༔ རྨ་བྱའི་མདོངས་དང་མེ་ཏོག་དམར་པོས་བརྒྱན༔ ཆང་གིས་སྦགས་པའི་ཟས་སྣ་གཏོར་མ་ནི༔ བུ་མོ་མཛེས་མའི་ལག་ནས་བྱུང་བ་ཡི༔ མར་གྱི་མེ་ཏོག་དམར་པོའི་ལྕགས་ཀྱུས་བརྒྱན༔ སྤོད་རྩི་བྲན་ལ་ཁྲུ་གང་ཙམ་ཞིག་བྱ༔ རང་འདྲ་བརྒྱད་ལྡན་དར་དམར་གདུགས་ཀྱིས་མཛེས༔ གཞན་ཡང་རིག་པས་འཕྲུལ་ཏེ་མཐུན་རྫས་དང༔ ཕྱི་ནང་གསང་བའི་མཆོད་རྫས་ཐམས་ཅད་བཤམ༔ རང་ཉིད་རྒྱན་ཕྲེང་ཆས་གོས་དམར་པོ་བྱ༔ མདུན་གྱི་ནམ་མཁར་རྒྱལ་ཀུན་ཡོངས་རྫོགས་བསམ༔ ན་མོ༔ རྒྱལ་ཀུན་འདུས་གཟུགས་བླ་མ་མཁའ་འགྲོ་མར༔ གུས་པས་སྐྱབས་མཆི་སེམས་ཅན་ཀུན་དོན་དུ༔ སངས་རྒྱས་བསྟན་པ་རིན་ཆེན་སྐྱོང་བ་ལ༔ འདི་ན་བཤད་ཅིང་སྒྲུབ་པ་བྱེད་པ་ཡི༔ དགེ་འདུན་འདུས་པའི་སྡེ་རྣམས་བསྡུ་བ་དང༔ ཆོས་ཀྱི་ཆ་རྐྱེན་མ་ལུས་བསྡུ་བའི་ཕྱིར༔ བླ་མ་མཁའ་འགྲོ་བསྒྲུབ་པར་དམ་བཅའ་བས༔ དཀའ་བ་མེད་པར་དུས་འདིར་འགྲུབ་པར་ཤོག༔ ལན་དུ་མས་བྱང་ཆུབ་ཏུ་སེམས་བསྐྱེད༔ བགེགས་ལ་གཏོར་མ་སྦྱིན་ཞིང་བཀའ་བསྒོ་བྱ༔ སྲུང་འཁོར་སོགས་སྔོན་འགྲོ་སྤྱི་ཆིངས་ལྟར་བྱས་ནས༔ ཧྲཱི༔ ཆོས་རྣམས་མི་དམིགས་ཀ་དག་ངང༔ མ་འགགས་སྙིང་རྗེའི་རོལ་པ་ལས༔ ཧྲཱིཿཡིག་དམར་པོ་འོད་འབར་གྱུར༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་རྣམས༔ འཕྲོས་པས་འབྱུང་བ་རིམ་བརྩེགས་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ རྒྱན་དང་བཀོད་པ་ཡོངས་རྫོགས་ནང༔ པདྨ་འདབ་བརྒྱད་གེ་སར་དང༔ འདབ་མར་པདྨ་དམར་པོ་དང༔ ཉི་མའི་གདན་ལ་ཧྲིཾ་དམར་དགུ༔ ཡོངས་གྱུར་པདྨའི་ལྕགས་ཀྱུར་གྱུར༔ ལྟེ་བར་ཧྲཱིཿས་མཚན་འོད་དམར་འབར༔ དོན་གཉིས་བྱས་འདུས་འོད་ཞུ་ལས༔ པདྨ་མཁའ་འགྲོ་གཙོ་འཁོར་དགུ༔ ཐམས་ཅད་པདྨ་དམར་པོའི་མདོག༔ ཞལ་གཅིག་ཕྱག་བཞི་ལྕགས་ཀྱུ་དང༔ ཞགས་པ་པདྨའི་མདའ་གཞུ་འཛིན༔ མཛེས་ཤིང་ཆགས་པའི་ཉམས་ཅན་ལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཞབས་གཉིས་གར་སྟབས་རོལ་པ་ཡི༔ འོད་དམར་འབར་བའི་དབུས་ན་བཞུགས༔ སྒོ་བཞིར་སྒོ་སྲུང་ཕོ་མོ་བརྒྱད༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་དང༔ ཞགས་པ་འཛིན་ཅིང་གར་སྟབས་བསྒྱུར༔ ཕྱི་རོལ་པདྨ་རྡོ་རྗེའི་གུར༔ འོད་ཟེར་མེ་དཔུང་འབར་བར་གསལ༔ སྐུ་གསུང་ཐུགས་སུ་བྱིན་བརླབས་ཏེ༔ ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཐུགས་སྨད་ཉི་སྟེང་ཧྲཱིཿཡིག་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ མ་འགགས་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྣ་ཚོགས་སྣང་མཛད་མ༔ མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ མཁའ་འགྲོའི་ཚོགས་རྣམས་གཤེགས་ནས་ཀྱང༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ འདིར་བཤམས་པདྨ་འབར་བ་རུ༔ དམ་ཡེ་གཉིས་མེད་བཞུགས་སུ་གསོལ༔ ཡེ་ཤེས་དབྱིངས་ལས་འགག་པ་མེད༔ ཅིར་ཡང་སྤྲུལ་ལ་ཕྱག་འཚལ་ལོ༔ ཨ་ཏི་བྷཱུ་ཧོ༔ པྲ་ཏི་བྷཱུ་ཧོ༔ ཧཱུྃ༔ རབ་འབྱམས་ཞིང་ཀུན་གང་བའི་མཆོད་སྤྲིན་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་པ་བདུན༔ རྒྱལ་བའི་ཡུམ་གྱུར་འཁོར་དང་བཅས་ལ་འབུལ༔ བཞེས་ནས་འདོད་པའི་དངོས་གྲུབ་བསྩལ་དུ་གསོལ༔ པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཀཱ་མ་གུ་ཎ་མངྒ་ལཾ་རཏྣ་པཱུ་ཛ་ཧོ༔ ཧྲཱི༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩི་དང༔ ཆགས་མེད་རཀྟ་ཆགས་པའི་གནས་ཆེན་པོ༔ འདོད་ཡོན་གཏོར་མ་ཡེ་ཤེས་རྒྱ་མཚོའི་སྤྲིན༔ འབུལ་ལོ་དགྱེས་པར་བཞེས་ལ་ཕྲིན་ལས་མཛོད༔ མ་ཧཱ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧྲཱི༔ བདེ་བའི་རང་བཞིན་སེམས་དཔའི་ཚོགས༔ སྤྲུལ་ཏེ་དགྱེས་པར་འཁྲིལ་བ་ཡི༔ བདེ་བའི་རྣམ་འགྱུར་དུ་མ་ཡི༔ གསང་མཆོད་བདེ་བའི་གནས་ལ་རོལ༔ ཨ་ཧོ་མ་ཧཱ་སུ་ཁ༔ ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ ཨ་ཧཾ༔ ཧྲཱི༔ དོན་དམ་མི་གཡོ་བདེ་བ་ཆེན་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདོད་པའི་དོན་ཀུན་མྱུར་དུ་སྩོལ་མཛད་མ༔ རྡོ་རྗེ་བཙུན་མོའི་ཚོགས་ལ་ཕྱག་འཚལ་ལོ༔ ཞེས་ཕྲིན་ལས་གྱེར་ཞིང་བསྒོམས་ལ༔ ཏིང་འཛིན་གྱི་འཕྲོ་འདུ་ནི༔ ལྷ་མོ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས༔ གང་དབང་དུ་བསྡུ་བར་འདོད་པའི་སྙིང་གར་ཕོག་པ་ཙམ་གྱིས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་དབང་དུ་བསྡུས་ནས་ལྷ་མོའི་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ་ཞིང༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླས་པས་རྟགས་ཅི་རིགས་པ་འབྱུང་ངོ༔ ཐུན་མཚམས་སུ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ༔ མཐར་སྣོད་བཅུད་རྟེན་ལ་ཐིམ༔ རྟེན་བརྟེན་པ་གཙོ་མོའི་ཐུགས་ཀའི་ཧྲཱིཿལ་འདུས་པས་དེ་ཉིད་རང་གི་ཐུགས་སྲོག་ལ་ཐིམ་པར་བསྒོམ་ཞིང༔ ཨོཾ་པདྨ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ༔ ཞེས་སྟོང་བཟླ་ཞིང་བུམ་ཆུ་འཐུང་ལ་དགེ་བསྔོ་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཁོ་བོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་ལས་ལྡན་གྱི་སུ་ཁ་གྲོགས་དང་བཅས་ཏེ་སྤྱན་དྲངས་པའོ།། །། ༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་ནང་སྒྲུབ་ཤོག་གཅིག་མ་བཞུགས༔ ྈྈ རྒྱལ་ཀུན་གསང་བའི་ཡུམ་ལ་འདུད༔ པདྨ་མཁའ་འགྲོའི་ནང་སྒྲུབ་ནི༔ ཕྱི་སྒྲུབ་ལྟར་གྱི་རྟེན་མཆོད་བཤམ༔ ཁྱད་པར་བདུད་རྩི་ལྔ་སྦགས་པའི༔ མཚལ་གྱི་སྐུ་གཟུགས་བྲིས་པ་ཡི༔ རྒྱབ་ཏུ་སྔགས་བྱང་བྲིས་པ་ཞིག༔ རབ་གནས་བྱས་ལ་དར་དམར་གྱིས༔ དྲིལ་ལ་དཀྱིལ་འཁོར་དབུས་སུ་གཞུག༔ དེ་དང་དབྱེར་མེད་བདག་ཉིད་ཀྱི༔ ལུས་ལ་ལྷ་མོའི་སྐུ་རུ་བསྐྱེད༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿའཕྲོས་པས༔ དམིགས་བྱ་དེ་ཡི་སྙིང་གར་ཞུགས༔ སླར་ཡང་ཧྲཱིཿལས་འོད་དམར་པོ༔ ལྕགས་ཀྱུའི་དབྱིབས་ཅན་ཞིག་འཕྲོས་ཏེ༔ ྈྈྈྈནས་ཞུགས་སྔ་མ་ཡི༔ ཧྲཱིཿཡི་ཁུག་པ་ནས་བཟུང་སྟེ༔ ཧྲིལ་གྱིས་དྲངས་ནས་བདག་ཉིད་ཀྱི༔ ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ༔ རྩེ་གཅིག་ཡང་ཡང་བསྒོམས་བྱས་ནས༔ འགུགས་པའི་སྔགས་ནི་འདི་ཉིད་བཟླ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ འབུམ་ཕྲག་གཅིག་གིས་རྟགས་འབྱུང་ཞིང༔ གང་བསམ་ཐོགས་མེད་དབང་དུ་འདུ༔ ས་མ་ཡ་རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་གླིང་པས་གདན་དྲངས་པའོ།། །། ༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ དབང་གི་མཁའ་འགྲོའི་གསང་སྒྲུབ་བཞུགས༔ ྈྈ བདེ་ཆེན་ཡུམ་ལ་གུས་བཏུད་དེ༔ དབང་གི་མཁའ་འགྲོའི་གསང་སྒྲུབ་ནི༔ དཀྱིལ་འཁོར་དབུས་སུ་ཐོད་བཟང་ཞིག༔ ཆང་དང་བུར་སྦྲང་རྣམས་ཀྱིས་བཀང༔ མེ་ལོང་སིནྡྷུ་ར་ཡིས་བྱུགས༔ རྩ་བའི་སྔགས་ཀྱིས་ཧྲིཾ་ཡིག་བསྐོར༔ བྷནྡྷའི་ཁ་བཀབ་དར་དམར་གུར༔ ཕུབ་ལ་མེ་ཏོག་དམར་པོ་བཀྲམ༔ ཕྱི་སྒྲུབ་བཞིན་དུ་རྟེན་མཆོད་བཤམ༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་པདྨ་འབར་བའི་སྣོད༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་བྱེ་བྲག་ནི༔ སོ་སོར་གསལ་ཞིང་ཡེ་ཤེས་མཆོད་སྤྲིན་ནི༔ བདེ་བ་སྐྱེད་ཅིང་ཡིད་འཕྲོག་འགུགས་པ་ཡི༔ རྣམ་པར་འཆར་ཞིང་ནུས་པ་ཅན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ དངོས་གཞི་ནི༔ ཧྲཱི༔ དམིགས་མཐའ་བྲལ་ཞིང་ལྷུན་གྲུབ་སྙིང་རྗེ་ལས༔ ཧྲིཾ་ཡིག་ལས་བྱུང་འབྱུང་ལྔའི་གཞལ་ཡས་ཁང༔ མ་བཅོས་གསལ་རྫོགས་པདྨའི་འདབ་མ་ལ༔ ས་བོན་ཕྱག་མཚན་ཡོངས་གྱུར་རྣལ་འབྱོར་མ༔ དམར་མོ་ཞལ་གཅིག་ཕྱག་བཞི་ལྡན་པ་དགུ༔ ཆགས་པའི་ཉམས་ཅན་ཞབས་གཉིས་གར་ཐབས་བསྒྱུར༔ པདྨའི་ལྕགས་ཀྱུ་ཞགས་པ་མདའ་གཞུ་འཛིན༔ དར་དང་རིན་ཆེན་རུས་པས་མཛེས་པར་བརྒྱན༔ དེ་ཡི་བདེ་བའི་གནས་ལ་དགྱེས་སྤྱོད་པའི༔ དཔའ་བོ་འཇིག་རྟེན་དབང་ཕྱུག་ཆགས་པའི་ཉམས༔ རུས་པའི་རྒྱན་དྲུག་ལྕགས་ཀྱུ་ཞགས་པ་འཛིན༔ ཡབ་ཡུམ་ཨ་ཧཾ་ཧྲིཾ་གི་སྒྲ་སྒྲོག་ཅིང༔ འོད་ཟེར་དམར་པོ་འབར་བའི་ཀློང་དུ་བཞུགས༔ སྒོ་བཞིར་མཁའ་འགྲོ་དཔའ་བོ་སྡེ་བཞི་ཡང༔ དམར་མོ་ལྕགས་ཀྱུ་ཞགས་པ་འཛིན་པ་འོ༔ དུག་གསུམ་ཡེ་དག་སྐུ་གསུམ་ལྷུན་གྱིས་གྲུབ༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་དབང་ཐོབ༔ རང་རྩལ་རིག་པའི་དབྱིངས་སུ་ཕྲིན་ལས་བྱ༔ ཡབ་ཡུམ་རྣམས་ཀྱི་སྦྱོར་མཚམས་ནས་འཕྲོས་པའི༔ བྱང་སེམས་རང་བཞིན་འོད་དམར་ལྕགས་ཀྱུའི་དབྱིབས༔ རབ་འཕྲོས་དམིགས་པའི་ཡུལ་ལ་ཕོག་མ་ཐག༔ དེ་ཉིད་མཁའ་འགྲོ་ཡབ་ཡུམ་ཉིད་དུ་གྱུར༔ ཆགས་པས་རབ་མྱོས་བདེ་སྦྱོར་བཟོད་མེད་དུ༔ ཞུ་ནས་བྱང་སེམས་འོད་ཀྱི་གོང་བུར་གྱུར༔ རང་གི་སྦྱོར་མཚམས་ནས་དྲངས་ཐུགས་ཀར་ཐིམ༔ དམིགས་མེད་ངང་བཞག་དེ་བཞིན་ཡང་ཡང་བསྒོམ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ འབུམ་ཕྲག་གཅིག་བཟླས་རྟགས་ནི་ངེས་པར་འོང༔ གང་བསམ་དབང་སྡུད་འདི་ཉིད་ཤིན་ཏུ་གསང༔ རང་རྒྱུད་འཛིན་ཞིང་དམ་ལ་མི་ལྡོག་པར༔ གདམས་པ་མནའ་རྒྱས་ཐོབས་ལ་དབང་འདི་བསྐུར༔ ཐོད་ཆང་ནང་དུ་མཁའ་འགྲོ་གཙོ་འཁོར་བསྐྱེད༔ བཟླས་པ་བྱ་ཞིང་ཚོགས་ཀྱི་འཁོར་ལོ་དགོས༔ སློབ་མས་གསེར་གྱི་མཎྜལ་ཕུལ་བཞིན་པས༔ བླ་མ་མཁའ་འགྲོ་འཁོར་བཅས་ཀྱི༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ བདག་ཅག་གསང་བ་དམ་པའི་སྣོད༔ མཁའ་འགྲོའི་རྗེས་གནང་བསྩལ་དུ་གསོལ༔ ཞེས་གསོལ་སློབ་མ་ལྷར་བསྐྱེད་དེ༔ སློབ་དཔོན་གྱིས་ནི་བྱིན་དབབ་ལ༔ བརྟན་ཅིང་ལྷ་རྣམས་འོད་ཞུ་བས༔ ཐོད་ཆང་སློབ་མའི་ཁར་བླུགས་ལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ རྩ་ཁམས་བདུད་རྩིས་གང་བར་བསམ༔ རྗེས་སུ་དམིགས་མེད་ངང་ལ་བཞག༔ ས་མ་ཡ་རྒྱ༔ མཆོག་གྱུར་གླིང་པས་སུ་ཁ་ཁྲིད་ནས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའོ།། ྀཨཚ༔
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ཐ་མ་ལས་སྦྱོར་བརྟན་མའི་སུན་ཟློག་ (Volume 43, Text 46)
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ཐ་མ་ལས་སྦྱོར་བརྟན་མའི་སུན་ཟློག་བཞུགས༔ སློབ་དཔོན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་སུན་ཟློག་འདི་ལ༔ རབ་ལུས་སེམས་འཆི་བའི་མཐའ་དང་བྲལ༔ འབྲིང་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསུ་བར་བྱེད༔ ཐ་མ་ལྷ་སྲིན་སྡེ་བརྒྱད་ཀྱིས་སྲོག་དབུགས་ལེན་ཞིང་བསུ་བར་བྱེད༔ དེ་དག་ཐམས་ཅད་འདི་ཡིས་ཟློག་པར་འགྱུར་ཏེ༔ སུན་ཟློག་ཐ་མ་ལས་སྦྱོར་བརྟན་མའི་ཟློག་པ་འདི་བྱའོ༔ བྷྱོ༔ ནམ་མཁའ་གཡུ་ཡི་ལྡིང་ཁང་ན༔ ཉི་འོད་འབར་བའི་སྨན་གཅིག་མ༔ བཞེངས་ཤིག་བཞེངས་ཤིགས་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་བསྐུལ༔ དགོངས་ཤིག་དགོངས་ཤིག་བདག་ལ་དགོངས༔ འབོད་པའི་འགྲོ་བ་གྲངས་མང་ཡང༔ ཧ་ཅང་བདེ་བ་མ་སྐྱེད་ཅིག༔ བོས་ན་ཐུགས་ལོག་མ་མཛད་ཅིག༔ གཡབ་ན་ལེ་ལོ་མ་མཛད་ཅིག༔ ལས་ཀྱི་སུན་མ་ཟློག་ཏུ་གསོལ༔ བྷྱོ༔ ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི༔ འཆི་བདག་གཤིན་རྗེའི་སུན་མ་ཟློགས༔ བརྟན་མ་ཡོངས་ཀྱི་གཙོ་མོ་སྟེ༔ དམག་གི་རྒྱལ་མོ་ཆེན་མོ་ཁྱོད༔ བདུད་རྩི་སྨན་གཏོར་རཀྟ་དང༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ དམ་ལ་གནས་ཤིང་ཕྲིན་ལས་མཛོད༔ བྷྱོ༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ མ་མོ་ཡོངས་ཀྱི་སུན་མ་ཟློག༔ ལྷོ་ཡི་སྐྱི་མཐིང་ཡ་མ་སྐྱོང༔ བཙན་གྱི་རྒྱལ་མོའི་སུན་མ་ཟློག༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ བདུད་ཀྱི་རྒྱལ་མོའི་སུན་མ་ཟློག༔ བྱང་གི་གསེར་ཐང་གཡུ་བུན་མ༔ གཤིན་རྗེའི་རྒྱལ་མོའི་སུན་མ༴ གངས་དཀར་ཤ་མེད་སྨན་གཅིག་མ༔ སྨན་གྱི་རྒྱལ་མོའི་སུན་མ༴ བྱང་གི་དབྱར་ཐང་ཏིང་ལོ་སྨན༔ འབྲོག་སྲིན་རྒྱལ་མོའི་སུན་མ༴ སྨན་བཙུན་ཨུག་ཆོས་དབྱར་མོ་བསིལ༔ ཀླུ་ཡི་རྒྱལ་མོའི་སུན་མ་ཟློག༔ དཔལ་ཆེན་གསང་བའི་གྲོགས་མཆོག་མ༔ རི་ཡི་རྒྱལ་མོའི་སུན་མ༴ སྐྱི་མཐིང་གངས་ཀྱི་ལ་རོ་སྨན༔ ཤ་ཟ་ལ་རོའི་སུན་མ༴ བརྟན་མའི་གཙོ་མོ་ལ་རོ་སྨན༔ མ་སང་རྒྱལ་མོའི་སུན་མ༴ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང༔ མ་བདུད་རྒྱལ་མོའི་སུན་མ༴ ལེགས་བྱིན་གསེར་ཐང་ཡི་གེའི་རིགས༔ དམུ་ཡི་རྒྱལ་མོའི་སུན་མ༴ གཡུ་ཡི་བུ་མོ་ཟུ་ལེ་མ༔ གངས་ཀྱི་རྒྱལ་མོའི་སུན་མ༴ ན་ར་ཤེལ་གྱི་སྨན་གཅིག་མ༔ མ་སང་རྒྱལ་མོའི་སུན་མ༴ མི་གཡོ་བརྟན་མའི་ས་འཛིན་མ༔ བགེགས་ཀྱི་རྒྱལ་མོའི་སུན་མ༴ འཛམ་གླིང་བརྟན་པའི་བརྟན་མ་དང༔ བོད་ཁམས་སྐྱོང་བའི་སྐྱོང་མ་དང༔ པདྨ་འབྱུང་གནས་ཕོ་ཉ་སྟེ༔ རྐྱེན་རྣམས་ཟློག་པའི་མཐུ་མོ་ཆེ༔ དམག་དཔུང་སྐྱེད་ལ་གཏོར་མ་ལོངས༔ བྱད་ཁ་ཕུར་ཁ་ཟློག་པ་དང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ བདུད་རྩི་སྨན་གཏོར་རཀྟ་དང༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ བྷྱོ༔ ཡང་གཅིག་སུན་མ་ཟློག་པ་ནི༔ མ་མོ་མཁའ་འགྲོའི་རྒྱལ་མོ་སྟེ༔ དཀར་མོ་སྤྱན་གཅིག་སུན་མ་ཟློག༔ ནག་མོ་རལ་གཅིག་སུན་མ་ཟློག༔ སློབ་དཔོན་སྲུང་མའི་སུན་མ་ཟློག༔ བྱ་མ་ཀུན་གཅིག་སུན་མ་ཟློག༔ བྷྱོ༔ ཡང་གཅིག་སུན་མ་ཟློག་པ་ནི༔ ཆོས་སྐྱོང་སྲུང་མའི་སུན་མ་ཟློག༔ མ་མོ་རྣམ་བཞིའི་སུན་མ་ཟློག༔ ལས་ཀྱི་མ་མོ་བཞི་ཡི་སུན་མ་ཟློག༔ བསེ་ཡི་ལྷ་མོ་བཞི་ཡི་སུན་མ་ཟློག༔ གནོད་སྦྱིན་ཕུར་ཁ་ཟློག་པ་དང༔ དགྲ་འདྲེ་ལྷ་འདྲེའི་སུན་མ་ཟློག༔ བདུད་རྩི་སྨན་གཏོར་རཀྟ་དང༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ གནོད་སྦྱིན་སྙིང་འཕྲོག་བཞི་ཡི་སུན་མ་ཟློག༔ བཀའ་སྡོད་བློན་མོ་བཞི་ཡི་སུན་མ་ཟློག༔ དམག་རྒྱལ་མ་བཞིའི་སུན་མ་ཟློག༔ དམ་གནས་མ་བཞིའི་སུན་མ་ཟློག༔ ཡིད་བསྐྱེད་མ་བཞིའི་སུན་མ་ཟློག༔ དབུགས་འཕྲོག་མ་བཞིའི་སུན་མ་ཟློག༔ སྙིང་འཕྲོག་མ་བཞིའི་སུན་མ་ཟློག༔ ལས་ཀྱི་མ་བཞིའི་སུན་མ་ཟློག༔ མ་སྲིང་བརྟན་མའི་སུན་མ་ཟློག༔ སྟེང་ཕྱོགས་ལྷ་རྣམས་སུན་མ་ཟློག༔ འོག་ཕྱོགས་ཀླུ་རྣམས་སུན་མ་ཟློག༔ བར་སྣང་གཉན་རྣམས་སུན་མ་ཟློག༔ བསྒྲུབ་པའི་ཚོགས་ཀྱི་སུན་མ་ཟློག༔ གིང་ཆེན་ཚོགས་ཀྱི་སུན་མ་ཟློག༔ དབང་ཕྱུག་ཚོགས་ཀྱི་སུན་མ་ཟློག༔ མ་མོ་དྲུག་ཅུ་རྩ་བཞི་དང༔ འབར་མ་བརྒྱད་ཀྱི་སུན་མ་ཟློག༔ སྲིད་པའི་མ་མོ་བརྒྱད་རྣམས་དང༔ ལས་ཀྱི་སྲིང་བཞིའི་སུན་མ་ཟློག༔ བརྟན་སྐྱོང་མ་མོའི་འཁོར་བཅས་ཀྱིས༔ ཚོགས་དང་གཏོར་མ་འདི་བཞེས་ལ༔ ལས་ཀྱི་སུན་མ་ཟློག་ཏུ་གསོལ༔ བྱད་ཁ་ཕུར་ཁ་ཟློག་ཏུ་གསོལ༔ འབྱུང་བ་རྣམ་ལྔའི་སུན་མ་ཟློག༔ ཡི་དམ་ལྷ་ཡི་སུན་མ་ཟློག༔ མཁའ་འགྲོ་དམ་ཅན་མ་ལུས་དང༔ སྲུང་མ་རྣམས་ཀྱི་སུན་མ་ཟློག༔ སྣང་སྲིད་མ་མོ་ཐམས་ཅད་ལ༔ འདོད་ཡོན་མཆོད་པ་འབུལ་བ་ནི༔ སེམས་དང་ནམ་མཁའ་ཤ་དང་ས༔ ཁྲག་དང་ཆུ་སེར་དྲོད་དང་མེ༔ དབུགས་རླུང་འབྱུང་བའི་མཆོད་པ་འབུལ༔ དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས༔ ཤ་ཁྲག་ལ་སོགས་མཆོད་པ་འབུལ༔ མི་རྟ་གླང་ཆེན་རྨ་བྱའི་ཤ༔ ཤ་ཆེན་སྣ་ལྔའི་མཆོད་པ་འབུལ༔ གཟུགས་སྣང་སྒྲ་གྲགས་མེ་ཏོག་དང༔ དགེ་སྡིག་ལ་སོགས་མཆོད་པ་འབུལ༔ དགའ་བཞི་ཉམས་ཀྱི་མཆོད་པ་འབུལ༔ དག་པ་མཉམ་ཉིད་མཆོད་པ་འབུལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་མཆོག་ཞལ་ཟས་དང༔ སྒྲ་སྙན་ལ་སོགས་མཆོད་པ་འབུལ༔ དུང་ཆེན་ཁ་སྦྱོར་སྣོད་ནང་དུ༔ ཤ་ཆེན་ཚིལ་ཆེན་སྤོས་རྣམས་བཏང༔ དུར་ཁྲོད་ཆེན་པོའི་ས་གཞི་རུ༔ དབང་པོ་རྣམ་ལྔའི་མེ་ཏོག་བཀོད༔ ཀོང་བུ་དུར་ཁྲོད་གཞལ་ཡས་སུ༔ ཚིལ་ཆེན་ཞུན་ཆེན་མར་མེ་གཏམས༔ མཚན་ལྡན་བཀྲ་ཤིས་ཀ་པཱ་ལར༔ གཏོར་མ་ཡེ་ཤེས་བདུད་རྩིར་བསྒྱུར༔ བྷནྡྷ་ཉི་ཟླའི་དཀྱིལ་འཁོར་དུ༔ ཤ་ཆང་ཁུར་བ་ལ་སོགས་པ༔ རོ་བརྒྱར་ལྡན་པའི་ཚོགས་འཁོར་བཤམས༔ མཚན་ལྡན་རྡོ་རྗེ་ཀ་པཱ་ལར༔ འབྲུ་བཅུད་ཨ་མྲྀཏ་ཡིས་བཀང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ མཚན་ལྡན་རྒྱ་ཆེན་མཆོད་པ་འབུལ༔ ཐབས་དང་ཤེས་རབ་དཀྱིལ་འཁོར་དུ༔ རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱི༔ ཚངས་པའི་སྒྲ་དབྱངས་སྙན་པར་བགྱིས༔ གསུངས་དབྱངས་སྙན་ངག་དྲུག་ཅུའི་སྒྲ༔ མཆོད་པ་རྒྱ་ཆེན་ཁྱེད་ལ་འབུལ༔ ཧཱུྃ༔ མཆོད་པའི་ལྷ་མོ་ཐམས་ཅད་ཀྱིས༔ གར་སྟབས་བྱེད་ཅིང་མཆོད་པ་འབུལ༔ རིན་ཆེན་ཁང་པ་ཡངས་བརྩེགས་དང༔ རིན་ཆེན་གསེར་གྱི་བུམ་པ་དང༔ ཡིད་བཞིན་ནོར་བུ་རིན་ཆེན་དང༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དང༔ བཀྲ་ཤིས་རྫས་བརྒྱད་མཆོད་པའི་ཚོགས༔ གདུགས་དང་རྒྱལ་མཚན་བ་དན་དང༔ བླ་བྲེ་འཕན་གདུགས་དར་ལྡི་སོགས༔ མཆོད་པའི་སྤྲིན་ཕུང་ཇི་སྙེད་རྣམས༔ བླ་མ་ཡི་དམ་དཀོན་མཆོག་དང༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ༔ ལྷ་ཀླུ་སྡེ་བརྒྱད་ལ་སོགས་པའི༔ འཆི་བདག་གཤིན་རྗེའི་སུན་མ་ཟློག༔ མི་དང་མི་མིན་ལ་སོགས་པའི༔ བྱད་ཁ་ཕུར་ཁ་ཟོར་ཁ་རྣམས༔ བྱད་དང་རྦོད་གཏོང་མཁན་ལ་ཟློག༔ རྨི་ལམ་མཚན་ལྟས་ངན་པ་ཟློག༔ ༈ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མི་ཞག་གི་དཔུང་གྲངས་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཆུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ གཟའ་སྐར་དུས་ཚེས་ངན་པ་ཟློག༔ ལོ་ཟླ་ཞག་དུས་བབས་པ་ཟློག༔ ཁྲམ་དང་བྱད་དུ་བཅུགས་པ་ཟློག༔ ཧོམ་དང་སྤར་བུའི་བསྐོར་པ་ཟློག༔ དགྲ་ཆེན་བདུད་དུ་ལངས་པ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་བསྒུགས་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་རིམས་སྣ་ཡམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་དང༔ བདག་ལ་གནོད་པའི་དགྲ་བགེགས་རྣམས༔ སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ བར་ཆད་བགེགས་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་འདྲེའི་སྟེང་དུ་ཟློགས༔ དམ་ཉམས་བྱད་མའི་སྟེང་དུ་ཟོར༔
རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱུན་ཁྱེར་འཁོར་ལོ་གསུམ་དྲིལ་པདྨའི་སྙིང་པོ་ (Volume 21, Text 46)
༄༅། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱུན་ཁྱེར་འཁོར་ལོ་གསུམ་དྲིལ་པདྨའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། པདྨ་རྣམ་པར་རྒྱས་པའི་ལྷ། །རྒྱ་མཚོ་ལྔ་ལ་གུས་བཏུད་དེ། །ཡང་ཟབ་རྒྱུན་གྱི་རྣལ་འབྱོར་ནི། །འཁོར་ལོ་གསུམ་དྲིལ་གདམས་པ་འཆད། །ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །བླ་མ་ཡི་དམ་དཀོན་མཆོག་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ནམ་མཁའ་དང་མཉམ་སེམས་ཅན་ཀུན། །བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །སྤྱན་རས་གཟིགས་ཀྱི་གོ་འཕང་སླད། །རིམ་གཉིས་ཟབ་མོ་བསྒོམ་པར་བྱ། །བསྐྱེད་པའི་རིམ་པ་ལུས་ལྷའི་འཁོར་ལོ་ལ་བརྟེན་པ་ནི། རང་གི་སྙིང་དབུས་ཧྲཱིཿཡིག་དམར། །འོད་འཕྲོས་བདག་ལུས་འོད་དུ་ཞུ། །ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར། །དམར་གསལ་ཞལ་གཅིག་ཞི་ཞིང་འཛུམ། །ཕྱག་བཞིའི་དང་པོ་ཐལ་མོ་སྦྱར། །མཐའ་གཉིས་པད་ཕྲེང་པདྨ་དམར། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས། །དབུ་གཙུག་སྣང་བ་མཐའ་ཡས་དམར། །མཉམ་གཞག་སྤྲུལ་པ་སྐུ་ཡི་ཆས། །ཐུགས་ཀར་རྟ་མཆོག་ཡེ་ཤེས་སེམས། །དམར་པོ་པད་ཕྲེང་དབང་སྡུད་རྒྱ། །བརྐྱང་བསྐུམ་ཞི་མ་ཁྲོ་ཡི་ཚུལ། །པད་ཉི་མེ་དཔུང་ཀློང་དུ་གསལ། །ཐུགས་སྲོག་ཧྲཱི་ཡིག་དམར་པོས་མཚན། །ལྟེ་བར་གསང་བ་ཡེ་ཤེས་དམར། ཁྲོ་འཛུམ་ཆགས་ཉམས་རུས་རྒྱན་ཅན། །ཕྱག་བཞིས་གྲི་ཐོད་རལ་གྲི་དང་། ཁ་ཊྭཱཾ་ག་འཛིན་བརྐྱང་བསྐུམ་ཞབས། །པདྨའི་གདན་ལ་རིགས་བཞི་ཡི། །མཁའ་འགྲོས་བཏེགས་ཤིང་གཙོ་བོ་ལ། །བདེ་བའི་ལོངས་སྤྱོད་འབུལ་བར་མཛད། །དམ་ཡེ་དབྱེར་མེད་གདོད་མ་ནས། །རང་བྱུང་ལྷུན་གྲུབ་ཆེན་པོ་འོ། །བཟླས་པའི་རིམ་པ་ངག་སྔགས་ཀྱི་འཁོར་ལོ་ལ་བརྟེན་པ་ནི། རང་གི་ཞལ་ནས་སྔགས་བཟླས་པས། །མཁའ་འགྲོས་སྔགས་སྒྲོག་འོད་དམར་གྱིས། །སྙིང་གའི་ལྷ་བསྐུལ་བཟླས་པ་དང་། །འོད་ཀྱིས་སྤྱི་བོའི་རིགས་བདག་བསྐུལ། །དེས་ཀྱང་སྔགས་བཟླས་འོད་དམར་འཕྲོས། །རྒྱལ་རྣམས་སེམས་ཅན་དོན་ལ་བསྐུལ། །བྱང་སེམས་ཤེས་སྒྲིབ་ཕྲ་མོ་སྦྱངས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྐྱེད། །ཉན་རང་ཐེག་པ་ཆེན་པོར་བསླངས། ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་བཅོམ། །ཚུར་འདུས་སྒོ་གསུམ་སྒྲིབ་དག་ནས། །ཡེ་ཤེས་རང་གསལ་ངང་གནས་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡིག་བཅུ་ཁོ་ན་གཙོ་བོར་བཟླ། ཐུན་མཐར་སྤྲོ་ན་དེའི་ཤམ་དུ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཞེས་བཏགས་པའང་ཅི་རིགས་བཟླའོ། །རྫོགས་པའི་རིམ་པ་སེམས་ཉིད་འོད་གསལ་གྱི་འཁོར་ལོ་ལ་བརྟེན་པ་ནི། ལུས་ལྷ་སོ་སོའི་གནས་སུ་ཐིམ། །རང་ཡང་འོད་ཞུ་ཐུགས་སྲོག་ཧྲཱིཿར། །དེ་ཡང་མས་རིམ་འོད་དུ་ཡལ། །ནཱ་ད་སྟོང་ཉིད་འོད་གསལ་ངང་། །སྤྲོས་པའི་མཐའ་བྲལ་ལྟ་བ་རྟོགས། །མ་བཅོས་རང་ལུགས་སྒོམ་པར་གནས། །དེ་ལས་མི་འདའ་མཉམ་ཉིད་སྤྱོད། །བརྟན་ཐོབ་འབྲས་བུ་སྐུ་བཞིའི་བདག །ཐུགས་རྗེ་ཆེན་པོའི་མཆོག་ཐོབ་ནས། ཁམས་གསུམ་འཁོར་བ་དོང་སྤྲུགས་ཤོག །ཅེས་དགེ་བ་བསྔོ་ཞིང་ཁྱེར་སོ་གསུམ་གྱི་གྲུབ་མཐའ་ལམ་དུ་བསླང་བར་བྱའོ། །སྒྲིབ་པ་མྱུར་དུ་སྦྱོང་བའི་ཕུལ། །མཆོག་ཐུན་གཅིག་ཆར་སྒྲུབ་པའི་ཐབས། །འདིས་ཀྱང་མུ་མཐའ་མེད་པའི་འགྲོ །སྲིད་པའི་མཚོ་ལས་རབ་སྒྲོལ་ཤོག །བ་མཁལ་མའི་གཞུང་གི་དངོས་བསྟན་ལ་རིགས་འགྲེས་མ་བསླད་པའི་རྒྱུན་ཁྱེར་འདིའང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བ་དགེ་ལེགས་འཕེལ།། །།
མགོན་པོ་བེང་མའི་སྒྲུབ་ཐབས་བཀའ་གཏེར་གཉིས་ལྡན་གྱི་ལུགས་སུ་བཀོད་པ (Volume 61, Text 46)
ཨཱོྃ་སྭསྟི། བསྟན་སྲུང་དཔའ་བོ་ལེགས་ལྡན་ཆེ། །བེང་འཛིན་མགོན་པོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཁྱད་པར་རྣམས། །གསལ་བྱེད་སྙིང་པོར་དྲིལ་ཏེ་བཤད། །འདིར་མགོན་པོ་བེང་གི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། གནས་དུས་འཛོམ་པ་ལ་རྟེན་གྱི་མདུན་དུ། ཆོས་འབྱུང་མཐིང་ནག་ཕྱི་རོལ་དུ་ཐོད་རྭ་མེ་རི་དང་བཅས་པས་བསྐོར་བ་བྲི། དེའི་དབུས་སུ་རྟེན་གཏོར་དང་མཐའ་མཆོད་གཏོར་སོགས་ཀྱིས་ཚང་བར་བསྐོར་རོ།། །།གཉིས་པ་སྒྲུབ་ཐབས་ནི། བདག་བསྐྱེད་དང་མཆོད་རྫས་བྱིན་རླབས་སྔོན་དུ་འགྲོ་བས། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འཇིགས་རུང་དུར་ཁྲོད་ཆེན་པོས་བསྐོར་བའི་ཐོད་མཁར་བརྩེགས་པའི་གཞལ་ཡས་ཁང་གི་དབུས་སུ་པད་ཉི་དང་བམ་ཆེན་བསྣོལ་བའི་སྟེང་དུ་ཀྵ་ཡིག་འོད་ཀྱི་འཕྲོ་འདུ་ལས་ལེགས་ལྡན་ནག་པོ་སྲེད་མེད་ཀྱི་བུ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཙནྡན་གྱི་བེང་ཆེན་ནོར་བུས་མཚན་པ། བེང་སྟོད་ནས་མེ་འབར་ཞིང་བེང་སྨད་ནས་ཆུ་འབྲུབ་པ། བེང་གི་ནང་ནས་ལྷ་དང་བདུད་ཀྱི་དམག་ཚོགས་སྤྲོ་བ། གཡོན་ལྕགས་པར་ནད་སྣ་ཚོགས་ཀྱིས་གང་བ་དཀུར་བརྟེན་པའི་ཚུལ་གྱིས་འཛིན་པ། ཟ་འོག་གི་བེར་ཆེན་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། ཞབས་ལ་སག་ལྷྭམ་གསོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་ཅན་སྦྲུལ་གྱིས་བརྒྱན་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྨ་ར་དང་སྨིན་མ་དབུ་སྐྲ་ཁམ་ནག་འབར་ཞིང་། གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མེ་ཕུང་འབར་བའི་དབུས་ན་བཞུགས་པའོ། །གཡོན་དུ་བྷྱོ་ལས་རེ་མ་ཏི་སྨུག་ནག་མ་མོའི་ཆས་ཅན་ཁྲམ་ཤིང་དང་ནད་རྐྱལ་འཛིན་པ། དྲེལ་རྟ་རྐང་གསུམ་ལ་བཅིབས་པ། མཐའ་སྐོར་དུ་ནག་པོ་སྟོང་། ལྷ་མ་སྲིན་སྡེ་བརྒྱད། མ་མོ་ཆེན་མོ་བདུན་འཁོར་དང་བཅས་པས་ཡོངས་སུ་བསྐོར་བའོ། །ཡེ་ཤེས་པ་སྤྱན་འདྲེན་ནས་མཆོད་བསྟོད་ཀྱི་མཐར་ཐུག་པའི་བར་འདི་ཉིད་ཀྱི་མཆོད་ཆོག་སྔ་མ་རྣམས་ནས་སྙིང་པོ་བཏུས་པ་ཅི་རིགས་བྱ་བ་ཡིན་མོད་ཀྱི། དོན་གྱི་གཙོ་བོ་ལ་ཁྱད་པར་མེད་ཅིང་ཆོ་གའི་ངོ་བོ་ཐམས་ཅད་གཅིག་ཡིན་པས་སྟག་ཞོན་གྱི་སྐབས་སུ་བཤད་པ་ལྟར་འདོན་པ་སྤོས་པས་ཆོག་པ་ཡིན་ནོ། །བསྟོད་པ་རྣམ་གྲངས་ཤིན་ཏུ་མང་ཡང་། བསྡུ་ན། ཧཱུྃ༔ བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས༔ ཡང་དག་གསང་བའི་སྐུ་གཅིག་བྱུང་བ་ནི༔ མགོན་པོ་བེང་མ་གསང་བའི་སྐུར་བསྟན་པ༔ མི་འགྱུར་ཁྲོ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ལྷ་མོ་གཤིན་རྗེའི་ལྕམ་གཅིག་བདུད་ཀྱི་ཡུམ༔ ལྷ་སྲིན་སྡེ་བརྒྱད་གནོད་སྦྱིན་མ་མོ་དང༔ སྡེ་དཔོན་ནག་པོ་སྟོང་གི་ཚོགས་བཅས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད་པར་བགྱི༔ ཞེས་པའོ། །སྙིང་པོ་ནི། ཨཱོྃ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ཎི་ཛ༔ ཞེས་པའོ། །ལས་སྔགས་ནི། བཛྲ་ཡཀྵ་དེ་བ་མ་ཧཱ་ཀཱ་ལ་ཁ་ཀྲོ་དྷ་ཧཱུྃ༔ ས་མ་ཡ་ཛཿཛ༔ ཐུན་ཀཱ་ལ་རཀྴ་ཎི་ཛཿརྦད༔ ཅེས་པའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། འབྱུང་ཁུངས་དང་ཆོ་གའི་ཁོག་གཅིག་པའི་ཕྱིར་སྟག་ཞོན་གྱི་སྐབས་ཉིད་འདོན་པ་སྤོ་བ་ཡིན་མོད། ངོ་བོ་གཅིག་པ་ཉིད་ལ་ཡང་ཆོ་གའི་སྒྲོས་ཐ་དད་པ་སྣང་བས་རྣམ་པ་གསལ་ཕྱིར་ཁྱད་པར་དུ་བྱེད་ན། གཤོམ་སྤྱི་སྔར་ལྟར་ལས། བེང་། ལྕགས་པར། ཕུར་བུ་སོགས་ཡོ་བྱད་ཁྱད་པར་བ་རྣམས་བསགས། སྒྲུབ་མཆོད་འདོད་དོན་གསོལ་བཏབ་ཡན་རྫོགས་པར་བྱས་ལ། ཁྲུས་དང་བགེགས་སྐྲོད། མཚམས་སྦྱོར་ཅི་རིགས་པ་བཤད་ནས། རྗེ་བཙུན་རྡོ་རྗེ་འཛིན་པའི་གཙོ། །བདག་གི་ལུས་ངག་ཡིད་གསུམ་གྱི། །དྲི་མ་ཐམས་ཅད་སྦྱང་བའི་ཕྱིར། །དབང་བསྐུར་བྱིན་རླབས་བསྩལ་དུ་གསོལ། །ཞེས་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱིས་རྒྱུན་བཤགས་བྱ། གཏོར་མ་མགོན་པོ་འཁོར་བཅས་སུ་བསྐྱེད་ལ་ཡེ་ཤེས་པ་སྤྱན་དྲངས། གཏོར་དབང་སྤྱི་དང་མཐུན་པར་་་སྔ་མ་ལྟར་རོ།བྱ་སྟེ། སྐུའི་དབང་ངོ་། །སློབ་མ་མགོན་པོར་བསྐྱེད་པ་ལ་ཕྲེང་བ་གཏད་དེ། བཟླས་ལུང་སྦྱིན།་་་སྟག་ཞོན་དང་འདྲ། གསུང་དབང་ངོ་། །བེང་གཏད་དེ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རྟེན༔ གང་ཞིག་འཕྱར་བ་ཙམ་གྱིས་ནི༔ དགྲ་བགེགས་རྡུལ་དུ་རློག་བྱེད་པ༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཨཱོྃ་མ་ཧཱ་ཀཱ་ལ་རཀྴ་དུ་བེང་ཧཱུྃ་ཨ་བྷི་ཥིཉྩ་མི༔ ཐུགས་དབང་ངོ་། །ལྕགས་པར་གཏད་ལ། སངས་རྒྱས་ཀུན་གྱི་དངོས་གྲུབ་རྟེན༔ གང་ཞིག་དྲན་པ་ཙམ་གྱིས་ནི༔ ནག་པོ་དགྱེས་ཤིང་ངོམས་པར་བྱེད༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཨཱོྃ་མ་ཧཱ་ཀཱ་ལ་ཙིཏྟ་པྲི་ཏཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་མི༔ ཡོན་ཏན་གྱི་དབང་ངོ་། །ཕུར་བུ་གཏད་ལ། སངས་རྒྱས་ཀུན་གྱི་ཕྲིན་ལས་རྟེན༔ གང་ཞིག་སྒྲིལ་བ་ཙམ་གྱིས་ནི༔ གདུལ་དཀའ་མ་ལུས་འཇིགས་པར་བྱེད༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ཨཱོྃ་མ་ཧཱ་ཀཱ་ལ་དགྲ་བོའི་སྙིང་ལ་ཀཱི་ལ་ཡ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མི༔ ཕྲིན་ལས་ཀྱི་དབང་ངོ་། །རྗེས་ཁས་བླང་ཡོན་འབུལ་རྣམས་དང་། སྟོབ་པ་སོགས་རྗེས་ཆོག་རྣམས་ཀྱང་གོང་བཞིན་ནོ། །རྗེས་གནང་གི་ཆོ་ག་འདི་སྟག་ཞོན་ལ་ཡང་སྦྱར་བས་ཆོག་སྟེ་ཆོ་གའི་རྣམ་གྲངས་གཅིག་ཡིན་པའི་ཕྱིར་རོ། །རྣམ་འ༵གྱུར་གཏུམ་དྲག་གནོད་སྦྱིན་མགོན། །ཐོགས་མེ༵ད་མཐུ་མངའ་གསང་ཆེན་སྔགས། །རྡོ༵་རྗེ༵་ཐེག་པའི་བཀའ་སྲུང་གཙོ། །བེང་ཆེན་སྒྲུབ་ཐབས་སྙིང་པོའི་ཕུལ། །མགོན་པོ་བེང་མའི་སྒྲུབ་ཐབས་བཀའ་གཏེར་གཉིས་ལྡན་གྱི་ལུགས་སུ་བཀོད་པའི་ལེའུ་ཚན་ནོ།། །།
ནང་སྐོར་ཡི་དམ་ཁྲོ་བོའི་བཟླས་དམིགས་སྒྲུབ་ཐབས་ནང་གི་དངོས་བསྟན་ལྟར་བསྡུས་པ་ཟུར་ཕྱུང་ (Volume 62, Text 46)
ནང་སྐོར་ཡི་དམ་ཁྲོ་བོའི་བཟླས་དམིགས་སྒྲུབ་ཐབས་ནང་གི་དངོས་བསྟན་ལྟར་བསྡུས་པ་ཟུར་ཕྱུང་ནི། ཁྲག་འཐུང་གཙོ་དགུའི་བཟླས་པའི་སྐབས༔ གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་བསམ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་གུ་ཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀཿཀྲོ་དྷཱི་ཤྭ་རཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ་འོ། །འབུམ་ཕྲག་བཟླས་པས་བདེ་ཆེན་གྱི༔ ཡེ་ཤེས་བརྟན་ཅིང་ནུས་ལྡན་འཕེལ༔ ས་མ་ཡ༔ ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་སྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་ཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དྲག་སྔགས་སྤུ་གྲིའི་ཐེམ་ཡིག་ (Volume 25, Text 46)
༄༅༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དྲག་སྔགས་སྤུ་གྲིའི་ཐེམ་ཡིག་བཞུགས་སོ༔ དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ལྷ་སྲིན་སྡེ་བརྒྱད་ཐེམ་བསྟན་པ༔ དྲག་སྔགས་གཅོད་བྱེད་སྤུ་གྲི་འདྲ༔ རྣོ་ལ་ངར་གྱིས་གདགས་པ་བཞིན༔ འཇིག་རྟེན་དྲེགས་པ་བཅོ་བརྒྱད་དང༔ ལྷ་སྲིན་སྡེ་བརྒྱད་མ་ལུས་པ༔ ཞགས་པ་ལྟ་བུའི་སྔགས་ཀྱིས་བཅིང༔ གནོད་བྱེད་དྲེགས་པ་ཐེམ་དུ་དྲང༔ ཛཿ་་ལྕགས་ཀྱུ་ལྟ་བུས་དྲང་། ཧཱུྃ་་ཞགས་པ་ལྟ་བུས་བཅིང་། བཾ་་ལྕགས་སྒྲོག་ལྟ་བུས་བསྡམ། ཧོ༔་་དྲིལ་བུ་ལྟ་བུས་དབང་དུ་བསྡུ། ཏྲིག་ནན༔་་གནོད་བྱེད་ཡི་གེ་འབྲུ་གཉིས་པོ། ཧུར་ཐུམ་ཛ༔་་སྲོག་སྙིང་དྲག་པོའི་ཡིག་འབྲུ་གསུམ། མཱ་ར་ཡ་རྦད༔་་དྲེགས་པ་རང་སྲོག་རང་གིས་བཅད་པའི་ཡི་གེ་འབྲུ་བཞི། རྩ་སྦུར་སྲོག་ནན་བྲེང་ཤགས་ཡམ་རྦད༔་་ཐམས་ཅད་བརླག་ཅིང་ལས་ལ་འཛུད་པའི་ཡི་གེ་བརྒྱད་དོ། །དྲེགས་པ་སྤྱིའི་སྲོག་སརྦ་ཨེ༔ སྒོས་སྲོག་སོ་སོར་ཤེས་པར་བྱ༔ མིང་གི་ཡི་གེ་དང་པོ་འམ༔ སྡེ་བརྒྱད་དྲེགས་པ་ཐམས་ཅད་ཀྱི༔ མིང་ཡིག་སྤུ་གྲིའི་ཐེམ་ལ་བླང༔ ལྕགས་བསྲེགས་ཁ་ཡི་རྩྭ་སྦུར་བཞིན༔ སྐད་ཅིག་ཉིད་ལ་བརླག་པར་བྱེད༔ འཇིག་རྟེན་དྲེགས་པ་བཅོ་བརྒྱད་དང༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི༔ སྒོས་སྲོག་སོ་སོར་དྲངས་པ་ཡི༔ སོ་སོའི་དབྱེ་བ་འདི་ལྟ་སྟེ༔ ཐོག་མར་དྲེགས་པའི་སྒོས་སྲོག་ནི༔ ཡ་མ་ཡེ༔་་གཤིན་རྗེ། མ་མ་རུ་ལུ་མ༔་་མ་མོ། མ་ཧཱ་དེ་ཝ་ཨ༔་་ལྷ་ཆེན། ཏཱིརྟི་ཀ་དུ༔་་མུ་སྟེགས། ཡཀྴ་ཤྭ༔་་གནོད་སྦྱིན། རྭ་ཙ་ཙ༔་་རྒྱལ་པོ། ཤུ་ལ་ཙ་ཙ༔་་དྲེགས་པ་སྲོག་ཟན་དམར་པོ། ཧཾ་ཤཾ་ཏྲི༔་་འགོང་པོ། རཀྴ་ར༔་་སྲིན་པོ། རུ་དྲ་ཧ༔་་བདུད། བཛྲ་སཱ་དྷུ་ཏྲི༔་་རྡོ་རྗེ་ལེགས་པ། རུ་དྲ་རུ༔་་དམ་སྲི། བིཥྞུ་ར༔་་གཟའ། མུན་མུན་པ༔་་བདུད། བི་ནཱ་ཡ་ཀ་ཏྲི༔་་བགེགས། ཨ་བི་ཤུ་ལ་ཛཿ་་བཙན་ཡ་བ་རྐྱ་བདུན། ཏྲི་ནུ་ཤུ་ལ་ཏྲི༔་་ཐེའུ་རང་། ནཱ་ག་ཕུ༔་་ཀླུ་བདུད་རྣམས་གྱི་སྲོག་སྙིང་། ལྷ་འདྲེ་སོ་སོའི་སྒོས་སྲོག་ནི༔ ཨ༔་་ལྷ། ནྲྀ༔་་མི། སུ༔་་ལྷ་མིན། ཏྲི༔་་ཡི་དྭགས། པྲེ༔་་དུད་འགྲོ །དུ༔་་དམྱལ་བ། བྷ་ཏྲ་ཐཱ༔་་ཡུལ་གདོན། ཧཾ་ཏྲ་ཧ༔་་ཡུལ་གདོན་ནག་པོ། མཛྙཱ་པ༔་་གྲི་མོ། རཀྴ་ར༔་་སྲིན་པོ། ཨ་ལཾ་ཧཾ་་བརྒྱ་བྱིན། ཨགྣེ་རཾ༔་་མེ་ལྷ། ཏྲཀྴ་ཏྲི༔་་བགེགས་རིགས། ཝ་རུ་ཎ་ནཾ༔་་ཆུ་ལྷ། ལཾ་ཧ་ཡཾ༔་་འབྲོག་སྲིན། བཱ་ཡུ་ཡཾ༔་་རླུང་ལྷ། ཨ་ལོ་མ༔་་ཤྭ་ན་མ། པྲི་ཏེ་ཐིས༔་་རབས་ཆད། ཡཾ་རེ་མཾ༔་་འབྲོག་སྲིན་མ། ས་ན་ཏྲེ༔་་བྲག་སྲིན། ཡཾ་ཧོ་མ༔་་བྱང་སྨན། བཱ་ཡུ་ཡཾ་ཧོ་མ༔་་གཡབ་འདྲེ། ཧོ་བྲ་གོ་ར་ཡཾ༔་་གཡའ་སྨན། མ་ཎི་ཧ༔་་གྲི་མོ། ཙ་དུ་ཧ༔་་ཆང་འདྲེ། ཏིང་ལཾ་ནི༔་་སྨན་གྲི །ནནྟ་ཡ༔་་ཐབ་འདྲེ། པྲ་ཏ་ཧ༔་་གྲིབ་གནོན༔ མིང་སྲོག་བརྡ་ཡིས་སྤྱད་བྱས་ན༔ དབང་ཆེན་རྔམ་པའི་གཟི་བརྗིད་ཀྱིས༔ འཇིག་རྟེན་དྲེགས་སྡེ་མ་ལུས་པ༔ སྲོག་སྙིང་ཕུལ་ནས་ལས་ལ་མྱུར༔ དྲེགས་པ་སོ་སོའི་མིང་དང་སྲོག༔ འགུགས་བྱེད་ལ་སོགས་སྔགས་ཀྱིས་བརྒྱན༔ གང་ལ་དམིགས་པའི་མིང་མཐར་སྦྱར༔ སྤུ་གྲི་ངར་གྱིས་གདགས་པ་འདྲ༔ ཁྲི་སྲོང་བཙད་པོའི་ཕྱག་ཏུ་གཏད༔ མི་ནུབ་བསྟན་པའི་བཙས་སུ་ཞོག༔ རྒྱ་རྒྱ་རྒྱ༔ རིག་པའི་ཡེ་ཤེས་གུ་རུ་པདྨ་དང༔ འགག་མེད་རང་རྩལ་ཁྲི་སྲོང་ལྡེའུ་བཙན་གཉིས༔ རང་གྲོལ་བདེ་བ་ཆེན་པོའི་ཞུས་ལན་འདི༔ རོལ་པ་འགག་པ་མེད་པའི་བྲག་རི་ལ༔ རང་བཞིན་སྐྱེ་བ་མེད་པའི་ཕྱག་རྒྱས་བཏབ༔ སྣང་སེམས་གཉིས་མེད་ཐིག་ལེའི་སྒྲོམ་བུར་སྦས༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་གཏེར༔ རིམ་པར་བརྒྱུད་ནས་སྣོད་ལྡན་རྣམས་ལ་གཏད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཏེར་སྟོན་ཆེན་པོ་གྲུ་གུ་རྡོ་རྗེ་ཡང་དབང་གཏེར་གྱི་སྙན་བརྒྱུད་ལགས་སོ།། །།
བྲམ་ཟེ་སྡོམ་པ་བཟང་པོའི་རླུང་འཁོར་གྱི་དཔེའུ་རིས་ (Volume 42, Text 46)
༄༅། །བྲམ་ཟེ་སྡོམ་པ་བཟང་པོའི་རླུང་འཁོར་གྱི་དཔེའུ་རིས་བཞུགས་སོ། །གཏེར་མཛོད་དཀྱུས་སུ་སྔོན་ཡོད་བཅོས་མེད་སོར་བཞག་བྱས་པ་ཡོད།
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྨན་གྱི་བརྒྱུད་མཆོད (Volume 34, Text 46)
སྨན་གྱི་བརྒྱུད་མཆོད་ནི། དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ། །རྡོ་རྗེ་བཙུན་མོ་གནམ་ཞལ་མ། །རབ་དགྱེས་ཁྲོས་མ་ནག་མོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི། རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་རྗེ། །ཌཱ་ཀི་པདྨ་མཚོ་སྐྱིད་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི། པདྨ་འོད་གསལ་མདོ་སྔགས་གླིང་། །རྩ་བརྒྱུད་རིག་འཛིན་བླ་མ་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི། རྡོ་རྗེ་རིན་ཆེན་པདྨ་ལས། །གནས་ཡུལ་དཔའ་བོ་རྣལ་འབྱོར་མ། །དམ་ཚིག་འབྱུང་བའི་མཁའ་འགྲོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི། སྤྱང་ཞོན་ཆེན་མོ་མཆེད་གསུམ་སོགས། །བཀའ་གཏེར་སྲུང་མ་རྒྱ་མཚོ་དང། །འབུམ་ཕྲག་ཡངས་པའི་འཁོར་ཚོགས་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི། ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་སོ།།
གནམ་ཆོས་ཐུགས་གཏེར་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་སྒྲུབ་པ་ (Volume 51, Text 46)
གནམ་ཆོས་ཐུགས་གཏེར་ལས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་སྒྲུབ་པ་བཞུགས༔ ྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ས་ཡི་སྙིང་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་གཏོར་མ་སྟ་གོན་མེད༔ རང་ཉིད་ས་སྙིང་སྐུ་མདོག་དཀར༔ བྱང་ཆུབ་སེམས་དཔའི་ཆ་བྱད་ཅན༔ གཡས་པས་མྱུ་གུ་གཡོན་དྲིལ་བུ༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ མདུན་དུ་ས་ཡི་ལྷ་མོ་ནི༔ སྐུ་མདོག་སེར་མོ་སྐུ་སྟོད་མངོན༔ ཕྱག་གཉིས་ནོར་བུ་བུམ་པ་འཛིན༔ བྱང་ཆུབ་སེམས་མའི་ཆ་བྱད་ཅན༔ དེ་ལྟར་བསྐྱེད་ནས་སྔགས་འདི་གཉིས༔ གང་འདོད་གཅིག་ནི་བཟླས་པས་ཆོག༔ ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་སྭཱ་ཧཱ༔ ཨོཾ་ཀྵི་ཧི་རཱ་ཙ་ཡ་པྲི་ཏི་དྷེ་ཝཱི་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་བཙའ་སྲུང་གདམས་པ་སྟེ༔ སྔགས་འདི་བཟླས་པ་ཁོ་ནས་ཆོག༔ ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་ཨ་ཏི་ནི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚག་པའི་ཁ་ཆིངས་ནི༔ སྔགས་འདིས་བྱེ་མ་རབ་བསྔགས་ཏེ༔ ཞིང་ལ་གཏོར་བས་ཐུབ་ངེས་སོ༔ ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་ཨ་ཏི་ན་ཏདྱ་ཐཱ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་འོག་འབུས་གཙོ་བྱས་པའི༔ འབུ་སྲིན་ཀུན་གྱི་སྲུང་བ་ནི༔ སྔགས་འདིས་ཆུ་ནི་རབ་ཏུ་བསྔགས༔ ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་ཨ་ད་ནག་པོ་འབུ་སྲིན་ཁ་ཆིངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་ཉེར་གཉིས་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་དངོས་སུ་གསུངས་སོ། །ཆུ་བྱེ་མ་ལ་འདེབས་པའི་ཁྱད་དང་འཛེམ་བྱ་མེད་དོ། །དབང་གཟུངས་དབང་ངོ་།། །།
ཤིང་བུ་དྲུག་གི་སྒྲིབ་ཤིང་ཟབ་ཁྱད་ཅན་ (Volume 44, Text 46)
ཤིང་བུ་དྲུག་གི་སྒྲིབ་ཤིང་ཟབ་ཁྱད་ཅན་བཞུགས༔ ན་མོ་གུ་རུ༔ སྒྲིབ་ཤིང་ཤིང་བུ་དྲུག་པ་འདི་ལ༔ སྟག་པ་ལ༔ བཛྲ་མ་ཏྲི་རཀྵཿརཀྵ༔ བྲི༔ ལྷའི་སྒྲིབ་ཤིང་ཡིན༔ གླང་མ་ལ༔ བཛྲ་ཨགྣེ་དྷེ་བ་རཀྵ་རཀྵ༔ བྲི༔ ལྷ་མ་ཡིན་གྱི་སྒྲིབ་ཤིང་ངོ༔ འོམ་བུ་ལ༔ ཡ་མ་ཏྲི་ཏ་ཕཊཿརཀྵ་རཀྵ༔ བྲི༔ མིའི་སྒྲིབ་ཤིང་ཡིན༔ སྐྱེར་པ་ལ༔ ཀྲི་མཱ་ར་ཡ་ཕཊཿརཀྵ་རཀྵ༔ བྲི༔ དམ་སྲི་རྣམས་ཀྱི་སྒྲིབ་ཤིང་ངོ༔ བ་ལུ་ལ༔ ཨ་སད་ཧཱུྃ་ཕཊ་རཀྵ་རཀྵ༔ རྒྱལ་པོ་དང་པེ་དཀར་གྱི་སྒྲིབ་ཤིང་ངོ༔ ཤུག་པ་ལ༔ ཡ་མ་དམ་སྲི་མཱ་ར་ཡ་ཕཊཿརཀྵ་རཀྵ༔ ནད་གདོན་ཐམས་ཅད་ཐུབ་བོ༔ ནས་ལ་བཙུགས་ནས་རང་སྔགས་བརྒྱ་རྩ་རེ་དང༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ དར་དམར་པོས་དྲིལ་ལ་བཏགས་སོ༔ སློབ་དཔོན་པདྨས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གནང༔ རྒྱལ་པོས་ཀ་བ་བུམ་པ་ཅན་དང༔ མཆོད་རྟེན་ནག་པོར་གཏེར་དུ་སྦས༔ མངའ་བདག་ཉང་གིས་གཏེར་ནས་བཏོན། རིམ་པར་བརྒྱུད་ནས་སྤུ་རང་ཇོ་གདན་པ་གཅིག་གིས་བསྣམས་ནས། སྐུ་མཁར་ཉི་ཟུང་དུ་ཡོན་བདག་ལྷ་རྒྱན་བྱ་བ་ལ་བུ་མང་པོ་ཤི་བའི་འཕྲོ་ལ་བཏགས་པས། བུ་ཚ་ལ་ཆམ་པ་ཞིག་ཀྱང་མ་བྱུང་། ཁོང་ཏི་སེ་ལ་སྒོམ་དུ་བྱོན་ནས་སོས་ཀ་ཞིག་ཁོང་གིས་བུ་གསོས་པའི་ཡོན་ཕུལ་གསུངས་པས། ཡོན་བདག་ན་རེ་ངེད་རང་གིས་མོ་བཏབ་རྩིས་བྱས་ཟེར་ནས་ཡོན་ཕུལ་དུ་མ་འདོད་པས། འོ་ན་ང་རང་གི་སྲུང་བ་ཨོན་བྱས་ནས་ཁྱེར་བས། དེ་མ་ཐག་ཏུ་གདོན་གྱིས་ཁྱེར་སྐད། མིག་མཐོང་ཅན་གྱིས་བལྟས་པས། ངེད་ཀྱིས་ད་བར་ལོ་གསུམ་མ་རྙེད་ཟེར་ནས། ལྕགས་ཀྱི་ལྷྭམ་གོག་ཁུར་པོར་ཁུར་བའི་རྒན་རྒོན་གཉིས་ཀྱིས་བུ་ཁྱེར་སྐད་དོ། །དེ་ནས་ཡང་བུ་གཅིག་སྐྱེས་པ་ལ་བཏགས་པས། ཁོ་དད་ནས་ཡོན་དུ་རྟ་གཅིག་དང་། གསེར་སྲང་གང་ཕུལ་ནས་མཉེས་པར་བྱས་སོ། །སྲུང་བ་བཏགས་ཆོག་ཡིན། ཤུ་བྷཾ།། །།
ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་ལས༔ རྡོ་རྗེ་ཕུར་པ་དུག་གཟེར་རེག་ཕུང་ (Volume 45, Text 46)
༄༅༔ ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་ལས༔ རྡོ་རྗེ་ཕུར་པ་དུག་གཟེར་རེག་ཕུང་བཞུགས༔ ྈྈྈྈ ྈྈྈྈྈྈྈྈྈྈ མ་འོངས་སྐལ་ལྡན་ཆོས་བདག་སྐྱེས་བུ་དེས༔ ཟབ་མོའི་ལུང་བཞིན་འགྲོ་དོན་སྐྱོང་བའི་ཚེ༔ སྲིན་ཟ་གཡུ་འབྲོང་ཡམ་ཤུད་ལྟེ་ཕུར་གྱི༔ སྤྲུལ་པ་བླ་མ་སློབ་དཔོན་སློབ་མར་བརྫུ༔ དངོས་དང་བརྒྱུད་ནས་བར་དུ་གཅོད་པར་བྱེད༔ ཁྱད་པར་ཐང་ནག་སྟག་སྣ་དང༔ དམར་རྒྱན་བཟའ་ཡི་སྤྲུལ་པ་འབྱུང༔ ཁྱད་པར་རྒྱན་ཡན་ྈྈྈྈྈྈྈྈྈ རྗེས་སུ་འདྲེ་རྒོད་འབྱུང་པོ་སྣ་ཚོགས་ཀྱིས༔ དམ་སྲིས་རྒྱུད་དཀྲུགས་སྣ་ཚོགས་བར་ཆད་མང༔ དེ་ཚེ་བདག་འདྲ་པདྨའི་རྣོ་མྱུར་ཐོག་འདྲའི་ལྷ་མཆོག་ཀཱི་ལ་ཡ༔ དུག་གཟེར་འཐོར་བས་རེག་ཕུང་འདི་ཉིད་ཉམས་སུ་ལོངས༔ ཕྱི་ནང་ཕྱོགས་བཞི་མཚམས་བརྒྱད་བར་ཆད་ནི༔ གཟུགས་ཅན་གཟུགས་མེད་གནོད་འཚེ་རླུང་ལྟར་འཚུབས་པ་འཇོམས༔ དེ་ཕྱིར་དུས་མཐར་འདི་ལ་གཅེས་པར་ཟུངས༔ ྈྈྈྈྈྈྈ དེ་ཡང་སྟོང་ཉིད་གཟོད་མའི་ཀློང་ཡངས་ལས༔ མ་རུངས་གདུལ་དཀའ་འདུལ་ཕྱིར་སྙིང་རྗེ་བསྐྱེད༔ ཟུང་འཇུག་ངང་ལས་རང་རིག་ཧཱུྃ་མཐིང་ནག༔ བསྐལ་པའི་མེ་ལྟར་འབར་བའི་ཚ་ཟེར་གྱིས༔ གནོད་བྱེད་གདུག་པ་ཅན་རྣམས་གཞོབ་ཏུ་བསྲེགས༔ དེ་ཉིད་ཡོངས་གྱུར་ཁྲོ་རྒྱལ་སྟོབས་འདུས་ཀྱི༔ ངོ་བོ་བཛྲ་ཀཱི་ལའི་སྐུ་རུ་བསྒོམ༔ ཞལ་གསུམ་ཕྱག་དྲུག་མཐིང་དཀར་དམར་བའི་ཞལ༔ ཀུན་ཀྱང་འཇིགས་རུང་སྲིན་པོ་ཁྲོས་ལྟར་རྔམ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་ནམ་མཁར་འཕྱར༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་གསོར་ཞིང་སྤྲོ༔ མཐའ་གཉིས་སེང་ལྡེང་ཕུར་བུས་གནོད་བྱེད་གཟིར༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ སྤུ་གྲིའི་ཁྱུང་གཤོག་ནམ་མཁའི་མཐོངས་སུ་འཕྱར༔ སྒྲོ་གསེབ་མེ་ཆར་གནམ་ལྕགས་ཐོག་སེར་འབེབ༔ སྐུ་སྨད་གནམ་ལྕགས་ཕུར་གཟུགས་དམར་ཧང་ངེ༔ གནོད་བྱེད་དམ་སྲི་རུ་ཏྲའི་སྙིང་ལ་བཙུག༔ མེ་དཔུང་ཀློང་ནས་ཁྲོ་བཅུ་ཁྲོ་ཆུང་འགྱིང༔ ཀཱི་ལ་ཡ་སོད་ཧཱུྃ་ཕཊ་འབྲུག་སྟོང་ལྡིར༔ རང་ཉིད་ཁྲོ་རྒྱལ་ཀུན་འདུས་བདག་ཉིད་ཆེ༔ ཐུགས་ཀར་ཉི་དཀྱིལ་དབུས་སུ་མཐིང་ནག་ཧཱུྃ༔ དེ་ལ་རྩ་བའི་སྔགས་ཕྲེང་མཐིང་ནག་བསྐོར༔ ཨོཾ་བཛྲ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་ཧཾ་ཤཾ་ཏྲི་གནོད་བྱེད་དམ་སྲི་བདུད་ཀྱི་སྙིང་ལ་མཱ་ར་ཡ་ཨེ་ཧུར་ཐུམས་རྦད༔ ཐུགས་སྲོག་ཧཱུྃ་ལས་ཛཿཡིག་ལྕགས་ཀྱུ་འཕྲོས༔ གནོད་བྱེད་ལོག་འདྲེན་དམ་སྲི་འབྱུང་པོ་ཀུན༔ མཐའ་མི་མགོ་བརྙན་བན་བོན་སྣ་ཚོགས་དབྱིབས༔ བཀུག་པ་མདུན་དུ་ལྕགས་བསྲེགས་ཧོམ་དུ་བསྒྱེལ༔ སྐུ་སྨད་ཕུར་བུས་གསོར་ཞིང་བརྡབས་པ་ཡིས༔ ཉམ་ཐག་གཟིར་བསམ་མ་ཡེངས་དམིགས་པའི་གནད༔ ཁྱད་པར་དངོས་སུ་གསལ་བའི་གཟུགས་དེ་འམ༔ རྨི་ལམ་ཆོ་འཕྲུལ་གང་སྟོན་དེ་ཉིད་བསྒོམ༔ གོང་བཞིན་གཟིར་མནན་ཕུང་པོ་ཡེ་ཤེས་མེས༔ གཞོབ་ཏུ་བཏུལ་ཞིང་རྣམ་ཤེས་ཐུགས་སྲོག་ཧཱུྃ༔ ཞབས་ཀྱུར་བསྟིམ་བསམ་སྐྱེ་མེད་ངང་དུ་བཟླ༔ ཐུན་མཚམས་རང་ཉིད་ཁྲོ་རྒྱལ་གསལ་བའི་མཐར༔ སྲུང་བ་ལྔ་ཡི་གུར་ཁང་ཕུབ་པའི་ནང༔ རང་ལུས་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ༔ གྱོན་པར་བསམ་ཞིང་རྩ་བའི་སྔགས་ཀྱི་མཐར༔ བཛྲ་ཀཱ་བ་ཙི་ཧཱུྃ༔ བཛྲ་ཛྙཱ་ན་པཉྩ་ར་ཛྭ་ལ་རཾ་རཀྵ་ཧཱུྃ་ཕཊ༔ བཏགས་པ་བཟླ་བ་ཀུན་ཏུ་སྲུང་བའི་མཆོག༔ ྈྈྈྈྈ དེ་ལྟར་མ་འོངས་བསྐལ་པ་དུས་ཀྱི་མཐར༔ མཐའ་འགོང་དམ་སྲིའི་བར་གཅོད་ལས་སྐྱོབ་བྱེད༔ གཞན་གྱིས་མི་ཐུབ་དུག་ཟེར་རེག་ཕུང་འདི༔ བདག་འདྲ་ཨོ་རྒྱན་དྲག་སྔགས་མཐར་ཐུག་གོ༔ མན་ངག་མགུལ་ཁུག་སྙིང་གི་དཀྱིལ་དུ་སྦོས༔ ྈྈྈྈྈ ཤ་དུམ་བརྒྱ་རྩ་ཟན་དུམ་བརྒྱ་རྩ་ཆང་གིས་བྲན་བསང་སྦྱང༔ སྟོང་པའི་ངང་ལས་ཤ་ཁྲག་སོགས་འདོད་ཡོན་གྱི་ཕུང་པོར་བསྒོམ༔ བཙན་འབྲོང་ཡམ་ཤུད༔ ས་སྲིན་གཡུ་འབྲོང༔ ལྟེ་ཕུར་དམ་སྲི་སོགས་ཀྱི་རིགས་སུ་གྱུར་པ་སློབ་དཔོན་གྱི་དམ་ཉམས༔ ཕྲིན་ལས་དང་ཚེ་ལ་སྲི་ཞིང་རྐུ་བ༔ མཐའི་འདྲེ་རྒོད་མ་རུངས་པ་རྒྱབ་རྟེན་དུ་འཆའ་ཞིང༔ སྣང་སྲིད་ལྷ་འདྲེ་གཡོ་ཞིང་འཁྲུག་བྱེད་ཐམས་ཅད༔ ཤ་ཟན་མཆོད་པ་འདི་བཞེས་ལ༔ ལན་ཆགས་སྦྱོངས༔ བུ་ལོན་འཁོར༔ འཁོན་བཅུགས་སྦྱངས་ཏེ༔ ཞི་བ་དང་བདེ་ལེགས་སུ་མཛོད་ཅིག༔ སམྦྷར་བརྒྱ་རྩ་དང༔ བཅུ་ཚན་རེ་རེར་དེ་བཞིན་གཤེགས་པ་བཞི་དང་བསྔོ་ཚིག་བཅུག་གོ༔ ྈྈྈྈྈ ྈྈྈྈྈྈྈྈྈྈྈྈ ཨོ་རྒྱན་ཆོས་རྗེ་གླིང་པས་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་སྤྱན་དྲངས་པའོ།། །།
ཟབ་པ་སྐོར་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་སྨིན་བྱེད་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་མཆོག་སྦྱོར་ (Volume 27, Text 46)
༄༅། །ཟབ་པ་སྐོར་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་སྨིན་བྱེད་བལྟས་ཆོག་ཏུ་བཀོད་པ་ཡེ་ཤེས་མཆོག་སྦྱོར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཕྱག་རྒྱ་མཆོག་གི་བདུད་རྩི་ཡིས། །དུས་གསུམ་རིག་འཛིན་དབུགས་འབྱིན་པ། །མཁའ་མཉམ་རྒྱལ་བའི་དཀྱིལ་འཁོར་པའི། །གསང་བ་གཅིག་གྲུབ་དེ་ལ་འདུད། །ཧེ་རུ་ཀ་དཔལ་ཞལ་གྱི་དྲོད། །མ་ཡལ་དངོས་གྲུབ་རྣམ་པ་གཉིས། །སྒྲུབ་པའི་ཐབས་ཚུལ་ངོ་མཚར་བའི། །སྨིན་བྱེད་ཆོ་ག་རབ་གསལ་བྱ། །རྒྱུད་ལུང་མན་ངག་ཟབ་འདྲིལ་ཁ་ཚང་ལ་ཁྱེར་བདེ་བའི་གསང་བ་རྨད་དུ་བྱུང་བ་ཡང་དག་ཐུགས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། བཅའ་གཞི་དང་། སྒྲུབ་མཆོད་དོ། །དང་པོ་ནི། དེའང་རྩ་དུམ་ལས། རྣལ་འབྱོར་མཆོག་གི་ཡེ་ཤེས་ལ། །དོན་དུ་གཉེར་ན་ཕྱག་རྒྱ་བཙལ། །ཧེ་རུ་ཀ་དང་གཉིས་མེད་པའི། །རྡོ་རྗེ་སློབ་དཔོན་བསྙེན་བྱས་ཏེ། །ཚུལ་བཞིན་དབང་གིས་སྨིན་པར་བྱ། །ཞེས་སོགས་རྒྱུད་ནས་གསུངས་པའི་མཚན་ཉིད་ཅན་གྱི་གནས་དུས་སྟོན་འཁོར་གྲོགས་བཅས་ཚོགས་ནས་སྨིན་སློབ་ཏུ་བྱེད་པ་ནི་དེང་སང་དཀོན་པས་གཟུགས་བརྙན་གྱི་དབང་བསྐུར་བ་ལ། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་ཁྲོ་དཀྱིལ་སྤྱི་འགྲེའི་ནང་དུ་ཟླ་གམ་གཙོ་འཁོར་དགུ་ལ་སོ་སོའི་ཕྱག་རྒྱས་མཚན་པ་བྲིས་པའི་དབུས་སུ་ཁྲིའུ་རིམ་པ་གསུམ་པའི་འོག་མར། རྣམ་བུམ་དྲིའི་ཆུ་དང་ཆང་ལ་སོ་ལྔའི་རྫས་ལྡན་བླུགས་པ་དང་མགུལ་ཆིངས་སྔོན་པོས་སྤྲས་པའི་ཁར་བནྡྷ་མཚན་ལྡན་ཆང་དང་ཆོས་སྨན་མངར་གསུམ་སྦྱར་བས་བཀང་བ་ལ་སིནྡྷུ་ར་བརྡལ་བའི་མེ་ལོང་རུ་ལུའི་སྔགས་བྱང་བྲིས་པས་བཀབ། བར་པར་ཟན་ལ་ཐོད་པའི་གཟུགས་བཅོས་པའི་ནང་དུ་མར་མེ་སྨུག་རྩིས་ཁ་བསྒྱུར་བ་དགུ་སྣོད་གཅིག་ཏུ་བཞག །སྟེང་མར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་འཛོམ་ན་ལྷ་དགུའི་ཐོད་སྐུ་གཙོ་བོ་ཞལ་མདུན་བསྟན། འཁོར་རྣམས་གཙོ་བོ་ལ་ཕྱོགས་པ་དང་། ཐམས་ཅད་མ་འཛོམ་ན་གཙོ་བོའི་ཐོད་སྐུ །གཽ་རཱི་མ་བརྒྱད་ཙཀླི་བཀོད་ཀྱང་ཆོག །དེ་སྟེང་དར་གདུགས་མཐིང་ནག་ཕུབ། གཞན་ཡང་དུར་ཁྲོད་དཔལ་ཆས་ཕྱོགས་བསྡུས་ཙཀླི། རིག་ཙཀ །རྒྱབ་ངོས་སུ་དཔལ་གཏོར་རྒྱན་ལྡན་སྐུ་ཙཀ་གཏོར་གདུགས་དང་བཅས་པ། གཡས་ཕྱོགས་སུ་ལས་བུམ་སོ་ལྔའི་བཅུད་ལྡན་ཆིངས་དཀར་ཅན། མདུན་རྒྱབ་གང་བདེར་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྐོང་ཆོག་དང་འབྲེལ་བས་འབྱོར་ན་ཕྱི་ནང་མཆོད་པ་རྣམས་གང་རྒྱས་གྲུབ་ན་ལེགས། སྔོན་གཏོར། ཚོགས་ཆས། གཏེར་སྲུང་གཏོར་འབུལ། མིག་དར། མེ་ཏོག་སོགས་ཉེ་བར་དགོས་པ་རྣམས་ཚོགས་པར་བྱའོ། །གཉིས་པ་སྒྲུབ་མཆོད་ནི། བརྒྱུད་འདེབས་འཕྲོས་ཟབ་བདུན་སྤྱི་འགྲོའི་དཀར་གཏོར་འབུལ། སྐྱབས་སེམས་ཡན་ལག་བདུན་པ་ཁ་བསྒྱུར་ཅན་དང་། བགེགས་གཏོར་བསྔོས་ལ་སྔོན་འགྲོའི་སྤྱི་ཆིངས་མཚམས་གཅོད་ནས་མཆོད་པ་བྱིན་རླབས་བར་བཏང་། ཏིང་འཛིན་རྣམ་གསུམ་གཞུང་འདིའི་སྔགས་དང་སྦྲགས་ལ་བདག་མདུན་དབྱེར་མེད་དུ་བསྐྱེད། སྤྱན་འདྲེན་བཞུགས་ཕྱག་མཆོད་ཕྲེང་རྣམས་ཅུང་ཟད་སྤྲོ་ན་ཟངས་བྱང་མའི་ཡང་དག་ལྟ་བུ་ནས་སབ། བསྟོད་པའི་རྗེས་མདུན་རྟེན་གྱི་གོ་སར་ཛཔ྄་ཁང་ཕྱེས་ལ་ཏིང་འཛིན་འཕྲོ་འདུ་གསལ་བས་བཟླས་པ་ཅི་འགྲུབ་བྱ། བུམ་པ་རང་བྱུང་ཟླ་གམ་དབང་གི་ཕོ་བྲང་དུ་གསལ་བའི་ནང་དུ་དཔལ་ཆེན་ལྷ་དགུ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གསལ་གདབ་ལ་གཟུངས་ཐག་བླངས་ཏེ་བུམ་བཟླས་བྱ། ལས་བུམ་ནང་དུ་པད་ཟླའི་སྟེང་། །རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་ཡུམ་འཁྲིལ་སྐྱིལ་ཀྲུང་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་པའི། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བབས་བུམ་པ་གང་། །དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱུར། །ཅེས་མོས་ལ་ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླ། མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་དང་། བུམ་པ་གཉིས་སུ་དུང་ཆུ་མཆོད་ཡོན་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ། ལྷ་རྣམས་འོད་དུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་དམིགས། དེ་ནས་སྲུང་མ་སྤྱི་དང་། བྱེ་བྲག་ལེགས་ལྡན། དྲེགས་པ་སྡེ་ལྔ་སོགས་ཀྱི་གཏོར་འབུལ་སྐོང་གསོལ་བྱ། ཕྲིན་ལས་མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་བརླབ། སྤྱན་འདྲེན་དང་། དང་པོ་ཕུད་འབུལ་འཕྲོས་སུ་ཉམས་ཆག་སྐོང་བའི་ཆོ་གའི་སྨན་སྐོང་ནས། དངོས་པོ་ཆོས་ཉིད་ཡན་བཏང་། དེ་ནས་བར་པ་བཤགས་པ་དང་སྐོང་ཆོག་མར་མེ་སྨོན་ལམ། ཚོགས་ཐ་མ་བསྒྲལ་བསྟབ་སོང་ནས་སྐོང་ཆོག་གཤམ་གྱི་ཁྲུས་དང་དབང་ལེན་བྱ། སློབ་མ་གཞུག་པར་གནང་བ་ནོད་དོ། །གཉིས་པ་དངོས་གཞི་དབང་གི་ཆོ་ག་ལ། ཟབ་བདུན་དབང་བསྐུར་གཞན་མ་ཐོབ་པས་འདི་ཉིད་ཁོ་ན་དོན་དུ་གཉེར་ན། སྒྱུ་འཕྲུལ་ལྟར་སྟ་གོན་ཡང་བྱ་དགོས་པས་སྐབས་དེར་ནི་དེ་ལྟར་བླང་། འདིར་སྟ་གོན་སྔོན་དུ་སོང་བའི་དབང་དུ་བྱས་ཏེ། སློབ་མ་རྣམས་ལ་ཕྱི་རོལ་དུ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་སོགས་བྱས་ནས་མཚམས་སྦྱོར་ཁྱད་པར། དེའང་གསང་སྔགས་སྔ་འགྱུར་བ་རྣམས་ལ་ཡོངས་སུ་གྲགས་པའི་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་ཚན། ཐུགས་མཆོག་རྡོ་རྗེའི་རིགས་སུ་སྒྲུབ་པའི་ལུང་དཔལ་ཡང་དག་གྲུབ་པ་གཅིག་པུ་མཁའ་འགྲོ་སྒྱུ་མ་བདེ་བ་མཆོག་གི་རྒྱུད་ཧེ་རུ་ཀ་གལྤོ་ལ་སོགས་པ་ལ་བརྟེན་ནས། ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་ནས་ཟླ་གམ་གཅིག་མའི་བར་གྱི་སྒྲུབ་ཐབས་མན་ངག་རྣམས་ཡང་དག་ཐུགས་ཀྱི་བཀའ་བབས་སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་གཙོར་གྱུར་པའི་བཀའ་སྲོལ་ལས་བྱུང་ཞིང་། དེ་དག་ལ་བརྟེན་ནས་འཕགས་བོད་གཉིས་སུ་མཆོག་གི་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་དུ་མ་བྱོན། ཁྱད་པར་སངས་རྒྱས་གཉིས་པ་པདྨཱཀ་ར་ཉིད་ཀྱང་དོན་དུ་རྒྱུད་ཀྱི་བདག་པོ་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མ་མཆིས་ཀྱང་ཚུལ་སྟོན་དུ་ལྷ་མཆོག་འདི་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་པའི་ཚུལ་བསྟན་པ་སྟེ། གཞུང་འདི་ཉིད་ལས་ཀྱང་། ཨོ་རྒྱན་མཁས་པ་པདྨ་བདག༔ ཡང་དག་བསྒྲུབས་པས་དངོས་གྲུབ་ནི༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ གསང་སྔགས་སློབ་དཔོན་མང་ན་ཡང༔ རིག་རྩལ་དབང་ཐོབ་ཁོ་བོ་ཙམ༔ གྲུབ་རྟགས་ཨོ་རྒྱན་ཟ་ཧོར་ཡུལ༔ གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ བྱ་ཁྱུ་མཁའ་ལ་འཕུར་བ་བཞིན༔ ཞག་བདུན་ཁོངས་ནས་ཆོས་ཀྱི་དབྱིངས༔ བདེ་བ་ཆེན་པོའི་ས་ལ་དྲངས༔ དེ་ལྟ་བུ་ཡི་ཡོན་ཏན་ཡང༔ དཔལ་ཆེན་ཡང་དག་འདི་ལས་གྲུབ༔ ཅེས་བསྔགས་པ་དོན་དང་ལྡན་པའི་ཟབ་ཆོས་འདི་ནི། གུ་རུ་རིན་པོ་ཆེ་འཁོར་བཅས་མདོ་ཁམས་ནམ་མཁའ་རྫོང་དུ་ལོ་བདུན་གྱི་བར་དུ་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་ཆོས་འཁོར་ཆེན་མོ་མཛད་པའི་སྐབས་སུ། ལྷ་སྲས་མུ་རུབ་བཙད་པོ་སོགས་ལས་ཅན་དག་པའི་འཁོར་རྣམས་ལ་གནང་ཞིང་ཕྱི་རབས་ཀྱི་དོན་དུ། སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་ཟླ་གམ་དབང་ཆེན་བྲག་དང་དེའི་མདུན་གཡས་དམ་ཅན་སྐུ་མཁར་ལ་གནམ་ལྕགས་ཀྱི་ཕུར་སྒྲོམ་ཚུལ་དུ་སྦས་པ། ལྷ་སྲས་དམ་འཛིན་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་ལས། མཐར་ཐུག་མཆོག་སྒྲུབ་ཀྱི་ཟབ་པ་དཔལ་ཡང་དག་ཐུགས་ཀྱི་སྙིང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །མཚམས་སྦྱོར་སྤྱི་མཐུན་བཅས་འབྲུ་གསུམ་གྱིས་གདོང་གཡོགས་ཤིང་ཅོད་པན་སྦྱིན། སའི་ཕྱོགས་འདི་ཟླ་གམ་བདེ་ཆེན་དབང་གི་དཀྱིལ་འཁོར། སློབ་དཔོན་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་གཟུགས་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་བཅས་ཐལ་མོ་མེ་ཏོག་གིས་བཀང་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བྱིང་བ་སྐྱབས་མེད་རྣམས་ལ་སྐྱོབས༔ ཡང་དག་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ ཞུགས་པ་ཙམ་གྱིས་དངོས་གྲུབ་ཐོབ༔ བསྐལ་པ་དུ་མར་རྙེད་མི་འགྱུར༔ དེ་ཕྱིར་སྐལ་ལྡན་སྤྲོ་བ་སྐྱེད༔ རྒྱུད་སྦྱོང་བ་ནི། དེ་ལྟར་གནང་བ་ཐོབ་ནས་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་རྩ་གསུམ་ཆོས་སྲུང་སྤྲིན་གྱི་ཕུང་པོ་ལྟ་བུས་བསྐོར་ཏེ་བཞུགས་པ་ལ། བདག་དང་མཁའ་མཉམ་གྱི་ཡིད་ཅན་མཐའ་དག་སྙིང་པོ་བྱང་ཆུབ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པས་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་བཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ། ཕ་མར་གྱུར་པའི་རིགས་དྲུག་གི་འགྲོ་བ་མཐའ་དག་དཔལ་ཧེ་རུ་ཀ་བདེ་བ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཀྱིལ་འཁོར་གཉན་པོ་འདིར་ཞུགས་ནས་ཟབ་མོའི་ལམ་བསྒོམ་པ་ལ་འཇུག་པར་བགྱིའོ་སྙམ་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ལན་གསུམ། ཚོགས་ཀྱི་ཞིང་མཆོག་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང་ཕྱི་ནང་གསང་བའི་མཆོད་སྤྲིན་འབུལ་བ་དང་། ཉེས་བྱས་བཤགས་ཤིང་བསྡོམས་ནས་དགེ་བ་ལ་ཡི་རང་བ་དང་། གསང་ཆེན་ངེས་པའི་ཆོས་འཁོར་བསྐོར་ཞིང་རྟག་བརྟན་ཆེན་པོར་བཞུགས་གསོལ་འདེབས་པ་དང་། འཁོར་གསུམ་དམིགས་པ་མེད་པའི་བསྔོ་བས་རྒྱས་འདེབས་པ་སྟེ་གསག་སྦྱོང་སྤེལ་བའི་བསྒོམ་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཧེ་རུ་ཀ་དཔལ་གོ་འཕང་མྱུར་ཐོབ་ཤོག༔ དབང་གི་ཡེ་ཤེས་བརྟན་པའི་སྲོག་དམ་ཚིག་གི་ངེས་གནད་འདྲི་བ་ཡིན་པས་གསན་འཚལ། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ བུ་ཁྱོད་འཇུག་པར་སྤྲོ་ན་ཡང༔ གསང་སྔགས་འདི་ནི་ལམ་འཕྲང་དམ༔ དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་དྲིས་པའི་དོན་ཚུལ་བཞིན་བསྒྲུབ་པར་དམ་བཅའ་བ་འདིའི་རྗེས་ཟློས། བླ་མེད་རྒྱུད་ལས་གང་བཤད་པ༔ སྲོག་གི་ཕྱིར་ཡང་བསྲུང་བར་བགྱི༔ ཁྱད་པར་རྡོ་རྗེ་སློབ་དཔོན་ནི༔ ཧེ་རུ་ཀ་རུ་བལྟ་བར་བྱ༔ སློབ་དཔོན་གྱིས་རྡོ་རྗེ་མགོར་བཞག་ལ། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ ང་ལ་བརྙས་པར་མ་བྱེད་པར༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ སྐད་ཅིག་ལོག་པར་བལྟ་མི་རུང༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ འདའ་ཀ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དམ་ཆུ་སྦྱིན་ལ། འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ ཉམས་ན་སྙིང་སྲེག་དམྱལ་བར་ལྟུང༔ དམ་བསྲུང་མཆོག་གི་དངོས་གྲུབ་ཐོབ༔ ཡེ་ཤེས་སྐྱེད་པའི་ཆུ་ཡིན་ནོ༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋཿཋཿཋ༔ རྡོ་རྗེའི་ཆུ་ནན་སྙིང་དབུས་སུ་གནས་ཏེ་དམ་ཚིག་མ་བསྲུང་ན་ཡཀྴ་གནོད་སྦྱིན་དུ་གྱུར་ནས་སྙིང་སྲེག་ཅིང་ཐར་པའི་སྲོག་གཅོད་པར་འགྱུར་ལ། བསྲུངས་ན་དཔལ་རྡོ་རྗེ་སེམས་དཔར་གྱུར་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་ལུས་གནད་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་གྱིས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། ཐམས་ཅད་དབྱིངས་ཀྱི་རང་བཞིན་གདོད་ནས་མཚན་འཛིན་གྱིས་སྟོང་པའི་ངང་ལས། འགག་མེད་ཡེ་ཤེས་ཀྱི་སྣང་ཆར་ཁྱེད་རང་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་རུ་དྲ་འགྱེལ་བའི་གདན་ལ། རང་གི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་འོད་ཟེར་འཕྲོ་བ། དེ་ལས་སྐད་ཅིག་གིས་ཁྱེད་རང་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་ཐུགས་ཀར་སྟེང་འོག་ཏུ་བསྣམས་པ། ཁྲོས་པའི་ཉམས་ཅན་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་གཉིས་འདོར་སྟབས་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏོད་ཅིག །སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་གང་བ་འཕྲོས། ཆོས་ཀྱི་དབྱིངས་རབ་འབྱམས་ན་བཞུགས་པའི་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་མ་ལུས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་ཡང་དག་ཧེ་རུ་ཀའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་བྱོན་ཏེ་རྒྱ་མཚོ་ལ་ཆར་ཆེན་པོ་བབས་པ་ལྟར་ཁྱེད་རང་གི་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ཤིག །འབེབ་པའི་རྫས་བདུག །རོལ་མོའི་སྒྲ་སྦྱར། སྤྲོ་ན་སྔོན་འགྲོའི་སྤྱི་ཆིངས་ལྟར་བྱིན་འབེབ་ཀྱང་བརྗོད། རུ་ལུའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པས་བྱིན་དབབ། མཐར་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་མོས་ཤིག །ཏིཥྛ་བཛྲ། ཚོམ་བུའི་དཀྱིལ་འཁོར་བཀོད་ལ། བསྐལ་པ་གོང་ནས་འབྲེལ་བ་ཡི༔ བརྟག་པའི་མེ་ཏོག་ལྷ་ལ་འབུལ༔ ཡེ་ཤེས་མཆོག་ཐོབ་ངེས་བྱེད་པས༔ ལྟོས་པ་མེད་པར་དོར་བར་གྱིས༔ སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་ནས་འབྲེལ་བའི་རིགས་གང་ཡིན་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། པུཥྤེ་སིདྡྷི་ཧོ༔ ཞེས་འདོར་དུ་གཞུག །རིགས་གང་ལ་ཕོག་པ་བརྟགས་ཏེ༔ དབུས་སུ་བབ་ན༔ སྣ་ཚོགས་རང་གྲོལ༔ ཤར་དུ་འོད་གསལ་རང་གྲོལ༔ ལྷོར་སྙིང་པོ་རང་གྲོལ༔ ནུབ་ཏུ་བདེ་བ་རང་གྲོལ༔ བྱང་དུ་རྣམ་རྟོག་རང་གྲོལ་རྣམས་གདགས༔ མེ་ཏོག་ལྷག་པའི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྷ་ཡིས་བྱིན་བརླབས་པའི༔ རིག་པའི་མེ་ཏོག་ཅོད་པན་འདི༔ ཡེ་ཤེས་ལྷ་དང་ངོ་འཕྲད་པའི༔ རིགས་ཀྱི་རྟགས་སུ་འཆང་བར་གྱིས༔ ཞེས་ཅོད་པན་སྤྱི་བོར་བཞག །མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཐབས་མཁས་རྒྱལ་པོའི་ཡེ་ཤེས་ཀྱིས༔ བདག་གི་མ་རིག་མིག་ཕྱེ་ཞིང༔ སྙིང་པོའི་དཀྱིལ་འཁོར་བསྟན་དུ་གསོལ༔ ཅེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །རིག་པ་ཡེ་ཤེས་ཧེ་རུ་ཀས༔ མ་རིག་མིག་ནི་དབྱེ་བར་མཛད༔ བདེ་ཆེན་ཡེ་ཤེས་མཐོང་བྱའི་ཕྱིར༔ ཁྱོད་ཀྱི་མིག་ནི་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ སློབ་དཔོན་གྱིས་ཐལ་མོ་སྦྱར་ལ། ཧེ་རུ་ཀ་དཔལ་བཙུན་མོར་བཅས༔ ཡབ་ཡུམ་སྲས་སུ་འདོད་པ་ཡི༔ སྐལ་བ་ཅན་འདི་ཐུགས་རྗེས་ཟུངས༔ ཞེས་གསོལ་བ་བཏབ་པས་གཞལ་ཡས་ཁང་གི་སྒོ་རྣམས་ཕྱེས་ཏེ་དཔལ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་ཆེན་པོ་སྐྱེད་ཅིག །དེ་ནས་གཽ་རཱི་དཀར་མོས་ཁྲིད་དེ། བླ་མ་དང་ཧེ་རུ་ཀ་དབྱེར་མེད་པ་ལ་ཕྱག་དང་བསྐོར་བ་བྱས་ཏེ་གཙོ་བོའི་མདུན་དུ་འཁོད་པར་མོས་མཛོད། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་གྲུབ་པ་ལགས་པས། དབང་བསྐུར་དངོས་གཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་རྒྱལ་པོ་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཁྱོད་ཀྱི་གོ་འཕང་ཐོབ་བྱའི་ཕྱིར༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་མཐིང་ཞུན་ལྟ་བུའི་འོད་ཟེར་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལུས་འོད་དུ་སྦྱངས་ནས་ཧཱུྃ་མཐིང་གར་གྱུར་པ་དེ་ཉིད་ཞལ་དུ་དྲངས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁར་བབས་པ་འབྲས་བུའི་ཧེ་རུ་ཀ་ཞལ་ཕྱག་ཡོངས་སུ་རྫོགས་ཤིང་ཡུམ་དང་བཅས་པའི་སྐུར་གྱུར་པ་མཁའ་གསང་ནས་བཏོན། མདུན་དུ་འཁོད་པ་ལ། བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་སྩོལ་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ཟླ་གམ་ཕོ་བྲང་ན༔ ཧེ་རུ་ཀ་དཔལ་ལྷ་ཚོགས་བཞུགས༔ བདེ་ཆེན་ཞུ་བའི་བྱང་སེམས་ཆུས༔ དབང་བསྐུར་ལུས་ནི་ལྷར་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། དཀྱིལ་འཁོར་ལྷ་དགུའི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་རྩ་འདབ་བརྒྱད་ལ་ཐིམ་པར་མོས་ཤིག །གཙོ་བོ་ཡབ་ཡུམ་གྱི་ཐོད་སྐུས་དབང་བསྐུར་ལ། ཧཱུྃ༔ དབུས་ཀྱི་ཟླ་གམ་ཕོ་བྲང་ན༔ བླ་མེད་དཔལ་ཆེན་ཧེ་རུ་ཀ༔ རང་རིག་བྱང་ཆུབ་སེམས་ལས་བཞེངས༔ ཧེ་རུ་ཀ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཙོ་བོའི་ཐུགས་དམ་སྐོང་མཛད་པའི༔ སྟོང་ཉིད་དབྱིངས་ལས་བཞེངས་པ་མོ༔ ཡུམ་ཆེན་བཛྲ་རྣལ་འབྱོར་མ༔ དབྱིངས་ཡེ་ཟུང་འཇུག་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འཁོར་བརྒྱད་རེ་རེ་ནས་དབང་བསྐུར་ལ། ཧཱུྃ༔ སྐུ་ཡི་དབྱིངས་ལས་བཞེངས་པ་ཡི༔ ཤར་གྱི་ཕྱོགས་ནས་གཽ་རཱི་དཀར༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ གཽ་རཱི་དཀར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་དབྱིངས་ལས་བཞེངས་པ་ཡི༔ ནུབ་ཀྱི་ཕྱོགས་ནས་པྲ་མོ་ཧ༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ པྲ་མོ་དམར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་པྲ་མོ་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་དབྱིངས་ལས་བཞེངས་པ་ཡི༔ ཤར་ལྷོའི་ཕྱོགས་ནས་ཙཎྜ་ལཱི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ ཙཎྜ་ལཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་དབྱིངས་ལས་བཞེངས་པ་ཡི༔ ལྷོ་ཡི་ཕྱོགས་ནས་ཙཽ་རཱི་མ༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ ཙཽ་རཱི་སེར་མོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཽ་རཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་དབྱིངས་ནས་བཞེངས་པ་ནི༔ བྱང་གི་ཕྱོགས་ནས་བཻ་ཏཱ་ལི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ བཻ་ཏཱ་ལི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་དབྱིངས་ལས་བཞེངས་པ་ནི༔ ལྷོ་ནུབ་ཕྱོགས་ནས་པུཀྐ་སི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ པུཀྐ་སི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་པུཀྐ་སི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཟི་བརྗིད་དབྱིངས་ལས་བཞེངས་པ་ནི༔ ནུབ་བྱང་ཕྱོགས་ནས་སྨེ་ཤ་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ སྨེ་ཤ་ནི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དངོས་གྲུབ་དབྱིངས་ནས་བཞེངས་པ་ནི༔ བྱང་ཤར་ཕྱོགས་ནས་གྷསྨ་རཱི༔ བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ གྷསྨ་རཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་གྷསྨ་རཱི་ཧ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཁྱེད་རང་རྣམས་ཁྲག་འཐུང་ལྷ་དགུའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་དབྱེར་མེད་དུ་གྱུར་པ་ལ་དཔལ་གྱི་ཆས་བཅུ་དུར་ཁྲོད་ཀྱི་ཆས་བརྒྱད་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཆས་རྣམས་སྦྱིན་ལ། ཧཱུྃ༔ རུ་དྲའི་ཆས་རྣམས་མ་སྤངས་ཡོན་ཏན་དུ༔ ལྷུན་གྱིས་གྲུབ་པ་དཔལ་དང་དུར་ཁྲོད་ཆས༔ བརྒྱན་པས་དཔལ་གྱི་སྐུ་རུ་ལྷུན་གྲུབ་ནས༔ མ་མོ་མཁའ་འགྲོ་དབང་དུ་འདུ་བར་ཤོག༔ རྟེན་སྙིང་བརྗོད་ལ་མེ་ཏོག་འཐོར། དེ་རྣམས་ཀྱིས་སྐུ་བུམ་པའི་དབང་ཐོབ། གདོས་བཅས་ལུས་ཀྱི་སྒྲིབ་པ་དག །རྩ་ཁམས་ལྷ་སྐུར་སྨིན། སྣང་སྲིད་ལྷའི་དཀྱིལ་འཁོར་དུ་རྫོགས། ཕྱི་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་དང་སྐུ་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བླ་མ་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་དྭངས་མ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་སྦྱར་བ་སྔགས་ཕྲེང་གི་རྣམ་པར་ལྕེ་ལ་བཞག་སྟེ་གསང་བའི་དབང་བསྐུར་སྩོལ་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན། མེ་ལོང་སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཐོད་པ་ཟླ་གམ་གཞལ་ཡས་ཁང༔ ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བཀང༔ སྔགས་ཕྲེང་ངོ་བོ་ཁར་བྱིན་པས༔ རྩ་ཁམས་ཐམས་ཅད་བདེ་བས་ཁྱབ༔ རླུང་ཁམས་སྔགས་སུ་འགྱུར་བར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོ༔ དེས་གསུང་གསང་བའི་དབང་ཐོབ། རྩོལ་བཅས་ངག་གི་སྒྲིབ་པ་དག །རླུང་ཁམས་ཡི་གེར་སྨིན། སྒྲ་གྲགས་སྔགས་ཀྱི་དཀྱིལ་འཁོར་དུ་རྫོགས། ནང་ཞུ་བདེའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་དང་གསུང་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་བའི་རིག་མ་གཏད་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་སྩོལ་བར་མོས་ཤིག །རིག་ཙཀ་གཏད་ལ། འདི་ནི་དགའ་ཆེན་ལྷ་མོ་སྟེ༔ བཞིན་བཟང་འདི་སྤྱོད་བདེ་ཆེན་རྟོགས༔ བདེ་ལ་མ་ཞེན་འཛིན་པ་སྤོངས༔ དབབ་བཟུང་བཟློག་ཁྱབ་ཐབས་མཁས་ཀྱིས༔ གོམས་ན་སྤང་བླང་འཛིན་པ་བྲལ༔ བདེ་སྟོང་ཟུང་འཇུག་རྟོགས་པར་ཤོག༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ་ཧོ༔ ཁྱེད་རང་དཔལ་ཧེ་རུ་ཀ་དང་རིག་མ་བཛྲ་རྣལ་འབྱོར་མ། མཁའ་གསང་རྡོ་རྗེ་དང་པདྨ། མི་འགྱུར་བའི་བདེ་ཆེན་དོན་དུ་གཉེར་བའི་འདུ་ཤེས་གསུམ་དང་ལྡན་པས་འདོད་ཆགས་ཆེན་པོའི་སྒྱུ་རྩལ་བསྐྱེད་དེ་སྙོམས་པར་ཞུགས་པས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་། ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །དེས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྟོག་བཅས་སེམས་ཀྱི་སྒྲིབ་པ་དག །ཐིག་ལེ་འོད་གསལ་དུ་སྨིན། རྟོག་ཚོགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས། གསང་བ་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཕྱག་རྒྱའི་རིག་འཛིན་དང་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། ཁྲག་འཐུང་ལྷ་དགུའི་ཡེ་ཤེས་ཀྱི་རང་གཟུགས་སུ་ཤར་བའི་སྣང་གསལ་མར་མེ་དགུ་པོ་ངོ་བོ་སྟོང་ལ་རང་བཞིན་གསལ་བས་མཚོན་ཏེ་རང་རིག་སྣང་སྟོང་ཟུང་འཇུག་སྐུ་གསུམ་ལྷུན་གྲུབ་ཏུ་ངོ་སྤྲོད་པ་ཚིག་དབང་རིན་པོ་ཆེ་སྩོལ་བར་མོས་ལ་མཉམ་པར་ཞོག་ཅིག །མར་མེ་དགུ་པོ་སྦར་ཏེ་བསྟན་ཅིང་མགོར་བཞག །ཆོས་ཉིད་དབྱིངས་ལ་ཟླ་གམ་སྟེ༔ ཡེ་ཤེས་ལྷ་དགུའི་མར་མེ་གསལ༔ ངོ་བོ་ཀ་དག་བལྟ་བྱ་བྲལ༔ རང་བཞིན་ལྷུན་གྲུབ་མྱོང་ཞིང་གསལ༔ བྱ་རྩོལ་བྲལ་བའི་དོན་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དྷརྨ་དྷཱ་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་བཞི་པ་ཚིག་གི་དབང་ཐོབ། འཕོ་བཅས་ཤེས་བྱའི་སྒྲིབ་པ་དག །རིག་པ་ཡེ་ཤེས་ཀྱི་ཐིག་ལེར་སྨིན། ཆོས་ཅན་ཆོས་ཉིད་ཀྱི་དབྱིངས་སུ་རྫོགས། བྱ་བྲལ་འབྲས་བུའི་རྣལ་འབྱོར་བསྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་དང་ཡེ་ཤེས་རྡོ་རྗེའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་ཤིན་ཏུ་ཟབ་པའི་དབང་བཞི་མཆོག་སྒྲུབ་པའི་སྨིན་བྱེད་ཐུན་མོང་མ་ཡིན་པ་སོང་ནས། ཐུན་མོང་བ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྐྱེད་པ་དང་། བར་གཅོད་གདོན་བགེགས་འདུལ་བ་ལ་བསྔགས་པ་གཏོར་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། བླ་མ་མགོན་པོ་ཧེ་རུ་ཀ༔ ཐུགས་རྗེའི་བརྩེ་བས་བདག་ལ་གཟིགས༔ བདག་གི་ནད་གདོན་བགེགས་ཕྲལ་ཞིང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ལན་གསུམ། གཏོར་སྣོད་དུར་ཁྲོད་འབར་བའི་ཕོ་བྲང་དུ་གཏོར་མ་དཔལ་ཆེན་ཁྲག་འཐུང་དངོས་སུ་གསལ་བའི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་ཞི། བར་ཆད་བདུད་བགེགས་ཚར་བཅད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །དཔལ་གཏོར་གནས་གསུམ་དུ་བཞག་ལ། ཧཱུྃ༔ དཔལ་གྱི་གཏོར་མ་མེ་འབར་ཞིང༔ ནང་དུ་ཁྲག་འཐུང་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ལས་འོད་འཕྲོས་པས༔ སྐལ་ལྡན་ལུས་ངག་ཡིད་ལ་ཐིམ༔ བདུད་བགེགས་ཐམས་ཅད་ཚར་བཅད་དེ༔ སྡིག་སྒྲིབ་ནད་རྣམས་ཞི་བར་མཛོད༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས༔ ཆོས་སྐུ་རང་ངོ་འཕྲོད་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཞེས་པ་ཙམ་མམ་སྤྲོ་ན་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་སྤྱི་ལྟར་བྱའོ། །ཞར་བྱུང་དུ་ཕྱི་ནང་གསང་བའི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་བའི་ཆོ་ག་དང་འབྲེལ་པ་རྣལ་འབྱོར་སྤྱི་ཁྲུས་ཀྱི་དབང་བྱ་བ་ཡིན་པས་དམིགས་པ་འདི་ལྟར་གསལ་ཐོབས་ཤིག །དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་མདངས་ལྟ་བུ་བྱུང་ཁྱེད་རང་རྣམས་ལ་ཕོག་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སུ་གྱུར་པ་ཐམས་ཅད་སངས་ཀྱིས་དག་པར་མོས་ལ་སྔགས་དབྱངས་ལྷན་ཅིག་ཏུ་གསུང་བར་ཞུ། རུ་ལུའི་ཛཔ྄་དབྱངས་བདུན་ནམ་ཉེར་གཅིག་ཙམ་བྱ། འོག་མིན་གྱི་དབྱིངས་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་བྱོན་ཏེ་དག་བྱེད་རྒྱུན་གྱིས་ཁྲུས་མཛད་པས་རྟོག་སྒྲིབ་ཉམས་ཆག་དག །ལུས་ཤེལ་དཀར་གྱི་བུམ་པ་འོ་མས་གང་བ་ལྟར་གྱུར་པར་མོས་ཤིག །ཡིག་བརྒྱ་བརྗོད་ལ་ལས་བུམ་གྱིས་ཁྲུས་བྱ། ཁ་བཤལ་ཅིང་ཁོང་དུ་བཏང་། གསོལ་འདེབས་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ལ་དབང་བཞི་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་དཀྱིལ་འཁོར་པ་དང་བཅས་པས་དབང་བཞི་ཆིག་རྫོགས་སུ་སྩོལ་བར་མོས་ཤིག །བུམ་པ་ཐོད་སྐུ་སྔགས་བྱང་ཐོད་པ་མར་མེ་རྣམས་སྣོད་གཅིག་ཏུ་བསྡུས་པ་གནས་བཞིར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྷ་ཡིས་བུམ་པ་ཡིས༔ མ་རིག་སྒྲིབ་པའི་ཚོགས་རྣམས་བཀྲུ༔ ཕྱག་རྒྱ་སྐུ་ཡི་དཀྱིལ་འཁོར་གྱིས༔ བསྐྱེད་རིམ་ལྷ་ཡི་དབང་ཐོབ་ཤོག༔ སྙིང་པོ་སྔགས་ཀྱི་དབང་བསྐུར་བས༔ རྩ་རླུང་སྔགས་སུ་འགྱུར་བར་ཤོག༔ བདུད་རྩི་ཐོད་པའི་དབང་བསྐུར་བས༔ བདེ་སྟོང་ཡེ་ཤེས་འཆར་བར་ཤོག༔ སྣང་གསལ་མར་མེའི་དབང་བསྐུར་བས༔ ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ལ་བཀྲ་ཤིས་བརྗོད། འདི་གཏེར་གཞུང་ནས་གཅིག་བརྒྱུད་ཤིན་ཏུ་གཉན་པར་གསུངས་པས་གང་རུང་ལ་མི་བསྐུར། འགྲུབ་ཏུ་རུང་ན་སྒྲུབ་པའི་དམ་བཅའ་བྱར་གཞུག །གསུམ་པ་རྗེས་རིམ་ནི། མཚམས་སྦྱོར་སྤྱི་མཐུན་བཅས་དམ་ཚིག་ཁས་བླང་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་ཆོག །གཏོར་སྐྱོང་རྟ་བྲོ་ཡན་བཏང་། གཏང་རག་མཆོད་བསྟོད་འབུལ། ནོངས་བཤགས། མདུན་དཀྱིལ་རྟེན་ལ་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཡང་སྤྱི་ཆིངས་ལྟར་བྱའོ། །བདེ་ཆེན་ཡང་དག་གྲུབ་པ་ཡི། །ཕྱག་རྒྱ་མཆོག་ལ་ཚེ་འདིར་སྦྱོར། ཁམས་གསུམ་རྟོག་སྒྲིབ་མ་ལུས་པ། །སྦྱོང་བྱེད་རྡོ་རྗེ་སེམས་མཚུངས་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་སྲས་ཡུམ་དང་བཅས་པས་བཀས་བསྐུལ་གནང་བ་དང་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
སྲིད་པ་མ་མོའི་གནད་ཏིག་ (Volume 32, Text 46)
༁ྃ༔ སྲིད་པ་མ་མོའི་གནད་ཏིག་བཞུགས༔ སློབ་དཔོན་དྷ་ན་སཾསྐྲིཏའི་དགོངས་པའོ།། རང་བྱུང་ཧེ་རུ་ཀ་ལ་འདུད༔ མ་ནི་གདོད་ནས་སྟོང་པའི་མཁའ༔ མོ་ནི་བདེ་ཆེན་འབར་བའི་སྲོག༔ གཉིས་སུ་མེད་པའི་བྱང་ཆུབ་སེམས༔ རྩ་རླུང་ཐིག་ལེ་ཅིར་ཡང་ཤར༔ ཤིན་ཏུ་ཕྲ་དང་རགས་པ་དང༔ སྤྱི་མཐུན་གོམས་པའི་ཆོ་འཕྲུལ་ལས༔ ཀུན་གཞི་ལུས་ངག་ཡིད་དང་སྲོག༔ ཁམས་གསུམ་སྤྲིན་དུ་རྣམ་པར་བཀོད༔ ཐམས་ཅད་ཡུམ་གྱི་མཁའ་དང་ཀློང༔ དབྱིངས་ཀྱིས་ལམ་དུ་བྱས་པ་ལས༔ རང་གི་ངོ་བོ་མངོན་གྱུར་པ༔ ཤྲཱི་ཧེ་རུ་ཀ་ཞེས་བྱ༔ ས་མ་ཡ༔ འདོད་པའི་ཁམས་ནི་རྩ་ཡིན་ཏེ༔ རགས་པ་དབྱིབས་ཀྱི་ལུས་སུ་སྣང༔ དེ་ཡི་ཞེན་པ་སྦྱང་བའི་སླད༔ སྣོད་བཅུད་དག་པའི་དཀྱིལ་འཁོར་བསྒོམ༔ ཨ༔ སྟོང་པ་དེ་བཞིན་ཉིད་དབྱིངས་མ༔ གསལ་བ་ཀུན་སྣང་བཙུན་མོའི་འཕྲུལ༔ ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི༔ རྩ་རླུང་ཐིག་ལེའི་དྭངས་མ་ཧཱུྃ༔ ནམ་མཁའི་དཀྱིལ་དུ་ཉི་ལྟར་ཤར༔ དེ་ལས་རིག་པའི་རྩལ་འཕྲོས་པས༔ མེ་ཆུ་རླུང་གི་བསྐལ་པ་སྟོང༔ ཅིར་ཡང་མི་དམིགས་སྟོང་ཉིད་ཀྱི༔ རོལ་པ་མཁའ་རླུང་མེ་ཆུ་ས༔ ཡུམ་ལྔའི་བྷ་ག་གསང་བའི་དབུས༔ ཟེའུ་འབྲུ་ལྷུན་པོ་བརྗིད་ཆགས་སྟེང༔ བྱང་ཆུབ་སེམས་ཀྱི་གཞལ་མེད་ཁང༔ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པད་ཉི་དྲེགས་པའི་སྟེང༔ སྙིང་པོའི་སྲོག་ལས་ལྷ་སྐུར་བཞེངས༔ བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ འོད་ཟེར་ཁ་དོག་ཅིར་ཡང་འགྱུར༔ རྡོ་རྗེའི་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ༔ ཁ་ཊྭཱཾ་ཐོད་ཁྲག་བསྣམས་པས་འཁྲིལ༔ དྲེགས་པ་རུ་དྲའི་དཔུང་བཅོམ་པའི༔ ལོངས་སྤྱོད་ཆེན་པོའི་རྒྱན་གྱིས་བརྗིད༔ ཞབས་བཞི་དོར་སྟབས་བདེ་ཉམས་ཀྱིས༔ མེ་དཔུང་འཁྲུགས་པའི་ཀློང་ན་གསལ༔ དག་པའི་རྩ་རླུང་ཐིག་ལེའི་ཁམས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་ལས༔ རྟག་པའི་རྒྱལ་མོ་རིགས་ལྔ་དང༔ རྗེ་མོ་དམན་མོ་སྒོ་སྐྱོང་སོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་པ༔ བདེ་དྲོད་གཟི་བྱིན་འབར་བར་བཞུགས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ ཨ་ཧོ་ཨ་ཧོ་ཨ་ཧོ༔ རོལ་པ་ཆེན་པོའི་གར་དང་ནི༔ རྡོ་རྗེ་བདེ་ཆེན་གསང་བའི་གླུ༔ བཟོད་མེད་བདེ་བའི་ཉམས་འགྱུར་གྱིས༔ སྲས་བཅས་རྒྱལ་བ་ཞི་ཁྲོ་དང༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྣོད་བཅུད་དྭངས་མ་མེར་མེར་གཡོས༔ དྲེགས་པའི་སྲོག་རྩ་གནད་ནས་བཟུང༔ ཐམས་ཅད་ཐིག་ལེ་འོད་ལྔའི་མདངས༔ ཡེ་ཤེས་ཆེན་པོའི་སྲོག་ཏུ་བསྡུས༔ དམ་ཚིག་ཡེ་ཤེས་རོ་མཉམ་པ༔ སྲིད་ཞིའི་སྤྱི་དཔལ་གཅིག་ཏུ་རྫོགས༔ སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ ཡེ་ཤེས་ལྔ་ཡི་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ སྤྱན་དྲངས་མཆོད་བསྟོད་ལ་སོགས་པ༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ ཆུ་ཟླ་བཞིན་དུ་རྣམ་པ་གསལ༔ ང་རྒྱལ་བརྟན་པོས་གཟི་བྱིན་སྐྱེད༔ ཐམས་ཅད་ཆོས་སྐུའི་ཡེ་ཤེས་ཉིད༔ གཟུགས་སུ་ཤར་བའི་དག་པ་དྲན༔ ཐ་མལ་སྣང་བ་འགོགས་ནུས་པའི༔ ཡུལ་གསུམ་གསལ་བར་གྱུར་པ་ན༔ སྲིད་པའི་མ་མོ་རྩ་ཡིན་ཏེ༔ དེ་ཉིད་ལམ་དུ་བྱ་བའི་ཕྱིར༔ སྔོན་དུ་ལུས་སྦྱོང་ཡུན་རིང་བྱ༔ ཤིན་སྦྱང་ཅུང་ཟད་ཐོབ་པ་ན༔ ལུས་གནད་བཅའ་ཞིང་རླུང་རོ་བསལ༔ སྟོང་ར་འོད་ཀྱི་རང་བཞིན་དབུས༔ རྩ་གསུམ་འཁོར་ལོ་ལྔ་དང་བཅས༔ དྭངས་གསལ་རྙོག་པ་མེད་པར་བསྒོམ༔ སོ་སོའི་འཁོར་ལོའི་ནང་ཁོངས་སུ༔ རྟག་པའི་རྒྱལ་པོ་རིགས་མཆོག་ལྔ༔ རང་འོད་ཡུམ་འཁྱུད་འཁོར་གྱིས་བསྐོར༔ ཚོམ་བུ་ཤིགས་སེ་མངོན་སུམ་གསལ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ སྲིད་པ་མ་མོའི་དཀྱིལ་འཁོར་པ༔ རང་ཤར་ལྷུན་གྲུབ་ཆེན་པོར་བསྒོམ༔ རྩེ་གཅིག་སེམས་བཟུང་འོད་ཟེར་གྱིས༔ དུག་ལྔའི་སྒྲིབ་སྦྱངས་སྐུ་ལྔ་ཐོབ༔ ཡེ་ཤེས་ལྔ་པོ་མངོན་གྱུར་བསམ༔ ཕྲ་མོའི་ཐིག་ལེར་སེམས་བཟུང་ནས༔ སྔགས་ཀྱི་ཞི་གནས་བསྒྲུབ་པར་བྱ༔ ས་མ་ཡ༔ གཟུགས་ཀྱི་ཁམས་ནི་རླུང་ཡིན་ཏེ༔ རགས་པ་འགྲོ་འོང་སྒྲར་བཅས་སྣང༔ དེ་ཡི་ཞེན་པ་སྦྱང་བའི་སླད༔ མི་བསྐྱོད་ཧེ་རུ་ཀ་དཔལ་གྱི༔ ཐུགས་ཀར་བདེ་སྟོང་ཉི་ཟླའི་སྦུབས༔ མར་མེ་ལྟར་འབར་ཧཱུྃ་ཡིག་གི༔ ནཱ་དའི་སྤྲིན་ལས་སྔགས་ཀྱི་ཕྲེང༔ བདེ་བའི་སྲོག་དང་ལྡན་པར་འཕྲོས༔ ཞལ་སྦྱོར་བར་ནས་འགལ་མེ་ལྟར༔ འཁོར་བའི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ཉམས་འབར་ནས༔ ཨ་ཧཾ་སྔགས་ཀྱི་རང་སྒྲ་ཡིས༔ འཁོར་འདས་ཁམས་ཀུན་དབང་མེད་གཡོས༔ བདེ་བ་མེར་མེར་འོད་དུ་ཞུ༔ སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ བདེ་བའི་ལྕགས་ཀྱུས་རབ་འབྱམས་ཀྱི༔ སྣང་སྲིད་མ་མོའི་སྲོག་ནས་དྲངས༔ འཇིག་རྟེན་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བསྙེན་པ་འབུམ་ཕྲག་བཅོ་ལྔ་སྟེ༔ ལས་སྒྲུབ་འབུམ་ཕྲག་བཞི་རུ་བཟླ༔ ཁྱད་པར་ལས་ཀྱི་མ་མོ་རླུང༔ དེ་ཉིད་གཅུན་པའི་མན་ངག་ནི༔ འཇུག་པ་ཨོཾ་ཞེས་ནར་གྱིས་དྲངས༔ གནས་པ་ཨཱཿལ་ཡུན་རིང་བཟུང༔ འབྱིན་པ་ཧཱུྃ་གི་གདངས་ཀྱིས་འཕང༔ ཁ་དོག་སྒྲ་དང་ངོ་བོར་བཟུང༔ རྒྱུ་བ་གསལ་བའི་གདངས་ཤར་ན༔ སྟེང་འོག་རླུང་ནི་ནར་གྱིས་དྲངས༔ བུམ་པ་བཞིན་དུ་ལྟོ་བར་དགང༔ བ་སྤུའི་སྒོ་ནས་གཞིལ་ཞིང་གནོན༔ མདའ་ལྟར་འཕང་ནས་ལམ་དུ་བྱ༔ རྩོལ་བ་རྒྱུན་མི་འཆད་པ་ན༔ གསལ་སྟོང་ཆེན་པོའི་ཉམས་ཤར་ཞིང༔ རྟགས་བཅུ་མངོན་དུ་འགྱུར་བ་ཡིས༔ རྟོག་པ་གཞན་གྱིས་མི་བསྒུལ་ཞིང༔ ལྷག་མཐོང་སྐྱེ་བའི་གཞི་རུ་འགྱུར༔ ས་མ་ཡ༔ གཟུགས་མེད་ཁམས་ནི་སེམས་ཡིན་ཏེ༔ རགས་པ་དཀར་དམར་ཐིག་ལེར་བརྟེན༔ དེ་ཉིད་བདེ་བ་ཆེ་བསྒྲུབ་ཕྱིར༔ ཡང་གསལ་རླུང་གི་ཕོ་ཉས་བསྐུལ༔ བཀྲག་གསལ་འབར་བའི་མེ་ལྕེ་ཡིས༔ མཉེན་གསལ་ཐབས་ཀྱི་ཐིག་ལེ་བཞུ༔ གནས་ལྔའི་ཧེ་རུ་ཀ་དཔལ་ནི༔ ཡབ་ཡུམ་རྗེས་ཆགས་བདེ་བ་བསྐུལ༔ སྙོམས་ཞུགས་རྒྱུན་གྱིས་རྩ་འཁོར་གང༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་སྤེལ༔ བརྟན་ཅིང་བསམ་མི་ཁྱབ་པར་བཞག༔ ཡང་ཡང་སྤེལ་ཞིང་བསྒོམས་པ་ལས༔ ཚོར་བ་ཐམས་ཅད་བདེ་བར་འཆར༔ བདེ་བར་སེམས་གཏད་ཡུན་རིང་ཟིན༔ ཡུལ་རྐྱེན་གང་གིས་མི་བསྒུལ་ཞིང༔ སྣང་བ་གཏད་མེད་ཟང་ཐལ་ལེ༔ འཛིན་འགྲེམ་དགྲམ་པར་དབང་ཐོབ་ན༔ དང་པོ་ཡིད་ཀྱི་ཕྱག་རྒྱ་སྟེ༔ དེ་ནས་དངོས་ཀྱི་པདྨ་ཅན༔ རི་མོ་དུང་ཅན་གླང་པོའི་གདོང༔ རི་དྭགས་མ་སྟེ་རྣམ་པ་ལྔ༔ ལེགས་པར་བརྟག་ཅིང་དཔྱད་པ་དང༔ ཁྱད་པར་སྒྲུབ་ལ་སྙིང་ཉེ་ཞིང༔ དམ་ཚིག་གསང་ཐུབ་ཆགས་པ་ཆེ༔ དེ་ནི་མ་མོའི་རིགས་སྐྱེས་ཏེ༔ རྟག་པའི་རྒྱལ་མོ་སྤུན་ལྔར་བཤད༔ དྲང་བའི་ཆོས་ཀྱིས་ངེས་འབྱུང་བསྐུལ༔ ཐེག་པ་ཆེན་པོས་བྱང་སེམས་བསྐྱེད༔ དབང་བསྐུར་རྡོ་རྗེའི་སྔགས་རྒྱུད་བསྟན༔ ཕྱིར་མི་ལྡོག་པའི་དད་པ་དང༔ མྱོང་བ་སྣེ་ཟིན་སྐྱེས་པ་ན༔ རྩ་རླུང་ཐིག་ལེ་རབ་དུ་སྦྱང༔ དེ་ནས་དབེན་པའི་ཚོགས་ཁང་དུ༔ ཧེ་རུ་ཀ་དཔལ་སྙེམས་འཆང་བས༔ འདུ་ཤེས་གསུམ་པོ་ལྷག་པར་གསལ༔ བསླབ་པ་གསུམ་གྱིས་གཡའ་བསླངས་ཏེ༔ བདེ་བ་བསྐུལ་བའི་ཐབས་ལ་འབད༔ དལ་དང་དྲག་དང་འཇམ་པར་བསྲུབ༔ ཁ་སྦྱོར་གསུམ་གྱིས་ལྷན་སྐྱེས་སྤེལ༔ སླར་ཡང་ལྡོག་དགྲམ་འཕྲུལ་འཁོར་བྱ༔ མཉམ་པ་གསུམ་གྱི་དོན་སྐྱེས་ཚེ༔ བདེ་བའི་ངང་ལ་ཆ་རེ་བཞག༔ གླང་པོ་ཆང་གིས་མྱོས་པ་ལྟར༔ མིག་ཀྱང་ཟིམ་མེ་རླུང་སོར་བཞག༔ ཡིད་ནི་ཀ་དག་ངང་དུ་གློད༔ ཉམས་སུ་མྱོང་ཡང་ཞེན་པ་མེད༔ བདེ་བ་ཆེ་ཡང་འཛིན་པ་བྲལ༔ སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན༔ སྨྲ་བསམ་བརྗོད་མེད་དོན་མཐོང་ན༔ མ་ནི་ཀ་དག་དབྱིངས་ཀྱི་ངང༔ མོ་ནི་རིག་པ་བྱང་ཆུབ་ཀློང༔ དབྱེར་མེད་རྡོ་རྗེའི་མཁའ་ཆེན་པོར༔ དོན་གྱི་བཙན་ས་ཟིན་པ་འོ༔ ས་མ་ཡ༔ གསང་བའི་ལམ་གསུམ་ཉམས་ལེན་པར༔ སྔོན་དུ་དབང་གིས་སྨིན་པར་བྱ༔ སློབ་དཔོན་རང་ཉིད་ནུས་ཐོབ་ནས༔ སྣོད་ལྡན་སློབ་མས་འདི་སྐད་གསོལ༔ ཧོ༔ འབྱུང་ལྔའི་ཁྱབ་བདག་རྟག་པའི་མ༔ དགྱེས་རོལ་ཧེ་རུ་ཀ་དཔལ་ཆེ༔ དམ་ཚིག་གསང་བའི་མཁའ་ཀློང་དུ༔ བདེ་ཆེན་བདུད་རྩི་དབབ་པར་མཛོད༔ རྒྱུད་སྦྱངས་དམ་ཡེ་དབྱེར་མེད་བརྟན༔ གསང་བའི་བུམ་པ་སྤྱི་བོར་བཞག༔ ཨོཾ༔ ལྔ་ལྡན་ཡུམ་གྱི་བྷནྡྷ་རུ༔ མངོན་རྫོགས་སྤྲུལ་པར་བཅས་པ་བཞུགས༔ བྱང་ཆུབ་ཐིག་ལེ་གཅིག་ཏུ་རྫོགས༔ རྡོ་རྗེ་རྒྱལ་པོར་ཁྱོད་དབང་བསྐུར༔ གུ་ཧྱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ བཅུད་དང་སྙོམས་འཇུག་བདུད་རྩི་སྦྱིན༔ ཨཱ༔ རྩ་སྲོག་ཙིཏྟའི་རྒྱུན་ལས་དྲངས༔ མཆོག་གི་བདུད་རྩིར་རོ་མཉམ་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོའི་ལྕེ་ལ་བཞག༔ གུ་ཧྱ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ མཚན་ལྡན་རིག་མ་པང་དུ་གཏད༔ ཧཱུྃ༔ འདི་ནི་འབྱུང་བ་ལྔ་ཡི་བདག༔ སྲིད་ཞིའི་སྤྱི་དཔལ་ཆེན་མོ་སྟེ༔ ལུས་ངག་འདོད་པ་མཉམ་ལྡན་པས༔ ལྷན་ཅིག་སྐྱེས་དགའ་བསླབ་པར་གྱིས༔ གུ་ཧྱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ རོལ་ཐབས་བརྒྱད་ཀྱིས་མཐར་སོན་ཚེ༔ ཧོ༔ ལྟོས་ཤིག་ཅིར་ཡང་གྲུབ་པ་མེད༔ གྲུབ་པ་མེད་པའི་སེམས་ཉིད་ལ༔ བདེ་བའི་རོལ་རྩལ་མཁའ་དང་མཉམ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ མཐའ་རྟེན་རྣམ་པ་ལྔ་ཡིན་ཏེ༔ ཐོད་སྐུ་སྤྱི་བོའི་གཙུག་ཏུ་བཞག༔ ཨོཾ༔ བླ་ན་མེད་པའི་ཧེ་རུ་ཀ༔ འབྱུང་བ་ལྔ་བདག་མ་མོའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཨཱ༔ འཇིག་རྟེན་རྩ་ལ་ལས་རླུང་སྔགས༔ ཐིག་ལེ་ཡི་གེའི་གཟུགས་སུ་ཤར༔ རྟག་ཏུ་ཆུ་བོའི་རྒྱུན་བཞིན་ཟློས༔ རྡོ་རྗེའི་གསུང་མཆོག་ཐོབ་པར་འགྱུར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཙིཏྟ་རང་བྱུང་གསང་བའི་སྦུབས༔ ཡེ་ཤེས་གཅིག་ལས་འགྱུར་བ་མེད༔ འདི་ཉིད་སྒོམ་པའི་རྣལ་འབྱོར་པ༔ རྡོ་རྗེ་སྙིང་པོའི་ཐུགས་སུ་འགྱུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ མྱང་བས་གྲོལ་བའི་བདུད་རྩི་ནི༔ དྲན་པ་ཙམ་གྱིས་བདེ་ཆེན་སྐྱེ༔ སྔགས་ཀྱི་དམ་ཚིག་འདི་སྤྱོད་ལ༔ འབྲས་བུའི་ཡོན་ཏན་རྒྱས་པར་གྱིས༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ཧཱ༔ སྣང་བ་གཞིར་བཞེངས་མདོས་སུ་བྱས༔ སྲིད་པ་སྨན་དང་རཀྟར་བསྐྱིལ༔ སྣོད་བཅུད་ཡོངས་རྫོགས་མདོས་ཆེན་པོས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་གྱིས༔ ཀརྨ་ཨ་བྷི་ཥིཉྩ་ཧོ༔ རྗེས་སུ་དམ་ཚིག་བསྒྲགས་ཤིང་གཟུང༔ གཏང་རག་འབུལ་ཞིང་དགའ་སྟོན་སྤྱད༔ ས་མ་ཡ༔ ཐུན་མོང་ལས་ཀུན་བསྒྲུབ་པའི་ཕྱིར༔ སྣང་སྲིད་མདོས་ཀྱི་ཆོ་ག་ནི༔ རིན་ཆེན་ས་ལ་རི་རབ་གཟུགས༔ མ་མོའི་གཏོར་མ་སྨན་རཀ་དང༔ ནམ་རྒྱང་མདའ་འཕང་ཤིང་རིས་བཀོད༔ སྲིད་པའི་དཀོར་ཆ་ཡོད་དོ་ཅོག༔ རྔམ་ཞིང་བརྗིད་ལ་མཛེས་པར་བཤམ༔ སྔགས་འཆང་བསྐྱེད་རིམ་གསལ་ལྡན་པས༔ ནམ་མཁའ་མཛོད་ཀྱི་སྤྲིན་དུ་བརླབ༔ ཐོད་རྔ་བརྡུང་ཞིང་རོལ་མོ་འཁྲོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་བླ་ན་མེད་པ་ཡི༔ ཡེ་ཤེས་ཆེན་པོའི་སྙེམས་འཆང་བ༔ ཁྲོ་རྒྱལ་འདུས་པ་ཆེན་པོ་སྟེ༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ སྲིད་ཞིའི་མ་མོའི་ཚོགས་ཀྱི་རྗེ༔ འབར་དང་འཇམ་རྒྱས་ཆགས་པ་ཡི༔ ཕྲིན་ལས་མཁའ་དང་མཉམ་པར་བརྡལ༔ ནང་ལྟར་རྩ་རླུང་ཐིག་ལེའི་ཁམས༔ ཕྱི་རུ་ཁམས་གསུམ་བརྟན་དང་གཡོ༔ གཞན་དུ་རྡོ་རྗེ་གསུམ་གྱི་དངོས༔ མཁའ་ཀློང་དབྱིངས་གསུམ་རོ་གཅིག་པ༔ དྲྭ་བ་སྡོམ་པ་ཧེ་རུ་ཀའི༔ བཀའ་དང་དམ་ཚིག་རྗེས་དགོངས་ལ༔ ཡེ་ཤེས་པ་རྣམས་དབྱིངས་ནས་གཤེགས༔ ལས་ཀྱི་མ་མོ་མཁའ་ནས་རོལ༔ འཇིག་རྟེན་པ་རྣམས་ཐམས་ཅད་ཀུན༔ ཀློང་ཡངས་བརྡལ་བ་ཆེན་པོ་ཡི༔ ཕྱག་རྒྱ་གཉན་པོའི་ཟིལ་འོག་ལས༔ འདའ་དཀའ་རྡོ་རྗེའི་དམ་ཚིག་གིས༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་དེང་འདིར་གཤེགས༔ ཤྲཱི་ཧེ་རུ་ཀ་མ་མ་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛ་ཛ༔ ཞེས་བཀུག་ཏིང་འཛིན་རྩེ་གཅིག་པས༔ ངག་གིས་གྱེར་ཞིང་དོན་ལ་བསྒོམ༔ སྨྲང་གིས་བཀྲོལ་ཞིང་ཕྲིན་ལས་གསོལ༔ བྷྱོ༔ དང་པོ་ཅི་ཡང་མ་སྲིད་པ༔ ཆོས་ཉིད་བརྡལ་བ་ཆེན་པོ་ལས༔ རང་བྱུང་ལྷུན་གྲུབ་འོད་ལྔར་ཤར༔ དེ་ལ་གཟུང་འཛིན་མཐུ་བརྟས་པས༔ སྣོད་དང་བཅུད་ཀྱི་དངོས་པོར་ཤར༔ བཀོད་པ་ཚད་མེད་སྒྱུ་འཕྲུལ་སྤྲིན༔ ཅིར་ཡང་འཆར་ཞིང་འབྱུང་བ་ཉིད༔ རྟེན་འབྲེལ་རྫས་ཀྱི་དངོས་པོར་བཤམས༔ ཏིང་འཛིན་ཟབ་མོའི་གདིང་བསྐྱེད་དེ༔ སྔགས་ཀྱི་མཐུ་ཡིས་རྒྱས་པར་སྤེལ༔ ཕྱག་རྒྱས་འདོད་རྒུར་བསྒྱུར་དང་བཅས༔ མཆོད་ཡུལ་རྣམས་ཀྱི་ཐུགས་དམ་བསྐང༔ ལས་ཀྱི་བརྔན་པར་ཡོངས་སུ་སྦྱིན༔ འཇིག་རྟེན་པ་རྣམས་ཐམས་ཅད་ལ༔ སྲིད་པར་ཁྱབ་པའི་འདོད་ཡོན་བསྔོ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེའི་ཉམས་ཆག་གསོས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ བྷྱོ༔ རང་བཞིན་དབྱིངས་ལས་མ་གཡོས་ཀྱང༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ བླ་མེད་ཁྲག་འཐུང་ཆེན་པོ་ནི༔ འབྱུང་ལྔའི་བདག་མོ་ཡུལ་དང་བཅས༔ རིགས་ཀྱི་གཙོ་བོའི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་དམ་ཚིག་རྫས༔ སྣོད་ནི་འབྱུང་བ་ཡུམ་གྱི་མཁར༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ ལྕགས་རི་མུ་ཁྱུད་མཛེས་པས་བསྐོར༔ སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག༔ སྤྲུལ་པ་སྐུ་ཡི་ཞིང་ཁམས་ནི༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་གྲངས༔ ཕྱི་ནང་ཉེ་བར་སྤྱོད་པ་དང༔ འདོད་རྒུའི་ལོངས་སྤྱོད་སྤྲིན་བཞིན་འཐིབས༔ ཕོ་གདོང་ཐབས་ཀྱི་ཕྱག་རྒྱ་ནི༔ རྔམ་པའི་གཟི་བརྗིད་ལམས་སེ་ལམ༔ མོ་གདོང་ཤེས་རབ་ཡུམ་གྱི་གཟུགས༔ སྒེག་ཆགས་དགྱེས་པའི་འཛུམ་མདངས་བཞད༔ ནམ་མཁའ་ཐབས་ཤེས་གཉིས་སུ་མེད༔ འོད་ལྔ་ཐགས་སུ་བཏགས་པའི་གཟུགས༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ གཅིག་ཉིད་དུ་མར་འཆར་བའི་ཚུལ༔ མདའ་བཀྲ་རིག་གདངས་རྣོ་བའི་ཚོན༔ སྲིད་ཞི་ཀུན་ཏུ་ཐལ་འབྱིན་འབིག༔ འཕང་བཀྲ་དབྱིངས་ཉིད་འཁྱིལ་བ་ཆེ༔ འཁོར་དང་འདས་པའི་སྲོག་ཏུ་བསྐོར༔ རྒྱང་བུ་དབྱིངས་རིག་ཟུང་དུ་འཇུག༔ ལྷུན་གྲུབ་འོད་ཀྱི་དྲྭ་བ་འཛིང༔ ཁྱད་པར་རྨད་དུ་བྱུང་བ་ཡི༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ འཆི་མེད་བདུད་རྩི་རྟག་པའི་ཆུ༔ ཉོན་མོངས་གདུང་བ་སེལ་བའི་བཅུད༔ དམར་ཆེན་རཀྟ་རྦ་ཀློང་འཁྲུགས༔ འབར་དང་ཆགས་པའི་བརྟུལ་ཞུགས་རྫོགས༔ ཐུན་རྫས་ནད་མཚོན་དུག་གི་དངོས༔ དྲག་ཤུལ་ཆེན་པོའི་ཆོ་འཕྲུལ་གཡོ༔ མདོར་ན་སྲིད་དང་ཞི་བའི་ཁམས༔ ཇི་ལྟར་སྣང་ཞིང་གྲུབ་པ་ཡི༔ སྤྱན་གཟིགས་དཀོར་ཆ་བསམ་མི་ཁྱབ༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ བྷྱོ༔ བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་མཆོག་གི༔ རྣམ་པར་འཕྲུལ་པ་དཔག་ཡས་པ༔ ཇི་སྙེད་ཁྲོ་བོའི་འཁོར་ལོས་སྒྱུར༔ ཁྲག་འཐུང་རིགས་ལྔའི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ བྷྱོ༔ སྲིད་པའི་འབྱུང་བ་རྣམ་པ་ལྔ༔ དྭངས་མར་འཁྱིལ་བའི་ཡེ་ཤེས་ནི༔ བརྟན་ཅིང་བརླན་དང་བསྲེག་ཅིང་གཡོ༔ ཀུན་ལ་ཁྱབ་པའི་འཕྲུལ་འཆང་བ༔ རྟག་རྒྱལ་ལྔ་ཡི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ བྷྱོ༔ འབྱུང་བ་བྱེར་ཞིང་སྡུད་པ་སོགས༔ སྣ་ཚོགས་ལས་ཀྱི་ཆོ་འཕྲུལ་ནི༔ སྒེག་ཅིང་རོལ་པའི་གཟུགས་སྣང་བ༔ གཏུམ་ཞིང་རྔམས་པའི་གཟི་བྱིན་ཅན༔ རྗེ་མོ་བཅུ་བཞིའི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ བྷྱོ༔ འཇིག་རྟེན་སྲིད་པའི་རྣམ་འགྱུར་ནི༔ ཆགས་དང་སྡང་དང་རྨོངས་པའི་ཚུལ༔ སྒྱུ་མའི་གཟུགས་བརྙན་ཅིར་ཡང་སྟོན༔ ངོ་མཚར་འཇིགས་རྔམས་སྣ་ཚོགས་ཅན༔ དམན་མོ་ལྔ་བཅུའི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ བྷྱོ༔ དེ་ཡི་བཀའ་ཉན་ལས་བྱེད་ནི༔ སྡུག་དང་མི་སྡུག་བར་མ་དང༔ གསོད་གཅོད་གཏུམ་ཁྲོ་རྗེས་སུ་ཆགས༔ བདུད་རྩིའི་ཆར་འབེབ་དུག་མཚོན་སྤྲོ༔ སྣང་སྲིད་མ་མོའི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ བྷྱོ༔ གཞན་ཡང་སྲིད་པ་མ་མོ་ཡི༔ ཡེ་ཤེས་ཐིག་ལེ་གཅིག་གི་རྩལ༔ ཅིར་ཡང་འཆར་བའི་རོལ་པ་ནི༔ འཁོར་དང་མྱང་འདས་དབྱེར་མེད་པ༔ ཡོངས་རྫོགས་ཆེན་པོའི་མཚན་ནས་ཕྱུང༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ བརྟན་གཡོའི་ཕུན་ཚོགས་དབང་དུ་སྡུས༔ བསྒྲལ་ཞིང་བཅུ་དང་ཉམས་པ་བདུན༔ དྲག་ཤུལ་ཆེན་པོས་ཚར་ཆོད་ལ༔ རྣལ་འབྱོར་བུ་བཞིན་རྗེས་སུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ དེ་ལྟར་ཡང་ཡང་བསྐྱར་ཏེ་འབུལ༔ སྐབས་སུ་ཟློག་པའི་ལས་ཀྱང་བཅོལ༔ དྲག་ཤུལ་གཙོ་བོར་བཏོན་པ་ལ༔ གསོད་པའི་མདོས་སུ་ཞལ་ཡང་བསྒྱུར༔ བྷྱོ༔ དབྱིངས་ཉིད་མ་བཅོས་མུ་ཁ་ལེ༔ ཐབས་ཀྱི་སྣང་བ་ཧེ་རུ་ཀ༔ ཟུང་འཇུག་སྤྲུལ་པའི་མ་མོ་དང༔ བཀའ་ཉན་ལས་བྱེད་བྱེ་བ་སྙེད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བདུད་དང་བར་དུ་གཅོད་པའི་ཚོགས༔ ཀླ་ཀློ་གདུག་པའི་དཔུང་ཚོགས་ཀུན༔ ཐལ་བའི་རྡུལ་བཞིན་བརླག་པའི་ཕྱིར༔ དྲག་ཤུལ་ཆེན་པོའི་རོལ་པར་བཞེངས༔ རི་རབ་གླིང་བཞི་ལྕགས་རིར་བཅས༔ འཇིགས་རུང་དུར་ཁྲོད་བཀོད་པའི་གྲོང༔ མཐུན་རྫས་འདོད་ཡོན་ཐམས་ཅད་ཀུན༔ མཚོན་ཆ་སྣ་ཚོགས་ཟིངས་སེ་ཟིང༔ ནད་མཚོན་དུག་རླངས་ཚུབས་སེ་ཚུབ༔ ཐུན་ཁྲག་ཆར་འབེབ་ཤ་ར་ར༔ ཀི་བསོ་ཆ་སྒྲ་དི་རི་རི༔ དམོད་ངན་བཤུགས་གླུ་ཀྱུ་རུ་རུ༔ དྲག་པོའི་ཐུན་རྫས་མཆོག་ཏུ་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ མ་རུངས་བསྒྲལ་བའི་ཞིང་གྱུར་ཀུན༔ སྲོག་ནས་བཟུང་སྟེ་སྙིང་ནས་དྲོངས༔ རྩ་རྒྱུས་ཆོད་ལ་སྲོག་དབུགས་ཕྲོགས༔ ཐིག་ལེ་དཀར་དམར་གནས་ནས་ཕོས༔ རྣམ་ཤེས་མར་མེ་ཐུམ་གྱིས་སོད༔ ཤ་ཟོ་ཁྲག་ཐུངས་ལྷག་མེད་རོལ༔ ཡེ་ཤེས་མེས་སྲེགས་ཆུ་ཡིས་ཁྲུས༔ བརྟུལ་ཞུགས་ཆེན་པོའི་རླུང་གིས་གཏོར༔ མིང་གི་ལྷག་མ་མེད་པར་མཛོད༔ སྔགས་མཐར་དམོད་པའི་མཚོན་ཆ་གདགས༔ མ་མ་རུ་ལུ་རུ་ལུ་བཾ་བྷྱོ༔ དགྲ་བགེགས་ནྲྀ་ཏྲི་ཐུན་ལོངས་བྷྱོ༔ སྙིང་ཁྲག་ཙ་ཛཿརྦད་བྷྱོ༔ ལྷ་ཚོགས་ནམ་མཁར་བཞུགས་པ་ཉིད༔ མདོས་གཏོར་འཕང་བའི་རྗེས་སུ་འུར༔ ནད་མཚོན་དུག་གི་ཆར་ཆེན་པོས༔ དགྲ་བགེགས་རྡུལ་དུ་བརླག་པར་བསམ༔ འཕང་བའི་སྦྱོར་བ་སྤྱི་ལྟར་བྱ༔ འདིས་ནི་ཆག་ཆེ་ཉམ་ང་དང༔ བྱད་ཕུར་རྦོད་གཏོང་མཚོན་འཁྲུགས་ཟློག༔ ཞི་ལ་སོགས་ཀྱི་ལས་རྣམས་ཀུན༔ ཐོགས་མེད་མྱུར་དུ་འགྲུབ་པར་འགྱུར༔ ས་མ་ཡ༔ སྲིད་པའི་བདེ་སྡུག་ཐམས་ཅད་ཀུན༔ མ་མོའི་བྱེད་པ་ལས་བྱུང་ཕྱིར༔ འཇིག་རྟེན་ཚེ་དཔལ་འདི་ཡིས་སྐྱེད༔ དབྱིངས་ཡུམ་རྟག་པའི་རྒྱལ་མོར་བཅས༔ སྲོག་གི་ཡི་གེར་འདྲེས་པ་ལས༔ འཆི་མེད་རྡོ་རྗེའི་གོ་འཕང་ཐོབ༔ དེ་ཕྱིར་ཟབ་མོའི་ཚེ་སྒྲུབ་ནི༔ གཞན་དུ་ནམ་ཡང་བསྟན་པ་མེད༔ སྙིང་པོའི་རྣལ་འབྱོར་བཙས་སུ་བཞག༔ ཚེ་དང་གལ་གྱི་མཐུན་སྡེབ་ལ༔ སྙིང་པོའི་བཅུད་ལྡན་འབྲང་རྒྱས་དང༔ ཚེ་ཡི་རིལ་བུ་མ་ད་ན༔ ལོངས་སྤྱོད་ཆེན་པོའི་འབྱོར་པར་བཤམ༔ བདག་མདུན་དབྱེར་མེད་བསྐྱེད་བཟླས་ནི༔ བྷྲཱུྃ༔ སྙིང་པོ་ཐུགས་ཀྱི་ཐིག་ལེ་རུ༔ ཚེ་ཡི་ངོ་བོ་བྷྲཱུྃ་ལྗང་གུ༔ སྲོག་གི་ཕྲེང་བ་རྒྱུད་གསུམ་པོ༔ འོད་ཟེར་གཞའ་ཚོན་དྲྭ་བ་ཅན༔ ཉི་ཟླའི་གྭ་འུར་རྒྱས་གདབ་པ༔ སྤྲོས་པས་ནམ་མཁའ་གང་བའི་འོད༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ སྲིད་པ་མ་མོའི་སྤྲིན་ཕུང་འཕྲོ༔ བསྡུས་པས་བླ་ཚེ་ཆད་ཉམས་དང༔ སྲིད་ཞིའི་དྭངས་བཅུད་དབང་མེད་ཕྲོགས༔ བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ སྙིང་པོ་ཚེ་ཡི་ངོ་བོར་ཐིམ༔ རྩ་ཡི་གསོས་གྱུར་ལང་ཚོ་འབར༔ རླུང་གི་སྲོག་བརྟན་རྡོ་རྗེའི་ཚེ༔ ཐིག་ལེ་མི་འགྱུར་གཞོམ་དུ་མེད༔ ཡེ་ཤེས་སྙིང་པོའི་དབྱིག་ཏུ་བསམ༔ བཛྲ་ཛྙཱ་ན་བིནྡྷུ་ཨཱ་ཡུ་ཥེ་སྭཱ་ཧཱ༔ སྙིང་པོའི་སྔགས་ཀྱི་ཐ་མ་རུ༔ ཚེ་ཡི་མདེའུ་གདགས་པ་འདི༔ ཁྲི་འབུམ་བྱེ་བ་རྟགས་དང་སྦྱར༔ སྐབས་སུ་དཔལ་གྱི་ཕོ་ཉ་བསྐུལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ འཁོར་འདས་མ་ཚོགས་ལས་ལ་བཞེངས༔ སྤྲུལ་པ་ཆེན་པོས་སྟོང་གསུམ་ཁོངས༔ སྲིད་ཞིའི་དྭངས་བཅུད་དབང་མེད་ཕྲོགས༔ བླ་ཚེ་ཡར་པ་རང་སོར་ཚུད༔ སྲོག་ཀླུང་དབང་ཐང་ཉམས་པ་གསོས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ འཕོ་བ་མེད་པ་དབྱིངས་ཀྱི་ཚེ༔ མི་འགྱུར་མི་ཤིགས་དངོས་གྲུབ་སྩོལ། ཅེས་བརྗོད་འཁོར་འདས་ཚེ་བཅུད་ཀུན༔ བདག་དང་སྒྲུབ་པའི་རྫས་ལ་བསྟིམ༔ རྟགས་གསལ་དངོས་གྲུབ་ཚེ་དབང་བླང༔ བྷྲཱུྃ༔ འཆི་མེད་བཅུད་ཀྱིས་གཏམས་པ་ཡི༔ དངོས་གྲུབ་མཆོག་གི་ཚེ་དང་དཔལ༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ སྒྲུབ་མཆོག་སྲོག་གི་ཐིག་ལེར་སྩོལ༔ ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་བརྗོད་རྫས་ལ་རོལ་པ་ཡིས༔ ཚེ་ཡི་དགའ་སྟོན་རྒྱས་པར་བསམ༔ འདིས་ནི་རྡོ་རྗེ་ཧེ་རུ་ཀའི༔ ཚེ་དང་ལང་ཚོ་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲིད་པ་མ་མོའི་ཏནྟྲའི་བཅུད༔ སྙིང་པོ་མཆོག་གི་ཐིག་ལེ་འདི༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ ཉི་མ་འོད་ཟེར་བདག་ལ་བསྩལ༔ མ་འོངས་བསྐལ་པའི་ཐ་མ་རུ༔ ཆོས་བྱེད་དམོད་ཅིང་སྡིག་བྱེད་བསྟོད༔ བཟང་པོའི་དྲིན་ལན་ངན་གྱིས་འཇལ༔ མནའ་དང་ཆད་ལ་ཅིར་མི་སེམས༔ མི་དགེ་འཇོལ་ཉོག་སྤྱོད་པ་དང༔ སྔགས་ཀྱི་འདའ་དཀའི་ས་མ་ཡ༔ ཁྲེལ་མེད་ཆུ་ལ་བསྐྱུར་བའི་དུས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུགས༔ ནད་མུག་མཚོན་གྱི་བསྐལ་ངན་ལྡང༔ མཐའ་བཞིའི་འབྱུང་པོ་དབུས་སུ་ལྷགས༔ ཀླ་ཀློས་བསྟན་ཞབས་སྡུད་ཉེའི་ཚེ༔ ལས་འཕྲོ་ཅན་ལ་དངོས་སུ་སྟོན༔ དེས་ཀྱང་རང་གི་སྙིང་ལ་བཞག༔ དུས་ལ་བབས་ན་གསང་སྟེ་སྤེལ༔ རང་གཞན་མང་པོའི་དོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་འདི་འཛིན་པའི་ལས་ཅན་ནི༔ དཔལ་གྱི་ཡེ་ཤེས་འགྲོ་བ་འདུལ༔ ཡེ་ཤེས་དབྱངས་ནི་ཞིག་པོའི་ཚུལ༔ གཞན་ཡང་བཛྲ་ཀརྨ་དང༔ ཤྲཱི་མཆོག་གི་མིང་ཅན་ནི༔ མཐའ་དབུས་མ་ངེས་རིམ་གྱིས་འབྱུང༔ རང་དོན་ཉམས་བླངས་བར་ཆད་ཞི༔ གཞན་དོན་ལས་སྦྱར་བསྟན་ལ་ཕན༔ ཟབ་དོན་སྙིང་པོའི་གསང་བ་ལ༔ རྩེ་གཅིག་བསྒོམས་པས་འཇའ་ལུས་སྐུ༔ ཟླ་བ་དྲུག་གིས་ངེས་པར་འཐོབ༔ དེ་ཕྱིར་ཤིན་ཏུ་གཅེས་པའི་དོན༔ སྙིང་གི་ཏི་ལ་ཀ་རུ་ཟུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ མནྟྲ་གརྦྷ་མ་ཧཱ་གུ་ཧྱ་ས་མ་ཡ༔ ཞེས་པའང་སློབ་དཔོན་དྷ་ན་སཾསྐྲྀཏས་བྱིན་གྱིས་བརླབས་ཤིང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གུ་རུ་ཉི་མ་འོད་ཟེར་གྱིས་སྙན་བརྒྱུད་དུ་གདམས་པ་ལྟར། ལུང་ཟིན་གྱི་ལས་ལྡན་རྣམས་ལ་ཕན་པའི་བསམ་པས་ཡོན་ཏན་ཕྲིན་ལས་ཀྱི་གནས་མཆོག་སེང་ཆེན་གནམ་བྲག་གི་སྙིང་པོར་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས། སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་སྤྱན་སྔར་མེ་ཡོས་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཀྱི་སྟོང་པ་གསུམ་པར་རྩོལ་མེད་དུ་གཏན་ལ་ཕབ་པའོ།། །།
པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ ཆོས་ཉིད་ཀློང་བཤགས་ (Volume 41, Text 46)
པདྨའི་ཞལ་གདམས་གྲོལ་ཐིག་མཐོང་བ་རང་གྲོལ་ལས༔ ཆོས་ཉིད་ཀློང་བཤགས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈ གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ གཉིས་མེད་རོ་མཉམ་ལོངས་སྤྱོད་རྫོགས༔ མ་འགགས་རོལ་པ་སྤྲུལ་པའི་སྐུ༔ ཕྱག་འཚལ་བླ་མ་མཁའ་འགྲོ་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ རྣམ་འཕྲུལ་གུས་པའི་ཡིད་ཀྱིས་མཆོད༔ ཐོག་མེད་དུས་ནས་ད་ལྟའི་བར༔ རང་བཞིན་དང་ནི་བཅས་པ་ཡི༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ རང་གྲོལ་རིག་པའི་ཀློང་དུ་བཤགས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་དབྱེར་མེད་རོ་མཉམ་ལ༔ བདག་ཏུ་བཟུང་བ་མཐོལ་ལོ་བཤགས༔ དྲན་རྟོག་ཆོས་ཉིད་རང་རྩལ་ལ༔ ཡེ་གྲོལ་བསྐྱར་གཞི་མེད་པ་ཡི༔ བལྟ་བྱ་ལྟ་བྱེད་མེད་པ་ལ༔ ངོ་བལྟ་བྱས་པ་མཐོལ་ལོ་བཤགས༔ སེམས་ཉིད་ཡེ་གྲོལ་འཁོར་ཡུག་འདི༔ ཡིད་བྱེད་སྒོམ་པའི་ཡུལ་ལས་འདས༔ བསྒོམ་བྱ་སྒོམ་བྱེད་མེད་པ་ལ༔ སྟོང་ཉིད་བསྒོམས་པ་མཐོལ་ལོ་བཤགས༔ ཆོས་དབྱིངས་བརྡལ་བའི་ཡོ་ལངས་ལ༔ སྤང་བླང་སྤྱོད་པ་ཨ་ཐང་ཆད༔ སྤྱད་བྱ་སྤྱོད་བྱེད་མེད་པ་ལ༔ བླང་དོར་སྤྱོད་པ་མཐོལ་ལོ་བཤགས༔ རིག་པ་བཅིངས་གྲོལ་མེད་པ་ལ༔ ས་ལམ་འབད་པས་གྲོལ་བ་མཚར༔ འཐོབ་བྱ་ཐོབ་བྱེད་མེད་པ་ལ༔ སྤང་ཐོབ་འབྲས་བུ་མཐོལ་ལོ་བཤགས༔ དྲན་པ་རང་གྲོལ་ཐིག་ལེའི་ངང༔ ཁྱབ་གདལ་ནམ་མཁའི་ཁོར་ཡུག་ལ༔ དྲན་པས་བཟུང་དང་མ་གཟུང་མེད༔ དྲན་པའི་སྒྲོག་བཅིངས་མཐོལ་ལོ་བཤགས༔ ཐམས་ཅད་ཆོས་དབྱིངས་རོལ་པ་ལ༔ ཡེངས་དང་མ་ཡེངས་ག་ལ་ཡོད༔ ཡེ་ནས་སྐྱེ་མེད་རྒྱ་ཡན་ལ༔ མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས༔ སེམས་ཉིད་ནམ་མཁའ་ལྟ་བུ་ལ༔ གང་གིས་གློད་ཅིང་སྒྲིམ་པར་ནུས༔ བྱ་རྩོལ་སྤྲོས་པའི་ཡུལ་ལས་འདས༔ འབད་རྩོལ་སྒྲིམ་གློད་མཐོལ་ལོ་བཤགས༔ རིས་མེད་སྟོང་པ་ནམ་མཁའི་ངང༔ བཙལ་བས་རྙེད་པར་མི་འགྱུར་ཏེ༔ འབད་རྩོལ་འདུ་བྱེད་འཁྲུལ་པའི་ལམ༔ རིག་འཚོལ་སྡུག་བཙིར་མཐོལ་ལོ་བཤགས༔ མ་ཡེངས་རྣམ་རྟོག་ངོས་བཟུང་ནས༔ དེ་ཉིད་གློད་ཅིང་དེ་ཉིད་བལྟ༔ འདི་ཡང་འདུ་བྱེད་འཁྲུལ་པའི་ལམ༔ ཡེ་དག་རོལ་པར་མཐོལ་ལོ་བཤགས༔ བྱས་པའི་ཆོས་ཀྱིས་སངས་མི་རྒྱ༔ བློ་ཡི་ཆོས་ཀྱིས་རང་ཉིད་འཆིང༔ གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས༔ ས་ལམ་དྲོད་རྟགས་རེ་བས་བཅིངས༔ ཉམས་རྟོགས་རོ་ལ་ཆགས་པས་ཕུང༔ སྨིག་རྒྱུའི་ཆུ་ཡིས་རང་ཉིད་བསླུས༔ བྱར་མེད་ཡེ་གྲོལ་ཀློང་དུ་བཤགས༔ མི་རྟོག་གནས་པའི་ཁོར་ཡུག་ངང༔ བདེ་གསལ་མི་རྟོག་ཏིང་འཛིན་དང༔ སྟོང་ཉིད་བློ་བྲལ་རིས་མེད་སོགས༔ མྱོང་ཞེན་སྐྱེ་མེད་ཀློང་དུ་བཤགས༔ དོན་དམ་ཆོས་དབྱིངས་སྤྲོས་བྲལ་ངང༔ བསམ་མེད་དམིགས་མེད་བརྗོད་མེད་སོགས༔ གོ་མྱོང་ཡིད་ཀྱི་གཏད་སོ་རྣམས༔ རིས་མེད་བསམ་འདས་ཀློང་དུ་བཤགས༔ ཐོས་བསམ་འབད་རྩོལ་སྒོམ་པ་དང༔ མི་བསྒོམ་མི་རྟོག་བྱར་མེད་སོགས༔ གང་ལྟར་བྱས་ཀྱང་བཅོས་མའི་ལམ༔ མ་བཅོས་ཆོས་སྐུའི་ཀློང་དུ་བཤགས༔ གཏང་བཞག་འགུགས་དང་ཆེད་འཛིན་བསྒོམ༔ སྒྲིམ་གློད་ངོ་བལྟ་ལ་སོགས་དང༔ རྟག་ཆད་བསམ་གཞིག་ཡིད་བྱེད་ལམ༔ བྱར་མེད་ཀ་དག་ཀློང་དུ་བཤགས༔ མ་བྱས་དགེ་ལ་རྗེས་ཡི་རང༔ སྐྱེ་མེད་ཆོས་འཁོར་བསྐོར་བ་དང༔ སྐྱེ་འཆི་མེད་པར་རྟག་བཞུགས་ནས༔ ཇི་སྲིད་ནམ་མཁའི་མཐར་ཐུག་བར༔ མི་ངལ་འགྲོ་བ་འདྲེན་པར་ཤོག༔ ཆོས་ཉིད་ཀློང་བཤགས་འདི་ཉིད་ནི༔ ཆོས་སྐུ་རིག་པའི་ཀློངས་ཡངས་ལས༔ ལོངས་སྐུའི་ངག་གིས་རབ་འབྱིན་པས༔ སྤྲུལ་སྐུའི་ལག་པའི་མཐིལ་དུ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡིད་བྱེད་ཚིག་གི་ལྟ་བར་གདིང་བཅས་ཤིང༔ ཚུལ་ཁྲིམས་འཆལ་དང་བྱང་སེམས་གསང་སྔགས་ཉམས༔ དེ་དུས་གདམས་པའི་སྙིང་ཕྱུང་ཀློང་བཤགས་འདིས༔ ངན་སོང་སྐྱེ་སྒོ་གཅོད་དོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཁ་ཐཾ༔་་་ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་ཟབ་གཏེར་རོ། །
གྲུབ་ཆེན་ཀརྨ་པཀྴི་ཞལ་གཟིགས་མའི་བླ་སྒྲུབ་ཀྱི་དབང་ཆོག་གི་མཚམས་སྦྱོར་ངོ་མཚར་སྣང་བ་ (Volume 11, Text 46)
༄༅། །གྲུབ་ཆེན་ཀརྨ་པཀྴི་ཞལ་གཟིགས་མའི་བླ་སྒྲུབ་ཀྱི་དབང་ཆོག་གི་མཚམས་སྦྱོར་ངོ་མཚར་སྣང་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀརྨ་ཀ་དྷཱརྨ་གུ་ར་བེ། འཇིག་རྟེན་དབང་ཕྱུག་གྲུབ་པ་མཆོག་གི་ཚུལ། །པད་འབྱུང་མདའ་བསྣུན་ཞབས་དང་དབྱེར་མེད་པ། །དེ་དང་ཡེ་ཤེས་སྐུ་ཡིས་རྗེས་བཟུང་བ། །ནུས་ལྡན་རྡོ་རྗེར་འདུད་དོ་བྱིན་གྱིས་རློབས། །བླ་སྒྲུབ་ཞལ་གཟིགས་མའི་དབང་གིས་སྐལ་ལྡན་རྗེས་སུ་འཛིན་པ་ལ། སྦྱོར་བ་སྟེགས་བུའི་སྟེང་དུ་མཎྜལ་པདྨ་འདབ་བརྒྱད་བྲིས་པའི་སྟེང་ཁྲིའུར་རིན་པོ་ཆེའི་སྣོད་དུ་དཔལ་གཏོར་དམར་པོ་བརྗིད་ལྡན་ལ་ཟུར་གསུམ་བདུན་གྱིས་བསྐོར་བ་རྒྱན་ལྡན་དར་གདུགས་ཕུབ་པ་བཀོད། གཡས་སུ་རྣམ་བུམ་མགུལ་ཆིངས་དམར་པོ་བཅུད་ལྡན་ཁ་རྒྱན་དང་བཅས་པ། གཡོན་དུ་ལས་བུམ། མཎྜལ་མདུན་སྐུ་གཟུགས་གཙོ་བོར་གྱུར་པའི་ཙཀ་ལི་ཚང་བ། མདུན་ངོས་སུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ་མོ། །དངོས་གཞིར་ཐོག་མར་སྒྲུབ་མཆོད་ནི། ཞལ་གཟིགས་མའི་ལས་བྱང་གི་སྐྱབས་སེམས་ནས་བརྩམ་ཚིག་རིས་གཅིག་གིས་བདག་མདུན་གྱི་དཀྱིལ་འཁོར་གཉིས་སུ་བསྒོམས་ལ་ཡེ་ཤེས་པ་སོ་སོར་བསྟིམ། མཆོད་བསྟོད་བྱ། བསྙེན་དམིགས་གསལ་བཏབ་ནས། གཙོ་འཁོར་གྱི་འགྲོས་བསྟུན་བཟླས་པ་ཅི་འགྲུབ་བྱས་པའི་མཐར་ཏིང་ངེ་འཛིན་གྱི་དབང་ལེན། ལས་བུམ་རྟ་སྔགས་ཀྱིས་བྱིན་བརླབས། དབང་དངོས་ནི། སློབ་མ་རྣམས་ལ་ཁྲུས་བྱ། གྲལ་དུ་འཁོད་དེ་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱིས་གངས་ཅན་བོད་ཀྱི་ལྗོངས་འདིར། གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་རྒྱུན་མི་འཆད་པར་སྟོན་ཅིང་འཁོར་བ་དོང་ནས་སྤྲུགས་་པར་མཛད་པ་ལས། མཚན་ཡོངས་སུ་གྲགས་པ་རྒྱལ་དབང་ཀརྨ་པ་ཞེས་སངས་རྒྱས་གཉིས་པའི་ཚུལ་དུ་སྤྲུལ་ཏེ་ཛམ་གླིང་བསྟན་འགྲོའི་དཔལ་མགོན་རིམ་པར་བྱོན་པ་རྣམས་ཀྱི་ནང་ནས་སྐུ་ཕྲེང་གཉིས་པ་དཔལ་ཆེན་པོ་ཆོས་ཀྱི་བླ་མའམ། ཧོར་གྱི་རྒྱལ་པོས་ཉམས་སད་པའི་ཕྱིར་ཁྲིམས་ཆེན་བཅོ་བརྒྱད་ཀྱིས་ཅོ་དྲིས་པ་ལ་ངོ་མཚར་རྫུ་འཕྲུལ་དེ་སྙེད་བསྟན་པས་མོས་པ་སྐྱེས་ཏེ་ཏི་ཤྲིར་བསྐུར་བའི་མཚན་གྲུབ་ཆེན་ཀརྨ་པཀྴི་ཞེས་ཉི་ཟླ་ལྟར་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ། གཏེར་ལུང་རྣམས་སུ་དབང་ཆེན་གྲུབ་པ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་སྐྱེ་བར་གསུངས་ཤིང་། འཕགས་ཡུལ་དུ་གྲུབ་པའི་དབང་ཕྱུག་ས་ར་ཧ་ལ་སོགས་པའི་སྐུའི་བཀོད་པར་ཡང་བསྟན་པ་དང་། རྒྱལ་དབང་པདྨ་འབྱུང་གནས་དང་ཡང་ཐ་དད་མེད་པར་ཞལ་གྱིས་བཞེས་པ། མཚན་ཐོས་པ་ཙམ་གྱིས་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་པར་ངེས་པ་དེ་ཉིད་ཀྱི་སྒྲུབ་ཐབས་ཟབ་མོ་འདི་ནི། ལྷ་སྲས་མུ་ཁྲི་བཙད་པོའི་ཡང་སྲིད་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་རྣམ་རོལ། ཟོལ་མེད་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ། དཔལ་ཧེ་རུ་ཀ་རྡོ་རྗེ་གྲོ་བོ་ལོད་དང་རྣམ་དབྱེར་མེད་པ། སྤྲུལ་པའི་གཏེར་སྟོན་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ཅན་སྒྲུབ་པའི་སྐབས་སུ། ཀརྨ་པཀྴི་ཉིད་དབུས་རྒྱལ་བ་རྒྱ་མཚོའི་གཙོ་བོར་མཛད་དེ་ཐུགས་རྗེ་ཆེན་པོ་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་རྣམ་པར་དངོས་སུ་སྣང་བས་གདམས་པ་དང་རྗེས་སུ་གདམས་པ་བསྩལ་ནས་བྱིན་གྱིས་བརླབས་པས། གྲུབ་པ་ཆེན་པོའི་གོ་འཕང་མངོན་དུ་མཛད་པ་ནས་རིམ་པར་བརྒྱུད་པའི་བྱིན་རླབས་ཀྱི་གཟི་བྱིན་ཁྱད་པར་དུ་འཕགས་པའི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ་ཐུན་མོང་གི་འཇུག་སྒོ་དང་མཐུན་པར་སྐྱབས་སེམས་བགྱི་བ་ལ་འདུན་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་རྟེན་ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་ཆོས་སྲུང་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་གཅིག་ཏུ་བསྡུས་པའི་ངོ་བོ་བླ་མ་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་བདག་ཉིད་ཅན་དུ་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་མཐའ་དག་དེང་ནས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་མཆིའོ་སྙམ་པ་དང་། མར་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པ་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཞིང་སངས་རྒྱས་ཀྱི་ས་ལ་འགོད་པའི་སླད་དུ་ལམ་ཟབ་མོ་བླ་མ་སྒྲུབ་པའི་དཀྱིལ་འཁོར་དུ་འཇུག་པར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ སོགས་ལས་བྱང་ལྟར་ལན་གསུམ། དེ་ནས་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་གཞི་རྟེན་སྣོད་བཅུད་དག་པ་རབ་འབྱམས་བླ་མའི་དཀྱིལ་འཁོར་དམ་ཚིག་པར་གསལ་བ་ལ། རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་ཡིན་པས། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན། ཐུགས་གཞན་དུ་མ་ཡེངས་པར་སྣང་སྟོང་བླ་མའི་དཀྱིལ་འཁོར་ཆེན་པོར་བསྒོམ་པ་དང་ཡེ་ཤེས་པ་དྲང་བསྟིམ་གྱི་ཏིང་ངེ་འཛིན་རྣམས་ཚིག་རིས་དང་མཐུན་པར་གསལ་འདེབས་པར་ཞུ། ཧཱུྃ་ཧཱུྃ་ཧཱུྃ༔ ནམ་མཁའ་ཡངས་པའི་སོགས་ནས་སྤྱན་འདྲེན་རྫོགས་ཀྱི་བར་བཏང་། སྦྱར་སྤོས་བདུག །རོལ་མོའི་སྒྲ་དང་འབེབ་སྔགས་དྲག་ཏུ་བརྗོད། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ནས་དབང་དངོས་གཞི་དབང་རབ་བླ་མའི་ལམ་གྱིས་གྲོལ་བ་ལ་དེ་དང་མཐུན་པའི་བརྡ་དབང་བསྐུར་བ་སྟེ། དེའང་བུམ་དབང་དང་རྗེས་སུ་འབྲེལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ། དབང་གོང་མ་གསུམ་སྤྱོད་པ་དང་བཅས་པའི་བརྡ་དབང་། ཡོངས་རྫོགས་གཏོར་དབང་། བརྟན་བྱེད་རྒྱས་གདབ་བཅས་བཅུ་གཅིག་ཏུ་ཡོད་པ་ལས། དང་པོ་སྐུའི་དབང་ནི། སྣང་སྟོང་རོ་མཉམ་ལྷའི་འཁོར་ལོར་མཚོན་པའི་བུམ་པས་དབང་བསྐུར་བས་བླ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ སྣང་བ་སྣོད་ཀྱི་སོགས། གཉིས་པ་གསུང་གི་དབང་ནི། གྲགས་སྟོང་དབྱེར་མེད་རྡོ་རྗེའི་རང་སྒྲར་མཚོན་པའི་ཧཱུྃ་ཡིག་གི་དབང་བསྐུར་བས་བླ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ་གསུམ་མགྲིན་པར་བཞག་ལ། ཧཱུྃ༔ གྲགས་སྟོང་མ་འགགས་སོགས། གསུམ་པ་ཐུགས་ཀྱི་དབང་ནི། རིག་སྟོང་ཟུང་འཇུག་ཡེ་ཤེས་རྣམ་ལྔའི་རང་རྩལ་མཚོན་པའི་ཕྱག་མཚན་གྱི་དབང་བསྐུར་བས་བླ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས་ཤིག །རྡོ་རྗེ་དང་ཕུར་བུ་སྙིང་གར་བཞག་ལ། ཧཱུྃ༔ ཡེ་ཤེས་ལྔ་ཡི་སོགས། བཞི་པ་ཡོན་ཏན་གྱི་དབང་ནི། འབད་རྩོལ་མེད་པ་འདོད་རྒུ་ཀུན་གྱི་འབྱུང་གནས་སུ་མཚོན་པའི་རིན་པོ་ཆེའི་དབང་བསྐུར་བས་བླ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས་ཤིག །རིན་པོ་ཆེ་ལྟེ་བར་བཞག་ལ། ཧཱུྃ༔ རང་སེམས་ཡིད་བཞིན་སོགས། ལྔ་པ་ཕྲིན་ལས་ཀྱི་དབང་ནི། ཆགས་ཐོགས་མེད་པར་ཕྱོགས་ལས་རྣམ་པར་རྒྱལ་བར་མཚོན་པའི་རྒྱལ་མཚན་གྱི་དབང་བསྐུར་བས་བླ་མ་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པའི་དབང་ཐོབ་པར་མོས་ཤིག །རྒྱལ་མཚན་གསང་བར་བཞག་ལ། ཧཱུྃ༔ ཀུན་ཁྱབ་ཡེ་ཤེས་སོགས། དེ་རྣམས་ཀྱིས་ཕྱི་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྣང་སྟོང་བླ་མའི་དཀྱིལ་འཁོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དྲུག་པ་གསང་བའི་དབང་གི་དོན་དུ། རྩོལ་བཅས་ཀྱི་བདེ་བའི་ཐབས་ལ་བརྟེན་ནས་རྩོལ་བྲལ་རང་བྱུང་ཡེ་ཤེས་ཀྱི་ཐིག་ལེ་ཆེན་པོ་མངོན་དུ་འཆར་བའི་བརྡ་ལ་བརྟེན་ནས་གསང་དབང་གི་ཡེ་ཤེས་གསལ་སྟོང་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཐིག་ལེ་བསྟན་ཅིང་ལག་ཏུ་གཏད། ཧཱུྃ༔ བདེ་བའི་ཉམས་ཀྱི་སོགས། དེས་ནང་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་བརླབ་ཀྱི་རིམ་པ་དང་རྡོ་རྗེའི་བཟླས་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བདུན་པ་ཤེར་དབང་གི་དོན་དུ། འདི་ལྟར་སྣང་བ་ཐམས་ཅད་ཡབ། སྟོང་པ་ཐམས་ཅད་ཡུམ། ཟུང་འཇུག་བདེ་བ་ཆེན་པོ་རིགས་འདུས་བླ་མའི་སྐུ་གཟུགས་ཀྱི་བརྡ་དབང་བསྐུར་བས་ཤེས་རབ་དཔེའི་ཡེ་ཤེས་ཀྱི་ངོ་བོ་བདེ་སྟོང་འཕོ་འགྱུར་མེད་པ་རྒྱུད་ལ་སྐྱེས་པར་མོས་ཤིག །སྐུ་ཙཀ་སྤྱི་བོ་དང་སྙིང་གར་བཞག་ལ། ཧཱུྃ༔ སྣང་བ་ཡབ་ལ་སོགས། དེས་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །བདེ་སྟོང་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བརྒྱད་པ་ཚིག་དབང་གི་སླད་དུ། དར་གྱི་ཅོད་པན་རླུང་སྐྱོད་ཀྱི་བརྡས་མཚོན་ཏེ། འདི་ལྟར་སྣང་བ་མ་འགག་པ་སེམས་ཀྱི་རང་མདངས། སྟོང་པ་མི་དམིགས་པ་སེམས་ཀྱི་ངོ་བོ། གཉིས་མེད་ཟུང་འཇུག་སེམས་ཀྱི་གནས་ལུགས། དེ་ལས་རྩལ་མདངས་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་འཆར་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པས་ཤར་གྲོལ་དུས་མཉམ་སྣང་སྲིད་ཕྱག་རྒྱ་ཆེན་པོ་ཉིད་དུ་རྟོགས་པར་གྱིས་ཤིག །དར་གྱི་ཅོད་པན་བསྟན་ལ། ཧཱུྃ༔ མ་འགག་མི་དམིགས་སོགས། དེས་ཡང་གསང་ཚིག་གི་དབང་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །རྩོལ་བྲལ་རང་བྱུང་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དགུ་པ་སྤྱོད་པའི་བརྟུལ་ཞུགས་སྦྱིན་པ་ལ། མེ་ཏོག་ཕྲེང་བའི་བརྡ་ལ་བརྟེན་ནས། དེང་ཕྱིན་ཆད་འཁོར་འདས་གང་ལའང་རེ་དོགས་དང་གཉིས་སུ་འཛིན་པའི་མཐའ་སྤོངས་ལ་དུག་ལྔ་རང་གྲོལ་ཆགས་མེད་ཞེན་མེད་ཀྱི་སྤྱོད་པས་དོན་གཉིས་མཐར་ཕྱིན་པར་མཛོད་ཅིག །མེ་ཏོག་ཕྲེང་བ་གཏད་ལ། ཧཱུྃ༔ སྣང་སྲིད་སྟོང་པའི་སོགས། བཅུ་པ་མཐའ་རྟེན་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་ཆོས་འབྱུང་ཐར་པ་ཆེན་པོའི་ཕོ་བྲང་དུ་གཏོར་མ་བླ་མ་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པ་ལ་མོས་གུས་དྲག་ཏུ་བྱས་པས། དེ་རྣམས་ལས་བྱིན་རླབས་འོད་ཟེར་དང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་མ་ལུས་པ་དག །དབང་བཞིའི་ཡེ་ཤེས་རྩལ་རྫོགས་སུ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐའ་དག་རྒྱུད་ལ་གཅིག་ཅར་དུ་ཞུགས་པར་མོས་མཛོད། གཏོར་ཆེན་ཐོགས་ལ། ཧཱུྃ༔ དམ་རྫས་གཏོར་ཆེན་སོགས་ནས་ གནས་གྱུར་ཅིག༔ འདིར་བཀའ་བསྒོ་བརྒྱུད་པའི་གསུང་རྒྱུན་ལས་འབྱུང་བ་ལྟར་སྤྲོ་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་བདུད་འདུལ་རྒྱལ་མོ། གྲུབ་ཆེན་ཀརྨ་པཀྴི། རས་ཆུང་རྡོ་རྗེ་གྲགས་པ། དབང་ཆེན་དཔའ་བོ་རྟ་མགྲིན། ཡུམ་མཆོག་རྡོ་རྗེ་ཕག་མོ། རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ། བཀའ་བབས་ཆོས་བདག་སྐྱེས་བུ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་ཅན། ལྷ་མོ་རང་བྱུང་རྒྱལ་མོ། དམ་ཅན་རྡོ་རྗེ་ལེགས་པ་ལ་སོགས་ཏེ་རྒྱལ་བ་རྒྱ་མཚོ། གྲུབ་ཐོབ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། དཔའ་མོ་རྒྱ་མཚོ། དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ནམ་མཁའི་མཐའ་དང་མཉམ་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབ་ཏུ་གསོལ། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་བག་ཆགས་ཆོས་མིན་གྱི་རྣམ་པར་རྟོག་པ་ཐམས་ཅད་རྩད་ནས་ཆོད་པར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་རབ་ཏུ་རྒྱས་པ་དང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་མཛད་དུ་གསོལ། གཞུང་གསལ་སྔགས་བརྗོད། གཏོར་མ་སློབ་མའི་གནས་གསུམ་དུ་བཞག །གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་རྒྱ་མཚོ་ལྔའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་དབྱེར་མེད་པར་གྱུར་ནས་དབང་དོན་གྱི་ཡེ་ཤེས་མཐར་ཐུག་པ་སྐྱེས་པ་ལ། རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་དག་པར་མཚོན་པའི་སྣ་ཚོགས་རྡོ་རྗེའི་རྒྱས་གདབ་པས་ནམ་ཡང་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད། རྒྱ་གྲམ་སྤྱི་བོར་བཞག་ལ། ཧཱུྃ༔ སྐལ་ལྡན་སྐྱེས་བུ་སོགས་དང་། མེ་ཏོག་འཐོར་ལ་ཤིས་པ་བརྗོད། དེ་དག་གི་སྒོ་ནས་རིག་འཛིན་མི་འགྱུར་རྡོ་རྗེའི་དག་སྣང་ཀརྨ་པཀྴི་ཞལ་གཟིགས་མའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་བྱ། རྗེས་རིམ་མཆོད་བསྟོད་སོགས་ནི་མཛད་སྲོལ་མི་འདུག་པས། ལས་བྱང་ལྟར་མདུན་བསྐྱེད་རང་ལ་བསྡུ། བདག་བསྐྱེད་འོད་གསལ་དུ་བསྡུ་ཞིང་དེ་ལས་དག་པའི་འཁོར་ལོ་གསུམ་དུ་ལྡངས་ལ་བསྔོ་སྨོན་བྱས་པས་འགྲུབ་བོ། །འདིར་འབྲེལ་དཔལ་ཆེན་ཆོས་ཀྱི་བླ་མ་ཡི། །ཐུགས་རྗེས་ཟིན་ནས་འཁྲུལ་སྣང་སྐད་ཅིག་སངས། །རྒྱ་མཚོ་ལྔ་ཡི་སྐུ་དང་ཡེ་ཤེས་སུ། །མངོན་པར་བྱང་ཆུབ་དོན་གཉིས་ལྷུན་གྲུབ་ཤོག །འདིའང་རིན་ཐང་བྲལ་བའི་རིན་པོ་ཆེའི་གཏེར་གྱི་མཛོད་ཆེན་གང་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུ་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་ (Volume 46, Text 46)
འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་བཞུགསཿ རྒྱལ་བའི་དབང་པོ་ཐོད་ཕྲེང་རྩལཿ ཆོས་ཉིད་ཞི་ལས་མ་གཡོས་ཀྱངཿ སེམས་ཅན་འདུལ་ཕྱིར་སྤྲུལ་པའི་སྐུཿ རྣམ་འགྱུར་ཅིར་ཡང་སྟོན་ལ་འདུདཿ སློབ་དཔོན་ཆེན་པོ་ཉིད་ཀྱིས་ལུང་བསྟན་ལྟརཿ རང་ལོ་བྲོ་དུས་ཀྱི་ཚེ་འཕྲང་ཤར་བའི་ཚེ་དམ་སྲི་རས་གོས་ཅན་ཞིག་གིས་རྐེད་པ་རལ་གྲིས་འབྲེག་ཉེ་ཚོར་བས་ཁོ་ཤིན་ཏུ་སྐྱེངས་པའི་ཚུལ་གྱིས་འགྱོད་ཚངས་དང་ཞུ་འབུལ་བྱེད་པའི་མུརཿ སློབ་དཔོན་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་ཞིག་ལ་མོས་གུས་དང་བྱིན་རླབས་ཞུ་བའི་སྣང་བ་ལ་མངོན་རྟོགས་འདི་འདྲར་སོང་ནས་གདམས་ངག་རྗེས་གདམས་ཐོབ་པ་ནིཿ ཧྲཱིཿ རྣམ་ཐར་གསུམ་ལྡན་སྟོང་པ་ཉིདཿ མ་རྟོགས་འཁྲུལ་པའི་སེམས་ཅན་ལཿ དམིགས་མེད་སྙིང་རྗེ་ཆེན་པོའི་གདངསཿ ནམ་མཁས་གར་ཁྱབ་པདྨ་འོདཿ དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ རྣམ་པར་བྱང་བའི་ཆོས་རྣམས་རྫོགསཿ དེ་དབུས་པདྨ་ཉི་ཟླ་དངཿ མ་རིག་ལས་གྱུར་རྟེན་འབྲེལ་གདོནཿ དུག་སྦྲུལ་བཅུ་གཉིས་བསྣོལ་བའི་སྟེངཿ རང་རིག་ཧྲཱིཿདམར་ཡོངས་གྱུར་ལསཿ འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོདཿ ཞལ་གདངས་མཆེ་གཙིགས་ཞབས་གཉིས་བགྲདཿ སྐུ་མདོག་དམར་པོ་གསང་ཕོད་མཐིངཿ སྟག་ཤམ་རུས་རྒྱན་ཐོད་ཕྲེང་བརྗིདཿ ཐོད་སྐམ་དབུ་རྒྱན་རལ་པའི་གསེབཿ རྟ་མགོ་ལྗང་ཞུར་ཁྱུང་གདོང་དམརཿ ཕྱག་གཡས་རྡོ་རྗེ་གཡོན་མེ་ཁྱུངཿ བ་སྤུའི་བུ་ག་ཐམས་ཅད་ཀྱངཿ ཁྱུང་གི་ཚྭ་ཚྭས་གཏམས་ཤིང་འཕྲོཿ གནོད་བྱེད་སྡེ་བརྒྱད་ཐལ་བར་རློགཿ ཡེ་ཤེས་མེ་དཔུང་ཀློང་ན་བརྗིདཿ ཚོགས་བརྒྱད་ལས་གྱུར་མ་རིག་གདོནཿ ཀླུ་ཆེན་བརྒྱད་པོ་འདར་བཞིན་འདུདཿ གཙོ་བོའི་སྤྱི་མགྲིན་སྙིང་ག་རུཿ འཇམ་དཔལ་སྐུ་དང་པདྨ་གསུངཿ ཡང་དག་རྡོ་རྗེ་ཐོད་ཁྲག་འཛིནཿ སྐུ་གསུང་ཐུགས་ཀྱི་ཡི་གེས་མཚནཿ ཆོས་ཀྱི་ཕྱག་རྒྱའི་འོད་ཟེར་ལསཿ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེཿ ལས་ཀྱི་ཕྱག་རྒྱ་བཞིས་དྲངས་ནསཿ དམ་ཚིག་ཕྱག་རྒྱར་དབྱེར་མེད་བསྟིམཿ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀཤྱ་ཧོཿ བཞུགས་གསོལ་ནིཿ ཧཱུྃཿ ཐུགས་རྗེའི་ལྕགས་ཀྱུས་དབྱིངས་ནས་སྤྱན་དྲང་ངོཿ བྱམས་པའི་ཞགས་པས་རྟེན་དང་རོ་གཅིག་བསྲེཿ དགའ་བའི་སྒྲོག་གིས་ཐབས་ཤེས་མཉམ་པར་སྦྱོརཿ བཏང་སྙོམས་དྲིལ་བུས་ཤིན་ཏུ་བརྟན་པར་བྱཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཏིཥྛཿ རིག་པའི་མེ་ཏོག་གི་ཕྱག་ནིཿ ཧཱུྃཿ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེཿ རང་ཉིད་དེ་བཞིན་ཉིད་དང་སྦྱོརཿ ལྷ་དང་ལྟ་བ་མཇལ་བའི་ཕྱགཿ བླང་དོར་མེད་པའི་དབྱིངས་ལ་འདུདཿ ན་མོ་ན་མ་ཧོཿ མཆོད་པ་ནིཿ ཧཱུྃཿ དབང་པོ་དྲུག་ལ་ཉེར་སྤྱོད་རྫསཿ ཡུལ་དང་བདེ་ཆེན་མཉམ་པར་རོལཿ སྨན་གཏོར་རཀྟ་བྱང་ཆུབ་སེམསཿ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས་མཆོདཿ རཱུ་པཿ ཤབྡཿ གྷནྡྷེཿ ར་སཿ སྤརྴེཿ དྷརྨ་དྷཱ་ཏུ་མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་བྷོ་དྷི་ཙིཏྟ་གྷ་ན་ཙཀྲ་པཱུ་ཙ་ཧོཿ བསྟོད་པ་ནིཿ ཧཱུྃཿ སྒེག་དཔའ་འཇིགས་རུང་བླ་མ་དྲག་པོའི་སྐུཿ དགོད་གཤེ་དྲག་ཤུལ་རྟ་མཆོག་རོལ་པའི་གསུངཿ སྙིང་རྗེ་རྔམས་ཞི་ཡེ་ཤེས་ཁྱུང་གི་ཐུགསཿ ལོག་འདྲེན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོདཿ བཟླས་དམིགས་ནིཿ ཐུགས་ཀར་ཉི་དཀྱིལ་ཧཱུྃ་གི་མཐརཿ སྔགས་ཕྲེང་མགལ་མེ་བཞིན་དུ་འཁོརཿ འོད་ཟེར་མེ་སྟག་ལྟ་བུ་དངཿ ཁྱུང་གི་ཚྭ་ཚྭས་ལོག་འདྲེན་སྲེགཿ རྟ་སྐད་འཚེར་བས་སྟོང་གསུམ་གཡོཿ སྣོད་བཅུད་སྦྱངས་ནས་རང་ལ་བསྟིམཿ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངངཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིཀ་ནིརྩིཀ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ གྲངས་བསྙེན་འབུམ་ཕྲག་ཉི་ཤུ་ལཿ དུས་བསྙེན་རིག་པས་དཔག་པར་བྱཿ ཐུན་མཐའ་ཀུན་ལ་རྫོགས་རིམ་བསྡུཿ སྔོན་རྗེས་རིག་འཛིན་གཞུང་ལྟར་བྱཿ ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེརཿ སྙིང་གི་བུ་ལ་གཏད་དོ་རྒྱཿ དྷ་ཐིམཿ ས་མ་ཡཿ རྒྱ་རྒྱ་རྒྱཿ
བླ་མ་རྒྱལ་བ་འདུས་པ་དང་ཐུགས་ཀྱི་ནོར་བུ་ཐུན་མོང་གི་དྲག་སྒྲུབ་མེའི་འཁོར་ལོའི་དབང་བསྐུར་གྱི་ཡི་གེ་དཔའ་བོ་གཅིག་གྲུབ་ (Volume 13, Text 46)
༄༅། །བླ་མ་རྒྱལ་བ་འདུས་པ་དང་ཐུགས་ཀྱི་ནོར་བུ་ཐུན་མོང་གི་དྲག་སྒྲུབ་མེའི་འཁོར་ལོའི་དབང་བསྐུར་གྱི་ཡི་གེ་དཔའ་བོ་གཅིག་གྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། བླ་མ་དཔལ་ཆེན་གཏུམ་དྲག་ཅན། །བྱིན་རླབས་གཟི་འབར་དེ་ལ་འདུད། །དབང་ཆོག་འབྲི་ལ་ཐུགས་རྗེ་ཆེས། །རྗེས་དགོངས་ཡེ་ཤེས་བྱིན་ཆེན་ཕོབ། །གཏེར་ཁ་གཉིས་འདུས་བླ་མ་དྲག་པོ་མེའི་འཁོར་ལོའི་དབང་བསྐུར་བསྒྲུབ་པ་ལ། སྟེགས་བུའི་སྟེང་དཀྱིལ་འཁོར་སྒོ་རྫོགས་རས་བྲིས་ཡོད་ན་བཀྲམ། མེད་ན་མཎྜལ་བདུད་རྩི་ལྔས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་བཞི་རིམ་གཉིས་བཀོད་པའི་ཁར་འཕྲུལ་སྟེགས་ལ། ཟངས་བུམ་བཅུད་ལྡན་མགུལ་ཆིངས་དམར་པོས་སྤྲས་པའི་ཁར་བནྡྷ་མཚན་ལྡན་བདུད་རྩིས་བཀང་བ་བཞག་ལ་མེ་ལོང་དྲི་མེད་ཀྱིས་བཀབ། མདུན་དུ་དྲག་པོ་རིགས་ལྔའི་ཙཀླི། ཤར་དུ་རྡོ་རྗེ། ལྷོར་བདུད་རྩི། ནུབ་ཏུ་དྲིལ་བུ། བྱང་དུ་ཕུར་པ། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་སྐོར་བཤམ། ལས་བུམ་དང་། ཕྲིན་ལས་ལ་མཁོ་བའི་ཚོགས་གཏོར་རྣམས་འདུ་བྱའོ། །དབང་དོན་སྒྲུབ་ཅིང་མཆོད་པ་ནི་ལས་བྱང་མཐར་ཆགས་སུ་བཏང་། བདག་བསྐྱེད་གོ་ཆའི་ལྷ་ཁོ་ན་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་བཅས་པར་གསལ་བཏབ་ནས། སྤྱན་འདྲེན་མཆོད་བསྟོད་བར་བྱ། བདག་མདུན་བུམ་གསུམ་ལ་དམིགས་པའི་འཕྲོ་འདུ་སོ་སོར་གསལ་བཏབ་ནས་བསྙེན་སྒྲུབ་ཀྱི་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་བྱ། ལས་བུམ་ནང་དུ་པད་ཉིའི་སྟེང་། །མེ་དབལ་སྨུག་ནག་ཐོ་བ་དང་། །མེ་ཞགས་འཛིན་ཅིང་དུར་ཁྲོད་ཆས། །ཐུགས་ཀར་ཀྴ་ལ་སྔགས་ཀྱིས་བསྐོར། །བཟླས་པས་བདུད་རྩིའི་རྒྱུན་བབ་གྱུར། །ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བཟླ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་བྱས་ལ་རིག་པའི་མེ་ཏོག་དོར། དབང་བསྐུར་བ་ནི། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་ཞིང་བཀའ་བསྒོ་མཚམས་གཅོད་ལས་བྱང་ལྟར་བྱས་ལ་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཅི་རིགས་ལས་ཁྱད་པར། དེའང་མཆོག་ཐུན་དངོས་གྲུབ་བྱིན་རླབས་མ་ལུས་པ་འབྱུང་བའི་གཏེར། སྙིགས་དུས་ཀྱི་དམ་སྲི་སྡེ་བརྒྱད་མ་རུངས་པ་རྣམས་འདུལ་བའི་གཉེན་པོར་ཁྱད་པར་དུ་བསྔགས་པ་གུ་རུ་པདྨ་དྲག་པོར་སྒྲུབ་པའི་ཆོས་སྐོར་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་གྱི་ཆོས་བཀའ་འདི་ཉིད་སྤྲུལ་པའི་གཏེར་ཆེན་ཞིག་པོ་གླིང་པས་ཁྱུང་ཚང་བྲག་ནས་ཚེ་སྒྲུབ་རྒྱལ་བ་འདུས་པ་དང་ལྷན་ཅིག་སྤྱན་དྲངས་པའི་གཏུམ་དྲག་མེ་འཁོར་དང་། ཆོས་རྗེ་གླིང་པས་སྤུ་རི་བྱ་རྒོད་གཤོང་ནས་སྤྱན་དྲངས་པའི་རྩ་གསུམ་ཐུགས་ཀྱི་ནོར་བུའི་ཆོས་སྐོར་གྱི་སྡེ་ཚན་གཏུམ་དྲག་མེ་འཁོར་གཉིས། གནས་དང་གཏེར་སྟོན་མི་འདྲ་བ་ལས་ཆོས་སྐོར་གྱི་ངོ་བོ་གཅིག་ཏུ་གྱུར་པ་ལས། གང་རུང་གཅིག་གི་དབང་ཐོབ་པས་གཉིས་ཀའི་དབང་ཐོབ་པར་འགྱུར་ཞིང་དྲག་སྒྲུབ་ཀྱི་དབང་རྣམས་ཀྱི་ནང་ནས་འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་དུ་ཆེ་བ་ཡིན། འདི་ལྟ་བུའི་དབང་ཟབ་མོ་སྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཨཱ་ཁཾ་བཱི་ར་ཧཱུྃ་གིས་གདོང་གཡོགས། ཨོཾ་ཨཱཿཧཱུྃ་གིས་མེ་ཏོག་སྦྱིན། བླ་མ་གཏུམ་དྲག་མེའི་འཁོར་ལོ་ཅན་དངོས་སུ་གསལ་བ་ལ་གུས་པའི་ཡིད་ཀྱིས་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ནི་འཁོར་བའི་སྡུག་བསྔལ་ལས༔ བསྒྲལ་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་གུ་རུ་དྲག་པོ་རྩལ་གྱི་དཀྱིལ་འཁོར་པ་རྣམས་ཀྱི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བརྒྱུད་པའི་རྩ་བ་སོགས་ལས་བྱང་ལྟར་ལན་གསུམ། གདོན་བགེགས་ལོག་འདྲེན་གྱིས་ཐོག་དྲངས་མར་གྱུར་སེམས་ཅན་ཐམས་ཅད་དབང་དྲག་པདྨའི་གོ་འཕང་ལ་འགོད་པར་སྨོན་པ་དང་། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ཞུས་ལ་གྲོལ་བྱེད་རིམ་པ་གཉིས་ལ་འཇུག་པར་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་སོགས་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོ་ནས་གསག་སྦྱོང་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་རྡོ་རྗེ་འཛིན་པ་ཡིས༔ བདག་ཅག་མ་རིག་སེམས་ཅན་ལ༔ རིག་པ་ཡེ་ཤེས་ཆེན་པོ་ཡིས༔ གང་སྨིན་རྒྱས་པར་མཛད་དུ་གསོལ༔ ལན་གསུམ། དེ་ནས་ཁྱེད་རང་ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་གསལ་ཐོབ་ཅིག །ལས་ཆུ་དང་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་ཉི་ཟླ་དྲེགས་པ་སྡེ་བརྒྱད་ཕོ་མོ་བསྣོལ་བའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན་པ། དེ་ཉིད་ཡོངས་སུ་གྱུར་པ་ལས་གུ་རུ་དྲག་པོ་རྩལ་སྐུ་མདོག་དམར་ནག་སྲིན་པོའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དོར་སྟབས་བགྲད་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ། སྤྱན་གསུམ་དམར་འཁྲུགས་གཡོ་ཞིང་སྨིན་མ་སྨ་ར་མེ་ལྟར་འབར་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་ཕྱར་ཞིང་གཡོན་ལྕགས་ཀྱི་སྡིག་པ་འགྱེད་པའི་ཚུལ་དུ་བསྣམས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྐུ་ལ་དུར་ཁྲོད་འབར་བའི་ཆས་ཀྱིས་སྤྲས་ཤིང་ཡུམ་མཆོག་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་གྲི་ཐོད་འཛིན་པས་དགྱེས་པར་འཁྲིལ་བ། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་གཡུང་དྲུང་དམར་པོའི་དབུས་སུ་རྡོ་རྗེ་ཕག་མོ། ཡན་ལག་བཞི་ལ་མཁའ་འགྲོ་སྡེ་བཞི་གར་བྱེད་པ། གཡུང་དྲུང་གཡས་སྐོར་དུ་ཀྱི་ལི་ལི་འཁོར་བ་དེ་ལས་འོད་ཟེར་འཕྲོས། ལྷོ་ནུབ་རྔ་ཡབ་གླིང་ནས་བསྒོམས་པ་ཇི་ལྟ་བའི་བླ་མ་དྲག་པོ་རྩལ་གྱི་ལྷ་ཚོགས་སྤྱན་དྲངས། ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པའི་མོས་པ་གྱིས། གུ་གུལ་གྱིས་བདུག་ཅིང་ཌཱ་དྲིལ་འཁྲོལ་ལ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་སོགས་ལས་བྱང་ལྟར་བརྗོད་ཅིང་། གུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས་ཡེ་ཤེས་པ་དབབ་ལ། ཡེ་ཤེས་པ་དབྱེར་མེད་དུ་ཐིམ་པའི་མོས་པ་མཛོད། སུ་པྲ་ཏིཥྛ་བརྗོད་ཅིང་མེ་ཏོག་འཐོར་ལ་རྒྱ་གྲམ་མགོར་བཞག །མེ་ཏོག་དོར་བའི་དཀྱིལ་འཁོར་བཀོད། དེ་ནས་ཁྱེད་རང་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་སྔར་བྱིན་པའི་མེ་ཏོག་ལྷག་པའི་ལྷ་ལ་འབུལ་བའི་བློས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བ་ཞུ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་པུཥྤེ་པྲ་ཏཱིཙྪ་ཧོ༔ ཅེས་པས་མེ་ཏོག་འགྲིམ་དཀྱིལ་དུ་འདོར་དུ་གཞུག །དེ་ནས་གདོང་གཡོགས་བཀྲོལ་ལ། དུས་གསུམ་སངས་རྒྱས་བླ་མ་ཡི༔ བུ་ཁྱོད་ལམ་ཞུགས་ཤིན་ཏུ་ལེགས༔ ཁྱོད་ལ་བདག་གིས་དབང་བསྐུར་བས༔ དད་ཅིང་འདུན་པས་འདིར་འདུག་ལ༔ མིག་ཕྱེས་ཐམས་ཅད་མཐོང་གྱུར་པས༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དགའ་དང་དད་དང་འདུན་པར་གྱིས༔ ཁྱོད་ཀྱི་ལྷ་ནི་འདི་ཡིན་ནོ༔ དུར་ཁྲོད་འབར་བའི་གཞལ་ཡས་ཁང་གདན་དང་བཅས་པའི་དབུས་སུ་བླ་མ་དྲག་པོ་གཏུམ་དྲག་མེའི་འཁོར་ལོ་ཅན། འཁོར་དུ་རིགས་བཞིའི་དྲག་པོ་རྩལ། ཁྲོ་ཆེན་རིགས་བཞི། མཁའ་འགྲོ་སྡེ་ལྔ་ལ་སོགས་པས་བསྐོར་ཏེ་བཞུགས་པ་མངོན་སུམ་དུ་མཇལ་བར་མོས་ལ་དད་པ་དང་སྤྲོ་བ་བསྐྱེད་མཛོད། དེ་ལས་ཁྱེད་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་ནི་གཙོ་བོ་ཡིན་པས་གསང་བའི་མཚན་དུ་བུདྡྷ་དྲག་པོ་རྩལ་ཞེས་བྱ་བ་ཡིན་ནོ། །དེ་ནས་དབང་གི་དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་བླ་མ་དགོངས་སུ་གསོལ༔ བདག་ཉིད་སངས་རྒྱས་ཐོབ་བྱའི་ཕྱིར༔ བདེ་གཤེགས་ཀུན་འདུས་བླ་མ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། དཀྱིལ་འཁོར་དབུས་ཀྱི་གུ་རུ་དྲག་པོ་རྩལ་རིགས་ལྔའི་སྐུ་ལས་རང་འདྲ་བའི་སྐུ་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པའི་མོས་པ་མཛོད། དྲག་པོ་རིགས་ལྔའི་ཙཀླིའམ་མེད་ན་གཙོ་བོའི་སྐུ་སྤྱི་བོར་བཞག་ལ། ཨོཾ༔ བདེ་བ་ཆེན་པོའི་ཕོ་བྲང་དུ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཉོན་མོངས་ཕུང་པོ་ལྔ་སྦྱོང་ཕྱིར། །སྐུ་ལྔ་རྫོགས་པའི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་བུདྡྷ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཆོས་གླིང་ལུགས་སུ་གཙོ་བོ་ཁ་རྐྱང་ལས་མི་དགོས་ཤིང་། དེ་ལ་བུདྡྷ་ཞེས་པའི་སྔགས་མི་སྦྱོར། ཞིག་གླིང་ལུགས་ལ་དྲག་པོ་རིགས་བཞི་སོ་སོ་ཡོད་པས། ཨོཾ༔ བདེ་བ་ཆེན་པོའི་ཕོ་བྲང་ནས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཉོན་མོངས་ཞེ་སྡང་སྦྱོང་བའི་ཕྱིར༔ ཞི་མཛད་ཡོངས་རྫོགས་དབང་བསྐུར་རོ༔ གོང་གི་སྔགས་མཐར་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་སོགས་བཏགས་པས་བསྐུར། དེས་འགྲེས་ཏེ། བདེ་བ༴ རྗེ་བཙུན༴ ཉོན་མོངས་ང་རྒྱལ་སྦྱོང་བའི་ཕྱིར༔ རྒྱས་མཛད་ཡོངས་རྫོགས་དབང་བསྐུར་རོ༔ རཏྣ་ཀཱ་ཡ༴ བདེ་བ༴ རྗེ་བཙུན༴ ཉོན་མོངས་འདོད་ཆགས་སྦྱོང་བའི་ཕྱིར༔ དབང་ཆེན་ཡོངས་རྫོགས་དབང་བསྐུར་རོ༔ པདྨ་ཀཱ་ཡ༴ བདེ་བ༴ རྗེ་བཙུན༴ ཉོན་མོངས་ཕྲག་དོག་སྦྱོང་བའི་ཕྱིར༔ ཕྲིན་ལས་ཡོངས་རྫོགས་དབང་བསྐུར་རོ༔ ཀརྨ་ཀཱ་ཡ༴ གུ་རུའི་སྐུ་ལས་འོད་ལྔ་འཕྲོས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རང་ལུས་སྐུ་ལྔར་གྱུར་པར་བསམ༔ བསྐྱེད་རིམ་སྐུ་ཡི་དབང་ཐོབ་ནས༔ འབྲས་བུ་སྤྲུལ་པའི་སྐུ་ཐོབ་བསམ༔ ཐོད་པའི་བདུད་རྩི་མགྲིན་པར་བཞག་ལ། ཨཱ༔ ལོངས་སྤྱོད་རྫོགས་པའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཉོན་མོངས་སྒྲིབ་པ་ལྔ་སྦྱོང་ཕྱིར༔ བདུད་རྩི་གསུང་མཆོག་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་བདུད་རྩི་སྦྱིན་ལ། གུ་རུའི་གསུང་ལས་བདུད་རྩི་བྱུང༔ ངག་གི་སྒྲིབ་པ་ཀུན་དག་ནས༔ རང་ངག་གསུང་ལྔ་ལྡན་པར་བསྒོམ༔ བཟླས་པ་གསུང་གི་དབང་ཐོབ་ནས༔ འབྲས་བུ་ལོངས་སྐུ་ཐོབ་པར་བསམ༔ མེ་ལོང་སྙིང་གར་བཞག་ལ། ཧཱུྃ༔ ཆོས་དབྱིངས་དག་པའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཉོན་མོངས་སྒྲིབ་པ་ལས་སྦྱོང་ཕྱིར༔ ཐུགས་རྗེ་ཡེ་ཤེས་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གུ་རུའི་ཐུགས་ཀྱི་བྱིན་རླབས་ཀྱིས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ རང་སེམས་ཡེ་ཤེས་ལྔ་མཁྱེན་བསྒོམ༔ རྫོགས་རིམ་ཐུགས་ཀྱི་དབང་ཐོབ་ནས༔ འབྲས་བུ་ཆོས་སྐུ་ཐོབ་པར་བསམ༔ བུམ་པ་གནས་གསུམ་དུ་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧཱུྃ༔ ཆོས་དབྱིངས་བུམ་པའི་ཕོ་བྲང་དུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གཟུང་འཛིན་སྒྲིབ་པ་ཀུན་སྦྱངས་ནས༔ ཡོན་ཏན་རྫོགས་པའི་དབང་བསྐུར་རོ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱིཿཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གུ་རུའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ གཟུང་འཛིན་སྒྲིབ་པ་ཀུན་བྱང་ནས༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་པའི༔ དབྱེར་མེད་བདེ་ཆེན་དབང་ཐོབ་ནས༔ འབྲས་བུ་ཀུན་མཁྱེན་སྐུ་ཐོབ་བསམ༔ དེ་རྣམས་ཀྱིས་རྩ་བ་དོན་གྱི་དབང་བསྐུར་བ་སོང་ནས་མཐའ་རྟེན་ཕྲིན་ལས་བཞིའི་དབང་བསྐུར་བ་ལ། ཕྱོགས་བཞིའི་ཁྲོ་ཆེན་རིགས་བཞི་ལས་རང་འདྲ་གཉིས་པ་འཕྲོས་ཏེ་ཐིམ་པས་ཕྲིན་ལས་བཞི་ལ་རང་དབང་ཐོབ་པར་མོས་ཤིག །ཤར་གྱི་རྡོ་རྗེ་མགོར་བཞག་ལ། ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་དྲག་པོ་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་བོ་ནི༔ གསང་བདག་རྡོ་རྗེ་འཛིན་པ་ཡི༔ ཕྱག་རྡོར་ཆོས་ཀྱི་དབང་བསྐུར་བས༔ ཉོན་མོངས་ནད་གདོན་རྣམ་རྟོག་ཀུན༔ ཞི་བའི་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་བཛྲ་པཱ་ཎི་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་གསོར་ལ་ལག་ཏུ་གཏད། ཐོད་པ་མགོར་བཞག་ལ། ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་དྲག་པོ་ཡི༔ སྐུ་ལས་སྤྲུལ་པའི་ཁྲོ་བོ་ནི༔ འཇམ་དཔལ་གཤིན་རྗེ་གཤེད་པོ་སྟེ༔ བདུད་རྩི་ཡོན་ཏན་དབང་བསྐུར་བས༔ ཚེ་དཔལ་བསོད་ནམས་ཡོན་ཏན་ཀུན༔ རྒྱས་པའི་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་རཏྣ་གུ་རུ་མཉྫུ་ཤྲཱི་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ལན་གསུམ་གཏོར་ལ་གཏད། དྲིལ་བུ་མགོར་བཞག་ལ། ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་དྲག་པོ་ཡི༔ གསུང་ལས་སྤྲུལ་པའི་ཁྲོ་བོ་ནི༔ དབང་ཕྱུག་རྟ་མགྲིན་དཔའ་བོ་སྟེ༔ གསུང་དབྱངས་དྲིལ་བུའི་དབང་བསྐུར་བས༔ སྣང་དང་མི་སྣང་འཁོར་འདས་ཀུན༔ དབང་བསྡུས་ཕྲིན་ལས་བཞི་དབང་ཐོབ༔ ཨོཾ་པདྨ་གུ་རུ་ཧྱ་གྲཱི་བ་བ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་དཀྲོལ་ལ་གཏད། ཕུར་པ་མགོར་བཞག་ལ། ཧཱུྃ༔ རྗེ་བཙུན་ཐོད་ཕྲེང་དྲག་པོ་ཡི༔ ཕྲིན་ལས་སྤྲུལ་པའི་ཁྲོ་བོ་ནི༔ ཡཀྴ་མེ་དབལ་ཁྲོ་བོ་སྟེ༔ རྡོ་རྗེ་ཕུར་པས་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་འབྱུང་པོ་རྣམས༔ ཚར་གཅོད་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་གུ་རུ་བཛྲ་ཡཀྴ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལན་གསུམ་སྒྲིལ་ལ་གཏད། དེ་དག་གིས་བླ་མ་དྲག་པོ་རྩལ་གྱི་དབང་བསྐུར་མཐའ་རྟེན་དང་བཅས་པ་ཚུལ་བཞིན་དུ་ཐོབ་པ་ཡིན་ཞིང་། དབང་སྲོག་དམ་ཚིག་གི་རིམ་པ་བསྒྲག་པ་འདི་ལ་གསན་འཚལ། ཧཱུྃ༔ དམ་ཚིག་སྤྱོད་ལམ་ཐམས་ཅད་དུ༔ ལུས་ངག་ཡིད་གསུམ་མི་དགེ་སྤང༔ ལུས་ཀྱིས་བླ་མ་སྤྱི་བོར་བསྒོམ༔ ངག་ཏུ་བླ་མའི་བཟླས་པ་བྱ༔ ཡིད་ཀྱིས་བླ་མའི་ཐུགས་དགོངས་སྤྱོད༔ ཕྱི་ནང་མཆོད་གཏོར་ཚོགས་ལ་བརྩོན༔ བྱང་ཆུབ་སེམས་དང་མ་བྲལ་བར༔ ཉམས་མྱོང་བྱུང་རྒྱལ་ཉིད་དུ་སྐྱོངས༔ ཞེས་པའི་དོན་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤང་། ལུས་བླ་མ་དྲག་པོ་རྩལ་གྱི་བསྐྱེད་རིམ། ངག་སྔགས་ཀྱི་བཟླས་བརྗོད། ཡིད་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་མ་བྲལ་བ། དུས་བཟང་རྣམས་སུ་ཚོགས་གཏོར་འབུལ་བ་ལ་བརྩོན་པ་སོགས་དམ་ཚིག་གི་གནས་ལ་ཉེ་བར་གནས་པའི་འདུན་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱས་པས་འགྲུབ་བོ། །གཏེར་ཁ་གཉིས་ལྡན་སྨིན་བྱེད་ཀྱི། །ཆུ་བོ་གཅིག་བསྡུས་བྱིན་རླབས་སྟོབས། །མེ་ཡི་འཁོར་ལོས་གཉིས་སྣང་གི །འཁྲུལ་རྟོག་ཚང་ཚིང་ཀུན་བསྲེག་ཤོག །འདི་ཉིད་ཞིག་གླིང་རྒྱལ་འདུས་སུ་བསྐྱེད་རྫོགས་ལས་ཚོགས་བཅས་རྒྱས་པར་བཞུགས་ཤིང་། ཆོས་གླིང་ཐུགས་ཀྱི་ནོར་བུར་དབང་དང་སྒྲུབ་ཐབས་ཙམ་བཞུགས་པ་དེ་གཉིས་ཚིག་དོན་མཚུངས་ཤིང་ཆོས་གླིང་ཉིད་ནས་ཆུ་བོ་གཅིག་འདྲེས་སུ་མཛད་པ་མ་ཟད་ཁོ་བོས་ཀྱང་གཉིས་ཀ་ནོས་པས་གཏེར་རྙིང་སོར་བཞག །ཕྱི་མའི་བྱིན་རླབས་ཆུ་བོ་གཅིག་ཏུ་བསྲེས་ཏེ་པདྨ་གར་དབང་བསྟན་གཉིས་གླིང་པ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་ལས་མཐའ་ཛམ་དམར་གྱི་སྒྲུབ་ཐབས་ (Volume 50, Text 46)
༄༅༔ ཕྱག་རྡོར་དྲེགས་འདུལ་ནང་སྒྲུབ་ལས་མཐའ་ཛམ་དམར་གྱི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ ཛམ་དམར་ཐུགས་ཀྱི་སྒྲུབ་ཐབས་འདི༔ ཟས་ནོར་དབང་དུ་བསྡུ་འདོད་ན༔ སྤྱི་དོན་གསུམ་དུ་ཤེས་པར་བྱ༔ སྦྱོར་བ་དངོས་གཞི་མཇུག་དོན་ནོ༔ དང་པོ་ཡིད་དང་མཐུན་པའི་གནས་སུ༔ ཟངས་ཀྱི་ཛམ་དམར་བསྐྱེད་རིམ་དང་མཐུན་པའི་ནང་དུ༔ དབང་སྡུད་ཀྱི་ཙཀྲ་བཅུག་ལ༔ ཟངས་གཞོང་ངམ༔ ཀ་པཱ་ལ་དུམ་བུ་གསུམ་པར་བཅུག་ལ༔ རབ་གནས་སྤྱི་དང་མཐུན་པར་བྱ༔ དངོས་གཞི་ནི༔ སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས༔ པདྨ་རཱ་གའི་དཀྱིལ་འཁོར་ཟླ་གམ་གཅིག་བསམ༔ དེའི་ནང་དུ་ཆུ་ལས་ཆུ་བུར་བརྡོལ་བ་བཞིན་དུ༔ ཛཾ་དམར་པོ་ཡོངས་སུ་གྱུར་པ་ལས༔ ནོར་ལྷ་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ན་ཨ་རུ་ར་ཟུར་དྲུག་པ་བསྣམས་པ༔ གཡོན་ན་པདྨ་དམར་པོར་རཏྣས་སྤེལ་བ་བསྣམས་པ༔ མཆན་ཁུང་གཡས་ན་གཏེར་གྱི་བུམ་པ་རཏྣ་སྣ་ཚོགས་པས་གང་ཞིང་ལུད་འོང་བ༔ མཆན་ཁུང་གཡོན་ན་ཡུམ་མཁའ་འགྲོ་མ་ནོར་གྱི་རྒྱུན་མ༔ ནེའུ་ལེའི་ཚུལ་དུ་སྐུ་དེ་ཉིད་སྦས་ཏེ༔ ཁ་ནས་རིན་པོ་ཆེ་སྐྱུག་པ༔ ཞབས་གཡས་བརྐྱང་བ་གཡོན་བསྐུམ་པ༔ བུམ་པའི་ཁྲི་ལ་བཞུགས་པ༔ རཏྣས་སྐུ་བརྒྱན་པ་ཞིག་ཝལ་གྱིས་བསྐྱེད་དོ༔ དེ་ནས་ཡན་ལག་བདུན་གྱི་སྒོ་ནས་ཡེ་ཤེས་སེམས་དཔའ་བསྒྲུབ་པ་ནི༔ གོང་དུ་བསྐྱེད་པ་ལྟ་བུའི་ཡེ་ཤེས་ཀྱི་ཛམ་བྷ་ལ་ལྕང་ལོ་ཅན་གྱི་ཕོ་བྲང་ནས་སྤྱན་དྲངས་ཏེ༔ བྱང་ཆུབ་སེམས་དཔའ་དབུལ་བ་སེལ༔ གཏེར་བདག་ཆེན་པོ་འདིར་གཤེགས་ཤིག༔ ཛཾ་ཧྲཱིཿས་མ་ཡ་ཛ༔ ཞེས་པ་སྤྱན་དྲང་བའི་ཡན་ལག་གོ༔ དེ་ནས་ཐལ་མོ་སྦྱར་ཏེ༔ དངོས་གྲུབ་ཐམས་ཅད་སྟེར་མཛད་པའི༔ ནོར་བདག་ཁྱེད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནི་ཕྱག་གི་ཡན་ལག་གོ༔ དེ་ནས་རྟེན་དང་གཉིས་སུ་མེད་པར་བསྟིམ་སྟེ༔ གཏེར་བདག་ཆེན་པོ་ཐུགས་རྗེས་དགོངས༔ བདག་དོན་རྟེན་ལ་བརྟན་པར་བཞུགས༔ ཨོཾ་ཨེ་ཧྱེ་ཧི༔ ཛམ་བྷ་ལ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ བཞུགས་སུ་གསོལ་བའི་ཡན་ལག་གོ༔ དེ་ནས་སྙིང་པོ་བཟླ་སྟེ༔ ཨོཾ་ཨཱརྻ་ཛཾ་བྷ་ལ་ནཱ་ཐ་ཀུ་བེ་ར་རཏྣ་ཏྲ་ཡཱ་ཡ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་པས་ལྷའི་བ་སྤུའི་བུ་ག་ནས༔ འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ ལོ་ཀའི་ཁམས་ཀྱི་འདོད་ཡོན་དངོས་གྲུབ་རྣམས༔ སླར་ལྷའི་བ་སྤུའི་བུ་གར་འདུས༔ ནེའུ་ལེའི་ཁ་ནས་བདག་ལ་སྟེར་བར་བསམ༔ དེ་ནི་བསྙེན་པའི་ཡན་ལག་ཡིན་ཏེ༔ ཚེས་གཅིག་ནས་ཟླ་བ་ཕྱེད་དུ་བསྒྲུབ་བོ༔ དེ་ནས་དྲིན་ལན་གྱི་ཚུལ་དུ་ཆུ་སྦྱིན་ཏེ༔ བུམ་པ་ཆུས་བཀང་བ༔ བྷྲཱུྃ་ལས་རཏྣར་བསྐྱེད་ལ༔ ནང་དུ་ཨོཾ་དཀར་པོ༔ ཨཱཿདམར་པོ༔ ཧཱུྃ་སྔོ་ནག་གསུམ་ལས་འོད་ཟེར་སྤྲོ་བསྡུ་ལས༔ ཆུ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པས་ཁེངས་པར་བསམ༔ ཨོཾ་ཨཱཿཧཱུྃ༔ ཞེས་ཆུ་ཐིགས་པ་གཅིག་ལག་མཐིལ་གཡོན་པར་བླུགས་པ༔ ཛཾ་དམར་པོ་ཞིག་བསམ༔ དེ་ལས་འོད་ཟེར་འཕྲོས་པ༔ ཛམ་ལྷ་རིགས་ལྔ་ལ་ཐིམ་སྟེ༔ སྲིན་ལག་གི་རྩེ་ལས་བདུད་རྩི་དང་བཅས་ཏེ་ཛཾ་རིགས་ལྔ་འབུ་རུ་རུ་བྱུང་ནས༔ ལག་པ་རྟེན་ལ་སྦྱར་ཏེ༔ རྟེན་དེའི་ཁར་བབས་པས༔ ཛམ་ལྷའི་ཞལ་དུ་སོང་བར་བསམ་ཞིང༔ ཛཾ་ཛཾ་ཛཾ་ཛཾ་ཛཾ་ཛཾ་ཛཾ༔ ཞེས་ལན་བདུན་བརྗོད་ལ༔ ཆུ་ཕུལ་བས་ཤིན་ཏུ་མཉེས་པར་བསམ༔ དེ་ཆུ་སྦྱིན་གྱི་ཡན་ལག་གོ༔ དེ་ནས་འདི་སྐད་ཅེས་བརྗོད༔ གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ༔ ཆེ་བའི་ཡོན་ཏན་དངོས་གྲུབ་བསམ་མི་ཁྱབ༔ ཡིད་བཞིན་ནོར་བུ་ལྟ་བུའི་དངོས་གྲུབ་མཆོག༔ སྐལ་ལྡན་སྒྲུབ་པ་པོ་ལ་བསྩལ་དུ་གསོལ༔ ཛཾ་ཧྲཱིཿཛཿསརྦ་སིདྡྷི་ཀུ་ན་ཕ་ལ་ཧཱུྃ༔ ཨ་ཨ་ཨཱ༔ ཞེས་ཆུ་ཧུབ་གཅིག་འཐུང་ངོ༔ དངོས་གྲུབ་བླང་བའི་ཡན་ལག་གོ༔ དེ་ནས་ཚིག་འདི་ལན་གསུམ་བརྗོད༔ ཛམ་ལྷ་ནོར་སྐྱོང་ཆུ་དབང་འཁོར་དང་བཅས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་ལྟ་བུའི་སྐུ༔ དངོས་གྲུབ་འཛད་མེད་མཆོག་ལ་མངའ་མཛད་པ༔ ཆུ་དབང་གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྟོད་པའི་ཡན་ལག་སྟེ་བདུན་པའོ༔ དེ་ནས་ཡེ་ཤེས་པ་རང་གི་སྙིང་གར་ཐིམ་པས་དངོས་གྲུབ་ཐོབ་པར་བསམ་མོ༔ མཇུག་གི་དོན་ལ་གསུམ་སྟེ༔ གྲུབ་རྟགས་བསྟན་པ་དང༔ དམ་ཚིག་བསྲུང་བ་དང༔ ལས་ལ་སྦྱར་བའོ༔ དང་པོ་གྲུབ་རྟགས་ནི༔ རྨི་ལམ་དུ་བུད་མེད་ཀྱི་ཚོགས་འདུས་ནས༔ ཟས་ནོར་སྟེར་བ་ཉམས་དང་བློ་སྣང་གཉིས་ལ་འབའ་ཞིག་ཡོང༔ ཅི་ཡིན་ཡང་རུང་བདག་གིས་དབང་བྱེད་པ་རྨི༔ དངོས་རྟགས་སུའང་ནོར་གྱི་ཕྱི་མོ་བུད་མེད་འདུ་ཞིང་རྩི༔ བུད་མེད་ཀྱིས་མཐུན་རྐྱེན་སྦྱོར་བ་ཡོང༔ བསྙད་ཅི་ལ་བཏགས་ནས་ཀྱང་ཟས་ནོར་འདུ༔ ཡིད་ལ་མེད་པའི་ས་ནས་ཟས་ནོར་འདུ་འོ༔ དམ་ཚིག་ནི་ཆུ་སྦྱིན་རྒྱུན་མི་གཅད་པར་མ་ཆག་པར་བྱ༔ རྨི་ལམ་ཅི་བྱུང་ཡང་བུད་མེད་ལ་གསང༔ བླ་རྟེན་མི་ལ་མི་བསྟན༔ ནོར་གང་རྙེད་ཀྱང་ཕུད་བླ་མ་ལ་འབུལ༔ མི་གཙང་བ་དང་འཁོན་ལ་གཟབ༔ སྙིང་རྗེའི་སྒོ་ནས་ལོང་སྤྲང་བསྐྱང༔ ཐེ་ཚོམ་མི་བྱའོ༔ ལས་སྦྱོར་ནི་དེ་ལྟར་གྲུབ་རྟགས་བྱུང་ནས༔ བདག་སྐད་ཅིག་གིས་ཛཾ་ལྷ་དམར་པོ་གོང་ལྟར་བསྐྱེད་པའི་ཐུགས་ཀར་དབང་སྡུད་ཀྱི་འཁོར་ལོ་ཡིག་འབྲུ་དང་བཅས་པ་དམར་ཀྲོང་གིས་བསྒོམ༔ དབུས་ཀྱི་ཛཾ་ཧྲཱིཿཛཾཿགསུམ་ལས༔ འོད་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ རྒྱལ་པོའམ་བུད་མེད་སྐྱེས་པ་ལ་སོགས་པ་གང་དབང་དུ་བསྡུ་བ་དེའི་སྙིང་གར་ཟུག་པ་བདག་གི་མདུན་དུ་བཀུག་སྟེ་ལྟེམ་གྱིས་ཞུ་ནས༔ བདག་གི་སྙིང་གར་འདུས་པ་སླར་ཡིག་འབྲུ་གསུམ་ལ་འདུས་པར་བསམ༔ ཡང་སྤྲོ་ཞིང་ནུས་ན་ངག་སྒྲུབ་པའི་རྗེས་ལ༔ བདག་གི་སྙིང་གའི་འཁོར་ལོ་ཐམས་ཅད་ལས་འོད་འཕྲོས་ཏེ༔ འཛམ་བུ་གླིང་ལ་སོགས་པ་ཐམས་ཅད་འོད་དམར་པོར་གྱུར༔ ཁྱད་པར་དུ་གནས་གཞི་དང༔ གྲོང་དང་དགོན་པ་དང༔ རང་འདོད་པའི་ཡུལ་ཁམས་ཐམས་ཅད་ལ་ཕོག་པས༔ དེ་ཡང་འོད་དམར་པོར་གྱུར༔ འཁོར་ལོ་གཡོན་དུ་འཁོར་བས་དེ་དག་ཐམས་ཅད་སྙིང་གར་འདུས་པར་བསམ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སིདྡྷི་སརྦ་ཧཱུྃ༔ ཆེ་གེ་མོ་ཝ་ཤཾ་མ་ན་ཡ་པཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ཞག་བདུན་མཚམས་བཅད་ནས་བསྒྲུབས་ན་དང༔ རྒྱུན་བསྙེན་བརྒྱ་རྩ་རེ་བྱས་ན་དམིགས་པ་གང་གཏད་ཐམས་ཅད་དབང་དུ་འདུ་བར་ཐེ་ཚོམ་མེད་དོ༔ གསང་བ་རིན་ཆེན་གཏེར་རྒྱུད་ནས༔ ཛམ་དམར་ཐུགས་ཀྱི་སྒྲུབ་ཐབས་འདི༔ ཨོ་རྒྱན་པདྨ་བདག་གིས་བཏུས༔ ཤིན་ཏུ་གསང་སྒྲུབ་ཟབ་པའི་ཕྱིར༔ རིན་ཆེན་ས་ཡི་གཏེར་དུ་སྦས༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ཛམ་ལ་དམར་པོའི་སྒྲུབ་ཐབས་ལེའུ་བཞི་པ་འོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ས་མ་ཡ༔ ༈ ཛམ་དམར་དབང་སྡུད་ཀྱི་འཁོར་ལོ་ནི༔ རིན་པོ་ཆེ་འབར་བ་མིག་གསུམ་ཙཀྲ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བ་ལ༔ རཏྣའི་མིག་གསུམ་དུ་ཛཾ་ཧྲཱིཿཛ༔ ཞེས་བྲི༔ རྩིབས་བརྒྱད་ལ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་ཞེས་བྲི༔ རྩིབས་མཆན་བརྒྱད་ལ་ཨཱ་ལི་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཀཱ་ལི་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་སྔགས་འདི་བྲི༔ རཏྣ་སིདྡྷི་ཧཱུྃ་ཨཱ༔ ཨཱ་ཡུཿསིདྡྷི་ཧཱུྃ་ཨཱ༔ པུཎྱེ་སིདྡྷི་ཧཱུྃ་ཨཱ༔ ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ་ཨཱ༔ སིདྡྷི་སརྦ་ཧཱུྃ་ཨཱ༔ ན་ཀུ་ལ་ཕ་ལ་སིདྡྷི་ཧཱུྃ་ཨཱ༔ ཞེས་པ་ཁ་བསྒྱུར་སྤེལ་ཚིག་དང་བཅས་པ་བྲིའོ༔ དེ་ནི་ཛཾ་ལའི་ནང་དུ་གཞུག་གོ༔ ༈ ཛམ་བྷ་ལ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀུན༔ རྟེན་ཅིང་འབྲེལ་བས་མཐའ་རྒྱས་ཕྱིར༔ རྟེན་འབྲེལ་ཟབ་མོའི་སྒྲུབ་པ་བྱ༔ བདག་ཉིད་ཛཾ་ལའི་ང་རྒྱལ་གྱིས༔ ཟས་དང་སློབ་མ་བུ་དང་ནོར༔ བུད་མེད་མལ་གོས་ཁྲོམ་དབང་སྡུད༔ ཅེས་དངོས་གྲུབ་འབྱུང་བའི་རྒྱུད་ནས་གསུངས་སོ༔ དེ་ལ་དོན་བཅུ་སྟེ༔ དང་པོ་ཟས་བསྡུ་བ་ནི༔ རང་གི་དཔྲལ་བར་མཚལ་དང་རའི་འོ་མ་སྦྱར་ཏེ༔ ཨཱོྃ་བྲི༔ མེ་ལོང་མཐེབ་གང་པ་གཅིག་ལ༔ ཁ་དྷེ་ཧཱུྃ་བྱ་བ་གུར་གུམ་གྱིས་བྲིས་ཏེ༔ གོང་མོའི་སྒྲོ་དང་བཅས་པ་བཅངས་ན་ཟས་འདུ་འོ༔ ྀཨཚ༔ ྈྈྈ སློབ་མ་སྡུད་ན༔ མགྲིན་པར་ཆང་གིས་ཨཱཿབྲིས་ཏེ༔ མེ་ལོང་ལ་སོ་ཁྲག་གིས་དྷ་ལ་སཾ་བྷོ་བྲི༔ ཁུ་བྱུག་གི་སྒྲོ་དང་བཅས་པ་བཅངས་ན་སློབ་མ་འདུ་འོ༔ ྀཨཚ༔ བུ་འབྱུང་བར་འདོད་ན༔ ལྟེ་བའི་ཐད་ཀར་བུ་རམ་གྱིས་ཡི་གེ་མ་གཅིག་བྲི༔ མེ་ལོང་ལ་བྱང་སེམས་ཀྱིས༔ པུ་ཏྲ་བྱ་བ་བྲིས་ཏེ༔ སྲེག་པའི་སྒྲོ་དང་བཅས་ལྟེ་བའི་ཐད་ཀར་བཅངས་ན་བུ་འཕེལ་ལོ༔ ྀཨཚ༔ ནོར་སྡུད་ན༔ སྙིང་གར་རཏྣས་ཧཱུྃ་གཅིག་བྲིས་ལ༔ མེ་ལོང་ལ་དྷ་ནཾ་མེ་བྱ་བ་བྲིས་ཏེ༔ ཁྲའི་སྒྲོ་དང་བཅས་པ་བཅངས་ན་ནོར་འདུ་འོ༔ ྀཨཚ༔ བུད་མེད་འགུགས་ན༔ རང་གི་མཚན་མ་ལ་གཡུ་ཡིས་ཛཿཞེས་བྲིས་ཏེ༔ མེ་ལོང་ལ་མཚལ་གྱིས་ཛཿཧཱུྃ་བྱ་བ་བྲིས་ལ༔ པུ་ཤུད་ཀྱི་སྒྲོ་དང་བཅས་ནས་མཚན་མ་ལ་བཏགས་ན་བུད་མེད་དབང་དུ་འདུ་འོ༔ ྀཨཚ༔ མལ་གོས་དབང་དུ་འདུ་བར་འདོད་ན༔ ལག་མཐིལ་གཡས་སུ༔ བལ་ཚིས་མེ་དྷི་ནི་བྱ་བ་བྲི༔ མེ་ལོང་ལ་སྣག་ཚས་སི་རི་མ་བྱ་བ་བྲིས་ཏེ༔ འུག་པའི་སྒྲོ་དང་བཅས་ཏེ་བཅངས་ན་མལ་གོས་འདུ་འོ༔ ྀཨཚ༔ ཁྲོམ་འདུ་བར་འདོད་ན༔ གླང་མའམ་ལྕང་མ་ཁྲུ་གང་མ་གཅིག་ལ༔ སིནྡྷུ་རས་པུཎྱེ་སིདྡྷི་བྱ་བ་བྲིས་ཏེ༔ མེ་ལོང་ལ༔ དྷ་པི་བྱ་བ་ཆང་གིས་བྲིས་ལ༔ དེ་དབྱུག་པ་ལ་བཏགས་ཏེ༔ བལ་ཚོན་སྣ་ལྔ་དང་སྨྱོན་པའི་གོས་དུམ་གཅིག༔ པཀྴའི་བྱ་རུའམ༔ མདའ་གསུམ༔ འཕང་གཅིག༔ འུར་རྡོ་གཅིག་ཀྱང་བཏགས་ལ་དབྱུག་པ་དེ་ནམ་མཁའ་ལ་ཕྱར་ན་ཁྲོམ་འདུ་འོ༔ བྲི་བའི་རྫས་སོ་སོ་མ་རྙེད་ན༔ མཚལ༔ འོ་མ༔ གུར་གུམ་ཚོ་གང་རྙེད་པས་བྲིའོ༔ ྀཨཚ༔ རྟ་ཕྱུགས་འཕེལ་བར་འདོད་ན༔ ར་བའི་གྲ་བཞིར་རྫའི་གྭའུར༔ ཕྱུགས་ཀྱི་སྤུ༔ རཏྣ་ལྔ༔ འབྲུ་སྣ་ལྔ༔ དར་སྣ་ལྔས་བཀང་ལ༔ ཛམྦྷ་ལའི་སྔགས་བཟླས་ལ༔ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ་སྦས་ན་རྟ་ཕྱུགས་འཕེལ་ཞིང་འདུ་འོ༔ ྀཨཚ༔ རང་གི་ཁྱིམ་གྱི་གོད་ཁ་བསྲུང་ན༔ རང་གི་སྒོའི་ཡ་ཐེམ་ལ་སྔགས་འདི་བྲིའོ༔ ཨོཾ་ནི་རི་ཏན་ཏྲ་ནི་དི་ཏན་ཏ་སྭཱ་ཧཱ༔ ཨོཾ་བི་ས་བྷ་བི་ས་བྷ་སྭཱ་ཧཱ༔ ཨོཾ་ནན་ཐུན་ནན་ཐུན་སྭཱ་ཧཱ༔ ཨོཾ་བི་དྷི་སྔས་སེ་རུ་ཏ་ག་ཡེ་སྭཱ་ཧཱ༔ ཨོཾ་ཨ་ལི་བི་ལི་པ་ར་ཙུ་ཏུ་ལེ་ཐོ་ར་གྷ་ན་གྷ་ན་ས་མནྟ་པ་དྷ་མི་སྭཱ་ཧཱ༔ རོ་ཤ་ན་ཡ་ཧཱུྃ་ཕཊ༔ སྔགས་འདི་བྲིས་ནས་ཡ་ཐེམ་ལ་གླན་ན་ཁང་པའི་གོད་ཁ་ཐམས་ཅད་ཐུབ་པ་ཡིན་ནོ༔ ྀཨཚ༔ དེ་རྣམས་ཀུན་གང་བྱེད་ཀྱང༔ ཛམྦྷ་ལའི་བསྙེན་པ་ལ་འགྲུབ་པར་ཤོག་ཅེས་ཉེར་གཅིག་བཏགས་ལ་བཟླ༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿབཛྲ་མེ་དྷི་ནི་པུཎྱེ་སིདྡྷི་ནཱ་ནཱ་ཁ་དྷེ་ཧཱུྃ་དྷ་ལ་སཾ་བྷོ༔ དྷ་ནཾ་པུ་ཏྲ༔ ཛ་ཧཱུྃ་མ་ཧཱ་སིདྡྷི༔ ཞེས་ཉེར་གཅིག་བཟླའོ༔ སྒོའི་ལོགས་ལ་བྲི༔ སྔགས་བརྒྱ་རྩ་བཟླ༔ དེས་དངོས་གྲུབ་ལས་ཚོགས་རྣམས་འགྲུབ་བོ༔ སྤྱིའི་མན་ངག་ཏུ་བྱམས་སྙིང་རྗེ་ཐུན་མོང་མ་ཡིན་པ་བསྒོམ༔ ཛམྦྷ་ལ་བསྙེན་པ་རྫོགས་ནས་ཇི་ལྟར་དགོས་པ་ལྟར་འགྲུབ་བོ༔ རྟེན་འབྲེལ་ཟབ་མོའི་ལས་ཚོགས་ཐུན་མོང་མ་ཡིན་པ་འདི༔ ཛམ་ལའི་ལས་མཐའ་རྒྱས་པ་ཡིན་ནོ༔ ཨོ་རྒྱན་པདྨའི་མན་ངག་ཡང་ཟབ་གཏེར་དུ་སྦས༔ ཛམ་བྷ་ལ་དམར་པོའི་སྒྲུབ་ཐབས༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ ཁྲ་མོ་བྲག་གི་གཏེར་མ་འོ། །པདྨ་ལས་འབྲེལ་རྩལ་གྱི་གཏེར་མ་ཟུར་བན་གྱི་དཔེའོ། །སརྦ་དཱ་མངྒ་ལཾ།། །།
རྟ་མགྲིན་གསང་བ་འདུས་པ་ལས་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་སྐོར་མེ་ཡི་ཕྲེང་བ་ (Volume 26, Text 46)
ྈ རྟ་མགྲིན་གསང་བ་འདུས་པ་ལས་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་སྐོར་མེ་ཡི་ཕྲེང་བ་ཞེས་བྱ་བ་ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ དཔལ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་ཞེས༔ རྟ་མགྲིན་ངོ་བོ་ཡིན་པའི་ཕྱིར༔ དེ་ཉིད་ནག་པོའི་སྒྲུབ་པ་བསྟན༔ འདི་ལ་གསུམ་སྟེ༔ དང་པོ་རྫས་གསག་པ༔ བར་དུ་སྒྲུབ་པ༔ ཐ་མ་ལས་སྦྱོར་བསྟན་པའོ༔ དང་པོ་ནི༔ དུར་ཁྲོད་ལ་སོགས་དབེན་པའི་གནས་སུ༔ དཀྱིལ་འཁོར་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ༔ དེའི་ཕྱི་རིམ་རྩིབས་བཞི༔ དེའི་ཕྱི་མུ་ཁྱུད་ཐོད་ཕྲེང་ཁྱམས་སྒོ་རྫོགས་དང་བཅས་པ་བྲིས་ལ༔ དཀྱིལ་འཁོར་གྱི་དབུས་སུ་བུམ་པ་རྫས་ལྡན་མགུལ་ཆིངས་མཐིང་ག་བྱ༔ དེའི་སྟེང་དུ་སྤོད་ཀྱིས་བྲན་པའི་གཏོར་མ་རིན་ཆེན་འབར་བ་རྟ་མགོས་མཚན་པ༔ པད་འདབ་ཚེ་རིལ་དང་བཅས་པ་བཤམ་མོ༔ གཞན་ཡང་གཏོར་ཚོགས་མཆོད་པ་ཅི་འབྱོར་པ་བཤམ༔ མདའ་བཞི་གྲི་བཞི་ཚོན་སྐུད་ཀྱི་དྲྭ་བ་དང་བཅས་པ་བཤམ་མོ༔ གཉིས་པ་སྒྲུབ་པ་ནི༔ སྐྱབས་འགྲོ་སེམས་བསྐྱེད་དང་བགེགས་ལ་གཏོར་མ་བྱིན་ལ༔ སྭ་བྷཱ་བས་སྦྱང༔ སྟོང་པའི་ངང་ལས༔ དཀྱིལ་འཁོར་བུམ་པ་དང་བཅས་པ་མི་དམིགས་པ་ལས༔ གཞལ་ཡས་ཁང་ཨེ་མཐིང་ནག་འབར་བ༔ གྲུ་བཞི་སྒོ་བཞི་རྟ་བབ་ཡོངས་སུ་རྫོགས་པའི་དབུས་སུ༔ བདུད་བཞི་ཀླུ་རིགས་ལྔ་བསྣོལ་བའི་སྟེང༔ ཉི་ཟླ་པདྨའི་གདན་གྱི་སྟེང་དུ༔ བདག་ཉིད་རིག་པའི་ངོ་བོ་ཧྲཱིཿམཐིང་ནག་འོད་དུ་འབར་བ་ལས་འོད་ཟེར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ ཀླུ་དང་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཞེས་བརྗོད་པ་ལས༔ བདག་ཉིད་རྟ་མགྲིན་ནག་པོ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་ཏུ་བསྒྲད་ཅིང་ཁྲག་ལྟར་དུ་གཡོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ རྣོ་དབལ་དང་ལྡན་པའི་མཆེ་བ་བཞི་གཙིགས་པ༔ དབུ་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ༔ ཕྱག་གཡས་རྡོ་རྗེས་ཡུ་བ་བྱས་པའི་རལ་གྲི་མེ་འབར་བ་ནམ་མཁའ་ལ་ཕྱར་བས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབ་པ༔ གཡོན་པས་ལྕགས་ཀྱུ་དང་ཞགས་པ་བསྣམས་པས་དགྲ་བགེགས་ཀྱི་དབང་པོ་བསྡམས་ཤིང་སྙིང་ནས་འདྲེན་པ༔ ཞབས་གཉིས་འདོར་ཐབས་སུ་བསྒྲད་པ༔ སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ དེའི་སྟེང་དུ་གླང་ཆེན་གྱི་ཀོ་རློན་དང་དར་ནག་གི་བེར་ཆེན་གསོལ་བ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་པ་ནག་པོའི་དོ་ཤལ་དང༔ མི་མགོ་ཁྲག་འཛག་ལྔ་བཅུས་དོ་ཤལ་བྱས་པ༔ ལྕགས་ཀྱི་རལ་པ་ནག་པོ་སྤྱི་བོར་བཅིངས་ཤིང་སྐུ་རྒྱབ་ཏུ་འཕྱང་པ་རྟིང་རྩེར་སླེབ་པ༔ རལ་པ་སྤྲུགས་པའི་སྐྲ་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་མང་པོ་སྐར་ལྟར་འཁྲུགས་པས་དགྲ་བགེགས་ཀླུ་གདོན་གནོད་བྱེད་ཐམས་ཅད་ཐལ་བར་བརླག་ཅིང་འཇོམས་པར་བྱེད་པ༔ ཚུར་འདུས་རང་ལུས་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་ཆུང་ཞལ་ཕྱིར་བསྟན་པ་བར་མཚམས་མེད་པས་གཏམས་པ༔ མཚོན་ཆ་སྣ་ཚོགས་ཀྱི་འཁོར་ལོ་འཁོར་བ༔ མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་ན་ཨི་ཧ་ཧིའི་སྒྲ་སྒྲོག་པའི་ཚུལ་གྱིས་བཞུགས་པར་བསྒོམ༔ དེ་ནས། ཤར་གྱི་རྩིབས་སྟེང་དུ་སྐུའི་རྟ་མགྲིན་དཀར་པོ་ཆ་ལུགས་གཙོ་བོ་དང་མཚུངས་པ༔ གཡས་རལ་གྲི་འཁོར་ལོའི་ཡུ་བ་ཅན་ཕྱར་བ༔ གཡོན་པས་ལྕགས་ཀྱུ་འཛིན་པའོ༔ ལྷོར་ཡོན་ཏན་གྱི་རྟ་མགྲིན་སེར་པོ་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་རལ་གྲི་དང༔ གཡོན་པས་ཞགས་པ་འཛིན་པའོ༔ ནུབ་ཏུ་གསུང་གི་རྟ་མགྲིན་དམར་པོ་གཡས་པདྨས་ཡུ་བ་བྱས་པའི་རལ་གྲི་དང༔ གཡོན་པས་དབང་གི་ལྕགས་སྒྲོག་འཛིན་པའོ༔ བྱང་དུ་ཕྲིན་ལས་ཀྱི་རྟ་མགྲིན་ལྗང་གུ་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་རལ་གྲི་དང༔ གཡོན་དྲིལ་བུ་འཛིན་པའོ༔ དེ་དག་ཀྱང་གཙོ་བོ་ལྟར་ཕྱོགས་དང་མཐུན་པའི་བེར་དང་དུར་ཁྲོད་ཀྱི་ཆས་རྫོགས་པ༔ ཀུན་ཀྱང་སྤྱི་བོ་ན་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་འཚེར་བའོ༔ དེ་ལྟར་ཏིང་འཛིན་བསྐྱེད་པའི་རིམ་པ་རྫོགས་ནས༔ དེ་ནས་བཟླས་པ་སྔགས་ཀྱི་རིམ་པ་ནི༔ གཙོ་འཁོར་ལྷ་ལྔ་རང་རང་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་སྔོན་གསལ་བ་ལས༔ འབྲུ་གསུམ་བརྗོད་པས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ བདག་གཙོ་བོའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས་པས༔ བདེ་ཆེན་དབང་དྲག་འབར་བའི་གཞལ་ཡས་ནས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས༔ བདག་གཙོ་འཁོར་ལ་ཆུ་ལ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་གྱུར་པར་བསམ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཡེ་ཤེས་ལྔའི་རང་བཞིན་གྱིས་དབང་བསྐུར༔ དབང་རྟགས་སུ་རྟ་མགོས་རྟ་སྐད་ཐེངས་གསུམ་བཏོན་པས༔ ཁམས་གསུམ་དབང་དུ་བསྡུས༔ སྲིད་གསུམ་ཟིལ་གྱིས་མནན༔ མ་མོ་མཁའ་འགྲོ་དབང་དུ་བསྡུས༔ ཀླུ་དང་ས་བདག་རྒྱལ་བསེན་གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསྒོམ༔ ཐུགས་ཀར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿཡིག་ནག་པོ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར༔ ཐོག་མར་རྩ་བའི་བསྙེན་པ་ནག་པོ་ཀླུ་འདུལ་ཞེས་བྱ་བ་འདི་མི་ཚིག་གིས་བར་མ་ཆོད་པར་བཟླས་པ་བྱའོ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བསྙེན་པའི་གྲངས་ཚང་བར་བཟླའོ༔ གྲངས་ཐེམས་ནས་ཤམ་བུ་འདི་བཏགས༔ ནཱ་ག་རཀྴ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཕཊ༔ ཅེས་རང་བཞིན་སྒྲུབ་ན་བདུན་འབུམ་རབ་སུམ་འབུམ་ཚད་དེ༔ རྟགས་སྣ་ཚོགས་འོང་བས་གང་ལའང་སྐྱོན་ཡོན་འཁུ་འཁྲིག་མི་བྱའོ༔ མཛེའམ་སྨྱོ་འབོག་བརྒྱལ་ནད་གདོན་ལ་བྱེ་བ་ཐེམས་པར་བྱའོ༔ དེ་ནས་སྤྱི་དྲིལ་དྲག་སྔགས་བཟླ༔ གོང་གི་ཤམ་བུར༔ ཡཀྴ་ཀཱ་ལ་ཆེན་པོ་གནོད་བྱེད་ཕོ་མོའི་སྲོག་རྩ་ལ་རྦད་རྦད༔ སྙིང་རྩ་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ལྤགས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཡིད་ལ་རྦད་རྦད༔ ཡཀྴ་ཀཱ་ལ་ཆེན་པོ་ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཙིཏྟ་ཟུང་ཟུང༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་ཐུཾ་རིལ་རིལ་རྦད་རྦད་ཡ་ཡ་བྷྱོ་བྷྱོ༔ ཀླུ་དང་རྒྱལ་བསེན་གྱི་སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ གཏུབས་གཏུབས༔ ཁཾ་ཁཾ༔ རྦད་རྦད༔ དུམ་བུར་རྦུད་རྦུད༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦད་རྦད༔ སོད་སོད༔ མྱོག་བཾ་རིལ་མཱ་ར་ཡ་རྦད་ཡ༔ ཞེས་ཟུར་མ་ཉམས་པར་བཟླ༔ ཀླུ་ཐུབ་རྟགས་ལ་སྦལ་སྦྲུལ་བསད་པ༔ རྒྱ་མཚོ་སྐམ་པ༔ གླང་དམར་བསད་པ་དང༔ ནགས་ཚལ་བསྲེགས་པ༔ སྡོམ་སྡིག་འབུ་སྲིན་བསད་པ༔ རིན་པོ་ཆེའི་ཕོ་བྲང་བཤིག་པ་དང༔ རྒྱལ་པོ་ཐུབ་རྟགས་ལ་ལྷ་ཁང་བཅོམ་པ༔ ལྡེར་སོ་བརྡུང་བ༔ འབག་སེང་བཅོམ་པ༔ བནྡེ་བརྡུང་བ་དང༔ བསེན་མོ་ཐུབ་རྟགས་ལ་བུད་མེད་ཁྱི་ནག་སྡོམ་སྡིག་སྤྱང་ནག་བཅོམ་པ༔ ནད་ཐུལ་རྟགས་ལ་དམ་སྲི་སྤྱང་ནག་བཅོམ་པ༔ ཆུང་སྲི་བྱི་ལ་བརྡུང་མནན༔ ལར་རྟགས་བསམ་གྱིས་མི་ཁྱབ་པ་འབྱུང༔ དེ་ནས་དམིགས་པ་ངར་བསྐྱེད་རིག་པ་ཧུར་ཕྱུང་བརྩོན་འགྲུས་དྲག་པོས་གནམ་ལྕགས་ཐོག་གི་སྤུ་གྲི་འདི་ཁྲི་ཚོ་གཅིག་བཟླས་སོ༔ ངེས་པར་མཛེ་འདོན་ན༔ སྔགས་བཟླས་རྫས་ཀྱི་སྒྲུབ་པ་སོགས་གཙོ་བོར་བླ་མའི་ཞལ་ཤེས་དང་ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ་དགོས་སོ༔ ཨོཾ་ཙཀྲ་དུ་ན་བདག་ལ་གནོད་བྱེད་འགོང་པོ་ཕོ་མོའི་མགོ་ལ་ཆོམ་ཆོམ༔ ཞེ་སྡང་ཤ་ལ་མྱག་མྱག༔ ནཱ་གའི་ཤ་ལ་མྱག་མྱག༔ འདོད་ཆགས་ཁྲག་ལ་རྦུད་རྦུད༔ ནཱ་གའི་ཁྲག་ལ་རྦུད་རྦུད༔ ང་རྒྱལ་སྙིང་ལ་གཟེར་གཟེར༔ ནཱ་གའི་སྙིང་ལ་གཟེར་གཟེར༔ འགྲིམ་འགྲིམ༔ དབང་པོ་ཡན་ལག་ནས་ཟུང་ཟུང༔ ནཱ་གའི་སྙིང་དང་དབང་པོ་ཡན་ལག་ནས་ཟུང་ཟུང༔ རྩ་རྒྱུས་ལ་ཐུཾ་རི་ལི་ལི༔ ནཱ་གའི་རྩ་རྒྱུས་ལ་ཐུཾ་རི་ལི་ལི༔ རྩ་ཐང་རྩ་ཐང༔ ནཱ་གའི་རྩ་ལ་ཐང་ཐང༔ ཁྲག་བྱེད་རུས་ལ་ཁྲུཾ་ཁྲུཾ༔ འཆིང་བྱེད་སྲོག་ལ་རྦད་རྦད༔ ནཱ་གའི་སྲོག་ལ་རྦད་རྦད༔ བརྒྱལ་བྱེད་རྩ་ལ་རྦུད་རྦུད༔ ནཱ་གའི་རྩ་ལ་རྦུད་རྦུད༔ ནཱ་ག་རཱ་ཙ་སོད་སོད༔ བྱིང་བྱིང༔ ཐིབ་ཐིབ༔ མྱོས་མྱོས༔ སོད་སོད༔ རྦད་རྦད༔ ནན་ནན༔ ནཱ་ག་རཱ་ཙའི་སྲོག་ལ་ཐིབ་ཐིབ༔ ཕོབ་ཕོབ༔ སྙིང་ཏིག་སྟེང་ལ་ཕོབ་ཕོབ༔ དོན་སྙིང་ལྔ་ལ་ཕོབ་ཕོབ༔ སྤུ་གྲི་འབར་བས་གནོད་བྱེད་ཕོ་མོའི་སྙིང་ནས་དྲོངས་ཤིག༔ ནཱ་ག་རཱ་ཙ་ཐུཾ་རིལ་ཛ༔ མཱ་ར་ཡ་བཾ་རིལ་རྦད་ཡ༔ ཞེས་གྲངས་ཐེམས་ན་མཛེ་ནད་སྨིན་མ་བྱི་བ་དང་སྣ་ཞོམ་པ་ཡང་ཐོན་ན༔ འགོས་ཟིན་ཙམ་ལ་སྨོས་ཅི་དགོས༔ མཛེ་རིགས་ཡོད་པ་ལ་མ་བྱུང་བ་ལ་འདི་ཡི་བསྙེན་པ་བྱས་ན་ཐེ་ཚོམ་མེད་དོ༔ གཞན་ཡང་འགོ་བའི་ནད་ཀླུ་ནད་གཉན་ནད་རྒྱལ་བསེན་གདོན་གང་ཡིན་ཡང་ཉེ་མི་ནུས་ཏེ༔ གནམ་ལྕགས་མཁར་ལ་བསྐལ་པའི་མེ་འབར་བ་དང་འདྲའོ༔ ཤིན་ཏུ་ཐུ་ན་ཀླུ་སྲོག་སྤུ་གྲིའི་སྔགས་འདི་ཁྲི་ཚོ་ཙམ་སྦྱར་ཏེ་བཟླས་སོ༔ ཨོཾ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བནྡྷ་བནྡྷ་ནཱ་ག་ནི་སྭཱ་ཧཱ༔ དེ་ལྟར་བསྙེན་སྒྲུབ་ཐེམས་ན་མཛེ་ནད་ཆུ་བུར་ཅན་ཡང་ཕན་ནོ༔ གཞན་གནོད་འཚེ་ནད་རིགས་ཐམས་ཅད་ལ་ཐེ་ཚོམ་མེད་དོ༔ དྲག་པོའི་ལས་གཏད་སེལ༔ མནན་པ༔ མཛེའམ༔ ནད་ངན༔ རོ་ཁུར༔ རླུང་འཁོར༔ ཕྲ་མེན༔ གཏེར་འདོན༔ ས་གཉན་བརྐོ་བ༔ བྲག་གཉན་བཤིག་པ༔ མཚོ་བརྡོལ་བ༔ ལུ་མ་བསྲུབ་པ༔ མནའ་བསྐྱལ་བ༔ བྱ་བ་རྩུབ་ལས་གང་ལ་ཡང་འདིའི་བསྙེན་སྒྲུབ་ཐེམས་ན༔ རང་ཉིད་རྡོ་རྗེའི་གུར་དང་འདྲའོ༔ སྔགས་དང་རྫས་འབྲེལ་ན་ལག་ན་རྡོ་རྗེས་ཀྱང་གཞིག་པར་མི་ནུས་སོ༔ དེ་རྣམས་ནི་སྤྱིར་ནད་གདོན་ཐམས་ཅད་དང་ཁྱད་པར་ཀླུ་འདུལ་སྔགས་ཡིན་ནོ༔ ༈ ད་ནི་རྒྱལ་བསེན་འདུལ་བ་བསྟན༔ དུས་ཀྱི་ཐ་མ་ལ་རྒྱལ་པོ་འདིས་འགྲོ་བ་མཐོ་དམན་མེད་པ་ལ་གནོད་ཚབས་ཆེ་ཞིང༔ ཁྱད་པར་དམ་སྲི་ཡིན་པས་ཆོས་པ་རྣམས་ལ་བར་དུ་གཅོད་པས༔ འདིའི་སྲོག་འཕྲོག་སྤུ་གྲིའི་དྲག་སྔགས་ཀྱིས་འདུལ་བ་ནི༔ ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ་བཛྲ་རུ་ཏ་ཀ༔ ཀྲོ་ཏ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བནྡྷ་ཧྲིང་ཛ༔ བཛྲ་རཱ་ཛ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧཱུྃ་ཧྲཱིཿཛ༔ ས་མ་ཡ་སཏྭཾ༔ ཨོཾ་ལྷང་ལྷང༔ ཙེར་ཙེར༔ ཐུཾ་ཐུཾ༔ ཤེལ་ཤེལ་སྭཱ་ཧཱ༔ ཧྲཱིཿབཛྲ་རཀྴ་རཱ་ཙའི་ཙིཏྟ་ཟུང་ཟུང༔ ཁ་རག་སྨེ་ཤ་རྦད་རྦད༔ འཁུ་ན་དུམ་བུར་ཤིག་ཤིག༔ དྷ་ན་རཀྴ་ཙིཏྟ་ཕྱུངས་ཕྱུངས༔ ལྡོག་ན་རཀྴ་ཙིཏྟ་རྦད་རྦད༔ ཏྲི་གཏུབ་ཛ༔ རཱ་ཙ་ཐུཾ༔ ཨ་ཏི་རྦད༔ མཱ་ར་ཡ་ཐུཾ༔ མཱ་ར་ཡ༔ ཤེལ་གིང་དཀར་པོ་གཏུབས༔ མཱ་ར་ཡ་ཛ༔ སྙིང་རྩ་ནན༔ པྲ་ས་མ་ཡ་ཧཱུྃ་ཧཱུྃ་ནན༔ རྦད་རྦད༔ ར་ཏྲི་ར་ཏྲི་ནན༔ མཱ་ར་ཡ་ཛ༔ ཀཾ་ཀཾ་ཀུ་རུ་ནན༔ པྲ་ས་མ་ཡ་ཧཱུྃ་ནན༔ རཱ་ཙ་ཁ་ཐུཾ༔ རཱ་ཙ་ཏྲིག་ནན༔ ཏྲི་རཱ་ཛ་སཏྭཾ་བྷ་ཡ་ནན༔ ཧཱུྃ་ཕཊ་ནན༔ བདུན་ནམ་ཉེར་གཅིག་ཙམ་རེ་རྟགས་དང་བསྟུན་ལ་བྱའོ༔ མང་ན་ཁོ་བརྒྱལ་བར་འགྱུར་རོ༔ བརྒྱལ་སངས་ནས་གནོད་པས་ཐུལ་བ་དང་ཆུན་པའི་རྟགས་བྱུང་ན་དམ་བོར་རོ༔ མནའ་བསྒག་པ་ལ་ཚོད་རན་པ་གཅེས་སོ༔ ནུས་པ་ལྡན་པས་ཚོད་མེད་པར་ཨར་ལ་གཏད་ན་ཁོ་སྲོག་དང་བྲལ་ཏེ་སྡིག་ཆེའོ༔ ལར་སྔགས་འདི་ཞག་རེ་ལ་ཚར་བདུན་རེ་བཟླས་ན་ཞག་བདུན་ནས་ཐུལ་ལོ༔ རྟགས་ལ་ལྷ་ཁང་བཅོམ་པ༔ བནྡེ་བརྡུང་བ༔ ལྡེར་སོ་བཅོམ་པ༔ ཁྱི་དཀར་བསད་པ༔ བྱིས་པ་བརྡུང་བ༔ འབག་སེང་བརྡུང་བ༔ ཕྱག་འཚལ་བ༔ བཀའ་ཉན་པ༔ མནའ་བསྐུལ་བ༔ དུ་བ་ལ་སོགས་བྱུང་ན་ཚོད་རན་པར་བྱའོ༔ ༈ ད་ནི་དྲག་པོ་རྫས་རྒོད་ཀྱི་སྦྱོར་བ་བསྟན་པ་ནི༔ ནུས་པ་སྔགས༔ ངར་སྐྱེད་རྫས༔ སྔགས་དང་རྫས་གཉིས་ནུས་པ་འདྲ་སྟེ་གཉིས་ཀ་བསྟུན་ན་རི་རབ་ཐལ་བར་བརླག་ནུས་སོ༔ དེའི་རྫས་ནི༔ མུ་ཟི་ནག་པོ༔ གུ་གུལ་ནག་པོ༔ གླ་རྩི༔ སྨན་ཆེན༔ མཁན་དམར་རྩ་བ༔ སྤྲུ་བའི་རྩ་བ༔ ཤིང་ཀུན༔ སྒོག་གཅིག་མ༔ སྤྱང་ཚེར༔ མི་ཁྱི་རའི་ཁྲག༔ སྤྱང་དུག༔ བོང་ང༔ ཐལ་ཆེན༔ ཐོག་ལྕགས༔ རྨ་བྱའི་མདོངས༔ ཡུངས་དཀར༔ ཡུང་ནག༔ ཀེ་ཚེ༔ ཤང་ཚེ༔ གཅན་གཟན་མཆེ་སྡེར༔ སྤྱང་རྔ༔ འཕར་བ༔ ཁྲ༔ གླག༔ གཡི༔ གསའ་རྣམས་ཀྱི་ཤ་ཁྲག༔ གཡག་རྒོད་ཀྱི་རྭ༔ གཙོད་རྭ༔ ཕག་རྒོད་མཆེ་བ༔ དེ་རྣམས་སྦྱར་ལ་ཟངས་སམ་ལྕགས་སམ་སྨྱུག་དོང་ངམ་རྭའི་ནང་དུ་བླུགས་ལ༔ གོང་གི་ཀླུ་དང་རྒྱལ་པོའི་སྔགས་ཁ་བསྒྱུར༔ གོང་གི་བསྙེན་སྔགས་རྣམས་རྫས་ལ་བཏབ་ནས་ཆང་རྒོད་དམ་ཁྱེའུའི་ཆུ་དང་སྦྱར་ཏེ་རློན་པ་བྱས་པའམ༔ རིལ་བུ་ལ་སོགས་གང་རུང་བྱའོ༔ རྗེས་ཀྱང་སྔགས་ཀྱིས་ཁ་གསོ༔ རླངས་པ་མ་ཡལ་བར་བྱས་ལ༔ དགོས་དུས་ཁ་གསོ་བ་ནི༔ རྩ་བའི་སྔགས་བརྒྱའམ་སྟོང་སོགས་ཀྱིས་ཀླུ་དང་རྒྱལ་པོ་སོགས་གང་བསྲུང་བའི་སྔགས་ཚན་གསུམ༔ ཕོ་མོ་གང་བསྲུང་བ་ལ་ཁྲི་ཚོ་རེ་རབ༔ གཞོན་ནུ་རྣམས་ལ་སྟོང་ཚོ་རེ༔ བྱོལ་སོང་ལ་བརྒྱ་རེ༔ ཞོ་ཆང་ལ་ཉེར་གཅིག་རེས་ཆོག༔ གག་ལྷོག་གཟེར་གསུམ་ཤུ་བ་སྐྲང་པ༔ གཟའ་གདོན༔ ནད་ངན་རོ་ཁུར༔ དྲག་ལས༔ ཡུལ་གསར་འཛིན་པ་རྣམས་ལ་སྐམ་གཤེར་ངར་བཏག་རིག་པས་དཔྱད་དོ༔ མདོར་ན་མཐུ་བྱེད་ཧོམ་ཟོར་སེར་བ་བསྲུང་བ་བསྲེག་མནན་སྨྱོ་འབོག་འདུལ༔ སྔགས་པ་ ལྟོ་རུ་བཏང་ བྱུགས་ དུད་པས་བདུག་ བུ་ག་བསྒགས་ ལུས་ལ་འཆང་ ས་ལ་གཏོར་ ནང་རྒྱས་རྫས་ཟློག༔ ཐམས་ཅད་འདི་དང་ལྡན་ན་ལྷ་སྲིན་སྡེ་བརྒྱད་གང་གིས་ཀྱང་མི་ཚུགས་སོ༔ བསྐལ་པའི་མེ་དཔུང་འབར་བར་མཐོང་སྟེ་འདའ་མི་སྲིད་དོ༔ མདོར་ན་རང་ལ་ཅི་རི་འདི་ལ་རི༔ སྲ་བའི་གོ་རྣོ་བའི་མཚོན་འཇིགས་པའི་སྐྱབས་སྲུང་བའི་མཁར༔ འཇིག་རྟེན་དུ་འབྱུང་བར་དཀོན་ཏེ༔ ཤི་ཐེབ་སྙིང་གི་བུ་གཅིག་ལས་སྤེལ་དུ་མི་རུང་བསྟན་དུ་མི་རུང་སྟེ༔ པདྨ་བདག་གི་ཐུགས་བཅུད་དོ༔ སྙིང་གི་མན་ངག་དམ་པ་འདི་ཁོ་ནའོ༔ ༈ འདིའི་ལག་ལེན་ནི་གོང་དུ་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་ཏེ༔ ཞག་བདུན་ནམ་བཅུ་བཞི་ཉེར་གཅིག་ཏུ་བསྒྲུབས་ལ༔ དབང་དང་དངོས་གྲུབ་བླངས་ལ༔ རྗེས་སུ་ཏིང་འཛིན་བསྐྱེད་རིམ་གསལ་བའི་ངང་ནས་སྨྲ་བ་བཅད་དེ་བཟླས་པ་ཁོ་ནས་ཆོག་གོ༔ ༈ གོང་དུ་སྤྱན་དྲངས་པ་བཟླས་པའི་ཐུན་མཚམས་སམ་དུས་བཞིའམ་ནང་ནུབ་ལ་སོགས་སྤྱན་འདྲེན་མཆོད་བསྟོད་རྒྱས་པར་བྱ་སྟེ༔ རྔ་དང་རོལ་མོའི་སྒྲ་བསྒྲགས་དབྱངས་སྙན་དྲག་གཏུམ་གསུམ་དང་ལྡན་པས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བདེ་ཆེན་དབང་དྲག་རོལ་པའི་ཕོ་བྲང་ནས༔ མཐིང་ནག་གྲུ་གསུམ་འབར་བ་ཨེ་ཡི་ཀློང༔ བསྐལ་པའི་མེ་དཔུང་དམར་ནག་འབར་ཀློང་ནས༔ དྲེགས་པའི་མངའ་བདག་རྟ་ནག་འབར་བའི་སྐུ༔ གནོད་སྦྱིན་ནག་པོ་ཆོས་ཀྱི་དབྱིངས་ནས་བཞེངས༔ དྲེགས་པ་རུ་ཏྲ་མ་ལུས་འཇོམས་མཛད་ལྷ༔ གདུག་པའི་ཚོགས་འཇོམས་རྟ་ནག་ལྕགས་རལ་ཅན༔ ཀླུ་འདུལ་ནག་པོ་བདུད་དཔུང་འཇོམས་མཛད་པ༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ཆེ་བཙན་ཁྱོད་ནི་སྤྱན་འདྲེན་གཤེགས་སུ་གསོལ༔ ཀླུ་བདུད་གཉན་ཆེན་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ དྲེགས་པ་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ མཛེ་ནད་གཉན་ལྷོག་འདུལ་ཕྱིར་གཤེགས་སུ་གསོལ༔ སྨྱོ་འབོག་བརྒྱལ་ནད་འདུལ་ཕྱིར༴ ཁམས་གསུམ་དབང་དུ་སྡུད་ཕྱིར༴ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར༴ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་ཆེན་རིགས་ལྔའི་ཚོགས་ལ་འབུལ༔ ཧཱུྃ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ རྟ་ནག་དྲེགས་པའི་ཚོགས་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་རུས་ཐོད་ཚིལ་སྤུངས༔ ཞག་དང་རླངས་གསུར་ཆི་ལི་ལི༔ ནག་པོ་ལྕགས་རལ་ཐུགས་དམ་བསྐང༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་མཆོད་པའི་ཚོགས༔ གཟུགས་སྒྲ་དྲི་རོ་མཆོད་སྤྲིན་རྣམས༔ རྟ་མགྲིན་ནག་པོའི་ཐུགས་དམ་བསྐང༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་མཆོད་ཚོགས་དང༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐང༔ རྣལ་འབྱོར་བདག་ནི་སྒྲུབ་པ་པོ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ རྟགས་དང་མཚན་བཟང་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་མཆོད་པ་ཕུལ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཧ་ཡ་གྲཱི་ཝ་མཐིང་ནག་འབར་བའི་སྐུ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་ཐབས་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ དགྲ་བགེགས་ཤ་ཁྲག་རུས་པ་ཀྲུཾ་ཀྲུཾ་གསོལ༔ རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ སྙན་ནས་འབྲུག་སྒྲོག་དྲེགས་པ་བརྒྱལ་ཞིང་འབོག༔ ལྕགས་ཀྱི་རལ་པས་ས་གཞི་ཁྱབ་པར་སྤྲུག༔ ཁྲོ་ཆུང་མང་པོས་དགྲ་བགེགས་ཐལ་བར་རློག༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་བསྒྲད༔ དྲེགས་པ་ཕོ་མོ་འདར་ཞིང་སྔངས་པར་བྱེད༔ ཤངས་ནས་རླུང་འཚུབས་དགྲ་བགེགས་ཐལ་བར་རློག༔ འབར་བའི་ཞལ་བགྲད་སྒྲ་སྐད་བཏོན་པ་ཡིས༔ སྲིད་པ་གསུམ་པོ་ཞལ་དུ་གསོལ་ཞིང་རོལ༔ ཕྱག་གཡས་རལ་གྲི་འབར་བས་དགྲ་བགེགས་གཏུབ༔ གཡོན་པ་ལྕགས་ཀྱུས་འཛིན་ཅིང་ཞགས་པས་བསྡམས༔ ཀླུ་རྣམས་འདུལ་ཕྱིར་སྦྲུལ་རིགས་ལྔ་ཡིས་བརྒྱན༔ འཁོར་བ་སྟོངས་མཛད་མགོ་ཕྲེང་ལྔ་བཅུས་སྤྲས༔ གླང་ཆེན་ཀོ་རློན་སྟོབས་བཅུ་ལྷུན་གྱིས་རྫོགས༔ ཞིང་གི་གཡང་གཞིས་དྲེགས་པ་རུ་ཏྲ་སྒྲོལ༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན༔ བ་སྤུའི་རྩེ་ལ་མེ་ཡི་ཚྭ་ཚྭ་འཕྲོ༔ ཁྲོ་ཚོགས་མང་པོ་ནམ་མཁའི་རླུང་ལྟར་འཚུབས༔ ཞབས་གཉིས་འདོར་ཐབས་ཀླུ་དང་དགྲ་བགེགས་མནན༔ རྟ་ནག་འབར་བའི་ཐུགས་དམ་དུས་ལ་བབ༔ བདག་ནི་དབང་ཆེན་སྒྲུབ་པའི་དམ་ཚིག་ཅན༔ ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ གདུག་པའི་དགྲ་བགེགས་འདུལ་བའི་དུས་ལ་བབ༔ ནག་པོ་ཀླུ་རྒྱལ་འདུལ་བའི་དུས་ལ་བབ༔ ནཱ་ག་རཀྴ་འདུལ་བའི་དུས་ལ་བབ༔ གཉན་ཆེན་སྡེ་བརྒྱད་འདུལ་བའི༴ རྒྱལ་རིགས་དཀར་པོ་འདུལ་བའི༴ བྲམ་ཟེ་དམར་པོ་འདུལ་བའི༴ རྗེ་རིགས་སེར་པོ་འདུལ་བའི༴ དམངས་རིགས་ལྗང་གུ་འདུལ་བའི༴ གདོལ་པ་ནག་པོ་འདུལ་བའི༴ རྒྱལ་བསེན་ཕོ་མོ་འདུལ་བའི༴ པེ་ཀར་སྲོག་བདག་འདུལ་བའི༴ དམ་སྲི་དཀར་ནག་འདུལ་བའི༴ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དུས་ལ་བབ༔ རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང༔ དྲེགས་པ་འདུལ་ཕྱིར་རྟ་ནག་ཁྲོས་པའི་སྐུ༔ གནོད་སྦྱིན་ནག་པོ་ཀླུ་དང་རྒྱལ་བསེན་གཤེད༔ བཀའ་ཡི་གཏོར་མ་ཤ་ཁྲག་དམར་གྱིས་བརྒྱན༔ རྔམས་ཤིང་རྔམས་ཤིང་ཞལ་དུ་ཁ་རཾ་ཁཱ་ཧི༔ ནག་པོ་ཀུན་རྒྱུག་ཞལ་དུ་ཁ་རཾ་ཁཱ་ཧི༔ སྤྲུལ་པ་ནག་པོའི་ཞལ་དུ་ཁ་རཾ་ཁཱ་ཧི༔ ཆེ་བཙན་ཡོན་ཏན་མ་ལུས་རྫོགས་པའི་སྐུ༔ མཐུ་རྩལ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད༔ དམ་ཚིག་གཉན་པོའི་ཐུགས་དམ་གནད་ནས་བསྐུལ༔ བདག་གིས་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་མཆོད་བསྐུལ་ལ་བརྩོན་པར་བྱའོ༔ ༈ ལས་སྦྱོར་ཐ་མ་དབང་དང་དངོས་གྲུབ་བླང་བ་སྟེ༔ གཞུང་ལྟར་ཞག་བདུན་བཅུ་བཞི་ལ་སོགས་གྲངས་ཐེམས་ནས་སམ༔ འོན་ཏེ་རྟགས་ཁྱད་པར་ཅན་བྱུང་ན་དངོས་གྲུབ་བླང་སྟེ༔ བུམ་པ་གཏོར་མ་དང་བཅས་པ་མ་བྲལ་བ་སྤྱི་བོར་བཞག་སྟེ༔ རྣམ་པ་བུམ་པ་དང་གཏོར་མ་མི་དམིགས་པ་ལས༔ ངོ་བོ་རྟ་མགྲིན་ནག་པོ་འཁོར་རྟ་མགྲིན་རིགས་བཞི་དང་བཅས་པ་འུར་འུར་ཐུག་ཐུག་ཆེམ་ཆེམ༔ རྟ་སྐད་ཐེངས་གསུམ་ཙེར་ཙེར་བཏོན་པས༔ སྟོང་གསུམ་འུར་འུར་རྒྱ་མཚོ་ཁྱོམ་ཁྱོམ༔ རི་རབ་ལྡེག་ལྡེག་དྲག་ཤུལ་དང་ལྡན་པར་བདག་གི་སྤྱི་བོར་བྱོན༔ གང་གི་ནུས་པ་ཡོངས་སུ་རྫོགས་པས་བདག་ལ་དབང་བསྐུར་བས༔ ཀླུ་དང་ས་བདག་རྒྱལ་བསེན་དམ་སྲི་འབྱུང་པོ་སྡེ་བརྒྱད་ཐམས་ཅད་ཁ་འདར་སྙིང་འདར༔ བརྒྱལ་འབོག་མྱོས་ལྐུགས་རེངས་འདར་ཡེད་ཡེད་མིག་ཧྲིག་ཧྲིག༔ བཀའ་ཉན་ལས་བྱེད་བྲོ་བོར་དམ་ལས་མི་འདའ་བར་བསམ༔ འགའ་ཞིག་ནི་རྒྱ་མཚོའི་འགྲམ་དུ་བྲོས་ཏེ་ཕྱིར་མི་ལྡོག་པར་བར་མཚམས་མཚོན་ཆའི་འཁོར་ལོ་དང་མེ་དཔུང་གིས་ཆོད་པར་བསམ༔ སློབ་མ་རྗེས་སུ་འཛིན་ན་ཡང་དེ་ལྟར་ནན་དུ་བསྐྱེད་ལ་དབང་བསྐུར་རོ༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་སྒོ་ནས་དབང་མཆོག་སྐུར༔ ལུས་ཀྱི་ནད་གདོན་ཞི་བར་མཛོད༔ གསུང་གི་སྒོ་ནས་དབང་མཆོག་སྐུར༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ ཐུགས་ཀྱི་སྒོ་ནས་དབང་མཆོག་སྐུར༔ ཡིད་ལ་བདེ་སྟོང་སྦར་དུ་གསོལ༔ ཡོན་ཏན་སྒོ་ནས་དབང་མཆོག་སྐུར༔ མཐུ་སྟོབས་རྩལ་ཆེན་བསྐྱེད་དུ་གསོལ༔ ཕྲིན་ལས་སྒོ་ནས་དབང་མཆོག་སྐུར༔ ནད་གདོན་བགེགས་རྣམས་ཚར་ཆོད་ཅིག༔ བུམ་པས་དབང་བསྐུར་གཞལ་ཡས་ཆེན་པོའི་མཆོག༔ གཏོར་མས་དབང་བསྐུར་ལྷ་དང་གཉིས་སུ་མེད༔ རྟ་མཆོག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བཞི་མཆོག༔ སྐལ་ལྡན་བདག་ལ་དུས་འདིར་ཡོངས་རྫོགས་ནས༔ སྐུ་བཞི་ལྷུན་གྲུབ་ཕྲིན་ལས་རྣམ་བཞི་བརྙེས༔ རྒྱ་ཆེན་རྒྱུན་མི་འཆད་པའི་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ༔ ཨེ་ཨཱ་རལླི་ཧཱུྃ་ཧྲཱིཿཛ༔ ས་མ་ཡ་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག་ཅིང་བུམ་ཆུ་སྤྱི་བོར་བླུགས་པས་རྟ་མགོས་མཚན་ནས་རྟ་སྐད་ཐེངས་གསུམ་ཐོན་པར་བསམ༔ ངག་ཏུ་བླུད་པས་ནུས་པ་ཐོགས་པ་མེད་པར་བསམ༔ གཏོར་མ་དངོས་གྲུབ་ཏུ་རོལ༔ གལ་ཏེ་སྒྲུབ་ཐབས་འདི་སྙིང་དང་འདྲ་བའི་བུ་ལ་སྟེར་ནའང༔ གོང་གི་དཀྱིལ་འཁོར་རྫས་བཤམ༔ བླ་མས་བསྐྱེད་རིམ་རྩ་བའི་བསྙེན་པ་བརྒྱའམ་སྟོང༔ གཞན་གོང་བསྙེན་ཐེམས་པས་ཅི་རིགས་བཟླས་ཏེ༔ མཆོད་བསྟོད་བསྐུལ་པ་རྣམས་བྱའོ༔ ཚོགས་ལ་སོགས་བླ་མའི་གཞུང་ལྟར་བྱས་ལ༔ སློབ་མས་ཕྱག་འཚལ་མཎྜལ་དང་དབང་ཡོན་ཕུལ༔ སློབ་མ་ལ་རང་གིས་བླང་བ་ལྟར་བསྐུར་བར་བྱའོ༔ ལར་འདི་ཤིན་ཏུ་གཉན་ཅིང་འཁུ་ལྡོག་ཆེ་བས་སྣོད་ལྡན་ལོ་གསུམ་མམ་བདུན་འགྲོགས་པའི་བུ་འགའ་རེ་མིན་པར་སྤེལ་དུ་མི་རུང་ངོ༔ ཨོ་རྒྱན་བདག་གི་ཐུགས་བཅུད་དམ་པ་འདི༔ ད་ལྟའི་དུས་སུ་སྤེལ་བའི་གནས་མེད་པས༔ མ་འོངས་དུས་ན་འཛམ་གླིང་བོད་ཀྱི་ཡུལ༔ ཀླུ་དང་ས་བདག་རྒྱལ་བསེན་དབང་བྱས་ཏེ༔ མཛེ་དང་གག་ལྷོག་སྨྱོ་འབོག་བརྒྱལ་ནད་སོགས༔ མི་རྣམས་མི་བདེ་སྣ་ཚོགས་གཏོང་བར་བྱེད༔ དེ་ལྟའི་དུས་སུ་འཕྲད་ཆོག་ཐོབ་ཆོག་འདི༔ ཐུགས་ཀྱི་མཛོད་བརྟོལ་མ་འོངས་དོན་ཕྱིར་སྦས༔ ཕྱི་མའི་དུས་ན་སྐྱེས་བུ་བློ་སྟོབས་ཅན༔ སྣོད་ལྡན་བུ་དང་གདམས་པ་འདི་འཕྲད་ནས༔ སྙིགས་མའི་དུས་ན་འགྲོ་དོན་དཔག་མེད་ཤོག༔ ཡོས་ལོ་རྟ་ཟླའི་ཚེས་པ་བཅོ་ལྔ་ལ༔ བསམ་ཡས་རྟ་མགྲིན་ཨརྱ་པ་ལོའི་གླིང༔ རྗེ་འབངས་གྲོགས་ལྔ་་་ཁྲི་སྲོང་ལྡེའུ་བཙན་མཁར་ཆེན་བཟའ་ནམ་མཁའི་སྙིང་པོ་སངས་རྒྱས་ཡེ་ཤེས་རྒྱལ་བ་མཆོག་དབྱངས། ལོ་ཙཱ་ཆེན་པོ་ལྔ༔་་་ལང་གྲོ་ལོ་ཙཱ་བཻ་རོ་ཙ་ན་ལེགས་སྦྱིན་ཉི་མ་སྐ་ཅོག་རྣམ་གཉིས་སོ། །དབང་ཆེན་དམར་ནག་རྒྱུད་དང་མན་ངག་བཅས༔ དཔག་ཏུ་མེད་པའི་བཀའ་རྫོགས་མ་ལུས་གཏད༔ རྟ་མགྲིན་ནག་པོ་ལྕགས་རལ་སྒྲུབ་པའི་སྐོར༔ དབུས་དང་ཕྱོགས་བཞིར་གཏེར་ཁ་ལྔ་རུ་སྦས༔ དེ་དག་ཀུན་གྱི་ཟབ་རྒྱས་མཐར་ཐུག་འདི༔ མཁའ་རིས་གདན་དྲངས་མོན་མཁར་སྟེང་བཞུགས་ཚེ༔ ཨ་ཙར་ཡེ་ཤེས་བཀའ་ཡི་ཡི་གེ་མཁན༔ བསེ་སྒྲོམ་སྨུག་པོ་སྣོད་ཀྱི་ནང་དུ་བསྩལ༔ གནམ་སྐས་བྲག་ལ་ཐུགས་ཀྱི་ཡང་གཏེར་སྦས༔ གཏེར་བདག་རྣམས་ཀྱིས་བཀའ་འདི་ཐུབ་པར་སྲུངས༔ དུས་ལ་བབ་ཚེ་ཆོས་བདག་བུ་ལ་གཏོད༔ དེས་ཀྱང་ཁ་གསག་སྟོང་ཞུས་མཁན་པོ་དང༔ སྣོད་མིན་མ་སྤེལ་གདམས་པ་འཚོ་ཤེས་གྱིས༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ྈྈྈ ཁོ་བོ་དུས་མཐའི་གཏེར་སྟོན་རཏྣ་གླིང་། ཁྱི་ལོ་རྟ་ཟླའི་ཚེས་གཅིག་སྔ་དྲོ་ལ། །ལྷོ་བྲག་གནམ་སྐས་ཅན་གྱི་བྲག་གཤགས་ནས། །ཀུན་ཡིད་ཆེས་ཕྱིར་ཁྲོམ་གཏེར་བྱས་ནས་བཏོན། །དམ་མེད་འདོད་པ་ཅན་ལ་མི་བསྟན་ཏེ། །སྙིང་གི་བུ་མཆོག་བྱུང་ན་སྟེར་བར་ངེས། །ཕ་སྲོལ་བུ་ཡིས་མ་ཉམས་རྗེས་འཇུག་རྣམས། །རྟ་མགྲིན་སྐོར་རྣམས་ལོ་སྐོར་གཅིག་ལ་བཀའ་རྒྱ་མ་གྲོལ་ཏེ་དེ་རྗེས་བྱ་ལོ་ཕག་ཟླའི་ཉ་ལ། ཤོག་སེར་ཞེང་སོར་བཞི། དཀྱུས་མཐོ་དོ་བ་ཞིག་ལས་ཐང་དཀར་དུ་བཤུས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།
བླ་སྒྲུབ་བསྙེན་པའི་གྲངས་ཚད་ཀྱི་ཚུལ་མདོ་ཙམ་སྟོན་པ་ (Volume 5, Text 46)
༄༅། །བླ་སྒྲུབ་བསྙེན་པའི་གྲངས་ཚད་ཀྱི་ཚུལ་མདོ་ཙམ་སྟོན་པ་ཞེས་བྱ་བ་བཞུགས་སོ། ། བླ་སྒྲུབ་བསྙེན་པའི་གྲངས་ཚད་ཀྱི་ཚུལ་མདོ་ཙམ་བསྟན་པར་བྱ་སྟེ། མཚོ་སྐྱེས་རྡོ་རྗེ་སེམས་དཔའ་པདྨ་བདེ་བ་ཆེན་པོ་ཀརྨ་རིག་འཛིན་ཐ་དད་མེད་པ་ལ་ཕྱག་འཚལ་ལོ། །དེ་ཡང་ལམ་ཟབ་མོ་ཀུན་གྱི་ཡང་ཞུན་སྙིང་པོ་བླ་མ་སྒྲུབ་པའི་བསྙེན་པ་ལ་གསུམ་སྟེ། རྟགས་ཀྱི་བསྙེན་པ། དུས་ཀྱི་བསྙེན་པ། གྲངས་ཀྱི་བསྙེན་པ་གསུམ་ཡིན་ལ། དེ་དག་གི་གོང་མ་གཉིས་རྒྱས་པར་འདིར་མ་སྤྲོས་ཤིང་མདོ་ཙམ་འོག་ཏུ་སྨོས་ལ། འདིར་གྲངས་ཀྱི་བསྙེན་པ་ངོས་འཛིན་པ་སྟེ། སྤྱིར་ཡི་དམ་གང་ཡང་རུང་བའི་སྔགས་ཡིག་འབྲུའི་གྲངས་མཉམ་འབུམ་ཕྲག་གིས་བསྙེན་པར་འགྱུར་ལ། འབྲུ་རེ་ལ་འབུམ་ཕྲག་བཞི་བཞི་བཟླས་པས་ནི་ངེས་པར་བསྙེན་པར་འགྱུར་ཏེ། འབྲུ་སུམ་ཅུ་ཡར་བརྒལ་ནི་འབྲུ་རེ་ལ་ཁྲི་རེ་བཟླ་བར་བཤད་པས་གོང་ལྟར་འབྲུ་རེར་ཁྲི་བཞི་བཞི་བཟླས་ན་བསྙེན་པའོ། །དེ་དག་ཀྱང་བསྙེན་པའི་སྐབས་སུ་ཡིད་མ་ཡེངས་པར་རྩེ་གཅིག་པས་བཟླས་ན་ཡིན་ལ། ཡེངས་ཤིང་བཟླས་ན་ནི་མ་ཡིན་ནོ། ༈ །དེ་ཡང་དང་པོ་སྐྱབས་སེམས་ལ་འབུམ། དེ་ནས་མཎྜལ་ལ་འབུམ། དེ་ནས་ལུས་ཀྱི་སྒྲིབ་སྦྱོང་དུ་ཕྱག་འབུམ། ངག་གི་སྒྲིབ་སྦྱོང་དུ་ཡིག་བརྒྱ་འབུམ། ཡིད་ཀྱི་སྒྲིབ་སྦྱོང་བླ་སྒྲུབ་སྐབས་སུ་འབྱུང་བ་དང་། དེ་ཡང་ཡིད་དགེ་བའི་བྱ་བ་དེ་དག་ལ་རྩེ་གཅིག་ཏུ་བྱེད་པ་དང་། ཁྱད་པར་རྡོ་རྗེ་སེམས་དཔའི་སྤྱན་སྔར་སྡིག་པ་ལ་གནོང་འགྱོད་དྲག་པོས་བཤགས་པ་ནན་ལྟར་བྱའོ། །དེ་ཡང་ཕྱག་ལེན་ལ་སྟབས་བདེ་བ་མཎྜལ་གྱི་སྔོན་འགྲོ་ཡན་ལག་བདུན་པའི་སྒོ་བསྟུན་ནས་ཕྱག་འབུམ་སྐྱབས་སེམས་སྐབས་སུ་མཛད། ༈ །དེ་ནས་བླ་མའི་ཕྱི་སྒྲུབ་སྐབས། ཐོག་མར་རྩ་སྔགས་ནི། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་བཛྲ་སཏྭ་ཧཱུྃ། ཞེས་པར་འབུམ་ཕྲག་གསུམ་བསྙེན། གསོལ་འདེབས་སྐབས་སུ་ཚིག་བདུན་གསོལ་འདེབས་སམ། ཡང་ན། ཨོཾ་ཨཱཿཧཱུྃ། བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །རྩ་བའི་བླ་མ་པད་འབྱུང་བདེ་ཆེན་གླིང་པ་ལ་གསོལ་བ་འདེབས་སོ། །ཞེས་འདིར་རྩ་བའི་བླ་མའི་གསོལ་འདེབས་ཁ་བསྒྱུར། མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་འབུམ་ཕྲག་གཅིག་བསྙེན། དེ་ནས་བཛྲ་གུ་རུ་འབུམ་ཕྲག་བཅུ་གཉིས་བཟླ། བླ་མ་ནང་སྒྲུབ་ལ། དབང་བཞིའི་ཛཔ྄་འབུམ་ཕྲག་བཞི། བླ་མའི་གསང་སྒྲུབ་ལ། ཨོཾ་བཛྲ་སཏྭ་ཧཱུྃ་ལ་འབུམ་ཕྲག་བཅུ་དྲུག་བཟླས་ཤིང་། རང་གི་ཡི་དམ་ལྷག་པའི་ལྷའི་བསྙེན་ཚད་ཀྱང་འདིར་བསྐྱར་ན་ཤིན་ཏུ་ལེགས་ཤིང་། ཡང་ན་རྩ་གསུམ་སྤྱི་དྲིལ་གྱི་ཛཔྲ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པ་ཅི་ནུས་བསྙེན་ནོ། །དེ་དག་གི་མཐར་རྡོ་རྗེ་གསུམ་གྱི་བཟླས་པ་འབུམ་ཕྲག་བདུན་ཐེམ་པར་བྱའོ། །བླ་མ་ཡང་གསང་ཧཱུྃ་སྒྲུབ་ཞག་གཅིག་གམ་བདུན་ནམ་ཉེར་གཅིག་གི་བར་ཅི་ནུས་སུ་བསྒྲུབ་བོ། །དེ་ཁོ་ན་ཉིད་འབྲུ་་་འ་ཨ་ཤ་ས་མ་ཧ་་་དྲུག་རྡོ་རྗེའི་རང་སྒྲ་འབུམ་ཕྲག་དྲུག །མཐར་སྨོན་ལམ་འབུམ་ཕྲག་སྟེ། དེ་ཡིས་བསྙེན་སྒྲུབ་རྩ་བ་འགྲུབ་ལ། སླར་ཡང་ལྡབ་བྱས་པས་ཚར་གཉིས་ཏེ་ཉེ་བར་བསྙེན་པ། བསྙེན་ཚད་གོང་ལྟར་ལན་གསུམ་གྱིས་སྒྲུབ་པ་དང་། ལན་བཞིའི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་བསྙེན་སྒྲུབ་ཐེམ་ཞིང་རྩ་ཐུན་མ་ཆག་པར་ཉམས་སུ་བླང་བ་ནི། རྩ་བའི་བླ་མ་ལ་དམ་སེལ་མ་སོང་ན་སྔར་མཚམས་མེད་སྤྱད་པ་ཡང་ཕྱི་མ་བྱང་ཆུབ་ཀྱི་ལམ་ངེས་པར་ཐོབ་པ་ལ་ཐེ་ཚོམ་མེད་དོ། །དེ་ཡང་བསྐྱར་ནས་བསྒྲུབ་ཚེ། ཕྱག་འབུམ་དང་སྐྱབས་སེམས་འབུམ་གོང་དུ་སོང་བས་གོ་ཆོད་ལ་མཎྜལ་ནས་དབུ་བཟུང་ནས་བསྐྱར་ཞིང་བསྒྲུབ་པ་ཡིན་ནོ། ༈ །དུས་ཀྱི་བསྙེན་པ་རབ་ལོ་གསུམ་ཕྱོགས་གསུམ། འབྲིང་ཟླ་བ་དྲུག་གསུམ་སྟེ་བཅོ་བརྒྱད། ཐ་མ་ཟླ་བ་དྲུག་གིས་ཐེམ་པའོ། ༈ །རྟགས་ཀྱི་བསྙེན་པ་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་བླ་མ་ལྷའི་ཞལ་མཇལ་ཆོས་གསུང་བྱིན་གྱིས་བརླབས་པ། ཐ་མ་སྡིག་སྒྲིབ་དག་ཅིང་ཚེ་བསོད་རྒྱས་པའི་རྟགས་སྤྱི་དང་མཐུན་ཞིང་ཁྱད་པར་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་བའོ། །རྟགས་མདོར་བསྡུ་ན། བླ་མ་ལ་དད་མོས་སྔར་ལས་ཆེ་བ། དམ་ཚིག་ཕྱིར་དུ་ལུས་སྲོག་འདོར་ནུས་པ། ཚེ་འདི་སྣང་སྙན་གྲགས་ལོངས་སྤྱོད་ལ་ཞེན་པ་ལྡོག་པས་ང་རྒྱལ་ཕྲག་དོག་ཆུང་བ། ལས་རྒྱུ་འབྲས་ལ་ཡིད་ཆེས་པས་ཆོས་གཤའ་མར་བློ་འཇུག་པ་སྟེ། རྟགས་དེ་ནི་ཡང་དག་པའི་ལམ་ཡིན་ལ། དེ་ལས་ལོག་ན་འཕྲལ་རྟགས་ཅི་ལྟར་སྣང་ཡང་བར་ཆད་ཀྱི་རྒྱུ་ཡིན་ནོ། །དེས་ན་གནད་འདི་སྙིང་ལ་བཟུང་བར་བྱའོ། །རྟགས་ཀྱི་མཐར་ཐུག་པ་ནི་ནམ་ཞིག་ཚེ་ཆོས་ཉིད་དྲི་བྲལ་གྱི་ངོ་བོ་མཐོང་ཞིང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཞེན་མེད་མི་འགྱུར་བདེ་བ་རྒྱས་ཤིང་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའོ། །དེ་ལྟར་བླ་མ་བསྙེན་པའི་རིམ་པ་གསུམ་གྱི་ཚུལ་མདོ་ཙམ་སྨྲས་པ་སྟེ་རྒྱས་པར་སླད་མར་ཁོ་བོས་འབྲི་བར་འགྱུར་རོ། །ཞེས་དད་གུས་དམ་ལྡན་རྡོ་རྗེ་སློབ་མ་རྒྱ་གར་གྱི་ཆ་མོན་ཡུལ་ཀུ་བང་བེའུ་ཕུག་གི་བླ་མ་པདྨ་བརྩོན་འགྲུས་དང་མང་ཡུལ་སྐྱིད་གྲོང་གནས་ཀྱི་སྒྲུབ་པ་པོ་ཆོས་དབྱིངས་དཔལ་འབར་དང་གུང་ཐང་ནུབ་རི་ཏྲ་ལའི་སྒྲུབ་པ་ནམ་མཁའི་ནོར་བུ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཚེ་དབང་ནོར་བུ་རྡོ་རྗེ་སེམས་དཔའ་རྩལ་གྱིས་བོད་ཡུལ་མངའ་རིའི་ཆ་གུང་ཐང་ནུབ་རི་མོན་དང་བོད་ཡུལ་གྱི་མཚམས་ཏྲ་ལ་དབུ་རྩེར་ས་བྱ་གྲོ་ཞུན་ཟླ་བར་བཀོད་པ་མངྒ་ལཾ།། །།
འཆི་མེད་ཐུགས་ཀྱི་ཐིག་ལེའི་དོན་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་འཁྱིལ་བ་ (Volume 20, Text 46)
༄༅། །འཆི་མེད་ཐུགས་ཀྱི་ཐིག་ལེའི་དོན་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། བདེ་ཆེན་ཡེ་ཤེས་འདུས་མ་བྱས། །རང་བྱུང་མི་ཤིགས་རྡོ་རྗེའི་སྐུ །འཁོར་བ་སྲིད་དུ་དོན་མཛད་པ། །མཚོ་སྐྱེས་མ་ཧཱ་གུ་རུར་འདུད། །འཆི་མེད་གསང་བ་ཐུགས་ཐིག་གི་དོན་དབང་བསྐུར་བ་ལ་སྦྱོར་བ་སྟེགས་བུའི་སྟེང་དཀྱིལ་འཁོར་རས་བྲིས་སམ་མ་འཛོམ་ན་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་དབུས་དང་མདུན་དུ་ཆེ་ཆུང་གཉིས། ཕྱོགས་བཞིར་བཞི། དེ་རྒྱབ་བཞི་རིམ་གཉིས་བཅས་བཀོད་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་སྒྲུབ་གཏོར་པདྨ་སྤུངས་པ་རྒྱན་ལྡན། གཡས་གཡོན་ཚེ་རིལ་ཚེ་ཆང་། མདུན་དུ་ཤེལ་རྡོ། རྒྱབ་ཏུ་མདའ་དར། མཆོད་གཏོར་རིགས་སྤྱི་ལྟར་བཤམ། ཕྲིན་ལས་གཞུང་བསྲངས་ལ་བཟླས་པ་གོང་འོག་རྣམས་ཅི་འགྲུབ་མཐར་ཚེ་འགུགས་བྱ། ལྕོགས་ན་ཚོགས་མཆོད་བྱ། མ་ལྕོགས་ནའང་འགལ་བ་མེད། ལས་བུམ་མམ་བསང་ཆུ་ལ་རྟ་སྔགས་ཀྱིས་བྱིན་བརླབ། དངོས་གཞི་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། འདིར་སྐབས་སུ་བབས་པ། སངས་རྒྱས་ཚེ་དཔག་མེད་དང་རྣམ་དབྱེར་མེད་པའི་འཆི་མེད་རིག་འཛིན་པདྨ་འབྱུང་གནས་དེ་ཉིད་ཀྱིས་བོད་ཡུལ་དུ་སྐུ་དངོས་ཀྱིས་འགྲོ་དོན་གྲུབ་ནས་རྔ་ཡབ་གླིང་དུ་ཕེབ་པར་ཉེ་བའི་ཚེ། རྗེ་འབངས་འདུས་པ་ཕྱི་མ་རྣམས་ལ་དཔལ་བཀའ་འདུས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བའི་སྐབས་ཤིག་བསམ་ཡས་དབུ་རྩེར་ལྷ་སྲས་ཀྱིས་གསོལ་བ་བཏབ་པའི་ངོར། མཆོག་གི་འདུས་པ་བཅུ་ཕྲག་ལྷག་གཅིག་ལ་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པ་དང་བཅས་ཏེ་འཆི་མེད་བཅུད་དྲིལ་ཐུགས་ཀྱི་ཐིག་ལེའི་གདམས་ཟབ་བསྩལ་པ། མ་འོངས་པའི་དུས་སྐལ་སོ་སོར་དགོངས་ནས་ཚར་ལྔ་བཀོད་དེ་གཏེར་གནས་ཐ་དད་དུ་སྦས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་སོགས་ཀྱིས་རིམ་པར་བཏོན་ཅིང་། ཐམས་ཅད་ཀྱི་ཕྱི་མར་གྱུར་པ་འདི་ཉིད་སྦས་ཡུལ་པདྨ་བཀོད་ཀྱི་ཤར་སྒོའི་ནང་མཁའ་འགྲོ་འབུམ་འདུས་ལུང་པའི་དམར་ནག་རཀྟའི་མཚོར་རྒྱས་བཏབ་སྟེ་ལས་ཅན་རིམ་པ་བཞི་ལ་དགོངས་པ་གཏད་པའི་ཕྱི་མ། རྒྱལ་སྲས་ལྷ་རྗེའི་སྐྱེ་བའི་རྣམ་རོལ་བཅུ་གཉིས་པ་གཏེར་ཆེན་ཆོས་རྗེ་གླིང་པའི་ཡང་སྲིད་ཆོས་གླིང་ཉིད་ཀྱི་ཞལ་ཆེམས་ཕྱག་བྲིས་དངོས་དང་། འཆི་མེད་ཐུགས་ཐིག་གི་ཆོས་བདག་ལུང་བསྟན་ལས་ཀྱང་གསལ་བར་ལུང་བསྟན་པ་མཚན་ཡོངས་གྲགས་ཀུན་བཟང་འོད་ཟེར་དང་། གསང་མཚན་གར་དབང་འཆི་མེད་རྡོ་རྗེ་ཞེས་ངོ་མཚར་བའི་རྣམ་ཐར་དུ་མ་དང་ལྡན་པའི་སྐྱེས་ཆེན་དེ་ཉིད་ཀྱིས་ཁྱད་པར་འཕགས་པའི་གཏེར་རྫས་མང་པོ་དང་ལྷན་ཅིག་སྤྱན་དྲངས་ཏེ་གཏེར་སྒྲུབ་གསང་རྒྱ་སོགས་མཐར་ཕྱིན་པར་མཛད་དེ། ལུང་ཟིན་ཆོས་བདག་རྣམས་ལ་རིམ་པར་སྤེལ་བའི་ཟབ་ཆོས་འདི་ལ་སྨིན་བྱེད་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། ད་ལམ་དབང་བསྐུར་སྙིང་པོ་བསྡུས་པ་དོན་དབང་ཉིད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དད་གུས་མོས་པའི་ཤུགས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་རིན་པོ་ཆེ༔ འཁོར་བར་འཁྱམས་པ་བདག་འདྲ་བ༔ འཆི་མེད་རིགས་འདུས་དཀྱིལ་འཁོར་དུ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། ལན་ནི། ཀྱེ་ཧོ་སྐལ་ལྡན་བུ་ཁྱོད་ཉོན༔ ལྔ་བརྒྱ་ཐ་མའི་སེམས་ཅན་རྣམས༔ ཚེ་ཐུང་ནད་མང་དུག་ལྔ་རགས༔ དམ་ཚིག་མི་བསྲུང་ཉམས་ན་བརླག༔ དེ་ཕྱིར་དམ་ཚིག་སྲུང་ནུས་ན༔ གསང་བ་ཟབ་མོ་སྦྱིན་པར་བྱ༔ དེ་ལ་ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ༔ བླ་མ་དང་གཉིས་སུ་མེད་པའི་སྐྱབས་གནས་འཆི་མེད་རིགས་རྣམས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། བདག་སོགས་འགྲོ་རྣམས་སྙིང་པོ་བྱང་ཆུབ་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ མཆོག་གསུམ་སྐུ་གསུམ་སོགས་ལས་བྱང་ལྟར་ལན་གསུམ། ནམ་མཁའ་དང་མཉམ་པའི་ཕ་མ་རིགས་དྲུག་གི་སེམས་ཅན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་གཏན་དུ་འཁྱམས་པ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོས། དེ་དག་སངས་རྒྱས་ཀྱི་ས་ལ་འགོད་པའི་སླད་དུ་བདག་གིས་འཆི་མེད་རིགས་འདུས་པདྨ་ཐོད་ཕྲེང་རྩལ་གྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་ཞུས་ནས་གྲོལ་བྱེད་ཀྱི་ལམ་བསྟེན་པར་བགྱིའོ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས། མཁའ་ཁྱབ་ཕ་མ་སོགས་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་ཕྱིར་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨ་འོད་ཀྱི་ཞིང་དང་ཕོ་བྲང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད། ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ཁྱེད་རང་རྣམས་པདྨ་འབྱུང་གནས་ཚེ་དཔག་མེད་སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་པའི་ཆས་ཅན་སྟག་ཤམ་རུས་རྒྱན་དྲིལ་བུ་གཡེར་ཁས་བརྒྱན་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་མཉམ་གཞག་ཚེའི་བུམ་པ་འཛིན་པ། སྤྱི་གཙུག་རྟ་གདོང་ལྗང་ཞུར་རྟ་སྐད་དབྱིངས་སུ་འཚེར་བའི་པང་དུ་ཡུམ་མནྡཱ་ར་བ་ཙནྡྷ་ལཱི་དམར་མོ་རྣལ་འབྱོར་མའི་ཆ་བྱད་སྐྲ་གྲོལ་ཞིང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཉིས་པདྨ་དང་བདུད་རྩིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། སྤྱི་བོར་ཕག་ཞལ་ངུར་ཞིང་ཡབ་རྡོ་རྗེ་དང་ཡུམ་པདྨའི་སྐྱིལ་མོ་ཀྲུང་གིས་འཇའ་ཚོན་འོད་ལྔ་འཁྲིགས་པའི་ཀློང་ན་བཞུགས་པའི་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གའི་ཁ་དོག་ཅན་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཆོས་ཀྱི་དབྱིངས་རབ་འབྱམས་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་བླ་མ་སྐུ་གསུམ་གྱི་ཞིང་ན་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་འཆི་མེད་སྐུ་གསུམ་རིགས་རྣམས་འདུས་པའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་ནམ་མཁའ་གང་བ་ཙམ་དུ་བྱོན། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་རླབས་ཡོངས་རྫོགས་སུ་ཞུགས་པར་མོས་ཤིག །སྤོས་དང་ཌཱ་དྲིལ་དབྱངས་སྙན་བཅས་པས། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་གཉིས་མེད་དངོས་གྲུབ་ཐོབ༔ ཚེ་དཔག་མེད་མགོན་བྱིན་ཕོབ་ཅིག༔ མཱ་ར་ཏི་ཀའི་ཀེའུ་ཚང་དུ༔ ཡེ་ཤེས་མཁའ་འགྲོ་ཡུམ་དང་སྦྱོར༔ བགྲེས་རྒུད་མེད་པའི་སྐུ་མཆོག་བརྙེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ གཡའ་མ་ལུང་གི་བྱ་སྐྱིབས་སུ༔ བདེ་སྟོང་ཡེ་ཤེས་དངོས་གྲུབ་བརྙེས༔ སྐལ་ལྡན་རྗེས་འཇུག་སྨིན་གྲོལ་མ༔ ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ དབུ་རྩེ་རིགས་གསུམ་ཕོ་བྲང་ནས༔ སྨིན་གྲོལ་ཚོམ་བུར་གྲོལ་མཛད་དེ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ རིག་འཛིན་རྒྱ་མཚོས་བྱིན་ཕོབ་ཅིག༔ རྔ་ཡབ་དཔལ་རིའི་རྩེ་མོ་རུ༔ པདྨའི་རྒྱལ་ཚབ་འགྲོ་བའི་མགོན༔ འགྲོ་དོན་མཐར་ཕྱིན་དངོས་གྲུབ་བརྙེས༔ བཀའ་བབས་རྒྱ་མཚོས་བྱིན་ཕོབ་ཅིག༔ འཁོར་དུ་དཔའ་བོ་མཁའ་འགྲོ་དང༔ ཚེ་ཡི་མགྱོགས་མ་ལས་བྱེད་རྣམས༔ སྐུ་ཡི་གཟི་བྱིན་ཡ་ལ་ལ༔ གསུང་གི་བརྡ་སྐད་ཀྱུ་རུ་རུ༔ ཐུགས་ཀྱི་བྱིན་ཆེན་ཐིབས་སེ་ཐིབ༔ བདུད་རྩིའི་སྦྲང་ཆར་ཤ་ར་ར༔ སྙན་པའི་རོལ་མོ་དི་རི་རི༔ དབང་ཆེན་སྐུར་ལ་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུཿཨཱ་བེ་ཤ་ཡ་ཨཿཨཱ༔ ཞེས་བྱིན་དབབ། དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཁ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ནམ་མཁའ་གང་བར་འཕྲོས། ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས་པ། ཁྱད་པར་ཚེ་ལྷ་རིག་འཛིན་འཆི་མེད་གྲུབ་པ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པའི་དྭངས་བཅུད། ཁྱེད་རང་རྣམས་ཀྱི་བླ་ཚེ་སྲོག་དབུགས་ཆད་ཉམས་ཡར་པ་ལ་སོགས་པ་ཐམས་ཅད་འཆི་མེད་ཀྱི་བདུད་རྩི་དང་འཇའ་འོད་ཐིག་ལེའི་ཟེར་ཐག་སྣ་ལྔའི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས། རིག་འཛིན་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད་ཅིག །མདར་དར་གཡབ་ལ། ཚེ་འགུགས་ལེའུ་ནས། ཧྲཱི༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེ་ཚེ་སྒྲུབ་སོགས་ནས། ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བར་དང་སྙིང་པོ་བརྗོད་ལ་རོལ་མོ་འཁྲོལ། དེ་དག་གིས་དབང་གི་སྔོན་འགྲོ་རྣམས་གྲུབ། དབང་དངོས་རྣམ་པའི་བརྡ་ལ་བརྟེན་ནས་དོན་གྱི་དབང་བཞི་ཐོག་བབས་སུ་བསྐུར་བ་ཡིན་པས་དམིགས་པ་འདི་ལྟར་མཛོད། གཏོར་མ་ཐོགས་ལ། གཏོར་སྣོད་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་གཏོར་མ་ཉིད་སྐུ་གསུམ་རིགས་འདུས་འཆི་མེད་ཚེའི་ལྷ་ཚོགས་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ལུས་ལ་སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། ཕུང་པོའི་བདུད་བཅོམ་སྐུ་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །ཧྲཱི༔ དམ་རྫས་འབར་བ་དཔལ་གྱི་གཏོར་མ་འདི༔ ཕྱི་ནི་གཞལ་ཡས་འདོད་ཡོན་ལྔ་ཡིས་བརྒྱན༔ ནང་དུ་རྩ་གསུམ་འཆི་མེད་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕུང་པོའི་བདུད་བཅོམ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུཿཨ་བྷི་ཥིཉྩ་ཨོཾ༔ ཞེས་གཏོར་མ་སྤྱི་བོར་བཞག །གཏོར་མའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སྔགས་སྒྲ་འབྲུག་ལྟར་སྒྲོག་བཞིན་པས་བྱིན་གྱིས་བརླབས་པས་ངག་ལ་གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། ཉོན་མོངས་པའི་བདུད་བཅོམ། གསུང་རྡོ་རྗེ་མངོན་དུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །ཧྲཱི༔ གཏོར་མ་འདི་ལས་སྔགས་ཀྱི་སྒྲ་བྱུང་བས༔ སྟོང་པའི་རང་སྒྲ་ནམ་མཁའི་འབྲུག་ལྟར་ལྡིར༔ རིགས་ཀྱི་བུ་ཡི་ངག་གི་སྒྲིབ་སྦྱངས་ཏེ༔ ཉོན་མོངས་བདུད་བཅོམ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུཿཨ་བྷི་ཥིཉྩ་ཨཱ༔ མགྲིན་པར་བཞག །གཏོར་མའི་དབྱིབས་དང་བཀོད་པས་དོན་དམ་པའི་རང་བཞིན་མཚོན་ཏེ། བྱིན་གྱིས་བརླབས་པས་ཡིད་ལ་ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འཆི་བདག་གི་བདུད་བཅོམ། ཐུགས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །ཧྲཱི༔ གཏོར་མའི་རང་བཞིན་ཆོས་དབྱིངས་ཟླུམ་པོ་ལ༔ ལྷུན་གྲུབ་འོད་ལྔ་སྐུ་དང་ཐིག་ལེས་བརྒྱན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆི་བདག་བདུད་བཅོམ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཡུཿཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག །ཤེལ་རྡོ་ཐོགས་ལ། མན་ཤེལ་ངོ་བོ་སྟོང་ལ་རང་བཞིན་གསལ་བ་དབྱེར་མེད་ཟུང་དུ་འཇུག་པའི་བརྡས་མཚོན་ཏེ། པདྨ་ཚེ་དཔག་མེད་པའི་ཐུགས་དགོངས་དང་རང་གི་རིག་པ་དབྱེར་མེད་དོན་གྱི་གནས་ལུགས་ལ་མཉམ་པར་བཞག་པས་སྒོ་གསུམ་ལ་གསང་བ་གསུམ་གྱི་བྱིན་རླབས་གཅིག་ཆར་ཞུགས། དབང་བཞི་ཐོབ། ལྷའི་བུའི་བདུད་བཅོམ། ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པར་མོས་ཤིག །ཧྲཱི༔ མན་ཤེལ་མཐའ་བྲལ་འོད་ཀྱི་རང་བཞིན་ལ༔ འདི་ཀ་པདྨ་ཚེ་དཔག་མེད་མགོན་ཐུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བག་ཆགས་ཡིད་ཀྱི་སྒྲིབ་པ་ཀུན་བྱང་ནས༔ སྐུ་དང་ཡེ་ཤེས་གཉིས་མེད་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཨ་ཨ༔ ཞེས་གནས་གསུམ་དུ་གཏུགས། སྡིགས་མཛུབ་བསྟན་ཏེ། ཧྲཱི༔ སྣང་སྲིད་ཆོས་ཀུན་གདོད་མ་ནས༔ དངོས་སུ་མ་གྲུབ་སྟོང་སང་ངེ༔ འདི་ལས་མ་གྲུབ་ཆོས་གཞན་མེད༔ པད་འབྱུང་ལོགས་སུ་མ་སྒོམས་ཤིག༔ ཕཊ༔ ཅེས་ཅུང་ཟད་མཉམ་པར་འཇོག །འཁོར་འདས་ཀྱི་བཅུད་དང་དྭངས་མ་གཅིག་ཏུ་བསྡུས་པའི་རྡོ་རྗེ་ཚེའི་རིལ་བུ་དང་འཆི་མེད་བདུད་རྩིའི་བཏུང་བ་བྱིན་པས་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ལྟ་བུའི་ཚེ་དང་། འཇའ་ཚོན་ལྟ་བུའི་སྐུ་བརྙེས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧྲཱི༔ སྔོན་ཚེ་པདྨ་ཚེ་དཔག་མེད་མགོན་གྱིས༔ བྱིན་བརླབས་དམ་རྫས་བཅུད་ལེན་རིལ་བུ་འདི༔ རིགས་ཀྱི་བུ་ལ་དེ་རིང་ཟས་སུ་སྦྱིན༔ འདོད་ཡོན་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད། ཚེ་ཆང་བཏུང་དུ་གཞུག་ལ། ཧྲཱི༔ འཆི་མེད་རྨད་བྱུང་གསང་མཆོག་བདུད་རྩི་འདི༔ གུ་རུའི་བྱང་སེམས་བདུད་རྩི་འདི་ཁོ་ན༔ རིགས་ཀྱི་བུ་ལ་དེ་རིང་སྐོམ་དུ་སྦྱིན༔ བྱང་སེམས་དྲོད་བསྐྱེད་ཚེ་ཡི་དབང་ཐོབ་ཤོག༔ སྙིང་པོ་བརྗོད། དེ་ལྟར་འཆི་མེད་ཚེའི་དབང་མཆོག་ཐོབ་པ་དེ་ཉིད་ནམ་ཡང་མི་ཉམས་ཤིང་མི་འགྱུར་བ་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དབྱིངས་ཆོས་ཉིད་འཕོ་འགྱུར་མེད་པའི་ཀློང་དུ་རྒྱས་བཏབ་པར་མོས་ཤིག །མདའ་དར་གནས་གསུམ་དུ་བཞག་ལ། ཧྲཱི༔ དང་པོ་གསལ་སྟོང་སྐུ་ཡི་རྒྱ༔ གཉིས་པ་འགག་མེད་གསུང་གི་རྒྱ༔ གསུམ་པ་ཆོས་ཉིད་ཐུགས་ཀྱི་རྒྱ༔ སྐུ་གསུམ་ཆོས་ཀྱི་དབྱིངས་སུ་རྒྱ༔ ཆོས་ཀྱི་དབྱིངས་སུ་ཚེ་སྦས་པས༔ འདི་ལ་བརྟག་དང་བཟུང་དུ་མེད༔ མི་དམིགས་དབྱིངས་སུ་རྒྱས་གདབ་བོ༔ ཞེས་དང་རྟེན་སྙིང་ཤིས་བརྗོད་གང་འོས་བྱ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ པདྨ་ཐོད་ཕྲེང་ང་ཡིན་པས༔ ང་ཡིས་ཇི་ལྟར་བསྒོ་བ་ལྟར༔ གུས་གསུམ་ལྡན་པས་རྟག་ཏུ་མཆོད༔ ཅེས་བཀའ་བསྒོས་པའི་ཐ་ཚིག་རྡོ་རྗེའི་ཡལ་གམ་ལས་སྲོག་གི་ཕྱིར་ཡང་འདའ་བར་མི་བྱ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་མཐར་དབྱུང་། ཚོགས་མཆོད་བྱས་ན་ཚོགས་ལ་རོལ་ཞིང་ལས་བྱང་གི་ལྷག་མ་གཏང་བ་ཕྱིན་ཆད་དང་། མ་བྱས་ན་གཏང་རག་མཆོད་བསྟོད། ནོངས་བཤགས་ནས་ཤིས་བརྗོད་ཀྱི་བར་དེར་གསལ་བྱས་པས་འགྲུབ་བོ། །བདེ་བ་ཆེན་པོ་མཚོ་སྐྱེས་བླ་མ་དང། །དབྱེར་མེད་རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱིས། །སྐྱེ་འཆིའི་འཁྲུལ་འཁོར་སྐྱེ་མེད་དབྱིངས་སུ་ལྡོག །ཀུན་ཀྱང་ཚེ་མཐའ་ཡས་པར་བྱང་ཆུབ་ཤོག །ཅེས་རྩ་བའི་གཞུང་ལ་མཚམས་སྦྱོར་གསལ་བྱེད་ཀྱིས་ཞབས་ཏོག་ཚུལ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ།། །།
ཡབ་སྲས་བཅུད་དྲིལ་གྱི་ཤོག་ཆུང་ (Volume 39, Text 46)
༄༅༔ ཡབ་སྲས་བཅུད་དྲིལ་གྱི་ཤོག་ཆུང་བཞུགས་པ་ལེགས་སོ༔ སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར། ྈྈྈྈྈྈྈྈ ཨེ་མ་ཧོ༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ སེམས་ཅན་གཉིས་སྒྲིབ་བསལ་བའི་ཕྱིར༔ བོན་ཆོས་བཅུད་ཕྱུངས་དྲིལ་སྒྲུབ་ཀྱི༔ ཆ་ལག་ཤོག་ཆུང་འདི་བཀོད་དོ༔ སྐལ་ལྡན་བུ་ཡིས་ཉམས་སུ་ལོངས༔ སྔོན་འགྲོ་མཆོད་གཏོར་ཅི་རིགས་བཏང༔ དཀྱིལ་འཁོར་མཆོད་རྫས་མེ་ཏོག་བཀྲམ༔ ཚོགས་དང་གཏོར་མ་གཞུང་དེ་བཤམ༔ དཀྱིལ་འཁོར་མཆོད་རྫས་ཚན་གྱིས་བཀྲུ༔ ཨཱོྃ༔ རིན་ཆེན་ལྔ་ལས་གྲུབ་པ་སྟེ༔ གཙང་ཞིང་དག་པའི་མཆོད་རྫས་ལ༔ བག་ཆགས་དྲི་མ་མི་མངའ་ཡང༔ སེམས་ཅན་ཉོན་མོངས་དག་པའི་ཕྱིར༔ ཚན་ཆབ་བདུད་རྩི་ལྷ་ཡི་ཆབ༔ སྨན་སྤོས་དྲི་བཟང་དག་པའི་ཆུ༔ ཡེ་ཤེས་ལྷ་ཆབ་དག་པ་འདིས༔ མི་གཙང་དྲི་མ་དག་གྱུར་ཅིག༔ ཨཱོྃ་ཤུདྡྷོ་ས་ལེ་སང་ངེ་ཡེ་སྭཱ་ཧཱ༔ དེ་ནས་དྲི་སྤོས་དུད་པས་བདུག༔ ཨཱོྃ༔ ཙནྡན་གླ་རྩི་ག་པུར་དང༔ རྒྱ་སྤོས་སྦྱར་སྤོས་དྲི་ཡི་སྤོས༔ དྲི་ངད་དུད་པ་སྤྲིན་དུ་གཏིབས༔ རིན་ཆེན་མཆོད་རྫས་དག་པ་ལ༔ སྐྱོན་དང་འབག་སྨེ་མི་མངའ་ཡང༔ སེམས་ཅན་བག་ཆགས་དག་བྱའི་ཕྱིར༔ སྤོས་དང་དྲི་ཡིས་སྐྱོན་བསལ་ལོ༔ མི་གཙང་རྨེ་གྲིབ་སངས་གྱུར་ཅིག༔ ཨཱོྃ་ཤིམ་ཕོད་པྲ་ཏི་དྷཱུ་པེ་ཨ་དཀར་ཡེ་སྭཱ་ཧཱ༔ མཆོད་རྫས་གཏོར་མ་བཤམ་པ་ནི༔ ཨེ་མ་ཧོ༔ མཁའ་དབྱིངས་རྣམ་དག་གཏོར་གཞོང་དུ༔ འཛད་མེད་ལོངས་སྤྱོད་གཏོར་མས་བཀང༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐང་ཕྱིར་བཀོད་པར་བྱ༔ དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བྲུཾ་ཟད་མིན་སྤུངས་སོ་བྷ་ལིཾ་གཡུ་འབྲང་བདུད་རྩི་ལྷན་ནེ་ཉི་རི་བྷ་ར་ཏྲཾ༔ དེ་ནས་བགེགས་ལ་ལན་ཆགས་གཏོར་མ་བསྔོ༔ བསྭོ༔ ང་ནི་སྐྱེ་མེད་དྲན་པའི་སྐུ༔ རིག་འཛིན་གསུང་ལ་འགག་པ་མེད༔ པད་འབྱུང་ཐུགས་ལ་འཁྲུལ་པ་མེད༔ གལ་ཏེ་ལོག་ལྟའི་བགེགས་ཡོད་ན༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ རང་རང་བདེ་བའི་གནས་སུ་སོང༔ གླུད་གཏོར་ཆངས་བུ་སྒོ་ཕྱིར་དོར༔ དེ་ནས་མཚམས་གཅད་བསྟན་པ་ནི༔ བསྭོ༔ ང་ནི་རིག་འཛིན་ཆེན་པོའི་སྐུ༔ མ་བཅོས་མ་བསླད་སྙིང་པོ་ཨ༔ སྐྱེ་འཆི་མེད་པའི་རང་བཞིན་ཡིན༔ བར་ཆད་འབྱུང་པོ་རང་གི་སེམས༔ སེམས་ནི་སྟོང་གསལ་འཛིན་དང་བྲལ༔ རྣམ་རྟོག་བགེགས་ཀྱི་མིང་ཡང་མེད༔ བགེགས་རྣམས་སྟོང་པའི་ངང་དུ་དེངས༔ ཨཱོྃ་ཨཱཿཧཱུྃ་བསྭོ་ཨ་ཕཊཿཕཊ༔ ཡུངས་དཀར་ཕྱོགས་མཚམས་ཀུན་ཏུ་བྲིམ་མོ༔ སྔོན་འགྲོ་དངོས་གཞི་གཞུང་ལྟར་རོ༔ དེ་ནས་རྩ་སྔགས་འབུམ་ཕྲག་གཅིག་ཏུ་བཟླ༔ ཨཱོྃ་ཨཱཿཧཱུྃ༔ ཨ་དཀར་གསལ་འབར་དྲན་པ་མུ་ལ་ཉེ་ལོ་ཡོ་ཨཱ་ཡུཿཔ་ཤཾ་གུ་རུ་པདྨ་ཧ་རི་ནི་ས་སིདྡྷི་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཛཿཛ༔ སྐབས་སུ་འཛབ་ཀྱི་བསྟོད་པ་བྱ་སྟེ༔ ཨེ་མ་ཧོ༔ རིན་ཆེན་འབར་བའི་གཞལ་ཡས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྙིང་པོ་འཛབ་ཀྱི་མཆོད་པ་འབུལ༔ ལྷུན་གྲུབ་བདེ་ཆེན་དངོས་གྲུབ་སྩོལ༔ ད་ནི་ཚོགས་ཀྱི་ཆོ་ག་བསྟན༔ བདག་ཉིད་ཀུན་བཟང་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས༔ མ་དག་མཚན་མ་བསྲེགས་གཏོར་བཀྲུས༔ ཨཱོྃ་གྱིས་སྣོད་ནི་རིན་པོ་ཆེ༔ ཨཱཿཡིས་ཞལ་ཟས་དཔག་མེད་སྤེལ༔ ཧཱུྃ་གིས་ལྷ་ལ་ཕུལ་བས་མཉེས༔ ཨཱོྃ་ཨཱཿཧཱུྃ༔ དབྱིངས་དང་ཡེ་ཤེས་སྦྱར་བའི་ཚོགས༔ མཁའ་དང་ཀློང་དུ་གྲུབ་པའི་གཏེར༔ ཐབས་དང་ཤེས་རབ་རོལ་པའི་བཅུད༔ དཀར་མངར་ཤ་ཁྲག་ཡུ་ཏི་དང༔ གཟུགས་སྒྲ་དྲི་རོ་རེག་རྒྱན་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ བཀའ་སྐྱོང་སྲུང་མ་རྣམས་ལ་འབུལ༔ བཞེས་ཏེ་བདག་ལ་དངོས་གྲུབ་སྩོལ༔ དེ་ནས་བསྒྲལ་ཏེ༔ བདག་ཉིད་བླ་ཆེན་ཐུགས་ཀ་ནས༔ ཧ་རི་ནི་ས་བཞི་འཕྲོས་པས༔ མཁའ་འགྲོ་མ་བཞིར་གྱུར་ནས་ནི༔ ཕྱག་ན་ལྕགས་ཀྱུ་ཐོད་ཁྲག་བསྣམས༔ སྣང་ཞིང་སྲིད་པའི་གནོད་བྱེད་རྣམས༔ བཀུག་ནས་ཞལ་ཟས་ཚོགས་ལ་བསྟིམ༔ བསྭོ༔ སྐྱེ་འགག་མེད་པའི་དབྱིངས་ཉིད་ལས༔ གཡོ་བ་ཡེ་ཤེས་ཆོ་འཕྲུལ་བསྟན༔ ལོག་རྟོག་དྲྭ་བ་འཇོམས་མཛད་པ༔ ཁོད་སྤུངས་དྲན་པ་མུ་ལའི་སྐུ༔ མཐིང་ནག་འཇིགས་ཚུལ་རྔམ་བརྗིད་ཅན༔ སྐུ་ལས་འགུགས་བྱེད་ཚྭ་ཚྭ་འཕྲོ༔ རྒོད་ལྕམ་ཟ་བྱེད་ཚོགས་ཀྱིས་བསྐོར༔ ཕྱག་མཚན་གཅོད་བྱེད་མཚོན་ཆ་ཡིས༔ ལོག་འདྲེན་སྐྱེ་མེད་དབྱིངས་སུ་བསྒྲལ༔ འགག་མེད་རོལ་པའི་ཀློང་དུ་བསྟིམ༔ ཛ་ལ་པད་དོ་སྤུངས་སོ་ཐུན༔ དེ་ནས་བཤགས་ཏེ༔ ན་མོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ནི་ཉོན་མོངས་དབུལ་ཕོངས་ཅན༔ རྒྱུ་མེད་འབགས་བཙོག་མ་དག་དང༔ ལུས་ངག་ཡིད་གསུམ་ཉམས་པ་བཤགས༔ ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་བསྟབ་སྟེ༔ ཨེ་མ་ཧོ༔ སྐྱེ་མེད་ནམ་མཁའ་ཡངས་པའི་ཞལ་ཕྱེས་ཤིག༔ སྣ་ཚོགས་འགག་མེད་རོལ་པའི་ཕུང་པོ་བསྟབ༔ གྱེར་སྤུངས་དྲན་པ་ཡབ་སྲས་ཞལ་ཕྱེས་ཤིག༔ མཚན་མ་རྟོག་འཛིན་བསྒྲལ་པའི་ཕུང་པོ་བསྟབ༔ ཡུམ་ཆེན་མཁའ་འགྲོ་འཁོར་བཅས་ཞལ་ཕྱེས་ཤིག༔ ལོག་འདྲེན་དགྲ་བགེགས་བསྒྲལ་པའི་ཕུང་པོ་བསྟབ༔ ཁཱ་ཧི་ཁཱ་ཧི༔ དེ་ནས་ཚོགས་ཀྱི་དངོས་གྲུབ་རོལ༔ ཨེ་མ་ཧོ༔ གཟིགས་ཤིག་མཛེས་ལྡན་བོན་དང་ཆོས༔ འདི་ལ་རྣམ་རྟོག་བྱར་མི་རུང༔ རྒྱལ་པོ་བྲམ་ཟེ་ཁྱི་དང་ཕག༔ གཙང་དམེ་ཐ་དད་འཛིན་རྟོག་སྤངས༔ མཁའ་ཀློང་དབྱིངས་ཀྱི་དངོས་གྲུབ་ལ༔ དབྱེར་མེད་གཅིག་ཏུ་རོལ་ཏེ་བཞེས༔ ཨ་ལ་ལ་ཧོ༔ དེ་ནས་ཚོགས་ལྷག་ཁ་ཆུས་བྲན་ལ༔ ཨཱོྃ༔ བདེ་གཤེགས་བཀའ་ཡི་ཕ་འབབ་འདི༔ འདོད་ཡོན་རྣམ་ལྔར་བྱིན་བརླབས་ནས༔ ཚོགས་ཀྱི་ལོངས་སྤྱོད་མི་མངའ་བ༔ ཡི་དྭགས་བགེགས་རིགས་དམན་པའི་ཚོགས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས༔ ཕམ་རྒྱལ་མེད་པར་ཐོབ་ནས་ཀྱང༔ རང་རང་འདོད་པ་ཚིམས་གྱུར་ཅིག༔ སུ་ར་ར་ཏི་ཡེ་སྭཱ་ཧཱ༔ དེ་ནས་སྨོན་ལམ་བཏབ་སྟེ༔ ཨེ་མ་ཧོ༔ ཀུན་བཟང་ཐུགས་ལས་སྤྲུལ་པའི་ཁོད་སྤུངས་དྲན་པ་ཡབ་སྲས་འཁོར་དང་བཅས་པ་རྣམས་ལ་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ཕུལ་བས༔ མ་རྟོག་འཁྲུལ་པ་གཟུང་འཛིན་ལས་གྱུར་པའི་དགྲ་བགེགས་རྣམས་དང༔ ཉོན་མོངས་དུག་ལྔ་ལས་གྱུར་པའི་སྡིག་སྒྲིབ་རྣམས༔ སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་བ་དང༔ འགག་མེད་ཀྱི་ཀློང་དུ་བསྟིམ་པ་ཁོ་ནར་མཛད་དུ་གསོལ༔ རྟགས་རྣམས་བྱུང་ནས་དངོས་གྲུབ་བླངས་ཏེ༔ ཨཱོྃ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན༔ དྲན་པ་ཡབ་སྲས་འཁོར་དང་བཅས༔ ཡ་མཚན་རྨད་བྱུང་སྐུ་ཡི་མཆོག༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགྲོ་འདུལ་སྒྲ་སྒྲོག་གསུང་གི་མཆོག༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ མཉམ་ཉིད་དག་པ་ཐུགས་ཀྱི་མཆོག༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཿཧཱུྃ་རཏྣ་སིདྡྷི་འདུ༔ གཞན་དོན་དབང་བསྐུར་ཅི་རིགས་བྱ༔ རྗེས་ཀྱི་ངོ་སྤྲོད་ལ་སོགས་བྱ༔ དེ་ནས་སྨོན་ལམ་འདི་ལྟར་གདབ༔ བདག་གི་དགེ་བའི་རྩ་བ་འདིས༔ འགྲོ་བའི་སྒྲིབ་གཉིས་བྱང་ནས་ཀྱང༔ ལམ་གྱི་ཡོན་ཏན་རྩལ་རྫོགས་ཤིང༔ ཡབ་སྲས་གསུམ་གྱི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་དོ༔ ཡབ་སྲས་བཅུད་དྲིལ་གྱི་ཤོག་ཆུང་ྀཨཚ༔ བཀྲ་ཤིས་པར་ཤོག། །། ༄༅༔ ཡབ་སྲས་བཅུད་དྲིལ་གྱི་སྒྲུབ་པ་བཞུགས་སོ༔ ༔༔ྈྈྈ ༔༔ ཨེ་མ་ཧོ༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ གཉིས་འཛིན་དྲི་མ་བསལ་བའི་ཕྱིར༔ བོན་ཆོས་གཉིས་ཀྱི་བཅུད་བསྡུས་ནས༔ ཟབ་མོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་བསྟན༔ འདི་ལ་རྣམ་པ་གསུམ་ཡིན་ཏེ༔ སྦྱོར་བ་དངོས་གཞི་མཇུག་གསུམ་མོ༔ སྐལ་ལྡན་བུ་ཡིས་ཉམས་སུ་ལོངས༔ ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ༔ དབང་གི་ཆུ་རྒྱུན་མ་ཆད་པ་ལས༔ དབང་མཆོག་ལེགས་པར་ཐོབ་ནས༔ སྣོད་དང་ལྡན་པའི་སློབ་བུ་དེས༔ གནས་དབེན་པར་མཁོ་བའི་རྒྱུ་རྐྱེན་བསགས༔ ཕྱི་ནང་གི་མཚམས་བཅད༔ དཀྱིལ་འཁོར་པདྨ་འདབ་བཞི་ལ་ཨཱ༔ པདྨ་ཟེའུ་འབྲུ་གཉིས་རྡོ་རྗེ༔ གཉིས་གཡུང་དྲུང་གིས་བརྒྱན་པ་བྲི༔ དབུས་སུ་མཉྫིའི་ཁྲིའི་སྟེང་དུ༔ གཏོར་མ་ཉི་ཟླ་ནོར་བུས་མཚན་པ༔ སྤོད་ལ་སོགས་བཅུད་ཀྱིས་བྲན་ལ་བཞག༔ དེའི་སྟེང་དུ་བསྐྱེད་རིམ་ནས་འབྱུང་བ་ལྟར༔ སྐུ་བྲིས་ལ་སྙིང་པོ་དང་བཅས་པ་བཙུག༔ དར་གྱི་གུར་ཕུབ་སྨན་རཀ་གཉིས་བཤམ༔ ཕྱི་ནང་གི་མཆོད་པ་གང་འཛོམ་བཤམས་ལ༔ བདེ་བའི་སྟན་ལ་འདུག༔ བགེགས་ལ་ལན་ཆགས་གཏོར་མ་སྦྱིན༔ ལག་པ་ཐལ་མོ་སྦྱར་ལ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད༔ དྲན་པ་ཡབ་སྲས་གསུམ་ལ་སྐྱབས་སུ་མཆི༔ རིགས་དྲུག་འཁོར་བའི་སྡུག་བསྔལ་སྐྱབས་པ་དང༔ སྐུ་གསུམ་ཞིང་དུ་འདྲེན་པར་སེམས་བསྐྱེད་དོ༔ ཞེས་ལན་གྲངས་མང་པོའི་མཇུག་ཏུ༔ རིག་འཛིན་གནས་ནས་སྐད་ཅིག་འདིར་བྱོན་ལ༔ ཏིང་འཛིན་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་དགྱེས་པའི་མཆོད་པ་འབུལ༔ ཚོར་དང་མ་ཚོར་སྡིག་པ་མཐོལ་ལོ་བཤགས༔ དུས་གསུམ་བླ་མའི་མཛད་པར་རྗེས་ཡི་རང༔ གང་ལ་གང་འཚམ་གདམས་ངག་བསྟན་དུ་གསོལ༔ ཞི་བར་མི་འདའ་སེམས་ཅན་དོན་མཛོད་ཅིག༔ དུས་གསུམ་དགེ་བ་སྐུ་གསུམ་ཞིང་དུ་བསྔོ༔ སྲིད་གསུམ་ཐམས་ཅད་བླ་མེད་ས་ཐོབ་ཤོག༔ ཅེས་ལན་གསུམ་གྱི་བར་དབྱངས་དང་བཅས་ཏེ་ཚོགས་བསགས་པ་དང༔ ཨཱོྃ་ཨཱཿཧཱུྃ་གསུམ་གྱིས་མཆོད་རྫས་རྣམས་བདུད་རྩི་དཔག་ཏུ་མེད་པར་བྱིན་གྱིས་བརླབ༔ དེ་ནི་སྔོན་དུ་འགྲོ་བའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཀ་ཐཾ༔ དངོས་གཞིའི་བསྙེན་པ་ནི༔ མདུན་གྱི་ནམ་མཁའ་ལ་རྩ་བའི་བླ་མ་བསྒོམས་པའི་གནས་གསུམ་དུ་ཨཱོྃ་ཨཱཿཧཱུྃ་གསུམ་གསལ་ཞིང༔ མོས་གུས་གདུང་བ་བསྐྱེད་ལ༔ སྐུ་དབང་ལུས་ལ་བསྐུར་དུ་གསོལ༔ ཨཱོྃ༔ གསུང་དབང་ངག་ལ་བསྐུར་དུ་གསོལ༔ ཨཱ༔ ཐུགས་དབང་སེམས་ལ་བསྐུར་དུ་གསོལ༔ ཧཱུྃ༔ ཞེས་བརྗོད་པས༔ བླ་མའི་གནས་གསུམ་ནས་དཀར་དམར་མཐིང་གསུམ་གྱི་འོད་ཟེར་འཕྲོས་ཤིང་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ལ༔ ཨཱོྃ་ཨཱཿཧཱུྃ་ཞེས་འབྲུ་གསུམ་བྱེ་བ་བསྙེན་པར་བྱ༔ དེ་ནས་ཁྲུས་བྱ་བ་དང༔ ཉི་ཟླ་ཤར་བ་ལ་སོགས་བཟང་རྟགས་བྱུང་བ་དང༔ བླ་མ་ཉིད་བདག་གི་སྤྱི་གཙུག་ཏུ་ཐིམ༔ དར་གཅིག་མ་བཅོས་མཉམ་པ་ཆེན་པོར་བཞག་གོ༔ དེ་ནས་སྒྲུབ་པ་ནི༔ གཞི་མ་བཅོས་མཉམ་པ་ཆེན་པོ་ལ༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་ལ་འཁྱམས་པ་སྙིང་རེ་རྗེ༔ སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་ཞིག་གི་ངང་ལ༔ རིག་པ་འགྱུ་བྱེད་རྟོལ་སྐྱེས་སུ་ཡི་གེ་འབྲུ་གསུམ་དུ་གྱུར༔ དེ་ལས་མེ་འབར་བས༔ ཕྱི་སྣོད་ནང་བཅུད་ལུས་དང་བཅས་པ་བསྲེགས༔ སྣོད་དག་པ་ལྷ་ཡི་གཞལ་ཡས་ཁང་དུ་གྱུར༔ ལུས་དག་པ་ཉི་ཟླ་པདྨ་སེང་གེ་བརྒྱད་བསྣོལ་གྱི་སྟེང་ན༔ སྐུ་བླ་ཆེན༔ གསུང་ཚེ་དབང༔ ཐུགས་པད་འབྱུང་གསུམ་གྱི་ངོ་བོ༔ ཞལ་གསུམ་པ༔ གཡས་དཀར་ཞི་བ༔ གཡོན་དམར་བཞད་པ༔ དབུས་མཐིང་ག་ཁྲོ་བ༔ དབུ་སྐྲ་ལྕང་ལོ་ལི་ལྗང༔ རིན་པོ་ཆེའི་པྲོག་ཞུ་ཅན༔ སྐུ་མདོག་མཐིང་ག་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཡུམ་ཆགས་བྱམས་རྒྱས་འདེབས་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ཞིང་ཡབ་ལ་འཁྲིལ་བ༔ རྩ་ཞལ་དང་ཞལ་སྤྲད་ནས་ལྗགས་འཇིབས་པ༔ སྐུ་མདོག་དཀར་དམར་མདངས་དང་ལྡན་པ༔ ཤིན་ཏུ་མཛེས་པའི་ངང་ཚུལ་ཅན༔ ཕྱག་དང་པོ་གཉིས་སྤྱི་བོའི་གཙུག་ཏུ༔ ཐབས་ཤེས་གཉིས་མེད་ཉི་མ་དང་ཟླ་བ་ཆ་ལང་རྡེབ་པའི་ཚུལ་དུ་བསྣམས་པ༔ བར་མ་གཉིས་དྷཱ་རུ་ཁྲི་ལོ་སྣང་སྟོང་དབྱེར་མེད་ཀྱི་ཚུལ་དུ་ཡུམ་ལ་འཁྱུད་ནས་བསྣོལ་བ༔ འོག་མ་གཉིས་འཁོར་འདས་གཉིས་མེད་བརྡ་མཚོན་པའི་ཚུལ་དུ༔ རྡོ་རྗེ་དང་ཐོད་པ་བདུད་རྩིས་བཀང་བ༔ གདེངས་ཐབས་དང་ངོམ་ཐབས་སུ་བསྣམས་པ༔ ཞབས་སྐྱིལ་མོ་ཀྲུང་དར་ཟབ་ཀྱི་རྒྱན་ལྷབ་ལྷུབ་ཀྱིས་སྤྲས་པ༔ ཐུགས་ཀར་ཡབ་ཡུམ་ཉི་ཟླ་ཁ་སྦྱོར་གྱི་བར་ན་ཧཱུྃ་ལ་སྙིང་པོས་བསྐོར་བ་ལས་འོད་ཟེར་འཕྲོས༔ དུས་གསུམ་གྱི་བདེར་གཤེགས་ཐམས་ཅད་ལ༔ སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ༔ འོད་ཟེར་དང་ཐུགས་བཅུད་ཐམས་ཅད་ཚུར་བསྡུས༔ བདག་གིས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ ཡང་ཕར་འཕྲོས་པས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ ཐམས་ཅད་ལྷའི་ངོ་བོར་ཁྲོང་ཁྲོང་གྱུར་པར་བསམ༔ དེའི་ཕྱོགས་བཞི་ན་མཁའ་འགྲོ་མ་སྡེ་བཞིས་ཞི་རྒྱས་དབང་དྲག་གི་ལས་བསྒྲུབ་ཅིང༔ ཆ་ལུགས་ཀྱང་བུ་མོ་ལོ་བཅུ་དྲུག་གི་ན་ཚོད༔ རུས་པའི་རྒྱན་ཅན་དྷཱ་རུ་དང་ཐོད་ཁྲག་བསྣམས་པ་ལ༔ རང་རང་འདྲ་བའི་འཁོར་གྲངས་མེད་པས་བསྐོར་བར་བསམ༔ འཇམ་རླུང་གཟུང་ཞིང་དམིགས་པ་ཡང་ཡང་གསལ་གདབ་བོ༔ དེ་ནི་སྐུ་ཡི་འཁོར་ལོ་བསྒོམ་པ་ཡིན་ནོ༔ ࿊ ྈྈྈྈྈ ད་གཉིས་པ་གསུང་གི་འཁོར་ལོ་བསྒོམ་པ་ནི༔ ཨཱོྃ་ཨཱཿཧཱུྃ་་་སྐུ་གསུང་ཐུགས། ཨ་དཀར་གསལ་འབར་་་དུས་གསུམ་བདེ་གཤེགས་ངོ་བོ། དྲན་པ་མུ་་་བླ་ན་མེད་པའི་མཆོག།ལ་ཉེ་ལོ་ཡོ་་་དབོན་སྲས་དྲན་ཆོག།ཨཱ་ཡུཿཔ་ཤཾ་་་དུས་གསུམ་བདེ་གཤེགས་གསུང་གི་ཚེ་དབང་རིག་འཛིན།གུ་རུ་པདྨ་་་ཐུགས་ཀྱི་ངོ་བོ་པདྨ་འབྱུང་གནས།ཧ་རི་ནི་ས་སིདྡྷི་ཧྲིང་ཧྲིང་ཧཱུྃ་ཧཱུྃ་ཛཿཛ༔་་་དུས་གསུམ་བདེ་གཤེགས་ཀུན་གྱི་ཕྲིན་ལས་སྒྲུབ་པའི། མཁའ་འགྲོ་མ་གཡུང་དྲུང་འཁོར་ལོ་པདྨ་རིན་ཆེན་རིགས་ལ་སོགས་ཀུན་གྱིས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྡུས་ཤིག །ཞེས་བརྗོད་པས༔ འོད་ཟེར་འཕྲོས་ནས་སྐུ་གསུམ་དག་པའི་ཞིང་ཁམས༔ གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ནས༔ བླ་ཆེན་དྲན་པ་ཡབ་སྲས་འཁོར་དང་བཅས་པ་རྣམས༔ སྤྱན་དྲངས་ནས་མདུན་གྱི་བར་སྣང་ལ་དངོས་སུ་བཞུགས་པར་བསམ༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ སྐྱེ་མེད་ཞི་བའི་ངང་ཚུལ་ལས༔ ལྷག་མཐོང་ཐུགས་རྗེའི་རྩལ་ཤར་བ༔ སྐུ་ཡི་ངང་ཚུལ་བླ་ཆེན་དང༔ གསུང་གི་ངང་ཚུལ་ཚེ་དབང་དང༔ ཐུགས་ཀྱི་ངང་ཚུལ་པད་འབྱུང་གསུམ༔ གཉིས་མེད་བདེ་སྟོང་ཡུམ་དང་བཅས༔ འཁོར་ཡང་མཁའ་འགྲོ་བོན་སྐྱོང་བསྐོར༔ སྐུ་ནི་མ་ངེས་ཞི་མ་ཁྲོ༔ བཞད་དང་འཛུམ་དང་ཡ་ལ་ལ༔ ཕྱག་རྒྱ་གར་སྟབས་ལིངས་སེ་ལིང༔ ཞབས་ཀྱང་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འོད་ཟེར་གཞའ་ཚོན་ཤིགས་སེ་ཤིག༔ གསུང་ཡང་མ་ངེས་བོན་ཆོས་སྒྲ༔ གྲགས་སྟོང་སྒྲ་དབྱངས་དི་རི་རི༔ གདམས་ངག་སྦྲང་ཆར་སི་ལི་ལི༔ བརྡ་སྐད་རྔ་སྒྲ་འུ་རུ་རུ༔ ཐུགས་ཀྱང་མ་ངེས་སྤྲོས་དང་བྲལ༔ དྲན་སྟོང་ཆེན་པོ་ཝ་ལ་ལ༔ རིག་སྟོང་ངང་དུ་ཧྲིགས་སེ་ཧྲིག༔ གསལ་སྟོང་ངང་ནས་ཡ་ལ་ལ༔ འཁོར་འདས་དབྱེར་མེད་ཕྱ་ལ་ལ༔ འཁོར་ཡང་མཁའ་འགྲོ་དུ་མས་བསྐོར༔ རང་རང་ལས་བྱེད་ཁྱུགས་སེ་ཁྱུག༔ ཡི་དམ་ཐམས་ཅད་བར་སྣང་གང༔ ཐུགས་རྗེའི་དངོས་གྲུབ་ཀྱི་ལི་ལི༔ བཀའ་སྡོད་དམ་ཅན་ས་གཞི་གང༔ དམ་ཚིག་གཞུང་སྲོང་ཐ་ལ་ལ༔ རིགས་དྲུག་སྐྱེ་འགྲོ་འདུལ་ཞིང་གང༔ ཐམས་ཅད་མོས་གུས་དུངས་སེ་དུང༔ ཕྱི་ནང་མཆོད་པས་ཡུལ་དྲུག་གང༔ གཙང་མཛེས་ཡིད་འོང་ཀྱི་ལི་ལི༔ མཆོད་འབུལ་ལྷ་མོས་སྣང་སྲིད་གང༔ གདུང་དབྱངས་གླུ་བཞད་ཙེ་རེ་རེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་མཆོག་འདི་རུ་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དད་མོས་བུ་ལ་བྱིན་གྱིས་རློབས༔ ཏིང་འཛིན་ཡིད་ཀྱི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྷ་ཚོགས་དབང་སྐུར་ཅིག༔ ཨ་འཐས་གྲོལ་བར་བྱིན་གྱིས་རློབས༔ སྣང་སེམས་འདྲེས་པར་བྱིན་གྱིས་རློབས༔ སྣང་ཉམས་འུར་བར་བྱིན་གྱིས་རློབས༔ ཤེས་ཉམས་གྲོལ་བར་བྱིན་གྱིས་རློབས༔ གཅེས་འཛིན་ཐོང་བར་བྱིན་གྱིས་རློབས༔ རེ་དོགས་བྲལ་བར་བྱིན་གྱིས་རློབས༔ ༈ མེ་ཏོག་ལ་སོགས་ཕྱི་མཆོད་ཀུན༔ མཛེས་ཤིང་གཙང་མའི་ཚུལ་གྱིས་འབུལ༔ སྨན་རཀ་བདུད་རྩི་ནང་མཆོད་ཀུན༔ རྒྱ་ཆེ་གཏིང་ཟབ་ཚུལ་གྱིས་འབུལ༔ བདེ་སྟོང་ཡབ་ཡུམ་གསང་མཆོད་ཀུན༔ གཉིས་མེད་རོ་སྙོམ་ཚུལ་གྱིས་འབུལ༔ སྤྲོས་བྲལ་གཞི་ཡི་མཆོད་པ་འདི༔ སྐྱེ་བ་མེད་པའི་ངང་དུ་འབུལ༔ འགག་མེད་ལམ་གྱི་མཆོད་པ་འདི༔ འགྱུ་འཛིན་རང་གྲོལ་ཆེན་པོར་འབུལ༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་འདི༔ བྲི་གང་མེད་པའི་ངང་དུ་འབུལ༔ སྣ་ཚོགས་འབྱོར་ལྡན་ཚོགས་མཆོད་འདི༔ བདག་གཞན་ཚོགས་གཉིས་རྫོགས་ཕྱིར་འབུལ༔ འཛབ་བཟླས་སྔགས་ཀྱི་མཆོད་པ་འདི༔ ཏིང་འཛིན་ཐུགས་རྒྱུད་བསྐུལ་ཕྱིར་འབུལ༔ འོད་ཟེར་སྤྲོ་བསྡུའི་མཆོད་པ་འདི༔ ཕྲིན་ལས་མཐའ་རུ་ཕྱིན་ཕྱིར་འབུལ༔ དགྱེས་པའི་མཆོད་པ་ངང་བཞེས་ལ༔ ཁམས་གསུམ་སྡུག་བསྔལ་དོང་སྤྲུགས་ཤོག༔ ཅེས་མཆོད་པ་ཕུལ་བས་མཉེས་ནས་བདག་ལ་ཐིམ་པས༔ ཆུ་དང་ཆུ་འདྲེས་པའམ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་གཉིས་སུ་མེད་པར་བསམ༔ སྔགས་ཀྱི་ཕྲེང་བ་བདག་གི་ཁོག་པར་ཐིམ༔ ཁོག་པའི་ནང་ནས་བརྒྱུད༔ རྡོ་རྗེའི་རྩེ་ལ་ཐོན༔ ཡུམ་གྱི་པདྨར་ཞུགས༔ ཡུམ་གྱི་ཞལ་ནས་ཀྱང་རང་གི་ཞལ་ནས་ཐིམ་པས༔ འཁོར་ལོ་འཁོར་བ་ལྟར་དམིགས་ལ༔ རྩ་བའི་སྔགས་རབ་སྒྲ་ཆེན་འཛབ་དབྱངས༔ འབྲིང་ཤུབ་བུ༔ ཐ་མ་གོང་བས་ཐོས་པ་ཙམ་དུ་འབུམ་ཕྲག་གཅིག་གམ༔ ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ་བཟླ་བར་བྱའོ༔ ࿊ མཐར་ཐུག་རྫོགས་པའི་རིམ་པ་ནི༔ དེ་ལྟར་ལྷ་དང་བླ་མ་བསྒོམ་པའི་དུས་ན༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ སྣང་སྟོང་ངོས་གཟུང་མེད་པའི་རིག་པ་སྤྲོས་བྲལ་ངང་ལ་བསྐྱེད་བཟླས་བྱ་བ་ཡིན་ཞིང༔ རྒྱས་པ་འོག་ནས་འབྱུང་བ་ལྟར་རོ༔ དེ་ལྟར་བསྒྲུབས་པས་དབང་པོ་རབ་ལ་ཞག་བདུན་ནས་ཞལ་མཇལ་བ་དང༔ གསུང་འབྱོན་པ་དང༔ རྟོགས་པ་འཆར་བ་དང༔ ཉམས་དངོས་རྨི་ལམ་ལ་བཟང་རྟགས་གྲུབ་རྟགས་སྤྱི་ལྟར་འབྱུང་ཞིང༔ འབྲིང་ལ་བཅུ་བཞི༔ ཐ་མ་ཉི་ཤུ་རྩ་གཅིག་ལ་མི་འབྱུང་མི་སྲིད་དོ༔ དེའི་བར་དུ་མི་གཙང་བ་ལ་འཛེམ༔ མཚམས་ཤིན་ཏུ་དམ་པ་དང༔ ཉམས་གྲིབ་ཀྱིས་མ་ཟིན་པ་ཁོ་ན་གལ་ཆེའོ༔ ཉམས་ལའང་བདེ་བ་དང༔ གསལ་བ་དང༔ མི་རྟོག་པ་དང༔ མི་སྲིད་པ་ཐམས་ཅད་འབྱུང་ངོ༔ དངོས་སུ་ཡང་ཡབ་སྲས་གསུམ་མམ༔ མཁའ་འགྲོའི་དངོས་གྲུབ་གླུ་དབྱངས་དི་རི་རི་སྟེར་བ་དང༔ ལ་ཉེ་བཟང་པོ་དང༔ རང་གི་བླ་མའི་ལུང་བསྟན་པ་ལ་སོགས་འབྱུང་ངོ༔ རྨི་ལམ་དུ་ཡང་ཤེལ་དང་གཏེར་རྙེད་པ་དང༔ ཆུ་དང༔ འབྲུ་དང༔ རིན་པོ་ཆེ་རྡོལ་བ་དང༔ དར་འཕྱར་བ་དང༔ དུང་འབུད་པ་དང༔ སྐྱེ་འགྲོ་འདུ་བ་དང༔ བུད་མེད་མཛེས་མ་མང་པོས་དངོས་གྲུབ་ཀྱི་རྫས་སྦྱིན་པ་དང༔ ཡབ་སྲས་གསུམ་གང་རུང་ཞིག་དང་མཇལ་བ་ལ་སོགས་མི་འབྱུང་མི་སྲིད་དོ༔ དེ་ལྟར་རྟགས་རྣམས་བྱུང་བ་དང༔ དབང་བླང་དཀྱིལ་འཁོར་བསྡུ༔ སྤྲོས་བཅས་ཀྱི་ལག་ལེན་ཐམས་ཅད་རྦད་ཀྱིས་བཅད་ལ༔ ཐོག་མར་མི་རྟག་པ་དང་འཆི་བ་བསམ་ལ༔ དེ་ནས་རིགས་དྲུག་སྡུག་བསྔལ་བསམ༔ དེ་ལས་ཐར་པའི་ཕྱིར༔ བསོད་ནམས་ཀྱི་ཚོགས་གསག༔ རྒྱུད་ཀྱི་སྡིག་སྒྲིབ་སྦྱང༔ བླ་མ་ལ་གསོལ་བ་གདབ༔ རྗེས་བདེ་བའི་སྟན་ལ་ཕྱག་རྒྱ་ལྔ་ལྡན་བཅས་ལ་རླུང་རང་སར་གཏང༔ སེམས་མ་བཅོས་པར་གཞག༔ མིག་སྣ་རྩེའམ་བར་སྣང་ཁྲུ་གང་གི་ཐད་དུ་ཚབ་ཚུབ་དང་ལྷབ་ལྷེབ་མེད་པར་ཧད་དེ་གཏད་ལ་ཉིན་ཞག་གསུམ་གསུམ་དུ་ཐུན་བརྒྱད་ཕྱེ་ལ་བསྒོམ༔ དེས་སེམས་ཟིན་པའི་རྟགས་ཤར་བ་དང༔ གནས་པ་རི་བོ་ལྟར་ཨ་ཕྱལ་ལེ་གནས་པ་དེའི་ངང་ལ༔ ཐང་ཀ་ལ་སོགས་སྐུ་གཅིག་མདུན་དུ་བཞག་ལ༔ དེ་ཁོ་ན་འདྲ་བ་ཞིག་ཁྱུང་ལུང་དངུལ་མཁར༔ གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ནས༔ སྤྱན་དྲངས་རང་ལ་ཐིམ་པར་བསམས་ནས༔ ངེས་པར་འབྱོན་རྒྱུ་ཡོད་པ་ཡིན་ནམ༔ རང་གི་བཟང་རྟོགས་སུ་བསྒོམ་པ་ཡིན༔ འབྱོན་རྒྱུ་ཡོད་ན་ཕར་ལ་ལོག་རྒྱུ་ཨི་ཡོད༔ མེད་ན་རང་ལ་རང་གིས་བསྒོམ་པའི་བློ་བཅོས་ལ་བྱིན་རླབས་ཨི་འབྱུང༔ རང་གིས་བསྒོམ་པ་ཡིན་ན་གནས་ཆ་ནམ་མཁའ་ལྟ་བུ་དེ་བསྒོམ་པ་ཡིན་ནམ༔ འགྱུ་ཆ་རླུང་སེར་བུ་ལྟ་བུ་དེ་བསྒོམ་པ་ཡིན༔ རླུང་ལྟ་བུ་དེ་བསྒོམ་པ་ཡིན་ན༔ ནམ་མཁའ་ལྟ་བུ་དེ་དང་ཨེ་གཅིག༔ བསྒོམ་པས་ལྷར་གྱུར་པའི་དུས་སུ༔ ལྷ་དེ་འགྱུ་བ་ལ་ཐིམ་པ་ཡིན་ནམ༔ འགྱུ་བ་དེ་ལྷ་རུ་གྱུར་པ་ཡིན༔ ལྷ་དང་རང་ལ་ཁྱད་ཨི་ཡོད༔ ཡོད་ན་གནས་ཆ་ལ་ཡོད་དམ་འགྱུ་ཆ་ལ་ཡོད༔ མེད་ན་གནས་འགྱུ་གང་ལ་མེད༔ གཞི་ཐོག་ལ་ཁྱད་ཨི་ཡོད༔ ལྷའི་ཐུགས་བདེར་གཤེགས་སྙིང་པོ་དང༔ རང་གི་སེམས་ཀུན་གཞི་གཉིས་ཨེ་གཅིག༔ གཅིག་ན་ད་ལྟ་ལྷ་སངས་རྒྱས༔ རང་འཁོར་བར་འཁྱམས་པ་འདི་རྣམས་ཀྱི་ཁྱད་ཅིས་ཕྱེད༔ འདྲ་ན་ལྷ་ལ་ནུས་རྩལ་སྒྲུབ་ཐབས་ཡོད༔ རང་ལ་དེ་རྣམས་མེད་པ་ཅི་ཡིན༔ མཐར་ཐུག་འབྲས་བུའི་དུས་ན་ཁྱད་ཨི་ཡོད༔ མེད་ན་སངས་རྒྱས་ལ་བྲི་བཀོལ་མེད༔ ཡོད་ན་རང་ཉིད་སངས་རྒྱས་པའི་དུས་སུ༔ སངས་རྒྱས་ཀྱི་མིང་དང་གདུལ་བྱའི་ཞིང་ཁམས༔ རྒྱུད་སྒྲུབ་ཐབས་ཅི་ལྟ་བུ་འབྱུང་བ་རྣམས་ལེགས་པར་གཞིག་ཅིང་ལྟ་རྟོག་དུ་མའི་སྒོ་ནས་བརྟགས་པས༔ གནས་པ་སྐྱེ་མེད་དེའི་རྩལ་ལམ་རོལ་པ་ཙམ་དུ་རྟོགས་པའི་ངོ་བོ་ལྷམ་མེ་ཤར༔ ཤར་བ་དེ་ཀའི་དུས་ན་ངོ་བོ་སྟོང་ཉིད་བློ་བྲལ་དུ་ཕྱ་ལེ་བ་དེ༔ བདེ་བར་གཤེགས་པའི་ཐུགས་མི་འགྱུར་བའི་ངོ་བོ་ལ༔ གནས་པ་རང་བཞིན་དེ་ལྷ་རུ་གསལ་ལམ་མེ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ༔ སྣང་སྟོང་གཉིས་སུ་མེད་པ་ལ༔ རིག་ཆ་ཐུགས་རྗེ་ཕྱོགས་ཀུན་ནས༔ མ་འགགས་པར་ཧྲིག་གེ་ཡེ་རེ་བ་དེ་སྤྲུལ་པའི་སྐུ་ཡིན་ཏེ༔ སྟོང་པ་གཞི༔ གསལ་བ་ལམ༔ དབྱེར་མེད་ཟུང་འཇུག་སྤྲུལ་པའི་སྐུའམ༔ འབྲས་བུ་འབད་མེད་ཡེ་རྫོགས་ཞེས་ཟེར་རོ༔ ངོ་བོ་སྟོང་པ་རང་བཞིན་གཞི་ཐོག་ནས༔ ཚོགས་དྲུག་གམ་དབང་པོའི་ཡུལ་ལམ་སྣང་བ་ལ༔ བཟང་ངན་བློ་བཅོས་མདུད་པ་དང་བྲལ་ནས༔ འགྱུ་བ་ཤར་དུས་ལྷོད་དེ་གྲོལ་བ་ནི༔ སྣང་ཤེས་གཉིས་མེད་ཉམས་སུ་ལེན་པའི་མཐིལ་སོ་ཡིན་པས༔ སྟོང་ཆ་དེ་ལ་གསལ་ཆ་མ་འགགས་ཡོངས་གྲོལ་དུ༔ འགྲོ་འཆག་ཟ་ལང་གང་བྱེད་ཀྱང༔ མ་ཡེངས་པར་ཉམས་སུ་བླང་བར་བྱ༔ དེ་ཞི་ལྷག་དབྱེར་མེད་དུ་ངོ་སྤྲད་པས༔ བསྒོམ་མ་སྐྱེས་པ་སྐྱེ་བའི་ཐབས་མཆོག་ཡིན་ནོ༔ ད་སྐྱེས་པ་དེ་ལ་བོགས་འདོན་པ་ནི༔ ནང་གི་རྣམ་རྟོག་དུག་ལྔ་ཡང༔ ཆེད་དུ་བླངས་ལ་མ་སྤང་རྩིས་བཟུང༔ ནད་ལ་ན་སར་བླ་མ་ཉིད་བསྒོམས་ལ༔ རྗེས་དམིགས་མེད་དུ་བཞག་ན་བོགས་འདོན་འབྱུང༔ སྡུག་བསྔལ་ལ་ཡང་སྡུག་བསྔལ་གྱི་ངོ་བོ་ཁ་དོག་དབྱིབས་ཐམས་ཅད་གཞིག་ལ་བོགས་འདོན༔ ལྷ་འདྲེ་ལ་སོགས་ལ་ཡ་ང་བག་ཚ་བ་འཇིགས་པ་མི་ཁ་གཏམ་ངན་ལྟས་ངན་བྱུར་དང་བགེགས༔ མི་ཕོད་པ་གང་བྱུང་ཡང་དེ་ཀ་ལ་རོ་སྙོམས༔ སྤང་བླང་དགག་སྒྲུབ་སྔ་ཕྱིའི་སླད་མ་ཞུགས་པར༔ འབྲོང་ཆད་མི་དང་འཕྲད་པ་བཞིན༔ གཉིས་མེད་ཁྲིག་གེར་བསྲེ་ནས་བཞག་པས༔ གཞན་གྱི་གཉེན་པོ་མེད་པས༔ ཡེ་བདེ་རང་བབ་ཀྱི་ལྟ་བ༔ རང་བདེ་རང་གསལ་གྱི་སྒོམ་ཐེབས་ན༔ བློ་བདེ་རང་གྲོལ་གྱི་གདིང་རྙེད་ནས༔ མཐར་ཐུག་སྐུ་ལྔའི་ཕྲིན་ལས་འབད་མེད་དུ་འཆར་ཞིང་སངས་རྒྱས་སོ༔ གཞན་ཡང་ཉིན་མོའི་སྣང་ཤེས་རྨི་ལམ་སྒྱུ་མ་ལྟར་ཤེས་པ་ལམ་དུ་ཁྱེར༔ མཚན་མོ་སྙིང་གི་དཀྱིལ་དུ་བླ་མ་ཚོན་གང་གསལ་བར་བསྐྱེད་ལ་འོད་གསལ་ལམ་དུ་ཁྱེར༔ ནངས་ནུབ་འདོད་ཡོན་ཚོགས་མཆོད་སྒྱུ་མའི་ཆོ་འཕྲུལ་ཙམ་ལམ་དུ་ཁྱེར༔ ཉིན་སྣང་གཞའ་འོད་ཟེར་གསུམ་ལ་སྦྱངས་ནས་འཆི་ཁར་བར་དོའི་སུན་མ་སྔོན་དུ་གསག༔ མཚན་མོ་སྒྲ་འོད་ཟེར་གསུམ་ཐིག་ལེ་རྣམས་ལ་སྦྱངས་ཤིང༔ འོད་གསལ་ལྷུན་གྲུབ་བར་དོ་ལ་གསལ་འདེབས་པའི་གནད་ལ་རྒྱུན་དུ་སྦྱང༔ འཆི་ཁ་འཆི་བྲོད་འཕོ་བའི་ལག་ལེན་ལ་ཐུན་རེ་སྦྱངས་པས༔ བླ་ཆེན་ཡབ་སྲས་གསུམ་གྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་འདྲེས་ནས༔ རང་དོན་ལྟ་བ་མཐར་ཕྱིན་པ༔ གཞན་དོན་གཟུགས་སྐུ་རྣམ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད༔ ཐུན་མོང་དུ་ཡང་ཚེ་རིང་བ་དང༔ ནད་འབྱང་བ་དང༔ གདོན་ཐུལ་བ་དང༔ སེམས་ཅན་གྱི་ཤེས་རྒྱུད་ཁྲོལ་བ་དང༔ སྙན་གྲགས་དང་ལོངས་སྤྱོད་རྣམས་མི་འདོད་བཞིན་དུ་འབྱུང་ཞིང༔ ཁྱད་པར་དུ་ཡང་མཛེ་ནད་ཅན་དང༔ རྒྱལ་འགོང་ཅན་དང༔ ཤི་འཕྲོ་ཅན་དང༔ གནམ་གདོན་ཅན་དང༔ མོ་རྩིས་ལ་ཉེ་ངན་པའི་རིགས་རྣམས་ལ་ཞག་གྲངས་ལ་བསྙེན་སྒྲུབ་ཐོན་པར་བྱ༔ མི་མཐུན་ལ་ཉེའི་བར་ཆད་ཞི་ནས༔ ཉམས་རྟོགས་ཐུན་མོང་མ་ཡིན་པ་འཆར་བ་ལ་ཐེ་ཚོམ་ཡོད་རེ་ཀན༔ དེ་ཕྱིར་ཟབ་པས་སྐལ་ལྡན་རེ་ལ་གཅིག་བརྒྱུད་ལས་མ་གནང་ངོ༔ ཉམས་སུ་ལེན་ངེས་མ་གཏོགས་པ༔ དམ་སྲེད་ཅན་གྱི་ལག་ཏུ་སོང་ན༔ བཀའ་སྲུང་གིས་ཆད་པ་ཆོད་ཅིག༔ རྗེས་ནི་བསྔོ་བ་སྨོན་ལམ་གྱིས་མཐའ་སྒྱུར་རོ༔ དམ་ཚིག་ཏུ་ཚེས་བཅུར་གཏོར་མ་མ་ཆག་པར་གཏང༔ སེམས་ཅན་གྱི་དོན་དུ་གཏོར་དབང་སྦྱིན་པར་བྱའོ༔ ཨེ་མ༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ གོ་སླ་ཁྱེར་བདེ་བླ་མ་ཡི༔ གསང་བའི་དྲིལ་སྒྲུབ་ཟབ་མོ་འདི༔ སྟག་ཚང་སེང་གེ་གསང་བའི་གནས༔ ཉམས་སུ་བླངས་པས་ཡོན་ཏན་རྒྱས༔ སྤེལ་བའི་སྣོད་ལྡན་མ་རྙེད་པ༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ མ་འོངས་ང་ཡི་གདམས་པའི་སྣོད༔ བློ་ཆེན་ཁོག་ཡངས་བོན་ཆོས་གཉིས་མེད་སྤྱོད༔ ཡབ་སྲས་གསུམ་གྱིས་བྱིན་བརླབས་རྣམ་སྤྲུལ་ཅན༔ བོན་ཞིག་གཡུང་དྲུང་མི་ཤིགས་རྡོ་རྗེ་གླིང༔ སྤྲུལ་པའི་འཁོར་ཡང་ས་གནས་སེམས་དཔའ་འདུ༔ དག་དང་མ་དག་འབྲེལ་གསུམ་ཀུན་ཏུ་འདོགས༔ དེ་ལ་སུ་རེག་ཐར་པའི་ལམ་གང་རྙེད༔ སྐལ་ལྡན་དེ་དང་བཅུད་འདི་འཕྲད་པར་ཤོག༔ གཞན་ལ་བློ་ཡིས་མ་གཏང་ཉམས་སུ་ལོངས༔ དགོས་འབྱུང་ནོར་བུ་གསལ་ཐོབ་སྒྲོམ་བུར་ཟུངས༔ སྐལ་མེད་རིགས་ངན་གསང་བའི་རྒྱ་ཐོབས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏོར་དབང་དང་རིག་པའི་ཨ་དབང་སོགས་དབང་ཆོག་ལྟར་བྱའོ༔ གཏོར་མ་དངོས་གྲུབ་ཏུ་བླང༔ རྗེས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་མོ་དམར་བྱང་ཨུ་ཡ༔ ཁ་ཐཾ༔ སྟག་ཚང་སེང་གེའི་གཏེར་ནས་ཐོན་པ་ལ། པ་གོར་དབེན་པའི་དགོན་པ་རུ། སྤྲེལ་ལོ་སྟག་ཟླ་ཚེས་བརྒྱད་ཀྱི་ཉིན། ཤོག་སེར་ལས་དག་པར་གཡུང་དྲུང་གླིང་པས་ཕབ། ཤོག་སེར་ཚ་བོ་ལས་ལེགས་པར་བཤུས། ཟབ་མི་ཟབ་ཉམས་སུ་ལོངས་དང་གསལ། སརྦ་མངྒ་ལཾ།། །། ༄༅༔ ཟབ་མོ་སྐུ་གསུམ་བཅུད་དྲིལ་གྱི་སྐོང་བ་བཞུགས༔ ྈྈྈྈྈྈ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ གོ་སླ་ཁྱེར་བདེ་སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ཀྱི་སྐོང་བ་འདི༔ རྣལ་འབྱོར་ཚེ་དང་དབང་ཐང་འགྲིབ་པ་འམ༔ དུས་མཆོད་ཆག་གམ་དམ་ཚིག་ལ་སེལ་ཞུགས་སམ༔ གྲིབ་ཕོག་གམ༔ ལྷ་སྲུང་བཀའ་ཆད་བྱུང་ངམ༔ ཡམས་དང་རྨིས་ལྟས་ངན་ནམ༔ ཆོ་འཕྲུལ་ཆེའམ༔ བཀའ་སྐྱོང་མ་མོ་འཁྲུགས་སམ༔ མཆོག་ཐུན་དངོས་གྲུབ་ཞུ་ན༔ སྐོང་བའི་ཆོ་ག་ལ་བརྩོན་པར་བྱ་སྟེ༔ སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྐོང་རྫས་གཞུང་ལས་འབྱུང་བ་བཞིན་དུ་བཤམས༔ ཕྲིན་ལས་ཀྱི་གཞུང་བསྲངས༔ ཚོགས་ཀྱི་མཆོད་པ་བྱིན་གྱིས་བརླབས་ལ་འདི་སྐད་དོ༔ ཨཱོྃ་ཨཱཿཧཱུྃ༔ མི་དམིགས་ཁྱབ་བརྡལ་ཀློང་ཡངས་ནས༔ སྐུ་གསུམ་མ་འགགས་རོལ་པའི་ངང༔ ཀུན་ཏུ་བཟང་པོ་སྤྲོས་དང་བྲལ༔ དྲན་པ་ཡབ་སྲས་འཁོར་དང་བཅས༔ རང་བཞིན་གནས་ནས་སྐུ་བཞེངས་ལ༔ མཆོད་བསྐང་གནས་འདིར་གཤེགས་སུ་གསོལ༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་མེད་ཕྱག་འཚལ་མཆོད་པ་འབུལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ ཕྱི་ནང་གསང་བ་ཡང་གསང་གི༔ ཀུན་བཟང་བླ་མེད་མཆོད་སྤྲིན་རྣམས༔ ཐོགས་མེད་མྱུར་བར་བློ་ཡིས་བསྡུས༔ གཉིས་མེད་ངང་དུ་འབུལ་ལགས་ན༔ བླང་དོར་མེད་པར་བཞེས་སུ་གསོལ༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཧཱུྃ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༔ འོག་མིན་དབྱིངས་ཀྱི་གཞལ་ཡས་སུ༔ ཀུན་ཏུ་བཟང་པོ་ལ་སོགས་ཏེ༔ དུས་གསུམ་བདེ་གཤེགས་ཐུགས་དམ་བསྐང༔ ཁྱུང་ལུང་དངུལ་མཁར་གཞལ་ཡས་སུ༔ གྱེར་སྤུངས་དྲན་པ་ལ་སོགས་ཏེ༔ སྐུ་ཡི་རིག་འཛིན་ཐུགས་དམ་བསྐང༔ བྱ་རི་གཙུག་ལྡན་གནས་མཆོག་ཏུ༔ ཚེ་དབང་རིག་འཛིན་ལ་སོགས་ཏེ༔ གསུང་གི་རིག་འཛིན་ཐུགས་དམ་བསྐང༔ རྔ་ཡབ་ཟངས་མདོག་དཔལ་རི་ན༔ གུ་རུ་པད་འབྱུང་ལ་སོགས་ཏེ༔ ཐུགས་ཀྱི་རིག་འཛིན་ཐུགས་དམ་བསྐང༔ མཁའ་དབྱིངས་ཡུམ་གྱི་གཞལ་ཡས་སུ༔ ཆགས་བྱམས་རྒྱས་འདེབས་ལ་སོགས་ཏེ༔ མ་སྲིང་མཁའ་འགྲོའི་ཐུགས་དམ་བསྐང༔ རང་རང་འགྲོ་འདུལ་ཞིང་ཁམས་སུ༔ ཡབ་སྲས་གསུམ་གྱི་རྣམ་སྤྲུལ་ཅན༔ ལྷ་ཀླུ་ཞང་ཞུང་རྒྱ་གར་དང༔ སྟག་གཟིག་བྲུ་ཤ་ཨོ་རྒྱན་དང༔ ལྗང་ཡུལ་རྒྱ་ནག་གཡོར་པོ་དང༔ མེ་ཉག་ཁ་ཆེ་བོད་ལ་སོགས༔ རིག་འཛིན་མཁའ་འགྲོའི་ཐུགས་དམ་བསྐང༔ ཞིང་ཁམས་ཆེན་པོའི་ཕྱོགས་བཞི་ན༔ ཞི་རྒྱས་དབང་དྲག་ལས་བསྒྲུབ་པའི༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང༔ ཕྱི་རིམ་བཀའ་ཉན་འཁོར་སྐྱོང་བའི༔ གདུང་བའི་ཚུལ་གྱིས་གྲོགས་མཛད་པ༔ གཡའ་རི་གངས་སྨན་ཡུལ་ས་དང༔ མཁའ་ལ་གནས་པ་སྨན་མོའི་ཚོགས༔ གཞི་བདག་བསྟན་སྐྱོང་ཐུགས་དམ་བསྐང༔ དཀྱིལ་འཁོར་ཞལ་གྱིས་ཐུགས་དམ་བསྐང༔ རྨད་བྱུང་གཏོར་མས་ཐུགས༴ ཞལ་ཟས་ཚོགས་ཀྱིས་ཐུགས༴ བདུད་རྩི་སྨན་གྱིས་ཐུགས༴ རཀྟ་དམར་གྱིས་ཐུགས༴ ལྷབ་ལྷུབ་རྒྱན་གྱིས་ཐུགས༴ སྙན་པ་སྒྲ་ཡིས་ཐུགས༴ ཞུན་མར་མདངས་ཀྱིས་ཐུགས༴ དྲི་ཞིམ་སྤོས་ཀྱིས་ཐུགས༴ བདུད་རྩི་ཤ་ལྔས་ཐུགས༴ སྦྱོར་སྒྲོལ་མཆོད་པས་ཐུགས༴ སྔགས་དང་ཕྱག་རྒྱས་ཐུགས༴ ཐུགས་དམ་དབྱིངས་སུ་བསྐངས་ནས་ཀྱང༔ བདག་ཅག་མཆེད་དང་ལྕམ་དྲལ་གྱི༔ ཆག་ཉམས་མཆིས་ན་བསྐང་ཞིང་གསོ༔ འགལ་འཁྲུལ་མཆིས་ན་མཐོལ་ཞིང་བཤགས༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ མཆོག་ཐུན་གཉིས་ཀྱི་དངོས་གྲུབ་སྩོལ༔ ཕྱི་ནང་གསང་བའི་འགལ་རྐྱེན་དང༔ བྱད་དང་དམོད་མོ་ཟོར་ཁ་དང༔ གཟའ་དང་ཀླུ་ཡི་མཛེ་ཤུ་དང༔ གནམ་ཐེལ་རྒྱལ་འགོང་ལ་སོགས་པ༔ སྡེ་བརྒྱད་གདུག་པའི་བྱོལ་ཟོར་ཟློག༔ ནད་ཡམས་མོ་རྨིས་ལྟས་ངན་དང༔ མི་མཐུན་གདུག་པའི་ཆོ་འཕྲུལ་རྣམས༔ མཁའ་ཀློང་དབྱིངས་སུ་ཞི་བར་མཛོད༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ སྟག་ཚང་སེང་གེ་འབར་བར་མཛད༔ ཕྱི་རབས་འགྲོ་བའི་དོན་ཆེད་དུ༔ ཡི་གེར་བཏབ་ནས་གཏེར་དུ་སྦས༔ མ་འོངས་ང་ཡི་གདམས་པའི་སྣོད༔ བློ་ཆེན་ཁོང་དྲང་སྐལ་ལྡན་བུ༔ ལས་ཅན་དེ་དང་འཕྲད་པར་ཤོག༔ ལས་མེད་རྣམས་ལ་རྒྱས་ཐོབས་ཤིག༔ རྒྱ་རྒྱ་རྒྱ༔ ༔
བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ (Volume 36, Text 46)
བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །གདོད་མའི་མགོན་པོ་ཀུན་བཟང་ཡུམ་ཆེན་མོ། །ངེས་པ་ལྔ་ལྡན་དབྱིངས་ཕྱུག་རྒྱལ་མོ་ལྔ། །སྤྲུལ་པའི་སྐུར་སྣང་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །གསང་བའི་བདག་པོ་མཁའ་འགྲོ་ལས་དབང་མོ། །པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་མ། །ཡེ་ཤེས་རོལ་པ་ཟུར་བཟའ་མེ་ཏོག་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །རྩ་བའི་བླ་མ་རིག་འཛིན་ཡབ་དང་ཡུམ། །ཡེ་ཤེས་མཁའ་འགྲོ་དཀྱིལ་འཁོར་ལྷ་ཡི་ཚོགས། །དཔའ་བོ་ཌཱ་ཀི་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདེ་ཆེན་ཡེ་ཤེས་སྩོལ། །ཕྱི་སྒྲུབ་སྒྲོལ་མས་བསྐྱེད་རིམ་མཐའ་རུ་ཕྱིན། །ནང་སྒྲུབ་ཕག་མོས་རྩ་རླུང་ལས་སུ་རུང་། །གསང་སྒྲུབ་གསང་བ་ཡེ་ཤེས་ཕོ་ཉའི་ལམ། །ལྷན་སྐྱེས་བདེ་ཆེན་རྟོགས་པར་བྱིན་གྱིས་རློབས། །ཡང་གསང་མནྡཱ་ར་བའི་མན་ངག་གིས། །བརྟུལ་ཞུགས་ལམ་སློང་འཆི་མེད་ཚེ་དབང་འགྲུབ། །དེ་ཁོ་ན་ཉིད་ཡེ་ཤེས་མཚོ་རྒྱལ་གྱིས། །སྣང་བཞིའི་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདིའི་བཀའ་བབས་བདེ་ཆེན་ཆོས་སྒྲོན་དང་། དད་ལྡན་ཐོན་པའི་རྗེ་བཙུན་བློ་བཟང་ཆོས་སྒྲོན་སོགས་དོན་གཉེར་མང་པོས་བསྐུལ་ངོར། མཆོག་གྱུར་བདེ་ཆེན་གླིང་པས་མཁའ་འགྲོ་འདུ་བའི་གླིང་དཔལ་གྱི་ལྷ་སར་སྦྱར་བའི་ཡི་གེ་པ་ནི་པདྨ་རང་གྲོལ་ལོ།། །།
ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབ་ (Volume 11, Text 47)
ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབ་བཞུགས་སོ། །ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་དང་། ཛྙཱ་ན་སཱུ་ཏྲ་དྲི་མེད་བཤེས་གཉེན་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །མཚོ་སྐྱེས་རྡོ་རྗེ་རྗེ་འབངས་གྲོགས་གསུམ་དང་། །འོད་གསལ་སྙིང་པོའི་ཤིང་རྟ་ཀློང་ཆེན་པ། །དབྱེར་མེད་ཀུན་མཁྱེན་འཇིགས་བྲལ་གླིང་པ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་དངོས། །དྲན་པས་གདུང་སེལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །དེ་ལྟར་སྙིང་ནས་གུས་པས་གསོལ་བཏབ་མཐུས། །སྲིད་ལས་ངེས་འབྱུང་བྱང་ཆུབ་སེམས་གཉིས་འབྱོངས། །དཔལ་ལྡན་བླ་མས་རྗེས་བཟུང་གསང་ཆེན་གྱི། །སྨིན་གྲོལ་བདུད་རྩི་ཐོབ་པར་བྱིན་གྱིས་རློབས། ཁྱད་པར་དབེན་ཞིང་ཉམས་དགའི་རི་སུལ་དུ། །ཡང་གསང་བླ་མའི་བསྙེན་སྒྲུབ་མཐར་ཕྱིན་པས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཡེ་ཤེས་སྐུས། །མངོན་སུམ་རྗེས་སུ་བཟུང་བར་བྱིན་གྱིས་རློབས། །དོན་བརྒྱུད་དགོངས་པའི་རྩལ་ཆེན་སྙིང་ལ་ཞུགས། །ཅིར་སྣང་བླ་མར་ཤར་བའི་བསྐྱེད་རིམ་དང་། །ཐུགས་ཡིད་གཅིག་འདྲེས་ཟབ་མོའི་རྫོགས་རིམ་གྱིས། །ཆོས་ཀུན་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །སྣོད་བཅུད་ཐིག་ལེ་ཆེན་པོའི་དབྱིངས་སུ་ཐིམ། །སྣང་སྲིད་སྐུ་གསུམ་རིག་པའི་རོལ་པར་ཤར། །ནང་གསལ་ཁྱད་ཆོས་དྲུག་ལྡན་གདོད་མའི་ཀློང་། །མཐར་ཐུག་གྲུབ་མཐའ་སྙོག་པར་བྱིན་གྱིས་རློབས། །དེ་ལས་སླར་ཡང་ལྷུན་གྲུབ་ཐུགས་རྗེའི་རྩལ། །ནམ་མཁའ་ཇི་སྲིད་བར་དུ་འཆར་བ་ཡིས། །ཀུན་བཟང་རིག་འཛིན་བླ་མའི་གོ་འཕང་ཆེར། །འགྲོ་ཀུན་ཕྱམ་གཅིག་གྲོལ་བར་བྱིན་གྱིས་རློབས། །ཞེས་པའང་གྲུབ་པའི་དཔྱིད་མཁྱེན་བརྩེའི་དབང་པོས་དཔལ་ལྡན་པདྨ་འོད་གླིང་དུ་གང་ཤར་གསོལ་བ་བཏབ་པའོ། །ཤུ་བྷཾ།། །།
བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད་ (Volume 46, Text 47)
འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད་བཞུགསཿ བླ་མ་དྲག་པོ་གཉེན་པོ་གསུམ་ལྡན་ལ་ན་མཿ རྟ་ཁྱུང་འབར་བའི་སྒོ་ནས་ཀླུའི་གདོན་འགྲོལ་ཟབ་མོ་ལ་སྦྱོར་དངོས་རྗེས་གསུམ་ལསཿ དང་པོ་ནིཿ སྟེགས་གཙང་མར་བུམ་གདན་པདྨ་འདབ་བརྒྱད་དམཿ འབྲུ་ཚོམ་གྱི་ཁར་ལས་བུམ་བཅུད་ལྡན་དངཿ བདག་བུམ་གཉིས་འཐུས་ཀྱི་སྨན་གཏོར་རཀྟ་ཉེར་སྤྱོད་དང་བཅས་པ་བཤམཿ ཅི་བདེ་བར་འབྱུང་པོ་རྣམས་གནས་ལ་ཆགས་པས་དོགས་གནས་ཀྱི་ས་བཀྲམ་པའི་སྟེང་ནེའུ་སིང་ཀླུ་ཤིང་བྲ་མ་ལ་སོགས་པས་བསྐོར་བའི་ནང་ཁོངས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཀླུ་གཟུགས་ཐལ་སྦྱར་སྦྲུལ་མཇུག་ཅནཿ མགོ་སྦྲུལ་གྱི་གདེངས་ཀས་མཚན་པ་དངཿ འདབ་མ་བརྒྱད་ལ་གདོན་གཟུགས་སྦྲུལ་འཁྱིལ་པའི་རྣམ་པ་ཅན་རེ་བཀོདཿ ཀླུ་གཟུགས་ཀྱི་སྟེང་ལྕུག་མའི་ཁྲིའུའི་ཁར་རྫ་བུམ་འོ་ཆབ་ཀྱིས་བཀང་བར་ཀླུ་སྨན་དངཿ དཀར་གསུམ་མངར་གསུམ་བཏབ་པ་བཞགཿ ནེའུ་སིང་གི་ཕྱོགས་མཚམས་སུ་ཀླུ་གཏོར་སྦྲུལ་དཀྲིས་བརྒྱད་དངཿ ཀླུ་ནོར་ཉེར་གཅིག་སོགས་མཐུན་པའི་ཡས་རྫས་བཀོདཿ ལོགས་གཅིག་ཏུ་ནད་པའི་གླུད་དཀོར་ཆ་རྒྱས་པ་དངཿ འོ་ཆོལཿ ཆབ་གཏོརཿ སྣས་སྐུད་ནག་པོཿ རྨ་བྱའི་མདོངས་དང་གླག་གི་སྒྲོ་སོགས་འདུ་བྱའོཿ གཉིས་པ་དངོས་གཞི་ལ་བདུན་ལསཿ དང་པོ་བདག་བསྐྱེདཿ རྟ་ཁྱུང་འབར་བའི་ལས་གཞུང་བསྲངས་ལ་བཟླས་པའི་ཚེ་ཀླུ་དབང་དུ་བསྡུ་བ་དང་གཟིར་གནན་གྱི་དམིགས་པ་ལ་གནད་དུ་བསྣུན་ནོཿ གཉིས་པ་ལས་བུམ་སྒྲུབ་པ་ནིཿ བསང་སྦྱངཿ སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པའི་ནང་དུ་ཆུ་སྲིན་ཉ་སྦྲུལ་ལ་སོགས་པ་གདོན་གཟུགས་འབའ་ཞིག་ལས་གྲུབ་པའི་གཞལ་མེད་ཁང་གི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན་ལ་པདྨ་ཉི་ཟླའི་སྟེང་དུ་ཕེཿནག་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱསཿ ཡོངས་སུ་གྱུར་པ་ལསཿ བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ལ་དབུ་དགུ་སྲིན་ཞལ་ཁྲོས་པའི་ཉམས་ཅན་སྦྲུལ་མགོའི་གདེངས་ཀ་དགུས་བརྗིད་པའི་སྦྲུལ་མགོ་དབུས་མ་ལ་རིན་པོ་ཆེའི་པྲོག་ཞུས་མཚན་པ་ཕྱག་བཅོ་བརྒྱད་ན་གྲི་གུག་དང་སྦྲུལ་ཞགས་འཛིན་པའི་རྩ་ཕྱག་གཉིས་ཐུགས་ཀར་སྟེང་འོག་དངཿ གཞན་རྣམས་གདེངས་སྟབས་འཇིགས་པའི་སྐུ་ལ་ཁྲོ་བོའི་རྒྱན་ཐམས་ཅད་རྫོགས་པའི་སྤྱི་བོར་ཨོཾཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་པ་སྤྱན་དྲངསཿ ཛཿཧཱུྃ་བཾ་ཧོས་གཉིས་མེད་བསྟིམཿ ཨརྒྷཾ་ནས་ཤབྡའི་བར་དང་སརྦ་པཉྩ་བྷ་ལིཾ་ཏ་ཁཱ་ཧིས་མཆོདཿ སྐུ་མཆོག་ཁྲོས་པ་སྲིན་པོའི་གདོངཿ ཀླུ་གཉན་ས་བདག་འདར་ཞིང་སྐྲགཿ བདུད་རྣམས་ཀུན་གྱི་བདུད་ཆེན་པོཿ ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་བསྟོདཿ བཟླས་དམིགས་ནིཿ སྙིང་རྗེ་ཁྲོས་པའི་དྲག་ཤུལ་གྱིསཿ ཀླུ་གདོན་གདུག་པ་ཚར་གཅོད་ཕྱིརཿ ཐུགས་ཀར་འཇམ་དཔལ་ཞི་བ་བསྒོམཿ སྲིན་ཞལ་རྣམས་ནས་སྔགས་ཀྱི་སྒྲཿ མེ་སྟག་ཡར་བ་ལྟ་བུ་ཡིསཿ ལོག་འདྲེན་གནོད་བྱེད་ཚར་གཅད་གྱུརཿ ཨོཾ་ཕེ་ལང་ཧཱུྃཿ ཞེས་བཟླ་གལ་ཏེ་ཀླུ་གདོན་སྟོབས་ཆེ་ཞིང་རང་ཉིད་གཉེན་པོ་སྟོབས་ཀྱི་ལྷ་གྱད་དུ་གྱུར་པ་ཡིན་ནཿ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཱ་ཙ་ཧཱུྃ་ཕཊཿ ཅེས་བཟླ་བའི་གནད་མ་ཤེས་ན་དྲག་སྔགས་ཐུབ་ཆོད་དུ་བགྲངས་པས་རང་སྲོག་གཅོད་པ་མཐོང་ངོཿ འཇམ་དྲག་གང་བཟླ་ཡངཿ ཤམ་བུརཿ ཨོཾ་ནཱ་ག་དུ་ན་ཙནྡྷེ་ཙེནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སརྦ་བི་ཥ་ཏ་ར་ཕཊཿ ཅེས་འདོགས་སྟོང་ཚོ་ལས་མི་ཉུང་བར་བཟླས་རྗེསཿ ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས་བུམ་ལྷ་འོད་ཞུ་བྱའོཿ གསུམ་པ་ཀླུ་བུམ་སྒྲུབ་ཅིང་ཀླུ་དགུག་པ་ནིཿ རང་ཡི་དམ་དུ་གསལ་བའི་མདུན་དུ་ནེའུ་སིང་དང་ལྗོན་ཤིང་མེ་ཏོག་བཀྲ་བའི་སྐྱེད་མོས་ཚལ་གྱི་ནང་དུ་འཛམ་བུའི་གླིང་གི་ཀླུ་གཉན་ས་བདག་ཐམས་ཅད་འཁོད་པའི་སྟེང་གི་ནམ་མཁའ་ལ་འོད་སྣང་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་འོ་ཆབ་དང་ཀླུ་སྨན་གྱིས་གང་བའི་སྟེང་ན་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་སྔོན་པོ་ མགྲིན་པ་ཡན་ཆད་དཀར་པོ་ལ་ཕྱག་གཉིས་ཐུགས་ཀར་ཀླུ་ཐམས་ཅད་ངན་སོང་ལས་སྒྲོལ་བའི་ཕྱག་རྒྱ་ཅན་གསལ་བ་ལས་འོད་ཟེར་དྭངས་ཤིང་བསིལ་བར་འཕྲོས་པས་ཀླུ་གཉན་ས་བདག་ཐམས་ཅད་རླུང་གིས་བསྐྱོད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་བརྙན་དང་འདྲེསཿ རང་རང་གི་ནད་དང་སྡུག་བསྔལ་ཐམས་ཅད་བསལཿ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་ཞིང་ཀླུ་གསོ་བའི་ནུས་པ་དང་ལྡན་པར་བསམ་ལཿ ཨོཾ་ན་མོ་བྷ་ག་ཝ་ཏེ་ནཱ་ག་ཤྭ་ར་རཱ་ཛ་ཡ་ནཱ་ག་སརྦ་དུརྒ་ཏེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཅི་ནུས་བཟླས་རྗེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངསཿ ཏདྱ་ཐཱཿ དྷཱ་ར་ཎིཿ དྷཱ་ར་ཎིཿ ཨུདྡྷཱ་ར་ཎིཿ སཾ་པྲ་ཏིཥྛི་ཏེཿ བི་ཛ་ཡ་བརྣཿསཏྱཿ པྲ་ཏི་གཉའ་ས་ར་ཧཿ གཉན་ན་པ་ཏིཿ ཨུད་པ་དྷ་ནིཿ བི་ནཱ་མ་ནིཿ ཨ་བྷི་ཤེ་ཙ་ནིཿ ཨ་བྷི་བྱ་ཧཱ་རཿ ཤུ་བྷཱ་བ་ཏིཿ ཨ་ཛཱི་མ་དྷུཿ ཨེ་ཧི་ཀུཾ་པཱ་ལ་ནཿ བ་ཧ་ཧ་ར་ཀླེ་ཤཱ་ནཿ དྷུ་ན་པཱ་པཾཿ ཤོ་དྷཱ་ཡཿ མརྒཱ་ནཿནི་རཱ་ཧི་ཀཿ དྷརྨཱ་ཏ་ཤུདྡྷཿ ལོ་ཀ་བི་ཏི་མ་རིཿ རཱ་ཛ་ས་དུ་ཁཿཤ་མ་ནཿ སརྦ་བུདྡྷ་ཨ་ཝ་ལོ་ཀ་ནཿ ཨ་དྷིཥྛི་ཏེཿ པྲད་ཉ་གཉའ་ན་བྷེ་སྭཱ་ཧཱཿ ཅི་རིགས་བརྗོད་ནས་བུམ་ལྷ་འོད་ཞུ་བྱའོཿ བཞི་པ་ཀླུ་དང་འཁོན་སྦྱོང་ཞིང་ལུས་སེམས་གསོ་བ་ནིཿ གཏོར་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གམཿ བསྡུ་ན་ནམ་མཁའ་མཛོད་ཀྱིས་བརླབཿ རང་ཉིད་ཇོ་བོ་ཁ་སརྤ་ཎིར་བསྐྱེདཿ བྱང་ཆུབ་ཀྱི་སེམས་དང་ལྡན་པསཿ ཧྲཱིཿ ང་ནི་སྤྱན་རས་གཟིགས་དབང་ཡིནཿ ཁྱོད་ནི་འབྱུང་པོ་རང་རྒྱུད་ཅནཿ བྱོལ་སོང་གདུག་པ་ཀླུ་ཡི་རིགསཿ འབྱུང་བ་ཀུན་ལ་གནས་བཅས་ཤིངཿ རྒྱལ་རིགས་རང་བཞིན་འཇམ་པ་དངཿ ལེགས་ཉེས་སྟངས་འཛིན་རྗེ་བྲམ་རིགསཿ གནོད་པའི་བདག་ཉིད་དམངས་གདོལ་སོགསཿ གཙོ་བོ་ནོར་རྒྱས་དུང་སྐྱོང་དངཿ འཇོག་པོ་པདྨ་པདྨ་ཆེཿ རིགས་ལྡན་མཐའ་ཡས་སྟོབས་རྒྱུ་དངཿ ནམ་མཁར་གནས་པའི་གཉན་གྱི་རིགསཿ ས་ལ་དབང་བྱེད་ས་བདག་སོགསཿ ཁྱོ་ཤུག་མཛའ་གཅུགས་བྲན་ཁོལ་ཀུནཿ ཞི་བའི་སེམས་ཀྱིས་ད་ཚུར་སྤྱོནཿ དེང་གི་རྒྱུ་སྦྱོར་ཡོན་བདག་ལཿ ཁྱོད་རྣམས་འཁོན་གཅུགས་སྦྱང་བའི་ཕྱིརཿ གནས་རྟེན་ལོངས་སྤྱོད་སྐྱེད་མོས་ཚལཿ དཀར་གསུམ་མངར་གསུམ་འོ་ཆོལ་དངཿ གཏོར་ཚོགས་རྩི་སྨན་རྒྱ་མཚོས་བརྔནཿ རྨོངས་དང་འདོད་པའི་དབང་གྱུར་པསཿ ས་གཉན་བརྐོས་དང་བྲག་གཉན་གཤགསཿ ཤིང་གཉན་བཅད་དང་ཆུ་གཉན་དཀྲུགསཿ རི་གཉན་དཀྲོགས་དང་གནས་རྟེན་བཤིགཿ ཐབ་གཞོབ་འཁོན་དང་གྲིབ་ལ་སོགསཿ མདོར་ན་སྣོད་ཀྱི་འཇིག་རྟེན་ཀུནཿ ཁྱོད་དང་མ་འབྲེལ་གང་ཡང་མེདཿ དེ་དག་ཀུན་ལ་ཕོག་ཐུག་དངཿ ནོངས་པ་གང་བགྱིས་མཐོལ་ལོ་བཤགསཿ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལཿ བསྡམས་པ་གློད་ལ་མནན་པ་ཐེགསཿ མཐོང་རེག་ཁ་རླངས་དུག་ལ་སོགསཿ རང་བཞིན་མེད་པའི་དབྱིངས་སུ་སྡུསཿ ལས་དང་རྐྱེན་ལས་ཀླུ་རྣམས་ཀྱིཿ དབང་པོ་ཡན་ལག་ཉམས་པ་དངཿ མཁའ་ལྡིང་མེ་དང་བྱེ་ཚན་དངཿ རིག་སྔགས་གནོད་པ་མཐའ་དག་ཀུནཿ བྱང་ཆུབ་སེམས་དང་རྟེན་འབྲེལ་རྫསཿ སྔགས་ཀྱི་ནུས་པས་སོས་གྱུར་ཅིགཿ ཅེས་བརྗོད་ལ་ཀླུ་བུམ་ནས་ཀླུ་རྟེན་རྣམས་ལ་འཐོར་ཞིངཿ སམྦྷ་ར་བདུན་རེའི་མཐརཿ དེ་བཞིན་གཤེགས་པ་བཞིའི་མཚན་དངཿ ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བསྟན་ལཿ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱཿ ཞེས་བདུན་བརྗོདཿ དེ་ལྟར་གྱེར་སྔགས་སྦྲེལ་བ་ཅི་ནུས་བྱཿ དོ་གལ་ཆེ་ན་བག་ཕྱེ་ལ་ཀླུ་སྨན་བཏབ་པའི་ཤོ་གཅིག་དངཿ ནད་པའི་དྲི་མ་བསྲེས་པའི་ཤོ་བཅོས་ལ་ནད་པ་མ་རྒྱལ་བར་དུ་གསོ་ཆོག་བསྐྱར་རོཿ ལྔ་པ་དམ་ཚིག་བསྒྲག་པ་ནིཿ ཧྲཱིཿ ང་ནི་འཕགས་པ་སྤྱན་རས་གཟིགསཿ སེམས་ཅན་ཀུན་ལ་བུ་ལྟར་བྱམསཿ སྙིང་རྗེ་ཆེན་པོའི་བདག་ཉིད་ཡིནཿ སེམས་ཅན་ཐམས་ཅད་ཕ་དང་མཿ མཛའ་བཤེས་མ་གྱུར་གཅིག་ཀྱང་མེདཿ དགེ་བ་ལས་ནི་མཐོ་རིས་དངཿ སྡིག་པ་ལས་ནི་ངན་སོང་བྱུངཿ དེ་ཕྱིར་ཕ་མར་གནོད་བྱེད་ནཿ དེ་འདྲའི་འབྲས་བུ་སུ་ཡིས་བཟོདཿ དེང་གི་རྒྱུ་སྦྱོར་ཆེ་གེ་མོསཿ ཁྱོད་ལ་ཕོག་ཐུག་བྱུང་བ་ཀུནཿ ཚིག་གིས་བཀྲོལ་ལ་བརྔན་གྱིས་བཅལཿ ཤ་མཁོན་མེད་པར་བྱས་ཟིན་ནསཿ ད་དུང་གནོད་སེམས་མི་གཏོང་ནཿ རྒྱལ་བའི་བཀའ་ལ་མི་ཉན་ཞིངཿ ལས་དང་རྒྱུ་འབྲས་ཁྱད་བསད་པསཿ ཀླུ་སྲིན་ཁྲོས་ནས་སྙིང་ཁྲག་འཐུངཿ གསོ་བའི་སྨན་ཀྱང་དུག་ཏུ་འགྱུརཿ རིག་སྔགས་དྲག་པོའི་མེ་ཆར་འབེབཿ བྱ་ཁྱུང་ནག་པོའི་ཁྲག་ཐབས་གཏོངཿ དེ་བས་དམ་ལས་མ་འདའ་བརཿ ཞི་བའི་སེམས་ཀྱིས་གནས་པར་གྱིསཿ ཞེས་བརྗོད་གདོན་དང་ནད་པ་གཉིས་ཀ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཕན་པ་ཆེ་འོཿ དྲུག་པ་དུག་དབྱུང་བ་ནིཿ སྣས་སྐུད་ནག་པོས་ནད་པའི་རྐང་མཐེབ་དང་ཀླུ་གཟུགས་སྦྲེལཿ བདག་ཉིད་རྟ་ཁྱུང་འབར་བའི་བསྐྱེད་རིམ་གསལ་བས་ལས་བུམ་གྱི་ཆུས་ནད་པ་བཀྲུ་ཞིང་ནད་གདོན་ཐམས་ཅད་དྲི་ལམ་ནས་ཐོན་ཏེ་ནད་རང་བཞིན་མེད་པར་ཡལཿ གདོན་གཟུགས་བརྙན་རྣམས་ཀྱིས་བླངས་པར་བསམ་ནསཿ ཧཱུྃཿ ང་ནི་དཔལ་ཆེན་ཧེ་རུ་ཀཿ རྟ་སྐད་རྔམ་སྒྲས་སྟོང་གསུམ་གཡོཿ ཁྱུང་གི་ཚ་ཚྭས་ལོག་འདྲེན་བསྲེགཿ འབྱུང་བ་ཆེན་པོ་རྣམ་བཞི་ནིཿ ལུས་ཅན་ཀུན་གྱི་རྟེན་ཡིན་ཏེཿ རླུང་མཁྲིས་བད་ཀན་འདུས་པའི་ནདཿ གདོན་རྣམས་ཀུན་གྱི་ཉེར་ལེན་ཡིནཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ ཁྲོ་རྒྱལ་ཆེན་པོའི་བྱིན་རླབས་ཀྱིསཿ ཀླུ་གཉན་ས་བདག་གདུག་པའི་གདོནཿ རང་དབང་མེད་པར་ཕྱིར་ཕྱུངས་ཤིགཿ ནད་ཀྱི་རྒྱུ་ནི་མ་རིག་པཿ རིག་པ་ཡེ་ཤེས་སྨན་ཆེན་གྱིསཿ རླུང་མཁྲིས་བད་ཀན་འདུས་པའི་ནདཿ རང་བཞིན་མེད་པའི་དབྱིངས་སུ་ཡལཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སརྦ་བི་ཥ་ཏཱ་ར་ཕཊཿ ཅེས་པ་བརྒྱ་སྟོང་ཇི་ཙམ་ནུས་པས་བཀྲུ་ཞིང་ཁོང་དུ་མིདཿ དེ་ནས་རྨ་བྱའི་མདོངས་ཀྱི་དབུས་ན་ཟླ་གདན་ལ་ཕེ་ལང་ཧཱུྃ་གསལ་བའི་འོད་ཟེར་གྱིས་ནད་ཐམས་ཅད་རླུང་དང་རྣག་ཁྲག་ཆུ་སེརཿ ཀླུ་གདོན་ཐམས་ཅད་སྦྲུལ་ནགཿ གཉན་རྣམས་སྡིག་པཿ ས་བདག་སྦལ་ལྕོངཿ གདོན་ཕྲ་མོ་རྣམས་ཀུ་རྩིའི་རྣམ་པར་འཐོན་ནས་གདོན་གཟུགས་རྣམས་ལ་ཐིམ་པར་བསམཿ བྱབ་ཅིངཿ བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཉེན་པོ་སྟོབས་ཀྱི་ལྷ་ལ་ཕྱག་འཚལ་ལོཿ བསྒྲུབ་བྱ་ཆེ་གེ་མོ་ལ་རྣམ་པར་གྱུར་པའི་ནད་རླུང་དངཿ མཁྲིས་པ་དངཿ བད་ཀན་དངཿ ལྡན་འདུས་ལ་སོགས་པའི་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཁྱད་པར་དུ་ཀུན་བརྟགས་གདོན་གྱི་ནད་དངཿ གཞན་དབང་རྐྱེན་གྱི་ནད་དངཿ ཡོངས་གྲུབ་ཚེའི་ནད་དངཿ སྔོན་ལས་འབྲས་བུའི་ནད་ལ་སོགས་པ་བཞི་བརྒྱ་རྩ་བཞིའི་ནད་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ གདོན་གྱི་རིགས་སུ་གྱུར་པཿ ལྷའི་གདོན་དངཿ ལྷ་མ་ཡིན་གྱི་གདོན་དངཿ རླུང་ལྷའི་གདོན་དངཿ ནམ་མཁའ་ལྡིང་གི་གདོན་དངཿ དྲི་ཟའི་གདོན་དངཿ མིའམ་ཅིའི་གདོན་དངཿ ལྟོ་འཕྱེ་ཆེན་པོའི་གདོན་དངཿ གནོད་སྦྱིན་གྱི་གདོན་དངཿ སྲིན་པོའི་གདོན་དངཿ ཡི་དྭགས་ཀྱི་གདོན་དངཿ ཤ་ཟའི་གདོན་དངཿ འབྱུང་པོའི་གདོན་དངཿ གྲུལ་བུམ་གྱི་གདོན་དངཿ སྲུལ་པོའི་གདོན་དངཿ ལུས་སྲུལ་པོའི་གདོན་དངཿ སྐེམ་བྱེད་ཀྱི་གདོན་དངཿ སྨྱོ་བྱེད་ཀྱི་གདོན་དངཿ བརྗེད་བྱེད་ཀྱི་གདོན་དངཿ དྲི་ཟའི་གདོན་དངཿ གནོན་པོའི་གདོན་དངཿ མཁའ་འགྲོའི་གདོན་དངཿ གྲིབ་གནོན་གྱི་གདོན་དངཿ ནམ་གྲུའི་གདོན་དངཿ གཤིན་རྗེའི་གདོན་དངཿ བྱའི་གདོན་དངཿ མ་མོ་དགའ་བྱེད་ཀྱི་གདོན་དངཿ ཀུན་ཏུ་འགྲོ་བའི་གདོན་དངཿ ཚེར་མ་དང་རེ་ལྡེ་འདོན་པ་ལ་སོགསཿ གདོན་རིགས་སུམ་བརྒྱ་དྲུག་ཅུའི་བྱད་དངཿ གདོན་དངཿ རིགས་སྔགས་དངཿ གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ མདངས་དང་གཟི་བྱིན་ལ་སོགས་པ་ཁ་ཟས་རྣམ་པ་སྣ་ཚོགས་བཟའ་ཞིང་སྲོག་འཕྲོག་པ་ལ་དགའ་བའི་གདོན་གྱི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཁྱད་པར་དུ་ཞ་རེངས་འཁུམས་གསུམ་དངཿ མཛེ་ཤུ་ཕོལ་འབྲས་གཡའ་ཟ་གཡན་པ་ལ་སོགས་པའི་བདག་པོ་གཟའ་ཀླུ་ས་བདག་རྗེ་བློན་གཉན་རྒོད་ལ་སོགས་པའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ས་ཀྲ་སརྦ་སྭཱ་ཧཱཿ ཀླུ་རྒྱལ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་རྗེ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་བྲམ་ཟེའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་དམངས་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་གདོལ་པའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ཏྲག་རཀྴ་སྤྱི་ཏི་སྭཱ་ཧཱཿ ཀླུའི་རྒྱལ་པོ་དགའ་བོ་དངཿ ཉེ་དགའ་བོའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀུན་དགའ་དང་གཙུག་ན་རིན་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ མཐའ་ཡས་དང་དུང་སྐྱོང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ནོར་རྒྱས་དང་གཟི་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ཏྲག་རཀྴ་སྤྱི་ཏི་སྭཱ་ཧཱཿ གཞན་ཡང་སྟོབས་བཟང་དངཿ ཨེ་ལའི་འདབ་མ་དངཿ གེལ་པ་དངཿ མ་དྲོས་པ་དངཿ མི་ཞུམ་པ་དངཿ རིགས་ལྡན་དངཿ སྐྱ་རེངས་དང་ལྡན་ལ་སོགས་པ་བློན་པོའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ནཱ་ག་སརྦ་སྭཱ་ཧཱཿ གཅན་གཟན་དངཿ རི་དྭགས་དངཿ བ་ལང་དངཿ སྦྲུལ་ལ་སོགས་པའི་གདོང་ཅན་རྣམས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ནག་པོ་ཤུ་ཤུ་སརྦ་སྭཱ་ཧཱཿ མདོར་ན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལཿ མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ཀླུང་ཆུ་བྲན་ནེའུ་སིང་གྲོང་དང་གྲོང་ཁྱེར་ལ་སོགས་ཏེ་གནས་ལ་ངེས་པ་མེད་པའི་ཀླུ་ཐམས་ཅད་ཀྱི་མཐོང་བའི་དུག་དང་རེག་པའི་དུག་དངཿ ཁ་རླངས་ཀྱི་དུག་དངཿ བསམ་སྦྱོར་ངན་པའི་དུག་ལ་སོགས་པ་ཐམས་ཅད་ཞི་བར་གྱུར་ཅིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ཡ་མ་ཤུ་ཤུ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ནམ་མཁའ་ལ་གནས་པའི་གཉན་གོས་སྔོན་ཅན་དངཿ ས་ལ་གནས་པའི་ས་བདག་ཐེ་སེ་ལ་སོགས་པ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སུ་མེ་སརྦ་སྭཱ་ཧཱཿ གསུམ་པ་རྗེས་ཀྱི་རིམ་པ་ལ་ཡས་བསྐྱལ་བ་དངཿ བསྲུང་བ་བྱ་བ་གཉིས་ལསཿ དང་པོ་སྣས་སྐུད་གདོན་ལ་དཀྲིས་ཏེ་ཡས་རྣམས་ཁ་སྒྱུརཿ འོ་ཆོལ་གྱིས་བྲན་ལ་ནམ་མཁའ་མཛོད་ཀྱིས་བརླབཿ ཧཱུྃཿ ང་ནི་དབང་དྲག་ཧེ་རུ་ཀཿ ཁམས་གསུམ་ཀུན་གྱི་རྗེ་བཙན་ཡིནཿ རྒྱལ་བའི་བཀའ་ལ་མི་ཉན་མེདཿ བདེན་པའི་ཚིག་ལ་མི་བརྟེན་མེདཿ ཀླུ་གཉན་ས་བདག་དྲེགས་པའི་ཚོགསཿ མི་ལས་དགའ་བའི་གླུད་གཏོར་ཁྱེརཿ རི་རྒྱལ་ལྷུན་པོ་བརྗིད་རེ་ཆེཿ རྒྱ་མཚོ་ཆེན་པོ་གཏིང་རེ་ཟབཿ རོལ་མཚོ་བདུན་པོ་ཀླུ་ཡི་གནསཿ གསེར་གྱི་རི་བདུན་བག་རེ་བྲོཿ ཀླུ་ནོར་འདོད་ཡོན་བསམ་མི་ཁྱབཿ དེ་རུ་གཤེགས་ཤིག་ཤ་ར་རཿ རྒྱུ་སྦྱོར་ཡོན་གྱི་བདག་པོ་དངཿ ཁྱེད་རྣམས་འཁོན་གཅུགས་སྦྱངས་ཟིན་གྱིསཿ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལཿ བསྡམས་པ་གློད་ལ་ཟོས་པ་སྐྱུགསཿ མནན་པ་ཐེགས་ལ་དུག་རྣམས་ཕྱུངསཿ འདི་རུ་ཆགས་པའི་གནས་མེད་ཀྱིསཿ འཇིགས་བྱེད་ཆེན་པོ་རྟ་ཁྱུང་ཞལཿ རྟ་སྐད་རྔམ་སྒྲས་སྲིད་གསུམ་གཡོཿ ཁྱུང་གི་ཚ་ཚྭས་ལོག་འདྲེན་སྲེགཿ རིག་སྔགས་དྲག་པོའི་མེ་ཆར་འབེབཿ རྡོ་རྗེ་སྲུང་བའི་གུར་གྱིས་དཀྲིགསཿ དམ་ལས་འདས་ན་ཁྱོད་རྣམས་མགོཿ ཚལ་པ་སྟོང་དུ་འགས་པར་བྱེདཿ བྱ་ཁྱུང་གི་ཕྱག་རྒྱས་གླག་གི་སྒྲོ་བཟུང་ལ་ནད་པ་ལ་སྡིགས་ཤིངཿ ཁྲོཾ་ག་རུ་ཊཿཙ་ལེ་ཙ་ལེ་ནཱ་ག་རཱ་ཙ་ཨེ་ཧུར་ཐུམས་རྦདཿ ཅེས་བརྗོདཿ ཡས་རྣམས་ཀླུ་གནས་སར་དོར་རོཿ གཉིས་པ་ནིཿ གླ་རྩིཿ གུ་གུལཿ མུ་ཟིཿ རྟ་བོནཿ ཤུ་དགཿ རྭ་གཞོབཿ ཕག་ཚིལ་རྣམས་ཀྱིས་ནད་པ་ལ་བྱུགཿ ྀཨཚཿ ཕྱག་རྒྱ་སྔགས་དང་རྟེན་འབྲེལ་རྫསཿ ཞི་བས་གསོ་དང་དྲག་པོས་གཟིརཿ གནད་ལས་གནད་བསྡུས་མན་ངག་འདིསཿ འོག་གདོན་འདུལ་བར་ཐེ་ཚོམ་མེདཿ ས་མ་ཡཿ ཿ འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལསཿ དབང་དང་བསྙེན་པའི་གནད་ཡིག་བཞུགསཿ དྲག་པོ་རྟ་ཁྱུང་འབར་བ་ཡིཿ དབང་དང་བསྙེན་པའི་གནད་ཡིག་ནིཿ ཚོམ་བུའི་སྟེང་དུ་དཔལ་གཏོར་བཀོདཿ ཙཀླི་བཙུགས་ལ་སྨན་གཏོར་དངཿ ཆོས་སྲུང་སྔོན་གཏོར་བཅས་པ་བཤམཿ བདག་མདུན་རོ་གཅིག་བསྐྱེད་བཟླས་བྱཿ ལས་བུམ་བསྒྲུབ་ཅིང་སློབ་མ་བཀྲུཿ བགེགས་བསྐྲད་བསྲུང་འཁོར་བསྒོམས་པའི་རྗེསཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིཿ སོགས་ཀྱི་རྒྱུན་བཤགས་སྡོམ་བཟུང་རྗེསཿ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབཿ ཏིཥྛ་བཛྲས་བརྟན་པར་བྱཿ གཏོར་མ་ལྷར་བསྐྱེད་སྤྱི་བོར་བཞགཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ སོགས་ཀྱི་མཐརཿ ལུས་ལ་སྐུ་ཡི་བྱིན་གྱིས་རློབསཿ སྐུ་ཡི་དངོས་གྲུབ་ཐོབ་པར་ཤོགཿ རྩ་སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ དེ་བཞིན་དུ་མགྲིན་པར་བཞག་ལཿ ངག་ལ་གསུང་གི་བྱིན་གྱིས་རློབསཿ གསུང་གི་དངོས་གྲུབ་ཐོབ་པར་ཤོགཿ རྩ་སྔགས་མཐརཿ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར་བཞག་ལཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབསཿ ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོགཿ རྩ་སྔགས་མཐརཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གཏོར་མ་འོད་ཞུ་སློབ་མར་བསྟིམཿ བཟླས་ལུང་སྦྱིན་ཞིང་དམ་ཚིག་བསྒྲགཿ བྱིན་བརླབ་དབང་གི་རིམ་པ་འོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ བསྙེན་པ་མཚམས་གཅད་དམ་དུ་བྱཿ སྟོང་ཉིད་རྩལ་ལས་གསལ་སྣང་ལྷརཿ་་་སྒྲུབ་གཞུང་ལྟར་མངོན་རྟོགས་གསལ། རྫོགས་ནས་སྙིང་གའི་སྔགས་ཕྲེང་ལསཿ་་་ཐུགས་ཀར་ཉི་མའི་གདན་ཡུངས་འབྲུ་ཙམ་གྱི་སྟེང་ཧཱུྃ་དམར་གྱི་མཐར་རྩ་སྔགས་མདོག་དམར་གཡས་སུ་འཁོར་བ་ལ་དམིགས་པ་སྐད་ཅིག་ཀྱང་མ་ཡེངས་པ་གནད། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱསཿ སྔགས་ཕྲེང་ལས་བྱུང་མེ་སྟག་དངཿ ཁྱུང་གི་་་སྐུའི་ཆ་ཐམས་ཅད་ནས་ཁྱུང་གི་ཚོགས་འཕྲོས་པའི་འོད་དང་མེ་ཡི་ཟེར་གྱིས་གནོད་བྱེད་ཐམས་ཅད་ཀྱི་ལུས་རྫས་ལ་མེ་མཆེད་པ་བཞིན་དུ་ཚིག་པར་བསམ།ཚྭ་ཚྭས་ལོག་འདྲེན་བསྲེགསཿ རྟ་སྐད་རྔམ་འཚེར་སྲིད་གསུམ་གཡོཿ ཕྱོགས་བཅུའི་གདོན་ཚོགས་གཟིར་ཞིང་གནོནཿ་་་ཕྱོགས་སྐྱོང་བཅུ་རང་རང་གི་འཁོར་དང་བཅས་པའི་གདོན་རྣམས་འོད་ཟེར་གྱིས་བཀུག་སྟེ་ཞབས་འོག་ཏུ་མནན་པར་བསམ། སྟེང་གདོན་འདུལ་ན་ཁྱུང་གདོང་ལསཿ འོད་ཟེར་འཕྲོ་་་ཕྱག་གཡོན་གྱི་མེ་ཁྱུང་དམར་པོ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོ་ཞིང་སྐུའི་བ་སྤུ་ལས་ཀྱང་ཁྱུང་དེ་འདྲ་འཕྲོ་བ་རྣམས་ཀྱི་གདངས་ལས་འོད་ཟེར་མེའི་རེག་བྱ་ལྟ་བུ་འཕྲོས་ཤིང་གཟའ་ཀླུའི་གདོན་རྣམས་ཚར་བཅད་པར་བསམ།བ་མན་ངག་ཡིནཿ གདོན་ཀྱང་རང་སེམས་འཁྲུལ་པའི་རྩལཿ གནོད་བྱ་གནོད་བྱེད་གཉེན་པོ་གསུམཿ ཆོས་ཉིད་མཉམ་པའི་ངང་རིག་ནཿ ལྷུན་གྲུབ་རིགས་འཛིན་ས་ལ་ཕྱིནཿ ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེརཿ སྣོད་མིན་ལོག་ལྟ་ཅན་ལ་རྒྱཿ ས་མ་ཡཿ དྷ་ཐིམཿ ཞེས་དྲག་པོ་རྟ་ཁྱུང་གི་བསྙེན་ཡིག་རྩ་བ་ཉིད་ལ། གོ་དཀའ་བ་མཆན་བུས་བཀྲལ་པ་ལྟར་དང་། མཚམས་ཇི་ཙམ་བྱེད་རིང་ངག་སྨྲ་བཅད་དམ་པ་དང་དམིགས་པ་སེམས་མ་ཡེངས་པ་ཁོ་ན་གཙོ་ཆེ་ཞིང་། འོད་ཟེར་སྤྲོ་བསྡུ་སོགས་མང་པོ་མ་བྱུང་ཡང་སྐྱོན་མེད་ལ། གཙོ་བོར་ཐུགས་ཀའི་ཧཱུྃ་དམར་སྤུས་བྲིས་པ་ལྟ་བུ་ལ་སྔགས་ཕྲེང་གཡས་སྐོར་སྒྲ་དང་བཅས་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བཟླས་པ་བྱ། མཚམས་ཀྱི་བྱ་ལུགས་དངོས་གཞི་སེང་གདོང་སོགས་ཀྱི་བསྙེན་ཡིག་དང་ཁྱད་མེད་དོ།། །། ཀུན་མཁྱེན་འཇིགས་གླིང་གཏེར་བྱོན་ནོ།། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བདུད་འདུལ་མ་ཧཱ་གུ་རུའི་བརྒྱུད་པའི་གསོལ་འདེབས་ (Volume 13, Text 47)
བདུད་འདུལ་མ་ཧཱ་གུ་རུའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཆོས་ཉིད་རང་བཞིན་ཞི་ལས་མ་གཡོས་ཀྱང་། །སྙིང་རྗེའི་རླབས་གཡོས་གདུག་པ་ཀུན་འདུལ་ཕྱིར། །འབར་བའི་ཆོ་འཕྲུལ་གར་དགུའི་རོལ་པ་བརྗིད། ཁྲག་འཐུང་ཁྲོ་རྒྱལ་པདྨ་ཧེ་རུ་ཀ །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །མོན་ཁ་སྤ་གྲོ་སྟག་ཚང་སེང་ཕུག་ཏུ། །མི་བཟད་ཁྲོ་བོ་འཆོལ་བའི་སྐུར་བསྟན་ཚེ། །ཟབ་དོན་ཞུས་པ་མཁར་ཆེན་བཟའ་མཚོ་རྒྱལ། །ལྷ་ཡི་སྲས་མཆོག་རྒྱལ་སྲས་ཁུ་དབོན་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱ་ཆེན་གུ་རུའི་བཀའ་དང་ཟབ་མོའི་གཏེར། །སྡུད་མཛད་ཨཱརྻ་ས་ལེ་སྤྲུལ་པའི་སྐུ །བསམ་བཞིན་ཟབ་གཏེར་མཆོག་གི་བདག་པོ་རུ། །ལེགས་བྱོན་རྒྱལ་བ་ཀུན་དངོས་སྟག་ཤམ་པར། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། ཁ་རག་མགོ་དགུའི་བདུད་མཚོའི་ཀློང་དཀྱིལ་ནས། །སྐལ་ལྡན་སྐྱེས་བུའི་ཁྲོམ་ཆེན་འདུས་པའི་དབུས། །རྫུ་འཕྲུལ་ནུས་པས་ཤོག་སེར་མངོན་སུམ་བླངས། །གནས་དང་གང་ཟག་གཏེར་སྟོན་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་རུ། །གུ་རུའི་ལུང་བསྟན་ཇི་བཞིན་བསྟན་པ་སྤེལ། །སྐྱེ་རྒྱུད་རིགས་སྦྱངས་སྨོན་ལམ་ལས་འཕྲོ་སད། །ཆོས་བདག་གྲུབ་པའི་སྐྱེས་ཆེན་མཆོག་རྣམས་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ཡེ་ཤེས་སེམས་དཔའ་པདྨ་ཐོད་ཕྲེང་རྩལ། །གདུག་པ་འདུལ་ཕྱིར་དབང་དྲག་རོལ་པའི་གར། །སྐུ་གསུང་ཐུགས་སྤྲུལ་ཕྲིན་ལས་ཁྲོ་ཆེན་བཞི། །ཡེ་ཤེས་ཌཱ་ཀི་སྡེ་བཞི་གིང་ཆེན་རྩལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །ལྷན་སྐྱེས་ཡེ་ཤེས་དྭངས་མའི་སྲོག་ཞབས་སུ། །ཚུད་པའི་དམ་ལས་མི་འདའ་མི་གཡེལ་འཁོར། །ཟབ་མོའི་གཏེར་དང་དེ་འཛིན་སྲུང་སྐྱོབ་བརྩོན། །གཏེར་སྲུང་དམ་ཅན་སྲུང་མ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆོད་སོལ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །སྣོད་བཅུད་ཐམས་ཅད་ཁྲག་འཐུང་དཀྱིལ་འཁོར་དུ། །ཡེ་ནས་ཡིན་པ་གསལ་ཕྱིར་བསྐྱེད་རིམ་དང་། །དེ་ཉིད་ཡེ་ཤེས་རོལ་པར་ཤར་བ་ཡིས། །ཟུང་འཇུག་མཆོག་གི་རྣལ་འབྱོར་མཚན་ལྡན་ཤོག །སྲུང་བའི་གོ་ཆ་མི་ཕིག་བཙན་པའི་རྫོང་། །ཟློག་པའི་འཁྲུལ་འཁོར་ཕས་ཀྱི་རྒོལ་བ་འཇོམས། །བསད་པའི་མཚོན་གྱིས་གནོད་བྱེད་རྩད་ནས་གཅོད། །ལས་གསུམ་ཕྲིན་ལས་ཚུལ་བཞིན་འགྲུབ་པར་ཤོག །དགྲ་བགེགས་མཐར་བྱེད་ཁར་བཙུད་ལྡང་མེད་མནན། །དྲག་པོ་ཧོམ་གྱིས་གཟུགས་ཕུང་གཞོབ་ཐུལ་བསྲེག །བཟོད་དཀའི་ཐུན་ཟོར་འཕངས་པས་དམིགས་མེད་དག །མནན་བསྲེག་འཕང་བའི་ལས་རབ་བྱང་ཆུབ་ཤོག །ཉོན་མོངས་རང་མདངས་རྒྱལ་བསེན་དམ་སྲིའི་ཚོགས། །གནད་དབབ་ཤི་ས་བསྟན་དང་ཨར་ལ་གཏད། །བཀའ་དང་དམ་ཚུད་ཕྲིན་ལས་ཐོགས་མེད་སྒྲུབ། །དབང་དྲག་འབར་བའི་མཐུ་སྟོབས་ཀུན་ལྡན་ཤོག །ངོ་བོ་དོན་གྱི་ལྷ་གཅིག་དྲག་པོ་རྩལ། །ཟབ་པའི་ཡང་སྙིང་འབྲུ་གཅིག་ཧཱུྃ་གི་ཆོས། །གནས་ལུགས་རང་ངོ་རིག་པ་དོན་ཏིག་གི །གཅིག་ཆོག་ལམ་གྱིས་བདག་གཞན་གྲོལ་གྱུར་ཅིག །མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་བརྒྱུད་འདེབས་འདི་ནི། བདག་གཞན་གྱི་ཐུན་དང་པོའི་ཉམས་ལེན་དུ་ཆོས་རྗེ་གླིང་པས་རང་བྱུང་འཁོར་ལོ་སྡོམ་པའི་ལྷན་སྐྱེས་ཀྱི་ཞོལ། ལྷོ་ཙནྡན་ནགས་མའི་ཚལ་རྨ་བྱ་གཞོན་ནུ་གར་བྱེད་པའི་གླིང་སྟོད་དབེན་པའི་བསྟི་གནས་བདེ་ཆེན་དུ་སྦྱར་བའོ།། །།
གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ (Volume 50, Text 47)
༄༅༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་བཞུགས༔ རྒྱ་གར་སྐད་དུ༔ ཡཀྵ་རཏྣ་དྷེ་བ༔ སརྦ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ཞེས་བྱ་བ༔ བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ དེ་ནས་གསང་བའི་བདག་པོ་ཡིས༔ འདི་སྐད་ཅེས་གསོལ་ཏོ༔ ཀྱེ་སྟོན་པ་ཀུན་བཟང་ཧེ་རུ་ཀ༔ སྒྲུབ་པའི་ཡོ་བྱད་ཕུན་ཚོགས་ཕྱིར༔ འདོད་ཡོན་ནོར་སྒྲུབ་ཡོངས་རྫོགས་གང༔ དེ་སྐད་ཅེས་གསོལ་བཀའ་བསྩལ་པ༔ འབྱོར་པའི་ལོངས་སྤྱོད་སྤེལ་བའི་ཕྱིར༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་བཤད༔ ནོར་བདག་དེད་དཔོན་གནོད་སྦྱིན་ཡིན༔ གནོད་སྦྱིན་བྱེ་བྲག་བསམ་ཡས་ཀྱང༔ ཉེར་འདུས་ཕོ་དགུ་མོ་དགུ་ཡིན༔ གཙོ་བོ་ཛམ་ལ་གཅིག་པུར་འདུས༔ སྒྲུབ་ལུགས་སྤྱི་ཆིངས་ཉིང་ཁོལ་ལས༔ སྤྱི་ཆིངས་གནོད་སྦྱིན་སྲོག་འཁོར་ཏེ༔ མཐིང་ཤོག་དག་ལ་རིན་ཆེན་ལྔས༔ པད་འཁོར་པདྨ་འདབ་བརྒྱད་བྲི༔ མུ་ཁྱུད་ལྔས་བསྐོར་ལྟེ་དབུས་སུ༔ ཧཱུྃ་ཛཾ་བྷ་ལ་པཱ་ཤང་ཧྲིང༔ སྔགས་པ་ཆེ་གེ་ལ་པུཎྱེ་ཡེ༔ སརྦ་སིདྡྷི་སྡུས་སྡུས༔ དེའི་ཕྱི་ལྟེ་བའི་མུ་ཁྱུད་བར༔ ཛཾ་དགུ་བཾ་དགུ་སྤེལ་མས་བསྐོར༔ འཁོར་ལོའི་རྩིབས་ཀྱི་ནང་བརྒྱད་དུ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ རྩིབས་མཆན་པདྨ་འདབ་བརྒྱད་ལ༔ ཨོཾ་བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ༔ མུ་ཁྱུད་ནང་མར་ཡཀྵ་བརྒྱད༔ སིདྡྷི་ཧཱུྃ་དང་སྤེལ་མར་བྲི༔ དེའི་ཕྱི་ལས་མཁན་སྲོག་སྔགས་བྲི༔ ཨོཾ་ཏྲིའུ་ཏྲིའུ་མྱུར་ཤོག༔ ཡ་ཏྲི་དྲུང་དྲུང་ཏྲི་ཨཱ་ཡུ་པུཎྱེ་སིདྡྷི་ས་མ་ཡ་ཧཱུྃ་ཨཱ༔ དེའི་ཕྱི་ལྕགས་ཀྱུ་ཁ་སྤྲོད་བརྒྱད༔ བར་དུ་འདོད་ཡོན་མིང་སྤེལ་བྲི༔ ལེགས་བྲིས་གུར་གུམ་དྲི་བཟང་བྱུག༔ ཨ་རུ་རྨ་མེད་གསེར་མདོག་ལ༔ གསེར་གྱི་ཛཾ་བཾ་ཏྲི་བྲིས་ཏེ༔ དེ་ཉིད་འཁོར་ལོའི་དབུས་སུ་ནི༔ དར་སྣས་དྲིལ་ཏེ་དཀར་གསུམ་དང༔ མངར་གསུམ་འབྲུ་སྣ་ལྔར་བཅས་པ༔ ཟངས་སམ་གྭའུའི་ཁམ་ཕོར་གཞུག༔ ཡོངས་རྫོགས་རྩ་བའི་སྙིང་པོ་ལ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ༔ སརྦ་སིདྡྷི་ཧཱུྃ་ཨཱ༔ དེ་དག་སྟོང་བཟླས་རབ་གནས་བྱ༔ དེ་ཉིད་བཅངས་པས་གནོད་སྦྱིན་རྣམས༔ བསྡུས་ནས་ནོར་གྱི་ཆར་པ་འབེབ༔ དེ་ནས་གནོད་སྦྱིན་ཐམས་ཅད་ཀྱི༔ ནོར་གྱི་ལས་མཁན་ཉིང་ཁོལ་བསྒྲུབ༔ གཡའ་མཚམས་དབེན་པར་ཕྱིན་ནས་ཀྱང༔ མཎྜལ་གྲུ་བཞི་བྱས་པའི་སྟེང༔ སྲིན་བྱའི་ཤ་ཡིས་བརྒྱན་པ་ཡི༔ བརྡ་གཏོར་གཅིག་བཤམས་རས་དཀར་ལ༔ བྱིས་པའི་གཟུགས་ལེགས་རྒྱན་ཅན་བྲི༔ མདའ་བཟང་རྒོད་སྒྲོ་ཅན་ལ་བཏགས༔ གཞན་ཡང་རས་ཁུག་གཙང་མའི་ནང༔ ཕ་ཝང་ལོང་བུ་ཤེལ་བྱེ་རུ༔ གསེར་སྦྲམ་དྲིལ་ཏེ་རྟེན་དུ་བཟུང༔ རང་ཉིད་ལྷར་གསལ་ཞག་གསུམ་དུ༔ སྲོག་གི་སྙིང་པོ་འདིས་འགུགས་བྱ༔ ཨོཾ་ཏྲིའུ་ཏྲིའུ་མྱུར་ཤོག༔ ཡ་ཏྲི་དྲུང་དྲུང་ཏྲི༔ མི་ཚིག་སྤངས་ཏེ་བཟླས་བརྩོན་ན༔ ནངས་མོ་ལྟས་འཁྲུགས་དེ་རྗེས་དག༔ ཐ་མ་བྱིས་པ་མང་པོས་བསྐོར༔ དེ་ཚེ་ནོར་འགུགས་ཤམ་བུར་བཏགས༔ སིདྡྷི་སིདྡྷི་ས་མ་ཡ་ཧཱུྃ༔ དངོས་སུ་ཅི་འབྱོར་ནོར་རྣམས་སྟེར༔ མིག་མཐོང་འདོད་ན་སྔགས་འདི་བཟླས༔ ཙཀྵུཿཙཀྵུཿཕྱེ་སྭཱ་ཧཱ༔ དེ་ཡིས་མངོན་ཤེས་འཇིག་རྟེན་སྟོན༔ དབང་བསོད་འདོད་ན་སྔགས་འདི་བཟླས༔ སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དེ་ཡང་སྦྲགས་སྒྲུབ་འདི་ཁོ་ན༔ རྒྱུན་དུ་བསྒྲུབས་པས་བསམ་ཚད་འགྲུབ༔ སིདྡྷི་ཙཀྵུཿཔཱ་ཤཾ་ས་མ་ཡེ་སྭཱ་ཧཱ༔ དངོས་གྲུབ་མྱུར་འབྱུང་རྒྱུན་དུ་བཟླས༔ ཞག་གསུམ་རྗེས་ལ་ཟས་གཏོར་བྱིན༔ གཏེར་མཛོད་གཉེར་ཁ་འབབ་པ་དང༔ བྱིས་པས་ཕྱག་འཚལ་ལོ་ཐོག་བརྔ༔ བཟང་རྟགས་དེ་ཡིན་ཁོ་ཁྲོས་ན༔ མི་ནག་མཛེ་ཕོས་རྩོད་ཅིང་རྒོལ༔ རྒྱན་སྟོར་སྤྲང་པོ་ནོར་འདོད་འོང༔ དགོངས་པ་སྤར་ཞིང་ཉམས་པ་བཤགས༔ གཏོར་མ་གཏོང་ཞིང་དབང་དུ་བསྡུས༔ ཚེ་དབང་བུ་ནོར་བདག་པོར་འགྱུར༔ ཅེས་བཀའ་བསྩལ་ཏོ༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒྲུབ་ཐབས་འདིར་སྤྲུལ་པའི་ཛམ་བྷ་ལ་རིགས་བཅོ་ལྔ་ཡབ་ཡུམ་སྲས་འཁོར་ཐམས་ཅད་འདུས་པའོ༔ ༄༅༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་འཕྲིན་ལས་བཞུགས༔ རྒྱ་གར་སྐད་དུ༔ ཡཀྵ་རད་ན་དྷེ་ཝ་སརྦ་ཀརྨ་ནཱ་མ༔ བོད་སྐད་དུ༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་ཞེས་བྱ་བ༔ བདེ་གཤེགས་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ གནས་དབེན་ཞིང་ཡིད་དང་མཐུན་པར༔ མཎྜལ་མཆོད་གཏོར་ཕུན་སུམ་ཚོགས་པ་བཤམས་ལ༔ རཾ་ཡཾ་ཁཾ་གིས་བསང༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ༔ དེ་ནས་རང་ཉིད་ལྷར་གསལ་བས༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས༔ ཀུན་ལ་ཁྱབ་པ་ཐུགས་རྗེའི་མཆོག༔ རང་སེམས་ཆོ་འཕྲུལ་ཛཾ་དུ་ཤར༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ས་མཱ་ཏི་ཨོཾ༔ དྷརྨ་དྷཱ་ཏུ་ས་མཱ་ཏི་ཧཱུྃ༔ བཛྲ་ཙིཏྟ་ས་མཱ་ཏི་ཧཱུྃ༔ ཨེ་ཡཾ་རཾ་བཾ་ལཾ༔ མཎྜ་ལ༔ ཧཱུྃ༔ དབང་ཆེན་རིགས་ལྔ་བརྩེགས་པའི་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྒྱན་དང་ལྡན༔ ཕྱི་རོལ་འཁོར་ཡུག་རྡོ་རྗེའི་ར༔ བསྐལ་པའི་མེ་དཔུང་རབ་ཏུ་འབར༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ པདྨ་ཉི་མ་ཟླ་བ་དང༔ གཏེར་གྱི་བུམ་པའི་ཁྲི་སྟེང་དུ༔ ཧཱུྃ་ལས་མགོན་པོ་ཛཾ་བྷ་ལ༔ མཐིང་ནག་ཐོད་ཁྲག་ནེའུ་ལེ་བསྣམས༔ དེ་ཡི་ཕྱི་རིམ་པད་འདབ་བཞི༔ དེ་སྟེང་པདྨ་ཟླ་བའི་གདན༔ ཛཾ་ཡིག་རིགས་བཞིའི་འཕྲོ་འདུས་ལས༔ ཤར་དུ་འཕགས་པ་ཛཾ་བྷ་ལ༔ དཀར་པོ་བགྲང་ཕྲེང་ནེའུ་ལེ་བསྣམས༔ ལྷོ་རུ་ཡོན་ཏན་ཛཾ་བྷ་ལ༔ གསེར་མདོག་ནོར་བུ་ཤིང་ཏོག་བསྣམས༔ ནུབ་ཏུ་གསུང་མཆོག་ཛཾ་བྷ་ལ༔ དམར་པོ་ནོར་བུ་ནེའུ་ལེ་བསྣམས༔ བྱང་དུ་ཕྲིན་ལས་ཛཾ་བྷ་ལ༔ ལྗང་གུ་རྒྱལ་མཚན་ནེའུ་ལེ་བསྣམས༔ དེ་ཡི་ཕྱི་རིམ་པད་འཁོར་བརྒྱད༔ དེ་སྟེང་པདྨ་ཟླ་བའི་སྟེང༔ ཛཾ་བརྒྱད་བཾ་བརྒྱད་འཕྲོ་འདུས་ལས༔ གང་བཟང་ལ་སོགས་ཡབ་བརྒྱད་དང༔ ནོར་རྒྱུན་ལ་སོགས་ཡུམ་བརྒྱད་ནི༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ ནོར་བུ་དང་ནི་ནེའུ་ལེ་འཛིན༔ ཀུན་ཀྱང་སྐུ་མདོག་གསེར་གྱི་མདོག༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཀྱི༔ ནམ་མཁའ་མཛོད་ལ་མངའ་བརྙེས་པ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ དེ་ཡི་ཕྱི་རིམ་གྲུ་ཆད་ལ༔ གནོད་སྦྱིན་ཨ་པར་ཙི་ཏ་ནི༔ དཀར་པོ་ཕྱག་གཉིས་བུམ་པ་བསྣམས༔ པུས་བཙུགས་བུམ་པའི་གདན་ལ་བཞུགས༔ ལས་མཁན་ཏྲི་འུ་དམ་ཚིག་ཅན༔ བྱིས་པ་གཞོན་ནུའི་ཆ་ལུགས་ཅན༔ ཕྱག་ན་སྙིང་དང་ཞགས་པ་བསྣམས༔ བར་ཁྱམས་གནོད་སྦྱིན་བྱེ་བ་གནས༔ སྒོ་བཞི་སྒོ་མ་བཞི་ཡིས་སྲུང༔ དེ་རྣམས་ཀུན་གྱི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབས༔ དེ་ནས་དད་པས་སྤྱན་དྲངས་པ༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས༔ ལོངས་སྤྱོད་རིན་ཆེན་སྣ་བཞིའི་གཞལ་ཡས་ནས༔ དགོས་འདོད་དངོས་གྲུབ་སྣ་ཚོགས་བླང་བའི་ཕྱིར༔ མགོན་པོ་ཆུ་དབང་འཁོར་བཅས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧྲཱིང་ཧྲཱིངཿཛཿཛ༔ ཧཱུྃ༔ གནོད་སྦྱིན་དེད་དཔོན་མཁའ་འགྲོ་ཡོངས་ཀྱི་གཙོ༔ ཁྱེད་ཀྱིས་སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ སྒྲུབ་མཆོག་བདག་ཅག་རེ་བ་བསྐང་བའི་ཕྱིར༔ ཡིད་འོང་གནས་འདིར་དགྱེས་ཤིང་བརྟན་པར་བཞུགས༔ ས་མ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ གནོད་སྦྱིན་དེད་དཔོན་འཁོར་དང་བཅས་པ་རྣམས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་འབར་བའི་སྐུ༔ དངོས་གྲུབ་སྣ་ཚོགས་ཟད་མེད་མངའ་མཛད་པ༔ གཏེར་སྐྱོང་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བདུད་རྩི་སྨན་དང་རཀྟ་བྷ་ལིང་རྒྱན༔ རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་བརྒྱད་སོགས༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཨ་ལ་ལ་ཧོ༔ དེ་ནས་སྙིང་པོ་བཟླ་བ་ནི༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ༔ བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ༔ བྱེ་བ་ཐེམས་ནས་དངོས་གྲུབ་བླང༔ སརྦ་སིདྡྷི་ཧཱུྃ་ཨཱ༔ དེ་ནས་རྒྱུན་དུ་ཅི་ནུས་བཟླས༔ དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད༔ སྒྲུབ་པས་མྱུར་དུ་འགྲུབ་པར་འགྱུར༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ དངོས་གྲུབ་ཆར་འབེབ་རིན་ཆེན་ལྟ་བུའི་སྐུ༔ ནམ་མཁའི་མདོག་ཅན་ཐོད་ཁྲག་ནེའུ་ལེ་འཛིན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི༔ སྐུ་མཆོག་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡིད་བཞིན་རིན་ཆེན་གཏེར་གྱི་ཆར་འབེབ་ཅིང༔ གངས་རིའི་མདོག་ཅན་བགྲང་ཕྲེང་ནེའུ་ལེ་བསྣམས༔ དབུལ་ཕོངས་སྡུག་བསྔལ་སྐྱོབ་པར་ཞལ་བཞེས་པའི༔ ཐུགས་རྗེས་ཉམ་ཐག་སྐྱོབ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དགོས་འདོད་ཀུན་འབྱུང་དཔག་བསམ་ཤིང་ལྟ་བུ༔ གསེར་གྱི་མདོག་ཅན་ཤིང་ཐོག་ནེའུ་ལེ་བསྣམས༔ ཨུཏྤལ་སྔོན་པོའི་ཕྲེང་བས་སྐུ་ལ་བརྒྱན༔ ཡོན་ཏན་ལོངས་སྤྱོད་རྒྱས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བསམ་འགྲུབ་རེ་སྐོང་ནོར་བུ་བསམ་འཕེལ་ལྟར༔ དམར་གསལ་རབ་བརྗིད་ནོར་བུ་ནེའུ་ལེ་འཛིན༔ ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབ༔ ཐམས་ཅད་དབང་སྡུད་པདྨའི་གསུང་ལ་བསྟོད༔ ཧཱུྃ༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་ཀུན་གྱི་མཛོད༔ ཨིནྡྲའི་མདོག་ཅན་རྒྱལ་མཚན་ནེའུ་ལེ་བསྣམས༔ གང་འདུལ་དེར་སྟོན་ཐབས་ཀྱིས་འགྲོ་དོན་མཛད༔ ཕྲིན་ལས་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་ཡི་སྤྲུལ་པ་གང་བཟང་དཔལ་དང་ལྡན༔ གསུང་གི་སྤྲུལ་པ་ནོར་བཟང་ཚངས་པའི་གསུང༔ ཐུགས་ཀྱི་སྤྲུལ་པ་གནོད་སྦྱིན་རིག་པར་ལྡན༔ ཕྲིན་ལས་སྤྲུལ་པ་རྣམ་ཐོས་དྲག་རྩལ་ལྡན༔ ཞི་བའི་ལས་མཛད་པྲ་སྣ་པྲ་དུག་ཅན༔ རྒྱས་པའི་ལས་མཛད་བཞད་གདང་ཕྲེང་བ་ཅན༔ དབང་གི་ལས་མཛད་ཁ་ཡི་དབང་པོ་ཅན༔ དྲག་པོའི་ལས་མཛད་དབང་པོ་མཆོག་སྤྱོད་པ༔ རིན་ཆེན་གཏེར་འཆང་དགོས་འདོད་འབྱུང་བའི་མཆོག༔ བཀའ་ཡི་བསྟན་སྐྱོང་དངོས་གྲུབ་མཆོག་རྣམས་སྩོལ༔ མགོན་པོ་གནོད་སྦྱིན་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དགོས་འདོད་ནོར་གྱི་ཆར་འབེབ་ནོར་རྒྱུན་མ༔ ཤེས་རབ་རྣམ་དག་ལྡན་པའི་ཟླ་འོད་མ༔ དགོས་འདོད་རེ་བ་སྐོང་བའི་སྦྱིན་མར་གྲགས༔ འཕགས་པའི་ནོར་བདུན་རབ་ལྡན་རབ་སྦྱིན་མ༔ འཁོར་བའི་ས་ལ་སྐྱོན་བྲལ་འཕགས་མར་གྲགས༔ ལས་རབ་དོན་གྲུབ་རབ་ཏུ་བཟང་མོའི་སྐུ༔ ཆོས་ཉིད་གཏེར་འཆང་སྦས་མའི་ངང་ཉིད་ལས༔ མཛེས་མའི་སྐུར་སྟོན་ལྷ་མོ་རབ་ཏུ་གསལ༔ ཚངས་པའི་གསུང་མངའ་ལྷ་མོ་དབྱངས་ཅན་མ༔ རིན་ཆེན་རྒྱན་སྤྲས་མཉེས་མཛད་ལྷ་མོ་བརྒྱད༔ དགོས་འདོད་འབྱུང་བའི་གཙོ་བོའི་ཐུགས་དམ་བསྐུལ༔ མཁའ་དབྱིངས་ཤེས་རབ་ཡུམ་གྱི་ངང་ཚུལ་ཅན༔ ནོར་གཏེར་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད༔ གཏེར་བདག་ཆེན་པོ་ཨ་པར་ཙི་ཏ་དང༔ མྱུར་མགྱོགས་ལས་མཁན་ཏྲིའུ་ཐུགས་དམ་ཅན༔ གནོད་སྦྱིན་ལས་མཁན་བྱེ་བ་ས་ཡའི་ཚོགས༔ སྒོ་བཞི་སྲུང་མཛད་ནོར་གཏེར་ལྷ་མོ་བཞི༔ ཀུན་ཀྱང་ཕྱག་གཉིས་ནོར་བུ་ནེའུ་ལེ་བསྣམས༔ ནོར་ལྷ་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་བསྟོད༔ འདིར་བྱོན་ཕུལ་བའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ གནོད་སྦྱིན་གཏེར་སྐྱོང་འཁོར་དང་བཅས་རྣམས་ནི༔ སེམས་ཅན་དོན་མཛད་བྱང་ཆུབ་སེམས་དང་ལྡན༔ དགོས་འདོད་འབྱུང་བའི་དཔག་བསམ་ཤིང་ལྟ་བུ༔ ཡིད་བཞིན་རིན་ཆེན་ལྟ་བུའི་དངོས་གྲུབ་སྩོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ༴ ཡོན་ཏན་རེ་སྐོང་དངོས་གྲུབ༴ འཕྲིན་ལས་འགྲོ་འདུལ་དངོས་གྲུབ༴ འཆི་མེད་ཚེ་ཡི་དངོས་གྲུབ༴ ཟད་མེད་ནོར་གྱི་དངོས་གྲུབ༴ འབྲལ་མེད་གྲོགས་ཀྱི་དངོས་གྲུབ༴ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ༴ ཐེག་ཆེན་ཆོས་ཀྱི་དངོས་གྲུབ༴ རིགས་རྒྱུད་འཕེལ་བའི་དངོས་གྲུབ༴ འདུ་བ་གསུམ་ལྡན་འཁོར་གྱི་དངོས་གྲུབ༴ སྦྱིན་པའི་ཁྲིམས་ལྡན་རྟ་ཡི་དངོས་གྲུབ༴ ན་བཟའ་གདན་དང་གོས་ཀྱི་དངོས་གྲུབ༴ རྐང་འགྲོས་མི་ནོར་ཕྱུགས་ཀྱི་དངོས་གྲུབ༴ རིན་ཆེན་གསེར་དངུལ་ཟངས་ལྕགས་དངོས་གྲུབ༴ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ དངོས་གྲུབ་བསྩལ་དང་སྩོལ་བར་མི་དམིགས་ཀྱང༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི་བྱིན་རླབས་དང༔ སྦྱོར་ལམ་ཚོགས་ལམ་གནས་པའི་རིག་འཛིན་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་དང༔ འཕགས་པ་འཁོར་བཅས་སྔོན་གྱི་ཞལ་བཞེས་ལྟར༔ སྒྲུབ་མཆོག་བདག་ལ་སྔོན་གྱི་སྨོན་ལམ་མཐུས༔ ཚེ་དང་ཆོས་དང་ལས་བཞི་ལྷུན་གྲུབ་དང༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང༔ སྲིད་ནོར་ཟས་སོགས་མཐུ་རྩལ་དངོས་གྲུབ་སྩོལ༔ ཅེས་དངོས་གྲུབ་ཅི་འདོད་ཞུ་འོ༔ དེ་ནས་ཡེ་ཤེས་པ་བརྟན་བཞུགས་བྱ་བ་ནི༔ ཛཾ༔ གནོད་སྦྱིན་གཏེར་སྐྱོང་འཁོར་བཅས་རྣམས༔ འདིར་ནི་གཟུགས་དང་ལྷན་ཅིག་ཏུ༔ འགྲོ་བའི་དོན་དུ་བཞུགས་ནས་ཀྱང༔ ནད་མེད་ཚེ་དང་དབང་ཕྱུག་དང༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བརྟན་པར་བཞུགས་ཤིང་གཤེགས་གསོལ་བྱར་མི་རུང་ངོ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ འཕགས་པ་འཁོར་བཅས་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འཁོད་པར་ཤོག༔ ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༔ གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ༔ བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ༔ དངོས་གྲུབ་མཆོག་སྩོལ་མཛད་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས༔ རྗེས་ཀྱི་བྱ་བ་ཀུན་བྱའོ༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟང་ཟང་ལྷ་བྲག་གི་རྐེད། བསེ་སྒྲོམ་སྨུག་པོའི་དབུས་ནས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པའོ།། །། ༄༅༔ ནོར་བདག་ལས་མཁན་ཡོད༔ ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཡོན་ཏན་མཁན་པོ་ཕྲིན་ལས་ཀྱི་འགྲོ་དོན་ཆུང་ན་འདི་ལྟར་བྱའོ༔ ཤོག་བུ་ལ་ཛཾ་བྷ་ལ་དམར་པོ༔ ཕྱག་གཡས་རིན་པོ་ཆེ༔ ཕྱག་གཡོན་ནེའུ་ལེའི་རྐྱལ་པ་འཛིན་པ་བྲི༔ དེ་ཡི་འོག་ཏུ་ཨ་པར་ཙི་ཏ་སྐུ་མདོག་དཀར་པོ་དར་སྔོན་གྱི་གོས་གྱོན་པ༔ གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ་བྲི༔ དེའི་ཞབས་འོག་ཏུ་ཐེའུ་རང་ལས་མཁན་གསུམ་གྱི་གཟུགས༔ ལག་ན་སྙིང་དང་ཞགས་པ་ཐོགས་པ་བྲི༔ དེ་མཎྜལ་གྱི་སྟེང་དུ་ནས་བྲེ་གང་ལ་གཟུགས་རྣམས་བཙུགས་ལ་བཞག་གོ༔ དེ་ནས་སྔགས་འདི་ཞག་བདུན་བཟླ་འོ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་ཧྲཱི༔ ཨ་པར་ཙི་ཏ་ཛཿཛཿཏྲིའུ་ཏྲིའུ་གྷ་ན་སིདྡྷི་ཏྲིའུ་ཡོན་ཏན་མཁན་པོ་མྱུར་དུ་འཚོལ་དུ་ཐོང༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཏགས་ལ་བཟླ་འོ༔ དེ་ནས་ཞིང་ལྤགས་ཀྱིས་གཏུམ་ལ་ཕྲེང་བའི་མདོ་འཛིན་ལ་བཏགས༔ དུས་བཞིར་རྐང་པ་གཡོན་པའི་མཐེབ་འོག་ཏུ་བཅུག་ལ་སྔགས་བརྒྱ་རྩ་བཟླ་འོ༔ ནན་ཏན་གཡེང་བ་ཆེ་ན་འཕྲོ་བཅད་ལ་བཞག་གོ༔ ཡོན་ཏན་མཁན་པོའི་བོགས་འདོན་ནོ༔ ནོར་བདག་གསང་བ་གསུམ་སྒྲིལ་གྱི་སྒྲུབ་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱི་གཏེར་མའོ། །མངའ་རིས་རིག་འཛིན་བདུད་འཇོམས་རྡོ་རྗེ་ཡིས། བདག་འདྲ་ཨཱ་ནནྟ་བྷ་དྲ་བཛྲ་གྱིས་ཡིད་དད་པའི་སྒོ་ནས་ཞུ་བ་ནན་གྱིས་ཕུལ་བ་ལ་བརྟེན། ཕ་རིན་པོ་ཆེའི་བཀའ་དྲིན་གྱིས་བསྐྱངས་པའོ། །སརྦ་མངྒ་ལཾ།། །། ༄༅༔ ཡུམ་ནོར་རྒྱུན་མའི་སྒྲུབ་ཐབས་བཞུགས་སོ༔ རྒྱ་གར་སྐད་དུ༔ ཨཱརྱ་བཱ་སུ་དྷཱ་རི་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ འཕགས་མ་ནོར་རྒྱུན་མའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ༔ འདི་ཉིད་སྒྲུབ་པར་འདོད་པ་ཡིས༔ དབེན་པའི་གནས་སུ་ཡོ་བྱད་སོགས༔ མཆོད་གཏོར་བཤམས་ཤིང་སྔོན་འགྲོ་བྱ༔ དཀོན་མཆོག་མཆོད་ཅིང་སྦྱིན་པ་གཏང༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་དུ་བཾ་གྱི་ཡི་གེ་ལས༔ ནོར་རྒྱུན་ལྷ་མོ་ཤིན་ཏུ་སེར༔ ཕྱག་ན་གནོད་སྦྱིན་འབྲས་སྙེ་མ༔ རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས༔ སྤྱན་མདངས་ཞལ་འཛུམ་སྒེག་པའི་ཉམས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ དབུ་ལ་རིན་ཆེན་འབྱུང་ལྡན་བཞུགས༔ གནོད་སྦྱིན་རྒྱལ་མོ་གསལ་བར་བསྒོམ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ མཆོད་བསྟོད་བྱས་ཏེ་གཟུངས་སྔགས་བཟླ༔ ཨོཾ་བཱ་སུ་སྭཱ་ཧཱ༔ ཨོཾ་བཱ་སུ་ཤྲཱི་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཱ་སུ་ཡེ་སྭཱ་ཧཱ༔ ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱ༔ ཨོཾ་བཱ་སུ་དྷཱ་རི༔ མ་ཧཱ་བཱ་སུ་ཤྲཱི་ཏི་ནི་པ་ཏ་ནི༔ བཱ་སུ་སྭཱ་ཧཱ༔ ཅི་ནུས་དག་ཅིང་གསལ་བར་བཟླས༔ སྒྲུབ་ཡུན་བསྲིངས་ལ་བསྒྲུབ་པར་བྱ༔ ཟས་ནོར་ཤིན་ཏུ་རྒྱས་པར་འོང༔ བཾ༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཀྱིས༔ ནམ་མཁའ་མཛོད་ལ་མངའ་བརྙེས་པ༔ ཡིད་བཞིན་གཏེར་འཆང་ལྷ་མོའི་སྐུ༔ དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔ སྐབས་སུ་གཏོར་མ་ཕུལ་ལ་གསོལ་བ་བཏབ༔ ཀུན་ལ་བྱམས་དང་སྙིང་རྗེ་ཡིས༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ སེར་སྣའི་ལས་སྒྲིབ་ཀུན་བྱང་ནས༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་འགྱུར༔ བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ༔ ལྷ་མོ་ནོར་རྒྱུན་སྒྲུབ་ཐབས་འདི༔ ཟང་ཟང་ལྷ་བྲག་རྐེད་ལ་སྦས༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ།། །།
བཛྲ་གུ་རུ་ཉམས་སུ་ལེན་པའི་ཐབས་མན་ངག་ཡིད་བཞིན་ནོར་བུ་ཏོག་གི་བློ་གྲོས་ (Volume 5, Text 47)
༄༅། །བཛྲ་གུ་རུ་ཉམས་སུ་ལེན་པའི་ཐབས་མན་ངག་ཡིད་བཞིན་ནོར་བུ་ཏོག་གི་བློ་གྲོས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་མ་ཧཱ་མུ་དྲཱ་ཡ། རྒྱལ་ཀུན་མཚན་དཔེ་གཅིག་ཏུ་འདུས་པའི་དཔྱིད། །རྒྱལ་གསུང་རབ་འབྱམས་རྒྱ་མཚོ་འདུས་ཐིག་ལེ། །རྒྱལ་ཀུན་ཡེ་ཤེས་ངོ་བོ་ཀུན་ཏུ་བཟང་། །རྒྱལ་མཆོག་པདྨ་ཐོད་ཕྲེང་རྩལ་ལ་འདུད། །ཚེ་གཅིག་བྱང་ཆུབ་མཆོག་གི་དོན། །གཅིག་ཆོག་བློ་བདེ་ཟབ་པའི་བཅུད། །བཛྲ་གུ་རུའི་ཉམས་ལེན་ཚུལ། །རང་གི་འདོད་བཞིན་བརྗོད་པར་བྱ། །དེ་ཡང་དལ་འབྱོར་རྙེད་དཀའ་དང་མི་རྟག་འཆི་བ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་རྣམས་ཀྱིས་བློ་རྒྱུད་འཁོལ་ཞིང་འཁོར་བས་དུབ་པ་དང་། མྱང་འདས་ལ་ངེས་པར་འབྱུང་བའི་བསམ་པ་དང་ཁྱད་པར་ལྷག་པའི་བསམ་པ་མི་དམན་པ་སྙིང་ཐག་པ་ནས་སྐྱེ་བ་གལ་ཆེ་ཞིང་། དེ་ནས་རྡོ་རྗེ་ཐེག་པའི་འཇུག་ངོགས་དབང་བསྐུར་གང་རུང་ཞིག་ལེགས་པར་ཐོབ་ཅིང་དེའི་དམ་ཚིག་བཅས་པ་མ་ཉམས་པས་ལམ་ཉམས་སུ་ལེན་པའི་སྙིང་པོ། སྤྱིར་འདུལ་དཀའ་བའི་འགྲོ་བ་མཐའ་དག་དང་། ཁྱད་པར་གདོང་དམར་བོད་ཀྱི་གདུལ་བྱ་རྣམས་ཀྱི་བླ་མ་དང་དཀྱིལ་འཁོར་ལྷའི་ངོ་བོ་ཐ་མི་དད་པ། སངས་རྒྱས་གཟི་བརྗིད་འོད་དཔག་ཏུ་མེད་པའི་ངོ་བོ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཚུལ་བསྟན་པ་གུ་རུ་པདྨ་འབྱུང་གནས་སུ་ངེས་ཤིང་གྲུབ་ལ། དེའི་སྒྲུབ་ཐབས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་ལས། འདིར་ཚིག་བདུན་གསོལ་འདེབས་ཀྱི་མན་ངག་དང་མཐུན་པར་ཉམས་སུ་ལེན་པའི་ཚུལ་ནི། ཐོག་མར་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྐྱབས་གནས་དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་ལ་སྐྱབས་སུ་མཆིའོ་སྙམ་ཞིང་ངག་ནས། ཨོཾ་ཨཱཿཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་འདི་རྣམས་འཁོར་བའི་སྡུག་བསྔལ་བཟོད་བླག་མེད་པ་ཉམས་སུ་མྱོང་དགོས་པ་སྙིང་རེ་རྗེ། ཀུན་དྲིན་ཆེ་བ་ཕ་མའི་རང་བཞིན་ཡིན་པས་བདག་གིས་ཅི་ནས་ཀྱང་སངས་རྒྱས་ཀྱི་ས་ལ་བཀོད་དགོས། དེའི་ཆེད་དུ་ཡང་ཟབ་བླ་མའི་སྒྲུབ་པ་ལ་འབད་པར་བྱའོ་སྙམ་ནས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །ཡང་གསང་བླ་མ་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ། །ཞེས་བརྗོད་ཅིང་དབུགས་བཏང་རྔུབས་དགེ་སྡིག་གཏོང་ལེན་གྱི་དམིགས་པ་ཡང་ཅི་ནུས་བྱའོ། །དེ་ནས་མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་ངོ་བོ་གུ་རུའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། དེས་བདག་གི་སྡིག་སྒྲིབ་དག་པར་བསམས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌཱི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད། བླ་མ་བདུད་རྩིའི་རང་བཞིན་དུ་བདག་ལ་ཐིམ། བདག་གི་མ་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་བརྟགས་ཀྱི་རྟེན་དང་བརྟེན་པར་བཅས་པ་རྣམས་བདག་མེད་པ་རང་བཞིན་གྱིས་སྟོང་པར་གྱུར། སྟོང་པའི་ངང་ལས་སེམས་ཉིད་ཀྱི་རང་མདངས་གཉུག་མའི་ལུས་ཡི་དམ་ལྷའི་སྐུར་གྱུར། དེ་ཡང་རྒྱུད་སྡེ་བཞི་དྲུག་གི་ཡི་དམ་ལྷ་གང་འདོད་པ་ཞིག་གསལ་གདབ། དེའི་མདུན་གྱི་ནམ་མཁའི་གནས་སམ་ཡན་ལག་ལྔ་ཡི་མཆོག་དང་སྙིང་ཁའི་དབུས་སོགས་གང་ཡང་རུང་བར། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མ་མཆིས་པ་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་པ་སྐུའི་ཆ་ལུགས་སྤྱི་དང་མཐུན་པར་ཚིག་འདིས་གསལ་བཏབ་སྟེ། ཆོས་དབྱིངས་མཁའ་ཁྱབ་ཡེ་ཤེས་འོད་སྣང་དབུས། །སེང་ཁྲི་པདྨ་སྟོང་ལྡན་ཉི་ཟླའི་གདན། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སེམས། །པདྨ་འབྱུང་གནས་སངས་རྒྱས་འོད་དཔག་མེད། །སྐུ་མདོག་དཀར་དམར་མཚན་དཔེ་ཡོངས་སུ་རྫོགས། །ཕྱག་གཉིས་རྡོ་རྗེ་ཐོད་པ་ཚེ་བུམ་བསྣམས། ཁ་ཊྭཱཾ་གྲུ་འཁྱུད་ཞབས་གཉིས་རྡོ་རྗེའི་སྐྱིལ། །གསང་ཕོད་ཆོས་གོས་ཟ་འོག་བེར་ཕྱམ་བཀླུབས། །དབུ་ལ་པད་ཞུ་ཌཱ་ཀིའི་སྤྲིན་ཕུང་གསོལ། །རྒྱན་ཚོགས་བསམ་འཕེལ་ནོར་བུ་དུ་མས་སྤྲས། །གནས་གསུམ་རྡོ་རྗེ་གསུམ་གྱུར་ཨོཾ་ཨཱཿཧཱུྃ། །ལྟེ་བར་ཡེ་ཤེས་རྡོ་རྗེ་ཧྲཱིཿཡིས་མཚན། །དེ་ལྟར་གུ་རུའི་གནས་གསུམ་དང་ལྟེ་བའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་ཏེ། མཁའ་ཁྱབ་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རིག་འཛིན་དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཆོས་སྐྱོང་སྲུང་མའི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དཔུང་གིས་བྱོན་ཏེ་གུ་རུའི་སྐུ་ལ་ཐིམ་པར་བསམས་ནས་ཚིག་བདུན་གྱིས་གསོལ་བ་གདབ་པ་ནི། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཚར་གྲངས་ཅི་ལྕོགས་བརྗོད། དེ་ནས་སྐྱབས་ཡུལ་ཀུན་འདུས་གུ་རུའི་དྲུང་དུ་རང་གི་ཡིད་ལས་སྐྱེས་པའི་ཏིང་ངེ་འཛིན་གྱི་མཆོད་པའི་སྤྲིན་གྱིས་ཀུན་ནས་མཆོད་པར་བྱ་སྟེ། དེ་ཡང་། མཁའ་ཁྱབ་ཀུན་བཟང་རོལ་པའི་སྤྲིན་ཕུང་ཉིད། །དགྱེས་མཆོད་སྤྱི་དང་ཁྱད་པར་དམ་ཚིག་རྫས། །བདེ་སྟོང་ཁ་སྦྱོར་རོལ་པའི་མཆོད་པར་བཅས། །ཟབ་གསལ་བདེ་ཆེན་དབྱིངས་སུ་མཆོད་པར་བགྱི། །ཞེས་དང་། ཁྱད་པར་དུ་གདུང་ཤུགས་དྲག་པོ་བསྐྱེད་དེ། བདག་གི་འཁོར་གཉེན་གཅེས་པའི་ལུས་དོན་དབང་། །ཚེ་སྲོག་བསོད་ནམས་དུས་གསུམ་དགེ་ཚོགས་བཅས། །སྐྱབས་གནས་ཀུན་འདུས་གུ་རུ་མཆོག་ལ་འབུལ། །ཐུགས་རྗེས་བརྩེ་བས་ཀུན་ཏུ་བཞེས་སུ་གསོལ། །ཞེས་སྙིང་ཐག་པ་ནས་མཆོད་པར་འབུལ་བ་དང་། ཡང་། གང་ཞིག་མི་སྲུན་སྤྱི་དང་ཁྱད་པར་དུ། །ཐེག་མཆོག་བསྟན་དང་སྟོན་ལ་སྡང་བ་ཡི། །ལོག་སྲེད་ཅན་ཀུན་བདག་མཐུ་ནུས་པས་བཏུལ། །གུ་རུའི་བཀའ་བཞིན་འབངས་སུ་འབུལ་ལོ་བཞེས། ཞེས་ཕྲིན་ལས་ཀྱི་ཆེད་དུ་སྨོན་ལམ་གྱིས་མཆོད་པར་བྱའོ། །དེ་ནས་མཆོད་རྫས་མཆོད་ཡུལ་ལ་ཐིམ་དགྱེས་ཤིང་ཚིམས་མཆོད་པའི་ལྷ་མོ་རང་ལ་ཐིམ་པས་དངོས་གྲུབ་ཐོབ། མཆོད་པ་མཆོད་ཡུལ་མཆོད་བྱེད་དམིགས་མེད་ཀྱི་ངང་དུ་མཉམ་པར་གཞག །དེ་ནས་སླར་ཡང་གདུང་ཤུགས་ཀྱིས་བླ་མ་ལ་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །མགོན་མེད་བདག་ལ་ཐུགས་རྗེས་ཟུངས། །བླ་མ་རྡོ་རྗེ་སེམས་དཔའ་ཆེ། །རེ་ཞིང་ལྟོས་པའི་གཉེན་གཅིག་པོ། །བདག་ལ་རེ་ས་གཞན་ན་མེད། །སྡུག་བསྔལ་འདམ་ནས་དྲང་དུ་གསོལ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། ཁྱེད་ལ་བདག་ཉིད་བྲན་དུ་འབུལ། །སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །བླ་མ་སངས་རྒྱས་ཕྲིན་ལས་མཛད། །བདག་ལ་དབང་སྐུར་བྱིན་གྱིས་རློབས། །མཐའ་ཡས་སེམས་ཅན་མ་ལུས་ཀུན། །འདྲེན་པའི་བླ་མར་བདག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཕུར་ཚུགས་ཀྱིས་མཆི་མ་འཁྲུག་འཁྲུག་ཅི་ལྟར་ནུས་པ་གསོལ་བ་གདབ་ཅིང་། དེ་ནས་ཏིང་ངེ་འཛིན་གྱི་དབང་བླང་བ་ནི། གུ་རུའི་སྐུ་ཡི་འབྲུ་བཞིར་འོད་ཟེར་བཞི། །དཀར་དམར་མཐིང་ལྗང་བདག་གནས་བཞིར་ཐིམ་པས། །དབང་ཐོབ་སྒྲིབ་དག་ལམ་འབྱོངས་སྐུ་བཞིར་སྨིན། །གུ་རུ་པདྨའི་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པས་དབང་བཞི་ལེན་པའི་དམིགས་པ་ཅི་ནུས་བྱ། དེ་ནས་རྣམ་རྟོག་གཞན་དུ་མ་འདྲེས་པས་ཡིད་ཡུལ་དུ་གུ་རུའི་སྐུ་ལམ་མེར་སྣང་བ་དེ་ལ་རིག་པ་ཧྲིག་གེ་གཏད་བཞིན་པའི་ངང་དུ། ངག་ནས་གཞོམ་མེད་ནཱ་དའི་སྒྲ་དབྱངས་ཀྱི་ངོ་བོ་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་གཅིག་དྲིལ་ཡིད་བཞིན་ནོར་བུ་ལྟ་བུའི་ཡི་གེ་བཅུ་གཉིས་པ་བཟླ་བར་བྱ་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཅི་ནུས་སུ་བཟླས་པའི་མཐར་གུ་རུ་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་གྱུར་ཏེ་རང་གི་སྙིང་ཁར་ཐིམ། གུ་རུའི་ཐུགས་ཀྱི་ཡེ་ཤེས་དང་རང་གི་སེམས་ཉིད་དབྱེར་མི་ཕྱེད་པར་གྱུར་ཏེ་སྟོང་གསལ་བདེ་བ་ཆེན་པོའི་ངང་དུ་སེམས་ཅི་གནས་སུ་མཉམ་པར་གཞག །དེ་ལས་ལྡངས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །གུ་རུ་པདྨ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་ཉིད་ཐོབ་ཤོག །ཅེས་བསྔོ་སྨོན་གྱི་རྒྱས་གདབ་ཅིང་སླར་ཡང་སྤྱི་བོའི་གཙུག་གི་ནམ་མཁར་གུ་རུ་ཝལ་གྱིས་སྐད་ཅིག་དྲན་རྫོགས་ཀྱིས་གསལ་གདབ་ཅིང་བདག་གི་རིགས་བདག་གི་ཚུལ་དུ་རྟག་ཏུ་འབྲལ་མེད་དུ་བཞུགས་ཏེ་བྱིན་གྱིས་བརླབ་པར་བསམས་ལ། དེ་ལྟར་བསྐྱེད་རིམ་རང་སེམས་ཀྱི་མདངས་གུ་རུའི་སྐུ་རུ་ལམ་མེར་ཤར་བའི་གསལ་ཆ་དེའི་ངོ་བོ་ལ་གཅེར་གྱིས་བལྟས་པས། དེར་འཛིན་གྱི་ཤེས་པ་རྩིས་གདབ་དང་བྲལ་བ་དུས་གསུམ་རྣམ་རྟོག་གི་སྤྲོས་པས་མ་བསླད་པ་ཝལ་ལེ་སེང་ངེ་བ་དེ་ཀའི་ངང་དུ། སེམས་ཅི་གནས་མཉམ་གཞག་མུ་མཐུད་ཀྱིན་བསྒོམ་པ་ནི་རྫོགས་རིམ་ཐམས་ཅད་ཀྱི་རྩ་བ་སྟེ་གཉུག་བསྲིངས་ཏེ་བསྒོམས་ན་དགེ་སྦྱོར་ཉིན་མཚན་འཁོར་ཡུག་ཏུ་འཆར་བར་ཡང་འགྱུར་རོ། །གཞན་སྤྱོད་ལམ་ལ་འཇུག་པ་ན་བླ་མར་མོས་གུས་སེམས་ཅན་ལ་སྙིང་རྗེ་མ་ཡེངས་པའི་དྲན་ཤེས་དང་མི་འབྲལ་བར། འགྲོ་བའི་སྐབས་སུ་ཕྲག་པ་གཡས་ཀྱི་ནམ་མཁའ་ལ་གུ་རུ་བཞུགས་ཏེ་དེ་ལ་བསྐོར་བའི་ཚུལ་དང་། ཟས་ཟ་བའི་སྐབས་སུ་མགྲིན་པ་དང། གོས་གོན་པའི་སྐབས་སུ་སྙིང་ཁར་བསྒོམས་ཏེ་དེ་ལ་མཆོད་པར་བསམ་པ་དེས་ཀྱང་ཚོགས་འཁོར་འགྱུར་ཞིང་ཚོགས་བསགས་པ་དང་། གཉིད་ལོག་པའི་སྐབས་སུ་སྨིན་མཚམས་ནས་སྤྱི་གཙུག་དབུ་མའི་ལམ་བརྒྱུད་སྙིང་འོད་ལྔ་སྲབ་དྭངས་ཤེལ་གྱི་བུམ་པ་ལྟ་བུའི་ནང་དུ་བཞུགས་པར་བསམས་ཏེ་གཉིད་ལོག །ནམ་སད་པའི་སྐབས་དྲན་པས་རང་ཟིན་གྱིས་གསལ་རེ་བཏབ་པས་རྨི་ལམ་ངོས་ཟིན་ཅིང་འོད་གསལ་འཆར། ལྡང་བའི་སྐབས་སུ་སྙིང་ཁའི་བླ་མ་དབུ་མའི་ལམ་ནས་ཡར་བྱོན། ཚངས་བུག་ནས་སྤྱི་བོའི་ནམ་མཁའ་ལ་བཞུགས་པར་བསམས་པས་འཕོ་བ་ཡང་ངང་གིས་འབྱོངས་ཤིང་། ནམ་ཞིག་འཆི་བའི་སྐབས་སུ་རིག་པ་མདུང་ཚུགས་དེར་གཏད་པས་འཆི་ཁའི་འཕོ་བ་ཁྱད་པར་འཕགས་པར་འགྱུར་ལ། གཞན་ཡང་ཞི་རྒྱས་དབང་གི་བྱ་བ་མཐའ་དག་མོས་པས་ཁ་བསྒྱུར་ནས་བཛྲ་གུ་རུ་བཟླས་པས་འགྲུབ་ཅིང་། ཁྱད་པར་ཚེ་སྒྲུབ་ལ། སྤྱི་བོའི་གུ་རུའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་། རང་གི་ལུས་མེར་གྱིས་ཁེངས་པར་བསམས་ནས་བཛྲ་གུ་རུ་བཟླས་ཤིང་ཚེ་བསྲིང་བར་གསོལ་བ་གདབ་ན་ཚེ་སྒྲུབ་ཀྱི་མཆོག་དམ་པ་ཡིན་ནོ། །དེ་ལྟར་ཆུ་བོའི་རྒྱུན་བཞིན་ཉམས་སུ་ལེན་ན་རིང་པོར་མི་ཐོགས་པར་གྲོལ་བ་འཐོབ་པར་འགྱུར་ཞིང་། ཉམས་སུ་ལེན་མ་ནུས་པར་ཆོས་ཚུལ་མང་པོ་མཐོང་ཐོས་སུ་གྱུར་ཀྱང་རྒྱ་མཚོའི་འགྲམ་དུ་ཡི་དྭགས་སྐོམ་གྲིར་འཆི་བ་དང་འདྲ་བས། དེས་ན་ཆོས་ཐོས་ཐོས་མང་པོས་ཅི་ཞིག་བྱ་སྟེ་ཉམས་ལེན་ལ་འབད་པ་ཁོ་ན་གལ་ཆེ་བ་དམ་པ་མཆོག་རྣམས་ཀྱིས་མགྲིན་གཅིག་དང་དབྱངས་གཅིག་ཏུ་གསུངས་པས་ཐུན་དྲུག་གི་རྣལ་འབྱོར་སོགས་ཅི་ལྟར་ནུས་པ་འབད་པས་ཉམས་སུ་ལེན་པར་གཅེས་སོ། །འདིར་སྨྲས་པ། དེ་སྐད་དམ་པའི་གདམས་པ་གང་། །རང་གི་ཅི་ལྟར་ཐོས་གྱུར་ཅིང་། །མོས་པས་ཉམས་སུ་ལེན་ཚུལ་དང་། །བསྟུན་ཏེ་འདི་རུ་མདོ་ཙམ་སྨྲས། །དེ་ཡི་དགེ་ཚོགས་མཆིས་གྱུར་མ་ལུས་ཀུན། །ནམ་མཁའི་མཐའ་ཀླས་འགྲོ་ལ་ཡོངས་བསྔོའི་མཐུས། །ཀུན་ཀྱང་ཀུན་བཟང་པདྨ་ཐོད་ཕྲེང་གི །གོ་འཕང་རིང་མིན་མྱུར་ཐོབ་རྒྱུར་འགྱུར་ཤོག །ཅེས་པ་འདི་ཡང་རིག་པ་འཛིན་པ་ཚེ་དབང་ནོར་བུས་དགའ་དབང་ངམ་མིག་དམར་ཡང་བརྗོད་པ་ཤིང་བྱི་ལོ་ཉི་མ་ལུག་གི་བ་གམ་དུ་རྩེན་པ་ནག་ཟླའི་བཟང་པོ་གཉིས་པ་ལ་ཀོང་ཡུལ་གྱི་ཆ་ཉང་ཁ་གུ་རུའི་གནས་ཆེན་ལྗོན་པ་ལུང་གི་མདོ་ཐོད་མཁར་དགོན་བསམ་གཏན་སྤྱིལ་པོར་སྤེལ་བ་སྟེ་གཞན་ཕན་རྒྱ་ཆེའི་བཙས་སུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བ་ (Volume 20, Text 47)
ྈ བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བ་བཞུགས་སོ༔ ༔ ྈྈྈྈྈྈྈྈྈྈ བདེ་གཤེགས་སྐུ་ལྔ་རིགས་འདུས་ལྷ་ལ་འདུད༔ མདངས་ལྡན་དྲི་མེད་གཡུ་མཚོའི་ཁྱེའུ་ཆུང་ང༔ དང་པོའི་ས་ནི་ཀུན་བཟང་ཐུགས་ནས་སོ༔ རིགས་ལྔའི་རྒྱལ་བ་ང་ཡི་ཕ་མ་ཡིན༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ང་ཡི་བུ༔ དེ་དག་སྐྱོབ་ཕྱིར་སྲོག་སྒྲུབ་དཔག་མེད་སྦས༔ མ་འོངས་ཚེ་ཐུང་རྐྱེན་དང་ནད་མང་དུས༔ འཆི་མེད་བཅུད་བསྡུས་སྐུ་ལྔ་རིགས་འདུས་བསྟན༔ དབང་ཐོབ་དམ་ལྡན་མོས་གུས་བརྩོན་འགྲུས་ཅན༔ ལྟ་སྒོམ་ཏིང་འཛིན་ལྡན་པས་ཉམས་སུ་ལོངས༔ རྣལ་འབྱོར་གར་བསྒྲུབ་ཕྱི་སྣོད་བདེ་ཆེན་ཞིང༔ ནང་བཅུད་གཞལ་ཡས་གཟུགས་སྣང་ལྷ་ལྷ་མོ༔ དྲན་རིག་མགོན་པོ་ཚེ་མཐའ་ཡས་པའི་སྐུ༔ འཁོར་དང་སྐུ་ཚེ་མཛད་པ་བསམ་མི་ཁྱབ༔ གཟུང་འཛིན་རང་གྲོལ་འཁོར་འདས་མཉམ་པ་ཉིད༔ དུས་གསུམ་དུས་མེད་བདེ་བ་ཆེན་པོའི་ཀློང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་ཡིད་འོང་དམ་པའི་སར༔ མ་རྡལ་སྟེགས་བུ་སྤྱི་བཞིན་ལ༔ ཐིག་གདབ་སྒོ་རྫོགས་པད་རྡོར་མེ༔ ལྟེ་བར་མིག་མང་གླིང་དགུའི་དབུས༔ པདྨ་འདབ་བཞི་ཧྲཱིཿས་མཚན་བྲི༔ ཕྱོགས་མཚམས་ལིང་ཚེར་འཇའ་ཐིག་ལེ༔ མཛེས་པའི་རྒྱན་འགོད་སྤྱི་ལྟར་མཚུངས༔ དེ་དབུས་མཉྫིའི་ཁྲི་འུའི་ཁར༔ བུམ་པ་རྒྱུན་འབབ་ཆུ་ཡིས་དགང༔ སྨན་སྒྲུབ་བུམ་རྫས་སོ་ལྔ་བཏབ༔ ཁ་རྒྱན་ཀུ་ཤ་རྨ་བྱའི་མདོངས༔ དཔག་བསམ་ཤིང་དང་གཟུངས་རྡོར་སྤྲས༔ མདུན་དུ་མཚན་ལྡན་བྷནྡྷའི་ནང༔ ཛ་གད་ཨ་མྲྀཏ་ཡིས་བྲན༔ དར་དམར་ཁ་བཅད་ཤེལ་མེ་ལོང༔ ཚེ་གཏོར་ཟླུམ་པོའི་གདན་གྱི་ཁར༔ པདྨ་འདབ་བརྒྱད་ཉིས་བརྩེགས་དང༔ ཟེའུ་འབྲུ་ཉི་ཟླ་བརྩེགས་པའི་སྟེང༔ བླ་གཏོར་པདྨ་འདབ་བཞི་ཅན༔ མཚམས་བཞིར་ཚེ་རིལ་བཞི་ཡིས་མཚན༔ མཛེས་པའི་རྒྱན་སྤྲོས་དུ་མས་སྤྲས༔ འཁོར་ཡུག་ཚེ་རིལ་མདའ་དར་གཟུགས༔ སྨན་གཏོར་རཀྟ་སྤྱི་བཞིན་བསྐོར༔ གཞན་ཡང་རྒྱན་འགོད་མདའ་མེ་ལོང༔ ཕུར་པ་མདོངས་སྒྲོ་ཚོན་སྐུད་ཀྱིས༔ དྲ་བ་རིས་སོགས་ཅི་འབྱོར་བརྒྱན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དངོས་གཞི་སྐྱབས་སེམས་ཚོགས་གསག་དང༔ བགེགས་མཚམས་བྱིན་འབེབ་མཆོད་པ་བརླབ༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་ཕྱག་འཚལ༔ མཆོད་བསྟོད་ཛཔ྄་བསྐུལ་ཚེ་ཛཔ྄་བཟླ༔ ཚེ་འགུགས་བསྟིམ་དང་སྦ་བ་ལས༔ མྲཾཔྤཱདྱཾ།༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ ཡེ་ནས་སངས་རྒྱས་ལྷུན་གྲུབ་པ༔ མངོན་སུམ་རང་ངོ་ཤེས་ཕྱིར་དུ༔ བདེ་གཤེགས་འདུས་པར་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་ནི༔ སྨོན་འཇུག་དམ་བཅའ་བརྟན་པོས༔ ཧོ༔ སྡུག་བསྔལ་གསུམ་གྱིས་གཟིར་བའི་འགྲོ༔ བདེ་ཆེན་ས་ལ་མ་བཞག་བར༔ བླ་མེད་དཀྱིལ་འཁོར་འདིར་ཞུགས་ནས༔ ཡང་དག་སར་འགོད་དམ་བཅའ་འོ༔ ལན་གསུམ༔ གསུམ་པ་འཁོར་གསུམ་ཡོངས་དག་ནི༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ༔ བཞི་པ་བགེགས་ལ་གཏོར་མ་ནི། ཨོཾ་བཛྲ་ཨ་མྲྀཏས་བསང༔ སྭཱ་བྷཱ་ཝས་སྦྱང༔ སྟོང་པའི་ངང་ལས་སྟོང་གསུམ་དང་མཉམ་པའི་སྣོད་དུ་ཕྱི་རོལ་ཚིམ་བྱེད་ཀྱི་འདོད་ཡོན་ལོངས་སྤྱོད་གང་ལ་གང་འདོད་ཀྱི་གཏེར་ཆེན་པོར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་བརྗོད༔ ཧཱུྃ༔ གསང་ཆེན་ལྷུན་གྲུབ་དཀྱིལ་འཁོར་འདིར༔ གླགས་བལྟ་འཚེ་བྱེད་གདོན་བགེགས་རྣམས༔ འདོད་ཡོན་འདི་ཁྱེར་རང་གནས་དེངས༔ འཚེ་ན་རྡོ་རྗེ་འབར་བས་གཞོམ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ ལྔ་པ་སྲུང་གུར་ནི༔ ཧཱུྃ༔ གདོད་ནས་རྣམ་དག་དཀྱིལ་འཁོར་འདིར༔ ཡེ་ཤེས་རོལ་པའི་ལྷ་ཡིས་གང༔ རྡོ་རྗེ་འཁོར་ལོ་མཚོན་ཆ་མེའི༔ གུར་ཕུབ་རླུང་ཡང་རྒྱུ་མི་ནུས༔ ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ དྲུག་པ་བྱིན་དབབ་པ་ནི༔ ཧཱུྃ༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས༔ སྐུ་གསུམ་ཞིང་ནས་འདིར་གཤེགས་ལ༔ གནས་མཆོག་འདི་རུ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣམས་ལ་དབང་བཞི་སྐུར༔ སྒྲུབ་རྫས་འདི་ལ་བཅུད་ཆེན་ཕོབ༔ དཀྱིལ་འཁོར་འདི་ལ་བཀྲག་མདངས་སྐྱེད༔ གཞལ་ཡས་འདི་ལ་བརྟན་པར་བཞུགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛ༔ བདུན་པ་མཆོད་པ་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན༔ ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ འབད་པ་མེད་པར་ལྷུན་གྱིས་གྲུབ༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་གྱུར༔ ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ བརྒྱད་པ་སྨན་གཏོར་རཀྟ་བརླབ༔ ཨོཾ་ཨཱཿཧཱུྃ༔ དུག་ལྔ་སེལ་བའི་སྨན་མཆོག་དང༔ རྒྱུ་དྲུག་བསྒྲལ་བའི་རཀྟ་ཆེ༔ འདོད་ཡོན་མི་ཟད་གཏོར་ཆེན་པོ༔ ཐམས་ཅད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིནྟ་ཏེ་ཛོ་བ་ལིནྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ དངོས་གཞི་ཏིང་འཛིན་གསུམ་དང་དགུ་པ་ལྷ་བསྐྱེད་ནི༔ ཧྲཱི༔ སྐྱེ་མེད་ཡེ་ཤེས་ཆེན་པོ་ལས༔ འགག་མེད་ཐུགས་རྗེའི་འོད་ཟེར་ཤར༔ ཟུང་འཇུག་རྒྱུ་ཡི་ཏིང་འཛིན་སེམས༔ ཧྲཱིཿཡིག་དམར་ལས་འོད་ལྔ་འཕྲོས༔ མ་དག་སྣོད་བཅུད་ཐམས་ཅད་སྦྱངས༔ འབྱུང་ལྔ་རིམ་གྱིས་བརྩེགས་པའི་སྟེང༔ སྲིད་པའི་སྦྱོར་བ་ཡོངས་སུ་ཟད༔ རྣམ་གྲོལ་བདེ་བའི་དངོས་གྲུབ་བརྙེས༔ ཞིང་གི་ཡོན་ཏན་བསམ་མི་ཁྱབ༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད༔ ལིང་ཚེ་དགུ་ལྡན་པད་འདབ་བརྒྱད༔ མཚན་ཉིད་ཐམས་ཅད་རྫོགས་པའི་དབུས༔ ལྟེ་བར་རྨ་བྱས་བཏེགས་པའི་ཁྲིར༔ པདྨ་ཉི་ཟླ་བརྩེགས་པའི་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་བྱེ་རུའི་སྡོང་པོ་ལ༔ ཉི་འོད་འབུམ་གྱི་འོད་ཟེར་ཅན༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན༔ ཡུམ་མཆོག་ལྷ་མོ་ཙཎྜ་ལཱི༔ དམར་མོ་པདྨའི་ཕྲེང་བས་མཛེས༔ སྐྲ་གྲོལ་གཅེར་མོ་བདེ་ཉམས་འཁྲིལ༔ གཡས་པ་མདའ་དར་མགུལ་ནས་འཁྱུད༔ གཡོན་པ་ཚེ་བུམ་ཡབ་ལ་སྟོབས༔ སྣང་སྟོང་ཡེ་ཤེས་ཆེན་པོར་བཞུགས༔ ཡབ་ཀྱི་གནས་ལྔར་གཟུགས་ཚོར་དང༔ འདུ་ཤེས་འདུ་བྱེད་རྣམ་ཤེས་རྣམས༔ དག་པའི་བདག་ཉིད་བཅོམ་ལྡན་འདས༔ ཚེ་ལྷ་རིགས་ལྔ་འོད་ཀློང་བཞུགས༔ ཡུམ་གྱི་གནས་ལྔར་ས་དང་ཆུ༔ མེ་རླུང་ནམ་མཁའ་རྣམ་དག་པ༔ ཡུམ་ཆེན་ལྔ་པོ་ཡེ་ནས་རྫོགས༔ ཐུགས་ཀྱི་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་ནང༔ ཏིང་འཛིན་སེམས་དཔའ་ཧྲཱིཿདམར་མཐར༔ སྔགས་ཕྲེང་འགལ་མེ་ལྟ་བུར་འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཚུར་འདུས་ལིང་ཚེ་བརྒྱད་ལ་ཕོག༔ ཤར་དུ་མཱ་ཀཱི་ལྷོར་སྤྱན་མ༔ ནུབ་ཏུ་གོས་དཀར་བྱང་སྒྲོལ་མ༔ དཀར་སེར་དམར་ལྗང་གཡས་མདའ་དར༔ གཡོན་པ་འབྱུང་བཞིའི་བཅུད་བུམ་བསྣམས༔ ཡུམ་བཞི་མཚམས་བཞིར་རིམ་པ་བཞིན༔ རྒྱས་འདེབས་དཀར་མོ་མདའ་གཞུ་འགེངས༔ ཚེ་འཕེལ་སེར་མོ་ཁ་ཊྭཱཾ་འཛིན༔ རྨོངས་བྱེད་དམར་མོ་རྒྱལ་མཚན་འཆང༔ ཟ་བྱེད་ལྗང་གུ་རྡོར་དྲིལ་འཛིན༔ ཕྱི་རོལ་འདབ་བརྒྱད་ཕྱོགས་བཞི་རུ༔ ལཱ་སེ་དཀར་མོ་མེ་ལོང་འཛིན༔ མཱ་ལེ་སེར་མོ་ཕྲེང་འཛིན་ལྷོ༔ གཱིརྟཱི་དམར་མོ་པི་ཝཾ་ནུབ༔ ནཱིརྟཱི་ལྗང་མོ་རྔ་ཡབ་བྱང༔ དེ་དག་བཞི་ཡི་མཚམས་བཞི་རུ༔ བདུག་སྤོས་དཀར་སེར་སྤོས་ཁང་འཛིན༔ མེ་ཏོག་དམར་སེར་མེ་ཏོག་ཕྲེང༔ མར་མེ་དམར་ལྗང་མར་མེ་འཛིན༔ དྲི་ཆབ་དཀར་ལྗང་དྲིའི་དུང་ཕོར༔ ཤར་སྒོར་སྒོ་མ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་སྒོ་མ་སེར་མོ་ཞགས༔ ནུབ་སྒོར་སྒོ་མ་ལྕགས་སྒྲོག་དམར༔ བྱང་སྒོར་སྒོ་མ་དྲིལ་བུ་ལྗང༔ ཐམས་ཅད་ལྷ་ཡི་མཛའ་ན་མོ༔ མཛེས་སྡུག་བདེ་བའི་ལང་ཚོ་ཅན༔ པཉྩ་ལི་ཡི་གོས་ཀྱིས་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་རོལ༔ ལྷ་ཚོགས་ཀུན་གྱི་གནས་གསུམ་དུ༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ༔ དེ་ལས་འོད་འཕྲོས་མཁའ་དབྱིངས་གང༔ སྐུ་གསུམ་བདེ་ཆེན་ཞིང་ཁམས་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་ཐིམ༔ བཅུ་པ་སྤྱན་འདྲེན་ནི༔ ཧྲཱི༔ བདེ་ཆེན་ཆོས་སྐུའི་ཞིང་ཁམས་སུ༔ འོད་མཚན་སྟོང་འབར་ལྷ་ཡི་ལྷ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དད་པའི་ཞིང་འདིར་གཤེགས་སུ་གསོལ༔ རིགས་ལྔ་ཡབ་ཡུམ་ཚོམ་བུ་དང༔ སེམས་དཔའ་སེམས་མ་སྒོ་སྐྱོང་བཞི༔ མ་ལུས་གནས་འདིར་གཤེགས་ཤིང་བཞུགས༔ མོས་པའི་བུ་ལ་རབ་དགོངས་ལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ ཚེ་བསོད་དཔལ་དང་འབྱོར་དྲུག་སྤེལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ས་མ་ཡ་ཛཿཛ༔ བཅུ་གཅིག་པ་བཞུགས་གསོལ་ནི༔ ཧྲཱི༔ ཆོས་ཉིད་མཉམ་པ་ཆེན་པོ་ལ༔ གཤེགས་བཞུགས་གཉིས་སུ་མ་མཆིས་ཀྱང༔ མ་རིག་རྟག་འཛིན་སྦྱང་ཕྱིར་དུ༔ རྡོ་རྗེའི་སྟན་ལ་ཏིཥྛ་ལྷན༔ བཅུ་གཉིས་པ་ཕྱག་འཚལ་བ་ནི༔ ཧྲཱི༔ འཁོར་འདས་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པའི་དཀྱིལ་འཁོར་ལྷ༔ རྩོལ་མེད་གདུང་བའི་ཤུགས་དྲགས་པོས༔ ལུས་ཀུན་བཏུད་དེ་ཕྱག་ཀྱང་འཚལ༔ ཨོཾ་ན་མ་ན་མོ་ཧཱུྃ༔ བཅུ་གསུམ་པ་ཕྱི་མཆོད་ནི༔ ཧྲཱི༔ སྣང་ཞིང་སྲིད་པའི་འདོད་ཡོན་རྣམས༔ ཡེ་ཤེས་ལྔ་ཡི་རྒྱན་དུ་ཆེ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ༔ དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་འབུལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་བཛྲ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ བཅུ་བཞི་པ་ནང་མཆོད་ནི༔ ཧཱུྃ༔ གཟུགས་མཛེས་ཡིད་འོང་སྒྲ་སྙན་མ༔ དྲི་རོ་རེག་བྱ་ཆོས་རྣམས་འབུལ༔ བདེ་ཆེན་འདུ་འབྲལ་མེད་པར་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བཅོ་ལྔ་པ་རྟགས་བརྒྱད་མཆོད་པ་ནི༔ ཧཱུྃ༔ རབ་འབྱམས་ཞིང་ཀུན་ཡོངས་ཁེངས་པའི༔ བཀྲ་ཤིས་རྫས་དང་རྒྱལ་སྲིད་བདུན༔ བདག་པོས་བཟུང་དང་མ་གཟུང་ཀུན༔ མོས་པས་རྒྱལ་བ་རྣམས་ལ་འབུལ༔ མ་ཧཱ་སརྦ་པཱུ་ཛ་ཧཱུྃ༔ བཅུ་དྲུག་པ་སྨན་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ དགོངས་པའི་དབྱིངས་ནས་ཡེ་ཤེས་བརྡ་བརྒྱུད་ཤར༔ ཀུན་བཟང་རིགས་ལྔ་དགའ་རབ་ཤྲཱི་སིང༔ རིག་འཛིན་རྣམ་བརྒྱད་པདྨ་སམྦྷ་ཝར༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བཀའ་ཡི་སྡུད་པོ་སྙན་བརྒྱུད་རྒྱ་མཚོའི་གཏེར༔ ཡེ་ཤེས་མཚོ་རྒྱལ་གཟུང་མ་རྣམ་ལྔ་དང༔ ནམ་མཁའི་སྙིང་པོ་རྒྱལ་སྲས་ལྷ་རྗེ་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འགྲོ་འདུལ་སྤྲུལ་པའི་གར་མཁན་ཆོས་ཀྱི་བདག༔ ཟླ་འོད་གཞོན་ནུ་སྒྱུ་འཕྲུལ་རྡོ་རྗེ་དང༔ བཀའ་བབས་རིག་འཛིན་བདེ་འདུས་དཀྱིལ་འཁོར་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རྡོ་རྗེ་ཆོས་སྲུང་དཔལ་མགོན་ལྕམ་དྲལ་དང༔ སྨན་བཙུན་གཡུ་སྒྲོན་ཡུལ་གཞིས་གནས་ཀྱི་བདག༔ བདེ་གཤེགས་སྙིང་པོས་ཁྱབ་པའི་འགྲོ་ཀུན་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བདུད་རྩི་ལས་དངོས་གྲུབ་བླང༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༔ དམ་རྫས་བདུད་རྩི་འདི་ལ་དགོངས༔ བླ་ན་མེད་པའི་དམ་ཚིག་རྫས༔ མྱང་བས་དངོས་གྲུབ་རྣམ་གཉིས་ཐོབ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་མཐེབ་སྲིན་ཉི་ཟླའི་གྭའུས་བླངས་ཤིང་གནས་གསུམ་དུ་གཏུགས་ལ་མྱང༔ བཅུ་བདུན་པ་རཀྟའི་མཆོད་པ་ནི༔ ཧྲཱི༔ དུག་གསུམ་བསྒྲལ་པའི་ཁྲག་ཆེན་པོ༔ དུང་ཆེན་སྣོད་དུ་དམར་ཆེན་བསྐྱིལ༔ དཀྱིལ་འཁོར་གསང་བའི་ལྷ་ལ་འབུལ༔ ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིག༔ མ་ཧཱ་རཀྟ་ཁཱ་ཧི༔ བཅོ་བརྒྱད་པ་གཏོར་མའི་མཆོད་པ་ནི༔ ཧྲཱི༔ སྟོང་གསུམ་མཉམ་པའི་སྣོད་ཆེན་པོར༔ སྲིད་པའི་འདོད་ཡོན་ལྷུན་པོར་སྤུངས༔ བཀོད་པ་ཁྱད་པར་འཕགས་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བཅུ་དགུ་པ་སྦྱོར་མཆོད་ནི༔ ཧྲཱི༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ གཉིས་མེད་ཟུང་འཇུག་ལྷུན་གྱིས་གྲུབ༔ འདུ་འབྲལ་མེད་པའི་སྦྱོར་མཆོད་བཞེས༔ ཁམས་གསུམ་འོད་སྐུར་གྲོལ་བར་མཛོད༔ ཨོཾ་པདྨོ་ཡོ་གི་ནཱི་བཛྲ་པྲ་བེ་ཤ་ཡ་ཕཊ༔ ཉི་ཤུ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧྲཱི༔ ཀུན་ཏུ་བཟང་པོའི་ཡོན་ཏན་ནི༔ རྣམ་ཐར་སྒོ་གསུམ་ལྷུན་གྱིས་གྲུབ༔ གདོད་ནས་རྣམ་དག་མཆོད་ཆེན་པོ༔ དང་པོའི་དབྱིངས་སུ་འབུལ་བར་བགྱི༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཉེར་གཅིག་པ་ངོ་མཚར་བསྟོད་པ་ནི༔ ཨོཾ༔ རྡོ་རྗེའི་སྐུ་ལ་བགྲེས་རྒུད་མེད༔ གཟི་བརྗིད་ལྷུན་ཆགས་ཟིལ་གྱིས་གནོན༔ བལྟ་བས་མི་ངོམས་མཚུངས་མཐའ་བྲལ༔ འགྱུར་མེད་རྡོ་རྗེའི་སྐུ་ལ་བསྟོད༔ ཨཱ༔ ཡན་ལག་དྲུག་ཅུ་ཚངས་པའི་དབྱངས༔ རང་རང་སྐད་ལྟར་དམ་ཆོས་སྟོན༔ དབྱངས་ཅན་བདུད་རྩིས་ངོམས་པར་མཛད༔ འགག་མེད་རྡོ་རྗེའི་གསུང་ལ་བསྟོད༔ ཧཱུྃ༔ རིག་སྟོང་ཐུགས་ནི་ནམ་མཁའ་འདྲ༔ བདེ་གསལ་མི་རྟོག་མཁྱེན་བརྩེར་ལྡན༔ གདུལ་བྱ་མི་འདོར་བུ་ལྟར་བརྩེ༔ ཡེ་ཤེས་རྡོ་རྗེའི་ཐུགས་ལ་བསྟོད༔ སྭཱ༔ རང་བཞིན་ཡོན་ཏན་བསམ་མི་ཁྱབ༔ སྣང་སྲིད་འཁོར་འདས་ཡོངས་ཀྱི་མགོན༔ དོན་གྱི་ནོར་བུ་རིན་པོ་ཆེ༔ དགོས་འདོད་ཀུན་འབྱུང་ཁྱེད་ལ་བསྟོད༔ ཧཱ༔ ཞི་རྒྱས་དབང་དྲག་མཛད་པ་ཡི༔ ཕྲིན་ལས་ཆོ་རོལ་བསམ་མི་ཁྱབ༔ གང་ལ་གང་འདུལ་སྐུར་སྟོན་པའི༔ སྒྱུ་འཕྲུལ་དཀྱིལ་འཁོར་ཡོངས་ལ་བསྟོད༔ ཉེར་གཉིས་པ་ཛཔ྄་བསྐུལ་ནི༔ ཧྲཱི༔ དམ་ཡེ་གཉིས་མེད་ཐུགས་ཀ་རུ༔ ཉི་ཟླའི་གྭ་འུ་ཁ་སྦྱོར་ནང༔ ཏིང་འཛིན་སེམས་དཔའ་ཧྲཱིཿདམར་གྱི༔ ཕྱོགས་བཞིར་ནྲྀ་བྷྲཱུྃ་ཨཿཛཿབཞིའི༔ མཐའ་ནས་བརྩམ་སྟེ་སྔགས་ཕྲེང་བསྐོར༔ འོད་འཕྲོས་ནད་གདོན་སྡིག་སྒྲིབ་དག༔ ཡེ་ཤེས་ལྔ་ཡི་ངོ་བོར་གྱུར༔ རྒྱུན་མི་ཆད་པའི་འོད་ཟེར་གྱིས༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་མཆོད༔ ཚུར་འདུས་བྱིན་རླབས་ཚེ་བཅུད་བསྡུས༔ རང་ལུས་རྡོ་རྗེ་སྙིང་པོའི་སྐུ༔ གསལ་སྟོང་འཛིན་མེད་སྲོག་གྲུབ་ནས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་འབར༔ ཁམས་གསུམ་སྲིད་གསུམ་དྭངས་བཅུད་ཀུན༔ ཨཿནྲི་བྷྲཱུྃ་ཛཿའི་རྣམ་པར་བསྡུས༔ ཐུགས་ཀྱི་རྡོ་རྗེར་གཉིས་མེད་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་ཐོབ་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ མཆོང་སྨུག་ཉི་ཟླའི་གྭ་འུའི་ནང༔ ཐུགས་སྲོག་ཧྲཱིཿདམར་འཚེར་བཀྲག་ལྡན༔ ཚེ་ཡི་དྭངས་མ་ཨཿདཀར་གཡས༔ སྲོག་གི་དྭངས་མ་ནྲྀ་ལྗང་གཡོན༔ བསོད་ནམས་དྭངས་མ་བྷྲཱུྃ་སྨུག་མདུན༔ དབང་ཐང་དྭངས་མ་ཛཿལྗང་རྒྱབ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ བདེ་གཤེགས་མཆོད་ཅིང་ཐུགས་རྒྱུད་བསྐུལ༔ བྱིན་རླབས་དངོས་གྲུབ་བདག་ལ་བསྟིམ༔ སྒྲིབ་གཉིས་སྦྱངས་ཤིང་དབང་བཞི་ཐོབ༔ བརྟན་གཡོ་སྣོད་བཅུད་ཚེ་བཀྲག་དང༔ འབྱུང་བ་བཞི་ཡི་དྭངས་མའི་བཅུད༔ སྐྱེ་འགྲོའི་ཚེ་སྲོག་བསྡུས་ཏེ་བསྟིམས༔ ཤ་ཁྲག་དྲོད་དབུགས་ཁམས་ཉམས་གསོས༔ སླར་ཡང་འོད་ཟེར་ཚྭ་ཚྭ་འཕྲོས༔ ཕྱོགས་མཚམས་སྟེང་འོག་ཀུན་ཁྱབ་ཅིང༔ ལྷ་ཀླུ་གདོན་བགེགས་འབྱུང་པོ་དང༔ དྲི་ཟ་གྲུལ་བུམ་མི་འམ་ཅི༔ ཉི་ཟླ་སྒྲ་གཅན་དབང་ཕྱུག་དང༔ སྡེ་བརྒྱད་སྐར་མ་འོད་ལྡན་དང༔ སྣོད་བཅུད་འབྱུང་བའི་དྭངས་མ་སོགས༔ དཔལ་འབྱོར་ཚེ་བཅུད་ཐམས་ཅད་བཀུག༔ བདག་མདུན་བསྒྲུབ་བྱར་ཐིམ་པར་དམིགས༔ བསྙེན་སྒྲུབ་ལས་གསུམ་ཆིག་སྒྲིལ་སྔགས༔ འབུམ་ཕྲག་བཅོ་ལྔས་རྡོ་རྗེའི་ཚེ༔ ཐོབ་འགྱུར་འདི་ལ་སོམ་ཉི་མེད༔ ཐོ་རངས་བརྒྱ་རེ་ཆག་མེད་བཟླས༔ དུས་མིན་འཆི་དང་བདུད་བཞི་འཇོམས༔ གང་ཞིག་ཚེ་ཟད་དུས་ཐེམས་ཀྱང༔ འདི་བསྒྲུབས་ལོ་བདུན་ངེས་པར་བསྲིངས༔ ཡེ་ཤེས་ལྔ་དང་གཉིས་སུ་མེད༔ ཚེ་དང་ཡེ་ཤེས་སྩོལ་མཛད་པའི༔ བསམ་འཕེལ་འདི་ནི་སྙིང་གི་ནོར༔ དུས་ངན་སྐྱོབ་ཕྱིར་པདྨས་སྦྱིན༔ ཛྙཱ་ན་བཛྲ་ཧྲཱི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མི་ནུབ་རྒྱ༔ ༈ ཐུན་མཐར་ཚེ་འགུགས་བྱ་བ་ནི༔ མདའ་དར་ཐོགས་ལ༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཀ་དག་ཟབ་གསལ་ཕོ་བྲང་དུ༔ ཚེ་བདག་ཀུན་བཟང་འོད་མི་འགྱུར༔ ཐོག་མཐའ་བར་མེད་ཡེ་ཤེས་བརྡལ༔ ལྷུན་གྲུབ་རྒྱལ་བ་རབ་འབྱམས་རྣམས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ལ༔ ཚེ་བུམ་འདི་ལ་དྲོད་ཅིག་སྐྱེད༔ ཚེ་ཆང་འདི་ལ་ངར་ཞིག་ཐོགས༔ ཚེ་རིལ་འདི་ལ་བཅུད་ཅིག་སྤེལ༔ ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ ཚེ་སྲིངས་སྲོག་སྐྱོབས་དཔལ་སྐྱེད་ལ༔ མི་ཤིགས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསང་བའི་ལྷ་མོ་ཙཎྜ་ལཱི༔ ཚེ་ལྷ་རྒྱལ་བ་རྒྱ་མཚོའི་ཚོགས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ལ༔ ཚེ་བུམ་འདི་ལ་དྲོད་ཅིག་སྐྱེད༔ ཚེ་ཆང་འདི་ལ་ངར་ཞིག་ཐོགས༔ ཚེ་རིལ་འདི་ལ་བཅུད་ཅིག་སྤེལ༔ ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ ཚེ་སྲིངས་སྲོག་སྐྱོབས་དཔལ་སྐྱེད་ལ༔ མི་ཤིགས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ ཟླ་གམ་དབང་ཆེན་ཕུག་པ་རུ༔ པདྨ་སམྦྷ་མནྡྷཱ་རས༔ འཆི་མེད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཚེ་ལྷ་ཞི་ཁྲོ་མངོན་སུམ་བྱོན༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ རྡོ་རྗེའི་སྐུ་རུ་དབང་བསྐུར་ཞིང༔ སངས་རྒྱས་ཕྲིན་ལས་བདག་པོར་གསོལ༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ལ༔ ཚེ་བུམ་འདི་ལ་དྲོད་ཅིག་སྐྱེད༔ ཚེ་ཆང་འདི་ལ་ངར་ཞིག་ཐོགས༔ ཚེ་རིལ་འདི་ལ་བཅུད་ཅིག་སྤེལ༔ ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ ཚེ་སྲིངས་སྲོག་སྐྱོབས་དཔལ་སྐྱེད་ལ༔ མི་ཤིགས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ བྱང་ཕྱོགས་ཆོས་རྒྱལ་དོན་དགོངས་ཚེ༔ བྲག་དམར་གསང་བའི་ཕུག་པ་རུ༔ པདྨ་བཛྲ་ཡབ་ཡུམ་གྱིས༔ ལས་ཅན་རྗེ་འབངས་རྒྱ་མཚོ་ལ༔ བདེ་འདུས་སྨིན་གྲོལ་གདམས་པ་ཕབ༔ ལྔ་བརྒྱའི་ཐ་མར་ཐུག་པའི་ཚེ༔ འགྲོ་རྣམས་བུ་བཞིན་སྐྱོང་བར་བཞེད༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ལ༔ ཚེ་བུམ་འདི་ལ་དྲོད་ཅིག་སྐྱེད༔ ཚེ་ཆང་འདི་ལ་ངར་ཞིག་ཐོགས༔ ཚེ་རིལ་འདི་ལ་བཅུད་ཅིག་སྤེལ༔ ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ ཚེ་སྲིངས་སྲོག་སྐྱོབས་དཔལ་སྐྱེད་ལ༔ མི་ཤིགས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ རང་སྣང་བདེ་བ་ཆེན་པོའི་ཞིང༔ དབུས་ཀྱི་རི་བོ་མ་ལ་ཡ༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ འོད་གསལ་སྒྱུ་འཕྲུལ་རྡོ་རྗེ་ལ༔ རྩ་གསུམ་ཌཱ་ཀིའི་སྤྲིན་ཕུང་གཏིབས༔ དམ་ཅན་རྒྱ་མཚོ་གློག་ལྟར་འཁྱུག༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ལ༔ ཚེ་བུམ་འདི་ལ་དྲོད་ཅིག་སྐྱེད༔ ཚེ་ཆང་འདི་ལ་ངར་ཞིག་ཐོགས༔ ཚེ་རིལ་འདི་ལ་བཅུད་ཅིག་སྤེལ༔ ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ ཚེ་སྲིངས་སྲོག་སྐྱོབས་དཔལ་སྐྱེད་ལ༔ མི་ཤིགས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀཿཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ ད་ལྟ་རྣལ་འབྱོར་བདག་ཅག་གིས༔ ཡེ་ཤེས་ཀློང་གསལ་དཀྱིལ་འཁོར་འདིར༔ རིག་པ་རང་སྣང་ཚེ་ཡི་ལྷ༔ རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་རྣམས༔ ཐོག་མེད་དུས་ནས་ད་བར་གྱི༔ ལས་སྨོན་ཤུགས་ཀྱིས་རྒྱུད་བསྐུལ་ནས༔ གདུང་བའི་ང་རོས་འབོད་ལགས་ན༔ ཐུགས་རྗེ་མ་ཆུང་བདེ་གཤེགས་རྣམས༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ འདིར་གཤེགས་དཀྱིལ་འཁོར་བྱིན་ཕོབ་ལ༔ ཚེ་བུམ་འདི་ལ་དྲོད་ཅིག་སྐྱེད༔ ཚེ་ཆང་འདི་ལ་ངར་ཞིག་ཐོགས༔ ཚེ་རིལ་འདི་ལ་བཅུད་ཅིག་སྤེལ༔ ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ ཚེ་སྲིངས་སྲོག་སྐྱོབས་དཔལ་སྐྱེད་ལ༔ མི་ཤིགས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད༔ མཆོད་བསྟོད་བྱ༔ རྗེས་ཀྱི་ལས་ཁྲིད་ལ་བཅུ་བཞི་ལས༔ དང་པོ་ཚོགས་བྱིན་བརླབ་ནི༔ ཧཱུྃ༔ ཟག་མེད་བདེ་ཆེན་སྣོད་ནང་དུ༔ སྣང་སྲིད་བདེ་ཆེན་ཚོགས་སུ་སྤུངས༔ རཾ་ཡཾ་ཁཾ་གིས་བསྲེག་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར༔ བླ་ན་མེད་པའི་དམ་ཚིག་རྫས༔ རྒྱ་ཆེ་གཏིང་ཟབ་མཆོད་པའི་སྤྲིན༔ ངོ་མཚར་དགྱེས་སྐོང་ཆེན་པོར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ༔ བླ་མ་ཡི་དམ་ཞི་ཁྲོ་དང༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་རྣམས༔ ཚོགས་གཏོར་མགྲོན་དུ་སྤྱན་འདྲེན་ནོ༔ ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང༔ ཚོགས་མཆོད་འདོད་ཡོན་ལྷུན་གྱིས་གྲུབ༔ འོག་མིན་ཞིང་དང་བདེ་བ་ཅན༔ པདྨ་འོད་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་ནས་འདིར་གཤེགས་ཤིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་ཚོགས་དང་པོ་འབུལ་བ་ནི༔ ཧཱུྃ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་མཆོག་མཉེས་ནས་ནི༔ དམ་བསྐངས་དངོས་གྲུབ་རྣམ་གཉིས་སྩོལ༔ བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་བར་པ་བཤགས་པ་ནི༔ ཧཱུྃ༔ བདག་སོགས་ཉོན་མོངས་དབང་གྱུར་པས༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ སྡོམ་གསུམ་དམ་ཚིག་ཉམས་ཆག་རྣམས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་བི་ཤུདྡྷོ྅་ཧཾ༔ ལྔ་པ་ཐ་མ་བསྒྲལ་བསྟབ་ནི༔ ཨེ་ནྲྀ་ཏྲི་ཛ༔ ཧཱུྃ༔ མ་རིག་གཉིས་འཛིན་གདོན་བགེགས་རྣམས༔ གཉིས་མེད་ཡེ་ཤེས་མཚོན་གྱིས་གཏུབས༔ རྣམ་ཤེས་ཆོས་སྐུའི་ཀློང་དུ་ཕཊ༔ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་འབུལ༔ མ་ཧཱ་མཱཾ་ས་རཀྟ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་ཁཱ་ཧི༔ དྲུག་པ་ལྷག་མ་ནི། དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་ལྤགས་ཀྱི་སྟེང་དུ་ཕུད་ལྷག་བཞག་སྟེ༔ ཧཱུྃ༔ ཚེ་ལྷའི་སྤྱན་སྔར་དམ་བཅས་ཤིང༔ དཀྱིལ་འཁོར་ཆེན་པོའི་མཐའ་ལ་གནས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་སྐྱོང༔ ཕུད་ལ་འཚལ་སྐལ་མི་ལྡན་པའི༔ ལྷག་མར་དབང་བ་ཀུན་ལ་འབུལ༔ བཞེས་ནས་བདག་ཅག་མཆོད་ཡོན་གྱི༔ རྐྱེན་ངན་བར་གཅོད་ཐམས་ཅད་སོལ༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ ཨུཙྪིཥྚ་བྷ་ལིནྟ་བྷཀྵ་སཱི་སྭཱ་ཧཱ༔ བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ དགོངས་ཤིག་རིག་འཛིན་བདེ་འདུས་དགོངས༔ མཛོད་ཅིག་ཕྲིན་ལས་རྣམ་བཞི་མཛོད༔ སྙིགས་མའི་སེམས་ཅན་ཉམ་ཐག་རྣམས༔ འགོང་པོ་སྤུན་དགུའི་དབང་སོང་སྟེ༔ ནད་མཚོན་མུ་གེའི་བསྐལ་པ་སླེབས༔ མི་འདོད་རྐྱེན་ངན་ཐོག་བབས་ཚེ༔ གདུང་བའི་ང་རོས་འབོད་ལགས་ན༔ ལས་ངན་བཟློག་པའི་དུས་ལ་བབ༔ འགྲོ་ཀུན་སྐྱོབ་པའི་དུས་ལ་བབ༔ ཐུགས་རྗེས་གཟིགས་ལ་མཐུ་མ་ཆུང༔ མཆོག་ཐུན་དངོས་གྲུབ་ད་སྩོལ་ཅིག༔ བརྒྱད་པ་ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་འོག་མིན་ཆོས་ཀྱི་དབྱིངས༔ རྒྱ་ཆད་ཕྱོགས་བྲལ་ཞིང་ཁམས་སུ༔ རང་བྱུང་སྟོན་པ་ཀུན་བཟང་གིས༔ རིགས་ལྔ་ཞི་ཁྲོའི་འཁོར་ཚོགས་ལ༔ དགོངས་བརྒྱུད་ཆོས་འཁོར་བསྐོར་བའི་ཚེ༔ ཡེ་ཤེས་དབྱིངས་ཀྱི་སྲུང་མ་ཡིས༔ བསྟན་པ་སྲུང་བར་དམ་བཅས་ལྟར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་བསྐལ་པ་བར་མ་ལ༔ རི་རྒྱལ་མེ་རི་འབར་བ་རུ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས༔ སློབ་དཔོན་དགའ་རབ་རྡོ་རྗེ་ལ༔ བརྡའ་བརྒྱུད་སྟོན་པར་དབུགས་དབྱུང་ཚེ༔ འོད་གསལ་སྙིང་པོའི་བཀའ་སྲུང་གིས༔ མེལ་ཚེ་བྱེད་པར་མ་ཆད་དམ༔ མཆོད་གཏོར་བཞེས་ལ་བསྟན་པ་སྲུངས༔ ཧཱུྃ༔ ཐ་མ་གངས་ཅན་བོད་ཡུལ་འདིར༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ པདྨ་སམྦྷ་སྤྱན་དྲངས་ཏེ༔ སྲིད་པའི་ལྷ་འདྲེ་དམ་ལ་བཏགས༔ ཐེག་དགུ་རྒྱུད་སྡེའི་ཆོས་འཁོར་བསྐོར༔ རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ རང་རང་བཀའ་བབས་ཆོས་གཏད་དུས༔ བཀའ་གཏེར་སྲུང་མ་ཡོངས་རྫོགས་ཀྱིས༔ བསྟན་པ་སྲུང་བར་མ་ཆད་དམ༔ ཐ་ཚིག་དྲན་པས་མཆོད་གཏོར་བཞེས༔ འཛམ་གླིང་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ལྔ་བརྒྱ་དུས་ཀྱི་ཐ་མ་འདིར༔ སྨོན་ལམ་ལས་སད་སྐྱེས་བུ་ལ༔ པདྨས་ཞལ་གཟིགས་དབང་བསྐུར་ཞིང༔ ཡེ་ཤེས་ཌཱ་ཀིས་གཏེར་སྒྲོམ་སྤྲད༔ སྨོན་ལམ་གཏད་རྒྱས་དབུགས་དབྱུང་ཚེ༔ དཔལ་མགོན་སྡེ་ལྔ་ལྕམ་དྲལ་གྱིས༔ ཕྲིན་ལས་བྱེད་པར་དམ་ནོས་ལྟར༔ ཨོ་རྒྱན་རྗེས་འཇུག་དཔོན་སློབ་དང༔ བསྟན་པ་སྐྱོང་བའི་ཡོན་བདག་རྣམས༔ མཐོ་བ་དགུང་ལ་རེག་པ་དང༔ དམའ་བ་བུ་བཞིན་སྐྱོང་བ་ཡི༔ རྒྱབ་རྟེན་ཕྲིན་ལས་རྣམ་བཞི་མཛོད༔ དགུ་པ་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་བརྟན་མའི་ཚོགས༔ ནག་མོ་དམར་མོ་དཀར་མོ་འབུམ༔ མཆོད་གཏོར་འདི་བཞེས་སྒྲུབ་པ་པོའི༔ ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད༔ མ་མ༔ ཁཱ་ཁཱ༔ ལ་ལ༔ ལེ་ལེ༔ ཏ་ཏ༔ ཏེ་ཏེ༔ སྲིང་འགྲོ་མ༔ པཉྩ་རཀྟ་བ་ལིནྟ་ཁཱ་ཧི༔ བཅུ་པ་དམ་སྲི་མནན་པ་ནི༔ ཧཱུྃ༔ དུག་གསུམ་འབར་བའི་བཙོན་ཁང་དུ༔ ཞིང་བཅུའི་དམ་ཉམས་ཁུག་ཅིག་ཛ༔ སྐུ་གསུམ་ལྷུན་གྲུབ་དཔལ་ཆེན་གྱིས༔ བྲོས་མནན་ནམ་ཡང་ལྡང་མེད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་རཀྵ་ནན༔ བཅུ་གཅིག་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བཞེངས་ཤིག་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ སྤྲུལ་པ་ཡང་སྤྲུལ་ཡེ་ཤེས་འཁོར་ལོའི་ལྷ༔ གཉིས་མེད་རོལ་པ་ཆེན་པོའི་ངང་ཉིད་ལས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ གྲུབ་ཆེན་བརྒྱད་དང་མཐུ་རྩལ་སྙན་གྲགས་དང༔ ཉམས་རྟོགས་རྫུ་འཕྲུལ་མངོན་ཤེས་དབང་བསྒྱུར་སྟོབས༔ འཁོར་དང་གདུལ་བྱ་ཞིང་ཁམས་མཛད་ཕྲིན་སོགས༔ བཅོམ་ལྡན་ཁྱེད་དང་མཉམ་པའི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཧཱུྃ༔ རྫས་རྣམས་ཀུན་ལ་དངོས་གྲུབ་བླང༔ བཅུ་གཉིས་པ་བཟོད་གསོལ་ནི༔ ཧཱུྃ༔ རྨད་བྱུང་གསང་བའི་དཀྱིལ་འཁོར་འདིར༔ མོས་པའི་སྐལ་ལྡན་བདག་ཅག་རྣམས༔ བྱིང་རྨུགས་རྒོད་འགྱོད་ཐེ་ཚོམ་གྱི༔ དྲི་མའི་དབང་གྱུར་ནོངས་ཀུན་བཤགས༔ ཡི་གེ་བརྒྱ་པ་བཟླ༔ བཅུ་གསུམ་པ་བསྡུ་ཆོག་ནི༔ ཧཱུྃ༔ རང་བྱུང་རང་ཤར་རང་གྲོལ་ལྷར༔ མཐའ་གཉིས་མཚན་མ་མ་མཆིས་ཀྱང༔ རྟག་འཛིན་སྦྱང་ཕྱིར་དབྱིངས་སུ་བསྡུ༔ ཆད་པའི་མཐའ་བྲལ་སྒྱུ་མའི་ངང༔ བཛྲ་མུ༔ བཅུ་བཞི་པ་བསྔོ་སྨོན་ནི༔ ཧོ༔ དུས་གསུམ་བསགས་པའི་དགེ་ཚོགས་རྣམས༔ ཁམས་གསུམ་འགྲོ་བའི་དོན་དུ་བསྔོ༔ རིགས་དྲུག་སྡུག་བསྔལ་ཀ་ནས་དག༔ ཕྱིར་མི་ལྡོག་པར་སངས་རྒྱས་ཤོག༔ བཅོ་ལྔ་པ་བཀྲ་ཤིས་ནི༔ ཧཱུྃ༔ རིག་འཛིན་འདུས་པའི་ཐུགས་རྗེ་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ སྐལ་ལྡན་རྣལ་འབྱོར་སྨོན་ལམ་གྱིས༔ སྒྲུབ་ལ་བར་གཅོད་མེད་པ་དང༔ དཀྱིལ་འཁོར་བཟང་པོ་ལྷུན་ཆགས་ཤིང༔ ནད་གདོན་ཞི་བའི་བཀྲ་ཤིས་ཤོག༔ ཚེ་དཔལ་རྒྱས་པའི་བཀྲ་ཤིས་ཤོག༔ མོས་པས་དབང་སྡུད་བཀྲ་ཤིས་ཤོག༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་ཤོག༔ འདོད་རྒུ་འབྱུང་ཞིང་བསམ་པ་འགྲུབ༔ འཇིག་རྟེན་བདེ་ཞིང་ལོ་ལེགས་དང༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས༔ ཐམས་ཅད་མཁྱེན་ཐོབ་བཀྲ་ཤིས་ཤོག༔ ཨེ་མ་པདྨའི་སྙིང་གི་ཐིག༔ སྐུ་ལྔ་རིགས་འདུས་ཚེ་ཡི་ལྷ༔ བདེ་གཤེགས་འདུས་པའི་སྲོག་སྒྲུབ་འདི༔ མཱ་ར་ཏཱི་ཀ་འཆི་མེད་ཕུག༔ བདག་དང་མགོན་པོ་གཉིས་སུ་མེད༔ འཆི་མེད་དངོས་གྲུབ་རྣམ་གཉིས་ཐོབ༔ ཟབ་བརྒྱའི་ནང་གི་སྙིང་ཐིག་འདི༔ བདག་གི་སྙིང་གི་བུམ་པར་བསྐྱིལ༔ ད་ལྟ་ཆོས་རྒྱལ་དག་པའི་འཁོར༔ སྐལ་ལྡན་རིག་འཛིན་རྣམས་ལ་གདམས༔ མ་འོངས་སྙིགས་མའི་མཐར་ཐུག་ཚེ༔ འབྱུང་ལྔའི་བཅུད་ཤོར་དཔལ་ཀུན་ཉམས༔ སྐྱེ་འགྲོ་དུས་མིན་འཆི་རྐྱེན་མང༔ མགོན་མེད་འགྲོ་རྣམས་ཉམ་ཐག་འོང༔ བདེ་གཤེགས་འདུས་པའི་སྲོག་སྒྲུབ་འདི༔ དེ་དུས་འགྲོ་བ་སྐྱོབ་ཕྱིར་བཞག༔ མཚོ་རྒྱལ་ཌཱ་ཀིའི་བརྡར་ཐོབས་ལ༔ འགྱུར་མེད་རྡོ་རྗེའི་ཁྲི་ཞབས་སྦོས༔ ང་སྤྲུལ་དེས་སྤྱོད་སྨོན་ལམ་ཐོབ༔ བདག་གིས་དབང་བསྐུར་དབུགས་དབྱུང་བའི༔ ད་ལྟའི་རྒྱལ་སྲས་མཆོག་གྲུབ་ཁྱོད༔ མ་འོངས་འདི་ནས་ཤར་གྱི་ཕྱོགས༔ སྒམ་ཞེས་བྱ་བའི་རི་བོ་ན༔ གྲུབ་ཐོབ་ང་དང་གཉིས་སུ་མེད༔ ཟླ་འོད་གཞོན་ནུ་བསྟན་པའི་བདག༔ སྐྱེ་མཐའ་ས་བྱི་ཉི་མའི་མིང༔ ཏིང་འཛིན་རྒྱལ་པོ་དེས་རྙེད་ནས༔ འགྲོ་དོན་དཔག་མེད་བྱེད་པར་ཤོག༔ བཀའ་གཏེར་སྲུང་མས་ཆོས་འདི་སྐྱོངས༔ ལས་ཅན་བུ་ལ་སྤྲོད་ཅིག་རྒྱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རྒྱ་རྒྱ་རྒྱ༔ མེ་སྟག་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་སྐལ་ལྡན་ཏིང་འཛིན་རྒྱལ་པོས་མཆིམས་ཕུ་གུར་དཀར་ཕུག་རྡོ་རྗེའི་ཁྲི་ཞབས་ནས་སྤྱན་དྲངས་ཏེ་ཌཱ་ཀིའི་བརྡ་ཡིག་ལས་བཤུས་ཏེ་མ་དཔེ་འདབ་གཏེར་ལ་བཞུགས་སོ། །སླད་ནས་ཆོག་ཁྲིགས་ཅུང་ཟད་འདོན་བདེར་བསྒྲིགས་པ་མངྒ་ལཾ།། །།
ཟབ་མོ་སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ཀྱི་ཁ་ཚར་དབུ་ཕྱོགས་ (Volume 39, Text 47)
༄༅༔ ཟབ་མོ་སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ཀྱི་ཁ་ཚར་དབུ་ཕྱོགས་བཞུགས་སོ༔ ཨེ་མ་ཧོ༔ བདག་འདྲ་བཻ་རོ་ཙ་ན་ཡིས༔ སེམས་ཅན་སྒྲིབ་སྦྱང་ལམ་སྣ་ཟིན་པའི་ཕྱིར༔ ཟབ་མོ་དམར་བྱང་ནང་དུ་བཅུད་ཕྱུང་བའི༔ རྩ་རླུང་དོན་བཅུད་རིག་པའི་འཕོ་ཐབས་བསྟན༔ དེ་ལས་རང་བྱུང་གི་ཡེ་ཤེས་ངོས་གཟུང་ཐབས་ལ༔ དང་པོ་རྩ་གསུམ་གསལ་གདབ་སྟེ༔ རྩ་གསུམ་ནི་གཡས་དཀར་གཡོན་དམར་དབུས་མཐིང་གསུམ་དུ་གཤིབ་པ༔ ཡར་སྣེ་ཚངས་བུག་སྒོ་ལ་གཏད་པའི༔ མར་སྣ་ལྟེ་འོག་གསང་སྒོ་ནས༔ ཡི་གེ་ཆའི་ཞབས་མདུད་སོའི་དབྱིབས་ལྟར་གནས་པར་བསམ༔ རླུང་དང་ཐིག་ལེ་དམིགས་པ་ལ༔ སྤྱི་བོ་ནས་ཡར་སོར་བཞིའི་ཚད་དུ་ནམ་མཁའ་ལ༔ གཡས་སུ་བླ་མ་ཡབ་སྲས་རིག་པའི་རྣམ་ཤེས་རྒྱལ་པོ་དང་གཉིས་སུ་མེད་པར༔ གཡོན་དུ་ཡུམ་ཆེན་བདེ་སྟོང་མ་རིག་པ་ཀུན་གཞིའི་རྒྱལ་མོ་དང་གཉིས་སུ་མེད་པར༔ སྐུ་མདོག་ཡབ་དཀར་ཡུམ་དམར་བ༔ འོད་ཆགས་པ༔ གཉིས་ཀ་བཞད་འཛུམ་དང་ལྡན་པ༔ གཅིག་གིས་གཅིག་ལ་སྤྱན་ཧྲིག་གེ་གཟིགས་པ༔ ཞལ་སྤྲོད་ཀྱི་ཚུལ་དུ་ཡོད་པ་ལ་རིག་པ་གཏད་པས༔ དེ་ལྟར་གསལ་བ་དང༔ ལྷ་ཡབ་ཡུམ་གཉིས་འོད་དུ་ཞུ་ནས་ཐིག་ལེ་དཀར་དམར་སྲན་ཏོག་ཙམ་རེ་རེ་གྱུར་ནས༔ ཚང་སྒོ་གཡས་གཡོན་ལ་བབ་པར་བསྒོམ༔ དེ་ནས་རླུང་རོ་ལན་གསུམ་འབུད༔ ཡང་ནང་དུ་རླུང་རྔུབ་པ་དང༔ ཐིག་ལེ་གཉིས་གཡས་གཡོན་དུ་ཧྲིལ་ལི་ལི་མར་སོང་ནས་གསང་གནས་སུ་དབུས་མཐིང་གི་རྩ་སྒོ་ལ་བབས་པར་བསམ༔ སྣ་ནས་རླུང་ནར་གྱིས་བཏང༔ ཡང་ནང་དུ་རྔུབས་ལ༔ ཐིག་ལེ་གཉིས་དབུས་མཐིང་གི་ནང་དུ་སྒོང་མཁན་གྱིས་སོར་རྡོ་འཕང་བ་བཞིན་དུ་ཧྲི་ལི་ལི་ཡར་སོང་ནས༔ ཚངས་སྒོ་གཡས་གཡོན་དུ་གཉིས་སུ་གྱེས་པར་བསམ༔ སྣ་ནས་རླུང་ནར་གྱིས་བཏང༔ ཡང་ནང་དུ་རྔུབས་པས༔ ཐིག་ལེ་གཉིས་རྩ་སྒོ་གཡས་གཡོན་དུ་མར་སོང་ནས༔ གསང་སྒོར་སླེབ་པ་དང༔ རྩ་དབུ་མའི་ནང་དུ་ཡར་ལ་ཤུད་ཀྱིས་བཏང༔ དཔེར་ན་སྐྱེས་བུ་མདའ་འཕང་མཁན་གྱིས་མདའ་འཕང་བ་བཞིན་དུ་སོང་བར་བསམས་ལ་སྣ་ནས་རླུང་ནར་གྱིས་བཏང༔ དེའི་རྗེས་སུ་མཉམ་པར་བཞག་པའི་རྗེས་སུ༔ ལྟ་བ་གནས་ལུགས་རང་བྱུང་གི་ཡི་གེ་གསལ་བའི་བསམ་པ་ཐམས་ཅད་དང་བྲལ་བ༔ སྔར་ཞེན་གྱི་བག་ཆགས་མ་དྲན་པ༔ ཕྱིས་མི་འགྱུ་བ་ལ་མ་གཡོ་བ༔ ད་ལྟའི་རིག་པ་རང་གསལ་འཛིན་མེད་རྟོག་པ་དང་བྲལ་བ༔ དཔེར་ན་ཏིག་པའི་ཁ་རུ་བུ་རམ་མྱོང་བ་དང་འདྲ་སྟེ༔ གསལ་ལ་མི་རྟོག་པའི་ཡེ་ཤེས་འཆར་རོ༔ རླུང་དམིགས་པ་སྐོར་གསུམ་འདི་ལ་ཐུན་གཅིག་མིན་པ༔ དེ་ལྟར་དུས་དྲུག་ཏུ་འཕང་ན༔ བདེ་རྟག་དགུ་དང་ལྡན་པར་ངེས་སོ༔ ྈྈྈྈྈྈྈ འཕོ་བ་རིན་ཆེན་གསེར་ཐུར་བར་དོ་མེད་པའི་སྐད་ཅིག་སངས་རྒྱས་པའི་གདམས་སྐོར་འདི་ལ༔ རིག་པ་ཡེ་ཤེས་ཟང་ཐལ་འདི༔ རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ ཉི་ཟླ་པདྨའི་གདན་སྟེང་ན༔ བླ་མ་ཡབ་སྲས་ཡུམ་དང་བཅས་པ་ལ༔ འཁོར་རིག་འཛིན་མཁའ་འགྲོ་དང་བཅས་པས་བསྐོར་བར་བསྒོམ༔ དེ་ལ་གསོལ་བ་གདབ་པས་ཐུགས་རྗེས་བྱིན་གྱིས་རློབ་པའོ༔ དེའི་ཐུགས་ཀ་ནས་ཡེ་ཤེས་ཆུ་བོ་དཀར་ན་ར་ར་འཕྲོས་པས་བདག་ལུས་ལ་ཕོག་པས་དཀར་སང་ངེ་སོང་བར་བསམས་ལ་གསལ་བར་བསྒོམ༔ ཀོ་གྱོང་སྣུམ་གྱིས་བང་བ་ལྟར་བདེ་རྟག་དགུ་དང་ལྡན་པར་བསམ༔ བདག་ལུས་འོད་དུ་ཞུ་ནས༔ འོད་ཀྱི་ཕུང་པོ་ཤེལ་གྱི་ཟོ་བ་ལྟ་བུ་མཆིན་ཁྲི་མན་ཆད་སྡོམ་པ༔ ཡན་ཆད་ཟོ་བ་ཁ་ཕྱེས་པ་ལྟ་བུའི་དཀྱིལ་དུ༔ རང་ཉིད་རྣམ་ཤེས་རིག་པའི་རྒྱལ་པོ་མར་མེའི་འོད་ལྟ་བུ་གསལ་ལ་དྭངས་པ་དེ༔ རྩ་དབུ་མའི་ནང་དུ་སྤྱི་གཙུག་ཏུ་ཏལ་གྱིས་ཕྱིན་པར་བསམ༔ ངག་གི་སྒྲ་སྐད་དུ༔ ཨ་ཧྲིག་བརྗོད་པར་བྱ༔ བླ་མ་ཡབ་སྲས་གསུམ་ཀ་ཞལ་མཇལ་ནས་སུ༔ ལུས་ཤེལ་གྱི་མཎྜལ་དུ་ཕུལ་བར་བསམ༔ ལུས་ཀྱང་འཇའ་འོད་དུ་གྲུབ་ནས་ནམ་མཁར་དངོས་སུ་ཐིམ་པར་བསམ༔ རང་གི་སེམས་ཉིད་བླ་མ་ཡབ་སྲས་དང་གཉིས་སུ་མེད་པར་གྱུར་ཏེ༔ མི་མངོན་པའི་དབྱིངས་སུ་སངས་རྒྱས་པར་བསམས་ལ༔ ཅི་ཡང་མི་དམིགས་པའི་ངང་ལ་བཞག༔ དེ་ནི་སྡིག་པོ་ཆེ་ཡིན་ཀྱང་སངས་རྒྱས་པ་ལ་ཐེ་ཚོམ་མེད༔ གལ་ཏེ་རྟགས་བུལ་ན༔ ཕཊ་ཅེས་བྱའོ༔ རིག་པ་སྐྱེ་འགག་གཉིས་སུ་མེད་པའི་ངང་ལ་གསལ་གྱིས་བཞག་གོ༔ དེ་ནི་བར་དོ་མེད་པའི་གདམས་ངག་གོ༔ སྣང་བ་སྒྲ་འོད་ཟེར་གསུམ་ཅི་ཤར་ཡང་རང་སྒྲ་རང་འོད་རང་ཟེར་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ འབྱུང་བ་ལྔའི་ཆགས་འཇིག་གང་ཤར་ཡང༔ རང་སྣང་འཁྲུལ་པ་ཡིན་པས་ངོས་བཟུང༔ རང་གི་ནོར་ཟས་ལོངས་སྤྱོད་འཁོར་འབངས་ཡུལ་མཁར་ཀུན་ལ་ཡང་མ་ཆགས་པར་གལ་ཆེའོ༔ འགྲོ་བའི་དུས་སུ་དད་པ་སྐྱེ་ན་བདག་ནི་རིག་འཛིན་གྱི་ས་ལ་འགྲོ་ཞིང༔ བླ་མ་བདེ་གཤེགས་རྣམས་ཞལ་མཇལ་བར་ཕྱིན་པས་ཉམས་སུ་བྲོད་པ་བསྐྱེད་དོ༔ རབ་སྐྱིལ་ཀྲུང༔ འབྲིང་ཙོག་པུ༔ ཐ་མ་བདེར་གཤེགས་གཟིམ་ལུགས་སོ༔ ཁ་ཤར༔ མགོ་ལྷོ༔ གཡས་འོག༔ གཡོན་སྟེང༔ གཡས་རྐང་བོལ་ཆུང་རྩ་སྒོ་གཡས་ཀྱིས་བཀབ༔ གཡོན་པས་སྟེང་དུ་མནན༔ ལག་པ་གཡས་མཐིལ་གྱི་རྣ་ཁུང་གཡས་པ་བཀག༔ ལག་པ་བླའི་སྟེང་དུ་བཞག་གོ༔ བྱ་བུར་ངན་འགྲོར་མི་ལྟུང་ཞིང༔ འདུལ་ཁྲིམས་ཚེ་གཅིག་སྲུང་བ་དང་སྟོབས་མཉམ་མོ༔ གནས་པ་ཚེ་ཡི་བར་དོ་ལ༔ ཨཱ་རིང་གསུམ་གྱིས་ཚེ་བསྲིང་བྱས་པ་ཡིན༔ འཇིག་པ་དུས་ཀྱི་བར་དོ་ལ་རིག་པ་འཕོ་བ་ཡིན༔ བོན་ཉིད་འོད་གསལ་གྱི་བར་དོ་ལ༔ རང་རིག་ངོ་སྤྲོད་པ་གལ་ཆེ་ཞེས་གསུངས་སོ༔ སྒྲ་བསྒྱུར་བཻ་རོ་ཙ་ན་ཡིས༔ སེམས་ཅན་རྣམས་ཀྱི་དོན་ཆེད་དུ༔ སྟག་ཚང་སེང་གེར་གཏེར་དུ་སྦས༔ གཏེར་སྲུང་མ་ཚོགས་ཉིད་ལ་བཅོལ༔ བོན་ཞིག་གཡུང་དྲུང་གླིང་པས་བཏོན༔ ཕྱི་རབས་དོན་དུ་རྒྱས་པར་ཤོག༔ རང་དོན་རྩ་རླུང་རིག་པ་འཕོ་ཐབས་དང༔ གཞན་དོན་འཕོ་བ་གསེར་ཐུར་ཡེ་ཤེས་ཟང་ཐལ་གདམས་པ་རྫོགས་སོ༔ ྈྈྈྈྈྈ བླ་མ་ཡབ་སྲས་གསུམ་གྱི་སྒྲུབ་པ་ལ༔ ལས་ཀྱི་ཁ་ཚར་འདི་བསྟན་ནོ༔ བདག་གིས་ཚེ་སྒྲུབ་བྱེད་པར་འདོད་ན༔ བླ་མ་ཡབ་སྲས་གསུམ་དང་མཁའ་འགྲོ་བཅས༔ སྐུ་མདོག་དཀར་ཞིང་ཕྱག་ན་ཚེའི་བུམ་པ་བསྣམས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ མི་ཚེ་ཕྱྭ་གཡང་བཅུད་བསྡུས་ནས༔ བདག་གི་ཚེ་གཡང་རྒྱས་པར་བསམ༔ གཞུང་གི་སྔགས་ཤམ་ལ་བཏགས་པ་ཡིན༔ ཧ་རི་ནི་ས་ཚེ་རྣྲི་ཨ་བྲུང་ཚེ་བྲུང་མང་སི་ཏི་འདུ་ཚེ་ནྲྀ་ཛཿ ཚེ་མདངས་བཀྲག་རྣམས་རྒྱས་པར་བསམ༔ ཚེ་ཉི་ཟླ་དང་མཉམ་པ་དང་དེ་དག་ཐེ་ཚོམ་མེད་དོ༔ ྀཨཚ༔ ཡང་གང་ཟག་གིས་ཕྱྭ་གཡང་ཐོབ་པར་འདོད་ན༔ ཡབ་སྲས་གསུམ་དང་མཁའ་འགྲོ་བཅས༔ སྐུ་མདོག་སེར་ལ་མདངས་ཆགས་པ༔ ཕྱག་མཚན་རིགས་རྟགས་ནོར་བུ་བསྣམས༔ སྟེང་འོག་ཕྱོགས་མཚམས་བཅུད་བསྡུས་ནས༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་རྣམས༔ བུང་བས་རྩི་གསོག་ཅི་བཞིན་དུ༔ བདག་གི་སྙིང་ཁར་ཁེངས་པར་བསམ༔ གོང་གི་སྔགས་ཤམ་ལ༔ ཧ་རི་ནི་ས་སིདྡྷི་སྡུས་སྡུས་ཁུ་ཡེ་མུ་ཡེ་བྲུཾ་སྤུང་འདུ༔ ཅེས་ཟས་ནོར་གཏེར་ལ་ལོངས་སྤྱོད་པར་འགྱུར་རོ༔ སྤ་གྲོ་སྟག་ཚང་ནས་བོན་ཞིག་གཡུང་དྲུང་རྡོ་རྗེ་གླིང་པའི་གཏེར་མའོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་བཏབ༔ ས་མ་ཡ༔ ྈྈྈྈ ཡང་གང་ཞིག་དབང་སྡུད་བྱེད་པ་འམ༔ འགྲོ་བ་སེམས་ཅན་ཐམས་ཅད་རྣམས༔ ཡང་དག་དོན་ལ་བཙུད་འདོད་ན༔ བླ་མ་ཡབ་སྲས་གསུམ་དང་མཁའ་འགྲོ་བཅས༔ སྐུ་མདོག་དམར་ལ་གཟི་མདངས་ལྡན༔ ཕྱག་མཚན་ཐུགས་རྗེའི་ལྕགས་ཀྱུ་བསྣམས༔ རིགས་ལྡན་ཕོ་དང་མཚན་ལྡན་མོ༔ འགྲོ་བ་ཕོ་མོ་ཐམས་ཅད་ཀྱི༔ ཕོ་ཡི་སྙིང་དང་མོ་ཡི་གསང༔ ལྕགས་ཀྱུས་བཟུང་ལ་ཞགས་པས་བཅིངས༔ བདག་གི་མདུན་དུ་བཀུག་ནས་ནི༔ བདག་ཉིད་སྔགས་ཀྱི་འོད་ཟེར་ལ༔ ཁོ་ཡི་བཀྲག་མདངས་བདག་ལ་བསྟིམ༔ ཁོ་ཡང་བཀའ་ལ་ཉན་ཅིང་མོས་པ་དང༔ རླུང་གིས་སེར་བུ་དེད་པ་ལྟར༔ བདག་གི་མདུན་དུ་བཀུག་པར་བསམ༔ གོང་གི་སྔགས་ཀྱི་ཤམ་བུ་བཏགས༔ ཧ་རི་ནི་ས་མི་སྙིང་སྒུལ་སྒུལ་ཙིཏྟ་ཧྲིཾ་ཧྲིཾ་སེམས་སེམས་ཛ་ཛ་ཡ་ཡ་ཁུག་ཁུག༔ ཅེས་འགྲོ་བ་དབང་དུ་སྡུད་པར་ཐེ་ཚོམ་མེད༔ སྨོན་ལམ་གཅིག་དང་ལྡན་པར་འཕྲད་པར་ཤོག༔ གཞན་ལ་མེད་པའི་ཁྱད་པར་འཕགས་པ་འདི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་ཞིག་རྣམ་པར་ཤེས་པ་གསལ་བར་འདོད་ན༔ རང་ཉིད་ཡབ་སྲས་གསུམ་པོ་ནི༔ སྐུ་མདོག་ཤེལ་དཀར་གསལ་བར་བསྒོམ༔ རང་གི་དཔྲལ་བའི་སྨིན་མཚམས་སུ༔ པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ༔ ལྷ་མོ་དཀར་མོ་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་བགྲད་པའི་ཚུལ་དུ་བཞུགས་པ༔ ཕྱག་གཡས་གསལ་བྱེད་ཀྱི་མེ་ལོང་བསྣམས་པ༔ གཡོན་པས་འཆི་མེད་ཚེ་ཡི་བུམ་པ་འཛིན་པ༔ དེ་ལ་བུ་མོ་གཅིག་གིས་བསྐོར་བ་བྱེད་པར་བསྒོམ༔ གོང་གི་སྔགས་ཤམ་འདི་བཏགས་སོ༔ ཨཱོྃ་ཧ་རི་ནི་ས་ཕུ་ཕུ་རུ་རུ་ཆུ་བུར་མིག་གི་སྒོ་གསལ་ཅིག༔ ལྷང་ལྷང་ངུར་ངུར་སྨྲོས་སྨྲོས༔ ཞག་བདུན་ནམ་ཉི་ཤུ་རྩ་གཅིག་གི་བར་དུ་བསྒྲུབ་ན༔ མངོན་ཤེས་མཐོང་སྣང་མཁྱེན་པ་ངེས་སོ༔ ལས་ཚོགས་ཁ་ཚར་འདི་རྣམས་ནི༔ འཕོ་བ༔ ཚེ་སྒྲུབ༔ གཡང་སྐྱབས༔ དབང་སྡུད༔ རྣམ་ཤེས་གསལ་བའི་མེ་ལོང་དང༔ དེ་རྣམས་སྤ་གྲོ་སྟག་ཚང་གི་གཏེར་མའོ༔ གཏེར་སྟོན་བོན་ཞིག་རྡོ་རྗེ་གླིང་པས་གདན་དྲངས་པ་ལགས་སོ༔ གཏུགས་སོ༔ སྐུ་གསུང་ཐུགས་ཀྱི་རྒྱས་གདབ་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ་ ༔༔༔ ྈྈྈྈ༔༔༔༔༔༔ བདག་འདྲ་བཻ་རོ་ཙ་ན་ཡི༔ ཡབ་སྲས་བཅུད་དྲིལ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་ལ༔ གེགས་སེལ་མན་ངག་བསྟན་པ་ནི༔ བདུད་ཀྱི་གེགས་སེལ་བ་དང༔ ནང་གི་སྒྲུབ་པ་དང༔ ཉམས་རྟོགས་དྲོད་ཚད་གཟུང་བ་དང་གསུམ་སྟེ༔ དང་པོ་ནི་ཡུལ་མཁར་ཟས་ནོར་ཉེ་འབྲེལ་ལ་སོགས་བདུད་དུ་འབྱུང་སྟེ༔ འཇིག་རྟེན་འདི་དང་མཐུན་པར་སྨྲ་ཞིང་ཐར་པའི་ལམ་ལ་འགོག་པའོ༔ ཞེན་ཅིང་ཆགས་པ་བྲལ་མི་ཕོད་པར་སྣང་ནས་བདུད་ཀྱིས་ཁྱེར་བའོ༔ འདི་ལ་འཆི་བ་མི་རྟག་པ་ལོང་མེད་པར་འབྱུང་ཞིང༔ གང་གི་སེམས་ལ་བརྩེ་བ་དང་འབྲེལ་ཐག་བཅད་པ་གལ་ཆེའོ༔ གཉིས་པ་ནང་གི་སྒྲུབ་པ་ལ༔ ཚུལ་བཞིན་དུ་བྱེད་པའི་དུས་སུ་འབྱུང་སྟེ༔ བག་ཆགས་ངན་པ་དང༔ ཉོན་མོངས་པ་ཐམས་ཅད་ཆེར་བསྐྱེད་ཆེ་ཞིང་རགས་པ་དང༔ ནད་གདོན་གྱིས་དམོད་པ་མོད་པ་དང༔ འགལ་རྐྱེན་ཐམས་ཅད་འདུས་པར་འབྱུང་ངོ༔ དེ་ཡང་བདག་གི་ཉོན་མོངས་པ་ཐམས་ཅད་མི་དགེ་བ་ཆ་ཤས་ཐམས་ཅད་སློང་ཞིང་འཛད་པའི་དུས་ལགས་ཏེ༔ དེ་ལ་ཡི་མུག་རྐྱེན་ངན་བྱུང་ན༔ བླ་མ་དང་གདམས་ངག་ལ་ཡིད་མ་ཆེས་པའམ༔ ཉམས་སུ་ལེན་པ་ལ་དགོས་པ་མེད་དོ་སྙམ་པ་བྱུང་ན༔ དེ་དག་གེགས་ཡིན་པས་ཉམས་སུ་འདི་ལྟར་བླང་ངོ༔ སྒྲུབ་པའི་གནས་ཁང་ལ་སྡོད་མི་ཚུགས་པར་བྱུང་ན༔ ལུས་ཆ་ལུགས་ལྔ་ལྡན་དུ་བཅའ་ལ༔ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔ བླ་མ་ཡབ་སྲས་སྐུ་མདོག་སེར་པོ་གསེར་བཙོ་མའི་མདོག་ལྟ་བུར་བསྐྱེད༔ ཡི་དམ་གྱི་ལྷ་མདུན་གྱི་བར་སྣང་ལ་བསྒོམ༔ མོས་གུས་ཀྱི་སྒོ་ནས་གསོལ་བ་སེང་གིས་བཏབ་པས༔ འཆི་བ་མི་རྟག་པ་ལོང་མེད་པ་རྒྱུན་དུ་བསྒོམ༔ བླ་མ་ཡི་དམ་ཡོངས་སུ་གྱུར་པ་ལ༔ གསེར་གྱི་མཆོད་རྟེན་འོད་དུ་འབར་བ་གཅིག་བསྒོམ༔ དེ་འོད་དུ་ཞུ་ནས་བདག་རྒྱུད་ལ་ཐིམ་པས་སྣང་ལ་རང་བཞིན་མེད་པར་བསྒོམ༔ དེས་ཞི་ནས་འོང་འཇིག་རྟེན་པའི་སྡུག་བསྔལ་ལ་བལྟ་ཞིང་བསམ་པས་ཀྱང་ཞི་ནས་འོང༔ ཁ་ཟས་ཀྱི་སྲེད་པ་དུང་དུང་བྱེད་པའི་དུས་སུ༔ བདག་གི་མགྲིན་པ་རུ་པདྨ་དམར་པོ་འདབ་བཞི་པ་གཅིག་གི་སྟེང་དུ༔ བླ་མ་ཡབ་སྲས་སྐུ་མདོག་དམར་པོ་ཡི་དམ་གྱི་ངོ་བོར་ལམ་གྱིས་བསྒོམ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཁ་ཟས་ཀྱི་སྲེད་པའི་འཁྲི་བ་གཅད་དུ་གསོལ༔ ཞེས་གསོལ་བ་དྲག་ཏུ་གདབ་བོ༔ དེས་ཞི་ནས་འོང༔ མི་གཙང་རྒྱ་མཚོ་བསམ་ཞིང་སྒྱུ་ལུས་ཞེན་པ་བཅད་པ༔ དེས་ཞི་ནས་འོང༔ འདོད་ཡོན་དང་ཁེ་གྲགས་དང་ཉེན་ཚོལ་དང་བཀུར་སྟི་འདོད་པའི་དུས་སུ༔ བདག་གི་སྙིང་དཀྱིལ་དུ་བླ་མ་ཡབ་སྲས་སྐུ་མདོག་རིན་པོ་ཆེ་ཁ་དོག་སྣ་བརྒྱད་དང་ལྡན་པ༔ ཡི་དམ་གྱི་ངོ་བོར་ལམ་གྱིས་བསྒོམ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་གཟུང་འཛིན་ཞེན་འདོད་ཀྱི་འཁྲི་བ་གཅད་དུ་གསོལ༔ ཞེས་གསོལ་བ་དྲག་ཏུ་བཏབ་པ་གལ་ཆེའོ༔ དེས་ཞི་འོང༔ སྣང་བ་མི་རྟག་པ་སྒྱུ་མའི་རང་བཞིན་དུ་སྦྱང་བས་ཀྱང་ཞི་ནས་འོང༔ ཉོན་མོངས་པ་འདོད་སྲེད་ཀྱི་དབང་དུ་སོང་ན༔ བདག་གི་གསང་གནས་སུ་བླ་མ་ཡབ་སྲས་སྐུ་མདོག་སྔོན་པོ་གཡུ་ལྗང་གི་མདོག་འདྲ་བ༔ ཡི་དམ་གྱི་ངོ་བོ་ལམ་གྱིས་བསྒོམ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་པ་འདོད་སྲེད་ཀྱི་འཁྲི་བ་གཅད་དུ་གསོལ༔ ཞེས་གསོལ་བ་དྲག་ཏུ་གདབ་བོ༔ དེས་ཞི་ནས་འོང༔ འདི་རྣམས་ཀྱི་དུས་སུ་བག་ཆགས་ངན་པ་རོ་ལྡང་བའི་དུས་ཡིན་པས༔ ལས་རྒྱུ་འབྲས་རྟེན་འབྲེལ་བསམ་ཞིང༔ འཆི་བ་མི་རྟག་པ་ལོང་མེད་པ་བསམ་པ་གལ་ཆེའོ༔ གཉིས་པ་ཉམས་སུ་ལེན་པའི་དུས་སུ༔ ཉམས་དངོས་རྨི་ལམ་དུ་ལྷ་འདྲེའི་ཆོ་འཕྲུལ་དཔག་ཏུ་མེད་པར་འབྱུང་སྟེ༔ དེ་ལ་སྙིང་རྗེས་ཟིན་བྱས་ལ་འདོད་ཐོག་ཆེན་པོར་ཁྱེར༔ ནང་སེམས་ཀྱི་ཆོ་འཕྲུལ་ཤེས་པར་བྱའོ༔ ཉམས་སྣང་ལ་རྒྱལ་འགོང་བསེན་མོའི་ཆོ་འཕྲུལ་བྱུང་ན༔ བླ་མ་ཡབ་སྲས་མཁའ་འགྲོ་མ་ཞལ་གསུམ་ཕྱག་དྲུག༔ སྐུ་མདོག་མཐིང་ནག་འགྱིང་ཐབས་ཅན༔ ཕྱག་མཚན་མཚོན་ཆ་དང་མེ་དཔུང་འབར་བར་བསྒོམ༔ སྒྲུབ་པ་པོ་ལ་བར་ཆད་བྱེད་པ་ཐམས་ཅད་གཏུབ་མནན་བསྲེག་པ་དང་གཟིར་བར་བསམ༔ བར་ཆད་བྱེད་པ་ཐམས་ཅད་གང་ཡིན་ཁྲམ་བམ་ལིངྒ་བྲིས་ལ༔ སྔགས་འདིས་བསྐོར་བ་རང་གི་མལ་འོག་ཏུ་མནན༔ གོང་གི་ཤམ་བུ་ལ༔ ཧ་རི་ནི་ས་ཨ་ཏྲི་དུ་ཏྲི༔ དྲག་མོ་གནོད་བྱེད་ཁུག་ནན་ཨུར་ནན༔ སྦུར་ནན་བར་ཆད་གནོད་བྱེད་ཐམས་ཅད་སཏྭམ་ཡ་ནན་ནན༔ ཐུབ་རྟགས་ལ་སྤྲེའུ་བུད་མེད་རྔོན་པ་ལ་སོགས་དང༔ སེམས་ཅན་བཟུང་ཞིང་དེད་བྱུང་ན༔ ལམ་རྒྱ་གྲམ་མམ་བྲག་ཕུག་ཏུ་མནན༔ སྒྲུབ་པའི་ཁ་ཚར་གང་བྱེད་ཀྱང༔ གེགས་སེལ་འདི་ཉིད་གཅེས་པ་ཡིན༔ བོན་ཞིག་རྡོ་རྗེ་གླིང་པ་ཡི༔ ཕྱི་རབས་དོན་དུ་གེགས་སེལ་འདི་ཉིད་བཀོད་དོ༔ ྀཨཚ༔ རྣན་རྣན་རྣམ༔ གེགས་སེལ་ཉིད་དང་མ་ལྡན་སྨྱོ་དོགས་ཡོད༔ འདི་ཡི་གེགས་སེལ་དུ་གསུངས་སོ༔ གསང་ངོ་རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ བདག་འདྲ་བཻ་རོ་ཙ་ན་ཡི༔ ཡབ་སྲས་གསུམ་པོ་བསྒྲུབ་པ་ལ༔ བརྡའ་ཡིག་སྐུ་འཁོར་བཏགས་ཆོག་འདི༔ སེམས་ཅན་གཅིག་ལ་བཏགས་གྱུར་ན༔ སེམས་ཅན་དེ་ཉིད་སངས་རྒྱས་གྲུབ༔ ཡབ་སྲས་གསུམ་དང་གཉིས་མེད་འགྲུབ༔ མཁའ་འགྲོ་རྣམས་ནི་རང་བཞིན་འཁོར༔ མཆོག་ནི་གྲུབ་པར་ཐེ་ཚོམ་མེད༔ འཁོར་ལོ་དར་ལ་བྲིས་བྱས་ལ༔ ཡི་དམ་གང་བབ་དར་ལ་བྱས༔ ཡང་ན་དར་རམ་ཤིང་ཤུན་ཤོག་བུ་ལ༔ འཁོར་ལོ་མུ་ཁྱུད་དྲུག་ཏུ་བསྐོར༔ དབུས་སུ་ཡབ་སྲས་ཡུམ་དང་བཅས༔ ཡབ་ཡུམ་ཞལ་སྦྱོར་ཚུལ་དུ་བྲི༔ ཡབ་ཡུམ་བར་དུ་རྫས་གསུམ་བཅུག༔ ཐབས་ཤེས་བདེ་ཆགས་འཁྲུལ་མེད་དོན་དམ་རྟོགས༔ ཡང་ན་ཡི་གེ་འབྲུ་བཞི་་་ཨཱོྃ་ཨཱཿཧཱུྃ་ཧྲཱིཿདང་བཞི་ཡིན་གསུངས།རྟེན་ཀྱང་ཉེན་གསུངས༔ ལྟེ་བ་མུ་ཁྱུད་ལ༔ བསྙེན་པའི་རྩ་བའི་སྙིང་པོ་ཅན༔ ཨཱོྃ་ཨཱཿཧཱུྃ༔ ཨ་དཀར་གསལ་འབར་དྲན་པ་མུ་ལ་ཉེ་ལོ་ཡ་མུ་ཡེ་རྩལ༔ ཨཱ་ཡུ་པ་ཤང་གུ་རུ་པདྨ་ཧ་རི་ནི་ས་སིདྡྷི་ཧྲིང་ཧྲིང་ཧཱུྃ་ཧཱུྃ་ཛ་ཛཿ བླ་ཆེན་ཡབ་སྲས་གསུམ་གནས་འདིར་བྱོན་ལ་བརྟན་པར་ཧྲུན་ཧྲུན༔ བདག་ལ་བྱིན་ཕོབ་ཅིག་དབང་ཐོབ་ཤོག༔ ཅེས་བྲིའོ༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ མཚམས་བཞིར་ནོར་བུ་བྲི༔ དྲན་པ་ནམ་མཁའ་གནས་འདིར་བྱོན་ལ་སྐུ་ལ་འགྱུར་བ་མེད་པར་བརྟན་དུ་ཧྲུན་ཧྲུན༔ བདག་ལ་བྱིན་གྱིས་རློབས་ཤིག༔ དེ་བཞིན་དུ་ཚེ་དབང་གསུང༔ གུ་རུ་པདྨ་ཐུགས༔ མཁའ་འགྲོ་ཆགས་པ་རྒྱས་འདེབས་མ༔ ནོར་བུ་བཞི་ལ་ཨཱཿཨཱོྃ་ཧཱུྃ་གིས་མཚོན་པར་བྲིས༔ ནོར་བུའི་བར་དུ་ཧ་རི་ནི་ས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རིག་འཛིན་མཁའ་འགྲོའི་བརྡ་ཡིག་འདི་བྲི༔ ཕྱོགས་བཞི་ལ་རིག་རྟགས་བཞི་བྲི༔ མཚམས་བཞི་ལ༔ བྱང་ཤར་དུ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈ ཅེས་བྱང་ཤར་ལ་བཀོད༔ བྱང་ནུབ་ཏུ་ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ཅེས་བྱང་ནུབ་ལ་བྲི༔ ལྷོ་ནུབ་ཏུ་ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ལྷོ་ནུབ་ཏུ་བྲིའོ༔ ལྷོ་ཤར༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ལྷོར་ཕྱོགས་སུ་ཆོད༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ གཡུང་དྲུང་ལྔ་དང་ནོར་བུ་བཅུ་བྲི༔ དེའི་བར་དུ༔ ཨཱོྃ་མ་མ་མུ་ཡེ་དྷ་ཀི་ནི་དྲུང་མུ་ཡེ་ཧཱུྃ༔ <!TCC Tibetan character 4,98 undefined in unicode!>མུ་ཡེ་དྲུང་མུ་དྷ་ཀི་ནི་སླ་ཞི་ཧཱུྃ་མ་མ་མུ་ཡེ་དྲུང་མུ་ཨཱོྃ་ཨཱཿཧཱུྃ༔ <!TCC Tibetan character 4,98 undefined in unicode!>ཁི་ཞི་ལི་ལི་ཡང་དྷ་ཀི་ནི་ལོ་ཀི་ཨཱོྃ་ཨཱཿཧཱུྃ༔ <!TCC Tibetan character 4,98 undefined in unicode!>བེ་རཾ་དྷ་ཀི་ནི་ཧཱུྃ་ཡཀྴ་དྷ་ཀི་ནི་ཨཱོྃ་ཨཱཿཧཱུྃ༔ <!TCC Tibetan character 4,98 undefined in unicode!>ནེ་ར་མུ་ཏི་དྷ་ཀི་ནི་རཀྴ་དྷ་ཀི་ནི་ཨཱོྃ་ཨཱཿཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོྃ་མུ་ཁྱུང་པྲ་ཕུང་བིད་ད་ཉི་རི་བྷ་ར་ཨཱོྃ་འདུ༔ རད་ན་དྲུང་མུ་ཧ་ར་འདུ༔ ཨ་མུ་ནེ་གླང་ཆེན་བིད་ད་ཉི་རི་བྷ་ར་ཨ་འདུ༔ རད་ན་དྲུང་མུ་ཧ་ར་འདུ༔ ཧཱུྃ་མུ་ཡེ་ཤ་ཐུན་བིད་ད་ཉི་ཏིར་བྷ་ར་ཧཱུྃ་འདུ༔ རཏྣ་དྲུང་མུ་ཧ་ར་འདུ༔ འཁོར་ལོ་འདི་འཆང་བ་པོ་ལ་བླ་ཆེན་ཚེ་དབང་གུ་རུ་པད་འབྱུང་གསུམ་གྱིས་འབྲལ་མེད་དུ་བྱིན་གྱིས་རློབས་ཤིག༔ མ་མཁའ་འགྲོ་མ་རྣམས་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག༔ ཅེས་བྲིས་སོ༔ ཟུར་བཞི་ལ་ནོར་བུ་བཞི་བྲི༔ བྲིས་སྣག་ལི་ཁྲིའམ༔ སིནྡྷུ་ར་སྨན་སྣ་དྲུག༔ རྩ་བ་ཡིན་པས་ཤེས་པར་བྱའོ༔ ཡི་དམ་ལ་འབྲེལ་བ་གང་ཡོད་ཀྱིས་ཁ་དོག་དར་ལ་བྲིས༔ ཡང་ན་དར་སྣ་ལྔའི་གཏུམ་པ་ཡིན༔ རབ་འབྲིང་ཐ་མ་བསྒྲུབ་པར་བྱའོ༔ དང་པོ་ཞི་བའི་ཆག་ཆག་གདབ༔ དེ་ནས་དྲག་པོས་བར་ཆད་བསལ༔ དེ་ནས་བསང་ཁྲུས་ལེགས་པར་གཙང་གཟབ༔ གེགས་སེལ་ལ་དར་བྱས་ཤིང་བསྒྲུབ༔ དེ་ནས་དབང་གི་འབྲུ་དྲིལ༔ དེ་ནས་སྐུ་འཁོར་བཏགས་ཡིག་བཏགས་ཆོག་བཏགས་གང་ཐོགས་སྐལ་ལྡན་སྐྱེས་བུ་དེ༔ འདས་དང་མ་འདས་ད་ལྟ་ཡི༔ རིག་འཛིན་མཁའ་འགྲོ་མ་ཚོགས་ཀྱིས༔ ཚེ་འདིར་རྐྱེན་དང་བར་ཆོད་ཞི༔ ཀུན་གྱི་ཡིད་དུ་འོང་བར་འགྱུར༔ དངོས་གྲུབ་ནམ་མཁའི་ཆར་བཞིན་འབེབ༔ ཕྱི་མ་བདེ་འགྲོ་གསང་བའི་ཀློང་དུ་ཐིམ་པ་གདོན་མི་ཟ༔ ཅེས་གསུངས་སོ༔ བླ་ཆེན་ཡབ་སྲས་ཡུམ་དང་བཅས༔ རིག་འཛིན་མཁའ་འགྲོ་བཅུད་དྲིལ་བའི༔ བརྡ་ཡིག་སྐུ་འཁོར་བཏགས་ཆོག་འདི༔ ལས་འཕྲོ་ཅན་རྣམས་མ་གཏོགས་པ༔ ལོག་པར་སྤྱོད་ན་དམ་ཚིག་ཉམས༔ ཞེས་བྱས་ཏེ་གསུངས་སོ༔ ཨུ་ཡ༔ བརྡ་ཡིག་འདི་སུ་ལ་ཡང་མ་བསྟན་པར་བཏགས་པ་གལ་ཆེའོ༔ སླིག་ཙོཧ༔ སྨོར༔ བཀྲ་ཤིས་པར་ཤོག། །།
ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས༔ མཁའ་འགྲོ་སྒྲུབ་པའི་སྐོར་རྣམས་ (Volume 36, Text 47)
༁ྃ༔ ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས༔ མཁའ་འགྲོ་སྒྲུབ་པའི་སྐོར་རྣམས་བཞུགས༔ ྈྈྈ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁའ་འགྲོའི་རྒྱུད་ལུང་མཐའ་ཡས་ཤེས༔ ཀུན་ལས་ཁྱད་པར་འཕགས་པ་ནི༔ རྡོ་རྗེ་ཕག་མོས་བདག་ལ་བསྩལ༔ དེ་དག་ཀུན་གྱི་བཅུད་ཕྱུང་ནས༔ ཞབས་ཏོག་ཕུལ་ཕྱིན་མཚོ་རྒྱལ་མ༔ ཟུར་བཟའ་ཐབས་ཀྱི་དཔའ་བོར་བཅས༔ སྐལ་ལྡན་ཕོ་མོ་ད་ལྟར་བཞུགས༔ སླད་ནས་འབྱུང་བའི་དོན་དུ་བཤད༔ ཕྱི་ལྟར་སྒྲོལ་མ་ཁྲོ་གཉེར་ཅན༔ ནང་ལྟར་རྡོ་རྗེ་ཕག་མོ་ཡུམ༔ གསང་བར་གསང་བ་ཡེ་ཤེས་མ༔ ཡང་གསང་པདྨ་བདག་གི་ཡུམ༔ མནྡཱ་ར་བ་མཚོ་རྒྱལ་མ༔ མཁའ་འགྲོ་སྒྲུབ་པའི་ཐབས་འདི་ནི༔ ཤིན་ཏུ་གསང་བ་རྨད་དུ་བྱུང༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ ས་མ་ཡ༔ སྒྲུབ་ཐབས་ཀུན་གྱི་ཁོག་ཕུབ་ནི༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ༔ མཚན་ཉིད་ལྡན་པའི་གནས་སུ་ཕྱིན༔ ས་ཡི་ཆོ་ག་ལ་སོགས་བྱ༔ དཀྱིལ་འཁོར་བཞེངས་ཤིང་སྒྲུབ་རྫས་བཀྲམ༔ མཆོད་གཏོར་དམ་རྫས་བག་དྲོ་བཤམ༔ ངེས་འབྱུང་སྐྱབས་འགྲོ་སེམས་བསྐྱེད་སོགས༔ རྣལ་འབྱོར་ཕོ་མོ་རྒྱུད་སྦྱངས་ནས༔ དང་པོ་བགེགས་ཚོགས་མཚམས་གཅོད་ནི༔ ཧཱུྃ༔ ཆོས་ཀུན་དག་པ་ཆེན་པོ་ལ༔ གཉིས་འཛིན་བགེགས་ཀྱི་མིང་ཡང་མེད༔ སྣང་སྲིད་དཔའ་བོ་མཁའ་འགྲོའི་ཞིང༔ བདུད་ཀྱི་སྒྲ་ཡང་གྲགས་མི་འགྱུར༔ རྡོ་རྗེའི་མེ་རིས་མཐའ་ནས་བསྐོར༔ ལོག་པར་འདྲེན་པའི་མཚམས་ཆོད་ཅིག༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ གཉིས་པ་ནོངས་པའི་ཚོགས་བཤགས་པ༔ ཧཱུྃ༔ ཐམས་ཅད་འོད་གསལ་ཡུམ་གྱི་དབྱིངས༔ ང་བདག་དངོས་པོར་འཛིན་པས་བསྒྲིབས༔ འཁྲུལ་པའི་ལས་རྣམས་ཐམས་ཅད་ཀུན༔ རང་བཞིན་མ་གྲུབ་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ གསུམ་པ་མི་འདའ་དམ་བཅའ་བ༔ ཧཱུྃ༔ འདུ་འབྲལ་མེད་པའི་བྱང་ཆུབ་སེམས༔ ལྷན་སྐྱེས་ཡེ་ཤེས་མཁའ་འགྲོ་མ༔ འདི་བསྩལ་བླ་མ་རྡོ་རྗེ་འཆང༔ སྲོག་ཕྱིར་མི་གཏང་རབ་ཏུ་བཟུང༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ བཞི་པ་བྱིན་ཆེན་འབེབ་པ་ནི༔ རབ་བརྒྱན་སྤོས་བསྲེག་རོལ་མོ་བཅས༔ ཧཱུྃ་ཧྲཱི༔ སྤྲོས་མེད་རྣམ་དག་ཆོས་ཀྱི་དབྱིངས༔ ཀུན་ཏུ་བཟང་མོས་འཁོར་འདས་ཁྱབ༔ བདེ་ཆེན་ལོངས་སྤྱོད་སྟུག་པོ་བཀོད༔ བདེ་གཤེགས་ཡུམ་ལྔའི་དཀྱིལ་འཁོར་གཙོ༔ ཨོ་རྒྱན་མཁའ་དང་ས་ལ་སྤྱོད༔ སངས་རྒྱས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་སུ་སྣང༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཚོགས༔ དཔའ་བོར་བཅས་པ་དབྱིངས་ནས་བཞེངས༔ འདིར་བྱོན་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་ཡི་བྱིན་ཆེན་ལུས་ལ་ཕོབ༔ རྩ་ཡི་མདུད་ཁྲོལ་སྣང་བ་ལྷ༔ གསུང་གི་ནུས་པས་ཡེ་ཤེས་རླུང༔ བདེ་དྲོད་རབ་འབར་གྲགས་པ་སྔགས༔ ཐུགས་ཀྱི་དགོངས་པས་བྱང་ཆུབ་སེམས༔ ལྷན་ཅིག་སྐྱེས་པའི་འོད་གསལ་དབྱིངས༔ འཕོ་མེད་དག་པ་ཆེན་པོར་སྒྱུར༔ བཾ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོཿཨཱ་རལླི་ཧྲཱིཾ་ཧྲཱིཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ལྔ་པ་མཆོད་རྫས་བྱིན་གྱིས་བརླབ༔ ཧྲཱི༔ སྣོད་བཅུད་ཡེ་ནས་རྣམ་པར་དག༔ ཕྱི་ནང་གསང་བ་ལྷུན་གྱིས་གྲུབ༔ ཡེ་ཤེས་གསུམ་གྱིས་རྣམ་པར་སྦྱངས༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཡེ་ཤེས་ལྔ་ཡི་བདུད་རྩིའི་བཅུད༔ བདེ་བ་ཐིག་ལེའི་དམར་ཆེན་པོ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གཏོར་མ་འདོད་པའི་ཡོན་ཏན་ལྔ༔ ཐབས་ཤེས་སྟ་ན་གྷ་ཎའི་ཚོགས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་བཛྲ་པདྨ་མ་ཧཱ་སུ་ཁ་ཧཱུྃ་ཧྲཱིཿཋ༔ དེ་ལྟར་སྔོན་འགྲོའི་ཆོས་རྣམས་ཀྱིས༔ བསྙེན་པའི་རིམ་པ་རྫོགས་པ་འོ༔ སྤྱི་དོན་གཉིས་པ་དངོས་གཞི་ལ༔ ཕྱི་ནང་གསང་བ་ཡང་གསང་སྦྱར༔ དང་པོ་དམ་ཚིག་བསྐྱེད་པ་ནི༔ ཨ༔ ཡེ་ནས་སངས་རྒྱས་བསྐྱེད་དང་རྫོགས་པའི་ངང༔ ཆོས་ཀུན་རང་སྣང་བྱང་ཆུབ་སེམས་ཀྱིས་ཁྱབ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡི་གེ་ཨ༔ རང་རྩལ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ནམ་མཁའ་རླུང་ནག་ཁྲག་མཚོ་ཞིང་གི་ས༔ ཀེང་རུས་རི་རབ་མེ་འབར་ཡུམ་ལྔའི་དབྱིངས༔ གང་གིས་མི་ཕྱེད་རྡོ་རྗེའི་སྲུང་འཁོར་དབུས༔ ཚོགས་བརྒྱད་དག་པའི་དུར་ཁྲོད་ཆེན་པོ་བརྒྱད༔ པདྨ་འདབ་སྟོང་རྒྱ་གྲམ་བརྡལ་བའི་སྟེང༔ ཡེ་ཤེས་རང་སྣང་ཐོད་པ་རིན་ཆེན་གྱི༔ གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ༔ ཞིང་དང་དྲེགས་པ་དུར་ཁྲོད་རྒྱན་གྱིས་མཛེས༔ ཆོས་ཀྱི་འཁོར་ལོ་རྡོ་རྗེ་ནོར་བུའི་ཏོག༔ དགའ་བ་བཞི་ཡི་འཁོར་ལོའི་ལྟེ་བ་ལ༔ སྣ་ཚོགས་པདྨ་ཉི་མ་བམ་རོའི་གདན༔ ཨ་ཡི་ཆོ་འཕྲུལ་རྡོ་རྗེ་ཕག་མོའི་སྐུ༔ བཅུ་དྲུག་ཉམས་ལྡན་པདྨ་རཱ་གའི་མདོག༔ ཁྲོ་འཛུམ་སྤྱན་གསུམ་ཐོར་ཚུགས་རྡོ་རྗེས་མཚན༔ དབུ་སྐྲ་ཕྱེད་བཅིངས་ལྷག་མ་རྒྱབ་ཏུ་གྲོལ༔ ཕྱག་གཡས་སྐྱེ་ཤི་རྩད་གཅོད་གྲི་གུག་ཕྱར༔ གཡོན་པས་བདུད་བཞི་འཇོམས་པའི་ཐོད་ཁྲག་གསོལ༔ ཐོད་སྐམ་རིན་ཆེན་རྩེ་བྲན་དབུ་ལ་བརྒྱན༔ རྣ་ལྟག་གཡས་ནས་ཕག་ཞལ་མཐིང་ནག་ངུར༔ རུས་པའི་ཕྱག་རྒྱ་ལྔ་འཆང་རྩི་གསུམ་བྱུགས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་རོལ་པའི་གར༔ སྐུ་ལ་འཇའ་འོད་ཐིག་ལེ་མེ་འབར་འཕྲོ༔ ཕྱོགས་བཞིར་པདྨ་ཉི་མ་བམ་རོའི་སྟེང༔ རྡོ་རྗེ་རིན་ཆེན་པདྨ་ལས་རབ་ཀྱི༔ མཁའ་འགྲོ་དཀར་སེར་དམར་ལྗང་གཙོ་དང་མཚུངས༔ གཡས་པས་རང་རྟགས་མཚོན་པའི་གྲི་གུག་དང༔ གཡོན་པས་བདུད་བཞིའི་ཁྲག་བཀང་ཐོད་པ་འཛིན༔ སྒོ་བཞིར་ཕྱག་རྒྱ་བཞི་འཛིན་ལྷ་མོ་བཞི༔ རིགས་ཀྱི་མདོག་ཅན་གཡོན་པས་ཐོད་ཁྲག་བསྣམས༔ བམ་རོའི་གདན་ལ་བརྐྱང་བསྐུམ་གར་གྱིས་རོལ༔ ཀུན་ཀྱང་ཁ་ཊྭཱཾ་དཔའ་བོ་ཡབ་ལ་འཁྲིལ༔ གཞན་ཡང་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ གནས་ཡུལ་དྷཱ་ཀ་དྷཱ་ཀི་སྣ་ཚོགས་མདོག༔ ཕྱག་རྒྱ་ལྔ་འཆང་གྲི་ཐོད་ཁ་ཊྭཱཾ་འཛིན༔ བླ་མ་སངས་རྒྱས་བྱང་སེམས་ཞི་ཁྲོའི་ཚོགས༔ དམ་ཅན་སྲུང་མ་རང་རང་ཚོམ་བུར་བཅས༔ མ་བསྐྱེད་ཡེ་རྫོགས་རང་རྩལ་རོལ་པའི་ལྷ༔ ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་ཆེན་པོའི་ངང༔ སྣང་སྲིད་སྐུ་གསུང་ཐུགས་སུ་གསལ་བརྟན་འབར༔ རྒྱལ་བའི་རྡོ་རྗེ་གསུམ་དང་དབྱེར་མེད་ཅིང༔ དུག་ལྔ་རྣམ་དག་ཡེ་ཤེས་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡེ་ཤེས་འགུགས་ཕྱིར་དུ༔ གདུང་བའི་དབྱངས་དང་རོལ་མོ་ཡིས༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་རྣམ་དག་ཞིང་ཁམས་སུ༔ སྙོམས་པར་ཞུགས་པའི་ཀུན་བཟང་ཡུམ༔ ཐུགས་རྗེ་ཆེན་པོའི་སྨོན་ལམ་གྱིས༔ ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས༔ སྒྱུ་འཕྲུལ་རོལ་པའི་མཁའ་འགྲོའི་ཚོགས༔ མཆོད་ཡོན་ཡོ་བྱད་དུ་མ་ཡིས༔ དད་དང་གདུང་བས་སྤྱན་འདྲེན་ན༔ མ་ལུས་གནས་འདིར་གཤེགས་སུ་གསོལ༔ མ་རིག་སྒྲིབ་པ་བསལ་བ་དང༔ ཡེ་ཤེས་སྣང་བ་རབ་ཏུ་རྒྱས༔ དངོས་གྲུབ་འདོད་པ་འཇོ་བའི་གཏེར༔ རང་རིག་ཀློང་ནས་མཉེས་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཛྙཱ་ན་ཙཀྲ་བཛྲ་ས་མ་ཡ་ཛ༔ ཨ་ཧ་རི་ནི་ས་ཛྙཱ་ན་ལོ་ཀ་དྷཱ་ཀི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ གསུམ་པ་དམ་ཡེ་བསྲེ་བ་ནི། ཧཱུྃ་ཧྲཱི༔ ཡེ་ནས་གཞི་འབྲས་དབྱེར་མེད་ཅིང༔ སྣོད་བཅུད་དག་མཉམ་ཆེན་པོར་རྫོགས༔ ཡེ་ཤེས་ལྷ་ཚོགས་ཕྱག་ཞབས་བསིལ༔ དམ་ཚིག་འཁོར་ལོར་གཉིས་མེད་དུ༔ གཞལ་ཡས་གདན་མཆོག་མཛེས་པ་འདིར༔ བྱང་ཆུབ་བར་དུ་བཞུགས་ནས་ཀྱང༔ ཡེ་ཤེས་འཁོར་ལོ་སྐྱེད་པ་དང༔ དཀྱིལ་འཁོར་བདག་པོ་མཛད་དུ་གསོལ༔ ཨོཾ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་མཆོད་བསྟོད་པའི་རིམ༔ ན་མོ༔ དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ༔ རྡོ་རྗེ་བཙུན་མོ་རྣལ་འབྱོར་མ༔ རང་དང་ལྷན་ཅིག་སྐྱེས་པའི་ལྷ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ མེ་ཏོག་རིན་ཆེན་རྒྱན་གྱི་ཆར༔ དྲི་བཟང་སྤྲིན་གྱིས་བར་སྣང་ཁེངས༔ ཉི་ཟླ་ནོར་བུ་ལྷག་པའི་འོད༔ བྱུག་པ་བདེ་བ་སྐྱེད་པའི་མཆོག༔ རོ་བརྒྱ་ལྡན་པའི་བཟའ་བཅའི་ཟས༔ འབུད་བརྡུང་དཀྲོལ་བའི་རིག་བྱེད་དང༔ མཆོད་པའི་ཡོན་ཏན་ཞིང་ཀུན་ཁེངས༔ ཀུན་བཟང་རོལ་མོ་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ་ཧྲཱི༔ སྣ་ཚོགས་གཟུགས་ནི་སྣང་ཞིང་སྟོང༔ བདེ་སྟོང་འཆར་བའི་སྣ་ཚོགས་སྒྲ༔ ཡིད་འོང་མ་ཡི་དྲི་ཞིམ་འཐུལ༔ རང་བཞིན་མེད་པའི་རོ་མཆོག་ལྡན༔ ཐབས་ཀྱི་རེག་བྱ་ཇི་སྙེད་པ༔ ཆོས་དབྱིངས་རོལ་མོ་ཆེན་པོས་མཆོད༔ ཨོཾ་བཛྲ་རཱུ་པ་སུ་ཁ་པཱུ་ཛ་ཧོ༔ ཨོཾ་བཛྲ་ཤབྡ་སུ་ཁ་པཱུ་ཛ་ཧོ༔ ཨོཾ་བཛྲ་གནྡྷེ་སུ་ཁ་པཱུ་ཛ་ཧོ༔ ཨོཾ་བཛྲ་ར་ས་སུ་ཁ་པཱུ་ཛ་ཧོ༔ ཨོཾ་བཛྲ་སྤརྴེ་སུ་ཁ་པཱུ་ཛ་ཧོ༔ ཨོཾ་བཛྲ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ རྨད་བྱུང་དུར་ཁྲོད་རྫས་ཀྱི་མཆོག༔ དབང་ལྔ་གསུར་ཆེན་ཞུན་མེ་སྦར༔ བྱུག་པའི་ཚོགས་དང་ཤ་ཆེན་ཟས༔ རྐང་གླིང་ཐོད་རྔ་རུས་པའི་རྒྱན༔ ཞིང་ཆེན་འཕན་གདུགས་བླ་བྲེ་རྣམས༔ མ་དང་མཁའ་འགྲོ་བསྟེན་ཕྱིར་འབུལ༔ མ་ཧཱ་ཏི་ར་ཤྨ་ཤཱ་ན་པཱུ་ཛ་ཧོ༔ ཧཱུྃ༔ རང་བྱུང་ཡེ་ཤེས་ལྔ་ཡི་དངོས༔ དུག་ལྔ་སེལ་བའི་སྨན་གྱི་མཆོག༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀཏ༔ དམ་རྫས་བདུད་རྩིའི་མཆོད་པ་བཞེས༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ རྩ་གསུམ་ཆོས་སྐྱོང་མཚན་སྨྲོས་མཆོད༔ ༼ཀུན་བཟང་ཡུམ་ཆེན་དབྱིངས་ཕྱུག་རྒྱལ་མོ་ལྔ། །གསང་བདག་ལས་ཀྱི་དབང་མོ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་ལྷ་སྲས་མེ་ཏོག་སྒྲོན། །སྨན་མཆོད་འབུལ་ལོ་སྨིན་གྲོལ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྩ་བའི་བླ་མ་རིག་འཛིན་ཡབ་དང་ཡུམ། །དཀྱིལ་འཁོར་ལྷ་ཚོགས་མཁའ་འགྲོ་དམ་ཅན་དང་། །འགྲོ་ཀུན་ཌཱ་ཀིའི་སྐུ་རུ་དག་པ་ལ། །སྨན་མཆོད་འབུལ་ལོ་སྨིན་གྲོལ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་པའང་མཆོག་གྱུར་གླིང་པས་སྦྱར་བའོ།།༽ སྨན་གྱི་དངོས་གྲུབ་འབྲུ་གསུམ་པོ༔ རྡོ་རྗེ་ལྕེ་ཡི་ཧཱུྃ་ལ་བརྒྱུད༔ དངོས་པོ་མེད་ལས་དངོས་གྲུབ་བླང༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཨཱ༔ ཆགས་མེད་རྣམ་དག་བདེ་བ་ཆེ༔ ཁམས་གསུམ་ཀུན་གྱི་བཅུད་བསྡུས་པ༔ དམར་ཆེན་རཀྟའི་མཆོད་པ་འདི༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཨོཾ༔ སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ སྲིད་གསུམ་བཅུད་རྣམས་གཏོར་མ་སྦྱར༔ འདོད་ཡོན་ནམ་མཁའ་གང་བ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧོ༔ ཐབས་དང་ཤེས་རབ་མཉམ་སྦྱར་བའི༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་སྤྲིན༔ མཆོད་འོས་ཐམས་ཅད་དགྱེས་པ་བསྐྱེད༔ སེམས་ཅན་འོད་གསལ་དབྱིངས་སུ་བསྒྲལ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ དམིགས་མེད་སྤྲོས་བྲལ་ཕྱག་རྒྱ་ཆེ༔ སྟ་ན་གྷ་ཎ་མ་ཧཱ་མུ་དྲཱ་སུ་ཁ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ རྡོ་རྗེ་གླུ་ཡི་བསྟོད་པ་ནི༔ དབྱངས་སྙན་ཕྱག་རྒྱ་གར་དང་བཅས༔ ཨོཾ༔ དཔལ་ལྡན་མི་འགྱུར་དབྱིངས་ཀྱི་ཡུམ༔ བདེ་ཆེན་ལོངས་སྤྱོད་རིགས་མཆོག་ལྔ༔ ཐུགས་རྗེས་སྣ་ཚོགས་སྒྱུ་འཕྲུལ་གར༔ མཁའ་འགྲོའི་གཙོ་ལ་ཕྱག་འཚལ་བསྟོད༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ འགྱུར་བ་མེད་པའི་རང་བཞིན་ཉིད༔ དཀྱིལ་འཁོར་ཀུན་གྱི་འཁོར་ལོས་སྒྱུར༔ རྣམ་པར་སྣང་བ་ཁྱོད་ལ་བསྟོད༔ གསུང་སྔགས་ཡོངས་སུ་རྫོགས་པའི་དབྱངས༔ རྟག་པ་རྒྱུན་དུ་འཁོར་ལོ་བསྐོར༔ གདུལ་བྱའི་བློ་བཟང་སྐྱེད་པར་མཛད༔ འགག་མེད་མཁའ་ཁྱབ་གྲགས་ལ་བསྟོད༔ འཁྲུལ་མེད་ཡེ་ཤེས་ལྔ་ལྡན་པ༔ རྣམ་པར་མི་རྟོག་འོད་གསལ་དབྱིངས༔ བརྩེ་ཆེན་སྨོན་ལམ་རྗེས་སུ་འཇུག༔ ཇི་ལྟ་ཇི་སྙེད་མཁྱེན་ལ་བསྟོད༔ སྐུ་ཡི་རོལ་པ་ངོ་མཚར་རྒྱན༔ ཞིང་ཁམས་གཞལ་ཡས་འདུས་པའི་འཁོར༔ ཆེ་བའི་བཀོད་པ་སྣ་ཚོགས་སྤྲིན༔ ཡོན་ཏན་བསམ་མི་ཁྱབ་ལ་བསྟོད༔ དཔག་ཡས་ཕྲིན་ལས་ཕྱོགས་བྲལ་བ༔ དུས་ལས་མི་གཡེལ་ཆགས་ཐོགས་མེད༔ ཞི་རྒྱས་དབང་དང་དྲག་པོ་ཡིས༔ འགྲོ་དོན་ལྷུན་གྱིས་གྲུབ་ལ་བསྟོད༔ ལྔ་པ་ཛཔ྄་ཀྱི་རིམ་པ་ཡང༔ ལྷ་བསྐྱེད་ལ་སོགས་ཉེ་བར་བསྙེན༔ སྒྲུབ་པ་བཟླས་པ་ཉིད་ཡིན་ཡང༔ སྐབས་འདིར་དབྱེ་བ་རྣམ་པ་བཞི༔ ལྷ་རྣམས་ཐུགས་ཀར་ཉི་མའི་སྟེང༔ ཐུགས་སྲོག་སྔགས་ཕྲེང་ཟླ་སྐར་བཞིན༔ མི་གཡོ་གསལ་ཞིང་བརྟན་པར་གནས༔ མགལ་མེའི་འཁོར་ལོ་བཞིན་འཁོར་ཞིང༔ དཔའ་བོ་ཡབ་དང་བདེ་ཆེན་བཟླས༔ སེམས་སྤྲིན་རྒྱལ་པོའི་བྲན་མངགས་ལྟར༔ སངས་རྒྱས་མཛད་པ་ཐམས་ཅད་སྒྲུབ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ ཕྲ་བ་མཐའ་ཡས་འཕྲོ་ཞིང་འདུ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་རྫོགས༔ གྲགས་པ་གསུང་དབྱངས་ཆོས་ཀྱི་སྒྲ༔ རྣམ་རྟོག་རང་གྲོལ་འོད་གསལ་དབྱིངས༔ མི་རྟོག་སྣང་ཆ་སྐུ་གསུང་ཐུགས༔ མཁའ་འགྲོ་སྒྱུ་འཕྲུལ་ཆེན་པོར་ཤར༔ རྒྱུད་ལྟར་བཟླས་པ་གང་མོས་དང༔ ཨོཾ་བཛྲ་བྷ་ར་ཧི་ཧ་རི་ནི་ས་ཧཱུྃ་ཕཊ༔ གཙོ་བོ་ཡང་སྙིང་དྲུག་པ་བཟླ༔ ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས༔ འཁོར་གྱི་ལྷ་མོ་ཐམས་ཅད་བསྐུལ༔ འོད་ཟེར་སྤྲུལ་པ་སྣ་ཚོགས་པས༔ ལས་རྣམས་ཐམས་ཅད་སྒྲུབ་པར་བསམ༔ ཨ་ཧ་རི་ནི་ས་ཛཿཧཱུྃ་བཾ་ཧོཿསརྦ་ཀརྨ་ཀུ་རུ་ཧོ༔ སྟོང་རྫོགས་སྨན་རཀ་གཏོར་མ་བརླབ༔ རྒྱས་བསྡུས་གང་ཤེས་སྔགས་ཀྱིས་འབུལ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་ལོས་སྒྱུར་བ་སྟོབས་ཆེན་མོ༔ དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག༔ ཆོས་དབྱིངས་འོག་མིན་མཁའ་སྤྱོད་ཞིང༔ ཨོ་རྒྱན་གནས་སུ་རྟག་ཏུ་བཞུགས༔ ཞིང་དང་སྐུ་ཡི་བཀོད་པའི་ཚོགས༔ རེ་རེ་ལ་ཡང་མཁའ་འགྲོ་འབུམ༔ གར་གྱི་རྣམ་འགྱུར་བསམ་ལས་འདས༔ འགྱུར་བ་མེད་པའི་མཁའ་འགྲོ་འབུམ༔ གསུང་དབྱངས་ནམ་མཁའ་ཁྱབ་པ་ལ༔ ཚངས་པའི་གླུ་ལེན་མཁའ་འགྲོ་འབུམ༔ རྟོག་མེད་རྣམ་ཐར་གསུམ་དབྱིངས་ལས༔ ཐུགས་རྗེ་རོལ་པའི་མཁའ་འགྲོ་འབུམ༔ རྒྱན་དང་ཡོན་ཏན་ལོངས་སྤྱོད་ལས༔ བསམ་མི་ཁྱབ་པའི་མཁའ་འགྲོ་འབུམ༔ འགྲོ་བའི་དོན་མཛད་ཕྲིན་ལས་བཞི༔ ལྷུན་གྱིས་གྲུབ་པའི་མཁའ་འགྲོ་འབུམ༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་བདུད་རྩི་རཀྟ་དང༔ འདོད་ཡོན་གཏོར་མའི་མཆོད་པ་བཞེས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཞེས་བསྐུལ་ཞི་རྒྱས་དབང་དྲག་ཀུན༔ གོས་རྒྱན་བཅས་པ་དུས་ལ་སོགས༔ ཚུལ་བཞིན་བགྱིས་ན་དངོས་གྲུབ་མྱུར༔ དེ་ཚེ་རྟགས་ཀྱི་རིམ་པ་ལས༔ མེ་ཏོག་ཚལ་རྒྱས་ཉི་ཟླ་ཤར༔ བུད་མེད་གཞོན་མཛེས་གོས་རྒྱན་བཟང༔ འདུས་ཤིང་ཚོགས་ཀྱི་འཁོར་ལོ་བསྐོར༔ སྐྱེས་པ་མཚན་བཟང་བདེ་བ་སྟེར༔ དཔའ་བོ་མཁའ་འགྲོ་འདུ་བའི་རྟགས༔ བླ་མ་གོང་མ་དགྱེས་པ་ནི༔ ཉམས་པ་སོར་ཆུད་བྱིན་བརླབས་རྟགས༔ ལྷ་ཞལ་མཐོང་དང་སྔགས་སྒྲ་ཐོས༔ ཁྱད་པར་བདེ་དྲོད་འབར་བ་དང༔ འོད་གསལ་རྟོགས་པ་འབྲས་བུའི་མཆོག༔ ཐོབ་ནས་དངོས་གྲུབ་བདེ་ཆེན་ལེན༔ སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད་པ་ཡི༔ རྟོགས་པ་བརྟན་པའི་ཐབས་ཆེན་འབད༔ ལྷ་དང་རྫས་ལས་དངོས་གྲུབ་བླང༔ ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་བོ༔ ས་མ་ཡ༔ སྤྱི་དོན་གསུམ་པ་རྗེས་ཀྱི་ལས༔ རྣལ་འབྱོར་ཕོ་མོ་དབེན་པར་འཚོགས༔ ཤིན་ཏུ་རྒྱན་གྱིས་བརྒྱན་ནས་སུ༔ བདུད་རྩི་ལྔ་ལ་སོགས་པ་ཡི༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ མཚམས་བཅད་ལྷར་བསྒོམ་བསང་ཆུ་འཐོར༔ རཾ་ཡཾ་ཁཾ༔ ཞི་གནས་ལྷག་མཐོང་ཟུང་འཇུག་གི༔ མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ བདེ་གསལ་མི་རྟོག་རྣམ་ཐར་གསུམ༔ རླུང་མེ་ཐོད་པའི་སྒྱེད་བུའི་སྟེང༔ ཕྱི་སྣོད་དབྱིངས་ཀྱི་བྷནྡྷ་རུ༔ ཁམས་གསུམ་བཅུད་ཀྱི་འབྱུང་ལྔའི་ཤ༔ ཕུང་པོ་བདུད་རྩི་ལྔའི་རང་བཞིན༔ ཞུ་ཁོལ་དུག་ལྔ་གནས་གྱུར་ནས༔ དྭངས་མ་ཡེ་ཤེས་ལྔ་ཡི་དངོས༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་བཀུག༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧ་ཧོཿཧྲཱི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་འོག་མིན་བདེ་ཆེན་ཞིང༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ རིག་འཛིན་བླ་མ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དར་གྱི་ཅོད་པན་པུ་རུ་རུ༔ ཌཱ་རུ་ཅང་ཏེ་ཁྲོ་ལོ་ལོ༔ གཡེར་ཁ་དྲིལ་བུ་སི་ལི་ལི༔ བརྡ་སྐད་བཤུགས་གླུ་ཀྱུ་རུ་རུ༔ འཁྲིལ་སྦྱོར་བདེ་ཉམས་གར་ཐབས་སྒྱུར༔ རྡོ་རྗེའི་གླུ་དང་ཛཔ྄་དབྱངས་ལྡིར༔ ཐུགས་ཀྱི་དགོངས་པ་འོད་གསལ་དབྱིངས༔ མཁའ་ཁྱབ་འཁོར་ལོ་གནས་འདིར་འདུས༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང༔ འདིར་འཚོགས་མཆེད་ལྕམ་ལྷ་ལྷ་མོ༔ དམ་རྫས་ཡེ་ཤེས་བདུད་རྩིའི་བཅུད༔ དག་མཉམ་ཆེན་པོར་བྱིན་གྱིས་རློབས༔ བདེ་ཆེན་ཡེ་ཤེས་དཔག་མེད་སྤེལ༔ མ་ཧཱ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨ་ཧ་རི་ནི་ས་བཾ་ར་ཙ་ཧྲི་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཨོཾ༔ གནས་མཆོག་ཞིང་དང་ཚོགས་ཁང་གཞལ་ཡས་ཆེ༔ སྟོན་པ་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་མ༔ མཆེད་ལྕམ་ལྷ་དང་ལྷ་མོ་རོལ་པའི་འཁོར༔ དམ་རྫས་བདུད་རྩི་རོ་བརྒྱས་བདེ་བ་སྐྱེད༔ ཀུན་བཟང་ཡུམ་ཆེན་རིགས་ལྔ་བཙུན་མོར་བཅས༔ གསང་བའི་བདག་པོ་རྡོ་རྗེ་རྣལ་འབྱོར་མ༔ རྩ་བའི་བླ་མ་རིག་འཛིན་ཡབ་དང་ཡུམ༔ སངས་རྒྱས་བྱང་སེམས་ཡི་དམ་ཞི་དང་ཁྲོ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ འཇིག་རྟེན་སྐྱོང་བ་རིགས་དྲུག་ཕ་མའི་མགྲོན༔ སྣང་སྲིད་དག་པ་རབ་འབྱམས་ལྷ་ཚོགས་རྣམས༔ སྣོད་བཅུད་རྣམ་དག་ཕྱི་ཡི་ཚོགས་ལ་རོལ༔ འདོད་ཡོན་རོལ་མོས་དགའ་བཞི་བསྐྱེད་པས་བསྐང༔ བུམ་དབང་སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ བདག་མེད་དབྱིངས་སུ་ཕུང་པོའི་བདུད་ཚོགས་བསྒྲལ༔ སྒྱུ་མའི་ཤ་ཁྲག་དམིགས་མེད་ཞལ་དུ་བསྟབ༔ འཆི་མེད་འཇའ་ལུས་འགྲུབ་པར་མཛད་དུ་གསོལ༔ ཀཱ་མ་གུ་ཎ་སྟ་ན་གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཧྲཱི༔ ལུས་ཀྱི་ཞིང་ཁམས་རྩ་ཡི་ཚོགས་ཁང་དུ༔ ཐབས་ཤེས་ཨ་ཧཾ་གསལ་བརྟན་སྟོང་པ་ལ༔ ཐིག་ལེ་དཀར་དམར་ཡེ་ཤེས་རླུང་གི་འཁོར༔ སུམ་ཅུ་རྩ་གཉིས་བདུད་རྩིས་བདེ་བ་སྐྱེད༔ ཀུན་བཟང་ཡུམ་ཆེན་རིགས་ལྔ་བཙུན་མོར་བཅས༔ གསང་བའི་བདག་པོ་རྡོ་རྗེ་རྣལ་འབྱོར་མ༔ རྩ་བའི་བླ་མ་རིག་འཛིན་ཡབ་དང་ཡུམ༔ སངས་རྒྱས་བྱང་སེམས་ཡི་དམ་ཞི་དང་ཁྲོ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ འཇིག་རྟེན་སྐྱོང་བ་རིགས་དྲུག་ཕ་མའི་མགྲོན༔ རྩ་ཁམས་དག་པ་རབ་འབྱམས་ལྷ་ཚོགས་རྣམས༔ ལུས་བདེ་རྣམ་དག་ནང་གི་ཚོགས་ལ་རོལ༔ ཞུ་བདེ་མཆོག་གི་དགའ་བཞི་བསྐྱེད་པས་བསྐང༔ གསང་དབང་གསུང་གི་དམ་ཚིག་ཉམས་པ་བཤགས༔ སྟོང་ཉིད་དབྱིངས་སུ་ཉོན་མོངས་བདུད་ཚོགས་བསྒྲལ༔ དུག་ལྔའི་ཤ་ཁྲག་རང་གྲོལ་ཞལ་དུ་བསྟབ༔ འགག་མེད་ལོངས་སྤྱོད་རྫོགས་པར་མཛད་དུ་གསོལ༔ བོ་དྷི་ཙིཏྟ་སྟ་ན་གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ རྡོ་རྗེ་པདྨ་ལྡན་པའི་ཚོགས་ཁང་དུ༔ ཨེ་དང་ཝཾ་གྱི་སྟོན་པ་ཡབ་དང་ཡུམ༔ སྙོམས་པར་ཞུགས་པ་ཁམས་ལྔ་ཉིས་བརྒྱ་ཡི༔ བདེ་བ་བརྒྱད་ཅུ་ཡེ་ཤེས་བདུད་རྩིའི་བཅུད༔ ཀུན་བཟང་ཡུམ་ཆེན་རིགས་ལྔ་བཙུན་མོར་བཅས༔ གསང་བའི་བདག་པོ་རྡོ་རྗེ་རྣལ་འབྱོར་མ༔ རྩ་བའི་བླ་མ་རིག་འཛིན་ཡབ་དང་ཡུམ༔ སངས་རྒྱས་བྱང་སེམས་ཡི་དམ་ཞི་དང་ཁྲོ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ འཇིག་རྟེན་སྐྱོང་བ་རིགས་དྲུག་ཕ་མའི་མགྲོན༔ ཐབས་ཤེས་དག་པ་རབ་འབྱམས་ལྷ་ཚོགས་རྣམས༔ མཉམ་སྦྱོར་བདེ་ཆེན་གསང་བའི་ཚོགས་ལ་རོལ༔ ཆོས་མཆོག་ཁྱད་པར་དགའ་བཞི་བསྐྱེད་པས་བསྐང༔ ཤེས་རབ་ཡེ་ཤེས་ཐུགས་ཀྱི་དམ་ཉམས་བཤགས༔ ཟུང་འཇུག་དབྱིངས་སུ་འཆི་བདག་བདུད་ཚོགས་བསྒྲལ༔ གཉིས་སྣང་ཤ་ཁྲག་དམིགས་མེད་ཞལ་དུ་བསྟབ༔ འཁྲུལ་མེད་ཡེ་ཤེས་རྟོགས་པར་མཛད་དུ་གསོལ༔ མ་ཧཱ་སུ་ཁ་སྟ་ན་གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཏྲཱཾ༔ ཡུལ་མེད་མ་སྐྱེས་བདེ་ཆེན་ཚོགས་ཁང་དུ༔ འཕོ་མེད་ཐིག་ལེ་ཆེན་པོའི་སྟོན་པ་ལ༔ བསམ་མི་ཁྱབ་པའི་ཡེ་ཤེས་འཁོར་གྱིས་བསྐོར༔ དཀར་དམར་འཕྲོ་འདུ་རོ་མཉམ་བདུད་རྩིའི་བཅུད༔ ཀུན་བཟང་ཡུམ་ཆེན་རིགས་ལྔ་བཙུན་མོར་བཅས༔ གསང་བའི་བདག་པོ་རྡོ་རྗེ་རྣལ་འབྱོར་མ༔ རྩ་བའི་བླ་མ་རིག་འཛིན་ཡབ་དང་ཡུམ༔ སངས་རྒྱས་བྱང་སེམས་ཡི་དམ་ཞི་དང་ཁྲོ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ འཇིག་རྟེན་སྐྱོང་བ་རིགས་དྲུག་ཕ་མའི་མགྲོན༔ འཁོར་འདས་རོ་གཅིག་རབ་འབྱམས་ལྷ་ཚོགས་རྣམས༔ རང་བཞིན་མེད་པ་ཡང་གསང་ཚོགས་ལ་རོལ༔ ལྷན་སྐྱེས་ཡེ་ཤེས་དབང་བཞི་རྟོགས་པས་བསྐང༔ ཆོས་དབང་སེམས་ཀྱི་དམ་ཚིག་ཉམས་པ་བཤགས༔ འོད་གསལ་དབྱིངས་སུ་ལྷ་བུའི་བདུད་ཚོགས་བསྒྲལ༔ རྣམ་རྟོག་ཤ་ཁྲག་རྟོག་མེད་ཞལ་དུ་བསྟབ༔ ཕྱག་རྒྱ་ཆེན་པོ་མཐའ་ཡས་རྟོགས་པར་མཛོད༔ དྷརྨ་དྷཱ་ཏུ་ཤུདྡྷེ་སྟ་ན་གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཨ༔ ཀ་དག་དབྱིངས་ཀྱི་ཚོགས་ཁང་དུ༔ ཨ༔ ལྷུན་གྲུབ་ཡེ་ཤེས་གཙོ་དང་འཁོར༔ ཨ༔ དབྱིངས་རིག་དབྱེར་མེད་བདུད་རྩིའི་བཅུད༔ ཨ༔ ཡེ་ནས་སངས་རྒྱས་ལྷ་ཚོགས་རྣམས༔ ཨ༔ བྱ་རྩོལ་བྲལ་བའི་ཚོགས་ལ་རོལ༔ ཨ༔ སྣང་བ་བཞི་ཡི་དབྱིངས་སུ་བསྐང༔ ཨ༔ སྲུང་མཚམས་མེད་པའི་དབྱིངས་སུ་བཤགས༔ ཨ༔ དགྲ་གསུམ་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཨ༔ ཞེན་སྣང་སྐུ་ལྔའི་ཞལ་དུ་བསྟབ༔ ཨ༔ འབྲས་བུ་རྫོགས་པར་མཛད་དུ་གསོལ༔ མ་ཧཱ་ཨ་ཏི་ཤཱུནྱ་ཏཱ་ཛྙཱ་ན་སྟ་ན་གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ ཕྱི་ནང་གསང་བའི་ཚོགས་རོལ་པས༔ བདེ་ཆེན་ཡེ་ཤེས་ཉམས་རྟོགས་སྤེལ༔ ལྷག་མ་བསྡུས་ནས་ཁ་ཕྲུ་བཏབ༔ ཨོཾ་ཨཱཿཧཱུྃ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ༔ ཧོ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ དཔལ་ཆེན་པདྨ་ཧེ་རུ་ཀ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ཡིས༔ ཚོགས་ཀྱི་འཁོར་ལོས་སྒྱུར་བའི་ཚེ༔ དཔའ་བོ་མཁའ་འགྲོ་ཤུགས་འགྲོ་གིང༔ དྲེགས་པ་ཕོ་མོའི་ཚོགས་རྣམས་ཀྱིས༔ དབུས་ལ་མི་འཚལ་མཐའ་སྐྱོང་ཞིང༔ ཕུད་ལ་མི་འཚལ་ལྷག་མ་ཞུ༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི༔ མིང་ཙམ་འཛིན་པ་གཙུག་ཏུ་བཀུར༔ དེ་སྐད་ཁྱོད་ཀྱིས་ཞལ་བཞེས་བཞིན༔ དམ་རྫས་ལྷག་མའི་མཆོད་པ་བཞེས༔ རང་རྩལ་རོལ་པའི་འཁོར་རྣམས་ཀྱིས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཚུལ་བཞིན་བཏང་ལ་སྨོན་ལམ་བྱ༔ གཉིས་པ་གཏོར་མ་སྐྱོང་བ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ལོངས་སྤྱོད་སྤྲུལ་པའི་ཞིང༔ ཀུན་བཟང་རིགས་ལྔ་རྡོ་རྗེ་རྣལ་འབྱོར་མ༔ རྒྱལ་བ་སེམས་དཔའ་རིག་འཛིན་ཚོགས་རྣམས་ཀྱིས༔ གསང་སྔགས་ཆོས་ཀྱི་བགྲོ་བ་མཛད་པའི་ཚེ༔ ཡེ་ཤེས་རོལ་པའི་འཁོར་ཚོགས་ཐམས་ཅད་ཀྱིས༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མ་གཡེལ་ཅིག༔ ཨོ་རྒྱན་ལ་སོགས་ས་དང་མཁའ་སྤྱོད་དུ༔ ཧེ་རུ་ཀ་དཔལ་པདྨ་བཛྲ་རྩལ༔ དཔའ་བོ་མཁའ་འགྲོ་རིག་འཛིན་བསམ་ཡས་ཀྱིས༔ གསང་སྔགས་བཤད་སྒྲུབ་གཏེར་སྦས་སྨོན་ལམ་བཏབ༔ བཀའ་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མ་གཡེལ་ཅིག༔ སྔོན་ཚེ་གཙོ་ལ་འཁོར་གྱི་ཚོགས་རྣམས་ཀྱིས༔ དམ་རྫས་བདུད་རྩིའི་མཆོད་པ་བླངས་ནས་ཀྱང༔ སྒྲུབ་པ་པོ་ལ་ཞལ་སྟོན་དམ་ཆོས་གསུང༔ ཉམས་རྟོགས་རབ་སྤེལ་ཚེ་བསྲིང་དཔལ་བསྐྱེད་ཅིང༔ བར་ཆད་དགྲ་བགེགས་བསྒྲལ་བར་ཞལ་བཞེས་བཞིན༔ བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་དང་དམར་གྱི་གཏོར་མ་འབུལ༔ བྷྱོ༔ དུར་ཁྲོད་ཀུན་ཏུ་རྒྱུ་བ་ཡི༔ སྒྲུབ་པ་པོ་ཡི་བྲན་མོ་བྱེད༔ དམ་ཚིག་ལེགས་ཉེས་སྟངས་འཛིན་མ༔ དགྲ་དང་བགེགས་ཀྱི་གཤེད་མ་ཆེ༔ ལ་ལ་བུད་མེད་བཞིན་མཛེས་མ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ མཚན་ལྡན་གླུ་ལེན་བདེ་ཆེན་སྤེལ༔ ལ་ལ་མི་སྲུན་ཁྲོ་མོའི་ཚུལ༔ རལ་པ་སྤྲིན་གཏིབས་བཤུགས་གླུ་ལེན༔ དུར་ཁྲོད་ཆས་ཅན་དགྲ་བོ་གསོད༔ ལ་ལ་ཀེང་རུས་གཟུགས་ཅན་མ༔ མེ་འབར་གར་བྱེད་ཐོག་སེར་འབེབ༔ རླུང་ནག་བུ་ཡུག་སྣ་འདྲེན་མ༔ ནད་བདག་བདུད་རྩི་སྨན་གྱི་རྒྱལ༔ ས་གཞི་རབ་གཡོ་རྒྱ་མཚོ་དཀྲུག༔ རྣལ་འབྱོར་ཀུན་གྱི་ཚོགས་ཁང་འགྲིམ༔ ལྷ་མོ་ཆེན་མོ་གནས་འདིར་བྱོན༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ བར་ཆད་དགྲ་བགེགས་རྡུལ་དུ་རློགས༔ ལོ་ཀ་དྷཱ་ཀི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཀྱེ༔ འཇིག་རྟེན་གཡའ་དང་གངས་ཀྱི་རི༔ སྤང་ལྗོངས་ནགས་ཁྲོད་ཆུ་ཡི་གླིང༔ བྲག་དང་རྡོ་ཡི་ཕུག་རྣམས་སུ༔ གནས་བཅས་བརྟན་མ་བཅུ་གཉིས་ཀྱང༔ རྩ་དང་འཕོ་བ་བཅུ་གཉིས་བདག༔ རྟེན་འབྲེལ་ལུགས་ལྡོག་མཁའ་འགྲོ་མ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ པདྨ་ཐོད་ཕྲེང་དཔལ་སེང་གིས༔ རྣལ་འབྱོར་ཚོགས་ཀྱི་འདུ་བར་བཞག༔ ཇི་ལྟར་ཞལ་བཞེས་མ་གཡེལ་བར༔ བཤལ་ཆུ་བདུད་རྩི་འདོད་ཡོན་བཞེས༔ ཕྱི་ནང་གསང་བའི་བསྟན་པ་སྐྱོངས༔ རྣལ་འབྱོར་འཁོར་བཅས་བསྲུང་དུ་གསོལ༔ པདྨ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་རྣམས༔ ཡུལ་མེད་མ་སྐྱེས་ཆོས་ཀྱི་དབྱིངས༔ རྩི་ཤིང་ནགས་ཚལ་སྣང་ཡོད་ཀུན༔ མ་འགགས་རང་ཤར་ཐབས་ཤེས་ལྷ༔ སྒྲ་སོགས་སྐྱེ་མཆེད་རྟོག་པ་ཀུན༔ མི་གནས་ཡེ་ཤེས་གསང་བ་སྔགས༔ སྐུ་གསུང་ཐུགས་ཀྱི་འདུས་པ་རྣམས༔ བདེ་བ་ཆེན་པོའི་བྲོ་ར་འདིར༔ རང་རྩལ་ལྷ་རྣམས་ལམས་སེ་ལམ༔ གྲགས་སྟོང་གླུ་ལེན་འུ་རུ་རུ༔ ལྷན་སྐྱེས་ཡེ་ཤེས་བྲོ་བརྡུངས་པས༔ གཉིས་འཛིན་བདུད་རྣམས་དབྱིངས་སུ་མནན༔ དངོས་པོ་མཚན་མ་རང་སར་དེངས༔ བླ་མེད་འབྲས་བུ་རྫོགས་པའི་བྲོ༔ སྐྱེ་མེད་དབྱིངས་སུ་བརྡུང་བར་བྱ༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནན༔ གསུམ་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱི༔ བླ་མ་མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ༔ དང་པོ་མཆོད་འོས་སྐྱབས་གནས་སྙིང་པོ་མཆོག༔ བར་དུ་སྲོག་བཞིན་བསྙེན་ཅིང་སྒྲུབ་པའི་ལྷ༔ ད་ལྟ་བདག་དང་གཉིས་སུ་མེད་པར་གྲུབ༔ རྒྱལ་བའི་དགོངས་བཅུད་ཟབ་མོ་ལྟ་འདོད་པས༔ ཤེས་རབ་ཐོགས་པ་མེད་པའི་དངོས་གྲུབ་སྩོལ༔ གསུང་རབ་ཐེག་པ་དུ་མའི་དོན་རྣམས་ཀུན༔ མི་བརྗེད་གཟུངས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ས་ལམ་མ་ལུས་མྱུར་དུ་བགྲོད་པའི་ཕྱིར༔ ཏིང་འཛིན་བརྒྱ་ཕྲག་དུ་མའི་དངོས་གྲུབ་སྩོལ༔ རང་གཞན་ཀུན་ལ་ཕན་བདེ་བསྒྲུབ་ལགས་པས༔ མངོན་ཤེས་ལྔ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལོག་ལྟ་ང་རྒྱལ་ཅན་རྣམས་འཇོམས་པའི་ཕྱིར༔ ཟིལ་གནོན་རྫུ་འཕྲུལ་དུ་མའི་དངོས་གྲུབ་སྩོལ༔ ཡུན་རིང་འགྲོ་བའི་དོན་ལ་བརྩོན་པའི་ཕྱིར༔ འཆི་མེད་རྡོ་རྗེ་ལྟ་བུའི་ཚེ་སྩོལ་ཅིག༔ ཡེ་ཤེས་ལུས་ཀྱིས་ཞིང་ཁམས་ཀུན་ཉུལ་ཕྱིར༔ རྡོ་རྗེ་ཐོགས་མེད་ཁྱུང་གཤོག་ལྟ་བུ་སྩོལ༔ རྒྱལ་བའི་བསྟན་པ་ཡུན་རིང་འཛིན་པའི་ཕྱིར༔ མི་འགྱུར་གཡུང་དྲུང་ལྟ་བུའི་ལུས་སྩོལ་ཅིག༔ རུ་དྲ་མ་ལུས་ཟད་པར་བསྒྲལ་བའི་ཕྱིར༔ རྡོ་རྗེ་ཐོགས་འབེབ་ནུས་པའི་དངོས་གྲུབ་སྩོལ༔ མཐའ་ཡས་འགྲོ་བ་བདེ་ལ་བཀོད་པའི་ཕྱིར༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཞི་པ་བསྐྱེད་རིམ་དཀྱིལ་འཁོར་བསྡུ༔ ཨ༔ སྣང་སྲིད་དག་པ་རང་ལ་འདུས༔ དམིགས་མེད་ནམ་མཁར་འཇའ་ཡལ་ལྟར༔ འོད་གསལ་དོན་གྱི་ལྷ་ལ་ཐིམ༔ གསུང་དབྱངས་འབྲུག་སྒྲ་མཁའ་ལ་ཡལ༔ ཐུགས་དགོངས་མ་བཅོས་དབྱིངས་སུ་བཞག༔ ཨ་ཨ་ཨ༔ ཨོཾ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བཞེངས༔ ཨཱ༔ རང་ལུས་སྔགས་ཀྱི་གོ་ཁྲབ་བགོས༔ ཧཱུྃ༔ སྣང་གྲགས་རྟོག་ཚོགས་དཀྱིལ་འཁོར་གསུམ༔ ཧོ༔ དབྱེར་མེད་འགྲོ་དོན་སྤྱོད་པར་བྱ༔ ཨོཾ་ཨཱཿཧཱུྃ་ཧོ༔ ལྔ་པ་བསྔོ་སྨོན་ཤིས་པར་བྱ༔ ཧོ༔ དེ་ལྟར་བླ་མེད་བསོད་ནམས་ཚོགས༔ ཐོག་མེད་ནས་བསགས་དགེ་བ་དང༔ བསམ་མི་ཁྱབ་པའི་དོན་དམ་པ༔ དམིགས་པ་མེད་པའི་དབྱིངས་སུ་བསྔོ༔ འབྲས་བུ་ད་ལྟ་ཉིད་དུ་སྨིན༔ སྒྲིབ་གཉིས་མི་མཐུན་རྐྱེན་དང་བྲལ༔ ཚོགས་གཉིས་མཐུན་པའི་རྐྱེན་ཀུན་འབྱོར༔ བླ་མེད་བྱང་ཆུབ་ལྷུན་གྲུབ་ཤོག༔ ཨོཾ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་སྩོལ་བའི་ཡི་དམ་ལྷ༔ ཕྲིན་ལས་གྲུབ་པའི་མཁའ་འགྲོ་མ༔ ཆོས་སྐྱོང་བཅས་ཀྱི་བཀྲ་ཤིས་ཤོག༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེ་སྣ་ཚོགས་སྣང་བའི་དཔལ༔ དབྱེར་མེད་མངོན་བྱང་མི་འགྱུར་བའི༔ སྐུ་ལྔ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཆོས་དབྱིངས་པདྨ་སྟོང་བརྡལ་ཞིང༔ ཡེ་ཤེས་སྣང་བ་ཀུན་ལ་ཁྱབ༔ ཐབས་ཤེས་ཟུང་འཇུག་གཙོ་དང་འཁོར༔ ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི༔ ངེས་རྫོགས་ཉམས་སུ་བླངས་པ་ན༔ བླ་མེད་འབྲས་བུ་ཐོབ་པར་འགྱུར༔ མོས་སྒོམ་བསྙེན་སྒྲུབ་ཙམ་གྱིས་ཀྱང༔ དངོས་གྲུབ་སྣ་རེ་ངེས་པར་ཐོབ༔ ཚུལ་མཐུན་ཚོགས་འཁོར་རེ་རེ་ཡིས༔ ལམ་རྟགས་ཡོན་ཏན་གོང་དུ་སྤར༔ རྗེས་མཐུན་དག་པའི་མཆོད་པ་ཡིས༔ ཉམས་པ་སྐོང་ཞིང་ཚོགས་ཆེན་རྫོགས༔ དེར་འདུས་སྡིག་པ་ཀུན་བྱང་ནས༔ ཐར་པའི་འབྲས་བུ་ཐོབ་པར་འགྱུར༔ དད་མེད་ཉམས་པ་རྣམས་ལ་མིན༔ ཤིན་ཏུ་མོས་པས་ཉམས་པའང་གསོ༔ དངོས་གྲུབ་སྣོད་དུ་འགྱུར་བར་ངེས༔ ཕྱིར་མི་ལྡོག་པར་གལ་ཆེ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ ཕྱི་ལྟར་སྒྲོལ་མ་ཁྲོ་གཉེར་ཅན༔ སྒྲུབ་པའི་ཁོག་ཕུབ་ཚུལ་བཞིན་སྤྱད༔ དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི༔ ཨ༔ ཡེ་ནས་སངས་རྒྱས་བསྐྱེད་དང་རྫོགས་པའི་ངང༔ ཆོས་ཀུན་རང་སྣང་བྱང་ཆུབ་སེམས་ཀྱིས་ཁྱབ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡི་གེ་ཏཱཾ༔ རང་རྩལ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ནམ་མཁའ་རླུང་ནག་ཁྲག་མཚོ་ཞིང་གི་ས༔ ཀེང་རུས་རི་རབ་མེ་འབར་ཡུམ་ལྔའི་དབྱིངས༔ གང་གིས་མི་ཕྱེད་རྡོ་རྗེའི་སྲུང་འཁོར་དབུས༔ ཚོགས་བརྒྱད་དག་པའི་དུར་ཁྲོད་ཆེན་པོ་བརྒྱད༔ པདྨ་འདབ་སྟོང་རྒྱ་གྲམ་བརྡལ་བའི་སྟེང༔ ཡེ་ཤེས་རང་སྣང་ཐོད་པ་རིན་ཆེན་གྱི༔ གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ༔ ཞིང་དང་དྲེགས་པ་དུར་ཁྲོད་རྒྱན་གྱིས་མཛེས༔ ཆོས་ཀྱི་འཁོར་ལོ་རྒྱ་གྲམ་ནོར་བུའི་ཏོག༔ དགའ་བ་བཞི་ཡི་འཁོར་ལོའི་ལྟེ་བ་ལ༔ རང་རིག་ཏཱཾ་ཡིག་ལྗང་གུའི་འཕྲོ་འདུ་ཡིས༔ རྒྱལ་བ་སྲས་བཅས་མཆོད་ཅིང་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་འཕགས་པའི་ས་རུ་བཀོད༔ ཡོངས་གྱུར་རྗེ་བཙུན་སྒྲོལ་མ་ཁྲོ་གཉེར་ཅན༔ ལྗང་ནག་གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ ཁྲོ་འཛུམ་སྤྱན་དགུ་རལ་པ་གྱེན་དུ་བརྫེས༔ མཆེ་གཙིགས་ལྗགས་འདྲིལ་ཨཱ་རལླི་ཞེས་བཞད༔ དང་པོ་གཉིས་ཀྱིས་རལ་གྲི་ཨུཏྤ་ལ༔ བར་པ་གཉིས་ཀྱིས་ཐབས་ཤེས་མདའ་གཞུ་བཀང༔ ཐ་མས་མཚོན་ཆའི་འཁོར་ལོ་ཐོད་ཁྲག་འཛིན༔ ཞབས་བཞི་བརྐྱང་བསྐུམ་རོལ་སྟབས་བདུད་བཞི་བརྫིས༔ རིན་ཆེན་ཐོད་སྐམ་རུས་པའི་ཕྱག་རྒྱས་བརྒྱན༔ སྐུ་ལས་འཇའ་ཟེར་མེ་འབར་རབ་ཏུ་འཁྲུགས༔ ཤར་དུ་རྡོ་རྗེ་ཁྲོ་མོ་སྐུ་མདོག་དཀར༔ རྡོ་རྗེ་ཨུཏྤལ་གྲི་གུག་ཐོད་ཁྲག་འཛིན༔ ལྷོ་རུ་རིན་ཆེན་སྒྲོལ་མ་སྐུ་མདོག་སེར༔ རིན་ཆེན་ཨུཏྤལ་གྲི་གུག་ཐོད་ཁྲག་འཛིན༔ ནུབ་ཏུ་པདྨ་སྒྲོལ་མ་སྐུ་མདོག་དམར༔ པདྨ་ཨུཏྤལ་གྲི་གུག་ཐོད་ཁྲག་འཛིན༔ བྱང་དུ་ཐམས་ཅད་སྒྲོལ་མ་སྐུ་མདོག་མཐིང༔ འཁོར་ལོ་ཨུཏྤལ་གྲི་གུག་ཐོད་ཁྲག་འཛིན༔ སྒོ་བཞིར་ལྷ་མོ་དཀར་སེར་དམར་ལྗང་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང༔ གཡོན་པས་ཐོད་ཁྲག་འཛིན་ཅིང་ཁྲོ་མོའི་ཚུལ༔ ཕྱག་རྒྱ་ལྔ་འཆང་ཐམས་ཅད་གཙོ་དང་མཚུངས༔ བརྐྱང་བསྐུམ་གར་གྱིས་ཕྱོགས་སྐྱོང་ཕོ་མོ་མནན༔ ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་མཆན་དུ་བཅུག༔ གཞན་ཡང་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ གནས་ཡུལ་དྷཱ་ཀ་དྷཱ་ཀི་སྣ་ཚོགས་མདོག༔ ཕྱག་རྒྱ་ལྔ་འཆང་གྲི་ཐོད་ཁ་ཊྭཱཾ་འཛིན༔ བླ་མ་སངས་རྒྱས་བྱང་སེམས་ཞི་ཁྲོའི་ཚོགས༔ དམ་ཅན་སྲུང་མ་རང་རང་ཚོམ་བུ་བཅས༔ མ་བསྐྱེད་ཡེ་རྫོགས་རང་རྩལ་རོལ་པའི་ལྷ༔ ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་ཆེན་པོའི་ངང༔ སྣང་སྲིད་སྐུ་གསུང་ཐུགས་སུ་གསལ་བརྟན་འབར༔ རྒྱལ་བའི་རྡོ་རྗེ་གསུམ་དང་དབྱེར་མེད་ཅིང༔ དུག་ལྔ་རྣམ་དག་ཡེ་ཤེས་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་པའི་སྐབས་སུ་དགོངས་པ་བཞིས༔ ཟབ་མོའི་སྔགས་འདི་བྱེ་བ་བསྙེན༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཡང་ན་ཟླ་སྐར་ཁོ་ན་ལ༔ འགོག་པའི་སྦྱོར་བ་གསུམ་ལ་སྦྱར༔ ཡིད་བཟླས་རླུང་གི་གནད་ལྡན་པ༔ སྔོན་དུ་ཞི་དང་བསྙེན་པར་བྱ༔ ཡན་ལག་རྟོགས་པའི་སྔགས་ཀྱང་བཟླ༔ སྐབས་སུ་དྲག་པོའི་བཟླས་པ་ནི༔ ཀུན་ཀྱང་མཐིང་ནག་འབར་བ་ལ༔ ཉི་སྟེང་ཧཱུྃ་གི་ས་བོན་ཉིད༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ གཟུང་འཛིན་བདུད་བགེགས་བརླག་པར་བསམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ༔ དྲག་ལ་རྩུབ་པའི་ཚུལ་དུ་བཟླ༔ མཚོན་ཆར་ཧཱུྃ་གི་ཐོག་འབེབས་ཤིང༔ འབྲུ་གཅིག་འབྲུག་སྒྲ་ཁོལ་ལྟར་དབྱངས༔ བར་ཆད་བྱེད་པའི་བགེགས་ཆེན་རྣམས༔ རྣལ་འབྱོར་འདི་འཆང་ཐལ་བར་བརླག༔ སྤྱིར་ནི་སྒྲུབ་ཐབས་འདི་ཉིད་ནི༔ ཀུན་ལ་མེད་པའི་ཁྱད་ཆོས་ཏེ༔ བར་ཆད་སེལ་ཞིང་དངོས་གྲུབ་མྱུར༔ རྒྱལ་བའི་ཕྲིན་ལས་སྤྱི་སྒྲུབ་བོ༔ ས་མ་ཡ༔ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ པདྨའི་རིགས་རྣམས་ཀུན་གྱི་ཡུམ༔ གསང་སྒྲུབ་གསང་བ་ཡེ་ཤེས་ཀྱི༔ བསྐྱེད་རིམ་དངོས་གཞི་སྒོམ་པའི་ཐབས༔ རང་རྩལ་ཧྲཱིཿལས་གསང་བ་ཡེ་ཤེས་མ༔ དམར་སེར་ཞལ་གཅིག་ཕྱག་བཞི་ཁྲོ་འཛུམ་ཉམས༔ དང་པོས་གྲི་གུག་ཐོད་ཁྲག་ཐུགས་ཀར་འཛིན༔ འོག་མས་རལ་གྲི་གཡས་ལ་ཁ་ཊྭཱཾ་གཡོན༔ པད་ཉིའི་གདན་ལ་གཡས་བསྐུམ་གཡོན་བརྐྱང་རོལ༔ ཐོད་སྐམ་དབུ་རྒྱན་རིན་ཆེན་རྩེ་བྲན་ཅན༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱང་མཛེས༔ སྐུ་ལས་འོད་ཟེར་ཡེ་ཤེས་མེ་ཆེན་འབར༔ ཕྱོགས་བཞིར་རིགས་བཞིའི་ལྷ་མོ་དམར་སེར་མདངས༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས༔ མཚན་པའི་གྲི་གུག་རལ་གྲི་གཡས་སུ་འཛིན༔ ཐོད་ཁྲག་ཁ་ཊྭཱཾ་འཛིན་ནས་བརྐྱང་བསྐུམ་གར༔ སྒོ་བཞིར་ལྷ་མོ་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུ་ཐོད་ཁྲག་འཛིན་པ་བཞི༔ སྐུ་མདོག་དམར་སེར་ཀུན་ཀྱང་གཙོ་དང་མཚུངས༔ ལྷ་རྣམས་ཐུགས་ཀར་ཉི་མའི་སྟེང༔ རང་སྲོག་སྔགས་ཀྱིས་མཚན་པར་བསྒོམ༔ རང་འདྲའི་དཔའ་བོ་གྲི་ཐོད་ཅན༔ རོལ་པའི་བྱང་སེམས་འཕྲོ་འདུ་ཡིས༔ རྒྱལ་པོས་བྲན་མངགས་དགོངས་པ་བསྐྱང༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ མཁའ་འགྲོའི་རྒྱུད་ཀྱི་སྔགས་རྣམས་བཟླ༔ གསང་བ་བདེ་ཆེན་སྒྲུབ་པ་འདིས༔ རྒྱལ་བ་ཀུན་གྱི་དངོས་གྲུབ་ཀུན༔ དབང་དུ་བསྡུ་བའི་ཐབས་ཟབ་མོ༔ ཀུན་ལ་མ་བསྟན་ཁྱད་པར་འཕགས༔ དངོས་གྲུབ་འགུགས་པའི་ལྕགས་ཀྱུའོ༔ ས་མ་ཡ༔ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ ཡང་གསང་པདྨ་བདག་གི་ཡུམ༔ མནྡཱ་ར་བ་སྒྲུབ་པའི་ཐབས༔ དངོས་བཞི་བསྐྱེད་རིམ་བསྒོམ་པ་ནི༔ ཨ༔ ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས༔ ལྷུན་གྱིས་གྲུབ་པའི་རིག་རྩལ་ཤར༔ ཐུགས་རྗེ་སྣ་ཚོགས་སྣང་བའི་བཾ༔ ཨེ་ཡཾ་བཾ་ལཾ་སུཾ་རཾ་བྷྲཱུྃ༔ མཁའ་ལ་རླུང་བརྟེན་ཆུ་དང་ས༔ རི་རབ་མེ་འབར་ཡུམ་ལྔའི་དབྱིངས༔ མི་འགྱུར་རྡོ་རྗེའི་སྲུང་འཁོར་ནང༔ ཞིང་ཁམས་པདྨ་སྟོང་བརྡལ་དབུས༔ རྒྱ་གྲམ་གྱིས་བཏེགས་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རིན་ཆེན་བརྒྱན༔ རྩིག་པ་འདོད་སྣམ་ཕ་གུ་དང༔ པདྨ་ནོར་བུས་དྲྭ་ཕྱེད་བྲེས༔ ཤར་བུ་མདའ་ཡབ་རྟ་བབ་བརྒྱད༔ པདྨ་ཆོས་འཁོར་རི་དྭགས་གདུགས༔ མེ་ཏོག་དཀར་པོ་རིན་ཆེན་ཏོག༔ གྲུ་ཆད་རིན་ཆེན་འདབ་བཞིའི་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ བླ་མ་འཆི་མེད་མནྡཱ་ར༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་རྡོ་རྗེ་དང་བཅས་པའི༔ མདའ་དར་ཐུགས་ཀའི་ཐད་དུ་འཛིན༔ གཡོན་པས་མཉམ་གཞག་ཚེ་བུམ་བསྣམས༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ ཕྱོགས་བཞིར་རིགས་ཀྱི་མཁའ་འགྲོ་མ༔ དཀར་སེར་དམར་ལྗང་གཙོ་དང་མཚུངས༔ རང་རྟགས་འཛིན་ཅིང་བརྐྱང་བསྐུམ་གར༔ སྒོ་བཞིར་ཕྱག་རྒྱ་བཞི་འཛིན་པའི༔ ལྷ་མོ་ཕྲིན་ལས་བཞི་ཡི་མདོག༔ ཀུན་ཀྱང་པདྨའི་གདན་ལ་རོལ༔ རྩ་གསུམ་ཆོས་སྐྱོང་སྤྲིན་བཞིན་གཏིབས༔ ཡེ་ནས་དག་པའི་སྐུ་གསུང་ཐུགས༔ ཡེ་ཤེས་ལྔ་ཡི་རང་བཞིན་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་ཁོག་ཕུབ་སྐབས་དང་སྦྱར༔ ཛཔ྄་ཀྱི་དགོངས་པ་བཞི་ལྡན་པས༔ བཾ་ཧ་རི་ནི་ས་ཨ༔ གསང་བ་སྲོག་གི་སྒྲུབ་པ་འོ༔ ཨ་ཧཾ་གཉིས་ཀྱི་ཐིག་ལེ་སྤྲོས༔ ཐུགས་ཀར་ཉི་ཟླའི་གྭ་འུའི་དབུས༔ བཾ་ལ་ཧ་རི་ནི་སས་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་རྣམས༔ དཀར་དམར་ཨ་ཡི་རྣམ་པར་བསྡུས༔ གྭ་འུ་ལུས་གང་བདུད་རྩིས་ཁེངས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨ་ཡི་གོང་དུ་སྔགས་འདི་སྤེལ༔ ཨཱ་ཡུརྫྙཱ་ན་བྷྲཱུྃ༔ ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལ༔ ཚེ་བཅུད་བསྡུས་ནས་དབང་བསྐུར་བསམ༔ ཧྲཱི༔ མི་འགྱུར་སྐུ་ཡི་མཁའ་ཀློང་ནས༔ ཐུགས་རྗེ་རོལ་པའི་ལྷ་ཚོགས་རྣམས༔ རྡོ་རྗེའི་ཚེ་མཆོག་འགུག་པ་ཡི༔ ཕྲིན་ལས་གཉན་པོའི་དུས་ལ་བབ༔ ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ནས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ བཅུད་ཀྱི་སྙིང་པོ་བུམ་པར་བསྡུས༔ རྣལ་འབྱོར་ལུས་ལ་དབང་བསྐུར་བས༔ རྡོ་རྗེ་ལྟ་བུའི་ལུས་ཐོབ་ཤོག༔ རྣལ་འབྱོར་ངག་ལ་དབང་བསྐུར་བས༔ ཚངས་པའི་དབྱངས་ལྡན་གསུང་འགྲུབ་ཤོག༔ རྣལ་འབྱོར་སེམས་ལ་དབང་བསྐུར་བས༔ འོད་གསལ་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་ཧཱུྃ་ཧཱུྃ་སྤྲོས་པ་ཡིས༔ རྒྱ་གྲམ་འབར་བས་རབ་བསྡམས་ནས༔ ཨཱ་ལི་ཀཱ་ལི་སྤྲོས་པ་ཡིས༔ ལུ་གུ་རྒྱུད་ཀྱིས་བཅིངས་པར་བསམ༔ མཐར་ནི་དམིགས་མེད་ངང་ལ་བཞག༔ ཚེ་སྒྲུབ་ཀུན་གྱི་མཐར་ཐུག་པ༔ ཚེ་ལམ་ཡུམ་གཅིག་འདི་བསྟེན་ནས༔ བདག་ཀྱང་འཆི་མེད་རིག་འཛིན་བརྙེས༔ ད་ལྟ་བཞུགས་དང་སླད་ནས་འབྱོན༔ རིག་པ་འཛིན་པ་ཐམས་ཅད་ཀྱི༔ སྒྲུབ་པ་འདི་ལ་བརྟེན་ནས་ཀྱང༔ ཚེ་ལམ་ཕྱག་རྒྱ་བསྟེན་པ་ན༔ འཆི་མེད་རྡོ་རྗེའི་ལུས་འགྲུབ་ངེས༔ མན་ངག་གནད་ལྡན་གལ་ཆེ་འོ༔ ས་མ་ཡ༔ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ པདྨ་འབྱུང་གནས་བདག་ཉིད་ཀྱིས༔ ཕྲིན་ལས་མཁའ་ཁྱབ་སྤེལ་བའི་ཡུམ༔ ད་ལྟ་མི་མོའི་ཚུལ་བཟུང་ཡང༔ རྗེ་བཙུན་སྒྲོལ་མར་གཉིས་སུ་མེད༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འདི༔ མཚན་ལྡན་ཟུར་བཟའ་ཁྱོད་ཉིད་ལ༔ བཀའ་དྲིན་ཆེ་བའི་བླ་མ་ཡིན༔ ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས༔ བླ་མ་སྐད་ཅིག་དྲན་པ་མཆོག༔ བླ་མ་མཉེས་ཤིང་མ་བསྒོམས་ན༔ དངོས་གྲུབ་ཐོབ་པར་མི་འགྱུར་བས༔ བླ་མ་མཚོ་རྒྱལ་སྒྲུབ་པའི་ཐབས༔ ཁོག་ཕུབ་སྤྱི་ལྟར་དངོས་གཞི་ནི༔ བཾ་ལས་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་ཞལ་གཅིག་ཕྱག་གཉིས་ལྡན༔ གཡས་པས་རྡོ་རྗེ་དང་བཅས་པའི༔ མཐེབ་སྲིན་བདུད་རྩིའི་སྤྲིན་ཆེན་སྤྲོ༔ རྒྱལ་བ་སྲས་བཅས་མཉེས་པར་མཛད༔ གཡོན་པས་མཉམ་གཞག་ཕྱག་རྒྱ་ཡིས༔ ཐོད་པ་བདུད་རྩིས་བཀང་བ་བསྣམས༔ དར་གྱི་ན་བཟའ་མཛེས་པར་གསོལ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ལྕང་ལོ་ཕྱེད་བཅིངས་ལྷག་མ་འཕྱང༔ ནོར་བུ་མེ་ཏོག་ཕྲེང་བས་མཛེས༔ གསེར་གཡུའི་ཟུར་ཕུད་འོད་འབར་བ༔ བཙུན་མོ་རོལ་པས་པད་ཟླར་བཞུགས༔ ཕྱོགས་བཞིར་མཚན་ལྡན་ཕྱག་རྒྱ་བཞི༔ ལྷ་ལྕམ་མདའ་དར་ཚེ་བུམ་འཛིན༔ ཤཱཀྱ་དེ་བ་རྡོར་དྲིལ་བསྣམས༔ སིདྡྷི་ཁ་ཊྭཱཾ་ཕུར་བུ་ཐོགས༔ བཀྲ་ཤིས་སྒྲོམ་བུ་ཕུར་པ་སྒྲིལ༔ ཀུན་ཀྱང་དཀར་དམར་རིགས་ཀྱི་མདོག༔ རྒྱ་དང་བལ་པོ་མོན་གྱི་ཆས༔ ཕྱག་རྒྱ་བཞི་འཛིན་ལྷ་མོ་ནི༔ དཀར་སེར་དམར་ལྗང་སྒོ་སྲུང་མཛད༔ བདག་སྐྱོབ་ལྷ་དང་རིག་འཛིན་ཚོགས༔ མཁའ་འགྲོ་ཆོས་སྐྱོང་གཏེར་གྱི་བདག༔ ཆར་སྤྲིན་གཏིབས་པ་ལྟ་བུར་གསལ༔ ཐུགས་ཀར་དབྱིངས་ཀྱི་བྷནྡྷ་ནང༔ ཡེ་ཤེས་བཾ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས༔ འོད་འབར་ཟུང་འཇུག་བཅུད་ཀྱིས་གང༔ དེ་ལས་ལུད་པས་ལུས་ཀུན་ཁྱབ༔ བདེ་ཆེན་ཡེ་ཤེས་འབར་བར་བསམ༔ བཾ་ཧ་རི་ནི་ས་ཨ༔ ཛཔ྄་དགོངས་བཞི་ལྡན་བཟླས་པ་བྱ༔ མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ལས་སྦྱོར་ཨ་ཡི་གོང་དུ་སྤེལ༔ སྐབས་སུ་ཐབས་མཆོག་དཔའ་བོའི་ཚོགས༔ འཁྲིལ་ནས་བདེ་ཆེན་བཟླས་པ་བྱ༔ དོན་དུ་པདྨ་བདག་ཉིད་ནི༔ ཤེས་རབ་ཆ་འཛིན་ཡུམ་དུ་སྣང༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ ཆགས་ཅན་རྣམས་ཀྱི་སྣང་བ་རུ༔ ཐབས་དང་ཤེས་རབ་སོ་སོ་དང༔ མཉམ་སྦྱོར་སྒྲོལ་བ་ལ་སོགས་ཀྱིས༔ བདེ་ཆེན་ཟུང་འཇུག་རྟོགས་ཕྱིར་དང༔ ཐེག་པ་ཀུན་གྱི་མཐར་ཐུག་པ༔ བླ་མེད་གསང་བའི་ཐེག་པ་འདིར༔ སྣང་གསུམ་བག་ཆགས་སྦྱང་བའི་ཕྱིར༔ ཡབ་ཡུམ་གཉིས་སུ་བསྟན་པ་འོ༔ ད་ལྟ་བཞུགས་དང་སླད་ནས་འབྱུང༔ གསང་སྔགས་སྟོན་པའི་སློབ་དཔོན་དང༔ ཁྱད་པར་ཟབ་མོའི་དབང་བསྐུར་བའི༔ བླ་མ་ཡབ་ཡུམ་དཀྱིལ་འཁོར་གྱི༔ གཙོ་བོར་བསྒོམ་པ་སྔགས་ཀྱི་གནད༔ དེ་ཕྱིར་ཤིན་ཏུ་རྨད་བྱུང་བ༔ གསང་བ་ཆེས་ཟབ་གདམས་པ་འོ༔ ས་མ་ཡ༔ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ དཀྱིལ་འཁོར་གཉན་པོར་མ་ཞུགས་ཤིང༔ དབང་རྣམས་རྫོགས་པར་མ་ཐོབ་ན༔ འབྲས་བུ་མེད་ཅིང་བརླག་པར་འགྱུར༔ དེ་ཕྱིར་དབང་གི་མན་ངག་བྲི༔ ཡོན་ཏན་རྫོགས་པའི་སློབ་དཔོན་གྱིས༔ དཀྱིལ་འཁོར་ཚུལ་བཞིན་བཞེངས་ནས་སུ༔ དབང་རྫས་བཀྲམ་ལ་མཆོད་ཚོགས་བཤམ༔ བསྒྲུབས་ཤིང་བདག་འཇུག་དབང་བླངས་ནས༔ སྣོད་ལྡན་སློབ་མ་བྱུར་བགེགས་ཕྲལ༔ སྲུང་བ་བྱས་ལ་མདུན་དུ་འཁོད༔ དེས་ཀྱང་གསེར་གཡུ་རིན་ཐང་ཆེ༔ གཅེས་པའི་བུ་དང་ཆུང་མ་འབུལ༔ གདོང་དགབ་ཐལ་སྦྱར་མེ་ཏོག་ཐོགས༔ ཧོ༔ རྗེ་བཙུན་བླ་མ་རྡོ་རྗེ་འཆང༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ འཁོར་བའི་གནས་ནས་འདྲེན་པ་དང༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་དུ༔ བདག་ཉིད་མྱུར་དུ་བཅུག་པ་དང༔ དབང་རྣམས་རིམ་པར་བསྐུར་དུ་གསོལ༔ དེ་ལ་བླ་མས་ལན་གདབ་པ༔ ཧོ༔ འདི་ལྟར་གསང་བའི་དཀྱིལ་འཁོར་དུ༔ ཞུགས་ནས་རྣལ་འབྱོར་དམ་ཚིག་རྣམས༔ ཇི་ལྟར་བདག་གིས་བསྒོ་བ་བཞིན༔ སྲོག་གི་ཕྱིར་ཡང་འདའ་མི་བྱ༔ རྒྱུད་སྦྱང་སྡོམ་པ་གཟུང་བ་ནི༔ ཧོ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ དེང་ནས་བརྩམ་སྟེ་བྱང་ཆུབ་བར༔ གསང་བ་བླ་མེད་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ བླ་མས་དམ་ལ་གཞག་པ་ནི༔ ཧཱུྃ༔ དམ་ཚིག་མ་ཉམས་བདུད་རྩི་ཆེ༔ ཉམས་ན་ཧ་ལ་མི་སྲུན་པ༔ ཤིན་ཏུ་གཉན་པས་འདི་ཐུངས་ལ༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ བཛྲ་ས་མ་ཡ་ཨ་མྲྀཏ་ཧཱུྃ༔ སློབ་མས་སྙིང་ནས་བྲོ་བོར་བ༔ ཨི་དན་ན་ར་ཀན༔ སློབ་མ་ཡེ་ཤེས་མཁའ་འགྲོར་གསལ༔ སྙིང་གར་གཡུང་དྲུང་གཡོན་འཁོར་བའི༔ སྟེང་དུ་ཕག་མོ་གར་བྱེད་སྒོམས༔ དཀྱིལ་འཁོར་པ་ལས་ཕྱག་རྒྱ་གསུམ༔ འོད་འབར་ཆར་བཞིན་བབས་ནས་སུ༔ སྤྱི་བོ་ནས་ཞུགས་སྙིང་ག་ཡི༔ ཡེ་ཤེས་སེམས་དཔའ་ལ་ཐིམ་པས༔ བདེ་བ་བཟོད་མེད་འབར་བར་བསམ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དྲག་ཏུ་བཟླས་ཤིང་སྦྱར་སྤོས་བསྲེག༔ ཌཱ་རུ་རྐང་གླིང་བཤུག་གླུ་སོགས༔ རོལ་མོ་དལ་བྲེལ་སྤེལ་མ་བྱ༔ ལུས་འཕར་གར་དང་ངག་སྨྲ་དགོད༔ བདེ་གསལ་མི་རྟོག་འོད་གསལ་རྟོགས༔ ལྷ་ཞལ་མཐོང་སོགས་རྟགས་བྱུང་ན༔ ཏིཥྛ་བཛྲ༔ རྡོ་རྗེ་མེ་ཏོག་མགོར་བཞག་བརྟན༔ བྱང་ཆུབ་བར་དུ་བཞུགས་པར་བསམ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ མེ་ཏོག་བླ་མའི་ཕྱག་ལ་འབུལ༔ ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཏིཥྛ༔ སླར་ཡང་སྤྱི་བོར་དགོད་པར་བྱ༔ ཧོ༔ རྡོ་རྗེ་རྣལ་འབྱོར་དེང་ཁྱོད་ཀྱི༔ མིག་འབྱེད་པ་ནི་ཐུགས་རྗེའི་མཐུས༔ ཕྱེ་བས་རང་བཞིན་དཀྱིལ་འཁོར་མཐོང༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ མིག་དབྱེ་མཐོང་བ་བསྟན་པ་ནི༔ ཧོ༔ ལྟོས་ཤིག་རྡོ་རྗེ་རྣལ་འབྱོར་ཆེ༔ འདི་ན་མཚོན་བྱེད་དཔེ་ཡི་དལ༔ སེམས་ཉིད་འོད་གསལ་བདེ་བ་ཆེ༔ མཚོན་བྱ་དཀྱིལ་འཁོར་མངོན་སུམ་མཐོང༔ དེ་ལྟར་ཞུགས་ནས་དབང་བསྐུར་བ༔ ཧཱུྃ༔ རྒྱལ་བ་སེམས་དཔའ་ཁྲོ་བོའི་ཚོགས༔ བཙུན་མོར་བཅས་པའི་གསང་གསུམ་ལས༔ བུམ་པའི་དབང་བསྐུར་བླ་མེད་པ༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན་ཞིང་སྐུ་ཡང་བསྟིམ༔ ཨོཾ༔ ཡེ་ཤེས་དོན་ལ་རྟགས་ཀྱི་སྐུ༔ གཙོ་དང་འཁོར་གྱི་ཚུལ་དུ་སྣང༔ སྣོད་བཅུད་རྣམ་པར་དག་པའི་ཕྱིར༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བུདྡྷ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་རཏྣ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་པདྨ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རཏྣ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པདྨ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཀརྨ་གཎྜེ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྤོམ་མམ་སོ་སོར་སྐུ་རྟེན་བཅས༔ གནས་ལྔ་ཡན་ལག་བཞི་རུ་བསྟིམ༔ གཙོ་བོ་སྙིང་ག་རྡོ་རྗེ་དཔྲལ༔ མཚུངས་པའི་རྒྱུ་རྐྱེན་འབྲས་བུར་སྦྱར༔ རྒྱུད་ལུང་མན་ངག་སྔགས་བྱང་གཏད༔ ཨཱ༔ རྡོ་རྗེའི་གསུང་དབྱངས་ལས་བྱུང་བའི༔ གྲགས་པ་སྔགས་སུ་རྟོགས་པ་དང༔ རྒྱུད་ལུང་མན་ངག་ཐམས་ཅད་ཀུན༔ ཐོས་བསམ་སྒོམ་པའི་དབང་བསྐུར་རོ༔ ཨཱཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མཆོད་རྟེན་ཕྱག་མཚན་སྙིང་གར་བཞག༔ ཧཱུྃ༔ འོད་གསལ་ཐུགས་ལས་བྱུང་བ་ཡི༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས༔ ཆོས་དབྱིངས་སྤྲོས་བྲལ་རྟོགས་པར་ཤོག༔ ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཟབ་མོ་གསང་བའི་དབང་བསྐུར་བ༔ ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་རྨད་དུ་བྱུང་བའི་དབང༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ དབང་ཐོབ་དེ་ཡི་ལྕེ་ལ་བཞག༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཤེས་བྱིན་རླབས་སྒྱུ་རྩལ་བཅས༔ ཧཱུྃ༔ ལུས་འཁྲིལ་བུམ་པ་ལྗགས་སྦྱོར་གསང༔ མཁའ་གསང་ཤེས་རབ་ཡེ་ཤེས་སྦྱོར༔ དཀར་དམར་འཕྲོ་འདུ་རོ་མཉམ་པ༔ ལྷན་སྐྱེས་ཡེ་ཤེས་རྟོགས་པའི་དབང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ དེ་ནས་ཚིག་གིས་ངོ་སྤྲད་པ༔ ཧཱུྃ༔ བདེ་ཆེན་སྟོང་གསལ་འདུས་མ་བྱས༔ རང་བཞིན་སྤྲོས་བྲལ་འོད་གསལ་དབྱིངས༔ བྱར་མེད་ངང་དུ་མཉམ་པར་ཞོག༔ གཞི་ཐོག་འབྲས་བུ་སྨིན་པར་འགྱུར༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོངས་རྫོགས་གཏོར་མའི་དབང་བསྐུར་བ༔ ཧཱུྃ༔ དང་པོ་འདོད་ཡོན་ལྔ་ཡི་མཆོད་པའི་སྤྲིན༔ བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོགས༔ ཐ་མ་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འོད་ཟེར་འབར༔ མ་མོ་མཁའ་འགྲོ་དབང་དུ་འདུ་བའི་ཕྱིར༔ དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་བས༔ སྐུ་ལྔའི་དབང་མཆོག་ཡོངས་སུ་རྫོགས་པར་ཤོག༔ མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཐའ་རྟེན་ཚེ་ཡི་དབང་བསྐུར་ནས༔ ཤིས་བརྗོད་ཇི་བསྩལ་སློབ་མ་ཡིས༔ བགྱི་བར་ཁས་བླང་གཏང་རག་ཀྱང༔ ལུས་དང་ལོངས་སྤྱོད་བཅས་པ་འབུལ༔ དེ་ལྟར་དབང་བསྐུར་རིག་རྩལ་དང༔ ཏིང་འཛིན་རྫས་ལ་བརྟེན་པ་ཡི༔ དབང་ཐོབ་དངོས་དང་བརྒྱུད་ནས་གྲོལ༔ འབྲས་བུ་དེ་ཉིད་རིམ་པར་ཐོབ༔ ས་མ་ཡ༔ བླ་མ་མཁའ་འགྲོའི་ཚོགས་ལ་འདུད༔ མན་ངག་རྫོགས་རིམ་སྒོམ་པའི་ཐབས༔ མྱུར་ལམ་ཟབ་མོ་འདི་རུ་བསྟན༔ ངེས་འབྱུང་སྙིང་རྗེ་དང་ལྡན་པས༔ ཚོགས་གསག་སྒྲིབ་པ་སྦྱང་བ་ཡང༔ བླ་མས་ཇི་ལྟར་བསྩལ་བཞིན་བགྱི༔ དབང་ཐོབ་དམ་ཚིག་རབ་ལྡན་ཅིང༔ བསྐྱེད་རིམ་བསྙེན་སྒྲུབ་རྣམ་གསུམ་རྫོགས༔ ཡུལ་གསུམ་གསལ་བ་དེ་གྲུབ་མཐའ༔ ཟབ་ལམ་རྫོགས་པའི་རིམ་པ་ཡང༔ དབེན་པར་བདེ་བའི་གདན་ལ་འདུག༔ བླ་མར་གསོལ་བ་རྩེ་གཅིག་གདབ༔ ལུས་གནད་དྲང་པོར་བསྲངས་ནས་སུ༔ རྐེད་པ་ཉག་ལ་ལྟེ་བ་བརྒྱང༔ མཁའ་འགྲོ་སྣང་སྟོང་འཇའ་ཚོན་བཞིན༔ ལུས་དབུས་ཨ་བ་དྷཱུ་ཏི་ནི༔ ཡར་སྣ་རྡོ་རྗེ་དཀར་པོས་མཚན༔ མར་སྣ་གསང་བའི་པདྨར་ཟུག༔ རྐྱང་མ་གཡས་ལ་རོ་མ་གཡོན༔ མོ་ལ་དེ་ཉིད་ལྡོག་པར་བྱ༔ གནས་བཞིའི་ཐད་ནས་དབུ་མར་ཐིམ༔ རྩ་གཉིས་ཡར་སྣེ་སྣ་སྒོར་ཟུག༔ ལྟེ་འོག་གྱེས་མཚམས་སུམ་མདོ་རུ༔ ཉི་མའི་སྟེང་དུ་ཤེས་རབ་མ༔ ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ༔ ཨ་ཡིག་སྤུ་ཡིས་བྲིས་ལྟར་མཚན༔ སྤྱི་བོར་ཟླ་བར་ཐིག་ལེ་དཀར༔ བཾ་ཡིག་མཚན་པ་ཐབས་ཀྱི་ཆ༔ རྩ་རྣམས་ལེ་བརྒན་མདོག་ཏུ་འཚེར༔ རླུང་རོ་སྒྲིབ་དང་ལྷན་ཅིག་བསལ༔ འོག་བསྐུམ་སྟེང་རླུང་གནོན་ཚུལ་ཙམ༔ འབྱུང་འཇུག་གནས་གསུམ་རང་བབ་བཞག༔ སྐབས་སུ་རླུང་སེམས་དབྱེར་མེད་བཟླས༔ རེས་འགའ་རྩ་ལ་སེམས་འཛིན་དང༔ ཐིག་ལེ་གཉིས་ལ་རིག་པ་གཏད༔ དཀར་དམར་འོད་འཕྲོ་རྩ་རྣམས་ཁྱབ༔ བདེ་དྲོད་གཉིས་ལ་སེམས་གནད་བསྣུན༔ སྐབས་སུ་སེམས་ཉིད་ལྷོད་ཀྱིས་ཀློད༔ སྟོང་གསལ་སྤྲོས་པ་མེད་པར་འཆར༔ དེ་ནས་དྲག་རླུང་སྦྱོར་བ་ནི༔ ལུས་གནད་བདུན་པོ་སྤྱི་ལྟར་བཅིང༔ རོ་རྐྱང་གཉིས་པོ་དྲང་པོར་བསྲང༔ དབུ་མ་ལས་གྱེས་འཁོར་ལོ་བཞི༔ བཞི་འམ་བརྒྱད་དམ་རྩ་བ་བཞིར༔ གཉིས་གཉིས་གྱེས་པས་སྙིང་གར་བརྒྱད༔ མགྲིན་པར་བཅུ་དྲུག་སྤྱི་བོ་ལ༔ སུམ་ཅུ་རྩ་གཉིས་ལྟེ་བ་ལ༔ བཞི་ལས་གསུམ་གསུམ་དེ་ལས་ལྔ༔ དྲུག་ཅུ་ཡང་ན་བཞི་ལས་བརྒྱད༔ བཅུ་དྲུག་སོ་གཉིས་དྲུག་ཅུ་བཞི༔ ཁ་དོག་ཕྱི་དཀར་ནང་དམར་བ༔ ཀུན་ཀྱང་མཚན་ཉིད་བཞི་དང་ལྡན༔ སྟེང་ཐབས་འོག་མ་ཤེས་རབ་ཉིད༔ ཐབས་བཾ་ཤེས་རབ་ཨེ་ཡི་དབྱིངས༔ ཐབས་དཀར་ཤེས་རབ་དམར་བའི་མདོག༔ གནས་བཞིར་ཨེ་ཝཾ་མཱ་ཡཱའི་དབྱིངས༔ ཧ་རི་ནི་ས་ཉིད་དུ་གནས༔ རྒྱས་པར་འཁོར་ལོ་ལྔ་སྒོམ་པ༔ གསང་བར་སུམ་ཅུ་རྩ་གཉིས་ལྗང༔ དབྱེ་ན་དབུ་མཐིང་རྐྱང་མ་དཀར༔ རོ་དམར་སྤྱི་མགྲིན་སྙིང་ལྟེ་བཞི༔ དཀར་མཐིང་དམར་སེར་འབྱུང་ལྔའི་ཁམས༔ སྙིང་ག་ཨ་འམ་བཾ་ཉིད་ལ༔ གསང་བ་ས་ཡི་ཚུལ་དུ་འོ༔ སྤྱི་བོར་གཙུག་ཏོར་འཁོར་ལོ་དྲུག༔ དཀར་པོ་སྤྱི་གསང་ཐབས་ཤེས་འབྲེལ༔ ཤིན་ཏུ་རྒྱས་པར་ཡན་ལག་རྣམས༔ ཚིགས་པ་རེ་ལ་འཁོར་ལོ་དྲུག༔ སོར་མོ་རྣམས་ལ་དེ་བཞིན་གནས༔ ཉི་ཤུ་རྩ་བཞིའི་རྩ་རྣམས་དང༔ ཁ་དོག་དབྱེ་བ་རྒྱུད་བཞིན་བསྒོམ༔ རླུང་རོ་གཡས་གཡོན་དབུས་གསུམ་གསུམ༔ དགུ་ཕྲུགས་སངས་ཀྱིས་འབུད་པར་བྱ༔ ཁ་དོག་ལྔ་ལྡན་དྭངས་མ་ལྔ༔ དང་པོ་སོར་བཞི་དེ་ནས་བརྒྱད༔ བཅུ་དྲུག་སོ་གཉིས་དྲུག་ཅུ་བཞི༔ ཟ་འོག་སྐུད་པ་གཤིབས་པ་ལྟར༔ ཚོད་དང་སྦྱར་ཏེ་དལ་བུས་རྔུབ༔ ལྟོ་བའི་སུམ་གཉིས་ཁེངས་པར་དགང༔ སྟེང་རླུང་མནན་ལ་འོག་རླུང་བསྐུམ༔ ཁ་སྦྱར་རླུང་སེམས་དབྱེར་མེད་གཞིལ༔ མི་ཐུབ་དལ་བུས་གཏང་བར་བྱ༔ དེ་ལྟར་རླུང་ལ་ལེགས་བྱང་ནས༔ གནད་བདུན་བཀྲོལ་ནས་ཅུང་ཟད་འབེབས༔ རྟིང་པས་སྒོ་བཀག་པུས་མོ་བརྡབ༔ རྐེད་པ་འཁོར་ལོ་བཞིན་དུ་བསྐོར༔ རོ་སྟོད་གཡས་གཡོན་དག་ཏུ་གཅུ༔ མགྲིན་བསྐོར་མགོ་བོ་འཁྲུ་བཞིན་འཕུར༔ འཁོར་ལོའི་རྩ་རྣམས་རླུང་གིས་བཀང༔ འཁོར་ལོའི་རྩ་མདུད་གྲོལ་བར་འགྱུར༔ མཆན་རྡེབ་ཁུ་ཚུར་ཕྲག་པར་བརྡེག༔ རྐང་པ་དཔྱིར་བརྡེག་མགོ་བོ་བསྒྲིལ༔ མིག་རྐྱང་དེ་ཐད་ལྟ་བ་ཡིས༔ ཡན་ལག་རྩ་མདུད་ཐམས་ཅད་གྲོལ༔ རླུང་འཁྲབ་བྱས་པས་རྐང་མགྱོགས་འགྲུབ༔ དམིགས་པ་རྣམས་ཀྱང་གོང་བཞིན་ནོ༔ གེགས་སེལ་ཧ་སྤྲུག་ཧ་འདོན་བྱ༔ སེམས་སྐྱིལ་ཕྱེད་སྐྱིལ་རྫོགས་པ་ཡི༔ འབེབ་ཀྱང་རིམ་པར་སྦྱར་བར་བྱ༔ དེ་ནས་ཐིག་ལེ་དཀར་དམར་བསྒོམ༔ རླུང་གི་ནུས་པས་གཏུམ་མོ་ལས༔ དྲོད་སྐྱེས་རིམ་པས་མེ་ཡང་འབར༔ ཙོག་བུ་པུས་བཀབ་དྲོད་འབར་ཞིང༔ འཁོར་ལོ་ཡན་ལག་འཕུར་སྲུབ་བྱ༔ གཡས་ཕབ་མཁལ་མ་བཀབ་ཅིང་ཉལ༔ ཐིག་ལེ་ཞུ་བས་གནས་བཞི་ལ༔ བསྐྱིལ་ཞིང་ལྡོག་ལ་སླར་ཡང་འབེབ༔ གནད་བདུན་ཙོག་བུ་པུས་འཁྱུད་དང༔ མགོ་ལྕོག་ཁ་སྦུབ་རྐང་ལག་བསྐུམ༔ ཡང་ན་གན་རྐྱལ་རྐང་ལག་བསྣོལ༔ སྤྱི་མགྲིན་སྙིང་ག་ལྟེ་བ་ལ༔ དགའ་མཆོག་ཁྱད་པར་ལྷན་ཅིག་སྐྱེས༔ ངོས་བཟུང་བདེ་བ་ཆེར་སྐྱེས་ནས༔ ཐིག་ལེ་འཆོར་བར་བརྩམ་པ་ན༔ ལྟོ་བ་རྒལ་པ་ལ་སྦྱར་ནས༔ ཉྭ་བཞི་བསྒྲིམས་ལ་མིག་གྱེན་ལྡོག༔ ལྕེ་རྩེ་རྐན་ལ་སྦྱར་ནས་སུ༔ ཧིག་ཅེས་རླུང་ནི་ཕྱི་རུ་འདོན༔ གསང་བ་ནས་དྲངས་ལྟེ་བར་བསྐྱིལ༔ ལྟོ་བ་བརྒྱངས་ཤིང་བར་རླུང་བརྟེན༔ རིམ་པར་ལྡོག་བསྐྱིལ་སྤྱི་བོའི་བར༔ མཐར་ནི་ཐིག་ལེ་ཉིད་ལ་བསྟིམ༔ དམིགས་མེད་སྟོང་པའི་ངང་ལ་གཞག༔ ལོག་ནོན་ལངས་ལ་ལག་མཐིལ་གཉིས༔ པུས་སྟེང་བཞག་ལ་ཧིག་འདྲེན་བྱ༔ ལུས་ཀུན་སྤྲུགས་ལ་ཐིག་ལེ་ཡིས༔ རྩ་རྣམས་ཐམས་ཅད་ཁྱབ་པར་བཀྲམ༔ གེགས་སེལ་སོར་མོས་མིག་སོགས་བཀག༔ མགོ་བསྐོར་ཧ་སྤྲུག་ཡང་ཡང་བྱ༔ བདེ་བ་སྦར་ཞིང་སྟོང་པར་བསྒོམ༔ རང་ལུས་ཐབས་དང་ལྡན་པ་ཡི༔ ལམ་གྱི་བོགས་འདོན་ཁྱད་པར་འཕགས༔ ས་མ་ཡ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་ཐུགས་ཀྱི་ཡོན་ཏན་གྱི་གནས་མཆོག་མཁའ་འགྲོ་འབུམ་རྫོང་གི་བདུད་རྩི་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའི་བུ་དཔེ་ཕྱག་བྲིས་དངོས་ལས། ཨ་མདོ་འདུལ་འཛིན་པདྨ་དྲི་མེད་བློ་གྲོས་གཞན་ཕན་ཆོས་ཀྱི་སྣང་བས་ཡེལ་ཕུག་ནམ་མཁའ་ཡང་རྫོང་གནས་བརྟན་སྒང་གི་རྟེན་མཆོག་འགྱུར་མེད་གླིང་དུ་ཞལ་བཤུས་པ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ།། །།
ཟབ་ཆོས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་ཆོག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་ (Volume 49, Text 47)
༄༅། །ཟབ་ཆོས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་ཆོག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་བཞུགས་སོ། ། ཨོཾ་སྭསྟི། རྒྱལ་ཀུན་གསུང་གི་རྡོ་རྗེའི་ངོ་བོ་ཉིད། །འཆི་མེད་དངོས་གྲུབ་མཆོག་སྩོལ་ལྷག་པའི་ལྷ། །པདྨ་འོད་འབར་ཚེ་དབང་མགོན་དེ་ཡིས། །འཆི་བདག་གཡུལ་ལས་རྒྱལ་བའི་དགེ་ལེགས་མཛོད། །དེ་ཡང་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་ཆོག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་ནི། ཟླ་བ་ཡར་གྱི་ངོའི་ཚེས་བཟང་པོ་ལ་གནས་ཁང་གི་སྟེང་འོག་རྣམས་མཛེས་པར་བརྒྱན། ཕུན་སུམ་ཚོགས་པའི་ཁྲི་དང་། རྟེན་གྱི་དཀྱིལ་འཁོར་ཚེ་རྫས་མཆོད་གཏོར་རྣམས་བཤམས་པའི་མདུན་དུ། མཉྫིའི་སྟེགས་ལ་རིན་པོ་ཆེའི་སྣོད་དུ་མཁའ་འགྲོའི་དཔལ་གཏོར་འཁོར་བཞི་མཐེབ་ཀྱུ་རིལ་བུ་ཅན་གྱི་མདུན་ངོས་སུ་སྐུ་གླུད་ཆངས་བུ་རྣམས་ཀྱིས་བསྐོར་བ་དང་། གཞན་ཡང་གསེར་སྐྱེམས། ཕྱོགས་མཚམས་སུ་ལས་བཞིའི་གཏོར་མ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། སྔོན་འགྲོ་ནས་གཟུང་བདག་མདུན་བུམ་བཟླས་ཚོགས་མཆོད་དང་བཅས་པ་ལས་གཞུང་བཞིན་གྲུབ་ནས། གང་ལ་གསོལ་བ་འདེབས་པའི་སློབ་དཔོན་མངོན་པར་བཤམས་པའི་ཁྲི་ལ་རོལ་མོར་བཅས་པས་སྤྱན་དྲངས་ལ་བཞུགས་སུ་གསོལ་ཏེ། ལས་བུམ་གྱིས་ཁྲུས་གསོལ་ཞིང་། ཨོཾ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་བསུན་མ་རྣམས་ལ་འགལ་རྐྱེན་ཟློག་པའི་སླད་དུ་མཆོད་གཏོར་སྐུ་གླུད་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ཁ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ། ལན་གསུམ། འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བརླབས་ཏེ་སྤྱིར་བསྔོ་བ་ནི། ཧྲཱིཿ ལྷ་བཙུན་རིན་པོ་ཆེ་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་མ།་་་ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས། །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས། །ཚེ་ལྷ་ཡབ་ཡུམ་སྣང་སྟོང་འོད་ཟེར་ཀློང་། །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་རྣམས། །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་། །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན། །དགྱེས་པར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། དེ་ནས་ལས་བཞིའི་གཏོར་མ་རྣམས་རིམ་པར་འབུལ་ཞིང་། ཨོཾ་ཨཱཿཧཱུྃ། ལྷ་བཙུན་རིན་པོ་ཆེའི་གསུང་།་་་ཤར་ནས་རྡོ་རྗེ་མཁའ་འགྲོ་དཀར་མོ་འབུམ། །ཞེ་སྡང་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །ཞི་བའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །མེ་ལོང་ཡེ་ཤེས་ངང་དུ་དར་ཐག་སྡུས། །ལྷོ་ནས་རིན་ཆེན་མཁའ་འགྲོ་སེར་མོ་འབུམ། །ང་རྒྱལ་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །རྒྱས་པའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །མཉམ་ཉིད་ཡེ་ཤེས་ངང་དུ་དར་ཐག་སྡུས། །ནུབ་ནས་པདྨ་མཁའ་འགྲོ་དམར་མོ་འབུམ། །འདོད་ཆགས་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །དབང་གི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །སོར་རྟོག་ཡེ་ཤེས་ངང་དུ་དར་ཐག་སྡུས། །བྱང་ནས་ལས་ཀྱི་མཁའ་འགྲོ་ལྗང་ནག་འབུམ། །ཕྲག་དོག་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །དྲག་པོའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །བྱ་གྲུབ་ཡེ་ཤེས་ངང་དུ་དར་ཐག་སྡུས། །མཚམས་བཞིའི་དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཡང་། །རང་རང་བྲན་གཡོག་ལྷ་སྲིན་སྡེ་བརྒྱད་བཅས། །ལས་བཞིའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །རང་རང་དར་ཐག་ཆོས་ཀྱི་དབྱིངས་སུ་སྡུས། །སྣང་སྲིད་ཐམས་ཅད་སངས་རྒྱས་མཁའ་འགྲོའི་ཞིང་། །སྐུ་གསུམ་འབྲས་བུ་ཡེ་ནས་ལྷུན་གྲུབ་ངང་། །ཆོས་ཀྱི་དབྱིངས་ན་བཟང་ངན་འཕོ་འགྱུར་བྲལ། །མཉམ་ཉིད་ངང་དུ་རྣམ་རྟོག་འཚེ་བ་ཟློགས། །ཞེས་བརྗོད། གསེར་སྐྱེམས་འབུལ་ཞིང་། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁྱོན་གང་བའི། །ལས་བཞིར་དབང་སྒྱུར་དཔའ་བོ་མཁའ་འགྲོ་དང་། །སྡེ་བརྒྱད་དྲེགས་པའི་བསུན་མ་ཟློག་ཏུ་གསོལ། །སྔོན་ལས་འཕྲལ་རྐྱེན་ལྟས་ངན་བར་ཆད་དང་། །ཆག་ཆེ་ཉམ་ང་རྦོད་གཏོང་བྱད་སྟེམས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་བདེན་པས་ཟློགས། །ཚེ་རྐུ་སྲོག་འཕྲོག་སྟོབས་དཔལ་དབང་ཐང་དང་། །བཀྲག་མདངས་གཟི་བརྗིད་འགལ་བའི་བསུན་མ་ཟློགས། །བླ་ཚེ་སྲོག་ཚེ་དབུགས་ཚེ་ཡར་དང་གུད། །ཉམས་ཆད་དུས་མིན་འཆི་བའི་ལྟས་མི་བཟད། །ཆོས་སྐྱོང་སྲུང་མའི་དཔུང་གིས་ཟློག་པར་གྱིས། །དཔའ་བོ་ཌཱ་ཀིའི་ནུས་པས་མཚམས་ཆོད་ཅིག །བླ་མ་ཡི་དམ་ཐུགས་རྗེས་དེང་སྐྱོབས་ལ། །སྟན་འདིར་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །སླར་ཡང་སྐུ་གླུད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརླབས་ལ། ཨེ་ཝཾ་མཉམ་སྦྱོར་ཐབས་ཤེས་དབྱིངས་ཆེན་པོར། །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འོད་དང་། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿདང་ཨཱ་ལི་དང་། །ཀཱ་ལི་ཐབས་ཤེས་མཉམ་སྦྱོར་རྟེན་འབྲེལ་བཅུད། །ཏིང་འཛིན་འོད་སྐུར་འདུས་པའི་དགྱེས་མཆོད་སྤྲིན། །ཟབ་གསང་རྡོ་རྗེ་དབྱིངས་ཀྱི་རོལ་རྒྱན་དུ། །རྣམ་རོལ་ཡེ་ཤེས་སྣང་བ་རྒྱན་གྱི་གླུད། །འཕོ་བ་ཆེན་པོ་རྟག་བརྟན་འགྱུར་མེད་ངང་། །འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་དུ་འབུལ། །བཞེས་ནས་དངོས་འཛིན་མཚན་མའི་རྣམ་རྟོག་སོལ། །སྐྱེ་འཆིའི་འཛིན་མདངས་འཇའ་སྐུར་ཡལ་གྱུར་ཅིག །ཅེས་དང་། སྐུ་གསུམ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །དབྱིངས་མཆོག་འོད་གསལ་དྭངས་མ་རྡོ་རྗེའི་ཡུམ། །རིགས་འདུས་འབུམ་ཕྲག་ཡེ་ཤེས་ཌཱ་ཀི་མ། །ལྷན་སྐྱེས་སྲིད་ཞིར་རོ་གཅིག་རྡོ་རྗེའི་དབྱིངས། །འབར་བའི་འོད་སྐུར་བརྗིད་པའི་གཏོར་མ་དང་། །སྲིད་ཞིའི་བདེ་ཆེན་ཕུན་ཚོགས་མཆོད་པའི་སྤྲིན། །ལྷུན་འབྱམས་ཤར་གྲོལ་དག་པའི་ཀློང་ནས་བཞེས། །མཚན་འཛིན་བར་ཆད་ཐམས་ཅད་ཆོས་སྐུར་ཟློགས། །མི་ཤིགས་གསང་མཆོག་རྡོ་རྗེའི་མཁའ་དབྱིངས་སུ། །འཁོར་འདས་རྣམ་རོལ་སྒྱུ་མའི་རོལ་རྩེད་བསྡུ། །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་འོད་གསལ་ངང་། །སྙིང་གུར་དབུས་སུ་འཆི་མེད་བདུད་རྩིར་ཨཿ ཞེས་གཏོར་མ་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ནུབ་ཕྱོགས་སུ་ཕུལ་ལ། སློབ་དཔོན་གདན་ཁྲི་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་སེང་ཁྲི་རྡོ་རྗེས་མཚན་པའི་སྟེང་དུ་ཟླ་བའི་གདན་ལ་ཧྲཱིཿལས་པདྨ་འོད་འབར་ཚེ་དཔག་མེད་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བའི་ནང་དུ་ཚེ་བུམ་བཅུད་ཀྱིས་གང་བ། མཆན་ཁུང་གཡོན་དུ་ཁ་ཊྭཱཾ་ག་འཆང་ཞིང་། དབུ་ཞྭ་འདབ་ལྡན་རྒོད་སྒྲོ་དར་སྣ་མེ་ལོང་ཉི་ཟླས་བརྒྱན་པ་གསོལ་ཞིང་། སྐུ་ལ་གསང་ཕོད་སྣམ་སྦྱར་ཟབ་བེར་རྣམས་བརྩེགས་མར་གསོལ་ནས་མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་འོ། །ཞེས་གསལ་བཏབ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་དྭངས་མའི་འོད་ཟེར་ཉི་མ་འཆར་ཁ་ལྟ་བུར་བཀུག་ནས་ཐུགས་ཀར་ཐིམ་པར་བསམ་ལ། ཚེ་མདའ་གཡབ་ཅིང་། ཧྲཱི༔ ཕྱི་ནི་བུམ་པ་ནང་ནི་བདུད་རྩིས་གང༔ གསང་བའི་དོན་ནི་པདྨ་ཚེ་དཔག་མེད༔ གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ཧྲཱི༔ ཤར་ཕྱོགས་དྲི་ཟའི་ལག་ནས་ལྕགས་ཀྱུས་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཞགས་པས་ཁུག༔ ནུབ་ཕྱོགས་ཀླུ་དབང་ལག་ནས་ལྕགས་སྒྲོག་ཁུག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་དྲིལ་བུས་ཁུག༔ སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་ལག་ནས་ཁུག༔ འོག་ཕྱོགས་དགའ་བོ་འཇོག་པོའི་ལག་ནས་ཁུག༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་པ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཞེས་རོལ་མོ་དང་བཅས་པས་ཚེ་འགུགས། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་བུམ་པ་ཕྱག་ཏུ་ཕུལ་ལ། ཧྲཱི༔ བུམ་པའི་ངོ་བོ་པདྨ་འོད་འབར་བཞུགས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ ས་ཆུ་མེ་རླུང་བཅུད་རྣམས་རང་མདོག་གསལ༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས། །སླར་ཡང་ཟླ་བ་ཡར་ངོ་ཇི་བཞིན་དུ༔ སྟོབས་རྩལ་ཡོན་ཏན་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་། ཧྲཱི༔ བུམ་པའི་བདུད་རྩི་པདྨ་འོད་འབར་ཞུ༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་བ་རབ་འབྱམས་རིགས་གསུམ་མགོན་པོ་དང༔ འཇིག་རྟེན་ལོངས་སྤྱོད་མངའ་ཐང་བསོད་ནམས་ཅན༔ ཟག་བཅས་ཟག་མེད་མཐུ་སྟོབས་ནུས་པ་ཀུན༔ རིག་འཛིན་སློབ་དཔོན་ཁྱེད་ལ་གུས་འབུལ་ལོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཧཱུྃ། ཚེ་འབྲང་ཕུལ་ལ། ཧྲཱིཿ མདངས་ལྡན་ལྷུན་གྲུབ་འོད་ཟེར་ཐིག་ལེའི་དབུས། །རྣམ་ཀུན་རྒྱལ་བ་སྲས་བཅས་རིག་འཛིན་ཚོགས། །དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་རྩལ། །སྒྱུ་འཕྲུལ་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་དབང་། །དེང་འདིར་བསྐུར་རོ་རྡོ་རྗེ་གསུམ་འགྲུབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཚེ་རིལ་ཕུལ་ལ། ཧྲཱི༔ སྔོན་བྱོན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ སྒྲུབ་རྫས་རིལ་བུ་འདི་ལ་བརྟེན་ནས་མཛད༔ གུ་རུའི་བྱིན་རླབས་རིལ་བུ་འདུ་འབྲལ་མེད༔ རྡོ་རྗེ་སློབ་དཔོན་ཁྱོད་ལ་གུས་ཕུལ་བས། །དམ་རྫས་མ་སྤངས་བཅུད་ལེན་སྙིང་པོར་སྤྱོད༔ ཟ་ཐང་ལོངས་སྤྱོད་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཧཱུྃ། ཚེ་ཆང་ཕུལ་ལ། ཧྲཱི༔ སྔོན་བྱོན་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱིས༔ ཚེ་སྒྲུབ་བདུད་རྩི་འདི་ལ་བརྟེན་ནས་མཛད༔ རྒྱལ་བའི་བྱིན་རླབས་བདུད་རྩི་འདུ་འབྲལ་མེད༔ རྡོ་རྗེ་སློབ་དཔོན་ཁྱེད་ལ་གུས་ཕུལ་བས། །ཕྱི་ནང་བྱང་སེམས་ཁམས་རྣམས་འཕེལ་ཞིང་རྒྱས༔ བདེ་དྲོད་རང་འབར་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ ཨ་བྷི་ཥིཉྩ་ཧཱུྃ། ཚེ་མདའ་ཕུལ་ལ། ཧྲཱི༔ དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་པ་ཡེ་ཤེས་བཞི་ཡི་རྒྱ༔ ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ༔ དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ༔ བདུན་པ་སངས་རྒྱས་རབས་བདུན་རྒྱ༔ ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་བོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛ༔ བཛྲ་རཀྵ་ཏིཥྛ། ཞེས་རྒྱས་བཏབ་ཅིང་མེ་ཏོག་འཐོར། དེ་ལྟར་ཚེ་ཡི་རྫས་རྣམས་ཕུལ་པས་སྐུ་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པ་ཚེའི་དངོས་གྲུབ་ལ་དབང་འབྱོར་བར་གྱུར་ཅིག།་་་འདིར་ཞལ་བསྲོའི་ཚུལ་དུ་ཚོགས་མཆོད་འབུལ།མཆན། དེ་ནས་མེ་ལོང་སོགས་རྫས་བརྒྱད་ཕུལ་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དཔྱིད་དུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱུརྦཱས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག ༈ །མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་དོན་གྱི་རྟགས། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས་དོན་གྱི་རྟགས། །ནོར་བུ་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐམས་ཅད་ཀུན་སྐྱེད་བཙུན་མོ་རིན་པོ་ཆེ། །བཙུན་མོ་རིན་ཆེན་བཀྲ་ཤིས་དོན་གྱི་ལྷ། །བཙུན་མོ་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀུན་ལ་དབང་སྒྱུར་བློན་པོ་རིན་པོ་ཆེ། །བློན་པོ་རིན་ཆེན་བཀྲ་ཤིས་དོན་གྱི་ལྷ། །བློན་པོ་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་དོན་གྱི་ལྷ། །གླང་པོ་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རྟ་མཆོག་རིན་ཆེན་བཀྲ་ཤིས་དོན་གྱི་ལྷ། །རྟ་མཆོག་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། །དམག་དཔོན་རིན་ཆེན་བཀྲ་ཤིས་དོན་གྱི་ལྷ། །དམག་དཔོན་རིན་ཆེན་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་རིན་ཆེན་བདུན་དང་། རིན་ཆེན་གྱི་གདུགས་མཛེས་པ་སོགས་རྟགས་བརྒྱད་དེ་རིམ་པ་བཞིན་དུ་ཕྱག་ཏུ་དབུལ། སླར་ཡང་ལྷག་བསམ་རྩེ་གཅིག་པས་བརྟན་བཞུགས་ཀྱི་གསོལ་བ་ནན་ཏན་དུ་གདབ། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་པའི་ཚིགས་བཅད་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་མེ་ཏོག་སིལ་མ་འཐོར་བ་དང་བཅས་པས་བདེ་ལེགས་སུ་བྱའོ། །དེ་ནས་ལྷག་མ་དང་ཆད་ཐོ་བརྟན་སྐྱོང་སོགས་རྗེས་ཀྱི་བྱ་བ་རྣམས་ལས་བྱང་བཞིན་དུ་བྱའོ། །ཞེས་པ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་ཆོག་དང་འབྲེལ་བར་བརྟན་བཞུགས་འབུལ་ཚུལ་གྱི་ཆོ་ག་སྙིང་པོར་བསྡུས་པ་འདི་ནི་དཔལ་རི་ཐེག་ཆེན་གླིང་གི་འདུས་པའི་སྡེས་གསུང་གིས་བསྐུལ་ངོར་སྨྱོས་བཙུན་རྣམ་པར་རྒྱལ་བས་་་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ།བྲིས་པའོ།། །། ༈ བཀྲ་ཤིས་རྫས་བརྒྱད་ཀྱི་གཟུགས་བསང་སྦྱང་། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད་དང་། རིན་ཆེན་སྣ་བདུན། ༼རྟགས་མཆོག་བརྒྱད་རྣམས།༽ དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་དང་། ཕྲིན་ལས་དང་། དཔལ་འབྱོར་ཐམས་ཅད་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ། ཨོཾ་མངྒ་ལ་ཨཥྚ་དྲ་བྱ། སཔྟ་རཏྣ། ༼ཨཥྚ་མངྒ་ལ་༽ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབས་ནས། གཟུགས་རེ་རེ་བཞིན་དུ་ཐོགས་ནས་འབུལ་བའི་ཚུལ་དང་བཅས་ཏེ།་་་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་ལས་སོ། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རྡོ་རྗེ་སློབ་དཔོན་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་ཆེད་དུ་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས༴ དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ་ཕུལ་བས༴ གི་ཝཾ་དུག་གསུམ༴ ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས༴ ཞོ་ནི་ཀུན་གྱི༴ བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦཱ་ཕུལ་བས༴ དཱུརྦཱས་ཚེ་ནི༴ ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བས༴ བིལྦ་རྒྱུ་རྐྱེན༴ ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས༴ དུང་ནི་ཆོས་ཀྱི༴ སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས༴ ལི་ཁྲི་དམར་པོ༴ གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས༴ ཡུངས་དཀར་རྡོ་རྗེའི༴ ཅེས་རྫས་བརྒྱད་དང་སྣ་བདུན་སོགས་འབུལ་ལོ། །མངྒ་ལཾ།། །།
དཀྱིལ་འཁོར་འགྲེལ་ཆུང་གསེར་གྱི་ཡང་ཞུན་ (Volume 40, Text 47)
ྈ དཀྱིལ་འཁོར་འགྲེལ་ཆུང་གསེར་གྱི་ཡང་ཞུན་བཞུགས་སོ༔ དཔལ་གྱི་འབྱུང་གནས་དཔལ་དང་ལྡན་པའི་སྐུ༔ ཐམས་ཅད་མཁྱེན་པའི་རྡོ་རྗེ་སློབ་དཔོན་ལ༔ བདག་ཅག་རྨོངས་པས་ཡང་དང་ཡང་ཞུས་པ༔ མི་ཤེས་འཁྲུལ་པའི་དྲ་བས་སེམས་ལ་ཁྱབ༔ ཐུགས་དང་མ་འགལ་དགོངས་པའི་བར་མ་གཅད༔ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་པ་ལ༔ ཆོ་ག་ཞིབ་མོའི་རིག་པ་མ་བསྒོམས་ཀྱང༔ ལྷ་ཡི་གཟུགས་སྐུ་ཉིད་ལ་བརྟེན་བགྱིད་ནས༔ གཅིག་ཆར་འཇུག་པས་གྲོལ་བར་འགྱུར་ལགས་སམ༔ ཨོ་རྒྱན་གྱི་མཁན་པོས་བཀའ་བསྩལ་པ༔ དཔག་མེད་ཐོག་མཐའ་མེད་པའི་འཁོར་བ་འདིར༔ རྣམ་རྟོག་དཔག་ཡས་ལས་དང་ཉོན་མོངས་ཀྱི༔ བག་ཆགས་མང་པོ་རྒྱུད་ལ་བསགས་གྱུར་པ༔ དེ་དག་རིམ་གྱིས་སྦྱང་བར་བྱ་དགོས་ཏེ༔ བཙོ་བླག་མཁན་གྱིས་རས་དག་འཁྲུད་པ་བཞིན༔ འདག་ཆལ་དུ་མས་ཡང་ཡང་བཀྲུས་གྱུར་ན༔ ཚོན་རྣམས་ཀུན་གྱིས་བསྒྱུར་དུ་བཏུབ་པ་བཞིན༔ ཐོག་མར་དབེན་པར་སྒྲུབ་པའི་གནས་བཅས་ན༔ དང་པོའི་ལས་ཅན་སེམས་འདི་ལས་སུ་རུང༔ དེ་ནས་དུར་ཁྲོད་གནས་སུ་བསྒྲུབ་པས་ནི༔ འཚོ་བ་རྙེད་སླ་སྐྱོ་བ་སྐྱེ་བ་དང༔ འཇིགས་པས་བརྩོན་འགྲུས་རྩོམ་པར་འགྱུར་བ་དང༔ སྐྱེ་བོས་དབེན་ཞིང་མཁའ་འགྲོས་བྱིན་གྱིས་བརླབ༔ ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་ན༔ གཙང་རྨེའི་རྟོག་པ་བཅོམ་ཕྱིར་དག་པས་སྐྱོབ༔ ཡི་དྭགས་གནོད་བྱེད་ཕྲ་མོས་མི་ཚུགས་ལ༔ རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ༔ གསང་བའི་ཡུམ་དང་རོལ་པའི་ཡོན་ཏན་ནི༔ ཉམས་མྱོང་སྐྱེ་ཞིང་སེམས་འདི་ལས་སུ་རུང༔ དམ་རྫས་རྙེད་སླ་ཡིད་མཐུན་གྲོགས་དང་ལྡན༔ སྐུ་གཟུགས་གླེགས་བམ་མཆོད་རྟེན་དམ་པ་དང༔ བླ་རེ་དར་གྱི་ལྡ་ལྡིས་གནས་བརྒྱན་ན༔ འདུག་སར་ཉམས་དགའ་ལྷས་ཀྱང་བྱིན་གྱིས་རློབ༔ སྒྲུབ་པའི་གནས་དེར་བྱིན་རླབས་ལྡན་པར་འགྱུར༔ མཎྜལ་མེ་ཏོག་གཅལ་བཀྲམ་མཆོད་པའི་ཚོགས་བཤམས་ན༔ སྨོན་ལམ་སྟོབས་ཀྱིས་རྒྱལ་བའི་ཐུགས་རྗེ་འཇུག༔ བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་འདིས༔ ལུས་དང་སེམས་བདེ་ཏིང་འཛིན་སྐྱེ་བར་འགྱུར༔ སྔོན་གྱི་བསྐལ་པ་དང་པོ་ལྷ་ཡི་བུ༔ ཚེ་དང་བསོད་ནམས་ཟད་པས་འཛམ་གླིང་དུ༔ ལྷུང་ནས་གཅིག་པུར་གནས་པའི་རྣམ་རྟོག་སྦྱོང༔ བསོད་ནམས་ཚོགས་ལ་འཇུག་པའི་ཡོན་ཏན་ནི༔ འཁོར་བར་བསགས་པའི་སྡིག་པ་སྦྱོང་བ་དང༔ འབྲས་བུ་ཐོབ་ནས་སེམས་ཅན་དོན་རྣམས་འགྲུབ༔ ཡེ་ཤེས་ཚོགས་ལ་ཞུགས་པའི་ཡོན་ཏན་གྱིས༔ ཤེས་བྱའི་སྒྲིབ་པ་དག་པར་གྱུར་ནས་ཀྱང༔ བདག་དོན་ཕུན་ཚོགས་ཆོས་སྐུ་ཐོབ་པར་འགྱུར༔ རྡོ་རྗེའི་ར་གུར་བསྒོམ་པའི་ཡོན་ཏན་ནི༔ བར་ཆད་སྲུང་དང་སེམས་བརྟན་འགྱུར་བ་དང༔ སྤྲུལ་སྐུའི་ཞིང་ཁམས་སྦྱོང་བའི་ཐབས་ཡིན་ཏེ༔ ལྷས་བྱིན་ལ་སོགས་བདུད་ཀྱིས་མི་ཚུགས་སོ༔ འབྱུང་བ་རིམ་བརྩེགས་བསྒོམ་པའི་དགོས་པ་ནི༔ སྣོད་ཀྱི་འཇིག་རྟེན་ཞེན་ཆགས་དག་པ་དང༔ ས་ལ་སོགས་པའི་འབྱུང་ཆེན་བཞི་པོ་འདི༔ སྤྱན་མ་ལ་སོགས་ཡུམ་བཞིར་ཤེས་པ་ཡིས༔ རྟེན་དང་བརྟེན་པ་ལུས་བཅས་བསྐྱེད་པར་ཤེས༔ ཆོས་ཀྱི་འབྱུང་གནས་བསྒོམ་པའི་དགོས་པ་ནི༔ ཐམས་ཅད་སྟོང་ཉིད་ལས་བྱུང་ཤེས་བྱ་ཞིང༔ ཆོས་སྐུའི་ཞིང་ཁམས་སྦྱོང་བའི་ཐབས་ཡིན་ནོ༔ གཞལ་མེད་ཁང་པ་བསྒོམ་པའི་ཡོན་ཏན་ནི༔ ཁང་ཁྱིམ་གནས་ཀྱི་རྣམ་རྟོག་དག་གྱུར་ནས༔ ལྷ་ཡི་གཞལ་མེད་ཁང་པ་ཐོབ་འགྱུར་ཏེ༔ ལོངས་སྐུའི་ཞིང་ཁམས་སྦྱོང་བའི་ཡེ་ཤེས་ཡིན༔ ཉི་ཟླ་པདྨའི་གདན་སྟེང་ས་བོན་ནི༔ མ་ཡི་མངལ་དུ་ཁུ་བ་ཁྲག་ཏུ་ཞི༔ བར་དོའི་ཤེས་པ་འདྲེས་པའི་དུས་སུ་ནི༔ ཐ་མལ་ལུས་ཀྱི་རྣམ་རྟོག་གྱུར་དེ་སྦྱོང༔ ལ་ལར་བདུད་ཀྱི་གདན་དག་ཡོད་པ་ནི༔ བདུད་དང་བགེགས་རྣམས་ཟིལ་གྱིས་གནོན་པའི་བརྡ༔ བརྫུས་སྐྱེས་ལ་སོགས་སྐྱེད་ཚུལ་བཞི་པོ་འདིས༔ སྐྱེ་བ་རྣམ་བཞིའི་རྣམ་རྟོག་སྦྱོང་བ་ཡིན༔ བདག་ཉིད་ལྷ་ཡི་སྐུར་ནི་གསལ་གྱུར་ན༔ ཐ་མལ་ལུས་ཀྱི་རྣམ་རྟོག་དག་གྱུར་ཏེ༔ སྦྱོར་བའི་ལམ་དང་ཁྱད་པར་མེད་པ་ཡིན༔ འཁོར་གྱི་དཀྱིལ་འཁོར་བསྒོམ་པའི་ཡོན་ཏན་ནི༔ ཐ་མལ་འཁོར་གྱི་རྣམ་རྟོག་དག་གྱུར་ནས༔ སངས་རྒྱས་ཞིང་དུ་དག་པའི་འཁོར་དང་ལྡན༔ ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་སྤྱན་དྲངས་ནས༔ བདག་དང་གཉིས་མེད་བསྲེ་བའི་ཡོན་ཏན་ནི༔ ལྷ་ཡི་བྱིན་རླབས་བདག་ལ་འཇུག་པ་དང༔ བཟང་ངན་དང་ནི་ཐ་དད་རྣམ་རྟོག་འཇོམས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི༔ སེམས་ཉིད་ཡེ་ཤེས་ཡིན་པར་བསྟན་པ་ཡིན༔ ཏིང་འཛིན་སེམས་དཔའ་བསྒོམ་པའི་དགོས་པ་ནི༔ ཀུན་གཞིའི་བག་ཆགས་རྣམ་པར་དག་གྱུར་ནས༔ གཞན་དོན་འབད་པ་མེད་པར་འགྲུབ་པ་ཡི༔ སྤྲོ་བསྡུ་རྣམས་ཀྱང་ཏིང་འཛིན་སེམས་དཔས་བྱེད༔ ཐུགས་ཀར་སྔགས་ཀྱི་ཕྲེང་བ་བཀོད་པས་ནི༔ ཕྲིན་ལས་ཐ་དག་གསུང་གིས་བྱེད་པར་སྟོན༔ སྐུ་གསུང་ཐུགས་ལ་བྱིན་རླབས་ཨོཾ་ཨཱཿཧཱུྃ༔ ལུས་ངག་ཡིད་ཀྱི་རྣམ་རྟོག་དག་གྱུར་ནས༔ སངས་རྒྱས་རྣམས་དང་སྐུ་གསུང་ཐུགས་མཉམ་འགྱུར༔ སྐྱེ་མཆེད་བྱིན་རླབས་བྱས་པའི་ཡོན་ཏན་ནི༔ རྣམ་རྟོག་མིག་ལ་སོགས་པ་སྦྱོང་བ་ཡིས༔ མངོན་ཤེས་དྲུག་པོ་ཐོགས་པ་མེད་པར་སྐྱེ༔ ལྷ་ལ་དབང་བསྐུར་བླང་བའི་བྱིན་རླབས་ཀྱིས༔ ཉམས་ཆག་སྐོང་ཞིང་བྱིན་རླབས་འཇུག་པ་དང༔ མྱུར་དུ་ནུས་པ་སྐྱེ་བའི་ཡན་ལག་ཡིན༔ རིགས་ཀྱི་བདག་པོས་དབུ་ལ་བརྒྱན་པ་ནི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྡན༔ ལྷ་གཅིག་བསྒོམ་ཀྱང་རིགས་ལྔ་རྫོགས་པར་ལྡན༔ རིགས་ལྔའི་ཡོན་ཏན་ཐམས་ཅད་ངང་གིས་འགྲུབ༔ མཆོད་བསྟོད་བདུད་རྩི་མྱང་བའི་དགོས་པ་ནི༔ འཇིག་རྟེན་ཆོས་བརྒྱད་དག་ལ་མི་ཆགས་ནས༔ ཐ་མལ་ཟས་ཀྱི་ཞེན་པ་སྤངས་ནས་ཀྱང༔ ཏིང་འཛིན་ཟས་ལ་རྒྱུན་དུ་ལོངས་སྤྱོད་དོ༔ མནྟྲ་ཛཔ྄་ཀྱི་ཡོན་ཏན་བསྟན་པ་ནི༔ རྫུན་དང་ཚིག་རྩུབ་ལ་སོགས་ངག་གི་སྐྱོན༔ དག་པར་གྱུར་ནས་ཞི་དང་རྒྱས་ལ་སོགས༔ དངོས་གྲུབ་ཕྲ་མོ་བཞི་དང་བུམ་པ་བཟང༔ ནམ་མཁར་འགྲོ་སོགས་གྲུབ་ཆེན་བརྒྱད་པོ་སྩོལ༔ ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བས་ནི༔ ལྷ་ལ་བརྙས་པ་སྤང་ཞིང་རང་སེམས་སྦྱོང༔ ལྷག་ཆད་བཟོད་པར་གསོལ་བའི་དགོས་པ་ནི༔ སེམས་ཅན་ཡིན་པས་བརྗེད་ངས་ལེ་ལོ་ཡིས༔ གསང་སྔགས་ཆོ་ག་ཉམས་ན་སྐྱོན་བཅས་པས༔ མཁའ་འགྲོ་ཤུགས་འགྲོའི་ཆད་པ་སྤང་ཕྱིར་ཡིན༔ ཐུན་མཚམས་གཏོར་མ་རྒྱ་ཆེན་བཏང་གྱུར་ན༔ ཚེ་རབས་སྤྱད་པའི་བུ་ལོན་འཁོར་བ་དང༔ བར་ཆད་སེལ་ཞིང་སྲུང་མ་དམ་ཚིག་ཅན༔ རྣམས་ཀྱིས་ལུས་དང་གྲིབ་མ་ཅི་བཞིན་དུ༔ སྲུང་བར་བྱེད་ཅིང་ལས་རྣམས་ཅི་བཞིན་སྒྲུབ༔ དེ་ཡང་གསང་སྔགས་ལམ་ལ་འཇུག་འདོད་ན༔ རྒྱུད་ཀྱི་ལུང་དང་བླ་མའི་བཀའ་བཞིན་དུ༔ རིམ་གྱིས་བསྒྲུབ་ན་དངོས་གྲུབ་ཐམས་ཅད་འགྲུབ༔ ལྷ་དང་རྡོ་རྗེ་སློབ་དཔོན་གཉིས༔ བྱེ་བྲག་དབྱེ་བར་མི་བྱ་སྟེ༔ རྡོ་རྗེ་སྤུན་ལ་བརྙས་མི་བྱ༔ ཡི་དམ་ལྷ་དང་བླ་མ་གཉིས༔ བཟང་དང་ངན་པར་རྟོག་གྱུར་ན༔ སངས་རྒྱས་ཀུན་གྱི་ཐུགས་དཀྲུགས་པས༔ བསྐལ་པ་བརྒྱར་ཡང་མི་འགྲུབ་ལ༔ བསྐལ་པར་རྡོ་རྗེའི་དམྱལ་བར་ལྟུང༔ སྔགས་དང་ཕྱག་རྒྱ་རྒྱུན་ཆད་ན༔ དུས་གསུམ་རྒྱལ་བའི་བཀའ་བཅགས་པས༔ དངོས་གྲུབ་མེད་ཅིང་དམྱལ་བར་ལྟུང༔ གསང་བ་གཞན་དུ་སྤེལ་གྱུར་ན༔ གསང་སྔགས་དམ་པའི་མཚངས་བྲུས་པས༔ མཁའ་འགྲོའི་ཆད་པ་ནད་རྣམས་འོང༔ དེ་ནས་ལྕེ་ལ་ཞིང་རྨོ་སྟེ༔ ཐར་པའི་དུས་མེད་དམྱལ་ལྟུང་གནས༔ ལེགས་ཉེས་སྟོབས་ཆེན་འདི་ཤེས་ནས༔ འབད་པས་ཚུལ་བཞིན་སྒྲུབ་པར་གྱིས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མཆིམས་ཕུའི་དཀོར་ཁང་དུ༔ ཁྲི་སྲོང་ལྡེའུ་བཙན་དང༔ རྨ་ཨ་ཙརྱ་རིན་ཆེན་མཆོག་ལ་གནང་བ༔ མན་ངག་གསེར་གྱི་ཡང་ཞུན་རྫོགས་སོ༔་་་་འདི་རཏྣ་གླིང་པའི་གཏེར་ཕྲན་སྐོར་ཡིན་པར་གསུང་ཡོད། མཆན།
རྩ་གསུམ་དགོངས་འདུས་གསོལ་འདེབས་ (Volume 10, Text 47)
ཨེ་མ་ཧོ༔ འོད་གསལ་སྙིང་པོ་སྤྲོས་པ་ཀུན་དང་བྲལ༔ གཞོན་ནུ་བུམ་པའི་ཡེ་ཤེས་མཁའ་ཁྱབ་འཕྲོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ གནས་ལུགས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཀློང༔ རིག་འཛིན་རྩལ་འཆང་བྱིན་རླབས་སྤྲིན་ཕུང་འཕྲོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ བསྐྱེད་རྫོགས་དགོངས་པ་རྟོགས་པར་བྱིན་གྱིས་རློབས༔ རྒྱུད་ལུང་མན་ངག་ཟབ་མོའི་སྨིན་གྲོལ་གྱིས༔ སྐལ་ལྡན་འགྲོ་རྣམས་རྗེས་སུ་འཛིན་མཛད་པ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ སྙན་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས༔ གཞན་དོན་ལྷུན་གྲུབ་འབྱུང་བར་བྱིན་གྱིས་རློབས༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོའི་བདག༔ ཡོན་ཏན་མཉམ་མེད་ཐུགས་རྗེའི་གཏེར་ཆེན་པོ༔ དུས་གསུམ་སྐྱབས་གནས་ཐམས་ཅད་འདུས་པའི་སྐུ༔ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས༔ ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ ཐུགས་རྗེས་གཟིགས་ཤིག་བརྒྱུད་ལྡན་བླ་མའི་ཚོགས༔ བྱིན་གྱིས་རློབས་ཤིག་རྗེ་བཙུན་གུ་རུ་མཁྱེན༔ བྱང་ཆུབ་བར་དུ་དགོངས་པས་བཟུང་དུ་གསོལ༔ སྒྲིབ་བཞིའི་བག་ཆགས་དག་པར་བྱིན་གྱིས་རློབས༔ དབང་བཞིའི་ཡེ་ཤེས་སྨིན་པར་བྱིན་གྱིས་རློབས༔ ལམ་བཞིའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས༔ སྐུ་བཞིའི་འབྲས་བུ་ཐོབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་གསོལ་འདེབས་འདིའང་ཕྲིན་ལས་ཆེ་བའི་ནང་ནས་ཁོལ་དུ་ཕྱུངས་པའོ།། །།
བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་བྱིན་རླབས་དབང་ཆོག་སྙིང་པོ་བསྡུས་པ་ (Volume 47, Text 47)
༄༅། །བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་བྱིན་རླབས་དབང་ཆོག་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདེ་གཤེགས་གཙུག་ཏོར་ལས་བྱུང་ཁྲོ་བོའི་རྒྱལ། །ཕས་རྒོལ་སྦྱོར་ངན་རིག་སྔགས་ཕུང་བཤིགས་སོགས། །ཟློག་བྱེད་རྡོ་རྗེ་གཙུག་ཏོར་ལ་བཏུད་ནས། །བྱིན་རླབས་དབང་གི་རིམ་པ་འདིར་གསལ་བྱ། །དེ་ཡང་བྱད་འགྲོལ་གསེར་གྱི་ལྡེའུ་མིག་ཉམས་སུ་ལེན་པའི་གང་ཟག་ལ་བྱིན་རླབས་དབང་གི་ཆོ་ག་ནི། དང་པོ་ཡིད་དང་མཐུན་པའི་གནས་སུ། གནས་ཁང་གད་བརྡར་སོགས་ལེགས་པར་བྱས་པའི་དབུས་སུ་སྟེགས་བུ་ཁེབས་ལྡན་གྱི་ཁར། འབྲུ་ཚོམ་བཀོད་པའི་སྟེང་དུ་བུམ་པ་མགུལ་ཆིངས་དཀར་པོས་སྤྲས་པའི་ནང་དུ་གཙང་པོའི་ཆུ་ལ་སྦྱར་བའི་བུམ་རྫས་སྤྱི་དང་བྱེ་བྲག་གིས་སུམ་གཉིས་བཀང་བའི་ཁར་གཟུངས་ཐག་སོགས་ཀྱིས་བརྒྱན་པ་བཀོད། མདུན་དུ་གཟུངས་རིང་ཐུང་གི་གླེགས་བམ་མམ་སྔགས་བྱང་བགྲང་ཕྲེང་བཅས་དང་། གནམ་ལྕགས་སམ་གྲི་ལྕགས་ཀྱི་རལ་གྲི་དར་ནག་བཏགས་པ་རྣམས་བཀོད། མདུན་དུ་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་སྦྲེང་ཚར་རམ་བསྐོར་བཤམ་བྱ། སློབ་དཔོན་གྱི་མདུན་དུ། ལས་བུམ། དུང་ཆོས། བགེགས་གཏོར། ཡུངས་ཐུན། གུ་གུལ། རྡོར་དྲིལ། ཌཱ་མ་རུ་སོགས་མཁོ་བའི་ཡོ་བྱད་རྣམས་ཚང་བར་འདུ་བྱ། དེ་ནས་སྒྲུབ་ཐབས་སྙིང་པོ་གསལ་བ་ལྟར་བདག་མདུན་བུམ་པ་སྒྲུབ་པ་སོགས་སྔོན་དུ་འགྲོ་བས། སློབ་མ་རྣམས་ལ་ཁྲུས་དང་། བགེགས་གཏོར་གཏང་བ། སྲུང་བའི་འཁོར་ལོའི་གོ་བགོ་བ་སོགས་སོང་ནས། ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། དེ་ཡང་འདི་ཉིད་ཀྱི་ལོ་རྒྱུས་ནི། སྔོན་རྒྱ་གར་གྱི་ཡུལ་དུ་ལས་ཀྱི་མཁའ་འགྲོ་མས་མཛད་དེ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་མཆོད་རྟེན་སྔོན་པོའི་ཁྲི་འཕང་ལ་སྦས་པ། སློབ་དཔོན་ཁྲག་འཐུང་ནག་པོས་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པའི་ཚེ། མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་གདན་གྱི་བྱང་ཕྱོགས་མཆོད་རྟེན་སྔོན་པོའི་ཁྲི་འཕང་ལ་གསང་སྔགས་ཀྱི་ནུས་པ་ཉམས་པ་གསོ་བ། ངན་སྔགས་མཁན་རྣམས་ཀྱི་ནུས་པ་མེད་པར་བྱེད་པ། རང་གི་ནུས་པ་ཐམས་ཅད་མཆོག་ཏུ་སྐྱེད་པའི་གདམས་པ་ཡོད་དོ་ཞེས་ལུང་བསྟན་ཏེ། དེར་སློབ་དཔོན་གྱིས་མཁའ་འགྲོ་མ་རྣམས་ལ་གཏོར་མ་ཕུལ་ནས། མཆོད་རྟེན་གྱི་ཁྲི་འཕང་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་སྤྱན་དྲངས་པའི་ལྟེ་བར་སྔགས་དང་མན་ངག་གི་ནུས་པ་ཐམས་ཅད་མཆོག་ཏུ་སྐྱེད་པའི་གདམས་པ་འདི་བྱུང་། དེས་གནུབས་བན་སངས་རྒྱས་ཡེ་ཤེས་ལ་གནང་། དེ་ནས་རིམ་པར་དྲིན་ཆེན་རྩ་བའི་བླ་མ་དམ་པའི་བར་དུ་བྱོན་པ་ནི་བརྒྱུད་པ་གང་ནས་བྱུང་བའི་ལོ་རྒྱུས་སོ། །བརྒྱུད་པ་དེ་ལྡན་གྱི་གདམས་པ་དེ་ཉིད་ཀྱིས་སྣོད་རུང་བྱིན་རླབས་དབང་བསྐུར་བྱ་བ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས་སློབ་དཔོན་གྱི་བྱ་བ་རྣམས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་ལྟར་ཆད་ལྷག་མེད་པ་སྔོན་དུ་སོང་། ད་སློབ་མའི་བྱ་བ་སློབ་དཔོན་ཉིད་རྡོ་རྗེ་གཙུག་ཏོར་ཁྲོ་བོའི་རྒྱལ་པོར་གསལ་བའི་སྤྱན་སྔར་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། བརྗོད་ལ་མཎྜལ་འབུལ། དེ་ལྟར་མཎྜལ་འབུལ་བའི་རིམ་པ་སོང་ནས་རྒྱུད་དག་པར་བྱ་བའི་ཕྱིར་མདུན་གྱི་ནམ་མཁར་ཁྲོ་བོའི་རྒྱལ་པོ་ལ་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པས་བསྐོར་བའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་འདི་བཞིན་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ་བྱ། དེ་ནས་དངོས་གཞིའི་ཐོག་མར་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་འདུན་འདི་ལྟར་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བྱུང་སློབ་མའི་ལུས་སོགས་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་། །སློབ་མ་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཅན། །དབུ་སྟོང་རྩ་ཞལ་སོགས་སྒྲུབ་ཐབས་བཞིན་ལས། དེ་ལྟར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་པ། ཁྱེད་རང་ལུས་ལ་ཐིམ་པས་བྱིན་བརླབས་གྱུར། །ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་སོགས། ཨོཾ་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ སྦྱར་སྤོས་སོགས་བདུག་ཅིང་རོལ་མོར་བཅས་པས་འབེབས། ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་རྡོ་རྗེ་སྤྱི་བོར་འཇོག་ཅིང་བརྟན་པར་བྱ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །ལན་གསུམ། བུམ་པ་རྡོ་རྗེའི་ཕོ་བྲང་རབ་ཏུ་འབར་བའི་དབུས་སུ་འཇིགས་བྱེད་ཆེན་པོ་རྡོ་རྗེ་གཙུག་ཏོར་དངོས་སུ་བཞུགས་པའི་སྐུ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བས་སྡིག་སྒྲིབ་བྱད་ཕུར་རྦོད་གཏོང་གི་ཉེས་སྐྱོན་དྲི་མ་མཐའ་དག་བཀྲུས། ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྐུའི་བྱིན་རླབས་རྒྱུད་ལ་ཞུགས། སྟོབས་རྩལ་གཟི་བརྗིད་འགྲན་ཟླ་དང་བྲལ་བར་སྒོམས་ཤིག །བུམ་པ་སློབ་མའི་སྤྱི་བོར་འཇོག་ཅིང་བུམ་ཆུ་བླུད་ལ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་རོལ་ལས། །རིག་སྔགས་དམོད་པ་ཕྱིར་ཟློག་དྲག་པོའི་ལྷར། །རྣམ་རོལ་རྡོ་རྗེ་ཁྲག་འཐུང་གཙུག་ཏོར་ཅན། །འཇིགས་བྱེད་ཆེན་པོའི་སྐུ་ཡི་དབང་བསྐུར་རོ། །ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཤུདྡྷེ་བི་ཤུདྡྷེ། བྷཻ་ར་བྷཻ་ར། བཛྲ་དྷཱ་ར་ནི། བྷནྡྷ་བྷནྡྷ་ནི། བཛྲ་པཱ་ཎི་ཕཊ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེས་སྐུའི་དབང་དང་བྱིན་རླབས་ཐོབ། ལུས་ལྷ་སྐུར་བསྒོམ་པ་ལ་དབང་། རྡོ་རྗེའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་གའི་མཐར་འཁོད་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས། མཐུ་སྟོབས་ནུས་པ་བསྐལ་མེ་ལྟར་འབར་བར་སྒོམས་ཤིག །ཕྲེང་བ་གཏད་ཅིང་རྩ་སྔགས་དང་། སྐུ་གསུང་ཐུགས་ཀྱི་བྱད་འགྲོལ། དེའི་ཡང་སྙིང་རྗེས་ཟློས་ལན་གསུམ་བྱར་གཞུག །གླེགས་བམ་སྔགས་བྱང་མགྲིན་པར་བཞག་པས་ནུས་མཐུ་བརྟན་པར་བྱས་པའི་མོས་པ་མཛོད་བྱས་ལ་གླེགས་བམ་གཏད་ཅིང་སྔགས་བྱང་མགྲིན་པར་བཞག་སྟེ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་རོལ་ལས། །རིག་སྔགས་དམོད་པ་ཕྱིར་ཟློག་དྲག་པོའི་ལྷར། །རྣམ་རོལ་རྡོ་རྗེ་ཁྲག་འཐུང་གཙུག་ཏོར་ཅན། །འཇིགས་བྱེད་ཆེན་པོའི་གསུང་གི་དབང་བསྐུར་རོ། །ཨོཾ་ཨ་ན་ལེ་སོགས་གོང་ལྟར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གི་དབང་དང་བྱིན་རླབས་ཐོབ། ངག་སྔགས་བཟླ་བ་ལ་དབང་། རྡོ་རྗེའི་གསུང་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རང་བྱུང་ཡེ་ཤེས་ཕྱག་མཚན་རལ་གྲི་འབར་བའི་རྣམ་པར་བྱོན། ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། རིག་སྟོང་འོད་གསལ་ཆེན་པོའི་དགོངས་པ་མངོན་དུ་གྱུར་པར་མོས་ཤིག །ཕྱག་མཚན་སློབ་བུའི་སྙིང་གར་གཏུགས་ལ་ལག་པར་གཏད་ཅིང་། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་རོལ་ལས། །རིག་སྔགས་དམོད་པ་ཕྱིར་ཟློག་དྲག་པོའི་ལྷར། །རྣམ་རོལ་རྡོ་རྗེ་ཁྲག་འཐུང་གཙུག་ཏོར་ཅན། །འཇིགས་བྱེད་ཆེན་པོའི་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་ན་ལེ་སོགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། རྡོ་རྗེའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེང་ཕྱིན་ཆད་རང་དོན་བསྙེན་སྒྲུབ་དང་གཞན་དོན་ལས་སྦྱོར་གྱི་རིམ་པ་ལ་བརྩོན་པར་གྱིས་ཤིག །དེ་ལྟར་དབང་བསྐུར་པས་སློབ་མའི་སྒོ་གསུམ་རྡོ་རྗེ་གཙུག་ཏོར་ཁྲོ་བོའི་རྒྱལ་པོའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར་པ་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་རབ་ཏུ་གནས་ཤིང་བཀྲ་ཤིས་པའི་ཆེད་དུ་མེ་ཏོག་ཆར་དུ་བསྙིལ་བའི་མོས་པ་མཛོད། ཅེས་བཀྲ་ཤིས་པའི་ཚིགས་བཅད་མང་དུ་བརྗོད་ཅིང་དགེ་བར་བྱའོ། །རྗེས་ཀྱི་དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱ། མདུན་བསྐྱེད་ལ་དམིགས་ཏེ་མཆོད་བསྟོད། ནོངས་བཤགས། གཤེགས་བསྡུ་སོགས་འོས་བསྟུན་དང་། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དབང་ཆེན་རྣམས་ལས་ཁོལ་ཕྱུང་བྱིན་རླབས་འདིས། །ཉམས་ལེན་འདོད་རྣམས་སྣོད་རུང་བྱེད་པའི་ཕྱིར། །གསལ་བར་ཕྱེས་པའི་དགེ་བས་ཆོས་ལྡན་འགྲོ །བྱད་གདོན་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །ཅེས་པའང་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་ངེས་པའི་ཡིག་ཆ་ཤིན་ཏུ་བསྡུས་ཤིང་བཀའ་འབུམ་དུ་མ་ཆུད་པས་ལུང་རྒྱུན་མ་བཞུགས་སྟབས། ཉེར་མཁོའི་སླད་དུ་པདྨ་གར་དབང་བསྟན་གཉིས་གླིང་པས་གསལ་བར་བསྡེབས་པ་དགེ་ལེགས་འཕེལ།། །།
སྔོན་ཆིངས་ (Volume 53, Text 47)
སྔོན་ཆིངས་ནི། ང་རྒྱལ་བྱ་བ། ཧཱུྃ། ཨྱཻ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལས། །རྒྱུ་རྐྱེན་སྔགས་ལས་མ་བསྐྱེད་པར། །རོལ་པ་ཆེན་པོའི་སྐུ་རུ་གསལ། །ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། སྔོན་གཏོར་ནི། གཏོར་མ་དཀར་དམར་གཉིས་བཤམས་ལ་བྱིན་གྱིས་བརླབ། ཨོཾ་བཛྲ་ཨཱ་ཀརྵཱ་ཡ་ཛཿས་གཏོར་མགྲོན་རྣམས་དགུག །དང་པོ་ནི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཕྱོགས་སྐྱོང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །འཇམ་དཔལ་གཤིན་རྗེའི་གཤེད་བསྙེན་ཅིང་སྒྲུབ་པའི་འགལ་རྐྱེན་སོལ་མཐུན་རྐྱེན་སྒྲུབས་ཤིག །གཉིས་པ་ནི། བགེགས་ཚོགས་ལོག་འདྲེན་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་དང་། བཀའ་བསྒོ་བ་ནི། ཧཱུྃ༔ ས་ཕྱོགས་འདིར་གནས་བགེགས་དང་འབྱུང་པོའི་ཚོགས༔ འདོད་ཡོན་བདུད་རྩིའི་གཏོར་མ་འདི་ལོངས་ལ༔ ཕན་བདེའི་བསམ་པས་རང་རང་གནས་སུ་སོང༔ གལ་ཏེ་མི་འགྲོ་བསམ་སྦྱོར་ངན་པ་ཡིས༔ མི་མཐུན་བར་གཅོད་འབྲས་བུ་འབྱིན་གྱུར་ན༔ བདག་ཉིད་འཇམ་དཔལ་ཁྲོས་པའི་མཐུ་སྟོབས་ཀྱིས༔ ཁྱོད་རྣམས་བརླག་ཅིང་བསྲེག་པར་གདོན་མི་ཟ༔ དེ་བས་བཀའ་ལས་མ་འདའ་ཕྱིར་དེངས་ཤིག༔ ཨོཾ་མ་ཧཱ་ཀྲོ་དྷ་སརྦ་བྷཱུ་ཏ་གཙྪ༔ ཞེས་དང་། སུམྦྷ་ནི་བརྗོད་ཅིང་རོལ་མོའི་སྒྲ་དྲག་པོ་ཡང་བྱའོ། །མཚམས་གཅོད་སྲུང་འཁོར་ནི། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས༔ ཕྱོགས་མཚམས་འཁོར་ལོ་རྩིབས་བཅུ་འབར༔ རྩིབས་སྟེང་དཔལ་ཆེན་ཁྲོ་བོ་བཅུ༔ སྲུང་ཟློག་ཕྲིན་ལས་མཛད་པའི་ཕྱིར༔ སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་འགྱེད༔ དེའི་ཕྱིར་རྣོ་དབལ་མཚོན་ཆའི་གུར༔ སྲ་བརྟན་མི་ཤིགས་ར་བས་བསྐོར༔ ཡེ་ཤེས་མེ་ལྕེ་ཀུན་ཏུ་འབར༔ བགེགས་དང་འབྱུང་པོ་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཀྲོ་དྷ་རཀྵ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བྱིན་དབབ་པ་ནི། ཧཱུྃ། ཆོས་དབྱིངས་མཐའ་བྲལ་དྲག་པོའི་ཞིང་ཁམས་ནས། །སྙིང་རྗེས་རབ་ཁྲོས་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་བཅས་སྒྱུ་འཕྲུལ་ཕྱག་རྒྱར་རོལ་པའི་ཚོགས། །མ་ལུས་འདིར་གཤེགས་དབང་སྐུར་བྱིན་ཕོབ་ལ། །མཐུ་རྩལ་ནུས་སྐྱེད་རྟགས་དང་མཚན་མ་སྟོན། །མཆོག་ཐུན་དངོས་གྲུབ་མ་ལུས་དེང་སྩོལ་ཅིག །ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བྱིན་དབབ་བོ། །
བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་སཱཙྪ་ལ་བརྟེན་ནས་ཚེ་སྲིང་བའི་མན་ངག་དང་བཅས་པ་ (Volume 48, Text 47)
༄༅༔ བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་སཱཙྪ་ལ་བརྟེན་ནས་ཚེ་སྲིང་བའི་མན་ངག་དང་བཅས་པ་བཞུགས་སོ༔ ྈྈྈྈ བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ མགོན་པོ་ཚེ་དཔག་མེད་བསྒྲུབ་པར་འདོད་པས༔ སྟོང་པའི་ངང་ལས་རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིའི་བུམ་པ་བསྣམས་པ༔ ཞབས་སྐྱིལ་ཀྲུང་འོད་ཀྱི་རྒྱབ་ཡོལ་ཅན༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ༔ ཐུགས་ཀར་ཟླ་བའི་སྟེང་ན་ཧྲཱིཿལས་འོད་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཚེའི་དངོས་གྲུབ་སྩོལ་བར་བསམ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་བཟླས་པ་ནུས་ཚད་དུ་བྱ་ཞིང་ཚེའི་དངོས་གྲུབ་ཐོབ་པར་བསམ་མོ༔ དེའི་རྗེས་ལ་ལྷ་ཉིད་འོད་དུ་ཞུ་ནས་དམིགས་མེད་གསལ་སྟོང་དུ་བསྒོམ༔ དེ་ལྟར་ཡི་དམ་དུ་བྱས་ན་ཚེ་རིང་ཞིང་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བར་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོམ་ལྡན་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ༔ རྐྱེན་ངན་བར་ཆད་མཐའ་དག་ཞི་བ་དང༔ དུས་མིན་འཆི་བ་ཟློག་པའི་མན་ངག་སཱཙྪ་གདབ་པའི་ཆོ་ག་ནི༔ ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༔ རང་ཉིད་ཚེ་དཔག་མེད་ཀྱི་རྣལ་འབྱོར་དུ་བྱས་ལ་ས་གཙང་མ་བརྐོས་ཏེ་འཇིམ་པ་བྱས་ལ་ཨོཾ་ཨཱཿཧཱུྃ་ཉི་ཤུ་རྩ་གཅིག་བརྗོད་པས་རིན་པོ་ཆེ་སྣ་ལྔར་བྱིན་གྱིས་བརླབས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་སྙིང་པོ་གསེར་རམ་གིའུ་ཝཾ་གུར་གུམ་གྱིས་བྲིས་པ་ནང་དུ་གཞུག༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿབཛྲ་རཏྣ་ཀ་ནི་ཀ་སྭཱ་ཧཱ༔ ཞེས་བརྗོད་ཅིང་བཏབ་པས་ཕྱི་རིན་པོ་ཆེ་སྣ་ལྔའི་མཆོད་རྟེན་ལ༔ ནང་པདྨ་རཱ་གའི་གཞལ་ཡས་ཁང་ན་མགོན་པོ་ཚེ་དཔག་མེད་འཁོར་དང་བཅས་པ་བཞུགས་པར་བསམ་མོ༔ རབ་གནས་ནི༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿབཛྲ་ས་མ་ཡ་ཛ༔ ཞེས་བརྗོད་པས་བདེ་བ་ཅན་གྱི་ཞིང་ཁམས་ནས་ཚེ་དཔག་ཏུ་མེད་པ་བྱོན་ནས་སཱཙྪ་ལ་ཐིམ་པས༔ འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་མཛད་ཅིང་ཇི་སྲིད་འབྱུང་བའི་གནོད་པས་མ་ཞིག་བར་བཞུགས་པར་བསམ་ཞིང༔ ནས་ལ་རྟེན་འབྲེལ་སྙིང་པོ་བཟླས་ཤིང་མེ་ཏོག་གཏོར་ནས་བཀྲ་ཤིས་བརྗོད་དོ༔ མཆོད་པ་རྣམ་པ་ལྔ་དབུལ༔ དེ་ནས་སཱཙྪ་འོ་མི་བརྒྱལ་བའི་སར་བཞུགས་སུ་གསོལ༔ དེ་ལྟར་དུ་བྱས་ན་གནས་སྐབས་སུ་རྐྱེན་དང་བར་ཆད་མཐའ་དག་ཞི་བ་དང༔ མཐར་ཐུག་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས༔ ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ༔ ཚེ་གཟུངས་ལ་ཡི་དམ་བྱའོ༔ ྀཨཚ༔ ཚེ་སྒྲུབ་སཱཙྪ་དང་བཅས་པ༔ མཁོ་མཐིང་ལྷ་ཁང་གི་རྣམ་སྣང་ཕྱག་མཐེབ་ནས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བཏོན་པའོ། །ལས་འཕྲོ་ཅན་དང་འཕྲད་པར་ཤོག །ས་མ་ཡ། ཤུ་བྷཾ།། །།
དམ་ཅན་མགར་བ་ནག་པོའི་ཕྲིན་ལས་རྗེས་གནང་དང་བཅས་པ་དམ་ལྡན་རེ་སྐོང་ (Volume 38, Text 47)
༄༅། །དམ་ཅན་མགར་བ་ནག་པོའི་ཕྲིན་ལས་རྗེས་གནང་དངབཅས་པ་དམ་ལྡན་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ཁྲག་འཐུང་རྟ་མཆོག་རྒྱལ་པོར་འདུད། །དེ་སྤྲུལ་མཐུ་ལྡན་དྲེགས་པའི་གཙོ། །གཏེར་ཁ་བྱེ་བའི་གཉེར་འཛིན་པ། །སྐྱེས་མཆོག་རྡོ་རྗེ་ལེགས་པས་སྐྱོངས། །འདིའི་སྒྲུབ་པའི་ལག་ལེན་གཞན་ནས་ཤེས་དགོས་ལ། ཕྲིན་ལས་དང་རྗེས་གནང་ཙམ་ལ་གོང་དུ་ཡི་དམ་གྱི་མཆོད་གཏོར་བཤམ་པའི་མདུན་དུ་ཟངས་ལྕགས་ཀྱི་སྣོད་དུ་མཁར་ཐབས་སྟེང་གཏོར་མ་ཟུར་གསུམ་ར་མགོས་མཚན་པ། མདུན་དུ་ལྷ་བཤོས་དཀར་པོ། གཡས་སུ་གཤིན་རྗེ་ཁྲོམ་རིས་ཅན། རྒྱབ་ཏུ་བདུད་བཤོས་ནག་པོ། གཡོན་དུ་བཙན་བཤོས་དམར་པོ། འདབས་སུ་ཐོད་པ་སྐམ་རློན་གྱིས་བསྐོར་བ་རྒྱན་ལྡན་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཀོད། དེ་མདུན་མཆོད་གཏོར་གྲུ་གསུམ་དམར་པོ་དང་། ཞི་དྲག་གི་མཆོད་པ་བཤམས་པ་ནི་སྦྱོར་བའོ། །ཕྲིན་ལས་དངོས་ལ་ཐོག་མར་ཕྱག་རྡོར་རམ་རྟ་མགྲིན་དམར་ནག་གང་རུང་གི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས། མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་བིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། ཕྱི་ནང་གསང་བའི་རྟེན་རྫས། རིན་ཆེན། འབྲུ་སྨན། རྩི་བཅུད། ནོར་དབྱིག །གོ་མཚོན། འཕན་གདུགས། རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པ་དྭངས་ཤིང་ཐོགས་པ་མེད་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། རྒྱ་ཆེར་འཕྲོ་ཞིང་ཟད་མི་ཤེས་པ། སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ཐུགས་མཉེས་པར་བྱེད་ཅིང་ཚིམས་པ་སྐྱེད་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡ་ཨཱཿཧཱུྃ། མདུན་རྟེན་བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་ཕ་ཝང་ལོང་བུའི་སྐུ་མཁར། འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་ཆེན་འཁྲིགས་པ་ལས་འབྲུག་གི་སྒྲ་ཆེན་པོ་སྒྲོག་ཅིང་། གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་རོལ་དུ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་རླུང་ནག་འཚུབ་མ་འཁྱིལ་བ། མཐའ་མ་ལྕགས་རི་ནག་པོས་བསྐོར་བའོ། །དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ར་སྐྱེས་ཁམ་པ་རྭ་ལ་དཀར་ཁུང་སུམ་བརྩེགས་དང་ལྡན་པ། དེའི་སྟེང་དུ་ཡི་གེ་ཏྲི་ནག་པོ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཏུ་འདུག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཞལ་ནས་དུག་གི་ཁ་རླངས་འཐུལ་བ། གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས་པ། གཡོན་ན་སྦུད་པ་ནག་པོ་ཐོགས་པ། རྡོ་རྗེ་འཛིན་པ་བདག་གིས་ལས་ཅི་བགྱི་ཞེས་ཟེར་ཞིང་། ཞལ་ནས་སོད་ཅིག་དང་རྒྱོབ་ཅིག་ལ་སོགས་པའི་སྒྲ་སྒྲོག་པ། སྐུ་ལ་དར་ནག་གི་འཇོལ་བེར་གསེར་གྱི་རྡོ་རྗེའི་རི་མོ་ཅན་དགུ་བརྩེགས་གསོལ་བའི་ནང་མ་ལ་གསེར་རྐེད་རིན་ཆེན་སྐ་རགས་སུ་བཅིངས་པ། དེའི་འཁོར་དུ་ལྷ་དང་། གཤིན་རྗེ་དང་། བདུད་དང་། བཙན་གྱི་གིང་ཆེན་སྡེ་བཞི། ལྷའི་དགེ་བསྙན་བརྒྱ་དང་ཉི་ཤུ། བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ །བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། རྡོ་རྗེ་དཔལ་དང་ལྡན་པ་སོགས་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་ཞིང་། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་རྡེབ་ཅིང་། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ །གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པས་བསྐོར་ཞིང་། བདག་གི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པའི་ཐུགས་ཀར་ཏྲི་ནག་པོ། བདག་ཉིད་ཡི་དམ་ལྷའི་ས་བོན་དང་ཏྲི་ལས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་དུ་གནས་པ་རྡོ་རྗེ་རིགས་ཀྱི་སེམས་དཔར་བཞུགས་པ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་བོ་མ་ལ་ཡའི་རྩེ་མོ་ཐོད་པའི་གཞལ་མེད་ཁང་ན་དཔལ་ཕྱག་ན་རྡོ་རྗེའི་འཁོར་དུ་གནས་པ་དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་ན་སྐྱེས་བུ་ཆེན་པོའི་ཚུལ་དུ་གནས་པ་ལས་ཀྱི་རྡོ་རྗེ་ལེགས་པ་སྟེ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས། ཏྲི་བཛྲ་སཱ་དྷུ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿ རྔ་བརྡུང་ཞིང་དབྱངས་དང་བཅས་པས། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག །དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། དམ་ཚིག་དབང་གིས་སྟོང་གསུམ་ཀུན་ཉུལ་ཞིང་། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བོ་རྣམས། །ཐམས་ཅད་དབྱིངས་སུ་སྒྲོལ་བར་མཛད་པ་ཡི། །ནག་པོའི་ཚོགས་དང་བཅས་ཏེ་གཤེགས་སུ་གསོལ། །ཧཱུྃ། དཔལ་ལྡན་སྐྱེས་བུ་ཕྲིན་ལས་མཛད་པའི་ཚེ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས་པ་དང། །ཟ་བྱེད་མཆེ་བ་ཅན་དང་བཅས་པ་རྣམས། །དགྲ་བོའི་ཤ་ཁྲག་གསོལ་ཞིང་ད་ཚུར་བྱོན། །ཧཱུྃ། དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་སྤྲུལ་ནས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བགེགས་རྣམས། །འདུལ་མཛད་སྐྱེས་བུ་ཆེན་པོ་ད་ཚུར་བྱོན། །འཁོར་བའི་སྐྱོན་གྱིས་མ་གོས་སྐུ་མདོག་ནག །ལོག་ལྟ་འདུལ་ཕྱིར་སྐུ་ལ་བེར་ནག་གསོལ། །འགྲོ་དྲུག་དབྱིངས་སུ་སྒྲོལ་ཕྱིར་སྤྱན་རྩ་དམར། །དགྲ་བགེགས་འདུལ་ཕྱིར་སྨིན་མ་ཨག་ཚོམ་སེར། །ཉོན་མོངས་སྲེག་ཕྱིར་ཞལ་ནས་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབས་མ་འཁྱིལ་བ་ཡིས། །འཁོར་བའི་ཉོན་མོངས་ལོག་ལྟ་འཇོམས་པར་བྱེད། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །དེང་འདི་ནས་ནི་སྙིང་པོ་བྱང་ཆུབ་བར། །རྡོ་རྗེ་ལེགས་པ་སྐྱེས་བུ་ཁྱོད་ཉིད་དང་། །མི་འབྲལ་ཕྱིར་ན་གནས་འདིར་གཤེགས་སུ་གསོལ། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཅེས་དང་། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང་། །གྲངས་མེད་ཐོག་མའི་དུས་ནས་སེམས་བསྐྱེད་པ། །སྔོན་ཚེ་དེ་བཞིན་གཤེགས་པས་བྱིན་བརླབས་པ། །ཕྱག་ན་རྡོ་རྗེས་དབང་བསྐུར་དམ་ཚིག་ཅན། །བཛྲ་སཱ་དྷུ་དྲག་པོ་མཐུ་བོ་ཆེ། །སྒྲོལ་བའི་གིང་ཆེན་དུང་གི་ཐོར་ཚུགས་ཅན། །ཤར་ཕྱོགས་ཚངས་པ་དཀར་པོ་སྙིང་འབྱིན་དང་། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་མེ་རུ་ཙེ། །ཡབ་རྗེ་ནག་པོ་སྲོག་བདག་ཀུན་གྱི་རྗེ། །ཡམ་ཤུད་དམར་པོ་བཙན་གྱི་རྗེ་བོ་དང་། །དྲག་པོ་དྲག་མོ་བཙན་གྱི་རྗེ་བོ་རྣམས། །སྲོག་སྙིང་གནད་ནས་སྤྱན་འདྲེན་གཤེགས་སུ་གསོལ། །བཞུགས་གསོལ་ནི། ཧཱུྃ། དཔལ་ལྡན་ཁྲག་འཐུང་བཀའ་ཡི་དཀྱིལ་འཁོར་དུ། །འཁོར་ལོ་འབར་བའི་ཕྱི་རིམ་དུར་ཁྲོད་ལ། །མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་སྟེང་། །ར་སྐྱེས་སེང་གེ་མ་ཧེ་ཁྱུ་མཆོག་དང་། །རྟ་ཡི་རྒྱལ་པོ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱེས་མཆོག་དྲེགས་པའི་གཙོ་བོ་འཇིགས་བྱེད་ཆེ། །ཆོས་སྐྱོང་དྲེགས་བྱེད་འཁོར་དང་བཅས་པ་རྣམས། །ཐུགས་དམ་བསྐང་ཕྱིར་བརྟན་པར་བཞུགས་སུ་གསོལ། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ནི། །སངས་རྒྱས་བསྟན་པ་ཡུན་དུ་བསྲུང་བ་དང་། །འགྲོ་བའི་དོན་དུ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་བཞུགས་སུ་གསོལ། །ཞེས་སྤྱན་དྲངས་དབྱེར་མེད་དུ་བཞུགས་པར་བསམ། གཙོ་འཁོར་རྣམས་ཀྱི་སྤྱི་བོར་ཕྱག་ན་རྡོ་རྗེ་དང་། པདྨ་བཛྲ་བསྒོམ། ལྗགས་ཐོག་ཏུ་བདུད་རྩི་བླུད་ལ། མགོ་བོར་རྡོ་རྗེ་བཞག་པར་མོས་ཤིང་། རྒྱལ་བ་རྣམས་ཀྱིས་ཇི་ལྟར་བཀའ་བསྩལ་ཅིང་། ཁྲོ་རྒྱལ་རྣམས་ཀྱིས་དབང་བསྐུར་དམ་བཞག་པ། །པདྨ་བཛྲས་ཇི་ལྟར་བསྒོས་པ་བཞིན། །རང་གི་ཁས་བླངས་དམ་བཅས་དྲན་པར་མཛོད། །རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོས་སྤྱི་བོར་རྡོ་རྗེ་བཞག །ལྕེ་ལ་བདུད་རྩི་བྱིན་པར་མོས་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝ་ཀ་ཏྲཾ་ཏྲཾ། ཤི་ནི་ཀྲ་མ་ནི། ས་མ་ཡ་སཱ་དྷུ། ཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ། མཆོད་པ་ནི། ཧཱུྃ། དྲེགས་བྱེད་ཁྱོད་རྣམས་མཆོད་པའི་དམ་རྫས་ནི། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །སྤོས་མཆོག་རྣམས་དང་གསུར་གྱི་མཆོག་རྣམས་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་སྣ་ཚོགས་འབུལ། །སྨན་སྟོང་བདུད་རྩི་སྦྱར་བའི་དྲི་ཆབ་དང་། །ཤ་ཁྲག་བ་ལིཾ་ཞལ་ཟས་ཨརྒྷཾ་དང་། །སིལ་སྙན་སྒྲ་དབྱངས་སྦྱར་བའི་རོལ་མོ་རྣམས། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །མཆོག་ཏུ་མཛེས་ཤིང་ཡིད་འོང་གཟུགས་རྣམས་དང་། །རབ་ཏུ་སྒྲ་སྙན་ཚིམས་བྱེད་རྨད་བྱུང་དྲི། །རོ་བརྒྱ་དང་ལྡན་ཕུན་ཚོགས་ཞལ་ཟས་རྣམས། །ངོ་མཚར་རེག་བྱ་སྣ་ཚོགས་ཁྱོད་ལ་འབུལ། །ལྷ་རྫས་འཁོར་ལོ་རིན་ཆེན་བསམ་འཕེལ་སཏྲི། ཁྱིམ་བདག་ཅང་ཤེས་མྱུར་འགྲོ་གླང་ཆེན་མཆོག །མ་ལུས་དཔུང་ལས་རྒྱལ་བྱེད་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་ཡང་ཁྱོད་ལ་འབུལ། །སྲ་བརྟན་མི་ཤིགས་ཁྲོ་ཆུ་ལས་གྲུབ་ཅིང་། །ཉོན་མོངས་དགྲ་དཔུང་འཇོམས་པའི་ཐོ་བ་ནི། །རྡོ་རྗེ་རིན་ཆེན་གྱིས་སྤྲས་རབ་མཛེས་པའི། །རིན་ཆེན་ཡུ་བ་ཅན་འདི་ཁྱོད་ལ་འབུལ། །མཉེན་ཞིང་ཡངས་པའི་ཁོང་དང་རིང་པོ་ཡི། །མཆུ་ལྡན་དྲག་པོའི་ཤུགས་ཅན་རླུང་གི་ཚོགས། །ཕྱོགས་མཐར་སྤྲོས་པས་དགྲ་རྣམས་རྡུལ་ཕྲན་བཞིན། །རློག་བྱེད་རླུང་གི་གཏེར་འདི་ཁྱོད་ལ་འབུལ། །བྱེ་བྲག་གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས། རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། འབུལ་བ་ནི། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚིལ་གྱི་དུད་པ་འདི། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། ཁམས་གསུམ་སྟོང་གསུམ་འབྱུང་བཞི་ལས་གྲུབ་པའི། །ནོར་གྱི་མཆོག་གྱུར་རིན་ཆེན་རྣམ་པ་བདུན། །དམ་རྫས་བ་ལིཾ་ལ་སོགས་ཐམས་ཅད་ཀྱང་། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བགེགས་དང་། །བླ་མ་ལ་སྡང་གསང་སྔགས་སྨོད་པ་སོགས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བོ་ཡི། །དམ་ཉམས་དགྲ་བོའི་ཤ་ཁྲག་མཆོད་པར་འབུལ། ཁྱོད་ལ་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང་། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་སོགས་བརྗོད། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་སྡོངས་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། བསྟོད་པ་ནི། ཧཱུྃ། དམ་ཅན་མགར་བའི་མཚན་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་འཁྱིལ། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་གྱི་སྦུད་པ་བསྣམས། །ར་ལ་བཅིབས་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་ནི་གློག་ལྟར་འཁྱུག །དམ་ཉམས་དགྲ་བོ་ཁྱུར་མིད་བགྱིད་མཛད་པ། །ཞལ་ནས་རྐན་སྒྲ་དྲག་པོར་བརྡབས་པ་ཡིས། །ལོག་པར་ལྟ་བའི་བགེགས་རྣམས་འདར་དུ་འཇུག །སྲིད་གསུམ་གདུག་པའི་ཚོགས་རྣམས་མ་ལུས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །བཟླས་པ་ནི། དམ་ཅན་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ནག་པོའི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས་པར་མོས་ལ་གོང་གནོན་སྔོན་དུ་འགྲོ་བའི་སྙིང་པོ་ཅི་ལྕོགས་བཟླ། སྐོང་གསོལ་ནི། མཆོད་གཏོར་ཁ་གསོ། བྱིན་རླབས་གོང་ལྟར་བྱས་ལ། ཧཱུྃ། དྲེགས་བྱེད་ཁྱོད་རྣམས་སོགས་ཀྱི་ཚིག་བཞི་མཚམས་རྣམས་སུ། ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །ཅེས་སྦྱར་བ་དང་། རླུང་ནག་འཚུབ་མ་འཁྱིལ་བའི་ཀློང་དཀྱིལ་ན། ཁྲག་ཆེན་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས། ཁྲོ་ཆུས་བསྡམས་པའི་ཕ་ཝང་ལོང་བུའི་མཁར། །མཐོ་ཞིང་རབ་ཡངས་བལྟ་བར་མི་བཟོད་ལ། །ལོག་ལྟ་བསད་པའི་ལུས་ཀྱི་ཀ་གདན་སྒོ། །ཀ་གདུང་གྲལ་གྲབ་ཤ་ཁྲག་ཐོག་ལེབ་ཅན། །མངོན་པར་བཀྲ་བའི་འཇའ་ཚོན་འོད་ཟེར་འཕྲོ། །ཞིང་ཆེན་བླ་བྲེ་བྲེས་ཤིང་ཐོད་པ་དང། །རྒྱུ་རློན་སྙིང་ཕྲེང་དྲྭ་ཕྱེད་དོ་ཤལ་འཕྱང་། །ར་སྐྱེས་མི་ལྤགས་བ་དན་རྒྱལ་མཚན་ཕྱར། །གསར་རྙིང་རོ་དང་དུམ་བུ་ནང་ཁྲོལ་དང་། །སྐྲ་ཚིལ་ཀླད་པ་རྐང་སོགས་ལང་ལིང་བཀྲམ། །ཀེཾ་རུས་སྟོང་ཕྲག་བསྣོལ་བའི་ཁྲི་ཆེན་བཤམས། །ལྕགས་རི་ནག་པོས་བསྐོར་བའི་ཕོ་བྲང་སྟེང་། །ནམ་མཁའ་ཁྱབ་པར་ཁེབས་པའི་དུག་གི་སྤྲིན། །ཚ་གྲང་རླུང་འཁྲུགས་དྲག་པོའི་ང་རོ་སྒྲོག །འཇིགས་ཆེན་གནམ་ལྕགས་རྡོ་རྗེའི་སེར་ཆེན་འབེབ། །གཤིན་རྗེའི་གྲོང་ཁྱེར་གསར་དུ་ལྷགས་པ་བཞིན། །རབ་འཇིགས་དུར་ཁྲོད་རྒྱན་གྱིས་བཀླུབས་པ་འདི། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །རྣམ་མང་རྒྱན་སྤྲས་ཙ་ར་རོག་པོ་དང་། །ཨ་ཛ་ཙིཏྟ་ཕ་ཝང་རིན་ཆེན་རྡོ། །སྐུ་གཟུགས་སྲོག་འཁོར་ར་ཡི་རྒྱལ་མཚན་སོགས། །འབོད་བསྟེན་སྒྲུབ་པའི་དམ་རྫས་ཁྱོད་ལ་འབུལ། །ཨིནྡྲ་ནཱི་ལ་མར་གད་མུ་ཏིག་གཡུ། །གསེར་དངུལ་ཟངས་ལྕགས་ལ་སོགས་རིན་ཆེན་བདུན། །འབྲུ་དང་འབྲས་བུ་དྲི་སྨན་རྩི་བཅུད་སོགས། །ནོར་དབྱིག་རྣམ་པ་སྣ་ཚོགས་ཁྱོད་ལ་འབུལ། །རང་ལུས་བསྲུང་ཞིང་ཕས་རྒོལ་གསོད་བྱེད་པ། །སྲ་བརྟན་གོ་ཆའི་ཁྱད་པར་སྣ་ཚོགས་དང་། །རྣོ་ཞིང་ངར་ལྡན་དྲག་པོའི་མཚོན་ཆ་རྣམས། །འཇོལ་བེར་མཐིང་ནག་ལ་སོགས་ཁྱོད་ལ་འབུལ། །སྟག་གཟིག་གཅན་གཟན་ལ་སོགས་གཡང་གཞིའི་ཚོགས། །འཕེན་གདུགས་རྒྱལ་མཚན་བ་དན་ཁྲིི་གདན་བཟང་། །ར་སྐྱེས་སེང་གེ་མ་ཧེ་ཁྱུ་མཆོག་རྟ། །དར་ཚོན་སྣ་ཚོགས་རྒྱན་སྤྲས་ཁྱོད་ལ་འབུལ། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །དགྲ་བགེགས་ཨ་ཛ་ལས་བྱུང་རཀྟའི་མཚོ། །སོ་སོར་མཐུན་པའི་དམ་རྫས་སྣ་ཚོགས་པ། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པར་འབུལ། ཁྱོད་ཀྱི་ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །ཅེས་པ་ཙམ་དང་། སྤྲོ་ན། ཡང་གཅིག་ཐུགས་དམ་སོགས་ཀྱང་བྱའོ། །བཤགས་པ་ནི། ཧཱུྃ། དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང། ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་ནི་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་བསྩལ་དུ་གསོལ། །དེ་ནས་ཕྲིན་ལས་ཁོ་ན་གཏང་ན་རྗེས་ཆོག་ལ་འཇུག །རྗེས་གནང་བྱེད་ན་སྐོང་བཤགས་གྲུབ་པ་དང་། ལས་བུམ་བགེགས་མཐར་བྱེད་སྔགས་ཀྱིས་བྱིན་བརླབ། སློབ་མ་ལ་ཁྲུས་བྱ། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྐྱེས་མཆོག་རྡོ་རྗེ་ལེགས་པ་འདི་ཉིད་རྣམ་པ་འཇིག་རྟེན་དྲེགས་པའི་སྡེ་དཔོན་གྱི་ཚུལ་བསྟན་ཀྱང་། དོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་སྐུ་རྡོ་རྗེའི་རང་བཞིན་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར། གསང་བའི་བདག་པོའི་སྤྱན་སྔར་ཐུགས་རྡོ་རྗེའི་རང་བཞིན་དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་ན། དཔལ་ལྡན་དྲེགས་པ་རྟ་མགྲིན་གྱི་སྤྲུལ་པ་གསུང་རྡོ་རྗེའི་རང་བཞིན་ལས་ཀྱི་རྡོ་རྗེ་ལེགས་པའི་ཚུལ་དུ་བཞུགས་པར་གསུངས་ལ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྲུང་བའི་ཕྱིར་དྲེགས་པ་རང་རྒྱུད་པ་ལྟར་བསྟན་ཏེ། དཔལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་བསྟན་པ་བསྲུང་བར་བཀའ་བསྒོས་གཉེར་དུ་གཏད། རང་ཉིད་ཀྱིས་ཀྱང་ཁས་བླངས་ཤིང་དམ་ལ་ཞུགས། དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་ཏེ། ཆོས་སྐྱོང་བའི་སྲུང་མར་མངའ་གསོལ་ནས། གཙུག་ལག་ཁང་དང་གཏེར་ཁ་དུ་མའི་གཉེར་གཏད། སྟག་སྤྱང་ཁ་སྤྲོད་སོགས་རྒྱུད་དང་མན་ངག་སྒྲུབ་ཐབས་མང་པོ་གཏེར་ཁ་རྣམས་སུ་སྦས་པ་གུ་རུ་ཇོ་རྩེ་དང་རཏྣ་གླིང་པ་སོགས་ཀྱིས་བཏོན་ཅིང། ཁྱད་པར་གྲུབ་མཆོག་ཀརྨ་པཀྴིས་དམ་ལ་བཏགས་ནས་ཕྲིན་ལས་ཐ་དག་ཐོགས་མེད་དུ་བསྒྲུབས་པས་ན། བཀྲ་ཤིས་ལ་བྱིན་ཆགས། རྒྱུད་འཇམ་ལ་སྙིང་ཉེ། དཔའ་ཞིང་བརྟུལ་ཕོད་ལ་མཐུ་རྩལ་ཆེ། དམ་ཚིག་ལ་གནས་ཤིང་ཕྲིན་ལས་མྱུར་བའི་ཆོས་སྐྱོང་ཁྱད་པར་ཅན་ཡིན། འདི་ཉིད་ཀྱི་རྗེས་གནང་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཅན་སྐྱེས་བུ་ཆེན་པོ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱེད་པའི་སླད་དུ་བླ་མ་ཡི་དམ་དབྱེར་མ་མཆིས་པ་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་ཡན་ལག་ལྔ་པའི་གསག་སྦྱོང་བགྱི་བའི་འདུན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་དོན་དུ་སློབ་དཔོན་ལ་ཕྱག་ན་རྡོ་རྗེ་དངོས་ཀྱི་མོས་འདུན་དྲག་པོ་མཛོད། དེའང་སྐྱེས་བུ་ཆེན་པོ་འདི་ཉིད་ངོ་བོ་ཡེ་ཤེས་པ་ཡིན་ཡང་། གནས་སྐབས་སུ་འཇིག་རྟེན་པ་ལྟར་བསྒྲུབ་ན་བསྐུལ་བར་སླ་ཞིང་དྲག་ལས་ལ་མྱུར་བས། ཁྱེད་རང་རྣམས་ཡི་དམ་དུ་བསྒོམ་ནས། ཆོས་སྐྱོང་བཀའ་སྡོད་ཀྱི་ཚུལ་དུ་གཏད་པ་ཡིན་པས་མོས་འདུན་འདི་རྣམས་མཛད་འཚལ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། རྣམ་སྨིན་གྱི་ཕུང་པོ་ཤ་ཁྲག་རུས་པ་དང་བཅས་པ་འོད་དུ་ཞུ། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རྣམ་ཤེས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་ཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་གཉེར་རབ་ཏུ་བསྡུས་ཤིང་སྤྱན་གསུམ་དུས་མཐའི་མེ་ལྟར་འབར་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་གཡོ་བའི་ལྗགས་འདྲིལ་ཞིང་ཧཱུྃ་སྒྲ་སྒྲོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་དམར་སེར་གྱེན་དུ་འབར་ཞིང་། སྐུ་ལ་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། སྤྱི་བོར་མི་བསྐྱོད་པས་རྒྱས་གདབ་པ། རུས་པ་དང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱིས་མེ་འབར་བའི་དབུས་ན་བཞེངས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག །དེ་ལྟར་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བ་ལ། སྐྱེས་བུ་ཆེན་པོ་བཀའ་སྡོད་དུ་གཏད་པ་ཡིན་པས། དེ་ལ་སྐུ་བསྐྱེད་པའི་རྗེས་གནང་། སྔགས་བཟླས་པའི་རྗེས་གནང་། སྲོག་སྙིང་བླང་བའི་རྗེས་གནང་། སྲུང་མར་གཏད་པའི་རྗེས་གནང་དང་བཞི་ཡོད་པ་ལས། དང་པོ་སྐུ་བསྐྱེད་པའི་རྗེས་གནང་ནི། དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་མདུན་དུ་གཏོར་མ་འདི་དང་ཐ་དད་མེད་པར་ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་སོགས་གོང་གི་བསྐྱེད་ཆོག་སྐབས་ལྟར་བརྗོད། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །རོལ་མོ་དང་བཅས་པས། ཏྲི་བཛྲ་སཱ་དྷུ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཅེས་བརྗོད། དེ་ནི་སྐུ་བསྐྱེད་པའི་རྗེས་སུ་གནང་བ་ཡིན། ད་སྔགས་བཟླ་བའི་རྗེས་སུ་གནང་བ་ནི། སློབ་དཔོན་གསང་བདག་ཏུ་གསལ་བའི་ཞལ་ནས་སྔགས་ཀྱི་རང་སྒྲ་འགག་པ་མེད་པར་སྒྲོག་པ་ལ་སེམས་གཏད། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏྲི་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐྱེས་བུ་ཆེན་པོའི་གསུང་གི་དངོས་གྲུབ་ཐོབ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་སཱ་དྷུ་སོགས་ཅི་རིགས་བརྗོད། དེ་ལྟར་བྱས་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་འཕྲོས། དེ་རྣམས་ལ་ཁྱེད་རང་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པར་ཡོད་སྙམ་པ་མཛོད། དེ་ནི་སྔགས་བཟླ་བའི་རྗེས་སུ་གནང་བ་ཡིན། ད་སྲོག་སྙིང་བླང་བའི་རྗེས་སུ་གནང་བ་ནི། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་ཕྱག་རྡོར་གྱི་མོས་འདུན་དྲག་ཏུ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏྲི་ལ་ཕོག་པས་སྐྱེས་བུ་ཆེན་པོའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཏྲི་ལས་ཏྲི་གཉིས་པ་ཞིག་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྐྱེས་བུ་ཆེན་པོའི་ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་། སླར་དམ་ཅན་འཁོར་དང་བཅས་པས་ཁྱེད་རང་རྣམས་ལ་གུས་ཤིང་འདུད་པའི་ཚུལ་གྱིས། ཇི་ལྟར་བཅོལ་བའི་ཕྲིན་ལས་མཐའ་དག་བསྒྲུབ་པར་ཁས་བླངས་ཤིང་དམ་བཅས་ནས་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་པར་ཡོད་སྙམ་དུ་མཉམ་པར་འཇོག་པར་ཞུ། དེ་ནི་སྲོག་སྙིང་བླང་བའི་རྗེས་སུ་གནང་བ་ཡིན། ད་སྲུང་མར་གཏད་པའི་རྗེས་སུ་གནང་བ་ནི། གཏོར་མ་ལ་དཔལ་འབར་བཙུགས་པ་ཐོགས་ཏེ། བླ་མ་ཕྱག་རྡོར་དུ་གསལ་བས་མདུན་གྱི་དམ་ཅན་འཁོར་དང་བཅས་པ་ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བ་ལ་བཀའ་སྡོད་ཀྱི་ལས་མཁན་དུ་གཏད་ནས་བཀའ་བསྒོས། བླ་མ་བརྒྱུད་པའི་མཚན་ནས་སྨྲོས་ཏེ། དམ་ཚིག་བསྒྲགས་པས་སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན། ཁྱེད་རང་རྣམས་ཀྱི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཡོད་སྙམ་པའི་སེམས་མ་ཡེངས་པར་གྱིས་ཤིག །གཏོར་མ་སློབ་མའི་ལག་ཏུ་བཞག་ལ་རོལ་མོ་དང་བཅས་པས། དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། དགེ་བསྙེན་ཆེན་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནས་པོ་ཆེན་པོ། བྱེས་ལྷ་ཆེན་པོ། ཇག་དཔོན་ཆེན་པོ། དགྲ་བླ་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་ཙེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ །དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ །ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། རྡོ་རྗེ་དཔལ་དང་ལྡན་པ་སོགས་གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུ་ཡི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་ཁྱེད་རྣམས་ཀྱིས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །སྔོན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཀའ་བསྒོས་ཤིང་དམ་ལ་བཞག་པ་དང་། ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་དང་། གྲུབ་མཆོག་ཀརྨ་པཀྴི་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མར་གཏད་པ་ཡིན་པས། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལས་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་བདག་ཅག་གི་ཡང་བཀའ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས། དུས་ད་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་འཆོས། སྡོད་ན་བརྟེན་ས་གྱིས། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད། འདི་རྣམས་ཀྱིས་བྱིན་པའི་ཕུད་བཞེས། བཅོལ་བའི་ལས་མཛོད། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་རྒྱུད་ཀྱི་བུ་ཚ་སྐྱོངས། མདོར་ན་ཚེ་འདིའི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྦྱོར། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྲིན་ལས་མཛོད་ཅིག །བཛྲ་སཱ་དྷུ་ས་པ་རི་བཱ་ར་བཛྲ་ས་མ་ཡ་སཏྭཾ། དེ་ལྟར་བྱས་པས། སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་ཁས་བླངས་ནས་ཁྱེད་རང་རྣམས་ཀྱི་རྗེས་སུ་འབྲང་སྟེ། ཕྲིན་ལས་མཐའ་དག་བསྒྲུབ་པར་ཡོད་སྙམ་པ་མཛོད། དེས་སྐྱེས་བུ་ཆེན་པོའི་རྗེས་སུ་གནང་བ་ལེགས་པར་གྲུབ། དམ་ཅན་འཁོར་དང་བཅས་པ་ཆོས་སྐྱོང་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས་སྤྱི་ལྟར་ལ། སློབ་མ་རྣམས། ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་གཏང་། སློབ་དཔོན་གྱིས་སླར་ཡང་གཏོར་མཆོད་ཁ་གསོས་ལ། སྐོང་བཤགས་བྱ། རྗེས་ཀྱི་བྱ་བ་སྔགས་ཙམ་གྱིས་མཆོད། དམ་ཚིག་དབང་གིས་སྟོང་གསུམ་ཀུན་ཉུལ་ཞིང་། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བོ་རྣམས། །ཐམས་ཅད་དབྱིངས་སུ་སྒྲོལ་བར་མཛད་པ་ཡི། །ནག་པོའི་ཚོགས་དང་བཅས་ལ་བསྟོད་པར་བགྱི། །ཞེས་ཤློ་ཀ་གཅིག་གིས་བསྟོད། བཟོད་གསོལ་དང་། སྐུ་རྟེན་སོགས་ལ་བརྟན་བཞུགས་སམ། རྟེན་ངེས་པ་ཅན་མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་སོགས་རྗེས་རིམ་རྣམས་བྱས་པས་གྲུབ་བོ། །ཆོས་སྐྱོང་དགྱེས་པའི་གཟི་བྱིན་གྱིས། །བསྟན་འཚེའི་མུན་པ་ཕ་མཐར་བསྐྲད། །ལུང་རྟོགས་མངའ་ཐང་རབ་སྤེལ་བས། །འཇིག་རྟེན་ཀུན་ཀྱང་བདེ་ལེགས་ཤོག །ཅེས་པའི་ཚུལ་འདི་ལ་བཀའ་གཏེར་རྙིང་པའི་རྒྱུན་བར་མ་ཆད་པར་འདྲེས་ཤིང་ཁྱད་པར་གྲུབ་ཆེན་ཀརྨ་པཀྴིའི་ཉེ་བརྒྱུད་དུ་སྣང་བས་ཀཾ་ཚང་ཆོས་སྐྱོང་ཁྱད་པར་བ་རྣམས་ཀྱི་བེ་བུམ་ལས། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་ཁོལ་ཕྱུང་བགྱིས་པ་དགེ་ལེགས་འཕེལ།། །།
པདྨ་མཁའ་འགྲོར་གཏོར་མ་འབུལ་ཞིང་བསྟོད་པ་ཕྲིན་ལས་བཅོལ་བ་ (Volume 52, Text 47)
ྈྈ པདྨ་མཁའ་འགྲོར་གཏོར་མ་འབུལ་ཞིང་བསྟོད་པ་ཕྲིན་ལས་བཅོལ་བ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ལྷ་མོ་འཁོར་བཅས་ཀྱི་ལྗགས་པདྨས་མཚན་པའི་སྦུ་གུས་གསོལ་བས་བདེ་བ་ཆེན་པོས་ཚིམས་པར་བསམ་ལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧྲཱི༔ དོན་དམ་དབྱིངས་ལས་བདེ་བ་ཆེན་པོའི་སྐུ༔ འགྲོ་ལ་སྙིང་རྗེས་ཆགས་པའི་སྐུ་མདོག་ནི༔ རབ་འབར་པདྨའི་མདངས་ལྟར་ཤིན་ཏུ་མཛེས༔ ཆོས་ཀུན་མཉམ་པའི་ཞལ་གཅིག་མ་ལ་བསྟོད༔ མི་གཡོ་ངང་ནས་ཐུགས་རྗེ་ཚད་མེད་པའི༔ ཕྱག་བཞི་འགུགས་པའི་ལྕགས་ཀྱུ་རྗེས་འཛིན་གྱི༔ ཞགས་པ་བླ་མེད་གནས་སུ་རབ་སྦར་བའི༔ ཐབས་ཤེས་མདའ་གཞུ་འཛིན་མཛད་མ་ལ་བསྟོད༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་དབང་དུ་སྒྱུར༔ དད་ལྡན་འདྲེན་ཕྱིར་དར་དང་རིན་ཆེན་རྒྱན༔ རྣལ་འབྱོར་ཡེ་ཤེས་བསྐྱེད་པའི་རུས་རྒྱན་བཅས༔ སྤྲོས་མེད་སྤྲོས་པའི་ཚུལ་སྟོན་མ་ལ་བསྟོད༔ ཁམས་གསུམ་དབང་དུ་སྡུད་པའི་ཞབས་གཡས་བསྐུམ༔ སྲིད་གསུམ་ཟིལ་གྱིས་གནོན་མཛད་གཡོན་བརྐྱང་ཞིང༔ སྣང་སྲིད་དབང་སྡུད་འོད་དམར་འཁྲིགས་པའི་ཀློང༔ ཤེས་རབ་ཉི་མའི་གདན་བཞུགས་མ་ལ་བསྟོད༔ རྒྱལ་ཀུན་ཐུགས་དམ་སྐོང་མཛད་ཡབ་ལ་གདུང༔ མཚན་དཔེ་རབ་རྫོགས་དེ་བཞིན་གཤེགས་མ་ནི༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་ཀུན་གྱི་གཙོ༔ གདོད་མའི་ཡུམ་མཆོག་ཀུན་བཟང་མ་ལ་བསྟོད༔ མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་རྗེ༔ གར་དབང་ཡུམ་མཆོག་གསང་བ་ཡེ་ཤེས་དང༔ ཚེ་ལ་དབང་མཛད་ཡིད་བཞིན་འཁོར་ལོ་སོགས༔ ཅིར་ཡང་གར་བསྒྱུར་རྣལ་འབྱོར་མ་ལ་བསྟོད༔ ནང་པ་རྣམས་ལ་ལྷ་མོ་རིག་བྱེད་མ༔ ཕྱི་པ་རྣམས་ལ་ལྷ་མོ་ཨུ་མར་སྤྲུལ༔ བསྟན་པ་སྲུང་མཛད་འདོད་ཁམས་དབང་མོར་སྣང༔ གང་འདུལ་ཐབས་ཀྱིས་དབང་སྡུད་མ་ལ་བསྟོད༔ འཇིག་རྟེན་སྒྲོལ་མཛད་ཡུམ་མཆོག་སྒྲོལ་མ་ཁྱོད༔ རང་དང་འདྲ་བའི་འཁོར་གྱི་མཁའ་འགྲོ་བརྒྱད༔ གཞན་དོན་ཕྱིར་དུ་ཡན་ལག་བརྒྱད་ལས་སྤྲུལ༔ བསྡུ་བཞིའི་སྒོ་སྲུང་སྣང་མཛད་མ་ལ་བསྟོད༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ་བ་ནི༔ ཧྲཱི༔ བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ༔ བཅོམ་ལྡན་མ་ཁྱོད་བསྙེན་ཅིང་མཆོད་པའི་མཐུས༔ འདོད་པའི་དོན་ཀུན་མྱུར་དུ་འགྲུབ་གྱུར་པའི༔ ཐུགས་དམ་དགོངས་ལ་ཕྲིན་ལས་མཛད་དུ་གསོལ༔ འགྲོ་བ་བླ་མེད་གནས་སུ་བསྒྲལ་བའི་སླད༔ རྒྱལ་བའི་བསྟན་པ་རིན་ཆེན་སྐྱོང་བའི་ཕྱིར༔ འཆད་ཉན་སྒོམ་སྒྲུབ་བསྟན་པ་བཙུགས་པ་ཡི༔ མཐུན་རྐྱེན་འདི་ཀུན་ཁྱོད་ཀྱིས་བསྒྲུབ་ཏུ་གསོལ༔ མོས་གུས་དབང་གིས་བླ་མས་གདུང་བ་དང༔ བསྙེན་སྒྲུབ་རྣམ་བཞིས་ལྷ་རྣམས་དབང་དུ་གྱུར༔ ཉམས་རྟོགས་རྩལ་གྱིས་རང་སེམས་དབྱིངས་སུ་དག༔ མཆོག་ཐུན་དངོས་གྲུབ་དབང་དུ་འདུ་བར་མཛོད༔ གཟི་བརྗིད་ཆེན་པོས་རྒྱལ་པོས་བཀུར་བ་དང༔ རིག་རྩལ་ཐོན་ལ་རྩོད་པ་རྣམས་ལས་རྒྱལ༔ གྲུབ་རྟགས་ཐོན་ལ་གྲུབ་ཀུན་དད་པ་དང༔ སྙན་གྲགས་སྒྲོགས་ལ་རྒྱལ་ཁམས་དབང་སྡུད་གསོལ༔ ཉམས་རྟོགས་སྤེལ་ཕྱིར་ཕྱག་རྒྱ་དབང་དུ་སྡུས༔ ཚོགས་འཁོར་ཕྱིར་དུ་ལོངས་སྤྱོད་དབང་དུ་སྡུས༔ མཆོད་སྦྱིན་ཕྱིར་དུ་ཟང་ཟིང་དབང་དུ་སྡུས༔ ཡིད་ལ་འཐད་པའི་འཁོར་གྲོགས་དབང་དུ་སྡུས༔ ཆབ་སྲིད་རྒྱས་ཕྱིར་གཞན་སྲིད་དབང་དུ་སྡུས༔ གཟུགས་མེད་ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུས༔ རང་གི་སྲུང་མས་གཞན་སྲུང་དབང་དུ་སྡུས༔ འདི་ན་ཀློག་དང་སྤོང་བའི་སྡེ་འཛུགས་ཕྱིར༔ དགེ་འདུན་འདུས་པའི་སྡེ་ཀུན་འདུས་པར་མཛོད༔ མདོར་ན་ཡིད་ལ་གང་བསམ་ཐམས་ཅད་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་འདོད་དོན་རྩེ་གཅིག་ཏུ་གསོལ་ལོ༔ ས་མ་ཡ༔ རྒྱ༔ ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་བྲག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཟབ་གཏེར་ཡང་དག་པའོ།། །།
དཔལ་ཆེན་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྒྱུན་ཁྱེར་དེ་ཉིད་སྙིང་པོ་ (Volume 26, Text 47)
༄༅། །དཔལ་ཆེན་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྒྱུན་ཁྱེར་དེ་ཉིད་སྙིང་པོ། སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་པ། ཁམས་གསུམ་སྲོག་ལ་དབང་མཛད་ཧེ་རུ་ཀ །ཁྲོ་རྒྱལ་རྟ་མཆོག་དཔལ་དང་དྲིན་ཆེན་རྗེ། །དབྱེར་མེད་སྐྱབས་གསུམ་ངོ་བོར་ཕྱག་བཙལ་ནས། །རྟ་མཆོག་སྒྲུབ་པའི་ཐབས་ཚུལ་རྡོ་རྗེའི་ཐོག །མི་བསྲུན་ཕྱེ་མར་འཐག་པའི་ཟབ་གཏེར་སྒོ། །འབྱེད་མཛད་མཆོག་སྤྲུལ་རཏྣའི་དགོངས་པ་བཞིན། །སྐལ་བཟང་འགྲོ་ལ་ཕན་ཕྱིར་འདིར་གསལ་བྱ། །དེ་ཡང་སྐལ་པ་བཟང་ཞིང་བློ་གྲོས་ཅན། །སྨིན་བྱེད་དབང་ཐོབ་དམ་ཚིག་མཆོག་ལ་གནས། །བདུད་སྡེའི་གཡུལ་ལས་རྒྱལ་བར་འདོད་པ་ན། །ཐབས་ཚུལ་འདི་ལ་ནན་ཏན་བྱ་བར་རིགས། །སྐྱབས་སེམས་སྤྱི་ལྟར་བྱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཀུན་སྟོང་ཉིད་སྙིང་རྗེའི་རང་མདངས་ལས། །ཡོངས་ཤར་དུར་ཁྲོད་རབ་འཇིགས་གཞལ་ཡས་དབུས། །པདྨ་ཉི་ཟླ་ཀླུ་གཉན་ས་བདག་སྟེང་། །རང་རིག་གནམ་ལྕགས་རལ་གྲི་ཧྲཱིཿས་མཚན་པ། །དེ་ལས་འོད་འཕྲོས་འཕགས་མཆོད་མཐུ་དབང་བསྡུས། །དྲེགས་པ་ཚར་བཅད་སེམས་ཅན་བདེ་ལ་བཀོད། །ཚུར་འདུས་ཕྱག་མཚན་ཧྲཱིཿཡིག་ཡོངས་གྱུར་ལས། །ཨོཾ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ བདག་ཉིད་ཁྲོ་རྒྱལ་རྟ་མགྲིན་ནག་པོའི་སྐུ །མཐིང་ནག་ཞལ་གཅིག་ཕྱག་གཉིས་འཇིགས་པའི་ཞལ། །རབ་གདངས་རྣོ་དབལ་མཆེ་བ་དྲག་པོར་གཙིགས། །སྤྱན་གསུམ་དམར་འཁྲུག་སྡང་མིག་གློག་ལྟར་འཁྱུག །སྨིན་མ་ཨག་ཚོམ་མེ་ཡི་ཚྭ་ཚྭ་འཕྲོ། །ལྕགས་རལ་ནག་པོ་བསྐལ་པའི་མུན་ལྟར་གཏིབས། །སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །ཕྱག་གཡས་གནམ་ལྕགས་འབར་བའི་རལ་གྲི་འཕྱར། །གཡོན་པ་ལྕགས་ཀྱུ་ཞགས་པས་འགུགས་འཆིང་སྡོམ། །དུར་ཁྲོད་ཆས་བརྒྱད་དར་ནག་བེར་ཆེན་གསོལ། །ཞབས་གཉིས་དོར་སྟབས་བགྲད་པས་ས་གསུམ་གཡོ། །རྡོ་རྗེའི་གད་མོ་དྲག་པོར་སྒྲོག་པ་ཡིས། །འཇིག་རྟེན་དྲེགས་པ་ཐམས་ཅད་དངངས་ཤིང་འདར། །བརྒྱལ་ཞིང་མྱོས་ནས་དབང་མེད་བྲན་དུ་སྡུད། །དམ་ཚིག་ཡེ་ཤེས་གཉིས་མེད་ཁྲོ་བོའི་རྒྱལ། །ཆེ་བཙན་འབར་བ་དཔལ་གྱི་སྐུ་རུ་གྱུར། །དེ་ཡི་ཐུགས་ཀར་རང་འདྲའི་ཡེ་ཤེས་པའི། །སྙིང་ནང་ཉི་སྟེང་རལ་གྲི་ཧྲཱིཿས་མཚན་པ། །གསལ་བརྟན་འབར་བའི་མཐའ་སྐོར་སྔགས་ཕྲེང་རྣམས། །མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བ་ལས། །འོད་འཕྲོས་འཕགས་མཆོད་མཐུ་དབང་བྱིན་རླབས་བསྡུས། །སླར་ཡང་འུར་འུར་ཆེམ་ཆེམ་འབར་བའི་འོད། །དྲག་པོར་འཕྲོས་པས་གནོད་བྱེད་འབྱུང་པོ་ཀུན། །རྩ་སྦུར་མེས་བསྲེགས་ཇི་བཞིན་ཕྱེ་མར་བྱས། །སྣོད་བཅུད་ཡེ་ཤེས་སྒྱུ་འདྲའི་འཁོར་ལོར་གྱུར། །ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཐུན་མཐར་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། །རང་ཉིད་ལ་ཐིམ་དེ་ཡང་ཧྲཱིཿཡིག་ལ། །མི་དམིགས་ཕྱག་རྒྱ་ཆེན་པོའི་ངོ་བོར་ཐིམ། །ཧཱུྃ་ཧཱུྃ་སྤྲོས་བྲལ་ཁྱབ་གདལ་ཆོས་ཀྱི་དབྱིངས། །ཕཊ་ཕཊ་སྣོད་བཅུད་ལྷ་ཡི་ངོ་བོར་གྱུར། །དགེ་བ་འདི་ཡིས་མཁའ་མཉམ་འགྲོ་བ་རྣམས། །གཉིས་འཛིན་འཁྲུལ་པའི་དྲི་མ་ཀུན་དག་སྟེ། །རང་རིག་དོན་གྱི་ཁྱབ་བདག་ཧེ་རུ་ཀའི། །གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་ཤོག །དེ་ལྟར་དབང་ཆེན་སྒྲུབ་པའི་ཐབས་ཀྱི་མཆོག །ཉུང་ངུའི་ཚིག་གིས་ཆེན་པོའི་དོན་སྟེར་བའི། །ཡིད་བཞིན་འདི་འདྲ་དད་པའི་རྒྱལ་མཚན་རྩེར། །མཆོད་ལས་དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན། །དེ་ཕྱིར་དད་དང་བརྩོན་པ་མི་གཡེལ་བར། །ཡང་དག་ཉམས་སུ་ལེན་པའི་སྐལ་ལྡན་ལ། །ཕན་ཕྱིར་འཇུག་བདེ་དོན་ཀུན་ཡོངས་ཚང་བའི། །ལེགས་བཤད་པདྨའི་ཐུགས་བཅུད་འདི་ཁོ་ན། །རྨད་བྱུང་ཚུལ་ཁྲིམས་འདབ་སྟོང་རྒྱས་པའི་རྩེར། །ངེས་གསང་སྦྲང་རྩིའི་བཅུད་ཀྱིས་མངར་བྱས་པའི། །དཔྱོད་ལྡན་དབང་རྒྱལ་རྡོ་རྗེའི་གསུང་གི་ངོར། །རྡོ་རྗེ་འཛིན་པ་འགྱུར་མེད་རྡོ་རྗེས་བྲིས།། །།
ཉང་གཏེར་བརྟན་མའི་མདོས་ཆེན་གྱི་ལག་ལེན་ཟིན་བྲིས་བལྟ་བདེར་བཀོད་པ་ (Volume 43, Text 47)
ཉང་གཏེར་བརྟན་མའི་མདོས་ཆེན་གྱི་ལག་ལེན་ཟིན་བྲིས་བལྟ་བདེར་བཀོད་པ་བཞུགས་སོ། །ན་མོ་གུ་རུ་དེ་བ་དྷཱ་ཀི་ནཱི་ཡཻ། མངའ་བདག་ཉང་རིན་པོ་ཆེས་གཞོ་སྟོད་ཏི་སྒྲོ་བྲག་ནས་བཞེས་པའི་བརྟན་མའི་མདོས་ལ་བཅས་གཤོམ་དང་འདོན་ཆ་ཁ་འཕང་རྣམས་ཆགས་མེད་རིན་པོ་ཆེས་ཁ་སྐོང་ནག་འགྲོས་སུ་མཛད་པའི་གསལ་བྱེད་ཅུང་ཟད་འདྲི་བ་ལ་དོན་གསུམ། དགོས་ཆེད། བཅས་གཤོམ། འདོན་འགྲིགས་སོ། །དང་པོ་མདོས་འདི་བཅའ་བའི་དགོས་པ་ནི། བན་བོན་གྱི་བྱད་ཁ། མ་མོ་དང་ལྷ་འདྲེའི་སུན་མ། ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ། མི་ཁ་བྲ་མཆུ་ཟུག་པ། མི་ནད་སྤྱི་དང་ཁྱད་པར་ཡམས་རིམས། ཕྱུགས་ཀྱི་གོད་ཡམས། ལོ་ཉེས་བཙའ་སད་སེར་བ། ཐན་ལྟས་ངན་པ་བྱུང་བ་རྣམས་ཟློག་པ་ལ་ཟབ་པས། དེ་དག་རེ་རེའི་དོན་དུ་བཅས་ཀྱང་ཆོག་ཅིང་། རྐྱེན་ངན་སྤྱིར་ཟློག་ཅིང་ལོ་གཡང་སྡུད་པ་ལ་བསྔགས་པས། རྒྱལ་ཁམས་ཆེན་པོ་དང་ཡུལ་ཕྱོགས་སོ་སོའི་སྤྱི་རིམ་ལ་འགྲུབ་ན་ཤིན་ཏུ་གལ་ཆེ་བར་མངོན་ནོ། ༈ །གཉིས་པ་བཅའ་གཞི་གཞུང་གི་དངོས་བསྟན་བང་རིམ་སྟེང་གི་གཙོ་མོ་ཚེ་རིང་མཆེད་ལྔ། མ་མོ་གཉིས། བརྟན་མ་བཅུ་གཉིས། དབང་ཕྱུག་བཞི་བཅས་ཉེར་གསུམ་པོ་སྐུ་གཟུགས་བཅའ། དེ་འཕྲོས་གཏོར་མས་ཆོག་རྒྱུ་ཡིན་འདུག་ཀྱང་སྐུ་གཟུགས་ལྡེར་བཟོ་འཕྲལ་འགྲུབ་དཀའ་བས། ཕྱིས་ཀྱི་མདོས་མཁན་རྣམས་ཀྱིས་ཉེར་གསུམ་པོའང་སོ་སོའི་གཞུང་མཐུན་གཏོར་མ་ལ་སོ་སོའི་ཙཀླི་བཙུག་པའི་ཕྱག་སྲོལ་བྱུང་བས་དེ་ལྟར་ན་ལྷ་ཙཀ་ཉེར་གསུམ་པོ་དང་། ཁ་སབ་གྲས་གནམ་ཆོས་ལུགས་ཀྱི་སྡེ་བརྒྱད་གཟུགས་དང་ཕྱག་མཚན་བཅས་པའི་ཙཀླིའང་སྔ་ཚགས་སུ་ཚུད་པར་བྱས་ནས། མདོས་གདན་གྲུ་བཞི་འདོམ་གང་པ་རྐང་པ་བཞི་ཧ་ཅང་མཐོ་བ་མ་ཡིན་པའི་སྟེང་དུ། ཁམ་ས་ལ་སྨན་སྣ་དང་རིན་ཆེན་ཕྱེ་མ་བསྲེས་པས་རི་རབ་བང་རིམ་བདུན་པ་སྟེང་གི་ཁ་ཁྱེར་ཡངས་པ་བྱ། རྨང་དུ་ལྕགས་རིས་བསྐོར་བའི་ནང་གི་ཤར་དུ་ཟླ་གམ་གསུམ། ལྷོར་སོག་ཁ་གསུམ། ནུབ་ཏུ་ཟླུམ་པོ་གསུམ། བྱང་དུ་གྲུ་བཞི་གསུམ། གླིང་ཐམས་ཅད་དབུས་ཆེ་ཞིང་གཡས་གཡོན་ཆུང་བ། རི་གླིང་ཐམས་ཅད་ཤར་དཀར། ལྷོ་སྔོ། །ནུབ་དམར། བྱང་ལྗང་གུའི་མདོག་གི་ཚོན་བྱུག །རི་རབ་སྟེང་དུ་འཛོམ་ན་རིན་པོ་ཆེའི་བུམ་པ་བཅུད་ལྡན་བཀོད་པ་ཡིན་འདུག་ཀྱང་འགྲིགས་དཀའ་བས། རྒྱུ་གོང་སྨྲོས་ལས་བུམ་པ་ལྟོ་བ་ལྡིར་བ་ཁ་ཁྱེར་ལ་ལྕོགས་བཞིའི་རྣམ་པ་པདྨའི་ཞབས་ར་ཅན་ནང་དུ་ཉེར་ལྔའམ་སྨན་སྣ་བླུགས་པའི་སྟེང་དུ། གཙོ་མོ་བཀྲ་ཤིས་ཚེ་རིང་མའི་གཏོར་མ་ལྟོ་བ་ཟླུམ་པོ་རྩེ་མོ་ཟུར་གསུམ་ཅུང་ཟད་རྒུ་བ་དཀར་པོ། བུམ་པའི་གཡས་སུ་དུད་སོལ་མ་ལ་དམར་གཏོར་ཟུར་གསུམ་རྩེ་མོ་ཁ་ཊྭཱཾ་དབྱིབས་ཅན། གཡོན་དུ་ཨེ་ཀ་ཙཱ་ཊི་ལ་དམར་གཏོར་ཟུར་གསུམ། མདུན་དུ་ཀོང་བཙུན་དེ་མོ་ལ་དཀར་གཏོར་ཟླུམ་པོ། གཡོན་ཟུར་དུ་གངས་དཀར་ཤ་མེད་ལ་གྲུ་བཞི་དཔུང་རོང་དམར་པོ། རྒྱབ་ཏུ་རྡོ་རྗེ་ཀུན་གྲགས་ལ་ཟུར་གསུམ་ནག་པོ་སྟེ་གཙོ་འཁོར་དྲུག་པོ་དབུས་སུའོ། །དེ་དག་གི་ཤར་དུ་མཐིང་གི་ཞལ་བཟང་ལ་དཀར་པོ་ཟླུམ་ཞིང་ལྡེམ་པ། དེའི་གཡས་སུ་བཙན་ལ་རོལ་པ། གཡོན་དུ་རྡོ་རྗེ་གཟུགས་ལེགས་མ། མདུན་དུ་རྡོ་རྗེ་གཡར་མོ་བསིལ་གསུམ་ལ་དཀར་ཟླུམ་རེ་རེ། ལྷོར་མི་གཡོ་བློ་བཟང་ལ་འབྲང་རྒྱས་སེར་པོ། དེའི་གཡས་སུ་ཁ་རག་ཁྱུང་བཙུན། གཡོན་དུ་གསེར་ཆེན་མཁའ་ལྡིང་། མདུན་དུ་རྨ་རི་རབ་འབྱམས་གསུམ་ལ་གྲུ་བཞི་དཔུང་རོང་དམར་པོ་རེ་རེ། ནུབ་ཏུ་ཅོད་པན་མགྲིན་བཟང་ལ་བཤོས་ཟླུམ་རྩེ་མོ་བོང་བུའི་རྨིག་པ་འདྲ་བ་དམར་པོ། དེའི་གཡས་སུ་དཔལ་ལྡན་ཧ་རི། གཡོན་དུ་རྡོ་རྗེ་ཀུན་བཟང་། མདུན་དུ་འབྲོག་ཆེན་འཁོར་འདུལ་གསུམ་ལ་ཟུར་གསུམ་ནག་པོ་རེ་རེ། བྱང་དུ་གཏད་དཀར་འགྲོས་བཟང་ལ་བཤོས་ཟླུམ་རྩེ་མོ་བྱའི་མཆུ་འདྲ་བ་ལྗང་གུ །དེའི་ཕྱོགས་བཞིར་དབང་ཕྱུག་གཙོ་མོ་བཞི་མདུན་རྒོད་གདོང་། གཡས་གཡག་གདོང་། རྒྱབ་སྤྱང་གདོང་། གཡོན་དོམ་གདོང་མ་རྣམས་ལ་དཔལ་གཏོར་སྟོད་ཟུར་གསུམ་པ་དམར་པོ་རེ་རེ་སྟེ་ཉེར་གསུམ་པོའི་གཙོ་མོ་ལྔ་དང་མ་མོའི་གཙོ་མོ་གཉིས་རྣམས་ཆེ་བརྗིད་ཅན། གཞན་རྣམས་ཀྱང་བང་རིམ་འོག་མའི་གཏོར་མ་རྣམས་ལས་ཆེ་ངེས་པ་བྱ་ཞིང་སོ་སོའི་ཙཀ་ལི་མ་ནོར་བར་གཟུག །དེ་འོག་བང་རིམ་གཉིས་པར་དབང་ཕྱུག་ཉེར་བཞི་ལ་དཔལ་གཏོར་སྟོད་ཟུར་གསུམ་པ་དམར་པོ་ཕྱོགས་བཞིར་དྲུག་རེ། བར་མཚམས་རྣམས་སུ་ཕྱི་ནང་གསང་མཆོད་སྤར་བཏབ་པ། བང་རིམ་གསུམ་པ་ལ་སྐྱོང་མ་ཡ་མ་ཡང་འཁོར་འབུམ་ཕྲག་རྣམས་ལ་དཀར་ཟླུམ་དང་དམར་གཏོར་རེ་རེ་ནས་བརྒྱའམ་ལྔ་བཅུ་རེའི་བར་མཚམས་མཐེབ་ཀྱུ་ཤ་དུམ་ཅི་མང་བཞག །གནམ་ལ་འཕུར་བའི་བྱ་རིགས་ཐུར་མའི་རྩེར་བཀོད། བང་རིམ་བཞི་པའི་ཤར་དུ་ལྷ། ལྷོར་གཤིན་རྗེ། ནུབ་ཏུ་བཙན། བྱང་དུ་གནོད་སྦྱིན། ཤར་ལྷོར་མ་མོ། །ལྷོ་ནུབ་བདུད། ནུབ་བྱང་ཀླུ། བྱང་ཤར་རྒྱལ་པོ། ཤར་སྟོད་གཟའ། ནུབ་སྨད་ཐེའུ་རང་སྟེ་བཅུ་པོ་ལ་འདིར་འདོན་ཆ་གནམ་ཆོས་ལུགས་མཛད་པའི་དབང་གིས། སོ་སོའི་གཏོར་མ་གནམ་ཆོས་སྡེ་བརྒྱད་ཁེངས་མདོས་ལྟར་སྐུ་གཟུགས་ཕྱག་མཚན་བཙུགས་པ་བཀོད་པའི་ལུགས་སྲོལ་འདུག་ཀྱང་། དོན་ལ་ཁྱད་པར་མེད་པས་གནམ་ཆོས་ལུགས་ཀྱི་གཏོར་མ་སྐུ་གཟུགས་མ་འགྲིགས་ན། ལྷ་ལ་བཤོས་ཟླུམ་སོགས་སྤྱི་འགྲེ་བཀོད་པའི་བར་རྣམས་སུ་རི་དྭགས་སྣ་ཚོགས་བཞག །བང་རིམ་ལྔ་པའི་ཕྱོགས་བཞིར་གཉན་ཆེན་སྡེ་བཞི་ལ་འབྲང་རྒྱས་ཞལ་དཀར་བཞི་དང་། ཤར་དུ་ཡུལ་ལྷ་ལ་དཀར་གཏོར། ལྷོར་གནས་བདག་ལ་ལྷ་བཤོས། ནུབ་ཏུ་ཡུལ་གྱི་ཀླུ་ལ་བཤོས་ཟླུམ་དཀར་པོ་སྦྲུལ་དཀྲིས། བྱང་དུ་ས་བདག་ལ་རི་རབ་བང་རིམ་བཞི་བརྩེགས་སྟེང་རུ་སྦལ་དེ་སྟེང་དཀར་གཏོར་བཞག །དེ་རྣམས་ཀྱི་བར་མཚམས་སུ་གཅན་གཟན་རིགས། བང་རིམ་དྲུག་པར་ཡང་འཁོར་འདྲེ་སྲིན་འབྱུང་པོའི་རིགས་ལ་གཏོར་མ་དཀར་དམར། མཐེབ་ཀྱུ། ཤ་དུམ་རྣམས་བརྒྱའམ་ལྔ་བཅུ་ལས་མི་ཉུང་བ་བཀོད། བར་དུ་ཆུ་གནས་ཐམས་ཅད་བཞག་སྟེ་གཟུགས་འགྲོས་ཐམས་ཅད་སྐྱེ་མཆེད་ཚང་བ་སྤར་ལ་ལེགས་པར་འདེབས། བང་རིམ་བདུན་པར་གང་གི་ཆེད་དུ་བྱེད་པ་དེའི་ཡས་བཀོད། སྤྱི་རིམ་ལ་ཐམས་ཅད་བཀོད་དེ། ཀག་ཟློག་ལ་སེར་སྐྱ་ཕོ་མོ་གང་ཡིན་གྱི་འདྲ་གླུད་གཙང་མ་ལ་གླུད་རབས་ནས་བཤད་པའི་ལུང་ཏང་མིག་སོགས་རྫས་རྣམས་དང་། ཡུལ་མཁར་དཀོར་ཆ་དང་བཅས་པ། ཆངས་བུ་གཙང་མ། མཐེབ་ཀྱུ་སོགས་བརྒྱ་རྩའམ་ལོ་གྲངས་ལས་མི་ཉུང་བ། ལོ་ཏོག་གི་དོན་ཡིན་ན། ས་ཞིང་རྣམས་ཀྱི་འབྲུ་གཙོ་བོར་གྱུར་པའི་འབྲུ་སྣ། ལྗང་བུ། སྙེ་མ། སོག་མ། རྩམ་པ། ཡོས་བཀྲ །སྦང་མ། ཕྱུགས་ཀྱི་དོན་ལ། རྟ་དྲེལ་བོང་བུ་འབྲི་གཡག་མཛོ་གླང་ར་ལུག་སོགས་ཀྱི་གཟུགས་ཅི་མང་། ཐན་ཟློག་ལ། ལྟས་ངན་གང་བྱུང་གཙོ་བོར་གྱུར་པའི་ཐན་གཟུགས་སྣ་ཚོགས་བཀོད་པས་མཚོན་འཕྲུལ་ཤེས་པར་བྱ། ལྕགས་རིའི་ནང་དུ་འབྲུ་སྣ། ཟས་སྣ། ཤིང་ཏོག །དཀར་མངར། ཤ་ཁྲག །དར་གོས། རས་ཕྲུག །ནོར་སྣ་སོགས་ཅི་འབྱོར་བཞག །སྨན་སྣ། རིན་ཕྱེ། དར་ཟབ། ཤེལ་ཚིགས་སོགས་ནི་མདོས་ཀྱི་གོང་འོག་ཀུན་ཏུ་ཁྱབ་པར་བྱ། གདུགས་ནམ་ཆོས་འབྱུང་ཟུར་དྲུག་ཉི་ཟླ་དཔལ་བེའུ་ཏོག་དང་བཅས་པ་དབུབ་ལ་དར་དཔྱང་གིས་བརྒྱན། ལྕགས་རི་ལ་དྲག་པོའི་རྩང་དམར་ཉེར་བརྒྱད་དམ་བརྒྱ་རྩ་སྒོ་རྩང་བཞི་བཅས་སྲིན་མོ་འགྲོས་སུ་བཙུག །ཤར་དུ་ནམ་མཁའ། རྒྱང་བུ། རུ་མཚོན་རྣམས་དཀར་པོ་བདུན་རེ་དང་། ཕོ་ཏང་། མོ་ཏང་། བུ་ཏང་། མདའ་བཀྲ །འཕང་བཀྲ །ཡུལ་མཁར་སོགས་ཀྱི་ཤིང་རིས་རྣམས་བདུན་རེ། དེས་འགྲེས་ཏེ་ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་བྱས་པའི་ནམ་རྒྱང་ནས་ཤིང་རིས་བར་བདུན་རེ། ཕྱོགས་བཞིར་མདའ་དར་ཕྱོགས་མདོག་མེ་ལོང་བཏགས་པ། མཚམས་བཞིར་རྒྱལ་མཚན་བཞི་བཅས་བཙུགས་ལ་བག་དྲོ་བརྗིད་ཆགས་སུ་བྱ། མདོས་ཀྱི་རྒྱབ་ཕྱོགས་སམ་ཕུག་ལོགས་ལྟ་བུར་ལྷ་གཞུང་གང་ཡིན་གྱི་གཏོར་མཆོད། ཚོགས་ཀྱི་ཡོ་བྱད་སོགས་བཤམ། མདོས་ཀྱི་གཡས་ཕྱོགས་ལྟ་བུར་སྟེགས་སེར་པོ་ལ་ནོར་ལྷ་སྤྱི་གཏོར། གཡང་སྒྱེ་གཡང་ཆང་། མདའ་དར་སོགས་གཡང་འགུགས་རྟེན་གྱི་གཡང་རྫས་རྣམས་བཞག །གཡོན་ཕྱོགས་ལྟ་བུར་ཡོན་བདག་ལ་ལུས་དྲུད་བྱས་པའི་སྦྱིན་བདག་འདྲ་གླུད་རབ་ལུས་ཚད། འབྲིང་ཁྲུ་གང་། ཐ་མ་མཐོ་གང་ལས་མི་ཆུང་བ་སྐྱེ་མཆེད་ཚང་ཞིང་གླུད་རབས་ཀྱི་རྫས་དང་ལྡན་པ་གོས་དུམ་བཀོན་པའི་གཡས་སུ་ཕོ་གླུད། གཡོན་དུ་མོ་གླུད། མདུན་དུ་ཆུང་གླུད་རྣམས་ལ། ངར་མི་དཀར་སེར་དམར་ལྗང་སྔོན་པོ་ལྔ་དང་། ལུས་དྲུད་ཆངས་བུ་ལོ་གྲངས་ལས་མི་ཉུང་བ། ནོར་གླུད། ཚྭ་སྒོག་རམ་རུག །བྲ་སྲན་ཡོས་ཚིག །སྲེ་ལོང་སྦང་མ། ཙོང་སྒོག་གཡེར་མ། ཤ་དགོ་གཙོད་ར། རྟ་རྨིག་ཁྱི་ཐོད། ཕག་ཤ་རུས་སྣ་སོགས་མི་ཁ་དང་ཡས་རྫས་སྣ་ཚོགས་བཏབ། ནམ་མཁའ་རྒྱ་ཞལ་འབྱུང་བ་ལྔ་རིས་བྱ་ཕོད་ཅན། ཕོ་ཁྲམ་མོ་ཁྲམ། རྒྱང་བུ་མདའ་འཕང་ཕོ་ཏོང་མོ་ཏོང་ཤིང་རིས་རྣམས་གཟུག །རྟ་ཕྱུགས་ཀྱི་དོན་གཙོ་ཆེ་ན་གང་ཡིན་པའི་ཁ་སྣའི་ཆུ་དང་སྤུ་བསྲེས་པ་ལ་གཟུག་སྐྱེ་མཆེད་དོད་པ་ཆེ་ལེགས་བཟོ། དེ་འདྲ་བ་བརྒྱ་རྩ་སོགས་སྤར་བཏབ་པས་བསྐོར། ཆངས་བུ་སོགས་ཡས་རྫས་རྣམས་སྔར་ལྟར་ལ་ལྷག་པར་གོད་ཤ །གོད་རུས། སྡོང་དུམ་སོགས་བཞག །མདོས་མདུན་ལྕོག་སྟེགས་གཙང་མའི་ཁར་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད། ཇ་ཆང་འོ་ཕུད། ཟས་སྣ་སོགས་ཅི་འབྱོར་བཤམ། ཐམས་ཅད་བསང་ཆུས་བྲན། ཤུག་དུད་ཀྱིས་ཕྱུངས། རླུང་གཡབ་ཀྱིས་གཡབ་ལ་གཙང་མ་བྱའོ། ༈ །གསུམ་པ་འདོན་འགྲིགས་ནི། མདུན་བསྐྱེད་ཕྱག་འཚལ་རྗེས་སུ་སྐབས་འདིར་རྒྱས་པར་བྱེད་ན་བསང་གསོལ་བརྔན་སོགས་རྒྱས་པར་བྱེད་གསུངས་པ་ལ་བརྟེན་ནས། བསང་བརྔན་བསམ་ཡས་ལོགས་བྲིས་མ་དང་། གསོལ་ཁ་ཀློང་ཆེན་པའི་སྤྱི་གསོལ་ཆེན་མོ་སོགས་སྒྲོག་པའི་ཕྱག་ལེན་ཁ་ཅིག་གིས་སྦྱོར་བར་སྣང་ཡང་། ཧ་ཅང་མང་བས་དེ་དག་མ་སྦྱར་ཡང་ཆད་སྐྱོན་མེད་པས། འདིར་རྩ་བའི་གཞུང་དོན་ལྟར་ན་བདག་བསྐྱེད་གཞུང་འདིར་ཡོད་པས་ཆོག་ཀྱང་སྤྱི་ལུགས་ལྟར་སྤྲོས་པ་ཆེ་བར་བྱེད་ན་ཡི་དམ་གང་རུང་ངམ། སྐབས་སུ་བབས་པ་གུ་རུ་ཞི་བའི་རིགས་ཐུགས་སྒྲུབ་གང་ཡང་རུང་བ་ཞིག་ལེགས་པས་ལས་བྱང་གཞུང་བསྲང་། བསྙེན་པ་ཅི་འགྲུབ་དང་། བཀའ་སྲུང་གསོལ་ཁ། ཚོགས་སྐོང་ལྷག་མའི་བར་རྫོགས་པར་བཏང་། དེ་ནས་ཡི་དམ་གཞན་ཡིན་ན་གནས་འགྱུར་གྱི་ཚུལ་དུ་མདོས་གཞུང་བདག་བསྐྱེད་འདོན་བསྒོམ་བྱ། གུ་རུ་ཞི་བ་ཡིན་ན་འདི་ཆེད་དུ་མི་དགོས། གང་ལྟར་མདོས་བྱིན་རླབས་ནས་བརྩམ། མདུན་བསྐྱེད། སྤྱན་འདྲེན། བཞུགས་གསོལ། དམ་བཞག །ཕྱག་འཚལ་གྱི་བར་དུ་གཏང་། འདིར་བསང་གསོལ་བྱེད་ན་སྤྱིའི་རྒྱས་པ་དེ་དག་མི་དགོས་པས་གཞུང་འདིར་བཤད་པ་རྣམས་དང་འབྲེལ་བའི་ཉུང་འདུས་རེ་གཏང་ནའང་ལེགས་པར་སྣང་ངོ་། །དེ་ནས་ཕྱི་ནང་གསང་མཆོད་ཀྱི་རྗེས་སུ་ས་བཅད་བཞི་པ་ཚོགས། ལྔ་པ་སྐོང་བ་གཉིས་དཔེ་རྒྱུན་ཕལ་ཆེར་ལ་དཀྱུས་སུ་མེད་པས་ཆད་སྐྱོན་དུ་འདུག་ཀྱང་འདིར་རང་གཞུང་ཡིན་ངེས་འཁོད་ཡོད་པ་དེ་གས་འཐུས། དེ་མཚམས་དྲུག་པ་མདོས་བསྔོ་བ་ནས། བཅུ་གཅིག་པ་བསྟོད་ཅིང་ཟློག་པའི་ཕྲིན་ལས་བཅོལ་བ་རྫོགས་ཀྱི་བར་བཏང་ལ། བདག་སྐྱེད་ཐུགས་ཀའི་འོད་ཟེར་མདུན་སྐྱེད་རང་རང་ཐུགས་ཀའི་ས་བོན་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན། གནོད་སེམས་གདུག་རྩུབ་ཞི། སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན་དཀར་པོ་ཡུལ་ཁམས་ཐམས་ཅད་ལ་ཁྱབ་པར་འཕྲོས། ནད་གདོན་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་མུན་པ་ལ་ཉི་ཟེར་ཕོག་པ་བཞིན་སང་གིས་དག །འོད་ཟེར་སེར་པོས་ཚེ་བསོད་དཔལ་འབྱོར་ཡོན་ཏན་མཐའ་དག་རྒྱས་པར་སྤེལ་ཅིང་། སྲིད་པ་གསུམ་གྱི་ཕྱྭ་གཡང་ཐམས་ཅད་བསྡུས་ཏེ་ཡུལ་ཞིང་གནས་ཁང་རྟེན་རྫས་རྣམས་ལ་བསྟིམས་པར་བསམ་ལ་བསྙེན་པ་སྤྱིར་བཏང་ཚོ་གཉིས་ཅི་མང་བཟླ། དེ་མཐར་མི་ཀག་ཟློག་པ་སོགས་དམིགས་བསལ་ལ་དེ་ཁོ་ན་ཅི་འགྲུབ་བཟླ། གཞན་རྣམས་ཀྱང་དེ་བཞིན་སྐབས་སུ་བབས་པ་བྱ་ཞིང་། སྤྱི་རིམ་ལྟ་བུ་ལ་ཐམས་ཅད་ཁྱུག་ཙམ་རེ་བཟླ། དེས་ཐུན་གཅིག་སོང་། དེ་ནས་མདོས་ལ་འབྲུ་སྣ་སོགས་ཀྱིས་གསོ་བྲན་བྱས་ལ་སླར་བྱིན་རླབས་ནས་བསྙེན་པའི་བར་ཐུན་གཅིག་བྱ་བས་མཚོན་ཉིན་པར་ཐུན་གསུམ་ངེས་པར་འགྲུབ་དགོས་ལ། ཅིས་ཀྱང་མ་གྲུབ་ན་སྔ་དྲོ་ཚར་གཅིག་དང་ཕྱི་དྲོ་ཚར་གཅིག་བཅས་ངེས་པར་འགྲུབ་དགོས། གང་ལྟར་ཡང་དེ་ཉིན་ཇི་གྲུབ་ཀྱི་ཐུན་རྗེས་མའི་མཐར་ལྷ་གཞུང་གི་གཏོར་སྐྱོང་ནས་ཤིས་བརྗོད་ཀྱི་བར་རྫོགས་པར་གཏང་ངོ་། །དེ་ལྟ་བུའི་ཚུལ་གྱིས་ཞག་བདུན། ལྔ། གསུམ་ཡན་བྱ། ཉིན་རྫོགས་སྲོལ་མེད་གསུངས། གྲོལ་ཉིན་གཞུང་གསལ་རྫོངས་འདེབས་རྣམས་སྔར་ནས་ཚོགས་པར་བྱས། བསྙེན་པ་གྲུབ་པ་དང་གཡང་འགུགས་གང་རུང་ངམ་བསང་གི་ཁུ་ཡེ་ལྟ་བུ་བརྗོད་ཅིང་སྦྱིན་བདག་ཡོད་ན་གཡང་རྫས་རྣམས་གཏད། དམིགས་བསལ་མེད་ན་མི་དགོས། དེ་ནས་རྫོངས་འདེབས་མཁན་པོ་མཁའ་འགྲོའི་ཆས་སུ་ཞུགས་ལ་ཌཱ་དྲིལ་བཅས། མདོས་མདུན་རྫས་རྣམས་བཀྲམ་པའི་རྩར་འཁོད། མདོས་མཁན་རྣམས་ཀྱིས་དབྱངས་སྙན་པོས་རྫོངས་འདེབས་གྱེར་བའི་ཚིག་བསྟུན་རིན་པོ་ཆེ་སོགས་མདོས་ནང་དུ་འབུལ་ལ་ཌཱ་དྲིལ་དཀྲོལ་ཙམ་བྱེད། དེ་ནས་སྐབས་འདིར་འབྲེལ་ཆགས་པས་ལྷ་གཞུང་གི་ཆད་མདོ་གཏང་། མདོས་ཀྱི་ལམ་བསྟན་བྱས་ལ་བྱང་ཤར་དུ་དར་རམ་ས་དཀར་གྱིས་མདོས་ལམ་འཐེན། དེའང་སྤྱི་མདོས་ལ་ལྷ་མོ་གནས་པའི་ཡུལ་བྱང་ཤར། ནད་པ་ཡིན་ན་ལོ་བདུད་སོགས་སྒེར་མདོས་ལ་རིགས་པས་འཕྲུལ་ཏེ། མདོས་གཏང་བའི་ཕྱོགས་སུ་དཀར་གཏོར་བསྔོ་ཚིག་གང་རུང་དང་། གསེར་སྐྱེམས་གཞུང་གསལ་ཕུལ་ལ་མདོས་གླུད་གོ་རིམ་ཁྱེར་ཚུལ་རྣམས་གཞུང་གསལ་ལྟར་ལ་ཆད་མདོ་མེད་པས་ཟོར་གྱི་དམར་གཏོར་རྩང་བཙུགས་པ་དང་། དེ་རྗེས་དར་ནག་ཁྱེར། སྲིད་པ་ཧུ་ཕྱག་ནི་མདོས་སྣའི་དཀར་གཏོར་ལ་བཙུགས་པ་མཁས་པའི་ཕྱག་བཞེས་སོ། །མདོས་གཏང་སར་བསླེབས་ནས་བརྟན་མའི་སུན་ཟློག་བྱ་བར་གསུངས་པས་བླ་མ་དགོངས་འདུས་དང་རཏྣའི་ཐུགས་སྒྲུབ་ཡང་འདུས་ལས་འབྱུང་བ་གང་རུང་གི་བརྟན་མའི་ཟློག་པ་གྱེར་ལ། དེ་ཚེ་སྐུ་ཙཀ་རྣམས་ཚུར་བླང་། མཐར་མདོས་ཐམས་ཅད་མེར་བསྲེག །བྷྱོ༔ མདོས་ཟོར་ཤ་ཁྲག་སོགས་དང་ཟློག་སྔགས་སྤྱི་དང་ཁྱད་པར་སེང་གདོང་མ་དང་ལོཀྟྲིའི་ཟློག་སྔགས་བརྗོད་ཅིང་གཏོར་ཟོར་འཕང་། ཐལ་མོ་བརྡབ། དུལ་མོ་རྟུལ། གཏོར་གཞོང་བཤལ་ལ་བརྟན་མ་བསྐྱང་། གཏོར་སྣོད་སྦུབས་པའི་འོག་དམ་སྲི་བཀུག །རྟ་བྲོ་བརྡུང་། སྣོད་འབྲུས་བཀང་ཤིས་བརྗོད་དང་ལྷ་རྒྱལ་ལོ་བྱས་ལ་སྲུང་འཁོར་བསྒོམ། སློབ་དཔོན་གྱིས་རྟིང་མནན་ལ་ནང་དུ་ལོག །ཚེ་འགུགས་བྱ་ཞིང་གཡང་རྫས་རོལ་ལ་ལྷག་མ་མཛོད་དུ་སྦ་བ་སོགས་བྱ། ལྷ་གཞུང་གི་རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་བར་བྱས་པས་གྲུབ་བོ། །ཡིག་སྡེབ་དག་མིན་ཙམ་ཡང་མ་གོ་བའི། །ཟིན་བྲིས་སྐྱུག་ལོག་རྣམས་དང་འདི་མི་འདྲ། །འདི་ནི་གཞུང་དང་ཆགས་མེད་དགོངས་པར་ངེས། །འདིས་ཀྱང་གཏོ་མཁན་རྣམས་ལ་ཕན་ཐོགས་ཤོག །ཅེས་པའང་སྔགས་ཧྲུལ་མདོས་ལ་མཁས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ། །སརྦ་ཐཱ་མངྒ་ལཾ།། །།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལུགས་གཉིས་གང་ལ་སྦྱར་ཡང་རུང་བའི་གནས་ལུང་ཁྱེར་བདེར་བསྡུས་པ་ཐུགས་རྗེའི་འཕྲུལ་ཞགས་ (Volume 21, Text 47)
༄༅། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལུགས་གཉིས་གང་ལ་སྦྱར་ཡང་རུང་བའི་གནས་ལུང་ཁྱེར་བདེར་བསྡུས་པ་ཐུགས་རྗེའི་འཕྲུལ་ཞགས་ཞེས་བྱ་བ་བཞུགས་སོ། ། མི་བཟད་ངན་འགྲོའི་སྡུག་བསྔལ་ནི། །མཚན་ཙམ་གྱིས་ཀྱང་སྐྱོབ་མཛད་པ། །ཐུགས་རྗེའི་དབང་ཕྱུག་ལ་བཏུད་ནས། །གནས་ལུང་ཆོ་ག་འདུས་གསལ་སྤེལ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་རྟག་ཏུ་གནས་ཤིང་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་སྒྲུབ་པ་པོ་གང་ཞིག །ལས་དང་བག་ཆགས་ཀྱི་གཞན་དབང་དུ་གྱུར་པས་འཁོར་བའི་འཁོར་ལོ་ཡང་སྲིད་ལུ་གུ་རྒྱུད་དུ་ཉིང་མཚམས་སྦྱོར་བའི་འགྲོ་བ་ལ་ཕན་གདགས་པར་འདོད་པས་གནས་ལུང་གི་ཆོ་ག་བརྩམ་པར་སྐབས་སུ་བབས་པ་ན། རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གང་དང་འབྲེལ་བ་དེའི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆས། ཚོགས་ཀྱི་ཡོ་བྱད་དང་བཅས་པ་རྣམས་དང་། ལྷོ་སྒོར་སྦྱོང་སྟེགས་འཁོར་ལོ་དཀར་པོ་རྩིབས་བརྒྱད་བྲིས་པའི་གདན་ལ་ཚེ་འདས་ཀྱི་མིང་བྱང་དྲི་རྟེན་གོས་བཟང་གིས་བཀླུབས་པ། བགེགས་གཏོར། གུལ་ཡུངས། ཏིལ་ནག །ཁྲུས་ཆས། ཟས་བསྔོ་སོགས་ཉེ་བར་མཁོ་བ་རྣམས་ཚོགས་པར་བྱས་ལ། བདག་མདུན་བུམ་སྒྲུབ་བདག་འཇུག་ཚོགས་མཆོད་ཀྱི་བར་དུ་དཀྱུས་ལྟར་བཏང་། ཚོགས་ལ་མ་རོལ་པའི་བར་དེར་འདིར་འཇུག །ལྷ་ལྔའི་སྐབས་བདག་མདུན་བཟླས་པ་ཡན་གྲུབ་ནས་དཀྱིལ་ཆོག་ཆེན་མོ་གཏང་སྐབས་བུམ་སྒྲུབ་ལྷ་དགུས་རིགས་འགྲེ་བསྐྱེད་ཆོག་འདོར་ལེན་ཕྱེད་པར་བྱ་ཞིང་། བསྡུས་པ་ཚིགས་བཅད་མའི་སྐབས་སུ། བསང་སྦྱང་། པད་ཟླའི་སྟེང་དུ་བཾ་དཀར་ལས། །མཚན་ཉིད་ཡོངས་རྫོགས་བུམ་པའི་དབུས། །པདྨ་ཉི་སྟེང་ཧྲཱིཿདམར་ལས། །བཅོམ་ལྡན་རྒྱལ་བ་རྒྱ་མཚོ་གསལ། །སྟེང་དང་གཡས་གཡོན་འོག་གི་ཆར། །པད་འབྱུང་གྲུབ་ཐོབ་རྒྱ་མཚོ་དང་། །རྟ་མགྲིན་དཔའ་བོ་རྒྱ་མཚོ་དང་། །གསང་ཡེ་དཔའ་མོ་རྒྱ་མཚོ་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོ་རྣམས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །གསལ་ལ་མ་འདྲེས་ཡོངས་སུ་རྫོགས། །ལས་བུམ་ནང་དུ་རྟ་མགྲིན་རྒྱལ། །དམར་པོ་ཕྱག་གཡས་རྡོ་རྗེ་དང་། །གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས། ཁྲོ་བོའི་ཆས་ལྡན་མེ་དཔུང་ཀློང་། །བརྐྱང་བསྐུམ་པད་ཉིའི་གདན་ལ་འགྱིང་། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །ཐུགས་སྲོག་འོད་ཀྱི་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་གཙོ་འཁོར་ཀུན། །འོད་དཔག་མེད་པས་རྒྱས་བཏབ་གྱུར། །མཆོད་རྫས་རྣམས་ལ་བདུད་རྩི་གཏོར་ཞིང་བསང་སྦྱང་། སྟོང་པའི་ངང་ལས་ཀ་པཱ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ་དང་ པུཥྤེ་ནས། ཤབྡའི་བར་དུ་སྦྱར་བས་བྱིན་བརླབ། ཨོཾ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཏུ་དྷཱུ་པེ་དང་པུཥྤེ་སོགས་སྦྱར་བས་མཆོད། ཨོཾ། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་གཏོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་མཉམ་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་གུས་པས་ཕྱག་འཚལ་བསྟོད། །ཅེས་བརྗོད། རང་སྲོག་སྔགས་ལས་འོད་ཟེར་སེར་པོ་འཕྲོས། །གཟུངས་ཐག་བརྒྱུད་དེ་བུམ་ལྷའི་རྒྱུད་བསྐུལ་གྱུར། །ཡིག་བཅུ་སོགས་བཟླ། ལས་བུམ་ལ། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་ལ། བུམ་ལྷ་བདེ་ཆེན་བདུད་རྩིའི་ངོ་བོར་གྱུར། ཁྲོ་བོའི་རྒྱལ་པོས་ལས་རྣམས་བསྒྲུབ་པར་མཛོད། །དེ་ནས་དམིགས་རྟེན་མདུན་དུ་བཀོད། ལས་བུམ་གྱི་ཆུས་བྲན་ལ། བསང་སྦྱང་། སྟོང་པའི་ངང་ལས་ཡི་གེ་ནྲྀ་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་གསོན་པོའི་དུས་ཀྱི་གཟུགས་དང་ཆ་ལུགས་ཇི་ལྟ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གདོང་ཕྱོགས་ཏེ་འདུད་པས་གནས་པར་གྱུར། རང་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་རླུང་མེད་པའི་མར་མེ་ལྟ་བུར་བཀུག་སྟེ་དེའི་སྤྱི་བོ་ནས་ཞུགས་སྙིང་གར་གནས་པར་གྱུར། ཧཱུྃ་མཛད་ཀྱི་རྒྱས། ན་མོ། རྫེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པའི་མཐུས། ཚེ་ལས་འདས་པའི་རྣམ་པར་ཤེས་པ་རིགས་དྲུག་སྐྱེ་གནས་བཞི་གར་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ལན་གསུམ་གྱིས་བཀུག །ཛཿཧཱུྃ་བཾ་ཧོཿས་བསྟིམ། བགེགས་གཏོར་ཨ་ཀཱ་རོས་བརླབས་གཡས་གཡོན་དུ་བསྐོར་ལ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཤ་དང་མར་དང་ཁུར་བ་དང་། །ཛ་གད་གཏོར་མ་འདི་བྱིན་གྱིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྟོ་འཕྱེ་ས་བདག་རིགས་རྣམས་དང་། །གྲུལ་བུམ་དང་ནི་གཉན་གྱི་རིགས། །ཡི་དྭགས་ཤ་ཟའི་རིགས་རྣམས་དང་། །དེ་བཞིན་སྟོབས་ཆེན་བདུད་ཀྱི་རིགས། །བཙན་དང་རྒྱལ་པོ་འཁོར་བཅས་དང་། །མ་མོ་གཤིན་རྗེ་ལ་སོགས་པ། ཁྱེད་རྣམས་ཀུན་གྱི་ལན་ཆགས་ནི། །སྐད་ཅིག་ཉིད་ལ་བྲལ་གྱུར་ཏེ། །ཚེ་འདས་རིགས་ཀྱི་བུ་འདི་དང་། །ལུས་དང་གྲིབ་བཞིན་མ་འགྲོགས་ཤིག །ངན་སོང་གསུམ་གྱི་ལམ་མ་སྟོན། །ཚེ་ལས་འདས་པའི་སེམས་ཅན་འདིའི། །སེམས་ཀྱི་མདུད་པ་མྱུར་དུ་ཁྲོལ། །གཏོར་མ་དོར་ལ་བགེགས་བསྐྲད་པ་ནི། ཧཱུྃ། ང་ནི་པདྨ་དབང་ཆེན་ཏེ། །ཐམས་ཅད་ང་ཡིས་རང་དབང་སྒྱུར། །ང་ཡི་བཀའ་ལས་མ་འགལ་བར། །རང་རང་གནས་སུ་བྱེར་བར་གྱིས། །རྟ་སྔགས་དང་སུམྦྷ་དྲག་ཏུ་བརྗོད། གུ་གུལ་དང་ཡུངས་དཀར་གྱིས་བསྐྲད། ཏིལ་དང་མེ་ཆུ་བཤམས་ལ། ཚེ་ལས་འདས་པའི་སྙིང་གར་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཀཾ་ནག་པོ་ལས་སྡིག་པ་རྭ་ཅན་གྱི་རྣམ་པར་གནས་པ་དེ། ལྟེ་བ་ནས་ཡེ་ཤེས་ཀྱི་མེའི་འོད་ཀྱིས་དེད་པས་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། མེར་སྲེག་ཅིང་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ལན་གསུམ། སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབས་ལ་ཡིག་བཅུ་དང་། སྦྱོང་རྒྱུད་ནས་གསུངས་པའི་སྔགས་གང་ལྕོགས་དང་། ཀཾ་ཀ་ནི་དང་ཡིག་བརྒྱ་བཟླ། དེ་ནས་རྟེན་ལ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །དམིགས་ཡུལ་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲ་ཨཱཿཧཱུྃ། ཞེས་རྒྱན་དང་ན་བཟའ་འབུལ། ཁྲུས་ཆུ་ལས་བུམ་དུ་བླུགས་པས་དམིགས་རྟེན་བཀྲུ་ཞིང་། ཚེ་ལས་འདས་པ་རིགས་ཀྱི་བུ། །ཉོན་དྲུག་རྒྱུ་ལས་ལོག་པའི་གནས། །འདི་ནས་སྟེང་འོག་འཇིག་རྟེན་ན། །འགྲོ་དྲུག་ཅེས་བྱ་འཇིགས་རུང་བའི། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱིས་མྱང་འགྱུར་ཏེ། དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །ཕྱིན་དྲུག་ཆུ་བོ་འདིས་བཀྲུ་འོ། །ཡི་གེ་བཅུ་པ་དང་། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཞེས་པ་ཙམ་མམ། ཅུང་ཟད་སྤྲོ་ན། གཟུགས་ཀྱི་ཕུང་པོ་རྣམ་དག་པས། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་ཁྲུས་གསོལ་ལོ། །སྔགས་ཤམ་བརྗོད་པ་འགྲེ །རྣམ་ཤེས་ཕུང་པོ་རྣམ་དག་པས། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་ཁྲུས་གསོལ་ལོ། །ཚོར་བའི་ཕུང་པོ་རྣམ་དག་པས། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་ཁྲུས་གསོལ་ལོ། །འདུ་ཤེས་ཕུང་པོ་རྣམ་དག་པས། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་ཁྲུས་གསོལ་ལོ། །འདུ་བྱེད་ཕུང་པོ་རྣམ་དག་པས། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་ཁྲུས་གསོལ་ལོ། །བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ཞེས་དང་། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་འབྱུང་བཞིའི་ནང་དུ་སོང་། །ཚེ་ལས་འདས་པའི་ཉོན་མོངས་པ་དུག་གསུམ་དཀོན་མཆོག་གསུམ་གྱི་བདེན་པས་འབྱུང་བའི་བག་ལ་ཞ་བར་གྱུར་ཅིག །འབྱུང་བའི་ངང་དུ་ཐིམ་པར་གྱུར་ཅིག །མེ་ཏོག་འཐོར་ཞིང་། སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱོད་ཅག་ལམ་དུ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་ཀུན་ཏུ་བདེ་ལེགས་ཤོག །ཁྱོད་ཅག་སྡིག་པར་མ་གྱུར་ཅིག །ཚེ་ལས་འདས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །དེ་ནས། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བར། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་སྟེ། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་གསོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་འཇིགས་པ་རྣམས། །སྐྲགས་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །ཞེས་ཕྱག་བྱ། དེ་ནས་དབང་བསྐུར་བ་ནི་ལྷ་དགུ་ཡིན་ན་དབང་བསྐུར་ཡོངས་རྫོགས་སམ། དབང་བཞི་པ་ཡན་ཆད་དམ། རིག་པའི་དབང་ལྔ་ཡན་ཆད་ཚང་བར་བསྐུར། ལྷ་ལྔ་ལའང་དེ་ལྟར་བྱས་ཀྱང་རུང་མོད། འདིར་བསྡུས་པ་ལ་དགའ་བས། ཁྲུས། མཎྜལ། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་སྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། སྤྲོ་ན། ཕྱོགས་བཅུ་དུས་གསུམ་སོགས་ནས། ཟབ་ཅིང་རྒྱ་ཆེ་བསྟན་དུ་གསོལ། །བར་གཞུང་ངམ་གཏོར་དབང་ལྟར་ལ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད། ཁྱེད་རང་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི། །ལྟེ་བར་པད་སྟེང་གཡུང་དྲུང་གཡོན་དུ་འཁྱིལ། །ཧྲཱིཿལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །སངས་རྒྱས་བྱང་སེམས་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཆར་ལྟར་བབ་བྱོན་ལུས་ངག་ཡིད་ལ་ཐིམ། །ལུས་སེམས་བདེ་བ་ཆེན་པོས་ཁྱབ་པར་གྱུར། །སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་བཏགས་པ་བཟླ། སྤྱི་བོར་རྡོ་རྗེ་བཞག་ལ། ཏིཥྛ་བཛྲ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་རྣམས་ཀྱིས་དབང་བསྐུར་བར་གྱུར། བུམ་པས་དབང་བསྐུར་ལ། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཡིག་བཅུའི་ཤམ་དུ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་དབང་བསྐུར་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཧཱུྃ། དེ་ལྟར་དབང་བསྐུར་པས་ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཐོད་པའི་བདུད་རྩི་སྦྱིན་ལ། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང་། །སངས་རྒྱས་རྣམས་ཀྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །གསང་མཆོག་ཐོད་པའི་དབང་འདི་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཱཾ། སིནྡྷུ་རའི་མེ་ལོང་གཏད་ལ། སངས་རྒྱས་ཀུན་གྱི་ཤེས་རབ་དབང་། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཤེས་རབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག །ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཱཾ། རྡོ་རྗེ་བསྟན་ལ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་ངོ་སྤྲད། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པ་འོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ངེས་ཤེས་བསྐྱེད་པ་བཞི་པ་འོ། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འདྲེས་པར་བསྒོམ་པ་དབང་། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །དང་པོ་བུམ་པའི་དབང་གིས་བཅད། །རང་བཞིན་ལྷ་ཡི་རྣམ་པ་བསྒོམ། །ཐ་མལ་ངག་གི་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་དུ་བཟླས་པ་འོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །གསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །གཙོ་བོས་ཇི་ལྟརྎ མཎྜལ། དེང་ནས་བརྩམ་སྟེ་སོགས་བྱའོ། །དེ་ལྟར་དབང་བསྐུར་པས་ཚེ་འདས་ཀྱི་སྒོ་གསུམ་ལྷའི་ངོ་བོར་གྱུར། འདོད་ཡོན་རྣམས་བསང་སྦྱང་། ཨ་ཀཱ་རོས་བརླབ། ཨོཾ། ཟས་ལོངས་ཚེ་འདས་རིགས་ཀྱི་བུ། །ང་ནི་དབང་ཆེན་དཔལ་གྱི་སྐུ །སངས་རྒྱས་ཀུན་དང་རབ་སྦྱོར་བའི། །ཡེ་ཤེས་འོད་ཟེར་ཀུན་ཏུ་འཕྲོ། །ཐམས་ཅད་འདོད་པ་ཚིམས་བྱེད་པ། །བཅུད་ཆེན་རོ་མཆོག་སྟོང་དང་ལྡན། །འདི་ནི་སྔོན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཁྱོད་ཀྱིས་ཟས་འདི་ལོངས། །སྔོན་ཚེ་རྒྱལ་པོ་ཚེ་འདས་རྣམས། །ཟས་གཏད་ཚིམས་ཤིང་གྲོལ་བ་ལྟར། །ཚེ་འདས་ཁྱོད་ལ་ཟས་གཏད་ཀྱིས། །ཟས་འདི་ལོངས་ལ་རང་སེམས་ལྟོས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །ཕྱིས་ནས་རྒྱུད་འདི་མ་ལེན་པར། །སྐྱེ་མེད་བྱང་ཆུབ་དྲན་པར་གྱིས། །རང་སྣང་ཆོས་ཉིད་དབང་ཐོབ་ཤོག །བདེ་བ་ཅན་གྱི་ཞིང་ཁམས་ན། །ཆོས་ཉིད་འོད་གསལ་ལྷུན་རེ་སྟུག །ཟས་འདི་ལོངས་ལ་དབྱིངས་སུ་གཤེགས། །འཁོར་བ་འདི་ལ་མ་ཆགས་ཤིག །དེ་ནས་དམིགས་རྟེན་ལག་ཏུ་ཐོགས་ཏེ། རྒྱས་པར་ན། ཆོས་སྐུ་དྲི་མེད་རྡོ་རྗེ་འཆང་། །སྤྱན་རས་གཟིགས་དབང་འགྲོ་བའི་མགོན། །ཚེ་འདས་སེམས་ཉིད་མཆོད་པར་འབུལ། །གཏི་མུག་དབྱིངས་སུ་སྒྲོལ་མཛད་གསོལ། །བྱང་སེམས་རྣམ་པར་དག་པ་ཡི། །རྣམ་སྣང་རྒྱལ་པོ་གང་ཆེན་མཚོ། །ཚེ་འདས་ཕུང་པོ་མཆོད་པར་འབུལ། །མ་དག་གཟུགས་ཀྱི་ཕུང་པོ་སྒྲོལ། །མི་འགྱུར་རྡོ་རྗེ་ལྟ་བུ་ཡི། །མི་བསྐྱོད་རྡོ་རྗེ་རིགས་ཀྱི་གཙོ། །ཚེ་འདས་རྣམ་ཤེས་མཆོད་པར་འབུལ། །ཞེ་སྡང་དབྱིངས་སུ་སྒྲོལ་མཛད་གསོལ། །དྲི་མེད་པདྨ་ལྟ་བུ་ཡི། །འཆི་མེད་རྒྱལ་པོ་འོད་དཔག་མེད། །ཚེ་འདས་འདུ་ཤེས་མཆོད་པར་འབུལ། །འདོད་ཆགས་དབྱིངས་སུ་སྒྲོལ་མཛད་གསོལ། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཚེ་འདས་ཚོར་བ་མཆོད་པར་འབུལ། །ང་རྒྱལ་དབྱིངས་སུ་སྒྲོལ་མཛད་གསོལ། །ཕྲིན་ལས་ཐམས་ཅད་ཡོངས་རྫོགས་ཤིང་། །རྒྱལ་བའི་དགོངས་པ་རྫོགས་མཛད་པ། །ཚེ་འདས་འདུ་བྱེད་མཆོད་པར་འབུལ། །ཕྲག་དོག་དབྱིངས་སུ་སྒྲོལ་མཛད་གསོལ། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཚེ་འདས་སྐྱེ་མཆེད་མཆོད་པར་འབུལ། ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལ། །ཚོགས་གཉིས་ཟུང་འཇུག་ཕྲིན་ལས་ཀྱིས། །བར་དོར་གནས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །ཞེས་སམ། བསྡུ་ན། དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས།མན་བརྗོད། དེ་ནས། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །སྔགས་རྣམས་བརྗོད་ཅིང་མིང་བྱང་བསྲེགས་ལ་ཐལ་བ་སཱཙྪ་གདབ་པའམ་གཙང་སར་དོར། ལམ་བསྟན་པ་ནི། འདི་ནས་ཕྱོགས་བཅུའི་འཇིག་རྟེན་ན། །དྲི་མ་མེད་པའི་འོད་ལ་སོགས། །རྣམ་དག་སངས་རྒྱས་ཞིང་རྣམས་ན། །པདྨོའི་དཔལ་སོགས་བདེ་གཤེགས་རྣམས། །འཚོ་གཞེས་ཁྱོད་ལ་ཉེར་དགོངས་ཏེ། །ཚེ་འདས་སྐལ་ལྡན་རིགས་ཀྱི་བུ། །རྒྱལ་བ་དེ་དག་ཞིང་དུ་གཤེགས། །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་སཾ་བྷ་ཝེ། རཏྣ་ཀཱིར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ྄། པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཀྱང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨོདྦྷ་བེ་སུ་ཁ་ཝ་ཏི་གཙྪནྟུ་སྭཱ་ཧཱ། རིགས་ཀྱི་བུ་དེ་འོད་དཔག་མེད་སོགས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་སུ་གྱུར་ཏེ། དེ་ལ་རྒྱལ་སྲས་ཀྱིས་མཆོད་ཅིང་བདེ་བར་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་བར་གྱུར་ཏོ། །ཤིས་བརྗོད་དང་བསྔོ་སྨོན་བྱ། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་དང་རྗེས་ཀྱི་ཆོ་ག་རྣམས་ནི་གཞུང་ལས་འབྱུང་བ་ལྟར་བྱའོ། །རང་བྱུང་ནམ་མཁར་སྤྱོད་པའི་གཞུང་བཟང་ལས། །དཀོན་མཆོག་འབངས་ཀྱིས་བསྡུས་ཤིང་གསལ་བར་མཛད།། དེ་ལས་རང་འདྲའི་ཤེར་བརྩོན་དམན་རྣམས་ཕྱིར། །བསྡུས་ཏེ་བཀླག་ཆོག་ཉིད་དུ་བཀོད་པའི་དགེས། །འཇིགས་རུང་སྲིད་པའི་འཁྲུལ་འཁོར་ལ། །ལས་ཀྱིས་བཅིངས་པའི་འགྲོ་བ་ཀུན། །པདྨས་བརྒྱན་པའི་ཞིང་མཆོག་ཏུ། །འཇིག་རྟེན་མགོན་པོས་དགྲོལ་བར་ཤོག །ཅེས་པའང་ཐུགས་རྗེ་ཆེ་དངོས་ཀུན་མཁྱེན་བླ་མ་མཚོ་སྐྱེས་དགྱེས་པའི་བཀའ་ལུང་རྗེས་སུ་བསྒྲུབ་སླད། ཟབ་ཆོས་འདི་ཉིད་ཀྱི་སྣོད་ལྡན་དུ་གྱུར་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ།། །།
དཔལ་ལྡན་སྔགས་ཀྱི་སྲུང་མ་སྡེ་བདུན་དང་སྡེ་ལྔའི་སྒྲུབ་ཐབས་དབང་དང་བཅས་པ (Volume 61, Text 47)
ཨཱོྃ་སྭསྟི། རྒྱལ་ཀུན་སྐྱེད་མཛད་ཀུན་བཟང་ཡུམ། །ཡེ་ཤེས་མ་མོའི་ཚུལ་བཟུང་ནས། །གསང་སྔགས་བསྟན་པ་སྐྱོང་མཛད་མ། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །འདིར་ཡེ་ཤེས་ཀྱི་མ་མོ་ཨེ་ཀ་ཛཱ་ཊི་སྡེ་བདུན་ནམ་སྡེ་ལྔ་འཁོར་དང་བཅས་པའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་གྲུ་བཞི་ལ་བྲུབ་ཁུང་གྲུ་གསུམ་བསྣོལ་མ། དེའི་དབུས་སུ་འབྲུ་ནག་གི་ཚོམ་བུ་བདུན་བཞུགས་ཚུལ་དང་མཐུན་པར་བཀོད། དེའི་ལྟེ་བར་མཉྫིལ་སྔགས་སྲུང་མའི་བཤོས་བུ་དཔལ་གཏོར་འཁོར་རང་འདྲ་བཞི་དང་པད་འདབ་བཞིས་བསྐོར་བ། ཤར་དུ་སྲོག་སྒྲུབ་མར་གྲུ་གསུམ་རང་འདྲ་གསུམ་གྱིས་བསྐོར་བ། ལྷོར་དྲང་སྲོང་ལ་གྲུ་གསུམ་གཡས་དཀྱུས་རང་འདྲ་བརྒྱད་ཀྱིས་བསྐོར་བ། ནུབ་ཏུ་གནོད་སྦྱིན་ལ་གྲུ་གསུམ་ཏེལ་པས་མཚན་པ་གྲུ་གསུམ་བརྒྱད་ཀྱིས་བསྐོར་བ། བྱང་དུ་དམ་ཅན་ལ་གྲུ་བཞི་མཁར་ཐབས་ཀྱི་ཁར་གྲུ་གསུམ་ར་མགོས་མཚན་པ་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ། བྱང་ཤར་དུ་ལེགས་ལྡན་ལ་གྲུ་གསུམ་དམར་ནག་འཁོར་རང་འདྲ་དྲུག་གིས་བསྐོར་བ། རེ་མ་ཏཱིར་གྲུ་གསུམ་བཤོས་ཕྲན་བཞིས་བསྐོར་བ། དེ་ཐམས་ཅད་ལ་ཤ་ཁྲག་གཙོ་བོར་གྱུར་པའི་ཁ་ཟས་བཟང་པོ་སྣ་ཚོགས་པས་བརྒྱན་པ། རང་མདོག་དང་མཚུངས་པའི་མདའ་དར་སྐུ་རྟེན་དང་བཅས་པ་བཙུགས། དེ་དག་གི་ཤར་དུ་མཆོད་གཏོར་གཙོ་འཁོར་སྤྱི་སྤུངས་སུ་བྱས་པ་དང་། གཡས་གཡོན་དུ་སྨན་རཀ །ལྷོར་བཤོས་བུ་རི་རབ་བང་རིམ་བཞི་པའི་སྟེང་གི་དབུས་དང་ཕྱོགས་བཞིར་མར་མེ་ལྔ་བཞག་པ། ནུབ་ཏུ་རྟེན་རྫས་དང་བཅས་པའི་མདའ་དར། བྱང་དུ་བྷནྡྷ་དམ་རྫས་ཀྱིས་བཀང་བ་རྣམས་དང་། གཞན་ཡང་རི་རབ། བ་དན། རྒྱལ་མཚན། སྙིང་ཕྲེང་། ཐུན་རྫས། རཀྟ། ཡུངས་དཀར། ཕུར་པ། རལ་གྲི་རྣམས་དང་། མཆོད་པ་སྣ་ཚོགས་པས་མཐའ་བསྐོར་བ་སོགས་མཐོང་བརྒྱུད་བཞིན་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། བདག་བསྐྱེད་ཡི་དམ་ཞི་ཁྲོ་གང་ཡང་རུང་བའི་རྣལ་འབྱོར་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ་ཡཾ་ལས་བསྐལ་པའི་མེ་རླུང་དམར་ནག་འབར་ཞིང་འཚུབས་པའི་ཀློང་དུ་ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ། ཀཾ་ལས་རུས་པའི་རི་རབ་འཛིངས་སྟབས་སུ་བརྩེགས་པའི་སྟེང་དུ་བྷྲཱུྃ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་ཚད་མེད་པ་འཇིགས་ཤིང་རྔམ་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ། པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་དུད་སྤྲིན་འཁྲིགས་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། དཔྲལ་བའི་དབྱིངས་ན་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་གཟིར་ཞིང་བལྟ་བ། ཞལ་རབ་ཏུ་གདངས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་དང་བྷྱོའི་ང་རོ་དྲག་པོར་སྒྲོག་པ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟེངས་པ། ཐུགས་ཀ་ན་བདུད་རྩིའི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་འཕྱར་ཞིང་། གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་པ་སྐམ་པོའི་ཅོད་པན་དང་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་འཇའ་སྤྲིན་གྱིས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཏེ་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོའི་སྟན་ལ་རོལ་པ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། མ་མོའི་གཡོན་ཟུར་བྱང་ཤར་དུ་བདུད་མགོན་ལེགས་ལྡན་ནག་པོ་དུས་མཐའི་སྤྲིན་ལྟར་གནག་པ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། ཕྱག་གཡས་གཉིས་གྲི་གུག་དང་དུག་སྡོང་། གཡོན་གཉིས་ཐོད་ཁྲག་དང་བདུད་ཞགས་འཛིན་པ། དར་ནག་གི་འཇོལ་བེར་སུམ་བརྩེགས་གསོལ་ཞིང་། ཐོད་སྐམ་གྱི་དབུ་རྒྱན་དང་རློན་པའི་དོ་ཤལ་འཕྱང་བ། བདུད་རྟ་ནག་པོ་བཅིབས་ཤིང་རྔམ་བརྗིད་དྲག་ཤུལ་ཆེ་བ་ལྷ་དམག་བྱེ་བའི་འཁོར་དང་བཅས་པ། དེའི་གཡོན་དུ་དཔལ་ལྡན་ལྷ་མོ་རེ་མ་ཏཱི་སྐུ་མདོག་སྔོ་ནག་སྐེམ་ཞིང་རིད་པ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་ནད་རྐྱལ་འཛིན་པ་མ་མོའི་ཆས་ཅན་དྲེལ་རྟ་རྐང་གསུམ་ལ་འཆིབ་པ་རླུང་ནག་འཚུབས་མའི་དབུས་ན་གནས་ཤིང་མ་མོ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བ། མ་མོའི་མདུན་དུ་བྷྱོ་ལས་བཤན་པ་སྲོག་སྒྲུབ་ནག་མོ་རྔམ་ཞིང་ཁྲོས་པ། གཡས་ཆུ་གྲི་རྣོན་པོ་འཕྱར་ཞིང་གཡོན་དགྲ་བོའི་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ལྕེ་སྤྱང་གདོང་མ། གཡོན་ན་ཝ་གདོང་མ། མདུན་ན་འུག་གདོང་མ་སོགས་ཤ་ཟ་དང་མ་མོ་འབུམ་སྡེས་བསྐོར་བ། མ་མོའི་གཡས་སུ་ཏྲི་ལས་གཟའ་བདུད་རཱ་ཧུ་ལ་སྨུག་ནག་མགོ་བོ་དགུ་པ་ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་མདའ་གཞུས་དགྲ་སྙིང་གཟིར་བ། ལུས་ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། དུར་ཁྲོད་འཇིགས་པའི་ཆས་ཅན་གཟའ་དང་གདོང་མོ་རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། མ་མོའི་རྒྱབ་ཏུ་ཀྵ་ལས་གནོད་སྦྱིན་བཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་གྲི་གུག་དང་རལ་གྲི། གཡོན་གཉིས་ཐོད་པ་དང་སྦྲུལ་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན་མཁའ་ལྡིང་ལ་ཞོན་པ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བ། མ་མོའི་གཡོན་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་དམར་པོ་ཕྱག་གཡས་རྡོ་རྗེས་དགྲ་མགོ་གཟིར་ཞིང་གཡོན་མི་སྙིང་འཛིན་པ། དར་དཀར་གྱི་བེར་དང་བརྗིད་པའི་ཆས་ཅན་ར་སྐྱེས་ཁམ་པ་ལ་ཞོན་པ། འཁོར་གིང་ཆེན་སྡེ་བཞི་ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་མོ་བཅུ་གཉིས་ཟ་བྱེད་མཆེ་བ་ཅན་སོགས་དྲེགས་པའི་ཚོགས་ཀྱིས་བསྐོར་བ། གཞན་ཡང་ཕྱིའི་ཁོར་ཡུག་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་འཇིགས་ཤིང་རྔམ་པའི་གཟུགས་འཆང་ཞིང་། ཕྲིན་ལས་འདོད་རྒུར་བསྒྱུར་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། ལྷོ་ཕྱོགས་རྒྱ་མཚོའི་གླིང་། རི་རབ་ཀྱི་རྩེ། དུར་ཁྲོད་ཆེན་པོ་བརྒྱད་སོགས་གྲུབ་པའི་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཐམས་ཅད་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། བྷྱོཿ བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་སྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །ཧཱུྃ། ཨུ་ཙ་ལ་ཡི་དུར་ཁྲོད་ནས། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །འདོད་ཁམས་བདག་མོ་གཤེགས་སུ་གསོལ། །བྷྱོ། དུར་ཁྲོད་གནས་ནས་མཁའ་འགྲོ་མ། །མི་བསྲུན་བཤན་པ་གཤེགས་སུ་གསོལ། །བར་སྣང་ཁམས་ནས་འཇིགས་བྱེད་གཙོ། ཁྱབ་འཇུག་ཆེན་པོ་གཤེགས༴ ཧེ་ཆེན་བརྡལ་ནས་སྒྲོལ་བའི་གིང་། །གནོད་སྦྱིན་ཆེན་པོ་གཤེགས༴ དམ་ཚིག་གནས་ནས་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ་གཤེགས༴ བསྟན་པ་སྐྱོང་བའི་དམ་ཅན་རྣམས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨཱོྃ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ཏྲག་རཀྴ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་འཁོར་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། །ཏྲག་རཀྴ་ས་པ་རི་བཱ་ར་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཧཱུྃ། དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་མ་མོ་རལ་གཅིག་མ། །མཐུ་ཆེན་དྲེགས་པ་ཆེན་པོའི་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །མེ་ཏོག་ཕྲེང་མཛེས་བདུག་སྤོས་སྤྲིན་ཕུང་གཡོ། །འོད་འབར་སྣང་གསལ་དྲི་ཆབ་ལྦུ་ཕྲེང་བཞད། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོ་འཁྲོལ། །ཤ་རུས་དོན་སྙིང་ནང་རོལ་སྣ་ཚོགས་དང་། །རྨད་བྱུང་བདུད་རྩི་རཀྟ་བཏུང་བའི་མཚོ། །འདོད་ཡོན་བཟའ་བཅའི་གཏོར་མ་བསམ་མི་ཁྱབ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་འཇམ་ལྷ་མིའི་མཆོད་སྤྲིན་ཇི་སྙེད་ཀྱིས། །མཆོད་དོ་དགྱེས་པར་རོལ་ལ་ཕྲིན་ལས་མཛོད། །ཨཱོྃ་ཏྲག་རཀྴ་ས་པ་རི་བཱ་ར་པུཥྤེ་ནས་ཤབྡའི་བར་དང་། ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། བསྟོད་པ་ནི། བྷྱོཿ བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་བར་འགེམས། །འཇིགས་བྱེད་ཆེན་མོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་བཞེས་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །ཞེས་དང་། ཧཱུྃ། དཔལ་ལྡན་གཙོ་མོ་ཨེ་ཀ་ཛཱ་ཊི་མ། །ཞལ་གཅིག་ཕྱག་གཉིས་རུ་ལུའི་སྒྲ་སྐད་སྒྲོག །ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་ལ་བསྟོད། །ཧཱུྃ། དཔལ་ལྡན་མགོན་པོ་མི་ཕམ་སྲིད་གསུམ་བདག །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་འཇིག །ཆེ་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །མ་ཧཱ་ཀཱ་ལ་འཁོར་དང་བཅས་ལ་བསྟོད། །བྷྱོཿ ཤིན་ཏུ་མི་བསྲུན་བདུད་མོ་རེ་མ་ཏཱི། །མུན་པའི་མདོག་ཅན་དྲེལ་རྟ་རྐང་གསུམ་བཅིབས། །སྟོང་ཁམས་ཉུལ་ཞིང་སྐྱེ་འགྲོའི་སྲོག་དབུགས་ལེན། །བསྟན་པ་སྲུང་མཛད་མ་ལ་ཕྱག་འཚལ་བསྟོད། །བྷྱོཿ བཤན་པ་ནག་མོ་མི་ལྤགས་གཡང་གཞི་གསོལ། །ཕྱག་ན་སྙིང་དང་ནད་ཀྱི་རྐྱལ་པ་བསྣམས། །ལས་བྱེད་མཁའ་འགྲོ་བྱེ་བའི་འཁོར་གྱིས་བསྐོར། །ནམ་གྲུ་ནག་མོ་འཇིགས་པའི་ཚོགས་ལ་བསྟོད། །ཧཱུྃ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །ཧཱུྃ། གནོད་སྦྱིན་དམར་ནག་ཟངས་ཀྱི་ཁྱུང་དམར་བཅིབས། །ཞལ་གཅིག་ཕྱག་བཞི་གྲི་གུག་ཐོད་ཁྲག་དང་། །རལ་གྲི་དགྲ་སྙིང་སྦྲུལ་ནག་ཞགས་པ་བསྣམས། །དྲག་གཏུམ་ཆེན་པོ་འཁོར་དང་བཅས་ལ་བསྟོད། །ཧཱུྃ། དམ་ཅན་ཆེན་པོ་དམར་ནག་ཐིག་ལེ་རྩལ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས། །ཐོད་ཕྲེང་གཡང་གཞི་སྟག་གི་ཤམ་ཐབས་ཅན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་ལ་བསྟོད། །ཧཱུྃ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། ཁས་བླངས་དམ་བཅས་སྲུང་མའི་ཚོགས་རྣམས་དང་། །བོད་ཡུལ་གཏེར་བདག་བརྟན་མ་བཅུ་གཉིས་དང་། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་ལ་བསྟོད། །ཅེས་དང་། སྤྲོ་ན་ཁྲོས་མ་གསང་རྒྱུད་ལས་འབྱུང་བའི་མ་མོའི་རྟགས་བསྟོད་དང་སྡེ་ལྔའི་སྒོས་བསྟོད་སོགས་ཀྱང་ཅི་ཤེས་བྱ་བ་ཡིན་ནོ། །བཟླས་པ་བྱ་བ་ནི། མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སོ་སོའི་སྲོག་ཡིག་གི་མཐར་རང་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་མ་མ་ཨེ་ཀ་ཛཱ་ཊི་ཏྲཀ་རཀྴ་སྙི་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་མ་མོ་དང་། ཨཱོྃ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཞེས་མགོན་པོ་དང་། ཨཱོྃ་ཏྲཀ་རཀྴ་རེ་མ་ཏཱི་རུ་ལུ་རུ་ལུ་བྷྱོ་ཛཿཧཱུྃ། ཞེས་རེ་མ་ཏཱིའོ། །ཨཱོྃ་ཁྱི་ཁ་ལེ་ནགྨོ་སོད། སྲོག་མ་ཏི་སོད། སྙིང་ཁ་ཁ་བཾ་ཡ་མ་སོད། ཙ་བཾ་བི་རི་མུ་སོད། གྷ་ཡ་སོད། ནྲྀ་ཡ་སོད། རོཀྨ་ཎི་ར་རྦུད། ཅེས་སྲོག་སྒྲུབ་མའོ། །ཧྲི་ཤག་རུ་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་གེ་ཤ་ལ་ཛཿཛཿ ཞེས་གཟའ་བདུད་དང་། ཨཱོྃ་ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ་ཤ་རཾ་བྷྱོ་པུ་རུ་ཛ་གྷྲིག་ཧ་ལ་གྷྲ་ན་ཏ་ཡ་ཛཿཛཿ ཞེས་གནོད་སྦྱིན་དང་། ཨཱོྃ་བཛྲ་སཱ་དྷུ་ས་མ་ཡ་ཧས་བྱ་ཧུས་བྱ་གླེ་གད་ཨེ་བྷག་ཤ་ཡ་ཛཿཛཿ ཞེས་དམ་ཅན་གྱི་སྔགས་ཏེ་གཙོ་འཁོར་གྱི་འགྲོས་སྦྱར་བ་ཅི་ནུས་བཟླས་པའི་མཐར་མཆོད་བསྟོད་ཀྱང་བྱ་ཞིང་། ཚོགས་མཆོད་སྐོང་བཤགས་སོགས་བྱེད་ནའང་སྐབས་འདི་ཉིད་དུ་བྱ་བ་ཡིན་ལ། ཐུན་གྱི་མཐར་གཏོར་མ་བསྟབ་པ་དང་། མཆོད་བསྟོད་བཟོད་གསོལ། གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་གོང་དུ་བཤད་པ་བཞིན་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ། བགེགས་གཏོར་བསྔོ་བ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་ཅི་རིགས་པ་ལས། ཁྱད་པར་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་། བྱེ་བྲག་གསང་ཆེན་ཨ་ཏི་ཡོ་གའི་བསྟན་སྲུང་ཀུན་གྱི་གཙོ་བོ། བཅོམ་ལྡན་འདས་ཀུན་ཏུ་བཟང་མོ་ཉིད་གདུག་པ་ཅན་འདུལ་བ་དང་རང་གི་བསྟན་པ་བསྲུང་ཕྱིར་ཡེ་ཤེས་ཀྱི་མ་མོའི་སྐུར་བཞེངས་པ་ཨེ་ཀ་ཛཱ་ཊི་སྟེ། རལ་གཅིག་མའམ་སྔགས་སྲུང་ཆེན་མོ་རྡོ་རྗེ་རག་གདོང་མར་གྲགས་པ་འདི་ཉིད། གཙོ་བོར་ཁྲོས་མ་གསང་བའི་རྒྱུད་དང་། གཞན་ཡང་ཨ་ཏི་དང་མ་ཧཱ་ཡོ་གའི་རྒྱུད་དུ་མ་ནས་བསྟན་ཅིང་། དེ་ལ་ཡི་དམ་ལྟར་སྒྲུབ་པ་དང་། ཆོས་སྐྱོང་ལྟར་སྒྲུབ་ཚུལ་ཇི་སྙེད་ཅིག་ཡོད་པ་ལས། འདིར་ཆོས་སྐྱོང་ལྟར་སྒྲུབ་པ་ཡིན། དེ་ལ་ཡང་མ་མོ་རང་རྐྱང་དུ་སྒྲུབ་པ་དང་། དྲེགས་པ་གཞན་གྱི་འཁོར་ཅན་དུ་སྒྲུབ་པ་གཉིས་ལས། ཕྱི་མ་ལྟར་སྒྲུབ་པ་སྟེ་མན་ངག་སྙིང་ཐིག་ཆེན་མོའི་བླ་མ་བརྒྱུད་པའི་བཀའ་སྲོལ་ལས་བྱུང་བ། ༧ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཨེ་མ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་བསྟན་པ་བསྲུང་བའི་ཕྱིར། །བདེ་བར་གཤེགས་པས་བཀའ་བསྒོས་པ། །དྲེགས་པ་མཐུ་ཡི་དབང་བསྐུར་ཞུ། །ཞེས་ལན་གསུམ། སློབ་དཔོན་གྱིས། ཚུར་ཤོག་སྐལ་ལྡན་རིགས་ཀྱི་བུ། །བསྟན་པ་བསྲུང་བར་དགོངས་པ་ལེགས། །དྲག་སྔགས་མཐུ་ཡི་དབང་བསྐུར་གྱིས། །སངས་རྒྱས་བསྟན་པ་ཐུབ་པར་སྲུངས། །ཞེས་གནང་བ་བྱིན། ཡན་ལག་བདུན་པ་ཚིགས་བཅད་གང་རུང་གི་སྒོ་ནས་ཚོགས་གསག །མནའ་ཆུ་བླུད་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །འདའ་དཀའ་རྡོ་རྗེའི་དམ་སྲུངས་ཤིག །ས་མ་ཡ་ཨ་མྲྀཏ་ཧཱུྃ། ཞེས་དམ་ལ་གཞག །སློབ་དཔོན་དང་སློབ་མ་བདག་བསྐྱེད་གང་ཡིན་གྱི་ལྷར་གསལ་བ་ལས། མདུན་ན་ཡོད་པའི་གཏོར་མ་རྣམས་དུར་ཁྲོད་ཆེན་པོའི་དབུས་སུ་པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཊི། བྱང་ཤར་དུ་བདུད་མགོན་ལེགས་ལྡན་ནག་པོ་དང་ཡུམ་རེ་ཏཱི་ནག་མོ་ལྕམ་དྲལ། ཤར་དུ་བཤན་པ་སྲོག་སྒྲུབ་ནག་མོ། ལྷོར་གཟའ་བདུད་ཆེན་པོ་རཱ་ཧུ་ལ། ནུབ་ཏུ་གནོད་སྦྱིན་བཤན་པ་དམར་ནག །བྱང་དུ་དམ་ཅན་རྡོ་རྗེ་ལེགས་པ་རྣམས་སོ་སོའི་འཁོར་དང་བཅས་པ། གཞན་ཡང་ཡེ་ཤེས་དང་ལས་ལ་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་སྐུ་གཟི་བརྗིད་མཚུངས་པ་མེད་པའི་དགྱེས་ཉམས་དང་ལྡན་པ། གསུང་ཧཱུྃ་དང་བྷྱོའི་སྔགས་སྒྲ་འབྲུག་ལྟར་སྒྲོག་པ། ཐུགས་བདེ་གསལ་གྱི་ངང་ལས་བསྟན་པ་སྐྱོང་བའི་ཕྲིན་ལས་ལ་དགྱེས་བཞིན་མངོན་སུམ་དུ་བཞུགས་སྙམ་དུ་མོས་འཚལ། ༡ དེ་ནས་སློབ་དཔོན་ལ་མོས་གུས་དུང་བ་ཞིག་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་བྱུང་། མདུན་བསྐྱེད་ མ་མོའི་ ཐུགས་རྒྱུད་བསྐུལ་བས་དེའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་ག་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་གི་གནས་གསུམ་དུ་ཐིམ་པར་གྱུར་སྙམ་པར་མོས་ཤིག་བྱས་ལ། གཏོར་མ་སྤྱི་བོར་བཞག་སྟེ། ཧཱུྃ། དཔལ་ལྡན་གཙོ་མོ་ཨེ་ཀ་ཛཱ་ཊི་མ། །ཞལ་གཅིག་ཕྱག་གཉིས་རུ་ལུའི་སྒྲ་སྐད་སྒྲོག །ཀུན་ཏུ་བཟང་མོ་དབྱིངས་ཀྱི་མ་མོ་མཆོག །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྔགས་སྲུང་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཨཱོྃ་མ་མ་ཨེ་ཀ་ཛཱ་ཊི་ཏྲག་རཀྴ་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྔགས་དང་བསྟུན་ཏེ་གནས་གསུམ་སོ་སོར་བཞག་པས་ མ་མོའི་ སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར། མ་མོའི་ མཐུ་དབང་ཐོབ་སྟེ་བསྒོ་བ་ཉན་ཅིང་ལུས་དང་གྲིབ་མ་བཞིན་དབྱེར་མེད་དུ་གྱུར་པར་བསམ། དེས་སྐུའི་རྗེས་གནང་གྲུབ་བོ། །སྔགས་ཀྱི་རྗེས་གནང་ནི། སློབ་དཔོན་སློབ་མ་མདུན་བསྐྱེད་དང་བཅས་པའི་ཐུགས་ཀར་པད་ཉི་ལ་སོ་སོའི་ས་བོན་རང་སྔགས་ཀྱིས་བསྐོར་བར་བསམ་ལ། དེ་ནས་མོས་གུས་བྱས་པས་བླ་མའི་ཞལ་ནས་སྔགས་ཕྲེང་བྱུང་བ་སློབ་མའི་ཁར་ཞུགས། ལུས་ཀྱི་དབྱིབས་བརྒྱུད་ གསང་གནས་ནས་ཐོན་མ་མོའི་མཁར་ ཞུགས་ཞལ་ནས་ཐོན། སློབ་དཔོན་གྱི་ གསང་གནས་ ནས་ཞུགས་མགལ་མེ་ལྟར་འཁོར་བའི་འོད་ཟེར་སློབ་མའི་སྔགས་ཕྲེང་དང་ས་བོན་ལ་ཐིམ་པས་ མ་མོའི་ སྔགས་ཀྱི་དངོས་གྲུབ་ཐོབ་ནས་ལས་བྱེད་པར་བསམ་ལ་རྗེས་ཟློས་མཛོད་ཅིག་བྱས་ལ། ཨཱོྃ་མ་མ་ཨེ་ཀ་ཛཱ་ཊི་སོགས་ལན་གསུམ་རྗེས་ཟློས་བྱས་ནས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས་མཛོད། སྔགས་སྲུང་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། སློབ་དཔོན་གྱིས་མེ་ཏོག་སློབ་མའི་མགོ་བོར་བཞག་ལ། སྔགས་སྲུང་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། དེས་གསུང་གི་རྗེས་གནང་གྲུབ་པ་ལགས། ཐུགས་ཀྱི་རྗེས་གནང་ནི། མདུན་གྱི་ མ་མོ་ མེ་ལོང་ལ་ཧས་བཏབ་པ་བཞིན་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་ཞོག་མཛོད། འདི་ནི་གནད་གལ་པོ་ཆེ་སྟེ་སྲུང་མ་དང་དབྱེར་མེད་དུ་བྱས་པས་འཁུ་ལྡོག་མི་འབྱུང་བའི་དགོས་པ་ཡོད་དོ། །དེས་ཐུགས་ཀྱི་རྗེས་གནང་གྲུབ་ཅེས་བརྗོད། ཚུལ་དེ་ལྟ་བུས་རིགས་འགྲེ་བས། ༢ གོང་བཞིན་རྒྱུད་བསྐུལ་སོགས་བྱ།་་་ལེགས་ལྡན་གྱི་གཏོར་མས་དབང་བསྐུར་ཏེ། ཧཱུྃ། དཔལ་ལྡན་མགོན་པོ་མི་ཕམ་སྲིད་གསུམ་བདག །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་འཇིག །ཆེ་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །མ་ཧཱ་ཀཱ་ལ་འཁོར་དང་བཅས་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མགོན་པོ་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཨཱོྃ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛཿཛཿ ཀཱ་ཡ་ཨ་བྷི་ཨཱོྃ། ཝཱ་ཀ་ཨ་བྷི་ཨཱཿ ཙིཏྟ་ཨ་བྷི་ཧཱུྃ། ཞེས་བསྐུར། དྲེགས་པ་ཕོ་རྒྱུད་བཞི་ལ་སྔགས་ཕྲེང་ཞལ་ནས་ལྟེ་བར་འཁོར་བརྒྱུད་བྱེད་པ་ལས་གཞན་འདྲ་བས་བཟླས་ལུང་བྱིན། ལྷ་བསྟིམས་ནས་འོད་གསལ་དུ་བསྡུ། ༣ རྒྱུད་བསྐུལ་སོགས།་་་རེ་མ་ཏིའི་གཏོར་མས་དབང་བསྐུར་ཏེ། བྷྱོཿ ཤིན་ཏུ་མི་བསྲུན་བདུད་མོ་རེ་མ་ཏཱི། །མུན་པའི་མདོག་ཅན་དྲེལ་རྟ་རྐང་གསུམ་བཅིབས། །སྟོང་ཁམས་ཉུལ་ཞིང་སྐྱེ་འགྲོའི་སྲོག་དབུགས་ལེན། །བསྟན་པ་སྲུང་མཛད་འཁོར་དང་བཅས་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །མ་མོ་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཨཱོྃ་ཏྲག་རཀྴ་རེ་མ་ཏཱི་རུ་ལུ་རུ་ལུ་བྷྱོ་ཛཿཧཱུྃ། ཀཱ་ཡ་ཨ་བྷི༴ ཝཱ་ཀ༴ ཙིཏྟ༴ བཟླས་ལུང་བྱིན། འོད་གསལ་དུ་བསྡུ། ༤ རྒྱུད་བསྐུལ་སོགས།་་་སྲོག་སྒྲུབ་མའི་གཏོར་མས་དབང་བསྐུར་ཏེ། བྷྱོཿ བཤན་པ་ནག་མོ་མི་ལྤགས་གཡང་གཞི་གསོལ། །ཕྱག་ན་སྙིང་དང་ནད་ཀྱི་རྐྱལ་པ་བསྣམས། །ལས་བྱེད་མཁའ་འགྲོ་བྱེ་བའི་འཁོར་གྱིས་བསྐོར། །ནམ་གྲུ་ནག་མོ་འཇིགས་པའི་ཚོགས་བཅས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྲོག་སྒྲུབ་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཨཱོྃ་ཁྱི་ཁ་ལེ་ནག་མོ་སོད། སྲོག་མ་ཏི་སོད། སྙིང་ཁ་ཁ་བཾ་ཡ་མ་སོད། ཙ་བཾ་བི་རི་མུ་སོད། གྷ་ཡ་སོད། ནྲྀ་ཡ་སོད། རཀྨོ་ཎི་ར་རྦུད། ཀཱ་ཡ་ཨ་བྷི༴ ཝཱ་ཀ༴ ཙིཏྟ༴ དམིགས་པ་སྔ་མ་ལྟ་བུས་བཟླས་ལུང་བྱིན། མདུན་གྱི་ལྷ་བསྟིམས་ནས་འོད་གསལ་དུ་བསྡུ། ༥ རྒྱུད་བསྐུལ་སོགས།་་་ཁྱབ་འཇུག་གི་གཏོར་མས་དབང་བསྐུར་ཏེ། ཧཱུྃ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གཟའ་མཆོག་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཧྲི་ཤག་རུ་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་གི་ཤ་ལ་ཛཿཛཿ ཀཱ་ཡ་ཨ་བྷི༴ ཝཱ་ཀ༴ ཙིཏྟ༴ བཟླས་ལུང་བྱིན། འོད་གསལ་དུ་བསྡུ། ༦ རྒྱུད་བསྐུལ་སོགས།་་་གནོད་སྦྱིན་གྱི་གཏོར་མས་དབང་བསྐུར་ཏེ། ཧཱུྃ། གནོད་སྦྱིན་དམར་ནག་ཟངས་ཀྱི་ཁྱུང་དམར་བཅིབས། །ཞལ་གཅིག་ཕྱག་བཞི་གྲི་གུག་ཐོད་ཁྲག་དང་། །རལ་གྲི་དགྲ་སྙིང་སྦྲུལ་ནག་ཞགས་པ་བསྣམས། །དྲག་གཏུམ་ཆེན་པོ་འཁོར་དང་བཅས་པ་ཡིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །གནོད་སྦྱིན་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཨཱོྃ་ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ་ཤ་རཾ་བྷྱོ་པུ་རུ་ཛ་གྷྲིག་ཧ་ལ་གྷྲ་ན་ཏ་ཡ་ཛཿཛཿ ཀཱ་ཡ་ཨ་བྷི༴ ཝཱ་ཀ༴ ཙིཏྟ༴ བཟླས་ལུང་བྱིན། འོད་གསལ་དུ་བསྡུ། ༧ རྒྱུད་བསྐུལ་སོགས།་་་དམ་ཅན་གྱི་གཏོར་མས་དབང་བསྐུར་ཏེ། ཧཱུྃ། དམ་ཅན་ཆེན་པོ་དམར་ནག་ཐིག་ལེ་རྩལ། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས། །ཐོད་ཕྲེང་གཡང་གཞི་སྟག་གི་ཤམ་ཐབས་ཅན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས་རྣམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །དམ་ཅན་འགྲུབ་ཕྱིར་མཐུ་དབང་ཐོབ་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་ཤོག །ཨཱོྃ་བཛྲ་སཱ་དྷུ་ས་མ་ཡ་ཧས་བྱ་ཧུས་བྱ་གླེ་གད་ཨེ་བྷག་ཤ་ཡ་ཛཿཛཿ ཀཱ་ཡ་ཨ་བྷི༴ ཝཱ་ཀ༴ ཙིཏྟ༴ བཟླས་ལུང་བྱིན། འོད་གསལ་དུ་བསྡུ་བ་རྣམས་བྱའོ། །དེ་ནས་དམ་རྫས་རྣམས་ཀྱི་དབང་བསྐུར་ཏེ། ཐོད་པ་གཏད་ལ། ཧཱུྃ༔ ཡང་དག་གསང་བའི་ཐོད་པ་འདི༔ སྡེ་བརྒྱད་ཕོ་བྲང་གནས་ཀྱི་རྟེན༔ བྷནྡྷ་འདི་ཡིས་དབང་བསྐུར་བས༔ སྡེ་བརྒྱད་ལས་ལ་འགྱེད་པར་ཤོག༔ ཀ་པཱ་ལ་ཨ་བྷི་ཥིཉྩ་མཱཾ༔ བཤོས་བུ་གཏད་ལ། ཧཱུྃ༔ བཤོས་བུ་བཞི་བརྩེགས་མར་མེ་ལྔ༔ སྲིད་པ་གསུམ་དང་ལྡན་པ་ཡི༔ རི་རབ་ལྷུན་པོས་དབང་བསྐུར་བས༔ དམ་ཅན་སྲུང་མ་མཉེས་བྱེད་ཤོག༔ ཨཱོྃ་བ་ལིནྟ་ཨ་བྷི་ཥིཉྩ་མཱཾ༔ རྟེན་གྱི་རི་རབ་གཏད་ལ། ཧཱུྃ༔ གླིང་ཆེན་བཞི་དང་རི་རབ་བཅས་པ་ཡི༔ སྐུ་རྟེན་འདི་ཡིས་དབང་བསྐུར་བས༔ དམ་ཅན་སྲུང་མ་མ་ལུས་པ༔ དབང་དུ་འདུ་ཞིང་འཁོལ་བར་ཤོག༔ ཨཱོྃ་རཏྣ་མཎྜལ་ཨ་བྷི༴ བ་དན་གཏད་ལ། ཧཱུྃ༔ བ་དན་སྣ་ཚོགས་སྐུ་ཡི་རྒྱན༔ དར་ལྕེ་མང་པོ་པུ་རུ་རུ༔ མཛེས་པའི་རྒྱན་འདིས་དབང་བསྐུར་བས༔ ཡང་དག་རྒྱན་དང་ལྡན་པར་ཤོག༔ པ་ཏཱཾ་ཀཱ་ཨ་བྷི༴ རྒྱལ་མཚན་གཏད་ལ། ཧཱུྃ༔ རྒྱལ་མཚན་སྣ་ཚོགས་ཀུན་གྱིས་མཛེས༔ མངའ་ཐང་ལོངས་སྤྱོད་ལྡན་པ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བསམ་པ་ཡིད་བཞིན་འགྲུབ་པར་ཤོག༔ ཨཱོྃ་དྷྭ་ཛ་ཨ་བྷི༴ སྙིང་ཕྲེང་གཏད་ལ། ཧཱུྃ༔ རང་རང་མཐུན་པའི་དམ་རྫས་ནི༔ སེམས་ཅན་སྣ་ཚོགས་སྙིང་སྣ་སྟེ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་འབྲལ་ལུས་དང་འགྲོགས་པར་ཤོག༔ ཙིཏྟ་མཱ་ལ་ཨ་བྷི༴ མཆོད་གཏོར་གཏད་ལ། ཧཱུྃ༔ དྲག་པོའི་མཆོད་གཏོར་དམ་རྫས་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཀའ་སྲུང་དམ་ཅན་མ་ལུས་པ༔ བུ་ལ་འདུ་བའི་དབང་ཐོབ་ཤོག༔ མ་ཧཱ་བ་ལིནྟ༴ ཐུན་རྫས་གཏད་ལ། ཧཱུྃ༔ གདུག་པ་སྣ་ཚོགས་སྦྱར་བའི་རྫས༔ མངགས་པའི་ཕོ་ཉ་མཚོན་དབལ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ལས་རྣམས་སྒྲུབ་པར་ཤོག༔ མཱ་ར་ཡ་ཨ་བྷི༴ རཀྟ་གཏད་ལ། ཧཱུྃ༔ ཆགས་པ་བསྒྲལ་པའི་རཀྟ་འདི༔ གསོད་པའི་མཚོན་ཆ་མ་མོའི་ནད༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་སྔགས་དམོད་པ་འགྲུབ་པར་ཤོག༔ ཨཱོྃ་མ་ཧཱ་རཀྟ་ཨ་བྷི༴ ཡུངས་དཀར་གཏད་ལ། ཧཱུྃ༔ ཡུངས་དཀར་རྒྱལ་པོ་དྲང་སྲོང་མདའ༔ མངགས་པའི་ཕོ་ཉ་གསོད་པའི་རྫས༔ མཚོན་དང་གདུག་པའི་དབལ་འདི་ཡིས༔ ལས་རྣམས་མ་ལུས་འགྲུབ་པར་ཤོག༔ ཤ་རཱི་རཾ་ཨ་བྷི༴ ཕུར་པ་གཏད་ལ། ཧཱུྃ༔ གནག་པ་ཐུན་གྱི་ཕུར་པ་འདི༔ མངགས་པའི་ཕོ་ཉ་མཚོན་ཆའི་དབལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་མ་ལུས་སྒྲོལ་བར་ཤོག༔ ཨཱོྃ་ཀཱི་ལ་ཡ་ཨ་བྷི༴ རལ་གྲི་གཏད་ལ། ཧཱུྃ༔ སྐྱེ་ཤི་རྩད་ནས་གཅོད་པ་ཡི༔ གདུག་པའི་མཚོན་ཆ་འབར་བ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་སྲོག་རྩ་གཅོད་པར་ཤོག༔ ཨཱོྃ་ཁྙྑ་ཨ་བྷི་ཥིཉྩ་མཱཾ༔ ཞེས་རིམ་པ་བཞིན་གཏད་དོ། །དམ་རྫས་བྷནྡྷ་ནས་གཟུང་མཆོད་གཏོར་གཏོད་པ་ཡན་ཆད་ཡོན་ཏན་གྱི་རྗེས་གནང་ངོ་། །ཐུན་རྫས་གཏོད་པ་ཕྱིན་ཆད་ཕྲིན་ལས་ཀྱི་རྗེས་གནང་དུ་འགྱུར་བས། ཐུན་རྫས་གཏོད་པའི་གོང་དུ་ལིངྒ་ལ་དམིགས་བྱ་བསྟིམ་ནས། ཐུན་རྫས་རྣམས་སློབ་མ་ལ་གཏད་རིམ་བཞིན་བཏབ་ན་དམིགས་ཕྱེད་ཅིང་དོན་དང་འབྲེལ་བར་འགྱུར་ཞིང་། དམ་རྫས་གཏོད་ཚིག་རྣམས་ཀུན་མཁྱེན་ཉིད་ཀྱིས་ཀྱང་བདེ་འདུས་དྲེགས་པའི་མཐུ་དབང་ལ་བརྟེན་པར་སྣང་བས་དེ་བཞིན་དུ་དག་པར་བྱས་སོ། །སྐབས་འདིར་གཏོར་མའི་བཀའ་བསྒོ་བྱ་བ་ལག་ལེན་ལ་སྣང་བས། གོང་གི་རྟེན་གཏོར་རྣམས་སྣོད་གཅིག་ཏུ་བསྡུས་པ་སོ་སོའི་སྐུར་སྔར་བཞིན་གསལ་བཏབ་པ་སློབ་མའི་ལག་ཏུ་གཏད་ལ། གཏོར་མ་འདི་དག་དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་དམ་ཅན་སྡེ་བདུན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པར་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་དང་བཅས་པ་སྤྲིན་གཏིབས་པ་བཞིན་དུ་བཞུགས་པར་མོས་མཛོད། སོ་སོའི་སྔགས་རྣམས་བརྗོད་པའི་མཐར། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་སྨུག་ནག་ཁྲོས་མའི་རྒྱལ་མོ། བདུད་མགོན་ལེགས་ལྡན་ནག་པོ་དང་ཡུམ་རེ་མ་ཏཱི་ལྕམ་དྲལ། བཤན་པ་སྲོག་སྒྲུབ་ནག་མོ། དྲང་སྲོང་གཟའ་བདུད་ཆེན་པོ། གནོད་སྦྱིན་བཤན་པ་དམར་ནག །དམ་ཅན་རྡོ་རྗེ་ལེགས་པ་རྣམས་སོ་སོའི་འཁོར་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་རྣམས་ཀྱིས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་སོགས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ། དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་དང་དངོས་གྲུབ་སྩོལ་བ་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་ནུས་མཐུ་དང་ལྡན་པར་མཛད་དུ་གསོལ། འདིའི་སྲུང་མ་ཆེན་པོ་མཛད་ནས། ལུས་དང་གྲིབ་མ་བཞིན་འགྲོགས་ཏེ། འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས་སོགས་བཀའ་བསྒོ་ཅི་རིགས་པ་བྱ། མཐར་བླ་མ་ཡི་དམ་རྣམས་མ་མོ་འཁོར་བཅས་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པ་དཔོན་སློབ་གཉིས་ཅར་གྱིས་བསྒོམ། རྗེས་དམ་ཚིག་བསྒྲག་ཅིང་ཁས་བླང་བ་དང་། ཡོན་འབུལ་བ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཆོ་གའི་མཇུག་གི་བྱ་བ་གཏོར་འབུལ། གཏང་རག་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་ཀྱང་གོང་བཞིན་བྱའོ། །དེ་དག་ནི་སྡེ་བདུན་དུ་སྒྲུབ་པའི་ཚུལ་ལོ།། ༧ །།སྡེ་ལྔའི་སྒྲུབ་ཐབས་ལྟར་བྱེད་ན། མགོན་པོ་དང་རེ་མ་ཏཱི་གཉིས་ཀྱི་གཏོར་མའི་བཤམ་དང་འདོན་སྒོམ་གྱི་ཚིག་རྣམས་བོར་ལ་གཞན་དཀྱུས་བཞིན་བྱས་པས་འགྲུབ་སྟེ། ཀུན་མཁྱེན་ཉིད་ཀྱིས་སྒྲུབ་ཐབས་སོ་སོར་མཛད་པ་ཡོད་ཀྱང་། བརྟེན་གཞིའི་ཁུངས་དང་ལྷའི་ངོ་བོ་ཆོ་གའི་ཁྲིགས་རྣམས་ཕལ་ཆེར་མཚུངས་པའི་ཕྱིར་རོ། །འདིའི་སྔགས་སྲུང་མ་ནི་གསང་སྔགས་སྤྱིའི་སྲུང་མར་མ་ཟད་ཁྱད་པར་རྒྱུད་དང་སྒྲུབ་ཐབས་མན་ངག་ཐམས་ཅད་སྙིང་ཐིག་ཆེན་མོ་དང་འབྲེལ་ཆགས་སུ་བྱུང་བས་དེའི་བཀའ་སྲུང་གི་གཙོ་བོ་ཡིན་ཅིང་། ལེགས་ལྡན་ལྕམ་དྲལ་ཀྱང་ཞྭའི་མགོན་པོ་གྲི་ཐོད་ཅན་དུ་གྲགས་པ་ཉིད་ཡིན་པས་འདིར་འབྲེལ་ཆགས་ཤིང་། སློབ་དཔོན་པདྨས་མཛད་པའི་སྒྲུབ་ཐབས་ཞྭ་ལྷ་ཁང་ནས་སྤྱི་ལྷ་དགའ་རབ་ཀྱིས་བཏོན་ཏེ་གཉོས་ལོ་ལ་བསྩལ་པ་དེས་སྔར་བ་ལིང་ཨཱ་ཙརྱ་ལས་ཐོབ་པ་དང་གནད་གཅིག་པར་དགོངས་ནས་བཀའ་གཏེར་གཅིག་ཏུ་དྲིལ་ནས་ཉམས་ལེན་མཛད་ཅིང་། མངོན་རྟོགས་ཀྱང་འདིར་གཡས་ཀྱི་ཞགས་པའི་དོད་དུ་གྲི་གུག་དང་། གཡོན་པའི་ཁྲམ་ཤིང་གི་གནས་སུ་ཞགས་པ་འཛིན་ཅིང་། ཤྭ་ནའི་ཞལ་མེད་པ་ཙམ་ལས་གཞན་ཐམས་ཅད་ཁྱད་པར་མེད་ཅིང་། རེ་མ་ཏཱི་ཡང་གཉོས་ལུགས་སྤྱིར་བཏང་ལ་ཕྱག་བཞི་མར་བྱེད་ཀྱང་སྐབས་འགར་ཕྱག་གཉིས་མ་དང་འདམ་ཁ་ཅན་དུ་འབྱུང་བས་འདི་དང་ཕལ་ཆེར་མཐུན་ནོ། །སྲོག་སྒྲུབ་མ་ནི་མཁའ་འགྲོ་སྙིང་ཐིག་སྒོས་ཀྱི་སྲུང་མ་དང་། གཟའ་བདུད་དང་གནོད་སྦྱིན་ཡང་གཏེར་ཁ་དེ་དང་འབྲེལ་ཆགས་སུ་བྱོན་ཅིང་རྡོ་རྗེ་ཐེག་པའི་བསྟན་སྲུང་འགྲན་མེད་དུ་གྲུབ་པ་དང་། དམ་ཅན་ནི་སྙིང་ཐིག་གི་གཏེར་སྲུང་ཁྱད་པར་བ་ཡིན་ཞིང་། སློབ་དཔོན་པདྨ་དང་ཉང་བན་ཆེན་པོས་མཛད་པའི་སྒྲུབ་ཐབས་ཆོས་བཀའ་འདི་དང་འབྲེལ་ཆགས་སུ་བྱུང་ཞིང་། འདིར་བསྟན་གཙོ་འཁོར་སྡེབ་སྒྲུབ་ཀྱི་ཚུལ་ནི་བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་བཀའ་སྲོལ་རྒྱུན་ཆགས་ཡོད་པ་དང་། ཁྱད་པར་༧ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་ཞལ་གཟིགས་ཤིང་དེ་དང་མཐུན་པའི་སྒྲུབ་ཐབས་དངོས་གྲུབ་འབྱུང་གཏེར་དང་། དཔག་བསམ་ལྗོན་ཤིང་ཞེས་བྱ་བ་གཉིས་མཛད། དེ་ཡང་སོ་སོའི་རྒྱུད་དང་སྒྲུབ་ཐབས་མན་ངག་གི་གཅེས་གནད་གསང་བ་ཟབ་མོ་དང་འབྲེལ་བའི་ཕྱིར་མཐུ་ནུས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ།། །།མི་འ༵གྱུར་ཆོས་ཉིད་དབྱེར་མེ༵ད་ཀྱང་། །རྡོ༵་རྗེ༵་སྙིང་པོའི་བཀའ་སྲུང་དུ། །རྣམ་འགྱུར་ཐ་དད་སྡེ་བདུན་གྱི། །སྒྲུབ་ཐབས་ཟབ་མོའི་གནད་འདུས་ལགས། །དཔལ་ལྡན་སྔགས་ཀྱི་སྲུང་མ་སྡེ་བདུན་དང་སྡེ་ལྔའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་ཛཔ྄་དམིགས་བསྡུས་པ་མཆོག་གི་ཐིག་ལེ་ (Volume 62, Text 47)
སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་ཛཔ྄་དམིགས་བསྡུས་པ་མཆོག་གི་ཐིག་ལེ་བཞུགས་སོ། །ཨཱོྃ་ཤྲཱི་སྭསྟི། བྱང་བུ་ཁྲིགས་སུ་བསྡེབས་པའི་ཛཔ྄་བསྐུལ། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཞེས་པའི་མཚམས་སུ། ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿབཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཀྱིས་གཙོ་བོ་དང་། དེ་བཞིན་དུ། ཨཱོྃ་བུདྡྷ་ཤྲཱི་ཧེ་རུ་ཀཿབུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཤར། ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀཿརཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ལྷོ། ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀཿཔདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ནུབ། ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀཿཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ བྱང་སྟེ་རྒྱུད་ཀྱི་ཁྲོ་བོ་བཞིའོ། །ཨཱོྃ་གུ་ཧྱ་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ཤར་ལྷོ། ཨཱོྃ་ས་ནུ་ཤྲཱི་ཧེ་རུ་ཀཿས་ནུ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ལྷོ་ནུབ། ཨཱོྃ་ཡཀྴ་ཤྲཱི་ཧེ་རུ་ཀཿཡཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ ནུབ་བྱང་། ཨཱོྃ་རཀྴ་ཤྲཱི་ཧེ་རུ་ཀཿརཀྴ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄༔ བྱང་ཤར་ཏེ་ལུང་གི་ཁྲོ་བོ་བཞིའོ། །དེ་རྣམས་ཀྱིས་དཔལ་ཆེན་གཙོ་དགུ་གསལ་བཏབ་ལ་གང་འོས་བཟླས་ཤིང་། གཏེར་གཞུང་ལས། ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་དུ་གྱུར༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་ཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔ བསྡུས་པའི་སྐབས་འདིར་སྟེང་གི་ཞི་བ་ཞེ་གཉིས་དང་རྩ་བ་ཡན་ལག་གི་དཀྱིལ་འཁོར་བཅས་གསལ་འདེབས་ཤིང་རུ་ལུ་ཁོ་ན་བཟླས་ལ། ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་ཚར་གསུམ་གྱི་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་བཤགས་པ་བྱའོ། །ཉེར་མཁོའི་ཕྱིར་མཁན་རཏྣས་ཁོལ་དུ་ཕྱུང་བ་དགེའོ།། །།
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་སྲེག་པ་མེའི་ལས་ (Volume 25, Text 47)
༄༅༔ དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་སྲེག་པ་མེའི་ལས་བཞུགས་སོ༔ ྈྈྈ དཔལ་རྟ་མགྲིན་དྲེགས་པ་ཐམས་ཅད་རབ་ཏུ་སྒྲོལ་བ་ལ་ཕྱག་འཚལ་ལོ༔ གདུག་པ་ཅན་ཚར་གཅད་པ་དྲག་པོའི་སྦྱིན་སྲེག་གི་ལས་ཀ་བསྒྲུབ་པ་ལ༔ དུར་ཁྲོད་ལ་སོགས་དྲག་པོའི་གནས་སུ་དགུ་གསུམ་གྱི་ཉི་མྱུར་ལ་ཕྲིན་ལས་ཀྱི་གཞུང་བསྲང༔ ཚོགས་དང་མཆོད་པ་རྒྱ་ཆེར་བྱ༔ དགྲ་བགེགས་གང་ཡིན་གྱི་ལིངྒ་མང་དུ་བྲིས་ལ་དགུ་གཞུག་དྲག་ཏུ་བྱས་ནས་ཕུར་པ་གདབ༔ མཚོན་གྱིས་གཏུབ༔ དྲག་པོའི་རྫས་དང་བསྲེས་ལ་དྲུག་ཅུ་རྩ་བཞི་སོགས་བཤམ༔ དྲག་པོའི་ས་ལ་མེ་ཐབ་གྲུ་གསུམ་བྲུ་བའམ་བརྩིག༔ དེ་ལྟར་མ་གྲུབ་ན་རུས་ཆེན་གྱི་ཕྱེ་མས་བྲི༔ དབུས་སུ་ཕྱག་མཚན་ནམ་ས་བོན་དགོད༔ ཤིང་གདུག་པ་ཅན་གྱི་ཧོམ་བསྒྲེང༔ གཡོན་དུ་བསྲེག་རྫས་དང༔ གཡས་སུ་མཆོད་རྫས་བཤམ༔ མདུན་དུ་དགང་བླུགས་སོགས་འདུ་བྱའོ༔ བཅས་བཤམ་གྱི་རིམ་པའོ༔ དེ་ནས་ཐབ་བསང༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མེ་ཐབ་སྟོང་པར་བསམ༔ སྟོང་པའི་ངང་ལས་བྲིས་པ་ལྟར་བསྐྱེད༔ ཧཱུྃ་ཧཱུྃ་ཛྭ་ལ་རཾ་ཞེས་པས་མེ་སྦར༔ ཏིལ་མར་དགང་བླུགས་གང་འབུལ་ལ༔ ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་བཛྲ་ཛྭ་ལ་རཾ༔ ཞེས་བརྗོད་པས་ཐབ་ཀྱི་དབུས་སུ་དྲག་མེ་དམར་ནག་འབར་ཞིང་འཁྲུགས་པ་འཚུབས་ཤིང་འཁྱིལ་བ༔ དེའི་ཀློང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་གྱི་སྟེང་དུ་རཾ་འབར་བ་དང་བཅས་པ་ལས་དབྱུག་པ་རཾ་གྱིས་མཚན་པ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས༔ ཡེ་ཤེས་མེ་ལྷའི་ཐུགས་དམ་གྱི་རྒྱུད་བསྐུལ༔ གདུག་པ་ཅན་ཐམས་ཅད་བསྲེགས་ཤིང་སྔངས༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ༔ དེ་འོད་དུ་ཞུ་བ་ལས་མེ་ལྷ་ཞལ་གཅིག་ཕྱག་བཞི་སྐུ་མདོག་ཁམ་ནག་རབ་ཏུ་འབར་བ༔ ཕྱག་བཞིས་དབྱུག་པ་དང་བགྲང་ཕྲེང༔ གུནྡྷེ་དང་སྤྱི་བླུགས་བསྣམས་པ༔ དྲང་སྲོང་གི་ཆ་བྱད་ཅན༔ ཞལ་གྲུ་གསུམ་མེ་ཕུང་འཚུབས་པ༔ འོད་ཟེར་འཕྲོ་ཞིང་སྤྲུལ་པ་འགྱེད་པ༔ ར་སྐྱེས་ཁམ་པ་ལ་འཆིབ་པ༔ གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་བཅས་པའོ༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཞིང་བཞུགས་པར་བསམ་ལ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ༔ འདི་ཉིད་དུ་ནི་གཤེགས་ནས་ཀྱང༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཏཱི་པ་ཡེ་ཨེ་ཧྱེ་ཧིཿཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭམ༔ ཞེས་སྤྱན་དྲངས་ཤིང་བཞུགས་སུ་གསོལ༔ ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཧ་བྱ་ཀ་བྱ་ཏཱི་པ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པཱུ་ཛ་ཨཱཿཧཱུྃ༔ དེ་བཞིན་དུ་སྦྱར་ཏེ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ་ཞེས་ཕྱི་མཆོད་འབུལ༔ ཨོཾ༔ མེ་ལྷའི་རྒྱལ་པོ་འཁོར་བཅས་ལ༔ མཆོད་པ་དམ་པ་འདི་འབུལ་ལོ༔ བཞེས་ནས་རབ་ཏུ་དགྱེས་པར་མཛོད༔ དྲག་པོའི་ཕྲིན་ལས་སྒྲུབ་མཛད་གསོལ༔ ཨོཾ་བཛྲ་པཱུ་ཛ་སྥ་ར་ཎ་ཁཾ་ཞེས་འདོད་དོན་ཞུ༔ བསྟོད་པ་ནི༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་རབ་ཏུ་སྩོལ༔ གཞན་དོན་བརྩོན་པའི་ས་ལ་བཞུགས༔ ཚངས་སྲས་མཆོག་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྲེག་རྫས་འབུལ་བ་ལ༔ དང་པོ་མར་ཁུ་དང༔ ཡམ་ཤིང་ཇི་ལྟར་རིགས་པས་གཟི་བྱིན་བསྐྱེད་ལ༔ ཤ་ཁྲག་རུས་གསུམ༔ ཟན་ལིང༔ ཚེར་མ་ཅན་གྱི་ཤིང་ལ་བྲིས་པའི་ལིངྒའམ་ནྲི་ཏྲི་བྲིས་པ༔ དུག་ཤིང་རྣམས་དྲུག་ཅུ་རྩ་བཞི་སོགས་ཕུལ༔ དེ་ཐམས་ཅད་ལ་སྔགས་ནི༔ ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཧ་བྱ་ཀ་བྱ་ཏཱི་པ་ཡེ་སྭཱ་ཧཱ༔ ཞེས་དང༔ དགྲ་བགེགས་སརྦ་ཤཱ་ཏྲུན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གདགས་པས་སོ༔ ཏིང་ངེ་འཛིན་མ་ཡེངས་པ་བྱ༔ སླར་ཡང་མཆོད་ཅིང་བསྟོད་ལ་དགང་བླུགས་འབུལ༔ ཧཱུྃ༔ གཟི་བརྗིད་འབར་བ་མེ་ཡི་ལྷས༔ དགྱེས་པའི་བསྲེག་རྫས་བཞེས་ནས་ཀྱང༔ དགྲ་བགེགས་གནོད་བྱེད་གདུག་པ་ཅན༔ ཚར་གཅོད་དྲག་པོའི་ལས་མཛད་གསོལ༔ ཧཱུྃ་ཞེས་བརྗོད་པས་འབར་བའི་མེ་ཕུང་ནག་པོ་སྟོང་གསུམ་གང་བར་སྤྲོས་ཏེ་དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་ལྷག་མེད་དུ་བསྲེགས་ཤིང་སྤ་བཀོང་བར་བསམ་མོ༔ དེ་ནས་དཀྱིལ་འཁོར་མཆོད་པ་ནི༔ མེ་ལྷ་མེ་ཕུང་དུ་བསྒོམས་ཀྱང་རུང༔ གཞལ་ཡས་ཁང་དུ་བསྒོམས་ཀྱང་རུང༔ གང་ལྟར་ཡང་རྟ་མགྲིན་གཙོ་འཁོར་སྒྲུབ་ཐབས་ལྟར་བསྐྱེད༔ གནས་གསུམ་བྱིན་གྱིས་བརླབ༔ དབང་བསྐུར༔ ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔ བཞུགས་སུ་གསོལ༔ ཕྱག་འཚལ༔ བྱོན་སྐྱེམས་དགང་བླུགས་འབུལ༔ སྔགས་ནི༔ ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཏཱི་པ་ཡེ་སྭཱ་ཧཱ༔ ཞེས་དང༔ ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི་སོགས་རྩ་སྔགས་ཚང་བར་བརྗོད༔ ཉེར་སྤྱོད་ལ་སོགས་པའི་མཆོད་པ་ཕྲིན་ལས་ལྟར་བྱ༔ བསྲེག་རྫས་འབུལ་བ་ནི༔ མར་ཁུ༔ ཡམ་ཤིང༔ ཟས་མཆོག་སོགས་བསྲེག་རྫས་སྣ་ཚོགས༔ ཁྱད་པར་ཤ་ཁྲག་རུས་པ་སོགས་གོང་ལྟར་འབུལ༔ དེ་ཐམས་ཅད་རྩ་སྔགས་ལ༔ ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཏཱི་པ་ཡེ་སྭཱ་ཧཱ་བཏགས་པས་སོ༔ ལས་སྔགས་ནི༔ དགྲ་བགེགས་གནོད་བྱེད་སརྦ་ཤཱ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པའམ་དམིགས་བསལ་ཡོད་ན་གདགས༔ གྲངས་ནི་དྲུག་ཅུ་རྩ་བཞིའམ་ཇི་ཙམ་མང་ན་བཟང༔ གང་ལྟར་ཡང་བརྒྱ་རྩ་རེའི་མཚམས་སུ་བསྟོད་བསྐུལ་རྒྱས་པར་བྱ༔ རྫས་རྣམས་རྫོགས་པར་ཉེ་བ་ན༔ ཚོགས་དང་གཏོར་མ་ཕུལ༔ གཏང་རག་གི་ཚུལ་རྫས་ལྷག་མ་ཇི་ལྟར་རིགས་པ་དང༔ མར་ཁུ་དགང་བླུགས་ཉེར་གཅིག་སོགས་ཕུལ༔ བསྟོད་པ་བྱ༔ འདོད་དོན་གསོལ་བ་ནི༔ ཧཱུྃ༔ རྟ་མཆོག་དབང་གི་དཀྱིལ་འཁོར་ལྷས༔ དགྱེས་པའི་བསྲེག་རྫས་སོགས་གོང་ལྟར་བྱ༔ ནོངས་པ་བཤགས༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུའོ༔ རྗེས་སུ་གཏང་རག་གི་དོན་ཕྱིར་མེ་ལྷ་སྔར་བཞིན་དུ་གསལ་བ་ལ༔ དྲིན་ལན་གྱི་ཚུལ་དུ་བསྲེག་རྫས་ཀྱི་ལྷག་མ་གང་ཡོད་རྣམས་ཕུལ༔ གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ༔ ཨོཾ་ཨགྣ་ཡེ་ཨི་དཾ་བ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གདགས་པས་ཕུལ༔ མཆོད་བསྟོད་འདོད་དོན་གསོལ༔ ནོངས་པ་བཤགས༔ ཨོཾ༔ བདག་གི་དོན་དང་གཞན་གྱི་དོན༔ སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས༔ ཇི་ལྟར་དུས་སུ་སླར་བྱོན་ལ༔ བདག་གི་འདོད་པ་རྫོགས་མཛད་གསོལ༔ ཨོཾ་ཨགྣ་ཡེ་བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ མེ་དུག་དང་ཁྲག་གི་ཆུས་བཏུལ༔ ལམ་གྱི་བཞི་མདོའམ་གནས་དེ་ཉིད་དུ་དོང་གྲུ་གསུམ་གྱི་གཏིང་དུ་བླུགས༔ ཁ་ལེགས་པར་བཅད་ཕྲིན་ལས་བཞིའི་བྲོ་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན༔ ལྷག་མའི་གཏོར་མ་བསྐྱང་བ་སོགས་ཕྲིན་ལས་ལྟར་བྱའོ༔ དེ་དག་གི་ཚེ་བསམ་རྒྱུད་ནི༔ སྒྲུབ་པ་པོ་གདུག་ཅིང་གཏུམ་པའི་སེམས་དང་ལྡན་པས་ལྷ་རྣམས་ལ་བསྲེག་རྫས་ཕུལ་བས༔ ཡེ་ཤེས་དང་འཇིག་རྟེན་པའི་མེ་ལྷ་གང་ཡང་ཞལ་གྲུ་གསུམ་གནམ་ས་ཙམ་གདངས་པའི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་གཙོ་བོར་གྱུར་པའི་བསྲེག་རྫས་ཐམས་ཅད་རྔམས་ཤིང་འཁྲུགས་པའི་ཚུལ་གྱིས་བཞེས་པས་སླར་ཡང་ཁྲོས་འཁྲུགས་རྔམས་ཤིང་སྐུ་མདོག་དུས་མཐའི་མུན་པ་ལྟར་འཇིགས་སུ་རུང་བའི་གཟི་བྱིན་འབར༔ འོད་ཟེར་ནག་པོ་མེ་དང་མཚོན་ཆའི་རྣམ་པ་ཁམས་གསུམ་གང་བར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་སྔངས་ཤིང་བརྒྱལ༔ མྱོས་ཤིང་རྨོངས༔ ལྷག་མེད་བསྲེགས་ཤིང་ཚར་བཅད་པར་བསམ་པ་ནི་ཤིན་ཏུ་གལ་ཆེ་བ་ཏིང་ངེ་འཛིན་ནོ༔ དེ་ནི་མཆོག་ཏུ་བསྔགས་པ་དྲག་པོའི་བསྲེག་བླུག་གོ༔ གཞན་ཡང་ཞི་བ་དང༔ རྒྱས་པ་དང༔ དབང་གི་སྦྱིན་སྲེག་བྱེད་ན༔ ཐབ་དང༔ རྫས་དང༔ མེ་ལྷའི་སྐུ་མདོག་དང༔ སྔགས་ཀྱི་སྤེལ་ཚིག་དང༔ ཏིང་ངེ་འཛིན་སོགས་རྒྱུད་ལས་འབྱུང་བ་ལྟར་ཁ་བསྒྱུར་ཞིང༔ གཞན་ཕྲིན་ལས་ཐམས་ཅད་གོང་ལྟར་བྱའོ༔ དཔལ་རྟ་མགྲིན་གྱི་བསྲེག་པ་མེའི་ལས་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ རིག་འཛིན་ཚེ་ཡི་དངོས་གྲུབ་མཆོག་བརྙེས་པའི༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི༔ བོད་ཡུལ་དབུས་བྱོན་དྲེགས་པ་མ་ལུས་ཀུན༔ དབང་ཆེན་རྟ་མཆོག་ཏིང་ངེ་འཛིན་གྱིས་བཏུལ༔ དེ་ཡི་དུས་སུ་མངའ་བདག་ཁྲི་སྲོང་གིས༔ མ་འོངས་དོན་ཕྱིར་གདམས་པ་དཔག་མེད་ཞུས༔ ཇོ་མོ་མཚོ་རྒྱལ་དཀར་ཆག་ཡི་གེར་བཀོད༔ སྨོན་ལམ་གཏད་རྒྱས་ཟབ་མོའི་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ སོ་ཕག་ཤི་ཐམ༔ གྲུ་གུ་ཡང་དབང་གཏེར་གྱིས་སྤ་གྲོ་བྲག་དམར་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།
རྫོགས་ཆེན་ལུགས་ཀུན་ཐུབ་འཁོར་ལོ་ (Volume 42, Text 47)
ན་མོ་གུ་རུ༔ རྫོགས་ཆེན་ལུགས་ཀྱི་འཁོར་ལོ་མཚན་ཉི་ཤུ་རྩ་གཅིག་གི་བྲི་ཐབས་ལ༔ འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར༔ རྩིབས་བརྒྱད་རྡོ་རྗེའི་རྭ་བཞིའོ༔ ལྟེ་བའི་མུ་ཁྱུད་ལ༔ ཨ་ཀྲད་དུ་རེ་བུདྡྷ་དྷེ་ཤག་ལ༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ཕྱོགས་ངན་དང་ལྷ་སྲིན་གྱི་གནོད་པ་དང༔ ཀླུ་གཉན་ས་བདག་གི་གནོད་པ་དང༔ རིམས་དང་ཡམས་ནད་ཀྱིས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ་རཀྵ་སྭཱ་ཧཱ༔ རྩིབས་བརྒྱད་ལ༔ ཡང་ཡང་གནམ་ལ་ཡང༔ རྩིབས་མཆན་ལ༔ ཟིམ་ཟིམ་ས་ལ་ཟིམ༔ དེའི་ཕྱིའི་མུ་ཁྱུད་ལ༔ བྱེར་བྱེར་ནམ་མཁའ་སྟོང་པའི་ངང་དུ་ཡལ་བར་གྱུར་ཅིག༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ཕྱོགས་ངན་དང་ལྷ་སྲིན་སྡེ་བརྒྱད༔ ས་བདག་ཀླུ་གཉན་གྱི་གནོད་པ་སྲུངས་ཤིག༔ ཅེས་བྲི༔ ཕྱི་རིམ་མུ་ཁྱུད་ལ་ཡེ་དྷརྨཱ་བྲི༔ ཡི་གེ་དབུ་ཅན་མགོ་ཕྱིར་བསྟན་ལྷག་ཆད་མེད་པར་བྲི༔ འཁོར་ལོ་ལ་མཚན་ཉི་ཤུ་རྩ་གཅིག་སྟེ༔ ཕྱོགས་སྲུང་འཁོར་ལོ་ཞེས་ཀྱང་བྱ༔ བཙན་སྲུང་འཁོར་ལོ་ཞེས་ཀྱང་བྱ༔ བདག་སྲུང་འཁོར་ལོ་ཞེས་ཀྱང་བྱ༔ ལྷ་འདྲེ་སྲོག་རྩ་མའི་འཁོར་ལོ་ཞེས་ཀྱང་བྱ༔ སྒྲིབ་སྦྱོང་འཁོར་ལོ་ཞེས་ཀྱང་བྱ༔ གཏད་ཟློག་འཁོར་ལོ་ཞེས་ཀྱང་བྱ༔ ཀླུ་སྲུང་འཁོར་ལོ་ཞེས་ཀྱང་བྱ༔ རྨོད་པ་ཁ་ཆིངས་འཁོར་ལོ་ཞེས་ཀྱང་བྱ༔ སྲ་བརྟན་འཁོར་ལོ་ཞེས་ཀྱང་བྱ༔ སྲིའུ་སྲི་ལས་ཐར་བའི་འཁོར་ལོ་ཞེས་ཀྱང་བྱ༔ ཡི་དྭགས་ཁ་ཆིངས་འཁོར་ལོ་ཞེས་ཀྱང་བྱ༔ ཡམས་ནད་ཟློག་པའི་འཁོར་ལོ་ཞེས་ཀྱང་བྱ༔ སྲིད་སློང་འཁོར་ལོ་ཞེས་ཀྱང་བྱ༔ བཀྲ་ཤིས་དཔལ་བསྐྱེད་འཁོར་ལོ་ཞེས་ཀྱང་བྱ༔ གཟའ་ནད་ཐོག་སྲུང་འཁོར་ལོ་ཞེས་ཀྱང་བྱ༔ མཚོན་སྲུང་འཁོར་ལོ་ཞེས་ཀྱང་བྱ༔ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་འཁོར་ལོ་ཞེས་ཀྱང་བྱ༔ བྱད་མ་འབུམ་སྡུག་འཁོར་ལོ་ཞེས་ཀྱང་བྱ༔ བསམ་གཏན་ཉལ་ཆོག་འཁོར་ལོ་ཞེས་ཀྱང་བྱ༔ རྫོགས་ཆེན་འཁོར་ལོ་ཞེས་ཀྱང་བྱ༔ ངན་སོང་གནས་འདྲེན་འཁོར་ལོ་ཞེས་ཀྱང་བྱ༔ བླ་ལ་དོན་ཆེན་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་ཞེས་བྱའོ༔ དེ་ནི་མཁའ་འགྲོ་མས་ནམ་མཁའ་ནས་སྒྲ་བཏོན་པ་ཡིན་གསུངས༔ སློབ་དཔོན་པདྨས་ལུང་བསྟན་པའོ༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྦས་ཡུལ་དཔལ་གྱི་ཕུག་རིང་དུ་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ལས་ཅན་གུ་རུ་སློབ་དཔོན་་་བོན་སྟོན་ཡང་ཟེར།གྱིས་གཏེར་ནས་བཏོན་པའོ། །འཁོར་ལོ་འདི་ཕོ་མོ་གང་གི་མགུལ་དུ་བཏགས་ནས་ཉལ་བས་ཆོག་པ་ཡིན། ལྷ་སྲིན་གང་གིས་ཀྱང་གནོད་པར་མི་ནུས་སོ། །ཟབ། །ྀཨཚ།
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཛཔ྄་ཁང་དབྱེ་བསྐུལ (Volume 34, Text 47)
ཛཔ྄་ཁང་དབྱེ་བ་ནི། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜ་ལ་སྥ་ར་ཎ་ཕཊ༔ ཅེས་པས་རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོས༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར༔ ཅེས་དབྱེ་ཞིང་ཛཔ྄་ཀྱི་སྤྱི་བསྐུལ་ནི། ཧཱུྃ་ཧཱུྃ༔ མཁའ་འགྲོ་རྒྱ་མཚོའི་སོགས། ཛཔ྄་སོ་སོར་བསྐུལ་བ་ནི། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཁྱབ་བདག་བདེ་ཆེན་ཁྲོས་མ་ནག༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ སྐུ་གསུང་ཐུགས་ཀྱི་རྩ་སྔགས་རྣམས་བཅས་བསྐུལ་ལ། མཁའ་འགྲོ་མ་རྣམས་སོགས་སྐུ་གསུང་ཐུགས་ཀྱི་རྩ་སྔགས་ཟླས་དམིགས་བཅས་སོ་སོར་བཟླ། ཧཱུྃ། ཕྱོགས་བཞིའི་གནས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ལས་ཀྱི་མཁའ་འགྲོ་རིགས་བཞིའི་ཚོགས༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རིགས་བཞིའི་སྔགས་བཅས་བསྐུལ་ལ། རིགས་བཞི་མཁའ་འགྲོའི་སོགས་རིགས་བཞིའི་སྔགས་སོ་སོར་བཟླ། ཧཱུྃ༔ འཁོར་ལོ་གསུམ་ནས་རང་བྱུང་གྲུབ་པའི་ལྷ༔ གནས་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ ཐུགས་གསུང་སྐུའི་སྔགས་བཅས་བསྐུལ་ལ། ཐུགས་ཀྱི་ལྷ་ཚོགས་སོགས་ཐུགས་གསུང་སྐུའི་འཁོར་ལོ་གསུམ་གྱི་དཔའ་བོ་རྣལ་འབྱོར་མའི་སྔགས་ཟླས་དམིགས་བཅས་སོ་སོར་བཟླ། ཧཱུྃ༔ སྒོ་བཞི་མཚམས་བཞིར་རང་བྱུང་གྲུབ་པའི་ལྷ༔ ཕྲ་མེན་ལས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀུན༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ ལས་དང་དམ་ཚིག་མཁའ་འགྲོའི་སྔགས་བཅས་བསྐུལ་ལ། སླར་ཡང་གཙོ་མོའི་སོགས་ལས་དམ་མཁའ་འགྲོ་དང་ལས་བཞིའི་ཤམ་སྦྱར་བཟླས་པ་བྱ་ཞིང་། ཛཔ྄་དབྱངས་དང་དགོངས་པ་གསལ་གདབ། དགོངས་པ་བསྐྱང་ན་ཧཱུྃ་གླུ་བཅས་བྱའོ། ༈ །ཐོད་བུམ་སྒྲུབ་པ་ནི། བྷནྡྷའི་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ། ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་རིགས་བཞི། དེ་རྒྱབ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ །ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དྭངས་པའི་མཚོ་ལ་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོའི་རྗེས་ཆགས་བསྐུལ། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་པར་གྱུར། ལྷ་སྔགས་རྣམས་ཅུང་ཟད་རེ་བཟླས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ལན་གསུམ་རེ་བཟླ། མཆོད་བསྟོད་ནོངས་བཤགས་བཅས་བྱས་ལ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་དབྱེར་མེད་པར་གྱུར་པར་བསམ་མོ། །སྒྲུབ་ཁོག་དང་འདོན་ཟིན་ལྟར་སྔོན་ཡོད་ལ་ཅུང་ཟད་ཞལ་གསལ་ཞུས་པའོ།། །།
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཀླུ་རྒྱལ་དགའ་བོ་སྒྲུབ་པ་ (Volume 51, Text 47)
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་ཀླུ་རྒྱལ་དགའ་བོ་སྒྲུབ་པ་ནི༔ ན་མཿསུ་ག་ཏ་ནཱ་ག་ཡ༔ རང་གི་མདུན་དུ་ཀླུའི་རྒྱལ་པོ་དགའ་བོ་སྐུ་མདོག་གསེར་ལྟ་བུ་ཕྱག་གཉིས་བུམ་པ་ཐོགས་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ་སྦྲུལ་མགོ་བཅུ་བཞིའི་གདེངས་ཀ་ཅན་སྤྱི་བོར་ནོར་བུས་བརྒྱན་པར་བསྐྱེད༔ ཨོཾ་ཨཱཿནཱ་ག་ནན་ད་སྭཱ་ཧཱ༔ ཞེས་བཟླས༔ གཞན་ལ་སྦྱིན་ན་སྦྲུལ་ལག་ཏུ་གཏད༔ འདོད་གསོལ་བྱས༔ ཨོཾ་ཧ་ཤྭ་ན་ཨཱ་ལི་ཀཱ་ལི་རྀ་རྀ་ནཱ་ག་ནན་ད་སུ་པྲ་ཏིཥྛ༔ ཞེས་བརྗོད༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོའི་སྒྲུབ་ཐབས་ཟབ་མོ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེས་སྟོབས་ཆེན་གླང་གི་ལོའི་ལོ་མགོ་ལ་དགོངས་གཏེར་ལས་ཕབ་པ་ཡང་ཀླུའི་དགེ་བསྙེན་གནས་པའི་བླ་མཚོ་དང་ཉེ་བའི་སྐུ་མཁར་རྩེར་ཡིན་པས་འཇིག་རྟེན་ཐམས་ཅད་ལོ་ལེགས་པ་དང་ཆར་ཆུ་དུས་སུ་འབེབ་པའི་རྟེན་འབྲེལ་དུ་གྱུར་ཅིག༔ ༄༅། །དགོངས་གཏེར་ལས་ཀླུའི་རྒྱལ་པོ་དགའ་བོའི་སྒྲུབ་ཐབས་ཀླུ་མཆོད་ཚར་མང་གསོག་ཐབས་ཁྱེར་བདེར་བཀོད་པ་བཞུགས། །བཀའ་གཏད་ཀྱང་ཡོད། ན་མོ་སུ་ག་ཏ་ནཱ་ག་ཡ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀླུའི་རྒྱལ་པོ་དགའ་བོའི་སྒོ་ནས་ཀླུ་མཆོད་བརྒྱ་རྩ་སྟོང་རྩ་བྱེད་པར་འདོད་ན། དཀར་གཏོར་ཆེ་ལེགས་འདབ་མ་ལྔ་བཏགས་པ་ཞིག་སྣོད་གཙང་མར་བཞག །ཐེབ་ཚེ་ནང་དུ་ཆངས་བུ་ཏིང་ལོ་བཞག །ར་དཀར་བ་དཀར་འབྲི་ཟལ་གྱི་འོ་མ་རྙེད་ན་རབ། མ་རྙེད་ན་འོ་ཕུད་གཙང་མ་དེ་དག་ལ་ཀླུ་སྨན་ཕྱེ་མ་བཏབ། དེ་ནས་རང་ཡི་དམ་གང་རུང་བསྒོམས་ནས། རང་གི་མདུན་དུ་ཀླུའི་རྒྱལ་པོ་དགའ་བོ་སྐུ་མདོག་གསེར་ལྟ་བུ་ཕྱག་གཉིས་བུམ་པ་ཐོགས་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། སྦྲུལ་མགོ་བཅུ་བཞིའི་གདེངས་ཀ་ཅན་སྤྱི་བོར་ནོར་བུས་བརྒྱན་པ། འཁོར་རིགས་ལྔའི་ཀླུ་རིགས་ཐམས་ཅད་ཀྱིས་བསྐོར་བར་གྱུར། ཧཱུྃ། ཀླུ་རྒྱལ་དགའ་བོ་སྐུ་མདོག་སེར། །ཕྱག་གཉིས་ཐུགས་ཀར་བུམ་པ་འཛིན། །སྦྲུལ་མགོ་བཅུ་བཞིའི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཁོར་ཚོགས་རྣམས་ཀྱང་སྤྱན་འདྲེན་ན། །ཀུན་ཀྱང་དགྱེས་པའི་གདན་ལ་བཞུགས། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །གུས་པས་ཁྱེད་ལ་ཕྱག་འཚལ་ལོ། །ཨོཾ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ། ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ གསུམ་མམ་བདུན་བརྗོད། ཀླུ་རྒྱལ་དགའ་བོ་ལ་གནོད་པའི། །གདོན་ཁྱོད་བདག་གིས་བཀར་བ་འོ། །མཐེབ་ཀྱུ་ཏིང་ལོ་འདི་བཞེས་ལ། །གདོན་ཁྱོད་མ་གནས་གཞན་དུ་དེངས། །གལ་ཏེ་འགྲོ་བར་མི་བྱེད་ན། །ག་རུ་ཌཿཡིས་ཟ་བར་བྱེད། །དེ་བས་མ་འདུག་ཕྱིར་དེངས་ཤིག །དེ་ལན་གསུམ་ལན་བདུན་ནམ། ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊཿ ཅེས་ཕྱིར་དོར། འདི་མན་ནས། ཧཱུྃ། ཀླུ་ཡི་རྒྱལ་པོ་དགའ་བོ་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་མཛོད། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་གྱུར་པའི། །སྣང་ཞིང་སྲིད་པའི་ཀླུ་རྣམས་ལ། །དཀར་གསུམ་མངར་གསུམ་འབྲུ་སྣ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །ཀླུ་ནད་ཐམས་ཅད་ཞི་བར་མཛོད། །ཨོཾ་ནཱ་ག་ར་ཙ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཨརྒྷཾ་སོགས། བསྙེན་པ་ནི། ཨོཾ་ཨཱཿནཱ་ག་ནན་ད་སྭཱ་ཧཱ༔ ཞེས་བཟླས་སྐབས་སུ་ཅི་འགྲུབ་ཆོག ༈ །གཞན་ལ་སྦྱིན་ན་ཟན་ལ་བྱས་པའམ་བྲིས་པའི་སྦྲུལ་ལག་ཏུ་གཏད་ལ། ཀླུའི་རྒྱལ་པོ་དགའ་བོ་འཁོར་དང་བཅས་པས་སློབ་མ་འདི་ལ་སྲུང་བ་དང་སྐྱོབ་པ་དང་མགོན་དང་སྟོངས་གྲོགས་མཛད་དུ་གསོལ། ཞེས་སོགས་འདོད་གསོལ་བྱས་ལ། ཨོཾ་ཧ་ཤྭ་ན་ཨཱ་ལི་ཀཱ་ལི་རྀ་རྀ་ནཱ་ག་ནན་ད་སུ་པྲ་ཏིཥྛ༔ ཞེས་བཀའ་གཏད་ཐོབ་པ་ཡིན་པས་མཎྜལ་ཕུལ། ༈ ཧཱུྃ། ཀླུ་ཡི་རྒྱལ་པོ་དགའ་བོ་དང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་གྱུར་པའི། །ཀླུ་རྣམས་ཀུན་དང་བདག་ཅག་དང་། །ཡོན་བདག་འདི་ཕྱི་སྔ་མ་ཀུན། །ཐུགས་དང་འགལ་བ་གང་གྱུར་པ། །མཐོལ་ལོ་བཤགས་སོ་བཟོད་པར་མཛོད། །དེ་ཡན་མཆོད་པ་དང་བཤགས་པ་ཚང་བར་གསོག །ཧཱུྃ། ཀླུ་ཡི་རྒྱལ་པོ་དགའ་བོ་དང་། །རིགས་ལྔའི་ཀླུ་རྣམས་ཐམས་ཅད་ནི། །རང་རང་གནས་སུ་གཤེགས་སུ་གསོལ། །ཨོཾ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་དེངས་དེངས་བྱེར་བྱེར་སོང་གཙྪ། ཞེས་བརྗོད། གོང་གི་མཚམས་རྣམས་སུ་རིལ་བུ་འབྲུ་སྣ་གསོ་ཞིང་འོ་མ་བླུགས་ལ་ཚར་གྲངས་གསོག །མཐར་མཚོའམ་ཆུ་ཆེན་ནམ་ཆུ་མིག་ནང་དུ་ཕུལ། ཆུ་མིག་ནང་དུ་བཅུག་ན་བྱ་ཁྱི་མི་འགྲོ་བར་བྱ། གྲོ་དང་དཀར་གསུམ་གྱི་རིགས་ཆུ་ལ་བཏབ་ན་ཉ་ཤི་ཟེར་བ་ཐོས་པས་མི་འདེབས། ཞེས་དགོངས་གཏེར་གྱི་དོན་རཱ་ག་ཨ་སྱས་གཏན་ལ་ཕབ་པའི་ཡི་གེ་པ་ནི་བརྩོན་འགྲུས་རྒྱ་མཚོ་སྟེ་གཞན་ཕན་འགྲོ་དོན་རྒྱ་ཆེན་པོར་གྱུར་ཅིག །ཆར་འབོད་དུས། ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །སྲིད་བཙལ་ནོར་སྒྲུབ་དུས། ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་སྦྱར། མངྒ་ལཾ།། །།
ཀུན་ཐུབ་སྒྲིབ་ཤིང་ཞྭ་སྲུང་ཞང་ཁྲོམ་གཏེར་བྱོན་ཕྱག་ལེན་མ་ (Volume 44, Text 47)
ཀུན་ཐུབ་སྒྲིབ་ཤིང་ཞྭ་སྲུང་ཞང་ཁྲོམ་གཏེར་བྱོན་ཕྱག་ལེན་མ་བཞུགས༔ ྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྔགས་པ་ནང་རྒྱས་བྱུང་བ་དང༔ སྡེ་བརྒྱད་གཟའ་སྲིན་ཀི་ཀང་དང༔ མ་མོ་མཁའ་འགྲོ་རྒྱུ་ཕྱོགས་སུ༔ ཐམས་ཅད་ཀུན་ཐུབ་སྒྲིབ་ཤིང་བསྟན༔ ས་མ་ཡ༔ ཞེས་པ་སྔགས་འདི་རྣམས་ཤིང་ཚེར་མ་ཅན་གྱི་ཤིང་ལ་བྲིས་ནས་ཞྭ་ལ་གདགས་སོ༔ ཤིང་བུ་གྲུ་གསུམ༔ སེན་གང་མ་ཡིན༔ ཟབ་མི་ཟབ་ལག་ཏུ་བླངས་པས་ཤེས༔ རབ་གནས་རྟེན་ འབྲེལ་སྙིང་པོས་བྱེད༔ དར་དམར་གྱིས་དྲིལ་ལ་ཚོན་སྐུད་སྣ་ལྔས་བཅིང༔ ཟློག་པའམ་དྲག་ལས་བྱེད་དུས་ཞྭ་ནག་ལ་འདོག༔ ས་མ་ཡ༔ འདི་འདྲའི་སྒྲིབ་ཤིང་འཇིག་རྟེན་དཀོན༔ མ་བྱུང་མི་འབྱུང་འབྱུང་མི་འགྱུར༔ ཞེས་སོ༔ ཁ་ཐཾ༔ འདི་ཁོ་ནའོ༔ རྒྱ་ཞང་ཁྲོམ་གྱི་གཏེར་མའོ། །རང་གི་བུ་ལ་སྟེར་ཀྱང་གསེར་སྲང་རེ་ཙམ་གྱི་མཎྜལ་མེད་པར་བྱིན་གྱུར་ན། སྲུང་མ་ཁྲོས་ཏེ་འཁུ་ལྡོག་སྣ་ཚོགས་འབྱུང་། གཤིན་རྗེ་ཀིང་ཀང་རླུང་སྒྲུབ་ཀྱི་ལས་མཐའ་སྒྲིབ་ཤིང་། ནག་པོ་ཤིན་ཏུ་ཟབ་པ་རིག་སྔགས་འཆང་བ་ཆེན་པོ་མཐུ་སྟོབས་དབང་ཕྱུག་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་ཀྱང་ཡིད་བརྟན་དུ་མཛད་པའི་ཨུ་པ་དེ་ཤའོ། །ཤུ་བྷཾ།། །།
ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་ལས༔ འཇམ་དཔལ་ནག་པོའི་ཡང་ཟློག་བསམ་གཏན་ཉལ་ཆོག་ (Volume 45, Text 47)
༄༅༔ ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་ལས༔ འཇམ་དཔལ་ནག་པོའི་ཡང་ཟློག་བསམ་གཏན་ཉལ་ཆོག་བཞུགས་སོ༔ ྈྈྈྈྈ བདག་འདྲ་མཐུ་ཆེན་པདྨ་འབྱུང་གནས་ཀྱིས༔ རྣོ་མྱུར་ཐོག་འདྲའི་ལྷ་མཆོག་གཤིན་རྗེ་གཤེད༔ འཇམ་དཔལ་ནག་པོ་གཟའ་གདོན་དམར་ནག་གི༔ ཐུབ་པ་བསམ་གཏན་ཉལ་ཆོག་མན་ངག་བཤད༔ འདི་ཉིད་ཉམས་སུ་ལོན་པའི་གང་ཟག་རྣམས༔ གནམ་ལྕགས་ཕ་ལམ་མི་ཤིགས་གུར་དང་མཚུངས༔ སྐལ་ལྡན་གསུང་གི་སྲས་དང་འཕྲད་པར་ཤོག༔ ྈྈྈ ཡང་ཟློག་ནང་ནས་ཉིང་ཟློག་སྲུང་བའི་མཆོག༔ སྔགས་པ་སྟོང་སྡེ་བྱད་མཁན་འབུམ་ཕྲག་གིས༔ སྦྱོར་ངན་གཤེད་འབེབས་སླར་བཟློགས་མི་འབྱུང་བ༔ ཡང་གསང་ཐུབ་ཆོད་རལ་གྲི་ཕྱུང་རྡེག་གོ༔ དང་པོ་དབེན་པར་བདེ་བའི་སྟན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་བྱ༔ དེ་ཡི་ངང་ལ་ཆོས་ཀུན་སྟོང་པར་བསྒོམ༔ བྷྲཱུྃ་ལས་རང་ཉིད་གནས་པའི་ཁང་པ་འདི༔ གནམ་ལྕགས་ཕ་ལམ་ལས་གྲུབ་སྐུ་གདུང་དབུས༔ པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང༔ དྷཱིཿཡིག་ནག་པོ་འོད་འཕྲོས་དོན་གཉིས་བྱས༔ དེ་ཉིད་ཡོངས་གྱུར་འཇམ་དཔལ་ཧ་ལའི་མདོག༔ ཕྱག་གཡས་གནམ་ལྕགས་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་སྡིགས་མཛུབ་རེག་གཅོད་འཁོར་ལོ་བསྐོར༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དྲང་པོར་བཞུགས༔ རལ་པའི་ཐོར་ཅོག་ཤེར་ཕྱིན་གླེགས་བམ་འཛིན༔ རིན་ཆེན་དར་ཟབ་ལོངས་སྤྱོད་རྫོགས་པའི་ཚུལ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སེམས་དཔའ་བསྟིམ༔ རང་གི་སྙིང་ནང་པདྨ་འདབ་བཞིའི་སྟེང༔ ཉི་མའི་དཀྱིལ་འཁོར་དབུས་སུ་ས་བོན་དྷཱི༔ མཐའ་སྐོར་གཟུངས་སྔགས་སྙིང་པོས་བསྐོར་བ་ལས༔ བ་སྤུའི་གྲངས་དང་མཉམ་པའི་འོད་ཟེར་ནི༔ ལྕགས་ཀྱུ་རལ་གྲིའི་གཟུགས་སྤྲོས་སྟོང་ཁམས་གང༔ སྲིད་གསུམ་གནས་པའི་དགྲ་བགེགས་བྱད་མ་བཀུག༔ རང་ཉིད་འཇམ་དཔལ་ནག་པོའི་མདུན་ངོས་སུ༔ གཟའ་གདོན་དམར་ནག་སྡེ་བརྒྱད་ཀུན་འདུས་སྐུ༔ རྩ་ཞལ་སྲིན་པོ་ཁྲོས་པའི་རྣམ་པ་ཅན༔ ལྟོ་བ་སྲིད་པ་གསུམ་པོ་བྲུབ་པའི་ཞལ༔ སྐུ་སྟོད་ཁྲོ་བོ་སྐུ་རྐེད་སྡིག་པ་སྟེ༔ སྐུ་སྨད་སྦྲུལ་མཇུག་སྐུ་ལ་གཟའ་མིག་སྤྲས༔ དཔྲལ་བ་ཕྱག་གཉིས་ལྕགས་ཁྲོ་ཟངས་གསུམ་ལས༔ གྲུབ་པའི་བདེ་གཤེགས་སྐུ་གདུང་རེ་རེ་བསྣམས༔ ཁྲག་མཚོ་མེ་རླུང་དུ་འཚུབས་ཀློང་དུ་བསྒོམ༔ མཛུབ་མོ་ལྕགས་གཏན་མཐེ་བོང་སཏྭ་གྲི་དང༔ ཕྲེང་རྡོག་བྱད་མའི་མགོ་བོར་དངོས་སུ་བསྒོམ༔་་་ཉི་ཟླའི་མཐིལ་དུ༔ དྲག་སྔགས་རེ་བཟླས་ཕྲེང་རྡོག་རེ་བཞིན་བསྐྱུར༔ བྱད་མའི་མགོ་བོ་མགྲིན་པ་ནས་བཅད་པ༔ ཁྲག་འཛག་བཞིན་པ་ཕྲུལ་ཕྲུལ་མདུན་བསྐྱེད་ཀྱི༔ ལྟོ་བའི་ཞལ་དུ་སིབ་སིབ་བསྟབ་པར་སྒོམས༔ དམིགས་པའི་འཕྲུལ་འཁོར་སྐད་ཅིག་མི་གཡེལ་བར༔ གནམ་ལྕགས་ལྷུང་བ་བཞིན་དུ་དྲག་སྔགས་བཟླ༔ ཨོཾ་མཉྫུ་ཤྲཱི་ཀཱ་ལ་ཙིཏྟ་ཧཱུྃ༔ རྣྲིཿཏྲི་དགྲ་བགེགས་བྱད་མ་ཤ་ཏྲཱུཾ་མཱ་ར་ཡ་ཧུར་ཐུམས་རྦད་ཟློག༔ གནོད་བྱེད་ཙིཏྟ་རཱུ་པ་དྷ༔ ཧ་པ་ཙ་ཚིནྡྷ་ཧཱུྃ་ཕཊ༔ དེ་ལྟར་བཟླས་པས་ཉམས་དང་རྨི་ལམ་དུ༔ ལུས་ལས་མེ་འབར་དགྲ་ལས་རྒྱལ་བ་དང༔ མཚོན་ཆ་ཐོགས་ནས་སེམས་ཅན་སྲོག་ཆགས་བསད༔ སྙིང་དང་རྒྱུ་མ་ཤ་ཁྲག་ཟ་བ་སོགས༔ དེ་རྣམས་བྱུང་ན་འགྲུབ་པའི་མཚན་མ་ཡིན༔ ཐུན་མཚམས་གནས་ལུགས་ངང་ལ་མཉམ་པར་བཞག༔ འདི་ནི་བསམ་གཏན་ཉལ་ཆོག་མན་ངག་སྟེ༔ ཀུན་ལ་མ་བསྟན་དམ་ཚིག་ས་མ་ཡ༔ མ་འོངས་ཨོ་རྒྱན་གསུང་སྲས་སྙིང་གི་བུར༔ སྔགས་པ་རྡོ་རྗེ་ནང་དམེ་བྱེད་པ་དང༔ ཕ་རོལ་བྱད་མ་མཁན་གྱིས་འཚེ་བའི་དུས༔ ཕས་རྒོལ་གཤེད་འབེབ་རང་ཉིད་སྲུང་བའི་མཆོག༔ བྱ་སླ་ཚེགས་ཆུང་དོན་ལྡན་སྙིང་ནོར་འདི༔ བསྟན་སྲུང་བར་ཆད་སེལ་བའི་བཙས་སུ་བཞག༔ གཱན༧ཐཱ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གོཧ་རྒྱ་རྒྱ༔ ནྱ་ནྱ་ནྱཱ༔ ཆོས་བདག་བར་ཆད་སེལ་བའི་ཆོས་ཀ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་ཆོས་རྗེ་གླིང་པས་གདན་དྲངས་པའོ།། །།
ཟབ་པ་སྐོར་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་ཚེ་སྒྲུབ་དབང་བསྐུར་བཅས་ཁྲིགས་སུ་བཀོད་པ་གྲུབ་གཉིས་བདུད་རྩིའི་བཅུད་ལེན་ (Volume 27, Text 47)
༄༅། །ཟབ་པ་སྐོར་བདུན་ལས། ཡང་དག་ཐུགས་ཀྱི་སྙིང་པོའི་ཚེ་སྒྲུབ་དབང་བསྐུར་བཅས་ཁྲིགས་སུ་བཀོད་པ་གྲུབ་གཉིས་བདུད་རྩིའི་བཅུད་ལེན་ཅེས་བྱ་བ་བཞུགས་སོ།། དངོས་གྲུབ་རྣམ་གཉིས་གཅིག་ཅར་དུ། །སྩོལ་མཛད་བླ་མ་ཧེ་རུ་ཀར། །གུས་པས་བཏུད་ནས་དཔལ་ཆེན་པོའི། །ཚེ་སྒྲུབ་སྨིན་བྱེད་དང་བཅས་འགོད། །འདི་ལ་གཉིས། ཕྲིན་ལས་རྒྱུན་ཁྱེར་དང་བསྙེན་སྒྲུབ་དབང་བསྐུར་རོ། །དང་པོ་ལ། རྒྱུན་གྱི་རྣལ་འབྱོར་ཙམ་ལ་སྤྲོས་པ་ཅི་ཡང་མི་དགོས་ཤིང་། བསྙེན་སྒྲུབ་ཆེད་དུ་བྱེད་སྐབས་འོག་ནས་འབྱུང་བའི་བཅའ་གཞི་བྱ། ཕྲིན་ལས་སྔོན་དངོས་རྗེས་གསུམ་ལས། དང་པོ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །ཧེ་རུ་ཀ་དཔལ་བསྒོམ་པར་བགྱི། །ལན་གསུམ་གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ལ་གཉིས། ལྷ་བསྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཆོས་རྣམས་བདག་མེད་དེ་བཞིན་ཉིད༔ །འགྲོ་ལ་ཀུན་ཁྱབ་སྙིང་རྗེ་བསྒོམ༔ འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ༔ ཧཱུྃ་ལས་སྲུང་བའི་འཁོར་ལོའི་དབུས༔ བྷྲཱུྃ་ལས་ཟླ་གམ་གཞལ་ཡས་ཁང༔ པདྨ་འདབ་བརྒྱད་ལྟེ་དབུས་སུ༔ ཚེ་བདུད་ཕོ་མོ་བསྒྱེལ་པའི་སྟེང༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་གི་འཕྲོ་འདུས་ཚེ་བཅུད་བསྡུས༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ དམར་གསལ་ཞལ་གསུམ་ཕྱག་དྲུག་པ༔ དང་པོའི་ཕྱག་གཉིས་ཐུགས་ཀ་རུ༔ ཐལ་སྦྱར་ཚེ་ཡི་བུམ་པ་འཛིན༔ ལྷག་མས་རྡོ་རྗེ་བྷནྡྷ་དང༔ ཁ་ཊྭཱཾ་གཡོབ་ཅིང་དྲིལ་བུ་འཁྲོལ༔ ཡུམ་ནི་སྡུད་བྱེད་དམར་སེར་ལ༔ ཁ་ཊྭཱཾ་ཚེ་ཡི་བུམ་པ་འཛིན༔ གཽ་རཱི་ལྷ་མོ་བརྒྱད་རྣམས་ཀྱང༔ དམར་གསལ་ཁ་ཊྭཱཾ་ཚེ་བུམ་འཛིན༔ འཇའ་འོད་འཁྲུགས་པའི་ཀློང་དུ་གསལ༔ ཞེས་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ༴ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ༴ ཞེས་གནས་གསུམ་བྱིན་གྱིས་བརླབ། ཨོཾ་མ་ཧཱ་པྲ་ཏི་བེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཀྲྀཏྱཱནུཥྛ་ན་ཛྙཱ་ན་བཛྲ༴ ཞེས་དབང་བསྐུར། ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ས་མཱ་ཛ༔ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་བསྟིམ། པདྨ་སཱུརྻ་ཙནྜ་ཀ་མ་ལཱ་ཡ་སཏྭཾ༔ ཞེས་པས་གདན་འབུལ། ས་མ་ཡ་ཏིཥྛ་ལྷན༔ ཞེས་བརྟན་པར་བྱ། ཨ་ཏི་བྷུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་བྱ། སྤྲོ་ན་མཆོད་ཕྲེང་རྒྱས་པའམ། བསྡུ་ན། ཨོཾ་བཛྲ་གཽ་རཱི་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཙཽ་རཱི་ས་མ་ཡ་ཧོ༔ ཨོཾ་བཛྲ་པྲ་མོ་ཧ་ར་ཧོ་ཧཾ༔ ཨོཾ་བཛྲ་བཻ་ཏཱ་ལི་རཱ་ག་ཡཱ་མི༔ ཨོཾ་བཛྲ་ཙཎྜ་ལཱི་པུཥྤེ་པུ༔ ཨོཾ་བཛྲ་པུཀྐ་སི་དྷཱུ་པེ་དྷཱུ༔ ཨོཾ་བཛྲ་སྨེ་ཤ་ནི་ཨཱ་ལོ་ཀེ་ཨཱ༔ ཨོཾ་བཛྲ་གྷསྨ་རཱི་གྷནྡྷེ་གན༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་མུ་དྲ་སུ་ཁ་ཧོ༔ མ་ཏྲཾ་རུ་དྲ་པྲ་བེ་ཤ་ཡ་ཕཊ༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཞེས་མཆོད། ཧཱུྃ༔ ཟླ་གམ་དབང་གི་གཞལ་ཡས་ན༔ ཡང་དག་ཚེ་ཡི་ལྷ་ཚོགས་བཞུགས༔ སྙིང་པོ་མི་ཤིགས་རྡོ་རྗེའི་བདག༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་ལྷ་སྐུའི་གསལ་སྣང་ལ་ཡུན་རིང་དུ་སེམས་འཛིན། གཉིས་པ་བཟླས་པ་བྱ་བ་ནི། ཐུགས་ཀར་རྒྱ་གྲམ་གཉིས་ཀྱི་དབུས༔ ཉི་ཟླ་ཟླ་གམ་གྭ་འུའི་ནང༔ བྷྲཱུྃ་ལ་ཨ་ནྲྀ་ཧཱུྃ་གིས་མཚན༔ རུ་ལུ་འབྲུ་བརྒྱད་སྔགས་ཀྱིས་བསྐོར༔ འོད་ཟེར་སྟོང་ཁམས་ཁྱབ་པར་འཕྲོས༔ འཁོར་འདས་ཚེ་བཅུད་ཐམས་ཅད་ཀུན༔ ཨཱ་ཡུར་ཚེ་ཡི་རྣམ་པར་བསྡུས༔ སྙིང་གར་ཐིམ་ཞིང་བཀྲག་མདངས་འབར༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཞེས་བསྙེན་པའི་ཚད་ནི་འབུམ་ཕྲག་གསུམ་དུ་གསུངས་ལ་སྐབས་འདིར་ཇི་ཙམ་ནུས་པ་བཟླའོ། །གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ལན་གསུམ་རེས་སྔགས་ཀྱི་ནུས་པ་སྤེལ་ཞིང་ལྷག་ཆད་ཁ་བསྐང་། དཀྱིལ་འཁོར་ཐམས་ཅད་རང་ལ་ཐིམ༔ རྡོ་རྗེའི་གུར་དུ་ཚུད་པ་ཡི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །མི་ཕྱེད་རྡོ་རྗེའི་ངོ་བོར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང་། ལོ་བརྒྱ་ཐུབ་ཅིང་སོགས་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཉིས་པ་བསྙེན་སྒྲུབ་ཆེད་དུ་བྱ་བ་དང་དབང་བསྐུར་གཉིས་ཀར་མཐུན་པར། སྦྱོར་བ་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པ་པདྨ་དམར་པོ་འདབ་བརྒྱད་ཡོད་པའི་ཕྱི་རོལ་པདྨ་རྡོར་ར་མེ་རིས་བསྐོར་བའི་དབུས་སུ་ཁྲིའུར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་ཐག་དང་བཅས་པ། གཡས་སུ་ཚེ་འབྲང་རིལ་བུས་བསྐོར་བ། གཡོན་དུ་ཚེ་ཆང་མངར་གསུམ་སྦྱར་བ། རྒྱབ་ཏུ་མདའ་དར་དམར་པོ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་བཤམ། སྐྱབས་སེམས་ནས་བརྩམ། ཕྲིན་ལས་གོང་བཞིན་གཏང་ནས་བདག་མདུན་དབྱེར་མེད་དུ་བསྒོམ། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་འཕྲོ་འདུའི་ཏིང་འཛིན་གསལ་བས་ཛཔ྄་བཟླ། དབང་གི་སྐབས་ཚེ་བཅུད་ཚེ་རྫས་རྣམས་ལའང་ལྷག་པར་བསྟིམ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་དམིགས། བཟླས་པ་གྲུབ་ནས། མདའ་དར་གཡབ་ལ་ཚེ་འགུགས་ནི། ཧཱུྃ༔ ཟླ་གམ་དབང་གི་གཞལ་ཡས་ནས༔ འཆི་མེད་རྡོ་རྗེའི་ཚེ་ཡི་བདག༔ ཧེ་རུ་ཀ་དཔལ་ཡབ་ཡུམ་གཉིས༔ ཐུགས་དམ་གནད་ནས་དེང་བསྐུལ་གྱིས༔ འཁོར་འདས་ཚེ་ཡི་བཅུད་རྣམས་སྡུས༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ སྐུ་ཡི་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་གཽ་རཱི་མ༔ ཤར་ཕྱོགས་ནམ་མཁའ་ཁྱབ་པར་སྤྲོས༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ གསུང་གི་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་པྲ་མོ་ཧ༔ ནུབ་ཕྱོགས་ནམ་མཁའ་ཁྱབ་པར་སྤྲོས༔ ཀླུ་དབང་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པྲ་མོ་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཐུགས་ཀྱི་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་ཙནྜ་ལཱི༔ ཤར་ལྷོ་ནམ་མཁའ་ཁྱབ་པར་སྤྲོས༔ མེ་ལྷའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཡོན་ཏན་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་ཙཽ་རཱི་མ༔ ལྷོ་ཕྱོགས་ནམ་མཁའ་ཁྱབ་པར་སྤྲོས༔ གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཕྲིན་ལས་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་བཻ་ཏཱ་ལི༔ བྱང་ཕྱོགས་ནམ་མཁའ་ཁྱབ་པར་སྤྲོས༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་པུཀྐ་སི༔ ལྷོ་ནུབ་ནམ་མཁའ་ཁྱབ་པར་སྤྲོས༔ སྲིན་པོའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ གཟི་བརྗིད་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་སྨེ་ཤ་ནི༔ ནུབ་བྱང་ནམ་མཁའ་ཁྱབ་པར་སྤྲོས༔ རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ འཆི་མེད་དབྱིངས་ལས་བཞེངས་པ་ཡི༔ ཚེ་ཡི་ལྷ་མོ་གྷསྨ་རཱི༔ བྱང་ཤར་ནམ་མཁའ་ཁྱབ་པར་སྤྲོས༔ དབང་ལྡན་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཧཱུྃ༔ འཁོར་གྱི་དབྱིངས་ལས་བཞེངས་པ་ཡི༔ སིཾ་ཧ་དབང་ཕྱུག་ཉེར་བརྒྱད་རྣམས༔ སྟེང་འོག་ནམ་མཁའ་ཁྱབ་པར་སྤྲོས༔ སྟེང་གདོན་ལྷ་དང་གཟའ་རྒྱུ་སྐར༔ འོག་གདོན་ས་བདག་ཐེའུ་རང་སོགས༔ འབྱུང་པོའི་ལག་ནས་ཚེ་ཁུག་ལ༔ སྙིང་པོ་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ༔ ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ འབྱུང་བ་ཕྱི་ཡི་བཅུད་སྡུས་ལ༔ ཤ་ཁྲག་དྲོད་རླུང་སེམས་རྣམས་ལ༔ ཐིམ་པས་དེ་དང་དེ་རྣམས་ཀྱི༔ ཡོན་ཏན་སྟོབས་འཕེལ་དཔལ་དང་ལྡན༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཞེས་ཚེ་བཅུད་བུམ་པ་དང་སྒྲུབ་རྫས་ལ་བསྟིམ། བསྙེན་སྒྲུབ་སྐབས་ཁ་སྐོང་། མཆོད་བསྟོད་ནོངས་བཤགས། མདུན་དཀྱིལ་རང་ལ་བསྟིམ། རང་གི་སྙིང་ཁའི་ཚེ་རྟེན་རྒྱས་གདབ་དབང་གི་གཤམ་ནས་འབྱུང་བ་ལྟར་བྱས་ལ་བསྔོ་སྨོན་ཤིས་བརྗོད་བྱ། སྒྲུབ་པའི་བཟླས་གྲངས་འབུམ་ཕྲག་གཅིག་ཏུ་གསུངས་སོ། །དབང་གི་སྐབས། ཚེ་འགུགས་གྲུབ་པ་དང་དབང་ལེན་ཆ་ཚང་ངམ་ཏིང་ངེ་འཛིན་གྱི་དབང་ལེན། ལས་བུམ་རྩ་སྔགས་ཀྱིས་བྱིན་བརླབ། སློབ་མ་རྣམས་ལ་ཁྲུས་དང་། བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་གཞུང་ཉིད་ལས། མཆོག་གི་དངོས་གྲུབ་སྒྲུབ་པ་ལ༔ ཐོག་མར་འཆི་མེད་ཚེ་ཉིད་བསྒྲུབ༔ ཅེས་གསུངས་པ་ལྟར་དངོས་གྲུབ་ནི་སྒྲུབ་པའི་རྩོལ་བ་ལ་རགས་ལས་ཀྱང་། སྒྲུབ་པ་ནི་སྒྲུབ་པ་པོ་ལ་རགས་ལས་ཤིང་། དེའང་ཚེ་རིང་པོར་འཚོ་བ་ཁོ་ན་ལ་ལྟོས་པས་ཚེའི་དངོས་གྲུབ་ཐོག་མར་སྒྲུབ་པ་ཤིན་ཏུ་གལ་ཆེ་ལ། དེའི་སྒྲུབ་ཐབས་ཇི་སྙེད་ཅིག་མཆིས་པ་ལས་དཔལ་ཡང་དག་གི་ལྷ་སྔགས་ནི་རིག་འཛིན་ཚེའི་མཆོག་སྒྲུབ་པ་ལ་ཆེས་ཟབ་ཅིང་ཕུལ་དུ་བྱུང་བ་ཡིན་ལ། དེ་ལྟ་བུའི་གདམས་པ་ཟབ་མོ་འདིའང་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་འོག་མིན་ཀརྨའི་གནས་ནས་སྤྱན་དྲངས་པའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན། མཐར་ཐུག་མཆོག་སྒྲུབ་ཀྱི་ཟབ་པ་ཡང་དག་ཐུགས་ཀྱི་སྙིང་པོའི་ཆ་ལག་ཏུ་བྱོན་པ་ཡིན་ཅིང་། དེ་ལྟ་བུའི་ཚེ་དབང་ཟབ་མོ་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་ཚེ་ཡི་བདག༔ བདག་ལ་བརྩེ་བས་དགོངས་སུ་གསོལ༔ གསོལ་ཞིང་གནད་བསྐུལ་མི་འཚལ་ཡང༔ ཡང་གསང་ཐུགས་ཀྱི་སྙིང་པོའི་ཚེ༔ ཚེ་དབང་ཐོབ་ཕྱིར་བདག་ལ་སྩོལ༔ ལན་གསུམ། དཀྱིལ་འཁོར་ལྷ་ཚོགས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་བཅས་པའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ན་མོ། བླ་མ་མཆོག་གསུམ་སོགས་གསུམ། རྒྱུན་བཤགས་ཡན་ལག་བརྒྱད་པའི་བསྒོམ་དོན་གསལ་ཐོབས་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རྩ་སྔགས་དང་ལས་ཆུས་བསང་། མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་ཚེ་བདུད་ཕོ་མོ་བསྒྱེལ་པ་དང་པདྨ་ཉི་ཟླའི་གདན་ལ་རྣམ་པར་ཤེས་པ་ཧྲཱིཿཡིག་དམར་པོ་འོད་འབར་བ། དེ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་དཔལ་ཆེན་ཡང་དག་དམར་གསལ་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཚེའི་བུམ་པ་བསྣམས་པ་གཡས་འོག་མ་གཉིས་རྡོ་རྗེ་དང་ཁ་ཊྭཱཾ། གཡོན་འོག་མ་གཉིས་བྷནྡྷ་དང་དྲིལ་བུ་འཛིན་པ། དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་ཅིང་གྱད་ཆེན་པོའི་སྟབས་ཀྱིས་འཇའ་འོད་མེ་དཔུང་གི་ཀློང་དུ་བཞུགས་པ། ཡུམ་སྡུད་བྱེད་མ་དམར་སེར་ཁ་ཊྭཱཾ་དང་ཚེ་བུམ་འཛིན་པས་འཁྱུད་པ། གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་མཚན་པ། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་ཁ་སྦྱར་བའི་བར་དུ་ཉི་ཟླའི་གྭའུ་ཟླ་གམ་གྱི་ནང་། ཡི་གེ་བྷྲཱུྃ་འོད་ལྔ་འབར་བ་ལ་དྭངས་སྲོག་གི་ངོ་བོ་ཨ་ནྲྀ་ཧཱུྃ་གསུམ་གྱིས་མཚན་པ་ལ་རུ་ལུའི་སྔགས་ཕྲེང་དམར་པོས་བསྐོར་བ་གསལ་ཐོབ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་ཆོས་དབྱིངས་ཀྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ནམ་མཁའ་གང་བ་སྤྱན་དྲངས་ཏེ་ཐིམ་པའི་མོས་པ་མཛོད། སྤོས་རོལ་དང་། སྙིང་པོའི་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད། ཏིཥྛ་བཛྲས་བརྟན་པར་བྱ། བླ་མ་དཀྱིལ་འཁོར་པ་ཁྱེད་རང་རྣམས་དང་བཅས་པའི་ཐུགས་སྲོག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་རྣམས་དང་། འཁོར་འདས་བརྟན་གཡོའི་ཚེ་བཅུད་དྭངས་མ་ཐམས་ཅད་ཡིག་འབྲུ་བདུད་རྩི་ཐིག་ལེའི་རྣམ་པར་འུབ་ཀྱིས་བསྡུས་ནས་བ་སྤུའི་བུ་ག་ནས་ཞུགས། སྙིང་གའི་སྲོག་རྟེན་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར་བར་སྒོམས་ཤིག །མདའ་དར་གཡབ་ལ་ཚེ་འགུགས་གཏང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པས་ཕྱག་གི་བུམ་པས་དབང་བསྐུར་བས་བདེ་ཆེན་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱེད་རང་རྣམས་ཀྱི་ལུས་ཐམས་ཅད་གང་། འཆི་མེད་སྐུ་གསུང་ཐུགས་རྡོ་རྗེ་ཚེའི་དབང་མཆོག་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ བཀྲ་ཤིས་ཚེ་ཡི་རྡོ་རྗེའི་དབ༵ང༔ དབ༵ང་གི་ཟླ་གམ་བུམ་པ་མཆོ༵ག༔ མཆོ༵ག་ཐུན་ཚེ་ཡི་བདུད་རྩིའི་བ༵ཅུད༔ བ༵ཅུད་མཆོག་བྱང་སེམས་དཀར་དམར་ཆེ༵༔ ཆེ༵་བའི་ཆེ་མཆོག་ཧེ་རུ་ཀ༵༔ ཀ༵་དག་ཀློང་ནས་ལྷུན་གྱིས་གྲུབ༵༔ གྲུབ༵་མཆོག་ཚེ་ཡི་དངོས་གྲུབ་དཔ༵ལ༔ དཔ༵ལ་ཆེན་རྡོ་རྗེ་ཚེ་ཡི་བད༵ག༔ བད༵ག་ཉིད་ཆེན་པོའི་དབང་བསྐུར་རོ༔ ཞེས་ཆེ་བ་བརྗོད། དེ་ནས་གནས་གསུམ་དུ་བཞག་ཅིང་བུམ་ཆུ་སྦྱིན་ལ། ཧཱུྃ༔ མི་འགྱུར་ཐུགས་ཀྱི་ཐིག་ལེ་ཆེ༔ ཆེ་མཆོག་རྡོ་རྗེའི་སྲོག་འགྲུབ་ཤོག༔ མི་འགྱུར་སྐུ་ཡི་ཐིག་ལེ་ཆེའི༔ བགྲེས་རྒུད་མེད་པའི་དབང་ཐོབ་ཤོག༔ གཞོམ་མེད་གསུང་གི་རྡོ་རྗེའི་ཚེ༔ མི་འགག་ཚངས་པའི་ཚེ་ཐོབ་ཤོག༔ འཁྲུལ་མེད་ཐུགས་ཀྱི་ཚེ་ཡི་མཆོག༔ འཆི་མེད་བདེ་ཆེན་ཐོབ་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཚེ་བྷྲཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བརྟན་གཡོའི་འབྱུང་བ་ལྔའི་དྭངས་བཅུད་བསྡུས་པས་འཆི་མེད་ཚེའི་དམ་རྫས་ལ་ལོངས་སྤྱད་པས་ཁམས་ལྔ་ཉམས་པ་སོར་ཆུད། ལུས་ཀྱི་འབྱུང་བའི་སྟོབས་རྩལ་རྒྱས་པར་མོས་ཤིག །ཚེ་འབྲང་སྦྱིན་པའམ་མཐའ་སྐོར་གྱི་རིལ་བུ་གཏད་ལ། ཧཱུྃ༔ འབྱུང་བ་ལྔ་ཡི་བཅུད་བསྡུས་ལ༔ བཀྲ་ཤིས་བྷཉྫའི་ནང་དུ་བསྐྱིལ༔ དམ་རྫས་ཚེ་ལ་ལོངས་སྤྱོད་པས༔ འབྱུང་བ་ལྔ་ཡི་སྟོབས་རྒྱས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ སྲིད་དང་ཞི་བའི་བདུད་རྩིའི་བཅུད་ཐམས་ཅད་བསྡུས་པའི་འཆི་མེད་ཀྱི་བཏུང་བ་རོལ་པས་བདེ་བ་ཆེན་པོའི་ཡེ་ཤེས་འབར་ཏེ་ཚེ་རབ་ཏུ་འཕེལ་བར་མོས་ཤིག །ཚེ་ཆང་སྦྱིན་ལ། ཧཱུྃ༔ བདུད་རྩི་ཀུན་གྱི་བཅུད་བསྡུས་ལ༔ བཀྲ་ཤིས་བྷཉྫའི་ནང་དུ་བསྐྱིལ༔ བདེ་བ་ཆེན་པོར་ལོངས་སྤྱོད་པས༔ ཚེ་ནི་རྣམ་པར་འཕེལ་གྱུར་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ སྐུ་ལྔ་མི་འགྱུར་བའི་ཕྱག་རྒྱས་བཏབ་པས་ཚེའི་དངོས་གྲུབ་ནམ་ཡང་མི་ཉམས་རྟག་ཅིང་བརྟན་པའི་རྡོ་རྗེའི་སྲོག་ཏུ་གྲུབ་པར་མོས་ཤིག །མདའ་དར་གནས་ལྔར་རྒྱ་གྲམ་དུ་བཞག་ལ། མི་འགྱུར་མི་ཤིགས་སྐུ་ལྔ་ཡིས༔ ཚེ་ནི་རྣམ་པར་རྒྱས་བཏབ་སྟེ༔ འབྱུང་བ་ལྔ་ཡི་བཅུད་རྣམས་བསྡུས༔ ཤ་ཁྲག་དྲོད་དབུགས་སྲོག་ལ་བསྟིམས༔ མི་འགྱུར་མི་ཤིགས་ཚེ་ཐོབ་ནས༔ རྡོ་རྗེའི་སྲོག་དང་ལྡན་པར་ཤོག༔ ཨོཾཿབྷྲཱུྃཿཨཱཿབྷྲཱུྃཿཧཱུྃཿབྷྲཱུྃཿསྭཱཿབྷྲཱུྃཿཧཱཿབྷྲཱུྃ༔ ཁྱེད་རང་གི་ལུས་ཀྱི་ནང་ཚེའི་བདུད་རྩིས་གང་བའི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ཡིག་འབྲུ་གསུམ་ལ་སིབ་སིབ་ཐིམ་པས་བཀྲག་མདངས་རྒྱས། ཉི་ཟླའི་གྭའུ་ཟླ་གམ་ཚེའི་བདུད་རྩིས་གང་སྟེ་ཁ་འགྲིགས་སྟེང་འོག་རྒྱ་གྲམ་གྱི་རྭ་བསྣོལ་མར་མདུད་པ་ལ་རྡོ་རྗེ་ཕྱེད་པའི་འཛེར་བཏབ། ལུས་བཀྲག་མདངས་གཟི་བརྗིད་འོད་ཟེར་འཕྲོ་བའི་གནས་ལྔར་ཡེ་ཤེས་ལྔའི་རང་བཞིན་དགའ་བ་འཁྱིལ་པ་རེ་རེས་མཚན་ཅིང་། ལུས་ཀྱི་ཕྱི་རྡོ་རྗེའི་རང་བཞིན་གྱི་འོད་ཀྱི་དྲྭ་བས་གཡོགས་པས་ཅིས་ཀྱང་མི་ཤིགས་པར་གྱུར་པར་མོས་ཤིག །རྟེན་སྙིང་དང་བཀྲ་ཤིས། སུ་པྲ་ཏིཥྛ་སོགས་བརྗོད་ལ་མེ་ཏོག་འཐོར། དམ་ཚིག་བསྒྲག་གཟུང་ཕྱིན་སྤྱི་ལྟར་བྱ། ཕྲིན་ལས་ཀྱི་རྗེས་རིམ་རྣམས་ཀྱང་གོང་དུ་སྨོས་པ་ལྟར་རོ། །ཡང་དག་གྲུབ་པའི་ཚེ་བཅུད་ཀྱིས། །སྲོག་རྩ་མི་ཤིགས་རྡོ་རྗེར་བརྟན། །བདུད་རྩིའི་བགོ་སྐལ་འགྲོ་མང་ལ། །སྦྱིན་པས་དུས་ཀྱི་འཇིགས་འཇོམས་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་སྲས་ཡུམ་དང་བཅས་པས་བཀས་བསྐུལ་གནང་བ་དང་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རོལ་མོ་ (Volume 32, Text 47)
སྙན་བརྒྱུད་མ་མོའི་གནད་ཏིག་གི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རོལ་མོ་བཞུགས། ཆོས་དབྱིངས་བདེ་ཆེན་དཔའ་བོ་མངོན་རྫོགས་རྒྱལ། །ཀུན་བཟང་ཤེས་རབ་ཕར་ཕྱིན་མུ་ཁ་ལེ། །གསང་བདག་རྡོར་སེམས་མཁའ་འགྲོ་ལས་ཀྱི་དབང་། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །མངོན་རྫོགས་མ་མོའི་བཀའ་བབས་དྷ་ན་སཾ། །བརྟུལ་ཞུགས་སྤྱོད་པའི་མཆོག་གྲུབ་ཉི་མ་འོད། །རྗེ་འབངས་གྲོགས་གསུམ་འབྲོག་མི་དཔལ་ཡེ་ཤེས། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །སྙན་བརྒྱུད་གདམས་པའི་བཀའ་བབས་མདོ་སྔགས་གླིང་། །སྣང་མཛད་ལོ་ཙཱ་དངོས་བྱོན་གར་གྱི་དབང་། །ངེས་གསང་བསྟན་པའི་ཤིང་རྟ་ཆོས་རྒྱ་མཚོ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །གྲུབ་རིགས་འཛིན་པ་འཇམ་དབྱངས་ཚུལ་ཁྲིམས་དང་། །ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་རྩལ། །རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་ཀུན་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །ཕྱི་ནང་འབྱུང་ལྔ་ཀློང་དག་རྟག་རྒྱལ་ལྔ། །བདེ་ཆེན་སྒྱུ་མའི་ཕོ་རྗེ་མོ་བཅུ་བཞི། །སྲིད་པ་དབྱིངས་སྒྲོལ་དམན་མོ་ལྔ་བཅུ་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་གྲུབ་མཛོད། །རང་བཞིན་གཞི་དཀྱིལ་རྩ་རླུང་ཐིག་ལེའི་ཁམས། །གྲོང་ཁྱེར་གསུམ་གྱི་སྣང་ཞེན་དབང་བཞི་དང་། །རིམ་གཉིས་ལམ་དཀྱིལ་གྱིས་སྦྱངས་འབྲས་བུའི་མཆོག །རྡོ་རྗེ་གསུམ་གྱི་མཁའ་ཀློང་དབྱིངས་སིམ་ཤོག །ཅེས་པའང་རང་ཉིད་ཀྱིས་བསྙེན་སྒྲུབ་འབྲེལ་འཇོག་སྐབས་གསོལ་བ་འདེབས་པ་པོ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའོ། །དགེའོ།། །།
གསང་སྔགས་སྤྱི་ཆིངས་ཀྱི་གདམས་པ་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ དམ་ཚིག་གི་ཉམས་ཆག་གསོ་བའི་སྐོང་བཤགས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས་ཁྱད་པར་དུ་འཕགས་པ་ (Volume 41, Text 47)
ྈ གསང་སྔགས་སྤྱི་ཆིངས་ཀྱི་གདམས་པ་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ དམ་ཚིག་གི་ཉམས་ཆག་གསོ་བའི་སྐོང་བཤགས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས་ཁྱད་པར་དུ་འཕགས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིངས་ཉམས་ཆག་གསོ་བའི་ཐབས༔ སྐོང་བཤགས་ཉེས་པ་ཀུན་སེལ་གདམས་ངག་བསྟན༔ གང་དང་འབྲེལ་ཡང་དེ་དང་མཐུན་པར་སྦྱར༔ ཁྱད་པར་འཕགས་སོ་རྗེས་འཇུག་ཐུགས་ལ་ཆོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡང་གསང་སྔགས་རྡོ་རྗེའི་ཐེག་པའི་དམ་ཚིག་འདི༔ ཁེ་ཡང་ཆེ་ལ་ཉེན་ཡང་ཆེ༔ དེ་ཇི་ལྟར་ཡིན་སྙམ་ན་དམ་ཚིག་ཆ་ཚང་མ་ཉམས་ལེགས་པར་སྲུང་ཞིང་གསང་སྔགས་བསྒྲུབས་ན༔ རབ་ཚེ་གཅིག་གིས་འཚང་རྒྱ༔ འབྲིང་བར་དོར་འཚང་རྒྱ༔ ཐ་མ་སྐྱེ་བ་བདུན་ཚུན་ཅིས་ཀྱང་འཚང་རྒྱ་བ་ཡིན༔ གལ་ཏེ་དམ་ཚིག་རྩ་བ་རྣམས་ཉམས་ལ་བཤགས་པ་མེད་ལ་རྡོ་རྗེའི་དམྱལ་བར་སྐྱེ༔ ཐར་བའི་དུས་མེད་པ་ཞིག་ཡིན༔ ཡན་ལག་སོགས་སྣ་འགའ་ཉམས་ན་བཤགས་པ་གལ་ཆེ༔ བཤགས་པ་མ་བྱས་ན་སྡུག་བསྔལ་དྲག་པོ་མྱོང༔ ཅུང་ཟད་ཐར་ཡང་རྡོ་རྗེ་ཐེག་པའི་མཚན་ཡང་མི་ཐོས་པར་འགྱུར༔ དེས་ན་རྩ་བ་མ་ཉམས་པར་བསྲུང་ཞིང་ཡན་ལག་ཅུང་རེ་ཉམས་ཀྱང་བཤགས་པར་བྱ་བ་འདི་ལ་འབུང་དགོས༔ ད་བཤགས་པའི་ཐབས་འདི་ནི་ཐུགས་དམ་བསྐངས་ནས་བཤགས་པ་ཡིན་ལ༔ དང་པོ་རྫས་བཤམས་པ་ནི་སྒྲུབ་ཆེན་དང་འབྲེལ་ན་རབ༔ མ་འབྲེལ་ཚེ་ད་ལ་གསར་དུ་བཞེངས་པའོ༔ སྒྲུབ་ཆེན་དང་འབྲེལ་ན་སྒྲུབ་པའི་དལ་གྱི་མདུན་དུ་མཆོད་པའི་ཕྲེང་བ་རིམ་བཞིན་ནར་མོར་བཤམས་པའོ༔ ད་ལ་གསར་དུ་བྱེད་ན་སྟེགས་བུ་གྲུ་བཞི་པ་འཚམ་ཞིང་ལེགས་པར་བྱ༔ དེ་ཡི་སྟེང་དུ་དཀྱིལ་འཁོར་གང་དང་འབྲེལ་ན་ཡང་རས་བྲིས་ལེགས་པར་བཤམ༔ དབུས་སུ་ཁྲིའུ་ཁར་དབང་གི་བུམ་པ་སོགས་ཀྱང་ཅི་བདེར་བཀྲམ༔ ཕྱོགས་བཞི་མཚམས་བརྒྱད་དབུས་རྣམས་སུ་དཔལ་གྱི་གཏོར་མ་རེ་རེ༔ དེ་ཡི་ཕྱི་རིམ་ལ་ཤར་དུ་མཆོད་པ་ཚང་བ་གཅིག༔ དེ་བཞིན་ལྷོ་དང་ནུབ་བྱང་རྣམས་སུ་ཡང་ཆ་རེ་བཤམ༔ དེ་རྒྱབ་བདུད་རྩི་བརྒྱ༔ རཀྟ་བརྒྱ༔ རྨད་བྱུང་གཏོར་མ་བརྒྱ༔ ཚོགས་ཀྱི་གཏོར་མ་བརྒྱ༔ སྣང་གསལ་གྱི་མར་མེ་བརྒྱ་ཡིས་རིམ་བཞིན་བསྐོར༔ དེ་རྒྱབ་ཏུ་སྲུང་མའི་གཏོར་མ་ཡང་གང་བདེར་བཤམ༔ གཞན་ཡང་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་དང༔ སྤྱན་གཟིགས་ཀྱི་རིགས༔ གདུགས་རྒྱལ་མཚན་འཕན་བླ་རེ་ལ་སོགས་པ་མཆོད་རྫས་རིགས་ཐམས་ཅད་བཀྲམ༔ རོལ་མོའི་རིགས་ཀྱང་བསགས་ནས༔ ཁྱད་པར་ཐོད་རྔ་རྐང་གླིང་གསུར་ཆེན་སོགས་ཀྱི་རྫས་ཁྱད་པར་ཅན་བསགས༔ ལས་བྱང་དུ་དགོས་པའི་ཡོ་བྱད་ཀྱང་བཀྲམ༔ ཕྲིན་ལས་ཀྱི་ཁ་བསྒྱུར་ཇི་ལྟར་བྱེད་ཀྱང་སྟ་གོན་བྱ༔ ཁྱད་པར་དགོས་པའི་ཡོ་བྱད་མ་ཚང་བ་མེད་པ་གལ་ཆེའོ༔ དེ་དག་གི་ཚེ་ཤ་ཁྲག་རྣམས་དེའི་ཆེད་དུ་བསད་པ་མ་ཡིན་པ་ངེས་པར་དགོས་ལ་སྔ་ནས་ཚགས་བྱས་ཀྱང་རུང་ངོ༔ དེ་ནས་རྣལ་འབྱོར་པ་རྣམས་ལེགས་པར་འཚོགས༔ སྔོན་འགྲོའི་ཆོས་རྣམས་ལེགས་པར་གཏང༔ དེ་ནས་དངོས་གཞི་དཀྱིལ་འཁོར་གང་ཡིན་གྱི་གཞུང་ལེགས་པར་བསྲང༔ བསྐྱེད་པའི་སྐབས་སུ་དཀྱིལ་འཁོར་ལྷ་ཚོགས་གང་ཡིན་དེའི་ནམ་མཁར་བླ་མ་རྒྱལ་བ་སྲས་བཅས༔ བར་སྣང་དུ་ཡི་དམ་གྱི་རིགས༔ ས་གཞི་དང་ཉེ་བར་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་གསལ་བར་བསྒོམ་པ་ནི༔ ཧཱུྃ་ དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་དེ་དག་ནི༔ ནམ་མཁའ་ཡངས་པར་འོད་ལྔའི་འཇའ་གུར་དུ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ བརྒྱུད་པའི་བླ་མ་དུས་གསུམ་སྲས་དང་བཅས༔ སྲིད་དོ་ཅོག་ཀུན་རང་རང་ཆ་ལུགས་སུ༔ ཞི་འཛུམ་ཡིད་འོང་འོད་ཕུང་འབར་བར་བསྐྱེད༔ དེ་འོག་བར་སྣང་འཇའ་འོད་མེ་དཔུང་གི༔ ར་བར་དུས་གསུམ་གཤེགས་བཞུགས་གཤེགས་འགྱུར་བའི༔ ཐེག་པ་རིམ་དགུའི་ལྷ་ཚོགས་མཆིས་སོ་འཚལ༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཕོ་མོ་རྣམས༔ སོ་སོའི་ཆ་ལུགས་བཀྲག་གསལ་གཟི་བརྗིད་འབར༔ མ་འདྲེས་ཡོངས་སུ་རྫོགས་པ་གསལ་བར་གྱུར༔ དེ་འོག་ས་གཞི་ཉེ་བར་དཔའ་བོ་དང༔ མཁའ་འགྲོ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བཅས༔ དམ་ཅན་རྒྱ་མཚོ་མ་ལུས་རང་རང་གི༔ ཆ་ལུགས་བཅས་ཏེ་འཁོར་བཅས་གསལ་བར་གྱུར༔ དེ་ནས་སྤྱན་འདྲེན་སྐབས་སུ༔ ཨཱོཾ་ཨཱཿཧཱུྃ་ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཀུན་ནས༔ དུས་གསུམ་བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ཕོ་རྒྱུད་མོ་རྒྱུད་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ རང་རང་གནས་ནས་མྱུར་དུ་འདིར་གཤེགས་འཚལ༔ བསྐྱེད་པ་རྣམས་དང་གཉིས་སུ་མེད་པར་བཞུགས༔ གུས་ཕྱག་འཚལ་ལོ་ཕྱི་ནང་གསང་བ་སོགས༔ མཆོད་སྤྲིན་ཀུན་མཆོད་བསྟོད་ནས་ཉམས་ཆག་བཤགས༔ དེ་ལྟར་བྱའོ༔ སྐབས་སུ་དམིགས་པ་གསལ་འདེབས་ཡང་ཡང་བྱའོ༔ དེ་ནས་ལས་བྱང་སོགས་སྐབས་སུ་བབ་པའི་ཆོ་ག་ལྷག་ཆད་མེད་པར་བཏང༔ སྐབས་འདིར་བབ་ཚེ་རྣལ་འབྱོར་པ་རྣམས་ཤེས་པ་ཧུར་ཕྱུང༔ རིག་པ་ངར་འདོན༔ བསྐྱེད་རིམ་གསལ་བ༔ རྫོགས་རིམ་བརྟན་པ༔ དག་སྣང་མོས་གུས་དམིགས་པའི་གསལ་འདེབས་ཚིག་དང་མཐུན་པར་མ་ཡེངས་པར་བསྒྲིམ༔ རོལ་མོ་སོགས་ཀྱིས་བྱིན་དབབ༔ དཀྱིལ་འཁོར་ལ་འཆམས་སྟབས་སུ་ལན་གསུམ་བསྐོར༔ དེ་ནས་ཕྱི་ཐུན་མོང་གི་མཆོད་པས་བསྐང་བ་ནི༔ ཨོཾ་ཨཱཿཧཱུྃ་ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ མཆོད་ཡོན་རྒྱ་མཚོ་ལྟ་བུར་བསྐྱིལ༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ རབ་ཏུ་མཛེས་པའི་མེ་ཏོག་རིགས༔ ཁ་དོག་སྣ་ལྔ་ལེགས་པར་བཀྲམ༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ དྲི་བཟང་ཤིང་ཀུན་བསྲེགས་བྱས་ནས༔ དྲི་ཞིམ་དུད་པ་སྤྲིན་ལྟར་གཏིབས༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ རིན་ཆེན་ཀོང་བུར་མར་ཁུས་བཀང༔ མ་རིག་མུན་སེལ་མེ་གསལ་སྦར༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ རིན་ཆེན་སྣོད་དུ་ཆབ་གཙང་ལ༔ དྲི་ངད་རབ་བཟང་ལེགས་པར་སྦྱར༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ རིན་པོ་ཆེ་ཡི་སྣོད་ཡངས་པར༔ རོ་བརྒྱ་ལྡན་པའི་ཞལ་ཟས་སྤུངས༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ སྒྲ་རྣམས་སྙན་པར་གྱུར་པ་ཡི༔ རོལ་མོའི་རིགས་སུ་གྱུར་ཀུན་བསྒྲགས༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི༔ ལྷ་མོ་མཛེས་པའི་འདོད་ཡོན་ཅན༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ བཀྲ་ཤིས་རྫས་རྟགས་བརྒྱད་བརྒྱད་དང༔ རྒྱལ་སྲིད་བདུན་སོགས་ངོ་མཚར་རྫས༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ བསྐང་མཆོད་བསྟེན་བསྒྲུབ་དམ་ཚིག་རྫས༔ སྲིད་པར་གྱུར་པ་འདི་རུ་བཀྲམ༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ སྤྱན་གཟིགས་དཀོར་ནོར་ལོངས་སྤྱོད་ཚོགས༔ མཆོད་པར་འོས་སོ་ཅོག་ཀུན་ནི༔ སྣང་སྲིད་ཁྱབ་པར་བློས་སྤྲུལ་ཏེ༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རིགས༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ དེ་ནས་ཐུན་མོང་མ་ཡིན་པ་བླ་མེད་ཀྱི་མཆོད་པ་འབུལ་བ་ནི༔ མཆོད་རྫས་རང་རྒྱུད་དུ་མི་འཛིན་པར༔ ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པར་བསམ་ཞིང་འབུལ་བས་གང་ཡིན་ཀྱང་ཕུལ་རུང་བའོ༔ རང་རྒྱུད་དུ་བྱས་ན་ཡུལ་དང་མི་མཐུན་པར་མ་ཚད༔ མི་རུང་བ་མང་དུ་ཡོད་དོ༔ དེས་ན་ཤེས་པར་བྱོས་ཤིག༔ ཨོཾ་ཨཱཿཧཱུྃ་ ཐོད་པ་མཚན་ལྡན་དུམ་གཅིག་ནི༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་ལྡན༔ དེ་ནང་ཤ་ལྔ་བདུད་རྩི་ལྔ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་ཡབ་ཡུམ་བྱིན་བརླབས་པས༔ དུག་ལྔ་རྣམ་ལྔ་ཐབས་དང་ལྡན༔ ཁམས་ལྔ་རྣམ་དག་ཤེས་རབ་འབྲེལ༔ ཕུང་ལྔ་རྣམ་དག་ཟུང་འཇུག་མཆོག༔ བླ་མེད་གསང་བའི་བདུད་རྩི་འདི༔ སྣང་སྲིད་ཀུན་ཁྱབ་ཟད་པ་བྲལ༔ བླ་མ་ཀུན་གྱི་ཐུགས་དམ་བསྐང༔ རྒྱལ་བ་སྲས་བཅས་ཐུགས་དམ་བསྐང༔ ཡི་དམ་རིགས་ཀུན་ཐུགས་དམ་བསྐང༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ བདག་ཅག་རྣལ་འབྱོར་གཙོར་བྱས་པའི༔ སྐྱེ་གནས་བཞིས་བསྡུས་སེམས་ཅན་གྱི༔ འགལ་འཁྲུལ་ཉམས་ཆག་སོར་ཆུད་ཤོག༔ ལས་ངན་སྡིག་སྒྲིབ་ཟད་པར་ཤོག༔ ངན་སོང་སྐྱེ་བའི་སྒོ་ཆོད་ལ༔ འཁོར་བའི་འདམ་ནས་མྱུར་དྲངས་ནས༔ རྣམ་མཁྱེན་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ་ པད་སྣོད་སྐྱོན་མེད་མཚན་དང་ལྡན༔ རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ༔ དེ་ནང་དམར་ཆེན་དམ་པ་བལྟམས༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ༔ དུག་གསུམ་སྐུ་གསུམ་ཀློང་དུ་བསྒྲལ༔ འཁོར་བ་ཆོས་ཀྱི་དབྱིངས་སུ་བསྒྲལ༔ མ་རིག་བདག་འཛིན་རུ་དྲ་བསྒྲལ༔ ཆགས་ཆེན་ཆགས་པའི་ལམ་དུ་བསྒྲལ༔ བླ་མེད་བདེ་ཆེན་རཀྟའི་བཅུད༔ སྣང་སྲིད་ཀུན་ཁྱབ་ཟད་པ་བྲལ༔ བླ་མ་ཀུན་གྱི་ཐུགས་དམ་བསྐང༔ རྒྱལ་བ་སྲས་བཅས་ཐུགས་དམ་བསྐང༔ ཡི་དམ་རིགས་ཀུན་ཐུགས་དམ་བསྐང༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔ བསྐང་བར་འོས་ཀུན་ཐུགས་དམ་བསྐང༔ བདག་ཅག་རྣལ་འབྱོར་གཙོར་བྱས་པའི༔ སྐྱེ་གནས་བཞིས་བསྡུས་སེམས་ཅན་གྱི༔ འགལ་འཁྲུལ་ཉམས་ཆག་སོར་ཆུད་ཤོག༔ ལས་ངན་སྡིག་སྒྲིབ་ཟད་པར་ཤོག༔ ངན་སོང་སྐྱེ་བའི་སྒོ་ཆོད་ལ༔ འཁོར་བའི་འདམ་ནས་མྱུར་དྲངས་ནས༔ རྣམ་མཁྱེན་སངས་རྒྱས་ས་རུ་སྐྱོལ༔ ཨོཾ་ཨཱཿཧཱུྃ་ རིན་ཆེན་རྨ་མེད་སྣོད་མཆོག་བླ་ན་མེད༔ རྒྱ་ཁྱོན་སྲིད་པ་མ་ལུས་ཚད་དང་མཉམ༔ དེ་ནང་འབྲུ་བཅུད་མང་སྦྱར་བ་ལིན་ཏ༔ བཟའ་བཅའ་སྣ་ཚོགས་རི་ལྟར་སྤུངས་ནས་སུ༔ དཀར་ཐིག་ལེགས་གདབ་དམར་གྱི་གུར་ཡང་ཕུབ༔ ཡེ་ཤེས་བདུད་རྩི་ཛ་གད་སྐྱེམས་ཀྱིས་བྲན༔ སྣང་སྲིད་ཀུན་འགེངས་འདོད་ཡོན་མཆོད་རྫས་སྤྲོ༔ ཟག་མེད་བདེ་བསྐྱེད་མཆོད་པ་བླ་ན་མེད༔ དགྱེས་བསྐང་དངོས་གྲུབ་ཐོགས་པ་མེད་པའི་རྫས༔ དཔག་མེད་འཛད་མེད་རྨད་བྱུང་གཏོར་མ་འདིས༔ བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་རིགས་སུ་གྱུར་ཀུན་ཐུགས་དམ་བསྐང༔ དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ཐུགས༴ དཔའ་བོ་མཁའ་འགྲོ་མ་ལུས་ཐུགས༴ ཆོས་སྐྱོང་སྲུང་མ་ཀུན་གྱི་ཐུགས༴ བསྐང་བར་འོས་པ་མ་ལུས་ཐུགས་དམ་བསྐང༔ བདག་ཅག་རྣལ་འབྱོར་རྣམས་ཀྱིས་གཙོར་བྱས་པའི༔ སྐྱེ་གནས་བཞི་ཡིས་བསྡུས་པའི་སེམས་ཅན་གྱི༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་ཟད་ཅིང་སྟོངས་པར་མཛོད༔ ངན་སོང་གསུམ་དུ་སྐྱེ་བའི་སྒོ་ཆོད་ལ༔ འཁོར་བའི་འདམ་ནས་མྱུར་དུ་དྲངས་མཛད་ནས༔ རྣམ་མཁྱེན་སངས་རྒྱས་མཆོག་གི་ས་རུ་སྐྱོལ༔ དེ་ནས་གཞུང་ཚོགས་འདོན་ནས་མཆོད་པའི་མཇུག་ཏུ༔ ཨོཾ་ཨཱཿཧཱུྃ་ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་ཚོགས་སུ་བཤམས༔ ཡེ་དག་ཆེན་པོའི་བདུད་རྩིས་བྲན༔ ཆོས་ཀྱི་དབྱིངས་སུ་འབུལ་ལོ་བཞེས༔ དུར་ཁྲོད་ཡུལ་གྱི་གཏོར་གཞོང་དུ༔ བདག་མེད་བམ་གྱི་ཚོགས་རྫས་བཤམས༔ ཉམ་ང་མེད་པའི་བདུད་རྩིས་བྲན༔ བརྟུལ་ཞུགས་ཆེན་པོའི་རོལ་པས་བཞེས༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ བཟའ་བཏུང་སྣ་ཚོགས་ཚོགས་སུ་བཤམས༔ ཡེ་ཤེས་བདུད་རྩིས་ལེགས་པར་བྲན༔ བླང་དོར་མེད་པར་བཞེས་སུ་གསོལ༔ ཧཱུྃ་ ཚོགས་མཆོད་འོད་ཕུང་འབར་བ་འདི༔ བླ་མ་བརྒྱུད་པ་ཀུན་ལ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་དག་ལས་ངན་རུ་དྲ་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ་ ཚོགས་མཆོད་འོད་ཕུང་འབར་བ་འདི༔ རྒྱལ་བ་སྲས་དང་བཅས་ལ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་དག་ལས་ངན་རུ་དྲ་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ་ ཚོགས་མཆོད་འོད་ཕུང་འབར་བ་འདི༔ ཡི་དམ་རིགས་སུ་གྱུར་ལ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་དག་ལས་ངན་རུ་དྲ་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ་ ཚོགས་མཆོད་འོད་ཕུང་འབར་བ་འདི༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་དག་ལས་ངན་རུ་དྲ་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ་ ཚོགས་མཆོད་འོད་ཕུང་འབར་བ་འདི༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་དག་ལས་ངན་རུ་དྲ་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ་ ཚོགས་མཆོད་འོད་ཕུང་འབར་བ་འདི༔ ཆོས་སྐྱོང་དམ་ཅན་ཀུན་ལ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ མ་དག་ལས་ངན་རུ་དྲ་བསྒྲལ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཧཱུྃ་ དེ་ལྟར་ཚོགས་མཆོད་དམ་པ་བཞེས༔ སྐུ་གསུང་ཐུགས་མཆོག་མཉེས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་ཉིད༔ འདིར་འདུས་རྣམས་ལ་བསྩལ་དུ་གསོལ༔ ཧཱུྃ་ དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བདག་ཅག་འགྲོ་བ་མ་ལུས་ཀྱི༔ ལས་ངན་སྡིག་སྒྲིབ་ཐམས་ཅད་དང༔ དམ་ཚིག་ཉམས་ཆག་མ་ལུས་བཤགས༔ ཧཱུྃ་ མ་དག་ལས་ངན་གཟུགས་ཕུང་སོགས༔ ཡེ་ཤེས་ལྔ་ཡི་རོལ་པས་བསྒྲལ༔ བདག་འཛིན་ཞལ་དུ་བསྟབ་བོ་བཞེས༔ རྣམ་ཤེས་ཐུགས་ཀྱི་ཀློང་དུ་བསྟིམ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས༔ བདག་སོགས་འགྲོ་བ་རིས་མེད་ཀུན༔ ལས་ཉོན་སྡིག་སྒྲིབ་ཀུན་ཟད་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་ནས་ཀྱང༔ བླ་མེད་ས་ལམ་མཐར་ཕྱིན་ཤོག༔ འཁོར་བ་དོང་སྤྲུགས་ངན་སོང་གནས༔ ཀུན་སྟོངས་སྣང་གྲགས་རིག་པའི་ཆོས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར༔ ཆོས་དབྱིངས་ངང་དུ་ཐིམ་གྱུར་ནས༔ རྟག་ཆད་མཚན་འཛིན་ལ་མི་གནས༔ སྐུ་བཞི་འདུ་འབྲལ་མེད་པ་ལ༔ རྟག་གནས་འཕོ་འགྱུར་མེད་པར་ཤོག༔ ཧཱུྃ་ ཟད་མེད་འཁྲུལ་རྟོག་ལྷག་བཤལ་ཆུ༔ ཡེ་དག་ཀུན་བཟང་ཀློང་དུ་འབུལ༔ མ་འགགས་རང་རྩལ་སྲུང་མ་ལ༔ སྣང་སེམས་གཉིས་མེད་གཏོར་མ་འབུལ༔ བསྐུལ་ལོ་ཆོས་སྐུའི་ལྷ་ཚོགས་བསྐུལ༔ བློ་འདས་ཆེན་པོའི་གཏོར་ཟོར་གྱིས༔ སྤྲོས་བཅས་མཚན་མའི་སྲོག་རྩ་ཆོད༔ བདག་འཛིན་མེད་པའི་ངང་དུ་ནོན༔ ས་མ་ཡ་ཨ་ཨ་ཨ་ཕཊ༔ དེ་ནས་མར་མེས་བསྐང་བ་ནི༔ ཨོཾ་ཨཱཿཧཱུྃ་ ནམ་མཁའ་ཡངས་པའི་ཀོང་བུ་རུ༔ སྤྱི་མཐུན་ལས་ཀྱི་མར་ཁུས་བལྟམས༔ ཉི་མ་ཟླ་བའི་སྒྲོན་མེ་སྦར༔ མ་རིག་མུན་སེལ་སྣང་གསལ་འདིས༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ བསྐང་བར་འོས་པའི་ཐུགས་དམ་བསྐང༔ ཧཱུྃ་ ཀླུ་ཡི་ཕོ་བྲང་ཀོང་བུ་རུ༔ གཏིང་ཟབ་རྒྱ་མཚོའི་མར་ཁུས་བལྟམས༔ ནོར་བུ་རིན་ཆེན་འོད་སྒྲོན་འབར༔ མ་རིག་མུན་སེལ་བླ་ན་མེད༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ བསྐང་བར་འོས་པའི་ཐུགས་དམ་བསྐང༔ ཧཱུྃ་ སྣང་བ་སྣོད་ཀྱི་ཀོང་བུ་རུ༔ སྲིད་པ་རྒྱུ་ཡི་མར་ཁུས་བལྟམས༔ གསལ་བྱེད་རིག་པའི་སྒྲོན་མེ་སྦར༔ བླ་མེད་སྣང་གསལ་ཆེན་པོ་འདིས༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ བསྐང་བར་འོས་པའི་ཐུགས་དམ་བསྐང༔ ཧཱུྃ་ དུར་ཁྲོད་ཐོད་པའི་ཀོང་བུ་རུ༔ ཚིལ་ཆེན་རོ་རས་རོ་ཤིང་སྦྱར༔ དྲག་པོར་གྱུར་པའི་སྒྲོན་མེ་སྦར༔ བླ་མེད་སྣང་གསལ་ཆེན་པོ་འདིས༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ བསྐང་བར་འོས་པའི་ཐུགས་དམ་བསྐང༔ ཧཱུྃ་ རིན་པོ་ཆེ་ཡི་ཀོང་བུ་རུ༔ འབྲུ་མར་ཤིང་དང་རས་སྦྱར་ནས༔ སྲིད་པ་མེ་ཡི་སྒྲོན་མེ་སྦར༔ སྣང་བ་གསལ་བའི་མཆོད་པ་འདིས༔ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ བསྐང་བར་འོས་པའི་ཐུགས་དམ་བསྐང༔ ཧཱུྃ་ སྣང་གསལ་མར་མེས་བསྐངས་པའི་མཐུས༔ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་འཁོར་བའི་མུན་ཀུན་བྲལ༔ དག་པ་རྒྱལ་བའི་སྤྱན་ཐོབ་ནས༔ མ་ནོར་ལམ་མཆོག་བགྲོད་བྱས་ཏེ༔ འོད་གསལ་བདེ་བ་ཆེན་པོའི་ཞིང༔ འོད་མི་འགྱུར་བའི་ཐུགས་ཀློང་དུ༔ གཉིས་སུ་མེད་པར་ཐིམ་གྱུར་ཅིག༔ དེ་ནས་སྐོང་རྫས་སྣ་ཚོགས་ནི༔ ཧཱུྃ་ བདུད་རྩི་རཀྟ་གཏོར་མའི་ཚོགས༔ སྦྱོར་སྒྲོལ་གསང་བའི་མཆོད་པ་ཆེ༔ ཤ་ཆེན་ལང་ལིང་སྣ་ཚོགས་དང༔ ཚིལ་ཆེན་གསུར་གྱི་དུད་པ་དང༔ ཞུན་ཆེན་གསལ་བའི་མར་མེ་དང༔ རྡོ་རྗེ་དྲི་ཡི་བྱུག་པ་དང༔ བདུད་རྩི་དྲི་ཆེན་ཞལ་ཟས་དང༔ རྐང་གླིང་ཐོད་པའི་རྔ་སྒྲ་དང༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང༔ ཟ་ལེ་འབྲི་དང་ཤེལ་སྒོང་ལུག༔ ཙ་ར་བྱ་དང་ཀུ་ཀུ་ར༔ བརྡའ་གར་ཕྱག་རྒྱ་གདུང་བའི་དབྱངས༔ བླ་མེད་རྫས་མཆོག་སྲིད་ཚད་ཀྱིས༔ འདི་རུ་དམིགས་པའི་ལྷ་ཚོགས་ཀུན༔ དགྱེས་པར་འགྱུར་བ་གང་ཡིན་པ༔ སོ་སོར་མཆོད་པས་མཉེས་གྱུར་ཅིག༔ བདག་སོགས་འགྲོ་བ་མ་ལུས་ཀྱིས༔ ཉམས་ཆག་འགལ་འཁྲུལ་མི་དགེ་བཤགས༔ ལས་ངན་སྡིག་སྒྲིབ་ཀུན་དག་ནས༔ རྐྱེན་ངན་བར་ཆད་མི་མཐུན་སོལ༔ ཐེག་རིམ་དགུ་ཡི་ལམ་མཐར་ཕྱིན༔ ས་རྣམས་ཡོངས་རྫོགས་སྐུ་གསུམ་གྱི༔ སངས་རྒྱས་ཚེ་འདིར་འགྲུབ་ནས་ཀྱང༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ དེ་ནས་གསང་བ་ཁྱད་པར་དུ་འཕགས་པ་རང་བྱུང་གི་མཆོད་པ་འབུལ་བ་ནི༔ བདག་འཛིན་མེད་པར་རང་རྫས་མཆོད་ཚོགས་སུ་སྤྲུལ་ནས་རྒྱལ་བ་རྣམས་ལ་ཕུལ་བས༔ རང་གི་ཉམས་ཆག་དག༔ རྒྱལ་བའི་བྱིན་རླབས་འཇུག༔ སངས་རྒྱས་ཀྱི་སར་འགྲོ་བའི་གནད་ཡིན་པས༔ བདག་ལས་གཞན་གཅེས་བསམ་པའི་ངང་ནས་འབུལ་བ་གནད་ཡིན༔ སྒྲུབ་པོ་རྣམས་ཀྱིས་བདུད་རྩི་མྱོངས་ནས་དོན་དྲན་པར་བྱས་ལ་འདི་ལྟར་དུ་འབུལ་ལོ༔ ཧཱུྃ་ བླ་མ་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རིགས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ མཆོད་པར་འོས་པ་ཐམས་ཅད་ལ༔ རང་བྱུང་མཆོད་པ་དམ་པ་འབུལ༔ བདག་ཏུ་བཟུང་བའི་ཕུང་པོ་འདི༔ བདག་མེད་ངང་དུ་མཆོད་པ་འབུལ༔ མ་བཅོས་ངང་དུ་བཞེས་སུ་གསོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ དབང་པོ་ལྔ་དག་ཅི་མཆིས་ཀུན༔ མེ་ཏོག་ཚོགས་སུ་སྤྲུལ་བྱས་ནས༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཚིལ་ཆེན་དག་ནི་ཅི་མཆིས་ཀུན༔ དྲི་ཞིམ་སྤོས་སུ་སྤྲུལ་བྱས་ནས༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཞག་དང་རྐང་དག་ཅི་མཆིས་ཀུན༔ མར་མེའི་འོད་དུ་སྤྲུལ་བྱས་ནས༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མཁྲིས་པ་ཆུ་སེར་ཅི་མཆིས་ཀུན༔ དྲི་ཆབ་བྱུག་པར་སྤྲུལ་བྱས་ནས༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཤ་དང་ནང་རོལ་ཅི་མཆིས་ཀུན༔ ཞལ་ཟས་དུ་མར་སྤྲུལ་བྱས་ནས༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རྐང་རུས་ཐོད་པ་ཅི་མཆིས་ཀུན༔ རོལ་མོ་མང་པོར་སྤྲུལ་བྱས་ནས༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ དེ་ནི་མཆོད་པ་དེ་དག་ལ་སྦྱར་བའོ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ གཟུགས་སུ་སྣང་བ་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་མའི་ཚོགས་སུ་སྤྲུལ༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ སྒྲ་རུ་གྲགས་པ་ཐམས་ཅད་ཀུན༔ རྡོ་རྗེ་སྒྲ་མའི་ཚོགས་སུ་སྤྲུལ༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ དྲི་རུ་བྲོ་བ་ཐམས་ཅད་ཀུན༔ རྡོ་རྗེ་དྲི་མའི་ཚོགས་སུ་སྤྲུལ༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རོ་རུ་མྱོང་བ་ཐམས་ཅད་ཀུན༔ རྡོ་རྗེ་རོ་མའི་ཚོགས་སུ་སྤྲུལ༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རེག་བྱར་གྱུར་པ་གང་ཡོད་དག༔ རྡོ་རྗེ་རེག་མའི་ཚོགས་སུ་སྤྲུལ༔ འདིར་བསྐྱེད་བསྟིམས་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཡིད་ཡུལ་དྲན་པ་ཀུན་ཤར་ཡང༔ རྡོ་རྗེ་ཆོས་མའི་ཚོགས་སུ་སྤྲུལ༔ འདིར་བསྐྱེད་བསྟིམ་པའི་ཚོགས་ལ་འབུལ༔ གཉིས་སུ་མེད་པར་བཞེས་ནས་ཀྱང༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཉམས་ཆག་སྡིག་སྒྲིབ་ཀུན་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་ཤོག༔ དེ་ཡང་དེ་ལྟར་སྦྱར་བའོ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་གཟུགས་ཀྱི་ཕུང་པོ་འདི༔ ཆོས་དབྱིངས་ཡེ་ཤེས་ངང་དུ་འབུལ༔ སངས་རྒྱས་རིགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་ཚོར་བའི་ཕུང་པོ་འདི༔ མཉམ་ཉིད་ཡེ་ཤེས་ངང་དུ་འབུལ༔ རིན་ཆེན་རིགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་འདུ་ཤེས་ཕུང་པོ་འདི༔ སོར་རྟོག་ཡེ་ཤེས་ངང་དུ་འབུལ༔ པདྨ་རིགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་འདུ་བྱེད་ཕུང་པོ་འདི༔ བྱ་གྲུབ་ཡེ་ཤེས་ངང་དུ་འབུལ༔ ལས་ཀྱི་རིགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་རྣམ་ཤེས་ཕུང་པོ་འདི༔ མེ་ལོང་ཡེ་ཤེས་ངང་དུ་འབུལ༔ རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་ནམ་མཁའི་ཁམས་འདི་ནི༔ རྡོ་རྗེ་རིགས་ཀྱི་ལྷ་མོར་སྤྲུལ༔ གཉིས་མེད་དགྱེས་ཕྱིར་བཞེས་སུ་གསོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་ས་ཡི་ཁམས་འདི་དག༔ སངས་རྒྱས་རིགས་ཀྱི་ལྷ་མོར་སྤྲུལ༔ གཉིས་མེད་དགྱེས་ཕྱིར་བཞེས་སུ་གསོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་ཆུ་ཡི་ཁམས་འདི་དག༔ རིན་ཆེན་རིགས་ཀྱི་ལྷ་མོར་སྤྲུལ༔ གཉིས་མེད་དགྱེས་ཕྱིར་བཞེས་སུ་གསོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་མེ་ཡི་ཁམས་འདི་དག༔ པདྨ་རིགས་ཀྱི་ལྷ་མོར་སྤྲུལ༔ གཉིས་མེད་དགྱེས་ཕྱིར་བཞེས་སུ་གསོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མ་དག་རླུང་གི་ཁམས་འདི་དག༔ ལས་ཀྱི་རིགས་ཀྱི་ལྷ་མོར་སྤྲུལ༔ གཉིས་མེད་དགྱེས་ཕྱིར་བཞེས་སུ་གསོལ༔ ཧཱུྃ་ བདག་དང་འགྲོ་བ་འདི་དག་གི༔ སྐྱེ་མཆེད་དང་ནི་རྣམ་ཤེས་ཀྱི༔ ཚོགས་བརྒྱད་མཆོད་ལྷ་བརྒྱད་དུ་སྤྲུལ༔ གཉིས་མེད་དགྱེས་ཕྱིར་བཞེས་སུ་གསོལ༔ དེ་ཡང་དེ་ལྟར་མ་དག་པ་དག་པར་སྤྲུལ་ནས་གཉིས་མེད་དུ་འབུལ་ལོ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ གཏི་མུག་སྟོང་པ་ཁ་འབྱམས་འདི༔ སྐུ་ཕྱག་རྒྱ་ཡིས་མཆོད་པ་འབུལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ འདོད་ཆགས་ཨ་འཐས་ཐེར་ཟུག་འདི༔ གསུང་ཕྱག་རྒྱ་ཡིས་མཆོད་པ་འབུལ༔ ཆོས་ཀྱི་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཞེ་སྡང་ཀུན་རྟོག་འཁྲུལ་འདི་དག༔ ཐུགས་ཕྱག་རྒྱ་ཡིས་མཆོད་པ་འབུལ༔ དམ་ཚིག་ཕྱག་རྒྱའི་དངོས་གྲུབ་སྩོལ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ང་རྒྱལ་ཕྲག་དོག་ཆེན་པོ་འདི༔ ཡོན་ཏན་ཕྲིན་ལས་ཕྱག་རྒྱས་མཆོད༔ ལས་ཕྱག་རྒྱ་ཡི་དངོས་གྲུབ་སྩོལ༔ དུག་ལྔ་རང་སར་དག་པའི་མཆོད་པ་འདི་ལྟར་འབུལ་ལོ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ དུང་ཁང་འབར་བའི་བྷནྡྷ་རུ༔ ཀླད་པ་བདུད་རྩིའི་རྒྱ་མཚོ་བསྐྱིལ༔ རང་བྱུང་ཡེ་དག་བླ་ན་མེད༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ གྲངས་མེད་རྩ་ཡི་བྷནྡྷ་རུ༔ དཀར་ཆ་བདུད་རྩིའི་རྒྱ་མཚོ་བསྐྱིལ༔ རང་བྱུང་ཡེ་དག་བླ་ན་མེད༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ གདོས་བཅས་ལུས་ཀྱི་བྷནྡྷ་རུ༔ དྭངས་སྙིགས་བདུད་རྩིའི་རྫས་ཀྱིས་བཀྲམ༔ རང་བྱུང་ཡེ་དག་བླ་ན་མེད༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རུས་ཆེན་འབར་བའི་བྷནྡྷ་རུ༔ ཞག་རྐང་ལྷ་བའི་བདུད་རྩི་བསྐྱིལ༔ རང་བྱུང་ཡེ་དག་བླ་ན་མེད༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ལྟེ་བ་ཆོས་འབྱུང་བྷནྡྷ་རུ༔ མ་ལས་ཐོབ་པའི་རཀྟས་བལྟམས༔ བདེ་སྟོང་ཡེ་དག་མཆོད་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རྩ་ཆེན་རྣམས་ཀྱི་བྷནྡྷ་རུ༔ རང་བྱུང་རཀྟ་ཆེན་པོས་བལྟམས༔ བདེ་སྟོང་ཡེ་དག་མཆོད་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཡབ་ཡུམ་དགའ་འདུས་མཁའ་དབྱིངས་སུ༔ ཆགས་བྲལ་རང་བྱུང་རཀྟས་བཀང༔ བདེ་སྟོང་ཡེ་དག་མཆོད་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རང་བྱུང་ཤ་ཆེན་གཏོར་མ་འདི༔ ཡེ་ནས་དག་པའི་བླ་མེད་རྫས༔ བ་ལིན་རི་ལྟར་སྤྲུལ་ནས་ཀྱང༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རང་བྱུང་ཚིལ་ཆེན་གཏོར་མ་འདི༔ ཡེ་ནས་དག་པའི་བླ་མེད་རྫས༔ བ་ལིན་རི་ལྟར་སྤྲུལ་ནས་ཀྱང༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རང་བྱུང་ཀེང་རུས་གཏོར་མ་འདི༔ ཡེ་ནས་དག་པའི་བླ་མེད་རྫས༔ བ་ལིན་རི་ལྟར་སྤྲུལ་ནས་ཀྱང༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ སྤྱི་བོ་རྣམ་བཀོད་ཀོང་བུ་རུ༔ བདེ་ཆེན་འཁོར་ལོའི་སྡོང་བུ་བཙུགས༔ ཐབས་ཤེས་དྭངས་མའི་མར་ཁུས་བལྟམས༔ ཁྱབ་བྱེད་རླུང་གི་སྒྲོན་མེ་སྦར༔ ཡེ་ཤེས་སྣང་བ་རང་གསལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ མགྲིན་པ་རོ་འདུས་ཀོང་བུ་རུ༔ ལོངས་སྤྱོད་འཁོར་ལོའི་སྡོང་བུ་བཙུགས༔ ཐབས་ཤེས་དྭངས་མའི་མར་ཁུས་བལྟམས༔ གྱེན་རྒྱུའི་རླུང་གི་སྒྲོན་མེ་སྦར༔ ཡེ་ཤེས་སྣང་བ་རང་གསལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ སྙིང་ག་དྲན་གསལ་ཀོང་བུ་རུ༔ ཆོས་ཀྱི་འཁོར་ལོའི་སྡོང་བུ་བཙུགས༔ ཐབས་ཤེས་དྭངས་མའི་མར་ཁུས་བལྟམས༔ སྲོག་འཛིན་རླུང་གི་སྒྲོན་མེ་སྦར༔ ཡེ་ཤེས་སྣང་བ་རང་གསལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ལྟེ་བ་སྐྱེད་བྱེད་ཀོང་བུ་རུ༔ སྤྲུལ་པའི་འཁོར་ལོའི་སྡོང་བུ་བཙུགས༔ ཐབས་ཤེས་དྭངས་མའི་མར་ཁུས་བལྟམས༔ མཉམ་གནས་རླུང་གི་སྒྲོན་མེ་སྦར༔ ཡེ་ཤེས་སྣང་བ་རང་གསལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ དགའ་བ་གསང་མཆོག་ཀོང་བུ་རུ༔ བདེ་སྐྱོང་འཁོར་ལོའི་སྡོང་བུ་བཙུགས༔ ཐབས་ཤེས་དྭངས་མའི་མར་ཁུས་བལྟམས༔ ཐུར་སེལ་རླུང་གི་སྒྲོན་མེ་སྦར༔ ཡེ་ཤེས་སྣང་བ་རང་གསལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ སྣང་བ་ཡུམ་གྱི་ཀོང་བུ་རུ༔ སྟོང་པ་ཆེན་པོའི་སྡོང་བུ་བཙུགས༔ གཉིས་སུ་མེད་པའི་མར་ཁུས་བལྟམས༔ གསལ་བ་སེམས་ཀྱི་སྒྲོན་མེ་སྦར༔ ཡེ་ཤེས་སྣང་བ་ཟང་ཏལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཙིཏྟ་ཤ་སྒྲོན་ཀོང་བུ་རུ༔ དཀར་འཇམ་རྩ་ཡི་སྡོང་བུ་བཙུགས༔ རྒྱང་ཞགས་ཆུ་སྒྲོན་མར་ཁུས་བལྟམས༔ དབྱིངས་ཐིག་རིག་པའི་སྒྲོན་མེ་སྦར༔ སྣང་བ་བཞི་ཡི་གསལ་བྱེད་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ སྒྲིབ་དག་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ སྒོ་གསུམ་གནད་ཀྱི་ཀོང་བུ་རུ༔ མ་ཡེངས་དྲན་རྫིའི་སྡོང་བུ་བཙུགས༔ ཞི་གནས་ཉམས་ཀྱི་མར་ཁུས་བལྟམས༔ ཡེ་ཤེས་ལྷག་མཐོང་སྒྲོན་མེ་སྦར༔ ཐ་མལ་ཤེས་རྗེན་རང་གསལ་འདི༔ གུས་འབུལ་དམ་བསྐང་ཉེས་པ་བཤགས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་མཛོད༔ དེ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཕྱི་ཡི་པགས་པའི་གཏོར་གཞོང་དུ༔ ཤ་ཁྲག་དོན་སྣོད་ཚོགས་སུ་བཤམས༔ རང་བྱུང་ཚོགས་རྫས་བླ་ན་མེད༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཨ་ཝ་དྷཱུ་ཏིའི་གཏོར་གཞོང་དུ༔ གཏི་མུག་མི་རྟོག་ཚོགས་སུ་བཤམས༔ ཆོས་སྐུ་དགྱེས་པའི་རྫས་མཆོག་འདི༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རོ་མ་ཐབས་ཀྱི་གཏོར་གཞོང་དུ༔ ཞེ་སྡང་གསལ་བ་ཚོགས་སུ་བཤམས༔ ལོངས་སྐུ་སྤྲུལ་སྐུ་དགྱེས་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ རྐྱང་མ་ཤེས་རབ་གཏོར་གཞོང་དུ༔ འདོད་ཆགས་བདེ་བ་ཚོགས་སུ་བཤམས༔ སྤྲུལ་སྐུ་ལོངས་སྐུ་དགྱེས་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཤ་དང་པགས་པའི་གཏོར་གཞོང་དུ༔ ཀེང་རུས་ཡོངས་རྫོགས་ཚོགས་སུ་བཤམས༔ རང་བྱུང་བླ་ན་མེད་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ ཧཱུྃ་ བདག་དང་འགྲོ་བ་ཐམས་ཅད་ཀྱི༔ ཁོག་པ་ཡངས་པའི་གཏོར་གཞོང་དུ༔ རྩ་ཐིག་རླུང་སེམས་ཚོགས་སུ་བཤམས༔ རང་བྱུང་བླ་ན་མེད་པའི་རྫས༔ གུས་པས་འབུལ་ལོ་ཐུགས་དམ་བསྐང༔ ནོངས་པ་བཤགས་སོ་ཚངས་པ་སྩོལ༔ ལས་ཉོན་ཤེས་བྱའི་སྒྲིབ་དག་ནས༔ འཁོར་བ་དོང་ནས་སྤྲུགས་པར་མཛོད༔ དེ་རྣམས་ཀྱང་དེ་ལྟ་བུར་ཤེས་པ་གལ་ཆེའོ༔ མཆོད་པ་འདི་ནི་གསང་བ་ཁྱད་པར་དུ་འཕགས་པ་རང་གི་ལུས་སྲོག་སོགས་ལྟོས་མེད་དུ་འབུལ་བ་ཡིན་པས་ཉམས་ཆག་སྐོང་བའི་ཐབས་བླ་ན་མེད་པའོ༔ ལྷ་རྣམས་ཀྱི་བཞེས་ནས་བདག་སོགས་འཁོར་བཅས་ལྷ་ཐམས་ཅད་དང་གཉིས་མེད་དུ་ཆུ་ལ་ཆུ་བཞག་པ་ལྟར་བསྟིམ་པ་གནད་མཆོག་གོ༔ འདི་ལྟ་བུ་མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་རོ༔ དེ་ནས་སྤྲོ་ན་རང་གཞུང་གི་སྐོང་བ་རྣམས་བྱ༔ བསྡུ་ན་འདི་ལྟར་རོ༔ ཨོཾ་ཨཱཿཧཱུྃ་ དེ་ལྟར་ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང༔ རིག་འཛིན་བརྡའ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ མཁའ་འགྲོ་གཏད་བརྒྱུད་བླ་མའི་ཐུགས་དམ་བསྐང༔ གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང༔ སྐུ་གསུམ་བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཧཱུྃ་ ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང༔ དེས་སྤྲུལ་དཀྱིལ་འཁོར་གཙོ་བོ་མན་ཆད་ནས༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས་དམ་བསྐང༔ ལོངས་སྐུ་རྡོར་འཆང་རྡོར་སེམས་ཐུགས་དམ་བསྐང༔ དེས་སྤྲུལ་དཀྱིལ་འཁོར་གཙོ་བོ་མན་ཆད་ནས༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས་དམ་བསྐང༔ སྤྲུལ་སྐུ་སངས་རྒྱས་སྲས་བཅས་ཐུགས་དམ་བསྐང༔ ཕྱོགས་བཅུར་བཞུགས་ཤིང་དུས་གསུམ་གཤེགས་བཞུགས་འབྱོན༔ མཆོག་གསུམ་རྒྱལ་བའི་ཆོ་འཕྲུལ་སྲིད་དོ་ཅོག༔ ལུས་པ་མེད་པའི་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ བཅོམ་ལྡན་རྣམ་སྣང་ཡབ་ཡུམ་ཐུགས་དམ་བསྐང༔ སྤྲུལ་དང་ཡང་སྤྲུལ་དཀྱིལ་འཁོར་གཙོ་མཆོག་མན༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ བཅོམ་ལྡན་མི་བསྐྱོད་ཡབ་ཡུམ་ཐུགས་དམ་བསྐང༔ སྤྲུལ་དང་ཡང་སྤྲུལ་དཀྱིལ་འཁོར་གཙོ་མཆོག་མན༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ བཅོམ་ལྡན་རིན་འབྱུང་ཡབ་ཡུམ་ཐུགས་དམ་བསྐང༔ སྤྲུལ་དང་ཡང་སྤྲུལ་དཀྱིལ་འཁོར་གཙོ་མཆོག་མན༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ བཅོམ་ལྡན་སྣང་བ་མཐའ་ཡས་ཐུགས་དམ་བསྐང༔ སྤྲུལ་དང་ཡང་སྤྲུལ་དཀྱིལ་འཁོར་གཙོ་མཆོག་མན༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ བཅོམ་ལྡན་དོན་གྲུབ་ཡབ་ཡུམ་ཐུགས་དམ་བསྐང༔ སྤྲུལ་དང་ཡང་སྤྲུལ་དཀྱིལ་འཁོར་གཙོ་མཆོག་མན༔ མུ་རན་སྐྱོང་བའི་སྲུང་མ་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ རིགས་ལྔ་འདུས་པའི་དཀྱིལ་འཁོར་མ་ལུས་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ སངས་རྒྱས་སྐུ་སྤྲུལ་འཕགས་པ་འཇམ་དཔལ་ནི༔ མ་ལུས་འཁོར་བཅས་ལྷ་ཚོགས་ཐུགས་དམ་བསྐང༔ སངས་རྒྱས་གསུང་སྤྲུལ་ཐུགས་རྗེ་ཆེན་པོ་མཆོག༔ མ་ལུས་འཁོར་བཅས་ལྷ་ཚོགས་ཐུགས་དམ་བསྐང༔ སངས་རྒྱས་ཐུགས་སྤྲུལ་ཕྱག་ན་རྡོ་རྗེ་ཆེཿ མ་ལུས་འཁོར་བཅས་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ རྒྱལ་བ་ཀུན་འདུས་པདྨ་འབྱུང་གནས་ནི༔ དཀྱིལ་འཁོར་བྱེ་བྲག་སྲིད་པར་གྱུར་ཀུན་གྱི༔ གཙོ་བོ་མན་ཆད་མཐའ་སྐྱོང་ཡན་ཆད་ཀྱི༔ ཕོ་རྒྱུད་མོ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང༔ ཧཱུྃ་ ཆེ་མཆོག་ཁྲག་འཐུང་དཀྱིལ་འཁོར་གཙོ་བོ་མན༔ མཐའ་སྐྱོང་ཡན་ཆད་ཕོ་རྒྱུད་མོ་རྒྱུད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས་དམ་བསྐང༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་གཙོ་བོ་མན༔ མཐའ་སྐྱོང་ཡན་ཆད་ཕོ་རྒྱུད་མོ་རྒྱུད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས༴ འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་གཙོ་བོ་མན༔ མཐའ་སྐྱོང་ཡན་ཆད་ཕོ་རྒྱུད་མོ་རྒྱུད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས༴ གསུང་མཆོག་རྟ་མགྲིན་དཀྱིལ་འཁོར་གཙོ་བོ་མན༔ མཐའ་སྐྱོང་ཡན་ཆད་ཕོ་རྒྱུད་མོ་རྒྱུད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས༴ རྡོ་རྗེ་ཕུར་པའི་གཙོ་བོ་མན་ཆད་ནས༔ མཐའ་སྐྱོང་ཡན་ཆད་ཕོ་རྒྱུད་མོ་རྒྱུད་ཀྱི༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས༴ བླ་མེད་ཧེ་རུ་ཀ་མཆོག་ཡབ་ཡུམ་དང༔ མཐའ་སྐྱོང་ཡན་ཆད་མ་མོ་རྦོད་གཏོང་ལྷ༔ མ་ལུས་འཁོར་དང་བཅས་པའི་ཐུགས༴ རིག་འཛིན་སངས་རྒྱས་ཐོད་པ་ཡབ་ཡུམ་ནས༔ མཐའ་སྐྱོང་ཡན་གྱི་རིག་འཛིན་མཁའ་འགྲོའི་ཚོགས༔ ལྷ་ཚོགས་མ་ལུས་འཁོར་བཅས་ཐུགས༴ ཧཱུྃ་ ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་སོགས་ཏེ༔ སྣང་ཞིང་སྲིད་པའི་མོ་རྒྱུད་མཁའ་འགྲོའི་ཚོགས༔ སྲིད་དོ་ཅོག་ཀུན་མ་ལུས་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐལ་པར་བསྐང་གྱུར་ཅིག༔ ཧཱུྃ་ གཞན་ཡང་དཔའ་བོ་དཔའ་མོ་ལ་སོགས་པའི༔ སྣང་ཞིང་སྲིད་པའི་བསྐང་བར་འོས་པ་ཀུན༔ ཐུགས་ཀྱི་དམ་ཚིག་གཉན་པོ་བསྐངས་ནས་ཀྱང༔ ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ ཕྱོགས་བཅུ་དུས་བཞིའི་ཡི་དམ་ལྷ་ཚོགས་ནི༔ ཞི་ཁྲོའི་གར་སྟོན་ཕོ་རྒྱུད་མོ་རྒྱུད་རིགས༔ ཐེག་རིམ་དགུར་གཏོགས་སྲིད་པར་གྱུར་པའི་ལྷ༔ ཡེ་ཤེས་མ་ལུས་འཁོར་བཅས་ཐུགས༴ བཅོམ་ལྡན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ནས༔ མཐའ་སྐྱོང་ཡན་གྱི་འཇིག་རྟེན་མཆོད་བསྟོད་ལྷ༔ ཕོ་རྒྱུད་མོ་རྒྱུད་སྲིད་ཀུན་ཐུགས༴ བཅོམ་ལྡན་སྟོབས་ལྡན་ནག་པོ་ཡབ་ཡུམ་ནས༔ མཐའ་སྐྱོང་ཡན་གྱི་དམོད་པ་དྲག་སྔགས་ལྷ༔ ཕོ་རྒྱུད་མོ་རྒྱུད་སྲིད་ཀུན་ཐུགས༴ ཧཱུྃ་ གཞན་ཡང་ཐུགས་དམ་བསྐང་བའི་ལྷ་ཚོགས་ནི༔ སྣང་ཞིང་སྲིད་པར་གྱུར་པའི་ཡེ་ཤེས་དང༔ ལས་གྲུབ་ཕོ་རྒྱུད་མོ་རྒྱུད་འཁོར་བྲན་གཡོག༔ བསྐང་བར་འོས་པ་ཐམས་ཅད་ཐུགས་དམ་བསྐང༔ ཧཱུྃ་ བསྐང་བ་མེད་དེ་སྐྱེ་མེད་ཀློང་དུ་བསྐང༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཟུང་འཇུག་བདེ་སྟོང་སྦྱོར༔ བསྐང་དུ་མེད་དེ་གཉིས་མེད་མཉམ་པའི་ངང༔ བཤགས་སུ་མེད་དེ་འཛིན་མེད་ཀ་ནས་དག༔ དེ་ལྟར་བསྐང་མཆོད་བཤགས་པ་ཕུལ་པའི་མཐུས༔ བདག་སོགས་འགྲོ་བའི་ཉམས་ཆག་ལས་སྒྲིབ་ཀུན༔ བདེན་མེད་སྒྱུ་མའི་ངང་དུ་གནས་གྱུར་ཅིག༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་པའི་ནང༔ བཅུད་ཀྱི་སེམས་ཅན་ལྷ་རུ་གསལ་གྱུར་ཅིག༔ སྒྲ་རུ་གྲགས་ཚད་སྔགས་ཀྱི་རང་བཞིན་ལ༔ རིག་པ་གང་ཤར་ཆོས་སྐུར་གྲོལ་གྱུར་ཅིག༔ མ་དག་ཅེས་བྱའི་མིང་ཡང་མི་གྲགས་ལ༔ དག་པ་རབ་འབྱམས་ཡེ་གནས་སར་ཕྱིན་ཤོག༔ ཐེག་པ་རིམ་དགུའི་གཞི་ལམ་འབྲས་བུ་རྣམས༔ མ་ནོར་ཡོངས་རྫོགས་ཆོས་སྐུ་འབྱམས་སུ་ཀླས༔ ལོངས་སྐུ་ངེས་པ་ལྔ་དང་རབ་ལྡན་ཞིང༔ ཐུགས་རྗེའི་སྤྲུལ་སྐུ་གཞན་དོན་བྱེད་ནས་སུ༔ ཐམས་ཅད་ལྷུན་རྫོགས་ངོ་བོ་ཉིད་ཀྱི་སྐུ༔ མྱུར་འགྲུབ་རྟག་ཆད་མཚན་བདག་མཐར་མི་ལྟུང༔ ཟག་མེད་ཐམས་ཅད་མཁྱེན་པའི་དཀྱིལ་འཁོར་རྒྱས༔ ཀ་དག་ཀུན་ཏུ་བཟང་པོ་འགྲུབ་གྱུར་ཅིག༔ ཅེས་བསྐང་བར་བྱའོ༔ ས་མ་ཡཱ༔ ྀཨཚ༔ ཐཐ།རྒྱ༔ རྒྱཿརྒྱཿརྒྱ༔ དེ་ནས་བཤགས་པ་ནི༔ ལུས་ཀྱི་སྒོ་ནས་ཕྱག་འཚལ༔ དཔལ་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ནས་བཤགས༔ ངག་གི་སྒོ་ནས་གནོང་འགྱོད་སྨྲེ་སྔགས་ཀྱི་ཚིག་བརྗོད་ནས་བཤགས་པ་དང༔ དཔལ་རྡོ་རྗེ་སེམས་པའི་ཡིག་བརྒྱ་བཟླས་ལ་བཤགས༔ ཡིད་ཀྱི་སྒོ་ནས་ཀ་དག་ལྟ་བའི་ཀློང་དུ་བཤགས་ནས། དཔལ་རྡོ་རྗེ་སེམས་དཔའི་རྫོགས་རིམ་བཤགས་བྱ་བཤགས་བྱེད་བྲལ་བར་བཤགས་པ་དང༔ སྤྱི་དོན་ཚན་གསུམ་ཡིན་ནོ༔ དེ་ལ་དོན་དང་པོ་འདི་ལྟ་སྟེ༔ ཧོཿ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་བརྒྱུད་ཀྱི༔ བླ་མ་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ མཁའ་འགྲོ་གཏད་བརྒྱུད་གང་ཟག་སྙན་བརྒྱུད་ཀྱི༔ བླ་མ་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ སྐུ་གསུམ་བཀའ་བརྒྱུད་དུས་གསུམ་ལ་སྲིད་པའི༔ བླ་མ་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཀུན་ཏུ་བཟང་དང་དེས་སྤྲུལ་ལྷ་ཡི་ཚོགས༔ ཕོ་རྒྱུད་མོ་རྒྱུད་དཀྱིལ་འཁོར་ལྷ་ཡི་ཚོགས༔ གུས་ཕྱག་འཚལ་ལོ་དམ་ཚིག་ཉམས་ཆག་སོགས༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རྡོ་རྗེ་འཆང་དང་རྡོར་སེམས་སྤྲུལ་ལྷའི་ཚོགས༔ མ་ལུས་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་སྲས་དང་བཅས༔ མ་ལུས་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རྒྱལ་བའི་གསུང་རབ་དམ་པའི་ཆོས་ཀུན་དང༔ དེར་ཞུགས་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རྣམ་སྣང་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་སོགས༔ དཀྱིལ་འཁོར་ལྷ་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ མི་བསྐྱོད་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་ཚོགས༔ དཀྱིལ་འཁོར་ལྷ་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རིན་འབྱུང་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་ཚོགས༔ དཀྱིལ་འཁོར་ལྷ་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ སྣང་མཐའ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་ཚོགས༔ དཀྱིལ་འཁོར་ལྷ་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ དོན་གྲུབ་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་ཚོགས༔ དཀྱིལ་འཁོར་ལྷ་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རིགས་ལྔ་ཡབ་ཡུམ་འདུས་པའི་དཀྱིལ་འཁོར་ལྷ༔ མ་ལུས་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ འཇམ་དཔལ་སྐུ་དང་ཐུགས་རྗེ་ཆེན་པོ་གསུང༔ ཕྱག་རྡོར་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ པདྨ་འབྱུང་གནས་དཀྱིལ་འཁོར་བྱེ་བྲག་ལྷ༔ སྲིད་ཅོག་ཀུན་ལ་བདག་ཅག་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ ཆེ་མཆོག་ཡོན་ཏན་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ འཇམ་དཔལ་སྐུ་ཡི་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ པདྨ་གསུང་གི་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཕུར་བུ་ཕྲིན་ལས་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ མ་མོ་རྦོད་གཏོང་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རིག་འཛིན་བླ་མའི་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ རྡོ་རྗེ་ཕག་མོ་མ་རྒྱུད་མཁའ་འགྲོའི་རིགས༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ དཔའ་བོ་དཔའ་མོར་སྲིད་པར་གང་གྱུར་དང༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ ཡི་དམ་ཞི་ཁྲོའི་གར་སྟོན་ཐེག་དགུའི་ལྷ༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ དམོད་པ་དྲག་སྔགས་ལྷ་ཚོགས་མ་ལུས་པའི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ ཡེ་ཤེས་ལས་གྲུབ་མ་མོ་སྲིད་ཚད་ཀྱི༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་མི་དགེ་ཀུན༔ མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ དེ་ནས་འདི་བརྗོད་ལ་ཕྱག་བརྒྱ་རྩ་ཀུན་གྱིས་འཚལ༔ ཧོཿ སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཕྱག་འཚལ་འོས་པ་ཀུན་ལ་ཕྱག་འཚལ་ལོ༔ དེ་ལྟར་ཕྱག་འཚལ་རང་གཞུང་ཡོད་ནའང་བྱའོ༔ དེ་ནས་ཀུན་ཀྱང་དྲན་རྫོགས་སུ་འདི་ལྟར་བསྐྱེད༔ ཨོཾ་ཨཱཿཧཱུྃ་ ཏིང་འཛིན་གསུམ་གྱི་ངང་ཉིད་ལས༔ ཕྱི་སྣོད་འོད་དཀར་ཕོ་བྲང་བརྡལ༔ བདག་སོགས་ནང་བཅུད་མ་ལུས་ཀུན༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་དཀར༔ ལོངས་སྐུ་ཞི་འཛུམ་སྒེག་པའི་ཉམས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ སྐྱིལ་ཀྲུང་པདྨ་ཉི་ཟླར་བཞུགས༔ ཨོཾ་བཛྲ་སཏྭ་ཧཱུྃ༔ བཛྲ་ས་མ་ཡ་བི་ཤུདྡྷེ་ཨ༔ སྔགས་དེ་བསྐྱེད་རིམ་གསལ་བའི་ངང་ནས་བརྒྱ་རྩ་བརྗོད༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་འགལ་སོགས་དག་པར་བསམ་མོ༔ དོན་གཉིས་པ་ནི་པུས་བཙུགས་ཐལ་མོ་སྦྱར་གནོང་འགྱོད་དྲག་པོས་འདི་སྐད་བསྐུལ༔ ཧོཿ དེ་ལྟར་བསྐངས་ཤིང་མཆོད་པའི་ལྷ་ཀུན་དང༔ རྡོ་རྗེ་རྒྱལ་པོ་སངས་རྒྱས་འདུས་པ་རྩལ༔ རྒྱལ་ཐབས་གསང་ཡུམ་ལས་ཀྱི་སློབ་དཔོན་དང༔ ཚོགས་པ་གིང་པ་མཚམས་པ་སྤྱན་པ་དང༔ ཕྱག་ཚང་རྡོ་རྗེ་བྱན་མོ་སོགས་ཀུན་དང༔ རྡོ་རྗེ་མཆེད་ལྕམ་མ་ལུས་དགོངས་སུ་གསོལ༔ བདག་ཅག་འགྲོ་ཀུན་མ་རིག་དབང་གྱུར་པས༔ མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ༔ ལོག་ལྟ་བརྒྱད་སོགས་ལས་ངན་གང་བསགས་པ༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ཚངས་པ་སྩོལ༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་དབང་གྱུར་མི་དགེ་སྡིག་པའི་ལས༔ བགྱིས་དང་བགྱིད་དུ་བསྩལ་དང་རྗེས་ཡི་རང༔ དེ་ཀུན་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ལུས་ངག་ཡིད་ཀྱིས་ཡང་དག་དོན་ལ་གཡེལ༔ འཁོར་བའི་དབང་གྱུར་སྡིག་པའི་ལས་བསགས་གང༔ དངོས་དང་དངོས་མེད་ཚེ་རབས་ཐོག་མཐའ་བར༔ གང་དུ་བྱས་ཀྱང་གནོང་འགྱོད་དྲག་པོས་བཤགས༔ མདོར་ན་ཉེས་ལྟུང་སྡིག་པ་ཆེ་ཆུང་འབྲིང༔ བསགས་སོ་ཅོག་ཀུན་མི་འཆབ་མི་སྦེད་དོ༔ འདི་ཕྱི་ཀུན་ཏུ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ ཉན་ཐོས་ཐེག་པའི་དམ་ཚིག་ཉམས་པ་བཤགས༔ རང་རྒྱལ་ཐེག་པའི་དམ་ཚིགས་ཉམས་པ་བཤགས༔ བྱང་སེམས་ཐེག་པའི་དམ་ཚིག་ཉམས་པ་བཤགས༔ ཀྲི་ཡཱ་ཐེག་པའི་དམ་ཚིག་ཉམས་པ་བཤགས༔ ཨུ་པ་ཡོ་གའི་དམ་ཚིག་ཉམས་པ་བཤགས༔ ཡོ་ག་ཐེག་པའི་དམ་ཚིག་ཉམས་པ་བཤགས༔ མ་ཧཱ་ཡོ་གའི་དམ་ཚིག་ཉམས་པ་བཤགས༔ ཨ་ནུ་ཡོ་གའི་དམ་ཚིག་ཉམས་པ་བཤགས༔ ཨ་ཏི་ཡོ་གའི་དམ་ཚིག་ཉམས་པ་བཤགས༔ གནོད་ངོ་འགྱོད་དོ་མི་སྒྲིབ་ཚངས་པ་སྩོལ༔ ཧོཿ རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ཡི༔ སྐུ་ཡི་དམ་ཚིག་འགལ་འཁྲུལ་ཉམས་ཀུན་བཤགས༔ གསུང་གི་དམ་ཚིག་འགལ་འཁྲུལ་ཉམས་ཀུན་བཤགས༔ ཐུགས་ཀྱི་དམ་ཚིག་འགལ་འཁྲུལ་ཉམས་ཀུན་བཤགས༔ ཧོཿ ཡི་དམ་ལྷ་ཚོགས་རིན་པོ་ཆེ་རྣམས་ཀྱི༔ བསྐྱེད་རིམ་ལོག་པར་གོལ་བ་ལ་སོགས་པའི༔ སྐུ་ཡི་དམ་ཚིག་ཉམས་ཆག་མ་ལུས་བཤགས༔ སྔགས་དང་ཕྱག་རྒྱ་རྒྱུན་ཆད་ལོག་པར་གོལ༔ གསུང་གི་དམ་ཚིག་ཉམས་ཆག་མ་ལུས་བཤགས༔ སྣང་གྲགས་རིག་པ་རྡོ་རྗེར་རྒྱས་མ་ཐེབས༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་མ་ལུས་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་མྱུར་དུ་སྩོལ༔ ཧོཿ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི༔ སྐུ་རྟེན་མ་འཛོམས་ལྷ་བསྒོམ་གྱད་མ་གྱུར༔ སྐུ་ཡི་དམ་ཚིག་ཉམས་ཆག་མ་ལུས་བཤགས༔ དམ་རྫས་གསུང་རྟེན་མ་ཚོགས་བཟླས་པ་གོལ༔ གསུང་གི་དམ་ཚིག་ཉམས་ཆག་མ་ལུས་བཤགས༔ ལྟ་བ་མི་ལྡན་ཐུགས་རྟེན་མཆོད་བསྐང་རྫས༔ མ་ཚོགས་ཐུགས་ཀྱི་དམ་ཚིག་ཉམས་ཀུན་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཧོཿ བུམ་དབང་ཐོབ་ནས་དེ་ཡི་དམ་ཚིག་ཀུན༔ ཉམས་ན་བླ་མ་སྤྲུལ་སྐུའི་སྤྱན་སྔར་བཤགས༔ གསང་དབང་ཐོབ་ནས་དེ་ཡི་དམ་ཚིག་ཀུན༔ ཉམས་ན་བླ་མ་ལོངས་སྐུའི་སྤྱན་སྔར་བཤགས༔ ཤེས་རབ་དབང་ཐོབ་དེ་ཡི་དམ་ཚིག་ཀུན༔ ཉམས་ན་བླ་མ་ཆོས་སྐུའི་སྤྱན་སྔར་བཤགས༔ ཚིག་དབང་ཐོབ་ནས་དེ་ཡི་དམ་ཚིག་ཀུན༔ ཉམས་ན་ངོ་བོ་ཉིད་སྐུའི་སྤྱན་སྔར་བཤགས༔ ཧོཿ གསང་བར་འོས་པ་ཟབ་མོ་ལྟ་བ་དང༔ སྦྱོར་སྒྲོལ་སྤྱོད་པ་ཡི་དམ་ལྷ་རྟགས་དང༔ ལྷག་པའི་ལྷ་དང་སྒྲུབ་གནས་སྒྲུབ་པའི་གྲོགས༔ དམ་རྫས་བླ་མེད་སྒྲུབ་པ་ལྷའི་ཕྱག་མཚན༔ གསང་རྫས་བླ་རྡོ་སྲོག་འཁོར་ལ་སོགས་པ༔ མ་གསང་འཆོལ་སྤྱོད་བརྟེན་སོགས་མཐོལ་ལོ་བཤགས༔ གནོང་ངོ་འགྱོད་དོ་ཕྱིན་ཆད་མི་བགྱིད་དོ༔ འདི་ཕྱི་ཀུན་ཏུ་མི་སྒྲིབ་ཚངས་པ་སྩོལ༔ དེ་རྣམས་རྩ་བའི་དམ་ཚིག་གོ༔ ཧོཿ སྤྱད་པར་བྱ་བའི་དམ་ཚིག་གང་ཡོད་ཀུན༔ འགལ་འཁྲུལ་ཉམས་ཆག་སྲིད་ན་མཐོལ་ལོ་བཤགས༔ མི་སྤང་ལྔ་ཡི་དམ་ཚིག་གང་ཡོད་ཀུན༔ འགལ་འཁྲུལ་ཉམས་ཆག་སྲིད་ན་མཐོལ་ལོ་བཤགས༔ དང་དུ་བླང་བའི་དམ་ཚིག་གང་ཡོད་ཀུན༔ འགལ་འཁྲུལ་ཉམས་ཆག་སྲིད་ན་མཐོལ་ལོ་བཤགས༔ ཤེས་པར་བྱ་བའི་དམ་ཚིག་གང་ཡོད་ཀུན༔ འགལ་འཁྲུལ་ཉམས་ཆག་སྲིད་ན་མཐོལ་ལོ་བཤགས༔ བསྒྲུབ་པར་བྱ་བའི་དམ་ཚིག་གང་ཡོད་ཀུན༔ འགལ་འཁྲུལ་ཉམས་ཆག་སྲིད་ན་མཐོལ་ལོ་བཤགས༔ ཡན་ལག་དམ་ཚིག་གོ༔ ཧོཿ སློབ་དཔོན་སྐུ་ལ་བསྡོས་པ་སྲིད་ན་བཤགས༔ དགེ་འདུན་བླ་མའི་དཀོར་འབགས་སྲིད་ན་བཤགས༔ སློབ་དཔོན་ངན་རྟོག་གིས་སྨད་སྲིད་ན་བཤགས༔ བླ་མར་ཚོད་ཡོད་བརྙས་བྱས་སྲིད་ན་བཤགས༔ མཆེད་ལྕམ་རྣམས་ལ་ཁྲོ་མཁོན་སྲིད་ན་བཤགས༔ སློབ་དཔོན་ཡུམ་ལ་མ་གུས་སྲིད་ན་བཤགས༔ བླ་མའི་གསང་མཆོག་སྤྱད་པ་སྲིད་ན་བཤགས༔ མཆེད་ལྕམ་ངན་སྤྱོད་སྲིད་ན་མཐོལ་ལོ་བཤགས༔ དཀྱིལ་འཁོར་རྙིང་པ་བཤིག་བྱས་སྲིད་ན་བཤགས༔ གཞན་མཚམས་བཀྲལ་བར་བྱས་པ་སྲིད་ན་བཤགས༔ བསྙེན་སྒྲུབ་བཟླས་བརྗོད་བར་ཆད་བྱས་སྲིད་བཤགས༔ ཏིང་འཛིན་བར་ཆད་བྱས་པ་མཆིས་ན་བཤགས༔ རང་ཉིད་རྒྱུད་ནི་ལོག་པར་མཆིས་ན་བཤགས༔ གཞན་སྒྲུབ་དམ་པོའི་གནས་སོང་མཆིས་ན་བཤགས༔ རྫས་ངན་མ་རུངས་བཅངས་པ་མཆིས་ན་བཤགས༔ ནང་འགྲས་བར་གྱི་སྲུང་ཟློག་བྱས་མཆིས་བཤགས༔ བདག་བསྟོད་གཞན་ལ་སྨད་བྱས་སྲིད་ན་བཤགས༔ གསང་བའི་སྒོ་རྣམས་འཆོལ་བར་མཆིས་ན་བཤགས༔ ཉམས་པའི་ཟས་ཟོས་ཁ་རླངས་བསྲེས་མཆིས་བཤགས༔ ཐབས་ཤེས་ཡ་བྲལ་ལོག་སྤྱོད་མཆིས་ན་བཤགས༔ གསང་སྔགས་སྣོད་མེད་སྤེལ་བར་མཆིས་ན་བཤགས༔ ཕྱག་རྒྱ་མཚན་ངན་བསྟེན་པ་མཆིས་ན་བཤགས༔ སྒྲུབ་དུས་གདོང་གཞན་བསྟན་པ་མཆིས་ན་བཤགས༔ མ་རུངས་པ་ལ་གསང་སྤྱོད་བྱས་ན་བཤགས༔ གཞན་གྱི་དད་ཡུལ་སྣང་བ་སྲིད་ན་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ལྟར་སྤྱི་ཡི་དམ་ཚིག་ཉེར་ལྔའོ༔ ཧོཿ དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་ལས༔ གསུངས་པའི་དམ་ཚིག་ཆེ་ཕྲ་གང་ཡང་རུང༔ རང་གིས་མནོས་ནས་ཚུལ་བཞིན་མ་བསྲུངས་ཤིང༔ བསྲུང་དུ་མི་འཇུག་མི་སྲུང་ལ་ཡི་རང༔ དངོས་དང་དངོས་མེད་ཅི་ལྟར་ཡིན་ཡང་ནི༔ ཐར་པའི་གེགས་དང་དམྱལ་བའི་རྒྱུར་གྱུར་ཀུན༔ མི་སྦེད་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ འདི་ཕྱི་ཡུན་དུ་མི་སྒྲིབ་ཚངས་པ་སྩོལ༔ ཀྱེ༔ བླ་མ་དགོངས་ཤིག་སྐྱབས་མཆོག་འཁོར་དང་བཅས༔ བདག་སོགས་འགྲོ་འདི་མ་རིག་དབང་གིས་འཁོར༔ དོན་མེད་འཁྲུལ་པའི་ལས་མཐའ་ཟད་དུས་མེད༔ ཚེ་རབས་ཐོག་མ་མེད་ནས་ད་ཡི་བར༔ གཏི་མུག་མུན་པ་ནག་པོའི་ནང་དུ་འཐུམ༔ ཞེ་སྡང་རྩུབ་པའི་མཚོན་ཆས་རང་ཉིད་བརླགས༔ ང་རྒྱལ་འགྲན་སེམས་མེ་ཡི་དོང་དུ་ལྷུང༔ འདོད་ཆགས་དུག་མཚོ་ཁོལ་མ་ངོམ་མེད་འཐུང༔ ཕྲག་དོག་གཡེང་བའི་འཁོར་ལོ་རྟག་ཏུ་བསྐོར༔ རང་གིས་བྱས་པའི་འབྲས་བུ་རང་ལ་སྨིན༔ ཚེ་རིང་འཕོ་ལྟུང་ལྷ་ཡི་སྡུག་བསྔལ་མྱོང༔ སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ཡིས་ཁྱེར༔ ལྷ་མིན་འཐབ་རྩོད་གཡུལ་ངོའི་བར་དུ་བརླག༔ དུད་འགྲོ་བྱ་སྤྱོད་གླེན་ལྐུགས་འདམ་དུ་བྱིངས༔ ཡི་དྭགས་བཀྲེས་སྐོམ་སྡུག་པའི་མུ་ཐག་འཐེན༔ ཚ་གྲང་དམྱལ་བའི་སྡུག་བསྔལ་བཟོད་བརླག་མེད༔ ཀྱེ་མ་ཀྱི་ཧུད་ལས་ངན་འཁོར་བ་པ༔ མཆོག་གསུམ་རྩ་གསུམ་སྤྱན་གྱིས་མ་གཟིགས་སམ༔ ཐུགས་རྗེའི་ཕྱག་རིང་བརྐྱང་བར་མི་མཛད་དམ༔ ཡེ་ཤེས་གསལ་བའི་སྒྲོན་མེ་མི་སྤར་རམ༔ ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ ཐེག་མཆོག་བླ་མེད་རྟ་ལ་མི་བསྐྱོན་ནམ༔ རྣམ་དག་རྒྱལ་བའི་ཞིང་དེར་མི་སྐྱེ་ཨང༔ ཀྱེ་མ་ཀྱི་ཧུད་ལས་ངན་འཁོར་བ་པར༔ ཐུགས་རྗེ་མ་ཆུང་མཐུ་རྩལ་ཤུགས་ཕྱུངས་ཤིག༔ བདག་སོགས་འགྲོ་འདི་རང་བྱས་རང་ལ་སྨིན༔ སྨིན་པའི་ལས་ལ་སུས་ཀྱང་བཅོས་སུ་མེད༔ ལས་ལ་འགྱོད་པ་བྱས་ཀྱང་ཕྱི་ཟིན་གྱི༔ ཅི་བྱ་རྟོལ་བྲལ་སྡུག་བསྔལ་འདི་འདྲ་མྱོང༔ ཉམ་ཐག་ང་རོས་རྒྱལ་བ་རྒྱ་མཚོ་འབོད༔ ལས་ངན་འཁོར་བའི་འདམ་ནས་མ་དྲངས་ན༔ རྒྱལ་བའི་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བདག་ཅག་སྙིང་རྗེའི་གནས་སུ་མ་གྱུར་ཏམ༔ ལས་ངན་འཁོར་བའི་གཡང་ལས་ཐར་མཛད་ནས༔ རྣམ་སྨིན་ནག་པོའི་དྲི་མ་བཀྲུས་ནས་སུ༔ དག་པ་རྒྱལ་བའི་ཞིང་དེར་འདྲེན་དུ་གསོལ༔ མགོན་པོ་དམ་པ་མཆོག་དང་དབྱེར་མེད་ཤོག༔ དེ་ནས་འདི་ལྟར་བསྒོམ་པར་བྱ༔ ཧཱུྃ་ རང་རིག་རྡོར་སེམས་གསལ་ཞིང་འགྲོ་བ་ཀུན༔ དེ་བཞིན་གྱུར་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ དཀར་པོའི་མཐའ་མར་ཡི་གེ་བརྒྱ་པས་བསྐོར༔ འོད་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས་ནས་ཐིམ༔ དེ་ལས་བདུད་རྩི་འོ་རྒྱུན་ལྟ་བུར་བབས༔ ལུས་གང་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དག༔ ཤེལ་སྒོང་དག་ལྟར་དག་པ་གསུམ་དུ་གྱུར༔ མ་ཡེངས་ངང་ནས་སྔགས་འདི་བརྩོན་པར་བྱ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡིག་བརྒྱ་བཟླས་སོ༔ དེ་ནི་སྒོ་གསུམ་ཆ་སྙོམས་དང་ཁྱད་པར་ངག་གི་སྒོ་ནས་བཤགས་པའོ༔ དེ་ནས་དོན་གསུམ་པ་ནི་ཚིག་འདི་བཞིན་དུ་དྲན་པར་བྱའོ༔ བརྗོད་པར་བྱའོ༔ ཧཱུྃ་ ཆོས་ཀུན་ཡེ་ནས་ཀ་དག་རང་བཞིན་ལ༔ དེ་ལྟར་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱིས༔ འཁོར་བའི་འདམ་ལ་ཆགས་པ་འདི་དག་ཀུན༔ ཡེ་གནས་སངས་རྒྱས་ཀློང་དུ་མཐོལ་ལོ་བཤགས༔ ལྟ་བ་གཞན་མིན་རང་རིག་ཡིན་པ་ལ༔ མ་རྟོགས་གཞན་ནས་བཙལ་པ་མཐོལ་ལོ་བཤགས༔ སྒོམ་པ་མ་བཅོས་རང་ལུགས་འཇོག་པ་ལ༔ བཅོས་ནས་འཁྲུལ་རྟོག་བརྙོགས་པ་མཐོལ་ལོ་བཤགས༔ སྤྱོད་པ་མ་འགགས་རང་ཤུགས་སྤྱོད་པ་ལ༔ འདུས་བྱས་སྤྱོད་ལ་ཞེན་པ་མཐོལ༴ སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་བཞི༔ ཡེ་ནས་གྲུབ་ཀྱང་དེ་ལྟར་མ་ཤེས་ནས༔ ཀུན་གཞིའི་ཉོན་ཡིད་རྟོག་བཟུང་མཐོལ༴ སྨིན་གྲོལ་ལམ་གྱིས་དུག་ལྔ་གནས་དག་ནས༔ ཡེ་ཤེས་ལྔ་ཡི་ངོ་བོར་གནས་པ་ལ༔ རང་རྒྱུད་རྟོག་པར་བཟུང་བ་མཐོལ༴ སྐུ་བཞི་ཡེ་ནས་སྩོལ་མེད་འབྲས་དུས་དེ༔ མངོན་གྱུར་རང་དང་གཉིས་སུ་མེད་པ་ལ༔ སངས་རྒྱས་གཞན་ནས་བཙལ་པ་མཐོལ༴ ཆོས་ཀུན་སྤྲོས་བྲལ་འདུས་མ་བྱས་པ་ལ༔ ལོག་པར་ལྟ་བའི་གོལ་སྒྲིབ་མཐོལ༴ ཕྱལ་མིན་མ་འགགས་རང་གསལ་ཡེ་ཤེས་ལ༔ ཆད་ལྟའི་གོལ་སྒྲིབ་ལོག་རྟོག་མཐོལ༴ ཁྱབ་བརྡལ་ལྷུན་གྲུབ་ཕྱོགས་རིས་མེད་པ་ལ༔ བདག་ཏུ་ལྟ་བའི་ལོག་རྟོག་མཐོལ༴ དངོས་འཛིན་འདུས་བྱས་གང་ཡང་མེད་པ་ལ༔ མཚན་མར་ལྟ་བའི་ལོག་རྟོག་མཐོལ༴ བདེ་གསལ་མི་རྟོག་ཉམས་སྣང་ཡིན་པ་ལ༔ དེར་འཛིན་ཞེན་པས་འཁོར་བ་མཐོལ༴ གང་ཤར་འགག་མེད་ཆོས་སྐུ་ཟང་ཐལ་ལ༔ ཅིར་སྣང་ལོག་པར་བཟུང་བ་མཐོལ༴ ཐ་མལ་ཤེས་རྗེན་ཀུན་བཟང་དགོངས་པ་ལ༔ རེ་དོགས་དགག་སྒྲུབ་རྟོག་བཅིངས་མཐོལ༴ སྣང་སེམས་གཉིས་མེད་ཡེ་ཤེས་རོལ་པ་ལ༔ ཕྱི་ནང་གཉིས་སུ་འཛིན་པ་མཐོལ༴ ངོ་བོ་སྟོང་པ་ཆོས་སྐུ་ཡིན་པ་ལ༔ ལོག་རྟོག་བདག་ཏུ་བཟུང་བ་མཐོལ༴ རང་བཞིན་གསལ་བ་ལོངས་སྐུ་ཡིན་པ་ལ༔ སྟོང་པ་ཁ་འབྱམས་ལྟ་བ་མཐོལ༴ མ་འགགས་གཉིས་མེད་སྤྲུལ་སྐུ་ཡིན་པ་ལ༔ དེར་འཛིན་མཐའ་ལ་ཞེན་པ་མཐོལ༴ ཆོས་སྐུ་ཡེ་ཤེས་ཀློང་དུ་རོ་གཅིག་པར༔ མཐོ་དམན་སྣ་ཚོགས་བཟུང་བ་མཐོལ༴ ཟབ་ཞི་སྤྲོས་བྲལ་འོད་གསལ་འཁོར་ཡུག་ལ༔ འཛིན་པས་དམ་པོར་བཅིངས་པ་མཐོལ༴ ཐམས་ཅད་དབྱེར་མེད་བློ་འདས་ཡིན་པ་ལ༔ དེར་འཛིན་ཕྲ་མོས་བཟུང་བ་མཐོལ་ལོ་བཤགས༔ ཧོཿ དེ་ལྟར་བརྗོད་ཀྱང་ཀུན་རྫོབ་ཐ་སྙད་དེ༔ འགྲོ་ཀུན་གློ་བུར་དྲི་མ་བསལ་ཕྱིར་ཡིན༔ ཡེ་དག་དོན་ལ་བཤགས་བྱ་བཤགས་བྱེད་བྲལ༔ ཆོས་ཉིད་ཟད་པའི་ངང་དུ་འུབ་ཆུབ་ཤོག༔ དེ་ལྟར་བརྗོད་ནས་ཕྱི་སྣོད་གཞལ་ཡས་ཁང༔ ནང་བཅུད་ལྷ་དང་ལྷ་མོ༔ སྒྲ་གྲགས་ཚད་སྔགས༔ རིག་པ་ཡེ་དག་གི་སངས་རྒྱས་རང་སར་ཕྱིན་པའི་ངང་ནས་དར་གཅིག་མཉམ་པར་བཞག༔ དེ་ནས་ཐམས་ཅད་རང་ལ་བསྡུ༔ རང་ཡང་དམིགས་གཏད་མཚན་འཛིན་བྲལ་བར་བཞག་དེ་ནས་རེ་ཞིག་ཡང་དག་པའི་དོན་ལ་མཉམ་པར་བཞག༔ དེས་ནི་གཙོ་ཆེར་ཡིད་དང་ཆ་སྙོམས་ཀྱི་བཤགས་ཐབས་བླ་ན་མེད་པ་བྱ་བ་ཡིན་ནོ༔ སྐབས་འདིར་ཆོས་ཐམས་ཅད་སྒྱུ་མར་ངེས་པར་བྱའོ༔ སྒྱུ་མ་བདེན་མེད་དུ་ཤེས་པ་དང༔ བདེན་མེད་བློ་འདས་སུ་བཞག༔ བློ་འདས་ཆོས་ཀྱི་སྐུ་ཡིན་ནོ༔ སྣང་བ་སེམས་སུ་ཤེས་པར་བྱའོ༔ སེམས་སྟོང་པར་ཤེས་པར་བྱ༔ སྟོང་པ་འོད་གསལ་དུ་ཤེས་པར་བྱ༔ འོད་གསལ་འཛིན་མེད་དུ་ཤེས་པར་བྱ༔ འཛིན་མེད་ཁྱབ་བདལ་དུ་ཤེས་པར་བྱ༔ ཁྱབ་བརྡལ་ཆོས་སྐུ་ལ་ཐམས་ཅད་འདུས་པར་ཤེས་དགོས༔ དེ་ནི་བཤགས་པའི་རྒྱལ་པོ་བླ་ན་མེད་པའོ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ དེ་ནས་སྨོན་ལམ་བཏབ་པ་ནི༔ ཐམས་ཅད་མ་ཡེངས་རྩེ་གཅིག་ཏུ་བསྒྲིམས་ལ་ཞེ་ཐག་པ་ནས་འདི་ལྟར་བརྗོད༔ ཧོཿ དཔང་གྱུར་མ་ལུས་དགོངས་ཤིང་དཔང་མཛད་གསོལ༔ འདིར་འདུས་རྡོ་རྗེ་སློབ་དཔོན་གཙོ་བྱས་དང༔ ལས་བྱེད་མཆེད་ལྕམ་མ་ལུས་འཁོར་དང་བཅས༔ སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང༔ ལས་ངན་འཁོར་བའི་འདམ་གྱིས་མ་གོས་པར༔ ཐེག་དགུའི་ས་ལམ་མ་ལུས་ཡོངས་རྫོགས་ནས༔ ཀ་དག་ཀུན་བཟང་ཀློང་དུ་རྟག་གནས་ཤིང༔ མ་འགགས་སྤྲུལ་པས་གཞན་དོན་བྱེད་པར་ཤོག༔ ཧོཿ བུམ་དབང་ཐོབ་ནས་ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་བསྒོམས་ནས་སྐུ་ཡི་རྡོ་རྗེར་སྨིན༔ ཕྱི་ཡི་ལྟ་སྤྱོད་ཟུང་འཇུག་ཡོངས་རྫོགས་ཤིང༔ བླ་མ་སྤྲུལ་སྐུའི་གོ་འཕང་མྱུར་ཐོབ་ཤོག༔ གསང་དབང་ཐོབ་ནས་ངག་གི་སྒྲིབ་པ་དག༔ སྔགས་བཟླས་རྩ་སྔགས་བསྒོམས་པས་གསུང་རྡོ་རྗེར༔ སྨིན་ནས་ནང་གི་ལྟ་སྤྱོད་ཟུང་འཇུག་རྫོགས༔ བླ་མ་ལོངས་སྐུའི་གོ་འཕང་མྱུར་ཐོབ་ཤོག༔ ཤེས་རབ་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག༔ གསང་ལམ་བདེ་སྟོང་བསྒོམས་པས་ཐུགས་རྡོ་རྗེར༔ ལེགས་སྨིན་གསང་བའི་ལྟ་སྤྱོད་ཟུང་འཇུག་རྫོགས༔ བླ་མ་ཆོས་སྐུའི་གོ་འཕང་མྱུར་ཐོབ་ཤོག༔ ཚིག་དབང་ཐོབ་ནས་སྒྲིབ་ཀུན་རང་སར་དག༔ རྫོགས་རིམ་དོན་བསྒོམས་ཡེ་ཤེས་རྡོ་རྗེར་སྨིན༔ ལྟ་སྒོམ་སྤྱོད་འབྲས་མ་ནོར་ཡོངས་སུ་རྫོགས༔ ངོ་བོ་ཉིད་སྐུའི་གོ་འཕང་མྱུར་ཐོབ་ཤོག༔ ཧོཿ ཕུང་ཁམས་སྐྱེ་མཆེད་ལྷ་རུ་སྨིན་པ་དང༔ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ རྩ་ཐིག་རླུང་གསུམ་སྐུ་གསུམ་རང་བཞིན་སྨིན༔ ཐམས་ཅད་ཀ་དག་རིག་པར་འུབ་ཆུབ་ཤོག༔ སྒྲོན་མ་དྲུག་གི་ཐབས་ལ་བསྟེན་ནས་སུ༔ སྣང་བ་བཞི་ཡི་ཟད་སར་སྐྱོལ་ནས་ནི༔ ཀུན་བཟང་ཡངས་པའི་ཀློང་དུ་རང་སར་ཕྱིན༔ སྐྱེ་འགག་གཉིས་མེད་སངས་རྒྱས་འགྲུབ་པར་ཤོག༔ ཨ་ཧཾ་འབར་འཛག་གཏུམ་མོ་བདེ་སྟོང་བསྒོམ༔ སྣང་བ་ཐམས་ཅད་སྒྱུ་མའི་རོལ་པར་འབྱོངས༔ རྨི་ལམ་འོད་གསལ་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ བར་དོའི་སྣང་བ་ཚེ་འདིར་འབྱོངས་པ་དང༔ གསང་སྔགས་ཀུན་གྱི་ཟབ་ལམ་མཐར་ཕྱིན་ནས༔ སྐུ་བཞི་ཡེ་ཤེས་ལྔ་ལྡན་ཡོངས་སུ་རྫོགས༔ ཟག་མེད་ཐམས་ཅད་མཁྱེན་པའི་དཀྱིལ་འཁོར་རྒྱས༔ རྒྱལ་བ་ཀུན་དང་དབྱེར་མེད་སངས་རྒྱས་ཤོག༔ ལྷ་སྒོམ་སྤྱོད་པའི་ལེགས་ལམ་མ་གོལ་རྫོགས༔ ཡེ་གནས་རིག་པ་མ་བཅོས་གནས་ལུགས་སྐྱོང༔ རེ་དོགས་དགག་སྒྲུབ་འཛིན་ཞེན་མཐའ་བཞི་བྲལ༔ རིག་སྟོང་ཟུང་འཇུག་ཆོས་སྐུ་རྗེན་འཆར་ཤོག༔ ཀྱེ་ མཐའ་མེད་འཁོར་བའི་འགྲོ་བ་འདི་དག་ཀུན༔ ཚེ་འདིའི་བྱ་བྱེད་མི་རྟག་འཁྲུལ་པའི་གཞི༔ རྨི་ལམ་སད་པ་བཞིན་དུ་སྟོངས་ནས་ཀྱང༔ སྐྱེ་མེད་དོན་གྱི་སངས་རྒྱས་འགྲུབ་པར་ཤོག༔ འཆི་བ་བར་དོའི་འཇིགས་སྐྲག་གང་མཐོང་ཡང༔ རང་སྣང་རིག་པ་ངོ་ཤེས་དངངས་སྐྲག་བྲལ༔ རིགས་དྲུག་སྐྱེ་བའི་སྒོ་ཀུན་ཁེགས་ནས་སུ༔ བར་དོ་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ཤོག༔ གཞན་ཡང་ཚེ་རིང་འཕོ་ལྟུང་ལ་སོགས་ཀྱི༔ སྡུག་བསྔལ་ཀུན་ཟད་ཡུལ་ལྗོངས་ཀུན་སྟོངས་ནས༔ མཐའ་བཞི་བྲལ་བའི་སྐུ་གསུམ་སངས་རྒྱས་ལ༔ རིང་པོར་མི་ཐོགས་ཕྱིན་པ་ཉིད་གྱུར་ཅིག༔ ལྷ་མིན་འཐབ་རྩོད་སྡུག་བསྔལ་ཀུན་བྲལ་ནས༔ ཡུལ་སྟོངས་གཏན་བདེའི་སངས་རྒྱས་སར་གནས་ཤོག༔ སྐྱེ་རྒ་ན་འཆི་མི་ཡི་སྡུག་བསྔལ་བྲལ༔ ཡུལ་སྟོངས་གཏན་བདེའི་སངས་རྒྱས་སར་གནས་ཤོག༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཀུན་བྲལ་ནས༔ ཡུལ་སྟོངས་གཏན་བདེའི་སངས་རྒྱས་སར་གནས་ཤོག༔ དུད་འགྲོའི་སྡུག་བསྔལ་མ་ལུས་ཀུན་བྲལ་ནས༔ ཡུལ་སྟོངས་གཏན་བདེའི་སངས་རྒྱས་སར་གནས་ཤོག༔ ཡང་སོས་དམྱལ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ ཐིག་ནག་དམྱལ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ དམྱལ་བ་བསྡུས་འཇོམས་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ དམྱལ་བ་ངུ་འབོད་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ ངུ་འབོད་ཆེན་པོའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ དམྱལ་བ་ཚ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ རབ་ཏུ་ཚ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ མནར་མེད་དམྱལ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ ཉེ་འཁོར་དམྱལ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ ཉི་ཚེ་དམྱལ་བའི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་ཀུན་ཞི་ནས༔ འགྲོ་ཀུན་དེ་རུ་སྐྱེ་བར་མ་གྱུར་ཅིག༔ ཡ་ངའི་སྡིག་འབྲས་སྨིན་པའི་ཡུལ་སྟོངས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཤར་བར་ཤོག༔ དེ་ལྟར་འཁོར་བ་དོང་ནས་སྤྲུགས་བྱས་ནས༔ ལྷ་སྔགས་ཡེ་ཤེས་རོལ་པར་ཀུན་ཀྱང་གྱུར༔ དེ་ཡང་འུབ་འདུས་འབྲུ་གསུམ་ཡི་གེར་གྱུར༔ དེ་ཉིད་ཧཱུྃ་འདུས་དེ་ཡང་ཐིག་ལེར་འདུས༔ དེ་ཉིད་དམིགས་གཏད་བྲལ་བའི་ཀློང་དུ་ཡལ༔ མཐའ་བཞི་བྲལ་བའི་སངས་རྒྱས་འགྲུབ་པར་ཤོག༔ མཆོག་གསུམ་རྩ་གསུམ་རྒྱུ་འབྲས་བདེན་པ་དང༔ ལྷ་སྔགས་ཡེ་ཤེས་ཆོས་ཉིད་བདེན་པའི་སྟོབས༔ བསམ་པ་རྣམ་དག་དགེ་བ་ཇི་སྙེད་མཐུས༔ སྨོན་པ་ཐམས་ཅད་གེགས་མེད་འགྲུབ་པར་ཤོག༔ དེ་ལྟར་སྨོན་ལམ་ལེགས་པར་བཏབ༔ སྐབས་བབས་ཀྱི་ལས་ཅི་རིགས་པའང་བྱ༔ དེ་ནས་སྲུང་མ་ཀུན་ལ་ཁོ་རང་དང་མཐུན་པའི་གཏོར་མ་སྦྱིན་པར་བྱ༔ དང་པོ་བྲན་ནས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ་ སྟོང་ལས་གཏོར་སྣོད་ཡངས་པའི་ནང༔ གཏོར་མ་ཟག་མེད་མཆོད་པར་གྱུར༔ སྲུང་མ་སོ་སོར་ཚིམ་བྱེད་པའི༔ མཐུན་རྫས་ཟད་མི་ཤེས་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་བྷྱོ༔ རྡོ་རྗེ་ཕག་མོ་ལ་སོགས་མོ་རྒྱུད་ཀྱི༔ མཁའ་འགྲོ་མ་ལུས་མཐུན་རྫས་གཏོར་མ་བཞེས༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་ལེགས་ལྡན་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ སྔགས་སྲུང་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ དཔལ་མགོན་མ་ནིང་ནག་པོ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་ཕྱག་དྲུག་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་བེར་ཅན་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་ཕྱག་བཞི་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོག་མཛོད་ཅིག༔ ཧཱུྃ་བྷྱོ༔ ཡེ་ཤེས་མགོན་པོ་གུར་མགོན་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ མ་ཅིག་ལྷ་མོ་དཔོན་གཡོག་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཆོས་སྐྱོང་ཕོ་རྒྱུད་རིགས་སུ་གྱུར་པ་ཀུན༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཆོས་སྐྱོང་མོ་རྒྱུད་རིགས་སུ་གྱུར་པ་ཀུན༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ བྷྱོ༔ ལྷ་གཟའ་ཀླུ་གཉན་སྡེ་བརྒྱད་རིགས་གྱུར་ཀྱང༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ བྷྱོ༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱང༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ བྷྱོ༔ བརྟན་མ་བཅུ་གཉིས་དགེ་བསྙེན་ཉེར་གཅིག་སོགས༔ འདིར་བྱོན་དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྡེར་རྒྱས་སྐྱེས་བུ་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ བྷྱོ༔ གཞན་ཡང་འབྱུང་བར་གནས་བཅས་འཇིག་རྟེན་པ༔ ཡིད་ཅན་མ་ལུས་འདིར་བྱོན་གཏོར་མ་བཞེས༔ སངས་རྒྱས་སྤྱི་དང་ཁྱད་པར་པད་འབྱུང་གི༔ བསྟན་ལ་གནོད་བྱེད་རྡུལ་ཕྲན་བཞིན་དུ་རློགས༔ རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ བསྟན་འཛིན་སྐྱེས་བུ་སྡེར་བཅས་སྐུ་ཚེ་བརྟན༔ རྣམ་དཀར་ཡར་འཕེལ་སྐྱེ་འགྲོ་བདེ་བ་དང༔ མཐར་འབྲས་སངས་རྒྱས་ཐོབ་པའི་གྲོགས་མཛོད་ཅིག༔ ཅེས་འདོད་གསོལ་རོལ་པ་རྡོ་རྗེས་བྲིས༔ དེ་ལྟར་གཏོར་མ་ཚན་ཤྭ་ལོ་ཀ་རེར་རེ་རེ་འབུལ༔ ཐམས་ཅད་ཀུན་ལ་གང་དགྱེས་སོ་སོར་ཆེ་ཆུང་ཕམ་རྒྱལ་མེད་པར་ཐོབ་ནས་དགྱེས་པར་བསམ༔ འོག་མ་དྲུག་པོ་གཙོ་འཁོར་གཏོར་མ་རེ་ལ་ཟན་རིལ་མང་པོས་བསྐོར་བར་བྱ༔ དེ་ནས་སྐབས་འདིར་ཕྲིན་ལས་ཀྱི་ཁ་བསྒྱུར་དགོས་ན་སྦྱར་རོ༔ རྗེས་ཀྱི་ལས་རིམ་ཇི་ལྟར་རིག་པའང་བྱ༔ ལར་འདི་རང་དོན་གཞན་དོན་གལ་པོ་ཆེ་གང་བྱེད་ཀྱང་བརྒྱ་རྩ་ལས་མི་ཉུང་བ་གནད་དམ་པའོ༔ རང་བཞིན་དུ་བྱེད་ན་སྐབས་བསྟུན་བྱས་ཀྱང་རུང༔ འདི་ཡི་སྐོང་བཤགས་སྦྱར་བའི་དཀྱིལ་འཁོར་གྱིས་གཞི་བཟུང་ནས་རྣལ་འབྱོར་ཉམས་ཆག་གསོ་བའི་ཆེད་དུ་དང༔ དད་ལྡན་ལ་དབང་བསྐུར་བ༔ གཤིན་པོ་རྗེས་སུ་འཛིན་པ་དང༔ ལས་གང་བྱེད་ཀྱང་འབྲེལ་ན་ཟབ་པའི་ཐབས་བླ་ན་མེད་པ་ཡིན་ནོ༔ ཁྱད་པར་རྣལ་འབྱོར་ཉམས་ཆག་གསོ་བའི་ཆེད་དུའོ༔ འདི་ཡི་ལས་བྱང་གཏང་བའི་གོང་དུ་སྔོན་འགྲོ་རྣམས་སྦྱར་ཞིང༔ སྐོང་བའི་གོང་དུ་སློབ་དཔོན་ཡོད་དམ་མེད་ཀྱང་བླ་མས་དམ་ཚིག་བསླབ་བྱ་རྒྱས་པར་བཤད༔ ཀུན་གྱིས་ཁོང་དུ་ཆུད་པར་བྱའོ༔ གལ་ཏེ་འདི་ཡི་ཆེད་དུ་བསད་པ་ལ་སོགས་པ་བྱས་ན་ཉེས་པ་དཔག་ཏུ་མེད་དོ༔ རཀྟ་དང་ཚོགས་རྫས་ཀྱི་ཤ་ཡང་སྔ་ནས་གཙང་མར་ཚགས་བྱས་ལ་སྐབས་སུ་རྫས་ཙམ་བཏབ་བོ༔ ཁ་ན་མ་ཐོ་བ་བསྲུང་ངེས་པར་དགོས་སོ༔ དེས་ཚུལ་བཞིན་དུ་བསྒྲུབ་ན་ཕན་ཡོན་བླ་ན་མེད་པར་འགྱུར་རོ༔ རྗེས་འཇུག་ཀུན་གྱིས་ཉམས་སུ་ལེན་པར་བྱོས་ཤིག༔ སྤྲོ་བར་གྱུར་ན་ལྟ་བའི་ཉམས་སྐྱོང་ཞིང་གཞན་བྱུང་ལྟར་དལ་བསྐོར་ཞིང་ཚོགས་ཀྱི་སྐབས་སུ་བྲོ་འཁྲབ༔ རྣལ་འབྱོར་པ་ཧེ་རུ་ཀའི་ཆ་ལུགས་སུ་བྱ༔ གཞན་ཡང་འོས་རིགས་ཀྱི་ཆོ་ག་སྐབས་བསྟུན་སྦྱར་ཡང་རུང་བ་ཡིན་ནོ༔ མ་འོངས་དུས་ངན་བསྟན་པའི་ཡང་སྙིགས་སུ་ཉེ་བའི་ཚེ་བླ་མ་ལ་ལོག་པར་ལྟ༔ དབང་ཡང་ཞུ༔ གསང་སྔགས་ནི་མོས༔ དམ་ཚིག་མི་བསྲུང་མང་དུ་འབྱུང་བས་དམྱལ་བ་ཁྱུ་དེད་འགྲོ་ངེས་སོ༔ ང་ཡི་རྗེས་འཇུག་ཀུན་དམ་ཚིག་གཞུང་བཞིན་བསྲུང་བ་གལ་ཆེ་ཞེས་གདམས་སོ༔ ཉམས་ཆག་བསྐང་ཞིང་བཤགས་པའི་ཐབས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས་འདི་ལས་ཅན་སྙིང་གི་བུ་དང་འཕྲད་ནས༔ སྐལ་ལྡན་ལམ་སྣ་ཟིན་པར་གྱུར་ཅིག༔ ས་མ་ཡ༔ རྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱ༔ བདག་འདྲ་རོལ་པའི་རྡོ་རྗེས་གནས་རྡོ་རྗེ་ཅོང་ཕུག་གི་སྒྲུབ་གནས་བྲག་དབྱིབས་ཆོས་འབྱུང་འདྲ་བའི་ནང་ནས་སྤྱན་དྲངས་ཨ། རང་ལོ་ཉེར་བཞིའི་དུས་ཡིན་ནོ།། །།
སྔགས་སྲུང་ཨེ་ཀ་ཛཱ་ཊིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་སྙན་བརྒྱུད་བཞིན་བཤད་པ (Volume 61, Text 48)
ཨཱོྃ་སྭསྟི། དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་། །མ་མོའི་གཙོ་མོར་ཡོངས་བཞེངས་ནས། །བསྟན་པ་སྐྱོང་མཛད་དེར་བཏུད་ནས། །སྒྲུབ་ཐབས་སྙིང་པོ་མདོ་ཙམ་བཤད། །འདིར་སྔགས་སྲུང་ཁྲོས་མ་རག་གདོང་མའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁྲག་ཆང་གིས་བྱུགས་པ་ལ་ཆོས་འབྱུང་གྲུ་གསུམ་མཐིང་ནག་མཐའ་པདྨ་འདབ་བརྒྱད་དང་མེ་རིས་བསྐོར་བའི་དབུས་སུ། དཔལ་བཤོས་གྲུ་གསུམ་འཁོར་ལྔ་པ་འབྲུ་སྨན་ཤ་ཆང་སོགས་ཟས་བཟང་རྒུས་སྦགས་པ་ལ་མདའ་དར་མཐིང་ནག་སྐུ་རྟེན་ཙཀ་ལིས་བརྒྱན་པ་བཙུགས། མདུན་དུ་མཆོད་གཏོར་དང་སྨན་རཀ །མཐའ་མཆོད་པ་བཟང་པོས་བསྐོར། ཐོད་པའི་ནང་དུ་ཁྲག་ཆང་ཐུན་རྫས་དུག་གིས་སྦགས་པའི་དམ་རྫས་དང་། གྲི་སྙིང་། ཞིང་དབྱུག །སྒྲུབ་དཔེ་རྣམས་དང་། གུ་གུལ་ཚིལ་ཆེན་པད་རག་རྣམས་སྦྱར་བའི་སྤོས། ཌཱ་དྲིལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་ཡི་དམ་ཞི་ཁྲོ་གང་འོས་ཀྱི་སྒྲུབ་མཆོད་དང་འབྲེལ་ཆགས་སུ་སྒྲུབ་པའམ། འདི་ཉིད་ཀྱི་སྒོས་ཆོས་ལྟར་བྱེད་ན། མཆོད་པ་སྤྱི་དང་སྨན་གཏོར་རཀྟ་རྣམས་བྱིན་རླབས་བྱས་ནས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་མེ་དཔུང་འབར་བའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་ཨེ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་དབྱིངས་ཀྱི་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱིས་དམ་ཚིག་གི་གཎྜི་ཕྲེད་ལ་འཛིན་པ། མི་ལྤགས་ཀྱི་གཡང་གཞི་གསོལ་བ། ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས་སུ་བཞུགས་པར་བསམ་ནས། ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ཙམ་བཟླས་ནས། མདུན་དུ་ཁྲག་མཚོ་ཁོལ་མའི་དཀྱིལ་ན་ཀེང་རུས་ཀྱི་རི་རབ་སྤུངས་པ། དེའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་ཏྲག་ཡིག་ཡོངས་སུ་གྱུར་པ་ལས་དཔལ་སྔགས་ཀྱི་བདག་མོ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ཤིང་མཆེ་བ་གཅིག་གཙིགས་པ། དཔྲལ་བའི་དབྱིངས་ན་སྤྱན་གཅིག་ཁྲག་མིག་ཏུ་ཁོལ་བ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་རལ་པ་ཉག་གཅིག་གྱེན་དུ་འབར་བ། ཕྱག་གཡས་ཙིཏྟ་ཞལ་དུ་གསོལ་ཞིང་གཡོན་ཞིང་ཆུང་གི་རྒྱལ་མཚན་འཕྱར་བ། ཐོད་སྐམ་གྱི་དབུ་རྒྱན་དང་རློན་པའི་དོ་ཤལ་འཕྱང་བ། སྟག་ཤམ་དང་མི་ལྤགས་ཀྱི་གཡང་གཞིའི་སྟོད་གཡོགས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་མི་རོའི་གདན་ལ་རོལ་པ། གཡུའི་སྤྱང་མོ་མང་པོ་ཕོ་ཉར་འགྱེད་པ། བསྟོད་བསྐུལ་ལྟར་འཁོར་ཅན་དུ་བྱེད་ན། ཤར་དུ་རོ་ཟ་ཤཱནྟི་མཐིང་ནག་ཞིང་ཆུང་དང་ཐོད་ཁྲག་འཛིན་པ། ལྷོར་མེ་ལོང་གདོང་སེར་མོ་གསལ་ཤིང་ནམ་མཁར་སྒྱུར་བ། ནུབ་ཏུ་རྨ་བྱའི་མགྲིན་ཅན་དམར་མོ་གསལ་ཤིང་དང་ཐོད་དབྱུག་འཛིན་པ། བྱང་དུ་གཙུག་ན་མེ་འབར་ལྗང་ནག་ཁ་ཊྭཱཾ་དང་སྦྲུལ་ཞགས་འཛིན་པ། ཐམས་ཅད་ཀྱང་གཅེར་བུ་ཁྲོ་གཏུམ་ཕོ་ཉ་མོའི་ཆ་ལུགས་ཅན་ནོ། །གཞན་ཡང་སྔགས་བདག་མ་མོ་བདུན་འབུམ་སོགས་འཁོར་ཚོགས་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །དེའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མ་མོ་འཁོར་བཅས་བཛྲ་ས་མཱ་ཛཿ ཨཱོྃ་རོ་རུ་ཨེ་ཀ་ཙཱ་ཏི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ཞེས་བཟླ་ཞིང་སྦྱར་སྤོས་བསྲེག །བྷྱོ། བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་སྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །བཛྲ་ས་མ་ཡ་ཛཿ ཞེས་དང་འབོད་སྔགས་མང་དུ་བཟླས་པས་སྤྱན་དྲངས། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་མཐུ་མོ་ཆེ། །འཁོར་བཅས་གནས་འདིར་བཞུགས་སུ་གསོལ། །ཏྲག་རཀྴ་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཨཱོྃ་ཨེ་ཀ་ཙཱ་ཏི་ན་མོ། ཞེས་ཕྱག་འཚལ། རྩ་སྔགས་ཀྱི་མཐར་ཨརྒྷཾ་པཱ་དྱཾ་སོགས་བཏགས་པས་ཕྱི་མཆོད་འབུལ། ཧཱུྃ། སྣ་ཚོགས་འདུས་པ་བདུད་རྩིའི་རོ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །རྣམ་པར་དག་པའི་བདུད་རྩི་འདིས། །ཨེ་ཀ་ཙཱ་ཏི་འཁོར་བཅས་མཆོད། །མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་པི་པ་ཧཱུྃ། ཞེས་བདུད་རྩིས་མཆོད། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཀྟས་མཆོད། མ་མ་རཀྨོ་ཨེ་ཀ་ཙཱ་ཏི་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་གྱིས་གཏོར་མ་ཕུལ་ལ། བསྟོད་པ་ནི། བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོ་ཟུ་ཅན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཙིཏྟ་འདི་གསོལ་དམ་ཚིག་སྲོག་ལ་རྔམས། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་བཞེས་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་འགྱེད་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང་། གསང་རྒྱུད་ལས་བྱུང་བའི་རྟགས་བསྟོད་སོགས་ཀྱང་ཤེས་ཤིང་སྤྲོ་ན་བྱའོ། །བཟླས་པ་ནི། བདག་མདུན་གྱི་སྙིང་གར་ཉི་མ་ལ་སྲོག་གི་སྙིང་པོ་བཀོད་པ་ལ་སྤྲོ་བསྡུའི་དམིགས་པ་སྦྱར་ཏེ། སྔར་གྱི་འབོད་སྔགས་ཅི་ནུས་བཟླས་ནས། ཏྲག་རཀྴ་ཁ་མུ་ཏྲ་མུ་རུ་ལུ་མུ་རུ་ལུ་ཧཱུྃ་བྷྱོཿརཀྨོ་ཏེ་ཀེཾ་ཙ་ཚ་ཁ་ལ་བྷྱོཿརུ་ལུ་རུ་ལུ་མ་ཏི་བྷྱོཿ ཞེས་པ་དང་། ཁྱད་པར་རྦད་པ་ནི། ཨཱོྃ་མ་མ་ཏྲག་རཀྴ་སྙིང་ཐུམ་རྦད་མྱོགས་ཐུམས་ཐུཾ་རྦད་སྙིང་གཟེར་སྲོག་འདར་ཡེད་ཆུམས་སྲོག་ཏྲིག་ཏྲིག་ཤཾ་ཁྱེར་བྷྱོཿ ཞེས་པའང་ཅི་རིགས་བཟླ་སྟེ་སྐབས་འདིར་མང་མི་དགོས་སོ། །སྔར་བཤམས་པའི་ཐོད་པའི་དམ་རྫས་ལ་ཁམས་གསུམ་གྱི་དུག་ཐམས་ཅད་ཐིམ་པར་མོས་ནས་རྦད་སྔགས་ཅི་རིགས་བཟླས་པ་སྙིང་ཐུན་དུ་བཅུག་ནས་གསད་པའི་ལས་མཐའ་དང་སྦྱོར་ཏེ་འདིའི་མན་ངག་རྣམས་གཞན་དུ་ཤེས་སོ། །བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། ཚོགས་མཆོད་དང་སྐོང་བཤགས་སོགས་སྤྲོ་ནའང་འདིར་བྱ། ཐུན་མཐར་གཏོར་མ་བསྟབ་པ་དང་། མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་བཞིན་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ། བགེགས་སྐྲོད་པ་རྣམས་སོང་ནས། སྔར་སྡེ་ལྔའི་མཚམས་སྦྱོར་དུ་བཤད་པའི་མ་མོ་རང་རྐྱང་དུ་སྒྲུབ་པ་དང་། དྲེགས་པ་གཞན་གྱི་འཁོར་ཅན་དུ་སྒྲུབ་པ་གཉིས་ལས་སྔ་མ་ལྟར་སྒྲུབ་པ་སྟེ། དེ་ལ་ཡང་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས་འདིར་མན་ངག་སྙིང་ཐིག་ཆེན་མོའི་གདམས་པ་དང་འབྲེལ་ཆགས་སུ་བྱོན་པ་༧ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཧོཿ བླ་མ་ཀུན་བཟང་ཧེ་རུ་ཀཿ རང་བཞིན་དབྱིངས་ནས་སྐུ་བཞེངས་ལ། །བདག་ལ་དཔལ་ལྡན་ཁྲོས་མ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས། འོ་ རིགས་ཀྱི་བུ་ཁྱོད་སྐལ་བ་བཟང་། །གསང་སྔགས་བསྟན་པ་བསྲུང་བ་དང་། །སེམས་ཅན་མ་ལུས་གདུལ་སླད་དུ། །ནག་མོ་ཁྲོས་མའི་གནང་བ་སྦྱིན། །དམ་སྲུངས་བདུད་རྩིའི་ཆུ་འདི་ཐུངས། །མ་ཧཱ་སུ་ཁ། ཞེས་མནའ་ཆུ་བླུད། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག་བྱ། གནས་ཁང་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཆོས་འབྱུང་དང་བཅས་པའི་ལྟེ་བར། སློབ་མ་དབྱིངས་ཀྱི་ཀུན་ཏུ་བཟང་མོར། བསྐྱེད་པའི་ཐུགས་ཀར་དགའ་བ་འཁྱིལ་བ་དཀར་པོ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་དགའ་འཁྱིལ་ལ་ཕོག་པས། གཡས་སུ་འཁོར་བའི་འོད་ཀྱིས་ཨོ་རྒྱན་སྤྲུལ་པའི་ཞིང་དང་དུར་ཁྲོད་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་སློབ་མ་ལ་ཐིམ་པར་བསམ་སྟེ་སྦྱར་སྤོས་བསྲེག་ཅིང་ཌཱ་དྲིལ་གྱི་རོལ་མོ་དང་བཅས་པས། ཧཱུྃ། རང་བཞིན་དབྱིངས་ཀྱི་གནས་མཆོག་ནས། །དཔལ་ལྡན་ནག་མོ་ཁྲོས་མ་ནི། །ཨེ་ཀ་ཙཱ་ཏི་དབྱིངས་ཀྱི་ཡུམ། །མཆེད་ཀྱི་མ་མོ་སྤྲུལ་འཁོར་བཅས། །སྐུ་མདོག་སྨུག་ནག་ཙེ་རེ་རེ། །དགྱེས་པའི་བཞད་སྒྲ་ཡ་ལ་ལ། །དངོས་གྲུབ་ཆར་འབེབ་སི་ལི་ལི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བདག་དང་མོས་པའི་བུ་རྣམས་ལ། །དབང་སྐུར་བྱིན་རློབས་ཚེ་དབང་སྩོལ། །ལས་བཞིའི་ཕྲིན་ལས་འགྲུབ་པ་དང་། །བསྟན་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ཨཱོྃ་མ་མ་ཨེ་ཀ་ཙཱ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བཟླ་ཞིང་རོལ་མོ་དང་བཅས་པས་བྱིན་དབབ། ཏིཥྛ་བཛྲ། ཞེས་གཉིས་མེད་དུ་བྱས་ནས། གཏོར་མ་སྔར་གྱི་མདུན་བསྐྱེད་ཀྱི་སྐབས་ལྟར་སློབ་མའི་བློ་ངོར། གསལ་བཏབ་ལ། བླ་མའི་དཔྲལ་བ་ནས་འོད་ཟེར་འཕྲོས། གཏོར་མ་མ་མོར་གསལ་བ་བསྐུལ་བས་སྐུའི་མ་མོ་གྲངས་མེད་པ་སྤྱན་དྲངས་པ་སློབ་མའི་སྤྱི་བོར་ཐིམ་པར་བསམ། གཏོར་མ་མགོ་བོར་བཞག་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་སྐུ་ཡི་ལྷ། །སྐུ་ཡི་མ་མོས་བྱིན་གྱིས་རློབས། །སྐུ་ཡི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ། སྐུའི་རྗེས་གནང་ངོ་། །དེ་བཞིན་དུ་ཡང་བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། གཏོར་མ་མ་མོར་གསལ་བ་བསྐུལ་བས་གསུང་གི་མ་མོ་གྲངས་མེད་པ་སྤྱན་དྲངས་པ་སློབ་མའི་མགྲིན་པར་ཐིམ་པར་བསམ། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་གསུང་གི་ལྷ། །གསུང་གི་མ་མོས་བྱིན་གྱིས་རློབས། །གསུང་གི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ནང་མཆོད་ཀྱི་བདུད་རྩི་ཡང་བླུད། བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་བྱུང་། ཁར་ཞུགས་སྙིང་གར་ཐིམ་པར་བསམ་སྟེ་བཟླས་ལུང་བྱ། གསུང་གི་རྗེས་གནང་ངོ་། །ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མ་མ་མོར་གསལ་བ་བསྐུལ་བས་ཐུགས་ཀྱི་མ་མོ་གྲངས་མེད་པ་སྤྱན་དྲངས་པ་སློབ་མའི་སྙིང་གར་ཐིམ་པར་བསམ། གཏོར་མ་སྙིང་གར་གཏད་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་ཐུགས་ཀྱི་ལྷ། །ཐུགས་ཀྱི་མ་མོས་བྱིན་གྱིས་རློབས། །ཐུགས་ཀྱི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩཱ་ཧཱུྃ། ཐུགས་ཀྱི་རྗེས་གནང་ངོ་། །དེ་ནས་བཀའ་བསྒོ་བ་ནི། སློབ་མའི་སྤྱི་བོར་གཏོར་མ་གཟུང་། ལག་གཡས་སུ་སྙིང་། གཡོན་དུ་ཞིང་དབྱུག །མདུན་དུ་ཐུན་ཁྲག་གི་ཐོད་པ་དང་སྒྲུབ་དཔེ་རྣམས་གཏད་ལ། སློབ་དཔོན་ཆེ་བའི་ང་རྒྱལ་གྱིས་བཀའ་སྡོད་ཀྱི་ཚུལ་དུ་བཀའ་བསྒོ་བ་ནི། ཧཱུྃ་བྷྱོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྔགས་ཀྱིས་སྲུང་མས་བྱིན་གྱིས་རློབས། །དངོས་གྲུབ་མ་ལུས་དུས་འདིར་སྩོལ། །ཕྲིན་ལས་རྣམ་པ་བཞི་ཡིས་ནི། །གསང་སྔགས་བསྟན་སྲུངས་དམ་ཆོས་སྐྱོངས། ཁྱོད་ཀྱིས་འགྲོ་བ་འདུལ་བར་བརྩོན། །དེ་བཞིན་མ་མོ་འཁོར་བཅས་ཀྱིས། །སྐལ་ལྡན་བུ་ལ་བྱིན་གྱིས་རློབས། །ཞེས་དང་གོང་གི་སྔགས་གཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུཿཔུཎྱེ་བཱ་སུ་པུ་ཏྲ་སིདྡྷི་ཧཱུྃ་ཧཱུྃ། ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཕཊ། ཅེས་དང་། དཔལ་ལྡན་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་ཏུ་བཟང་པོ་སོགས་བླ་མ་བརྒྱུད་པ་རྣམས་ཀྱི་མཚན་ནས་བརྗོད་ལ། དེ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདིའི་སྲུང་མ་མཛད་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྡོང་གྲོགས་དང་། ཕྱི་ནང་གསང་བ་གསུམ་གྱི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་ཟློག་པ་དང་། དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པ་དང་། མི་འགྱུར་བའི་ཚེ། མི་ཟད་པའི་ལོངས་སྤྱོད། རབ་ཏུ་རྒྱས་པའི་དབང་ཐང་། ཐུབ་པར་དཀའ་བའི་མཐུ་སྟོབས་སྩོལ་བ་དང་། མདོར་ན་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་པ་ལྟ་བུས་མཚོན་ནས་བཀའ་བསྒོའི་ཚིག་རྒྱས་བསྡུས་ཇི་ལྟར་རིགས་པ་བྱས་ལ། གཏོར་མའི་ལྷ་སློབ་མ་ལ་བསྟིམ། གཏོར་ཟན་དངོས་གྲུབ་ཏུ་བྱིན། ཁས་བླང་མཎྜལ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན། རྗེས་གནང་འདིའི་ལུགས་བཀའ་གཉན་པས་ཐུན་མོང་དུ་བྱེད་དགོས་ན། སྐུ་གསུང་ཐུགས་འོད་ཟེར་སྤྲོ་བསྡུ་ལ་བརྟེན་པ་དང་གཏོར་མའི་བཀའ་བསྒོ་ཙམ་སྤྱི་འགྲོ་ལྟར་བྱེད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སློབ་མ་ལ་རྗེས་གནང་ཡང་དེ་བཞིན་ཏེ། དེ་ལས་ལྡོག་ན་འཁུ་ལྡོག་འབྱུང་བས་དཀྱུས་སུ་བཀོད་པ་ཉིད་བཀའ་དོག་པར་བྱའོ། །ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ཀྱང་སྔར་བཤད་པ་ལྟར་རོ། །མི་འ༵གྱུར་ཆོས་ཉིད་འགག་མེ༵ད་རྩལ། །རྡོ༵་རྗེ༵་ཁྲོ་མོའི་སྐུར་བཞེངས་པའི། །སྒྲུབ་ཐབས་ཀུན་མཁྱེན་ཆོས་རྗེ་ཡི། །སྙན་བརྒྱུད་དཀོར་ནོར་ལྷུག་པར་སྤེལ། །སྔགས་སྲུང་ཨེ་ཀ་ཛཱ་ཊིའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཀུན་མཁྱེན་ཆེན་པོའི་ཕྱག་བཞེས་སྙན་བརྒྱུད་བཞིན་བཤད་པའི་ལེའུ་ཚན་ནོ།། །།
རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་པའི་ངག་འདོན་དགེ (Volume 62, Text 48)
རྫོགས་ཆེན་སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་པའི་ངག་འདོན་དགེ །བདུད་རྩི་སྨན་གྱི་སྒྲུབ་པ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས༔ ཁ་དོག་དྲི་རོ་ནུས་ལྡན་པའི༔ སྨན་དུ་གྱུར་པ་ཐམས་ཅད་བསགས༔ ཁྲོལ་བུ་བྷནྡྷའི་སྣོད་དུ་བསྩལ༔ ཨ༔ སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔ དེ་ཉིད་རང་བྱུང་ཐིག་ལེ་གཅིག༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔ ཨཱོྃ་བཛྲ་སཏྭ་ཨཱ༔ ཞེས་པས་སྦྱངས་ཏེ་བཏགས་བཙགས་སྦོལ༔ བྱང་ཆུབ་སེམས་ཀྱི་ཐིག་ལེར་བསམ༔ ཐོད་པ་ཁ་སྦྱོར་དལ་དབུས་བཞག༔ མཆོད་གཏོར་ཚོགས་ཀྱི་འཁོར་ལོ་བཤམས༔ བདག་དང་མདུན་རྟེན་དབྱེར་མེད་པ༔ ཧེ་རུ་ཀཿཡི་དཀྱིལ་འཁོར་དུ༔ ཨ་ཏི་སེམས་ཀྱི་རོལ་པར་བསྒོམ༔ བསྟོད་པའི་མཇུག་ཏུ་ཛཔ྄་ཁང་དབྱེ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཕཊ྄་ཛ༔ དབྱིངས་ཀྱི་བྷནྡྷ་མཚན་རྫོགས་དབུས༔ རིག་པ་ཡེ་ཤེས་བདུད་རྩིར་འཁྱིལ༔ དབྱིངས་རིག་དབྱེར་མེད་དཀྱིལ་འཁོར་པ༔ རྡོ་རྗེ་བདེ་བ་ཆེན་པོར་བཞེངས༔ སྦྱོར་བའི་ཡན་ལག་རྣམ་མང་པོས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་བཀུག༔ སྣང་སྲིད་གདོད་ནས་དེ་བཞིན་གཤེགས༔ བདེ་ཆེན་བདུད་རྩིའི་ཐིག་ལེར་འཁྱིལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་དགོངས་པ་གཡོ་མེད་གཞག༔ སྐབས་སུ་སྨན་སྲུང་སྤྱན་དྲངས་ལ༔ རྟོག་པ་བསལ་ཕྱིར་བདུད་རྩི་འབུལ༔ ཧཱུྃ༔ འོད་གསལ་ཐིག་ལེ་ཆེན་པོ་ལས༔ རྣམ་པ་མ་འགགས་ཅིར་ཡང་ཤར༔ སྨན་སྲུང་དྲང་སྲོང་རིག་འཛིན་དང༔ རྩི་བཅུད་འབྱུང་ལྔའི་ལྷ་མོ་ཀུན༔ ཚུར་གཤེགས་གཉིས་འཛིན་རྟོག་པ་སྤོངས༔ བདེ་ཆེན་ཡེ་ཤེས་བདུད་རྩི་བཞེས༔ རྗེས་ཆགས་རོལ་པའི་འོད་ཟེར་གྱིས༔ འཁོར་འདས་རྩི་བཅུད་དྭངས་མ་སྡུས༔ བྷནྡྷ་ཁ་སྦྱོར་ཐིག་ལེར་སྟིམས༔ ཧེ་རུ་ཀཿཡི་དམ་ཚིག་གིས༔ བདུད་རྩི་རོལ་པའི་ལས་མཛོད་ཅིག༔ ཨཱོྃ་བཛྲ་ཨ་མྲྀཏ་དེ་ཝ་ཌཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཧོ༔ ཞེས་བསྐུལ་ཏིང་འཛིན་རྩེ་གཅིག་གཟིར༔ བར་ཆད་བགེགས་བསལ་བྱིན་ཆེན་དབབ༔ དུས་དྲུག་ཚོགས་ཀྱི་འཁོར་ལོས་མཆོད༔ འོད་དང་སྒྲ་དང་དྲི་བཟང་དང༔ བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔ རྟགས་བྱུང་དངོས་གྲུབ་བླང་བར་བྱ༔ ས་མ་ཡ༔ མངྒ་ལཾ།། །།
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་སྨིན་བྱེད་ལག་ལེན་རྣམ་གསལ་དུ་བཀོད་པ་དབང་ཆེན་རོལ་པའི་གཟི་བརྗིད་ (Volume 25, Text 48)
༄༅། །དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་སྨིན་བྱེད་ལག་ལེན་རྣམ་གསལ་དུ་བཀོད་པ་དབང་ཆེན་རོལ་པའི་གཟི་བརྗིད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། བདེ་ཆེན་ཡེ་ཤེས་འཁོར་ལོས་སྲིད་ཞི་ཀུན། །དབང་དུ་སྒྱུར་མཛད་ཁྲག་འཐུང་ཚོགས་ཀྱི་རྗེ། །འཇིགས་བྱེད་རྡོ་རྗེ་རྟ་ཡི་ཞལ་ཅན་དང། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །བཀའ་གཏེར་གཉིས་འདུས་གདམས་ཟབ་དག་བྱེད་རྒྱུན། །ཉེ་བརྒྱུད་བྱིན་རླབས་དྲོད་ཀྱིས་བསྲོས་པ་ལས། །དབང་ཆེན་བཀའ་སྲོལ་ཀུན་ལས་ཁྱད་འཕགས་པའི། །སྨིན་གྲོལ་བདུད་རྩི་སྐལ་ལྡན་སྲོག་འཚོར་བྱུང་། །དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དབང་འབྲིང་པོ་ཡོངས་རྫོགས་སུ་བསྒྲུབ་པའི་ལག་ལེན་ཁྲིགས་སུ་བཀོད་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་བཀོད། དངོས་གཞི་སྒྲུབ་མཆོད་དབང་བསྐུར། རྗེས་མཇུག་ཆོག་གི་ལས་རིམ་ཇི་ལྟར་བྱ་བའོ། །དང་པོ་ནི། གནས་ཁང་བྱི་དོར་བྱས་ཤིང་རྒྱན་གྱིས་སྤྲས། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་དྲུང་དུ་སྟེགས་བུ་དམར་པོ་ལ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་བཀོད། དེའི་དབུས་སུ་ཕུར་གདན་གྲུ་གསུམ་པར་སེང་ཕུར་ཁྲོ་ཞལ་རྟ་དབུ་ཅན་ཡུངས་དཀར་དང་ཅོད་པན་དམར་པོ་བཏགས་པ་གཟུག །དེ་སྟེང་རྐང་གསུམ་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་ངོས་ལ་གཙོ་བོ་ཡབ་ཡུམ་ཁྱུང་གི་ཙཀླི་བཅས། དེ་སྟེང་འཕྲུལ་སྟེགས་ལ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་བཞག་ལ་དར་དམར་གྱིས་བཀབ། རིག་མའི་ཙཀླིའང་གང་བདེར་བཞག །སློབ་མ་སྣོད་ལྡན་ལ་སྟན་ཐོག་གཅིག་ཏུ་བཀའ་ལུང་རྫོགས་པར་བྱེད་སྐབས་དྲེགས་པའི་རྗེས་གནང་གི་ཆས་རྣམས་ཀྱང་འདིར་ཆབས་ཅིག་ཏུ་བསྒྲིགས་ན་དཀྱིལ་འཁོར་ཟུར་དུ་མི་དགོས་པ་སོགས་སྟབས་བདེ་བས། དེ་ལྟ་ན་དབུས་སུ་ཆེ་མཆོག །ཤར་དུ་དཔལ་གཏོར་སོགས་དེའི་གཞུང་ལྟར་བཀོད། བུམ་པའི་མདུན་ངོས་དང་མཚམས་རྣམས་སུ་རིགས་ལྔའི་ཧེ་རུ་ཀ་གཙོ་འཁོར་རྣམས་ཀྱི་ལྷ་ཙཀ་ཚང་བ། རིགས་ལྔའི་དབུ་རྒྱན་དང་མེ་ཏོག་ཕྲེང་བ། འབྲུ་གསུམ་དཀར་དམར་མཐིང་ག །ཐོད་ཆང་། མེ་ལོང་། ཤེལ་རྡོ། ཕྱག་མཚན་ཐོ་བ། མེ་ཕུང་། དུར་ཁྲོད་ཆས་བརྒྱད་སོ་སོར་ཡོད་པའི་ཙཀླི། རྫས་རྒོད་ལྕགས་ཀྱི་དོང་བུ། རྡོར་དྲིལ། ཐོད་ཌཱར། རྐང་གླིང་། གཞུང་པོད་དམ་རྒྱུད། ཁྱེར་བདེའི་སྨན་རཀ་གཏོར་གསུམ་རྣམས་དང་། དཀྱིལ་འཁོར་གྱི་མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་དྲག་མཆོད་བཤམ། སློབ་དཔོན་གྱི་མདུན་ནམ་དཀྱིལ་འཁོར་བྱང་ཤར་དུ་ལས་བུམ་དང་། དཀར་བགེགས་ཆད་བརྟན། ཚོགས་ཀྱི་ཡོ་བྱད་ཀྱིས་མཚོན་ཆོ་ག་ལ་དགོས་པའི་ཡོ་བྱད་རྣམས་ཚང་བར་གསག་གོ །གཉིས་པ་དངོས་གཞི་ལ་གཉིས། དབང་དོན་སྒྲུབ་མཆོད། དབང་གི་ཆོ་ག་དངོས་སོ། །དང་པོ་ནི་ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་གཞི་བདག་ལ་དཀར་གཏོར་བཏང་། གཞུང་ལས་འདིར་ཆ་གསུམ་གཏང་བར་བཤད་པ་ལྟར་འགྲུབ་ན་བྱ། དེ་ནས། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆ་བྱད་ཅན། ཕྱག་གཡས་རྡོ་རྗེའི་ཐོ་བ་ཕྱར་ཞིང་གཡོན་སྡིགས་མཛུབ་སྒྲེང་བ། སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་ཅིང་མེ་འབར་བའི་དབུས་ན་འགྱིང་བར་གསལ། གཙོ་ཕུར་མདུན་དུ་བཞག་ལ་ཡུངས་དཀར་གུ་གུལ་རཀྟ་རྣམས་འདུ་བྱས་ལ། མན་ངག་གསལ་བྱེད་སྒྲོན་མེ་ལྟར། རང་ཉིད་རྟ་མགྲིན་གྱི་སྐུར་གསལ་བའི་སོགས་ནས་བྱུག་བདུག་བྲབ་གསུམ་རྗེས་སྔགས་དང་ཚིགས་བཅད་ཀྱིས་དཀྱིལ་འཁོར་དུ་དགོད། དྲེགས་པའི་རྗེས་གནང་སྦྲེལ་སྐབས་དེའི་འགོད་ཚིག་ཀྱང་འདིར་བླང་། དེ་ནས་བགེགས་གཏོར་བྱིན་རླབས་བྱས་ལ་སྤྱི་ལྟར་བསྔོ། ལས་བྱང་གི་བཀའ་བསྒོ་ནས་བརྩམ། ཁྲོ་བཅུའི་སྲུང་མཚམས་གཅོད་ཅིང་སྐྱབས་འགྲོ་སེམས་བསྐྱེད་མཆོད་པ་སྤྱིར་བྱིན་རླབས། བརྡ་སྒོ་ཕྱག་དམ་བཅའ་བྱིན་འབེབ་བཤགས་པ་སྨན་རཀ་གཏོར་གསུམ་བྱེ་བྲག་ཏུ་བྱིན་གྱིས་བརླབ་པ་ཡན་གྱིས་སྔོན་འགྲོ་གྲུབ་ནས། དངོས་གཞི་བདག་མདུན་གཉིས་ཀ་ལས་བྱང་ཕྱི་དཀྱིལ་བསྒོམ་ཡང་རུང་མོད། འདི་ཉིད་ལས་དམིགས་སུ་གསུངས་པ་ལྟར་ན། མན་ངག་གསལ་སྒྲོན་ལྟར། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་བདག་བསྐྱེད་ལུས་དཀྱིལ་དམ་ཡེ་དབྱེར་མེད་དུ་བསྒོམས་ལ་བྱིན་རླབས་དབང་བསྐུར་རྒྱས་གདབ་བྱ། ཛཔ྄་དམིགས་བཅས་བསྙེན་སྔགས་ལས་བྱང་ནང་གསལ་ཅི་འགྲུབ་བཟླ། དེ་ནས་མདུན་བསྐྱེད་ཕྱི་དཀྱིལ་ལྟར་བསྒོམ་པ་ནི། ལས་བྱང་གི །བདག་ཐ་མལ་དུ་གནས་པའི་སོགས་ནས་དམ་ཚིག་པ་བསྐྱེད་ཅིང་ཚོགས་གསག་བྱིན་རླབས་དབང་བསྐུར་ཡེ་ཤེས་པ་དགུག་བསྟིམ་ཕྱག་མཆོད་བསྟོད་པའི་བར་སོང་ནས་ཛཔ྄་དགོངས་གསལ་བཏབ་ལ་བསྙེན་སྔགས་གང་འགྲུབ་བཟླ། སླར་ཡང་བདག་མདུན་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རྒྱལ་བ་ཞི་ཁྲོའི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་རྒྱ་འོད་ཟེར་གྱི་རྣམ་པར་བསྡུས་ནས་དབང་རྫས་སོ་སོ་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ལ་གསལ་སྒྲོན་ལྟར་ལྷ་སོ་སོའི་སྙིང་པོ་གཙོ་འཁོར་གྱི་འགྲོས་དང་སྦྱར་ལ་ཅི་ནུས་བཟླ། རྣམ་བུམ་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ རང་སྲོག་སྔགས་ཀྱི་སོགས་དམིགས་པ་གསལ་བཏབ་སྟེ་གཟུངས་ཐག་བླངས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ་པདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཡ་མཱནྟ་ཀ་ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་གཙོ་བོར་བཟླ། གཞན་ཡང་། ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་གསལ་སྒྲོན་ལས་འབྱུང་བའི་ཁྲོ་བོ་བཞི། ཁྲོ་བཅུའི་སྔགས་རྣམས་ལའང་ཕཊ་དོར་ཏེ་གོང་གི་ཤམ་བུ་བཏགས་པ་ཅི་འགྲུབ་བཟླ། མཐར་སྟོང་ཚིགས་མཆོད་བསྟོད་ཆབས་ཅིག་ཏུ་བྱ། དེ་ནས་གཏོར་མའི་ལས་རིམ་ལྟར་གཏོར་མ་བྱིན་རླབས་སྔགས་ཚིག་གིས་འབུལ། མཆོད་པ་དང་བསྟོད་བསྐུལ་བསྡུས་པ་གྲུབ་ནས་བར་འདིར་ལས་བུམ་བསྒྲུབ་པ་ནི། མདུན་དུ་ལས་ཀྱི་བུམ་པ་བྷྲཱུྃ་ལས་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་དབུས་སུ་པད་ཟླའི་སྟེང་དུ་དཔལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་གཅིག་གི་དབུ་ལ་སྣང་བ་མཐའ་ཡས་བཞུགས་པ། ཕྱག་གཉིས་ཀྱིས་བུམ་པ་བསྣམས་པ། སྐུ་ལས་མེ་འབར་བ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་མཛད། བར་དུ་གཅོད་པའི་བགེགས་ཐམས་ཅད་ཚར་བཅད་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་ཡ་གྲཱི་བ་ས་མ་ཡ། སོགས་བཛྲ་གར་ཡོད་ཀྱི་སར་ཧ་ཡ་གྲཱི་བ་བཙུད་པའི་ཡིག་བརྒྱ་ཉེར་གཅིག་ལ་སོགས་པ་བཟླས་མཐར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བུམ་ལྷ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་འོད་དུ་ཞུ་བས་བདུད་རྩིའི་ཆུ་རྒྱུན་ནུས་པ་དང་ལྡན་པར་གྱུར། ཅེས་མོས། བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་འགྲོ་དང་། ལས་བྱང་གི་ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཡན་བཏང་། རིག་པའི་མེ་ཏོག་དོར་སློབ་མ་གཞུག་པར་གནང་བ་ཞུ། དཀྱིལ་འཁོར་ཡོལ་བས་བསྒྲིབ་བོ། །གཉིས་པ་དབང་གི་ཆོ་ག་དངོས་ལ། ཐོག་མར་ཕྱི་འཇུག་ནི། རུང་བར་གྱུར་པའི་སློབ་མ་རྣམས་སྒོ་དྲུང་དུ་འདུས་ཏེ་ཕྱག་གསུམ་འཚལ་ནས། པུས་བཙུགས་ཐལ་མོ་སྦྱར་བས་གསོལ་བ་འདེབས་པ་ནི། ཀྱེ་ཀྱེ་བླ་མ་སངས་རྒྱས་མཆོག༔ བཅོམ་ལྡན་དཔའ་བོ་རྟ་མཆོག་གི༔ བྱང་ཆུབ་སེམས་བསྐྱེད་སྐྱབས་གསུམ་དང༔ དམ་ཚིག་དབང་བསྐུར་བྱིན་རླབས་སྩོལ༔ ལན་གསུམ་བྱ། དེའི་ལན་སྦྱིན་པ་ནི་ནང་ནས་བླ་མས། ཧོ༔ ལེགས་སོ་སྐལ་ལྡན་རིགས་ཀྱི་བུ༔ རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱིས༔ དབང་དང་བྱིན་རླབས་སྦྱིན་པར་བྱ༔ ཐེ་ཚོམ་སྤོངས་ལ་ནང་དུ་ཞུགས༔ ཞེས་བརྗོད། ཇི་ལྟར་བལྟམས་པ་སོགས་དང་རྟ་མགྲིན་ཡིག་བརྒྱ་བཟླ་བཞིན་པས་ལས་བུམ་གྱི་ཆུས་ཁྲུས་བྱ། མིག་དར་མེ་ཏོག་སྤྲད། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབས། སུམ་བྷ་ནིས་བགེགས་བསྐྲད། སྒོ་ཡོལ་བསལ་ལ་ནང་དུ་ཞུགས་ཏེ་གྲལ་རིམ་དུ་འཁོད། ལས་རྡོར་གྱིས་དྲིལ་ཟན་བཀྱེས། ལུས་ལ་དྲུད་པའི་ཆངས་བུ་བགེགས་གཏོར་དང་ཆབས་ཅིག་བཞག་ལ་བྱིན་བརླབ། ཨ་ཀཱ་རོའི་སྔགས་ཀྱིས་བསྔོ། ལས་བྱང་ལྟར་བཀའ་བསྒོ་ཞིང་མཚམས་བཅད། མེ་མཚམས་དང་ཁྲོ་བཅུ་ཚིགས་བཅད་དམ་སྔགས་ཙམ་བརྗོད་ལ་སྲུང་འཁོར་བསྒོམ། དེའང་ཇི་སྐད་དུ། ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར་ཐོག་མར་གསོལ་བ་འདེབས་པ་གལ་ཆེ་བས་ཁྱེད་རང་རྣམས་ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པ་ཆེན་པོས་འདིའི་རྗེས་ཟློས་མཛོད། ཀྱེ་ཀྱེ་བླ་མ་སངས་རྒྱས་ཉིད༔ འགྲོ་བ་འདམ་གྱི་རྒྱ་མཚོ་རུ༔ བྱིང་བ་བདག་ནི་ཐུགས་རྗེས་ཟུངས༔ ལན་གསུམ། བླ་མས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༔ བླ་མ་ཡི་དམ་དབང་ཆེན་ལ༔ མི་འབྲལ་སྐྱབས་གནས་དམ་པར་ཟུངས༔ ཕྱི་ནང་གསང་བའི་དམ་ཚིག་སྲུངས༔ ང་དང་དབང་ཆེན་གཉིས་མེད་ལ༔ པཱུ་ཛ་མེ་ཏོག་མཎྜལ་ཕུལ༔ དེ་ཕུལ་དངོས་གྲུབ་མཆོག་གི་དབང༔ བུ་ཁྱོད་སངས་རྒྱས་རིགས་སུ་འགྱུར༔ ཞེས་གདམས་ལ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་རྒྱས་བསྡུས་སྐབས་བསྟུན་དང་། བྱེ་བྲག་ཏུ། དེའང་ཕྱོགས་དུས་བདེ་གཤེགས་རྒྱལ་བ་རབ་འབྱམས་རྒྱ་མཚོའི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་པདྨ་ཁྲག་འཐུང་ཆེ་བའི་མཆོག་གི་སྐུར་བཞེངས་པ་དཔལ་ཧེ་རུ་ཀ་དབང་ཆེན་རྟ་མཆོག་རྒྱལ་པོའི་རྒྱུད་ལུང་མན་ངག་གི་རིམ་པ་བསམ་གྱིས་མི་ཁྱབ་པ་འཕགས་ཡུལ་དུ་གསུང་གི་རིག་འཛིན་ཆེན་པོ་ནཱ་གཱརྫུ་ན་དང་། བོད་ཡུལ་དུ་བཅོམ་ལྡན་འདས་རྟ་མགྲིན་དབང་ཆེན་ཉིད་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བསྟན་པ་བདེ་བ་ཆེན་པོ་པདྨ་བཛྲ་སོགས་ཀྱིས་སྣང་བར་མཛད་ཅིང་། དེ་ལ་བརྟེན་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་བརྙེས་པ་མཐའ་ཡས་པ་ཞིག་བྱོན་པ་ལས། སྐབས་སུ་བབས་པ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་ཞེས་བྱ་བ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ནུས་མཐུ་གཅིག་ཏུ་དྲིལ་བ། གཅོད་བྱེད་སྤུ་གྲི་ལྟ་བུ། སྲེག་བྱེད་མེ་ལྟ་བུ། མྱུར་བ་ཐོག་ལྟ་བུ་འདི་ནི་བྲག་དམར་འོམ་བུའི་ཚལ་དུ་གུ་རུ་པདྨ་འབྱུང་གནས་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟབ་ཆེན་གྱི་དར་འབོལ་བཏིང་། གསེར་སྐྱོགས་དང་དངུལ་སྐྱོགས་འབྲས་ཆང་དང་འབྲུ་ཆང་གིས་བཀང་བ་དྲངས། ཕྱག་དང་བསྐོར་བ་ཞེ་ས་ཚུལ་བཞིན་དུ་ཕུལ། འདོད་ཡོན་དང་སྤྱན་གཟིགས་ཀྱིས་མཆོད། རིན་ཆེན་གསེར་གྱི་མཎྜལ་ཕོངས་མེད་དུ་ཕུལ་ནས་མ་འོངས་པའི་དུས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་དྲེགས་པ་གནད་ལ་དབབ་ཅིང་ལས་ལ་བཀོལ་བ། འབྱུང་པོ་གདུག་པ་ཅན་ཚར་གཅད་པ། དགྲ་བགེགས་བྱད་མ་གཏན་ནས་བརླག་པ། ཁྱད་པར་སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི་སྲོག་སྙིང་རང་དབང་མེད་པར་འདྲེན་ནུས་པའི་གདམས་ངག་ཟབ་མོ་འདི་ལྟ་བུ་ཞུས་པ་ན། གུ་རུས་ཀྱང་ཞལ་གྱི་འཛུམ་བསྟན། དགྱེས་པའི་གསུང་བསྒྲགས། ཐུགས་ཀྱི་བརྣག་པ་ཁྱད་པར་ཅན་མངའ་བདག་བཙད་པོ་དང་པ་གོར་བཻ་རོ་ལ་མནོག་ཆོས་སུ་བསྩལ་ནས་བཀའ་རྒྱ་དམ་པར་བསྡམས། མངའ་བདག་ཁྲི་སྲོང་སྐུ་འདའ་ཁར་ལྷོ་ཕྱོགས་མོན་གྱི་ཡུལ་ཆུ་བཞི་འདུས་པའི་མགོ་བོ་སྤ་གྲོ་དཔྱད་དཀར་གྱི་བྲག་དམར་པོ་མེ་ལྕེ་དགུང་དུ་མཆེད་པ་འདྲ་བ་ལ་རིན་ཆེན་གསེར་གྱི་སྒྲོམ་བུའི་ནང་དུ་བཅུག །དེའང་བསེ་སྒྲོམ་རུ་སྦལ་གྱི་དབྱིབས་ཅན་དུ་བཅུག་ནས་རྒྱ་བདུན་གྱིས་བཏབ་སྟེ། བདེ་གཤེགས་ཐུགས་དྲིལ་མན་ངག་འདི༔ མ་འོངས་སྐལ་པའི་ལས་འཕྲོ་ཅན༔ མངའ་བདག་སྐུ་ཡི་ཐུགས་སྤྲུལ་དང༔ འཕྲད་ནས་འགྲོ་དོན་བྱེད་པར་ཤོག༔ ཅེས་སྨོན་ལམ་དང་བཅས་གཏེར་བདག་མགོན་པོ་ནག་པོ་ལ་གཉེར་དུ་གཏད་ནས་སྦས་པ་སྙིགས་མ་རྩུབ་འགྱུར་གྱི་སྐབས་འདོན་པའི་དུས་ལ་བབས་པ་ན་ཆོས་རྒྱལ་དང་ལོ་ཆེན་བཻ་རོ་ཟུང་འཇུག་གི་རྣམ་འཕྲུལ། མདོ་ཁམས་གྲུ་གུའི་ཡུལ་དུ་སྐུ་འཁྲུངས་པའི་དྲག་སྔགས་བཀའ་བབས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྡོ་རྗེ་ཡང་དབང་གཏེར་གྱིས་སྤྱན་དྲངས་པ་རྒྱུད་ལུང་མན་ངག་ཟབ་ལ་འཇིག་རྟེན་གྱི་ཁམས་ན་ཡིད་བཞིན་ནོར་བུ་ལྟར་དཀོན་ཅིང་རྙེད་པར་དཀའ་བ་སྟེ། རྡོ་རྗེའི་གསུང་ལས། དབང་ཆེན་ཁྲོ་བོའི་རྒྱལ་པོ་མཆོག༔ ཡི་དམ་ཀུན་གྱི་མཐར་ཐུག་ཡིན༔ ཞི་དང་རྒྱས་དང་དབང་དང་དགུག༔ དབྱེ་བསྐྲད་སྲུང་ཟློག་བསད་པ་སོགས༔ ཐུན་མོང་ལས་ཀུན་འབད་མེད་འགྲུབ༔ ཁྱད་པར་ལྷ་སྲིན་སྡེ་བརྒྱད་དང༔ དྲེགས་པ་ཅན་རྣམས་ཟིལ་གྱིས་ནོན༔ གདུག་པའི་ཀླུ་དང་རྒྱལ་པོ་སོགས༔ སྐད་ཅིག་ཙམ་གྱིས་ཐལ་བར་རློག༔ མཐར་ཐུག་མཆོག་གི་དངོས་གྲུབ་ནི༔ པདྨ་དབང་ཆེན་ཚེ་འདིར་འགྲུབ༔ དེ་ལྟར་བདེ་གཤེགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་གཅིག་དྲིལ་བ༔ དྲག་སྔགས་གདུག་ཅན་སྲེག་པའི་མེ༔ རྣོ་དབལ་ལས་ཀྱི་སྤུ་གྲི་ཆེ༔ དྲེགས་པ་གནད་དབབ་མཚོན་ཆའི་ངར༔ གདུག་བྱེད་ཁྲག་ཏུ་སྐྱུགས་པའི་རྒྱུད༔ འཇིག་རྟེན་གསུམ་ན་རྙེད་དཀའ་བ༔ ཡིད་བཞིན་ནོར་བུ་ལྟ་བུ་འོ༔ ཞེས་བསྔགས་པར་མཛད་པ་འདི་ཉིད་ཐོག་མར་བླ་མ་མངའ་བདག་ཆེན་པོ་ལའང་ཕུལ་བར་གྲགས་ཤིང་། དབང་ཆེན་གསུང་གི་གྲུབ་བརྙེས་ངན་ལམ་རྒྱལ་བ་མཆོག་དབྱངས་ལས་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་རྟ་མགྲིན་བཀའ་མའི་སྐོར་རྣམས་ཀྱང་གཏེར་སྟོན་ཉིད་ནས་གསན་པས་བཀའ་གཏེར་ཆུ་བོ་གཉིས་འདྲེས་སུ་གྱུར་པ། ཁུངས་བཙུན་ལ་བྱིན་རླབས་གཟི་བྱིན་ཆེན་པོས་ཁྱད་པར་དུ་བྱས་པའི་གདམས་སྐོར་འདི་དག་མེ་ཉག་འགར་བཟང་ཡེ་ཤེས་སོགས་ལ་གནང་བ་ནས་བཟུང་བར་སྐབས་སུ་དར་རྒྱས་ཆེན་པོ་བྱུང་། ཕྱིས་འདིར་དབང་ལུང་གི་རྒྱུན་ལྟ་ཅི་སྨོས། དཔེ་རྒྱུན་ཙམ་ཡང་དཀོན་པའི་སྐབས་སུ་རྒྱལ་སྲས་ལྷ་རྗེ་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པའི་ཕྱི་མ། བཀའ་བབས་བདུན་ལྡན་༧པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཡར་མར་ནས་དཔེ་རྙིང་འགའ་རེ་རྩོལ་མེད་དུ་འབྱོར་བའི་རྐྱེན་ལ་བརྟེན། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་འདེབས་ནན་ཏན་ཏུ་མཛད་པས། རབ་ཚེས་ལྕགས་འབྲུག་ལོའི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཚེས་བཅུའི་ཐོ་རེངས་ཁར་སྔར་གྲུ་གུ་ཡང་དབང་ཉིད་ཀྱིས་ཟབ་གཏེར་བཞེས་ཤིང་སྒྲུབ་གནས་མཛད་པའི་མུ་ནང་རྡོ་རྗེ་བྲག་དམར་རྩར་ཕེབས་པའི་སྣང་བ་ལ། སྐད་ཅིག་དེར་གྲུ་གུ་ཡང་དབང་གཏེར་ཉིད་སྔགས་འཆང་སྐུ་བོང་དང་གཟི་བརྗིད་ཤིན་ཏུ་ཆེ་བ། སྤྱན་མིག་ཟུར་གསུམ་སོགས་ཁྲོ་བོའི་རྣམ་པ་ཅན་གཅིག་མིག་འཕྲུལ་ལྟ་བུར་མཇལ་བ་ལ་ཕྱག་བཙལ་ཞིང་བྱིན་རླབས་ཞུས་པ་ན། ང་གཏེར་སྟོན་གྲུ་གུ་རྡོ་རྗེ་ཡང་དབང་གཏེར་ཡིན་ཞེས་དང་། བྲག་དེ་ལ་ཕྱག་མཛུབ་བཙུགས་ཏེ་འདི་ནས་དྲག་པོ་བཙན་གྱི་སྐོར་ཞིག་སྤྱན་དྲངས་པ་ཡིན་གསུངས་ནས་ཞལ་འཛུམ་མཛད་མ་ཐག །རྟ་མགྲིན་གྱི་ཆོས་སྐོར་རྣམས་གནང་བར་གསོལ་བ་བཏབ་པ་ན་སྐད་ཅིག་གིས་ཨོ་རྒྱན་སྐུ་མདོག་དམར་སྨུག་དབུ་གཙུག་རྟ་ཞལ་འཚེར་བ་ཧེ་རུ་ཀའི་ཆས་ཅན་ཞིག་ཏུ་གནས་གྱུར་ནས་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་བསྩལ། འདི་ལ་ཆོས་ཚན་ལྔ་བཅུ་རྩ་བདུན་ཡོད་དོ་གསུངས་པས་ད་ལྟའི་དཔེ་ལ་ཉི་ཤུ་རྩ་གྲངས་ལས་མི་འདུག་པ་ཇི་ལྟར་ལགས་ཞུས་པ་ན། དུས་རིང་བས་དཔེ་ཕལ་ཆེར་ཟག་པ་དང་ལ་ལ་མཁའ་འགྲོ་མས་སྦས་པ་སྲིད་མོད་འོན་ཀྱང་ཁྱེད་རང་གིས་གསོལ་བ་ཐོབ་དང་དགོངས་པའི་གཏེར་ལས་འཆར་བར་འགྱུར་བ་ལྟར་གུང་བསྒྲིགས་ནས་ཉམས་སུ་ལོངས་དང་དེས་ཆོག །ཅེས་རྗེས་སུ་གདམས་པ་ལྟར་མེད་དུ་མི་རུང་བའི་ཆོས་ཚན་འགའ་ཞིག་ཁ་བསྐངས་པར་མཛད་ཅིང་ཐུགས་ཉམས་སུ་བཞེས་པས་བྱིན་རླབས་ཀྱི་རྟགས་མཚན་ཁྱད་པར་ཅན་བརྙེས་པའི་ཟབ་ཆོས། གནའ་བོའི་དུས་ནས་ཚད་མར་གྲགས་ཤིང་གྲུབ་ལ་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཁས་ཁྱད་པར་དུ་བྱས་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་འབྲིང་པོ་བསྒྲུབ་པ་ལ་སློབ་དཔོན་གྱིས་བགྱི་འོས་གྲུབ་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ལ་ཐོག་མར་སློབ་མ་རྣམས་ཀྱི་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྟ་མཆོག་དབང་གི་རྒྱལ་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྲུང་མ་རྒྱ་མཚོས་བསྐོར་ཏེ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་སོགས། ཡན་ལག་བདུན་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་དམིགས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ལ༔ བདག་གིས་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པར་འབུལ༔ སྡིག་སྒྲིབ་ལས་ངན་ཐམས་ཅད་བཤགས༔ དུས་གསུམ་དགེ་བར་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བས་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་ལན་གསུམ་བྱ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། འདི་ལྟར་ཐོག་མ་མེད་པ་ནས་ཕ་མ་ཤ་སྟག་ཏུ་གྱུར་པའི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འབྱམས་པ་ལ་རབ་ཏུ་བརྩེ་བའི་སྙིང་རྗེ་ཆེན་པོས་དེ་རྣམས་བདག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ་སྙམ་པ་སྨོན་པ་སེམས་བསྐྱེད། དེའང་རྒྱུ་རྐྱེན་མེད་པར་འདྲེན་མི་ནུས་པས་བདག་ཉིད་དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ཏེ་ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཚུལ་བཞིན་བསྒྲུབས་ལ། དེའི་དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་པ་ནི་འཇུག་པ་སེམས་བསྐྱེད་ཅེས་བྱ་བ་སྟེ། དེ་ལྟ་བུའི་འདུན་པ་དྲག་པོས་འདིའི་རྗེས་ཟློས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྟ་མགྲིན་གྱི་གོ་འཕང་ཐོབ་པར་བྱས་ནས་བདག་ལ་གནོད་པར་བྱེད་ཅིང་འཚེ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ལོག་རྟོག་བཅོམ་སྟེ་བདེ་གཤེགས་ཀྱི་ས་ལ་དགོད་པར་བྱའོ། །ཞེས་ལན་གསུམ། དེ་ལྟར་ཀུན་རྫོབ་ཏུ་སེམས་བསྐྱེད་པ་དེའང་དོན་དམ་པར་གང་དུའང་མ་གྲུབ་པར་རང་སེམས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ངང་དུ་དར་གཅིག་མཉམ་པར་ཞོག་མཛོད། དེ་ནི་དོན་དམ་སེམས་བསྐྱེད་ཅེས་བྱ་བའོ། །དེ་ནས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་དང་དཔལ་རྟ་མགྲིན་རྒྱལ་པོ་ཐ་མི་དད་པ་ལ་དབང་ཆེན་རིག་འཛིན་བརྒྱུད་པ་རྣམས་ཀྱིས་བསྐོར་ཏེ་བཞུགས་པ་ལ། ཁྱེད་རང་རྣམས་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་དེ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་པ་བྱུང་ནས། རང་རང་གི་ལུས་ལ་ཐིམ་པས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་པའི་མོས་པ་དང་བཅས་ཏེ་འདི་གསུང་བར་ཞུ། ཞེས་བརྒྱུད་འདེབས་ཉིད་དཔོན་སློབ་ལྷན་ཅིག་པས་དབྱངས་སུ་གྱེར་བའམ་རྗེས་ཟློས་བྱར་གཞུག །དབང་ཐོབ་པ་དཀྱིལ་འཁོར་ལ་རགས་ལས་ཀྱང་དབང་སྲོག་དམ་ཚིག་ཁོ་ན་ལ་བརྟེན་པ་ཡིན་པས། རིགས་ལྔ་སྤྱི་དང་བྱེ་བྲག་གིས་བསྡུས་པའི་དམ་ཚིག་དང་སྡོམ་པ་རྣམས་ལེགས་པར་བླངས་ནས་ཚུལ་བཞིན་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང༔ དཔའ་བོ་རྣལ་འབྱོར་མ་རྣམས་ཀུན༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་མིང་འདི་ཞེས་བགྱི་བས་ནི༔ དུས་ནི་འདི་ནས་བཟུང་ནས་སུ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་པའི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ སངས་རྒྱས་རྣལ་འབྱོར་སྡོམ་པ་ལ༔ ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༔ དགེ་བའི་ཆོས་ནི་སྡུད་པ་དང༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ དེང་ནས་བརྩམ་སྟེ་གཟུང་བར་བགྱི༔ ནམ་དུ་ཡང་ནི་མི་སྤང་ངོ༔ རྡོ་རྗེའི་རིགས་མཆོག་ཆེན་པོ་ལ༔ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ སློབ་དཔོན་དག་ཀྱང་གཟུང་བར་བགྱི༔ རིན་ཆེན་རིགས་མཆོག་ཆེན་པོ་ཡི༔ དམ་ཚིག་ཡིད་དུ་འོང་བ་ལ༔ ཉིན་རེ་ཞིང་ནི་དུས་དྲུག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ བྱང་ཆུབ་ཆེན་པོ་ལས་བྱུང་བའི༔ པདྨའི་རིགས་ཆེན་དག་པ་ལ༔ ཕྱི་ནང་གསང་བ་ཐེག་པ་གསུམ༔ དམ་པའི་ཆོས་ནི་གཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་ཆེན་པོ་ལ༔ སྡོམ་པ་ཐམས་ཅད་ལྡན་པར་ནི༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ མཆོད་པའི་ལས་ཀྱང་ཅི་ནུས་བགྱི༔ བླ་ན་མེད་པའི་བྱང་ཆུབ་སེམས༔ དམ་པ་བདག་གིས་བསྐྱེད་བགྱིས་ནས༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་སྡོམ་པ་མ་ལུས་བཟུང༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ མ་གྲོལ་བ་རྣམས་བདག་གིས་དགྲོལ༔ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔ སེམས་ཅན་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ། གསང་བ་གཉན་པོ་སྐལ་མེད་ལ་མི་སྨྲ་བའི་དམ་ཚིག་བསྒྲགས་པ་འདི་དོན་ཐུགས་ལ་ངེས་འཚལ། ཀྱེ་ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཡང་དག་གསང་བའི་དཀྱིལ་འཁོར་གྱི༔ ཆོ་ག་གཞན་ལ་མི་སྨྲ་ཞིང༔ གང་ལ་ཡང་སྟོན་པར་མ་བྱེད་ཅིག༔ ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེ་མགོར་བཞག །རྡོ་རྗེ་ཐེག་པའི་དམ་ཚིག་འདི་ཉིད་ཁེ་ཉེན་ཤིན་ཏུ་ཆེ་བས་བསྲུང་འདས་ཀྱི་དཔང་པོ་རྡོ་རྗེའི་ཆུ་ནན་བྱིན་པ་འདི་ཉིད་སྙིང་དབུས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་བཞུགས་པར་མོས་ཤིག །ཨོཾ་ཨཱཿཧཱུྃ༔གསུམ་གྱིས་བརླབས་པའི་བདུད་རྩི་སྦྱིན་ལ། འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ དམ་ཚིག་བསྲུངས་ན་བདུད་རྩིའི་ཆུ༔ མ་བསྲུང་སྲེག་པའི་དུག་ཏུ་འགྱུར༔ བསྲུངས་ན་དངོས་གྲུབ་བདུད་རྩིའི་ཆུ༔ བདུད་རྩི་འདི་ནི་མྱང་བར་གྱིས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ དེང་ཕྱིན་ཆད་སྟོན་པ་བདེ་བར་གཤེགས་པའི་བཀའ་ལས་ནམ་ཡང་འདའ་རུ་མི་རུང་བས་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་སྤྱི་དང་། རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་ཉི་ཤུ་རྩ་ལྔ་གཙོ་བོར་གྱུར་པའི་ཁྱད་པར་བ། སྒྲུབ་པ་ལྷག་པའི་དམ་ཚིག་ཉི་ཤུ་སོགས་ལས་སྐད་ཅིག་ཀྱང་མི་འདའ་བར་བསྲུང་ཞིང་ཉམས་པ་མེད་པའི་བརྟུལ་ཞུགས་ལ་གནས་པར་བྱ་དགོས་སོ། །སྐབས་འདིར་ཡོལ་བ་བསལ། དེ་ནས་ཚེ་རབས་སྔ་མ་རྣམས་སུ་འབྲེལ་བའི་རིགས་ཀྱི་ལྷ་མཆོག་ངོས་བཟུང་བའི་ཕྱིར་མེ་ཏོག་འདོར་ཞིང་དཀྱིལ་འཁོར་དུ་འཇུག་དགོས་པ་ཡིན་པས། ལས་ཀྱི་སློབ་དཔོན་གྱིས་ཁྱེད་རང་རྣམས་ཁྲིད་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་མཐར། ཤར་སྒོ་ནས་སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གཙོ་བོའི་རྒྱན་དུ་ཕུལ་བར་མོས་ལ་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། པྲ་ཏཱིཙྪ་ཧོ༔ ཞེས་འགྲིམ་དཀྱིལ་སོགས་སུ་འདོར་གཞུག །དེ་ལྟར་ཕུལ་བའི་མེ་ཏོག་དཀྱིལ་འཁོར་དབུས་སུ་བབས་ན་གཙོ་བོ་རྟ་མཆོག་རྒྱལ་པོའི་རིགས་ཡིན་པས་གསང་བའི་མཚན་དུ་འདི་ཞེས་བྱ་བ་ལགས་པས་མ་བརྗེད་པར་ཟུངས་ཤིག །ཅེས་པ་ལྟ་བུ་སོ་སོར་བསྒྱུར། དེའང་དབུས་སུ་ཕོག་ན། ཡེ་ཤེས་གསང་བ། སངས་རྒྱས་གསང་བ། བདེ་བའི་ཡེ་ཤེས། ཤར་དུ། རྡོ་རྗེ་རྩེ་མོ། རྡོ་རྗེ་བཞད་པ། ལྷོར། རིན་ཆེན་ཡེ་ཤེས། རིན་ཆེན་འོད་ཟེར། ནུབ་ཏུ། པདྨ་ཡེ་ཤེས། པདྨ་འོད་ཟེར། བྱང་དུ། ལས་རབ་ཡེ་ཤེས། ཀརྨ་དྲག་པོ་ལ་སོགས་པ་གདགས། མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཛྙཱ་ན་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། རྒྱས་པར་སྤྲོ་ན་མངོན་རྟོགས་ལྟར་དཀྱིལ་འཁོར་ངོ་སྤྲོད་རྒྱས་པར་བྱ། བསྡུ་ན། དབང་ཆེན་རྟ་མཆོག་ཧེ་རུ་ཀ་དྲེགས་པ་ཀུན་སྒྲོལ་རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་། བརྟེན་པ་ལྷ་ཚོགས་གཙོ་འཁོར་བཅུ་དགུ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་མཇལ་བར་གྱུར་པའི་མོས་པས་དགའ་སྤྲོ་དང་དད་མོས་དྲག་ཏུ་སྐྱེད་ཅིག །དེ་དག་གིས་ཕྱིའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྣམས་ལེགས་པར་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་འཚལ། ཞེས་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་དཔལ་ལྡན་ཧེ་རུ་ཀ༔ བདག་ལ་མཆོག་གི་དངོས་གྲུབ་སྩོལ༔ ལན་གསུམ། གནང་བ་སྦྱིན་ཅིང་བསྒྲུབ་བྱའི་དམ་ཚིག་བསྒྲག་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ དབང་ཆེན་རྟ་མཆོག་དཀྱིལ་འཁོར་དུ༔ ཡང་དག་དངོས་གྲུབ་ཐོབ་འདོད་ན༔ དུས་དང་རྣམ་པ་ཐམས་ཅད་དུ༔ སྤྱི་བོར་རྡོ་རྗེ་སློབ་དཔོན་སྒོམས༔ ལུས་ནི་རྟ་མཆོག་རྒྱལ་པོ་སྒོམས༔ ངག་ནི་རྡོ་རྗེའི་བཟླས་པ་བྱ༔ ཡིད་ནི་མི་གཡོ་ཆོས་ཉིད་ངང༔ མཆེད་གྲོགས་དཀྱིལ་འཁོར་ལྷ་རུ་བལྟ༔ སེམས་ཅན་རྣམས་ལ་བདེ་བ་སྒྲུབ༔ བསྟན་དགྲ་རུ་ཏྲ་སྙིང་རྗེས་སྒྲོལ༔ དེ་ལྟར་ནུས་ན་དབང་བསྐུར་སྦྱིན༔ ཞེས་བསྒོས་པའི་ལན་གསོལ་ཞིང་དམ་བཅའ་བ་འདིའི་རྗེས་ཟློས་མཛོད། ཧོ༔ བླ་མ་ཡི་དམ་དགོངས་སུ་གསོལ༔ བླ་མ་སངས་རྒྱས་ཀུན་དང་མཉམ༔ ནམ་དུ་ཡང་ནི་མི་སྤང་ངོ༔ དཔལ་ཆེན་རྟ་མཆོག་རྟག་ཏུ་བསྒོམ༔ སྔགས་ནི་མི་བརྗེད་རྒྱུན་དུ་བཟླ༔ ཡིད་ནི་མི་གཡོ་མཉམ་པར་འཇོག༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ལྟར་སྣོད་རྣམ་པར་དག་པར་གྱུར་པའི་སློབ་མ་ལ་དབང་བསྐུར་རྫོགས་པར་སྦྱིན་པ་ལ་རྣམ་གྲངས་བཅུར་གསུངས་ཏེ། ཕྱི་བུམ་པ། ནང་ཐོད་པ། གསང་བ་ཤེས་རབ། ལུས་ལ་སྐུ །ངག་ལ་སྔགས། སེམས་ལ་ཡེ་ཤེས། ཕྱག་མཚན་ཕྲིན་ལས། ཆས་བརྒྱད་ཡོན་ཏན། སྒྲུབ་པའི་དམ་རྫས། གཞན་དོན་རྗེས་གནང་བཅས་རིམ་པར་འབྱུང་བའི་དང་པོ་བུམ་པའི་དབང་བསྐུར་བ་ལ་དམིགས་འདུན་འདི་བཞིན་དུ་མཛོད་ཅིག །རྡོ་རྗེ་སློབ་དཔོན་དང་ཧེ་རུ་ཀ་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀ་ནས། འོད་ཟེར་ཡི་གེ་རཾ་དམར་པོ་སྤྲོས་ནས། སློབ་མའི་ལུས་ཀྱི་སྡིག་སྒྲིབ་དང་བཅས་པ་བསྲེགས། ཡཾ་སྤྲོས་པས་ཐལ་བར་གཏོར། བཾ་སྤྲོས་པ་ལས་ཆུ་བྱུང་བས་ཐལ་བའི་རྗེས་ཀྱང་བཀྲུས་ནས། སློབ་མའི་རྣམ་ཤེས་ཡི་གེ་ནྲྀཿདམར་པོར་གྱུར་ནས། སློབ་དཔོན་ཧེ་རུ་ཀ་ཡབ་ཡུམ་གྱི་ངོ་བོའི་ཞལ་དུ་ཐིམ། སྐུའི་ནང་དུ་བརྒྱུད་ནས་བྷ་ག་ནས་བཏོན་པས། མདུན་དུ་ཧཱུྃ་དམར་པོར་གྱུར། ཧཱུྃ་དེ་ལས་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་རྒྱན་མེད་པ་ཞིག་ཏུ་གྱུར་པ་ལ། དབུས་རྣམ་རྒྱལ་བུམ་པའི་ལྷ་རྣམས་འོད་དུ་ཞུ་བའི་བདུད་རྩིས་ཁྲུས་གསོལ་ཞིང་མངོན་པར་དབང་བསྐུར་བའི་ཕྲིན་ལས་མཛད་པར་སྒོམས་ཤིག །རྣམ་བུམ་གྱིས་ཁྲུས་བྱ་ཞིང་སྤྱི་བོར་བཞག །བུམ་ཆུ་སྦྱིན་ལ། ཧཱུྃ༔ རྣམ་རྒྱལ་བཀྲ་ཤིས་བུམ་པ་བདུད་རྩིས་བཀང༔ སྐལ་ལྡན་རིགས་ཀྱི་བུ་ལ་ཁྲུས་གསོལ་གྱིས༔ སྒྲིབ་པ་ཐམས་ཅད་དག་གྱུར་ཅིག༔ ཧཱུྃ༔ བཀྲ་ཤིས་ཡིད་འོང་བུམ་པ་འདི༔ ཕྱི་ནི་རིན་ཆེན་གཞལ་ཡས་ཁང༔ ནང་ནི་ཡབ་ཡུམ་སྲས་དང་བཅས༔ གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐམས་ཅད་དབང་སྡུད་རྟ་མཆོག་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་པས་ལུས་ཀྱི་དྲི་མ་དག་ནས་སྣང་སྟོང་ཤེལ་གོང་ལྟར་གྱུར་པར་མོས་ཤིག །གཉིས་པ་ནང་ཐོད་པའི་དབང་ལ་དམིགས་པ་འདི་ལྟར་མཛོད། གནས་ལྔར་བདུད་རྩིས་འབྲུ་ལྔ་བྲི་བར་གསུངས་ཀྱང་འགྲིགས་དཀའ་བས་ཐིག་ལེ་སོ་སོར་བཀོད་ལ། སློབ་མའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ སྙིང་གར་ཧཱུྃ༔ ལྟེ་བར་སྭཱ༔ གསང་བར་ཧྲཱི༔ཡིག་རྣམས་གསལ་བར་གྱུར། ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དྲི་མེད་མཚན་ལྡན་ཀ་པཱ་ལར༔ ཡེ་ཤེས་བདུད་རྩི་ཆེན་པོ་བླུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ངག་གི་དྲི་མ་རྣམ་བྱང་ནས༔ ཚངས་པའི་དབྱངས་ལྡན་དབང་ཐོབ་ཤོག༔ ཀ་པཱ་ལ་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཀྱི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང་། ངག་གི་དྲི་མ་དག་ནས་ཚངས་པའི་དབྱངས་དང་ལྡན་པར་གྱུར་པར་མོས་ཤིག །གསུམ་པ་གསང་བའི་དབང་གི་སླད་དུ། མཚན་ཉིད་དང་ལྡན་པའི་རིག་མ་ཀྲོ་དྷཱི་ཤྭ་རཱི་དངོས་སུ་གསལ་བ་ཁྱེད་རང་རྣམས་དཔལ་རྟ་མཆོག་དབང་གི་རྒྱལ་པོའི་པང་དུ་སྦྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ ཤེས་རབ་སྟོང་གསལ་ཡུམ་མཆོག་སྟེ༔ པདྨ་ཡུམ་མཆོག་བདེ་ཆེན་མ༔ གཉིས་མེད་སྐུ་ལ་འཁྲིལ་སྦྱོར་བས༔ རང་བྱུང་ཆོས་ཉིད་དོན་རྟོགས་ཤོག༔ པདྨ་དྷ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བུ་གར་ཕཊ་ཀྱིས་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུར་ཨཾཱཿགིས་མཚན་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱ་བའི་འདུན་པས་སྙོམས་པར་ཞུགས་པའི་རྐྱེན་གྱིས་བྱང་སེམས་ལུགས་འབྱུང་དུ་དབབ་ཅིང་ལུགས་ཟློག་ཏུ་ལྡོག་པས། ཡས་བབ་རྒྱུའི་དགའ་བ་བཞི་དང་མས་བརྟན་འབྲས་བུའི་དགའ་བ་བཞིའི་མཐར་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་པས་ཡིད་ཀྱི་དྲི་མ་དག །ཆོས་ཉིད་ཀྱི་དགོངས་པའི་གདིང་ཐོབ་པར་མོས་ཤིག །བཞི་པ་ལུས་ལ་ལྷའི་དབང་བསྐུར་བ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པའི་གནས་ལྔ་ནས་ཁྲག་འཐུང་རིགས་ལྔའི་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་གཟི་བརྗིད་འོད་དུ་འབར་བ་འཕྲོས། ཁྱེད་རང་རྣམས་དཔལ་རྟ་མགྲིན་དུ་གསལ་བའི་སྤྱི་བོ་ལ་སོགས་པའི་གནས་ལྔར་ཐིམ་པས། དུག་ལྔའི་དྲི་མ་དག །ཡེ་ཤེས་ལྔ་མངོན་དུ་གྱུར་པར་མོས་ཤིག །རྣམ་བུམ་དང་བུདྡྷ་ཧེ་རུ་ཀའི་ཙཀླི་སྤྱི་བོར་བཞག་ལ། ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་ངང་ཉིད་ལས༔ སངས་རྒྱས་ཡེ་ཤེས་སྐུ་བྱུང་བ༔ འབར་བའི་ཁྲོ་བོ་གཟི་བརྗིད་ཅན༔ སྐུ་མཆོག་བུདྡྷ་ཧེ་རུ་ཀས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གཏི་མུག་དྲི་མ་གཏན་བསལ་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཨོཾ༔ རྣམ་བུམ་དང་ཙཀླི་གཞན་དེས་འགྲེས་ཏེ་མགྲིན་པར་བཞག་ལ། ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་ངང་ཉིད་ལས༔ སངས་རྒྱས་ཡེ་ཤེས་སྐུ་བྱུང་བ༔ འབར་བའི་ཁྲོ་བོ་གཟི་བརྗིད་ཅན༔ གསུང་མཆོག་པདྨ་ཧེ་རུ་ཀས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་ཆགས་ཉོན་མོངས་གཏན་བཅོམ་ནས༔ ཀུན་རྟོག་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧྲཱིཿཨཱཾ༔ སྙིང་གར་བཞག་ལ། ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་ངང་ཉིད་ལས༔ སངས་རྒྱས་ཡེ་ཤེས་སྐུ་བྱུང་བ༔ འབར་བའི་ཁྲོ་བོ་གཟི་བརྗིད་ཅན༔ ཐུགས་མཆོག་བཛྲ་ཧེ་རུ་ཀས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཞེ་སྡང་དྲི་མ་རབ་སྦྱངས་ནས༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག་ལ། ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་ངང་ཉིད་ལས༔ སངས་རྒྱས་ཡེ་ཤེས་སྐུ་བྱུང་བ༔ འབར་བའི་ཁྲོ་བོ་གཟི་བརྗིད་ཅན༔ ཡོན་ཏན་རཏྣ་ཧེ་རུ་ཀས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ང་རྒྱལ་དྲི་མ་རབ་སྦྱངས་ནས༔ མཉམ་ཉིད་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཏྲཱཾ༔ གསང་བར་བཞག་ལ། ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་ངང་ཉིད་ལས༔ སངས་རྒྱས་ཡེ་ཤེས་སྐུ་བྱུང་བ༔ འབར་བའི་ཁྲོ་བོ་གཟི་བརྗིད་ཅན༔ ཕྲིན་ལས་ཀརྨ་ཧེ་རུ་ཀས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲག་དོག་དྲི་མ་རབ་སྦྱངས་ནས༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱ༔ བུམ་ཆུ་སྤྱི་བོར་གཏོར་བླུགས་བྱས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ རྣམ་རྟོག་དྲི་མ་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དེ་ལྟར་བུམ་པའི་ཆུ་སྤྱི་བོ་ནས་བླུགས་པས། དྲི་མ་ཐམས་ཅད་དག་ནས། ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུ་ཡར་འཕྱུར་བ་ལས། དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན་པར་མོས་ཤིག །དབུ་རྒྱན་བཅིངས་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ གཙོ་བོ་ཡབ་ཡུམ་ནས་བརྩམ་ལྷ་ཙཀ་རྣམས་འདོན་ཚིག་དང་མཐུན་པར་སྤྱི་བོའི་གནས་སོ་སོར་འཇོག་ཚུལ་བྱས་ལ། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་སོ་སོ་ལ་ཐིམ་པས་དེ་དག་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །ཧཱུྃ༔ དཔལ་ཆེན་དཔའ་བོའི་དབང་ཕྱུག་ཐབས་ཀྱི་མཆོག༔ དཔལ་ལྡན་རྟ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ ཞལ་གསུམ་སྐུ་གསུམ་དོན་དང་ལྡན༔ ཕྱག་དྲུག་རྒྱུ་དྲུག་རྩད་ནས་གཅོད༔ ཞབས་བཞི་སྐྱེ་བཞི་དབྱིངས་སུ་སྒྲོལ༔ སྐུ་ལས་མེ་འབར་དུག་ལྔ་སྲེག༔ དབུ་གསུམ་སྟེང་ན་རྟ་དབུ་ནི༔ གཟི་བརྗིད་མེ་འབར་རྟ་སྐད་འཚེར༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ སྐུ་གསུམ་ཡེ་ཤེས་ལྷུན་གྲུབ་ཞིང༔ ཡེ་ཤེས་རྟ་སྐད་ཕྱོགས་བཅུར་འཚེར་བ་ཡིས༔ ཁམས་གསུམ་ཉོན་མོངས་སྲེག་མཛད་ཅིང༔ ཐམས་ཅད་ཟིལ་གནོན་དབང་ཐོབ་ཤོག༔ ཨོཾ་ཧྱ་གྲཱི་བ་གྷོ་ར་ཧྲཱིཿཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཤེས་རབ་དབྱིངས་ཀྱི་ཡུམ་མཆོག་མ༔ དཔལ་ཆེན་སྐུ་ལ་དགྱེས་པར་འཁྲིལ༔ ཐབས་དང་ཤེས་རབ་ཆེན་པོའི་ངང་དུ་རོལ༔ ཤེས་རབ་སྤྲུལ་པས་འོད་ཟེར་ཕྱོགས་བཅུར་འགྱེད༔ མཁའ་ཀློང་བདེ་ཆེན་ཡུམ་གྱི་བྱིན་རླབས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐབས་དང་ཤེས་རབ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཀྲོ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཧྲཱི༔ དཀྱིལ་འཁོར་ཕྱོགས་བཞིའི་ཁྲོ་རྒྱལ་རྣམ་པ་བཞི་དང་མཚམས་བཞིའི་མཁའ་འགྲོ་རྣམ་པ་བཞི་ལས་རང་འདྲའི་ལྷ་སྐུ་ཕྱག་རྒྱ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་བཞིའི་ཧེ་རུ་ཀ་བཞིའི་ཐུགས་ཀར་འཁོད་པར་མོས་ཤིག ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་མཁའ་དབྱིངས་ནས༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས༔ རྡོ་རྗེ་གཞོན་ནུ་ཕུར་པའི་ལྷ༔ ཐུགས་ཉིད་མི་གཡོ་ཡེ་ཤེས་ངང༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་ཉིད་མི་རྟོག་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་ནི༔ རྡོ་རྗེ་མཁའ་འགྲོ་བདུད་འདུལ་མ༔ གཉིས་མེད་ཡབ་ལ་བདེ་བར་སྦྱོར༔ ཐབས་དང་ཤེས་རབ་འབྲེལ་བའི་དབང་ཐོབ་ཤོག༔ བཛྲ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཨཱ༔ ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་མཁའ་དབྱིངས་ནས༔ སངས་རྒྱས་ཀུན་གྱི་སྐུ་ཡི་སྲས༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད༔ སྐུ་མདོག་རྣམ་དག་ཡེ་ཤེས་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་གཤེགས་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་ནི༔ རིན་ཆེན་མཁའ་འགྲོ་དངོས་གྲུབ་དཔལ༔ གཉིས་མེད་ཡབ་ལ་བདེ་བར་སྦྱོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐབས་དང་ཤེས་རབ་འབྲེལ་བའི་དབང་ཐོབ་ཤོག༔ ཨོཾ་རཏྣ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཨཱ༔ ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་མཁའ་དབྱིངས་ནས༔ སངས་རྒྱས་སྤྲུལ་པ་ཐུགས་ཀྱི་སྲས༔ རིག་སྔགས་གསང་སྔགས་ཀུན་གྱི་བདག༔ ཐུགས་མཆོག་རྣམ་དག་ཡེ་ཤེས་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་རྟོག་བདེ་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་དང་གཉིས་མེད་སྦྱོར་བའི་ཡུམ་ཆེན་ནི༔ པདྨ་མཁའ་འགྲོ་བདེ་ཆེན་མ༔ གཉིས་མེད་ཡབ་ལ་བདེ་བར་སྦྱོར༔ ཐབས་དང་ཤེས་རབ་འབྲེལ་བའི་དབང་ཐོབ་ཤོག༔ པདྨ་ཀྲོ་ཏཱི་ཤྭ་རཱི་ཧཱུྃ་ཨ༔ ཧཱུྃ༔ ཆོས་ཉིད་སྤྲོས་བྲལ་མཁའ་དབྱིངས་ནས༔ སངས་རྒྱས་སྤྲུལ་པ་ཕྲིན་ལས་སྲས༔ ལེགས་ལྡན་མགོན་པོ་ཕྲིན་ལས་བདག༔ མཐུ་སྟོབས་མྱུར་མགྱོགས་དྲག་ཤུལ་གྱིས༔ མ་རུངས་གདུག་པ་ཚར་གཅོད་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་མ༔ ལས་ཀྱི་མཁའ་འགྲོ་ཕྲིན་ལས་བདག༔ གཉིས་མེད་ཡབ་ལ་བདེ་བར་སྦྱོར༔ ཐབས་དང་ཤེས་རབ་འབྲེལ་བའི་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཨཱ༔ དབུ་གཙུག་གི་ཡེ་ཤེས་ཁྱུང་ཆེན་རྣམ་པ་གསུམ་ལས་རང་འདྲ་འཕྲོས་ཁྱེད་རང་རྣམས་ཀྱི་དབུ་གཙུག་གི་ཁྱུང་ཆེན་ལ་ཐིམ་པར་མོས་ཤིག །ཧཱུྃ༔ ཡེ་ཤེས་ལྔ་ལྡན་དུག་ལྔ་འཇོམས་མཛད་པའི༔ མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ཀ་རུ་ན༔ རྡོ་རྗེ་མཆུ་ཡིས་རོལ་ཏེ་ཀླུ་སྦྲུལ་གསོལ༔ སྤྱན་མིག་འོད་འབར་སྲིད་གསུམ་བྱ་ར་བྱེད༔ འདབ་གཤོག་རལ་གྲི་མཚོན་ཆར་གཏམས༔ སྐུ་ལས་ཡེ་ཤེས་མེ་འབར་ཀླུ་གདོན་སྲེག༔ བྱིན་རླབས་སྐུ་ཡིས་སྲིད་གསུམ་འདུལ་མཛད་པའི༔ མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་ཀ་རུ་ནས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ས་བདག་ཀླུ་བདུད་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཧཱ༔ ཁྲོཾ་ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུྃ་ཨ་བྷི་ཥིཉྩ་ཨཱ༔ དཀྱིལ་འཁོར་གྱི་ཁྲོ་བོ་བཅུ་ལས་རང་འདྲ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་དང་དཔྲལ་བ་ལ་སོགས་པའི་གནས་བཅུར་འཁོད་པར་མོས་ཤིག ཧཱུྃ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྲས༔ འཇིགས་བྱེད་རོལ་པའི་སྟངས་སྟབས་ཅན༔ ཡེ་ཤེས་བསྐལ་པའི་མེ་ཆེན་འབར་བ་ཡིས༔ སྲིད་གསུམ་མུན་ནག་ཐམས་ཅད་སེལ་མཛད་ཅིང༔ གཞན་གྱིས་མི་ཐུབ་སྐུ་གསུང་ཐུགས་འཆང་བའི༔ ཁྲོ་བོ་རྣམ་པར་རྒྱལ་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་དྲི་ཟ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ནཱི་ལ་དཎྜ་འཇིགས་བྱེད་འབར་བའི་སྐུ༔ མ་རིག་རྨོངས་པའི་མུན་ནག་སེལ་བར་བྱེད༔ རྡོ་རྗེ་དབྱུག་པས་བདུད་དཔུང་འཇོམས་མཛད་པ༔ ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་དྲང་སྲོང་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་གཤིན་རྗེའི་གཤེད༔ ཐུགས་རྗེ་ཆེན་པོས་ཉོན་མོངས་ཐམས་ཅད་འཇོམས༔ འཇིག་རྟེན་ཟིལ་གནོན་འཇིགས་བྱེད་རྒྱན་གྱིས་བརྒྱན༔ ཡེ་ཤེས་སྤྱན་གྱིས་མ་རིག་མུན་པ་སེལ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་གཤིན་རྗེ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧཱུྃ༔ མི་གཡོ་མགོན་པོ་རི་རབ་བཞིན༔ རྣམ་རྟོག་བསྐལ་པའི་རླུང་གིས་མི་སྐྱོད་ཅིང༔ ཐུགས་རྗེ་ཆེན་པོས་བདུད་དཔུང་འཇོམས་མཛད་པ༔ ཁྲོ་རྒྱལ་མི་གཡོ་མགོན་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་སྲིན་པོ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཧ་ཡ་གྲཱི་བ་རྟ་མཆོག་དཔལ༔ ཆགས་མེད་སྐུ་ནི་ནུབ་ཀའི་དམར་ཐག་འདྲ༔ འབར་འཕྲོ་དབུ་དམར་རལ་པ་གྱེན་དུ་འཁྱིལ༔ པདྨ་རིག་སྔགས་རྒྱལ་པོ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་ཀླུ་གཉན་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧཱུྃ༔ ཆགས་པའི་ཐབས་ཀྱིས་ཐབས་ལ་དབང་བསྒྱུར་བས༔ འདོད་ཆགས་དག་པས་དབང་ཕྱུག་དག་པའི་སྐུ༔ ཡེ་ཤེས་པདྨ་ལྟ་བུའི་དབང་བསྐུར་བ༔ ཁྲོ་རྒྱལ་ཁམས་གསུམ་རྣམ་པར་རྒྱལ་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་རླུང་ལྷ་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧཱུྃ༔ སྐུ་གསུང་ཐུགས་འཛིན་མཉམ་ཉིད་བདུད་རྩིར་འཁྱིལ༔ དུག་གསུམ་བདུད་རྩིར་སྒྱུར་མཛད་སྨན་གྱི་མཆོག༔ བདུད་རྩི་ལྟ་བུར་འགྲོ་བའི་དོན་མཛད་པའི༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་གནོད་སྦྱིན་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལི་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧཱུྃ༔ རྣལ་འབྱོར་དབང་ཕྱུག་ཀུན་ཏུ་བཟང་པོ་ནི༔ བྱིན་རླབས་སྐུ་ཡིས་སྲིད་གསུམ་ཀུན་འདུལ་ཞིང༔ ཡེ་ཤེས་མི་གཡོ་རྡོ་རྗེའི་བྲག་སྟེང་ན༔ འོད་ཕུང་འཁྱིལ་པས་དོན་མཛད་འབར་བའི་སྐུ༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་དང་དབང་ལྡན་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧཱུྃ་ཀཱ་ར༔ ཉི་ཟླ་གཟའ་སྐར་འབར་བས་ལུས་བརྒྱན་ཅིང༔ ཡེ་ཤེས་འབར་བའི་མེ་སྟག་འཕྲོ་བ་ཡིས༔ སྲིད་གསུམ་མུན་ནག་མ་ལུས་སེལ་མཛད་པའི༔ ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་རས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉི་ཟླ་གཟའ་སྐར་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ ཧཱུྃ༔ མ་ཆགས་པདྨ་འཁོར་ལོ་འབར་བའི་སྐུ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་ཅིང༔ སེམས་ཅན་བླ་མེད་གནས་སུ་སྒྲོལ་མཛད་པའི༔ ཁྲོ་རྒྱལ་པདྨ་འཁྱིལ་བ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདུད་སྲིན་ས་བདག་འདུལ་བའི་དབང་ཐོབ་ཤོག །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ དཀྱིལ་འཁོར་གྱི་སྒོ་མ་བཞི་ལས་རང་འདྲའི་ལྷ་སྐུ་ཕྱག་རྒྱ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་ཡན་ལག་བཞི་ལ་འཁོད་པར་མོས་ཤིག །ཧཱུྃ༔ བདེ་གཤེགས་ཐུགས་ཀྱི་སྤྲུལ་པ་ལས༔ ཤར་གྱི་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་འོད་འབར་འགུགས་བྱེད་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་མྱུར་དུ་འགུགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨཾ་གུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བདེ་གཤེགས་ཡོན་ཏན་སྤྲུལ་པ་ལས༔ ལྷོ་ཡི་སྒོ་མ་ཞགས་པ་མ༔ སེར་མོ་འོད་འབར་འཆིང་བྱེད་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ཡན་ལག་བཅིང་བའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ བདེ་གཤེགས་གསུང་གི་སྤྲུལ་པ་ལས༔ ནུབ་གྱི་སྒོ་བ་ལྕགས་སྒྲོག་མ༔ དམར་མོ་འོད་འབར་སྡོམ་བྱེད་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་དབང་པོ་སྡོམ་བྱེད་དབང་ཐོབ་ཤོག༔ ཨོཾ་བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ བདེ་གཤེགས་ཕྲིན་ལས་སྤྲུལ་པ་ལས༔ བྱང་གི་སྒོ་མ་དྲིལ་བུ་མ༔ སྔོན་མོ་འབར་བའི་མྱོས་བྱེད་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ཐལ་བར་བརླག་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གྷཎྜེ་ཧོཿཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལུས་རྒྱལ་བའི་དཀྱིལ་འཁོར་དུ་དབང་བསྐུར་པ་ལ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་རློབ་པའི་སླད་དུ་དཀྱིལ་འཁོར་ལྷའི་གནས་གསུམ་ནས་འབྲུ་གསུམ་གྱི་ཡི་གེ་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོའི་ལྷ་རྣམས་ཀྱི་གནས་གསུམ་དུ་འཁོད་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །འབྲུ་གསུམ་དཀར་དམར་མཐིང་གསུམ་གནས་གསུམ་དུ་རིམ་པར་བཞག་ལ། སྐུ་ཡི་ཡི་གེ་ཨོཾ་དཀར་པོ༔ སངས་རྒྱས་སྐུ་ཡི་སྙིང་པོ་སྟེ༔ གཏི་མུག་དྲི་མ་སྦྱོང་བར་བྱེད༔ དག་བྱེད་ཨོཾ་གྱི་དབང་བསྐུར་བས༔ སངས་རྒྱས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ གསུང་གི་ཡི་གེ་ཨཱཿདམར་པོ༔ སངས་རྒྱས་གསུང་གི་སྙིང་པོ་སྟེ༔ ངག་གི་དྲི་མ་དག་བྱེད་པའི༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱཿཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཐུགས་ཀྱི་ཡི་གེ་མཐིང་ག་ནི༔ སངས་རྒྱས་ཐུགས་ཀྱི་སྙིང་པོ་སྟེ༔ ཞེ་སྡང་དྲི་མ་སྦྱོང་བར་བྱེད༔ དག་བྱེད་ཐུགས་ཀྱི་དབང་བསྐུར་བས༔ སངས་རྒྱས་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པ་ཡིན་པས་ལུས་གནད་མཐེ་བོང་ཁར་ལངས་ཏེ་སྒྲིམས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་ཡི་དམ་དབང་ཆེན་རྟ་མགྲིན་ཡབ་ཡུམ་དུ་གསལ་བའི་སྐུའི་གནས་ལྔར་ཧེ་རུ་ཀ་ལྔ་དང་ཁྲོ་ཆེན་བཞི་ཡུམ་དང་བཅས་པ། ཁྲོ་བོ་བཅུ། སྒོ་མ་བཞི། ཁྱུང་ཆེན་གསུམ། སོ་སོའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་བཅས་པར་གསལ་བའི་རྐང་ཞབས་ཀྱི་ཡཾ་ལས་རླུང་བྱུང་། རྐང་བོལ་དུ་གནས་པའི་རཾ་ལས་མེ་འབར་བས་ལུས་ཐམས་ཅད་ཡེ་ཤེས་ཀྱི་མེར་འབར་བའི་འོད་ཀྱིས་བསྐུལ་ཏེ་ལྷ་སོ་སོའི་གནས་གསུམ་གྱི་ཡི་གེ་གསུམ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དཔལ་ཆེན་རྟ་མཆོག་རྒྱལ་པོ་སོགས་ཁྲོ་བོ་ཡབ་རྣམས་ཀྱི་རྣམ་པ། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཁྲོ་མོ་གཟི་ལྡན་མ་སོགས་ཡུམ་རྣམས་ཀྱི་རྣམ་པར་བཞེངས་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛྭ་ལ་རཾ་གྱི་སྒྲ་སྒྲོག་བཞིན་པར་ནམ་མཁའ་གང་བ་ཙམ་དུ་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་གཙོ་བོ་ཡེ་ཤེས་པ་ཡབ་ཡུམ་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བྱོན་ནས་དྭངས་མ་ཉི་ཟླའི་གདན་ལ་བཞུགས། དེ་རྒྱབ་འདབ་བརྒྱད་ལ་ཁྲོ་ཆེན་ཡབ་ཡུམ་བརྒྱད་བཞུགས། ལུས་ཀྱི་གནས་བཅུར་ཁྲོ་བོ་བཅུ། ཡན་ལག་བཞི་ལ་སྒོ་མ་བཞི། བ་སྤུའི་བུ་ག་ཐམས་ཅད་རྟ་མགྲིན་གྱི་སྐུ་གྲངས་མེད་པས་གཏམས་པར་མོས་ཤིག །བྱས་ལ་འབེབ་པའི་རྫས་དུད་དང་རོལ་མོའི་སྒྲ་སྦྱར་ལ། ཨོཾ་ཨཱཿཧཱུྃ་ཧ་ཡ་གྲཱི་བ་ཛཿཧཱུྃ་བཾ་ཧོ༔ ཨཱ་བེ་ཤ་ཡ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དབབ་ཅིང་བརྟན་པར་བྱས་ལ། དེ་ལྟར་ཁྱེད་རང་རྣམས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷའི་དཀྱིལ་འཁོར་དུ་གསལ་བ་ལ་ཕྱི་ཉེ་བར་སྤྱོད་པ། ནང་ཚོགས་ཀྱི་བཟའ་བཏུང་། གསང་བ་རིག་མའི་བདེ་བ་དང་གླུ་གར་རྣམས་ཀྱིས་མཆོད་པར་བྱས་པའི་མོས་པ་མཛོད་ཅིག །ཉེར་སྤྱོད་བཏེགས་ལ། ཨོཾ་ཤྲཱི་ཧ་ཡ་གྲཱི་བ་སརྦ་མཎྜ་ལ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྔར་བྱིན་གྱིས་བརླབས་པའི་ཚོགས་རྫས་དྲངས་ལ། མ་ཧཱ་ག་ཎ་ཙཀྲ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། གླུ་གར་དང་འཁྱུད་རྒྱ་བྱས་ལ། ཛྙཱ་ན་གཱི་ཏཱི་ཧྲཱི༔ བཛྲ་ནིརྟི་ཨཱ༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ལྔ་པ་ངག་ལ་སྔགས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱེད་རང་རྣམས་ལྷར་གསལ་བའི་ལྕེ་ལ་ཧཱུྃ་ཧྲཱིཿཨཱཿཞེས་པའི་ཡིག་འབྲུ་རྣམས་མགོ་གྱེན་བསྟན་དུ་གནས་པའི་མཐར་བསྙེན་པའི་སྔགས་ཕྲེང་གིས་བསྐོར་བ། ལྕེ་ལ་བདུད་རྩིས་འབྲུ་གསུམ་པོ་དེ་བྲི་བར་གསུངས་ཀྱང་འགྲུབ་དཀའ་བས་ཐིག་ལེ་ཙམ་བྱས་ལ། དེ་ནས་སློབ་དཔོན་གྱི་ལྗགས་ཀྱི་སྔགས་ལས་འོད་ཟེར་བྱུང་ནས་སློབ་མའི་ལྕེའི་སྔགས་ལ་ཐིམ་པས་ངག་ནུས་པ་དང་ལྡན་པར་མོས་ཤིག །ཧཱུྃ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ གསུང་གི་འོད་ཟེར་འབྲུག་སྒྲ་སྒྲོག༔ བྱིན་པའི་ནུས་མཐུས་དྲེགས་པ་དབང་སྡུད་པ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐུ་སྟོབས་གསུང་དབྱངས་མཆོག་གི་དབང་ཐོབ་ཤོག༔ གུ་ཧྱ་ཛྙཱ་ན་མནྟྲ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ སྙིང་པོའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཨོཾ་ཧྱ་གྲཱི་བ་སོགས་གསུམ་བརྗོད་དུ་གཞུག །དྲུག་པ་ཐུགས་ལ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་མེ་ལོང་གི་བརྡས་མཚོན་ཏེ་རང་སེམས་སྟོང་གསལ་རིག་པའི་སྙིང་པོ་ཅན་མ་བཅོས་གཉུག་མའི་ངང་དུ་མཉམ་པར་འཇོག་འཚལ། བདུད་རྩིས་སྙིང་གར་ཧཱུྃ་བྲི་བར་གསུངས་པས་བྲི་བའི་ཚུལ་ལམ་ཐིག་ལེ་བཀོད་ཅིང་དེ་ལྟར་ཡོད་པར་བསྒོམ་མེ་ལོང་བསྟན་ལ། ཧཱུྃ༔ རྟོག་པའི་འདུ་འཕྲོ་རྩ་བྲལ་ཆོས་ཉིད་ངང༔ བྱུང་ཚོར་ཐམས་ཅད་ནམ་མཁའི་སྤྲིན་ཚོགས་ལྟར༔ རང་བྱུང་རང་ཞི་ཆོས་ཉིད་བྱང་ཆུབ་སེམས༔ མི་འགྱུར་རང་བཞིན་ཆོས་སྐུ་མཚན་བྲལ་བ༔ རང་བྱུང་རང་ལ་གནས་པར་ཤེས་པར་གྱིས༔ རང་སེམས་ཆོས་སྐུ་ངོ་ཤེས་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལུས་ངག་ཡིད་གསུམ་ལ་རྟ་མཆོག་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་པས་དེང་ཕྱིན་ཆད་འདི་ལྟར་སྣང་བ་ཐམས་ཅད་ལྷའི་འཁོར་ལོ། སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་སྒྲ །དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་འབའ་ཞིག་ཏུ་ཤེས་པའི་སྲོག་སྡོམ་གཟེར་བཞིའི་ཕྱག་རྒྱས་ཐ་མལ་གྱི་སྣང་ཞེན་ཀུན་ལ་ཐེབས་པར་གྱིས་ཤིག །བདུན་པ་ཕྱག་མཚན་ཕྲིན་ལས་ཀྱི་དབང་བསྐུར་བ་ལ། ཁྱེད་རང་རྣམས་དཔལ་ཆེན་རྟ་མཆོག་རྒྱལ་པོར་གསལ་བའི་ཕྱག་གཡས་སུ་རྡོ་རྗེའི་ཐོ་བ་དང་གཡོན་དུ་མེ་ཕུང་འབར་བ་གཏད་ཅིང་མངའ་གསོལ་བས་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མོས་ཤིག །ཕྱག་མཚན་གཉིས་རིམ་པར་གཏད་ལ། ཨེ་མ་རྡོ་རྗེ་སློབ་དཔོན་ངས༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོའི་ཕྱག་མཚན་ནི༔ ཡེ་ཤེས་རྡོ་རྗེ་ཐོ་བ་འདི༔ ཕྱག་ཏུ་གཏད་དེ་དབང་བསྐུར་བས༔ དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ བཛྲ་མུསྟི་ཨ་བྷི་ཥིཉྩ་ཧཱུྃ༔ ཨེ་མ་རྡོ་རྗེ་སློབ་དཔོན་ངས༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དཔལ་ཆེན་ཁྲོ་བོའི་ཕྱག་མཚན་ནི༔ ཡེ་ཤེས་མེ་ཕུང་འབར་བ་འདི༔ ཕྱག་ཏུ་གཏད་དེ་དབང་བསྐུར་བས༔ ཉོན་མོངས་བག་ཆགས་སྲེག་པའི་དབང་ཐོབ་ཤོག༔ ཕཊ་རཾ་ཛྭ་ལ་རཾ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཨཱ༔ བརྒྱད་པ་དུར་ཁྲོད་ཆས་བརྒྱད་ཡོན་ཏན་གྱི་དབང་བསྐུར་བ་ལ། བགོ་བའི་གོས་གསུམ་སྟོད་སྨད་དུ་བགོ །ཐོད་སྦྲུལ་གྱི་རྒྱན་གྱིས་སྐུ་ལ་བརྒྱན། བྱུག་པའི་རྩི་གསུམ་གནས་སོ་སོར་བྱུགས་པས་དཔལ་རྟ་མཆོག་གི་ཆེ་བའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པར་མོས་ཤིག །རྒྱན་ཆས་ཀྱི་ཙཀླི་སོ་སོར་གཏོད་པའི་ཚུལ་བྱས་ལ། ཨེ་མ་རྒྱལ་སྲས་ཁྱོད་ཉིད་ལ༔ གླང་ཆེན་ཀོ་རློན་འདི་གསོལ་བས༔ བདུད་རྣམས་འདུལ་བའི་མཐུ་སྟོབས་ལྡན༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ བདུད་རྣམས་འདུལ་བའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་སྐུ་རགས་ལ༔ ཞིང་ཆེན་རྒྱན་མཆོག་འདི་སྦྱིན་པས༔ མི་འཁོར་མི་ལྡོག་མཐུ་སྟོབས་ལྡན༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་སྐུ་ཤམ་ལ༔ སྟག་ལྤགས་གཟི་མདངས་འདི་སྦྱིན་པས༔ དཔའ་རྟགས་འཁོར་བ་སྒྲོལ་བའི་མཐུ་སྟོབས་ལྡན༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ མཐའ་གཉིས་འཇོམས་པའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་སྐུ་རྒྱན་ལ༔ དུང་ཆེན་ཚར་གསུམ་ཐོད་པའི་ཕྲེང་བ་སྦྱིན་པ་ཡིས༔ འདུ་བྱེད་ལྔ་བཅུ་རྣམ་དག་ནས༔ ཆོས་སྐུ་མཐར་ཕྱིན་སྟོབས་དང་ལྡན༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ དུག་གསུམ་རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་དོ་ཤལ་ལ༔ མཉེན་ལྕུགས་སྦྲུལ་ཞགས་བྱིན་པ་ཡིས༔ ཞེ་སྡང་རྣམ་དག་མཐུ་སྟོབས་ལྡན༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ རཀྟ་དམར་གྱི་ཐིག་ལེ་བྱུགས་པ་འདི༔ འཁོར་བ་ཐུགས་རྗེས་མི་གཏོང་འདྲེན་པའི་མཐུ་སྟོབས་ལྡན༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ ཆགས་མེད་འགྲོ་དོན་བྱེད་པའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྨད་ལ༔ ཞག་གི་ཟོ་རིས་བརྒྱན་པ་འདི༔ འཁོར་བ་བཅུད་འདྲེན་ལོག་རྟོག་འཇོམས་པའི་རྟགས༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ འཁོར་འདས་དབྱེར་མེད་བདུད་རྩིའི་དབང་ཐོབ་ཤོག༔ རྒྱལ་སྲས་ཁྱོད་ཀྱི་སྤྱི་བོ་རུ༔ ཐལ་ཆེན་ཚོམ་བུས་བརྒྱན་པ་འདི༔ བདུད་འདུལ་ཕྲིན་ལས་གྲུབ་པའི་རྟགས༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ བདུད་སྲིན་དྲེགས་པ་སྒྲོལ་བའི་དབང་ཐོབ་ཤོག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་དབང་བསྐུར་བས༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པ་དང༔ དཔལ་ཆེན་ཁྲོ་ཚོགས་དགྱེས་པ་དང༔ བདུད་དང་དགྲ་བགེགས་སྒྲོལ་བར་ཤོག༔ དགུ་པ་སྒྲུབ་པའི་དམ་རྫས་རྣམས་ཀྱི་དབང་བསྐུར་བས་ལས་དང་དངོས་གྲུབ་སྒྲུབ་པ་ལ་ཐོགས་པ་མེད་པའི་མཐུ་དབང་ཐོབ་པར་མོས་ཤིག །དཀྱིལ་འཁོར་དབུས་ཀྱི་གཙོ་ཕུར་གཏད་ལ། ཧཱུྃ༔ དཀྱིལ་འཁོར་དབུས་ན་དཔལ་ཆེན་སྐུ་བཞུགས་པ༔ ཁྲོ་འགྱིང་གཟི་བརྗིད་དཔལ་ལྡན་དྲེགས་པ་སྟེ༔ སྐུ་སྟོད་ཁྲོ་བོ་རྔམ་པ་ལ༔ རྐེད་པ་སྤྲུལ་པའི་ཁྲོ་བོ་ཡབ་ཡུམ་བཞུགས་པའི་གནས༔ སྐུ་སྨད་ཆུ་སྲིན་འབར་བའི་ཞལ་ཁ་ནས༔ གནམ་ལྕགས་དབལ་དྲག་ཕུར་པ་ཟུར་གསུམ་བྱུང༔ རྣོ་དབལ་ལྡན་ཞིང་མེ་ཕུང་འབར་བ་ཡི༔ རྟ་མཆོག་རོལ་པས་བརྒྱན་པའི་འགྱིང་ཕུར་འདི༔ བཅངས་པ་ཙམ་གྱིས་དྲེགས་པ་རྡུལ་དུ་བརླག༔ བཏབ་པ་ཙམ་གྱིས་སྲིད་གསུམ་དུས་གཅིག་སྒྲོལ༔ འཕང་བ་ཙམ་གྱིས་ཁམས་གསུམ་སྙིང་ཁྲག་གཏོར༔ སྟོབས་ལྡན་ཆེན་པོ་དཔལ་གྱི་འགྱིང་ཕུར་འདི༔ རྒྱལ་སྲས་ཁྱོད་ཀྱི་ཕྱག་ཏུ་གཏད་པ་ཡིས༔ དུག་གསུམ་དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་ན་མོ་བུདྡྷཱ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ དྲག་པོའི་རྫས་རྒོད་ཀྱི་དོང་བུ་གཏད་ལ། ཧཱུྃ༔ དཔལ་ཆེན་ཁྲོ་བོའི་བྱིན་རླབས་ལས༔ གནམ་ལྕགས་དོང་བུ་སྤྲུལ་པའི་ཚྭ་ཚྭ་འཕྲོ༔ ནང་ན་སྤྲུལ་པའི་རྫས་རྒོད་ཁྲོ་བོས་གཏམས༔ སྤྲུལ་པའི་འོད་ཟེར་ཐོག་དང་མཚོན་ཆ་འཕྲོ་བ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་པ་བདུད་སྲིན་འདུལ་བའི་དབང་ཐོབ་ཤོག༔ ཙནྡྷེ་ཙནྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ ཡེ་ཤེས་རྡོ་རྗེ་སེར་པོ་རྩེ་ལྔ་པ༔ ཡེ་ཤེས་ཐབས་ཀྱི་རང་བཞིན་ཏེ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ མི་འགྱུར་ཐབས་ཀྱི་དབང་ཐོབ་ཤོག༔ ཏིཥྛ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ དྲིལ་བུ་ལག་གཡོན་དུ་གཏད་ལ། ཧཱུྃ༔ སྟོང་ཉིད་ཆོས་སྒྲ་དྲིལ་བུ་འདི༔ ཤེས་རབ་ཡུམ་གྱི་རང་བཞིན་ཏེ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ ཐབས་དང་ཤེས་རབ་ཟུང་འཇུག་ཆེན་པོའི་དབང་ཐོབ་ཤོག༔ ཨ་དྷརྨ་ཨ་བྷི་ཥིཉྩ་ཨཱ༔ ཐོད་པའི་ཌཱ་མ་རུ་གཏད་ལ། ཧཱུྃ༔ བྷནྡྷ་ལྟག་སྤྲོད་རྔ་ཆེན་འདི༔ དཔལ་ཆེན་ཡབ་ཡུམ་མཆོད་པའི་རྫས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ དཔའ་བོ་དཔའ་མོ་མཆོད་པའི་དབང་ཐོབ་ཤོག༔ རཱ་ཙ་ཏ་ཨ་བྷི་ཥིཉྩ་ཨཱ༔ རྐང་དུང་གཏད་དེ། ཧཱུྃ༔ མཆོག་ཕྲན་མཚན་ལྡན་རྐང་གླིང་འདི༔ དཔལ་ཆེན་ཡབ་ཡུམ་མཆོད་པའི་རྫས༔ བུས་པས་མཁའ་འགྲོ་དགྱེས་ནས་ཀྱང༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ མ་མ་གཱི་ཏི་ཨ་བྷི་ཥིཉྩ་ཨཱ༔ སྨན་ཐོད་གཏད་ལ། ཧོ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཞིང༔ དུག་ལྔ་སེལ་བའི་བདུད་རྩི་མཆོག༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༔ བདེ་གཤེགས་དཀྱིལ་འཁོར་མཆོད་པའི་རྫས༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ དེང་ནས་བཟུང་ནས་དུས་ཀུན་ཏུ༔ བདེ་གཤེགས་མཆོད་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ པཱུ་ཛ་ཨ་བྷི་ཥིཉྩ་ཨཱ༔ མཆོད་གཏོར་གཏད་ལ། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ ཙིཏྟ་རཀྟ་བ་སུ་ཏ༔ གོ་རོ་ཙ་ན་སུ་རར་བཅས༔ ཞལ་ཟས་ཚོགས་ཀྱིས་བཀང་བ་འདི༔ བདེ་གཤེགས་དཀྱིལ་འཁོར་མཆོད་པའི་རྫས༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ དེང་ནས་བཟུང་ནས་དུས་ཀུན་ཏུ༔ བདེ་གཤེགས་མཆོད་པའི་དབང་ཐོབ་ཤོག༔ ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ རཀྟ་གཏད་ལ། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ ཆེན་པོ་ལྔ་ཡི་རཀྟ་དང༔ ཚེ་འཛིན་མཆོག་གི་དམར་ཆེན་དམ་པ་སྟེ༔ ཞིང་གི་སྣས་འཕྱོ་འདོད་པའི་ལྷ་མོ་འཕྲོ༔ རཀྟ་དམར་གྱི་ཨརྒྷཾ་ཆེན་པོ་འདི༔ བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་དང༔ བགེགས་ཀྱི་དཔུང་ཚོགས་མ་ལུས་བཅོམ་པ་དང༔ བདུད་ཀྱི་རྒྱལ་པོའི་མཐུ་རྩལ་འཕྲོག་པ་དང༔ དྲེགས་པ་ཕོ་མོ་བསྒོ་བ་ཉན་པའི་ཕྱིར༔ ཁམས་གསུམ་རཀྟའི་མཆོད་པ་འདི༔ རྒྱལ་སྲས་ཁྱོད་ལ་སྦྱིན་པ་ཡིས༔ དེང་ནས་བཟུང་སྟེ་དུས་ཀུན་ཏུ༔ བདེ་གཤེགས་མཆོད་པའི་དབང་ཐོབ་ཤོག༔ རཀྟ་ཛྭ་ལ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ་ཨཱ༔ བཅུ་པ་རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཅེས་མཎྜལ་འབུལ་གཞུག །གཞུང་པོད་ཀྱི་གླེགས་བམ་གཏད་ལ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས༔ ཡང་དག་དཀྱིལ་འཁོར་འདིར་ཞུགས་ནས༔ གསང་སྤྱོད་འདོད་ཡོན་མི་བཀག་ཀུན་སྤྱོད་དོ༔ བདུད་རྩི་ལྔ་ལ་རབ་སྤྱད་ཁམས་གསུམ་སྒྱུ་མ་ལྟར་ཤེས་པས༔ ལུས་སྲོག་མི་ལྟོས་བརྩོན་འགྲུས་ཀྱིས༔ འགྲོ་ཀུན་དོན་ལ་རབ་འབད་དེ༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ མཚུངས་མེད་འགྲོ་དོན་ཆེན་པོ་གྱིས༔ དེང་ནས་ཆོས་རྒྱལ་དབང་བསྐུར་གྱིས༔ རྡོ་རྗེ་སློབ་དཔོན་དབང་ཐོབ་ཤོག༔ ཨོཾ་དྷརྨ་ཙཀྲ་ཨ་ནུ་སརྦ་ད་ར་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་ཁྱེད་རང་རྣམས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་དབང་བསྐུར་བ་ཡིན་པས། དེང་ཕྱིན་ཆད་འདོད་པའི་ཡོན་ཏན་ལྔ་ལ་དགག་སྒྲུབ་ཀྱི་མཚན་རྟོག་དང་བྲལ་བས་ཆོས་ཉིད་སྒྱུ་མའི་རང་བཞིན་དུ་ལོངས་སྤྱོད་པ་དང་། གསང་སྔགས་ཟབ་མོའི་རྒྱུད་ལུང་མན་ངག་ཐམས་ཅད་ཚུལ་བཞིན་དུ་སྤྱོད་ཅིང་བཤད་པ་དང་སྒྲུབ་པ་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །ཅེས་རྗེས་སུ་གནང་ཞིང་དངོས་སམ་དམིགས་པའི་སྒོ་ནས་ཁྲི་གདུགས་མཆོད་པའི་བཀོད་པ་དང་བཅས་ཏེ། བཀྲ་ཤིས་དང་རྟེན་སྙིང་བརྗོད། མེ་ཏོག་འཐོར། རོལ་མོའི་སྒྲ་སྙན་ཅིང་བརྗིད་པ་རྣམས་ཀྱི་མངའ་གསོལ། སློབ་མ་བརྒྱུད་འཛིན་ཐུན་མོང་མ་ཡིན་པ་ལ་དྲེགས་པའི་སྲོག་དབང་བྱེད་ན་འདིར་སྦྲེལ་ལོ། །དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་སྟོན་ཆེན་པོ་གྲུ་གུ་ཡང་དབང་རྡོ་རྗེ་གཏེར་བཞད་རྩལ་གྱི་ཟབ་གཏེར་གྱི་གསང་བ་ལས་བྱོན་པའི་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས། དམ་ཚིག་བསྒྲག་གཟུང་། གཏོང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་ཆོག་ཟུར་དུ་འབྱུང་བ་ལྟར་རམ་མི་འགྲུབ་ན་གཞུང་གི་དཀྱུས་སུ་ཡོད་པ་དེ་གཏང་། སྲུང་མའི་གཏོར་སྐྱོང་། ཆད་མདོ་བརྟན་མ་བྲོ་རབ་རྒྱས་བསྡུས་གང་འགྲུབ་དང་། གཏོང་རག་མཆོད་བསྟོད་གཏོར་འབུལ་ལས་འབྱུང་བ་ལྟར་བྱ། ནོངས་པ་བཤགས། ཡེ་ཤེས་པ་རྟེན་དང་རས་བྲིས་ལ་བརྟན་བཞུགས་གསོལ། དམ་ཚིག་གི་དཀྱིལ་འཁོར་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །བདེ་ཆེན་ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ཅི་བདེར་ཞུགས་ནས་པདྨ་ཧེ་རུ་ཀའི། །རོལ་པའི་གར་གྱིས་སྲིད་དང་ཞི་བའི་ཁམས། །དབང་བསྒྱུར་མཆོག་གི་ཕྱག་རྒྱ་མྱུར་འགྲུབ་ཤོག །ཅེས་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་དང་བརྒྱུད་འཛིན་ལ་ཕན་པའི་སེམས་ཀྱིས་གཏེར་གཞུང་རྩ་བ་དང་ཁྱབ་བདག་བླ་མའི་ཕྱག་བཞེས་གཞིར་བཞག་ལ། ལག་ལེན་དང་མཚམས་སྦྱོར་སོགས་ཁ་གསལ་བཀླག་ཆོག་མར་བྱས་ཏེ་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།
སྲུང་འཁོར་སྤྱིའི་རབ་གནས་ (Volume 42, Text 48)
སྲུང་འཁོར་སྤྱིའི་རབ་གནས་ནི། བདག་བསྐྱེད་སྔོན་དུ་འགྲོ་བས། གཞི་གཙང་མའི་ཁར་མེ་ཏོག་སིལ་མ་བཀྲམ་པའི་སྟེང་དུ་འཁོར་ལོ་བཞག་མཐར་མཆོད་པ་དང་གཏོར་མ་བཤམས། བགེགས་བསྐྲད། སྟོང་པའི་ངང་ལས་འཁོར་ལོ་པདྨ་རྡོ་ར་མེ་རི་སོགས་བྲིས་པ་བཞིན་དུ་བསྐྱེད། ཡིག་འབྲུ་རྣམས་འོད་དཔག་མེད་དུ་བསྒོམ། མིང་སྤེལ་རྣམས་བསྒྲུབ་བྱ་གང་ཡིན་དེར་བསྒོམས་ནས་སོ་སོར་དགུག་ཅིང་བསྟིམ། ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞིའི་རྒྱས་བཏབ། སླར་ཡང་དབང་ལྷ་སྤྱན་དྲངས། གསོལ་བ་བཏབ། དབང་བསྐུར་ནས་ཨརྒྷཾ་སོགས་ཆུ་གཉིས་རོལ་མོར་བཅས་པས་མཆོད། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཨཱཾ་ཨ་རོ་ལྀཀ྄་ཅེས་བརྒྱ་རྩ་བཟླ། དེ་ཉིད་འོད་དུ་ཞུ་བ་ལས་འཁོར་ལོར་བསྒྱུར་ནས་འདོད་དོན་ཐམས་ཅད་འགྲུབ་པའི་བྱེད་པོར་གྱུར་པར་བསམ་ཞིང་རང་སྔགས་དང་རྟེན་འབྲེལ་སྙིང་པོ་མང་དུ་བཟླས་ནས་བརྟན་བཞུགས་དང་ཤིས་བརྗོད་བྱའོ།། ࿊ །།ཡང་འཁོར་ལོ་རང་དང་མཐུན་པ་བྱེ་བྲག་གི་རབ་གནས་ནི། སྒྲུབ་ཐབས་བསྡུས་པ་འདི་རྡོ་རྗེ་གུར་གྱི་རྒྱུད་ལས་བྱུང་བ་བླ་མེད་ཀྱི་ལུགས་ཡིན་པས་སྐྱབས་སེམས་ནས་གཟུང་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་བགེགས་བསྐྲད། སྟོང་པའི་ངང་ལས་འཁོར་ལོ་པདྨ་རྡོ་རྗེའི་ར་བ་སོགས་བྲིས་པ་བཞིན་དུ་སྒོམ་པའི་དབུས་སུ་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ། པྲྃ་ཡིག་དཀར་པོ་ལས་བཅོམ་ལྡན་འདས་མ་སོ་སོ་འབྲང་མ་སྐུ་མདོག་དཀར་མོ་སོགས་ནས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའི་བར་སྒྲུབ་ཐབས་བཞིན་ལས། དེ་ནས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། རྡོ་རྗེ་སེམས་དཔའི་རང་བཞིན་ཅན། །ཞེས་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བ་ལ། པྲྃ་དཀར་པོ། སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། ཚུར་འདུས་སྔགས་ཕྲེང་ལ་ཐིམ་པར་བསམ་ནས། ཨོཾ་མ་ཎི་དྷ་རི་སོགས་བཟླས་པ་ཅི་འགྲུབ་བྱ། མཐར་མཁའ་ནང་ནས་འཇམ་པའི་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲུལ། བསྒྲུབ་བྱའི་དོན་བྱས་པར་བསམ་ཞིང་། བཟླས་པ་ཉེར་གཅིག་ཙམ་བྱས་ནས་འདོད་དོན་གསོལ་བ་བཏབ། སྔར་བཤམས་པའི་གཏོར་མ་བྱིན་གྱིས་བརླབ། རྩ་སྔགས་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། བསྟོད་པ་སྔར་བཞིན་དང་མཆོད་སྦྱིན་གཏོར་མ་འདི་བཞེས་ལ།སོགས་ཀྱིས་ཕྲིན་ལས་གསོལ། ལྷ་འོད་དུ་ཞུ་བ་འཁོར་ལོའི་རྣམ་པར་བསྒྱུར་ལ་རྩ་སྔགས་ཅི་རིགས་པ་དང་རྟེན་འབྲེལ་སྙིང་པོ་ཉེར་གཅིག་ཙམ་བཟླས་ནས་བརྟན་བཞུགས་དང་བཀྲ་ཤིས་བརྗོད་པ་རྣམས་བྱའོ། །ཞེས་པའང་གྲོ་ཚང་ཆོས་རྗེའི་བཞེད་པ་ལྟར་འགྱུར་མེད་རྡོ་རྗེས་སྤེལ་བའོ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མཆོད་བསྟོད་ནོངས་བཤགས་མདོར་བསྡུས (Volume 34, Text 48)
མཆོད་བསྟོད་ནོངས་བཤགས་མདོར་བསྡུས་ནི། ཧཱུྃ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་རྫས་ཀྱིས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད། །བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་། ཧཱུྃ། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང་། །ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ། །མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་བསྟོད་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ནོངས་པ་བཤགས་སོ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མི་མགོན་དཀར་པོའི་སྒྲུབ་ཐབས་ (Volume 51, Text 48)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཀླུ་མི་མགོན་དཀར་པོའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ མི་མགོན་དཀར་པོའི་བསྒྲུབ་པ་ནི༔ དཀྱིལ་འཁོར་མེད་དེ་གཏོར་མ་བཅའ༔ རང་ཉིད་རྡོ་རྗེ་གཏུམ་པོར་བསྐྱེད༔ མདུན་དུ་མི་མགོན་དཀར་པོ་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་པ༔ ཕྱག་གཉིས་བུམ་པ་སྦྲུལ་མགོ་བདུན༔ སྦྲུལ་མཇུག་འཁྱིལ་ཞིང་རིན་ཆེན་བརྒྱན༔ རང་རང་གནས་ནས་སྤྱན་དྲངས་བསྟིམ༔ ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ཧཱུྃ༔ དེ་ཡིས་མི་མགོན་དཀར་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་ཆར་པ་འབེབ་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ནཱ་ག་རཱ་ཙ་ཨ་ཏི་བྷ་རི་ཤ་ཡ་ཕོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སད་བཀག་རིམ་པ་ནི༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ཨུ་ལ་མི་ཏི་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ནོར་བསྒྲུབ་རིམ་པ་ནི༔ སྔགས་འདི་མང་བཟླས་ཀླུ་ཡི་ནི༔ དངོས་གྲུབ་སྟེར་བར་བསམ་པས་ཆོག༔ ཨོཾ་ནཱ་ག་རཱ་ཙ་ཨ་ཏི་སརྦ་སིདྡྷི་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈ ྈ འདིའི་ཞལ་གདམས་ནི། ས་བོན་ཕུཿལ་སྔགས་ཀྱིས་བསྐོར་བའོ༔ ལས་ཚོགས་གང་བྱེད་ཀྱང་གཏོར་མ་དང་བཀའ་བསྒོ་བྱ༔ ཆར་འབོད་སད་བཀག་ལ་ཀླུ་སྨན་སྔགས་ལ་ཆུའམ་མཚོ་ལ་སྦ༔ སྒྲུབ་པའི་གྲངས་དང་སྔགས་གྲངས་མེད༔ རྟགས་ནི་ཀླུ་སྒྲུབ་སྤྱི་དང་འདྲ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ས་ག་ཟླ་བའི་ཉེར་གཅིག་ལ་ཀླུ་རྒྱལ་མི་མགོན་དཀར་པོ་ཉིད་ཀྱིས་དངོས་སུ་ཕུལ་ཏེ༔ སྐུ་སྨད་འོ་མའི་མཚོ་ལ་གནས་པ་སྟེང་དུ་སྤྲིན་གྱི་བླ་རེ་ཅན་ཕྱག་ཐལ་སྦྱར་བར་ན་བུམ་པ་བསྣམས་པ་ཤིན་ཏུ་ཞི་ཞིང་འཛུམ་པ་གཅིག་འདུག་གསུངས་སོ༔ ༔
མུ་སྟེགས་ཀྱི་ཡིག་རྒོད་ཉི་ཤུ་རྩ་གཅིག་ (Volume 44, Text 48)
དུཾ་དུཾ་རཀྵ༔ བོད་སྐད་དུ། མུ་སྟེགས་ཀྱི་ཡིག་རྒོད་ཉི་ཤུ་རྩ་གཅིག་འདི། འགོས་པའི་ནད་ཐམས་ཅད་སྲུང་བ་འདིའོ།། གཅིག་ཏུ་འབྲུམ་ནག་ཁ་ ཤོར་ཐུབ། གཉིས་སུ་རྒྱ་ནད་མིག་སེར་ཐུབ། གསུམ་དུ་ཉྭ་གས་མགོ་གས་ཐུབ། བཞི་རུ་ནག་པོ་སུམ་སྒྲིལ་ཐུབ། ཚ་རིམས་དམར་བཤལ་ མགོ་གས་ཉྭ་གས་ཐུབ་པར་ཐེ་ཚོམ་མེད། སྟག་གཟིག་མི་མཐུན་ཡམས་ནད་ཟློག །འདི་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ། ཡེ་དྷརྨཱ་གསུམ་བརྗོད། རྫས་ཀྱི་རིམ་པ་ནི། ག་པུར། བཟང་དྲུག །ཤུ་དག །གླ་རྩི། གུ་གུལ། མུ་ཟི། བཙན་དུག །ཨ་རུ་ར་གསེར་མདོག །ཤིང་ཀུན། སྒོག་སྐྱ། ཡུངས་དཀར་ནག །གི་ཝཾ། བ་བླའོ། །བཞི་པ་ཡིག་རྒོད་ལྷག་ཆད་མེད་པར་བྲི། མཇུག་ནས་ཡར་དྲིལ་གཡོགས་ནག་པོ་བྱ། མུ་སྟེགས་ལོ་ཐུབ་ནག་པོའི་རྒྱུད་ནས་གསུངས་པའི་གནམ་ལྕགས་རྡོ་རྗེའོ། །ཤུ་བྷཾ། འདི་ཞང་ཁྲོམ་གཏེར་མ་ཡིན་པར་གྲགས་ཀྱང་གཉིས་ཀ་ལ་ལུང་རྒྱུན་མེད། ཐུབ་ངེས་ལག་བླངས་མར་འདུག ། ༈ ཡིག་རྒོད་ཉེར་གཅིག་བཏགས་པའི་ཕན་ཡོན་ནི། ཁྲག་བཤལ་མགོ་གས་ཉྭ་གས་སོགས། །དམར་བཤལ་ འབྲུམ་བུ་ལ་སོགས་མགོ་གས་རིམས། །རྒྱུག་འགྱེལ་འགོས་ནད་ཐམས་ཅད་ཐུབ་བོ། །རྫས་ནི། ཨ་རུ་ ནག་ཆུང་། རུ་རྟ། -ཤུ་དག །དོམ་མཁྲིས། གླ་རྩི། བཟང་དྲུག །བ་བླ། ཡུང་བ། ཤིང་ཀུན་འདི་རྣམས་བརྩོན་ལ། རབ་གནས་སྔགས་ནི། བསྭོ་དབང་ཆུང་བྷི་ཤ་རབ་བྷུདྡྷ་ཕཊ། བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ། སྟོབས་ཆེན་མཐུ་ཆེན་རྫོགས་སོ།། །།
ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི་རྒྱུན་གྱི་རྣལ་འབྱོར་ལྷན་ཐབས་སུ་སྤེལ་བ་ (Volume 45, Text 48)
༄༅། །ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞིའི་རྒྱུན་གྱི་རྣལ་འབྱོར་ལྷན་ཐབས་སུ་སྤེལ་བ་བཞུགས། ། ཨོཾ་སྭསྟི། གནས་སྐབས་འགལ་རྐྱེན་ཀུན་ལས་ཡོངས་སྐྱོབ་ཅིང་། །མཐར་ཐུག་རྫོགས་པའི་བྱང་ཆུབ་ཚེ་གཅིག་ལ། །སྩོལ་མཛད་ལྷག་པའི་ལྷ་དང་བླ་མ་མཆོག །པདྨ་འབྱུང་གནས་དབྱེར་མེད་སྤྱི་བོས་འདུད། །བསྟན་འཛིན་སྤྱི་དང་བྱེ་བྲག་ཆོས་ཀྱི་བདག །འགལ་རྐྱེན་ཞི་ཞིང་སྐུ་ཚེ་མཛད་འཕྲིན་སོགས། །མཐའ་དག་ལེགས་པར་སྤེལ་བྱེད་ལྷ་མཆོག་བཞིའི། །ཉམས་ལེན་རྒྱུན་གྱི་རྣལ་འབྱོར་མཐར་ཆགས་དགོད། །དེ་ལ་འདིར་གདུང་ཆུ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་སྤྱན་དྲངས་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས། ལས་ཉོན་དམ་སྡོམ་ཆག་ཉམས་དང་དམ་གྲིབ་སོགས་མི་གཙང་བའི་གཉེན་པོར་རྣམ་འཇོམས་དཀར་པོ། འབྱུང་བཞི་དང་ཁ་རླངས་བསམ་སྦྱོར་སོགས་ཀྱིས་བི་ཥ་ལས་སྲུང་སྐྱོབ་དུག་སེལ་མ་ལྗང་གུ །གཟུགས་ཅན་དང་གཟུགས་མེད་ཀྱི་དམ་སྲི་གདུག་པ་ཅན་གྱི་གཉེན་པོར་ཕུར་པ་དུག་གཟེར་རེག་ཕུང་། སྔགས་བོན་དང་ནང་འགྲས་ཡང་ཟློག་གི་གཉེན་པོར་འཇམ་དཔལ་ནག་པོའི་ཉིང་ཟློག་བསམ་གཏན་ཉལ་ཆོག་རྣམས་ཀྱི་རྒྱུན་ཁྱེར་གྱི་ཉམས་ལེན་དཀྱུས་སུ་བཀོད་པར། དང་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་གསུམ། །བདག་དོན་བསྙེན་པ། བུམ་སྒྲུབ་ཆོ་ག །རྗེས་འབྲེལ་བཀྲུ་བྱབ་བསྲུང་བ་དང་བཅས་པའོ། དང་པོ་ནི། ཐོ་རངས་ལ་སོགས་པའི་དུས་གཙང་ཞིང་དབེན་པར་དྲི་ངའི་ཟས་དང་སྤྱོད་ལམ་སྤངས་ལ་ཚངས་སྤྱོད་དཀའ་ཐུབ་ཀྱི་བརྟུལ་ཞུགས་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་ནི། དཀོན་མཆོག་གསུམ་སོགས་སྐྱབས་ཡུལ་ཀུན། །འགྱུར་མེད་གསང་བདག་ཐུགས་ཀྱི་ལྷར། །ཡོངས་སུ་འདུས་ལ་སྐྱབས་སུ་མཆི། །གཞན་དོན་སྨོན་འཇུག་བྱང་སེམས་བསྐྱེད། །ལན་གསུམ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་ཉིད་ངང་ལས་རྡོ་རྗེ་དཀར་གསལ་ནི༔ ཤེལ་ལྟར་འཚེར་བ་རྩེ་ལྔ་རྒྱ་གྲམ་གྱི༔ མཐའ་སྐོར་པད་དཀར་དྲི་མེད་ཕྲེང་བ་དང༔ རྡོ་རྗེའི་ར་བ་དཀར་པོ་མེ་ཕུང་གི༔ གུར་ཁང་དབུས་སུ་པད་ཟླར་རང་རིག་ནི༔ ཧཱུྃ་དཀར་ག་པུར་ཟེགས་མ་རབ་འཕྲོ་བས༔ འཕགས་པ་མཆོད་ཅིང་སེམས་ཅན་སྡིག་སྒྲིབ་སྦྱངས༔ སླར་འདུས་རང་ཉིད་རྣམ་པར་འཇོམས་པའི་སྐུ༔ རབ་དཀར་ཞི་མ་ཁྲོ་དབྱིབས་སྤྱན་གསུམ་འབར༔ རྫི་སྨིན་དབུ་སྐྲ་དཀར་སེར་གྱེན་དུ་འཁྱིལ༔ རིན་ཆེན་དབུ་རྒྱན་སྙན་ཆ་གདུ་བུས་མཛེས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན༔ དྲི་མེད་ལྷ་ཡི་ན་བཟའ་ལྷབ་ལྷུབ་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་ཅུང་ཟད་འགྱིང་ཚུལ་གྱིས༔ དཔག་ཡས་འོད་ཟེར་འཕྲོ་དབུས་ལྷམ་མེར་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཀྱི་འཕྲོ་འདུ་ལས༔ རང་རིག་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ བཛྲ་ས་མ་ཡ་ཛཿ སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་མོས། །དབང་གི་ལྷ་ཚོགས་རྣམས་ཀྱིས་བདུད་རྩིའི་ཆུས༔ ཁྲུས་གསོལ་རྒྱུ་ལ་འབྲས་བུའི་རྒྱས་བཏབ་གྱུར༔ ཅེས་རང་འདྲས་དབུ་བརྒྱན། སླར་ཡང་ཐུགས་ལས་སྤྲུལ་པའི་ལྷ་མོས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་བཞིན་དུ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གྷནྡྷེ་ ནཻ་ཝིདྱ་ ཤབྡ་སྦྱར་བས་མཆོད། དུས་གསུམ་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐུ་སྟོབས་ཀུན༔ མི་འགྱུར་གསང་བདག་ཐུགས་ཀྱི་ལྷར་ཤར་བ༔ རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། ཐུགས་ཀར་ཟླ་སྟེང་དཀར་གསལ་ཡི་གེ་ཧཱུྃ༔ དེ་མཐར་གཟུངས་སྔགས་སྙིང་པོས་བསྐོར་བ་ལས༔ འོད་འཕྲོས་འཕགས་པ་མཆོད་ཅིང་མཁའ་ཁྱབ་ཀྱི༔ འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས༔ ཁྱད་པར་རང་ལུས་བདུད་རྩི་དཀར་བསིལ་གྱིས༔ རྐང་པའི་མཐེབ་སོར་ཚུན་གང་ནད་གདོན་བགེགས༔ སྡིག་སྒྲིབ་ཉེས་ལྟུང་རྒྱུད་དུ་འཁྲིགས་པ་ཀུན༔ དུད་ཁུའི་རྣམ་པར་ཕྱིར་འཐོན་རང་གི་ལུས༔ སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟ་བུའི་དབུས༔ ཙིཏྟའི་གུར་ཁང་ཏིང་འཛིན་སེམས་དཔའི་མཐར༔ སྔགས་ཀྱི་འོད་དཀར་རབ་ཏུ་འབར་བར་གྱུར༔ ཅེས་པའི་ཏིང་ངེ་འཛིན་དང་ལྡན་པས་སྤྲོ་ན། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། ཞེས་སོགས་གླེང་གཞི་ཆེ་བ་དྲན་པ་ཚར་གཅིག་དང་། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ནས། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊཿ ཅེས་པའི་བར་གྱི་གཟུངས་རིང་ཐུང་ཉེར་གཅིག་གམ་ཅི་རིགས་དང་། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ༴ ཞེས་པའི་ཡང་སྙིང་བརྒྱ་རྩ་བརྒྱད་བརྗོད་མཐར། སྡིག་པ་ཐམས་ཅད་བྱང་བྱས་ནས། །ནས། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པ་ཡན་གྱི་ཕན་ཡོན་བརྗོད་ཅིང་བསམ། བསྡུ་ན། སྔགས་ཀྱི་འོད་དཀར་ཀུན་ཏུ་འབར་བར་གྱུར༔ ཅེས་པའི་མཇུག་ཏུ་ཡང་སྙིང་བརྒྱ་རྩ་སོགས་བཟླ། གང་གི་ཚེ་ཡང་ཐུན་མཐར་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བརྗོད་པས་བསྐྱེད་བཟླས་ཏིང་འཛིན་ཉམས་པ་བསྐང་། སྤྲོ་ན་སྔགས་ཙམ་གྱིས་མཆོད། གོང་གི་བསྟོད་པས་བསྟོད། མི་གཙང་ནད་གདོན་སྡིག་སྒྲིབ་དམ་ཉམས་སོགས། །རྩ་བ་ཡན་ལག་ཉམས་ཆག་ཀུན་བསྐངས་ཏེ། །རྣམ་དག་ཡེ་ཤེས་གཙང་མར་སོར་ཆུད་ནས། །སྐྱེ་མེད་དབྱིངས་ཀྱི་ནཱ་དར་དམིགས་མེད་བསྡུ། །སླར་ཡང་དེ་ལས་མ་འགགས་སྣང་བའི་ཆ། །རིག་པའི་ཡེ་ཤེས་རྣམ་པར་འཇོམས་པར་གསལ། །ཞེས་སྣོད་བཅུད་ཕུང་པོ་ལྷར་གསལ་བ་ཐུགས་སྲོག་ཧཱུྃ་གི་ནཱ་དར་བསྡུ། དེ་ཡང་དམིགས་མེད་ཀློང་དུ་བཞག །སླར་རྗེས་ཐོབ་ཀྱི་ལྷར་དྲན་རྫོགས་སུ་ལྡང་བ་རྫོགས་རིམ་སྟེ་བདག་དོན་བསྙེན་པའི་རྣལ་འབྱོར་རྒྱུན་ཁྱེར་རོ། །གཉིས་པ་བུམ་སྒྲུབ་ཆོ་ག་རྗེས་འབྲེལ་བཀྲུ་བྱབ་བསྲུང་བ་དང་བཅས་པ་གཞན་དུ་བསྟན་པ་ལྟར་རོ།། ༈ །།གཉིས་པ་འཕགས་མ་དུག་སེལ་མ་ལྗང་གུ་ལ་གསུམ། གསང་སྒྲུབ་བུམ་ཆོག་རྗེས་གནང་དང་བཅས་པ། མཐོང་རེག་བསམ་པའི་དུག་རྣམས་བསྲུང་བ། སྦྱར་དུག་བརྟག་པ་གསོ་ཐབས་སོ། །དང་པོ་ལའང་གསུམ་ལས་གསང་སྒྲུབ་རྒྱུན་ཁྱེར་ནི། གཙང་མའི་གནས་སུ་ཐོ་རངས་ཀྱི་ཆར་ཤ་ཆང་སྒོག་ཙོང་ལ་ཕུག་སོགས་དྲི་ངའི་ཟས་སྤང་། སྤོས་ཆུས་ཁ་གདོང་བཀྲུ །གཙང་སྦྲ་དང་ལྡན་པས་ཁ་ཤར་དུ་ལྟ་བས་འདུག །ལྷ་རྗེས་སུ་དྲན་པས་ཚངས་སྐུད་ཞེས་པ་སྐུད་པ་ལྗང་གུའི་ག་ཤ་དང་། ཐོར་ཚུགས་ཞེས་པ་རྨ་བྱའི་མདོངས་སྤྱི་བོར་གཟུགས་པའམ་མེད་ཀྱང་རུང་། རྣམ་འཇོམས་དང་སྦྲེལ་ཚེ་དེའི་སྐྱབས་སེམས་ཀྱིས་འཐུས་ཤིང་འདི་ཁོ་ནའི་ཚེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པའི་སྐྱབས་འགྲོ་བདུན་དག་སྦྲགས་མ་བྱ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་ཉིད་ངང་ལས་དུག་གི་ནགས་ཚལ་ནི༔ མེ་ཏོག་སྔོན་པོ་འབའ་ཞིག་འཁྲིགས་པའི་དབུས༔ རྨ་བྱ་མཇིང་བསྣོལ་པདྨ་ཟླ་བའི་སྟེང༔ རང་སེམས་ཧྲཱིཿལྗང་དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི༔ མཐོང་རེག་བསམ་དང་སྦྱོར་བའི་བི་ཥ་བསལ༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ འཕགས་མ་དུག་སེལ་ལྗང་སྔོན་ཞི་མ་ཁྲོ༔ ཕྱག་བཞི་གཡས་གཉིས་རྩེ་གསུམ་རྨ་བྱའི་སྒྲོ༔ གཡོན་གཉིས་དུག་སྦྲུལ་དུག་གི་མེ་ཏོག་སྔོ༔ མི་འཇིགས་སྦྱིན་ཚུལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ སྦྲུལ་མགོའི་གདེངས་ཀ་བདུན་ལྡན་ཕྱག་ཞབས་དང༔ དབུ་སྐྲ་མགུལ་པ་དོ་ཤལ་སྦྲུལ་གྱིས་བརྒྱན༔ འོད་ཟེར་ལྗང་གུའི་ཀློང་ན་ལྷམ་མེར་བཞུགས། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱི། །འོད་ཀྱིས་སྤྲོ་བསྡུས་ཡེ་ཤེས་སེམས་དཔའ་ནི། །བསྒོམ་པ་ཇི་བཞིན་སྤྱན་དྲངས་དབྱེར་མེད་ཐིམ། །ཨོཾ་ཨ་བི་ཛི་ཧྭེ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་མེད་དུ་མོས། སླར་ཡང་མདུན་མཁར་དབང་ལྷ་སྤྱན་དྲངས་ཤིང་། །བདུད་རྩི་བུམ་པས་དབང་བསྐུར་དྲི་མ་དག །ཆུ་ཞབས་གྱེན་འཁྱིལ་རྡོ་རྗེའི་རིགས་ཀྱིས་མཚན། །ཐུགས་ཀ་ནས་སྤྲོས་མཆོད་པའི་སྤྲིན་གྱིས་མཆོད། །ཨོཾ་ཨ་བི་ཛི་ཧྭེ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ་གིས་མཆོད། རྒྱལ་བ་སྐྱེད་མཛད་མཆོག་གི་མཁའ་དབྱིངས་ལས། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་མ། །ལྷ་མོ་གང་གི་མཚན་གྱིས་ཉོན་མོངས་དུག །ཀུན་ཏུ་སེལ་མཛད་མ་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་་་ཧྲཱིཿལྗང་སྔོན།མཐར༔ སྔགས་ཕྲེང་མརྒད་མདོག་མཚུངས་གཡས་སུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པས་རང་ལུས་གང༔ མཐོང་རེག་བསམ་སྦྱོར་ངན་པ་ལས་བྱུང་དང༔ ལྷན་ཅིག་སྐྱེས་དང་འབྱུང་བཞིའི་དུག་ལ་སོགས༔ དབང་པོའི་སྒོ་དང་བ་སྤུའི་རྩ་ནས་འཐོན༔ འོད་ཟེར་ལུས་ཀྱི་ནང་གང་རྩེ་མོ་རྣམས༔ བ་སྤུའི་རྩ་བར་འཐོན་པའི་རྩེ་མོ་ཀུན༔ རྨ་བྱའི་མདོངས་བཞིན་ཀུན་ནས་འབར་བ་ཡི༔ འོད་ཟེར་འཕྲོ་བས་དུག་ཀུན་བསྲུང་བ་དང༔ སླར་ཡང་འོད་འཕྲོས་སྣོད་བཅུད་ཐམས་ཅད་ཀྱི༔ དུག་གི་དབལ་བཅོམ་ཀུན་ནས་དག་པར་གྱུར༔ ཨོཾ་ཨ་བི་ཛི་ཧྭེ་བཛྲ་ཀ་ཡེ་གྲ་ས་གྲ་ས་ཛྭ་ལ་ཛྭ་ལ་མ་ཧེ་ཛྭ་ལེ་མ་ཧཱ་ཡོ་གི་ཤྭ་རཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་པའི་རྩ་སྔགས་བརྒྱ་རྩ་དང་ཤམ་བུར། བིཥ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་མ་བིཥ་རཀྵ་རཀྵ་ཧཱུྃ༔ ཞེས་བཏགས་པ་ཅི་རིགས་བཟླ་ཞིང་། མན་ངག་སྙན་བརྒྱུད་ཀྱི་དུག་སྔགས་བརྒྱ་རྩ་བཟླ་བ་འབྲེལ་ཆགས་ཤིང་ཤིན་ཏུ་ཟབ་བོ། །མཐར་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སུམ་སྦྲེལ་བཟླ་བས་ཁ་བསྐང་། ལྷན་སྐྱེས་མཐོང་རེག་ཁ་རླངས་བསམ་སྦྱོར་དུག །གནོད་པ་ལས་རྒྱལ་སྣང་ཆ་ལྷའི་འཁོར་ལོ། ཐུགས་སྲོག་ཧྲཱིཿར་ཐིམ་དེ་ཡང་གྱེན་རྫོགས་ཡལ། །སླར་ཡང་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ། །ཞེས་པའི་རྗེས་སྤྱོད་ལ་འཇུག་གོ །བུམ་ཆོག་རྗེས་གནང་སོགས་ཡན་ལག་ལྷག་མ་རྣམས་ནི་གཞན་དུ་བསྟན་པ་ལྟར་རོ།། ࿊ །།གསུམ་པ་རྡོ་རྗེ་ཕུར་པ་དུག་གཟེར་རེག་ཕུང་གི་རྣལ་འབྱོར་ནི། དེ་ཡང་རྒྱུན་ཁྱེར་ཕུར་པ་གཞན་གྱི་བསྙེན་པ་དང་། བྱེ་བྲག་འགོང་པོ་དམ་སྲི་ལ་སོགས་པའི་འཚུབ་དང་ཆོ་འཕྲུལ་ཆེ་ན་འདི་བྱ་བ་ཡིན་ལ། རྒྱུན་ལྡན་ཧ་ཅང་རྩུབ་གྲགས་པས་ན་དེ་ལྟ་བུའི་རྣམ་དབྱེ་ཕྱེས་པས། སྐྱབས་སེམས་བདུན་དག་སོགས་ཕུར་པ་སྤྱི་དང་འགྲེ །དངོས་གཞི་ནི། ཆོས་ཀུན་སྟོང་ཉིད་གཟོད་མའི་ཀློང་ཡངས་ལས༔ མ་རུངས་གདུལ་དཀའ་འདུལ་ཕྱིར་སྙིང་རྗེ་བསྐྱེད༔ ཟུང་འཇུག་ངང་ལས་རང་རིག་ཧཱུྃ་མཐིང་ནག༔ བསྐལ་པའི་མེ་ལྟར་འབར་བའི་ཚ་ཟེར་གྱིས༔ གནོད་བྱེད་གདུག་པ་ཅན་རྣམས་གཞོབ་ཏུ་བསྲེགས༔ དེ་ཉིད་ཡོངས་གྱུར་ཁྲོ་རྒྱལ་སྟོབས་འདུས་ཀྱི༔ ངོ་བོ་བཛྲ་ཀཱི་ལའི་སྐུ་རུ་བསྒོམ༔ ཞལ་གསུམ་ཕྱག་དྲུག་མཐིང་དཀར་དམར་བའི་ཞལ༔ ཀུན་ཀྱང་འཇིགས་རུང་སྲིན་པོ་ཁྲོས་ལྟར་རྔམ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་ནམ་མཁར་འཕྱར༔ གཡོན་གཉིས་ཁ་ཊྭཱཾ་མེ་དཔུང་གསོར་ཞིང་སྤྲོ༔ མཐའ་གཉིས་སེང་ལྡེང་ཕུར་བུས་གནོད་བྱེད་གཟིར༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ སྤུ་གྲིའི་ཁྱུང་གཤོག་ནམ་མཁའི་མཐོངས་སུ་འཕྱར༔ སྒྲོ་གསེབ་མེ་ཆར་གནམ་ལྕགས་ཐོག་སེར་འབེབ༔ སྐུ་སྨད་གནམ་ལྕགས་ཕུར་གཟུགས་དམར་ཧང་ངེ་༔ གནོད་བྱེད་དམ་སྲི་རུ་ཏྲའི་སྙིང་ལ་བཙུག༔ མེ་དཔུང་ཀློང་ནས་ཁྲོ་བཅུ་ཁྲོ་ཆུང་འགྱིང༔ ཀཱི་ལ་ཡ་སོད་ཧཱུྃ་ཕཊ་འབྲུག་སྟོང་ལྡིར༔ རང་ཉིད་ཁྲོ་རྒྱལ་ཀུན་འདུས་བདག་ཉིད་ཆེ༔ ཐུགས་ཀར་ཉི་དཀྱིལ་དབུས་སུ་མཐིང་ནག་ཧཱུྃ༔ དེ་ལ་རྩ་བའི་སྔགས་ཕྲེང་མཐིང་ནག་བསྐོར༔ ཐུགས་སྲོག་ཧཱུྃ་ལས་ཛཿཡིག་ལྕགས་ཀྱུ་འཕྲོས༔ གནོད་བྱེད་ལོག་འདྲེན་དམ་སྲི་འབྱུང་པོ་ཀུན༔ མཐའ་མི་མགོ་བརྙན་བན་བོན་སྣ་ཚོགས་དབྱིབས༔ བཀུག་པ་མདུན་དུ་ལྕགས་བསྲེགས་ཧོམ་དུ་བསྒྱེལ༔ སྐུ་སྨད་ཕུར་བུས་གསོར་ཞིང་བརྡབས་པ་ཡི༔ ཉམ་ཐག་གཟིར་མཐར་ཕུང་པོ་ཡེ་ཤེས་མེས༔ གཞོབ་ཏུ་བཏུལ་ཞིང་རྣམ་ཤེས་ཐུགས་སྲོག་ཧཱུྃ༔ ཞབས་ཀྱུར་ཐིམ་བསམ་སྐྱེ་མེད་ངང་དུ་འོ༔ ཞེས་པའི་དམིགས་པ་མ་ཡེངས་པའི་གནད་དང་ལྡན་པས། ཨོཾ་བཛྲ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་ཧཾ་ཤཾ་ཏྲི་གནོད་བྱེད་དམ་སྲི་བདུད་ཀྱི་སྙིང་ལ་མཱ་ར་ཡ་ཨེ་ཧུར་ཐུམས་རྦད༔ བརྒྱ་རྩ་རེ་བཟླ་ཞིང་རྨི་ལམ་སོགས་སུ་ཆོ་འཕྲུལ་གང་སྟོན་གྱི་གཟུགས་དེའི་སྙིང་ཁར་གཟིར་བར་བསམ་པའི་དམིགས་པའི་འཕྲུལ་འཁོར་བྱའོ། །ཐུན་མཚམས་སུ། རང་ཉིད་ཁྲོ་རྒྱལ་སྣང་ཆ་གསལ་བའི་མཐར༔ སྲུང་བ་ལྔ་ཡི་གུར་ཁང་ཕུབ་པའི་ནང༔ རང་ལུས་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ༔ གྱོན་པས་ལོག་འདྲེན་བདུད་ཀྱིས་མི་ཚུགས་གྱུར༔ ཅེས་རང་ཉིད་ཁྲོ་རྒྱལ་དུ་གསལ་བ་སྟོང་ཉིད་གཟོད་མའི་ཀློང་དུ་བསྡུ། སླར་ཡང་གོང་བཞིན་ཐུན་མཚམས་ཀྱི་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་སྐུ་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གྱོན་ཅིང་། ཕྱི་རིམ་འདོམ་རེ་ཙམ་གྱི་ཐད་ནས་མཚོན་ཆ་དྲག་སྔགས་ཀྱི་ཡིག་འབྲུ་ཁྲོ་བཅུ་མཐིང་ནག་ཕུར་བུ་གཉིས་ཐོགས་པ་ཕུར་ཞབས་ཅན། མེ་ཆུ་རླུང་གསུམ་སོ་སོར་བགྲང་པའི་ གུར་ཁང་ལྔ་སྦྲགས་ཀྱི་དབུས་ན་གནས་པར་བསམ་ལ། ཨོཾ་བཛྲ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀཱ་བ་ཙི་ཧཱུྃ༔ བཛྲ་ཛྙཱ་ན་པཉྩ་ར་ཛྭ་ལ་རཾ་རཀྵ་ཧཱུྃ་ཕཊ༔ ཅེས་པའི་སྲུང་སྔགས་ཀྱང་བརྒྱ་རྩ་བཟླ་བ་སྟེ་དེ་ཙམ་མོ།། ࿊ །།བཞི་པ་འཇམ་དཔལ་ནག་པོའི་བསམ་གཏན་ཉལ་ཆོག་གི་རྣལ་འབྱོར་ནི། རང་ཉིད་ལ་ཕ་རོལ་གྱི་རྦད་ཕུར་སོགས་ཀྱིས་གནོད་ཅིང་འཚེ་བའི་དོགས་པ་དང་མཚན་མ་ཤར་ན་བྱ་བ་སྟེ། སྲོད་ཐུན་ལ་སོགས་པའི་མཇུག་ཏུ་དགེ་སྦྱོར་གཞན་དང་འབྲེལ་ན་དངོས་གཞིའི་བསྐྱེད་བཟླས་ཁོ་ནས་ཆོག་ཅིང་། འདི་ཉིད་གཅིག་པུའི་ཚེ་སྐྱབས་སེམས་བདུན་དག་ནི། མཆོག་གསུམ་ཀུན་འདུས་འཇམ་དཔལ་སྐུར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྒོ་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། །འགྲོ་དོན་བྱང་ཆུབ་སེམས་བསྐྱེད་ཅིང་། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །དངོས་གཞི་ནི། ཆོས་ཀུན་གཟོད་ནས་ཡང་དག་སྟོང་ཉིད་ངང༔ བྷྲཱུྃ་ལས་རང་ཉིད་གནས་པའི་ཁང་པ་འདི༔ གནམ་ལྕགས་ཕ་ལམ་ལས་གྲུབ་སྐུ་གདུང་དབུས༔ པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང༔ དྷཱིཿཡིག་ནག་པོ་འོད་འཕྲོས་དོན་གཉིས་བྱས༔ དེ་ཉིད་ཡོངས་གྱུར་འཇམ་དཔལ་ཧ་ལའི་མདོག༔ ཕྱག་གཡས་གནམ་ལྕགས་རལ་གྲི་ཀླད་ལ་བསྐོར༔ གཡོན་པས་སྡིགས་མཛུབ་རེག་གཅོད་འཁོར་ལོ་བསྐོར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས༔ རལ་པའི་ཐོར་ཅོག་ཤེར་ཕྱིན་གླེགས་བམ་འཛིན༔ རིན་ཆེན་དར་ཟབ་ལོངས་སྤྱོད་རྫོགས་པའི་ཚུལ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་སེམས་དཔའ་བསྟིམ༔ རང་གི་སྙིང་ནང་པདྨ་འདབ་བཞིའི་སྟེང༔ ཉི་མའི་དཀྱིལ་འཁོར་དབུས་སུ་ས་བོན་དྷཱི༔ མཐའ་སྐོར་གཟུངས་སྔགས་སྙིང་པོས་བསྐོར་བ་ལས༔ བ་སྤུའི་གྲངས་དང་མཉམ་པའི་འོད་ཟེར་ནི༔ ལྕགས་ཀྱུ་རལ་གྲིའི་གཟུགས་སྤྲོས་སྟོང་ཁམས་གང༔ སྲིད་གསུམ་གནས་པའི་དགྲ་བགེགས་བྱད་མ་བཀུག༔ རང་ཉིད་འཇམ་དཔལ་ནག་པོའི་མདུན་ངོས་སུ༔ གཟའ་གདོན་དམར་ནག་སྡེ་བརྒྱད་ཀུན་འདུས་སྐུ༔ རྩ་ཞལ་སྲིན་པོ་ཁྲོས་པའི་རྣམ་པ་ཅན༔ ལྟོ་བར་སྲིད་པ་གསུམ་པོ་བྲུབ་པའི་ཞལ༔ སྐུ་སྟོད་ཁྲོ་བོ་སྐུ་རྐེད་སྡིག་པ་སྟེ༔ སྐུ་སྨད་སྦྲུལ་མཇུག་སྐུ་ལ་གཟའ་མིག་སྤྲས༔ དཔྲལ་བ་ཕྱག་གཉིས་ལྕགས་ཁྲོ་ཟངས་གསུམ་ལས༔ གྲུབ་པའི་བདེ་གཤེགས་སྐུ་གདུང་རེ་རེ་བསྣམས༔ ཁྲག་མཚོ་མེ་རླུང་དུ་འཚུབས་ཀློང་དུ་གསལ༔ མཛུབ་མོ་ལྕགས་གཏན་མཐེ་བོང་སཏྭ་གྲི་དང༔ ཕྲེང་རྡོག་བྱད་མའི་མགོ་བོར་དངོས་སུ་གསལ༔ ཞེས་མོས་ཤིང་སྔགས་རེ་དང་ཕྲེང་རྡོག་རེ་བཞིན་ཕྱིར་བསྐྱུར་པ་ལྷན་ཅིག་ཏུ་བྱ་ཞིང་དམིགས་པ། བྱད་མའི་མགོ་བོ་མགྲིན་པ་ནས་བཅད་པ༔ ཁྲག་འཛག་བཞིན་པ་ཕྲུལ་ཕྲུལ་མདུན་བསྐྱེད་ཀྱི༔ ལྟོ་བའི་ཞལ་དུ་སིབ་སིབ་བསྟབ་པར་གྱུར༔ ཅེས་པའི་གནད་དང་ལྡན་པས། ཨོཾ་མཉྫུ་ཤྲཱི་ཀཱ་ལ་ཙིཏྟ་ཧཱུྃ༔ ནྲི་ཏྲི་དགྲ་བགེགས་བྱད་མ་ཤ་ཏྲཱུཾ་མཱ་ར་ཡ་ཧུར་ཐུམས་རྦད་ཟློག༔ གནོད་བྱེད་ཙིཏྟ་རཱུ་པ་དྷ༔ ཧ་པ་ཙ་ཚིནྡྷ་ཧཱུྃ་ཕཊ༔ ཕྲེང་སྐོར་རེ་ཙམ་བཟླ། ཐུན་མཇུག་ཏུ། བདག་མདུན་ཐམས་ཅད་མཁའ་ལ་སྤྲིན་ཡལ་ལྟར། །སྐྱེ་མེད་ཀུན་བཟང་འཇམ་དཔལ་ཀློང་དུ་བསྡུ། །དགྲ་བགེགས་བར་གཅོད་འཛིན་པ་དབྱིངས་སུ་དག །འཁོར་གསུམ་ཡོངས་དག་ཆེན་པོའི་ངང་དུ་ཐིམ། །སླར་ཡང་རྗེས་ཐོབ་ལྷ་སྐུ་དྲན་རྫོགས་གསལ། །དགེ་བ་འདི་ཡིས་གཉིས་འཛིན་དགྲ་འདྲེ་དང་། །ཕ་རོལ་བྱད་སྟེམས་རྦད་ཕུར་ལས་རྒྱལ་ཏེ། །སྐུ་བཞིའི་ཁྱབ་བདག་འཇམ་དཔལ་ཆོས་ཀྱི་སྐུ །གཟོད་མའི་དབྱིངས་སུ་བདག་གཞན་ཡོངས་གྲོལ་ཤོག །ཇི་སྐད་དུ། ཉམས་སུ་བླངས་པས་དངོས་ཉམས་རྨི་ལམ་དུ༔ ལུས་ལས་མེ་འབར་དགྲ་ལས་རྒྱལ་བ་དང༔ མཚོན་ཆ་ཐོགས་ནས་སེམས་ཅན་སྲོག་ཆགས་བསད༔ སྙིང་དང་རྒྱུ་མ་ཤ་ཁྲག་ཟ་བ་སོགས༔ དེ་རྣམས་བྱུང་ན་གྲུབ་པའི་མཚན་མ་ཡིན༔ ཞེས་སོ། །དེ་ལྟར་སྐལ་ལྡན་ཆོས་བདག་སྐྱེས་བུ་དང་། །ཚུལ་བཞིན་བསྟན་པ་འཛིན་སྤེལ་སྐྱོང་མཛད་པའི། །བསྟན་འཛིན་རྣམས་ཀྱི་འགལ་རྐྱེན་བར་ཆད་ཚོགས། །ཡོངས་སེལ་བཞེད་དོན་ལྷུན་གྲུབ་འདི་ཁོ་ན། །ཟབ་གཏེར་རྡོ་རྗེའི་གསང་ཚིག་གཙོར་བཟུང་ཞིང་། །འབྲེལ་མེད་རང་བཟོའི་སྒྲོ་བཏགས་མ་བྱས་པར། །འཐད་ལྡན་མན་ངག་དག་གིས་ལེགས་བརྒྱན་ཏེ། །ཇི་བཞིན་ཉམས་སུ་བླང་བདེའི་དཔལ་དུ་བསྒྲུབས། །ཆོས་བདག་བར་ཆད་སེལ་བའི་ཆོས་ཚན་བཞིའི་རྒྱུན་གྱི་རྣལ་འབྱོར་མཐར་ཆགས་སུ་བཀོད་པ་འདི། བཀའ་བརྒྱུད་རྒྱ་མཚོའི་གཙུག་རྒྱན་དཔལ་ལྡན་སྒམ་པོ་པའི་མཆོག་གི་སྤྲུལ་སྐུ་ཀུན་བཟང་ངེས་དོན་དབང་པོའི་བཀའ་བསྩལ་གསེར་གྱི་མེ་ཏོག་དང་བཅས་པ་གཙུག་ཏུ་ཕེབས་པ་ལྟར། ཟབ་གཏེར་གསང་བའི་ཚིག་ལ་ཅུང་ཟད་ངེས་པ་བརྟན་པ་ཆོས་རྗེ་གླིང་པས་སྦྱར་བའི་ཡི་གེ་པ་ཡང་རྭ་སྟོན་འཇམ་དཔལ་ལོ།། །།
ཟབ་བདུན་མཆོག་ཟབ་ཡང་དག་གི༔ སྒྲུབ་པ་མན་ངག་གཅིག་དྲིལ་ (Volume 27, Text 48)
༁ྃ༔ ཟབ་བདུན་མཆོག་ཟབ་ཡང་དག་གི༔ སྒྲུབ་པ་མན་ངག་གཅིག་དྲིལ་བཞུགས༔ ྈྈྈ བླ་མེད་ཧེ་རུ་ཀ་ལ་འདུད༔ ཀུན་གྱི་མཐར་ཐུག་ཡང་དག་གི༔ སྒྲུབ་ཐབས་རྩ་བ་བཤད་པར་བྱ༔ བྱ་བ་ཕྲུགས་བཏང་ལྷ་བསྒོམ་བརྩམ༔ བུམ་ཙཀ་ཐོད་སྐུ་མར་མེ་སོགས༔ གསང་བའི་རྟེན་མཆོག་སྟེང་ན་བསགས༔ ཡང་ན་སྤྲོས་མེད་ཏིང་འཛིན་བསྒོམ༔ སྔོན་དུ་འགྲོ་བའི་རིམ་པ་ནི༔ དང་པོ་དབེན་པར་དཀྱིལ་འཁོར་བཤམ༔ སྒྲུབ་རྟེན་གསང་བའི་ཚོགས་མཆོད་བཅས༔ རྒྱུད་སྦྱངས་ཡན་ལག་བདུན་པ་བྱ༔ རང་ཉིད་ཞེ་སྡང་རྡོ་རྗེར་བསྒོམ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ ཧཱུྃ༔ ཡང་དག་ལྟ་བའི་ངང་ཉིད་ལས༔ ཁྲོ་བོའི་སྤྲིན་ཀུན་འཕྲོས་པ་ཡིས༔ བགེགས་དང་ལོག་འདྲེན་ཚར་བཅད་ནས༔ ཚུར་འདུས་རྡོ་རྗེའི་གུར་ཁང་ཆེ༔ མེ་རླུང་ཆུ་ཡི་རིམ་པས་བསྐོར༔ སུས་ཀྱང་གཞོམ་དུ་མེད་པར་བསམ༔ བཛྲ་རཾ་ཡཾ་ཁཾ་རཀྵ༔ བཤགས་ཡུལ་སྤྱན་དྲངས་དཔང་གསོལ་ཏེ༔ ཧཱུྃ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན༔ དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ དམ་བཅའ་བརྟན་པོར་བཟུང་ནས་སུ༔ ཨོཾ༔ ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི༔ བྱང་ཆུབ་མཆོག་ཏུ་བདག་ནི་སེམས་བསྐྱེད་དེ༔ དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས༔ བླ་མ་ལྷ་ཁྱོད་རྟག་ཏུ་གཟུང་བར་བགྱི༔ རྒྱས་པར་བརྗོད་མེད་བཤགས་པ་དང༔ དམ་བཅའ་ཉི་ཤུ་ལ་སོགས་བྱ༔ མོས་གུས་གདུང་བས་བྱིན་ཆེན་འབེབ༔ ཨོཾ་ཨཱཿཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ བྱིན་གྱིས་བརླབ་པའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་བསྡུས་ཕྱི་ནང་མཆོད་པ་རྣམས༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ བདུད་རྩིའི་སྣོད་ནི་གཞལ་ཡས་ཁང༔ འཁོར་ལོ་རྩིབས་བཞིར་དམ་རྫས་བཅུ༔ ས་བོན་ཕྱག་མཚན་རིགས་ལྔའི་ཚུལ༔ ཡབ་ཡུམ་མཉམ་སྦྱོར་བདུད་རྩིར་ཞུ༔ བྷནྡྷ་བདུད་རྩི་ཨོཾ་གྱིས་མཚན༔ རྒྱ་གྲམ་རྟ་མགྲིན་ཡུམ་བཞི་མནན༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ སྦྱོར་བའི་འོད་ཀྱིས་བདུད་རྩི་བསྡུས༔ འོད་ཞུ་བདུད་རྩིར་དབྱེར་མེད་འདྲེས༔ གཏོར་གཞོང་བྷནྡྷའི་ནང་དུ་ནི༔ གཏོར་མ་ཨོཾ་ལས་འདོད་ཡོན་འཕྲོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ པདྨ་བྷཉྫའི་སྣོད་ནང་དུ༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱི་ཋཱ༔ མཆོད་སྣོད་ཞིང་ཁམས་ཕུན་ཚོགས་པ༔ མཆོད་པ་ལྷ་མོའི་རོལ་པར་བསམ༔ ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ དངོས་གཞི་ཏིང་འཛིན་མཆོག་བསྒོམ་སྟེ༔ ཧཱུྃ༔ ཆོས་རྣམས་རྣམ་དག་མཐའ་བཞི་བྲལ༔ རང་བཞིན་ཡེ་ཤེས་ཀུན་ལ་ཁྱབ༔ རང་རིག་ཐུགས་རྗེའི་ཧཱུྃ་སྔོན་པོ༔ མཁའ་ལ་ཉི་མ་བཞིན་དུ་ཤར༔ རྡོ་རྗེ་ཧཱུྃ་ལས་འཕྲོས་འདུས་ཐིམ༔ རྒྱུ་ཡི་ཧེ་རུ་ཀ་དཔལ་ནི༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ཆོ་འཕྲུལ་ཨེ་ཡཾ་ར་སུཾ་ཀེཾ༔ རཾ་བྷྲཱུྃ་འཕྲོས་པས་ནམ་མཁའ་རླུང༔ ཁྲག་མཚོ་ཞིང་གི་ས་གཞི་ལ༔ ཀེང་རུས་རི་རབ་མེ་ཆེན་འབར༔ རྡོ་རྗེ་མེ་རི་རབ་འབར་བ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ ཐོད་པ་རིན་ཆེན་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད༔ ཞིང་གི་ཐོག་ཕུབ་རུ་ཏྲའི་མགོ༔ ཙིཏྟ་འོད་འབར་ཏོག་གིས་མཛེས༔ གྲུ་ཆད་ཟླ་གམ་དགུ་དང་ལྡན༔ བྲག་ཆེན་པདྨ་ཉི་ཟླའི་གདན༔ རུ་ཏྲ་ཕོ་མོའི་ཞིང་གི་སྟེང༔ རྒྱུ་ཡི་ཁྲག་འཐུང་དབུས་སུ་འཁོད༔ ཁྲོ་མོ་དབྱིངས་ཕྱུག་མངོན་ཕྱུང་ནས༔ མཉམ་སྦྱོར་བདེ་བ་ཆེན་པོར་ཞུ༔ བདེ་བའི་རོ་ཡིས་དོན་གཉིས་བྱས༔ ཧེ་ཧེ་དགྱེས་བསྐུལ་ཧཱུྃ་ཧཱུྃ་གྱུར༔ རྡོ་རྗེ་འབར་བའི་འཕྲོ་འདུ་མཛད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ མཐིང་ནག་དཀར་དམར་སྔོ་བའི་མདངས༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ གར་དགུའི་ཉམས་ལྡན་ཞབས་བཞི་རོལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཀྲོ་དྷཱི་ཤྭ་རཱི་ནམ་མཁའི་མདངས༔ ཁ་ཊྭཱཾ་དུང་དམར་འཛིན་པ་འཁྲིལ༔ འབར་བའི་ཕྲེང་བ་རབ་ཏུ་འཁྲུགས༔ སྤྱི་བོར་རིགས་ལྔ་ཡབ་ཡུམ་སྦྱོར༔ ཆུ་ཡིས་སྒྲིབ་སྦྱངས་དབང་བསྐུར་ནས༔ ཡབ་ཡུམ་རིགས་ལྔས་དབུ་ཡང་བརྒྱན༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ་དརྴ༴ ས་མ་ཏཱ༴ པྲ་ཏི་བེཀྵ་ཎ༴ ཀྲྀ་ཏྱཱནུཥྛ་ན༴ གནས་ལྔར་ཟླ་བ་པད་ཉི་དང༔ ཉི་མ་རིན་ཆེན་རྒྱ་གྲམ་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ལས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ ཡེ་ཤེས་ལྔ་རྣམས་བསྡུས་ནས་ཐིམ༔ རིགས་ལྔ་ཡབ་ཡུམ་སྐུ་རུ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཝཱ་ཀ༴ ཙིཏྟ༴ ཨ་ནུ་རཱ་ག་ཎ༴ པཱུ་ཛ༴ ཡབ་གསང་ཧཱུྃ་ལས་རྡོ་རྗེའི་དབུས༔ ཨོཾ་དཀར་བུ་ག་ཕཊ་ཀྱིས་བཀག༔ ཡུམ་མཁའ་པཾ་ལས་པདྨའི་སྦུབས༔ ཨཾ་དམར་གེ་སར་ཨེས་མཚན་གྱུར༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་ག་ཧཾ༔ ཨ་ནུ་རཱ་ག་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྱོར་བའི་བྱང་ཆུབ་སེམས་སྤྲིན་གྱིས༔ རྒྱལ་བ་ཀུན་བཀུག་བདེ་བས་ཞུ༔ སྐུ་ཡི་དབྱིབས་བརྒྱུད་གསང་བར་བབས༔ ཡུམ་གྱི་མཁའ་ལ་ལན་གསུམ་སྤྲོས༔ ཡན་ལག་བཞི་ཡི་ཚུལ་དུ་རྫོགས༔ རྟེན་དང་ས་བོན་བཅས་པར་གྱུར༔ ཧཱུྃ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཨོཾ་བཛྲ་པྲ་མོ་ཧ་ཧ༔ ཨོཾ་བཛྲ་བེ་ཏཱ་ལི་ཧ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཕྱོགས་མཚམས་བརྒྱད་ཀྱི་ཟླ་གམ་ལ༔ གཽ་རཱི་ཆོས་ཉིད་མི་འགྱུར་སྔོ༔ ཡེ་ཤེས་དབྱིངས་སུ་སྒྲོལ་བའི་དབྱུག༔ ཙཽ་རཱི་ཡེ་ཤེས་རྒྱས་པས་སེར༔ ཐུགས་རྗེ་བསྐུལ་ཕྱིར་མདའ་གཞུ་འགེང༔ པྲ་མོ་ཐུགས་རྗེས་ཆགས་པས་དམར༔ ཉོན་མོངས་རྒྱུ་མཁྱེན་ཆུ་སྲིན་འཛིན༔ བེ་ཏཱ་ཆོས་ཉིད་མི་འགྱུར་ནག༔ ས་དགུར་སྤོར་བའི་རྡོ་རྗེ་འཛིན༔ པུཀྐ་མ་འགག་དམར་སེར་འབར༔ འཁོར་བའི་རྒྱུན་གཅོད་བྱིས་རྒྱུ་འདྲེན༔ གྷསྨ་ལས་བཞི་ཐོགས་མེད་ལྗང༔ ཉོན་མོངས་དབྱིངས་སྒྲོལ་ཐོད་ཁྲག་དཀྲུག༔ སྨེ་ཤ་ཐབས་ཤེས་མི་འགྱུར་མཐིང༔ ཉོན་སྟོང་ཁམས་སྐུའི་བམ་སྙིང་གསོལ༔ ཙཎྜ་ལྷུན་གྲུབ་སྐྱོན་བྲལ་སེར༔ མཐའ་གཉིས་ཞིང་གི་མགོ་ལུས་ཕྲལ༔ ཡེ་ཤེས་དགུ་ཡི་དཀྱིལ་འཁོར་རྣམས༔ ངོ་བོ་གཅིག་ལ་རྣམ་རོལ་ཚུལ༔ མ་བཅོས་ངང་ནས་རང་གསལ་བཏབ༔ ཡེ་ཤེས་རྡོ་རྗེ་རྩེ་ལྔས་མཚན༔ ངོ་བོ་རོ་གཅིག་མ་འདྲེས་པ༔ དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་གྱུར༔ རང་རིག་ཧཱུྃ་སྔོན་རྟག་འཆར་བས༔ འོད་ཀྱིས་ཆོས་དབྱིངས་ཀུན་ཁྱབ་ནས༔ ཆོས་སྐུ་གཟུགས་ཀྱི་སྐུ་རུ་བཞེངས༔ ཨོཾ༔ ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ༔ དམིགས་མེད་ཐུགས་རྗེའི་དཀྱིལ་འཁོར་ལས༔ དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ༔ རང་སྣང་དབྱེར་མེད་དཀྱིལ་འཁོར་དུ༔ འཇུག་པའི་མཚན་ཉིད་མཉམ་སྦྱོར་བས༔ ཕྱོགས་དུས་ཀུན་ནས་གཤེགས་པ་ཡི༔ བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས༔ ཉེ་བར་གྱུར་པའི་དམ་ཚིག་མཆོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ༔ ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོ༔ ཉེ་བར་དྲངས་ནས་དབྱེར་མེད་རིག༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སཏྭཾ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ༔ བསྟིམས་ནས་བརྟན་བསྐུལ་དབང་དུ་བྱ༔ ཧཱུྃ་ཧ་ཧེ་ཕཊ༔ གསལ་བྱས་ཕྱག་མཆོད་བསྟོད་འབུལ་ནི༔ ཏིཥྛ་བཛྲ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཧཱུྃ༔ བདེ་བར་གཤེགས་པ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ འབྱུང་བ་ཆེན་པོ་ནམ་མཁའ་ཆེ༔ འབྱུང་བ་ཆེན་པོ་ལྔ་ཡི་མཛོད༔ ནམ་མཁའ་ལས་ནི་འདོད་པ་འབྱུང༔ འདོད་པའི་མཆོད་པ་འབྱུང་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སུ་ར་ཏོ་མ་ཧཱ་རཱ་ག་པ་ན་པེཾ༔ པེ་ནུ་སུ་ར་ཏོ༔ ཏི་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ༔ ས་མ་ཡོ་ཏ་མུ༔ སརྦ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡང་དག་དོན་དུ་དག་མོད་ཀྱང༔ འགྲོ་བ་ཡོངས་ཀྱི་དོན་སླད་དུ༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ རྡོ་རྗེའི་གདན་ལ་བཞུགས་སུ་གསོལ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ༔ སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ༔ རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས༔ བྱམས་པ་ཐབས་དང་ཤེས་རབ་ལས༔ བཛྲ་དྷཱུ་པེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ༔ ཨུཏྤལ་མཐིང་ག་མེ་ཏོག་འཐོར༔ སྣ་ཚོགས་རིན་ཆེན་འོད་དུ་འཕྲོ༔ སྙིང་རྗེ་ཐབས་དང་ཤེས་རབ་ལས༔ བཛྲ་པུཥྤེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ༔ དབང་གི་ཕྱག་ན་སྒྲོན་མེ་བསྣམས༔ ཆོས་ཀྱི་རྒྱལ་པོ་འབར་བ་འཛིན༔ དགའ་བ་ཐབས་དང་ཤེས་རབ་ལས༔ བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཙནྡན་བདུད་རྩིའི་ཆར་འབེབ་མ༔ དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབ༔ བཏང་སྙོམས་ཐབས་དང་ཤེས་རབ་ལས༔ བཛྲ་གནྡྷེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་དག་པའི༔ བདུད་རྩི་རྩ་བརྒྱད་སྟོང་ལ་སྦྱར༔ དུག་ལྔ་སེལ་བའི་སྨན་གྱི་མཆོག༔ རྨད་བྱུང་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་བཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཁམས་གསུམ་ཆགས་པའི་འཛིན་པ་བསྒྲལ༔ ཆགས་མེད་ཆགས་བྲལ་དམར་ཆེན་པོ༔ དུག་གསུམ་རྣམ་པར་སྦྱང་བའི་ཕྱིར༔ དཀྱིལ་འཁོར་ལྷ་རྣམས་བཞེས་སུ་གསོལ༔ མ་ཧཱ་རཀྟ་པྲ་ཏཱིཙྪ་ཁཱ་ཧི༔ ཧཱུྃ༔ འདོད་པའི་ཡོན་ཏན་ལྔ་ལྡན་པ༔ ཡེ་ཤེས་ལྔ་ཡི་མཆོད་སྤྲིན་ཆེ༔ དམ་རྫས་གཏོར་མའི་མཆོད་སྤྲིན་འདི༔ མཆོད་དོ་བཞེས་ཤིག་དགྱེས་པར་རོལ༔ མ་ཧཱ་བ་ལིཾ་ཏ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐབས་ཤེས་མཉམ་སྦྱོར་བདེ་ཆེན་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཀུན་མཆོད་དེ༔ འཁོར་བའི་འཁྲུལ་རྟོག་ཐམས་ཅད་བསྒྲལ༔ མཉམ་ཉིད་སྤྲོས་བྲལ་ཡེ་མཆོད་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ བོ་དྷི་ཙིཏྟ་སྥ་ར་ཎ་ཕཊ༔ དྷརྨ་དྷཱ་ཏུ་ཤུདྡྷེ་ཨ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འོད་ཟེར་ཉི་མ་འབུམ་གྱི་གཟི༔ ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན༔ མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད༔ ཨ་ལ་ལ་ཡི་གད་རྒྱངས་ཆེ༔ སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོ་ཤེས་རབ་འོད་པོ་ཆེ༔ ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ༔ འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས༔ སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ༔ འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ༔ དཀྱིལ་འཁོར་ཡེ་བཞིན་འབྱུང་བའི་གཏེར༔ སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ བདུད་ཀུན་གྱི་ནི་བདུད་ཆེན་པོ༔ བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས༔ འཇིགས་པའི་ཚོགས་རྣམས་འཇིགས་བྱེད་པ༔ འཇིགས་བྱེད་ཆེན་པོའི་ཐིག་ལེ་ཆེ་ཧོ༔ ཧཱུྃ༔ རྡོ་རྗེ་བྲག་ཆེན་སྲ་བ་པོ༔ རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ༔ རྡོ་རྗེ་མེ་སྟེ་ཀུན་འབར་ཆེ༔ རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ༔ སྤྲོ་ན་མཆོད་པ་བཅུ་དྲུག་འབུལ༔ བཤགས་ཤིང་དམ་བཅའ་དངོས་གྲུབ་བཅོལ༔ དེ་ནས་ཛཔ྄་ཀྱི་རིམ་པ་ནི༔ བསྙེན་པ་ཐུགས་ཟླ་ཟུར་བརྒྱད་སྟེང༔ ཤིན་ཏུ་ཕྲ་བའི་གཟུགས་ཀྱིས་ནི༔ སེམས་དཔའ་རྡོར་དྲིལ་འཛིན་དཀར་པོ༔ ཉི་མ་ལ་གནས་རྡོ་རྗེ་ཧཱུྃ༔ འབྲུ་བརྒྱད་ལས་ནི་བ་ཐག་གཟིང༔ རྒྱལ་བ་ཀུན་བསྐུལ་དངོས་གྲུབ་བསྡུས༔ ཧཱུྃ་ལ་ཐིམ་པས་སྡིག་སྒྲིབ་སྦྱངས༔ ཉེ་བར་སྙིང་བརྒྱད་ཧཱུྃ་མཐིང་འབར༔ སྨྲ་བྱེད་འདབ་བརྒྱད་ཨཱཿདང་ལྡན༔ ཚངས་པ་འཁོར་ལོ་ཨོཾ་ལྡན་པས༔ མཐིང་དམར་དཀར་བའི་ཕྲ་བརྒྱད་ལྡན༔ ཐུགས་ལྗགས་ཉི་མ་སྤྱི་བོར་བརྒྱུད༔ ཟླ་བར་ཕྱུངས་ནས་རྒྱལ་བ་ཡི༔ གསང་བ་བསྐུལ་ཞིང་བསྙེན་པའི་ལས༔ བསྡུས་ནས་བཞི་གསུམ་ལ་ནི་བསྟིམ༔ བསྒྲུབ་ཕྱིར་སེམས་དཔའ་སུམ་བརྩེགས་པ༔ དབུ་ལྗགས་རྣམ་སྣང་མཐའ་ཡས་སྐུ༔ ཉི་སྟེང་ཨོཾ་ཨཱཿའབྲུ་བརྒྱད་ཀྱི༔ སྔགས་སྒྲས་ཐུགས་ཀྱི་འཁོར་ལོ་བསྐུལ༔ ཚངས་གནས་འོག་མིན་འབྲེལ་བ་ཡི༔ རྒྱལ་པོ་བཙུན་མོའི་བཅུད་དྲངས་ནས༔ བདག་ཉིད་བྱང་ཆུབ་སེམས་དང་ལྡན༔ ཆེན་པོ་ཕྲིན་ལས་འོད་དཀར་གྱི༔ ཚངས་པའི་དབྱངས་ནི་ཞི་བ་དང༔ དམར་སེར་འབྲུག་སྒྲ་དབང་བྱེད་རྒྱས༔ མཐིང་ནག་འབར་བའི་ཚྭ་ཚྭ་འཕྲོ༔ རྡོ་རྗེ་སྲིན་པོའི་ངུར་སྒྲའི་གདངས༔ ཁྱད་པར་མནན་པའི་ལས་ལ་བསྔགས༔ དམར་ནག་ཁུར་བ་དབུགས་འབྱིན་གྱིས༔ བཟློག་དང་ཕྲིན་ལས་རྒྱ་མཚོ་འགྲུབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡང་ན་སོ་སོའི་སྔགས་བཟླས་ནས༔ བསྟོད་པའི་རིམ་པ་རྒྱུད་བཞིན་བྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ གྲུབ་རྟགས་དབང་གི་རྒྱུད་བཞིན་འགྲུབ༔ རྗེས་ཀྱི་བྱ་བ་ཚོགས་མཆོད་ནི༔ མ་ད་ན་དང་མཱཾ་ས་སོགས༔ བདུད་རྩི་འདོད་ཡོན་བསང་ཆུས་སྦྱང༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ རྣམ་པར་རྟོག་པ་དམིགས་མེད་དབྱིངས༔ མ་ལས་ཉི་མའི་སྣོད་ཡངས་པར༔ ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་རྣམས་ལས༔ ཡེ་ཤེས་ལྔ་ཡི་འདོད་ཡོན་སྤྲིན༔ བླ་ན་མེད་པའི་ཚོགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་ཁྲག་འཐུང་སྤྱན་འདྲེན་གྱིས༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་རི་ལྟར་སྤུངས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ མ་ལུས་བཞེས་ཤིང་བསྣམས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་ཨེ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུྃ་བཾ་ཧོ༔ མཆོད་པའི་རིམ་པ་ཅི་ཡང་སྤྲོ༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡི་ཚོགས་མཆོད་འདི༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ༔ ཧཱུྃ༔ ཚེ་རབས་ཐོག་མ་མེད་པ་ཚུན་ཆད་ནས༔ ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ༔ ལུས་ཀྱིས་སྡིག་བྱས་སྤྱོད་པ་ངན་དུ་སྤྱད༔ ངག་གིས་ཚིག་རྩུབ་འཁྱལ་སྨྲ་ངན་དུ་བརྗོད༔ སེམས་ཀྱིས་བློ་ནོར་ལོག་པར་སེམས་པ་དང༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ བཀྲམ་པའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེ་ཡི་འཁོར་དུ་གཏོགས་པའི་ལྷ་སྲིན་རྣམས༔ མི་ཡི་སྐྱོན་མཐོང་ཙམ་ནས་བར་ཆད་རྩོམ༔ ནོངས་ཤིང་འགལ་འཁྲུལ་ཅི་བགྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད་ལ་གཟུགས་བྱང་ལ༔ བདེན་སྟོབས་བརྗོད་ལ་དམིགས་བྱ་བཀུག༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་དང་ཟས་ལྔ་ལ༔ མཚན་མ་མིང་དང་བཅས་པ་ལ༔ བཀུག་སྟེ་རྡོ་རྗེ་ཕུར་པས་བསྒྲལ༔ རྡུལ་དུ་བརླགས་ནས་ཚོགས་སུ་འབུལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ༔ ལོག་འདྲེན་བདུད་རྩིར་སྤར་ནས་འབུལ༔ ཧཱུྃ༔ རྡོ་རྗེ་འབར་བའི་ཚོགས་མཆོད་འདི༔ མཆོད་སྤྲིན་ཀུན་ཏུ་རྒྱས་གྱུར་ཅིག༔ དུག་གསུམ་བརྩེགས་པའི་རི་བོ་འདི༔ སྐུ་གསུང་ཐུགས་ཀྱི་ཀློང་དུ་སྟོབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བརྡའ་དང་བརྡ་ཡི་འབུལ་ལེན་གྱིས༔ ལོངས་སྤྱོད་ནང་གི་སྦྱིན་སྲེག་བྱ༔ གླུ་གར་སྲོག་ལྡན་འཆད་ཉན་དང༔ དབང་བསྐུར་སྦྱོར་བས་ཉམས་རྟོགས་འཕེལ༔ ལྷག་མ་གསོག་འཇོག་མེད་པར་བསྡུས༔ ཞིང་ལ་ཁྲག་གིས་མཎྜལ་བྲི༔ ཕུད་ལྷག་མར་མེ་སྨན་རཀ་བཤམ༔ རྩ་བའི་དཀྱིལ་འཁོར་གསལ་བཏབ་ལ༔ ཨ་བྷྲཱུྃ་ཧཱུྃ་ཧ་ཧེ་ཕཊ༔ ལྷག་མའི་དཀྱིལ་འཁོར་གསལ་བར་བསྒོམ༔ ཟླ་བ་ལ་གནས་གཏོར་མ་ནི༔ ཨོཾ་ལས་འདོད་ཡོན་འཕྲོ་བར་བསམ༔ ཨོཾ་ཨཱཿཧཱུྃ༔ འདོད་རྒྱལ་ཕྱག་རྒྱ་སྡུད་པའི་སྒྲས༔ ཨེ་ཨཱ་རལླི་ཧྲིང་ཧྲིང༔ ཨོཾ་ཌཱ་ཀི་ཨཱ་ཀརྵ་ཡ༔ ཨཱ་ཀརྵ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥཱ་ཡ༔ ཏོ་ཥཱ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཨོཾ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ འདོད་པའི་ལས་རྣམས་བྱེད་པར་བསམ༔ རྟ་གདོང་སྙེམས་པས་ཕྱག་རྒྱ་བྱ༔ ཧྲཱིཿཔདྨ་བ་ཌ་བ་མུ་ཁཱ༔ ཨ་ཀརྵ་ཡ༔ ཨ་ཀརྵ་ཡ༔ པྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ བྷནྡྷ་ཡ༔ བྷནྡྷ་ཡ༔ ཏོ་ཥཱ་ཡ༔ ཏོ་ཥཱ་ཡ༔ མོ་ཧ་ཡ༔ མོ་ཧ་ཡ༔ བཛྲ་ཌཱ་ཀི་ནཱི་ནཱཾ༔ ཧྲྀ་ད་ཡ་ཧཱུྃ་ཕཊ༔ ཧ་ཧ་ཧི་ཧི༔ དབང་དུ་འདུས་ཤིང་བཀའ་སྡོད་བསམ༔ མགྲོན་རྣམས་རིགས་ལྔའི་ཚོམ་བུ་རུ༔ བཞུགས་ཤིང་གཏོར་མ་ལེན་པར་བསམ༔ ཧེ་རུ་ཀ་ཡི་ཐོད་རྒྱ་བྱ༔ ཨོཾ་བཛྲ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨོཾ་ཕཊ༔ རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཏྲཱཾ་ཕཊ༔ པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཧྲཱིཿཕཊ༔ ཀརྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཏ་ཨཱཿཕཊ༔ གཏོར་མ་ཕུད་བཅས་རྨེ་བར་བླུགས༔ ལྕེ་ནི་རྟ་མགྲིན་ཡབ་ཡུམ་གཉིས༔ སྦྱར་བའི་བྱང་སེམས་ཛ་གད་ཀྱི༔ ཁ་ཕྲུ་དམ་རྒྱས་འབེབ་པར་བྱ༔ ཨོཾ་གུ་རུ་ཀྲོ་དྷ་རཏྣ་ས་མ་ཡ་པྲི་ཤ་སརྦ་བུདྡྷ་ཀྵེ་ཊ་པཱ་ལ་ཀྵོ་བྷ་ཀཱ་ར་ཧཱུྃ་ཕཊ༔ སྨན་དང་རཀྟ་གཏོར་མས་མཆོད༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བཅོམ་ལྡན་དཔལ་ཆེན་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ མ་མོ་མཁའ་འགྲོ་ཚོགས་ཀྱི་བདག༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ མ་ཚོགས་དབང་ཕྱུག་ལྷག་མའི་གནས༔ ལྷག་མ་ཁ་ཆུས་མི་གདབ་རྒྱུ༔ བྲན་ཕོ་བྲན་མོ་ཁ་ཆུའི་བདག༔ རྣམ་གསུམ་རིམ་གྱིས་མི་མཆོད་རྒྱུ༔ བཀའ་དང་གཞུང་ལུགས་རིམ་པར་ཡོད༔ རྣམ་གསུམ་གཅིག་ཏུ་མི་བསྲེ་རྒྱུ༔ ཆོས་ཀྱི་དབྱིངས་སུ་ཐ་མི་དད༔ ལས་རྣམས་སོ་སོར་མི་བཅོལ་རྒྱུ༔ ལས་ཀྱི་འདུལ་སྐལ་རིམ་པར་ཡོད༔ ནམ་མཁའ་སྟོང་ལ་དབང་བསྒྱུར་བའི༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔ སྟོང་ཁམས་ཡོངས་ལ་མངའ་མཛད་པའི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ སྲོག་དབུགས་ཀུན་ལ་མངའ་མཛད་པ༔ སྐྱེས་བུ་གིང་ཆེན་བཅོ་བརྒྱད་དང༔ རྡོ་རྗེ་ཕྲ་མེན་རྫུ་འཕྲུལ་ཅན༔ སྐྱེས་བུ་ལང་ཀ་དྲུག་ཅུ་དང༔ ཏ་ཀྲྀཏ་ལྕམ་དུ་ཞལ་བཞེས་པའི༔ འབར་མ་ཉུ་ལེ་བརྒྱད་རྣམས་དང༔ ཤ་ཁྲག་ཞལ་དུ་གསོལ་མཛད་པ༔ དུར་ཁྲོད་དྲེགས་པའི་མ་མོ་བདུན༔ རྒྱལ་ཆེན་སྲིང་མོར་ཞལ་བཞེས་པའི༔ སྲིང་མོ་ཆེན་མོ་བཞི་རྣམས་དང༔ ཕྱོགས་བཅུར་ཁྱབ་པར་ལས་བྱེད་པའི༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང༔ རི་རབ་རྨིང་ནས་འདེགས་མཛད་པའི༔ དབང་གི་གྲུ་འདེགས་བཞི་རྣམས་དང༔ ཕ་རོལ་དམག་དཔུང་འཇོམས་མཛད་པའི༔ དམག་གི་རྒྱལ་མོ་ཆེན་མོ་བཞི༔ དཔལ་གྱི་བཀའ་སྡོད་ཁྱེད་རྣམས་ཀྱིས༔ དམ་རྫས་ཤ་ཁྲག་གཏོར་མ་ལོངས༔ རྣམ་ལྔའི་མཆོད་པ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧོ༔ ལྷག་མའི་ལྷ་ཚོགས་དགོངས་སུ་གསོལ༔ ཕུད་དང་གཏོར་མ་བཞེས་སུ་གསོལ༔ དམ་ཚིག་ཉམས་ཆག་སྐོང་བར་མཛོད༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཕྲིན་ལས་རྒྱ་མཚོ་འགྲུབ་པར་མཛོད༔ ཡ་ཧི་གཙྪས་རང་གནས་གཤེགས༔ གཏོར་མ་མུ་རན་བར་དུ་བསྐྱལ༔ ཧཱུྃ༔ ལྷག་དཀྱིལ་རང་གི་སྙིང་གར་བསྡུ༔ སྲུང་མའི་གཏོར་མ་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ བྷྲཱུྃ་ཨཱོཾ་ཨཱཿཧཱུྃ༔ ཧཱུྃ༔ སྔོན་ཚེ་གསང་བའི་གནས་མཆོག་ཏུ༔ རྒྱལ་བ་སེམས་དཔའ་རྣལ་འབྱོར་མའི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ དམ་རྫས་གཏོར་མ་འདི་ལོངས་ལ༔ ཞལ་བཞེས་དམ་བཅའ་དེ་བཞིན་དུ༔ སྒྲུབ་པའི་སྡོངས་གྲོགས་ཕྲིན་ལས་མཛོད༔ བརྟན་མའི་གཏོར་མ་བྱིན་གྱིས་བརླབ༔ ཏྲཱཾ་རཏྣ་ཏྲཻ་ལོཀྱ་ཕཊ༔ གཏོར་མའི་རྡུལ་ཕྲན་རེ་རེ་བཞིན༔ རིན་ཆེན་གུར་ཁྱིམ་ལོངས་སྤྱོད་གྱུར༔ འབྲུ་གསུམ་དག་གིས་བྱིན་གྱིས་བརླབ༔ ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་བྱོན་དམ་སྐོང་དངོས་གྲུབ་སྩོལ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ དམ་ཆུ་བཀའ་ཡི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ལ་ལཱ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་ཁ་རཀྨ༔ མ་མ་སྲིཾ་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྲུང་མ་གཙྪས་གཤེགས་པར་བྱ༔ གཏོར་གཞོང་སྦུབས་ལ་བྲོ་ཡང་བརྡུང༔ ཡཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་ཞི་བ་ཆེན་པོ་རྣམས༔ ཐུགས་རྗེ་ཆེན་པོས་བྲོ་བརྡུངས་པས༔ གཏི་མུག་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ ཉོན་མོངས་བདུད་དང་མི་མཐུན་ཚོགས༔ ཡུད་ཙམ་གྱིས་ནི་ཞི་མཛད་པའི༔ ཞི་བའི་ལས་རྣམས་འགྲུབ་པར་མཛོད༔ མཱ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ངོ་མཚར་བརྗིད་པ་ཆེན་པོ་རྣམས༔ རྔམས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ང་རྒྱལ་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ དཔལ་དང་གཟི་བརྗིད་ཆེན་པོ་རྣམས༔ ཡུད་ཙམ་གྱིས་ནི་རྒྱས་པར་མཛོད༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཝཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ བདེ་བ་ཆེན་པོའི་གར་བསྒྱུར་རྣམས༔ ཆགས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ འདོད་ཆགས་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རྒྱལ་བློན་ཕོ་མོ་འབྲུ་ནོར་རྣམས༔ ཡུད་ཙམ་གྱིས་ནི་དབང་དུ་སྡུས༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་རྣམས༔ ཁྲོས་པའི་ཡིད་ཀྱིས་བྲོ་བརྡུངས་པས༔ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན༔ རུ་ཏྲ་དགྲ་བགེགས་མ་ལུས་པ༔ ཡུད་ཙམ་གྱིས་ནི་བརླག་པར་མཛོད༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ གཏང་རག་མཆོད་བསྟོད་ནོངས་པ་བཤགས༔ ཧཱུྃ༔ སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ༔ ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་དམ་པ་རྣམས༔ བདག་ལ་བསྩལ་ཞིང་བརྟན་པར་བཞུགས་སུ་གསོལ༔ ཀཱ་ཡ་བཱ་ཀ་ཙིཏྟ་ཏིཥྛ་བཛྲ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དཀྱིལ་འཁོར་འོད་དུ་ཞུ༔ བདག་ལ་འདུས་ཤིང་བདག་ཉིད་ཀྱང༔ ཧཱུྃ་ལ་འདུས་ཤིང་མི་དམིགས་གྱུར༔ ཕཊ་ཕཊ་ཕཊ༔ སླར་ཡང་བདག་ཉིད་ཧེ་རུ་ཀ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ བཛྲ་ཀཱ་བཱ་ཙི་རཀྵ་ཧཾ༔ སྤྱི་བོའི་ཧཾ་ཞུ་རྡོ་རྗེའི་གོ༔ མཛུབ་མོ་ཨོཾ་ཧཱུྃ་ཁྲོ་བོ་གཉིས༔ ལྟེ་བ་སྙིང་ག་ལྟག་པ་དང༔ དཔྲལ་བ་སྤྱི་བོ་གནས་ལྔ་རུ༔ ཁྲོ་བོ་ལུ་གུ་རྒྱུད་དུ་གྱུར༔ ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཏྲཱཾ༔ དབུ་རྒྱན་བཀོན་ལ་ཅོད་པན་ཡང༔ ཨོཾ་ཨཱརྱ་ལཾ་བྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿ མཐིང་དམར་འཕྱང་ཞིང་འཕུར་བར་བསམ༔ ཡི་གེ་བརྒྱ་པས་བརྟན་པར་བྱ༔ ཤིས་པར་བྱ་ཞིང་དགེ་བ་བསྔོ༔ རྟག་ཏུ་ཏིང་འཛིན་མི་འབྲལ་བར༔ སྣང་སྲིད་དག་པ་ཆེན་པོ་རུ༔ འགྲོ་བའི་དོན་ལ་སྤྱོད་པར་བྱ༔ ཐབས་དེས་རིག་འཛིན་བཞི་གང་རུང༔ འགྲུབ་ནས་བླ་མེད་ས་མཆོག་ཐོབ༔ དེ་ཕྱིར་རྩེ་གཅིག་ཉམས་ལེན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
སྙན་བརྒྱུད་སྲིད་པ་མོ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་ (Volume 32, Text 48)
༄༅། །སྙན་བརྒྱུད་སྲིད་པ་མོ་མོའི་གནད་ཏིག་གི་ཕྲིན་ལས་དང་དབང་བསྐུར་བའི་ལག་ལེན་བཀླག་ཆོག་ཏུ་བཀོད་པ་མ་མོ་དགྱེས་པའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨུཏྟ་ར་ཧེ་རུ་ཀཱ་ཡ། སྣང་སྲིད་ཡུམ་མཆོག་གསང་བའི་མཁའ་དབྱིངས་སུ། །རང་རིག་ངོ་བོ་མངོན་གྱུར་བླ་མེད་དཔལ། །མངོན་རྫོགས་རྒྱལ་པོ་འཁོར་ལོའི་མགོན་པོ་ལ།། གུས་པས་བཏུད་ནས་ཆོ་གའི་ལས་ཁྲིགས་དགོད། །སྙན་བརྒྱུད་མ་མོའི་གནད་ཏིག་ལག་ཏུ་ལེན་པ་ལ། ཉེ་བར་མཁོ་བའི་ཡིག་ཆ་ཁྲིགས་སུ་བསྡེབ་པ་ལ་གཉིས། ཕྲིན་ལས་ཀྱི་བྱང་བུ་དང་དབང་བསྐུར་བའི་རིམ་པའོ། །དང་པོ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་ཡོ་བྱད་ཀྱི་གཤོམ་ནི། དབང་དང་བསྙེན་སྒྲུབ་མདོས་གཏང་བའི་སྐབས་རྣམས་སུ་སོ་སོ་ལ་དགོས་པའི་དཀྱིལ་འཁོར་དང་རྟེན་ཚང་བར་བཤམ། ཚོགས་མཆོད་ལྟ་བུའི་ཕྲིན་ལས་དཀྱུས་ཙམ་ལ་རྟེན་ཇི་ལྟར་འཛོམས་པ་བཀྲམ་པའི་མདུན་དུ་སྟེགས་གཙང་མར་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་ཙམ་བཤམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཚོགས་པར་བྱའོ། །སྔོན་འགྲོ་དངོས་ལ་བདུན། ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ལ་སྐྱབས་སུ་འགྲོ་བ་ནི། བླ་མ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་བགེགས་བསྐྲད་པ་ནི། བགེགས་གཏོར་ལ་ཆབ་བྲན་ལ། རཾ་ཡཾ་ཁཾ་གིས་སྦྱང། སྟོང་པའི་ངང་ལས་བྷྲཱུྃ་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནས། ཁཾ་གྲྀཧྣ་དཾ་བ་ལྱཱ་དི་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོ། ལྔ་པ་བཀའ་བསྒོ་ཞིང་མཚམས་གཅད་པ་ནི། ཧཱུྃ་ཧཱུྃ༔ གློ་བུར་ལྟར་སྣང་འཁྲུལ་པའི་བགེགས༔ རང་གྲོལ་གཉུག་མའི་ཀློང་དུ་དེངས༔ ཕྱི་ནང་གཞན་གསུམ་དབྱེར་མེད་པ༔ རྡོ་རྗེའི་སྲུང་འཁོར་ཆེན་པོར་གྲུབ༔ བཛྲ་རཀྵ་ཏིཥྛནྟུ༔ དྲུག་པ་བྱིན་འབེབ་པ་ནི། ཨོཾ༔ སྔོན་གྱི་ཐུགས་དམ་ཆེན་པོ་ཡིས༔ འགྲོ་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཡེ་ཤེས་ཀྱིས༔ མཆོག་ཐུན་གྲུབ་པའི་བྱིན་ཆེན་ཕོབ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱ༔ བདུན་པ་མཆོད་རྫས་བྱིན་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་སྣོད་དུ་རིག་པའི་བཅུད༔ འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལའང་བདུན་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨ༔ སྟོང་པ་དེ་བཞིན་ཉིད་དབྱིངས་མཿ གསལ་བ་ཀུན་སྣང་བཙུན་མོའི་འཕྲུལཿ ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི༔ རྩ་རླུང་ཐིག་ལེའི་དྭངས་མ་ཧཱུྃཿ ནམ་མཁའི་དཀྱིལ་དུ་ཉི་ལྟར་ཤར༔ དེ་ལས་རིག་པའི་རྩལ་འཕྲོས་པས༔ མེ་ཆུ་རླུང་གི་བསྐལ་པ་སྟོངཿ ཅིར་ཡང་མི་དམིགས་སྟོང་ཉིད་ཀྱི༔ རོལ་པ་མཁའ་རླུང་མེ་ཆུ་ས༔ ཡུམ་ལྔའི་བྷ་ག་གསང་བའི་དབུས༔ ཟེའུ་འབྲུ་ལྷུན་པོ་བརྗིད་ཆགས་སྟེང༔ བྱང་ཆུབ་སེམས་ཀྱི་གཞལ་མེད་ཁངཿ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པད་ཉི་དྲེགས་པའི་སྟེངཿ སྙིང་པོའི་སྲོག་ལས་ལྷ་སྐུར་བཞེངས༔ བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ འོད་ཟེར་ཁ་དོག་ཅིར་ཡང་འགྱུར༔ རྡོ་རྗེའི་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་མུ་ཁ་ལེཿ ཁ་ཊྭཱཾ་ཐོད་ཁྲག་བསྣམས་པས་འཁྲིལ༔ དྲེགས་པ་རུ་དྲའི་དཔུང་བཅོམ་པའི༔ ལོངས་སྤྱོད་ཆེན་པོའི་རྒྱན་གྱིས་བརྗིད༔ ཞབས་བཞི་དོར་སྟབས་བདེ་ཉམས་ཀྱིས༔ མེ་དཔུང་འཁྲུག་པའི་ཀློང་ན་གསལཿ དག་པའི་རྩ་རླུང་ཐིག་ལེའི་ཁམསཿ བསམ་མི་ཁྱབ་པའི་ཆོ་འཕྲུལ་ལས༔ རྟག་པའི་རྒྱལ་པོ་རིགས་ལྔ་དང༔ རྗེ་མོ་དམན་མོ་སྒོ་སྐྱོང་སོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་པ༔ བདེ་དྲོད་གཟི་བྱིན་འབར་བར་བཞུགསཿ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ ཨ་ཧོ་ཨ་ཧོ་ཨ་ཧོ༔ རོལ་པ་ཆེན་པོའི་གར་དང་ནི༔ རྡོ་རྗེ་བདེ་ཆེན་གསང་བའི་གླུ༔ བཟོད་མེད་བདེ་བའི་ཉམས་འགྱུར་གྱིས༔ སྲས་བཅས་རྒྱལ་བ་ཞི་ཁྲོ་དང༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལཿ སྣོད་བཅུད་དྭངས་མ་མེར་མེར་གཡོས༔ དྲེགས་པའི་སྲོག་རྩ་གནད་ནས་བཟུང༔ ཐམས་ཅད་ཐིག་ལེ་འོད་ལྔའི་མདངསཿ ཡེ་ཤེས་ཆེན་པོའི་སྲོག་ཏུ་བསྡུས༔ དམ་ཚིག་ཡེ་ཤེས་རོ་མཉམ་པ༔ སྲིད་ཞིའི་སྤྱི་དཔལ་གཅིག་ཏུ་རྫོགས༔ གཉིས་པ་དབང་བསྐུར་རྒྱས་གདབ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ ཡེ་ཤེས་ལྔ་ཡི་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ གསུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་ནི། ཧཱུྃ༔ དབྱིངས་ལས་ཡེ་ཤེས་རང་ཤར་བའི༔ དཔལ་ཆེན་ལྷ་ཚོགས་གཉིས་མེད་གཤེགས༔ དམ་ཡེ་རོ་མཉམ་ངང་དུ་བཞུགསཿ རང་བཞིན་ཡོངས་ཤེས་ཕྱག་གིས་འདུད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛནྟུ༔ ཨ་ཏི་པཱུ་ཧོ༔ ན་མ་དྷི༔ བཞི་པ་མཆོད་པ་ནི། ཨོཾ༔ ཡུལ་ལ་དབང་པོས་མཚམས་སྦྱར་བའི༔ ཅིར་སྣང་ཉེར་སྤྱོད་འདོད་ཡོན་སྤྲིན༔ སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ བདེ་སྟོང་རོལ་པའི་རྒྱན་དུ་མཆོད༔ སརྦ་པཱུ་ཛ་ས་མ་ཡ་ཧོ༔ ལྔ་པ་བསྟོད་པ་ནི། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་པའི་སྐུར་སྟོན་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ དྲུག་པ་གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྒོམ་ཞིང་ལུས་སྦྱང་སྔོན་དུ་འགྲོ་བས་སྟོང་རའི་ནང་དུ་རྩ་འཁོར་ལྷ་ཚོགས་དང་བཅས་པ་གསལ་ཞིང་ཕྲ་མོའི་ཐིག་ལེར་སེམས་འཛིན་པའི་ཚུལ་ནུས་ན་གཞུང་ལྟར་བྱ། བདུན་པ་བཟླས་པའི་རྣལ་འབྱོར་ལ་གཉིས། བསྙེན་པ་དང་སྒྲུབ་པའོ། །དང་པོ་ནི། མི་བསྐྱོད་ཧེ་རུ་ཀ་དཔལ་གྱི༔ ཐུགས་ཀར་བདེ་སྟོང་ཉི་ཟླའི་སྦུབས༔ མར་མེ་ལྟར་འབར་ཧཱུྃ་ཡིག་གི༔ ནཱ་དའི་སྤྲིན་ལས་སྔགས་ཀྱི་ཕྲེང༔ བདེ་བའི་སྲོག་དང་ལྡན་པར་འཕྲོས༔ ཞལ་སྦྱོར་བར་ནས་མགལ་མེ་ལྟར༔ འཁོར་བའི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ཉམས་འབར་ནས༔ ཨ་ཧཾ་སྔགས་ཀྱི་རང་སྒྲ་ཡིས༔ འཁོར་འདས་ཁམས་ཀུན་དབང་མེད་གཡོས༔ བདེ་བ་མེར་མེར་འོད་དུ་ཞུ༔ སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླ། གཉིས་པ་སྒྲུབ་པ་ནི། བདེ་བའི་ལྕགས་ཀྱུས་རབ་འབྱམས་ཀྱི༔ སྣང་སྲིད་མ་མོའི་སྲོག་ནས་དྲངས༔ འཇིག་རྟེན་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། ཁྱད་པར་ལས་ཀྱི་མ་མོ་གཅུན་པའི་མན་ངག་གི་བཟླས་པ་ནི། རླུང་ནང་དུ་འཇུག་པ་ཨོཾ་ཞེས་དྲངས། གནས་པའི་ཚེ་ཨཱཿཞེས་པ་ལ་སེམས་ཡུན་རིང་དུ་གཟུང་། ཕྱི་ལ་ཧཱུྃ་ཞེས་འཕང་། དེ་རྣམས་ཀྱང་ཁ་དོག་དཀར་དམར་མཐིང་གསུམ་དང་སོ་སོའི་སྒྲ་གདངས་ལ་སེམས་གཏད། འབྱོངས་ནས་འབྱུང་གནས་གསལ་བའི་ཉམས་ཤར་ན་བུམ་ཅན་གྱི་རླུང་དང་སྦྱར་བར་གསུངས། གྲངས་ཚད་ནི་བསྙེན་པ་འབུམ་ཕྲག་བཅོ་ལྔ། ལས་སྒྲུབ་སྔགས་འབུམ་ཕྲག་བཞི་བཟླ་བར་གསུངས་པའོ། །སྟོང་ཚིགས་མཆོད་བསྟོད་སྤྱི་ལྟར་འབུལ། ཚེ་སྒྲུབ་སྦྱོར་ན་ཚེ་འབྲང་སོགས་རྟེན་བཤམས་ལ། བྷྲཱུྃ༔ སྙིང་པོ་ཐུགས་ཀྱི་ཐིག་ལེ་རུ༔ ཚེ་ཡི་ངོ་བོ་བྷྲཱུྃ་ལྗང་གུ༔ སྲོག་གི་ཕྲེང་བ་རྒྱུད་གསུམ་པོ༔ འོད་ཟེར་གཞའ་ཚོན་དྲྭ་བ་ཅན༔ ཉི་ཟླའི་གྭ་འུར་རྒྱས་གདབ་པ༔ སྤྲོས་པས་ནམ་མཁའ་གང་བའི་འོད༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ སྲིད་པ་མ་མོའི་སྤྲིན་ཕུང་འཕྲོ༔ བསྡུས་པས་བླ་ཚེ་ཆད་ཉམས་དང༔ སྲིད་ཞིའི་དྭངས་བཅུད་དབང་མེད་ཕྲོགས༔ བདུད་རྩིའི་བཅུད་ཀྱིས་རབ་ཏུ་གཏམས༔ སྙིང་པོ་ཚེ་ཡི་ངོ་བོར་ཐིམ༔ རྩ་ཡི་གསོས་གྱུར་ལང་ཚོ་འབར༔ རླུང་གི་སྲོག་བརྟན་རྡོ་རྗེའི་ཚེ༔ ཐིག་ལེ་མི་འགྱུར་གཞོམ་དུ་མེད༔ ཡེ་ཤེས་སྙིང་པོའི་དབྱིག་ཏུ་གྱུར༔ ཅེས་དམིགས་ལ་སྒྲུབ་སྔགས་ཀྱི་ཤམ་དུ། བཛྲ་ཛྙཱ་ན་བིནྡྷུ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བཏགས་པ་བཟླ། གྲངས་ཚད་ནི་ཁྲི་འབུམ་བྱེ་བ་བརྡ་རྟགས་དང་སྦྱར་བར་གསུངས། ཐུན་མཐར་ཕོ་ཉ་བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ འཁོར་འདས་མ་ཚོགས་ལས་ལ་བཞེངས༔ སྤྲུལ་པ་ཆེན་པོས་སྟོང་གསུམ་ཁོངསཿ སྲིད་ཞིའི་དྭངས་བཅུད་དབང་མེད་ཕྲོགས༔ བླ་ཚེ་ཡར་པ་རང་སོར་ཚུད༔ སྲོག་ཀླུང་དབང་ཐང་ཉམས་པ་གསོས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ འཕོ་བ་མེད་པ་དབྱིངས་ཀྱི་ཚེ༔ མི་འགྱུར་མི་ཤིགས་དངོས་གྲུབ་སྩོལ༔ ཅེས་འཁོར་འདས་ཀྱི་ཚེ་བཅུད་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པར་བསམ། ཆོས་གཏེར་སྲུང་མའི་གཏོར་ཆོག་བྱེད་ན་འདིར་སྦྱར། ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི། ཚོགས་ཀྱི་དམ་རྫས་ཇི་ལྟར་འབྱོར་པ་བཤམས་ལ་བྱིན་བརླབ་པ་ནི། རཾ་ཡཾ་ཁཾ༔ དབྱིངས་རིག་ཟུང་འཇུག་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ སྟོང་ཉིད་བྷནྡྷར་བདེ་བ་ཆེའི༔ ཚོགས་ཀྱི་འདུ་བ་རྒྱ་མཚོར་གྱུར༔ ཨོཾ་ཨཱ་ཧཱུྃ༔ ལན་གསུམ། ཚོགས་ཞིང་དྲང་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ དག་མཉམ་ཆོས་སྐུའི་ཀློང་ཡངས་ནས༔ ཁ་སྦྱོར་རྩལ་འཆང་ཧེ་རུ་ཀ༔ བླ་ན་མེད་པའི་མངོན་རྫོགས་རྒྱལ༔ ཚུར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ དང་པོ་མཆོད་བཤགས་བསྒྲལ་བསྟབ་ནི། ཨོཾ་ཨཱཿཧཱུྃ༔ དངོས་ཡིད་དམ་ཚིག་རྫས་ཀྱིས་མཆོད༔ ཉམས་ཆག་སྡིག་ལྟུང་སྙིང་ནས་བཤགས༔ གཟུང་འཛིན་འཁྲུལ་པ་བསྒྲལ་པའི་ཚོགས༔ ཁྲག་འཐུང་ཆེན་པོའི་ཞལ་དུ་སྦྱོར༔ ས་མ་ཡ་པཱུ་ཛ་ཧོ༔ སྐོང་བ་སྤྲོ་ན་སྐབས་འབྲེལ་འདིར་སྦྱར། བར་པ་ནང་གི་ཚོགས་སུ་རོལ་པ་ནི། ཨོཾ་ཨཱཿཧཱུྃ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ གདན་གསུམ་ཡོངས་རྫོགས་དཀྱིལ་འཁོར་ཏེ༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་ཀུན༔ རྡོ་རྗེའི་དམ་ཚིག་ཆེན་པོར་རོལ༔ ཨ་ལ་ལ་ཧོ༔ ཐ་མ་ལྷག་མ་ནི། བྱིན་རླབས་སྤྱི་ལྟར་བྱས་ལ། ཕེཾ་ཕེཾ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་བཞེས་ལ༔ གཟུང་འཛིན་འཁྲུལ་པ་ཞི་བ་དང༔ རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ དེའི་རྗེས་འབྲེལ་དུ་ཆད་མདོ་གཏང་བ་ནི། ཧཱུྃ༔ སྔོན་ཚེ་བླ་མེད་ཧེ་རུ་ཀས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ སྟོན་འཁོར་དགོངས་པ་དབྱེར་མེད་དུ༔ བྱིན་གྱིས་བརླབས་ཤིང་གསུངས་པའི་ཚེ༔ གཡར་དམ་བཞེས་པའི་སྲུང་མ་དང༔ རྗེས་འཇུག་རིག་འཛིན་གྲུབ་པ་ཡིས༔ དམ་ཚིག་གཉེར་དུ་གཏད་པ་ཀུནཿ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྣམ་བཞིའི་ལས་ཀུན་གྲུབ་པ་དང༔ བསྟན་པ་དར་བའི་ཕྲིན་ལས་སྒྲུབས༔ བསྟན་མ་སྐྱོང་བ་ནི། བྷྱོ༔ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འདིར་གཤེགས་བཤལ་ཆུས་བདུད་རྩི་བཞེས༔ གངས་ཅན་མཐའ་དབུས་བདེ་བ་དང༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ གཏོར་མནན་བྱ་བ་ནི། གཏོར་གཞོང་འོག་ཏུ་དགྲ་བགེགས་བཀུག་ལ། ཧཱུྃ༔ རྣམ་ཐར་གསུམ་དང་ལྡན་པའི་དབྱིངས༔ གློ་བུར་འཁྲུལ་པའི་དམ་སྲི་མནན༔ རིག་པ་ཡེ་ཤེས་བྲོ་བརྡུངས་པས༔ འབར་བའི་བརྟུལ་ཞུགས་ཡོངས་སུ་རྫོགས༔ ས་མ་ཡ་ཧོ་ཧོ༔ གསུམ་པ་རྗེས་སུ་བྱ་བ་ལ་བདུན་ལས། དང་པོ་གཏང་རག་མཆོད་བསྟོད་ནི་ཕྲིན་ལས་ལྟར་བྱ། གཉིས་པ་དངོས་གྲུབ་བླང་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་འགྲུབ་པའི་བྱིན་རླབས་སྩོལ༔ མ་ཧཱ་པ་ར་མ་སིདྡྷི་ཧཱུྃ༔ གསུམ་པ་ནོངས་བཤགས་བཟོད་གསོལ་ནི། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་ལན་གསུམ་བརྗོད། བཞི་པ་དཀྱིལ་འཁོར་སོགས་རྟེན་ཡོད་ན་ཚོགས་མགྲོན་སོགས་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། ལྔ་པ་བདག་བསྐྱེད་བསྡུ་ལྡང་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ་ཕཊ་ཕཊ༔ དྲུག་པ་བསྔོ་སྨོན་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མངོན་རྫོགས་རྒྱལ༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི། ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་གདོད་མའི་མགོན༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཐེག་ཆེན་ཐུན་མོང་མ་ཡིན་པའི་བསྔོ་སྨོན་དང་ཤིས་བརྗོད་ཚིག་ཕྲེང་རྒྱས་པར་སྤེལ་ལོ།། ༈ །།གཉིས་པ་འདི་ཉིད་ཀྱི་གདམས་པའི་འཇུག་སྒོ་དབང་བསྐུར་བའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་ཚོམ་བུ་མཐིང་ནག་གཅིག་བཀོད་པའི་སྟེང་དུ་ཁྲིའུའི་ཁར་གསང་བུམ་ཐོད་པ་མཚན་ལྡན་ལ་ཨ་མྲྀཏས་བཀང་བ་དར་མཐིང་ནག་གི་བཀབ་ལ་བཞག །མདུན་ངོས་སོགས་སུ། ཐོད་སྐུ །སྔགས་བྱང་དང་ཕྲེང་བ། ཤེལ་རྡོ་འམ་ཙིཏྟ། བདུད་རྩི་ཆོས་སྨན། གཏོར་སྣོད་དུ་རི་རབ་བང་རིམ་བཞིའི་སྟེང་དུ་དཔལ་བཤོས། གཡས་གཡོན་དུ་སྨན་རག །རྒྱབ་ངོས་སུ་ནམ་རྒྱང་མདའ་འཕང་ཤིང་རིས་བཙུགས་ཤིང་སྲིད་པའི་དཀོར་ཆ་ཡོད་དགུས་བརྒྱན་པའི་མདོས་རྣམས་དང་། རྒྱབ་མདུན་གང་བདེར། ཚེ་གལ་མཐུན་སྡེབ་ཀྱི་ཚེ་འབྲང་། ཚེ་ཆང་ཚེ་རིལ་བཅས་བཀོད། མཆོད་པའི་སྨན་གཏོར་རཀྟ། ཆུ་གཉིས་ཉེར་སྤྱོད་སྤྱི་མཐུན་བཤམ། ལས་བུམ་གཏོར་འབུལ་ཚོགས་མཆོད་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་ལས་བྱང་མཐར་ཆགས་སུ་བཏང་། བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་བསྙེན་པ་དང་སྒྲུབ་སྔགས་མང་དུ་བཟླ། རྡོར་བཟླས་མ་གྲུབ་ཀྱང་ཆོག །ཚེ་སྒྲུབ་ཀྱི་དམིགས་བཟླས་བྱ་ཞིང་མཆོད་བསྟོད་འབུལ་ལ་ཚེ་འགུགས་གཏང་། སྲུང་མའི་གཏོར་ཆོག་དང་ཚོགས་བསྒྲལ་བསྟབ་ཀྱི་བར་དུ་བྱ། ལས་བུམ་དུ་དབྱིངས་ཕྱུག་མའི་བསྐྱེད་བཟླས་བྱ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །གཉིས་པ་དངོས་གཞི་དབང་བསྐུར་བའི་རིམ་པ་ལ། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཁྱད་པར། དེའང་ཆོས་དབྱིངས་གདོད་ནས་རྣམ་པར་དག་པའི་རང་རྩལ་བྱང་ཆུབ་སེམས་ཀྱི་རོལ་པ་ཤིན་ཏུ་ཕྲ་བའི་རྩ་རླུང་ཐིག་ལེ་ལས་རགས་པར་ཁམས་གསུམ་གྱི་སྣོད་དང་བཅུད་དུ་སྣང་བ་ཐམས་ཅད། ཀུན་བཟང་མུ་ཁ་ལེའི་མཁའ་ཀློང་དབྱིངས་གསུམ་གྱི་རང་བཞིན་དུ་ཡེ་ནས་ཤར་བ་ལ་རང་བྱུང་རིག་པ་རང་ས་ཟིན་ནས་ཡེ་ཤེས་ཆེན་པོའི་རྩལ་རྫོགས་པ། དཔལ་བླ་ན་མེད་པའི་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོས་ཡེ་ཤེས་ཀྱི་མ་མོ་སྐུ་ལས་སྤྲུལ། ལས་ཀྱི་མ་མོ་རྣམས་དམ་ལ་བཞག་སྟེ་རྒྱུད་སྡེ་མཐའ་ཡས་པ་གསུངས། རིག་འཛིན་རྩལ་འཆང་རྣམས་ཀྱིས་དེ་ལ་བརྟེན་ནས་ལུང་དང་མན་ངག་གི་རིམ་པ་ཇི་སྙེད་བྱུང་བ་ཐམས་ཅད་འཕགས་ཡུལ་དུ་སློབ་དཔོན་དྷ་ན་སཾསྐྲྀཏ་དང་གངས་ཅན་གྱི་ལྗོངས་སུ་དཔལ་ཧེ་རུ་ཀ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་སྤེལ་བར་མཛད་ཅིང་། འབྲོག་མི་དཔལ་གྱི་ཡེ་ཤེས་སོགས་བཀའ་ནས་བཀར་བརྒྱུད་པ་དང་། སྤྲུལ་སྐུ་ར་ཤག་ཆེན་པོའི་ཟབ་གཏེར་ལས་བྱོན་པ་སོགས་སྔོན་དུས་མ་མོ་རོལ་པའི་བཤད་སྒྲུབ་ཕྲིན་ལས་ཤིན་ཏུ་དར་བས་གངས་ཅན་བསྟན་འགྲོའི་བདེ་སྐྱིད་སྤྲིན་བྲལ་ཡར་ཟླའི་དཔལ་ལྟར་རྒྱས་པར་གྱུར་ཀྱང་། དེང་སང་མཚན་ཙམ་གྱི་ལྷག་མར་གྱུར་ཅིང་སྙིགས་མའི་རྩལ་ཤུགས་ཇེ་རྒྱས་སུ་གྱུར་པའི་སྐབས་འདིར་རྩ་བའི་གཞུང་ཉིད་ལས། སྲིད་པ་མ་མོའི་ཏནྟྲའི་བཅུད༔ སྙིང་པོ་མཆོག་གི་ཐིག་ལེ་འདི༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ ཉི་མ་འོད་ཟེར་བདག་ལ་བསྩལ༔ མ་འོངས་བསྐལ་པའི་ཐ་མ་རུ༔ ཆོས་བྱེད་དམོད་ཅིང་སྡིག་བྱེད་བསྟོད༔ བཟང་པོའི་དྲིན་ལན་ངན་གྱིས་འཇལ༔ མནའ་དང་ཆད་ལ་ཅིར་མི་སེམས༔ མི་དགེ་འཇོལ་ཉོག་སྤྱོད་པ་དང༔ སྔགས་ཀྱི་འདའ་དཀའི་ས་མ་ཡ༔ ཁྲེལ་མེད་ཆུ་ལ་བསྐྱུར་བའི་དུས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུགས༔ ནད་མུག་མཚོན་གྱི་བསྐལ་ངན་ལྡང༔ མཐའ་བཞིའི་འབྱུང་པོ་དབུས་སུ་ལྷགས༔ ཀླ་ཀློས་བསྟན་ཞབས་སྡུད་ཉེའི་ཚེ༔ ལས་འཕྲོ་ཅན་ལ་དངོས་སུ་སྟོན༔ དེས་ཀྱང་རང་གི་སྙིང་ལ་བཞག༔ དུས་ལ་བབས་ན་གསང་སྟེ་སྤེལ༔ རང་གཞན་མང་པོའི་དོན་དུ་འགྱུར༔ ཞེས་གསུངས་པ་ལྟར་མ་མོའི་རོལ་པའི་རྒྱུད་ལུང་མན་ངག་མཐའ་དག་གི་ཡང་སྙིང་བཅུད་དུ་དྲིལ་བའི་གནད་ཀྱི་ཏི་ཀ་འདི་ཉིད་མཁས་ཤིང་དངོས་གྲུབ་བརྙེས་པ་ཐམས་ཅད་ཀྱི་སྤྱི་རྗེ། སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་བཀའ་གཏེར་ཆོས་སྒོ་རབ་འབྱམས་ཀྱི་བཀའ་བབས་ཆེན་པོ་བདུན་བཞུགས་པའི་ནང་ཚན་ཟབ་མོ་སྙན་དུ་བརྒྱུད་པའི་ཆོས་སྐོར་ལས་བྱོན་པ་སྟེ། དེའང་མདོ་ཁམས་ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བཞུགས་པའི་སྐབས་སུ་དག་པའི་སྣང་བ་འབྱམས་ཀླས་པའི་ངང་། དུར་ཁྲོད་ཆེན་པོ་བསིལ་ཚལ་རང་བྱུང་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་བཀའ་བབས་རིག་འཛིན་ཆེན་པོ་རྣམ་པ་དགུས་བྱིན་གྱིས་བརླབས་ཤིང་། རྒྱུད་དང་སྒྲུབ་སྡེའི་གདམས་པའི་སྙིང་པོ་རྣམས་ཀུན་འདུས་རིག་འཛིན་པདྨ་བདེ་བ་ཆེན་པོ་ཡེ་ཤེས་སྐུའི་རྣམ་རོལ་གཅིག་ཉིད་དུ་མར་འཆར་བས་སོ་སོར་བསྩལ་པ་ལས། འདིར་སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏས་བྱིན་གྱིས་བརླབས་ཤིང་རྣལ་འབྱོར་གྱི་དབང་ཕྱུག་ཉི་མ་འོད་ཟེར་གྱི་སྙན་བརྒྱུད་དུ་བསྩལ་པ་སྟེ། འདིའི་དགོས་པའང་གཞུང་ལས། རང་དོན་ཉམས་བླངས་བར་ཆད་ཞི༔ གཞན་དོན་ལས་སྦྱར་བསྟན་ལ་ཕན༔ ཟབ་དོན་སྙིང་པོའི་གསང་བ་ལ༔ རྩེ་གཅིག་བསྒོམས་པས་འཇའ་ལུས་སྐུ༔ ཟླ་བ་དྲུག་གི་ངེས་པར་འཐོབ༔ དེ་ཕྱིར་ཤིན་ཏུ་གཅེས་པའི་དོན༔ སྙིང་གི་ཏི་ལ་ཀ་རུ་ཟུངས༔ ཞེས་བསྔགས་པ་དོན་དང་ལྡན་པའི་སྲིད་པ་མ་མོའི་གནད་ཏིག་གི་སྨིན་བྱེད་སྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོར་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ འབྱུང་ལྔའི་ཁྱབ་བདག་རྟག་པའི་མ༔ དགྱེས་རོལ་ཧེ་རུ་ཀ་དཔལ་ཆེ༔ དམ་ཚིག་གསང་བའི་མཁའ་ཀློང་དུ༔ བདེ་ཆེན་བདུད་རྩི་དབབ་པར་མཛོད༔ ལན་གསུམ། དཔལ་ཆེན་མངོན་རྫོགས་རྒྱལ་པོ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོ་རྩ་གསུམ་རྒྱལ་བ་ཆོས་སྲུང་དང་བཅས་པ་མཁའ་ཁྱབ་ཏུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སོགས་ལས་བྱང་ལྟར་ལན་གསུམ། ཕ་མར་གྱུར་པའི་མཁའ་མཉམ་གྱི་འགྲོ་བ་མཐའ་དག་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཤིང་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ སོགས་ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། ཞིང་མཆོག་དམ་པ་དེ་དག་གི་སྤྱན་སྔར་ཚོགས་གཉིས་གསག་ཅིང་སྡིག་སྒྲིབ་སྦྱང་བ་དང་དགེ་རྩ་ཡོངས་སུ་སྤེལ་བར་བྱེད་པའི་ཏིང་ངེ་འཛིན་རྗེས་སུ་དྲན་པས་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ། དབང་གི་གཞི་དགོད་ཅིང་ཡེ་ཤེས་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ དབྱིངས་སྟོང་པ་ཉིད་ཡུམ་གྱི་མཁའ་ཀློང་ཆེན་པོར་བདེ་སྟོང་ཡེ་ཤེས་ཀྱི་སྣང་ཆར་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར། པདྨ་ཉི་མ་དྲེགས་པ་བསྣོལ་བའི་གདན་གྱི་སྟེང་དུ་རང་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས། ཁྱེད་རང་དཔལ་ཆེན་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་སྐུ་མདོག་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན་ལས་ཁ་དོག་སྣ་ཚོགས་པའི་འོད་ཟེར་ཅིར་ཡང་འགྱུར་བ། ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས་ཅན། ཕྱག་གཡས་པས་རྡོ་རྗེའི་བྱ་ཁྱུང་དང་གཡོན་པས་ཞིང་གི་དབྱུག་ཏོ་ཕྱར་བ། དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡུམ་ཉིད་ཞི་བདེ་མཆོག་མུ་ཁ་ལེ་མཐིང་སྐྱ་ཁ་ཊྭཱཾ་ག་དང་ཐོད་ཁྲག་བསྣམས་ནས་འཁྲིལ་བ། ཞབས་བཞི་འདོར་སྟབས་མེ་དཔུང་འཁྲུགས་པའི་ཀློང་ན་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་དང་། སློབ་དཔོན་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ལས་བདེ་བའི་སྒྲ་དང་འོད་ཟེར་གྱིས་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱང་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་འདུན་དྲག་ཏུ་མཛོད་ཅིག །སྤོས་རོལ་དང་སྙིང་པོའི་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དབང་དངོས་གཞི་ལ་བུམ་པ་གསང་བ་ཤེར་ཡེ་བཞི་པ་རྣམས་དང་མཐའ་རྟེན་རྣམ་པ་ལྔའི་དབང་རྣམས་རིམ་པར་འབྱུང་བ་ལས། དང་པོ་བུམ་དབང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དཔལ་ཧེ་རུ་ཀའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས། གསང་བའི་བུམ་པ་དཔལ་ཆེན་ཧེ་རུ་ཀའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པའི་ངོ་བོས་དབང་བསྐུར་བར་མོས་ཤིག །བྷནྡྷ་སྤྱི་བོར་བཞག་ལ། ཨོཾ༔ ལྔ་ལྡན་ཡུམ་གྱི་བྷནྡྷ་རུ༔ མངོན་རྫོགས་སྤྲུལ་པར་བཅས་པ་བཞུགས༔ བྱང་ཆུབ་ཐིག་ལེ་གཅིག་ཏུ་རྫོགས༔ རྡོ་རྗེ་རྒྱལ་པོར་ཁྱོད་དབང་བསྐུར༔ གུ་ཧྱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེས་བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ལྟ་བ་ངོ་བོ་ཉིད་གསུམ་མངོན་དུ་བྱེད་པ་དང་། གྲུབ་མཐའ་འཁོར་འདས་དབྱེར་མེད་སྙོག །འདའ་ཀ་འོད་ཀྱི་གོང་བུ་སྒྲས་འཕོ་བར་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ཀྱི་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན། པདྨ་བྷཉྫའི་བཅུད་དུ་བསྐྱིལ་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་མྱང་བས་ལུས་ཐམས་ཅད་བདེ་བས་གང་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ རྩ་སྲོག་ཙིཏྟའི་རྒྱུན་ལས་དྲངས༔ མཆོག་གི་བདུད་རྩིར་རོ་མཉམ་བསྐྱིལ༔ དཀར་དམར་ལྷག་པའི་དམ་ཚིག་རྫས༔ དཔའ་བོ་ཆེན་པོའི་ལྕེ་ལ་བཞག༔ གུ་ཧྱ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ དེས་གསང་བའི་དབང་ཐོབ། ལམ་བདག་བྱིན་བརླབ་པ་བསྒོམ་པ་ལ་དབང་། ལྟ་བ་རང་བྱུང་ཡེ་ཤེས་མངོན་དུ་བྱེད་པ་དང་། གྲུབ་མཐའ་མ་འདྲེས་ཡོངས་རྫོགས་སྙོག །འདའ་ཀ་དཔེའི་འོད་གསལ་དུ་འཕོ་བ་ལ་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ལོངས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། རྣམ་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་བཅས་ཕྱག་རྒྱའི་གཟུགས་སུ་ཤར་བ་རིགས་ཅན་མཆོག་གི་མཚན་ཉིད་རྫོགས་པའི་ཕོ་ཉ་གཞོན་ནུ་མ་གཏད་པ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས། ཡས་བབ་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བ་བཞིའི་མཐར་ལྷན་སྐྱེས་དཔེའི་འོད་གསལ་མངོན་དུ་བྱས་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ འདི་ནི་འབྱུང་བ་ལྔ་ཡི་བདག༔ སྲིད་ཞིའི་སྤྱི་དཔལ་ཆེན་མོ་སྟེ༔ ལུས་ངག་འདོད་པ་མཉམ་ལྡན་པས༔ ལྷན་ཅིག་སྐྱེས་དགའ་བསླབ་པར་གྱིས༔ གུ་ཧྱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་བསྒོམ་པ་ལ་དབང་། ལྟ་བ་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱེད་པ་དང་། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་སྙོག །འདའ་ཀ་རྡོ་རྗེ་སེམས་དཔར་འཕོ་བ་ལ་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེའི་སླད་དུ། སྔར་དཔེ་ལས་སྐྱེས་པའི་ལྷན་སྐྱེས་བདེ་བ་ཆེན་པོའི་རང་ངོ་བལྟས་ནས་མཉམ་པར་བཞག་པས། དཔེ་བྲལ་རང་བྱུང་གི་ཡེ་ཤེས་སྨྲ་བསམ་བརྗོད་པ་ལས་འདས་པ་འོད་གསལ་ཆོས་སྐུའི་དགོངས་པའི་རང་མདངས་བསྐྱང་བར་མཛོད་ཅིག །ཧོ༔ ལྟོས་ཤིག་ཅིར་ཡང་གྲུབ་པ་མེད༔ གྲུབ་པ་མེད་པའི་སེམས་ཉིད་ལ༔ བདེ་བའི་རོལ་རྩལ་མཁའ་དང་མཉམ༔ ཡང་དག་ངེས་དོན་རྟོགས་པར་གྱིས༔ གུ་ཧྱ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དེས་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལམ་རྡོ་རྗེ་རྦ་རླབས་བསྒོམ་པ་ལ་དབང་། ལྟ་བ་ཆོས་རྣམས་རྣམ་དག་མངོན་དུ་བྱེད་པ་དང་། གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་སྙོག །འདའ་ཀ་ཕྱག་རྒྱ་ཆེན་པོར་འཕོ་བ་ལ་དབང་། འབྲས་བུ་རང་བཞིན་ལྷུན་གྲུབ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་དབང་གི་དངོས་གཞི་གྲུབ། མཐའ་རྟེན་རྗེས་སུ་གནང་བ་ལ་རྣམ་པ་ལྔར་ཡོད་པ་ལས། དང་པོ་སྐུ་ཕྱག་རྒྱའི་རྗེས་སུ་གནང་བའི་སླད་དུ་དཀྱིལ་འཁོར་གྱི་དཔལ་ཧེ་རུ་ཀའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་འཕྲོས། ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གནས་གྱུར། སྣང་བ་ཐམས་ཅད་ལྷའི་འཁོར་ལོར་ཤར་བར་གྱུར་པར་མོས་ཤིག །ཐོད་སྐུ་སྤྱི་བོར་བཞག་ལ། ཨོཾ༔ བླ་ན་མེད་པའི་ཧེ་རུ་ཀ༔ འབྱུང་བ་ལྔ་བདག་མ་མོའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསུང་སྙིང་པོ་སྔགས་ཀྱི་རྗེས་སུ་གནང་བའི་སླད་དུ་དཀྱིལ་འཁོར་གྱི་དཔལ་ཧེ་རུ་ཀའི་མགྲིན་པ་ནས་བསྙེན་སྒྲུབ་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་སྲོག་རྩོལ་རླུང་གི་རྒྱུ་བ་ཐམས་ཅད་རྡོ་རྗེའི་སྔགས་སུ་གནས་གྱུར། སྒྲ་གྲགས་ཐམས་ཅད་མི་ཤིགས་ནཱ་དའི་རང་སྒྲར་འཆར་བར་གྱུར་པར་མོས་ཤིག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ འཇིག་རྟེན་རྩ་ལ་ལས་རླུང་སྔགས༔ ཐིག་ལེ་ཡི་གེའི་གཟུགས་སུ་ཤར༔ རྟག་ཏུ་ཆུ་བོའི་རྒྱུན་བཞིན་ཟློས༔ རྡོ་རྗེའི་གསུང་མཆོག་ཐོབ་པར་འགྱུར༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཐུགས་ཡེ་ཤེས་ཆེན་པོའི་རྗེས་སུ་གནང་བའི་སླད་དུ། དཀྱིལ་འཁོར་གྱི་དཔལ་ཧེ་རུ་ཀའི་ཐུགས་ལས་འོད་ཟེར་གྱི་གོང་བུ་ཁ་དོག་ལྔ་ལྡན་ཙིཏྟའི་དབྱིབས་ཅན་འཕྲོས། ཁྱེད་རང་གི་སྙིང་གི་དབུས་སུ་ཐིམ་པས་ངར་འཛིན་གྱི་རྟོག་པ་རིག་སྟོང་འོད་གསལ་ཆེན་པོར་གནས་གྱུར། རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་འཆར་བར་གྱུར་པར་མོས་ཤིག །ཙིཏྟའམ་ཤེལ་རྡོ་སྙིང་གར་བཞག་ལ། ཧཱུྃ༔ ཙིཏྟ་རང་བྱུང་གསང་བའི་སྦུབས༔ ཡེ་ཤེས་གཅིག་ལས་འགྱུར་བ་མེད༔ འདི་ཉིད་བསྒོམ་པའི་རྣལ་འབྱོར་པ༔ རྡོ་རྗེ་སྙིང་པོའི་ཐུགས་སུ་འགྱུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་བདུད་རྩིའི་རྗེས་སུ་གནང་བའི་སླད་དུ། ཚུལ་བཞིན་དུ་སྦྱར་ནས་བསྒྲུབས་པའི་མྱོང་གྲོལ་བདུད་རྩི་རཱ་སཱ་ཡ་ན་དམ་ཚིག་གི་རྫས་སུ་བརྟེན་པས་སྤངས་རྟོགས་འབྲས་བུའི་ཡོན་ཏན་འབད་མེད་དུ་རྒྱས་པར་མོས་ཤིག །ཆོས་སྨན་སྦྱིན་ལ། སྭཱ༔ མྱང་བས་གྲོལ་བའི་བདུད་རྩི་ནི༔ དྲན་པ་ཙམ་གྱིས་བདེ་ཆེན་སྐྱེ༔ སྔགས་ཀྱི་དམ་ཚིག་འདི་སྤྱོད་ལ༔ འབྲས་བུའི་ཡོན་ཏན་རྒྱས་པར་གྱིས༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ ལྔ་པ་ཕྲིན་ལས་མདོས་གཏོར་གྱི་རྗེས་སུ་གནང་བའི་སླད་དུ། སྣོད་བཅུད་ཡོངས་རྫོགས་ཀྱི་མདོས་གཏོར་སྨན་རཀ་ཕྱག་ཏུ་གཏད་པས་སྲིད་པ་མ་མོ་རོལ་པའི་ཕྲིན་ལས་རྣམ་པ་བཞི་ལ་རང་དབང་ཐོབ་པར་གྱུར་པར་མོས་ཤིག །མདོས་རཀ་གཏད་ལ། ཧཱ༔ སྣང་བ་གཞིར་བཞེངས་མདོས་སུ་བྱས༔ སྲིད་པ་སྨན་དང་རཀྟར་བསྐྱིལ༔ སྣོད་བཅུད་ཡོངས་རྫོགས་མདོས་ཆེན་པོས༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་གྱིས༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་རྣམས་ཀྱི་རྗེས་འབྲེལ་དུ་བཀྲ་ཤིས་ཚེའི་དབང་དང་དངོས་གྲུབ་སྦྱིན་པ་ལ། ཁྱེད་རང་རྣམས་དཔལ་ཆེན་མངོན་རྫོགས་རྒྱལ་པོར་གསལ་བའི་ཐུགས་ཀར་ཚེ་རྟེན་ཉི་ཟླའི་གྭའུའི་དབུས་སུ་དྭངས་སྲོག་བྷྲཱུྃ་ཡིག་ལྗང་གུ་འོད་ཟེར་གྱི་ཕྲེང་བ་ཅན་དུ་གསལ་ཐོབས། སློབ་དཔོན་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དང་། ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲིད་པ་མ་མོའི་ཚོགས་ཉི་ཟེར་གྱི་རྡུལ་ལྟ་བུ་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་བཀུག །ཁྱེད་རང་རྣམས་ཀྱི་སྙིང་གའི་ཚེ་རྟེན་དང་མདུན་གྱི་སྒྲུབ་རྫས་ལ་སིབ་སིབ་ཐིམ་པར་མོས་ཤིག །ཅེས་བྱས་ལ་ཚེ་འགུགས་གཏང་། ཚེ་འབྲང་དཔལ་ཆེན་པོར་གསལ་བའི་གནས་གསུམ་ནས་འོད་ཟེར་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཞུགས་ཏེ་ལུས་ཐམས་ཅད་གང་བས་རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་བྱས། སྒོ་གསུམ་མི་ཤིགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། དྭངས་མ་སྙིང་གའི་ཚེ་རྟེན་ལ་ཐིམ། ཉི་ཟླའི་གྭའུ་ཁ་བསྒྲིགས། འོད་ཟེར་རྡོ་རྗེའི་དྲྭ་བས་འགྱུར་མེད་དུ་རྒྱས་གདབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། བྷྲཱུྃ༔ འཆི་མེད་བཅུད་ཀྱིས་གཏམས་པ་ཡི༔ དངོས་གྲུབ་མཆོག་གི་ཚེ་དང་དཔལ༔ སྒྲུབ་པའི་རྫས་ལ་བརྟེན་ནས་ཀྱང༔ སྒྲུབ་མཆོག་སྲོག་གི་ཐིག་ལེར་སྩོལ༔ ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། མཚམས་སྦྱོར་སྤྱི་མཐུན་བྱས་ལ་ཤིས་བརྗོད་ཀྱི་ཚིག་ཕྲེང་ཅི་རིགས་བརྗོད། དེ་དག་གིས་སྲིད་པ་མ་མོའི་གནད་ཏིག་གི་སྨིན་བྱེད་རྗེས་འབྲེལ་བཅས་ཚང་བར་གྲུབ་པ་ལགས། དེའི་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེའང་རྩ་བའི་གཞུང་ཉིད་ལས་གསལ་ཞིང་རྒྱས་པར་བསྟན་པ་འདི་ལ་རྩེ་གཅིག་ཏུ་གསན་པར་ཞུ། འདོད་པའི་ཁམས་ནི་རྩ་ཡིན་ཏེ༔ ཞེས་པ་ནས། དོན་གྱི་བཙན་ས་ཟིན་པ་འོ༔ ས་མ་ཡ༔ ཞེས་མ་མོ་བཀའ་གཏེར་གྱི་རྒྱུད་ལུང་ཆེན་པོ་རྣམས་སུའང་གབ་འཐོར་སྦས་པའི་ཚུལ་གྱིས་དཀྱུས་གཅིག་ཏུ་མ་བསྟན་པའི་ཟབ་གནད་མཐའ་དག་དཀྱུས་གཅིག་ཏུ་བསྟན་པའི་ཟབ་ཁྲིད་འདི་ལྟ་བུ་ཤིན་ཏུ་དཀོན་ཅིང་། འདིའི་གནད་དོན་སྙིང་པོ། འདོད་ཁམས་རྩ་གཙོ་བོར་གྱུར་པའི་རགས་པ་ལུས་ཀྱི་སྣང་ཞེན་སྦྱོང་བའི་བསྐྱེད་རིམ་རྣལ་འབྱོར་ལུས་དཀྱིལ་དང་ཕྲ་ཐིག་ལ་བརྟེན་ནས་སྔགས་ཀྱི་ཞི་གནས་སྒྲུབ་པ། གཟུགས་ཁམས་རླུང་གཙོ་བོར་གྱུར་པའི་ངག་གི་ཞེན་པ་སྦྱོང་བའི་བཟླས་པའི་རྣལ་འབྱོར་ལ་ངག་བཟླས་རྡོར་བཟླས་བུམ་པ་ཅན་ལ་བརྟེན་ནས་ལྷག་མཐོང་གི་གཞི་སྒྲུབ་པ། གཟུགས་མེད་ཁམས་སེམས་གཙོ་བོར་གྱུར་པའི་ཐིག་ལེ་བདེ་བ་ཆེན་པོར་ལམ་དུ་བསླང་བ་རང་ལུས་དང་གཞན་ལུས་ལ་བསྟེན་ནས་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྒྲུབ་པ་རྣམས་ཀྱིས་བསྡུས་པ་སྟེ། དེ་ལྟ་བུའི་ཟབ་དོན་ཉམས་སུ་བླངས་ནས་ཚུལ་བཞིན་དུ་རྒྱུད་ལ་སྦྱོར་བར་མཛོད་ཅིག །དེ་རྣམས་ཀྱིས་མ་མོའི་གནད་ཏིག་གི་དབང་ཁྲིད་ཆིག་རྫོགས་སུ་བགྱིས་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བཅས་སྤྱི་ལྟར་བྱ། སློབ་དཔོན་གྱིས་རྗེས་ཀྱི་བྱ་བ་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། ཆད་བརྟན་རྟ་བྲོ་རྣམས་སོང་ནས་གཏང་རཀ་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། མདུན་བསྐྱེད་ཡེ་ཤེས་པ་སྐབས་བསྟུན་གྱིས་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་བྱའོ། །དབྱིངས་ཀྱི་མ་མོ་ཤེར་ཕྱིན་དགོངས་དོན་རྟོགས། །ཡེ་ཤེས་མ་མོ་རིགས་ལྔའི་ཕྱག་རྒྱར་རྫོགས། །འཇིག་རྟེན་མ་མོའི་སྟོང་སྲོག་རང་དབང་ཐོབ། །ལས་ཀྱི་མ་མོ་བྲན་དུ་བཀོལ་བྱེད་ཤོག །ཅེས་སྔ་ན་མེད་པའི་ཟབ་གསང་རྨད་དུ་བྱུང་བ་འདི་ཉིད་སྙིགས་མའི་དུས་འདིར་ལྷག་པར་མཁོ་བར་མཐོང་ནས་འཕེལ་རྒྱས་སུ་འགྱུར་བའི་སྒོར་དམིགས་ཏེ་ཕྱོགས་བྲལ་དུ་སྤྱོད་པའི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཐེམ་ཡིག་མེད་པའི་སྐོར་ལས། དམ་ཚིག་ཉམས་ཆག་གསོ་བའི་ཐབས་སྐོང་བཤགས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས་དཀྱིལ་འཁོར་གྱི་ལྡེ་མིག་གསལ་བའི་མེ་ལོང་ (Volume 41, Text 48)
༄༅། །ཐེམ་ཡིག་མེད་པའི་སྐོར་ལས། དམ་ཚིག་ཉམས་ཆག་གསོ་བའི་ཐབས་སྐོང་བཤགས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས་དཀྱིལ་འཁོར་གྱི་ལྡེ་མིག་གསལ་བའི་མེ་ལོང་བཞུགས་སོ། ། རབ་འབྱམས་རྒྱལ་བ་གཅིག་བསྡུས་པདྨ་འབྱུང་། །རྩ་གསུམ་འཁོར་ལོའི་མགོན་པོར་ཡོངས་ཤར་བ། །དེ་ཉིད་གདུལ་དཀའ་འདུལ་སླད་ཧེ་རུ་ཀ །ཁྱབ་བདག་རོལ་པ་རྩལ་ལ་ཕྱག་འཚལ་བསྟོད། །དེ་ཡང་འདིར་བཀའ་དྲིན་མཉམ་མེད་རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་སློབ་དཔོན་ཆེན་པོ་པདྨཱཀ་རའི་སྒྲུབ་ཕུག་དགེ་བསྙེན་རྡོ་རྗེ་འབར་བའི་གནས་ནས་ཟབ་གཏེར་དུ་སྤྱན་དྲངས་པའི་གསང་སྔགས་སྤྱི་ཆིངས་ན་རག་སྐོང་བཤགས་འདི་ཉིད་དཀྱིལ་འཁོར་ཆེན་པོ་གང་ལའང་སྦྱར་དུ་ཆོག་པ་ལ། བླ་མ་རྒྱལ་བ་ཀུན་འདུས་ལ་བརྟེན་ནས་དཔལ་རི་བོ་ཆེར་ཞབས་དྲུང་རིན་པོ་ཆེ་རྣམས་ལ་དབང་ལུང་ཕུལ་སྐབས། རྗེ་གཏེར་ཆེན་ཉིད་ཀྱིས་ཕྱག་བཞེས་མཛད་པ་འཁྲུལ་མེད་ཟིན་རིས་སུ་འགོད་པ་ལ། ཐོག་མར་དཀྱིལ་འཁོར་འདོམ་གང་གྲུ་བཞིའི་དབུས་སུ་སྟེགས་བུ་ཆུང་ངུའི་སྟེང་དུ་རྒྱལ་བ་ཀུན་འདུས་དཀྱིལ་འཁོར་རས་བྲིས་བཤམས་པའི་དབུས་སུ་མཉྫིའི་ཁར། རྒྱལ་བ་ཀུན་འདུས་ཀྱི་གཏོར་མ་དཔེའུ་རིས་ལྟར་ལ་དར་གདུགས་བཙུགས་པ་བཤམ། དེའི་མདུན་དུ་རྣམ་རྒྱལ་བུམ་པ་བཅུད་ལྡན་ཁ་རྒྱན་གཟུངས་རྡོར་བཅས་བཤམ། ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་གཏོར་མ་སྟོད་ཟུར་རྒྱན་རྔ་མའི་དབྱིབས་ཅན། པད་འདབ་བརྒྱད་པ་ཅན། རྒྱལ་མཚན་ནམ་གདུགས་ཕྱོགས་མདོག་བཙུགས་པ་མཐེབ་སྐྱུ་ཤ་དུམ་ཅི་མང་གིས་གསོ། མཚམས་བཞིར་སྟོད་ཟུར་གསུམ་སྨད་ཟླུམ་པོ་འདབ་བརྒྱད་པ་ཅན་རྒྱན་རྔ་མ། དེ་རྒྱབ་མཚམས་བཞིར་བུམ་པ་བཅུད་ལྡན་བཞི། དེ་རྣམས་ཞལ་ཤར་དུ་བསྟན། རྒྱལ་བ་ཀུན་འདུས་དབང་བསྐུར་ཚེ་དབང་རྫས་ཙག་ལི་རྣམས་ཀྱང་གཞུང་ལྟར་བཀྲམ། དེ་ཡི་ཕྱོགས་བཞིར་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཞི་ཚར་དུ་བཤམས་པའི། ལྷ་བཤོས་དམར་པོ་ཞལ་རྣམས་ཤར་དུ་བསྟན། དེའི་ཕྱིའི་ཕྱོགས་མཚམས་སུ་མར་མེ་ཆེ་བ་བརྒྱད། དེ་རྒྱབ་བྷནྡྷ་མར་ཁུས་བཀང་བ་དཔྲལ་བ་རང་ལ་བསྟན་པ་བརྒྱ་རྩ་བརྒྱད། དེ་རྒྱབ་ཨུ་ཀྱུ་བརྒྱ་རྩ་བརྒྱད་ལ་ཕྱི་མར་ཁུའི་དཀར་རྩི་དང་། ནང་འབྲི་མོག་བྱུགས་པ་རཀྟ་འམ་ཤ་དུམ་བཞག་པ་ལེབ་ནང་དུ་བསྟན་པ། དེ་རྒྱབ་ཟུར་གསུམ་རཀྟ་འབྲི་མོག་བྱུགས་པ་ནོར་བུ་སུམ་རྒྱན་ཟན་འདབ་གསུམ་དང་ཤ་ཆང་ཟན་དུམ་མཐེབ་སྐྱུས་གསོས་པ་བརྒྱ་རྩ་བརྒྱད་མདུན་ཕྱི་ལ་བསྟན། དེ་རྒྱབ་ཚོགས་ཆུང་མར་ཁུ་བྱུགས་པ་ནོར་བུའི་རྩེ་རྒྱན་ཅན་བརྒྱ་རྩ་བརྒྱད། དེ་རྒྱབ་ལྷ་བཤོས་བརྒྱ་རྩ་བརྒྱད་ཀྱང་མདུན་ཕྱི་ལ་བསྟན། མར་མེ་བརྒྱ་རྩ་བརྒྱད། དེ་རྣམས་གྲུ་བཞིར་བཤམ། དེ་ཡི་ཕྱི་ནས་སྒྲུབ་ཆེན་ལྟར་དཀྱིལ་འཁོར་ཆས་སོགས་ཡོད་ནའང་མཛེས་པར་བཤམ། དེ་ནས་དཀྱིལ་འཁོར་མདུན་ཤར་དུ་སྟེགས་ཆུང་ངུའི་སྟེང་སྨན་རག་གཏོར་གསུམ་ཚོགས་བཅས། འབུལ་གཏོར་ཟུར་གསུམ་རྒྱན་ཅན་བཅོ་ལྔ་ཤ་དང་ཟན་རིལ་གང་མང་གིས་གསོས་པ་དང་། དཀར་གཏོར་ཟན་རིལ་གྱིས་གསོས་པ་གཅིག །ཆད་མདོ་བརྟན་སྐྱོང་གི་གཏོར་མ་ཟུར་གསུམ་ཤས་བརྒྱན་པ་གཉིས་བཤམ། དེ་ནས་མཆོད་པའི་སྐབས་སུ་བསྐྱགས་རྒྱུའི་ལྕོག་ཙེའམ་ཤིང་བྱང་སྟེང་དུ་དབུས་སུ་ཞི་གཏོར་རྒྱན་མ་སྨུག་འཛིན་ཅན། གཡོན་དུ་རཀྟ་ཚོགས་ཆུང་། དེ་ནས་ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ། གཟུགས་སྒྲ་དྲི་རོ་རེག་བྱ། རྫས་རྟགས་རྒྱལ་སྲིད་སྣ་བདུན་སོགས་དངོས་སམ་ཙཀ་ལི་མཛེས་པར་བཤམ། རྫས་རྟགས་རྒྱལ་སྲིད་སོགས་ཙཀ་ལི་ལྟ་བུ་ཡིན་ཚེ་ཟླུམ་གཏོར་ཆུང་ངུ་ཞིག་ལ་འཛུག་གོ །མཆོད་གཏོར་དེ་ཀུན་རྒྱན་དང་མཐེབ་སྐྱུ་ཟན་ཁམས་སོགས་བཏགས་རྒྱུ་མ་ནོར་མ་འཁྲུལ། ཕྱག་ལེན་སླ་ཆོས་དེས་ཆོག་མ་ཡིན་པར་ཆེ་མཛེས་ཡིད་འོང་སྤྲོ་རྒྱས་སུ་བྱ་བ་གལ་ཆེ། རྟེན་འབྲེལ་གྱི་གནད་ཀའོ། ༈ །དེ་ནས་ལས་གཞུང་གཏང་བ་ནི། མདུན་གྱི་ནམ་མཁར་པདྨ་གེ་སར་སོགས་སྐྱབས་འགྲོ་སེམས་བསྐྱེད་དང་། དེ་ནས་མཆོད་པ་བྱིན་བརླབ་ནི། ཨོཾ་བཛྲ་ཨ་མྲྀཏ་སོགས་གཞུང་ལྟར་དཀར་གཏོར་འབུལ། བགེགས་གཏོར་བྱིན་བརླབ་དགུག་གཞུག་ལན་གསུམ་བྱས་ལ། ཧཱུྃ༔ ང་ནི་བླ་མ་ཧེ་རུ་ཀ༔ སོགས་ནས་མཆོད་པ་བྱིན་རླབས་འགོ་བར་འདོན། དེ་ནས་མཆོད་པ་བྱིན་བརླབ་ནི། ཧཱུྃ་ཕཊ་རཾ་ཡཾ་ཁཾ་བྷྲཱུྃ་སོགས་ཀྱི་དུས་དཀྱིལ་འཁོར་མཆོད་པ་ཡོངས་རྫོགས་གཡས་སྐོར་དུ་བྲན། དེ་ནས་བདུད་རྩི་ཕྱར་ནས་བྷན་དྷ་བརྒྱ་རྩ་བརྒྱད་རྣམས་བྲན། རཀྟ་ཕྱར་ནས་མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་མཚོན་པ་ཨུ་ཀྱུ་བརྒྱ་རྩ་བརྒྱད་བྲན། གཏོར་མའི་སྐབས་སུ་བདུད་རྩི་ཕྱར་ནས་མཆོད་གཏོར་རྣམས་ཡོངས་རྫོགས་སུ་བྲན། དེ་ནས་ཏིང་འཛིན་རྣམ་གསུམ་ནས་གཟུང་བདག་བསྐྱེད་སྐབས། བདག་མདུན་པདྨ་ཐོད་ཕྲེང་རྩལ༔ ཞེས་ཁ་བསྒྱུར་ནས། ཛཿཧཱུྃ་བཾ་ཧོ༔འི་བར་དང་། དེ་ནས་དབང་བསྐུར་མཚམས་སུ་ལྷ་བསྐྱེད་སྐོང་ཆོག་ལྟར་བྱ། ཧཱུྃ་ དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་དེ་དག་ནི༔ སོགས་ནས། ཆ་ལུགས་བཅས་ཏེ་འཁོར་བཅས་གསལ་བར་གྱུར༔ བར་འདོན། དེ་ནས། ཧཱུྃ་ཧྲཱི༔ རྒྱལ་བ་རྒྱལ་བའི་མྱུ་གུ་དང༔ སོགས་ནས། བཛྲ་གུ་རུ་བཟླ་ཞིང་སྤྱན་འདྲེན་ནི། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་སོགས་ནས། བཛྲ་ས་མ་ཡ་ཛཿཛ༔ བར། དེ་ནས་བཞུགས་གསོལ་གོང་དུ། ཨོཾ་ཨཱཿཧཱུྃ་ ཕྱོགས་བཅུ་རབ་འབྱམས་སོགས། བསྟོད་ནས་ཉམས་ཆག་བཤགས༔ བར། དེ་ནས་ཛཔ྄་དབྱངས་གང་མང་བསྙེན། བཞུགས་གསོལ། ཧྲཱི༔ ལྷུན་གྲུབ་བདེ་ཆེན་ཕོ་བྲང་སོགས་ནས་མཆོད་པའི་སྐབས། ཧྲཱི༔ མཐའ་ཡས་འཇིག་རྟེན་ཁམས་འདི་ན༔ སོགས་ཕྱི་མཆོད་འགྲེས་བཤང་ནས་རྔ་མི་བརྡུང་བར་མཐར་རོལ་མོ་བྱ། ནང་གསང་ནས་གཟུང་བདུད་རྩིའི་སྐབས་སུ་མཚན་དོན་སྦྱར་ལ་དཀྱིལ་འཁོར་གཏོར་མ་བདུད་རྩིས་གཡས་སྐོར་དུ་བྲན། རཀྟའི་སྐབས་སུ་རཀྟས་གཡོན་སྐོར་དུ་བྲན། གཏོར་མཆོད་དང་མཆོད་པ་གཞན་རྣམས་རྔ་བརྡུང་། དེ་ལྟར་གྱིས་བསྟོད་པའི་འགོར། མཆོད་དོ་འབུལ་ལོ། འོད་དཔག་མེད། སོགས་དང་བསྟོད་པ། ཧྲཱི༔ ནུབ་ཕྱོགས་བདེ་ཆེན་སོགས་ནས་ཛཔ྄་བསྐུལ་བཅས་བསྙེན་པ་ཅི་འགྲུབ་བཟླ། ཧྲཱི༔ བླ་མ་ལྷ་དང་ཌཱ་ཀིའི་ཚོགས༔ སོགས་བསྐུལ་ཞིང་ཐུན་བསྡུ། དེ་ནས་ཚོགས་བྱ་བ་ནི། ཚོགས་གདན་གཡང་གཞིའི་སྟེང་དུ་ཚོགས་ལྔའམ་གཅིག་སོགས་ཚོགས་རྫས་བཟའ་བཅའ་བཏུང་བའི་བྱེ་བྲག་ཅི་འབྱོར་ལེགས་པར་བཤམ། ཧཱུྃ་ཧྲཱི༔ ང་ནི་ཡེ་ནས་ཁྲོ་བའི་སྐུ༔ སོགས། ཨོཾ་བཛྲ་ཨ་མྲྀཏ་ནས་ཆུ་དང་ཆང་དང་ནང་མཆོད་བདུད་རྩི་བྲན། བྱིན་རླབས་སྤྱན་འདྲེན་གྲུབ་མཚམས་རིམ་པ་གསུམ་དུ་སྤྲོས་པའི་ཚོགས་ཕུད་དང་པོས་དབུས་ཀྱི་གཙོ་བོའི་གཏོར་མ་དང་ཞི་རྒྱས་དབང་དྲག་གི་གཏོར་མ་གསོ། བར་པ་ཟུར་གསུམ་དང་ཚོགས་ཆུང་བར་གྱི་ཕྱོགས་བཞིར་མ་ཡོ་བར་བཞག །དེ་ནས་བདུད་རྩིས་བྲན། ཐ་མ་བསྒྲལ་ལས་ཞལ་བསྟབས་མཐར་འབུལ་གཏོར་རྣམས་དང་ཆད་མདོ་བརྟན་སྐྱོང་བཅས་གསོལ་ལོ། །དེ་ནས་མར་མེ་སྦར་ལ། རྡོ་རྗེ་སློབ་དཔོན་འཁོར་བཅས་བཞེངས་ལ་སྤོས་དང་རོལ་མོའི་བྱེ་བྲག་སྣ་ཚོགས་མེད་མི་རུང་ཞིང་། སྨན་རཀ་གཏོར་མ་དང་། མཆོད་པ་རྣམ་ལྔ་གཟུགས་སྒྲ་དྲི་རོ་རེག་བྱ་དང་། བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་ཚོགས་ཆུང་བཅས། དེ་རྣམས་འཁོར་བཅས་ཀྱིས་འཛིན་ནས་ལག་སྟོང་མ་ཡིན་པར་ཞི་ཁྲོའི་རོལ་ཆེན་མཛད་ནས་དཀྱིལ་འཁོར་ལ་བསྐོར་བ་གསུམ་མཛད་ནས་བཞུགས་གྲལ་དུ་འཁོད། དེ་ནས་བསྐང་བ་དངོས་ནི། མཆོད་གཡོག་པས་གར་ཆས་དང་བཅས་མཆོད་པ་རྣམ་ལྔ་རིམ་བཞིན་བཀྱགས་ལ། ཨོཾ་ཨཱཿཧཱུྃ་ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ སོགས་ནས། ཉམས་ཆག་འགལ་འཁྲུལ་དག་གྱུར་ཅིག༔ བར། དེ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ལག་ཏུ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི༔ སོགས། དག་གྱུར་ཅིག༔ བར། བཀྲ་ཤིས་རྫས་རྟགས་ཐོགས་ལ། ཨོཾ་ཨཱཿཧཱུྃ་ བཀྲ་ཤིས་རྫས་རྟགས་སོགས་ནས། དག་གྱུར་ཅིག༔ བར། དེ་ནས་བདུད་རྩི་ལག་གཡས་སུ་ཐོགས་ལ་མཐེབ་སྲིན་གྱིས་གཏོར་ཚུལ་བྱ། ཨོཾ་ཨཱཿཧཱུྃ་ ཐོད་པ་མཚན་ལྡན་དུམ་གཅིག་ནི༔ སོགས་ནས། རྣམ་མཁྱེན་སངས་རྒྱས་ས་རུ་སྐྱོལ༔ བར། རཀྟ་གཡོན་དུ་ཐོགས་ལ་གཡས་ཀྱིས་མཆོད་ཅིང་། ཨོཾ་ཨཱཿཧཱུྃ་ པད་སྣོད་སྐྱོན་མེད་སོགས་ནས། ས་རུ་སྐྱོལ༔ གཏོར་མ་རྒྱན་ལྔ་མ་ལག་ཏུ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ རིན་ཆེན་རྨ་མེད་སྣོད་མཆོག་བླ་ན་མེད༔ སོགས་ནས། ས་རུ་སྐྱོལ༔ བར། གཤོམ་གྱི་སྐབས་སུ་ཟུར་དུ་ཚོགས་ཆུང་ཡོད་པ་དེ་བྲན་ལ། སླར་ཡང་རྒྱལ་བ་ཀུན་འདུས་ལས་བྱང་ལྟར། ཧཱུྃ༔ རང་ཉིད་ཡེ་ནས་ལྷ་ཡི་སྐུ༔ སོགས་ནས། ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ བར། ཚོགས་ཆུང་བཏེགས། ཨོཾ་ཨཱཿཧཱུྃ་ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ སོགས་ནས། ཞལ་དུ་བསྟབ་བོ་ཁཱ་རཾ་ཁཱ་ཧི༔ བར་འདོན། དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་བཅད་ལ། ཧཱུྃ་ དེ་ལྟར་ཚོགས་མཆོད་དམ་པ་བཞེས༔ སོགས་ཀྱི་དང་པོས་དཀྱིལ་འཁོར་གཙོ་བོ་མཆོད། ཧཱུྃ་ དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ སོགས་བར་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་མཆོད། ཧཱུྃ༔ མ་དག་ལས་ངན་གཟུགས་ཕུང་སོགས༔ སོགས་ནས་ཐ་མ་འབུལ། རྣམ་ཤེས་ཐུགས་ཀྱི་ཀློང་དུ་བསྟིམ༔ ཚོགས་མཆོད་ཕུལ་པའི་བསོད་ནམས་ཀྱིས༔ སོགས་སྨོན་ལམ་མཛད། ཚོགས་ལྷག་དང་མཉམ་དུ་གཏོར་ཆུང་བཤམ་ཚོགས་སྣོད་བཤལ་ཆུ་བླུགས་པ་དང་བཅས་བདུད་རྩིས་བྲན་ལ། ཧཱུྃ་ ཟད་མེད་འཁྲུལ་རྟོག་སོགས་ནས། ས་མ་ཡ་ཨ་ཨ་ཨ་ཕཊ༔ ཕྱི་རོལ་དུ་ཕུལ། དེ་ནས་དཔོན་སློབ་འཁོར་བཅས་མར་མེ་རེ་འཛིན་ནས། ཨོཾ་ཨཱཿཧཱུྃ་ ནམ་མཁའ་ཡངས་པའི་ཀོང་བུ་རུ༔ སོགས་ནས། འཁོར་བ་དོང་ནས་སྤྲུགས་པར་ཤོག༔ བར། དེ་ནས་དཔོན་སློབ་རྣམས་ཀྱི་བདུད་རྩི་མྱོངས་ནས། ཧཱུྃ་ བླ་མ་རྒྱལ་བ་སྲས་དང་བཅས༔ སོགས་ནས་ཧྲུག་འདོན་བྱས་ལ། འཁོར་བ་དོང་ནས་སྤྲུགས་པར་མཛོད༔ བར། རྒྱས་པར་སྤྲོ་ན་རང་གཞུང་རྒྱལ་བ་ཀུན་འདུས་སྐོང་བཤགས་འདི་བྱ་སྟེ། ཧཱུྃ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང༔ སོགས་ནས། ཅི་བསམ་ཡིད་བཞིན་འགྲུབ་པར་ཤོག༔ བར། བསྡུ་ན། ཨོཾ་ཨཱཿཧཱུྃ་ དེ་ལྟར་ཕྱི་ནང་གསང་བའི་སོགས་བྱང་ཞིང་། གང་ལྟར་ཡང་། ཧོཿ རྒྱལ་བ་དགོངས་བརྒྱུད་རིག་འཛིན་སོགས་ནས། མཐོལ་ལོ་བཤགས་སོ་མི་སྒྲིབ་ཚངས་པ་སྩོལ༔ བར་འདོན། ཧོཿ སྐྱེ་མེད་ཆོས་ཀྱི་སྐུ་ལ་སོགས་ཤྭ་ལོ་ཀ་ལན་བཅུ་འདོན། དེ་ནས་སློབ་དཔོན་འཁོར་བཅས་བཞེངས་ལ་ཡོན་བདག་དང་བཅས་པས། གོང་གི་ཤྭ་ལོ་ཀ་དེ་བསྒྲིགས་འདོན་དང་བཅས་པས་དཀྱིལ་འཁོར་ལ་ཕྱག་བརྒྱ་རྩ་འཚལ་ལོ། །དེ་ནས། ཨོཾ་ཨཱཿཧཱུྃ་ ཏིང་འཛིན་གསུམ་གྱི་ངང་ཉིད་སོགས་ནས། ཨོཾ་བཛྲ་སཏྭ་ཧཱུྃ༔ དང་། བཛྲ་ས་མ་ཡ་བི་ཤུདྡྷེ་ཨ༔ གཉིས་ལ་སོ་སོར་བསྙེན་པ་གང་མང་བྱ། དེ་ནས། ཧོཿ དེ་ལྟར་བསྐངས་ཤིང་མཆོད་པའི་སོགས་ནས། མགོན་པོ་དམ་པ་མཆོག་དང་དབྱེར་མེད་ཤོག༔ བར། དེ་ནས་སྨྲེ་སྔགས་ཀྱིས་བོས་ལ། རྒྱལ་བ་ཀུན་འདུས་སྐོང་བའི་མཐའི་བཤགས་པ། ཧོ༔ དགོངས་ཤིག་གསོན་ཅིག་སོགས་འདོན། དེ་ནས་སྐོང་ཆོག་ལྟར། ཧཱུྃ་ རང་རིག་རྡོར་སེམས་གསལ་ཞིང་སོགས་ནས་ཡིག་བརྒྱ་གྲངས་མང་བཟླ། ཧཱུྃ༔ ཆོས་ཀུན་ཡེ་ནས་ཀ་དག་སོགས་ནས། འུབ་ཆུབ་ཤོག༔ བར། ཧོ༔ དཔང་གྱུར་མ་ལུས་དགོངས་ཤིང་སོགས་ནས། སྨོན་ལམ་ཐམས་ཅད་གེགས་མེད་འགྲུབ་པར་ཤོག༔ བར། དེ་ནས་ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་བྲན་ལ། ཨོཾ་ཨཱཿཧཱུྃ་ སྟོང་ལས་གཏོར་སྣོད་ཡངས་པའི་སོགས་ནས་རིམ་བཞིན་འདོན་ལ་རེ་རེའི་མཐར། གཏེར་ཆེན་རིན་པོ་ཆེས་མཛད་པའི་སྤེལ་ཚིག་སྦྱར་བ་དང་གཏོར་མ་ཕུལ་བ་སོགས་རིམ་བཞིན་བྱའོ། །དེ་ནས་སློབ་མ་སྨིན་གྲོལ་གྱི་ལས་ལ་འཇུག་ཚེ་རྒྱལ་བ་ཀུན་འདུས་ཀྱི་དབང་རྒྱས་པར་བྱས་ལ། གཞན་དུ་ཕྲིན་ལས་བཞིའི་དབང་ཐེམ་མེད་ལྟར་བྱ་དགོས་ནའང་བྱ། གཤིན་པོ་རྗེས་འཛིན་གྱི་སྐབས་སུ་བབ་ཚེ་ཐུབ་དྲུག་གནས་འདྲེན་དབང་བསྐུར་ལམ་བསྟན་ཟས་བསྔོ་མེ་སྦར་སོགས་ཞི་ཁྲོ་དུས་ལྟར་བྱས་པས་འཐུས། ༧རྗེ་གཏེར་ཆེན་ཉིད་ཀྱི་གཏེར་ཁ་རྡོར་སེམས་གནས་འདྲེན་དེ་མཛད་ན་འཐད་ཅིང་ལེགས་ལ། དེའི་ཕྱག་ལེན་གར་དབང་ཆོས་སྐྱོང་རྣམ་རྒྱལ་གྱིས་མཛད་པའི་ཟིན་བྲིས་ལས་ཤེས་པར་བྱའོ། །གང་ལྟར་ཡང་དེ་ནས་ཚོགས་ལ་རོལ། བསམ་པ་ལྷུན་གྲུབ་འདོན། ལྷག་མ་བསྡུས་ཤིང་བྲན་ལ། བྷྱོ༔ དང་པོ་ཕུད་ཀྱིས་སོགས་ནས་ཆད་མདོ་བརྟན་མ་བྱས། གཏོར་སྣོད་སྦུབས་ནས་འགུགས་གཞུག་གསུམ་དང་། བྲོ་མནན་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་ཆེན་པོའི་སོགས། ཞག་མང་ཡིན་ཚེ། ཧྲཱི༔ བླ་མ་ཡི་དམ་སོགས་དངོས་གྲུབ་ལེན་ཆོག་དང་། གཤེགས་གསོལ་བཞག་ནས་གཏོར་མའི་སྲུང་འཁོར་བྱ་སྟེ། ཨོཾ་ཨཱཿཧཱུྃ༔ རྟེན་རྫས་གཏོར་མ་ལྷ་ཡི་སོགས། ན་མོ༔ བླ་མ་རྒྱལ་བ་སོགས་དང་ཤིས་བརྗོད་བྱའོ། །ཉིན་ཆོག་ཡིན་ན་དངོས་གྲུབ་ལེན་ཆོག་ནི། ཧྲཱི༔ བླ་མ་ཡི་དམ་སོགས། བསྡུ་རིམ་ནི། ཨོཾ་ཨཱཿཧཱུྃ༔ སྟོང་ཉིད་ཡེ་ཤེས་སོགས། ན་མོ༔ བླ་མ་རྒྱལ་བ་སོགས་དང་བཀྲ་ཤིས་གང་རྒྱས་བརྗོད་པར་བྱའོ། །དེ་ཡང་གསང་སྔགས་སྤྱི་ཆིངས་ཐེམ་ཡིག་མེད་པའི་སྐོར་ལས་དམ་ཚིག་ཉམས་ཆག་གསོ་བའི་ཐབས་སྐོང་བཤགས་ཉེས་པ་ཀུན་སེལ་འཁོར་བ་དོང་སྤྲུགས་འདི་དཀྱིལ་འཁོར་གང་ལའང་སྦྱར་རུང་བས། འདིར་རྒྱལ་བ་ཀུན་འདུས་ལ་སྦྱར་བ་རྗེ་གཏེར་ཆེན་རིན་པོ་ཆེའི་ཕྱག་བཞེས་འཁྲུལ་མེད་འདི་ནི། རྗེ་བཙུན་སྐྱབས་གཅིག་གར་དབང་མཆོག་སྤྲུལ་རིན་པོ་ཆེ་དང་ཁྱབ་བདག་དྲུང་པ་རིན་པོ་ཆེ་སྐུ་ཞབས་ཟུང་ནས་ཟིན་བྲིས་དགོས་ཞེས་བཀའི་མེ་ཏོག་སྤྱི་བོར་ཕེབས་པ་དང་དུ་བླངས་ནས། གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་དབོན་མིང་ཨོ་རྒྱན་ལྷུན་གྲུབ་བསྟན་འཛིན་དཔལ་བཟང་པོས་ཕུལ་བ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤིང་དགེ་ཚོགས་འཁོར་བ་དོང་ནས་སྤྲུག་པའི་རྒྱུ་རུ་བསྔོའོ།། ༈ །།འདི་ཡི་དཀྱིལ་འཁོར་གདུལ་བྱ་རྗེས་འཛིན་ཆེད་དུ། སློབ་དཔོན་གྱི་གཡས་ངོས་ནས་མདུན་ཤར་བསྟན་ལ་བཤམ་པ་ཕྱག་ལེན་ལགས། སྐོང་བཤགས་བརྒྱ་རྩ་དུས་གཏོར་འབུལ་ཟུར་གསུམ་བཅུ་གསུམ་དཀར་གཏོར་གཉིས་དང་བཅོ་ལྔ་སྣོད་སོ་སོར་བཤམ། ཐོག་མ་དགུ་པོ་མཐེབ་ཀྱུ་དང་། འོག་མ་ དྲུག་པོ་ཟན་རིལ་མང་པོས་བསྐོར། དཀར་གཏོར་གཉིས་མ་གཏོགས་ཤ་དུམ་བཞག །ཚོགས་ཐ་མས་གསོས། བསང་ཆུས་བྲན་དགོས་ཞེས་སོ།། །། ༈ སྤྱིར་བསྐྱེད་པ་མ་ཧཱ་ཡོ་གའི་ཕྱོགས་འདིར་སྤྲོས་བཅས་གཙོ་ཆེ་ཞིང་། ཁྱད་པར་ཉམས་ཆག་གསོ་བའི་སྐོང་ཆེན་སྡེ་ལྔ་ལུས་ངག་རྫས་ཀྱི་སྤྲོས་པ་ལ་བརྟེན་པ་ཤ་སྟག་ཡིན་པས། དེ་ཡི་ནང་གསེས་དམ་རྫས་མདངས་ལ་བརྟེན་ནས་སྒོ་གསུམ་གྱི་ཉམས་ཆག་བཤགས་པའི་སྐབས་འདིར་མཆོད་རྫས་ཀྱི་གཙོ་བོ་སྨན་རཀ །ཞི་བཤོས་དྲག་བཤོས། ཚོགས་དང་མར་མེ་བཅས་བརྒྱ་རྩ་དྲུག་པོ་སྔ་འགྱུར་བཀའ་གཏེར་གྱི་རྒྱུད་ལུང་མན་ངག་ཀུན་ནས་འབྱུང་ཞིང་། ཕྱག་བཞེས་ཁུངས་ཐུབ་ཀྱི་མཐའ་ཅན། སྦྱང་གཞི་ཉོན་མོངས་དང་འཁོར་ལོ་དྲུག་སོགས་སྦྱོང་བྱེད་ཕར་ཕྱིན་དང་སྒྲོན་མ་དྲུག་སོགས་ཀྱིས་སྦྱངས་འབྲས་སྐུ་དྲུག་ཡེ་ཤེས་དྲུག་སོགས་སུ་ཤར་བའི། དཀྱིལ་འཁོར་འཁོར་ལོའི་དབྱེ་བསྡུ་ཇི་སྙེད་པའང་དམ་པ་རིགས་བརྒྱར་འདུས་པའི་གྲངས་ངེས་བཅས་ཕྱི་ནང་དག་སྦྱོར་གྱི་གནད་དོན་ཁྱད་དུ་འཕགས་པའི་ཕྱིར། རང་གཞུང་དམིགས་བསལ་ཡོད་ན་མ་གཏོགས་བརྒྱ་རྩ་དྲུག་པོ་ལས་ལྷག་ཀྱང་མི་དགོས་ཤིང་། ཆད་ནི་ནམ་ཡང་མི་རུང་། ཡོ་ག་གསུམ་གྱི་སྒོར་ཞུགས་པ་ལ་རིམ་གཉིས་ཀྱི་ཏིང་འཛིན་རབ་འབྲིང་ཐ་མ་གང་རུང་མེད་ཐབས་མེད་པ་གཞིར་བཞག །གསང་སྔགས་ལག་ལེན་གྱི་མཐའ་ཅན་ཡིན་པས་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་སླ་ཆོས་དང་། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་བའི་གུ་དོག་ཕྱོགས་རེ་བ་མ་ཡིན་པར་སོ་སོར་རང་གཞུང་ཚད་ལྡན་གྱི་དགོངས་པ་སྲོག་ཏུ་བཟུང་། ལུང་རིག་ཁྲོལ་ཡངས་ཀྱི་སྤྱི་རྒྱ་རླབས་ཀྱིས་གཅོད། བཤམ་བཀོད། ཆས་གོས། དབྱངས་རོལ། སྨན་རཀ་དང་བསང་ཆུས་བྲན་ལུགས་ཀྱི་རྣམ་དབྱེ་ཚུན་ཆད་རྙིང་མ་ཁུངས་ཐུབ་ཀྱི་ཕྱག་བཞེས་ཉམས་སུ་བསྟར་ཚེ་རྟགས་དང་ཕན་ཡོན་སྔགས་ཀྱི་རང་འབྲས་ཡིན་པས་མི་འབྱུང་མི་སྲིད་ཀྱང་། ད་ལྟ་ནི་རྒྱུད་ལུང་མན་ངག་ལ་ཉན་བཤད་དོགས་དཔྱོད་ལྟ་ཞོག །སྔར་གྱི་ཕྱག་ལེན་གྱི་ཁྲིད་སྲོལ་ཆད། རང་གཞུང་ཡིག་ཆུང་ཙམ་ལའང་མིག་འདྲིས་རྟོག་དཔྱོད་མ་བཅུག་པར་ཚད་ལྡན་ཡིན་མིན་ཕན་གནོད་ཅི་འགྱུར་མི་ཤེས་པས། དམ་ཚིག་འདས་ཉམས་ལའང་འཇིགས་པ་མེད་པའི་གདིང་གིས། ཁ་ལྟའི་རྦད་ཁམ་རྒྱབ་རྟེན་དུ་བྱས་ནས་སླ་ཆོས་མཛེས་ཆོས་སྙིང་པོར་བཟུང་སྟེ་གྲོང་ཆོག་སོགས་སུ་ཚིག་ཤར་རྩལ་བཏོན་པའི་ཚེ་ནའང་རང་གཞུང་སོ་སོའི་བཤམ་བཀོད་སོགས་གལ་ཆེ་ངེས་པ་དེ་བོར་ནས། གཏོར་བསྔོ། ཆོས་སྤྱོད་ཀྱི་རྣམ་གྲངས་གཞན་ཡོད་མེད་གང་བྱས་ཆོག་པའི་སྐབས་སུ་མ་བབ་པ་ལ་ནན་ཏན་བྱེད་པའང་ཕན་ཡོན་དགོས་ཁྱད་ཆེ་བ་མིན་ཞིང་། འདོན་བསྒོམ་གཡས་ཆུང་དུ་འཇོག་ནས་ལྟོ་དང་གཏམ་ལ་སྙིང་པོར་གཟུང་བ་དག་ནི་གསང་སྔགས་གཉན་པོའི་དཀྱིལ་འཁོར་བོན་གྱེར་དུ་བཞེངས་པའི་ཉེས་ལྟུང་ཁུར་ཁྱེར་གློ་བུར་དུ་ཐོབ་པ་ཡིན་འདུག་པས། གནད་འདི་ལ་བག་ཟོན་དུ་དགོས་པར་རིགས་སོ། །ཞེས་པའང་རང་གཞན་ལ་ཕན་སྲིད་པས་ཞུ་དག་མཁན་གུ་ཎས་ཞར་བྱུང་དུ་སྨྲས་པའོ། །མངྒ་ལཾ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ (Volume 11, Text 48)
འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་བཞུགས༔ ༔ གུ་རུ་ཨ་གྲ་ཧི་ན་མཿ ཡང་གསང་བླ་མའི་སྒྲུབ་པ་ནིཿ ཤིན་ཏུ་དབེན་ཞིང་ཡིད་མཐུན་པརཿ མཎྜལ་ཚོམ་བུ་ལྔ་པའི་སྟེངཿ བྷནྡྷ་དུམ་བུ་གསུམ་པའི་ནངཿ རིག་འཛིན་འདུས་པའི་སྲོག་འཁོར་དངཿ སེལ་མེད་དམ་རྫས་ཨ་མྲྀ་ཏཿ རིན་ཆེན་སྨན་དང་འབྲུ་སྣས་བཀངཿ སྟེང་ནས་དར་དམར་ལྡིང་གུར་ཕུབཿ མདུན་དུ་གཏོར་ཚོགས་སྤྱི་མཐུན་བཤམཿ བདེ་བའི་སྟན་ལ་བག་ཕབ་སྟེཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ ཧཱུྃཿ ངོ་བོ་རང་བཞིན་ཐུགས་རྗེའི་རྩལཿ སྐུ་གསུམ་ཆེན་པོར་ལྷུན་རྫོགས་པའིཿ རང་རིག་དོན་གྱི་བླ་མ་ལཿ འཛིན་མེད་ངང་ནས་སྐྱབས་སུ་མཆིཿ ལན་གསུམཿ གཉིས་པ་སེམས་བསྐྱེད་ནིཿ ཧོཿ སངས་རྒྱས་མེད་ལ་སེམས་ཅན་མེདཿ ཡིན་པ་མེད་ལ་མིན་པ་མེདཿ སོ་མ་རང་གདངས་ལྷུག་པའི་གདངསཿ རང་གྲོལ་ཆེན་པོར་སེམས་བསྐྱེད་དོཿ ལན་གསུམཿ གསུམ་པ་མཚམས་གཅོད་ནིཿ ཧྲཱིཿ གདོད་ནས་འཁོར་འདས་གཉིས་མེད་ལཿ བགེགས་དང་བར་ཆད་མིང་ཡང་མེདཿ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ངངཿ རྣམ་རྟོག་བག་ཆགས་མཚམས་གཅད་དོཿ ཛྙཱ་ན་བཛྲ་རཀྵ་ཧཱུྃཿ བཞི་པ་བྱིན་དབབ་མཆོད་རླབས་ནིཿ ཧཱུྃཿ སྟོང་ཉིད་དབྱིངས་ལས་ཐུགས་རྗེའི་རྩལཿ མཁའ་ལ་འཇའ་ཚོན་ལྟ་བུར་ཤརཿ དཀྱིལ་འཁོར་མཆོད་པའི་རྫས་རྣམས་ཀུནཿ རང་གྲོལ་ཆེན་པོར་བྱིན་གྱིས་རློབསཿ ཛྙཱ་ན་བཛྲ་ས་མ་ཡ་ཕཻཾ་ཕེཾཿ ཨོཾ་ཨཱཿཧཱུྃཿ ལན་གསུམ་བརྗོད་པས་མཆོད་རྫས་རློབཿ ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནིཿ ཧཱུྃཿ རིག་སྟོང་ཆོས་ཉིད་མངོན་སུམ་དབྱིངསཿ དྲན་རྫོགས་ཉམས་སྣང་གོང་འཕེལ་སྐུཿ རིག་པ་ཚད་ཕེབས་དོན་གྱི་ལྷཿ ཆོས་ཟད་མ་བཅོས་ཀློང་ཆེན་པཿ་་་བི་མ་ལཿ་་་ཞེས་ཀྱང་བསྒྱུར་ཆོག་པ་རྩ་བའི་མན་ངག །ཞི་འཛུམ་པཎྜི་ཏ་ཡི་ཆསཿ སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅནཿ སྣང་ལ་རང་བཞིན་མེད་པའི་ངངཿ སྐུ་གསུམ་ཞིང་ཁམས་ཐམས་ཅད་རྫོགསཿ གནས་གསུམ་ཡི་གེ་གསུམ་གྱིས་མཚནཿ དེ་ལས་འཕྲོས་པའི་འོད་ཟེར་གྱིསཿ དུས་གསུམ་བདེ་གཤེགས་རྩ་བ་གསུམཿ རིག་འཛིན་མཁའ་འགྲོ་རྒྱ་མཚོར་བཅསཿ མ་ལུས་སྤྱན་དྲངས་དབྱེར་མེད་བསྟིམཿ དྲུག་པ་སྤྱན་འདྲེན་བྱ་བ་ནིཿ ཧཱུྃཿ རྣམ་རྟོག་བྲལ་བའི་ཕོ་བྲང་ནསཿ གདོད་མའི་མགོན་པོ་གཤེགས་སུ་གསོལཿ ཕྱོགས་ལྷུང་མེད་པའི་ཕོ་བྲང་ནསཿ དུས་གསུམ་བདེ་གཤེགས་གཤེགས་སུ་གསོལཿ འཇའ་ལུས་ཟང་ཐལ་ཕོ་བྲང་ནསཿ དཔལ་མགོན་བླ་མ་གཤེགས་སུ་གསོལཿ རིག་པ་སྐུ་རུ་སྨིན་པ་དངཿ འོད་ལུས་འགྲུབ་པར་བྱིན་གྱིས་རློབསཿ མ་ཧཱ་གུ་རུ་ཛྙཱ་ན་ས་མ་ཡ་ཛཿཛཿ བདུན་པ་བརྡ་ཕྱག་འཚལ་བ་ནིཿ ཧོཿ ལྷ་དང་རང་སེམས་དབྱེར་མེད་ངངཿ དམ་ཡེའི་འཛིན་པ་དག་བྱའི་ཕྱིརཿ བསམ་བརྗོད་བྲལ་བའི་བླ་མ་ལཿ སྤང་བླང་མེད་པར་ཕྱག་འཚལ་ལོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ བརྒྱད་པ་མཆོད་པ་བྱ་བ་ནིཿ ཧཱུྃཿ ཚོགས་དྲུག་ཡུལ་གྱི་རྩལ་སྣང་ཀུནཿ ཕྱི་ནང་གསང་བའི་མཆོད་སྤྲིན་དུཿ ཕུལ་བས་ཞེན་འཛིན་རྣམ་རྟོག་ཀུནཿ འོད་གསལ་ཆེན་པོར་དག་པ་སྩོལཿ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧིཿ མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ དགུ་པ་དོན་དམ་བསྟོད་པ་ནིཿ ཧྲཱིཿ མ་བཅོས་སྤྲོས་བྲལ་འོད་གསལ་ཆོས་སྐུའི་ངངཿ རྣམ་མང་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགསཿ སྐུ་གསུམ་འདུ་འབྲལ་མེད་པའི་བླ་མ་ལཿ ཀུན་རྫོབ་སྒྱུ་མ་ཙམ་དུ་བསྟོད་པར་བགྱིཿ བཅུ་པ་འཛབ་ཀྱི་དགོངས་པ་ནིཿ ཐུགས་ཀར་ཐིག་ལེ་འོད་ལྔའི་ཀློངཿ ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟངཿ མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅནཿ དེ་ཡི་ཙིཏྟའི་གུར་ཁང་དབུསཿ པདྨ་ཉི་ཟླའི་གདན་གྱི་སྟེངཿ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུཿ རིག་འཛིན་འདུས་པའི་སྲོག་སྔགས་ཀྱིསཿ བསྐོར་བའི་འོད་ཟེར་ཕྱོགས་བཅུར་འཕྲོསཿ དུས་གསུམ་བདེ་གཤེགས་ཐམས་ཅད་དངཿ ཁྱད་པར་འོད་གསལ་རྫོགས་ཆེན་གྱིཿ རིག་འཛིན་བརྒྱུད་པའི་ཐུགས་རྗེ་བསྐུལཿ ཚུར་འདུས་བདག་ལ་ཐིམ་པ་ཡིསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་དམིགསཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃཿ རྩ་སྔགས་ཡིག་འབྲུ་བཅུ་གཉིས་པཿ འབྲུ་འབུམ་དག་ཏུ་བསྙེན་པར་བྱཿ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་ཡིནཿ་་་འོད་ཟེར་འཕྲོས་པས་བདེ་གཤེགས་མཆོད་པ་བསྙེན་པ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཤིང་ལྷར་གྱུར་པ་སྒྲུབ་པ། ཚུར་འདུས་ནས་བདག་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང་དངོས་གྲུབ་ཐོབ་པ་སྒྲུབ་ཆེན། དགོངས་པ་མཉམ་པ་ཉིད་དུ་བཞག་པ་ལས་སྦྱོར་རོ། །མཆན། ཉམས་དངོས་རྨི་ལམ་མ་ངེས་པརཿ ཞལ་མཐོང་གསུང་ཐོས་རིག་རྩལ་འཆརཿ གླེགས་བམ་ཆར་རྒྱུན་འབབ་པ་དངཿ སེང་གེ་གླང་ཆེན་ཞོན་སོགས་རྨིཿ ཁྱད་པར་ཉམས་རྟོགས་རྩོལ་མེད་འཆརཿ མ་བསླབ་ཆོས་ཀྱི་གཏེར་མཛོད་རྡོལཿ དེ་ཚེ་དངོས་གྲུབ་བླང་བར་བྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཨེ་མཿ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེརཿ ཡང་གསང་ཐིག་ལེའི་རྒྱ་རྟགས་ཅནཿ གདོད་མའི་མགོན་པོ་ཀློང་ཆེན་པསཿ དཔལ་གྱི་བསམ་ཡས་མཆིམས་ཕུ་རུཿ ཁོ་བོའི་སྙིང་གི་དབུས་སུ་སྦསཿ ལོ་ལྔའི་བར་དུ་གསང་རྒྱ་བྱསཿ ད་ལྟ་དུས་ངན་སྙིགས་མའི་ཚེཿ ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡངཿ གདུག་པ་ཞེ་སྡང་སྦྲུལ་གྱི་ལོརཿ ལྭ་བ་དཀར་པོའི་ལྡིང་གུར་ནངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ འདི་ནས་ལོ་གསུམ་འདས་པ་ནཿ ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུངཿ བཛྲའི་མིང་ཅན་སྙིང་སྟོབས་ཆེཿ ཛྙཱ་ནའི་མིང་ཅན་གྲུབ་པའི་གཙོཿ རིགས་ལྔའི་མིང་འཛིན་སྙན་ངག་མཁནཿ དེ་དག་རྣམས་ལ་ཆོས་སྒོ་འབྱེདཿ ཅེས་པའི་ལུང་བསྟན་ཇི་བཞིན་དུཿ བརྒྱུད་འཛིན་སྙིང་གི་བུ་རྣམས་དངཿ ཀོང་སྨྱོན་སྦས་པའི་རྣལ་འབྱོར་གྱིསཿ བསྐུལ་ངོར་ཟབ་དོན་བཀའ་རྒྱ་བཀྲོལཿ སྨན་བཙུན་ཚེ་རིང་མཆེད་ལྔ་དངཿ གཟའ་རྒོད་སྲོག་གི་སྤུ་གྲི་ཡིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ ལས་ཅན་རྣམས་ཀྱི་དཔལ་དུ་ཤོགཿ ༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་མཆོད་པ་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། གདོད་ནས་རྣམ་གྲོལ་འོད་གསལ་གཉུག་མའི་དཔྱིད། །སྒྱུ་འཕྲུལ་དྲྭ་བའི་ལང་ཚོ་ལ་ཆགས་པའི། །རྣམ་པ་ཀུན་གྱི་མཆོག་ལྡན་མཚན་དཔེའི་ཞལ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྙིང་དབུས་རོལ། །གང་གི་གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་ཆེར། །རྨད་བྱུང་ཚོགས་གཉིས་དགའ་སྟོན་འཕེལ་བའི་སླད། །བསོད་ནམས་སྤྲིན་གྱི་འཛུམ་དཀར་ལས་འོངས་པའི། །དོན་བཟང་གཏམ་གྱི་རོལ་མོ་གསར་པ་སྤྲོ། །དེ་ལ་འདིར་སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་རྗེས་ཆོག་ཚོགས་ཀྱི་འཁོར་ལོའི་ཡན་ལག་རྩ་བར་མ་གསལ་བ་དག་སྤྲོས་པ་ལ་དགའ་བས་བྱ་བར་འདོད་པའི་ཚེ། གཞུང་ནས་བཤད་པའི་ཡོ་བྱད་སྤྱི་དང་། བྱེ་བྲག་ཏུ་ཐབས་ཤེས་བཟའ་བཏུང་གི་འབྱོར་པ་གྱ་ནོམ་པ་བཅས་བཤམས་ནས། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས། སྐབས་སུ་བབ་པ་ན། བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱངས་པའི་རྗེས། དང་པོ་བྱིན་གྱིས་བརླབ་པ་ནི། ཧྲཱིཿ གཟུང་བ་རྣམ་དག་ཡེ་ཤེས་ཀ་པཱ་ལར། །འཛིན་པ་རང་གྲོལ་བླ་མེད་དམ་ཚིག་རྫས། །ཟུང་འཇུག་འོད་གསལ་དབུ་མར་སྦྱར་བ་ལས། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་དུ་གྱུར། །རཾ་ཡཾ་ཁཾ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། །ཧྲཱིཿ གཞི་དབྱིངས་ཀ་དག་དོན་གྱི་ཕོ་བྲང་ནས། །གཞི་སྣང་ལྷུན་གྲུབ་མཚན་དཔེར་ཤར་བའི་དཔྱིད། །རིག་འཛིན་བླ་མ་ཡི་དམ་ཌཱ་ཀིའི་ཚོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛཿཛཿ གསུམ་པ་ཚོགས་ཕུད་འབུལ་བ་ནི། །ཧྲཱིཿ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་བྷནྡྷ་རུ། །ཕུང་ཁམས་སྐྱེ་མཆེད་རང་གསལ་གཏོར་མར་ཤར། །བླ་མ་སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་། །གདན་གསུམ་ལྷ་སྐུར་སྨིན་པའི་དངོས་གྲུབ་སྩོལ། །འོད་གསལ་ཨ་བ་དྷཱུ་ཏིའི་བྷནྡྷ་རུ། །ཟག་བཅས་འགྲོ་འོང་རླུང་ཁམས་གཏོར་མར་ཤར། །བླ་མ་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་བསྐང་། །སྲོག་རྩོལ་དབུ་མར་ཐིམ་པའི་དངོས་གྲུབ་སྩོལ། །རྩ་གསུམ་འཁོར་ལོ་བཞི་ཡི་བྷནྡྷ་རུ། །ལུགས་འབྱུང་ཐིག་ལེ་རྣམ་བཞི་གཏོར་མར་ཤར། །བླ་མ་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །ལྷན་སྐྱེས་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །སྙིང་དབུས་མི་ཤིགས་ཕྱག་རྒྱའི་བྷནྡྷ་རུ། །དུག་གསུམ་རྟོག་ཚོགས་རང་གྲོལ་གཏོར་མར་ཤར། །བླ་མ་ངོ་བོ་ཉིད་སྐུའི་ཐུགས་དམ་བསྐང་། །ཀ་དག་ལྷུན་གྲུབ་དབྱེར་མེད་དངོས་གྲུབ་སྩོལ། །ཐབས་ཤེས་ཟུང་འཇུག་རིན་ཆེན་བྷནྡྷ་རུ། །གཙང་རྨེའི་འཛིན་པ་བྲལ་བའི་ཚོགས་གཏོར་བཤམས། བླ་མ་ཧེ་རུ་ཀ་དཔལ་ཐུགས་དམ་བསྐང་། །གཟུང་འཛིན་དབྱིངས་སུ་གྲོལ་བའི་དངོས་གྲུབ་སྩོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ བཞི་པ་བར་པ་བཤགས་པ་ནི། །ཧྲཱིཿ ཡོངས་གྲུབ་རིག་པ་ཀུན་ཁྱབ་རྡོ་རྗེ་སེམས། །ཀུན་བརྟགས་འཁྲུལ་པར་འཁྱམས་པའི་གཞན་དབང་གིས། །སྡོམ་དང་དམ་ཚིག་འགལ་བའི་སྒྲིབ་པ་ཀུན། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི། །ཡི་གེ་བརྒྱ་པ་བརྗོད། ལྔ་པ་བསྒྲལ་ཞིང་བསྟབ་པ་ནི། །ཧྲཱིཿ ལུགས་འབྱུང་འཁོར་བར་འཁྲུལ་པའི་དགྲ་དང་བགེགས། །རང་གྲོལ་གཉུག་མ་དོན་གྱི་མཚོན་ཆས་བསྒྲལ། །ཕུང་ཁམས་སྐྱེ་མཆེད་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་སྦྱོར། །རུ་དྲ་ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི། བར་འདིར་སྐོང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་ཞིང་ཚོགས་ལ་རོལ་མཐར་ཚིམ་པ་དྲུག་ལྡན་གྱི་སྨོན་ལམ་གདབ། སྤྲོ་ན་བདག་ཉིད་འཇུག་པའི་ཆོ་གས་ལམ་དབང་ཡང་བླང་བར་བྱའོ། །དྲུག་པ་ལྷག་མ་བསྔོ་བ་ནི། །ཨ་ཀཱ་རོས་བརླབ། ཕེཾ་ཕེཾ། གཅིག་དང་དུ་མ་ལས་འདས་ཡེ་ཤེས་གར། །དཀྱིལ་འཁོར་མུ་རན་སྐྱོང་བའི་ལྷག་སྡུད་ཚོགས། །འདིར་གཤེགས་དཔལ་གྱི་ཕམ་ཕབ་འདི་ལོངས་ལ། །བྱང་ཆུབ་སྒྲུབ་ལ་འཚེ་བའི་བར་ཆད་སྲུངས། །ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། བདུན་པ་ཐུགས་དམ་བསྐུལ་བ་ནི། །གདུང་བའི་དབྱངས་དང་རོལ་མོར་བཅས། །ཧྲཱིཿ ཀ་དག་ནང་གསལ་ཁྱད་ཆོས་དྲུག་ལྡན་ལས། །ལྷུན་གྲུབ་ཕྲ་བའི་ཡེ་ཤེས་ཆེན་པོའི་རྩལ། །ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་གྱི་གར། །རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་ལམ་ནས། །སྣང་བཞི་མཐར་ཕྱིན་དྲི་མེད་བཤེས་གཉེན་ཞབས། །འཇའ་ལུས་འཕོ་ཆེན་རྡོ་རྗེའི་རོལ་མོ་ཅན། །ཀུན་མཁྱེན་བླ་མའི་ཐུགས་རྗེའི་དུས་ལ་བབ། །རྒྱལ་བསྟན་སྙིགས་མར་གྱུར་པའི་གཞན་དབང་གིས། །ཡིད་དཔྱོད་མཚན་མའི་གདུང་བས་ཉམ་ཐག་ཚེ། །མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །དགོངས་བརྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་སྒྲིགས། །གཞི་གྲོལ་གཉུག་མའི་བདེན་དོན་རྟོགས་པའི་མཐུས། །བློས་བྱས་འཁྲུལ་པའི་སྣང་ཆ་སྤྲིན་བཞིན་དེངས། །མཉམ་པར་མ་བཞག་མེད་པའི་ཡེ་ཤེས་ཀློང་། །སྤོབས་པའི་གཏེར་མཛོད་གྲོལ་བའི་དབང་མཆོག་སྐུར། །མངོན་སུམ་ཆོས་ཉིད་མཐོང་ཞིང་གོམས་པ་ལས། །གོང་འཕེལ་དབྱིངས་ཀྱི་བཀོད་པ་ལྷུན་གྲུབ་སྦུབས། །སྐུ་དང་ཞིང་ཁམས་ཚད་ལ་ཕེབས་པ་དང་། །ཆོས་ཉིད་ཟད་སར་སྐྱེལ་བའི་ཕྲིན་ལས་མཛོད། །བརྒྱད་པ་ཆད་ཐོ་བྱ་བ་ནི། །ཧྲཱིཿ །དུས་གསུམ་རྣམ་དག་བདེ་ཆེན་རྡོ་རྗེའི་དུས། །རྟོག་བྲལ་འོད་གསལ་དོན་གྱི་དཔལ་ཆེན་པོས། །དམ་ལ་བཞག་པའི་རིག་རྩལ་དྲེགས་ཚོགས་ཀུན། །མཆོད་གཏོར་བཞེས་ལ་མཚན་འཛིན་དགྲ་བགེགས་སྒྲོལ། །དེ་འོག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། །འོད་གསལ་སྙིང་པོའི་ལམ་མཆོག་བསྟན་པའི་ཚེ། །དབང་བསྐུར་དམ་མནོས་སྲུང་མའི་ཚོགས་རྣམས་ཀུན། །མཆོད་གཏོར་བཞེས་ལ་ཟབ་གསང་ཕྲིན་ལས་སྤེལ། །ཐ་མ་རིག་འཛིན་འཇིགས་བྲལ་གླིང་པ་ཡིས། །ཀློང་གསལ་དགོངས་པའི་གཏེར་རྒྱ་བཀྲོལ་བའི་དུས། །བསྟན་པ་སྐྱོང་བར་ཁས་བླངས་དམ་ཅན་ཀུན། །མཆོད་གཏོར་བཞེས་ལ་ཕན་བདེའི་དགའ་སྟོན་སྒྲུབས། །དགུ་པ་བརྟན་མ་སྐྱོང་བ་ནི། །བཤལ་ཆུ་ཨོཾ་ཨཱཿཧཱུྃ་གིས་བརླབ། །ཧྲཱིཿ ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་སྣང་ཆ་ཀུན། །བདེ་སྟོང་དྷཱུ་ཏིར་ཐིམ་པའི་ཡེ་ཤེས་རྩལ། །བོད་སྐྱོང་བརྟན་མའི་ཚོགས་རྣམས་གཏོར་མ་ལོངས། །གངས་ཅན་སྐྱེ་འགྲོ་བདེ་བའི་ཕྲིན་ལས་མཛོད། །མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི། བཅུ་པ་མནན་པ་བྱ་བ་ནི། །ཧྲཱིཿ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་ཀློང་། །གཉིས་འཛིན་ལོག་འདྲེན་དམ་སྲི་འབྱུང་པོ་ཀུན། །མནན་ནོ་ཀ་དག་དོན་གྱི་རྒྱས་བཏབ་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །སཏྭཾ་བྷ་ཡ་ནན། བཅུ་གཅིག་དངོས་གྲུབ་བླང་བ་ནི། །མཆོད་ཅིང་བསྟོད་ལ། ཧྲཱིཿ གདོད་ནས་གྲོལ་བའི་རིག་པ་བྱང་ཆུབ་སེམས། །འགག་མེད་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཅན། །རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ཀུན། །བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམ་ལགས་ན། །དངོས་གྲུབ་སྩོལ་བའི་དུས་ལ་ད་བབས་པས། །གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཆོས་རྣམས་ཀུན། །གསང་བ་གསུམ་གྱི་ཐིག་ལེར་མཉམ་སྦྱོར་བས། །སྐུ་བཞིའི་གོ་འཕང་ལྷུན་གྱིས་གྲུབ་པར་སྩོལ། །རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ བཅུ་གཉིས་ནོངས་པ་བཤགས་པ་ནི། །ཧྲཱིཿ རང་བཞིན་རྣམ་པར་དག་པའི་ཡེ་ཤེས་ལ། །བཤགས་དང་བཤགས་པར་བྱ་བ་ལས་འདས་ཕྱིར། །སྣང་ཚུལ་གློ་བུར་འཁྲུལ་པའི་དྲི་མ་ཀུན། །བདེན་མེད་སྒྱུ་མའི་དབྱིངས་སུ་དག་གྱུར་ཅིག །ཡི་གེ་བརྒྱ་པ་ལན་གསུམ་བརྗོད། །བཅུ་གསུམ་རྟག་ཆད་མཐའ་བསལ་བ། །ཧྲཱིཿ རྟག་ཏུ་འོད་གསལ་སེམས་ཉིད་ཐིག་ལེ་ཆེར། །བསྐྱེད་དང་རྫོགས་པའི་སྤྲོ་བསྡུ་མ་དམིགས་ཀྱང་། །བརྟན་གཡོ་སྣང་སྲིད་བླ་མའི་དཀྱིལ་འཁོར་ལྷ། །ཟུང་འཇུག་རིག་སྟོང་རྗེན་པའི་དབྱིངས་སུ་ཡལ། ཨ་ཨ་ཨཿ སླར་ཡང་སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན། །ལྷ་སྔགས་ཆོས་སྐུའི་ཕྱག་རྒྱར་རོ་གཅིག་པས། །གང་འདུལ་ཐབས་མཁས་འཇུག་པའི་ཕྲིན་ལས་ཀྱིས། །རྟག་ཏུ་འགྲོ་བའི་དོན་ལ་སྤྱོད་པར་བྱ། །བཛྲ་ཛྙཱ་ན་བྷྲཱུྃ། བཅུ་བཞི་པ་བསྔོ་སྨོན་བྱ་བ་ནི། །ཧྲཱིཿ རྟག་དང་ཆད་པའི་ཕ་མཐའ་ལས་བརྒལ་བའི། །རིམ་གཉིས་ཟུང་འཇུག་དགེ་ཚོགས་ཅི་མཆིས་པ། །འཁོར་གསུམ་ཡོངས་གྲོལ་དབྱིངས་སུ་བསྔོས་པའི་མཐུས། །ཀུན་ཀྱང་རྣམ་ཀུན་མཆོག་ལྡན་ཐོབ་པར་ཤོག །བཅོ་ལྔ་ཤིས་པ་བརྗོད་པ་ནི། །ཧྲཱིཿ གདོད་མའི་མགོན་པོ་ཀུན་བཟང་འོད་མཐའ་ཡས། །སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་རིག་འཛིན་བླ་མའི་བྱིན་རླབས་ཀྱིས། །དགོངས་བརྒྱུད་འཕོ་བ་ཐོབ་པའི་བཀྲ་ཤིས་ཤོག །སྒྲིབ་གཉིས་གཟུང་འཛིན་འཆིང་བ་དབྱིངས་སུ་ཞི། །ཀ་དག་ལྷུན་གྲུབ་དབྱེར་མེད་རྟོགས་པ་རྒྱས། །རང་སྣང་དབང་འདུས་རླུང་སེམས་དབུ་མར་བསྒྲལ། །མཆོག་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་པས་མཐའ་རྒྱས་པར་བྱའོ། །བཅུ་དྲུག་ཕན་ཡོན་བསྟན་པ་ནི། །རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་སོགས་སྨོས་ཀྱིས་མི་ལྡང་བ་ཡོད་དོ། །གཟོད་ནས་དྲི༷་མེད་༷་ཟབ་གསལ་རྡོ་རྗེའི་དབྱིངས། །སྙིང་རྗེའི་འོད༷་ཟེར༷་སྟོང་དུ་འབར་བའི་དཔྱིད། །ཡོངས་རྫོགས་བསྟན་པའི་ཉི་མ་གསར་པ་ཞིག །སྐལ་བཟང་གྲུབ་པའི་མཁའ་ལ་རྟག་ཏུ་ཤར། །མགོན་དེའི་སྒྲུབ་པའི་ཐབས་ཚུལ་ཉི་གཞོན་གྱིས། །དྲང་པའི་བློ་གྲོས་ཨུཏྤལ་མིག་བྱེ་བས། །ཚོགས་མཆོད་བསོད་ནམས་སྦྲང་རྩིའི་སྤྲིན་གྱི་རྒྱུན། །དོན་གཉེར་ར་ཡིག་གཉིས་པའི་གསོས་སུ་སྨིན། །དེ་ལས་བྱུང་བའི་དགེ་ཚོགས་ཇི་སྙེད་དེས། །འགྲོ་ཀུན་ནང་གི་དེ་ཉིད་ལ་བརྟེན་ནས། །ས་བཅུ་ལམ་ལྔའི་ཕ་མཐའ་ལས་བརྒལ་བའི། །གྲགས་པས་སྲིད་ཞིའི་ཁམས་ཀུན་མཛེས་གྱུར་ཅིག །ཅེས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཟབ་མོའི་ཕྱོགས་ནས་དྲངས་པའི་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་ཚོགས་མཆོད་བསོད་ནམས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དག་གིས་ཡུན་རིང་དུ་གསོལ་བ་བཏབ་པའི་ངོར། ལམ་འདི་ལ་མི་ཕྱེད་པའི་དད་པ་བརྟན་པས་སྨྲ་བའི་སྐལ་བཟང་ཅུང་ཟད་ཐོབ་པ། གཞོན་ནུ་འཇིགས་མེད་མཁྱེན་བརྩེའི་ཟློས་གར་གྱིས་རང་ལོ་བཅུ་བདུན་པར་དབེན་པའི་བྲག་སྐྱིབས་ཤིག་ཏུ་གང་ཤར་ཡུད་ཙམ་ལ་སྦྱར་བ་ལས་སླར་ཡང་གསལ་བར་བགྱིས་པའོ། །སརྦ་མངྒ་ལཾ་བྷཱུ་ཡཱ་ཏྲ། ༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། དྲི་མེད་ཀ་དག་ཆོས་ཀྱི་སྐུ །མཁྱེན་བརྩེའི་འོད་ཟེར་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་ཅན། །ཕྱག་འཚལ་རིག་འཛིན་བླ་མ་ལའོ། །གང་དེའི་རྡོ་རྗེའི་རྣལ་འབྱོར་དང་། །རྗེས་སུ་འབྲེལ་བའི་སྨིན་བྱེད་ཀྱིས། །རྣམ་གྲོལ་ཡེ་ཤེས་མཆོག་སྦྱིན་པ། །སྐལ་བཟང་སློབ་མའི་དོན་དུ་དབྱེ། །དེ་ཡང་དབེན་ཞིང་ཉམས་དགའི་གནས། །བྱིན་རླབས་བཀྲ་ཤིས་འབྱུང་བའི་སར། །མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ། །དཀྱིལ་འཁོར་དམར་ཟླུམ་བཀོད་ལེགས་སྟེང་། །ཕྱི་ནང་གསང་བའི་དབང་རྫས་དང་། །ཚོགས་ཀྱི་མཆོད་གཏོར་བཟང་དུ་བཤམ། །བསྙེན་རྫོགས་རྟོགས་ལྡན་རྣལ་འབྱོར་པས། །བདག་མདུན་དབྱེར་མེད་བསྐྱེད་བཟླས་དང་། །རིག་པའི་མེ་ཏོག་དོར་བ་ཡིས། །ཡེ་ཤེས་དཀྱིལ་འཁོར་འཇུག་པའི་རྗེས། །དད་ལྡན་དམ་ཚིག་སྲུང་ནུས་པའི། །སློབ་མ་ཁྲུས་བྱས་གྲལ་ལ་འཁོད། །བགེགས་ཕྲལ་སྲུང་བའི་འཁོར་ལོ་བསྒོམ། །ལོ་རྒྱུས་མཚམས་སྦྱར་མཎྜལ་འབུལ། །དེ་ནས་གསོལ་བ་གདབ་པ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ །རྡོ་རྗེའི་སློབ་དཔོན་བདག་ལ་དགོངས། །རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །ལན་གསུམ་སྐྱབས་སེམས་སྡོམ་གསུམ་སྦྱིན། །ཡེ་ཤེས་དབབ་ཅིང་གཉིས་མེད་བསྟིམ། །དེ་ནས་བུམ་པ་སྤྱི་བོར་བསྐུར། ཧྲཱིཿ ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ། །ལྷུན་གྲུབ་སྣང་སྟོང་བླ་མའི་དཀྱིལ་འཁོར་ཤར། །ཟུང་འཇུག་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས། །ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་དག་པར་ཤོག །རྩ་སྔགས་དང་། ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རྗེས་འབྲེལ་བསྐྱེད་པའི་རིམ་པ་དང་། །བཞུགས་སྟངས་རྣམ་པ་གསུམ་ལ་བསླབ། །བླ་མའི་སྣང་བརྙན་སྤྱི་བོར་བཞག །ཨོཾ། རིག་གདངས་ཆོས་ཉིད་མངོན་སུམ་གཞལ་ཡས་སུ། །ཉམས་སྣང་གོང་འཕེལ་འཇའ་ཟེར་ཐིག་ལེའི་ཀློང་། །རིག་པ་ཚད་ཕེབས་དོན་གྱི་བླ་མའི་སྐུས། ཆོས་ཟད་བློ་འདས་ཆེན་པོར་དབང་བསྐུར་རོ། །བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་མི། མྱོང་གྲོལ་བདུད་རྩི་མགྲིན་པར་སྦྱིན། །ཧྲཱིཿ ཕྱི་སྣོད་རྩ་གསུམ་འཁོར་ལོའི་བྷནྡྷ་རུ། །ནང་བཅུད་བདེ་ཆེན་བྱང་སེམས་བདུད་རྩིར་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །སྲོག་རྩོལ་དབུ་མའི་དབྱིངས་སུ་རྫོགས་པར་ཤོག །སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་གཟིགས་སྟངས་རྣམ་གསུམ་དང་། །རླུང་གི་གནད་ལ་བསླབ་པའི་རྗེས། །ཐུན་མོང་བཟླས་པའི་ལུང་སྦྱིན་ཞིང་། ཁྱད་པར་རིག་འཛིན་སྲོག་འཁོར་ནི། །ཚར་གཅིག་བཀླགས་ལ་སྤྱི་བོར་བཞག །ཨཱཿ སྲས་བཅས་རྒྱལ་བ་ཀུན་གྱི་རྡོ་རྗེའི་གསུང་། །ཡི་གེའི་འཁོར་ལོར་ཤར་བས་དབང་བསྐུར་བས། །ལས་རླུང་ཡེ་ཤེས་ཁམས་སུ་རྣམ་དག་པའི། །ཆོས་ཀྱི་རྒྱལ་སྲིད་མཆོག་ལ་དབང་བསྒྱུར་ཤོག །བཛྲ་ཝཱ་ཀ་ཨ་བྷི་ཥིཉྩ་མི། ཤེས་རབ་གཟུང་མ་བྱིན་བརླབས་སྦྱིན། །ཧྲཱིཿ བཅུ་དྲུག་དགའ་བ་སྟོང་པའི་ཕོ་ཉ་མོ། །ཡིད་འོང་སྣ་ཚོགས་གཟུགས་ཅན་འདི་གཏད་ཅིང་། །ལྷན་སྐྱེས་ཐར་པ་བསྟེན་པའི་དབང་བསྐུར་བས། །རྟོག་ཚོགས་བདེ་སྟོང་ཆེན་པོར་སྨིན་པར་ཤོག །དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྡོར་སེམས་ཡབ་ཡུམ་ང་རྒྱལ་གྱིས། །སྙོམས་འཇུག་བདེ་ཆེན་ཡེ་ཤེས་བསྐྱེད། །རྗེས་འབྲེལ་བདེ་སྟོང་དོན་ངོ་སྤྲོད། །ཌཱ་མ་རུ་དང་ཁ་ཊྭཱཾ་སོགས། །བརྟུལ་ཞུགས་སྤྱོད་པའི་ཡོ་བྱད་སྦྱིན། །ཧཱུྃ། ཕྱི་དང་ནང་གི་གནས་ཡུལ་དུར་ཁྲོད་ཀུན། །རྡོ་རྗེའི་བརྟུལ་ཞུགས་གཅིག་གིས་བགྲོད་པའི་སླད། །དཔའ་བོ་ཌཱ་ཀིའི་ཕྱག་རྒྱས་དབང་བསྐུར་བས། །ཉེ་རྒྱུའི་སྤྱོད་པས་འབྲས་བུ་མཐར་ཕྱིན་ཤོག །བཛྲ་ཙིཏྟ་ཨ་བྷི་ཥིཉྩ་མི། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན། །ཧྲཱིཿ གཞི་དབྱིངས་ཀ་དག་གཉུག་མའི་དྭངས་ཤེལ་ལས། །གཞི་སྣང་ལྷུན་གྲུབ་རིག་པའི་འཇའ་ཟེར་ཤར། །ཟུང་འཇུག་དཔེ་དོན་འབྲེལ་བའི་དབང་བསྐུར་བས། །སྐུ་དང་ཡེ་ཤེས་དབྱེར་མེད་མངོན་གྱུར་ཤོག །ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ རྗེས་འབྲེལ་གཉིས་ཀས་མཉམ་གཞག་ངང་། །ཨ་ཞེས་དགོངས་པའི་དྲོད་གཏད་ཅིང་། །ཕཊ་ཀྱིས་རིག་རྩལ་གོང་དུ་སྤར། །ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་དང་། །སྣང་བཞིའི་འཆར་ཚུལ་ངོ་སྤྲད་ཅིང་། །སྙིང་ཏིག་གླེགས་བམ་སྤྱི་བོར་བཞག །ཨོཾ་ཨཱཿཧཱུྃ། ཀུན་བཟང་རྡོ་རྗེ་སེམས་དཔའ་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་ཤྲཱི་སིཾ་ཧ་དང་། །ཛྙཱ་ན་སཱུ་ཏྲ་འཆི་མེད་པདྨ་འབྱུང། །འོད་གསལ་སྙིང་པོའི་ཤིང་རྟ་བི་མ་ལ། །དབྱེར་མེད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །དེང་འདིར་སྐལ་ལྡན་ཁྱོད་ལ་བྱིན་བརླབས་པས། །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར། །སྒྲར་གྲགས་མི་ཤིགས་རྡོ་རྗེའི་དབྱངས་སུ་སྨིན། །ཀ་དག་རིག་པ་གདོད་མའི་གནས་ལུགས་རྟོགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས། །ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ཤོག །བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་མི། རྗེས་སུ་ཤིས་བརྗོད་མེ་ཏོག་འཐོར། །དམ་ཚིག་ཁས་བླང་གཏང་རག་ཕུལ། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་དང་། །རྡོ་རྗེའི་གླུ་དང་གར་ལ་རོལ། །དེ་ལྟར་རིགས་རྣམས་ཀུན་འདུས་པ། །ཡང་གསང་བླ་མའི་སྒྲུབ་པ་ནི། །འོད་གསལ་ཐིག་ལེའི་རྒྱ་ཅན་གྱི། །སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་འདི། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །འོད་ཟེར་སྤྲིན་གྱི་སྐྱེད་ཚལ་དུ། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་འཇིགས་པ་མེད་པས་སྦྱར། །དགེ་བས་སྐལ་བཟང་སློབ་མ་རྣམས། །ཀུན་མཁྱེན་བླ་མའི་ཡེ་ཤེས་སྐུས། །མངོན་སུམ་ཉིད་དུ་རྗེས་བཟུང་ནས། །གདོད་མའི་གཞི་དབྱིངས་གྲོལ་གྱུར་ཅིག །ས་མ་ཡ། གུ་ཧྱ། ༈ ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ལས། མྱོང་གྲོལ་རིལ་བུའི་སྒྲུབ་ཐབས་བཞུགས། ན་མོ་བི་མ་ལ་རསྨི་པཱ་དཱ་ཡ། གྲུབ་པའི་བདུད་རྩིས་སྐལ་བཟང་ལ། །གྲུབ་གཉིས་དགའ་སྟོན་མཆོག་སྦྱིན་པ། །གྲུབ་པའི་རིལ་བུའི་སྦྱོར་བ་ནི། །གྲུབ་རིག་རྒྱ་མཚོའི་གསུང་བཞིན་སྤེལ། །དེ་ཡང་དབེན་ཞིང་ཉམས་དགའི་གནས། །བཀྲ་ཤིས་བྱིན་ཆགས་སྒྲུབ་ཁང་དུ། །ཡར་མར་མཁའ་འགྲོ་འདུ་བའི་དུས། །བཟང་དྲུག་འབྲས་གསུམ་གཙོར་གྱུར་པའི། །སྨན་སྣ་ཚོགས་པའི་ཕྱེ་མ་ལ། །ཨ་མྲི་ཏ་དང་སྐྱེ་བདུན་ཤ །ཕབས་གཏའི་ཚུལ་དུ་ལེགས་བཏབ་སྟེ། །གུར་གུམ་ཆུ་ཡིས་རིལ་བུ་བྱ། བྷནྡྷ་དུམ་བུ་གསུམ་པར་བླུགས། །དེ་སྟེང་རིག་འཛིན་སྲོག་འཁོར་དང་། ཁ་གཅོད་མཁར་བའི་མཎྜ་ལར། །རྡོ་རྗེ་སེམས་དཔའི་མེ་ལོང་དགོད། །དར་དམར་ལྡིང་གུར་མཛེས་པར་དབུབ། །སྨན་རཀ་གཏོར་ཚོགས་མཆོད་པས་བསྐོར། །སྐྱབས་སེམས་སྔོན་དུ་འགྲོ་བ་ཡིས། །རང་ཉིད་གཉུག་མའི་ཧེ་རུ་ཀའི། །གསལ་སྣང་རྫོགས་པའི་ང་རྒྱལ་བཅས། །བགེགས་བསྐྲད་སྲུང་འཁོར་ནན་ཏན་བྱ། །མོས་གུས་གདུང་བའི་ཤུགས་བསྐྱེད་ལ། །སྤོས་རོལ་དང་བཅས་ཡེ་ཤེས་དབབ། །གནས་དང་མཆོད་རྫས་བྱིན་གྱིས་བརླབ། །དངོས་གཞིར་བདག་མདུན་དབྱེར་མེད་པའི། །བསྐྱེད་བཟླས་རྗེས་སུ་འཛབ་ཁང་དབྱེ། །བདག་གི་ཐུགས་སྲོག་སྔགས་ཕྲེང་ལས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །རྡོ་རྗེའི་གཟུངས་ཐག་ལ་བརྟེན་ནས། །བདེ་སྐྱོང་བུམ་པའི་ནང་དུ་སོང་། །རིག་འཛིན་བླ་མའི་ཐུགས་རྒྱུད་བསྐུལ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འཕགས་མཆོད་འགྲོ་ཀུན་སྨིན་གྲོལ་བཀོད། །རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །བརྟན་དང་གཡོ་བའི་དྭངས་བཅུད་སོགས། །དངོས་གྲུབ་རྣམ་གཉིས་ཚུར་བསྡུས་ནས། །བླ་མའི་གནས་གསུམ་ཐིམ་པ་ཡིས། །མཆོག་ཏུ་མི་འགྱུར་བདེ་བས་མཉེས། །སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །དཔག་མེད་བབས་ནས་རིལ་བུར་ཐིམ། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ། །དབྱངས་གསལ་རྟེན་སྙིང་དང་བཅས་པའི། །རྩ་སྔགས་ཆུ་བོའི་གཞུང་བཞིན་བཟླ། །སྐབས་སུ་དབྱངས་ཀྱི་རྟ་ལ་བསྐྱོན། །ཐུན་དྲུག་ཚོགས་ཀྱི་འཁོར་ལོས་མཆོད། །དེ་ལྟར་རྩེ་གཅིག་འབད་པ་ཡིས། །དངོས་ཉམས་རྨི་ལམ་མ་ངེས་པར། །རིག་འཛིན་བླ་མའི་ཞལ་མཐོང་ཞིང་། །ལུང་བསྟན་དབུགས་དབྱུང་ཐོབ་པ་དང་། །འོད་དང་སྒྲ་དང་དྲི་བཟང་འཐུལ། །བྷནྡྷ་འཕར་དང་རིལ་བུ་འཕེལ། །དེ་སོགས་འགྲུབ་པའི་རྟགས་མཐོང་ནས། །རིལ་བུ་རིགས་འདུས་བླ་མར་བསྐྱེད། །བདག་འཇུག་ཚུལ་གྱིས་དངོས་གྲུབ་བླང་། །གཞན་ལ་སྨིན་བྱེད་ཆོ་གས་སྦྱིན། །འདིས་ནི་ནད་གདོན་སྡིག་སྒྲིབ་ཞི། །ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས། ཁྱད་པར་རིག་འཛིན་བརྒྱུད་པ་ཡིས། །བྱིན་རླབས་ཉམས་རྟོགས་རྩོལ་མེད་འཆར། །ཕྱི་མ་མཁའ་སྤྱོད་རྡོ་རྗེའི་ཞིང་། །དཔའ་བོ་ཌཱ་ཀིའི་གཟུགས་སུ་འགྱུར། །དེ་ཕྱིར་མཆོག་ཏུ་གཅེས་པར་ཟུངས། །ས་མ་ཡ། ཞེས་པའང་གཏེར་གཞུང་རྩ་བའི་རྡོ་རྗེའི་ཚིག་གི་དགོངས་པ་ལས་ཀུན་མཁྱེན་བླ་མའི་བྱིན་རླབས་ལས་རང་ཤར་བའི་ཚུལ་གྱིས་རྣལ་འབྱོར་པ་ཨ་བྷཱ་ཡས་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་སྦྱར་བའོ། ༈ །ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་བསྙེན་ཡིག་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བི་མ་ལ་རསྨི་པཱ་དཱ་ཡ། དྲི་མེད་འོད་གསལ་རྡོ་རྗེ་སྙིང་པོའི་དབྱིངས། །སྣང་བཞིའི་འཛུམ་ཟེར་གསར་པ་དང་སྦྱར་བས། །འཇའ་ལུས་འཕོ་བ་ཆེན་པོའི་གསེང་ལམ་མཆོག །དབྱེ་མཛད་རིག་འཛིན་བླ་མས་རྟག་ཏུ་སྐྱོངས། །དེ་ལ་འདིར་རིག་འཛིན་བླ་མའི་སྒྲུབ་པ་ཡང་གསང་ཐིག་ལེའི་རྒྱ་ཅན་གྱི་ལམ་ཟབ་མོ་ལ་བརྟེན་ནས་བྱིན་རླབས་དོན་གྱི་ཡེ་ཤེས་སྙིང་དབུས་སུ་ཞུགས་པས་ཚེ་གཅིག་གིས་འཇའ་ལུས་རྡོ་རྗེའི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་གིས། ཤིན་ཏུ་དབེན་ཞིང་ཉམས་དགའ་ལ་ཡིད་དང་རྗེས་སུ་མཐུན་པའི་ནགས་ཁྲོད་དམ། གངས་ཁྲོད། རི་སུལ་སོགས་གྲུབ་པའི་སྐྱེ་བོས་བསྟེན་པའི་སྨན་ལྗོངས་སུ་སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་གསུམ་གྱིས་ཉམས་སུ་བླང་བར་བྱ་བ་ལས། དང་པོ་ནི། དལ་འབྱོར་གྱི་རྟེན་འདི་ཉིད་རྙེད་དཀའ་ཞིང་ནམ་འཆི་བའི་ཆ་མེད་པ་དང་། ཤི་བའི་འོག་ཏུ་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། ད་རེས་སྡུག་བསྔལ་ཅན་གྱི་འཁོར་བ་འདི་ལས་བདག་གཞན་སེམས་ཅན་ཐམས་ཅད་ཐར་པ་ཞིག་ཅི་ནས་ཀྱང་བགྱིའོ་སྙམ་པའི་སྐྱེས་བུ་ཆེན་པོའི་བློས། སྐྱབས་སེམས་ནས་བླ་མའི་རྣལ་འབྱོར་གྱི་བར་སྔོན་འགྲོའི་རིམ་པ་རྣམས་མཐར་ཕྱིན་པ་སྔོན་དུ་སོང་བས་ལམ་འདིར་འཇུག་པའི་ཚེ། མར་ངོའི་ཚེས་བཅུ་སོགས་དམར་ཕྱོགས་ཀྱི་གཟའ་སྐར་སྦྱོར་བྱེད་ཤིས་པའི་ཉིན། གནས་ཁང་བྱི་དོར་བྱ་ཞིང་། རིག་འཛིན་བླ་མའི་དམ་ཚིག་གི་སྣང་བརྙན་བྲིས་འབུར་གང་རིགས་འབྱོར་ན་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་སྟེང་བྷནྡྷ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པའི་ནང་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་བྲིས་སྒྲུབ་ཚད་ལྡན་བགྱིས་པ་དང་། བརྒྱུད་པ་འདི་ཉིད་ལས་འོངས་པའི་སེལ་མེད་ཀྱི་བདུད་རྩི་ཆོས་སྨན། རིན་པོ་ཆེ་སྣ་ཚོགས། སྨན་སྣ་ཚོགས། འབྲུ་སྣ་ཚོགས་བཅས་ཀྱིས་གཏམས་པའི་ཁར་དར་དམར་གྱི་ལྡིང་གུར་དབུབ། དེའི་མདུན་དུ་བླ་གཏོར་དམར་པོ་པད་འདབ་བཞི་པ་རྒྱན་ལྡན། གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཉེར་སྤྱོད་དང་། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཇི་ལྟར་རིགས་པ་བཤམས་པས་མཚོན་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ནི། དེ་ནས་སྲོད་ཐུན་གྱི་སྔ་ལོགས་སུ་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་སྔོན་འགྲོའི་རིམ་པས་བློ་རྒྱུད་སྦྱངས་པའི་མཐར། རང་ཉིད་སྐད་ཅིག་གིས་དཔལ་རྟ་མཆོག་རོལ་པ་སོགས་ལས་ཀྱི་ཁྲོ་བོ་གཉུག་མའི་ཧེ་རུ་ཀ་གང་ཡང་རུང་བའི་ང་རྒྱལ་གྱིས་གཞི་བགེགས་ལ་གཏོར་མ་བྱིན་ཞིང་རྡོ་རྗེའི་སྲུང་བའི་འཁོར་ལོས་ཕྱོགས་མཚམས་ཐམས་ཅད་བཅིངས་པ་དང་། རྒྱལ་ཆེན་བཞི་ལ་བར་ཆད་ཞི་བའི་ཕྲིན་ལས་བཅོལ་ནས་ཐོ་འཛུགས་པ་སོགས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱས་ནས། སྐབས་དོན་གྱི་ཁྱད་པར། མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཞི་འཛུམ་མཚན་དཔེའི་གཟི་བྱིན་ཕུན་སུམ་ཚོགས་པར་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བའི་དམིགས་རྣམ་ཀུན་རྫོབ་ཙམ་དུ་བྱས་པའི་མཐར། སྐྱབས་ཡུལ་དང་རང་སེམས་དབྱེར་མེད་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ངོ་བོ་སྟོང་པ་ཆོས་སྐུ །རང་བཞིན་གསལ་བ་ལོངས་སྐུ །ཐུགས་རྗེ་ཟུང་འཇུག་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་རང་ཆས་སུ་བཞུགས་པའི་དོན་ལ་དྲན་པ་ཉེ་བར་བཞག་པ་དོན་དམ་པའི་སྐྱབས་འགྲོ །རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད། དོན་དམ་པར་ཅིར་ཡང་མ་གྲུབ་ཅིང་། ཀུན་རྫོབ་ཏུ་ཅིར་ཡང་འཆར་བའི་གནས་ལུགས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་གྱི་སེམས་བསྐྱེད། གཟོད་མ་ནས་གཟུང་འཛིན་གྱི་འཁྲུལ་པས་གོས་མ་མྱོང་བའི་འོད་གསལ་གཉུག་མའི་ངང་དུ་ཀུན་བརྟགས་གློ་བུར་གྱི་གདོན་བགེགས་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་འདེབས་པ་ཁྱད་པར་གྱི་སྲུང་འཁོར། ཚོགས་དྲུག་གི་སྣང་བ་གང་ཤར་ཐམས་ཅད། ཤར་ཙམ་ནས་གཟུང་འཛིན་གྱི་མདུད་པ་རང་གྲོལ་དུ་ཞིག་པས་ཅིར་སྣང་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་ཤར་བ་དག་པ་རབ་འབྱམས་ཡེ་ཤེས་ཆེན་པོའི་བྱིན་འབེབ་པ་རྣམས་གཞུང་གི་ཚིག་དོན་དང་རྗེས་སུ་མཐུན་པར་ནན་ཏན་གྱིས་གསལ་གདབ་རྗེས། བསྐྱེད་རིམ་དངོས་གཞིའི་ཆར། ཉམས་སུ་མྱོང་ཡང་བསམ་བརྗོད་ཀྱི་སྤྲོས་པ་ལས་འདས་པའི་རིག་སྟོང་རྗེན་པ་སྐད་ཅིག་མའི་རང་རྩལ་ལས་སྣང་བཞིའི་འཆར་ཚུལ་ཕ་མཐར་སོན་པའི་རྟེན་འབྱུང་གི་སྣང་ཆ་མ་འགགས་པ་རང་ཤར་བའི་ཚུལ་གྱིས་ཡོངས་གྲུབ་དག་མཉམ་ཆེན་པོའི་ལྷའི་གསལ་སྣང་ལ་སེམས་ཟིན་པ་ན། འོད་ཟེར་གྱི་འཕྲོ་འདུས་ཀུན་རྫོབ་ཙམ་དུ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ། དོན་དམ་པར་ལྷ་དང་རང་སེམས་དབྱེར་མེད་དུ་ཤེས་པས་རབ་ལྟ་བ་མཇལ་བའི་ཕྱག་དང་། ཅིར་སྣང་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན་ཆེན་པོར་སྤྲོ་བ་དང་། སྒྱུ་མ་དང་རྨི་ལམ་གྱི་ཚུལ་ལྟར་སྣང་ཡང་ཞེན་པ་མ་གྲུབ་པའི་ཡེ་ཤེས་སྒྱུ་མའི་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་བསྟོད་པ་རྣམས་ལས་གཞུང་ལས་འབྱུང་བ་ལྟར་དང་། བཟླས་དམིགས་དངོས་ནི། རང་གི་ལུས་ཀྱི་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་ཀྱི་ཐུགས་ཀའི་ཐད་དྲང་དུ་འོད་ལྔའི་ཐིག་ལེ་ཟླུམ་འཁྱིལ་གྱི་དབུས་མཐིང་ག་ཁྱབ་པ་ཆེན་པོའི་ཀློང་ན་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་ཙིཏྟ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སེམས་ཉིད་གཉུག་མའི་དབྱིངས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གསལ་གྱི་མཐར་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཡི་གེའི་གཟུགས་སུ་ཤར་བའི་སྔགས་ཕྲེང་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་མཐིང་གསལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་གཡས་སྐོར་དུ་གནས་པ་ལས། འོད་ཟེར་བུན་ལོང་གིས་འཕྲོས་པའི་རྩེ་ལས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་སྙིང་ཏིག་གི་བརྒྱུད་པའི་བླ་མ་རྣམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་བར་བསམ་པ་བསྙེན་པ། འོད་ཟེར་མར་འཕྲོས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ཏེ་ཕྱི་སྣོད་འོག་མིན་གྱི་ཞིང་དང་། ནང་བཅུད་རིག་འཛིན་བླ་མའི་སྐུར་ལམ་ལམ་གསལ་འདེབས་པ་སྒྲུབ་པ། འོད་ཟེར་ཚུར་འདུས་བདག་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས་ཏེ། སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་པ་སྒྲུབ་ཆེན། དེ་ལས་འོད་ཟེར་སྤྲོ་བསྡུས་མཚོན་པའི་འཁོར་གསུམ་གྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་ལ་མཉམ་པར་འཇོག་པ་ལས་སྦྱོར་ཏེ། ཚུལ་དེ་ལྟ་བུའི་དམིགས་གནད་དང་མ་བྲལ་བའི་ངང་ནས་བཟླས་པ་ཅི་ནུས་བྱས་རྗེས་མཆོད་བསྟོད་དངོས་གྲུབ་བླང་ཞིང་ཚོགས་ཀྱི་མཆོད་པའང་བྱས་ལ། སྣོད་བཅུད་ཐམས་ཅད་འོད་གསལ་དུ་སྦྱངས་པའི་ནང་གསལ་གྱི་རིག་པ་ཐིམ་ལ་མ་རྨུགས་པའི་ངང་དུ་ཁམས་གསོ། ཐོ་རངས་ལྡང་བའི་དུས་ལ་བབས་པ་ན་སྐད་ཅིག་གིས་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སྣང་སྟོང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་ཞིང་ཐོར་ཐུན། སྔ་ཐུན། དགོང་ཐུན། སྲོད་ཐུན་ཏེ་ཐུན་བཞིའི་རིམ་པས་འབུམ་ཕྲག་བཅུ་གཉིས་ཁ་སྐོང་དང་བཅས་པ་བཟླ་བ་ནི་གྲངས་ཀྱི་བསྙེན་པ་དང་། ཟླ་བ་དྲུག་ལ་སོགས་པར་བརྩོན་པ་དུས་ཀྱི་བསྙེན་པ་དང་། གཞུང་ནས་གསུངས་པའི་རྟགས་རྣམས་རྫོགས་པའི་བར་བསླབ་པ་མཚན་མའི་བསྙེན་པ་སྟེ། བརྩོན་འགྲུས་དང་དབང་པོའི་རིམ་པ་ལྟར་ཉམས་སུ་བླངས་པས། དོན་བརྒྱུད་ཀྱི་བྱིན་རླབས་སྙིང་དབུས་སུ་ཞུགས་པས་སྡེ་གསུམ་རྫོགས་པ་ཆེན་པོའི་ཚིག་དང་དོན་གྱི་ཆ་ལ་སྤོབས་པའི་གཏེར་ཆེན་པོ་གྲོལ་ཞིང་། རིང་པོར་མི་ཐོགས་པར་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཉམས་སུ་བླང་བའི་ཐུན་མཚམས་སུ་སྔ་དགོང་གི་ཟེར་གཉིས་ལ་ལྷུན་གྲུབ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ལ་གཟིར་ཞིང་། སྲོད་དང་ཐོ་རངས་སོགས་རླུང་རིག་དྭངས་པའི་སྐབས་གཏུམ་མོ་བསྒོམ་པ་དང་ཁྲེགས་ཆོད་ཀྱི་ལྟ་བ་བསྐྱངས་ཏེ། མདོར་ན་སྟན་ཐོག་གཅིག་ཏུ་དབང་བཞིའི་ལམ་རྫོགས་པར་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་ནི། སྒྲུབ་པ་ཐོན་པའི་ཚེ་ཡར་ངོའི་ཚེས་བཅུ་སོགས་དུས་ཚེས་ཤིས་པའི་སྔར་ཉིན་ནས་ཚོགས་ཀྱི་ཡོ་བྱད་དང་། དངོས་གྲུབ་ལེན་པའི་རྫས་སོགས་འདུ་བྱས་ལ། ཐོ་རངས་སྔ་བར་ལངས་ནས་ལས་གཞུང་བསྲངས་ཤིང་བཟླས་པ་འོས་འཚམ་གྱི་རྗེས་ཚོགས་ཀྱི་མཆོད་པ་བྱ་ཞིང་། སྐྱ་རེངས་ཤར་བའི་དུས་ལ་བབས་པ་ན་སྤྱི་བཤགས་ཡེ་ཤེས་སྐུ་མཆོག་གིས་དམ་ཚིག་ཉམས་ཆག་བཤགས། སྒྲུབ་པའི་རྫས་ལ་བྱིན་འབེབ་དང་། མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་བླང་ཞིང་། སྒྲུབ་རྫས་རྣམས་གནས་གསུམ་དུ་གཏུགས་ལ་མྱང་། བྷནྡྷ་སྲོག་འཁོར་དང་བཅས་པ་འབྲལ་མེད་དུ་འཆང་། ནོངས་བཤགས་ནས་བཟུང་སྟེ་ཤིས་པ་བརྗོད་པའི་བར་ཚོགས་མཆོད་ནས་འབྱུང་བ་ལྟར་དང་། གཞན་ཡང་བཀྲ་ཤིས་པ་རྒྱ་ཆེར་བརྗོད་ཅིང་རྒྱལ་ཆེན་ལ་གཏང་རག་གི་མཆོད་བསྟོད་དང་གཤེགས་གསོལ་བྱ། དེ་ནས་རང་གི་ཆོས་དང་མཐུན་པའི་གྲོགས་དམ་ཚིག་ལྡན་པ་རེ་གཉིས་དང་རིམ་གྱིས་འཕྲད་པ་སོགས་གསང་བ་སྤྱིའི་ལུགས་བཞིན་ཤེས་པར་བྱའོ། །གང་དུ་ཞུགས་པས་མཆོག་དང་ཐུན་མོང་གི །གྲུབ་གཉིས་ནོར་བུའི་དོ་ཤལ་འཛིན་བཟོད་པ། །ཡང་གསང་བླ་མ་བསྙེན་ཅིང་སྒྲུབ་པའི་ཚུལ། །རིག་པ་འཛིན་པ་དགའ་བའི་ཤིང་རྟ་ཆེ། །ཉུང་གསལ་སྙིང་པོར་དྲིལ་ནས་བཀོད་པ་ཡི། །བསོད་ནམས་ཟླ་ཤེལ་བྱེ་བའི་སྙེམས་འཆང་བས། །སྲིད་ཞིའི་རྒུད་པའི་མུན་པ་ཀུན་བཅིལ་ནས། །འཇའ་ལུས་རྡོ་རྗེའི་ལང་འཚོ་རྒྱས་གྱུར་ཅིག །ཅེས་པའང་དད་པ་དང་དམ་ཚིག་གིས་རྒྱུད་ཕྱུག་ཅིང་རྣམ་པར་དཔྱོད་པའི་བློ་གྲོས་ཅན་ཨ་བྷཱ་ཡ་ཤྲཱི་མཱཾ་གྱིས་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་ལས། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་འོག་མིན་བླ་མའི་གདན་ས་དཔལ་ལྡན་པདྨ་འོད་གླིང་དུ་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་བྲིས་པ་དགེ་ལེགས་ཀྱི་སྣང་བ་མཆོག་ཏུ་འབར་བའི་རྒྱུར་གྱུར་ཅིག །ཤུ་བྷཾ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ལས་བྱང་བཀླག་ཆོག་ཏུ་བསྡེབས་པ་ (Volume 46, Text 48)
༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ལས་བྱང་བཀླག་ཆོག་ཏུ་བསྡེབས་པ་བཞུགས་སོ། །ན་མོ་གུ་རུ་ཀྲོ་དྷཱ་ཡ། རིགས་ཀུན་ཁྱབ་བདག་ཐོད་ཕྲེང་རྩལ། །གདུག་ཅན་གཉེན་པོར་རབ་འབར་བའི། །ཕྱག་རྒྱ་མོས་པས་མཆོག་བསྙེན་ནས། །ཕྲིན་ལས་བཀླགས་པས་གྲུབ་པར་བསྡེབ། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པ་འོ། །དང་པོ་ལས་ཀྱི་སྦྱོར་བ་ནི། བསྙེན་པའི་སྐབས་མཎྜལ་ཚོམ་བུ་གཅིག་པའི་སྟེང་དུ་ཕུར་བུ་ཚད་ལྡན་སྒྲུབ་པའི་རྟེན་དུ་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། དབང་གི་སྐབས་དབང་ཆོག་ཏུ་བཤད་པ་ལྟར་འདུ་བྱས་ལ། ཕྲིན་ལས་ཀྱི་རིམ་པ་ནི། གཞུང་ལས། སྔོན་རྗེས་རིག་འཛིན་གཞུང་ལྟར་བྱཿ ཞེས་གསུངས་པའི་དོན་སྐབས་སུ་བབས་པའི་ཁ་བསྒྱུར་དང་བཅས་ཏེ་འགོད་པ་ལ། ཐོག་མར་དང་པོ་སྦྱོར་བ་སྔོན་འགྲོ་ལས་སྐྱབས་སེམས་ཚོགས་གསོག་ནི། ན་མོཿ བདག་དང་མཐའ་ཡས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་བླ་མ་དངཿ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་ལཿ སྙིང་ནས་དད་པས་སྐྱབས་སུ་མཆིཿ ལན་གསུམ། ཧོཿ དྲག་པོའི་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ལན་གསུམ། ཧོཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར། །ཕྱག་འཚལ་མཆོད་འབུལ་ཉེས་སྒྲིབ་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐུལ། །རྟག་པར་བཞུགས་གསོལ་དགེ་ཚོགས་ཀུན། །བླ་མེད་ཆོས་དབྱིངས་ཆེན་པོར་བསྔོ། །བགེགས་བསྐྲད་བཀའ་བསྒོ་ནིཿ རང་ཉིད་སྐད་ཅིག་གིས་བླ་མ་དྲག་པོའི་སྐུར་གྱུར། བྱིན་རླབས་སོགས་སྤྱི་ལྟར་བྱས་ལ། ཧྲཱིཿ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ གླགས་ལྟ་བར་གཅོད་གདོན་གྱི་རིགསཿ གཏོར་མ་ལོངས་ལ་གཞན་དུ་དེངསཿ བཀའ་ལས་འདས་ན་རྡོ་རྗེས་གཞོམཿ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིརཿ སྲུང་འཁོར་ནི། ཧྲཱིཿ སྣང་སྲིད་དག་པ་རབ་འབྱམས་ལཿ བགེགས་དང་བར་གཅོད་མིང་ཡང་མེདཿ གློ་བུར་རྣམ་རྟོག་འཁྲུལ་པའི་གདོནཿ ཆོས་དབྱིངས་ངང་དུ་མཚམས་གཅད་དོཿ བྱིན་འབེབ་ནི། ཧཱུྃཿ དྲག་པོ་རྟ་ཁྱུང་ལྷ་ཚོགས་རྣམསཿ ཆོས་སྐུའི་ཀློང་ནས་ཐུགས་རྗེ་སྐྱེདཿ ལོངས་སྐུའི་རྣམ་རོལ་ཅིར་ཡང་སྒྱུརཿ སྤྲུལ་སྐུའི་དཀྱིལ་འཁོར་བརྟེན་པར་བཅསཿ དབང་སྐུར་བྱིན་ཕོབ་རྟགས་མཚན་སྟོནཿ རྩ་སྔགས་ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཅེས་མཐར། སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིནཿ ཡེ་ཤེས་བདུད་རྩིར་བྱིན་བརླབས་པསཿ ཕྱི་ནང་གསང་བའི་མཆོད་རྫས་ཀུནཿ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུརཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ སྔགས་ལན་གསུམ་བརྗོད། གཉིས་པ་དངོས་གཞིའི་ཐོགས་མར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧྲཱིཿ རྣམ་ཐར་གསུམ་ལྡན་སྟོང་པ་ཉིདཿ མ་རྟོགས་འཁྲུལ་པའི་སེམས་ཅན་ལཿ དམིགས་མེད་སྙིང་རྗེ་ཆེན་པོའི་གདངསཿ ནམ་མཁས་གར་ཁྱབ་པདྨ་འོདཿ དུར་ཁྲོད་རོལ་པའི་གཞལ་མེད་ཁངཿ རྣམ་པར་བྱང་བའི་ཆོས་རྣམས་རྫོགསཿ དེ་དབུས་པདྨ་ཉི་ཟླ་དངཿ མ་རིག་ལས་གྱུར་རྟེན་འབྲེལ་གདོནཿ དུག་སྦྲུལ་བཅུ་གཉིས་བསྣོལ་བའི་སྟེངསཿ རང་རིག་ཧྲཱིཿདམར་ཡོངས་གྱུར་ལསཿ འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོདཿ ཞལ་གདངས་མཆེ་གཙིགས་ཞབས་གཉིས་བགྲདཿ སྐུ་མདོག་དམར་པོ་གསང་ཕོད་མཐིངཿ སྟག་ཤམ་རུས་རྒྱན་ཐོད་ཕྲེང་བརྗིདཿ ཐོད་སྐམ་དབུ་རྒྱན་རལ་པའི་གསེབཿ རྟ་མགོ་ལྗང་ཞུར་ཁྱུང་གདོང་དམརཿ ཕྱག་གཡས་རྡོ་རྗེ་གཡོན་མེ་ཁྱུངཿ བ་སྤུའི་བུ་ག་ཐམས་ཅད་ཀྱངཿ ཁྱུང་གི་ཚྭ་ཚྭས་གཏམས་ཤིང་འཕྲོཿ གནོད་བྱེད་སྡེ་བརྒྱད་ཐལ་བར་རློགཿ ཡེ་ཤེས་མེ་དཔུང་ཀློང་ན་བརྗིདཿ ཚོགས་བརྒྱད་ལས་གྱུར་མ་རིག་གདོནཿ ཀླུ་ཆེན་བརྒྱད་པོ་འདར་ཞིང་འདུདཿ གཙོ་བོའི་སྤྱི་མགྲིན་སྙིང་ག་རུཿ འཇམ་དཔལ་སྐུ་དང་པདྨ་གསུངཿ ཡང་དག་རྡོ་རྗེ་ཐོད་ཁྲག་འཛིནཿ སྐུ་གསུང་ཐུགས་ཀྱི་ཡི་གེས་མཚནཿ ཆོས་ཀྱི་ཕྱག་རྒྱའི་འོད་ཟེར་ལསཿ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེཿ ལས་ཀྱི་ཕྱག་རྒྱ་བཞིས་དྲངས་ནསཿ དམ་ཚིག་ཕྱག་རྒྱར་དབྱེར་མེད་བསྟིམཿ ཨེ་ཧྱ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀཤྱ་ཧོཿ ཡེ་ཤེས་པ་བཀུག་ཅིང་གཞུག་པ་ནི། ཧཱུྃཿ ཐུགས་རྗེའི་ལྕགས་ཀྱུས་དབྱིངས་ནས་སྤྱན་དྲང་ངོཿ བྱམས་པའི་ཞགས་པས་རྟེན་དང་རོ་གཅིག་བསྲེཿ དགའ་བའི་སྒྲོག་གིས་ཐབས་ཤེས་མཉམ་པར་སྦྱོརཿ བཏང་སྙོམས་དྲིལ་བུས་ཤིན་ཏུ་བརྟན་པར་བྱཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཏིཥྛཿ རིག་པའི་མེ་ཏོག་གི་ཕྱག་ནི། ཧཱུྃཿ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེཿ རང་ཉིད་དེ་བཞིན་ཉིད་དང་སྦྱོརཿ ལྷ་དང་ལྟ་བ་མཇལ་བའི་ཕྱགཿ བླང་དོར་མེད་པའི་དབྱིངས་ལ་འདུདཿ ན་མོ་ན་མ་ཧོཿ མཆོད་པ་ནི། ཧཱུྃཿ དབང་པོ་དྲུག་ལ་ཉེར་སྤྱོད་རྫསཿ ཡུལ་དང་བདེ་ཆེན་མཉམ་པར་རོལཿ སྨན་གཏོར་རཀྟ་བྱང་ཆུབ་སེམསཿ སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས་མཆོདཿ རཱུ་པཿ ཤབྡཿ གནྡྷེཿ ར་སཿ སྤརྴེཿ དྷརྨ་དྷཱ་ཏུ་མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་བྷོ་དྷི་ཙིཏྟ་ག་ཎ་ཙཀྲ་པཱུ་ཙ་ཧོཿ བསྟོད་པ་ནི། ཧཱུྃཿ སྒེག་དཔའ་འཇིགས་རུང་བླ་མ་དྲག་པོའི་སྐུཿ དགོད་གཤེ་དྲག་ཤུལ་རྟ་མཆོག་རོལ་པའི་གསུངཿ སྙིང་རྗེ་རྔམས་ཞི་ཡེ་ཤེས་ཁྱུང་གི་ཐུགསཿ ལོག་འདྲེན་འདུལ་བའི་ལྷ་ལ་ཕྱག་འཚལ་བསྟོདཿ དེ་ནས་བཟླས་པ་བྱ་བ་ལ་དམིགས་རིམ་ནི། ཐུགས་ཀར་ཉི་དཀྱིལ་ཧཱུྃ་གི་མཐརཿ སྔགས་ཕྲེང་མགལ་མེ་བཞིན་དུ་འཁོརཿ འོད་ཟེར་མེ་སྟག་ལྟ་བུ་དངཿ ཁྱུང་གི་ཚྭ་ཚྭས་ལོག་འདྲེན་སྲེགཿ རྟ་སྐད་འཚེར་བས་སྟོང་གསུམ་གཡོཿ སྣོད་བཅུད་སྦྱངས་ནས་རང་ལ་བསྟིམཿ ལྷར་སྣང་ཕྱག་རྒྱ་ཆེན་པོའི་ངངཿ ཞེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པ་དང་ལྷར་སྣང་ང་རྒྱལ་བརྟན་པོས། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཅེས་བཟླ་ཚད་ནི་གཞུང་ལས། གྲངས་བསྙེན་འབུམ་ཕྲག་ཉི་ཤུ་ལཿ དུས་བསྙེན་རིག་པས་དཔག་པར་བྱཿ ཞེས་གསུངས་པ་ལྟར་རོ། །ཐུན་མཐར་མཆོད་བསྟོད་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་རྣམས་ཀྱི་དང་པོ་ཚོགས་མཆོད་འབུལ་བར་འདོད་ན། བཟའ་བཅའ་བཏུང་བའི་རིགས་དང་ཁྱད་པར་དམ་ཚིག་གི་རྫས་ཤ་ཆང་སོགས་ཚོགས་པར་བཤམས་ལ་བྱིན་བརླབ་པ་ནི། ཧཱུྃཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་ཡོན་ནམ་མཁའ་མཉམ་པར་སྤེལཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃཿ འོག་མིན་བདེ་ཆེན་ཞིང་ཁམས་དངཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིངཿ ཁྱད་པར་རྔ་ཡབ་དཔལ་གྱི་རིཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ དྲག་པོ་རྟ་ཁྱུང་ལྷ་ཚོགས་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ ཚོགས་ཕུད་འབུལ་བ་ནི། ཧཱུྃཿ བླ་མ་དྲག་པོའི་དཀྱིལ་འཁོར་དངཿ ཌཱཀྐི་ཆོས་སྲུང་དམ་ཅན་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧིཿ བར་པ་བཤགས་པ་ནི། ཧཱུྃཿ བདག་གི་ཚེ་རབས་ཐོག་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ ཨོཾ་བཛྲ་ས་མ་ཡ་ཨཱཿ བསྒྲལ་བསྟབ་ནི། ཧཱུྃཿ མ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་ནྲྀ་ཏྲི་ཛཿ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ རུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཛ་ཁ་ཧིཿ འདིར་སྤྲོ་ན་སྐོང་བཤགས་རྒྱས་བསྡུས་གང་རུང་བྱ། ནང་གི་རྣལ་འབྱོར་དང་ལྡན་པས་ཚོགས་ལ་རོལ། ལྷག་མ་ལ་སྤྱི་ལྟར་བྱིན་བརླབས་ལ་བསྔོ་བ་ནི། ཧཱུྃཿ དཀྱིལ་འཁོར་ཆེན་པོའི་མུ་རན་ལཿ གནས་པའི་དབང་ཕྱུག་གིང་ལངྐཿ ལྷག་མའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཨུྴྨི་ཊ་བྷ་ལིངྟ་ཁཱ་ཧིཿ ཐུགས་དམ་བསྐུལ་བ་ནི། ཧཱུྃཿ བཞེངས་ཤིག་བླ་མ་དྲག་པོའི་ལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་སྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཆད་མདོ་ཡུམ་བཀའ་ལས་འབྱུང་བ་ལྟར་ཅུང་ཟད་ཁ་བསྒྱུར་བ་ནི། ཧཱུྃཿ དུས་གསུམ་ལས་འདས་ཀུན་ཏུ་བཟངཿ རང་བཞིན་རྣམ་དག་འོག་མིན་དུཿ གདན་གསུམ་ཚང་བའི་སྟོན་འཁོར་གྱིསཿ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོརཿ དངོས་འཛིན་དག་པའི་ལྷ་གནས་གསུམཿ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟནཿ སྔགས་ནི་ལས་ཅན་སྤྲུལ་པའི་ངོརཿ རང་བཞིན་ཉིད་དུ་འབྱུང་བའི་ཚེཿ རང་སྣང་ཆོས་དབྱིངས་ཞིང་ཁམས་སུཿ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུདཿ ཨོ་རྒྱན་ཆེན་པོས་བྱིན་བརླབས་ཤིངཿ བསྐུར་ཐོབ་བྲལ་བར་ཟབ་དགུའི་བཅུདཿ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེཿ འཁྲུལ་པ་གཞི་ལ་དག་པ་ཡིཿ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོདཿ བརྟན་མ་སྐྱོང་བ་ནི། ཧཱུྃཿ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ རྟ་བྲོ་བྱ་བ་ནི། ཧཱུྃཿ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སཏྭཾ་བྷ་ཡ་ནནཿ དེ་ནས་གཏང་རག་མཆོད་བསྟོད་གོང་ནས་འབྱུང་བ་ལྟར་བྱས་ལ། དངོས་གྲུབ་བླང་བ་ནི། ཧཱུྃཿ དྲག་པོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམསཿ དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་ནཿ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབསཿ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཧྲཱིཿཧཱུྃ་ཁྲོམ་ཕཊཿ བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོཿ སྒྲུབ་རྫས་གནས་གསུམ་གཏུག་ཅིང་དབང་བླངས། ནོངས་བཤགས་ནི། ཧོཿ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཅེས་དང་ཡིག་བརྒྱ་ལན་གསུམ་བརྗོད། ཚོགས་མགྲོན་བརྟན་བཞུགས་བྱ། བསྐྱེད་པའི་དཀྱིལ་འཁོར་རྫོགས་རིམ་འོད་གསལ་དུ་བསྡུ་བ་ནི། ཧོཿ ཆུ་ལས་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང༔ བསྔོ་བ་སྨོན་ལམ་ནི། ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ བཀྲ་ཤིས་བརྗོད་པ་ནི། ཧོཿ རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིསཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །འདིས་ཀྱང་སྙིགས་མའི་གདུག་ཅན་དཔུང་། །ཉི་མས་སྨག་བཞིན་རབ་བཅོམ་ནས། །བླ་མ་དྲག་པོའི་གསང་གསུམ་གྱི། །ཕྱག་རྒྱས་ཁམས་གསུམ་ཀུན་སྡོམ་ཤོག །ཅེས་ཉེར་མཁོ་ཁྱེར་བདེའི་སླད་དུ་པདྨ་གར་དབང་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་ཕྲིན་ལས་རྣལ་འབྱོར་ (Volume 13, Text 48)
༄༅། །མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་ཕྲིན་ལས་རྣལ་འབྱོར་བཞུགས་སོ། ། མ་ཧཱ་གུ་རུ་དྲག་པོར་བསྒྲུབ་པའི་ཕྲིན་ལས་རྣལ་འབྱོར། ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཀུན་བཟང་རྡོ་རྗེ་ནམ་མཁའི་ཆོས་ཉིད་ལས། །ཟུང་འཇུག་ལོངས་སྤྱོད་རྫོགས་པ་ཐོད་ཕྲེང་རྩལ། ཐུགས་རྗེ་སྤྲུལ་བསྒྱུར་དབང་དྲག་ཧེ་རུ་ཀའི། །འབར་བའི་ཆོ་འཕྲུལ་ཅིར་ཡང་སྟོན་དེར་འདུད། །གདུལ་དཀའི་འགྲོ་བ་སྤྱི་དང་ཁྱད་པར་དུ། །སྙིགས་དུས་སེམས་ཅན་ལས་ཉོན་དྲག་པོའི་གདངས། །མི་བཟད་མ་རུངས་ལོག་པར་འདྲེན་བྱེད་ལས། །ཁྱོད་མིན་རེ་སའི་སྐྱབས་གཞན་ག་ན་འཚལ། །དེ་ཕྱིར་གང་གི་གསང་བ་གསུམ་བསྒྲུབས་ནས། །དབང་དྲག་ཕྲིན་ལས་གཞན་ཕན་ལ་འཇུག་ཕྱིར། །ཕྲིན་ལས་རྒྱུན་གྱི་རྣལ་འབྱོར་ཆོ་གའི་ཁྲིགས། །པད་འབྱུང་རྡོ་རྗེའི་གསུངས་བཞིན་འདི་ན་བསྡེབ། །འདིར་ཁྲག་འཐུང་པདྨ་དྲག་པོ་བདུད་འདུལ་རྡོ་རྗེ་གྲོ་ལོད་རྩལ་གྱི་ཕྲིན་ལས་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཁྲིགས་ཆགས་སུ་བཀོད་པར། རྩ་བའི་བསྒྲུབ་པ་ལས། དང་པོ་བསྒྲུབ་པའི་གནས་ཀྱི་གཞི༔ དུར་ཁྲོད་གནས་སམ་རང་བཞིན་སའི༔ གཙང་ལྡན་བཀྲ་ཤིས་དབེན་པའི་སར༔ ཞེས་གསུངས་པའི་ཡིད་མཐུན་གྱི་གནས་དེར། བསྙེན་སྒྲུབ་སོགས་ཀྱི་སྐབས་ཁྱད་པར་བ་ནི། མ་རྡལ་སྟེགས་བུ་མདའ་གང་བ༔ ཞེས་པ་ལ་སོགས་པའི་དཀྱིལ་འཁོར་བཅས་བཤམ་སོགས་དགོས་ནའང་། འདིར་རྒྱུན་ཁྱེར་སྤྱི་ཙམ་གྱི་དབང་དུ་བྱས་ཏེ་སྟེགས་བུའི་འཁོར་དབུས་སུ་དྲག་པོའི་དཔལ་གཏོར་རྒྱན་ལྡན་བག་བྲོ་ལྷུན་ཆགས་པ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། ཇི་ལྟར་བབ་པར་བཀའ་སྲུང་དང་གཞི་བདག །ཆད་ཐོའི་གཏོར་མ་སོགས་བཀོད། གཞན་ཡང་ཚོགས་ཀྱི་མཆོད་པ་སྔོན་འགྲོའི་གཏོར་མ་སྐྱུ་གླུད་དང་ཤ་རྗེན་ཆང་། སྤྱན་གཟིགས་རོལ་མོའི་བྱེ་བྲག་སོགས་རྒྱ་ཆེར་འདུ་བྱེད་པ་ནི་སྟ་གོན་ནོ། །དངོས་ཀྱི་ལས་རིམ་ལའང་། རྩ་བའི་བསྒྲུབ་པ་ལས། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཆོད་པ་བྱིན་རླབས་བྱིན་འབེབ་དང༔ ལྷ་བསྐྱེད་སྤྱན་འདྲེན་མཆོད་ཅིང་བསྟོད༔ ཛཔ྄་བསྙེན་ཚོགས་མཆོད་ཐུགས་དམ་བསྐུལ༔ ཆད་མདོ་བསྟན་སྐྱོང་དངོས་གྲུབ་བླང༔ བཟོད་གསོལ་བསྔོ་སྨོན་ཤིས་པ་བརྗོད༔ རྫོགས་རིམ་མཐུན་གྱི་བྱ་བ་འོ༔ ཞེས་གསུངས་པའི་དང་པོ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་ཡུལ་ཐམས་ཅད་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མ་ཡ་ཛཿས་སྤྱན་དྲང་། དེ་ལྟ་བུའི་སྐྱབས་ཡུལ་གྱི་བཀོད་པ་རྫོགས་པར་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས། ན་མོ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ དུས་གསུམ་སྐྱབས་ཡུལ་མ་ལུས་འདུས་པའི་སྐུར༔ སྐྱབས་གནས་གཞན་དུ་མི་འཚོལ་ཁྱེད་ཤེས་ཀྱིས༔ འདི་ཕྱི་བར་དོ་ཀུན་ཏུ་སྐྱབས་སུ་མཆིའོ༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་འགྲོ་བ་ཀུན་དང་ཁྱད་པར་མ་རུངས་གདུག་པ་ཅན་རྣམས་སྙིང་རྗེས་སྒྲོལ་འདོད་བྱང་སེམས་ཀྱིས། ཧོ༔ མཁའ་ཁྱབ་ཕ་མ་མགོན་མེད་དང༔ ཁྱད་པར་ཉོན་མོངས་ལས་ལུས་ཀྱི༔ མ་རུངས་ལོག་འདྲེན་འདི་དག་རྣམས༔ དབང་དྲག་དྲག་པོ་ཧེ་རུ་ཀའི༔ གོ་འཕང་མཆོག་ལ་འགོད་པའི་ཕྱིར༔ སྙིང་རྗེས་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། གསུམ་པ་བར་གཅོད་བགེགས་ལ་གཏོར་མ་བསྔོ་བ་ནི། རང་ཉིད་སྐད་ཅིག་གིས་བདུད་འདུལ་མ་ཧཱ་གུ་རུ་དྲག་པོ་རྩལ་སྐུ་རི་རབ་ལྟར་བརྗིད་པ། རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་བསྐལ་པའི་མེ་ལྟར་འབར་བར་གྱུར། གཏོར་སྐྱུ་གླུད་དང་ཆངས་བུ་སོགས་ལ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བཟའ་བཏུང་གི་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཅིར་ཡང་འཕྲོ་བ། ཟག་པ་མེད་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་ལན་གསུམ་གྱིས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ། བླ་མ་ཡི་དམ་མཁའ་འགྲོ་སྟེ་བདེ་གཤེགས་རྩ་བ་གསུམ་གྱི་བྱིན་རླབས་ཏིང་འཛིན་འཕྲོ་འདུ་སྔགས་ཀྱི་ནུས་པ། ཆོས་ཉིད་དེ་བཞིན་ཉིད་དང་། ཆོས་ཅན་རྒྱུ་འབྲས་མི་བསླུའི་བདེན་པས་བསྒྲུབ་པ་ལ་བར་དུ་གཅོད་ཅིང་དངོས་གྲུབ་ཆེན་པོ་ལ་ཞུད་པར་བྱེད་པའི་ལོག་འདྲེན་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་སྐད་ཅིག་གིས་མཆིས་པར་གྱུར། ཊཱ་ཀི་ཧཱུྃ་ཛཿ ཞེས་པས་བགེགས་བཀུག་གཏོར་མ་བསྔོ་ཞིང་བཀའ་བསྒོ་བ་ནི། དབང་དྲག་ཧེ་རུ་ཀའི་ང་རྒྱལ་གྱིས། ཧཱུྃ༔ ཉོན་ཅིག་རྡོ་རྗེ་དྲག་རྩལ་བཀའ་ལ་ཉོན༔ དཀྱིལ་འཁོར་ཕྱག་རྒྱ་གཉན་པོ་བལྟར་མེད་ཅིང༔ འདུ་བར་མི་བཟོད་དངོས་གྲུབ་བསྒྲུབ་པ་ལ༔ བར་དུ་གཅོད་དང་ཞུད་བྱེད་ལོག་འདྲེན་རིགས༔ ཉོན་མོངས་ལ་སོགས་ཐར་པའི་གེགས་བྱེད་རྣམས༔ སོ་སོའི་ཡིད་མཐུན་མཆོད་པ་འདི་ཁྱེར་ལ༔ འདི་རུ་མ་འདུག་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་བཀའ་འདས་འགལ་རྐྱེན་བར་གཅོད་ན༔ །ཆེ་མཆོག་དབང་དྲག་འབར་བ་ཐུགས་ཁྲོས་ཏེ། །རྡོ་རྗེའི་མེ་ཆར་དྲག་པོ་འབབ་པ་ཡིས། །ལོག་འདྲེན་བར་གཅོད་རྡུལ་དུ་རློག་པར་བྱེད། །དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག །བཛྲ་ཀྲོ་ཏ་ལོག་འདྲེན་འབྱུང་པོ་ཨུ་ཙ་ཏ་ཡ་མཱ་ར་ཡ་ཕཊ་ཕཊ་པཊཿ རོལ་མོའི་སྒྲ་དང་ཚམ་རྔམ་དྲག་པོས་བསྐྲད། བཞི་པ་ནི། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་ཆུང་མཚོན་ཆ་མེ་རི་དང་བཅས་པའི་སྲུང་འཁོར་རིམ་པ་གསུམ་གྱིས་ཕྱོགས་ཐམས་ཅད་གོ་མཚམས་མེད་པར་བཅིངས་པར་བལྟས། ཧཱུྃ༔ བདག་ཉིད་ཡཀྴ་ཀཱ་ལ་ཆེན་པོ་ཡི༔ ཐུགས་ལས་རང་འདྲའི་ཁྲོ་ཆུང་མཚོན་ཆ་དང༔ མེ་ཡི་ཚྭ་ཚྭ་ཕྱོགས་དང་ཕྱོགས་མཚམས་འཕྲོས༔ རིམ་གསུམ་སྲུང་བའི་འཁོར་ལོས་ཀུན་ཏུ་བཅིངས༔ ཕྲ་མོའི་རླུང་ཡང་རྒྱུ་བར་མི་ནུས་ན༔ ལོག་འདྲེན་འབྱུང་པོའི་བར་གཅོད་གླགས་མི་ཆ༔ བཛྲ་ཀྲོ་དྷ་རཀྵ་རཀྵ༔ ལྔ་པ་ནི། སྨན་རག་གཏོར་མཆོད་རྣམས། ཨོཾ་སྭ་བྷཱ་བ་བི་ཤུདྡྷ་དྷརྨཱཿདྷཱ་ཏུ་བི་ཤུདྡྷོ྅་ཧཱཾཿགིས་བསང་སྦྱང་བྱས་ལ། སྟོང་པ་ཡི་ནི་ངང་ཉིད་ལས༔ ཨཱཿལས་བྱུང་བའི་ཐོད་སྣོད་དུ༔ ཧཱུྃ་ལས་ཕྱི་ནང་མཆོད་པའི་སྤྲིན༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་སྨན་རག་གཏོར་མཆོད་རྫས༔ སོ་སོའི་རྣམ་པ་མཁའ་དབྱིངས་སྤེལ༔ ཨོཾ་ཨཱཿསརྦ་པཉྩ་མ་ཧཱ་རཀྟ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ༔ ལན་གསུམ། པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ༔ དྲུག་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་བ་བསྒྲུབ་རྫས་མཚན་མའི་དཀྱིལ་འཁོར་ལ་ཐིམ་པར་མོས་ལ། གཡབ་དར་གཡོབ་ཅིང་ཐོད་རྔ་མྱུར་དལ་སྤེལ་བའི་སྦྱོར་བ་དང་། གདུང་བའི་ང་རོས། ཧཱུྃ༔ ལྷོ་ནུབ་རྔ་ཡབ་དཔལ་གྱི་རི༔ པདྨ་འོད་ཀྱི་ཕོ་བྲང་དུ༔ སྐྱེ་འཆི་མེད་པའི་སྐུར་བསྟན་ཏེ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ བདེ་གཤེགས་ཡོངས་འདུས་དྲག་པོ་རྩལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ དར་གྱི་ཅོད་པན་པུ་རུ་རུ༔ གསེར་གྱི་ཅོད་པན་ལྡེམས་སེ་ལྡེམ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ རོལ་མོ་མང་པོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ གནས་མཆོག་འདི་རུ་གཤེགས་སུ་གསོལ༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ ཨཱ་བེ་ཤ་ཡ་ཧྲིཾ་ཧྲིཾ་ཛ༔ ཞེས་པས་བྱིན་ཕབ། བདུན་པ་ནི། རང་ཉིད་བསྙེན་སྒྲུབ་སོགས་ཀྱི་སྐབས། མཚན་མའི་དཀྱིལ་འཁོར་ཐ་དད་མེད་པའི་སྣོད་བཅུད་དཀྱིལ་འཁོར་གཅིག་གི་རྣལ་འབྱོར་གྱིས་བྱ་བ་སྟེ། རྩ་བའི་སྒྲུབ་པ་ལས། སེམས་ཀྱི་རང་གདངས་མཚན་མའི་རྟེན༔ ཕྱི་རོལ་སྲིད་བཅུད་སོགས་སུ་ཤར༔ སེམས་ཉིད་མ་ཧཱ་གུ་རུའི་སྐུར༔ ཤར་ཚེ་དེ་དག་གུད་ན་མེད༔ དེ་ཕྱིར་ཐ་དད་མ་ཡིན་པར༔ ཟུང་འཇུག་ཨ་ཏིའི་རྣལ་འབྱོར་གྱིས༔ ཞེས་གསུངས་པས་ཐེག་པ་མཆོག་གི་དེ་ཉིད་བློར་ཤར་བས། ཧཱུྃ༔ ཀུན་གཞི་མ་བཅོས་ཀློང་ཡངས་ནས༔ མ་རུངས་ལོག་འདྲེན་འབྱུང་པོ་ལ༔ བརྩེ་བའི་སྙིང་རྗེ་ཉི་ལྟར་ཤར༔ གསལ་སྟོང་འགགས་མེད་རང་གཟུགས་ནི༔ ཧཱུྃ་ཆེན་སྔོན་པོས་མཁའ་དབྱིངས་གང༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལས་ཧཱུྃ་གི་ཚྭ་ཚྭ་འཕྲོས༔ སྣོད་བཅུད་ཐམས་ཅད་ཧཱུྃ་གིས་གང༔ སླར་ཡང་སྐྱེ་མེད་ཧཱུྃ་ལ་བསྡུ༔ འགག་མེད་ཙམ་དུ་སྣང་བའི་དལ༔ ཨེ་ཡཾ་རཾ་ར་སུཾ་ཀཾ་བྷྲཱུྃ༔ ནམ་མཁའ་རླུང་མེ་རཀྟའི་མཚོ༔ ཤ་ཆེན་ས་གཞི་ཞག་གི་མཚོ༔ ཀེང་རུས་རི་རབ་ཐོད་པའི་མཁར༔ རྡོ་རྗེ་མི་འགྱུར་གཟེར་གྱིས་བསྡམས༔ བདུད་རྩི་ཀླད་ཆེན་ཞལ་བ་བྱས༔ ལྷ་ཀླུ་རྒྱུ་སྐར་ཀ་བ་དང༔ ཀ་གདན་གདུང་བཞི་ལྕམ་དྲལ་ཕུབ༔ ཞིང་ཆེན་གཡང་གཞིའི་བླ་བྲེ་དང༔ ཙིཏྟའི་ཕུད་ཏོ་དམར་ཆེན་ཏོག༔ རྒྱུ་རློན་ཐོད་ཚལ་དྲྭ་བས་བརྒྱན༔ དེ་དབུས་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བརྒྱད་རྣོ་དབལ་ལྡན་པའི་དབུས༔ དྲེགས་པ་རྒྱལ་བསེན་པད་ཉིའི་སྟེང༔ རྒྱུ་ཡི་ཧཱུྃ་ཆེན་འོད་དུ་ཞུ༔ ཡོངས་གྱུར་བདག་ཉིད་ཧེ་རུ་ཀ༔ དབང་དྲག་པདྨ་ཐོད་ཕྲེང་རྩལ༔ སྨུག་མཐིང་ཨཾ་གཙིགས་ཨག་ཚོམ་ཅན༔ ཧཱུྃ་ཕེཾ་ཨཱ་རལླི་ཡི་སྒྲས༔ ཁམས་གསུམ་སྲིད་བཅུད་དབང་དུ་སྡུད༔ སྤྱན་གསུམ་དམར་ཟླུམ་ཕྱོགས་བཅུར་གཟིགས༔ ལོག་འདྲེན་ཐམས་ཅད་ཟིལ་གྱིས་གནོན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་པ༔ རྭ་གདེངས་ཧཱུྃ་མཚན་གྱེན་དུ་འཕྱར༔ ལོག་ལ་སྡེ་བརྒྱད་འབྱུང་པོ་ཀུན༔ རྣོ་དབལ་རྩང་ལ་འཛེར་བ་བཞིན༔ ཕྱག་གཡོན་ལྕགས་ཕུར་ཐུར་དུ་བསྡིགས༔ སྟེང་དུ་གནམ་ལྕགས་སྡིག་པ་ནི༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པས༔ རྒྱལ་བསེན་རྣམས་ཀྱི་སྙིང་ཁྲག་རྔུབ༔ ན་བཟའ་ཆོས་གོས་རྣམ་གསུམ་དམར༔ དེ་སྟེང་ཟབ་ཆེན་བེར་སྨུག་མནབ༔ ཞིང་གླང་སྟོད་གཡོག་སྟག་ཤམ་དཀྲིས༔ མགོ་ཕྲེང་རྒྱན་དྲུག་ཁྲག་ཞག་སོགས༔ དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན༔ དབུ་སྐྲ་དམར་སེར་གྱེན་ཐུར་སྐྱོད༔ རིགས་ལྔའི་ཐོད་སྐམ་རིན་ཆེན་བརྒྱན༔ རིགས་བདག་སྣང་མཐའ་ཚེ་བུམ་འཛིན༔ དེ་སྟེང་སྤྲུལ་པའི་བྱ་ཁྱུང་ནི༔ མཐིང་ནག་མེ་ཡི་གཤོག་པ་ཅན༔ ལྟོ་འཕྱེའི་མཇུག་ཟ་ལྕགས་རྭ་སྤུར༔ དབུས་སུ་རིན་ཆེན་འབར་བས་བརྒྱན༔ རང་འདྲའི་སྤྲུལ་པས་ཀླུ་གདོན་འདུལ༔ གཡས་བསྐུམ་གཡོན་བརྐྱང་སྟབས་ཀྱིས་འགྱིངས༔ སྐུ་ལས་སྐྱེས་པའི་ཡེ་ཤེས་མེ༔ ཁྲོ་ཆུང་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ པདྨ་ཐོད་ཕྲེང་མཐིང་གསལ་སྐུ༔ ལོངས་སྤྱོད་རྫོགས་པའི་སྐུ་ཅན་ནི༔ ཞི་ཁྲོ་འཛུམ་ལྡན་སྒེག་པའི་སྐུ༔ ཐོད་སྐམ་དབུ་རྒྱན་དོ་ཤལ་མཛེས༔ རྡོ་རྗེ་དྲིལ་བུ་བསྣོལ་འཛིན་པས༔ གསང་ཡུམ་མཚོ་རྒྱལ་དཀར་མོར་འཁྱུད༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ༔ མཐིང་ག་ཡུངས་འབྲུ་ཙམ་ཞིག་གསལ༔ འཁོར་ལོ་འབར་བའི་རྩིབས་བརྒྱད་ལ༔ ཤར་དུ་ཧཱུྃ་ལས་ཕྱག་རྡོར་ནི༔ མཐིང་ནག་རྡོ་རྗེ་ནམ་མཁར་འཕྱར༔ ལྷོ་རུ་ཡ་ལས་གཤིན་རྗེའི་གཤེད༔ གསེར་མདོག་འཁོར་ལོ་ནམ་མཁར་འཕྱར༔ ནུབ་ཏུ་ཧྲཱིཿལས་རྟ་མགྲིན་ནི༔ དམར་གསལ་པད་དབྱུག་ནམ་མཁར་འཕྱར༔ བྱང་དུ་ཀྵ་ལས་མེ་དབལ་ནི༔ སྨུག་ནག་ཐོ་བ་ནམ་མཁར་འཕྱར༔ ཀུན་ཀྱང་ཁྲོ་ཆས་དོར་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ མཚམས་བཞིར་ཧ་རི་ནི་ས་ལས༔ ཡེ་ཤེས་མཁའ་འགྲོ་སྡེ་བཞི་པོ༔ གཅེར་བུ་ལས་མདོག་ཕྱག་རྒྱ་ལྔས༔ རབ་མཛེས་བྷ་ག་ནུ་མ་རྒྱས༔ གྲི་ཐོད་འཛིན་ཅིང་བརྐྱང་བསྐུམ་གར༔ རྡོ་རྗེ་ཁ་ཊྭཱཾ་གཡོན་དུ་འཁྲིལ༔ འཇའ་ཟེར་འོད་ལྔའི་ཀློང་ན་འགྱིངས༔ སྒོ་བཞིར་གིང་ཆེན་སྡེ་བཞི་པོ༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་རྣ་ཆ་ཀྱི་ལི་ལི༔ སྟག་ཤམ་དྲིལ་གཡེར་སི་ལི་ལི༔ གསང་བའི་རྔ་ཆུང་དི་རི་རི༔ བྲོ་བརྡུང་གར་སྟབས་ཁྱུགས་སེ་ཁྱུག༔ འཁོར་ཡུག་རིག་འཛིན་ཌཱ་ཀིའི་ཚོགས༔ བཀའ་ཉན་ལྷ་སྲིན་སྡེ་བརྒྱད་སོགས༔ བསམ་གྱིས་མི་ཁྱབ་སྤྲིན་ཕུང་གཏིབས༔ སྐུ་གསུང་ཐུགས་ལ་ཨོཾ་ཨཱཿཧཱུྃ༔ རྒྱལ་བའི་གསང་བ་གསུམ་གྱི་ངང༔ རང་བཞིན་གནས་ནས་རིགས་ལྔ་ཡི༔ བདེ་སྟོང་བྱང་ཆུབ་སེམས་དབང་བསྐུར༔ ཡེ་ཤེས་ལྔ་རུ་ལྷུན་གྱིས་རྫོགས༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་མ་ཧཱ་ཤྲཱི་པདྨ་ཐོད་ཕྲེང་རྩལ་ཨ་མི་དེ་བ་ཧྲཱི༔ ག་རུ་ཊ་བཛྲ་པཱ་ཎི་ཡ་མཱནྟ་ཀ་ཧ་ཡ་གྲཱི་བ་ཡཀྴ་ཀཱ་ལ་ཧ་རི་ནི་ས་ཌཱ་ཀི་ནཱི་ར་ཙ་ཧྲི་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་གཞལ་ཡས་ཁང་ལྷ་ཚོགས་དང་བཅས་པ་བསྐྱེད་ལ། གནས་གསུམ་བྱིན་བརླབས་དབང་བསྐུར་ཅིང་རྒྱས་བཏབ་ནས། བརྒྱད་པ་ནི། རོལ་མོ་སྣ་ཚོགས་སྤོས་དུད་དབྱངས་སྙན་དང་གདུང་དབྱངས་ཀྱིས་སྤྱན་དྲང་བ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྲི་མེད་ཀོ་ཥའི་སྡོང་པོ་ལ༔ རྒྱུ་རྐྱེན་མེད་པར་བརྫུས་ཏེ་འཁྲུངས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང༔ གདོང་དམར་སྲིན་པོའི་རྒྱལ་ཁབ་ཀྱི༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ ཆེ་མཆོག་རྡོ་རྗེ་སྲིན་པོ་ལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བར་གཅོད་སེལ་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་དང་ཕྲིན་ལས་ཀྱི༔ ཡེ་ཤེས་རོལ་པ་ཆེན་པོ་ལས༔ གསང་བདག་འཇམ་དཔལ་དབང་ཆེན་ལྷ༔ ཡཀྴ་མེ་དབལ་གཤེགས་སུ་གསོལ༔ མཚམས་བཞིའི་དུར་ཁྲོད་ཆེན་པོ་ནས༔ ཡེ་ཤེས་ཌཱ་ཀི་སྡེ་བཞི་དང༔ གཞལ་ཡས་སྒོ་བ་སྲུང་མཛད་པ༔ གིང་ཆེན་བཀའ་སྡོད་ཐམས་ཅད་གཤེགས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་པས་སྤྱན་དྲང་། པདྨ་ཐོད་ཕྲེང་རྩལ་གྱི་ཛཔ྄་ཀྱིས་བྱིན་ཕབ་ཅིང་དམ་ཡེ་གཉིས་མེད་དུ་བསྲེས་ནས། དགུ་པ་ནི། ལྷ་ལ་ལྷ་ཉིད་མཆོད་པའི་ཚུལ་གྱིས་དང་པོ་ཕྱག་འཚལ་བ་ནི། ཧཱུྃ༔ བདེ་གཤེགས་ཡོངས་འདུས་རྡོ་རྗེ་དྲག་པོ་རྩལ༔ མི་མཐུན་ལོག་འདྲེན་ཀུན་འཇོམས་གྲོ་བོ་ལོད༔ དབང་དྲག་རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ གཉིས་མེད་སྒྱུ་མ་ཙམ་དུ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཥྱ་ཧོ༔ གཉིས་པ་ནང་མཆོད་འབུལ་བ་ནི། ཧཱུྃ༔ ཆེ་མཆོག་རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་པ༔ དངོས་སུ་བཤམས་དང་ཡིད་ལས་སྤྲུལ་པ་ཡི༔ རབ་འབྱམས་མཁའ་དབྱིངས་གང་བའི་སྒྱུ་འཕྲུལ་གྱིས༔ ཀུན་ཏུ་བཟང་པོའི་མཆོད་པ་རྒྱ་མཚོས་མཆོད༔ རང་བྱུང་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་ཧཱུྃ༔ སྨན་རག་གཏོར་མ་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཧཱུྃ༔ དབང་དྲག་རྡོ་རྗེ་སྲིན་པོའི་ལྷ་ཚོགས་ལ༔ རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང༔ མ་ཧཱ་རཀྟ་འདོད་ཆགས་ཁྲག་ཆེན་པོ༔ འདོད་ཡོན་ལྔ་ལྡན་བསྒྲུབ་རྫས་བ་ལིཾ་ཏ༔ སྦྱོར་སྒྲོལ་རྨད་བྱུང་གུ་ཧྱ་མཆོད་པའི་ཚོགས༔ གྷ་ཎའི་དམ་ཚིག་ཆེན་པོའི་མཆོད་པ་འབུལ༔ དབྱིངས་ནས་བརྩེར་བཞེས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་གྷ་ཎ་གུ་ཧྱ་ས་མ་ཡ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ བཅུ་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བདེ་གཤེགས་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པའི༔ རྣམ་རོལ་རྒྱལ་བའི་ཁྱབ་བདག་ཧེ་རུ་ཀ༔ དབང་དྲག་འབར་བ་སྤྲུལ་དང་ཡང་སྤྲུལ་བཅས༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས་ལ་བསྟོད༔ ཆོས་ཀྱི་དབྱིངས་ལས་ལོག་འདྲེན་གདུལ་བྱའི་ངོར༔ སྙིང་རྗེ་ཁྲོས་པ་མི་བཟད་ཁྲོ་བོའི་རྒྱལ༔ འཇིགས་རུང་བཟོད་དཀའི་གཟི་བརྗིད་དཔག་ཡས་འབར༔ རྡོ་རྗེ་དྲག་པོའི་སྐུ་ལ་བདག་བསྟོད་དོ༔ ཕྱག་གཡས་རྡོ་རྗེ་འབར་བ་གདེངས་པ་ཡིས༔ ལོག་འདྲེན་སྡེ་བརྒྱད་བར་གཅོད་དབྱིངས་སུ་སེལ༔ གཡོན་པས་ཕུར་བུས་བགེགས་ཀྱི་སྙིང་ལ་གཟིར༔ ལྕགས་སྡིག་རྒྱལ་བསེན་འཇོམས་ལ་བདག་བསྟོད་དོ༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་བཅུས་བརྒྱན༔ བསྐལ་པའི་མེ་འབར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ ཨམ་གཙིགས་ཧཱུྃ་ཕེཾ་ང་རོ་འབྲུག་སྟོང་ལྡིར༔ དྲེགས་བྱེད་ཟིལ་གནོན་སྐུ་ལ་བདག་བསྟོད་དོ༔ རིགས་བདག་སྣང་མཐའ་ཚེ་ཡི་དངོས་གྲུབ་སྟེར༔ སྤྲུལ་པའི་བྱ་ཁྱུང་ཀླུ་དང་ས་བདག་འདུལ༔ རིག་འཛིན་ཐོད་རྩལ་མཚོ་རྒྱལ་མ་དང་སྦྱོར༔ ཟུང་འཇུག་མཆོག་དངོས་སྩོལ་ལ་བདག་བསྟོད་དོ༔ ཐུགས་སྤྲུལ་གསང་བདག་སྐུ་སྤྲུལ་གཤིན་རྗེའི་གཤེད༔ གསུང་སྤྲུལ་རྟ་མགྲིན་ཕྲིན་ལས་མེ་དབལ་གྱིས༔ བར་གཅོད་བགེགས་འདུལ་རང་རང་དངོས་གྲུབ་སྩོལ༔ སྤྲུལ་པའི་ཁྲོ་ཆེན་བཞི་ལ་བདག་བསྟོད་དོ༔ རྡོ་རྗེ་རིན་པོ་ཆེ་དང་པདྨ་ལས༔ རིགས་ཀྱི་ཡུམ་བཞི་ལས་་མདོག་མཚན་དཔེས་བརྒྱན༔ སྒོ་བཞིར་གིང་བཞི་འཁོར་ཡུག་བཀའ་སྡོད་ཚོགས༔ མཆོག་ཐུན་དངོས་གྲུབ་སྩོལ་ལ་བདག་བསྟོད་དོ༔ དབང་དྲག་རྡོ་རྗེ་དྲག་རྩལ་ལྷ་ཚོགས་ཀུན༔ སེམས་ལས་མ་གུད་སེམས་ལ་རོ་གཅིག་ངང༔ གནས་ལུགས་དེ་ལྟར་ཤེས་པས་ཕྱག་འཚལ་ཞིང༔ འཛིན་མེད་སྒྱུ་མ་ཙམ་དུ་བསྟོད་པར་བགྱི༔ ཞེས་པས་བསྟོད། བཅུ་གཅིག་པ་ཛཔ྄་བསྙེན་བཟླ་བ་ནི། ཞི་བར་བསྙེན་པ། ཁྲོ་བོར་བསྒྲུབ་པ། ཤམ་བུ་གདགས་པ། ལས་ལ་སྦྱར་བའོ། དང་པོ་ནི། ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་མཐར༔ ཞི་བའི་བསྙེན་པའི་ཕྲེང་བ་ནི༔ མཐིང་གསལ་སྤུ་ཤད་ལྟར་ཕྲ་ཞིང༔ མར་མེ་ལྟ་བུར་འབར་བ་ནི༔ ཟླ་བ་སྐར་ཕྲེང་ལྟ་བུར་བསྒོམ༔ དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔ བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔ སླར་ཡང་འོད་འཕྲོས་ཁམས་གསུམ་གྱི༔ འགྲོ་བའི་སྒྲིབ་སྦྱངས་ཐར་ལམ་བཀོད༔ ཞེས་པའི་འཕྲོ་འདུའི་དམིགས་པ་དང་བཅས་པས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་འཛབ་དབྱངས་ཀྱི་རྟར་དྲངས་པའི་ཞི་བའི་བསྙེན་པ་བྱ་ཞིང་། བསྙེན་བསྒྲུབ་དངོས་ཀྱི་སྐབས་སུ་ནི། ཞི་བའི་བསྙེན་པ་འདི་ལ་གྲངས་དང་མཚན་མའི་བསྙེན་པ་ཅི་རིགས་པར་ལྡན་ནས་ཁྲོ་བོར་བསྒྲུབ་དགོས་ཏེ། བྱིན་རླབས་ངེས་པའི་རྟགས་རྫོགས་ནས༔ ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཞི་བའི་བསྙེན་པ་གྲངས་རྟགས་དང་ལྡན་པའམ། རྒྱུན་ཁྱེར་སྤྱི་འགྲོ་ལ་གོང་བསྙེན་ཅུང་ཟད་སོང་ནས། གཉིས་པ་ནི། ཧཱུྃ་ཡིག་མེ་ཡི་མདོག་ཅན་གསལ༔ དེ་མཐར་དྲག་པོའི་བསྙེན་པ་ནི༔ ལྕགས་བསྲེག་མེ་ཡི་མདོག་མཚུངས་པ༔ མགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས༔ ལོག་འདྲེན་ཐམས་ཅད་བསྲེག་པར་གྱུར༔ ཞེས་དམིགས་པ་དང་བཅས་ཏེ། ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་རྡོ་རྗེ་གྲོ་བོ་ལོད་ཨརྩིག་ནིརྩིག་ན་མོ་བྷ་ག་བཱ་ཏེ་ཧཱུྃ༔ ཨཱཿཧཱུྃ༔ བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ཞེས་བཟླ། གསུམ་པ་ནི། ཐུན་མཇུག་ཏུ། རྩ་སྔགས་ཀྱི་ཤམ་བུར་སྡེ་བརྒྱད་ཀྱི་སྲོག་ཡིག །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཅེས་དང་། ࿊ ཨོཾ་ཨཱཿཧཱུྃ༔ བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་པ་དྲེགས་པའི་གཟིར་སྔགས་ཀྱང་གདགས། བདག་དང་མེ་དབལ་ཐུགས་ཀ་ནས༔ སྔགས་ཀྱི་འོད་ཟེར་སྤུ་གྲི་འཕྲོས༔ འདྲེ་རྒོད་གནོད་བྱེད་ཐམས་ཅད་ཀྱི༔ སྲོག་རྩ་རྦད་རྦད་བཅད་པར་གྱུར༔ ཨ་ཡ་མ་དུ་རུ་ཙ་ཤ་ན་འདྲེ་རྒོད་རྒྱལ་འགོང་འབྱུང་པོའི་སྲོག་ལ་ཧབ༔ སྙིང་ལ་རྦད༔ ལུས་ངག་ཡིད་གསུམ་མཱ་ར་ཡ་ཆིངས་ནན༔ ཞེས་སྤུ་གྲི་མཚོན་ཆའི་དྲག་སྔགས་དམིགས་པའི་གནད་དང་ལྡན་པས་བཟླའོ། བཞི་པ་ནི། ལས་སྦྱོར་གྲུབ་པའི་རྟགས་རྫོགས་ནས༔ ཡིག་ཆུང་བཞིན་དུ་ལས་ལ་སྦྱར༔ ཞེས་ལས་སྦྱོར་གྲུབ་པའི་རྟགས་ཞི་དྲག་གི་བསྙེན་སྒྲུབ་རིག་མཐོང་གི་མཚན་མ་བྱུང་བའམ། གྲངས་རྟགས་ཚད་ལྡན་པར། ཐུགས་བསྒྲུབ་ན་གུད་དུ་སྦས་པའི་ཡིག་ཆུང་དང་། གཞན་ཡང་བསྲུང་ཟློག་བསད་པ། མནན་བསྲེག་འཕང་བ་སོགས་སོ་སོའི་མན་ངག་བཞིན་དུ་ལས་ལ་སྦྱར་བའོ། །དེ་དག་གི་རྣམ་གཞག་ནི་རང་གི་གཞུང་དུ་གསལ་ལོ། །འདིར་རྒྱུན་ཁྱེར་དུ་བྱ་བའི་དབང་དུ་བྱས་ཏེ། མཚན་མེད་སྲུང་བཟློག་བསད་གསུམ་གྱི་རིམ་པ་ནི། བསྙེན་སྒྲུབ་ཀྱི་ཐུན་གཤམ་དུ། དང་པོ་སྲུང་བ་ནི། བདག་གི་ཐུགས་ཀའི་ཆ་སྨད་དུ༔ གསེར་གྱི་སྐུ་གདུང་འོད་འབར་བའི༔ བུམ་ནང་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་དབུས་བསྲུང་བྱ་གང་ཡིན་རྣམས༔ དཀར་དམར་འོད་ཀྱི་ར་བས་བསྐོར༔ དེ་ལས་འོད་འཕྲོས་ཞིང་ཀུན་ཁྱབ༔ རྒྱལ་བའི་མཐུ་བྱིན་ཐམས་ཅད་བསྡུས༔ བདག་ཐིམ་རྡོ་རྗེའི་གོ་ཁྲབ་ནི༔ སྲ་བརྟན་བར་མཚམས་ལྕགས་སྡིག་ཁྱུང༔ གོ་མཚམས་མེད་པར་ཞུ་ལུགས་ལ༔ ཕྱི་རོལ་སྲུང་བའི་འཁོར་ལོ་བཅས༔ ཅིས་ཀྱང་མི་ཆོད་མི་ཤིགས་གྱུར༔ ཞེས་པའི་དམིགས་པ་དང་། དྲག་སྒྲུབ་ཀྱི་རྩ་སྔགས་ཤམ་བུར། རང་ཉིད་སྲུང་ན། མ་མ་ཀཱ་བཱ་ཙི་རཀྵ་ཀུ་རུ་བྷྲཱུྃ༔ ཞེས་དང་། ཡོན་བདག་སྲུང་ན། གུ་རུ་ད་ན་པཱ་ཏི་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུྃ༔ ཞེས་བཏགས་པ་བརྒྱ་ཕྲག་ཏུ་བཟླས། གཉིས་པ་ཟློག་པ་ནི། སྐབས་འདིའམ་ཆད་མདོའི་གཏོར་མ་ཟོར་དུ་བསྐུལ་བའི་མཇུག་ཅི་རིགས་སུ་བྱ། ཕྱི་རོལ་སྲུང་བའི་འཁོར་ལོ་དང༔ བདག་གི་སྐུ་ཡི་ཆ་ཀུན་ནས༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང༔ ལྕགས་སྡིག་ཁྱུང་དམར་དཔག་ཡས་འཕྲོས༔ བྱད་མ་སྲུང་མ་དེར་བརྟེན་རྣམས༔ སྦུར་མ་མེ་ལྕེས་ཚིག་བཞིན་བཅོམ༔ རྡུལ་ཕྲན་ཙམ་ཡང་མེད་པར་གྱུར༔ ཞེས་པའི་དམིགས་པ་དང་། དྲག་སྒྲུབ་ཀྱི་སྔགས་ཤམ་བུར། ཨོཾ་བཛྲ་ཡཀྴ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་བྷྱོ་ཟློག༔ ཨ་ལ་ལ་པྲ་མོ་ཧ་བྷྱོ་ཟློག༔ ཤནྟིཾ་ཀ་ཤག་བྱེར་བྱེར་ཟློག༔ བྷ་ཡ་ནན་ཀ་ཡ་ག་ཊ་ཧཱུྃ་བྷྱོ་ཟློག༔ ཅེས་དང༔ ཨོཾ་ཧཱུྃ་ཏྲིག་ཁྲོམ་བྷྱོ༔ མ་ནི་མ་ར་ཎི་བྷྱོ༔ མ་ར་ཡ་དུ་བྷྱོ༔ རགྨོ་ཤནྟིཾ་ཡ་རཀྴ་མཱ་ར་ཡ་རྦད་བྷྱོ་ཟློག༔ ཅེས་ཟློག་པའི་སྔགས་རྒོད་བཏགས་པ་བརྒྱ་རྩ་སོགས་བཟླས་པའི་མཐར། བདེན་སྟོབས་བརྗོད་ཅིང་ཐལ་མོ་བརྡབ། དྲང་སྲོང་དམོད་པའི་སྔགས་རྒོད་བཟླ༔ ཞེས་པས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ་བདེ་གཤེགས་རྩ་བ་གསུམ་གྱི་བྱིན་རླབས༔ ཏིང་འཛིན་འཕྲོ་འདུ་སྔགས་རྒོད་རྫས་ཀྱི་སྦྱོར་བའི་ནུས་མཐུ༔ ཆོས་ཉིད་དེ་བཞིན་ཉིད་དང༔ ཆོས་ཅན་རྒྱུ་འབྲས་མི་བསླུའི་བདེན་པས༔ བདག་དང་རྒྱུ་སྦྱོར་འཁོར་དང་བཅས་པར་སྔོན་གྱི་ལས༔ འཕྲལ་གྱི་རྐྱེན༔ ཕ་རོལ་གྱི་རྦོད་གཏོང༔ རིག་སྔགས་ཀྱི་སྦྱོར་བས་མནན་བསྲེགས་གཏད་ཅིང་གཟིར་པ༔ བསམ་ངན་སྦྱོར་རྩུབ་ཆག་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན་པ་ཐམས་ཅད་བྱད་མ་རང་ལ་ཟུག་སྟེ་ཕྱིར་ཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ ཐལ་མོ་ལན་གསུམ་བརྡབ་བོ། །ལོཀྟྲི་ལས་བྱུང་བའི་དྲང་སྲོང་དམོད་པའི་སྔགས་རྒོད། ཨོཾ་ལོཀྟྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ༔ མ་མཾ༔ ཙིར་ཙར༔ ཙིར་ཙར༔ བཾ་རུ་ལུ༔ བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ༔ རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད༔ ཙི་དུ་སོད༔ ཤིག་ལྷུ་རུ་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་དུལ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་ཀཱ་བཱ་ཙི་བརླག་བརླག༔ ཅེས་དང་། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདི་རུ་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་རྩེ་ནས་བཤིག་ཅིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པས་ཆོད་ཅིག༔ གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེའི་མེ་ཆར་དྲག་པོ་ཕོབ་ཅིག༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ༔ སྦྱོར་བ་ངན་པ་ཐུལ་ཅིག༔ ཅེས་དང་། བཀའ་བསྒོ་འདི་ཡི་ནུས་པ་ཡིས༔ ཐལ་ཕྱེ་རླུང་གིས་གཏོར་བ་ལྟར༔ གནོད་བྱེད་དེ་རུ་གནས་མི་འགྱུར༔ བྱད་ཕུར་རྦོད་གཏོང་རང་གཤེད་འབེབ༔ ཞེས་པའི་ཆེ་བའང་བརྗོད། འདི་དག་ནི་གཏེར་རྙིང་ལས་འབྱུང་བ་བཞིན་གཞུང་གི་དགོངས་པ་དང་བསྟུན་ཏེ་བསྡེབས་པའོ། །གསུམ་པ་བསད་པ་ནི། ཡང་གསང་སྡིག་པ་སྙིང་འཛིན་བྱ༔ ཞེས་གསུངས་པས། བདག་ཉིད་ཧཱུྃ་ལས་ལྕགས་སྡིག་ནི༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པ༔ ཁ་དགུ་གདངས་ཤིང་མིག་དགུ་བསྒྲད༔ ཤིན་ཏུ་གཏུམ་རྔམས་འཇིགས་རུང་གྱུར༔ བཛྲ་རཱ་ཙའི་ཙིཏྟ་སྲོག་དུང་དུང༔ རུ་རུ་བྷ་ཤ་བྷ་ཤ་ཧཱུྃ༔ མ་མ་སྲོག་ལ་དུང་དུང༔ སྙིང་ལ་བྷྱོཿ ཉེར་གཅིག་ཙམ་བཟླ༔ རང་ཉིད་སྡིག་པའི་ང་རྒྱལ་གྱིས༔ ཐུགས་ཀའི་ཧཱུྃ་ལས་ཛཿདམར་ནག༔ འཕྲོས་པ་ཡོངས་སུ་གྱུར་པ་ལས༔ ཕོ་ཉ་རང་འདྲ་དཔག་མེད་པས༔ འཇིག་རྟེན་ཐམས་ཅད་མེར་གྱིས་གང༔ རྒྱལ་འགོང་དམ་སྲི་ཐམས་ཅད་ཀུན༔ ཐར་མེད་སྐད་ངན་ཙི་དིར་བསྒོམས༔ ཤ་ལ་སྦྲང་མ་འདུ་བ་ལྟར༔ ལྕགས་སྡིག་ཕོ་ཉར་བཅས་པ་ཡིས༔ དེ་ལ་རུབ་སྟེ་སྙིང་ནང་ཞུགས༔ སྲོག་རྩ་བཅད་ཅིང་སྙིང་ཁྲག་འཇིབས༔ ཕྱི་ནང་ཀུན་ནས་ཟོས་པ་ཡིས༔ ལྷག་མ་ཙམ་ཡང་མེད་པར་གྱུར༔ ཞེས་པའི་དམིགས་པ་དང་། ཨོཾ་བཛྲ་ཡཀྵ་ཏྲིག་ནན༔ ཨེ་ཧུར་ཐུཾ་ཛ༔ གཟིར་ནན༔ རྒྱལ་འགོང་དམ་སྲི་ཀཱ་བཱ་ཙི་རྦད་རྦད༔ བརྒྱ་རྩ་སོགས་བཟླ །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང༔ འདྲེ་རྒོད་རྒྱལ་འགོང་དམ་སྲི་སོགས༔ གནོད་བྱེད་ཀུན་ལ་ལྕགས་སྡིག་བྷྱོ༔ བར་གཅོད་ཐལ་བའི་རྡུལ་དུ་རློགས༔ ཞེས་པས་བསྐུལ་མཐར། ཆོས་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་ནི་སྲུང་བཟློག་བསད་གསུམ་གྱི་སྙིང་པོའོ། །མདོར་ན་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་ལ་ཁྱད་པར་དུ་དགོས་པའི་གནད་ཀྱི་གཟེར་གསུམ་ནི། གཞུང་ལས། བསྐྱེད་རིམ་མི་འགྱུར་དམིགས་པའི་གཟེར༔ བཟླས་བརྗོད་གསལ་དག་བསྙེན་པའི་གཟེར༔ དགོངས་པ་ཆོས་ཉིད་མཉམ་ཉིད་གཟེར༔ གཟེར་གསུམ་ལུས་ངག་ཡིད་ལ་གདབ༔ གཟེར་གསུམ་གནད་དང་མི་ལྡན་ན༔ ལོ་བརྒྱར་བསྙེན་ཀྱང་འབྲས་མི་འབྱིན༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ཞེས་གསུངས་སོ། །འཁོར་སྔགས་བཟླ་བ་ནི། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀ་ཏ་ཧཱུྃ་ཕཊ༔ ཨོཾ་ཡཀྴ་ཀཱ་ལ་ཧཱུྃ་ཕཊ༔ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཛ༔ ཨོཾ་ཨཱཿཧཱུྃ་ཨ་མི་དེ་བ་ཧྲཱི༔ བཛྲ་ག་རུ་ཌ་ཁྲོཾ་ཧྲཱིཿཧཱུྃ༔ མང་ཉུང་སྐབས་དང་བསྟུན་པས་བཟླའོ། ཁྱད་པར་ཧཱུྃ་གི་ཐུགས་བསྒྲུབ་ནི༔ ཞེས་གསུངས་པའི་དྲག་བསྒྲུབ་ཀྱི་སྙིང་པོར་གྱུར་པ་སྤྲོས་མེད་ཡང་ཟབ་ཧཱུྃ་གི་ཉམས་ལེན་ནི། གང་ཟག་དབང་པོ་ཡང་རབ་ཐེག་པ་མཆོག་ལ་ཞུགས་པ་དང་། འདི་ཉིད་ཀྱི་བསྙེན་བསྒྲུབ་སྔོན་དུ་སོང་བ་དག་གིས། རྒྱུན་གྱི་ཉམས་ལེན་དུ་བྱ་རྒྱུ་ཡིན་པས་ལོགས་སུ་བཀོད་པ་ལས་ཤེས་སོ། །བཅུ་གཉིས་པ་ནི། བསྙེན་བསྒྲུབ་སོགས་ཀྱི་ཐུན་མཚམས་སམ་མཇུག་ཏུ་ཚོགས་ཀྱི་མཆོད་པ་ནི། བཟའ་བཏུང་གི་བྱེ་བྲག་ཇི་ལྟར་ཚོགས་པ་རྣམས་ལ་བདུད་རྩིས་བསང་གཏོར་བྱས་ལ། རཾ་ཡཾ་ཁཾ་གིས་ཚོགས་རྫས་ཀྱི༔ དངོས་འཛིན་འབབ་བཙོག་སེར་སྣ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་གྱི༔ ཕུང་པོ་ཟག་མེད་བདུད་རྩིར་སྤེལ༔ ཞེས་པས་བྱིན་གྱིས་བརླབ། ཅང་ཏེའུ་དང་ཀུ་ཤའི་སྒྲས་ཚོགས་མགྲོན་རྣམས་སྤྱན་དྲང་བ་ནི། ཧཱུྃ༔ རང་བཞིན་ལྷུན་གྲུབ་གནས་མཆོག་དང༔ ལང་ཀ་དཔལ་གྱི་ཕོ་བྲང་དང༔ ཆེ་མཆོག་གསང་བའི་དུར་ཁྲོད་ནས༔ བདེ་གཤེགས་གཅིག་བསྡུས་ཐོད་ཕྲེང་རྩལ༔ མཁའ་འགྲོའི་ཚོགས་དང་བཅས་ཉིད་དུ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ བསྒྲུབ་རྫས་ཚོགས་ལ་བཅུད་ཅིག་ཕོག༔ སྒྲུབ་མཆོག་རྣམས་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ གྲུབ་པའི་གནས་མཆོག་ཉམས་རེ་དགའ༔ དུར་ཁྲོད་གཞལ་ཡས་བྱིན་རེ་ཆེ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང༔ འདོད་ཡོན་ཚོགས་མཆོད་དང་རེ་སྤྲོ༔ སྤྲོ་དགའ་གནས་ཀྱི་མཆོད་པ་འབུལ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི་དང་པོ། བདུད་རྩི་ཛ་གད་གཙོ་འཁོར་གྱི་མདུན་དུ་ཕུལ་ལ། ཧཱུྃ༔ བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ༔ ཆེ་མཆོག་དབང་དྲག་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དང༔ བདུད་རྩི་ཛ་གད་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བར་པ་ཐོགས་ལ། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ ལུས་ངག་ཡིད་ཀྱི་སྒོ་ནས་ནི༔ དབང་དྲག་དཀྱིལ་འཁོར་དམ་བྲལ་བའི༔ རྩ་བ་ཡན་ལག་ནོངས་པ་ཀུན༔ ཚོགས་ཀྱིས་བཤགས་སོ་དག་གྱུར་ཅིག༔ ག་ཎ་ཙཀྲ་བཛྲ་ས་མ་ཡ་ཧོ༔ སྐབས་འདིར་སྨད་ལས་དང་འབྲེལ་བར་དྲག་པོའི་གདབ་ལས་རྒྱས་པར་བྱ་བའམ། སྤྱི་འགྲོ་ཙམ་ལ་ཚོགས་ཐ་མ་མདུན་དུ་བཞག་ལ། ཚོགས་སྣོད་ཨེ་ལས་ལྕགས་སྒྲོམ་དུ༔ ཚོགས་རྫས་དམིགས་བྱ་དངོས་སུ་གསལ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ་བདེ་གཤེགས་རྩ་བ་གསུམ་གྱི་བྱིན་རླབས༔ ཏིང་འཛིན་འཕྲོ་འདུ་སྔགས་ཀྱི་ནུས་པ༔ ཆོས་ཉིད་དེ་བཞིན་ཉིད་དང༔ ཆོས་ཅན་རྒྱུ་འབྲས་མི་བསླུའི་བདེན་པས་སྡང་དགྲ་གནོད་བྱེད་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་སྐད་ཅིག་གིས་ཚོགས་ཐ་མ་འདི་ལ་ཁུག་ཅིག༔ བཛྲ་ཨང་ཀུ་ཤ་ཡ་ཛ༔ ཞེས་པས་བཀུག །བདག་ཉིད་དབང་དྲག་དང་ཕུར་པ་མེ་དབལ་དུ་གསལ་བ་གཏུམ་རྔམས་ཀྱི་ཁྲོ་ཚོགས་སྐར་ལྟར་འཁྲུགས་པར་བསམས་ཤིང་། ཁྲོ་བོའི་སྟངས་སྟབས་དང་ཚེ་ཁྲུས་ཀྱི་དགོངས་པར་ལྡན་པས། ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ གཏུམ་རྔམས་ཁྲོ་བོ་ཁྲོ་མོའི་ཚོགས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཡི༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་བཤིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་པས་བསྒྲལ། སྙིགས་མའི་ཤ་ཁྲག་རུས་པ་རྣམས༔ དུག་གསུམ་ངོ་བོ་བདུད་རྩི་མཆོག༔ དྭངས་མ་ཡེ་ཤེས་ལྔ་རུ་བསྒྱུར༔ ཆེ་མཆོག་ལྷ་ཚོགས་ཞལ་དུ་ཁཱ་ཧི༔ ཞེས་པས་སྟོབ་པ་བྱ། དེ་ནས་གསལ་བ་གསུམ་ལྡན་པའི༔ ནང་གི་སྦྱིན་སྲེག་དང་ལྡན་པས༔ བཟའ་བཏུང་ཚིམ་པ་དྲུག་ཏུ་རོལ༔ ཞེས་ཐ་མལ་གྱི་རྟོག་པ་སྤངས་ཏེ་ཡེ་ཤེས་དང་ལྡན་པས་ལོངས་སྤྱོད་པའི་ལྷག་མ་རྣམས། སློབ་དཔོན་ལྟ་དགོངས་དང་ལྡན་ན་དེའི་ཁ་ཕྲུས་བྲན་པའམ། དེ་ལྟར་མི་ལྡན་ན་བདུད་རྩིས་བྲན་པ་བཤམ། གཤུག་པའི་སྒྲ་དྲག་པོས་ལྷག་སྡུད་རྣམས་བོས་ལ། ཧཱུྃ༔ ལྷག་མ་དབང་བའི་མཁའ་འགྲོ་མ༔ ཡེ་ཤེས་ལས་དང་འཇིག་རྟེན་པའི༔ དཔའ་བོ་མཁའ་འགྲོ་ཤུགས་འགྲོའི་ཚོགས༔ རིགས་དང་གནས་དང་སྐུ་མདོག་དང༔ རྒྱན་དང་ཕྱག་རྒྱ་རྫུ་འཕྲུལ་རྣམས༔ གཅིག་ཏུ་མ་ངེས་དུ་མར་སྟོན༔ སྐལ་ལྡན་རྗེས་འཛིན་དངོས་གྲུབ་སྟེར༔ སྐལ་མེད་ཚར་གཅོད་དབྱིངས་སུ་སྒྲོལ༔ དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམ༔ ཟས་སུ་ཤ་ཁྲག་ལྷག་གཏོར་ཟ༔ ལས་སུ་གསང་སྔགས་བསྟན་པ་སྐྱོང༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ མི་མཐུན་གནོད་པའི་ཕྱོགས་ལས་སྲུངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨུ་ཙྪིཥྚ་བྷཀྵེ་བྷྱ་སྭཱ་ཧཱ༔ ཕྱི་རོལ་དུ་དོར། བཅུ་གསུམ་པ་ནི། རོལ་མོའི་སྒྲ་དང་། གདུང་བའི་ང་རོས་དབང་དྲག་གི་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བདུད་འདུལ་མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ སྙིགས་མ་ལྔ་བདོའི་སེམས་ཅན་གདུལ་དཀའ་བ༔ ཞི་བས་མི་ཐུལ་དེ་ཕྱིར་ཐུགས་རྗེ་ཆེས༔ སྙིང་རྗེ་དྲག་པོར་ཁྲོས་པས་ཚར་ཆོད་ཅིག༔ སྙིགས་དུས་ལོག་པར་འདྲེན་པའི་གདོན་བགེགས་རིགས༔ མཐའ་བཞིའི་འདྲེ་རྒོད་རྒྱལ་འགོང་དམ་སྲིའི་ཚོགས༔ ཉོན་མོངས་ལ་སོགས་ཐར་པའི་གེགས་བྱེད་ཅིང༔ བདེ་ཆེན་བྱང་ཆུབ་བསྒྲུབ་ཏུ་མི་འཚལ་བ༔ ཡེ་ཤེས་ཁྲོ་རྒྱལ་རྣམས་ཀྱིས་ཚར་ཆོད་ལ༔ གཉུག་མའི་ཡེ་ཤེས་སྒྲིབ་བྲལ་གསལ་བར་མཛོད༔ ཞེས་པས་བསྐུལ་བ་ལ་བརྟེན་ནས། ཆོས་ཉིད་ཞི་བའི་ངང་ལས་དྲག་པོའི་ཕྲིན་ལས་རབ་འབྱམས་གང་འདུལ་དང་མཐུན་པར་སྟོན་པར་བསམ་མོ། །བཅུ་བཞི་པ་ནི། སྐབས་འདིར་བདུད་བཙན་ཀླུ་གསུམ་སོགས་སྤྱི་སྒོས་ཀྱི་བཀའ་སྲུང་རྣམས་ལ་གཏོར་མ་བསྔོ་ཞིང་། དེ་རྣམས་ཀྱི་གཏོར་མ་དང་། ཆད་མདོའི་གཏོར་མ་རྣམས་ཕྱིར་དཔག་ལ་རྒྱས་པར་ན་གསེར་སྐྱེམས་དང་གཡུ་ཆབ་སོགས་བཤམས་ལ་ཐ་ཚིག་ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ཧས་པོ་རི་རྩེ་ནས༔ ཆོས་ཉིད་བདེན་པའི་བཀར་བཏགས་པའི༔ རུ་བཞིའི་ལྷ་སྲིན་སྡེ་བརྒྱད་རྣམས༔ ཕྱི་མའི་ཐ་ཚིག་གསལ་འདེབས་ཉོན༔ སྔོན་ཚེ་ཨོ་རྒྱན་ཆེན་པོའི་དྲུང༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་འཁོར་བསྲུང་བར་མ་ཆད་དམ༔ བརྒྱུད་འཛིན་བསྐྱང་བར་མ་ཆད་དམ༔ མཐའ་དམག་བསྲུང་བར་མ་ཆད་དམ༔ དལ་ཡམས་གཅོད་པར་མ་ཆད་དམ༔ གཏོར་མ་ལེན་པར་མ་ཆད་དམ༔ སྔོན་ཚེ་ཇི་ལྟར་དམ་བཅས་བཞིན༔ ཕྱི་ཚིག་གཉན་པོ་བདག་གིས་བསྐུལ༔ ཨོ་རྒྱན་རྗེས་འཇུག་དཔོན་སློབ་དང༔ བསྟན་པ་སྐྱོང་བའི་ཡོན་བདག་རྣམས༔ མཐོ་བ་དགུང་ལ་རེག་པ་དང༔ དམའ་བ་བུ་བཞིན་སྐྱོང་བར་མཛོད༔ གངས་ཅན་གཙུག་ལག་སྦས་གནས་སྲུངས༔ ཇི་ལྟར་བཅོལ་བཞིན་ཕྲིན་ལས་མཛོད༔ ཅེས་པའི་ཕྲིན་ལས་བཅོལ། སྨད་ལས་གཏོར་ཟོར་དང་འབྲེལ་ན་སྒོ་དབྱེ་ལམ་བསྟན་སོགས་བྱ་དགོས་ནའང་། འདིར་སྤྱི་འགྲོ་ཙམ་དུ་ཆད་མདོའི་གཏོར་མ་དེ་ཉིད་སླར་ཡང་ཁྲོ་བོའི་མཁར། ནད་མཚོན་དུག་གི་ཚྭ་ཚྭ་འཕྲོ་བར་བསམ་ལ་ཟོར་དུ་བསྐུལ་བ་ནི། ཧཱུྃ༔ དམར་ཆེན་གཏོར་མ་ཁྲོ་བོའི་མཁར༔ འདྲེ་རྒོད་བདུད་འགོང་རྒྱལ་བསེན་སོགས༔ བར་ཆད་བརྩམས་པའི་སྟེང་དུ་ཡ༔ མི་བཟློག་མི་བསྒྱུར་གང་ཡང་མེད༔ དབང་དྲག་འབར་བའི་ལྷ་ཚོགས་རྣམས༔ དམག་དཔུང་སྡུས་ལ་གཟི་བྱིན་སྐྱེད༔ སྡང་དགྲ་གནོད་བྱེད་བདུད་འགོང་གི༔ བརྟན་པའི་མཁར་བཤིག་སྐྱོབ་བྱེད་ཕྲོལ༔ གཟུགས་ཕུང་རྡུལ་ཕྲན་བཞིན་དུ་ཤིགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཅེས་འགལ་རྐྱེན་བར་ཆད་གང་ཡིན་གྱི་སྟེང་དུ་དམིགས་ཏེ་འཕང་བའི་ཞལ་བསྒྱུར་རོ། །བཅོ་ལྔ་པ་ནི། གཏོར་སྣོད་རྣམས་སྨན་རག་གིས་བྲན། བཤལ་བའི་ཆབ་བཅས། ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ འདིར་གཤེགས་གཏོར་མའི་བཤལ་ཆུ་བཞེས༔ དལ་ཡམས་ཆོད་ལ་མཚོན་རྩེ་ཐུལ༔ ལོ་ཕྱུགས་ལེགས་ཤིང་སྲིད་རྣམས་འཕེལ༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ ཅེས་པས་བརྟན་མ་བསྐྱང། གཏོར་གཞོང་རི་རབ་ཏུ་བསམས་པའི་འོག་ཏུ་དམིགས་བྱ་མནན་ཅིང་སྟེང་དུ་ཁྲོ་བོའི་བྲོ་བརྡུང་བར་མོས་ལ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ བཅུ་དྲུག་པ་ནི། སྒྲུབ་གཏོར་སྤྱི་བོར་བཞག་ལ། ཧཱུྃ༔ བདེ་གཤེགས་འདུས་པ་རྡོ་རྗེ་དྲག་པོ་རྩལ༔ ཆོས་དབྱིངས་ངང་ལས་ཁྲོ་རྒྱལ་སྐུར་སྟོན་པ༔ དེང་འདིར་སྒྲུབ་མཆོག་བདག་ལ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དབང་མཆོག་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བསྐུལ་ཞིང་དབང་བླང་ངོ་། །བཅུ་བདུན་པ་ནི། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང་། མ་འབྱོར་པ་དང་ཉམས་པ་དང༔ ཆོ་ག་ལྷག་ཆད་གྱུར་པ་དང༔ ལྷ་བསྒོམ་ཏིང་འཛིན་བུལ་བ་རྣམས༔ ཡེ་ཤེས་དཀྱིལ་འཁོར་ལྷ་ལ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ བཅོ་བརྒྱད་པ་ནི། ཧོ༔ མཐའ་ཡས་ཐེག་པ་མཆོག་གི་ལམ་མཆོག་ཏུ༔ བདག་གིས་རྡོ་རྗེ་དྲག་པོའི་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་ངོ་བོར་བསྒྲུབས་པ་དེས༔ འགྲོ་ཀུན་ཐར་པ་མཆོག་གི་ལམ་འཁོད་ཤོག༔ བཅུ་དགུ་པ་ནི། ཧཱུྃ༔ བདེ་གཤེགས་གཅིག་བསྡུས་རྡོ་རྗེ་གྲོ་བོ་ལོད༔ ལོག་འདྲེན་འཇོམས་མཛད་དབང་དྲག་ཧེ་རུ་ཀ༔ བར་ཆད་ཀུན་སེལ་མཐུན་རྐྱེན་མ་ལུས་འགྲུབ༔ མཆོག་ཐུན་དངོས་གྲུབ་མྱུར་སྩོལ་བཀྲ་ཤིས་ཤོག༔ ཉི་ཤུ་པ་ནི། སྣང་བའི་དཀྱིལ་འཁོར་བརྟེན་པར་བཅས་པ་ཀུན༔ རྒྱུ་ཡི་སྙིང་པོ་ཧཱུྃ་ཆེན་སྔོན་པོར་བསྡུ༔ ཧཱུྃ་ཡང་སྟོང་ཉིད་གཟོད་མའི་ཀློང་དུ་ཐིམ༔ སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་ནི༔ ཆུ་ལས་ཆུ་བུར་ཇི་བཞིན་མ་ཧཱ་གུ་རུ༔ རིག་འཛིན་ཐོད་ཕྲེང་རྩལ་གྱི་ངོ་བོར་ལྡང༔ ཉེར་གཅིག་པ་ནི། དེ་ལས་ཐུན་མཚམས་སྤྱོད་ལམ་ཐམས་ཅད་དང༔ འགྲོ་དོན་ཕྲིན་ལས་དེ་དང་འཚམ་པར་བསྐྱང༔ ཞེས་ཐུན་མཚམས་ཀྱི་སྤྱོད་ལམ་ཀུན་ཏུ་ལྷའི་ང་རྒྱལ་དང་ལྡན་པས་སྤྱོད། དེ་ལྟར་རྩ་བའི་བསྒྲུབ་པ་ལས། མ་འོངས་བསྐལ་པ་ཐ་མ་ལ༔ མཐའ་ཡི་འདྲེ་རྒོད་དབུས་སུ་ཤོར༔ བོད་མིའི་བསོད་ནམས་དབུལ་བ་ཡིས༔ པེ་ཧར་རྒྱ་འདྲེའི་བར་ཆད་ལྡང༔ ཞེས་སོགས་ནས། དེ་ཚེ་ཁྲོ་རྒྱལ་ཐམས་ཅད་དང༔ ཁྱད་པ་རང་ཉིད་དྲག་པོ་རྩལ༔ བདུད་འདུལ་པདྨ་ཧེ་རུ་ཀ༔ རྡོ་རྗེ་དྲག་རྩལ་གྲོ་ལོད་ཀྱི༔ གསང་མཚན་ཐུགས་ཀྱི་ཉམས་ལེན་གྱིས༔ བར་ཆད་ཐམས་ཅད་དེ་ཡིས་སེལ༔ ཞེས་དང་། དངོས་གྲུབ་ཅི་འདོད་ལྷུན་གྱིས་གྲུབ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་དུས་བབས་ཀྱི་རིགས་སུ་གྱུར་པའི་སེམས་ཅན་ཐམས་ཅད་བདེ་བའི་ཐབས་ཁོ་ན་ཡིན་པར་ཨོ་རྒྱན་རིན་པོ་ཆེའི་བཀའ་རྟགས་ཀྱིས་བསྟན་ཅིང་། ཐེ་ཚོམ་སོམ་ཉི་སེལ་ཕྱིར་བདུད་མཚོའི་ཀློང་ནས་མཐོང་བར་སྤྱན་དྲངས་ཏེ། དེ་ཕྱིར་བར་ཆད་སེལ་ཞིང་དངོས་གྲུབ་ཆེན་པོའི་ཉེ་ལམ་དུ་ཉམས་སུ་ལེན་བྱར་གྱུར་པ་ཉིད་དོ། །སྨྲས་པ། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། མཚོ་སྐྱེས་རྡོ་རྗེའི་ཞལ་ལུང་མཁའ་འགྲོ་མའི། །བྱིན་རླབས་དྲོད་བླངས་ལྡན་པའི་བདུད་རྩི་མཆོག །མཆོག་ཐུན་དངོས་གྲུབ་ཉེ་རྒྱུར་བདག་གིས་ཐོབ། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་སེལ་ཞིང་། །ཚེ་གཅིག་རིགས་བརྒྱའི་ཁྱབ་བདག་ཀུན་ཏུ་བཟང། །བདེ་བླག་ཐོབ་བྱེད་སྐལ་བཟང་མཆོག་གི་ལམ། །ཐར་འདོད་མགྲོན་པོ་རྣམས་ལ་བདག་གིས་མཆོད། །དགེ་དེས་སྙིགས་མར་སོང་བའི་གདུང་བ་ཀུན། །གང་འདིའི་ཐུགས་རྗེ་བསིལ་བའི་ཆར་རྒྱུན་གྱིས། །ཉེ་བར་བཅིལ་ཏེ་ཕན་བདེའི་པདྨོའི་ཚལ། །དགེ་མཚན་འདབ་བརྒྱའི་འཛུམ་པ་དགོད་གྱུར་ཅིག །མ་ཧཱ་གུ་རུ་དྲག་པོར་བསྒྲུབ་པའི་ཕྲིན་ལས་རྒྱུན་གྱི་རྣལ་འབྱོར་སྤྱི་འགྲོ་ཙམ་ལ་བྱ་བའི་རིམ་པ་གཏེར་གཞུང་ལས་ལྷན་ཐབས་སུ་བསྡེབས་པ་འདི་ནི། ཟབ་ཆོས་འདི་ཉིད་ཀྱི་བདག་པོ་རྒྱལ་དབང་པདྨའི་རྒྱལ་ཚབ་རྩོད་མེད་ཀྱི་གཏེར་ཆེན་ཆོས་ཀྱི་རྗེ་སྟག་ཤམ་ནུས་ལྡན་རྡོ་རྗེ་གང་གི་བཀའ་བསྩལ་གཙུག་ཏུ་བླངས་ཏེ། དུས་མཐའི་གཏེར་སྟོན་ཆོས་རྗེ་གླིང་པས་ཀ་ནམ་ཆོས་ཀྱི་རྒྱལ་པོའི་ཁབ་དང་ཉེ་བ་པདྨ་ཡང་རྩེ་ཀུན་ཏུ་སྣང་བའི་སྤོར་བཀོད་པའི་གླེགས་བམ་མ་མོར་འགོད་པའི་ཡི་གེ་པ་ནི་ངག་དབང་ཐེག་མཆོག་བསྟན་འཛིན་གྱིས་བགྱིས་པ་སྟེ། འགྲོ་ཀུན་རྒྱལ་བའི་ཁྱབ་བདག་པདྨ་དྲག་པོའི་གོ་འཕང་ལ་རེག་པར་གྱུར་ཅིག །མངྒ་ལཾ།། །།
བྱང་གཏེར་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་ཆུ་སྦྱིན་འབུལ་བའི་ཆོ་ག་བསམ་འཕེལ་ནོར་བུའི་ཆུ་རྒྱུན་ (Volume 50, Text 48)
༄༅། །བྱང་གཏེར་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་ཆུ་སྦྱིན་འབུལ་བའི་ཆོ་ག་བསམ་འཕེལ་ནོར་བུའི་ཆུ་རྒྱུན་བཞུགས། ། ན་མོ་གུ་རུ་ཨཱརྱ་ཛམྦྷ་ལཱ་ཡ། ཚོགས་གཉིས་དགེ་བའི་སྤྲིན་ཆེན་ལས། །ཕན་བདེའི་འདོད་དགུའི་གྲུ་ཆར་གྱིས། །སྐལ་བཟང་ཡིད་ཀྱི་གདུང་སེལ་བའི། །འཕགས་པ་མཆོག་གིས་དགེ་ལེགས་སྩོལ། །དེ་ལ་འདིར་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་ཆུ་སྦྱིན་འབུལ་བར་འདོད་པས། སྟེགས་གཙང་མར་ཆུ་སྦྱིན་དང་། གཏོར་སྣོད་ཀྱི་ཟངས་གཞོང་སོ་སོར་བཤམས་པའི་དང་པོར་སྐུ་གཟུགས་དང་། གཉིས་པར་གཏོར་མ། ཉེ་ལོགས་སུ་ཆུ་བུམ་སོགས་དགོས་ཆས་རྣམས་ཚོགས་པར་བྱས། ཐོག་མར་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་སོགས། ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ལས། །མདུན་དུ་རིན་ཆེན་གཞལ་མེད་ཁང་། །མཚན་ཉིད་ཡོངས་རྫོགས་ལྟེ་བ་ལ། །པདྨ་ཉི་མ་ཟླ་བ་དང༔ གཏེར་གྱི་བུམ་པའི་ཁྲི་སྟེང་དུ༔ ཧཱུྃ་ལས་མགོན་པོ་ཛམྦྷ་ལ༔ མཐིང་ནག་ཐོད་ཁྲག་ནེའུ་ལེ་བསྣམས༔ དེ་ཡི་ཕྱི་རིམ་པད་འདབ་བཞི༔ དེ་སྟེང་པདྨ་ཟླ་བའི་གདན༔ ཛཾ་ཡིག་རིགས་བཞིའི་འཕྲོ་འདུ་ལས༔ ཤར་དུ་འཕགས་པ་ཛམྦྷ་ལ༔ དཀར་པོ་བགྲང་ཕྲེང་ནེའུ་ལེ་བསྣམས༔ ལྷོ་རུ་ཡོན་ཏན་ཛམྦྷ་ལ༔ གསེར་མདོག་ནོར་བུ་ཤིང་ཐོག་བསྣམས༔ ནུབ་ཏུ་གསུང་མཆོག་ཛམྦྷ་ལ༔ དམར་པོ་ནོར་བུ་ནེའུ་ལེ་བསྣམས༔ བྱང་དུ་ཕྲིན་ལས་ཛམྦྷ་ལ༔ ལྗང་གུ་རྒྱལ་མཚན་ནེའུ་ལེ་བསྣམས༔ དེ་ཡི་ཕྱི་རིམ་པད་འཁོར་བརྒྱད༔ དེ་སྟེང་པདྨ་ཟླ་བའི་སྟེང༔ ཛཾ་བརྒྱད་བཾ་བརྒྱད་འཕྲོ་འདུ་ལས༔ གང་བཟང་ལ་སོགས་ཡབ་བརྒྱད་དང༔ ནོར་རྒྱུན་ལ་སོགས་ཡུམ་བརྒྱད་ནི༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ ནོར་བུ་དང་ནི་ནེའུ་ལེ་འཛིན༔ ཀུན་ཀྱང་སྐུ་མདོག་གསེར་གྱི་མདོག༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཀྱི༔ ནམ་མཁའ་མཛོད་ལ་མངའ་བརྙེས་པ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ དེ་ཡི་ཕྱི་རོལ་གྲུ་ཆད་ལ༔ གནོད་སྦྱིན་ཨ་པར་ཙི་ཏ་ནི༔ དཀར་པོ་ཕྱག་གཉིས་བུམ་པ་བསྣམས༔ པུས་གཙུག་བུམ་པའི་གདན་ལ་བཞུགས༔ ལས་མཁན་ཏྲི་འུ་དམ་ཚིག་ཅན༔ བྱིས་པ་གཞོན་ནུའི་ཆ་ལུགས་ཅན༔ ཕྱག་ན་སྙིང་དང་ཞགས་པ་བསྣམས༔ བར་འཁྱམ་གནོད་སྦྱིན་བྱེ་བ་གནས༔ སྒོ་བཞི་སྒོ་མ་བཞི་ཡིས་སྲུང༔ དེ་རྣམས་ཀུན་གྱི་གནས་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས༔ ལོངས་སྤྱོད་རིན་ཆེན་སྣ་བཞིའི་གཞལ་ཡས་ནས༔ དགོས་འདོད་དངོས་གྲུབ་སྣ་ཚོགས་བླང་བའི་ཕྱིར༔ མགོན་པོ་ཆུ་དབང་འཁོར་བཅས་གཤེགས་སུ་གསོལ༔ ཨེ་ཧྱ་ཧི༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཧཱུྃ༔ གནོད་སྦྱིན་དེད་དཔོན་མཁའ་འགྲོ་ཡོངས་ཀྱི་གཙོ༔ ཁྱོད་ཀྱིས་སྔོན་གྱི་ཐུགས་དམ་བརྩེར་དགོངས་ལ༔ སྒྲུབ་མཆོག་བདག་ཅག་རེ་བ་བསྐང་བའི་ཕྱིར༔ ཡིད་འོང་གནས་འདིར་དགྱེས་ཤིང་བརྟན་པར་བཞུགས༔ ས་མ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ༔ གནོད་སྦྱིན་དེད་དཔོན་འཁོར་དང་བཅས་པ་རྣམས༔ ཉི་ཟླ་ལྟར་བརྗིད་རིན་ཆེན་འབར་བའི་སྐུ༔ དངོས་གྲུབ་སྣ་ཚོགས་ཟད་མེད་མངའ་མཛད་པ༔ གཏེར་སྐྱོང་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་འབྲུ་གསུམ་གྱིས་བརླབས་པའི་ཆུ་གཙང་དལ་བུས་སྦྲེང་ལ། ཡན་ལག་བརྒྱད་ལྡན་ལྷ་ཡི་གངྒའི་རྒྱུན། །ཟག་མེད་འདོད་ཡོན་བདུད་རྩིའི་ཞལ་སྐྱེམས་འདིས། །རབ་འབྱམས་ནོར་ལྷའི་ཚོགས་རྣམས་མཉེས་གྱུར་ནས། །བདག་ལ་ལོངས་སྤྱོད་འདོད་དགུའི་དངོས་གྲུབ་སྩོལ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ༔ བཱ་སུ་དྷཱ་རི་ཎཱི་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་སོགས་ཀྱིས་འབུལ། མཐར་གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས། སྙིང་པོ་ལ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བདུད་རྩི་སྨན་དང་རཀྟ་བྷ་ལིཾ་བརྒྱན༔ རིན་ཆེན་སྣ་བདུན་བཀྲ་ཤིས་རྫས་བརྒྱད་སོགས༔ ཕྱི་ནང་གསང་བའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཞེས་སམ་བསྡུ་ན་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ དངོས་གྲུབ་ཆར་འབེབ་རིན་ཆེན་ལྟ་བུའི་སྐུ༔ ནམ་མཁའི་མདོག་ཅན་ཐོད་ཁྲག་ནེའུ་ལེ་འཛིན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི༔ སྐུ་མཆོག་འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡིད་བཞིན་རིན་ཆེན་གཏེར་གྱི་ཆར་འབེབ་ཅིང༔ གངས་རིའི་མདོག་ཅན་བགྲང་ཕྲེང་ནེའུ་ལེ་བསྣམས༔ དབུལ་ཕོངས་སྡུག་བསྔལ་སྐྱོབ་པར་ཞལ་བཞེས་པའི༔ ཐུགས་རྗེས་ཉམས་ཐག་སྐྱོབ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དགོས་འདོད་ཀུན་འབྱུང་དཔག་བསམ་ཤིང་ལྟ་བུ༔ གསེར་གྱི་མདོག་ཅན་ཤིང་ཐོག་ནེའུ་ལེ་བསྣམས༔ ཨུཏྤལ་སྔོན་པོའི་ཕྲེང་བས་སྐུ་ལ་བརྒྱན༔ ཡོན་ཏན་ལོངས་སྤྱོད་རྒྱས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ བསམ་འགྲུབ་རེ་སྐོང་ནོར་བུ་བསམ་འཕེལ་ལྟར༔ དམར་གསལ་རབ་བརྗིད་ནོར་བུ་ནེའུ་ལེ་འཛིན༔ ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབ༔ ཐམས་ཅད་དབང་སྡུད་པདྨའི་གསུང་ལ་བསྟོད༔ ཧཱུྃ༔ ཕྲིན་ལས་ལྷུན་གྲུབ་དངོས་གྲུབ་ཀུན་གྱི་མཛོད༔ ཨིཎྜའི་མདོག་ཅན་རྒྱལ་མཚན་ནེའུ་ལེ་བསྣམས༔ གང་འདུལ་དེར་སྟོན་ཐབས་ཀྱི་འགྲོ་དོན་མཛད༔ ཕྲིན་ལས་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྐུ་ཡི་སྤྲུལ་པ་གང་བཟང་དཔལ་དང་ལྡན༔ གསུང་གི་སྤྲུལ་པ་ནོར་བཟང་ཚངས་པའི་གསུང༔ ཐུགས་ཀྱི་སྤྲུལ་པ་གནོད་སྦྱིན་རིག་པར་ལྡན༔ ཕྲིན་ལས་སྤྲུལ་པ་རྣམ་ཐོས་དྲག་རྩལ་ལྡན༔ ཞི་བའི་ལས་མཛད་པྲ་སྣ་པྲ་དུག་ཅན༔ རྒྱས་པའི་ལས་མཛད་བཞད་གདང་ཕྲེང་བ་ཅན༔ དབང་གི་ལས་མཛད་ཁ་ཡི་དབང་པོ་ཅན༔ དྲག་པོའི་ལས་མཛད་དབང་པོ་མཆོག་སྤྱོད་པ༔ རིན་ཆེན་གཏེར་འཆང་དགོས་འདོད་འབྱུང་བའི་མཆོག༔ བཀའ་ཡི་བསྟན་སྐྱོང་དངོས་གྲུབ་མཆོག་རྣམས་སྩོལ༔ མགོན་པོ་གནོད་སྦྱིན་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དགོས་འདོད་ནོར་གྱི་ཆར་འབེབ་ནོར་རྒྱུན་མ༔ ཤེས་རབ་རྣམ་དག་ལྡན་པའི་ཟླ་འོད་མ༔ དགོས་འདོད་རེ་བ་སྐོང་བའི་སྦྱིན་མར་གྲགས༔ འཕགས་པའི་ནོར་བདུན་རབ་ལྡན་རབ་སྦྱིན་མ༔ འཁོར་བའི་ས་ལ་སྐྱོན་བྲལ་འཕགས་མར་གྲགས༔ ལས་རབ་དོན་གྲུབ་རབ་ཏུ་བཟང་མོའི་སྐུ༔ ཆོས་ཉིད་གཏེར་འཆང་སྦས་མའི་ངང་ཉིད་ལས༔ མཛེས་མའི་སྐུར་སྟོན་ལྷ་མོ་རབ་ཏུ་གསལ༔ ཚངས་པའི་གསུང་མངའ་ལྷ་མོ་དབྱངས་ཅན་མ༔ རིན་ཆེན་རྒྱན་སྤྲས་མཉེས་མཛད་ལྷ་མོ་བརྒྱད༔ དགོས་འདོད་འབྱུང་བའི་གཙོ་བོའི་ཐུགས་དམ་བསྐུལ༔ མཁའ་དབྱིངས་ཤེས་རབ་ཡུམ་གྱི་ངང་ཚུལ་ཅན༔ ནོར་གཏེར་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད༔ གཏེར་བདག་ཆེན་པོ་ཨ་པར་ཙི་ཏ་དང༔ མྱུར་མགྱོགས་ལས་མཁན་ཏྲི་འུ་ཐུགས་དམ་ཅན༔ གནོད་སྦྱིན་ལས་མཁན་བྱེ་བ་ས་ཡའི་ཚོགས༔ སྒོ་བཞི་སྲུང་མཛད་ནོར་གཏེར་ལྷ་མོ་བཞི༔ ཀུན་ཀྱང་ཕྱག་གཉིས་ནོར་བུ་ནེའུ་ལེ་བསྣམས༔ ནོར་ལྷ་ཡོངས་རྫོགས་སྐུ་ལ་ཕྱག་འཚལ་བསྟོད༔ འདིར་བྱོན་ཕུལ་བའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་སམ། བསྡུ་ན། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༔ གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ༔ བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ༔ དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཡིག་བརྒྱད་དང་། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། ཧཱུྃ༔ གནོད་སྦྱིན་གཏེར་སྐྱོང་འཁོར་དང་བཅས་རྣམས་ནི༔ སེམས་ཅན་དོན་མཛད་བྱང་ཆུབ་སེམས་དང་ལྡན༔ དགོས་འདོད་འབྱུང་བའི་དཔག་བསམ་ཤིང་ལྟ་བུ༔ ཡིད་བཞིན་རིན་ཆེན་ལྟ་བུའི་དངོས་གྲུབ་སྩོལ༔ ཅེས་པ་ཙམ་མམ་སྤྲོ་ན་ཡོངས་རྫོགས་ཀྱི་མཐར་སྙིང་པོའི་མཇུག་ཏུ་སརྦ་སིདྡྷི་ཧཱུྃ་ཨཱ༔ བཏགས་པ་བརྗོད་ལ་དངོས་གྲུབ་ཀྱི་ཆུ་ལ་ལོངས་སྤྱོད། རྟེན་ཡོད་ན་ཡེ་ཤེས་པ། ཛཾ༔ གནོད་སྦྱིན་གཏེར་སྐྱོང་འཁོར་བཅས་རྣམས༔ འདིར་ནི་གཟུགས་དང་ལྷན་ཅིག་ཏུ༔ འགྲོ་བའི་དོན་དུ་བཞུགས་ནས་ཀྱང༔ ནད་མེད་ཚེ་དང་དབང་ཕྱུག་དང༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བརྟན་པར་བཞུགས། རྟེན་མེད་ན། བཛྲ་མུཿས་དམ་ཡེ་དབྱེར་མེད་ངང་ལ་བསྟིམ། གཤེགས་གསོལ་བྱར་མི་རུང་ངོ་། །དགེ་བ་འདི་ཡིས་མྱུར་དུ་བདག༔ འཕགས་པ་འཁོར་བཅས་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འཁོད་པར་ཤོག༔ ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༔ གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ༔ བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ༔ དངོས་གྲུབ་མཆོག་སྩོལ་མཛད་པའི་བཀྲ་ཤིས་ཤོག༔ ཅེས་སོགས་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །རྒྱལ་ཀུན་ཡོན་ཏན་ཕུང་པོ་གཅིག་བསྡུས་དཔྱིད། །ས་བཅུའི་དབང་ཕྱུག་འཁོར་བཅས་མཉེས་བྱེད་ཚུལ། །བསམ་ཀུན་འཕེལ་བྱེད་ནོར་བུའི་ཆུ་རྒྱུན་འདིས། །སྐལ་བཟང་སྐྱེ་བོའི་ཚོགས་ཀྱི་གདུང་སེལ་མཛོད། །འདི་ནི་བོད་ཁམས་སྤྱི་ལ་སྨན་པའི་གཏེར། །སྒྲུབ་སྡེའི་བཅུད་ཕུར་རང་ཤར་ཆ་ལག་མཆོག །གཏེར་གཞུང་དགོངས་པ་བླ་མའི་མན་ངག་གིས། །བཀྲལ་ལས་རང་བཟོའི་རྙོགས་པས་བསླད་པ་མེད། །དགེ་འདིས་རྫོགས་ལྡན་དུས་བཞིན་སྣོད་བཅུད་དཔལ། །རབ་འཕེལ་བསྟན་དང་བསྟན་འཛིན་མངའ་ཐང་དར། །བཤད་སྒྲུབ་ཕྲིན་ལས་ཟབ་མོས་ས་གསུམ་ཁྱོན། །ཡོངས་ཁྱབ་བཀྲ་ཤིས་སྣང་བས་མཛེས་གྱུར་ཅིག །ཅེས་པའང་རང་གཞན་ལ་ཉེར་མཁོའི་བསམ་པས་སྔགས་བཙུན་འགྱུར་མེད་པདྨ་བསྟན་འཛིན་་་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ།གྱིས་བྲིས་པ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་བྱིན་རླབས་ཆར་འབེབས་ (Volume 5, Text 48)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་བྱིན་རླབས་ཆར་འབེབས་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། །འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །རྩ་གསུམ་ཀུན་འདུས་པདྨ་སཾ་བྷ་བས། །དངོས་གྲུབ་རྒྱ་མཚོའི་གནས་སུ་དབུགས་འབྱིན་མཛོད། །གང་དེ་མཆོད་ཅིང་བསྙེན་པ་ལས། །བྱིན་རླབས་བདུད་རྩིའི་ཟླ་སྣང་གིས། །ཚོགས་ཟུང་ཆུ་གཏེར་འཕེལ་བའི་ཐབས། །དད་པའི་ཡིད་མཁར་དེང་འདིར་འཆར། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཕྱག་དར་ལེགས་པར་བསྟར་བའི་གུང་གི་ཆར་རྩ་གསུམ་གྱི་སྣང་བརྙན་སོགས་དཀོན་མཆོག་གི་རྟེན་དགྲམ་པའི་སྤྱན་སྔར་སྨན་རཀ་གཏོར་གསུམ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། བྱེ་བྲག་ཏུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་ལྔ་བརྒྱ་རྩ་སོགས་གང་འབྱོར། མཎྜལ། དྲི་བཟང་གི་ཆུ། ཚོམ་བུའི་རྒྱུ། ཉེ་ལོགས་གང་བདེར་སྔོན་གཏོར་དང་། ཚོགས་ཀྱི་ཡོ་བྱད། རོལ་མོའི་བྱེ་བྲག་སོགས་འདུ་བྱའོ། །གཉིས་པ་ལ་གསུམ། འགལ་རྐྱེན་བསལ་བ། མཐུན་རྐྱེན་སྒྲུབ་པ། རྒྱུད་སྦྱོང་བའོ། །དང་པོ་ནི། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར་པར་བསམས་ལ་སྔོན་གཏོར། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། བྷཱུ་མི་པ་ཏི་ས་པ་རིི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །སྡྱཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་སྭཱ་ཧཱཿ ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། གང་དག་འདིར་གནས་ལྷ་དང་ཀླུ །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་དཀར་ཕྱོགས་པ་རྣམས་གཤེགས་སུ་གསོལ་བ་དང་ཆབས་ཅིག །ནག་ཕྱོགས་པ་རྣམས་ཀྱང་གཏོར་མའི་ལྷག་མས་ཚིམ་པར་བསམས་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ། ཅེས་དང་སུམྦྷ་སོགས་བརྗོད་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེ་སྲུང་བའི་འཁོར་ལོས་ཡོངས་སུ་བསྐོར་བར་གྱུར་པར་བསམ། གཉིས་པ་ནི། གནས་དང་མཆོད་པའི་ཡོ་བྱད་རྣམས་ལ་དམིགས་ཏེ། ཧཱུྃ་ཧྲཱི༔ བདག་ཉིད་དབང་ཆེན་རོལ་པའི་གནས་གསུམ་ནས༔ ཡིག་འབྲུ་གསུམ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ ཡེ་ཤེས་མེ་ཡིས་དངོས་འཛིན་དྲི་མ་བསྲེག༔ ཆོས་ཉིད་རླུང་གིས་བག་ཆགས་མཚན་མ་གཏོར༔ བྱང་སེམས་ཆུ་ཡིས་འཁྲུལ་པའི་རྟོག་ཚོགས་བཀྲུས༔ སྣོད་བཅུད་སྟོང་གསལ་གཉུག་མའི་དབྱིངས་སུ་ཐིམ༔ རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ དྷརྨཱ་དྷཱ་ཏུ་ཨ༔ སླར་ཡང་རིག་རྩལ་ཕྱག་རྒྱའི་ཆོ་འཕྲུལ་ཆེ༔ བྷྲཱུྃ་ལས་གནས་ཁང་པདྨོ་བཀོད་པའི་ཞིང༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཕོ་བྲང་དབུས༔ ཏྲཱཾ་ཡིག་ཡོངས་གྱུར་རྒྱན་གྱི་བྱེ་བྲག་དང༔ ཧྲཱིཿལས་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ༔ རྒྱུན་མི་འཆད་པ་ནམ་མཁའ་མཛོད་ཀྱི་གཏེར༔ རྩ་གསུམ་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས༔ ཟག་མེད་བདེ་ཆེན་ཡེ་ཤེས་རོལ་པར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བི་དྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཞེས་པས་ཕྱི་མཆོད་དང་། ཨོཾ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨཱ་དྷཱ་ཏུ་ཨཱཿཧཱུྃ་གིས་ནང་མཆོད། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཞེས་པས་ཁྱད་པར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ་བོ། །གསུམ་པ་ལ། ངེས་འབྱུང་གསལ་བཏབ་སྐྱབས་སུ་འགྲོ །སེམས་བསྐྱེད་སྒྲིབ་སྦྱོང་ཚོགས་གསག་གོ །ཞེས་པ་ལྟར་ལྔ་ལས། དང་པོ་ངེས་འབྱུང་གི་བློ་བཅོས་པ་ནི། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །དེ་ལྟའི་འཇིགས་རུང་སྲིད་པའི་སྡུག་བསྔལ་ལས། །རང་གཞན་འགྲོ་ཀུན་ཡོངས་སུ་བསྒྲལ་བའི་ཕྱིར། །བླ་མ་མཆོག་དང་དཀོན་མཆོག་རིན་པོ་ཆེར། །རྩེ་གཅིག་གུས་པས་སྐྱབས་སུ་བཟུང་བར་བགྱི། །ཞེས་སྐྱེས་བུ་ཆེན་པོའི་བློས་མཚམས་སྦྱར་ཏེ། གཉིས་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་གསལ་བའི་སྤྱན་སྔར་བདག་དང་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་གྱུར་པར་མོས་ཏེ། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ ཞེས་ཅི་ནུས་མཐར་སྐྱབས་ཡུལ་རྣམས་ཀྱི་འོད་ཟེར་གྱིས་བདག་གཞན་གྱི་སྡིག་སྒྲིབ་སྦྱོང་བར་བསམ། གསུམ་པ་སེམས་བསྐྱེད་པ་ལ་གསུམ། སྨོན་སེམས་བསྐྱེད་པ། ཚོགས་གསག་པ། འཇུག་པ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའོ། །དང་པོ་ནི། ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ་དོན་ཡིད་ལ་དྲན་བཞིན་པས། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདགས་སླད་དུ་སངས་རྒྱས་བསྒྲུབ་པར་བགྱི༔ གཉིས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ་སོགས་དམིགས་འདོན་ཟུང་དུ་ཆུད་པས། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ གསུམ་པ་ནི། བདག་གི་བདེ་བ་གཞན་ལ་གཏོང་བའི་བྱམས་པ་དང་། གཞན་གྱི་སྡུག་བསྔལ་རང་གིས་བླང་བའི་སྙིང་རྗེ། དེ་དག་དང་མི་འབྲལ་བར་སྨོན་པའི་དགའ་བ། ཐམས་ཅད་མཉམ་ཉིད་དུ་བཏང་སྙོམས་པའི་བློ་ཕྱོགས་རིས་དང་བྲལ་བས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པའི་འདུན་པ་དང་བཅས། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ ཅེས་བརྗོད། བཞི་པ་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ། ཐོག་མར་རྟེན་གྱི་སྟོབས་ལྷ་གསལ་གདབ་པ་ནི། ཨ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དྲི་མེད་སྟོན་ཀའི་ཟླ་བའི་མདངས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ རང་འོད་སྙེམས་མ་དགྱེས་པར་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཞེས་གསལ་བཏབ་སྟེ། རྣམ་པར་སུན་འབྱིན་པའི་སྟོབས་སྡིག་ལྟུང་ལ་གནོང་འགྱོད་དྲག་པོ་སྔོན་དུ་འགྲོ་བས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྔགས་བཟླ་བའི་དམིགས་པ་ཡིད་ལ་བྱ་བ་ནི། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས༔ བདེ་གཤེགས་ཀུན་གྱི་ཐུགས་སྲོག་ཧཱུྃ༔ ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར༔ བཟླས་པས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་བདུད་རྩིའི་ཆུ་རྒྱུན་བབ༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ སྡིག་སྒྲིབ་ཉམས་ཆག་ཀུན་བྱང་ནས༔ དག་ཅིང་དྲི་མ་མེད་པར་གྱུར༔ ཞེས་བརྗོད་ཅིང་བསམས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡེཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཅི་ནུས་དང་། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་པའང་ཅི་རིགས་པར་བཟླས་མཐར་སྤྲོ་ཞིང་ནུས་ན། ཧོ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ ཞེས་སོགས་སྨྲེ་བཤགས་བྱ་ཞིང་། མི་ནུས་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཅིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་ཉིད་ཀྱང་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ། ལྔ་པ་ཚོགས་གསག་པའི་སླད་དུ་མཎྜལ་འབུལ་བ་ནི། རིན་པོ་ཆེའི་མཎྜལ་དྲི་བཟང་གི་ཆུ་ཚོམ་བུའི་རྒྱུ་སོགས་སྟ་གོན་བྱས་ལ། ལུས་ཀྱིས་ཚོམ་བུ་འགོད་པ་དང་བསྟུན་ནས་ངག་ཏུ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ བསྡུ་ན། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་བརྗོད་ཅིང་ཡིད་ཀྱིས་རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་ཕུལ་བ་ཕྱིའི་མཎྜལ། རང་རང་གི་ཕུང་ཁམས་སྐྱེ་མཆེད་གཅེས་པར་བཟུང་བའི་བདོག་དགུའི་ཚོགས་དང་བཅས་ཏེ་ཕུལ་བ་ནང་གི་མཎྜལ། དེ་ཐམས་ཅད་འཁོར་གསུམ་མི་དམིགས་པའི་ལྟ་བའི་རྒྱས་ཐེབས་པ་གསང་བའི་མཎྜལ་ཏེ། གསུམ་ཀ་ཕྲུགས་གཅིག་ལ་མང་དུ་འབུལ་ཞིང་མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ་མོ། །གཉིས་པ་དངོས་གཞི་ལ་གསུམ། མདུན་རྟེན་ཚོགས་ཞིང་བསྒྲུབ་པ། ཚོགས་གསག་རྒྱས་པར་སྤེལ་བ། ཕུར་ཚུགས་སུ་གསོལ་བ་གདབ་པའོ། །དང་པོ་ནི། རང་ཉིད་གཉུག་མའི་ལྷ་གང་ཡང་རུང་བའམ། དཔལ་རྡོ་རྗེ་སེམས་དཔར་གསལ་བཞིན་པའི་ངང་། ཐ་མལ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ་པ་ལས། སྣོད་རྣམ་པར་དག་པ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས། གནས་རྣམ་པར་དག་པ་ཐར་པ་ཆེན་པོའི་གཞལ་མེད་ཁང་། བཅུད་རྣམ་པར་དག་པ་རིག་འཛིན་བླ་མའི་ལྷ་ཚོགས་ཀྱི་ཕྱག་རྒྱར་སད་པའི་མོས་འདུན་རྩེ་གཅིག་པས་འདི་ལྟར་གསལ་གདབ་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྷཱོ྅་ཧཾ། གཟུང་འཛིན་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན། །འོད་གསལ་སྟོང་ཉིད་དབྱིངས་སུ་ཐིམ་པའི་རྩལ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ནི། །ཕྱི་སྣོད་བདེ་ཆེན་པདྨོ་བཀོད་པའི་ཞིང་། །མནན་ནེམ་བཏེགས་འཕར་གསེར་གྱི་ས་གཞི་ལ། །བཻ་ཌཱུར་ཞུན་མའི་རེ་ཁཱ་ཅིར་ཡང་བཀྲ །རིན་ཆེན་རི་བོ་ནོར་བུ་བྲག་སྐྱིབས་དང་། །ཡན་ལག་བརྒྱད་ལྡན་བདུད་རྩིའི་ཆུ་ཀླུང་འབབ། །དགོས་འདོད་ཀུན་འབྱུང་དཔག་བསམ་ལྗོན་པའི་ཤིང་། །སྤྲུལ་པའི་བྱ་དང་རི་དྭགས་ཚོགས་ཀྱིས་བརྒྱན། །མེ་ཏོག་ཆར་འབེབ་འཇའ་ཟེར་ཐིག་ལེའི་སྤྲིན། །རྣམ་མང་མཆོད་པའི་བྱེ་བྲག་དུ་མ་སོགས། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །བྱང་ཆུབ་སེམས་དཔའི་ནོར་བུའི་གཞལ་མེད་ཁང། །ཡངས་ཤིང་རྒྱ་ཆེ་འོད་ཟེར་འབར་བའི་དཀྱིལ། །རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས༔ སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་གཟི་འོད་འབར༔ པད་ཞྭ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ གསང་བའི་ཕྱག་རྒྱ་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ ཞབས་གཉིས་རོལ་སྟབས་འཇའ་ཚོན་འོད་ལྔའི་ཀློང༔ རབ་འབྱམས་རྩ་བ་གསུམ་གྱི་སྤྲིན་ཕུང་འཕྲོ༔ སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་གྱུར༔ ཞེས་པ་ཙམ་མམ། སྤྲོ་ཞིང་ནུས་ན། དེ་ལྟར་དུ་གསལ་བའི་སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་དུ་ཉིད་ལས་མི་གཞན་པའི་ཐོད་ཕྲེང་རིགས་ལྔ་དང་། རིག་འཛིན་རྩལ་འཆང་བཅུ་གཉིས། སྤྲུལ་པའི་གུ་རུ་མཚན་བརྒྱད། ཡིད་བཞིན་ནོར་བུ་གུ་རུ་བཅུ་གསུམ། འགྲོ་འདུལ་གུ་རུ་རིགས་དྲུག །འཕྲུལ་མཚན་བཞི་བཅུ་རྩ་ལྔ། མཚན་གྱི་བྱེ་བྲག་བརྒྱ་རྩ་ལ་སོགས་པའི་སྤྲུལ་པ་དང་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟར་སྤྲོ་ཞིང་བསྡུ་བའི་བདག་ཉིད་ཆེན་པོའི་དབུའི་སྤྱི་བོའི་གཙུག་ཏུ་པདྨ་དང་ཟླ་བའི་གདན་ལ་རིག་འཛིན་ཤྲཱི་སིཾ་ཧ་སྐུ་མདོག་དམར་སྨུག་གཡས་སྡིགས་མཛུབ་ནམ་མཁར་བསྒྲེང་ཞིང་། གཡོན་མཉམ་གཞག་གི་སྟེང་ན་ཐོད་པ་བདུད་རྩིས་གང་བ་བསྣམས་པ་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན། གཡས་སུ་སློབ་དཔོན་འཇམ་དཔལ་བཤེས་གཉེན། གཡོན་དུ་པཎ་ཆེན་ཛྙཱ་ན་སུ་ཏྲ། དེའི་དབུའི་སྤྱི་བོའི་གཙུག་ཏུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ། གཡས་སུ་མགོན་པོ་འོད་དཔག་མེད། གཡོན་དུ་འགྲོ་འདུལ་ཐུགས་རྗེ་ཆེན་པོ། དེའི་དབུའི་སྤྱི་བོའི་གཙུག་ཏུ་ལོངས་སྐུ་རྡོ་རྗེ་སེམས་དཔའ་དང་། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། ཆོས་སྐུ་ཀུན་བཟང་ཡབ་ཡུམ་རྣམས་ཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་པ་ལ་ཆོས་ཉིད་མངོན་སུམ་དང་། ཉམས་སྣང་གོང་འཕེལ་དང་། རིག་པ་ཚད་ཕེབས་དང་། ཆོས་ཉིད་ཟད་པའི་ས་ལ་བཞུགས་པའི་འོད་གསལ་སྙིང་ཏིག་གི་བླ་མ་བརྒྱུད་པ་རྣམས་དང་། གཞན་ཡང་མཁས་པ་ཉི་ཤུ་རྩ་གཅིག་སོགས་སེམས་ཀློང་མན་ངག་ཕྱི་ནང་གསང་སྐོར་གྱི་བླ་མ་བརྒྱུད་པ་རྣམས་ཀྱིས་བསྐོར་བ། གཡས་ཀྱི་ཆར་སེང་ཁྲི་པད་ཟླའི་སྟེང་དུ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ཕྱག་གཡས་ཆོས་འཆད་དང་། གཡོན་མཉམ་གཞག་གི་སྟེང་ན་རྒྱུད་ལུང་གི་གླེགས་བམ་བསྣམས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་གྱི་དབུ་གཙུག་ཏུ་དམ་པའི་རིགས་ཅན་དྲྭ་མ་ལྔ། རྒྱལ་སྲས་རིགས་གསུམ་མགོན་པོ། རིགས་ལྔ་ཧེ་རུ་ཀ་ཡབ་ཡུམ། མཐའ་སྐོར་དུ་འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་ས་ལ་བཞུགས་པའི་ལུང་ཨ་ནུ་ཡོ་གའི་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་ཀྱིས་བསྐོར་བ། གཡོན་ཕྱོགས་ཀྱི་ཆར་སེང་ཁྲི་པད་ཟླའི་སྟེང་དུ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་གཡས་ཆོས་འཆད་དང་། གཡོན་མཉམ་གཞག་གི་སྟེང་ན་སྒྱུ་འཕྲུལ་དྲྭ་བའི་གླེགས་བམ་བསྣམས་པ་པཎྜི་ཏའི་ཆ་བྱད་ཅན་གྱི་དབུ་གཙུག་ཏུ་སློབ་དཔོན་ཆེན་པོ་སྒེག་པའི་རྡོ་རྗེ། རིག་འཛིན་སློབ་དཔོན་རྣམ་བརྒྱད་སོགས་རྒྱུད་དང་། སྒྲུབ་སྡེའི་ཤིང་རྟ་ཆེན་པོ་རྣམས་དང་། མཐའ་སྐོར་དུ་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའི་ས་ལ་བཞུགས་པའི་བསྐྱེད་པ་མ་ཧཱ་ཡོ་གའི་རིག་འཛིན་གྲུབ་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་དག་གི་བར་མཚམས་རྣམས་སུ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ལས་དངོས་གྲུབ་བརྙེས་པ་རྣམས་དང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །རྨད་དུ་བྱུང་བའི་སློབ་དཔོན་གཉིས་སོགས་སྡེ་སྣོད་གསུམ་གྱི་ཤིང་རྟ་ཆེན་པོ་རྣམས་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པ། གཙོ་མཆོག་སྣང་སྲིད་ཟིལ་གནོན་རྩལ་གྱི་སྐུའི་གཡས་ཕྱོགས་སུ་འོད་གསལ་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་སློབ་དཔོན་བི་མ་ལ་མི་ཏྲ། གཡོན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོ། མཐའ་སྐོར་ཀུན་ཏུ་མཁྱེན་རབ་ཀྱི་བདག་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། དཔལ་ཧེ་རུ་ཀ་ནམ་མཁའི་སྙིང་པོ། འཇམ་དཔལ་ཁྲག་འཐུང་སངས་རྒྱས་ཡེ་ཤེས། དབང་ཆེན་སྤྲུལ་པ་རྒྱལ་བ་མཆོག་དབྱངས། གསང་སྔགས་ཆུ་བོ་བཞིའི་བཀའ་བབ་བནྡེ་དྲི་མེད་ཟླ་ཤར། མཐུ་སྟོབས་ཀྱི་མངའ་བདག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས། བོད་ཁམས་ཕུར་ཐོགས་ཡོངས་ཀྱི་རྗེ་བཙན་སྔགས་པ་རྡོ་རྗེ་བདུད་འཇོམས། སློབ་དཔོན་ཉིད་དང་དགོངས་པ་མཉམ་པའི་རྣམ་པར་སྣང་མཛད་བཻ་རོ་ཙ་ན། སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔལ་ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་མཆེད་དང་། རྡོ་རྗེའི་གཟུངས་མ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས་རྗེ་འབངས་ལོ་པཎ་གྲུབ་ཐོབ་རྒྱ་མཚོ་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་ཚོགས་ཀྱིས་བསྐོར་བ། དེ་རྣམས་ཀྱི་མདུན་ཕྱོགས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་རྒྱུད་སྡེ་དྲུག་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། གཡས་སུ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་གླེགས་བམ་བྲག་རི་བརྩེགས་པའི་རྣམ་པ། གཡོན་དུ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་། གནས་བརྟན་བཅུ་དྲུག་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་འཐིབས་པ་ལྟར་བཞུགས་པ་དེ་ཐམས་ཅད་ཀྱང་། བླ་མ་ཨོ་རྒྱན་རིན་པོ་ཆེ་སྐུ་དགྱེས་འཛུམ་མཚན་དཔེའི་གཟི་བྱིན་གྱིས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ། གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒོ་མཐའ་ཡས་པ་ཕྱེ་བ། ཐུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའི་དབྱིངས་ལས་མ་གཡོས་བཞིན་དུ། མཁྱེན་བརྩེ་ནུས་པའི་ཡོན་ཏན་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ། སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོར་བཞུགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་རོལ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་ལོར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་འཁོར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང་བསམས་ལ། སྤོས་བཏུལ་ཞིང་སྙན་པའི་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱི༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔་་་ཐུགས་སྒྲུབ་དགོངས་པ་ཀུན་འདུས་སོགས་ལས་གསུངས། དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་ལྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་དཔའ་བོ་ཕོ་རྒྱུད་སྤུངས་སེ་སྤུང༔ གཡོན་ན་མོ་རྒྱུད་མཁའ་འགྲོ་ཤ་ར་ར༔ བར་སྣང་ཐམས་ཅད་དར་དུ་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ རྣལ་འབྱོར་སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་ཐམས་ཅད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཡང་ཡང་བརྗོད་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿ སྤྱན་དྲངས་པའི་ལྷ་ཚོགས་རྣམས་མདུན་གྱི་ཚོགས་ཞིང་རྣམས་དང་དབྱེར་མེད་དུ་བཞུགས་པར་བསམ་ལ་མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་དོ། །གཉིས་པ་ཚོགས་གསག་རྒྱས་པར་སྤེལ་བ་ལ་ཡན་ལག་བདུན་ལས་དང་པོ་ཕྱག་འཚལ་བ་ནི། མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་སོགས་མཆོད་པའི་ལས་རིམ་ལ་འཇུག་པར་གྱུར་པའི་མོས་པས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཀུན་བཟང་རིགས་ལྔ་རིགས་གསུམ་དགའ་རབ་རྗེ། །ཤྲཱི་སིཾ་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛཿ སངས་རྒྱས་གསང་བ་རིག་འཛིན་མཆོག་བརྒྱད་སོགས། །བཀའ་བབས་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེ་དང་ཨ་ནུ་ཨ་ཏི་སོགས། །ཐེག་པ་རིམ་དགུའི་ཆོས་ཚུལ་རྒྱ་མཚོ་ཡི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་དངོས་རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ། ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱའི་རྒྱལ༔ མགོན་པོ་ཚེ་དཔག་མེད་དང་སྤྱན་རས་གཟིགས༔ དབྱེར་མེད་པདྨ་དེ་ལ་ཕྱག་འཚལ་ལོ༔ སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ གསུང་གི་བདག་ཉིད་དབང་ཆེན་རྟ་སྐད་འཚེར༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔ གུ་རུ་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ༔ ཡོན་ཏན་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀ༔ ཕྲིན་ལས་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མ་མོ་མཁའ་འགྲོའི་གཙོ་བོ་མངོན་རྫོགས་རྒྱལ༔ དཔལ་ཆེན་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྐུ་ཡི་དབྱིངས་སུ་སྒྱུ་འཕྲུལ་ཞི་ཁྲོའི་དངོས༔ གསུང་གི་གདངས་སྐད་ཡན་ལག་བཅུ་གཉིས་ལྡན༔ ཐུགས་ཀྱི་དགོངས་པ་ཟང་ཐལ་ཡོངས་ལ་ཁྱབ༔ མཁའ་འགྲོ་གཙོ་བོ་རྗེ་ལ་ཕྱག་འཚལ་ལོ༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔ དྲིན་ཆེན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ རིགས་ཀུན་ཁྱབ་བདག་པདྨ་ཐོད་ཕྲེང་གི །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་སྒྱུ་འཕྲུལ་དྲྭ་བའི་ཚུལ། །སྐྱབས་གནས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །འཇའ་ལུས་ཤིང་རྟའི་སྲོལ་འབྱེད་བི་མ་ལ། །གངས་ཅན་བསྟན་པའི་ཉི་མ་ཞི་བ་འཚོ། །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་སོགས། །བཀའ་དྲིན་ཆེ་ལྡན་རྣམས་ལ་ཕྱག་འཚལ་ལོ། །ཐུགས་སྲས་ཉེར་ལྔ་སོ་ཟུར་གནུབས་ཉང་སོགས། །ལོ་པཎ་མཁས་གྲུབ་རིམ་པར་བྱོན་རྣམས་དང་། །འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་བསྐྱེད་རྫོགས་རྫོགས་པ་ཆེའི། །རྒྱུད་སྡེ་དྲུག་ལས་ལེགས་པར་གསུངས་པ་ཡི། །དངོས་གྲུབ་ཆར་འབེབས་ཞི་དང་ཁྲོ་བོའི་ཚུལ། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འགོག་བདེན་ཞི་བ་དམ་པ་གངས་ཆེན་མཚོ། །ལམ་བདེན་ལུང་གི་འཁོར་ལོ་བདུད་རྩིའི་སྤྲིན། །གདུལ་བྱའི་ཁམས་དང་མཐུན་པར་ཡོངས་ཤར་བའི། །རིམ་དགུའི་ཐེག་པའི་ཆོས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་པྲ་ཎ་མེ་ཎ་བྷནྡྷ་ནཾ་ཀ་རོ་མི། ཞེས་ཕྱག་བྱ། གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་ཁྱད་པར་དང་། །མཐར་ཐུག་ཐུན་མོང་ཏིང་འཛིན་ནོ། །ཞེས་པ་ལྟར་བདུན་ལས། དང་པོ་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་ནི། མཆོད་རྫས་རྣམས། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་སྔགས་བརྗོད་པས་སླར་ཡང་རྒྱས་པར་སྤེལ་ལ། ཧཱུྃ་ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་བཞིན་དུ། བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་མེད་ཞབས་བསིལ་གདྒཱའི་རྒྱུན་བཞིན་སྦྲེང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་པཱ་དྱཱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ནཻ་བི་དྱ་པྲ་ཏཱིཙྪ་སྭཱ་ཧཱ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ གཉིས་པ་ནང་མཆོད་འདོད་ཡོན་གྱི་མཆོད་པ་ནི། ཨོཾ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ སྣང་སྟོང་ཟུང་འཇུག་རྡོ་རྗེ་མ༔ དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པ༔ རྩ་གསུམ་ལྷ་ཚོགས་སྤྱན་ལ་ཐིམ༔ ཨོཾ་རཱུ་པ་བཛྲཱི་ཨོཾ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ གྲགས་སྟོང་སྒྲ་ཡི་རྡོ་རྗེ་མ༔ དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པ༔ རྩ་གསུམ་ལྷ་ཚོགས་སྙན་ལ་ཐིམ༔ ཨོཾ་ཤབྡ་བཛྲི་ཧཱུྃ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ ཚོར་སྟོང་དྲི་ཡི་རྡོ་རྗེ་མ༔ དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པ༔ རྩ་གསུམ་ལྷ་ཚོགས་ཤངས་ལ་ཐིམ༔ ཨོཾ་གནྡྷེ་བཛྲཱི་ཏྲཱཾ༔ ཧྲཱི༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ མྱོང་སྟོང་རོ་ཡི་རྡོ་རྗེ་མ༔ དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པ༔ རྩ་གསུམ་ལྷ་ཚོགས་ལྗགས་ལ་ཐིམ༔ ཨོཾ་རཱ་ས་བཛྲི་ཧྲཱི༔ ཨཱ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ གསལ་སྟོང་རེག་བྱའི་རྡོ་རྗེ་མ༔ དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པ༔ རྩ་གསུམ་ལྷ་ཚོགས་སྐུ་ལ་ཐིམ༔ ཨོཾ་སྤརྴེ་བཛྲི་ཨཱ༔ ཨ༔ འོད་གསལ་ཡེ་ཤེས་ངོ་བོ་ཉིད༔ རིག་སྟོང་ཆོས་ཀྱི་རྡོ་རྗེ་མ༔ དཔག་ཡས་ནམ་མཁའི་དབྱིངས་ཁྱབ་པ༔ རྩ་གསུམ་ལྷ་ཚོགས་ཐུགས་ལ་ཐིམ༔ ཨོཾ་དྷརྨཱ་དྷཱ་ཏུ་བཛྲི་ཨཱ༔ གསུམ་པ་གསང་བ་བདེ་ཆེན་གྱི་མཆོད་པ་ནི། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ པད་ཅན་དུང་ཅན་རི་དྭགས་གླང་སྣ་ཅན༔ རི་མོ་ཅན་སོགས་མཉེན་ལྕུག་འཁྲིལ་ལྡེམ་གྱི༔ འཇོ་སྒེག་ཉམས་ལྡན་རིན་ཆེན་ཕྲེང་བས་མཛེས༔ གླུ་གར་སྒྱུར་མཛད་མཛེས་པའི་ཕུལ་ཕྱིན་མ༔ རོལ་མོའི་རིགས་ཐོགས་བཅུ་དྲུག་ཕྲག་དུ་མ༔ དགའ་བཞི་སྐྱེད་ཕྱིར་རྩ་གསུམ་ལྷ་ལ་འབུལ༔ ཟག་མེད་བདེ་ཆེན་ངང་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་བཛྲ་ལཱ་སྱེ་མཱ་ལེ་གཱིརྟི་ནཱིརྟི་ཨཱཿཧཱུྃ༔ བཞི་པ་ཁྱད་པར་གྱི་མཆོད་པ་ལ་གསུམ་ལས། དང་པོ་བདུད་རྩིའི་མཆོད་པ་ནི། ཨོཾ༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་མཆོག༔ རྡོ་རྗེའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་ལྡན་བདེ་བ་ཆེ༔ ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས༔ ཟེགས་མ་གང་ལ་རེག་པས་དོན་འགྲུབ་པའི༔ ཕན་ནུས་ལྡན་པའི་ཕུད་འདི་འབུལ་བར་བགྱི༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ གཉིས་པ་རཀྟའི་མཆོད་པ་ནི། དུང་ཆེན་སྣོད་དུ་མཚན་འཛིན་རུ་ཏྲ་བཀུག༔ ཁྲོ་བོའི་མཚོན་ཆ་རྡོ་རྗེས་རབ་བསྒྲལ་ཏེ༔ དམར་ཆེན་རྦ་རླབས་ཕྱོགས་བཅུ་ཀུན་ཏུ་གཡོ༔ བདེ་སྟོང་ཆགས་མེད་རཀྟའི་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་གཏོར་མའི་མཆོད་པ་ནི། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་མཐར་ཐུག་དོན་གྱི་མཆོད་པ་ནི། ཨཿ ཆོས་དབྱིངས་རྩལ་ལས་སྤྲུལ་པའི་མཆོད་པ་རྣམས༔ གཉིས་མེད་རོལ་པ་ཆེན་པོའི་ཀློང་དུ་ཐིམ༔ ཡེ་ནས་མཆོད་དང་མཆོད་ཡུལ་དམིགས་གཏད་བྲལ༔ རང་བྱུང་ལྷུན་གྲུབ་མཆོད་པ་ཆེན་པོ་འོ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ དྲུག་པ་ཐུན་མོང་མཎྜལ་གྱི་མཆོད་པ་ནི། རིན་པོ་ཆེའི་མཎྜལ་བྱི་དོར་ལེགས་པར་བྱས་ལ་དྲི་བཟང་པོའི་བརླན་དང་བཅས་ཏེ་སྨན་དང་འབྲུ་དང་རིན་པོ་ཆེ་སོགས་ཀྱིས་ཚོམ་བུ་དགོད་ཅིང་། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་རཏྣ་མཎྜ་ལ་ཀཾ་ནིརྻ་ཏཱ་ཡཱ་མི། ཞེས་དང་། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ཞེས་སོགས་གོང་གི་སྦྱོར་བའི་སྐབས་སུ་སྨོས་པ་དག་ལན་བརྒྱ་སྟོང་སོགས་ཅི་ནུས་སུ་འབུལ་ལོ། །བདུན་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། གཞན་ཡང་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་སྤྲོས་ཏེ་ཕུལ་བར་མོས་ཏེ། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ །བླ་བྲེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །རྩ་གསུམ་ལྷ་ལ་རྒྱས་པར་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །ཞེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་སོགས་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་དོ། །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི། །ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང་། །དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས། །དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ། །ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ། །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ། །བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ། །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ། །བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་བཅའ་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱིད། །དུས་གསུམ་བྱས་བསགས་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་དང་ཡི་གེ་བརྒྱ་པ་བརྗོད། རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས་དཔའ་དང་། །འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིས་དང་བགྱིད་བསྩལ་དང་། །བགྱིད་པར་འགྱུར་བ་ཀུན་ལ་རྗེས་ཡི་རང་། །གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། ཁམས་དེའི་རང་བཞིན་དག་པ་མཐོང་བྱའི་ཕྱིར། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །སྲིད་པའི་མུན་ནག་འཐིབ་པོ་བསལ་སླད་དུ། །འཁོར་བ་ཇི་སྲིད་སྒྲོན་མེ་མཛད་པར་གསོལ། །ཡོན་ཏན་དགེར་འོས་རྒྱལ་བའི་བྱང་ཆུབ་མཆོག །སྐྱེ་དགུ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པས། །འགྲོ་ཀུན་ཐར་པའི་ལམ་དུ་ཕྱིན་པར་ཤོག །ཡན་ལག་བདུན་པ་གྲངས་གསོག་ན། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ ཞེས་སོགས་གོང་གི་སྦྱོར་བའི་སྐབས་བཞིན་ཅི་རིགས་གསོག །ཞར་བྱུང་སྡོམ་པ་བཟུང་བར་སྤྲོ་ན། རྒྱས་པར་དམ་བཅའ་ཉེར་བརྒྱད་པ་སོགས་བྱ་བའམ། བསྡུ་ན། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ་གྱིས་བཟུང་ངོ་། །གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ལ་གསུམ། སྤྱི་དང་། བྱེ་བྲག །ཁྱད་པར་རོ། །དང་པོ་ནི། ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ འཛམ་བུ་གླིང་སྤྱི་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་སླད་ཆེད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད༔ རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་འགྱུར་རོ༔ ཞེས་གསུངས་པ་ལྟར། རང་ཉིད་ཀྱི་རྩ་བའི་བླ་མ་དང་ཨོ་རྒྱན་རིན་པོ་ཆེ་དབྱེར་མེད་པ་ཉིད་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་དུ་ངེས་པས༔ མདུན་གྱི་ནམ་མཁར་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པའི་སྐྱབས་ཡུལ་ཐམས་ཅད་ཀྱང་བླ་མ་པདྨ་ཐོད་ཕྲེང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་དུ་ཐག་བཅད། ངེས་ཤེས་བསྐྱེད། མོས་གུས་གདུང་ཤུགས་དྲག་པོས། གསོལ་འདེབས་ལེའུ་བདུན་པ་དང་བསམ་པ་ལྷུན་གྲུབ་མ་དང་བཅས་པའི་སྒོ་ནས་གསོལ་བ་གདབ། གཞན་ཡང་ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་ཀྱི་རིགས་བྱིན་རླབས་ཅན་རྣམས་དང་། ཡོ་ག་གསུམ་སོགས་རྩ་བརྒྱུད་ཀྱི་བླ་མའི་གསོལ་འདེབས་ཀྱང་བྱ། དེ་ཙམ་མི་འགྲུབ་ན། གཏེར་ཁ་འདི་ཉིད་ཀྱི། ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ ཞེས་སོགས་ཇི་ལྟར་ནུས་པ་བརྗོད། གཉིས་པ་བྱེ་བྲག་ཏུ་ཕྱི་གསོལ་འདེབས་ལ་བརྟེན་ནས་སྒྲུབ་པ་དངོས་ནི། རྡོ་རྗེའི་གསུང་ལས། དམ་པའི་ཆོས་ཚུལ་བཞིན་དུ་བྱེད་པ་ལ་བར་ཆད་ཀྱི་རྣམ་པ་མཐའ་ཡས་པ་ཞིག་འབྱུང་ནའང༔ དེ་སེལ་བའི་ཐབས་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་ཏེ༔ དེ་ལས་ལྷག་པའི་གདམས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གསུངས་མི་གསུང་གསུང་བར་མི་འགྱུར་རོ༔ བར་ཆད་ཐམས་ཅད་བསལ་ན་དངོས་གྲུབ་ཀྱང་དེས་ཐོབ་པ་ཡིན༔ དེ་ལ་བརྟེན་ནས་ལམ་ཐམས་ཅད་ཀྱང་བགྲོད་པ་ཡིན་པས༔ ཐོག་མར་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་སླད་དུ་བླ་མ་ལ་གསོལ་བ་འདེབས་པ་ཉིད་གལ་ཆེའོ༔ ཞེས་དང་། ཁྱད་པར་བར་ཆད་ཐམས་ཅད་དུ་སེལ་བའི་དོན་དུ་གསོལ་བ་འདི་ལྟར་དུ་ཐོབ་ཅིག༔ ཅེས་གསུངས་པ་ལྟར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཞེས་སོགས་གསོལ་འདེབས་རྒྱས་པ་བརྒྱ་རྩ་སོགས་གང་འགྲུབ་དང་། གསོལ་འདེབས་ཐམས་ཅད་ཀྱི་དོན་བསྡུས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་རྡོ་རྗེའི་ཚིག་རྐང་དྲུག་པ་འདི་ཉིད་གྲངས་ཅི་མང་དུ་གསག་གོ །གསུམ་པ་ཁྱད་པར་བ་གསོལ་འདེབས་ཀྱི་བསྙེན་པ་བཟླ་བ་ནི། དེ་ལྟར་གསོལ་བ་བཏབ་པས་ཚོགས་ཞིང་རྣམས་ཀྱི་གནས་གསུམ་ནས་འཇའ་འོད་ཐིག་ལེ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་པ་བྱུང་ནས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པའི་མོས་པ་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ། སྐབས་སྐབས་སུ་གསོལ་འདེབས་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། ཐུན་བསྡུ་བ་ནི། ཨོཾ་ཨཱཿཧཱུྃ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་པའི་སྤྲིན། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤབྡ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། སྐྱབས་ཀུན་འདུས་ཞལ་གུ་རུ་རིན་པོ་ཆེར༔ གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོང་བ་དང༔ སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས། ཚོགས་ཞིང་རྣམས་ཀྱི་གནས་བཞི་ནས་འོད་ཟེར་དཀར་དམར་མཐིང་ག་དང་སྣ་ཚོགས་པའི་མདོག་ཅན་བྱུང་། རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ་པར་བསམས་ལ། བླ་མ་ལྷར་བཅས་སྐུ་ཡི་གནས་བཞི་ནས༔ འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས༔ བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར༔ ཅེས་བརྗོད་པས་ཞར་བྱུང་དབང་བླང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་མཆོད་གཏང་རག་དབང་བཞི་བླང་། །ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་དོ། །ཞེས་པ་ལྟར་ལྔ་ལས། དང་པོ་ནི། ཆོས་སྲུང་སྤྱི་བྱེ་བྲག་གི་གཏོར་མ་བསྔོ་བར་འདོད་ན། སྐབས་འདིར་གཏོར་ཆོག་རྒྱས་བསྡུས་ཇི་ལྟར་རིགས་པས་བཏང་། དེ་ནས་བཱ་ལ་དང་མ་ད་ན་གཙོ་བོར་གྱུར་པའི་ཐབས་ཤེས་ཀྱི་ཚོགས་རྫས་བཤམས་ལ་བདུད་རྩིས་བྲན་ནས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱོང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོ༔ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔ གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ སརྦ་བིགྷཱ་ན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ ཅེས་རིམ་པར་ཕུལ། སྤྲོ་ན་སྐོང་བཤགས་རྒྱས་བསྡུས་ཇི་ལྟར་རིགས་པའང་གཏང་། ལས་ཀྱི་རྡོ་རྗེ་ཐབས་ཤེས་ཀྱི་རྫས་བསྣོལ་མར་ཐོགས་ཏེ། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཅེས་ཕུལ་བ། ཨ་ལ་ལ་ཧོ༔ ཞེས་པས་བླངས་ཏེ། ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་པའི་མཐར་ལྷག་མ་བསྡུས་ཏེ། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཕེཾ་ཕེཾ་ཞེས་པས་ལྷག་སྡུད་སྤྱན་དྲང་། བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་ཕུལ། བླ་མ་རིག་འཛིན་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ བདག་དང་མཁའ་མཉམ་འགྲོ་བ་ཀུན༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་སྨོན་ལམ་གདབ། ཆོས་སྐྱོང་གི་གཏོར་འབུལ་ཡོད་ན་སྐབས་འདིར་འབུལ་ཞིང་། གྲངས་གསོག་ན་ཚར་རྗེས་མའི་སྨོན་ལམ་གྱི་མཇུག་ཏུ་འབུལ་ལོ། མཆན། གྲངས་གསོག་ན། སླར་ཡང་མཆོད་གཏོར་ཞལ་གསོ། མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་མངོན་སུམ་དུ་བཞུགས་པའི་ཞེས་སོགས་གོང་གི་ཕྱག་འཚལ་ནས་བཟུང་འདི་ཡན་བསྐྱར། དེའང་གསོལ་འདེབས་སྐབས་ལེའུ་བདུན་མ་སྡེ་ཚན་རེ་རེ་ནས་རེས་མོས་སུ་བཏང་། མཇུག་ཏུ། ཕྱོགས་བཅུ་དུས་བཞིའི་སོགས་སྨོན་ལམ་རྒྱས་བསྡུས་ཇི་ལྟར་རིགས་པ་བཏབ་ལ་གྲངས་བཟུང་ངོ་། །གཉིས་པ་བཏང་རག་འབུལ་བ་ནི། མཆོད་པ་གསར་དུ་བཤམ་པའམ་ཞལ་གསོ་བ་ལ་མཆོད་པའི་སྤྲིན་གྱི་སྔགས་བརྗོད་པས་རྒྱས་པར་སྤེལ། ཨོཾ་ཨཱཿ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་སོགས་ཀྱི་མཐར། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང་། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོ་འོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ། གསུམ་པ་དབང་བཞི་བླང་བ་ལ། ཏིང་ངེ་འཛིན་གྱི་དབང་བསྐུར་ཅུང་ཟད་རྒྱས་པར་བླང་བར་སྤྲོ་ན་མཎྜལ་ཕུལ། སྐྱབས་ཀུན་འདུས་ཞལ་གུ་རུ་རིན་པོ་ཆེར༔ གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོང་བ་དང༔ སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས་འཁོར་གྱི་ཚོགས་ཞིང་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རིགས་ཀུན་ཁྱབ་བདག་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་ཐིམ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་བཞུགས་པའི་ཐུགས་ཀ་ནས་གདན་གསུམ་ཚང་བའི་ལྷ་ནམ་མཁའ་གང་བར་སྤྲོས་ཏེ། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བར་གྱུར་པར་བསམས་ལ། ཨོཾ་ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ སངས་རྒྱས་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ བཀྲ་ཤིས་བུམ་པའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔་་་སྙིང་བྱང་གི་རབ་གནས་ལས་སོ། །ཞེས་གསུང་ཞིང་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །བླ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་གྱི་རྣམ་པར་བཞེངས་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བཞག་པར་གྱུར་པའི་མོས་པས། ཨཱ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀུན༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་ཆུས༔ སངས་རྒྱས་རྡོ་རྗེའི་གསུང་འགྲུབ་ཕྱིར༔ བདེ་ཆེན་གསང་བའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨོཾ་ཨཱཿཧཱུྃ་གིས་མྱངས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །བླ་མའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར་པའི་མོས་པས། ཧཱུྃ༔ དགའ་བའི་གནས་སྦྱིན་ལྷ་མོ་ནི༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མས༔ སངས་རྒྱས་རྡོ་རྗེའི་ཐུགས་འགྲུབ་ཕྱིར༔ ཤེས་རབ་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་རྒྱ་དང་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱར་པས་དགའ་བ་བཞིའི་རིམ་པས་མཚོན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དབང་བཞི་པའི་སླད་དུ། བླ་མ་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པར་གྱུར་པའི་མོས་པས། ཨ༔ བདེ་བའི་རང་བཞིན་སྟོང་པ་ཉིད༔ ཟུང་འཇུག་དགོངས་པའི་རྩལ་ཆེན་པོས༔ སངས་རྒྱས་ཡེ་ཤེས་མངོན་འགྱུར་ཕྱིར༔ བསམ་གྱིས་མི་ཁྱབ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ བྱིན་རླབས་འཕོ་བའི་རིམ་པས་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་མངོན་སུམ་དུ་མཐོང་བར་བསམས་ལ་མཉམ་པར་གཞག །དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་མཎྜལ་ཕུལ། བསྡུ་ན་གོང་དུ་སྨོས་པ་ལྟར་འོད་ཟེར་སྤྲོ་བསྡུའི་ཚུལ་ལ་བརྟེན་ནས་བླངས་ནའང་རུང་ངོ་། །བཞི་པ་ཉེར་བསྡུའི་རྣལ་འབྱོར་ནི། སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །བདག་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང་། །བྱང་ཆུབ་བར་དུ་འབྲལ་མེད་རྟག་བཞུགས་ནས། །དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མ་ཨོ་རྒྱན་ཆེན་པོ་ཉིད༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཞེས་བརྗོད་ཅིང་བསམས་ལ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་ཉམས་བསྐྱང་ངོ་། །ལྔ་པ་བསྔོ་སྨོན་ཤིས་བརྗོད་ནི། རྒྱས་པར་སྤྲོ་ན་བཟང་པོ་སྤྱོད་པ་སོགས་མདོ་རྒྱུད་ནས་འབྱུང་བའི་བསྔོ་སྨོན་རྒྱ་ཆེར་བྱ་ཞིང་བསྡུ་ན། ཧོ༔ ཆོས་དབྱིངས་རོལ་པ་ཆེན་པོའི་དཀྱིལ་འཁོར་དུ༔ ཐེག་ཆེན་གསང་སྔགས་སྤྱོད་པའི་དགེ་བ་དང༔ དུས་གསུམ་བསགས་པའི་དགེ་ཚོགས་ཀུན་བསྡམས་ཏེ༔ བླ་མེད་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ བསོད་ནམས་འདི་ཡིས་མཐའ་ཡས་འགྲོ་བ་ཀུན༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང༔ རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ པདྨ་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་དང་། ཨོཾ༔ དགེ་ལེགས་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔་་་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས་སོ། ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔ བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ མ་བཅོས་སྤྲོས་མེད་འོད་གསལ་ཆོས་ཀྱི་དབྱིངས༔ བདེ་ཆེན་ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ གང་འདུལ་འགྲོ་བའི་དོན་མཛད་ཐུགས་རྗེའི་གཏེར༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་སྐབས་ཕྱི་ནང་རྒུད་པ་ཀུན་ཞི་ཞིང༔ ཕན་བདེའི་བསམ་ཀུན་ལྷུན་གྱིས་གྲུབ་པ་དང༔ མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ༔ མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ། སླར་ཡང་། ཕྱོགས་བཅུ་དུས་བཞིའི་སོགས་སྨོན་ལམ་དང་བདེན་པའི་སྟོབས་བརྗོད་པས་དགེ་ལེགས་སུ་བྱའོ། །འདིའི་སྒོ་ནས་ཕྱི་སྒྲུབ་ལ་བརྟེན་པའི་བསྙེན་པ་བཏང་བར་འདོད་ན་ཇི་སྐད་བཤད་པའི་རིམ་པས་ཐུན་བཞིའམ་གསུམ་དུ་བཅད་ལ་གསོལ་འདེབས་བར་ཆད་ལམ་སེལ་ཁྲི་དང་སྟོང་སོགས་གང་འགྲུབ། བསྡུས་པ་དུས་གསུམ་སངས་རྒྱས་མ་འབུམ་ཐེར། གསོལ་འདེབས་ཀྱི་སྙིང་པོ་འབུམ་ཕྲག་བཅུ་གཉིས་རྣམས་བཟླ་ཞིང་། ཚོགས་གསག་གི་རིམ་པའང་ཅི་ནུས་སུ་འབད་པས་བྱིན་རླབས་ཞུགས་པའི་རྟགས་རྣམས་མཐོང་བ་དང་། ཉམས་རྟོགས་ཀྱི་ཡོན་ཏན་དབྱར་གྱི་མྱུ་གུ་ལྟར་རྒྱས་པར་འགྱུར་རོ། །དེ་ལྟར་གྱི་རིམ་པ་འདིའང་། ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་རིམ་པར་ཕྱེ་བ་དང་པོའི་སྐབས་སུ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་། སྐབས་བཞི་པར་གསུངས་པའི་བླ་མའི་རྣལ་འབྱོར་གྱིས་དམིགས་རིམ་གཉིས་འབྲེལ་བསྡེབས་ཤིང་། གཏེར་གཞུང་རྡོ་རྗེའི་གསུང་རྣམས་ལ་རིགས་མཐུན་གྱི་ཚིག་གིས་མཚམས་སྦྱར་བ་དང་བཅས་ཅུང་ཟད་རྒྱས་པར་སྤེལ་བ་སྟེ། དེའང་བླ་མའི་རྣལ་འབྱོར་ལ་ལྟོས་པའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཚུལ་ཐམས་ཅད་དོན་གྱིས་ཚང་བར་འགྱུར་ནའང་། སྤྱིར་བཏང་མདུན་བསྐྱེད་གཙོ་བོར་བཏོན་ནས་ཚོགས་གསོག་པ་དང་གསོལ་བ་གདབ་ཅིང་དབང་བླང་བ་ཙམ་སྐབས་དོན་གྱི་སྙིང་པོར་ངེས་པས་ན་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ཞེས་སྨོས་པའང་ཤེས་པར་བྱའོ། །ཚུལ་འདི་ལྟ་བུའི་རྣལ་འབྱོར་ཟབ་མོ་རྒྱུན་དང་དུས་སུ་བརྩོན་པས་བར་ཆད་ཐམས་ཅད་ཞི་བ་དང་། དངོས་གྲུབ་རྣམ་པ་གཉིས་དཀའ་བ་མེད་པར་འགྲུབ་པ་ནི་མདོ་རྒྱུད་བསྟན་བཅོས་དང་བཅས་པ་ལས་རྒྱ་ཆེར་གསུངས་ཤིང་། མན་ངག་གི་མྱོང་བས་ཀྱང་གྲུབ་པའི་ཕྱིར་བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམ་དཔྱོད་ཅན་རྣམས་ཀྱིས་ནན་གྱིས་ནན་ཏན་དུ་ཉམས་སུ་བླང་བར་བྱ་བ་ཉིད་དོ། །མཚོ་སྐྱེས་བླ་མའི་བྱིན་རླབས་ཀྱི། །བདུད་རྩིའི་ཆུ་གཏེར་རྒྱས་པ་ལས། །དངོས་གྲུབ་འདོད་རྒུའི་ཆར་འབེབས་པའི། །ཐབས་ཚུལ་དཔག་བསམ་ཤིང་འདི་འཁྲུངས། །དེ་ལས་བྱུང་བའི་ལེགས་བྱས་འཆི་མེད་བཅུད། །བྱང་ཆུབ་སྤྱོད་པའི་རྒྱ་མཚོར་རོ་གཅིག་པས། །འགྲོ་ཀུན་སྲིད་ཞིའི་གདུང་བ་ཀུན་སེལ་ཞིང་། །ཕན་བདེའི་ངལ་འཚོ་རྟག་ཏུ་རྒྱས་གྱུར་ཅིག །ཅེས་པའང་ཐར་ལམ་བླ་མའི་བཀའ་དྲིན་ཁོ་ན་ལ་རེ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རང་གཞན་གྱི་རྒྱུད་ལ་ཚོགས་ཟུང་སྒོ་དུ་མ་ནས་སྤེལ་བ་དང་། བསྟན་འགྲོའི་དགེ་ལེགས་ཀྱི་དུས་སྟོན་རྒྱས་པར་དར་བའི་རྟེན་འབྱུང་སོགས་དགོས་པ་ཁྱད་པར་ཅན་གྱི་སླད་དུ་དམིགས་ནས་ཉུང་གསལ་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར། །འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་ཡི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་། །ཕན་བདེའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག། །།
བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་དབང་ཆོག་ནོར་བུ་པད་ཕྲེང་ (Volume 20, Text 48)
ྈ བླ་མའི་ཐུགས་སྒྲུབ་རིག་འཛིན་བདེ་འདུས་ལས༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་དབང་ཆོག་ནོར་བུ་པད་ཕྲེང་བཞུགས་སོ༔ ྈྈྈྈྈྈྈྈ རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ལ་འདུད༔ མཚན་ལྡན་བླ་མས་སྣོད་ལྡན་སྨིན་འདོད་ན༔ དབང་ཆོག་དངོས་གྲུབ་ཀུན་གྱི་འབྱུང་གནས་བསྟན༔ གཞུང་བཞིན་དཀྱིལ་འཁོར་བྱ་བ་ཡོངས་རྫོགས་ནས༔ སློབ་བུར་ཁྲུས་བྱས་བགེགས་བསྐྲད་སྲུང་གུར་བཅུག༔ མཎྜལ་འབུལ་ཞིང་ངེས་པའི་ལོ་རྒྱུས་བརྗོད༔ ཁྲ་ཁྲ་ཡི།༔ འགོན་བན་བླ་རྣ་ཤལ༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལ་གཅགས་ནས་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་སོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་གསན་པར་ཞུ། དེ་ཡང་སྣོད་ཁ་སྦུབ་དང་ཞབས་རྡོལ་དུག་ཅན་གསུམ་དང་། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་དྲི་མ་དྲུག་དང་བཅས་པ་སྤང་བྱར་ངེས་པར་བྱས་ནས། འདུ་ཤེས་བཞི་བརྟེན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལ་དྲན་པ་ཉེ་བར་བཞག་སྟེ་གསན་པར་ཞུ། འདི་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་རྟེན་འདི་ཤིན་ཏུ་རྙེད་པར་དཀའ་སྟེ། སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་འགྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་སྲིད། །ཅེས་དང་། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པས་ན། ད་རེས་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་ཀྱང་བརྒྱ་སྟོང་གི་ཆར་མི་ཕོད་པའི་དལ་བའི་རྟེན་བཟང་འདི་ལྟ་བུ་རྙེད་པའི་གནས་སྐབས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལྷུར་ལེན་དགོས། དེ་ཅིས་ལེན་ན། ཁམས་དྲུག་ལྡན་གྱི་རྟེན་འདི་ཁོ་ན་ལ་ལྟོས་དགོས་པའི་ཕྱིར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བའི་ཆེད་དུ་ཚེ་དང་བསོད་ནམས་ལ་སོགས་པ་གནས་སྐབས་མངོན་པར་མཐོ་བའི་དཔལ་དང་ཡོན་ཏན་ལ་བརྟེན་པ་གསང་སྔགས་ཀྱི་ཁྱད་པར་ཡིན་ལ། དེ་ལྟ་བུའི་ཚུལ་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་འཆི་མེད་སྒྲུབ་པའི་ཐབས་ཀྱི་རིམ་པ་ཇི་སྙེད་ཅིག་བསྩལ་པ་ལས། འདི་ནི་གང་ལས་བྱུང་བའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེའི་བདག་ཉིད་ཨོ་ཌཱི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་དེ་ཉིད། ངེས་པའི་དོན་དུ་སངས་རྒྱས་སྣང་བ་མཐའ་ཡས་དང་དབྱེར་མེད་པ་ལས་ཞིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ། དྷ་ན་ཀོ་ཤར་པདྨའི་སྙིང་པོ་ལས་སྐུ་འཁྲུངས་ཤིང་སྟོན་པ་ཉིད་དང་གཉིས་སུ་མེད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་ཅིང་། ཁྱད་པར་མཱ་ར་ཏཱི་ཀ་སྒྲུབ་པའི་གནས་སུ་ཚེའི་རིག་འཛིན་བརྙེས་ནས། སྐུ་སྐྱེ་འཆི་མི་མངའ་བ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མངོན་དུ་གྱུར་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པར་གྱུར་ནས། སླར་ཡང་བོད་ཁ་བ་ཅན་གྱི་གདུལ་བྱ་དུས་ལ་བབས་པས། མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས། བསམ་ཡས་ཆོས་འཁོར་མ་ལུས་པ་མཐའ་རྒྱས་སུ་གྲུབ། བོད་ཀྱི་ལྷ་སྲིན་ཐམས་ཅད་བཏུལ། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་སྒྲོན་མེ་བཏེགས། གངས་ཅན་མུན་པའི་སྨག་རུམ་བསལ། རྗེ་འབངས་སོགས་འགྲོ་བ་ཐམས་ཅད་གསང་སྔགས་ཕྱི་ནང་གི་དམ་ཆོས་ཀྱིས་སྨིན་གྲོལ་ལ་བཀོད། ཁྱད་པར་བསམ་ཡས་མཆིམས་ཕུ་གསང་བའི་བྲག་ཕུག་ཏུ་ལས་ཅན་གྲུབ་ཆེན་བརྒྱད་ཀྱིས་གུ་རུ་རིན་པོ་ཆེར་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་ཞུས་པའི་ངོར། ཟབ་རྒྱས་ཀྱི་ཆོས་བཀའ་དཔག་མེད་བསྩལ་ཅིང་། བྱེ་བྲག་དེའི་ནང་ཚན་ལས། གུ་རུ་རིན་པོ་ཆེ་དང་ནམ་སྙིང་ཟུང་གི་བྱིན་རླབས་འདུས་པ། རྒྱལ་སྲས་ལྷ་རྗེར་ཐུགས་ལྷག་པར་བརྩེ་བས་ཐུགས་ཀྱི་གནད་ཏིག་རིག་འཛིན་བདེ་གཤེགས་འདུས་པའི་སྨིན་གྲོལ་ཟབ་མོ་གཅིག་ཅར་དུ་ཕབ་ཅིང་། སྙིགས་མ་ལྔ་བདོའི་དོན་དུ་གཏེར་དུ་སྦས་པར་གདམས་པ་ལས། རྒྱལ་སྲས་ལྷ་རྗེ་དེ་ཉིད་ཀྱིས་དྭགས་པོ་རིན་པོ་ཆེ་ཟླ་འོད་གཞོན་ནུ་སོགས་སྤྲུལ་པའི་སྒྱུ་འཕྲུལ་བཀོད་པ་དུ་མས་འགྲོ་བའི་དོན་མང་མཛད་པའི་མཐར། ལྔ་བདོའི་རྟགས་ཚང་ཞིང་ཚོགས་ནས་དུས་ལ་བབས་པ་ན། རིག་འཛིན་སྒྱུ་འཕྲུལ་རྡོ་རྗེར་བདག་ཉིད་ཆེན་པོ་པདྨ་སམྦྷ་ཝས་ཞལ་གཟིགས་དབང་བསྐུར་ཞིང་། གཏེར་སྲུང་དཔའ་བོ་མཁའ་འགྲོའི་བསྐུལ་བྱང་དང་བསྟུན། དཔལ་གྱི་བསམ་ཡས་མཆིམས་ཕུའི་དབུས་རི་ནག་པོའི་རྩེ་མོ་ཨུ་ཙ་ལའི་དུར་ཁྲོད་ནས་རིག་འཛིན་བདེ་གཤེགས་འདུས་པའི་ཆོས་བཀའ་རྣམས་སྤྱན་དྲངས་ཏེ། སྐལ་ལྡན་ཆོས་བདག་རྣམས་ལ་རིམ་པར་སྤེལ་བ་ལས། འདིར་ནི་དེའི་ནང་ཚན་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བའི་ཚེ་དབང་དང་དོན་དབང་འབྲེལ་མ་ནོར་བུ་པདྨའི་ཕྲེང་བའི་དབང་བསྐུར་ཟབ་མོ་འབུལ་བ་སྐབས་སུ་བབ་པ་ཡིན། དེ་ལ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གནང་བར་ཞུ། ཀྱེ༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་དགོངས༔ བདག་སོགས་ཁམས་གསུམ་སེམས་ཅན་རྣམས༔ ཁྱེད་ཀྱི་ཡེ་ཤེས་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ བླ་མས། ཨེ་མ་སྐལ་ལྡན་སྐྱེས་བུ་ཉོན༔ གསང་ཆེན་དཀྱིལ་འཁོར་འདིར་ཞུགས་ནས༔ གསང་སྔགས་དམ་ཚིག་ཚུལ་བཞིན་དུ༔ བསྲུང་ནུས་ཇི་ལྟར་འདོད་པ་སྟེར༔ སློབ་བུས། ཧོ༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ འདི་བཟུང་ཚེ་རབས་ཐམས་ཅད་དུ༔ ཁྱེད་ཀྱི་ཇི་ལྟར་བཀའ་བཞིན་དུ༔ སྲོག་ལ་བབས་ཀྱང་བདག་འདའ་རེ༔ དམ་ཆུ་སྦྱིན། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཉམས་ན་དུག་ཡིན་བསྲུངས་ན་རྩི༔ ཁེ་ཉེན་ཤེས་པས་འདི་ལོངས་སྤྱོད༔ ས་མ་ཡ་ཨི་དཾ་ན་ར་ཀན༔ སློབ་བུས། ས་མ་ཡ་ཙིཏྟ་ཧཱུྃ༔ ཞེས་ཁས་བླང། སློབ་དཔོན་གྱིས། ཧོ༔ ལེགས་སོ་སྐལ་ལྡན་ལས་སད་བུ༔ ང་ཡི་དཀྱིལ་འཁོར་འདིར་ཤོག་ཅིག༔ ཡེ་ཤེས་རྡོ་རྗེའི་ཚེ་མཆོག་དབང༔ དེ་རིང་ཁྱོད་ལ་སྦྱིན་པར་བྱ༔ ནང་ལྟར་འཇུག་པའི་སླད་དུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ནས་བཟུང་སྟེ་སྒོ་བཞི་ནས་སྐུ་གསུང་ཐུགས་ཕྱག་འཚལ་ཞིང་། དཀྱིལ་འཁོར་དུ་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་སྟན་ལ་འཁོད་པར་བསམ། དེ་ནས་མདུན་གྱི་ནམ་མཁར་རྩ་གསུམ་བདེ་གཤེགས་ཚེའི་ལྷ་ཚོགས་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱི༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ལ༔ ཚེ་ཡི་རིག་འཛིན་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ནོས་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་དཔག་མེད་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ ཚེ་ཡི་རིག་འཛིན་བསྒྲུབས་ནས་ནི༔ གང་འདུལ་ཕྲིན་ལས་རྣམ་པ་བཞིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ལན་གསུམ། སླར་ཡང་ཚོགས་ཞིང་གི་སྤྱན་སྔར་ཚོགས་གསག་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ་བརྗོད། དངོས་གཞིར། འོ་ཁྱེད་རང་རྣམས་ཐ་མལ་གྱི་ངོ་བོར་དབང་བསྐུར་བའི་ཡུལ་མ་ཡིན་པས་དག་པ་ཡེ་ཤེས་ཀྱི་ལྷ་བསྟིམ་དགོས་པས་དམིགས་པ་འདི་བཞིན་གནང་བར་ཞུ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གནས་པའི་ས་ཡུལ་འདི་དག་འདུས་བྱས་ཐ་མལ་ལས་འདས་པ། ནུབ་ཕྱོགས་བདེ་བ་ཅན་གྱི་ཕོ་བྲང་ཡེ་ཤེས་རང་སྣང་ལས་གྲུབ་པ། སྒོ་བཞི་གྲུ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོའི་དབུས་སུ། པཾ་ལས་པདྨ། ཨ་ལས་ཟླ་བ། རཾ་ལས་ཉི་མའི་གདན་ལ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿཡིག་དམར་པོ་འཚེར་བཀྲག་ཅན་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་འཆི་བ་མེད་པའི་སྣང་བ་དམ་པར་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞི་བའི་ཚུལ་དགུ་དང་ལྡན་ཞིང་ལོངས་སྤྱོད་རྫོགས་སྐུའི་རྒྱན་བཅུ་གསུམ་གྱིས་སྤྲས་པ། གསང་བའི་དབང་མོ་ཙཎྜ་ལཱི་དང་སྦྱོར་ཏེ་སྣང་ལ་རང་བཞིན་མེད་པར་བཞུགས་པའི་གནས་ལྔའི་ས་བོན་ལྔ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་རྩ་གསུམ་རྒྱ་མཚོའི་ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་བྱུང་སྙམ་པའི་མོས་པ་མཛོད། གུ་གུལ་བསྲེག་ཅིང་ཅང་ཏེའུའི་སྒྲས། ཧྲཱི༔ བདེ་ཆེན་ཆོས་སྐུའི་ཞིང་ཁམས་སུ༔ སོགས་ནས། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་ཡེ་ཤེས་པ་དབབ། ཕེབས་རྟགས་བྱུང་ན་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་། ཏིཥྛ་བཛྲ༔ ཞེས་བརྗོད། དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་དཔག་མེད་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཁྱབ་པས། སངས་རྒྱས་བྱང་སེམས་རྩ་གསུམ་རིག་འཛིན་ཐམས་ཅད་ཀྱི་ཚེ་དཔལ་ནུས་སྟོབས། འབྱུང་ལྔའི་དྭངས་བཅུད་སྐྱེ་འགྲོའི་ཡོན་ཏན་བདུན་དང་། ཁྱད་པར་ཕ་རོལ་མི་དང་མི་མ་ཡིན་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཁྱེར་བ། བརྐུས་པ། གཞོམ་པ། ཕྲོགས་པ། ཉམས་པར་བྱས་པ་སོགས་དེ་དག་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་འུབ་ཀྱིས་བསྡུས་ནས་སྤྱི་བོ་ནས་མར་བསྟིམས་པས་ཚེ་ཉམས་པ་ཐམས་ཅད་སོས། བཀྲག་མདངས་གཟི་བརྗིད་ཐམས་ཅད་རྒྱས་ཤིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་འགུགས་བྱ། དེ་ནས་གཙོ་བུམ་ཐོགས་ལ། བུམ་པ་འདི་ཐ་མལ་མ་ཡིན་པར་ཕྱི་བུམ་པའི་དབྱིབས་ལ། ནང་ཡེ་ཤེས་ཀྱི་གཞལ་མེད་ཁང་གི་ནང་དུ་བདུད་རྩིའི་རྒྱ་མཚོའི་དབུས་ན་པད་ཟླའི་སྟེང་དུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དཀྱིལ་འཁོར་རྒྱ་མཚོས་བསྐོར་བར་བཞུགས་པའི་སྐུ་ལས་བདུད་རྩི་ནར་ནར་བབས་ཏེ་བུམ་པར་འཁྱིལ། སློབ་བུར་དབང་བསྐུར་བས་ཁོལ་ཞིང་ལུད། སྤྱི་བོའི་ཚངས་བུག་ནས་མགྲིན་པ་སོགས་ལུས་ཀྱི་ནང་ཁེངས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། ལམ་རྩའི་ལྷ་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་དག་པ་གཉིས་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད། ཧྲཱི༔ བུམ་པའི་རང་བཞིན་གཞལ་ཡས་ཁང༔ ཀུན་བཟང་སྣང་མཐའ་ཚེ་དཔག་མེད༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་བརྒྱད༔ སེམས་མ་སྒོ་སྐྱོང་བཀའ་ཉན་སོགས༔ དཀྱིལ་འཁོར་ཡོངས་རྫོགས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་གནས་དག་སྟེ༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགོ་བོའི་ཕྱོགས་བཞིར་བཞག །གཉིས་པ་གསང་བའི་དབང་ནི། བྷནྡྷ་འདི་ཉིད་ཐ་མལ་མ་ཡིན་ཞིང་ཟླ་གམ་བདེ་ཆེན་དབང་གི་ཕོ་བྲང་དུ་མོས་པའི་ནང་དུ། ཚེ་བདག་མགོན་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་ནས་བདུད་རྩི་དཀར་དམར་ནར་གྱིས་བབས་ནས་བྷནྡྷར་འཁྱིལ་བ་མགྲིན་པར་བསྐུར་བས་བྱང་སེམས་ལུད། གསང་བའི་དབང་ཐོབ། ལམ་རླུང་སྔགས་བསྒོམ་པ་ལ་དབང་། འབྲས་བུ་ངེས་པ་ལྔ་ལྡན་ལོངས་སྐུ་ཐོབ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གསུང་དང་གཉིས་སུ་མེད་པར་མོས་མཛོད། ཧྲཱི༔ རང་བྱུང་བདེ་ཆེན་ཀ་པཱ་ལར༔ མཉམ་སྦྱོར་དྭངས་མའི་བཅུད་ཀྱིས་བཀང༔ རྩ་རླུང་ཐིག་ལེའི་དབང་བསྐུར་བས༔ འབྱུང་འཇུག་རང་གྲོལ་དབང་ཐོབ་ནས༔ འཆི་མེད་རྡོ་རྗེའི་གསུང་འགྲུབ་ཤོག༔ རྩ་སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མགྲིན་པར་བཞག་ལ་བདུད་རྩི་སྦྱིན། གསུམ་པ་ཤེར་དབང་ནི། མེ་ལོང་སིནྡྷུ་རར་ཆོས་འབྱུང་བསྣོལ་མ༔ ལྟེ་བར་གཡུང་དྲུང༔ ལོགས་བཞིར་ཧ་རི་ནི་ས༔ ལྟེ་བར་བཾ༔ དེ་ཕྱིར་འོད་ལྔས་བསྐོར་བ་བྲིས་པ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྙིང་གར་གཏད། བདེ་ཆེན་ཡེ་ཤེས་ཀྱི་འབྱུང་ལྡན་མ་འདི་ཉིད་ཁྱེད་ལ་གཏད་པ་དང་གཉིས་སུ་མེད་པར་སྦྱོར་བས། དགའ་བཞིའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ངོ་འཕྲོད། གསུམ་པའི་དབང་ཐོབ་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ལམ་ཐུགས་བདེ་ཆེན་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་བདེ་བ་ཆེན་པོ་འཆི་མེད་ཚེའི་ཐུགས་དང་གཉིས་སུ་མེད་པའི་མོས་པ་མཛོད། ཧྲཱི༔ བདེ་སྟོང་དགའ་བཞིའི་འབྱུང་གནས་མ༔ ཕ་རོལ་ཕྱིན་ཡུམ་དབང་བསྐུར་བས༔ སྐྱེ་འགག་གནས་བྲལ་ཡིད་སྒྲིབ་དག༔ སྤངས་རྟོགས་མཐར་ཕྱིན་མགོན་པོ་ལྟར༔ འགྱུར་མེད་རྡོ་རྗེའི་ཐུགས་ཐོབ་ཤོག༔ རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚིག་དབང་ནི། རང་སེམས་མཐའ་བྲལ་རྫོགས་པ་ཆེན་པོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མ་འགགས་རང་ཤར་ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཆེན་པོའི་བརྡ་དབང་ཤེལ་འདི་བསྐུར་བས། སྒོ་གསུམ་གྱི་སྡིག་སྒྲིབ་དག །ལམ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། འབྲས་བུ་རྩོལ་བྲལ་ངོ་བོ་ཉིད་སྐུ་རིག་པའི་རྩལ་དབང་ཐོབ་པའི་མོས་པ་མཛོད། བདེ་གཤེགས་སྙིང་པོ་བླ་ན་མེད༔ རྣམ་ཀུན་མཆོག་ལྡན་མཚོན་དཔེ་རུ༔ རྒྱུ་རྐྱེན་རྣམ་དག་འདི་བསྐུར་བས༔ ངོ་བོ་ཉིད་སྐུའི་ཚེ་ཐོབ་ཤོག༔ རྩ་སྔགས་མཐར། དྷརྨ་དྷཱ་ཏུ་ཨཿཨཿཨ༔ ཞེས་རྡོ་རྗེ་སེམས་དཔའི་མེ་ལོང་མཛོད་སྤུར་གཏད༔ ལྔ་པ། ཐབས་ཤེས་གཉིས་མེད་ཀྱི་རྫས་མཆོག་ཁམས་གསུམ་སྲིད་པའི་དྭངས་བཅུད་བསྡུས་པའི་སྙིང་པོ་འཆི་མེད་ཚེ་ལྷའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་གཉིས་སུ་མེད་པའི་འདོད་ཡོན་འདི་ཕུལ་བས། འཆི་མེད་རྡོ་རྗེའི་གཏན་སྲོག་ཐོབ་པའི་མོས་པ་མཛོད། ཧྲཱི༔ སྔོན་ཚེ་རིག་འཛིན་དྲང་སྲོང་གིས༔ ཁམས་གསུམ་སྲིད་པའི་དྭངས་བཅུད་བསྡུས༔ འཆི་མེད་བདུད་རྩིའི་རིལ་སྒྲུབ་མཛད༔ གྲུབ་པ་བརྒྱད་པོ་འདི་ཡིས་ཐོབ༔ དེ་བཞིན་བསྒྲུབས་པའི་དམ་རྫས་འདི༔ དྭངས་མ་བཅུད་བསྡུས་འདོད་ཡོན་རྫས༔ སྦྱིན་པས་རྡོ་རྗེའི་ཚེ་རབ་གནས༔ རྩ་སྔགས་མཐར། སརྦ་ཀརྨ་ཨ་བྷི་ཥིཉྩ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཚེ་ཆང་ཡང་སྔགས་ཀྱིས་སྦྱིན། དྲུག་པ་རྒྱས་གདབ་ནི། དེ་ལྟར་འཆི་མེད་རྡོ་རྗེའི་ཚེ་སྲོག་གི་རྟེན་ཚེ་མདའ་འདིས་དབང་བསྐུར་རྒྱས་བཏབ་པས། ཚེའི་ཕོ་ཉ་མོ་རྣམས་ཀྱིས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། ཚེའི་བར་གཅོད་ཐམས་ཅད་བསྲུང་ཞིང་། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བྱིན་རླབས་རྡོ་རྗེའི་དབྱིངས༔ གཞོམ་བྲལ་ཀློང་དུ་ཚེ་སྦས་པས༔ སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར༔ ཡེ་ཤེས་ལྔ་ཡི་རྒྱས་གདབ་བོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་རཀྵ་ཀུ་རུ་བྷྲཱུྃ༔ ཤིས་པ་བརྗོད། དེས་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བའི་ཚེ་དབང་ལེགས་པར་ཕུལ་གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་མི་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། སླར་ཡང་ལུས་ལོངས་སྤྱོད་འབུལ་བ་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟ་བུའི་དགེ་ཚོགས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས། རྗེས་ཆོག་ཕྲིན་ལས་གཞུང་ལྟར་བྱ༔ ྈྈྈྈྈྈ རྡོ་རྗེའི་ཁྲི་ཞབས་ནས་མཆོང་དམར་པོའི་བུམ་པ་ཕྱི་ནང་གང་ནས་བལྟས་ཀྱང་བརྡ་ཡིག་ཁོ་ན་ཡོད་པ་ཞིག་རྙེད་ནས་དེ་ལས་ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འོད་ཀྱི་དྲྭ་བའི་སྒྲུབ་ཐབས་འདི་ཐོབ་བོ༔ སུམ་ཅུ་ཁ་རལ་རྒྱལ་བས་གདུལ་དཀའ་དུས༔ ཨུ་རྒྱན་ང་ཉིད་མཉམ་མེད་ལྷ་རྗེར་འོངས༔ མཐའ་མའི་དུས་འདིར་སྒྱུ་འཕྲུལ་རྡོ་རྗེའི་སྐྱབས༔ མཚོ་རྒྱལ་ཉམས་ལོངས་ཚེ་ཡི་རིག་འཛིན་ཐོབ༔ མ་འོངས་དོན་དུ་བུམ་པར་བརྡའ་ཡིག་སྟིམས༔ མི་འགྱུར་རབ་གནས་རྡོ་རྗེའི་ཁྲི་ཞབས་སྦོས༔ གཏེར་སྲུང་ཤ་ཟ་ཌཱ་ཀི་ཁ་མོ་ཆེ༔ བཀའ་ཡི་སྲུང་མ་སྡེ་ལྔ་ལྕམ་དྲལ་ཡིན༔ སྐལ་ལྡན་བུར་སྤྲོད་ར་མདའ་མ་གཡེལ་ཅིག༔ ཆོས་བདག་ལྔ་དང་སློབ་མ་ཉི་ཤུ་ཡོད༔ ཆོས་འདི་གཏོད་ལ་ཡི་དམ་གཅིག་ཏུ་སྒྲིལ༔ དངོས་གྲུབ་མ་ཐོབ་པད་འབྱུང་ང་ཉིད་མིན༔ གནས་སྐབས་མཐར་ཐུག་མཆོག་ཐུན་འདི་ཡིས་འགྲུབ༔ སྙིང་ལྟར་བརྩེ་བའི་ཐུགས་ཀྱི་དཀྱིལ་དུ་རྒྱ༔ ཙིཏྟ་རྒྱ༔ ཙིཏྟ་རྒྱ༔ ཙིཏྟ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་གྱི་བསམ་ཡས་མཆིམས་ཕུའི་དབུས་རི་རིན་ཆེན་འབར་བའི་རྩེ་མོ་ནས་མེ་སྟག་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་སྤྱན་དྲངས་ཤིང་ཆོག་ཁྲིགས་སུ་བསྡེབས་པའོ། །སརྦ་མངྒ་ལཾ། འདིའི་དབང་ལུང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྒྱལ་ཚབ་རིགས་ལྔ། དགའ་རབ་རྡོ་རྗེ། ཤྲཱི་སིང་ཧ། རིག་འཛིན་རྣམ་བརྒྱད། པདྨ་སམྦྷ་བ། ཡེ་ཤེས་མཚོ་རྒྱལ། ནམ་མཁའི་སྙིང་པོ། རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ། དེའི་རྣམ་འཕྲུལ་སྤྲུལ་པའི་གཏེར་སྟོན་ཐེག་གླིང་རྒྱལ་སྲས་ཟླ་བའི་འོད་ཟེར་རམ་རང་གྲོལ་ཏིང་འཛིན་རྒྱལ་པོ། ལྕགས་ཟམ་བརྒྱད་པ་བསྟན་འཛིན་མཁྱེན་རབ་མཐུ་སྟོབས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ། །ཡང་གཏེར་སྟོན་ནས། ཆོས་ཀྱི་བདག་པོ་མི་འགྱུར་ནམ་མཁའི་རྡོ་རྗེ། གྲུབ་དབང་བླ་མ་ཆོས་ཉིད་རང་གྲོལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ།། །།
བླ་ཆེན་ཡབ་སྲས་དྲིལ་སྒྲུབ་ཀྱི་ལས་བྱང་ཆོག་ཁྲིགས་བྱིན་རླབས་སྤྲིན་ཕུང་ (Volume 39, Text 48)
༄༅། །བླ་ཆེན་ཡབ་སྲས་དྲིལ་སྒྲུབ་ཀྱི་ལས་བྱང་ཆོག་ཁྲིགས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། ། བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི། །རྩ་བ་གསུམ་ལ་ཉེར་བཏུད་ནས། །འཆི་མེད་རིག་འཛིན་བཅུད་དྲིལ་གྱི། །ལས་བྱང་གོ་བདེར་འགོད་ལ་སྤྲོ། །དེ་ཡང་གཏེར་གཞུང་ལས། བདག་འདྲ་བཻ་རོ་ཙ་ན་ཡིས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ གཉིས་འཛིན་དྲི་མ་བསལ་བའི་ཕྱིར༔ བོན་ཆོས་གཉིས་ཀྱི་བཅུད་བསྡུས་ནས༔ ཟབ་མོ་སྐུ་གསུང་ཐུགས་ཀྱི་སྒྲུབ་པ་བསྟན༔ ཞེས་གསུངས་པ་ལྟར། ཕྱོགས་ཞེན་གྱི་དྲི་མ་བྲལ་ཞིང་། བོན་ཆོས་ཀྱི་དགོངས་པ་རོ་གཅིག་ཏུ་རྟོགས་ནས། དག་སྣང་དང་མོས་གུས་ལམ་དུ་བྱེད་པའི་རྣལ་འབྱོར་པས། རྩ་གསུམ་འདུས་པའི་སྤྱི་དཔལ། བླ་མ་སྒྲུབ་པའི་བཅུད་འདུས། བླ་ཆེན་ཡབ་སྲས་གཅིག་དྲིལ་གྱི་སྒྲུབ་ཐབས་འདི་ཉིད་ཉམས་སུ་བླང་བ་ལའང་གསུམ་སྟེ། གཞུང་ལས། འདི་ལ་རྣམ་པ་གསུམ་ཡིན་ཏེ༔ སྦྱོར་བ་དངོས་གཞི་མཇུག་གསུམ་མོ༔ སྐལ་ལྡན་བུ་ཡིས་ཉམས་སུ་ལོངས༔ ཞེས་གསུངས་པ་ལྟར་ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་དབང་གི་ཆུ་རྒྱུན་མ་ཆད་པ་ལས་དབང་མཆོག་ལེགས་པར་ཐོབ་ནས། གནས་དབེན་པར་མཁོ་བའི་ཡོ་བྱད་ཚོགས་པར་བསགས་ཏེ། དཀྱིལ་འཁོར་སྒོ་རྫོགས་ཀྱི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཨཱོྃ་ཨཱཿཧཱུྃ་དང་། ཟེའུ་འབྲུར་གཡུང་དྲུང་གཉིས་དང་རྡོ་རྗེ་གཉིས་སྤེལ་མར་བརྒྱན་པ། འདབ་བཞིར་ཧ་རི་ནི་ས་བཞི་བྱང་སྐོར་དུ་བཀོད། དབུས་སུ་མཉྫིའི་ཁར་བུམ་པ་རྒྱན་ལྡན་བཅུད་ཀྱིས་གཏམས་པ་དང་། གཞན་ཡང་གཏོར་མ་སྐུ་གཟུགས་ཀྱིས་བརྒྱན་པ། ཕྱི་ནང་མཆོད་ཚོགས་སོགས་རྒྱ་ཆེར་བཤམས་ལ། དམ་པ་རང་གྲོལ་གྱི་སྙན་བརྒྱུད་ལྟར་ཚན་སྤོས་ཀྱིས་བསང་། དེ་ནས་གཏའ་ཆེན་ཕྱི་མཚམས་ས་ཆོག་གི་རིམ་པ་རྒྱས་པར་སྤྲོ་ཚེ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ལྟར་བྱ་དགོས་ཀྱང་། འདིར་དེ་ཙམ་གྱི་སྤྲོས་པ་བསྐྱུང་ཞིང་ཚོགས་དབང་སོགས་དང་འབྲེལ་པར་བྱ་ཚུལ་འགྲིགས་ཆགས་ནི། སྤྱི་འགྲོ་ལྟར་དཀར་གཏོར་བཏང་ཞིང་སྣང་སྲིད་ཞི་བདེའི་ཕྲིན་ལས་བཅོལ། རྒྱན་རྫས་འགོད་པ་ལ་དང་པོ་ཚན་ཆབ་འཐོར་ཞིང་། ཨཱོྃ༔ རིན་ཆེན་ལྔ་ལས་གྲུབ་པ་སྟེ༔ གཙང་ཞིང་དག་པའི་མཆོད་རྫས་ལ༔ བག་ཆགས་དྲི་མ་མི་མངའ་ཡང༔ སེམས་ཅན་ཉོན་མོངས་དག་པའི་ཕྱིར༔ ཚན་ཆབ་བདུད་རྩི་ལྷ་ཡི་ཆབ༔ སྨན་སྤོས་དྲི་བཟང་དག་པའི་ཆུ༔ ཡེ་ཤེས་ལྷ་ཆབ་དག་པ་འདིས༔ མི་གཙང་དྲི་མ་དག་གྱུར་ཅིག༔ ཨཱོྃ་ཤུདྡྷོ་ས་ལེ་སང་ངེ་ཡེ་སྭཱ་ཧཱ༔ དེ་ནས་སྤོས་ཀྱིས་བདུག་སྟེ། ཨཱོྃ༔ ཙནྡན་གླ་རྩི་ག་པུར་དང༔ རྒྱ་སྤོས་སྦྱར་སྤོས་དྲི་ཡི་སྤོས༔ དྲི་ངད་དུད་པ་སྤྲིན་དུ་གཏིབས༔ རིན་ཆེན་མཆོད་རྫས་དག་པ་ལ༔ སྐྱོན་དང་འབག་རྨེ་མི་མངའ་ཡང༔ སེམས་ཅན་བག་ཆགས་དག་བྱའི་ཕྱིར༔ སྤོས་དང་དྲི་ཡིས་སྐྱོན་བསལ་ལོ༔ མི་གཙང་རྨེ་གྲིབ་སངས་གྱུར་ཅིག༔ ཨཱོྃ་ཤིམ་ཕོད་པྲ་ཏི་དྷཱུ་པེ་ཨ་དཀར་ཡེ་སྭཱ་ཧཱ༔ ཞེས་དག་གཙང་བྱ་ཞིང་། བུམ་སྙིང་བཟླས་ཤིང་བུམ་རྗས་བསྔགས་ལ་བླུགས་ཏེ་བུམ་པ་འགོད་ལ། ཚིག་བཤད་ནི། ཨཱོྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ངོ་བོ་སྟོང་ཞིང་བདག་མེད་དབྱིངས༔ རྣམ་པ་སོ་སོར་གསལ་བ་མཁའ༔ དབྱེར་མེད་ལྷ་ཚོགས་རང་བཞིན་ཀློང༔ རྟེན་དང་བརྟེན་པར་འབྲེལ་བའི་ཕྱིར༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཨ་མ་ཧ་ར་བརྟན་དུ་ཧྲུན༔ ཞེས་དགོད་གཏོར་མ་བཀོད་དེ། ཨེ་མ་ཧོ༔ མཁའ་དབྱིངས་རྣམ་དག་གཏོར་གཞོང་དུ༔ འཛད་མེད་ལོངས་སྤྱོད་གཏོར་མས་བཀང༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔
ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས། མཁའ་འགྲོའི་སྒྲུབ་ཐབས་ལྔའི་སྤྱི་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ཡེ་ཤེས་འཁྱིལ་བ་ (Volume 36, Text 48)
༄༅། །ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས། མཁའ་འགྲོའི་སྒྲུབ་ཐབས་ལྔའི་སྤྱི་དབང་མཚམས་སྦྱོར་གྱིས་བརྒྱན་པ་བདེ་ཆེན་ཡེ་ཤེས་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ། ཆོས་ཀུན་འབྱུང་གནས་རྣམ་ཐར་གསུམ་ལྡན་དབྱིངས། །རྣལ་འབྱོར་མ་དཔལ་རྟགས་ཀྱི་ཕྱག་རྒྱར་ཤར། །སངས་རྒྱས་ཀུན་གྱི་བདེ་ཆེན་སྐྱེད་མཛད་ལ། །གུས་པས་བཏུད་ནས་དབང་བསྐུར་བལྟས་ཆོག་བཀོད། །མཁའ་འགྲོ་སྒྲུབ་པའི་ཐབས་ཟབ་ཅིང་རྒྱ་ཆེ་བ་ཀུན་གྱི་རིམ་གཉིས་སྙིང་པོར་དྲིལ་བ་གཏེར་གསར་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་ཡ་གྱལ་ལས་བྱོན་པ། འདི་ལ་སྒྲུབ་ཐབས་ནང་གསེས་ལྔ་མཆིས་པ་རྣམས་ཀྱི་སྨིན་བྱེད་ཆིངས་གཅིག་ལ་བརྟེན་ནས་སོ་སོར་བསྒྲུབ་ཅིང་བསྐུར་དགོས་པས། དེའི་ལག་ལེན་བཤད་པ་ལ་གསུམ། སྦྱོར་བ་གཤོམ་དང་སྒྲུབ་མཆོད། དངོས་གཞི་དབང་གི་ཆོ་ག །རྗེས་རིམ་མཇུག་གི་བྱ་བའོ། །དང་པོ་གཤོམ་ནི། མཁའ་འགྲོ་འདུ་བའི་དབེན་པའི་གནས་དང་ཉེར་ལྔ་ལྟ་བུའི་དུས་ཚེས་ཚོགས་ན་ལེགས་ཤིང་། དེར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དཀྱིལ་འཁོར། ཕྱི་ནང་གསང་བ་གསུམ་ལ་དུར་ཁྲོད་སོགས་ཁྲོ་དཀྱིལ་མཚན་ཉིད་རྫོགས་པའི་ནང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་ལྷ་གནས་རྣམས་སུ་གཙོ་འཁོར་དགུའི་སྐུའམ་ཕྱག་མཚན་ཐིག་ལེ་བཀོད་པ། རྒྱ་བོད་མཁའ་འགྲོ་གཉིས་ལ་ཞི་དཀྱིལ་ནང་དུ་པདྨ་འདབ་བཞི་ལྟེ་བ་དང་བཅས་པ་ལ་ལྷ་དགུའི་མཚན་མ་སྔར་སྨྲོས་པ་ལྟར་བཀོད་པའི་རས་བྲིས་འདིང་། མ་འཛོམ་ན་མཎྜལ་དྲི་བཟང་གི་ཆུས་བརླན་པ་ལ་ལྷ་མདོག་དང་མཚུངས་པའི་མེ་ཏོག་གམ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ་ཁྲིའུའི་སྟེང་བུམ་པ་བཅུད་ལྡན་མགུལ་ཆིངས་གཙོ་བོའི་མདོག་མཚུངས་ཁ་རྒྱན་དང་བཅས་པ། མདུན་དུ་སོ་སོའི་སྐུ་རྟེན་གཙོ་འཁོར་ཙཀླི་དགུ་ཕྱོགས་སུ་བསྡམས་པའམ། བསྡུ་ན་ཙཀླི་གཅིག་ལ་གཙོ་འཁོར་དགུ་ཀ་བྲིས་པའམ། གཙོ་བོའི་སྐུ་ལ་ཕྱོགས་བཞིར་ལྷ་མདོག་གི་ཐིག་ལེ་གཉིས་རེ་བྲིས་པས་ཀྱང་མཚོན་བྱེད་རུང་ལ་དེ་དང་སྔགས་བྱང་། བྱང་ཆུབ་མཆོད་རྟེན་དང་སོ་སོའི་ཕྱག་མཚན་གྱི་ཙཀླི་རྣམས། གཡས་སུ་ཕྱི་ནང་གསང་གསུམ་ལ་མཁའ་འགྲོའི་དཔལ་གཏོར་དམར་པོ། མཁའ་འགྲོ་གཉིས་ལ་བླ་གཏོར་དཀར་པོ་རྒྱན་ལྡན་མ། འཛོམ་ན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་ཆོས་སྨན་སྦྱར་བས་བཀང་བ་དང་། ཤེར་ཡེའི་བརྡ་དབང་པདྨ་དམར་པོའི་ཟེའུ་འབྲུར་རྡོ་རྗེ་དཀར་པོ་ཕྱེད་ནུབ་བྲིས་པའི་ཙཀླི་རྣམས་བཀོད། རྒྱབ་ཏུ་སྤྱི་རྒྱུག་སྨན་གཏོར་རཀྟ། མདུན་ངོས་སུ་ཁྱད་པར་གྱི་མཆོད་པ་མཁའ་འགྲོའི་གཏོར་མའི་གཡས་གཡོན་ཐོད་ཆུང་སོགས་སུ་སྨན་རཀ་བླུགས་པ་འབུལ་བདེར་བཤམ། འབྱོར་ན་ཆུ་གཉིས་ཉེར་སྤྱོད་ཞི་བ་གཡས་དང་དྲག་པོ་གཡོན་སྐོར། མ་འབྱོར་པ་དང་མཁའ་འགྲོ་ཕྱི་མ་གཉིས་ལ་ཞི་མཆོད་ཙམ་གཡོན་སྐོར་བྱ། གཞན་ལས་བུམ། མིག་དར་མེ་ཏོག །གཏོར་མའི་རིགས་དང་ཚོགས་ཀྱི་དམ་རྫས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། ལས་བྱང་སྤྱི་ཁོག་གཅིག་ལ་སོ་སོའི་མངོན་རྟོགས་དང་བཟླས་རིམ་སྦྱར་ནས་སོ་སོར་བསྒྲུབ་ཅིང་དབང་ཡང་སོ་སོར་བསྐུར་དགོས་པ་ལ། དེའང་གཞུང་སྤྱིའི་བཞུགས་ཚུལ་དང་མཐུན་པར་ཕྱི་ནང་གསང་བའི་རིམ་པར་བྱས་ན་ལེགས་མོད། ལས་བྱང་དུ་ཐོག་མར་ནང་སྒྲུབ་ཕག་མོའི་མངོན་རྟོགས་འབྱུང་བ་རྩ་བའི་ཆོས་བདག་གི་ཡི་དམ་རྩ་བར་དགོངས་པ་གཏོད་པར་མངོན་པས་གོ་རིམ་ཇི་ལྟར་བྱས་ཀྱང་འགལ་བ་ནི་མེད་པའི་ཕྱིར་ལས་བྱང་སོར་བཞག་གི་དབང་དུ་བྱས་ཏེ། ཐོག་མར་བརྒྱུད་འདེབས་དང་གཞི་བདག་ལ་དཀར་གཏོར་སྤྱི་ལྟར་ཕུལ། སྐྱབས་འགྲོ་ནི། ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་རྩ་གསུམ་འདུས་པའི་དངོས༔ བླ་མ་ཡེ་ཤེས་མཁའ་འགྲོ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ ཡེ་ཤེས་མཁའ་འགྲོ་མཆོག་བསྒྲུབས་ནས༔ ཚད་མེད་རྣམ་བཞིའི་ཕྲིན་ལས་ཀྱིས༔ འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་དོ༔ ཞེས་ལན་གསུམ་རེ། ཡན་ལག་བཅུ་པའམ་རྒྱུན་བཤགས་ཡན་ལག་བརྒྱད་པ་གང་རུང་གིས་ཚོགས་གསག །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བསྒོམ། ཐུན་མཚམས་ཧེ་རུ་ཀའི་ང་རྒྱལ་གྱིས་བགེགས་གཏོར་སྤྱི་ལྟར་བཏང་ལ་དྲག་སྔགས་ཀྱིས་བསྐྲད། ལས་བྱང་ལྟར་མཚམས་གཅོད་ནས་བརྩམ་མཐར་ཆགས་སུ་གཏང་ཞིང་། དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྒོམ་པ་ཁོ་ནས་འཐུས་ཀྱང་ལས་དང་པོ་པས་བསྟོད་པའི་རྗེས་སུ། དབྱེ་གཞི་ལས་མདུན་རྟེན་གོ་སར་ཛཔ྄་ཁང་ཡེ་ཤེས་དཀྱིལ་འཁོར་དབྱེ། བསྙེན་སྒྲུབ་ཡན་ལག་བཞིའི་དགོངས་པ་གསལ་བཏབ་ལ་འབྲུ་བཅུ་གཉིས་པ་ཅི་ལྕོགས་དང་། ལས་སྦྱོར་ཡང་ཅུང་ཟད་བཟླ། བཟླས་པ་གཞུང་དུ་མ་བྲིས་པ་གཉིས་དབང་སྒྲུབ་ཙམ་ལ་དགོས་པའི་ངེས་པ་མེད། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་སོགས་སྤྱི་ལྟར་གསལ་བཏབ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་རྩ་བསྙེན་བརྒྱ་རྩ་ལས་མི་ཉུང་བ་བཟླ། མཐར་སྨན་རག་གཏོར་མ། རཾ་ཡཾ་ཁཾ་གིས་སྦྱང་། རང་བྱུང་པདྨ་བྷཉྫའི་སྣོད་རྣམས་སུ༔ ཨོཾ་ལས་གཏོར་མ་འདོད་ཡོན་རྒྱ་མཚོའི་གཏེར༔ ཨཱཿལས་ཁམས་གསུམ་ཡོངས་བསྒྲལ་རཀྟའི་མཚོ༔ ཧཱུྃ་ལས་དམ་ཡེ་དབྱེར་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། བཟླས་སྔགས་ལ། ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཨ་མྲྀཏ་རཀྟ་ཛི་གྷྲ་ཐ་པི་པ་ཏོ་ཁཱ་ཧི། ལན་གསུམ་དང་། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་འབུལ་ཅིང་ཕྲིན་ལས་བཅོལ་ལ་སྨན་རཀ་གཏོར་མ་ནམ་མཁར་འབུལ། ལྷག་ཆད་ཁ་བསྐང་། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་བགེགས་མཐར་བྱེད་དམ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། འགྲུབ་ན་བདག་འཇུག་རྫོགས་པར་བླང་། མི་འགྲུབ་ན་རིག་པའི་མེ་ཏོག་དོར་བས་ཀྱང་འཐུས། སློབ་མ་གཞུག་པར་གནང་བ་ནོད་པ་བཅས་ཐམས་ཅད་ལ་འདྲ། ༈ གཉིས་པ་སྒྲོལ་མ་ལ་མངོན་རྟོགས་བརྗེ་བ་ཁོ་ནས་ཆོག ༈ །གསུམ་པ་གསང་ཡེའི་སྐབས་མངོན་རྟོགས་ལ། ཨ༔ ཡེ་ནས་སངས་རྒྱས་སོགས་གཉིས་པ་སྒྲོལ་མ་ལྟར་ལ། ཟུང་འཇུག་ཡི་གེ་ཧྲཱིཿཞེས་སྒྱུར་བ་དང་། དགའ་བ་བཞི་ཡི་འཁོར་ལོའི་ལྟེ་བ་ལ༔ བར་དང་རང་གཞུང་། རང་རྩལ་ཧྲཱིཿལས་གསང་བ་ཡེ་ཤེས་མ༔ ཞེས་པ་ནས། སྐུ་མདོག་དམར་སེར་ཀུན་ཀྱང་གཙོ་དང་མཚུངས༔ བར་རང་གཞུང་དང་། གཞན་ཡང་མཁའ་འགྲོ་སུམ་ཅུ་རྩ་གཉིས་དང༔མན་ཆད་སྔ་མ་ལྟར་སྦྱར། ༈ མནྡཱ་ར་བ་ལ་ཚེ་སྒྲུབ་དམིགས་བཟླས་ཀྱང་སྦྱར་ཞིང་། དབང་བུམ་རྣམ་བུམ་ཉིད་བསྐྱར་བའམ་ཚེ་འབྲང་ཟུར་དུ་བཞག་པ་ཅི་བདེར་ཆོག །སྤྱི་ལྟར་ཚེ་རིལ་ཆང་ཡང་བཞག་ན་ལེགས། ༈ མཚོ་རྒྱལ་སྐབས་མངོན་རྟོགས་སྔ་མ་མནྡཱ་ར་བའི། ཨ༔ ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས༔སོགས་ནས། སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ བར་དང་རང་གཞུང་། བཾ་ལས་ཡེ་ཤེས་མཚོ་རྒྱལ་མ༔ ཞེས་པ་ནས། ཆར་སྤྲིན་གཏིབས་པ་ལྟ་བུར་གསལ༔ བར་རང་གཞུང་དང་། ཡེ་ནས་དག་པའི་སྐུ་གསུང་སོགས་སྔ་མ་ལྟར་སྦྱར། བཟླས་དམིགས་དགོངས་པ་བཞི་ལྡན་རྣམས་ནི་ཕག་མོས་འགྲེ། དམིགས་བསལ་ཡོད་པ་རྣམས་དེ་ལྟར་བྱའོ། །གཉིས་པ་དངོས་གཞི་དབང་ནི། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་ལྟར་བྱས་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཀའ་སྡོད་ཆོས་སྐྱོང་སྲུང་མ་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རིགས་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དཔལ་ཧེ་རུ་ཀ་འབར་བ་ཆེན་པོའི་སྟོབས་ཀྱིས་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད་དོ། །ཞེས་དང་ལས་སྔགས། སུམྦྷ་ནི་དྲག་ཏུ་བརྗོད། གུ་གུལ་བདུག །ཡུངས་ཐུན་རོལ་མོ་བཅས་པས་བསྐྲད། ལས་བྱང་ལྟར། ཧཱུྃ༔ ཆོས་ཀུན་དག་པ་ཆེན་པོ་སོགས་ཀྱིས་མཚམས་བཅད་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས་ཆོས་བཤད་ཅི་ལྟར་རིགས་པ་དང་། བྱེ་བྲག་ཏུ། དེའང་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རང་སྣང་འོད་གསལ་ཟུང་འཇུག་ཡེ་ཤེས་ཆེན་པོའི་དབྱིངས་ལ་ཐ་དད་སྤྲོས་པའི་མཚན་མ་ཅིར་ཡང་མི་དམིགས་ཀྱང་། དེ་ཁོ་ན་ཉིད་ཀྱི་རང་རྩལ་མ་རྟོགས་ཏེ་འཁྲུལ་པའི་གཞན་དབང་དུ་ཤོར་ནས་འཁྱམས་པའི་ལུས་ཅན་མཐའ་དག་གི་གཟུང་འཛིན་འཕོ་བའི་རྩ་བ་གཅོད་པའི་གཉེན་པོར། སྟོང་པའི་རང་མདངས་བདེ་ཆེན་ཡུམ་གྱི་གསང་བ་ཟབ་མོ་དང་ཆོས་ཉིད་ཀྱི་སྟོབས་སུ་ཤར་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན། ལོངས་སྐུ་གནམ་ཞལ་དབྱིངས་ཕྱུག་རིགས་ཀྱི་ཡུམ་ལྔ། སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ་རིགས་ལྔ་མཁའ་འགྲོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་པར་བཀོད་དེ་གསང་ཆེན་ངེས་པའི་རྒྱུད་དུས་གསུམ་དུ་བསྟན་ཅིང་། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ལུང་གི་ངེས་པས་གསང་བ་བཀྲོལ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཉམས་མྱོང་ཚད་མས་མན་ངག་གི་བཀའ་སྲོལ་གཏོད་པའི་ཤུལ་ལམ་ཆེན་པོ་གསལ་བར། དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་རིག་པ་འཛིན་པ་བགྲང་བ་ལས་འདས་པ་དུས་གསུམ་དུ་གཤེགས་ཤིང་གཤེགས་ལ་གཤེགས་པར་འགྱུར་བ་ལས། འདིར་རང་གཞུང་ཉིད་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མཁའ་འགྲོའི་རྒྱུད་ལུང་མཐའ་ཡས་ཤེས༔ ཀུན་ལས་ཁྱད་པར་འཕགས་པ་ནི༔ རྡོ་རྗེ་ཕག་མོས་བདག་ལ་བསྩལ༔ དེ་དག་ཀུན་གྱི་བཅུད་ཕྱུང་ནས༔ ཞབས་ཏོག་ཕུལ་ཕྱིན་མཚོ་རྒྱལ་མ༔ ཟུར་བཟའ་ཐབས་ཀྱི་དཔའ་བོར་བཅས༔ སྐལ་ལྡན་ཕོ་མོ་ད་ལྟར་བཞུགས༔ སླད་ནས་འབྱུང་བའི་དོན་དུ་བཤད༔ ཕྱི་ལྟར་སྒྲོལ་མ་ཁྲོ་གཉེར་ཅན༔ ནང་ལྟར་རྡོ་རྗེ་ཕག་མོ་ཡུམ༔ གསང་བར་གསང་བ་ཡེ་ཤེས་མ༔ ཡང་གསང་པདྨ་བདག་གི་ཡུམ༔ མནྡཱ་ར་བ་མཚོ་རྒྱལ་མ༔ མཁའ་འགྲོ་སྒྲུབ་པའི་ཐབས་འདི་ནི༔ ཤིན་ཏུ་གསང་བ་རྨད་དུ་བྱུང༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ ཞེས་ཆེད་དུ་བརྗོད་པ་ལྟར། དཔལ་ཆེན་ཧེ་རུ་ཀ་དང་གཉིས་སུ་མེད་པ་མཁའ་འགྲོ་ཡོངས་ཀྱི་ཚོགས་རྗེ་འཆི་མེད་རྡོ་རྗེའི་སྐུ་བརྙེས་བདེ་བ་ཆེན་པོ་པདྨཱཀ་རས། ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་མ་དང་། ལྷ་སྲས་མུ་རུབ་བཙད་པོ། དེའི་དགྱེས་སྡེ་ཟུར་མཁར་བཟའ་མེ་ཏོག་སྒྲོན་གཙོ་བོར་གྱུར་པའི་སྐལ་ལྡན་གདུལ་བྱ་རྣམས་ལ་འདིའང་ཆེད་དུ་བསྩལ་ཅིང། ཕྱི་རབས་རྣམས་ལ་ཐུགས་བརྩེས་དགོངས་ཏེ་གསང་ཆེན་མཐའ་དག་ཟབ་མོའི་གཏེར་ཁ་དུ་མར་རྒྱས་བཏབ་པའི་སྐབས་སུ་གདམས་སྐོར་འདི་རྣམས་ཀྱང་གནས་དུས་རྟེན་འབྲེལ་གྱི་ངེས་པ་གཟིགས་ནས་གཏེར་དུ་སྦས་པ། དེང་སང་དུས་ཀྱི་ཚིགས་ལ་བབས་པའི་དབང་གིས། ལྷ་སྲས་རྣམ་འཕྲུལ་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་དང་། གྲོགས་མཛད་ལུང་ཟིན་གྱི་མཁའ་འགྲོ་ལྷན་ཅིག་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཐུགས་ཀྱི་ཡོན་ཏན་གྱི་གནས་མཆོག་མཁའ་འགྲོ་འབུམ་རྫོང་གི་གསང་བ་བདུད་རྩི་ཕུག་ནས་སྤྱན་དྲངས་པའི་ཟུར་བཟའི་ཐུགས་དམ་སྐོར་དྲུག་གི་ཡ་གྱལ། བདེ་ཆེན་ཡེ་ཤེས་མྱུར་དུ་སྐྱེད་པའི་ལམ་ཟབ་མཁའ་འགྲོ་སྒྲུབ་པའི་སྐོར་ལ་ཕྱི་ནང་གསང་བ་ཡང་གསང་གཉིས་ཏེ་རྣམ་པ་ལྔར་མཆིས་པ་ལས། ཐོག་མར་ནང་ལྟར་སྒྲུབ་པ་སངས་རྒྱས་ཀུན་གྱི་འདྲེན་པ་ཟག་མེད་ལྷན་ཅིག་སྐྱེས་མ་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་རྡོ་རྗེ་ཕག་མོ་ལྷ་དགུ་པའི་དབང་བསྐུར་བསྒྲུབ་པ་ལ། ཞེས་དང་། གཞན་རྣམས་ལ་སྤྱི་བཤད་སྔ་མ་ཉིད་བསྐྱར་བའམ་ཇི་ལྟར་འཚམ་པ་མདོར་བསྡུས་ཀྱི་རྗེས་སུ། གཉིས་པ་ཕྱི་ལྟར་སྒྲུབ་པ་རྒྱལ་ཀུན་ཕྲིན་ལས་འདུས་པའི་སྤྱི་སྒྲུབ་སྒྲོལ་མ་འབྱུང་བ་དོན་དམ་པའི་རྒྱུད་ཀྱི་རྒྱལ་པོའི་དགོངས་པ་བཅོམ་ལྡན་འདས་མྱུར་མ་དཔའ་མོ་ལྷ་དགུ་པའི་སོགས། གསུམ་པ་གསང་བར་སྒྲུབ་པ་སངས་རྒྱས་པདྨའི་རིགས་མ་ལུས་པའི། བདེ་ཆེན་ཡེ་ཤེས་སྐྱེད་པའི་ཡུམ་མཆོག་དངོས་གྲུབ་རྣམ་གཉིས་ཐོགས་མེད་དུ་འགུགས་ཤིང་སྣང་སྲིད་དབང་དུ་མཛད་པའི་ལྕགས་ཀྱུ་གསང་བ་ཡེ་ཤེས་ལྷ་དགུ་པའི་སོགས། བཞི་པ་ཡང་གསང་ལྟར་སྒྲུབ་པའི་འཆི་མེད་ཚེའི་ལྷ་མོ་ཙཎྜ་ལཱི་དང་། གཉིས་སུ་མེད་པ་འཇའ་ལུས་རྡོ་རྗེའི་སྐུ་ཅན་མ་གཅིག་གྲུབ་པའི་རྒྱལ་མོ་སོགས་མཚན་དང་སྐུའི་རྣམ་འགྱུར་དུ་མ་མངའ་བ་ལྷ་ལྕམ་མནྡཱ་ར་བ་ལྷ་དགུ་པའི་སོགས། ལྔ་པ་ཡང་གསང་སྒྲུབ་པ་རྗེ་བཙུན་སྒྲོལ་མ་རྡོ་རྗེ་དབྱངས་ཅན་མ་ལྷ་མོ་ལཱ་སྱཻ་དཀར་མོ་རྣམས་དང་ཐ་དད་མེད་པ་གསང་བ་ཀུན་གྱི་བདག་མོ་དབྱིངས་ཕྱུག་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ལམ་བདུད་འདུལ་བདེ་ཆེན་རྒྱལ་མོ་ལྷ་དགུ་པའི་སོགས་སྦྱར་ནས། ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་སྤྱི་མཐུན་བྱས་ལ། ཨོཾ་ཙཀྵུ་རྦནྡྷ་བཱ་ར་མ་ཎ་ཡ་ཧཱུྃ། ཞེས་མིག་དར་དང་། ཨཱ་ཁཾ་བཱི་ར་ཧཱུྃ། གིས་མེ་ཏོག་སྦྱིན། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྗེ་བཙུན་བླ་མ་རྡོ་རྗེ་འཆང༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ འཁོར་བའི་གནས་ནས་འདྲེན་པ་དང༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་དུ༔ བདག་ཉིད་མྱུར་དུ་བཅུག་པ་དང༔ དབང་རྣམས་རིམ་པར་བསྐུར་དུ་གསོལ༔ གསུམ་དང་། བླ་མས་ལན་སྦྱིན་པ། ཧོ༔ འདི་ལྟར་གསང་བའི་དཀྱིལ་འཁོར་དུ༔ ཞུགས་ནས་རྣལ་འབྱོར་དམ་ཚིག་རྣམས༔ ཇི་ལྟར་བདག་གིས་བསྒོ་བ་བཞིན༔ སྲོག་གི་ཕྱིར་ཡང་འདའ་མི་བྱ༔ བླ་མ་དང་ཡེ་ཤེས་མཁའ་འགྲོ་རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པ་མཆོག་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པ་ལ། བདག་སོགས་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པ་ཆེན་པོས་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་འགྲོ་ཀུན་སོགས་གོང་གསལ་ལན་གསུམ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་མཐའ་དག་མི་གནས་པའི་བྱང་ཆུབ་ཆེན་པོ་ལ་དགོད་པར་བྱ། དེའི་ཆེད་དུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གཉན་པོར་ཞུགས་ཏེ་ཟབ་མོའི་ལམ་ལ་རྣལ་འབྱོར་དུ་བྱའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། གཞན་དོན་སངས་རྒྱས་སོགས་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རྒྱུད་རྣམ་པར་དག་པར་བྱེད་པ་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པ་སྔོན་དུ་འགྲོ་བས་ཚིག་རྗེས་སུ་དོན་དྲན་པའི་ཏིང་ངེ་འཛིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས། དབང་དོན་རྒྱུད་ལ་བརྟན་པར་བྱེད་པའི་སྲོག་རྩ་དམ་ཚིག་ལ་རགས་ལས་པས་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་སྡོམ་པ་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ དེང་ནས་བརྩམ་སྟེ་བྱང་ཆུབ་བར༔ གསང་བ་བླ་མེད་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ༔ དམ་ཚིག་མ་ཉམས་བདུད་རྩི་ཆེ༔ ཉམས་ན་ཧ་ལ་མི་སྲུན་པ༔ ཤིན་ཏུ་གཉན་པས་འདི་ཐུངས་ལ༔ མི་འདའ་རྡོ་རྗེའི་བྲོ་བོར་ཅིག༔ བཛྲ་ས་མ་ཡ་ཨ་མྲྀཏ་ཧཱུྃ༔ འདའ་དཀའ་རྡོ་རྗེའི་ཐ་ཚིག་གཉན་པོ་ལས་སྲོག་གི་ཕྱིར་ཡང་འདའ་བར་མི་བགྱིད་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་སྲོངས། རླུང་ཁ་སྦྱོར་དུ་ཆིངས། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །བྱས་ལ། སྤྲོས་མེད་དབང་རྣོན་ལ་གཞུང་གསལ་ཙམ་གྱིས་འཐུས་ཀྱང་། སྤྲོས་ལ་དགའ་བ་དང་གསལ་ཐེབས་དཀའ་བའི་རིགས་ལ་བྱ་སླ་ཁོ་ནས་དོན་མི་འགྲུབ་པས། སྤྱི་ལྟར་བསང་སྦྱང་། གཙོ་བོ་སོ་སོ་ཞལ་ཕྱག་ཡོངས་རྫོགས་སམ། རྩ་བའི་ལྷ་སྐུ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སོ་སོ་ལྟར་དང་ཕྱག་མཚན་རྩ་ཕྱག་དང་པོ་གཉིས་ལྟར་བསྣམས་པ་རེ་བསྐྱེད་ཀྱང་ཆོག་ལ་འཁོར་རྣམས་བསྐྱེད་པ་སོགས་སྤྲོས་པ་གཞན་མི་དགོས། དེ་མཚམས་གཏེར་གཞུང་གི་གསལ་འདེབས་དངོས་ནི། ཁྱེད་རྣམས་ཡེ་ཤེས་མཁའ་འགྲོར་གསལ༔ སྙིང་གར་གཡུང་དྲུང་གཡོན་འཁོར་བའི༔ སྟེང་དུ་ཕག་མོ་གར་བྱེད་སྒོམས༔ དཀྱིལ་འཁོར་པ་ལས་ཕྱག་རྒྱ་གསུམ༔ འོད་འབར་ཆར་བཞིན་བབས་ནས་སུ༔ སྤྱི་བོ་ནས་ཞུགས་སྙིང་ག་ཡི༔ ཡེ་ཤེས་སེམས་དཔའ་ལ་ཐིམ་པས༔ བདེ་བ་བཟོད་མེད་འབར་བར་བསམ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དྲག་ཏུ་བཟླས་ཤིང་སྦྱར་སྤོས་བསྲེག༔ ཌཱ་རུ་རྐང་གླིང་བཤུག་གླུ་སོགས༔ རོལ་མོ་དལ་བྲེལ་སྤེལ་མ་བྱ༔ ཞེས་གསུངས་པ་ལྟར་དབབ། དེ་ལྟར་ཕབ་པའི་ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ༔ ཞེས་དང་རྡོ་རྗེ་དང་མེ་ཏོག་མགོར་བཞག །མེ་ཏོག་རང་རིགས་ཀྱི་ལྷག་པའི་ལྷ་ལ་ཕུལ་བའི་མོས་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་དཀྱིལ་འཁོར་བདག་པོ་བླ་མ་ལ་འབུལ་འཚལ། པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་བླ་མའི་ཕྱག་ཏུ་ཕུལ་ལ་བླང་། དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་ཤིག །ཨོཾ་པྲ་ཏི་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཏིཥྛ༔ ཞེས་སླར་སྤྱི་བོར་བཞག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས། ཧོ༔ རྡོ་རྗེ་རྣལ་འབྱོར་དེང་ཁྱོད་ཀྱི༔ མིག་འབྱེད་པ་ནི་ཐུགས་རྗེའི་མཐུས༔ ཕྱེ་བས་རང་བཞིན་དཀྱིལ་འཁོར་མཐོང༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། རྣམ་དག་ཡེ་ཤེས་ཀྱི་སྤྱན་ཐོབ་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མཚོན་བྱེད་ཀྱི་དཔེ་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས་དོན་དམ་རང་བྱུང་འོད་གསལ་མཚོན་བྱ་དོན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་མཇལ་བར་མོས་ཤིག །ཧོ༔ ལྟོས་ཤིག་རྡོ་རྗེ་རྣལ་འབྱོར་ཆེ༔ འདི་ན་མཚོན་བྱེད་དཔེ་ཡི་དལ༔ སེམས་ཉིད་འོད་གསལ་བདེ་བ་ཆེ༔ མཚོན་བྱ་དཀྱིལ་འཁོར་མངོན་སུམ་མཐོང༔ དེ་དག་གིས་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་བཞིན། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་ངོ་མཚར་དགེ་ལེགས་ཀྱི་བཀོད་པའི་རོལ་མོ་མཐའ་ཡས་པ་དང་བཅས་ཏེ་བུམ་པའི་དབང་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ རྒྱལ་བ་སེམས་དཔའ་ཁྲོ་བོའི་ཚོགས༔ བཙུན་མོར་བཅས་པའི་གསང་གསུམ་ལས༔ བུམ་པའི་དབང་བསྐུར་བླ་མེད་པ༔ གནས་ལས་བྱུང་བ་སྦྱིན་པར་བྱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས། སྐུ་གང་། དྲི་མ་དག །ཕུང་ལྔ་རྣམ་པར་དག་ཅིང་དུག་ལྔ་གནས་གྱུར་པའི་རྟགས་སུ་ཆུ་ལྷག་གྱེན་དུ་ལུད་པ་ལས་སོ་སོའི་བདག་པོ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་མོས་ཤིག །དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་ཐོག་མར། དཀྱིལ་འཁོར་པའི་ལྷ་ཚོགས་གཙོ་འཁོར་སོ་སོ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་གཙོ་མོ་སྙིང་ག །འཁོར་གྱི་རིགས་བཞི་དཔྲལ་མགྲིན་ལྟེ་གསང་། སྒོ་མ་བཞི་ཡན་ལག་བཞི་ལ་ཐིམ་པར་མོས་ཤིག །ཙཀ་ལི་སྔགས་དང་བསྟུན་གནས་སོ་སོར་འཇོག་ཚུལ་བྱས་ལ། ཨོཾ༔ ཡེ་ཤེས་དོན་ལ་རྟགས་ཀྱི་སྐུ༔ གཙོ་དང་འཁོར་གྱི་ཚུལ་དུ་སྣང༔ སྣོད་བཅུད་རྣམ་པར་དག་པའི་ཕྱིར༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བུདྡྷ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་རཏྣ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་པདྨ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་ཀརྨ་དྷཱ་ཀི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རཏྣ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པདྨ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཀརྨ་གྷཱཎྜེ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལུས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་ཕུང་ཁམས་སྐྱེ་མཆེད་གསལ་སྟོང་ལྷ་སྐུ་ཕྱག་རྒྱར་བསྒོམ་པ་དང་མ་བྲལ་བར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་མི་ཤིགས་ནཱ་དའི་རང་སྒྲ་རྒྱུད་ལུང་མན་ངག་གི་སྙིང་པོ་སྔགས་ཀྱི་ཕྲེང་བ་སྒྲ་སྒྲོག་བཞིན་པར་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཨཱ༔ རྡོ་རྗེའི་གསུང་དབྱངས་ལས་བྱུང་བའི༔ གྲགས་པ་སྔགས་སུ་རྟོགས་པ་དང༔ རྒྱུད་ལུང་མན་ངག་ཐམས་ཅད་ཀུན༔ ཐོས་བསམ་སྒོམ་པའི་དབང་བསྐུར་རོ༔ ཨཱཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་སྔགས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་རླུང་སྔགས་དབྱེར་མི་ཕྱེད་པ་གྲགས་སྟོང་རྡོ་རྗེའི་བཟླས་པ་ལ་བརྩོན་པར་གྱིས་ཤིག །ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མཁྱེན་གཉིས་ཡེ་ཤེས་ཀྱི་རང་གཟུགས་ཆོས་སྐུ་བྱང་ཆུབ་ཆེན་པོའི་མཆོད་སྡོང་དང་། རང་རིགས་རྟགས་ཀྱི་ཕྱག་མཚན་འོད་ཟེར་སྣ་ལྔ་འབར་བཞིན་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །མཆོད་རྟེན་དང་སོ་སོའི་ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ འོད་གསལ་ཐུགས་ལས་བྱུང་བ་ཡི༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་བས༔ ཆོས་དབྱིངས་སྤྲོས་བྲལ་རྟོགས་པར་ཤོག༔ ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས་འཁོར་འདས་ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལངས་སུ་ཤེས་པས་རིག་སྟོང་འོད་གསལ་བའི་ངང་དུ་མཉམ་པར་འཇོག་པ་ལས་མ་གཡོས་པར་གྱིས་ཤིག །དེ་རྣམས་ཀྱིས་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་པ་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །དཀྱིལ་འཁོར་གཙོ་མོ་ཡེ་ཤེས་མཁའ་འགྲོ་མ་དང་རང་འོད་ཀྱི་ཡབ་དཔལ་ཆེན་ཡབ་ཡུམ་མཉམ་པར་སྦྱོར་བའི་དཀར་དམར་ལྷག་པའི་བྱང་ཆུབ་ཀྱི་སེམས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་བྱས་པ་ཁྱེད་རང་རྣམས་ཀྱིས་མྱངས་པས་རྩ་རླུང་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི་རོལ་མོར་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་རྨད་དུ་བྱུང་བའི་དབང༔ དཀར་དམར་ལྷག་པའི་བྱང་ཆུབ་སེམས༔ དབང་ཐོབ་དེ་ཡི་ལྕེ་ལ་བཞག༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་པ་ཐོབ། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་གསུང་འཐོབ་པར་འགྱུར་བ་ཡིན་ནོ། །གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་ཞིང་འདོད་པའི་སྒྱུ་རྩལ་ལ་མཁས་པའི་ཐབས་ཀྱི་དཔའ་བོ་དང་འདུ་ཤེས་གསུམ་གྱི་སྒོ་ནས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པར་མོས་ཤིག །རྡོར་པད་ཀྱི་བརྡས་མཚོན་ཏེ། ཧཱུྃ༔ ལུས་འཁྲིལ་བུམ་པ་ལྗགས་སྦྱོར་གསང༔ མཁའ་གསང་ཤེས་རབ་ཡེ་ཤེས་སྦྱོར༔ དཀར་དམར་འཕྲོ་འདུ་རོ་མཉམ་པ༔ ལྷན་སྐྱེས་ཡེ་ཤེས་རྟོགས་པའི་དབང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་དག །གཞན་ལུས་ཕོ་ཉའི་མྱུར་ལམ་བརྟེན་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་ཐུགས་འཐོབ་པར་འགྱུར་བ་ཡིན་ནོ། །ཐབས་ཤེས་མཉམ་པར་སྦྱོར་བ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་ཆེན་ཉམས་སུ་མྱོང་བ་དེ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ཏེ། དེའི་རང་ངོ་ལ་བལྟས་པས་སྤྲོས་པ་ཀུན་ལས་འདས་པའི་སྟོང་ཉིད་དུ་རྟོགས་ནས་བདེ་སྟོང་དབྱེར་མེད་པ་དེ་ནི་མཚོན་བྱ་དོན་གྱི་གནས་ལུགས་གཉུག་མ་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་རྟོགས་པ་ཡིན་པས། དེའི་ངང་དུ་མཉམ་པར་འཇོག་པ་ལ་རྟག་ཏུ་བརྩོན་པར་གྱིས་ཤིག །ཧཱུྃ༔ བདེ་ཆེན་སྟོང་གསལ་འདུས་མ་བྱས༔ རང་བཞིན་སྤྲོས་བྲལ་འོད་གསལ་དབྱིངས༔ བྱར་མེད་ངང་དུ་མཉམ་པར་ཞོག༔ གཞི་ཐོག་འབྲས་བུ་སྨིན་པར་འགྱུར༔ ཛྙཱ་ན་པཉྩ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡང་གསང་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཚིག་གི་དབང་བསྐུར་པ་ཐོབ། ཀ་དག་དང་ལྷུན་གྲུབ་ཀྱི་སྣང་བཞི་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་མཁའ་འགྲོའི་ཐུགས་འཐོབ་པར་འགྱུར་བ་ཡིན་ནོ། །དེ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ཡིན་ཏེ། སྤྱིར་གཏོར་མ་ལ་དང་པོ་མཆོད་རྫས་སུ་ཤེས་པ། བར་དུ་དཀྱིལ་འཁོར་པར་ཤེས་པ། ཐ་མར་དབང་དང་བྱིན་རླབས་སུ་ཤེས་པ་སྟེ་ཤེས་པ་གསུམ་ལྡན་བཞི་ལྡན་དྲུག་ལྡན་ལ་སོགས་སུ་བཤད་པ་ལས། ད་ལྟའི་སྐབས་སུ་ཕྱི་མ་ལྟར་དགོས་པས་འདུན་པ་འདི་ལྟར་མཛད་འཚལ། གཏོར་སྣོད་བདེ་ཆེན་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་ཉིད་རྒྱལ་བ་ཀུན་ཡུམ་མཁའ་ལ་སྤྱོད་པའི་རྡོ་རྗེ་བཙུན་མོ་སྤྲུལ་པའི་འཁོར་ཚོགས་དང་བཅས་ཏེ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས། གཙོ་འཁོར་རྣམས་ཀྱི་གནས་ལྔ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་དབང་བསྐུར་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ་པར་གྱུར་པར་མོས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ དང་པོ་འདོད་ཡོན་ལྔ་ཡི་མཆོད་པའི་སྤྲིན༔ བར་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཚོགས༔ ཐ་མ་དབང་དང་དངོས་གྲུབ་རྒྱ་མཚོའི་གཏེར༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འོད་ཟེར་འབར༔ མ་མོ་མཁའ་འགྲོ་དབང་དུ་འདུ་བའི་ཕྱིར༔ དམ་རྫས་གཏོར་མ་ཆེན་པོའི་དབང་བསྐུར་བས༔ སྐུ་ལྔའི་དབང་མཆོག་ཡོངས་སུ་རྫོགས་པར་ཤོག༔ སོ་སོའི་སྔགས་མཐར། མ་ཧཱ་བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གནས་ལྔར་བཞག །མཐར་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཅིག །ཅེས་དང་ཡེ་དྷར་གྱིས་བཏབ་པའི་མེ་ཏོག་འཐོར་ལ་འབྲེལ་ཆགས་པའི་ཤིས་པ་བརྗོད། དབང་རེ་རེ་བཞིན་བསྐུར་སྒྲུབ་བྱེད་སྐབས་མནྡཱ་ར་བའི་གཤམ་དུ་ཚེ་དབང་སྦྱར། ཐམས་ཅད་དུས་གཅིག་ཏུ་བསྐུར་བ་ལྟ་བུ་ལ་འདིར་བཀྲ་ཤིས་ཚེ་དབང་བསྐུར་ཏེ། དེ་ལྟར་ཡེ་ཤེས་མཁའ་འགྲོ་རྣམ་པ་ལྔ་ཡི་སྨིན་བྱེད་ཡོངས་སུ་རྫོགས་པའི་མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ཡིན་པས་དམིགས་པ་རྣམས་ལེགས་པར་གསལ་ཐོབས། ཁྱེད་རང་རྣམས་སྐད་ཅིག་གིས་འཆི་མེད་མནྡཱ་ར་བའི་སྐུར་གྱུར། ཨ་ཧཾ་གཉིས་ཀྱི་སོགས་ནས། རྒྱས་གདབ་བར་ཚང་བར་བརྗོད་ལ། ཐོག་མའི་ཚེ་འགུགས་སྐབས་མདའ་དར་གཡབ། ཚེ་འབྲང་གནས་གསུམ་དུ་བཞག་ལ་དབང་བསྐུར། གོང་གི་ཛཔ྄་བརྗོད་ལ། ཚེ་རིལ་དང་ཚེ་ཆང་སྦྱིན་ལ་རྒྱས་གདབ་བྱའོ། །གསུམ་པ་རྗེས་རིམ་མཇུག་གི་བྱ་བ་ལ། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་ནོར་བུའི་སྒྲོམ་ཆེན་ལས་འཕྲོས་པ། ཟུར་བཟའི་ཐུགས་དམ་སྐོར་དྲུག་ལས་མཁའ་འགྲོའི་སྒྲུབ་ཐབས་ཟབ་མོ་ལྔའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་བཅས་བྱས་ལ་སློབ་མ་གྱེས། ཆོ་གའི་རྗེས་རིམ་ནི། ལས་བྱང་ལྟར་ཚོགས་མཆོད་ལྷག་མ་འབུལ་བ། ཆད་མདོ་གཏོར་སྐྱོང་བརྟན་མ་རྟ་བྲོ་བཅས། དབང་དོན་སྒྲུབ་མཆོད་ལ་དངོས་གྲུབ་ལེན་ཆོག་མི་དགོས། གཏང་རག་མཆོད་བསྟོད་དང་། ནོངས་བཤགས་སྤྱི་ལྟར་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་ལ་དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་རྒྱས་པར་བྱའོ། །ཟག་མེད་དགའ་བཞིས་རྣམ་པར་རྩེན་པའི་གནས། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ། །ལྷན་སྐྱེས་མཛེས་མས་བདག་སོགས་མདུན་བསུས་ཏེ། ཁྲག་འཐུང་དཔལ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའི་རྗེས་གནང་ཡང་ཡང་བསྩལ་ཅིང་། སྲས་ཡུམ་ཟུང་གིས་ཆེད་བསྐུལ་མཛད་པ་ལྟར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
རྟ་མགྲིན་གསང་བ་འདུས་པ་ལས། རྟ་མགྲིན་ནག་པོའི་དབང་ཆོག་དྲེགས་པ་སྲོག་གི་རྒྱ་ཅན་སྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་ཚལ་པ་ (Volume 26, Text 48)
༄༅། །རྟ་མགྲིན་གསང་བ་འདུས་པ་ལས། རྟ་མགྲིན་ནག་པོའི་དབང་ཆོག་དྲེགས་པ་སྲོག་གི་རྒྱ་ཅན་སྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་ཚལ་པ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧེནྡྲ་ཀྲོ་དྷཱ་ཡ། སྲིད་གསུམ་དབང་སྒྱུར་ཐོད་ཕྲེང་རྩལ། །དབང་ཆེན་དྲག་པོའི་སྐུར་སྟོན་པ། །མི་བཟད་རྟ་ཡི་ཞལ་ཅན་ལ། །གུས་པས་འདུད་དོ་གནང་བ་སྩོལ། །རྟ་ནག་དྲེགས་པའི་སྲོག་དབང་བརྒྱུད་འཛིན་གྱི་བུ་ལ་ཆིག་བརྒྱུད་དུ་བསྐུར་བའི་ཚེ། སྦྱོར་བ་དཀྱིལ་འཁོར་དབུས་སུ་ཆོས་འབྱུང་མཐིང་ནག་ཟླ་གམ་དམར་པོ། དེ་རྒྱབ་རྩིབས་བཞི་ནག་པོ་མུ་ཁྱུད་ཐོད་ཕྲེང་གིས་བསྐོར་བ་སྒོ་རྫོགས་ཁྲོ་དཀྱིལ་སྤྱི་འགྲེ་ལྟར་བྱ་བའམ། དར་རས་མཐིང་ནག་གི་སྟེང་དུ་འབྲུ་ནག་གི་ཚོམ་བུ་ལྔ། དེ་རྒྱབ་མགྲོན་ཐབས་ལྷའི་ཚོམ་བུ་ཅི་རིགས་བཀོད་ཀྱང་ཆོག་པ་གཞུང་གི་དགོངས་པ་ཡིན་ཞིང་། དེ་དག་གང་རུང་གི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་མཐིང་ནག་ཁ་རྒྱན་གཟུངས་རྡོར་བཅས་པའི་སྟེང་དུ་འཕྲུལ་སྟེགས་ལ། སྤོད་ཀྱིས་བྲན་པའི་དཔལ་གཏོར་རིན་ཆེན་འབར་བ་རྟ་མགོས་སྤྲས་པ་རྒྱན་དང་དར་གདུགས་མཐིང་གས་སྤྲས་པ་བཤམ། གཞན་ཡང་སྐུ་ཙག །ཕྱག་མཚན་རལ་གྲི་དང་ལྕགས་ཀྱུ་ཞགས་པ། གླང་ཀོ་ཞིང་ལྤགས་སྟག་ཤམ་ཐོད་ཕྲེང་། སྔགས་བྱང་རྣམས་ཅི་བདེར་བཀོད། སྨན་རག་གཏོར་གསུམ། ཕྱི་མཆོད་རྣམས་སྤྱི་ལྟར་བཤམ། ལས་བུམ། མིག་དར་མེ་ཏོག་སོགས་འདུ་བྱའོ། །དངོས་གཞི་སྐྱབས་སེམས་སྔོན་དུ་འགྲོ་བས་སྒྲུབ་ཐབས་ལྟར་ཚིག་རིས་གཅིག་གིས་བདག་མདུན་བུམ་པ་གཏོར་མའི་ལྷ་སོ་སོར་བསྐྱེད་པའམ། རྟོགས་དགོངས་དང་ལྡན་ན་དེ་དག་དབྱེར་མེད་དུ་བསྐྱེད་ཀྱང་རུང་ལ། དམིགས་པའི་སྤྲོ་བསྡུ་སྤྱི་མཐུན་བཅས་བཟླས་པ་ཅི་འགྲུབ་བྱ་ཞིང་བུམ་གཏོར་ལ་ལྷ་ཡང་ཡང་བསྟིམ། མཐར་སྤྱན་འདྲེན་བསྟོད་བསྐུལ་དབང་ལེན་བཅས་གྲུབ་པ་དང་། ལས་བུམ་ནང་དུ་པད་ཉིའི་གདན་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལྗང་སྔོན་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཁྲོ་འཛུམ་དར་དང་རིན་པོ་ཆེས་བརྒྱན་ཅིང་ཕྱེད་སྐྱིལ་དུ་བཞུགས་པའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་གང་བར་གྱུར། ཅེས་མོས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། བཛྲ་པཱ་ཎི་ལམྦོ་དྷ་ར། ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་བཟླ། ལྷ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩི་ལས་ཐམས་ཅད་སྒྲུབ་པའི་ནུས་ལྡན་དུ་གྱུར། དེ་ནས་སློབ་མ་བརྒྱུད་འཛིན་གཅིག་གམ། ཉམས་སུ་ལེན་ངེས་ཀྱི་སྐལ་ལྡན་ལྔ་ལས་མི་མང་བ་ཁྲུས་ནས་དབྱུང་། སུམྦྷ་ནིས་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་ཉིད་གདུལ་བྱ་ས་ལ་གནས་པ་རྣམས་ལ་འཕགས་པ་ཐུགས་རྗེ་ཆེན་པོ་དང་། ཐུན་མོང་བའི་གདུལ་བྱའི་སྣང་ངོར་རིག་འཛིན་གྱི་གཙོ་མཆོག་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་བསྟན་ཅིང་། ཞི་བས་མི་འདུལ་བ་རྣམས་ལ་དབང་ཆེན་རྟ་མཆོག་རྒྱལ་པོ་དང་། ཤིན་ཏུ་མི་སྲུན་པའི་གདུག་པ་ཅན་འདུལ་བའི་གཉེན་པོར་དེ་ཉིད་རྟ་མགྲིན་ནག་པོ་དྲག་ཏུ་ཁྲོས་པ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་བཞེངས་ནས། སྙིགས་དུས་ཀྱི་སྡེ་བརྒྱད་དྲེགས་པ་མཐུ་བོ་ཆེའི་ཚོགས་རྣམས་ཚར་གཅོད་ཟིལ་གྱིས་གནོན་པའི་ཕྲིན་ལས་ལ་གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་གང་གིས་བསྒྲུན་དུ་མེད་པ་སྟེ། དེའི་སྒྲུབ་ཐབས་གཏེར་ཁ་འགའ་ཞིག་ནས་བྱོན་པ་ལས། སྐབས་སུ་བབས་པ་འདི་ནི་གཞུང་རྩ་བ་ལས། ཨོ་རྒྱན་བདག་གི་ཐུགས་བཅུད་དམ་པ་འདི༔ ད་ལྟའི་དུས་སུ་སྤེལ་བའི་གནས་མེད་པས༔ མ་འོངས་དུས་ན་འཛམ་གླིང་བོད་ཀྱི་ཡུལ༔ ཀླུ་དང་ས་བདག་རྒྱལ་བསེན་དབང་བྱས་ཏེ༔ མཛེ་དང་གག་ལྷོག་སྨྱོ་འབོག་བརྒྱལ་ནད་སོགས༔ མི་རྣམས་མི་བདེ་སྣ་ཚོགས་གཏོང་བར་བྱེད༔ དེ་ལྟའི་དུས་སུ་འཕྲད་ཆོག་ཐོབ་ཆོག་འདི༔ ཐུགས་ཀྱི་མཛོད་བརྟོལ་མ་འོངས་དོན་ཕྱིར་སྦས༔ ཞེས་དང་། རྟ་མགྲིན་ནག་པོ་ལྕགས་རལ་སྒྲུབ་པའི་སྐོར༔ དབུས་དང་ཕྱོགས་བཞིར་གཏེར་ཁ་ལྔ་རུ་སྦས༔ དེ་དག་ཀུན་གྱི་ཟབ་རྒྱས་མཐར་ཐུག་འདི༔ མཁའ་རིས་གདན་དྲངས་མོན་མཁར་སྟེང་བཞུགས་ཚེ༔ ཨ་ཙར་ཡེ་ཤེས་བཀའ་ཡི་ཡི་གེ་མཁན༔ བསེ་སྒྲོམ་སྨུག་པོ་སྣོད་ཀྱི་ནང་དུ་བསྩལ༔ གནམ་སྐས་བྲག་ལ་ཐུགས་ཀྱི་ཡང་གཏེར་སྦས༔ ཞེས་བཀའི་གཙིགས་སུ་བསྔགས་པར་མཛད་པའི་ཟབ་ཆོས་དབང་ཆེན་གསང་བ་འདུས་པ་ཡང་གསང་དྲག་པོའི་སྒྲུབ་ལུགས། ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་ལས་བྱོན་པ་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པ་ཡིན་ལ། དེའི་སྲོག་དབང་དྲེགས་པ་སྲོག་གི་རྒྱ་ཅན་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། མ་རིག་པའི་སྒྲིབ་གཡོགས་དང་ལྡན་པར་མཚོན་བྱེད་དུ་མིག་དར་བཀབ་ཅིང་། ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་ཅོད་པན་ལག་ཏུ་ཐོགས་པར་མོས་ཤིག །མིག་དར་མེ་ཏོག་སྦྱིན། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་དབང་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཆེ༔ གསང་བ་གསུམ་ལ་མངའ་མཛད་པ༔ ཁྱེད་ནི་ཆེ་བཙན་འགྲན་ཟླ་བྲལ༔ བདག་ཅག་དབང་གི་རྗེས་འཇུག་པའི༔ ལས་དང་སྐལ་བར་ལྡན་པ་ཉིད༔ དམ་ཚིག་ཆེན་པོར་བདག་དབང་སྐུར༔ གཙོ་བོས་ཡང་དག་བཟུང་བ་དང༔ ལྷག་པའི་ལྷ་རུ་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ལེགས་འོངས་རིགས་ཀྱི་བུ་རྣམས་ཉོན༔ ཁམས་གསུམ་འདི་ན་དབང་ཆེན་དང༔ དྲེགས་པ་སྲོག་གི་བདག་པོ་སྟེ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་ཡིན༔ འདི་ནི་བཀའ་གཉན་ཆེས་གསང་བ༔ བཀའ་དང་དམ་ལ་མི་གནས་ན༔ དྲེགས་པའི་འཁོར་གྱིས་རང་སྲོག་གཅོད༔ ཚུལ་བཞིན་བསྒྲུབ་པར་ཅང་ནུས་སམ༔ སྐལ་བར་ལྡན་ན་གནང་བར་བྱ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། གསང་བ་གསུམ་གྱི་དཀྱིལ་འཁོར་ནི༔ བདག་ཅག་རབ་ཏུ་མནོས་གྱུར་ཏེ༔ ཚུལ་བཞིན་སྒྲུབ་ལ་བཀའ་མི་འདའ༔ དབང་ཆེན་ཁྱོད་ཀྱིས་རྗེས་བཟུང་འཚལ༔ བླ་མ་དང་མདུན་གྱི་དཀྱིལ་འཁོར་ཐ་དད་མེད་པ་དབང་ཆེན་འདུས་པའི་དཀྱིལ་འཁོར་ལ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས་༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཐབས་ཁྱད་པར་ཅན་དུ་གྱུར་པ་གསག་སྦྱོང་ཡན་ལག་བདུན་པ་ཚུལ་བཞིན་བྱ་བའི་བློས་འདིའི་རྗེས་ཟློས། རང་རིག་ལྷ་ལ་ཕྱག་འཚལ་ལོ༔ མ་འགགས་རང་གསལ་མཆོད་པ་འབུལ༔ མུ་བཞིར་ལྟུང་བ་མཐོལ་ལོ་བཤགས༔ དུས་གསུམ་མཉམ་ཉིད་རྗེས་ཡི་རང༔ འཁོར་བ་དོང་ནས་སྤྲུག་པར་བསྐུལ༔ ཀ་དག་ཟང་ཐལ་རྗེན་པར་བཞུགས༔ ཀུན་ཀྱང་རང་རིག་རྟོགས་པར་བསྔོ༔ སྐུ་གསུམ་ཡོངས་རྫོགས་ཐོབ་པར་ཤོག༔ གསུམ་མམ་གཅིག །མཁའ་ཁྱབ་ཀྱི་སྐྱེ་རྒུ་ཐམས་ཅད་དཔལ་པདྨ་དབང་ཆེན་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་ལ་གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ་སྙམ་པ་དང་། ཚད་མེད་བཞིའི་ཏིང་ངེ་འཛིན་ལ་བློ་བཞག་བཞིན་པས་འདིའི་རྗེས་ཟློས། ཀྱེ་མ༔ བདག་གིས་འགྲོ་ཀུན་བསྒྲལ་བྱའི་ཕྱིར༔ རྟ་མགྲིན་དབང་གི་དཀྱིལ་འཁོར་དུ༔ འཁོར་བ་དོང་ནས་སྤྲུག་པའི་ཕྱིར༔ ཚད་མེད་བཞི་རུ་སེམས་བསྐྱེད་དོ༔ ལན་གསུམ། ཚོམ་བུའི་དཀྱིལ་འཁོར་འདུ་བྱས་ལ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་ཚེ་རབས་ནས་འབྲེལ་བའི་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པའི་འདུན་པ་དང་བཅས་ཚོམ་བུའི་དཀྱིལ་འཁོར་དུ་དོར་ལ་འདིའི་རྗེས་ཟློས། ཧཱུྃ༔ རང་བྱུང་དབྱིངས་ནས་གྲུབ་པའི་ལྷ༔ ཚོགས་རྗེ་ཚོགས་བདག་དབང་དང་ལྡན༔ འབྲེལ་པའི་མེ་ཏོག་ལྷ་ལ་འབུལ༔ ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཅེས་འདོར་དུ་གཞུག །མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །རྡོ་རྗེས་མིག་དར་བསལ་ལ། ཀྱེ༔ མ་རིག་འཁྲུལ་པས་རབ་བསྒྲིབས་པས༔ ཡེ་ཤེས་སྣང་བའི་སྒོ་བཅད་པ༔ ཡེ་ཤེས་འཆར་བའི་སྒོ་ཉིད་དུ༔ ཡང་དག་ཐབས་དང་ལྡན་པས་དབྱེ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ལས་བུམ་གྱིས་དམ་ཆུ་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཉམས་ན་སྲེག་ཅིང་འཚེད་པ་སྟེ༔ མ་ཉམས་རང་བྱུང་ཡེ་ཤེས་སེམས༔ དག་པ་གསུམ་གྱི་དཀྱིལ་འཁོར་ཉིད༔ ཡང་དག་པར་ནི་སྣང་བར་འགྱུར༔ དེ་ཕྱིར་འདའ་བར་མི་བྱ་སྟེ༔ མི་ཕྱེད་རྡོ་རྗེའི་བྲོ་བོར་ཅིག༔ ཐ་ཚིག་ལས་མི་འདའ་བ་རྡོ་རྗེའི་བྲོ་བོར་བར་མོས་པས་འདིའི་རྗེས་ཟློས། བཛྲ་ཨི་དན་དྷུ་རི༔ རཀྵ་སི་རཀྵ་སི་ས་མ་ཡ༔ གནས་གསུམ་དུ་རྡོ་རྗེ་བཞག་ལ། ཨོཾ་ཨཱཿཧཱུྃ༔ ས་མ་ཡ་མི་ཏི་ཧཱུྃ་ཛ༔ རྡོ་རྗེ་ཕྲེང་བ་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཚུར་ཤོག་རྒྱལ་བའི་སྲས་ཆེན་པོ༔ དེ་རིང་དབང་ཆེན་ནག་པོ་དང༔ ཁྱོད་ཉིད་གཉིས་སུ་མེད་གྱུར་ཏེ༔ བདག་ནི་པདྨ་ཧེ་རུ་ཀ༔ ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ མི་འདའ་རྡོ་རྗེའི་དམ་གནས་ཤིང༔ རྡོ་རྗེའི་གནས་ནི་ཁྱེད་ཀྱིས་སྲུངས༔ ཡང་ལས་བུམ་གྱི་ཆུ་བདུད་རྩི་དང་བཅས་པ་ངག་ཏུ་བླུད། རྡོ་རྗེ་སྙིང་གར་བཞག་སྟེ། ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་སྟོན་པ༔ ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་གསོལ༔ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང༔ འདི་ཡི་སྙིང་ལ་ཡང་དག་ཞུགས༔ བྱིན་རླབས་ཆེན་པོ་མཛད་དུ་གསོལ༔ སྐབས་འདིར་ཕྱིས་ཀྱི་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་ལྟར་ཡེ་ཤེས་འབེབས་པའི་ཆོ་ག་བྱེད་ན། ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་བདུད་བཞི་དང་ཀླུ་རིགས་ལྔ་བསྣོལ་བའི་སྟེང་ཉི་ཟླ་པདྨའི་གདན་གྱི་སྟེང་དུ། ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿམཐིང་ནག་སོགས་མངོན་རྟོགས་ལྟར་ལ། ཞེས་བརྗོད་པ་ལས༔ ཁྱེད་རང་སྐད་ཅིག་གིས་རྟ་མགྲིན་ནག་པོ༔སོགས་ནས། འཇོམས་པར་བྱེད་པ༔ མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་ན་ཨི་ཧ་ཧའི་སྒྲ་སྒྲོག་པའི་ཚུལ་གྱིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་ཉི་མའི་གདན་ལ་ཧྲཱིཿམཐིང་ནག །དེ་དག་ལས་འཕྲོས་པའི་འོད་ཟེར་དང་། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདེ་ཆེན་དབང་དྲག་རོལ་པའི་གཞལ་ཡས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཁ་བ་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས། ཁྱེད་རང་གི་སྒོ་གསུམ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ་ནས་བྱིན་གྱིས་བརླབས་པར་མོས་ཤིག །ཧཱུྃ་ཧྲཱི༔ བདེ་ཆེན་དབང་དྲག་སོགས་སྤྱན་འདྲེན་དང་། རྩ་སྔགས་ལ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བརྗོད་ཅིང་གུ་གུལ་ཚིལ་ཆེན་སོགས་སྤོས་དང་རོལ་མོའི་སྒྲ་དྲག་པོ་བཅས་བྱིན་དབབ། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ སྐུ་གསུང་མི་འགྱུར་རྡོ་རྗེའི་གནས༔ དབང་ཆེན་ཁྲོས་པའི་ཚུལ་བསྟན་པ༔ འདི་ལ་ཡང་དག་གནས་པར་མཛོད༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་གནས་ཤིང་བརྟན་པར་བྱའོ། །དེ་ནས་དབང་དངོས་ལ་བུམ་པ་དང་གཏོར་མ་མ་བྲལ་བར་སྤྱི་བོར་བཏེགས་ལ། དབང་བསྐུར་དངོས་ལ་འདུན་པ་འདི་བཞིན་དུ་མཛོད། རྣམ་པ་བུམ་པ་དང་གཏོར་མ་ལ༔ ངོ་བོ་རྟ་མགྲིན་ནག་པོ་འཁོར་རྟ་མགྲིན་རིགས་བཞི་དང་བཅས་པ༔ འུར་འུར་ཐུག་ཐུག་ཆེམས་ཆེམས༔ རྟ་སྐད་ཐེངས་གསུམ་ཙེར་ཙེར་བཏོན་པས༔ སྟོང་གསུམ་འུར་འུར༔ རྒྱ་མཚོ་ཁྱོམས་ཁྱོམས་རི་རབ་ལྡེག་ལྡེག་དྲག་ཤུལ་དང་བཅས་ཁྱེད་རང་གི་སྤྱི་བོར་བྱོན་པར་བསམ༔ གང་གི་ནུས་པ་ཡོངས་སུ་རྫོགས་པས་ཁྱེད་རང་ལ་དབང་བསྐུར་བས༔ ཀླུ་དང་ས་བདག་རྒྱལ་བསེན་དམ་སྲི་འབྱུང་པོ་སྡེ་བརྒྱད་ཐམས་ཅད་ཁ་འདར་སྙིང་འདར༔ བརྒྱལ་འབོག་མྱོས་ལྐུགས་རེངས་འདར་ཡེད་ཡེད༔ མིག་ཧྲིག་ཧྲིག༔ བཀའ་ཉན་ལས་བྱེད་བྲོ་བོར་དམ་ལས་མི་འདའ་བར་བསམ༔ འགའ་ཞིག་ནི་རྒྱ་མཚོའི་འགྲམ་དུ་བྲོས་ཏེ་ཕྱིར་མི་ལྡོག་པར་མཚོན་ཆའི་འཁོར་ལོ་དང༔ མེ་དཔུང་གིས་ཆོད་པར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་སྟོན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་སྒོ་ནས་དབང་མཆོག་སྐུར༔ ལུས་ཀྱི་ནད་གདོན་ཞི་བར་མཛོད༔ གསུང་གི་སྒོ་ནས་དབང་མཆོག་སྐུར༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ ཐུགས་ཀྱི་སྒོ་ནས་དབང་མཆོག་སྐུར༔ ཡིད་ལ་བདེ་སྟོང་སྤར་དུ་གསོལ༔ ཡོན་ཏན་སྒོ་ནས་དབང་མཆོག་སྐུར༔ མཐུ་སྟོབས་རྩལ་ཆེན་བསྐྱེད་དུ་གསོལ༔ ཕྲིན་ལས་སྒོ་ནས་དབང་མཆོག་སྐུར༔ ནད་གདོན་བགེགས་རྣམས་ཚར་གཅོད་ཅིག༔ བུམ་པའི་དབང་བསྐུར་གཞལ་ཡས་ཆེན་པོའི་མཆོག༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ རྟ་མཆོག་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བཞི་མཆོག༔ སྐལ་ལྡན་བུ་ལ་དུས་འདིར་ཡོངས་རྫོགས་ནས༔ སྐུ་བཞི་ལྷུན་གྲུབ་ཕྲིན་ལས་རྣམ་བཞི་བརྙེས༔ རྒྱ་ཆེན་རྒྱུན་མི་འཆད་པའི་དབང་ཐོབ་ཤོག༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ༔ ཨེ་ཨཱ་རལླི་ཧཱུྃ་ཧྲཱིཿཛ༔ ས་མ་ཡ་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་གཏུག་ཅིང་། ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་བུམ་པ་གཏོར་མ་དང་བཅས་པའི་དབང་ཡོངས་སུ་རྫོགས་པར་བསྐུར་པས༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན་ནས་འབྲས་བུ་སྐུ་བཞིའི་སངས་རྒྱས་ཐོབ་པར་གྱུར་ཅིག༔ སྦྱོར་བ་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་པར་གྱུར་ཅིག༔ ཅེས་བརྗོད་ལ། བུམ་ཆུ་སྤྱི་བོར་བླུགས་པས་རྟ་མགོས་མཚན་ནས་རྟ་སྐད་ཐེངས་གསུམ་བཏོན་པར་སྒོམས་ཤིག༔ ངག་ཏུ་བླུད་པས་ནུས་པ་ཐོགས་པ་མེད་པར་སྒོམས་ཤིག༔ འགུགས་སྒྲོལ་དྲག་པོའི་ཕྱག་མཚན་དང་དཔལ་གྱི་ཆས་གོས་རྣམས་ཀྱིས་མངའ་གསོལ་བས་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ཕྲིན་ལས་ལ་མངའ་དབང་སྒྱུར་བར་མོས་ཤིག༔ ལག་གཡས་སུ་རལ་གྲི །གཡོན་དུ་ལྕགས་ཀྱུ་དང་ཞགས་པ་གཏད་ལ། ཧཱུྃ༔ རལ་གྲི་འབར་བས་དགྲ་སྲོག་གཅོད༔ བགེགས་རྣམས་དུམ་བུར་གཏུབས་པར་བྱེད༔ མེ་ཆེན་འབར་བས་དུག་ལྔ་སྲེག༔ ལྕགས་ཀྱུས་དགྲ་བགེགས་སྙིང་ནས་འདྲེན༔ ཞགས་པས་ཉོན་མོངས་འཆིང་ཞིང་སྡོམ༔ དབང་ཆེན་དཔལ་གྱི་ཕྱག་མཚན་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ མཐུ་སྟོབས་མ་ལུས་ཡོངས་རྫོགས་ནས༔ ཕྲིན་ལས་གང་བརྩམ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཏིགྣ་པཱ་ཤ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧྲཱི༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་དབང་ཆེན་ཁྲོ་བོའི་ཕྱག་མཚན་འདི་གཏད་པས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་པར་གྱུར་ཅིག༔ དེ་ནས་ཀོ་རློན་དང་ཞིང་ལྤགས་བཀོན་ལ། ཐེག་ཆེན་སྟོབས་བཅུ་ཡོངས་སུ་རྫོགས༔ རྟོག་མེད་འཁོར་བ་ཀུན་ལས་སྒྲོལ༔ དཔལ་ཆེན་སྐུ་ཡི་རྒྱན་དུ་ཆེ༔ ཁྲོ་རྒྱལ་རྟགས་ཀྱི་དབང་ཐོབ་ནས༔ དྲེགས་པ་བྲན་དུ་ཁོལ་བར་ཤོག༔ ཨོཾ་བཛྲ་ཧསྟི་བཛྲ་ཏི་ར་བཛྲ་མཱཾ༔ ཞེས་བརྗོད་སྟག་ཤམ་བཀོན་ལ། བདག་འཛིན་རུ་དྲ་དབྱིངས་སུ་བསྒྲལ༔ སྟག་ཤམ་འདི་ནི་དཔའ་བའི་རྟགས༔ དྲེགས་པའི་ཚོགས་ལ་དབང་ཡང་སྒྱུར༔ ཁྲོ་ཆེན་བརྒྱད་ཀྱི་དབང་ཐོབ་ཤོག༔ བཛྲ་རཀྴ་པྲ་ཏི་ནི་ལཾ་བཛྲ་མཱཾ༔ དེ་ནས་ཐོད་ཕྲེང་བཀོན་ལ། ཧཱུྃ༔ བདག་འཛིན་རུ་དྲ་དབྱིངས་སུ་བསྒྲལ༔ འཁོར་འདས་སྐྱེ་ཤི་རྩད་ནས་གཅོད༔ འདུ་བྱེད་ལྔ་བཅུ་ཡོངས་སུ་དག༔ ཁྲོ་རྒྱལ་སྐུ་ཡི་རྒྱན་དུ་ཆེ༔ ཁམས་གསུམ་དབང་དུ་འདུ་བ་དང༔ སྲིད་གསུམ་བྲན་དུ་ཁོལ་བར་ཤོག༔ བཛྲ་ཀི་ཤ་ཧོ༔ ཞེས་རིམ་པར་བསྐུར། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་དཔྲལ་བ་ནས་རང་འདྲའི་ཁྲོ་བོ་སྐུ་ཆུང་ལ་ཡན་ལག་རྫོགས་པ། མགྲིན་པ་ནས་སྔགས་ཀྱི་ཕྲེང་བ། ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་མཚན་དཔག་ཏུ་མེད་པ་འོད་དང་འོད་ཟེར་འབར་བ་ནམ་མཁའ་ཁེངས་པ་ཙམ་དུ་བྱོན་ནས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་བྱིན་རླབས་རྩལ་རྫོགས་སུ་ཐོབ། ལྷ་སྔགས་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་དབང་། ཕྲིན་ལས་རབ་འབྱམས་སྒྲུབ་པའི་མཐུ་ཐོབ་པར་མོས་ཤིག །སྐུ་སྤྱི་བོ། སྔགས་བྱང་མགྲིན་པ། ཕྱག་མཚན་ལག་ཏུ་གཏད་ལ། ཧཱུྃ༔ སྐུ་ནི་སྣང་བ་གཟུང་འཛིན་མེད༔ གསུང་ནི་མི་འགག་རྡོ་རྗེའི་སྒྲ༔ ཐུགས་ནི་མི་རྟོག་ཡེ་ཤེས་ངང༔ ཡོན་ཏན་རེ་བ་མ་ལུས་སྐོང༔ ཕྲིན་ལས་ཐོགས་མེད་ཐམས་ཅད་སྒྲུབ༔ མ་ལུས་འདུས་པའི་དབང་ཆེན་པོ༔ ཡོངས་རྫོགས་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་དཔལ་གཏོར་གྱི་ཆ་ཤས་དངོས་གྲུབ་ཏུ་སྦྱིན་ཅིང་ཤིས་བརྗོད་ཅི་ལྟར་རིགས་པ་བྱ། དེ་རྣམས་ཀྱིས་དབང་ཆེན་རྟ་མགྲིན་ནག་པོའི་དབང་བསྐུར་ཐུན་མོང་མ་ཡིན་པ་དྲེགས་པ་སྲོག་གི་རྒྱ་ཅན་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་སོགས་དབང་གི་རྗེས་རིམ་སྤྱི་ལྟར་བྱ། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ་ཤིས་བརྗོད་ལ་སོགས་པའང་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །ཉོན་མོངས་རྣམ་འགྱུར་སྲིད་གསུམ་དྲེགས་ཚོགས་ཀྱི། །སྲོག་ལ་དབང་ཐོབ་རྡོ་རྗེ་སྲིན་པོའི་སྐུ །བདག་གཞན་འགྲོ་བ་ཀུན་གྱིས་ཡོངས་གྲུབ་ནས། །འཁོར་འདས་ཕྱག་རྒྱ་གཅིག་ཏུ་རྫོགས་གྱུར་ཅིག །ཅེས་ཟབ་གཉན་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་ཅིང་མཆོག་དམན་ཀུན་ལ་ཉེར་མཁོའི་བདུད་རྩིར་གྱུར་པ་འདིའང་། ཉེ་བར་མཁོ་བའི་མཛོད་ཆེན་གྱི་ཆོས་སྡེར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།། །།
རྟགས་བརྒྱད་འབུལ་ཚིག་ (Volume 49, Text 48)
རྟགས་བརྒྱད་ནི། ཧཱུྃ་ཧྲཱིཿ ཐུགས་རྗེ་རྨད་བྱུང་དཔལ་གྱི་གདུགས་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ སྣ་ཚོགས་དགོས་འདོད་ཀུན་འབྱུང་རིན་ཆེན་བུམ། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ འདབ་སྟོང་ལྡན་པ་གེ་སར་པདྨའི་མཆོག །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་དགོངས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ དྲི་མེད་རབ་དཀར་དཔལ་གྱི་དུང་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ རིན་ཆེན་ཟུར་བརྒྱད་དཔལ་གྱི་བེ་འུ་འབར། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ ཁམས་གསུམ་ཀུན་ལས་མཆོག་གྱུར་རྒྱལ་མཚན་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ལ་དབང་སྒྱུར་འཁོར་ལོ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །སརྦ་མངྒ་ལཾ།། །།
དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའ་ (Volume 40, Text 48)
༄༅། །དཀྱིལ་འཁོར་སྤྱིའི་ཐིག་ཚོན་གྱི་བྱ་བ་རབ་གསལ་ཀུན་དགའ་བཞུགས་སོ། ། ན་མཿཤྲཱི་བཛྲ་སཏྭཱ་ཡ། བདེ་གཤེགས་དཀྱིལ་འཁོར་ཀུན་གྱི་འབྱུང་གནས་ཆེ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །བློ་དམན་དོན་དུ་དཀྱིལ་འཁོར་ཐིག་ཚོན་གྱི། །ཆོ་གའི་བྱ་བ་རབ་གསལ་ཀུན་དགའ་བཤད། །རེ་ཞིག་ཐིག་ལ་རྣམ་པ་གཉིས། །ཡེ་ཐིག་དང་ནི་ལས་ཐིག་གོ །ཡེ་ཐིག་སྐུད་རྒྱུ་པདྨ་ཡི། །རྒྱུས་པའམ་རས་བལ་ལ་འང་རུང་། །རྒྱུ་དེ་དཔའ་བོས་རིན་གྱིས་ཉོས། །བཅུ་དྲུག་ལོ་ལོན་མཚན་ལྡན་མས། །བཀལ་བའི་སྲད་བུ་ཁ་དོག་ནི། །ལྔ་འམ་ཡང་ན་ཉི་ཤུ་ལྔ། །རིང་ཐུང་དཀྱིལ་འཁོར་ཉིས་བལྡབ་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཡེ་ཤེས་ལྔ་རུ་བྱིན་བརླབས་ཏེ། །གདབ་ཚུལ་སློབ་དཔོན་ནུབ་ཏུ་འདུག །སློབ་བུ་ཤར་དུ་གནས་པ་ཡིས།་་་རྒྱབ་འགྲོས་བཅས། ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །སློབ་མ་བྱང་དུ་་་རྒྱབ་འགྲོས་བཅས།གཉིས་པ་གདབ། །སློབ་དཔོན་མེ་ཡི་མཚམས་སུ་འདུག །སློབ་མ་བྱང་ཤར་གནས་པ་ཡིས།་་་རྒྱབ་འགྲོས་བཅས། ཤར་གྱི་ལོགས་ཐིག་གདབ་པར་བྱ། །སློབ་དཔོན་རླུང་དང་སློབ་མ་ནི། །སྲིན་པོར་འདུག་པས་་་རྒྱབ་འགྲོས་བཅས།ནུབ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། །བྱང་ཤར་འདུག་པས་་་རྒྱབ་འགྲོས་བཅས།བྱང་ཕྱོགས་གདབ། །སློབ་དཔོན་མེ་དང་སློབ་མ་ནི། །སྲིན་པོར་འདུག་པས་་་རྒྱབ་འགྲོས་བཅས།ལྷོ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་སློབ་མ་ནི། །རླུང་གནས་ཟུར་ཐིག་དང་པོ་གདབ། །སློབ་དཔོན་སྲིན་པོ་སློབ་མ་ནི། །བྱང་ཤར་འདུག་པས་གཉིས་པ་སྟེ། །ཀུན་ལ་གཡས་སྐོར་ཁྱད་པར་དུ། །ཚངས་ལོག་རྒྱབ་འགྲོས་ཚུལ་གྱིས་གདབ། །གནམ་ཐིག་གདབ་པའི་རིམ་པ་འོ། ༈ །དེ་ནས་ལས་ཐིག་རིམ་པ་བཤད། །རས་བལ་ལས་གྲུབ་སྲད་བུ་ནི། ཁ་དོག་གསུམ་མམ་དགུ་སྒྲིལ་ཏེ། །རིང་ཐུང་སྦོམ་ཕྲ་འཁེལ་མཁན་རིན། །སྔར་བཞིན་བྱས་པའི་ཐིག་སྐུད་དེ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །ཐིག་བརྒྱད་གོ་རིམ་སྔ་མ་ལྟར། །འདེབས་སམ་ཡང་ན་ལོགས་ཐིག་བཞིའི། །སྔོན་དུ་ཟུར་ཐིག་གཉིས་བཏབ་ཀྱང། །གནས་སྐབས་བྱ་སླ་འགལ་བའང་མེད། །འདེབས་དུས་སློབ་དཔོན་སློབ་མ་ཡི། །འདུག་ཕྱོགས་ཡེ་ཐིག་བཞིན་དུ་གཅེས། །དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད། ཁྲུ་གང་ཚད་ལས་མི་ཆུང་བའི། །ཇི་ལྟར་རིགས་པའི་གཞིའི་ངོས་སུ། །དང་པོ་ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པ་བརྐྱངས་པ་ཡིས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །ངོས་རེར་ཇི་ལྟར་འཚམ་པ་ཡི། །ལོགས་ཐིག་བཞི་བཏབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོ །སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་བཏབ་རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ངོ་། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཆ་ཆེན་ཕྱི་མ་ཕྱེད་བགོས་ལ། །ཕྱི་མ་དེ་འང་ཕྱེད་དུ་གཅད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །དེ་རྗེས་ནང་གི་རྩ་ཐིག་ནས། །རྟ་བབས་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་སྒོ་འགྲམ་སྒོ་ལོགས་དང་། །མུན་པ་ཀ་བ་ཀ་རྒྱན་འབྱུང། །རྟ་བབས་བརྒྱད་མ་ལ་སོགས་པ། །ཀ་རྒྱན་མཐའ་རུ་ཆ་ཕྲན་བསྣན། །མདའ་ཡབ་ཕྱི་རོལ་རྟ་བབས་བྱ། །དེ་ལ་སྣམ་ཕྲན་གཅད་ལུགས་གསུམ། །བརྒྱད་མ་བཞི་མ་བཅུ་གཅིག་མ། །ཕྱི་མའི་ཕྱག་ལེན་སྔ་འགྱུར་གྱི། །ཕྱོགས་འདིར་ཉུང་བས་འདིར་མི་བརྗོད། །དང་པོ་སྣམ་བུ་བརྒྱད་མ་ནི། །མདའ་ཕྱིར་ཆ་ཆེན་གསུམ་བཅད་པའི། །ནང་མ་གཉིས་པོ་བཞི་བཞིར་བགོ །རྟ་བབས་སྣམ་བུ་བརྒྱད་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་འཁོར་ལོ་གདུགས་ཀྱི་ས། །དེ་དག་ཕྱི་མཐའི་རིམ་པ་ནི། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གིས་རིང་། །ཟར་ཚག་དེ་ལས་གཉིས་ཀྱི་ཐུང་། །སྣ་འཕྱོང་དེ་ལས་གཅིག་གིས་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གིས་རིང་། །དེ་ལས་ཁྱུང་མགོ་གཅིག་འཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོའི། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། །གླང་རྒྱབ་མིག་གསུམ་བསྐོར་ཚུལ་ནི། །རྟ་བབས་ཀྱི།་་་སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། །འདི་ལ་འཁྱོག་དགུ་བྱ་དགོས་ན། །སྣམ་བུ་དང་པོ་ཕྱེད་དང་བཞི། །གཉིས་པ་གསུམ་པ་དྲུག་དྲུག་གོ །བཞི་པ་ལ་ནི་བཞི་བཞི་སྟེ། །སྣམ་བུ་ལྔ་པ་ཆ་ཕྲན་གསུམ། །དྲུག་པ་དེ་ནས་ཚངས་རྩེར་སླེབས། །དེ་རྣམས་ཕྱི་རུ་ཕྱེད་རེ་གཅད། །འོག་གཞི་འཁོར་ལོའི་བསྐོར་ཚུལ་ནི། །མདའ་ཐིག་ཟུར་ནས་ཆ་ཆེན་ཕྱེད། །དོར་བའི་ཟླུམ་སྐོར་ནང་དུ་ཡང་། །ཆ་ཕྲན་བསྐོར་བ་རྩིབས་རྟེན་ཡིན། །རྩ་ཐིག་དང་ནི་སྒོ་ཁྱུད་ཐིག །འཛོམ་པ་ནས་བཟུང་རྩིབས་རྟེན་ལ། །རྩེ་རེག་གཡས་ནས་གཡོན་པ་དང་། །གཡོན་ནས་གཡས་པར་བསྐོར་བར་བྱ། །འདི་ནི་རྡོར་སེམས་སྒྱུ་དྲའི་ལུགས། །གཞན་དུ་སྣ་ཚོགས་རྡོ་རྗེར་བཞེད། །དེ་ཡི་གཡས་གཡོན་རྭ་སྐོར་ཚུལ། །རྟ་བབས་ཀྱི།་་་སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་་་ཐིག་འཛོམ་པའི།ཕྱིར་ཆ་ཕྲན།་་་གཉིས་ཕྱིན་་་ཏེ།འཛོམ་པ་ནས། །གཟུང་སྟེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་འཕྲེད་་་དུ་ཆ་ཕྲན།གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། །པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །སྒྱུ་འཕྲུལ་ཞི་བའི་འཁོར་ཡུག་ནི། །རྩིབས་རྟེན་ཕྱི་རུ་ཆ་ཆེན་གཉིས། །བསྐོར་བའི་ནང་མ་ཕྱེད་གཏུབ་བསྐོར། །ནང་ནས་པད་རྡོར་མེ་རིའི་ས། །ལྟེ་བའི་ལྷ་གནས་སྐོར་ཚུལ་ནི། །རྩ་ཐིག་ནང་དུ་ཆ་ཆེན་རེ། །དོར་བ་གྲུ་ཆད་ཐིག་ཏུ་འགྱུར། །དེ་ཡི་ཕྱི་རོལ་ཆ་ཕྲན་གཅིག །བཏབ་པ་གློ་འབུར་བཞི་ཡི་ཐིག །རྒྱར་ནི་ཆ་ཆེན་རེ་རེ་འོ། །དཀྱིལ་འཁོར་དབུས་ནས་གྲུ་ཐིག་བར། །ཚད་མཉམ་ཟླུམ་སྐོར་གཉིས་བསྐོར་བའི། །གཉིས་ཀའི་ནང་དུ་ཆ་ཕྲན་རེ། །བསྐོར་བས་ནང་ནས་རིམ་པ་བཞིན། །ལྟེ་བ་མུ་ཁྱུད་རྩིབས་བཞི་དང་། །ཕྱི་ཡི་མུ་ཁྱུད་ས་ཡིན་ཏེ། །དེ་རྣམས་ཞི་བ་འབྲིང་པོའི་ཐིག ༈ །སྒྱུ་འཕྲུལ་ཁྲོ་དཀྱིལ་ལྟ་བུ་ཡི། །སྒོ་སྦྲགས་ནང་མའི་གདབ་ཚུལ་བཤད། །སྔར་གྱི་གྲུ་ཆད་ཐིག་དེ་ནི། །དཀྱིལ་འཁོར་ནང་མའི་མདའ་ཐིག་ཡིན། །མདའ་ཐིག་དེ་ནས་ལྟེ་བའི་བར། །ལོགས་ཐིག་བཞི་ཡིས་ཕྱེད་མར་གཅད། །ཕྱི་མ་ཆ་གསུམ་བགོས་པ་ཡི། །ནང་མའི་ནང་དུ་བཞི་ཆ་གདབ། །གློ་འབུར་ལྷག་མ་ཡུལ་མའི་ཁྱམ། །བར་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཕྱི་མ་ཕྱེད་གདབ་ཕྱི་ཕྱེད་བགོ །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །སྒོ་ནི་རྩིག་པའི་ནང་ཐིག་ནས། །མདའ་ཡབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་རེ་བཏབ་ཕྱི་ཕྱེད་བགོ །དེ་མཐར་ཆ་ཕྲན་རེ་རེ་བགོ །ནང་སྒོའི་སྒོ་ཁྱུད་འགྲམ་ལོགས་འབྱུང་། །ལོགས་ཐིག་བཞིས་བཅད་ཕྱེད་ནང་མར། །དབུས་ཀྱི་ཟླུམ་སྐོར་ཞི་བ་ལྟར། །བསྐོར་ཞིང་ཕྱི་རོལ་འཁོར་ཡུག་གི །པད་ར་དང་ནི་རྡོར་རའི་བར། །ཆ་ཆེན་གཅིག་བསྣན་དུར་ཁྲོད་ས། །སྒྱུ་འཕྲུལ་ཁྲོ་བོའི་ཐིག་རིམ་ཏེ། །སྒོ་སྦྲགས་གཉིས་མ་གསུམ་མ་སོགས། །ཀུན་ལ་དེ་བཞིན་སྦྱར་ཏེ་དཔྱད། །འོན་ཀྱང་ཚོགས་ཆེན་འདུས་པ་ལྟར། །སྒོ་སྦྲགས་ཤིན་ཏུ་མང་པོ་ལ། །ཕྱི་དཀྱིལ་ཆ་ཆེན་ནང་དཀྱིལ་གྱི། །ཚད་དུ་བྱས་ནས་ནང་མ་རྣམས། །ཤིན་ཏུ་ཕྲ་བས་བྱ་དཀར་འགྱུར། ༈ །དེ་ནས་ཚོགས་ཆེན་འདུས་པ་ཡི། །ཐིག་གི་གདབ་ཚུལ་མདོ་ཙམ་བཤད། །འདི་ལ་སྟེང་ཁང་ཞི་བ་དང་། །འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཏེ། །ཉིས་ཐོགས་ཚུལ་དུ་གནས་པ་སྟེ། །སྟེང་ཁང་ཞི་དཀྱིལ་སྔར་བཤད་པའི། །སྒྱུ་འཕྲུལ་ཞི་བ་ཉིད་དང་འདྲ། །འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ནི། །ཚངས་ཟུར་སྤྱི་ལྟར་བཏབ་པའི་རྗེས། །ཇི་ལྟར་རིགས་པའི་མདའ་ཐིག་གདབ། །མདའ་ཐིག་དེ་ནས་ལྟེ་བའི་བར། །དུམ་བུ་ཆ་མཉམ་གསུམ་དུ་བགོ །སུམ་ཆ་ནང་མའི་སྟེང་བཟུང་ནས། །ལོགས་བཞི་བཅད་པ་གྲུ་ཆད་ཐིག །གྲུ་ཆད་ཐིག་ནས་མདའ་ཐིག་བར། །ཆ་མཉམ་ལྔར་བགོས་ནང་མ་བཞིན། །ཕྱེད་ཕྱེད་གཏུབས་པས་དུམ་བུ་དགུ །དེ་ལྟར་དུམ་བུ་དགུ་པོ་ཡང་། །རང་རང་སོ་སོའི་ཆགས་ཚད་ཀྱིས། །དུམ་བུ་གསུམ་གསུམ་དག་ཏུ་བགོ །དང་པོ་ཐམས་ཅད་བར་ཁྱམས་ལ། །གཉིས་ཀུན་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །གསུམ་ཀུན་ཕྱེད་གདབ་ཕྱི་མ་ཕྱེད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །ནང་སྒོ་བརྒྱད་པོའི་ཐིག་རིམ་ནི། །ཚངས་ངོས་གཡས་གཡོན་ཁྱམས་ཚད་དེ། །བཏབ་པ་ཚད་བགོ་དེ་ཕྱེད་ཕྱིར། །སླར་ཡང་ཁྱམས་ཀྱི་བཞི་ཆ་བསྣན། །ཕྱི་སྒོ་དགུ་པ་ཚངས་ངོས་སུ། །རང་གི་ཆ་ཆེན་གཉིས་གཉིས་གདབ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུད་འགྲམ་ལོགས་མུན་པ་དང་། །ཀ་བ་ཀ་རྒྱན་རྣམས་སུ་འགྱུར། །དེ་ནས་མདའ་ཐིག་ཕྱི་རོལ་དུ། །ཕྱི་མའི་སྒོ་ཚད་གསུམ་བཅད་ལ། །རྟ་བབས་སྣམ་བུ་བརྒྱད་མའི་ཚད། །སྒྱུ་འཕྲུལ་བཞིན་ལས་ཁྱད་པར་ནི། །འོག་གཞི་སྣ་ཚོགས་རྡོ་རྗེར་མཛད། །མདའ་རྩེ་ཟླུམ་སྐོར་ཉི་གདན་ཏེ། །དེ་ཕྱིར་་་ཆ་ཕྲན་གཉིས་པའི་རིག་འཛིན་གྱི་སྣམ་བུ་དགོས་སོ། ཁ་དོག་སེར་པོ་ལ་ཐིག་ལེ་གྲངས་མང་བཀོད། མཆན།ཆ་ཆེན་ཕྱེད་དང་གཅིག །ཕྱེད་དང་གཅིག་བསྐོར་པདྨ་དང་། །དུར་ཁྲོད་རྡོར་ར་མེ་རི་འགྱུར། །རྩ་ཐིག་ནང་དུ་ཆ་ཆེན་ཁྱམས།་་་དཔེ་ལ་ལར་རྐང་པ་འདི་མི་འདུག །མཆན། གྲུ་ཆད་ནང་དུ་ཟླུམ་པོར་བསྐོར། །དེ་ནང་མུ་ཁྱུད་ཆ་ཕྲན་བསྐོར། །དེ་ནས་ལྟེ་བའི་བར་ཕྱེད་བགོ །ཕྱི་མ་རྩིབས་བརྒྱད་ནང་མ་ནི། །ཆ་གསུམ་བགོས་ནས་རིམ་བཞིན་བསྐོར། །གྲུ་ཆད་ཕྱི་རོལ་གློ་འབུར་ནི། །ཆ་ཕྲན་དཀྱུས་སུ་ཆ་ཆེན་གཅིག །དེ་རྣམས་འདུས་པའི་ཐིག་རིམ་སྟེ། །ལ་ལ་ཞི་དཀྱིལ་དབུས་བཅུག་ཅིང་། །ཕྱི་རོལ་རིག་འཛིན་ཁྱམས་སྤར་ནས། །སྒོ་སྦྲགས་བཅུ་གཅིག་མཛད་པ་དང་། ཁ་ཅིག་ལྟེ་བ་ཆ་གསུམ་དུ། །བགོས་པའི་ནང་མ་ལིང་ཚེ་དགུ །དེའི་ཕྱིར་འཁོར་ལོ་རྩིབས་བཞི་དང་། །རྩིབས་བརྒྱད་རྣམས་སུ་འདོད་པའང་ཡོད། །འདི་ནི་རྒྱུད་དང་རྒྱ་འགྲེལ་དང་། །ལེགས་མཐུན་རང་གི་བླ་མའི་ལུང་། ༈ །དོང་སྤྲུགས་བརྒྱ་ལྡན་དཀྱིལ་འཁོར་ནི། །རྟ་བབས་ནས་བཟུང་རྩ་ཐིག་བར། །སྔར་གྱི་སྒྱུ་འཕྲུལ་ཞི་བ་དང་། །འཁོར་ཡུག་ཁྲོ་བོ་ལྟ་བུ་ལས། །དབུས་ཀྱི་ལྷ་གནས་ལྟེ་བ་ནས། །རྩ་ཐིག་ལ་རེག་བསྐོར་བའི་ནང་། །ཆ་ཕྲན་གཅིག་བསྐོར་གདུང་ཟླུམ་ཐིག །གདུང་ཐིག་ནས་ནི་ལྟེ་བའི་བར། །ཆ་མཉམ་དྲུག་བགོས་ཟླུམ་སྐོར་ལྔ། །དབུས་ཀྱི་ནང་མཐར་ཆ་ཕྲན་བསྐོར། །རིམ་བཞིན་ལྟེ་བ་མུ་ཁྱུད་དང་། །པདྨ་འདབ་བཞི་འདབ་མ་བརྒྱད། །འདབ་མ་བཅུ་དྲུག་སོ་གཉིས་དང་། །འདབ་མ་བཞི་བཅུ་རྣམས་སུ་འགྱུར། །ལ་ལ་སྒོ་རྐྱང་འགྲམ་ལོགས་དང་། །བྲལ་ཞིང་རྟ་བབས་བརྒྱད་པོ་ཡང་། །ཆ་ཕྲན་གཅིག་དང་ཕྱེད་ཕྱེད་དང་། །གཉིས་དང་ཕྱེད་དང་ཕྱེད་གཉིས་དང་། །གཅིག་གཅིག་དེ་བཞིན་འོག་གཞི་ཡང་། །སྣ་ཚོགས་རྡོ་རྗེར་བཞེད་པ་ཡོད། །རྟ་བབས་བརྒྱད་མའི་གདབ་ཚུལ་ལས། །འཕྲོས་ཏེ་སྒྱུ་འཕྲུལ་ཞི་ཁྲོ་དང་། །ཚོགས་ཆེན་འདུས་པ་དོང་སྤྲུགས་ཀྱི། །ཐིག་གི་རིམ་པ་བཤད་ཟིན་ཏོ། ༈ །གཉིས་པ་རྟ་བབས་བཞི་མ་ནི། །མདའ་ཐིག་ཕྱི་རུ་ཆ་ཆེན་གཉིས། །ནང་མ་ཆ་བཞིར་བགོ་བར་བྱ། །རྟ་བབས་སྣམ་བུ་བཞི་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །རྟ་བབས་ཕྱི་མཐའི་རིམ་པ་ཡང་། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་རྗེས་གསུམ་པོ་རེ་རེ་ཐུང་། །མིག་གསུམ་བསྐོར་ཚུལ་རྟ་བབས་ཀྱི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་་་གཅིག།ཀྱི་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཅིག་རེ་གཡས་གཡོན་བསྐོར། །ཡང་ན་གཡས་གཡོན་མིག་གཉིས་པོ། །བརྒྱད་མ་ལྟ་བུ་བསྐོར་བའང་ཡོད། །སྣ་ཚོགས་རྡོ་རྗེའི་ར་བསྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲེད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་བསྐོར། །མདའ་ཐིག་རྩེ་ནས་ཕྱི་རོལ་དུ། །ཆ་ཆེན་ཕྱེད་དང་གཅིག་དང་ཕྱེད། །གཅིག་བསྐོར་པདྨ་དུར་ཁྲོད་དང་། །རྡོར་ར་མེ་རི་རྣམས་སུ་འགྱུར། ༈ །ལྟེ་བའི་ལྷ་གནས་འགྱུར་ཚུལ་ནི། །གུ་རུ་ཞི་དྲག་ཚེ་དཔག་མེད། །རྡོར་སེམས་བཞི་ལ་ཁྱམས་མི་དགོས། །དེ་ཕྱིར་རྩ་ཐིག་ནང་དུ་ནི། །ཟླུམ་བསྐོར་སོ་སོའི་དབྱེ་བ་བཤད། ༈ །བླ་མ་ཞི་བར་ལྟེ་བ་ནས། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་ཕྱིའི་མུ་ཁྱུད། །མུ་ཁྱུད་དེ་ནས་ལྟེ་བའི་བར། །ཆ་མཉམ་བཞི་བསྐོར་ནང་མའི་ནང་། །ཆ་ཕྲན་གཅིག་གི་མུ་ཁྱུད་བསྐོར། །ནང་ནས་རིམ་བཞིན་ལྟེ་བ་དང་། །མུ་ཁྱུད་འདབ་བཞི་རིན་ཆེན་བརྒྱད། །པད་མ་འདབ་བརྒྱད་རྩིབས་བརྒྱད་དང་། །རྩིབས་རྟེན་མུ་ཁྱུད་རྣམས་སུ་འགྱུར། ༈ །བླ་མ་དྲག་པོར་ལྟེ་བ་ནས། །རྩ་ཐིག་ནང་གི་མུ་ཁྱུད་བར། །ཆ་མཉམ་གསུམ་བགོས་བསྐོར་བའི་ནང་། །ཆ་ཕྲན་གཅིག་བགོས་རིམ་པ་བཞིན། །ལྟེ་བ་མུ་ཁྱུད་འདབ་མ་བཞི། །རྩིབས་བཞི་རྩིབས་རྟེན་རྣམས་སུ་འགྱུར། །ལྟེ་བའི་མུ་ཁྱུད་ནང་ཐིག་དང་། །ཤར་གྱི་ཚངས་ཐིག་ཕྲད་པ་ནས། །ལྟེ་བར་ཚད་པའི་སྲད་བུ་ཡིས། །གཡས་དང་གཡོན་དུ་མཚན་མ་བྱ། །དེ་ཉིད་ནུབ་ཀྱི་ཚངས་ཐིག་དང་། །སྦྲེལ་བའི་ལྟེ་བ་ཆོས་འབྱུང་འོང་། ༈ །ཚེ་དཔག་མེད་ནི་རྩ་ཐིག་གི །ནང་གི་ཆ་ཕྲན་མུ་ཁྱུད་ནས། །ལྟེ་བའི་བར་དུ་ཕྱེད་མཉམ་བསྐོར། །ནང་མའི་ནང་མཐར་ཆ་ཕྲན་གཅིག །བསྐོར་བས་ལྟེ་བ་མུ་ཁྱུད་དང་། །པད་འདབ་བརྒྱད་དང་མུ་ཁྱུད་དོ། ༈ །རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ཡང་། །ལྟེ་བ་འདི་དང་འདྲ་བ་ལས། །རྟ་བབས་སྣམ་བུ་བརྒྱད་མ་ནི། །སྒྱུ་འཕྲུལ་ཞི་བ་ལྟ་བུར་མཛད། ༈ །གཤིན་རྗེ་འཇོམས་བྱེད་གྲུ་ཆད་ནང་། །ཆ་ཕྲན་གཅིག་བསྐོར་རྩིབས་རྟེན་ས། །དེ་ནས་ལྟེ་བའི་བར་ཕྱེད་བགོ །ནང་མའི་ནང་མཐར་ཆ་ཕྲན་བསྐོར། །ལྟེ་བར་ཆོས་འབྱུང་སྔར་བཞིན་བསྐོར། །རིམ་པར་ཆོས་འབྱུང་ཟླ་གམ་དང་། །ཐོད་ཕྲེང་རྩིབས་བཞི་རྩིབས་རྟེན་ནོ། ༈ །བདེ་འདུས་ཕོ་བྲང་དགུ་ཐིག་ནི། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ལ། །རྩ་ཐིག་ནང་དུ་ཆ་ཆེན་རེ། །དོར་བ་གྲུ་ཆད་ཐིག་ཏུ་འགྱུར།་་་དཔེ་ལ་ལར་ཚིག་རྐང་འདི་དག་མེད། ཚངས་ཐིག་དང་ནི་གྲུ་ཆད་ཐིག །འཛོམ་པའི་གཡས་གཡོན་ཐིག་རྒྱུད་དུ། །ཆ་མཉམ་གསུམ་བགོས་མཚན་མ་བྱ། །མཚན་མ་ནང་མའི་སྟེང་བཟུང་ནས། །ཐིག་བཞི་བསྣོལ་བཏབ་ལིང་ཚེ་དགུ །ཐིག་བཞིའི་ཕྱི་དང་གྲུ་ཐིག་ཕྱིར། །ཆ་ཕྲན་ཕྱེད་རེ་གདབ་པར་བྱ། །མིག་མང་རིས་བྲིས་རྡོ་རྗེའི་གདུང་། །རྩ་བའི་ཚངས་ཟུར་ཐིག་རྣམས་ནི། །སོ་སོའི་ཚངས་ཐིག་དང་པོ་སྟེ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ནས་ཟུར། །གདུང་བཞིའི་བསྣོལ་མཚམས་སྟེང་དྲང་གདབ། །ཕྱོགས་བཞིའི་དཀྱིལ་འཁོར་ཟུར་ཐིག་གྲུབ། །ཟུར་གྱི་ལིང་ཚེ་བཞི་པོ་ཡི། །ཟུར་ནས་ཟུར་དུ་ལོགས་བཞིན་གཏུབས། །མཚམས་དཀྱིལ་ཚངས་ཐིག་གཉིས་པ་འབྱུང་། །དེ་དག་དབུས་ཀྱི་བྱ་རྗེས་སྟེང་། །བསྣོལ་ཏེ་བརྐྱངས་ནས་ཕྱོགས་བཞིར་གདབ། །ཕྱོགས་དཀྱིལ་ཚངས་ཐིག་གཉིས་པ་དང་། །མཚམས་དཀྱིལ་སོ་སོའི་ཟུར་ཐིག་འགྱུར། །དེ་རྣམས་ཞི་ཁྲོ་ཐུན་མོང་ཐིག ༈ །དེ་ནས་ཞི་བའི་ཐིག་རིམ་ནི། །དབུས་དང་ཕྱོགས་བཞིའི་དཀྱིལ་འཁོར་གྱི། །གདུང་ཐིག་བཞི་པོ་རང་རང་གི །མདའ་ཡབ་ཕྱི་ཐིག་ཉིད་དུ་འགྱུར། །མཚམས་བཞིའི་རང་རང་ཟུར་ཐིག་དང་། །གདུང་ཐིག་ཕྲད་པ་ནས་བཟུང་སྟེ། །ལོགས་ཐིག་བཞི་གདབ་མདའ་ཐིག་འབྱུང་། །དེ་ནས་དཀྱིལ་འཁོར་དགུ་ཀ་ཡི། །མདའ་ཐིག་ནས་ནི་ལྟེ་བའི་བར། །སུམ་ཆའི་་་དུམ་བུ་གསུམ་བགོས།ཕྱེད་གདབ་རྩ་ཐིག་གོ །དེ་ནས་མདའ་ཐིག་བར་ཕྱེད་བགོ །ཆ་ཆེན་གཉིས་འབྱུང་ནང་མ་དེ། །དབུས་དོར་མཐའ་གཉིས་གདབ་པར་བྱ། །ཕྱི་མ་ཕྱེད་གདབ་ཕྱི་མ་ཕྱེད། །སྒོ་ནི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་རེ་གདབ་དེ་ཕྱེད་བགོ །དཔེ་གཅིག་ལ།་་་དེ་མཐར་ཆ་ཕྲན་གཅིག་རེ་གདབ།་་་ཟེར་བའང་འདུག །མཆན། ཆ་ཆེན་གཉིས་འབྱུང་ནང་མ་དེ། །རྩ་ཐིག་ནང་ནས་ལྟེ་བའི་བར། །ཚད་མཉམ་ཟླུམ་ཐིག་གཉིས་བསྐོར་བའི། །རེ་རེའི་ནང་དུ་ཆ་ཆུང་བསྐོར། །ལྟེ་བ་མུ་ཁྱུད་རྩིབས་བཞི་དང་། །རྩིབས་རྟེན་མུ་ཁྱུད་རྣམས་སུ་འགྱུར། །ཕྱི་རོལ་སྒོ་རྒྱན་རྟ་བབས་ནི། །སྣམ་བུ་བཞི་མ་སྤྱི་ལྟར་དང་། །འཁོར་ཡུག་སྒྱུ་འཕྲུལ་ཞི་བ་བཞིན། ༈ །བདེ་འདུས་ཁྲོ་བོའི་དཀྱིལ་འཁོར་ནི། །ལེ་ཚེ་དགུ་ཀར་རང་རང་གི །གདུང་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་རེ་བསྐོར་བས། །སོ་སོའི་དམ་ཅན་འཁོར་ཡུག་འབྱུང་། །འཁོར་ཡུག་ཕྱེད་དང་རང་རང་གི །ཟུར་ཐིག་ཕྲད་པའི་སྟེང་བཟུང་ནས། །ངོས་བཞིར་ཐིག་གདབ་མདའ་ཐིག་ཡིན། །དེ་ནང་ཞི་བ་ལྟ་བུ་ལས། ཁྱད་པར་རྩ་ཐིག་ནང་དུ་ནི། །ཆ་ཆེན་གཅིག་བཅད་གྲུ་ཆད་ཐིག །གྲུ་ཆད་ལ་རེག་ལྟེ་བ་ཡི། །ཟླུམ་སྐོར་ཞི་བ་ལྟ་བུ་ལ། །ལྟེ་བའི་མུ་ཁྱུད་ནང་ཐིག་དང་། །ནུབ་ཀྱི་ཚངས་ཐིག་ཕྲད་པ་ནས། །དབུས་ཚད་གཡས་གཡོན་མཚན་མ་བྱ། །དེ་གཉིས་ཤར་གྱི་ཚངས་ཐིག་དང་། །སྦྲེལ་བས་ཆོས་འབྱུང་རྩེ་ཤར་བསྟན། །སོ་སོའི་ལྟེ་བའི་ཆོས་འབྱུང་དང་། །མུ་ཁྱུད་རྩིབས་བཞི་རྩིབས་རྟེན་ནོ། །དེ་ལྟར་ནང་དཀྱིལ་དགུ་པོ་ནི། །རྟ་བབས་སྤངས་པའི་སྒོ་རྫོགས་ཡིན། །གྲུ་ཆད་ཕྱི་རོལ་ཁྱམས་དང་སྒོ །རྒྱན་ལྡན་རྟ་བབས་སྣམ་བུ་ནི། །བརྒྱད་མ་སྒྱུ་འཕྲུལ་ལྟ་བུར་མཛད། །ལ་ལ་རྟ་བབས་སྣམ་བཞིའི་སྟེང་། །བུམ་པ་ཆོས་འཁོར་གདུགས་དང་བཅས། །མཆོད་རྟེན་དབྱིབས་སུ་བཞེད་པའང་ཡོད། །འོན་ཀྱང་སྒོ་ཚད་གཅིག་མ་ལ། །སྣམ་ཕྲན་བཞིར་བཅད་བང་རིམ་བཞི། །རྒྱུད་ཀྱི་དགོངས་པར་འབྱོར་རམ་སྙམ། །འཁོར་ཡུག་གདུགས་ཀྱི་རྩེ་མོ་ནས། །ཆ་ཆེན་ཕྱེད་པ་ལན་གཉིས་དང་། །ཆ་ཆེན་གཅིག་དང་དེ་ཕྱེད་དང་། །ཆ་ཆེན་ཕྱེད་དང་ཆ་ཆེན་གཅིག །བསྐོར་བས་ནང་ནས་རིམ་པ་བཞིན། །བཀའ་སྡོད་ས་དང་པདྨ་དང་། །དུར་ཁྲོད་འཁོར་ལོ་རྩིབས་སྟོང་པ། །རྡོར་ར་མེ་རི་རྣམས་སུ་འགྱུར། ༈ །ཕུར་པ་སྤུ་གྲིའི་ཁྱད་པར་ནི། །གྲུ་ཆད་ཐིག་ནས་ཟླུམ་པོར་བསྐོར། །དེ་ནང་ཕྱི་ནས་རིམ་པ་བཞིན། །ཆ་ཕྲན་གཅིག་དང་ཆ་ཕྲན་ཕྱེད། །ཆ་ཕྲན་ཕྱེད་དྲུག་ཆ་ཕྲན་གཅིག །དེ་ནང་ཆོས་འབྱུང་གཤིན་རྗེ་ལྟར། །བསྐོར་བས་ནང་ནས་རིམ་པ་བཞིན། །ཆོས་འབྱུང་ཟླ་གམ་ཐོད་ཕྲེང་དང་། །རིན་ཆེན་ཆ་བརྒྱད་མུ་ཁྱུད་དང་། །མེ་ཡི་ཕྲེང་བ་རྣམས་སུ་འགྱུར། །གྲུ་ཐིག་ཕྱི་རུ་ཆ་ཕྲན་རེ། །བཏབ་པས་ནང་རྩིག་ཐོད་རིམ་གསུམ། །དེ་སྒོ་རྒྱན་མེད་ཟང་ཐལ་ཡིན། ཁྱམས་དང་ཕྱི་སྒོ་ལ་སོགས་པ། །རྟ་བབས་བཞི་མ་སྤྱི་ལྟར་ལས། །པུ་ཤུའི་ཟུར་ནས་བསྐོར་བ་ཡི། །ཕྱི་རོལ་ཆ་ཆེན་ཕྱེད་དང་གཅིག །ཆ་ཕྲན་གཅིག་དང་ཆ་ཆེན་གཅིག །བསྐོར་བས་་་སྒྲུབ་ཁོག་དངོས་ལས་པད་ར་དུར་ཁྲོད་དམ་ཅན་རྡོར་ར་མེ་རི་རྣམས་གསུངས་སོ། །མཆན།ནང་ནས་དམ་ཅན་དང་། །དུར་ཁྲོད་རྡོར་ར་མེ་རིར་འགྱུར། །དེ་ལྟར་རྟ་བབས་བརྒྱད་མ་དང་། །བཞི་མ་གཉིས་ཀྱིས་ཁོག་ཕུབ་ནས། །ཉེ་བར་མཁོ་བའི་ལྷ་གནས་སོགས། །སྒྱུར་ཚུལ་འགའ་ཞིག་བརྗོད་པ་སྟེ། །རབ་འབྱམས་དཀྱིལ་འཁོར་མཐའ་ཡས་ཕྱིར། །ཐམས་ཅད་བསྙད་པར་མི་ནུས་པས། །འདིས་མཚོན་རང་རང་དཀྱིལ་ཆོག་ལྟར། །ཞིབ་མོའི་བློ་ཡིས་བསྒྱུར་ཏེ་དཔྱད། ༈ །གཉིས་པ་ཚོན་གྱི་ཆོ་ག་བཤད། །ཡོན་བདག་འཁོར་ལོས་སྒྱུར་རྒྱལ་དང་། །རྒྱལ་ཕྲན་འབངས་ཀྱི་གོ་རིམ་བཞིན། །རིན་པོ་ཆེ་དང་འབྲུ་སྨན་དང་། །ས་ལས་བྱས་པའི་ཁ་དོག་ནི། །ལྔ་འམ་ཉི་ཤུ་རྩ་ལྔ་སྟེ། །གཙང་མའི་སྣོད་བླུགས་རང་རིག་གི །ཡིག་འབྲུ་བྲིས་ལ་རང་ཕྱོགས་དགོད། །རིགས་ལྔའི་ལྷ་སྒོམ་བྱིན་བརླབས་ཏེ། །སློབ་དཔོན་ཤར་དུ་ཞལ་ཕྱོགས་པས། །དབུས་ཀྱི་འགྱིང་ཕུར་བཏོན་པའི་ཤུལ། །ལག་གཡོན་མཐེབ་སྲིན་གྱིས་བཟུང་བའི། །རྡུལ་ཚོན་འབྱུང་བ་རིམ་བརྩེགས་ཀྱི། ཁ་དོག་གོ་རིམ་ངེས་པས་དགང་། །དེ་རྗེས་སོར་མོ་འབྲུ་ལྔ་བཀོད། ཁུ་ཚུར་གཡོན་པས་དབང་ལྡན་ནས། །བརྩམ་སྟེ་གཡས་བསྐོར་རྩིག་པའི་སར། །པན་རེག་མཛུབ་གང་ཚད་དུ་བྲི། །དེ་ལ་མཚན་ལྡན་ཐོད་པས་འགེབས། །ཕྱིས་ནས་རྩིག་པ་འདྲེན་པའི་དུས། །ཚོན་པྲ་བརྟག་པའི་དོན་བཞག་ལ། །དེ་ནས་ཞལ་དབང་ཐོབ་པ་ཡི། །སློབ་མ་རྣམས་ཀྱིས་རིམ་པ་ལྟར། །མ་མཐོང་རྨོངས་ལ་བསྟན་པའི་ཕྱིར། །ཚོན་རྣམས་རིམ་པ་བཞིན་དུ་དགྱེ། །ཇི་ལྟར་དགྱེ་བའི་རིམ་པ་ནི། ༈ །ཐོག་མར་སྒྱུ་འཕྲུལ་ཞི་བ་ལ། །དབུས་མཐིང་མུ་ཁྱུད་འོད་ཟེར་ཏེ། །རྩིབས་བཞི་མཆན་དང་གྲུ་ཆད་དང་། །གློ་འབུར་བར་ཁྱམས་སྒོ་དང་བཅས། །ཤར་དཀར་བ་སོགས་ཕྱོགས་ཀྱིས་དབྱེ། །འཁོར་ལོའི་ཕྱི་ཡི་མུ་ཁྱུད་ནག །རྩིག་པ་ནང་ནས་རིམ་པ་བཞིན། །མཐིང་དཀར་སེར་དམར་ལྗང་གུ་འོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་ཡབ་དཀར་པོ་མཆོད་རྟེན་རིས། །མུན་པ་པ་ཏི་གླང་རྒྱབ་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་ཚོན། །རྟ་བབས་བརྒྱད་རྣམས་གོ་རིམ་བཞིན། །རྟ་རྐང་བཞི་སྔོ་རྡོ་རྗེ་སེར། །ཆུ་སྐྱེས་དམར་ལ་སྒྲོམ་མཛེས་ཚོན། །ཟར་ཚག་དཀར་ལ་གཞི་མ་ནག །སྣ་འཕྱང་སེར་པོ་ཕ་གུ་འདྲ། །སྒྲིལ་འཕྱང་དཀར་ལ་གཞི་མ་ནག །ཤར་བུ་དཀར་ལ་གཞི་མ་སྔོ། །རྒྱ་ཕུབས་ཁྱུང་མགོ་མཐིང་ཁ་འོ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་གསེར་མདོག་གདུགས་དཀར་པོ། །འོག་གཞིའི་རྩིབས་དང་མུ་ཁྱུད་བཅས། །ཕྱོགས་མདོག་ཕྱི་ཁྱམས་ལྗང་གུ་སྟེ། །པདྨ་སྣ་ཚོགས་རྡོར་ར་མཐིང་། །མེ་རི་སྣ་ཚོགས་ཆོས་འཁོར་རོ། ༈ །དེ་ནས་སྒྱུ་འཕྲུལ་ཁྲོ་བོ་ཡི། །ཚོན་གྱི་ཁྱད་པར་ཅུང་ཟད་བཤད། །ལྟེ་བ་མཐིང་ག་མུ་ཁྱུད་ལྗང་། །རྩིབས་བཞི་སེར་པོ་གོང་རས་དམར། །མུ་ཁྱུད་མཐིང་ག་གྲུ་ཆད་ལྗང་། །ཡུལ་མའི་ཁྱམས་སེར་སྒོ་ཕྱོགས་མདོག །ནང་རྩིབས་ནང་ནས་སྔོ་དམར་དཀར། །དབང་མོའི་ཁྱམས་དམར་སྒོ་ཕྱོགས་མདོག །ཕྱི་རོལ་དུར་ཁྲོད་གཞི་མ་ནག །གཞན་རྣམས་ཞི་བ་ཇི་བཞིན་ནོ། ༈ །ཚོགས་ཆེན་འདུས་པའི་ཚོན་ཐོབ་ནི། །ཞི་བའི་ཚོན་ནི་དྲྭ་བ་བཞིན། ཁྲོ་བོའི་ལྟེ་བའི་ཟླུམ་སྐོར་ནི། །གསུམ་ག་མཐིང་ལ་རྩིབས་བརྒྱད་སེར། །གོང་རས་དམར་ལ་མུ་ཁྱུད་སྔོ། །གྲུ་ལྗང་གློ་འབུར་ཕྱོགས་ཀྱི་མདོག །བར་ཁྱམས་དང་པོ་སེར་པོ་ལ། །གཉིས་པ་དཀར་ལ་གསུམ་པ་དམར། །བཞི་པ་སེར་ལ་ལྔ་པ་དམར། །དྲུག་པ་དཀར་ལ་བདུན་པ་ནག །བརྒྱད་པ་ཕྱོགས་མདོག་དགུ་པ་ལྗང་། །རྩིག་པ་ནང་བརྒྱད་ལྗང་གུ་ལ། །ཕྱི་རྩིག་དང་ནི་སྒོ་ཀུན་གྱི། །འདོད་སྣམ་ཕ་གུ་ལ་སོགས་པ། །སྒྱུ་འཕྲུལ་ལྟར་ལ་ཉི་གདན་ལྗང་། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །དུར་ཁྲོད་གཞི་སོགས་ཀུན་དང་མཐུན། ༈ །དོང་སྤྲུགས་དབུས་མཐིང་མུ་ཁྱུད་སེར། །འདབ་བཞི་ཕྱོགས་ཚོན་བརྒྱད་ཕན་ཆད། །ལྷ་མདོག་མཛེས་ཚོན་གང་བདེ་བྱ། །མུ་ཁྱུད་ཕྱི་མ་མཐིང་ག་སྟེ། །ལྷག་རྣམས་ཞི་བ་དང་མཐུན་ནོ། ༈ །བླ་མ་ཞི་བའི་ཚོན་ཐོབ་ནི། །ལྟེ་བ་མཐིང་ལ་མུ་ཁྱུད་ལྗང་། །འདབ་བཞི་ཕྱོགས་མདོག་བརྒྱད་སྣ་ཚོགས། །རིན་ཆེན་ཆ་བརྒྱད་རྩིབས་བརྒྱད་དང་། །མུ་ཁྱུད་རྣམས་ནི་མཐིང་ག་འོ། ༈ །རྟ་བབས་སྣམ་བུ་བཞི་མ་ལ། །ནང་ནས་དམར་སྔོ་ལྗང་སེར་རམ། །ཡང་ན་སེར་མཐིང་དམར་ལྗང་བྱ། ༈ །བླ་མ་དྲག་པོའི་ཆོས་འབྱུང་དམར། །མུ་རན་སྔོན་པོ་ཟླ་གམ་དམར། །མུ་ཁྱུད་ཐོད་པའི་ཕྲེང་བ་ལ། །པད་འདབ་ཕྱོགས་ཚོན་འཁོར་ལོ་སྔོ། །གོང་རས་ཕྱོགས་མདོག་མུ་ཁྱུད་མཐིང་། ༈ །ཚེ་དཔག་མེད་ཀྱི་ལྟེ་བ་ནི། །དམར་པོ་རྡོར་སེམས་དཀར་པོ་སྟེ། །གཉིས་ཀའི་འདབ་མ་མཛེས་ཚོན་ནོ། ༈ །གཤིན་རྗེ་འཇོམས་བྱེད་ཆོས་འབྱུང་མཐིང་། །ཟླ་གམ་དམར་པོ་ཐོད་རས་དཀར། །རྩིབས་བཞི་མཐིང་ལ་མཆན་ཕྱོགས་མདོག །མུ་ཁྱུད་སྔོན་པོ་གཞན་རྣམས་འདྲ། ༈ །བདེ་འདུས་ཞི་བའི་ཚོན་རིམ་བཤད། །དཀྱིལ་འཁོར་དགུ་པོའི་ལྟེ་བ་ནི། །དབུས་དཀར་ཤར་དང་ཤར་ལྷོ་སྔོ། །ལྷོ་དང་ལྷོ་ནུབ་སེར་པོ་སྟེ། །ནུབ་དང་ནུབ་བྱང་དམར་པོ་འོ། །བྱང་དང་བྱང་ཤར་ལྗང་གུ་བྱ། །ཀུན་གྱི་མུ་ཁྱུད་འོད་ཟེར་ལ། །རྩིབས་བཞི་སྒོ་རྣམས་ཕྱོགས་མདོག་ལ། །རྩིག་པ་རང་རང་རིགས་དང་སྦྱར། །རྡོ་རྗེའི་གདུང་ནི་མཐིང་ག་འོ། །ཕྱི་ཁྱམས་ཕྱོགས་མདོག་རྩིག་པ་ནི། །ནང་ནས་དཀར་མཐིང་སེར་དམར་ལྗང་། །འདོད་སྣམ་ལ་སོགས་འདྲ་བ་ལ། །ད་རུ་ཀད་ལྗང་པུ་ཤུ་དཀར། །རྟ་བབས་བཞི་ནི་མཛེས་ཚོན་ལ། །པད་རའི་ནང་དུ་ཕྱོགས་སྐྱོང་གི །སྣམ་བུ་དཀར་པོ་བྱས་ཀྱང་རུང་། །པད་ར་སྣ་ཚོགས་རྡོར་ར་ནག །མེ་རི་དམར་སེར་འབར་བ་འོ། ༈ ཁྲོ་བོའི་ཕོ་བྲང་དགུ་པོ་ཡི། །ཚོན་ནི་ལྟེ་བའི་ཆོས་འབྱུང་རྣམས། །དབུས་མཐིང་ཤར་ནས་གཡས་སྐོར་དུ། །མཐིང་ག་སྔོན་པོ་སེར་པོ་དཀར། །དམར་མཐིང་ལྗང་གུ་ནག་པོ་འོ། །ཀུན་ཀྱང་རྩིབས་བཞི་མུ་ཁྱུད་བཅས། །མཐིང་ག་གྲུ་ཆད་ཁྱམས་སྒོ་སོགས། །ཕྱོགས་མདོག་རྩིག་པ་ཐོད་རིམ་གསུམ། །འདོད་སྣམ་ལ་སོགས་འདྲ་བ་ལས། །དམ་ཅན་འཁོར་ཡུག་ནག་པོ་དང་། །རྡོ་རྗེའི་གདུང་མཐིང་འོག་གཞི་སྔོ། །འབར་བའི་རྒྱན་གྱིས་ཐམས་ཅད་སྤྲས། །དབང་མོའི་ལྷ་ཁྱམས་ཕྱོགས་མདོག་ལ། །རྩིག་པ་འདོད་སྣམ་ལ་སོགས་པ། །སྒྱུ་འཕྲུལ་ལྟ་བུར་བྱས་པ་ལས། །འཁོར་ཡུག་བཀའ་སྡོད་ཁྲག་མཚོ་དང་། །རྩིབས་སྟོང་འཁོར་ལོ་སེར་པོ་འོ། ༈ །ཕུར་པ་སྤུ་གྲིའི་ཚོན་ཡིག་ནི། །གྲུ་གསུམ་མཐིང་ནག་ཟླ་གམ་དམར། །ཐོད་ར་དཀར་ལ་རྒྱ་ཆད་མཐིང་། །མུ་སྐོར་སེར་པོ་མུན་མཆན་དམར། ཁྱུད་སྐོར་མེ་རི་ལྔ་ལྡན་ཏེ། ཁྱམས་སྨུག་ནང་རྩིག་དཀར་དམར་སྔོ། །སྒོ་ཁྱམས་ཕྱི་རྩིག་ལ་སོགས་པ། །སྤྱི་འགྲེ་ལྟར་ལས་འཁོར་ཡུག་གི །དམ་ཅན་གནས་ནི་ཁྲག་མཚོ་འོ། ༈ །དེ་ལྟར་དཀྱིལ་འཁོར་སོ་སོ་ཡི། །ལྷ་གནས་རྣམས་སུ་མཚན་མ་ནི། །འགྲུབ་ན་རང་རང་སྐུ་གཟུགས་དང་། །ཡིག་འབྲུ་ཕྱག་མཚན་གང་རུང་འགོད། །གལ་ཏེ་དེ་ཙམ་མི་འགྲུབ་ན། །སྐུ་མདོག་དང་མཚུངས་ཚོན་སྤུང་བྱ། །མདོར་ན་སོ་སོའི་དཀྱིལ་ཆོག་ལྟར། །ཚོན་རྩི་མི་མཐུག་མི་སྲབ་ཅིང་། །མ་འདྲེས་ཆད་དང་ཡོ་བ་སོགས། །སྤངས་ཏེ་སྒྲིན་པོའི་བློ་ཡིས་བྲི། །གང་ཞིག་བློ་གྲོས་དམན་རྣམས་ཀྱིས། །ཐིག་ཚོན་བྱ་བ་གང་ལ་ཡང་། །རྩིང་པོའི་སྤྱོད་པས་སྐྱོན་བྱུང་ན། །དེ་བསལ་ཆོ་ག་བརྩམ་པར་བྱ། །རྒྱལ་བའི་དཀྱིལ་འཁོར་བསམ་མི་ཁྱབ། །ཡིན་ཕྱིར་རྟོག་གེའི་ཡུལ་མིན་པས། །རྒྱུད་འགྲེལ་བླ་མའི་མན་ངག་བཞིན། །རང་བཟོ་སྤངས་ནས་བྲིས་པ་འདི། །གཏེར་ཆེན་ཆོས་རྗེའི་བཀའ་འབངས་སུ། །གཏོགས་པ་དྷརྨཱ་ཤྲཱིས་སོ། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །བདེ་བ་ཆེན་པོའི་སྐུ་ཐོབ་ཤོག །སརྦ་དཱ་མངྒ་ལཾ།། །། ༈ འགྲེལ་པ་བཞུགས་སོ། །ཨོཾ་སྭསྟི། ད་ནི་ཐིག་ཚོན་གྱི་ཆོ་ག་དེ་དག་དོན་ཅུང་ཟད་བཀྲོལ་ཏེ་བཤད་པར་བྱའོ། །འདི་ལ་ཐིག་དང་ཚོན་གྱི་བྱ་བ་གཉིས། ཐིག་ལའང་གཉིས་ཏེ་གནམ་ཐིག་དང་། ས་ཐིག་གོ །དང་པོ་ལའང་བཞི་སྟེ། རྒྱུ། ཚད། བྱིན་གྱིས་བརླབ་པ། གདབ་པའི་ཐབས་སོ། །དང་པོ་སྐུད་རྒྱུ་ཞི་བ་ལ་མེ་ཏོག་པདྨའི་རྒྱུས་པ་དང་། ཁྲོ་བོ་ལ་ཞིང་གི་རྒྱུས་ཆེན་ལ་བྱ་བར་གསུངས་ཀྱང་། ཐུན་མོང་དུ་རས་བལ་གཙང་མ་དཔའ་བོའི་རིན་ཞེས་པ་རིན་ལ་མ་རྩོད་པར་ཉོས་ལ་བུ་མོ་མཚན་ལྡན་ལོ་བཅུ་དྲུག་མས་བཀལ་བའི་སྣལ་མ་ཁ་དོག་ལྔའམ་ཉི་ཤུ་རྩ་ལྔ་སྟེ། སྒྱུ་འཕྲུལ་ཞི་བ་རྡོ་རྗེ་ལས་རིམ་ལས། པདྨའི་རྒྱུད་ལ་ཁ་དོག་བསྒྱུར། །བཅུ་དྲུག་ཕྱག་རྒྱས་ལེགས་བཀལ་ཏེ། །སྣལ་མ་གཅིག་ལ་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་ཤེས་པར་བྱ། །ཞེས་དང་། ཁྲོ་བོ་ལས་རིམ་ལས། བ་སུ་ཏ་ཡི་རྒྱུས་ཆེན་ལ། །དམ་ཚིག་ཡེ་ཤེས་སྐུ་གསུམ་ལྔ། །ཞེས་བ་སུ་ཏ་དམ་ཚིག་དང་། རྒྱུས་ཆེན་ཡེ་ཤེས་ཀྱི་རྒྱུར་གསུངས་སོ། །ཞི་ཁྲོ་ཐུན་མོང་དུ་རས་བལ་ལ་བྱ་བར་རུང་བ་ནི། ཕུར་པའི་པདྨ་ལས་རིམ་ལས། །དེ་རྗེས་དཀྱིལ་འཁོར་ཐིག་གདབ་བརྩམ། །ཤེས་རབ་མཚན་དང་ལྡན་པ་དེས། །སྐྱོན་མེད་རས་བལ་བསྒྱུར་བ་ཡི། ཁ་དོག་ལྔ་ནི་བཀལ་བྱས་ཏེ། །ཞེས་དང་། ཧཱུྃ་ཀཱ་རའི་ཡང་དག་གི་དཀྱིལ་ཆོག་ལས་ཀྱང་། ཐིག་སྐུད་རས་གསར་པའི་རྒྱུ་ལས་བྱུང་བ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཀལ་བར་བྱ་སྟེ། ཞེས་སོ། །གཉིས་པ་ཚད་ནི། རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། དཀྱིལ་འཁོར་ཁྲུ་གང་བ་ལ་གདབ་པའི་ཐིག་སྐུད་ནི་ཁྲུ་དོ་པ་ཡིན་ནོ། །འདིར་ཉིས་འགྱུར་བྱ་རྒྱུའི་དཀྱིལ་འཁོར་གྱི་དོན་ཤྲདྡྷཱས་རྩ་ཐིག་ལ་ངོས་བཟུང་ནས། དེ་ཉིས་འགྱུར་སྣ་ཚོགས་རྡོ་རྗེའི་རྩེ་ཚུན་ཆད་ཀྱི་ཚད་དུ་བྱས་ཏེ་རྟ་བབས་སྒོ་ཚད་གཅིག་མར་འདོད་པ་དང་། ཕྲེང་བ་མཁན་པོའི་དཀྱིལ་འཁོར་མདའ་ཐིག་ལ་བྱས་ནས། དེ་ཉིས་འགྱུར་དུར་ཁྲོད་སྤངས་པའི་འོད་ཕྲེང་ཚུན་གྱི་ཚད་དུ་བྱས་ཏེ་རྟ་བབས་སྒོ་ཚད་གསུམ་མར་འདོད་ལ། འདིར་རྟ་བབས་སྒོ་ཚད་གཉིས་མར་བྱས་པའི་ཚེ་ཕྱི་མ་ལྟར་ཁས་བླངས་པས་དུར་ཁྲོད་ཡོད་པའི་ཕྱོགས་ལ་འགྲིགས་ཤིང་། དུར་ཁྲོད་མེད་པའི་ཕྱོགས་ལ་སྔ་མ་ལྟར་བྱས་ན་དེ་ཉིས་འགྱུར་གྱིས་རྭ་རྩེའམ་འོག་གཞིའི་འཁོར་ལོའི་རྩེ་མ་སྙོག་ཅིང་། ཕྱི་མ་ལྟར་ན་སྒོ་ཚད་གཉིས་ཀྱིས་མ་ལངས་མོད་ཀྱི། འོན་ཀྱང་ཉིས་འགྱུར་དུ་བྱ་བར་གསུངས་པ་ནི་དཀྱིལ་འཁོར་དང་འཚམ་པར་བྱ་ཞེས་པའི་དོན་ཡིན་པའི་གནད་ཀྱིས། འོད་ཕྲེང་དག་གི་ཕྱི་རོལ་དུ་ཐིག་རོ་མ་ལུས་པར་གདབ་དགོས་པའི་ཕྱིར་ན། སློབ་དཔོན་དང་ཐིག་གཡོག་གིས་ལག་པས་བཟུང་བའི་ཆ་མ་གཏོགས་པ་མཐའི་འཁོར་ཡུག་གི་ཚད་ལས་རིང་བ་མི་རུང་ཞིང་། གཞན་དུ་ཟླུམ་ཐིག་ནི་རྐྱང་ཐིག་ལ་ལྟོས་མི་དགོས་པའི་ཕྱིར། རྟ་བབས་སྒོ་ཚད་གསུམ་མ་དང་། གཉིས་མ་དང་། གཅིག་མ་གསུམ་གང་བྱེད་ཀྱང་རུང་སྟེ། འོག་གཞིའི་རྭ་རྩེ་ཚུན་གྱི་ཚད་དང་མཉམ་ཙམ་གྱིས་ཀྱང་དགོས་པ་འགྲུབ་ཅིང་དེ་ལས་ཐུང་དུ་མི་རུང་ངོ། །སྦོམ་ཕྲ་ནི་སྒོའི་ཉི་ཤུའི་ཆ་སྟེ་རྩིག་པའི་རེ་ཁཱ་དང་མཉམ་པས་ཆ་ཕྲན་གཅིག་གི་ལྔའོ། །དེ་སྐད་དུའང་། གལ་པོ་དང་མཉམ་སྦྱོར་གྱི་དཀྱིལ་ཆོག་ལས། རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །གསུམ་པ་བྱིན་རླབས་ནི། སྐུད་པ་རྣམས་དཔའ་བོ་འབྲུ་ལྔར་མོས་ལ། མདུན་གྱི་ནམ་མཁར་སྤྱན་དྲངས་པའི་རྒྱལ་བ་རྣམས་འབར་བའི་ལྟ་སྟངས་ཀྱིས་བསྐུལ་བས། སྦྱོར་བ་མཛད་པའི་བྱང་སེམས་ཡེ་ཤེས་ལྔའི་རང་བཞིན་འོད་ལྔའི་རྣམ་པར་བྱུང་བ་ཐིག་སྐུད་ལ་ཕོག་པས་ཡེ་ཤེས་ལྔའི་རང་བཞིན་ཅན་དུ་གྱུར་པར་བསམ་ལ། དང་པོ་སྲད་བུ་ལྔ་སོ་སོ་དང་། དེ་ནས་གཅིག་ཏུ་སྒྲིལ་བ་སོགས་སོ་སོའི་དཀྱིལ་ཆོག་ལྟར་བྱ་བ་གཅེས་སོ། །དེ་དག་ཀྱང་མཉམ་སྦྱོར་དཀྱིལ་ཆོག་ལས། རིན་ཆེན་ཐོད་པའི་སྣོད་བཞག་ལ། །རིགས་ཀྱི་ཡི་གེའི་སྔགས་ཀྱིས་བསྐྱེད། །མ་ཏི་ཀྲ་མ་ཧཱུྃ། ཨོཾ་ཨཱཿཧཱུྃ། མིག་གི་ལྟ་བས་བཀུག་བྱས་པའི། །སངས་རྒྱས་རིགས་རྣམས་གཞུག་པར་བྱ། །ཉི་ཟླ་འབར་བའི་ལྕགས་ཀྱུ་ཡིས། །དེ་གཉིས་གཅིག་ཏུ་གནས་པར་བསྒོམ། །མཆོད་འབུལ་བསྟོད་པས་མཉེས་བྱས་ནས། །གཙོ་བོའི་སྔགས་བརྗོད་བསྒྲིལ་བར་བྱ། །ཞེས་དང་། ཞི་བ་རྡོ་རྗེ་ལས་རིམ་ལས། གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཉི་ཟླ་འབར་བའི་གདན་དག་ལ། །ཐུགས་ལས་ཡི་གེ་འབྲུ་གྲངས་བཞིན། །ཕྱོགས་བཅུ་དུས་བཞི་མདུན་དྲངས་ཏེ། །མཆོད་སྦྱར་གསོལ་བ་གདབ་པར་བྱ། །སྦྱོར་བའི་ཡེ་ཤེས་གྲངས་མཉམ་དང་། །རྡོ་རྗེ་གསུམ་བྱིན་ངེས་པར་བསྟིམ། །དང་པོ་རང་བཞིན་མཉམ་བྱས་ཏེ། །ཅུང་ཟད་མཆོད་ལ་བརྟག་པར་བྱ། །ཞེས་ཡི་དམ་ཐུན་མོང་གི་བྱིན་རླབས་གསུངས་པ་བཞིན་ནོ། །བཞི་པ་གདབ་ཚུལ་ནི། རྡོ་རྗེ་རྒྱལ་པོ་ལྷར་གསལ་བས་གཟུངས་མའམ། སློབ་མ་ཡུམ་དུ་མོས་པ་ལ་ཛཿཛཿཞེས་བླངས་ཏེ། ཐིག་བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་བྲེང་གིས་བྱུང་བར་བསམ་ལ། རང་གི་མཐེ་བོང་དང་གུང་མོ་འོག་ཏུ་ཕྱོགས་པས་ཐིག་སྐུད་བཟུང་ཞིང་བཅུས་ཏེ་ནམ་མཁའ་ལ་གྱེན་དུ་སེ་གོལ་གྱིས་གདབ། སྟེང་ཕྱོགས་སུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གྱུར་པར་བསམ། ཡང་འོག་ཏུ་ཕྱོགས་ཏེ་བར་སྣང་ལ་གདབ་པས་འོག་གི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར་པར་བསམ་པ་སྟེ། གལ་པོ་ལས། ཡེ་ཤེས་ལྔ་ལྡན་གནམ་ཐིག་གིས། །སྟེང་གི་འཇིག་རྟེན་དཀྱིལ་འཁོར་འགྱུར། །ས་ཐིག་འོག་གི་འཇིག་རྟེན་ཡང་། །དཀྱིལ་འཁོར་ཆེན་པོར་འགྱུར་བ་འོ། །ཞེས་དང་། བསྐོར་ཕྱོགས་ནི། །གདབ་ཚུལ་སློབ་དཔོན་ནུབ་ཏུ་འདུག །ཞེས་སོགས་ཏེ། བདེ་འདུས་ཞི་བའི་ཐིག་ཆོག་སློབ་དཔོན་གྱིས་མཛད་པ་ལས། སློབ་དཔོན་ཆུ་བདག་ཕྱོགས་གནས་ལ༔ སློབ་མ་བརྒྱ་བྱིན་ཕྱོགས་གནས་ཏེ༔ ཚངས་ཐིག་དང་པོ་གདབ་པར་བྱ༔ གཤིན་རྗེ་གནོད་སྦྱིན་ཕྱོགས་གནས་ཏེ༔ ཚངས་ཐིག་གཉིས་པ་གདབ་པར་བྱ༔ མེ་དང་འབྱུང་པོར་གནས་ནས་ནི༔ ཤར་གྱི་ཐིག་ནི་གདབ་པར་བྱ༔ རླུང་དང་བདེན་བྲལ་ཕྱོགས་གནས་ཏེ༔ ནུབ་ཀྱི་ཕྱོགས་ནི་དེ་བཞིན་གདབ༔ སློབ་དཔོན་རླུང་གནས་བྱང་གི་ཐིག༔ མེ་དང་བདེན་བྲལ་གནས་ནས་ལྷོ༔ མཚམས་ཀྱི་ཐིག་གཉིས་དེ་བཞིན་གདབ༔ ཅེས་དང་། པདྨ་ལས་རིམ་ལས་ཀྱང་། དེ་ནས་སློབ་དཔོན་ཆུ་བདག་འདུག །ཤི་ཤ་བརྒྱ་བྱིན་ཕྱོགས་སུ་འདུག །གནམ་ཐིག་ཚངས་ཐིག་དང་པོ་གདབ། །ཅེས་པ་ནས། ཟུར་ཐིག་གཉིས་ཀྱང་ཤེས་པར་བྱ། །ཞེས་གསུངས་པའི་བར་རོ། །དེའི་འཕྲོས་ལས། རྡོ་རྗེ་དྲིལ་བུ་ཐོགས་ལ་གདབ༔ སྒྲ་རྣམས་ཀྱང་ནི་དཀྲོལ་བར་བྱ༔ ཡེ་ཤེས་ཐིག་གདབ་རིམ་པ་འོ༔ ཞེས་གསུངས་པས་རྡོར་དྲིལ་དང་བཅས་པས་ཕྱོགས་མ་འཁྲུལ་བར་གདབ་ཅིང་། འགྲོ་ཚུལ་ཡང་། ནག་པོ་པས། བློ་ལྡན་རྒྱབ་ཀྱིས་འགྲོ་བར་བྱ། །ཞེས་པ་ལྟར། ཚངས་ཐིག་དང་ལོགས་ཐིག་ལ་གཡས་སྐོར་རྒྱབ་འགྲོས་ཀྱིས་འགྲོ་ཞིང་། ཟུར་ཐིག་གཉིས་ལ་སྐོར་ཕྱོགས་སུ་འགྲོ་བ་ལས་རྒྱབ་འགྲོས་མི་དགོས་སོ། །གཉིས་པ་ལས་ཐིག་ལའང་། རྒྱུ། ཚད། བྱིན་རླབས། གདབ་ཚུལ་དང་བཞི། དང་པོ་ནི། སྒྱུ་འཕྲུལ་ལས། ཞི་བ་ལ་རས་བལ་ལམ། ཁྲོ་བོ་ལ་ཞིང་ཆེན་གྱི་རྒྱུ་མའམ། གཞན་ལས་རོ་སྐྲ་ལའང་བྱ་བར་བཤད་དོ། །ཧེ་རུ་ཀ་གལ་པོ་ལས། ཤི་བའི་སྐྲ་ཡི་སྐུད་པ་འམ། །བ་སུ་ཏ་ཡིས་ཐིག་སྐུད་བྱ། །ཞེས་དང་། ཞི་བ་ལས་རིམ་ལས། ཁ་དོག་གསུམ་ལྡན་སྣལ་མ་དགུ །རས་བལ་ལས་བཀལ་སྐུ་གསུང་ཐུགས། །ཞེས་སོགས་སོ། །འོན་ཀྱང་ཞི་ཁྲོ་ཐུན་མོང་དུ་རས་བལ་གཙང་མ་ཚད་ལྡན་མས་བཀལ་བའི་སྐུད་པ་ཁ་དོག་སུམ་སྒྲིལ་ལམ་དགུ་སྒྲིལ་དུ་བྱས་པ། གཉིས་པ་ཚད་ཀྱང་སྔར་དང་འདྲ་བ་སྟེ། པདྨ་ལས་རིམ་ལས། དེ་རྗེས་ལས་ཐིག་བརྩམ་པར་བྱ། །ཉེས་པའི་སྐྱོན་མེད་རས་བལ་དཀར། །མཚན་ལྡན་གཟུངས་མ་གོང་མས་བཀལ། །ཤིན་ཏུ་སྙོམ་ལ་འཇུར་མདུད་མེད། །རིང་ཐུང་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམ་ཕྲ་སྒོ་ཡི་ཉི་ཤུ་ཆ། །ཞེས་སོ། །གསུམ་པ་བྱིན་རླབས་ནི། སྐུད་པ་རྣམས་འབྲུ་གསུམ་དུ་མོས་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་བ་ཐིགས་སྐུད་ལ་ཐིམ་པས་དེ་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་མམ་དགུ་ཕྲུགས་ཀྱི་རང་བཞིན་དུ་གྱུར་པར་བསམ་སྟེ། གལ་པོ་ལས། ས་ཐིག་གསུམ་སྒྲིལ་སྐུ་གསུང་ཐུགས། །ཞེས་སོ། །བཞི་པ་གདབ་ཚུལ་ནི། དྲི་བཟང་པོ་བདུད་རྩི་ལྔ་དང་བཅས་པའི་དཀར་ཆལ་གྱིས་སྦགས་པའི་ཐིག་སྐུད་བརྐྱངས་ཏེ་སློབ་དཔོན་སློབ་མ་ལྷ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་དམ་ཚིག་གི་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་བཏབ་པར་བསམ་ལ། རྡོར་དྲིལ་བཞག་སྟེ་ཐིག་ཆེན་བརྒྱད་པོ་སྐོར་ཕྱོགས་དང་གོ་རིམ་ཡེ་ཐིག་བཞིན་དུ་བྱས་ནས་གདབ་སྟེ། པདྨ་ལས་རིམ་ལས། རྡོ་རྗེ་དྲིལ་བུ་བོར་ནས་ནི། །གདབ་པའི་རིམ་པ་གོང་ལྟར་བྱ། །ཞེས་སོ། །ཡང་གནས་སྐབས་བྱ་སླ་བའི་ཆེད་དུ་ལོགས་བཞིའི་སྔོན་དུ་ཟུར་ཐིག་གཉིས་བཏབ་ཀྱང་མི་འགལ་ཏེ། རྡོ་རྗེ་གུར་གྱི་ལེའུ་བརྒྱད་པར། དང་པོ་ཚངས་པའི་ཐིག་དང་ནི། །གཉིས་པར་མཚམས་ཀྱི་ཐིག་དང་ནི། །གསུམ་པར་ངོས་ནི་བཞི་པའི་ཐིག །ཐིག་ནི་རབ་ཏུ་གདབ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་གནམ་སའི་ཐིག་གདབ་པའི་ཚེ། སྐུད་པ་ཆད་པ་དང་། ཤོར་བ་དང་། ཕྱོགས་འཁྲུལ་བའི་སྐྱོན་རྣམས་སྒྲིམ་པོའི་བློས་སྤངས་ནས་གདབ་སྟེ། སྙིང་པོ་ལས། མཁས་ལྡན་ཆེན་པོས་སྒྲིམ་ཏེ་བྱ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནས་པར་འགྱུར། །དེ་ཕྱིར་མཁས་པས་སྒྲིམ་སྟེ་བྱ། །ཞེས་དང་། བདེ་འདུས་ཀྱི་དཀྱིལ་འཁོར་བྱ་བའི་ལས་རིམ་ལས་ཀྱང་། ཐིག་སྐུད་ཆད་ན་སློབ་དཔོན་ལ་ངན༔ ཟུར་ཐིག་ཉམས་ན་སློབ་མ་འཆི༔ རིང་ཐུང་འཆོར་ན་ན་བར་འགྱུར༔ ཕྱོགས་མཚམས་འཁྲུགས་ན་ཉེས་པར་འགྱུར༔ ཞེས་གསུངས་སོ། །ཡང་ལས་རིམ་ལས། ཀུན་ཏུ་བྱ་བར་བྱས་པ་དང༔ ཏིང་འཛིན་ལྡན་པས་ཡེ་ཤེས་ལས༔ ཡེ་ཤེས་ཐིམ་པ་ངེས་མཆོད་དེ༔ དམ་ཚིག་ཕྱག་རྒྱ་མུཿཡིས་གཤེགས༔ དེ་ནས་ཉེས་པ་གང་ཡང་མེད༔ ཞེས་པས་ཐིག་སྐུད་གཉིས་ལ་གཏང་རག་གི་ཚུལ་དུ་ཡེ་ཤེས་ལ་ཡེ་ཤེས་ཐིམ་པར་བསམ་ལ་མཆོད་དེ་དམ་ཚིག་གི་ཕྱག་རྒྱ་བཅས་ལ་བཛྲ་མུཿཞེས་པས་གཤེགས་སུ་གསོལ། དེ་ལྟར་བྱས་པས་ཐིག་སྐུད་ལ་འགོམ་པ་སོགས་ཐལ་ཀྱང་ཉེས་པ་མི་འབྱུང་ངོ་། །དེ་བཞིན་དུ་དཀྱིལ་འཁོར་ལ་བཏབ་པའི་ཐིག་རབ་གནས་དང་ལྡན་པ་དེ་ལའང་འགོམ་པའི་ཉེས་པ་སེལ་བའི་ཕྱིར་ཧྲཱིཿཞེས་སྒྲ་རིང་པོར་བརྗོད་པས་དཀྱིལ་འཁོར་གྱི་ཐིག་ལྷ་བློས་ནམ་མཁའ་ལ་བཏེགས་ནས་ཐིག་ཕྲན་གྱི་ཆ་དབྱེ་བ་དང་། ཚོན་བཀྱེ་བ་སོགས་ཐིག་གི་འོག་ཏུ་འཛུལ་བར་མོས་ནས་བྱ་བར་གསུངས་ཏེ། སྔ་མ་ལས། རབ་གནས་ལྡན་པའི་ཐིག་འགོམ་ན༔ བདེ་གཤེགས་སྐུར་པ་བཏབ་དང་མཚུངས༔ སངས་རྒྱས་ཆོས་ལས་རིང་འགྱུར་བས༔ ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ༔ ཞེས་སོ། །གནམ་སའི་ཐིག་གདབ་པའི་གོ་རིམ་ཡང་། སྒྱུ་འཕྲུལ་མཁན་པོ་ཕལ་ཆེར། ཐོག་མར་ལས་ཐིག་བཏབ་ནས། དེ་རྗེས་སྐུ་གསུང་ཐུགས་རེ་རེ་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པར་བསམ་ལ་ཡེ་ཐིག་འདེབས་པའི་ཕྱག་ལེན་མཛད་མོད། འདིར་ཡེ་ཐིག་ཐོག་མར་འཆད་པ་བརྗོད་པ་ཉུང་བས་འཆད་བདེ་བ་དང་། དེར་མ་ཟད་སྒྱུ་འཕྲུལ་ལས་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བི་མ་ལས་ཐིག་གི་པིཎྜ་ཐ་ལས། རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་འཆད་པ་བཞིན། །ཉེས་པ་བྲལ་བར་གདབ་པར་བྱ། །ཡང་ན་ཡེ་ཤེས་དམ་ཚིག་པའི། །རྗེས་ལ་རབ་གནས་ལྡན་ཕྱིར་གདབ། །ཅེས་སྔ་ཕྱི་འདམ་ཁར་གསུངས་པ་དང་། ཚད་ལྡན་གྱི་གཞུང་མང་པོར་ཡེ་ཐིག་སྔོན་ལ་འདེབས་པའི་ཁུངས་ཀྱང་མཐོང་བའི་ཕྱིར་རོ། །དེའང་རྔམ་གློག་ལས། ཐིག་གཡོགས་ལས་ཀྱི་སེམས་མ་སྟེ། །མཚན་ལྡན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱ་གར་དང་བཅས་པ་ཡིས། །རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་གདབ་པ་ཡང་། །འདུལ་བའི་དབང་གི་བྱེ་བྲག་ལས། །མཎྜལ་ཚད་ནི་ངེས་པ་མེད། །སོར་བཞི་པ་ལས་བརྩམས་ནས་ནི། །ཇི་སྲིད་དཔག་ཚད་ཐུག་བར་རོ། །ཞེས་དང་། བདེ་འདུས་ཞི་བ་འདུས་པའི་རྩ་རྒྱུད་ལས། དང་པོར་ནམ་མཁར་དགོངས་ཐིག་གདབ༔ དེ་ནས་ས་ཐིག་རིམ་པ་བཞིན༔ ཞེས་དང་། པདྨ་ལས་རིམ་ལས་ཀྱང་། ཡེ་ཤེས་ཐིག་གདབ་རིམ་པ་འོ། །དེ་རྗེས་ལས་ཐིག་བརྩམ་པར་བྱ། །ཞེས་སོགས་མང་ངོ་། །འོན་ཀྱང་འདིར་སྤྱིར་བཏང་ཙམ་དུ་བཀོད་པ་སྟེ། བྱེ་བྲག་དཀྱིལ་ཆོག་སོ་སོའི་ལུགས་བཞིན་མ་འདྲེས་པར་ལག་ཏུ་ལེན་པ་གཅེས་སོ། །དེ་ལྟར་ཐིག་གདབ་སྤྱིར་བཤད་པས་ཁོག་ཕུབ་ནས། ད་ནི་ལས་ཐིག་གི་ཆ་དབྱེ་བ་སོགས་འཆད་པར་འདོད་པས། དེ་ཡང་ཅུང་ཟད་ཕྱེ་སྟེ་བཤད། །ཅེས་སྨྲས་སོ། །དེ་ལ་ཐོག་མར་ཐིག་གཞི་སྟེགས་བུའི་ཚད་ནི་ཕྱི་དཀྱིལ་འཁོར་གྱི་ཚད་སྔར་དྲངས་མ་ཐག་པའི་རྔམ་གློག་གི་ལུང་དེ་ལས། སོར་བཞི་ནས་དཔག་ཚད་ཀྱི་བར་མ་ངེས་པར་གསུངས་པ་ནི་ལྷག་པ་གཟུགས་བརྙན་དང་། ཏིང་ངེ་འཛིན་མ་ཕྱེ་བའི་སྐབས་ཏེ། སྙིང་པོ་ལས། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པ། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །ཞེས་དང་། ཐར་ལོའི་འགྱུར་ལས། རྒྱང་གྲགས་ཙམ་ནི་དཔག་ཚད་སྦྱོར། །མཁའ་དབྱིངས་བསམ་མི་ཁྱབ་པ་རུ། །སངས་རྒྱས་དཀྱིལ་འཁོར་བསམ་པར་བྱ། །ཞེས་ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་དུ་གསུངས་ཤིང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཆུང་འབྲིང་ཆེ་གསུམ་ལས། ཆུང་ཚད་གཉིས་ནི། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་སོ། །འབྲིང་ཚད་གཉིས་ནི། ཡང་ན་ལུས་ནི་གསུམ་གྱི་ཚད། །ཡང་ན་ཁྲུ་ནི་བཅུ་དྲུག་གོ །ཞེས་སོ། །ཆེ་ཚད་གཉིས་ནི། ཉི་ཤུའམ་ཉི་ཤུ་རྩ་ལྔ་བྱ། །ཞེས་གསུངས་པའི་ཕྱིར། འདིར་ཁྲུ་གང་ཚད་ལས་མི་ཆུང་བའི་ཞེས་སྨྲས་པ་ནི། དེ་ཆུང་ཚད་ཡིན་པས་དེ་ལས་ཆུང་དུ་མི་གཏུབ་པའི་ཐ་ཚིག་གོ །སྟེགས་བུ་དེའི་རྣམ་པ་ནི། དབུས་མཐོ་ཞིང་། མཐའ་ཀུན་ནས་སྙོམ་པ་སྟེ། འོན་ཀྱང་ཤར་མཐོ་ན་ཚེ་ཐུང་། བྱང་མཐོ་ན་ནོར་རྫས་འཛད། ཅེས་གསུངས་པས་ཤར་དང་བྱང་ཅུང་ཟད་དམའ་བར་བྱའོ། །ཇི་ལྟར་རིགས་པའི་སོགས་ནི་ཚངས་ཐིག་ཟུར་ལ་སོགས་པའི་ཐིག་གདབ་ཚུལ་ཐམས་ཅད་ཞིབ་མོར་སྟོན་པ་སྟེ་ཀློག་པས་གྲུབ་པའོ། །གདབ་ཚུལ་རྣམ་པ་གཞན་དུ་ན་འདི་ལྟར་ཤེས་པར་བྱ་སྟེ། ཐོག་མར་ཚངས་ཐིག་དང་པོ་གདབ། །དེ་དབུས་ཚད་བཏབ་དཀྱིལ་འཁོར་དཀྱིལ། །དེ་སྟེང་བཟུང་ནས་ཟླུམ་སྐོར་གཅིག །དེ་དང་ཚངས་ཐིག་ཕྲད་ས་རུ། །བཟུང་སྟེ་སྔ་མའི་སྲད་བུ་ལས། །ཅུང་ཟད་རིང་ངམ་ཐུང་དུ་བཅུག །དེ་ཡིས་གར་སླེབ་ཟླུམ་བསྐོར་དེའི། །ཕྱི་དང་ནང་དུ་ཕྱོགས་ཟུར་གྱི། །བྱ་རྗེས་དེ་སྟེང་ཚངས་ཐིག་དང་། །ཟུར་ཐིག་གཉིས་པ་གདབ་པར་བྱ། །དབུས་ནས་ཕྱོགས་རེར་ཟུར་ཐིག་སྟེང་། །ཆ་མཉམ་དགུ་ཡི་མཚན་མ་བྱ། །དེ་སྟེང་ལོགས་རེར་ཆ་ཆེན་ནི། །དགུ་དགུ་བཅོ་བརྒྱད་གདབ་པར་བྱ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་པ་བཞི་པ་མི་གདབ་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བརྒྱད་པ་བཞི་བཞིར་བགོ །དགུ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་རྟ་བབས་བརྒྱད་མ་དང་། བཞི་མའི་ཚེ་ཆ་མཉམ་བརྒྱད་ཀྱི་མཚན་མ་བྱ། །ཞེས་དང་། བརྒྱད་བརྒྱད་བཅུ་དྲུག་གདབ་པར་བྱ། །ཞེས་དང་། བདུན་པ་བཞིར་བགོ་བརྒྱད་དབུས་དོར། །ཞེས་བརྗོད་དོ། །ཡང་སྒོ་སྦྲགས་ཀྱི་ཚེ། དགུ་དགུ་བཅོ་བརྒྱད་གདབ་པར་བྱ། །དེ་ལ་ཆ་ཆེན་ནང་མ་གསུམ། །ཕྱེད་དུ་གཏུབས་ཏེ་དྲུག་ཏུ་བྱ། །དང་པོ་ཕྱེད་གདབ་ཕྱི་མ་ཕྱེད། །གཉིས་པའི་ནང་དུ་ཆ་ཕྲན་གཅིག །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །ཅེས་སོགས་སྔར་བཞིན་ཏེ། གཞན་དུ་བྲིས་པ་ལས་འདི་བྱ་སླའོ། །འོན་ཀྱང་གཞུང་དུ་ཐོག་མར་མདའ་ཐིག་ནས་འདེབས་པ་ནི། རྩ་ཐིག་སོགས་ངོས་བཟུང་སྟེ་གོ་བ་ལ་ཕན་པའི་ཆེད་དང་། མཉམ་སྦྱོར་གྱི་དཀྱིལ་ཆོག་ལས་ཀྱང་། ཐིག་ནི་ཕྱི་ནས་བཏབ་པ་ལ། །ཚོན་རྩི་ནང་ནས་བཀྱེ་བར་བྱ། །ཞེས་གསུངས་པའི་དགོངས་པའང་ཡིན་ནོ། །ཡང་ཆ་ཆེན་བཅོ་བརྒྱད་དང་བཅུ་དྲུག་ཏུ་དབྱེ་བ་འདི་ནི། རྡོ་རྗེ་ལས་རིམ་ལས། ཕྱོགས་རེར་དགུ་དགུ་སྟེ་སོ་དྲུག་གི་སྟེང་ཚངས་ཟུར་རྩིས་ཏེ། མཆོག་གི་ཐིག་ཕྲན་བཞི་བཅུ་བཞི། །ལེགས་པར་ཁ་དོག་ཕྱེ་ཡང་རུང་། །ཞེས་དང། བདེ་འདུས་རྩ་རྒྱུད་ལས། ཐིག་ནི་བཅུ་དྲུག་དག་ཏུ་གདབ༔ ཅེས་དང་། ཤྲདྡྷཱས་ཀྱང་། ངོས་བཞིའི་ཆ་ནི་དབྱེ་བྱས་ཏེ། །རེ་རེའང་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་དབྱེ་བར་བྱ། །ཞེས་གསུངས་པའི་དོན་ཏེ་སྤྱིར་བཤད་པའོ། །བྱེ་བྲག་རྟ་བབས་བརྒྱད་མ་དང་། བཞི་མ་ལས་འཕྲོས་ཏེ་དཀྱིལ་འཁོར་སོ་སོའི་ཐིག་བཤད་པ་ལས། ཐོག་མར་སྒྱུ་འཕྲུལ་ཞི་བའི་ཐིག་གདབ་ཚུལ་འདི་ནི་དཀྱིལ་འཁོར་འབྲིང་པོའི་འདེབས་ཚུལ་ཏེ། བསྡུས་པ་ལ་བར་ཁྱམས་མེད་པའི་གྲུ་ཆད་ལ་སྒོ་གཏོད་པ་དང་། རྒྱས་པར་ཕོ་བྲང་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་རེ་རེ་ལའང་རྩིབས་བཞི་ལྟེ་བ་དང་བཅས་པས་མཚན་པའོ། །འདིའི་རྟ་བབས་བརྒྱད་མའི་འགོད་རིམ་དང་། འགོད་གཞི་འཁོར་ལོ་བྱེད་པ་ཞི་བ་ལ་འཁོར་ཡུག་གསུམ་ལས་མི་བྱེད་པ་སོགས་ཀྱི་དོན་ནི་འབྱམས་ཀླས་པར། ཞི་བ་འབྲིང་པོའི་བློས་བསླང་རྣམ་གཞག་ཏུ་བྲིས་ཡོད་པས་སྤྲོ་ན་དེར་བལྟ་བར་བྱ་སྟེ། ཁྲོ་བོ་ཡང་དེས་ཁོག་ཕུབ་པ་ཡོད་དོ། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལ། ཞི་བ་རྡོ་རྗེ་དབྱིངས་སྟེང་དང་། ཚོགས་ཆེན་འདུས་པ་འོག་ཁང་དུ་བྱས་པའི་ཁྲོ་བོ་ལ་སྒོ་དགུ་བརྩེགས་སུ་བྱེད་པ་ནི་ཧཱུྃ་ཀཱ་རའི་རྒྱ་མདུད་འགྲེལ་པ་ལས། གཞལ་ཡས་ཁང་མཐའ་ཐུག་པ་མེད་པའི་ཁྱམས་དགུ་ལས་མེ་དཔུང་འབར་བ་ནི། ཐེག་པ་དགུའི་རྟོགས་པའི་ཡེ་ཤེས་དགུ་ཡོངས་སུ་རྫོགས་པའི་ཕྱིར་སྒོ་དགུ་བརྩེགས་སུ་མཐོང་སྟེ། ཁྱམས་མཐོ་དམན་གྱི་ཆས་བརྩེགས་པའོ། །ཞེས་དང་། སྤྱིར་སྒོ་དགུར་གྱུར་པ་ནི་ཕྱོགས་དང་པོའི་དབང་གིས་ཤར་ནས་སྨྲོས་པའོ། །བརྩེགས་པ་ནི་སྒོ་རིམ་པ་དགུ་པར་འོག་གཞིའི་ཆས་ཕྱེ་བའོ། །དེ་དག་ལ་ཐིག་ཉི་ཤུ་རྩ་བདུན་ནོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་བྲིས་པ་སྟེ་རང་གི་རྗེ་བླ་མའི་དགོངས་པའོ། །དེའང་འདིའི་དབུས་ཀྱི་ཟླུམ་སྐོར་གསུམ་ནི། ཆེ་མཆོག་དང་དབང་མཆོག་བཛྲ་ཧེ་རུ་ཀ་གསུམ་གྱི་སའོ། །དེ་ནས་རིམ་པར་རྩིབས་བརྒྱད་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད། གློ་འབུར་དང་། གྲུ་ཆད་ལ་གཽ་རཱི་མ་བརྒྱད། བར་ཁྱམས་དང་པོར་སིཾ་ཧ་མ་བརྒྱད་དང་། དེའི་སྒོར་ནང་གི་སྒོ་མ་བཞི། གཉིས་པར་སྤོར་མ་བརྒྱད་དང་། བར་གྱི་སྒོ་མ། གསུམ་པར་དབང་མོ་ཉེར་བརྒྱད། བཞི་པར་མཁའ་འགྲོ་སོ་གཉིས། ལྔ་པར་མ་བདུན་སྲིང་བཞི། དྲུག་པར་གིང་བཅོ་བརྒྱད། བདུན་པར་ཁྲོ་བོ་དྲུག་ཅུ། བརྒྱད་པར་ཕོ་ཉ་སུམ་བརྒྱ་དྲུག་ཅུ། དགུ་པར་མ་མོ་དྲུག་ཅུ། ཕྱོགས་བཞིའི་རྟ་བབས་ལ་རིག་འཛིན་རྣམས་བཞུགས་པར་བཤད་དོ། །ལ་ལ་ནི་ཞི་དཀྱིལ་དབུས་སུ་བཅུག་པའི་སྒོ་སྦྲགས་བཅུ་གཅིག་ཏུ་མཛད་པ་སོགས་ལ་ཁུངས་གསལ་པོ་མ་མཐོང་། ཁྲོ་དཀྱིལ་གྱི་གཙོ་བོ་འགོད་ས་མི་རྙེད་པའི་སྐྱོན་གནས་སོ། །ཡང་སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པའི་ཀུན་འདུས་ཀྱི་བེར་ཀ་ཡིག་ཆུང་ལས། གཞལ་ཡས་སྒོ་དགུ་བརྩེགས་གྲུ་ཆད་གཉིས་སྒོ་སྣམ་ཁྱམས་ལྔ་ལ་ཡོད་པ་བརྒྱད། གཅིག་མུ་ཁྱུད་ལ་ཡོད་ན་མུ་ཁྱུད་ཟླུམ་པོ་ལ་སྒོ་གདོང་དུ་འཚལ་ལ་བསམ། ཞེས་རག་པ་བཀོད་པ་དང་། རྩ་རྒྱུད་དུ། འཁོར་ལོ་དྲུག་བརྩེགས་རྡོ་རྗེ་མུ་ཁྱུད་བདུན་དུ་འདོད་པའང་ཡོད་གསུངས་ཏེ། དེ་དག་སྔོན་གྱི་མཁས་པ་རྣམས་ཀྱིས་མ་བཀྲལ་བས་གྱ་ཚོམས་སུ་བྱ་བར་རིག་པ་མ་ཡིན་ནོ། །འདིར་ཐིག་གི་ཆ་གསུམ་ནང་མ་འཁོར་ལོ་དང་། ཕྱི་མ་གཉིས་ཀ་བསྡམས་ཏེ་ཆ་ལྔར་བགོས་པའི་ནང་མ་བཞིས་སྒོ་བརྒྱད་དང་། ཕྱི་མས་ཕྱི་སྒོར་འགྱུར་བའི་ཕྱག་ལེན་འདི་ནི་དཀྱིལ་འཁོར་ཆེ་ཆུང་གང་ལྟར་ཡང་སྦྱར་ཆོག་པས་བྱ་སླ་བའི་ཆེད་དེ། གཞན་དུ་གནས་ཁང་ཡངས་པ་དང་། སྦྱིན་བདག་འབྱོར་པ་ཅན་གྱིས་དཀྱིལ་འཁོར་ཆེན་པོ་བཞེངས་པའི་ཆ་གསུམ་ནང་མ་དང་། ཕོ་བྲང་བར་མས་སྒོ་བརྒྱད། ཕྱི་མ་ཆ་གསུམ་གྱི་ནང་མ་ཁྱམས་དང་། ཕྱི་མ་གཉིས་ལ་སྒོ་བཏོན་ཏེ། ཕྱི་རོལ་དུ་དེའི་སྒོ་ཚད་དང་མཉམ་པའི་རྟ་བབས་སོགས་བྱས་ན་རྭ་རྩེ་ནས་ཕྱི་རོལ་གྱི་འཁོར་ཡུག་བསྐོར་ཆོག་པ་སོགས་ལག་ལེན་དུ་བྱ་སླ་ཞིང་མཛེས་པ་ཞིག་འབྱུང་ངོ་། །འོན་ཀྱང་དཀྱིལ་འཁོར་ཆུང་ངུའི་ཚེ་ཆ་གསུམ་བར་མ་ལ་སྒོ་བརྒྱད་བརྩེགས་བྱ་དཀའ་བའི་གནས་སུ་གྱུར་པས་འདིར་མ་བྲིས་སོ། །དོང་སྤྲུགས་ཀྱི་པདྨ་བརྒྱའི་འགོད་ལུགས་ནི། བརྒྱ་ལྡན་ལས་རིམ་ལས། མུ་ཁྱུད་དྲུག་སྐོར་རིམ་པ་ལྔ། །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །ཐ་མ་བཞི་བཅུར་འགྱུར་བ་ཡིན། །ཞེས་པ་ལྟར་རོ། །འདིར་སྒོ་རྐྱང་འགྲམ་ལོགས་དང་བྲལ་བ་དང་། རྟ་བབས་ཆ་མི་མཉམ་པར་མཛད་པ་སོགས་ནི་བརྟག་པའི་གནས་ཏེ། རྒྱུ་མཚན་བློས་བསླང་རྣམ་གཞག་ཏུ་བཤད་གྲུབ་བོ། །ད་ནི་རྟ་བབས་བཞི་མ་ལས་འཕྲོས་པའི་དཀྱིལ་འཁོར་སོ་སོའི་གདབ་ཚུལ་ནི། གཏེར་མ་ཕལ་ཆེ་བར་ལྷ་སྣམ་མི་དགོས་པའི་ཁྱམས་སྤངས་ཏེ་ཞི་བ་བསྡུས་པ་དང་འདྲ་བར་བྱས་མོད། འོན་ཀྱང་འཇོམས་བྱེད་ཀྱི་དཀྱིལ་ཆོག་ཏུ་ཁྱམས་བཤད་པས་གཞན་མ་རྣམས་ལའང་ཡོད་མེད་འདམ་ཁར་བྱས་ན་རུང་ངམ་སྙམ་མོ། །བདེར་འདུས་ཞི་བ་ལས། འདིར་རྟ་བབས་བཞི་མར་བཤད་པ་ནི༔ སློབ་དཔོན་གྱི་ཐིག་ཆོག་ལས༔ ཆ་གཅིག་ཆ་བཞིར་རྟ་བབས་ཏེ༔ ཞེས་དང་། བདུན་པའི་ཆ་ཕྲན་བཞི་རུ་གདབ༔ ཅེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། དེ་ནས་ས་ཐིག་རིམ་པ་བཞིན༔ དགུ་དགུའི་བདག་ཉིད་བཅོ་བརྒྱད་དུ༔ ཆ་ཡི་རྣམ་པ་ལ་སོགས་བགོ༔ ཞེས་དང་། ཞི་བ་ཞེ་གཉིས་ཀྱི་སྒྲུབ་ཐབས་ལས་ཀྱང། རྣམ་ཐར་བཞི་ཡི་སྒོ་ཁྱུད་ལ༔ རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན༔ ཞེས་བརྒྱད་མར་གསུངས་པའང་ཡོད་པས་མཐའ་གཅིག་ཏུ་མ་ངེས་སོ། །ཕྱི་རོལ་གྱི་འཁོར་ཡུག་ཀྱང་། ཐིག་ཆོག་ལས། དང་པོ་འཇིག་རྟེན་ཕྱོགས་སྐྱོང་ལ༔ གཉིས་པ་རྡོ་རྗེའི་རྭ་བ་སྟེ༔ གསུམ་པ་མེ་རི་རབ་ཏུ་བྲི༔ ཞེས་དང་། དཀྱིལ་འཁོར་བྱ་བའི་རིམ་པ་ལས། ཕྱོགས་སྐྱོང་སྣམ་བུ་དཀར་པོའི་སྣ་ཚོགས་པདྨ་ཞེས་འབྱུང་བས། འདིར་སྒྱུ་འཕྲུལ་ཞི་བ་ལྟར་པདྨ་བྱས་མོད། འདམ་གར་གསུངས་པའི་ཕྱིར། པད་རའི་ཚབ་ཏུ་ཕྱོགས་སྐྱོང་སྣམ་བུ་བྱ་བའམ། རྣམ་པ་གཅིག་ཏུ་ན་པདྨའི་ལྟེ་བའི་ཁ་ཁྱེར་ལ་ཕྱོགས་སྐྱོང་བཀོད་ཀྱང་མི་འགལ་ལམ་སྙམ་མོ། །འདི་ནང་གི་ཕོ་བྲང་དགུ་ལ་རྟ་བབས་བྱེད་པ་ནི་མི་རིགས་ཏེ། ཐིག་ཆོག་ལས། དབུས་ཀྱི་ཕོ་བྲང་དགུ་པོ་ལ༔ སྒོ་རྒྱན་རྟ་བབས་མེད་པ་འོ༔ ཞེས་གསུངས་པའི་ཕྱིར་རོ། ཁྲོ་བོའི་སྐབས་འདིར་ནང་སྒོ་རྣམས་ལ་རྟ་བབས་མི་བྱེད་པ་དང། བྱེད་པའི་ལུགས་གཉིས་ལས། དང་པོ་ནི་རྩ་རྒྱུད་ཀྱི་ལེའུ་བརྒྱད་པར། དེ་ལས་དཀྱིལ་འཁོར་ཆེན་པོ་དགུ༔ ཀུན་ཀྱང་འཁོར་ལོ་རྩིབས་བཞི་པ༔ གྲུ་ཆད་བར་ཁྱམས་སྒོ་བཞིར་ལྡན༔ དེ་དག་ཕྱི་ཁྱམས་སྒོ་རྣམས་དང༔ སྒོ་རྒྱན་ལྕགས་རི་ལྡན་པ་ནི༔ ཚོན་སྣ་ལྔ་ཡིས་ལེགས་པར་བྲིས༔ ཞེས་ནང་སྒོ་ལ་སྒོ་རྒྱན་ལས་མ་གསུངས་པའི་ཕྱིར། གཉིས་པ་ནི། བསྐྱེད་རྫོགས་འབྲིང་པོའི་མངོན་རྟོགས་ལས། ཀུན་ཀྱང་སྒོ་བཞི་པ༔ ཕྲིན་ལས་རྣམ་པ་བཞིའི་བརྡར་རྟ་བབས་བཞི་པ༔ ཞེས་གསུངས་སོ། །དེས་ན་འདིར་བླ་མའི་ཕྱག་ལེན་དུ་རྟ་བབས་མེད་པའི་ཕྱོགས་མཛད་དོ། །རྟ་བབས་ཀྱི་སྣམ་བུ་ནི་བརྒྱད་མ་དང་། བཞི་པ་མཆོད་རྟེན་གྱི་དབྱིབས། བཞི་མ་སྤྱི་འགྲེ་ལྟར་གསུམ་ལས། དང་པོ་ནི། སྒྲུབ་ཐབས་རིན་ཆེན་ཕྲེང་བ་ཞེས་བྱ་བ་སྒོམ་ཁོག་ཆེན་མོར་གྲགས་པ་ལས། རྣམ་པར་ཐར་པ་བརྒྱད་དང་ལྡན་པས་རྟ་བབས་བརྒྱད་དང་ལྡན་པའོ། །ཞེས་གསུངས་པ་ལྟར་དེང་སང་ཕྱག་ལེན་འདི་མཛད་དོ། །གཉིས་པ་ནི། ཞི་བའི་ཐིག་ཆོག་ཏུ། རྟ་བབས་མཛེས་པའི་མཆོད་རྟེན་འདྲ༔ ཞེས་པ་ལ་འཁྲིས་པ་འདྲ་སྟེ། པུ་ཤུ་བང་རིམ་བརྩེགས་ལ་མཆོད་རྟེན་འདྲ་བར་གསུངས་པ་ལྟར་འདྲ་བ་ཡིན་པས་དགོས་པའི་ངེས་པ་མེད་དོ། །ཡང་རྣམ་པ་གཅིག་ཏུ་ན། གསང་རྫོགས་ལས་རྟ་བབས་མཆོད་རྟེན་གཟུགས་སུ་བཤད་པའི་ལྷན་པ་ཤོར་བ་སྙམ་མོ། །གསུམ་པ་ནི་རྩ་རྒྱུད་ལས། བ་སུ་ཏའམ་རྒྱུས་པ་ཡིས༔ ཐིག་ནི་བཅུ་དྲུག་གདབ་པར་བྱ༔ ཞེས་ཆ་ཆེན་བཅུ་དྲུག་ཏུ་གསུངས་པས་སྣམ་ཕྲན་བཞིར་འགྱུར་བའི་ཕྱིར་འདིར་ཡང་ཞི་བ་ལྟར་བཞི་མ་དང་བརྒྱད་མ་འདམ་ཁ་གསུངས་པ་འདྲའོ། །ཕུར་པ་སྤུ་གྲིའི་གྲུ་ཆད་ལ་ཐོད་རྩིག་བྱེད་པ་ནི་བློས་བསླངས་ཀྱི་དུས་སུ་གཞལ་ཡས་ཁང་ཕྱི་མ་ལས་མཐོ་བར་བཞེད་པས་མུ་ཁྱུད་ཀྱི་ཐོད་ཕྲེང་ལྟ་བུ་མ་ཡིན་ཞིང་། འདིའི་སྒོ་ལ་མུ་ཁྱུད་སོགས་མེད་པས་བྲི་བའི་དུས་སུ་སྒོའི་ཐད་དུ་རྩིག་པ་གཅོད་མི་དགོས་ཏེ། སྒོ་གོང་གི་རྩིག་པ་ཡོད་པའི་ཕྱིར་རོ། །བཀའ་བརྒྱད་གསང་རྫོགས་ལའང་ཕོ་བྲང་ནང་མའི་ཐིག་འདི་དང་འདྲ་བ་ལས། དེའི་སྟེང་གདུང་བཞི་བསྣོལ་བའི་ལེ་ཚེ་དགུར་འཁོར་ལོ་རྩིབས་བཞིའི་ལྟེ་བར་ཟླ་གམ་ལོགས་སྒོ་ཅན་རེ་མཛད་དོ། །ཟླ་གམ་འདི་ལ་ལྟེ་བ་ཟླུམ་པོ་ཉིད་གཤགས་ཆོག་པས་ཐིག་མི་དགོས་ཀྱང་། གཞན་དུ་དབང་གི་ཐབ་ཁུང་ལྟ་བུ་ཟླ་གམ་དགོས་པའི་རིགས་ལ། དེའི་ཐིག་ནི། ཚངས་ཟུར་སྤྱི་ལྟར་བཏབ་པའི་རྗེས། །དབུས་ནས་ཤར་དུ་བསྐོར་ཐིག་གི །བཞི་ཆ་འཕགས་པར་སྲད་བུ་བཟུང་། །ཤར་གྱི་གཡས་གཡོན་ཟུར་ཐིག་བར། །བསྐོར་བའི་མདུན་ལོག་བཅད་པས་འབྱུང་། །པད་འདབ་བརྒྱད་ནི་ཚངས་ཟུར་རྣམས། །ཐམས་ཅད་ཕྱེད་མར་བཅད་པས་གྲུབ། །རྩིབས་བཞིར་ཚངས་རྩེ་བཞི་པོ་སྦྲེལ། །རྩིབས་བརྒྱད་དེ་སྟེང་ཟུར་རྩེའང་སྦྲེལ། །རྩིབས་བཅུ་ཚངས་ནས་ཚངས་གཅིག་བར། །དུམ་བུ་ཕྱེད་གསུམ་གཞལ་བ་ཡི། །ཕྱེད་གཉིས་དོར་བའི་ཆ་གཅིག་པོས། །ལྷོ་དང་བྱང་གི་ཚངས་ཐིག་ནས། །ཤར་ནུབ་གཉིས་ཀྱི་ཚངས་ཐིག་བར། །གཉིས་རེ་གཞལ་བས་སྒང་པོ་བརྒྱད། །ཕྱེད་བཅད་མཚན་མ་བརྒྱད་བཏབ་བོ། །དེ་སྟེང་ཤར་ནུབ་ཚངས་ཐིག་བཅད། །མཚན་མ་བཅུ་པོ་གསལ་བར་བཏབ། །མཚན་མ་གཉིས་གཉིས་བར་བཞག་ནས། །སྲད་བུ་བརྐྱངས་ཏེ་རིམ་པར་གདབ། །དེ་ཡིས་འཁོར་ལོ་རྩིབས་བཅུ་འབྱུང་། །ཞེས་པ་རྣམས་ཀྱང་ཞར་ལ་འཕྲོས་པ་སྟེ། ཐིག་གི་ཆོ་ག་ཅུང་ཟད་བཀྲལ་བའོ། ༈ །གཉིས་པ་ཚོན་གྱི་བྱ་བ་ལའང་བཞི་སྟེ། རྒྱུ། ཚད། བྱིན་རླབས། བཀྱེ་བའི་ཐབས་སོ། །དང་པོ་ལའང་འབྱོར་པ་རབ་འབྲིང་ཐ་གསུམ་ལས། འབྱོར་པ་རབ་བྲི་བའི་ཡོན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབང་དུ་བྱས་ན། སྔོན་པོ་ཨིནྡྲ་ནཱི་ལ། དཀར་པོ་དངུལ་ལམ་ཤེལ། སེར་པོ་པུ་ཤ་རཱ་གའམ་གསེར། དམར་པོ་པདྨ་རཱ་གའམ་བྱེ་རུ། ལྗང་གུ་མརྒད་དམ་གཡུ་ལས་བྱ་སྟེ། ཧེ་རུ་ཀ་གལ་པོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྫས། །པུ་ཤ་རཱ་ག་གསེར་དང་ནི། །པདྨ་རཱ་ག་མརྒད་དང་། །ཨིནྡྲ་ནཱི་ལ་ཚོན་དུ་སྦྱར། །ཞེས་དང་། རྡོ་རྗེ་ལས་རིམ་ལས། ཨིནྡྲ་ནཱི་ལ་ཟླ་འོད་དང་། །པུ་ཤ་རཱ་ག་བྱེ་རུ་ཟངས། །མརྒད་ཏ་ལས་བྱ་སྟེ་དགྱེ། །ཞེས་སོ། །འབྱོར་པ་འབྲིང་རྒྱལ་ཕྲན་རྣམས་ཀྱིས་འབྲུ་ལྔ་དང་སྨན་ལྔ་གང་རུང་རང་མདོག་གམ། ཚོན་རྩིས་ཁ་དོག་བསྒྱུར་བ་ལས་བྱ་སྟེ། གལ་པོ་ལས། མི་ཡི་དབང་པོས་སོ་ནམ་འབྲས། །བྲ་བོ་རམ་བུ་དེས་དམར་དང་། །ལྗང་གུ་སྲན་མ་ལ་སོགས་པ། །ཞེས་དང་། རྡོ་རྗེ་མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། ཁ་དོག་བསྒྱུར་བ་དེ་བཞིན་ནོ། །སྨན་དང་། ཞེས་སོ། །འབྱོར་པ་ཆུང་བ་འབངས་ཕལ་པས་ནི། བཀྲ་ཤིས་པའི་ས་ཕྱོགས་ནས་བྱུང་བའི་ས་ཚོན་རང་མདོག་གམ་ཁ་དོག་བསྒྱུར་བ་ལ་བྱ་སྟེ། སྔ་མའི་འཕྲོས་ལས། འབྱོར་པ་ཆུང་བ་ཡིས། །འབྱུང་ཁུང་ལྔ་ཡིས་བྲི་བར་བྱ། །ཞེས་དང་། གལ་པོ་ལས། རྡོ་ཐལ་བ་བླ་ལྡོང་རོས་དང་། །རྒྱ་སྐྱེགས་དམར་པོ་བྱ་བ་དང་། །རམ་ལས་བྱས་དང་འབྲུ་བསྲེགས་པ། །ཐལ་བའི་རྡུལ་ཚོན་དག་ཏུ་བཤད། །ཅེས་པ་སྟེ། དེ་དག་ནི་ཕྱིའི་ཚོན་ནོ། །ནང་དུ་དྲག་པོའི་ཚོན་ནི། གལ་པོ་ལས། དུར་ཁྲོད་ཐལ་ཆེན་ལྡོང་རོས་དང་། །དེ་ཡི་སོ་ཕག་དུར་ས་དང་། །སོལ་བས་བྲི་བ་ཁྲོ་བོ་འོ། །ཞེས་གསུངས་ཀྱང་། ཁྲོ་དཀྱིལ་བཞེངས་པའི་ཚོན་ལྔ་ལ་ཐལ་ཆེན་ཅུང་ཟད་རེ་བསྲེ་བ་ཕྱག་ལེན་ནོ། །གསང་བའི་ཚོན་ནི། ཞི་ཁྲོ་ཐུན་མོང་ལ་འབྲས་བུ་ཆེན་པོ་ལྔ། བསྒྲལ་བའི་རཀྟའམ། ཡུམ་མཚན་ལྡན་གྱི་པདྨ་རཀྟས་བྲི་བར་བཤད་དེ། གལ་པོ་ལས། རི་མོ་གཅིག་པ་ཞེས་བྱ་བ། །དེ་དག་ཐམས་ཅད་རི་མོ་གཅིག །ཆགས་པའི་རཀྟ་བྱང་ཆུབ་སེམས། །དཀྱིལ་འཁོར་ཀུན་གྱི་ཚོན་རྩིར་བཤད། །ཅེས་སོ། །ད་ནི་ཐུན་མོང་དུ་ཉེ་བར་མཁོ་བ་རྡུལ་ཚོན་བསྒྱུར་བའི་ལག་ལེན་ཅུང་ཟད་བྲི་བར་བྱ་སྟེ། ཀུན་གྱི་གཞི་མ་དཀར་པོ་ནི། །རཱ་ག་རབ་ལ་ཅོང་ཞི་ཐ། །གཏུན་བརྡུང་ཆུ་བསིལ་ཀྱིས་བཏུལ་ཏེ། །དར་གྱི་ཚགས་མས་འཚག་པ་གཅེས། །དམར་རྩི་ཞོས་བྱུག་ཉི་འོད་ལ། །བསྲེགས་ནས་མ་སྐམ་ཙམ་གྱི་དུས། །ས་བསྲེས་རང་མདོག་མ་ཐོན་བར། །ལེགས་པར་མཉེས་པས་དམར་ལེགས་འབྱུང་། །དེ་བརླན་མ་བྲལ་རྡོ་ཞོ་ནི། །བཏུལ་པོ་དང་སྦྱར་ལེགས་འཕུར་ན། །མཐིང་གི་མདངས་འོད་ཟིལ་གྱིས་གནོན། །རམ་བཏུལ་དེ་དང་ས་སྦྱར་ནས། །མཉེ་ན་ལྕགས་ཁ་འབྱུང་བར་འགྱུར། །བ་མོས་མ་རེག་སྟོན་དུས་ཀྱི། །སྤང་རྒྱན་སྐེད་གཏུབ་བྱས་པ་ཡི། །རྩེ་མོའི་ཆ་རྣམས་ཞིབ་མོར་བརྡུང་། །དེ་དང་ས་བསྲེག་སླར་བརྡུངས་ནས། །ཉི་མའི་འོད་དུ་མཉེ་ཞིང་བསྲེག །ལན་གཉིས་ལན་གསུམ་སྒྱུར་བ་ན། ཁ་དོག་སྔོན་པོ་ཕྱི་བཞིན་ལེགས། །དེ་ལ་རྡོ་ཞོ་བཏུལ་པོ་ནི། །ཞིབ་བཏགས་ཅུང་ཟད་བཏབ་བྱས་ནས། །བརྡུང་ཞིང་མཉེ་ནས་ཉི་འོད་ལ། །བསྲེགས་པས་ཁ་དོག་ལྗང་གུ་འབྱུང་། །གྲོ་ལྗང་གཞོན་ནུ་ཧ་ལོའི་འདབ། །སྲན་མ་གཞོན་ནུ་སོགས་བརྡུངས་ནས། །ས་བསྲེགས་མཉེ་ཞིང་ཉི་མར་སྐམ། །འདིས་ཀྱང་ཁ་དོག་ལྗང་ལེགས་འོང་། །ཡུང་བ་ཞིབ་བཏགས་ཞོར་སྦྱར་ནས། །ས་དཀར་བསྲེས་ལ་གྲིབ་སྐམ་བྱ། །བཙོ་མ་གསེར་གྱི་ཁ་དོག་འཛིན། །ཡང་ན་ཞོ་དང་མ་སྦྱར་ཀྱང་། །སྔར་བཞིན་བྱས་པས་སེར་པོ་འོང་། །དེ་ཉིད་རྡོ་ཞོའི་བུལ་ཏོག་དང་། །སྦྱར་བས་ངུར་སྨྲིག་བཟང་པོར་འབྱུང་། །སྦང་མའི་ཕྱེ་དང་སྣུམ་སྦྱར་ནས། །མེར་བསྲེགས་མིག་སྨན་མདོག་དང་མཚུངས། །ཞེས་མདོ་ཙམ་སྨྲས་པ་སྟེ། ཞིབ་པར་མཁས་པའི་ལག་ལེན་ལ་ལྟ་བ་གཅེས་སོ། །གཉིས་པ་ཚད་ནི། གཞིའི་ཚོན་གྱི་ཚད་འཕང་ལ་རེ་ཁཱའི་ཕྱེད་ཕྱེད་དེ་རེ་ཁཱའི་འཕང་དུ་ནི་ཆ་ཕྲན་གྱི་ལྔ་ཆའོ། །ཞེས་གསུངས་ཀྱང་། སྲབ་མཐུག་སྙོམས་ཤིང་། ཁྲིའུ་རིས་མེད་པར་བཀྱེ་བའོ། །གསུམ་པ་བྱིན་རླབས་ནི། ཚོན་རྣམས་སྣོད་གཙང་མར་བླུགས་པ་ལ་རིགས་ལྔའི་ས་བོན་བྲིས་པ་ཕྱོགས་མ་འཁྲུལ་པར་བཀོད་ལ། རིགས་ལྔ་ཡབ་ཡུམ་ལྔའམ། རྒྱས་པར་་་རྒྱལ་བ་ཟེར་བའང་འདུག།རིགས་ཆུང་དང་བཅས་པ་ལྔ་ཚན་ལྔར་གསལ་བ་རྗེས་ཆགས་ཀྱིས་ཞུ་བ་ལས་དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་རཏྣ་ལྔར་གྱུར་པར་བསམ་པ་སྟེ། ལས་རིམ་ལས། སྣོད་བླུག་རིམ་འདྲེས་དག་བྱས་ལ། །ཧཱུྃ་སོགས་ཡིག་འབྲུ་གཅིག་ཀྱང་ལྔར། ཁ་དོག་རྗེས་སུ་མཐུན་བྱས་ལ། །ཡོངས་གྱུར་ཉི་ཤུ་རྩ་ལྔའི་ལྷ། །ཐབས་དང་ཤེས་རབ་ལྡན་པར་བསྒོམ། །ཞེས་སོགས་དང་། པདྨ་ལས་རིམ་ལས། དེ་ལ་རིགས་ཀྱི་ཡི་གེ་བཀོད། །ཅེས་དང་། ལྷ་རྣམས་འོད་ཞུ་ཚོན་ལ་ཐིམ། །རཏྣ་ལྔ་རུ་གྱུར་པར་བསམ། །ཞེས་དང་། གལ་པོར། ཡི་གེ་འབྲུ་ལྔས་བྱིན་བརླབས་པ། །ཕྱག་མཚན་རིགས་ལྔ་ཡབ་ཡུམ་གྱུར། །ཅེས་སོགས་གསུངས་པ་ལྟར་རོ། །བཞི་པ་དགྱེ་ཚུལ་ནི། ཐོག་མར་སློབ་དཔོན་ཤར་དུ་ཞལ་ཕྱོགས་པས་ཚོན་ལ་བཀོད་པའི་ཡིག་འབྲུ་རྣམས་མཐེབ་སྲིན་གྱིས་བླངས་ཏེ། ཁུང་བུ་དགང་བ་ནི། རྣམ་སྣང་མངོན་བྱང་ལས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །ཞེས་སོ། །དེ་ལ་ལག་པ་ལ་དཔའ་བོ་འབྲུ་ལྔ་བཀོད་དེ། ཚོན་པྲ་བརྟག་པའི་དོན་དུ་གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་བརྩམ་ལ་མཛུབ་གང་བའི་པཉྩ་རེ་ཁཱ་འདྲེན་ཏེ། ཀློང་གསལ་གྱི་རྒྱུད་ལས། ཚོན་རེ་སྒོ་ཡི་ཉི་ཤུ་ཆ། །དཔངས་ནི་མདའ་ཙམ་བྲི་བར་བྱ། །ཞེས་དང་། པདྨ་ལས་རིམ་ལས། བྱང་ཤར་མཚམས་ཀྱི་རེ་ཁཱ་ལ། །ས་བོན་པྲ་ནི་བརྟག་པར་བྱ། །ནག་པོ་དཀར་པོ་སེར་པོ་དམར། །ལྗང་གུ་རྣམ་ལྔ་མཉམ་པར་སྦྱར། །མཛུབ་གང་དུ་ནི་བྲི་བར་བྱ། །ཞེས་སོ། །དེ་རྗེས་སློབ་མ་རྣམས་ཀྱིས་ཀྱང་། སོར་མོའི་འཕྲུལ་ལྔ་བཀོད་དེ་ཅི་བདེར་བྲིའོ། །དེ་ཡང་རྡུལ་ཚོན་ཁ་དོག་ལྔ་སོ་སོར་ཕྱེ་བའི་དགོས་པ་ནི། སྒྱུ་འཕྲུལ་རྒྱས་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་གུ་ལ་སོགས་ནག་པོ་བསྟན། །ཞེས་སོ། །དེ་ལྟར་སྤྱིར་བསྟན་ནས། བྱེ་བྲག་ཏུ། ཇི་ལྟར་དགྱེ་བའི་རིམ་པ་ནི། །ཞེས་སོགས་ནི། ཚོན་དགྱེ་བའི་ཁྱད་པར་གྱི་ཆོ་ག་རྣམས་ཞིབ་མོར་སྟོན་པ་སྟེ་གཞུང་བཀླགས་པས་འགྲུབ་པའི་ཕྱིར་མ་བཀྲོལ་ལོ། །ཚོན་དགྱེ་བ་གྲུབ་ནས་མཚན་མ་དགོད་པ་ནི། དེ་ལྟར་དཀྱིལ་འཁོར་སོ་སོ་ཡི། །ཞེས་སོགས་ཏེ། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་དང་། ལས་རིམ་ལས། དཀྱིལ་འཁོར་རྣམ་པ་གསུམ་དག་ཏུ། །གཞུང་ཉིད་ཀྱིས་ནི་གསལ་བར་གསུངས། །ཡན་ལག་གཟུགས་སུ་སྙིང་པོ་འདི། །ཉི་ཟླ་པདྨའི་རིམ་བཞུགས་པ། །དཀྱིལ་འཁོར་སྐུ་ཡི་མཚན་ཉིད་ཡིན། །ཕྱག་རྒྱ་གསལ་བཀོད་ཐུགས་དཀྱིལ་འཁོར། །སྐུ་འམ་ཡང་ན་ཧཱུྃ་མཱུཾ་བྲི། །མཆོག་དང་འབྲིང་པོས་ཕྱེ་བ་ནི། །དཀྱིལ་འཁོར་གསུམ་དུ་ཕྱེ་བར་བྱ། །ཞེས་སོ། །མདོར་ན་སོ་སོའི་སོགས་ཏེ། ཚོན་རྩི་སྲབ་ན་དབུལ་པོར་འགྱུར། མཐུག་ན་མཛེ་འབྱུང་། ཚོན་ཐལ་ཤོར་ན་ནད་འབྱུང་བ་སོགས་གསུངས་ཤིང་། ཁྱད་པར་དུ་ཚོན་པྲ་བརྟག་པའི་ཚེ། སློབ་དཔོན་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་ལ། །འཆི་འམ་ན་བར་འགྱུར་བ་ཡིན། །ལྷག་ཆད་ལས་ནི་ནད་འབྱུང་ཞིང་། །ཕྱོགས་འཁྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་པས་བག་ཡོད་པས་བྲིའོ། །གང་ཞིག་བློ་གྲོས་སོགས་ཏེ། ཐིག་ཚོན་གྱི་བྱ་བ་རྣམས་ཇི་བཞིན་མ་གྲུབ་པས་སྐྱོན་དུ་གྱུར་ན། དྲག་པོའི་སྦྱིན་སྲེག་དང་སྔགས་བཟླ་བ་སོགས་སོ་སོའི་སྙིང་པོའི་ཆོ་ག་དང་། གཙོ་བོར་དེ་ཁོ་ན་ཉིད་ཀྱི་ཏིང་འཛིན་གྱིས་སྐྱོན་ཐམས་ཅད་སེལ་བ་ཡིན་པས་འབད་དེ་ཉམས་སུ་བླང་ངོ་། །དེ་དག་ཀྱང་ཞིབ་པར་དཀྱིལ་ཆོག་སོ་སོ་དང་། བླ་མའི་ཕྱག་ལེན་མཐོང་བ་གོམས་པ་ལ་རག་ལས་པས་བླ་མའི་མན་ངག་ཐོབ་པ་ལ་བརྩོན་པར་བྱ་ཡི། འདིར་བརྗོད་པ་ནི་མདོ་ཙམ་མོ། །དེ་ལྟར་གཏེར་ཆེན་བླ་མ་ཆོས་ཀྱི་རྗེའི། །ཞབས་རྡུལ་སྤྱི་བོའི་པདྨོར་རྟག་བཞུགས་ཤིང་། །སྙིང་དབུས་དོ་རར་མཚན་དཔེའི་གར་རྩེན་པའི། །སྐལ་བཟང་སྔགས་བཙུན་དྷརྨཱ་ཤྲཱིས་སྦྱར། །འདིས་ཀྱང་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་མཐོན་པོར་ཕྱིན་པའི་རྒྱུར་གྱུར་ཅིག། །།
བྱད་འགྲོལ་གསེར་གྱི་ལྡེ་མིག་གི་རྒྱུན་ཁྱེར་ཟབ་དོན་སྙིང་པོ་ (Volume 47, Text 48)
༄༅། །བྱད་འགྲོལ་གསེར་གྱི་ལྡེ་མིག་གི་རྒྱུན་ཁྱེར་ཟབ་དོན་སྙིང་པོ་བཞུགས་སོ། ། ན་མོ་གུ་རུ་བཛྲོཥྞཱི་ཥ་ཡ། སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །རྡོ་རྗེ་གཙུག་ཏོར་བསྒོམ་པར་བགྱི། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོག་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར་དབུ་སྟོང་དང་ལྡན་པ། སྤྱན་བྱེ་བ་བརྒྱ་ཕྲག་འབུམ་གྱིས་མཚན་པ། ཕྱག་སྟོང་གིས་གཅོད་བྱེད་ཀྱི་རལ་གྲི་འབར་བ་བསྣམས་པ། མེ་དཔུང་འབར་བའི་དཀྱིལ་ན་བརྐྱང་བསྐུམ་གྱད་ཀྱི་རོལ་པས་བཞུགས་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྲིད་གསུམ་ཟིལ་གྱིས་ནོན་པའི་བདག་ཉིད་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་ལས་རྣམ་པར་སྣང་མཛད། མགྲིན་པར་ཨཱཿདམར་པོ་ལས་སྣང་བ་མཐའ་ཡས། ཐུགས་ཀར་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སེམས་དཔའ། ཡ་སོ་ཧཱུྃ་ལས་ཁྲོ་བོ་བཅུ། མ་སོ་ཧྲཱིཿལས་ཁྲོ་མོ་བཅུ། ལྕེ་རལ་གྲི་ངར་མ། སྨ་ར་མེ་ཕུང་འབར་བ། མགྲིན་པར་ཉི་མ་དང་ཟླ་བས་མཚན་པ། སྔགས་བཟླས་པ་ཙམ་གྱིས་སྐུའི་ཆ་ཐམས་ཅད་ལས་མེ་ཕུང་འབར་ཞིང་འཁྲུགས་པས་ལུས་ངག་ཡིད་གསུམ་ལ་གནོད་པའི་རིགས་ཐམས་ཅད་བྱ་སྒྲོ་མེས་བསྲེག་པ་བཞིན་ཐལ་བ་བུན་བུན་དུ་སོང་བར་གྱུར། སྤྲོ་ཞིང་ནུས་ན་གཟུངས་རིང་ཐུང་དང་། གང་ལྟར་ཡང་། ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བྷི་ཥ་དྷེ་བྷི་ཥ་དྷེ༔་་་དཔེ་གཅིག་ལ་ཤུདྡྷེ་སྣང་། བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཕཊ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ བདག་ཅག་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཞེས་རྩ་སྔགས་ཅི་ནུས་དང་། མཐར། ཨོཾ་བཛྲ་ཀཱ་ཡ་གླིང་ཟློག༔ ལུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཧི་བཾ་གརྦྷ་ཡ་ཟློག༔ ངག་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཧི་ཀ་ནན་ཟློག༔ ཡིད་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་སྐུ་གསུང་ཐུགས་ཀྱི་སྙིང་པོའི་བྱད་འགྲོལ་དང་། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྩིཏྟ་ཀྴ་ཡ་བཛྲ༔ ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཞེས་བྱད་འགྲོལ་ཡང་སྙིང་རྣམས་ཀྱང་བཟླས་མཐར། བན་བོན་སྔགས་པའི་བསམ་སྦྱོར་ངན་པས་མནན་པ་དང༔ བཅིངས་པ་དང༔ བསྡམས་པ་དང༔ གཟིར་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་སྭཱ་ཧཱ༔ གནོད་པའི་རིགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱེ་ཕྱེ་ཁྲོལ་ཁྲོལ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་ཤམ་འདོགས་དང་བཅས་པའང་ཅུང་ཟད་བཟླས་ལ། ཚུལ་བཞིན་བསྒྲུབས་པའི་བུམ་ཆུ་ཡོད་ན་རང་གཞན་ལ་ཁྲུས་བྱ། རྗེས་བསྡུ་རིམ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣང་ཆའི་ལྷ་སྐུ་འོད་གསལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་ཐིམ་པར་བསམ་ལ་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག །ཐུན་མཚམས་ལ་འཇུག་པའི་ཚེ། སླར་ཡང་རང་སྐད་ཅིག་གིས་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་གྱི་སྐུར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་གཙུག་ཏོར་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་པ་བརྒྱུད་ལྡན་བླ་མའི་ཞལ་ལུང་ལྟར་་་༼འཇམ་དབྱངས་མཁྱེན་བརྩེའི་དབང་པོ།༽སྙིང་པོར་དྲིལ་པ་དགེ །མངྒ་ལཾ།། །།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་རྒྱུན་གྱི་ཕྲིན་ལས་ (Volume 10, Text 48)
༄༅༔ ༔རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་རྒྱུན་གྱི་ཕྲིན་ལས་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རིག་འཛིན་མཆོག་གི་སྒྲུབ་པ་ཡི༔ རྒྱུན་གྱི་རྣལ་འབྱོར་སྙིང་པོ་ནི༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ བཀྲ་ཤིས་བྱིན་ཆགས་སྒྲུབ་ཁང་དུ༔ ཕྱི་ནང་འདུ་འཛིའི་བྱ་བ་བཏང༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༔ སྣོད་ལྡན་བླ་མའི་གཏོར་ཆེན་བཤམ༔ ཕྱི་ནང་འབྱོར་པ་ཚོགས་སུ་སྤུངས༔ དད་དང་འབྱོར་པ་མོས་གུས་ཀྱིས༔ རིག་འཛིན་གོ་འཕང་མཆོག་བསྒྲུབ་ཕྱིར༔ སྔོན་དངོས་རྗེས་ཀྱི་འཇུག་པར་བྱ༔ ས་མ་ཡ༔ སྔོན་འགྲོའི་དང་པོ་རྒྱུད་སྦྱོང་ནི༔ ན་མོ༔ བདག་དང་མཁའ་ཁྱབ་སེམས་ཅན་མ་ལུས་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ བདེ་གཤེགས་ཡོངས་རྫོགས་རྩ་གསུམ་དཀྱིལ་འཁོར་ལྷར༔ སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཧོ༔ མར་གྱུར་ཁམས་གསུམ་རིགས་དྲུག་འགྲོ་བ་ལ༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྐུ་གསུམ་གོ་འཕང་མཆོག་ལ་འགོད་པའི་ཕྱིར༔ རིག་འཛིན་བླ་མ་བསྒྲུབ་པར་སེམས་བསྐྱེད་དོ༔ གཉིས་པ་འགལ་རྐྱེན་བསལ་བ་ནི༔ ཧཱུྃ༔ གསང་སྔགས་སྒྲུབ་ལ་བལྟ་བར་མི་དབང་བའི༔ མི་དང་མི་མིན་ལོག་འདྲེན་འབྱུང་པོའི་ཚོགས༔ ཁྲོ་རྒྱལ་འབར་བའི་བཀའ་ལས་མ་འདའ་བར༔ རང་རང་སོ་སོའི་གནས་སུ་བདེ་བར་དེངས༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་བྱིན་རླབས་སྤྲིན་ཕུང་འཁྲིགས༔ ཡི་དམ་ལྷ་ཚོགས་སྲུང་བའི་གུར་དུ་གཏམས༔ མཁའ་འགྲོ་ཆོས་སྐྱོང་མཚམས་ཀྱི་ཕྲིན་ལས་མཛད༔ བགེགས་དང་བར་ཆད་འཇུག་པའི་སྐབས་མེད་གྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་རཀྵ་བྷྲཱུྃ༔ གསུམ་པ་མཐུན་རྐྱེན་སྤེལ་བ་ནི༔ ཧཱུྃ་ཧྲཱི༔ སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་དང༔ ཡི་དམ་ལྷ་དང་མཁའ་འགྲོ་དམ་ཅན་གྱིས༔ གནས་འདིར་བྱིན་ཕོབ་མཐུ་རྩལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛྙཱ་ན་ཨཱ་བཻ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་གནས་ཡུལ་རྡོ་རྗེའི་ཞིང༔ ཕྱི་ནང་གསང་མཆོད་ཀུན་བཟང་རོལ་པའི་རྒྱན༔ བདེ་བ་ཆེན་པོའི་ལོངས་སྤྱོད་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་རྫས་སུ་གྱུར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཿཧཱུྃ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་དཀྱིལ་འཁོར་སྒྲུབ་པ་ནི༔ ཨ༔ འོད་གསལ་དེ་བཞིན་ཉིད་དབྱིངས་ཡེ་ཤེས་ལས༔ ཟུང་འཇུག་དམིགས་མེད་ཀུན་སྣང་སྙིང་རྗེའི་གདངས༔ སྒྱུ་འཕྲུལ་དྲྭ་བའི་རྒྱུ་མཆོག་ཡི་གེ་ཧྲཱི༔ རྡོ་རྗེ་ནམ་མཁའི་དབྱིངས་སུ་འཇའ་ལྟར་ཤར༔ དེ་ལས་བདེ་ཆེན་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་གཟུང་འཛིན་བག་ཆགས་སྟོང་པར་སྦྱངས༔ སྟོང་གསལ་ངང་ལས་འབྱུང་བ་རིམ་བརྩེགས་སྟེང༔ རྡོ་རྗེའི་སྲུང་འཁོར་ནོར་བུའི་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྗིད༔ ཡེ་ཤེས་ཡོན་ཏན་རང་སྣང་རྒྱན་དུ་རྫོགས༔ བྱང་ཆུབ་ཕྱོགས་ཀྱི་ཕོ་བྲང་ཆེན་པོའི་དབུས༔ རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་དཀྱིལ་འཁོར་གཙོ་བོ་མཆོག༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ བདེ་སྟོང་དཀར་དམར་མདངས་ལྡན་བཅུ་དྲུག་ཉམས༔ ཡེ་ཤེས་རབ་རྒྱས་ཞི་འཛུམ་ཁྲོ་བོའི་ཚུལ༔ ཐེག་གསུམ་ཡོངས་རྫོགས་གསང་ཕོད་ཆོས་གོས་དང༔ ཟ་འོག་བེར་གསོལ་དར་དང་རིན་ཆེན་བརྒྱན༔ དབང་བཞིའི་མཐར་སོན་རྡོ་རྗེ་ཐོད་བུམ་དང༔ ཁ་ཊྭཱཾ་གཡོན་འཁྲིལ་པདྨ་མཐོང་གྲོལ་གསོལ༔ སྐུ་དང་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག་ཆེ༔ འཇའ་ཟེར་འོད་ཕུང་ཐིག་ལེའི་ཀློང་ན་བཞུགས༔ དེ་ཡི་སྤྱི་བོར་པད་སྡོང་ཉི་ཟླའི་སྟེང༔ དབུས་སུ་གསང་བདག་མཐིང་གསལ་རྡོར་དྲིལ་འཆང༔ གཡས་སུ་འཇམ་དཔལ་རལ་གྲི་གླེགས་བམ་སེར༔ གཡོན་དུ་སྤྱན་གཟིགས་མཆོག་སྦྱིན་པདྨ་དཀར༔ དར་དང་རིན་ཆེན་རྒྱན་མཛེས་ཕྱེད་སྐྱིལ་རོལ༔ ཤར་དུ་ཡི་དམ་དབང་ཐོབ་དགའ་རབ་རྗེ༔ དཀར་གསལ་ས་གནོན་མཉམ་གཞག་སྤྲུལ་སྐུའི་ཚུལ༔ ལྷོ་རུ་རྒྱུད་ལུང་དབང་ཐོབ་རྒྱལ་པོ་ཛ༔ མཉམ་གཞག་གླེགས་བམ་འཁོར་ལོས་སྒྱུར་བའི་ཆས༔ ནུབ་ཏུ་རིག་རྩལ་དབང་ཐོབ་ཤྲཱི་སིཾ་ཧ༔ དམར་སྨུག་སྡིགས་མཛུབ་ཐོད་པ་བཅུད་བཀང་བསྣམས༔ བྱང་དུ་བཤེས་གཉེན་དབང་ཐོབ་སངས་རྒྱས་གསང༔ ཆོས་གོས་གསུམ་གསོལ་ཆོས་འཆད་ཕྱག་རྒྱ་འཆིང༔ ཀུན་ཀྱང་དགྱེས་འཛུམ་ཡེ་ཤེས་གཟི་བྱིན་འབར༔ བརྡ་བརྒྱུད་རིག་འཛིན་ཚོམ་བུ་འབུམ་གྱིས་བསྐོར༔ དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང༔ ཀུན་བཟང་མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ རིགས་ལྔ་རིགས་བརྒྱ་ཞི་ཁྲོ་རབ་འབྱམས་ལྷ༔ དགོངས་བརྒྱུད་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ ཡེ་ཤེས་སྒྱུ་མ་འོད་སྐུར་ལམ་མེར་བཞུགས༔ ཧཱུྃ༔ གཙོ་བོའི་གཡས་སུ་དབྱིངས་ཡུམ་མནྡཱ་ར༔ དཀར་དམར་མདངས་ལྡན་མདའ་དར་ཚེ་བུམ་བསྣམས༔ གཡོན་དུ་བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ དགའ་བཞིའི་ཉམས་འབར་བདུད་རྩིའི་བནྡྷ་འཛིན༔ ཕྱི་རོལ་རིན་ཆེན་ཟུར་བརྒྱད་འོད་ཀྱི་ཀློང༔ ཤར་དུ་ཡང་དག་རྡོ་རྗེ་ཧཱུྃ་ཀཱ་ར༔ ཐབས་ཤེས་ཟུང་འཇུག་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལྷོ་རུ་འཇམ་དཔལ་ཁྲག་འཐུང་བཤེས་གཉེན་རྩལ༔ འཁོར་འདས་ཟིལ་གནོན་བེ་ཅོན་སྡིགས་མཛུབ་སྒྲེང༔ ནུབ་ཏུ་རྟ་མཆོག་རོལ་པ་ནཱ་གརྫུ༔ ཁམས་གསུམ་དབང་སྡུད་འཁར་གསིལ་ལྷུང་བཟེད་འཆང༔ བྱང་དུ་རྡོ་རྗེ་གཞོན་ནུ་པྲ་ཧསྟི༔ སྲིད་པ་ཐལ་འབྱིན་རྒྱ་གྲམ་ཕུར་བུ་གདེངས༔ ཤར་ལྷོར་མངོན་རྫོགས་དྷ་ན་སཾསྐྲྀཏ༔ རྩ་རླུང་དབང་ཐོབ་རྔེའུ་ཆུང་ཐོད་ཁྲག་བསྣམས༔ ལྷོ་ནུབ་དཔལ་ཆེན་ཆེ་མཆོག་བི་མ་ལ༔ སྣང་སྲིད་བདུད་རྩི་དབྱིངས་ཀྱི་བནྡྷར་བསྐྱིལ༔ ནུབ་བྱང་གསང་བདག་གུ་ཧྱ་ཙནྡྲ་ནི༔ དྲེགས་ཚོགས་གཟིར་གནོན་ལྕགས་ཀྱུ་ཞགས་པ་འཕེན༔ བྱང་ཤར་སྟོབས་ལྡན་ཤཱནྟིཾ་གརྦྷ་ཆེ༔ མངོན་སྤྱོད་ཐོག་འབེབ་དམོད་པའི་གྲི་གུག་གདེངས༔ ཀུན་ཀྱང་ཞབས་གཉིས་འདོར་སྟབས་ཁྲོ་འཛུམ་ཉམས༔ གསང་གོས་སྣམ་སྦྱར་པདྨའི་མཉེན་ཞུ་གསོལ༔ རིག་འཛིན་རྩལ་འཆང་བྱེ་བ་འབུམ་སྡེའི་དབུས༔ ལྷ་དང་དབྱེར་མེད་འོད་སྐུར་ལམ་མེར་བཞུགས༔ ཧཱུྃ༔ དེ་ཡི་ཕྱི་རིམ་པདྨའི་ཁོར་ཡུག་ཏུ༔ བཀའ་བབས་གྲུབ་ཆེན་རྗེ་འབངས་ཉི་ཤུ་ལྔ༔ སྙན་བརྒྱུད་བླ་མ་བྱེ་བ་འབུམ་སྡེའི་དབུས༔ བརྟུལ་ཞུགས་སྤྱོད་པའི་རྫུ་འཕྲུལ་བསམ་མི་ཁྱབ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ་དུ་གསལ༔ ཧཱུྃ༔ དཀྱིལ་འཁོར་སྒོ་བཞིར་པད་ཉི་བདུད་བཞིའི་སྟེང༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་ཡབ་ཡུམ་རྣམས༔ དཀར་སེར་དམར་ལྗང་ལས་བཞིའི་ཉམས་འགྱུར་རྫོགས༔ རིགས་ཀྱི་ཕྱག་མཚན་ཐོད་པ་ཁྲག་བཀང་རོལ༔ དར་དང་རིན་ཆེན་དུར་ཁྲོད་ཆས་ཀྱིས་བརྗིད༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་ན་འགྱིང༔ གཞན་ཡང་སྟེང་འོག་བར་མཚམས་ཐམས་ཅད་དུ༔ རིག་འཛིན་སློབ་དཔོན་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ མདངས་གསལ་མ་འགག་རོལ་པའི་གནས་གསུམ་དུ༔ འབྲུ་གསུམ་རྒྱས་བཏབ་མི་ཕྱེད་རྡོ་རྗེའི་དངོས༔ བདེ་ཆེན་དབང་ཐོབ་རིགས་ལྔའི་ཅོད་པན་འཆང༔ སྐུ་དང་ཡེ་ཤེས་དབྱེར་མེད་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཧྲཱི༔ རང་བྱུང་སྐུ་གསུམ་ཞིང་ཁམས་རྒྱ་མཚོ་དང༔ འོག་མིན་པདྨ་འོད་ཀྱི་ཕོ་བྲང་ནས༔ བདེ་གཤེགས་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྐུ་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བ་དོན་གྱི་དབང་བཞི་སྐུར༔ བདེ་ཆེན་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ ལས་ཀྱི་ཕྱག་རྒྱས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་ཕྱག་རྒྱའི་རྟེན་དང་དབྱེར་མེད་ཐིམ༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེའི་འོད་ཟེར་གྱིས༔ ཕྱག་རྒྱ་ཆེན་པོའི་ངང་དུ་བརྟན་པར་བཞུགས༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ གཉིས་པ་མཆོད་པའི་ལས་རིམ་ནི༔ ན་མོ༔ སྐྱེ་འགག་འགྱུར་མེད་རིག་འཛིན་འདུས་པའི་ཚོགས༔ རང་བྱུང་ཐུགས་རྗེའི་སྐུར་བཞེངས་ཡི་དམ་ལྷ༔ ཡིད་བཞིན་ཕྲིན་ལས་མཆོག་སྩོལ་དྷཱ་ཀི་ནཱི༔ རྩ་གསུམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཀུན་བཟང་མཆོད་སྤྲིན་ཉེར་སྤྱོད་འདོད་ཡོན་གཏེར༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་བདེ་བ་ཆེས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྟག་ཏུ་མཆོད༔ དབང་སྐུར་བྱིན་རློབས་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པཱུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ག་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ བརྒྱུད་གསུམ་བླ་མ་བྱིན་རླབས་འབྱུང་བའི་གནས༔ ཡི་དམ་ལྷ་ཚོགས་དངོས་གྲུབ་གཏེར་གྱི་མཛོད༔ གང་འདུལ་ལས་མཛད་དཔའ་བོ་མཁའ་འགྲོའི་ཚོགས༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ གསུམ་པ་བསྙེན་ཅིང་སྒྲུབ་པ་ནི༔ ཧཱུྃ་ཧྲཱི༔ རིག་འཛིན་རྩལ་འཆང་བླ་མ་རྩ་གསུམ་ལྷ༔ དགྱེས་པའི་སྐུར་བཞེངས་སྔགས་ཀྱི་ཛཔ྄་དབྱངས་སྒྲོག༔ ཡེ་ཤེས་ཆེན་པོའི་ཐུགས་རྗེའི་གཟི་བྱིན་སྐྱེད༔ དགོངས་པས་བྱིན་རློབས་དབང་དང་དངོས་གྲུབ་སྩོལ༔ ཞེས་བསྐུལ་བསྙེན་པའི་ཏིང་འཛིན་གསལ༔ དགོངས་བརྒྱུད་བླ་མའི་ཐུགས་ཀར་རྡོ་རྗེའི་སྦུབས༔ ཧཱུྃ་མཐར་སྔགས་ཕྲེང་འཁོར་བའི་འོད་ཟེར་སྤྲིན༔ བདག་ལ་ཐིམ་པས་རྟོག་སྒྲིབ་བག་ཆགས་དག༔ ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་སྨིན༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡེ་ཤེས་སྨིན་ཕྱིར་བཞི་འབུམ་བཟླ༔ ཉེ་བར་བསྙེན་ཅིང་སྒྲུབ་པའི་ཕྱིར༔ དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་གི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་ཟེར་གྱིས་རྒྱལ་བ་མཆོད༔ རྩ་གསུམ་བྱིན་རླབས་དངོས་གྲུབ་བདག་ལ་ཐིམ༔ སྡིག་སྒྲིབ་ཀུན་ཞི་རིག་རྩལ་ཉམས་རྟོགས་རྒྱས༔ སྣང་བ་དབང་འདུས་གཟུང་འཛིན་དགྲ་བགེགས་བཅོམ༔ མཚོ་སྐྱེས་རྡོ་རྗེ་འཆང་དང་དབྱེར་མེད་པའི༔ དགོངས་པ་མི་གཡོ་འོད་གསལ་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་ཉེ་བར་བསྙེན༔ སླར་ཡང་སྔགས་ཀྱི་འོད་ཟེར་ཀུན་ཏུ་ཁྱབ༔ རིག་འཛིན་རྩལ་འཆང་རྒྱུད་བསྐུལ་ནུས་པའི་བྱིན༔ ཚུར་འདུས་བདག་ཐིམ་དབང་བཞིའི་ཆུ་བོས་སྨིན༔ ཡེ་ཤེས་ཀློང་དགུའི་དགོངས་པའི་རྩལ་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སྤྱི་དྲིལ་འབུམ་ཕྲག་བཞི་རུ་བཟླས༔ སྒྲུབ་པ་ཆེན་པོས་ལས་ལ་སྦྱར༔ ཁྱབ་བདག་མཚོ་སྐྱེས་ཀུན་ཏུ་འཆང་བ་ཡི༔ གསང་མཚན་སྔགས་ཀྱི་འོད་ཟེར་གཟི་བརྗིད་ཀྱིས༔ དུས་གསུམ་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐུལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པས་མཉེས༔ རྒྱུད་གསུམ་དྲེགས་པའི་དཔུང་ཚོགས་ཟིལ་གྱིས་མནན༔ དཔག་ཡས་བདེ་སྟོང་རོལ་པའི་སྣང་བ་ཡིས༔ ཐ་མལ་སྣོད་བཅུད་ལྷ་ཡི་ཕྱག་རྒྱར་སད༔ བརྟན་གཡོའི་སྒྲ་སྐད་རྡོ་རྗེའི་སྔགས་སུ་སྒྲོག༔ དྲན་རྟོག་དབྱིངས་རིག་དབྱེར་མེད་ཐིག་ལེའི་ངང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ འབུམ་ཕྲག་བཞི་ཡིས་ཡེ་ཤེས་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་སྣང་བ་ཡིས༔ རིགས་བཞིའི་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཐའ་ཡས་པས༔ གང་འདུལ་འགྲོ་བ་སྒྲོལ་བའི་མཐུ་ཐོབ་གྱུར༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་ཤཱནྟིཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཕཊ༔ དུས་གནད་སྦྱར་ཏེ་ཅི་རིགས་བཟླ༔ ཐུན་མཐར་མཆོད་བསྟོད་བཟོད་པར་གསོལ༔ ཏིང་ངེ་འཛིན་གྱི་དབང་ཡང་བླང༔ ཨོཾ་ཨཱཿཧཱུྃ༔ རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ༔ བརྒྱུད་གསུམ་རིག་འཛིན་འདུས་པའི་ལྷ་ཚོགས་ཀྱིས༔ བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་སྦྱངས་ནས༔ དབང་སྐུར་བྱིན་རློབས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ བསྐུལ་ཞིང་བསྙེན་པས་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་དབང་གི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་དགྱེས་བཞིན་དུ༔ མཆོད་པའི་རྣམ་རོལ་མེ་ཏོག་ཆར་འབེབ་བཞིན༔ ཕྱི་ཡི་དབང་བསྐུར་སྒྲིབ་པའི་བག་ཆགས་བཀྲུས༔ ནང་གི་དབང་བསྐུར་ཡེ་ཤེས་རྒྱུད་ལ་སྨིན༔ སྒྲུབ་པའི་དབང་བསྐུར་ཆོས་ཀྱི་མཛོད་ཆེན་བརྡོལ༔ ཟབ་མོའི་དབང་བསྐུར་ལྷན་སྐྱེས་མངོན་དུ་གྱུར༔ ལྷ་དང་བདག་ཉིད་དབྱེར་མེད་འོད་གསལ་ངང༔ རིག་འཛིན་རྩལ་འཆང་དངོས་གྲུབ་མཆོག་ཐོབ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཏྨ་ཀོ྅་ཧཾཿ ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་རིག་རྩ་བ་གསུམ་དུ་གནས༔ ཡེ་ཤེས་དབང་བསྐུར་གདོད་ནས་རྫོགས༔ མ་བཅོས་གཉུག་མའི་ངང་དུ་བཞག༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་མཆོད་བྱ་ཞིང་དངོས་གྲུབ་གསོལ༔ ཐུན་མཚམས་བྱ་བར་འཇུག་པ་སྟེ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ དམ་ཚིག་རྫས་བཤམས་བདུད་རྩིས་བསང༔ རཾ་ཡཾ་ཁཾ༔ ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་མེ་རླུང་ཆུས༔ དམ་ཚིག་རྫས་ཀྱི་མཚན་འཛིན་བསྲེགས་གཏོར་བཀྲུས༔ ཆོས་དབྱིངས་བྷནྡྷར་སྣང་སྲིད་བདུད་རྩིའི་བཅུད༔ འདོད་ཡོན་སྤྲིན་ཕུང་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ཧཱུྃ་ཧྲཱི༔ འོག་མིན་ཞིང་དང་ཉི་ཤུ་རྩ་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་རབ་འབྱམས་ཞིང་རྣམས་ནས༔ བླ་མ་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཧཱུྃ་ཧྲཱི༔ བླ་མེད་མཆོག་གི་དམ་ཚིག་ཆེན་པོའི་རྫས༔ ཡེ་ཤེས་ལྔ་ལྡན་འདོད་ཡོན་རྒྱ་མཚོའི་སྤྲིན༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ བཞེས་ནས་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ རྨད་བྱུང་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྨན་གཏོར་རཀྟ་ཚོགས་མཆོད་འཇིག་རྟེན་གང༔ རྡོ་རྗེའི་རིག་མས་བདེ་སྟོང་གླུ་གར་སྒྱུར༔ སྣང་སྲིད་གཞིར་བཞེངས་ཡེ་ཤེས་ཆེན་པོ་འདིས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ཁྱབ་བདག་པདྨ་ཐོད་ཕྲེང་ཐུགས་དམ་བསྐང༔ སྤྲུལ་པའི་རྗེ་འབངས་ལོ་པཎ་ཐུགས་དམ་བསྐང༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཟོད་པར་བཞེས༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཅི་ནུས་བརྗོད༔ ཧཱུྃ་ཧཱུྃ༔ གདུག་པའི་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཀུན༔ ཞལ་ཟས་ཚོགས་ཀྱི་འདུ་བར་བཀུག་ཅིང་བསྟིམ༔ ཡེ་ཤེས་ཆེན་པོའི་མཚོན་གྱིས་དབྱིངས་སུ་སྒྲོལ༔ རྩ་གསུམ་བདེ་ཆེན་དགྱེས་པའི་ཞལ་དུ་སྦྱོར༔ སརྦ་ཤ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཕཊ༔ ཏ་ན་ག་ཎ་པཱུ་ཛ་ཧོ༔ ནང་ལྟར་ལུས་ཀྱི་དཀྱིལ་འཁོར་མཆོད༔ ཧོ༔ ཕུང་ཁམས་སྐྱེ་མཆེད་ཞི་ཁྲོ་རབ་འབྱམས་ལྷ༔ རྩ་ཁམས་བརྒྱུད་གསུམ་རིག་འཛིན་དྷཱ་ཀིའི་ཚོགས༔ དགྱེས་མཆོད་རྡོ་རྗེ་བདེ་བའི་ཚོགས་ལ་རོལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག༔ མ་ཧཱ་པཱུ་ཛ་ཨ་ལ་ལ་ཧོ༔ ཨོཾ་ཧཱུྃ༔ ལྷ་སྔགས་ཡེ་ཤེས་མི་ཕྱེད་པ༔ རྣམ་པ་ཀུན་གྱི་མཆོག་ལྡན་པས༔ ཁ་སྦྱོར་བདེ་བའི་སྒྲ་དབྱངས་ལེན༔ བདེ་མཆོག་སྒྱུ་མའི་གར་གྱིས་རོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ༔ ཏེ་ན་ཏེ་ཏེ་ཧཱུྃ༔ མ་ཧཱ་སུ་ཁ་གཱིརྟི་ཧོ༔ འ་ཨ་ས་ཤ་མ་ཧ་ཨ་ནུ་རཱ་ག་ཛཿཧཱུྃ་བཾ་ཧོ༔ ཨ་ཏི་བི་ཤུདྡྷ་ཨ་ཧཾ༔ གསང་བ་སྙོམས་འཇུག་བདེ་ཆེན་བསྐྱེད༔ ཧོ༔ སྣང་སྟོང་ལྷ་སྔགས་བདེ་བའི་སྒྱུ་རྩལ་གྱིས༔ ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་བརྟན་པའི་ཕྱིར༔ རྗེས་ཆགས་དགའ་བཞིའི་བདུད་རྩིའི་ཆུ་རྒྱུན་འབེབ༔ འཕོ་མེད་བདེ་ཆེན་ཡེ་ཤེས་གཟི་བརྗིད་འབར༔ ཨོཾ་པདྨ་བཛྲ་མནྡཱ་ར་ཧཱུྃ་ཨཱཿ ཨ་ནུ་རཱ་ག་ཛཿཧཱུྃ་བཾ་ཧོ༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་ཧཾ༔ རིག་སྟོང་གཉུག་མའི་དགོངས་པ་བསྐྱང༔ ཐ་མ་ལྷག་མའི་དམ་ཚིག་སྦྱིན༔ ཨོཾ་ཨཱཿཧཱུྃ་ཧོ༔ ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་ལྷག་སྡུད་ཚོགས༔ འདིར་གཤེགས་འདོད་ཡོན་རྒྱན་གྱི་ལྷག་གཏོར་བཞེས༔ བར་ཆད་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས༔ བཅོལ་པའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད༔ ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཧོ༔ ཕྱི་ནང་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་ཚིག་ཆེན་པོའི་ལོངས་སྤྱོད་ཕུལ་བ་ཡིས༔ བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན༔ ཡེ་ཤེས་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ བརྒྱུད་གསུམ་སྲུང་མའི་ཚོགས་རྣམས་ལ༔ གཏོར་མ་འབུལ་ཞིང་ཕྲིན་ལས་གསོལ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཧཱུྃ༔ རྡོ་རྗེ་སྲིན་པོ་མ་ནིང་སྟོབས་པོ་ཆེ༔ རྒྱུད་གསུམ་དྲེགས་ཚོགས་རྒྱ་མཚོའི་འཁོར་བཅས་ཀུན༔ ཧེ་རུ་ཀ་ཡི་དམ་ཚིག་འདུ་བར་གཤེགས༔ མཆོད་བཞེས་དམ་སྐོངས་བཅོལ་པའི་ཕྲིན་ལས་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་ཧོ༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱི༔ བཞེངས་ཤིག་རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ འོད་གསལ་དབྱིངས་ལས་ཡེ་ཤེས་སྐུར་བཞེངས་ལ༔ བྱིན་རློབས་དབང་སྐུར་དངོས་གྲུབ་བསྩལ་དུ་གསོལ༔ རྣམ་བཞིའི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ་བྷྱོ༔ སྔོན་ཚེ་དགོངས་བརྒྱུད་བདེར་གཤེགས་ཞི་ཁྲོ་དང༔ བར་དུ་བརྡ་བརྒྱུད་རིག་འཛིན་ཚོམ་བུར་བཅས༔ ཐ་མ་སྙན་བརྒྱུད་གྲུབ་པའི་ཚོགས་རྣམས་ཀྱིས༔ བཀའ་བསྒོས་དམ་བཞག་རྒྱུད་གསུམ་དྲེགས་པ་རྣམས༔ ཡེ་ཤེས་རོལ་པ་རྒྱན་གྱི་མཆོད་གཏོར་བཞེས༔ གདུག་ཅན་བསྒྲལ་པའི་ཤ་ཁྲག་ཚོགས་སུ་རོལ༔ ཛ་གད་སྐྱེམས་ཕུད་བཏུང་བས་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཕྱི་ནང་བདུད་བཞིའི་བར་ཆད་དབྱིངས་སུ་ཟློག༔ འཁོར་སྲུང་རྒྱུད་སྤེལ་སྡང་བའི་དགྲ་བགེགས་ཐུལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ༔ བཅོལ་པའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད༔ སརྦ་དྷཱརྨ་པཱ་ལ་ས་མ་ཡ་ཀརྨ་ཀུ་རུ་ཧོ༔ བཤལ་ཆུའི་བདུད་རྩིའི་བརྟན་མ་མཆོད༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་བའི་གཡར་དམ་ཅན༔ བདུད་དང་གནོད་སྦྱིན་སྨན་མོ་བརྟན་མའི་ཚོགས༔ དམ་རྫས་གཏོར་མའི་བཤལ་ཆུ་འདི་བཞེས་ལ༔ གངས་ཅན་མཐའ་དབུས་བདེ་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ ལས་འཇུག་རྡོ་རྗེའི་བྲོ་ཡིས་བསྡུ༔ ཧཱུྃ༔ རྩ་གསུམ་དབང་དྲག་རོལ་པའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲིའི་དཔུང་ཚོགས་སྡེ་དང་བཅས༔ རྡོ་རྗེ་ལྷུན་པོ་རི་རབ་འོག་ཏུ་མནན༔ ཡེ་ཤེས་རོལ་པའི་བྲོ་ཡིས་རྒྱས་གདབ་བོ༔ སརྦ་ཤ་ཏྲཱུན་བིགྷྣཱན་སཏྭཾ་བྷ་ཡ་ཧཱུྃ་ཧཱུྃ༔ གཉིས་པ་དངོས་གྲུབ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རྩ་གསུམ་ལྷ་ཚོགས་དངོས་གྲུབ་གཏེར་གྱི་མཛོད༔ བསྙེན་ཅིང་བསྒྲུབས་པས་ཐུགས་དམ་རྒྱུད་བསྐུལ་ན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་ཆེན་པོ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཏང་རག་འབུལ་ཞིང་ནོངས་པ་བཤགས༔ གསུམ་པ་ཐུན་མཚམས་བྱ་བའི་ཕྱིར༔ རྟག་ཆད་མཐའ་བསལ་བསྔོ་སྨོན་དང༔ ཤིས་པ་བརྗོད་པས་མཐར་དབྱུང་ངོ༔ ཨ༔ རིག་རྩལ་རོལ་པ་བླ་མའི་དཀྱིལ་འཁོར་ལྷ༔ གདོད་ནས་རྣམ་དག་འོད་གསལ་དབྱིངས་སུ་ཐིམ༔ སླར་ཡང་འཆི་མེད་པདྨ་ཐོད་ཕྲེང་རྩལ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་བཞེངས༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱཏྨ་ཀོ྅་ཧཾ༔ ཧོ༔ དགེ་བ་འདིས་མཚོན་དུས་གསུམ་བསོད་ནམས་ཚོགས༔ ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་སུ་བསྔོ༔ བདག་གཞན་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ༔ རིག་འཛིན་རྩལ་འཆང་བླ་མའི་བྱིན་རླབས་དང༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བདེན་པའི་མཐུས༔ བར་ཆད་ཀུན་ཞི་བསམ་དོན་ལྷུན་གྱིས་གྲུབ༔ སྐུ་བཞིའི་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་དགའ་བའི་ཉམས་བསྐྱང་ཞིང༔ ལྷ་སྔགས་ཡེ་ཤེས་རོལ་པའི་ངང༔ བསོད་ནམས་ཚོགས་ཆེན་གོང་དུ་སྤེལ༔ བྱིན་རླབས་མོས་གུས་ལམ་དུ་ཁྱེར༔ ས་མ་ཡ༔ རིག་འཛིན་མཆོག་གི་སྒྲུབ་པ་ཡི༔ རྣལ་འབྱོར་རྒྱུན་གྱི་ཕྲིན་ལས་ཚུལ༔ ཁ་ཚང་དོན་འདྲིལ་བྱིན་རླབས་མྱུར༔ སྐལ་ལྡན་ཡོངས་ཀྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།
ལས་གཞུང་གཞན་དང་མི་སྦྲེལ་སྐབས་ཚོགས་མཆོད་ (Volume 53, Text 48)
ལས་གཞུང་གཞན་དང་མི་སྦྲེལ་སྐབས་ཚོགས་མཆོད་ནི། ཐབས་ཤེས་ཀྱི་རྫས་རྣམས་བདུད་རྩིས་བསང་གཏོར་བྱས་ནས། ཧཱུྃ༔ བདག་ཉིད་འཇམ་དཔལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ སླར་ཡང་སྙིང་པོ་འབྲུ་གསུམ་འཕྲོས༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཟག་མེད་འདོད་ཡོན་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཆོག༔ དྲག་པོ་ཨེ་ཡི་གཞལ་ཡས་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་ནི། བཟའ་དང་བཅའ་དང་བཏུང་བའི་ཚོགས༔ མ་ཚང་མེད་པའི་འདོད་ཡོན་རྫས༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདི༔ འཇམ་དཔལ་གཤིན་རྗེའི་ཚོགས་ལ་འབུལ༔ བཞེས་ནས་ཀུན་ཏུ་དགྱེས་པར་མཛོད༔ ཨོཾ་ཀྲོ་དྷ་རཱ་ཛ་ཡ་མཱནྟ་ཀ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་མཆོད་རྫས་སྣ་ཚོགས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་མི་དགེ་འཁྲུལ་པའི་བློས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཀྱི་ཐུགས་དང་ཅི་འགལ་བ༔ མཐོལ་ཞིང་བཤགས་སོ་ཚངས་པར་གསོལ༔ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བ་ནི། ལིངྒ་བཅས་ལ། ཨེ། མཐིང་ནག་འབར་བའི་ལྕགས་ཁང་དུ། །ནྲྀ་ཏྲི་དགྲ་བགེགས་གཟུགས་རྟེན་ལ། །བླ་སྲོག་ཨཱ་ཀརྵཱ་ཡ་ཛཿཁུག་ཆིངས་སྡོམས་ལ་མྱོས་སུ་ཆུགས། །ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་ལ༔ གློ་བུར་བདག་ལྟའི་ཞིང་བཅུའི་དགྲ༔ ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྒྲལ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད༔ སྟོབ་པ་ནི། ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་བསྟབ༔ ཁམས་གསུམ་ཡོངས་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་པཱུ་ཛ་ཧོ༔ ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ཐབས་ཤེས་ཀྱི་རྫས་གཉིས་བསྣོལ་མར་སྟོབ་ཅིང་། ཧོཿ ལྷ་དང་བྲམ་ཟེ་གཙང་མ་ཟ། ཁྱི་ཕག་ལ་སོགས་མི་གཙང་ཟ། །དེ་དག་གྲོལ་བར་མི་འགྱུར་ཏེ། །གཉིས་འཛིན་སྤངས་ན་གྲོལ་གྱིས་རོལ། །ཅེས་དྲང་། སློབ་དཔོན་གྱིས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྡོ་རྗེ་ཐེག་པའི་གསང་བའི་རྫས། །ཐབས་ཀྱིས་སྤྱད་ན་གྲོལ་བའི་རྒྱུ། །དེ་ཕྱིར་བདག་ནི་འདོད་ཡོན་སྤྱོད། །ཨ་ལ་ལ་ཧོཿ འདུས་པ་གཞན་རྣམས་ལའང་དྲང་ཞིང་འདོད་པ་ལྔ་ལྡན་དུ་རོལ། ལྷག་མ་བསྡུས་ལ་ཁ་ཕྲུ་གདབ་ཅིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་འདོད་ཡོན་ལྔ་ལྡན་དུ་བྱས་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡི༔ བཀའ་ཉན་ལྷག་མར་དབང་བའི་འཁོར༔ མཁའ་འགྲོ་དབང་ཕྱུག་གིང་ལངྐ༔ འབར་མ་མ་སྲིང་ཤ་ཟ་དང༔ ལྷ་སྲིན་སྡེ་བརྒྱད་དྲེགས་པར་བཅས༔ ཀུན་ཀྱང་མི་བསྲུན་གདུག་པ་ཅན༔ ཤ་ལ་དགའ་ཞིང་ཁྲག་ལ་མོས༔ སྟོང་གསུམ་བསྐོར་ཞིང་དུར་ཁྲོད་ཉུལ༔ དམ་ཚིག་ཅན་གྱི་ལས་མཁན་མཛད༔ དམ་ཚིག་ཉམས་པའི་གཤེད་མ་བྱེད༔ འདིར་བྱོན་འདོད་ཡོན་ལྷག་གཏོར་བཞེས༔ དགྲ་བགེགས་ཞིང་བཅུ་ཆམ་ལ་ཕོབ༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་དོར། ཐུགས་དམ་བསྐུལ་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་དྲག་པོའི་སྐུར༔ གདུག་པ་འདུལ་ཕྱིར་ཁྲོས་པའི་ལྷ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ ཆད་ཐོ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས། །ཟླ་གསང་རྒྱུད་སྡེ་གསུངས་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་འཇམ་དཔལ་བཤེས་གཉེན་གྱིས། །རྒྱུད་དོན་མན་ངག་ལ་བསྡེབས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་ཤཱནྟིཾ་གརྦྷ་ཡིས། །མུ་སྟེགས་ངན་པ་ཚར་བཅད་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་པད་འབྱུང་བཻ་རོ་ཡིས། །འཇམ་དཔལ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་སྐལ་ལྡན་ཆོས་བདག་གིས། །ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ད་ལྟ་སྔགས་འཆང་བདག་ཅག་གིས། །འཇམ་དཔལ་བསྙེན་ཅིང་སྒྲུབ་པའི་ཚེ། །བསྟན་པ་བསྲུང་བར་དམ་བཅས་པའི༔ བཀའ་ཡི་སྲུང་མ་འཁོར་དང་བཅས༔ འདིར་བྱོན་དམ་རྫས་གཏོར་མ་ལོངས༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ བརྟན་མ་བསྐྱང་བ་ནི། གཏོར་མའི་བཤལ་ཆུ་བདུད་རྩིར་སྤར་ཏེ། ཧཱུྃ༔ བོད་ཡུལ་སྐྱོང་བར་མཛད་པ་མོ༔ བདུད་མོ་གནོད་སྦྱིན་སྨན་མོ་བཞི༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ སྔོན་ཚེ་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ གངས་ཅན་ལྗོངས་འདིར་དུས་འཁྲུགས་དང༔ མི་མཐུན་ནད་མུག་ཀུན་ཞི་ནས༔ རྫོགས་ལྡན་དཔལ་ལ་སྤྱོད་པ་དང༔ ཐེག་མཆོག་བསྟན་པ་རྒྱས་པར་མཛོད༔ པཉྩ་ཨ་མྲྀཏ་བ་ལིཾ་ཏ་ཁཱ་ཧི༔ རྟ་བྲོ་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དམིགས་བྱ་མནན་པར་བསམ་ལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་གཞལ་ཡས་ན༔ སྐྱེ་འགྲོ་རྩི་ཤིང་ནགས་ཚལ་ཀུན༔ ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ སྤྲུལ་པའི་ཁྲོ་བོས་སྣང་སྲིད་གང༔ ཐབས་མཆོག་རྐང་གཡས་བྲོ་བརྡུངས་པས༔ ཕོ་སྲི་ཐམས་ཅད་གཡས་སུ་གནན༔ ཤེས་རབ་གཡོན་གྱིས་བྲོ་བརྡུངས་པས༔ མོ་སྲི་ཐམས་ཅད་གཡོན་དུ་གནན༔ གཉིས་སུ་མེད་པར་བྲོ་བརྡུངས་པས༔ ཆུང་སྲི་དམ་སྲི་དབྱིངས་སུ་གནན༔ དྲག་པོའི་གར་གྱིས་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློག༔ ཕྲིན་ལས་རྣམ་བཞིའི་བྲོ་བརྡུངས་པས༔ ལས་བཞི་མྱུར་དུ་འགྲུབ་པར་ཤོག༔ སརྦ་ཤ་ཏྲཱུཾ་ཨ་མུ་ཀ་མཱ་ར་ཡ་རྦད་ནན༔ ཤཱནྟིཾ༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ་རྦད༔ དངོས་གྲུབ་བླང་བ་ནི། ཧོཿ འཇམ་དཔལ་དཔའ་བོ་ཧེ་རུ་ཀ །འཁོར་བཅས་བདག་ལ་དགོངས་སུ་གསོལ། །སྔོན་གྱི་ཞལ་བཞེས་དམ་བཅས་པའི། །ཕྲིན་ལས་མཛད་པའི་དུས་ལ་བབ། །ཐུན་མོང་ཚེ་དཔལ་ནུས་སྟོབས་སོགས། །སྲིད་ཞིའི་ཕུན་ཚོགས་ཕྲིན་ལས་བཞི། །གང་བསམ་འབད་མེད་གྲུབ་པར་མཛོད། །དོན་དམ་མི་དམིགས་བདེ་བ་ཆེ། །སྐུ་གསུམ་བདག་ཉིད་གདོད་མའི་མགོན། །ཚེ་འདི་ཉིད་ལ་མངོན་གྱུར་ནས། །གཞན་དོན་རིས་མེད་འགྲུབ་པར་གསོལ། །ཨོཾ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ སླར་མཆོད་པ་ནི། ཕྱི་ནང་ཉེར་སྤྱོད་སྨན་གཏོར་རཀྟར་བཅས་པས་མཆོད་ཅིང་བསྟོད་དེ། བཤགས་པ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་ཅི་ནུས་བཟླའོ། །དཀྱིལ་འཁོར་བསྡུ་བ་ནི། རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་ཡེ་ཤེས་པ་རྣམས། ཧཱུྃ༔ རང་རིག་ཡེ་ནས་འཇམ་དཔལ་ལྷར༔ གཤེགས་བྱ་གཤེགས་བྱེད་དངོས་པོས་སྟོང༔ འོན་ཀྱང་སྣང་ཚུལ་ཡེ་ཤེས་པ༔ སྐྱེ་མེད་ཀློང་དུ་བཛྲ་མུ༔ ཉེར་བསྡུ་ནི། ཧཱུྃ་ཧཱུྃ་ཧཱུྃ། བདག་གི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས། །སྣོད་བཅུད་འོད་ཞུ་གཞལ་ཡས་ལྷར་ཐིམ་ཞིང་། །འཁོར་རྣམས་གཙོ་བོ་དེ་ཡང་དྭངས་མའི་སྲོག །ཧཱུྃ་ཡིག་ལ་ཐིམ་གྱེན་རྫོགས་ནཱ་དའི་བར། །མི་དམིགས་ངང་གྱུར་ སླར་ཡང་སྐད་ཅིག་གིས། །སྣང་སྟོང་སྒྱུ་མ་ཁྲོ་རྒྱལ་སྐུ་རུ་གྱུར། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊཿ སྨོན་ལམ་ནི། དགེ་བ་འདི་ཡིས་བདུད་བཞིའི་དཔུང་བཅོམ་སྟེ། །ཀུན་བཟང་འཇམ་དཔལ་དཔའ་བོའི་ས་བརྙེས་ནས། །རང་དོན་མཐར་ཕྱིན་མཁའ་མཉམ་སེམས་ཅན་རྣམས། །ཕན་དང་བདེ་བའི་དཔལ་ལ་འགོད་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཀྲ་ཤིས་བརྗོད་པ་ནི། མཆོག་གསུམ་ངོ་བོ་རྩ་བརྒྱུད་བླ་མ་དང་། །འཇམ་དཔལ་ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ། །མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡི། །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག །ཅེས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ།། །།འདི་ནི་ཚུལ་འདི་ལྷ་གཞུང་གཞན་དང་མི་སྦྲེལ་ཚེ་ཚོགས་མཆོད་སོགས་རྗེས་རིམ་སྨིན་ལུགས་གཤིན་རྗེ་དྲེགས་འཇོམས་ལས་བླང་ཡང་ཆོག་པར་གསུངས་ཤིང་། སྔོན་ཆིངས་ཟུར་བྱང་ཡང་དེ་ལས་བླངས་མཛད་པ་ལྟར་ལག་ལེན་འཇུག་པ་བདེ་ཁྱད་དེ་ལས་ཟུར་བཏོན་བྱས་པའོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ནི་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཐོབ་པས་ཆོག་པའོ།།
ཚེ་བསོད་འཕེལ་བྱེད་ལྷ་བུ་ཚེ་འཛིན་གྱི་འཁོར་ལོ་བྲི་ཡིག་ (Volume 48, Text 48)
ཚེ་བསོད་འཕེལ་བྱེད་ལྷ་བུ་ཚེ་འཛིན་གྱི་འཁོར་ལོ་བྲི་ཡིག་བཞུགས་སོ། །ཨོཾ་སྭསྟི། མཚན་ཙམ་ཡིད་ལ་དྲན་པའི་མོད། །འཁོར་བའི་སྡུག་བསྔལ་ཀུན་འཕྲོག་པའི། །བླ་མ་བཅོམ་ལྡན་ཚེ་དཔག་མེད། །སྤྱི་བོར་རྟག་བཞུགས་བྱིན་གྱིས་རློབས། །ལྷ་བུ་ཚེ་འཛིན་འཁོར་ལོ་ཞེས། །གྲགས་པའི་དབྱར་རྔ་ཆེས་གསལ་ཀྱང་། །ཕྱག་ལེན་ཉིན་སྐར་ཉིད་ཇི་བཞིན། །དེ་ཕྱིར་དེང་འདིར་འབད་པ་ཡིན། །དེ་ལ་ལྷ་བུ་ཚེ་འཛིན་གྱི་འཁོར་ལོ་ནི། ཤོག་བུའམ་རས་གཞི་མཐོ་གང་ཙམ་ཇི་ལྟར་རིགས་པ་ཟླུམ་པོར་བསྐོར་བའི་དབུས་ནས། ཕྱེད་མ་བསྐོར་བས་འཁོར་ལོའི་ལྟེ་བ་དང་། དེ་ནས་ནས་འབྲས་ཙམ་གྱིས་བསྐོར་བའི་རྩིབས་རྟེན་དང་། དེ་ནས་མཐའི་ཟླུམ་སྐོར་བར་ཕྱེད་མར་བསྐོར་བ་ལ་འཁོར་ལོ་རྩིབས་བཅུ་དྲུག་པ། དེ་ནས་མཐའ་ཡི་ཟླུམ་སྐོར་ཆ་གསུམ་དུ་བསྐོར་བའི་ནང་མ་ཡེ་དྷརྨཱ། དེའི་ཕྱི་མ་ལ་ཆུ་རིས། དེའི་ཕྱི་མ་ལ་རྡོར་ར། དེའི་ཕྱི་མ་ལ་རིན་པོ་ཆེ་སྟེ་མུ་ཁྱུད་བཞི། དེའི་ཕྱི་རིམ་མེ་རི་བྲི། ཕྱིའི་ཟུར་བཞི་ལ་ཤིང་འབྲས་བུ་དང་བཅས་པ་བྲི། འཁོར་ལོའི་ལྟེ་བར་ཚེ་བུམ་མགུལ་ཆིངས་དང་བཅས་པ་བྲི། དེའི་ཁ་ཁྱེར་མགུལ་པ་མགུལ་ཆིངས་གསུམ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ བུམ་པའི་ལྟོ་བ་དང་འཁོར་ལོའི་རྩིབས་བཅུ་དྲུག་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་གཟུངས་རིང་། བུམ་པའི་སྔགས་ཀྱི་མཇུག་ཏུ་འཆང་བ་པོ་ཚེ་ཡོངས་སུ་འཕེལ་བར་གྱུར་ཅིག །ཚེ་དང་བསམ་པ་མཐར་ཕྱིན་པར་གྱུར་ཅིག །ཚེ་ལ་བར་ཆད་མེད་པའི་ལུས་དེ་ཡང་ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་གྱུར་ཅིག །ཡེ་དྷརྨཱའི་མཇུག་ཏུ། འཆང་བ་བོ་ལ་ཚེ་ཡི་འཁོར་ལོ་རབ་ཏུ་གནས་པའི་དབང་ཐོབ་པར་གྱུར་ཅིག །དགེ་ལེགས་འཕེལ་བར་གྱུར་ཅིག །ཅེས་དྲི་བཟང་གིས་བྱུགས། འཁོར་ལོ་དེ་གཞི་བཟང་པོའི་སྟེང་ཞལ་སློབ་དཔོན་ལ་བསྟན་ནས་བཞག །མཐའ་མཆོད་པས་བསྐོར། སྦྱང་ཁྲུས་སོགས་རབ་གནས་བྱ། བཀྲ་ཤིས་རྒྱས་པར་བརྗོད། ལུས་ལ་འདོགས་ན་དཀྲིས་ཀྱིས་བཅིང་། སླར་ཡང་ཡེ་དྷརྨཱ་སོགས་ཀྱིས་རབ་གནས་བྱས་ནས་གདགས་དགོས་སོ། །དེ་ལྟར་འཆི་བའི་འཇིགས་འཇོམས་བྱེད། །རབ་ཟབ་འཁོར་ལོའི་མན་ངག་ནི། །གོང་མའི་གསུང་དང་མི་འགལ་བར། །བསོད་མཆོག་དང་བའི་ཡིད་ཀྱིས་སྤྲོས། །ཉེས་པ་བཟོད་མཛོད་དགེ་བ་དེས། །མ་གྱུར་ཡིད་ཅན་མ་ལུས་པ། །བདུད་བཞིའི་དགྲ་ལས་རྣམ་རྒྱལ་བའི། །འཆི་མེད་དབང་པོ་འགྲུབ་གྱུར་ཅིག །ཡི་གེ་པ་ཉེ་གནས་བསོད་ནམས་ལེགས་པའོ། །འདི་བཀའ་མ་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ནས་བླ་མ་བ་རི་ལོ་ཙཱ་བ་ལས་བརྒྱུད་པར་གྲགས་ཤིང་། གཏེར་ཁ་རྙིང་པ་འགའ་ཞིག་ལས་ཀྱང་འབྱུང་། སྔོན་དུས་སུ་བཞེངས་པའི་ཚེ་དཔག་མེད་ཀྱི་ཞལ་ཐང་རྣམས་ཀྱི་རྒྱབ་ཏུའང་འཁོར་ལོ་འདི་བྲིས་པ་མང་དུ་སྣང་བ་སོགས་ཚེ་བསོད་དང་བཀྲ་ཤིས་སྐྱེད་པའི་གདམས་པ་ཁྱད་པར་ཅན་ནོ། །སརྦ་དཱ་མངྒ་ལཾ་བྷ་བནྟུ།། །།
ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་ཕྱི་སྒྲུབ་ (Volume 38, Text 48)
༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་ཕྱི་སྒྲུབ་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈྈ གསང་བདག་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ དགྲ་བླ་རྡོ་རྗེ་ལེགས་པ་ཡི༔ སྲོག་འཁོར་ཕྱི་ཡི་སྒྲུབ་པ་བསྟན༔ དེ་ཡང་ཇི་ལྟར་སྒྲུབ་པ་ནི༔ བྲག་དམར་སྲིན་པོ་ཁྲོས་འདྲ་དང༔ རྡོ་མཁར་གནམ་ལ་སྙེག་འདྲ་སོགས༔ དམ་ཅན་བཞུགས་པའི་གནས་རྣམས་སམ༔ ཡང་ན་དབེན་གནས་གཙང་མའི་སར༔ མཚམས་བཅད་མཆོད་རྫས་གང་འོས་བཤམ༔ ཤུག་པ་སྨྱུག་མ་རྩེ་རྒྱལ་ལ༔ བལ་ཚོན་སྣ་ལྔས་བརྒྱན་པ་འམ༔ མདའ་ནི་འུག་པའི་སྒྲོ་ཅན་ལ༔ དར་དང་དམ་ཅན་ཙཀ་ལི་དང༔ བྱང་བུ་མིག་དགུ་བཏགས་པ་ནི༔ ནས་ཕུར་གང་ལ་བཙུགས་བྱས་ལ༔ མཐའ་མར་བུར་སྦྲང་འབྲས་ཡོས་དང༔ སྲན་མ་ཁུར་བ་ལ་སོགས་པའི༔ ཟས་སྣའི་རིགས་བྱེད་ཅི་འབྱོར་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ལ༔ རང་ཉིད་ཡི་དམ་གསལ་བ་ཡིས༔ དམ་ཅན་ལས་བྱང་གཞུང་བསྲང་ལ༔ བསྟོད་པའི་རྗེས་ལ་བསྙེན་པ་ནི༔ རྩ་བའི་སྲོག་སྔགས་འདི་ལ་འབད༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ བྷག་ཏྲམ་གཤེ་ནི་ཏྲི་མ་ནི༔ ས་མ་ཡ་སཱ་དྷུ་ཏྲི་ཛ་ཛ༔ ཞེས་པ་ཞག་བདུན་བཟླས་པས༔ རྨི་ལམ་དུ་མོན་པ་དང༔ སོག་པོ་དང༔ རྒྱ་གར་བ་དང༔ རྟ་པ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་ཡོང་ངོ༔ དེ་ལ་འཇིགས་སྣང་དགའ་སྤྲོ་མི་བྱ༔ བསྐྱེད་རིམ་ངར་བསྐྱེད༔ སྔགས་ཀྱི་ཟུར་མ་ཉམས་པ་གལ་ཆེའོ༔ འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་སྟེ༔ བསྐང་གསོ་དང་གསེར་སྐྱེམས་ལ་བརྩོན་པ་གཅེས་སོ༔ དེ་ནས་གནད་གཟིར་གྱི་སྔགས་འདི་རྟགས་དང་སྦྱར་ལ་བསྙེན་པ་བྱའོ༔ ཨོཾ་བཛྲ་སཱ་དྷུ་ཏྲི་དུ་དུ་ཏྲི་ཏྲག་ཏྲིའུ་ཏྲི་ལིང༔ ས་མ་ཡ༔ ཛ་ཛ༔ ཞེས་བཟླས་པས༔ རང་གི་ལུས་པོ་རྩེ་ཟིང་ངེ་བ་དང༔ རང་མིན་གཞན་ཞིག་ཡོད་པའི་སྣང་བ་འཆར༔ དེ་ཙ་ན་དམ་ཅན་རང་གི་རྩ་ན་ཡོད་པ་ཡིན༔ རྨི་ལམ་དུ་ཡང་སྐྱེས་པ་སྟག་ཆས་ཅན་དང༔ བྲོ་པ་དང་ཤོན་པ་དང༔ ཁྱེའུ་མང་པོ་རང་ལ་དགའ་བའི་ཚུལ་གྱིས་འདུ་བ་འབྱུང་ངོ༔ དེ་ལྟར་བྱུང་ན་ཕྱི་སྒྲུབ་རྒྱུན་བསྲིང་ངོ༔ ཡུན་ཐུང་ན་ནང་སྒྲུབ་ཀྱི་རྟགས་དང་མཚན་མ་བུལ་ཏེ༔ འདོད་དུངས་ཆེས་བས་འཕྲལ་དུ་རྟགས་འོང་དུ་རེ་བ་དང༔ སྙིང་རུས་ཆུང་བས་སྒྲུབ་པ་རྒྱུན་བསྲིང་མ་ནུས་ཏེ༔ རྟགས་མ་བྱུང་བ་ལ་འཕྲོ་བཅད་པས༔ སྒྲུབ་པ་གང་བྱེད་ཀྱང་འགྲུབ་མི་སྲིད་དེ༔ དེ་བས་གནས་དུས་དང་མཐུན་རྐྱེན་འཛོམ་ན༔ ཕྱི་ནང་གསང་བའི་སྒྲུབ་པ་རྣམས་གདན་གྱི་དྲོད་མ་ཡལ་བ་ལ་རྫོགས་པར་བྱའོ༔ མཐུན་རྐྱེན་མ་འཛོམ་ནའང༔ རེ་རེ་ལྟར་འགྲུབ་པའི་རྟགས་དང་བསྟུན་པ་གལ་ཆེ་སྟེ༔ འགྲུབ་པའི་རྟགས་རྫོགས་ནས་ལས་སྦྱོར་བརྩམ་པ་ཙམ་གྱིས་འགྲུབ་བོ༔ ལར་སྡེ་བརྒྱད་གང་སྒྲུབ་ཀྱང་འགྲུབ་པའི་རྟགས་མ་ཐོན་པར་ལས་ལ་མི་བསྐུལ་ཞིང་སྒྲུབ་པ་ལ་འབད་པས༔ ལས་སྦྱོར་མི་དགོས་པར་ལས་འགྲུབ་པ་ཡང་མང་ངོ༔ ཁྱད་པར་རྡོ་རྗེ་ལེགས་པ་འདིས༔ པདྨ་ང་ཡི་དམ་ལས་འདའ་མ་མྱོང་སྟེ་ང་ཡི་རྗེས་འཇུག་ཐམས་ཅད་ཀྱི་སྲུང་མ་བྱེད༔ སྙིང་ཉེ༔ དམ་གཙང༔ གསོལ་ཁ་ཡང༔ འགྲུབ་སླ༔ ལས་མྱུར༔ འཁུ་ལྡོག་ཆུང༔ ཟས་ནོར་སྡུད༔ འཁོར་དང་གྲགས་པ་བསྐྱེད༔ ཆོས་དང་རིགས་རྒྱུད་སྤེལ༔ མཐུ་དང་དྲག་རྩལ་འབྱུང༔ འདིའི་ཕ་བདུད་ཡིན་པས་སྟོབས་ཆེ༔ མ་མ་མོ་ཡིན་པས་ནོར་ཕྱུག༔ ཁོ་རང་བཙན་ཡིན་པས་དྲག་རྩལ་ཆེ༔ གྲོགས་བརྟན་མ་ཡིན་པས་སྙིང་ཉེ༔ འཁོར་སྡེ་བརྒྱད་ཡིན་པས་ལས་མྱུར་རོ༔ ྈྈྈྈྈ ྈྈྈྈ ྈྈ ྈྈྈ ྈྈྈྈ ྈྈྈ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས༔ བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་ནང་སྒྲུབ་བཞུགས༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈྈྈྈ དཔལ་ཆེན་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ༔ དམ་ཅན་གསང་བའི་སྒྲུབ་པ་ལས༔ ནང་སྒྲུབ་སྲོག་གི་འཁོར་ལོ་འདི༔ པདྨ་ང་ཡི་ཟབ་གནད་བཀོད༔ མཁར་ཆུ་ལྕགས་ཕུར་ཅན་དུ་སྦེད༔ མ་འོངས་བསྟན་པ་སྙིགས་མའི་དུས༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ྈྈྈྈྈ ྈྈྈ ྈྈྈྈྈ དམ་ཅན་སྒྲུབ་པའི་རྣལ་འབྱོར་པས༔ ཡི་དམ་གང་རུང་བསྙེན་པ་དང༔ ཕྱི་སྒྲུབ་སྔོན་དུ་སོང་བྱས་ལ༔ གསང་བ་ནང་གི་སྒྲུབ་པ་ནི༔ དར་དཀར་རམ་ནི་ཤོག་བུ་ལ༔ ཨ་མྲྀཏ་ཡི་ཆུས་བྱུག་ཅིང༔ མཚལ་དང་ར་ཁྲག་སྦྱར་བ་ཡིས༔ དམ་ཅན་སྐྱེས་བུའི་སྐུ་བྲིས་ལ༔ ལྟོ་བའི་ནང་དུ་ཙཀྲ་ནི༔ རྩིབས་བརྒྱད་མུ་ཁྱུད་གསུམ་དུ་བསྐོར༔ དབུས་ཀྱི་ལྟེ་བ་དག་ལ་ནི༔ དཀྱིལ་དུ་ཏྲི་དང་མཚམས་བཞི་རུ༔ ཏྲིའུ༔ ཏྲི་དུ༔ ཡ་ཏྲི༔ དུ་ཏྲི་བྲི༔ མུ་ཁྱུད་ལ་ནི་རྩ་སྔགས་བྲི༔ རྩིབས་བརྒྱད་མགོ་ནས་རིམ་པ་བཞིན༔ བྲི་བའི་ཡི་གེ་བསྟན་པ་ནི༔ བཛྲ་སཱ་དྷུ་ཏྲི་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཏྲིའུ་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཏྲི་དུ་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཡ་ཏྲི་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་དུ་ཏྲི་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཏྲི་ལིང་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་ཙ་པ་ཛ་ས་མ་ཡ་ཛ༔ བཛྲ་སཱ་དྷུ་བྷ་ག་ཛ་ས་མ་ཡ་ཛ༔ ཞེས་པ་བྲི༔ རྩིབས་མཆན་བརྒྱད་ལ་བྲི་བ་ནི༔ བཛྲ་སཱ་དྷུ་ཏྲིའུ་ཏྲི་དུ་ཏྲི་ནི་སྒུལ་སྒུལ་སྡུས་སྡུས༔ ས་མ་ཡ་ཛ༔ ཞེས་པ་བྲི༔ མུ་ཁྱུད་ནང་མ་ལ༔ བཛྲ་སཱ་དྷུ་རྡོ་རྗེ་འབར་བ༔ མགར་བ་ནག་པོ་དམུ་བཙན་རོལ་པོ༔ རྣལ་འབྱོར་པ་བདག་གི་མཐུན་རྐྱེན་སྒྲུབས༔ འགལ་རྐྱེན་ཟློག༔ ཅེས་པ་བྲི༔ བར་པ་ལ་རྟ་མགྲིན་དང་ཕྱག་རྡོར་གཉིས་ཀྱི་རྩ་སྔགས་བྲི༔ ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་བྲིས་ལ༔ དར་དམར་པོའི་སྟེང་དུ་བཞག༔ དེ་ནས་རྡོ་ཕ་ཝང་ལོང་བུའི་འོག་ཏུ་ཏྲི་བྲི༔ ཕྱོགས་བཞིར་ཛཿཧཱུྃ་བཾ་ཧོཿབྲི༔ སྟེང་དུ་ནན་བྲི༔ རང་ཉིད་ཡི་དམ་ང་རྒྱལ་གྱིས༔ སྲོག་གི་སྙིང་པོ་ཏྲི་བརྗོད་ཅིང༔ རོལ་མོ་སྒྲོག་ཅིང་སྤྱན་འདྲེན་བྱ༔ སྤྱན་གཟིགས་བཤམས་ལ་བསྟོད་བསྐང་དང༔ གསེར་སྐྱེམས་ལ་སོགས་གཞུང་བཞིན་བྱ༔ ཤིན་ཏུ་དགྱེས་པར་གྱུར་པ་དང༔ ཕ་ཝང་ལོང་བུའི་ཏྲི་དེ་ལ༔ དམ་ཅན་དངོས་སུ་ཐིམ་པར་བསམ༔ འཁོར་ལོའི་ཏྲི་དང་ཁ་སྦྱར་ལ༔ སྲོག་ཤིང་མཇུག་ལ་སྔགས་འདི་བཏག༔ ཏྲིའུ་ཏྲི་དུ་དུ་ཏྲི་སཱ་དྷུ་ས་མ་ཡ་ཛ༔ ཞེས་བཟླས་པས་ཐོག་ཚག་པ་དང༔ སྒོ་སྐས་འདྲོག་པ་དང༔ སྐུ་འབག་བླ་རྡོ་ལ་སོགས་པའི་རྟེན་རྫས་དང་སྒྲུབ་ཁང་ལ་འོད་འབྱུང་བ་སོགས་རྫུ་འཕྲུལ་སྣ་ཚོགས་ཡོང་ཞིང་ད་རུང་བསྙེན་པ་རྒྱུན་བསྲིང་ཞིང༔ བསྐང་བསྟོད་ལ་འབད༔ གསེར་སྐྱེམས་སྔ་དྲོ་གཏང༔ ཚོགས་འབུལ་སྲོད་ལ་བྱ༔ དེ་ལྟར་བྱས་པས་སོག་པོ་ཁྲོས་པ་དང༔ རྒྱ་གར་བ་གར་བསྒྱུར་བ་དང༔ མོན་པ་བྲོ་འཆམ་པ་དང༔ མགར་བ་ནག་པོ་ཐོ་བ་ཐོགས་པ་དང༔ བཤན་པ་དམར་པོ་གྲི་ཐོགས་པ་དང༔ ལིངས་པ་བསེའི་ཞྭ་མོ་ཅན་ཁྱི་ཁྲིད་པ་དང༔ རྒྱལ་འགོང་ཞྭ་སྐྱ་སྤྲེའུ་ཁྲིད་པ་དང༔ ཀླུ་བདུད་ནག་པོ་རུ་སྦལ་གྱི་ཞྭ་གྱོན་པ་སོགས་དངོས་སུ་མཐོང་བ་འབྱུང་ངོ༔ དེ་ལ་འཇིགས་སྣང་དང་དགའ་སྤྲོ་མི་བྱ༔ བསྐྱེད་རྫོགས་ཀྱི་ངང་ནས་བསྙེན་པ་མ་ཆད་པར་བྱས་པས་ཆོ་འཕྲུལ་གྱི་གཟུགས་རྣམས་ཞི་ནས་དམ་ཅན་དངོས་ཀྱིས་གཟུགས་སུ་སྟོན་པར་འགྱུར་རོ༔ སྲོག་གི་སྙིང་པོ་འབུལ་ཞིང་ལུང་སྟོན་པ་དང༔ ཐུན་མོང་གི་དངོས་གྲུབ་འབུལ་བ་སོགས་ལས་སྒྲུབ་ཅིང༔ བཀའ་ལས་མི་འདའ་བའི་ཁས་ལེན་པར་འགྱུར་རོ༔ དེ་ལྟར་རྟགས་ཚད་གཏན་ལ་ཕེབས་ནས༔ ར་ཡི་ཁྲག་དང་ཨ་མྲྀཏ་སྦྱར་བས༔ ར་ཡི་སྙིང་པགས་ལ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་ལ༔ ཕྱི་ནང་གསང་བའི་ཕྲིན་ལས་གང་དགོས་ཐམས་ཅད༔ མུ་ཁྱུད་གསུམ་དུ་ཡི་གེ་གཟབ་མ་འགོ་ཕྱིར་བསྟན་པ་དང༔ ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲིས་ལ༔ འཁོར་ལོ་ཕ་ཝང་ལོང་བུའི་བར་དུ་གཞུག༔ གཤམ་ནས་རིམ་པར་དྲིལ་ལ༔ ར་ཡི་སྙིང་པགས་ཀྱིས་གཏུམ༔ ཟ་འོག་ཁུག་མར་བཅུག་སྟེ་ལུས་ལ་བཅང༔ ཕ་རོལ་གྱི་མི་ལ་གསང་ཞིང་སྦ༔ མཛེ་ཡུགས་ཀྱི་གྲིབ་མ་ཕོག་པ་གལ་ཆེའོ༔ ྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ངས༔ དམ་ཅན་སྒྲུབ་སྐོར་མང་སྦས་ཀྱང༔ དངོས་སུ་འགྲུབ་པའི་གདམ་པ་ནི༔ འདི་ལས་གཞན་དུ་སྦས་པ་མེད༔ འདི་ནི་གསང་བའི་སྲོག་འཁོར་ཏེ༔ དམ་ཅན་དངོས་ཡིན་ལས་རྣམས་འགྲུབ༔ ཟབ་གནད་ཀུན་ལས་ཁྱད་པར་འཕགས༔ སྲོག་འཁོར་རང་དང་མ་བྲལ་ན༔ མཆོད་གཏོར་ཆག་ཀྱང་ཕྲིན་ལས་སྒྲུབ༔ མཆོད་གཏོར་བརྩོན་ན་སྨྲོས་ཅི་དགོས༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ སྲོག་འཁོར་འབྲལ་མེད་རྡོ་རྗེའི་རྒྱ༔ པདྨ་ངས་བཀོད་གཏེར་དུ་སྦས༔ ལྔ་བཅུ་ཁ་རལ་ཡང་མཐའི་དུས༔ བདག་གི་ཐུགས་སྤྲུལ་རྡོ་རྗེའི་མིང༔ དོན་གྱི་རྣལ་འབྱོར་འགྲོ་བ་འདྲེན༔ ལྷོ་རོང་ཕྱོགས་སུ་སྐྱེས་པའི་དུས༔ རྡོ་རྗེ་ལེགས་པ་བཀའ་འདི་སྒྲུབས༔ སངས་རྒྱས་བསྟན་པ་སྲུང་བར་ཤོག༔ སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀྱིས༔ བདག་གི་ཐུགས་སྤྲུལ་དེ་ལ་གཏོད༔ ས་མ་ཡ་གསང་བའི་གཏེར་དམ་རྒྱ༔ ྈྈྈྈྈྈ ྈྈྈྈ ྈྈྈ ྈྈ ྈྈྈྈ ྈྈྈྈྈྈྈྈ ༁ྃྭ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་གསང་སྒྲུབ་བཞུགས༔ ༁ྭྃ༁ྃྭ༔ ྈྈྈྈྈྈྈྈྈྈྈྈྈྈ དགྲ་བགེགས་འདུལ་མཛད་དྲག་པོའི་ལྷ༔ དབང་ཆེན་གསང་བདག་དབྱེར་མེད་པ༔ ཕྱག་བཙལ་པདྨ་ཐོད་ཕྲེང་ངས༔ དྲེགས་པའི་ཚོགས་རྣམས་དབང་བསྡུས་པས༔ རང་རང་སྲོག་གི་སྙིང་པོ་ཕུལ༔ བསྟན་པ་བསྲུང་བར་ཁས་བླངས་ཤིང༔ ལས་རྣམས་བསྒྲུབ་པར་དམ་ཡང་བཅས༔ རེ་རེ་ལ་ཡང་སྒྲུབ་ཐབས་དང༔ མནན་གཏད་གསད་དང་ཆོ་འཕྲུལ་སོགས༔ མང་དུ་མཛད་ཅིང་གཏེར་དུ་སྦས༔ ཀུན་ཀྱང་དུག་ཆུའི་རྒྱ་མཚོ་དང༔ ནམ་མཁའི་ཐོག་ཆེན་ཇི་བཞིན་དུ༔ རེག་ཕུང་ཟབ་གནད་མང་ན་ཡང༔ ཁྱད་པར་དམར་ནག་ཐིག་ལེ་རྩལ༔ དམ་ཅན་རྡོ་རྗེ་ལེགས་པ་འདིས༔ སྡེ་བརྒྱད་ཀུན་གྱི་སྣ་ཁྲིད་ཅིང༔ དྲག་ལས་ཀུན་གྱི་བདག་པོ་ཡིན༔ སྒྲུབ་སླ་སྙིང་ཉེ་དམ་གཙང་བས༔ ཟབ་གཏེར་རྣམས་ཀྱི་གཉེར་དུ་བསྐོས༔ སྒྲུབ་སྐོར་ལས་ཚོགས་དང་བཅས་པ༔ གཏེར་ཁ་མང་དུ་སྦས་ན་ཡང༔ ཁྱད་པར་དྲག་པོའི་གསང་སྒྲུབ་འདི༔ གཞན་དང་མི་འདྲ་ཟབ་པའི་གནད༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་པས༔ ཕྱི་ནང་སྒྲུབ་པ་རྟགས་ཐོན་ནས༔ ལྷ་ཁང་འདྲེ་ཅན་ཕུང་ཤུལ་ས༔ ཤྭ་འོད་ཐོག་སེར་བབ་པའི་ས༔ རོ་བསྲེག་ཐལ་བ་བསྲེས་བྱས་ལ༔ སྟེགས་བུ་ཁྲུ་གང་བྱས་པའི་དབུས༔ གྲུ་གསུམ་ཟབ་པའི་དོང་བྲུས་ལ༔ ནང་ལ་རོ་སོལ་དུག་ཁྲག་བྱུག༔ ཟུར་བཞིར་སྨྱུག་མ་རྩེ་རྒྱལ་རེ༔ དེ་ལ་རྔ་ཁྲ་བྱང་བུ་དང༔ མེ་ལོང་སྟག་རས་གཟིག་རས་བཏགས༔ མདའ་ནི་འུག་པའི་སྒྲོ་ཅན་ལ༔ དར་དམར་ར་སྐྱེས་ཁམ་པའི་གཟུགས༔ དམ་ཅན་ཙཀ་ལི་བཏགས་པ་ནི༔ སྟེགས་བུའི་ཤར་དུ་བཙུགས་ལ་བཞག༔ དེ་ལྟར་བཅའ་གཞི་ཚར་བའི་རྗེས༔ ལས་སྦྱོར་དག་ལ་ཆོ་འཕྲུལ་དང༔ གསད་པ་རྣམ་པ་གཉིས་ཡིན་ཏེ༔ དང་པོ་ཆོ་འཕྲུལ་གཏང་བ་ལ༔ ཁྱི་དཀར་སྣ་དམར་རྙེད་ན་རབ༔ མ་རྙེད་ཁྱི་ཐོད་གང་རུང་ལ༔ མཚལ་དང་ར་ཁྲག་བསྲེས་པ་ཡིས༔ རྡོ་རྗེ་རྒྱ་གྲམ་བྲིས་བྱས་ལ༔ ནང་དུ་དགྲ་བོ་གང་ཡོད་ཀྱི༔ ལིངྒ་མིང་རུས་ཚ་དང་བླ༔ དཔྲལ་བ་སྙིང་ག་འདོམས་དང་བརླར༔ སྣག་ཚ་ཁྱི་ཁྲག་བསྲེས་པས་བྲི༔ ཟག་པ་དྲི་མ་རྙེད་ན་བྱུག༔ མ་རྙེད་མིང་རུས་མ་ཤེས་ན༔ ཉེས་བྱས་དགྲ་བོ་འདི་ཞེས་པ༔ ངོས་བཟུང་ཕོ་ཉ་བསྐུལ་བྱས་ཏེ༔ བདེན་པའི་ཚིག་གིས་དགྲ་བོ་བཀུག༔ ལིང་ག་ལ་ནི་ཡང་ཡང་བསྟིམ༔ ཁུག་པའི་རྟགས་ནི་རྨི་ལམ་དུ༔ དགྲ་བོ་ཉམ་ཐག་ཚུལ་དུ་ནི༔ ཕོ་ཉས་ཁྲིད་ཅིང་བདག་ལ་སྤྲོད༔ དེ་ལྟར་བྱུང་ན་ལིང་ག་ལ༔ དགྲ་བོ་བསྟིམ་ཞིང་དངོས་སུ་བསམ༔ རྐེད་པ་ནས་བལྟབ་དྲིལ་བྱས་ལ༔ ཁྱི་ཐོད་ནང་བཅུག་ཚོན་སྐུད་ཀྱིས༔ རྒྱ་གྲམ་བཅིངས་ལ་ཧོམ་ཁུང་གཞུག༔ བག་ཟན་དག་ལ་ཨ་ཙར་གཟུགས༔ བཅོས་ཏེ་ལག་པ་གཡས་གཡོན་དུ༔ སྤྱང་ཀི་སྤྲེ་འུའི་གཟུགས་འཕྱར་བ༔ རེ་རེ་ཧོམ་ཁུང་ཟུར་རེར་བཞག༔ ཁམ་ས་ལ་ནི་ལྟས་ངན་གཟུགས༔ སྤྲེ་འུ་ཝ་སྤྱང་བྱ་རོག་དང༔ འུག་པ་སྲིན་བྱ་བུད་མེད་དང༔ ཨ་ཙར་མོན་པ་ནག་པོ་རྣམས༔ གཅིག་ལ་གཅིག་ཞོན་འཛིང་བ་དང༔ བུད་མེད་ནག་མོ་མེ་འབུད་དང༔ ཁྱི་རྒན་སྤྲེ་འུ་རང་འཐག་བསྐོར༔ སྒྱེད་བུ་ལ་ནི་སྦྲུལ་འཁྲིལ་སོགས༔ ལྟས་ངན་གང་གཏང་སྣ་ཚོགས་བྱ༔ ཧོམ་ཁུང་གི་ནི་སྟེང་ལ་བཞག༔ རང་ཉིད་ཡི་དམ་གསལ་བ་ཡི༔ གསང་བའི་ལས་སྔགས་འདི་ལ་འབད༔ ཨོཾ་བཛྲ་སཱ་ངྷུ་ས་མ་ཡ༔ འབར་བ་རཱ་ཛ་ཧེ༔ དུ་ཀྲིག་ཀྲིག༔ ཁཾ་ཁཾ༔ ཤཾ་ཤཾ༔ ལིང་ལིང༔ རྦུད་རྦུད༔ ཀྱེ་ཀུར༔ གིང་ཀ་ར༔ ཁཾ་ཤ་ཧཱུྃ་ཕཊ༔ ཅེས་པ་གསང་བའི་ལས་སྔགས་འདི༔ རྟགས་དང་སྦྱར་ལ་བསྙེན་པ་བྱ༔ རྟགས་ནི་ཁྱི་ངུ་ཕྱུགས་མ་འདྲོགས༔ འོད་དང་སྒྲ་སོགས་སྣ་ཚོགས་འབྱུང༔ རྟགས་དེ་བྱུང་ནས་ཁྱི་ཐོད་དང༔ ལྟས་ངན་གཟུགས་བརྙན་སྣ་ཚོགས་ཀྱི༔ ཁ་ནི་དགྲ་བོའི་ཕྱོགས་སུ་བསྟན༔ ཡུངས་དཀར་ཡུངས་ནག་ཐུན་གྱིས་བྲབ༔ རྒྱབ་ནས་བྲབ་ཅིང་སྔགས་འདི་ཉིད༔ གོང་དང་སྦྲེལ་ལ་བཟླས་པ་བྱ༔ ཨོཾ་བཛྲ་རཱ་ཛ་ས་མ་ཡ་འགྷྲིག་ནན༔ རྡོ་རྗེ་འབར་བ་འུར་འུར་འུར་བ༔ རྒྱུག་རྒྱུག༔ བྲེང་བྲེང༔ ཤག་ཤག༔ ཚལ་ཚལ༔ རྦད་ལིང་ཁོ་ཡ༔ ཧེ་ཛ་དུ་ན་ཕོབ་ཡ༔ བཛྲ་སཱ་དྷུ་ལྟས་ངན་འདི་རྣམས་དགྲ་བོའི་ཁྱིམ་ལ་དངོས་སུ་ཐོངས། ཞེས་བརྗོད་པས་རང་ཉིད་གཉིད་དུ་མི་སྟེར་ཞིང༔ ཟང་ཟིང་སྣ་ཚོགས་མང་པོ་འཆར༔ ཁྱི་ཐོད་ལ་ནི་འོད་འབྱུང་ངོ༔ དེ་ནས་ཁྱི་ཐོད་ལྟས་ངན་གཟུགས༔ དགྲ་ཕྱོགས་འཕང་ཞིང་རྦད་བསྐུལ་དང༔ དམོད་མོ་ངན་སྨྲས་སྣ་ཚོགས་བྱ༔ ཡི་དམ་དང་ནི་དམ་ཅན་གྱི༔ བསྙེན་པ་ཐེམས་པའི་རྣལ་འབྱོར་པས༔ ཞག་གཅིག་བསྒྲུབས་པས་ཆོ་འཕྲུལ་རྣམས༔ རང་གིས་གང་བཏང་དགྲ་ལ་ཡོང༔ གོང་གི་སྔགས་ལ་ཞག་བཞི་དང༔ འོག་མ་སྦྲེལ་ནས་ཞག་གསུམ་སྟེ༔ ཞག་བདུན་ལ་ནི་སུས་ཀྱང་འགྲུབ༔ དེ་ཡི་དམ་ཚིག་འདི་ཡིན་ཏེ༔ གྲོགས་མེད་གཅིག་པུར་བསྒྲུབ་པ་དང༔ བཅའ་གཞི་ཉི་ཟེར་མ་ཕོག་དང༔ རྫས་ལ་ཁ་རླངས་མ་ཕོག་དང༔ རྫས་རྣམས་གཞན་གྱིས་མ་མཐོང་སོགས༔ རྒྱས་པར་སྤྱི་གནད་ནང་དུ་ལྟོས༔ སྒོས་སུ་ར་གསུར་བསྲེགས་བྱས་ཏེ༔ བསྟོད་བསྐང་གསེར་སྐྱེམས་རྦད་བསྐུལ་གཅེས༔ བཅའ་གཞི་རང་བཞིན་སྒྲུབ་པ་ལ༔ གྲོགས་དང་བཅས་ཀྱང་རུང་བ་ཙམ༔ ལས་སྦྱོར་ཆོ་འཕྲུལ་སྒྲུབ་པ་ནི༔ རང་མིན་གྲོགས་ལྟ་སྨྲོས་ཅི་དགོས༔ སྒྲུབ་རྫས་གནས་དུས་སྒྲུབ་པ་རྣམས༔ ཤིན་ཏུ་གསང་བ་མན་ངག་ཡིན༔ གཞན་ཡང་ཟབ་མོའི་གནད་ཏིག་ནི༔ དགྲ་བོ་གང་ཡིན་མིང་ཡིག་རྣམས༔ མ་རུངས་ཁྱི་ཡི་ཡ་ཐོད་དང༔ ཅོལ་ཆུང་ར་ཡི་མ་མགལ་བར༔ བཅུག་སྟེ་ཚོན་སྐུད་སྣ་ལྔས་བཀྱིག༔ སྒྲུབ་དུས་རང་གི་མལ་འོག་མནན༔ རྨི་ལམ་མམ་ནི་མངོན་སུམ་དུ༔ དགྲ་ལ་ཆོ་འཕྲུལ་སྣ་ཚོགས་ཡོང༔ བསྙེན་སྒྲུབ་ཚིག་གཅིག་མི་ཤེས་ཀྱང༔ རང་གི་མལ་འོག་ཧོམ་ཁུང་བྲུས༔ དེ་ནང་གོང་གི་རྫས་བཅུག་སྟེ༔ རང་ཉིད་ཉལ་བས་དགྲ་བོ་ལ༔ མི་རུངས་ལྟས་ངན་སྣ་ཚོགས་འབྱུང༔ ཉལ་བས་འགྲུབ་པའི་མན་ངག་འདི༔ འགྲོལ་ན་རྫས་དེ་བཏོན་བྱས་ལ༔ མིང་ཡིག་ཞི་བའི་སྦྱིན་སྲེག་བྱ༔ ཀུན་ལ་མ་སྤེལ་ས་མ་ཡ༔ ཆོ་འཕྲུལ་གནད་ཀྱི་གསང་སྒྲུབ་འདི༔ པདྨ་ངས་བཀོད་གཏེར་དུ་སྦས༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ྈྈྈྈྈྈྈྈ གཉིས་པ་གསད་པའི་བཅའ་ཐབས་ནི༔ སྟེགས་བུ་རྟེན་རྫས་གོང་དང་འདྲ༔ ཁམ་ས་ཕུང་ས་རོ་སོལ་དང༔ དགྲ་ཡི་དྲི་མ་ཁ་ཤོག་པ༔ སྦྲང་རྒོད་དུག་ཆུ་ཆང་གིས་སྦྲུས༔ དེ་ལ་དགྲ་བོའི་གཟུགས་བཅོས་ཏེ༔ དུག་ཤོག་ལ་ནི་ལིངྒ་བྲི༔ དགུག་གཞུག་གོང་དང་འདྲ་བ་ལ༔ སྣག་ཚ་ལ་ནི་དུག་ཆུ་དང༔ རོ་སོལ་གྲི་ཁྲག་བསྲེས་བྱས་ལ༔ དཔྲལ་བར་རུས་ལ་སྙིང་གར་མིང༔ འདོམས་སུ་ཚ་དང་བརླ་ལ་བླ་དྭགས་བྲི༔ དགུག་གཞུག་གོང་དང་འདྲ་བ་ལ༔ གུ་གུལ་ལ་སོགས་རྫས་ངན་བདུག༔ མགོ་ནས་དྲིལ་ལ་ཚོན་སྐུད་བཅིང༔ གོང་གི་དགྲ་གཟུགས་དེ་ཡི་ནི༔ སྙིང་གའི་ནང་དུ་བཅུག་བྱས་ལ༔ ཧོམ་ཁུང་ནང་དུ་གན་རྐྱལ་བཞག༔ དེ་ལ་རེ་ཚལ་ནག་པོས་གཡོགས༔ ཁམ་ས་དྲི་བཟང་སྨན་སྦྱར་ལ༔ ཨ་ཙར་ཁྲོས་པའི་གཟུགས་ཅན་གཉིས༔ བཅོས་ཏེ་ལག་ཏུ་གྲི་ལྕགས་སམ༔ སྐྱེར་མདུང་རྩ་རྩེ་མ་ནོར་བཟུང༔ མདུང་རྩེ་དགྲ་གཟུགས་སྙིང་གར་གཏད༔ དགྲ་བོ་འགུགས་པའི་སྔགས་འདི་འདྲེན༔ ཨོཾ་བཛྲ་ཏྲི་མས་ཁུག༔ བཛྲ་གིང་ཀ་རས་ཁུག༔ བཛྲ་རཀྵ་རཀྵས་ཁུག༔ བཛྲ་སཱ་དྷུ་ཆེ་གེ་མོ་རྣྲི་ཛཿཛ༔ ཡུངས་དཀར་ཡུངས་ནག་ལྕགས་ཕྱེ་དང༔ ཟངས་ཕྱེ་རྡོ་ཕྱེ་ཀེ་ཚེ་དང༔ ཤང་ཚེ་ཐང་ཕྲོམ་འབྲུ་རྣམས་ནི༔ དུག་ཁྲག་གིས་སྦོལ་ཐུན་གྱིས་བྲབ༔ ལག་པས་མི་རེག་ཐུན་སྐྱོགས་བཟོ༔ རྟགས་ནི་ལིངས་བྱེད་རི་དྭགས་གསོད༔ དམག་བྱེད་མི་མང་གསོད་པ་དང༔ ཤ་ཁྲག་དམར་གཡོས་བྱེད་པ་འབྱུང༔ འདི་ཡི་སྐབས་སུ་ཕོ་ཉ་བསྐུལ༔ ལས་སྦྱོར་གསད་པའི་སྔགས་འདི་འདྲེན༔ ཨོཾ་རཀྵ་བཛྲ་རྦད་བུ་རྦད་བུ་ཛ༔ ཨོཾ་བཛྲ་སཱ་དྷུ་ཆེ་གེ་མོ་མཱ་ར་ཡ་རྣྲི་ཛ་ཛ༔ རྣྲི་སྲོག་ལ་ཡ་མ་ཡ་མ༔ རྦད་རྦད༔ བཛྲ་སཱ་དྷུ་ཆེ་གེ་མོ་ཚེ་སྲོག་བརླག་པར་གྱིས་ཤིག༔ ཅེས་བརྗོད་པས༔ རྟགས་ནི་དམ་ཅན་ཁྲོས་པའི་གཟུགས་ཀྱིས༔ མགོ་དང་དོན་སྙིང་ཁྲག་ཙ་རེ་བ་བདག་ལ་སྟེར་བ་དང༔ མི་རེངས་དང་རྟ་པ་མང་པོས་བདག་ལ་ཡུས་འཚོང་བ་དང༔ ལྟོ་སྙག་པ་འབྱུང་ངོ༔ དམ་ཅན་རྡོ་རྗེ་ལེགས་པ་འདི༔ ཞི་བར་བསྒྲུབས་པས་ཟས་ནོར་དང༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ སྙན་གྲགས་ཕྱོགས་བཅུར་རྒྱས་པར་འགྱུར༔ དྲག་པོར་བསྒྲུབས་པས་སྲོག་དང་ནི༔ སེར་བ་ཆོ་འཕྲུལ་ནད་རིགས་སོགས༔ དྲག་པོའི་ལས་རྣམས་འགྲུབ་འགྱུར་བས༔ པདྨས་བཀའ་ཡི་གཉེར་དུ་བསྐོས༔ ཕྱི་ནང་གསང་བའི་སྒྲུབ་སྐོར་སོགས༔ ནོར་འཁྲུལ་མེད་པར་ཡི་གེར་བཏབ༔ གསང་བའི་བྲག་ལ་གཏེར་དུ་སྦས༔ མ་འོངས་བསྟན་པའི་ཐ་མ་ལ༔ བོད་ཀྱི་རྟེན་གཅིག་སྤྱན་ཆབ་འདོན༔ དེ་དུས་བདུད་ཀྱི་སྤྲུལ་པ་ནི༔ ྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈ ྈྈྈྈྈྈྈ ྈྈྈྈྈྈྈྈ ྈྈྈྈྈྈྈྈྈ དེ་དག་ལ་སོགས་མང་དུ་འབྱུང༔ མི་འཚམ་འཁྲུགས་པའི་ལས་བྱེད་ཅིང༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བསྣུབ༔ ས་ཡི་མེ་བཙའ་ཐམས་ཅད་བཤིག༔ སྐུ་གསུང་ཐུགས་རྟེན་རབ་གནས་ཉམས༔ ཡེ་ཤེས་སྲུང་མ་དབྱིངས་སུ་བཞུགས༔ ནག་པོ་བདུད་ཕྱོགས་ཁ་རྒྱས་པས༔ མཚོན་འཁྲུགས་ནད་ངན་མུ་གེ་འབྱུང༔ སྔགས་བཙུན་དམ་མེད་ཁ་དྲག་ཅིང༔ དམ་ཚིག་ཅན་རྣམས་ཁ་ཉེན་དུས༔ དམ་ཉམས་དགྲ་བོ་ཆམ་འབེབ་ཕྱིར༔ གསང་སྒྲུབ་སྲོག་གི་སྤུ་གྲི་འདི༔ ཨོ་རྒྱན་ཐུགས་སྲས་ཟབ་གཏེར་བདག༔ བྱི་བའི་ལོ་པ་ཤེས་རབ་ཅན༔ གཉལ་གྱི་ཕྱོགས་སུ་སྐྱེས་པའི་དུས༔ སྐལ་ལྡན་དེ་དང་འཕྲད་ནས་ཀྱང༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ ྈྈྈྈྈྈྈྈ ྈྈྈྈ ྈྈྈ ྈྈྈ ྈྈྈྈ ཀློང་ཡངས་རྣལ་འབྱོར་འགྲོ་འདུལ་རྡོ་རྗེ་ངས༔ མཁའ་འགྲོའི་ལུང་དང་ཁ་བྱང་ལ་བརྟེན་ནས༔ ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་ནས་བཏོན༔ དབེན་གནས་དཔལ་གྱི་ལྕོག་པོ་དགོན་པར་ཕབ༔ སྲུང་མའི་ཚོགས་ཀྱིས་ཕྲིན་ལས་གྲུབ་པར་མཛོད༔ འདི་བྲིས་དགེ་བས་མ་གྱུར་སེམས་ཅན་རྣམས༔ རིག་འཛིན་པདྨའི་ཞབས་དྲུང་སྐྱེ་བར་ཤོག༔ འགྲོ་འདུལ་ལས་འཕྲོ་གླིང་པའི་གཏེར་མ་ཡིན༔ མསྟུ་སརྦ་ཛ་ག་ཏཾ༔ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་གསང་བ་གནད་ཀྱི་དྲིལ་སྒྲུབ་བཞུགས༔ ༁ྭྃ༁ྭྃ༔ བཛྲ་ས་མ་ཡ་ཧཱུྃ༔ རྒྱལ་བའི་བཀའ་ཉན་དྲག་རྩལ་ཅན༔ ཟབ་མོའི་གཏེར་སྲུང་དམ་ཅན་གྱི༔ གསང་བ་དྲིལ་སྒྲུབ་ཟབ་གནད་ནི༔ ཤོག་བུ་འམ་ནི་དར་རས་ལ༔ ཨ་མྲྀཏ་དང་སྣག་ཚ་བསྲེས༔ དཔལ་ཆེན་རྟ་མགྲིན་སྐུ་བྲིས་ལ༔ དེ་ཡི་ལྟོ་བའི་ནང་དུ་ནི༔ མཚལ་དང་ར་ཁྲག་བསྲེས་པ་ཡིས༔ དམ་ཅན་ཆེན་པོའི་སྐུ་ཡང་བྲི༔ དེ་ཡང་ཞི་ཞིང་འཛུམ་པའི་མདངས༔ ཕྱག་གཉིས་རྡོ་རྗེ་འབར་བ་བསྣམས༔ སྐུ་མདོག་དམར་ནག་འགྱིང་བའི་ཚུལ༔ ཞོན་རྐྱ་མེད་པ་མངོན་རྟོགས་བཞིན༔ རྔམ་བརྗིད་ཡིད་འོང་མཛེས་པར་བྲིས༔ དེ་ལྟར་སྐྱ་བྲིས་ཚར་བ་དང༔ དམ་ཅན་སྐྱེས་བུའི་གནས་གསུམ་དུ༔ མཚལ་དང་ར་ཡི་སྙིང་ཁྲག་གིས༔ ཨཱོཾ་ཏྲི་ཛཿཨཱཿཏྲི་ཛ༔ ཧཱུྃ་ཏྲི་ཛ༔ ས་མ་ཡ་ཧཱུྃ༔ གཟབ་མར་རིམ་བཞིན་བྲིས་ནས་ནི༔ དེའི་སྟེང་ཚོན་གྱིས་མནན་པར་བྱ༔ དེ་ནས་ར་ཡི་སྙིང་ཤུན་ནང༔ མུ་ཁྱུད་རིམ་པ་གསུམ་དུ་བསྐོར༔ ལྟེ་བར་ཟབ་གནད་སྔགས་འདི་བྲི༔ བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཙིཏྟ་ཧྲིཾ་ཧྲིཾ་ཧཱུྃ་ཛ༔ ཞེས་པ་བྲི༔ དེ་ཡི་ཕྱི་རིམ་དག་ལ་ནི༔ དཔལ་ཆེན་རྟ་མགྲིན་རྩ་སྔགས་བྲི༔ དེ་ཡི་ཕྱི་རིམ་དག་ལ་ནི༔ རྟེན་འབྲེལ་སྙིང་པོ་བྲི་བར་བྱ༔ དེ་ནས་འདྲེ་ཡི་བླ་རྡོ་ནི༔ འགོམ་ཡུག་མ་སོང་སོ་མ་ལ༔ མཚལ་དཀར་ར་ཁྲག་བསྲེས་པ་ཡིས༔ སྟེང་དུ་ཧྲཱིཿདང་འོག་ཏུ་ཏྲི༔ ཕྱོགས་བཞིར་སིདྡྷི་བྲིས་བྱས་ལ༔ གོང་བཞིན་ར་ཡི་སྙིང་ཤུན་ནང༔ རེའུ་པགས་དག་ལ་དྲིལ་བ་ཡི༔ འཁོར་ལོ་དང་ནི་རྟ་མགྲིན་དང༔ དམ་ཅན་སྐུ་ཉིད་བྲིས་པ་ཡི༔ བར་དུ་འདྲེ་ཡི་བླ་རྡོ་གཞུག༔ རང་ཉིད་རྟ་མགྲིན་གསལ་བ་ཡིས༔ དམ་ཅན་ལས་བྱང་གཞུང་བསྲང་སྟེ༔ སྤྱན་དྲངས་འཁོར་ལོ་བླ་རྡོ་ལ༔ ཡང་ཡང་བསྟིམ་ཞིང་དངོས་སུ་བསམ༔ མཆོད་བསྟོད་བསྐང་གསོ་རྒྱས་པར་བྱ༔ ལུས་ངག་མཚམས་ཀྱི་ངང་ནས་ནི༔ ཟབ་མོ་རྩ་སྔགས་འདི་ལ་འབད༔ བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཧ་ར་ཧ་ར་ཛ༔ ཙིཏྟ་ཧྲིཾ་ཧྲིཾཿཛ༔ ཞེས་བཟླས་པས་སྒྲུབ་ཐབས་གོང་མའི་ནང་བཞིན་དུ༔ རྟགས་མཚན་སྣ་ཚོགས་དུ་མ་འབྱུང༔ རྟགས་མཚན་རྫོགས་པར་གྱུར་པ་དང༔ ཤོག་བུ་ལ་ནི་འདོད་གསོལ་བྲི༔ དེ་ཡིས་བླ་རྡོ་དྲིལ་བྱས་ཏེ༔ དེ་ཡང་སྔགས་འཁོར་དག་གིས་དྲིལ༔ དེ་ཡང་སྐུ་ཡི་འཁོར་ལོས་དྲིལ༔ ཐམས་ཅད་མགོ་མཇུག་མ་ལོག་ཅིང༔ ཞལ་ནི་རང་ལ་བསྟན་པར་བྱ༔ དར་སྣས་དྲིལ་ཏེ་ལུས་ལ་བཅང༔ གཞི་རུ་བྱེད་ན་རྟེན་མདོས་དང༔ མཉམ་དུ་མི་ཡིས་མ་མཐོང་བྱ༔ བཟའ་བཏུང་ཕུད་ཀྱིས་རྒྱུན་དུ་མཆོད༔ བསྟོད་བསྐང་ལ་ནི་འབད་པར་བྱ༔ དེ་ཡིས་ལས་རྣམས་སྒྲུབ་བྱེད་ཅིང༔ འཁུ་ལྡོག་མི་འབྱུང་དབང་དུ་འདུ༔ ལས་ཀྱི་བྱེ་བྲག་གང་དགོས་ཀྱང༔ འདི་ལྟར་སྒྲུབ་ཅིང་བསྐུལ་བ་དང༔ མཆོད་བསྟོད་བསྙེན་སྒྲུབ་རྒྱུན་བསྲིང་ན༔ མི་འགྲུབ་པ་ཡི་རང་དབང་མེད༔ དེས་ན་སྔགས་འཆང་རྣལ་འབྱོར་པས༔ བརྩོན་འགྲུས་ལྡན་པ་གལ་ཆེ་འོ༔ དེ་ཕྱིར་སྒོ་གསུམ་བག་ཡོད་བྱ༔ བདག་ཉིད་པདྨ་འབྱུང་གནས་ངས༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ ཟབ་གནད་སྲོག་གི་དྲིལ་སྒྲུབ་འདི༔ མ་འོངས་བསྟན་འཛིན་གང་ཟག་གིས༔ ཚེགས་ཆུང་མྱུར་དུ་འགྲུབ་པའི་ཕྱིར༔ ལྕགས་ཕུར་ཅན་དུ་གསང་རྒྱ་གདམས༔ དུས་ལ་བབ་ཚེ་ཟབ་གཏེར་འདི༔ ལས་འཕྲོ་གླིང་དང་འཕྲད་པར་ཤོག༔ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་ནོར་སྒྲུབ་བཞུགས༔ ༁ྭྃ༁ྭྃ༔ དངོས་གྲུབ་ཀུན་འབྱུང་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ མ་འོངས་བརྒྱུད་འཛིན་དོན་ཕྱིར་དུ༔ ནོར་བདག་རྡོ་རྗེ་ལེགས་པ་ཡི༔ ནོར་སྒྲུབ་དགོས་འདོད་ཀུན་འབྱུང་འདི༔ སྙིང་གི་བུ་ལ་སྨོན་ལམ་བཏབ༔ རིན་ཆེན་ས་ལ་སྦས་ཏེ་བཞག༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ བླ་མ་ལ་གུས་དམ་ཚིག་ལྡན༔ རྣལ་འབྱོར་དམ་པ་རྣམས་ཀྱིས་ནི༔ སྐྱེས་བུ་ཆེན་པོ་སྒྲུབ་པ་ལ༔ ལས་རིམ་གསུམ་དུ་ཤེས་པར་བྱ༔ རྟེན་བཅའ་ནོར་བདག་གཟུང་བ་དང༔ བླ་རྡོ་འཁོར་ལོ་བཅང་བ་དང༔ སྔགས་བཟླས་ཕྲིན་ལས་བཅོལ་དང་གསུམ༔ རྟེན་བཅའ་ནོར་བདག་གཟུང་བ་ནི༔ ས་བཟང་འདམ་ས་དག་ལ་ནི༔ སྨན་དང་རིན་ཆེན་དྲི་བཟང་བྱུག༔ དེ་ལ་དམ་ཅན་སྐུ་གཟུགས་ནི༔ དམར་གསལ་མདངས་དང་ལྡན་པར་བྱ༔ སྐུ་ལ་དར་དང་རིན་ཆེན་སྤྲས༔ ཕྱག་གཡས་ལྕགས་ཀྱུས་དབང་དུ་སྡུད༔ གཡོན་པ་ནེའུ་ལེའི་རྐྱལ་པ་བསྣམས༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ དེ་ཡི་སྐུ་ནང་དག་ཏུ་ནི༔ འཁོར་ལོ་འདོད་གསོལ་འབྲུ་སྣ་དང༔ དར་སྣ་རིན་ཆེན་ལ་སོགས་པ༔ བཀྲ་ཤིས་རྫས་རྣམས་གཞུག་པ་འོ༔ བཞུགས་པའི་རྒྱབ་བུག་དེ་ལ་ནི༔ ཚོན་དང་སྤྲ་རྩི་ལེགས་པར་བཏང༔ སྐར་མ་རྒྱལ་སོགས་གཡང་སྐར་ལ༔ བཞེངས་ལ་དམ་ཅན་དགུག་གཞུག་བྱ༔ མི་ལ་སྦ་ཞིང་མཛོད་དུ་བཞག༔ མཆོད་བསྟོད་སྔགས་བཟླས་ཕྲིན་ལས་བཅོལ༔ གང་འདོད་ཕྱོགས་སུ་ཞལ་བསྒྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་བླ་རྡོ་འཁོར་ལོ་ནི༔ དར་དཀར་རས་སམ་ཤོག་བུ་ལ༔ ར་ཁྲག་མཚལ་དཀར་སྦྱར་བ་ཡིས༔ ཙཀྲ་རྩིབས་བཞི་མུ་ཁྱུད་གསུམ༔ བྲིས་ལ་འདི་རྣམས་ལྟེ་བར་བྲི༔ བཛྲ་སཱ་དྷུ་ས་མ་ཡ༔ རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བདག་ལ་ཟས་ནོར་དངོས་གྲུབ་སྩོལ༔ ཞེས་པའི་འདོད་གསོལ་གང་འོས་བྲི༔ རྩིབས་ལ༔ ཨོཾ་ཧྲི་ཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲི་དྷུ་མ་ར་ན་ཛཿཛ༔ ཨོཾ་ཧྲི་ཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲི་དྷུ་མ་ར་ན་ཧཱུྃ་ཧཱུྃ༔ ཨོཾ་ཧྲི་ཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲི་དྷུ་མ་ར་ན་བཾ་བཾ༔ ཨོཾ་ཧྲི་ཏྲི་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲི་མ་ར་ན་ཧོ་ཧོ༔ ཞེས་བྲི༔ རྩིབས་མཆན་ལ༔ ཨ་ཇོ་ཆེན་པོ་སྔོན་གྱི་དམ་ཚིག་ལས་མ་འདའ་ཞིག༔ ཅེས་ཚན་བཞི་བྲིའོ༔ མུ་ཁྱུད་ནང་མ་ལ༔ དམ་ཅན་ཆེན་པོ་ཟས་ནོར་སྐྱེས་པ་བུད་མེད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཟས་ནོར་ལོངས་སྤྱོད་ཐམས་ཅད་བདག་ལ་སྩོལ༔ ཅེས་པ་བྲི༔ བར་པ་ལ༔ དམ་ཅན་ཆེན་པོ་ནས་འབྲས་ལ་སོགས་འབྲུ་སྣ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཤ་མར་ཚ་དང་བལ་སྣམ་དང༔ རིན་ཆེན་སྣ་ལྔ་གོ་ཁྲབ་དང༔ གནག་ལུག་རྟ་དང་རྐང་བཞིའི་ཚོགས༔ འདོད་ཡོན་དངོས་གྲུབ་བདག་ལ་སྩོལ༔ ཁམས་གསུམ་བདག་གི་དབང་དུ་སྡུས༔ གདུལ་བྱ་སྙན་གྲགས་བདག་ལ་སྩོལ༔ ཅེས་པ་བྲི༔ ཕྱི་མ་ལ༔ ཕྱག་རྡོར་རྟ་མགྲིན་ལ་སོགས་པའི༔ ཡི་དམ་སྔགས་ཀྱིས་བསྐོར་བར་བྱ༔ དེ་ནས་རྡོ་ཕ་ཝང་ལོང་བུའི་ལོགས་དྲུག་ལ་ཏྲི་དྲུག་བྲིས་ཏེ་འཁོར་ལོའི་དབུས་སུ་བཞག་ལ་དྲིལ༔ རིན་ཆེན་ལྔ་དང༔ དར་སྣ་ལྔ་དང༔ འབྲུ་སྣ་ལྔ་དང༔ བཀྲ་ཤིས་པའི་རྫས་རྣམས་འཁོར་ལོ་དང་མཉམ་དུ་དྲིལ༔ ཤུག་པའི་བྱང་བུ་ལ༔ ཨ་ཇོ་ཆེན་པོ༔ དམུ་བཙན་རོལ་པོ༔ བདུད་བཙན་མཐུ་ཆེན༔ རྡོ་རྗེ་ལེགས་པ༔ སྒྲུབ་པ་པོ་ལ་གཡང་ཆེན་གྱི་ནོར་སྩོལ༔ བརྗིད་ཆེན་གྱི་གོས་སྩོལ༔ བཅུད་ཆེན་གྱི་ཟས་སྩོལ༔ གདུལ་བྱ་དང་སྙན་གྲགས་སྩོལ༔ ཞེས་པ་ར་ཁྲག་གིས་བྲིས་ལ༔ ཟངས་སམ་ལྕགས་ཀྱི་གའུར་བཅུག༔ ཟ་འོག་ཁུག་མར་དྲིལ༔ དེ་ར་ཡི་སྙིང་ལྤགས་སུ་དྲིལ༔ དེ་ཤ་བའི་མཉེན་ཁུག་ཏུ་དྲིལ༔ མ་འཛོམ་ན་དར་སྣ་ལྔ་ཡིས་དྲིལ༔ འཁུ་ལྡོག་བྱུང་ན་ལྕགས་སྡིག་སྙིང་གར་བཞག༔ གཞི་རུ་རྟེན་པའི་དམ་རྫས་ནི༔ གོང་དང་མཐུན་པར་བཤམས་པའོ༔ བྱེས་ཆས་བྱེད་ན་འཁོར་ལོ་བཅང༔ དེ་ནི་རྟེན་དང་སྒྲུབ་རྫས་སོ༔ གསུམ་པ་བསྙེན་སྒྲུབ་ལས་སྦྱོར་ནི༔ དབེན་པའི་གནས་སུ་རྫས་བཤམས་ལ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ བདག་ཉིད་རྟ་མགྲིན་གསལ་བ་ཡིས༔ སྐུ་འབག་བླ་རྡོ་ལ་སོགས་ལ༔ དམ་ཅན་དགུག་བསྟིམ་ལེགས་པར་བྱ༔ དམ་ཅན་སྐྱེས་བུ་དངོས་སུ་བསམ༔ ཚོགས་དང་གཏོར་མ་ཕུལ་བྱས་ལ༔ རང་ཉིད་བསྐྱེད་རྫོགས་ལྡན་པ་ཡིས༔ རྩ་སྔགས་འདི་ཉིད་བཟླས་པར་བྱ༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ སྲོག་ཏྲི་དུ་མ་ར་ན་རཏྣ་ཕ་ལ་སིདྡྷི་ཧཱུྃ༔ ངག་བཅད་ཞག་བདུན་བཟླས་པ་བྱ༔ རྨི་ལམ་ཉམས་དང་མངོན་སུམ་དུ༔ རིན་ཆེན་དགོས་འདོད་འབུལ་བ་དང༔ ལོ་ཏོག་རྒྱས་དང་ཚོང་པ་འདུ༔ སྐྱེ་བོ་ཕོ་མོ་ཁྲོམ་དུ་འཁྱིལ༔ རང་ལ་བསྟོད་ཅིང་གུས་པས་འདུད༔ དེ་ལྟར་བཟང་རྟགས་མ་བྱུང་བར༔ མཁར་ཐབས་བཤོས་བུ་གཅིག་ལ་ནི༔ ཤ་ཁྲག་དམར་གྱིས་བརྒྱན་བྱས་ལ༔ གཏར་བཟུང་ལས་ཟིན་གཏང་རག་བྱ༔ ནར་མར་གཏོར་མ་ཚོགས་ཀྱིས་མཆོད༔ ར་གསུར་བསྐང་གསོ་དག་ལ་འབད༔ དེ་ལྟར་རྟགས་རྣམས་བྱུང་བ་དང༔ རྩ་སྔགས་ཤམ་ལ་འདི་གདགས་སོ༔ ཨོཾ་ཤ་ཏྲི་མི་ལི་ཧྲི་ཨཱ་ཀར་ཤ་ཡ་རཏྣ་སྡུས་སྡུས༔ དབང་དུ་སྡུས༔ སྲིད་གསུམ་ཀ་ཆ་ང་ལ་ཤོག༔ ཟས་ནོར་ལོངས་སྤྱོད་བདག་ལ་སྩོལ༔ ཅེས་པ་བརྒྱ་ཚར་རེ་མ་ཆག་པར་བྱའོ༔ ཚོགས་དང་མཆོད་རྫས་བཤམས་པ་ཡིས༔ བསྙེན་སྒྲུབ་སྐོང་གསོ་བརྩོན་བྱས་ན༔ ཟས་ནོར་རྩ་བ་བུད་མེད་འདུ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་འབབ༔ མི་སྣང་འཕྲལ་དུ་བསྒྱུར་བར་ནུས༔ བདག་འདྲ་པདྨ་འབྱུང་གནས་ངས༔ སྐལ་ལྡན་ཞིག་ལ་སྨོན་ལམ་བཏབ༔ དམ་ཚིག་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས༔ ལས་ཚོགས་ནོར་བུའི་ཕྲེང་བ་བཞུགས༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ ལས་ཚོགས་ནོར་བུའི་ཕྲེང་བ་བསྟན༔ སྙིང་གི་བུ་ལ་འདི་གདམས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐོག་མར་དབང་སྡུད་བསྟན་པར་བྱ༔ རྒྱལ་པོ་དབང་དུ་བསྡུ་འདོད་ན༔ དམ་ཅན་སྐུ་བྲིས་ལྟོ་བ་རུ༔ དཔེའུ་རིས་གྲུ་བཞིའི་ནང་དུ་ནི༔ རྩིབས་བཞི་ལྡན་པ་བྲི་བར་བྱ༔ དབུས་སུ་ཡི་གེ་ནྲི་བྲིས་ལ༔ མུ་ཁྱུད་ནང་དུ་དགོད་པ་ནི༔ མིང་རུས་འདི་ཞེས་བྱ་བ་དབང་སྡུས་བྲི༔ རྩིབས་ལ་དགོད་པའི་རྩ་སྔགས་ནི༔ ཨོཾ་བཛྲ་སཱ་དྷུ་རཱ་ཛ་ཧྲཱིཾ་ཧྲཱིཾ་ཨཾ་གུ་ཤ་ཛ་ཛ༔ ཞེས་པ་བྲི༔ རྩིབས་མཆན་བཞི་ལ༔ བཛྲ་སཱ་དྷུ་རཱ་ཛའི་འགྲམ་ཆོག༔ རཱ་ཛའི་སྙིང་སྒུལ༔ རཱ་ཛ་འདུ་འདུ༔ ཞེས་པ་སིནྡྷུ་ར་དང་ར་ཁྲག་སྦྱར་ལ་བྲི༔ གཟའ་ལ་སོགས་པ་བརྩི་མི་དགོས༔ དམ་ཅན་གསོལ་ཞིང་བཅོལ་དམ་བྱ༔ གང་འོས་བལྟབས་ལ་དར་སྣས་དྲིལ༔ ལྕགས་སམ་ཀོ་བའི་ནང་དུ་གཞུག༔ གཡས་ཕྱོགས་ངོས་ཀྱི་རྐེད་ལ་བཏགས༔ རང་དབང་མེད་པར་དབང་དུ་འདུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཙུན་མོ་དབང་དུ་བསྡུ་འདོད་ན༔ ཟངས་ཀྱི་བྱང་བུ་མིག་མེད་ལ༔ མཚལ་དང་བྱང་སེམས་དཀར་པོ་བྱུག༔ ར་ཁྲག་པདྨ་རཀྟ་སྦྱར༔ བྱང་བུའི་དབུས་སུ་མིང་བྲིས་ལ༔ ཐ་མ་ཏྲི་རྣྲི་ཛཿཡིས་བསྐོར༔ དར་དཀར་ཁུག་ཏུ་དྲིལ་བྱས་ཏེ༔ ཟངས་སམ་ལྕགས་ཀྱི་ག་འུར་བཅུག༔ བཛྲ་སཱ་དྷུ་ཆེ་གེ་མོ་ཧྲིཾ་ཧྲིཾ་སྡུས་སྡུས་ཁུག་ཛ༔ ཞེས་པ་བདུན་གྱིས་རབ་གནས་བྱས་ལ༔ རྐེད་པ་གཡོན་དུ་བཏགས་ཏེ༔ ཕྱོགས་བཞིར་ཁ་བལྟས་ནས༔ ཆེ་གེ་མོ་རྣྲི་ཛ་ཛཿ ཞེས་པ་ལན་རེ་བཟླས་པས༔ རང་དབང་མེད་པར་དབང་དུ་འདུ་ངེས་པའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ མི་རིགས་ཕལ་པ་དབང་སྡུད་ན༔ སྨན་ཤོག་དག་ལ་འཁོར་ལོ་ནི༔ རྩིབས་བཞི་མུ་ཁྱུད་གསུམ་དུ་བྲིས༔ ཁྲག་སྣ་སྦྱར་ལ་ལྟེ་བ་ཡི༔ དབུས་སུ་རྣྲི་བྲི་མཐའ་མ་ལ༔ བཛྲ་སཱ་དྷུ་མི་རིགས་ཕལ་པ་དབང་དུ་སྡུས་བྲི༔ རྩིབས་བཞི་ལ༔ བཛྲ་སཱ་དྷུ་ནྲྀ་ཛ༔ ནྲྀ་ཧཱུྃ༔ ནྲྀ་བཾ་ནྲྀ་ཧོ༔ ནྲྀ་སྡུས༔ རྩིབས་མཆན་བཞི་ལ༔ བཛྲ་སཱ་དྷུ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་བྲི༔ མུ་ཁྱུད་ནང་མ་ལ་རྟ་མགྲིན་གྱི་སྔགས་བྲི༔ བར་པ་ལ་ཕྱག་རྡོར་གྱི་སྔགས་བྲི༔ ཕྱི་མ་རྟེན་འབྲེལ་སྙིང་པོ་བྲི༔ སྐར་མ་རྒྱལ་ལ་རབ་གནས་བྱ༔ ལེགས་པར་བལྟབས་ཏེ་སྤོས་དུད་བཏང༔ ར་སྐྱེས་ཁམ་པའི་པགས་པས་བཏུམ༔ མཛོ་མོ་ཤིང་ནི་མཐོ་གསུམ་གྱི༔ རྩེ་ལ་བཏགས་ཏེ་ཕྱག་མཚན་བྱ༔ དེ་མཐོང་ཐམས་ཅད་དབང་དུ་འགྱུར༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ད་ནི་ཟས་ནོར་སྡུད་འདོད་ན༔ ར་སྐྱེས་ཁམ་པའི་པགས་པ་ནི༔ ལེགས་པར་མཉེས་ལ་ཐུལ་བ་དང༔ ཞེང་ནི་སོར་བཞི་དཀྱུས་ཁྲུ་གང༔ དྲས་ཏེ་སྐྱི་ངོས་དག་ལ་ནི༔ འབྲུ་སྣ་རྗེན་འཐག་ཁུ་བ་ལ༔ ར་ཁྲག་སྦྱར་ཏེ་བྲི་ཐབས་ནི༔ སྟོད་སྨད་གཉིས་སུ་འཁོར་ལོ་རྩིབས་བཞི་ལ༔ ལྟེ་བ་མུ་ཁྱུད་གཉིས་དང་བཅས༔ ལྟེ་བར་རྣལ་འབྱོར་པ་བདག་གི་དབང་དུ་ཟས་ནོར་ཐམས་ཅད་སྡུས་ཤིག༔ ཅེས་པ་བྲི༔ རྩིབས་བཞི་ལ༔ ཏྲིའུ་ཨ་ཏྲི་ས་མ་ཡ༔ ཞེས་པ་བྲི༔ རྩིབས་མཆན་བཞི་ལ༔ ནོར་བདག་ཆེན་པོ་སྔོན་གྱི་དམ་ཚིག་ལས་མ་འདའ་ཞིག༔ བྲི༔ མུ་ཁྱུད་ལ༔ འཛམ་གླིང་སྐྱེས་གཅིག་རེ་བ་སྒྲུབས་ཤིག༔ ཅེས་པ་བྲི༔ འཁོར་ལོ་གཉིས་ཀྱི་བར་དུ་ནི༔ དམ་ཅན་གྱི་མཚན་དང་རྣལ་འབྱོར་པའི་མཚན་གཉིས་ཁ་སྤྲད་ལ་བཞག༔ རིང་བལྟབས་སུ་དྲིལ་ལ་སྦ༔ ལྕགས་ཁང་གྲུ་གསུམ་ནང་དུ་གཞུག༔ བཀྲ་ཤིས་བརྗོད་ལ་དར་སྣ་བཏགས༔ ཕྱག་མཚན་དུ་བཟུང་ན་ཟས་ནོར་མི་གསུམ་རང་དབང་མེད་པར་དབང་དུ་འདུའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བདག་འདྲ་པདྨ་འབྱུང་གནས་ངས༔ དབང་སྡུད་མང་དུ་སྦས་ན་ཡང༔ འདི་ནི་གཞན་ལས་ཟབ་པ་སྟེ༔ ཅི་ཕྱིར་སྐྱེས་བུ་ཆེན་པོ་འདིས༔ མི་སྙིང་འཕྲལ་དུ་བསྒྱུར་བའི་ཕྱིར༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ད་ནི་ཉེ་འབྱེད་མན་ངག་བཤད༔ དང་པོ་དཔོན་སློབ་འབྱེད་པ་ལ༔ ཤུག་པ་དང་ནི་ཆུ་ཤིང་ལ༔ བྱང་བུ་སོར་བཞི་ཞེང་ཚད་བྱ༔ ཤུག་པ་ལ་ནི་བླ་མའི་མཚན༔ ཆུ་ཤིང་ལ་ནི་སློབ་མའི་མིང༔ བྲི་བའི་རྫས་ནི་ར་ཁྱིའི་ཁྲག༔ ཕམ་ཁ་གང་ལ་གཏོང་བ་ལ༔ ར་ཡི་ཁྲག་གིས་བྲི་བར་བྱ༔ རོ་ཤིང་བྱང་བུ་གཅིག་ལ་ནི༔ དུག་དང་ཕག་པའི་ཁྲག་སྦྱར་ལ༔ བཛྲ་སཱ་དྷུ་ཆེ་གེ་མོ་འདི་གཉིས་ཤིག་ཁྲོལ་མཁོན་འཛིངས་ཤག་ཕྱེ་ཕྱེ༔ ཞེས་པ་གསུམ་བྲིས་ལ༔ ར་མ་ས་ལམ་ཧཱུྃ་ཕཊ༔ ཅེས་པ་བྲིས་ལ༔ འདི་དབུས་སུ་འོང་བར་བྱས་ཏེ༔ བྱང་བུ་གསུམ་ཡུགས་སའི་སྐྲ་སྐུད་ལ་དཀྱུས་ནས༔ བཙན་རྒོད་གནས་པའི་བྲག་ཟེ་ལ་འཁྲོལ་དུ་གཞུག༔ མྱུར་དུ་མཁོན་པར་འགྱུར་རོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཉིས་པ་རྒྱལ་བློན་འབྱེད་འདོད་ན༔ རྡོ་དཀར་ར་ཡི་ཀླད་པས་བྱུག༔ དེ་ལ་ཕག་པའི་ཁྲག་གིས་ནི༔ རྒྱལ་པོ་དེ་ཡི་མིང་བྲིས་ལ༔ དེ་ཡི་མཐའ་ལ་སྔགས་འདིས་བསྐོར༔ ཛ་ཏི་ཨ་གི་མ་ལ་ཏྲི༔ ཞེས་བྲི༔ རྡོ་ནག་པོ་གཅིག་ལ་གཅན་གཟན་གང་རིགས་ཀྱི་ཀླད་པས་བྱུག༔ དེ་ལ་སྦྲུལ་གྱི་ཁྲག་གིས་ནི༔ བློན་པོའི་མིང་བྲི༔ གཉིས་ཀ་ལ་ཆུས་བྱུག༔ ངན་ཁ་གང་ལ་གཏོང་བ་ལ༔ བོང་བུའི་ཁྲག་གིས་བྱུག༔ རྒྱབ་སྤྲད་དེ་ཀླུ་གནས་པའི་སར་མནན༔ མྱུར་དུ་འབྲལ་བར་ངེས་སོ༔ ཟབ་ས་མ་ཡ་རྒྱ་རྒྱ་རྒྱ༔ མི་དམངས་ཕལ་གྱི་ཉེ་འབྱེད་ནི༔ ཕོ་རོག་འུག་པའི་སྒྲོ་ལ་ནི༔ གང་ཡིན་མིང་རུས་སོ་སོར་བྲི༔ སྲིན་བྱའི་སྒྲོ་ལ་སྔགས་འདི་བྲི༔ ནྲྀ་ཤག་ཚལ་ཤག་ཚལ་ར་ཏི་པ༔ ཞེས་བྲིས་ལ༔ འདི་དབུས་སུ་འོང་བ་བྱས་ཏེ༔ གཡག་གི་རྒྱུས་པའི་སྐུད་པ་ལ་དཀྱུས་ཏེ༔ དམ་ཅན་ལ་བཀའ་བསྒོ་བྱས་ལ༔ རླུང་གིས་བསྐྱོད་དུ་གཞུག༔ ཀུན་ལ་འདི་ཉིད་ཟབ་པ་སྟེ༔ འདི་ཡིས་མི་འབྱེད་གང་ཡང་མེད༔ འགལ་བ་ཆམ་ལ་འབེབ་པ་སྟེ༔ བསྟན་འཛིན་བུ་ལ་སྤེལ་བར་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ད་ནི་ངན་སྔགས་བསྟན་པར་བྱ༔ སྤུ་གྲི་རེག་གཅོད་མན་ངག་ནི༔ རྫས་གསག་སྒྲུབ་པ་ལས་སྦྱོར་ཏེ༔ རྫས་ལ་ཕུང་ཤུལ་ལ་སོགས་པའི༔ ས་སྣ་གང་འཛོམ་བསགས་བྱས་ལ༔ དབེན་པའི་གནས་སུ་ཧོམ་ཁུང་བཅའ༔ ནང་ནི་དུག་ཁྲག་དག་གིས་བྱུག༔ ཁ་ཁྱེར་རོ་སོལ་བྱུག་བྱས་ལ༔ ནང་དུ་དགྲ་ཡི་ལིང་ག་ནི༔ ཡན་ལག་ལྕགས་སྒྲོག་དག་གིས་བསྡམ༔ དཔྲལ་བར་རུས་དང་སྙིང་གར་མིང༔ འདོམས་སུ་ཚེ་དང་བརླ་ལ་བླ་དྭགས་བྲི༔ ཡན་ལག་བཞི་ལ་གཟེར་བཞི་སྡེ༔ དགུག་གཞུག་བྱས་ལ་གཟིར་བར་བྱ༔ དེ་ནི་དགྲ་བོ་དངོས་སུ་བསམ༔ རྫས་ངན་དག་གི་དུད་པས་བདུག༔ ཡུགས་སའི་དོར་རྟའི་ཐུམ་དུ་དྲིལ༔ ཁྱི་ཡི་ཐོད་པའི་ནང་དུ་གཞུག༔ དེ་ནི་མགོ་མཇུག་ལྡོག་ལ་བཞག༔ ཁ་རུ་མོན་པ་ནག་པོ་ནི༔ འདོར་སྟབས་བགྲད་པའི་འཇིགས་ཚུལ་ཅན༔ ལག་ཏུ་གྲི་ལྕགས་མདུང་ཁྱེར་བས༔ དགྲ་བོའི་སྙིང་ལ་གཟིར་བར་བསམ༔ ཡུངས་དཀར་ལ་སོགས་སྐམ་ཐུན་དང༔ དུག་ཁྲག་ལ་སོགས་རློན་ཐུན་དང༔ ཕྱི་ནང་གཏོར་མ་རྣམས་ཀྱང་བཤམ༔ ཕྱི་ནང་མཚམས་ཀྱང་གཞུང་བཞིན་བཅད༔ རྩ་བའི་སྒྲུབ་པ་དག་ལ་ནི༔ སྡེ་བརྒྱད་ཐེབས་ལ་འཇུག་པ་ཤིས༔ དང་པོར་རང་ཉིད་ཡི་དམ་བསྐྱེད༔ རྩ་བའི་སྔགས་ལ་འདི་བཏགས་བཟླ༔ བཛྲ་སཱ་དྷུ་དུ་ཀྲིག་ཀྲིག༔ ཁཾ་ཁཾ༔ ཤཾ་ཤཾ༔ ཆེ་གེ་མོའི་སྲོག་ཆོད་ཧུར་ཐུམས་རྦད་ཕཊ༔ ཅེས་བཟླས་པས་རྨི་ལམ་ལ་ཐོག་མར་ལིངས་བྱེད་པ་སོགས་འབྱུང༔ དེ་ནས་རང་མནལ་ལོག་པའི་སྐབས་སུ་འགྲམ་ལྕག་རྡེག་པ་སོགས་འོང༔ དེ་ནས་ཉམས་དང་རྨི་ལམ་དུ་མགོ་ལག་སྟེར་བ་སོགས་འབྱུང༔ དེ་ནས་རང་ཉིད་རྡོ་རྗེ་ལེགས་པ་སྐུ་མདོག་སྨུག་ནག༔ ཕྱག་གཡས་ཐོ་བ་དང་གཡོན་སྐམ་པ་བསྣམས་པ༔ སྐུ་ལ་མེ་དཔུང་འབར་ཞིང་ཞལ་ནས་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ༔ ཁམས་གསུམ་དབང་དུ་སྡུད་ཅིང༔ སྟོང་གསུམ་གཡོ་འགུལ་བྱེད་པ༔ སྡེ་བརྒྱད་ཐམས་ཅད་ཀྱིས་བཀའ་སྒྲུབ་ཅིང༔ ལས་བྱེད་པ༔ སྲོག་གཅོད་ཀྱི་ཕོ་ཉ་མང་པོས་བསྐོར་ནས་འཕྲལ་དུ་དགྲ་བགེགས་ཀྱི་སྲོག་གཅོད་པར་བསྒོམས་ལ༔ ཐོག་མར་ཐུན་གྱིས་བྲབ༔ དེ་ནས་ཁྱི་ཐོད་ལིང་ག་དང་བཅས་པ་སྐམ་པས་བཟུང་ཞིང་ཐོ་བས་བརྡུང༔ དེ་ནས་བཙན་རྒོད་འཕྲང་ལ་མནན༔ དམ་ཅན་ཉིད་ལ་བསྐང་གསོ་བྱ༔ དགྲ་བོ་ལས་ངན་དེ་ཉིད་ནི༔ ཐལ་བ་རླུང་གིས་ཁྱེར་བ་འམ༔ བྱེ་མའི་རི་ལ་རྒྱུན་ཆད་བཞིན༔ བརླག་པར་འགྱུར་བར་ཐེ་ཚོམ་མེད༔ མ་འོངས་བསྟན་པར་དགྲ་དར་ཚེ༔ སངས་རྒྱས་བསྟན་པའི་སྲུང་མར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་རིག་འཛིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་སྐྱེས་བུ་འགའ་ཡི་དོན༔ ལེགས་པར་བསྒྲུབ་ཕྱིར་དམ་ཅན་རྡོར་ལེགས་ཀྱི༔ ལེགས་ཉེས་རྟགས་འཛིན་མངོན་ཤེས་འཁོར་ལོ་འདི༔ མ་ནོར་གསལ་བ་བསྟན་པའི་ལག་ལེན་ནི༔ ར་དང་བྱི་ལ་སྲེ་མང་སྤྲེ་འུའི་སྙིང༔ ར་ཡི་དབང་པོ་ལྔ་དང་ཨ་མྲྀཏ༔ ཆང་ལ་སྦྱར་ཏེ་ར་ཡི་ཀླད་ཁུང་བླུག༔ ཀླད་ཁུང་བུ་གར་ར་ཡི་ལྕེ་ཡིས་བཀག༔ དེ་ནས་ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིང༔ རང་གི་སྔས་འོག་གྲུ་གསུམ་དོང་དུ་གཞུག༔ ལྕགས་ཀྱུའི་ཕྱག་རྒྱས་དམ་ཅན་དབང་བསྡུས་ལ༔ དམ་ཅན་རྩ་སྔགས་འདི་ཡང་བརྗོད་པར་བྱ༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ བྷག་ཏྲམ་གཤེ་ནི་ཏྲི་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛ་ཛ༔ ཏིང་འཛིན་ལྡན་པས་བདུན་ནམ་ཉེར་གཅིག་བརྗོད༔ འདོད་པའི་དོན་ལ་དམོད་བོར་སྟོན་ཞེས་བརྗོད༔ ཉལ་བས་དངོས་སམ་རྨི་ལམ་དག་ཏུ་ནི༔ གསལ་བར་སྟོན་དེ་བརྟག་པ་ཤིན་ཏུ་ཟབ༔ གཞན་ཕན་སེམས་བསྐྱེད་ཅན་དང་འཕྲད་པར་ཤོག༔ ཅི་གསུང་ཚད་འཛིན་ལྔ་བདུན་བུ་ལ་སྦྱིན༔ དེ་ལས་མང་ན་བསྟན་པའི་སེལ་དུ་འགྱུར༔ སྣོད་ལྡན་བུ་ལ་ལུགས་དང་བསྟུན་ནས་བྱིན༔ ས་མ་ཡ་རྒྱ་རྒྱ་རྒྱ༔ དབང་ཆེན་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ བླ་རྟེན་མདའ་ཡི་པྲ་བརྟགས་བསྟན༔ ས་གཙང་གནས་ལ་སྤོས་ཀྱིས་བདུག༔ མདའ་མོ་རྒོད་སྒྲོ་ཅན་གྱི་ནི༔ ལྟོང་གི་ནང་དུ་གཞུག་རྒྱུ་ལ༔ ཕ་ཝང་ལོང་བུའི་ལོགས་དྲུག་ལ༔ མཚལ་དང་ར་ཁྲག་སྦྱར་བ་ཡིས༔ སྲོག་གི་སྙིང་པོ་ཏྲི་དྲུག་བྲི༔ དར་ཚོན་སྣ་ལྔས་དྲིལ་ལ་གཞུག༔ ལྟོང་གི་ཕྱོགས་བཞི་དག་ལ་ནི༔ ཛཿཧཱུྃ་བཾ་ཧོཿརེ་རེ་བྲི༔ སྒྲོ་སྦྲགས་གསུམ་གྱི་གཅིག་ལ་ནི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ༔ སྲོག་ཏྲི་དུ་ས་མ་ཡ༔ ཞེས་པ་བྲི༔ གཅིག་ལ་བྲི་བའི་རྩ་སྔགས་ནི༔ བཛྲ་སཱ་དྷུ་ས་མ་ཡ༔ དམ་ལ་འདུས་འདུས༔ ཞེས་པ་བྲི༔ གཅིག་ལ་བཅོལ་དམ་བྲི་བ་ནི༔ ཨ་ཇོ་ཆེན་པོ་དམ་ཚིག་ཅན༔ བདག་གིས་ཇི་ལྟར་སྨོད་པ་བཞིན༔ གསལ་བར་སྟོན་ཅིག་ས་མ་ཡ༔ ཞེས་པ་བྲི༔ མདའ་ལ་ལེ་བརྒན་དར་བཏགས་ཏེ༔ ཏྲི་དང་ལྷ་ཡི་ང་རྒྱལ་གྱིས༔ དམ་ཅན་སྤྱན་དྲངས་མདའ་ལ་བསྟིམ༔ མདའ་དེ་དམ་ཅན་དངོས་སུ་བསམ༔ གཏོར་མ་གསེར་སྐྱེམས་སོགས་ཀྱིས་མཆོད༔ ཉལ་བའི་སྔས་མགོར་མདའ་དེ་གཟུག༔ དམོད་བོར་ཉལ་བའི་རྨི་ལམ་དུ༔ རྟགས་ཀྱི་རིམ་པ་གསལ་བར་སྟོན༔ ཡང་ཟབ་གནད་ཀྱི་གདམས་པ་འདི༔ རྡོ་རྗེའི་མིང་ཅན་འཕྲད་པར་ཤོག༔ ས་མ་ཡ༔ ྈྈྈྈྈྈྈྈྈ ྈྈྈ ྈྈྈ ྈྈྈྈྈྈྈ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་སྡེ་བརྒྱད་སྤྱི་གནད་བཞུགས་སོ༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈ གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་འབྱུང་གནས་ངས༔ སྡེ་བརྒྱད་སྒྲུབ་པའི་སྤྱི་གནད་འདི༔ མ་འོངས་བསྟན་པ་སྲུང་ཕྱིར་བཀོད༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ྈྈྈྈྈྈྈྈ དེ་ལ་དང་པོ་བསྟེན་པ་རྣམ་པ་གསུམ་ཤེས་དགོས་ཏེ༔ བྱིན་རླབས་དང་ལྡན་པའི་བླ་མ་བསྟེན༔ དྲག་རྩལ་དང་ལྡན་པའི་དམ་ཅན་བསྟེན༔ ལག་ལེན་དང་ལྡན་པའི་མན་ངག་བསྟེན་ནོ༔ གཉིས་པ་མི་བསྟེན་པ་གསུམ་ཤེས་དགོས་ཏེ༔ བློ་མི་ཕེབ་པའི་སྒྲུབ་ཁང་མི་བསྟེན༔ མི་མཐུན་པའི་གྲོགས་མི་བསྟེན༔ གནད་ཡིག་མི་ཤེས་པར་སྡེ་བརྒྱད་མི་བསྟེན་ནོ༔ གསུམ་པ་མི་འབྲལ་བ་གསུམ་ཤེས་དགོས་ཏེ༔ ལུས་གནད་དང་མི་འབྲལ༔ ངག་བསྙེན་པ་དང་མི་འབྲལ༔ ཡིད་བསྐྱེད་རྫོགས་དང་མི་འབྲལ་ལོ༔ བཞི་པ་མ་མཐོང་བ་གསུམ་ཤེས་དགོས་ཏེ༔ བཅའ་གཞི་མི་དང་བྱ་ཁྱིས་མ་མཐོང་བ༔ རང་གི་གདོང་གཞན་གྱིས་མ་མཐོང་བ༔ གཞན་གྱི་གདོང་རང་གིས་མ་མཐོང་བའོ༔ ལྔ་པ་མ་ཕོག་པ་གསུམ་ཤེས་དགོས་ཏེ༔ བཅའ་གཞིའི་རྫས་ལ་ཉི་མའི་ཟེར་མ་ཕོག་པ༔ བསྒྲལ་མནན་གཏད་པའི་རྫས་ལ་རང་གི་ཁ་རླངས་མ་ཕོག་པ༔ དམ་སེལ་ཅན་དང་མཛེ་ཡུགས་ཀྱི་གྲིབ་མ་མ་ཕོག་པའོ༔ དྲུག་པ་མ་ཐོས་པ་གསུམ་ཤེས་དགོས་ཏེ༔ གསང་བའི་དྲག་སྔགས་ཀྱི་སྒྲ་གཞན་གྱིས་མ་ཐོས་པ༔ ལས་བཞིའི་བསྐུལ་གཞན་གྱིས་མ་ཐོས་པ༔ ཕོ་ཉས་དགྲ་བོ་འགུགས་པའི་སྒྲ་གཞན་གྱིས་མ་ཐོས་པའོ༔ བདུན་པ་མི་འདའ་བ་གསུམ་ཤེས་དགོས་ཏེ༔ སྤྱི་དང་བྱེ་བྲག་གི་དམ་ཚིག་ལས་མི་འདའ༔ སྒྲུབ་ཁང་གི་ཕྱིར་མི་འདའ༔ ལས་གང་ཡིན་གྱི་དམིགས་པ་ལས་མི་འདའ་འོ༔ བརྒྱད་པ་མི་གཏང་བ་གསུམ་ཤེས་དགོས་ཏེ༔ ལུས་གནད་གཅུན་དགོས་ཏེ༔ གང་བདེར་མི་གཏང༔ རིག་པ་ངར་འདོན་དགོས་ཏེ་རྨོངས་པར་མི་གཏང༔ ངག་བཅད་རྒྱུན་ཆགས་དགོས་ཏེ་གྲོགས་ཕྱིར་མི་གཏང་ངོ༔ དགུ་པ་མི་འཁོལ་བ་གསུམ་ཤེས་དགོས་ཏེ༔ སེམས་ཀྱིས་ལུས་མི་འཁོལ༔ ལོང་གཏམ་གྱིས་ངག་མི་འཁོལ༔ དོན་མེད་པར་དམ་ཅན་མི་འཁོལ་ལོ༔ བཅུ་པ་མི་རུང་བ་གསུམ་ཤེས་དགོས་ཏེ༔ བླ་རྡོ་དང་བྲལ་མི་རུང༔ དུས་གཏོར་རྒྱུན་གཏོར་ཆག་ཏུ་མི་རུང༔ མཆོད་བསྟོད་བཅས་སླ་བྱར་མི་རུང་ངོ༔ བཅུ་གཅིག་པ་སྤང་བ་གསུམ་ཤེས་དགོས་ཏེ༔ མི་གཙང་བ་ཐམས་ཅད་སྤང༔ རིགས་ངན་གྱི་བུད་མེད་སྤང༔ མདོར་ན་བག་མེད་ཀྱི་སྤྱོད་པ་ཐམས་ཅད་སྤོང་ངོ༔ བཅུ་གཉིས་པ་གསང་བ་གསུམ་ཤེས་དགོས་ཏེ༔ རང་བསྟེན་པའི་སྲུང་མའི་མིང་དང་རྟེན་རྫས་གཞན་ལ་གསང༔ རང་གི་ལོ་དང་རུས་ཁམས་གཞན་ལ་གསང༔ སྒྲུབ་པའི་དུས་དང་སྒྲུབ་གནས་གཞན་ལ་གསང་བའོ༔ ྈྈྈྈྈྈྈ ལྔ་བདོ་སྙིགས་མའི་དུས་སུ་ནི༔ སངས་རྒྱས་བསྟན་ལ་དགྲ་དར་ཚེ༔ སྤྱི་རུ་སྡེ་བརྒྱད་བསྒྲུབ་པ་དང༔ སྒོས་སུ་རྡོར་ལེགས་བསྒྲུབ་པ་ལ༔ སྤྱི་གནད་འདི་དང་མི་ལྡན་ན༔ སྒྲུབ་བློ་བྱས་ཀྱང་ལས་མི་འགྲུབ༔ རྦད་བསྐུལ་མང་ན་རང་ལ་ལྡོག༔ དེ་བས་སྤྱི་གནད་འདི་ལྡན་པས༔ ནང་དང་གསང་བའི་སྒྲུབ་པ་དང༔ མཐུ་སོགས་དྲག་ལས་གང་ལ་ཡང༔ མི་ཁྱིའི་སྒྲ་སྐད་མེད་པ་འམ༔ དམ་ཅན་ཆགས་པའི་གནས་ཉིད་དུ༔ གྲོགས་མེད་གཅིག་པུར་བསྒྲུབས་ན་འགྲུབ༔ གྲོགས་དང་བཅས་ན་འགྲུབ་པ་དཀའ༔ ལར་ནི་དུས་ཀྱི་ཐ་མ་ལ༔ དྲེགས་པ་སྡེ་བརྒྱད་སྟོབས་རྒྱས་པས༔ སྒྲུབ་ཅིང་ལས་ལ་བསྐུལ་བ་ན༔ རྩ་སྐམ་མེ་མཆེད་རླུང་གཡོས་བཞིན༔ དགྲ་བོ་ཐལ་བའི་རྡུལ་དུ་རློག༔ ྈྈྈྈྈྈྈྈྈྈྈྈྈྈྈྈ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་སྡེ་བརྒྱད་གནད་ཡིག་ངོས་འཛིན་བཞུགས༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ དབང་ཆེན་དྲེགས་འདུལ་སྐུ་ལ་ཕྱག་འཚལ་ལོ༔ དྲེགས་པ་དབང་སྡུད་པདྨ་ཐོད་ཕྲེང་ངས༔ རིག་པའི་རྩལ་དབང་མཆོག་གི་དངོས་གྲུབ་ཐོབ༔ རྡོ་རྗེའི་སྐུ་ཡིས་རྫུ་འཕྲུལ་སྣ་ཚོགས་བསྟན༔ ཁམས་གསུམ་མ་ལུས་དབང་སྡུད་ཟིལ་གྱིས་མནན༔ དུས་གསུམ་སངས་རྒྱས་དབྱེར་མེད་ང་ཉིད་དངོས༔ འཇིག་རྟེན་འདས་དང་མ་འདས་ཆོས་སྐྱོང་རྣམས༔ སྤྲིན་ལྟར་འདུ་ཞིང་ལས་རྣམས་ཐོགས་མེད་སྒྲུབ༔ ཁྱད་པར་དྲེགས་པ་སྡེ་བརྒྱད་འཁོར་བཅས་ཀྱིས༔ སྲོག་སྙིང་ཕུལ་ནས་བྲན་དུ་ཁས་བླངས་པས༔ མ་འོངས་འབྱུང་བ་ལྔ་ཡི་གཏེར་ཆོས་བདག༔ སྐལ་ལྡན་སྐྱེས་བུ་གཏེར་བཏོན་རྣམས་ཀྱི་ནི༔ བཀའ་ལ་ཉན་ཞིང་ཕྲིན་ལས་སྒྲུབ་ན་ཡང༔ སྙིགས་མ་ལྔ་བདོ་བསྟན་པའི་ཐ་མ་ལ༔ བླ་མ་མི་བསྟེན་དབང་ལུང་མན་ངག་མེད༔ ཡིག་སྣ་བསགས་ནས་གྲོང་ཆོག་མདོས་གཏོར་བྱེད༔ བསྙེན་སྒྲུབ་མ་བྱས་འདྲེ་བརྡུང་སྲི་འུ་གསོ༔ ཡེ་ཤེས་ལྷ་ཡི་བསྐྱེད་རྫོགས་མི་ལྡན་པར༔ འཇིག་རྟེན་དྲེགས་པའི་སྲོག་སྔགས་འཆོལ་བར་འདྲེན༔ རང་གི་ཕུང་ལས་རང་གིས་སྒྲུབ་བྱེད་ཅིང༔ བན་སྔགས་རང་གི་སྲོག་ལ་མཚོན་ཆ་འདེབས༔ རིགས་རྒྱུད་མི་འབྱུང་མི་རུངས་སྣ་ཚོགས་འབྱུང༔ མཛེ་ནད་དབང་པོ་ཉམས་དང་སྨྱོ་བ་དང༔ འབོག་ཅིང་འཐབ་འཛིང་མུ་གེ་དམར་ནད་དང༔ མི་རུངས་སྣ་ཚོགས་འཇིག་རྟེན་ཁམས་སུ་འབྱུང༔ དེ་དག་སྐྱོབ་ཅིང་དྲེགས་པ་དབང་དུ་སྡུད༔ སྡེ་བརྒྱད་སྲོག་གི་སྒོ་ལྕགས་འབྱེད་པ་ཡི༔ ལྡེ་མིག་ལག་ལེན་པདྨ་ང་ཡིས་བསྟན༔ མ་འོངས་དོན་དུ་མཚོ་རྒྱལ་ཡི་གེར་ཐོབས༔ ཞེས་གསུངས་ནས་གནད་ཡིག་འདི་རྣམས་གསུངས་སོ༔ སྡེ་བརྒྱད་སྲོག་གི་སྙིང་པོ་ནི༔ མི་གཏོང་འཛིན་པ་སྲོག་ཡིན་ལ༔ རང་དབང་མེད་པ་སྙིང་པོ་ཡིན༔ འདའ་བར་དཀའ་བ་དམ་ཚིག་ལ༔ སྲོག་སོགས་གནད་ཡིག་དྲུག་ཏུ་བཤད༔ དེ་ནས་ལྷ་ཡི་དྲུག་པོ་ནི༔ དེ་ཝ་མིང་ལ་གདུང་ནི་རིགས༔ ཀེའུ་གསང་མཚན་ཤི་ཀ་མཚང༔ ཨ་ནི་སྲོག་གི་སྙིང་པོ་ལ༔ ས་མ་ཡ་ནི་དམ་ཚིག་ཡིན༔ ཚངས་དང་ཁྱབ་འཇུག་མ་ཧཱ་དེ༔ དབང་ཕྱུག་ལ་སོགས་ལྷ་རྣམས་ལ༔ གནད་ཡིག་འདི་ལས་གཞན་མེད་དོ༔ ཀླུ་ཡི་རིགས་ཀྱི་དྲུག་པོ་ནི༔ ནཱ་ག་མིང་ལ་ཙ་ཏ་གསང་མཚན་ཡིན༔ ཧུ་ཡ་རིགས་ལ་ཤུ་ཡ་མཚང༔ ཕུ་ནི་སྲོག་གི་སྙིང་པོ་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ ཀླུ་ཡི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ གནོད་སྦྱིན་རིགས་ཀྱི་དྲུག་པོ་ནི༔ ཡ་ག་མིང་ལ་ཛམ་ནི་གསང་མཚན་ཡིན༔ ཀུ་བེ་ར་ནི་རིགས་ལ་ལེན་ནི་མཚང༔ ཀྵ་ནི་སྲོག་གི་སྙིང་པོ་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ གནོད་སྦྱིན་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ སྲིན་པོའི་རིགས་ཀྱི་དྲུག་པོ་ནི༔ རཀྵ་མིང་ལ་པྲ་མ་གསང་མཚན་ཡིན༔ རུ་ནི་མཚང་ལ་ཏྲ་ནི་རིགས༔ ཏྲི་ནི་སྲོག་གི་སྙིང་པོ་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ སྲིན་པོའི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ མ་མོ་རྣམས་ཀྱི་དྲུག་པོ་ནི༔ མ་མོ་མིང་ལ་ཀ་ལི་རིགས༔ རུ་རུ་མཚང་ལ་ཏྲག་ནི་སྲོག་སྙིང་ཡིན༔ མ་ཧཱ་རུ་རུ་གསང་མཚན་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ མ་མོའི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ བདུད་རྣམས་ཀུན་གྱི་དྲུག་པོ་ནི༔ པྲ་མ་མིང་ལ་དུ་རུ་ཨེ་ཡ་རིགས༔ ཙན་ཏི་མཚང་ལ་བཛྲ་ཐིབས་ནི་གསང་མཚན་ནོ༔ དུ་ཏྲི་སྲོག་གི་སྙིང་པོ་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ བདུད་ཀྱི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ རྒྱལ་པོའི་རིགས་ཀྱི་དྲུག་པོ་ནི༔ གིང་ནི་མིང་ལ་རཱ་ཛ་རིགས༔ བྷ་ག་མཚང་ལ་བཛྲ་གསང་མཚན་ཡིན༔ ཏྲི་ནི་སྲོག་གི་སྙིང་པོ་ལ༔ ས་མ་ཡ་ནི་དམ་ཚིག་གོ༔ རྒྱལ་པོའི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ གིང་གི་དྲུག་པོ་འདི་རྣམས་སོ༔ གིང་ཀ་ར་མིང་རཱ་ཛ་རིགས༔ ཤ་མ་ནི་མཚང་ལ་ཏྲི་ནི་སྲོག༔ ཙ་པ་གསང་མཚན༔ ས་མ་ཡ་ནི་དམ་ཚིག་གོ༔ གིང་གི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ ཐེའུ་རང་རྣམས་ཀྱི་དྲུག་པོ་ནི༔ སཱ་དྷུ་མིང་ལ་ཏྲིའུ་མཚང༔ ཏྲི་དུ་སྲོག་གི་སྙིང་པོ་ཡིན༔ བཛྲ་གསང་མཚན་ཏྲི་ནི་རིགས༔ ས་མ་ཡ་ནི་དམ་ཚིག་གོ༔ ཐེའུ་རང་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ གཤིན་རྗེ་རྣམས་ཀྱི་དྲུག་པོ་ནི༔ ཧྲི་ཏི་མིང་ལ་ཏྲི་སྣ་མཚང༔ ཡ་མེ་གསང་མཚན༔ ཡཀྵ་སྲོག་སྙིང་དུ་རུ་རིགས༔ ས་མ་ཡ་ནི་དམ་ཚིག་གོ༔ གཤིན་རྗེའི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ ཁྱབ་འཇུག་གཟའ་ཡི་དྲུག་པོ་ནི༔ ཀེ་ཏ་མིང་ལ་རཱ་ཧུ་ལ་ནི་མཚང་ཡིན་ནོ༔ ཙ་པ་ཏི་ནི་གསང་མཚན་ལ༔ ཡ་མ་རིགས་ལ་པ་ཤ་སྲོག་སྙིང་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ གཟའ་ཡི་རིགས་རྣམས་གང་ལ་ཡང༔ གནད་ཡིག་འདི་ལས་གཞན་མེད་དོ༔ བཙན་གྱི་རིགས་ཀྱི་དྲུག་པོ་ནི༔ ཨ་ཙ་མིང་ལ་བྷི་ཤུ་མཚང༔ རཱ་ཛ་རིགས་ལ་རུ་ནི་གསང་མཚན་ནོ༔ ཏྲི་ལིང་སྲོག་གི་སྙིང་པོ་ཡིན༔ ས་མ་ཡ་ནི་དམ་ཚིག་གོ༔ རྗེས་ཀྱི་ཁ་བསྒྱུར་དང་བཅས་པ༔ གཅིག་ཏུ་དྲིལ་བས་ལས་རྣམས་འགྲུབ༔ སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀྱི༔ གནད་ཡིག་ངོས་འཛིན་གསང་བའི་རྒྱ༔ པདྨ་ང་ཡིས་ལེགས་བཀོད་ཅིང༔ གསང་བའི་གནས་སུ་གཏེར་དུ་སྦས༔ དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས༔ བདག་གི་ཐུགས་སྤྲུལ་ཞིག་ལ་གཏོད༔ ང་ཡི་བུ་མཆོག་དེ་ཉིད་ཀྱིས༔ དྲེགས་པའི་ཚོགས་རྣམས་དབང་བསྡུས་ནས༔ སངས་རྒྱས་བསྟན་པ་སྲུང་བར་ཤོག༔ ྈྈྈྈྈྈ ཀློང་ཡངས་རྣལ་འབྱོར་འགྲོ་འདུལ་རྡོ་རྗེ་ངས༔ མཁའ་འགྲོའི་ལུང་དང་ཁ་བྱང་ལ་བརྟེན་ནས༔ ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་ནས་བཏོན༔ དབེན་གནས་དཔལ་གྱི་ལྕོག་པོ་དགོན་པར་ཕབ༔ ཡི་གེ་པ་ནི་གསང་སྔགས་ལམ་ཞུགས་པ༔ ཐེག་མཆོག་རྣལ་འབྱོར་འོད་གསལ་རྒྱ་མཚོས་བྲིས༔ སྲུང་མའི་ཚོགས་ཀྱིས་ཕྲིན་ལས་གྲུབ་པར་མཛོད༔ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་སྡེ་བརྒྱད་ལས་ལ་བསྐུལ་བའི་གནད་ཡིག་བཞུགས་སོ༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ངས༔ དྲེགས་པ་སྤྱི་དང་བྱེ་བྲག་གི༔ ལས་ལ་བསྐུལ་བའི་གནད་ཡིག་བཤད༔ དྲེགས་པའི་སྔགས་རྒོད་དྲག་པོ་འདི༔ ཚར་གཅིག་བཟླས་པས་སྡེ་བརྒྱད་རྣམས༔ མེ་འབར་རླུང་གཡོས་ཐོག་འབབ་དང༔ ཆུ་འཁྲུགས་ས་གཡོས་འབྲུག་ལྡིར་ལྟར༔ སོ་སོ་རང་རང་གནས་རྣམས་ནས༔ དབང་དུ་འདུ་ཞིང་ལས་རྣམས་སྒྲུབ༔ དེ་ཕྱིར་སྔགས་རྒོད་འདི་ཉིད་དོ༔ དེ་ཝ་གདུང་ཀེའུ་ཤི་ཀ་ཨ༔ ནཱ་ག་ཙ་ཏ་ཧུ་ཡ་ཤུ་ཡ་ཕུ༔ ཡ་ག་ཛམ་ཀུ་བེ་ར་ལེན་ཀྵ༔ རཀྵ་པྲ་མ་རུ་ཏྲ་ཏྲི༔ མ་མོ་ཀ་ལི་རུ་རུ་ཏྲག་མ་ཧཱ་རུ་རུ༔ པྲ་མ་དུ་རུ་ཨེ་ཡ་ཙན་ཏི་བཛྲ་ཐིབས་དུ་ཏྲི༔ གིང་རཱ་ཛ་བྷ་ག་བཛྲ་ཏྲི༔ གིང་ཀ་ར་རཱ་ཛ་ཤ་མ་ཏྲི་ཙ་པ༔ སཱ་དྷུ་ཏྲིའུ་ཏྲི་དུ་བཛྲ་ཏྲི༔ ཧྲི་ཏི་ཏྲི་སྣ་ཡ་མེ་ཡཀྵ་དུ་རུ༔ ཀེ་ཏ་རཱ་ཧུ་ལ་ཙ་པ་ཏི་ཡ་མ་པ་ཤ༔ ཨ་ཙ་བྷི་ཤུ་རཱ་ཛ་རུ་ཏྲི་ལིང་ས་མ་ཡ༔ འབོད་པ་ལ་ཛཿཛ༔ གནད་དུ་ཟབ༔ རྦད་པ་ལ་བྷྱོ་བྷྱོ༔ གནད་དུ་ཟབ༔ གསད་པ་ལ་ཆེ་གེ་མོའི་ཙིཏྟ་ཕྱུངས་ཕྱུངས༔ གནད་དུ་ཟབ༔ ནད་གདོན་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གནད་དུ་ཟབ༔ ཚེ་དང་བསོད་ནམས་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ གནད་དུ་ཟབ༔ དབང་སྡུད་ལ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ གནད་དུ་ཟབ༔ ཟློག་པ་ལ་རྦོད་གཏོང་བྱད་མ་མཱ་ར་ཡ་ཕཊ༔ གནད་དུ་ཟབ༔ གཞན་ཡང་ཕྲིན་ལས་གང་དགོས་ཚིག་ཏུ་བརྗོད༔ ཐོགས་མེད་འགྲུབ་པར་ཐེ་ཚོམ་མེད༔ བྱེ་བྲག་སོ་སོའི་ལས་བསྐུལ་ལ༔ ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༔ མ་མོ་བདུད་དང་རྒྱལ་པོ་དང༔ གིང་དང་ཐེའུ་རང་གཤིན་རྗེ་དང༔ དྲག་པོ་གཟའ་དང་བཙན་རྒོད་ཀྱི༔ སོ་སོའི་སྔགས་ཀྱི་གཤམ་དུ་ནི༔ ས་མ་ཡ་དང་ཁ་བསྒྱུར་བཅས༔ བཟླས་པ་གནད་དུ་དྲིལ་བ་ནི༔ དྲེགས་པ་སོ་སོར་འདུལ་བ་དང༔ སྒྲུབ་དང་ལས་ལ་བསྐུལ་བ་ལ༔ སོ་སོའི་གནད་ཡིག་གོང་བཞིན་ནོ༔ གནད་ཀྱི་ཡི་གེ་དྲུག་ཚང་ན༔ དྲེགས་པ་ཆེད་དུ་སྒྲུབ་མི་དགོས༔ མིང་ནི་རང་བཞིན་འབོད་པའི་ཚིག༔ རང་རང་སོ་སོས་གོ་བ་ཙམ༔ མཚང་ནི་གསང་ཚིག་བྲུས་པ་སྟེ༔ མི་འོང་བ་ཡི་རང་དབང་མེད༔ གསང་མཚན་རྡོ་རྗེ་སློབ་དཔོན་བཀའ༔ བཀའ་ལས་མི་འདའ་རྣལ་འབྱོར་སྐྱོང༔ སྲོག་ལ་བོས་པས་རང་གིས་རང༔ བསྐུལ་ནས་རང་དབང་མེད་པར་ཡོང༔ རིགས་ནི་ཕ་ཡི་རྗེས་འབྲང་ཏེ༔ ཉེ་བར་འོངས་ནས་ལས་རྣམས་སྒྲུབ༔ དམ་ཚིག་སྔོན་གྱི་ཁས་བླངས་ཡིན༔ དམ་ལས་མི་འདའ་ལས་རྣམས་སྒྲུབ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ བོད་ཡུལ་གངས་ཀྱི་རྭ་བ་འདིར༔ དྲེགས་པའི་སྒྲུབ་སྐོར་མང་སྦས་ཀྱང༔ མིང་དང་མཚང་དང་གསང་མཚན་དང༔ རིགས་དང་སྙིང་པོ་རེ་རེ་ལ༔ བརྟེན་པའི་སྒྲུབ་སྐོར་ཕྱེད་རེ་ཙམ༔ ཀུན་དྲིལ་གནད་ཡིག་སྤྱི་ཆིངས་འདི༔ འདི་མིན་གཞན་ནི་སྦས་པ་མེད༔ འདི་ནི་སྔགས་ཀྱི་གནད་ཡིག་ཡིན༔ དྲག་པོ་རྫས་ཀྱི་གནད་ཡིག་དང༔ འཁོར་ལ་ཟློག་པའི་གནད་ཡིག་དང༔ རྟེན་འབྲེལ་ཐབས་ཀྱི་གནད་ཡིག་རྣམས༔ རྒྱ་བོད་མཚམས་སུ་སྦས་ནས་ཡོད༔ འདི་རྣམས་མ་བུའི་ཚུལ་ཡིན་པས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དུས་ལ་མ་བབ་བར་དུ་ནི༔ རྡོ་རྗེ་ལེགས་པས་གཏེར་འདི་སྲུངས༔ ལྔ་བཅུ་ཁ་རལ་བསྟན་པའི་མཐར༔ ང་ཡི་ཐུགས་སྤྲུལ་གསང་སྔགས་བདག༔ རྡོ་རྗེའི་མིང་འཛིན་ཤེས་རབ་ཅན༔ རྡོ་རྗེ་མཁའ་འགྲོའི་བུ་གཅིག་འབྱུང༔ དེ་ལ་གཏོད་ལ་བསྟན་པ་སྲུངས༔ བཀའ་ལས་མ་འདའ་ས་མ་ཡ༔ ྈྈྈ ྈྈྈྈ ྈྈྈ ྈྈྈྈ ྈྈྈ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པའི་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་རྗེས་གནང་བཞུགས་སོ༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈ ྈྈྈྈྈྈྈྈྈ དཔལ་ཆེན་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ༔ བསྟན་སྲུང་དམ་ཅན་བཛྲ་ཐིག་ལེ་རྩལ༔ སྨུག་ནག་འབར་བ་ཁྲོས་པའི་རྗེས་གནང་ནི༔ ཁོག་དབུབ་ནང་བཞིན་ས་ཡི་བརྟག་བླང་བྱ༔ དབང་དྲག་ས་བསྲེས་སྟེགས་བུ་མདའ་གང་ལ༔ ར་ཁྲག་སྦོལ་བས་ཨུར་སྦྱང་ལེགས་པར་བྱ༔ ཨོཾ་ཨཱཿཧཱུྃ་གིས་ཐིག་ཚོན་བྱིན་གྱིས་བརླབ༔ ཆོས་འབྱུང་དམར་པོ་མུ་ཁྱུད་བསྐོར་བའི་མཐར༔ འཁོར་ལོ་རྩིབས་བཞི་ཕྱོགས་མདོག་བྲིས་པ་ཡི༔ རྩིབས་མཆན་དང་ནི་ཟླ་གམ་དམར་པོ་བྱ༔ འཁོར་ལོའི་ཕྱི་ལ་མུ་ཁྱུད་རིམ་གསུམ་བསྐོར༔ དུར་ཁྲོད་བྱ་དང་གཅན་གཟན་སྣ་ཚོགས་དང༔ དེ་ཡི་ཕྱི་ལ་མེ་རི་འབར་བ་བྲི༔ དེ་ལ་རྗེས་གནང་རྫས་དགོད་རིམ་པ་ནི༔ དབུས་སུ་མཁར་ཐབས་གཏོར་མ་རྒྱན་ལྡན་ལ༔ དམ་ཅན་ཙཀླི་ཕ་ཝང་ལོང་བུ་གཟུག༔ ཟླ་གམ་གསུམ་ལ་སྨན་རཀ་སྦྱར་ཐོད་དང༔ མཆོད་པའི་གཏོར་མ་དམར་གྱིས་བརྒྱན་པ་དང༔ འུག་པའི་སྒྲོ་ཅན་མདའ་དང་མེ་ལོང་དགོད༔ ཤར་གྱི་འཁོར་ལོར་རྡོ་རྗེ་ལྕགས་ཀྱུ་དང༔ ལྷོ་ཡི་འཁོར་ལོར་བུམ་པ་ཞགས་པ་དང༔ ནུབ་ཀྱི་འཁོར་ལོར་ལྕགས་སྒྲོག་རལ་གྲི་དང༔ བྱང་གི་འཁོར་ལོར་མདུང་དམར་ཐོ་བ་རྣམས༔ དངོས་སམ་ཙཀླི་གང་རུང་བཞག་པར་བྱ༔ དེ་ནས་བླ་མ་དང་ནི་ཡི་དམ་དང༔ དམ་ཅན་ཆེན་པོའི་ལས་བྱང་གཞུང་བསྲང་ནས༔ སྤྱན་འདྲེན་མཆོད་བསྟོད་བསྙེན་སྒྲུབ་ཚོགས་འབུལ་བྱ༔ སློབ་མ་གྲལ་འཁོད་ཞུ་བ་འདི་ལྟར་འབུལ༔ ཨེ་མ་ཧོ༔ དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ནི༔ དཔལ་ཆེན་རྟ་མགྲིན་སྐུ་རུ་གསལ་བ་ཡིས༔ བདག་ཅག་དམ་ཆོས་སྒྲུབ་པའི་སྐལ་ལྡན་ལ༔ བསྟན་པ་བསྲུང་ཕྱིར་དམ་ཅན་རྗེས་གནང་ཞུ༔ དེ་ལྟར་ལན་གསུམ་ཞུ་བ་ཕུལ་ནས་ནི༔ བླ་མས་སློབ་མ་རྣམས་ལ་འདི་སྐད་གསུང༔ ཀྱེ་ཧོ༔ སྐལ་ལྡན་མོས་པའི་བུ་རྣམས་ཉོན༔ ཁྱེད་རྣམས་སྐད་ཅིག་རང་རིག་ཧྲཱིཿདམར་ལས༔ དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་འོད་འབར༔ སྤྱན་གསུམ་གློག་དམར་བཞིན་དུ་ཕྱོགས་བཅུར་འཁྱུག༔ རྩ་བའི་ཞལ་ནས་དྲག་པོའི་སྔགས་སྒྲ་སྒྲོག༔ རྟ་ཞལ་ལྗང་གུ་ནམ་མཁའི་དབྱིངས་སུ་འཚེར༔ ཕྱག་གཡས་གྲི་གུག་འབར་བས་དྲེགས་པ་འདུལ༔ གཡོན་པ་ཐོད་ཁྲག་གདུག་པའི་སྙིང་ཁྲག་གསོལ༔ སྡེ་བརྒྱད་བྲན་དུ་འཁོལ་བའི་སྐུར་སྒོམས་ཤིག༔ ཅེས་གསུངས་ནས་བསྐྱེད་རིམ་བསྒོམ་ཞིང་སྙིང་པོ་འདྲེན་དུ་གཞུག༔ དེ་ནས་དམ་ཅན་ཆེན་པོ་སློབ་མའི་སྲུང་མར་རྗེས་སུ་གནང་བ་ནི༔ གཏོར་མ་ཙཀླི་བླ་རྡོ་དང་བཅས་པ་ཐོགས་ལ་འདི་སྐད་དོ༔ ཧྲཱི༔ དཔལ་ཆེན་རྟ་མགྲིན་ཕོ་ཉ་དྲག་རྩལ་ཅན༔ དམ་ཅན་ཆེན་པོ་དམར་ནག་ཐིག་ལེ་རྩལ༔ མཐུ་དང་ནད་ཡམས་ཆོ་འཕྲུལ་བདག་པོ་སྟེ༔ བསྟན་པ་བསྲུང་ཕྱིར་དཔའ་བོ་ཁྱོད་ལ་གཏད༔ བཛྲ་སཱ་དྷུ་ས་མ་ཡ་ཧཱུྃ༔ ཞེས་སློབ་མའི་ལག་ཏུ་གཏད༔ སློབ་མས་བཛྲ་སཱ་དྷུ་ཏྲི་ཏྲི་ཛཿཧོ༔ ཞེས་པས་བླང་ངོ༔ དམར་གཏོར་ལག་ཏུ་གཏད་ལ༔ འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་པའི་ཕྱིར༔ ཤ་ཁྲག་དམར་གྱི་གཏོར་མས་རྟག་ཏུ་མཆོད༔ རྒྱུན་དུ་འབྲལ་མེད་ཕྲིན་ལས་སྒྲུབ་པར་མཛོད༔ བ་ལིཾ་ཏ་ས་མ་ཡེ་ཧཱུྃ༔ སྨན་རག་གི་ཐོད་པ་ལག་ཏུ་གཏད་ལ༔ སྨན་རག་བདུད་རྩི་ནང་གི་མཆོད་པ་འདི༔ རྒྱུན་དུ་མཆོད་ན་སྙིང་ཉེ་དམ་གཙང་ཞིང༔ མི་ནོར་ཟས་གསུམ་དབང་དུ་འདུ་བར་འགྱུར༔ ཨ་མྲྀཏ་ས་མ་ཡ་ཧཱུྃ༔ མདའ་དར་མེ་ལོང་ལག་ཏུ་བཏད༔ དམ་ཅན་ཆེན་པོའི་སྲོག་རྟེན་མདའ་དར་འདི༔ བཟུང་བས་ལས་རྣམས་ཐོགས་པ་མེད་པར་འགྲུབ༔ དྲེགས་པ་དབང་སྡུད་སྲོག་མདའ་རྟེན་དུ་ཚུགས༔ ཏྲི་ས་མ་ཡ་ཧཱུྃ༔ རྡོ་རྗེ་དང་ལྕགས་ཀྱུ་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ་གྱི་ནི༔ ཞི་བའི་ལས་སྒྲུབ་ཕྱག་མཚན་འདི་བཟུང་བས༔ ཞི་བ་ལྷུན་གྲུབ་ལས་རྣམས་འགྲུབ་པར་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ བུམ་པ་དང་ཞགས་པ་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ་གྱི་ནི༔ རྒྱས་པའི་ལས་འགྲུབ་ཕྱག་མཚན་འདི༴ རྒྱས་པའི་ལས་ཀྱིས་དགོས་འདོད་འགྲུབ་པར་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ ལྕགས་སྒྲོག་དང་རལ་གྲི་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ༴ དབང་གི་ལས་འགྲུབ་ཕྱག༴ དབང་གི་ལས་ཀྱིས་ལྷ་མི་དབང་སྡུད་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ མདུང་དམར་དང་ཐོ་བ་གཏད་ལ༔ དམ་ཅན་བཛྲ་ཐིག༴ དྲག་པོའི་ལས་མཛད་ཕྱག་མཚན་འདི་བཟུང་བས༔ དྲག་པོའི་ལས་ཀྱིས་དགྲ་བགེགས་ཚར་ཆོད་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ དེ་ནས་ཕ་ཝང་ལོང་བུ་གཏད་ལ༔ དམ་ཅན་ཆེན་པོའི་བླ་རྡོ་འདི་ཡིན་པས༔ འདི་ནི་སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད༔ དམ་ཅན་ཆེན་པོས་ལུས་དང་གྲིབ་མ་ལྟར༔ སྔགས་འཆང་རྣལ་འབྱོར་འདི་ཡི་སྲུང་མ་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་མཛད་ཅིང༔ གདོན་བགེགས་ལ་སོགས་མི་མཐུན་ཚར་ཆོད་ཅིག༔ མཐུན་པའི་ལས་ཚོགས་མ་གཡེལ་ཁྱེད་ཀྱིས་སྒྲུབས༔ ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབ་པར་གྱིས༔ བཛྲ་སཱ་དྷུ་ས་མ་ཡ་མ་ཧཱ་གྲྀཧྞ་ཧཱུྃ་སྭཱ་ཧཱ༔ ཞེས་བརྗོད་པས་དམ་ལ་གནས་ཤིང་འཁུ་ལྡོག་མི་འབྱུང་ངོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྲུང་མར་བསྙེན་པ་མ་གཏོགས་གཞན་ལ་རྗེས་གནང་མི་བྱའོ༔ ྈྈྈྈྈ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས༔ ལས་བྱང་གནམ་ལྕགས་སྤུ་གྲི་དམར་ལེན་བཞུགས་སོ༔ ༁ྭྃ༁ྭྃ༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ འཁོར་འདས་ཆོས་རྣམས་མ་ལུས་ཤེས༔ ཁྱད་པར་ཞི་རྒྱས་དབང་དྲག་གི༔ སྡེ་བརྒྱད་སྲོག་གི་འཁོར་ལོ་ཤེས༔ དྲེགས་པའི་ཚོགས་ལ་དབང་ཡང་སྒྱུར༔ སྡེ་བརྒྱད་ཚོགས་ཀྱིས་བཀའ་བཞིན་སྒྲུབ༔ དེ་ཡི་ནང་ནས་ཁོལ་ཕྱུང་བ༔ དམ་ཅན་རྡོ་རྗེ་ལེགས་པ་འདི༔ རྣོ་མྱུར་ཐོག་འདྲ་ཟབ་པའི་གནད༔ སྒྲུབ་ཐབས་ཀུན་ལས་ཁྱད་པར་འཕགས༔ ཡང་ཟབ་སྤུ་གྲི་དམར་ལེན་འདི༔ མ་འོངས་སེམས་ཅན་དོན་དུ་བཀོད༔ ལས་ཅན་ཞིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བསྟན་པའི་དོན་གཉེར་རྣལ་འབྱོར་པས༔ བསྟན་པ་བསྲུང་བའི་དོན་ཕྱིར་དུ༔ དམ་ཅན་སྐྱེས་བུའི་སྒྲུབ་ཐབས་ལ༔ མཆོད་རྫས་རྒྱས་པར་བཤམས་བྱས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ སྤྱན་འདྲེན་བཞུགས་གསོལ་མཆོད་གཏོར་འབུལ༔ བསྟོད་བསྐང་ལས་ལ་བསྐུལ་བ་དང༔ ཟློག་པ་བསྔོ་བ་སྨོན་ལམ་གདབ༔ བཀྲ་ཤིས་བརྗོད་པར་བྱ་བ་འོ༔ དེ་ལྟར་ལས་རིམ་བཅུ་པོ་རྣམས༔ མ་ནོར་གནད་དང་ལྡན་པར་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ རྫས་དང་གཏོར་མ་བཤམ་པ་ནི༔ མཁར་ཐབས་བཤོས་བུ་ར་མགོས་བརྒྱན༔ ཕྱོགས་བཞིར་བཤོས་བུ་རེ་རེ་དང༔ མཐེབ་ཀྱུ་བཞི་ཡང་བཞག་པར་བྱ༔ དར་སྣ་རྔ་ཁྲ་སྟག་རས་དང༔ མདའ་དར་མེ་ལོང་བརྒྱན་པ་དང༔ ཡོས་དང་སྲན་མ་ཁུར་བ་དང༔ བུར་སྦྲང་ཞོ་ལ་སོགས་པ་ཡི༔ མཆོད་པའི་ཡོ་བྱད་ཅི་རིགས་བཤམ༔ རྔ་དང་རོལ་མོ་སྦིར་བྱས་ལ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ར་གསུར་བསྲེག་ཅིང་སྤྱན་འདྲེན་བྱ༔ སྤྱན་འདྲེན་ནི༔ ཧཱུྃ༔ རྡོ་རྗེ་འཆང་དང་ཤཱཀ་ཐུབ་བསྟན་པ་ལ༔ རྡོ་རྗེ་འཛིན་དང་པདྨའི་སྤྱན་སྔ་རུ༔ བསྟན་པ་སྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་རྡོར་ལེགས་ཞེས་གྲགས་པའི༔ བཞུགས་པའི་གནས་མཆོག་དམ་པ་ནི༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ འུ་ཡུག་ཤངས་ཀྱི་བྲེ་མོ་ན༔ ལྕགས་མཁར་དགུ་ཐོག་ཟངས་སེ་ཟང༔ གནམ་ལྕགས་ཐོག་ཆེན་ཤ་ར་ར༔ འབྲུག་སྟོང་འུར་སྒྲ་ཆེམས་སེ་ཆེམ༔ གློག་ཆེན་དམར་ནག་ཁྱུགས་སེ་ཁྱུག༔ སེར་བའི་རུ་རྒྱང་ཤ་ར་ར༔ རིམས་ནད་ན་བུན་ཐུ་ལུ་ལུ༔ ཆོ་འཕྲུལ་རླུང་འཚུབ་ཀྱི་ལི་ལི༔ གཅན་གཟན་ངར་སྒྲ་འུ་རུ་རུ༔ སྒྲོལ་གིང་ལས་བྱེད་ལིངས་སེ་ལིང༔ དེ་འདྲའི་གནས་མཆོག་དམ་པ་ན༔ དགྲ་བླ་ཀུན་གྱི་གཙོ་བོ་ནི༔ རྡོ་རྗེ་ལེགས་པ་ཞེས་གྲགས་པ༔ མཐུ་དང་རྫུ་འཕྲུལ་བདག་པོ་ནི༔ སྐུ་མདོག་སྨུག་པོ་འོད་དུ་འབར༔ ཞལ་གདངས་མཆེ་གཙིག་སྤྱན་གསུམ་བསྒྲད༔ དར་བེར་སྔོ་ཁྲ་སྐུ་ལ་གསོལ༔ ཕྱག་གཡས་རྡོ་རྗེ་མདུང་དམར་བསྣམས༔ ཕྱག་གཡོན་དགྲ་སྙིང་དྲོན་མོ་གསོལ༔ དབུ་ལ་ཐང་ཞྭ་དར་རྒྱན་གསོལ༔ རྐེད་ལ་སྟག་རལ་གཟིག་ཤུབས་བཏགས༔ སྟག་རལ་མེ་ལྕེ་ལྷབས་སེ་ལྷབ༔ གཟིགས་ཤུབ་འོད་ཟེར་ཁྲམས་སེ་ཁྲམ༔ ཞབས་ལ་ཧོར་ལྷམ་འབུར་མ་གསོལ༔ ཆིབས་སུ་སེང་གེ་དཀར་མོ་བཅིབས༔ སྐད་ཅིག་ཙམ་ལ་སྟོང་གསུམ་བསྐོར༔ སྡང་བའི་དགྲ་བོ་རྡུལ་དུ་རློག༔ དམ་ཅན་དེ་ཡི་འཁོར་དུ་ནི༔ སྔགས་པའི་ཚོགས་དང་ཁྲོ་བོའི་ཚོགས༔ གིང་ཆེན་སྟག་ཞོན་མགར་ནག་ཚོགས༔ ཝ་ལ་སྤྲེལ་ཞོན་ནད་བདག་ཚོགས༔ རྒྱ་མི་སྤྱང་ཞོན་ཆོ་འཕྲུལ་བདག༔ གཙོ་འཁོར་དཔུང་དང་བཅས་པ་རྣམས༔ ཞལ་ནས་ཁྲག་སྐྱུག་ཤ་ར་ར༔ ཤངས་ནས་ནད་རླུང་འཚུབས་སེ་འཚུབ༔ སྤྱན་ནས་མེ་སྟག་ཁྱུགས་སེ་ཁྱུག༔ སྙན་ནས་འབྲུག་སྒྲ་ཆེམས་སེ་ཆེམ༔ ཁྲོ་གཏུམ་ཞལ་གཅིག་ཕྱག་གཉིས་པ༔ ལ་ལ་དམར་གཏོར་ལིངས་སེ་ལིང༔ ལ་ལ་ཕུར་ཐོགས་ཁྱུགས་སེ་ཁྱུག༔ ལ་ལ་གྲི་ཐོགས་ཤ་ར་ར༔ ལ་ལ་བདུད་ཞགས་ཁྱུགས་སེ་ཁྱུག༔ ལ་ལ་ནད་རྐྱལ་ཕྱ་ར་ར༔ ལ་ལ་དགྲ་སྙིང་སཏྭ་རེ་བསྣམས༔ ལ་ལ་དགྲ་བོ་སྒྲོལ་ལས་བྱེད༔ སྤྲུལ་པ་དཔག་མེད་ཐིབས་སེ་ཐིབ༔ ཡང་སྤྲུལ་ཁྱི་དང་ལྕེ་སྤྱང་ཚོགས༔ སྡང་བའི་དགྲ་ལ་འུ་རུ་རུ༔ དགྲ་བགེགས་སྒྲོལ་བའི་ལས་བྱེད་ཅིང༔ ཨོ་རྒྱན་པདྨའི་བཀའ་བཞིན་དུ༔ ཨོ་རྒྱན་སྒྲུབ་གནས་གཏེར་གནས་དང༔ རྒྱ་བོད་གཙུག་ལག་ལ་སོགས་པ༔ གནས་མཆོག་དམ་པ་གར་བཞུགས་ཀྱང༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ནོ༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དམ་ཅན་རྡོར་ལེགས་གཤེགས་སུ་གསོལ༔ འཛམ་གླིང་སྐྱེས་གཅིག་གཤེགས་སུ༴ རྣལ་འབྱོར་གྲོགས་པོ་གཤེགས༴ དགྲ་བླ་ཆེན་པོ་གཤེགས༴ དགྲ་བོའི་གཤེད་མ་གཤེགས༴ མགར་བ་ནག་པོ་གཤེགས༴ ཆོ་འཕྲུལ་ནད་བདག་གཤེགས༴ ལས་མཁན་མཐུ་ཆེན་གཤེགས༴ གཏེར་བདག་ནོར་བདག་གཤེགས༴ ཕར་འགྲོའི་སྐྱེལ་མ་གཤེགས༴ ཚུར་འོང་བསུ་མ་གཤེགས་སུ་གསོལ༔ ད་ལྟ་ཉིད་དུ་འདིར་བྱོན་ཅིག༔ བཛྲ་སཱ་དྷུ་ཏྲི་ཤུ་ལ་ཛཿཧཱུྃ་བཾ་ཧོ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས༔ མཆོད་ཅིང་བསྟེན་པའི་གནས་འདིར་བཞུགས༔ མཁར་ཐབས་བཤོས་བུ་ཤ་སྣ་དང༔ བདུད་རྩི་སྨན་མཆོད་རཀྟ་དང༔ ར་ཡི་གསུར་ཆེན་རྣམ་ལྔ་དང༔ རྔ་ཁྲ་དར་སྣ་ལ་སོགས་པས༔ དམ་ཅན་འཁོར་བཅས་ཐུགས་དམ་བསྐང༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བཛྲ་སཱ་དྷུ་ཏྲི་ཤུ་ལ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁ་ཧི༔ མ་ཧཱ་རཀྟ་ལ་ཁ་ཧི༔ མ་ཧཱ་ཨ་མྲྀཏ་ལ་ཁཱ་ཧི༔ མ་ཧཱ་པཉྩ་ལ་ཁ་ཧི༔ སརྦ་པཱུ་ཙ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྤྱན་འདྲེན་བཞུགས་གསོལ་གཏོར་ཕུལ་ནས༔ ད་ནི་དགྱེས་པའི་བསྟོད་པ་བྱ༔ ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ལྕགས་མཁར་ལྡེམ་པའི་ནང་ཞིག་ན༔ སྡང་བ་དགྲ་བོའི་གཤེད་མ་སྟེ༔ རྡོ་རྗེ་ལེགས་པ་ཁྱོད་ལ་བསྟོད༔ སྐུ་མདོག་སྨུག་ནག་གློག་བཞིན་འཁྱུག༔ ཕྱག་གཡས་མདུང་དམར་དགྲ་སྲོག་གཟིར༔ ཕྱག་གཡོན་དམ་ཉམས་དགྲ་སྙིང་གསོལ༔ སེང་གེ་དཀར་མོ་ཆིབས་སུ་བཅིབས༔ རྣལ་འབྱོར་དགྲ་བླ་ཁྱོད་ལ་བསྟོད༔ གཙོ་འཁོར་དཔུང་དང་བཅས་པ་ཡིས༔ དམ་ཉམས་དགྲ་བོ་མ་ལུས་ཀུན༔ སྨྱོ་འབོག་ནད་ཡམས་མཚོན་གྱིས་གསོད༔ ཐོག་དང་སེར་བས་ཡུལ་ཁམས་ཕུང༔ དགྲ་བོའི་སྲོག་གཅོད་ཁྱོད་ལ་བསྟོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དཔེ་རྟེན་མཆོད་ཆ་ཟས་ནོར་སོགས༔ ཁྱིམ་མཚེས་ནང་དུ་སོང་གྱུར་ཀྱང༔ རྗེས་སུ་འབྲང་ཞིང་ལྟས་ངན་གཏོང༔ ནོར་བདག་ཆེན་པོ་ཁྱོད་ལ་བསྟོད༔ རྣལ་འབྱོར་བདག་གི་ཀ་ཆ་རྣམས༔ རྩ་ཆུན་གཅིག་དང་ཡོས་སྤར་གང༔ སྦང་མ་སྤར་གང་ཕྱི་རུ་ཡང༔ དཔག་ཚད་བརྒྱར་རྒྱུག་དགྲ་སྲོག་གཅོད༔ ལས་མཁན་མཐུ་ཆེན་ཁྱོད་ལ་བསྟོད༔ དམ་ཅན་ཁྱེད་ཀྱི་འཁོར་དུ་ཡང༔ སྔགས་པ་གཏོར་འཕེན་ཕུར་ཐོགས་བརྒྱ༔ གཤན་པ་གྲི་ཐོགས་སྒྲོལ་གིང་བརྒྱ༔ ཝ་ལ་སྤྲེའུ་ཞོན་ལྟས་ངན་བརྒྱ༔ ཨ་ཙར་སྤྱང་ཞོན་ཆོ་འཕྲུལ་བརྒྱ༔ དམ་ཉམས་སྲོག་གཅོད་སཏྭར་ཐོགས་བརྒྱ༔ དགྲ་བོ་འཆིང་བྱེད་ཞགས་ཐོགས་བརྒྱ༔ དགྲ་བོའི་གཤེད་མ་སྟག་ཞོན་བརྒྱ༔ ཐོག་སེར་བདག་པོ་མགར་ནག་བརྒྱ༔ ཞགས་ནག་ཐོགས་པའི་ལྕེབ་འདྲེ་བརྒྱ༔ ཕོ་ཉ་གཙང་བཙན་རྟ་ཞོན་བརྒྱ༔ དགེ་བསྙེན་བརྒྱ་དང་བརྟན་མ་བརྒྱ༔ ཡང་སྤྲུལ་ཁྱི་སྤྱང་ས་གཞི་གང༔ སྡང་བའི་དགྲ་བོ་དམ་ཉམས་ཀུན༔ སྨྱོ་དང་ལྕེབ་དང་གྲི་རུ་བཀུམ༔ རིམས་དང་རྒྱུ་གཟེར་དམར་ནད་སོགས༔ ལྟས་ངན་སྣ་ཚོགས་གཏོང་བ་ཡི༔ གཙོ་འཁོར་བཅས་ལ་བདག་གིས་བསྟོད༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་བསྟོད་པ་ཚར་བ་དང༔ སྐོང་གསོ་གཏོང་བ་འདི་སྐད་དོ༔ ཀྱཻ༔ གསོན་ཅིག་རྡོ་རྗེ་ལེགས་པའི་ཚོགས༔ གསོན་ཅིག་རྣལ་འབྱོར་བདག་གི་གྲོགས༔ གསོན་ཅིག་གཏེར་བདག་དམ་ཚིག་ཅན༔ གསོན་ཅིག་ལས་མཁན་མཐུ་བོ་ཆེ༔ གསོན་ཅིག་དགྲ་བོའི་གཤེད་མ་སྟེ༔ གསོན་ཅིག་གཙོ་འཁོར་དཔུང་དང་བཅས༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་ནི༔ དོ་ནུབ་རྣལ་འབྱོར་བདག་གིས་བསྐང༔ དོ་ནུབ་མཉེས་པའི་དམ་རྫས་འབུལ༔ དོ་ནུབ་གྲོགས་ཀྱི་མནའ་ཐོ་བྱེད༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ སྔོན་གྱི་མཐུན་རྫས་ཡིན་པའི་ཕྱིར༔ མཁར་ཐབས་བཤོས་བུས་ཐུགས་དམ་བསྐང༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟག་གཏོར་ཆེན་པོས་ཐུགས་དམ་བསྐང༔ རྒྱུན་དུ་མི་འབྲལ་འགྲོགས་པའི་ཕྱིར༔ རྒྱུན་གཏོར་ནར་མས་ཐུགས་དམ་བསྐང༔ བཏུང་བའི་དམ་རྫས་ཡིན་པའི་ཕྱིར༔ ཨ་མྲྀཏ་ཡིས་ཐུགས༴ རྔམས་པའི་དམ་རྫས་ཡིན་པའི་ཕྱིར༔ རཀྟ་དམར་གྱིས་ཐུགས༴ དགྱེས་པའི་དམ་རྫས་ཡིན་པའི་ཕྱིར༔ ར་ཤ་ཁྲག་གིས་ཐུགས༴ ཤངས་ཀྱི་མཆོད་པ་ཡིན་པའི་ཕྱིར༔ ར་ཡི་གསུར་གྱིས་ཐུགས༴ སྤྱན་གྱི་དབང་པོ་ཚིམས་བྱའི་ཕྱིར༔ སྤྱན་གཟིགས་སྣ་ཚོགས་ཐུགས༴ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ སྨྱུག་རྒོད་ཁྲབ་བྱང་རྔ་ཁྲ་དང༔ སྟག་རས་གཟིག་རས་དར་སྣ་དང༔ རིན་ཆེན་སྣ་ལྔས་ཐུགས་དམ་བསྐང༔ འདོད་ཡོན་ཚོགས་ཀྱིས་ཐུགས༴ དམ་ཅན་རྡོར་ལེགས་ཐུགས༴ གཏེར་བདག་ཆེན་པོའི་ཐུགས༴ ལྷ་སྲིན་སྡེ་བརྒྱད་ཐུགས༴ བརྟན་མ་བཅུ་གཉིས་ཐུགས༴ ཡུལ་ལྷ་གཞི་བདག་ཐུགས༴ འཁོར་བཅས་མ་ལུས་ཐུགས༴ དེ་ལྟར་ཐུགས་དམ་བསྐངས་གྱུར་ནས༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་བསྐང་གསོ་བཏང་བྱས་ནས༔ ད་ནི་ལས་ལ་བསྐུལ་བར་བྱ༔ ཀྱཻ༔ འཛམ་གླིང་ཆོས་འཁོར་དབེན་གནས་དང༔ ཨོ་རྒྱན་སྒྲུབ་གནས་གཏེར་གནས་དང༔ རྣལ་འབྱོར་བདག་གི་གནས་མཆོག་འདིར༔ དམ་ཅན་རྡོ་རྗེ་ལེགས་པ་ཞེས༔ མངོན་ཤེས་རྫུ་འཕྲུལ་སྟོབས་ཀྱི་བདག༔ སྲོག་གཅོད་སྒྲོལ་གིང་འཁོར་གྱིས་བསྐོར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བླ་མའི་སྐུ་ལ་བསྡོ་བ་དང༔ རྣལ་འབྱོར་བདག་ལ་སྡང་བ་དང༔ སྐྱེ་བོ་ཡོངས་ལ་འཚེ་བྱེད་པའི༔ བསྒྲལ་བའི་ཞིང་བཅུར་གྱུར་པ་འདི༔ ལོ་ཟླར་མ་བཞག་ད་ལྟ་སྒྲོལ༔ ཁ་ནས་སྙིང་ཁྲག་སྐྱུག་ཏུ་ཆུག༔ འོ་དོད་གནམ་དུ་འབོད་དུ་ཆུག༔ འགོ་བའི་ལྷ་དང་ད་ཕྲོལ་ཅིག༔ མཆན་གྱི་བུ་དང་སྒོ་ཡི་ནོར༔ གཅེས་པའི་སྲོག་དང་ད་ཕྲོལ་ཅིག༔ དམ་ཅན་དམག་དཔུང་དགྲ་ལ་རྒྱུགས༔ སྔགས་པ་གཏོར་འཕེན་དགྲ་ལ་རྒྱུགས༔ བཤན་པ་གྲི་ཐོགས་དགྲ་ལ༴ སྒྲོལ་གིང་སྟག་ཞོན་དགྲ་ལ༴ མགར་ནག་ཐོག་འབེབ་དགྲ་ལ༴ གཙང་བཙན་དམར་པོ་དགྲ་ལ༴ སུམ་བརྒྱ་དྲུག་ཅུ་དགྲ་ལ༴ གཙོ་འཁོར་ཐམས་ཅད་དགྲ་ལ་རྒྱུགས༔ དམ་ཉམས་དགྲ་བོ་སྒྲོལ་ལ་ཤོག༔ ཀྱཻ༔ དམ་ཅན་རྡོར་ལེགས་འཁོར་བཅས་ཀྱིས༔ སྡང་བའི་དགྲ་བོའི་ཡུལ་དེ་རུ༔ ཐོག་དང་སེར་བ་ད་ཐོངས་ཤིག༔ རྒྱ་མི་སྤྱང་ཞོན་ད་ཐོངས་ཤིག༔ ཝ་ལ་སྤྲེལ་ཞོན་ད་ཐོངས་ཤིག༔ སྒོ་ཁྱིས་ཕྱེ་འཐག་ད་ཐོངས་ཤིག༔ སྒྱེད་པོ་སྦྲུལ་འཁྲིལ་ད་ཐོངས་ཤིག༔ བྱ་རོག་སྤྱང་ཞོན་ད་ཐོངས་ཤིག༔ དམ་ཉམས་དགྲ་བོ་ཕུང་བར་མཛོད༔ སྒོ་ཁྱི་ངུ་དང་སྤྱང་ཕོ་ངུ༔ ཝ་མོ་བརྒྱལ་དང་འུག་པ་མཁུན༔ དེ་ལྟར་ལྟས་ངན་སྣ་ཚོགས་ཀྱིས༔ དགྲ་བོའི་ཡུལ་ཁམས་ཕུང་བར་མཛོད༔ བྷྱོ་བྷྱོ་སྡེ་བརྒྱད་དགྲ་ལ་བྷྱོ༔ འགོང་པོའི་སྨྱོ་འབོག་དགྲ་ལ་ཐོངས༔ བཙན་གྱི་རྒྱུ་གཟེར་དགྲ་ལ་ཐོངས༔ མ་མོའི་རིམས་ནད་དགྲ་ལ་ཐོངས༔ དམུ་ཡི་དམར་ནད་དགྲ་ལ་ཐོངས༔ ཀླུ་ཡི་མཛེ་ནད་དགྲ་ལ་ཐོངས༔ མགར་ནག་གཟེར་རྒོད་དགྲ་ལ་ཐོངས༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཀྱིས༔ སྡང་བའི་དགྲ་བོ་སྒྲོལ་ལ་ཤོག༔ བཅོལ་པའི་ལས་འདི་མ་བྱས་ན༔ སྔོན་གྱི་རྒྱལ་བའི་བཀའ་ཡང་བསླུ༔ བར་དུ་ཨོ་རྒྱན་དམ་ལས་འགལ༔ ད་ལྟའི་གསོལ་མཆོད་དོན་རེ་ཆུང༔ དེ་བས་བཅོལ་པའི་ལས་འདི་སྒྲུབས༔ རྣལ་འབྱོར་བདག་གི་བཀའ་མ་བཅག༔ ཕྲིན་ལས་རྣམ་བཞི་གྲུབ་པར་མཛོད༔ དམ་ཅན་སྐྱེས་བུ་འཁོར་བཅས་ཀྱིས༔ བདག་ཅག་དཔོན་སློབ་རྣམས་ཀྱི་ནི༔ ནོར་ལ་གོད་ཁ་ལངས་པ་ཟློག༔ གཞན་གྱི་ངན་སེམས་བསམ་པ་ཟློག༔ ལྟས་ངན་ཡེ་འདྲོག་གློ་བུར་ཟློག༔ མི་མཐུན་བར་ཆད་ཐམས་ཅད་ཟློག༔ མཐུན་པའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ལྟར་ཟློག་པ་ཚར་རྗེས་སུ༔ སྨོན་ལམ་གདབ་པ་ནི༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ བསྟན་པ་བསྲུང་བའི་དོན་ཕྱིར་དུ༔ དམ་ཅན་བསྒྲུབ་ཅིང་ལས་བསྐུལ་བས༔ སངས་རྒྱས་བསྟན་པ་དར་བར་ཤོག༔ བཀྲ་ཤིས་ནི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ དམ་ཅན་རྡོར་ལེགས་གཏེར་བདག་འཁོར་བཅས་ཀྱིས༔ དགྲ་བགེགས་སྒྲོལ་ཞིང་བསྟན་པ་བསྲུང་བ་ཡི༔ བདེ་ལེགས་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག༔ རྡོ་རྗེ་ལེགས་པའི་ལས་བྱང་འདི༔ བདག་འདྲ་པདྨ་འབྱུང་གནས་ངས༔ སངས་རྒྱས་བསྟན་པ་འཛིན་ཕྱིར་དུ༔ སྡེ་བརྒྱད་ཚོགས་ལ་བཀའ་ཡང་བསྩལ༔ ལུང་བསྟན་རྣལ་འབྱོར་བུ་བཞིན་དུ༔ སྐྱོང་བར་ཁས་བླངས་དམ་ཡང་བཅས༔ ཕྲིན་ལས་གང་ལའང་ཐོགས་པ་མེད༔ བསྟན་འཛིན་བུ་ལ་སྨོན་ལམ་བཏབ༔ རིན་ཆེན་ས་ལ་གཏེར་དུ་སྦས༔ བློ་སྟོབས་ཅན་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས༔ དམ་ཅན་ཆེན་པོའི་རྟེན་མདོས་བཞུགས་སོ༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈྈ བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ པདྨའི་ཐུགས་སྲས་ཟབ་གཏེར་བདག༔ དེ་ཡི་བུ་སློབ་བརྒྱུད་བཅས་རྣམས༔ དམ་ཅན་རྒྱུན་དུ་བསྟེན་པ་ལ༔ རྟེན་མདོས་འཛུག་ཐབས་འདི་ལྟར་བྱ༔ སྔགས་འཆང་གནས་པའི་དགོན་པ་རུ༔ ཕྱག་བདར་བྱས་ལ་རྟེན་གསུམ་བཀྲམ༔ རྩ་གསུམ་མཆོད་ཅིང་གསོལ་བ་གདབ༔ སྐར་མ་རྒྱལ་ལ་བབ་པའི་དུས༔ ཁམ་སར་སྨན་སྤོས་ར་ཁྲག་བསྲེས༔ གར་སླ་རན་པའི་འདམ་ས་ནི༔ མི་གས་པ་ཡི་རྫས་དང་བཅས༔ རྡོ་གཡམ་གྲུ་བཞིའི་སྟེང་དུ་ནི༔ མཁར་ཐབས་སྒོ་བཞི་ཡང་ན་གཅིག༔ མཁར་གྱི་རྨང་གདན་ཕྱིར་འབུར་ལ༔ འབུར་དོད་དམ་ནི་བྲིས་པ་ཡི༔ གཡུང་དྲུང་རིས་ནི་འཁོར་མ་ལ༔ ཁ་དོག་མི་འདྲའི་ཚོན་གྱིས་བསྒྱུར༔ མཁར་ནང་མཐིལ་ནི་པད་འདབ་བརྒྱད༔ དེ་སྟེང་འདམ་ལ་བཅོས་པ་ཡི༔ གཡུང་དྲུང་རིས་ཀྱི་དཀྱིལ་དང་ནི༔ ཡན་ལག་བཞི་པོའི་ནང་བྲུས་ལ༔ དེ་ཉིད་བཀབ་པའི་ནང་དུ་ནི༔ རིན་ཆེན་འབྲུ་སྣ་གོས་དར་དང༔ བཀྲ་ཤིས་གཡང་ནི་ཆགས་པ་ཡི༔ ཁང་པ་དང་ནི་ཞིང་རྣམས་ཀྱི༔ ས་སྣ་གང་འཛོམ་རྣམས་དང་ནི༔ གཡང་ཆགས་དུད་འགྲོ་སྣ་ཚོགས་ཀྱི༔ སྤུ་སྣ་རྣམས་ནི་གང་འཛོམ་གསག༔ མཚལ་དང་ར་ཁྲག་བསྲེས་པ་ཡིས༔ འདོད་གསོལ་སྤེལ་ཚིག་གང་དགོས་རྣམས༔ དར་དམར་བྲིས་ལ་ཤུག་པ་འམ༔ སྨྱུག་མ་རྩེ་མོ་ཅན་ལ་དཀྲི༔ མགོ་མཇུག་མ་ནོར་གཡུང་དྲུང་གི༔ ཁོག་པ་ནང་བྲུས་དཀྱིལ་དང་ནི༔ ཕྱོགས་བཞིར་རིགས་པས་དཔྱད་དེ་གཞུག༔ དེ་ཡི་མཐའ་སྐོར་གོང་གི་ནི༔ རིན་ཆེན་ལ་སོགས་རྫས་ཀྱིས་བཀང༔ གཡམ་པ་དག་ལ་སྔགས་འདི་ནི༔ གོང་བཞིན་བྲི་བའི་རྫས་དག་གིས༔ བཛྲ་སཱ་དྷུ་རཏྣ་སིདྡྷི་ཨ་ཧ་ར་ཀརྨ་ཀུ་རུ་ས་མ་ཡ་ཧཱུྃ༔ ཞེས་བྲིས་གཡུང་དྲུང་ལྟོ་བ་ཡི༔ རིན་ཆེན་བང་བ་ཁ་ཡང་བཅད༔ གཞན་རྣམས་འགེངས་འཕྲོའི་ཚུལ་དུ་བཞག༔ དེའི་སྟེང་དམ་ཅན་སེང་ཞོན་ནི༔ མངོན་རྟོགས་དག་དང་མཐུན་པ་རུ༔ ལྡེར་སྐུ་ལེགས་པར་བཞེངས་པའི་ནང༔ གཡུང་དྲུང་རིས་ཀྱི་ནང་རྫས་བཞིན༔ འདོད་གསོལ་རིན་ཆེན་འབྲུ་སྨན་དང༔ གཡམ་པར་བྲིས་པའི་སྔགས་དང་ནི༔ འདོད་ཡོན་རྫས་ཀྱིས་ཁེངས་པར་བྱ༔ མཁར་ནང་དེ་ཉིད་བཞུགས་སུ་གསོལ༔ དེ་ཉིད་མ་འཛོམ་ཙཀླི་འམ༔ དྲིལ་སྒྲུབ་ལ་སོགས་བླ་རྡོ་གཞུག༔ དེ་ཡི་ཕྱོགས་བཞིར་བརྟན་མ་ནི༔ གང་འོས་སྐུ་རེ་བྲིས་ལ་བཞག༔ མཁར་ཐོག་ཕྱི་རུ་འབུར་བའི་པད༔ དཀྱིལ་ནི་རྡོ་རྗེའི་ཕྲེང་བས་བསྐོར༔ དེ་ཡི་མཐའ་ལ་ཐོད་ཁྲ་རིས༔ མཁར་ནང་བྱུང་བའི་ཐོག་ལ་ནི༔ འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ༔ དེ་དབུས་བཙན་བཤོས་དམར་པོའི་རྩེར༔ དམ་ཅན་ཙཀླི་བཙུག་ལ་བཞག༔ ཟུར་བཞིར་བཙན་བཤོས་རེ་རེ་ལ༔ གཙང་བཙན་མགར་ནག་བརྟན་མ་དང༔ སྔགས་པ་རྣམས་ཀྱི་ཙཀླི་གཟུག༔ སྟེང་དུ་སྣ་ཚོགས་དར་གདུགས་ཕུབ༔ མཁར་གྱི་ཕྱོགས་རྣམས་ཤར་དཀར་སོགས༔ ཕྱོགས་མདོག་དག་ཏུ་ཚོན་གྱིས་བསྒྱུར༔ སྒོ་ནི་གཅིག་ལས་མི་བྱེད་ན༔ དམར་པོའི་ཕྱོགས་སུ་སྒོ་མོ་བྱ༔ མཁར་གྱི་ཕྱི་རོལ་ལྕགས་རིས་བསྐོར༔ སྣ་ཚོགས་ཚོན་གྱིས་ཁྲ་བོར་བྱ༔ ལྕགས་རིའི་རྩེ་ལ་བཙན་བཤོས་ནི༔ སྣ་ཚོགས་མདོག་ཏུ་ལེགས་པར་བསྐོར༔ དེ་ལ་བརྟན་མ་བཅུ་གཉིས་དང༔ ཕོ་ཉ་ལས་མཁན་ཙཀླི་གཟུག༔ ལྕགས་རིའི་ཕྱི་རོལ་དག་ལ་ནི༔ སྟག་གཟིག་དོམ་དྲེད་ལྕེ་སྤྱང་དང༔ འཕར་སྤྱང་ཁྱི་དང་སྤྲེ་འུ་དང༔ ཝ་མོ་ཨ་ཙར་ལ་སོགས་པའི༔ སྣ་ཚོགས་གཟུགས་རྣམས་རྒྱུག་པ་དང༔ ཞོན་རྐྱ་ཅན་དང་འཛིང་བ་སོགས༔ རིགས་པས་དཔྱད་པའི་གང་འོས་བཤམ༔ མཁར་ཐབས་རྩེ་ཡི་ཕྱོགས་བཞི་ལ༔ འུག་པ་སྲིན་བྱ་ཁྲ་ལ་སོགས༔ སྣ་ཚོགས་བྱ་ཡི་རིགས་ཀྱང་གཟུགས༔ མཁར་དང་ལྕགས་རིའི་སྒོ་རྣམས་ནི༔ ཤིང་ངམ་དར་རས་འབྱེད་གཅོད་ནི༔ ཆེ་ན་ཤིང་ལ་ཆུང་ན་དར༔ མཁར་དང་ལྕགས་རི་ལ་སོགས་པ༔ འབྱོར་ན་ཕ་ཝང་ལོང་བུས་བརྩིག༔ མ་འབྱོར་གོང་བཞིན་འདམ་ལ་བྱ༔ མཁར་གྱི་སྟེང་འོག་ཕྱོགས་བཞི་རུ༔ ཕ་ཝང་ལོང་བུ་རེ་རེ་ལ༔ ཏྲི་གཉིས་ཛཿཧཱུྃ་བཾ་ཧོཿས་བསྐོར༔ དམ་པར་འཛུག་པ་གལ་ཆེ་འོ༔ སྤྱན་དྲངས་རྟེན་ལ་བཞུགས་སུ་གསོལ༔ ཕྱི་ནང་སྤྱན་གཟིགས་གང་འབྱོར་བཤམ༔ ཚོགས་མཆོད་བསྟོད་པས་མཉེས་པར་བྱ༔ དེ་ཡིས་འབྲལ་མེད་རྒྱུན་དུ་གནས༔ ཕུད་སྐོང་བྱ་ཞིང་ལས་རྣམས་གཞོལ༔ དེ་ལ་འབད་པ་གཙོར་བྱས་ན༔ སྣང་སྲིད་མི་ནོར་ཟས་ཀུན་འདུ༔ རྒྱལ་པོ་ལྟ་བུར་སྟོབས་དང་ནི༔ ལོངས་སྤྱོད་རྒྱས་པར་ཐེ་ཚོམ་མེད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྣལ་ཐགས་བྱ་སྤུའི་རྒྱན་དང་ནི༔ མདའ་ཁྲ་འཕང་ཁྲ་ལ་སོགས་པ༔ བོན་ལུགས་ཡིན་པས་འདིར་མི་དགོས༔ བོན་གྱི་ལུགས་དེ་འཕྲལ་ཤིས་ཀྱང༔ ཟབ་གནད་མེད་པས་ཕུགས་སུ་ནི༔ བཀྲ་མི་ཤིས་པས་བོན་ལུགས་སྤང༔ འཕྲལ་ཕུག་གཉིས་ཀ་བཀྲ་ཤིས་ཕྱིར༔ འཇིག་རྟེན་མཆོད་བསྟོད་ལུགས་སུ་བཀོད༔ བལ་ཡུལ་གླང་བྲག་ཨ་ཐམ་རྒྱ༔ ལས་འཕྲོ་གླིང་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈ ྈྈྈ ྈྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈ ྈྈྈྈ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་གསེར་སྐྱེམས་བཞུགས༔ ༁ྭྃ༁ྭྃ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དཔལ་ཆེན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་ཐོད་ཕྲེང་ངས༔ དམ་ཅན་རྡོ་རྗེ་ལེགས་པ་འདི༔ གསང་སྔགས་བསྟན་པའི་གཉེར་དུ་བསྐོས༔ ཕྲིན་ལས་བཅོལ་ཕྱིར་གསེར་སྐྱེམས་གཅེས༔ དེ་ལ་ཐོག་མར་བཅའ་གཞི་ནི༔ དམ་ཅན་འཁོར་བཅས་འཕྱར་དར་དང༔ རྔ་ཁྲ་དར་སྣ་མེ་ལོང་སོགས༔ སྤྱན་གཟིགས་སྣ་ཚོགས་བཤམས་བྱས་ལ༔ དམ་ལྡན་སྐྱེས་བུ་གསུམ་མམ་ལྔས༔ ཕོད་ཁ་ཐང་ཐེབ་དབུ་རྒྱན་སོགས༔ མཛེས་པའི་ཆས་སུ་ཞུགས་བྱས་ལ༔ ཆང་ཕུད་ཨ་མྲྀཏ་དང་སྦྱར༔ དེ་ལ་ར་ཡི་ཤ་ཁྲག་དང༔ ར་སྙིང་ཕྱེ་མ་ཚོགས་ཕུད་སྟོབ༔ རྔ་དང་རོལ་མོའི་སྒྲ་སྒྲོག་ཅིང༔ ལག་ཏུ་སྨན་ཕོར་ཐོགས་བྱས་ལ༔ ཕྱག་རྒྱ་བསྒྱུར་ཞིང་སྟངས་སྟབས་བྱ༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ རྩ་བ་གསུམ་ལ་སྐྱབས་སུ་མཆིའོ༔ འགྲོ་བའི་དོན་དུ་སེམས་བསྐྱེད་དོ༔ ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ལ་ཧཱུྃ་ཧྲཱིཿཋཱ༔ ཧྲཱི༔ ཟངས་མདོག་དཔལ་རིའི་གནས་མཆོག་ཏུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རིག་འཛིན་དཔའ་བོ་མཁའ་འགྲོས་བསྐོར༔ འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས༔ ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ ཧྲཱི༔ པདྨ་དབང་གི་གཞལ་ཡས་ནས༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་ལ༔ ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སོ་སོ་རང་རང་གནས་མཆོག་ནས༔ ཆོས་སྐྱོང་སྲུང་མ་དམ་ཚིག་ཅན༔ འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ ས་ཕྱོགས་ཡུལ་ཕྱོགས་འདི་ཉིད་དུ༔ སྔོན་ནས་བསྟེན་ཞིང་གསོལ་བའི་ལྷ༔ གཞི་བདག་གཉུག་མར་གནས་པ་ཀུན༔ འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས༔ སྔགས་འཆང་བདག་གི་སྲུང་མ་མཛོད༔ ཀྱཻ༔ རྒྱ་གར་སྟག་གཟིག་ཞང་ཞུང་དང༔ བལ་ཡུལ་བོད་ལ་སོགས་པ་ཡི༔ སྒྲུབ་གནས་གཏེར་གནས་གཙུག་ལག་སོགས༔ ཡིད་དང་མཐུན་པའི་གནས་མཆོག་ནས༔ སྙིང་ཉེ་དམ་གཙང་ལས་མྱུར་བའི༔ རྡོ་རྗེ་ལེགས་པར་མཚན་གསོལ་བ༔ དགྲ་བླ་ཀུན་གྱི་གཙོ་བོ་སྟེ༔ ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ ཀྱཻ༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་སྲུང་མ་དམ་ཚིག་ཅན༔ འདིར་གཤེགས་གསེར་སྐྱེམས་མཆོད་པ༴ རྣལ་འབྱོར་འཁོར་བཅས་བར་ཆད་སྲུངས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ལས་མཁན་མཐུ་བོ་ཆེ༔ འདིར་གཤེགས་གསེར་སྐྱེམས་མཆོད་པ༴ རྣལ་འབྱོར་བདག་གི་དགྲ་བོ་སྒྲོལ༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་རྫུ་འཕྲུལ་བདག་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ དམ་ཉམས་དགྲ་ལ་ལྟས་ངན་ཐོངས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་བདུད་བཙན་ནག་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ བདུད་ཀྱི་ཁྲམ་ཁ་དགྲ་ལ་ཐོངས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་གཙང་བཙན་དམར་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ བཙན་ལིངས་དམར་པོ་དགྲ་ལ་ཐོངས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་དམུ་བདུད་རོལ་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ དམུ་ཡི་ཡམས་ནད་དགྲ་ལ་ཐོངས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་དམག་དཔོན་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ སྡང་བའི་དགྲ་བོ་རྡུལ་དུ་རློགས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ཇག་དཔོན་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ དམ་ཉམས་དགྲ་ལ་ཇག་ཁ་ཐོངས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་རྐུན་མ་ཆེན་མོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ དམ་ཉམས་དགྲ་ཡི་བླ་སྲོག་རྐུས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ནོར་བདག་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ རིན་ཆེན་ནོར་གྱི་དངོས་གྲུབ་སྩོལ༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ཀུན་ལ་དབང་སྒྱུར་ཏེ༔ འདིར་གཤེགས་གསེར་སྐྱེམས༴ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ཟས་ནོར་བདག་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ ཟས་ནོར་དངོས་གྲུབ་བདག་ལ་སྩོལ༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ཟས་དཔོན་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ བདག་ཅག་རྣམས་ལ་ཟས་ནོར་སྩོལ༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ནོར་སྲུང་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ རྣལ་འབྱོར་བདག་གི་དོན་གཉེར་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་བླ་མའི་དམ་ལ་གནས༔ འདིར་གཤེགས་གསེར་སྐྱེམས༴ དཔལ་ལྡན་བླ་མའི་ཉེ་གནས་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་རྣལ་འབྱོར་གྲོགས་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ རྣལ་འབྱོར་བདག་གི་ལས་གྲོགས་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་འཁོར་ལ་མ་ལྟར་བྱམས༔ འདིར་གཤེགས་གསེར་སྐྱེམས༴ བདག་གི་བུ་སློབ་འཁོར་རྣམས་སྐྱོངས༔ བཅོལ་བའི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་སྐུལ་བྱེད་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ འགྲོ་བ་མི་ཡི་སེམས་རྒྱུད་སྐུལ༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ཕར་འགྲོའི་སྐྱེལ་མ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ ལམ་གྱི་འཇིགས་པ་སྲུངས་ལ་སྐྱོབས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ཚུར་འོང་བསུ་མ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ ལམ་གྱི་འཇིགས་པ་སྲུངས་ལ་སུས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ལམ་སྟོན་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ རྣལ་འབྱོར་བདག་གི་ལམ་གྲོགས་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་གཟི་བརྗིད་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ གཞན་ཚོགས་ཟིལ་གནོན་ཕྲིན་ལས་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་སྨྲ་བའི་སེང་གེ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ ཤགས་དང་རྩོད་པ་རྒྱལ་བར་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་ར་སྐྱེས་ཁམ་པའི་བདག༔ འདིར་གཤེགས་གསེར་སྐྱེམས༴ ར་སྐྱེས་ཁམ་པ་རྟེན་དུ་འཛུག༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་གྱི་ལིང་རྟ་ཡི་བདག༔ འདིར་གཤེགས་གསེར་སྐྱེམས༴ གྱི་ལིང་རྟ་ཡི་རྟ་རྫི་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་རྐུན་སྲུང་ཆེན་པོ་སྟེ༔ འདིར་གཤེགས་གསེར་སྐྱེམས༴ རྐུན་སྲུང་ཁྱི་ཡི་ཁྱི་རྫི་མཛོད༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ ཁྱོད་ནི་བརྩེ་གདུང་དམ་ཚིག་ཅན༔ འདིར་གཤེགས་གསེར་སྐྱེམས༴ འགྲོ་བ་མི་ཡི་སེམས་རྒྱུད་སྒུལ༔ གྲགས་པ་འཇིག་རྟེན་ཀུན་ལ་སྒྲོགས༔ ཟས་ནོར་ཐམས་ཅད་དབང་དུ་སྡུས༔ བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ རེས་འགའ་རྗེ་དཔོན་ཚུལ་དུ་སྤྲུལ༔ རྗེ་དཔོན་བཞིན་དུ་ཁྱོད་མཆོད་དོ༔ མཆོད་པའི་ཚེ་ན་རེ་མ་ཆེ༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ རེས་འགའ་སྒྲོལ་གིང་ཚུལ་དུ་སྤྲུལ༔ སྒྲོལ་གིང་བཞིན་དུ་ཁྱོད་རྦད་དོ༔ རྦད་པའི་ཚེ་ན་གདོང་མ་ངན༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ རེས་འགའ་གཡོག་དང་ཁོལ་དུ་སྤྲུལ༔ གཡོག་ཁོལ་བཞིན་དུ་ཁྱོད་འཁོལ་ལོ༔ འཁོལ་བའི་ཚེ་ན་སྒབ་མ་ལྗི༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཕུད་གཏོར་ཞིང་ལས་ལ་བསྐུལ་བས་ཅི་བསམ་འགྲུབ་ཅིང་འཁོར་ལོངས་སྤྱོད་སྙན་གྲགས་རྒྱས་པར་འགྱུར་རོ༔ ྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ངས༔ མ་འོངས་བསྟན་འཛིན་ང་ཡི་བུ༔ ཕྲིན་ལས་ཐམས་ཅད་སྒྲུབ་པའི་ཕྱིར༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ གསེར་སྐྱེམས་ཕྲིན་ལས་ཀུན་འགྲུབ་འདི༔ ལེགས་པར་བཀོད་ནས་གཏེར་དུ་སྦས༔ ལྔ་བཅུ་ཁ་རལ་བསྟན་པའི་མཐར༔ རྡོ་རྗེའི་མིང་ཅན་འཕྲད་པར་ཤོག༔ སྐལ་མེད་རྣམས་དང་མི་འཕྲད་ཅིང༔ གལ་ཏེ་འཕྲད་ཀྱང་ཚེ་སྲོག་བརླག༔ རྡོ་རྗེ་ལེགས་པ་ཁྱོད་ཀྱིས་ནི༔ སྐལ་མེད་རྣམས་ལ་འདི་སྦོས་ཤིག༔ ྈྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ༁ྭྃ༔ ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེའི་བཀའ་སྲུང་དམ་ཅན་རྡོ་རྗེ་ལེགས་པ་གསང་བ་སྲོག་གི་འཁོར་ལོའི་སྒྲུབ་སྐོར་ལས་དམ་ཅན་ཆེན་པོའི་གཏོར་ཟོར་བཞུགས༔ ༁ྭྃ༁ྭྃ༔ ཨོཾ་ཨཱཿཧཱུྃ༔ བདག་ཉིད་པདྨ་འབྱུང་གནས་ངས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་རྣམས་ལ་དགྲ་དར་ཚེ༔ འགལ་བ་ཆམ་ལ་འབེབ་པའི་ཕྱིར༔ དམ་ཅན་ཆེན་པོའི་གཏོར་ཟོར་བསྟན༔ དུར་ཁྲོད་རོ་གཡམ་རྡོ་ཡི་སྟེང༔ སྣ་ཚོགས་ཁྲག་གིས་ཆག་ཆག་གདབ༔ གང་འཛོམ་འབྲུ་ཡི་ཕྱེ་མ་ལ༔ བཙན་བཤོས་བྱས་ཏེ་ཁྲག་གིས་བྱུག༔ རྩེ་ལ་ཨ་ཙར་ཁྲོས་པའི་གཟུགས༔ ཟུར་ལ་སྤྲེ་འུ་ཁྲོས་པའི་གཟུགས༔ འདེབས་ལ་ཝ་མོ་ཁྲོས་པའི་གཟུགས༔ བྲིས་སམ་ཟན་ལ་བཅོས་པ་བཙུག༔ བར་རྣམས་ཡུངས་དཀར་ཡུངས་ནག་དང༔ འཚེ་དང་ཀེ་ཚེ་ཤང་ཚེ་བཙུག༔ དེ་རྣམས་ཁྲག་གིས་ལེགས་པར་བྱུག༔ དེ་ནས་ལས་བྱང་གཞུང་བསྲངས་ཏེ༔ མཆོད་བསྟོད་བསྐང་ཚོགས་རྒྱས་པར་བྱ༔ སྒྲུབ་པའི་བསྙེན་པ་ཐུན་རེ་འབད༔ དེ་ནས་གཏོར་མ་ལམ་ལ་བཏེགས༔ ར་གསུར་བསྲེག་ཅིང་ཆང་ཕུད་གཏོར༔ རོལ་མོ་སྒྲོག་ཅིང་གིང་པ་དང༔ སྔགས་པའི་འཆམ་བསྐོར་དྲག་ཏུ་བྱ༔ དམ་ཅན་འཕྱར་དར་ལ་སོགས་པའི༔ རུ་མཚོན་དམར་ནག་གང་འཛོམ་འཕྱར༔ མ་ཉེས་དཔང་བཙུག་བདེན་པ་བདར༔ ལས་བྱང་བཞིན་དུ་བསྐུལ་ཡང་བྱ༔ དེ་ནས་རུ་མཚོན་གཏོར་མ་སོགས༔ རིམ་བཞིན་དགྲ་བོའི་ཕྱོགས་སུ་བཏང༔ རོལ་མོ་སྒྲོག་ཅིང་འཆམ་སྟབས་བྱ༔ འདི་སྐད་བརྗོད་ཅིང་ལས་ལ་བསྐུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ རྣལ་འབྱོར་བདག་གི་སྲུང་མ་ནི༔ དམ་ཅན་དམར་ནག་ཐིག་ལེ་རྩལ༔ གཙོ་འཁོར་དཔུང་བཅས་ལས་ལ་ཆོས༔ གཏེར་སྲུང་ཆེན་པོ་དུས་ལ་བབ༔ ལས་མཁན་ཆེན་པོ་དུས་ལ་བབ༔ སྒྲོལ་གིང་ཕོ་ཉའི་དུས་ལ་བབ༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ དགྲ་སྲོག་གཅོད་པའི་དུས་ལ་བབ༔ བསྟན་པ་བསྲུང་བའི་དུས་ལ་བབ༔ ཅེས་བརྗོད་གཏོར་མ་སྟེགས་ལ་བཞག༔ སྐབས་འདིར་ལས་བྱང་བཞིན་དུ་བསྐུལ༔ བསྐུལ་གྱི་རྗེས་ལ་གཏོར་མ་ནི༔ དགྲ་ཡི་ཕྱོགས་སུ་གདེངས་བྱས་ལ༔ གཏོར་ཟོར་འཕེན་པ་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ བྷྱོ་བྷྱོ༔ རྩ་གསུམ་ཆོས་སྐྱོང་སྲུང་མ་རྣམས༔ ཟོར་གྱི་དཔུང་དང་ལས་ལ་ཆོས༔ བྷྱོ་བྷྱོ༔ དམ་ཅན་ཁྲོས་པའི་གཏོར་ཟོར་འདི༔ ནམ་མཁའི་ཐོག་ལས་དྲག་ཤུལ་ཆེ༔ གང་ལ་ཕོག་པ་ཐལ་བར་རློག༔ ཕྱོགས་བཅུའི་སྐྱེ་འགྲོ་ཉེས་མེད་ལ༔ དམ་ཅན་ཁྲོས་པའི་ཟོར་མི་འཕེན༔ ཕྱོགས་བཅུར་གནས་པའི་དགྲ་བགེགས་ལ༔ དམ་ཅན་ཁྲོས་པའི་གཏོར་ཟོར་འཕང༔ མགར་ནག་ཁྲོས་པའི་གཏོར་ཟོར་འཕང༔ གཙང་བཙན་ཁྲོས་པའི་གཏོར་ཟོར་འཕང༔ དམུ་བཙན་ཁྲོས་པའི་གཏོར་ཟོར་འཕང༔ བདུད་བཙན་ཁྲོས་པའི་གཏོར་ཟོར་འཕང༔ འཕང་ངོ་དྲེགས་པའི་ཟོར་ཆེན་འཕང༔ སྡང་བའི་དགྲ་བོ་འཁོར་བཅས་ཀྱི༔ སྲོག་གི་སྟེང་དུ་ཟོར་འཕང་ངོ༔ དགྲ་སྲོག་གཅོད་པའི་དུས་ལ་བབ༔ ཅེས་བརྗོད༔ ཟོར་འཕང་ངོ༔ ངན་སྔགས་དང་དམོད་ངན་བརྗོད༔ གཡབ་མོ་དང་ཐལ་མོ་རུ་མཚོན་བརྡབ༔ ཟློག་པ་བྱ་ཞིང་རྦོད་གཏོང་ཕར་ལ་བཟློག་པར་བསམ༔ ནང་དུ་ལོག་ནས་རྗེས་བསྡུ་བཀྲ་ཤིས་བརྗོད༔ དེ་ནས་སྐོང་གསོ་དང་རྦད་བསྐུལ་ལ་བརྩོན་པར་བྱས་པས་མྱུར་དུ་ལས་འགྲུབ་བོ༔ རྟགས་མཚན་བྱུང་དུས་གཏང་རག་མཆོད་བསྟོད་བྱའོ༔ དེ་ལྟར་དྲེགས་པའི་གཏོར་ཟོར་ནི༔ གནམ་ལྕགས་འོད་འཕྲོ་ཞེས་པ་འདི༔ མ་འོངས་དུས་ཀྱི་ཐ་མ་ལ༔ བསྟན་པ་སྲུང་བའི་མཚོན་ཆར་ཤོག༔ སྨོན་ལམ་བཏབ་ནས་གཏེར་དུ་སྦས༔ ལས་འཕྲོ་གླིང་དང་འདི་འཕྲད་ནས༔ སྐལ་ལྡན་རྣམས་ཀྱི་ལས་མཁན་དུ༔ འདི་ཉིད་སྤེལ་ཅིག་ས་མ་ཡ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈ
ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་རྫས་དང་ས་རླུང་མེ་ཡི་ལས་སྦྱོར་རྣམས་ (Volume 52, Text 48)
༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་རྫས་དང་ས་རླུང་མེ་ཡི་ལས་སྦྱོར་རྣམས་བཞུགས་སོ། ། ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་དབང་སྡུད་རྫས་སྒྲུབ་བཞུགས༔ ྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ཏེ༔ རྫས་ཀྱི་སྦྱོར་བས་དབང་སྡུད་ནི༔ རྫས་གསུམ་བཙོད་དང་རྒྱ་སྐག་ཚྭ༔ ཁབ་ལེན་མཚལ་དང་ཆང་རྣམས་སྦྱར༔ རིལ་བུ་བྱས་ལ་ལྷ་མོར་བསྒོམ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ འབུམ་ཕྲག་བཟླས་ལ་སྨོན་ལམ་ནི༔ ཧྲཱི༔ ལྷ་མོ་རིག་བྱེད་མ་ཡི་བདེན་པའི་མཐུས༔ རྫས་ཀྱི་རིལ་བུ་འདི་ནི་སུས་སྤྱོད་པ༔ དེ་རྣམས་བདག་གིས་དབང་དུ་གྱུར་ནས་ཀྱང༔ འདོད་པའི་དོན་ཀུན་མ་ལུས་འགྲུབ་པར་ཤོག༔ ལན་བརྒྱ་བཟླས་ནས་ལྷ་མོ་འོད་ཞུ་བས༔ འོད་ཀྱི་གོང་བུ་ཡུངས་དཀར་འབྲུ་ཙམ་གྱུར༔ རྟེན་འབྲེལ་སྙིང་པོས་ལན་བརྒྱར་བརྟན་བྱས་མཐར༔ བདེན་སྟོབས་བརྗོད་ལ་དོན་དེ་འགྲུབ་གྱུར་ཅིག༔ མང་དུ་བརྗོད་ལ་དེ་ཉིད་དམིགས་བྱར་སྦྱིན༔ དབང་དུ་མ་འདུས་པ་རྣམས་འདུ་བ་དང༔ འདུས་པ་རྣམས་ཀྱང་མི་ལྡོག་ཤིན་ཏུ་ཟབ༔ ས་མ་ཡ་རྒྱ༔ མཆོག་གྱུར་གླིང་པས་ཡེལ་བྲག་ནམ་མཁའ་མཛོད་ནས་གདན་དྲངས་པའོ།། །། ༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་སཱཙྪའི་ལས་སྦྱོར་བཞུགས༔ ྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ནས༔ པདྨ་མཁའ་འགྲོའི་ལས་སྦྱོར་བསྟན༔ དེ་ཡང་ས་སྤྱིན་བཟང་པོ་ཞིག༔ ལྷ་མོ་བསྒྲུབས་པའི་བུམ་ཆུ་ཡིས༔ སྦྲུས་ལ་འབི་འབི་བཟོ་བར་བྱ༔ སཱཙྪ་བཏབ་ལ་འདི་ལྟར་བསམ༔ སཱཙྪ་འོད་དམར་གུར་ཁྱིམ་དུ༔ དབུས་དང་ཕྱོགས་མཚམས་མཆོད་རྟེན་ནི༔ དམར་པོ་དགུ་ཡི་བུམ་པ་རུ༔ མཁའ་འགྲོ་གཙོ་འཁོར་དགུ་པོ་བསྐྱེད༔ ཕྲིན་ལས་བཞིན་དུ་ཞག་བདུན་བསྒྲུབས༔ རིལ་བུ་སྒྲུབ་པའི་ཚུལ་བཞིན་གྱིས༔ བརྟན་ཅིང་བདེན་སྟོབས་སྨོན་ལམ་བྱ༔ ཧྲཱི༔ ཆོས་དབྱིངས་ངང་ལས་སྣ་ཚོགས་སྒྱུ་འཕྲུལ་ལས༔ འཕགས་མ་རིག་བྱེད་ཐུགས་ཀྱི་བྱིན་རླབས་མཐུས༔ རང་བྱུང་མཆོད་རྟེན་འདི་ཉིད་གར་བཞུགས་པའི༔ ས་ཡི་བདག་པོ་རྒྱལ་བློན་འབངས་འཁོར་བཅས༔ སྒོམ་གྲ་བཤད་གྲ་ཆེ་དགུ་ཇི་སྙེད་དང༔ མངའ་རིས་སྡེ་སྲིད་སྐྱེ་བོ་ཕོ་མོ་དང༔ ཁྱད་པར་ཆོས་སྲུང་གནས་བདག་ཡུལ་ལྷ་རྣམས༔ མ་ལུས་བདག་གི་དབང་དུ་འདུ་བར་མཛོད༔ སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོའི་བདེན་པ་ཡིས༔ སྨོན་ལམ་འདི་དག་མྱུར་དུ་འགྲུབ་གྱུར་ཅིག༔ དེ་ཉིད་རི་ཡི་རྩེ་མོར་གཞུག༔ ཡུལ་དེར་གནས་ཚད་དབང་བསྡུས་དམིགས༔ དེ་བཞིན་དུ་ནི་འགྲུབ་པར་འགྱུར༔ ཤིན་ཏུ་ཟབ་པའི་མན་ངག་གོ༔ ས་མ་ཡ་རྒྱ༔ མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་གདན་དྲངས་པའོ།། །། ༁ྃ༔ པདྨ་མཁའ་འགྲོའི་ལས་སྦྱོར་རླུང་འཁོར་བཞུགས༔ ྈྈ པདྨ་མཁའ་འགྲོའི་ལས་སྦྱོར་རླུང་འཁོར་ནི༔ དར་དམར་པོ་ལ་མཚལ་གྱི་པདྨ་འདབ་བརྒྱད་བྲིས༔ དེ་ལ་སྔགས་དགུ་ཚན་རེ་རེའི་མཇུག་ཏུ་སྤེལ་ཚིག་ཤར་མར་བྲིས་ཤིང་དབུས་སྐོར་ལ་སྲོག་ཤིང་ཟངས་ལ་བྱས་པར་ཧྲཱིཿབྲིས་སྔགས་མགོ་ཕྱིར་བསྟན་ལ་ཡར་བལྟ་རུ་བྱ༔ སྲོག་ཤིང་མི་འགུལ་བར་བྱས་ལ་ཚར་གང་ཐོན་བརྩེགས་ལ་རྫ་སྒྲོམ་གྲུ་བཞི་པར་ཕྱོགས་བཞིར་རླུང་སྒོ་བྱས་པའི་ནང་དུ་འཁོར་ལོ་དར་དམར་གྱིས་དྲིལ་ལ་རླུང་གཤོག་བཞི་ལ་ཧྲིཾ་བྲིས་པ་ཐམས་ཅད་ཁ་དོག་དམར་པོར་བྱ༔ ཕྱི་སྒྲུབ་ལྟར་འབུམ་ཕྲག་གཅིག་གིས་བསྒྲུབས་ལ༔ དེ་ཡང་འཁོར་ལོ་ལྷ་ཚོགས་སྒྲོམ་གཞལ་ཡས་ཁང་ཅོད་པན་འོད་ཟེར་དུ་བསྒོམ༔ དེ་ནས་རི་རྩེའམ་རང་གི་གནས་ཁང་ངམ་གཙུག་ལག་ཁང་གི་དབུ་རྩེ་ལྟ་བུར་བཙུགས་ལ་གཞི་བདག་ལ་དཀར་གཏོར་བསྔོ་ཞིང་བདེན་པ་བདར༔ འཁོར་ལོ་ལྷར་བསྐྱེད་ཅིང་མཆོད་བསྟོད་བྱས་ལ་ལྷ་རྣམས་གར་ཐབས་བསྒྱུར་ཞིང་འོད་འཕྲོས་པས་མཐོང་ཞིང་འཛུག་པའི་གནས་དེ་ཐོས་ཚད་དབང་དུ་བསྡུས་པར་བསམ་ཞིང་དེ་ལྟར་སྨོན་ལམ་ཡང་ཡང་བཏབ༔ ཤིན་ཏུ་ཟབ་ལ་གཉན་པས་གསེར་སྲང་གིས་བསླུ་ཞིང་གར་ཐོད་ཐོད་དུ་མི་བྱ་ས་མ་ཡ་རྒྱ༔ ྀཨཚ༔ མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་རིགས་ལྡན་ཌཱ་ཀིའི་གྲོགས་ དང་བཅས་པས་སྤྱན་དྲངས་པའོ།། །། ༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་སྦྱིན་སྲེག་བཞུགས༔ ྈྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ པདྨ་མཁའ་འགྲོའི་ལས་སྦྱོར་ལ༔ ཤིན་ཏུ་མྱུར་བ་འདི་བསྟན་ནོ༔ དུས་ནི་མར་ངོའི་ཚེས་བཅུ་ཡི༔ ཕྱི་དྲོར་སྟེགས་བུ་ཟླ་གམ་སྟེང༔ དབང་གི་ཐབ་ནི་ཟླ་གམ་དབྱིབས༔ རིམ་གཉིས་ལྕགས་ཀྱུས་མཚན་པ་བྲི༔ ནང་དུ་པདྨ་འདབ་བརྒྱད་ལ༔ པདྨའི་ལྕགས་ཀྱུས་མཚན་པ་བྱ༔ ཤིང་དམར་ཟླ་གམ་ཉིད་དུ་བརྩེགས༔ ཡམ་ཤིང་དམར་པོ་པདྨས་མཚན༔ ཤིང་གཉིས་མར་དང་ཆང་གིས་བྲན༔ ཤིང་ཐོག་དམར་པོ་མེ་ཏོག་དམར༔ མཆོད་གཏོར་དམར་པོ་གཟར་བུ་ཟངས༔ ཆས་གོས་དམར་པོ་དག་བྱས་ཏེ༔ ནུབ་ཏུ་ཕྱོགས་ཏེ་པད་སྐྱིལ་བྱ༔ མཆོད་རྫས་ཨོཾ་ཨཱཿཧཱུྃ་གིས་བརླབ༔ ཁྱེ་འུས་མེ་སྦར་རཾ་ཞེས་བརྗོད༔ ཧཱུྃ་གིས་གཡབ་ཅིང་སྭཱ་ཧཱས་གཡོགས༔ ཐབ་ནི་བསང་སྦྱང་མི་དམིགས་ངང༔ ཧྲཱིཿལས་དབང་གི་ཐབ་ཁུང་ནི༔ རིན་ཆེན་ལས་གྲུབ་ཟླ་གམ་ནང༔ རཾ་ལས་མེ་འབར་དེ་དབུས་སུ༔ མེ་ལྷ་ར་ཞོན་ཞལ་གཅིག་དམར༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་འཛིན༔ རྒྱན་ཆས་ཕྲེང་བ་དམར་པོས་མཛེས༔ ཆགས་པའི་ཉམས་ཅན་གནས་གསུམ་གྱི༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ ཨོཾ་ཨགྣ་ཡེ་བཛྲ་ས་མཱ་ཛ༔ ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ་གིས་དགང་བླུག་འབུལ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ མར་ཁུ་ ཡམ་ཤིང་ ཤིང་ཐོག་ མེ་ཏོག་ ཟས་སྣ་རྣམས་ཅི་མང་འབུལ་ཞིང༔ པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ སྦྱར་རོ༔ ཕཊ་ཛ༔ ཡེ་ཤེས་པས་ཤར་ལྷོར་ཕྱག་ཚང་བ་བྱས་ཏེ༔ དམ་ཚིག་པའི་ལྟོ་བར་དཀྱིལ་འཁོར་བསྐྱེད་ཅིང་བཟླས་པའི་བར་ཕྲིན་ལས་གཏང༔ འབྲུ་གསུམ་གྱིས་དགང་བླུག་དང་རྩ་སྔགས་སྤེལ་ཚིག་ཅན་གྱིས་རྫས་རྣམས་བརྒྱ་རྩ་འབུལ་ཞིང་ཕྱི་སྒྲུབ་ལྟར་དམིགས་རིམ་བྱའོ༔ མཐར་སོ་རྩི་དང༔ གོས་བཟང་དམར་པོ་མ་ཉམས་པ་འབུལ་ཞིང་སྨོན་ལམ་འདེབས་པ་ནི༔ ཧཱུྃ༔ བདག་གིས་བསམ་པ་ཐམས་ཅད་མ་ལུས་པ༔ དབང་དུ་འདུ་ཞིང་དོན་ཀུན་འགྲུབ་པའི་ཕྱིར༔ སྲེག་བླུག་ཡེ་ཤེས་མཆོད་སྤྲིན་འདི་འབུལ་གྱིས༔ མྱུར་བ་ཉིད་དུ་བསམ་བཞིན་འགྲུབ་པར་མཛོད༔ ཅེས་གསོལ་མཆོད་བསྟོད་བཤགས་ཤིང་གཤེགས་བསྡུ་བྱ༔ ཕེཾ་ཛཿཧོཿས་མེ་ལྷ་དམ་ཡེ་བསྲེ་ཞིང་མཆོད་བསྟོད་བཤགས་ཤིང་གཤེགས་བསྟིམ་བྱ༔ ས་མ་ཡ་རྒྱ༔ ཞེས་མཆོག་གྱུར་བདེ་ཆེན་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའོ།། །།
རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་གཞུང་་་བར་འཕྱོང་།གཤེགས་གསོལ་དང་། མདོས་ཆིངས་རིན་ཕྲེང་སྨད་ཀྱི་ལས་འཕྱོང་བཅས་ (Volume 43, Text 48)
༄༅། །རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་གཞུང་་་བར་འཕྱོང་།གཤེགས་གསོལ་དང་། མདོས་ཆིངས་རིན་ཕྲེང་སྨད་ཀྱི་ལས་འཕྱོང་བཅས་བཞུགས་པའི་དབུ་ཕྱོགས་ལགས་སོ། ། དབང་ཆེན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ མདོས་ཀྱི་མདུན་བསྐྱེད་དང་མཆོད་པ་བྱིན་རླབས་སྤྱན་འདྲེན་སོགས་གྲུབ་ནས༔ ཡས་སྟགས་གྱེར་བ་ནི་འདི་སྐད་དོ༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ དུང་གི་རི་རབ་ལྡེམ་པ་ན༔ ལྷོ་སྤྲིན་གཏིབས་པའི་གུར་ཁང་དུ༔ འཇའ་ཚོན་འཁྲིགས་པའི་གཞལ་ཡས་སུ༔ ཤེལ་མཁར་དཀར་པོ་ལྡེམས་སེ་ལྡེམ༔ སྤྱན་གཟིགས་ལོངས་སྤྱོད་པུ་རུ་རུ༔ སྒྲ་སྙན་མང་པོ་སི་ལི་ལི༔ ལྷ་མི་ཁྲོམ་ཚོགས་དཔུངས་སེ་དཔུང༔ འཛམ་གླིང་དཀོར་གྱི་བདག་པོ་བཞུགས༔ ཆག་གང་ཙམ་གྱིས་གནམ་མི་སླེབ༔ ཁྲུ་གང་ཙམ་གྱིས་ས་མི་ནོན༔ དེ་ཡི་རྨིང་གཞི་ལྕགས་ལས་བྱས༔ ལྕགས་གཞི་ནག་པོ་ལ༔ འཛེག་ཏེ་སྤྲེལ་མི་འཛེག༔ ལོགས་བཞི་ཤེལ་ལས་བྱས༔ ཤེལ་ལོགས་དཀར་པོ་ལ༔ འཁྱུག་ཏེ་སྦྲུལ་མི་འཁྲིལ༔ ཟུར་བཞི་གཡུ་ལས་བྱས༔ གཡུ་ཟུར་སྔོན་པོ་ལ༔ གཉན་ཏེ་བདུད་མི་གདའ༔ ལྕོག་བཞི་གསེར་ལས་བྱས༔ གསེར་ལྕོག་སེར་པོ་ལ༔ འཚུབ་སྟེ་རླུང་མི་འཕྱོ༔ བད་བཞི་མཐིང་ལ་བྱས༔ མཐིང་བད་སྔོན་པོ་ལ༔ མཐོ་སྟེ་རྒོད་མི་ལྡིང༔ སྒོ་བཞི་དུང་ལས་བྱས༔ དུང་སྒོ་དཀར་པོ་ལ༔ གཏུམ་སྟེ་བཙན་མི་རྒྱུག༔ འཁོར་ཡུག་ལྕགས་ལས་བྱས༔ ལྕགས་རི་དཀར་པོ་ལ༔ དམག་དཔུང་གི་མི་འཇིགས༔ ཀྱེ༔ དེ་འདྲའི་མཁར་གྱི་ཤར་ཕྱོགས་ནས༔ རྟ་དཀར་རྔོག་དམར་དེ༔ འཚེར་དང་ཙེ་རེ་རེ༔ སྐུ་མཁར་ལྷོ་ཕྱོགས་ནས༔ ར་དཀར་རུ་དམར་དེ༔ འབའ་དང་ཏི་རི་རི༔ སྐུ་མཁར་ནུབ་ཕྱོགས་ནས༔ བྱ་དཀར་ཟེ་དམར་དེ༔ ཟེར་དང་ཀྱུ་རུ་རུ༔ སྐུ་མཁར་བྱང་ཕྱོགས་ནས༔ ཁྱི་དཀར་སྣ་དམར་དེ༔ ཟུག་དང་ལྷངས་སེ་ལྷང༔ སྐུ་མཁར་སྒོ་བཞི་ནས༔ སྤྲེལ་དཀར་ངོ་དམར་དེ༔ རྩེ་དང་ལྷངས་སེ་ལྷང༔ སྐུ་མཁར་ཟུར་བཞི་ལ༔ མི་དཀར་ཐོད་དམར་དེ༔ གར་དང་འཁྱུགས་སེ་འཁྱུག༔ སྐུ་མཁར་བར་མཚམས་ལ༔ ལྗོན་ཤིང་བསིལ་གྲིབ་དང༔ ཁྲུས་ཀྱི་རྫིང་བུ་དང༔ མེ་ཏོག་ལྡུམ་ར་དང༔ གཡུ་ཡི་ཆུ་མིག་དང༔ དུང་གི་མཆོད་རྟེན་དང༔ གསེར་གྱི་ལྷ་ཁང་དང༔ ངོ་མཚར་ལྟས་མོས་བསྐོར་བའོ༔ ཀྱཻ༔ དེ་འདྲའི་མངའ་བདག་ཆེན་པོ་ནི༔ ཚངས་པ་དུང་གི་ཐོར་ཚུགས་ཅན༔ པེ་དཀར་དགྲ་བླ་ཆེན་པོ་དེ༔ ཡབ་ལ་དེ་ནི་མཚན་གསོལ་བ༔ གནམ་ལྷ་དེ་ནི་དཀར་པོ་ལགས༔ ཡུམ་ལ་དེ་ནི་མཚན་གསོལ་བ༔ ཀླུ་མོ་དབྱིངས་ཕྱུག་ནོར་འཛིན་མ༔ དེ་གཉིས་བཤོས་ཤིང་འཁྲུངས་པའི་སྲས༔ རྒྱུ་ནི་ཉིན་མཚན་མེད་པར་རྒྱུ༔ ཉིན་མོ་ཉི་མའི་ཟེར་ལ་རྒྱུ༔ མཚན་མོ་མུན་པའི་སྨག་ལ་རྒྱུ༔ རེས་འགའ་གྲིབ་སོ་རྟ་ལ་ཞོན༔ མོ་བཙུན་གཞོན་ནུའི་རྨི་ལམ་དུ༔ སྐྱེས་ཕྲན་གཞོན་ནུར་སྤྲུལ་ཞིང་རྒྱུ༔ སྐྱེས་པ་དར་མའི་རྨི་ལམ་དུ༔ མོ་བཙུན་བཟང་མོར་སྤྲུལ་ཞིང་རྒྱུ༔ སྐྱེས་པ་དར་མའི་སྲོག་ལ་རྒོལ༔ མོ་བཙུན་ཕངས་པའི་སྲིད་ཀྱང་འཕྲོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ཁྱོད་ལ་དེ་རིང་མདོས་འབུལ་ལོ༔ ཁྱོད་ལ་དེ་རིང་ཡས་འབུལ་ལོ༔ ཁྱོད་ལ་དེ་རིང་གླུད་འབུལ་ལོ༔ གཏོ་གླུད་ཡས་སྟགས་འདི་བཞེས་ལ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཀྱཻ༔ ཁྱེད་ཀྱི་དེ་ནི་བཙུན་མོ་བ༔ འབྲོག་ཟ་དེ་ནི་ལྷ་ལྕམ་མ༔ ཕོ་གྱོང་བཟའ་ཡི་རྒྱལ་མོ་མཚོ༔ གཙང་བཟའ་དེ་ནི་སྣ་ཡོན་མ༔ མོ་བཙུན་གཞོན་ནུ་འཁོར་དང་བཅས༔ དེ་རིང་མདོས་དང་ཡས་འབུལ་ལོ༔ མི་ནོར་གཉིས་ཀྱི་གླུད་བཞེས་ཤིག༔ ཀྱཻ༔ ཡབ་གཅིག་གནམ་ལྷ་དཀར་པོ་ལ༔ ཡུམ་གཅིག་ཀླུ་མོ་ནོར་འཛིན་མ༔ ཕྱི་བློན་ནང་བློན་ཕྱག་ཚང་དང༔ ཤན་པ་བཞད་པའི་ཚོགས་བཅས་ལ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ བཞད་དང་ཤགས་ཁ་མ་རྒྱབ་ཅིག༔ ཀྱཻ༔ སྤྲུལ་པ་དམ་ཅན་རྒྱལ་པོ་ལ༔ སྐུ་ཡི་རྒྱལ་པོ་ཉི་སང་པད༔ ཡུམ་ཆེན་འབར་མ་གློག་ཕྲེང་མ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ ཡོན་ཏན་རྒྱལ་པོ་ཀྱེ་ཏེ་རེ༔ གཡུ་ཕྲེང་རྒྱལ་མོ་ཡུམ་དང་བཅས༔ དེ་རིང་མདོས་དང་ཡས་འབུལ་ལོ༔ གསུང་གི་རྒྱལ་པོ་ལ་བསེ་དང༔ བཙུན་མོ་ཟངས་ཀྱི་ཕྲེང་བ་ཅན༔ དེ་རིང་མདོས་དང་ཡས་འབུལ་ལོ༔ ཕྲིན་ལས་རྒྱལ་པོ་སྤྱི་རིང་ཁྲི༔ བཙུན་མོ་དེ་ནི་པད་ཕྲེང་མ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ སྨན་དང་བློན་པོ་ལས་བྱེད་དང༔ རང་རང་འཁོར་གཡོག་བཅས་པ་ལ༔ དེ་རིང་མདོས་དང་གླུད་འབུལ་ལོ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཁྱེད་ཀྱི་ཕྱག་བརྙན་འཁོར་སྲུང་བ༔ དཀར་མོ་སྤྱན་གཅིག་ཡམ་ཤུད་དམར༔ བྱེ་བ་ཁུ་ལེ་ལག་དགུ་པ༔ ཤན་པ་སྐྱེས་བུ་ཕྱི་སྲུང་དང༔ རུ་འདྲེན་བཞི་དང་འཁོར་གཡོག་བཅས༔ སྤྲུལ་པའི་ཚོགས་དང་བཅས་པ་ལ༔ དེ་རིང་མདོས་དང་ཡས་འབུལ་ལོ༔ མི་ནོར་གཉིས་ཀྱི་གླུད་དུ་འབུལ༔ གནོད་པའི་བསམ་ངན་ཞི་བར་མཛོད༔ ཀྱཻ༔ སྲིད་པའི་རྒྱལ་པོ་རྫུ་འཕྲུལ་ཅན༔ སྐྱེས་བུ་འཚོགས་དང་སྤྲུལ་པའི་ཚེ༔ མི་ནི་དཀར་པོ་ལྡེམས་སེ་ལྡེམ༔ རྟ་ནི་དཀར་པོ་ཁྲིགས་སེ་ཁྲིག༔ འོད་དཀར་དེ་ནི་ལྷབས་སེ་ལྷབ༔ སྐྱོགས་དཀར་དེ་ནི་ཏ་ལ་ལ༔ སྡེར་དཀར་དེ་ནི་ཁྲིགས་སེ་ཁྲིག༔ དར་ཟབ་དེ་ནི་མེ་རེ་རེ༔ གོ་ཁྲབ་དེ་ནི་ཉི་ལི་ལི༔ མདའ་མདུང་དེ་ནི་པུ་རུ་རུ༔ རྒྱན་ཆ་དེ་ནི་ན་ར་ར༔ ཁྱེད་ཀྱི་ཆོ་དང་འབྲང་སྨྲོས་པ༔ བབ་ས་གང་གི་ཡུལ་དུ་བབས༔ བབ་ས་རྒྱ་གར་ཡུལ་དུ་བབས༔ རྒྱ་གར་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཤེལ་གིང་དཀར་པོ་ལགས༔ དེ་ནས་ཌཱ་ཀིའི་ཡུལ་དུ་བབས༔ ཌཱ་ཀིའི་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཆེན་པོ་ན་ཞེས་བྱ༔ དེ་ནས་མར་པའི་ཡུལ་དུ་བབས༔ མར་པའི་སྐད་དུ་མཚན་གསོལ་བ༔ གཡའ་སྤང་མཚམས་ཀྱི་སྐྱེས་གཅིག་པོ༔ དེ་ནས་སྲིན་པོའི་ཡུལ་དུ་བབས༔ སྲིན་པོའི་སྐད་དུ་མཚན་གསོལ་བ༔ གླང་གི་རཱ་ཙ་ཞེས་ཀྱང་བྱ༔ དེ་ནས་མེ་ཉག་ཡུལ་དུ་བབས༔ མེ་ཉག་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཟླ་བ་ཞེས་ཀྱང་བྱ༔ དེ་ནས་བལ་པོའི་ཡུལ་དུ་བབས༔ བལ་པོའི་སྐད་དུ་མཚན་གསོལ་བ༔ ས་ཡི་རཱ་ཙ་ཞེས་ཀྱང་བྱ༔ དེ་ནས་རྒྱ་ནག་ཡུལ་དུ་བབས༔ རྒྱ་ནག་སྐད་དུ་མཚན་གསོལ་བ༔ འདུ་ན་རཱ་ཙ་ཧ་ཞེས་བྱ༔ དེ་ནས་ཧོར་གྱི་ཡུལ་དུ་བབས༔ ཧོར་གྱི་སྐད་དུ་མཚན་གསོལ་བ༔ རཱ་ཙ་ཤིང་བྱ་དཀར་པོ་ཞེས་ཀྱང་བྱ༔ དེ་ནས་བོད་ཡུལ་དབུས་སུ་བབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསམ་ཡས་དཀོར་སྲུང་མངའ་གསོལ་ཕྱིར༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྡོ་རྗེ་དབྱིངས་ཀྱི་དབང་བསྐུར་ནས༔ དམ་ཚིག་བསྲུང་བར་ཁས་བླངས་ནས༔ དཔལ་གྱི་བསམ་ཡས་དཀོར་སྲུང་བསྐོས༔ ཁྱེད་ལ་མདོས་དང་ཡས་འབུལ་ལོ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཕྱག་ཏུ་དེ་ནི་གསེར་འབུལ་ལོ༔ མགུལ་དུ་དེ་ནི་སྐྱེམས་དྲང་ངོ༔ ཚེ་ལ་བར་ཆད་མ་བྱེད་ཅིག༔ སྲོག་ལ་ཧུར་ཐུམས་མ་བྱེད་ཅིག༔ གློ་བུར་ཡེ་འདྲོག་མ་གཏང་ཞིག༔ བརྒྱལ་ནད་སྨྱོ་འབོག་མ་གཏང་ཞིག༔ མིག་ནད་ལིང་ཏོག་མ་གཏང་ཞིག༔ སོ་ནད་སྲིན་བུ་མ་གཏང་ཞིག༔ ཨོག་ནད་གག་པ་མ་གཏང་ཞིག༔ མི་ལ་ན་ཚ་མ་གཏང་ཞིག༔ ནོར་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་སེར་བ་མ་གཏང་ཞིག༔ ཞོ་ཆང་སྐྱུར་ལ་མ་གཏང་ཞིག༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཀྱེ༔ ཁྱེད་ལ་བཙུན་མོ་བརྒྱ་མངའ་ཡང༔ ནང་གི་ཐུགས་སུ་བྱུང་བ་ནི༔ ཤར་གྱི་དཀར་མོ་སྤྱན་གཅིག་མ༔ ཉིན་མོ་དེ་ནི་ལྕམ་དང་འབྲེལ༔ མཚན་མོ་དེ་ནི་སྟོང་དང་བསྟེན༔ ཁྱོད་ལ་མདོས་དང་ཡས་འབུལ་ལོ༔ མི་དང་ནོར་གྱི་གླུད་བཞེས་ཤིག༔ ཀྱཻ༔ ཁྱེད་ལ་བློན་པོ་སྟོང་མངའ་ཡང༔ ཕྱག་བརྙན་རཱ་ཙ་དམར་པོ་འདི༔ ཉི་མ་བྱང་ཤར་ཕ་ཀི་ན༔ མཆོང་མཁར་སྨུག་པོའི་ནང་ཤེད་ནས༔ ཡམ་ཤུད་དམར་པོ་ཞེས་ཀྱང་བྱ༔ ཡབ་ནི་གནོད་སྦྱིན་ཀུ་བེ་ར༔ ཡུམ་ནི་ཨེ་ཀ་ཛཱ་ཏི་མ༔ དེ་གཉིས་བཤོས་པའི་རྫུ་འཕྲུལ་ལས༔ བཙན་འགོང་དམར་པོ་གཅིག་ཏུ་བྱུང༔ ར་ལྤགས་ཁམ་པའི་ཐུལ་པ་གསོལ༔ གླང་ལྤགས་སྐྱ་བོའི་གོ་ལག་ཅན༔ གཡུ་ཡི་སྐུ་རག་སྔོན་པོ་ལ༔ གསེར་གྱི་དྲིལ་ཆུང་སི་ལི་ལི༔ ཕྱག་ན་རྒྱ་སཏྭ་ཧབ་ཆེན་བསྣམས༔ གཡུ་བྲན་མང་པོ་ལུས་ལ་བརྒྱན༔ ཐམས་ཅད་ཡིད་ལ་སྒྱུར་བྱེད་པ༔ ཁྱེད་ནི་ཆས་ཤིང་སྤྲུལ་པའི་ཚེ༔ མི་ནི་དམར་པོ་སྤྱན་གཅིག་གིས༔ གཡག་རྒོད་ཁམ་པ་ཆིབས་སུ་འཆིབ༔ ཟངས་ཞགས་དམར་པོ་གླད་ན་གཡུག༔ སྟོང་ཁམས་ཀུན་གྱི་བླ་སྲོག་ཟ༔ ལན་གཅིག་གནམ་ལ་ཐུག་ཙམ་ན༔ སད་དང་སེར་བ་གཏོང་བར་བྱེད༔ ལན་གཅིག་ས་ལ་ཉུལ་ཙམ་ན༔ བཙའ་དང་འབུ་སྲིན་གཏོང་བར་བྱེད༔ ཁྱོད་ལ་མདོས་དང་ཡས་འབུལ་ལོ༔ མི་དང་ནོར་གྱི་གླུད་འབུལ་ལོ༔ བསམ་ངན་གདུག་རྩུབ་ཞི་བར་མཛོད༔ ཀྱཻ༔ ཁྱེད་ཀྱི་བཙུན་མོ་དགྱེས་པའི་ཡུམ༔ ནང་གི་ཐུགས་སུ་བྱུང་བ་ནི༔ ཤར་གྱི་དམར་མོ་མིག་གཅིག་མ༔ སྟག་ལ་ཞོན་ནས་དྲེད་མོ་ཁྲིད༔ གཡས་ན་སྟག་སྨན་མཆོང་ཞིང་རྒྱུག༔ གཡོན་ན་སྦྲུལ་ནག་ཁྲིད་ཅིང་རྒྱུག༔ ཉིན་མོ་དེ་ནི་ལྕམ་དང་འབྲེལ༔ མཚན་མོ་དེ་ནི་སྟོང་དང་སྡེབ༔ སྲིད་པའི་རྒྱལ་མོ་རྫུ་འཕྲུལ་ཅན༔ ཁྱེད་ཀྱི་ཕྱག་ཏུ་གླུད་འབུལ་ལོ༔ མགུལ་དུ་བདུད་རྩི་སྐྱེམས་དྲང་ངོ༔ མདོས་དང་ཡས་དང་གླུད་བཞེས་ཤིག༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་མ་གཏང་ཞིག༔ གནོད་སེམས་གདུག་རྩུབ་ཞི་བར་མཛོད༔ གཞན་ཡང་མདོས་ཀྱི་བདག་པོ་དང༔ ཤར་གྱི་སྐྱ་མ་སྐྱ་དྲངས་དང༔ འབྱུང་པོ་ཁུ་ལེ་ལག་དགུ་དང༔ སྲིད་པའི་གནམ་ཐིལ་དཀར་པོ་དང༔ གདུག་པའི་ས་ཐིལ་ནག་པོ་དང༔ གནོད་སྦྱིན་ལྷོག་པ་སྤུན་དགུ་དང༔ ཡ་ཚ་དཀར་པོ་ལ་སོགས་པ༔ ཡབ་ཡུམ་ལྕམ་དྲལ་སྲས་དང་བཅས༔ གར་གིང་སྔགས་པ་མོ་བཙུན་དང༔ དགེ་སློང་མོན་པ་ཨ་ཙ་ར༔ ཉན་ཐོས་བྱིས་པ་འབག་སེང་བཅས༔ དཔོན་གཡོག་འཁོར་དང་བཅས་པ་ལ༔ ཕྱག་ཏུ་དེ་ནི་གླུད་འབུལ་ལོ༔ མགུལ་དུ་དེ་ནི་སྐྱེམས་འདྲེན་ནོ༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་མ་གཏང་ཞིག༔ ཚེ་ལ་བར་ཆད་མ་གཏང་ཞིག༔ སྲོག་ལ་ཧུར་ཐུམས་མ་གཏང་ཞིག༔ གློ་བུར་ཡེ་འདྲོག་མ་གཏང་ཞིག༔ བརྒྱལ་ནད་སྨྱོ་འབོག་མ་གཏང་ཞིག༔ ཞོ་ཆང་སྐྱུར་ལ་མ་གཏང་ཞིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ ཡོ་བ་སྲོངས་ལ་ཆད་པ་མཐུད༔ གས་པ་སྦྱོར་ལ་རལ་བ་དྲུབས༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་འབྲུ་རིགས་ཕྱེ་མར་ཟས་ཕུད་ཆང་ཕུད་ལ་སོགས་མཆོད་ལ༔ བཀའ་བསྒོ་བ་ནི༔ ཀྱེ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས༔ མདོས་འདི་འབུལ་བ་ཕྱིན་ཆད་ནས༔ གདུག་སེམས་སྦྱོར་བ་ངན་པ་ཡི༔ ཞང་བློན་དྲ་མར་མ་བརྫུ་ཞིག༔ བུ་ཆུང་མཛེས་པར་མ་བརྫུ་ཞིག༔ མོ་བཙུན་བག་མར་མ་བརྫུ་ཞིག༔ སྐྱེས་པ་དར་མར་མ་བརྫུ་ཞིག༔ བོན་པོ་དབལ་རུ་ཅན་དུ་མ་བརྫུ་ཞིག༔ རྟ་དཀར་གསེར་སྒ་ཅན་དུ་མ་བརྫུ་ཞིག༔ སྔོན་པོ་གཡུ་སྒ་ཅན་དུ་མ་བརྫུ་ཞིག༔ སེར་པོ་གསེར་སྲབ་ཅན་དུ་མ་བརྫུ་ཞིག༔ དམར་པོ་གཟིག་དོམ་ཅན་དུ་མ་བརྫུ་ཞིག༔ ནག་མོ་དུང་རྨེད་ཅན་དུ་མ་བརྫུ་ཞིག༔ བྱ་དཀར་ཟངས་གཙུག་ཅན་དུ་མ་བརྫུ་ཞིག༔ བྱི་ལ་སྣལ་གཙུག་ཅན་དུ་མ་བརྫུ་ཞིག༔ ཁྱི་དཀར་དུང་ལག་ཅན་དུ་མ་བརྫུ་ཞིག༔ སྤྲེལ་དམར་ལྕགས་སྣ་ཅན་དུ་མ་བརྫུ་ཞིག༔ སྤེན་མ་ཤིང་གིས་ཁྱུང་མི་ཁྱོག༔ མི་ལ་ན་ཚ་མ་གཏང་ཞིག༔ ཕྱུགས་ལ་གོད་ཁ་མ་གཏང་ཞིག༔ ཞིང་ལ་བཙའ་སད་མ་གཏང་ཞིག༔ བསམ་ངན་སྦྱོར་རྩུབ་མ་གཏང་ཞིག༔ ཁ་ཡིས་གདུག་པ་མ་སྨྲ་ཞིག༔ ལག་གིས་གདུག་པ་མ་བསྙབ་ཅིག༔ ཞབས་ཀྱིས་གདུག་པ་མ་འདོར་ཅིག༔ སེམས་ཀྱིས་གདུག་པ་མ་འཆང་ཞིག༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་གཤེགས་ཞུ་བྱ་ཞིང་རྫོངས་འདེབས་པ་ནི༔ ཀྱེ༔ ད་ནི་རྒྱལ་པོ་བཞུད་རེ་རན༔ ད་ནི་རྒྱལ་བློན་བསྐྱོད་རེ་རན༔ ཡོན་བདག་འབུལ་བས་མ་ལྡོགས་ཤིག༔ བསམ་ཡས་དཔལ་གྱི་ཕོ་བྲང་ནས༔ ལྷ་བྲན་མང་པོས་སྒྲ་དང་འབོད༔ སྐྱེས་ཕྲན་མང་པོས་གླུ་དང་འབོད༔ ན་ཆུང་མང་པོས་བྲོ་དང་འབོད༔ གར་གིང་མང་པོས་འཆམ་དང་འབོད༔ བཙན་བཙུན་མང་པོས་གཡང་དང་འབོད༔ རོལ་མོ་མང་པོས་སྦིར་དང་འབོད༔ རྒྱལ་པོའི་མངའ་ཐང་དེ་ན་ཆེ༔ རྒྱལ་པོ་བཞུགས་ཡུལ་དེ་ན་གཙང༔ རྒྱལ་པོའི་དཀོར་ནོར་དེ་ན་མང༔ རྒྱལ་པོའི་སྡེ་ཚོགས་དེ་ན་ཆེ༔ ད་ནི་རྒྱལ་པོ་ད་བཞུད་འཚལ༔ དཔལ་གྱི་བསམ་ཡས་དཀོར་སྲུང་མཛོད༔ རྒྱལ་པོའི་ཆས་བཟང་དེ་ན་བཟང༔ བཙུན་མོ་བཞིན་བཟང་དེ་ན་བཟང༔ རྒྱལ་བུ་མཛེས་སྡུག་དེ་ན་སྡུག༔ འཁོར་འབངས་བཀའ་བློན་དེ་ན་མང༔ མངའ་འོག་མི་འཚོགས་དེ་ན་མང༔ རྒྱལ་པོའི་གསོལ་ཐང་དེ་ན་ཆེ༔ རྒྱལ་པོ་ད་བཞུད་ད་རེ་རན༔ སྐུ་ཡི་སྤྱོད་པ་དེ་རུ་སྤྱོད༔ གསུང་གི་གད་མོ་དེ་རུ་དགོད༔ ཐུགས་ཀྱི་དགོངས་པ་དེ་རུ་གཏོད༔ ཕྱག་གི་གསེར་རྡོར་དེ་རུ་ཕོངས༔ ཞབས་ཀྱི་གདན་སྐྱོད་དེ་རུ་སྐྱོད༔ ཆིབས་ཀྱི་ཁ་ལོ་དེ་རུ་སྒྱུར༔ གཟིགས་པའི་ལྟས་མོ་དེ་རུ་མཛོད༔ བསམ་ཡས་དཀོར་གྱི་སྲུང་མར་གཤེགས༔ རྒྱལ་པོ་འདི་རུ་ཡུན་མ་རིང༔ རྒྱལ་པོ་འདི་རུ་ཡུན་རིང་ན༔ རྒྱལ་པོ་འབངས་སུ་འབེབ་ཉེན་ཡོད༔ བྱ་རྒོད་དོང་དུ་ལྷུང་ཉེན་ཡོད༔ སེང་གེ་གངས་དང་བྲལ་ཉེན་ཡོད༔ དེ་བས་མི་ཡུལ་སྐྱིད་ཐིང་ན༔ བཞུགས་ཡུན་མ་རིང་ད་གཤེགས་འཚལ༔ སྤྱན་གཟིགས་གླིང་བཞི་གླིང་ཕྲན་བརྒྱད༔ ལྷ་ཁང་མཆོད་རྟེན་ལྕགས་རིས་བསྐོར༔ སྲོག་བདག་པེ་དཀར་འཁོར་བཅས་ལ༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འབུལ༔ གདུགས་དང་རྒྱལ་མཚན་བ་དན་དང༔ བླ་རེ་འཕན་དང་རོལ་མོར་བཅས༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འབུལ༔ དུང་དང་སིལ་སྙན་རྡོར་དྲིལ་དང༔ སྦུབ་ཆོལ་རྔ་གཤང་ཕེག་རྡོབ་སོགས༔ དཀོར་ཆ་རྣམ་པ་སྣ་ཚོགས་བཅས༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འདེབས༔ རྟ་དཀར་བང་མགྱོགས་དང༔ ར་དཀར་འབའ་སྐྱེན་དང༔ བྱ་དཀར་སྒྲོ་བཟང་དང༔ ཁྱི་དཀར་རྒྱུག་སྐྱེན་དང༔ སྤྲེལ་དཀར་འཛེག་སྐྱེན་དང༔ མི་དཀར་འཛུམ་སྐྱེན་དང༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འདེབས༔ ཆང་ཕུད་གསེར་སྐྱེམས་གཡུ་སྔོན་དང༔ མདའ་དར་ནམ་མཁའ་བལ་ཚོན་དང༔ དར་ཟབ་སྟག་གཟིག་རས་མོ་དང༔ ཕྱེ་མར་དཔལ་བཤོས་ཤ་ཡིས་བརྒྱན༔ རྒྱལ་པོ་འབྱོན་པའི་རྫོངས་སུ་འདེབས༔ རྒྱལ་པོ་ད་ནི་བཞུད་དོ་ད་གཤེགས་རན༔ འདི་རུ་བཞུགས་པ་ཡུན་མ་རིང༔ ཕོ་བཙོག་ལག་པ་གཡས་པས་མནོལ༔ མོ་བཙོག་ལག་པ་གཡོན་ནས་མནོལ༔ རྒྱལ་པོ་མནོལ་བས་སྐྱ་གཡང་ཤེས༔ དེ་བས་རྒྱལ་པོ་ད་གཤེགས་འཚལ༔ མི་བཟུང་ཁྲམ་ལ་མ་བཏབ་ཅིག༔ རྟ་བཟུང་ཞགས་པས་མ་བཏབ་ཅིག༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་སྐྱིན་སྲོག་གླུད་མདོས་བཞེས་ལ༔ ཚེ་སྲོག་ཉམས་པ་བརྟན་པར་མཛོད༔ བཀྲག་མདངས་ཉམས་པ་སོས་པར་མཛོད༔ སྔོན་གྱི་སློབ་དཔོན་བཀའ་མ་བཅག༔ ད་ལྟ་སྔགས་འཆང་དམ་མ་བཀྲལ༔ ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན༔ ལན་ཆགས་བུ་ལོན་བྱང་བར་གྱིས༔ ཤ་མཁོན་ཉེས་ཆེན་དག་པར་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མགོ་ནད་ཞྭ་ལྟར་ཕུད་ལ་སོང༔ རྐང་ནད་ལྷྭམ་ལྟར་ཕུད་ལ་སོང༔ རྒྱབ་ནད་ཁུར་ལྟར་ཁུར་ལ་སོང༔ རྐང་ནད་སྒྲོག་ལྟར་ཁྲོལ་ལ་སོང༔ བསྡམས་པ་ཀློད་ལ་ད་གཤེགས་འཚལ༔ བཅིངས་པ་ལྷོད་ལ་ད་གཤེགས་འཚལ༔ མནན་པ་ཁྱོགས་ལ་ད་གཤེགས་འཚལ༔ བཟུང་པ་ཐོངས་ལ་ད་གཤེགས་འཚལ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤེལ་གྱི་གུར་ཁང་འོད་དུ་འབར༔ རྒྱལ་པོ་ད་གཤེགས་དེ་རུ་བྱོན༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཁྱོད་ཀྱི་འཁོར་དང་ཡང་གཡོག་བཅས༔ རྒྱལ་པོས་གདན་བསྐྱོད་དེ་རུ་སྐྱོད༔ ཆིབས་ཀྱི་ཁ་ལོ་དེ་རུ་སྒྱུར༔ ཆང་འདྲེ་ཆང་རྐུན་དེ་རུ་སོང༔ བདོ་བ་ཞོ་རྐུན་དེ་རུ་སོང༔ འབག་སེང་གར་མཁན་དེ་རུ་འཆམ༔ རུ་འདྲེན་སྡེ་བཞིའི་ལམ་ཁ་དེ་རུ་སྒྱུར༔ སྤྲ་དང་སྤྲེའུའི་རྩེད་མོ་དེ་རུ་རྩེས༔ རྒྱལ་པོའི་ནད་ཁ་དེ་རུ་སྤོས༔ རྒྱལ་པོའི་ཡམས་ཁ་དེ་རུ་སྒྱུར༔ རྒྱལ་པོའི་རིམས་ཁ་དེ་རུ་སྒྱུར༔ བརྒྱལ་ནད་སྨྱོ་འབོག་དེ་རུ་སྤོས༔ རྒྱལ་པོ་རང་གི་ཡུལ་དུ་ཆེ༔ ན་བཟའ་རང་གི་ཡུལ་དུ་བཙུན༔ དེ་ནས་ད་ནི་གཤེགས་སོ་ཤ་ར་ར༔ བཞུད་དོ་དེ་ནི་སི་ལི་ལི༔ བྱོན་ནོ་དེ་ནི་དཔུངས་སེ་དཔུང༔ ཐེ་སེ་དེ་ནི་ཡེ་རེ་རེ༔ གཤེགས་པའི་གཤེགས་ཤུལ་དཀར་བར་མཛོད༔ བསམ་ཡས་དཀོར་གྱི་སྲུང་མ་མཛོད༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ སྔགས་འཆང་བདག་གི་བཀའ་བཞིན་མཛོད༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ གདུག་རྩུབ་བསམ་ངན་ཞི་བར་མཛོད༔ ཅེས་བརྗོད་ལ་སྒོ་དབྱེ་དང་ལམ་བསྟན་སོགས་བྱེད་ལ་ལྷ་ཁང་འདྲེ་ཅན་དུ་བསྐྱལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ མངའ་བདག་ཉང་རིན་པོ་ཆེས་བསམ་ཡས་བྱང་ཆུབ་གླིང་ནས་གདན་དྲངས་པ་རྫོགས་སོ། །མངྒ་ལཾ།། །། ༁ྃ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས༔ མདོས་ཀྱི་སྨད་ལས་བཅུ་དྲུག་བཞུགས༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས༔ མདོས་ཀྱི་སྨད་ལས་བཅུ་དྲུག་བསྟན་པ་ནི༔ གྱེར་གྱི་གཞུང་གྲུབ་ནས་མདོས་གཏང་བ་དང་གཅིག༔ ཁ་བསྒྱུར་བ་དང་གཉིས༔ དབང་བསྐུར་བ་དང་གསུམ༔ རྫོངས་འདེབས་པ་དང་བཞི༔ གཡང་ལེན་པ་དང་ལྔ༔ བཀའ་བསྒོ་བ་དང་དྲུག༔ ཁལ་འགེལ་བ་དང་བདུན༔ ཁྲམ་བསྒྱུར་བ་དང་བརྒྱད༔ སྒོ་དབྱེ་བ་དང་དགུ༔ ཡུལ་བཙལ་བ་དང་བཅུ༔ ལམ་བསྟན་པ་དང་བཅུ་གཅིག༔ ཞིག་ས་བསྟན་པ་དང་བཅུ་གཉིས༔ གྲུབ་གནས་བསྟན་པ་དང་བཅུ་གསུམ༔ སྐོས་འདེབས་པ་དང་བཅུ་བཞི༔ གླུད་བསྔོ་བ་དང་བཅོ་ལྔ༔ མདོས་བསྐྱལ་བ་དང་བཅུ་དྲུག་ལས༔ དང་པོ་མདོས་གཏང་བ་ནི༔ ཀྱེ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ངས་ནི་དེ་རིང་མདོས་ཤིག་གཏང༔ ངས་ནི་དེ་རིང་ཡས་ཤིག་གྱེར༔ དེ་རིང་མདོས་དང་ཡས་གཏོང་ངོ༔ སྲིད་པའི་མདོས་ཆེན་བཤམས་པ་ནི༔ ཕྱི་ལྟར་དར་དང་ཟབ་ལས་བྱས༔ ནང་ལྟར་གསེར་དང་དངུལ་ལས་བྱས༔ ཁོང་བཅུད་སྙིང་པོ་ལྔ་ལས་བྱས༔ རྒྱན་ཆ་གཡུ་དང་བྱེ་རུའི་བྱས༔ བུ་ག་འབྱུང་བ་ལྔ་ལས་བྱས༔ རི་མོ་མཚལ་དང་རམ་གྱིས་བྱས༔ བྱིན་རླབས་སྔགས་དང་ཕྱག་རྒྱས་སྤེལ༔ ཏིང་འཛིན་ཡེ་ཤེས་ལྔ་ཡིས་སྦྱངས༔ རྒྱལ་བ་རིགས་ལྔས་བྱིན་གྱིས་བརླབས༔ ལྷ་མོ་ལྔ་ཡི་ཁྲུས་ཀྱིས་སྦྱངས༔ འབྲུ་སྣ་ལྔ་ཡི་ཕྲ་ཡིས་བརྒྱན༔ ཕུང་པོ་ལྔ་ཡི་བཀྲག་མདངས་ལྡན༔ དབང་པོ་ལྔ་ཡི་འོད་ཟེར་འཕྲོ༔ རྣམ་ཤེས་བརྒྱད་ཀྱི་གོ་ཆ་གོན༔ རྟེན་འབྲེལ་བཅུ་གཉིས་སྐུ་ལ་རྫོགས༔ ལུས་དང་ཡན་ལག་རིན་པོ་ཆེ༔ བཀྲག་མདངས་ལྡན་པའི་མདོས་དང་ཡས༔ སྣང་སྲིད་ལྷ་འདྲེ་རྣམས་ལ་འབུལ༔ ངར་གླུད་སྐུ་ཡི་གླུད་དུ་འབུལ༔ གསེར་སྐྱེམས་གསུང་གི་གླུད་དུ་འབུལ༔ ནམ་མཁའ་སེམས་ཀྱི་གླུད་དུ་འབུལ༔ རྒྱང་བུ་ཐུགས་ཀྱི་གླུད་དུ་འབུལ༔ སྲོག་ཆགས་སྲོག་གི་གླུད་དུ་འབུལ༔ ཁྲག་ཆགས་ཁྲག་གི་གླུད་དུ་འབུལ༔ རུས་ཆགས་རུས་པའི་གླུད་དུ་འབུལ༔ མདའ་བཀྲ་ཕོ་ཡི་གླུད་དུ་འབུལ༔ འཕང་བཀྲ་མོ་ཡི་གླུད་དུ་འབུལ༔ ཕོ་ཐང་ཕོ་ཡི་གླུད་དུ་འབུལ༔ མོ་ཐང་མོ་ཡི་གླུད་དུ་འབུལ༔ གྲི་མཁར་ཕོ་ཡི་གླུད་དུ་འབུལ༔ མདུང་འཁོར་མོ་ཡི་གླུད་དུ་འབུལ༔ དར་ཟབ་གོས་ཀྱི་གླུད་དུ་འབུལ༔ བལ་ཚོན་རྒྱན་གྱི་གླུད་དུ་འབུལ༔ ཤིང་རིས་ཡུལ་གྱི་གླུད་དུ་འབུལ༔ སྤོ་ཚེ་མཁར་གྱི་གླུད་དུ་འབུལ༔ གཟུགས་རྣམས་གཟུགས་ཀྱི་གླུད་དུ་འབུལ༔ དཀོར་རྣམས་དཀོར་གྱི་གླུད་དུ་འབུལ༔ ཆག་ཆེ་ཉམ་ང་མདོས་ཀྱིས་ཟློགས༔ གཏོ་ཡས་གནས་སུ་ཐེངས་པར་མཛོད༔ དེ་ནས་གཉིས་པ་ཁ་བསྒྱུར་བ་ནི༔ ཀྱེ༔ སྒྱུར་རོ་རྒྱལ་པོ་དགོངས་སུ་གསོལ༔ ཉི་མ་ཤར་ཕྱོགས་ཕ་གི་ན༔ ཤེལ་གྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ ཤེལ་གྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ཏེ་བྱ་མ་རྒྱུག༔ དེ་ན་མི་བཟང་དཔུང་རེ་བཟང༔ དེ་ན་རྟ་བཟང་ཁྱུ་རེ་ཆེ༔ དེ་ན་འཁོར་བཟང་ཉམས་རེ་དགའ༔ དེ་ན་སྨྲ་མཁས་ངག་རེ་སྙན༔ དེ་ན་ལོངས་སྤྱོད་ནོར་གྱིས་ཕྱུག༔ སྡེ་བརྒྱད་ཞབས་སྐྱོད་དེ་རུ་སྐྱོད༔ སྣང་སྲིད་ཕོ་བྲང་དེ་རུ་ཆོགས༔ ཀུ་རེ་ཀྱལ་ཁ་དེ་ན་མཛོད༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ཕ་བི་ན༔ གསེར་གྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ གསེར་གྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ཏེ་བྱ་མ་རྒྱུག༔ དེ་ན་མི་བཟང་དཔུང་རེ་ཆེ༔ དེ་ན་རྟ་བཟང་ཁྱུ་རེ་ཆེ༔ དེ་ན་འཁོར་བཟང་དཔུང་རེ་བཟང༔ དེ་ན་གསེར་དངུལ་ནོར་རེ་ཕྱུག༔ དེ་ན་ལོངས་སྤྱོད་ཐབས་རེ་དྲོ༔ དེ་ལ་གཏོ་མཁན་ལྟ་བ་མཛེས༔ ཡ་བདུད་ཕོ་བྲང་དེ་རུ་སྐྱོད༔ མ་བདུད་ཕོ་བྲང་དེ་རུ་སྤོས༔ སྐྱོད་ཅིག་རྒྱུགས་ཤིག་ད་རྒྱུགས་ཤིག༔ འདི་ནས་དེར་སོང་དེ་རུ་བཞུད༔ ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་བི་ན༔ ཟངས་ཀྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ ཟངས་ཀྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ཏེ་བྱ་མ་རྒྱུག༔ དེ་ན་མི་བཟང་དཔུང་རེ་བཟང༔ དེ་ན་རྟ་བཟང་ཁྱུ་རེ་མགྱོགས༔ གཏོ་ཡས་ཁ་ལོ་དེ་རུ་སྒྱུར༔ སྣང་སྲིད་ཕོ་བྲང་དེ་རུ་ཐོབས༔ ཀུ་རེ་ཀྱལ་ཁ་དེ་རུ་མཛོད༔ ཀྱེ༔ ཉི་མ་བྱང་ཕྱོགས་ཕ་བི་ན༔ གཡུ་ཡི་མི་ཕོ་ཆེ་བ་རེ༔ ངག་རེ་སྙན་ཏེ་ཚངས་པའི་དབྱངས༔ སྨྲ་རེ་མཁས་ཏེ་ལྡབ་མི་ལྡིབ༔ གཡུ་ཡི་རྟ་ཕོ་གོ་ཆ་བཙན༔ འགྲོ་རེ་མཁས་ཏེ་ལང་མ་ལིང༔ དེ་ན་མི་བཟང་རྟ་ནོར་ཕྱུག༔ དེ་ན་ནོར་བཟང་ལོངས་སྤྱོད་ཕྱུག༔ དེ་ན་འཁོར་བཟང་དཔུང་དང་བཅས༔ སྣང་སྲིད་ཕོ་བྲང་དེ་རུ་སྐྱོད༔ བཙན་བདུད་རྟ་རྒྱུག་དེ་ན་རྒྱུགས༔ སྨན་གྱི་བྲོ་བརྡུང་དེ་རུ་རྡུངས༔ བརྟན་མའི་གླུ་ལེན་དེ་རུ་ལོངས༔ ཞབས་ཀྱིས་འདོར་དྲུག་དེ་རུ་སྤོས༔ ཕྱག་གི་སོར་རྡོ་དེ་རུ་ཕོངས༔ སྐྱོད་ཅིག་རྒྱུགས་ཤིག་དེ་རུ་རྒྱུགས༔ ཀུ་རེ་ཀྱལ་ཁ་དེ་རུ་མཛོད༔ འདི་ན་འདུག་པའི་གནས་མ་མཆིས༔ མདོས་ཀྱི་ཁ་ལོ་དེ་རུ་སྒྱུར༔ དེ་ནས་གསུམ་པ་དབང་བསྐུར་བ་ནི༔ ཀྱེ༔ དེ་རིང་སྲིད་པའི་ཉི་མ་ལ༔ སྲིད་པ་བཀའ་ཡི་མདོས་ཆེན་བཤམས༔ འབྱུང་བ་ལྔ་ཡི་ཟློག་མདོས་དེ༔ མཐོ་བ་རྣམས་ལ་དཔེ་ལེན་པ༔ སྟོན་པ་ཤཱཀྱ་ཐུབ་པ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ སྲིད་པའི་མདོས་ཆེན་འདི་འཕྲོས་པས༔ གང་ལ་ཐོགས་མེད་རྒྱུག་པའི་མདོས༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ རིན་ཆེན་སྣ་ལྔའི་ཁྱེར་མདོས་འདི༔ མཛེས་ཤིང་ཡིད་དུ་འོང་བའི་མདོས༔ འཕགས་པ་འཇམ་དཔལ་གཞོན་ནུ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ དྲེགས་པ་སྟོབས་ལྡན་ཟློག་པའི་མདོས༔ དྲེགས་ཟློག་བྱེད་པའི་མདོས་འདི་ལ༔ ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ སྣང་སྲིད་དགྱེས་པ་སྐོང་བའི་མདོས༔ གླིང་བཞི་སྲིད་པའི་ཁྱེར་མདོས་ལ༔ དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ འདོད་ཡོན་ལྔ་ཡི་མཆོད་མདོས་ལ༔ ལྷ་མོ་ལྔ་ཡིས་དབང་བསྐུར་རོ༔ བཀྲག་དང་ལྡན་པའི་ནམ་མཁའ་ལ༔ ཉི་མ་ཟླ་བས་དབང་བསྐུར་རོ༔ བལ་ཚོན་སྤོ་ཚེ་ཤིང་རིས་ལ༔ སྤྲིན་དང་འཇའ་ཡིས་དབང་བསྐུར་རོ༔ ཁ་དོག་ལྡན་པའི་ནམ་མཁའ་ལ༔ འོད་དང་ཟེར་གྱིས་དབང་བསྐུར་རོ༔ ཟློག་བྱེད་སྲིད་པའི་མདོས་འདི་ལ༔ མཁའ་ལྡིང་རྒྱལ་པོས་དབང་བསྐུར་རོ༔ དྲག་པོ་ཟློག་བྱེད་མདོས་འདི་ལ༔ རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་རོ༔ སྤྱན་གཟིགས་ཡས་སྟགས་སྣ་ཚོགས་ལ༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ༔ སྔོན་མོ་སྲིད་པའི་འཕེལ་ནས་འདི༔ འབྱུང་བ་ལྔ་ཡི་ཕོ་ཉ་སྟེ༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ མཚེ་དང་ཡུངས་དཀར་སྒོང་བུ་འདི༔ དྲག་པོ་སྔགས་ཀྱི་ཕོ་ཉ་ཡིན༔ སྲིད་པའི་མདོས་ལ་དབང་བསྐུར་རོ༔ རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་རོ༔ དྲག་པོ་སྔགས་ཀྱིས་དབང་བསྐུར་རོ༔ གནམ་ལྕགས་ཐོག་གིས་དབང་བསྐུར་རོ༔ བསྐལ་པའི་མེ་ཡིས་དབང་བསྐུར་རོ༔ སྔགས་འཆང་བདག་གི་བཀའ་མ་བཅག༔ ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན༔ མདོས་ཡས་བདག་པོས་འདི་ལོངས་ཤིག༔ དེ་ནས་བཞི་པ་རྫོངས་འདེབས་པ་ནི༔ ཀྱེ༔ དེ་རིང་སྲིད་པའི་མདོས་ཆེན་ལ༔ ཡས་དང་གླུད་ཀྱི་རྫོངས་འདེབས་སོ༔ མདོས་བདག་འཁོར་བཅས་སྙན་གསོན་ཅིག༔ ཁྱུང་དང་འབྲུག་སེང་ལྷ་ཡི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ དར་ཟབ་གོས་ཅན་མི་ཡི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ ནམ་མཁའ་བལ་ཚོན་དྲི་ཟའི་ཡས༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ གླང་དང་མ་ཧེ་རྒྱལ་པོའི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ རྟ་མཆོག་གོ་ཁྲབ་དཔའ་བའི་གོ༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ ཉ་སྦལ་སྡོམ་སྡིག་ཀླུ་ཡི་དཀོར༔ དེ་རིང་མདོས་ལ་རྫོངས་འདེབས་སོ༔ རྒོད་དང་ཁྲ་གླག་འབྱུང་པོའི་དཀོར༔ དེ་རིང་མདོས་ལ་རྫོངས༴ སྲེག་པ་གོང་འཇོལ་སྒབ་འདྲེའི་ཡས༔ དེ་རིང་མདོས་ལ་རྫོངས༴ འུག་པ་སྲིན་བྱ་སྲིན་པོའི་དཀོར༔ དེ་རིང་མདོས་ལ་རྫོངས༴ ཤ་དགོ་གཙོད་རུ་བཙན་སྲིའི་རྫས༔ དེ་རིང་མདོས་ལ་རྫོངས༴ རྒྱ་གནའ་གླང་རུ་མཁོན་འདྲེའི་རྫས༔ དེ་རིང་མདོས་ལ་རྫོངས༴ རྩ་སྐྱ་རེ་ལྕག་ཐེའུ་རང་རྫས༔ དེ་རིང་མདོས་ལ་རྫོངས༴ མི་རྟ་ཁྱི་རུས་ཡུལ་འདྲེའི་རྫས༔ དེ་རིང་མདོས་ལ་རྫོངས༴ རི་བོང་རྔ་དྲེད་ཆུང་སྲིའི་རྫས༔ དེ་རིང་མདོས་ལ་རྫོངས༴ མཛོ་འགལ་དྲེལ་གསུམ་རབས་ཆད་རྫས༔ དེ་རིང་མདོས་ལ་རྫོངས༴ ཤ་མོང་རམ་རུག་མོ་འདྲེའི་རྫས༔ དེ་རིང་མདོས་ལ་རྫོངས༴ བྲ་འབར་གྲོ་མ་མི་ཁའི་རྫས༔ དེ་རིང་མདོས་ལ་རྫོངས༴ ཚྭ་གཡེར་ཙོང་སྒོག་མི་ཁའི་རྫས༔ དེ་རིང་མདོས་ལ་རྫོངས༴ མཆིག་གུ་ཐི་གུ་མི་ཁའི་རྫས༔ དེ་རིང་མདོས་ལ་རྫོངས༴ རྐྱལ་གྲོད་ཟོ་སྟོང་འགོང་པོའི་རྫས༔ དེ་རིང་མདོས་ལ་རྫོངས༴ ཐག་ཆ་ཕུར་སྐོར་འགབ་འདྲེའི་ནོར༔ དེ་རིང་མདོས་ལ་རྫོངས༴ མཛོ་གླང་གཡག་རུ་དགྲ་བོའི་དཀོར༔ དེ་རིང་མདོས་ལ་རྫོངས༴ འགྲོ་བར་དེ་ནི་རྫོངས་འདེབས་སོ༔ བྱེ་བར་དེ་ནི་བརྔན་བྱིན་ནོ༔ རྐྱེན་ངན་ཟློག་པའི་ལས་མཛོད་ཅིག༔ དེ་ནས་ལྔ་པ་གཡང་ལེན་པ་ནི་འདི་སྐད་དོ༔ ཀྱེ༔ དེ་རིང་སྲིད་པའི་མདོས་གཏོང་ན༔ མི་ཡི་དམུ་ཐག་བཟུང་བ་དང༔ ནོར་གྱི་གོད་ཁ་གཅོད་པའི་ཕྱིར༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ མདོས་འདི་ཤར་གྱི་ཕྱོགས་སུ་གཏོང༔ ཤར་ཕྱོགས་དྲི་ཟ་ཕོ་མོ་ཡིས༔ མི་ཡི་བླ་སྲོག་བཟུང་པ་ཐོངས༔ ནོར་གྱི་ཕྱྭ་ཉམས་གཡང་སྐྱིལ་ཅིག༔ མདོས་འདི་ལྷོ་ཡི་ཕྱོགས་སུ་གཏོང༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་ཡིས༔ མི་ཡི་ཚེ་དང་སྲོག་ཉམས་སླུས༔ ནོར་གྱི་དཔལ་དང་གཡང་ཁུག་ཅིག༔ མདོས་འདི་ནུབ་ཀྱི་ཕྱོགས་སུ་གཏོང༔ ནུབ་ཕྱོགས་ཀླུ་དབང་ཕོ་མོ་ཡིས༔ མི་ཡི་བླ་སྲོག་བཟུང་པ་ཐོངས༔ ནོར་གྱི་ཕྱྭ་ཉམས་གཡང་སྒོ་བྲུབས༔ མདོས་འདི་བྱང་གི་ཕྱོགས་སུ་གཏོང༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོ་ཡིས༔ མི་བླ་གཉན་པོ་ཚུར་ལ་ཐོངས༔ ནོར་གཡང་སྒོ་དགུའི་སྒོ་སྡོམས་ཤིག༔ མདོས་འདི་ཤར་ལྷོ་མཚམས་སུ་གཏོང༔ ཤར་ལྷོ་མེ་ལྷ་ཕོ་མོ་ཡིས༔ མི་བླ་བཟུང་པ་ཚུར་ལ་ཐོངས༔ ནོར་གྱི་གོད་འདྲེའི་རྒྱུན་ལམ་ཆོད༔ མདོས་འདི་ལྷོ་ནུབ་མཚམས་སུ་གཏོང༔ ལྷོ་ནུབ་སྲིན་པོ་ཕོ་མོ་ཡིས༔ མི་ཡི་བླ་དང་སྲོག་ཐོངས་ཤིག༔ ནོར་གྱི་ཕྱྭ་དང་གཡང་ཁུག་ཅིག༔ མདོས་འདི་ནུབ་བྱང་མཚམས་སུ་གཏོང༔ ནུབ་བྱང་རླུང་ལྷ་ཕོ་མོ་ཡིས༔ མི་ཡི་ཚེ་དང་གླུད་བརྗེ་འཚལ༔ ནོར་གྱི་ཕྱྭ་དང་གཡང་སྩོལ་ཅིག༔ མདོས་འདི་བྱང་ཤར་མཚམས་སུ་གཏོང༔ བྱང་ཤར་དབང་ལྡན་ཕོ་མོ་ཡིས༔ མི་ཡི་སྲོག་དང་གླུད་བརྗེ་འཚལ༔ ནོར་གྱི་གོད་སྲི་ཁ་ཁོག་ཅིག༔ དེ་རིང་སྟོབས་ཆེན་མདོས་གཏོང་ན༔ མི་ཡི་དམུ་དག་ཚུར་ལ་ཁུག༔ ཕྱུགས་ཀྱི་སྣ་དགུ་ཚུར་ལ་ལེན༔ མཁར་གྱི་རྩེ་བླ་མ་འདྲོགས་ཤིག༔ དབུས་ཀྱི་ཀ་བ་མ་རྒུ་ཞིག༔ སྒོ་ཡི་སྟག་གཡག་མ་ལང་ཞིག༔ ལྷས་ཀྱི་ནོར་ལྷ་མ་འདྲོགས་ཤིག༔ ཕྱྭ་དང་གཡང་ལེན་ཚུར་ལ་ལེན༔ དེ་ནས་དྲུག་པ་བཀའ་བསྒོ་བ་ནི༔ ཀྱེ༔ ཡས་ཆེན་མདོས་འདི་གཏོང་བས་ན༔ སྣང་སྲིད་འཁོར་དང་བཅས་པ་རྣམས༔ དཔུང་དང་བཅས་པ་ད་སྐྱོད་འཚལ༔ དུངས་ཅན་ཟན་གྱིས་འགྲངས་པ་ལྟར༔ སློབ་དཔོན་བེར་གྱོན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ་ཞིག༔ དགེ་སློང་ཞབས་རྗེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ་ཞིག༔ དགེ་བཤེས་ཕྲེང་ཐོགས་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བཙུན་ཆུང་ཐལ་རྡེབ་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྡེ་པ་དར་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བློན་པོ་དུང་ཐོད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ དམག་མི་ཁྲབ་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ མོ་བཙུན་རྒྱལ་མོ་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བག་མ་རྒྱན་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བུ་མོ་བྱད་ལེགས་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྔགས་པ་ཐེབས་ཆེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྐྱེས་པ་མདའ་འཕེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བུད་མེད་ཆུ་ཁུར་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བྱིས་པ་ཤྭ་འཕེན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ བོན་པོ་ཁྱུང་རུ་ཅན་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ རྔོན་པ་ཁྱི་ཁྲིད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ ཟོག་པོ་སྤྲེལ་ཁྲིད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ དམེ་ཕོ་ཁྲབ་ཅན་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྒོམ་པ་རྔ་ཁུར་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ ཡུག་ས་སྐྲ་བཤད་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ ཁྲོམ་ཆེན་མང་པོ་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ༴ སྲ་བའི་གོ་དང་རི་གཟར་རྦབ༔ སྟག་གཟིག་ཁྱུང་འབྲུག་དང་འཕྲད་ཀྱང༔ མདོས་སྣ་ཚུར་ལ་མ་གྱུ་ཞིག༔ ཐམས་ཅད་རླུང་ནག་འཚུབ་མ་རུ༔ སྤྲུལ་ནས་དགྲ་ཡུལ་ཁེངས་པར་གྱིས༔ མགོ་གསུམ་གྱི་བཀའ་བསྒོ་ཚར་རོ༔ དེ་ནས་བདུན་པ་མགོ་གསུམ་གྱི་ཁལ་འགེལ་བ་ནི༔ ཀྱེ༔ སྣང་སྲིད་ལྷ་འདྲེ་གཉན་པོ་ལ༔ མདོས་དང་དེ་ནི་ཡས་འབུལ་ན༔ མདོས་ཀྱི་དཔུང་ཁྱེར་ཁལ་འགེལ་འཚལ༔ སྟོབས་ཆེན་གླང་པོ་མདོས་ཀྱི་ཁལ༔ ལྟག་པ་གཡས་སུ་ཕོ་མདོས་བཀལ༔ ལྟག་པ་གཡོན་དུ་མོ་མདོས་བཀལ༔ སྤྱི་བོའི་གཙུག་ཏུ་ཆུང་མདོས་བཀལ༔ སོག་པའི་སྟེང་དུ་ལྷ་མདོས་བཀལ༔ འབྲོང་བུ་དར་མ་མདོས་ཀྱི་ཁལ༔ རུ་ཁྱེར་གཡས་པར་ཕོ་མདོས་བཀལ༔ རུ་ཁྱེར་གཡོན་པར་མོ་མདོས་བཀལ༔ སྤྱི་བོའི་གཙུག་ན་ཆུང་མདོས་བཀལ༔ ལྟག་པར་བདུད་ཀྱི་ཁྲམ་མདོས་བཀལ༔ མཛོ་ཕོ་རུ་རིང་མདོས་ཀྱི་ཁལ༔ སོག་པ་གཡས་པར་ཕོ་མདོས་བཀལ༔ སོག་པ་གཡོན་པར་མོ་མདོས་བཀལ༔ རྒྱབ་ཏུ་གླིང་བཞི་སྤྱི་མདོས་བཀལ༔ མ་ཧེ་སྔོན་པོ་མདོས་ཀྱི་ཁལ༔ རྭ་རྩེ་གཡས་ལ་ཕོ་མདོས་བཀལ༔ རྭ་རྩེ་གཡོན་ལ་མོ་མདོས་བཀལ༔ སོག་པའི་དཀྱིལ་དུ་ཆུང་མདོས་བཀལ༔ གྱི་ལིང་རྟ་ཕོ་མདོས་ཀྱི་ཁལ༔ དཔུང་པ་གཡས་ལ་ཕོ་མདོས་བཀལ༔ དཔུང་པ་གཡོན་ལ་མོ་མདོས་བཀལ༔ སོག་པའི་དཀྱིལ་དུ་ཆུང་མདོས་བཀལ༔ གཡག་པོ་ཤེལ་ཅན་མདོས་ཀྱི་ཁལ༔ དཔུང་པ་གཡས་ལ་ཕོ་མདོས་བཀལ༔ དཔུང་པ་གཡོན་ལ་མོ་མདོས་བཀལ༔ རྒྱབ་ལ་སྲིད་པའི་མདོས་ཆེན་བཀལ༔ འཕོངས་ལ་མི་ནོར་གླུད་མདོས་བཀལ༔ ལག་པ་གཉིས་ཀྱིས་སྔ་ལམ་ཕྱེས༔ རྐང་པ་གཉིས་ཀྱིས་ཕྱི་ལམ་ཆོད༔ དཔྲལ་བས་གླིང་བཞིའི་གོ་རིམ་ཕྱེས༔ སྤྱན་གྱིས་སྟོང་ཁམས་འཇིག་རྟེན་གཟིགས༔ ཞལ་གྱིས་གདོན་ལ་ཤགས་ཐོབས་ཤིག༔ ཆད་པ་གདོན་ངན་ལས་ལྟར་ཆོམས༔ མཇུག་མས་ཐིལ་རང་ཕྱགས་མས་ཐོབས༔ མདོས་འདི་གནས་སུ་ཕྱིན་པར་མཛོད༔ དེ་ནས་བརྒྱད་པ་ཁྲམ་ཁ་སྒྱུར་བ་ནི་འདི་སྐད་དོ༔ ཀྱེ༔ ང་ནི་སྲིད་པའི་སྔགས་འཆང་སྟེ༔ དེ་རིང་སྲིད་པའི་མདོས་གཏོང་ན༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་འཚེ་བསམ་སྦྱོར་ངན་པ་ཡི༔ རྒྱལ་པོ་ལོ་ཡི་ཁྲམ་ཁ་ཟློགས༔ བློན་པོ་ཟླ་བའི་མདུན་ཁྲམ་ཟློག༔ བདུད་སྡེ་ཞག་གི་དམག་ཚོགས་ཟློག༔ དུས་ཚོད་མཚོན་གྱི་དམོད་དུག་ཟློག༔ འབྱུང་བ་ལྔ་ཡི་འཁྲུག་འདྲེ་ཟློག༔ སྨེ་བ་དགུ་ཡི་འདུན་བབས་ཟློག༔ སྤར་ཁ་བརྒྱད་ཀྱི་དམོད་ཁ་ཟློག༔ དྲུག་ཅུ་ལོ་ཡི་ཀག་བབས་ཟློག༔ ལྷ་ཡི་ཁྲམ་ཁ་བབས་པ་སྒྱུར༔ ཀླུ་ཡི་དུག་ནད་ལངས་པ་ཟློག༔ རྒྱལ་པོས་སྨྱོ་འབོག་བཏང་བ་ཟློག༔ བདུད་ཀྱིས་ཞགས་པ་གཡུག་པ་ཟློག༔ བཙན་གྱིས་མདའ་ཁ་འཕེན་པ་ཟློག༔ གཟའ་ཡིས་ཀིང་ཀང་འགྱེད་པ་ཟློག༔ གནོད་སྦྱིན་ནད་རྐྱལ་རྦད་པ་ཟློག༔ མ་མོས་ཁྲག་ནད་བཏང་བ་ཟློག༔ འབྱུང་པོས་ཆོ་འཕྲུལ་འགྱེད་པ་ཟློག༔ གཤིན་རྗེའི་ཁྲམ་ཁ་བབས་པ་ཟློག༔ ཐེའུ་རང་ཚེ་ལ་རྐུ་བ་ཟློག༔ དྲི་ཟས་རིམས་ནད་རྦད་པ་ཟློག༔ གྲུལ་བུམ་སྲོག་ལ་འཇབ་པ་ཟློག༔ དམུ་ཡིས་ཐན་ངན་འབེབས་པ་ཟློག༔ ཡས་ཀྱི་བདུད་ཁ་གཡོས་པ་ཟློག༔ མས་ཀྱི་སྲི་འདྲེ་ལངས་པ་ཟློག༔ སྐྱེས་པའི་སྲོག་ལ་འཇབ་པ་ཟློག༔ བུད་མེད་སྲིད་ལ་རྐུ་བ་ཟློག༔ བྱིས་པའི་བདུད་དུ་བབས་པ་ཟློག༔ མོ་ངན་སོག་སྡིགས་གཏོ་ཡིས་ཟློག༔ ལྟས་ངན་བདུད་བབས་མདོས་ཀྱིས་ཟློག༔ གཏོ་ཡིས་མི་ཟློག་གང་ཡང་མེད༔ མདོས་ཀྱིས་མི་སྒྱུར་གང་ཡང་མེད༔ ཡས་ཀྱིས་མི་ཁོག་གང་ཡང་མེད༔ དེ་རིང་ཟློག་སྒྱུར་དུས་ལ་བབ༔ ཁྲམ་ཁ་སྒྱུར་ལ་ཤོ་ཁ་ཟློགས༔ དེ་ནས་དགུ་པ་སྒོ་དབྱེ་བ་ནི༔ ཀྱེ༔ སྣང་སྲིད་ལྷ་འདྲེ་གཉན་པོ་རྣམས༔ མདོས་དང་ཡས་གཏོང་སྒོ་དབྱེ་འཚལ༔ ཤར་གྱི་སྒོ་བ་དེ༔ དུང་དང་ཉལ་པོ་ཡིན༔ རྭ་བཅུ་ཟངས་སེ་ཟང༔ ལྷོ་ཡི་སྒོ་བ་དེ༔ སྤྲ་ནི་འཐིང་པོ་ཡིན༔ སྤྲ་སྐད་ཙེ་རེ་རེ༔ ནུབ་ཀྱི་སྒོ་བ་དེ༔ གཡུ་འབྲུག་སྔོན་མོ་ཡིན༔ གློག་དམར་ཁྱུགས་སེ་ཁྱུག༔ བྱང་གི་སྒོ་བ་དེ༔ སྨྲ་མཁན་ནེ་ཚོ་ཡིན༔ སྨྲ་མཁས་ས་ལ་ལ༔ ཤར་ལྷོའི་སྒོ་བ་དེ༔ གསེར་སྦྲུལ་སེར་པོ་ཡིན༔ དུང་མཚམས་རུགས་སེ་རུག༔ ལྷོ་ནུབ་སྒོ་བ་དེ༔ ཁུ་བྱུག་སྔོན་མོ་ཡིན༔ གསུང་སྐད་ལྷངས་སེ་ལྷང༔ ནུབ་བྱང་སྒོ་བ་དེ༔ རྒྱ་སྟག་ཁྲ་བོ་ཡིན༔ རི་མོ་ཡ་ལ་ལ༔ བྱང་ཤར་སྒོ་བ་དེ༔ གཟིག་མོ་དར་མ་ཡིན༔ ཐིག་ལེ་ཤིགས་སེ་ཤིག༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ བྱང་ཤར་ལྕགས་སྒོ་ནག་པོ་ཕྱེས༔ གཏོ་སྒོ་མདོས་སྒོ་ཕྱེ་རེ་རན༔ ཡས་སྒོ་བདུད་སྒོ་ད་ཕྱེ་འཚལ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེ་འཚལ༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ སྒོ་བ་རྣམས་ཀྱི་གཡས་ཕྱོགས་ན༔ དུང་གི་རྟ་ཕོ་ཙེ་རེ་རེ༔ སྒོ་བ་རྣམས་ཀྱི་གཡོན་ཕྱོགས་སུ༔ དུང་གི་སྨན་ཕྲན་ཟུ་ལུ་ལུ༔ ཡས་གཤེགས་དེ་ནི་ད་རེ་རན༔ གླུད་འགྲོ་དེ་ནི་ད་རེ་རན༔ མདོས་ཀྱི་སྒོ་དབྱེ་ད་གཤེགས་འཚལ༔ དེ་ནས་བཅུ་པ་ཡུལ་བཙལ་བ་ནི༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤེལ་གྱི་སྐུ་མཁར་ལྡེམས་སེ་ལྡེམ༔ དར་གྱི་འཕན་གདུགས་པུ་རུ་རུ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོ་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ འཁོར་དང་ལོངས་སྤྱོད་དེ་ན་མང༔ སྔགས་འཆང་བདག་གི་མངའ་རིས་ཏེ༔ སྲིད་པའི་མདོས་ཀྱི་ལམ་ཡིན་པས༔ སྣང་སྲིད་ཕོ་བྲང་དེ་ན་ཐོབས༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ མཐིང་གི་སྐུ་མཁར་ལྡེམས་སེ་ལྡེམ༔ དར་གྱི་འཕན་གདུགས་པུ་རུ་རུ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོའི་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ འཁོར་དང་བུ་རྟ་དེ་ན་རགས༔ གཏོ་མཁན་བདག་གི་མངའ་རིས་ཏེ༔ སྲིད་པའི་མདོས་ཀྱི་ཡུལ་ཡིན་པས༔ ཡས་གླུད་བསགས་པའི་ཕོ་བྲང་མཛོད༔ ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཟངས་མཁར་དམར་པོ་ལྡེམས་སེ་ལྡེམ༔ རྒྱལ་མཚན་བ་དན་ལྷུབས་སེ་ལྷུབ༔ མུ་ཏིག་པད་ཕྲེང་ན་ར་ར༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོའི་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ མངའ་རིས་ལོངས་སྤྱོད་དེ་ན་ཆེ༔ སྔགས་འཆང་བདག་གི་དཀོར་ཆ་དེ༔ དེ་རིང་སྣང་སྲིད་བགེགས་ལ་ཕོག༔ ཡས་གླུད་བསགས་པའི་སྐུ་མཁར་མཛོད༔ ཀྱེ༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ གཡུ་ཡི་སྐུ་མཁར་ལྡེམས་སེ་ལྡེམ༔ པ་དྲ་གད་རྒྱངས་ཤིགས་སེ་ཤིག༔ རྒྱལ་པོའི་བཀའ་ཆེ་དེ་ན་ཆེ༔ བཙུན་མོའི་ཆས་བཟང་དེ་ན་བཟང༔ རྒྱལ་པོའི་མཛེས་སྡུག་དེ་ན་བཙུན༔ དཀོར་ནོར་མངའ་རིས་དེ་ན་མང༔ འདོད་ཡོན་ལྟད་མོ་དེ་ན་ཆེ༔ གཏོ་མཁན་བདག་གི་མངའ་རིས་ཏེ༔ དེ་རིང་སྲིད་པའི་མདོས་ལ་ཕོག༔ ཡས་གླུད་བསགས་པའི་ཕོ་བྲང་མཛོད༔ དེ་ན་གཤེགས་པའི་རྟ་རྒྱུག་མཛོད༔ དེ་ན་དགྱེས་པའི་གླུ་གར་མཛོད༔ ཡས་གླུད་གནས་སུ་ཐེངས་པར་མཛོད༔ དེ་ནས་བཅུ་གཅིག་པ་ལམ་བསྟན་པ་ནི༔ ཀྱེ༔ དེ་རིང་མདོས་ཀྱི་ལམ་བསྟན་འཚལ༔ སྣང་སྲིད་ཡས་ཀྱི་བདག་པོ་རྣམས༔ མདོས་ལམ་དགུང་སྔོན་དབྱིངས་ན་བསྟན༔ དགུ་ཚིགས་སྐྱ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ཆུ་བོའི་གཞུང་དུ་བསྟན༔ གཙང་ཆབ་གཞུང་རིང་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་གངས་རིའི་རྩེ་ལ་བསྟན༔ གངས་བུད་ཐད་གཏོང་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་སྟོང་ལམ་གཞུང་ལ་བསྟན༔ སྟོང་ལམ་སྐྱ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་རྒྱ་ལམ་སྲང་ལ་བསྟན༔ སྦ་ཟམ་ལྡེམ་པ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ལྕགས་ཟམ་ལྡེམ་ལ་བསྟན༔ ལྕགས་ཟམ་ལྡེམ་པ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ཉིན་རི་དཀར་ལ་བསྟན༔ སྟོང་ལམ་སྐྱ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་སྲིབ་རི་ནག་ལ་བསྟན༔ ནག་ལམ་མུན་པ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་རི་གསུམ་རྩེ་ལ་བསྟན༔ བྲག་རི་སུལ་མོ་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ལུང་གསུམ་མདོ་རུ་བསྟན༔ ཆུ་མིག་གཞུང་རིང་མདོས་ཀྱི་ལམ༔ ལམ་དེར་ཞུགས་ལ་ད་གཤེགས་འཚལ༔ མདོས་ལམ་ཆོས་ཀྱི་དབྱིངས་སུ་བསྟན༔ ཡེ་ཤེས་རོལ་པ་མདོས་ཀྱི་ལམ༔ གཉིས་མེད་དག་པའི་ལམ་དུ་སོང༔ མ་བཅོས་རང་གྲོལ་གནས་གྱུར་ཅིག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བཅུ་གཉིས་པ་ཞིག་ས་བསྟན་པ་ནི༔ ཀྱེ༔ སྣང་སྲིད་འཁོར་དང་བཅས་པ་རྣམས༔ སྔགས་འཆང་སྨྲས་ལ་སྙན་གསོན་དང༔ སྟོང་གསུམ་སེམས་ཅན་མི་རྟག་ལ༔ རིགས་དྲུག་སེམས་ཅན་ལུས་སེམས་འབྲལ༔ དེ་བས་མདོས་ཀྱང་མི་རྟག་རྒྱུ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གསོན་དང་སྣང་སྲིད་མདོས་ཀྱི་ཚོགས༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ ལོ་མ་མེ་ཏོག་འབྲས་བུ་ལྡན༔ སྐྱི་སེར་རླུང་གིས་དུམ་བུར་བཏང༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ བསྐལ་པ་དུས་ཀྱི་མེ་དཔུང་ལ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ ཆུ་རླབས་ཟིལ་པ་ཆེ་ནས་གསོད༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ ཁྲོ་ཞུན་ལྡན་པའི་ཕ་ཝཾ་ལ༔ སྲ་བརྟན་དཀར་གསལ་འོད་དང་ལྡན༔ འབར་བ་མེ་ཡིས་ཆུ་རུ་བསྐོལ༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ རྒྱ་མཚོ་ཆེན་པོ་ཡན་ལག་བརྒྱད༔ རྦ་རླབས་ལྦུ་བ་འཛུམ་དང་ལྡན༔ ཡེ་ཤེས་ཉི་མས་སྐམ་པ་ནི༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཀྱེ༔ ཉི་མ་དབུས་ཕྱོགས་ཕ་ཀི་ན༔ གསེར་གྱི་རི་རབ་ལྷུན་པོ་ལ༔ རི་བདུན་རོལ་པའི་མཚོ་ཡིས་བསྐོར༔ འབྱུང་བ་འཁྲུགས་པས་འཇིག་ཅིང་སྟོངས༔ དེ་ཡང་མི་རྟག་འཇིག་པའི་ཆོས༔ དེ་བས་མདོས་ཀྱང་མི་རྟག་སྟེ༔ མི་རྟག་ལྷོ་སྤྲིན་ཟིལ་པ་འདྲ༔ གང་དུ་ཞིག་ཀྱང་རུ་མ་ང༔ གང་དུ་གྲུག་ཀྱང་ཕྲག་མ་དོག༔ ཁྱི་སྤྲང་ལོང་བའི་ལྟོ་ཡང་རུང༔ མཛེ་ཕོ་དམེ་ཡུག་ལྟོ་ཡང་རུང༔ མགྲོན་དང་བྱིས་པའི་ལྟོ་ཡང་རུང༔ ཞིག་ཅིང་གྲུག་པའི་མདོས་ཡིན་པས༔ རུ་མ་ང་ལ་ཕྲག་མ་དོག༔ ཡས་གླུད་དཔུང་དང་བཅས་ཏེ་གཤེགས༔ དེ་ནས་བཅུ་གསུམ་པ་གྲུབ་གནས་བསྟན་པ་ནི༔ ཀྱེ༔ གསོན་དང་སྣང་སྲིད་ལྷ་འདྲེ་རྣམས༔ དགོངས་དང་མདོས་དང་ཡས་ཀྱི་བདག༔ ཀྱེ༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ ཤེལ་གུར་དཀར་པོའི་ནང༔ ཁམས་གསུམ་བདག་པོ་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པས་གཞུ་བདུང་ཞིང༔ མདའ་སྒྲ་ཤ་ར་ར༔ བུད་མེད་བལ་འཁལ་མ༔ ཞུད་སྒྲ་སྒ་ར་ར༔ མོ་བཙུན་གླུ་ལེན་མ༔ གསུང་སྙན་ཀྱུ་རུ་རུ༔ བྱིས་པ་རྩེ་རྒྱུག་པ༔ རྒྱུག་དང་བྲིངས་སེ་བྲིང༔ མདོས་ལ་འབོད་ཏང་ཏང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཀྱེ༔ ཉི་མ་ལྷོ་ཕྱོགས་ན༔ གསེར་གུར་སེར་པོ་ན༔ སྲིན་པོ་འདུལ་མཛད་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པས་མདའ་འཕེན་པ༔ མདའ་སྒྲ་ས་ལ་ལ༔ བུད་མེད་བལ་འཁལ་བ༔ ཞུད་སྒྲ་སྒ་ར་ར༔ སྨན་ཕྲན་གླུ་ལེན་པ༔ གསུང་སྙན་ཀྱུ་རུ་རུ༔ བྱིས་པ་རྩེ་ཞིང་རྒྱུག༔ འདུར་འགྲོས་ལྷངས་སེ་ལྷང༔ མདོས་ལ་འབོད་ཏང་ཏང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཀྱེ༔ ཉི་མ་ནུབ་ཕྱོགས་ན༔ མཆོང་གུར་སྨུག་པོའི་ནང༔ རྡོ་རྗེ་མཆུ་ཡོན་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པ་མདའ་འཕེན་པ༔ མདའ་སྒྲ་ས་ལ་ལ༔ བུད་མེད་བལ་འཁལ་མ༔ ཞུད་སྒྲ་སྒ་ར་ར༔ སྨན་ཤར་ཐོད་ཅན་གྱིས༔ གླུ་ལེན་ཀྱུ་རུ་རུ༔ བྱིས་པ་ཆུང་ཅན་གྱིས༔ རྩེ་རྒྱུག་པྲིངས་སེ་པྲིང༔ མདོས་ལ་འབོད་ཏང་ཏང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཀྱེ༔ ཉི་མ་བྱང་ཕྱོགས་ན༔ གཡུ་གུར་སྔོན་པོའི་ནང༔ བྱི་ནཱ་ཡ་ཀ་བཞུགས༔ རྒྱལ་བློན་འབངས་དང་བཅས༔ སྐྱེས་པས་མདའ་འཕེན་པ༔ མདའ་སྒྲ་ས་ལ་ལ༔ བུད་མེད་བལ་འཁལ་བ༔ ཞུད་སྒྲ་སྒ་ར་ར༔ སྨན་བཙུན་གླུ་ལེན་པོ༔ གསུང་སྙན་ཀྱུ་རུ་རུ༔ བྱིས་པ་རྩེ་ཞིང་རྒྱུག༔ འདུར་འགྲོས་ལྷངས་སེ་ལྷང༔ མདོས་ལ་འབོད་ཏོང་ཏོང༔ ཡས་ལ་གཡབ་ལིང་ལིང༔ དེ་ན་གྲུབ་པའི་གནས༔ བཞུགས་པའི་གནས་སུ་བཟང༔ ཡ་བདུད་དེ་རུ་སྐྱོད༔ མ་བདུད་དེ་རུ་ཕྱོགས༔ བཙན་ཏྲ་དེ་རུ་ཐོངས༔ སྨན་ཕྲན་དེ་རུ་ཐོབས༔ ཞབས་བྲོ་དེ་རུ་རྡུངས༔ ཕྱག་རྡོ་དེ་རུ་ཕོངས༔ ཀུ་རེ་དེ་རུ་མཛོད༔ ཀྱལ་ཁ་དེ་རུ་རྩོད༔ དེ་ནས་བཅུ་བཞི་པ་སྐོས་འདེབས་པ་ནི༔ ཀྱེ༔ དེ་རིང་སྲིད་པའི་མདོས་གཏོང་ན༔ མི་དང་སྣང་སྲིད་མདོས་མཚམས་ཆོད༔ འཛམ་གླིང་སྐོས་ཀྱི་བདག་པོ་སྟེ༔ སྐོས་རྗེ་གཉན་པོ་སྐོས་ལ་བྱོན༔ ཆགས་ཤིང་ཐོགས་ལ་སྐྱེམས་ལ་བྱོན༔ དེ་རིང་མདོས་ལ་སྐོས་འདེབས་འཚལ༔ མདོས་འདི་ཉི་མ་ཤར་དུ་རྫོང༔ དྲི་ཟ་འབུམ་འབུམ་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ ཁྲོ་རྒྱལ་རྡོ་རྗེ་འཛིན་གྱིས་ས་མཚམས་ཆོད༔ མདོས་འདི་ཉི་མ་ལྷོ་རུ་རྫོང༔ གྲུལ་བུམ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ གཤིན་རྗེའི་རྒྱལ་པོས་ས་མཚམས་ཆོད༔ མདོས་འདི་ཉི་མ་ནུབ་ཏུ་རྫོང༔ ཀླུ་དབང་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ རྟ་མགྲིན་རྒྱལ་པོས་ས་མཚམས་ཆོད༔ མདོས་འདི་ཉི་མ་བྱང་དུ་རྫོང༔ གནོད་སྦྱིན་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ མདོས་ཀྱི་རྒྱབ་ཏུ་སྐོས་ཐོབས་ལ༔ བདུད་རྩི་འཁྱིལ་བས་ས་མཚམས་ཆོད༔ མདོས་འདི་ཤར་ལྷོ་མཚམས་སུ་རྫོང༔ མེ་ལྷ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་དུང་ཁྲབ་ཅན༔ སྲིད་པའི་སྐོས་ཐོབས་ས་མཚམས་ཆོད༔ མདོས་འདི་ལྷོ་ནུབ་མཚམས་སུ་རྫོང༔ སྲིན་པོ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་གསེར་ཆ་ཅན༔ སྲིད་པའི་སྐོས་ཐོབས་མཚམས་ཆོད་ཅིག༔ མདོས་འདི་ནུབ་བྱང་མཚམས་སུ་རྫོང༔ རླུང་ལྷ་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་ཟངས་གཟུགས་ཅན༔ སྲིད་པའི་སྐོས་ཐོབས་ས་མཚམས་ཆོད༔ མདོས་འདི་བྱང་ཤར་མཚམས་སུ་རྫོང༔ དབང་ལྡན་དཔུང་དང་ཡུལ་བསྒོ་བས༔ རྒྱལ་པོ་ཆེན་པོ་གཡུ་ཤུབས་ཅན༔ སྲིད་པའི་སྐོས་ཐོབས་ས་མཚམས་ཆོད༔ སྲིད་པའི་མདོས་ཆེན་འདི་བརྫངས་པས༔ ཕྱིན་ཆད་འདི་རུ་མ་གནོད་ཅིག༔ དེ་ནས་བཅོ་ལྔ་པ་གླུད་བསྔོ་བ་ནི༔ ཀྱེ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ སེམས་ཀྱི་གླུད་འདི་མཁའ་ལ་འཇལ༔ ནམ་མཁར་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ དབུགས་ཀྱི་གླུད་འདི་རླུང་ལ་འཇལ༔ རླུང་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ ཁྲག་གི་གླུད་འདི་ཆུ་ལ་འཇལ༔ ཆུ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་བཟུང་པ་ད་ཐོངས་ཤིག༔ ཤ་ཡི་གླུད་འདི་ས་ལ་འཇལ༔ ས་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ཚུར་ལ་ཐོངས༔ དྲོད་ཀྱི་གླུད་འདི་མེ་ལ་འཇལ༔ མེ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ རུས་པའི་གླུད་འདི་རྡོ་ལ་འཇལ༔ རྡོ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ད་ཐོངས་ཤིག༔ ཕུང་པོའི་གླུད་འདི་རི་ལ་འཇལ༔ རི་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ད་ཐོངས་ཤིག༔ ལྤགས་པའི་གླུད་འདི་ཐང་ལ་འཇལ༔ ཐང་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ སྐྲ་ཡི་གླུད་འདི་ཤིང་ལ་འཇལ༔ ནགས་ཚལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་མདོས་བཞེས༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་བླ་གཉན་པོ་ད་ཐོངས་ཤིག༔ བ་སྤུའི་གླུད་འདི་རྩ་ལ་འཇལ༔ རྩ་ལ་གནས་པའི་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ མི་དང་གླུད་གཉིས་ད་བརྗེ་འཚལ༔ བསྒོས་པའི་བཀའ་བདེན་བདེན་ཚིག་བདར༔ བཀའ་ལ་ཉོན་ཅིག་ལྷ་འདྲེ་རྣམས༔ བྱིན་གྱིས་བརླབས་པའི་གླུད་བཞེས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་བཅུ་དྲུག་པ་མདོས་བསྐྱལ༔ རོལ་མོ་རྣམས་དྲག་ཏུ་ལྡིར༔ ཆོས་རྒྱལ་ཁྲི་སྲོང་གི་སྤྲུལ་པ་ཉང་གི་ཉི་མ་འོད་ཟེར་གྱིས་བསམ་ཡས་བྱང་ཆུབ་གླིང་ནས་བཏོན་པའོ།། །།
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་གཞུང་རྐྱང་ལུགས་སུ་ཉམས་སུ་ལེན་པའི་ཟིན་བྲིས་པདྨའི་ལྕུག་མ་ (Volume 21, Text 48)
༄༅། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་གཞུང་རྐྱང་ལུགས་སུ་ཉམས་སུ་ལེན་པའི་ཟིན་བྲིས་པདྨའི་ལྕུག་མ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། རྩ་གསུམ་དཀྱིལ་འཁོར་ཀུན་འདུས་པ། །རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ལ། །བཏུད་ནས་བསྙེན་ཅིང་སྒྲུབ་པའི་ཚུལ། །རྩ་བའི་དགོངས་དོན་སྙིང་པོར་དྲིལ། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་བཀའ་བབས་པའི་ཟབ་ཆོས་ནོར་བུའི་གྲམ་བུར་བརྡལ་བའི་ཡང་གཅེས་མཁའ་འགྲོའི་སྲོག་ཏིག་གི་སྡེ་ཚན་བཀའ་གཏེར་ཆུ་བོ་བཞི་འདུས་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཞེས་ཟབ་པར་གྲགས་ཤིང་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ་འདི་ཉིད་ཉམས་སུ་ལེན་ཚུལ། སྦ་ལྕག་དང་བ་མཁལ་མའི་ལུགས་གཉིས་སུ་གྲགས་ཤིང་། ཕྱི་མ་སྔ་མའི་ལས་ཚོགས་ལྟ་བུར་འགྱུར་བའི་ཕྱིར་ཉམས་སུ་ལེན་བྱའི་རྩ་བ་ནི་སྦ་ལྕག་མ་ཡིན་ལ། དེའི་གདམས་ངག་གྲུབ་ཆེན་པཀྴིའི་གཞུང་བླ་མ་གཉན་རས་ཀྱི་ཟིན་བྲིས་བཅས་པ་དང་། རྟོགས་ལྡན་མཁའ་སྤྱོད་དབང་པོའི་གསུང་ལ་ཆོས་རྗེ་དེ་བཞིན་གཤེགས་པས་ཟིན་བྲིས་སུ་མཛད་པ་དང་། མཚུར་ཕུ་འཇམ་དབྱངས་ཆེན་པོས་རྒྱུད་གཞུང་གི་དགོངས་པ་རྩལ་དུ་བཏོན་པའི་ལུགས་གསུམ་ནི་རྩ་བ་སྟེ། དེ་དག་གང་ལ་ཞུགས་ཀྱང་མཆོག་ཐུན་གྱི་གྲུབ་འབྲས་མི་སླུ་བས་ཁྱད་པར་མ་མཆིས་ལ། ཕྱིས་སུ་གྲུབ་བརྙེས་ཆགས་མེད་ཞབས་ཀྱི་ཟིན་བྲིས་ཆེ་ཆུང་རྣམས་ནི་མཁའ་སྤྱོད་པའི་བཞེད་གཞུང་ལ་གྲུབ་ཆེན་ཆོས་ཀྱི་བླ་མའི་གདམས་ངག་དང་ཉང་དང་སངས་གླིང་སོགས་ཀྱི་གཏེར་ཁའི་ཟབ་གནད་ཀྱང་ཅི་རིགས་པས་བརྒྱན་པར་སྣང་ལ། དེ་དག་ལས་དམིགས་པ་ལག་ལེན་རྒྱས་པའི་རིགས་རྣམས་བློ་དམན་འབྱོར་པ་ཆུང་བས་ལག་ཏུ་མི་ལོན་ཅིང་། གསང་སྒྲུབ་འཁོར་ལོ་གཅིག་མ་སོགས་ཟབ་གནད་ཐུན་མོང་མ་ཡིན་པའི་སྐོར་རྣམས་ཟབ་དབང་སྔོན་དུ་སོང་བའི་བརྒྱུད་འཛིན་ལས་ཁྲོམ་ཆོས་སུ་སྤེལ་བར་བྱ་བ་མ་ཡིན་པས། འདིར་རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའི་ལྷ་ལྔའི་སྒྲུབ་ཐབས་ཚིགས་བཅད་མ་དང་འབྲེལ་བར་གཏོར་དབང་གི་བྱིན་རླབས་ཙམ་ནོས་པའི་གང་ཟག་གིས་འབྲེལ་འཇོག་ལྟ་བུར་ཉམས་སུ་ལེན་པའི་ཚུལ་ལ། གཞུང་ལས། ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་ཕྱི་རུ་སྒོམ་པ་དང་། །ནང་ལྟར་ལུས་ལ་འགོད་པ་དང། །གསང་བ་རྩ་ལ་འགོད་པ་དང་། །ཡང་གསང་དེ་ཉིད་སེམས་ལ་འགོད། །ཅེས་གསུངས་པ་ལྟར་བཞི། ཕྱི་དཀྱིལ་བསྙེན་པའི་རྣལ་འབྱོར། ནང་ལུས་དཀྱིལ་སྒྲུབ་པའི་རིམ་པ། གསང་བ་རྩ་དཀྱིལ་ལས་སྦྱོར་གྱི་ཚུལ། ཡང་གསང་སེམས་དཀྱིལ་སྔ་མ་གསུམ་གྱི་གྲུབ་མཐའ་ལམ་དུ་སློང་བའོ། །དང་པོ་ནི། གཞུང་ལས། དེ་ལྟར་ཕྱི་སྒྲུབ་བསྙེེན་པ་ལ། །དཀྱིལ་འཁོར་བཅའ་གཞི་མི་དགོས་ཤིང་། །རྒྱུན་དུ་ཡི་དམ་ནར་མར་བྱ། །ཞེས་གསུངས་པས་དཀྱིལ་འཁོར་སོགས་བཤམ་བཀོད་ཀྱི་སྤྲོས་པ་མི་དགོས། འབུལ་གཏོར་ལྔ་ཚར་བདུན། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བདུད་རྩི་ཐོད་ཞལ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་རྣམས་འདུ་བྱ། ཡར་མར་གྱི་ཚེས་བརྒྱད་དགོང་མོ་དབང་གི་དུས་སུ་དབུ་བརྩམས་ཏེ། སྣང་སྲིད་བྱིན་རློབས་མའི་གསོལ་འདེབས་དང་། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བས་ནང་མཆོད་བྱིན་རླབས་བྱས་ལ་ལྕེར་མྱང་། སྐད་ཅིག་གིས་ཁྲོ་རྒྱལ་རྟ་མགྲིན་དུ་གསལ་བས་བགེགས་གཏོར་བསྔོས། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བགེགས་ལྷག་མ་རྣམས་བསྐྲད། མེའི་ར་གུར་དུ་གྱུར། སླར་ཡང་ཕྱག་མཚན་མཚོན་ཆའི་ཚོགས་སྤྲོས། རྡོ་རྗེ་ལ་སོགས་པའི་ར་གུར་དུ་གྱུར། སླར་ཁྲོ་ཚོགས་དུ་མ་སྤྲོས་པས་འགའ་ཞིག་ཞལ་ཕྱིར་གཟིགས་ཟློག་པའི་ལས་མཛད། ལ་ལ་ནང་དུ་གཟིགས་སྲུང་བའི་ལས་མཛད་པར་བསྒོམ། མཆོད་པ་བྱིན་རླབས་དང་། སྐྱབས་སེམས་ཉེར་གཅིག་གམ་གསུམ་ལ་སོགས་པའི་མཐར་སྤྲོ་ན་རྡོར་སེམས་བསྒོམ་བཟླས་མ་རྒྱུད་སྤྱི་ལྟར་བྱས། ཚོགས་གསག །གསོལ་འདེབས། ཚད་མེད་བཞི་བསྒོམས་ལ་ཚོགས་ཞིང་རང་ལ་བསྟིམ་པ་རྣམས་ནི་སྔོན་དུ་འགྲོ་བའོ། །དངོས་གཞི་བསྐྱེད་བཟླས་གཉིས་ལས་བསྐྱེད་ཆོག་ཡན་ལག་བཞི་རྫོགས་ནི། སྟོང་པའི་ངང་ལས་བདེ་བ་ཅན་ལྟ་བུའི་སངས་རྒྱས་ཀྱི་ཞིང་བཀོད་པ་ཕུལ་དུ་ཕྱིན་པའི་དབུས་སུ་མཚན་ཉིད་རྫོགས་པའི་གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་པདྨའི་སྡོང་བུ་ཁ་གསུམ་དུ་གྱེས་པའི་དབུས་མར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། གཡས་རྟ་མགྲིན་དཔའ་བོ་རྒྱ་མཚོ། གཡོན་གསང་ཡེ་མཁའ་འགྲོ་རྒྱ་མཚོ། སྟེང་གི་བར་སྣང་དུ་སློབ་དཔོན་པདྨ་གྲུབ་ཐོབ་རྒྱ་མཚོ། གདན་འོག་ཏུ་མ་མགོན་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ཏེ་རྒྱ་མཚོ་ལྔའི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར། རང་རིགས་གཙོ་བོར་གྱུར་པས་རྒྱས་གདབ། དེ་ནས་བཟླས་པ་ནི། རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀར་པད་ཉི་ཟླ་བའི་གདན་ལ་ཧྲཱིཿཡིག་དམར་པོ་རེ་རེའི་མཐར། གཙོ་བོ་ལ་ཡིག་བཅུ། རྟ་མགྲིན་དང་གསང་ཡེ་ལ་རང་སྔགས། སློབ་དཔོན་པདྨ་ལ་བཛྲ་གུ་རུ། ཆོས་སྐྱོང་མ་མགོན་ལ་རང་སྔགས། གསང་ཡེ་ལ་སྔགས་ངོ་ནང་བསྟན་གཡོན་དུ་འཁོར་ཞིང་། གཞན་རྣམས་ལ་ཕྱིར་བསྟན་གཡས་སུ་འཁོར་བར་མོས། སྔགས་བཟླས་པས་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད། ཐུགས་རྒྱུད་མཉེས། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བྱོན་རང་ལ་ཐིམ་པས། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ལས་ཉོན་བག་ཆགས་དང་བཅས་པ་སང་གིས་དག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། བུམ་གསང་ཤེར་ཡེ་ཚིག་གི་དབང་བཞི་ཐོབ་པས་རྒྱུད་སྨིན། སླར་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྐད་ཅིག་ལ་བྱང་། ཕྱི་སྣོད་པདྨ་དབང་གི་དཀྱིལ་འཁོར། ནང་བཅུད་ཕོ་ཐམས་ཅད་སྤྱན་རས་གཟིགས། མོ་ཐམས་ཅད་གསང་བ་ཡེ་ཤེས། བདུད་དང་ལོག་འདྲེན་ཐམས་ཅད་རྟ་མགྲིན་དབང་ཆེན། ཕྱོགས་དང་མཚམས་རྣམས་འཇའ་འོད་མེ་དཔུང་ཐིག་ལེས་ཤིག་ཤིག་ཏུ་གང་། མདོར་ན་གཟུགས་སྣང་ཐམས་ཅད་རྒྱ་མཚོ་ལྔའི་ལྷ་ཚོགས་ཀྱི་རང་བཞིན། སྒྲ་གྲགས་ཐམས་ཅད་ཡི་གེ་བཅུ་པའི་རང་སྒྲ། དྲན་རྟོག་ཐམས་ཅད་ཆོས་སྐུ་གཉུག་མ་ཕྱག་རྒྱ་ཆེན་པོའི་རང་བབ་ཏུ་མོས་ལ། རིགས་དང་མཐུན་པའི་བགྲང་ཕྲེང་བྱིན་གྱིས་བརླབས་པ་ཐོགས་ཏེ་ཡི་གེ་བཅུ་པ་ལ་བཟླས་པ་དངོས་གཞི་བྱ། ཐུན་མཐར་སྔགས་གཞན་གསུམ་པོའང་ཤམ་བུར་སྦྱར་ཏེ་བདུན་རེ་ཙམ་བཟླའོ། །རྗེས་རྫོགས་པའི་རིམ་པ་བསྒོམ་པ་ནི། ཐུན་འཇོག་པ་ན། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་ལ་ཐིམ། དེ་འོད་དུ་ཞུ་འཁོར་རྣམས་ལ་ཐིམ། དེ་རྣམས་བདག །བདག་ཉིད་ཀྱང་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ། དེ་མས་རིམ་གྱིས་ཞུ་སྟེ་ནཱ་དར་ཐིམ། དེའང་སྟོང་ཉིད་དུ་ཡལ། བསྒོམ་མེད་ཡེངས་མེད་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་རང་ངོ་ལ་ཅི་གནས་སུ་མཉམ་པར་བཞག །མཐར་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་སུ་ལྡངས་ལ། ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་ལྡན་པས་དགེ་བ་བསྔོ་ཞིང་སྤྱོད་ལམ་ཐམས་ཅད་ཚོགས་ཀྱི་ལམ་དུ་ཁྱེར་བར་བྱའོ། །ཡང་སྐབས་རེར་ཏིང་ངེ་འཛིན་གྱི་ཁྱད་པར་འདི་ལྟར་ཡང་བྱ་སྟེ། བདག་ཉིད་ཀྱིས་སྔགས་བཟླས་པ་ལྟར། གཡས་གཡོན་སྟེང་འོག་གི་ལྷ་ཚོགས་རྣམས་ཀྱིས་ཀྱང་འུར་དིར་བཟླས་པ་དང་ཆབས་ཅིག་སྐུ་ལས་འོད་ཟེར་མུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག །འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་བཀོད། ཉན་རང་རྣམས་ལ་ཕོག །ཐེག་ཆེན་གྱི་ལམ་ལ་བཀོད། བྱང་སེམས་རྣམས་ལ་ཕོག །ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད། སངས་རྒྱས་རྣམས་ལ་ཕོག །ཆོས་གསུང་བ་དང་སེམས་ཅན་གྱི་དོན་ལ་བསྐུལ་བར་བསྒོམ་མོ། །བསྙེན་པའི་ཚད་ནི་དུས་ཞག་བདུན་ནམ་ཉེར་གཅིག །གྲངས་ཡིག་བཅུ་འབུམ་ཐེར་གསུམ་མམ་བཅུ། བསྙེན་ཚད་སོང་ནས་རྟ་མགྲིན་སོགས་ཤམ་བུར་སྦྱར་ནས་བཟླ་སྟེ་གྲངས་ཚད་གསལ་ཁ་མ་གསུངས་སོ། །གལ་ཏེ་སྒྲུབ་མཆོད་གཏོར་དབང་བྱེད་པར་སྤྲོ་ན་སྔར་བཤམས་པའི་གཏོར་མ་ལ་དམིགས་རྟེན་བྱས་ནས་མདུན་བསྐྱེད་ཡན་ལག་བཞི་རྫོགས་མཆོད་བསྟོད་བདུད་རྩི་ཕུལ་བའི་མཐར། བཟླས་པའི་སྐབས་སུ་བདག་མདུན་རྣམས་ཀྱི་ཐུགས་སྲོག་སྔགས་ཕྲེང་བཅས་སྔར་ལྟར་གསལ། བདག་གི་ཐུགས་ཀ་ནས་འོད་ཟེར་རྩ་བ་གཅིག་ལ་རྩེ་མོ་ལྔའི་རྣམ་པར་འཕྲོས། མདུན་བསྐྱེད་ལྷ་ལྔ་སོ་སོའི་ཐུགས་ཀར་ཐིམ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་གི་ཐུགས་ཀར་ཐིམ་པར་བསྒོམ། ཚོགས་མཆོད་སོགས་རྗེས་ཀྱི་བྱ་བ་རྣམས་གཞུང་གསལ་ལྟར་བྱས་པས་འགྲུབ། བསྙེན་པ་ཚུགས་པའི་ནུབ་ཐོག་མ་དང་། དུས་བཟང་རྣམས་སུ་ཚོགས་མཆོད་བྱ་བའི་ཚེ་གོང་སྨོས་མདུན་བསྐྱེད་ཉིད་གྲུབ་ན་ལེགས་ལ། མ་གྲུབ་ན་བདག་བསྐྱེད་བསྡུ་ལྡངས་མཐར་ཚོགས་བྱིན་བརླབ་ཚོགས་མགྲོན་ནམ་མཁར་སྤྱན་དྲང་། ཚོགས་དང་གཏོར་མ་གཉིས་ཀ་བདུད་རྩིར་བརླབས་ཏེ་ཕུལ་ལ་ཚོགས་རྫས་དངོས་གྲུབ་ཏུ་རོལ། ལྷག་མ་དང་རྗེས་ཆོག་གཞུང་གསལ་ལྟར་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་སྐུ་རྟེན་སོགས་ཡོད་ན་རྟེན་བཞུགས་བྱ། མེད་ན་གཤེགས་སུ་གསོལ་ལ་བསྔོ་སྨོན་བཀྲ་ཤིས་རྣམས་བྱའོ། །འདི་ཁོ་ནས་ཀྱང་འབྲེལ་འཇོག་ཙམ་གྱི་བསྙེན་པ་ནི་གྲུབ་པ་ཡིན་ནོ། །གཉིས་པ་ནང་ལུས་དཀྱིལ་སྒྲུབ་པའི་རིམ་པ་ནི། དཀྱིལ་འཁོར་བཅའ་གཞི་མངོན་རྟོགས་ཀྱི་དབུར་གསལ་བ་ལྟར་བཀོད། ཡར་མར་ཚེས་བཅུ་གང་རུང་གི་དུས་སུ་སྔོན་དངོས་ཀྱི་བྱ་བ་རྣམས་ཕྱི་སྒྲུབ་ཇི་ལྟ་བ་བཞིན་ལས། བསྐྱེད་རིམ་གྱི་ཁྱད་པར་རང་ཉིད་རྒྱལ་བ་རྒྱ་མཚོའི་ཐུགས་ཀར་པད་ཉི་བདུད་བཞིའི་གདན་ལ་རྟ་མགྲིན་དམར་ནག་ཁྲོ་ཚུལ་དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཕྱག་གཡས་དབང་སྡུད་ཕྱག་རྒྱས་པདྨ་དམར་པོའི་ཕྲེང་བ་འདྲེན་ཅིང་གཡོན་ཨུཏྤལ་དམར་པོའི་ཞགས་པ་སྡིགས་མཛུབ་དང་བཅས་ཏེ་དཀུར་བརྟེན་པ། དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བས་སྲིད་གསུམ་གཡོ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་ཐུགས་ཀར་པད་ཉི་ལ་ཧྲཱིཿདམར་སྔགས་ཕྲེང་གཡས་སུ་འཁོར་བ། ལྟེ་བར་པདྨའི་ཟེའུ་འབྲུར་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཀྱི་ལྟེ་དབུས་སུ་ཆོས་འབྱུང་བསྣོལ་མ་ཟུར་དྲུག་དགའ་འཁྱིལ་དང་བཅས་པའི་དབུས་སུ་པད་ཉི་རོའི་སྟེང་དུ་གསང་བ་ཡེ་ཤེས། གསང་བར་པདྨ་འདབ་བཞིར་རིགས་བཞིའི་མཁའ་འགྲོ་ཡབ་ཡུམ་དཀར་སེར་དམར་ལྗང་གྲི་ཐོད་འཛིན་པས་རྣལ་འབྱོར་མའི་གདན་འདེགས་པའི་ཚུལ་ཅན། མགྲིན་པར་པད་ཟླ་ལ་སྤྱན་རས་གཟིགས་དམར་པོ་བགྲང་ཕྲེང་དང་པདྨ་འཛིན་པ་བཞེངས་སྟབས། སྤྱི་བོར་སློབ་དཔོན་པདྨའམ་སངས་རྒྱས་སྣང་བ་མཐའ་ཡས་བཀའ་བརྒྱུད་བླ་མའི་ཚོགས་བཅས་གསལ་བཏབ་ལ་ཡན་ལག་བཞི་རྫོགས་གཞུང་ལྟར་བྱ། དེའང་མངོན་རྟོགས་ཀྱི་གཙོ་བོའི་བསྐྱེད་ཆོག་གྲུབ་པའི་མཚམས་སུ་ལུས་དཀྱིལ་འདི་བཞིན་གསལ་བཏབ་ལ་གནས་གསུམ་བྱིན་རླབས་སོགས་ལ་འཇུག །མཁའ་སྤྱོད་པའི་བཞེད་པར་ཕྱི་དཀྱིལ་ཡང་བཀོད་པ་ཡིན་ཡང་གཞུང་དོན་སྙིང་པོ་འདི་ཉིད་ངོ་མཚར་ཆེའོ། །འདིར་སྤྱི་མགྲིན་གྱི་ལྷ་བཀོད་ཚུལ་ཡང་གང་དེའི་བཞེད་པ་ཡིན་ཡང་བསྡུ་ན་མགྲིན་པའི་ལྷ་མི་བཀོད། བླ་མ་རིགས་བདག་གི་ཚུལ་དུ་བསྒོམས་པས་ཆོག །བཟླས་པ་ནི། ནུས་ན་རླུང་བུམ་པ་ཅན་དང་སྦྱར་ནས་རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་པ་ལ་གཙོ་བོར་བྱ། མི་ནུས་ན་གཞུང་ལས། རླུང་བཟུང་སྔགས་བཟླས་གང་གོམས་བྱ། །ཞེས་འབྱུང་བས་བར་རླུང་ཙམ་ལ་བརྟེན་ཏེ་ངག་བཟླས་བྱས་ཀྱང་ཆོག་པ་ནི་གསང་སྒྲུབ་ལའང་ཤེས་པར་བྱའོ། །ཏིང་ངེ་འཛིན་ནི། ལྟེ་འོག་ཏུ་གཏུམ་མོ་ཨ་ཤད་དམ་ཐིག་ལེ་མེའི་རང་བཞིན་དམར་ཞིང་འཚེར་བ་གསལ་གདབ། རླུང་ཕྱིར་འགྲོ་བའི་ཚེ་སྙིང་གའི་ས་བོན་སྔགས་ཕྲེང་གཏུམ་མོའི་མེ་དང་བཅས་པའི་འོད་ཟེར་གྱིས་བརྟན་གཡོ་སྣོད་བཅུད་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བཞུས། རླུང་ནང་དུ་འོང་བའི་ཚེ་དེ་དག་སྣ་བུག་གཉིས་ནས་བརྒྱུད་དེ་ལྟེ་བའི་མེ་ལ་ཐིམ་པས། སྡོང་རྩ་མར་ཁུས་བརླན་པ་བཞིན་དུ་གཏུམ་མོའི་མེ་ལྕེ་ཧར་གྱིས་འབར་པས་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་མོས་ལ་སྟོང་ཉིད་ངང་དུ་བཞག །ཡང་འོད་ཟེར་སྔར་བཞིན་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། བྱང་སེམས་སུ་ཞུ་བ་མེ་ལ་ཐིམ། དབང་དང་བྱིན་རླབས་ཐོབ་ཅིང་བདེ་ཆེན་སྐྱེས། ཡང་འོད་ཟེར་འཕྲོས། འགྲོ་བ་དྲུག་ལ་ཕོག །བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྐྱེད་པས་དེ་དག་བྱང་སེམས་སུ་ཞུ། སྙིང་རྗེའི་ངང་དུ་རླུང་རྔུབས་པས་མེ་ལ་ཐིམ་པར་མོས་ལ་སྟོང་ཉིད་དུ་བཞག །མཐར་ལུས་དཀྱིལ་གྱི་ལྷ་རྣམས་རང་གནས་སུ་འོད་དུ་ཡལ་ནས་མཁའ་ལ་སྤྲིན་དེངས་པ་ལྟར་མི་དམིགས་པའི་ངང་ནས་རླུང་བཟླས་བྱ། བཟླ་བྱ་དངོས་གཞི་ཡི་གེ་བཅུ་པ། གྲངས་སྔར་དང་འདྲ། རྟགས་མཐོང་ནས་སྔགས་ཡོངས་རྫོགས་སྦྲེལ་ལ་བཟླ་གསུངས་ཀྱང་ད་ལྟའི་ཕྱག་ལེན་དུ་རྟ་སྔགས་མི་སྦྲེལ་བར་འདུག །བདག་མདུན་སྒོམ་ཚུལ་རྙིང་མ་སྤྱི་མཚུངས་བྱ་ཆོག་ཀྱང་ཕྱག་རྒྱུན་དུ་ཐུན་སྟོད་བདག་བསྐྱེད་ཐུན་སྨད་མདུན་བསྐྱེད་མཆོད་བསྟོད་སོགས་སྤྲོས་པ་ཆེ་བར་མཛད་པར་སྣང་། སྒྲུབ་པ་རྫོགས་པའི་མཇུག་ཏུ་དངོས་གཞིའི་བཟླས་སྒོམ་རྣམས་ཁྱུག་ཙམ་རེ་བྱས་ལ། སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་མེ་འོད་ལྟར་རྣོ་ཞིང་ཚ་ལ་གདུང་བ་ཕྲོམ་ཕྲོམ་ཤར་ཤར་དུ་འཕྲོས་པས་སྣོད་བཅུད་ཀྱི་དྭངས་མ་སྤྱི་དང་། དམིགས་གསལ་ཡིད་ལ་འདོད་པའི་དངོས་པོ་དབང་དུ་བསྡུས་ནས་སྙིང་གའི་ས་བོན་དང་ཐོད་པའི་རྫས་ལ་ཐིམ་པར་མོས་ལ། སྔགས་རྣམས་སྦྲེལ་བའི་ཤམ་དུ། བ་སུ་སིདྡྷི་ནཱ་ནཱ་ཁཱ་དྷེ་སིདྡྷི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་སིདྡྷི་ས་མ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ་པུཥྚིཾ་པཱ་ཤཾ་ཀུ་རུ་ཧཱུྃ། རཏྣ་སིདྡྷི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བཏགས་པ་ཇི་ཙམ་འོས་པ་བཟླའོ། །གསུམ་པ་གསང་བ་རྩ་དཀྱིལ་ལས་སྦྱོར་གྱི་ཚུལ་ནི། བཅའ་གཞི་ནང་སྒྲུབ་ལྟར་བྱ། བསྐྱེད་རིམ་གྱི་སྐབས་སུ། སྔོན་འགྲོའི་ཆོས་རྣམས་སོང་བའི་མཚམས་སུ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། གཟུང་འཛིན་ཆོས་རྣམས་སྟོང་པར་གྱུར། །སྟོང་པའི་ངང་ལས་པད་ཉི་དང་། །ཟླ་བའི་གདན་ལ་རང་སེམས་ཧྲཱིཿ ཡོངས་གྱུར་པདྨ་ཧྲཱིཿཡིས་མཚན། །འོད་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཤིང་། །རྒྱལ་བའི་བྱིན་རླབས་བསྡུས་ནས་ཐིམ། །དེ་ལས་བདག་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་བརྐྱང་གཡོན་བསྐུམ་གར་གྱིས་བསྒྱིངས། །དབུ་སྐྲ་གྱེན་བརྫེས་དར་གྱིས་བརྒྱན། །རིན་ཆེན་རྒྱན་གྱིས་མཛེས་པར་སྤྲས། །ཕྱག་གཡས་པད་ཕྲེང་གཡོན་པདྨ། །གསང་བ་ཡེ་ཤེས་ཡུམ་གྱིས་འཁྱུད། །དམར་མོ་གཅེར་བུ་སྤྱན་གསུམ་པ། །ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །ཐོད་པ་སྐམ་པོ་རུས་རྒྱན་ཅན། །རིན་ཆེན་སྣ་ཚོགས་དར་དཔྱང་བརྒྱན། །ཡེ་ཤེས་མེ་རིའི་དབུས་ན་བཞུགས། །ཡབ་ཀྱི་སྐུ་ལ་རྩ་གསུམ་དང་། །འཁོར་ལོ་ལྔ་པོ་གསལ་བ་ཡི། །སྤྱི་བོར་བདེ་གཤེགས་སྤྱན་རས་གཟིགས། །དཀར་པོ་འཁོར་ལོ་དྲིལ་བུ་ཅན། །རྩ་འདབ་མཁའ་འགྲོ་སུམ་ཅུ་གཉིས། །འཁོར་ལོ་གྲི་གུག་ཐོད་ཁྲག་འཛིན། །མགྲིན་པར་པདྨའི་སྤྱན་རས་གཟིགས། །དམར་པོ་པདྨ་དྲིལ་བུ་ཅན། །རྩ་འདབ་མཁའ་འགྲོ་བཅུ་དྲུག་ནི། །པདྨ་གྲི་གུག་ཐོད་ཁྲག་འཛིན། །སྙིང་གར་རྡོ་རྗེ་སྤྱན་རས་གཟིགས། །མཐིང་ག་རྡོ་རྗེ་དྲིལ་བུ་ཅན། །རྩ་འདབ་རྡོ་རྗེ་མཁའ་འགྲོ་བརྒྱད། །རྡོ་རྗེ་གྲི་གུག་ཐོད་ཁྲག་འཛིན། །ལྟེ་བར་རིན་ཆེན་སྤྱན་རས་གཟིགས། །སེར་པོ་རིན་ཆེན་དྲིལ་བུ་ཅན། །རྩ་འདབ་མཁའ་འགྲོ་དྲུག་ཅུ་བཞི། །རིན་ཆེན་གྲི་གུག་ཐོད་ཁྲག་འཛིན། །གསང་བར་ལས་ཀྱི་སྤྱན་རས་གཟིགས། །ལྗང་གུ་རྒྱ་གྲམ་དྲིལ་བུ་ཅན། །རྩ་འདབ་ལས་ཀྱི་མཁའ་འགྲོ་བཞི། །རྒྱ་གྲམ་གྲི་གུག་ཐོད་ཁྲག་ཐོགས། །ཀུན་ཀྱང་རིན་ཆེན་རུས་པས་བརྒྱན། །ཡབ་རྣམས་ཐུགས་ཀར་རྟ་མགྲིན་དང་། །ཡུམ་རྣམས་ཐུགས་ཀར་ཕག་མོ་གསལ། །རང་གི་སྤྱི་བོར་བླ་མ་དང་། །ལྟེ་བར་དཔའ་བོ་གིང་ཆེན་བཞི། །གསང་ཡེའི་སྤྱི་བོར་ན་བཟའ་དཀར། །ལྟེ་བར་རིགས་བཞིའི་མཁའ་འགྲོ་མ། །ཀུན་ཀྱང་ཐོད་པ་སྐམ་རློན་དང་། །རིན་ཆེན་རུས་རྒྱན་དར་གྱིས་མཛེས། །པདྨ་ཉི་ཟླ་རོ་གདན་ཅན། །མེ་དཔུང་འབར་བའི་དབུས་སུ་འགྱིང་། །དེ་དག་མ་ལུས་ཐམས་ཅད་ཀྱི། །སྤྱི་བོར་ཟླ་སྟེང་སོགས་གནས་གསུམ་བྱིན་རླབས་ནས་དབང་བསྐུར་རྒྱས་གདབ་བར་དཀྱུས་བཞིན་བྱའོ། །བཟླས་པའི་སྐབས། འདོམ་བར་དུ་ཡཾ་ལས་རླུང་དཀྱིལ་ལྗང་གུ་ཡཾ་གིས་མཚན་པ་ཡང་ཞིང་གཡོ་བ། ལྟེ་འོག་དབུ་མའི་ནང་དུ་ཨ་ཐུང་དམར་པོ་མཚན་ཉིད་བཞི་ལྡན། སྤྱི་གཙུག་དབུ་མའི་ཡར་སྣེར་ཧཾ་ཡིག་དཀར་པོ་འཁྱིལ་ཞིང་འཛག་ལ་ཁད་པ་རྣམས་གསལ་བཏབ་ལ་རླུང་རོ་དགུ་ཕྲུགས་སུ་འབུད། སྟེང་འོག་གི་རླུང་ཁ་སྦྱོར་བའི་རྐྱེན་གྱིས་རླུང་དཀྱིལ་གཡོས། གསང་གནས་ཀྱི་འཁོར་ལོའི་ལྷ་རྣམས་བདེ་བ་ཆེན་པོའི་རང་བཞིན་དུ་འབར། དེས་གཏུམ་མོའི་མེ་སྦར། དེས་ལྟེ་བའི་འཁོར་ལོའི་ལྷ་རྣམས་བདེ་ཆེན་དུ་འབར་བ་སོགས་རིམ་བཞིན་སྤྱི་བོའི་བར་དུ་འབར་བས་ཧཾ་ཡིག་བཞུས། དེ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས་སྤྱི་བོའི་རྩ་འཁོར་གང་། དགའ་བའི་ཡེ་ཤེས་སྐྱེས་པར་མོས་ལ་རླུང་བཟུང་ཞིང་ཡིད་བཟླས་བྱ། དེ་བཞིན་དུ་བྱང་སེམས་བབས་པས་མགྲིན་པའི་རྩ་འཁོར་གང་། མཆོག་དགའ་སྐྱེས། སྙིང་ག་གང་། ཁྱད་དགའ་སྐྱེས། ལྟེ་བ་གང་། ལྷན་སྐྱེས་དགའ་བ་ལ་སེམས་བཟུང་ཞིང་ཡིད་བཟླས་སོ་སོར་བྱ། དེ་ནས་རླུང་ཕྱིར་བསལ་བའི་ཚེ་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས། འགྲོ་བ་རིགས་དྲུག་སོགས་འཁོར་འདས་ཕྱི་ནང་སྣོད་བཅུད་ཐམས་ཅད་རླུང་ནང་དུ་རྔུབས་པ་དང་དབྱེར་མེད་དུ་བསྡུས། དངོས་འཛིན་འཁྲུལ་རྟོག་གི་བག་ཆགས་ཐམས་ཅད་བདེ་ཆེན་འབར་བའི་མེས་བསྲེགས། རླུང་སེམས་ཡེ་ཤེས་ཆེན་པོའི་རང་བཞིན་དྭངས་མའི་ཐིག་ལེར་ཐིམ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཐ་མལ་ཤེས་པ་མ་བཅོས་གཉུག་མ་ཁྱབ་བརྡལ་ཆེན་པོ་ཕྱོགས་མེད་རིས་མེད་ཀྱི་རྩལ་ཆེན་སྦྱངས་ལ་བཟླས་པ་བྱ། མདུན་རྟེན་ལའང་རང་ཉིད་ཇི་ལྟ་བར་བསྐྱེད་ཅིང་སྤྲོ་བསྡུ་བྱ། ཐུན་མཐར་བདག་མདུན་ཐུགས་ཀའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཚ་ལ་གདུང་བས་སྐྱེ་འགྲོ་ཕོ་མོའི་སྙིང་ག་དང་གསང་གནས་ནས་བཟུང་སྟེ་རང་དབང་མེད་པར་མདུན་དུ་བཀུག །སླར་ཡང་འོད་ཟེར་གྱིས་གདུངས་པས་མར་གསར་ཉི་མས་བཞུ་བ་བཞིན་དེ་དག་བྱང་སེམས་དཀར་དམར་གྱི་ངོ་བོར་ཞུ་བ། སྒྲུབ་རྫས་དང་རང་གི་གསང་བའི་ལམ་ནས་དྲངས་ཐུགས་སྲོག་ཧྲཱིཿལ་ཐིམ་པར་མོས་ལ་བྱམས་སྙིང་རྗེ་དྲག་ཏུ་བསྒོམ། བཟླ་བའི་སྔགས་ཤམ་བུ་བཅས་ཀྱི་གྲངས། དུས། ཟློ་ཚུལ་སོགས་གོང་དང་མཚུངས། འདིར་ཐུན་མོང་གི་ལས་གཙོ་བོར་སྒྲུབ་ན་སྦ་ལྕག་དང་བ་མཁལ་སོགས་ཀྱི་བཅའ་གཞི་དགོས་ཀྱང་མཆོག་སྒྲུབ་ལ་དེ་དག་མེད་ཀྱང་ཆོག་པས་འཇུག་པ་བདེ་བ་གཙོར་བཏོན་པ་ཡིན་ནོ། །སྒྲུབ་པ་དེ་ཉིད་གྲུབ་མ་ཐག་པར་མར་ཁུ་ཡམ་ཤིང་། རིན་ཆེན་ཟས་ནོར་གོས་དར་འབྲུ་སྣ་ཤིང་ཏོག་སོགས་གང་འབྱོར་ལ་སྣང་བ་དབང་སྡུད་ཀྱི་སྦྱིན་སྲེག་སྤྲོས་མེད་ལུགས་སྤྱི་ལྟར་བྱའོ། །བཞི་པ་ཡང་གསང་སེམས་དཀྱིལ་གྲུབ་མཐའ་ལམ་སློང་ནི། ལུས་གཞལ་ཡས་ཁང་། སེམས་ཉིད་ཀྱི་ངོ་བོ་བླ་མ། གཏི་མུག་སྤྱན་རས་གཟིགས། རྟོག་ཚོགས་སངས་རྒྱས་སྟོང་རྩ། ཞེ་སྡང་རྟ་མགྲིན། འདོད་ཆགས་གསང་ཡེ། ང་རྒྱལ་དཔའ་བོ། ཕྲག་དོག་དཔའ་མོ། ཁམས་ལྔ་རིགས་ལྔའི་མཁའ་འགྲོ །ཚོགས་དྲུག་ཡུལ་དང་བཅས་པ་མཆོད་པའི་ལྷ་མོ། དགེ་སྡིག་གི་རྟོག་པ་དམ་ཅན་སྲུང་མ་སྟེ། དེ་དག་མ་རྟོགས་པས་འཁོར་བའི་རྣམ་པ། རང་བཞིན་རྟོགས་པས་མྱང་འདས་ཀྱི་ངོ་བོ། ལྷ་སྐུ་སེམས་ཀྱི་རང་རྩལ། སྒྲ་གྲགས་སྟོང་བརྗོད་མེད། རིག་པ་གདོད་ནས་སྤྲོས་བྲལ་ཆོས་སྐུ་ཡུལ་དང་ཡུལ་ཅན་ལས་འདས་པའི་གནས་ལུགས་གཉུག་མའི་དོན་ལ་བློ་རང་བབ་ཏུ་གནས་པས་སྒོམ་བཟླས་ཐམས་ཅད་མཐར་ཐུག་གི་ལམ་དུ་བསླང་བར་བྱའོ། །གཞན་ཡང་གྲུབ་ཆེན་ཀརྨ་པའི་གདམས་ངག་བསྲེ་བ་སྐོར་གསུམ་ཞེས་ལྷ་དགུ་ལྷ་ལྔ་བསྙེན་སྒྲུབ་སྤྱིའི་ཟབ་གནད་འདི་ལྟར་གསུངས་ཏེ། རླུང་རོ་དྲག་ཏུ་འབུད། མེ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ལྟེ་བའི་མེ་དང་ཐུགས་ཀའི་ཧྲཱིཿལ་ཐིམ། ལུས་ཀྱི་ནང་མེས་གང་། མོས་གུས་དྲག་ཏུ་བྱ། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསྒོམ། མཐར་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་པ་ནི་ལོངས་སྐུར་བསྲེ་བའོ། །ཡང་རེས་འགའ་གཞན་དབང་དུ་བྱ་འདོད་པའམ། ཡིད་ཡུལ་དུ་སྡུག་ཅིང་ཆགས་པའམ། སྙིང་རྗེ་བའམ། ཞེ་སྡང་བ་སོགས་གང་བྱུང་ཡང་རང་ཉིད་སྐུ་མདོག་དམར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། དམིགས་ཡུལ་གྱི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བཀུག །བྱམས་སྙིང་རྗེ་དྲག་ཏུ་བསྒོམ། ལྟེ་བའི་མེ་དང་ཐུགས་ཀའི་ཧྲཱིཿལ་ཐིམ། མཐར་མི་དམིགས་པའི་ངང་དུ་བཞག་པ་ནི་སྤྲུལ་སྐུར་བསྲེ་བའོ། །དེ་ནས་ལུས་བཏང་སྙོམས་སྐྱིལ་ཀྲུང་མཉམ་གཞག །ངག་བཏང་སྙོམས་སྨྲ་བརྗོད་བྲལ་བ། སེམས་བཏང་སྙོམས་ཕྱག་རྒྱ་ཆེན་པོའི་ངང་ལ་བླ་མའི་རྣལ་འབྱོར་དང་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ཕྱི་སྣང་བ་རྒྱ་ཡན། ནང་རིག་པ་རང་གྲོལ། ལུས་ཡེ་ཤེས་ཀྱི་ལུས། རྩ་ཡེ་ཤེས་ཀྱི་རྩ། རླུང་ཡེ་ཤེས་ཀྱི་རླུང་། དེ་ཉིད་ཀྱི་ངང་ལས་གློ་བུར་གྱི་རྣམ་རྟོག་དཀར་ནག་གང་སྐྱེས་ཀྱང་སྐྱེས་པའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རྟོག་པ་དེ་རང་སྐྱེ་མེད་རྩ་བྲལ་འགག་པ་མེད་པ། དམིགས་གཏད་བྲལ་བ་ལྷང་ལྷང་འཆར་རོ། །འདི་ནི་ཆོས་སྐུ་དང་བསྲེ་བ་མཆོག་གི་གཏུམ་མོ་ཞེས་བྱའོ། །ཞེས་གསུངས་པ་ཉིད་རྒྱུན་གྱི་ཉམས་སུ་བླང་བྱའི་སྙིང་པོའོ། །སྒྲུབ་པ་སྔ་རྗེས་ཀྱི་བར་དུ་མཆོད་གཏོར་ཁ་གསོ་བའམ། ཡུན་རིང་ན་བརྗེ་བ་དང་། ནང་གསང་སྒྲུབ་པ་ལ་དགོང་མོའི་ཐུན་ཐམས་ཅད་དུ་ཚོགས་མཆོད་གྲུབ་ན་ལེགས་ཤིང་མ་གྲུབ་ན་སྒྲུབ་པ་གང་ཡིན་གྲུབ་པའི་མཇུག་ཏུ་ཚོགས་གཏོར་རྒྱས་པ་བྱ། གྲོལ་ཁར་གཏོར་དབང་ཙམ་ལ་བརྟེན་པའི་དངོས་གྲུབ་བླང་ཆོག་དང་མཐའ་རྒྱས་སོགས་མཚམས་ཀྱི་ཁྲིགས་དང་སྤང་བླང་སྤྱི་ལྟར་ལ། འདི་ཉིད་མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཤིན་ཏུ་གཉན་པའི་གནད་ཀྱིས་ནང་གསང་སྒྲུབ་པ་ལ་ཞུགས་ཁར་དམ་ཚིག་སེལ་སྦྱོར་དང་མཁའ་འགྲོ་ཆོས་སྲུང་ལ་ཚོགས་གཏོར། མཚམས་འོག་ཏུ་དམ་སེལ་ཅན་གྱི་འགྲུལ་མི་བྱ་བ་སོགས་དཀྱུས་ལས་དམ་ཙམ་བྱ་བ་གལ་ཆེའོ། །འཁྲུལ་བློས་ཉེས་བྱས་རྒྱ་མཚོ་ལྔ་ཡི་ལྷས། །ཚངས་པར་བཞེས་ལ་འབྲེལ་བཅས་རྣལ་འབྱོར་ཀུན། །པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་དུ། །མི་ཟད་རྒྱན་གྱི་འཁོར་ལོ་ལྔ་འགྲུབ་ཤོག །ཅེས་པ་འདིའང་ཁྱབ་བདག་འཇིག་རྟེན་དབང་ཕྱུག་ཀུན་མཁྱེན་བླ་མའི་བཀའ་ཡིས་རྗེས་སུ་གནང་བ་ལྟར་སྤྱན་རས་གཟིགས་དབང་ཀརྨ་པའི་ཆོས་རིགས་སུ་སྐྱེས་པ་བློ་གྲོས་མཐའ་ཡས་ཀྱིས་གཞུང་དང་ཡིག་རྙིང་གཏེར་ཁ་རྣམས་ཀྱི་དགོངས་པ་གུང་སྤྲོས་ཏེ་སྦྱར་བ་དགེ་ལེགས་འཕེལ།། །།
ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། གཏེར་སྲུང་རྡོ་རྗེ་ལེགས་པའི་རྗེས་གནང་བསྟན་སྐྱོང་སྙིང་བཅུད་ (Volume 38, Text 49)
༄༅། །ཐུགས་རྗེ་ཆེན་པོ་དོན་གསལ་སྒྲོན་མེ་ལས། གཏེར་སྲུང་རྡོ་རྗེ་ལེགས་པའི་རྗེས་གནང་བསྟན་སྐྱོང་སྙིང་བཅུད་ཅེས་བྱ་བ་བཞུགས་སོ། ། དབང་ཆེན་པདྨ་ཁྲག་འཐུང་དཀྱིལ་འཁོར་གཙོ། ཁྱབ་བདག་རྡོ་རྗེ་འཛིན་པར་སྣང་བའི་ཞབས། །སྤྱི་བོར་བཀོད་ནས་བསྟན་སྐྱོང་དམ་ཚིག་ཅན། །སྨུག་ནག་འབར་བ་ཁྲོས་པའི་རྗེས་གནང་དགོད། །གཏེར་ཁ་གཞན་ལས་ཟབ་གནད་ཁྱད་པར་དུ་གྱུར་པ་རྡོར་ལེགས་སྲོག་གི་འཁོར་ལོའི་རྗེས་གནང་ཐུན་མོང་མ་ཡིན་པ་བསྒྲུབ་པ་ལ། སྦྱོར་བ་གུང་དུ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་མཆོད་གཏོར་སོགས་སྐབས་དང་འབྲེལ་བ་བཤམ་པའི་མདུན་དུ། མཎྜལ་དབུས་སུ་ཆོས་འབྱུང་དམར་པོ། མུ་ཁྱུད་ཟླུམ་པོས་བསྐོར་བའི་ཕྱི་རོལ་འཁོར་ལོ་རྩིབས་བཞི་ཕྱོགས་མདོག །ཟླ་གམ་གསུམ་དང་རྩིབས་མཆན་དམར་པོ། དེའི་ཕྱི་རོལ་མུ་ཁྱུད་ནང་མ་ལ་བྱ་གཅན་ཀེང་རུས་སོགས་དུར་ཁྲོད་ཀྱི་བཀོད་པ་དང་ཕྱི་མ་ལ་མེ་རི་འབར་བར་བྲིས་པའི་དབུས་སུ་ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་མཁར་ཐབས་སྟེང་དམར་གཏོར་ར་མགོས་མཚན་པ། ཕྱོགས་བཞིར་དམར་གཏོར་རེ་དང་མཐེབ་ཀྱུས་བསྐོར་བ་ལ་སྐུ་ཙཀ་དང་དར་དམར་པོས་དྲིལ་བའི་ཕ་ཝཾ་ལོང་བུ་གཟུག་ཅིང་དར་དམར་གྱི་གདུགས་ཕུབ་པ་བཀོད། ཟླ་གམ་གསུམ་ལ་མཆོད་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་དང་། སྨན་རག་ཐོད་པ། རྒྱབ་ངོས་སུ་རྟེན་མདའ་འུག་སྒྲོ་མ་མེ་ལོང་དར་སྣ་རྔ་ཁྲ་སྟག་རས་ཀྱིས་བརྒྱན་པ། རྩིབས་བཞིའི་ཤར་དུ་རྡོ་རྗེ་དང་ལྕགས་ཀྱུ། ལྷོར་བུམ་པ་དང་ཞགས་པ། ནུབ་ཏུ་ལྕགས་སྒྲོག་དང་རལ་གྲི །བྱང་དུ་མདུང་དམར་དང་ཐོ་བ་རྣམས་དངོས་སམ་ཙཀླི་བཀོད། ཞོ་དང་བུར་སྦྲང་། ཡོས་དང་སྲན་མ་ཁུར་བ་སོགས་འཛོམ་ན་བཀོད། དངོས་གཞིའི་ཐོག་མར་བདག་བསྐྱེད་ཐུགས་རྗེ་ཆེན་པོའི་ཕྲིན་ལས་བཟླས་པ་དང་བཅས་པ་བྱ། མདུན་རྟེན་ལ་དམིགས་ནས་ལས་བྱང་གནམ་ལྕགས་སྤུ་གྲིའི་སྤྱན་འདྲེན་ནས་བསྟོད་པའི་བར་དུ་གཏང་། ཕྱི་སྒྲུབ་ལྟར་བཟླས་པ་ཅི་འགྲུབ་མཐར་གསོལ་ཁ་དང་གསེར་སྐྱེམས་གཏང། ལས་གཞུང་གི་ཚོགས་ཕུལ་ནས། སློབ་མ་རྣམས་ལ་ཆབ་གཏང་། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་བཅོམ་ལྡན་འདས་པདྨ་དབང་ཆེན་ཧེ་རུ་ཀའི་ཡང་སྤྲུལ་དྲེགས་པ་མཐུ་བོ་ཆེའི་ཚུལ་འཛིན་ཅིང་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང་ཁྱད་པར་བོད་ཡུལ་གཏེར་ཁ་ཐམས་ཅད་ཀྱི་གཉེར་སྐྱོང་བ། མཚན་དང་སྤྲུལ་བསྒྱུར་གྱི་ཆོ་འཕྲུལ་དུ་མས་ཕྲིན་ལས་མ་ངེས་པ་སྣ་ཚོགས་མཛད་པ་འདི་ནི། ཇི་སྐད་དུ། ཁྱད་པར་རྡོ་རྗེ་ལེགས་པ་འདིས༔ པདྨ་ང་ཡི་དམ་ལས་འདའ་མ་མྱོང་སྟེ་ང་ཡི་རྗེས་འཇུག་ཐམས་ཅད་ཀྱི་སྲུང་མ་བྱེད༔ སྙིང་ཉེ༔ དམ་གཙང༔ གསོལ་ཁ་ཡང༔ འགྲུབ་སླ༔ ལས་མྱུར༔ འཁུ་ལྡོག་ཆུང༔ ཟས་ནོར་སྡུད༔ འཁོར་དང་གྲགས་པ་སྐྱེད༔ ཆོས་དང་རིགས་རྒྱུད་སྤེལ༔ མཐུ་དང་དྲག་རྩལ་འབྱུང༔ འདིའི་ཕ་བདུད་ཡིན་པས་སྟོབས་ཆེ༔ མ་མ་མོ་ཡིན་པས་ནོར་ཕྱུག༔ ཁོ་རང་བཙན་ཡིན་པས་དྲག་རྩལ་ཆེ༔ གྲོགས་བརྟན་མ་ཡིན་པས་སྙིང་ཉེ༔ འཁོར་སྡེ་བརྒྱད་ཡིན་པས་ལས་མྱུར་རོ༔ ཞེས་བསྔགས་པར་མཛད་པ་དོན་དང་ལྡན་པས་གཏེར་ཁ་ཀུན་ནས་འདི་ཉིད་ཀྱི་སྒྲུབ་ཐབས་ཆེ་ཕྲ་ཤིན་ཏུ་མང་པོ་བྱུང་ཡང་། འགྲོ་འདུལ་ལས་འཕྲོ་གླིང་པས་ལྷོ་བྲག་མཁར་ཆུ་ལྕགས་ཕུར་ཅན་ནས་གཏེར་དུ་བཞེས་པའི་དམ་ཅན་སྲོག་གི་འཁོར་ལོའི་སྒྲུབ་སྐོར་འདི་ཉིད་ཐམས་ཅད་ལས་ཁྱད་པར་འཕགས་པའི་ཟབ་གནད་དང་ལྡན་པ་སྟེ། འདི་ཉིད་ཀྱི་གསང་སྒྲུབ་ལས། ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ དྲེགས་པའི་ཚོགས་རྣམས་དབང་བསྡུས་པས༔ རང་རང་སྲོག་གི་སྙིང་པོ་ཕུལ༔ བསྟན་པ་བསྲུང་བར་ཁས་བླངས་ཤིང༔ ལས་རྣམས་བསྒྲུབ་པར་དམ་ཡང་བཅས༔ རེ་རེ་ལ་ཡང་སྒྲུབ་ཐབས་དང༔ མནན་གཏད་གསད་དང་ཆོ་འཕྲུལ་སོགས༔ མང་དུ་མཛད་ཅིང་གཏེར་དུ་སྦས༔ ཀུན་ཀྱང་དུག་ཆུའི་རྒྱ་མཚོ་དང༔ ནམ་མཁའི་ཐོག་ཆེན་ཇི་བཞིན་དུ༔ རེག་ཕུང་ཟབ་གནད་མང་ན་ཡང༔ ཁྱད་པར་དམར་ནག་ཐིག་ལེ་རྩལ༔ དམ་ཅན་རྡོ་རྗེ་ལེགས་པ་འདིས༔ སྡེ་བརྒྱད་ཀུན་གྱི་སྣ་ཁྲིད་ཅིང༔ དྲག་ལས་ཀུན་གྱི་བདག་པོ་ཡིན༔ སྒྲུབ་སླ་སྙིང་ཉེ་དམ་གཙང་བས༔ ཟབ་གཏེར་རྣམས་ཀྱི་གཉེར་དུ་བསྐོས༔ སྒྲུབ་སྐོར་ལས་ཚོགས་དང་བཅས་པ༔ གཏེར་ཁ་མང་དུ་སྦས་ན་ཡང༔ ཁྱད་པར་དྲག་པོའི་གསང་སྒྲུབ་འདི༔ གཞན་དང་མི་འདྲ་ཟབ་པའི་གནད༔ ཅེས་རྡོ་རྗེའི་གསུང་གིས་བསྟན་པའི་བཀའ་སྲུང་གཉན་པོའི་རྗེས་གནང་བསྒྲུབ་པ་ལ་སོགས་ཀྱི་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་ཐུགས་རྗེ་ཆེན་པོ་ཁྲོས་པའི་སྐུར་བསྟན་པ་ཁྲོ་རྒྱལ་ཡོངས་ཀྱི་རྗེ་བཙན་དབང་ཆེན་རྟ་མཆོག་དངོས་སུ་མོས་པའི་དད་གུས་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ༔ དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་ནི༔ དཔལ་ཆེན་རྟ་མགྲིན་སྐུ་རུ་གསལ་བ་ཡིས༔ བདག་ཅག་དམ་ཆོས་སྒྲུབ་པའི་སྐལ་ལྡན་ལ༔ བསྟན་པ་བསྲུང་ཕྱིར་དམ་ཅན་རྗེས་གནང་ཞུ༔ ལན་གསུམ། འདི་ཉིད་སྒེར་དུ་བྱ་བའི་སྐབས་སོགས་སུ་འདིར་སྐྱབས་སེམས་སམ་རྒྱུན་བཤགས་གང་རུང་ཞིག་སྦྱར་ན་ལེགས། དེ་ལ་ཁྱེད་རང་རྣམས་གཉེན་པོ་སྟོབས་ཀྱི་གསལ་སྣང་དང་ང་རྒྱལ་བརྟན་པོ་བསྐྱེད་དགོས་པས་སྒོམ་བཟླས་འདི་བཞིན་དུ་གྱིས་ཤིག །ཀྱེ་ཧོ༔ སྐལ་ལྡན་མོས་པའི་བུ་རྣམས་ཉོན༔ ཁྱེད་རྣམས་སྐད་ཅིག་རང་རིག་ཧྲཱིཿདམར་ལས༔ དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་འོད་འབར༔ སྤྱན་གསུམ་གློག་དམར་བཞིན་དུ་ཕྱོགས་བཅུར་འཁྱུག༔ རྩ་བའི་ཞལ་ནས་དྲག་པོའི་སྔགས་སྒྲ་སྒྲོག༔ རྟ་ཞལ་ལྗང་གུ་ནམ་མཁའི་དབྱིངས་སུ་འཚེར༔ ཕྱག་གཡས་གྲི་གུག་འབར་བས་དྲེགས་པ་འདུལ༔ གཡོན་པ་ཐོད་ཁྲག་གདུག་པའི་སྙིང་ཁྲག་གསོལ༔ སྡེ་བརྒྱད་བྲན་དུ་འཁོལ་བའི་སྐུར་སྒོམས་ཤིག༔ བྱས་ལ་སྙིང་པོ་འདི་བརྒྱའམ་ཉེར་གཅིག་བཟླར་གཞུག །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ དམ་ཅན་གཏོར་མ་ཐོགས་ལ། མདུན་གྱི་གཏོར་མ་དམ་ཅན་སྐྱེས་བུ་ཆེན་པོ་དངོས་སུ་གསལ་བ་ཉིད་ཁྱེད་རང་རྣམས་ལ་རྟག་ཏུ་སྐྱོབ་པའི་སྲུང་མར་གཏད་པར་མོས་ཤིག །ཧྲཱི༔ དཔལ་ཆེན་རྟ་མགྲིན་ཕོ་ཉ་དྲག་རྩལ་ཅན༔ དམ་ཅན་ཆེན་པོ་དམར་ནག་ཐིག་ལེ་རྩལ༔ མཐུ་དང་ནད་ཡམས་ཆོ་འཕྲུལ་བདག་པོ་སྟེ༔ བསྟན་པ་བསྲུང་ཕྱིར་དཔའ་བོ་ཁྱོད་ལ་གཏད༔ བཛྲ་སཱ་དྷུ་ས་མ་ཡ་ཧཱུྃ༔ ཞེས་གཏད་པ་ལེན་བཞིན་དུ་སྔགས་འདིའི་རྗེས་ཟློས་གྱིས། བཛྲ་སཱ་དྷུ་ཏྲི་ཏྲི་ཛཿཧོ༔ ཕྱི་ནང་གི་མཆོད་པ་རྣམས་གཏད་པས་རྟག་ཏུ་མཆོད་བསྟོད་ལ་དབང་བའི་རྗེས་གནང་ཐོབ་པར་མོས་ཤིག །དམར་གཏོར་ལག་ཏུ་གཏད་ལ༔ འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ་པའི་ཕྱིར༔ ཤ་ཁྲག་དམར་གྱི་གཏོར་མས་རྟག་ཏུ་མཆོད༔ རྒྱུན་དུ་འབྲལ་མེད་ཕྲིན་ལས་སྒྲུབ་པར་མཛོད༔ བ་ལིཾ་ཏ་ས་མ་ཡེ་ཧཱུྃ༔ སྨན་རཀ་གི་ཐོད་པ་ལག་ཏུ་གཏད་ལ༔ སྨན་རཀ་བདུད་རྩི་ནང་གི་མཆོད་པ་འདི༔ རྒྱུན་དུ་མཆོད་ན་སྙིང་ཉེ་དམ་གཙང་ཞིང༔ མི་ནོར་ཟས་གསུམ་དབང་དུ་འདུ་བར་འགྱུར༔ ཨ་མྲྀཏ་ས་མ་ཡ་ཧཱུྃ༔ རྟེན་མདའ་གཏད་པས་སྲོག་ལ་དབང་ཐོབ་པར་མོས་ཤིག །མདའ་དར་མེ་ལོང་ལག་ཏུ་གཏད༔ དམ་ཅན་ཆེན་པོའི་སྲོག་རྟེན་མདའ་དར་འདི༔ བཟུང་བས་ལས་རྣམས་ཐོགས་པ་མེད་པར་འགྲུབ༔ དྲེགས་པ་དབང་སྡུད་སྲོག་མདའ་རྟེན་དུ་ཚུགས༔ ཏྲི་ས་མ་ཡ་ཧཱུྃ༔ ཕྱག་མཚན་རྣམས་རིམ་པར་བྱིན་པས་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པར་མོས་ཤིག །རྡོ་རྗེ་དང་ལྕགས་ཀྱུ་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ་གྱི་ནི༔ ཞི་བའི་ལས་སྒྲུབ་ཕྱག་མཚན་འདི་བཟུང་བས༔ ཞི་བ་ལྷུན་གྲུབ་ལས་རྣམས་འགྲུབ་པར་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ བུམ་པ་དང་ཞགས་པ་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ་གྱི་ནི༔ རྒྱས་པའི་ལས་འགྲུབ་ཕྱག་མཚན་འདི་བཟུང་བས༔ རྒྱས་པའི་ལས་ཀྱིས་དགོས་འདོད་འགྲུབ་པར་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ ལྕགས་སྒྲོག་དང་རལ་གྲི་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ་གྱི་ནི༔ དབང་གི་ལས་འགྲུབ་ཕྱག་མཚན་འདི་བཟུང་བས༔ དབང་གི་ལས་ཀྱིས་ལྷ་མི་དབང་སྡུད་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ མདུང་དམར་དང་ཐོ་བ་གཏད་ལ༔ དམ་ཅན་བཛྲ་ཐིག་ལེ་རྩལ་གྱི་ནི༔ དྲག་པོའི་ལས་མཛད་ཕྱག་མཚན་འདི་བཟུང་བས༔ དྲག་པོའི་ལས་ཀྱིས་དགྲ་བགེགས་ཚར་ཆོད་འགྱུར༔ བཛྲ་སཱ་དྷུ་ཏྲི་ས་མ་ཡ་ཧཱུྃ༔ བླ་རྡོ་ལག་ཏུ་གཏད་པས་དམ་ཅན་སྐྱེས་བུ་ལུས་དང་གྲིབ་མ་ལྟར་འགྲོགས་ནས་ཕྲིན་ལས་རྩོལ་མེད་དུ་སྒྲུབ་པར་མོས་ཤིག །རྟེན་གཏོར་གྱི་ཕ་ཝཾ་ལོང་བུ་གཏད་ལ། དམ་ཅན་ཆེན་པོའི་བླ་རྡོ་འདི་ཡིན་པས༔ འདི་ནི་སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད༔ དམ་ཅན་ཆེན་པོས་ལུས་དང་གྲིབ་མ་ལྟར༔ སྔགས་འཆང་རྣལ་འབྱོར་འདི་ཡི་སྲུང་མ་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་མཛད་ཅིང༔ གདོན་བགེགས་ལ་སོགས་མི་མཐུན་ཚར་ཆོད་ཅིག༔ མཐུན་པའི་ལས་ཚོགས་མ་གཡེལ་ཁྱེད་ཀྱིས་སྒྲུབས༔ ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབ་པར་གྱིས༔ བཛྲ་སཱ་དྷུ་ས་མ་ཡ་མ་ཧཱ་གྲྀཧྞ་ཧཱུྃ་སྭཱ་ཧཱ༔ དེས་ནི་དམ་ལ་གནས་ཤིང་འཁུ་ལྡོག་མི་འབྱུང་བར་གསུངས་པས་དེང་ཕྱིན་ཆད་ཁྱེད་རང་རྣམས་ཀྱིས་ཀྱང་འདིའི་སྒོས་ཀྱི་དམ་ཚིག་ཇི་སྐད་བཤད་པའི་རིམ་པ་ཚུལ་བཞིན་བསྲུང་བ་དང་། མཆོད་བསྟོད་སྐོང་གསོལ་ལ་བརྩོན་པ་གལ་ཆེ་བས་དེ་ལྟར་བྱ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་འཕྲོས་རྣམས་སྤྱི་ལྟར་ལ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ཕྱིན་ཕྲིན་ལས་ཀྱི་རྗེས་རིམ་དང་མཉམ་དུ་སྲུང་མ་ལ་མཆོད་བསྟོད་ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་གསོལ། སྨོན་ལམ་ཤིས་བརྗོད་བཅས་ཚང་བར་བྱའོ། །བསྟན་དང་གཞན་ཕན་སེམས་ལྡན་ལ། འདིས་ཀྱང་འཇིགས་སར་དཔུང་ཚོགས་བཞིན། །སྲུང་སྐྱོབ་སྟོངས་གྲོགས་མཆོག་གྱུར་ཏེ། །ཆོས་སྤྱོད་དབུ་འཕང་མཐོ་བྱེད་ཤོག །འདིའང་ཟབ་གནད་ཀྱིས་ཁྱད་པར་དུ་བྱས་ཤིང་རྒྱུན་དཀོན་པས་བློ་གྲོས་མཐའ་ཡས་པའི་སྡེས་གཏེར་གཞུང་ལ་མཚམས་སྦྱོར་གྱིས་གསལ་བར་བྱས་ཏེ་རིན་པོ་ཆེ་གཏེར་གྱི་མཛོད་སྲུང་བའི་ཆ་རྐྱེན་དུ་བཀོད་པ་དགེ་ལེགས་འཕེལ།། །།
ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་དབང་བསྐུར་ (Volume 52, Text 49)
ཟབ་བདུན་རྩ་གསུམ་ཚེ་ཟབ་ལས༔ པདྨ་མཁའ་འགྲོའི་དབང་བསྐུར་བཞུགས༔ ྈ རྩ་གསུམ་ལྷ་ལ་ཕྱག་འཚལ་ནས༔ པདྨ་མཁའ་འགྲོའི་དབང་བསྐུར་བསྟན༔ སྒྲུབ་ཐབས་བཞིན་དུ་དཀྱིལ་འཁོར་བཞེངས༔ དེ་བཞིན་རྟེན་མཆོད་ཚོགས་པར་བྱས༔ སྒྲུབ་ཅིང་བདག་ཉིད་དབང་བླངས་ནས༔ སློབ་མ་ཁྲུས་བྱས་བགེགས་དང་ཕྲལ༔ སྲུང་ཞིང་ཆོས་བཤད་སློབ་མས་ཀྱང༔ གསེར་གྱི་མཎྜལ་ཕུལ་བྱས་ལ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ལ་ཡེ་ཤེས་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ༔ གསང་བ་གསུམ་དུ་འགྲུབ་པར་མཛོད༔ དེ་ནས་སློབ་མའི་རྒྱུད་སྦྱོང་ཞིང༔ ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བརྟན༔ བུམ་པ་སྐུ་འབག་སྤྱི་བོར་བཞག༔ ཧྲཱི༔ དོན་དམ་མི་གཡོ་ངང་ཉིད་ལས༔ སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ ལུས་སྣང་ལྷ་རུ་འགྱུར་བའི་ཕྱིར༔ སྐུ་ཡི་ནུས་དབང་ཡོངས་རྫོགས་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཐོད་ཆང་སྦྱིན་ཞིང་བཟླས་ལུང་འབོགས༔ ཧྲཱི༔ དོན་དམ་མི་གཡོ་ངང་ཉིད་ལས༔ མ་འགགས་ལོངས་སྤྱོད་རྫོགས་པའི་གསུང༔ སྔགས་རླུང་ནུས་པ་བསྐྱེད་པའི་ཕྱིར༔ གསུང་གི་ནུས་དབང་ཡོངས་རྫོགས་ཤོག༔ རྩ་སྔགས་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་སིནྡྷུ་སྙིང་གར་བཞག༔ ཧྲཱི༔ དོན་དམ་མི་གཡོ་སྤྲོས་དང་བྲལ༔ ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ༔ སེམས་ཉིད་ཀ་དག་རྟོགས་པའི་ཕྱིར༔ ཐུགས་དབང་སེམས་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྤྱི་བོར་བཞག་བྱས་ལ༔ ཧྲཱི༔ དོན་དམ་མི་གཡོ་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ ཐམས་ཅད་དབྱེར་མེད་ངོ་བོ་ཉིད༔ སྐུ་བཞི་ལྷུན་གྲུབ་དབང་བསྐུར་པས༔ མཁའ་འགྲོ་མ་ཡི་གོ་འཕང་ཐོབ༔ མཆོག་ཐུན་དངོས་གྲུབ་འགྲུབ་པར་ཤོག༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ སློབ་མས་དམ་ཚིག་ཁས་ལེན་ཞིང༔ གཏང་རག་འབུལ་ཞིང་དགེ་བསྔོ་བྱ༔ བླ་མས་ཕྲིན་ལས་མཇུག་བསྡུ་ཞིང༔ རྒྱུན་གྱི་སྤྱོད་ལམ་བརྟན་པར་བྱ༔ ས་མ་ཡ་རྒྱ༔ རྒྱ་ས་མ་ས༔ མཆོག་གྱུར་གླིང་པས་ནམ་མཁའ་མཛོད་ནས་སྤྱན་དྲངས་པའོ།།
རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་བཅའ་ཐབས་དང་མདུན་བསྐྱེད་སྤྱན་འདྲེན། མདོས་ཆིངས་རིན་ཕྲེང་ལས་སྟོད་ཀྱི་ལས་འཕྱོང་རྣམས་ (Volume 43, Text 49)
༄༅། །རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་བཅའ་ཐབས་དང་མདུན་བསྐྱེད་སྤྱན་འདྲེན། མདོས་ཆིངས་རིན་ཕྲེང་ལས་སྟོད་ཀྱི་ལས་འཕྱོང་རྣམས་བཞུགས་སོ།། དབང་མཆོག་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ རྒྱལ་མདོས་ཀྱི་བཅའ་ཐབས་ལ༔ དབུས་སུ་ལྷ་ཁང་གྱོ་འདབ་གསུམ་པ་ཏོག་དང་བཅས་པ་ཕྱོགས་བཞིར་ལྕོག་བཞི༔ དེའི་ཕྱི་རོལ་དུ་ལྷ་ཁང་བཞི༔ མཚམས་བཞིར་མཆོད་རྟེན་བཞི༔ གཡུའི་ཆུ་མིག་བཞི༔ བཙུགས་ཤིང་རྫིང་བུས་བསྐོར་བའི་དབུས་སུ་རྒྱལ་པོ་ཆེན་པོ་པེ་དཀར༔ གཡས་སུ་འབྲོག་བཟའ་ལྷ་ལྕམ༔ གཡོན་དུ་ཕོ་གྱོང་བཟའ༔ གཡས་སུ་པ་དྲ་དཀར་པོ༔ གཡོན་དུ་པུ་དྲ་ནག་པོ༔ མདུན་དུ་ག་བ་དགུ་བརྩེགས༔ རྒྱབ་ཏུ་རྡོ་རྗེ་སྣ་ཡོན་མ༔ དེའི་ཕྱི་རོལ་གྱི་ཤར་དུ་རྟ་དཀར་རྔོག་དམར༔ ལྷོ་རུ་ར་དཀར་རུ་དམར༔ ནུབ་ཏུ་བྱ་དཀར་ཟེ་དམར༔ བྱང་དུ་ཁྱི་དཀར་སྣ་དམར༔ དེའི་ཕྱི་རོལ་དུ་དགེ་སློང་ལྷུང་བཟེད་ཐོགས་པ༔ གར་མཁན་ཕྱག་རྒྱ་བསྒྱུར་བ༔ བཙུན་པ་ཀ་ལི་ཁུར་བ༔ སྔགས་པ་རྔ་ནག་བརྡུང་བ༔ མོ་བཙུན་རྒྱང་གླུ་ལེན་པ༔ ཉན་ཐོས་དུང་དཀར་འབུད་མི༔ དར་ཕྱར་མི༔ དུང་འབུད་མི༔ བཙུན་ཆུང་སྒྲོ་གླེང་འཕེན་མི༔ བྱིས་པ་འུར་རྡོ་འགྱེད་མི་ལ་སོགས་པས་བསྐོར་བའི་ལྕགས་རིའི་ཕྱི་རོལ་དུ་ཤར་གྱི་རྒྱལ་པོ་ཉི་སང་པད༔ ལྷོར་ཀྱེ་ཏེ་རེ༔ ནུབ་ཏུ་ལ་ལ་བསེ༔ བྱང་དུ་སྤྱི་རིང་ཁྲི༔ མཚམས་བཞིར་འབར་མ་བཞི༔ ཤར་དུ་དཀར་མོ་སྤྱན་གཅིག༔ ལྷོ་རུ་བྱེ་བ་རྐང་རིང༔ ནུབ་ཏུ་ཡམ་ཤུད་དམར་པོ༔ བྱང་དུ་ཁུ་ལེ་ལག་དགུ༔ མདུན་དུ་ཤན་པ་ཀླུ་དྲ་ནག་པོ༔ རྒྱབ་ཏུ་གནམ་ལྷ་བྱང་ཆུབ༔ གཡས་སུ་བཙན་མདའ་ར་བ༔ གཡོན་དུ་བདུད་མདུང་ཁྱིམ་པ༔ མདུན་དུ་ཞང་པོ་ཀླུ་བདུད༔ རྒྱབ་ཏུ་ཨ་མཆོད་སྣ་སྐྱ༔ ཆུ་མིག་ཆོས་འབར༔ འགོང་པོ་ལྕགས་ཀྱི་སྣ་འཛེར་ཅན༔ འགོང་མོ་གཡུའི་སྨིན་མ་ཅན༔ ཐེའུ་རང་སྤྲུལ་པའི་རྐང་ལག་ཅན༔ དེའི་གཡས་སུ་སྐྱེས་པ༔ གཡོན་དུ་བུད་མེད༔ མདུན་དུ་ཨ་ཙ་ར༔ རྒྱབ་ཏུ་ཉན་ཐོས་དགྲ་བཅོམ༔ དེའི་ཕྱི་རོལ་དུ་སྲིང་མོ་བཞི༔ དམ་སྲི་དགུ༔ འགོང་པོ་དགུ༔ ཐེའུ་རང་དགུ༔ དེའི་ཕྱི་རོལ་དུ་མོན་པ་ཤིང་རྩེག༔ ཟོག་པོ་སྤྲེལ་ཁྲིད༔ མི་དཀར་ཐོད་དམར༔ དེའི་ཕྱི་རོལ་དུ་གནམ་ལ་འཕུར་དགུ༔ ས་ལ་འཛུལ་བཅུས་བསྐོར་བ༔ རྒྱལ་པོའི་མདུན་དུ་རྒྱལ་བཤོས་རེ༔ འབར་མ་དང་སྲིན་མོ་སོགས་ལ་ཞལ་ཟས་རེ་རེ༔ བཙན་ལ་བཙན་བཤོས༔ བདུད་ལ་བདུད་བཤོས༔ ཀླུ་ལ་ཀླུ་བཤོས༔ བཙན་མོ་གསུམ་ལ་ཞལ་ཟས་རེ་རེ༔ འགོང་པོ་ལ་བཤོས་བུ་ཟུར་གསུམ་རེ་རེ༔ དམ་སྲི་ལ་བཤོས་བུ་དགུ༔ ཐེའུ་རང་ལ་མཐེབ་ཀྱུ༔ གཞན་ཡང་རྣམ་ལྔ་ལ་སོགས་སྡེ་བརྒྱད་བཤོས་བུས་བསྐོར་བ་བཤམས༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭཱ་བྷཱ་ཝས་སྦྱང༔ མདོས་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ༔ བྷྲཱུྃ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་པ་གྱོ་འདབ་རིམ་གསུམ་དང་ལྡན་པའི་རྩེ་ལ༔ རིན་པོ་ཆེའི་ཏོག་དང༔ ཆུ་ཤེལ་གྱི་འོད་འབར་བའི་ལོགས་བཞི་ཤེལ་ལས་བྱས་པ༔ ཟུར་བཞི་མཆོང་ལས་བྱས་པ༔ རྨང་བཞི་ལྕགས་ལས་བྱས་པ༔ གྱོ་འདབ་གཡུ་ལས་གྲུབ་པ༔ ཁ་བད་བཻ་ཌཱུར་ཡ་ལས་གྲུབ་པ༔ མུ་ཏིག་གི་ཟར་མ་འཛག་པ༔ སྒོ་བཞི་དུང་ལ་གསེར་གྱི་རེ་བཞི་བཙུགས་པ༔ ཡ་ཐེམ་དངུལ་ལས་གྲུབ་པའི་ལོགས་སུ་པ་ཏྲ་དང་གཡས་གཡོན་དུ་འབྲུག་སེང་འཕྱོ་བ༔ མཐིང་གི་རྒྱ་ཕིབས་ལ་བྱེ་རུའི་མདའ་ཡབ་དང༔ མན་ཤེལ་གྱི་ཆར་ཁེབས་ལ་སྤྲིན་དང་ན་བུན་འཚུབ་པ༔ མ་ཐེམ་ཟངས་ལས་གྲུབ་པ་རྡོ་རྗེས་བཏེག་པ༔ མུ་མན་གྱི་གཡག་ཤིང་དང༔ དུང་གི་འདན་བུ་བརྒྱངས་པ༔ དེའི་ཤར་དུ་ཤེལ་གྱི་ལྷ་ཁང༔ ལྷོར་གསེར་གྱི་ལྷ་ཁང༔ ནུབ་ཏུ་བྱེ་རུའི་ལྷ་ཁང༔ བྱང་དུ་གཡུའི་ལྷ་ཁང༔ དེ་རྣམས་ཀྱི་མཚམས་སུ་དུང་གི་མཆོད་རྟེན་དང༔ གཡུའི་ཆུ་མིག་དང༔ མེ་ཏོག་གི་ལྡུམ་ར་དང༔ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པའི་དབུས་སུ༔ རྒྱལ་པོ་ཆེན་པོ་པེ་ཧར་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་དང་གཡོན་པས་ཤེལ་ཕྲེང་བསྒྲངས་ཤིང་གླང་ཆེན་ལ་བཅིབས་པ༔ དབུ་ལ་སག་ཞུ་དང་རྐེད་ལ་གྲི་སག་བཙུགས་པ༔ ཟ་འོག་གི་ཕོད་དང་མེ་ཏྲིའི་ཆོས་གོས་དང་དར་དམར་གྱི་བེར་ཆེན་གསོལ་བ༔ དེ་ཡི་གཡས་སུ་འབྲོག་བཟའ་ལྷ་ལྕམ་མ་མདའ་དར་དང་མེ་ལོང་བསྣམས་ནས་དྲེལ་ལ་ཞོན་པ༔ གཡོན་དུ་ཕོ་གྱོང་བཟའ་མདའ་དར་དང་རྔུལ་ཕྱིས་བསྣམས་ནས་མ་ཧེ་ལ་ཞོན་པ༔ རྒྱབ་ཏུ་གནམ་ལྷ་བྱང་ཆུབ་སེང་གེ་ལ་བཅིབས་ནས་གདུགས་དང་རྒྱལ་མཚན་སྒྲེང་བ༔ མདུན་དུ་ཕྱི་བློན་པ་དྲ་དཀར་པོ་ལྡེ་མིག་ཐོགས་ཤིང་རྟ་ནག་ལ་བཅིབས་པ༔ ནང་བློན་པུ་ཏྲ་དཀར་པོ་ཤྭ་ཁྲམ་ཐོགས་ནས་ས་འཇགས་ལ་གནས་པ༔ གསོལ་དཔོན་ག་བ་དགུ་བརྩེགས་གསོལ་ཇ་ཐོགས་པ༔ རྡོ་རྗེ་སྣ་ཡོན་མས་ཤེལ་ཕྲེང་དང་ཟངས་གླིང་ཐོགས་ནས་བ་སྐྱ་ལ་ཞོན་པ༔ དེའི་ཤར་དུ་རྟ་དཀར་རྔོག་དམར་འཚེར་བ༔ ལྷོ་རུ་ར་དཀར་རུ་དམར་འབའ་བ༔ ནུབ་ཏུ་བྱ་དཀར་ཟེ་དམར་ཟེར་བ༔ བྱང་དུ་ཁྱི་དཀར་སྣ་དམར་ཟུག་པ༔ དེའི་ཕྱི་རོལ་དུ་དགེ་སློང་ཆོས་གོས་གྱོན་པ༔ གར་མཁན་ཕྱག་རྒྱ་སྒྱུར་བ༔ བཙུན་པ་ཀ་ལི་ཁུར་བ༔ སྔགས་པ་རྔ་ནག་རྡུང་བ༔ མོ་བཙུན་རྒྱང་གླུ་ལེན་པ༔ ཉན་ཐོས་དུང་དཀར་འབུད་པ༔ བྱིས་སྦ་འུར་རྡོ་གཡུག་པ༔ བཙུན་ཆུང་བགྲོ་གླེང་འཕེན་པ༔ གཞན་ཡང་དར་ཕྱར་མི༔ དུང་འབུད་མི༔ ཕཊ་བརྡབ་མི༔ གཤང་འཁྲོལ་མི༔ ལ་སོགས་པས་བསྐོར་བའི༔ ཤར་གྱི་གཙུག་ལག་ཁང་དུ་རྒྱལ་པོ་ཉི་སང་པད་སྐུ་མདོག་དཀར་པོ་རྡོ་རྗེ་དང་ལྷུང་བཟེད་ཐོགས་ནས་སྟག་ལ་ཞོན་པ༔ ཡུམ་ཆེན་འབར་མ་གློག་ཕྲེང་མ་དཀར་མོ་པདྨ་དང་རྒྱལ་མཚན་ཐོགས་ནས་དུང་གི་སྤྱང་མོ་ལ་ཞོན་པ༔ ལྷོའི་གཙུག་ལག་ཁང་དུ་རྒྱལ་པོ་ཀྱེ་ཏེ་རེ་སྐུ་མདོག་དཀར་གསལ་རིན་པོ་ཆེའི་ལྷུང་བཟེད་ཐོགས་ནས་འབྲུག་ལ་ཞོན་པ༔ ཡུམ་གཡུ་ཕྲེང་མ་དཀར་མོ་མེ་ལོང་དང་རྒྱལ་མཚན་ཐོགས་ནས་གསེར་གྱི་འཕར་བ་ལ་ཞོན་པ༔ ནུབ་ཀྱི་གཙུག་ལག་ཁང་དུ་རྒྱལ་པོ་ལ་བསེ་སྐུ་མདོག་དཀར་དམར་འཁོར་ལོ་དང་ལྷུང་བཟེད་ཐོགས་ནས་མ་ཧེ་ལ་ཞོན་པ༔ ཡུམ་ཟངས་ཕྲེང་མ་དམར་མོ་མདའ་དར་དང་རྒྱལ་མཚན་ཐོགས་ནས་ལྕགས་ཀྱི་ཝ་མོ་ལ་ཞོན་པ༔ བྱང་གི་གཙུག་ལག་ཁང་དུ་རྒྱལ་པོ་སྤྱི་རིང་ཁྲི་སྐུ་མདོག་དཀར་པོ་ལྕགས་ཀྱུ་དང་ལྷུང་བཟེད་ཐོགས་ནས་དོམ་ནག་ལ་ཞོན་པ༔ ཡུམ་པད་ཕྲེང་མ་དཀར་མོ་བ་དན་དང་རྒྱལ་མཚན་ཐོགས་ནས་བསེ་ཡི་དྲེད་མོང་ལ་ཞོན་པ༔ དེའི་ཤར་སྒོར་དཀར་མོ་སྤྱན་གཅིག་ལྕགས་ཀྱུ་ཐོགས་ནས་རྟ་དཀར་ལ་ཞོན་པ༔ ལྷོ་སྒོར་བྱེ་བ་རྐང་རིང་བསེ་མདུང་ཐོགས་ནས་གསེར་ཤ་ལ་ཞོན་པ༔ ནུབ་སྒོར་ཡམ་ཤུད་དམར་པོ་ཞགས་པ་འཛིན་ཅིང་ཟངས་དྲེལ་ལ་ཞོན་པ༔ བྱང་སྒོར་ཁུ་ལེ་ལག་དགུ་རལ་གྲི་ཐོགས་ཤིང་གླང་ལ་ཞོན་པ༔ མདུན་དུ་ཤན་པ་ཀླུ་ཏྲ་ནག་པོ་ཆུ་གྲི་ཐོགས་ནས་གཟིག་ལ་ཞོན་པ༔ མཚམས་བཞིར་མི་དཀར་ཐོད་དམར་བཞི༔ ལོག་བཞིར་སྤྲེལ་དཀར་ངོ་དམར་བཞི༔ སྒོ་བཞིར་སྐྱེས་བུ་ཞུབ་ཅན་བཞི༔ བར་མཚམས་རྣམས་སུ་འགོང་པོ་ལྕགས་ཀྱི་སྣ་འཛེར་ཅན༔ འགོང་མོ་གཡུའི་སྨིན་མ་ཅན༔ ཐེའུ་རང་སྤྲུལ་པའི་རྐང་ཡ་ཅན༔ མོན་པ་ཤིང་བརྩེག་ཆེ་བ༔ ཟོག་པོ་སྤྲེའུ་ཁྲིད་པ༔ ཨ་མཆོད་སྣ་སྐྱ༔ ཆུ་མིག་ཆོས་འབར༔ སྤྲང་པོ་བན་ལོག་ལ་སོགས་པས་བསྐོར་བའི་ཕྱི་རོལ་དུ༔ གཡས་སུ་བཙན་མདའ་ར་བ་དམར་པོ་བསྭེ་ཞུ་ཐོགས་ཤིང་བཙན་རྟ་ལ་ཞོན་པ༔ གཡོན་དུ་བདུད་མདུང་ཁྱིམ་ནག་པོ་ལྕགས་མདུང་ཐོགས་ནས་བདུད་རྟ་ལ་ཞོན་པ༔ མདུན་དུ་ཞང་པོ་ཀླུ་རྒྱལ་གྷི་ཧ་སྔོན་པོ་སྦྲུལ་ཞགས་དང་ནད་རྐྱལ་ཐོགས་ནས་ཆུ་སྲིན་ལ་ཞོན་པ༔ དེའི་ཕྱི་རོལ་དུ་སྲིང་མོ་དམར་མོ་བཞི༔ དམ་སྲི་ནག་མོ་དགུ༔ འགོང་པོ་སྤུན་དགུ༔ ཐེའུ་རང་མཆེད་དགུ་ལ་སོགས་པ་སྣང་སྲིད་ལྷ་འདྲེས་བསྐོར་བའི་ཕྱི་རོལ་དུ༔ རྟ༔ མཛོ༔ གླང༔ དྲེལ་ལ་སོགས་སྲིད་པའི་ཁལ་བཞི༔ ཤ་སྤྲེལ་ར་ཁྱི་ལ་སོགས་མ་སྲིད་པའི་ཁལ་བཞི༔ གནམ་ལ་འཕུར་དགུ༔ ས་ལ་འཛུལ་བཅུས་བསྐོར་བའི་ཕྱི་རོལ་དུ༔ གཡས་སུ་སྐྱེས་པ་སྟག་ཆས་སུ་ཞུགས་པ་བརྒྱ༔ གཡོན་དུ་དགེ་སློང་ཁྲིམས་ཆས་སུ་ཞུགས་པ་བརྒྱ༔ མདུན་དུ་བུད་མེད་བག་ཆས་སུ་ཞུགས་པ་བརྒྱ༔ རྒྱབ་ཏུ་སྔགས་པ་ཟོར་ཆས་སུ་ཞུགས་པ་བརྒྱ༔ སྔོན་དུ་ཨ་ཙ་ར་སྤོས་དུད་ཁུར་བ་བརྒྱ༔ རང་རང་སོ་སོའི་འཁོར་གཡོག་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་བསྐོར་བའི་ཐུགས་ཀར་རང་རང་སོ་སོའི་ས་བོན་གྱིས་མཚན་པར་གྱུར༔ དེ་ནས་དབང་ཆེན་རྟ་མགྲིན་དུ་གསལ་བའི་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཀུན་ནས་སྤྱན་འདྲེན་ལ་མདོས་ལ་བསྟིམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས༔ མདུན་གྱི་དཔལ་ཆེན་པོ་རྟ་མགྲིན་དབང་གི་ཐུགས་ཀའི་ཧཱུྃ་ཡིག་ལ་ཕོག་པས༔ ཐུགས་དམ་གྱི་རྒྱུད་བསྐུལ༔ སླར་ཡང་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་ཚ་ཞིང་རྩུབ་པ་ཉི་མ་འབུམ་གྱི་འོད་ལས་ཀྱང་ཆེར་འབར་བའི་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་གྱི་གཙུག་ལག་ཆེན་པོ་ནས་སྤྱན་འདྲེན༔ མདུན་གྱི་མདོས་ལ་བསྟིམ་པས་དམིགས་བྱ་དང་གཉིས་སུ་མེད་པར་གྱུར༔ དེ་ནས་སྤྱན་འདྲེན་ནི་དྲུག་ལྡིར་སྐད་ཀྱིས་འདི་སྐད་དོ༔ ཀྱཻ༔ སྔོན་ཚེ་དགུང་སྔོན་མཐོན་པོའི་ཡར་སྟེང་ནས༔ ཤེལ་གྱི་གུར་ཁང་ཙུག་ཤིང་སྟེང་མ་ནས༔ རང་བཞིན་རྣམ་དག་འཕྲུལ་གྱི་གཞལ་ཡས་ནས༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་སྐྱེས་བུ་ནི༔ རྒྱལ་པོ་དེ་ནི་པེ་དཀར་ཆེན་པོ་ལགས༔ ཆོས་རྒྱལ་དེ་ནི་དགྲ་བླ་ཆེན་པོ་ལགས༔ སྲོག་བདག་དེ་ནི་ཚངས་པ་དཀར་པོ་ལགས༔ དེ་རིང་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡབ་ནི་གནམ་ལྷ་དཀར་པོ་བྱང་ཆུབ་ལགས༔ ཡུམ་ནི་ཀླུ་མོ་པི་ཝཾ་ནོར་འཛིན་མ༔ ནག་པོ་དམུ་ཡི་བུ་ལ་ཀླུ་ཡི་ཚ༔ ཤེལ་གིང་དཀར་པོ་སྤྱན་འདྲེན་གཤེགས་སུ་གསོལ༔ སྔོན་ཚེ་དང་པོ་དགུང་སྔོན་མཐོ་ལ་བཞུགས༔ ཚངས་པའི་དབང་པོ་དུང་གི་ཐོར་ཚུགས་ཅན༔ སུམ་ཅུ་རྩ་གསུམ་ལྷ་ཡི་གཙོ་བོ་མཛད༔ ལྷ་ཡི་དེད་དཔོན་ཆེན་པོ་གཤེགས་སུ་གསོལ༔ བར་གྱི་བསྐལ་པ་ཧོར་གྱི་ཡུལ་དུ་བཞུགས༔ ཤེལ་གིང་དཀར་པོར་བསྭེ་ཡི་སག་ཞུ་ཅན༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་དབང་དུ་སྡུད༔ པེ་དཀར་དགྲ་བླ་ཆེན་པོ་གཤེགས་སུ་གསོལ༔ ཐ་མ་བོད་ཡུལ་བསམ་ཡས་མཐིལ་དུ་བབས༔ པེ་དཀར་དགྲ་བླ་ཆེན་པོ་རྫུ་འཕྲུལ་ཅན༔ བོད་ཡུལ་རུ་བཞིའི་འཛམ་གླིང་དབང་དུ་བསྡུས༔ ཆོས་སྐྱོང་རྒྱལ་པོ་གནས་འདིར་གཤེགས་སུ་གསོལ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐུགས་རྗེས་དོན་མཛད་ཕྲིན་ལས་བསམ་ལས་འདས༔ རིགས་དྲུག་དོན་མཛད་སྤྲུལ་པའི་ཆོ་འཕྲུལ་ཅན༔ ས་དགུའི་སེམས་དཔའ་ཆེན་པོ་གཤེགས་སུ་གསོལ༔ དོན་དམ་དབང་གིས་རིག་འཛིན་སྒྲུབ་པ་པོ༔ ཀུན་རྫོབ་ཚུལ་དུ་དྲག་པོའི་སྐུར་བཞེངས་པ༔ སྟོང་གསུམ་འཇིག་རྟེན་དབང་དུ་སྡུད་མཛད་པ༔ སྟོབས་ལྡན་རྒྱལ་པོ་གནས་འདིར་གཤེགས་སུ་གསོལ༔ དཔའ་བའི་ཚུལ་དུ་དར་དམར་ཆོས་གོས་གསོལ༔ བརྗིད་པའི་ཚུལ་དུ་བེར་སྨུག་དགུ་བརྩེགས་གསོལ༔ གཏུམ་པའི་ཚུལ་དུ་དར་ནག་ཕོད་ཀ་གསོལ༔ དབང་ཆེན་རྒྱལ་པོ་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་རྟགས་སུ་གསེར་གྱི་རྡོ་རྗེ་འཛིན༔ ཡི་དམ་རྟགས་སུ་ཤེལ་གྱི་ཕྲེང་བ་འཛིན༔ དབང་བསྐུར་རྟགས་སུ་ལྕགས་ཀྱི་ཕུར་པ་བཟུང༔ ཆོས་རྒྱལ་ཆེན་པོ་གནས་འདིར་གཤེགས་སུ་གསོལ༔ དེད་དཔོན་རྟགས་སུ་སྟག་གི་རྒྱལ་མཚན་འཕྱར༔ བྱང་སེམས་རྟགས་སུ་གསེག་ཤང་པར་བུ་བསྣམས༔ ཆོས་སྐྱོང་རྟགས་སུ་སག་ཞུ་རྒྱ་ལྷྭམ་མནབས༔ དཀོར་སྲུང་རྒྱལ་པོ་གནས་འདིར་གཤེགས་སུ་གསོལ༔ ཞི་བའི་མཐའ་ཅན་ཞལ་རས་འཛུམས་མདངས་ཅན༔ དྲག་པོའི་མཐའ་ཅན་སྤྱན་རྩ་དམར་ལ་རྔམ༔ རྔམས་པའི་མཐའ་ཅན་ཁྲོ་གཏུམ་ཧ་ཧ་བཞད༔ དྲག་པོ་ཆེན་པོ་གནས་འདིར་གཤེགས་སུ་གསོལ༔ བསྟན་པ་བསྲུང་ཕྱིར་སེང་གེ་དཀར་མོ་འཆིབ༔ དགྲ་བགེགས་འདུལ་ཕྱིར་བ་གླང་སྣ་རིང་འཆིབ༔ མངོན་སྤྱོད་མཛད་ཕྱིར་དྲེལ་རྟ་རྐང་གསུམ་འཆིབ༔ སྤྱན་གཟིགས་མཛེས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དགྱེས་པའི་ཡུམ་ཆེན་འབྲོག་བཟའ་ལྷ་ལྕམ་མ༔ མནངས་བའི་ཡུམ་ཆེན་ཕོ་ཉ་རྒྱ་ལྕམ་མ༔ མཛེས་པའི་ཡུམ་ཆེན་རྡོ་རྗེ་སྣ་ཡོན་མ༔ མཐུན་རྫས་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ པ་ཏྲ་དཀར་པོ་བློན་པོ་སྲིད་གསུམ་བདག༔ པུ་ཏྲ་ནག་པོ་ནོར་སྐྱོང་སྲིད་ཀྱི་བདག༔ ག་བ་དགུ་བརྩེགས་བདེ་མཉེན་འཁྱུག་དང་བཅས༔ གཙང་མའི་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྒྱལ་པོ་ཁྱེད་ནི་སྲིད་གསུམ་དབང་བསྒྱུར་ཏེ༔ ཁྱེད་ཀྱི་ཕྱག་བརྙན་བཀའ་ཡི་བློན་པོ་བ༔ གནོད་སྦྱིན་དམར་མོ་བཙན་མོ་མིག་གཅིག་མ༔ སྲིད་པའི་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྐུ་སྤྲུལ་རྒྱལ་ཆེན་བརྗིད་ལྡན་ཉི་སང་པད༔ གསུང་སྤྲུལ་ལ་བསེ་ཡོན་ཏན་ཀྱེ་ཏེ་རེ༔ ཕྲིན་ལས་སྤྱི་རིང་བློན་ཆེན་བཞི་དང་བཅས༔ སྲིད་པའི་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡུམ་ཆེན་འབར་མ་གློག་ཕྲེང་གཡུ་ཕྲེང་མ༔ ཟངས་ཕྲེང་པད་ཕྲེང་སྲིན་མོ་ལས་བྱེད་བཞི༔ སྨན་མོ་གླུ་ལེན་མོ་བཙུན་དཔུང་དང་བཅས༔ སྲིད་པའི་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྤྱན་གཅིག་རྐང་རིང་ཡམ་ཤུད་ཁུ་ལེ་ལག༔ ཀླུ་ཏྲ་ནག་པོ་མདའ་ར་མདུང་ཁྱིམ་པ༔ ཀླུ་བདུད་ནག་པོ་སྤྲུལ་པ་སྣ་སྐྱ་སོགས༔ དེ་རིང་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བྱ་དཀར་ཟེ་དམར་ཟེར་དང་གཤེགས་སུ་གསོལ༔ ར་དཀར་རུ་དམར་འབའ་དང་གཤེགས་སུ་གསོལ༔ ཁྱི་དཀར་སྣ་དམར་ཟུག་དང་གཤེགས་སུ་གསོལ༔ རྟ་དཀར་རྔོག་དམར་འཚེར་དང་གཤེགས་སུ་གསོལ༔ མི་དཀར་ཐོད་དམར་འཁྱུག་དང་གཤེགས་སུ་གསོལ༔ སྤྲེལ་དཀར་ངོ་དམར་རྩེ་དང་གཤེགས་སུ་གསོལ༔ འགོང་པོ་འགོང་མོ་ཐེའུ་རང་གར་གིང་དང༔ ཉན་ཐོས་དགེ་སློང་བྱིས་པ་མོ་བཙུན་དང༔ སྔགས་པ་གར་གིང་ཟོག་པོ་སྤྲང་ལོང་བཅས༔ གཙང་མའི་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བགེགས་དང་འབྱུང་པོ་དམ་སྲི་ཡུལ་ལྷ་དང༔ བདུད་བཙན་མ་མོ་སྣང་སྲིད་ལྷ་འདྲེ་དང༔ སྤྲུལ་པ་ཡང་སྤྲུལ་བྲན་དང་བཅས་པ་རྣམས༔ སྲིད་པའི་མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མདོས་དང་ཡས་ཀྱི་ཚུལ་ལ་སྤྱན་འདྲེན་ན༔ དགའ་དང་གུས་པའི་ཚུལ་གྱིས་འདིར་གཤེགས་ལ༔ ཞེ་སྡང་གདུག་པའི་སེམས་ཀྱིས་མ་བྱོན་ཅིག༔ འདོད་ཆགས་འཛིན་པའི་སེམས་ཀྱིས་མ་བྱོན་ཅིག༔ གཏི་མུག་རྨོངས་པའི་སེམས་ཀྱིས་མ་བྱོན་ཅིག༔ ཕྲག་དོག་ཁྲོས་པའི་སེམས་ཀྱིས་མ་བྱོན་ཅིག༔ བྱམས་དང་སྙིང་རྗེའི་སེམས་དང་བཅས་ཏེ་བྱོན༔ ཉོན་མོངས་སྐྱོབ་པའི་སེམས་དང་བཅས་ཏེ་བྱོན༔ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང༔ དར་ཟབ་དཔལ་བུ་སྣ་ཚོགས་པདྨ་ལ༔ རྒྱལ་ཆེན་འཁོར་བཅས་བརྟན་པར་བཞུགས་སུ་གསོལ༔ ཟ་འོག་འབོལ་གྲུམ་ཧ་ལོའི་གདན་སྟེང་དུ༔ ཡུམ་ཆེན་འཁོར་བཅས་བརྟན་པར་བཞུགས་སུ་གསོལ༔ མདའ་མདུང་རལ་གྲི་བམ་གྱི་གདན་ཁྲི་ལ༔ གནོད་སྦྱིན་འཁོར་བཅས་བརྟན་པར་བཞུགས་སུ་གསོལ༔ རིན་ཆེན་གཅལ་དུ་བཀྲམ་པའི་གདན་སྟེང་དུ༔ རྒྱལ་ཆེན་བཞི་དང་བློན་པོ་རྣམ་བཞི་པོ༔ སྲིན་མོ་བཞི་པོ་བརྟན་པར་བཞུགས་སུ་གསོལ༔ སྣང་སྲིད་དཀར་དམར་བརྡལ་བའི་གདན་སྟེང་དུ༔ ཕོ་རྒྱུད་ཐམས་ཅད་གཡས་ཀྱི་གྲལ་ལ་བཞུགས༔ མོ་རྒྱུད་ཐམས་ཅད་གཡོན་གྱི་གྲལ་ལ་བཞུགས༔ གར་གིང་ཐམས་ཅད་མདུན་གྱི་གྲལ་ལ་བཞུགས༔ བྱིས་པ་ཐམས་ཅད་མཚམས་ཀྱི་གྲལ་ལ་བཞུགས༔ གཏན་དུ་བཞུགས་པའི་གནས་མེད་ཀྱང༔ གཉན་པོ་མདོས་ཀྱི་ཚུལ་གོང་དུ༔ ཡུད་ཙམ་གཅིག་གིས་བཞུགས་ནས་ནི༔ སྲིད་པའི་མདོས་འདི་བཞེས་ནས་ཀྱང༔ བཤམས་པའི་ཡས་ལ་གཟིགས་ནས་སུ༔ བདག་གི་སྨྲ་བའི་ངག་ལ་ཉོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་ཅིང་སྤྱན་འདྲེན་ཡས་སྟགས་རྣམས་བྱིན་གྱིས་བརླབ༔ བཀྲ་ཤིས་གྱེར་གཞུང་ཆེན་མོ་བརྗོད་པར་བྱའོ༔ མངའ་བདག་རིག་འཛིན་ཉི་མ་འོད་ཟེར་གྱིས་བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་གདན་དྲངས་པའོ། །ལེགས་སོ། །ས་མ་ཡཱ། རྒྱ་རྒྱ་རྒྱ།། །། ༁ྃ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས་སྟོད་ལས་བཅོ་ལྔ་པ་བཞུགས་སོ༔ སློབ་དཔོན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས༔ བཅས་རྣམས་ལེགས་པར་གྲུབ་ནས་ལག་ལེན་ལ༔ སྟོད་ལས་དང་སྨད་ལས་གཉིས་ལས༔ སྟོད་ལས་རིམ་པ་བཅོ་ལྔ་ལས༔ དང་པོ་སྟོད་ལས་ཕྱི་མདོས་ཐམས་ཅད་སྔག༵ས་དྲུག༵་གིས་བྱིན་བརླབ༔ ནང་མདོས་ཐམས་ཅད་དཔའ་བོ་འབྲུ་ལྔས་་་ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿབྱིན་གྱིས་བརླབ་པ་དང་གཅིག༔ སྙན་གསན་དབབ་པ་དང་གཉིས༔ རྔ་རབས་གྱེར་བ་དང་གསུམ༔ སྲིད་པའི་ཁོག་ཕུབ་དང་བཞི༔ གསེར་སྐྱེམས་གཏང་བ་དང་ལྔ༔ སྲུང་མ་བསྐུལ་བ་དང་དྲུག༔ དབང་དུ་བསྡུ་བ་དང་བདུན༔ ཟིལ་གྱིས་མནན་པ་དང་བརྒྱད༔ བདེན་པ་བརྗོད་པ་དང་དགུ༔ ཐུན་དབབ་པ་དང་བཅུ༔ མི་དབང་བཀར་བ་དང་བཅུ་གཅིག༔ ཁྲུས་གསོལ་བ་དང་བཅུ་གཉིས༔ སྤོས་རབས་དང་བཅུ་གསུམ༔ ཁུང་བཙལ་བ་དང་བཅུ་བཞི༔ ཡོན་ཏན་བརྗོད་པ་དང་བཅོ་ལྔ་ལས༔ དང་པོ་བྱིན་གྱིས་བརླབས་ནས༔ དེ་ནས་གཉིས་པ་སྙན་གསན་དབབ་པ་ནི༔ ཀྱེ༔ སྔགས་འཆང་རྒྱལ་པོ་བདག་ཅག་གིས༔ དེ་རིང་སྲིད་པའི་མདོས་གཏང་ངོ༔ སྣང་སྲིད་ལྷ་འདྲེ་གཉན་པོ་རྣམས༔ གསན་ཅིང་དེ་ནི་དགོངས་སུ་གསོལ༔ སྔགས་འཆང་རིག་འཛིན་བདག་ཅག་གིས༔ ལུས་ལ་དེ་ནི་རྟེན་མེད་པར༔ ལུས་སྲོག་འབེན་དུ་མི་བཙུག་གོ༔ མགོ་ལ་དེ་ནི་ཐོད་མེད་པར༔ སྤྱི་བོ་གནམ་དུ་མི་བསྟན་ནོ༔ ཁ་ནས་དེ་ནི་སྨྲེང་མེད་པར༔ འོ་དོད་མི་འབོད་དོ༔ ལག་ཏུ་ཡས་མེད་པར༔ སྦར་ལག་ས་ལ་མི་བྲད་དོ༔ སྙན་པའི་དབྱངས་མེད་པར༔ ཕུ་ན་ཀུ་མི་འདེབས་སོ༔ རོལ་མོའི་སྒྲ་མེད་པར༔ མདའ་ནས་གཡབ་མོ་མི་འདེབས་སོ༔ ཁ་གྲུ་གསུམ་དེ་བདུད་ཀྱི་སྒོ་མོ་མ་ལགས་སོ༔ ལྕེ་ཟུར་གསུམ་དེ་བདུད་ཀྱི་སཏྭ་རེ་མ་ལགས་སོ༔ ཡོན་གྱི་བདག་པོ་ཡིས༔ སྔགས་འཆང་བདག་ཅག་ལ༔ དབུ་ལ་ཐོད་ཀྱིས་བསྟོད༔ རྒྱབ་ཏུ་བེར་གཅིག་བསྐོན༔ མགུལ་དུ་གཡུ་གཅིག་བཏགས༔ ཞལ་དུ་སྐྱེམས་གཅིག་དྲངས༔ ཐུགས་ལ་གསེར་གཅིག་གསོལ༔ ཕྱག་ཏུ་རྟེན་གཅིག་ཕུལ་བ༔ མདའ་མོ་རྒོད་སྒྲོ་ལ༔ དར་དཀར་ཡུག་གཅིག་བཏགས་པ་དེ༔ ལྷ་འདྲེ་གཡབ་པའི་རྫས༔ སྣང་སྲིད་ལྷ་འདྲེ་རྣམས༔ ལོང་བས་མ་མཐོང་མ་ཟེར་ཅིག༔ འོན་པས་མ་ཐོས་མ་ཟེར་ཅིག༔ ལྐུགས་པས་མ་གོ་མ་ཟེར་ཅིག༔ ཞ་བོས་མ་བསླེབ་མ་ཟེར་ཅིག༔ དིག་པས་མ་འདའ་མ་ཟེར་ཅིག༔ རིན་ཆེན་མདོས་འདི་སྐུ་ཡི་རྟེན༔ ལེ་བརྒན་འབར་བ་གསུང་གི་རྟེན༔ སྦ་ལྕག་ཚིགས་གསུམ་ཐུགས་ཀྱི་རྟེན༔ མདའ་མོ་རྒོད་སྒྲོ་ཕྱག་གི་རྟེན༔ མེ་ལོང་རྒྱ་ཁྲ་སྤྱན་གྱི་རྟེན༔ མི་ལྤགས་དཀར་ནག་ས་གཞིའི་རྟེན༔ མདོས་ར་མདོས་ལུག་བྱོན་པའི་རྟེན༔ གསེར་དངུལ་རིན་ཆེན་ཞུ་བའི་རྟེན༔ དེ་བས་རིན་ཆེན་མདོས་ལ་བྱོན༔ དེ་ནས་གསུམ་པ་རྔ་རབས་གྱེར་བ་ནི༔ ཀྱེ༔ དེ་རིང་སྲིད་པའི་མདོས་གཏོང་ལ༔ ཕྱག་མཚན་རྔ་མ་མཆིས༔ ལྷ་འདྲེ་སྤྱན་འདྲེན་དུ༔ ཕྱག་མཚན་རྔ་དགོས་སོ༔ རྔ་ཡི་ཕ་སྨྲོས་པ༔ ལྕང་མ་ཉེར་མ་ཡིན༔ རྔ་ཡི་མ་སྨྲོས་པ༔ ཕྱི་ཟ་བྱང་ང་ཡིན༔ དེ་གཉིས་སྲིད་པ་ལ༔ རྔ་ཆེན་མཆེད་གསུམ་བྱུང༔ ནང་གི་ཆེ་བ་དེ༔ དགུང་སྔོན་མཐོ་ལ་གཤེགས༔ རྔ་སྒྲ་ལྡིར་ཆེན་དེས༔ ནམ་མཁའ་མེར་ཞིང་གཡོས༔ གཟའ་སྐར་ཐང་ལ་ཕབ༔ དེ་ལ་མདོས་ཀྱི་རྔ་མ་བརྡུང༔ རྔ་དེའི་ཆུང་བ་དེ༔ རྒྱ་མཚོའི་སྟེང་དུ་བབས༔ རྔ་སྐད་མཐུ་ཆེན་དེས༔ རྒྱ་མཚོ་མེར་ཞིང་ལྡེག༔ ས་གཞི་གཡོ་ཞིང་འཁྲུགས༔ ཀླུ་བྲན་ཉམ་ཐག་པས༔ དེ་ལ་མདོས་ཀྱི་རྔ་མ་བརྡུང༔ རྔ་དེའི་ཆུང་བ་ནི༔ ཉིན་ལོགས་ཤུག་པ་དེ༔ ཐབས་མཁས་སྐྱེས་བུ་ཡིས༔ བཞོགས་བཞོགས་མཉམ་པར་བཀུག༔ སེང་ལྡེང་རྔ་ཡུ་བཙུགས༔ ཙིད་དེའི་ཤུན་པས་གཡོགས༔ བལ་ཚིལ་ཕོ་ཏོས་བརྡུང༔ རྔ་དེ་དེ་ལྟར་བྱུང༔ སྔགས་འཆང་མདོས་ཀྱི་རྔ༔ རྔ་ནི་ཧཱུྃ་ལས་བསྐྱེད༔ གཡོགས་དེ་ཕཊཿལས་བསྐྱེད༔ གནམ་ཡང་མ་རལ་ཅིག༔ ས་ཡང་མ་གཡོ་ཞིག༔ རྔ་གཤང་སྐད་ཀྱིས་འབོད༔ དེ་ནས་བཞི་པ་སྲིད་པའི་ཁོག་ཕུབ་ནི༔ ཀྱེ༔ དང་པོ་ཡེ་མེད་སྟོང་པ་ལ༔ མདོས་དང་གླུད་ཀྱི་མིང་ཡང་མེད༔ སྲིད་པ་ཅི་ཡང་མེད་པ་ལ༔ ཆོས་ཉིད་སྟོང་པའི་དབྱིངས་རུམ་ནས༔ མ་རྟོགས་འཁྲུལ་པའི་དུག་ལྔ་ཤར༔ དེ་ཡི་དྭངས་མ་སྙིགས་མ་ལ༔ སྲིད་པ་རང་བྱུང་རྒྱལ་མོ་ཤར༔ དེ་ལས་འབྱུང་བ་རྣམ་ལྔ་ཆགས༔ དེ་ལ་ལྷ་ཀླུ་གཉན་གསུམ་སྲིད༔ དེ་ལ་ཆགས་པའི་མི་རིགས་བཞི༔ རི་རབ་ལྷུན་པོའི་ཕྱོགས་བཞིར་གནས༔ དེ་ལ་བདུད་ཀྱི་འཚེ་བ་བྱུང༔ དེ་ཚེ་མི་རྣམས་ཉམ་ཐག་ནས༔ གསང་བའི་དེ་ནི་བཀའ་བགྲོས་ནས༔ ལག་ན་རྡོ་རྗེ་འཛིན་ལ་ཞུས༔ གསང་བདག་ཕྱག་ན་རྡོ་རྗེ་དེས༔ སྲིད་པའི་ཕོ་མདོས་གཡས་སུ་བཤམས༔ འབྱུང་བའི་མོ་མདོས་གཡོན་དུ་བཤམས༔ བྱིས་པའི་ཆུང་མདོས་ཐད་དུ་བཤམས༔ གླུད་དང་ཡས་སྟགས་སྣ་དགུ་འདི༔ ཕོ་བདུད་མདོས་ཀྱིས་གཡས་སུ་བཀར༔ མོ་བདུད་མདོས་ཀྱིས་གཡོན་དུ་བརྫང༔ ཆུང་བདུད་མདོས་ཀྱིས་ཐད་དུ་བསྐྲད༔ མི་རིགས་བཞི་པོ་གདོན་ལས་ཐར༔ དེ་ནས་སྲིད་པའི་གཏོ་མཁན་བྱུང༔ གཙང་མའི་མདོས་ཀྱང་དེ་ནས་སྲིད༔ ཁྱེར་བའི་ཡས་ཀྱང་དེ་ལྟར་སྲིད༔ བསྔོས་པའི་གླུད་ཀྱང་དེ་ནས་སྲིད༔ དང་པོ་གཏོ་ཡས་དེ་ལྟར་སྲིད༔ ཡས་སྟགས་བསགས་པ་དེ་ལྟར་སྲིད༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ མདོས་ལ་ཕྲག་དོག་མ་བྱེད་ཅིག༔ ཡས་ལ་ཀོ་ལོང་མ་བསྡམ་ཞིག༔ གླུད་ལ་ཕྱག་ཡུག་མ་བསྙབ་ཅིག༔ དེ་ནས་ལྔ་པ་གསེར་སྐྱེམས་གཏང་བ་ནི༔ ཀྱེ༔ དེ་རིང་སྐྱེམས་འདི་གཏོང་བ་ནི༔ གསེར་གྱི་དེ་ནི་ཕ་སྨྲོས་པ༔ རྡོ་མཆོག་དེ་ནི་གུ་ལང་ཡིན༔ གསེར་གྱི་དེ་ནི་མ་སྨྲོས་པ༔ ས་སྙིང་སེར་པོ་སྦྲམ་གསེར་ཡིན༔ བུ་ནི་རིན་ཆེན་ཕྱེ་མ་གསེར༔ རིན་ཐང་གཞན་ལས་ཁྱད་པར་འཕགས༔ ཆང་དང་གསེར་དུ་སྦྱར་བ་ནི༔ ཆང་གི་ཕ་ནི་དཀར་པོ་འབྲས༔ ཆང་གི་མ་ནི་སྔོན་མོ་ཆབ༔ མེ་ཆུའི་དྲོད་སྦྱར་ཕབས་ན་རྩི༔ བུ་ནི་འབྲུ་བཅུད་བདུད་རྩི་ཆང༔ རོ་མཆོག་བརྒྱད་ལྡན་གསེར་སྐྱེམས་འདི༔ མཐོང་བས་ཡིད་ཀྱི་གདུང་བ་སེལ༔ རླངས་པས་སྐོམ་པའི་ཚ་ངད་སེལ༔ རེག་པས་སེམས་ཀྱི་དཔའ་རྔམས་བསྐྱེད༔ རིན་ཆེན་དངུལ་གྱི་བུམ་པར་དགྲམ༔ བ་མེན་དུང་སྐྱོགས་དཀར་པོས་མཆོད༔ རོ་མཆོག་ཡེ་ཤེས་ལྔ་དང་ལྡན༔ སྲིད་པའི་ལྷ་འདྲེ་གཉན་པོ་རྣམས༔ ཆང་ལས་དེ་ནི་ངོ་ཆེ་མེད༔ གསེར་ལས་དེ་ནི་རིན་ཆེ་མེད༔ ཚངས་དང་བརྒྱ་བྱིན་ལྷ་ཡི་དཔུང༔ བྲན་དང་ཕོ་ཉར་བཅས་པ་ལ༔ རིན་ཆེན་གསེར་སྐྱེམས་དམ་པ་འབུལ༔ གཉན་རྗེ་གང་སྔོན་གཉན་གྱི་དཔུང༔ རེ་ལྡེ་མགོ་དགུ་བདུད་ཀྱི་དཔུང༔ ཡ་བ་བཙན་གྱི་དཔུང་དང་བཅས༔ རིན་ཆེན་གསེར་སྐྱེམས་དམ་པ་འབུལ༔ མ་མོ་གཤིན་རྗེ་གཟའ་དང་སྨན༔ དགེ་བསྙེན་བརྟན་མ་ཐེའུ་རང་དང༔ རྒྱལ་པོ་ཆེན་པོ་འཁོར་བཅས་ལ༔ རིན་ཆེན་གསེར་སྐྱེམས་དམ་པ་འབུལ༔ དྲེགས་པ་ཡུལ་ལྷ་བྲན་དང་བཅས༔ གཟའ་དང་དམ་སྲི་མདོས་ཀྱི་བདག༔ རང་རང་བྲན་འཁོར་བཅས་པ་ལ༔ རིན་ཆེན་གསེར་སྐྱེམས་དམ་པ་འབུལ༔ གནོད་ཅིང་འཚེ་བའི་གདུག་སེམས་སྤོངས༔ ཞུས་པ་ཐམས་ཅད་གནང་བར་མཛོད༔ དེ་ནས་དྲུག་པ་སྲུང་མ་ལ་སྐུལ་བ་ནི༔ ཀྱེ༔ མ་གཡེལ་མ་གཡེལ་སྲུང་མའི་ཚོགས༔ ལྷ་དང་སྲུང་མ་མ་གཡེལ་ཅིག༔ གཤེགས་སོ་རིན་ཆེན་གནས་འདིར་གཤེགས༔ དགོངས་ཤིག་དཔལ་ཆེན་དམ་ལ་འདུས༔ འདུས་ཤིག་ལྷ་སྲུང་དམ་ལ་འདུས༔ མ་མོ་མཁའ་འགྲོ་དམ་ལ་འདུས༔ ཆོས་སྐྱོང་སྲུང་མ་དམ་ལ་འདུས༔ བཀའ་སྲུང་ཕོ་མོ་དམ་ལ་འདུས༔ ལྷ་དང་སྲུང་མ་གཉན་པོ་རྣམས༔ མཁའ་ལྡིང་ཁྱུང་ཆེན་ལྟར༔ རླབས་ཤིང་འགྱིང་ཞིང་བྱོན༔ སེང་ལྕམ་དཀར་མོ་བཞིན༔ འཆམས་ཤིང་འགྱིང་ཞིང་བྱོན༔ གཡུ་འབྲུག་སྔོན་མོ་ལྟར༔ གྲགས་ཤིང་ལྡེམ་ཞིང་བྱོན༔ སྟག་མོ་དྲུས་མ་ལྟར༔ ངར་ཤིང་ཉུག་ཅིང་བྱོན༔ གློག་ལྕམ་འབར་མ་བཞིན༔ འཚུབས་ཤིང་འཁྱུག་ཅིང་བྱོན༔ སྤྲིན་ལྟར་འཐིབ་འཚལ་ལོ༔ ཆར་ལྟར་འབེབ་འཚལ་ལོ༔ རྦབ་ལྟར་འགྲིལ་འཚལ་ལོ༔ ཁྱུང་ལྟར་འཕྱོ་འཚལ་ལོ༔ རྒོད་ལྟར་ལྡིང་འཚལ་ལོ༔ སེང་ལྟར་འགྱིང་འཚལ་ལོ༔ གཡག་ལྟར་ངར་འཚལ་ལོ༔ མཐུ་རྩལ་མ་ཆུང་ཞིག༔ རྒྱབ་རྟེན་མ་ཞེན་ཅིག༔ དཔུང་གཉེན་མ་ཆུང་ཞིག༔ དེ་རིང་གནས་ཁང་འདིར༔ སྔགས་འཆང་བདག་ཉིད་ཀྱི༔ མདུན་གྱི་འཁར་བ་མཛོད༔ རྒྱབ་ཀྱི་སྐྱེལ་མ་མཛོད༔ ཤགས་ཀྱི་དཔུང་རོགས་མཛོད༔ སྨྲ་བའི་ལྕེ་བདེ་མཛོད༔ ལྷ་འདྲེ་མདོས་ཀྱིས་བརྫངས༔ མི་དང་གླུད་གདོན་ཕྱེས༔ ཚེ་ཡི་བྱ་ར་གྱིས༔ སྲོག་གི་མེལ་ཚེ་མཛོད༔ སྣང་སྲིད་མདོས་ལོངས་ཤིག༔ གདོན་ངན་སེལ་དུ་གསོལ༔ འདྲེ་ངན་ཕུད་འཚལ་ལོ༔ བདག་གི་སྡོངས་གྲོགས་གྱིས༔ དེ་ནས་བདུན་པ་དབང་དུ་སྡུད་པ་ནི༔ ཀྱཻ༔ ང་ནི་སྲིད་པ་སྔགས་འཆང་ཡིན༔ དེ་རིང་སྲིད་པའི་མདོས་གཏོང་ངོ༔ ལྷ་ཡང་གསོན་ལ་འདྲེ་ཡང་ཉོན༔ སྣང་སྲིད་བགེགས་རིགས་མ་ལུས་ཉོན༔ ང་ནི་བཀའ་བཙན་བྱིན་རླབས་ཅན༔ ལྷ་ཆེན་བརྒྱད་པོ་ང་ཡི་གྲོགས༔ ཀླུ་ཆེན་བརྒྱད་པོ་ང་ཡི་བྲན༔ གཉན་ཆེན་སྡེ་དགུ་ང་ཡི་གཡོག༔ བདུད་ནག་སྤུན་དགུ་ང་ཡི་བྲན༔ མ་མོ་བརྟན་མ་ང་ཡི་འཁོར༔ ཡ་བ་རྐྱ་གཅིག་ང་ཡི་གཡོག༔ སྣང་སྲིད་མ་ལུས་ང་ཡི་བྲན༔ འཛམ་གླིང་སྲིད་པའི་འཇིག་རྟེན་འདིར༔ རིགས་དྲུག་སེམས་ཅན་གྲངས་མང་ཞིང༔ གདུག་པ་ཅན་རྣམས་ཚན་རེ་ཆེ༔ མཐུ་ཆེན་གཏོ་མཁན་ང་ལས་མེད༔ ང་ནི་ཀོང་ཚེའི་འཇིག་རྟེན་ཏེ༔ ཕྱག་རྒྱ་གསང་བ་སྐུ་ལ་རྫོགས༔ གསུང་དབྱངས་དྲུག་ཅུ་ངག་ལ་རྫོགས༔ འཁོར་འདས་མ་སྒྲིབ་ཐུགས་ལ་རྫོགས༔ དགོས་འདོད་ཡོན་ཏན་རིན་ཆེན་གཏེར༔ ཕྲིན་ལས་ཁམས་གསུམ་དབང་དུ་བསྡུས༔ ཆོ་ག་འགྱུར་མེད་ཏིང་འཛིན་ཡོད༔ འབྱུང་བ་གཡོས་ཀྱང་བག་མི་ཚ༔ མཚོན་ཆ་ཤེས་རབ་རལ་གྲི་ཡོད༔ གང་ལ་བརྒྱབ་ཀྱང་ཐོགས་པ་མེད༔ སྙིང་རྗེ་ཆེན་པོའི་རྟ་ལ་ཞོན༔ བྱམས་པ་ཆེན་པོའི་ས་བོན་བཏབ༔ ཡེ་ཤེས་གསལ་བའི་མེ་ལོང་ཕྱིས༔ སྲིད་གསུམ་ཐམས་ཅད་ས་ལེར་མཁྱེན༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ང་ཡིས་མི་འདུལ་གང་ཡང་མེད༔ གདུག་པ་ཅན་རྣམས་རྩད་ནས་གཅོད༔ ཞེ་སྡང་ཅན་རྣམས་རྡུལ་དུ་རློག༔ གཏི་མུག་ཅན་རྣམས་རླུང་ལ་རྦད༔ འདོད་ཆགས་ཅན་རྣམས་དབང་དུ་སྡུད༔ དྲེགས་པ་ཅན་རྣམས་ཟིལ་གྱིས་མནན༔ ང་རྒྱལ་ཅན་རྣམས་རྦབ་ལ་སྒྲིལ༔ དེ་བས་དེ་རིང་མདོས་ལ་འདུས༔ དེ་རིང་ལས་ལ་ཐམས་ཅད་འདུས༔ ཐམས་ཅད་ང་ཡི་བཀའ་ལ་ཉོན༔ དེ་རིང་ང་ཡིས་མདོས་གཏོང་ངོ༔ གལ་ཏེ་མི་ཉན་འདའ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་ཐམས་ཅད་འདི་རུ་འདུས༔ དེ་ནས་བརྒྱད་པ་ཟིལ་གྱིས་མནན་པ་ནི༔ ཀྱེ༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུ༔ སེམས་ཅན་ཉོན་མོངས་སྐྱོབ་པའི་ཕྱིར༔ ང་ནི་དཔལ་ཆེན་འབར་བ་སྟེ༔ སྣང་སྲིད་མ་ལུས་ཟིལ་གྱིས་མནན༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ ཐམས་ཅད་མ་ལུས་སྐུ་ཡི་དབྱིངས༔ ང་ནི་དབང་ཆེན་རྟ་མགྲིན་ཏེ༔ ཐམས་ཅད་ང་ཡི་གསུང་གི་དབྱིངས༔ ང་ནི་ཕྱག་ན་རྡོ་རྗེ་སྟེ༔ ཐམས་ཅད་ང་ཡི་ཐུགས་ཀྱི་རྩལ༔ ང་ནི་དཔལ་ཆེན་རྡོ་རྗེ་འཆང༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ང་ནི་རིག་འཛིན་ཐོད་པ་རྩལ༔ སངས་རྒྱས་ཀུན་གྱི་མཐུ་རྩལ་འཆང༔ ང་ནི་དུས་ཀྱི་མཐའ་འཛིན་ཡིན༔ ང་ནི་དགེ་སྡིག་སྟངས་གཅོད་ཡིན༔ ང་ནི་ཁྲོ་རྒྱལ་ཀུན་གྱི་གཙོ༔ ང་ནི་དབང་ཕྱུག་ཀུན་གྱི་རྗེ༔ ང་ནི་ཁམས་གསུམ་ཀུན་གྱི་བདག༔ ང་ནི་མ་མོ་མཁའ་འགྲོའི་ཡབ༔ ང་ལས་དུས་གསུམ་ཐམས་ཅད་འབྱུང༔ ང་ལས་འགྲོ་དྲུག་སེམས་ཅན་སྲིད༔ སྲིད་པའི་རྩེ་མོ་མན་ཆད་དང༔ ན་རག་དམྱལ་བ་ཡན་ཆད་ཀྱི༔ ཁམས་གསུམ་ཚོགས་པའི་ལྷ་འདྲེ་རྣམས༔ མཐུན་པའི་དམ་རྫས་མདོས་འདི་ལོངས༔ བསགས་པའི་ཡས་སྟགས་གླུད་འདི་ལོངས༔ ཇེ་སྲིད་མདོས་འདི་མི་ལེན་ན༔ ཁྱེད་རྣམས་ཚལ་པ་དུམ་བུར་གཏུབ༔ དེ་བས་མདོས་དང་ཡས་འདི་ལོངས༔ སྣང་སྲིད་ལྷ་འདྲེ་འཁོར་བཅས་ལ༔ འདི་ལྟར་བཤམས་པའི་ཡས་སྟགས་ལོངས༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ ཚེ་དང་སྲོག་གི་གླུད་འདི་འབུལ༔ དམ་ལ་མ་འདའ་ས་མ་ཡ༔ དེ་ནས་དགུ་པ་བདེན་པ་བརྗོད་པ་ནི༔ ཀྱེ༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ དམ་ཆོས་ཆགས་བྲལ་བདེན་པའི་མཆོག༔ དགེ་འདུན་འདུས་པ་བདེན་པའི་མཆོག༔ བདེན་པ་དཀོན་མཆོག་གསུམ་གྱི་བཀའ༔ མཆོག་གསུམ་བཀའ་ལ་མི་ཉན་མེད༔ བདེན་པའི་ཚིག་ལ་མི་གསན་མེད༔ སྨྲ་བའི་ངག་ལ་མི་ཉན་མེད༔ རྒྱ་མཚོའི་ཆུ་ལ་མི་འཐུང་མེད༔ རི་རབ་ལོགས་ལ་མི་བརྟེན་མེད༔ འབྱུང་བ་རླུང་གིས་མི་འདེགས་མེད༔ རིན་ཆེན་ས་ལ་མི་སྐྱེ་མེད༔ བསྐལ་པའི་མེ་ཡིས་མི་སྨིན་མེད༔ རྒྱལ་བའི་བཀའ་ལས་མི་གྲོལ་མེད༔ འཕགས་པའི་ལུང་གིས་མི་ཟིན་མེད༔ ཟབ་མོའི་དོན་ལ་མི་སེམས་མེད༔ མནའ་དང་ཁྲིམས་ལ་མི་གནས་མེད༔ ཟས་དང་སྐོམ་ལ་མི་ཆགས་མེད༔ ཆད་དང་ཐོ་ལ་མི་བྱོན་མེད༔ ཀོང་ཚེའི་ལུང་གིས་མི་ཟིན་མེད༔ སྔགས་འཆང་བཀའ་ལ་མི་ཉན་མེད༔ ལྷ་འདྲེ་གླུད་ལ་མི་དགྱེས་མེད༔ དེས་ན་མདོས་དང་ཡས་བཤམས་ནས༔ སྣང་སྲིད་ལྷ་འདྲེ་ཡས་ཀྱིས་འབོད༔ གཏོ་ལ་མི་བྱོན་བགེགས་རིགས་མེད༔ ཡས་ལ་མི་འདུའི་འབྱུང་པོ་མེད༔ ཕུད་ལ་མི་དགྱེས་ལྷ་ཀླུ་མེད༔ ཁམས་གསུམ་འདི་ན་སུ་ཡང་སྲིད༔ སྲིད་གསུམ་འདི་ན་སུ་ཡང་རུང༔ དེ་རིང་བདེན་པའི་ཚིག་ལ་གསོན༔ སྨྲས་པའི་དེ་ནི་ངག་ལ་ཉོན༔ གཏོ་ཡས་བསྔོས་པའི་སྨྲེང་ལ་ཉོན༔ དེ་རིང་སྲིད་པའི་མདོས་གཏོང་ངོ༔ དེ་ནས་བཅུ་པ་ཐུན་དབབ་པ་ནི༔ ཀྱེ༔ དེ་རིང་སྲིད་པའི་མདོས་གཏོང་ངོ༔ གཏོ་ཡས་དཔང་པོ་ལ༔ དུས་གསུམ་རིག་འཛིན་དགོངས༔ ལྷ་དང་སྲུང་མ་རྣམས༔ དེ་རིང་དགོངས་སུ་གསོལ༔ གཏོ་ཡི་རྒྱབ་རྟེན་དུ༔ དཔལ་ཆེན་ཡབ་ཡུམ་དང༔ མ་མོ་མཁའ་འགྲོ་དགོངས༔ སྔགས་བདག་སྲུང་མ་དང༔ དམ་ཅན་རྒྱ་མཚོ་དགོངས༔ སྲིད་པའི་མདོས་བཤམས་ནས༔ ལྷ་འདྲེ་རྫོངས་འཚལ་བས༔ དྲེགས་པའི་དཔུང་དང་ཆོས༔ གཏོ་ཡི་ཁུངས་མཛོད་ཅིག༔ ཡས་སྟགས་འབུལ་བ་ནི༔ སྣང་སྲིད་ལྷ་འདྲེ་ཀུན༔ བཀའ་ལ་མི་ཉན་ཅིང༔ དམ་ལ་མི་གནས་པ༔ གཏོ་ལ་མི་དགྱེས་པ༔ སྐུ་ཤུགས་ད་ཕྱུངས་འཚལ༔ དྲག་པོའི་ཐུན་དབབ་འཚལ༔ ཕོ་ཉ་དམག་འགྱེད་འཚལ༔ དྲག་སྔགས་སེར་འབེབ་འཚལ༔ དམོད་པའི་མཚོན་འཕང་འཚལ༔ གསོན་ཅིག་སྣང་སྲིད་ཀུན༔ ང་ནི་སྲིད་པའི་གཏོ་མཁན་ཏེ༔ ང་ཡི་ཡས་འདི་མི་ལེན་ན༔ དྲག་པོ་སྔགས་ཀྱི་ཐུན་དབབ་བོ༔ ཡུངས་དཀར་ཕོ་ཉའི་དམག་འགྱེད་དོ༔ ལྷ་ཀླུ་རྒྱལ་པོ་བདུད་བཙན་གཉན༔ མ་མོ་འབྱུང་པོ་སྨན་དང་གཟའ༔ ས་བདག་ཡུལ་ལྷ་འཁོར་དང་བཅས༔ སྲིད་པའི་མདོས་འདི་མི་ལེན་ཞིང༔ བཤམས་པའི་ཡས་སྟགས་མི་ཁྱེར་ན༔ སྔགས་འཆང་བདག་གི་བཀའ་བཅག་ཅིང༔ ཡོན་བདག་རྒྱུ་རྐྱེན་ཆུད་གསོན་ན༔ ཁྱོད་ལ་སྔགས་ཀྱི་ཐུན་དབབ་བོ༔ དམོད་པ་མཚོན་གྱི་ཆར་དབབ་བོ༔ སྲེག་བྱེད་མེ་ཡི་ཚྭ་ཚྭ་འཕྲོ༔ གནམ་ལྕགས་རྡོ་རྗེའི་ཆར་འབེབ་བོ༔ དེ་བས་དེ་རིང་ཡས་བཞེས་འཚལ༔ དེ་ནས་བཅུ་གཅིག་པ་མདོས་ཀྱི་མི་དབང་བཀར་བ་ནི༔ ཀྱཻ༔ སྲིད་པའི་མདོས་ཀྱི་གཞི་གང་འདིར༔ སྣང་སྲིད་ལྷ་འདྲེ་འཁོར་དང་བཅས༔ མཐུན་རྫས་མདོས་ལ་ངས་འབོད་དོ༔ གླུད་དང་ཡས་ལ་ཀུན་ཚོགས་ཀྱང༔ སྟོང་གསུམ་ལྷོ་ཡི་འཛམ་གླིང་འདིར༔ དཀར་པོ་དེ་ནི་ཕྱོགས་སྐྱོང་བ༔ བརྒྱ་ལ་གཅིག་གམ་སྟོང་ལ་གཉིས༔ མདོས་ལ་དེ་ནི་མི་དབང་བ༔ ཡས་ལ་དེ་ནི་མི་རེ་བ༔ གླུད་ལ་དེ་ནི་མ་གཏོགས་པ༔ སྣང་སྲིད་ལྷ་འདྲེ་སུ་ཡང་རུང༔ རིན་ཆེན་དངུལ་སྐྱོགས་དཀར་མོ་རུ༔ སྔོན་མོ་ནས་ཀྱི་སྙིང་ཁུ་གཏམས༔ རིན་ཆེན་གསེར་གྱི་ཕྱེ་མ་བརྡར༔ མཚོ་རོ་དྲུག་དཀར་གཡུ་ཡིས་སྤྲས༔ མཚལ་དང་གླ་བ་སྤོས་ཀྱིས་བྲན༔ མཆོད་དོ་གསོལ་ལོ་ཕྱོགས་སྐྱོང་བ༔ བཤོས་བུ་དེ་ནི་ལྡེམ་པ་ལ༔ གཡག་ལུག་ར་གསུམ་གཟུགས་འགྲོས་དང༔ དཀར་དམར་ཤ་དང་ཐུད་ཀྱིས་བྲན༔ མདའ་སྐྱ་དེ་ནི་གཙང་མ་ལ༔ དར་ཟབ་བལ་ཚོན་སྣ་ལྔས་བརྒྱན༔ འཛམ་གླིང་ལྷོ་ཡི་འཇིག་རྟེན་འདིར༔ རིན་ཆེན་གསེར་ལས་རིན་ཆེ་མེད༔ འབྲུ་བཅུད་ཆང་ལས་ངོ་ཆེ་མེད༔ ཡ་མཚན་དངུལ་ལས་དཀོར་ཆེ་མེད༔ མཚོ་རོ་གཡུ་བས་བཀྲག་བཟང་མེད༔ གླ་བ་སྤོས་བས་དྲི་ཞིམ་མེད༔ འབྲས་དཀར་བཤོས་བས་བཟའ་ཆེ་མེད༔ མདའ་བས་དེ་ནི་རྟེན་བཟང་མེད༔ དར་བས་དེ་ནི་འཇམ་པ་མེད༔ གཡག་ལུག་ར་བས་སྐུ་ཆེ་མེད༔ སྲིད་པའི་མདོས་ལ་མི་དབང་བ༔ ཡས་ལ་དེ་ནི་མི་རེ་བ༔ སྣང་སྲིད་ལྷ་འདྲེ་སུ་ཡིན་ཀྱང༔ བཤོས་བུ་དེ་ནི་ལྡེམ་པས་མཆོད༔ འབྲུ་བཅུད་དེ་ནི་ཆང་གིས་མཆོད༔ རིན་ཆེན་གསེར་དངུལ་གཡུ་ཡིས་མཆོད༔ དྲི་ཞིམ་དེ་ནི་སྤོས་ཀྱིས་མཆོད༔ མདའ་དར་ནམ་མཁའ་བལ་ཚོན་མཆོད༔ གཡག་ལུག་ར་གསུམ་གཟུགས་ཀྱིས་མཆོད༔ དབྱེ་དགྱེས་དེ་ནི་ས་ལ་ལ༔ ཡང་སོང་དེ་ནི་མེ་རེ་རེ༔ གླུད་གོང་འདི་རུ་མ་འགྲིམས་ཤིག༔ དེ་ནས་བཅུ་གཉིས་པ་ཁྲུས་གསོལ་བ་ནི༔ ཀྱེ༔ དེ་རིང་སྲིད་པའི་གཞི་གང་འདིར༔ མི་གཙང་མཁོན་གྱི་སྒྲིབ་སྦྱང་ཕྱིར༔ དག་བྱེད་གཙང་ཆབ་སྔོན་མོ་ལ༔ ཙནྡན་གླ་བ་སྤོས་རཏྣར༔ བདུད་རྩི་སྨན་གྱི་བཅུད་སྦྱར་པའི༔ དག་བྱེད་ཁྲུས་འདི་ལྷ་ལ་གསོལ༔ བཙོག་མཁོན་བག་ཆགས་དག་གྱུར་ཅིག༔ ག་པུར་གུརྒུམ་རྩི་སྦྱར་ནས༔ འཛམ་གླིང་ཀླུ་ལ་ཁྲུས་གསོལ་ལོ༔ གཏད་མནན་ཕུང་སེལ་དག་གྱུར་ཅིག༔ རིན་ཆེན་གསེར་དངུལ་རྩི་སྦྱར་ནས༔ གཉན་དང་ས་བདག་ཡུལ་གྱི་ལྷ༔ བར་བདུད་བཙན་ལ་ཁྲུས་གསོལ་ལོ༔ དཀར་གསུམ་འོ་མའི་རྩི་སྨན་དང༔ མངར་གསུམ་བུ་རམ་སྦྲང་སྦྱར་ནས༔ འཇིག་རྟེན་བརྟན་མ་སྨན་མོ་དང༔ འབྱུང་པོ་ཐེའུ་རང་དམུ་དང་བཅས༔ འབྱུང་བ་ལྔ་ལ་གནས་པ་ཡི༔ བགེགས་རིགས་ལན་ཆགས་མགྲོན་ལ་གསོལ༔ བག་ཆགས་དྲི་མ་དག་གྱུར་ཅིག༔ སྲིད་པ་བཀའ་ཡི་མདོས་ཆེན་ལ༔ ཕོ་བཙོག་གོས་ཀྱིས་གཡབས་པ་ཡི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ མོ་བཙོག་ཐུ་བས་གཡབས་པ་ཡི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ ཕུག་གི་ལྷ་ལ་བཙོག་མནོལ་པའི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ བར་གྱི་གྲལ་ལ་བཙོག་མནོལ་པའི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ སྒོ་ཡི་ནོར་ལ་བཙོག་མནོལ་པའི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ ཕུད་དང་ལྷག་མ་མི་གཙང་བའི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ ཆེ་ཕྲི་ཆུང་བསྣན་མི་གཙང་བའི༔ བག་ཆགས་དྲི་མ་དག་གྱུར་ཅིག༔ བཀྲུས་ན་མི་དག་གང་ཡང་མེད༔ ཁྲུས་ན་མི་ཕྱུང་གང་ཡང་མེད༔ མི་མཐུན་རྨེ་བཙོག་དྲི་མ་རྣམས༔ ཡེ་ཤེས་ཆུ་བོས་དག་གྱུར་ཅིག༔ དེ་ནས་བཅུ་གསུམ་པ་སྤོས་རབས་ནི༔ ཀྱེ༔ སྲིད་པའི་སྤོས་མདོས་གཏོང་བ་ནི༔ ཤུག་ཚོན་སྤོས་མ་མཆིས༔ ལྷ་འདྲེ་སྤྱན་འདྲེན་ན༔ དྲི་ཞིམ་སྤོས་བཙལ་ཏེ༔ སྤོས་ཀྱི་ཕ་སྨྲོས་པ༔ སྤང་སྤོས་ལོ་བཟང་ཡིན༔ སྤོས་ཀྱི་མ་སྨྲོས་པ༔ ན་བཀྲ་སིལ་མ་ཡིན༔ དེ་གཉིས་བསྡེབས་པ་ལ༔ རྒྱ་སྤོས་དྲི་ཆེན་དང༔ ལྷོ་སྤོས་ངད་ལྡན་དང༔ མོན་སྤོས་དྲི་ཞིམ་བྱུང༔ ཨ་དཀར་སྐྱ་སྨུག་དང༔ ཙནྡན་དཀར་དམར་དང༔ ག་པུར་གུརྒུམ་དང༔ ཛཱ་ཏི་ཕ་ལ་བསྡེབས༔ དྲི་ངད་ལྡན་པའི་སྤོས༔ སྤོས་བྱུང་དེ་ལྟར་བཙལ༔ མེ་ཡི་ཕ་སྨྲོས་པ༔ རྣོ་ལྕགས་སྔོན་མོ་ཡིན༔ མེ་ཡི་མ་སྨྲོས་པ༔ རི་ཙུག་དཀར་སྒོང་ཡིན༔ རྩ་དེ་སྤྲ་བ་ལ༔ འབྱུང་བ་མེ་སྤར་ལ༔ སྤོས་ངད་མེ་རུ་སྦྱར༔ སྒང་བུ་མཐོན་པོ་ལ༔ སྤོས་དུད་ཐུ་ལུ་ལུ༔ གཤོང་བུ་དམའ་དམའ་རུ༔ སྤོས་ངད་ཆི་ལི་ལི༔ ལྷ་རྣམས་སྤོས་ཀྱིས་བསང༔ དཀར་དང་ཏ་ལ་ལ༔ ཀླུ་རྣམས་སྤོས་ཀྱིས་བསང༔ མཛེས་དང་འཁྱུགས་སེ་འཁྱུག༔ གཉན་རྣམས་སྤོས་ཀྱིས་བསང༔ རྟ་རྒྱུག་པྲིངས་སེ་པྲིང༔ བདུད་བཙན་རྒྱལ་པོ་གཟའ་དང་དམུ༔ མ་མོ་བརྟན་མ་སྨན་དང་གཟེད༔ འབྱུང་པོ་ཐེའུ་རང་ས་ཡི་བདག༔ སྣང་སྲིད་དཔུང་བཅས་སྤོས་ཀྱིས་བསང༔ མཛེས་པའི་རྒྱན་ཆ་ཁྲ་ལ་ལ༔ གད་མོ་གླུ་ལེན་ཀྱུ་རུ་རུ༔ དགྱེས་པའི་འཛུམ་མདངས་ཡ་ལ་ལ༔ གཏོ་ཡས་གླུད་ཀྱིས་ཁེབས་པར་མཛོད༔ དེ་ནས་བཅུ་བཞི་པ་མདོས་ཀྱི་བྱུང་ཁུང་བཙལ་བ་ནི༔ ཀྱེ༔ གཏོ་ཡས་བསགས་པ་གང་ནས་སྲིད༔ བསྐལ་པ་དེ་ཡི་གོང་རོལ་དུ༔ རྡོ་རྗེ་གདན་གྱི་ཤར་ཕྱོགས་གླིང༔ བསམ་གཏན་སྐྱིད་པའི་གྲོང་ཁྱེར་ནས༔ རྒྱལ་པོ་ཨུ་པ་རཱ་ཙ་ལ༔ གཟུགས་མེད་སྐད་ཀྱི་སྒྲ་བྱུང་སྟེ༔ རྒྱལ་པོ་ཁྱེད་ཉིད་ལོ་གསུམ་ནས༔ འཆི་བདག་བདུད་ཀྱིས་བསླུ་ནས་ཁྲིད༔ དེ་སྐད་ཐོས་པས་ཡིད་ཀྱིས་བསྔངས༔ མྱ་ངན་བྱེད་ཅིང་བློན་རྣམས་བསགས༔ གྲོང་ཁྱེར་ཆེན་པོ་སེར་སྐྱ་ན༔ བྲམ་ཟེ་ཟ་ཡ་ཟིན་དྲངས་ནས༔ སྐུ་ལ་བེར་གསོལ་དབུ་ལ་ཐོད༔ ཕྱག་ཏུ་སྐྱེམས་དྲངས་ནན་གྱིས་ཞུས༔ སློབ་དཔོན་བྲམ་ཟེ་ཟ་ཡ་ཟིན་དེས༔ ས་ནི་ཁལ་བརྒྱ་མདོས་སུ་བྱས༔ གླིང་བཞི་རི་རབ་ལྕགས་རིས་བསྐོར༔ འབྲས་ཁལ་བརྒྱ་ཡི་ངར་གླུད་བཏང༔ རྒྱལ་པོ་འཆི་བདག་བདུད་ལས་ཐར༔ ངས་ཀྱང་སྲིད་པའི་མདོས་གཏོང་ངོ༔ ཡང་ཅིག་མདོས་འདི་སུ་ཡི་བཀའ༔ བྲམ་ཟེ་བདེ་བའི་གོ་ཆའི་བཀའ༔ རྒྱལ་པོ་དྲུང་ཤོ་ཐང་མོའི་གླུད༔ བྲམ་ཟེ་ལྟས་མཁན་ཉི་མའི་བཀའ༔ རྒྱལ་བུ་དོན་གྲུབ་སྐུ་གླུད་མདོས༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་བཀའ༔ རྒྱལ་པོ་དྷརྨ་རཱ་ཙའི་མདོས༔ སློབ་དཔོན་དགའ་རབ་རྡོ་རྗེའི་བཀའ༔ རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་མདོས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་བཀའ༔ རྒྱལ་པོ་དྲི་མེད་སྐུ་ཡི་མདོས༔ སློབ་དཔོན་ཤྲཱི་སིཾ་ཧའི་བཀའ༔ རྒྱལ་པོ་བདེ་བའི་གཙུག་ཕུད་མདོས༔ སློབ་དཔོན་ཧཱུྃ་ཆེན་ཀཱ་རའི་བཀའ༔ རྒྱལ་པོ་འཁོར་ལོ་དྲུག་པའི་མདོས༔ སློབ་དཔོན་པདྨ་འབྱུང་གནས་བཀའ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མདོས༔ དེ་རིང་སྔགས་འཆང་བདག་གི་བཀའ༔ རྒྱུ་སྦྱོར་ཡོན་བདག་སྐུ་གླུད་མདོས༔ ཆེ་བ་རི་རབ་གླིང་བཞིའི་མདོས༔ འབྲིང་བ་ཡུལ་མཁར་ཕོ་བྲང་མདོས༔ ཆུང་བ་ངར་གླུད་སྤྱན་གཟིགས་བཅས༔ འདི་ནི་ཚེ་དང་སྲོག་གི་གླུད༔ འདི་ནི་མི་དང་ནོར་གྱི་གླུད༔ ཆེ་བ་རྟ་དང་དྲེལ་གྱི་མདོས༔ འབྲིང་བ་གཡག་དང་ལུག་གི་མདོས༔ ཆུང་བ་བྱ་དང་བྱིལ་གྱི་མདོས༔ ཕོ་གདོན་གཡས་སུ་སྒྱུར་བའི་མདོས༔ མོ་གདོན་གཡོན་དུ་སྒྱུར་བའི་མདོས༔ ཆུང་བདུད་ཐད་དུ་སྒྱུར་བའི་མདོས༔ དེ་རིང་སྒྱུར་བྱེད་མདོས་འདི་གཏོང༔ དེ་ནས་བཅོ་ལྔ་པ་མདོས་ཀྱི་ཡོན་ཏན་བརྗོད་པ་ནི༔ ཀྱཻ༔ དེ་རིང་སྲིད་པའི་མདོས་ཆེན་བཤམས་པ་འདི༔ རི་རབ་གླིང་བཞི་རོལ་མཚོ་ལ༔ ནམ་མཁའ་བལ་ཚོན་བཙུགས་པ་ནི༔ འཇའ་ཚོན་བཀྲ་དང་ལམས་སེ་ལམ༔ མདའ་དར་ཤིང་རིས་བཀྲམ་པ་འདི༔ མཛེས་པའི་བ་དན་ཕྱ་ར་ར༔ དར་ཟབ་རྒྱལ་མཚན་ཕུབ་པ་ནི༔ ཤེལ་གྱི་གུར་ཕུབ་ཀྱི་ལི་ལི༔ སྤོ་ཙེ་རྒྱང་བུ་བཤམས་པ་ནི༔ ལྷོ་སྤྲིན་ཟིལ་དབབ་ཏ་ལ་ལ༔ མདའ་འཕང་ཕོ་ཏང་མོ་ཏང་ནི༔ ལྷ་བྲན་གར་བྱེད་ཁྱུགས་སེ་ཁྱུག༔ གཟུགས་འགྲོས་རྒྱལ་བློན་བཀྲམ་པ་ནི༔ བཀའ་གྲོས་འདུན་མ་རུབས་སེ་རུབ༔ གཡུང་དྭགས་དཀོར་ནོར་བཀོད་པ་དེ༔ འབུ་ལོང་རྒྱུག་སྐད་པྲིངས་སེ་པྲིང༔ རྟ་རྐྱང་རྔོག་ཆགས་བཀོད་པ་དེ༔ འཚེར་རྒྱུག་རྦབ་དང་སྦད་དེ་སྦད༔ སྦལ་སྦྲུལ་ཆུ་གནས་བཀོད་པ་དེ༔ འཕར་ལིང་འཁྱུག་དང་ཧྲི་ལི་ལི༔ སྟག་གཟིག་གཅན་གཟན་བཀོད་པ་དེ༔ ངར་ཞིང་མཆོང་རྩལ་ལམས་སེ་ལམ༔ ཁྱུང་སོགས་འདབ་ཆགས་སྣ་ཚོགས་དེ༔ འཕུར་དང་གཤོག་སྒྲ་ལྡི་རི་རི༔ འབྲུག་སོགས་འུར་སྒྲ་ལྡི་རི་རི༔ སེང་སོགས་གཡུ་རལ་སི་ལི་ལི༔ རི་དྭགས་རྩེ་རྒྱུག་པྲིངས་སེ་པྲིང༔ སྒོ་ཁྱིའི་ངུ་ཟུག་ཏི་རི་རི༔ བ་གླང་འབུ་སྐད་ཁྲོངས་སེ་ཁྲོང༔ ཕོ་ཐང་མདའ་འཕེན་ཤ་ར་ར༔ མོ་ཐང་ཞུ་མཁན་ཧྲི་ལི་ལི༔ ཤིང་རིས་བཀྲ་དང་ཡ་ལ་ལ༔ སྤོ་རྩེ་འཛུམ་དང་ཟུ་ལུ་ལུ༔ མི་ནོར་དཔུང་དང་ཀྱི་ལི་ལིཿ དཀར་གསུམ་ཕུད་དང་མེ་རེ་རེཿ མངར་གསུམ་རྒྱ་མཚོ་ཀྱི་ལི་ལི༔ གསེར་སྐྱེམས་འབྲུ་བཅུད་ན་ར་ར༔ མདུང་དང་རུ་མཚོན་ལྷབས་སེ་ལྷབ༔ གླུད་དང་ཡས་རྣམས་སྤུངས་སེ་སྤུང༔ ལོངས་སྤྱོད་ལྷ་ཡི་ཕོ་བྲང་འདྲ༔ ངོ་མཚར་སྒྱུ་མའི་གྲོང་ཁྱེར་ཏེ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན༔ སྲིད་པའི་མདོས་ལས་ཆེ་བ་མེད༔ དེ་བས་དེ་རིང་སྨྲེང་ལ་ཉོན༔ ཅེས་བརྗོད་ལ༔ རང་གི་མདོས་གང་ཡིན་གྱེར་གཞུང་ལ་འཇུག་པར་བྱའོ༔ མདོས་ཆིངས་རིན་ཆེན་ཕྲེང་བ་ལས་མདོས་ཀྱི་སྟོད་ལས་རིམ་པ་བཅོ་ལྔ་པ་ཞེས་བྱ་བ། ཤྭའི་སྔགས་འཆང་རྒྱལ་སྲས་ལེགས་ལྡན་པས་ཁྱེར་བདེ་བའི་ཕྱིར་ཉུང་ངུར་བསྡུས་ནས་ཕྱོགས་གཅིག་ཏུ་བསྒྲིགས་པའོ། །ཤུ་བྷཾ།། །།
རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས་ (Volume 21, Text 49)
༄༅། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་དགོངས་འདུས་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །སྲིད་པའི་འཇིགས་ཀུན་ཁྱོད་མཚན་གྱིས། །བཅོམ་པས་རྟག་ཏུ་མི་མཛའ་ཡང། །འཁོར་བ་པ་རྣམས་བུ་བཞིན་དུ། །སྐྱོབ་མཛད་སྙིང་རྗེའི་གཏེར་ལ་འདུད། །སྨིན་བྱེད་འོ་མའི་རྒྱ་མཚོའི་བཅུད། །གྲུབ་པས་མྱོང་བ་འདི་ཁོ་ན། །བསྐུར་ཐོབ་སྤྲོས་པས་ཚོལ་བ་ཡི། །བྱིན་རླབས་ཆུ་བརྒྱའི་འཇུག་ངོགས་སོ། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བསྐྱེད་རྫོགས་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ་བཀའ་མ་དང་། མངའ་བདག་ཉང་རིན་པོ་ཆེ་ལས་བརྒྱུད་པ་གཏེར་མ་གཉིས་ཀའི་སྨིན་བྱེད་ཀྱི་རྩ་བ་གཏོར་མ་ལ་བརྟེན་པའི་བྱིན་རླབས་བྱེད་པར་འདོད་པས། ཐོད་པའམ་རིན་པོ་ཆེའི་སྣོད་དུ་དབུས་དང་རྒྱབ་ཏུ་བླ་མ། གཡས་སུ་ཡི་དམ། གཡོན་དུ་མཁའ་འགྲོ །མདུན་དུ་ཆོས་སྐྱོང་ཕོ་རྒྱུད་ཀྱི་གཏོར་མ་བཅས་ལྔ་ཚར་རྒྱན་གྱིས་མཛེས་པ་མཐོང་བརྒྱུད་བཞིན་བཅས་ལ་སྟེགས་བཟང་པོར་ཁྲིའུའི་སྟེང་དུ་བཀོད་པའི་མདུན་དུ་མཆོད་ཡོན་ཉེར་སྤྱོད། བདུད་རྩི་ཐོད་པ། ཚོགས་ཀྱི་ཡོ་བྱད་སོགས་བཤམ། འབྱོར་ན་ལྷ་ལྔའི་སྐུ་རྟེན་ཡང་བཀྲམ་སྟེ། བདུད་རྩི་བྱིན་རླབས་ནས་བཟུང་། རྒྱ་མཚོ་ལྔའི་བདག་བསྐྱེད་རྫོགས་པར་བསྒོམ། བཟླས་པ་དང་བསྡུ་ལྡང་བྱ། མདུན་བསྐྱེད་གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར། །གཏོར་མ་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །འོད་ཟེར་ལས་གྲུབ་གཞལ་ཡས་ཁང་། །ཞེས་སོགས་ནས། དྲང་བསྟིམ་མཆོད་བསྟོད་བཟླས་པ་ཡན་ཆད་གྲུབ་པ་དང་། ལས་བུམ་ཡོད་ཚེ་དེར་སྐད་ཅིག་གིས་རྟ་མགྲིན་དམར་པོ་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་ཞགས་པ་བསྣམས་པ་གསལ་ལ། བཛྲ་ཀྲོ་དྷའི་སྔགས་ཅི་ནུས་བཟླ། སློབ་མ་རྣམས་ཁྲུས་བྱས། གྲལ་དུ་འཁོད་པ་ལ་སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་དགོངས་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་སྒྲུབ་སྡེ་ཆེན་པོ་བརྒྱད་ལས་གསུང་པདྨ་ཞི་ཁྲོའི་ཆོས་སྐོར་ལ་ཟབ་པ་དང་རྒྱ་ཆེ་བའི་སྨིན་གྲོལ་གྱི་གཞུང་དང་བརྒྱུད་པའི་སྲོལ་ཀ་གནམ་གྱི་སྐར་མ་ཙམ་གངས་ཅན་གྱི་གྲུབ་མཐའ་འཛིན་པ་ཀུན་ལ་ཁྱབ་ཅིང་བརྡལ་བ་ཐམས་ཅད་ཀྱི་ནང་ནས་ཉི་ཟླའི་དཀྱིལ་འཁོར་ལྟ་བུ། ཆོས་འདི་ཁོ་ནས་གྲུབ་པའི་རྟགས་འཛམ་གླིང་ཁྱབ་པར་སྟོན་པའི་བརྒྱུད་པ་ད་ལྟའི་བར་རྒྱུན་མ་ཆད་པར་བྱོན་པ་སོགས་ཁྱད་པར་དུ་མས་འཕགས་པ་དཔལ་ཀརྨ་ཀཾ་ཚང་གི་ཟབ་ཆོས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཡིན་ལ། འདི་ལའང་པདྨ་བཛྲ་ནས་བརྒྱུད། ཛ་ལནྡྷ་རའི་རྒྱ་གཞུང་ལ་བརྟེན་པ་ལྷ་དགུ་དང་། རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལ་བརྟེན་ཅིང་གྲུབ་པའི་རྒྱལ་མོ་ལས་བརྒྱུད་པ་ལྷ་ལྔ་དང་། མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་ལྷ་ལྔའི་སྐོར་སྲས་འགྲོ་མགོན་ལ་བརྒྱུད་པ་ཐམས་ཅད་གསང་བདག་རས་ཆུང་པ་ཆེན་པོ་ལ་འདུས་ཤིང་། བརྒྱུད་པ་ཕྱི་མ་རྗེ་དོན་ལྡན་ཞབས་ལ་སངས་རྒྱས་གླིང་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཡང་འདུ་བ་སོགས། བཀའ་གཏེར་དུ་མའི་དགོངས་བཅུད་གཅིག་ཏུ་འདྲིལ་ཞིང་བྱིན་རླབས་ཀྱི་ཚན་ཁ་འགྲན་ཟླ་དང་བྲལ་བའི་རྒྱ་མཚོ་ལྷ་ལྔའི་གཏོར་དབང་སྒྲུབ་པར་བྱེད་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཟབ་མོ་གཏོར་མའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །དཀྱིལ་འཁོར་གྱི་གཙོ་བོ་དང་བླ་མ་དབྱེར་མེད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་རྡོ་རྗེ་འཆང་དབྱེར་མེད། །དམ་པ་རྣམས་ལ་སྐྱབས་སུ་མཆི། །དམ་པས་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་ཡི་བྱིན་རླབས་ལུས་ལ་སྩོལ། །ལུས་ལ་བདེ་བ་སྦར་དུ་གསོལ། །གསུང་གི་བྱིན་རླབས་ངག་ལ་སྩོལ། །ངག་ལ་ནུས་པ་བསྐྱེད་དུ་གསོལ། །ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལ། །མི་རྟོག་ཡེ་ཤེས་བསྩལ་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཏོར་མ་འདི་ཉིད་དང་ཐ་མི་དད་པར་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་འདི་བཞིན་དུ་བཞུགས་པར་མོས་མཛོད། འོད་ཟེར་ལས་གྲུབ་གཞལ་ཡས་ཁང་། །ཞེས་སོགས་ནས། གདན་འོག་པདྨ་འདེགས་པར་བྱེད། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་དྲུང་དུ་ཡན་ལག་བདུན་པ་འབུལ་བའི་བློས་ཐལ་མོ་སྦྱར་ལ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང་། །བགྱིད་དུ་བསྩལ་དང་ཡི་རང་བ། ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །སླན་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་གྱི། །ཡན་ལག་རྣམས་ཀྱང་བཟུང་བར་བགྱི། །འགྲོ་བ་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་ཆོས་སྐུ་ལ་བཞུགས་པར། །འགྲོ་བ་ཀུན་ལ་ཕན་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་རྣམས་ལ། །བསྐལ་པའི་ཐ་མར་བཞུགས་པར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདག་གི་དགེ་བའི་རྩ་བ་གང་། །བགྱིས་སམ་བགྱིད་དུ་བསྩལ་བ་དང་། །རྗེས་སུ་ཡི་རང་ཐམས་ཅད་ནི། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བླ་མར་བཅས་པ་ཐམས་ཅད་ལ། །བདག་གི་ལུས་འདི་ཕུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང་། །ཐེག་ཆེན་བླ་ན་མེད་པའི་ལམ། །ཟབ་ཅིང་རྒྱ་ཆེ་བསྟན་དུ་གསོལ། །ལན་གསུམ། སླར་ཡང་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་དབུས་ཕྱོགས་ཆོས་སྐུ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀྱི། སྨིན་མཚམས་ནས་ལྷ་ཚོགས་དཔག་ཏུ་མེད་པ་ནས་འབྲུ་ཙམ་ཡུངས་འབྲུ་ཙམ་འོད་ཟེར་དམར་པོའི་ཚོགས་དང་བཅས་པ། ལུས་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་སངས་སངས་དག །ཆོས་སྐུ་རྒྱལ་བ་རྒྱ་མཚོའི་རྣམ་པར་ལམ་ལམ་གྱུར། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ། རྒྱལ་བ་རྒྱ་མཚོའི་མགྲིན་པ་ནས་ཨཱ་ལི་ཀཱ་ལི་དང་འོད་ཟེར་དམར་པོ་འཕྲོས། མགྲིན་པར་ཐིམ་པས་ངག་གི་སྡིག་སྒྲིབ་སངས་ཀྱིས་དག །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་བདུད་རྩི་བྱང་སེམས་ཀྱི་ཆུ་རྒྱུན་དཀར་དམར་ན་ར་ར་བྱུང་། སྙིང་གར་ཐིམ་པས་སེམས་ཀྱི་སྒྲིབ་པ་ཐམས་ཅད་འོ་མས་སོལ་ཁུ་དེད་པ་བཞིན་ནག་ནུ་རུ་རུ་རྐང་པའི་སོར་མོ་རྣམས་ནས་ཐོན། ཤུལ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་ནས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཆོས་སྐུ་རྒྱལ་བ་རྒྱ་མཚོའི་ངོ་བོར་གྱུར་ནས་ནམ་མཁའ་གང་སྙེད་ཀྱིས་ཌཱ་མ་རུ་དང་དྲིལ་བུ་ལ་སོགས་པ་འུར་འུར་ཁྲོལ་ཁྲོལ་གར་སྟབས་ཀྱིས་བྱོན་ནས། ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་སྒོམས་ཤིག །གཏོར་མ་གནས་གསུམ་དུ་བཞག །ཡིག་བཅུའི་གཤམ་དུ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་དྲག་ཏུ་བརྗོད་ཅིང་སྤོས་དང་རོལ་མོ་བྱ། དེས་གཞན་བཞི་པོ་ལ་འགྲེ་སྟེ། སླར་ཡིད་ཀྱིས་གསོལ་བ་བཏབ་པས། གཡས་ཕྱོགས་རྟ་མགྲིན་དཔའ་བོ་རྒྱ་མཚོའི་སྨིན་མཚམས་ནས་སོགས་གོང་གི་ཚིག་ཁ་བསྒྱུར་བའི་མཐར། བཛྲ་ཀྲོ་དྷའི་སྔགས་ལ་ཨཱ་བེ་ཤ་ཡ་བཏགས་པས་དབང་བསྐུར། སླར་ཡིད་ཀྱིས་གསོལ་བ་བཏབ་པས། གཡོན་ཕྱོགས་གསང་ཡེ་དཔའ་མོ་རྒྱ་མཚོའི་སྨིན་མཚམས་སོགས་དང་། དྷུ་མ་གྷ་ཡེའི་སྔགས་ལ་ཤམ་བུ་བཏགས་པས་དབང་བསྐུར། སླར་ཡིད་ཀྱིས་གསོལ་བ་བཏབ་པས། སྟེང་ཕྱོགས་པད་འབྱུང་གྲུབ་ཐོབ་རྒྱ་མཚོའི་སྨིན་མཚམས་སོགས་དང་། བཛྲ་གུ་རུ་སྔགས་ཤམ་བུ་ཅན་གྱིས་དབང་བསྐུར། སླར་ཡིད་ཀྱིས་གསོལ་བ་བཏབ་པས། འོག་ཕྱོགས་མ་མགོན་དམ་ཅན་རྒྱ་མཚོའི་སྨིན་མཚམས་སོགས་དང་། མ་མགོན་སྔགས་ཤམ་བུ་ཅན་གྱིས་དབང་བསྐུར། སླར་ཡིད་ཀྱིས་གསོལ་འདེབས་དྲག་ཏུ་བྱས་པས། ལྷ་ཚོགས་དེ་རྣམས་ཀྱི་སྨིན་མཚམས་དང་མགུལ་དང་ཐུགས་ཀ་དང་ལྟེ་བ་ལ་སོགས་པའི་སྐུའི་གནས་རྣམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་། རང་གི་ལུས་ཀྱི་གནས་སོ་སོར་ཐིམ་པས་ནད་གདོན་སྡིག་སྒྲིབ་སོགས་བར་དུ་གཅོད་པ་ཐམས་ཅད་ནི་བསལ། ཚེ་དང་དཔལ་དང་འབྱོར་པ་ཐམས་ཅད་ནི་ཤིན་ཏུ་རྒྱས། དབང་བཞི་ཐོབ་ཅིང་སྐུ་བཞི་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་གྱུར། ཅེས་གཏོར་མ་མགོ་བོར་བཀོད། རོལ་མོ་དབྱངས་དང་བཅས་པས། ཧཱུྃ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །ཞེས་སོགས་སྤྱན་འདྲེན་གྱི་ཚིགས་བཅད་ཀྱི་མཐར། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་ཡུན་རིང་དུ་བརྗོད། དེ་ལྟར་བྱིན་རླབས་ཟབ་མོ་བྱས་ནས་ཡེ་ཤེས་ལུས་ལ་བབས་པས་འབར་ཞིང་འདར། ངག་ལ་བབས་པས་སཾསྐྲིཏའི་སྐད་འདོན། ཡིད་ལ་བབས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་གསུངས་པས་དེ་དག་རྡོ་རྗེའི་ཡེ་ཤེས་ཕེབས་པའི་རྟགས་སུ་ངེས་ཤེས་སྐྱེད་ལ་ཡིད་ལ་མི་བྱེད་པའི་ངང་དུ་མཉམ་པར་ཞོག་མཛོད། དེ་ལྟ་བུའི་དབང་གི་ཡེ་ཤེས་བརྟན་པའི་སླད་དུ་རྒྱ་མཚོ་ལྔའི་ལྷ་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་ཤིས་བརྗོད་བསྩལ་བའི་མོས་པ་མཛོད། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །དབྱེར་མེད་འཁོར་འདས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །རྣམ་སྣང་ཡེ་ཤེས་གངས་ཆེན་མཚོ། །མི་འཁྲུགས་རྒྱལ་པོ་ལ་སོགས་པའི། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །ལོངས་སྤྱོད་རྫོགས་པའི་བཀྲ་ཤིས་ཤོག །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །བསྐལ་བཟང་སངས་རྒྱས་སྟོང་གི་དབུས། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི། །སྤྲུལ་སྐུ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུམ་ལྷུན་གྲུབ་ཡོངས་རྫོགས་ཤིང་། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན། །སྐུ་བཞི་ཡོངས་རྫོགས་བཀྲ་ཤིས་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་འཇིག་རྟེན་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། ཁྱེད་ཅག་གིས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་གཏོར་མ་ལ་བརྟེན་པའི་དབང་ཐོབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་ལ་བསླབ་བོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། ཚོགས་ནས་བརྩམ། རྗེས་ཆོག་རྣམས་ཀྱི་མཐར། ཨ་ཀཱ་རོ་སོགས་བརྗོད་ཅིང་གཏོར་མ་གཤེགས་ལ་དངོས་གྲུབ་ཀྱི་ཚུལ་དུ་སློབ་མ་རྣམས་ལ་བྱིན་ནས་བཀྲ་ཤིས་བརྗོད་པར་བྱའོ། །གཏོར་དབང་འདིའི་ཡི་གེ །དོན་ལྡན་ཞབས། ཀརྨ་དཀོན་གཞོན། དཀོན་མཆོག་ཡན་ལག་གིས་མཛད་པ་རྣམས་ཀྱི་རྩ་བ་ནི་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་མཛད་པ་འདི་ཡིན་ཞིང་། ཐམས་ཅད་ཀྱང་ཚིག་རྒྱས་བསྡུས་ཙམ་ལས་སྔགས་དམིགས་ཀྱི་དོན་ནི་མཚུངས་པ་ཁོ་ན་ཡིན་ལ། ད་ལྟ་དཀོན་མཆོག་འབངས་ཀྱིས་མཛད་པ་ལ་རྒྱུན་སྣང་རུང་ཅུང་ཟད་བསྡུས་ཆེས་པས་བློ་དམན་རང་འདྲ་རྣམས་ཀྱིས་ཤིན་ཏུ་གལ་ཆེ་བའི་བྱིན་རླབས་དམིགས་རྣམ་བརྡ་མི་འཕྲོད་པར་མུན་པའི་ཀློང་དུ་འཁྱམས་པར་མཐོང་ནས། རྩ་བ་རང་བྱུང་ཞབས་ཀྱི་གཞུང་གབ་སྤྲད་དེ་གསལ་བར་བཀོད་པའོ། །བ་མཁལ་མར་གྲགས་གཞུང་གཉིས་ཀྱི། །ཐུན་མིན་སྨིན་བྱེད་ཟབ་རྒྱ་ཅན། །གསལ་བར་བཀོད་འདིས་འབྲེལ་ཐོགས་ཀུན། །འཇིག་རྟེན་མགོན་པོས་རྗེས་འཛིན་ཤོག །ཅེས་པའང་གར་དབང་ལྔ་པས་མཛད་པའི་ལྷ་ལྔའི་སྒྲུབ་དཀྱིལ་ཚིགས་བཅད་མ་དང་འབྲེལ་བར་རང་གཞན་ཉེར་མཁོའི་བཙས་སུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དབེན་པ་ཟླ་མཛེས་སུ་བྲིས་པ་དགེ་ལེགས་འཕེལ།། །།
འདོད་ཁམས་དབང་ཕྱུག་རེ་མ་ཏཱི་རང་བྱུང་རྒྱལ་མོ་བཀའ་གཏེར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 49)
ཨོཾ་སྭསྟི། ཡེ་ཤེས་དབྱིངས་ལས་གདུལ་དཀའི་འགྲོར། །དྲག་མོར་ཆེར་ཁྲོས་རེ་མ་ཏཱི། །རང་བྱུང་རྒྱལ་མོ་ཕུར་བུའི་ལྷར། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདིར་ཕུར་སྲུང་བདག་ཉིད་མ་བཞིའི་དང་པོ་རེ་མ་ཏཱིའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ནི། དུར་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་དུས་ཁྱད་པར་ཅན་ལ་ཡི་དམ་དང་འདིའི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་ཁར། ཆོས་འབྱུང་ལྟེ་བ་དམར་ནག་ཁ་ཁྱེར་ལྗང་གུ་ཟླ་གམ་ཁྲག་མཚོ་ཐོད་ཕྲེང་དང་མེ་རིས་ཟླུམ་པོར་བསྐོར་བའི་དབུས་སུ་འབྲུ་ནག་གི་ཚོམ་བུ་དགོད། དེར་ཐོད་པའམ་ལྕགས་སྣོད་དུ་གཏོར་མ་གྲུ་གསུམ་མི་དབང་གི་ཤ་ཁྲག་སོགས་དམ་རྫས་ཀྱིས་བརྒྱན་པ་ལ་མདའ་དར་ནག་པོ་དང་སྐུ་རྟེན་ཙཀ་ལི་བཙུགས། མདུན་དུ་འབུལ་གཏོར་དང་། གཡས་གཡོན་དུ་སྨན་རཀ །མཐའ་མཆོད་པས་བསྐོར། གཞན་ཡང་རྡོར་དྲིལ་ཌཱ་རུ་གཡབ་དར་སྦྱར་སྤོས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། གཤིན་རྗེ་གཤེད་ལ་སོགས་པ་ཡི་དམ་ཁྲོ་བོ་གང་འོས་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཆོད་གཏོར་བྱིན་གྱིས་བརླབ། རང་གི་མདུན་དུ་འོད་ཀྱི་གུར་ཁང་སྔོན་པོ་རྒྱ་ཁྱོན་མཐའ་མེད་པའི་ནང་དུ་མེ་རླུང་འཚུབས་མ་འཁྱིལ་བའི་དབུས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་ནང་དུ། ཕྱི་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གྲུ་བཞི་ནང་ཐོད་པ་བརྩེགས་པའི་སྐུ་མཁར་རྨང་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་དབུས་ཀྱི་གཞིར་ཁྲག་ཞག་འཁྲུགས་ཤིང་དབུགས་བྲལ་བརྩེགས་པའི་སྟེང་དུ་རང་གི་སྙིང་ག་ནས་སྤྲོས་པའི་ཏི་ཡིག་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་དྲེལ་རྟ་རྐང་གསུམ་རྫུ་འཕྲུལ་མྱུར་མགྱོགས་རླུང་གི་གཤོག་པ་ཅན། ཞིང་དང་སྟག་ལྤགས་ཀྱི་སྒ་སྟན་བསེ་སྒ་དམར་པོ་སྦྲུལ་ནག་གི་གོང་རྨེད་དང་གློ་ནན་གསེར་སྲབ་གཡུ་མཐུར་ཅན་གྱི་སྟེང་དུ་པདྨ་དང་ཉི་མ་ལ། སླར་ཡང་སྙིང་ག་ནས་སྤྲོས་པའི་མ་ཡིག་སྔོ་སྐྱ་ལས་རྩེ་གསུམ་མས་མཚན་པའི་འཕྲོ་འདུས་ལྷ་མོར་གྱུར་པ་ནི། ཨོཾ་ནག་མོ་ཏིང་ལཾ་མ་མ་དུན་ཏིཾ་མ་བྷྱོ། ཞེས་བརྗོད་པས་དཔལ་ལྡན་ལྷ་མོ་རེ་མ་ཏཱི་སྐུ་མདོག་ནག་མོ་སྐེམ་རིད་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟུགས་ཅན་ཞལ་གཅིག་ཕྱག་བཞི་མ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་ཉི་མ་ལྟར་འབར་བ། རལ་པ་ཁམ་ནག་གྱེན་དུ་བརྫེས་ཤིང་ཐུར་དུ་གྲོལ་བ་ལ་ཐོད་སྐམ་ལྔའི་ཅོད་པན་དང་གསེར་གཡུ་མུ་ཏིག་སོགས་ཀྱིས་བརྒྱན་པ། སྐྲ་གསེབ་ནས་དུས་བཞིའི་ལྷ་མོ་སྤྲོ་བ། ཞིང་ཆེན་གྱི་སྟོད་གཡོགས་སྟག་ལྤགས་ཀྱི་ཤམ་ཐབས། དར་ནག་གི་གོ་ཟུ་འཇའ་ཚོན་རིས་ཅན་སྦྲུལ་ནག་གི་སྒྲོག་ཟུངས་བཏབ་པ་གསོལ་ཞིང་། ཐོད་རློན་གྱི་དོ་ཤལ་འཕྱང་བ། སྙན་གཡས་གཡོན་ལ་སྦྲུལ་དང་སེང་གེ་འཕྱོ་ཞིང་དར་གྱི་ཅོད་པན་འཕུར་བ། ལྟེ་བར་ཉི་མ་དང་སྤྱི་བོར་ཟླ་བ་ཚེས་ཤིང་རྨ་བྱའི་མདོངས་ཀྱིས་མཛེས་པ། ཕྱག་བཞི་གཡས་ཀྱི་དང་པོ་ཁ་ཊྭཱཾ་རྩེ་གསུམ་པ་དང་། འོག་མ་ན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་ཞིང་འདེབས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ་བ། འོག་མ་ན་སྦྲུལ་ནག་གི་ཞགས་པ་བསྡོག་ཅིང་འཕེན་པ། ཞབས་གཉིས་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་གནས་པ། དྲེའུའི་ཕྱི་ཤ་ལ་ལྕགས་ཀྱི་དྲྭ་བ་དང་ནད་ཀྱི་རྐྱལ་པ་བཏགས་ཤིང་། སྔ་ཤ་ལ་མཚོན་གྱི་དྲུ་གུ་འཕྱང་བ། ཡེ་ཤེས་ཀྱི་མ་མོ། ལས་ཀྱི་མ་མོ། འཇིག་རྟེན་གྱི་མ་མོ། ལྷ་མོ། ཀླུ་མོ། གནོད་སྦྱིན། དྲི་ཟ། གྲུལ་བུམ། སྲིན་མོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པ་ལ་དགྱེས་ཤིང་ངོ་འཐོན་དུ་བཞུགས་པར་བསམ་ལ། གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དང་། ཁྱད་པར་ཐུགས་ཀར་པད་ཟླ་ལ་མ་ཡིག་ཏིང་འཛིན་སེམས་དཔའི་ངོ་བོར་བཀོད། རང་གི་ཐུགས་ཀ་དང་མདུན་གྱི་མ་མོའི་ས་བོན་ལས་འོད་ཟེར་འཕྲོས། བྱང་ཤར་མུ་ལེ་མཐིང་གི་ཕོ་བྲང་ནས་དཔལ་ལྡན་ལྷ་མོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏཱི། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱིས་ད་ཚུར་བྱོན། །ཨེ་ཧྱེ་ཧི་ཛཿཨེ་ཨཱ་རལླི་ཧོཿ ཞེས་ཚར་གཅིག་དང་། མ་མོ་ནག་མོ་ཏིང་ལཾ། མ་མོ་ནག་མོ་དུན་ཏིང་བྷྱོཿ ཛཿཧཱུྃ་བཾ་ཧོཿ ནག་མོ་དུན་བྷྱོཿ ཞེས་བརྒྱ་རྩ་ལ་སོགས་བཟླས་པས་སྤྱན་དྲངས། ཐོད་རུས་དམར་པོ་གཏམས་པའི་དཀྱིལ་འཁོར་ན། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་གབ་རྩེ་ལ། །རྡོ་རྗེ་རལ་གཅིག་སྲིད་པ་ཀུན་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །ཏྲག་རཀྴ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། ཙནྡྲ་སཱུརྻ་ཏི་ར་བཾ་ཧཱུྃ། བསྐལ་པ་མང་པོར་རང་རྒྱུད་ཆེར་སྦྱངས་པས། །སྙིང་རྗེའི་སྟོབས་ཀྱིས་ཕན་པའི་གཟུགས་སྟོན་པ། །བདེ་གཤེགས་རྒྱལ་བའི་བསྟན་པ་བསྲུང་བ་དང་། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། མཆོད་པ་ནི། རཀྨོ་དུན་ཏིང་མ་མ་ཡ་ཧ་ཧི། ནག་མོ་དུན་ཏིང་མ་མ་ཡ་ཧ་ཧི། ཞེས་པའི་མཐར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཐུན་མོང་གི་མཆོད་པ་དང་། ཁྱད་པར་བ་ནི། བྷྱོཿ རྡོ་རྗེ་མ་མོ་རེ་མ་ཏཱི། ཁྱོད་ལ་མཆོད་པ་འབུལ་བ་ནི། །མི་དབང་འབྲས་བུ་སྨིན་པའི་ཤ །མཚལ་གྱི་ཤིང་ཐོག་སྐམ་པོ་དང་། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །འཆི་ཁའི་མཚལ་ཐིག་གྲི་སྙིང་དང་། །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང་། །བྱ་ལུག་སྨུག་ནག་ལ་སོགས་པ། །དམ་རྫས་ཐམས་ཅད་བུ་ལ་ཡོད། ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི། །སྨན་སྣ་བདུད་རྩིའི་རྒྱ་མཚོར་འཁྱིལ། །རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ། །གཏོར་མའི་ཚོགས་ནི་རི་ལྟར་བརྩིགས། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་དང་། སྙིང་པོའི་མཐར་མ་མོ་ནག་མོ་བེ་ཏཱ་ལཱི་ཀུ་ལུ་ཀུ་ལུ་ཧ་ཧ་མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི། མ་མ་ཙིཏྟ་ལ་ཁ༴ མ་ཧཱ་གོ་རོ་ཙ་ན༴ མ་ཧཱ་བ་སུ་ཏ་ལ་ཁ༴ མ་ཧཱ་པཉྩ་ཨ་མྲྀཏ་ལ་ཁ་རཾ་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས་ཨརྒྷཾ་ལ་སོགས་པས་ཀྱང་མཆོད་དོ། །བྷྱོཿ མཁའ་ལ་དབང་སྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏཱི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པ་ཙམ་མམ། བྷྱོཿ དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོའི་ཆུང་མ་རལ་པ་ཅན། །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ། །ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་ཀུན་གྱི་གཙོ་མོ་སྟེ། ཁྲོ་མོ་ཀུན་གྱི་སྤྲུལ་པ་ཡིན། །སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་ལ་བསྟོད། ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། ཁྱོད་ཀྱི་གཡས་གཡོན་ཞབས་དག་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་མ་ལུས་འདུལ་བར་མཛོད། །རྟགས་དང་མཚན་མ་མྱུར་དུ་སྟོན། །གང་ལ་བྱ་བ་ནོར་ར་རེ། །མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མ་མ་སྙིང་ཁྲག་ཚལ་པ་དུན་དུན་མ་བྷྱོ། ཞེས་བསྟོད་ཅིང་བསྐུལ་ལོ། །བཟླས་པ་བྱ་བ་ནི། མ་མོའི་ཐུགས་ཀར་བཟླ་བྱའི་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས་པས་དགྱེས་པ་བསྐྱེད། དེའི་མ་ཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབས་ནས། བདག་གི་ཐུགས་ཀའི་ས་བོན་ལ་ཐིམ་པས་མ་མོའི་མཐུ་ནུས་ཐམས་ཅད་བདག་གིས་ཐོབ་པར་བསམ་ཞིང་། ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏཱིཀྵྜྷ་ཀཱ་ལཱི་དུན་བྷྱོ༔ ཞེས་པ་ཡང་སྙིང་བཅུ་བདུན་མར་གྲགས་པ་སྟེ་རྗེས་གནང་ཙམ་ལ་འདི་ཁོ་ན་བཟླས་པས་ཆོག་གོ །དེ་ལྟར་བཟླས་པའི་མཐར་སླར་ཡང་མཆོད་ཅིང་བསྟོད་པའམ། ཡང་ན་སྔར་བཞིན་སྨན་རཀ་གིས་མཆོད་པའི་རྗེས་ཉིད་དུ་བཟླས་པ་བྱས་ནས། གཏོར་འབུལ་བསྟོད་བསྐུལ་དང་བཅས་པ་རྗེས་སུ་བྱས་ན་ཡང་ཟོར་ཡང་བར་འགྱུར། གང་ལྟར་ཡང་མཐར་གཏོར་མ་སྟོབ་པ་དང་མཆོད་བསྟོད་བཟོད་གསོལ་སོགས་སྤྱི་དང་མཚུངས་པར་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྒྲུབ་མཆོད་བཤད་མ་ཐག་པ་བཞིན་བྱས་ལ་སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ། གྲལ་དུ་འཁོད་པ་ལ་བགེགས་བསྐྲད། མཚམས་སྦྱོར་ཅི་རིགས་པ་ལས། འདིར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་ངོ་བོ། རང་བཞིན་ཡེ་ཤེས་ཀྱི་སྣང་ཆ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྦྱོར་ཡུམ་རོ་ལངས་མ་དང་གཉིས་སུ་མེད་ཅིང་། རྣམ་འགྱུར་དམ་ཚིག་གི་མ་མོ་རེ་མ་ཏཱིར་བཞེངས་ནས་བསྟན་པའི་བཀའ་སྲུང་ཐམས་ཅད་ཀྱི་གཙོ་བོར་གྲུབ་པ་དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོར་གྲགས་པ་འདི་ཉིད། སྔོན་བསྐལ་པ་མང་པོའི་གོང་རོལ་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་རིམ་བཞིན་ལས་དང་སྨོན་ལམ་གྱི་རྣམ་པར་སྨིན་པའི་འབྲས་བུ་དུས་སུ་སད་པ་ལས། དེང་འདིར་འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་ཅིང་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་སྲུང་ཡོངས་ཀྱི་གཙོ་བོར་དབང་བསྐུར་བ་འདི་ཉིད་ཀྱི་སྔོན་གྱི་རབས་དང་སྐྱེ་རྒྱུད། ད་ལྟ་གང་ལ་བསྟེན་ཅིང་ཕྲིན་ལས་ཀྱི་མཛད་ཚུལ། མ་འོངས་པ་ན་ཞིང་གང་དུ་འཚང་རྒྱ་བར་འགྱུར་བ་སོགས། འཕགས་པ་ལྷ་མོ་དཔལ་ཆེན་མོ་ལུང་བསྟན་པའི་མདོ་དང་། གསེར་འོད་དམ་པ་མདོ་སྡེ་དབང་པོའི་རྒྱལ་པོ་དང་། གསེར་འོད་མཆོག་ཏུ་རྣམ་པར་རྒྱལ་བ་གཉིས་ཀྱི་ལེའུ་བཅུ་དྲུག་པ་དང་བཅུ་བདུན་པ་གཉིས་དང་། བསྡུས་པའི་ལེའུ་ཉེར་གཅིག་པ་དང་། ཁྱད་པར་ལྷ་མོ་ཉིད་ཀྱི་སྒོས་རྒྱུད་མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་སོགས་མདོ་རྒྱུད་དུ་མ་ནས་གསལ་བར་བསྟན་པས་ཁུངས་དང་ཟིན་སོ་ཆེ་ཞིང་། སངས་རྒྱས་ཀུན་དངོས་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་སོགས་ཚད་མར་གྱུར་པའི་སློབ་དཔོན་ཆེན་པོ་དུ་མས་བསྟན་སྲུང་ཀུན་གྱི་མཆོག་ཏུ་བསྔགས་ཤིང་། མཐུ་རྩལ་བྱིན་རླབས་ཀྱི་ཚན་ཁ་གཞལ་དུ་མེད་པ་དེ་ལ། སློབ་དཔོན་པདྨས་མཛད་པའི་མ་མོའི་སྲོག་སྒྲུབ་རྩ་བ་དང་། ལས་མདེ་ཟོར་གྱི་སྒྲུབ་པ། ཡང་སྙིང་གནུབས་ཀྱི་མན་ངག་སོགས་གཏེར་མ་དང་། ཕུར་སྲུང་བདག་ཉིད་མ་རེ་མ་ཏཱིའི་སྒྲུབ་ཐབས་ལང་ལབ་མ་སོགས་བཀའ་མ་སྟེ། མདོར་ན་མ་མོ་ལྟར་བསྟེན་པ། སྲིང་ལྟར་བསྟེན་པ། འཛའ་མོ་ལྟར་བསྟེན་པ། བྲན་ལྟར་བསྟེན་པའི་ཚུལ་གྱི། བསྙེན་སྒྲུབ་ལས་སྦྱོར་སོགས་རྩ་བའི་གསལ་བྱེད་དགོངས་འགྲེལ་གྱི་མན་ངག་ཟབ་ཅིང་རྣོ་བ་ཇི་སྙེད་ཅིག་བཞུགས་པ་འདིའི་དབང་དུ་བྱས་ན། རྒྱུད་ལས། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །གྲུལ་བུམ་དྲི་ཟ་འབྱུང་པོ་དང་། །ཅིར་ཡང་སྤྲུལ་པའི་རྫུ་འཕྲུལ་ཅན། །མིང་བརྒྱ་མ་ལ་མཚན་སྟོང་མ། །ཞེས་གསུངས་པས་ལྷ་མོ་འདི་གྲུབ་ན་ཡེ་ཤེས་དང་ལས་ཀྱི་མ་མོ་ཐམས་ཅད་འགྲུབ་པར་འགྱུར་བའི་ཕྱིར། དེ་ཉིད་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །བརྩེ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ལན་གསུམ་གསོལ་བ་གདབ། སྐྱབས་སེམས་དང་ཡན་ལག་བདུན་པ་གང་འོས་ཀྱིས་ཚོགས་གསོག་བྱས་ནས། རྗེས་གནང་དངོས་ལ་ཕྱི་ནང་གསང་གསུམ་ལས། དང་པོ་ཡབ་ལ་བསྟེན་པ་ཕྱིའི་རྗེས་གནང་ནི། དོན་དམ་བྱང་སེམས་ཀྱི་རང་མདངས་ཤཱུནྱ་ཏཱའི་སྔགས་བརྗོད་པའི་རྐྱེན་གྱིས་གནས་ཁང་རང་བཞིན་ལྷུན་གྱིས་གྲུབ་པའི་དུར་ཁྲོད་ཆེན་པོར་སློབ་དཔོན་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོར་གསལ་བའི་མདུན་དུ། པདྨ་དང་ཉི་མའི་གདན་ལ་སློབ་བུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས་ཅན་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། གཡས་བེ་ཅོན་འཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། གཤིན་རྗེ་ཕོ་མོ་བརྫིས་པའི་མ་ཧེའི་སྟེང་ན་ཞབས་གཉིས་དོར་སྟབས་སུ་བཞུགས་པར་མོས་སུ་བཅུག །དཔོན་སློབ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་སོ་སོའི་མཐའ་སྐོར་དུ་ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་ཡིག་འབྲུ་བཅུ་གཅིག་པོ་དཔོན་སློབ་སོ་སོའི་ཁ་དོག་ཅན་གྱིས་བསྐོར་བ་གསལ་བཏབ། སློབ་དཔོན་ལ་མོས་གུས་དུང་དུང་བ་བྱས་པས་སློབ་དཔོན་གྱི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་བུའི་གནས་གསུམ་གྱི་ཡི་གེ་གསུམ་ལ་སོ་སོར་སིབ་ཀྱིས་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་མོས་ནས། ཨཱ་ཀྲོ་བཅུ་གཅིག་པ་ཉིད་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོ་བྱ། དེ་ནས་སློབ་བུས་སློབ་དཔོན་གྱི་ཕྲེང་བ་ལ་བཟུང་སྟེ་སྔགས་ཀྱི་རྗེས་ཟློས་ཀྱང་བྱའོ། །དེས་ནི་བཀྲ་ཤིས་ཤིང་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །གཉིས་པ་ཡུམ་ལ་བསྟེན་པ་ནང་གི་རྗེས་གནང་ནི། ཤཱཀྱ་སེང་གེའི་བསྟན་པ་ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་ལྡན་ལྷ་མོ་ནག་མོ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༔ དབང་དང་ཕྲིན་ལས་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། མདུན་གྱི་གཏོར་མའི་གནས་སུ་འོད་ཀྱི་གུར་ཁང་སྔོན་པོ་རྒྱ་ཁྱོན་མཐའ་མེད་པའི་ནང་དུ་སོགས་ཀྱིས་ལྷ་མོ་སྔར་བཞིན་གསལ་བཏབ། ཡེ་ཤེས་པ་སྤྱན་འདྲེན་བཞུགས་སུ་གསོལ། ཕྱག་འཚལ་མཆོད་འབུལ་བསྟོད་པ་རྣམས་བྱས་ནས། བདུད་རྩི་སྦྲེང་ཞིང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་གཏོར་མ་ལྷ་མོར་གསལ་བའི་རྒྱུད་བསྐུལ། དེ་ལས་ལྷ་མོའི་སྐུ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པའམ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་ཁྱེད་རང་གི་སྤྱི་བོར་ཐིམ་པས་སྐུའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་སྒོམས་ཤིག་ཅེས་བརྡ་སྤྲད་ནས། གཏོར་མ་མགོ་ཐོག་ཏུ་བཞག་ལ། མ་མོ་མཁའ་འགྲོ་དམ་ཚིག་ཅན༔ མ་བས་བྱམས་ཤིང་སྲིང་བས་བརྩེ༔ གྲོགས་བས་དུངས་ཤིང་བྲན་བས་ཉན༔ བཀའ་སྡོད་སྲུང་མའི་དབང་ཐོབ་ཤོག༔ ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏཱིཀྵྜྷ་ཀཱ་ལཱི་དུན་བྷྱོ༔ ཞེས་པའི་མཐར་ཨཱ་བེ་ཤ་ཡ་བཏགས་པ་དྲག་ཏུ་བཟླ་ཞིང་སྤོས་དང་རོལ་མོའི་སྒྲ་སྦྱར། དེ་བཞིན་དུ་སྔགས་སྒྲ་སྒྲོག་པའི་སྐུ་དང་ཡིག་འབྲུ་དཔག་ཏུ་མེད་པ་སྔར་བཞིན་བྱོན། ཁྱེད་རང་གི་མགྲིན་པར་ཐིམ། གསུང་གི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་མོས་ནས་གཏོར་མ་མགྲིན་པར་བཞག །མ་མོ་མཁའ་འགྲོ་སོགས་ཚིགས་གཅད་སྔགས་དང་སྤོས་རོལ་བྱས་ནས། སྔགས་ཀྱི་བཟླས་ལུང་གི་སླད་གསོལ་འདེབས་རྗེས་ཟློས། ལྷ་མོ་བདག་གིས་གཟུང་ལགས་ཀྱིས། །ལྷ་མོས་བདག་ལ་བྱིན་གྱིས་རློབས། །གཏོར་མ་ལྷ་མོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མ་སྔོ་སྐྱའི་མཐར་སྔགས་ཕྲེང་སྔོན་པོ་ལས་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་སྙིང་གར་ཐིམ་པར་སྒོམས་ཤིག་བྱས་ལ་སློབ་དཔོན་གྱི་ཕྲེང་བ་ལ་བཟུང་སྟེ་སྔགས་ཀྱི་རྗེས་ཟློས་ཀྱང་བྱའོ། །མཐར་མེ་ཏོག་འཐོར་ལ། དཔལ་ལྡན་ལྷ་མོའི་གསུང་རིག་སྔགས་ཀྱི་མཐུ་ནུས་དང་བྱིན་རླབས་ཐམས་ཅད་ད་ལྟ་ཉིད་དུ་འཇུག་པར་གྱུར་ཅིག །ཡང་གཏོར་མ་མ་མོར་གསལ་བའི་ཐུགས་ཀར་པད་ཉི་ལ་མ་ཡིག་སྔོ་སྐྱ་མཆོག་ཏུ་འབར་བ། དེ་ལས་འཇའ་ཚོན་ལྟ་བུའི་འོད་ཟེར་གྱི་ཚོགས་དང་མ་མོའི་སྐུ་དང་ཕྱག་མཚན་གྱི་རྣམ་པ་དཔག་མེད་སྔར་བཞིན་བྱོན། ཁྱེད་རང་གི་སྙིང་གར་ཐིམ་མཐར་མ་མོ་ཉིད་ཀྱང་འོད་ཀྱི་ཐིག་ལེ་མཐིང་ཞུན་ལྟ་བུར་ཞུ་བ་ཐུགས་ཀའི་མ་ལ་ཐིམ། དེ་ཡང་ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་མོས་ནས་གཏོར་མ་སྙིང་གར་བཞག་སྟེ། མ་མོ་མཁའ་འགྲོ་སོགས་ཚིགས་གཅད་སྔགས་དང་སྤོས་རོལ་བྱའོ། །གསུམ་པ་ངོ་སྤྲོད་གཏོར་མ་ལ་བརྟེན་པ་གསང་བའི་རྗེས་གནང་ནི། སླར་ཡང་གཏོར་མ་སྐད་ཅིག་གིས་ལྷ་མོར་གསལ་བ་ལ་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན་ནས་མཆོད་པས་དགྱེས་ཤིང་ཐུགས་དམ་བསྐངས་ཏེ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་བཅོལ་བའི་ཕྲིན་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་འཐོན་དུ་བཞུགས་པར་མོས་ཏེ། བསྟོད་པ་དང་རྩ་སྔགས་བརྗོད་པ་སྔོན་དུ་འགྲོ་བས། བཀའ་བསྒོ་གཉེར་གཏད་ཀྱི་ཕྲིན་ལས་བཅོལ་བ་སྤྲོ་བ་དང་བཅས་པས་ཁས་བླངས་ནས་འོད་དུ་ཞུ་བ་སློབ་མའི་སྙིང་གར་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ཞིང་། གཏོར་མའི་གཤམ་ནས་ཆ་ཤས་ཙམ་དང་ནང་མཆོད་ཅུང་ཟད་རེ་བྱིན་པས་མ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ་རོལ་ཏུ་གཞུག །དེ་ལྟར་གཏོར་མ་གནས་གསུམ་དུ་བཞག་ནས་དབང་བསྐུར་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། སླར་དངོས་གྲུབ་ཏུ་རོལ་བས་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་ངོ་སྤྲད། རྗེས་དམ་ཚིག་བསྒྲག་ཅིང་ཁས་བླང་བ་དང་ཡོན་འབུལ་བ་སོགས་སྤྱི་དང་འདྲ་ཞིང་། ཆོ་གའི་མཇུག་གི་བྱ་བ་གཏོར་འབུལ་གཏང་རག་བཟོད་གསོལ་ལ་སོགས་པ་ནི་གཞན་དང་འདྲའོ། །ཡེ་ཤེས་དབྱིངས་ལས་རྣམ་འ༵གྱུར་རྩལ། །འགག་མེ༵ད་སྲིན་མོའི་ཚུལ་བཟུང་ནས། །རྡོ༵་རྗེ༵་ཐེག་པའི་བསྟན་སྲུང་གཙོའི། །སྒྲུབ་ཐབས་སྲོག་གཏད་ཟབ་མོ་འོ། །འདོད་ཁམས་དབང་ཕྱུག་རེ་མ་ཏཱི་རང་བྱུང་རྒྱལ་མོ་བཀའ་གཏེར་གཉིས་ལྡན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་ (Volume 62, Text 49)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་བཞུགས༔ ྈྈྈྈ ན་མོ་གུ་རུ༔ དམ་ཚིག་རྫས་མཆོག་ཨ་མྲྀཏ༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་ནི༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ ཁ་དོག་དྲི་དང་རོར་ལྡན་པའི༔ སྨན་རྣམས་ཐམས་ཅད་ཚོགས་པ་དང༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྦྱངས༔ རང་བྱུང་བྷནྡྷའི་སྣོད་དུ་བསྩལ༔ དཀྱིལ་འཁོར་དབུས་སུ་བཞག་ནས་ཀྱང༔ ཁྲག་འཐུང་མངོན་རྫོགས་རྒྱལ་པོ་ཡི༔ དཀྱིལ་འཁོར་ཉིད་དུ་མཁས་པས་བརྟག༔ རྡོ་རྗེའི་སྔགས་ཀྱི་ཁྱད་པར་ནི༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཨ་མྲྀཏ་སརྦ་པཉྩ་བི་ཤུདྡྷེ་ཧཱུྃ་ཧྲཱིཿཋཱ༔ འོད་དང་དུ་བ་སྒྲ་ལ་སོགས༔ ཁྱད་པར་ཅན་གྱི་རྟགས་བྱུང་ན༔ ལྷ་ཉིད་འོད་ཞུ་བདུད་རྩིར་བསམ༔ ཡེ་ཤེས་བརྟན་བཞུགས་ཤིས་པ་བརྗོད༔ རིན་ཆེན་པར་བུ་ཉིད་དུ་བཅང༔ མྱོང་གྲོལ་རྫས་ཀྱི་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ ༁ྃ༔ དངོས་གྲུབ་བླང་བ་ནི། ཧོ༔ དཔལ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཡོན་ཏན་མཆོག་གི་རོལ་པའི་ཚོགས༔ རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔ ཐུགས་དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང༔ ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔ སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔ དངོས་གྲུབ་འབྱུང་བའི་དུས་ལ་བབས༔ སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔ བདུད་རྩི་གསང་བའི་དབང་མཆོག་སྐུར༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ནས༔ ཁ་སྦྱོར་བདེ་ཆེན་ཧེ་རུ་ཀས༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་པཉྩ་ཨ་མྲྀཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧོ༔
དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ལས། དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན (Volume 25, Text 49)
༄༅། །དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ལས། དྲེགས་པ་བཅོ་བརྒྱད་ཀྱི་རྗེས་གནང་གི་ཡི་གེ་དབང་གི་བེ་ཅོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། དབང་དྲག་རྔམས་པའི་གཟི་བརྗིད་ཀྱིས། །ས་གསུམ་དྲེགས་ཚོགས་ཟིལ་གྱིས་གནོན། །པདྨ་དབང་ཆེན་ལ་བཏུད་ནས། །དྲེགས་པའི་རྗེས་གནང་འདིར་གསལ་བྱ། །འདི་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་རྗེས་གནང་ཇི་ལྟར་བྱ་བའོ། །དང་པོ་ནི། སྟེགས་བུར་རྟ་མགྲིན་གྱི་དཀྱིལ་འཁོར་རས་བྲིས་བཀྲམ་པའམ་མ་འབྱོར་ན་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་དབུས་སུ་མཉྫི་ལ་རྣམ་རྒྱལ་བུམ་པ་དབུ་རྒྱན་དར་དཔྱང་བཅས་པ་དང་དཔལ་ཆེན་པོ་རྟ་མགྲིན་གྱི་སྐུ་ཙཀ །མདུན་ངོས་སུ་དཔལ་གཏོར། གཡས་སུ་རྭ་སྲུང་། རྒྱབ་ཏུ་མཐིང་ཤོག་ལ་ལི་ཁྲིས་བྲིས་པའི་སྔགས་བྱང་། བྱང་དུ་ཕུར་སྟེགས་ལ་ཕུར་པ་ཁྲོ་ཞལ་དར་ནག་གི་ཅོད་པན་ཅན་གཟུགས། དེ་དག་གི་མདུན་ཕྱོགས་སུ་དྲེགས་པ་བཅོ་བརྒྱད་ཀྱི་ཙཀླི་འབྲུ་སྣོད་ལྟ་བུར་བཤམ། སྨན་རཀ་གཏོར་གསུམ། དྲག་མཆོད་བསྐོར་བཤམ་སྤྱི་ལྟར་བྱ། མདུན་ཕྱོགས་ཅུང་དམའ་བར་ཟངས་ལྕགས་ཀྱི་སྣོད་དུ་དམར་གཏོར་ཟུར་གསུམ་མེ་རི་དང་ཤ་ཁྲག་གི་རྒྱན་ལྡན་ཆེ་བ་གཅིག་ལ་མཐེབ་སྐྱུ་བཅོ་བརྒྱད་ཀྱིས་བསྐོར་བའམ། རྒྱས་པར་གྲུབ་ན་དམར་གཏོར་དེ་གྲངས། ཡང་སྣོད་གཅིག་ཏུ་གཏོར་ཆུང་ཟུར་གསུམ་བཅོ་བརྒྱད་ཤ་དུམ་བཅས་བཞག །རྗེས་གནང་འདི་དབང་ཆེན་དཀྱུས་སུ་སྦྲེལ་ན་དཀྱིལ་འཁོར་གཅིག་གིས་གོ་བཅད་ནས་དབང་རྫས་རྣམས་ཕྱོགས་གཅིག་ཏུ་བཀོད་ཀྱང་སྟབས་བདེའོ། །ལས་བུམ་གྱིས་མཚོན་ཉེར་མཁོའི་ཆས་རྣམས་ཀྱང་རྩ་དབང་ལྟར་རོ། །གཉིས་པ་ལ། ཐོག་མར་དབང་དོན་སྒྲུབ་ཅིང་མཆོད་པའང་དབང་ཆེན་དུ་བཤད་པ་ལྟར་ལ། སྔོན་འགྲོའི་སྐབས་དབང་ཆེན་དང་སྦྲེལ་ན་ཕུར་པ་དཀྱིལ་འཁོར་དུ་བཀོད་པའི་འཕྲོས་དང་། མི་སྦྲེལ་ན་ཐོག་མར་མཚམས་ལྷ་གསལ་གདབ་པའི་རྗེས་སུ། དབུས་ཀྱི་དཔལ་ཆེན་པོའི་སྐུ་ལ་དམིགས་ཏེ། དཔལ་ཆེན་སྐུ་ནི་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྐྱེད་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ནུབ་ཀྱི་སྔགས་བྱང་ལ། དཔལ་ཆེན་གསུང་ནི་བརྗིད་དང་ལྡན། །དཀྱིལ་འཁོར་སྔགས་སུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། བྱང་གི་ཕུར་པ་ལ། དཔལ་ཆེན་ཕུར་སྐུ་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཤར་གྱི་དཔལ་གཏོར་ལ། དཔལ་ཆེན་གཏོར་མ་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ལྷོའི་རྭ་སྲུང་ལ། དཔལ་གྱི་སྲུང་བ་བརྗིད་དང་ལྡན། །དཀྱིལ་འཁོར་ལྷ་རུ་རབ་བསྒོམས་ནས། །ཟླ་གམ་དབང་གི་དཀྱིལ་འཁོར་དུ། །དྲེགས་པའི་གདན་ལ་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བཀོད། དེ་ནས་བགེགས་གཏོར་བཏང་བ་སོགས་ཆོ་གའི་འགྲོས་རྣམས་རྩ་དབང་ལྟར་ལ་བཟླས་པའི་སྐབས་སུ་རྟེན་རྫས་ལྔ་པོ་ཁྲག་འཐུང་ལྔར་ལྷག་པར་གསལ་བའི་འོད་ཟེར་སྤྲོ་བསྡུ་བཅས་གསལ་སྒྲོན་ལྟར་སོ་སོའི་བཟླས་པ་དང་། བསྙེན་སྔགས་ལ་ལས་སྦྱོར་ཤམ་རིང་བཏགས་པ་ཅི་འགྲུབ་བྱ། ཆོས་སྲུང་གི་གཏོར་འབུལ་སྐབས་སུ་དྲེགས་པ་བཅོ་བརྒྱད་ཀྱི་ཕྲིན་ལས་ཤིག་ཡོད་ན་འབྲེལ་ཆགས་ཀྱང་ལུགས་འདིའི་དཔེ་རྒྱུན་མ་བཞུགས་པས། སྤྲོ་ན་གཏེར་ཁ་གོང་འོག་གང་རུང་གི་ལུགས་དང་བསྟུན་ཏེ་མཆོད་བསྟོད་གཏོར་འབུལ་སོགས་བྱའོ། །གཉིས་པ་རྗེས་གནང་དངོས་ལ། སྤྱི་དང་ཁྱད་པར་གྱི་དམ་ཚིག་ཐུབ་ངེས་པའི་སློབ་མ་ཧ་ཅང་མི་མང་བ་ལ་ཁྲུས་བྱ། རྩ་དབང་གི་རྗེས་འབྲེལ་ཡིན་ན་མི་དགོས། མིག་དར་མེ་ཏོག་སྤྱི་ལྟར་སྦྱིན། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་དཔལ་ཆེན་པོའི་བཀའ་སྡོད་མཐུ་སྟོབས་ནུས་པའི་དྲག་རྩལ་གྱིས་ཁྱད་པར་དུ་འཕགས་པ་སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཀྱི་རྗེས་གནང་བསྒྲུབ་པ་སྟེ། དེའང་དྲེགས་ཆེན་འདི་རྣམས་ངོ་བོ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཁོ་ན་ཉིད་ལས་གཞན་དུ་མ་གཡོས་ཀྱང་། རྣམ་པ་གདུག་ཅིང་གཏུམ་པའི་དྲེགས་པ་རང་རྒྱུད་པའི་ཚུལ་དུ་སྟོན་པའི་ཚེ་ནའང་དཔལ་ཧེ་རུ་ཀའི་ཞལ་མཐོང་ཞིང་སྲོག་ཡེ་ཤེས་སུ་བྱིན་གྱིས་བརླབས། ཐ་ཚིག་གཉན་པོའི་བཀར་བཏགས་ཏེ་གསང་བའི་དཀྱིལ་འཁོར་ཆེན་པོར་བཀོད་པར་མཛད་པས་ལས་ལས་གྲུབ་པའི་ཆོས་སྲུང་ཁྱད་པར་ཅན་ཡིན་པའི་ཕྱིར་དྲག་ཤུལ་གྱི་ཆོ་འཕྲུལ་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་བ་དང་། དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར་ཅིང་སེམས་ཅན་གྱི་བདེ་སྐྱིད་འཕྲོག་པར་བྱེད་པའི་མི་དང་མི་མ་ཡིན་གང་གདུག་པ་ཅན་མཐའ་དག་སྔོན་གྱི་ཐུགས་དམ་དབང་གིས་ཚར་གཅོད་ཅིང་རྣལ་འབྱོར་དམ་ཚིག་ལྡན་པ་རྣམས་ཀྱི་སྡོངས་གྲོགས་མཛད་པ་དང་། ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་སྒྲུབ་པའི་ཕྱིར་ན་གསང་སྔགས་འཆང་བ་རྣམས་ཀྱིས་བརྟེན་སྒྲུབ་མཆོད་པའི་ལས་རིམ་ལ་བརྩོན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང་། དེ་ལྟར་བགྱི་བ་ལ་ཐོག་མར་རྗེས་གནང་ཐོབ་དགོས་པས་འདིར་སྟོབས་ལྡན་དྲེགས་པ་བཅོ་བརྒྱད་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ལ་ཐོག་མར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་དབུལ་བ་ཞུ། ཞེས་མཎྜལ་དབུལ་གཞུག །བླ་མ་དང་གཉིས་སུ་མེད་པའི་རྟ་མཆོག་དབང་གི་རྒྱལ་པོའི་དཀྱིལ་འཁོར་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། བདག་དང་ཁམས་གསུམ་སེམས་ཅན་རྣམས། །བླ་མ་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། ཁྱེད་རྣམས་ཐུགས་རྗེས་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་ཅིང་བསྐྱབ་མཛད་གསོལ། །ལན་གསུམ། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ལ་གནས་སྐབས་ཐར་ལམ་སྒྲུབ་པའི་གེགས་སུ་གྱུར་པ་ཐམས་ཅད་ཚར་བཅད་ཅིང་མཐར་ཐུག་ཡིད་ཅན་མཐའ་དག་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་རྟ་མགྲིན་གྱི་གོ་འཕང་འཐོབ་པར་བྱས་ནས། བདག་ལ་གནོད་པར་བྱེད་ཅིང་འཚེ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ལོག་རྟོག་བཅོམ་སྟེ་བདེ་གཤེགས་ཀྱི་ས་ལ་དགོད་པར་བྱའོ། །ལན་གསུམ། ཚོགས་ཀྱི་ཞིང་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པའི་དམིགས་འདུན་རྩེ་གཅིག་པས་འདིའི་རྗེས་ཟློས། པདྨ་དབང་ཆེན་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་མཆོད་པ་འབུལ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ དགེ་བ་ཀུན་ལ་རྗེས་ཡི་རང༔ བདག་ལ་གཉིས་མེད་བྱིན་རླབས་གསོལ༔ ལན་གསུམ། རང་རང་གི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡབ་ཡུམ་རྒྱན་ཆ་ལུགས་གསལ་རྫོགས་སུ་བཞུགས་པ་ལ་མོས་གུས་བྱས་པས་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་བཀྲུས་པས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བསམ་ལ་ཡི་གེ་བརྒྱ་པ་ལྷན་ཅིག་གསུང་བར་ཞུ། ཡིག་བརྒྱ་གསུམ་མམ་བདུན་བརྗོད། སྤྱི་བོའི་རྡོར་སེམས་འོད་དུ་ཞུ་ནས་རང་རང་ལ་ཐིམ་པར་མོས་ཤིག །དེ་ནས་ཆོས་ཐམས་ཅད་ཀྱི་སྲོག་རྩ་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དམ་ཚིག་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་འདུལ་བ་ནས་གསུངས་པའི་རིགས་ལྔའི་སྡོམ་པ་ཐུན་མོང་དང་ཐུན་མོང་མ་ཡིན་པས་མཚོན། རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ལེགས་པར་བླངས་ནས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །སོགས་རྩ་དབང་ནང་གསལ་ལྟར་ལན་གསུམ་བྱ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་མཆོག་ལྷག་པའི་ལྷ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་འཚལ། པྲ་ཏཱིཙྪ་ཧོ༔ ཞེས་ཚོམ་བུའི་དཀྱིལ་འཁོར་དུ་འདོར་དུ་གཞུག་ལ་མེ་ཏོག་རེ་ཞིག་ཚགས་བྱའོ། །མིག་དར་གྱིས་མཚོན་ཏེ་མ་རིག་པའི་བག་ཆགས་ཀྱི་སྒྲིབ་གཡོགས་བསལ་བར་མོས་ཤིག །བཛྲ་པ་ཤྱ་ཧོ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཇལ་བར་མོས་ཤིག །ཅེས་མིག་དར་བསལ་ལ་མཐོང་བ་བསྟན། དེས་རྗེས་གནང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་ཐོག་མར་གཉེན་པོ་སྟོབས་ཀྱི་ལྷ་འདི་བཞིན་དུ་གསལ་འདེབས་པ་ཞུ། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་གྱད་ཆེན་པོའི་འདོར་ཐབས་སུ་བགྲད་པ། སྐུ་དང་རྩ་ཞལ་དམར་སྨུག་གཡས་དཀར་གཡོན་དམར་ཞིང་མདངས་འོད་འཚེར་བ། ཕྱག་གཡས་གསུམ་གྱིས་རྡོ་རྗེའི་ཐོ་བ་གདེངས་ཤིང་གཡོན་གསུམ་སྡིགས་མཛུབ་སྒྲེང་བའི་རྩེ་ལས་བསྐལ་མེ་འབར་བ། རལ་པ་ཁམ་ནག་སྲིད་རྩེར་སྒྲེང་བའི་གསེབས་ནས་རྟ་མགོ་ལྗང་གུ་རྟ་སྐད་དྲག་ཏུ་འཚེར་བ་གསུམ་ཕྱུང་པའི་སྟེང་དུ་སྐུ་གསུང་ཐུགས་ཀྱི་བྱ་ཁྱུང་དཀར་དམར་མཐིང་གསུམ་རྔམ་བརྗིད་དུ་ལྡིང་བ། སྤྱན་དགུ་ཉི་ཟླ་ལྟར་འཁྱིལ་ཞིང་སྨ་ར་སྨིན་མ་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཡེ་ཤེས་ཀྱི་མེ་འོད་འཕྲོ་བ། དུར་ཁྲོད་རུས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་གཏུམ་ཞིང་རྔམ་ལ་འཇིགས་པའི་བདག་ཉིད་ཅན་གྱི་པང་དུ་ཡུམ་པདྨ་གཟི་ལྡན་མ་དམར་མོ་འཁོར་ལོ་དང་ཐོད་ཁྲག་འཛིན་ཅིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ་དང་མཉམ་པར་སྦྱོར་བ། ཁམས་གསུམ་གྱི་དྲེགས་པ་ཅན་མཐའ་དག་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་ཆེ་བཙན་ཆེན་པོར་གྱུར་པར་སྒོམས་ཤིག །སློབ་དཔོན་ཡང་ཁྱེད་རང་རྣམས་ཀྱིས་བསྒོམས་པ་དང་འདྲ་བའི་དཔལ་རྟ་མགྲིན་དབང་ཆེན་ལུས་ཀྱི་ལྷ་རྣམས་དང་བཅས་པར་གསལ་བ་ལ་མོས་གུས་བྱས་པས། རྡོ་རྗེ་བདུད་རྩི་བུམ་པའི་ཆུ་རྒྱུན་གྱིས་ཁྱེད་རང་གི་སྤྱི་བོ་ནས་ཁྲུས་བྱས་ཤིང་དབང་བསྐུར་བར་སྒོམས་ཤིག །ཧཱུྃ༔ ཟླ་གམ་དབང་གི་དཀྱིལ་འཁོར་དུ༔ དུག་ལྔ་རྣམ་པར་དག་པ་ཡི༔ ཡེ་ཤེས་ལྔ་ཡི་དབང་མཆོག་འདི༔ རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་རྣམ་བུམ་མགོར་བཞག་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་ཆུས་དབང་བསྐུར་པས་དུག་ལྔ་རྣམ་པར་དག་ནས་ཡེ་ཤེས་ལྔ་མངོན་དུ་གྱུར་པར་མོས་ཤིག །དབུ་རྒྱན་དང་དར་དཔྱང་མེ་ཏོག་བཅས་མགོར་བཞག་ལ། རིག་པའི་དོན་ལྡན་མེ་ཏོག་བརྒྱུས། །ཆོས་ཉིད་དར་གྱི་རྒྱན་བཏགས་ཏེ། །ཆེ་བའི་ཡོན་ཏན་རྫོགས་པའི་དབང་། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །དེ་ལྟར་དབུ་རྒྱན་དང་མེ་ཏོག་ཅོད་པན་སྤྱི་བོར་བཅིངས་པས་བདེ་གཤེགས་རིགས་ལྔའི་སྐུ་ཐོབ་པར་མོས་ཤིག །སྐུ་རྟེན་དཔལ་ཆེན་བུདྡྷ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱོད་རང་གི་དཔྲལ་བར་ཐིམ་པར་མོས་ཤིག །དཔལ་ཆེན་ཙཀླི་དཔྲལ་བར་བཞག་སྟེ། ཟླ་གམ་དབང་གི་དཀྱིལ་འཁོར་ནས། །གཏི་མུག་རྣམ་པར་དག་པ་ཡི། །དཔལ་ཆེན་སྐུ་ཡི་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་དང་རྩ་སྔགས་བརྗོད། སྔགས་བྱང་མགྲིན་པར་གཟུང་ལ། སྔགས་བྱང་པདྨ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱོད་རང་གི་མགྲིན་པར་ཐིམ་པར་མོས། ཟླ་གམ་དབང་གི་དཀྱིལ་འཁོར་ནས། །འདོད་ཆགས་རྣམ་པར་དག་པ་ཡི། །དཔལ་ཆེན་གསུང་གི་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ རྩ་སྔགས་བརྗོད། དཔལ་གཏོར་སྙིང་གར་བཀོད་དེ། དཔལ་གྱི་གཏོར་མ་བཛྲ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱེད་རང་གི་སྙིང་གར་ཐིམ་པར་མོས། །ཟླ་གམ་དབང་གི་དཀྱིལ་འཁོར་འདིར། །ཞེ་སྡང་རྣམ་པར་དག་པ་ཡི། །དཔལ་ཆེན་ཐུགས་ཀྱི་དབང་མཆོག་འདི། །རྒྱལ་བ་སྲས་པོ་ཁྱོད་ལ་བསྐུར། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། རྩ་སྔགས་བརྗོད། རྭ་སྲུང་ལྟེ་བར་བཞག་ལ། རྭ་སྲུང་རྫས་རྒོད་རཏྣ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱེད་རང་གི་ལྟེ་བར་ཐིམ་པར་མོས། ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ང་རྒྱལ་རྣམ་པར་དག་པ་ཡི། །དཔལ་ཆེན་ཡོན་ཏན་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །གུ་ཎ་ཨ་བྷི་ཥིཉྩ་སྭཱ། རྩ་སྔགས་བརྗོད། རྫས་རྒོད་སློབ་མའི་ལུས་ལ་འཐོར། ཤུ་ཐོར་སོགས་ཡོད་ན་བྱུག་གོ །ཕུར་པ་གསང་གནས་སུ་གཏུགས་ལ། ཕུར་བུ་ཀརྨ་ཧེ་རུ་ཀ་དངོས་སུ་གསལ་བ་ཁྱེད་རང་གི་གསང་གནས་སུ་ཐིམ་པར་མོས། ཟླ་གམ་དབང་གི་དཀྱིལ་འཁོར་དུ། །ཕྲག་དོག་རྣམ་པར་དག་པ་ཡི། །དཔལ་ཆེན་ཕྲིན་ལས་དབང་མཆོག་འདི། །རྒྱལ་བའི་སྲས་པོ་ཁྱོད་ལ་བསྐུར། །ཀརྨ་ཨ་བྷི་ཥིཉྩ་ཧཱ། རྩ་སྔགས་བརྗོད། ཕུར་པ་སྟེང་འོག་ཕྱོགས་མཚམས་སུ་འདྲིལ་ཞིང་རྡེག་ཚུལ་བྱར་གཞུག་གོ །དེ་ནས་དྲེགས་པའི་ཙཀླི་རྣམས་དང་གདབ་ཕུར་སློབ་དཔོན་གྱི་མདུན་དུ་བཞག །གཏོར་ཆུང་དང་ཤ་དུམ་རེ་རེ་བཞིན་བཤམས་པ་ནང་མཆོད་ཀྱིས་བྲན་ལ། དེ་ནས་དྲེགས་པ་ཅན་བཅོ་བརྒྱད་དམ་ལ་བཏགས་ཤིང་བཀའི་སྲུང་མར་གཏད་པའི་རྗེས་གནང་བྱ་བ་ཡིན་པས། སློབ་དཔོན་དང་ཁྱེད་རང་གཉིས་ཀ་དཔལ་ཆེན་པོ་རྟ་མཆོག་ཧེ་རུ་ཀའི་གསལ་སྣང་དང་ང་རྒྱལ་བརྟན་པོ་ལ་རྩེ་གཅིག་ཏུ་གནས་པའི་མདུན་དུ། ཡ་ལས་གཤིན་རྗེ་སྔོན་པོ་དབྱུག་ཏོ་ཐོད་ཁྲག་འཛིན་ཅིང་སྙིང་གར་སྲོག་ཡིག་ཡ་སྔོན་པོས་མཚན་པར་གྱུར། ཕུར་པ་བླངས་ལ། ཕུར་པའི་སྟོད་དཔལ་ཆེན་པོའི་སྐུ་ལ་སྨད་ལྕགས་ཕུར་ཟུར་གསུམ་པ་མགར་གྱི་སོལ་མལ་ནས་ཕྱུང་པ་ལྟ་བུར་གྱུར་པ་དེ་འདྲིལ་བས་ཁོའི་སྲོག་ཐོབ་པར་གྱུར། ཅེས་བསམ་ལ་ཕུར་པ་འདྲིལ་ཞིང་རྩ་སྔགས་ཤམ་དུ། ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ཡ་མ་ཡ། ཏྲིག་ནན། ཡ་མ་ཡ། ཧུར་ཐུམ་ཛ། ཡ་མ་ཡ། མཱ་ར་ཡ། ཡ་མ་ཡ། རྩ་སྦུར་སྲོག་ནན་སྙིང་གཟིར། བྲེང་ཤག་ཡཾ་རྦད། ཅེས་དམ་ལ་བཏགས། ཨོཾ་ཨཱ་ཧཱུྃ། གསུམ་གྱིས་གཏོར་མ་བྱིན་བརླབ། ཡ་མ་ཡ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ་དེ་ཉིད་གཏོར་ཆེན་དུ་བླུག །གཤིན་རྗེའི་གཟུགས་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་གཤིན་རྗེ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །དེས་ཕྱིན་ཆད་ཐམས་ཅད་ལ་འགྲེས་སྦྱར་ཤེས་པར་བྱ་སྟེ། མདུན་དུ་མ་ལས་མ་མོ་དམར་ནག་རལ་པ་ཅན་གྲི་གུག་ཐོད་ཁྲག་འཛིན་པའི་སྙིང་གར་སྲོག་ཡིག་མ་དམར་ནག་གིས་མཚན་པར་གྱུར། ཕུར་བུའི་འདྲིལ་ཞིང་དམ་བཞག་དང་གཏོར་འབུལ་རྣམས་གོང་དང་འདྲ་བ་ལས་སོ་སོའི་སྲོག་སྔགས་བརྗེ་དགོས་པས། ཡ་མ་ཡ་ཞེས་པའི་ཚབ་ཏུ་འདིར། མ་མ་རུ་ལུ། ཞེས་སྦྱར། མ་མོའི་ཙཀླི་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་མ་མོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཨ་ལས་ལྷའི་དེད་དཔོན་དཀར་པོ་རྡོ་རྗེ་དར་མདུང་འཛིན་པའི་སྙིང་གར་སྲོག་ཡིག་ཨ་དཀར་པོས་མཚན་པར་གྱུར། སྔགས། དེ་བ་ཨ་སྦྱར་ལ་དམ་བཞག་གཏོར་འབུལ་བྱ། ལྷའི་ཙཀླི་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་ལྷ་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་དུ་ལས་མུ་སྟེགས་དབང་ཕྱུག་ཆེན་པོ་ཐལ་སྐྱ་གཡས་རྩེ་གསུམ་གཡོན་ཐོད་ཁྲག་འཛིན་པའི་སྙིང་གར་སྲོག་ཡིག་དུ་ཐལ་སྐྱས་མཚན་པར་གྱུར། སྔགས། ཏིརྟི་ཀ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་མུ་སྟེགས་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཀྵ་ལས་གནོད་སྦྱིན་སེར་པོ་གཡས་དར་མདུང་གཡོན་ནེའུ་ལེ་འཛིན་པའི་སྙིང་གར་སྲོག་ཡིག་ཀྵ་སེར་པོས་མཚན་པར་གྱུར། སྔགས། ཡཀྵ་ཀྵ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་གནོད་སྦྱིན་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཙ་ལས་རྒྱལ་པོ་དམར་པོ་སག་ཞུ་གྱོན་པ་གྲི་མདུང་འཛིན་པའི་སྙིང་གར་སྲོག་ཡིག་ཙ་དམར་པོས་མཚན་པར་གྱུར། །སྔགས། རཱ་ཙ་ཙ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ༔ དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱེད་ལ་རྒྱལ་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་ཛ་ལས་སྲོག་བདག་དམར་པོ་གཡས་གྲི་གུག་གཡོན་ཞགས་པ་འཛིན་པའི་སྙིང་གར་སྲོག་ཡིག་ཛ་དམར་པོས་མཚན་པར་གྱུར། སྔགས། ཤུ་ལ་ཛ་སྦྱར་བས་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་སྲོག་བདག་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་འགོང་པོ་ཁུ་ལེ་ལག་དགུ་ལྗང་ནག་ལག་དགུས་རལ་གྲི་འཛིན་པའི་སྙིང་གར་སྲོག་ཡིག་ཏྲི་ལྗང་ནག་གིས་མཚན་པར་གྱུར། སྔགས། ཧཾ་ཤཾ་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་འགོང་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ར་ལས་སྲིན་པོ་དུད་ཁ་གཡས་རལ་གྲི་གཡོན་ཐོད་ཁྲག་འཛིན་པའི་སྙིང་གར་སྲོག་ཡིག་ར་ནག་པོས་མཚན་པར་གྱུར། སྔགས། རཀྵ་ར་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་སྲིན་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཧ་ལས་བདུད་ནག་པོ་གཡས་ལག་པ་བསྒྲད་ཅིང་གཡོན་རླིད་བུ་འཛིན་པའི་སྙིང་གར་སྲོག་ཡིག་ཧ་ནག་པོས་མཚན་པར་གྱུར། སྔགས། རུ་ཏྲ་ཧ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་བདུད་པོ་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་དགེ་བསྙེན་དུད་ཀ་སཏྭ་གྲི་དང་རའི་རྒྱལ་མཚན་འཛིན་པ་ར་སྐྱེས་ལ་ཞོན་པའི་སྙིང་གར་སྲོག་ཡིག་ཏྲི་དུད་ཀས་མཚན་པར་གྱུར། སྔགས། བཛྲ་སཱ་དྷུ་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་དགེ་བསྙེན་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་རུ་ལས་དམ་སྲི་དཀར་པོ་བནྡྷེའི་གཟུགས་ཅན་སྙིང་ཕྲེང་འཁོར་ལོ་འཛིན་པའི་སྙིང་གར་རུ་དཀར་པོས་མཚན་པར་གྱུར། སྔགས། རུ་ཏྲ་རུ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་དམ་སྲི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་ར་ལས་གཟའ་བདུད་ནག་པོ་མགོ་བོ་དགུ་པ་བྱ་རོག་མགོ་དང་བཅུ། གཡས་ཆུ་སྲིན་གྱི་རྒྱལ་མཚན། གཡོན་རའི་མདའ་གཞུ་འཛིན་པའི་སྙིང་གར་སྲོག་ཡིག་ར་ནག་པོས་མཚན་པར་གྱུར། སྔགས། བིཥྞུ་ར་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་གཟའ་བདུད་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། མདུན་དུ་པ་ལས་དམུ་བདུད་སྨུག་ནག་དམུ་ཞྭ་གྱོན་པ་དམུ་བཤོས་ལག་ཏུ་བཟུང་བའི་སྙིང་གར་སྲོག་ཡིག་པ་སྨུག་ནག་གིས་མཚན་པར་གྱུར། སྔགས། མུན་མུན་པ་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་དམུ་བདུད་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་བགེགས་ཀྱི་རྒྱལ་པོ་སྔོ་སྐྱ་རྩེ་གསུམ་ལ་ཕུག་འཛིན་པའི་སྙིང་གར་སྲོག་ཡིག་ཏྲི་སྔོ་སྐྱས་མཚན་པར་གྱུར། སྔགས། བི་ནཱ་ཡ་ཀ་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་བགེགས་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཛ་ལས་བཙན་དམར་པོ་རལ་གྲི་མདུང་དར་འཛིན་པའི་སྙིང་གར་སྲོག་ཡིག་ཛ་དམར་པོས་མཚན་པར་གྱུར། སྔགས། ཨ་བྷི་ཤུ་ལ་ཛ་སྦྱར་ལ་དམ་བཞག་དང་གཏོར་མ་འབུལ། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་བཙན་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཏྲི་ལས་ཐེའུ་རང་དཀར་པོ་བེར་ཀ་དང་རླིད་བུ་འཛིན་པའི་སྙིང་གར་སྲོག་ཡིག་ཏྲི་དཀར་པོས་མཚན་པར་གྱུར། སྔགས། ཏྲི་དུ་ནན་ཏྲི་སྦྱར་ལ་དམ་བཞག་གཏོར་འབུལ་དང་གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་ཐེའུ་རང་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །མདུན་དུ་ཕུཿལས་ཀླུ་བདུད་ནག་པོ་སྦྲུལ་ཞགས་ནད་རྐྱལ་འཛིན་པའི་སྙིང་གར་སྲོག་ཡིག་ཕུཿནག་པོས་མཚན་པར་གྱུར། སྔགས། ནཱ་ག་ར་ཙ་ཕུཿསྦྱར་ལ་དམ་བཞག་གཏོར་འབུལ་བྱ། གཟུགས་གཏད་ལ། ཧཱུྃ། དཔལ་ཆེན་པདྨ་ཧེ་རུ་ཀ །དྲེགས་པ་འཇོམས་པའི་མཐུ་རྩལ་ཅན། ཁྱོད་ལ་ཀླུ་འདི་བྲན་དུ་གཏད། །དབང་དུ་སྡུས་ལ་ཟིལ་གྱིས་གནོན། །དེ་ལྟར་དྲེགས་པ་བཅོ་བརྒྱད་རེ་རེ་བཞིན་དམ་ལ་བཞག་ཅིང་གཏོར་མ་སྦྱིན་ཏེ་བྲན་དུ་གཏད་པས་ཁྱོད་རང་རྣམས་ལ་གུས་པ་ཆེན་པོས་ཅི་བགྱིའི་བཀའ་ནོད་པར་ཞལ་གྱིས་བཞེས་པར་མོས་ཤིག །དེས་ནི་དྲེགས་པ་ཅན་རྣམས་ཀྱི་སྲོག་ལ་དབང་ཐོབ་ཅིང་དྲེགས་བྱེད་མཐའ་དག་དབང་དུ་འདུ་བར་འགྱུར་བ་ཡིན་པས། དམ་ཚིག་ཏུ་ལྟ་བ་ཆོས་ཉིད་ཀྱི་གདིང་། སྒོམ་པ་ཡི་དམ་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་དྲེགས་པ་རྣམས་ཀྱི་བླ་རྡོ་གཏར་བཟུང་བ་དང་། རྟག་ཏུ་མཆོད་བསྟོད་གསོལ་ཁ་ལ་བརྩོན་ཅིང་རང་དོན་དང་གལ་ཆུང་ལ་རྦད་བསྐུལ་གྱིས་ལས་ལ་མི་བསྐུལ་བ་སོགས་སྤང་བླང་གི་གནད་དང་ལྡན་པར་བྱ་དགོས་སོ། །ཞེས་གདམས་ལ་ཤིས་པ་བརྗོད། དམ་ཚིག་བསྒྲག་བཟུང་། གཏང་རག་སོགས་སྤྱི་ལྟར་བྱ། རྗེས་གཏོར་ཆེན་དྲེགས་པ་རྣམས་ལ་རང་སྔགས་ཁཱ་ཧི་བཅས་ཀྱིས་འབུལ། མཆོད་པ་དང་བསྟོད་བསྐུལ་ཅི་རིགས་པ་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་རྩ་དབང་དུ་བཤད་པ་ལྟར་བྱས་པས་གྲུབ་བོ། །དྲེགས་ཅན་མཐའ་དག་དབང་དུ་འདུས། །འགལ་བྱེད་དམ་ཉམས་ཆམ་ལ་ཕབ། །བསྟན་པའི་དབུ་འཕང་དགུང་དུ་བསྟོད། །གསུམ་པོ་འདི་ནི་མཉམ་དུ་ཤོག །ཅེས་པ་འདིའང་ཟབ་ཆོས་འདི་ཉིད་འཕེལ་ཞིང་རྒྱས་པའི་སྒོར་འགྱུར་བའི་ལྷག་པའི་བསམ་པས་གཏེར་གཞུང་གི་དགོངས་པ་དང་བླ་མའི་ཕྱག་བཞེས་ཇི་ལྟར་བར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གསོལ་འདེབས་གཏེར་སྟོན་གྱིས་མཛད་པ་ (Volume 26, Text 49)
རྟ་མགྲིན་ནག་པོ་ལྕགས་ཀྱི་རལ་པ་ཅན་གྱི་གསོལ་འདེབས་གཏེར་སྟོན་གྱིས་མཛད་པ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། པདྨ་གསུང་གི་རིགས་བདག་བཅོམ་ལྡན་འདས། །རྒྱལ་བའི་དབང་པོ་འདྲེན་པ་འོད་དཔག་མེད། །གསོལ་བ་འདེབས་སོ་མི་མཐུན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བྱང་སེམས་ཐུགས་རྗེའི་ཆུ་རྒྱུན་འགྲོ་ལ་སྩོལ། །རྒྱལ་བའི་དབང་པོ་འཕགས་པ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་མི་མཐུན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ལོག་འདྲེན་དགྲ་བགེགས་མ་ལུས་ཚར་གཅོད་པའི། །དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ །གསོལ་བ་འདེབས་སོ་མི་མཐུན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །རྒྱ་བོད་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །གདུག་པའི་ལྷ་སྲིན་ཚར་གཅོད་པདྨ་འབྱུང་། །གསོལ་བ་འདེབས་སོ་མི་མཐུན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བོད་ཡུལ་མུན་པ་སེལ་མཛད་ཆོས་ཀྱི་རྒྱལ། །མངའ་བདག་ཆེན་པོ་ཆོས་རྒྱལ་ཡབ་སྲས་ལ། །གསོལ་བ་འདེབས་སོ་མི་མཐུན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །སྙིགས་མ་ལྔ་བདོ་རྩུབ་འགྱུར་དུས་འདི་རུ། །ཟབ་གཏེར་མངའ་བདག་གར་གྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་མི་མཐུན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་བདག་གིས་རྩེ་གཅིག་གསོལ་བཏབ་པས། །བསྐྱེད་རིམ་གདིང་ཐོབ་གསང་སྔགས་བཟླས་མཐར་བརྩོན། །རྫོགས་རིམ་རང་རིག་ཆོས་སྐུ་མངོན་གྱུར་ནས། །སྐུ་བཞིའི་སེམས་དཔའ་དུས་འདིར་འགྲུབ་པར་ཤོག །ཅེས་པ་འདི་ཤར་ཀཿཐོག་གསང་སྔགས་ཀྱི་ཕོ་བྲང་དམ་པ་ནས་བཀའ་གཏེར་ཐེག་པ་རིམ་དགུའི་དོན་གྱི་དགོངས་པ་བརྙེས་ཏེ། སྤོ་བོ་རྨ་ཀུང་ལུང་དུ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆོས་རྗེ་སྨོན་ལམ་རྒྱ་མཚོའི་ཞལ་སློབ་འབོ་རོ་བླ་མ་དབང་ཕྱུག་རྒྱ་མཚོ། དཀོན་མཆོག་ཤེས་རབ། དགེ་འདུན་བཟང་། བྱང་ཆུབ་སེང་གེ །སྨོན་ལམ་བྱང་ཆུབ། པདྨ་བཟང་པོ། པདྨ་རྒྱལ་པོ། དགེ་འདུན་བཀྲ་ཤིས། ཤེས་རབ་དབང་ཕྱུག་རྣམས་ཀྱིས་རྟ་མགྲིན་བླ་མ་བརྒྱུད་རིམ་གྱི་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བ་ལས་རྫོགས་ཆེན་པ་གར་གྱི་དབང་ཕྱུག་རྩལ་གྱིས་སྣང་རྩེར་སྦྱར་པའོ།། །།
བཟླས་ཆོག་སྔགས་འབུམ་དཀར་པོ་རྡོ་རྗེའི་གོ་ཁྲབ་ (Volume 42, Text 49)
༄༅༔ བཟླས་ཆོག་སྔགས་འབུམ་དཀར་པོ་རྡོ་རྗེའི་གོ་ཁྲབ་བཞུགས་སོ༔ གཏེར་ཁ་སུམ་ལྡན༔ གུ་རུ་པདྨ་འབྱུང་གནས་དང་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་མཐའ་རུ་སླེབ་པའི་ཚེ༔ འགྲོ་བ་མི་རྣམས་བསོད་ནམས་ཆུང༔ དུས་ཀྱི་ཆར་ཆུ་མི་འབབ་ཅིང༔ སྐྱེས་འབྲུ་དུས་སུ་མི་སྨིན་པས༔ དེ་དུས་སྤྱོད་ངན་སྣ་ཚོགས་བྱེད༔ དེ་བྱས་འབྱུང་པོ་མང་པོ་འཁྲུགས་གྱུར་ཏེ༔ གདོན་དུ་སྟེང་གདོན་འོག་གདོན་དང༔ འབྱུང་པོའི་ཚོགས་རྣམས་ཁ་རྒྱལ་ཏེ༔ ནད་དུ་མཛེ་ཤུ་གཟའ་ནད་དར་བར་འགྱུར༔ རིམས་ནད་མིང་མི་ཐོགས་པ་མང་པོ་འབྱུང༔ ལྷ་རྗེ་སྨན་པས་ནད་ངོས་མི་ཟིན་ཏེ༔ བཟང་དྲུག་སྨན་གྱིས་ནད་ཀྱི་ཟུག་མི་ཆོག༔ སྟེང་གདོན་འོག་གདོན་རིམས་ཀྱིས་མི་ཚུགས་པའི༔ དཀར་པོའི་སྔགས་འབུམ་འདི་ལ་ཡི་དམ་བྱ༔ ངག་བཅད་དམ་པོས་བསྙེན་པ་ཅི་ནུས་བྱེད༔ བརྒྱ་རྩ་རེ་ལ་རྒྱུན་གྱི་དམ་བཅའ་མཛོད༔ གཞན་དོན་བྱེད་ན་ཁྲུས་དང་སྔགས་ཆུས་མི་སོས་གང་ཡང་མེད༔ འདི་ལ་དམིགས་པ་བསྒོམ་རྒྱུ་མེད༔ བསྲུང་བྱ་གང་ཡང་མི་དགོས༔ གདམས་པ་དངོས་ནི་འདིའོ༔ ཨོཾ་པདྨ་ཤ་ཝ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན༔ བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ བཟླས་ཆོག་དཀར་པོའི་སྔགས་འབུམ་འདིས༔ ཁྱད་པར་གནམ་ནད་མེ་གཟའ་ཆུ་གཟའ་རླུང་གཟའ་དང༔ བཙན་དུག་སྦྱར་དུག་དུག་རིགས་ཐམས་ཅད་ལ༔ འདི་ཡི་སྔགས་ཆུ་འཐུང་བས་ཆོག༔ གག་ལྷོག་གཟེར་ཐུང་མ་མོའི་ནད་དང༔ ཕོ་ལོག་དམར་བཤལ་འབྲུམ་པའི་རིགས༔ ཕོ་གླང་སྐྲན་དང་དམུ་ཆུ་མཛེ་ནད་དང༔ ཤུ་བ་མེ་དབལ་བས་ལྡག་གཡེན་པ་དང༔ རྨ་དང་འབྲས་དང་གཉན་འབུར་དང༔ ཁྱད་པར་རིམས་ནད་སྟེང་གདོན་འོག་གདོན་རྣམས་ལ་བསྔགས་པ་ཡིན༔ ལིང་ཐོག་ཤ་མཛེར་ཤུ་ཐོར་དང༔ ལིང་རོ་ལ་སོགས་མིག་ནད་ཐམས་ཅད་ལ༔ སྔགས་ཆུ་བཏང་བས་མི་སོས་གང་ཡང་མེད༔ ཕྱི་ཡི་ནད་རྣམས་ཐམས་ཅད་ལ༔ སྔགས་འདི་བཏབ་པས་སོས་པར་འགྱུར༔ སོ་ནད་ལ་སོགས་རུས་ནད་ཐམས་ཅད་ལ༔ ཚྭ་ཆུ་དག་ལ་སྔགས་ནས་བྱིན་པས་ཕན༔ ཚད་པའི་ནད་རིགས་ཐམས་ཅད་ལ༔ གངས་ཆུ་དག་ལ་སྔགས་ཆུ་བྱས་ཏེ་བླུད༔ གྲང་བའི་ནད་ལ་ཆང་ལ་སྔགས་ནས་སྦྱིན༔ གློ་བུར་ནད་ལ་ཉུངས་དཀར་སྔགས་ནས་བྲབས༔ མི་གཙང་ནད་རིགས་ཐམས་ཅད་ལ༔ བུམ་ཆུར་བུལ་ཏོག་བཏབ་ལ་སྔགས་ནས་བཀྲུ༔ འགོ་བའི་ནད་རིགས་ཐམས་ཅད་ལ༔ བགྲང་པས་མི་ཐུབ་གང་ཡང་མེད༔ ལྷ་ཡི་ཆད་པ་གཟའ་ཡི་གཟེར་ནད་དང༔ རྒྱལ་པོའི་ཆོ་འཕྲུལ་གཉན་གྱི་གདུག་རྩུབ་ཐུབ༔ ལྷོག་པ་དཀར་ནག་ས་བདག་ཀླུ་གཉན་དང༔ བཙན་གྱི་གདོང་ཐུག་ལྷ་སྲིན་སྡེ་བརྒྱད་ཐུབ༔ མ་མོའི་ཡམས་ནད་དམུ་ཡི་བསྲང་ནད་དང༔ ཐེའུ་རང་སྲིས་རྐུ་བརྟན་མའི་གདོང་ཐུག་ཐུབ༔ སྔགས་པའི་རྦད་གཟེར་སྤར་ཁ་དགྲ་གཤེད་དང༔ བཞི་གཤེད་ལྟས་ངན་བརྒྱད་ཅུ་ཐམས་ཅད་ཐུབ༔ གློ་བུར་བདུན་བརྒྱ་ཉི་ཤུ་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཐུབ༔ ནད་རིགས་བཞི་བརྒྱ་རྩ་བཞི་དང༔ མི་མཐུན་ཕྱོགས་ནི་ཐམས་ཅད་ཐུབ༔ ཕྱོགས་ངན་ཀག་དང་མནའ་ཟོས་དང༔ མནའ་བསྐྱལ་དཀར་མིན་བྱེད་པ་དང༔ ཕོ་འདྲེ་མོ་འདྲེ་མ་ལུས་པ༔ སྲོད་དང་ཐོ་རེངས་འཕྲད་པ་དང༔ གཙུག་ལག་ངན་དགུ་ཐམས་ཅད་ཐུབ༔ སྲ་མཁྲེགས་རྡོ་རྗེའི་བྲག་དང་མཚུངས༔ སྔགས་བསྙེན་ཞག་གསུམ་ཐེང་ཚད་བཟླ༔ མཐིང་ཤོག་དག་ལ་གསེར་གྱིས་བྲི༔ རབ་གནས་བྱས་ལ་མགུལ་དུ་བཏགས༔ དེ་ལྟར་བྱས་པས་ཁམས་གསུམ་གྱི༔ སྔགས་པའི་ངན་བྱད་དག་གིས་འཆི་མི་སྲིད༔ ཚངས་པའི་ཚེ་དང་ལྡན་པར་འགྱུར༔ གཞན་ཡང་ཡོན་ཏན་བསམ་མི་ཁྱབ༔ སྲུང་བ་རྡོ་རྗེའི་གོ་ཆ་ཡིན༔ ཟློག་པ་མཚོན་ཆའི་འཁོར་ལོ་འདྲ༔ སྔགས་ཟློག་ཀུན་གྱི་མན་ངག་ཡིན༔ སུ་ལའང་འདི་ནི་བསྟན་པ་ཕངས༔ གནད་ཀྱི་མན་ངག་འདི་མེད་པར༔ མན་ངག་གཞན་ལ་གདིང་བཅའ་བ༔ སྙིང་མེད་མི་ལ་མིར་འཛིན་འདྲ༔ རྒྱ་གར་རྒྱ་ནག་ཁ་ཆེ་དང༔ ཨོ་རྒྱན་ཡུལ་ལ་སོགས་པ་ཡི༔ འཛམ་བུའི་གླིང་ཀུན་དཀྲུགས་བྱས་ཀྱང༔ འདི་འདྲའི་མན་ངག་རྙེད་མི་སྲིད༔ འདི་ཡོད་འགྲོ་བ་རྡོ་རྗེའི་སྐུ༔ རང་ལ་ཅི་རི་འདི་ལ་རི༔ སྙིང་ལས་ཕངས་པའི་མན་ངག་འདི༔ སྙིང་དང་འདྲ་བ་མ་གཏོགས་པ༔ གཞན་ལ་བྱིན་ན་དམ་ཚིག་ཉམས༔ མཁའ་འགྲོས་བཀའ་སྲུངས་ཆད་པ་ཆོད༔ ཤི་ནས་དམྱལ་བར་སྐྱེ་བར་འགྱུར༔ གུ་རུ་པདྨ་འབྱུང་གནས་ཀྱིས༔ ཡིག་འབྲུ་སུམ་ཅུ་ཐམ་པ་ཡོད༔ ན་རོ་གཅིག་དང་གི་གུ་བཞི༔ འགྲེང་བུ་གཅིག་དང་རིང་ཆ་བཞི༔ ལྷག་ཆད་མེད་ན་དེ་དང་མཐུན༔ དེ་ཡང་ཟབ་པའི་གནད་གཅིག་ཡིན༔ བརྒྱུད་པའི་ལོ་རྒྱུས་དང་ཕན་ཡོན་སོགས་མང་དུ་འདུག་སྟེ༔ འདིར་ཡི་གེས་འཇིག་པས་མ་བྲིས་སོ༔ ཨོ་རྒྱན་པདྨས་འདི་ལ་ཟབ་པར་དགོངས་ནས་སེམས་ཅན་ལ་ཕན་པའི་ཕྱིར༔ དཀར་པོའི་སྔགས་འབུམ་ནང་ནས་ཁོལ་དུ་ཕྱུང་སྟེ༔ གནམ་སྐས་བྲག་ལ་གཏེར་དུ་སྦས༔ ཁོ་བོ་རྡོ་རྗེ་གླིང་པའི་བརྗེད་ཐོ་ལགས༔ འདི་ཉིད་ཞུ་བ་ལ་གསེར་ཞོ་རེ་མེད་པར་སུ་ལ་ཡང་མི་སྦྱིན་གསུངས༔ རྣམ་རྟོག་མ་ཆེ་དད་པ་ཆེ་བར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔
མཁའ་འགྲོ་གསང་བ་ཀུན་འདུས་ལས། བཀའ་སྲུང་མཆེད་གསུམ་གཏོར་འབུལ་རྒྱུན་ཁྱེར (Volume 34, Text 49)
མཁའ་འགྲོ་གསང་བ་ཀུན་འདུས་ལས། བཀའ་སྲུང་མཆེད་གསུམ་གཏོར་འབུལ་རྒྱུན་ཁྱེར་བཞུགས་སོ། །ན་མོ་གུ་ར་བེ། གཏོར་མ་ཟུར་གསུམ་ཆེ་ཆུང་གསུམ་ཤ་ཁྲག་གིས་བརྒྱན་པ་བཤམ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བདུད་རྩིར་བརླབས་ལ། ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་ཞིང༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ རྡོ་རྗེ་ཕག་མོའི་བཀའ་སྲུང་ཆེ༔ མ་མོ་མཆེད་གསུམ་དམ་ལ་འདུས༔ མ༔ དབྱིངས་ཀྱི་ཡུམ་ཆེན་སྤྱང་ཞོན་མ༔ རབ་ཁྲོས་གྲི་གུག་ཐོད་ཁྲག་བསྣམས༔ མ་མོ་འབུམ་སྡེའི་ཚོགས་དང་བཅས༔ འདིར་བྱོན་དགྱེས་པའི་མཆོད་གཏོར་བཞེས། །བྷྱོ༔ ཡེ་ཤེས་ཕོ་ཉ་སྟག་ཞོན་མ༔ དམར་མོ་གྲི་གུག་སྦྲུལ་ཞགས་འཛིན༔ ཤ་ཟ་འབུམ་གྱི་ཚོགས་དང་བཅས༔ འདི་བྱོན་དགྱེས་པའི་མཆོད་གཏོར་བཞེས། །ཛ༔ ལས་ཀྱི་མངག་གཞུག་འཕར་ཞོན་མ༔ སྔོན་མོ་གྲི་གུག་ལྕགས་ཀྱུ་བསྣམས༔ ལས་བྱེད་འབུམ་གྱི་ཚོགས་དང་བཅས༔ འདིར་བྱོན་དགྱེས་པའི་མཆོད་གཏོར་བཞེས། །མ་མ་ཏྲཀ་རཀྴ་ཧཱུྃ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ བྷྱོ་རཀྨོ་བྷྱོ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ ཛཿསྨ་ཤ་ནི་ཕཊ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧིཿ ལན་གསུམ། ཧཱུྃ་བྷྱོཿ བཅོམ་ལྡན་ཧེ་རུ་ཀ་དཔལ་དང༔ ཡུམ་ཆེན་བཛྲ་བྷ་ར་ཧི༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་དང་གནོད་པ་ཐམས་ཅད་སོལ། །ཡུལ་འཁོར་ཀུན་སྲུངས་དགྲ་བགེགས་སྒྲོལ། །མི་མཐུན་འགལ་རྐྱེན་བར་ཆད་སོལ། །བཅོལ་པའི་ལས་ཀུན་འགྲུབ་པར་མཛོད། །ཅེས་པའང་ཉེར་མཁོའི་ཕྱིར་དུ་པདྨ་གར་དབང་རྩལ་གྱིས་གཏེར་གཞུང་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ།། །།
གནམ་ཆོས་ཐུགས་གཏེར་ལས་ཀླུ་རྒྱལ་མི་མགོན་དཀར་པོའི་གསོལ་ཁ་ (Volume 51, Text 49)
༄༅། །གནམ་ཆོས་ཐུགས་གཏེར་ལས་ཀླུ་རྒྱལ་མི་མགོན་དཀར་པོའི་གསོལ་ཁ་བཞུགས་སོ། ། ྈྈ <!TCC Tibetan character 3,185 undefined in unicode!> གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ མི་མགོན་དཀར་པོའི་གསོལ་མཆོད་ནི༔ ཨ་ཀཱ་རོས་བྱིན་གྱིས་བརླབ༔ ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སྨར་ཁམས་སྒང་སོགས་བཞུགས་གནས་ནས༔ བདག་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ གཤེགས་ནས་དགྱེས་པར་བཞུགས་སུ་གསོལ༔ ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ས་མ་ཡ་ཛཿཛ༔ ཏིཥྛ་ལྷན༔ ཧཱུྃ༔ ཀླུ་རྒྱལ་མི་མགོན་དཀར་པོ་ནི༔ སྐུ་མདོག་དཀར་གསལ་མཛེས་པའི་གཟུགས༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ སྐུ་སྨད་གསེར་སྦྲུལ་སེར་པོ་འཁྱིལ༔ ཕྱག་གཉིས་ཐལ་སྦྱར་བུམ་པ་འཛིན༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ ཀླུ་སྨན་དར་ཟབ་སྣ་ཚོགས་དང༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་དང༔ བདུད་རྩི་སྨན་དང་གཏོར་མ་འབུལ༔ མཐུན་རྫས་དུ་མས་མཉེས་གྱུར་ཅིག༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ ཆར་ཆུ་དུས་སུ་འབེབ་པ་དང༔ ལོ་འབྲུ་རྟག་ཏུ་ལེགས་པ་དང༔ ཕྱུགས་ཀྱི་གོད་ཁ་མེད་པར་མཛོད༔ ཁྱད་པར་བདག་ཅག་དཔོན་སློབ་ལ༔ དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ མདོར་ན་ཡིད་ལ་བསམ་ཚད་ཀུན༔ འབད་མེད་ལྷུན་གྱིས་འགྲུབ་པར་མཛོད༔ མ་ཐོགས་བཅོལ་པའིཕྲིན་ལས་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈ ྈྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་འཁྲིག་པའི་ཁྱིམ་གྱི་དཀར་པོའི་ཕྱོགས་ཀྱི་ཨཥྚའི་ཉིན་འཇམ་དབྱངས་ཀྱི་སྤྲུལ་པ་ཀླུ་མི་མགོན་དཀར་པོ་ཉིད་དངོས་སུ་བྱོན་ནས་གསོལ་མཆོད་འདི་ལྟར་གྱིས་ཞེས་དངོས་སུ་སྨྲས་སོ།། །། ༄༅། །བདག་གིས་སེམས་ཅན་ཀུན་དོན་དུ། །རྫོགས་པའི་སངས་རྒྱས་འཐོབ་པར་བྱ། །རྫོགས་པའི་སངས་རྒྱས་བསྒྲུབ་པ་ལ། །སྦྱིན་པའི་ཕར་ཕྱིན་རྫོགས་དགོས་པས། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །སེམས་ཅན་དབུལ་ཕོངས་སེལ་བ་ལ། །ལོངས་སྤྱོད་ཆེན་པོ་མེད་ཐབས་མེད། །རྩེ་གཅིག་སྒྲུབ་པ་བྱེད་པ་ལའང་། །མཐུན་རྐྱེན་སྒྲུབ་རྒྱགས་འཛོམ་དགོས་པས། །ནོར་ལྷ་མི་མགོན་དཀར་པོ་འདི། །བསྒྲུབ་པར་བྱ་འོ་བསམ་པ་ཡི། །སེམས་བསྐྱེད་བཟང་པོས་ཀུན་བསླང་སྟེ། །ཡི་དམ་ལྷ་གཞུང་རྫོགས་པའི་མཇུག །གནམ་ཆོས་ཀླུ་ཡི་ལས་བྱང་འདོན་པར་བྱ། །དམིགས་པའི་བྱེ་བྲག་འདི་ལྟར་རོ། །སྒྲུབ་རྫས་མི་དམིགས་སྟོང་པའི་ངང་། །འོ་མའི་མདོག་ཅན་རྒྱ་མཚོ་ནི། །རྒྱ་ཆེ་གཡོ་འགུལ་མེད་པའི་དབུས། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གཞལ་མེད་ཁང་པ་ཆེན་པོའི་ནང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་ཀླུ་བྲན་གྱིས། །འོག་ནས་བཏེགས་པའི་སྟེང་དུ་ནི། །པདྨ་དཀར་པོ་འདབ་བརྒྱད་པའི། །དབུས་སུ་ཟླ་བའི་དཀྱིལ་འཁོར་སྟེང་། །ས་བོན་ཕུཿཡིག་དཀར་པོ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད། །ཀླུ་དང་ས་བདག་ཐམས་ཅད་དང་། །གནོད་སྦྱིན་ནོར་ལྷའི་དངོས་གྲུབ་བསྡུས། །འོད་དུ་ཞུ་བས་ཀླུ་རྒྱལ་ནི། །བསྟོད་པའི་ནང་ནས་འབྱུང་ལྟར་བསྒོམ། རང་ཉིད་ཡི་དམ་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། །རྒྱ་མཚོ་ཆེ་དང་གང་གཱ་དང་། །རང་བཞིན་གར་བཞུགས་གནས་ཉིད་ནས། །སྤྱན་དྲངས་མདུན་བསྐྱེད་ཉིད་ལ་ཐིམ། །ཀླུ་རྒྱལ་ཐུགས་ཀར་ཟླ་བའི་སྟེང་། །ཕུཿཡིག་དཀར་པོའི་མཐའ་སྐོར་དུ། །སྔགས་ཕྲེང་གཡོན་དུ་བཀོད་པ་ལ། །བདག་གི་ཐུགས་ལས་འོད་འཕྲོས་པས། །སྔགས་ཕྲེང་གཡས་སུ་ཇེ་མགྱོགས་འཁོར། ཁོ་ཡི་ཐུགས་དམ་རྒྱུད་བསྐུལ་ནས། །སྔོན་གྱི་ཁས་བླངས་དམ་ཚིག་དྲན། །སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས། །འོད་ཟེར་རྩེ་ལས་རིན་ཆེན་རིགས། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཀྱི། །ཆར་པ་སིབ་སིབ་འབབ་པར་བསྒོམ། །འོད་ཟེར་དཀར་པོ་ཟླ་བའི་འོད། །ལྟ་བུ་འཕྲོས་པས་རང་ཉིད་དང་། །བསྲུང་བྱའི་ནད་གདོན་བར་ཆད་ཀུན། །མུན་པར་ཟླ་ཤར་ལྟ་བུར་བསལ། །འོད་ཟེར་དཀར་ལ་སེར་མདངས་ཅན། །འཕྲོས་ནས་ཚེ་དང་བསོད་ནམས་རྣམས། །པདྨར་ཉི་ཟེར་ཕོག་ལྟར་རྒྱས། །འོད་ཟེར་སེར་ལ་དམར་མདངས་ཅན། །འཕྲོས་པས་སྐྱེ་འགྲོ་ཐམས་ཅད་ཀུན། །རང་དབང་མེད་པར་དབང་དུ་བསྡུས། །ཡིད་ལ་ཅི་འདོད་དངོས་གྲུབ་ཀུན། །ཐམས་ཅད་ཡིད་བཞིན་འགྲུབ་པར་བསྒོམ། །ནཱ་ག་རཱ་ཙ་ཨ་ཏི་ཧཱུྃ༔ ནཱ་ག་རཱ་ཙ་ཨ་ཏི་སརྦ་སིདྡྷི་ཧཱུྃ༔ གཡས་སུ་བློན་པོ་དུང་སྐྱོང་དང་། །གཡོན་དུ་བཙུན་མོ་འོད་ལྡན་མ། །དེ་རྒྱབ་འདབ་བརྒྱད་ཀླུ་ཆེན་བརྒྱད། །སྟེང་དུ་སྤྲིན་གྱི་བླ་བྲེ་ཅན། །ཐམས་ཅད་ཞི་ཞིང་འཛུམ་པའི་མདངས། །ཐལ་མོ་སྦྱར་ནས་བདག་ཉིད་ལ། །གུས་ཤིང་བཀའ་ཉན་གསུང་སྡོད་བསྒོམ། །ཉིན་རེ་ཐུན་རེའམ་བཞི་འམ་དྲུག །གནམ་ཆོས་གཞུང་གི་ལས་བྱང་གཏང་། །སྤྲོ་ན་སྐོང་གསོལ་སྦྱར་བ་འོ། །ཨོཾ་ཕེ་ལཾ་ཧཱུྃ། ཨོཾ་ནཱ་ག་འདུས། ནཱ་ག་དྷུ། ནཱ་ག་སརྦ། ཧེ་ལོང་ཧེ་ལོང་། ནཱ་ག་འདུས་འདུས། ཤཱནྟིཾ་འདུས། པུཥྚིཾ་འདུས། ནཱ་ག་དྷེ་བ་སརྦ་སིདྡྷི་ས་མ་ཡ། ནཱ་ག་འདུས་འདུས། ཧཱུྃ་ཧཱུྃ། བང་བ་ལ་འདུས། པུཥྚིཾ་ཚེ་དང་བསོད་ནམས་ལ་སིདྡྷི་ཧཱུྃ། ཨོཾ་སྤུ་ཙེ་སྤུ་ཙེ་ནཱ་ག་སྤུ་ཙེ། སྤུ་ཏ་སྤུ་ཏ་ནཱ་ག་སྤུ་ཏ། ཕི་ཤང་ཕི་ཤང་ནཱ་ག་ཕི་ཤང་། ནཱ་ག་སིདྡྷི་འུབ་འུབ། རུག་རུག་སི་ཏི་སྡུས་སྡུས་ཧཱུྃ། ཨོཾ་ནཱ་ག་ལེ་ནཱ་ག་ལེ། ནཱ་ག་དུང་དུང་ནཱ་ག་སིདྡྷི་ཧཱུྃ། ཨོཾ་ནཱ་ག་པྲ་ཏི་རཱ་ཛ་ས་མ་ཡ་སིདྡྷི་འདུས་འདུས། ཞེས་བཟླ། རྗེས་རིམ་སྤྱི་དང་མཐུན། ཨ་རཱ་གས་སོ།། །། ༄༅། །གནམ་ཆོས་ཀྱི་ལྷན་ཐབས་ཀླུ་མི་མགོན་དཀར་པོའི་སྐོང་གསོལ་གཡང་སྐྱབས་སྦྲགས་མ་ཡོད་ལགས། ན་མོ་བཛྲ་པཱ་ཎི་ཡེ། མི་མགོན་དཀར་པོའི་སྐོང་གསོལ་དང་། །གཡང་སྐྱབས་སྦྲགས་མ་བྱ་བ་ནི། །མཆོད་པ་རྒྱས་བསྡུས་ཅི་འཛོམ་ལ། །ལས་བྱང་ཚར་རྗེས་གཏོར་མ་གསོ། །ཨ་ཀཱ་རོས་བྱིན་གྱིས་བརླབ། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སྲོག་ཆགས་ཀུན་གྱི་གཤེད་མ་རུ། །མགོ་ནག་རྐང་གཉིས་མི་རྣམས་སྲིད། །ཐབས་རྣམས་དུ་མས་སྲོག་ཆགས་གསོད། །རྐང་གཉིས་མི་ཡི་གཤེད་མ་རུ། །ཀླུ་རིགས་ཉི་ཤུ་རྩ་ལྔ་སྲིད། །ཀླུ་ནད་རྣམ་པ་སྣ་ཚོགས་ཀྱིས། །མི་རྣམས་ཐམས་ཅད་དམྱལ་ཐག་བཅད། །དེ་ཚེ་ཀླུ་རྣམས་འདུལ་བའི་ཕྱིར། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ལས་ཡི་གེ་ཕེ་གཅིག་འཕྲོས། །འཇིག་རྟེན་འདས་དང་མ་འདས་མཚམས། །ཆོས་ཉིད་རང་མདངས་རྒྱ་མཚོའི་དབུས། །འཇམ་དཔལ་ནཱ་ག་རཀྴ་སྤྲུལ། །ཀླུ་རིགས་ཐམས་ཅད་འདུལ་བར་མཛད། །ཡེ་ཤེས་ཀླུ་བདུད་མགོ་དགུ་སྟེ། །དགེ་བསྙེན་སྨྱོ་ཁའི་རྗེ་བོ་མཛད། །ཀླུ་རིགས་རྣམས་ཀྱི་ཡང་རྗེ་མཛད། །དེ་ཚེ་རྗེ་བཙུན་འཇམ་དཔལ་གྱིས། །ཀླུ་འབུམ་རྒྱུད་ཀྱི་ཏི་ཀ་གསུངས། །འགྲོ་བའི་ཀླུ་ནད་སེལ་བར་མཛད། །ནཱ་ག་རཀྴ་དྲག་པོའི་སྐུ། །ཀླུ་བདུད་འཆི་བདག་མགོ་དགུ་ཞེས། །གཏད་ཁྲམ་ཀུན་གྱི་གཉེར་ཁ་འཛིན། །སངས་རྒྱས་བསྟན་པའི་བྱ་ར་མཛད། །གཤིན་རྗེ་འཆི་བདག་ནག་པོར་གྲགས། །རྒྱུད་དང་སྒྲུབ་ཐབས་བསམ་མི་ཁྱབ། །ནཱ་ག་རཀྴ་ཞི་བའི་སྐུ། །མི་རྣམས་ཀུན་གྱི་མགོན་མཛད་ཕྱིར། །མི་མགོན་དཀར་པོ་ཞེས་སུ་གྲགས། །ངོ་བོ་རྗེ་བཙུན་འཇམ་པའི་དབྱངས། །སེམས་ཅན་ཀུན་གྱི་མགོན་མཛད་ཕྱིར། །འཇིག་རྟེན་ལྷ་འདྲེའི་ཚུལ་དུ་བཞུགས། །རྟ་མགྲིན་ནཱ་ག་ཀླུ་འདུལ་དང་། །གསང་བདག་ཕྱག་ན་རྡོ་རྗེ་ལ། །སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །བསྟན་པ་བསྲུང་བར་དམ་བཅས་པས། །ཀླུ་ཡི་མགོན་པོ་དཀར་པོར་གྲགས། །ཀླུ་སྒྲུབ་འཇམ་དཔལ་བཤེས་གཉེན་སོགས། །རིག་འཛིན་མང་པོས་བཀའ་ཡང་བསྒོས། །སྒྲུབ་པ་བྱེད་པའི་གང་ཟག་ལ། །ལོངས་སྤྱོད་དངོས་གྲུབ་སྩོལ་བར་ཆད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མང་ཡུལ་བྱམས་སྤྲིན་ལྷ་ཁང་དང་། །འོར་རྔུ་བྱམས་པའི་སྲུང་མར་བསྐོས། །བཞུགས་གནས་སྨར་ཁམས་ལུང་ཡང་བསྟན། །རྒྱ་གར་ཆུ་བོ་གང་གཱའི་འགྲམ། །བླ་མ་དཔལ་ཆེན་རྒྭ་ལོ་ལ། །རང་གཟུགས་བསྟན་ནས་སྒྲུབ་ཐབས་ཕུལ། །མར་མི་དྭགས་པོ་ཕག་གྲུ་པ། །ཉག་རས་སེ་བོ་ལ་སོགས་པ། །སྒྲུབ་བརྒྱུད་བཀའ་ཡི་སྲུང་མ་མཛད། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རིག་འཛིན་མི་འགྱུར་རྡོ་རྗེ་ལ། །རང་གཟུགས་དངོས་སུ་བསྟན་ནས་ཀྱང་། །ང་ལ་མཆོད་བསྟོད་འདི་ལྟར་གྱིས། །ཞེས་གསུངས་གསོལ་མཆོད་སྒྲུབ་ཐབས་ཕུལ། །གནམ་ཆོས་བཀའ་ཡི་སྲུང་མ་མཛད། །དེ་ལྟར་སྔོན་ནས་ད་ལྟའི་བར། །གསང་སྔགས་བཀའ་ཡི་སྲུང་མ་སྟེ། །རིག་འཛིན་བརྒྱུད་ཀྱི་སྲུང་མ་ཡིན། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །བཙུན་མོ་བློན་པོ་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཡིད་ལས་སྤྲུལ་པ་འོ་མའི་མཚོ། །ཆུ་འཛིན་འཁྲིགས་པའི་བླ་བྲེའི་འོག །རིན་ཆེན་གཞལ་ཡས་ཕོ་བྲང་དབུས། །ཀླུ་རིགས་ཀུན་གྱིས་བཏེགས་པའི་ཁྲི། །པད་དཀར་ཟླ་བ་རྒྱས་པའི་སྟེང་། །བདག་ཅག་རྣམས་ཀྱི་མགོན་མཛད་ཕྱིར། །ཀླུ་ཡི་མགོན་པོ་དཀར་པོ་ནི། །ཇི་སྲིད་མཆོད་པ་འབུལ་བགྱིད་བར། །དེ་སྲིད་དགྱེས་ཤིང་བརྟན་པར་བཞུགས། །མི་རྣམས་ཀུན་གྱི་མགོན་པོར་མཛོད། །རང་དམ་རང་གིས་བཅས་པ་དང་། །རྟ་མགྲིན་གསང་བདག་པད་འབྱུང་གི །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །བདག་གིས་བཅོལ་བའིཕྲིན་ལས་སྒྲུབས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །དཀར་གསུམ་མངར་གསུམ་མཆོད་པ་དང་། །ཀླུ་སྨན་རྣམ་པ་སྣ་ཚོགས་དང་། །ཤིང་རྩི་མེ་ཏོག་དར་ཚོན་དང་། །མདའ་དར་ཆུ་གནས་སྣ་ཚོགས་རིགས། །ཕྱེ་མར་བཟང་ཤིང་བདུག་སྤོས་དང་། །མཆོད་སྤྲིན་འཇིག་རྟེན་གང་བ་འབུལ། །རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །གཏོར་མ་ཟག་མེད་བདུད་རྩིའི་མཚོ། ཁ་དོག་དྲི་རོ་ནུས་པར་ལྡན། །ཟད་མེད་ཟག་མེད་བདེ་སྐྱེད་པ། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །བཙུན་མོ་བློན་པོ་འཁོར་གཡོག་བཅས། །ཐམས་ཅད་ཀུན་ལ་འབུལ་གྱིས་བཞེས། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ནས། །ཀླུ་ནད་ཐམས་ཅད་ཞི་བ་དང་། །བཀྲག་མདངས་གཟི་བརྗིད་འཕེལ་གྱུར་ཅིག །ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ཧཱུྃ༔ ས་པ་རི་བཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ། བཅོམ་ལྡན་མགོན་པོ་འཇམ་དབྱངས་ཀྱི། །ཐུགས་སྤྲུལ་ཀླུ་ཡི་མགོན་པོ་ནི། །མི་མགོན་དཀར་པོ་གཏེར་གྱི་བདག །དུང་མདོག་དཀར་པོ་མཛེས་ཤིང་འཛུམ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །རེས་འགའ་སྦྲུལ་མགོ་བརྒྱ་སྟོང་ལྡན། །ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ལ། །སྦྲུལ་གྱི་མཇུག་མས་མི་མངོན་དཀྲིས། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཕྱག་གཉིས་ཐལ་མོ་སྦྱར་བའི་བར། །གཏེར་གྱི་བུམ་པ་བསྣམས་པ་ལ། ཁ་རྒྱན་ཡིད་བཞིན་ནོར་བུས་བརྒྱན། །རིན་ཆེན་འབར་བའི་གཙུག་ཕུད་ཅན། །རེས་འགའ་ཕྱག་གཡས་ནོར་བུ་ལས། །དགོས་འདོད་ཆར་པ་སིལ་ལི་ལི། །གཡོན་པས་རིན་ཆེན་ཟ་མ་ཏོག །རིན་ཆེན་གཏེར་གྱིས་བཀང་བ་འཛིན། །པད་དཀར་ཟླ་བའི་གདན་ལ་བཞུགས། །སྦྲུལ་མཇུག་རྩེ་མོ་འོ་མཚོར་ནུབ། །སྟེང་ན་འཇའ་སྤྲིན་བླ་རེ་འཁྲིགས། །འབྲུག་སྒྲ་ཁུ་འཕང་ཤར་ར་ར། །རྨ་གཡང་དངོས་གྲུབ་སྤྲིན་ལྟར་འཐིབས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཐམས་ཅད་སོལ། །ཚེ་དང་བསོད་ནམས་དཔལ་འབྱོར་ནི། །དབྱར་གྱི་ཆུ་བཞིན་འཕེལ་བར་མཛོད། །ཧཱུྃ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །སྤྲུལ་པ་ཁམས་ཀྱི་ཕྱོགས་སུ་བྱོན། །རྨ་གཉན་སྤོམ་རའི་ནང་བློན་ཏེ། །ཡབ་ནི་རྨ་གཉན་ཀླུ་ཐོག་རྗེ། །ཡུམ་ནི་མཚོ་རྒྱལ་སྟེང་སྒྲོན་མ། །དེ་གཉིས་རྫུ་འཕྲུལ་བསྡེབས་པ་ལས། །མི་མགོན་དཀར་པོ་མཆེད་བདུན་འཁྲུངས། །དགུན་གསུམ་ས་དང་ཆུ་ལ་གནས། །ས་འོག་ཀླུ་ཡི་རྒྱལ་པོ་མཛད། །ཀླུ་རྒྱལ་མི་མགོན་དཀར་པོར་གྲགས། །ཀླུ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །རིགས་བཞིའི་ཀླུ་རྣམས་ཕོ་ཉར་འགྱེད། །ནག་ཕྱོགས་ཀླུ་ཡི་ཁ་གནོན་མཛད། །ཀླུ་ནད་ཐམས་ཅད་སེལ་བར་མཛད། །ཀླུ་རྒྱལ་མི་མགོན་དཀར་པོ་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཀླུ་གཡང་མི་ལ་དབབ་ཏུ་གསོལ། །བཀྲ་ཤིས་དར་རྒྱས་ཆེ་བར་མཛོད། །མཚོ་དང་ཆུ་ལ་གནས་པའི་ཚེ། །མཚོ་རླབས་མཚོ་བསྐྱམས་ཆེམས་སེ་ཆེམ། །མཚོ་ལུད་རླབས་ཕྲེང་ཀྱིལ་ལི་ལི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། ཁྱོད་ལ་གསང་བའི་མཚན་བཏགས་པ། །ཀླུ་རྗེ་ཐོད་དཀར་མི་ཡི་མགོན། །སྲས་ནི་མཁར་ནག་རྡོ་རྗེ་རྒྱལ། །དབུས་གཙང་ཁམས་གསུམ་ཆུ་བདག་ཀུན། །ཡབ་སྲས་གཉིས་ཀྱི་འབངས་དང་འཁོར། །སྒྲུབ་བརྒྱུད་སྲུང་མར་ཞལ་གྱིས་བཞེས། །ཀླུ་ཡི་མགོན་པོ་ཡབ་སྲས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །ཀླུ་གཡང་ནམ་མཁའི་ཆར་བཞིན་ཕོབ། །དཔྱིད་གསུམ་ས་དང་རི་ལ་གནས། །ས་དྲོད་ནེམ་ནེམ་ན་བུན་ཕྱུར། །ཞང་བློན་མཆེད་བདུན་ཞེས་ཀྱང་གྲགས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དབང་ཡང་བསྐུར། །གསང་མཚན་རྡོ་རྗེ་གུར་མགོན་བཏགས། །སྨར་ཁམས་ཡུལ་ལྷ་ཀུན་གྱི་རྗེ། །འོར་རྔུ་བྱམས་པའི་བཀའ་སྲུང་མཛད། །གཙུག་ལག་ཁང་གི་སྲུང་མ་ཆེ། །ཀླུ་ཡི་མགོན་པོ་མཆེད་འཁོར་བཅས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བསྟན་པ་དར་ཞིང་རྒྱས་པ་ཡི། །རྨ་གཡང་དངོས་གྲུབ་བསྩལ་དུ་གསོལ། །དབྱར་གྱི་ཟླ་བ་གསུམ་པོ་ལ། །བར་སྣང་ནམ་མཁའི་དབྱིངས་ན་བཞུགས། །སྤྲིན་ཕུང་ཁ་ཆར་བུ་ཡུག་འཚུབས། །ཡེ་རྫུ་ཁ་ཆར་འདབ་མ་ཅན། །མི་དཀར་རྟ་དཀར་རི་ལོགས་ཙམ། །དབུ་ལ་ཐང་ཞུ་དཀར་པོ་ཅན། ཁམས་ཀྱི་བྱ་ཐུལ་ཞེས་སུ་གྲགས། །སུམ་བརྒྱ་དྲུག་ཅུའི་འཁོར་དང་བཅས། །སྤྲུལ་པའི་ཚོགས་ཀྱིས་ནམ་མཁའ་གང་། །ཀླུ་ཡི་དགེ་བསྙེན་མཐུ་བོ་ཆེ། །མི་མགོན་དཀར་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །མི་གཡང་ནོར་གཡང་འདིར་ཁུག་ཅིག །སྟོན་གསུམ་རྩི་ཐོག་བཅུད་ལ་འཁོར། །ལོ་ལེགས་འབྲུ་འཕེལ་ཡུལ་ལྷ་མཛོད། །སད་སེར་བཙའ་འབུའི་ཁ་ཁོགས་ལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ལོ་ལེགས་སྐྱ་རྒྱལ་གཡང་ཕོབ་ཅིག །མི་གཡང་ཀུན་གྱི་མགོན་མཛད་ཚེ། །སྐུ་མདོག་གངས་ཀྱི་རི་ལྟར་འཚེར། །ཕྱག་ན་མེ་ཏོག་ལྗོན་ཤིང་རྒྱས། །མྱུར་མགྱོགས་ཆུ་རྟ་སྔོན་པོ་འཆིབ། །བྱེའུ་སྒང་ནས་སྦར་ཅིང་བྱོན། །མི་བུ་ཚང་ནས་སྐྱེད་ཅིང་བྱོན། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །རྨང་པོ་རྣམས་ནི་འཕན་པར་གྱིས། །རིགས་རྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །རིགས་རྒྱུད་གཟུགས་མཛེས་ཤེས་རབ་ལྡན། །བསྟན་པ་འཛིན་པའི་བཤེས་གཉེན་ནི། །ཐུབ་བསྟན་གནས་བར་འབྱུང་འགྱུར་བའི། །གཡང་དང་དངོས་གྲུབ་བསྩལ་དུ་གསོལ། །རིན་ཆེན་ནོར་གྱི་ལྷ་མཛད་ཚེ། །སྐུ་མདོག་སྔོན་པོ་གཡུ་འོད་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །རིན་ཆེན་ནོར་གྱི་ཆར་པ་འབེབ། །ཆིབས་སུ་གླང་ཆེན་འགྱིང་བ་འཆིབ། །རྐང་བཞི་ཕྱུགས་ཀྱི་གཡང་ཕོབ་ལ། །དབུལ་པོ་རྣམས་ནི་ཕྱུག་པར་གྱིས། །ནོར་འཕེལ་ཕྱུགས་གཡང་བསྩལ་དུ་གསོལ། །འབྲུ་དང་ལོ་ཏོག་མགོན་མཛད་ཚེ། །སྐུ་མདོག་སྔོན་པོ་འཇའ་ལྟར་འཚེར། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །ཕྱག་ན་འབྲས་ཀྱི་སྙེ་མ་འཛིན། །འབྲུག་སྒྲོག་ཆར་འབེབ་འབྲུ་རྣམས་སྐྱེད། །བང་མཛོད་འབྲུ་ཡི་འཕེལ་གཡང་དང་། །དངོས་གྲུབ་རྒྱ་ཆེན་འཛད་མེད་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་བྱིན། །ནོར་ཕྱུགས་རྟ་དྲེལ་མགོན་མཛད་ཚེ། །སྐུ་མདོག་ཨུཏྤལ་ལྗང་གུ་འདྲ། །ཆུ་གླང་དཀར་པོ་ཆིབས་སུ་འཆིབ། །སྤྲིན་ཕུང་འཛིན་ནས་ཆར་ཆེན་འབེབ། །རྩི་ཐོག་བསྐྱེད་ཅིང་ནོར་ཕྱུགས་སྐྱོང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །ཕྱྭ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ནད་པ་གསོ་བའི་མགོན་མཛད་ཚེ། །སྐུ་མདོག་དམར་བཀྲ་འོད་ཟེར་འབར། །ཆུ་རྟ་རྔོག་སྔོན་ཆིབས་སུ་འཆིབ། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་རྒྱུན་གྱིས་ནད་རྣམས་བཀྲུ། །ཀླུ་ནད་མཛེ་རིགས་སོས་པར་མཛད། །བྱང་ཆུབ་སེམས་དཔའ་ཀླུ་ཡི་གཟུགས། །མི་མགོན་དཀར་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་ལ། །མཛེ་རིགས་དྲེག་གྲུམ་བད་ཀན་རིགས། །རྐང་འབམ་དམུ་ཆུ་མཁལ་ནད་སོགས། །ནད་རྣམས་ཐམས་ཅད་ཞི་བར་མཛོད། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། ཁམས་གསུམ་དབང་དུ་སྡུད་པའི་ཚེ། །མྱུར་མགྱོགས་ཆུ་རྟ་སྔོན་པོ་འཆིབ། །ཕྱག་གཡས་སྦ་ལྕག་ཀླད་ལ་བསྐོར། །གཡོན་པས་གྭ་འུ་ཐུགས་ཀར་འཛིན། །སྣང་སྲིད་བདག་གི་དབང་དུ་སྡུས། །སྡང་བའི་དགྲ་ལ་དམག་འདྲེན་ཚེ། །གསེར་མདོག་སྐུ་ལ་བསེ་ཁྲབ་གསོལ། །རྟ་དཀར་གཡུ་རྔོག་ཆིབས་སུ་འཆིབ། །ཕྱག་གཡས་མདུང་དར་དཀར་པོ་ཕྱར། །འཁོར་གསུམ་བསྐོར་ཞིང་གཉན་དམག་སྡུད། །རྡོ་རྗེ་འོད་དཀར་ཞེས་ཀྱང་བྱ། །ལྡོམ་ལྡོམ་རཱ་ཙ་ཞེས་ཀྱང་བྱ། །རྡོ་རྗེ་ཀླུ་རྒོད་ཅེས་ཀྱང་བྱ། །སྤྲུལ་པས་ནམ་མཁའ་བར་སྣང་གང་། །སྤྲུལ་པས་ས་གཞི་ས་འོག་གང་། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །སྡང་དགྲ་གནོད་བྱེད་ཆམ་ལ་ཕོབ། །སྟོབས་དང་འབྱོར་པ་རྒྱས་པ་ཡི། །གཡང་དང་དངོས་གྲུབ་བསྩལ་དུ་གསོལ། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །བློན་པོ་ཀླུ་རྒྱལ་དུང་སྐྱོང་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །གཡོན་པས་རིན་ཆེན་ཟ་མ་ཏོག །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །ཡིད་ལ་ཅི་བསམ་ཅི་སྨོན་པ། །ཐམས་ཅད་ཁྱོད་ཀྱིས་འགྲུབ་པར་མཛོད། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །བཙུན་མོ་ཀླུ་མོ་འོད་ལྡན་མ། །གསེར་མདོག་མཛེས་སྡུག་འཛུམ་པ་ལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བཀླུབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །གཡོན་པས་རིན་ཆེན་ཟ་མ་ཏོག །སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། །དར་ཟབ་ན་བཟའ་རབ་ཏུ་བཀླུབས། །བཞེངས་སྟབས་སྦྲུལ་མཇུག་རྐེད་ལ་དཀྲིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ཅི་འདོད་དངོས་གྲུབ་ཁྱོད་ལ་ཡོད། །དེ་རྣམས་བདག་ལ་མྱུར་དུ་སྩོལ། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །བཀའ་འཁོར་ཀླུ་ཆེན་བརྒྱད་པོ་རྣམས། །སྐུ་སྟོད་ལྷ་བུའི་ཆ་ལུགས་ལ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ནོར་བུའི་གཙུག་ཕུད་རིན་ཆེན་བརྒྱན། །ཐལ་སྦྱར་གཏེར་གྱི་བུམ་པ་འཛིན། །སྐུ་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ། །བཙུན་མོ་སྲས་དང་བློན་པོར་བཅས། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཀླུ་ནད་ཐམས་ཅད་ཞི་བ་དང་། །ཀླུ་གཡང་མི་ལ་དབབ་ཏུ་གསོལ། །ཀླུ་ཡི་མགོན་པོ་དཀར་པོ་ཡི། །སྲས་ནི་ཀླུ་ཕྲུག་བརྒྱ་རྩ་བརྒྱད། ཁྱེའུ་ཆུང་བརྒྱ་དང་རྩ་བརྒྱད་དེ། །རེས་འགའ་ཆུ་རྟ་བརྒྱ་རྩར་སྤྲུལ། །རེས་འགའ་གསེར་ཉ་བརྒྱ་རྩར་སྤྲུལ། །རེས་འགའ་དུག་སྦྲུལ་བརྒྱ་རྩར་སྤྲུལ། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཡབ་ཡུམ་བློན་འབངས་སྲས་བཅས་ཀྱིས། །བདག་ལ་སིདྡྷི་མྱུར་དུ་སྩོལ། །གལ་ཏེ་མྱུར་དུ་མ་སྩོལ་ན། །སྔོན་གྱི་ཁས་བླངས་དམ་ལས་འགལ། །རྡོ་རྗེ་གཏུམ་པོ་ཐུགས་ཁྲོས་ནས། །སྤྲུལ་པའི་ཁྲོ་བོ་བྱ་ཁྱུང་དང་། །མེ་ཚན་བྱེ་ཚན་འཇིགས་པ་འབྱུང་། །དེ་བས་མྱུར་དུ་དངོས་གྲུབ་སྩོལ། །ཨོཾ་ཕེ་ལ་ཧཱུྃ། ཨོཾ་ནཱ་ག་འདུས། ནཱ་ག་དྷུ། ནཱ་ག་སརྦ། ཧེ་ལོང་ཧེ་ལོང་། ནཱ་ག་འདུས་འདུས། ཤཱནྟིཾ་འདུས། པུཥྚིཾ་འདུས། ནཱ་ག་དྷེ་ཝ་སརྦ་སིདྡྷི་ས་མ་ཡ། ནཱ་ག་འདུས་འདུས། ཧཱུྃ་ཧཱུྃ། བང་བ་ལ་འདུས། པུཥྚིཾ་ཚེ་དང་བསོད་ནམས་ལ་སིདྡྷི་ཧཱུྃ། ཞེས་པ་རྒྱ་གར་ཁྲག་འཐུང་ནག་པོས་མཛད་པའི་སྒྲུབ་སྔགས་དང་། ཨོཾ་སྤུ་ཙེ་སྤུ་ཙེ་ནཱ་ག་སྤུ་ཙེ། སྤུ་ཏ་སྤུ་ཏ་ནཱ་ག་སྤུ་ཏ། ཕི་ཤང་ཕི་ཤང་ནཱ་ག་ཕི་ཤང་། ནཱ་ག་སིདྡྷི་འུབ་འུབ། རུག་རུག་སིདྡྷི་སྡུས་སྡུས་ཧཱུྃ། ཨོཾ་ནཱ་ག་ལེ་ནཱ་ག་ལེ། ནཱ་ག་དུང་དུང་ནཱ་ག་སིདྡྷི་ཧཱུྃ། ཨོཾ་ནཱ་ག་པྲ་ཏི་རཱ་ཛ་ས་མ་ཡ་སིདྡྷི་འདུས་འདུས། ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་སྔགས་སོ། །དེ་རྣམས་ཅུང་ཟད་རེ་བཟླས་ཏེ། རྒྱུན་དུ་གཙོ་བོ་གནམ་ཆོས་གཞུང་གི་སྔགས་བཟླ་འོ། །དེ་ལྟར་རྒྱུན་དུའམ་དུས་བཟང་ལ་གསོལ་ཁ་བྱ། སྒྲུབ་དུས་ཀྱང་གསོལ་ཁ་གལ་ཆེ་སྟེ། འཇིག་རྟེན་མཆོད་དང་བསྟོད་པས་འགྲུབ། །ཅེས་གསུངས། ཡང་དགྲ་བགེགས་སོགས་ལ་རྦད་ན། དམར་གཏོར་ལ་དགུག་གཞུག་བྱ་སྟེ། ངོ་བོ་དགྲ་བགེགས་ཤ་ཁྲག་ལ་རྣམ་པ་བདུད་རྩིར་བསམ་ལ་འབུལ། ཧཱུྃ། ཀླུ་ཡི་མགོན་པོ་དཀར་པོ་ནི། །དྲག་པོའི་ལས་ལ་བསྐུལ་བའི་ཚེ། །ཡེ་ཤེས་ཀླུ་བདུད་མགོ་དགུ་པ། །ཀླུ་སྲིན་ནཱ་ག་རཀྴ་སྟེ། །སྐུ་མདོག་དུག་ཆེན་ཧ་ལའི་མདོག །ཞལ་གདངས་སྤྱན་གསུམ་མཆེ་བ་གཙིགས། །སྦྲུལ་མགོ་བརྒྱད་ནི་བར་སྣང་འཕྱོ། །སྐུ་སྨད་དུག་སྦྲུལ་འཁྱིལ་བ་ཡིས། །ཆུ་གཡག་རོག་པོ་རི་ཙམ་འཆིབ། །སྡོམ་སྡིག་སྦལ་སྦྲུལ་ཆར་དུ་འབེབ། །མེ་འབར་རླུང་འཚུབས་སེར་སྤྲིན་ཕྱུར། །རེས་འགའ་ཞལ་གཅིག་ཕྱག་གཉིས་ཏེ། །རེས་འགའ་ཕྱག་ནི་བཅུ་དྲུག་ལ། །རེས་འགའ་ཕྱག་ནི་ཉིས་བརྒྱར་ལྡན། །གཡས་ཀུན་གྲི་གུག་དགྲ་སྲོག་གཅོད། །གཡོན་ཀུན་སྦྲུལ་ཞགས་དགྲ་བོ་འཆིང་། །གཏད་ཁྲམ་ནག་པོའི་གཉེར་ཁ་འཛིན། །བསྟན་དང་བདག་ལ་སྡང་བ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །གསང་ཐིས་ནག་པོའི་ཁྲམ་ལ་ཐོབས། །གྲི་གུག་གཏུབས་ལ་སྦྲུལ་ཞགས་ཆིངས། །ཆུ་གཡག་ནག་པོས་རྡུང་དུ་ཆུགས། །ལས་མཁན་ནག་པོ་ཏི་པ་ཙ། །ཆུ་སྲིན་འབར་བའི་གྲེ་བར་བྲུབས། །ཀླུ་ནད་སྣ་ཚོགས་དགྲ་ལ་ཐོངས། །ཀླུ་ཡི་མགོན་པོའི་དུས་ལ་བབ། །ལྡོམ་ལྡོམ་རཱ་ཙའི་དུས་ལ་བབ། །རྡོ་རྗེ་ཀླུ་རྒོད་རྩལ་མ་ཞན། །ནག་པོ་དཔལ་མདངས་མཐུ་མ་ཆུང་། །འཁོར་དང་ཡང་འཁོར་བང་མ་བུལ། །ད་ལྟ་ཉིད་དུ་སྒྲོལ་ལ་ཤོག །བཅོལ་པའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཨོཾ་ནཱ་ག་རཱ་ཙ་ཀྲོ་ཏ་པ་ཙ་ལ་ཏི་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་ལ་ཕྱི་རོལ་དུ་གནོད་པའི་ཕྱོགས་སུ་ཕུལ་ལོ། །འདི་དོན་གལ་ཆེན་མིན་པར་འདོན་མི་རུང་ངོ་། །ཞེས་པ་འདི་ནི་སྔོན་གྱི་སྒྲུབ་གཞུང་གསར་རྙིང་མང་པོའི་དོན་བསྡུས་ཤིང་། རང་ཉིད་སྨར་ཁམས་ཕྱོགས་སུ་སྒར་བྱས་ནས་ཡོད་སྐབས་ཀྱང་འདིའི་རྟགས་དང་ཆོ་འཕྲུལ་མང་ཞིག་བྱུང་ཞིང་། འདི་ས་འོག་ཏུ་གནས་དུས་མི་མགོན་དཀར་པོ་དང་རི་ལ་གནས་དུས་གནས་པོ་རྡོ་རྗེ་གུར་མགོན་དང་། ནམ་མཁའ་ལ་གནས་དུས་ཡེ་རྫུ་ཡིན་ཞེས་པ་སོགས་ལུང་བསྟན་འདྲ་བ་དང་། དང་པོ་དུས་ཇ་འདྲེན་པའི་ཚུལ་དང་། རྗེས་ལ་མི་དཀར་རྟ་དཀར་ཞྭ་ཐེབ་དཀར་པོ་ཅན་རི་ལོགས་ཙམ་དུ་གཟུགས་སྟོན་པ་དང་། ས་ནག་པོ་ནས་ཕོ་བྲང་གི་མཚོ་སྟོན་པ་སོགས་ཉམས་ཀྱི་སྐབས་སུ་བྱུང་ནས། གནམ་ཆོས་ནས་སྒྲུབ་ཐབས་དང་ལས་བྱང་བྱུང་བའི་ལྷན་ཐབས་སུ་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་འགལ་མཆིས་ན་ལྷ་ཉིད་ལ་བཤགས་ཤིང་། དགེ་བས་སྨར་ཁམས་ཕྱོགས་སུ་མི་མང་པོ་ལ་དགོས་འདོད་ཡིད་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་ལུག་ལོ་གྲོ་བཞིན་ཟླ་བའི་ཚེས་བཅུ་དྲུག་ཉིན་ཉམས་ལ་བབས་ནས་བྲིས་པ་མངྒ་ལཾ།། །།
ནག་པོ་དགུའི་སྦྱོར་བ་ནད་གདོན་ཀུན་འཇོམས་ (Volume 44, Text 49)
༄༅། །ནག་པོ་དགུའི་སྦྱོར་བ་ནད་གདོན་ཀུན་འཇོམས་ཞེས་བྱ་བ་བཞུགས། ། རྒྱ་གར་སྐད་དུ། ན་བ་ཀཱ་ལ་ཡོ་ག །བོད་སྐད་དུ། ནག་པོ་དགུའི་སྦྱོར་བ་ཞེས་བྱ་བ། གིའུ་ཝང་དང་ནི་ཨ་རུ་ར། །བཙན་དུག་གླ་རྩི་ཤུ་དག་དང་། །གུར་གུམ་མུ་ཟི་ཤིང་ཀུན་རྣམས། །རྒྱ་ཡི་སྣག་ཚྭས་གཞི་བླངས་ལ། །ཕྱེ་མ་རིལ་བུ་གང་ཡང་རུང་། །ལུས་ལ་བྱུག་གམ་གདགས་པར་བྱ། །དགུ་ཡི་སྦྱོར་བ་ཚོགས་པ་ན། །གཅིག་ཏུ་ས་བདག་གཉེན་པོར་འགྱུར། །གཉིས་སུ་ཀླུ་ཡི་དུག་གསུམ་སེལ། །གསུམ་དུ་གཉན་གྱི་དུག་རྣམས་སེལ། །བཞི་རུ་ལྷོག་པ་དཀར་ནག་སེལ། །ལྔ་རུ་འབྲུམ་ནག་ཐུབ་པར་འགྱུར། །དྲུག་ཏུ་རྒྱུ་གཟེར་ཐུབ་པ་ཡིན། །བདུན་དུ་བལ་ནད་ཐུབ་པར་འགྱུར། །བརྒྱད་དུ་མཁྲིས་པ་རྩར་རྒྱུག་ཐུབ། །དགུ་རུ་འགོ་བའི་ནད་རྣམས་ཐུབ། །བྱིས་པའི་གདོན་ཆེན་བཅོ་ལྔ་ཐུབ། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །ནག་པོ་དགུ་ཡི་སྦྱོར་བ་འདི། །རྒྱུད་སྡེ་ཀུན་ནས་བཏུས་པ་འོ། །སྨན་དགུ་ལ་ནི་ལྷ་དགུ་བསྐྱེད། །ལྷ་དགུ་ལ་ནི་སྔགས་དགུ་གདབ། །རབ་གནས་བྱས་ལ་མགུལ་དུ་གདགས། །ནད་གདོན་སྲུང་བར་ཐེ་ཚོམ་མེད། །བརྒྱུད་ལྡན་དོན་དགུའི་སྒོ་ནས་སོ། །དེ་ཡི་ལག་ལེན་མན་ངག་ནི། །གཟའ་སྐར་ཚེས་གྲངས་བཟང་དུས་ལ། །རང་རང་ངོ་བོ་མ་ཉམས་པའི། །སྨན་རྣམས་ལེགས་པར་རབ་བསགས་ནས། །མི་མཐུན་ཉམས་པའི་སྐྱོན་སྤངས་ལ། །ཨ་རུ་གིའུ་ཝང་ཤུ་དག་དང་། །བཙན་དུག་གླ་རྩི་གུ་གུལ་དང་། །ཤིང་ཀུན་མུ་ཟི་རྒྱ་སྣག་རྣམས། །རིམ་བཞིན་སྨན་བླ་ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ།འཇམ་དབྱངས་དང་།་་་ཨོཾ་ཝཱ་གཱི་ཤྭ་རི་མུཾ། སྤྱན་རས་གཟིགས་་་ཨོཾ་མ་ཎི་པདྨེ་ཧཱུྃ།དང་རྡོ་རྗེ་འཛིན།་་་ཨོཾ་བཛྲ་པཱ་ཎི་ཧཱུྃ། རྟ་མགྲིན་་་ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ།ཁྲོ་བོ་བདུད་རྩི་འཁྱིལ།་་་ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། གང་བཟང་་་ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ།དབང་ཕྱུག་ཆེན་པོ་དང་།་་་ཨོཾ་མ་ཧཱ་དེ་ཝ་ཧཱུྃ་ཕཊ། ཚོགས་ཀྱི་བདག་པོར་་་ཏདྱ་ཐཱ། ན་མཿསྟུ་ཏེ་ག་ཎ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་གཿགཿགཿགཿགཿགཿགཿགཿག་ཎ་པ་ཏ་ཡེ་སྭཱ་ཧཱ།བསྐྱེད་བྱས་ནས། རང་རང་སྙིང་པོ་གང་འགྲུབ་བཏབ། །རབ་གནས་ཤིས་བརྗོད་སོགས་ཀྱང་བྱ། །གོང་བཞིན་གང་དགོས་རིགས་པས་དཔྱད། །ཤིན་ཏུ་ཟབ་པའི་མན་ངག་མཆོག །འགྲོ་ལ་ཕན་པའི་དོན་དུ་ནི། །མ་སྦས་གསལ་བར་བསྟན་པ་ཡི། །དགེ་བས་འགྲོ་རྣམས་སངས་རྒྱས་ཤོག། །།
རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་དང་བཅས་པ་ལྷན་ཐབས་སུ་བསྡེབས་པ་ (Volume 45, Text 49)
༄༅། །རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོའི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་དང་བཅས་པ་ལྷན་ཐབས་སུ་བསྡེབས་པ་བཞུགས། །ཆོས་གླིང་ཆོས་བདག་བར་ཆད་སེལ་བའི་ཆོས་བཞིའི་ནང་ཚན་ནོ། ། ན་མོ་བཛྲ་བི་དཱ་ར་ཎ་ཡ། སྲས་བཅས་རྒྱལ་བའི་ཐུགས་གསང་ཡེ་ཤེས་ཀྱི། །དྲི་མེད་རྡོ་རྗེ་འཛིན་དེར་གུས་བཏུད་ནས། །གང་གི་སྒྲུབ་ཐབས་བུམ་ཆོག་བཀྲུ་བྱབ་བཅས། །མི་གཙང་ཉེས་ཚོགས་དག་བྱེད་འདི་ན་བསྒྲུབ། །དེ་ལ་འདིར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོའི་སྒྲུབ་ཐབས་བུམ་ཆོག་དང་རྗེས་སུ་འབྲེལ་བར་བཀྲུ་བྱབ་སྲུང་གསུམ་དང་བཅས་པ་གཏེར་གཞུང་ལ་ངག་འདོན་ཆོག་ཁྲིགས་ལྷན་ཐབས་ཀྱིས་བླན་ཏེ་འགོད་པ་ལ་གསུམ། བདག་དོན་བསྙེན་པའི་རྣལ་འབྱོར་རྒྱུན་ཁྱེར། བུམ་སྒྲུབ་ཆོ་ག་དང་བཅས་པ། རྗེས་འབྲེལ་བཀྲུ་བྱབ་སྲུང་བའོ། །དང་པོ་ནི། ཐོ་རངས་ལ་སོགས་པའི་དུས་གཙང་ཞིང་དབེན་པར་དྲི་ངའི་ཟས་དང་སྤྱོད་ལམ་སྤངས་ལ་ཚངས་སྤྱོད་དཀའ་ཐུབ་ཀྱི་བརྟུལ་ཞུགས་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་ནི། དཀོན་མཆོག་གསུམ་སོགས་སྐྱབས་ཡུལ་ཀུན། །འགྱུར་མེད་གསང་བདག་ཐུགས་ཀྱི་ལྷར། །ཡོངས་སུ་འདུས་ལ་སྐྱབས་སུ་མཆི། །གཞན་དོན་སྨོན་འཇུག་བྱང་སེམས་བསྐྱེད། །ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་ཉིད་ངང་ལས་རྡོ་རྗེ་དཀར་གསལ་ནི༔ ཤེལ་ལྟར་འཚེར་བ་རྩེ་ལྔ་རྒྱ་གྲམ་གྱི༔ མཐའ་སྐོར་པད་དཀར་དྲི་མེད་ཕྲེང་བ་དང༔ རྡོ་རྗེའི་ར་བ་དཀར་པོ་མེ་ཕུང་གི༔་་་དཀར་པོ། གུར་ཁང་དབུས་སུ་པད་ཟླར་རང་རིག་ནི༔ ཧཱུྃ་དཀར་ག་པུར་ཟེགས་མ་རབ་འཕྲོས་པས༔ འཕགས་པ་མཆོད་ཅིང་སེམས་ཅན་སྡིག་སྒྲིབ་སྦྱངས༔ སླར་འདུས་རང་ཉིད་རྣམ་པར་འཇོམས་པའི་སྐུ༔ རབ་དཀར་ཞི་མ་ཁྲོ་དབྱིབས་སྤྱན་གསུམ་འབར༔ རྫི་སྨིན་དབུ་སྐྲ་དཀར་སེར་གྱེན་དུ་འཁྱིལ༔ རིན་ཆེན་དབུ་རྒྱན་སྙན་ཆ་གདུ་བུས་མཛེས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན༔ དྲི་མེད་ལྷ་ཡི་ན་བཟའ་ལྷབ་ལྷུབ་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་ཅུང་ཟད་འགྱིང་ཚུལ་གྱིས༔ དཔག་ཡས་འོད་ཟེར་འཕྲོ་དབུས་ལྷང་མེར་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཀྱི་འཕྲོ་འདུ་ལས༔ རང་རིག་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ བཛྲ་ས་མཱ་ཛཿ སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་མོས། དབང་གི་ལྷ་ཚོགས་རྣམས་ཀྱིས་བདུད་རྩིའི་ཆུས༔ ཁྲུས་གསོལ་རྒྱུ་ལ་འབྲས་བུས་རྒྱས་བཏབ་གྱུར༔ ཅེས་རང་འདྲས་དབུ་བརྒྱན། སླར་ཡང་ཐུགས་ལས་སྤྲུལ་པའི་ལྷ་མོས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་བཞིན་དུ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གྷནྡྷེ་ ནཻ་ཝིདྱ་ ཤབྡ་སྦྱར་བས་མཆོད། དུས་གསུམ་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐུ་སྟོབས་ཀུན༔ མི་འགྱུར་གསང་བདག་ཐུགས་ཀྱི་ལྷར་ཤར་བ༔ རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད༔ ཐུགས་ཀར་ཟླ་སྟེང་དཀར་གསལ་ཡི་གེ་ཧཱུྃ༔ དེ་མཐར་གཟུངས་སྔགས་སྙིང་པོས་བསྐོར་བ་ལས༔ འོད་འཕྲོས་འཕགས་པ་མཆོད་ཅིང་མཁའ་ཁྱབ་ཀྱི༔ འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་སྦྱངས༔ ཁྱད་པར་རང་ལུས་བདུད་རྩི་དཀར་བསིལ་གྱིས༔ རྐང་པའི་མཐེབ་སོར་ཚུན་གང་ནད་གདོན་བགེགས༔ སྡིག་སྒྲིབ་ཉེས་ལྟུང་རྒྱུད་དུ་འཁྲིགས་པ་ཀུན༔ དུད་ཁུའི་རྣམ་པར་ཕྱིར་འཐོན་རང་གི་ལུས༔ སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟ་བུའི་དབུས༔ ཙིཏྟའི་གུར་ཁང་ཏིང་འཛིན་སེམས་དཔའི་མཐར༔ སྔགས་ཀྱི་འོད་དཀར་རབ་ཏུ་འབར་བར་གྱུར༔ ཅེས་པའི་ཏིང་ངེ་འཛིན་དང་ལྡན་པས་སྤྲོ་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་སོགས་གླེང་གཞི་ཆེ་བ་དྲན་པ་ཚར་གཅིག་དང་། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནས། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊཿ ཅེས་པའི་བར་གྱི་གཟུངས་རིང་ཐུང་ཉེར་གཅིག་གམ་ཅི་རིགས་དང་། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ༴ ཞེས་པའི་ཡང་སྙིང་བརྒྱ་རྩ་བརྗོད་མཐར། སྡིག་པ་ཐམས་ཅད་སོགས་ནས། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པ་ཡན་གྱི་ཕན་ཡོན་བརྗོད་ཅིང་བསམ། བསྡུ་ན། སྔགས་ཀྱི་འོད་དཀར་ཀུན་ཏུ་འབར་བར་གྱུར༔ ཅེས་པའི་མཇུག་ཏུ་ཡང་སྙིང་བརྒྱ་རྩ་སོགས་བཟླ། གང་གི་ཚེ་ཡང་ཐུན་མཐར་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བརྗོད་པས་བསྐྱེད་བཟླས་ཏིང་འཛིན་ཉམས་པ་བསྐང་། སྤྲོ་ན་སྔགས་ཙམ་གྱིས་མཆོད། གོང་གི་བསྟོད་པས་བསྟོད། མི་གཙང་ནད་གདོན་སྡིག་སྒྲིབ་དམ་ཉམས་སོགས། །རྩ་བ་ཡན་ལག་ཉམས་ཆག་ཀུན་བསྐངས་ཏེ། །རྣམ་དག་ཡེ་ཤེས་གཙང་མར་སོར་ཆུད་ནས། །སྐྱེ་མེད་དབྱིངས་ཀྱི་ནཱ་དར་དམིགས་མེད་བསྡུ། །སླར་ཡང་དེ་ལས་མ་འགགས་སྣང་བའི་ཆ། །རིག་པའི་ཡེ་ཤེས་རྣམ་པར་འཇོམས་པར་གསལ། །ཞེས་སྣོད་བཅུད་ཕུང་པོ་ལྷར་གསལ་བ་ཐུགས་སྲོག་ཧཱུྃ་གི་ནཱ་དར་བསྡུ། དེ་ཡང་དམིགས་མེད་ཀློང་དུ་བཞག །སླར་རྗེས་ཐོབ་ཀྱི་ལྷར་སྐད་ཅིག་དྲན་རྫོགས་སུ་ལྡང་བ་རྫོགས་རིམ་སྟེ་བདག་དོན་བསྙེན་པའི་རྣལ་འབྱོར་རྒྱུན་ཁྱེར་རོ། །གཉིས་པ་བུམ་སྒྲུབ་ཆོ་ག་དང་བཅས་པ་ནི། རང་ཉིད་ལ་ཕྱོགས་པའི་གཙང་མའི་སྟེགས་ཀྱི་ཁར་བུམ་གདན་པདྨ་དཀར་པོ་འདབ་བརྒྱད་བྲིས་པའི་སྟེང་དུ། དངུལ་ལ་སོགས་པའི་བུམ་པ་དཀར་པོ་དྲི་མ་མེད་པ་རྒྱུན་འབབ་ཀྱི་ཆུ་སྲོག་ཆགས་མེད་པས་སུམ་གཉིས་བཀང་། ནོར་བུ་ཡུངས་དཀར་དཱུརྦ་རིན་པོ་ཆེ༔ ཙནྡན་དཀར་པོ་དྲི་མེད་ལེགས་བཏབ་པ༔ ཞེས་པའི་བུམ་རྫས་དང་། ཤེལ་དང་རྡོ་རྗེ་མེ་ཏོག་ཁ་རྒྱན་ཅན༔ དྲི་མེད་རས་དཀར་ཁ་ཚར་མགུལ་པ་བཅིང༔ ཞེས་པའི་ཆས་སུ་བཅུག་པ་བཀོད། མདུན་དུ་འདས་གཏོར་དཀར་རྒྱན་ཅན་དང་མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་མཚམས་འཛིན་དང་བཅས་པ་གཡས་སྐོར་དུ་བཀོད། རང་གི་མདུན་དུ་བསང་ཆུ་རྡོར་དྲིལ་སོགས་བཤམ། སྔོན་འགྲོའི་གཏོར་མ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ལན་གསུམ་དང་། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །སྔགས་སྤྱོད་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་གྲུབ་མཛོད། །ཅེས་པས་བསྔོ་ཞིང་ཕྲིན་ལས་བཅོལ། བར་དུ་གཅོད་པའི་བགེགས་རྣམས་ལ་ཡང་སྙིང་དང་ཧཱུྃ་བཞི་བཟླས་པས་བསྐྲད། རྡོ་རྗེ་དཀར་པོའི་རྭ་བ་དང་དྲྭ་བ་གུར་བླ་བྲེ་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཀར་གསལ་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོར་གྱུར་པར་མོས། ཨོཾ་བཛྲ་རཀྵ་ཛྭ་ལ་ཧཱུྃ། མཆོད་པ་རྣམས་བསང་ཆུ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་མཆོད་པའི་ལྷ་མོ་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་དུ་ཉེར་སྤྱོད་སོགས་མཆོད་པའི་སྤྲིན་རབ་འབྱམས་འཛིན་པ་ནམ་མཁའི་མཐའ་ཀླས་པས་ཡོངས་སུ་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་རིགས་འགྲེ་བའི་པཱ་དྱཾ་སོགས་དང་། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ཀྱིས་བྱིན་བརླབ། སྐྱབས་སེམས་ནས་བདག་གི་རྣལ་འབྱོར་བཟླས་པ་མཆོད་བསྟོད་དང་བཅས་པ་བྱ། བུམ་པ་བསང་ཆུ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བུམ་གདན་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ་ཁ་གཡེལ་ཞིང་མཆུ་འཕྱང་བ། རྩ་བ་དང་ནག་པོའི་ར་རི་མེད་པ། ལྷའི་གོས་བཟང་པོས་མགུལ་པ་དཀྲིས་ཤིང་འབྲས་བུ་མེ་ཏོག་དང་ལྡན་པའི་ཤིང་རྡོ་རྗེ་རིན་པོ་ཆེའི་ཁ་རྒྱན་ཅན། ནང་དྲི་བཟང་གི་ཆབ་ཀྱིས་བཀང་བའི་དབུས་སུ་པཾ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་ལྟེ་བར། ཧཱུྃ་ཡིག་དཀར་པོ་ལས་འོད་ཟེར་ག་པུར་གྱི་ཟེར་མ་ལྟ་བུ་འཕྲོས། འཕགས་པ་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཤེལ་དཀར་ཞུན་མའི་ཕུང་པོར་ཟླ་འོད་བྱུགས་པ་ལྟ་བུར་དཀར་བའི་སྐུ །དགྱེས་པའི་ཞལ་གཅིག་འཛུམ་ཞིང་སྤྱན་གསུམ་ཡིད་ཙམ་ཁྲོ་བ། རྫི་སྨིན་སྨ་ར་དབུ་སྐྲ་དཀར་སེར་གྱེན་དུ་འཁྱིལ་བ། ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ཀུན་ཏུ་འཕྲོ་བ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་པས་དངུལ་དཀར་གྱི་དྲིལ་བུ་བདག་བྲལ་གྱི་སྒྲ་སྒྲོག་པ་དཀུ་གཡོན་དུ་བརྟེན་པ། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་ཆུ་དོ་ཤལ་འོག་པགས་ཕྱག་ཞབས་ཀྱི་གདུ་བུས་རྣམ་པར་སྤྲས་ཤིང་། ལྷའི་གོས་དྲི་མ་མེད་པའི་སྟོད་གཡོགས་དང་སྨད་ཤམ་ཡུག་གོས་ལྷབ་ལྷུབ་ཏུ་གསོལ་བ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འོད་དང་འོད་ཟེར་གྱི་ཀློང་ན་ཅུང་ཟད་འགྱིང་བའི་ཚུལ་གྱིས་ལྷམ་མེར་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ནས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མ་ཡ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བུམ་པ་བདུད་རྩིའི་བཅུད་དང་ལྡན་པས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ཞབས་ཡར་ལུད་པ་རྒྱུ་ལ་འབྲས་བུའི་རྣམ་པར་འཇོམས་པ་རང་འདྲ་བས་དབུ་བརྒྱན་པར་གྱུར། རང་ལྷར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་པར་མོས་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤབྡ། སྦྱར་ཞིང་ཐོག་མཐའ་རིགས་འགྲེ་བས་མཆོད། དུས་གསུམ་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐུ་སྟོབས་ཀུན༔ མི་འགྱུར་གསང་བདག་ཐུགས་ཀྱི་ལྷར་ཤར་བ༔ རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ ཅེས་ཤྭ་ལོ་ཀ་གཅིག་དང་། མི་ཤིགས་རྡོ་རྗེའི་ར་བ་མེ་ཕུང་ནི། །ཤེལ་དཀར་ཕྲེང་བ་ཟླ་ཞུན་ཐིགས་པ་ཡིས། །ལན་བརྒྱར་བྱུགས་ལྟར་ཀུན་ནས་འོད་འབར་དབུས། །པད་ཟླར་མངོན་པར་རོལ་ལ་ཕྱག་འཚལ་བསྟོད། །སྒྲིབ་པའི་མུན་ཆེན་དྲུངས་ནས་འབྱིན་བྱེད་པའི། །དྲི་མེད་ཟླ་འོད་གཞོན་ནུར་འཛུམ་པའི་ཞལ། །སྤྱན་གསུམ་ཡིད་ཙམ་ཁྲོ་བའི་ལྟ་སྟངས་ཅན། །འགྱིང་ཚུལ་བསིལ་ཟེར་སྤྲོ་ལ་ཕྱག་འཚལ་བསྟོད། །རྫི་སྨིན་སྨ་ར་དབུ་སྐྲ་དཀར་སེར་ཚོགས། །གྱེན་འཁྱིལ་རྡོ་རྗེ་རིན་ཆེན་ཅོད་པན་དང་། །སྙན་ཆ་མགུལ་ཆུ་དོ་ཤལ་གདུ་བུ་སོགས། །རིན་ཆེན་རྒྱན་ཕྲེང་འཛིན་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན། །དྲི་མེད་རེག་འཇམ་ལྷ་ཡི་ན་བཟས་བཀླུབས། །རྡོ་རྗེའི་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་བསྟོད། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཆང་བ། །གང་སྐུའི་བཀོད་པ་བསམ་པས་ཁྱབ་མིན་ཡང་། །འགྲོ་བའི་སྡིག་ལྟུང་དྲི་མ་སྦྱོང་བའི་སླད། །མོས་བློར་མཚན་དཔེར་གསལ་ལ་ཕྱག་འཚལ་བསྟོད། །མཚོན་བྱེད་དཔེ་དང་རྒྱན་དང་ཕྱག་རྒྱ་སོགས། །སྣ་ཚོགས་སྣང་ཡང་ངོ་བོ་ཆོས་ཀྱི་དབྱིངས། །རིག་པའི་ཡེ་ཤེས་རྣམ་པར་འཇོམས་པའི་ངང་། །གཉིས་མེད་འཕྲུལ་དགའི་ཚུལ་གྱིས་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། ཐུགས་ཀར་ཟླ་སྟེང་དཀར་གསལ་ཡི་གེ་ཧཱུྃ༔ དེ་མཐར་གཟུངས་སྔགས་སྙིང་པོས་བསྐོར་བ་ལ༔ བདག་ཉིད་ལྷར་གསལ་ཐུགས་ལས་སྔགས་ཕྲེང་འཕྲོས། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །སྐུ་ཡི་ཆ་དང་ཐུགས་ཀའི་སྔགས་ཕྲེང་ལས། །བདུད་རྩིའི་རྒྱུན་བབས་བུམ་ཆུར་གཉིས་མེད་ཐིམ། །ཞེས་བསམ། གཟུངས་ཐག་གཏད་དེ་བདག་གི་རྣལ་འབྱོར་ལྟར་ཆེ་བ་དྲན་པ་སྔོན་དུ་འགྲོ་བས་གཟུངས་རིང་ཐུང་ཉེར་གཅིག་དང་ཡང་སྙིང་བརྒྱ་ཕྲག་སོགས་ལོང་སྐབས་དང་བསྟུན་པར་བཟླ། མཐར་ཕན་ཡོན་དང་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སུམ་སྦྲེལ་བརྗོད་པས་ལྷག་ཆད་ཁ་བསྐང་། རྒྱས་པར་ན་གོང་བཞིན་ནམ་བསྡུ་ན་སྔགས་ཙམ་གྱིས་མཆོད་ཅིང་བསྟོད་པ་ཤྭ་ལོ་ཀ་དང་པོས་བསྟོད། འདས་གཏོར་ཨོཾ་ཨཱཿཧཱུྃ་དང་། ཨ་ཀཱ་རོ་མུ་ཁཾ་ལན་གསུམ་གྱིས། པདྨའི་སྣོད་དུ་དག་ཅིང་གཙང་ལྡན་དྲི་མ་མེད་པའི་གཏོར་མ་འདོད་ཡོན་གྱི་ཕུང་པོར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨི་དམ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཅེས་སོགས་ནས། ཡིད་ལ་འདོད་པ་ཀུན་གྲུབ་མཛོད། །ཅེས་པས་དབུལ་ཞིང་ཕྲིན་ལས་བཅོལ། སྤྲོ་ན་འཇིག་རྟེན་པ་རྣམས་ལ་ཆ་གསུམ་གྱི་གཏོར་མའང་བསྔོ། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བུམ་ལྷའི་ཐུགས་ཀར་ཕོག་པས་མཉེས་ཏེ་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པ་སྣོད་བཅུད་དངོས་པོ་གང་ལ་འཐོར་ཡང་མི་གཙང་བ་དྲུངས་ནས་འབྱིན་ཅིང་དག་པ་ཆེན་པོ་ལ་སྦྱོར་བར་གྱུར་པར་བསམ་པ་སྟེ་བུམ་སྒྲུབ་ཆོ་གའི་རིམ་པའོ། །གསུམ་པ་དེ་དང་རྗེས་སུ་འབྲེལ་བར་གཞན་དོན་བཀྲུ་བྱབ་སྲུང་གསུམ་ནི། བསྒྲུབ་བྱ་རེ་བ་ལ་སོགས་པའི་སྟན་ལ་གོས་ནག་གྱོན། མདུན་དུ་ཁྲུས་སྡེར་བཤམ། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམ་པའི་ཁྲུས་བུམ་རྡོར་དྲིལ་སྤོས་ཐུན། སྣོད་གཅིག་ཏུ་ཏིང་ལོ་ཆངས་བུ་གཏོར་ཟན་རྣམས་བརྒྱ་རྩའམ་ཉེར་གཅིག་རེ་བཤམས་ལ། བསྒྲུབ་བྱའི་སྤྱི་བོར་པཾ་ལས་པདྨ་དཀར་པོ་དང་སོགས་མངོན་རྟོགས་ནང་བཞིན། ལྷམ་མེར་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐའ་སྐོར་དུ་ཡང་སྙིང་སྔགས་ཀྱི་ཕྲེང་བ། སྟོན་ཀའི་ཟླ་འོད་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་ལྟར་ཀུན་ཏུ་འབར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་བསིལ་རེག་ན་བདེ་བའི་རྒྱུན་བ་མོ་ལྟར་འཛག་པས། སྤྱི་གཙུག་ནས་མར་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཉེས་ལྟུང་གི་རིགས་སུ་གྱུར་པ་དང་། གཞན་ཡང་དམ་ཉམས་པ་དང་ཚོགས་དང་དཀྱིལ་འཁོར་འདྲེས་པ། ཆོས་བཤད་པ་དབང་བསྐུར་བ། ཟས་གོས་དང་གཏམ་འདྲེས་པ། གནས་དང་ལུང་པ་གཅིག་ཏུ་འདུག་ཅིང་། རླུང་ཕྱོགས་དང་ཆུ་རྒྱུན་གཅིག་ཏུ་བཏུངས་པའི་ཉམས་གྲིབ། དམེ་ཡུགས་མཛེ་དང་རོ་འཁོན་གདོན་ཅན་སོགས་ཀྱིས་བསྐྱེད་པའི་སྒོ་གསུམ་ལ་སྡིག་ཅིང་ཡེ་ཤེས་ལ་སྒྲིབ་པའི་ཉེས་ཚོགས་མི་གཙང་བ་ཐམས་ཅད། རྐང་པའི་མཐེབ་སོར་དང་བཤང་གཅིའི་ལམ་ནས་དུད་ཁུའི་རྣམ་པར་འཐོན། ཤེལ་གོང་ཕྱིས་པ་གཡའ་དག་པ་ལྟ་བུར་གྱུར་པའི་ཙིཏྟ་རིན་ཆེན་འབར་བ་ཤེལ་དཀར་ཟུར་བརྒྱད་པ་ཟླ་བའི་དཀྱིལ་འཁོར་དྲི་མ་དང་བྲལ་བའི་ལྟེ་བར་སྙིང་པོ་སྔགས་ཀྱི་ཕྲེང་བ་འོད་ཟེར་དཀར་པོ་ཀུན་ཏུ་འབར་བར་གྱུར་པའི་མོས་པ་གྱིས་ཤིག་པའི་བརྡ་སྦྱར་ཞིང་རང་གཞན་གཉིས་ཀས་བསྒོམ་པ་དང་ལྷན་ཅིག །བུམ་པའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་བྲན་བཞིན་པས་གཟུངས་རིང་ཐུང་ཡང་སྙིང་དང་བཅས་པའི་མཐར་ཁྲུས་འཐུང་ཁ་གདོང་བཤལ་ཏེ་བུམ་ཆུ་ཀུ་ཤས་འཐོར་བ་དང་བཅས་ཏེ། ནད་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། གདོན་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། སླར་ཡང་ཁ་རྒྱན་གྱི་མདོངས་སྒྲོའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཡང་སྙིང་སྔགས་ཀྱི་ཕྲེང་བ་མེ་ལོང་གི་གཟུགས་བརྙན་ལྟར་དྭངས་གསལ་སྒྲིབ་མེད་དུ་ཤར་བ་དེ་ལས་འོད་ཟེར་ཀུ་ཤའི་ཆུན་པོ་ལྟ་བུ་འཕྲོས། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉེས་ལྟུང་ཐམས་ཅད་ཕྱགས་མས་བཏབ་པ་བཞིན་དུ་བདས་ཏེ་ཁྲུས་ཆུར་སིབ་སིབ་ཐིམ་པར་གྱུར་པར་མོས་ལ། ཡང་སྙིང་གི་མཇུག་ཏུ་ནད་ཐམས་ཅད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ་གདོན་ཐམས་ཅད། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད། ཅེས་པས་རེ་རེ་བཞིན་ནས་ལུས་ལ་བྱབ་ཅིང་ཁྲུས་ཆུར་བསྟིམ་ཚུལ་བྱ། དེ་ནས་ཁྲུས་ཆུ་དེ་ཉིད་ཀྱིས་བརྫིས་པའམ་བྲན་པའི་ངར་གླུད་དང་། གོང་གི་ཆངས་བུ་ཏིང་ལོ་གཏོར་ཟན་རྣམས་བདུན་ཚར་རེ་རེ་བཞིན། སམྦྷ་ར་བདུན་དང་། དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲག་ཅིང་བྱིན་གྱིས་བརླབ། གནོད་བྱེད་ལན་ཆགས་ཚིམ་བྱེད་བཟའ་བཏུང་གནས་ལུས་ལོངས་སྤྱོད་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར་པ་འདི་ཉིད། ཚེ་རབས་ཐོག་མ་མེད་པ་ནས་སྡིག་སྒྲིབ་ཉེས་ལྟུང་དང་ལྷན་ཅིག་སྒོ་གསུམ་ལ་བར་དུ་གཅོད་ཅིང་། ཡེ་ཤེས་ལ་སྒྲིབ་པའི་འཁྲུལ་སྣང་ཡིད་ཀྱི་ལུས་ཅན་ས་འོག་ས་སྟེང་ས་བླར་རྒྱུ་བའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ་བསྔོ་འོ། །མཆོད་སྦྱིན་བཟང་པོ་འདིས་ཚིམས་པར་གྱིས་ལ་གནོད་འཚེ་གདུག་པའི་བསམ་སྦྱོར་སྤོངས་ལ་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་བསྒོ་བ་འདས་ཤིང་ལོག་པར་འདྲེན་པར་འགྱུར་བ་གང་ཡིན་པ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་མི་བཟད་པ་རབ་ཏུ་ཁྲོས་པའི་ཡེ་ཤེས་ཀྱིས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ། །ཞེས་བསྔོས་པའི་མཐར་གླུད་གཏོར་རྣམས་བསྒྲུབ་བྱ་ལ་གཡས་སུ་བསྐོར་ཏེ་རྒྱང་རིང་པོར་དོར། སྤོས་ཀྱིས་བདུག་ཅིང་ཐུན་གྱིས་བྲབ་རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། ཡང་སྙིང་བཟླས་པས་བགེགས་དཔག་ཚད་དུ་བསྐྲད་པར་བསམ། བསྒྲུབ་བྱ་གདན་གོས་དཀར་པོ་ལ་གནས་པ། སྐད་ཅིག་གིས་རྡོ་རྗེ་རྣམ་པར་འཇོམས་པར་གསལ་བར་གྱུར་པའི་གནས་ལྔ་ཚིགས་ཆེན་བཞི་པོར་ཡང་སྙིང་གི་ཤམ་བུར་རཀྵ་ཀུ་རུ་ཧཱུྃ་བཏགས་པ་བཟླ་བཞིན་པས་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་བཀོད་ཚུལ་བྱས་པ་ལ་བརྟེན་ནས། རྡོ་རྗེ་དཀར་པོ་རྒྱ་གྲམ་གྱིས་ལུས་ཀྱི་ཕྱི་ཐམས་ཅད་ཡེ་ཤེས་རྡོ་རྗེའི་གོ་ཁྲབ་ཀྱིས་གོ་མཚམས་མེད་པ་འཕྱུར་བུར་གཏམས་པས། སྡིག་སྒྲིབ་ཉེས་ལྟུང་གདོན་བགེགས་སོགས་བར་དུ་གཅོད་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་མི་ཆོད་མི་ཤིགས་པ་ཉིད་དུ་གྱུར། རྒྱས་པར་ན། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཅེས་སོགས་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་མདོའི་ཤིས་བརྗོད་དམ། བསྡུ་ན། དུས་གསུམ་སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐུ་སྟོབས་ཀུན༔ མི་འགྱུར་གསང་བདག་ཐུགས་ཀྱི་ལྷར་ཤར་བ༔ རྡོ་རྗེ་རྣམ་པར་འཇོམས་པའི་བཀྲ་ཤིས་ཤོག༔ ཅེས་དང་། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཅེས་སོགས་དང་། ཉིན་མོ་བདེ་ལེགས་སོགས་པ་རྣམས་ཀྱིས་ཤིས་པ་བརྗོད་པ་སྟེ་གཞན་དོན་བཀྲུ་བྱབ་སྲུང་བའི་རིམ་པའོ། །སྒོ་གསུམ་ཡེ་ནས་དག་པ་གངྒཱའི་ཆབ། །གནས་སྐབས་རྐྱེན་གྱིས་བསྒྱུར་པའི་རྙོག་ཅན་རྣམས། །དྲུངས་འབྱིན་རྣམ་པར་འཇོམས་པ་ཀེ་ཏ་ཀའི། །མན་ངག་མཛོད་འཆང་དྲང་སྲོང་མཁོ་བའི་སྐྱེས། །ནད་གདོན་མི་གཙང་ཚད་པས་གདུངས་པ་རྣམས། །ཡིག་འཁྱར་གྱོ་དུམ་བསྡུས་པའི་བསིལ་གྲིབ་ལ། །བདེ་བར་ངལ་གསོར་འདོད་པའི་ལས་དོར་ཏེ། །ལེགས་བཤད་ཡན་ལག་བརྒྱད་པའི་ཆབ་འདི་བསྟེན། །ཧ་ཅང་ཚིག་གི་སྤུན་པས་མ་རྙོགས་ཤིང་། །སྒྲ་སྦྱོར་དོན་མིན་ལྷད་ཀྱིས་མ་བསླད་པར། །ལྷན་ཐབས་ཨོ་རྒྱན་ཆོ༵ས་རྗེ༵འི་དགོངས་པའི་རྒྱན། །རྔ་ཡབ་གླི༵ང་པ༵འི་འབངས་དེས་བྱས་པ་ཡིན། །ཐོག་མའི་རྩོམ་ཡིག་རྒྱལ་རྩེ་རིག་སྔགས་འཆང་། །རྭ་སྟོན་སྟོབས་ལྡན་ཐོགས་མེད་རྩལ་གྱིས་སོ། །དགེའོ།། །།
ཟབ་བདུན་མཆོག་ཟབ་ཡང་དག་གི༔ སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་ (Volume 27, Text 49)
༁ྃ༔ ཟབ་བདུན་མཆོག་ཟབ་ཡང་དག་གི༔ སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་བཞུགས༔ ྈྈྈ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕུན་སུམ་ཚོགས་པས་གཞི་བཟུང་ལ༔ སྒྲུབ་པ་ཚོམ་བུ་འཚོགས་པའི་ནང༔ ཕོ་མོ་ལྷ་དང་གྲངས་སྤྲད་དེ༔ སྔོན་འགྲོའི་རིམ་པ་གཞུང་བཞིན་བྱ༔ གཉིས་པ་དངོས་གཞིའི་རྣལ་འབྱོར་ནི༔ ཧཱུྃ༔ འཛིན་པའི་དབང་གིས་སྡུག་བསྔལ་ཞིང༔ གདུག་པ་སྲིད་གསུམ་འདུལ་བ་དང༔ ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར༔ ཧེ་རུ་ཀ་ཡི་དཀྱིལ་འཁོར་བསྒོམ༔ ཧཱུྃ༔ ཆོས་རྣམས་སྐྱེ་མེད་སྤྲོས་དང་བྲལ༔ འགག་མེད་ཡེ་ཤེས་ཀུན་ཏུ་ཁྱབ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་པའི༔ རང་རིག་ཧཱུྃ་སྔོན་འབར་བར་གྱུར༔ རྡོ་རྗེ་རྒྱུ་ཡི་ཧེ་རུ་ཀ༔ ཐུགས་ནས་ཡེ་ཤེས་ཡཾ་ར་སུཾ༔ ཀེཾ་རཾ་བྷྲཱུྃ་འཕྲོས་ནམ་མཁའི་ཀློང༔ འཐོར་རླུང་ཁྲག་མཚོ་ཞིང་གི་ས༔ ཀེང་རུས་རི་རབ་མེ་ཆེན་འབར༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས༔ འཁོར་ལོ་ཐོད་པའི་གཞལ་ཡས་ཁང༔ དྲེགས་པ་བྱོལ་སོང་ཞིང་གིས་བརྒྱན༔ ལྷ་ཆེན་མགོ་དང་ཙིཏྟའི་ཏོག༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས༔ ཕྱི་ནང་རིམ་གཉིས་མེ་ཕུང་འཁྲུགས༔ ཁྲག་ཞག་འབབ་ཅིང་འཇིགས་སུ་རུང༔ གྲུ་ཆད་འཁོར་ལོའི་དབུས་རྩིབས་ན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རུ་དྲ་དྲི་ཟ་གཤིན་རྗེ་སྲིན༔ གནོད་སྦྱིན་ཕོ་མོ་བསྣོལ་གདན་ལ༔ བྱོལ་སོང་ཁྱུ་མཆོག་མ་ཧེ་དང༔ གཟིག་དང་སྟག་ནི་ཟུང་གི་ཁྲི༔ རྒྱུ་ཡི་ཁྲག་འཐུང་དབུས་སུ་འཁོད༔ དབུ་དང་ཕྱག་མཚན་བསམ་ཡས་པ༔ ཁྲོ་མོ་དབྱིངས་ཕྱུག་མ་དང་རོལ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་ཁྲོ་བོའི་ཚོགས༔ མཁའ་ཁྱབ་སྤྲོས་ནས་དྲེགས་པ་བཏུལ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ རཏྣ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཀརྨ་ཀྲོ་དྷཱི་ཤཱ་རཱི་ཧཱུྃ༔ བདག་ཉིད་ཡང་དག་ཧེ་རུ་ཀ༔ མཐིང་ནག་དཀར་དམར་སྔོ་བའི་ཞལ༔ རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན༔ གར་དགུའི་ཉམས་ལྡན་ཞབས་བཞི་རོལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཀྲོ་དྷཱི་ཤྭ་རཱི་ནམ་མཁའི་མདངས༔ ཁ་ཊྭཱཾ་དུང་དམར་འཛིན་པ་འཁྲིལ༔ འབར་བའི་ཕྲེང་བ་རབ་ཏུ་འཁྲུགས༔ ཤར་དུ་བུདྡྷ་ཧེ་རུ་ཀ༔ སྨུག་ནག་གཡས་དཀར་གཡོན་མཐིང་ཞལ༔ ཏིར་དབྱུག་རྡོ་རྗེ་ཁྱུང་ཆེན་གཡས༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རཱི་དུང་དམར་སྟོབ༔ ལྷོ་རུ་རཏྣ་ཧེ་རུ་ཀ༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ རིན་ཆེན་ཏིར་དབྱུག་དགྲ་སཏྭ་གཡས༔ འཇིག་རྟེན་དུང་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རཱི་དུང་དམར་སྟོབ༔ ནུབ་ཏུ་པདྨ་ཧེ་རུ་ཀ༔ དམར་ནག་གཡས་དཀར་གཡོན་སྔོ་ཞལ༔ པདྨ་བེ་ཅོན་དགྲ་སཏྭ་གཡས༔ འཇིག་རྟེན་དུང་དམར་རྒྱུ་ཞགས་གཡོན༔ ཀྲོ་དྷཱི་ཤྭ་རཱི་དུང་དམར་སྟོབ༔ བྱང་དུ་ཀརྨ་ཧེ་རུ་ཀ༔ ལྗང་ནག་གཡས་དཀར་གཡོན་དམར་ཞལ༔ རྒྱ་གྲམ་རལ་གྲི་དགྲ་སཏྭ་གཡས༔ འཇིག་རྟེན་བྷནྡྷ་ཐོང་གཤོལ་གཡོན༔ ཀྲོ་དྷཱི་ཤྭ་རཱི་དུང་དམར་སྟོབ༔ ཞབས་བཞི་བྱོལ་སོང་གདན་ལ་རོལ༔ ཀུན་ཀྱང་སྦྱོར་བའི་བྱང་སེམས་ལས༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཨོཾ་བཛྲ་པྲ་མོ་ཧ་ཧ༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ རྩིབས་ཁ་གྲུ་ཆད་རྣམ་བརྒྱད་ལ༔ གཽ་རཱི་ཆོས་ཉིད་མི་འགྱུར་སྔོ༔ ཡེ་ཤེས་དབྱིངས་སུ་སྒྲོལ་བའི་དབྱུག༔ ཙཽ་རཱི་ཡེ་ཤེས་རྒྱས་པས་སེར༔ ཐུགས་རྗེ་བསྐུལ་ཕྱིར་མདའ་གཞུ་འགེང༔ པྲ་མོ་ཐུགས་རྗེས་ཆགས་པས་དམར༔ ཉོན་མོངས་རྒྱུ་མཁྱེན་ཆུ་སྲིན་འཛིན༔ བེ་ཏཱ་ཆོས་ཉིད་མི་འགྱུར་ནག༔ ས་དགུར་སྤོར་བའི་རྡོ་རྗེ་འཛིན༔ པུཀྐ་མ་འགགས་དམར་སེར་འབར༔ འཁོར་བའི་རྒྱུན་གཅོད་བྱིས་རྒྱུ་འདྲེན༔ གྷསྨ་ལས་བཞི་ཐོགས་མེད་ལྗང༔ ཉོན་མོངས་དབྱིངས་སྒྲོལ་ཐོད་ཁྲག་དཀྲུག༔ སྨེ་ཤ་ཐབས་ཤེས་མི་འགྱུར་མཐིང༔ ཉོན་སྟོང་ཁམས་སྐུའི་བམ་སྙིང་གསོལ༔ ཙཎྜ་ལྷུན་གྲུབ་སྐྱོན་བྲལ་སེར༔ མཐའ་གཉིས་ཞིང་གི་མགོ་ལུས་ཕྲལ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧེ༔ ཨོཾ་བཛྲ་བྱཱ་གྷྲྀ་མུ་ཁ་ཧེ༔ ཨོཾ་བཛྲ་ཤྲཱྀ་ག་མུ་ཁ་ཧེ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཨོཾ་བཛྲ་གྷྲྀ་ཌྷ་མུ་ཁ་ཧེ༔ ཨོཾ་བཛྲ་ཀཾ་ཀ་མུ་ཁ་ཧེ༔ ཨོཾ་བཛྲ་ཁྭ་ཁ་མུ་ཁ་ཧེ༔ ཨོཾ་བཛྲ་ཨཱུ་ལུ་མུ་ཁ་ཧེ༔ འབར་བའི་གསེར་ཁྱམས་ཆེན་པོ་རུ༔ སིཾ་ཧ་ཁ་རོ་བསྣོལ་སེར་སེང༔ བྱཱ་གྷྲྀ་མནན་སྟབས་བསྣོལ་མ་སྟག༔ ཤྲཱྀ་ག་ནག་མོ་བྱིས་ལྡག་ཝ༔ ཤྭ་ན་འདྲལ་ལྟ་མཐིང་ག་སྤྱང༔ གྷྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད༔ ཀངྐ་ཞིང་ཕྲག་སྣར་མགོ་རིང༔ ཁྭ་ཁ་ཁ་རོ་བྷན་གྲི་ནག༔ ཨཱུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག༔ ཕཊ་ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛ༔ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ༔ ཨོཾ་བཛྲ་ལོ་ཀ་བཾ༔ ཨོཾ་བཛྲ་བྷསྨི་པཱ་ལ་ཡ་བ་ཏུ་ཧོ༔ ཕོ་བྲང་ནང་མའི་སྒོ་བཞི་ལ༔ རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན༔ ཕག་གདོང་ནག་མོ་མཆེ་ཞགས་ཅན༔ སེང་གདོང་དམར་མོ་ལྕགས་སྒྲོག་སྡོམ༔ སྤྱང་གདོང་ལྗང་ནག་དྲིལ་བུ་དགྱེས༔ ཀུན་ཀྱང་ཁྲོ་མོ་དུར་ཁྲོད་ཆས༔ ཞིང་རློན་གདན་ལ་གར་གྱིས་རོལ༔ འཁོར་བའི་འཛིན་ལུས་ཕྱིར་ཐོན་ཏེ༔ ཧཱུྃ་ཧོ༔ ཞེས་བསྐུལ་ཀུན་སྦྱོར་སེམས་སྤྲིན་ལས༔ རྟོག་སྒྲིབ་སྦྱངས་ནས་འོད་དུ་ཞུ༔ གསེར་ཞུན་ལྟ་བུའི་ཐིག་ལེར་གྱུར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས༔ ཡི་གེ་གསུམ་ནི་ཧཱུྃ་དུ་འདུས༔ ཟླ་བ་ལ་གནས་རླུང་གིས་བསྐྱོད༔ ལྷ་ཚོགས་བསྐོར་ནས་གཙོ་བོ་ཡི༔ ཐུགས་ཀར་ཐིམ་ནས་ཡབ་ཡུམ་རོལ༔ སྐུ་ཡི་དབྱིབས་བརྒྱུད་ཡུམ་མཁར་གནས༔ བདེ་བ་ཆེན་པོའི་རྐྱེན་གྱིས་ནི༔ གཙོ་འཁོར་མ་ལུས་འོད་དུ་ཞུ༔ འོད་ཀྱི་ཕུང་པོ་གཅིག་ཏུ་གྱུར༔ ཧཱུྃ་ཧཱུྃ༔ ཡི་གེ་ཕྱག་མཚན་ལྷ་རུ་གྱུར༔ སྤྱི་བོར་རིགས་ལྔ་ཡབ་ཡུམ་སྦྱོར༔ ཆུ་ཡིས་སྒྲིབ་སྦྱངས་དབང་བསྐུར་ནས༔ ཡབ་ཡུམ་རིགས་ལྔས་དབུ་ཡང་བརྒྱན༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ་དརྴ༴ ས་མ་ཏཱ༴ པྲ་ཏི་བེཀྵ་ཎ༴ ཀྲྀ་ཏྱཱནུཥྛ་ན༴ གནས་ལྔར་ཟླ་བ་པདྨ་དང༔ ཉི་མ་རིན་ཆེན་རྒྱ་གྲམ་ལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་རྣམས་ལས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ ཡེ་ཤེས་ལྔ་རྣམས་བསྡུས་ནས་ཐིམ༔ རིགས་ལྔ་ཡབ་ཡུམ་སྐུ་རུ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཝཱ་ཀ༴ ཙིཏྟ༴ ཨ་ནུ་རཱ་ག་ཎ༴ པཱུ་ཛ༴ ཡབ་གསང་ཧཱུྃ་ལས་རྡོ་རྗེའི་དབུས༔ ཨོཾ་དཀར་བུ་ག་ཕཊ་ཀྱིས་བཀག༔ ཡུམ་མཁའ་པཾ་ལས་པདྨའི་སྦུབས༔ ཨཾ་དམར་གེ་སར་ཨེས་མཚན་གྱུར༔ ས་མ་ཡ་སཏྭཾ༔ ས་མ་ཡ་ཧོ༔ ཨ་ནུ་རཱ་ག་ཧཾ༔ ཨ་ནུ་རཱ་ག་ཡཱ་མི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྱོར་བའི་བྱང་ཆུབ་སེམས་སྤྲིན་གྱིས༔ རྒྱལ་བ་ཀུན་བཀུག་བདེ་བས་ཞུ༔ སྐུ་ཡི་དབྱིབས་བརྒྱུད་གསང་བར་བབས༔ ཡུམ་གྱི་མཁའ་ལ་ལན་གསུམ་སྤྲོས༔ ཡན་ལག་བཞི་ཡི་ཚུལ་དུ་རྫོགས༔ རྟེན་དང་ས་བོན་བཅས་པར་གྱུར༔ ཧཱུྃ་ཧ་ཧེ་ཕཊ༔ ཁྲག་འཐུང་དབྱིངས་ཕྱུག་ཁྲོ་མོ་དང༔ ཕྲ་མེན་སྒོ་མ་བཅས་སུ་གྱུར༔ ཕཊ་ཛ༔ རིམ་བཞིན་ཕྱིར་ཕྱུང་མདུན་མཁར་བཞུགས༔ སྤྲོ་བསྡུས་སངས་རྒྱས་མཛད་པ་བསྒྲུབས༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཀུན་ཀྱང་རང་རང་གདན་ལ་འཁོད༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ མ་ནུ་རཀྴ་སཱི་བྷྱོ༔ བྲཧྨ་ཎཱི་བྷྱོ༔ རཽ་ཏྲཱི་བྷྱོ༔ བཻཥྞ་བཱི་བྷྱོ༔ ཀུ་མཱ་རཱི་བྷྱོ༔ ཨིནྡྲ་ནཱི་བྷྱོ༔ བཛྲ་སིངྒ་ལཾ་བྷྱོ༔ ཨ་མྲྀཏཾ་བྷྱོ༔ སཽ་མྱ་བྷྱོ༔ དཎྜ་དཾ་བྷྱོ༔ རཀྵ་སཱི་བྷྱོ༔ བཀྵ་སཱི་བྷྱོ༔ རཱ་ཏི་བཛྲ་བྷྱོ༔ རུ་དྷི་ར་མརྟཱ་བྷྱོ༔ ཨེ་ཀ་ཙ་རི་ཎཱི་བྷྱོ༔ མ་ནོ་ཧ་རཾ་བྷྱོ༔ སིདྡྷི་ཀཾ་བྷྱོ༔ བཱ་ཡ་བཱི་བྷྱོ༔ མ་ཧཱ་མཱ་ར་ཎ་བྷྱོ༔ ཨགྣཱི་བྷྱོ༔ བཱ་རཱ་ཧཱི་བྷྱོ༔ ཙ་མུཎྜི་བྷྱོ༔ སུ་ཏ་ནཱཾ་བྷྱོ༔ བཱ་རུ་ཎཱི་བྷྱོ༔ བཛྲ་མ་ཧཱ་ཀཱ་ལི་བྷྱོ༔ བཛྲ་ཙ་ཀ་ལཱ་བྷྱོ༔ བཛྲ་ཀུམྦྷ་ཀརྞཱ་བྷྱོ༔ བཛྲ་ལམྦོ་དྷ་ར་བྷྱོ༔ ཐུགས་ནས་བྷྱོ་ཡིག་ཉེར་བརྒྱད་འཕྲོས༔ ཁྲག་ཁྱམས་འབར་དང་ཕྱི་སྒོ་རུ༔ སྲིན་མོ་སྨུག་ནག་ཐོད་རློན་འཆང༔ ཚངས་པ་དམར་སེར་པདྨ་བསྣམས༔ ལྷ་ཆེན་དཀར་ལྗང་ཏྲི་ཤཱུ་ལ༔ རྟོག་འདོད་སྔོན་མོ་འཁོར་ལོ་འཆང༔ གཞོན་ནུ་དམར་མོ་མདུང་ཐུང་འཛིན༔ བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས༔ རྡོ་རྗེ་སེར་མོ་ཙན་དན་འཐུང༔ བདུད་རྩི་དམར་མོ་པདྨ་བསྣམས༔ ཟླ་བ་དཀར་མོ་པུཎྜ་རཱི༔ བེ་ཅོན་ལྗང་ནག་དབྱུག་པ་ཕྱར༔ སྲིན་མོ་དམར་མོ་དུང་ཁྲག་འཐུང༔ ཟ་བ་ལྗང་ནག་བ་སུ་འདྲེན༔ དགའ་བ་དམར་མོ་རྐེ་དར་ཕྱར༔ སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན༔ རྡོ་རྗེ་སེར་མོ་སྤུ་གྲིས་གཅོད༔ འདོད་པ་དམར་མོ་མདའ་གཞུ་འགེང༔ ནོར་སྲུང་དཀར་མོ་བུམ་པ་འཛིན༔ རླུང་ལྷ་སྔོན་མོ་བ་དན་ཕྱར༔ གསོད་བྱེད་དཀར་མོ་རལ་གྲི་འཛིན༔ མེ་མོ་དམར་མོ་གསལ་ཤིང་ཕྱར༔ ཕག་གདོང་ནག་མོ་མཆེ་ཞགས་ཅན༔ རྒན་བྱེད་དམར་མོ་ཞིང་ཆུང་ཟ༔ སྣ་ཆེན་དཀར་ལྗང་ཐོད་ཁྲག་འཐུང༔ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན༔ རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ རྡོ་རྗེ་སེར་མོ་ར་མགོ་ཞགས༔ རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ༔ རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་དགྱེས༔ ཞིང་ལྤགས་གོས་གསོལ་ཐོད་རྒྱན་ཅན༔ ཞིང་རྐྱང་ཀེང་རུས་གདན་ལ་རོལ༔ ཀུན་ཀྱང་རིགས་ཀྱི་དབུ་རྒྱན་དང༔ ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ༔ དྲག་པོ་རྩེ་གསུམ་རྣམས་ཀྱིས་མཚན༔ ངོ་བོ་རོ་གཅིག་མ་འདྲེས་པ༔ དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་གྱུར༔ བཟླས་པའི་རིམ་པ་ཤེས་པ་བརྒྱད༔ དཀྱིལ་འཁོར་ཨོཾ་ནི་སྐུ་ལྔ་དང༔ རུ་ལུ་སེམས་དཔའ་ཕྱི་མ་ཡུམ༔ ཧཱུྃ་ནི་སྒོ་བ་བྷྱོ་སྒོ་མ༔ ཧཱུྃ་ནི་ཐུབ་པ་དྲུག་ཏུ་ཤེས༔ ཨོཾ་ནི་གཙོ་བོ་ཡབ་ཡུམ་བཅུ༔ རུ་ལུ་གོང་འོག་གནས་ཡུལ་མ༔ ཧཱུྃ་བྷྱོ་སྒོ་མ་དབང་ཕྱུག་མ༔ ཨོཾ་ཧཱུྃ་དབྱེར་མེད་ལྷ་ཡང་དེ༔ ཨོཾ་ནི་ཡེ་ཤེས་རུ་ལྷ་དྲུག༔ མཉམ་ཉིད་ངང་དུ་ཤེས་པས་མཆོད༔ ཕྲིན་ལས་འཕྲོ་འདུ་དོན་གཉིས་བྱེད༔ ཞི་རྒྱས་དབང་དྲག་སྒྲུབ་པ་ཆེ༔ དབྱངས་ནི་ཟབ་ཅིང་དྲག་ངར་ཁོལ༔ དབུགས་འབྱིན་མཛོ་མོ་བུ་སྟོར་བཞིན༔ བུད་མེད་སྐད་ལྟར་ཕྲ་དཀྱུས་རིང༔ མི་གསལ་བུང་བ་རྫས་འཁོར་བཞིན༔ སྒྲ་ནི་ཨོཾ་ནི་ཡེ་ཤེས་ལྔ༔ རུ་གཉིས་ཆགས་པ་ཡུམ་གྱི་མཁའ༔ ཧཱུྃ་ནི་དགྱེས་པ་བྷྱོ་ཆོས་དབྱིངས༔ ཧཱུྃ་ཡང་ཡེ་ཤེས་ལྔ་དང་ལྡན༔ བསྙེན་པ་ཡན་ལག་བཞི་དང་ལྡན༔ ཆོས་ཉིད་ཆོས་དབྱིངས་ལས་འཕྲོས་ཐིམ༔ དེ་ལྟར་དགོངས་པ་བརྒྱད་དང་ལྡན༔ དངོས་གྲུབ་མ་ལུས་འདིས་འགྲུབ་བྱེད༔ དེ་ལྟར་ཟབ་པའི་མཐར་ཐུག་འདི༔ ནམ་མཁའི་སྙིང་པོའི་སྙིང་ལ་གདམས༔ མ་འོངས་དོན་དུ་གཏེར་དུ་སྦོས༔ སྐལ་ལྡན་མཆོག་དང་འཕྲད་ནས་ཀྱང༔ དངོས་གྲུབ་རྣམ་གཉིས་འགྲུབ་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔
སྙན་བརྒྱུད་མ་མོའི་བསྐང་བ་མངོན་རྫོགས་དགྱེས་གླུ་ (Volume 32, Text 49)
སྙན་བརྒྱུད་མ་མོའི་བསྐང་བ་མངོན་རྫོགས་དགྱེས་གླུ་བཞུགས་སོ། །ཧཱུྃ་བྷྱོ། གསང་མཆོག་དགྱེས་པ་རྡོ་རྗེ་བཙུན་མོའི་དབྱིངས། །མཆོག་ཏུ་མི་འགྱུར་བདེ་ཆེན་སྲོག་གི་དཔྱིད། །སྣང་སྲིད་མཁའ་ཀློང་སྡུད་པའི་མུ་ཁ་ལེ། །མངོན་རྫོགས་ཧེ་རུ་ཀ་དཔལ་དབྱིངས་ནས་བཞེངས། །ཆོས་ཀུན་བདེ་ཆེན་ཡེ་ཤེས་གཅིག་གི་མདངས། །དག་པ་རབ་འབྱམས་སྒྱུ་འཕྲུལ་རྡོ་རྗེའི་དབྱིངས། །ཀུན་བཟང་ཟག་པ་མེད་པ་འཁོར་ལོའི་སྤྲིན། །འགག་མེད་རོལ་པ་ཅིར་ཡང་འཆར་བ་ལས། །སྣོད་བཅུད་བཀོད་པ་ཚད་མེད་རྟེན་འབྲེལ་རྫས། །མི་ཟད་འདོད་དགུའི་ལོངས་སྤྱོད་ནམ་མཁའ་མཛོད། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ཐབས་ཤེས་ཀྱིས། །འདོད་དགུ་ལྷུན་གྱིས་གྲུབ་པས་ཐུགས་དམ་བསྐང་། །རྣམ་བཀྲའི་མེ་ཏོག་དྲི་ཞིམ་སྤོས་ཀྱིས་འཁྱུད། །སྣང་བྱེད་འོད་འགྱེད་དྲི་ཆབ་ཟེགས་མ་འཐོར། །བདའ་དགུའི་ཟས་བཀྲམ་སྙན་བརྗིད་རོལ་མོའི་དབྱངས། །སྣང་ཆའི་གཟུང་ཀུན་ལྷ་རྫས་ཕྱིའི་མཆོད་སྤྲིན། །སྟོང་ཉིད་དབྱིངས་ལས་མ་འགགས་ཅིར་ཡང་ཤར། །འཛད་མེད་དཔལ་གྱི་འབྱོར་པས་ཐུགས་དམ་བསྐང་། །དགྲ་སྙིང་དྲོན་མོ་དབང་ལྔ་འདར་ཞིང་འཕྲིག །ཚིལ་གསུར་དུད་སྤྲིན་ཞུན་མེའི་གློག་ཕྲེང་ཁྱུག །ཁྲག་མཁྲིས་རྦ་རླབས་འཁྲུགས་ཀློང་མི་རྟའི་བམ། །ཤ་རུས་གཅལ་བཀྲམ་བཤུགས་གླུ་རྐང་གླིང་སོགས། །ཕྱེད་སྣང་རླུང་ལྔ་དབྱིངས་འཁྱིལ་དྲག་པོའི་རྫས། །གཤིན་རྗེའི་འདུན་ས་ལྟ་བུས་ཐུགས་དམ་བསྐང་། ཁམས་དྲུག་དྭངས་མའི་དཔྱིད་ཁུ་ཨ་མྲྀ་ཏ། །ཉི་ཟླ་དབྱིངས་སུ་ཟོས་པའི་རཀྟའི་བཅུད། །ཚོགས་དྲུག་ཡེ་ཤེས་དག་པའི་གཏོར་མ་ཆེ། །རྣམ་མེད་ཡིད་དག་གསང་བའི་དམ་ཚིག་རྫས། །འཕོ་མེད་བདེ་གསལ་རྣམ་པར་མི་རྟོག་པའི། །ཡེ་ཤེས་གསང་བའི་མཆོད་པས་ཐུགས་དམ་བསྐང་། །བཅུ་དྲུག་དགའ་བའི་གར་བསྒྱུར་ལྷ་མོའི་ཚོགས། །དྲུག་ཅུ་རྩ་བཞིའི་སྒྱུ་རྩལ་དགྱེས་དགུར་གཡོ། །སྙིང་རྗེའི་ཡུས་ཀྱིས་སྟོང་གསུམ་རུ་ཏྲའི་དཔུང་། །མཐར་བྱེད་ཤུགས་སྒྲོལ་རྡོ་རྗེའི་མཚོན་ཆེན་སོགས། །གཉིས་མེད་དག་མཉམ་ཆེན་པོའི་གནས་ལུགས་གཤིས། །འཁོར་གསུམ་ཞེན་རྟོག་བྲལ་བས་ཐུགས་དམ་བསྐང་། །ཆོས་ཀུན་ཀ་ནས་དག་པ་ཡུམ་གྱི་མཁར། །འཁོར་འདས་ལྷུན་གྲུབ་བདེ་ཆེན་འབར་བའི་ཀློང་། ཁམས་གསུམ་མི་ཕྱེད་རྡོ་རྗེའི་གསང་གསུམ་དབྱིངས། །རང་བྱུང་རང་ཤར་མངོན་རྫོགས་མ་མོའི་དལ། །སྲིད་པ་བདེ་འགྲོའི་ལྷ་སྔགས་ཆོས་ཀྱི་སྐུའི། །སྣང་ཆ་འགག་མེད་གཙོ་དང་འཁོར་གྱི་ཚུལ། །ཡེ་ཤེས་ལས་དང་འཇིག་རྟེན་རྣམ་པ་ཅན། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་སྤྲིན་ཆེན་པོ། །འབུམ་ཕྲག་ཡངས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །དགོངས་ཀློང་ཁྱབ་བརྡལ་བྱིན་རླབས་སྤྲིན་དུ་འཁྲིགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །སྒྱུ་འཕྲུལ་མ་འདྲེས་དངོས་གྲུབ་འདོད་དགུའི་གཏེར། །རབ་འབྱམས་ཡི་དམ་ཞི་ཁྲོའི་ཐུགས་དམ་བསྐང་། །ཕྲིན་ལས་ཐོགས་མེད་བདེ་སྟོང་གར་གྱིས་རྩེན། །གནས་ཡུལ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །མཐུ་སྟོབས་རྩལ་ཆེ་ལས་ཀུན་སྒྲུབ་ལ་མྱུར། །རྡོ་རྗེའི་ཆོས་སྲུང་ཡོངས་ཀྱི་ཐུགས་དམ་བསྐང་། ཁྱད་པར་སྣང་སྲིད་མ་མོའི་དཀྱིལ་འཁོར་གཙོ། །དཔལ་ཆེན་མངོན་རྫོགས་རྒྱལ་པོའི་ཐུགས་དམ་བསྐང་། །སྐུ་གསུང་ཐུགས་ཡོན་གསང་བ་མི་ཟད་རྒྱན། །ཆེ་མཆོག་ཁྲག་འཐུང་རིགས་ལྔའི་ཐུགས་དམ་བསྐང། ཁམས་ལྔ་དབྱིངས་སུ་དག་པའི་ཡུམ་ཆེན་མོ། །རྟག་པའི་རྒྱལ་མོ་ལྔ་ཡི་ཐུགས་དམ་བསྐང་། །འཁོར་འདས་རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཡེ་ཤེས་རྗེ་མོ་བཅུ་བཞིའི་ཐུགས་དམ་བསྐང་། །འགག་མེད་སྒྱུ་མའི་རོལ་པ་ཅིར་ཡང་སྟོན། །དམན་མོ་ལྔ་བཅུ་རྩ་བརྒྱད་ཐུགས་དམ་བསྐང་། །ཀུན་བཟང་མུ་ཁ་ལེ་ཡི་བདེ་སྟོང་གཟུགས། །སྣང་སྲིད་མ་མོར་རྫོགས་པས་ཐུགས་དམ་བསྐང་། །ཆོས་ཉིད་དབྱིངས་སུ་བདེ་སྟོང་འདུ་འབྲལ་མེད། །སྐྱེ་འགག་གནས་པ་ཀུན་བྲལ་ཡེ་ཤེས་དབྱིངས། །ནམ་ཡང་འཕོ་མེད་རྡོ་རྗེ་སྡོམ་པ་ཆེ། །དཀྱིལ་འཁོར་ལྷ་ཚོགས་བསྐངས་ཤིང་མཉེས་པའི་མཐུས། །ཉམས་ཆག་ནོངས་པའི་འཁྲུལ་རྟོགས་དབྱིངས་སུ་ཞི། །མ་མོ་མཁའ་འགྲོ་འཁྲུགས་དང་འཁོན་པ་བཤགས། །ཉམས་པ་སོར་ཆུད་དགྱེས་པའི་མདངས་ཕྱུང་ནས། །འགལ་འཁྲུགས་དག་ཅིང་ཚངས་པ་བསྩལ་དུ་གསོལ། །དབྱིངས་ཀྱི་མ་མོ་ཁྲོ་དང་འཁྲུགས་མེད་པའི། །ཡེ་ཤེས་ཆེན་པོ་གཅིག་ཏུ་མཉམ་བརྡལ་ཀྱང་། །ལས་དང་འཇིག་རྟེན་མཁའ་འགྲོ་མ་སྲིང་རྣམས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་སུ་གཅོད། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །རྣལ་འབྱོར་དྲོད་ཉུལ་རྟག་ཏུ་རྗེས་སྐྱོང་ན། །བདག་སོགས་སྙིགས་མས་གདུང་བའི་སྐྱེ་འགྲོ་ཀུན། །རྟག་ཏུ་ཉེས་སྤྱོད་ཁྲེལ་དང་དམ་ཚིག་ནོངས། །མནའ་དང་ཆད་འགལ་སྡོམ་གསུམ་ཞིག་ཅིང་རལ། །ངན་སྤྱོད་སྣ་དགུས་བསྟན་ལ་ཡ་ག་སྒྲོག །དགེ་སྡིག་འཆོལ་ཉོག་སྤྱོད་པས་ལྷ་སྲིན་འཁོན། །མ་སྲིང་མཁའ་འགྲོ་འཁྲུགས་ཅིང་མནོལ་བའི་མཐུས། །ནད་མཚོན་མུ་གེའི་བསྐལ་ངན་ལྡང་བའི་ལས། །འགྱོད་གནོང་དྲག་པོས་སྙིང་ནས་མཐོལ་ཞིང་བཤགས། །སྐུ་གསུང་ཐུགས་ལ་མཉེས་མཆོད་དམ་ཚིག་རྫས། །ཕྱི་ནང་གསང་བ་བླ་མེད་མཆོད་པས་བསྐང་། །བདེ་ཆེན་དགྱེས་པའི་ཐུགས་ཀྱིས་བདག་ཅག་ཀུན། །མ་ཡིས་བུ་བཞིན་སྐྱོངས་ལ་སྡོངས་གྲོགས་མཛོད། །ཞི་བས་རྒུད་སོལ་རྒྱས་པས་འདོད་དགུ་སྒྲུབས། །དབང་གིས་ཡིད་སྒྱུར་དྲག་པོས་འགལ་བྱེད་ཆོམས། ཁྱད་པར་རྡོ་རྗེའི་ས་ལམ་དབུ་མར་རྫོགས། །འཕོ་མེད་བདེ་ཆེན་དགྱེས་མས་རྩེན་གྱུར་ཅིག །ཁམས་གསུམ་རྣམ་དག་རྡོ་རྗེའི་སྐུ་གསུང་ཐུགས། །ཞིང་སྔགས་ལྷན་སྐྱེས་ཕོ་ཉའི་འདུ་བར་སྤྱོད། །ཧེ་རུ་ཀ་དཔལ་མཆོག་དང་གཉིས་མེད་པས། །ཕྱི་སྣོད་འབྱུང་བཞིའི་སད་སེར་བཙའ་ཐན་ཞི། །ནང་བཅུད་རྩ་རླུང་ཐིག་ལེའི་གཡོ་འཁྲུགས་སྙོམ། །ངེས་དོན་འཁྲུལ་རྟོག་རང་གཟུགས་ནད་གདོན་བགེགས། །ལྷ་སྲིན་མ་མོའི་སུན་ཁ་ཚེ་འཕྲང་ཟློག །བཀྲ་ཤིས་ཚེ་དཔལ་ཀླུང་རྟ་ཕྲིན་ལས་རྒྱས། །འབར་བ་གསུམ་གྱིས་ལྷན་སྐྱེས་ཡེ་ཤེས་འཕེལ། །འདུ་བ་གསུམ་གྱིས་དོན་གཉིས་ཡོངས་རྫོགས་ཏེ། །བར་ཆད་འཕྲང་གསུམ་འཇིགས་པའི་བདུད་བཞི་ཆོམས། །གསང་བའི་དགྲ་གསུམ་ཡོངས་སྒྲོལ་མཐུ་སྟོབས་ཀྱིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་མཛོད། །ཅེས་པའང་ཚུལ་འདིའི་མདོས་སྐོང་གི་ལས་རིམ་བགྱིས་སྐབས་ཉེར་མཁོའི་དབང་གིས་པདྨ་དབང་ཆེན་དགྱེས་པ་རྩལ་༼དིལ་མཁྱེན་རིན་པོ་ཆེ་༽གྱིས་བྲིས་པའོ། །མངྒ་ལཾ། །དགེའོ།། །།
དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང༔ བཤགས་པ་ཐམས་ཅད་ཀྱི་རྒྱུད༔ དྲི་མ་མེད་པའི་རྒྱལ་པོ་ (Volume 41, Text 49)
༁ྃ༔ ས མ ཡ ན ཤ སཾ རྦ ས པཱུ རྞཱ ག མ༔ ས རྦ དེ ཤ སྱ ཏ ནྟྲ༔ བི མ ལ རཱ ཛཱ ནཱ མ བི ཧ ར ཏི སྨ༔ ༁ྃ༔ དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང༔ བཤགས་པ་ཐམས་ཅད་ཀྱི་རྒྱུད༔ དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ༔ རྒྱ་གར་སྐད་དུ༔ ས་མ་ཡ་ན་ཤ་སརྦ་སཾ་པཱུརྞཱ་ག་མ༔ སརྦ་དེ་ཤ་སྱ་ཏནྟྲ༔ བི་མ་ལ་རཱ་ཛཱ་ནཱ་མ༔ བོད་སྐད་དུ༔ དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང༔ བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོ་སེང་གེའི་ཟ་འགྲམ་ལྟ་བུར་གྱུར་པའི་གནས༔ དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རིན་པོ་ཆེའི་ཁང་པ་རང་བྱུང་དུ་གྲུབ་པའི་གནས་ན༔ བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ༔ སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་གསུང་གི་ཚོགས་མ་ལུས་པ་སྡུད་ཅིང༔ བྱང་ཆུབ་སེམས་དཔའ་དང་འགྲོ་བ་རྣམས་ཀྱི་བླ་མ་ཆེན་པོར་གྱུར་པ་དེ་ལ༔ འཁོར་དུ་གྱུར་པ་ཐེག་པ་ཆེན་པོའི་རིགས་ཅན་ནི་འདི་ལྟ་སྟེ༔ ལང་ཀའི་བདག་པོ་བློ་གྲོས་ཐབས་ལྡན་དང༔ ཚངས་པ་གཙུག་ཕུད་འཛིན་བློ་གྲོས་མཐའ་ཡས་དང༔ ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་བློ་གྲོས་རྒྱ་མཚོ་དང༔ གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང༔ ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་བློ་གྲོས་རབ་ཞི་ལ་སོགས་པས་བསྐོར་ཏེ་བཞུགས་སོ༔ དེའི་ཚེ་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་སྟན་ལས་ལངས་ཏེ༔ ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ནས༔ འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ཧོ༔ དཔལ་ལྡན་རྡོ་རྗེ་གསང་བའི་བདག༔ བྱ་སྤྱོད་རྣལ་འབྱོར་བླ་མེད་པའི༔ རྒྱུད་ལ་གནས་པའི་རྣལ་འབྱོར་པ༔ གཞི་འཛིན་བསྲུང་བ་སྲོག་འདྲ་བའི༔ ཉམས་ཆག་སྐོང་ཞིང་བཤགས་པ་རྣམས༔ ཕྱི་རབས་ད་ལྟའི་དོན་དུ་གསུངས༔ ཞེས་གསོལ་ཏོ༔ དེ་ནས་གསང་བ་པའི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསུངས་སོ༔ ཀྱེ་ཧོ༔ དམ་པའི་རིགས་ཅན་རྣམས༔ དམ་ཚིག་ས་གཞི་ལྟ་བུ་ལ༔ ཐམས་ཅད་འབྲས་བུ་ལོ་ཐོག་སྨིན༔ ཆོས་ཀྱི་གཞི་བཟུང་སོ་ནམ་ཐབས༔ ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན༔ ཞེས་གསུངས་ནས་མི་ཟད་པ་རིན་པོ་ཆེའི་གྭའུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ དེ་ལྟར་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ༔ སྔོན་འདས་པའི་དུས་དྲན་པ་དཔག་ཏུ་མེད་པའི་སྔོན་རོལ་ན༔ སྟོན་པ་ཆོས་ཀྱི་སྐུ་དང༔ ལོངས་སྤྱོད་རྫོགས་པའི་སྐུ་དང༔ རྡོ་རྗེ་ལྟ་བུའི་སྐུ་དང༔ མངོན་པར་བྱང་ཆུབ་པའི་སྐུ་དང༔ སྤྲུལ་པའི་སྐུ་སྟེ་སྐུ་ལྔའི་སངས་རྒྱས་རྣམས་དང༔ སྐུ་བཞིའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་རྒྱུད་དག་པའི་ཞིང་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པའི་རྒྱུད་སྡེ་མང་པོ་དང༔ རྒྱུད་མ་དག་པ་རྣམས་ལ་སྣང་བའི་ཧེ་རུ་ཀ་རྣམས་ཀྱིས་རུ་ཏྲ་ལ་སོགས་པ་རྣམས་ཡང་དག་པའི་ས་ལ་ལུང་བསྟན་པའི་དུས་ན་འགྱོད་ཚངས་ཀྱི་སྨྲེ་སྔགས་བརྗོད་པ་དང༔ དེའི་འཁོར་རིག་འཛིན་ཕོ་མོ་མང་པོས་གསུངས་པའི་བཤགས་པ་རྣམས་གསང་བའི་དམ་ཚིག་སྐོང་བའི་ཆོ་གར་གསུངས་པ་དང༔ སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་དང༔ རིག་འཛིན་དང༔ རུ་ཏྲ་འཁོར་དང་བཅས་པའི་བཤགས་པ་རྣམས་ཀྱི་རྒྱུད་ཆེན་པོ་འདི་གསུངས་སོ༔ གསུང་ངོ༔ གསུང་བར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ནས་འཁོར་རྣམས་ཀྱིས་ཞུས་པ༔ དུས་གསུམ་གྱི་སངས་རྒྱས་དཔག་ཏུ་མེད་པ་དང༔ རུ་ཏྲ་ལ་སོགས་པ་དྲེགས་པ་ཅན་དཔག་ཏུ་མེད་པས་འགྱོད་བཤགས་ཕུལ་བ་དང༔ རིག་འཛིན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་བཤགས་པའི་ཐབས་བཤད་པར་ཞུ༔ འགྲོ་བའི་དོན་དུ་གསུངས༔ མ་འོངས་པའི་སེམས་ཅན་དང༔ རྣལ་འབྱོར་པ་རྣམས་ལ་ཕན་པའི་དོན་དུ་ཤོད༔ ཅེས་ཞུས་སོ༔ དེ་ནས་རྡོ་རྗེ་འཛིན་པ་ཆེན་པོས་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་ཞུགས་ནས་གསང་སྔགས་པ་རྣམས་ཀྱི་བཤགས་པའི་དོན་དུ་འདི་གསུངས་སོ༔ ཀྱེ་ཧོ༔ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལམ་ལ་གནས་པའི་བླ་མ་དམ་པ་ནི་བཞི་ཞིག་ཡོད་དེ༔ དེ་ཡང་གང་ཞེ་ན༔ ཕྱི་སྒྲོ་འདོགས་ཡོངས་སུ་གཅོད་པར་བྱེད་པའི་བླ་མ་དམ་པ་དང༔ ནང་རང་བྱུང་གི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང༔ གསང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟོན་པར་བྱེད་པའི་བླ་མ་དམ་པ་དང༔ མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི་བླ་མ་དམ་པའོ༔ བླ་མ་དམ་པ་དེ་དག་གི་ལམ་ལ་གནས་པར་བྱ་བའང་རྣམ་པ་གསུམ་ཡོད་དེ༔ དེ་ཡང་གང་ཞེ་ན༔ གཞི་དངོས་པོ་གཤིས་ཀྱི་གནས་ལུགས་སྟོན་པར་བྱེད་པ་དང༔ ལམ་ཉམས་སུ་ལེན་པའི་གདམས་ངག་སྟོན་པར་བྱེད་པ་དང༔ འབྲས་བུ་མངོན་དུ་གྱུར་པའི་དོན་སྟོན་པར་བྱེད་པའོ༔ དམ་པ་དེའི་ལམ་རྣམ་པ་གསུམ་གང་ཡང་རུང་བ་མ་རྟོགས་པའི་བཤགས་པ་བྱ་བ་དང༔ ཁྱད་པར་དུ་ཡང་མ་དག་པའི་སྣང་བ་དང༔ ཉམས་ཀྱི་སྣང་བ་དང༔ དག་པའི་སྣང་བ་རྣམས་མ་རྟོགས་པ་དང༔ ཀུན་གཞི་རྒྱུའི་རྒྱུད་དང༔ ལམ་ཐབས་ཀྱི་རྒྱུད་དང༔ ཕྱག་རྒྱ་འབྲས་བུའི་རྒྱུད་དང༔ ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་མ་རྟོགས་པས་རྒྱུ་ཡི་རྣལ་འབྱོར་དང༔ ལམ་གྱི་རྣལ་འབྱོར་དང༔ འབྲས་བུའི་རྣལ་འབྱོར་བདག་གིས་མ་རྟོགས་པ་དང༔ བདེ་བར་གཤེགས་པའི་བཀའ་ཡང་དག་པའི་ལུང་གི་ཚད་མ་དང༔ རྣལ་འབྱོར་དབང་ཕྱུག་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་དང༔ བླ་མ་རྡོ་རྗེ་སློབ་དཔོན་སྙན་ཁུང་དུ་བརྒྱུད་པ་མན་ངག་གི་ཚད་མ་དང༔ དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མ་མ་རྟོགས་པ་དང༔ དེ་དག་རྟོགས་པར་བྱ་བའི་ཕྱིར་འདི་དག་བཤད་དེ༔ དབང་གི་ཆུ་བོ་མ་ནུབ་པ་དང༔ བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དང༔ གདམས་ངག་གི་སརྒ་མ་ལོག་པ་དང༔ མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པའི་ཕྱིར་ཕྱིའི་རྟེན་འབྲེལ་དང༔ ནང་གི་རྟེན་འབྲེལ་དང༔ གསང་བའི་རྟེན་འབྲེལ་དང༔ མཐར་ཐུག་པ་དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་ནས༔ བདེ་བར་གཤེགས་པའི་བཀའ་ཚད་མ་དང༔ བླ་མའི་མན་ངག་ཚད་མ་དང༔ རང་གི་རིག་པ་ཚད་མས་གཏན་ལ་ཕབ་སྟེ༔ ལྟ་བའི་དུག་ཕྱུང༔ སྒོམ་པའི་བདུད་རྩི་བརྟེན༔ སྤྱོད་པས་ལ་དོར་ནས་གསང་སྔགས་གསང་བའི་ལམ་ལ་ཞུགས་པ་རྣམས་ལ་དམ་ཚིག་ཉམས་ཆག་བྱུང་བར་གྱུར་ན༔ ཐེག་པ་ལམ་ཞུགས་ཀྱི་བཤགས་པ་དང༔ ན་རག་དོང་སྤྲུགས་ཀྱི་བཤགས་པ་དང༔ བརྗོད་མེད་དང༔ དམ་ཚིག་ཉི་ཤུ་རྩ་བརྒྱད་པའི་བཤགས་པ་དང༔ རྡོ་རྗེ་དཔལ་ཆེན་དང༔ ཡེ་ཤེས་མཁའ་འགྲོ་དང༔ ཞི་བ་སངས་རྒྱས་དང༔ ཁྲོ་བོ་ཁྲག་འཐུང་དང༔ རུ་ཏྲའི་སྨྲེ་བཤགས་དང༔ རྒྱུད་ལུང་མན་ངག་གི་བཤགས་པ་དང༔ ལྟ་བའི་ཀློང་བཤགས་དང༔ དབང་བཞི་ཡོངས་རྫོགས་ཐབས་ཀྱི་བཤགས་པ་དང༔ འབྲས་བུའི་དོན་མ་རྟོགས་པ་སྐུ་གསུང་ཐུགས་སུ་བྱུང་བའི་བཤགས་པ་རྣམས་བཤད་པར་བྱའོ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ གླེང་གཞི་དང༔ གླེང་བསླང་བའི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་འདི་གསུངས་སོ༔ ཨཱོྃ་ དང་པོར་བདག་དང་ཁམས་གསུམ་སེམས་ཅན་རྣམས༔ ཡུལ་ལ་ཆགས་པ་བསྐྱེད་པར་མི་བགྱིད་དེ༔ ཕ་དང་མ་ལ་བསྟེན་ནས་གཟུགས་སུ་སྣང༔ རང་དབང་མེད་པར་འཇིག་རྟེན་གནས་འདི་མཐོང༔ མ་རིག་ཆུང་ཞིང་གཞོན་པའི་དུས་མཚམས་ནས༔ གཏི་མུག་དབང་གིས་དགེ་སྡིག་དོན་མ་རྟོགས༔ འདོད་ཆགས་དབང་གིས་ཕ་རོལ་འཁོར་བར་འཁྱམས༔ ཞེ་སྡང་དབང་གིས་སྡིག་པའི་ལས་རྣམས་བགྱིས༔ ངན་སོང་གསུམ་དུ་འགྲོ་བའི་རྒྱུ་བསགས་ཏེ༔ མནོ་བསམ་ཤེས་ནས་ཆོས་ལ་སྐྱབས་སུ་མཆིས༔ དར་བབས་ཉ་ཤི་དུས་དྲུག་སྒོར་ཞུགས་ཏེ༔ ཉ་སྟོང་ཚེས་བརྒྱད་དུས་ཁྲིམས་མནོས་པ་ལས༔ དེ་ལ་ཉམས་པའི་སྐྱོན་སེམས་མ་མཆིས་ཏེ༔ ཉ་སྟོང་ཚུལ་བཞིན་སྲུང་བའི་དགེ་བསྙེན་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ སྦྱང་པའི་ཡན་ལག་བཅུ་གཉིས་སྒོར་ཞུགས་ཏེ༔ ཉན་ཐོས་སྡོམ་པ་ཚུལ་བཞིན་མནོས་པ་ལས༔ རྩ་བ་བཞི་དང་ཡན་ལག་དྲུག་ལ་སོགས༔ ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་སྐྱོན་མ་མཆིས༔ ཉན་ཐོས་འདུལ་ཁྲིམས་སྲུང་བའི་དགེ་ཚུལ་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ རྟེན་འབྲེལ་བཅུ་གཉིས་བསྒྲུབ་པའི་སྒོར་ཞུགས་ཏེ༔ རང་རྒྱལ་སྡོམ་པ་ཚུལ་བཞིན་མནོས་པ་ལས༔ འཁོར་བ་རང་བཞིན་མེད་པར་མངོན་རྟོགས་ཤིང༔ སྣང་སྲིད་སྒྱུ་མ་ལྟ་བུར་ཤེས་པས་ན༔ དེ་ལ་ཉམས་པར་བྱ་བའི་སྐྱོན་མ་མཆིས༔ རང་རྒྱལ་སྡོམ་པ་སྲུང་བའི་དགེ་སློང་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ བྱང་ཆུབ་སེམས་པའི་སྡོམ་པ་མནོས་པ་ལས༔ སྡོམ་པ་ཉི་ཤུའི་ཚུལ་ཁྲིམས་སྐྱོན་མ་མཆིས༔ སྡོམ་བརྩོན་ཚུལ་བཞིན་སྲུང་བའི་དགེ་སློང་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ དག་པ་རྣམ་པ་གསུམ་གྱི་སྒོར་ཞུགས་ཏེ༔ ཀྲི་ཡའི་དམ་ཚིག་ཚུལ་བཞིན་མནོས་པ་ལས༔ དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་དང༔ རྡོ་རྗེ་སྤུན་དང་རྡོ་རྗེ་མིང་སྲིང་དང༔ དེ་བཞིན་རང་གི་སྔགས་དང་ཕྱག་རྒྱ་རྣམས༔ དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན༔ ཀྲི་ཡའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ ཨུ་བྷ་ཡ་ཡི་དམ་ཚིག་སྒོར་ཞུགས་ཏེ༔ ཕྱག་རྒྱ་སྔགས་དང་མན་ངག་བསྒྲུབ་པ་ཡི༔ ལྟ་སྤྱོད་ཀྲི་ཡོག་ཚུལ་སྲུང་རྣལ་འབྱོར་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ ལྟ་སྤྱོད་རྣམ་པ་གཉིས་ཀྱི་སྒོར་ཞུགས་ཏེ༔ ཡོ་གའི་དམ་ཚིག་ཚུལ་བཞིན་མནོས་པ་ལས༔ དཀོན་མཆོག་གསུམ་དང་དེའི་འཁོར་བྱང་ཆུབ་སེམས༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང༔ དབང་ཐོབ་རྣལ་འབྱོར་གཞན་ལ་མི་སྨོད་ཅིང༔ རང་རྟགས་ཕྱག་རྒྱ་རྟག་ཏུ་སྲུང་བ་ལ༔ དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན༔ ཡོ་གའི་དམ་ཚིག་སྲུང་བའི་རྣལ་འབྱོར་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ ཐབས་དང་ཤེས་རབ་གཉིས་ཀྱི་སྒོར་ཞུགས་ཏེ༔ མ་ཧཱ་ཡོ་གའི་དམ་ཚིག་མནོས་པ་ལས༔ འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས༔ ཡབ་ལྔ་དང་ནི་ཡུམ་ལྔར་སྦྱོར་བ་ནི༔ རྒྱལ་བ་རྣམས་ཀྱི་དམ་ཚིག་མཆོག་ཏུ་གསུངས༔ མ་ཧཱ་ཡོ་ག་སྲུང་བའི་རྣལ་འབྱོར་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ དབྱིངས་དང་ཡེ་ཤེས་གཉིས་ཀྱི་སྒོར་ཞུགས་ཏེ༔ ཨ་ནུ་ཡོ་གའི་དམ་ཚིག་མནོས་པ་ལས༔ ཕྱི་ནང་སྣང་སྲིད་དུས་གསུམ་ཐམས་ཅད་ཀུན༔ རང་རིག་ཡེ་ཤེས་དབྱིངས་ལས་མི་གཞན་ཏེ༔ རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་བྱེད་པའི༔ ཨ་ནུ་ཡོ་ག་སྲུང་བའི་རྣལ་འབྱོར་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ དེ་ནས་ཡར་ལ་བློ་སེམས་ཆེར་སྐྱེས་ནས༔ ཁྱབ་གདལ་ཆེན་པོའི་ཐེག་པའི་སྒོར་ཞུགས་ཏེ༔ ཨ་ཏི་ཡོ་གའི་དམ་ཚིག་མནོས་པ་ལས༔ མེད་པའི་དམ་ཚིག་དང་ནི་ཕྱལ་པ་དང༔ གཅིག་པུའི་དམ་ཚིག་དང་ནི་ལྷུན་གྱིས་རྫོགས༔ གྲངས་དང་ཕྱོགས་ལས་འདས་པའི་དམ་ཚིག་ནི༔ རྒྱལ་བ་རྣམས་ཀྱི་དམ་ཚིག་མཆོག་ཏུ་གསུངས༔ བསྲུང་མཚམས་མེད་པས་མེད་པའི་དམ་ཚིག་ལ༔ གཟུང་དང་འཛིན་པ་མེད་པས་ཕྱལ་པ་ཡིན༔ ཐམས་ཅད་སེམས་སུ་འདུས་པས་གཅིག་པུ་སྟེ༔ ལྷག་མ་མེད་པར་རྫོགས་པས་ལྷུན་གྱིས་རྫོགས༔ དེ་ལ་ཉམས་པའི་སྐྱོན་ལྟ་མ་མཆིས་ན༔ ཨ་ཏི་ཡོ་ག་སྲུང་བའི་རྣལ་འབྱོར་ལ༔ ཉམས་པ་བཀའ་ཡི་ཆད་པ་བྱུང་ན་བཤགས༔ སྡེ་སྣོད་རྣམ་པ་གསུམ་གྱི་བསྲུང་བྱ་ནི༔ ཚུལ་ཁྲིམས་རྣམ་པར་དག་པས་འདུལ་མཐར་ཕྱིན༔ རང་དབང་མངོན་དུ་གྱུར་པས་མངོན་མཐར་ཕྱིན༔ ཤེས་རབ་རྣམ་དག་མདོ་སྡེ་མཐའ་རུ་ཕྱིན༔ ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་སྲུང་མ་རྣམས༔ དམ་ཚིག་ཉམས་པར་གྱུར་པ་མཐོལ་ལོ་བཤགས༔ ཀྲི་ཡོག་རྣམ་པ་གསུམ་གྱི་བསྲུང་བྱ་ནི༔ དག་པ་རྣམ་གསུམ་ཀྲི་ཡ་མཐའ་རུ་ཕྱིན༔ ལྟ་སྤྱོད་རྣམ་གཉིས་ཨུ་བྷ་ཡ་མཐར་ཕྱིན༔ སུམ་ཅུ་ལྷར་གསལ་རྣལ་འབྱོར་མཐའ་རུ་ཕྱིན༔ དཔལ་མགོན་ལ་སོགས་སྲུང་མ་དམ་ཚིག་ཅན༔ དམ་ཚིག་ཉམས་པར་གྱུར་པ་མཐོལ་ལོ་བཤགས༔ ཡོ་ག་རྣམ་གསུམ་དམ་ཚིག་བསྲུང་བྱ་ནི༔ རྩ་བ་ཡན་ལག་བསྲུང་བ་རྣལ་འབྱོར་ཆེ༔ སྒྲུབ་པ་ཁྱད་པར་དམ་ཚིག་ཨ་ནུའི་མཐའ༔ ལྷག་པའི་དམ་ཚིག་རྣམ་བཞི་རྫོགས་ཆེན་པ༔ ནང་དང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས༔ དམ་ཚིག་ཉམས་པར་གྱུར་ན་མཐོལ་ཞིང་བཤགས༔ མཚན་ཉིད་སྡེ་སྣོད་གསུམ་ལ་ཐེག་པ་གསུམ༔ ཕྱི་པ་ཐུབ་པ་རྒྱུད་ལ་ཀྲི་ཡོག་གསུམ༔ ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ༔ ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས༔ ལྟ་སྤྱོད་འབྲེལ་བར་སྤྱོད་པའི་རྣལ་འབྱོར་ལ༔ མཁའ་འགྲོ་བཀའ་ཡི་ཆད་པ་ཅི་སྟེ་བཅད༔ དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ཅི་སྟེ་བཀྱེ༔ རྒྱུ་འབྲས་མ་སྤང་དགེ་བ་དང་དུ་བླངས༔ སྡིག་ལ་མ་སྤྱད་རྣམ་པར་སྨིན་ལ་འཛེམ༔ བཀའ་གཞུང་མ་བོར་རྒྱུད་ལུང་མན་ངག་རྣམས༔ ཡལ་བར་མ་དོར་གཞུང་བཞིན་དང་དུ་བླངས༔ ལུས་ངག་ཡིད་གསུམ་བཏུད་ནས་གསང་སྔགས་ཆོས༔ སྒོམ་སྒྲུབ་སྤྱོད་པའི་རྣལ་འབྱོར་དབང་ཕྱུག་གི༔ དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ རྩ་བ་ཡན་ལག་ཕམ་ལྟུང་ཉེས་བྱས་དང༔ སྦོམ་པོ་ཕྲ་མོ་ལ་སོགས་ཉེས་སྐྱོན་རྣམས༔ སྐྱོན་དུ་གྱུར་པ་ཐམས་ཅད་ཚངས་པར་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང༔ དེའི་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན༔ ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ༔ ཡུན་གྱི་སྒྲིབ་པ་མཆིས་ན་སྒྲིབ་པ་སྦྱོངས༔ འཕྲལ་གྱི་རྐྱེན་གེགས་མཆིས་ན་རྐྱེན་གེགས་ཟློག༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཐེག་པ་རིམ་པ་དགུ་ལམ་ཞུགས་ཀྱི་བཤགས་པ་སྟེ་ལེའུ་གཉིས་པའོ༔ ས་མ་ཡ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དེ་ནས་གསང་བའི་བདག་པོ་ཆེན་པོས་སྔོན་གྱི་རྣམ་པར་སྨིན་པ་སྦྱངས་སྦྱངས་པའི་ལྷའི་བུའི་རྣལ་འབྱོར་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོས་བཤད་པ༔ ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱིས་ཞུས་པ་ནི་འདི་ལྟ་སྟེ༔ དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང༔ རིག་འཛིན་ཕོ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ལྷན་ཅིག་ཏུ་བརྐྱང་ཕྱག་འཚལ་ཞིང༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང༔ ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་གསོལ་པ༔ བདག་ཅག་རྣམས་རང་བཞིན་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་རྣལ་འབྱོར་གྱི་གྲལ་དུ་འཁོད་དེ༔ གསང་བའི་ཐེག་པ་ཆེན་པོ་འདི་ལ་སྤྱོད་ཅིང༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང༔ ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རྣམས་ཀྱི་ཞལ་མཐོང་བ༔ ཕྱག་རྒྱ་ཆེན་པོ་རིག་འཛིན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འཚལ་བ་རྣམས་ལ་ཉམས་པ་དང་ཆག་པ་དང༔ བག་ཆགས་ངན་པས་བསྒྲིབས་ཏེ་མཆིས་ན༔ ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཐབས་ཤིག་གསོལ་ཞིང་ཞུ་ན་གནང་བའི་སྐབས་དབྱེ་བར་གསོལ༔ ཞེས་ཞུས་པ་དང༔ དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཕྱོགས་བཅུ་ནས་ལྷགས་པའི་རིག་འཛིན་ཕོ་མོ་རྣམས་ལ་བཀའ་བསྩལ་པ༔ འདི་ལྟ་བུའི་བཀའ་གསང་བ་བས་ཀྱང་ཆེས་གསང་བ༔ ཡང་གསང་ཐུགས་ཀྱི་མན་ངག་དམ་པ་འདི་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ༔ རིག་འཛིན་ཕོ་མོ་རྣམས་ཀྱི་ནི་ལམ༔ རྣལ་འབྱོར་ཕོ་མོ་རྣམས་ཀྱི་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་གནས་ཡིན་ཏེ༔ འདི་ལྟ་བུ་བཀའ་ཟབ་མོ་འདི་ནི་ཐོས་པར་ཡང་དཀའ་ན༔ སྒོམ་ཞིང་སྒྲུབ་པ་དང༔ རྟོགས་པ་ལྟ་སྨྲོས་ཀྱང་ཅི་དགོས༔ འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྦྱངས་སྦྱངས་པའི་ལས་འཕྲོ་དང་སྐལ་བར་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ཡིན་གྱི༔ གང་རུང་རུང་ཀུན་གྱི་ཐུན་མོང་ནི་མ་ཡིན་ནོ༔ དེ་ལྟ་བུའི་སྒོར་ཞུགས་པའི་རྣལ་འབྱོར་པས་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཐབས་མེད་པ་ནི་མ་ཡིན་ཏེ༔ ཐབས་ནི་ཡོད་དོ༔ ཉན་ཐོས་ཀྱི་ཐེག་པ་ལྟར་འདུལ་ཁྲིམས་ཉམས་པར་གྱུར་ན་རྫ་བེའུ་ཆག་པ་བཞིན་སླར་གསོ་བའི་ཐབས་མེད་པ་ནི་མ་ཡིན་ཏེ༔ གསང་སྔགས་ཀྱི་བཀའ་གསེར་དང་འདྲ་བ་འདིའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་ཉམས་ཆག་བྱུང་བ་རྣམས་ལ་སྦྱོང་བའི་ཐབས་ནི་ཡོད་དེ༔ ཐུགས་ཡང་དག་པའི་བཀའ་གསང་བ་འདིའི་ཉམས་ཆག་བྱུང་བ་ནི་གསེར་དངུལ་ཞོམ་པ་དང་འདྲ་སྟེ་སླར་གསོ་བའི་ཐབས་ནི་ཡོད་དོ༔ དེའི་ཐབས་ནི་ཅི་ལྟ་བུ་ཞེ་ན༔ རྣལ་འབྱོར་གྱི་སྤྱི་ཁྲུས་ངན་སོང་དོང་སྤྲུགས་ཞེས་བྱ་བ་ཞིག་བཞུགས་སོ༔ དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ༔ ཨ་ལ་ལ་ཧོ༔ དཔལ་ཀུན་ཏུ་བཟང་པོ་ངོ་མཚར་ཆེའོ༔ ཨེ་མ་ཧོ༔ ཞེས་ལུས་ཀྱི་ཡན་ལག་སྨད་ལྔ་ས་ལ་བརྡབས་ཏེ༔ བརྐྱང་ཕྱག་ལན་སྟོང་དུ་བཙལ་ནས་འདི་སྐད་ཅེས་ཞུས་སོ༔ དཔལ་ཀུན་ཏུ་བཟང་པོ༔ རྣལ་འབྱོར་ཕོ་མོའི་ཉམས་ཆག་དག་པར་བྱེད་པའི་སྤྱི་ཁྲུས་ཞེས་བྱ་བ་འགྲོ་བ་ཡོངས་ལ་ཕན་འདོགས་པའི་ངན་སོང་དོང་སྤྲུགས་ཞེས་བྱ་བ་བཀའ་གསང་བ་བས་ཀྱང་ཆེས་གསང་བ་ཡང་གསང་ཐུགས་ཀྱི་མན་ངག་དེ་བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཨ་ལ་ལ་ཧོ༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་རྣལ་འབྱོར་པ་རྣམས་ལ་བཀའ་བསྩལ་པ༔ བསྙེན་སྒྲུབ་རྣམ་པ་བཞིའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ༔ སྤྱིར་དམ་ཚིག་གི་བསྲུང་མཚམས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་དེ་དག་ཀུན་ཀྱང༔ རྩ་བའི་དམ་ཚིག་གསུམ་དུ་འདུས་སོ༔ དེ་ཡང་ལུས་ངག་ཡིད་གསུམ་དུ་འདུ་སྟེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆག་བྱུང་བ་ནི༔ དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་སྦྱོང་བའི་ཐབས་ནི་བཞུགས་སོ༔ ཡིད་ཀྱི་སྒོ་ནས་ཆག་ཉམས་བྱུང་ན༔ སྐུ་གསུང་ཐུགས་ཀྱི་ལྟ་བས་ཀྱང་སྐོང་སྟེ༔ རྣལ་འབྱོར་གྱི་གྲལ་དེར་འཁོད་པ་རྣམས་ཀྱི་ཡིད་དམ་སེམས་ནི༔ དོན་དམ་པར་ཐུགས་ཡང་དག་པའི་ཡེ་ཤེས་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ཏེ༔ ཀུན་གཞི་མ་བཅོས་པའི་ཡིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་ཤར་བ་ནི་བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་སྟེ༔ ཀུན་གཞི་དེ་ལྟར་ཡིན་ཕན་ཆད༔ ཀུན་གཞི་བག་ཆགས་དང་བཅས་པས་བསྐྱེད་པའི་ཕུང་པོ་དང༔ ཁམས་དང༔ དབང་པོ་དང༔ རྣམ་པར་ཤེས་པར་བཅས་པའང་མ་བྱུང་མ་སྐྱེས་པ་ཡེ་ནས་རང་བྱུང་ཆེན་པོ་ཡིན་ཏེ༔ དེ་ལྟར་རྟོགས་ན༔ རྡོ་རྗེ་སློབ་དཔོན་དང༔ མཆེད་ལྕམ་ཡང་ཡེ་ནས་མ་བྱུང་མ་སྐྱེས་པ་ཡིན་པས་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་སོ༔ དེ་ལྟར་ཕུང་པོ་དང༔ དབང་པོ་དང༔ རྣམ་པར་ཤེས་པ་མ་བྱུང་མ་སྐྱེས་ཕན་ཆད༔ དེས་བརྗོད་པར་བྱ་བའི་བཟླས་བརྗོད་དང༔ བསྙེན་སྒྲུབ་དང༔ སྐུ་ཕྱག་རྒྱར་བསྒོམ་པར་བྱ་བའང་ཡེ་ནས་མ་བྱུང་མ་སྐྱེས་ཏེ༔ གླེང་བརྗོད་དང་རྩོལ་སྒྲུབ་ཀྱི་མཐའ་ལས་འདས་པས་གསུང་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་སོ༔ དེ་ལྟ་བུ་ཡེ་ནས་མ་བྱུང་མ་སྐྱེས་པའི་དོན་འདི་ལྟ་བུ་འདི་ནི༔ ཀུན་གྱིས་མི་རྟོགས་ཤིང་རྟོགས་པར་དཀའ་བས་རང་བཞིན་གྱི་གསང་བ་ཆེན་པོ་ཡིན་པས་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་སོ༔ དེ་ལྟར་རྩ་བའི་ཉམས་ཆག་གསུམ་པོ་བསྐངས་ཕན་ཆད༔ ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱང་ཡེ་ནས་མ་བྱུང་མ་སྐྱེས་པས་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་སོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ནི་མི་བསྲུང་བའི་བསྲུང་བ་ཆེན་པོ་སྟེ༔ དེ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆག་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ཐུགས་རྗེས་བསྐངས་པའོ༔ དེ་སྐད་ཅེས་བཀའ་བསྩལ་པ་དང༔ དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས༔ སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཧོ་ངོ་མཚར་ཆེའོ༔ སྟོན་པ་ཀུན་ཏུ་བཟང་པོ༔ མི་བསྲུང་བའི་བསྲུང་བ་ཆེན་པོ་བཀའ་བསྩལ་པ༔ ངོ་མཚར་ཆེའོ༔ ཨ་ལ་ལ་ཧོ༔ ཞེས་ལུས་ས་ལ་རྡེབ་ཅིང་ཕྱག་བཙལ་ལོ༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ལ༔ བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ༔ སྟོན་པ་ཀུན་ཏུ་བཟང་པོ་གོང་མ་ལྟ་བུའི་ཡེ་ཤེས་ཡེ་ནས་མ་བྱུང་མ་སྐྱེས་པ་དེ་གདོད་མ་ནས་རང་ཤེས་རིག་གི་རྒྱལ་པོ་རང་ལ་རང་གསལ་བར་ཤར་བས་རྟོགས་པ་རྣམས་ལ་བསྲུང་དུའང་མེད་ལ༔ ཉམས་ཆག་བསྐང་དུའང་མེད་ན༔ དེ་ལྟ་བུའི་དོན་དེ་མ་རྟོགས་པ་དང༔ གསང་སྔགས་ཀྱི་སྒོར་ཞུགས་ལོ་ཙམ་གྱི་རྣལ་འབྱོར་གྱིས་དོན་མན་ངག་ནི་མ་རྟོགས་ཏེ༔ ལ་ལས་ནི་ཚོགས་ཀྱི་སྤྱང་ཀི་བྱེད༔ ལ་ལས་ནི་གཡོ་སྒྱུ་དང་གསོག་འཇོག་བྱེད༔ ལ་ལས་ནི་དེ་བཞིན་གཤེགས་པའི་བཀའ་ལ་རས་ཆོད་བྱེད་པ་རྣམས་ཀྱི་དོན་ཆེད་དུ༔ ཉམས་ཆག་བྱུང་བ་ལ་སྐོང་བའི་ཐབས་ཅི་མཆིས༔ དེ་དག་ཐུགས་རྗེས་གཟུང་བའི་ཐབས་ཤིག་བསྟན་དུ་གསོལ༔ ཞེས་ཞུས་པ་ལས༔ སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ༔ རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཞན་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ༔ དེ་ཉིད་ཀྱི་ཐབས་ནི་རྡོ་རྗེ་སློབ་དཔོན་དང༔ ཡི་དམ་གྱི་ལྷ་དང༔ སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང༔ གྲུབ་པའི་ས་ལ་གནས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ༔ མཚན་ནས་བརྗོད་དེ༔ ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་བཙལ་ན་འབྱང་བའི་ཐབས་ཡིན་ནོ༔ དེ་ལྟ་བས་ན་ངའི་གསང་སྔགས་སྤྱད་ཉེས་པའི་དབང་གིས་ངན་སོང་དུ་ལྷུང་དོགས་པ་རྣམས་ཀྱི་དོན་ཆེད་དུ༔ འགྱོད་ཚངས་ཀྱི་ལེའུ་བཤགས་པའི་རྒྱལ་པོ་མདོ་ཙམ་ཞིག་བསྟན་གྱི༔ ཁྱེད་རྣམས་ལུས་གཅེར་བུར་ཕྱུང་སྟེ་ཆས་རབ་ཏུ་གྱིས་ལ༔ ཡན་ལག་ལྔ་ས་ལ་རྡེབ་ཅིང་བརྐྱང་ཕྱག་འཚོལ་ཅིག༔ དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཆས་རབ་ཏུ་ཕྱུང་སྟེ༔ སྟོན་པ་ཀུན་ཏུ་བཟང་པོའི་ལྟར་མཉན་པ་དང༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་བསྩལ་པ༔ ཧོ་ ཀློང་ཆེན་པོ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ན་དོན་དམ་པར་ཆོས་ཀྱི་དབྱིངས་ཡུམ་གྱི་མཁའ་བྷ་ག་ཡངས་པའི་ཀློང༔ རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་རང་ཤེས་རིག་གི་རྒྱལ་པོ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡབ༔ ཆགས་མེད་སྐྱོན་དང་བྲལ་བས་གདན་པདྨ༔ སངས་རྒྱས་དང་སེམས་ཅན་མཉམ་པར་མཁྱེན་པས་ཕྱག་མཉམ་པའི་ཕྱག་རྒྱ་ཅན༔ དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་དོན་དམ་པར་ཆོས་ཀྱི་དབྱིངས་སུ་སྡུད་མ༔ ཆོས་ཅན་མཚན་མའི་སྐྱོན་གྱིས་མ་གོས་པས་གདན་པདྨ༔ ཀུན་ལ་ཁྱབ་པར་གནས་པས་ཕྱག་མཉམ་པའི་ཐལ་མོ་ཅན༔ ཆོས་བྱ་བ་མོ་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་གཟུགས་ཀྱི་ཕུང་པོ་གནས་སུ་དག་པ༔ དེ་བཞིན་གཤེགས་པའི་སྐུའི་བདག་ཉིད་མི་འཇིགས་པ་སེང་གེའི་ཁྲི་ཅན༔ སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཀུན་ལ་དབང་སྒྱུར་བས་ཕྱག་རྒྱ་འཁོར་ལོ་ཅན༔ བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ༔ དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད༔ སྟོབས་ལྡན་གླང་པོ་ཆེའི་ཁྲི་ཅན༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་སྐྱེ་ཤི་དང་འཕོ་འགྱུར་གྱི་རྟོག་པ་མི་མངའ་བས་ཕྱག་རྒྱ་རྡོ་རྗེ་ཅན༔ བཅོམ་ལྡན་འདས་དཔལ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ཚོར་བའི་ཕུང་པོ་གནས་སུ་དག་པ༔ དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བདག་ཉིད༔ ཤུགས་འཆང་རྟའི་ཁྲི་ཅན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་མ་གཡོས་པར་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས་ཕྱག་རྒྱ་རིན་པོ་ཆེ་འབར་བ་ཅན༔ བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ༔ དེ་བཞིན་གཤེགས་པའི་གསུང་གི་བདག་ཉིད༔ མཛེས་བྱེད་རྨ་བྱའི་ཁྲི་ཅན༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པར་མཁྱེན་པས་ཕྱག་རྒྱ་པདྨ་ཅན༔ བཅོམ་ལྡན་འདས་དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པ༔ དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱི་བདག་ཉིད༔ ཅང་བྱེད་ཤང་ཤང་ཏེའུའི་ཁྲི་ཅན༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲིན་ལས་མཐར་ཕྱིན་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན༔ བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ནམ་མཁའ་བཞིན་ཏུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་ཆེ་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ དོན་དམ་པར་འབྱུང་བ་ནམ་མཁའི་ངོ་བོ་གནས་སུ་དག་པ༔ ཡུམ་ཆེན་མོ་ཀུན་ཏུ་བཟང་མོ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འབྱུང་བའི་གནས༔ ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་འབྱུང་བ་སའི་ངོ་བོ་གནས་སུ་དག་པ༔ ཡུམ་ཆེན་མོ་སངས་རྒྱས་སྤྱན་མ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་གཞི༔ ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་འབྱུང་བ་ཆུའི་ངོ་བོ་གནས་སུ་དག་པ༔ ཡུམ་ཆེན་མོ་མཱ་མ་ཀཱི༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་འཛིན་མ༔ ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་འབྱུང་བ་མེའི་ངོ་བོ་གནས་སུ་དག་པ༔ ཡུམ་ཆེན་མོ་ན་བཟའ་དཀར་མོ༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་མཆོག་མངའ་མ༔ ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་འབྱུང་བ་རླུང་གི་ངོ་བོ་གནས་སུ་དག་པ༔ ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ༔ འགྲོ་བ་ཐམས་ཅད་འཕགས་པའི་ས་བཅུར་སྒྲོལ་མ༔ ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་མཛད་མ༔ རིགས་ཀྱི་ཡུམ་གྱུར་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་སའི་སྙིང་པོ༔ འགྲོ་བ་རྣམས་བླ་ན་མེད་པའི་གནས་སུ་སྐྱེད་པར་བྱེད་པས་ཕྱག་རྒྱ་རིན་པོ་ཆེའི་མྱུ་གུ་ཅན༔ ཤར་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ༔ ཉོན་མོངས་པའི་རྒྱུན་སྐད་ཅིག་གིས་གཅོད་པས་ཕྱག་རྒྱ་རལ་གྲི་ཅན༔ ལྷོ་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་སྣའི་རྣམ་པར་ཤེས་པ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག༔ ཉོན་མོངས་པའི་སྐྱོན་གྱིས་མ་གོས་པས་ཕྱག་རྒྱ་པདྨ་ཅན༔ ནུབ་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ༔ ཉོན་མོངས་པ་གཏན་ནས་འཇོམས་པར་བྱེད་པས་ཕྱག་རྒྱ་རྡོ་རྗེ་ཅན༔ བྱང་ཕྱོགས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་མིག་གི་དབང་པོ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་བྱམས་པ༔ ཉོན་མོངས་པའི་གདུང་བ་ལས་རྒྱལ་བས་ཕྱག་རྒྱ་ཀླུ་ཤིང་མགོ་ལྕོག་ཅན༔ ཤར་ལྷོ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་རྣ་བའི་དབང་པོ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ༔ ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་ཕྱག་རྒྱ་པུསྟི་ཅན༔ ལྷོ་ནུབ་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་སྣའི་དབང་པོ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ༔ ཉོན་མོངས་པ་གནས་སུ་དག་པ་ལས་དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བས་ཕྱག་རྒྱ་རིན་པོ་ཆེའི་སྙེ་མ་ཅན༔ ནུབ་བྱང་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལྕེའི་དབང་པོ་གནས་སུ་དག་པ༔ བྱང་ཆུབ་སེམས་དཔའ་འཇམ་དཔལ༔ ཉོན་མོངས་པའི་ཟུག་རྔུ་མི་མངའ་བར་ཤིན་ཏུ་མཛེས་པས་ཕྱག་རྒྱ་མེ་ཏོག་ཨུཏྤལ་ཅན༔ བྱང་ཤར་མཚམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ༔ རྣམ་ཤེས་དབང་པོ་དག་པས་ཐུགས་དང་གསུང༔ བདེ་བར་གཤེགས་པ་ཀུན་གྱི་སྲས་མཆོག་སྟེ༔ སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་གནས་སུ་དག་པ་བཛྲ་ལཱ་སྱཻ་སྟེ༔ དེ་བཞིན་གཤེགས་པ་རྣམས་ལ་སྐུའི་མཆོད་པས་མཉེས་པར་བྱེད་པ་ལས་མི་འགྱུར་བས་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཅན༔ རྡོ་རྗེ་སྒེག་མོ་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་སྣའི་ཡུལ་དུ་དྲིར་མནམས་པ་གནས་སུ་དག་པ་བཛྲ་མཱ་ལྱཻ་སྟེ༔ དྲིའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་ཕྲེང་བ་ཅན༔ རྡོ་རྗེ་ཕྲེང་བ་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་རྣ་བའི་ཡུལ་དུ་སྒྲར་གྲགས་པ་གནས་སུ་དག་པ་བཛྲ་གཱིརྟཱི་སྟེ༔ སྒྲའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན༔ རྡོ་རྗེ་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལྕེའི་ཡུལ་དུ་རོ་བྲོ་བ་གནས་སུ་དག་པ་བཛྲ་ནིརྟཱི་སྟེ༔ ཕྱག་རྒྱའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་གར་སྒྱུར་ཅན༔ རྡོ་རྗེ་གར་སྒྱུར་མ་ལ་ཕྱག་འཚལ་ལོ༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན༔ མཁའ་མཉམ་མཆོད་པས་རྒྱལ་བ་རྒྱ་མཚོ་མཆོད༔ བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ་བཛྲ་པུཥྤེ་སྟེ༔ སྤྱན་གྱི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་མེ་ཏོག་ཅན༔ རྡོ་རྗེ་མེ་ཏོག་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་དུས་ད་ལྟར་བ་ཞེས་བྱ་བ་གནས་སུ་དག་པ་བཛྲ་དྷཱུ་པེ་སྟེ༔ ཤངས་ཀྱི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་བདུག་སྤོས་ཅན༔ རྡོ་རྗེ་སྤོས་མེ་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ་བཛྲ་ཨཱ་ལོ་ཀེ་སྟེ༔ སྐུའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་མར་མེ་ཅན༔ རྡོ་རྗེ་མར་མེ་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་དུས་ཕྱིས་འབྱུང་བ་ཞེས་བྱ་བ་གནས་སུ་དག་པ་བཛྲ་གནྡྷེ་སྟེ༔ ལྗགས་བྱུག་པའི་མཆོད་པས་མཉེས་པར་མཛད་པས་ཕྱག་རྒྱ་བྱུག་པ་ཅན༔ རྡོ་རྗེ་དྲི་ཆབ་མ་ལ་ཕྱག་འཚལ་ལོ༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཐོགས༔ རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ༔ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལུས་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ༔ བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན༔ ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལུས་ཀྱི་དབང་པོ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ༔ སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔར་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན༔ ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལུས་ཀྱི་རེག་བྱ་གནས་སུ་དག་པ་ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ༔ དགའ་བ་ཆེན་པོས་འགྲོ་བའི་དོན་ཐུགས་རྗེས་མི་གཏོང་བར་མཛད་པས་ཕྱག་རྒྱ་ཐོད་པ་སྦྲུལ་གྱིས་དཀྲིས་པ་ཅན༔ ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལུས་ཀྱི་རེག་ཤེས་གནས་སུ་དག་པ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་སྟེ༔ བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན༔ བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་ཅིང༔ ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང༔ ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་རྟག་པར་ལྟ་བ་གནས་སུ་དག་པ་བཛྲ་ཨཾ་ཀུ་ཤ་སྟེ༔ འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་མཛད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན༔ རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ཆད་པར་ལྟ་བ་གནས་སུ་དག་པ་བཛྲ་པཱ་ཤ་སྟེ༔ འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཆིང་བར་མཛད་པས་ཕྱག་རྒྱ་ཞགས་པ་ཅན༔ རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་བདག་ཏུ་ལྟ་བ་གནས་སུ་དག་པ་བཛྲ་སྥོ་ཊ་སྟེ༔ འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན༔ རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་མཚན་མར་ལྟ་བ་གནས་སུ་དག་པ་བཛྲ་གྷནྜེ་སྟེ༔ འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན༔ རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ ཡེ་ཤེས་སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལྷའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་ལྷའི་ཐུབ་པ་སྟེ༔ ཉོན་མོངས་པ་ང་རྒྱལ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་པི་ཝང་ཅན༔ ལྷའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་ལྷ་མ་ཡིན་གྱི་ཐུབ་པ་སྟེ༔ ཉོན་མོངས་པ་ཕྲག་དོག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གོ་ཆ་ཅན༔ ལྷ་མ་ཡིན་གྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་མིའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་མིའི་ཐུབ་པ་སྟེ༔ ཉོན་མོངས་པ་འདོད་ཆགས་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གསེག་ཤང་དང་སྤར་བུ་ཅན༔ མིའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་བྱོལ་སོང་གི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་བྱོལ་སོང་གི་ཐུབ་པ་སྟེ༔ ཉོན་མོངས་པ་གཏི་མུག་གནས་སུ་དག་པར་མཛད་པས་ཕྱག་རྒྱ་གླེགས་བམ་པུསྟི་ཅན༔ བྱོལ་སོང་གི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ་སྟེ༔ ཉོན་མོངས་པ་སེར་སྣ་གནས་སུ་དག་པར་མཛད་པས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན༔ ཡི་དྭགས་ཀྱི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ དོན་དམ་པར་སེམས་ཅན་དམྱལ་བའི་འཇིག་རྟེན་དུ་ལྟ་བ་གནས་སུ་དག་པ་དམྱལ་བའི་ཐུབ་པ་སྟེ༔ ཉོན་མོངས་པ་ཞེ་སྡང་གནས་སུ་དག་པར་མཛད་པས་ཕྱག་རྒྱ་མེ་ཆུ་ཅན༔ དམྱལ་བའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ སྟེང་འོག་ཕྱོགས་བཞི་འཇིག་རྟེན་འདུལ་བའི་གཙོ༔ ཉོན་མོངས་དྲུག་འཇོམས་རྒྱུ་དྲུག་དག་པར་སྦྱོང༔ བཅོམ་ལྡན་ཐུབ་པ་རྣམས་ལ་ཕྱག་འཚལ་ལོ༔ སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ རང་བཞིན་གྱི་དཀྱིལ་འཁོར་འདི་ལྟར་སྣང་བ་ཐམས་ཅད་ལ་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ རང་བཞིན་གྲུབ་པའི་དཀྱིལ་འཁོར་རྡུལ་གཅིག་གི་སྟེང་ན༔ རྡུལ་སྙེད་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བའི་ལྷ་རྣམས་ལ་ཡང༔ རྣལ་འབྱོར་པ་བདག་ཅག་གིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་ལུས་ངག་ཡིད་གསུམ་ཤིན་ཏུ་གནོང་འགྱོད་དང་བཅས་པས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཙམ་ཐོས་པས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ༔ དེ་བས་ན་གུས་པས་ཕྱག་འཚལ་ལོ༔ རང་བཞིན་སྒྱུ་འཕྲུལ་ལྷ་རྣམས་ལ༔ གང་ཞིག་གུས་པས་ཕྱག་བཙལ་ན༔ ཉམས་ཆག་ཀུན་ཀྱང་འབྱང་བར་འགྱུར༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་བསྩལ་པས༔ ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ཅིང་བརྐྱང་ཕྱག་ལན་སྟོང་དུ་བཙལ་པས༔ རིག་འཛིན་ཕོ་རྣམས་ཀྱི་ནི་ཉམས་ཆག་བསྐངས་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་ཁད་ཀྱིས་བསྙེན་པར་གྱུར་ཏོ༔ རྣལ་འབྱོར་མོ་རྣམས་ཀྱི་ཡང་ཉམས་ཆག་བསྐངས་ནས་སོར་ཆུད་པའི་རིག་འཛིན་གྱི་ས་ལ་ཁད་ཀྱིས་བསྙེན་པར་གྱུར་ཏོ༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་བསྩལ་ཏོ༔ རྣལ་འབྱོར་གྱི་གྲལ་འདིར་འཁོད་པའི་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་ལྟ་སྤྱོད་དང་དཀྱིལ་འཁོར་དང༔ མར་མེ་གཅིག་ལ་ལྟ་བའི་རྡོ་རྗེ་སྤུན་གྲོགས་གཅིག་སེམས་གཅིག་ལ་ལས་པ་ཁྱེད་རྣམས་ཉོན་ཅིག༔ སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཞེས་བྱ་བ་ཐུགས་ཞི་བ་ཆེན་པོ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་ཀྱང༔ ཐུགས་རྗེ་རོལ་པ་ཆེན་པོ་ཁྲོ་བོའི་ཆ་ལུགས་ཅན་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པ་རྣམས་ལའང་ཕྱག་འཚལ་ཞིང་ཉམས་ཆག་སྐོངས་ཤིག༔ དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ༔ རོལ་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེའི་མཚན་རྣམས་བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཨ་ལ་ལ་ཧོ༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་མཚན་ནས་བརྗོད་དེ་བཀའ་བསྩལ་པ༔ ཧོ་དགོངས་སུ་གསོལ༔ རང་རིག་པའི་རང་བཞིན་ཐབས་ཀྱི་རྒྱལ་པོ༔ ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙན་ཆེན་པོ༔ སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ༔ བཅོམ་ལྡན་འདས་བླ་ན་མེད་པའི་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ལྟ་བུའི་སྐུ་གསུང་ཐུགས་དུས་གསུམ་དུ་འགྱུར་བ་མི་མངའ་ཞིང༔ ཞེ་སྡང་ཐབས་ལ་མཁས་པས་དྲེགས་པ་ཕོ་མོའི་གདན་ལ་བཞུགས་པ༔ ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་སྟོང་པ་ཉིད་ལས་སྐྱེ་བ་མེད་པའི་སྐུ་བརྙེས་པ༔ གཏི་མུག་ཐབས་ལ་མཁས་པས་མ་ཧཱ་དེ་ཝའི་གདན་ལ་བཞུགས་པ༔ ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད་བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་བྱང་ཆུབ་སེམས་ལས་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་པ༔ ང་རྒྱལ་ཐབས་ལ་མཁས་པས་གཤིན་རྗེའི་གདན་ལ་བཞུགས་པ༔ ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་ཆགས་པ་མེད་པའི་དབྱིངས་ལས་བྱང་ཆུབ་ཆེན་པོའི་སྐུ་བརྙེས་པ༔ འདོད་ཆགས་ཐབས་ལ་མཁས་པས་ཀླུའི་གདན་ལ་བཞུགས་པ༔ ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཕྲིན་ལས་གྲུབ་པའི་དབྱིངས་ལས་སྤྲུལ་པ་མཆོག་གི་སྐུ་བརྙེས་པ༔ ཕྲག་དོག་ཐབས་ལ་མཁས་པས་གནོད་སྦྱིན་གྱི་གདན་ལ་བཞུགས་པ༔ ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྦྱོར་བའི་དབྱིངས་ལས་ཕྱིན་ཅི་ལོག་གི་རྟོག་པ་འཇོམས་པའི་སྐུ་བརྙེས་པ༔ གྷ་ན་ཐབས་ལ་མཁས་པས་དྲང་སྲོང་གི་གདན་ལ་བཞུགས་པ༔ རཀྵ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དམ་ཚིག་གི་དབྱིངས་ནས་མྱོང་བྱེད་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ༔ ཉམས་པ་སྐོང་བའི་ཐབས་ལ་མཁས་པས་སྲིན་པོའི་གདན་ལ་བཞུགས་པ༔ ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གསང་བའི་དབྱིངས་ནས་སྐྱེ་གནས་ཀྱི་རྟོག་པ་འཇོམས་པའི་སྐུ་བརྙེས་པ༔ མཚན་མའི་ཐབས་ལ་མཁས་པས་རླུང་ལྷའི་གདན་ལ་བཞུགས་པ༔ གུ་ཧྱ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྒྲོལ་བའི་དབྱིངས་ལས་རེག་བྱའི་རྟོག་པ་འཇོམས་པའི་སྐུ་བརྙེས་པ༔ ཏ་ན་ཐབས་ལ་མཁས་པས་བགེགས་ཀྱི་གདན་ལ་བཞུགས་པ༔ ཡཀྵ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ འཇིགས་བྱེད་འདས་པའི་དུས་ན་སྔོན་བྱུང་བ༔ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི༔ དཔལ་ཆེན་ཧེ་རུ་ཀ་རྣམས་ལ་ཕྱག་འཚལ་ལོ༔ རང་བཞིན་དག་པའི་དབྱིངས་ནས་ཡུམ་ཆེན་མོའི་སྐུ་བརྙེས་པ༔ སྐུ་དཔལ་དུ་འབར་བས་རྔམ་པའི་ཆ་ལུགས་ཅན༔ གསུང་དཔལ་དུ་འབར་བས་རྔམས་པའི་ཞལ་གདངས་ཅན༔ ཐུགས་དཔལ་དུ་འབར་བས་ཐུགས་རྗེ་ཆེན་པོ་ཅན༔ དཔལ་འབར་ཁྲོས་པའི་རྒྱལ་མོ་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལས་རྣམ་པར་ཐར་པའི་སྐུ་བརྙེས་པ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ མཉམ་ཉིད་བླང་དོར་མེད་པའི་དབྱིངས་ནས་རོལ་པ་ཡེ་ཤེས་ཀྱི་སྐུ་བརྙེས་པ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ བྱམས་མགོན་ཆོས་ཀྱི་དབྱིངས་ནས་ཐུགས་རྗེ་ཡེ་ཤེས་ཀྱི་སྐུ་བརྙེས་པ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ༔ རཏྣ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ ཆོས་ཉིད་པདྨའི་དབྱིངས་ནས་སྐྱོན་བྲལ་པདྨའི་སྐུ་བརྙེས་པ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ༔ པདྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ ལས་རབ་རོལ་པའི་དབྱིངས་ནས་དོན་གྲུབ་མཆོག་གི་སྐུ་བརྙེས་པ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྲིལ་བས་ཆ་ལུགས་གཙོ་བོ་དང་མཐུན་པ༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ དྲོད་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ༔ རཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ མངལ་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ༔ ས་ནུ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ རྫུས་ནས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ༔ གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ སྒོ་ང་ལས་སྐྱེས་པ་འཇོམས་པ་ལས་སྤྲུལ་པ་སྟེ༔ ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ་མཛད་ཅིང༔ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ༔ གདུག་པ་འདུལ་འཛད་ཡུམ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན༔ ཀཽ་རཱི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སེར་མོ་མདའ་གཞུ་འགེངས༔ ཙཽ་རཱི་མ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དམར་མོ་ཆུ་སྲིན་འཛིན༔ པྲ་མོ་ཧ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན༔ བཻ་ཏཱ་ལི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་དམར་སེར་བྱིས་རྒྱུ་འདྲེན༔ པུཀྐ་སི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ལྗང་གུ་དུང་ཁྲག་འཐུང༔ གྷསྨ་རཱི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ནག་མོ་བྱིས་སྙིང་ཟ༔ སྨེ་ཤ་ནི་ལ་ཕྱག་འཚལ་ལོ༔ ཁྲོ་མོ་སེར་སྐྱ་མཆོག་ལུས་ཕྲལ༔ ཙཎྜ་ལཱི་ལ་ཕྱག་འཚལ་ལོ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་འཁོར་ནས༔ ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན༔ ཁྲོ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ སིཾ་ཧ་ཁར་རོ་བསྣོལ་སེར་སེང༔ སེང་གེའི་དབུ་ལ་ཕྱག་འཚལ་ལོ༔ བྷྱཱ་གྷྲི་མནན་ལྟ་བསྣོལ་དམར་སྟག༔ སྟག་གི་དབུ་ལ་ཕྱག་འཚལ་ལོ༔ སྲི་ལ་ནག་མོ་བྱིས་བལྡག་ཝ༔ ཝ་ཡི་དབུ་ལ་ཕྱག་འཚལ་ལོ༔ ཤྭ་ན་འདྲལ་ལྟ་མཐིང་ནག་སྤྱང༔ སྤྱང་ཀའི་དབུ་ལ་ཕྱག་འཚལ་ལོ༔ གྷྲི་ཌྷཱ་འདྲེན་དམར་རྒྱུ་འདྲེན་རྒོད༔ བྱ་རྒོད་མགོ་ལ་ཕྱག་འཚལ་ལོ༔ ཀང་ཀཱ་ཞིང་ཕྲག་སྣར་མགོ་རིང༔ དུར་བྱའི་དབུ་ལ་ཕྱག་འཚལ་ལོ༔ ཁ་ཁྭ་ཁར་རོ་བྷན་གྲི་ནག༔ བྱ་རོག་དབུ་ལ་ཕྱག་འཚལ་ལོ༔ ཨཱུ་ལུ་རྡོར་ཀྱུ་མཐིང་ཚོགས་འུག༔ འུག་པའི་དབུ་ལ་ཕྱག་འཚལ་ལོ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༔ འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ཕྲ་མེན་ཆེན་མོ་བརྒྱད་ལ་ཕྱག་འཚལ་ལོ༔ སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན༔ རྟ་ཡི་དབུ་ལ་ཕྱག་འཚལ་ལོ༔ སྒོ་མ་ནག་མོ་ཞགས་པ་འཛིན༔ ཕག་གི་དབུ་ལ་ཕྱག་འཚལ་ལོ༔ སྒོ་མ་དམར་མོ་ལྕགས་སྒྲོག་སྡོམ༔ སེང་གེའི་དབུ་ལ་ཕྱག་འཚལ་ལོ༔ སྒོ་མ་ལྗང་ཁུ་དྲིལ་བུ་འཛིན༔ སྤྱང་ཀའི་དབུ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གདོང་མོ་ཕོ་ཉ་མགྱོགས་མ་བཞི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང༔ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་དག་ངང་ལས་ཅིར་ཡང་སྣང༔ སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུར་སྣང་ཞིང༔ སྲིད་གསུམ་ཞིང་སྦྱོར་གཡང་གཞིའི་ན་བཟའ་གསོལ༔ སྟོང་ཁམས་གནས་སུ་སྤོར་བས་ཉི་ཟེར་ཞགས་པ་འཕེན༔ སྤོར་བྱེད་ཉི་ཟེར་ཞགས་པ་མ་ལ་ཕྱག་འཚལ་ལོ༔ རྣམ་རྟོག་ནད་རྣམས་རྟག་ཏུ་བསལ་བྱའི་ཕྱིར༔ མི་འབྲལ་ཅི་ཡང་སྒྱུར་བའི་སྐུ་མངའ་ཞིང༔ ཉོན་མོངས་དུག་ལྔ་གཞོམ་ཕྱིར་ཐོད་ཁྲག་མདུང་ཐུང་འཕེན༔ ཐུགས་རྗེ་ཐབས་མཁས་མི་རྣམས་གནས་སུ་སྤོར༔ སྤོར་བྱེད་མདུང་ཐུང་འཕེན་ལ་ཕྱག་འཚལ་ལོ༔ མ་རིག་སེམས་ཅན་དབྱིངས་ལ་གཟུད་པའི་ཕྱིར༔ ཆོས་ཉིད་བདེན་པའི་སྐུ་ལས་གཡོས་པ་མེད༔ སྟོང་ཁམས་དབང་སྡུད་ཐོད་ཁྲག་ཐུགས་ཀར་བསྐྱིལ༔ བརྗིད་པའི་རོལ་པས་སྟོང་ཁམས་གནས་སུ་སྤོར༔ སྤོར་བྱེད་དྲིལ་འཁྲོལ་མ་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་བྱམས་པས་ཀུན་ལ་ཁྱབ་པ་ཡིས༔ མདོག་བཟང་དཀར་སེར་ཞི་རྒྱས་ལྡན་པའི་སྐུ༔ འདོད་ལྔ་དབང་སྡུད་དུང་ཁྲག་ཐུགས་ཀར་འཛིན༔ ལྷ་རྣམས་གནས་སྤོར་ཕྱག་ན་ཁྱུང་ཆེན་བསྣམས༔ སྤོར་བྱེད་ཁྱུང་ཐོགས་མ་ལ་ཕྱག་འཚལ་ལོ༔ སྡུག་བསྔལ་མི་བཟད་ཡོངས་སུ་གཞིག་པའི་ཕྱིར༔ མཐིང་ནག་ཆེན་པོ་རྔམ་པའི་སྐུ་མངའ་ཞིང༔ གཡུལ་ཆེན་རབ་ཟློག་རྡོ་རྗེ་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་དུང་ཁྲག་ཞལ་དུ་གསོལ༔ སྤོར་བྱེད་སྐར་མདའ་འཕེན་ལ་ཕྱག་འཚལ་ལོ༔ ལོག་པར་ལྟ་བ་དབང་དུ་སྡུད་པའི་ཕྱིར༔ སྐུ་མདོག་དམར་ནག་དབང་དྲག་འཛོམས་པའི་ཞལ༔ ཕྱི་ནང་སྒྲིབ་གཉིས་སྦྱངས་ནས་བདེ་བའི་ཕྱིར༔ རྡོ་རྗེ་གློག་ཕྲེང་ཡི་དྭགས་གནས་སུ་སྤོར༔ སྤོར་བྱེད་གློག་ཕྲེང་ཅན་ལ་ཕྱག་འཚལ་ལོ༔ གཏི་མུག་རྨོངས་པ་དབང་དུ་མཛད་པའི་ཕྱིར༔ དཀར་ནག་ཕྱེད་མ་ཞི་དྲག་ལྡན་པའི་སྐུ༔ གཏིག་མུག་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ༔ བྱོལ་སོང་གནས་སུ་སྤོར་བས་བླག་ཤ་རྡེབ༔ སྤོར་བྱེད་བླག་ཤ་རྡེབ་ལ་ཕྱག་འཚལ་ལོ༔ སྡུག་བསྔལ་བརྒྱད་དང་བཅུ་དྲུག་སྦྱོང་བའི་ཕྱིར༔ སྐུ་མདོག་སེར་ནག་དྲག་པོ་རྒྱས་པའི་སྐུ༔ དམྱལ་བ་སྟོངས་མཛད་ཐོད་ཁྲག་ཞལ་དུ་གསོལ༔ དམྱལ་བ་གནས་སུ་སྤོར་བས་རལ་གྲི་འཛིན༔ སྤོར་བྱེད་རལ་གྲི་འཛིན་ལ་ཕྱག་འཚལ་ལོ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རོལ་པ་ལས༔ འགྲོ་དོན་དབྱིངས་ལས་མཛད་པའི་ཐུབ་ཆེན་རྣམས༔ ལས་ངན་ཞི་བས་གདུལ་བར་མི་འགྱུར་བས༔ རྒྱུ་དྲུག་སེམས་ཅན་རྣམས་ལ་དབང་རོལ་མཛད༔ སྤོར་བྱེད་མི་བཟད་བརྒྱད་དུ་མཚན་གསོལ་བ༔ ཀུན་ཀྱང་འཇིགས་ཚུལ་ཆེ་ལ་སྙིང་རྗེར་ལྡན༔ སྐམ་གཤེར་སྤེལ་མའི་གདན་ལ་བརྐྱང་བསྐུམ་བཞུགས༔ ཐོད་ཁྲག་མཚོན་ཆ་འཛིན་ཅིང་སྲོག་ཆགས་གཙོའི༔ གཡང་གཞི་གྱོན་ནས་རལ་པ་མཁའ་དབྱིངས་སུ༔ འབར་ཞིང་བཤུགས་གླུས་སྟོང་ཁམས་འགེངས་པར་མཛད༔ ཧ་ཧའི་གད་མོ་འདེབས་ཤིང་རྒྱུ་དྲུག་སེམས་ཅན་སྦྱོང༔ རྒྱུ་དྲུག་འཁོར་བའི་སེམས་ཅན་ཅི་འདྲ་བ༔ ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་ས་ལེ་བས༔ འགྲོ་བ་རིགས་དྲུག་སེམས་ཅན་ཀུན་སྦྱངས་ནས༔ ལྷ་མཆོག་ཁྱེད་ཀྱིས་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་དམར་ནག་ཏྲི་ཤཱུལ་འཛིན༔ གཡག་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན༔ སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་ནག་དབྱུག་སྡིགས་འཛིན༔ གཟིག་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་དམར་དུང་དམར་འཛིན༔ སྲེ་མོའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སེར་མོ་འཁོར་ལོ་འཛིན༔ ཕ་ཝང་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན༔ དྲེད་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན༔ དོམ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སྔོན་མོ་བུམ་པ་འཛིན༔ ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སྔོ་སྐྱ་པུཎྜ་འཛིན༔ སྡིག་པའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ནག་མོ་ཐོད་རློན་འཆང༔ ཁྲ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ནག་རྒྱུ་ཞགས་འཛིན༔ ཝ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ནག་མོ་བམ་ཆེན་འཛིན༔ སྟག་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་ཁོག་ཆེན་འཛིན༔ རྒོད་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ནག་རྡོར་དབྱུག་འཛིན༔ རྟ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་དམར་བནྡྷ་འཛིན༔ ཁྱུང་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་བྱིས་བམ་འཛིན༔ ཁྱི་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དཀར་དམར་པདྨ་འཛིན༔ པུ་ཤུད་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སྐྱ་བནྡྷ་འཛིན༔ ཤ་བའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་རྔེའུ་ཆུང་རྡུང༔ སྤྱང་ཀིའི་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན༔ སྐྱིན་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་སེར་མཆེ་བ་འཛིན༔ ཕག་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་སྔོན་དུང་ཁྲག་འཛིན༔ ཁྭ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་ལྗང་བམ་ཆེན་འཛིན༔ བ་གླང་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་བདུད་རྩི་འཐུང༔ སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ནག་མོ་ལྕགས་ཀྱུ་འཛིན༔ ཁུ་བྱུག་མགོ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སྔོན་མོ་ཞགས་པ་འཛིན༔ ར་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་དམར་མོ་ལྕགས་སྒྲོག་སྡོམ༔ སེང་མགོ་ཅན་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་ལྗང་ནག་དྲིལ་བུ་འཛིན༔ སྐྱ་ཀའི་མགོ་ལ་ཕྱག་འཚལ་ལོ༔ དཔལ་གྱི་འཁོར་ཚོགས་བཛྲ་ཨཱ་རལླི༔ མཁའ་ལ་ཤུགས་འགྲོ་མ་ཚོགས་དབང་ཕྱུག་མ༔ རྣལ་འབྱོར་ཉི་ཤུ་བརྒྱད་ལ་ཕྱག་འཚལ་ལོ༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་ལོ༔ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་མ༔ འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ༔ འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པ༔ ཁྲོ་ཆེན་ཧཱུྃ་ཀཱ་ར་ལ་ཕྱག་འཚལ་ལོ༔ མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ༔ ཁྲོ་ཆེན་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ༔ སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ༔ ཁྲོ་ཆེན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ ངག་རྩུབ་སྐྱོན་སྤངས་ཆོས་ལ་དབང་མཛད་པ༔ ཁྲོ་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ ཕྲག་དོག་སྐྱོན་སྤངས་ལས་ལ་དབང་མཛད་པ༔ ཁྲོ་ཆེན་བདུད་རྩི་འཁྱིལ་ལ་ཕྱག་འཚལ་ལོ༔ ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ༔ ཁྲོ་ཆེན་དབྱུག་སྔོན་ཅན་ལ་ཕྱག་འཚལ་ལོ༔ རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ༔ ཁྲོ་ཆེན་མི་གཡོ་མགོན་ལ་ཕྱག་འཚལ་ལོ༔ ངག་འཆལ་སྐྱོན་སྤངས་སེམས་ལ་དབང་མཛད་པ༔ ཁྲོ་ཆེན་འདོད་པའི་རྒྱལ་ལ་ཕྱག་འཚལ་ལོ༔ གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ༔ ཁྲོ་ཆེན་ཁམས་གསུམ་རྒྱལ་ལ་ཕྱག་འཚལ་ལོ༔ བརྣབ་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ༔ ཁྲོ་ཆེན་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ཕ་རོལ་ཕྱིན་མ་སྟེ༔ སྒྲ་འབྱིན་མ་ལ་ཕྱག་འཚལ་ལོ༔ ཤེས་རབ་ཕ་རོལ་ཕྱིན་མ་སྟེ༔ རྡོ་རྗེ་སྙེམས་མར་ཕྱག་འཚལ་ལོ༔ ཚུལ་ཁྲིམས་ཕ་རོལ་ཕྱིན་མ་སྟེ༔ རྡོ་རྗེ་སྡེར་མོར་ཕྱག་འཚལ་ལོ༔ བསམ་གཏན་ཕ་རོལ་ཕྱིན་མ་སྟེ༔ དུར་ཁྲོད་མ་ལ་ཕྱག་འཚལ་ལོ༔ ཐབས་ཀྱི་ཕ་རོལ་ཕྱིན་མ་སྟེ༔ གཏུན་ཁུང་མ་ལ་ཕྱག་འཚལ་ལོ༔ བརྩོན་འགྲུས་ཕ་རོལ་ཕྱིན་མ་སྟེ༔ རབ་གཏུམ་མ་ལ་ཕྱག་འཚལ་ལོ༔ སྦྱིན་པའི་ཕ་རོལ་ཕྱིན་མ་སྟེ༔ མདའ་སྙེམས་མ་ལ་ཕྱག་འཚལ་ལོ༔ སྨོན་ལམ་ཕ་རོལ་ཕྱིན་མ་སྟེ༔ རླུང་འབྱིན་མ་ལ་ཕྱག་འཚལ་ལོ༔ སྟོབས་ཀྱི་ཕ་རོལ་ཕྱིན་མ་སྟེ༔ སྐྱོད་བྱེད་མ་ལ་ཕྱག་འཚལ་ལོ༔ བཟོད་པའི་ཕ་རོལ་ཕྱིན་མ་སྟེ༔ སྐུལ་བྱེད་མ་ལ་ཕྱག་འཚལ་ལོ༔ ཕྱོགས་བཅུ་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ ཡེ་ཤེས་བསྐལ་པ་མེ་དཔུང་འབར་བའི་ཀློང༔ བདུད་འདུལ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་ཀུན་གྱི་བསྒྲུབ་པའི་གནས༔ ཚོགས་གཉིས་རྫོགས་ནས་ཡོན་ཏན་མཐར་ཕྱིན་པ༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ འབྱུང་བ་ཆེན་པོ་ལྔ་ལས་སྐུར་བཞེངས་པ༔ རྟག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ༔ རང་བཞིན་གདོད་མའི་དབྱིངས་ནས་གྲུབ་པ་མོ༔ དབྱིངས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ༔ རྒྱུ་འབྲས་བྱང་ཆུབ་སེམས་མའི་སྤྲུལ་པ་སྟེ༔ མཁའ་འགྲོ་སུམ་ཅུ་གཉིས་ལ་ཕྱག་འཚལ་ལོ༔ ག་ཎ་པ་ཏིའི་སྤྲུལ་པ་སྟེ༔ གིང་ཕོ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་མོ་དཔལ་མོའི་སྤྲུལ་པ་སྟེ༔ གིང་མོ་རྣམས་ལ་ཕྱག་འཚལ་ལོ༔ འཇིག་རྟེན་ཁམས་ལ་དབང་མཛད་མ༔ འཇིག་བྱེད་དཔལ་འབར་རལ་པ་ཅན༔ འདོད་པའི་རོ་ལ་ཆགས་པ་མོ༔ མ་མོ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་པ༔ དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ དེ་སྐད་ཅེས་ནི་བཀའ་བསྩལ་པས༔ གང་གིས་སྒྱུ་འཕྲུལ་ཁྲོ་བོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་གྱུར་ཏེ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱངས༔ དམྱལ་བའི་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲགས༔ ཞེས་བཀའ་བསྩལ་པ་དང༔ ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས༔ ཨ་ལ་ལ་ཧོ༔ སྟོན་པ་ཀུན་ཏུ་བཟང་པོས་ངོ་མཚར་ཆེན་པོ་ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་ཀྱི་ཆོ་ག་བཤད་པ་ངོ་མཚར་ཆེའོ༔ ཞེས་བརྗོད་ཅིང་ལུས་ས་ལ་རྡེབ་ཅིང་བརྐྱང་ཕྱག་འཚལ་ལོ༔ དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས༔ རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་བསྐངས་ནས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ༔ ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཏོ༔ དེ་ནས་དུས་དེར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་བདག་ཉིད་སྐུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུས་བརྒྱན་པ༔ སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང༔ སྟོབས་དང༔ མི་འཇིགས་པ་དང༔ གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་མངའ་བ༔ གཞན་ཡང་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབང་བསྐུར་པ༔ དར་དཀར་དང༔ པ་ཏི་དང༔ བཅོས་བུ་དང༔ རིན་པོ་ཆེ་ལ་སོགས་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ༔ གདན་ཡང་བྱང་ཆུབ་སེམས་དཔའ་བརྒྱད་གླང་པོ་ཆེར་སྤྲུལ་པ་བརྒྱད་ཀྱིས་རིན་པོ་ཆེའི་ཁྲི་བཏེགས་པའི་སྟེང་ན་པདྨ་དང་ཉི་ཟླ་བརྩེགས་པའི་ཁར་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་སྟེ༔ ཤིན་ཏུ་ལྷམ་མེ༔ ལྷང་ངེ༔ ལྷན་ནེ༔ ནམ་མཁའི་འཇའ་ཚོན་ནམ༔ མེ་ལོང་ནང་གི་དཀྱིལ་འཁོར་ལྟར་སྣང་ལ་རང་བཞིན་མེད་པ་ཞིག་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་མངོན་སུམ་དུ་བྱོན་ཏེ༔ སྟོན་པ་ཀུན་ཏུ་བཟང་པོའི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ སྟོན་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ཀྱི་ཉམས་ཆག་ཐམས་ཅད་སོར་ཆུད་པར་བྱ་བའི་དོན་ཆེད་དུ༔ ན་རག་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་ཆོ་ག་བཤད་པ་འདི་ནི༔ རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་རྣལ་འབྱོར་པ་སྔ་རབས་འདས་པ་རྣམས་ཀྱི་ལམ་ཆེན་པོར་གྱུར་པ༔ ད་ལྟར་གྱི་རྣལ་འབྱོར་པ་མ་རིག་པ་རྣམས་ཀྱི་མིག་འབྱེད་པ༔ མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་འདྲེན་ཤུལ་ཏེ༔ རྣལ་འབྱོར་པ་སྤྱིའི་ལམ་ཆེན་པོ་འདི་ལྟ་བུ་བཀའ་བསྩལ་པ་ཐུགས་རྗེ་ཆེ་ལ་ངོ་མཚར་ཆེ་ལགས་སོ༔ དེ་བས་ན་བདག་ཅག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བགྱི་བ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང༔ ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱིས་རྣལ་འབྱོར་པ་རྟོག་སྒྲིབ་ཅན༔ གསོག་འཇོག་ངན་པ་ཅན་ཁྱེད་རྣམས་ཉོན་ཅིག༔ ཨཱོྃ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲི་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཱཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་གཅིག་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ༔ ངན་སོང་གསུམ་ལས་ཐར་བར་འགྱུར་རོ༔ དེ་སྐད་ཅེས་བཀའ་བསྩལ་པ་དང༔ ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་བརྐྱང་ཕྱག་ལན་སྟོང་དུ་བཙལ་ཞིང་འདི་སྐད་ཅེས་གསོལ་ཏོ༔ དཔལ་རྡོ་རྗེ་སེམས་དཔའ༔ བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་ཡི་གེ་བརྒྱ་པ་བཀའ་བསྩལ་པ་ངོ་མཚར་ཆེ་ལགས་སོ༔ ཨ་ལ་ལ་ཧོ༔ དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་བསྩལ་པ༔ རྡོ་རྗེ་སེམས་དཔའ༔ གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་གང་ཞིག་གིས༔ ཡི་གེ་བརྒྱ་པ་འདི་ཡི་དམ་དུ་བཅས་ནས་བཏོན་ན༔ མི་དེ་ཚེ་འདི་ལའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ༔ ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཉིད་དུ་གདོན་མི་ཟ་བར་འགྱུར་རོ༔ རྣལ་འབྱོར་པ་ཐམས་ཅད་ལ་ཕན་གདགས་ཤིང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བའི་ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་བརྗོད་པ་ལེགས་སོ་ལེགས་སོ༔ དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ལུས་པུས་བཙུགས་སུ་བཅས་ཏེ་འགྱོད་ཚངས་སུ་སྨྲས་པ༔ ཧོ་དགོངས་སུ་གསོལ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང༔ རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས་ནི་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་ཀུན་ལ་སྙོམས་པའི་ཡབ་ཡུམ་ལགས༔ སྔ་རབས་འདས་པའི་རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་ནི་དགེ་བའི་བཤེས་གཉེན་ལགས་ན༔ བདག་ཅག་ལ་སོགས་པ་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང༔ དགོངས་སྤྱོད་དམ་པ་གདེང་དུ་མ་ཆུད་པའི་དབང་གིས་བཀའ་གསང་བ་ཆེན་པོ་སྤྱད་ཉེས་པར་གྱུར་ཏེ༔ རྩ་བ་དང་ཡན་ལག་གི་དམ་ཚིག་མ་བསྐངས་ཤིང་འདས་པར་གྱུར་པ་ལས༔ ལ་ལས་ནི་དེ་བཞིན་གཤེགས་པའི་བཀའ་ངོ་བོ་ཉིད་ཀྱིས་མ་བཅོས་པ་ལ་གཟུ་ལུམ་དང་རས་ཆོད་བགྱིས༔ ལ་ལས་ནི་དོན་དམ་སྟོན་པའི་རྡོ་རྗེ་སློབ་དཔོན་ལ་སྙིང་ནས་སྨད་པ་དང༔ བཀའ་བརྐུ་བ་དང༔ ཐུགས་དང་འགལ་བའི་ལས་མང་པོ་བགྱིས༔ ལ་ལས་ནི་དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལ་ལྟ་བ་ལོག་པ་དང༔ ངན་སེམས་དང༔ འཕྱ་སེམས་དང༔ རྐུ་འཕྲོག་དང༔ བརྡེག་བཙོག་དང༔ ངན་དུ་སྨྲས་པ་ལ་སོགས་པ་སྐུའི་དམ་ཚིག་ཉམས་པའི་ལས་བགྱིས༔ ལ་ལས་ནི་རྡོ་རྗེ་སློབ་དཔོན་གྱིས་དང་པོར་ལུང་ཕོག་སྟེ༔ བཀའ་དྲིན་མནོས་པ་ལས་ཡི་དམ་ལྷའི་ཏིང་འཛིན་མ་གསལ་ཞིང་སྒོམ་པ་རྔོ་མ་ཐོགས་པ་དང༔ ཛཔ྄་དང་བཟླས་བརྗོད་རྒྱུན་ཆད་པ་དང༔ བསྙེན་སྒྲུབ་ཟབ་མོ་དུས་ལས་འདས་ཏེ་ལོ་ཟླར་འདས་པ་ལ་སོགས་པའི་ལས་བགྱིས༔ ལ་ལས་ནི་བཀའ་གསང་བ་ཟབ་མོའི་ལྟ་བ་མངོན་དུ་ཕྱུང་ཞིང༔ སྦས་པའི་གསང་བ་རྣམས་དང༔ གསང་བར་འོས་པ་རྣམས་དང༔ གསང་བར་གཉེར་གཏད་པ་དག༔ གཞན་ལ་སྤེལ་བ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པའི་དབང་གིས་ལུས་ངག་ཡིད་གསུམ་འཚིག་པའི་ལས་བགྱིས་པ་དེ་དག་ཕྱོགས་བཅུའི་སྒྱུ་འཕྲུལ་རང་བཞིན་གྱི་དཀྱིལ་འཁོར་དང༔ ལྷུན་གྱིས་གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་ཕོ་མོ་རྣམས་དང༔ ཡེ་ཤེས་དང་ལས་ལས་གྲུབ་པའི་ལེགས་ཉེས་ཀྱི་སྟངས་འཛིན་ཅིང༔ དམ་ཚིག་གི་རྗེས་གཅོད་པའི་དམ་ཅན་རྒྱ་མཚོ་རྣམས་དང༔ རྡོ་རྗེ་སློབ་དཔོན་དང༔ མཆེད་དང་ལྕམ་དྲལ་ལ་སོགས་པ་ཁྱེད་རྣམས་ཀྱི་སྤྱན་ལམ་དུ༔ ད་ལྟར་གྱི་རྒྱུ་མཆོག་དམ་པ་འདི་དང༔ མཆོད་པ་རྒྱ་མཚོ་འདི་ལ་བརྟེན་ཏེ་འགྱོད་ཚངས་སུ་གསོ་བའི་མདོ་ནི༔ སྐུའི་དམ་ཚིག་ལས་འདས་པའི་དབང་གིས་འཇིག་རྟེན་འདིར་ཡང་ལུས་ལ་མཛེ་དང་ཤུ་བ་ལ་སོགས་སྡུག་བསྔལ་འབྱུང་ཞིང༔ ཚེ་འཕོས་ནས་ཀྱང་དམྱལ་བའི་ཡང་གཏིང་ཐར་པའི་དུས་མེད་པའི་གནས་སུ་ལུས་ལ་གཤག་གཏུབ་ལ་སོགས་པ་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ལོ་བཤགས་སོ༔ གསུང་གི་དམ་ཚིག་ལས་འདས་པའི་དབང་གིས༔ འཇིག་རྟེན་འདི་དང་ཕྱི་མར་ངག་དིག་ལྐུག་ལ་སོགས་པ་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ལོ་བཤགས་སོ༔ ཐུགས་ཀྱི་དམ་ཚིག་ལས་འདས་པའི་དབང་གིས༔ འཇིག་རྟེན་འདི་དང་ཕྱི་མར་ཡིད་སྨྱོ་ཞིང་འབོག་པ་དང༔ སེམས་ཀྱི་སྡིག་སྒྲིབ་ལ་སོགས་པ་ངན་སོང་སྡུག་བསྔལ་གྱི་རྒྱུ་འདི་ལྟ་བུ་བསགས་པ་རྣམས་མཐོལ་ཞིང་བཤགས་སོ༔ ལ་ལས་ནི་དབང་མ་མནོས་པར་རྡོ་རྗེ་སློབ་དཔོན་གྱི་ས་བཟུང་སྟེ་བཀའ་ཟབ་མོ་ལ་དབང་ཟོས་ཏེ་རྫབ་པ་དང༔ ལ་ལས་ནི་གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་རྣམས་ལ་མངོན་པར་འཆེལ་ཏེ་གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་བབ་ཆོལ་དུ་སྤྱད་པས༔ ཁྲ་དང་སྤྱང་ཀི་ལྟ་བུའི་སྡིག་ལས་བགྱིས་པ་རྣམས་ནི་མཐོལ་ཞིང་བཤགས་སོ༔ ལ་ལས་ནི་ཡེ་ཤེས་ཀྱི་ལྷ་དང༔ རྡོ་རྗེ་སློབ་དཔོན་གྱི་ས་བཟུང་ཞིང་དམ་ཚིག་ཚུལ་བཞིན་མནོས་པ་ལས༔ གསོག་འཇོག་གིས་བཀའ་བསླུས་ཏེ༔ ཚོགས་ཀྱི་སྤྱང་ཀི་དང༔ ཁྲལ་གྱི་གསོག་འཇོག་དང༔ གྲོགས་ཀྱི་བསླབ་ཉེས་ཀྱིས་ཚོད་ཡོད་དང་རྔམས་ཆོས་བགྱིས་ཏེ་ཕུད་དང་འཕགས་པ་ལ་བསྔོས་པ་ལ་ཐུག་ཐུབ་བགྱིས༔ ལ་ལས་ནི་འཇིག་རྟེན་འདིའི་སྐད་ཅིག་ཡུད་ཙམ་ལས་མ་རྟོགས་པར༔ འཇིག་རྟེན་ཕྱི་མ་ངོ་མ་འཚལ་ཏེ༔ གྲོགས་ཀྱི་ངོ་དགའ་དང༔ བཙན་ཐབས་དང༔ དྲེགས་ཆོས་ཀྱི་ལས་བགྱིས་ཏེ༔ གསང་སྔགས་ཀྱི་གཞུང་མ་བསྙེག་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལས༔ སྤྱད་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ༔ ཏ་ན་གྷ་ན་གཉིས་དང༔ མ་བྱིན་པར་ལེན་པ་དང༔ རྫུན་དུ་སྨྲས་པ་དང༔ ངག་འཁྱལ་པ་ལས་གཞུང་དུ་མ་བསྙེག་པ་མཐོལ་ཞིང་བཤགས་སོ༔ མི་སྤང་བའི་དམ་ཚིག་ལྔ་ལས་འདས་ཏེ༔ འདོད་ཆགས་དང༔ ཞེ་སྡང་དང༔ གཏི་མུག་དང༔ ང་རྒྱལ་དང༔ ཕྲག་དོག་ལས་གཞུང་དུ་མ་བསྙེག་པ་མཐོལ་ཞིང་བཤགས་སོ༔ དང་དུ་བླང་བའི་དམ་ཚིག་ལྔ་ལས་འདས་ཏེ༔ དྲི་ཆེན་དང༔ དྲི་ཆུ་དང༔ དམར་ཆེན་དང༔ མཱཾ་ས་དང༔ རྡོ་རྗེ་ཟིལ་པ་རྣམས་ལས་གཞུང་དུ་མ་བསྙེག་པ་མཐོལ་ཞིང་བཤགས་སོ༔ ཤེས་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ༔ ཕུང་པོ་ལྔ་དང༔ འབྱུང་བ་ལྔ་དང༔ དབང་པོ་ལྔ་དང༔ ཡུལ་ལྔ་དང༔ ཁ་དོག་ལྔ་ལ་སོགས་པ་རྣམས་རིགས་ཀྱི་ཡབ་ལྔ་དང༔ རིགས་ཀྱི་ཡུམ་ལྔ་དང༔ སེམས་དཔའ་དང༔ སེམས་མ་དང༔ ཁྲོ་བོ་དང༔ ཁྲོ་མོ་སོགས་ལྷ་དང་ལྷ་མོའི་རང་བཞིན་དུ་མ་འཚལ་བ་མཐོལ་ཞིང་བཤགས་སོ༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ལས་འདས་ཏེ༔ དེ་བཞིན་གཤེགས་པའི་རིགས་དང༔ རྡོ་རྗེའི་རིགས་དང༔ རིན་པོ་ཆེའི་རིགས་དང༔ པདྨའི་རིགས་དང༔ ལས་ཀྱི་རིགས་ལ་སོགས་པ་སྟེ༔ རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བགྱིད་རྒྱུ་ལ༔ འབད་རྩོལ་དང་བརྩོན་འགྲུས་ཆུང་བ་མཐོལ་ཞིང་བཤགས་སོ༔ གཞན་ཡང་སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་དང༔ སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་དང༔ རང་བཞིན་ལྟ་བའི་དམ་ཚིག་བཞི་དང༔ གལ་མདོ་ངེས་པའི་དམ་ཚིག་གསུམ་ལ་སོགས་ཏེ༔ ནང་པ་ཐབས་ཀྱི་རྒྱུད་གཞུང་ཀུན་ནས་འབྱུང་བའི་དམ་ཚིག་རྣམས་ཀྱི་བསྲུང་མཚམས་མ་ཤེས་ཤིང༔ གཞུང་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་གསང་སྔགས་ཀྱི་རྒྱུད་གཞུང་ཀུན་ནས་འབྱུང་བའི་དམ་ཚིག་ཐམས་ཅད་དང༔ བྱང་ཆུབ་སེམས་དཔའི་སྡོམ་པ་དང༔ ཉན་ཐོས་ཀྱི་འདུལ་ཁྲིམས་དང༔ འཇིག་རྟེན་གྱི་ཁྲིམས་དང་མནའ་ལས་འགལ་པ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་བཀའ་གསང་བ་ཟབ་མོ་ཁྱད་དུ་བསད་དེ༔ སྐྱེ་བོ་རང་འཐད་ཀྱི་དབང་གིས་ནོར་དང་གསུག་གི་དབང་དུ་བཏང་སྟེ༔ དཀོན་མཆོག་གསུམ་གྱི་སྐུ་དགྲའི་སྔགས་བཟློག་བྱས་པ་དང༔ པྲ་ཏི་ཧ་ན་དུས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པ་དང༔ མ་ཧཱ་བོ་དྷི་དཀོན་མཆོག་གི་དཀོར་ལ་ཐུག་ཐུབ་ཀྱིས་སྤྱད་པ་དང༔ ཁྱད་པར་དུ་ཡང་ཚོགས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པ་དང༔ ས་མཱ་ཏི་སིདྡྷི་བསྒོམ་སྒྲུབ་ཟབ་མོ་ལ་བསྔོས་པ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ལ་ཚོད་ཡོད་བགྱིས་ནས་དངོས་སུ་སྤྱད་པ་དང༔ དབྲི་གཞོག་བགྱིས་ཏེ་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་ཡན་ལག་སྟོང་རྩ་བརྒྱད་ལས་འདས་ཏེ༔ ངན་སོང་འཁོར་བའི་རྒྱུ་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་གྱིས་མ་རིག་པའི་དབང་གིས་དམ་ཚིག་ངོ་མ་འཚལ་ཏེ༔ དམ་ཚིག་ཉམས་པ་དང༔ ལས་ངན་སྣ་ཚོགས་པ་སྤྱད་པས༔ སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་བསགས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ ཉ་སྟོང་དུས་དྲུག་དང་དུས་བཞི་ལ་སོགས་པ་དུས་དམ་དུ་བཅས་པ་ལས་འདས་ཏེ༔ དུས་ལས་གཡེལ་བའི་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་ཆོས་སྤྱོད་བཅུའི་སྒོ་ནས་དགེ་བའི་ཕྱོགས་བགྱིད་པར་དམ་བཅས་པ་ལས་རྔོ་མ་ཐོགས་པ་དང༔ སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ སྒྱུ་འཕྲུལ་ཡེ་ཤེས་རང་སྣང་གི་ལྷ་ལ་རྟོག་པ་མི་མངའ་ཡང༔ དེའི་འཁོར་དུ་གཏོགས་པའི་ཡེ་ཤེས་དང་ལས་ལས་གྲུབ་པ༔ ལེགས་ཉེས་ཀྱི་སྟངས་འཛིན་ཅིང༔ དམ་ཚིག་གི་རྗེས་གཅོད་པ་བསྟན་པ་གཉན་པོ་སྲུང་བ་དང༔ ཆོས་སྐྱོང་བ་རྣམས་ཀྱི་ཐུགས་དང་འགལ་བ་ཅི་མཆིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ དེ་ལྟར་མཐོལ་ཞིང་བཤགས་པ་ཟབ་མོ་དང༔ འགྱོད་ཚངས་དྲག་པོ་ཤིན་ཏུ་གནོང་འགྱོད་དང་བཅས་པ་བགྱིས་པས༔ རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་དེ༔ ཉམས་ཆག་ཐམས་ཅད་བསྐང་བར་གྱུར་ཅིག༔ བཀའ་ལ་རས་གཅོད་བྱེད་ཅིང༔ སྦས་པའི་གསང་བ་རྣམས་ལ་མངོན་པར་འཆེལ་བ་དང༔ ཏ་ན་སྒྲོལ་བ་གནས་སུ་མ་སྟོབས་པ་དང༔ གྷ་ན་སྦྱོར་བ་བྱིན་གྱིས་མ་བརླབས་པ་ལ་སོགས་པ༔ གསང་སྔགས་སྤྱད་ཉེས་པའི་དབང་གིས་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ བསྙེན་སྒྲུབ་ཟབ་མོ་དམ་དུ་བཅས་པ་ལ་རང་ཉམས་དང་ཚོད་ཡོད་དུ་གྱུར་ཏེ༔ མཆོད་པ་ལོ་ཟླར་འདས་པ་དང༔ དགེ་བའི་ཕྱོགས་བགྱིད་པར་དམ་བཅས་པ་ལས་རྔོ་མ་ཐོགས་པས༔ ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ དུས་ཀྱི་མཆོད་པ་ཆེན་པོ་ལ་བསྔོས་པའི་ཡོ་བྱད་དང༔ བསྒོམ་སྒྲུབ་ཟབ་མོའི་ཡོ་བྱད་དང༔ གཞན་ཡང་ཕུད་ལས་བཞོགས་ཤིང་ལྷག་ལས་འཕྲི་བ་དང༔ ཁྲལ་ལ་ངན་པ་དང༔ གསོག་འཇོག་གི་ལས་བགྱིས་པས་པྲེ་ཏ་ཀ་ཡི་དྭགས་ཀྱི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ མ་རིག་པའི་དབང་གིས་སྦ་ལོ་དང༔ ཚུལ་འཆོས་ཀྱིས་གསང་སྔགས་སྤྱད་ཉེས་པས་ལྟ་སྤྱོད་ཟབ་མོ་གཞུང་མ་བསྲང་པ་དང༔ ཡང་དག་པ་ཡིན་ནམ་མ་ཡིན་སྙམ་ནས་སེམས་ལ་རྟོག་པ་བྱུང་བ་དང༔ ཡིན་པར་ངོ་ཤེས་ཀྱང་སེམས་ལ་སེལ་ཞུགས་ཏེ༔ ཤེས་བཞིན་དུ་མ་སྤྱད་པ་ཏིརྱ་ཀ་བྱོལ་སོང་གི་རྒྱུ་བསགས་པ་རྣམས་བྱང་ཞིང་དག་པར་གྱུར་ཅིག༔ ཆོས་ཉིད་དོན་གྱི་ལྟ་བ་ནི་མ་རྟོགས༔ ཁ་འབྱམས་ཚིག་གི་ལྟ་བ་ལ་གདེང་དུ་བཅས་ནས༔ དམ་ཚིག་ཉམས་པ་ཅན་དང་དམ་འདྲེས་པ་དང༔ དམ་མེད་དང༔ སྡིག་སྒྲིབ་ཅན་དང༔ གསང་སྔགས་ཀྱི་སྣོད་དུ་མི་རུང་བ་རྣམས་ལ་ཆོས་བཤད་པ་དང༔ བསྐངས་པ་དང༔ ཚོགས་འདྲེས་པ་དང༔ ཚིག་ཏུ་འཛག་ཅིང་སྤྱོད་ལམ་བརྩིངས་པ་དང༔ སྣོད་མེད་པ་ལ་གསང་སྔགས་སྤེལ་བ་ལ་སོགས་པ་འབག་འབོག་གི་ལས་བགྱིས་པས༔ ཕྱི་ནང་གི་དམ་ཅན་རྣམས་ཀྱི་ཐུགས་དང་འགལ་པ་ལས་འཇིག་རྟེན་འདིའི་རྐྱེན་དུ་གྱུར་པ་སྟེ༔ ཚེ་ཐུང་ཞིང་ནད་མང་བ་དང༔ ཕྱི་མའི་སྒྲིབ་པར་གྱུར་པ་རྣམས་བྱང་ཞིང་དག་པར་གྱུར་ཅིག༔ གཞན་ཡང་བདག་ཅག་རྣལ་འབྱོར་པ་འདིར་འདུས་པ་རྣམས་ཀྱིས་འགྱོད་ཚངས་འདི་ལ་བརྟེན་ནས༔ གསང་སྔགས་ཀྱི་སྒོར་ཞུགས་པ་མཐའ་དག་གི་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ དེ་ལྟ་བུའི་འགྱོད་ཚངས་རྣལ་འབྱོར་གྱི་སྤྱི་ཁྲུས་འདི་དང༔ དེང་གི་རྒྱུ་མཆོག་ཏན་གྷན་གྱི་མཆོད་པ་ཟབ་མོ་འདི་ལ་རྟེན་བཅས་ཏེ༔ འགྱོད་ཚངས་ཕུལ་བས་ཚངས་པ་གནང་བར་གསོལ་ཏེ༔ སླན་ཆད་ཀྱང་མི་བགྱིད་པར་གྱུར་ཅིག༔ དེ་ལྟར་ཚངས་པ་གསོལ་བའི་བདེན་པའི་བྱིན་གྱིས་རླབས་ཀྱིས༔ བདག་ཅག་འདིར་འདུས་པའི་རྣལ་འབྱོར་པ་མཆེད་དང་ལྕམ་དྲལ་རྣམས་དང༔ གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་སོ་འཚལ་ཐམས་ཅད་ཀྱི་སྒྲིབ་པ་བྱང་སྟེ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ བདག་ཅག་གི་རྡོ་རྗེ་སློབ་དཔོན་དང༔ གཟུངས་མ་དང༔ མཆེད་དང་ལྕམ་དྲལ་དང༔ ཕ་མ་དང་དམ་རྫས་ཀྱི་རྒྱུ་བསྒྲལ་ཏོ་འཚལ་ཐམས་ཅད་ལ་སོགས་པས་ཀྱང་ཡེ་ཤེས་བླ་མའི་ས་ནོན་ཏེ༔ ཕྱིར་མི་ལྡོག་པའི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ དེ་ལྟ་བུའི་བདེན་པས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི༔ ཤེས་བྱའི་བག་ཆགས་ཕྲ་མོ་ཡན་ཆད་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཆེན་པོས་སྦྱངས་པས་ས་བཅུ་རིམ་གྱིས་བགྲོད་དེ༔ མཐར་ཕྱིན་ནས་བཅུ་གཅིག་ཀུན་ཏུ་འོད་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག༔ རང་བྱང་ཆུབ་རྣམས་ནི་རྟེན་འབྲེལ་བཅུ་གཉིས་མཐར་ཕྱིན་པའི་འབྲས་བུ་བསེ་རུའམ་ནེ་ཚོ་ལྟ་བུ་ཐོབ་པར་གྱུར་ཅིག༔ ཉན་ཐོས་རྣམས་ནི་བདེན་པ་རྣམ་པ་བཞི་མཐར་ཕྱིན་པའི་འབྲས་བུ་དགྲ་བཅོམ་པ་ཐོབ་པར་གྱུར་ཅིག༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་ཆོས་དགེ་བ་བཅུ་ལ་སྤྱོད་པར་གྱུར་ཅིང་ལྷ་དང་མིའི་གོ་འཕང་ཐོབ་པར་གྱུར་ཅིག༔ ལྷ་མི་རྣམས་ཆོས་སྤྱོད་བཅུའི་སྒོར་ཞུགས་ཏེ༔ དཀོན་མཆོག་གསུམ་གྱི་གདུང་གསོབ་ཅིང༔ ཐེག་པ་ཆེན་པོའི་སེམས་བསྐྱེད་ནས་གསང་སྔགས་རྡོ་རྗེ་ཐེག་པ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཚད་མ་དང་རྟག་ཏུ་འགྲོགས་ཤིང༔ དེས་བསྟན་པའི་དོན་མ་ནོར་བར་གོ་ཞིང་རྟོགས་ནས༔ རིག་འཛིན་རྣམ་གསུམ་མྱུར་དུ་འགྲུབ་པར་གྱུར་ཅིག༔ དེ་ལྟ་བུའི་འགྱོད་ཚངས་ལ་བརྟེན་ནས༔ བདག་ཅག་གི་མན་ངག་གི་དོན་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་དང༔ དགེ་བའི་བཤེས་གཉེན་རྣམས་ཀྱང་སྐུ་ཚེ་རིང་བ་དང༔ བསྙུན་མེད་པ་དང༔ འཁོར་དང་ལོངས་སྤྱོད་འཕེལ་བ་དང༔ དགོངས་སྤྱོད་དམ་པ་ལྷུན་གྱིས་གྲུབ་སྟེ་བསྟན་པའི་སྒྲོན་མེ་མཛད་པ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག༔ བདག་ཅག་རྣལ་འབྱོར་པ་འདིར་འདུས་ཤིང་ཚོགས་པ་རྣམས་ནི་འཇིག་རྟེན་མཐོང་བའི་ཆོས་ཚེ་འདི་ལ་ཚེ་རིང་བ་དང༔ ནད་མེད་པ་དང༔ དཔལ་དང་གཟི་མདངས་དང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ༔ བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག༔ གསང་བའི་ཐེག་པ་འདི་ཡང་བཀའ་བཙན་ཞིང་བྱིན་ཆེ་སྟེ༔ དར་ཞིང་རྒྱས་པར་གྱུར་ཅིག༔ གསང་སྔགས་འདི་དར་བའི་ཡུལ་ཁམས་ལ་སོགས་ཏེ་རྒྱལ་ཁམས་ཐམས་ཅད་དུ༔ དུས་ཀྱི་འཁྲུག་པ་ཞི་བར་གྱུར་ཅིག༔ མཚོན་གྱི་བསྐལ་པ་ཉམས་པར་གྱུར་ཅིག༔ མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག༔ ཆར་ཆུ་དུས་སུ་འབེབ་སྟེ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང༔ སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་ཏེ༔ བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་བཤགས་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་དམ་ཚིག་ལ་གནས་པ་རྣམས་ཀྱིས༔ བརྗོད་མེད་ཀྱི་བཤགས་པ་འདི་གསུངས་སོ༔ ཨཱོྃ་ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམ་མཛད་པ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་གྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ༔ མཁའ་དབྱིངས་ཀློང་ཡངས་པད་མོ་འཁྱིལ་བ་ལ༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༔ བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་ཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ རྡོ་རྗེ་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ་བྱའི་ཕྱིར༔ བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏང་འདའ་བར་མི་བགྱིད་ལ༔ དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༔ གཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ བསྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༔ སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱའོ་ཞེས༔ བཀའ་ལས་བྱུང་ཡང་དེ་ལྟར་མ་རྟོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༔ ཉམས་ལ་མ་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང༔ གཉིས་མེད་དོན་གྱིས་ཚངས་པ་བསྩལ་དུ་གསོལ༔ དོན་དམ་དམིགས་མེད་སྤྲོས་ལས་འདས་པ་ལ༔ རྣམ་རྟོག་གང་ཡང་དམིགས་པར་མ་གྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཡེ་ཤེས་ལྷ་དང་འཁོན་གཅུགས་བཤགས་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ དེ་ནས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་དམ་ཚིག་ལ་གནས་པའི་རིག་འཛིན་ཡབ་ཀྱི་ཚོགས་རྣམས་ཀྱིས་བཤགས་པའི་རྒྱལ་པོ་ཉི་ཤུ་རྩ་བརྒྱད་པ་འདི་གསུངས་སོ༔ སྟོན་པ་རྡོར་སེམས་ཞལ་ནས་གསུངས་པ་ཡི༔ ལུང་དང་ཏནྟྲ་མང་པོ་མདོར་བསྡུས་ཤིང༔ གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པའི༔ མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ དམ་ལ་གནས་ཤིང་ཚུལ་བཞིན་བསྲུང་ངོ་ཞེས༔ བཀའ་གསང་རྒྱུད་ལས་དེ་སྐད་བྱུང་བཞིན་དུ༔ མ་རིག་ལེ་ལོ་སྒྱིད་སྙོམ་རྐྱེན་དབང་གིས༔ བཀའ་ལས་འདས་ཤིང་དམ་ལས་གཡེལ་གྱུར་པ༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མི་དམིགས་བཏང་སྙོམས་ངང་དུ་བཟོད་པར་བཞེས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ སྲི་ཞུ་དད་པའི་རྩལ་ཤུགས་ཆུང་བ་ཡིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང༔ བརྩེ་གདུང་ཁྲེལ་འཛེམ་ཆུང་བའི་རང་ཤུགས་ཀྱིས༔ མཆེད་དང་ལྕམ་དྲལ་ཐུགས་དང་འགལ་བ་དང༔ སྔགས་དང་ཕྱག་རྒྱ་ལེ་ལོས་རྒྱུན་བཅད་དེ༔ གསུང་གི་དམ་ལས་འགལ་བར་གྱུར་པ་དང༔ སྤྱི་གསང་བཞི་དང་བར་གསང་བརྒྱད་ལ་སོགས༔ གསང་བར་འོས་པ་གསང་བར་གཉེར་གཏད་དང༔ གསང་སྒོ་ཡལ་བར་བཏང་བ་ལ་སོགས་པ༔ རྩ་བའི་དམ་ལས་འགལ་བ་ཅི་བགྱིས་པ༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ མཁའ་ལྟར་ཁྱབ་པའི་ཐུགས་རྗེས་བདག་བཟུང་ནས༔ ཉེས་པའི་སྐྱོན་རྣམས་བཤགས་ནས་འབྱངས་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མི་སྤང་བ་ཡི་དམ་ཚིག་ལྔ་པོ་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཉོན་མོངས་ལྔ་པོ་ནི༔ གསང་སྔགས་བླ་མེད་སྤྱོད་ཡུལ་ཡིན་པ་ལ༔ ཀུན་ཏུ་བཟང་པོ་རོལ་པ་ཆེ་བའི་རྒྱན༔ རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལ༔ ཡེ་ནས་ཡིན་པ་དེ་ལྟར་མ་རྟོགས་ཏེ༔ ལོག་རྟོག་དབང་གིས་སྤངས་པ་བཟོད་པར་གསོལ༔ དང་དུ་བླང་བའི་དམ་ཚིག་ལྔ་པོ་ལ༔ མཱཾ་ས་བཤང་གཅི་ཁུ་བ་རཀྟ་རྣམས༔ ཡེ་ནས་བདུད་རྩི་ལྔ་ཡི་རང་བཞིན་ཏེ༔ དུས་གསུམ་སངས་རྒྱས་རྣམས་ཀྱི་བསྒྲུབ་པའི་རྫས༔ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གཤེགས་པའི་ཤུལ༔ ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ༔ གཙང་སྨེ་རྣམ་རྟོག་བརྟུལ་ཞུགས་ཆུང་བ་ཡིས༔ ཆོས་ཉིད་མཉམ་པའི་ངང་དུ་མ་རྟོགས་ཏེ༔ དམ་རྫས་དང་དུ་མ་བླངས་བཟོད་པར་གསོལ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ་པོ་ལ༔ སྐྱེ་ཤི་མེད་པར་རྟོགས་པའི་ལྟ་བ་དང༔ གནས་དང་དུས་དང་ཏིང་འཛིན་གསལ་བ་དང༔ ཁམས་གསུམ་མ་ལུས་གནས་ནས་བསྒྲལ་བ་དང༔ དུས་གསུམ་འདུ་འབྲལ་མེད་པའི་ལྟ་བ་དང༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གསལ་བ་དང༔ ཐབས་དང་ཤེས་རབ་མངོན་སྤྱོད་སྦྱོར་བ་དང༔ སེར་སྣ་འཇུར་གེགས་ཅན་གྱི་ཟས་དང་ནོར༔ ཐབས་མཁས་འོད་ཟེར་ཚུལ་དུ་མ་བྱིན་བླངས༔ སེམས་ཅན་དོན་དུ་འཕགས་པ་མཆོད་པ་དང༔ གསང་སྔགས་ལྟ་སྤྱོད་གཞན་གྱིས་མ་རིག་ཅིང༔ གཏིང་དཔག་དཀའ་ཕྱིར་རྫུན་དུ་སྨྲ་བ་དང༔ ཞིང་བཅུ་ཞེ་གཅོད་དྲག་ཤུལ་སྤྱོད་པའི་སྔགས༔ བཀའ་དང་གཞུང་ལས་དེ་ལྟར་བྱུང་བཞིན་དུ༔ སྤྱད་ཅིང་ཉམས་སུ་མ་བླངས་བཟོད་པར་གསོལ༔ ཤེས་པར་བྱ་བའི་དམ་ཚིག་ལྔ་པོ་ལ༔ ཕུང་པོ་ལྔ་དང་རྣམ་ཤེས་དབང་པོ་ལྔ༔ འབྱུང་བ་ལྔ་དང་འདོད་པའི་ཡོན་ཏན་ལྔ༔ ཁ་དོག་ལྔ་དང་སྨན་ལྔ་ལ་སོགས་རྣམས༔ རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལས༔ རིགས་ཀྱི་ཡུམ་ལྔར་ཤེས་པར་བྱའོ་ཞེས༔ རྒྱལ་བའི་བཀའ་ལས་དེ་ལྟར་བྱུང་བཞིན་དུ༔ ཤེས་རབ་ཞན་པས་དེ་ཉིད་མ་རྟོགས་ཏེ༔ བཀའ་དང་གཞུང་ལས་འགལ་བ་བཟོད་པར་གསོལ༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་པོ་ལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་མ་ལུས་ཀུན༔ ཡེ་ནས་སངས་རྒྱས་ལྔ་ཡི་རང་བཞིན་ལ༔ བདག་གི་དབྱིངས་ལས་གཞན་ན་མི་བཞུགས་ཀྱང༔ གོ་རྟོགས་རིག་པའི་རྩལ་ཤུགས་ཆུང་བ་ཡིས༔ རྟོགས་པ་ཀློང་དུ་མ་གྱུར་བཟོད་པར་གསོལ༔ ཚོགས་ཀྱི་མཆོད་པ་ལོ་ཟླར་འདས་པ་དང༔ ཚོགས་དང་ཞལ་ཟས་འབྱོར་ཚོགས་ཆུང་བ་དང༔ རྡོ་རྗེ་སློབ་དཔོན་ཐུགས་ལས་འགལ་བ་དང༔ དམ་བསྐང་མཁའ་འགྲོའི་དམ་ལས་འགལ་བ་དང༔ ལུང་དང་བཀའ་ལས་འདས་པ་མཐོལ་ལོ་བཤགས༔ ལྟ་བ་འཕངས་མ་ཆོད་པར་གྱུར་པ་དང༔ སྤྱོད་པ་ལ་མ་དོར་བར་གྱུར་པ་དང༔ དམ་ཚིག་ཉམས་ན་ཆད་པ་མི་བཟོད་པས༔ རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང༔ ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང༔ མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར༔ སྡུག་བསྔལ་མི་བཟད་ཉམས་སུ་མྱོང་བ་རྣམས༔ བདག་གི་དམ་ཚིག་ཉམས་ན་བཤགས་པ་ཡིས༔ ཉམས་ཤིང་ཆག་པ་ཐམས་ཅད་སོར་ཆུད་དེ༔ གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག༔ དུས་གསུམ་རྒྱལ་བས་བདག་ལ་བྱིན་གྱིས་རློབས༔ དམ་ཚིག་སྐོངས་ཤིང་མཁའ་འགྲོས་བདག་སྲུངས་ཤིག༔ གཉིས་མེད་གསང་བའི་དབྱིངས་ནས་འོད་ཤར་ཏེ༔ མཁའ་ལྟར་དག་ཅིང་རྣམ་རྟོག་མི་མངའ་ཡང༔ སྔོན་གྱི་ཐུགས་དམ་དབང་གིས་བདག་བཟུང་སྟེ༔ ཡིད་བཞིན་སྐུ་མཆོག་བདག་ལ་བསྟན་དུ་གསོལ༔ རིག་འཛིན་དངོས་གྲུབ་དབྱིངས་ནས་བདག་ལ་སྩོལ༔ ལྷ་དང་ལྷ་མིན་ཕྱོགས་བཅུའི་རྣལ་འབྱོར་རྣམས༔ མི་འདའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ རྩ་བ་གསུམ་དང་ཡན་ལག་ཉི་ཤུ་ལྔ༔ ཚོར་དང་མ་ཚོར་མ་རིག་དམ་ཉམས་པས༔ ཉམས་པའི་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ བདག་ནི་ཉམས་ན་གདུང་བའི་བཤགས་པ་འདིས༔ རྣལ་འབྱོར་དམ་ཚིག་ཉམས་པ་བསྐངས་གྱུར་ནས༔ གོ་འཕང་ཆེན་པོའི་འབྲས་བུ་ཐོབ་པར་ཤོག༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་རྣམས༔ མཉམ་ཉིད་རྡོ་རྗེའི་གྲལ་དུ་འཁོད་པར་ཤོག༔ མཁའ་འགྲོ་མ་ཡི་ཐུགས་རྗེས་བདག་བཟུང་ནས༔ ཉམས་པའི་སྐྱོན་རྣམས་གཏན་ནས་འབྱངས་པ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཉམས་གྲིབ་སྐོང་བའི་བཤགས་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ དེ་ནས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དམ་ཚིག་ལ་གནས་པའི་རིག་འཛིན་ཡུམ་གྱི་ཚོགས་རྣམས་ཀྱིས་བཤགས་པ་འདི་གསུངས་སོ༔ ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན༔ ཕྱི་ནང་སྲུང་མ་འཁོར་བཅས་དགོངས་སུ་གསོལ༔ ཡུན་རིང་དུས་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ སྲུང་མ་དམ་ཅན་མ་ལུས་དགོངས་སུ་གསོལ༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་དང༔ རིག་འཛིན་སྒྲུབ་པོ་རྣམས་ཀྱང་དགོངས་སུ་གསོལ༔ རྣལ་འབྱོར་དམ་ཚིག་བསྲུང་བར་ཞལ་འཆེས་པའི༔ སྐུ་གསུང་གདུང་འཚོབ་རྣམས་ཀྱང་དགོངས་སུ་གསོལ༔ བཀོད་པའི་རྒྱལ་པོ་དམ་ཚིག་འབུམ་སྡེ་དང༔ ཡོ་ག་རྣམ་པ་བཞི་ཡི་དོན་ཆེད་དུ༔ མཁྱེན་རབ་མཆོག་ཏུ་གྱུར་པའི་གསང་བདག་གིས༔ ཉི་ཤུ་རྩ་བརྒྱད་དམ་ཚིག་གྲངས་བསྟན་ནས༔ རྟོགས་ནས་སྲུང་ཞིང་སྒྲུབ་པར་དམ་བཅས་པའི༔ ཚུལ་ལམ་གཞུང་བཞིན་སྒྲུབ་པར་རྔོ་མ་ཐོགས༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ རས་གཅོད་རང་གསང་སྲུང་མཚམས་འདས་པ་དང༔ མ་རྟོགས་མ་བསྲུང་སྒྲུབ་པའི་རྩལ་ཆུང་བ༔ རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་གྱུར་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ལ༔ ལོག་ལྟ་ངན་སེམས་རྐུ་འཕྲོག་བརྡེག་ལ་སོགས༔ ངན་དུ་སྨྲས་ཤིང་ནོངས་པ་དངོས་སུ་བགྱིས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཏིང་འཛིན་གཡེལ་གྱུར་ཅིང༔ ཕྱག་རྒྱ་རྣམ་བཞི་གཞུང་བཞིན་མ་གསལ་ཏེ༔ སྔགས་དང་བཟླས་བརྗོད་སྙིང་པོ་བར་ཆད་པས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གསང་བཅུ་ལ་སོགས་མན་ངག་རབ་སྟེར་དང༔ དམ་ཚིག་ཉམས་དང་དམ་འདྲེས་མེད་པ་ལ༔ ཚིག་ཏུ་འཛག་ཅིང་སྤྱོད་ལམ་རྩིང་བ་ཡིས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྤྱད་པར་བྱ་བའི་དམ་ཚིག་རྣམ་པ་ལྔ༔ སྦྱོར་སྒྲོལ་མ་བྱིན་ལེན་དང་རྫུན་དུ་སྨྲ༔ ཚིག་བརླང་ལ་སོགས་དམ་ཚིག་རྣམ་ལྔ་ནི༔ གཉིས་སུ་མེད་པའི་ངང་དུ་མཉམ་སྦྱོར་ནས༔ འགྲོ་བའི་དོན་དུ་གཞུང་བཞིན་སྤྱད་རྒྱུ་ལ༔ བཀའ་དང་གཞུང་བཞིན་སྤྱད་པར་མ་གྱུར་ཏེ༔ མ་རིག་ལོག་པར་སྤྱད་པའི་ཉེས་བྱས་ཀྱིས༔ སྤྱད་བྱའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མི་སྤང་བ་ཡི་དམ་ཚིག་རྣམ་ལྔ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཉོན་མོངས་རྣམ་ལྔ་ནི༔ ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར༔ རྟོགས་ནས་སྤང་དུ་མེད་པར་གནས་རྒྱུ་ལ༔ དེ་བཞིན་མ་རྟོགས་ཉོན་མོངས་རང་གར་སྤྱད༔ མི་སྤང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ དང་དུ་བླང་བའི་དམ་ཚིག་ལྔ་པོ་ལ༔ དྲི་ཆེན་དྲི་ཆུ་དམར་ཆེན་ཟིལ་པ་དང༔ མདངས་ཆེན་ལ་སོགས་དམ་རྫས་རྣམ་པ་ལྔ༔ གྲུབ་པ་བཞི་དང་ཡིན་པ་གསུམ་ལ་སོགས༔ སོ་སོའི་རྣམ་པར་རྟོག་པ་ཀུན་སྦྱངས་ཤིང༔ དངོས་གྲུབ་སྒྲུབ་པར་བྱེད་པའི་ཐབས་ཆེན་པོ༔ འཛིན་རྟོག་མེད་པར་དང་དུ་བླང་རྒྱུ་ལ༔ གཉིས་སུ་ལྟ་བས་དང་དུ་མ་བླངས་ཏེ༔ གཙང་སྨེར་བལྟས་ནས་དང་དུ་མ་བླངས་པ༔ བརྟེན་པའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཤེས་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི༔ ཕུང་པོ་ལྔ་དང་འབྱུང་བ་ཆེན་པོ་ལྔ༔ ཁ་དོག་ལྔ་དང་ཡུལ་ལྔ་དབང་པོ་ལྔ༔ ཡབ་ལྔ་ཡུམ་ལྔར་སྦྱོར་ཞིང་ཤེས་པ་ཡིས༔ རྟོགས་པ་ཁྱད་པར་ཅན་དུ་བགྱིད་རྒྱུ་ལ༔ རྨོངས་ཤིང་འཁྲུལ་པས་ལྟ་བ་མ་རྟོགས་ཏེ༔ ཉན་ཐོས་ལ་སོགས་ཐེག་པ་འོག་མ་བས༔ རྟོགས་པ་ཁྱད་པར་ཅན་དུ་མ་གྱུར་ཏེ༔ ཤེས་བྱའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ལ༔ རྡོ་རྗེའི་རིགས་དང་དེ་བཞིན་གཤེགས་པའི་རིགས༔ རིན་ཆེན་རིགས་དང་དེ་བཞིན་པདྨའི་རིགས༔ ལས་ཀྱི་རིགས་ལ་སོགས་ཏེ་སངས་རྒྱས་ལྔ༔ འདི་ནི་བསྒྲུབ་པར་བྱ་བའི་འབྲས་བུ་སྟེ༔ བསྒོམ་སྒྲུབ་ཏིང་འཛིན་ལེ་ལོ་མེད་པ་ཡིས༔ བསྒྲུབས་པའི་འབྲས་བུ་ཐོབ་པར་བགྱིད་རྒྱུ་ལ༔ འབད་པའི་རྩལ་ཆུང་བསྒོམ་སྒྲུབ་ཡུན་ཐུང་བས༔ བསྒྲུབས་པའི་འབྲས་བུ་ད་རུང་མ་ཐོབ་སྟེ༔ བསྒྲུབ་བྱའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ དེ་ལ་སོགས་ཏེ་དམ་ཚིག་ཆེན་པོ་ཡི༔ གཞུང་དང་འགལ་བར་གྱུར་པས་ཉེས་བྱས་ཤིང༔ ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཚིག་ཅན༔ མ་སྲིང་རྒྱ་མཚོའི་ཐུགས་དང་ཅི་འགལ་བ༔ ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ བདག་ནི་རྩེ་གཅིག་ཟོལ་ཟོག་མི་མངའ་ཞིང༔ གཡོ་སྒྱུ་མེད་པའི་སེམས་ཀྱིས་འདི་བརྗོད་པས༔ བདག་གི་ཉམས་ཆག་སྒྲིབ་པ་འདིར་བྱང་ནས༔ ཚེ་འདི་ཉིད་ལ་རིག་འཛིན་ས་ཐོབ་སྟེ༔ བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ དམ་ཚིག་ཉི་ཤུ་རྩ་བརྒྱད་པའི་བཤགས་པའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ དེ་ནས་ཡང་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་གནས་པའི་དཔལ་ཆེན་པོ་རྣམས་ཀྱིས་བཤགས་པ་འདི་གསུངས་སོ༔ བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ཕྱག་བརྙན་ནི༔ ཐབས་མཁས་ཐུགས་རྗེ་ཆེ་བས་ཡེ་ཤེས་སྤྲུལ༔ རང་བྱུང་རྣལ་འབྱོར་དག་པའི་སྒྲུབ་པ་ཅན༔ རྡོ་རྗེ་ལྕམ་དྲལ་མ་ལུས་དགོངས་སུ་གསོལ༔ ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་པ་ཡིས༔ སྙིང་ལ་གནས་པའི་དམ་ཚིག་བྱིན་བརླབས་པ༔ ཐེག་ཆེན་ཁྱེད་ཀྱིས་དང་དུ་བཞེས་ནས་ཀྱང༔ ཞལ་འཆེས་གང་ལགས་རྗེས་སུ་དགོངས་པར་མཛོད༔ བདག་གི་མིག་ལ་སོགས་པའི་དབང་པོ་ལྔ༔ བེམ་པོའི་རང་བཞིན་རྣམ་ཤེས་མ་སྦྱངས་པ༔ ཁྱེད་ཀྱི་སྐུ་གསུང་མི་མཐོང་མི་ཐོས་པར༔ མུན་པའི་ཚོགས་དང་འདྲ་བས་བཅིངས་མོད་ཀྱང༔ འོན་ཀྱང་ཡིད་ཆེས་སེམས་ནི་རྩེ་གཅིག་གིས༔ མངོན་སུམ་འདྲ་བར་རྟག་ཏུ་རྗེས་དྲན་ན༔ དུས་གསུམ་ཀུན་ནས་མ་བསྒྲིབས་མཁྱེན་པ་ཡི༔ རྡོ་རྗེ་ལྕམ་དྲལ་ཚོགས་ཀུན་བདག་ལ་དགོངས༔ ཡེ་ཤེས་མངོན་ཤེས་ལྡན་ཞིང་ཐུགས་བརྩེ་བས༔ མཐུ་རྩལ་རྨད་བྱུང་ཕན་པའི་དགོངས་པ་ཅན༔ གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་འཆེས་པ༔ བདེན་པར་གསུང་བས་བདག་གི་གྲོགས་མཛོད་ཅིག༔ གང་དག་བྱང་ཆུབ་སེམས་དང་ལྡན་པ་དང༔ སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་སྤྱོད་པ་ལ༔ ཀུན་ནས་སྲུང་ཞིང་རེ་བ་སྐོང་ངོ་ཞེས༔ ཁྱེད་ཀྱི་ཐུགས་དམ་མི་འགྱུར་དེ་ལགས་ན༔ བདག་ལའང་བླ་མེད་བྱང་ཆུབ་སེམས་མཆིས་ཀྱི༔ སྐུ་གསུང་རྣལ་འབྱོར་བརྩོན་པར་བགྱིད་ལགས་ན༔ རྡོ་རྗེ་དམ་ཅན་མ་ལུས་རྒྱ་མཚོ་ཡིས༔ ཀུན་ནས་བསྲུང་ཞིང་རེ་བ་བསྐང་དུ་གསོལ༔ ཐེག་ཆེན་རྣལ་འབྱོར་སྐྱོང་བར་ཞལ་འཆེས་པའི༔ དུས་དང་ཚད་མཁྱེན་མཐུ་དང་ལྡན་བཞིན་དུ༔ སྐྱེས་མཆོག་ཁྱེད་ཀྱི་བཏང་སྙོམས་མཛད་ན་ཀོ༔ དང་པོའི་དམ་བཅའ་འགལ་བར་མི་འགྱུར་རམ༔ གང་གིས་གང་ལ་རང་བཞིན་དམ་བཅས་པའི༔ དེ་ཡིས་དེ་ནི་དོན་དུ་གཉེར་དགོངས་པ༔ གཞན་གྱིས་བསྐུལ་ཞིང་གསོལ་གདབ་མི་འཚལ་ན༔ ཉིད་ཀྱི་ཐུགས་དམ་འབྲས་བུ་མཆིས་པར་མཛོད༔ བདག་ནི་རྡོ་རྗེ་དམ་ཚིག་མཆོག་གསུམ་པོ༔ ཁྱེད་ཀྱི་ཐུགས་དམ་མཆོག་ཀྱང་དེ་ལགས་ན༔ རིགས་མི་གཅིག་ཀྱང་དམ་ཚིག་གཅིག་གིས་བསྡུས༔ ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུང་བར་མཛོད༔ སྔོན་འདས་དུས་ནས་བསྟན་པ་འཇིག་པ་དང༔ ཞེ་སྡང་གདུག་པའི་དགྲ་བགེགས་གར་བྱུང་ཡང༔ ཁྱེད་ཀྱི་ཐུགས་རྗེ་ལྷག་པར་དེར་ཕྱུང་ཞིང༔ དྲག་ཤུལ་ཐབས་ཀྱིས་འདུལ་བ་ཇི་བཞིན་དུ༔ ད་ལྟ་དུས་ངན་བསྟན་པ་འཇིག་པ་སོགས༔ སྡིག་པའི་འབྲས་བུ་སྨིན་པར་ཁྱེད་ཀྱིས་མཁྱེན༔ རྡོ་རྗེ་ལྕམ་དྲལ་མ་ལུས་རྒྱ་མཚོ་ཡིས༔ སོ་སོའི་ཐུགས་དམ་ཆེན་པོ་དགོངས་མཛོད་ལ༔ ཇི་ལྟར་འཚམ་པ་བཞིན་དུ་ཕྲིན་ལས་མཛོད༔ དབང་ཕྱུག་ལ་སོགས་བྱེད་པར་ཁས་འཆེས་ཀྱང༔ དེ་ཉིད་དངོས་པོ་ལྟ་བུར་བྱེད་མི་ནུས༔ ཁྱེད་ཉིད་སྒྱུ་མའི་ཆོས་ལ་མངའ་བརྙེས་པས༔ སྒྱུ་མའི་རང་བཞིན་ཅིར་ཡང་གྲུབ་པར་མཛོད༔ མི་ནུས་མངོན་ཤེས་མཐུ་དང་མི་ལྡན་ཡང༔ དམ་ཚིག་ཆོས་ཕྱིར་སྲོག་ལུས་ཕོངས་པ་མེད༔ ཁྱེད་ནི་ཐོགས་མེད་མཐུ་དང་ལྡན་བཞིན་དུ༔ འགྲོ་བའི་མགོན་སྐྱབས་ཅི་ཕྱིར་བསྐུལ་མི་གཤེགས༔ སྲིད་པ་ལས་ཀྱི་དུས་ལ་མ་བབ་ཅེས༔ འགྲོ་བ་འདུལ་བའི་ཕྲིན་ལས་མི་མཛད་ཅིང༔ ཐམས་ཅད་ཀུན་ལ་ལས་ཀྱི་དབང་བཙན་ན༔ ཐུགས་རྗེ་བྱིན་རླབས་སུ་ལ་ཅི་ཞིག་བགྱི༔ གང་ཞིག་ཆོས་མིན་འགལ་བར་སྤྱོད་པ་ཡང༔ འབད་པའི་འབྲས་བུ་མེད་པར་མི་འགྱུར་རམ༔ ཤེས་རབ་སྙིང་རྗེ་ཐབས་དང་མི་འགལ་བའི༔ རེ་བ་སྐོང་བ་ལྟ་ཞིག་སྨྲོས་ཅི་འཚལ༔ འདའ་ཀ་རྡོ་རྗེ་དམ་ཚིག་མཆོག་བསྲུང་བར༔ སྒྲུབ་པ་ཁྱེད་ཀྱང་བདག་དང་འདྲ་ལགས་ན༔ ཆོས་བསྲུང་འགྲོ་དོན་བདག་གིས་མི་ལྕོགས་པས༔ བྱིན་རླབས་མཆོག་དང་ལྡན་པར་མཛད་དུ་གསོལ༔ དམ་ཚིག་ཉམས་ལ་སོགས་ཏེ་ཉེས་པ་རྣམས༔ ཚེ་རབས་ཀུན་ཏུ་ཉམས་སུ་མྱོང་བར་འགྱུར༔ ཆོས་དབྱིངས་འགྲོ་དོན་བདག་གིས་རྟོགས་བར་དུ༔ ཆོས་ལ་དབང་སྒྱུར་ཁྱེད་ཀྱིས་ཉེས་ཟློག་གསོལ༔ ཐུགས་བརྩེར་ལྡན་པའི་རྡོ་རྗེ་ལྕམ་དྲལ་ལ༔ འདི་སྐད་བསྐུལ་ཞིང་གསོལ་ལྟ་མི་འཚལ་ན༔ ཞེ་སྡང་ཐ་མའི་སེམས་ཀྱིས་མི་གསོལ་ཏེ༔ འགྲོ་དོན་བྱང་སེམས་སྒོ་ནས་སྨྲེ་ལགས་ན༔ ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ༔ འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང༔ ཐུགས་རྗེ་ཆེན་པོས་ཚངས་པར་བསྩལ་དུ་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ རྡོ་རྗེ་དཔལ་ཆེན་གྱི་བཤགས་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཌཱ་ཀི་ལ་སོགས་པ་ཌཱ་ཀིའི་ཚོགས་ཀྱིས་བཤགས་པ་འདི་གསུངས་སོ༔ ཨཱོྃ་ མཁའ་འགྲོའི་དབང་ཕྱུག་ཁྲོ་རྒྱལ་ཀུན་གྱི་གཙོ༔ བདེ་ཆེན་གཉིས་མེད་ཡུམ་གྱི་དབྱིངས་སུ་སྦྱོར༔ བདག་ཏུ་ལྟ་བའི་ང་རྒྱལ་འཇོམས་མཛད་པའི༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཏ་ནའི་གནས་མཆོག་སྒྲོལ་བ་གནས་མ་སྟོབས༔ གྷ་ནའི་གནས་མཆོག་སྦྱོར་བ་བྱིན་མ་བརླབ༔ དཔལ་ཆེན་ཁྲོ་རྒྱལ་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ རྨད་དུ་བྱུང་བའི་མཆོད་པ་ཏན་གྷན་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ དབང་པོ་དྲུག་གི་ལོངས་སྤྱོད་མཁོ་དགུར་ལྡན༔ འདོད་པ་ལྔ་ཡི་ཡོན་ཏན་བསམ་ཡས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་རྗེ་ཡིས༔ རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག༔ བར་ཆད་བྱེད་པའི་དགྲ་བགེགས་རྡུལ་དུ་རློགས༔ གྲུབ་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཧཱུྃ་ རྡོ་རྗེ་མཁའ་འགྲོ་དབང་ཕྱུག་ཀཽ་རཱི་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་འབར་མ་ཁྲོ་མོ་བཞི༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཨཱོྃ་ བསྒོམ་སྒྲུབ་དུས་ལས་གཡེལ་བར་གྱུར་པ་ཡིས༔ བསྒྲུབ་པའི་རྫས་མཆོག་བདུད་རྩི་ཨ་མྲྀ་ཏ༔ དུས་དྲུག་མཆོད་པའི་ཚུལ་དུ་མ་སྦྱར་བས༔ བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ༔ བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང༔ དྲི་ཆེན་དྲི་ཆུ་གུར་གུམ་བདུད་རྩི་ལྔ༔ གཉིས་མེད་སྦྱར་བའི་སྨན་མཆོག་ཨ་མྲྀ་ཏ༔ ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་འདིས༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ འབར་བའི་སྐུ་མཆོག་རྫོགས་པའི་དཀྱིལ་འཁོར་འདིར༔ བདུད་དང་སྲིན་པོ་མ་ལུས་འདུལ་བའི་ཕྱིར༔ རྩེ་གཅིག་སྒྲུབ་པ་པོ་ལ་ཞལ་སྟོན་ལ༔ བར་ཆད་བྱེད་པའི་དགྲ་བགེགས་རྡུལ་དུ་རློགས༔ ཨཱོྃ་ ཤ་ཟ་མཁའ་འགྲོ་དབང་ཕྱུག་ཉི་ཤུ་བརྒྱད༔ སྲིད་གསུམ་རྒྱལ་མོ་དུར་ཁྲོད་བརྒྱད་ཀྱི་ཡུམ༔ གཙོ་མོ་མངོན་སྤྱོད་མ་བདུན་འཁོར་དང་བཅས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ མཆོད་པ་ལོ་ཟླའི་དུས་ལས་འདས་པ་དང༔ རྫས་དང་ཕྱག་ཆ་དུས་འདིར་མ་རྫོགས་ཤིང་༔ ཤ་ཁྲག་དམར་གྱི་དམ་ལས་གཡེལ་གྱུར་པ༔ ཤ་ཟ་མཁའ་འགྲོའི་ཐུགས་དང་ཅི་འགལ་པ༔ བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ༔ དུར་ཁྲོད་རྫས་མཆོག་ཐལ་ཆེན་བ་སུ་ཏ༔ ཤ་ཁྲག་དམར་གྱི་མཆོད་པ་རབ་སྦྱར་ཏེ༔ བྷན་དྷའི་སྣོད་དུ་དམར་ཆེན་བསྐྱིལ་བ་འདིས༔ ཤ་ཟ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ ཨཱོྃ་ སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་སྤྱན་སྔ་རུ༔ སུས་ཀྱང་མ་བཅོལ་ཉིད་ཀྱིས་ཞལ་འཆེས་ཏེ༔ རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ལ༔ རྣལ་འབྱོར་དབང་ཕྱུག་ཆེན་པོས་འཁོར་སྲུངས་ཤིག༔ ཨཱོྃ་ ལས་ཀྱི་མཁའ་འགྲོ་ཕྱི་ཡི་རྣལ་འབྱོར་བཞི༔ བདག་ཉིད་ཆེན་མོ་ལ་སོགས་མ་མོའི་ཚོགས༔ ལྷ་དང་ལྷ་མིན་ཕྱོགས་བཅུའི་མཁའ་འགྲོ་མ༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ལྟ་བ་མཐོས་པས་སྤྱོད་པ་རྩིང་བ་དང༔ ཉ་ཤི་གསོ་སྦྱོང་དུས་ལས་གཡེལ་གྱུར་པ༔ གཉིད་ཆང་རྨོངས་པས་ཕྱིན་ཆད་མ་བསྐང་པ༔ བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ༔ དམ་ཚིག་ལྷག་མ་ཁ་ཆུའི་འོད་ཟེར་འཕྲོ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཨ་མྲྀ་ཏ༔ ཤ་ཁྲག་བདུད་རྩིའི་མཆོད་པ་ཆེན་པོ་འདིས༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ ཨཱོྃ་ སྟོང་ཁམས་ཡོངས་སུ་འཆོལ་བར་གྱུར་མོད་ཀྱང༔ བདག་ནི་རྡོ་རྗེའི་དམ་ལས་མི་འདའ་ཞིང༔ དཔལ་ཆེན་སྒོམ་སྒྲུབ་ལས་ལ་བརྩོན་ལགས་ན༔ སྐྱེས་ཆེན་ཁྱེད་ཀྱི་ཐུགས་དམ་མཉེས་གྱུར་ཅིག༔ དུར་ཁྲོད་ཀློང་དགུའི་མཁའ་འགྲོ་རྣམ་བཞིའི་ཚོགས༔ ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བ༔ བྱམས་མགོན་ཁྱེད་ཀྱི་ཐུགས་ལ་དེ་ལྟར་མངའ༔ དམྱལ་ཚོགས་མེ་ལྟར་འབར་བ་ཞི་བར་མཛོད༔ ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་གིས་ནི༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ འདའ་ཀ་རྡོ་རྗེ་དམ་ཚིག་མཆོག་གསུམ་པོ༔ རྒྱལ་བའི་བཀའ་ལས་འདའ་བར་མི་བགྱིད་པ༔ གསང་སྔགས་འཆོལ་བར་གྱུར་པས་བསལ་དཀའ་མོད༔ ཉམས་དང་ཚོགས་འདྲེས་ཉམས་གྱུར་བསྐངས་སོ་འཚལ༔ བློ་སེམས་རྟུལ་བས་སྐྱོན་ཅན་མ་རྟོགས་ཏེ༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ གྲོགས་ངན་ཉམས་གྲིབ་སྐྱོན་གྱིས་མ་གོས་ཤིང༔ ཉམས་པ་རྣམས་ལ་ཆད་པ་སྒོར་བཅད་དེ༔ ཚེ་འདིའི་རྐྱེན་དང་ཡུན་སྒྲིབ་མ་གྱུར་པར༔ ཕྲ་མེན་སྤྲུལ་ཚོགས་ཁྱེད་ཀྱིས་དབྱེ་བསལ་མཛད་དུ་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཡེ་ཤེས་མཁའ་འགྲོའི་བཤགས་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ༔ དེ་ནས་ལོངས་སྤྱོད་ཆེན་པོའི་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་ཆོས་ཉིད་ཞི་བའི་བཤགས་པ་འདི་གསུངས་སོ༔ ཧོ༔ ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ༔ ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས༔ ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་ཅི་འདྲ་བ༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ རྒྱལ་བ་རིགས་ལྔ་གསན་ཅིང་དགོངས་སུ་གསོལ༔ ཕུང་པོ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རྒྱལ་བ་རིགས་ལྔའི་དགོངས་སྤྱོད་དེ་འདྲ་ཡང༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ རྒྱལ་བ་རིགས་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ རིགས་ཀྱི་ཡུམ་ལྔ་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་དེ་འདྲ་ཡང༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ རིགས་ཀྱི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སེམས་དཔའ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་བརྒྱད་ནི་ཡེ་ནས་མངོན་སངས་རྒྱས༔ སེམས་དཔའ་བརྒྱད་ཀྱི་དགོངས་སྤྱོད་ཅི་འདྲ་བ༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་དཔའ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སེམས་མ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཡུལ་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་མ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་མ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཐུབ་པ་དྲུག་རྣམས་གསན་ཅིང་དགོངས་སུ་གསོལ༔ ཉོན་མོངས་དྲུག་ནི་ཡེ་ནས་མངོན་སངས་རྒྱས༔ ཐུབ་པ་དྲུག་གི་དགོངས་སྤྱོད་ཅི་འདྲ་བ༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ ཐུབ་པ་དྲུག་གི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སྒོ་བ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ ཚད་མེད་བཞི་ནི་ཡེ་ནས་མངོན་སངས་རྒྱས༔ སྒོ་བ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་བ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ སྒོ་མ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ རྟག་ཆད་མུ་བཞི་ཡེ་ནས་མངོན་སངས་རྒྱས༔ སྒོ་མ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང༔ དེ་འདྲར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ ཞེས་གསུངས་སོ༔ དེ་ནས་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཆོས་ཉིད་ཞི་བའི་བཤགས་པ་འདི་གསུངས་སོ༔ ཨཱོྃ་ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས༔ ཞི་བའི་དཀྱིལ་འཁོར་ལྷ་རུ་སྦྱོར་མ་འཚལ༔ སངས་རྒྱས་ཞི་བཅུ་གཉིས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ ཕུང་པོ་ལྔ་པོ་རིགས་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ རྒྱལ་བ་རིགས་ལྔའི་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ འབྱུང་བ་ལྔ་པོ་ཡུམ་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ རིགས་ཀྱི་ཡུམ་ལྔའི་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ ཤེས་བཞི་དབང་བཞི་སེམས་དཔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་དཔའི་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ ཡུལ་བཞི་དུས་བཞི་སེམས་མར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་མའི་ཚོགས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ ཉོན་མོངས་དྲུག་པོ་ཐུབ་པར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཐུབ་དྲུག་སྤྲུལ་པའི་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ ཚད་མེད་རྣམ་བཞི་སྒོ་བར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཏ་ཀྲིཏ་སྒོ་བ་བཞི་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ རིག་པ་རྟག་ཆད་སྒོ་མར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ སྒོ་མ་ཁྲོ་མོ་རྣམས་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ ཡིད་ཆོས་ཀུན་བཟང་ཡབ་ཡུམ་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ རང་རིག་ཡེ་ཤེས་བློ་དང་མི་ལྡན་པས༔ མ་རིག་དབང་གིས་འཁྲུལ་པས་ནོངས་བགྱིས་ན༔ ཉོན་མོངས་དབང་གིས་ཡི་དམ་ལྷ་སྤངས་ཏེ༔ བསླུ་བྱེད་དབང་གིས་སློབ་དཔོན་སྙིང་ནས་སྨད༔ ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་དཀྲུགས༔ སྲབ་ལ་འཕྱོར་བས་གསང་སྔགས་གཞན་ལ་སྤེལ༔ སེར་སྣའི་དབང་གིས་མཆོད་པ་དུས་ལས་འདས༔ གྲོགས་ངན་སྐྱོན་གྱིས་ཆོ་གའི་གསང་བ་ཆག༔ བརྟུལ་ཞུགས་ཆུང་བས་བགེགས་སྲིན་ཚར་མ་ཆོད༔ རྔམས་ཤིང་ཐུག་ཐུབ་ལྷག་ཕུད་ཉམས་ལ་སོགས༔ ཚེ་རབས་ཐོག་མ་མེད་པའི་དུས་མཐའ་ནས༔ ཚེ་འདིའི་ལུས་བཟུང་ད་ལྟ་ཡན་ཆད་དུ༔ སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ༔ དུས་རིག་དུས་མཁྱེན་རྣམས་ལ་བཟོད་པར་གསོལ༔ འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས༔ སེམས་ཅན་ལགས་པས་ནོངས་ཤིང་འཁྲུལ་པ་བྱུང༔ སྒྱུ་མ་ལགས་པས་བཤགས་པ་གནང་བར་མཛོད༔ ཐབས་ལ་མཁས་པས་ཚངས་པ་བསྩལ་དུ་གསོལ༔ ཞེས་བཤགས་སོ༔ དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་ཐམས་ཅད་ཀྱིས་ཞི་བའི་ལྷ་ཚོགས་ལ་བཤགས་པ་འདི་གསུངས་སོ༔ ཨཱོྃ་ ཀུན་ཏུ་བཟང་པོ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཤིང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང༔ བདག་ཅག་དམ་ཉམས་སེམས་ལ་འགྱོད་པ་སྐྱེས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ རིགས་ལྔའི་སངས་རྒྱས་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང༔ བདག་ཅག་ཉམས་ཆག་བྱུང་ན་འགྱོད་པ་སྐྱེས༔ རིགས་ལྔ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ སེམས་དཔའ་སེམས་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང༔ བདག་ཅག་ཉམས་ཆག་བྱུང་ན་འགྱོད་པ་སྐྱེས༔ སེམས་དཔའ་སེམས་མའི་སྐུ་ལ་བཟོད་པར་གསོལ༔ སྤྲུལ་སྐུ་ཐུབ་དྲུག་ཐུགས་མཆོག་རིན་པོ་ཆེ༔ བཅུད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྡུད༔ སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་སུ་སྒྲོལ༔ བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང༔ བདག་ཅག་དམ་ཉམས་སེམས་ལ་འགྱོད་པ་སྐྱེས༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་བཟོད་པར་གསོལ༔ སྒོ་བ་སྒོ་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་སྒྱུ་མར་མ་རྟོགས་སྐུ་བསླུས་ཤིང༔ བདག་ཅག་དམ་ཉམས་སེམས་ལ་འགྱོད་པ་སྐྱེས༔ སྒོ་བ་སྒོ་མ་རྣམས་ལ་བཟོད་པར་གསོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཆོས་ཉིད་ཞི་བའི་བཤགས་པའི་ལེའུ་སྟེ་དགུ་པའོ༔ ས་མ་ཡ༔ དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས༔ ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་འདི་འགྲོ་བའི་དོན་དུ་གསུངས་སོ༔ ཨཱོྃ་ དང་པོ་རང་བཞིན་མཉམ་པའི་དཀྱིལ་འཁོར་དུ༔ གཟུང་འཛིན་གཉིས་ཀྱིས་བདག་དང་མ་བྲལ་བས༔ གཉིས་སུ་མེད་པའི་གནས་ལུགས་དོན་མ་རྟོགས༔ གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ༔ དོན་དམ་གསལ་སྟོང་ཡོན་ཏན་འབྱུང་སྣང་བ༔ དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་རྟག་རྟེན༔ དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ༔ ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ༔ བདེ་ཆེན་ཉིད་ལ་ཕྱག་རྒྱའི་སྐུར་སྣང་ཞིང༔ ཡེ་ཤེས་དྲུག་གི་རང་རྟགས་ཕྱག་མཚན་རྣམས༔ ཇི་ལྟར་གསལ་བའི་ངང་དུ་མ་གྱུར་པས༔ འཇིགས་བྱེད་ཧེ་རུ་ཀ་ལ་བཟོད་པར་གསོལ༔ གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ༔ པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་འོད་སྤྲོས་པས༔ ཀྲོ་དྷཱི་ཤྭ་རཱིའི་སྐུ་ལ་བཟོད་པར་གསོལ༔ ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་རྣམས༔ རྣམ་ཤེས་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ༔ ཀཽ་རཱི་ལ་སོགས་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོག་རྟོག་མཚན་མ་འཛིན་པ་ཞི་བའི་ཕྱིར༔ མཆེ་གཤོག་རྔམ་པ་འབར་བའི་སྐུར་སྤྲུལ་པ༔ སིཾ་ཧ་ལ་སོགས་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་ཕྲ་མེན་བརྒྱད་ལ་བཟོད་པར་གསོལ༔ ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་དུ༔ འགུགས་དང་འཆིང་དང་སྡོམ་དགྱེས་སྒོ་མ་བཞི༔ རྟ་གདོང་ལ་སོགས་ཐུགས་དང་ཅི་འགལ་བ༔ སྒོ་བཞིའི་ཕྱག་རྒྱ་རྣམས་ལ་བཟོད་པར་གསོལ༔ མངོན་སྤྱོད་ལས་ལས་གྲུབ་པའི་དབང་ཕྱུག་མ༔ དགེ་དང་མི་དགེ་གཉིས་ཀྱི་དཔང་མཛད་མ༔ མ་ཚོགས་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ མ་སྲིང་རྒྱ་མཚོ་རྣམས་ལ་བཟོད་པར་གསོལ༔ རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ ཐུགས་རྗེ་མཉམ་པའི་ངང་ལས་མ་གཡོས་ཀྱང༔ ཕྲ་མོའི་ཏིང་འཛིན་གསལ་བར་མ་གྱུར་པ༔ ཡོན་ཏན་འཛིན་པ་རྣམས་ལ་བཟོད་པར་གསོལ༔ བདག་གི་སྐྱེ་བ་ཐོག་མ་མ་མཆིས་ནས༔ ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུ༔ མ་རིག་དབང་གིས་སྲིད་པའི་ཁམས་ཀུན་འཁོར༔ ཇི་སྲིད་མི་ལུས་བླངས་ནས་གར་སྐྱེས་ཀྱང༔ མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ༔ སྡིག་པའི་ལས་སུ་གྱུར་པ་ཅི་མཆིས་པ༔ དངོས་སུ་བགྱིས་དང་བགྱིད་དུ་བསྩལ་བ་དང༔ དེ་ལ་རྗེས་སུ་ཡི་རངས་བགྱིས་པ་རྣམས༔ བྱང་ཆུབ་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ ཚངས་པ་བསྩལ་ནས་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསུངས་སོ༔ དེ་ནས་དམ་ཚིག་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་འདི་གསུངས་སོ༔ ཧཱུྃ་ བསྐལ་པ་དུས་མཐའི་མེ་འབར་ཀློང་གི་དབུས༔ དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར༔ ཀཽ་རཱི་ལ་སོགས་ནང་གི་མཁའ་འགྲོ་བཞི༔ པུཀྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ༔ སིཾ་ཧ་ལ་སོགས་ཟ་བྱེད་གདོང་ཅན་རྣམས༔ གྷྲྀ་ཌྷ་ལ་སོགས་མཚམས་ཀྱི་གཤོག་པ་ཅན༔ འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད༔ སྒོ་བཞིར་འགུགས་འཆིང་སྡོམ་དགྱེས་སྒོ་མ་བཞི༔ ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང༔ སྙིང་པོ་གྲངས་ཉུང་ཕྱག་རྒྱ་གནས་མ་སོན༔ ཚོགས་དང་འབྱོར་པས་གནས་སུ་མ་བསྐང་པ༔ ཁྲོ་བོའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཞེས་གསུངས་སོ༔ དེ་ནས་ཕྱོགས་བཅུའི་རྣལ་འབྱོར་དབང་ཕྱུག་ཕོ་མོ་རྣམས་ཀྱིས༔ ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བཤགས་པ་འདི་གསུངས་སོ༔ ཨཱོྃ་ དང་པོར་གསང་མཆོག་སྡོམ་པ་འདི་མནོས་པས༔ འདའ་དཀའ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ༔ ཁྲག་འཐུང་རིགས་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ གྷ་ནའི་སྦྱོར་མཆོག་རྟོག་འཛིན་བར་ཆོད་དེ༔ ཡུམ་ཆེན་ཀྲོ་དྷཱིའི་ཐུགས་དང་ཅི་འགལ་བ༔ ཁྲོ་མོ་དབྱིངས་ཕྱུག་ལྔ་ལ་བཟོད་པར་གསོལ༔ རྫས་དང་ཕྱག་ཆ་མངོན་དུ་མ་འཛོམ་སྟེ༔ ཤ་ཟ་ཀཽ་རཱིའི་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་བརྒྱད་སྐུ་ལ་བཟོད་པར་གསོལ༔ ཤ་ཁྲག་མཆོད་པ་གཞུང་བཞིན་མ་འཚོགས་ཏེ༔ སིཾ་ཧ་ཕྲ་མེན་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་མཁའ་འགྲོའི་སྐུ་ལ་བཟོད་པར་གསོལ༔ ཤར་ལྷོ་ནུབ་བྱང་སྒོ་བཞི་མ་ཕྱེད་དེ༔ རྟ་གདོང་སྒོ་མའི་ཐུགས་དང་ཅི་འགལ་བ༔ ཡེ་ཤེས་སྒོ་མ་བཞི་ལ་བཟོད་པར་གསོལ༔ འདའ་དཀའ་ཁས་བླངས་འཁོར་དྲུག་མ་ཐུལ་ཏེ༔ མ་བདུན་སྲིང་བཞིའི་ཐུགས་དང་ཅི་འགལ་བ༔ མཁའ་འགྲོ་བཅུ་གཅིག་སྐུ་ལ་བཟོད་པར་གསོལ༔ ལོངས་སྤྱོད་འབྱམས་ནས་ཚོགས་ཀྱི་ཕུད་ཉམས་ཏེ༔ ཕུད་ཉུལ་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ དབང་ཕྱུག་ཉི་ཤུ་བརྒྱད་ལ་བཟོད་པར་གསོལ༔ གནས་ལ་མ་བརྟེན་བྱ་བྱེད་འབྱུང་འཇུག་གིས༔ ཏི་རའི་གནས་ཉུལ་ཐུགས་དང་ཅི་འགལ་བ༔ གནས་ཉུལ་ཆེན་མོའི་སྐུ་ལ་བཟོད་པར་གསོལ༔ སྐུ་མྱེས་ཕ་མའི་ཚུལ་དུ་མ་གྱུར་ཏེ༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་རྒྱལ་པོའི་སྐུ་ལ་བཟོད་པར་གསོལ༔ ཏིང་འཛིན་མ་བརྙེས་ཞི་ཁྲོ་མ་ཕྱེད་དེ༔ རྡོ་རྗེ་རྒྱལ་ཐེབ་ཐུགས་དང་ཅི་འགལ་བ༔ སྟོན་པ་སྒྲོན་མའི་སྐུ་ལ་བཟོད་པར་གསོལ༔ ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་ཆད་དེ༔ ཀརྨ་ལས་མཁན་ཐུགས་དང་ཅི་འགལ་བ༔ ལས་ཀྱི་སློབ་དཔོན་སྐུ་ལ་བཟོད་པར་གསོལ༔ སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ༔ ཤེས་རབ་སྙེམས་མའི་ཐུགས་དང་ཅི་འགལ་བ༔ གསང་ཡུམ་རིག་མའི་སྐུ་ལ་བཟོད་པར་གསོལ༔ སྒྲོལ་བའི་ཚེ་ན་ཏིང་འཛིན་གནས་མ་སྟོབས༔ སྐྱེས་བུ་གིང་ཆེན་ཐུགས་དང་ཅི་འགལ་བ༔ སྒྲོལ་གིང་བདག་པོའི་སྐུ་ལ་བཟོད་པར་གསོལ༔ སྤྲུལ་སྐུ་ཁྲོ་མོའི་ཐུགས་སུ་མ་གྱུར་ཏེ༔ འགུགས་འདྲེན་ཕོ་ཉའི་ཐུགས་དང་ཅི་འགལ་བ༔ མགྱོགས་བྱེད་ལས་མཁན་སྐུ་ལ་བཟོད་པར་གསོལ༔ ལེ་ལོའི་དབང་གིས་བརྩེ་གདུང་རྒྱུན་ཆད་དེ༔ བྱང་ཆུབ་མཆེད་ལྕམ་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་མིང་སྲིང་སྐུ་ལ་བཟོད་པར་གསོལ༔ བྲེ་མོའི་ཕྱིར་ན་དམ་ཚིག་ཉམས་ལ་སོགས༔ ཕྱི་ནང་རྗེས་གཅོད་ཐུགས་དང་ཅི་འགལ་བ༔ དམ་ཚིག་བྱ་ར་བྱེད་ལ་བཟོད་པར་གསོལ༔ ལོངས་སྤྱོད་གསོལ་ནས་ལྷག་མའི་ཕུད་ཉམས་ཏེ༔ ཕྱི་འཁོར་བརྟན་མའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ༔ བཟོད་པར་མཛད་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཁྲོ་བོའི་དཀྱིལ་འཁོར་ཁྲག་འཐུང་ལ་བཤགས་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ དེ་ནས་དཔལ་ཆེན་པོ་ཧེ་རུ་ཀ་ལ་སོགས་པའི་དམ་ཚིག་ལ་གནས་པའི་གཙོ་འཁོར་རྣམས་ཀྱིས་བཤགས་པ་འདི་གསུངས་སོ༔ ཧོ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་མ་འབུམ་བརྡལ་ཞིང༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་དག་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་ལོར་འཁྱམས༔ སྔོན་ཚེ་ལམ་ལོག་སྡིག་པ་བྱས་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཞིང་དྲགས་པའི་ལས་དབང་དེ་བཙན་ནས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བདག་བྱིང་སྟེ༔ ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་སྲེག༔ གཏི་མུག་མུན་འཐིབས་བདག་གི་ཤེས་རབ་ལྡོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེང༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་འདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབ༔ འདི་འདྲའི་སྡུག་བསྔལ་བདག་གིས་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོ་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་དྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལོག་ལམ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལས༔ ཉེར་གནས་ཁྱེད་ཀྱིས་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟ་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༔ ཉམས་ཐག་ཕོངས་པའི་ང་རོ་འདོན་ལགས་པ༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ༔ དགེ་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་ཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གིས་ཕྱི་བཤོལ་དུས་ལས་མ་བཞེངས་པར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས༔ ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་ཀྱི་འཕྲོ་བསགས་བསམ་འདས་བརྗོད་མི་ལོང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་ལ་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཆུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་ཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་གིས་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔ ཞེས་དྲེགས་པ་ཅན་རྣམས་ཀྱིས་བཤགས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ རུ་དྲའི་སྨྲེ་བཤགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡ༔ དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཀྱི་བདག་པོ་ཆེན་པོ་རྣམས་ཀྱིས་རྒྱུད་ལུང་མན་ངག་གི་བཤགས་པ་འདི་གསུངས་སོ༔ ཧོ༔ ཆོས་ཉིད་དུས་གསུམ་སྤྲོས་པ་མེད་པ་ལ༔ འཛིན་རྟོག་མེད་པའི་རང་རིག་ཡེ་ཤེས་ཀྱིས༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ༔ ཡུལ་དང་དབང་པོ་གཉིས་སུ་མེད་པར་བཤགས༔ ཡུམ་གྱི་བྷ་ག་དགྱེས་པའི་ཕོ་བྲང་དུ༔ ཡབ་ཀྱི་རྡོ་རྗེ་གཉིས་མེད་བྱང་ཆུབ་སེམས༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ༔ ཕྱི་ནང་སྣོད་བཅུད་གཉིས་སུ་མེད་པར་བཤགས༔ ཏིང་འཛིན་རྣམ་གསུམ་བློ་ཡི་གདར་བཅད་ནས༔ ཕུང་པོ་རྣམ་ཤེས་ཡུལ་དང་དབང་པོ་རྣམས༔ ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བསྒོམས་ནས༔ འགྲོ་དྲུག་སེམས་ཅན་རྒྱལ་བའི་དཀྱིལ་འཁོར་དུ༔ གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་མཛོད༔ ཅེས་རྒྱུད་རྣལ་འབྱོར་ཆེན་པོ་ལྟར་བཤགས་སོ༔ དེ་ནས་ལུང་ལྟར་བཤགས་པ་འདི་གསུངས་སོ༔ རྩ་སོགས་ཙིཏྟ་ལུས་ངག་ཡིད་གསུམ་པོ༔ གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་སུ་མཛོད༔ རྡོ་རྗེ་ཀློང་དགུ་དཔལ་ཆེན་ཧེ་རུ་ཀ༔ ཁམས་གསུམ་ས་དགུ་གཉིས་སུ་མེད་པར་བཤགས༔ ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་ཉིད༔ སྙིང་པོ་བརྗོད་པས་སྐུ་མཆོག་རྫོགས་པའི་ཚུལ༔ དབྱེར་མེད་བདེ་ཆེན་ངོ་བོ་ཉིད་ཀྱི་སྐུ༔ ཐབས་ལ་མཁས་པས་གཉིས་སུ་མེད་པར་བཤགས༔ ཕྱི་ནང་སྣོད་བཅུད་གཉིས་མེད་ཆོས་ཀྱི་སྐུ༔ ང་དང་བདག་གི་ངོ་བོ་ཉིད་མཉམ་པས༔ མཐོ་རིས་ངན་སོང་རྒྱུ་འབྲས་རྣམ་གཉིས་པོ༔ གཉིས་མེད་བདེ་ཆེན་ཀློང་དུ་མཐར་ཕྱིན་ཤོག༔ ཅེས་ལུང་རྗེས་སུ་རྣལ་འབྱོར་ལྟར་བཤགས་སོ༔ དེ་ནས་མན་ངག་ལྟར་བཤགས་པ་འདི་གསུངས་སོ༔ ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས༔ ཡོད་མེད་རྟག་ཆད་མཚན་མར་འཛིན་པ་ཡི༔ ཇི་ལྟར་མ་རྟོགས་བདག་ཉིད་གང་ཡིན་པ༔ དེ་ཉིད་མ་སྤངས་རྟོགས་པའི་ཀློང་དུ་བཤགས༔ དུས་གསུམ་འཕོ་འགྱུར་ཐ་ཚིག་བཏགས་པ་མེད༔ བཙལ་མེད་བསྒྲུབ་མེད་ནམ་མཁའི་ངང་དུ་གནས༔ ཡོངས་ལ་ཁྱབ་པས་ཀུན་གྱི་འདོད་དགུར་བསྒྱུར༔ ཕྱིན་ཅི་ལོག་རྟོག་བྱང་ཆུབ་ལམ་དུ་བཤགས༔ རྟོགས་པའི་མན་ངག་དོན་དུ་མ་ལྡན་ན༔ ཚིག་གིས་མཚོན་པས་བྱང་ཆུབ་མི་ཐོབ་སྟེ༔ རང་སེམས་ཡེ་ནས་སངས་རྒྱས་ཡིན་པ་ལ༔ རང་བྱུང་ཡེ་ཤེས་ཀློང་དུ་མཐར་ཕྱིན་ཤོག༔ དེ་ལྟར་བཤགས་ན་སྒྲིབ་པ་ཐམས་ཅད་དང༔ ཉོན་མོངས་ལས་ངན་མ་སྤངས་རང་དག་ནས༔ འབྲས་བུ་ཡང་དག་སངས་རྒྱས་ཐོབ་བོ་ཞེས༔ མན་ངག་རྫོགས་པའི་རྣལ་འབྱོར་ལྟར་བཤགས་པའོ༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ རྒྱུད་ལུང་མན་ངག་གི་བཤགས་པའི་ལེའུ་སྟེ་བཅུ་གཉིས་པའོ༔ ས་མ་ཡ༔ དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་ངང་ནས་ལྟ་བའི་ཀློང་བཤགས་འདི་གསུངས་སོ༔ ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཡོང་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་སྨེ་བར་འཛིན་པ་སྙིང་རེ་རྗེ༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོང་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོང་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེན་པོར་བཤགས༔ དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡོང་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འགྱུར་བ་མེད་པ་ཐིག་ལེ་ཆེན་པོར་བཤགས༔ རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བཙལ་བ་མེད་པའི་རང་བྱུང་ཀློང་དུ་བཤགས༔ རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་ལྟ་བ་ཐང་རེ་ཆད༔ ཡོད་དང་མེད་པར་ལྟ་བ་ཉོན་རེ་མོངས༔ རྟག་ཆད་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་མཐའ་དབུས་སྤྲོ་བསྡུ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས༔ ཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས༔ ཡུམ་གྱི་མཁའ་ཉིད་མཐོ་དམན་མེད་པ་ལ༔ སྟེང་འོག་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ གཉིས་སུ་མེད་པའི་ཡེ་ཤེས་ཀློང་དུ་བཤགས༔ ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལས༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མི་དགེས་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་པ་འཛིན་རྟོག་མེད་པའི་ཀློང་དུ་བཤགས༔ རིག་པའི་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་ནི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡོངས་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་ཏེ༔ ཟང་ཟིང་ནོར་ལ་ཆགས་པའི་སེམས་ནི་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས༔ འཁོར་བ་རང་བཞིན་མེད་པར་མ་ཤེས་ཏེ༔ དངོས་པོ་མཚན་མའི་ཆོས་ལ་རྟག་པར་འཛིན༔ མི་དགེའི་ལས་ཀྱིས་མཚན་མ་འཇིག་པར་བྱེད༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ མཉམ་པའི་དོན་ལ་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་འཛིན༔ མི་ཤེས་སྐྱེ་བོའི་སེམས་འདི་ཡོངས་རེ་གོལ༔ མཉམ་ཉིད་ཆོས་ཀྱི་ཀློང་དུ་མཐོལ་ལོ་བཤགས༔ ཆོས་ཉིད་བདེན་པའི་དོན་དང་མ་འཕྲད་ན༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེང་བས་བསླུས༔ ཆོས་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ རིག་པའི་ཡེ་ཤེས་རང་སར་མ་གྲོལ་བས༔ མ་རིག་དོན་བོར་གཡེང་བའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ བསྙེན་བསྲིང་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཡེ་ཤེས་ལྷ་དང་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་གྱུར་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཞེས་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ གྲོལ་ལམ་ལྟ་བའི་བཤགས་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡ༔ དེ་ནས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོའི་དམ་ཚིག་ལ་གནས་པ་རྣམས་ལ༔ ཐབས་ལམ་དབང་བཞི་ཡོངས་སུ་རྫོགས་པའི་བཤགས་པ་འདི་གསུངས་སོ༔ ཨཱོྃ་ བདག་ལུས་གཞལ་ཡས་ཁང་དུ་གནས་པའི་ནང༔ སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་སུ༔ ཕུང་ལྔ་རྣམ་དག་རིགས་ལྔ་ཡབ་ཡུམ་བཅུ༔ བསྐྱེད་རིམ་དབྱིབས་ཀྱི་ལམ་དུ་མ་ཤེས་བཤགས༔ ལུས་སེམས་ཡེ་ནས་ཟུང་འཇུག་གནས་པ་ལ༔ སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་མ་ཤེས་ཏེ༔ མཉམ་གཞག་རྗེས་ཐོབ་ཉམས་ལེན་སྐྱོང་མ་ཤེས༔ ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས༔ ཡེ་ནས་འཁོར་འདས་དབྱེར་མེད་ཡིན་པ་ལ༔ སྣོད་བཅུད་གཞལ་ཡས་ཁང་ལྷར་མ་ཤེས་ནས༔ འབྱུང་བའི་ཆོས་ལ་མངའ་དབང་མ་བརྙེས་པ༔ གྲུབ་མཐའ་འཁོར་འདས་དབྱེར་མེད་ངང་དུབཤགས༔ ཡེ་ནས་སྐྱེ་ཤི་མེད་པར་མ་ཤེས་པར༔ མ་རྟོགས་འཆི་དུས་སྣང་བ་འགྱུར་བ་དང༔ འོད་ཀྱི་གོང་བུ་སྒྲ་ཡིས་སྒྱུར་མ་ཤེས༔ འདའ་ཀ་འཆི་བྲོད་ངང་དུ་བཤགས་པར་བགྱི༔ ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་པ་རྣམས༔ ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ༔ དབྱིབས་ཀྱི་ལྷ་སྐུ་རྩ་ལ་བསྒོམ་མ་ཤེས༔ སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས༔ ལུས་རྩ་བུམ་པའི་དབང་དུ་མ་ཤེས་པས༔ མ་ཧཱ་ཡོ་གའི་བསྐྱེད་རིམ་བསྒོམ་མ་ཤེས༔ བུམ་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཚངས་པར་གྱུར་ནས་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཕྱི་བུམ་དབང་གི་བཤགས་པ་དེ་སྐད་གསུངས་སོ༔ དེ་ནས་གསང་བའི་དབང་གི་བཤགས་པ་འདི་གསུངས་སོ༔ ལུས་གནས་ཡི་གེ་གསང་དབང་གནས་པ་ལ༔ འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད༔ བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམ༔ བདག་ལ་བྱིན་བརླབ་ལམ་གྱི་ངང་དུ་བཤགས༔ ཉོན་མོངས་དང་ནི་རྣམ་རྟོག་སྣྲེལ་ཞི་རྣམས༔ གསལ་ཞིང་ཡངས་པ་རང་བྱུང་ཡེ་ཤེས་གནས༔ སྙིང་གར་རོ་རྐྱང་ཟུང་འཇུག་དབུ་མར་བདེ༔ ལྟ་བ་རང་བྱུང་ཡེ་ཤེས་ངང་དུ་བཤགས༔ སྒྲ་དབྱངས་ཡེ་ནས་སྐད་དུ་གནས་པ་ལ༔ འགྲོ་བ་རིགས་དྲུག་སོ་སོའི་སྒྲ་སྐད་དུ༔ གསུང་རབ་ཡན་ལག་བཅུ་གཉིས་ཡིན་མ་ཤེས༔ གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས༔ སེམས་ནི་འོད་གསལ་ཡེ་ནས་འདུས་མ་བྱས༔ མ་བསྒོམ་རང་གསལ་ཡིན་པར་མ་ཤེས་པ༔ འཆི་དུས་རང་གསལ་འབྱུང་བ་མ་འཚལ་ཏེ༔ འདའ་ཀའི་གདམས་ངག་འོད་གསལ་ངང་དུ་བཤགས༔ ལུས་གནས་ཡི་གེ་ལོངས་སྐུར་གནས་པ་ལ༔ ལམ་དུ་མ་ཤེས་བདེ་བ་མ་བསྒོམ་པས༔ གཏུམ་མོའི་དྲོད་ཀྱི་འབྲས་བུ་མ་ཐོབ་སྟེ༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་ངང་དུ་བཤགས༔ གསང་བའི་དབང་གི་གདམས་ངག་ཤེས་གྱུར་ཀྱང༔ རང་གི་བདེ་བ་ལམ་དུ་མ་བསླང་པས༔ གཏུམ་མོའི་དྲོད་རྟགས་ལུས་ལ་མ་ཤར་བས༔ གསང་དབང་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་ནང་གི་གསང་དབང་གི་བཤགས་པ་དེ་སྐད་གསུངས་སོ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་བཤགས་པ་འདི་གསུངས་སོ༔ ལུས་ཁམས་བདུད་རྩི་རང་ལ་གནས་པ་ལ༔ ཡུམ་དག་འདོད་པ་བྱིན་རློབ་ཉམས་པ་དང༔ སྦྱོར་བ་དངོས་གཞི་རྗེས་ཀྱི་བསྡུ་རྒྱས་རྣམས༔ མ་བསྒོམ་འཁོར་ལོ་ཐབས་ཀྱི་ལམ་དུ་བཤགས༔ བདེ་བ་ཡེ་ནས་རང་ལ་གནས་པ་ལ༔ གོ་རིམ་གནས་དང་སྤང་བྱ་ངོ་བོ་ཡི༔ བདེན་པ་བཞི་ནི་ཉམས་སུ་མ་ལོན་པ༔ བདེན་བཞིར་ལྟ་བ་ལྷན་སྐྱེས་ངང་དུ་བཤགས༔ བདེ་བ་རང་ལ་གནས་པར་མ་ཤེས་པས༔ སྡུག་བསྔལ་རྐྱེན་གྱིས་བདེ་བ་བསྒོམས་བྱས་ཀྱང༔ བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་ཏེ༔ ལྷན་ཅིག་སྐྱེས་པ་བདེ་བའི་ངང་དུ་བཤགས༔ བདག་ཉིད་རྡོ་རྗེ་སེམས་དཔར་མ་ཤེས་པས༔ འཆི་དུས་རང་ཉིད་དེ་ལྟའི་སྐུར་མ་གྲུབ༔ འཁོར་ལོ་བཞི་ཡི་བདེ་བ་མ་འབྱངས་པ༔ འདའ་ཀ་རྡོ་རྗེ་སེམས་དཔའི་ངང་དུ་བཤགས༔ ཡེ་ནས་བདུད་རྩི་ཐིག་ལེ་ཆེན་པོ་ནི༔ ཆོས་སྐུ་དྲི་མ་མེད་པར་གནས་པ་ལ༔ མ་རྟོགས་མ་ཤེས་བདུད་རྩི་མ་འབྱོང་པ༔ འབྲས་བུ་ཆོས་ཀྱི་སྐུ་ཡི་ངང་དུ་བཤགས༔ དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་ཟིལ༔ འབྱུང་བ་བཞི་སྟེ་ཁམས་ཀྱི་བདུད་རྩི་དགུ༔ བདེ་བ་མཆོག་བདེ་རྣམ་རྟོག་བྲལ་བདེ་བ༔ ལྷན་སྐྱེས་ཡེ་ཤེས་དབང་གི་ངང་དུ་བཤགས༔ ཞེས་གསང་བ་ཤེས་རབ་ཡེ་ཤེས་ཀྱི་བཤགས་པར་གསུངས་སོ༔ དེ་ནས་བདེ་བ་ཆེན་པོའི་དབང་གི་བཤགས་པ་འདི་གསུངས་སོ༔ ཐབས་དང་ཤེས་རབ་གཉིས་ཀ་རང་གནས་ཀྱང༔ ཐབས་ཀྱི་རྒྱུད་དང་ཤེས་རབ་རྒྱུད་དག་དང༔ གཉིས་ཀའི་རྒྱུད་ལ་དག་པར་མ་སྦྱང་པ༔ རྡོ་རྗེ་རྦ་རླབས་ལམ་གསུམ་ངང་དུ་བཤགས༔ ལུས་ངག་སེམས་དང་ལུས་སེམས་གཉིས་ཀ་ལ༔ ཕན་འདོགས་རང་ལ་གནས་པར་མ་ཤེས་ཏེ༔ རྒྱུ་མཐུན་རྣམ་སྨིན་སྐྱེས་བུ་བྱེད་པ་དང༔ ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་བཤགས༔ ལྟ་བ་རང་གནས་ཉམས་སུ་མ་མྱོང་བས༔ འཇིག་རྟེན་འདས་པའི་གྲུབ་མཐའི་རྟགས་མ་ཤར༔ བདེ་སྟོང་རྒྱ་ཆེའི་གྲུབ་མཐའ་མ་རྟོགས་ཏེ༔ འཁོར་འདས་ཆོས་རྣམས་བདེ་སྟོང་གཅིག་ཏུ་བཤགས༔ སྦྱང་དང་གོམས་དང་ལས་ལ་སྦྱར་དུ་མེད༔ མ་རྟོགས་དབང་གིས་སྦྱངས་གོམས་ལས་མ་སྦྱར༔ སྲོག་རྩོལ་རླུང་ལ་གོམས་པར་མ་གྱུར་པ༔ འདའ་ཀ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས༔ ཡེ་ནས་ཐམས་ཅད་ངོ་བོ་ཉིད་ཀྱི་སྐུ༔ མ་སྦྱང་གནས་ལུགས་དོན་དུ་མ་རྟོགས་པ༔ ལམ་གནས་རྡོ་རྗེ་རྦ་རླབས་ལམ་མ་བསྒོམ༔ འབྲས་བུ་ངོ་བོ་ཉིད་ཀྱི་ངང་དུ་བཤགས༔ སྲོག་དང་རྩོལ་བ་ལྔ་ཡི་དབང་ཉིད་ལ༔ རྩ་བ་ཕུང་པོ་ཡན་ལག་རྣམ་ཤེས་སོགས༔ རླུང་བཅུ་སྲོག་ཤིང་ཚུལ་དུ་མ་རྟོགས་པ༔ བདེ་བ་ཆེན་པོའི་དབང་གི་ཀློང་དུ་བཤགས༔ ཞེས་དེ་ཁོ་ན་ཉིད་བདེ་བ་ཆེན་པོའི་དབང་གི་བཤགས་པར་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཐབས་ལམ་དབང་བཞིའི་བཤགས་པའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡ༔ དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འབྲས་བུ་རང་བཞིན་ཡོངས་སུ་རྫོགས་པའི་བཤགས་པ་འདི་གསུངས་སོ༔ ཨཱོྃ་ སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ས་ཐོབ་ཡན་ཆད་སྣང་བ་ལོངས་སྤྱོད་རྫོགས༔ མཚན་དང་དཔེ་བྱད་སྣང་བ་ལོངས་སྐུ་དང༔ སྦྱོར་ལམ་མན་ཆད་ཀུན་ལ་སྣང་བ་ལ༔ མཛད་པ་ཐ་དད་སྣང་བ་སྤྲུལ་པའི་སྐུ༔ ཆོས་དང་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ༔ ཡོན་ཏན་མ་བཙལ་ལྷུན་རྫོགས་མངོན་བྱང་སྐུ༔ དེ་ལྟར་མ་རྟོགས་སྐུ་ལྔའི་ངང་དུ་བཤགས༔ དོན་གསུང་ཆོས་རྣམས་སྐྱེ་མེད་ངང་དུ་གནས༔ སྐྱེ་མེད་སྨྲ་བརྗོད་ཐམས་ཅད་གཞི་རུ་གྱུར༔ རྡོ་རྗེ་གྲགས་སྟོང་དབྱེར་མེད་འདུས་མ་བྱས༔ མངོན་བྱང་སྒྲ་སྐད་མཐའ་དག་ཐམས་ཅད་ནི༔ རང་བྱུང་ཡེ་ཤེས་ངོ་བོ་ཉིད་དུ་གསལ༔ ལོངས་སྐུའི་གསུང་ནི་རང་གི་ཡུལ་རྣམས་ལ༔ བརྡ་ཡི་སྒོ་ནས་འཁོར་ལ་གོ་བརྡ་སྤྲོད༔ སྤྲུལ་པའི་གསུང་ནི་ཡན་ལག་དྲུག་ཅུར་སྣང༔ གསུང་ལྔ་ཡེ་ནས་སྣང་ཚུལ་མ་རྟོགས་པ༔ གསུང་ལྔ་ལྷུན་གྲུབ་ངང་དུ་མཐོལ་ལོ་བཤགས༔ སྟོང་ཉིད་ཡེ་ཤེས་དངོས་སུ་མེད་པར་གསལ༔ མེ་ལོང་ཡེ་ཤེས་རྟོག་པ་མེད་པར་གསལ༔ མཉམ་ཉིད་ཡེ་ཤེས་བཟང་ངན་མེད་པར་གསལ༔ སོར་རྟོག་སྤྱི་དང་རང་མཚན་མ་འདྲེས་གསལ༔ བྱ་གྲུབ་བདག་གཞན་དོན་ལ་རྩོལ་མེད་གསལ༔ གནས་ཚུལ་མ་རྟོགས་ཐུགས་ལྔའི་ངང་དུ་བཤགས༔ རང་རིག་བྱང་ཆུབ་སེམས་ཀྱི་ཞིང་ཁམས་ནི༔ མནན་ན་ནེམས་ལ་བཏེགས་ན་སྤར་ལ་སོགས༔ རང་རིག་གཞལ་ཡས་ཁང་ལ་ཕྱི་ནང་མེད༔ རང་རིག་འོད་སྣང་དེ་དག་བ་སྤུ་ཡི༔ བུ་ག་རེ་ནས་འོད་ཟེར་དྲུག་ཅུར་འཕྲོ༔ རིག་པ་རང་ཉིད་གདན་དུ་སྣང་བ་སྟེ༔ འབྲས་བུའི་ཆོས་རྣམས་ཡོངས་སུ་རྫོགས་པའི་རྟགས༔ རང་རིག་ཉིད་ཀྱི་རྒྱུན་དུ་སྣང་བ་སྟེ༔ འཁོར་འདས་མ་སྤང་ལྷུན་གྱིས་གྲུབ་པ་ཡིས༔ ཡོན་ཏན་མ་རྟོགས་ཆོས་ཉིད་ངང་དུ་བཤགས༔ ཉོན་མོངས་རྣམ་པར་རྟོག་པས་སེམས་ཁེངས་རྣམས༔ སངས་རྒྱས་མཛད་པས་རྒྱུད་མཉན་ཞི་བར་མཛད༔ རྨོངས་ཤིང་དབུལ་དང་ཕོངས་པའི་གང་ཟག་རྣམས༔ ཤེས་བྱ་ལོངས་སྤྱོད་མཐའ་ཡང་རྒྱས་པར་མཛད༔ མི་ཕན་མི་དུལ་གྱོང་པའི་གང་ཟག་རྣམས༔ དབང་གི་ལས་ཀྱིས་དུལ་ཞིང་ཞི་བར་མཛད༔ ཐུགས་རྗེའི་ཐབས་ཀྱིས་མི་དུལ་གདུག་པ་རྣམས༔ མངོན་སྤྱོད་དྲག་པོས་ཚར་ཡང་གཅོད་པར་མཛད༔ དེ་ལྟར་མ་རྟོགས་རིགས་རྣམས་བདག་པོའི་ངང༔ ཕྱོགས་རིས་མེད་ཅིང་ལྷུན་གྱིས་གྲུབ་པར་མཛད༔ གཅིག་དང་དུ་མའི་ངོ་བོ་ལས་གྲོལ་བའི༔ སྤང་ཐོབ་མེད་པར་རང་སྣང་དག་ཏུ་ཐོབ༔ ལས་ཀྱི་རང་བཞིན་བདོས་བྱས་ཉེས་པ་ཟད༔ ཐུགས་རྗེས་གཟིགས་པའི་སྐུ་གསུང་ཐུགས་ལ་བཤགས༔ ཞེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་ཡང་དག་པར་བཤགས་པའོ༔ དེ་ནས་དེ་བཞིན་གཤེགས་པ་ལོངས་སྤྱོད་ཀྱི་བདག་པོ་རྣམས་ཀྱིས་བཤགས་པ་འདི་གསུངས་སོ༔ རྩ་རྣམས་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ༔ ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ༔ ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ༔ ངག་གི་སྒྲིབ་བྱང་རྫོགས་རིམ་ལོངས་སྤྱོད་སྐུ༔ བདུད་རྩི་ཁམས་ཀྱི་དྭངས་མ་བཅུད་ཀྱི་ལམ༔ སེམས་ཀྱི་སྒྲིབ་དག་དྭངས་མ་ཆོས་ཀྱི་སྐུ༔ རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་རླུང༔ ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ༔ དེ་ལྟར་གནས་པ་རྟོགས་པའི་ཀློང་དུ་ནི༔ སྐུ་བཞི་རང་ལ་ལྷུན་གྲུབ་ངང་དུ་བཤགས༔ ཞེས་ཐབས་ལམ་འབྲས་བུའི་བཤགས་པར་གསུངས་སོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ འབྲས་བུའི་དོན་མ་རྟོགས་པར་བཤགས་པའི་ལེའུ་སྟེ་བཅོ་ལྔ་པའོ༔ ས་མ་ཡ༔ དེ་ནས་གསང་བའི་བདག་པོས་ཡོངས་སུ་གཏད་པ་འདི་གསུངས་སོ༔ ཨཱོྃ་ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན༔ དེ་ལ་གཏད་པས་ཁམས་གསུམ་སྒྲོན་མེ་ཡིན༔ རིགས་ལྔ་འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས༔ དེ་ལ་གཏད་པས་གསང་སྔགས་སྲུང་མ་ཡིན༔ སྔོན་སྦྱངས་གང་ཟག་ཆོས་ཀྱི་སྤྱན་ཅན་རྣམས༔ དེ་ལ་གཏད་པས་བསྟན་པ་དར་བ་ཡིན༔ གསུངས་པའི་རྒྱུད་ཆེན་ལུང་དང་མཐུན་པར་གཏད༔ དེ་ལྟར་མ་བྱས་བཀའ་སྲུང་རྣམས་ལ་བཤགས༔ ཞེས་གསུངས་སོ༔ དེ་ནས་འཁོར་རྣམས་མཉེས་ནས་སྐུ་གསུང་ཐུགས་ལ་བཤགས་པ་འདི་གསུངས་སོ༔ དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེ་དམ་ཚིག་ཅན་རྣམས་དགོངས་སུ་གསོལ༔ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ བསྒྲུབ་པའི་དམ་ཚིག་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང༔ གསང་སྔགས་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་པས་དམྱལ་བ་སྐྱེ་བར་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང༔ ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ༔ རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ༔ སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང༔ དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པའི༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང༔ སྔགས་ཀྱི་བསྙེན་སྒྲུབ་གྲངས་ལས་ཆད་པ་དང༔ དུས་དྲུག་ལས་ཀྱི་མཆོད་པ་མེད་པ་རུ༔ བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་རྟོགས་གཞུང་བཞིན་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས༔ སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་བས་དམ་ཚིག་འདྲེས༔ གསང་ཚིག་འདས་ནས་འཆོལ་བར་སྨྲ་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་གསུངས་ནས་ཡི་རང་ངོ༔ དེ་ནས་འཁོར་ཕལ་པ་རྣམས་ཀྱིས་འདི་སྐད་བཤགས་སོ༔ རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ སྔར་རྟོགས་སྤངས་ལེན་བགྱིས་པ་མཐོལ་ལོ་བཤགས༔ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས༔ དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས༔ འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས༔ སོ་སོར་ཐར་པ་
རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་མདོར་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་ (Volume 11, Text 49)
རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་མདོར་བསྡུས་པ་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །སྟོང་པའི་ཡེ་ཤེས་དགའ་བར་རྗེས་ཆགས་གཟུགས། །རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང་། །རིག་གདངས་ཆོས་ཉིད་མངོན་སུམ་མཆོད་སྤྲིན་གྱིས། །སྣ་ཚོགས་སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོར་མཆོད། །ཨོཾ་ཨཱཿབཛྲ་ཝཱི་ཎཱི་ཧཱུྃ། ཨོཾ་ཨཱཿབཛྲ་ཝཾ་སེ་ཏྲཱཾ། ཨོཾ་ཨཱཿབཛྲ་མྲྀ་དཾ་གི་ཧྲཱིཿ ཨོཾ་ཨཱཿབཛྲ་མུ་ར་ཛེ་ཨཱཿ ཤིན་ཏུ་སྟོང་པ་ལས་བྱུང་མཆོག་དགའི་དངོས། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །འོད་གསལ་ཉམས་སྣང་གོང་འཕེལ་མཆོད་སྤྲིན་གྱིས། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་མཆོད། །ཨོཾ་ཨཱཿབཛྲ་ལཱ་སྱཻ་ཧཱུྃ། ཨོཾ་ཨཱཿབཛྲ་མཱ་ལེ་ཏྲཱཾ། ཨོཾ་ཨཱཿབཛྲ་གཱིརྟཱི་ཧྲཱིཿ ཨོཾ་ཨཱཿབཛྲ་ནིརྟཱི་ཨཱཿ ཐམས་ཅད་སྟོང་པ་ཁྱད་པར་དགའ་བའི་དཔྱིད། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ། །གཞི་དབྱིངས་རིག་པ་ཚད་ཕེབས་མཆོད་སྤྲིན་གྱིས། །རྣམ་ཀུན་མཆོག་ལྡན་ཆོས་སྐུའི་དཀྱིལ་འཁོར་མཆོད། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཏྲཱཾ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཨཱཿབཛྲ་གནྡྷེ་ཨཱཿ རབ་ཏུ་སྟོང་པ་ལྷན་སྐྱེས་ཡེ་ཤེས་དངོས། །གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། །ཆོས་ཟད་བློ་འདས་དོན་གྱི་མཆོད་སྤྲིན་གྱིས། །དབྱེར་མེད་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་མཆོད། །ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ། ཨོཾ་ཨཱཿབཛྲ་ར་ས་ཏྲཱཾ། ཨོཾ་ཨཱཿབཛྲ་སྤརྴེ་ཧྲཱིཿ ཨོཾ་ཨཱཿབཛྲ་དྷརྨ་དྷཱ་ཏུ་ཨཱཿ ཞེས་པའང་རིག་པ་འཛིན་པ་མཁྱེན་བརྩེའི་དབང་པོའི་བློ་མཚོ་ལས་བྱུང་བའོ། །སརྦ་དཱ་མངྒ་ལཾ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་ཀྱི་ཆོ་ག་རྡོ་རྗེའི་དོ་ཤལ་ (Volume 46, Text 49)
༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལས། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་ཀྱི་ཆོ་ག་རྡོ་རྗེའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷཱ་ཡ། དབྱིངས་ལས་ཡེ་ཤེས་ཁྲོས་པའི་སྐུ །བདུད་དཔུང་ཚར་གཅོད་ཧེ་རུ་ཀ །བླ་མ་ཡི་དམ་དབྱེར་མེད་ལ། །བཏུད་ནས་བྱིན་རླབས་ཆོ་ག་དབྱེ། །བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་དབང་གི་རིམ་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། སྟེགས་བུའི་ཁར་འབྲུའི་ཚོམ་བུ་ལྔ་བཀོད་པའི་དབུས་སུ་མཉྫིའི་ཁར་དཔལ་གཏོར་རྒྱན་ལྡན་སྐུ་རྟེན་ཙཀླི་དར་གདུགས་དམར་པོ་དང་བཅས་པ་བཞག །དེ་མདུན་རྣམ་བུམ་བཅུད་ལྡན། གཡས་གཡོན་སྨན་རག །མདུན་དུ་མཆོད་པ་རྣམ་བདུན་བཤམ། སྔོན་གཏོར་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱ། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་ནང་སྒྲུབ་རིག་འཛིན་འདུས་པའི་ལས་བྱང་ལྟར་གཏང་། རང་གཞུང་ལྟར་བདག་མདུན་དབྱེར་མེད་དུ་བསྐྱེད་ཅིང་། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ལ་བདག་མདུན་གཉིས་ཀྱི་ཐུགས་ཀར་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་དམར་པོ་ནང་བལྟ་གཡས་སྐོར་དུ་འཁོར་བ་དང་། དོ་ལིའམ་མགལ་མེ་ལྟ་བུའི་དམིགས་པའི་འཕྲོ་འདུ་བཅས་བཟླས་པ་ཅི་ནུས་བྱ། བུམ་པ་དབང་དྲག་རོལ་པའི་ཕོ་བྲང་དུ་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ལྷ་ཚོགས་སྣང་ལ་རང་བཞིན་མེད་པར་གསལ་བར་གྱུར། གཟུངས་ཐག་བླང་། དམིགས་པ་སྤྱི་འགྲེས་བཟླས་པ་བྱ། མཐར་དབྱངས་གསལ་སོགས་བཟླས་པས་ཁ་བསྐངས་ལ་མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ་གིས་དུང་ཆུ་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་ནས་བུམ་བཅུད་དང་དབྱེར་མེད་དུ་གྱུར་པར་མོས་ལ་རིག་མེ་དོར་ཅིང་གནང་བ་ནོད། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་ཀྱིས་ནུས་ལྡན་བྱའོ། །གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་མཚམས་གཅོད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་སྙིགས་མའི་དུས་ཀྱི་མཐར་སེམས་ཅན་རྣམས་ཉོན་མོངས་པ་ཇེ་རགས། སེམས་བྱུང་དགེ་བའི་རྩལ་ཇེ་དམན་དུ་སོང་བས་དུག་ལྔའི་སྟོབས་ཤིན་ཏུ་རྒྱས་པའི་རང་གཟུགས་གཟའ་ཀླུ་རྒྱལ་བསེན་གྱི་ཟ་ཁ་དར་བས་ཐམས་ཅད་སྡུག་བསྔལ་གྱི་འཁྲུལ་འཁོར་ལ་སྦྱོར་བའི་སྐབས་སུ། འདུལ་བྱེད་ཀྱི་གཉེན་པོ་སྟོབས་སུ་ཆེ་བ་རྟ་ཕྱག་ཁྱུང་གསུམ་དང་ཁྱད་པར་བླ་མ་དྲག་པོའི་གདམས་སྐོར་ཐུན་མོང་ཐུན་མིན་མཐའ་ཡས་པ་ཞིག །དཔལ་ཆེན་ཧེ་རུ་ཀ་དངོས་ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པས་ཐུགས་སྲས་རྗེ་འབངས་གྲོགས་དང་བཅས་པ་ལ་བསྩལ་ཅིང་། ཕལ་ཆེར་ཕྱི་མ་ཕྱི་མའི་གདུལ་བྱ་ལ་དགོངས་ཏེ་གཏེར་གྱི་རིགས་བྱེད་དུ་མར་སྦ་བར་མཛད་པ་ལས། སྐབས་སུ་བབས་པ་འདི་ནི་ཆོས་རྒྱལ་ཁྲི་ལྡེ་དང་རྒྱལ་སྲས་ལྷ་རྗེ་ཟུང་དུ་འཇུག་པའི་རྣམ་རོལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་ཐ་དད་མེད་པ་རིག་འཛིན་ཡོངས་ཀྱི་རྒྱལ་པོ་གྲུབ་པའི་དབང་ཕྱུག་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ཉིད། བགྲང་བྱ་རེ་དྲུག་གི་དགུང་སྐེག་ལ་བབས་པའི་ཚེ་དམ་སྲིས་ཐོ་འཚམས་པའི་རྣམ་པ་ཤར་བ་ན། སློབ་དཔོན་ཆེན་པོས་ཞལ་མངོན་སུམ་དུ་བསྟན་ནས་གདམས་ངག་བསྩལ་པས་བྱིན་རླབས་ཀྱི་ཚན་ཁ་འགྲན་ཟླ་དང་བྲལ་བ་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་བྱིན་རླབས་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། བླ་མ་དྲག་པོ་རྟ་ཁྱུང་འབར་བ་རྩ་གསུམ་རྒྱ་མཚོའི་བདག་ཉིད་ཆེན་པོར་གསལ་བ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོཿ བདག་དང་མཐའ་ཡས་སེམས་ཅན་རྣམསཿ མཆོག་གསུམ་ངོ་བོ་བླ་མ་དངཿ དྲག་པོ་རྟ་ཁྱུང་དཀྱིལ་འཁོར་ལཿ སྙིང་ནས་དད་པས་སྐྱབས་སུ་མཆིཿ ལན་གསུམ། མར་གྱུར་རིགས་དྲུག་གི་འགྲོ་བ་སྤྱི་དང་ཁྱད་པར་འཁྲུལ་པའི་གཞན་དབང་དུ་གྱུར་པའི་གདོན་བགེགས་གདུག་པ་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཆེད་དུ་བླ་མ་དྲག་པོའི་དཀྱིལ་འཁོར་དུ་འཇུག་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ དྲག་པོའི་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ལན་གསུམ། རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའང་ཚིག་རྗེས་སུ་དོན་དྲན་བཞིན་པས་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆིཿ སྡིག་པ་མི་དགེ་སོ་སོར་བཤགསཿ འགྲོ་བའི་དགེ་ལ་རྗེས་ཡི་རངཿ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུངཿ སངས་རྒྱས་ཆོས་དང་ཚོགས་མཆོག་ལཿ བྱང་ཆུབ་བར་དུ་སྐྱབས་སུ་མཆིཿ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིརཿ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱིཿ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནསཿ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེརཿ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱིཿ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོགཿ ཅེས་ལན་གསུམ། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུ་གཏོར་ལ་བསང་སྦྱང་། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྤྲོས་བྲལ་ཀ་དག་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་འོད་གསལ་གྱི་རང་མདངས་ཕྱི་སྣོད་ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་འཁོར་བ་ལུགས་འབྱུང་གི་རྟེན་འབྲེལ་མཚོན་པའི་དུག་སྦྲུལ་བཅུ་གཉིས་མཇུག་མ་ཕྱིར་བརྐྱང་ཞིང་མགོ་བོ་རྣམས་དབུས་སུ་བསྣོལ་བའི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་འཇིགས་བྱེད་པདྨ་ཧེ་རུ་ཀ་སྲིན་པོ་ཁྲོས་པ་ལྟ་བུ། འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད་བཟོད་པར་དཀའ་བའི་རྣམ་འགྱུར་ཅན། སྐུ་མདོག་དམར་པོ་མེའི་མདོག་ལྟ་བུ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་ཁྲོད་དུ་རྟ་མགོ་ལྗང་གུ་རྟ་སྐད་དྲག་པོར་འཚེར་བའི་གཙུག་རྒྱན་ཡེ་ཤེས་ཀྱི་བྱ་ཁྱུང་དམར་པོ་འཕྱོ་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཕྱར་ཞིང་། གཡོན་སྡིགས་མཛུབ་སྒྲེང་བའི་རྩེར་བྱ་ཁྱུང་དམར་པོ་ལྡིང་བ། དར་མཐིང་ནག་གི་ཕོད་ཁ་དང་སྟག་ཤམ་གསོལ་ཞིང་ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས་པ། ཞབས་གཉིས་གྱད་ཀྱི་འདོར་ཐབས་ཀྱིས་འགྱིང་ཞིང་བ་སྤུའི་བུ་ག་ཐམས་ཅད་བྱ་ཁྱུང་གིས་གཏམས་ཤིང་སྤྲོ་བསྡུ་བྱེད་པ། བསྐལ་པའི་མེ་ཕུང་འབར་བའི་ཀློང་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པའི་ཐུགས་ཀའི་ཧཱུྃ་སྔོན་པོ་དང་། བླ་མ་ལྷག་པའི་ལྷའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་རབ་འབྱམས་དང་ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་གཞལ་མེད་ཁང་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་རྒྱུད་བསྐུལ། སྐད་ཅིག་དེ་ཉིད་ལ་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྐུར་བཞེངས་ཏེ་མཚོ་ཆེན་པོ་ལ་ཆར་བབས་པ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་པའི་མོས་པ་བརྟན་པོ་མཛོད་ཅིག །ཧཱུྃ། ཆོས་སྐུ་མཚན་མ་ཉེར་ཞི་སྤྲོས་བྲལ་ཀྱང་། །ལྷུན་གྲུབ་རྟག་པ་མི་ཟད་ཞི་ཁྲོའི་སྐུ །གདུལ་བྱ་མ་རུངས་འདུལ་ཕྱིར་ཆེར་ཁྲོས་ལྷ། །དྲག་པོ་རྟ་ཁྱུང་འབར་བའི་དཀྱིལ་འཁོར་ཚོགས། །དུས་ལས་མི་འདའ་ཐུགས་རྗེ་སྨོན་ལམ་མཐུས། །སྐད་ཅིག་ཡུད་ཀྱིས་གནས་འདིར་གཤེགས་ནས་ཀྱང་། །སྒྲུབ་མཆོག་རྣམས་ལ་མཆོག་ཐུན་དངོས་གྲུབ་ཀུན། །ཐོགས་མེད་མྱུར་དུ་འཐོབ་པའི་བྱིན་ནུས་ཕོབ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨརྩིག་ནིརྩིག་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧཱུྃ་ཧཱུྃ་ཧཱུྃཿ ཞེས་དྲག་ཏུ་བརྗོད། རོལ་མོ་འཁྲོལ། ཕེཾ་ཕེཾ་ཞེས་ཡང་ཡང་བརྗོད་ལ་སྤོས་བཏུལ། ཡེ་ཤེས་པ་བརྟན་པར་གྱུར། ཏིཥྛ་བཛྲ་ཧཱུྃཿ ཞེས་དང་རྡོ་རྗེའི་རྒྱས་བརྟན་པར་བྱ། བུམ་པ་བཏེགས་ལ། བུམ་པ་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་དུ་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ལྷ་ཚོགས་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོས་འོད་དུ་ཞུ་བའི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བས་དྲི་མ་ཉོན་མོངས་ཐམས་ཅད་གཏོར། ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བླུགས་པར་མོས་ཤིག །ཧཱུྃ། ཆོས་ཅན་བུམ་པའི་གཞལ་ཡས་སུ། །ཆོས་ཉིད་བུམ་བཅུད་བདུད་རྩི་ཡིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །རྟ་ཁྱུང་འབར་བའི་དབང་ཐོབ་ཤོག །རྩ་སྔགས་དང་། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ། མགོར་བཞག་ལ་བུམ་ཆུ་སྦྱིན། གཏོར་ཆེན་ཐོགས་ལ། གཏོར་སྣོད་དབང་དྲག་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་བླ་མ་དྲག་པོ་རྟ་ཁྱུང་འབར་བ་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གསལ་བའི་དཔྲལ་བ་ནས་ཁྲོ་ཆུང་དཀར་པོ་འོད་ཟེར་མེ་ཕུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བཅོམ། རྡོ་རྗེ་སྐུའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ལུས་ལ་སྐུ་ཡི་བྱིན་གྱིས་རློབསཿ སྐུ་ཡི་དངོས་གྲུབ་ཐོབ་པར་ཤོགཿ ཅེས་དང་། ཧཱུྃ། རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ །ལྷ་སྲིན་འདུལ་ཕྱིར་དྲག་པོའི་སྐུར་སྤྲུལ་པ། །མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ །རྟ་ཁྱུང་འབར་བའི་སྐུ་ཡི་དབང་ཐོབ་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ ཞེས་དཔྲལ་བར་བཞག །ཡང་གཏོར་མ་ལྷར་གསལ་བའི་མགྲིན་པ་ནས་ཁྲོ་ཆུང་དམར་པོ་འོད་ཟེར་མེ་ཕུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བཅོམ། རྡོ་རྗེ་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཧཱུྃཿ ཨོ་རྒྱན་ཡུལ་གྱི་སོགས་ནས། ངག་ལ་གསུང་གི་བྱིན་གྱིས་རློབསཿ གསུང་གི་དངོས་གྲུབ་ཐོབ་པར་ཤོགཿ ཧཱུྃ། རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་གསུང་། །ལྷ་སྲིན་འདུལ་ཕྱིར་དྲག་པོའི་སྐུར་སྤྲུལ་པ། །མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ །རྟ་ཁྱུང་འབར་བའི་གསུང་གི་དབང་ཐོབ་ཤོག །རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་གཏོར་མ་མགྲིན་པར་བཞག །ཡང་གཏོར་མ་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་ཆུང་མཐིང་ནག་འོད་ཟེར་མེ་ཕུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་བཅོམ། རྡོ་རྗེ་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །ཧཱུྃཿ ཨོ་རྒྱན་ཡུལ་གྱི་སོགས་ནས། ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབསཿ ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོགཿ ཧཱུྃ། རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་ཐུགས། །ལྷ་སྲིན་འདུལ་ཕྱིར་དྲག་པོའི་སྐུར་སྤྲུལ་པ། །མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ །རྟ་ཁྱུང་འབར་བའི་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་གཏོར་མ་སྙིང་གར་བཞག །རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི། བདག་མདུན་དབྱེར་མེད་ཀྱི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་གཉིས་པ་ཞིག་འཕྲོས། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་དམར་པོའི་མཐར་གཡས་སྐོར་དུ་འཁོད་པར་མོས་ལ་རྗེས་ཟློས་མཛོད། རྩ་སྔགས་ལན་གསུམ། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་མཐུ་སྟོབས་ནུས་པའི་བྱིན་རླབས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ལ་ཞུགས་ནས་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག །དབྱངས་གསལ་ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར། དཔལ་གཏོར་བླ་མ་དྲག་པོ་རྟ་ཁྱུང་འབར་བ་མངོན་སུམ་བཞིན་དུ་སྤྱི་བོར་བྱོན། སྐུའི་གནས་ཐམས་ཅད་ནས་བྱིན་རླབས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་བསལ། ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །དཔལ་གཏོར་མགོར་བཞག་ལ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གྲུབ་ཆེན་རྗེ་འབངས་ཉེར་ལྔ། ཀུན་མཁྱེན་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར། འཇིགས་མེད་རྒྱལ་བའི་མྱུ་གུ །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །དྲག་པོ་རྟ་ཁྱུང་འབར་བ་ལ་སོགས་པའི་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐོད་ཕྲེང་རྩལ་དང་རྩ་སྔགས་བརྗོད། མེ་ཏོག་འཐོར་ལ་ཤིས་བརྗོད་རྟེན་སྙིང་གིས་བརྟན་པར་བྱ། དེས་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་སྨིན་བྱེད་བྱིན་རླབས་སྙིང་པོ་བརྒྱུད་པའི་ཕྱག་བཞེས་ལྟར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་གཟུང་བ་ཕྱིན་ཆད་དབང་རྗེས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། སྤྲོ་ན་ཚོགས་མཆོད་སོགས་རིག་འཛིན་ལས་བྱང་ལྟར་ལ། སྐོང་བཤགས། སྲུང་མའི་གཏོར་འབུལ་ཡང་ལོངས་ཁྱབ་དང་སྦྱར། བསྡུ་ན་གཏང་རག་མཆོད་བསྟོད། ནོངས་བཤགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་རྣམས་བྱས་པས་གྲུབ་བོ། །ཉོན་མོངས་དུག་གཟེར་ཡེ་ཤེས་མེ་ཡིས་གཞིལ། །འབྱུང་གདོན་ཚ་ངར་མཐུ་སྟོབས་སེར་བས་བཅོམ། །ཀུན་ཀྱང་བླ་མ་དྲག་པོའི་གསང་གསུམ་དང་། །དབྱེར་མེད་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་ཤོག །ཅེས་པའང་ཉེར་མཁོ་ཁྱེར་བདེའི་སླད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་སར་བཀྲ་ཤིས་ལྷ་རྩེར་བསྡེབས་པ་དགེ་ལེགས་འཕེལ།། །།
གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གཏོར་འབུལ་ངག་འདོན་ (Volume 13, Text 49)
གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གཏོར་འབུལ་ངག་འདོན་བཞུགས་སོ། ྈྈྈྈ གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གཏོར་འབུལ་ངག་འདོན་ནི༔ ཧཱུྃ༔ བདུད་ཡུལ་མཁའ་རེག་བཙན་རི་དམར་པོ་དང༔ ནེ་ཐང་གོང་སྔོན་སོ་སོའི་གནས་རྣམས་ནས༔ བདུད་ནག་རྟ་ཅན་བཙན་རྒོད་དམག་ཆས་ཅན༔ ཀླུ་རྒྱལ་མི་སྔོན་སྤྲུལ་པ་བྲན་དང་བཅས༔ སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ༔ བདུད་ཏྲི་མ་ར་དུ་ཛ༔ ཤུ་ལ་ར་ཙ་ཡཾ་ཛ༔ ནཱ་ག་དུ་ན་ཕུ་ཛ༔ ཧཱུྃ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ གསང་མཆོད་སྨན་རག་གཏོར་མ་དང༔ དགྲ་བོའི་ཤ་ཁྲག་དོན་སྙིང་བཅས༔ དགྱེས་མཆོད་སྐོང་བའི་མཐུན་རྫས་འདི༔ གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི༔ འཁོར་དང་བཅས་ལ་འབུལ་གྱིས་བཞེས༔ ཐུགས་དམ་སྐོངས་ལ་དགྱེས་པར་རོལ༔ ཟབ་གཏེར་སྐྱོང་བའི་སྲུང་མ་མཛོད༔ བདུད་ཏྲི་མ་ར་དུ་ཛ༔ ཤུ་ལ་ར་ཙ་ཡཾ་ཛ༔ ནཱ་ག་དུ་ན་ཕུ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ༔ བྷྱོ༔ བདུད་ཡུལ་མུན་པའི་གླིང་དགུ་ཡི༔ བདུད་བྲག་ནག་པོའི་རྩ་ཤེད་ན༔ བདུད་མཚོ་སྔོ་ནག་མེ་རེ་རེ༔ བདུད་མཚོ་ནག་པོའི་ནང་རོལ་ན༔ བདུད་མཁར་གནམ་དུ་ཟིང་ངེ་བར༔ མངའ་བདག་བདུད་ཀྱི་རྒྱལ་པོ་ནི༔ སྐུ་ལ་བདུད་བེར་བརྩེགས་མར་གསོལ༔ ཕྱག་གཡས་ཏྲི་ཤུལ་ཀླད་ལ་བསྐོར༔ གཡོན་པས་བདུད་ཞགས་གློག་ལྟར་འཕེན༔ ཆིབས་སུ་བྲ་ནག་རྟིང་དཀར་བཅིབས༔ འཁོར་དུ་བདུད་དམག་འབུམ་གྱིས་བསྐོར༔ དགྲ་བོའི་བདུད་དུ་ཁྱོད་བསྐོས་ཀྱིས༔ དགྲ་བོའི་སྲོག་ལ་ཧུར་ཐུམ་ཕོབ༔ བྷྱོ༔ བཙན་རི་ཟངས་ཐང་དམར་པོ་ནས༔ བཙན་རྒོད་ཤུ་བ་སྲོག་ལེན་ནི༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ བསེ་ཕུབ་དམར་པོ་རྒྱབ་ཏུ་བསྣམས༔ ཕྱག་གཡས་སྤུ་གྲི་རེག་ཆོད་དང༔ གཡོན་པས་མདུང་དམར་བ་དན་འཕྱར༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ བཙན་རྒོད་བྱ་ར་སྟོང་སྡེས་བསྐོར༔ སྡང་བའི་དགྲ་བོ་ལས་ངན་འདིའི༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཇིབས༔ དུས་ལ་བབ་བོ་མཐུ་རྩལ་ཕྱུངས༔ བྷྱོ༔ ཀླུ་ཡུལ་ནེ་ཐང་གོང་སྔོན་ནས༔ ཀླུ་རྗེ་མྱོས་པ་དབུགས་སྡུད་ནི༔ སྐུ་ལ་དར་སྔོན་གོ་ཟུ་གསོལ༔ ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས༔ གཡོན་པས་ནད་ཀྱི་རྐྱལ་པ་ཕྱེ༔ སྦྲུལ་མཇུག་ཆུ་རྟ་སྔོན་པོ་བཅིབས༔ ཀླུ་བདུད་གཉན་རྒོད་མང་པོས་བསྐོར༔ སྦལ་སྦྲུལ་སྡོམ་སྡིག་ཆོ་འཕྲུལ་སྟོན༔ དམ་ཉམས་དགྲ་བོ་ལས་ངན་ལ༔ ཀླུ་ནད་སྣ་ཚོགས་ཆར་ལྟར་ཕོབ༔ མཛེ་རིགས་བཅོ་བརྒྱད་ཕོ་བྲང་ཐོབ༔ གཏད་དོ་མ་ཤོར་ཕྲིན་ལས་མཛོད༔ ཅེས་པའི་གོང་འོག་ཡིག་ཆུང་ནི་གཞན་དུ་ཤེས་སོ། །མཆོད་ཕྲེང་ཤོ་ལོ་ཀ་གཉིས་པོ་འདི་མེད་ཐབས་མེད་པ་ཞིག་བྱུང་ཚེ་ཧ་ཡ་གྲཱི་བ་ནཱ་ཐས་ཁ་འགེངས་སུ་བགྱིས་པའོ། །ཆོས་རྗེ་གླིང་པའི་གཏེར་མའོ།། །།
བཀའ་བརྒྱད་རང་བྱུང་རང་ཤར་ལས། གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དབང་དང་རྗེས་གནང་གི་ཆོ་ག་རཏྣའི་རྒྱན་ཕྲེང་ (Volume 50, Text 49)
༄༅། །བཀའ་བརྒྱད་རང་བྱུང་རང་ཤར་ལས། གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དབང་དང་རྗེས་གནང་གི་ཆོ་ག་རཏྣའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨཱརྻ་ཛམྦྷ་ལ་ཡ། རྒྱལ་ཀུན་ཡོན་ཏན་རང་གཟུགས་ནི། །ས་བཅུའི་དབང་ཕྱུག་གནོད་སྦྱིན་ཚུལ། །འགྲོ་ཀུན་ཕོངས་པ་སེལ་མཛད་དེར། །བཏུད་ནས་རཏྣའི་རྒྱན་ཕྲེང་སྦྱིན། །འདིའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བའི་ཚུལ་ལ་གཉིས། དབང་བསྐུར་ཡོངས་རྫོགས་བྱ་བ་དང་། རྗེས་གནང་ཙམ་སྦྱིན་པ་འོ། །དང་པོ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་མཆོད། རྗེས་དབང་གི་ལས་ལ་སྦྱོར་བའོ། །དང་པོ་ནི། གཙང་ཞིང་དགེ་བའི་གནས་སུ་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་སྟེགས་བུའི་གུང་དུ་བདག་བསྐྱེད་མཆོད་གཏོར་བཤམ། སྟེགས་དབུས་དཀྱིལ་འཁོར་སྒོ་རྫོགས་གཞུང་མཐུན་བྲིས་པའམ། མེ་ཏོག་སེར་པོའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་བུམ་པ་བཅུད་ལྡན་ཆས་སུ་བཅུག་པ། གཡས་སུ་གཏོར་མ་རིན་ཆེན་འབར་བ་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ། གཡོན་དུ་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་སྦྱར་བས་བཀང་བ། རྒྱབ་ངོས་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་ཛཾ་ནག་གི་སྐུ་དང་ཆུ་གཙང་གི་བྱ་མ་བུམ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་ཕྲེང་ཚར་དུ་བཤམ། ཉེར་མཁོའི་ཡོ་བྱད་སྤྱི་ལྟར་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་སྒྲུབ་མཆོད་ནི། ཐོག་མར་བདག་བསྐྱེད་བཀའ་བརྒྱད་རང་ཤར་གྱི་ཕྲིན་ལས་ཡོངས་རྫོགས་ཀྱི་ཕྲིན་ལས་སམ་ཏིང་འཛིན་གོམས་པས་སྔགས་སྒྲུབ་ཙམ་གཏང་ཡང་ཆོག །མི་འགྲུབ་ན་ཉང་ལུགས་ཕྱག་རྒྱ་རྐྱང་སྒྲུབ་ཙམ་གྱིས་ཀྱང་ཆོག་སྟེ། གང་ལྟར་སྐྱབས་སེམས་སམ་རྒྱུན་བཤགས་ནས་བརྩམ། བསྐྱེད་བཟླས་རྫོགས་པར་བྱ། དེ་ནས་འདི་ཉིད་ཀྱི་གཏེར་གཞུང་ལྟར་གཏོར་མཆོད་བྱིན་བརླབ། ལྷ་བསྐྱེད་ནས་མཆོད་པའི་བར་བཏང་ནས་བཟླས་དམིགས་སྤྲོ་བསྡུ་སྤྱི་འགྲོ་བཅས་བཟླས་པ་ཅི་འགྲུབ་བྱ། མཐར་ཤམ་བུ་བཏགས་པའང་ཉེར་གཅིག་ཙམ་བཟླས་ལ་བསྟོད་པ་འདོན། བུམ་བསྐྱེད་ལས་བྱང་བསྐྱར་ནས་འདོན་གྲུབ་ན་ལེགས་ཤིང་བསྐྱེད་ཚིག་ཁ་བསྒྱུར་བྱ། མི་ལྕོགས་ན་སྤྱི་ལྟར་གསལ་བཏབ། གཟུངས་ཐག་འཐེན་ལ་བཟླས་པའི་མཐར་མཆོད་བསྟོད་འོད་ཞུ་བྱ། སྤྲོ་ན་དངོས་གྲུབ་བསྐུལ་ཚིག་བརྗོད་ལ་ཏིང་ངེ་འཛིན་གྱི་དབང་བླང་། སློབ་མ་གཞུག་པར་གསོལ་བ་གདབ། ལས་བུམ་འཁྱིལ་པས་བྱིན་བརླབ་བོ། །གསུམ་པ་རྗེས་དབང་གི་ལས་སྦྱོར་ནི། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ལ་བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོས་བཅིང་། སེམས་བསྐྱེད་གསལ་གདབ་སོགས་བྱས་ལ། དེའང་གངས་ཅན་སྐྱེ་དགུའི་སྐྱབས་དང་དཔུང་གཉེན་གཅིག་པུར་གྱུར་པ་སངས་རྒྱས་ཀུན་ལས་བཀའ་དྲིན་ཆེས་ཆེར་ལྷག་པའི་རྒྱལ་བ་པདྨ་འབྱུང་གནས་ཀྱིས། ཕྱི་རབས་གདུལ་བྱ་རྣམས་ལ་བརྩེ་བས་དགོངས་ཏེ་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པའི་ཐབས་ཀྱི་རིམ་པ་བསམ་ལས་འདས་པ་སྐལ་ལྡན་རྗེ་འབངས་རྣམས་ལ་བསྩལ་པ་ལས། འགྲོ་བ་སེར་སྣའི་ཉེས་པས་དབུལ་ཞིང་ཕོངས་པར་གྱུར་པ་རྣམས་ཀྱི་དོན་དུ་འཕགས་པ་རྨུགས་འཛིན་ཆུའི་དབང་པོའི་རྒྱུད་དང་མན་ངག་གི་བཀའ་སྲོལ་མཐའ་ཡས་པའང་གནང་ནས་ཟབ་མོའི་གཏེར་རྒྱས་བཏབ་པ་རྣམས་ཀྱི་ནང་ཚན་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་སྒྲུབ་པའི་ཐབས་འདི་ནི། མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་གྱི་ཡ་གྱལ་རིག་འཛིན་ཆེན་པོ་ཉི་ཟླ་འོད་འབར་གྱིས་ཟང་ཟང་ལྷ་བྲག་ནས་བོད་ཁམས་སྐྱོབ་བྱེད་བློན་པོ་ལྟ་བུའི་གཏེར་ཆེན་སྤྱན་དྲངས་པའི། ཤར་དུང་མཛོད་དཀར་པོའི་ཆོས་སྡེ་དྲག་པོ་བཀའ་བརྒྱད་རང་བྱུང་རང་ཤར་གྱི་ཆ་ལག་ཏུ་བྱུང་བ་ཤིན་ཏུ་ཟབ་ཅིང་འདྲིལ་བའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ལ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི༔ དབང་བསྐུར་རྗེས་གནང་དམ་པ་བསྩལ་དུ་གསོལ༔ ཐུགས་རྗེ་བརྩེ་བ་ཆེན་པོས་གཟུང་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་དུ། བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གཞན་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་དོན་རེ་རེ་བཞིན་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་ཀྱིས་རྒྱུན་བཤགས་ལན་གསུམ། དེ་ནས་དབང་གི་གཞི་བསྒྲུབ་པ་ལ་ཁྱེད་རང་རྣམས་ནོར་ལྷ་ཡོངས་རྫོགས་དམ་ཚིག་པའི་དཀྱིལ་འཁོར་འདི་བཞིན་གསལ་འདེབས་པར་ཞུ། ཨ་མྲྀཏས་བུམ་ཆུས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་བརྗོད། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་ངང་ལས། སྣོད་རྣམ་པར་དག་པ་ཡོན་ཏན་རིན་པོ་ཆེ་བཀོད་པའི་ཞིང་ཁམས་ཀྱི་དབུས་སུ་ནོར་བུའི་གཞལ་མེད་ཁང་རྒྱན་དང་བཀོད་པ་ཚད་མེད་པ། དེའི་ནང་དུ་བཅུད་རྣམ་པར་དག་པ་པདྨ་ཉི་ཟླ་གཏེར་གྱི་བུམ་པའི་ཁྲིའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། ཡོངས་སུ་གྱུར་པ་ལས་ཁྱེད་རང་མགོན་པོ་ཛམྦྷ་ལ་ནམ་མཁའི་མདོག་ཅན་ཐོད་ཁྲག་དང་ནེའུ་ལེ་བསྣམས་པ། གཅེར་བུ་རལ་པའི་ཅོད་པན་སྦྲུལ་གྱིས་བརྒྱན་ཅིང་བཞེངས་སྟབས་ཀྱིས་བཞུགས་པ། ཕྱོགས་བཞིར་པད་ཟླའི་གདན་ལ་ཤར་དུ་ཛཾ་ལ་དཀར་པོ་གཡས་བགྲང་ཕྲེང་། ལྷོར་ཛཾ་ལ་སེར་པོ་གཡས་ཤིང་ཏོག །ནུབ་ཏུ་ཛཾ་ལ་དམར་པོ་གཡས་ནོར་བུ། བྱང་དུ་ཛཾ་ལ་ལྗང་གུ་གཡས་རྒྱལ་མཚན། ཐམས་ཅད་ཀྱི་ཕྱག་གཡོན་པས་ནེའུ་ལེ་བསྣམས་ཤིང་དར་དང་རིན་པོ་ཆེའི་རྒྱན་དང་གནོད་སྦྱིན་སྒེག་པའི་ཉམས་ཅན། འཁོར་དུ་ནོར་ལྷ་ཕོ་མོ་བཀའ་སྡོད་ལས་མཁན་དུ་མས་བསྐོར་བ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་འདུས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། འོག་མིན་གྱི་གནས་དང་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རང་འདྲའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་སིབ་སིབ་ཐིམ་པར་མོས་ཤིག །དྲི་ཞིམ་པོའི་སྤོས་བཏུལ། རོལ་མོ་དབྱངས་བཅས་ལས་བྱང་གི་སྤྱན་འདྲེན་སྔགས་བཅས་བརྗོད་ལ་ཡེ་ཤེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བུམ་བཅུད་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་སུ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། དུག་ལྔ་དང་སེར་སྣའི་ཉེས་པ་བཀྲུས། ཕུང་ལྔ་གནས་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་མངོན་དུ་བྱས་པར་མོས་ཤིག །ཛཾ༔ བུམ་པ་སྐྱེ་མེད་རྣམ་དག་ཆོས་ཀྱི་སྐུ༔ ལོངས་སྤྱོད་ཞི་ཁྲོ་སྒྲུབ་ཆེན་བཀའ་བརྒྱད་ལྷ༔ སྤྲུལ་སྐུ་འགྲོ་དྲུག་སེམས་ཅན་དོན་མཛད་པའི༔ གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་དབང་བསྐུར་རོ༔ ཨོཾ་བཛྲ་ཛམྦྷ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ བཛྲའི་མལ་དུ། བུདྡྷ། རཏྣ། པདྨ། ཀརྨ། རྣམས་སྦྱར་ལ་བུམ་པ་མགོ་བོའི་གནས་ལྔར་བཞག་ཅིང་བུམ་ཆུ་སྦྱིན། དེས་སྐུའི་དབང་ཐོབ། སྣང་སྟོང་དབྱེར་མེད་ཀྱི་བསྐྱེད་རིམ་བསྒོམ་པ་ལ་དབང་། མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རང་བྱུང་བདེ་སྐྱོང་གི་སྣོད་དུ་ཁམས་གསུམ་ཙིཏྟའི་དྭངས་བཅུད་བསྡུས་པའི་བྱང་སེམས་དམར་པོའི་རྒྱུན་མགྲིན་པར་མྱངས་པ་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེན་པོར་གྱུར་པར་མོས་ཤིག །ཐོད་པའི་བདུད་རྩི་ལག་ཏུ་གཏད་ཅིང་ཁར་སྦྱིན་ལ། ཛཾ༔ ཁམས་གསུམ་སྙིང་ཁྲག་མ་ལུས་འདུས་པའི་བཅུད༔ བདུད་རྩི་བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་ལོངས་སྤྱོད་དབང་དུ་སྡུད་པའི་རྫས༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་ཎཱི་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསུང་གི་དབང་ཐོབ། གྲགས་སྟོང་དབྱེར་མེད་ཀྱི་བཟླས་བརྗོད་བྱེད་པ་ལ་དབང་། ཚངས་དབྱངས་ཡན་ལག་དང་ལྡན་པའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མའི་ངོ་བོ་གནོད་སྦྱིན་ནོར་ལྷ་ཡོངས་རྫོགས་ཀྱི་དཀྱིལ་འཁོར། རྣམ་པ་སྲིད་གསུམ་བརྟན་གཡོའི་དྭངས་མའི་དབྱིག་ཐམས་ཅད་གཅིག་ཏུ་འདུས་པའི་ཡིད་བཞིན་ནོར་བུ་དགོས་འདོད་ཀྱི་ཆར་རྒྱུན་འབེབ་པ་འདི་ཉིད་བྱིན་པས་དངོས་གྲུབ་རྣམ་པ་གཉིས་ལ་རང་དབང་ཐོབ་པར་མོས་ཤིག །གཏོར་མ་ལག་ཏུ་གཏད། གཏོར་ཟན་མྱང་དུ་གཞུག་ལ། ཛཾ༔ ཡིད་བཞིན་ནོར་བུ་རིན་ཆེན་འབར་བ་འདི༔ ཁམས་གསུམ་སྲིད་གསུམ་ཀུན་གྱི་ནོར་བསྡུས་པས༔ ལོངས་སྤྱོད་འདོད་དགུའི་ཆར་འབེབ་དབང་གི་རྒྱལ༔ སྐལ་ལྡན་བུ་ལ་བྱིན་པས་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་བཱ་སུ་དྷཱ་རི་ཎཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། རིག་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཟབ་གསལ་གཉིས་སུ་མེད་པའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཟངས་གཞོང་སྐུ་གཟུགས་བཅས་སློབ་མ་ལ་ཞལ་ཕྱོགས་པར་བཞག །ཆུ་བུམ་ཉེར་བསྡོགས་བྱས་ལ། མཐའ་རྟེན་དུ་ཆུ་སྦྱིན་འབུལ་བའི་རྗེས་སུ་གནང་བ་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཟངས་གཞོང་རིན་པོ་ཆེའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་ཉི་ཟླ་གཏེར་གྱི་བུམ་པའི་ཁྲི་ལ། ཧཱུྃ་ལས་མགོན་པོ་ཛམྦྷ་ལ་མཐིང་ནག་ཐོད་ཁྲག་དང་ནེའུ་ལེ་བསྣམས་པ། ཕྱོགས་བཞིར་ནོར་བདག་རིགས་བཞི། དེ་རྒྱབ་ནོར་ལྷ་ཕོ་བརྒྱད་མོ་བརྒྱད། ཨ་པར་ཙི་ཏ། ལས་མཁན་ཏྲིའུ། སྒོ་སྲུང་བཞི། གནོད་སྦྱིན་བྱེ་བའི་འཁོར་དང་བཅས་པར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཨེ་ཧྱེ་ཧི། ས་མ་ཡ་ཧྲཱིཾ་ཧྲཱིཾཿཛཿཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པ་ལ་བྱང་སེམས་བདུད་རྩིའི་རང་བཞིན་གྱི་ཆུའི་རྒྱུན་ཕུལ་བས་མཉེས་ཤིང་ཚིམས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་བྱིན་གྱིས་བརླབས་པའི་ཆུ་སྦྲེང་དུ་གཞུག་ལ། སྙིང་པོ་བརྒྱ་རྩ་སོགས་བརྗོད། མཐར་གཏོར་ཟླུམ་མམ་རིལ་བུ་སྐུ་གཟུགས་མདུན་དུ་ཕུལ་ལ་འབྲུ་གསུམ་གྱིས་བརླབ། སྙིང་པོ་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་སོགས་ཀྱིས་བསྟོད། ཡིག་བརྒྱས་བཟོད་གསོལ་བྱ། སྙིང་པོའི་མཐར། སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཏགས་པ་བརྗོད་ལ་དངོས་གྲུབ་ཀྱི་ཆུ་ཐིགས་རེ་སྦྱིན་ཅིང་མྱང་དུ་གཞུག །ནོར་ལྷ་ཡེ་ཤེས་པ་བཛྲ་མུ༔ ཞེས་པས་རང་བཞིན་གྱི་གནས་སམ་རྟེན་ལ་གཤེགས། དམ་ཚིག་པ་རང་རང་གི་སྙིང་ཁར་ཐིམ་པར་མོས་ཤིག །ཤིས་པ་བརྗོད། དེས་བྱང་གཏེར་ནོར་ལྷ་ཡོངས་རྫོགས་ཀྱི་དབང་བསྐུར་གྲུབ་པ་ལགས་པས་སོགས་བརྗོད་ལ་དམ་ཚིག་གཟུང་བ་སོགས་རྗེས་སྤྱི་ལྟར་བྱ། ༈ གཉིས་པ་རྗེས་གནང་ཁོ་ན་བྱེད་ན་གཤོམ་གྱི་སྐབས་དཀྱིལ་འཁོར་ཚོམ་བུ་དང་མཆོད་གཏོར་ཙམ་ལས་བཅའ་གཞི་གཞན་ཅིའང་མི་དགོས་ཤིང་། བདག་བསྐྱེད་ཕྱག་རྒྱ་རྐྱང་སྒྲུབ་ཙམ་དང་མདུན་བསྐྱེད་བཟླས་པ་བསྟོད་པ་གྲུབ་པའི་རྗེས་སུ་གནང་བ་ནོད་པ་ཙམ་བྱ། རྗེས་གནང་དངོས་ལ་ཁྲུས་ནས་རྒྱུན་བཤགས་ཡན་སྔར་ལྟར་ལ། དབང་བཤད་སྐབས། སྨིན་བྱེད་དོར་ནས། རྗེས་གནང་བསྒྲུབ་པ་ལ། ཞེས་དང་། གསོལ་གདབ་ཚིག་རྐང་གསུམ་པར། དབང་སྐུར་དོར་ནས། རྗེས་སུ་གནང་བ་དམ་པ་བསྩལ་དུ་གསོལ༔ ཞེས་སྒྱུར། རྒྱུན་བཤགས་འཕྲོས། དེ་ནས་ཐོག་མར་སྐུའི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། བསང་སྦྱང་ནས་ལྷ་བསྐྱེད་གོང་ལྟར་ལ། གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། ཐུགས་སྲོག་ཛཾ་ནག་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས། བླ་མ་བདེ་གཤེགས་ཡོངས་རྫོགས་སུ་གསལ་བའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཛཾ་ལྷ་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྤོས་རོལ་དང་། སྙིང་པོའི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས། བྱས་ལ་བསྙེན་སྔགས་ལན་གསུམ་རྗེས་ཟློས་བྱར་གཞུག །མེ་ཏོག་འབུལ་སྟེར་སྤྲོ་ན་སྤྱི་ལྟར་བྱ་ཆོག །དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་སྙིང་པོ་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་སོ་སོའི་རང་རྟགས་ཕྱག་མཚན་ནེའུ་ལེ་རྣམས་ལས་འོད་ཟེར་འཕྲོས། ལྕང་ལོ་ཅན་དུ་ཛཾ་ལ་རིགས་ལྔའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་བྱིན་རླབས་དངོས་གྲུབ་ཀྱི་རང་བཞིན་ཕྱག་མཚན་དང་འོད་ཟེར་གྱི་རྣམ་པ་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་མོས་ལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལྷའི་གསང་བ་གསུམ་དུ་གྱུར་ནས་མགོན་པོ་ཛམྦྷ་ལའི་སྐུ་གསུང་ཐུགས་དང་དབྱེར་མི་ཕྱེད་པར་གྱུར་པའི་མོས་པ་མཛོད་ཅིག །ཤིས་པ་བརྗོད། དམ་ཚིག་ཁས་བླང་སོགས་རྗེས་སྤྱི་དང་མཐུན། དབང་རྒྱུན་ཙམ་ལ་སྔ་མ་དང་སྦྲེལ་ནས་བྱེད་ན་རྒྱུན་བཤགས་ཡན་ཚར་གཅིག་གིས་ཆོག་པས། ཐུགས་གཏོར་དབང་གྲུབ་མཚམས་སླར་ཡང་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །དེ་ནས་ཐོག་མར་སྐུའི་རྗེས་སུ་གནང་བ་སོགས་སྦྲེལ། ཆུ་སྦྱིན་རྗེས་གནང་གཤམ་དུ་བྱས་པས་གྲུབ་བོ། །རྗེས་ཀྱི་བྱ་བ་མཆོད་ཁ་གསོས་ལ་མཆོད་བསྟོད་བྱ། དངོས་གྲུབ་བླང་། ནོངས་བཤགས་བཟོད་གསོལ་སྤྱི་འགྲེ། རྟེན་ལ་བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་གཏེར་གཞུང་ལྟར་བྱའོ། །གཞུང་ལས། འདི་རང་གི་བུའམ་སྙིང་འདྲ་གཅིག་ལ་བྱིན༔ གཞན་ལ་བྱིན་ན་རང་གི་ཟས་ནོར་ལ་གནོད་པས་མི་སྦྱིན་གསུངས༔ འདི་ཞུ་དུས་འབུལ་བ་རེ་ཤིན་ཏུ་དགོས་པར་གསུངས་སོ༔ འདི་ཤིན་ཏུ་དམ་པར་ཆོངས་ཤིག་གསུངས་སོ༔ འདིའི་སྒྲུབ་པ་དང༔ དབང་དང་ལས་སྦྱོར་བྱ་བ་ཐམས་ཅད༔ སྐར་མ་རྒྱལ་སྨད་ཁོ་ན་ལ་བྱའོ༔ དེས་གྲུབ་པའོ༔ རང་སྒྲུབ་པ་པོས་དབང་འདི༔ ལོ་རེ་ལ་ལན་གསུམ་བཞི་རེ་རང་གིས་རང་ལ་བསྐུར་བར་བྱའོ༔ དེས་ནི་བསོད་ནམས་རྒྱས་པར་འགྱུར་རོ༔ ཞེས་གསུངས་པའང་ཡིད་ལ་གཅགས་པར་བྱའོ། །སེར་སྣའི་ཉེས་པས་བཅིངས་པའི་དབུལ་ཕོངས་འགྲོ། །རེ་བའི་ཤིང་རྟ་རཏྣའི་ཆར་པས་བཀང་། །ཐུགས་རྗེའི་ཤུགས་ཀྱིས་ཉོན་མོངས་སྒྲོག་ལས་བཀྲོལ། །བདེ་གཤེགས་རིན་ཆེན་མང་དངོས་འགྲུབ་གྱུར་ཅིག །ཅེས་པའང་རིན་པོ་ཆེ་གཏེར་གྱི་མཛོད་ཆ་ཤས་ནས་ཡོངས་སུ་གང་བའི་ཆ་རྐྱེན་དང་བློ་དམན་ལ་ཕན་པ་ཉི་ཚེ་བ་འབྱུང་བའི་སྒོ་མཐོང་ནས། རིག་འཛིན་གྱི་གཟུགས་བརྙན་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བགྱིས་པ་དགེ་ལེགས་འཕེལ།། །།
རུ་དྲའི་སྨྲེ་བཤགས་ (Volume 5, Text 49)
རུ་དྲའི་སྨྲེ་བཤགས་ནི། ཧོ༔ ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་མ་འབུམ་བརྡལ་ཞིང༔ དཔའ་བོའི་འོད་ཟེར་སྟོང་ཁམས་ལམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་པའི་དུས་དག་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་ལོར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ དར་ཅིང་དྲག་པོའི་ལས་དེ་དབང་བཙན་ནས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བདག་བྱིངས་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས༔ གཏི་མུག་མུན་འཐིབས་བདག་གི་ཤེས་རབ་ལྡོང༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིངས༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབས་པས་འཁོར་བར་གཡེང༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས༔ འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབབས༔ འདི་འདྲའི་སྡུག་བསྔལ་བདག་གིས་བཟོད་དཀའ་ཞིང༔ སྡིག་པའི་ལས་དབང་དྲག་པོ་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་དྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལོག་ལམ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང༔ བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས༔ ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང༔ ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་པ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ༔ ཉེར་གནས་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་བལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལིང་ཏོག་གིས༔ ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཅིང༔ ཉམ་ཐག་ཕོངས་པའི་ང་རོ་འདོན་ལགས་པ༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོ་ལུས་སེམས་འབྲལ་བའི་ཚེ༔ དགེ་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་ཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གིས་ཕྱི་བཤོལ་དུས་ལས་མ་གཡེལ་བར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ལས་ཀྱིས་མནར་པའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་བརྟགས་པས༔ ཁམས་གསུམ་འཁོར་བའི་གནས་ནས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་བཅས་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ༔ ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསགས་ན་བསམ་འདས་བརྗོད་མི་ལང༔ ཁམས་གསུམ་བགྲངས་ཤིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས༔ སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་དྲྭ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ མ་རིག་ལོག་པའི་ལས་དེ་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོས་ཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན༔ ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན༔ ཐབས་མཁས་ཐུགས་རྗེའི་སྨན་གྱིས་མི་གསོ་འམ༔ ལས་ཀྱི་རྣམ་སྨིན་སྡུག་བསྔལ་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆར་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིངས་གྱུར་ན༔ ཐབས་མཁས་ཐུགས་རྗེའི་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་སུ་སྦྱང་སྦྱང་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་གིས་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱོད་ལ་ཐུགས་རྗེའི་སྟོབས་མངའ་ཞིང༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔
དགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས་ (Volume 20, Text 49)
དགོངས་གཏེར་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་བརྒྱུད་འདེབས་བཞུགས་སོ། །ཚེ་འོད་ཡེ་ཤེས་མཐའ་ཡས་འཇིག་རྟེན་དབང་། །ཚེ་བདག་པདྨ་ཡེ་ཤེས་མཚོ་རྒྱལ་མ། །ཚེ་དབང་བཻ་རོ་འགྲོ་འདུལ་རྒྱལ་པོ་རྩལ། །ཚེ་ཡི་བརྒྱུད་པའི་བླ་མར་གསོལ་བ་འདེབས། །ཚེ་ཡི་མངའ་བདག་བཅོམ་ལྡན་ཡབ་ཡུམ་དང་། །ཚེ་དཀྱིལ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །ཚེ་ལ་བར་གཅོད་ཉམས་གུད་མཐའ་དག་སོལ། །ཚེ་ཡི་དབང་ཕྱུག་བགྲེས་རྒུད་བྲལ་བ་ཐོབ། །ཚེ་བཅུད་དྭངས་མའི་སྟོབས་སུ་རབ་སྨིན་ཅིང་། །ཚེ་དབང་རྟག་བརྟན་རྡོ་རྗེའི་སྐུ་བརྙེས་ནས། །ཚེ་ལ་དབང་འབྱོར་ཕྲིན་ལས་ལྷུན་གྲུབ་ཤོག །ཅེས་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་འཆི་བདག་བདུད་འཇོམས་ཀྱི་གསོལ་འདེབས་འདིའང་། ཆོས་འདིར་མོས་པའི་བླ་མ་རྣམས་ཀྱི་ཐུགས་འདོད་བཞིན་པདྨ་གར་དབང་འགྲོ་འདུལ་རྒྱལ་པོས་སོ།། །།
བླ་ཆེན་ཡབ་སྲས་དྲིལ་སྒྲུབ་ཀྱི་ལས་བྱང་ཆོག་ཁྲིགས་བྱིན་རླབས་སྤྲིན་ཕུང་ (Volume 39, Text 49)
ཐུགས་དམ་བཀང་ཕྱིར་བཀོད་པར་བྱ༔ དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ༔ ཨཱོྃ་ཨཱཿཧཱུྃ་བྲུཾ་ཟད་མིན་སྤུངས་སོ་བ་ལིཾ་གཡུ་འབྲང་བདུད་རྩི་ལྷན་ནེ་ཉི་རི་བྷ་ར་ཏྲཾ༔ ཞེས་དགོད། དེ་ནས། གཞན་ཡང་མཆོད་རྫས་ལོངས་སྤྱོད་དང༔ དབང་དང་དངོས་གྲུབ་རྟེན་རྫས་རྣམས༔ མཛེས་བརྗིད་གུར་ཡོལ་དང་བཅས་ཏེ༔ དཀྱིལ་འཁོར་རྒྱན་དུ་དགྲམ་པར་བགྱི༔ མུ་ཡེ་ཧ་ར་རཏྣ་བྲུཾ༔ ཞེས་དབང་རྫས་མཆོད་རྫས་ཐམས་ཅད་བཀོད་དོ། །དེ་ནས་བགེགས་གཏོར་གཏང་བ་ནི། བསྭོ༔ ང་ནི་སྐྱེ་མེད་དྲན་པའི་སྐུ༔ རིག་འཛིན་གསུང་ལ་འགག་པ་མེད༔ པད་འབྱུང་ཐུགས་ལ་འཁྲུལ་པ་མེད༔ གལ་ཏེ་ལོག་ལྟའི་བགེགས་ཡོད་ན༔ ལན་ཆགས་གླུད་གཏོར་འདི་ལོངས་ལ༔ རང་རང་བདེ་བའི་གནས་སུ་སོང༔ ཞེས་གླུད་གཏོར་ཆངས་བུ་ཕྱིར་དོར་ལ་མཚམས་གཅད་པ་ནི། བསྭོ༔ ང་ནི་རིག་འཛིན་ཆེན་པོའི་སྐུ༔ མ་བཅོས་མ་བསླད་སྙིང་པོ་ཨ༔ སྐྱེ་འཆི་མེད་པའི་རང་བཞིན་ཡིན༔ བར་ཆད་འབྱུང་པོ་རང་གི་སེམས༔ སེམས་ནི་སྟོང་གསལ་འཛིན་དང་བྲལ༔ རྣམ་རྟོག་བགེགས་ཀྱི་མིང་ཡང་མེད༔ བགེགས་རྣམས་སྟོང་པའི་ངང་དུ་དེངས༔ ཨཱོྃ་ཨཱཿཧཱུྃ་བསྭོ་ཨ་ཕཊཿཕཊ༔ ཅེས་མཚེ་ཡུངས་ཀྱིས་བྲིམས་ལ་མཚམས་བཅད་དོ། །དེ་ནས་རྒྱུད་སྦྱོང་བའི་རིམ་པ་ལ། ལག་པ་ཐལ་མོ་སྦྱར་ལ་སྐྱབས་སུ་འགྲོ་བ་ནི། ན་མོ༔ དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད༔ དྲན་པ་ཡབ་སྲས་གསུམ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། རིགས་དྲུག་འཁོར་བའི་སྡུག་བསྔལ་སྐྱབས་པ་དང༔ སྐུ་གསུམ་ཞིང་དུ་འདྲེན་པར་སེམས་བསྐྱེད་དོ༔ ལན་གསུམ་དང་། ཡན་ལག་བཅུ་པ་ནི། རིག་འཛིན་གནས་ནས་སྐད་ཅིག་འདིར་བྱོན་ལ༔ ཏིང་འཛིན་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་དགྱེས་པའི་མཆོད་པ་འབུལ༔ ཚོར་དང་མ་ཚོར་སྡིག་པ་མཐོལ་ལོ་བཤགས༔ དུས་གསུམ་བླ་མའི་མཛད་པར་རྗེས་ཡི་རང༔ གང་ལ་གང་འཚམ་གདམས་ངག་བསྟན་དུ་གསོལ༔ ཞི་བར་མི་འདའ་སེམས་ཅན་དོན་མཛོད་ཅིག༔ དུས་གསུམ་དགེ་བ་སྐུ་གསུམ་ཞིང་དུ་བསྔོ༔ སྲིད་གསུམ་ཐམས་ཅད་བླ་མེད་ས་ཐོབ་ཤོག༔ ཅེས་པས་ཚོགས་བསགས་ཤིང་། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་གྱིས། མཆོད་རྫས་རྣམས་གཙང་ཞིང་མཛེས་པ་བདུད་རྩིའི་རྒྱ་མཚོ་ཐུགས་དམ་མཉེས་པའི་ཡོ་བྱད་དཔག་ཏུ་མེད་པར་གྱུར་པར་བསམ་པ་བཅས་སྦྱོར་བ་སྔོན་དུ་འགྲོ་བའི་རིམ་པ་བསྟན་པའོ། །གཉིས་པ་དངོས་གཞི་ལའང་བསྙེན་སྒྲུབ་གཉིས་སུ་ཡོད་པའི་དང་པོ་བསྙེན་པའི་རིམ་པ་ནི། མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་རིག་འཛིན་ཡབ་ཡུམ་སྒོམ་པའི་གནས་གསུམ་དུ་ཨཱོྃ་ཨཱཿཧཱུྃ་གིས་མཚན་པར་གསལ་ལ་མོས་གུས་གདུང་བ་བསྐྱེད་ནས་བརྒྱུད་པའི་གསོལ་འདེབས་ནི། ཨེ་མ་ཧོཿ མི་མངོན་དབྱིངས་ནས་ཐུགས་རྗེས་ཡོངས་ལ་ཁྱབ། །ཀུན་ཏུ་བཟང་པོའི་སྐུ་ལ་གསོལ་བ་འདེབས། ཁྱུང་ལུང་གནས་སུ་གྲུབ་རྟགས་མངོན་དུ་བསྟན། །དྲན་པ་ནམ་མཁའི་སྐུ་ལ་གསོལ་བ་འདེབས། །བྱ་རིའི་གནས་སུ་སྐྱེ་འཆི་རང་དབང་ཐོབ། །ཚེ་དབང་རིག་འཛིན་སྐུ་ལ་གསོལ་བ་འདེབས། །ལྷོ་ནུབ་གནས་སུ་སྲིན་པོའི་ཁ་གནོན་མཛད། །།པདྨ་མཐོང་གྲོལ་སྐུ་ལ་གསོལ༴ གངས་ཅན་ཁྲོད་དུ་སྒྲ་བསྒྱུར་ལོ་ཙཱ་མཛད། །བཻ་རོ་ཙ་ནའི་སྐུ་ལ་གསོལ༴ མཁའ་ཀློང་དབྱིངས་ན་བཀའ་ཡི་བྱ་ར་མཛད། །སྲིད་པའི་རྒྱལ་མོའི་སྐུ་ལ་གསོལ༴ སྤ་གྲོའི་གནས་སུ་ཟབ་མོའི་གཏེར་སྒོ་འབྱེད། །གཡུང་དྲུང་གླིང་པའི་སྐུ་ལ་གསོལ༴ མཁར་སྣའི་གནས་སུ་སྒྲུབ་བརྒྱུད་བསྟན་པ་སྤེལ། །མཚུངས་མེད་བསོད་བློའི་སྐུ་ལ་གསོལ༴ རྒྱལ་མོ་རོང་དུ་མཁའ་ལ་བྱ་བཞིན་འཕུར། །གཡུང་དྲུང་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས། །གནམ་མཚོའི་གནས་སུ་ཚེ་དབང་ལྷ་ཞལ་ཁུམ། །རིག་པ་རང་ཤར་སྐུ་ལ་གསོལ་བ་འདེབས། །བདེ་བའི་གནས་སུ་འོད་ཀྱི་འཁོར་ལོ་བསྐོར། །བླ་མ་གསས་ཆེན་སྐུ་ལ་གསོལ༴ གྲུབ་པའི་གནས་སུ་གནས་ལུགས་མངོན་དུ་གྱུར། །བླ་མ་གསས་ཆུང་སྐུ་ལ་གསོལ༴ རྒྱལ་རོང་གནས་སུ་སྒྲུབ་པ་མཐའ་རུ་ཕྱིན། །སྦྱིན་པ་རྒྱལ་མཚན་སྐུ་ལ་གསོལ༴ ཉམས་ཟིན་གནས་སུ་བསྟན་པའི་དགྲ་བོ་སྒྲོལ། །སྔགས་འཆང་ཁྲོ་གསས་སྐུ་ལ་གསོལ༴ དགེ་སྒྲུབ་གནས་སུ་བསྐྱེད་རྫོགས་རང་དབང་ཐོབ། །ནམ་མཁའ་རྒྱལ་པོའི་སྐུ་ལ་གསོལ༴ རབ་སྒང་གནས་སུ་སྒྲོ་འདོགས་ཁོང་ནས་ཆོད། །ནམ་མཁའ་དབང་ལྡན་སྐུ་ལ་གསོལ༴ ཡང་དབེན་གནས་སུ་བསྙེན་སྒྲུབ་མཐའ་རུ་ཕྱིན། །རིན་ཆེན་ལྷུན་གྲུབ་སྐུ་ལ་གསོལ༴ ཕྱོགས་མེད་གནས་སུ་དགོངས་པ་སྤྲོས་དང་བྲལ། །བསྟན་པ་འོད་ཟེར་སྐུ་ལ་གསོལ༴ སྨན་རིའི་གནས་སུ་བསླབ་གསུམ་ཕུལ་དུ་ཕྱིན། །བསོད་ནམས་ཡེ་ཤེས་སྐུ་ལ་གསོལ༴ སྨན་རིའི་གནས་སུ་རྒྱུད་ལུང་མན་ངག་སྟོན། །བསོད་ནམས་གཡུང་དྲུང་སྐུ་ལ་གསོལ༴ སྨན་རིའི་གནས་སུ་བཤད་སྒྲུབ་མཐའ་རུ་ཕྱིན། །ཤེ་ཙུ་དྲུང་མུའི་སྐུ་ལ་གསོལ༴ མདོ་ཁམས་སྨད་དུ་བོན་གྱི་རྒྱལ་མཚན་ཕྱར། །གཡུང་དྲུང་ཡེ་ཤེས་སྐུ་ལ་གསོལ༴ ཡོངས་དག་རྣམ་འཕྲུལ་ལྷ་སྲིན་དབང་དུ་སྡུད། །གཡུང་དྲུང་བསྟན་འཛིན་སྐུ་ལ་གསོལ་བ་འདེབས། །དྲན་པས་བྱིན་བརླབ་གསང་བའི་ཟབ་དོན་བརྙེས། །ཀུན་གྲོལ་གྲགས་པའི་སྐུ་ལ་གསོལ་བ་འདེབས། །སྤྱི་གཙུག་གནས་བཞུགས་མ་རིག་མུན་པ་སེལ། །རྩ་བའི་བླ་མའི་སྐུ་ལ་གསོལ་བ་འདེབས། །མི་མངོན་དབྱིངས་ནས་ཐུགས་རྗེས་འོད་ཕྱུངས་ལ། །སྒྲུབ་གཤེན་བདག་ལ་དབང་སྐུར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་བོན་སྐུ་རྟོགས་པ་དང་། །འགྲོ་དོན་དཔག་མེད་ནུས་པར་བྱིན་གྱིས་རློབས། །ཞེས་དང་། སྐུ་དབང་ལུས་ལ་བསྐུར་དུ་གསོལ༔ ཨཱོྃ༔ གསུང་དབང་ངག་ལ་བསྐུར་དུ་གསོལ༔ ཨཱ༔ ཐུགས་དབང་སེམས་ལ་བསྐུར་དུ་གསོལ༔ ཧཱུྃ༔ ཞེས་བརྗོད་པས། བླ་མའི་གནས་གསུམ་འབྲུ་གསུམ་ལས། དཀར་དམར་མཐིང་གསུམ་གྱི་འོད་ཟེར་བདག་ལ་འཕྲོས་ཤིང་། གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ༔ འབྲུ་གསུམ་བྱེ་བ་གཅིག་ཏུ་བསྙེན་པར་བྱ། དེ་ནས་ཁྲུས་བྱས་པ་དང་ཉི་ཟླ་ཤར་བ་ལ་སོགས་བཟང་རྟགས་བྱུང་བ་དང་། བླ་མ་ཉིད་བདག་གི་སྤྱི་གཙུག་ཏུ་ཐིམ་པས་རང་དང་བླ་མ་དབྱེར་མེད་དུ་གྱུར་པར་མོས་ཤིང་དར་གཅིག་མ་བཅོས་མཉམ་པ་ཆེན་པོར་བཞག་གོ །གཉིས་པ་སྒྲུབ་པ་ལ། སྐུ་དང་གསུང་གི་འཁོར་ལོ་བསྒོམ་པ་དང་ལས་རིམ་གཉིས་ལས། དང་པོ་དགོངས་རིམ་ནི། གཞི་མ་བཅོས་མཉམ་པ་ཆེན་པོ་ལས༔ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བ་ལ་འཁྱམས་པ་སྙིང་རེ་རྗེ༔ སྙམ་པའི་སྙིང་རྗེ་ཤས་མི་བཟོད་པ་ཞིག་གི་ངང་ལ༔ རིག་པ་འགྱུ་བྱེད་ཐོལ་སྐྱེས་སུ་ཡི་གེ་འབྲུ་གསུམ་དུ་གྱུར༔ དེ་ལས་མེ་འབར་བས༔ ཕྱི་སྣོད་ནང་བཅུད་ལུས་དང་བཅས་པ་བསྲེགས༔ སྣོད་དག་པ་ལྷ་ཡི་གཞལ་ཡས་ཁང་དུ་གྱུར༔ ལུས་དག་པ་ཉི་ཟླ་པདྨ་སེང་གེ་བརྒྱད་བསྣོལ་གྱི་སྟེང་ན༔ སྐུ་བླ་ཆེན༔ གསུང་ཚེ་དབང༔ ཐུགས་པད་འབྱུང་གསུམ་གྱི་ངོ་བོ༔ ཞལ་གསུམ་པ༔ གཡས་དཀར་ཞི་བ༔ གཡོན་དམར་བཞད་པ༔ དབུས་མཐིང་ག་ཁྲོ་བ༔ དབུ་སྐྲ་ལྕང་ལོ་ལི་ལྗང༔ རིན་པོ་ཆེའི་པྲོག་ཞུ་ཅན༔ སྐུ་མདོག་མཐིང་ག་རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཕྱག་དྲུག་གི་དང་པོ་གཉིས་སྤྱི་བོའི་གཙུག་ཏུ༔ ཐབས་ཤེས་གཉིས་མེད་ཉི་མ་ཟླ་བ་ཆ་ལང་རྡེབ་པའི་ཚུལ་དུ་བསྣམས་པ༔ བར་མ་གཉིས་དྷཱ་རུ་དང་ཁྲི་ལོ་སྣང་སྟོང་དབྱེར་མེད་ཀྱི་ཚུལ་དུ་ཡུམ་ལ་འཁྱུད་ནས་བསྣོལ་བ༔ ཐ་མ་གཉིས་འཁོར་འདས་གཉིས་མེད་བརྡ་མཚོན་པའི་ཚུལ་དུ་རྡོ་རྗེ་དང་ཐོད་པ་བདུད་རྩིས་བཀང་བ༔ གདེང་ཐབས་དང་ངོམ་ཐབས་སུ་བསྣམས་པ༔ ཞབས་གཉིས་སྐྱིལ་མོ་ཀྲུང་དར་ཟབ་ལྷབ་ལྷུབ་རྒྱན་གྱིས་སྤྲས་པའི་པང་དུ༔ ཡུམ་ཆགས་བྱམས་རྒྱས་འདེབས་མ༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ཞིང་ཡབ་ལ་འཁྲིལ་བ༔ རྩ་ཞལ་དང་ཞལ་སྤྲད་ནས་ལྗགས་འཇིབས་པ༔ སྐུ་མདོག་དཀར་དམར་མདངས་དང་ལྡན་པ༔ ཤིན་ཏུ་མཛེས་པའི་ངང་ཚུལ་ཅན༔ གཉིས་མེད་བདེ་བ་ཆེན་པོའི་ཉམས་རྒྱས་པ༔ དེ་ཡི་ཕྱོགས་བཞིའི་པད་སྟེང་དུ༔ སྤྲུལ་པའི་མཁའ་འགྲོ་སྡེ་བཞི༔ གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ སྐུ་མདོག་དཀར་ལྗང་དམར་སྔོ༔ རུས་པའི་རྒྱན་ཅན་དྷཱ་རུ་དང་ཐོད་ཁྲག་བསྣམས་པ༔ རང་རང་འདྲ་བའི་འཁོར་གྲངས་མེད་པས་བསྐོར་ནས་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་སྒྲུབ་པ༔ དེའི་ཕྱི་རིམ་དུ་རིག་འཛིན་མཁའ་འགྲོ་གིང་དང་ལས་བྱེད་ཐམས་ཅད་སྤྲིན་ལྟར་གཏིབས་ནས་བཞུགས་པར་གྱུར་པར་བསམ་ཞིང་། གསུང་གི་འཁོར་ལོ་བསྒོམ་པ་ནི། དེ་ལྟར་གསལ་བའི་ཐུགས་ཀར་ཡབ་ཡུམ་ཉི་ཟླ་ཁ་སྦྱོར་གྱི་བར་དུ༔ པདྨ་དང་ཉི་ཟླའི་སྟེང་དུ༔ ཐུགས་སྲོག་ཧཱུྃ་ཡིག་མཐིང་གསལ་རྩ་བའི་སྙིང་པོས་བསྐོར་བ་ལས་འོད་ཟེར་འཕྲོས༔ དུས་གསུམ་གྱི་བདེ་བར་གཤེགས་པ་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ༔ འོད་ཟེར་དང་ཐུགས་བཅུད་ཐམས་ཅད་ཚུར་བསྡུས༔ བདག་གིས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ༔ འོད་ཟེར་ཕར་འཕྲོས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས༔ ཐམས་ཅད་ལྷའི་ངོ་བོར་ཁྲོང་ཁྲོང་གྱུར་པར་བསམ༔ ཨཱོྃ་ཨཱཿཧཱུྃ༔ ཨ་དཀར་གསལ་འབར་ དྲན་པ་མུ་ ལ་ཉེ་ལོ་ཡོ་ ཨཱ་ཡུཿཔ་ཤཾ་ གུ་རུ་པདྨ་ ཧ་རི་ནི་ས་སིདྡྷི་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཛཿཛ༔ ཞེས་བརྗོད་པས༔ འོད་ཟེར་འཕྲོས་ནས་སྐུ་གསུམ་དག་པའི་ཞིང་ཁམས༔ གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ནས༔ བླ་ཆེན་དྲན་པ་ཡབ་སྲས་འཁོར་དང་བཅས་པ་རྣམས༔ སྤྱན་དྲངས་ནས་མདུན་གྱི་བར་སྣང་ལ་དངོས་སུ་བཞུགས་པར་བསམ༔ གཉིས་པ་ལས་རིམ་ལ། སྤྱན་དྲང་བ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ སྐྱེ་མེད་ཞི་བའི་ངང་ཚུལ་ལས༔ ལྷག་མཐོང་ཐུགས་རྗེའི་རྩལ་ཤར་བ༔ སྐུ་ཡི་ངང་ཚུལ་བླ་ཆེན་དང༔ གསུང་གི་ངང་ཚུལ་ཚེ་དབང་དང༔ ཐུགས་ཀྱི་ངང་ཚུལ་པད་འབྱུང་གསུམ༔ གཉིས་མེད་བདེ་སྟོང་ཡུམ་དང་བཅས༔ འཁོར་ཡང་མཁའ་འགྲོ་བོན་སྐྱོང་བསྐོར༔ སྐུ་ནི་མ་ངེས་ཞི་མ་ཁྲོ༔ བཞད་དང་འཛུམ་དང་ཡ་ལ་ལ༔ ཕྱག་རྒྱ་གར་སྟབས་ལིངས་སེ་ལིང༔ ཞབས་ཀྱང་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འོད་ཟེར་གཞའ་ཚོན་ཤིགས་སེ་ཤིག༔ གསུང་ཡང་མ་ངེས་བོན་ཆོས་སྒྲ༔ གྲགས་སྟོང་སྒྲ་དབྱངས་དི་རི་རི༔ གདམས་ངག་སྦྲང་ཆར་སི་ལི་ལི༔ བརྡ་སྐད་རྔ་སྒྲ་འུ་རུ་རུ༔ ཐུགས་ཀྱང་མ་ངེས་སྤྲོས་དང་བྲལ༔ དྲན་སྟོང་ཆེན་པོ་ཝ་ལ་ལ༔ རིག་སྟོང་ངང་དུ་ཧྲིགས་སེ་ཧྲིག༔ གསལ་སྟོང་ངང་ནས་ཡ་ལ་ལ༔ འཁོར་འདས་དབྱེར་མེད་ཕྱ་ལ་ལ༔ འཁོར་ཡང་མཁའ་འགྲོ་དུ་མས་བསྐོར༔ རང་རང་ལས་བྱེད་ཁྱུགས་སེ་ཁྱུག༔ ཡི་དམ་ཐམས་ཅད་བར་སྣང་གང༔ ཐུགས་རྗེའི་དངོས་གྲུབ་ཀྱི་ལི་ལི༔ བཀའ་སྡོད་དམ་ཅན་ས་གཞི་གང༔ དམ་ཚིག་གཞུང་སྲོང་ཐ་ལ་ལ༔ རིགས་དྲུག་སྐྱེ་འགྲོ་འདུལ་ཞིང་གང༔ ཐམས་ཅད་མོས་གུས་དུངས་སེ་དུང༔ ཕྱི་ནང་མཆོད་པས་ཡུལ་དྲུག་གང༔ གཙང་མཛེས་ཡིད་འོང་ཀྱི་ལི་ལི༔ མཆོད་འབུལ་ལྷ་མོས་སྣང་སྲིད་གང༔ གདུང་དབྱངས་གླུ་བཞད་ཙེ་རེ་རེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་མཆོག་འདི་རུ་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དད་མོས་བུ་ལ་བྱིན་གྱིས་རློབས༔ ཏིང་འཛིན་ཡིད་ཀྱི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྷ་ཚོགས་དབང་སྐུར་ཅིག༔ ཨ་འཐས་གྲོལ་བར་བྱིན་གྱིས་རློབས༔ སྣང་སེམས་འདྲེས་པར་བྱིན་གྱིས་རློབས༔ སྣང་ཉམས་འུར་བར་བྱིན་གྱིས་རློབས༔ ཤེས་ཉམས་གྲོལ་བར་བྱིན་གྱིས་རློབས༔ གཅེས་འཛིན་ཐོང་བར་བྱིན་གྱིས་རློབས༔ རེ་དོགས་བྲལ་བར་བྱིན་གྱིས་རློབས༔ ཞེས་སྤྱན་དྲང་། ཧཱུྃ༔ སྐྱེ་མེད་ཞི་བའི་ངང་ཚུལ་ལས༔ འགག་མེད་ཐུགས་རྗེའི་རྩལ་ཤར་བ༔ བླ་མ་ཡབ་ཡུམ་སྤྲུལ་འཁོར་བཅས༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ཞེས་གསོལ་བས། བསྐྱེད་པའི་དམ་ཚིག་པ་རྣམས་ལ་ཐིམ་པས༔ ཆུ་དང་ཆུ་འདྲེས་པའམ༔ ལན་ཚྭ་ཆུ་ལ་ཐིམ་པ་ལྟར་གཉིས་སུ་མེད་པར་བསམ་ཞིང༔ ཕྱག་འཚལ་ཞིང་བཤགས་པ་འབུལ་བ་ནི། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཐོག་མེད་ནས་བསགས་ཉེས་ལྟུང་ཚོགས༔ མཐོལ་ལོ་བཤགས་སོ་ཚངས་པར་གསོལ༔ དེ་ནས་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཧཱུྃ༔ སྐྱེ་མེད་ངང་ནས་ཐུགས་རྗེའི་རྩལ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་ལ་སོགས་ཕྱི་མཆོད་ཀུན༔ མཛེས་ཤིང་གཙང་མའི་ཚུལ་གྱིས་འབུལ༔ སྨན་རཀ་བདུད་རྩི་ནང་མཆོད་ཀུན༔ རྒྱ་ཆེ་གཏིང་ཟབ་ཚུལ་གྱིས་འབུལ༔ བདེ་སྟོང་ཡབ་ཡུམ་གསང་མཆོད་ཀུན༔ གཉིས་མེད་རོ་སྙོམ་ཚུལ་གྱིས་འབུལ༔ སྤྲོས་བྲལ་གཞི་ཡི་མཆོད་པ་འདི༔ སྐྱེ་བ་མེད་པའི་ངང་དུ་འབུལ༔ འགག་མེད་ལམ་གྱི་མཆོད་པ་འདི༔ འགྱུ་འཛིན་རང་གྲོལ་ཆེན་པོར་འབུལ༔ འབྲས་བུ་སྐུ་གསུམ་ལྷུན་གྲུབ་འདི༔ བྲི་གང་མེད་པའི་ངང་དུ་འབུལ༔ སྣ་ཚོགས་འབྱོར་ལྡན་ཚོགས་མཚོད་འདི༔ བདག་གཞན་ཚོགས་གཉིས་རྫོགས་ཕྱིར་འབུལ༔ འཛབ་བཟླས་སྔགས་ཀྱི་མཆོད་པ་འདི༔ ཏིང་འཛིན་ཐུགས་རྒྱུད་བསྐུལ་ཕྱིར་འབུལ༔ འོད་ཟེར་སྤྲོ་བསྡུའི་མཆོད་པ་འདི༔ ཕྲིན་ལས་མཐའ་རུ་ཕྱིན་ཕྱིར་འབུལ༔ དགྱེས་པའི་མཆོད་པ་ངང་བཞེས་ལ༔ ཁམས་གསུམ་སྡུག་བསྔལ་དོང་སྤྲུགས་ཤོག༔ ཅེས་མཆོད་པ་འབུལ་ཞིང་། འཛབ་བཟླ་བ་ནི། རང་ཉིད་བླ་མ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་པདྨ་ཉི་ཟླའི་གདན་ལ་ཨ་མ་དཀར་དམར་གསལ་ལ་འཚེར་བ། དེ་ཡི་ཕྱི་རིམ་སྔགས་ཀྱི་ཡིག་འབྲུ་རྣམས་མུ་ཏིག་གི་ཕྲེང་བ་ལྟ་བུ་ཡབ་ཀྱི་སྐུ་ཡི་དབྱིབས་བརྒྱུད་གསང་བ་ནས་ཡུམ་གྱི་མཁའ་ལ་ཞུགས་ཏེ་གྱེན་དུ་སོང་ནས། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་འཁོར་ལོ་ལྟར་འཁོར་བའི་འོད་ཀྱིས་དུས་གསུམ་གྱི་བདེར་གཤེགས་མཆོད། འགྲོ་དྲུག་གི་བག་སྒྲིབ་སྦྱང་། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་བསམ་ལ་རྩ་བསྙེན། ཨཱོྃ་ཨཱཿཧཱུྃ༔ ཨ་དཀར་གསལ་འབར་དྲན་པ་མུ་ལ་ཉེ་ལོ་ཡོ་ཨཱ་ཡུཿཔ་ཤཾ་གུ་རུ་པདྨ་ཧ་རི་ནི་ས་སིདྡྷི་ཧྲིང་ཧྲིང་ཧཱུྃ་ཧཱུྃ་ཛ་ཛ༔ རབ་འཛབ་དབྱངས༔ འབྲིང་ཤུབ་བུ༔ ཐ་མ་གོང་བས་ཐོས་པ་ཙམ་དུ་འབུམ་ཕྲག་གཅིག་གམ༔ ཞག་ཉེར་གཅིག་སོགས་སུ་བཟླ་བར་བྱ་ཞིང༔ ཐུན་མཚམས་རྣམས་སུ་འཛབ་ཀྱི་མཆོད་པ་འབུལ་བ་ནི། ཨེ་མ་ཧོ༔ རིན་ཆེན་འབར་བའི་གཞལ་ཡས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྙིང་པོ་འཛབ་ཀྱི་མཆོད་པ་འབུལ༔ ལྷུན་གྲུབ་བདེ་ཆེན་དངོས་གྲུབ་སྩོལ༔ ཅེས་འབུལ་ཞིང་། ཚོགས་ཀྱི་ཆོ་ག་ཟུར་བཀོད་ལྟར་བྱ། དེ་ནས་སྐུ་བསྟོད་པ་ནི་གཡུང་དྲུང་གླིང་པ་དངོས་ཀྱིས་མཛད་པ་འདི་ལྟར། ཧཱུྃ། བདེ་ལྡན་སྤྲུལ་པའི་གནས་མཆོག་དམ་པ་ན། །སངས་རྒྱས་ཐུགས་ཀྱི་ཞིང་ཁམས་འདུལ་མཛད་པ། །སྐུ་གསུང་ཐུགས་ཚུལ་དྲན་པ་ཡབ་སྲས་གསུམ། །སྐུ་མདོག་མཐིང་ག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་ཞི་བ་གཡོན་དམར་བཞད་པའི་ཚུལ། །དབུས་མཐིང་ཁྲོ་འཛུམ་དབུ་སྐྲ་ལྕང་ལོ་ལི། །རིན་ཆེན་པྲོག་ཞུ་དར་སྟག་དབུ་ལ་བརྒྱན། །སྟག་ཤམ་དར་ཟབ་རུས་པའི་རྒྱན་ཆ་ཅན། །ཐབས་ཤེས་སྣང་སྟོང་འཁོར་འདས་གཉིས་མེད་བརྡར། །ཕྱག་དྲུག་དང་པོ་ཉི་ཟླ་སྤྱི་བོར་རྡེབ། །བར་མ་གཉིས་ན་དྷཱ་རུ་སིལ་སྙན་འཛིན། །ཐ་མ་གཉིས་ཀྱིསརྡོ་རྗེ་ཐོད་པ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་སེང་གེའི་གདན་ལ་བཞུགས། །ཡུམ་ཆེན་དགྱེས་སྦྱོར་ཞལ་གཅིག་ཕྱག་གཉིས་མ། །དཀར་དམར་མདངས་ལྡན་གཉིས་མེད་ཡབ་ལ་འཁྲིལ། །གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས། །བླ་མ་རྣམ་གསུམ་འཁོར་དང་བཅས་པ་ལ། །དད་གུས་མོས་པའི་སྒོ་ནས་ཕྱག་འཚལ་བསྟོད། །འབྲེལ་ཚད་བདེ་ཆེན་ཞིང་དུ་འདྲེན་པ་དང་། །རང་རིག་ཡེ་ཤེས་ཤར་བའི་དངོས་གྲུབ་སྩོལ། །འཁོར་དུ་དྷཱ་ཀི་མཁའ་འགྲོ་སྡེ་བཞི་ནི། །བཅུ་དྲུག་གཞོན་ཚུལ་རུས་རྒྱན་ན་བཟའ་ཅན། །དྷཱ་རུ་ཐོད་ཁྲག་བསྣམས་ཤིང་གར་སྟབས་བསྒྱུར། །རིག་འཛིན་མཁའ་འགྲོ་མ་ལུས་འཁོར་བཅས་ལ། །གུས་པས་ཕྱག་འཚལ་དྭངས་པས་བསྟོད་པ་འབུལ། །ཞི་རྒྱས་དབང་དྲག་ལས་རྣམས་གྲུབ་པ་དང་། །འགྲོ་དོན་མཐའ་རུ་ཕྱིན་པའི་དངོས་གྲུབ་སྩོལ། །ཨཱོྃ་ཨཱཿཧཱུྃ༔ ཨ་དཀར་གསལ་འབར་དྲན་པ་མུ་ལ་ཉེ་ལོ་ཡོ་ཨཱ་ཡུཿཔ་ཤཾ་གུ་རུ་པདྨ་ཧ་རི་ནི་ས་སིདྡྷི་ཧྲིང་ཧྲིང་ཧཱུྃ་ཧཱུྃ་ཛ་ཛ༔ ཞེས་བསྟོད་དོ། །རྗེས་ཀྱི་བྱ་བ་རྟགས་རྣམས་བྱུང་ནས་དངོས་གྲུབ་བླང་བ་ནི། ཨཱོྃ་ཨཱཿཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན༔ དྲན་པ་ཡབ་སྲས་འཁོར་དང་བཅས༔ ཡ་མཚན་རྨད་བྱུང་སྐུ་ཡི་མཆོག༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགྲོ་འདུལ་སྒྲ་སྒྲོག་གསུང་གི་མཆོག༔ འགག་མེད་གསུང་གི་དངོས་གྲུབ་སྩོལ༔ མཉམ་ཉིད་དག་པ་ཐུགས་ཀྱི་མཆོག༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཿཧཱུྃ་རཏྣ་སིདྡྷི་འདུ༔ ཞེས་དངོས་གྲུབ་བླང་གཞན་དོན་དུ་དབང་བསྐུར་བ་ལ་སོགས་ཅི་རིགས་བྱ། དམ་བཅའ་བ་དང་ཕུད་སྦྱང་བ་ལ་སོགས་བསྡུས་སྐབས་འདིར་མི་དགོས་ཤིང་། དམར་ལམ་སྐྱོང་བ་ལ་དང་པོ་ཆད་ཐོ་ནི། བྷྱོ༔ སྔོན་ཚེ་སྐྱེ་མེད་བྷ་ག་ཡངས་པ་རུ༔ བོན་སྐུ་ཀུན་བཟང་བདེ་ཆེན་རོལ་པ་ཡི༔ ངོ་བོ་གཏད་མེད་སྟོང་པའི་སློབ་མ་ལ༔ ངེས་ཚིག་མིང་དང་བྲལ་བའི་དབང་བསྐུར་ཚེ༔ རང་རྩལ་རྣམ་རྟོག་ལྷ་འདྲེ་ཀུན་ཤར་གྱི༔ བྱུང་གནས་གྲོལ་གསུམ་ངོ་བོར་རང་ཐིམ་ནས༔ སྟོང་གསལ་འཛིན་མེད་ཆེན་པོར་མ་ཆད་དམ༔ ཚོགས་དྲུག་ཤར་ཡལ་གཏོར་མ་འདི་བཞེས་ལ༔ འཁོར་བ་མ་སྤང་སྐུ་གསུམ་གྲུབ་པར་མཛོད༔ གཞན་ཡང་དུས་གསུམ་དུས་འདས་ཐམས་ཅད་དུ༔ གཡའ་རི་གངས་དང་ནགས་ཚལ་བྲག་ཕུག་དང༔ རྫ་ཤིང་རི་གསེབ་མཚོ་ལྗོངས་ཐམས་ཅད་དུ༔ གཤེན་རབ་གཡུང་དྲུང་ས་གནས་སེམས་དཔའ་དང༔ གཤེན་ཕྲན་རིག་འཛིན་འཕྲུལ་སྲས་ཐམས་ཅད་ཀྱིས༔ ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ཞལ་ཕྱེས་ནས༔ རང་རང་བསྒྲུབ་བསྙེན་རྟགས་རེ་བྱུང་བའི་ཚེ༔ ཟབ་མོའི་གཏེར་སྲུང་བཀའ་ཉན་ཐམས་ཅད་ཀྱིས༔ ཤ་ཁྲག་གཏོར་མ་ལེན་པར་མ་ཆད་དམ༔ སྒྲུབ་གཤེན་བར་ཆད་སེལ་བར་མ་ཆད་དམ༔ ལས་ཀྱི་ཕྲིན་ལས་སྒྲུབ་པར་མ་ཆད་དམ༔ དམ་རྫས་དགྱེས་མཆོད་གཏོར་མ་འདི་བཞེས་ལ༔ ལས་ཀྱི་གཉེར་གཏད་འབྲས་བུ་འགྲུབ་པར་མཛོད༔ ཅེས་འབུལ་ཞིང་གཏོར་མ་སྐྱོང་བ་ནི། བསྭོ༔ གང་ཡང་དམིགས་མེད་བདེ་གསལ་ཀློང་ཡངས་ཏེ༔ ཤར་ནས་ཞེ་སྡང་རིགས་བསྐྱེད་ལྷ་མོ་ལྔ༔ བྱང་ནས་གཏི་མུག་རིགས་བསྐྱེད་ཀླུ་མོ་ལྔ༔ ནུབ་ནས་འདོད་ཆགས་རིགས་བསྐྱེད་མི་མོ་ལྔ༔ ལྷོ་ནས་ང་རྒྱལ་རིགས་བསྐྱེད་དྲི་ཟའི་ལྔ༔ དཀར་ལྗང་དམར་སྔོན་བཞིན་བཟང་ཚོགས༔ གོས་བཟང་དེ་ནི་ཞིང་ཆེན་གསོལ༔ གནས་བཟང་དེ་ནི་དུར་ཁྲོད་ཉུལ༔ སྐྱེམས་བཟང་དེ་ནི་རཀྟ་འཐུང༔ ཟས་བཟང་དེ་ནི་མཱཾ་ས་བཟའ༔ ལས་སུ་གསོད་དང་གཅོད་ལ་དགའ༔ ཕྲིན་ལས་རྣལ་འབྱོར་སྐུ་ཚེ་སྲིང༔ སྨོན་ལམ་སངས་རྒྱས་བསྟན་པ་སྲུང༔ དབུ་ལ་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལག་ན་བྷན་སྐྱོགས་ཏིངས་སེ་ཏིང༔ ཞལ་ནས་བཤུག་གླུ་ཀྱུ་རུ་རུ༔ ཞབས་ཀྱིས་སྟོང་གསུམ་ལིངས་སེ་ལིང༔ འདིར་སྤྱོན་རྒྱན་གྱི་གཏོར་མ་བཞེས༔ གཡུང་དྲུང་སློབ་དཔོན་སྐུ་ཚེ་སྲིངས༔ མཆེད་ལྕམ་རྣམས་ཀྱི་ཉམས་རྟོགས་སྤོར༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ གཤེན་རབ་བསྟན་པ་རྒྱས་པར་མཛོད༔ ཅེས་གཏོར་མ་སྐྱོང་ངོ་། །དེ་ནས་གཏོར་མནན་ནི། ཧཱུྃ༔ བདག་ཅག་འཁོར་དང་བཅས་པ་ཡི༔ སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ རྣམ་རྟོག་འགྱུ་ཞེན་བྱུང་བ་འདི༔ ཕྲ་བ་གདལ་བའི་ཀློང་དུ་མནན༔ གཟུགས་མེད་ཁམས་རྣམས་སྟོང་པར་མཛོད༔ སྦོམ་པོ་ལོངས་སྤྱོད་རྫོགས་སྐུས་མནན༔ གཟུགས་ཀྱི་ཁམས་རྣམས་སྟོང་པར་མཛོད༔ རགས་པ་སྤྲུལ་པའི་སྐུ་ཡིས་མནན༔ འདོད་པའི་ཁམས་རྣམས་སྟོང་པར་མཛོད༔ ཚོགས་དྲུག་དག་གི་ཞེན་འཛིན་འདི༔ འགྲོ་དོན་སྤྲུལ་སྐུ་དྲུག་ཏུ་བསྒྱུར༔ རིགས་དྲུག་དོང་ནས་སྤྲུགས་པར་མཛོད༔ གཏད་ས་མེད་པར་ཕྱལ་ལེ་མནན༔ སྡུད་པ་མེད་པར་སང་ངེ་མནན༔ ཡེ་གྲོལ་ཆེན་པོའི་ཀློང་དུ་ཡལ༔ མ་གཏང་བར་དུ་མ་ལྡང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཚེ་འགུགས་བྱས་ལ་དཀྱིལ་འཁོར་བསྡུ་བ་ནི། ཨཱོྃ༔ དང་པོ་བོན་དབྱིངས་གདལ་བ་ལ༔ བར་དུ་སྐུ་གསུམ་དཀྱིལ་འཁོར་ཤར༔ ཐ་མ་སྤྲུལ་པས་འགྲོ་དོན་མཛད༔ སླར་ཡང་གདོད་མའི་ཀློང་དུ་ཡལ༔ ཨ་ཨ་ཨ༔ ཞེས་གནས་ལུགས་བསྐྱང་། ཁ་སྐོང་། ཨཱོྃ་ཨཱཿཧཱུྃ༔ བདག་ཅག་སྙིགས་མའི་སེམས་ཅན་ཀུན༔ མ་འབྱོར་པ་དང་མ་ཚངས་པ༔ བོ་ཟག་བུག་རལ་ཞིག་པ་དང༔ ཆོ་ག་ལྷག་ཆད་གྱུར་པ་དང༔ ལྟ་སྒོམ་སྤྱོད་པ་ལོག་པ་སོགས༔ སྐུ་གསུང་ཐུགས་དང་འགལ་བ་རྣམས༔ མཐོལ་ལོ་བཤགས་སོ་ཚངས་པ་དང༔ ཁ་སྐོང་དངོས་གྲུབ་བསྩལ་དུ་གསོལ༔ ས་མ་ཡ་བཛྲ་པདྨ་བྷནྡྷ་བ་ན་ཧོ༔ ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། བཀྲ་ཤིས་གསོལ་བ་ནི། ཧོ༔ ཇི་བཞིན་བཅོས་མེད་བོན་གྱི་སྐུ༔ སྟོང་ཞིང་འགག་མེད་ངོ་བོ་གསལ༔ ཀུན་ཁྱབ་ཕྱོགས་ལྷུང་བྲལ་བ་ཡི༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ ངང་གནས་རང་བྱུང་རང་གསལ་བ༔ འཛིན་མེད་ཤུགས་གྲོལ་བདེ་བའི་ཀློང༔ མུ་ཁྱུད་རྭ་བ་འོད་ཀྱིས་གསལ༔ བླ་ཆེན་ཡབ་སྲས་བཀྲ་ཤིས་ཤོག༔ གང་ཤར་ཡེ་ཤེས་གདོད་མའི་ཀློང༔ ཐོལ་ཤར་རང་གྲོལ་སྤང་བླང་བྲལ༔ མ་འདྲེས་ཀུན་ཁྱབ་ངོ་མཚར་ཅན༔ བཻ་རོ་ཙ་ནའི་བཀྲ་ཤིས་ཤོག༔ ཚིག་དང་ཡི་གེ་དོན་གྱི་མཆོག༔ བརྡ་དང་དགོངས་བརྒྱུད་མན་ངག་གི༔ བཀའ་ཡི་གཉེར་དང་བྱ་ར་མཛད༔ སྲིད་པའི་རྒྱལ་མོའི་བཀྲ་ཤིས་ཤོག༔ དོན་གྱི་རིག་པ་རྗེན་པར་སྤྲོད༔ བློ་ཡི་སྤྲོས་པ་སྐད་ཅིག་གཅོད༔ སེམས་ཉིད་ཀུན་གཞིའི་ཀློང་དུ་མནན༔ ཡང་ཟབ་བཅུད་དྲིལ་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་བཀྲ་ཤིས་ཅི་རིགས་ཀྱིས་བརྒྱན། དགེ་རྩ་བསྔོ་སྨོན་ནི། བདག་གི་དགེ་བའི་རྩ་བ་འདིས༔ འགྲོ་བའི་སྒྲིབ་གཉིས་བྱང་ནས་ཀྱང༔ ལམ་གྱི་ཡོན་ཏན་རྩལ་རྫོགས་ཤིང༔ ཡབ་སྲས་གསུམ་གྱི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་མི་དམིགས་པར་རྒྱས་གདབ་པར་བྱའོ། །དེ་ལྟར་འཆི་མེད་བླ་ཆེན་ཡབ་སྲས་ཀྱི། །ཐུགས་ཀྱི་བཅུད་དྲིལ་སྒྲུབ་མཆོག་ཡིད་བཞིན་ནོར། །སྐྱབས་མགོན་མཆོག་གི་བཀའ་ཕེབས་ཇི་བཞིན་དུ། །ཆོག་འཁྲིགས་ཚུལ་འདི་ལྷག་བསམ་དད་པས་སྦྱར། །མ་ཤེས་དབང་གྱུར་གཟུ་ལུམ་ཚོད་ཡོད་ཀྱིས། །ལུང་འགལ་གྱུར་གང་སྐྱབས་ཡུལ་གཉན་ལ་བཤགས། །དགེ་བས་མ་གྱུར་སྲིད་མཚོའི་འགྲོ་བ་ཀུན། །རིག་འཛིན་མཆོག་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་བོན་ཞིག་གཡུང་དྲུང་གླིང་པས་ལྷོ་སྤ་གྲོ་སྟག་ཚང་ནས་གཏེར་ནས་སྤྱན་དྲངས་པའི། བླ་ཆེན་ཡབ་སྲས་དྲིལ་སྒྲུབ་ཀྱི་སྐོར་འདི་རྣམས་དཔེ་རྒྱུན་དག་མིན་སྣ་ཚོགས་སུ་གྱུར་གཤིས་ཁུངས་ཐུབ་ཀྱི་ངེས་པ་རྙེད་དཀའ་ནའང། ལས་བྱང་དང་དབང་ཁྲིགས་ཉུང་གསལ་ཞིག་ཁྱོད་ཀྱིས་བྲིས་ཤིག་ཅེས་༧འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོའི་བཀའ་ཡི་ཅོད་པན་སྤྱི་བོར་ཕེབས་པ་ལ་བརྟེན་ནས། འགྲོ་མགོན་ལྕང་ལུང་བའི་སྐྱེ་བའི་མིང་འདོགས་འགྱུར་མེད་གཡུང་དྲུང་བསྟན་རྒྱལ་དུ་བོད་པས། ས་སྦྲུལ་ནག་པ་ཟླ་བའི་ཚེས་བཅུ་བཟང་པོ་ལ་ཕུན་ཚོགས་མཐོང་སྨོན་གླིང་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །། ༄༅། །བླ་ཆེན་ཡབ་སྲས་དྲིལ་སྒྲུབ་ཀྱི། ཚོགས་མཆོད་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ཚོགས་ཀྱི་བདག་པོ་མཁའ་འགྲོའི་རྗེ། །གྱེར་སྤུངས་བླ་མར་ཕྱག་བགྱིས་ནས། །དགའ་སྟོན་ཚོགས་ཀྱི་མཆོད་པའི་ཚུལ། །འགྲིགས་ཆགས་བཞིན་དུ་ཅུང་ཟད་བྲི། །དེ་ལ་འདིར་ཚོགས་ཀྱི་མཆོད་པ་འབུལ་བ་ལ། ཞིང་ངམ་སྟག་ལྤགས་སོགས་ཀྱི་སྟེང་དུ། འབྲུ་སྣའི་གཙང་ཕྱེ་ལ་ཚོགས་མཆོད་ཞི་རྒྱས་དབང་དྲག་གི་སྟེང་དུ་བུམ་པ་ནོར་བུས་བརྒྱན་པ། གཞན་ཡང་རྣམ་ལྔ། རྣམ་བརྒྱད། མང་ཐུན། ཡུ་ཏི། དཀར་མངར་ལ་སོགས་ཅི་འབྱོར་པའི་ཚོགས་རྫས་བཤམ། ཉ་བོ་བ་ལིཾ་སོགས་ཀྱང་བཞག །དེ་ནས་སྦྱང་སྤེལ་ནི། རཾ་ཡཾ་མཾ༔ ལན་གསུམ། ཨཱོྃ་ཨཱཿཧཱུྃ༔ ལན་གསུམ་གྱི་བསང་ཆུ་འཐོར་ལ། བདག་ཉིད་ཀུན་བཟང་ཐུགས་ཀ་ནས༔ རཾ་ཡཾ་མཾ་གསུམ་འཕྲོས་པ་ཡིས༔ མ་དག་མཚན་མ་བསྲེགས་གཏོར་བཀྲུས༔ ཨཱོྃ་གྱིས་སྣོད་ནི་རིན་པོ་ཆེར༔ ཨཱཿཡིས་ཞལ་ཟས་དཔག་མེད་སྤེལ༔ ཧཱུྃ་གིས་ལྷ་ལ་ཕུལ་བས་མཉེས༔ ཞེས་བརླབས་ལ་སྤྱན་འདྲེན་པ་ནི། རྔ་གཤང་སྤོས་རོལ་བཅས། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ སྐྱེ་མེད་ཞི་བའི་ངང་ཚུལ་ལས༔ ལྷག་མཐོང་ཐུགས་རྗེའི་རྩལ་ཤར་བ༔ སྐུ་ཡི་ངང་ཚུལ་བླ་ཆེན་དང༔ གསུང་གི་ངང་ཚུལ་ཚེ་དབང་དང༔ ཐུགས་ཀྱི་ངང་ཚུལ་པད་འབྱུང་གསུམ༔ གཉིས་མེད་བདེ་སྟོང་ཡུམ་དང་བཅས༔ འཁོར་ཡང་མཁའ་འགྲོ་བོན་སྐྱོང་བསྐོར༔ སྐུ་ནི་མ་ངེས་ཞི་མ་ཁྲོ༔ བཞད་དང་འཛུམ་དང་ཡ་ལ་ལ༔ ཕྱག་རྒྱ་གར་སྟབས་ལིངས་སེ་ལིང༔ ཞབས་ཀྱང་བྲོ་བརྡུང་ཁྲིགས་སེ་ཁྲིག༔ འོད་ཟེར་གཞའ་ཚོན་ཤིགས་སེ་ཤིག༔ གསུང་ཡང་མ་ངེས་བོན་ཆོས་སྒྲ༔ གྲགས་སྟོང་སྒྲ་དབྱངས་དི་རི་རི༔ གདམས་ངག་སྦྲང་ཆར་སི་ལི་ལི༔ བརྡ་སྐད་རྔ་སྒྲ་འུ་རུ་རུ༔ ཐུགས་ཀྱང་མ་ངེས་སྤྲོས་དང་བྲལ༔ དྲན་སྟོང་ཆེན་པོ་ཝ་ལ་ལ༔ རིག་སྟོང་ངང་དུ་ཧྲིགས་སེ་ཧྲིག༔ གསལ་སྟོང་ངང་ནས་ཡ་ལ་ལ༔ འཁོར་འདས་དབྱེར་མེད་ཕྱ་ལ་ལ༔ འཁོར་ཡང་མཁའ་འགྲོ་དུ་མས་བསྐོར༔ རང་རང་ལས་བྱེད་ཁྱུགས་སེ་ཁྱུག༔ ཡི་དམ་ཐམས་ཅད་བར་སྣང་གང༔ ཐུགས་རྗེའི་དངོས་གྲུབ་ཀྱི་ལི་ལི༔ བཀའ་སྡོད་དམ་ཅན་ས་གཞི་གང༔ དམ་ཚིག་གཞུང་སྲོང་ཐ་ལ་ལ༔ རིགས་དྲུག་སྐྱེ་འགྲོ་འདུལ་ཞིང་གང༔ ཐམས་ཅད་མོས་གུས་དུངས་སེ་དུང༔ ཕྱི་ནང་མཆོད་པས་ཡུལ་དྲུག་གང༔ གཙང་མཛེས་ཡིད་འོད་ཀྱི་ལི་ལི༔ མཆོད་འབུལ་ལྷ་མོས་སྣང་སྲིད་གང༔ གདུང་དབྱངས་གླུ་བཞད་ཙེ་རེ་རེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས་ལ། ཚོགས་ཕུད་གསུམ་དུ་བཀྲལ་བའི་དང་པོ་མཆོད་པ་ནི། ཨཱོྃ་ཨཱཿཧཱུྃ༔ དབྱིངས་དང་ཡེ་ཤེས་སྦྱར་བའི་ཚོགས༔ མཁའ་དང་ཀློང་དུ་གྲུབ་པའི་གཏེར༔ ཐབས་དང་ཤེས་རབ་རོལ་པའི་བཅུད༔ དཀར་མངར་ཤ་ཁྲག་ཡུ་ཏི་དང༔ གཟུགས་སྒྲ་དྲི་རོ་རེག་རྒྱན་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་དང༔ བཀའ་སྐྱོང་སྲུང་མ་རྣམས་ལ་འབུལ༔ བཞེས་ཏེ་བདག་ལ་དངོས་གྲུབ་སྩོལ༔ ཞེས་འབུལ། བར་པ་བཤགས་པ་ནི། ན་མོ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ནི་ཉོན་མོངས་དབུལ་ཕོངས་ཅན༔ རྒྱུ་མེད་འབག་བཙོག་མ་དག་དང༔ ལུས་ངག་ཡིད་གསུམ་ཉམས་པ་བཤགས༔ ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཡིག་བརྒྱ་བརྗོད། ཐ་མ་དང་ཉ་བོ་ཆབས་ཅིག་པར་དམིགས་བྱ་འགུགས་པ་ནི། བདག་ཉིད་བླ་ཆེན་ཐུགས་ཀ་ནས༔ ཧ་རི་ནི་ས་བཞི་འཕྲོས་པས༔ མཁའ་འགྲོ་མ་བཞིར་གྱུར་ནས་ནི༔ ཕྱག་ན་ལྕགས་ཀྱུ་ཐོད་ཁྲག་བསྣམས༔ སྣང་ཞིང་སྲིད་པའི་གནོད་བྱེད་རྣམས༔ བཀུག་ནས་ཞལ་ཟས་ཚོགས་ལ་བསྟིམ༔ ཞེས་དགུག་བསྟིམ་བྱས་ཏེ་བསྒྲལ་བ་ནི། བསྭོ༔ སྐྱེ་འགག་མེད་པའི་དབྱིངས་ཉིད་ལས༔ གཡོ་བ་ཡེ་ཤེས་ཆོ་འཕྲུལ་བསྟན༔ ལོག་རྟོག་དྲྭ་བ་འཇོམས་མཛད་པ༔ ཁོད་སྤུངས་དྲན་པ་མུ་ལའི་སྐུ༔ མཐིང་ནག་འཇིགས་ཚུལ་རྔམས་བརྗིད་ཅན༔ སྐུ་ལས་འགུགས་བྱེད་ཚྭ་ཚྭ་འཕྲོ༔ རྒོད་ལྕམ་ཟ་བྱེད་ཚོགས་ཀྱིས་བསྐོར༔ ཕྱག་མཚན་གཅོད་བྱེད་མཚོན་ཆ་ཡིས༔ ལོག་འདྲེན་སྐྱེ་མེད་དབྱིངས་སུ་བསྒྲལ༔ འགག་མེད་རོལ་པའི་ཀློང་དུ་བསྟིམ༔ ཛ་ལ་པད་དོ་སྤུངས་སོ་ཐུན༔ ཞེས་བསྒྲལ་ཞིང་བསྟབ་སྟེ། ཨེ་མ་ཧོ༔ སྐྱེ་མེད་ནམ་མཁའ་ཡངས་པའི་ཞལ་ཕྱེས་ཤིག༔ སྣ་ཚོགས་འགག་མེད་རོལ་པའི་ཕུང་པོ་བསྟབ༔ གྱེར་སྤུངས་དྲན་པ་ཡབ་སྲས་ཞལ་ཕྱེས་ཤིག༔ མཚན་མ་རྟོག་འཛིན་བསྒྲལ་པའི་ཕུང་པོ་བསྟབ༔ ཡུམ་ཆེན་མཁའ་འགྲོ་འཁོར་བཅས་ཞལ་ཕྱེས་ཤིག༔ ལོག་འདྲེན་དགྲ་བགེགས་བསྒྲལ་པའི་ཕུང་པོ་བསྟབ༔ ཁཱ་ཧི་ཁཱ་ཧི༔ ཞེས་བསྟབས་ལ། ཚོགས་བསྐང་བྱ་བ་ནི་ལྕགས་མོ་དྲང་སྲོང་གིས་མཛད་པ། ན་མོ་སྔོན་གྱི་དབོན་སྲས་རིག་འཛིན་གྱིས། །སྒྲུབ་གནས་ཁྱད་པར་ཅན་གྱི་ཕོ་བྲང་དུ། །ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་ཕུད་བཤམས་ནས། །ཡི་དམ་རིག་འཛིན་མཁའ་འགྲོ་བོན་སྐྱོང་ཚོགས། །ཐུགས་དམ་གཉན་པོ་ཇི་ལྟར་བསྐངས་པ་བཞིན། །དེང་གི་དམ་ལྡན་མཆེད་དང་ལྕམ་དྲལ་གྱིས། ཁྱད་པར་རྨད་བྱུང་གཞལ་ཡས་ཚོགས་ཁང་འདིར། །དངོས་འབྱོར་ཡིད་སྤྲུལ་བླ་མེད་མཆོད་སྤྲིན་འདིས། །ཀུན་ཏུ་བཟང་པོ་གྱེར་སྤུངས་དྲན་པ་དང། །ཚེ་དབང་རིག་འཛིན་པདྨ་མཐོང་གྲོལ་དང་། །བཻ་རོ་ཙ་ན་ལོ་པཎ་བརྒྱུད་པར་བཅས། །དགོངས་བརྒྱུད་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐང་། །ཡེ་ཤེས་ཕག་མོ་གཡུང་དྲུང་གླིང་པ་དང་། །མཚུངས་མེད་བསོད་བློ་གཡུང་དྲུང་རྒྱལ་མཚན་དང་། །རིག་པ་རང་ཤར་གསས་འོད་རྣམ་གཉིས་དང་། །སྦྱིན་པ་རྒྱལ་མཚན་སྔགས་འཆང་ཁྲོ་གསས་དང་། །ནམ་མཁའ་རྒྱལ་པོ་ནམ་མཁའ་དབང་ལྡན་དང་། །རིན་ཆེན་ལྷུན་གྲུབ་བསྟན་པ་འོད་ཟེར་སོགས། །ཕྱི་དར་བརྒྱུད་པ་རྩ་བའི་བླ་མ་བཅས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་གཤེན་གྲོགས་མཆེད་དང་ལྕམ་དྲལ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །འཁོར་འདས་དབྱེར་མེད་རྟོགས་ན་བསྐང་ཡུལ་སེམས། །ཡུལ་ཤེས་དབྱེར་མེད་རྟོགས་ན་བསྐང་རྒྱུ་ཡིད། །སྤང་བླང་དབྱེར་མེད་རྟོགས་ན་སྐོང་མཁན་བློ། །རང་ཤར་རང་གྲོལ་དབྱེར་མེད་བོན་ཉིད་དབྱིངས། །ཐུགས་དམ་ཡེ་བསྐངས་སྐུ་གསུམ་ལྷུན་གྱིས་གྲུབ། །ལྷུན་གྲུབ་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །ཅེས་དང་། ཁོམ་ན་གཏེར་གཞུང་གི་སྐོང་བའང་བྱ། ཁྱད་པར་སྐོང་བ་སྤྱི་སྤུངས་ལྟར། བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །རྒྱས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །དབང་གི་ལྷ་ཚོགས་ཐུགས་དམ་བསྐང་། །དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །ཡེ་ཤེས་ཁྲོ་ཚོགས་ཐུགས་དམ་བསྐང་། །དཔལ་མོ་མ་ཚོགས་ཐུགས་དམ་བསྐང་། །གྱད་དམག་རྒྱ་ཆེན་ཐུགས་དམ་བསྐང་། །གཏེར་བདག་བོན་སྐྱོང་ཐུགས་དམ་བསྐང་། །ཕོ་ཉ་ལས་མཁན་ཐུགས་དམ་བསྐང་། །འཇིག་རྟེན་སྨན་བཙུན་ཐུགས་དམ་བསྐང་། །ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །ཡུལ་ས་གཞི་བདག་ཐུགས་དམ་བསྐང་། །འགྲོ་བ་རིགས་དྲུག་ཐུགས་དམ་བསྐང་། །ནམ་མཁའི་ལྷབ་ལྷུབ་རྒྱན་གྱིས་ཐུགས་དམ་བསྐང་། །བར་སྣང་སྙན་པའི་སྒྲ་ཡིས་ཐུགས་དམ་བསྐང་། ས་གཞིའི་ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་པའི་བྱིན་བརླབས་ཀྱིས། །བདག་ཅག་སྒྲུབ་གཤེན་མཆེད་ལྕམ་གྱི། །རྐྱེན་དང་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་དབྱིངས་སུ་བསྐང་ཞིང་ཚོགས་གཏོར་འབུལ་བ་ནི། ཚེ་དབང་ལྟར། བསྭོ༔ གཏོར་གཞོང་མཁའ་ཡངས་ཆེན་པོ་རུ༔ གཏོར་མ་རྒྱན་ལྡན་བཅུད་ཀྱིས་བཀང༔ ཅི་འདོད་ཡོན་ཏན་ཕུན་སུམ་ཚོགས༔ རིག་འཛིན་བླ་མ་མཁའ་འགྲོ་ལ༔ དད་པའི་སྟོབས་ཀྱིས་མཆོད་པ་འབུལ༔ དགྱེས་རབ་མཆོག་ཏུ་བཞེས་ནས་ཀྱང༔ དངོས་གྲུབ་རྣམ་གཉིས་དུས་འདིར་སྩོལ༔ ཕྱི་ནང་རྐྱེན་དང་བར་ཆད་ཟློག༔ གཞན་ཡང་འཁོར་ན་གནས་པའི་ཚོགས༔ ཡེ་ཤེས་ལས་དང་སྤྲུལ་པ་ཡི༔ མ་སྲིང་མཁའ་འགྲོའི་ཚོགས་བཅས་རྣམས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་ཚིག་ཚུལ་བཞིན་སྡོངས་གྲོགས་མཛོད༔ ལྷ་སྲིན་དྲེགས་པ་ཕོ་མོ་དང༔ ཡུལ་ས་ལྕམ་དྲལ་གནས་བདག་ཚོགས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བདག་ཅག་སྡོངས་དང་གྲོགས་མཛོད་ཅིག༔ གཞན་ཡང་རིགས་དྲུག་སེམས་ཅན་དང༔ ཕ་འབབ་རེ་བའི་མགྲོན་རིགས་ལ༔ གཏོར་མའི་ཕ་འབབ་འདི་བསྔོས་པས༔ རེ་འདོད་ཡིད་བཞིན་སྐོང་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ་རཏྣ་བ་ལིཾ་ཏ་བྷྲཱུྃ་ཁཱ་ཧི༔ ཞེས་འབུལ་ནས་གཞུང་གི་དངོས་གྲུབ་བྱ། ཨཱོྃ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི། ཚང་སྟོང་ནེ་རཾ་འོད་དཀར་སླ་ཞི་དུབ་དུབ་སད་དོ་མུ་ཡེ་ཧ་ར་ཐུན་ཨ༔ ཞེས་ཚོགས་ཕུད་སྦྱང་། དེ་ནས་དངོས་གྲུབ་ལས་རྒྱ་འམ་ལས་དཔོན་གྱིས་བཀྱགས་ལ་ཞུ་བ་ནི། ཨེ་མ་ཧོ༔ གཟིགས་ཤིག་མཛེས་ལྡན་བོན་དང་ཆོས༔ འདི་ལ་རྣམ་རྟོག་བྱར་མི་རུང༔ རྒྱལ་པོ་བྲམ་ཟེ་ཁྱི་དང་ཕག༔ གཙང་དམེ་ཐ་དད་འཛིན་རྟོག་སྤང༔ མཁའ་ཀློང་དབྱིངས་ཀྱི་དངོས་གྲུབ་ལ༔ རང་བཞིན་གཅིག་ཏུ་དགོངས་ཏེ་བཞེས༔ ཞེས་ཞུ། ཨ་ལ་ལ་ཧོ༔ ཞེས་བླངས་ཏེ་རོལ། དེ་ནས་ཚོགས་ལྷག་ཁ་ཆུས་བྲན་ལ། ཨཱོྃ༔ བདེར་གཤེགས་བཀའ་ཡི་ཕ་འབབ་འདི༔ འདོད་ཡོན་རྣམ་ལྔར་བྱིན་བརླབས་ནས༔ ཚོགས་ཀྱི་ལོངས་སྤྱོད་མི་མངའ་བ༔ ཡི་དྭགས་བགེགས་རིགས་དམན་པའི་ཚོགས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས༔ ཕམ་རྒྱལ་མེད་པར་ཐོབ་ནས་ཀྱང༔ རང་རང་འདོད་པ་ཚིམ་གྱུར་ཅིག༔ སུ་ར་ར་ཏི་ཡེ་སྭཱ་ཧཱ༔ ཞེས་བསྔོས་ལ། སྨོན་ལམ་གདབ་པ་ནི། ཨེ་མ་ཧོ༔ ཀུན་བཟང་ཐུགས་ལས་སྤྲུལ་པའི་ཁོད་སྤུངས་དྲན་པ་ཡབ་སྲས་འཁོར་དང་བཅས་པ་རྣམས་ལ་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་ཕུལ་པས༔ མ་རྟོགས་འཁྲུལ་པ་གཟུང་འཛིན་ལས་གྱུར་པའི་དགྲ་བགེགས་རྣམས་དང༔ ཉོན་མོངས་དུག་ལྔ་ལས་གྱུར་པའི་སྡིག་སྒྲིབ་རྣམས༔ སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་བ་དང༔ འགག་མེད་ཀྱི་ཀློང་དུ་བསྟིམ་པ་ཁོ་ནར་མཛད་དུ་གསོལ༔ ཞི་གྱུར་སོགས་ཀྱང་བརྗོད། བདག་གི་དགེ་བའི་རྩ་བ་འདིས༔ སོགས་བསྔོ་སྨོན་ཡང་དག་པས་རྒྱས་གདབ་པར་བྱའོ། །དེ་ལྟའི་ཚུལ་བཟང་གྲུབ་གཉིས་བདའ་བའི་རོས། །རྩ་རླུང་ཐིག་ལེའི་ལང་ཚོ་ཆེར་བརྟས་ཤིང་། །མཆོག་ཏུ་མི་འགྱུར་བདེ་ཆེན་རྒྱལ་པོའི་སྐུར། །གྲུབ་ནས་མཁའ་མཉམ་འདྲེན་པའི་དཔལ་དུ་ཤོག །ཅེས་པ་འདིའང་ལྕང་སྤྲུལ་པས་རེག་ཟིག་ཏུ་བཏབ་པ་དགེ །འདིའི་སྐོར་རྣམས་དཔེ་རྒྱུན་མ་དག་པས་མང་དུ་རྙོགས་པས་ཁུངས་ཐུབ་ངེས་པར་དཀའ་གཤིས། གོང་འོག་བསྡེབས་པ་དང་། གཞན་ནས་སྦྱར་བ་དང་། ཚིག་རྣམས་ཅུང་ཟད་རེ་བསྒྱུར་བཅོས་བགྱིས་པ་ཡང་ཡོད་པ་འདི་རིགས་ལ་རས་ཆོད་དང་གཟུ་ལུམ་སོགས་ཉེས་པའི་ཆ་གང་མཆིས་པ་བླ་མ་དང་ལྷག་པའི་ལྷ་ལ་མཐོལ་ལོ་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ་ལོ།། །། ༄༅། །བླ་ཆེན་ཡབ་སྲས་དྲིལ་སྒྲུབ་ཀྱི་དབང་ཁྲིགས་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་བཞུགས་སོ། །རྒྱལ་བའི་ཐུབ་བསྟན་ཉིན་མོར་བྱེད་པའི་དཔལ། །སངས་རྒྱས་ཀུན་དངོས་ཟུང་འཇུག་གྲུབ་པའི་རྗེ། །འཆི་མེད་གྱེར་སྤུངས་དྲན་པ་ཡབ་སྲས་ཞེས། །རིག་འཛིན་འདུས་པའི་ཞབས་ལ་ཕྱག་བགྱིའོ། །དེ་ཡང་སྐབས་འདིར་འཆི་མེད་བླ་ཆེན་ཡབ་སྲས་ཐུགས་ཀྱི་བཅུད་དྲིལ་ཟབ་མོའི་སྒོ་ནས་སྨིན་བྱེད་ཀྱི་དབང་བསྐུར་བ་ལའང་ཡིད་ཆེས་པར་བྱེད་པའི་ལོ་རྒྱུས། རྒྱུད་སྨིན་པར་བྱེད་པའི་དབང་དངོས། མཐར་ཕྱིན་པར་བྱེད་པ་རྗེས་ཀྱི་བྱ་བ་དང་གསུམ་དུ་ཡོད་པ་ལས། དང་པོ་ལོ་རྒྱུས་ཀྱི་རིམ་པ་རག་བསྡུས་ཙམ་དུ་བཤད་ན། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ལ། སྐུ་ཡིས་འདུལ་བའི་དུས་སུ་རྣམ་མཁྱེན་སངས་རྒྱས་ཉིད་དང་། གསུང་གིས་འདུལ་བའི་དུས་སུ་གདུང་གསོབ་མུ་ཆོ་ལྡེམ་དྲུག །ཐུགས་ཀྱིས་འདུལ་བའི་དུས་སུ་རིག་མཆོག་དྲན་པ་ནམ་མཁའ་ཞེས་རྒྱལ་བའི་ཐུགས་ཀྱི་བསྟན་པའི་གཉེར་དཔོན་དུ་བྱོན་བཞིན། རྫུས་སྐྱེས་དང་མངལ་སྐྱེས་ལ་སོགས་གདུལ་བྱ་སོ་སོའི་སྣང་ངོར་ཐབས་མ་འགགས་པའི་སྤྱོད་པ་དུ་མ་དང་བཅས། ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་ཚུལ་དུ། སྤྲུལ་པའི་སྲས་མཆོག་ཚེ་དབང་རིག་འཛིན་དང་། པདྨ་མཐོང་གྲོལ་གཉིས་སུ་སྣང་བར་མཛད་ནས། འཕགས་བོད་ལ་སོགས་འཛམ་གླིང་ཞིང་ཁམས་ཀུན་ཏུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་གཡུང་དྲུང་ཐེག་པའི་བསྟན་པ་ཉིན་མོའི་སྣང་བ་བཞིན་དུ་རྒྱས་པར་མཛད། མི་མིན་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང་ལྷོ་ནུབ་སྲིན་པོའི་ཁ་གནོན་པ་དང་། ཟབ་མོ་གཏེར་གྱིས་ས་ཁམས་བཀང་ཞིང་། ཐུགས་རྗེའི་རྣམ་འཕྲུལ་མཐའ་ཀླས་པས་བསྟན་འགྲོའི་དོན་རྒྱུན་མི་འཆད་པར་མཛད་པའི་ཕྲིན་ལས་ཡོངས་སུ་རྒྱས་པ་སྟེ། དེ་ལྟར་བཀའ་དྲིན་གཞལ་དུ་མ་མཆིས་པའི་འཆི་མེད་བླ་ཆེན་ཡབ་སྲས་གཅིག་ཏུ་བསྡུས་པའི། ཐུགས་ཀྱི་བཅུད་དྲིལ་ཟབ་མོ་འདི་ནི། བོན་ཆོས་དབྱེར་མེད་བསྟན་པའི་ཤིང་རྟ་ཆེན་པོ་ལོ་ཙཱ་བ་བཻ་རོ་ཙ་ནས། ལྷོ་སྤ་གྲོ་སྟག་ཚང་སེང་གེ་འབར་བ་རུ་གཏེར་དུ་སྦས་ཤིང་། ཕྱིས་སུ་ཚེ་དབང་སྤྲུལ་པའི་གཏེར་ཆེན་གཡུང་དྲུང་གླིང་པས་སྤྱན་དྲངས་ནས། བཀའ་བབ་ཀྱི་སློབ་མ་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ལ་གནང་། དེ་ནས་གྲུབ་པའི་དབང་ཕྱུག་དམ་པ་རིམ་གྱིས་བརྒྱུད་ནས། འདྲེན་མཆོག་མཚུངས་མེད་རྩ་བའི་བླ་མས་བདག་ལ་བཀའ་དྲིན་དུ་བསྩལ་པ་ཡིན་ཅིང་། མདོར་ན་འཆི་མེད་རིག་འཛིན་ཡབ་སྲས་ནས་ད་ལྟའི་བར་དུ་བརྒྱུད་པའི་ཕྲེང་བ་མ་ཆད། བྱིན་རླབས་ཀྱི་ན་བུན་མ་ཡལ། དངོས་གྲུབ་ཀྱི་བཅུད་མ་ཉམས། དབང་གི་ཆུ་བོ་མ་སྐམ་པར་བཞུགས་པའི་སྒོ་ནས། སྨིན་བྱེད་དབང་གི་སྐབས་སུ་བབ་པ་ཡིན་པས། བྱིན་རླབས་འཇུག་པའི་གཞི་དད་མོས་གུས་པ་དང་ལྡན་པའི་ངང་ནས་ཞིང་ཁམས་འབུལ་བར་མཛོད། ཅེས་ལོ་རྒྱུས་བཤད་ཅིང་སློབ་མས་མཎྜལ་དབུལ། ད་གཉིས་པ་རྒྱུད་སྨིན་པར་བྱེད་པའི་དབང་དངོས་བསྐུར་བ་ལའང་། སྔོན་འགྲོ་ལམ་སྒོ་དབྱེ་བ་དང་། དངོས་གཞི་དབང་རྫོགས་བསྐུར་བ་གཉིས་སུ་འབྱུང་བའི། དང་པོ་ལམ་སྒོ་དབྱེ་བའི་ཐོག་མར་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་མཚམས་གཅོད་པ་ལ་འདུན་པ་འདི་བཞིན་མཛོད། བདག་ཉིད་རིག་འཛིན་ཆེན་པོར་གསལ་བའི་སྐུ་ལས་ཡེ་ཤེས་ཀྱི་ཁྲོ་མཚོན་མེ་དཔུང་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས། ཕྱི་ནང་གསང་བའི་བགེགས་ཚོགས་ཐམས་ཅད་བྱ་སྒྲོ་མེ་ལ་རེག་པ་བཞིན་དུ་རྡུལ་དུ་བརླགས་པར་གྱུར་པར་བསམ་ཞིང་། བསྭོ༔ ང་ནི་རིག་འཛིན་ཆེན་པོའི་སྐུ༔ མ་བཅོས་མ་བསླད་སྙིང་པོ་ཨ༔ སྐྱེ་འཆི་མེད་པའི་རང་བཞིན་ཡིན༔ བར་ཆད་འབྱུང་པོ་རང་གི་སེམས༔ སེམས་ནི་སྟོང་གསལ་འཛིན་དང་བྲལ༔ རྣམ་རྟོག་བགེགས་ཀྱི་མིང་ཡང་མེད༔ བགེགས་རྣམས་སྟོང་པའི་ངང་དུ་དེངས༔ ཨཱོྃ་ཨཱཿཧཱུྃ་བསྭོ་ཨ་ཕཊཿཕཊ༔ དེས་མཚམས་གཅད་པ་སོང་ནས། གཉིས་པ་རྒྱུད་དག་པར་བྱེད་པ་ཕྱི་རྫས་ཁྲུས་འབྱུང་བ་ཡིན་ཏེ། ཁྲུས་ཀྱི་བུམ་པ་གཞལ་ཡས་ཁང་གི་དབུས་སུ་གྱེར་སྤུངས་དྲན་པ་ནམ་མཁའ་གསལ་བའི་ཐུགས་ལས་ཡེ་ཤེས་ཀྱི་ཆུ་བོ་བབས་པས། ཚེ་རབས་ནས་བསགས་པའི་བག་སྒྲིབ་ཐམས་ཅད་དག་ནས་དབང་གི་སྣོད་དུ་རུང་བར་གྱུར་པར་བསམ་ལ། ཨཱོྃ་ཨཱཿཧཱུྃ༔ ཁོད་སྤུངས་ཐུགས་ནས་འོད་ཤར་བས༔ བུམ་པ་ཡེ་ཤེས་ཆུ་བོས་གང༔ ཡེ་ཤེས་རྒྱུན་གྱི་ཆུ་བོ་ཡིས༔ ཉོན་མོངས་བག་ཆགས་སྡིག་སྒྲིབ་བཀྲུ༔ ཤེལ་སྒོང་བཞིན་དུ་དག་གྱུར་ཅིག༔ ཅེས་ཁྲུས་བགྱིས། གསུམ་པ་ནང་ཁྲུས་རྒྱུད་སྦྱང་བའི་རིམ་པ་སྐྱབས་སུ་འགྲོ་བ་ལ། མདུན་གྱི་ནམ་མཁར་སྐྱབས་གནས་ལྷ་ཚོགས་མངོན་སུམ་དུ་བཞུགས་པར་མོས་པའི་སྤྱན་སྔར་འདི་ཕྱིའི་རེ་ལྟོས་བློ་གཏད་རྩེ་གཅིག་གི་སྒོ་ནས་ཆོ་གའི་ལད་མོ་མཛོད། ན་མོ༔ དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད༔ དྲན་པ་ཡབ་སྲས་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། བཞི་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཀྱི་ཕན་པ་དང་། མཐར་ཐུག་གི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པའི་ངང་ནས་ཆོ་གའི་ལད་མོ་མཛོད། རིགས་དྲུག་འཁོར་བའི་སྡུག་བསྔལ་སྐྱབས་པ་དང༔ སྐུ་གསུམ་ཞིང་དུ་འདྲེན་པར་སེམས་བསྐྱེད་དོ༔ ལན་གསུམ། ལྔ་པ་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་སྐྱབས་གནས་ལྷ་ཚོགས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་མཛད་དུ་གསོལ་ལོ་སྙམ་པའི་ངང་ནས་ཆོ་གའི་ལད་མོ་མཛོད། ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཚོར་དང་མ་ཚོར་སྡིག་པ་མཐོལ་ལོ་བཤགས༔ ལན་གསུམ། དེ་རྣམས་ཀྱི་རྒྱུད་སྦྱངས་པར་བྱས་ནས། དྲུག་པ་གཞལ་ཡས་ཁང་ཕྱོགས་བཞིའི་སྒོ་སྲུང་མཁའ་འགྲོའི་ཚོགས་ལ་མེ་ཏོག་ཕུལ་ཞིང་གསོལ་བ་གདབ་པས་དཀྱིལ་འཁོར་གྱི་སྒོ་ཕྱེས་ཤིང་ལྷ་ཞལ་མཐོང་བའི་མོས་པ་མཛོད། ཨེ་མ་ཧོ༔ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་འབྱེད་མ༔ ཚད་མེད་བཞི་ལྡན་སྒོ་མ་བཞིས༔ གཡས་པས་འཕྲུལ་གྱི་ལྡེ་མིག་འཛིན༔ གཡོན་པས་གསལ་བའི་སྒྲོན་མེ་བསྣམས༔ གཞལ་ཡས་ཕྱོགས་བཞིའི་སྒོ་ཕྱེས་ལ༔ གསལ་བའི་སྒྲོན་མེས་ལྷ་ཞལ་སྟོན༔ པྲ་བེ་ཤག་ཤག་སལ༔ ཞེས་མེ་ཏོག་འཐོར་ཞིང་། བདུན་པ་ལྷ་ངོ་སྤྲད་པ་ནི། འོ་མདུན་གྱི་དཀྱིལ་འཁོར་འདི་ཉིད་གཡུང་དྲུང་རིན་ཆེན་འབར་བའི་གཞལ་ཡས་གསལ་སྟོང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྫོགས་པའི་དབུས་སུ། འཆི་མེད་རིག་འཛིན་ཡབ་ཡུམ་སྤྲུལ་པའི་མཁའ་འགྲོ་སྡེ་བཞི་འཁོར་རྩ་གསུམ་ལྷ་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་འཐིབས་སེ་བཞུགས་པ་འདི་རྣམས། སྔོན་ནས་ཡི་དམ་གྱི་ལྷ་ཡིན་པས་ད་ལྟ་ཞལ་མཇལ། ད་ཡང་ཡི་དམ་གྱི་ལྷ་ཡིན་པས་མ་བརྗེད་པར་རྒྱུན་དུ་སྒོམས་ཤིག །ཕྱི་མར་ཡང་ཡི་དམ་གྱི་ལྷ་ཡིན་པས་ཐུགས་རྗེས་གཟུང་ཞིང་གཉིས་སུ་མེད་པར་འགྱུར་རོ། །ཞེས་སྤྲོ་བ་བསྐྱེད་ཅིང་ལྷ་ངོ་སྤྲད། དེ་རྣམས་ཀྱིས་ལམ་སྒོ་དབྱེ་བ་རྫོགས་ནས། གཉིས་པ་དངོས་གཞི་ལ་དབང་གི་རྟེན་དུ་ཡེ་ཤེས་པའི་བྱིན་དབབ་པ་དང་། དབང་བསྐུར་བ་གཉིས་ལས། དང་པོ་བྱིན་དབབ་པ་ལ་འདུན་པ་འདི་བཞིན་དུ་མཛོད། སྣོད་བཅུད་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཆི་མེད་རིག་འཛིན་ཆེན་པོ་སྐུ་མདོག་མཐིང་ག་ཞལ་གསུམ་ཕྱག་དྲུག་པ། ཞབས་གཉིས་པད་ཟླའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ། པང་དུ་ཡུམ་ཆེན་ཆགས་བྱམས་རྒྱས་འདེབས་མ་དཀར་དམར་ལང་ཚོས་སྒེག་ཅིང་སྐྲ་གྲོལ་བ་གཉིས་མེད་དུ་འཁྲིལ་བ། དར་དང་རུས་པ་རིན་པོ་ཆེའི་རྒྱན་གྱིས་བཀླུབས་པའི་རྩ་ཁམས་ཐམས་ཅད་ཐིག་ལེ་ཡིག་འབྲུ་ལྷ་སྐུའི་རྣམ་པ་ལམ་གྱིས་བཀྲ་བར་གྱུར། སླར་ཡང་དབོན་གསས་ཀྱི་ཐུགས་ལས་འོད་ཟེར་འཕྲོས་པས། མཁའ་སྤྱོད་དག་པ་རིག་འཛིན་གྱི་གནས་ནས། བླ་ཆེན་དྲན་པ་ཡབ་སྲས་འཁོར་དང་བཅས་པ་སྤྱན་དྲངས་ནས་སློབ་མའི་ལུས་ཀྱི་རྩ་ཁམས་རྣམས་སུ་རྒྱ་མཚོ་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཏུ་ཐིམ་པར་མོས། ཨཱོྃ་ཨཱཿཧཱུྃ༔ ཨ་དཀར་གསལ་འབར་དྲན་པ་མུ་ལ་ཉེ་ལོ་ཡོ་ཨཱ་ཡུཿཔ་ཤཾ་གུ་རུ་པདྨ་ཧ་རི་ནི་ས་སིདྡྷི་ཧྲིང་ཧྲིང་ཧཱུྃ་ཧཱུྃ་ཛཿཛ༔ ལན་གསུམ་དབྱངས་ཀྱིས་བརྗོད་ལ། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་སྐུ་བཞེངས་ཤིག༔ སྐྱེ་མེད་ཞི་བའི་ངང་ཚུལ་ལས༔ ལྷག་མཐོང་ཐུགས་རྗེའི་རྩལ་ཤར་བ༔ སྐུ་ཡི་ངང་ཚུལ་བླ་ཆེན་དང༔ གསུང་གི་ངང་ཚུལ་ཚེ་དབང་དང༔ ཐུགས་ཀྱི་ངང་ཚུལ་པད་འབྱུང་གསུམ༔ གཉིས་མེད་བདེ་སྟོང་ཡུམ་དང་བཅས༔ འཁོར་དུ་རིག་འཛིན་མཁའ་འགྲོས་བསྐོར༔ གནས་མཆོག་འདི་རུ་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དད་མོས་བུ་ལ་བྱིན་གྱིས་རློབས༔ ཏིང་འཛིན་ཡིད་ཀྱི་དཀྱིལ་འཁོར་འདིར༔ ཡེ་ཤེས་ལྷ་ཚོགས་དབང་སྐུར་ཅིག༔ ཨ་འཐས་གྲོལ་བར་བྱིན་གྱིས་རློབས༔ སྣང་སེམས་འདྲེས་པར་བྱིན་གྱིས་རློབས༔ སྣང་ཉམས་འུར་བར་བྱིན་གྱིས་རློབས༔ ཤེས་ཉམས་གྲོལ་བར་བྱིན་གྱིས་རློབས༔ གཅེས་འཛིན་ཐོང་བར་བྱིན་གྱིས་རློབས༔ རེ་དོགས་བྲལ་བར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་བྱིན་དབབ་པ་སོང་ནས། གཉིས་པ་དབང་བསྐུར་རྫོགས་པར་ཞུ་བའི་ཆེད་དུ་གསོལ་བ་གདབ་པ་ནི། སྔོན་གྱི་རྒྱལ་བ་སྲས་བཅས་ལ། །ཇི་ལྟར་དབང་བསྐུར་བསྩལ་བཞིན་དུ། །བདག་ཅག་སྐལ་ལྡན་བུ་རྣམས་ལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ་ནས། དངོས་གཞི་དབང་གི་རིམ་པ་བཞི་ཡི། དང་པོ་ཕྱི་གཞལ་ཡས་བུམ་པའི་དབང་བསྐུར་བ་ནི། བུམ་པ་གཞལ་ཡས་ཁང་གི་ནང་དུ། འཆི་མེད་དྲན་པ་ཡབ་སྲས་མངོན་སུམ་བཞུགས་པའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བབས་པས་རྒྱུད་ལ་དབང་བསྐུར་བྱིན་གྱིས་བརླབས་པར་བསམ། བུམ་པ་ཟླུམ་པོ་བོན་གྱི་དབྱིངས། །ནང་བཅུད་འགག་མེད་ལོངས་སྤྱོད་རྫོགས། ཁ་རྒྱན་སྣ་ཚོགས་ཅིར་ཡང་སྤྲུལ། །གཞལ་ཡས་ལྷ་དང་དབྱེར་མེད་འདིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དཀྱིལ་འཁོར་རྫོགས་པའི་དབང་ཐོབ་ཤོག །ཨ་མ་ཧ་ར་འོད་སྤྲོས་ཉི་རི་བྷ་ར་དྲཾ་འདུ། དེས་གཞལ་ཡས་བུམ་པའི་དབང་སོང་ནས། གཉིས་པ་སྐུ་གཟུགས་ཙཀ་ལི་ཡི་དབང་ནི། རང་བཞིན་གྱི་གནས་ནས་རིགས་མཆོག་དྲན་པ་ཡབ་སྲས་བརྒྱུད་པའི་བླ་མ་དང་བཅས་པ་བྱོན་ནས་རྒྱུད་ལ་བྱིན་གྱིས་བརླབས་པའི་འདུན་པ་མཛོད། ཀུན་ཏུ་བཟང་པོ་སྤྲོས་དང་བྲལ། །གཤེན་ལྷ་འོད་དཀར་ལྷུན་ལ་རྫོགས། །ཚད་མེད་འོད་ལྡན་འགག་མེད་སྐུ །སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱིས། །དབྱིངས་ནས་ཐུགས་རྗེའི་འོད་ཕྱུངས་ལ། །སྐལ་ལྡན་སྨིན་གྲོལ་བྱིན་གྱིས་རློབས། །གུ་རུ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། དྲན་པ་ནམ་མཁའ་བདུད་དཔུང་འདུལ། །ཚེ་དབང་རིག་འཛིན་བོད་ཡུལ་སྒྲོན། །པདྨ་འབྱུང་གནས་སྲིན་པོ་གནོན། །བླ་ཆེན་ཡབ་སྲས་རྣམ་གསུམ་གྱིས། །དབྱིངས་ནས་ཐུགས་རྗེའི་འོད་ཕྱུངས་ལ། །སྐལ་ལྡན་སྨིན་གྲོལ་བྱིན་གྱིས་རློབས། །གུ་རུ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། བཻ་རོ་ཙ་ན་ཐུགས་སྲས་མཆོག །ཡེ་ཤེས་དབལ་མོ་བསྟན་པ་སྐྱོང་། །གཡུང་དྲུང་གླིང་པ་ཟབ་གཏེར་བདག །ཡང་ཟབ་བདག་ཉིད་རྣམ་གསུམ་གྱིས། །དབྱིངས་ནས་ཐུགས་རྗེའི་འོད་ཕྱུངས་ལ། །སྐལ་ལྡན་སྨིན་གྲོལ་བྱིན་གྱིས་རློབས། །གུ་རུ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། མཚུངས་མེད་བསོད་བློ་བཀའ་བབ་ཆེ། །བརྒྱུད་པའི་བླ་མ་མན་ངག་འཛིན། །དྲིན་ཆེན་བླ་མ་དངོས་གྲུབ་བདག །རྩ་བརྒྱུད་དབོན་སྲས་བླ་མ་ཡིས། །དབྱིངས་ནས་ཐུགས་རྗེའི་འོད་ཕྱུངས་ལ། །སྐལ་ལྡན་སྨིན་གྲོལ་བྱིན་གྱིས་རློབས། །གུ་རུ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུར་རོ། །གསུམ་པ་དངོས་གྲུབ་ལྷུན་རྫོགས་གཏོར་མའི་དབང་བསྐུར་བ་ནི། གཏོར་མ་འདི་ཉིད་བླ་ཆེན་དྲན་པ་ཡབ་སྲས་གསུམ་དང་དབྱེར་མེད་པར་གསལ་བས་དབང་བསྐུར་བས་སྐུ་གསུང་ཐུགས་ཀྱི་དབང་རྣམས་རིམ་གྱིས་ཐོབ་པའི་འདུན་པ་མཛོད། ཅེས་འདུན་པ་བསྒོམ་དུ་བཅུག་ལ། གཏེར་གཞུང་ལྟར། ཨཱོྃ༔ དུས་གསུམ་བདེར་གཤེགས་སྐུ་ཡི་ཚབ༔ བླ་ཆེན་དྲན་པ་ནམ་མཁའ་ནི༔ གཏོར་མ་འདི་ལ་རྟེན་བཅས་ནས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འགྱུར་སྐུ་ཡི་དབང་ཐོབ་ནས༔ སྤྲུལ་སྐུས་འགྲོ་དོན་བྱེད་པར་ཤོག༔ རྩ་བསྙེན་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་བརྗོད་ལ་སྤྱི་བོར་བསྐུར། བླ་མའི་དཔྲལ་བ་ནས་ཨཱོྃ་དཀར་པོ་འོད་ཟེར་དང་བཅས་བྱོན་ནས་སྤྱི་བོར་ཐིམ་པས། ལུས་ཀྱི་སྒྲིབ་པ་སྦྱངས། ཐ་མལ་གྱི་སྣང་ཞེན་ལྡོག །འགྱུར་མེད་སྐུ་ཡི་དབང་ཐོབ། ལུས་སྤྲུལ་སྐུར་གྲོལ་བའི་མོས་པ་མཛོད། དེ་ནས་ཡང་། ཨཱ༔ དུས་གསུམ་བདེར་གཤེགས་གསུང་གི་ཚབ༔ རིག་འཛིན་ཚེ་དབང་ཆེན་པོ་ནི༔ གཏོར་མ་འདི་ལ་རྟེན་བཅས་ནས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འགགས་གསུང་གི་དབང་ཐོབ་ནས༔ རྫོགས་སྐུས་འགྲོ་དོན་བྱེད་པར་ཤོག༔ རྩ་བསྙེན་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བསྐུར་པས། བླ་མའི་མགྲིན་པ་ནས་ཨཱཿདམར་པོ་འོད་ཟེར་དང་བཅས་བྱོན་ནས་མགྲིན་པར་ཐིམ་པས། ངག་གི་སྒྲིབ་པ་དག །ཐ་མལ་གྱི་ངག་ཞེན་གྲོལ། འགག་མེད་གསུང་གི་དབང་ཐོབ། ངག་ལོངས་སྐུར་གྲུབ་པའི་མོས་པ་མཛོད། ཡང་། ཧཱུྃ༔ དུས་གསུམ་བདེར་གཤེགས་ཐུགས་ཀྱི་ཚབ༔ གུ་རུ་པདྨ་འབྱུང་གནས་ནི༔ གཏོར་མ་འདི་ལ་རྟེན་བཅས་ནས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་འཁྲུལ་ཐུགས་ཀྱི་དབང་ཐོབ་ནས༔ གདོད་མའི་གཞི་ལ་ལ་བཟླར་ཤོག༔ རྩ་བསྙེན་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་དབང་བསྐུར་པས། བླ་མའི་ཐུགས་ཀ་ནས་ཧཱུྃ་མཐིང་ག་འོད་ཟེར་དང་བཅས་བྱོན་ནས་སྙིང་གར་ཐིམ་པས། ཡིད་ཀྱི་སྒྲིབ་པ་དག །འཛིན་རྟོག་འཁྲུལ་ཞེན་གྲོལ། བདེ་སྟོང་གཉིས་སུ་མེད་པའི་ཉམས་རྒྱུད་ལ་སྐྱེས། འཁྲུལ་མེད་ཐུགས་ཀྱི་དབང་ཐོབ། ཡིད་བོན་སྐུར་སྨིན་པའི་མོས་པ་མཛོད། བཞི་པ་ངོ་སྤྲོད་དོན་གྱི་དབང་བསྐུར་བ་ནི། བུ་ སེམས་ཉིད་གཞི་རྩ་མེད་པ་ལ། སེམས་འབྱུང་འགག་པ་མེད་པར་ཤར་བ་འདི་མ་བཅོས་ཡིན་ལུགས་ཀྱི་སྟེང་དུ་ཤིག་གེ་ལྷན་ནེར་ཞོག །བཞག་སར་མི་སྡོད་པར་འགྱུ་འགྱུ་བུན་བུན་དུ་འདུག་ན། དེ་ཀའི་ངོ་བོ་ལ་ཅེ་རེ་ལྟོས་དང་། དངོས་མེད་དུ་རྗེན་ནེ་ཁྲོལ་ལེ་བ་ཞིག་འདུག་པ་འདི་ཡང་། ངོ་བོ་སྟོང་པ་གཤིས་ལུགས། རང་བཞིན་གསལ་བ་རང་མདངས། དབྱེར་མེད་ཐུགས་རྗེ་རིག་སྟོང་དུ་སྐུ་གསུམ་ངོ་བོ་ཡིན་པར་ཐག་ཆོད་ཅིག །དེས་ངོ་སྤྲོད་ཚིག་གི་དབང་བསྐུར་བ་བཅས་དངོས་གཞིའི་དབང་རྣམས་རྫོགས་པར་ཐོབ་པའི་གཏང་རག་ཏུ་ཞིང་ཁམས་འབུལ་བར་མཛོད། ཅེས་བསྐུལ་བས། སློབ་མས་མཎྜལ་འབུལ། དེ་ནས་མཐར་ཕྱིན་པ་རྗེས་ཀྱི་བྱ་བ་ལ་གཉིས་ལས། དང་པོ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་མེ་ཏོག་གི་ཆར་སིལ་མར་བསྙིལ་བ་དང་ཆབས་ཅིག་པར་བཀྲ་ཤིས་པའི་ཆོ་ག་མཛད་པའི་འདུན་པ་མཛོད། ཅེས་བཀྲ་ཤིས་ཀྱི་ཚིག་ཕྲེང་བརྗོད་ཅིང་མཐའ་བཙན་པར་བྱ། གཉིས་པ་ད་ལན་གྱི་དགེ་རྩ་འདི་དག་གིས་མཚོན་པའི་དུས་གསུམ་གྱི་རྣམ་དཀར་ཇི་སྙེད་མཆིས་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། སྔ་རབས་འདས་པའི་སོགས་བརྗོད། དེ་ལྟར་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གཅས་ས་གཅད་རྣམ་པ་གསུམ་གྱིས་བླ་ཆེན་ཡབ་སྲས་བཅུད་དྲིལ་གྱི་དབང་བསྐུར་རྫོགས་པར་ཐོབ་པ་ཡིན་ནོ། །ཨ་ཧོ་བླ་མེད་ཐེག་པའི་རྒྱལ་མཚན་རྩེར། །བླ་སྒྲུབ་ཡིད་བཞིན་དབང་གི་ཏོག་ཆེན་པོ། །མངོན་པར་གསལ་བས་སྨིན་བྱེད་འདོད་རྒུའི་ཆར། །འབེབ་པ་སྐལ་བ་ལྡན་པའི་སྤྱོད་ཡུལ་ལོ། །ཟབ་མོ་སྐུ་གསུང་ཐུགས་ཀྱི་དྲིལ་སྒྲུབ་ལ། །དབང་ཆོག་སྔོན་ཆད་མཛད་པ་མང་བཞུགས་བཞིན། །སླར་ཡང་སྨྲས་འདི་དགོས་ཆེད་ཆེར་དབེན་ཡང་། །སྐྱབས་རྗེ་མཆོག་གི་བཀའ་བསྩལ་ཇི་བཞིན་བསྐྲུན། །འདི་ལྟར་སྨྲས་ལ་ལུང་འགལ་གྱུར་སྲིད་གང་། །རིག་འཛིན་གྱེར་སྤུངས་སྐུ་གསུང་ཐུགས་ལ་བཤགས། །དགེ་བ་མཁའ་མཉམ་འགྲོ་བ་མ་ལུས་པ། །རིག་འཛིན་བླ་མའི་ས་ཆེན་ཐོབ་ཕྱིར་བསྔོ། །ཞེས་པའི་ཚུལ་འདིའང་༧སྐྱབས་རྗེ་མཁྱེན་བརྩེའི་དབང་པོའི་བཀའ་ནན་གུས་པས་བསྒྲུབ་ཕྱིར། མདོ་ཁམས་ལྕང་ལུང་པ་དྲུང་མུའི་མིང་གིས་རབ་ཚེས་དཀར་པོ་ཞེས་པ་ས་སྦྲུལ་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་ཕུན་ཚོགས་གླིང་དུ་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
གཞན་ཡང་གདམས་པ་སྣ་ཚོགས་ལས༔ ཟབ་མོ་མཁའ་འགྲོའི་སྒྲུབ་ཐབས་ (Volume 36, Text 49)
༁ྃ༔ གཞན་ཡང་གདམས་པ་སྣ་ཚོགས་ལས༔ ཟབ་མོ་མཁའ་འགྲོའི་སྒྲུབ་ཐབས་བཞུགས༔ ྈྈྈྈྈྈྈ ཆོས་ཀྱི་དབྱིངས་ལས་ཀུན་བཟང་མོ༔ ལོངས་སྤྱོད་རྫོགས་སྐུ་དབྱིངས་ཕྱུག་ལྔ༔ མཁའ་སྤྱོད་དབང་མོ་ཌཱ་ཀི་མ༔ གསང་བ་ཡེ་ཤེས་མ་ལ་འདུད༔ དེ་ཉིད་སྒྲུབ་པའི་མན་ངག་ནི༔ ངེས་འབྱུང་ལྡན་པའི་གང་ཟག་གིས༔ གུས་པ་ཆེན་པོས་བླ་མ་བསྟེན༔ དབང་གིས་རྒྱུད་སྨིན་མན་ངག་གནད༔ ལེགས་པར་ཞུས་ནས་ཉམས་དགའ་བ༔ བཀྲ་ཤིས་དབེན་པའི་གནས་སུ་འདུག༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ དང་པོ་སྦྱོར་བའི་རིམ་པ་ནི༔ མདུན་གྱི་ནམ་མཁར་བླ་མ་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ རྩེ་གཅིག་དབང་བཞི་ཡང་ཡང་བླང༔ དེ་ནས་བླ་མ་རང་ལ་བསྟིམ༔ ཐུགས་ཡིད་བསྲེ་ཞིང་མཉམ་པར་བཞག༔ ས་མ་ཡ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ རླུང་རོ་བསལ་ལ་རྣལ་དུ་དབབ༔ ལུས་གནད་ཆོས་བདུན་དང་ལྡན་པས༔ གསང་བ་ཡེ་ཤེས་སྐུ་རུ་བསྒོམ༔ རྩ་གསུམ་འཁོར་ལོ་བཞི་གསལ་གདབ༔ རྔུབ་དགང་གཞིལ་བའི་རླུང་སྦྱངས་པས༔ ལྟེ་འོག་ཉི་སྟེང་ཨ་ཤད་དམར༔ རླུང་གིས་བུས་པས་མེ་འབར་ནས༔ ལུས་ཀྱི་ཕྱི་ནང་རིམ་པར་སྦར༔ སྤྱི་བོའི་ཧཾ་ཡིག་ཞུ་བ་ཡིས༔ ཐིག་ལེ་འཁོར་ལོ་བཞི་རུ་དབབ༔ དགའ་བ་བཞི་བསྒོམ་སླར་ཡང་ཟློག༔ ཁྱད་པར་འཁོར་ལོ་བཞི་རུ་གཟུང༔ རྗེས་སུ་ལུས་རྣམས་ཁྱབ་པར་དགྲམ༔ བདེ་ལ་སེམས་འཛིན་སྟོང་པར་བཞག༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ ཐིག་ལེ་དབབ་ཟློག་ལེགས་བྱང་བས༔ མཚན་དང་ལྡན་པའི་རིག་མ་འགུགས༔ མོ་ཡིས་མཚན་ལྡན་དཔའ་བོ་བཙལ༔ རྗེ་བཙུན་གྲོགས་དང་ཁོལ་པོ་བཞིན༔ རབ་འབྲིང་ཐ་མའི་བསྟན་ལུགས་ཀྱིས༔ རྒྱུད་སྦྱང་དབང་བསྐུར་བསྐྱེད་རྫོགས་བརྟན༔ རབ་ནི་སྟོང་ཉིད་རྟོགས་པ་དང༔ འབྲིང་ནི་རྩ་རླུང་འབྱོངས་པ་དང༔ ཐ་མ་ཏིང་འཛིན་གསལ་ལྡན་པས༔ བྱིན་རླབས་མཉམ་པའི་འདུ་ཤེས་གསུམ༔ ལྡན་པས་སྦྱོར་བའི་སྒྱུ་རྩལ་གྱིས༔ ཐིག་ལེ་དབབ་གཟུང་ཟློག་ཁྱབ་ཀྱིས༔ ལྷན་སྐྱེས་བདེ་ཆེན་གཏན་ལ་དབབ༔ དཔེ་ཡི་ཡེ་ཤེས་དེ་ཉིད་ཀྱིས༔ དོན་གྱི་འོད་གསལ་ལ་སྦྱོར་ནས༔ མཆོག་གི་དངོས་གྲུབ་ངེས་པར་ཐོབ༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་ཚོགས་གསག་ནི༔ ཡེ་ཤེས་མཁའ་འགྲོ་སྐྱབས་སུ་གཟུང༔ སངས་རྒྱས་མྱུར་ཐོབ་སེམས་བསྐྱེད་དོ༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ བླ་མ་མཁའ་འགྲོས་དབང་བཞི་བསྐུར༔ དབྱེར་མེད་རང་ལ་ཐིམ་པ་ཡིས༔ བདེ་ཆེན་འོད་གསལ་ངང་ལ་བཞག༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་ལྟ་བ་ནི༔ སེམས་ཉིད་སྟོང་པ་ཡེ་ཇི་བཞིན༔ འོད་གསལ་ཡེ་ཤེས་ལྷུན་གྱིས་གྲུབ༔ གསལ་སྟོང་ཟུང་འཇུག་བདེ་བ་ཆེ༔ ཆོས་ཀུན་བྱང་ཆུབ་སེམས་ལ་གནས༔ གཞི་ལ་གནས་པའི་ཡེ་ཤེས་ཉིད༔ ལམ་དུས་འབྲས་བུ་མངོན་དུ་གྱུར༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་ཏིང་འཛིན་ནི༔ ཧྲཱིཿབྷྲཱུྃ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བྱང་ཆུབ་སེམས་ལས་བྱུང་བ་ཡི༔ སྣང་སྲིད་མཁའ་འགྲོ་རོལ་པའི་ཞིང༔ རྡོ་རྗེ་སྲུང་བའི་འཁོར་ལོའི་ནང༔ ཆོས་འབྱུང་གྲུ་གསུམ་འབར་བའི་དབུས༔ པདྨ་ཉི་མ་བམ་རོའི་སྟེང༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལྡན༔ སྐྱེ་ཤི་གཅོད་པའི་གྲི་གུག་གདེངས༔ འཁོར་བ་སྟོང་མཛད་ཐོད་ཁྲག་བསྣམས༔ སྤྱན་གསུམ་ཆགས་པའི་ལྟ་སྟངས་ཅན༔ ལང་ཚོ་རྒྱས་པ་བཅུ་དྲུག་ཚུལ༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ སྨིན་མཚམས་དགའ་འཁྱིལ་དམར་པོ་འཁོར༔ དབུ་སྐྲ་ནག་སྣུམ་རྒྱབ་ཏུ་འཆིང༔ ཐོད་སྐམ་ལྔ་ཡིས་དབུ་བརྒྱན་ཅིང༔ རུས་པའི་རྒྱན་དྲུག་མཛེས་པར་བྱས༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་བཞེངས༔ དཔའ་བོ་ཁ་ཊྭཱཾ་ག་འཁྲིལ་ཞིང༔ འོད་ཟེར་དམར་པོ་མཐའ་ཡས་འབར༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང༔ རང་འདྲའི་རིགས་ཀྱི་མཁའ་འགྲོ་བཞི༔ མཐིང་སེར་དཀར་ལྗང་མདངས་འོད་འཚེར༔ རིགས་ཀྱི་ཕྱག་མཚན་གྲི་ཐོད་བསྣམས༔ གནས་ཡུལ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ རྩོལ་མེད་ངང་གིས་གསལ་གདབ་བོ༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་སྤྱོད་པ་ནི༔ བླ་མ་སངས་རྒྱས་དངོས་སུ་མཐོང༔ སྙིང་གའི་དཀྱིལ་དུ་མི་འབྲལ་ཞིང༔ མཆེད་ལྕམ་རྣམས་ནི་ཡི་དམ་ལྷ༔ བརྩེ་གདུང་ལུས་དང་གྲིབ་བཞིན་འགྲོགས༔ བདུད་རྩི་ལྔ་དང་ཤ་ཆང་རྣམས༔ མི་འབྲལ་ལོངས་སྤྱོད་ཆེན་པོར་རོལ༔ རྐང་གླིང་ཌཱ་རུ་ཞིང་ལྤགས་གསུམ༔ མཁའ་འགྲོ་འབོད་པའི་རྫས་སུ་བརྟེན༔ ཁ་ཊྭཱཾ་རུས་རྒྱན་གཡེར་ཁ་རྣམས༔ མཁའ་འགྲོའི་བརྟུལ་ཞུགས་སྤྱོད་པའི་ཆས༔ འཚོགས་པའི་ནང་དུ་གསང་ཐུབ་ཅིང༔ དབེན་པར་གསང་བའི་བརྟུལ་ཞུགས་བསྟེན༔ མཚན་ལྡན་དཔའ་བོ་དཔའ་མོ་ནི༔ མང་དུ་བརྟེན་ཅིང་རྩེ་འཇོ་ཡིས༔ སྲོག་ལྡན་གླུ་དང་གར་བརྩོན་པས༔ མཁའ་འགྲོའི་དངོས་གྲུབ་མྱུར་དུ་ཐོབ༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་ཕྲིན་ལས་ནི༔ ཚོགས་མཆོད་རྟེན་རྣམས་འདུ་བྱས་ལ༔ ཧྲཱི༔ སེམས་ཉིད་རྣམ་པར་དག་པ་ལ༔ འཁྲུལ་པའི་བགེགས་ཚོགས་མིང་ཡང་མེད༔ ཆོས་རྣམས་བྱང་ཆུབ་སེམས་ཀྱི་དབྱིངས༔ རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ སྣོད་རྣམས་མ་ལུས་མཁའ་འགྲོའི་ཞིང༔ བཅུད་རྣམས་ཡེ་ཤེས་མཁའ་འགྲོའི་སྐུ༔ རྫས་རྣམས་བདེ་ཆེན་ཡེ་ཤེས་བཅུད༔ ཕྱི་ནང་གསང་མཆོད་ནམ་མཁའ་གང༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིའི་ཕྲིན་ལས་རིམ་པ་ནི༔ ཧྲཱི༔ སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས༔ འགག་མེད་ལོངས་སྐུའི་ཞིང་ཁམས་ནས༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧྲཱི༔ སྣོད་བཅུད་ཡབ་ཡུམ་སྦྱོར་བ་ལས༔ འདོད་ཡོན་རྣམ་ལྔ་ལྷུན་གྱིས་གྲུབ༔ ཐབས་དང་ཤེས་རབ་སྦྱོར་བ་ཡིས༔ གསང་བའི་མཆོད་སྤྲིན་ནམ་མཁའ་གང༔ གསལ་སྟོང་དབྱེར་མེད་རོ་གཅིག་པའི༔ ཡང་གསང་མཆོད་པ་བླ་ན་མེད༔ གཉིས་མེད་མཉམ་པར་འབུལ་ལགས་ན༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧྲཱི༔ སྟོང་ཉིད་ངང་ལས་ཆོས་ཀྱི་སྐུ༔ འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྒྱུ་འཕྲུལ་འཆང༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྗེས་ཀྱི་ཕྲིན་ལས་རིམ་པ་ནི༔ ཧྲཱི༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་ཡེ་ཤེས་བདུད་རྩིས་བཀང༔ བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་འཁྲིགས༔ བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧྲཱི༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ཚོགས་མཁའ་འགྲོ་སྤྱན་འདྲེན་གྱིས༔ བདེ་ཆེན་གར་ཐབས་ཤིགས་སེ་ཤིག༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་རོལ་མོ་དི་རི་རི༔ རྣལ་འབྱོར་ཕོ་མོའི་འདུ་བ་ལ༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཧྲཱི༔ འདོད་ཡོན་ཕྱི་ཡི་མཆོད་པ་འདི༔ མཁའ་འགྲོའི་སྐུ་ལ་མཉེས་མཆོད་འབུལ༔ བདེ་ཆེན་སྦྱོར་བའི་མཆོད་པ་འདི༔ མཁའ་འགྲོའི་གསུང་ལ་མཆོད་པ་འབུལ༔ བདེ་སྟོང་དབྱེར་མེད་མཆོད་པ་འདི༔ མཁའ་འགྲོའི་ཐུགས་ལ་མཆོད་པ་འབུལ༔ བདེ་བ་ཆེན་པོའི་ཀློང་དུ་བསྐང༔ གཉིས་སུ་མེད་པའི་དབྱིངས་སུ་བཤགས༔ དུག་གསུམ་རང་གྲོལ་ངང་དུ་བསྒྲལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ས་མ་ཡ་ཤུདྡྷེ་ཨ༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཕཊ༔ ཁ་ཁ་ཁཱ་ཧི༔ བདེ་ཆེན་ག་ཎའི་སྤྱོད་པ་བསྐྱང༔ འདོད་ཡོན་ལྔ་ལ་རོལ་པར་བྱ༔ ལྷག་མ་བསྡུས་ལ་བྱིན་གྱིས་བརླབ༔ ཧྲཱི༔ ཡེ་ཤེས་དབྱིངས་ཀྱི་རོལ་པ་ལས༔ མཁའ་འགྲོ་མི་བཟད་འབར་བའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ ཌཱ་ཀ་ཌཱ་ཀི་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ༔ མཁའ་འགྲོའི་བསྙེན་སྒྲུབ་ལས་གསུམ་ནི༔ དང་པོ་བསྙེན་པའི་རིམ་པ་ནི༔ སྤྱི་དང་བྱེ་བྲག་སྐུ་གསལ་ཞིང༔ དག་པ་དྲན་ཅིང་ང་རྒྱལ་གཟུང༔ ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་ལ༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་དངོས་གྲུབ་ཚུར་བསྡུས་ཐིམ༔ མཁའ་ཁྱབ་འགྲོ་བའི་སྒྲིབ་པ་སྦྱངས༔ ཡེ་ཤེས་མཁའ་འགྲོའི་ས་ལ་བཀོད༔ འོད་ཟེར་ཐམས་ཅད་ཚུར་འདུས་པས༔ བདག་གི་སྒྲིབ་སྦྱངས་བྱིན་གྱིས་བརླབས༔ དངོས་གྲུབ་རྣམས་ཀྱི་སྣོད་དུ་གྱུར༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ས་མ་ཡ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ ཐིག་ལེ་འགྱུར་མེད་གར་གྱི་དབང༔ དམར་གསལ་པདྨ་ཚེ་བུམ་འཛིན༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་ལས༔ སྔགས་ཀྱི་ཕྲེང་བ་ནར་གྱིས་བྱུང༔ སྐུ་ཡི་ནང་བརྒྱུད་ཤངས་ནས་ཐོན༔ ཁ་ཊྭཱཾ་དཔའ་བོ་ཡབ་ཏུ་གྱུར༔ ཤངས་ནས་ཞུགས་ཤིང་མགྲིན་པ་ནས༔ རྡོ་རྗེ་ནོར་བུའི་རྩེ་མོ་ལས༔ འགལ་མེའི་འཁོར་ལོ་བཞིན་དུ་འཁོར༔ པདྨ་ནས་བརྒྱུད་སྙིང་གར་ཐིམ༔ བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས༔ སྣོད་བཅུད་དཀྱིལ་འཁོར་གསལ་བར་བྱས༔ ནམ་མཁའི་མཐའ་མཉམ་ལྷ་ཚོགས་ཀྱི༔ གནས་གསུམ་ལས་ནི་འོད་ཟེར་བྱུང༔ བདག་ལ་ཐིམ་པས་བདེ་ཆེན་སྤར༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ༔ ས་མ་ཡ༔ གསུམ་པ་ལས་སྦྱོར་རིམ་པ་ནི༔ ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལས༔ འོད་འཕྲོས་འཁོར་གྱི་ལྷ་མོ་ཡིས༔ རང་འདྲ་དུ་མ་སྤྲོས་ནས་སུ༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་བསམ༔ ཧྲཱིཿམ་ཧ་རི་ནི་ས་ཨོཾ་བྷྲཱུྃ་ཧྲཱིཿཧཱུྃ༔ ས་མ་ཡ༔ མཁའ་འགྲོའི་དཀྱིལ་འཁོར་ལ་འཇུག་པ༔ སློབ་མས་གསེར་གྱི་མཎྜལ་འབུལ༔ རྗེ་བཙུན་བླ་མ་རྣལ་འབྱོར་མ༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ཧོ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་དང་ཡན་ལག་དང༔ གལ་མདོ་ངེས་པའི་དམ་ཚིག་རྣམས༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིར༔ ཞུགས་ནས་དམ་ཚིག་ཐུབ་པར་གྱིས༔ གསང་བ་བླ་ན་མེད་པ་རྣམས༔ གཞན་དུ་སྨྲ་བར་མི་བྱ་འོ༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ས་མ་ཡ༔ ཡེ་ཤེས་མཁའ་འགྲོའི་དབང་བསྐུར་ནི༔ ཧཱུྃ༔ བུམ་པ་དབྱིངས་ཀྱི་ཞིང་ཁམས་སུ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཤར༔ བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་བ་ལྷ་རུ་རྟོགས་པར་ཤོག༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བླ་མ་ཡབ་ཡུམ་དབྱིངས་ཡེ་ཤེས༔ སྙོམས་པར་ཞུགས་པའི་ཡེ་ཤེས་སེམས༔ ཧྲཱིཿཡི་ཚོགས་སུ་དབབ་བྱས་ནས༔ སྐལ་ལྡན་ལྕེ་ལ་བཞག་པ་ཡིས༔ ཕུང་ཁམས་སྔགས་སུ་དག་པར་ཤོག༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབྱིངས་ཀྱི་རང་བཞིན་རིག་མ་ལ༔ ཡེ་ཤེས་ཐབས་ཀྱིས་སྦྱོར་བ་ཡིས༔ བདེ་ཆེན་དགའ་བཞི་ཉམས་མྱོང་བ༔ སྐལ་ལྡན་གསང་བར་དབང་བསྐུར་བས༔ རིག་སྟོང་དབྱེར་མེད་རྟོགས་པར་ཤོག༔ པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབྱིངས་ཉིད་སྟོང་པ་རང་བྱུང་ཤེལ༔ བདེ་ཆེན་ཡེ་ཤེས་དྭངས་ཤིང་གསལ༔ གསལ་སྟོང་དབྱིངས་ཡེ་དབྱེ་བ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དབྱིངས་ཡེ་ཟུང་འཇུག་རྟོགས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ མཁའ་འགྲོའི་རྫོགས་རིམ་ཟབ་མོ་ནི༔ གཟུང་དང་འཛིན་པའི་ཆོས་ཐམས་ཅད༔ སྟོང་ཉིད་ཡིན་པར་གཏན་ལ་དབབ༔ སེམས་ཉིད་སྐྱེ་འགག་གནས་གསུམ་བྲལ༔ སྟོང་པ་སང་ངེ་ཡེ་ཇི་བཞིན༔ དེ་ལ་གསལ་བ་ལམ་མེ་བ༔ རིག་པས་མྱང་བྱར་ཡོད་པ་ནི༔ ཡེ་ཤེས་འོད་གསལ་ལྷུན་གྱིས་གྲུབ༔ གསལ་སྟོང་གཉིས་མེད་བྱང་ཆུབ་སེམས༔ སྟོང་གསལ་རིག་པའི་སྙིང་པོ་ཅན༔ གསལ་བ་ཡེ་ཤེས་སྟོང་པ་དབྱིངས༔ དབྱིངས་ཡེ་གཉིས་མེད་བྱང་ཆུབ་སེམས༔ རྟོག་མེད་འགག་མེད་རྩལ་ཤར་བ༔ འདི་ངང་མ་བཅོས་པར་བཞག་པས༔ གནས་ལུགས་ཟབ་མོའི་གདིང་ཐོབ་ནས༔ ཡེ་ཤེས་མཁའ་འགྲོ་མངོན་དུ་འགྱུར༔ ས་མ་ཡ༔ ཁྱད་པར་མཁའ་འགྲོའི་སྙིང་ཐིག་ནི༔ རིག་པ་སྟོང་ཉིད་ཧད་དེ་བ༔ ཆོས་སྐུ་རྗེན་པར་ངོ་འཕྲོད་ནས༔ ཉོན་མོངས་རྟོག་པ་ཅི་ཤར་ཡང༔ ཆོས་སྐུའི་རོལ་པར་ཐག་བཅད་དོ༔ གདོད་ནས་གྲོལ་བས་བསྐྱར་མི་དགོས༔ རེ་དོགས་བྱར་མེད་གདིང་ལྡན་པས༔ བཞུགས་སྟངས་གསུམ་གྱི་གནད་བཅིངས་ཏེ༔ གཟིགས་སྟངས་གསུམ་གྱིས་རྟེན་ལ་གཏད༔ དེ་ཚེ་ནང་དབྱིངས་ཕྱིར་ཤར་བ༔ དབྱིངས་ལ་འོད་ཀྱི་ཐིག་ལེས་བརྒྱན༔ དེ་ལ་རིག་པ་ལུག་རྒྱུད་དུ༔ ཆོས་ཉིད་དག་པའི་སྣང་བ་ཤར༔ རླུང་སེམས་དབང་པོ་དེ་ལ་གཏད༔ སྨིན་མཚམས་དྲལ་ཞིང་འོད་ལྔའི་དབུས༔ པད་འདབ་དང་ནི་པད་ཕྲེང་དང༔ མཆོད་རྟེན་མཁར་ཐབས་ལ་སོགས་པ༔ རིམ་པ་བཞིན་དུ་ཉམས་སྣང་འཕེལ༔ སྐུ་རྐྱང་འཁྲིལ་སྦྱོར་མཐའ་ཡས་པ༔ རིག་པ་ཚད་ལ་ཕེབས་ནས་སུ༔ གདོད་མའི་ཟད་སར་མངོན་སངས་རྒྱས༔ ས་མ་ཡ༔ ཡོན་ཏན་ཏིང་འཛིན་སྒོ་མང་ལྡན༔ གཟུང་དང་འཛིན་པ་ཀུན་ཟད་ནས༔ ཆོས་སྐུ་རིས་མེད་མཁའ་ལ་ཁྱབ༔ གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་པ༔ གཞི་སྣང་གྲོལ་བ་བཞི་ལྡན་གྱིས༔ ཕྱི་མ་བར་དོ་འཆི་ཀ་དང༔ ཚེ་འདི་ལོ་བདུན་རིམ་པ་བཞིན༔ སྐུ་དང་ཡེ་ཤེས་འབྲས་བུ་འགྲུབ༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པའི་རྟགས་མཚན་ཡང༔ བསྐྱེད་རིམ་གསལ་བ་གསུམ་དང་ལྡན༔ རྫོགས་རིམ་རླུང་སེམས་ལས་སུ་རུང༔ ཐིག་ལེ་བདེ་ཆེན་ཡེ་ཤེས་རྟོགས༔ ཁྲེགས་ཆོད་ལྟ་བས་ཐག་ཆོད་ནས༔ ཐོད་རྒལ་འབྲས་བུའི་ས་ལ་སྦྱོར༔ གཞན་ཡང་ཞལ་མཐོང་གསུང་ཐོས་ཤིང༔ སྐུ་གསུང་ཐུགས་རྟགས་མཐོང་བ་དང༔ སྒྲུབ་རྟེན་རྣམས་ལ་འོད་འབར་ཞིང༔ མེ་འབར་དུ་བ་འཕྱུར་བ་དང༔ དྲི་བཟང་འཐུལ་དང་སྒྲ་སྙན་ཐོས༔ སྒྲུབ་རྫས་ཁོལ་ཞིང་འཕེལ་བ་དང༔ མར་མེ་ཚེ་རིང་རྨི་ལམ་དུ༔ ཉི་ཟླ་ཤར་དང་གོས་བཟང་གྱོན༔ རིན་ཆེན་ཕྲེང་བ་མེ་ཏོག་རྙེད༔ སིནྡྷུ་ར་ཡི་ཆར་པ་འབེབ༔ གྱེན་ལ་ཕྱིན་དང་རི་རྩེར་འདུག༔ ཁྲི་བཟང་ཁང་བཟང་འདུག་པ་དང༔ བུད་མེད་རྒྱན་བཟང་འདུས་པ་དང༔ སྐུ་གཟུགས་མཇལ་དང་ཕྱག་མཚན་རྙེད༔ གླེགས་བམ་ཀློག་པ་ལ་སོགས་པ༔ ཉམས་དགའ་རིག་པ་དྭངས་པ་དང༔ ཉིན་མོ་ཟང་ཟིང་འདུ་བ་དང༔ མཚན་མོ་མཚན་ལྡན་གྲོགས་འདུ་བ༔ བཀའ་བཙན་འགྲོ་དོན་འཕེལ་བ་ནི༔ མཁའ་འགྲོ་འགྲུབ་པའི་ལྟས་སུ་ཤེས༔ ས་མ་ཡ༔ མཁའ་འགྲོའི་གྲིབ་སེལ་བྱ་བ་ནི༔ སྨན་རག་གཏོར་ཚོགས་རྒྱས་པར་བཤམ༔ འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་ལ༔ མར་མེ་ཁྲག་ཀོང་ལྔ་ལྔས་བརྒྱན༔ བུམ་པ་ཨ་མྲྀཏ་ཡིས་བཀང༔ གྲིབ་བདག་བུད་མེད་ནག་མོ་ལྔ༔ དར་ནག་ཕྱགས་ཤིང་ཐོགས་པ་ལ༔ ཤ་ཁྲག་གཏོར་མ་ཡས་ཀྱིས་བསྐོར༔ ནམ་མཁའ་མཛོད་དུ་བྱིན་བརླབས་ནས༔ ཧྲཱི༔ ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ སྨན་རཀ་གཏོར་གསུམ་མཆོད་པ་འབུལ༔ ཡེ་ཤེས་མར་མེས་ཐུགས་དམ་བསྐང༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ གྲིབ་དང་མི་གཙང་དབྱིངས་སུ་སོལ༔ བུམ་པ་རང་བྱུང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ གྲིབ་སེལ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨ་ཨ་ཨ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཀྱེ༔ གྲིབ་བདག་ཐམས་ཅད་སྤྱན་འདྲེན་གྱིས༔ གཟུགས་ལ་དབྱེར་མེད་དམ་ལ་གནས༔ ཤ་ཁྲག་བདུད་རྩིའི་རྒྱ་མཚོ་དང༔ དཀོར་ཆ་སྣ་ཚོགས་འདི་བཞེས་ལ༔ གྲིབ་བདག་རྣམས་ཀྱིས་གྲིབ་ལོངས་ཤིག༔ ཀག་ཟློག་རྣམས་ཀྱིས་ཀག་ཟློག་ཅིག༔ འབྲང་རྒྱས་ཕྱེད་གཤག་ཁྲག་ཀོང་དུ༔ མཆིལ་མ་དོར་ནས་མདོས་ལ་འབུལ༔ དགྲ་དང་བགེགས་ཀྱི་ཕྱོགས་སུ་འཕང༔ བྷྱོ༔ གྲིབ་བདག་ཐམས་ཅད་དགྲ་ལ་བྷྱོ༔ མི་གཙང་གྲིབ་རྣམས་ཁྱོད་ཀྱིས་ལོངས༔ རྐྱེན་དང་བར་ཆད་ཁྱོད་ཀྱིས་ཟློག༔ གྲིབ་ཟོར་ནག་པོ་དགྲ་ལ་རྒྱོབ༔ གྲིབ་དང་མི་གཙང་བ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ ཡས་རྣམས་ཆུ་བོའི་གཞུང་དུ་བསྐྱལ༔ ཀོང་ཟོར་དཔལ་འབར་བཙུགས་པ་འཕང༔ བྷྱོ༔ ཡེ་ཤེས་མཁའ་འགྲོ་མཐུ་རྩལ་ཅན༔ ཕྱག་ན་ཡེ་ཤེས་མེ་ཟོར་བསྣམས༔ སྟོང་གསུམ་གང་བའི་གྲིབ་རྣམས་སྲེགས༔ ཡེ་ཤེས་མེ་ཡིས་མཚམས་ཆོད་ཅིག༔ ཛྙཱ་ན་ཛྭ་ལ་རཾ༔ ཉམས་གྲིབ་ཁྲུས་ཀྱིས་སྦྱོང་བ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཐུགས་དམ་ཅན༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ བདག་དང་བསྲུང་བྱར་ཁྲུས་བགྱིས་པས༔ མི་གཙང་དྲི་མ་དག་པར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ༔ བཀྲ་ཤིས་དགའ་སྟོན་རྒྱ་ཆེར་བྱ༔ ས་མ་ཡ༔ ལས་ཀྱི་མཁའ་འགྲོའི་སུན་ཟློག་ནི༔ ཡེ་ཤེས་མཁའ་འགྲོའི་དཔལ་གཏོར་ལྔ༔ ལས་ཀྱི་མཁའ་འགྲོར་དམར་གཏོར་ལྔ༔ སྐུ་གླུད་རིན་ཆེན་རྒྱན་ལྡན་བཤམ༔ ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས༔ བདུད་རྩི་སྨན་དང་རཀྟས་བྲན༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ མཁའ་འགྲོ་རྣམས་ཀྱི་སུན་མ་ཟློག༔ དུག་ལྔའི་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ བྷྱོ༔ ལས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ སྣང་སྲིད་ལྷ་འདྲེས་ཡས་ལོངས་ལ༔ ལས་ཀྱི་མཁའ་འགྲོ་དབྱིངས་སུ་གཤེགས༔ སྣང་སྲིད་ལྷ་འདྲེ་གནས་སུ་དེངས༔ སརྦ་ཨུཙྪ་ཏ་ཡ་ཕཊ༔ མདོས་གླུད་རི་བོའི་རྩེ་རུ་བསྐྱལ༔ སྲུང་འཁོར་བསྒོམ་ཞིང་ཚེ་འགུག་བྱ༔ ས་མ་ཡ༔ ཡེ་ཤེས་མཁའ་འགྲོའི་མེ་མཆོད་ནི༔ དབང་གི་ཐབ་ཁུང་ཟླ་གམ་ནང༔ དམར་པོའི་ཤིང་བརྩེགས་མར་ཁུ་དང༔ ཟས་སྣ་མེ་ཏོག་དམར་པོའི་རིགས༔ སིནྡྷུ་ར་དང་སྦྱར་ནས་ཀྱང༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་དམིགས༔ མེ་ལྷ་དམར་པོ་ཆགས་པའི་ཉམས༔ ལྕགས་ཀྱུ་ཞགས་འཛིན་ལྗགས་སྟེང་རཾ༔ དགང་བླུག་འབྲུ་གསུམ་སྲེག་བླུག་བཞེས༔ ཨོཾ་ཨགྣི་རཱ་ཛ་བ་ཤཾ་ཀུ་རུ་ཧོ༔ མེ་ལྷ་ཕྱག་ཚང་རྣམ་པར་བཞེངས༔ ཡེ་ཤེས་མེ་ཕུང་རྣོ་ཞིང་འཁྱུག༔ ནང་དུ་ཡེ་ཤེས་མཁའ་འགྲོའི་ཚོགས༔ ལྗགས་སྟེང་ཧྲཱིཿཡིག་འབར་བ་ཡིས༔ སྲེགས་བླུག་བདུད་རྩིའི་རང་བཞིན་འཕྲོས༔ སྐུ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཕྲོས་པས་གང་འདོད་དབང་དུ་གྱུར༔ ལས་སྔགས་སྤེལ་ཚིག་བཅས་པས་འབུལ༔ ཡེ་ཤེས་རང་བསྟིམ་འཇིག་རྟེན་གཤེགས༔ ས་མ་ཡ༔ མཁའ་སྤྱོད་རིལ་བུ་སྒྲུབ་པ་ནི༔ ཨ་མྲྀཏ་དང་སིནྡྷུ་ར༔ སྦྱར་བའི་རིལ་བུ་ཐོད་པར་བླུགས༔ མེ་ལོང་སིནྡྷུ་སྔགས་ཀྱིས་མཚན༔ ལེ་བརྒན་དམར་པོས་ཁ་བཅད་ལ༔ གསང་བ་ཡེ་ཤེས་འཁོར་བཅས་བསྒོམ༔ ཡེ་ཤེས་མཁའ་འགྲོ་འབུམ་འབུམ་བསྟིམ༔ སྒྲུབ་པའི་སྔགས་ཉིད་ཁོ་ན་བཟླ༔ རྟགས་བྱུང་ལྷ་རྣམས་རིལ་བུར་བསྟིམ༔ ས་མ་ཡ༔ བཅུད་ལེན་རིལ་བུ་སྒྲུབ་པ་ནི༔ ཅོང་ཞི་་་བྲེ་གང་།བྲག་ཞུན་་་ཕུལ་གང་།བདུད་རྩིའི་ཤིང༔་་་ཤིང་མངར་ཆ་མཉམ་ཕུལ་གང་། བུར་སྦྲང་་་བྲེ་རེ།མར་ཁུའི་རྟ་དང་སྦྱར༔ ཐོད་པ་མཚན་ལྡན་ནང་དུ་བླུགས༔ མེ་ལོང་དར་གྱིས་ཁ་བཀབ་ལ༔ ཡེ་ཤེས་མཁའ་འགྲོ་འཁོར་བཅས་བསྐྱེད༔ སྐུ་ལས་འོད་ཟེར་འཕྲོས་པ་ཡིས༔ འཁོར་འདས་གཉིས་ཀྱི་བཅུད་བསྡུས་ནས༔ བདུད་རྩིའི་རྒྱ་མཚོ་འཁྱིལ་བར་བསམ༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ ཨཱ་ཡུཿཔུཎྱེ་མ་ཧཱ་ཛྙཱ་ན་ཏིཥྛ་ཨོཾ༔ མཐར་ནི་ལྷ་རྣམས་རྫས་ལ་བསྟིམ༔ ཐོ་རངས་ལྟོ་སྟོང་དུས་སུ་བཟའ༔ ལང་ཚོ་ལྡན་ཞིང་འཆི་མེད་འགྲུབ༔ ས་མ་ཡ༔ མཁའ་འགྲོའི་ཚེ་ཡི་སྒྲུབ་པ་ནི༔ རིན་ཆེན་ཆ་བཞི་ཟླ་གམ་བཅས༔ སྲུང་འཁོར་མེ་རི་བྲིས་པའི་དབུས༔ རིན་ཆེན་བུམ་པ་བཅུད་ལྡན་བཤམ༔ ཚེ་གལ་མཆོད་པ་བཟང་པོས་བསྐོར༔ ཧྲཱིཿབྷྲཱུྃ༔ བྱང་ཆུབ་སེམས་ཀྱི་རོལ་པ་ལས༔ འགྱུར་མེད་སྲུང་བའི་འཁོར་ལོའི་ནང༔ ཟླ་གམ་གཞལ་ཡས་ཁང་གི་དབུས༔ རིན་ཆེན་ཆ་བརྒྱད་པད་ཉིའི་སྟེང༔ གསང་བ་ཡེ་ཤེས་ཙཎྜ་ལཱི༔ དམར་གསལ་ཞལ་གཅིག་ཕྱག་གཉིས་མ༔ པདྨ་རཱ་གའི་ཕྲེང་བ་དང༔ ཚེ་ཡི་བུམ་པ་བཅུད་ལྡན་འཛིན༔ ཞབས་གཉིས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ༔ ཁ་ཊྭཱཾ་ག་ནི་མཆན་ཏུ་བཅུག༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མ༔ རང་འདྲ་མཐིང་སེར་དཀར་ལྗང་མདོག༔ རང་རྟགས་ཚེ་ཡི་བུམ་པ་འཛིན༔ མགྱོགས་མ་ཙཎྜ་ལཱི་དམར་མོ༔ ལྕགས་ཀྱུ་བུམ་འཛིན་སྒོ་སྲུང་མཛད༔ ཐུགས་ཀར་རྒྱ་གྲམ་གྱིས་བསྡམས་པའི༔ ཉི་ཟླའི་གྭ་འུ་དབུས་སུ་ཧྲཱི༔ འོད་འབར་ཉི་ཟླའི་ཁ་བྱེ་ནས༔ ནམ་མཁའི་མཐའ་ཁྱབ་སྤྲོས་པ་ཡིས༔ རྒྱལ་བ་རྣམས་ཀྱི་ཚེ་བཅུད་སྡུས༔ ཧྲཱིཿལ་བསྟིམ་པས་འོད་ཟེར་འབར༔ འཁོར་གྱི་རིགས་བཞིའི་ལྷ་མོ་བསྐུལ༔ རང་འདྲའི་ཕོ་ཉ་མཁའ་ཁྱབ་པས༔ འབྱུང་བ་བཞི་དང་ནམ་མཁའི་བཅུད༔ བསྡུས་ནས་རང་གི་ལུས་ལ་བསྟིམ༔ མགྱོགས་མ་ཙཎྜ་ལཱི་བསྐུལ་བས༔ སྤྲུལ་པ་ཡང་སྤྲུལ་མཁའ་ཁྱབ་ཀྱིས༔ ལྷ་མི་སྟོབས་ལྡན་ཐམས་ཅད་ཀྱི༔ ཚེ་བསོད་བསྡུས་ནས་རང་ལ་བསྟིམ༔ འཆི་མེད་བདུད་རྩིས་ལུས་གང་བའི༔ དྭངས་མ་ཧྲཱིཿལ་འདུས་ནས་སུ༔ གྭ་འུ་ཁ་བསྒྲིགས་རྒྱ་གྲམ་གྱི༔ རྭ་མདུད་འོད་ཀྱི་ཐག་པས་བསྡམས༔ དེ་ཚེ་མི་འགྱུར་མི་ཤིགས་པ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ རྩ་སྔགས་ཤམ་བུར། ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ མདུན་དུ་དེ་ལྟར་བསྒོམས་ནས་ཀྱང༔ ཚེ་བཅུད་བདུད་རྩིའི་རྒྱ་མཚོར་བསམ༔ ཨོཾ༔ འཆི་མེད་རྡོ་རྗེའི་ཚེ་ཡི་ལྷ༔ གསང་བ་ཡེ་ཤེས་ཙཎྜ་ལཱི༔ སྐུ་གསུང་ཐུགས་ཀྱི་ཀློང་ཡངས་ནས༔ འཆི་མེད་རྡོ་རྗེའི་ཚེ་དབང་སྐུར༔ རྡོ་རྗེའི་སྲོག་རྩ་འགྲུབ་ནས་ཀྱང༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལུས༔ རྒས་པ་མེད་པའི་ལང་ཚོ་ལྡན༔ ཚེ་བསོད་ཡེ་ཤེས་རྒྱས་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ རང་གི་ཐུགས་ནས་འོད་དམར་པོ༔ ལྕགས་ཀྱུའི་དབྱིབས་ཅན་གློག་ལྟར་འཕྲོས༔ དམིགས་བྱ་ལ་ནི་ཕོག་པའི་མོད༔ འོད་ཞུ་ཐིག་ལེ་དམར་པོ་ནི༔ ཡུངས་འབྲུ་ཙམ་གྱུར་ཐུགས་ཀར་ཐིམ༔ དམིགས་བྱ་མངོན་སུམ་དབང་འདུས་ནས༔ འདོད་པ་ཀུན་འགྲུབ་བློ་ཐག་བཅད༔ རེ་དོགས་མེད་པའི་ངང་ལ་བཞག༔ ཧྲཱིཿཀུ་རུ་ཀུལླེ་ཆེ་གེ་ཝ་ཤཾ་ཀུ་རུ་ཧོ༔ ཡེ་ཤེས་འཇིག་རྟེན་གང་ཡང་རུང༔ མི་དང་མི་མིན་ཕོ་དང་མོ༔ དེ་བཞིན་ཟས་ནོར་དབང་དུ་འདུ༔ ས་མ་ཡ༔ གཏེར་ཆེན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་ཆོས་སྒྲོམ་ཆེན་པོ་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། ཕྲིན་ལས་འགྲོ་འདུལ་དབང་གི་གནས་དང་འབྲེལ་པ་ཟླ་གམ་དབང་ཆེན་ཕུག་ཏུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བདེ་བའི་རྡོ་རྗེས་བགྱིས་པ་དགེ་ལེགས་འཕེལ།། །།
འོད་འབར་ཚོགས་ཤམ་སྦྱར་རྒྱུའི་སུན་ཟློག་ (Volume 49, Text 49)
འོད་འབར་ཚོགས་ལ་འདི་སྦྱར་བས་འཐུས། ཧྲཱིཿ མཁའ་འགྲོའི་དབང་ཕྱུག་པདྨ་འོད་འབར་སྐུ །ཌཱ་ཀི་རྒྱ་མཚོའི་འཁོར་ཚོགས་སྤྲིན་ལྟར་འཁྲིགས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །མ་ཚོགས་མཁའ་འགྲོ་འབུམ་གྱི་སུན་མ་ཟློགས། །ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །རྡོ་རྗེ་མཁའ་འགྲོའི་འཁོར་ཚོགས་འབུམ་གྱིས་བསྐོར། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་སུན༴ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ། །རིན་ཆེན་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་སུན༴ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ། །པདྨ་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ ནུབ་ཕྱོགས་པདྨ་མཁའ་འགྲོའི་སུན༴ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་ཚོགས་བཅས་ཀྱིས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་སུན༴ རིག་འཛིན་དཔའ་བོ་ཡོངས་རྗེ་པདྨ་འབྱུང་། །གིང་ཆེན་དཔའ་བོ་འབུམ་གྱི་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ རིག་འཛིན་དཔའ་བོ་ཡོངས་ཀྱི་སུན༴ མ་མོ་ཡོངས་ཀྱི་དེད་དཔོན་པདྨ་འབྱུང་། །སྣང་སྲིད་མ་མོ་འབུམ་གྱི་འཁོར་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ སྣང་སྲིད་མ་མོ་རྣམས་ཀྱི་སུན༴ བརྟན་མ་ཡོངས་ཀྱི་སྤྱི་རྗེ་པདྨ་འབྱུང་། །བརྟན་སྐྱོང་སྨན་ཕྲན་མང་པོའི་གཡོག་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ བརྟན་མ་བཅུ་གཉིས་རྣམས་ཀྱི་སུན༴ སྣང་སྲིད་དྲེགས་པ་ཀུན་འདུལ་པདྨ་འབྱུང་། །སྡེ་དཔོན་སྡེ་བརྒྱད་ཡུལ་ལྷའི་བྲན་དང་བཅས། །ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༴ སྣང་སྲིད་སྡེ་བརྒྱད་རྣམས་ཀྱི་སུན༴ ཆེ་མཆོག་པདྨའི་བཀའ་ལས་མ་འདའ་བར། །ཚེ་དང་སྲོག་གི་བར་ཆད་ད་ཟློགས་ཤིག །རྣལ་འབྱོར་བདག་དང་བསྲུང་བྱ་འཁོར་བཅས་ཀྱིས། །ཨོ་རྒྱན་ཚེ་དཔག་མེད་ལ་སྐྱབས་གསོལ་གྱིས། །ཐུགས་རྗེ་མ་ཆུང་སྔོན་གྱི་དམ་བཅའ་དགོངས། །དུས་མིན་འཆི་བའི་རྐྱེན་རྣམས་ཟློག་ནས་ཀྱང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད། །བདག་དང་བསྲུང་བྱ་རྡོ་རྗེའི་དམ་ཚིག་ཅན། །ལུས་རྟེན་འདི་ལ་སངས་རྒྱས་མ་ཐོབ་བར། །སྐྱེ་འཆི་འཕོ་འགྱུར་མེད་པར་དམ་བཅའ་འོ། །ཡེ་ཤེས་ལས་དང་འཇིག་རྟེན་སར་གནས་པའི། །མ་མོ་མཁའ་འགྲོ་ལྷ་སྲིན་ཐམས་ཅད་ཀྱང་། །བདག་གི་བྱང་ཆུབ་སྒྲུབ་ལ་གེགས་མ་བྱེད། །གལ་ཏེ་བྱང་ཆུབ་སྒྲུབ་ལ་གེགས་བྱེད་ན། །ལྕང་ལོ་ཅན་དུ་ཁྲོ་བོའི་ཆད་པས་སྡིགས། །དམ་ཚིག་ཉམས་པས་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་དུས་མིན་འཆི་བའི་རྐྱེན་སོལ་ལ། །སྒྲུབ་མཆོག་རྣལ་འབྱོར་སྐུ་ཚེ་བསྲིང་བར་མཛོད། །ཨོཾ་དྷཱ་ཀི་ནཱི་ས་ར་ནན་མུ་ཁ་ས་དུ་ན་ཟློག །ཅེས་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་ནས་ཨ་རཱ་གས་འཕྲལ་དུ་བྲིས་པའོ། །མངྒ་ལཾ།། །།
བླ་མ་དགོངས་པ་འདུས་པ་ལས༔ ཞྭ་ཆོས་རིན་ཆེན་པད་སྤུངས་ (Volume 40, Text 49)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཞྭ་ཆོས་རིན་ཆེན་པད་སྤུངས་ཞེས་བྱ་བ་བཞུགས་སོ༔ རང་གཞན་སྤྱི་ལ་གཅེས་པའི་ཆོས་དྲུག༔ ྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ ཆོས་སྐུའི་དབྱིངས་ནས་གཟུགས་སྐུ་ཡི༔ སྤྲུལ་པ་དུ་མས་འགྲོ་བ་འདྲེན༔ མཁྱེན་བརྩེ་ནུས་མཐུའི་དཔལ་འབར་བ༔ སྐུ་གསུམ་བླ་མ་མཆོག་ལ་འདུད༔ བསྟན་པའི་རྗེས་འཇུག་སྐལ་ལྡན་རྣམས༔ འབྲལ་མེད་བླ་མའི་རྣལ་འབྱོར་བརྩོན༔ དེ་ཡི་རྟེན་འབྲེལ་ཆོས་དག་ལས༔ འདི་ལྟར་འབད་པ་ཤིན་ཏུ་གནད༔ ཞྭ་ཡི་རྒྱུ་དང་བཟོ་ལུགས་དང༔ ནང་རྫོང་གཞུག་དང་རབ་གནས་བྱ༔ གོན་པའི་དུས་དང་ཆེ་བ་དང༔ རྟེན་འབྲེལ་དགོས་ཆེད་ཁ་བསྒྱུར་རོ༔ དེ་ལྟར་སྤྱི་དོན་དགུ་དག་ལས༔ ཐོག་མར་རྒྱུ་ནི་འདི་ལྟ་སྟེ༔ རབ་ནི་དར་ཟབ་ཤེ་འུ་ལ༔ འབྲིང་པོ་རས་ཕྲུག་སྣམ་བུ་སྟེ༔ ཐ་མ་གང་འབྱོར་རྒྱུ་ལ་བྱ༔ འཛོམ་ན་ཕྱི་ནང་བང་རིམ་གསུམ༔ ཕྱིང་པ་ལ་སོགས་རྒྱངས་ཤིང་བཏང༔ བཟོ་ལུགས་ལ་ཡང་རྣམ་གསུམ་སྟེ༔ རབ་ཀྱིས་པཎ་ཞུའི་ལུགས་སུ་བྱ༔ འབྲིང་པོས་འདབ་ལྡན་རིགས་ལྔ་ལ༔ ཐ་མ་དག་གིས་ཅུག་ཞྭ་འོ༔ དང་པོ་པཎ་ཞུའི་བཟོ་ལུགས་ནི༔ མགོ་ཕོར་དིང་དང་འདབ་མ་སྟེ༔ མགོ་ཕོར་མཐོ་སྐོར་ཟླུམ་ཕྱེད་ཚད༔ ཟླུམ་པོའི་ཕྱེད་དཀྱིལ་སོར་བཞི་བསྲིང༔ དེ་ཡང་ཚེས་གསུམ་ཟླ་ལྟར་བྱ༔ དེ་འོག་རི་ལ་རྩེ་སོར་བཞི༔ མཐོ་གསུམ་འོན་ཀྱང་མགོ་ལ་ཚད༔ འདབ་མ་གཡས་གཡོན་དབུས་དང་གསུམ༔ དབུས་མ་གཡས་གཡོན་དཀྱིལ་དུ་སླེབ༔ གཡས་གཡོན་གཉིས་ཀྱི་རྩ་བ་ལས༔ མཐོ་རེ་རྩེ་ཞེང་འདུན་ཐང་བསྐྱེད༔ དབུས་མའི་རྩ་བ་འདྲ་བ་ལས༔ རྩེ་ཞེང་ཚད་ལ་ཕྱེད་ཀྱིས་བསྐྱེད༔ རིང་ཐུང་ཀུན་ལ་མཐོ་དོ་སྟེ༔ གྱེན་དུ་བསྐྱིལ་ན་ཅུང་ཞིག་བསྟུང༔ ཐུར་དུ་འབེབ་པ་རིང་དུ་བསྲིང༔ དེ་སོགས་གང་འཐད་རིགས་པས་དཔྱད༔ ལྷུ་སྤྲད་སྲུབས་རྣམས་དམ་པར་སྦྲེལ༔ མཐའ་ལྕིབས་སྒྲོག་གུ་ལ་སོགས་པ༔ རྒྱན་རྣམས་ཀུན་གྱིས་མཛེས་པར་བརྒྱན༔ འདབ་ལྡན་རིགས་ལྔའི་བཟོ་ལུགས་ནི༔ མགོ་བོར་མཐོ་གང་ཟླུམ་སྐོར་གྱི༔ གསུམ་ཆ་གཅིག་བོར་རི་ལ་ནི༔ ཆག་གང་སྨད་ལ་མཐོ་གསུམ་སྟེ༔ སྟོད་ལ་མགོ་ཕོར་འདབ་དང་མཉམ༔ ཅུང་ཞིག་འབུར་བ་ངོ་སྒོ་བྱ༔ ངོ་སྒོའི་སྟོད་ལ་མཐོ་གང་བྱ༔ སྨད་ལ་ཆག་གང་དབྱིབས་སོག་ཁ༔ འདབ་མ་རྒྱབ་པད་འདྲ་བ་ལ༔ གཡས་གཡོན་ཕྱེད་ཚལ་ཕྱེད་པའི་དབྱིབས༔ དེ་གསུམ་བར་དུ་པད་ཆུང་རེ༔ ཡང་ན་པད་ཆུང་སྦས་ན་མཛེས༔ པདྨ་མི་བཞེད་ཟླུམ་པོར་བྱ༔ པདྨའི་རྩེ་གསུམ་མཐོ་དམན་མེད༔ མཐོ་རེ་དམའ་སར་དཔུང་པ་གཞོལ༔ ཟླུམ་པོ་རྒྱབ་མ་གཤོག་རྩེ་མཐོ༔ སྨད་ནི་མ་ལ་ཚད་བྱ་སྟེ༔ མདོར་ན་སྟོད་ལྡིར་སྨད་ཞུམ་པ༔ པདྨ་ཁ་འབུས་ལྟ་བུའི་ཚུལ༔ མཛེས་ཤིང་བག་དྲོ་རིགས་པས་དཔྱད༔ རྩེ་ལ་རྒོད་འཕྲུ་དར་སྣ་དང༔ ཉི་ཟླ་མེ་ལོང་རཏྣ་སོགས༔ མཐའ་ལྕུག་སྐུད་རིས་མུ་ཏིག་ཚེམ༔ དབྱིབས་ལེགས་བཀོད་པ་ཕུན་ཚོགས་བྱ༔ ཅུག་ཞྭའི་ལུགས་ཀྱང་འདི་ལྟ་སྟེ༔ མགོ་ཕོར་པཎ་ཞུའི་ལུགས་དང་མཐུན༔ དེ་ལ་འདབ་མ་མཐོ་དོ་གདགས༔ ངོ་སྒོ་མཐོ་གང་ཞེང་སོར་གཉིས༔ ཅུང་ཞིག་བསྡུས་ལ་མཐའ་ལྕུག་བསྒྲིལ༔ གང་འོས་རྒྱན་ཡང་གདགས་པར་བྱ༔ དེ་ནི་ཅུག་ཞྭའི་བཟོ་ལུགས་སོ༔ དེ་ལྟར་བཟོས་པའི་ཞྭ་ཡི་ནང༔ མཐིང་ཤོག་དར་སྔོན་གང་འཛོམ་ལ༔ རིན་ཆེན་དྲི་བཟང་སྨན་སོགས་ཀྱིས༔ བྱིན་རླབས་ཙཀྲའི་དཔེའུ་རིས་ནི༔ སྣང་སྲིད་ཟིལ་གནོན་ལེགས་བྲིས་ཏེ༔ སྐུ་གདུང་རིང་བསྲེལ་ལ་སོགས་པ༔ བྱིན་རླབས་རྟེན་དང་ལྷན་ཅིག་པར༔ དར་སྣས་དྲིལ་ཏེ་རྩེ་མོར་གཞུག༔ གཞན་ཡང་གཟུངས་སྔགས་གང་འཐད་དང༔ བླ་མའི་སྐུ་བྲིས་གཞུག་པར་བྱ༔ ཞྭ་དེ་རབ་གནས་བྱས་ལ་གོན༔ རབ་གནས་དག་ནི་འདི་ལྟར་རོ༔ ཡར་ཚེས་གཟའ་སྐར་དགེ་བའི་དུས༔ ཡིད་དང་མཐུན་པའི་གནས་ཁང་དུ༔ རྩ་གསུམ་དཀྱིལ་འཁོར་གཞུང་ལྟར་རམ༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད༔ ཕྱི་ནང་གསང་མཆོད་གཏོར་ཚོགས་བཤམ༔ དལ་དབུས་ཁྲི་སྟེང་ཞྭ་བཞག་ལ༔ གུ་གུལ་དུད་བཏང་བགེགས་བསྐྲད་ནས༔ སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ༔ ཕྲིན་ལས་གང་འཐད་རང་གཞུང་བསྲང༔ བདག་བསྐྱེད་ལྷ་ཡི་རྣལ་འབྱོར་བསྒོམ༔ བཟླས་པ་ཅི་འགྲུབ་བྱས་པའི་རྗེས༔ ཤཱུ་ཛྙཱ་ཏཱ་ཡི་སྔགས་བརྗོད་དེ༔ སྟོང་པའི་ངང་ལས་ཞྭ་དེ་ཉིད༔ གཞལ་ཡས་ཁང་དུ་གྱུར་པའི་ནང༔ ཙཀྲ་འོད་དུ་ཞུ་བ་ལས༔ དབུས་སུ་པདྨ་ཡབ་ཡུམ་དང༔ ཕྱོགས་མཚམས་རིགས་ཀྱི་ལྷ་ཚོགས་བསྐྱེད༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས༔ དགྱེས་མཆོད་རྒྱུད་བསྐུལ་དགུག་གཞུག་བསྲེ༔ ཁྱད་པར་རྩ་བརྒྱུད་བླ་མ་རྣམས༔ སྤྱན་དྲངས་ཡང་ཡང་བསྟིམ་བྱ་ཞིང༔ ཙཀྲའི་སྔགས་རྣམས་ཅི་མང་བཟླ༔ སྔགས་ཀྱི་སྤྲོ་བསྡུ་ལ་སོགས་དང༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ ཤིས་པ་བརྗོད་པའི་ཆོ་ག་ཡང༔ རྒྱས་པར་གཞན་ནས་འབྱུང་ལྟར་འབད༔ དེ་ནས་ཕྱི་ནང་ལྷ་རྣམས་ལ༔ མཆོད་བསྟོད་གཏོར་མ་འབུལ་ནས་ནི༔ འདོད་པའི་དོན་ལ་གསོལ་བ་གདབ༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས༔ ཙཀྲ་ལ་བསྟིམ་རྒྱས་གདབ་སྟེ༔ ཙཀྲ་ཞྭ་དང་བཅས་པ་ནི༔ རང་མོས་རྩ་བའི་བླ་མར་བསམ༔ རྗེས་ཀྱི་བྱ་བ་སྤྱི་མཐུན་བྱ༔ དེ་ལྟར་ལྡན་པའི་ཞྭ་རྣམས་ཀྱང༔ གོན་པའི་བྱེ་བྲག་དུས་འདི་ལྟར༔ པཎ་ཞུ་སྣང་སྲིད་ཟིལ་གནོན་ཞྭ༔ འདུས་ཚོགས་ཆེན་པོའི་དུས་སུ་གོན༔ འདབ་ལྡན་རིགས་ལྔ་བྱིན་རླབས་ཞྭ༔ དབང་བསྐུར་ཆོས་འཆད་དུས་སུ་གོན༔ ཅུག་ཞྭ་རྟེན་འབྲེལ་ཞྭ་འུ་སྟེ༔ ནམ་དུ་ཡང་ནི་གོན་པར་བྱ༔ གཞན་ཡང་ཞྭ་རིགས་གསུམ་པོ་དེ༔ བྱེ་བྲག་རྣམ་པ་ཅི་བཞིན་པར༔ དུས་དང་གནས་སྐབས་ཤེས་པར་བྱ༔ མདོར་ན་བླ་མའི་རྟེན་འབྲེལ་གྱིས༔ རྒྱུན་དུ་མི་འབྲལ་འགྲོགས་པར་བྱའོ༔ པཎ་ཞུ་གོན་པའི་ཆེ་བ་ནི༔ ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན༔ ཕ་རོལ་གཞན་རྒྱུད་དབང་དུ་འགྱུར༔ བདུད་དང་བར་ཆད་འདྲེ་ངན་ཐུལ༔ ཀུན་གྱིས་བཀུར་ཞིང་ཡིད་དུ་འོང༔ བག་དྲོ་བྱིན་ཆགས་རང་སྣང་འགྱུར༔ ཐམས་ཅད་བཀའ་ཉན་བྲན་དུ་འགྱུར༔ དེ་སོགས་ཡོན་ཏན་དཔག་ཏུ་མེད༔ འདབ་ལྡན་རིགས་ལྔའི་ཆེ་བ་ཡང༔ ལན་གཅིག་སྤྱི་བོར་བཞག་པས་ཀྱང༔ གཞི་རྫོགས་དབང་ཉིད་ཐོབ་དང་མཚུངས༔ སྨིན་ཅིང་གྲོལ་བའི་དལ་དུ་འགྱུར༔ འདི་གོན་གཞན་ལ་དབང་བསྐུར་རམ༔ བྱིན་རླབས་ལ་སོགས་གང་བྱེད་ཀྱང༔ རང་གཞན་ཀུན་ལ་གཟི་བྱིན་སྐྱེད༔ དེ་དང་མཚུངས་པའི་ཡོན་ཏན་རྣམས༔ འབྱུང་འགྱུར་འདི་ལ་ཡིད་གཉིས་མེད༔ ཅུག་ཞྭ་ལ་ཡང་འདི་ལྟ་སྟེ༔ གང་གིས་མཐོང་རྣམས་དང་བ་འདྲེན༔ མོས་ནས་བཀུར་སྟི་ཕུ་དུད་བྱེད༔ རང་ཡང་རྒྱུད་དུལ་ཉམས་ལེན་འཕེལ༔ གནས་སྐབས་རྐྱེན་དང་བར་ཆད་སེལ༔ ཉོན་མོངས་རྟོག་པ་ངང་གིས་འགག༔ ཚེ་འདིའི་ཞེན་ཆགས་འཛིན་པ་འཇིག༔ དགྲ་རྐུན་ཆོམ་པོས་འཇིགས་མི་བྱེད༔ རྒྱུད་དལ་ཞི་དུལ་ལྷུན་ཆགས་ཤིང༔ སེམས་བསྐྱེད་སྙིང་རྗེ་ལྡན་པ་འབྱུང༔ ཚུལ་དུ་མཐུན་པའི་ཞྭ་དེ་ཉིད༔ གང་གིས་མཐོང་བའི་འགྲོ་བ་རྣམས༔ ངན་སོང་འཁོར་བའི་གནས་ལས་སྐྱོབ༔ པད་འབྱུང་ང་དང་འཕྲད་མཚུངས་ཤིང༔ ང་དང་ཡོན་ཏན་སྐལ་པ་མཉམ༔ འདི་མཐོང་ང་ཉིད་དྲན་ནས་ནི༔ རབ་ཀྱིས་བཀུར་སྟི་ཕུ་དུད་བྱེད༔ འབྲིང་པོས་དག་སྣང་མོས་གུས་འབུལ༔ ཐ་མས་ཀྱང་ནི་རྗེས་ཡི་རང༔ མ་དག་སྐྱེ་བོས་གཤེ་གྱུར་ཀྱང༔ འབྲེལ་པས་འཁོར་བ་མཐའ་ཅན་འགྱུར༔ ཞྭ་འདི་མཐོང་ཐོས་རེག་པ་རྣམས༔ འབྲེལ་ཚད་དོན་དང་ལྡན་པའི་ཕྱིར༔ འདི་ལ་དད་ཅིང་བརྩོན་པར་བྱ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀྱང༔ རྟེན་ཅིང་འབྲེལ་པ་ལས་བྱུང་ཕྱིར༔ འདི་ཡང་རྟེན་འབྲེལ་རྒྱུ་འབྲས་བཀོད༔ ཞྭ་ནི་བླ་མ་རྟེན་འབྲེལ་ཏེ༔ དད་པས་ཕྱག་འཚལ་རབ་ཏུ་བླང༔ གོན་ཅིང་བླ་མའི་རྣལ་འབྱོར་བསྒོམ༔ གདུང་བའི་ཡིད་ཀྱིས་གསོལ་བ་གདབ༔ གཅེས་སྤྲས་བྱ་ཞིང་གཙུག་ཏུ་བཀུར༔ ཚེ་དང་དཔལ་འབྱོར་བསོད་ནམས་དང༔ སྟོབས་དང་གཟི་བརྗིད་སྙན་གྲགས་སོགས༔ ལོངས་སྤྱོད་རྣམས་ཀྱི་རྟེན་འབྲེལ་ཡང༔ ཞྭ་ལ་ཡོད་པས་ཤིན་ཏུ་གཟབ༔ དཔོན་དང་མཆེད་གྲོགས་གོང་མ་སོགས༔ བཀུར་བར་འོས་པའི་རིགས་རྣམས་ཀྱི༔ རྟེན་འབྲེལ་ཞྭ་ལ་ཡོད་པའི་ཕྱིར༔ གུས་པས་བཀུར་སྟི་ཕུ་དུད་བྱ༔ ཕ་རོལ་ཟིལ་གྱིས་གནོན་པ་དང༔ སྣང་སྲིད་དབང་དུ་སྡུད་པ་ཡང༔ རྟེན་འབྲེལ་ཞྭ་ལས་བྱུང་བའི་ཕྱིར༔ བག་དྲོ་བརྗིད་ལྷུན་ཆགས་པར་བྱེད༔ དགོས་ཆེད་རྣམ་པ་མང་ན་ཡང༔ རང་གཞན་གནས་སྐབས་གསུམ་གྱི་དོན༔ རང་ཉིད་བཙུན་པར་བྱ་བ་དང༔ གཞན་ཡིད་དང་བ་འདྲེན་ཕྱིར་དང༔ གནས་སྐབས་རྐྱེན་ལས་སྐྱོབ་ལ་སོགས༔ དགོས་ཆེད་དུ་མ་ལྡན་པ་འོ༔ ཞྭ་ཡི་ཁ་སྒྱུར་རིམ་པ་རྣམས༔ ཞི་རྒྱས་དབང་དང་མངོན་སྤྱོད་དེ༔ ཕྲིན་ལས་ཡོངས་ལ་སྤྱོད་དང་ལྔ༔ ཞི་བའི་རིགས་ཀྱི་ལས་སྤྱོད་ཚེ༔ ཞྭ་ནི་དཀར་གསལ་མདངས་ལྡན་གོན༔ ལྷ་ཡང་བཛྲ་ཐོད་ཕྲེང་བསྐྱེད༔ རྒྱས་པའི་ལས་ལ་སྤྱོད་པའི་ཚེ༔ སེར་པོ་བརྗིད་ལྷུན་ཆགས་པ་གོན༔ ལྷ་ཡང་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་ལ་སྤྱོད་པའི་ཚེ༔ དམར་པོ་འོད་སྣུམ་ཆགས་པ་གོན༔ ལྷ་ཡང་པདྨ་ཐོད་ཕྲེང་བསྒོམ༔ དྲག་པོའི་ལས་ལ་སྤྱོད་པའི་ཚེ༔ ཞྭ་ཡང་མཐིང་ནག་རྔམ་པ་གོན༔ ལྷ་ཡང་ཀརྨ་ཐོད་ཕྲེང་བསྒོམ༔ སྣ་ཚོགས་ཕྲིན་ལས་གང་བསྒྲུབ་དུས༔ ཁ་དོག་སྣ་ཚོགས་ལས་བྱས་གོན༔ བྷུདྡྷ་ཐོད་ཕྲེང་ལྷ་ཚོགས་བསྐྱེད༔ ཞི་བའི་ཞྭ་ལ་སྤྱི་བོ་བསྲིང༔ རྒྱས་པ་དག་ལ་འདབ་མ་བསྐྱེད༔ དབང་ལ་རྒྱན་རྣམས་མཆོག་ཏུ་གཟབ༔ དྲག་པོ་རྩེ་རྣམས་རྣོ་བར་བྱ༔ ཀུན་ལ་ཤམ་བུ་རིང་བར་བྱ༔ ཞི་རྒྱས་གཉིས་ལ་པཎ་ཞུ་མཆོག༔ དབང་དྲག་འདབ་ལྡན་རིགས་ལྔ་སྟེ༔ ཅུག་ཞྭ་ལས་རྣམས་ཀུན་གྱི་ཞྭ༔ གང་ཡང་ཆག་ཚད་ལྡན་པ་དང༔ བཟོ་སོགས་རྒྱུ་རྣམས་གཟབ་པ་གནད༔ ཀུན་ལ་གཟབ་པར་མི་བྱ་ཡང༔ ཞྭ་ནི་ཤིན་ཏུ་གཟབ་པར་གཅེས༔ འདི་དོན་རྟེན་འབྲེལ་མ་འཆུགས་ན༔ ཕྲིན་ལས་ཐོགས་མེད་གང་ཡང་འགྲུབ༔ དེ་ཕྱིར་ཕྱི་རབས་རྣལ་འབྱོར་རྣམས༔ དེ་ལྟར་དོན་རྣམས་ཤེས་བྱ་ཞིང༔ འབད་པ་དོན་ཡོད་བརྩོན་པར་བྱ༔ ས་མ་ཡ༔ གཞན་ཡང་ཞྭ་ཡི་རིགས་རྣམས་ཀྱི༔ གཙུག་ཏུ་ཙཀྲ་བཞུགས་བྱས་ཏེ༔ རབ་གནས་ལྡན་པ་སུས་གོན་པ༔ སྐྱེས་བུ་དེ་ལ་བྱིན་གྱིས་རློབ༔ གནོད་བྱེད་གདོན་གྱིས་མཐོང་མི་འགྱུར༔ ཕ་རོལ་གཞན་རྐྱེན་བར་ཆད་ཟློག༔ ཡོན་ཏན་ཀུན་འབྱུང་སུས་མཐོང་ཡང༔ ངན་སོང་འགྲོ་བའི་སྐྱེ་སྒོ་གཅོད༔ སྨིན་གྲོལ་དོན་འབྲས་ཆེན་པོ་འགྲུབ༔ དེ་ལྟར་ལྡན་ཕྱིར་བརྩོན་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞྭ་ཆོས་རིན་ཆེན་པད་སྤུངས་འདི༔ པདྨས་ཕྱི་རབས་དོན་དུ་མཛད༔ བརྡ་རྟགས་བསྟོད་འབུམ་ནང་དུ་ལྟོས༔ མཚོ་རྒྱལ་བདག་གིས་ཐེམ་ལ་བཏབ༔ གསང་རྒྱ་རིན་ཆེན་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ གྷུ་ཧྱ༔ བདག་འདྲ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་བཏོན་པའོ། །དགེའོ།། །།
བྱད་འགྲོལ་གྱི་བུམ་རྫས་གསོག་ཐབས་དང་ཡོ་བྱད་བཤམ་ཐབས་གསལ་བ་ (Volume 47, Text 49)
བྱད་འགྲོལ་གྱི་བུམ་རྫས་གསོག་ཐབས་དང་ཡོ་བྱད་བཤམ་ཐབས་གསལ་བ་བཞུགས་སོ། །རྒྱལ་ཕུར་འཛོམས་པའམ་སྐར་མ་རྒྱལ་ལ་བབས་པའི་དུས་སུ། ཡིད་མཐུན་གྱི་གནས་སུ་སྐུ་གསུང་ཐུགས་རྟེན་བཤམས་པའི་མདུན་ངོས་སུ། སྟེགས་བུ་ཁེབས་ལྡན་གྱི་ཁར་མཎྜལ་པདྨ་འདབ་བརྒྱད་དམ་ཚོམ་བུའི་ཁར་མཉྫིའི་སྟེང་དུ། རིན་པོ་ཆེའི་བུམ་པ་གཙང་ཞིང་དག་པར་བཀྲུས་ཏེ་གུ་གུལ་གྱིས་བདུག་པར་རྒྱུན་འབབ་ཀྱི་ཆུ་དང་། བ་དམར་ཟལ་གྱི་འོ་མས་གཞི་བྱས་པར། ཆོས་སྨན། གླ་རྩི། ཤིང་ཀུན། རམ།་་་འདི་རྩ་བའི་ཡི་གེར་རམ་ཕྱི་ཞེས་སྣང་བ། རམ་གྱི་ཕྱི་མོ་སྟེ་སྙིགས་མ་དེ་ཉིད་མ་མོའི་བྱད་ཁ་ཡམས་རིམས་ཀྱི་རིགས་ཟློག་པའི་རྫས་ལ་བསྔགས་པ་དེ་ལྟར་ཡིན་ཅིང་། འགའ་ཞིག་རམ་ཕྱེ་ཞེས་ཡི་གེ་ཉམས་པའི་རྗེས་སུ་འོལ་ཚོད་ཀྱིས་འབྲངས་ཏེ་མི་ཁའི་རྫས་སུ་གྲགས་པའི་རམ་པའི་ཕྱེ་མ་གཏོང་བ་ནི་བླུན་པོ་རང་བཟོར་གོམས་པའི་རྣམ་ཐར་རོ། །རྒྱ་ཚྭ། ཕག་གསོན་མའི་སྣ། ཤིང་ཉ་ཁྲིག་མའམ་འཇིག་རྟེན་ཡོངས་གྲགས་སུ་བྱ་མོ་ནག་ཤིང་དུ་གྲགས་པ།་་་ཁམས་སྐད་དུ་ཉ་སྦྲིད་པར་གྲགས་པ་འདི་ཀ་རང་ཡིན། གཡེར་འབྲུ་ནག་པོ་བདུན། སྐྱེར་འབྲུ་བདུན། ཤ་བ་གསེབ་ཀྱི་རྭ། བཟང་དྲུག །བྱ་ངང་པའི་ཤ།་་་འདིའང་ངང་དཀར་གྱི་ཤ་ཁོ་ན་དགོས་ཞེས་ཨུ་ཚུགས་བྱེད་ཀྱང་། ངང་པ་དཀར་སེར་གང་རུང་གི་ཤས་ཆོག་ཅེས་བརྒྱུད་ལྡན་གྱི་གསུང་ལས་རྒྱུ་མཚན་བཅས་ཏེ་ཐོས། སྦྲང་རྩི་རྣམས་ཕྱེ་མར་བྱས་པའི་རིལ་བུ་དྲིལ་ཏེ་སྔགས་ཀྱིས་བསྒྲུབས་པ་བཏབ། དྲི་བཟང་གིས་ཁ་སྒྱུར། ཁ་རྒྱན་མགུལ་ཆིངས་སོགས་བཀོད་པ་ཅི་མཛེས་པར་བགྱིས་པའི་ཕྱོགས་གཡས་གཡོན་གང་བདེར། ལྕགས་སོགས་རིན་པོ་ཆེའི་སྣོད་གཞོང་པ་ལྟ་བུའམ། དེང་སང་སྤྱི་ཁྱབ་ཏུ་གྷ་ཊུའི་ནང་དུ་རྒྱུན་འབབ་ཀྱི་ཆུ་ལ་རིན་ཆེན་སྣ་ལྔ་བརྡར་ཕྱེ་དང་། བྱ་རོག་འུག་པའི་དང་རུ་དུ་བ་མ་ཤོར་བར་སྦུབ་སྲེག་བགྱིས་པའི་ཐལ་བ་བཏབ་པར་འཐོར་གཡབ་བཙུགས་པ་འཇོག་པའི་ཕྱག་བཞེས་ཀྱང་མཆིས། དེ་དག་གི་མདུན་དུ་གཏོར་མ་ཟླུམ་བརྗིད་པད་འདབ་བཞི་པ་སྨན་རཀ་ཉེར་སྤྱོད་དང་བཅས་པ། བགེགས་གཏོར་དཀར་ཟླུམ་ཏིང་ལོ་མཐེབ་ཀྱུ་རིལ་བུ་མདུན་དུ་གླུད་གཟུགས་དང་བཅས་པ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱག་བཞེས་སུ་གཞི་བདག་གཏོར་མ་ཟུར་དུ་མི་མཛད་ཀྱང་། གཞུང་རྩ་བར། གཞི་བདག་རྣམས་ཀྱི་གཏོར་མ་བཤམ༔ ཞེས་པ་དང་། གཡོན་དུ་བགེགས་ཀྱི་གཏོར་མ་གླུད༔ ཅེས་ཐ་དད་དུ་བྱུང་བས་གཞི་བདག་གཏོར་མ་དཀར་ཟླུམ། བཟང་ཁྲུས་གསོལ་རྒྱུའི་ཁྲུས་གཞོང་ཁྲུས་དར། མེ་ཏོག་དཀར་པོ། མདུན་དུ་རས་སོགས་གདན་གཞི་གང་འོས་ཀྱི་སྟེང་དུ་མདའ་དར་སྣ་ལྔ་མེ་ལོང་དང་བཅས་པ། དེང་སང་བླུན་པོ་འགའ་ཞིག་མདའི་ལྟོང་བཀག་ནས་འཇོག་པའི་སྲོལ་འདུག་ཀྱང་། ལྟོང་ནི་ཐབས་དང་ཤེས་རབ་ཚུལ། །ཞེས་མཚོན་དོན་ཁྱད་པར་ཅན་ཡོད་པས་འགོག་པ་མི་འཐད་ཅིང་། སྟོང་པ་ཡོད་ཚད་བཀག་པས་མི་ལང་ངོ་། །མི་བསད་ཀྱི་གྲི་ལས་བརྡུངས་པའི་གྲི་ཆུ་གྲིའི་དབྱིབས་ཅན་ར་རོག་འོག་ཅན་གྱི་རྭ་ཅོས་ཡུ་བ་བགྱིས་པ། ཏིང་ནང་ས་དང་ཆུ་བླུགས་པ། སྤར་འབར་སྦར་རྒྱུའི་རས་ལྡེ། དབྱུག་པ་ཕྲ་མོ་གཉིས་ལ་དར་གྱིས་གཡོགས་ཏེ་གཡབ་ཆོག་པའི་རླུང་གཡབ་ལྗང་གུ། བ་ལུ། སྤེན་མ། རྨ་བྱའི་མདོངས་གསུམ་ཕྱོགས་གཅིག་ཏུ་བསྡམས་པའི་ཕོན་པོ། འོམ་བུ། ཀུ་ཤ །འཇག་མ་གཙང་མ་རྣམས་ཕྱོགས་གཅིག་ཏུ་བསྡམས་པའི་ཕོན་པོ། རྩ་བར་གཤོམ་གྱི་སྐབས་སུ། འོམ་བུ་ཀུ་ཤའམ་འཇག་མ་བཤམ༔ ཞེས་འདམ་ཁ་ཅན་དུ་འབྱུང་ཡང་། དངོས་གཞིའི་ཚེ། གཙང་ཞིང་གཙང་མ་འོམ་བུའི་ཤིང་། །ཐབས་ཀྱི་རང་བཞིན་ཚུལ་དུ་བྱས། །ཀུ་ཤ་བྱང་ཆུབ་སྐྱེད་པའི་གདན། །འཇག་མ་ཤེས་རབ་རང་བཞིན་ཏེ། །ཞེས་མཚོན་དོན་ཐ་དད་དུ་ཡོད་པས་གསུམ་ཀ་དགོས་པར་སེམས་སོ། །ལོགས་ཤིག་ཏུ་སླ་ངར་སྐྱེར་ཧོམ་གྲུ་གསུམ་དུ་བརྩིགས་པ། བསྒྲུབ་བྱ་དུ་ཡོད་ཀྱི་གྲངས་ལ་འདིང་རྒྱུའི་རེ་བའི་གདན་ཟུར་གསུམ་པ། བྱད་ཐག་སྣལ་མ་སྔོ་དམར། སཱཙྪ་ནག་པོ། དར་རས་དཀར་པོ་སོགས་འོག་ཏུ་བརྗེ་རྒྱུའི་སྟན། རྡོར་དྲིལ། ཁྲུས་གཞོང་ཆེ་བ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།
རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་ཤིན་ཏུ་བསྡུས་པ་ (Volume 10, Text 49)
རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། རྩ་གསུམ་ཆོས་སྲུང་རྒྱ་མཚོའི་སྐོང་བཤགས་རྣམས་གྲངས་མང་པོ་གསོག་པ་ལྟ་བུའི་ཚེ། ལས་གཞུང་གང་ལ་བརྟེན་པའི་སྐོང་བཤགས་རྒྱས་པ་ཚར་གཅིག་སྔོན་དུ་སོང་ནས། སྐོང་གཏོར་སོགས་གསོ་བྲན་བྱས་ལ། རཾ་ཡཾ་ཁཾ་གིས་བསང་སྦྱང་། མཆོད་གཏོར་དང་སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་བརྟག་པ་བཞིས་བྱིན་གྱིས་བརླབས་ལ། མཆོག་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས། ཁྱད་པར་བརྒྱུད་གསུམ་དམ་ཅན་རྒྱ་མཚོ་དང་། །ནོར་ལྷ་གཏེར་བདག་འཁོར་བཅས་འདིར་གཤེགས་ཤིག །བདེ་སྟོང་ཏིང་འཛིན་རོལ་པ་ལས་བྱུང་བའི། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཕྱག་རྒྱ་ཆེས། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །སྡོམ་དང་དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་པ་དང་། །བསྟན་འགྲོའི་ཕན་བདེ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་ཚར་གྲངས་ཇི་ལྟར་རིགས་པའི་མཇུག་གཞུང་གི་རྗེས་ཆོག་སོགས་དཀྱུས་ལྟར་བྱའོ། །ཞེས་པའང་འཇམ་མགོན་རྡོ་རྗེ་འཆང་པདྨ་གར་གྱི་དབང་ཕྱུག་གི་བཀས་རྗེས་སུ་གནང་བ་ལ་བརྟེན་ནས། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།
འདོད་གསོལ་སྨོན་ལམ་དགོངས་འདུས་རྟ་ནག་གི་པདྨ་དབང་ཆེན་འདོན་པ་བསྒྱུར་པ་ (Volume 53, Text 49)
འདོད་གསོལ་སྨོན་ལམ་དགོངས་འདུས་རྟ་ནག་གི་པདྨ་དབང་ཆེན་འདོན་པ་བསྒྱུར་པ་ནི། ལྷ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱོད་སྒྲུབ་སྟེ༔ སྲོག་གི་ཕྱིར་ཡང་ཡི་དམ་མི་སྤོང་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔ ཁྲོ་རྒྱལ་འཁོར་བཅས་ཁྱོད་ཀྱི་གཟི་བྱིན་གྱིས༔ བར་ཆད་དགྲ་བགེགས་ཚོགས་རྣམས་བསལ་ནས་ཀྱང༔ བྱམས་པའི་ཞལ་བཟང་དངོས་སུ་བསྟན་པ་དང༔ བསྒྲུབས་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཡང་འབྲི་གུང་གནམ་ལྕགས་མེ་འབར་གྱིས་མཛད་པའི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ལྷ་མཆོག་ཁྱོད་དང་སྨོན་ལམ་ལྷན་ཅིག་བཏབ། །ད་ལྟ་ཞལ་མཐོང་ཡི་དམ་ལྷར་གསོལ་ན། །སྙིང་པོ་བྱང་ཆུབ་མཆོག་ལ་མི་གནས་ཚེ། །ཚེ་རབས་འཁོར་བ་གར་སྐྱེ་གར་གནས་ཀྱང་། །རྗེས་སུ་ཟུངས་ཤིག་བཅོམ་ལྡན་གཤིན་རྗེའི་གཤེད། །དངོས་གྲུབ་སྩོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད། །བར་ཆད་སོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད། །དགྲ་བགེགས་སྒྲོལ་ཅིག་བཅོམ་ལྡན་གཤིན་རྗེའི་གཤེད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཀུན་མཁྱེན་ཟིལ་གནོན་དྲག་རྩལ་གྱིས་མཛད་པའི། མཁྱེན་བརྩེ་ནུས་མངའ་འཇམ་དཔལ་དཔའ་བོ་ཡིས། །བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས་ཀྱི། །སྐུ་ཚེ་ཕྲིན་ལས་སྐྱེ་དགུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་ཟློག་ཏུ་གསོལ། ཁྱད་པར་རིག་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམས་དབུལ་ཕོངས་འཐབ་རྩོད་ཟློག་ཏུ་གསོལ། །ཕྱི་ནང་དྲང་སྲོང་དམོད་པ་བྱད་མཐུ་དང་། །བྱུར་དང་སྐལ་ངན་མི་ཤིས་དུས་མིན་འཆི། །ཀེག་སྲི་ལངས་སོགས་ཆག་ཆེ་ཉམ་ང་བའི། །འགལ་རྐྱེན་བར་ཆད་ཐམས་ཅད་ཟློག་ཏུ་གསོལ། །ཕྲིན་ལས་ཆད་ལྷག་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མ་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་བཤགས་པར་བགྱི། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །འཇམ་མགོན་ཀུན་བཟང་ཚེ་འདིར་མངོན་གྱུར་ཤོག །ཅེས་འདོད་གསོལ་སྨོན་ལམ་བྱའོ།། །།
བླ་མ་དགོངས་པ་འདུས་པ་ལས༔ ཚེ་སྒྲུབ་རྒྱུན་ཁྱེར་གྱི་གདམས་པ་རང་གཞན་གཉིས་ལ་གཅེས་པ་རྡོ་རྗེ་སྙིང་པོ་ (Volume 48, Text 49)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཚེ་སྒྲུབ་རྒྱུན་ཁྱེར་གྱི་གདམས་པ་རང་གཞན་གཉིས་ལ་གཅེས་པ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་བཞུགས་སོ༔ ྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ཚེ་སྒྲུབ་རྒྱུན་ཁྱེར་མན་ངག་ལ༔ མཆོག་ཏུ་གཅེས་པའི་ཡིག་ཆུང་འདི༔ ཕྱི་རབས་སྐལ་ལྡན་རྗེས་འཇུག་རྣམས༔ ཚེ་ཉམས་གསོ་ཕྱིར་ཉམས་སུ་ལོངས༔ དད་དང་ལྡན་པའི་རྣལ་འབྱོར་པས༔ གང་ཞིག་ནངས་པར་སྔར་ལངས་ཏེ༔ ལུས་གནད་རྡོ་རྗེ་སྐྱིལ་ཀྲུང་བཅའ༔ རླུང་རོ་ལན་གསུམ་ཕྱིར་དབྱུང་ལ༔ ཚེ་བདུད་སྡིག་སྒྲིབ་ཐོན་པར་བསམ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ༔ སྣང་བ་མཐའ་ཡས་སྤྱན་རས་གཟིགས༔ པདྨ་འབྱུང་གནས་མནྡཱ་ར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་པས་གསོལ་བ་ལན་གསུམ་བཏབ༔ དེ་ནས་སྐད་ཅིག་དྲན་རྫོགས་སུ༔ རང་ལུས་སྒྱུ་མའི་གྲོང་ཁྱེར་འདི༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ རྩེ་མོ་ཚངས་པའི་གནས་སུ་རེག༔ རྩེ་གཅིག་གསེར་གྱི་ས་གཞིར་རེག༔ འོད་དང་གཟི་བརྗིད་ལྡན་པར་གསལ༔ དེ་ཡི་ལྟེ་བར་རང་ཉིད་ནི༔ རྣམ་ཤེས་ཡི་གེ་ཧྲཱིཿདམར་པོ༔ ཚེག་དྲག་དང་བཅས་འོད་འཕྲོ་བསྒོམ༔ ངག་ནས་ཧྲཱིཿཞེས་བརྗོད་པ་ཡིས༔ ཧྲཱིཿལས་འོད་ཟེར་དམར་པོའི་ཚོགས༔ ཧྲཱིཿཡིག་ལྟ་བུར་འཕྲོས་པ་ཡིས༔ ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས༔ ཚེ་ཡི་ལྷ་ལ་ཕོག་གྱུར་ཅིང༔ དེ་དག་ཐུགས་དམ་རྒྱུད་བསྐུལ་ནས༔ ཚུར་བྱོན་ཧྲཱིཿལ་ཐིམ་པ་ཡིས༔ བཀྲག་དང་གཟི་མདངས་ལྡན་དམིགས་ལ༔ རླུང་བྱུང་དམིགས་པ་ཚུར་ལ་བསྡུ༔ ཕྱིར་དབྱུང་ཧྲཱིཿཡིག་འོད་ཟེར་འཕྲོས༔ དེ་དུས་ཧྲཱིཿཞེས་བཟླས་པར་བྱ༔ བརྒྱ་སྟོང་ཁྲི་འབུམ་ཅི་མང་བྱ༔ སྐབས་སྐབས་རླུང་ཐུན་ཅི་ཐུབ་གཟུང༔ དེ་ནས་ཐུན་མཚམས་བར་སྐབས་སུ༔ མི་དམིགས་རྒྱས་བཏབ་བསྔོ་བ་བྱ༔ འདི་ལ་རྒྱུན་དུ་འབད་པ་ཡིས༔ འགྲུབ་པའི་མཚན་མ་འདི་ལྟར་འབྱུང༔ རང་ལུས་གསེར་གྱི་རྡོ་རྗེར་གྱུར༔ ཉི་ཟླ་ཤར་དང་བདུད་རྩི་འཐུང༔ དྲི་མེད་གོས་གྱོན་རྒྱན་བཟང་བཏགས༔ སྤོ་མཐོན་སྟེང་ཕྱིན་དར་ཕྱར་དང༔ རོལ་མོ་བསྒྲགས་དང་ཆུ་ཆེན་བརྒལ༔ ནམ་ལངས་ཁྲུས་བྱས་ལ་སོགས་པའི༔ ཁྱད་པར་ཚེ་འཕེལ་ལྟས་བཟང་འབྱུང༔ དམ་ཚིག་གཞན་ལ་མི་སྤེལ་དང༔ ཉམས་སུ་ལེན་དུས་གསང་བ་གཅེས༔ མི་དགེ་སྤང་ཞིང་དགེ་བའི་ལས༔ ཅི་འགྲུབ་བྱ་དང་ཁྱད་པར་དུ༔ འཆི་ངེས་ཚེ་སྲོག་ཡང་ཡང་བསླུ༔ གཞན་དོན་བྱེད་པའི་སྐྱེས་བུ་ཡིས༔ ཉམས་སུ་ལེན་ན་འདི་ལྟ་སྟེ༔ ཐུན་གྱི་བར་མཚམས་འཇོག་པའི་དུས༔ རང་ལུས་གསེར་གྱི་རྡོ་རྗེ་དེ༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ༔ གཅེར་བུ་དམར་གསལ་རུས་རྒྱན་ཅན༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ སྟོང་གསུམ་ཁེངས་པ་གཅིག་ཏུ་གསལ༔ དེ་ཡི་ངང་ལ་ཅི་བདེར་བྱ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན༔ རང་བཞིན་དངོས་མེད་མཐའ་བྲལ་བ༔ བཅོས་བསླད་མེད་པའི་ངང་ལ་བཞག༔ དེ་ནི་མན་ངག་དམ་པ་འོ༔ ས་མ་ཡ༔ ཚེ་སྒྲུབ་རྒྱུན་ཁྱེར་གྱི་གདམས་པ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ལས་ཅན་གཅིག་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཚེ་སྒྲུབ་རྒྱུན་ཁྱེར་གྱི་གདམས་པ་རྡོ་རྗེའི་སྙིང་པོ་ཞེས་བྱ་བ། གཏེར་སྟོན་རོལ་པ་ཡེ་ཤེས་རྩལ་གྱིས་གཏེར་ནས་བཏོན་པ་ཤུ་བྷཾ།། །།
རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་ལོ་རྒྱུས་ཟབ་མོ་ (Volume 26, Text 50)
ྈ རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་ལོ་རྒྱུས་ཟབ་མོ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈ རྟ་མགྲིན་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ༔ ཨོ་རྒྱན་གྱི་སློབ་དཔོན་པདྨ་སམྦྷ་ཝ་དེ་ཉིད་བོད་ཡུལ་གངས་ཅན་གྱི་རྒྱལ་པོ༔ འཕགས་པ་འཇམ་དཔལ་གྱི་སྤྲུལ་པ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་འགྲོ་བའི་དོན་དུ་སྤྱན་དྲངས་ནས༔ བྲག་དམར་འོམ་བུའི་ཚལ་དུ་བཞུགས་སུ་གསོལ་ཏེ༔ ཟབ་ཆེན་གྱི་གདན་བཏིང༔ ན་བཟའ་མཐིང་ནག་དར་གྱི་ཕུ་དུང་ཅན་རྡོ་རྗེ་འབར་བའི་གསང་ལམ་སྐུ་ལ་གསོལ༔ གསེར་སྐྱོགས་དང་དངུལ་སྐྱོགས་སུ་འབྲས་ཆང་དང་རྒུན་འབྲུམ་གྱི་ཆང་དྲངས༔ གསེར་གཡུའི་མཎྜལ་ཚོམ་བུ་དགུ་པ་ཕུལ་ཏེ༔ ཕྱག་མང་དུ་བཙལ་ནས་ཞུས་པ༔ ཀྱེ་གུ་རུ་ཆེན་པོ་ལགས༔ ཁྱེད་སྐུ་འཆི་མེད་རིག་འཛིན་རྡོ་རྗེའི་སྐུ་མངའ་བ༔ མཚན་དང་དཔེ་བྱད་གཟི་བརྗིད་ལྷམ་མེར་གསལ༔ གསུང་གི་གསང་སྔགས་ནུས་པས་འགྲོ་དོན་མཛད༔ ཐུགས་མཆོག་མ་འགགས་དུས་གསུམ་ས་ལེར་གཟིགས༔ དེ་ཕྱིར་དུས་ཀྱི་ཐ་མར་སླེབ་པའི་ཚེ༔ ས་འོག་ས་སྟེང་ཀླུ་དང་རྒྱལ་པོས་ཁྱབ༔ གདོན་དུ་ཀླུ་དང་རྒྱལ་བསེན་ཕོ་མོ་དར༔ ནད་དུ་མཛེ་ལྷོག་གཞན་ཡང་སྨྱོ་འབོག་མང༔ ཁྱད་པར་དྲང་སྲོང་གཟའ་ཡིས་གནོད་འཚེ་བྱེད༔ འཕྲལ་དུ་བཙོག་ཅིང་མཐར་ཐུག་སེལ་དཀའ་བའི༔ མཛེ་རིགས་བཅོ་བརྒྱད་དབྱར་གྱི་ཆུ་ལྟར་བརྡོལ༔ དེ་དག་སྲུང་བ་ཀུན་གྱི་མཐར་ཐུག་པ༔ བྱ་སླ་ཚེགས་ཆུང་དོན་ཆེ་གནང་དུ་གསོལ༔ ཞེས་གསོལ་བས༔ གུ་རུས་བཀའ་བསྩལ་པ༔ ཀྱཻ༔ ལྷ་སྲས་བྱང་ཆུབ་སེམས་དཔའ་སྙན་གསན་འཚལ༔ ཁ་བ་ཅན་གྱི་རྒྱལ་ཁམས་ངན་པ་འདིར༔ མུན་པའི་སྨག་དང་འདྲ་སྟེ་འདུལ་བར་དཀའ༔ དེ་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་དང༔ རྗེ་བཙུན་འཕགས་མ་སྒྲོལ་མའི་འདུལ་ཞིང་ཡིན༔ ཞི་བས་མ་ཐུལ་གདུག་པ་ཅན་རྣམས་ནི༔ འཕགས་པ་རྟ་མགྲིན་རྒྱལ་པོར་སྐུར་སྤྲུལ་ནས༔ དྲག་པོ་སྔགས་དང་རྫས་དང་ཏིང་འཛིན་གྱིས༔ འདུལ་བར་ངེས་ཀྱི་སྙིགས་མའི་སེམས་ཅན་རྣམས༔ ཆོས་རྒྱལ་མེས་དབོན་གསུམ་གྱིས་ཁྲིམས་བཅས་པའི༔ དགེ་བཅུའི་ཁྲིམས་བཤིག་འཁྲུགས་དཔོན་དགེ་བཤེས་བྱེད༔ བྱང་སེམས་དོར་ནས་ཁ་དྲག་བཙུན་པ་ཚོལ༔ གནམ་ལ་ལྟས་ངན་སྐར་མ་འཁྲུག་ཅིང་ཤར༔ ས་ལ་འཁྲུལ་འཁོར་ས་གཡོས་ནད་མང་ལྡང༔ དམ་ཉམས་ཁྲིམས་པས་དགེ་ལ་ཁ་དྲངས་ནས༔ དཀོར་རྫས་ཟ་ཞིང་གཙུག་ལག་གཉན་རྣམས་འཇོམས༔ ད་ལྟའི་བདུད་བློན་ནག་པོ་དྲུག་གི་ལས༔ སྨོན་ལམ་སེམས་བསྐྱེད་ངན་པས་སྡེ་འཁྲུགས་རྩོམ༔ དེ་དུས་ཀླུ་གདོན་གདུག་པའི་ཚོགས་རྣམས་དར༔ ས་བདག་ཀླུ་འདི་དུག་ལྔའི་གཞི་ལས་གྲུབ༔ ལྷ་སྲིན་སྡེ་བརྒྱད་ཀུན་དང་བསྡོང་ཟླ་བྱེད༔ རྫུ་འཕྲུལ་སྤྲུལ་པ་མ་ངེས་སྣ་ཚོགས་སྟོན༔ ཆུ་བྲག་ས་དང་ཤིང་རྡོ་དག་ལ་གནས༔ ལེགས་ཉེས་གང་བྱས་ཀླུ་དང་ཐུག་པར་འགྱུར༔ འགྲས་པ་སླ་ཞིང་ལྐུག་པའི་རང་བཞིན་གྱིས༔ དུམ་པར་དཀའ་ལ་མཛེ་ལྷོག་སྨྱོ་འབོག་དང༔ རིམས་དུག་རྒྱལ་བསེན་དྲང་སྲོང་ནད་ཀྱིས་ཐེབས༔ ཕྱུགས་ནད་གོར་དང་ལྷོག་གལ་རྩེ་འབྲུམ་གཏོང༔ དེ་དུས་དབང་ཆེན་དྲག་པོ་ཁྲོ་བོ་ཡིས༔ འདུལ་བར་མི་འགྱུར་གང་ཡང་ཡོད་མ་ཡིན༔ དེ་ཕྱིར་འདི་ནི་ད་ལྟ་དུས་བཟང་ཞིང༔ སྤྱོད་པ་བཟང་བས་སྤེལ་བར་མི་བྱ་ཞིང༔ ཕྱོགས་བཞི་དབུས་ལྔའི་གཏེར་དུ་སྦ་བར་བྱེད༔ འདི་ནི་རབ་ཏུ་གཉན་ཅིང་མཐུ་ཆེ་བས༔ སྒོམ་བཟླས་གསལ་བས་སྡེ་བརྒྱད་ཁོང་ཁྲག་འབྱིན༔ དེ་ཕྱིར་ཆུ་གཏོར་གཏོར་མའི་ལས་ལ་འབད༔ གདུག་སེམས་ཞི་ནས་ཕན་སེམས་འབྱུང་བར་འགྱུར༔ མྱུར་ཚད་རླུང་འདྲ་རྣོ་ཚད་སྤུ་གྲི་འདྲ༔ མེ་དང་རྩི་ཤིང་སྐམ་པོ་འཕྲད་པ་ལྟར༔ གདོན་བགེགས་སྲེག་ཅིང་འཇོམས་པར་ཐེ་ཚོམ་མེད༔ སྤྲིན་ཕུང་ཆེ་ཡང་རླུང་གིས་གཏོར་བ་ལྟར༔ ཀུན་ནས་རབ་ཏུ་ནད་གདོན་གནོད་པ་སེལ༔ ཉི་མ་ཤར་བས་མུན་པ་རང་སངས་ལྟར༔ ནད་གདོན་སྡེ་བརྒྱད་གནོད་པ་སེལ་བར་བྱེད༔ ཅེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཤི་ལེན་གོང་གི་བྲག་ཕུག་ཏུ༔ བསྐྱེད་རིམ་གསལ་གདབ་དམ་སྲི་ནག་པོའི་གདོན༔ གནོད་སྦྱིན་ནག་པོ་རང་འདྲའི་གཟི་བརྗིད་བརྟུལ༔ དམ་ལ་བཏགས་ནས་གདུག་པ་ཅན་རྣམས་ཀྱི༔ སྲོག་གི་སྙིང་པོ་སྔགས་སུ་བྱིན་གྱིས་བརླབས༔ ལྷ་དང་སྔགས་དང་རྫས་ཀྱི་ཐེམ་དུ་བསྟན༔ དེ་ལ་ཕན་བྱ་གནོད་བྱ་གཉིས་ཡིན་ཏེ༔ ཕན་བྱ་སྲུང་བ་སྔགས་རྫས་ཏིང་ངེ་འཛིན༔ གནོད་བྱ་རབས་གཅོད་གཏད་དང་གསུམ་དུ་འདུས༔ རྒྱལ་པོ་ཆེན་པོའི་ཐུགས་ལ་སྟིམས་ཤིག་གསུང༔ རིམ་པར་བྲིས་ནས་ཕྱོགས་བཞི་དབུས་ལྔར་སྦས༔ འདྲ་མིན་རྒྱས་བསྡུས་མང་ཡང་གནད་དོན་གཅིག༔ འདི་ནི་ཡང་གསང་སྙིང་པོ་འདུས་པའི་སྐོར༔ དབུ་རྩེ་རིགས་གསུམ་ཀ་བའི་ཁོངས་སུ་སྦས༔ དུས་ལ་བབ་ཚེ་རྒྱལ་པོའི་སྨོན་ལམ་གྱི༔ ངེས་སྤྲུལ་གར་གྱི་དབང་ཕྱུག་ཡེ་ཤེས་རྩལ༔ དེ་དང་འཕྲད་ནས་འགྲོ་བའི་དོན་བྱེད་འགྱུར༔ ཞེས་གདམས་སོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ སོ་ཕག་ཤི་ཐཾ༔ དམ་མེད་ཀྱི་ལག་ཏུ་ཤོར་ན་བསྐལ་པ་འཇིག་གོ༔ གྷུ་ཧྱ༔ ཅེས་པར་གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱིས་བསམ་ཡས་ནས་གདན་དྲངས་པའོ།། །།དཔལ་རྟ་མགྲིན་ནག་པོ་ཐུགས་ཀྱི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈྈྈྈ དབང་ཆེན་ནག་པོ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གནོད་སྦྱིན་ནག་པོ་དམ་ལ་བཏགས༔ དྲེགས་པ་ཀུན་གྱི་སྲོག་སྙིང་བསྡུས༔ ཕྱི་རབས་དོན་དུ་སྒྲུབ་ཐབས་བརྩམ༔ སྐྱབས་འགྲོ་ཚད་མེད་སེམས་བསྐྱེད་ནས༔ ཐམས་ཅད་སྟོང་པའི་ངང་ལ་བཞག༔ དེ་ནས་སྔགས་ཀྱི་རང་སྒྲ་ཡིས༔ ཆུ་ལ་ཆུ་བུར་བརྡོལ་བ་ལྟར༔ དབང་ཆེན་དྲག་པོའི་སྐུ་རུ་བསམ༔ མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ༔ སྟོང་ཉིད་ངང་ལས་ནམ་མཁའི་ཁམས༔ དམར་ནག་མེ་ཡི་གུར་ཆེན་པོ༔ ཚ་ཞིང་རྩུབ་པའི་མེ་འོད་འཕྲོ༔ དེ་དབུས་ཉོན་མོངས་འཆི་བདག་དང༔ ཕུང་པོ་དང་ནི་ལྷ་བུའི་བདུད༔ ཆུང་མའི་ཚོགས་བཅས་བསྣོལ་བའི་སྟེང༔ རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང༔ དམངས་རིགས་གདོལ་པ་ས་བདག་འབུམ༔ གཉན་ཆེན་སྡེ་བཞི་བརྩིགས་པའི་ཁར༔ ཉི་ཟླ་པདྨའི་གདན་སྟེངས་སུ༔ དྲན་རིག་ཙམ་ལས་སྐུ་བསྐྱེད་པ༔ བདག་ཉིད་རྟ་མགྲིན་ནག་པོའི་སྐུ༔ སྐུ་ཡིས་ཁམས་གསུམ་ཀུན་ཏུ་ཁྱབ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ སྡང་མིག་དམར་ཟླུམ་ཁྲག་མཚོར་འཁྱིལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི༔ མཆེ་གཙིགས་སྨ་ར་ཨག་ཚོམ་འབར༔ སྨིན་མ་ཁམ་སེར་གློག་ལྟར་འཁྱུག༔ ལྕགས་ཀྱི་རལ་པ་སྤུ་གྲིའི་སོ༔ སྐུ་རྒྱབ་རྟིང་སོར་ཁྱབ་པར་འཕྲོ༔ དབུ་གཙུག་རྟ་མགོ་ལྗང་ཞུར་ནི༔ རྔོག་མ་ལེ་བརྒན་མེ་དཔུང་འབར༔ ཕྲུམ་ཕྲུམ་དམར་སེར་མེ་སྟག་འཕྲོ༔ མིག་འབུར་ཉི་ཟླའི་གཟི་འོད་འབར༔ ལྷང་ལྷང་སྐད་ཀྱིས་སྲིད་གསུམ་འདུལ༔ ཕྱག་གཡས་འབར་བའི་རལ་གྲི་ཕྱར༔ དགྲ་བགེགས་མགོ་ལུས་ཕྱེ་མར་གཅོད༔ གཡོན་པས་ལྕགས་ཀྱུ་ཞགས་པར་བཅས༔ དགྲ་བགེགས་སྙིང་འདྲེན་དབང་པོ་སྡོམ༔ ཞབས་གཉིས་འདོར་སྟབས་བརྐྱང་བསྐུམ་བསྒྲད༔ སྐུ་སྟོད་ཞིང་ལྤགས་གཡང་གཞི་གསོལ༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་དཀྲིས༔ དེ་སྟེང་དར་ནག་བེར་ཆེན་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ རྒྱལ་རིགས་སྦྲུལ་དཀར་དབུ་ལ་བཅིངས༔ བྲམ་ཟེ་དམར་པོས་སྙན་མགུལ་མཛེས༔ རྗེ་རིགས་སེར་ཁྲས་ཕྱག་དཔུང་བརྒྱན༔ དམངས་རིགས་ལྗང་གུས་ཞབས་གདུབ་དཀྲིས༔ གདོལ་པ་ནག་པོས་དོ་ཤལ་འཕྱང༔ མི་མགོ་ཁྲག་འཛག་ལྔ་བཅུས་བརྒྱན༔ རལ་པ་སྤྲུགས་པའི་སྐྲ་གསེབ་ནས༔ ཁྲོ་ཆུང་མང་པོ་ཆར་ལྟར་འབེབ༔ སྐུ་ལུས་ཁྲོ་ཆུང་འཇིགས་པས་གཏམས༔ དེ་ལས་འཁོར་ལོ་རལ་གྲི་དང༔ ཐོ་བ་རྡོ་རྗེ་མདའ་མདུང་གི༔ ཐོག་སེར་འཁྲུག་ཅིང་གུར་དུ་འཁྱིལ༔ དེ་ལས་མེ་དཔུང་དམར་ནག་གི༔ ཚྭ་ཚྭ་དྲག་པོ་སྐར་ལྟར་འཁྲུགས༔ རང་བྱུང་རིག་པ་ཉིད་ལས་ཤར༔ སྤྱན་འདྲེན་དབང་བསྐུར་བཞུགས་གསོལ་དང༔ ཕྱག་མཆོད་བསྟོད་པ་ཀུན་སྤངས་ཏེ༔ དྲག་པོ་སྔགས་ཀྱི་བཟླས་པ་བྱ༔ ཨོཾ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཡིག་འབྲུ་བཅུ་གཅིག་རྒྱུན་དུ་བཟླ༔ ཏིང་ངེ་འཛིན་གྱིས་སེམས་བསྲུང་ཞིང༔ རྟ་མགྲིན་དཔལ་གྱི་སྐུ་རུ་གྱུར༔ བཟླས་པ་སྔགས་ཀྱིས་ངག་བསྲུང་ཞིང༔ མཐུ་སྟོབས་རྟེན་འབྲེལ་ནུས་པ་ཐོབ༔ རྟེན་འབྲེལ་རྫས་ཀྱིས་ལུས་བསྲུང་ཞིང༔ རྣོ་ལ་ངར་གྱིས་བཏགས་པ་ལྟར༔ སྲུང་དང་ཟློག་དང་བསད་པ་འགྲུབ༔ འདི་ལ་གྲངས་དང་ཚད་མེད་ཅིང༔ ལན་གཅིག་བཟླས་པ་ཙམ་གྱིས་ཀྱང༔ ཁྲོ་བོ་ཀུན་གྱི་མཐུ་སྟོབས་འགྲུབ༔ རྒྱུན་དུ་བཟླས་ན་སྨོས་ཅི་དགོས༔ པདྨ་འབྱུང་གནས་བདག་གིས་ཀྱང༔ སྔོན་ཆད་གཞན་དུ་བསྟན་པ་མེད༔ རྒྱལ་པོའི་ཐུགས་ལ་སྟིམས་ཤིག་གསུངས༔ ནག་པོ་རྩ་བའི་བསྙེན་པ་རྫོགས་སོ༔ སྱེ།མྱེ།ཡྱེ།༔ རྒྱ།རྒྱ།རྒྱ།༔ ༔དབང་ཆེན་ཁྲོས་པ་ཁྲོ་བོའི་རྒྱལ༔ རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཐུགས་གཏེར་སྦས་པ་ལྔ་ཡོད་དེ༔ ཕྱོགས་བཞི་དབུས་ཀྱི་བསམ་ཡས་ཀྱི༔ མཆོད་རྟེན་ནག་པོ་ལྔ་ན་ཡོད༔ ཡང་གཏེར་སྦས་པ་འདི་ཡིན་ཏེ༔ སྙིང་མཛོད་ག་འུ་ནག་པོའི་ནང༔ གསང་བའི་རྒྱ་བདུན་བཏབ་ནས་སྦས༔ འདི་ལ་བསྙེན་པ་སྒྲུབ་པ་དང༔ ལས་སྦྱོར་བརྡ་རྟགས་རིམ་པ་འོ༔ སྱེ།མྱེ།ཡྱེ།༔ རྒྱ།རྒྱ།རྒྱ།༔ དང་པོ་བསྙེན་པའི་རིམ་པ་ནི༔ ནག་པོ་ཐུགས་ཀྱི་སྒྲུབ་ཐབས་ཡིན༔ དེ་ལ་བསྙེན་པའི་རྟགས་ཐོན་ནས༔ སྒྲུབ་པའི་གཞུང་ལ་འཇུག་པར་བྱ༔ དང་པོ་དུར་ཁྲོད་དབེན་གནས་སུ༔ གཏོར་མ་བཏང་ཞིང་མཎྜལ་བྱ༔ བདུད་རྩི་སྨན་གྱིས་ཆག་ཆག་གདབ༔ བ་སུ་ཏ་སྟེ་རྒྱུ་མ་འམ༔ རས་བལ་དག་གིས་ཐིག་གདབ་སྟེ༔ བཅུ་དྲུག་ཆ་རྫོགས་དང་དྲུག་ནི༔ ཕྱེད་བསྲེ་དེ་ཡི་ཕྱི་མ་བསྲེ༔ གཉིས་བདུན་གཉིས་ནི་ཁ་ཆར་བསྲེས༔ གསུམ་དང་བཞི་པ་རང་སར་བཞག༔ ལྔ་དང་བརྒྱད་ནི་དབུས་དོར་ཞིང༔ མཐའ་མ་གཉིས་ནི་གདབ་པར་བྱ༔ དེ་ནས་རིམ་བསྐོར་གསུམ་པ་ཡིན༔ མཐའ་ནས་བསྐོར་ཞིང་དེ་ནང་དུ༔ མུ་ཁྱུད་ར་བ་བསྐོར་བར་བྱ༔ དེ་དབུས་གྲུ་གསུམ་སྒོ་ཅན་གདབ༔ ཆོས་འབྱུང་མཐིང་ནག་ཟླ་གམ་དམར༔ མུ་ཁྱུད་ཐོད་པའི་ར་བར་བྱ༔ གསུམ་པ་ཁྱམས་ནི་ཕྱོགས་བཞིར་མདོག༔ ཤར་དཀར་ལྷོ་སེར་ནུབ་དམར་བྱང༔ ལྗང་གུར་བྱ་ཞིང་སྒོ་དང་ནི༔ རྟ་བབས་ལ་སོགས་སྤྱི་དང་མཐུན༔ རྡུལ་ཚོན་ལྷ་ལྔར་རབ་གནས་བྱ༔ བཞུ་བརྟུལ་བྱས་ཏེ་མཛེས་པར་བྲི༔ དེ་དབུས་མཉྫི་ཁྲི་རྐང་སྟེང༔ བུམ་པ་མཚན་ལྡན་བུམ་རྫས་བཅས༔ གཙང་མའི་ཆུས་དགང་དར་ནག་གི༔ མགུལ་ཆིངས་ཁ་རྒྱན་ཤིང་ལ་བྱ༔ དེ་སྟེང་སྤོད་ཀྱིས་བྲན་པ་ཡི༔ གཏོར་མ་རིན་ཆེན་འབར་བའི་དབྱིབས༔ རྟ་མགོ་འབར་བས་མཚན་པ་ལ༔ པདྨ་འདབ་བཞི་ཚེ་རིལ་བཅས༔ གཞན་ཡང་མཆོད་གཏོར་སྨན་རཀ་དང༔ ཚོགས་ཀྱི་མཆོད་པས་མཛེས་པར་བསྐོར༔ དཀྱིལ་འཁོར་ཐ་མ་མདའ་བཞི་དང༔ གྲི་བཞི་ཕུར་པ་བཞི་དང་ནི༔ ཚོན་སྐུད་སྣ་ལྔས་དྲྭ་བར་དཀྲིས༔ བླ་བྲེ་ཡོལ་བ་ལ་སོགས་པ༔ བཀོད་པ་དུ་མས་བརྒྱན་པར་བྱ༔ སྔོན་དུ་བྱ་བའི་ལས་རིམ་མོ༔ སྱེ།མྱེ།ཡྱེ།༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་པའི་དངོས་གཞི་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་བགེགས་ལ་མཆོད་སྦྱིན་བྱ༔ རྒྱལ་ཆེན་གཏོར་མ་ལེགས་པར་གཏང༔ བར་ཆད་མེད་པར་གསོལ་བ་བཏབ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནི༔ སྤྱི་དང་མཐུན་པར་བྱས་ནས་ནི༔ ཡན་ལག་བཅུ་ཡིས་ཚོགས་ཆེན་གསག༔ ཚད་མེད་བཞི་ཡིས་རྒྱུད་སྦྱངས་ཏེ༔ སྐད་ཅིག་ལྷར་གསལ་བཀའ་བསྒོ་བ༔ ཧཱུྃ༔ བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ མཆོད་སྦྱིན་བཟང་པོས་ཚིམས་བྱོས་ལ༔ བདག་གིས་སྒྲུབ་པ་མ་ཐོན་བར༔ རང་རང་གནས་སུ་ཅི་བདེར་སོང༔ གལ་ཏེ་ལོག་འདྲེན་བརྩམ་འདོད་ན༔ བདག་ཉིད་ཁྲོ་རྒྱལ་ཏིང་འཛིན་གྱིས༔ ལུས་སེམས་འབར་བའི་རལ་གྲིས་གཅོད༔ དེ་བས་རང་རང་གནས་སུ་དེངས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཕཊ༔ གྷྲྀཧྞ་གྷྲྀཧྞ་ཧཱུྃ་ཕཊ༔ གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཕཊ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝན་བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ ཅེས་དཔག་ཚད་བྱེ་བའི་མཐར་བསྐྲད་ལ་མཚམས་བཅད་པ་ནི༔ ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་ཐུགས་སྲོག་ཧྲཱི༔ ནག་པོ་འབར་བའི་མེ་འོད་ཀྱིས༔ ཕྱོགས་བཅུ་བར་མཚམས་མེད་པར་ཁྱབ༔ ཐམས་ཅད་མཚོན་ཆ་མེ་འོད་འབར༔ ཨོཾ་བཛྲ་ཛྭ་ལ་ཁཌྒ་རཀྵ་རཀྵ་ཧཱུྃ་ཕཊ༔ མཆོད་རྫས་ནུས་མཐུར་བརླབ་པ་ནི༔ ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བདུད་རྩི་གཏོར་བས་བགེགས་ཀྱི་ཚོགས་རྣམས་བསང༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ རང་བཞིན་དག་པ་སྔགས་ཀྱི་དོན་བསྒོམས་ཏེ༔ སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད༔ སྟོང་གསུམ་ཁྱབ་པའི་ནང་དུ་འབྲུ་གསུམ་ལས༔ ཐིག་ལེ་ལྔ་ལྡན་འོད་དུ་ཞུ་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལ་སོགས་མཆོད་པའི་ཚོགས༔ ནམ་མཁའ་གང་བར་དམིགས་ཤིང་བྱིན་གྱིས་རློབས༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ༴ ཨོཾ་བཛྲ་གནྡྷེ༴ ཨོཾ་བཛྲ་ནཻ་ཝིདྱ༴ ཨོཾ་བཛྲ་ཤབྡ༴ གསུམ་གསུམ་སྔགས་ཀྱིས་ནུས་པ་བསྐྱེད་པར་བྱ༔ སྔོན་འགྲོའི་རིམ་པ་སྱེ།མྱེ།ཡྱེ།༔ རྒྱ།རྒྱ།རྒྱ།༔ གཉིས་པ་བདག་དང་བུམ་པ་དཀྱིལ་འཁོར་རྣམས༔ ཏིང་འཛིན་གསུམ་གྱིས་སྦྱང་ཞིང་སྒྲུབ་པ་ནི༔ ཧྲཱི༔ གདོད་ནས་དམིགས་མེད་དག་པའི་དབྱིངས་ཉིད་ལས༔ མ་རྟོགས་འགྲོ་བར་ཚད་མེད་སྙིང་རྗེར་ཤར༔ ཟུང་འཇུག་འབར་བ་ཧྲཱིཿཡིག་མཐིང་ནག་ལས༔ ཨེ་ཡཾ་ར་སུཾ་ཀེཾ་ལས་མཁའ་རླུང་དང༔ ཁྲག་མཚོ་ཞིང་ཆེན་ས་གཞི་ཀེང་རུས་རི༔ དེ་སྟེང་རཾ་ལས་བསྐལ་པའི་མེ་ཀློང་དུ༔ སྨུག་ནག་བྷྲཱུྃ་ལས་དུར་ཁྲོད་ཐོད་པའི་མཁར༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན༔ ཕ་གུ་དྲྭ་ཕྱེད་མདའ་ཡབ་པུ་ཤུས་མཛེས༔ ལྷ་བརྒྱད་ཀ་བ་ཀླུ་བརྒྱད་ཀ་བའི་གདན༔ ཞིང་ལྤགས་ཐོག་ལ་རྒྱུ་མའི་ལྡ་ལྡི་འཕྱང༔ ཁྲག་ཞག་ཞིང་ཆུང་ཙིཏྟའི་ཏོག་གིས་མཛེས༔ ཤ་དང་ཁྲག་གི་རི་དང་རྒྱ་མཚོར་འཁྱིལ༔ གནམ་ལྕགས་གཟེར་ཆེན་ཐོད་སྦྲུལ་ཉི་ཟླས་མཛེས༔ ཆུ་སྲིན་ཡ་ཐེམ་རུས་སྦལ་མ་ཐེམ་བརྗིད༔ ཞིང་ཆེན་སྒོ་ལོགས་སྦྲུལ་ནག་སྒོ་སྐྱེས་བཙུག༔ ཉི་ཟླའི་གཡག་ཤིང་མི་ལྤགས་ལྕེ་ཁྲབ་མཛེས༔ ཕྱི་རོལ་ཤ་ཟ་ཁྲག་འཐུང་རོ་ལངས་ཚོགས་ཀྱིས་བསྐོར༔ ཧ་ཧ་དྲག་པོས་གད་སྒྲ་དིར་དིར་སྒྲོག༔ མེ་སྟག་འཚུབ་མ་དུག་ཤིང་ནགས་ཚལ་འཁྲིག༔ ཀང་ཀ་འདབ་ཆགས་མང་པོ་འཕུར་ཞིང་ལྡིང༔ ཤ་ཟ་གཅན་གཟན་ཁྱི་སྤྱང་ངུར་སྒྲ་སྒྲོག༔ དེ་དབུས་མཐིང་ནག་གྲུ་གསུམ་འབར་བའི་མཐའ༔ ཐོད་པ་འབར་བའི་མུ་ཁྱུད་ཟླུམ་པོས་བསྐོར༔ མདུན་དང་གཡས་གཡོན་ཟླ་གམ་ཁྲག་མཚོར་འཁྱིལ༔ ཕྱི་ནང་ཀུན་གསལ་མཁའ་ཁྱབ་གཞལ་ཡས་གསལ༔ དབུས་སུ་བདུད་བཞི་རིགས་ལྔའི་ཀླུ་གདོན་དང༔ ས་བདག་ཀླུ་འབུམ་གཉན་ཁྲི་ཉི་ཟླའི་སྟེང༔ འདབ་བརྒྱད་པདྨ་དམར་པོ་གེ་སར་སྟེང༔ རང་རིག་མཐིང་ནག་ཧྲཱིཿཡི་འཕྲོ་འདུ་ལས༔ མཆོད་དང་སྒྲིབ་སྦྱངས་དོན་གཉིས་ཡོངས་རྫོགས་པའི༔ ཀླུ་དང་ས་བདག་གཉན་དང་སྡེ་བརྒྱད་རྣམས༔ གདུག་པའི་སེམས་ཉིད་ཚར་བཅད་སྟོབས་བསྡུས་ནས༔ འབར་བའི་མེ་འོད་འཕྲོ་བའི་ཧྲཱིཿལ་ཐིམ༔ མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ༔ གསང་སྔགས་བརྗོད་པས་ཧཱུྃ་ཉིད་ཡོངས་སུ་གྱུར༔ བདག་ཉིད་རྟ་མགྲིན་མཐིང་ནག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་བསྒྲད་ཅིང་ཁྲག་ལྟར་འཁྲུགས༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ སྨ་ར་ཨག་ཚོམ་མེ་འབར་མེ་སྟག་འཕྲོ༔ སྨིན་མ་ཁམ་སེར་གློག་འཁྱུག་ཁྲོ་གཉེར་གཡོ༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ ཕྱག་གཡས་གནས་ལྕགས་རལ་གྲི་ཕྱོགས་བཅུར་ཕྱར༔ དགྲ་བགེགས་ཕྱོགས་སྐྱོང་ལོག་འདྲེན་ཕྱེ་མར་གཏུབ༔ གཡོན་པས་ལྕགས་ཀྱུ་ཞགས་པས་དགྲ་བགེགས་ཀྱི༔ དབང་པོ་ལྔ་སྡོམ་སྙིང་རྩ་དམར་ནས་འདྲེན༔ ཞབས་གཉིས་འདོར་སྟབས་བརྐྱང་བསྐུམ་བསྒྲད་ཅིང་འགྱིང༔ སྐུ་སྟོད་ཞིང་ལྤགས་གཡང་གཞི་རློན་པ་ལ༔ ཁྲག་གི་རྒྱུན་བབས་སྐུ་ཡི་ན་བཟར་གསོལ༔ སྐུ་སྨད་སྟག་ལྤགས་རློན་པའི་ཤམ་ཐབས་ཅན༔ སྟེང་ནས་དར་ནག་འཇོལ་བེར་ཕོད་ཅན་གསོལ༔ ཐོད་པ་སྐམ་པོས་དབུ་ལ་རྣམ་པར་བརྒྱན༔ རིགས་ལྔའི་སངས་རྒྱས་ཐོད་ཁང་འོད་དུ་གསལ༔ སྦྲུལ་ཆེན་རིགས་བཞི་སྐུ་ཡི་རྒྱན་དུ་མཛེས༔ ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་འཕྱང༔ ལྕགས་ཀྱི་རལ་གྲི་འབར་བའི་རལ་པ་ཡིས༔ སྐུ་རྒྱབ་འཕྱང་ཞིང་རྟིང་པའི་མཐར་ཐུག་འཁྲུགས༔ རལ་པ་སྤྲུགས་པའི་གསེབ་ནས་ཁྲོ་ཆུང་གི༔ སྤྲུལ་པ་གྲངས་མེད་ཕྱོགས་བཅུ་ཀུན་ཏུ་འཕྲོ༔ རྣོ་དབལ་རལ་གྲི་འབར་བའི་འཁོར་ལོ་འཁྲིག༔ དམར་ནག་མེ་དཔུང་འབར་བའི་ཀློང་ཡངས་ནས༔ ཨི་ཧ་ཧ་ཡི་སྒྲ་སྒྲོག་སྐུ་བོང་ཆེ༔ སྟོང་གསུམ་གང་བ་དཔལ་གྱི་སྐུ་རུ་བསྒོམ༔ དཔལ་ཆེན་རོལ་པ་ཕྱག་གཡོན་སྡིགས་མཛུབ་ཀྱིས༔ ཐུགས་ཀར་བསྒྲེང་བའི་རྩེ་ལ་གནམ་ལྕགས་ཀྱི༔ སྡིག་པ་ནག་པོ་མགོ་དགུ་རི་རབ་ཙམ༔ རང་འདྲའི་སྤྲུལ་པ་གྲངས་མེད་ཐོག་ལྟར་འཕྲོ༔ རྒྱལ་བསེན་ས་བདག་གདོན་ཚོགས་ཟ་ཞིང་འདུལ༔ དཔལ་གྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ མཐིང་ནག་གཅེར་བུ་ཁྲོ་གཏུམ་རལ་པ་ཅན༔ རྟ་མགོའི་རྩེ་ནས་རིགས་བདག་འོད་དཔག་མེད༔ དམར་སེར་ཞལ་གཅིག་ཕྱག་གཉིས་ལྷུང་བཟེད་བསྣམས༔ དར་དམར་ཆོས་གོས་འོད་ལྔའི་དཀྱིལ་ན་གསལ༔ དེ་ཡི་ཐུགས་ཀར་ཉི་སྟེང་རལ་གྲི་འབར༔ རྩེ་ལ་མཐིང་ནག་ཧྲཱིཿལ་སྔགས་ཀྱིས་བསྐོར༔ མ་ཡེངས་དྲན་པ་གསལ་བརྟན་བར་དུ་བསྒོམ༔ ཧྲཱིཿལས་ཧཱུྃ་འཕྲོས་ཀླུ་གཉན་ས་བདག་གི༔ སྟེང་དུ་སྐུ་གསུང་ཐུགས་སྤྲུལ་ཁྲོ་བོ་ནི༔ ཤར་དུ་ཡཀྴ་མེ་དབལ་འཇིགས་པར་བྱེད༔ ནག་པོ་ཕྱག་གཉིས་ཐོ་བ་མེ་དབལ་འཛིན༔ གཡས་སུ་གཤིན་རྗེ་གཤེད་ནག་འཇིགས་པར་བྱེད༔ ཐོད་དབྱུག་སྡིགས་མཛུབ་ཞགས་པ་མེ་འབར་འཛིན༔ གཡོན་དུ་སྟོབས་ཆེན་ནག་པོ་གཏུན་ཤིང་གཡས༔ སྡིགས་མཛུབ་མེ་འབར་དུར་ཁྲོད་ཆས་རྣམས་རྫོགས༔ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་གདན་སྟེང་དུ༔ དྲི་ཟ་གྲུལ་བུམ་ཀླུ་དང་གནོད་སྦྱིན་སྟེང༔ ཧཱུྃ་བཞི་ཡོངས་གྱུར་ཤར་དུ་སྐུ་མདོག་དཀར༔ རྟ་མགྲིན་རྒྱལ་པོ་རྡོ་རྗེ་རལ་གྲི་གཡས༔ གཡོན་པ་ལྕགས་ཀྱུས་དྲི་ཟའི་སྲོག་རྩ་འདྲེན༔ ལྷོ་རྩིབས་ཡོན་ཏན་རྟ་མགྲིན་གསེར་གྱི་མདོག༔ གཡས་པ་རིན་ཆེན་རལ་གྲི་ཞགས་པ་གཡོན༔ གཤིན་རྗེའི་སྲོག་འཆིང་ནུབ་རྩིབས་རྟ་མགྲིན་དམར༔ གཡས་པའི་ཕྱག་ན་པདྨའི་རལ་གྲི་ཕྱར༔ གཡོན་པས་ལྕགས་སྒྲོག་ཀླུ་གདོན་ཡན་ལག་སྡོམ༔ བྱང་དུ་ཕྲིན་ལས་རྟ་མགྲིན་སྐུ་མདོག་ལྗང༔ གཡས་པས་རྒྱ་གྲམ་རལ་གྲི་གླད་ལ་བསྐོར༔ གཡོན་པ་དྲིལ་བུས་གནོད་སྦྱིན་སྤྱི་བོ་འཇོམས༔ ཀུན་ཀྱང་དུར་ཁྲོད་ཆས་དང་བེར་ནག་གསོལ༔ རྟ་མགོ་ལྗང་ཞུར་ཀུན་གྱི་གཙུག་ན་འཚེར༔ རིགས་བཞིའི་གདོན་ཚོགས་དབང་སྡུད་ཟིལ་གྱིས་གནོན༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་བྱེད༔ ཐུགས་ཀའི་ཧྲཱིཿལས་ཛཿཧཱུྃ་བཾ་ཧོཿབཞི༔ སྒོ་བཞིར་ཀླུ་གཉན་ས་བདག་འདྲེ་སྲིན་སྟེང༔ འཕྲོ་འདུས་ཀླུ་གཉན་ས་བདག་རྒྱལ་བསེན་བཅོམ༔ ཡོངས་སུ་གྱུར་པ་ཤར་སྒོར་རྟ་གདོང་དཀར༔ ལྕགས་ཀྱུ་དང་བཅས་གཡོན་པ་རྟ་དམག་འགྱེད༔ ཀླུ་རྣམས་རྒྱན་འཆང་རྟ་ཞལ་དག་ཏུ་ཟ༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་གཡས༔ གཡོན་པས་ཕག་ནག་སྤྲུལ་པས་གཉན་རྣམས་འདུལ༔ ནུབ་སྒོར་ཁྱུང་གདོང་དམར་མོ་ལྕགས་སྒྲོག་གཡས༔ གཡོན་པས་ཁྱུང་སྤྲུལ་ས་བདག་མ་ལུས་འདུལ༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་གཡས༔ གཡོན་པས་སྡིག་སྦྲུལ་སྤྲུལ་པས་རྒྱལ་བསེན་འདུལ༔ ཀུན་ཀྱང་རང་རང་སྤྲུལ་པས་ཁམས་གསུམ་གང༔ གནས་གསུམ་འཁོར་ལོ་པདྨ་རྒྱ་གྲམ་གྱི༔ ལྟེ་དབུས་ཟླ་སྟེང་འབྲུ་གསུམ་གསལ་བར་བལྟ༔ ཐུགས་ཀར་ཉི་སྟེང་ཧྲཱིཿཧཱུྃ་ལ་སོགས་པའི༔ ཡི་གེའི་ཚོགས་ལས་འོད་འཕྲོས་རྒྱལ་བ་ལྔ༔ རིགས་ཀྱི་ཡུམ་དང་སེམས་དཔའ་ལྕམ་དྲལ་དང༔ ཁྲོ་ཚོགས་སྤྱན་དྲངས་མཁའ་ལ་བཞུགས་པ་ལ༔ ཕྱག་འཚལ་མཆོད་ཅིང་བསྟོད་དེ་གསོལ་བ་བཏབ༔ དབང་བཞི་རྫོགས་པའི་ཆུ་རྒྱུན་དྭངས་མ་ཡིས༔ སྐུ་གང་སྒྲིབ་དག་ཆུ་རྒྱུན་ལུད་པ་ལས༔ སྤྱི་གཙུག་རྟ་སྐད་ཐེངས་གསུམ་འཚེར་བ་ཡིས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད༔ ཀླུ་དང་རྒྱལ་བསེན་ས་བདག་ཚར་བཅད་ཅིང༔ སྡེ་བརྒྱད་བྲན་ཁོལ་ནུས་མཐུ་རྫོགས་པའི་དབང༔ ཡོངས་རྫོགས་ཐོབ་པས་ཆེ་བཙན་རྒྱལ་པོར་བསམ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་ཅིང་མཆོད་བསྟོད་བཟླས་པ་ནི༔ གཙོ་བོའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས༔ རང་བཞིན་དག་པའི་ཞིང་ཁམས་རབ་འབྱམས་ནས༔ རང་འདྲ་དཔག་མེད་སྤྱན་དྲངས་བསྟིམ་བྱའི་ཕྱིར༔ སྤོས་དང་རོལ་མོ་དབྱངས་བཅས་འདི་སྐད་དོ༔ ཧྲཱི༔ དབྱིངས་ནས་སྤྱན་དྲངས་དམིགས་མེད་ཀྱང༔ སྨོན་ལམ་ཐུགས་རྗེའི་མཐུ་བཙན་ཕྱིར༔ སྒྱུ་མའི་ཚུལ་གྱིས་ཁྲོ་རྒྱལ་ཚོགས༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ གྲུ་གསུམ་ཨེ་ཀློང་ཡངས་པ་ནས༔ གནོད་སྦྱིན་ནག་པོ་གཤེགས་སུ་གསོལ༔ དབང་དྲག་མེ་རླུང་འཚུབས་དཀྱིལ་ནས༔ ཀླུ་བདུད་ནག་པོ་གཤེགས༴ རྣོ་དབལ་དྲག་པོའི་དབྱིངས་རུམ་ནས༔ ཁྲོ་ཆེན་སྐུ་གསུམ་གཤེགས༴ འབར་བའི་རྩིབས་སྟེང་མེ་ཀློང་ནས༔ རིགས་བཞིའི་ཁྲོ་ཚོགས་གཤེགས༴ ཟང་ཐལ་ཕྱོགས་ཁྱབ་འཚུབས་དཀྱིལ་ནས༔ འདུལ་བྱེད་རྣམ་བཞི་གཤེགས་སུ་གསོལ༔ ཀླུ་བདུད་འདུལ་ཕྱིར་རྔམས་ཤིང་གཤེགས་སུ་གསོལ༔ ས་བདག་འདུལ་ཕྱིར་འབར་བས་གཤེགས༴ གཉན་ཆེན་འདུལ་ཕྱིར་ཁྲོས་པས་གཤེགས༴ རྒྱལ་བསེན་འདུལ་ཕྱིར་དྲག་པོས་གཤེགས༴ སྡེ་བརྒྱད་འདུལ་ཕྱིར་རོལ་པས་གཤེགས༴ མཛེ་ལྷོག་འདུལ་ཕྱིར་སྟོབས་ཀྱིས་གཤེགས༴ སྨྱོ་འབོག་འདུལ་ཕྱིར་དབྱིངས་ཀྱིས་གཤེགས༴ ཁམས་གསུམ་སྡུད་ཕྱིར་དབང་གིས་གཤེགས༴ སྲིད་གསུམ་འདུལ་ཕྱིར་བརྗིད་པས་གཤེགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཨེ་ཨཱ་རལླི་ཛཿཛཿཧཱུྃ་བཾ་ཧོ༔ ཅེས་པས་སྤྱན་དྲངས་ནས༔ བསྟིམ་ཞིང་བཞུགས་སུ་གསོལ༔ ཧྲཱི༔ མཐིང་ནག་འབར་བ་དཔལ་གྱི་དཀྱིལ་འཁོར་དུ༔ ཡེ་ནས་གཉིས་མེད་རང་དང་གཅིག་པའི་ལྷ༔ དབང་དྲག་དཔལ་ཆེན་འཁོར་དང་བཅས་པ་རྣམས༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱི༔ ཐུགས་ལས་སྤྲུལ་པའི་ལྷ་མོ་ནི༔ སྣ་ཚོགས་གར་བསྒྱུར་ནམ་མཁའི་ཁམས༔ ཀུན་ཏུ་གང་བར་སྤྲུལ་བྱས་ཏེ༔ གཉིས་སུ་མེད་པར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧྲཱི༔ མཁའ་དང་མཉམ་པའི་སྐུ་གསུང་ཐུགས༔ ཟག་མེད་བདེ་བས་མཉེས་བྱའི་ཕྱིར༔ མེ་ཏོག་ལ་སོགས་མཆོད་པའི་སྤྲིན༔ མིག་འཕྲུལ་ལྟ་བུར་འབུལ་གྱིས་བཞེས༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད་དོ༔ ཧྲཱི༔ སྣོད་ཀྱི་འཇིག་རྟེན་གཏོར་སྣོད་ཡངས་པ་ན༔ འདོད་ཡོན་རྨད་བྱུང་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་དཔལ་གྱི་གཏོར་ཆེན་འདི༔ དབང་དྲག་རོལ་པ་ལྷ་ཡི་ཚོགས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ ཧྲཱི༔ བྷནྡྷ་ཁོར་ཡུག་ནམ་མཁའི་མཐའ་དང་མཉམ༔ པདྨ་རཀྟ་མཱུ་ལ་ཞིང་བཅུའི་ཁྲག༔ དམར་དྭངས་བདེ་ཆེན་རོལ་པའི་དམ་ཚིག་རྫས༔ དབང་དྲག་རོལ་པ་ལྷ་ཡི་ཚོགས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ གཙང་སྦྱར་རཀྟའི་ཨརྒྷཾ་ཚིལ་ཆེན་སྤོས༔ དབང་པོའི་མེ་ཏོག་དྲི་ཆུ་ཤ་ཚིལ་བཤོས༔ རྐང་གླིང་རོལ་མོའི་མཆོད་པ་སྣ་ཚོགས་པ༔ དབང་དྲག་རོལ་པ་ལྷ་ཡི་ཚོགས་ལ་འབུལ༔ སརྦ་པཉྩ་པཱུ་ཙ་ཁཱ་ཧི༔ ཧྲཱི༔ ཕྱི་ནང་དག་པ་སྦྱོར་སྒྲོལ་གསང་བའི་རྫས༔ རེག་བདེ་དགའ་བདེ་ཡེ་ཤེས་བཞི་དང་ལྡན༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ དབང་དྲག་རོལ་པ་ལྷ་ཡི་ཚོགས་ལ་འབུལ༔ པདྨ་ཡོ་གི་ནཱི་ཨཱ་བེ་ཤ་ཡ་པྲ་བེ་ཤ་ཡ་པཱུ་ཙ་ཧོ༔ དེ་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི༔ ཧྲཱི༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་སྐུ་འཇིགས་པའི་ཚུལ༔ འབར་ཁྲོ་རྔམ་བརྗིད་དྲེགས་པ་འདུལ༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ འགྱུར་མེད་མཐིང་ནག་འབར་བའི་སྐུ༔ ཞལ་གཅིག་ཆོས་ཀྱི་སྐུ་དང་སྦྱོར༔ ཕྱག་གཉིས་ཐབས་ཤེས་ཕྲིན་ལས་མཛད༔ ཞབས་གཉིས་མཐའ་གཉིས་རྣམ་པར་གནོན༔ སྟོབས་ཆེན་རྒྱལ་ལ་ཕྱག་འཚལ་བསྟོད༔ དུག་ལྔ་རྣམ་དག་དུར་ཁྲོད་རོལ༔ སྣང་སྲིད་ཟིལ་གནོན་དར་ནག་གསོལ༔ གར་དགུའི་ཉམས་ཀྱིས་སྐུ་གསུམ་སྦྱོར༔ རོལ་པ་ཆེ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་རལ་གྲིས་ལོག་འདྲེན་འདུལ༔ ཤེས་རབ་རལ་གྲི་འབར་བའི་འོད༔ ལྕགས་ཀྱུས་དགྲ་བགེགས་སྙིང་ནས་འདྲེན༔ ཚད་མེད་སྙིང་རྗེ་ཆེ་ལ་བསྟོད༔ ཡེ་ཤེས་དབུ་རྒྱན་རྟ་སྐད་འཚེར༔ ལོག་རྟོག་འཁོར་བ་ཟིལ་གྱིས་གནོན༔ མ་ནོར་མ་བཅོས་ཆོས་ཀྱི་དབྱིངས༔ རྟ་སྐད་རྔམ་ལ་ཕྱག་འཚལ་བསྟོད༔ རལ་པ་གཟུང་འཛིན་ལས་གྲོལ་ཞིང༔ ཁྲོ་ཆུང་བསམ་གཏན་ཏིང་འཛིན་གསལ༔ སྤྲུལ་པའི་ཆོས་ལས་རྣམ་རོལ་བ༔ སྟོང་ཉིད་སྙིང་རྗེར་ཕྱག་འཚལ་བསྟོད༔ རྔམས་པའི་ཞལ་གྱིས་སྲིད་གསུམ་སྦྱོར༔ རྣོ་དབལ་མཆེ་བ་དཀར་པོ་གཙིགས༔ སྐྱེ་ཤི་རྩད་གཅོད་དགའ་བ་ཅན༔ དགྱེས་མཛད་རྡོ་རྗེར་ཕྱག་འཚལ་བསྟོད༔ སྤྱན་གསུམ་རྣམ་པར་ཐར་པར་ལྡན༔ ཁྲོ་གཉེར་འཇིག་ཚོགས་རི་བོ་འཇོམས༔ བསྐལ་པའི་མེ་ཡིས་དུག་གསུམ་འཇོམས༔ ཡེ་ཤེས་ལྔ་རྫོགས་ཕྱག་འཚལ་བསྟོད༔ རྨད་བྱུང་འདོད་ཡོན་མཆོད་པའི་སྤྲིན༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་སྤྲུལ༔ ལྷག་བསམ་དད་པས་མཆོད་པར་འབུལ༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ དེ་ནས་ལྷ་ཉིད་སེམས་སུ་བལྟ༔ སེམས་ནི་མཁའ་དང་མཚུངས་པར་བལྟ༔ མཁའ་མཉམ་ལྷ་དང་གཉིས་མེད་དུ༔ གསལ་བ་སེམས་ཀྱི་གདིང་ཐོབ་ནས༔ ཐུགས་ཀར་ཉི་སྟེང་ཧྲཱིཿནག་པོ༔ འབར་བ་མེ་ལྟར་གསལ་བ་ལས༔ གསང་བ་སྔགས་ཀྱི་ཡི་གེ་ནི༔ བར་སྣང་བུང་བ་ལྟ་བུར་བསྐོར༔ ཀླུ་འདུལ་གསང་བའི་བསྙེན་པ་ནི༔ མི་ཚིག་བར་མ་ཆོད་དུ་བཟླ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནཱ་ག་རཀྴ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཕཊ༔ ཉིས་འབུམ་གྲངས་སུ་བཟླས་པ་ཡིས༔ རྟགས་མཐོང་ནུས་པ་མོས་གུས་ཐོབ༔ ཡང་ན་སུམ་འབུམ་ཚད་དུ་བཟླ༔ ཆོ་འཕྲུལ་སྣ་ཚོགས་གང་ཡང་འབྱུང༔ ཡ་ང་ཁུ་འཕྲིག་བྱ་བ་སྤང༔ ཏིང་འཛིན་ངར་དང་རབ་ལྡན་པས༔ འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ དེ་ནི་སྒྲུབ་པའི་རིམ་པ་འོ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ ྈྈྈ གསུམ་པ་ལས་སྦྱོར་རིམ་པ་ལ༔ སྔགས་དང་རྫས་དང་སྦྱིན་སྲེག་གོ༔ དང་པོ་སྔགས་ཀྱི་རིམ་པ་ནི༔ བསྙེན་སྒྲུབ་དྲོད་ཐོབ་ནུས་རྙེད་ནས༔ སྤྱི་དྲིལ་དྲེགས་པའི་སྲོག་གཅོད་སྔགས༔ གསལ་ཞིང་ཏིང་འཛིན་མ་ཡེངས་བཟླ༔ ཡཀྴ་ཀཱ་ལ་ཆེན་པོ་གནོད་བྱེད་ཕོ་མོའི་ཙིཏྟ་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཡིད་ལ་རྦད་རྦད༔ ཡཀྴ་ཀཱ་ལ་ཆེན་པོ་ས་བདག་ཀླུ་གཉན་རྒྱལ་བསེན་གྱི་ཙིཏྟ་ཟུང་ཟུང༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་ཐུཾ་རིལ་རིལ༔ ཡ་ཡ་བྷྱོ་བྷྱོ༔ ཀླུ་དང་རྒྱལ་བསེན་གྱི་སྲོག་རྩ་ཆོད་ཆོད༔ སྙིང་ཕྱུངས་ཕྱུངས༔ གཏུབས་གཏུབས༔ ཁཾ་རྦད་རྦད༔ དུམ་བུར་རྦུད་རྦུད༔ ནཱ་ག་རཱ་ཙ་མཱ་ར་ཡ་རྦད་སོད༔ མྱོག་བཾ་རིལ་མཱ་ར་ཡ་རྦད་ཡ༔ ཞེས་པ་ཟུར་མ་ཉམས་པ་བཟླ༔ རྟགས་ནི་སྦལ་ལྕོང་སྦྲུལ་བསད་དང༔ རྒྱ་མཚོ་སྐམ་དང་གླང་དམར་བསད༔ ནགས་ཚལ་བསྲེགས་དང་སྡོམ་སྡིག་བསད༔ མཁར་བཤིག་ཤིང་གཅོད་འབུ་སྲིན་གསོད༔ མེ་འབར་ལྷ་ཁང་བཅོམ་དང་བརྡུང༔ ལྡེར་སོ་རྙིང་པ་བརྡུང་པ་དང༔ འབག་བཤིག་བན་དེ་བརྡུང་དང་གསོད༔ བུད་མེད་ཁྱི་ནག་བྱི་ལ་དང༔ ཁྱི་དཀར་ལ་སོགས་བརྡུང་ངམ་བསད༔ རྒྱལ་བསེན་ས་བདག་ཐུབ་རྟགས་སོ༔ དེ་བཞིན་སྡེ་བརྒྱད་ཐུབ་པའི་རྟགས༔ དེ་ནི་མ་ཐུབ་ལོག་པའི་རྟགས༔ སྔགས་ལ་མདེའུ་ཐོགས་པ་དང༔ བསྙེན་སྒྲུབ་ལས་སྦྱོར་རྟགས་རྣམས་ནི༔ མན་ངག་གབ་པ་སྤྱི་ལྟར་ཤེས༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ བཅོམ་ལྡན་འདས་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཐུབ་རྟགས་བྱུང་ནས་ངར་བསྐྱེད་དེ༔ དམིགས་པ་གསལ་བས་ཧུར་ཕྱུང་སྟེ༔ སྙོམ་ལས་སྤངས་ཏེ་གསང་སྔགས་ནི༔ གནམ་ལྕགས་ཐོག་འདྲའི་སྤུ་གྲི་གདགས༔ ཁྲི་ཚོ་གཅིག་གིས་ཐོགས་མེད་འགྲུབ༔ དེ་ཡི་སྔགས་ནི་འདི་ཡིན་ནོ༔ ཨོཾ་ཙཀྲ་དུ་ན་གནོད་བྱེད་ཕོ་མོའི་མགོ་ལ་ཆོམས་ཆོམས༔ ཞེ་སྡང་ཤ་ལ་མྱག་མྱག༔ ནཱ་གའི་ཤ་ལ་མྱག་མྱག༔ འདོད་ཆགས་ཁྲག་ལ་རྦུད་རྦུད༔ ནཱ་གའི་ཁྲག་ལ་རྦུད་རྦུད༔ ང་རྒྱལ་སྙིང་ལ་གཟེར་གཟེར༔ ནཱ་གའི་སྙིང་ལ་གཟེར་གཟེར༔ འདྲིལ་འདྲིལ༔ དབང་པོ་ཡན་ལག་ཟུང༔ རྩ་རྒྱུད་ལ་ཐུཾ་རིལ་རིལ༔ ནཱ་གའི་རྩ་རྒྱུས་ལ་ཐུཾ་རིལ་རིལ༔ རྩ་ཐང་རྩ་ཐང་ནཱ་གའི་རྩ་ལ་ཐང༔ ཁྲག་བྱེད་རུས་པ་ལ་ཁྲུཾ་ཁྲུཾ༔ འཆིང་བྱེད་སྲོག་ལ་རྦད་རྦད༔ བརྒྱལ་བྱེད་རྩ་ལ་རྦུད་རྦུད༔ ནཱ་གའི་རྩ་ལ་རྦུད་རྦུད༔ ནཱ་ག་རཱ་ཙ་སོད་སོད༔ བྱིང་བྱིང་ཐིབ་ཐིབ༔ མྱོག་མྱོག༔ ཐིབ་ཐིབ༔ མྱོས་མྱོས༔ སོད་སོད༔ རྦད་རྦད༔ ནན་ནན༔ ནཱ་ག་རཱ་ཙའི་སྲོག་ལ་ཐིབ་ཐིབ༔ ཕོབ་ཕོབ༔ སྙིང་ཏིག་ལ་ཕོབ་ཕོབ༔ དོན་སྙིང་ལྔ་ལ་ཕོབ་ཕོབ༔ སྤུ་གྲི་འབར་བས་གནོད་བྱེད་ཕོ་མོའི་སྙིང་ནས་དྲོངས༔ ནཱ་ག་རཱ་ཙ་ཐུཾ་རིལ་ཛ༔ མཱ་ར་ཡ་བཾ་རིལ་རྦད༔ ཅེས་བཟླས་ཤིང༔ གོང་དུ་བཤད་པའི་གྲངས་ཐེམས་ནས༔ མཛེ་ནད་སྨིན་མ་བྱི་བ་དང༔ སྣ་ཞོམ་མེ་ཏོག་འབར་བ་སོགས༔ དེ་དག་ཀུན་ཀྱང་གདོན་ལས་ཐར༔ འགོ་ཟིན་ཙམ་ལ་སྨོས་ཅི་དགོས༔ རིགས་ཅན་སྔར་མ་བྱུང་བ་ལ༔ འདི་ཡི་སྒོམ་བཟླས་བྱས་གྱུར་ན༔ མཛེ་འཕྲོ་ཆད་པར་ཐེ་ཚོམ་མེད༔ གཞན་ཡང་འགོས་ནད་གཉན་རིགས་དང༔ ལྷོག་རྒོད་ཀླུ་གཉན་ས་བདག་དང༔ རྒྱལ་བསེན་གང་གནོད་ཉེ་མི་ནུས༔ བསྐལ་པའི་མེ་ཡི་ཕུང་པོར་མཐོང༔ གནམ་ལྕགས་བྲག་གི་ཡང་རྫོང་དུ༔ ཇི་ལྟར་རང་ཉིད་ཞུགས་དང་འདྲ༔ མེ་འབར་རྩ་སྦུར་བསྲེགས་དང་མཚུངས༔ ཀླུ་གཉན་ས་བདག་སྲོག་གཅོད་པའི༔ སྤུ་གྲི་རེག་གཅོད་ཉིད་ཡིན་ནོ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ དབང་ཆེན་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ ཤིན་ཏུ་གདུག་པ་གནོད་གྱུར་ན༔ སྲོག་གི་སྤུ་གྲི་འདི་ལྟར་བཟླ༔ ཨོཾ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི༔ བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ དེ་ལྟར་བསྙེན་སྔགས་ཤམ་བུ་ཅན༔ སྒྲུབ་པའི་ཚུལ་དུ་བཟླས་གྱུར་ན༔ མཛེ་ནད་ཆུ་བུར་འབར་བ་ཡང༔ ཐུབ་པར་འགྱུར་ལ་ཐེ་ཚོམ་མེད༔ གདོན་ཆེན་ནད་རིགས་ཐམས་ཅད་འཇོམས༔ ལས་ལ་གཏད་སེལ་མནན་པ་དང༔ མཛེ་རོ་ཁུར་དང་རླུང་འཁོར་བཅས༔ ཕྲ་མེན་སེལ་ཞིང་གཏེར་འདོན་དང༔ ས་གཉན་རྐོ་དང་བྲག་གཉན་བཤིག༔ མནའ་སྐྱེལ་ལ་སོགས་རྩུབ་ལས་ཀྱི༔ རིམ་པ་གང་དང་གང་བྱེད་ཀྱང༔ བསྙེན་སྒྲུབ་འདི་ཐེམས་རྡོ་རྗེའི་གུར༔ སྲེད་མེད་བུ་ཡི་སྟོབས་ཀྱང་འཇོམས༔ རྫས་དང་སྔགས་ཀྱི་རྟེན་འབྲེལ་དག༔ འཛོམ་ན་རྡོ་རྗེ་གཏུམ་པོ་ཡི༔ མཐུ་སྟོབས་དག་ཀྱང་འཇིག་པར་བྱེད༔ དེ་ཕྱིར་ནད་གདོན་ཐམས་ཅད་དང༔ ཁྱད་པར་ནག་པོའི་ཀླུ་གདོན་འདུལ༔ དུས་ཀྱི་སྙིགས་མར་ཐུག་པའི་ཚེ༔ རྒྱལ་པོ་པེ་ཐེའུས་འགྲོ་བའི་རིགས༔ མཐོ་དམན་མེད་པར་གནོད་འཚེ་བྱེད༔ དེ་ཡང་དམ་སྲིའི་རིགས་ཡིན་པས༔ ཆོས་བྱེད་རྣམས་ལ་བར་དུ་གཅོད༔ དེ་ཕྱིར་པེ་དཀར་སྲོག་འཕྲོག་པའི༔ སྤུ་གྲིའི་སྔགས་འདི་བཟླས་ཤིང་འདུལ༔ ཨོཾ་མ་ཧཱ་པདྨ་ཤྲཱི་ཧེ་རུ་ཀ༔ བཛྲ་རུ་ཏྲ་ཀ༔ བཛྲ་རུ་ཏྲ་ཀ༔ ཀྲོ་ཏ་ཧུ་ལུ་ཧུ་ལུ༔ བནྡྷ་བནྡྷ་ནི༔ ཛ་བཛྲ་ཛ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧཱུྃ་ཧྲཱི༔ ས་མ་ཡ་སཏྭཾ༔ ལྷང་ལྷང༔ ཙེར་ཙེར༔ ཐུཾ་ཐུཾ༔ ཤེལ་ཤེལ་སྭཱ་ཧཱ༔ ཧྲཱིཿབཛྲ་རཀྴ་རཱ་ཙའི་ཙིཏྟ་ཟུང་ཟུང༔ ཁ་རག་སྨེ་ཤ་རྦད་རྦད༔ འཁུ་ན་དུམ་བུར་ཤིག་ཤིག༔ དྷ་ན་རཀྴ་ཙིཏྟ་ཕྱུངས་ཕྱུངས༔ ཟློག་ན་རཀྴ་ཙིཏྟ་རྦད་རྦད༔ ཏྲི་གཏུབས་ཛ༔ རཱ་ཙ་ཐུཾ་ཨ་ཏི་རྦད་མཱ་ར་ཡ་ཐུཾ༔ མཱ་ར་ཡ་ཛ༔ ཤེལ་གིང་དཀར་པོ་མཱ་ར་ཡ་ཛ༔ སྙིང་རྩ་ནན༔ པྲ་མ་ཡ་ཧཱུྃ་ཧཱུྃ་ནན༔ ར་ཏྲི་ར་ཏྲི་མཱ་ར་ཡ་ཛ༔ ཀཾ་ཀཾ་ཀ་རུ་ནན༔ པྲ་ས་མ་ཡ་ཧཱུྃ་ནན༔ རཱ་ཙ་ཏྲིག་ནན༔ ཏྲི་ཛ་ཤཾ་བྷ་ཡ་ནན་ཧཱུྃ་ཕཊ༔ བདུན་ནམ་ཉི་ཤུ་རྩ་གཅིག་སྟེ༔ རྟགས་དང་བསྟུན་ཏེ་བཟླས་པ་བྱའོ༔ མང་ན་ཁོ་ཉིད་བརྒྱལ་བར་འགྱུར༔ བརྒྱལ་བ་སངས་ནས་སླར་ལ་གནོད༔ དེ་ཕྱིར་ཐུལ་དང་ཆུན་པའི་རྟགས༔ ནམ་བྱུང་མནའ་བོར་དམ་ལ་བཞག༔ ཚོད་དང་བསྟུན་པ་གནད་དུ་ཆེ༔ ནུས་ཐོབ་ཐེ་ཚོམ་མི་བྱ་བར༔ ཨར་ལ་གཏད་པ་མན་ངག་ཡིན༔ ཁོ་ཡི་སྲོག་གཅོད་སྡིག་ཆེ་བས༔ སྟོང་ཉིད་ལྟ་བས་ཟིན་པ་གཅེས༔ ལར་ནི་ཞག་བདུན་བཟླས་གྱུར་ན༔ རྒྱལ་པོ་ཐུལ་ཏེ་བྲན་དུ་འགྱུར༔ དེ་རྟགས་ལྷ་ཁང་བཅོམ་བཤིག་དང༔ བནྡེ་བརྡུང་དང་ལྡེར་སོ་བཤིག༔ ཁྱི་དཀར་བསད་དང་བྱིས་པ་བརྡུང༔ བཙོན་བཟུང་དེ་ལྟས་ཕྱག་འཚལ་ཞིང༔ བཀའ་བསྩལ་ཉན་ཅིང་ནོར་གནད་བོར༔ སྐྱབས་གསོལ་ནོར་འབུལ་གུས་པར་བྱེད༔ དེ་རྣམས་དངོས་སམ་རྨི་ལམ་དུ༔ ལན་གསུམ་བསྐྱར་བྱུང་རན་པར་བྱ༔ འདི་ནི་འགོང་བརྡུང་འཇིག་རྟེན་མགོན༔ ཐུགས་རྗེ་བྱམས་པའི་མན་ངག་ཡིན༔ འདི་མེད་དམ་ཆོས་དགེ་སྤྱོད་ལ༔ བར་ཆད་བདུད་ཀྱི་སྒབ་འདྲེས་འཇིགས༔ འདི་ནི་སྙིང་དང་འདྲ་བར་ཟུངས༔ ནུས་པ་སྔགས་ཀྱི་མན་ངག་ཡིན༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ གསུམ་པ་རྟེན་འབྲེལ་རྫས་བསྟན་པ༔ མུ་ཟི་ནག་པོ་གླ་རྩི་དང༔ གུ་གུལ་ནག་པོ་བཙན་དུག་དང༔ མཁན་དམར་རྩ་བ་སྤྲུ་རྩ་དང༔ ཤིན་ཀུན་སྒོག་པ་གཅིག་སྐྱེས་དང༔ སྤྱང་ཚེར་རྩ་བ་དང་ནི་དགུ༔ མཐུ་ཆེན་དགུ་སྦྱོར་རྩ་བ་ཡིན༔ རྩི་བཞིན་བཏགས་ལ་རང་ཆུ་དང༔ སྦྱར་ལ་རིལ་བུ་སྲན་ཚད་ཙམ༔ བྱས་ལ་ལྕགས་ཀྱི་པར་བུར་བསྒྲུབ༔ ལྷ་བསྒོམ་སྔགས་བཟླས་དུ་བ་དང༔ མེ་སྟག་ཚྭ་ཚྭ་འཕྲོ་ན་འགྲུབ༔ ཚེས་གྲངས་གཉན་པོ་གཅིག་ལྔ་བརྒྱད༔ བཅུ་གཅིག་བཅོ་བརྒྱད་ཉི་ཤུ་གཉིས༔ ཉི་ཤུ་ལྔ་དང་ཉེར་དགུ་ལ༔ རང་ལུས་དྲི་ཆུས་དག་པར་བཀྲུ༔ སྨན་གྱི་ཁ་ཚར་དག་ཀྱང་བཏགས༔ དེས་ནི་ས་བདག་ལ་སོགས་པའི༔ སྡེ་བརྒྱད་གནོད་པས་ཉེ་མི་ནུས༔ བསྐལ་པའི་མེ་ཡི་ཕུང་པོར་མཐོང༔ བསྐལ་པར་བསགས་པའི་སྡིག་པ་འབྱང༔ དྲག་པོ་རྫས་ཀྱི་སྲུང་བ་མེ་འབར་འཁྲིག་པ་ྀཨཚ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ དབང་ཆེན་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ གོང་གི་སྨན་ཆེན་ནག་པོ་དགུ༔ དེ་སྟེང་བོང་ང་ཐལ་ཆེན་དང༔ ཐོག་ལྕགས་རྨ་བྱའི་མདོངས་དང་ནི༔ ཡུངས་དཀར་ཡུངས་ནག་རྐེ་ཚེ་དང༔ གཅན་གཟན་མཆེ་སྡེར་སྤྱང་ཁྱིའི་ཤ༔ འཕར་བའི་ཤ་དང་ཁྲ་ཡི་ཤ༔ གླག་གི་ཤ་དང་གཡག་གི་རྭ༔ གཙོད་རུ་ཕག་རྒོད་མཆེ་བ་རྣམས༔ ལེགས་པར་རྩི་བཞིན་སྦྱར་བྱས་ཏེ༔ ལྕགས་སམ་ཟངས་སམ་སྙུག་དོང་ངམ༔ སྦ་ཡི་ནང་དུ་བླུགས་བྱས་ཏེ༔ ཀླུ་དང་རྒྱལ་པོའི་སྤུ་གྲིའི་སྔགས༔ ཁ་བསྒྱུར་བསྙེན་སྔགས་དང་སྦྲེལ་ནས༔ སྔགས་གདབ་ལོ་བརྒྱད་བྱིས་པའི་ཆུས༔ སྦྱར་ནས་རློན་པར་བྱ་བ་འམ༔ རིལ་བུ་ལ་སོགས་གང་འཐད་བྱ༔ སྔགས་ཀྱི་ཁ་གསོ་རླངས་མ་ཡལ༔ རྩ་སྔགས་བརྒྱ་འམ་སྟོང་དུ་བཟླ༔ ཀླུ་དང་རྒྱལ་པོ་ལ་སོགས་པའི༔ འདུལ་བྱེད་སྔགས་ཀྱང་ཅི་ནུས་གདབ༔ དེ་ཡང་ཕོ་མོ་གང་རུང་ལ༔ ཁྲི་འམ་སྟོང་ཚོ་རེ་རེ་གདབ༔ བྱོལ་སོང་རྣམས་ལ་བརྒྱ་རྩ་རེ༔ ཞོ་ཆང་རྣམས་ལ་ཉི་ཤུ་གཅིག༔ སྔགས་ཀྱི་ནུས་པ་གསོས་ནས་ནི༔ མཛེ་འམ་གག་ལྷོག་རྣམ་གསུམ་ལ༔ ཁོང་དུ་གཏོང་བས་ཐུབ་ཅིང་འཇོམས༔ གདོན་རྒོད་གཟའ་ཡི་རྒྱལ་པོ་ལ༔ བྱུག་ཅིང་རློན་རྫས་ཤུ་བ་དང༔ སྐྲང་སྦོས་བུ་ག་འགག་པ་དང༔ དྲག་བྱེད་སྲུང་བ་གང་བྱེད་སྦྱར༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ ཡུལ་མཁར་འཛིན་དང་ཁང་རྨིང་འབྲུ༔ སྐམ་གཏད་གཤེར་གཏད་གང་བྱེད་ཀྱང༔ ལུས་ཀྱི་གནས་དགུར་རྫས་ཀྱིས་བྱུག༔ སྔགས་ཀྱིས་ངར་བཏགས་གང་ཡང་འགྲུབ༔ མཐུ་བྱེད་ཧོམ་སྦོར་སེར་བ་འབེབ༔ སྲུང་བ་མནའ་སྐྱེལ་སྨྱོ་འབོག་འདུལ༔ ནང་རྒྱས་ཟློག་དང་སེར་ཐོག་ཟློག༔ ཐམས་ཅད་འདི་ཡོད་སྡེ་བརྒྱད་ཀྱིས༔ བསྐལ་པའི་མེ་ཡི་ཕུང་པོར་མཐོང༔ སྤུ་ཙམ་འདའ་བར་མི་ནུས་སོ༔ འདི་ཡོད་གནམ་ལྕགས་རལ་གྲི་ལ༔ ཏིལ་ངར་བཏབ་པས་དགྲ་འཇོམས་འདྲ༔ རང་ལ་ཅི་རི་འདི་ལ་རི༔ སྲ་བའི་གོ་ལ་རྣོ་བའི་མཚོན༔ འཇིགས་པའི་སྐྱབས་ལ་སྲུང་བའི་མཁར༔ འདི་འདྲ་འཇིག་རྟེན་འབྱུང་བ་དཀོན༔ ལྕགས་ཀྱི་ལྷྭམ་བུ་ཆ་བཅུ་ཡིས༔ གླིང་བཞི་བསྐོར་ཀྱང་རྙེད་པར་དཀའ༔ སྙིང་གི་བུ་གཅིག་མ་ཡིན་པ༔ སུ་དང་འཕྲད་ཀྱང་སྤེལ་མི་བྱ༔ མི་བསྟན་པདྨ་བདག་ཉིད་ཀྱི༔ ཐུགས་ཀྱི་ཡང་བཅུད་སྙིང་ཏིག་ཡིན༔ མན་ངག་དམ་པ་འདི་ཁོ་ན༔ ཞག་བདུན་བཅུ་བཞི་ཉི་ཤུ་གཅིག༔ བསྒྲུབས་ལ་དབང་དང་དངོས་གྲུབ་བླང༔ དེ་ནས་ལྕགས་སམ་སྣོད་གཞན་དུ༔ དམ་དུ་བཅང་ཞིང་མགུལ་ལམ་ལག༔ མཆན་ཁུང་གཡོན་གྱི་ཁུག་མར་བཅང༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ དབང་ཆེན་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ བསྙེན་པ་སྒྲུབ་པ་ལས་སྦྱོར་དུས༔ ཐུན་མཚམས་མཆོད་གཏོར་བསྟོད་བསྐུལ་ནི༔ རྟ་མགྲིན་བྲིས་སྐུའི་མདུན་ཉིད་དུ༔ མཉྫི་ལ་སོགས་སྟེགས་བུ་ལ༔ བྷནྡྷ་འམ་ནི་རིན་ཆེན་གྱི༔ སྣོད་ནང་ཉ་སྦྲུལ་སྦལ་ལྕོང་གི༔ ཤ་ཡི་ཕྱེ་མ་འབྲུ་ཕྱེ་དང༔ བསྲེས་ལ་རྟག་གཏོར་ནག་པོ་ལ༔ རྩེ་ལ་རྣོ་དབལ་མེ་རི་བྱ༔ དེ་མདུན་མཆོད་གཏོར་ཅི་ནུས་བཤམ༔ ཆུ་འམ་ཆང་གིས་བསངས་བྱས་ཏེ༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱང༔ རཾ་ཡཾ་ཁཾ་ལས་མེ་རླུང་སྟེང༔ ཐོད་སྒྱེད་སྟེང་དུ་ཨ་དཀར་ལས༔ གཏོར་སྣོད་ཐོད་པའི་གཞལ་ཡས་ཁང༔ ཟག་མེད་བདུད་རྩིས་ཁེངས་པར་བསམ༔ འབྲུ་གསུམ་ཉེར་གཅིག་བརྗོད་བྱས་ཏེ༔ སྟོང་གསུམ་ཡེ་ཤེས་བདུད་རྩིར་བསམ༔ གཏོར་མའི་མདུན་གྱི་ནམ་མཁའ་ལ༔ རྟ་མགྲིན་ནག་པོའི་ལྷ་ཚོགས་རྣམས༔ སྐུ་ཆེ་ཡན་ལག་རགས་པ་དང༔ རྒྱན་དང་ཆ་ལུགས་ལྡན་པར་བསམ༔ གཞུང་བཞིན་སྤྱན་དྲངས་བཞུགས་གསོལ་བྱ༔ ཕྱི་ནང་མཆོད་པས་མཆོད་བྱས་ཏེ༔ གཏོར་མ་འབུལ་བའི་སྔགས་འདི་བརྗོད༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་པཱུ་ཙ་ཧོ༔ པི་པ་ཧོ༔ མ་ཏི་ཀྲ་མ་ཏི༔ ས་ཏ་སུ་ཁཾ༔ ཨི་ཀ་བྷ་ཝནྟུ༔ གྲྀཧྞ་ཧོ༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་བདུན་ནམ་ཉེར་གཅིག་ཏུ༔ རྡོ་རྗེ་ཐལ་མོ་ཕྱེ་ནས་འབུལ༔ རྡོ་རྗེའི་ལྗགས་ཀྱིས་དྲངས་ཤིང་གསོལ༔ ཟག་མེད་བདེ་བས་ཚིམ་པ་ཡིས༔ གང་འདོད་ཡིད་ལ་རེ་བ་འགྲུབ༔ དེ་ལྟར་བསམས་ལ་ཐོད་རྔ་བརྡུང༔ གདུང་བའི་དབྱངས་ཀྱིས་བསྟོད་པ་ནི༔ ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ དྲེགས་པ་འདུལ་ཕྱིར་རྟ་མཆོག་རོལ་པའི་སྐུ༔ གནོད་སྦྱིན་ནག་པོ་ཀླུ་དང་རྒྱལ་བསེན་གཤེད༔ ཤ་ཁྲག་བརྒྱན་པ་བདུད་རྩིའི་གཏོར་མ་འདི༔ རབ་གཏུམ་རྔམས་པ་ཁྱོད་ཀྱི་ཞལ་དུ་ཁཱ་ཧི༔ སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན༔ སྤྲུལ་པ་ནག་པོ་ཁྱོད་ཀྱི་ཞལ་དུ་ཁཱ་ཧི༔ གསུང་གི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག༔ ནག་པོ་ཀུན་རྒྱུག་ཁྱོད་ཀྱི་ཞལ་དུ་ཁཱ་ཧི༔ ཁྲོ་གཉེར་དྲག་པོ་གློག་སྟོང་འགྱུ་བའི་ཞལ༔ བདུད་འདུལ་ནག་པོ་ཁྱོད་ཀྱི་ཞལ་དུ་ཁཱ་ཧི༔ ཆེ་བཙན་ཡོན་ཏན་མ་ལུས་རྫོགས་པའི་དཔལ༔ མཐུ་སྟོབས་རྩལ་ལྡན་ནག་པོའི་ཞལ་དུ་ཁཱ་ཧི༔ དམ་ཚིག་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ༔ རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ སེ།མེ།ཡེ།༔ རྒྱ།རྒྱ།རྒྱ།༔ དབང་ཆེན་དྲག་པོའི་སྐུ་ལ་ཕྱག་འཚལ་ལོ༔ སྒྲུབ་དང་ལས་སྦྱོར་དུས་སུ་བསྐུལ་པ་ནི༔ ཧཱུྃ་ཧྲཱིཿབྷྱོ༔ འཕགས་པའི་རྒྱལ་པོ་མགོན་པོ་སྤྱན་རས་གཟིགས༔ ཚད་མེད་ཐུགས་རྗེས་ཁྲོ་རྒྱལ་སྐུར་བསྟན་པ༔ གར་དབང་རོལ་པ་ཁྲོ་བོ་ཀུན་གྱི་རྗེ༔ རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་གི་ང་རོས་ཁམས་གསུམ་དབང་དུ་སྡུད༔ ཕཊ་ཀྱི་འབྲུག་སྒྲས་བདུད་བཞིའི་ཀླད་པ་འགེམ༔ རྟ་སྐད་རྔམ་སྒྲས་དྲེགས་པ་ལས་ལ་བཀོལ༔ གསུང་མཆོག་རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་སྤྲོས་བྲལ་རང་བཞིན་དག་པའི་དབྱིངས༔ ཡེ་ཤེས་ལྔ་རྫོགས་མཚན་མ་མ་འདྲེས་གསལ༔ ཐབས་མཁས་ཐུགས་རྗེ་རྒྱ་ཆེར་རོལ་པའི་སྐུ༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས༔ བྱང་ཆུབ་ལམ་གྱི་བར་ཆོད་མྱུར་དུ་སྒྲོལ༔ བསྟན་པ་བཤིག་པའི་དགྲ་བགེགས་དམ་སྲི་ཐུལ༔ དུག་ལྔ་ལོག་འདྲེན་དྲག་པོས་ཚར་གཅོད་མཛོད༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ དབང་ཆེན་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ བསྙེན་སྒྲུབ་ལས་སྦྱོར་གང་བྱེད་ཀྱང༔ རྫོགས་རིམ་ལྟ་བས་མ་ཟིན་ན༔ སྲིན་པོའི་རང་གཟུགས་བསྒོམ་པ་སྟེ༔ ཡི་དྭགས་གཤིན་རྗེའི་ལུས་སུ་སྐྱེ༔ འཇའ་ལུས་རྡོ་རྗེའི་སྐུ་ལ་སྒྲིབ༔ དྲག་པོ་སྔགས་ཀྱི་རང་སྒྲ་ནི༔ སྟོང་པའི་མདངས་སུ་མ་ཤེས་ན༔ དམོད་ཚིག་ངག་རྩུབ་འཁོར་བའི་རྒྱུ༔ རྡོ་རྗེའི་གསུང་མཆོག་དོན་ལ་སྒྲིབ༔ སེམས་ཀྱི་རིག་རྩལ་ལྷ་ཡི་སྐུ༔ སྟོང་གསལ་ཆོས་སྐུར་མ་ཤེས་ན༔ མཚན་མའི་རྟོག་པ་གཟུང་འཛིན་རྒྱུ༔ མཐར་ཐུག་བྱང་ཆུབ་ལམ་ལ་སྒྲིབ༔ རྟེན་འབྲེལ་རྫས་ཀྱི་ནུས་པའི་མཐུ༔ སྟོང་ཉིད་རྒྱུ་འབྲས་མ་ཤེས་ན༔ མཚན་མའི་རྫས་སྦྱོར་གནོད་འཚེའི་ལས༔ སངས་རྒྱས་བྱང་ཆུབ་ལམ་ལ་སྒྲིབ༔ སྒྲིབ་བཞི་དག་པའི་ཐབས་བསྟན་པ༔ དང་པོར་སྟོང་ཉིད་མཐའ་བྲལ་ལ༔ ཡང་དང་ཡང་དུ་འབད་དེ་བསྒོམ༔ གཉིས་པ་མ་རྟོགས་སེམས་ཅན་ལ༔ མ་ལྟར་བརྩེ་བའི་སྙིང་རྗེ་བསྒོམ༔ གསུམ་པ་ཐབས་མཁས་རྟེན་འབྲེལ་གྱིས༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་བསྒོམ༔ ཐུན་གཅིག་ལྷ་ཡི་སྐུ་ལ་བལྟ༔ སྒྲིམ་དང་ཀློད་པ་ཡང་ཡང་བྱ༔ ལྷ་དང་སེམས་གཉིས་གཅིག་གྱུར་ན༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་འགྲུབ༔ ཐུན་གཅིག་ཁ་སྦྱོར་རླུང་ལ་བསླབ༔ ཐུགས་སྲོག་སྔགས་ཀྱི་འོད་ཟེར་འཕྲོས༔ བསྡུས་ཏེ་སྣང་སེམས་གཉིས་མེད་བསྲེ༔ རྟག་ཏུ་བཟླས་བརྗོད་བརྩོན་གྱུར་ན༔ ལོངས་སྐུ་པདྨའི་སེམས་དཔའ་འགྲུབ༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ༔ སེམས་ལ་རང་བཞིན་མེད་པར་བལྟ༔ ནམ་མཁའ་ལ་ནི་འཇའ་ཚོན་ལྟར༔ སྟོང་གསལ་རིག་པ་རྗེན་པར་བཞག༔ ཡང་ཡང་དྲན་པས་བསྐྱངས་གྱུར་ན༔ ཆོས་སྐུ་ཐུགས་ཀྱི་སེམས་དཔའ་འགྲུབ༔ དགྲ་གདོན་སེམས་ཀྱི་རྣམ་རྟོག་ཡིན༔ རྣམ་རྟོག་རྨི་ལམ་ཇི་བཞིན་དུ༔ རྟོགས་ཤིང་ཁོང་དུ་ཆུད་པར་བྱ༔ མ་འགགས་སྒྱུ་མའི་རྟེན་འབྲེལ་གྱིས༔ ལྷ་སྔགས་རྫས་ཀྱི་རིམ་པར་སྤྱད༔ ནད་གདོན་ཞི་ཞིང་ཚེ་དབང་རྒྱས༔ དབང་དུ་བྱེད་ཅིང་དྲག་པོ་འགྲུབ༔ སྣ་ཚོགས་ཕྲིན་ལས་རྡོ་རྗེའི་སྐུ༔ སྨོན་ལམ་སྟོབས་ཀྱིས་འགྲུབ་པར་འགྱུར༔ འདི་ནི་རྨད་བྱུང་གསང་བའི་གཏེར༔ ཡང་དག་བསྐྱེད་རྫོགས་རྡོ་རྗེའི་རྫོང༔ ཡང་དག་སྙིང་པོའི་གདམས་པ་འོ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ དབང་ཆེན་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ སྲུང་བ་བརྒྱ་སྟོང་བྱེ་བའི་སྙིང་པོ་ནི༔ བྷྱོ་བདུན་སྔགས་དང་རྫས་ལྔ་དག་དང་བསྡེབ༔ འདི་ཡི་དུས་ཀྱི་མཐའ་མར་དྲག་པོའི་ནད༔ ཀྲེ་ཀྲེ་ཧོ་ཞེས་བྱ་བས་ས་སྟེང་ཁྱབ༔ ཆེ་བཙུན་དམངས་དང་བཅས་པའི་སྲོག་འཇོམས་ཚེ༔ བློ་ལ་སྔགས་འཆང་ལུས་ལ་སྔགས་རྫས་བརྟེན༔ འཆི་བདག་གཤིན་རྗེའི་ལག་ཏུ་ཤོར་ཡང་བཟློག༔ རང་ལ་ཅི་རི་འདི་ལ་རི་བའི་ཕྱིར༔ ཚིག་ཙམ་མི་བརྗོད་སྙིང་རྗེའི་སེམས་ཀྱིས་སྤྱད༔ རིན་ཆེན་གསེར་དང་འབྲུ་སྨན་ཡོན་གྱིས་བསླུ༔ པདྨ་བདག་གིས་རྒྱུད་དང་མཁའ་འགྲོའི་གསུང༔ གཅིག་ཏུ་བསྡེབས་པས་རིམས་དུག་མ་ལུས་སེལ༔ འདི་ནི་གཅེས་པའི་གདམས་པ་མཆོག་ཡིན་ཏེ༔ འདི་ལས་རབ་ཏུ་གཅེས་པ་ཡོད་རེ་ཀན༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ དེ་ལ་དང་པོ་སྔགས་ནི་བྷྱོ་བྷྱོ་བདུན་གྱིས་བཅིངས༔ དེ་ལས་བསྣོན་དང་འཕྲི་ན་ན་ར་ཀན༔ ཨོཾ་དམ་བྷྱོཿཡག་བྷྱོ་འབྲས་གཟེར་བྷྱོ་འབྲུམ་གཟེར་བྷྱོ༔ ལྷོག་གཟེར་བྷྱོ་སྙིང་གཟེར་བྷྱོ་རྒྱུག་གཟེར་བྷྱོ༔ དམར་ཡམས་ཐམས་ཅད་རཀྵ་རཀྵ༔ ཁ་བསྒྱུར་ཤམ་བུ་གང་འདོད་སྐབས་དང་སྦྱར༔ སྔགས་ཐེམ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ རྫས་ལྔ་དག་ལ་གླ་རྩི་ཤུ་དག་ནག༔ བཙན་དུག་སྒོག་སྐྱ་ཡུང་བ་ལྔ་ཡིན་ཏེ༔ ལེགས་པར་སྔགས་ལ་བྱིས་པའི་ཆུ་ཡིས་སྦྱང༔ ཡི་གེ་དག་ལ་རིམ་པ་ལྔ་རུ་བྱུག༔ གླ་རྩི་ལ་སོགས་རིགས་ལྔ་མཁའ་འགྲོ་ལྔ༔ ཐུབ་པ་རིགས་གསུམ་སྒྲོལ་མ་ལྔ་རུ་མོས༔ དྲི་ཙམ་ཚོར་བས་དཔག་ཚད་ཙམ་དུ་སྲུང༔ ནད་དང་གདོན་ཟློག་ནུས་པ་རྫས་ཐེམ་ཡིན༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ རབ་གནས་སྔགས་ནི་བརྒྱ་རྩ་བརྒྱད་དུ་བཟླ༔ གནོད་གདུག་ཆེ་ན་མས་བཟློག་ཉེར་གཅིག་བཟླ༔ རྟེན་འབྲེལ་སྙིང་པོས་རབ་གནས་དྲིལ་བྱས་ལ༔ གང་གི་མགུལ་ལམ་དཔུང་པར་བཏགས་གྱུར་ན༔ མེ་དཔུང་དུ་མཐོང་རིམས་ནད་མེ་འབར་ཡང༔ དྲག་པོའི་ཆར་འབེབ་མེ་དཔུང་འཇོམས་འདྲར་འགྱུར༔ ཕྲེང་གཅིག་མགོ་ཅན་ཚག་མེད་བྲིས་པ་ལ༔ རྫས་རྣམས་བྱུག་ཅིང་དབུས་མཐའ་གང་རུང་ནས༔ དྲིལ་བས་སྲུང་དང་ནད་གདོན་བཟློག་པར་འགྱུར༔ གསེར་གྱི་ཡོན་དང་ཚོགས་ཀྱིས་བསླུ་བར་བྱ༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ རྟ་མགྲིན་ནག་པོའི་བསྙེན་སྒྲུབ་མན་ངག་ལས་ཚོགས་དང་བཅས་པ༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས་ལྷ་སྲས་ཡབ་སྲས་ལ་གདམས་པ༔ གསང་བ་རྩིས་ཀྱི་ཡི་གེར་སྦས་པའོ༔ དུས་མཐར་ཐུག་ཚེ་ནད་གདོན་དམག་དཔུང་འཁྲིགས༔ ཚེ་སྲོག་ལོངས་སྤྱོད་མེ་འབར་བསྲེགས་དང་མཚུངས༔ དེ་དུས་དམ་འཛིན་གར་གྱི་དབང་ཕྱུག་རྩལ༔ ང་ཡི་སྨོན་ལམ་མཐུ་ཡིས་དེ་འཕྲད་ཤོག༔ སྐྱེས་བུ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ སྱ་མྱ་ཡྱ༔ རྒྱ།རྒྱ།རྒྱ།༔ གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱིས་བསམ་ཡས་དབུ་རྩེ་མི་འགྱུར་ལྷའི་གཞལ་ཡས་ཁང་ནས་ལྕགས་ཕོ་སྤྲེལ་ལོ་ཟླ་བ་གཉིས་པའི་ཚེས་བཅུ་ལ་གཏེར་ནས་ཕྱུངས་ཏེ། གླང་གི་ལོ་ཟླ་བ་གཉིས་པའི་ཚེས་བདུན་ལ་ཡི་གེར་ཕབ་པ་ྀཨཚ། དམ་མེད་ལ་གསང་ངོ་། །ཟུར་ཙམ་ཡང་མི་བསྟན་ནོ། །རྒྱ་རྒྱ་རྒྱ། ྈ དཔལ་རྟ་མགྲིན་ནག་པོའི་མཛེ་སྲུང་བ་དང་སྦྱིན་སྲེག་གི་ལས་མཐའ་བཞུགས། སྱ་མྱ་ཡྱ༔ ྈ ྈྈྈྈྈྈ བཅོམ་ལྡན་འདས་དབང་ཆེན་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གློ་བུར་བདུན་བརྒྱ་ཉི་ཤུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་སོགས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱིས༔ མི་རྣམས་ཚེ་ཐུང་ནད་མང་བས༔ དེ་ཕྱིར་ཨོ་རྒྱན་པདྨ་ངས༔ སྡེ་བརྒྱད་བྲན་དུ་བཀོལ་བ་དང༔ གདུག་པ་ཀླུ་ཡི་བླ་གཤེད་འདིའི༔ མཛེ་གསོ་སྒྲུབ་ཐབས་ནང་དུ་གསལ༔ ཀླུ་ནད་སྲུང་དང་གསོ་བ་དང༔ སྲུང་བའི་འཁོར་ལོ་བྲི་ཐབས་ནི༔ གྲོ་ག་རས་སམ་ཤིང་ཤུན་ལ༔ རྟ་མགྲིན་ནག་པོའི་ལྟོ་བ་རུ༔ འཁོར་ལོ་རྩིབས་བཅུ་མུ་ཁྱུད་གཉིས༔ ལྟེ་བར་ཀླུ་བདུད་ནད་གདོན་དང༔ གནོད་བྱེད་སྲུངས་ཤིག་མིང་སྤེལ་བྲི༔ ལྟེ་བའི་མུ་ཁྱུད་དག་ལ་ནི༔ རྟ་མགྲིན་རྩ་སྔགས་སྲུང་ཚོགས་བཅས༔ རྩིབས་བཅུ་དག་ལ་སྔགས་འདི་བཀོད༔ ཡཀྴ་ཀཱ་ལ་ཆེན་པོ་བདག་འཆང་བ་པོ་ལ་གནོད་བྱེད་ཕོ་མོའི་སྲོག་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ རུས་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ རྩ་རྒྱུས་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ ཡཀྴ་ཀཱ་ལ་ཆེན་པོ་གནོད་བྱེད་ཕོ་མོའི་ཙིཏྟ་ཟུང་ཟུང༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུངས་ཕྱུངས༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུཾ་ཐུཾ༔ ཧྲིལ་ཧྲིལ་ཡ་ཡ་བྷྱོ་བྷྱོ༔ ཡཀྴ་ཀཱ་ལ་ཆེན་པོ་གནོད་བྱེད་ཕོ་མོའི་སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུངས་ཕྱུངས༔ ཁཾ་ཁཾ་ལཾ་ལཾ་རྦད་རྦད༔ དུམ་བུར་རྦུད་རྦུད༔ ནཱ་ག་རཱ་ཙ་གནོད་བྱེད་མཱ་ར་ཡ་རྦད་སོད༔ མྱོག་བཾ་རིལ་མཱ་ར་ཡ་རྦད་སོད༔ རྩིབས་མཆན་དག་ལ་བྲི་བ་ནི༔ ཆེ་གེ་ལ་རཀྵ་རཀྵ༔ མུ་ཁྱུད་ཕྱི་མ་དག་ལ་ནི༔ ཨོཾ་ཙཀྲ་དུ་ན་གནོད་བྱེད་ཕོ་མོའི་མགོ་ལ་ཆོམ་ཆོམ༔ ཞེ་སྡང་ཤ་ལ་མྱོག་མྱོག༔ འདོད་ཆགས་ཁྲག་ལ་རྦུད་རྦུད༔ ང་རྒྱལ་སྙིང་ལ་གཟིར་གཟིར༔ དབང་པོ་ཡན་ལག་ཟུང་ཟུང༔ ནཱ་གའི་ཡན་ལག་ཟུང༔ འགྲིམ་འགྲིམ༔ ནཱ་གའི་དབང་པོ་ཡན་ལག་ནས་འགྲིམ་འགྲིམ༔ རྩ་ཐང་རྩ་ཐང༔ ནཱ་གའི་སྙིང་ལ་རྩ་ཐང་རྩ་ཐང༔ རྩ་རྒྱུས་དབུགས་ལ་ཐུཾ་རིལ༔ ནཱ་གའི་དབུགས་ལ་ཐུཾ་རིལ༔ དྲག་བྱེད་རུས་ལ་ཁྲུཾ་ཁྲུཾ༔ ནཱ་གའི་རུས་ལ་ཁྲུཾ་ཁྲུཾ༔ འཆིང་བྱེད་སྲོག་ལ་རྦད་རྦད༔ ནཱ་གའི་སྲོག་ལ་རྦད་རྦད༔ བརྒྱལ་བྱེད་སྲོག་ལ་རྦུད་རྦུད༔ ནཱ་གའི་སྲོག་ལ་རྦུད་རྦུད༔ ནཱ་ག་རཱ་ཙ་སོད་སོད༔ བྱིང་བྱིང༔ ཐིམ་ཐིམ༔ མྱོག་མྱོག༔ རྦད་རྦད༔ ནཱ་ག་རཱ་ཙའི་སྲོག་ལ་ཐིམ་ཐིམ༔ ཕོབ་ཕོབ༔ སྙིང་ཏིག་ལ་ཕོབ་ཕོབ༔ སྤུ་གྲི་འབར་བས་གནོད་བྱེད་ཕོ་མོའི་སྙིང་ལ་དྲོངས༔ ནཱ་ག་རཱ་ཙ་ཐུཾ་རིལ་ཛ༔ མཱ་ར་ཡ་བཾ་རིལ་མཱ་ར་ཡ་རྦད་ཡ༔ ཞེས་པ་བྲི༔ གླ་རྩི་གི་ཝཾ་དྲི་བཟང་བྱུག༔ དེ་ནས་རབ་གནས་བྱ་བ་ནི༔ གཏོར་ཚོགས་མཆོད་པ་འབྱོར་ཚད་བཤམ༔ རྣམ་བཞིའི་མགྲོན་ལ་མཆོད་སྦྱིན་བྱ༔ རྟ་མགྲིན་ནག་པོའི་ལས་བྱང་བསྲང༔ དེ་ནས་མེ་ཏོག་འཐོར་བ་ནི༔ སྟོང་པའི་ངང་ལས་ལྷར་བསྐྱེད་ནས༔ ཨོཾ་སརྦ་བིདྱཱ་ཧཱུྃ༔ སྤྲོས་བྲལ་སྟོང་པ་ཉིད་དུ་བསམ༔ དེ་ནི་ཆོས་སྐུའི་རབ་གནས་ཡིན༔ དེ་ནས་རྟེན་འབྲེལ་བརྒྱ་རྩ་བརྗོད༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྟིམ༔ དེ་ནི་ལོངས་སྐུའི་རབ་གནས་ཡིན༔ དེ་ནས་རྟ་མགྲིན་རྩ་སྔགས་བཟླ༔ རྟ་མགྲིན་སྐུ་རུ་གྱུར་པར་བསམ༔ དེ་ནི་སྤྲུལ་སྐུའི་རབ་གནས་ཡིན༔ དེ་ནས་དར་ནག་ཁུག་མར་དྲིལ༔ ཡོན་བདག་ཁྲུས་བྱས་སྲུང་བ་བཏགས༔ བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུལ༔ ས་བདག་ཀླུ་གདོན་སྨོས་ཅི་དགོས༔ ཡོན་དུ་གསེར་ཞོ་རེ་རེ་ཡོད༔ གང་དགར་བྱས་ན་རང་ལ་གནོད༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀྲུ་བ་ཁྲུས་ཀྱི་མན་ངག་ནི༔ མཎྜལ་སྟེང་དུ་ཚོམ་བུ་བཀོད༔ བུམ་པ་དྲི་བཟང་ཆུ་ཡིས་བཀང༔ དེ་སྟེང་ཐོད་པ་དྲི་ཆུས་བཀང༔ དར་ནག་བཀབ་ཅིང་གཟུངས་ཐག་བཏག༔ མཆོད་པ་གཏོར་ཚོགས་གཞུང་བཞིན་བཤམ༔ བདག་གི་ཏིང་འཛིན་ལྡན་པ་ཡིས༔ མདུན་གྱི་བུམ་པ་དམ་རྫས་ལ༔ ལྷ་ཚོགས་བསྐྱེད་བསྟིམ་སྤྲོ་བསྡུ་བྱ༔ ཨོཾ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་སྭཱ་ཧཱ༔ དེ་ལྟར་གསལ་བར་བཟླས་པ་ཡིས༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ༔ དུས་བཞིར་དྲི་ཆུས་ལུས་པོ་བཀྲུ༔ དེ་སྟེང་བུམ་པའི་ཆུ་ཡིས་བཀྲུ༔ བཟང་དྲུག་སྦྱར་ལ་ཁོང་དུ་བཏང༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགྲ་བགེགས་སྲེག་པའི་ལས་བྱེད་ན༔ རྟ་མགྲིན་ལས་བྱང་གཞུང་བསྲངས་ལ༔ ལས་གཞུང་སྤྱི་ལྟར་ཚོགས་མཆོད་བྱ༔ ཚོགས་ཀྱི་ཐ་མའི་དུས་བབ་ཚེ༔ དུག་ཁྲག་བྱུག་པའི་མཎྜལ་སྟེང༔ རྟ་མགོ་ལྡིང་བའི་སྒྱེད་པུ་གསུམ༔ དེ་སྟེང་སླ་ངའི་སྟེང་དུ་ནི༔ དམར་ནག་དུག་སྣ་སྦྱར་ལ་བླུག༔ མཆོད་པའི་གཏོར་ཚོགས་རྒྱས་པར་བཤམ༔ དགྲ་བགེགས་ལིངྒ་བརྒྱ་རྩ་གཉིས༔ བདེན་སྟོབས་བརྗོད་ཅིང་འགུགས་བསྟིམ་བྱ༔ མགོ་ལྡོག་སྐྱེར་སེར་ཁ་ལ་བཏགས༔ དཀྱིལ་འཁོར་མཐའ་ལ་གཟུག་པར་བྱ༔ སྐམ་ཐུན་མུ་ཟི་སྦང་སྐམ་ཚྭ༔ ལྕགས་ཕྱེ་ཟངས་ཕྱེ་དུག་སྣ་ཚོགས༔ རློན་ཐུན་ཆང་ལ་བུལ་ཏོག་བཏབ༔ དྲག་པོའི་ཤིང་ལ་མར་ཁུ་བསྐུ༔ བདག་ཉིད་དཔལ་གྱི་ཆས་སུ་ཞུགས༔ ཏིང་འཛིན་དྲག་ངར་ལྡན་པ་ཡིས༔ རྟ་མགྲིན་དྲེགས་པ་སྡེ་བརྒྱད་ཚོགས༔ མྱོང་བ་དག་དང་ལྡན་པར་བྱ༔ མེ་ནང་རྟ་མགྲིན་འཁོར་བཅས་བསྐྱེད༔ ལས་བྱང་གཞུང་ལྟར་སྤྱན་དྲངས་ཤིང༔ མཆོད་བསྟོད་ཕྲིན་ལས་དྲག་ཏུ་བསྐུལ༔ སྐམ་ཐུན་ལིང་ག་དག་ལ་བརྡེག༔ ཡང་ན་དྲག་པོའི་ཤིང་ལ་བསྲེག༔ དྲག་སྔགས་ཤམ་ལ་འདི་ལྟར་བཏག༔ དགྲ་བགེགས་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ༔ མེ་ལྕེ་རྟ་མགྲིན་ཁྲོ་ཚོགས་ཀྱིས༔ དགྲ་བགེགས་དངོས་སུ་གསོལ་བར་བསམ༔ ལིང་ག་བསྲེག་རྫས་ཤ་ཁྲག་འབུལ༔ ཏིང་འཛིན་གདིང་དང་ལྡན་པ་གཅེས༔ རྗེས་གཅོད་སྒྲུབ་ཐབས་བཞིན་དུ་བྱ༔ གདིང་མེད་བྱས་ན་རང་ཉིད་ཕུང༔ ཤིན་ཏུ་གཉན་པས་གསང་བར་བྱ༔ དཔལ་རྟ་མགྲིན་ལས་ཕྲན་སྲུང་སྲེག་ལག་ལེན༔ ཨོ་རྒྱན་བདག་གིས་རྟ་མཆོག་རོལ་པ་གསང་བའི་རྒྱུད་ལས་བཏུས་ནས༔ ལྷ་སྲས་བྱང་ཆུབ་སེམས་དཔའ་ཡབ་སྲས་ལ་གདམས་པའོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ སོ་ཕག་ཤི་ཁ་ཐཾ༔ བདག་འདྲ་གར་གྱི་དབང་ཕྱུག་རྩལ་གྱིས་ཤོག་སེར་ངོས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཁྲོ་བོ་དཔལ་གྱིས་ཞུས།། །། ྈ རྟ་མགྲིན་ནག་པོའི་དབང་བསྐུར་དྲེགས་པ་ཀུན་འདུལ་བཞུགས་སོ༔ ྈྈྈྈྈ རྟ་མཆོག་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་དབང་བསྐུར་ཡེ་ཤེས་ལམ༔ འདི་ཡི་དངོས་གྲུབ་དམ་པ་ཡོན་ཏན་ཐོབ༔ དེ་ཕྱིར་དུར་ཁྲོད་ལྷ་ཁང་དབེན་གནས་སུ༔ ས་བརྟག་ས་བསླང་ས་སྦྱང་ས་བྱིན་བརླབ༔ ཕྱི་ནང་མཆོད་གཏོར་ཐིག་ཚོན་བུམ་རྫས་བརླབ༔ བདག་ཉིད་ལྷར་བསྒོམ་དཀྱིལ་འཁོར་གཞུང་བཞིན་བྲི༔ ཕྱི་ནང་རྒྱན་དང་སྒྲུབ་པའི་རྫས་རྣམས་བཀོད༔ ལས་ཀྱི་གཞུང་བསྲང་ཚོགས་དང་གཏོར་མ་འབུལ༔ བཟླས་བརྗོད་གྲངས་དང་ཐུན་གྱིས་མཉེས་པར་བྱ༔ མཚན་མ་མཐོང་ནས་དབང་དང་དངོས་གྲུབ་བླང༔ དེ་ནས་སྣོད་ལྡན་སློབ་མ་ཁྲུས་ནས་ཕྱུང༔ ཕྱག་འཚལ་ཡོན་འབུལ་གསོལ་བ་འདི་ལྟར་གདབ༔ ཀྱེ༔ དབང་ཆེན་རོལ་པ་དཔལ་གྱི་དཀྱིལ་འཁོར་དགོངས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་རྡོ་རྗེ་སེམས༔ བདག་ཅག་དཀྱིལ་འཁོར་འདིར་ནི་འཇུག་པར་འཚལ༔ བྱིན་རླབས་ཡེ་ཤེས་རླན་གྱིས་བསྐྱེད་དུ་གསོལ༔ དེ་ལྟར་གསུམ་བརྗོད་རྡོ་རྗེ་སློབ་དཔོན་གྱིས༔ འདི་སྐད་བརྗོད་ཅིང་དམ་ལ་བཞག་པར་བྱ༔ ཀྱེ་ཧོ༔ སྐལ་ལྡན་རྡོ་རྗེ་སེམས་དཔའི་རིགས༔ བུ་ཁྱོད་དད་པས་དཀྱིལ་འཁོར་འདིར༔ འཇུག་འདོད་དམ་ཚིག་གསུམ་བསྲུང་ཞིང༔ དངོས་གྲུབ་བསྒྲུབ་ལ་ནན་ཏན་འཚལ༔ ཅེས་བརྗོད་དར་གྱིས་གདོང་བཅིངས་ཏེ༔ མེ་ཏོག་དག་ཀྱང་སྦྱིན་པར་བྱ༔ དེ་ནས་ཡན་ལག་བཅུ་པ་ཡིས༔ ཚོགས་གསག་སྐྱབས་འགྲོ་སེམས་བསྐྱེད་དང༔ རིགས་ལྔའི་དམ་ཚིག་ཚུལ་བཞིན་དུ༔ རྒྱུད་ལས་འབྱུང་བ་བླང་བར་བྱ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ སློབ་མའི་སྙིང་གར་བདུད་རྩི་བླན༔ རྡོ་རྗེ་ཡང་ནི་བཞག་བྱས་ཏེ༔ སྔགས་ཚིག་འདི་ཡིས་སེམས་བསྐྱེད་བྱ༔ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ དེ་ནས་ལུས་འབུལ་དྲི་བ་བྱ༔ བགེགས་བསལ་དམ་ཚིག་གསང་བར་གདམས༔ ཧཱུྃ་ཧཱུྃ་ཛཿཡིས་ནང་དུ་དྲང༔ དཀྱིལ་འཁོར་བསྐོར་ཏེ་ཤར་དུ་འཁོད༔ པྲ་ཝེ་ཤ་ཡ་ཕཊ་ཅེས་པས༔ སྒོ་དབྱེ་ལྷ་ལ་ཕྱག་འཚལ་ལོ༔ དམ་ཚིག་ལ་བཞག་ཡེ་ཤེས་བསྟིམ༔ མེ་ཏོག་གཏོར་ཞིང་ལྷ་དང་སྤྲད༔ མིག་དབྱེ་གསང་བའི་མིང་ཡང་བཏག༔ དེ་རྣམས་སྔོན་འགྲོ་འཇུག་པའི་ཆོས༔ རྒྱུད་ལྟར་མཁས་པས་ཤེས་པར་བྱ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་མཉེས་པའི་ཡོན་ཕུལ་ཏེ༔ དབང་དོན་གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཆེན་བསྩལ་པ་ལྟར༔ བདག་ཀྱང་མཆོད་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ དེ་ལྟར་ལན་གསུམ་གསོལ་བ་བཏབ༔ ཐུགས་ལས་སྤྲུལ་པའི་ལྷ་ཚོགས་ནི༔ རིགས་ལྔ་འཁོར་དང་བཅས་པ་རྣམས༔ ནམ་མཁའ་གང་བར་རབ་དམིགས་ནས༔ སློབ་བུ་ལྷར་བསྐྱེད་བུམ་པ་ནི༔ སྤྱི་བོའི་གནས་ལྔར་བཞག་ནས་དབང༔ རྟ་མགྲིན་རྒྱལ་པོ་རིགས་ལྔས་བསྐུར༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་གསང་གསུམ་ལས་བྱུང་བ༔ ཁམས་གསུམ་པས་ནི་ཕྱག་བགྱིས་ཕྱིར༔ རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དེ་ནས་དཔལ་ཆེན་རོལ་པའི་སྐུ༔ རིགས་ལྔའི་རྣམ་པར་ཤར་བ་གང༔ སློབ་བུའི་ཕུང་པོ་ལྔ་ལ་བསྟིམ༔ ཧྲཱི༔ ཧ་ཡ་གྲཱི་ཝ་རྟ་མཆོག་དཔལ༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ༔ ཁྲོས་པའི་ང་རོས་སྲིད་གསུམ་འདུལ༔ དུག་ལྔ་རྣམ་འཇོམས་དབང་འདི་ལོངས༔ བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཧ་ཡ་གྲཱི་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ལུས་ཀྱི་རྟོག་ཚོགས་ལྷར་གསལ་བར་བསམ་ལ༔ ཧྲཱི༔ དཔལ་གྱི་ཆས་དང་དུར་ཁྲོད་རྒྱན༔ སྣ་ཚོགས་འཁྲུལ་འཁོར་རྣམ་དག་ཕྱིར༔ ཆགས་སྡང་རྟོག་པ་ཐམས་ཅད་དག༔ ཆོས་རྣམས་ཡོངས་རྫོགས་དབང་འདི་ལོངས༔ ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ ངག་ལ་སྔགས་ཀྱི་དབང་བསྐུར་བས༔ དྲག་པོས་ཁམས་གསུམ་སྒྲོལ་བར་བྱེད༔ འབྲུག་ལྟར་སྒྲོག་པ་ཁྲོ་རྒྱལ་གསུང༔ གསང་སྔགས་སྙིང་པོའི་དབང་འདི་ལོངས༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ༔ ཅེས་བརྗོད་མེ་ཏོག་སྔགས་ཕྲེང་སྦྱིན༔ ཧྲཱི༔ རྟ་མགོས་རྟ་སྐད་ཕྱོགས་བཅུར་སྒྲོག༔ མི་གནས་མྱ་ངན་འདས་པའི་དོན༔ གསུང་རབ་ཡན་ལག་བཅུ་གཉིས་ལྡན༔ རྟ་སྐད་རྔམ་པའི་དབང་འདི་ལོངས༔ ཧྲཱིཿགྷོ་ཌ་ཧ་ཡ་གྲཱི་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ དབུ་རྒྱན་རིགས་ལྔ་ཡེ་ཤེས་ལྔ༔ བདེ་གཤེགས་ཀུན་དང་མཉམ་པར་སྦྱོར༔ ཐོད་སྦྲུལ་འབར་བའི་གཟི་འབར་བ༔ ཅོད་པན་བཟང་པོ་ཁྱོད་ཀྱིས་ལོངས༔ རཏྣ་མུ་ཀུ་ཊ་པ་ཊ་ལཾ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ ཤེས་རབ་ཡེ་ཤེས་རྡོ་རྗེའི་མཚོན༔ རལ་གྲི་འབར་བས་ཉོན་མོངས་འཇོམས༔ འཇམ་དཔལ་རབ་ཏུ་མི་བཟད་པ༔ རྡོ་རྗེ་འབར་བའི་མཚོན་འདི་ལོངས༔ བཛྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ སྙིང་རྗེ་ཆེན་པོ་ཤེས་རབ་ཐབས༔ ཉོན་མོངས་འཁོར་བའི་འདམ་ལས་འདྲེན༔ བྱམས་ཆེན་མཚོན་ཆ་ཐབས་ལ་མཁས༔ ལྕགས་ཀྱུ་འབར་བའི་མཚོན་འདི་ལོངས༔ བཛྲ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ རྡོ་རྗེ་དྲིལ་བུ་རིག་པ་འཛིན༔ གཉིས་མེད་ཡེ་ཤེས་རྡོ་རྗེ་ཆེ༔ ཁམས་གསུམ་ལས་ལས་རྣམ་གྲོལ་བའི༔ རྡོ་རྗེའི་མིང་འདི་ཁྱོད་ཀྱིས་ལོངས༔ བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེ༔ དར་ནག་ཀུན་ཁྱབ་རྡོ་རྗེའི་ཆས༔ དཔལ་ཆེན་གོས་འཆང་བདུད་རྣམས་ལས༔ རྣམ་པར་རྒྱལ་ཕྱིར་རྟགས་སུ་སྦྱིན༔ ཀཱ་ལ་ཝསཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ རྣམ་པར་རྒྱལ་བའི་བུམ་པ་ན༔ དབང་དྲག་ལྷ་རྣམས་མ་འདྲེས་གསལ༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་དབང་འདི་ལོངས༔ བཛྲ་ཀཱ་ཡ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ སྐུ་མདོག་དམར་གསལ་ཆགས་བྲལ་དོན་གྱི་ལྷ༔ བདུད་ལས་རྣམ་རྒྱལ་རིག་པའི་གསུང་དབྱངས་ལྡན༔ མི་གནས་ཡེ་ཤེས་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་མི་དྷེ་ཝ་ཨུད་བྷ་བེ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ ཅོད་པན་མི་འགྱུར་མན་དྷཱ་ར༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བ༔ དབྱིངས་དང་རིག་པ་གཉིས་མེད་པའི༔ རྟགས་ཀྱི་མེ་ཏོག་འདི་ཡང་ལོངས༔ ཨོཾ་བཛྲ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ རོལ་མོ་བྱ༔ སྤོས་འབུལ་ལོ༔ བུམ་པའི་དབང་ངོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ ྈ དབང་ཆེན་དྲག་པོའི་ལྷ་ལ་ཕྱག་འཚལ་ལོ༔ བསྐྱེད་པའི་རིམ་པ་ལ་གནས་པས༔ རྫོགས་པའི་ཡེ་ཤེས་རིམ་པ་རྒྱུད་ལ་བླང་བྱའི་ཕྱིར༔ དབེན་པར་ཕྱག་བཙལ་མཎྜལ་ཕུལ་བྱ་སྟེ༔ ཐལ་སྦྱར་གུས་པས་གསོལ་བ་གདབ་པ་ནི༔ ཀྱེ༔ སངས་རྒྱས་ཀུན་བདག་རིག་པ་འཛིན༔ དཔའ་བོ་པདྨ་ཧེ་རུ་ཀ༔ གསང་བ་མཆོག་གི་ཡེ་ཤེས་དེ༔ སློབ་དཔོན་ཆེན་པོས་བདག་ལ་སྩོལ༔ དེ་སྐད་ལན་གསུམ་གསོལ་བ་གདབ༔ ཐོད་པ་བདུད་རྩི་ལྔས་གང་བ༔ རྩ་བའི་སྔགས་ཀྱིས་རབ་སྔགས་ཤིང༔ སློབ་བུའི་སྤྱི་བོར་བཞག་ནས་ནི༔ ལག་ཏུ་གཏད་དེ་འཐུང་དུ་གཞུག༔ རྩ་ཁམས་ཀུན་ཁྱབ་གསལ་སྟོང་གི༔ ཉམས་མྱོང་དག་ལ་ནན་ཏན་བྱས༔ ངག་སྨིན་པར་བྱེད་པ་གསང་བའི་དབང་ངོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ དབང་དྲག་རོལ་པའི་ལྷ་ལ་ཕྱག་འཚལ་ལོ༔ རྩ་རླུང་སྔགས་ཀྱི་ནུས་ཐོབ་ནས༔ དགའ་བཞིའི་ཡེ་ཤེས་ཉམས་མྱོང་ཕྱིར༔ དབེན་པར་ཕྱག་བཙལ་མཎྜལ་ཕུལ༔ ཐལ་སྦྱར་འདི་ལྟར་གསོལ་བ་བཏབ༔ ཧྲཱི༔ བདེ་ཆེན་རོལ་པ་དབང་གི་རྒྱལ༔ ཁྲག་འཐུང་ཡཀྴ་ཧེ་རུ་ཀ༔ བདེ་བའི་ཡེ་ཤེས་རྙེད་དཀའ་བ༔ བདག་ལ་ཡང་དག་བསྐྱེད་དུ་གསོལ༔ དེ་ལྟར་ལན་གསུམ་གསོལ་བ་གདབ༔ མེ་ལོང་སིནྡྷུ་རས་མཚན་པ༔ གྲུ་གསུམ་ཧྲཱིཿཡིས་བརྒྱན་པ་ནི༔ སྙིང་གར་བླན་ཏེ་འདི་སྐད་དོ༔ ཧྲཱི༔ ཆོས་ཉིད་བདེ་བ་ཆེན་པོ་ལ༔ རྩལ་དང་རོལ་པ་ངང་གིས་ཤར༔ རང་བྱུང་ཡེ་ཤེས་བདེ་ཆེན་གྱི༔ རང་བཞིན་དག་དང་མཉམ་པར་སྦྱོར༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཁ་སྦྱོར་རླུང་གིས་བདེ་བ་བསྒོམ༔ ཡིད་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ དབང་དྲག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཡས་བབ་བདེ་བས་རྒྱུད་གང་བའི༔ རྣལ་འབྱོར་པ་ཡིས་ཡེ་ཤེས་ལྷ༔ ཁ་སྦྱོར་རླུང་གི་སྦྱོར་བ་ཡིས༔ རལ་གཅིག་ཡུམ་གྱི་བདེ་བ་བླང༔ མས་བརྟན་རྟ་མགོའི་རྩེར་སོན་པས༔ འཕོ་བ་མེད་པའི་བདེ་ཆེན་པོ༔ དེར་ནི་མ་ཡེངས་ཤེས་རིག་གཏད༔ ཧྲཱི༔ ཆོས་ཉིད་སྐྱེ་མེད་ནམ་མཁའི་དངོས༔ ནམ་མཁའ་བདེ་ཆེན་རོལ་པས་ཁྱབ༔ སྐྱེ་དང་འཇིག་པའི་མཐའ་ལས་འདས༔ དམ་ཚིག་ཆེན་པོའི་དབང་འདི་ལོངས༔ ཛྙཱ་ན་པཉྩ་ཨ་ཨ་ཨ༔ མ་བཅོས་སྐྱོན་གསུམ་བྲལ་བ་ཡི༔ ནམ་མཁའི་ལམ་ལ་རྟག་གནས་བྱ༔ ཐམས་ཅད་དག་པར་བྱེད་ཅིང་ཡོངས་སུ་སྨིན་པ་དོན་དམ་བཞི་པའི་དབང་ངོ༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ དེ་ནས་དཔལ་གྱི་གཏོར་མ་དཀྱིལ་འཁོར་གྱི༔ ལྷར་གསལ་གདབ་ཅིང་མཆོད་དང་བསྟོད་པ་བྱ༔ སློབ་བུའི་གཙུག་ཏུ་བཞག་ལ་འདི་སྐད་དོ༔ ཧྲཱི༔ སྐུ་ཡི་དབང་བསྐུར་ཆེ་བཙན་ལྷུན་རྫོགས་ཤིང༔ གསུང་གི་དབང་བསྐུར་ངག་གི་ནུས་པར་ལྡན༔ ཐུགས་ཀྱི་དབང་བསྐུར་ཡེ་ཤེས་གསལ་དག་རྟོགས༔ ཡོན་ཏན་དབང་བསྐུར་ས་དང་ལམ་ལ་གནས༔ ཕྲིན་ལས་དབང་བསྐུར་འགྲོ་དོན་ཐམས་ཅད་འགྲུབ༔ ཐམས་ཅད་ཡོངས་རྫོགས་དཔལ་ཆེན་གཏོར་མའི་དབང༔ ཡོངས་ལ་མངའ་བསྒྱུར་བདག་ཉིད་ཆེན་པོར་ཤོག༔ རྩ་སྔགས་ཀྱི་ཤམ་བུར་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཅེས་སྤོས་དང་རོལ་མོ་དབྱངས་དང་བཅས་པས་བརྗོད༔ དེས་ནི་མཐུ་རྩལ་མ་ལུས་ཡོངས་རྫོགས་ཤིང༔ རྒྱལ་བའི་མཛད་པ་མ་ལུས་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེས་ནི་དམ་ཚིག་བསྲུང་བར་ཁས་བླངས་ཏེ༔ གཏང་རག་ཡོན་འབུལ་བསྔོ་བ་སྨོན་ལམ་བཏབ༔ བཀྲ་ཤིས་དགའ་སྟོན་ཚོགས་ཀྱི་མཆོད་པར་རོལ༔ ལྷག་མཆོད་གཏོང་ཞིང་དཀྱིལ་འཁོར་མཆོད་བསྟོད་བྱ༔ ཡེ་ཤེས་སེམས་དཔའ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་སེམས་དཔའ་སྙིང་གའི་ཐིག་ལེར་བསྡུ༔ ཐིག་ལེ་དམིགས་གཏད་དངོས་འཛིན་དང་བྲལ་བའི༔ ངང་ལས་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་བྱ༔ རྡུལ་ཚོན་ཆུ་འམ་རི་མཐོའི་རྩེ་ལ་གཤེགས༔ དབང་གི་དངོས་གྲུབ་མ་ལུས་མྱུར་དུ་ཐོབ༔ དེ་ཕྱིར་ཕྱི་རབས་བརྒྱུད་འཛིན་དོན་སླད་དུ༔ ཨོ་རྒྱན་པདྨ་ཐོད་ཕྲེང་བདག་ཉིད་ཀྱིས༔ རྟ་མཆོག་རོལ་པ་དྲག་པོ་འབར་བ་ཡི༔ རྒྱུད་ལས་བཀོད་དེ་ཕྱི་རབས་བཙས་སུ་བཞག༔ མ་འོངས་དུས་ཀྱི་ཡེ་ཤེས་རོལ་པ་རྩལ༔ དེ་དང་འདི་འཕྲད་འགྲོ་བའི་སྡུག་བསྔལ་སེལ༔ དེ་ཕྱིར་བསམ་ཡས་དབུས་ཀྱི་ཡང་མཛོད་དུ༔ བཀའ་རྒྱས་བཏབ་སྟེ་གཏེར་དུ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་ཀུན་གྱི་ཐུན་མོང་མ་ཡིན་ཏེ༔ གཅེས་ཚད་མིག་ལ་ཕངས་ཚད་ཁོང་པའི་སྙིང༔ གཏེར་ཁ་དུ་མར་འདི་དང་མཚུངས་འདྲ་སྦས༔ ཁྱད་པར་འདི་འདྲ་སྦས་པ་ཡོད་རེ་ཀན༔ མ་མགོན་དྲེགས་པ་སྡེ་བརྒྱད་རྣམས་ལ་གཏད༔ དུས་ལ་བབས་ཚེ་ལས་ཅན་ལག་ཏུ་གཏོད༔ དུས་མིན་འདོན་ན་སྲོག་ཆོད་ཤ་ལ་ཟོ༔ ཁྲག་ཐུངས་རུས་པ་ཆོམས་ཤིག་དམ་ཚིག་རྣམས༔ ཞེས་གདམས་སོ༔ ཨེ་མ་བདག་ཉིད་སངས་རྒྱས་སྣང་བ་མཐའ་ཡས་ཏེ༔ ཞི་བས་འདུལ་ཕྱིར་འཇིག་རྟེན་དབང་ཕྱུག་ཡིན༔ དྲག་པོས་འདུལ་ཕྱིར་རྟ་མགྲིན་ནག་པོར་བསྟན༔ དེ་ཕྱིར་ཨོ་རྒྱན་བདག་དང་གཉིས་སུ་མེད༔ བསྒྲུབ་སླ་མྱུར་མགྱོགས་དྲག་པོ་གསང་སྒྲུབ་འདི༔ གདམས་སོ་གཏད་དོ་སྙིང་གི་དཀྱིལ་དུ་བསྟིམས༔ སྱ་མྱ་ཡྱ༔ མནྟྲ་གུ་ཧྱ་ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ རྒྱ།རྒཛཊ།༔ འདི་ལ་ལོ་རྒྱུས་བསྙེན་པ་སྒྲུབ་པ་དང༔ ལས་སྦྱོར་སྔགས་དང་རྟགས་བཅས་དང༔ སྤུ་གྲི་ནག་པོ་དགུ་སྦྱོར་དང༔ རྫས་ཆེན་བཅོ་ལྔའི་སྦྱོར་བ་དང༔ མཆོད་གཏོར་བསྟོད་བསྐུལ་དང་བཅས་སོ༔ བྷྱོ་བདུན་རྫས་སྔགས་སྲུང་བ་དང༔ དབང་བསྐུར་དྲེགས་པ་ཀུན་འདུལ་ཏེ༔ ཆོས་སྡེ་བཅུ་ལས་མང་ཉུང་མེད༔ སྐལ་ལྡན་འགྲོ་བའི་དཔལ་དུ་ཤོག༔ སྱ་མྱ་ཡྱ༔ རྒྱ་རྒྱ་རྒྱ༔ གར་གྱི་དབང་ཕྱུག་ཡེ་ཤེས་རོལ་པ་རྩལ་གྱི་གསང་བ་སྙིང་གི་གཏེར་གཅིག་མའོ། །སྱ་མྱ་ཡྱ༔རྒྱ།རྒྱ།རྒྱ། མངའ་བདག་གར་དབང་ཟླ་བ་གྲགས་པས་སྣང་རྩེ་ཕོ་བྲང་དུ་བྲིས།། །།
བྱད་འགྲོལ་གསེར་གྱི་ལྡེ་མིག་གི་ལག་ལེན་གསལ་བྱེད་ནག་པོ་འགྲོ་ཤེས་སུ་བཀོད་པ་བཀླག་པས་དོན་འགྲུབ་ (Volume 47, Text 50)
༄༅། །བྱད་འགྲོལ་གསེར་གྱི་ལྡེ་མིག་གི་ལག་ལེན་གསལ་བྱེད་ནག་པོ་འགྲོ་ཤེས་སུ་བཀོད་པ་བཀླག་པས་དོན་འགྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་དྷཱ་ར་ཡ། རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་དང་། །ནུས་པའི་རང་གཟུགས་རྗེ་བཙུན་རྡོ་རྗེ་འཆང་། །བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྗེ། །བྱང་ཆུབ་བར་དུ་གཙུག་གི་པདྨོར་མཆོད། །འདིར་བྱད་འགྲོལ་གྱི་ཆོ་ག་བྱ་བར་འདོད་པས་ཡོ་བྱད་བཤམས་པ་དང་བུམ་པ་སྒྲུབ་པ་སོགས་སྒྲུབ་ཐབས་སྙིང་པོ་གསལ་བ་བཞིན་སྔོན་དུ་འགྲོ་བས། གཞན་དོན་དུ་བྱད་འགྲོལ་གྱི་ལས་སྦྱོར་སྒྲུབ་པར་བྱེད་པ་ལ། རང་གི་མདུན་དུ་བསྒྲུབ་བྱ་རེ་ནག་གྲུ་གསུམ་གྱི་ཁར་བཞག །ཚོན་སྐུད་ཀྱིས་བཅིང་། སཱཙྪ་མགོ་བོར་བཀོད་ལ་འདི་སྐད་བརྗོད་པར་བྱའོ། །འོ་འདིར་བྱད་འགྲོལ་བའི་རིམ་པ་སྒྲུབ་པར་བྱེད་པ་ལ་ཐོག་མར་ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད་པ་དང་། ཆོ་ག་དངོས་གཉིས་ལས། དང་པོ་ལ་གསུམ་སྟེ། རིག་འཛིན་རྗེའི་ཆོག་ཁྲིགས་ལས། བྱད་ཀྱི་རྟགས་རྣམས་ཡོང་ཚུལ་དང་། །གདམས་པར་ཡིད་ཆེས་ཁུངས་བཙུན་བརྒྱུད། །བྱད་འགྲོལ་བྱས་པའི་ཕན་ཡོན་བཤད། །ཅེས་གསུངས་པའི། དང་པོ་རྟགས་ནི་གཞུང་ལས། དེ་ཡང་རང་ལ་གཞན་གྱིས་ངག་མནན་པ་དང༔ བཅིངས་པ་དང༔ བསྡམས་པ་དང༔ མཐུ་བྱས་པའི་རྟགས་སུ༔ ལྕེས་ལབ་མི་ཤེས་པར་སྐྲངས་པ་དང༔ ལྐོག་མ་དང་མགུལ་པ་འགགས་ནས་ན་བ་དང༔ སྔགས་བགྲང་མི་ཤེས་པ་དང༔ བགྲང་ཡང་སྒྲ་མི་དག་པ་དང༔ ལྕེ་ཡི་མདོག་འགྱུར་བ་དང༔ རྒྱ་གྲམ་དུ་གས་པ་དང༔ ཁ་བཅིངས་པར་རྨི་བ་དང༔ ལྕེ་ལ་ཕུར་པ་བཏབ་པ་རྨི་བ་དང༔ ཆོས་པོ་ཏིའི་འོག་དང་མཆོད་རྟེན་གྱི་འོག་ཏུ་ནོན་པ་དང༔ དོང་གཏིང་རིང་དུ་ཚུད་པ་དང༔ རེ་བ་ནག་པོས་བཏུམས་པ་རྨི་བ་དང༔ མུན་པ་ནག་པོའི་ཕུགས་སུ་ཚུད་པ་དང༔ བྲག་ཕུག་སྟོང་པ་དང༔ ཁང་སྟོང་དང་ཡུལ་སྟོང་རྨི་བ་དང༔ གཅིག་ནས་གཅིག་ཏུ་འཛུལ་བ་རྨི་བ་དང་། ཁང་སྟོང་རྡིབ་ལ་ཁད་པའི་ནང་དུ་ཕྱིན་པ་རྨི་བ་དང༔ ཟམ་པ་དང་ལམ་རྒྱ་གྲམ་གྱི་དཀྱིལ་དུ་ཉལ་བ་རྨི་བ་དང་། རི་རོང་དོག་པོའི་རྩེ་ནས་རྦབ་ཏུ་ལྷུང་ལ་ཁད་པ་དང༔ ལྷུང་བ་རྨི་བ་དང༔ ལྷ་ཁང་དང་ལྡེར་བཟོ་རྨི་བ་དང༔ དངོས་སུའང་རང་ཉམས་ཤེད་ཆུང་བ་དང༔ སྔགས་བཟླ་སྙིང་མི་འདོད་པ་དང༔ བཟླས་ཀྱང་ལྡབ་ལྡིབ་ཏུ་སོང་བ་དང༔ སྒྲུབ་པ་བྱས་ཀྱང་ནུས་པ་ཆུང་ལ་བར་ཆད་མང་བ་དང༔ རང་ཁྲོ་ཞིང་འཚིག་པ་ཟ་བ་དང༔ སྙིང་མི་དགའ་བ་དང༔ བསྐྱེད་རིམ་མི་གསལ་བ་དང༔ ལུས་ལྕི་ཞིང་འཐིབས་པ་དང༔ གོས་མི་གཙང་བ་གྱོན་པ་དང༔ མི་གཙང་བའི་འདམ་རྫབ་ཏུ་ཕྱིན་པ་རྨི་བ་དང༔ རོ་ཁུར་གྱི་གླིང་དུ་ཕྱིན་པ་དང༔ ནད་པ་སྐྱུགས་ལོག་རྨི་བ་དང༔ མཚོ་དང་ཆུ་མིག་རླན་རློན་གྱི་འདམ་དུ་བྱིང་བ་དང་ཕྱིན་པ་རྨི་བ་དང༔ གྲོག་པོ་ཆེན་པོའི་འོག་ཏུ་ཚུད་པ་དང༔ ཁྱེར་ལ་ཁད་པ་དང༔ རི་ཉིལ་བ་དང༔ བྲག་ཕུག་གཏིང་རིང་དུ་འཛུལ་བ་རྨི་བ་དང༔ དངོས་སུ་འང་ཤེས་པ་གནད་དུ་མི་ཕེབས་པར་ཡེད་ཡེད་པ་དང༔ དེ་ལྟར་བྱུང་ན་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དང་བསྡམས་པའི་རྟགས་སོ༔ རང་ལ་གཞན་གྱིས་མཐུ་བྱས་པའི་རྟགས་སུ༔ དོན་མེད་པར་སྙིང་མི་དགའ་བ་དང༔ མི་ལ་འཐབ་འདོད་པ་དང༔ ཅ་ཅོ་འབོག་སྙིང་འདོད་པ་དང༔ ནང་དུ་འཐབ་མོ་མང་བ་དང༔ རྨི་ལམ་དུ་མི་ངོ་མི་ཤེས་པ་དང༔ མོན་པ་དང་ཨ་ཙ་རས་རང་ལ་བརྒྱབ་པ་དང་འཐབ་པ་དང༔ རྡོའི་ཆར་འབབ་པ་དང་ཐོག་འབབ་པ་དང༔ མདའ་དང་མདུང་དང་གྲི་བརྒྱབ་པ་རྨི་བ་དང༔ རླུང་ནག་འཚུབས་པ་དང༔ རི་གཟར་ནས་རྡོ་རྦབ་བྱུང་བ་དང༔ དམག་གིས་བསྐོར་བ་རྨིས་ན་མཐུ་བྱས་པའི་རྟགས་སོ༔ དམག་མང་པོ་དང་བནྡེ་དང་སྔགས་བོན་གྱི་དམག་གིས་བསྐོར་བ་རྨི་བ་དང༔ གཅན་ཟན་དང་བྱ་ནག་གིས་དེད་པ་རྨི་བ་དང༔ དངོས་སུ་རང་གི་གོས་ལ་གྲིས་རྨ་བྱུང་བ་དང༔ ལྟས་ངན་གྱི་སེམས་ཅན་བྱུང་བ་དང༔ བུད་མེད་དང་མི་མང་པོས་མཛོ་དང་རྟ་དང་བོང་དྲེལ་ལ་སྒ་སྟོང་གཏད་ནས་རང་ལ་སྒོ་ཉལ་བྱེད་པ་རྨི་བ་དང༔ རྟགས་དེ་རྣམས་ཚུར་རང་ལ་བྱུང་ན་མིས་རང་ལ་བྱས་པའི་རྟགས་ཏེ༔ དེ་རྣམས་ནི་མཐུ་བྱད་ཡོད་པའི་རྟགས་སོ༔ ཞེས་གསུངས་སོ། །གཉིས་པ་ལོ་རྒྱུས་ནི། གཞུང་ལས། སྔོན་རྒྱ་གར་གྱི་ཡུལ་དུ་ལས་ཀྱི་མཁའ་འགྲོས་མཛད་དེ༔ རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་མཆོད་རྟེན་སྔོན་པོའི་ཁྲི་འཕང་ལ་སྦས་སོ༔ རྡོ་རྗེ་གདན་གྱི་དུས་མཆོད་ལ་སློབ་དཔོན་ཁྲག་འཐུང་ནག་པོ་བྱོན་ནས་ཚོགས་ཀྱི་དགོངས་པ་མཛད་ཅིང་ཡོད་ཙ་ན༔ མཁའ་འགྲོས་ལུང་བསྟན་བྱུང་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཀྱི་མཆོད་རྟེན་སྔོན་པོའི་ཁྲི་འཕང་ལ་གསང་སྔགས་ཐམས་ཅད་ཀྱི་ནུས་པ་ཉམས་པ་གསོ་བ་དང༔ མན་ངག་མཁན་རྣམས་ཀྱི་ནུས་པ་མེད་པར་བྱ་བ་དང༔ རང་གི་ནུས་པ་ཐམས་ཅད་མཆོག་ཏུ་སྐྱེད་པའི་གདམས་པ་ཡོད་དོ༔ ཞེས་ལུང་བསྟན་བྱུང་ནས༔ དེར་སློབ་དཔོན་གྱིས་གཟིགས་པས༔ བྱང་ཕྱོགས་ཀྱི་མཆོད་རྟེན་དེའི་ཁྲི་འཕང་ལ་མེ་སྟག་དམར་ཕྲོམ་ཕྲོམ་འདུག་པ་གཟིགས་ནས༔ དེར་མཁའ་འགྲོ་ལ་གཏོར་མ་ཕུལ་ནས༔ དེ་ནས་གཟོང་གིས་གཡེང་བས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་བྱུང་ངོ༔ དེ་བཤིགས་པའི་ནང་ནས་གསང་བའི་མན་ངག་གསང་སྔགས་ཐམས་ཅད་ཀྱི་ནུས་པ་ཉམས་པ་གསོ་བའི་མན་ངག༔ ནུས་པ་ཐམས་ཅད་མཆོག་ཏུ་སྐྱེད་པའི་མན་ངག་འདི་བྱུང་ངོ༔ དེར་སློབ་དཔོན་ཐུགས་དགྱེས་ནས་མཁའ་འགྲོ་རྣམས་ལ་གཏོར་ཚོགས་རྒྱ་ཆེན་པོ་ཕུལ་ལོ༔ སློབ་དཔོན་ཁྲག་འཐུང་ནག་པོས་གནུབས་བན་སངས་རྒྱས་ཡེ་ཤེས་ལ་གནང་ངོ༔ དེ་ནས་རིམ་པར་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བརྒྱུད་པ་ནི་གང་ལས་བྱུང་བའི་ལོ་རྒྱུས་སོ། །གསུམ་པ་ཕན་ཡོན་ནི། གཞུང་ལས། དེ་ལྟར་བྱས་པས་བན་བོན་སྔགས་པ་མུ་སྟེགས་འབུམ་གྱི་མཐུ་གཏད་སེལ་འབུམ། ཕྲ་མེན་གྱི་ངན་སྦྱོར་འགོང་ཆོག་ངན་སྔགས་ཀྱིས་རང་གི་ལུས་ངག་ཡིད་གསུམ་བཅིངས་པ་དང་ཁ་རྗེ་དབང་ཐང་ཟད་པར་བྱས་པ་ཐམས་ཅད་སྐད་ཅིག་ཉིད་ལ་གྲོལ་ཏེ་ཡོན་ཏན་དང་ཕན་ཡོན་དཔག་ཏུ་མེད་དོ༔ རང་གི་ཆོས་སྐྱོང་གི་རྟེན་ལ་གཏོར་ན་རང་གི་སྲུང་མ་བདུད་དུ་བབས་པ་དང་གཤེད་དུ་བབས་པ་ལས་གྲོལ་བར་འགྱུར་རོ༔ ཞིང་ལ་གཏོར་ན་ཞིང་སེལ་བྱས་པ་ཐམས་ཅད་གྲོལ༔ ཁང་པ་ལ་གཏོར་ན་ཁང་སེལ་གྱིས་མི་ཚུགས༔ སྔགས་རྣམས་རིན་པོ་ཆེས་བྲིས་རྫའི་གྭའུར་བཅུག་ནས་ཁང་པ་དང་ཞིང་ལ་སྦས་ན་བཀྲ་ཤིས་ཤིང༔ ཡེ་ཤེས་དང་སྲུང་མ་ངང་གིས་འདུ་འོ༔ མཐུ་སྟོབས་དང་རྫུ་འཕྲུལ་ཆེ༔ བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ༔ འདི་ཉིད་རྫོང་དང་ཁང་པ་དང་གནས་གཞི་གང་དུ་བྱས་པ་དེར༔ ཁང་སེལ་ཁང་གཏད་མཐུ་བྱད་མནན་གཏད་ཁྲམ་གསུམ་གྱིས་མི་ཚུགས་ཏེ་གནས་ཁང་བཀྲ་ཤིས་ལ་བྱིན་ཆེ༔ ལྷ་དང་སྲུང་མ་འདུ་འོ༔ ཞིང་ལ་ཞིང་གཏད་ཞིང་སེལ་ངན་བྱེད་གནོད་པས་མི་ཚུགས་ཤིང༔ བཙའ་སད་འབུ་སྲིན་གྱིས་མི་ཚུགས་ལོ་ལེགས་པར་འགྱུར་རོ༔ རྣལ་འབྱོར་པ་རང་དང་དཔོན་སློབ་གང་ཡོད་པ་ཐམས་ཅད་ཀྱི་མཐུ་བྱད་མནན་གཏད་ཁྲམ་གསུམ་གྱི་ངན་སྦྱོར་ཐམས་ཅད་ཉི་མས་བ་མོ་ཞུ་བ་ལྟར་འགྱུར་བ་དང༔ སྡིག་སྒྲིབ་དག༔ རིག་པ་དྭངས༔ བསྐྱེད་རིམ་གསལ༔ དགེ་སྦྱོར་ངང་གིས་འཕེལ༔ བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ༔ དེ་ལ་སོགས་པ་ཕན་ཡོན་བགྲངས་ལས་འདས་སོ༔ དེ་བཞིན་དུ་རི་ལ་གཏོར་ན་རི་པྲ་ངན་པ་ཐམས་ཅད་ཞི༔ རྩྭ་ལེགས༔ ལྷས་ལ་གཏོར་ན་གོད་ཁ་ཆད་དེ་ཕྱུགས་འཕེལ་བར་འགྱུར་རོ༔ ཞེས་གསུངས་སོ། །གཉིས་པ་བྱད་འགྲོལ་གྱི་ཆོ་ག་དངོས་ལ། རྣམ་པ་གསལ་གདབ་བགེགས་གཏོར་གཏང་། །འབྱུང་བཞི་ཉོན་མོངས་དུག་སྦྱང་ཞིང་། །བྱད་འགྲོལ་མེ་ལྷར་བྱད་ཐག་འབུལ། །སྔགས་ཆུས་འཁྲུ་ཞིང་མེ་ལ་འགོང་། །གདན་བརྗེ་བྱབ་རྫས་གསུམ་གྱིས་བྱབ། ཁྲུས་དངོས་གཟུངས་རིང་ཆེན་མོ་དང་། །གཟུངས་ཐུང་བཟླ་ཞིང་བུམ་ཆུས་འཁྲུ། །སྲུང་འཁོར་བདེ་ལེགས་ཤིས་བརྗོད་བརྒྱད། །ཅེས་པའི་དང་པོ་བསྒྲུབ་བྱ་གསལ་གདབ་ཅིང་བགེགས་གཏོར་གཏོང་བ་ནི། དེ་ཡང་བྱད་འགྲོལ་བའི་གཞི་ནི་ཁྱེད་རང་གི་ལུས་ངག་ཡིད་གསུམ་ཡིན་ལ། གང་འགྲོལ་བར་བྱ་བ་ནི། བན་བོན་སྔགས་པའི་མཐུ་བྱད་ཀྱིས་བཅིངས་པ། འགྲོལ་བྱེད་ནི་གདམས་པ་ཟབ་མོ་འདིས་སོ། །དེ་ཡང་འགྲོལ་བྱའི་རྣམ་པ་གསལ་འདེབས་ཙམ་ཡིན་པས་འདི་ལྟར་སྒོམས་མཛོད། ད་ལྟ་ཁྱེད་རང་ཕ་རོལ་གྱི་བྱད་ཁས་བཅིངས་ཏེ་ཡོད་པའི་ཚུལ་དུ་ལྕགས་ཁང་གྲུ་གསུམ་པར་ཚུད་ཅིང་། སྦྲུལ་སྔོ་དམར་གྱིས་བཅིངས་པ་དང་། མཆོད་རྟེན་ནག་པོས་མནན་པས་འཁྱོག་འགུལ་མི་ཤེས་པར་མནན་པའི་ཚུལ་མཛོད། དེ་ཡང་བྱད་འགྲོལ་བར་བྱེད་པ་ལ། སྤྱིར་མཐུན་རྐྱེན་ཐམས་ཅད་ལ་བར་དུ་གཅོད་ཅིང་མི་འདོད་པའི་རྐྱེན་ངན་ཐམས་ཅད་ཀྱི་སྣ་འདྲེན་པ་ནི་བགེགས་ཡིན་པས། དེ་ལ་གཏོར་མ་སྦྱིན་ནས་བསྐྲད་པར་བྱ་བ་ཡིན་ཏེ། བགེགས་གཏོར་བཤམས་ལ་བསང་ཆུ་བྲན་ནས། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་དུ་བྱིན་གྱིས་བརླབ། བགེགས་རྣམས། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿས་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་གསུམ་གྱིས་བསྔོས་ལ། ཧཱུྃ། སྟེང་འོག་ཕྱོགས་མཚམས་སྐྱོང་བྱེད་པའི། །ལྷ་ཀླུ་གནོད་སྦྱིན་ནམ་མཁའ་ལྡིང་། །དྲི་ཟ་སྲིན་པོ་མི་འམ་ཅི། །འབྱུང་པོ་གདོན་བགེགས་ལན་ཆགས་རྣམས། །གཏོར་མ་མར་མེ་མཐེབ་ཀྱུ་དང་། །ཆངས་བུ་གླུད་བཟང་འདི་ཁྱེར་ལ། །ཚེ་སྔོན་མནར་བའི་ལན་ཆགས་དང་། །རྐྱེན་གྱུར་གློ་བུར་འཚེ་བ་རྣམས། ཁྲོ་རྒྱལ་ཆེན་པོའི་བཀའ་བཞིན་དུ། །འདི་རུ་མ་འདུག་གཞན་དུ་དེངས། །ལན་ཆགས་བུ་ལོན་ཤ་མཁོན་བྱང་། །འདི་ནས་དཔག་ཚད་བརྒྱད་ཁྲི་ན། །ལྷོ་ཕྱོགས་གཤིན་ཐང་ནག་པོ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིས། །ལས་ཀྱི་དཀར་ནག་ཆོས་བཤད་ཀྱི། ཁྱོད་ཀྱི་ཆོས་སྐལ་དེ་རུ་ཉོན། །མི་འགྲོ་སླར་ཡང་གནོད་སེམས་ན། ཁྲོ་རྒྱལ་འབར་བ་རབ་ཁྲོས་ནས། །ལུས་ངག་ཐལ་བའི་རྡུལ་བཞིན་རློག།་་་གཏོར་མ་ཕྱིར་བསྐྱལ། དྲག་སྔགས་ཨྱཻ་རིང་དང་ཧཱུྃ་བཞི་བཟླ་ཞིང་ཐུན་བྲབ་པ་དང་གུ་གུལ་གྱིས་བགེགས་བསྐྲད། གཉིས་པ་ཕྱི་འབྱུང་བཞིའི་བྱད་སྤྱིར་འགྲོལ་བ་ནི། ཁྱེད་རང་གི་ལུས་འདི་འབྱུང་བ་བཞི་ལས་གྲུབ་པ་ཡིན་ལ། དེ་ལ་ཕྱི་རོལ་གྱི་འབྱུང་བའི་དྭངས་མ་རྣམས་ཀྱི་སྟོབས་སུ་སྨིན་ན་མཐུན་རྐྱེན་བྱེད་ལ། གཤེད་དུ་བབས་ན་འགལ་རྐྱེན་བྱེད་དེ། དེ་ཡང་ཕ་རོལ་པོས་ལས་སྦྱོར་བྱེད་པའི་མཐའ་འབྱུང་བ་བཞི་གང་རུང་ལ་གཏད་པ་ལས་མི་འདའ་བས། དེའི་ཉེས་པ་སྦྱོང་བའི་ཕྱིར་འབྱུང་བའི་དུག་སྤྱིར་སྦྱོང་བ་སྟེ། ཧཱུྃ། རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །སྐུ་གསུམ་ཏིང་འཛིན་ལས་གྲུབ་པའི། །སྔགས་པ་ལས་ཀྱི་ནུས་སྟོབས་ཀྱིས། །གཉེན་པོའི་ལྷ་སྲུང་བསྐྱེད་པ་བཅས། །ཕྲིན་ལས་ཕོ་ཉའི་ཆོ་འཕྲུལ་གྱིས། །ལྷ་སྔགས་ཏིང་འཛིན་དྲག་པོའི་རྫས། །ལོ་ཟླ་གཟའ་སྐར་དུས་ཚོད་དང་། །རྒྱུ་དུས་ཐེབས་ཟློག་ས་བདག་དང་། །གདོང་ཐུག་གཏད་བཅུག་ཉེས་པ་དང་། །སྟོང་ཉིད་ནམ་མཁའི་དམིགས་སྦྱོར་གྱིས། །ས་ཡི་འོག་ཏུ་མནན་པ་དང་། །འབྱུང་བ་ཆུ་ལ་གཏད་པ་དང་། །དྲག་པོའི་སྦྱིན་སྲེག་མེ་ཡི་ལས། །ཕྲ་མེན་རླུང་ལ་བསྐོར་བ་དང་། །དགྲ་གཤེད་ནང་འཁྲུགས་སྦྱོར་བ་ཡིས། །རང་གིས་ཕར་བྱས་ལོག་པ་རྣམས། །རྫས་སྔགས་ནུས་པའི་བྱིན་རླབས་ཀྱིས། །ཉེས་པ་ཐམས་ཅད་ཞི་གྱུར་ཅིག །ཅེས་འབྱུང་བའི་དུག་སྤྱིར་སྦྱངས་ནས། དེ་ནས་འབྱུང་བ་སོ་སོའི་ཁྱད་པར་དུ་བྱད་འགྲོལ་བ་ནི། སློབ་དཔོན་གྱིས་ས་ཐོགས་ལ།་་་ཕ་རོལ་གྱིས་འབྱུང་བ་ས་ལ་མནན་པ་བྱས་པས་བྱད་དུ་གྱུར་པ་ཐམས་ཅད་ཁྱེད་རང་གི་ལུས་ལས་ཐོན་ས་ལ་ཐིམ་པའི་མོས་པ་མཛོད། ས་ནི་སྲ་མཁྲེགས་རང་བཞིན་ཏེ། །ཉོན་མོངས་ཞེ་སྡང་ཐམས་ཅད་སྦྱོངས། །མེ་ལོང་ཡེ་ཤེས་གསལ་གྱུར་ཅིག །ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། ཆུ་ཐོགས་ལ།་་་འབྱུང་བ་ཆུ་ལ་གཏད་པས་བྱད་དུ་གྱུར་པ་ཐམས་ཅད་ཁྱེད་རང་གི་ལུས་ལས་ཐོན་ཆུ་ལ་ཐིམ་པའི་མོས་པ་མཛོད། ཆུ་ནི་བརླན་ཞིང་གཤེར་བ་སྟེ། །ཉོན་མོངས་ང་རྒྱལ་ཐམས་ཅད་སྦྱོངས། །མཉམ་ཉིད་ཡེ་ཤེས་གསལ་གྱུར་ཅིག །བཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། དཔལ་འབར་ཐོགས་ལ།་་་འབྱུང་བ་མེ་ལ་སྦྱིན་སྲེག་བྱས་པས་བྱད་དུ་གྱུར་པ་ཐམས་ཅད་ཁྱེད་རང་གི་ལུས་ལས་ཐོན་ཏེ་མེ་ལ་ཐིམ་པའི་མོས་པ་མཛོད། མེ་ནི་ཚ་ཞིང་སྲེག་པ་སྟེ། །ཉོན་མོངས་འདོད་ཆགས་ཐམས་ཅད་སྦྱོངས། །སོར་རྟོག་ཡེ་ཤེས་གསལ་གྱུར་ཅིག །རཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། རླུང་གཡབ་ཐོགས་ལ།་་་འབྱུང་བ་རླུང་ལ་འཁོར་ལོ་བསྐོར་བས་བྱད་དུ་གྱུར་པ་ཐམས་ཅད་ཁྱེད་རང་གི་ལུས་ལས་ཐོན་རླུང་ལ་ཐིམ་པའི་མོས་པ་མཛོད། རླུང་ནི་ཡང་ཞིང་གཡོ་བ་སྟེ། །ཉོན་མོངས་ཕྲག་དོག་ཐམས་ཅད་སྦྱོངས། །བྱ་གྲུབ་ཡེ་ཤེས་གསལ་གྱུར་ཅིག །ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། མེ་ལོང་ཐོགས་ལ།་་་སྟོང་ཉིད་ནམ་མཁའི་དམིགས་སྦྱོར་གྱིས་བཅིངས་པས་བྱད་དུ་གྱུར་པ་ཐམས་ཅད་དམིགས་མེད་ནམ་མཁའི་རང་བཞིན་དུ་དག་པའི་མོས་པ་མཛོད། ནམ་མཁའ་ཀུན་ཁྱབ་རང་བཞིན་ཅན། །ཉོན་མོངས་གཏི་མུག་ཐམས་ཅད་སྦྱོངས། །ཆོས་དབྱིངས་ཡེ་ཤེས་གསལ་གྱུར་ཅིག །ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། དེས་ཕྱི་འབྱུང་བ་ལྔའི་དུག་སྦྱོང་བ་སོང་། དེ་ནས་ནང་ཉོན་མོངས་ལྔའི་བྱད་འགྲོལ་བ་ནི། དེ་ཡང་དཔེར་ན་ཁབ་ལེན་གྱི་རྡོས་ལྕགས་སྡུད་པ་བཞིན་ཁྱེད་རང་གི་རྒྱུད་ལ་ལས་ཉོན་གྱི་སྒྲིབ་པ་དང་ལྡན་པའི་ཕྱིར་བྱད་ཁ་སོགས་འགལ་རྐྱེན་ཐམས་ཅད་ཤུགས་ལ་འདུ་བས་སྡིག་སྒྲིབ་སྦྱོང་བ་གལ་ཆེ། དེས་ན་ཁྱེད་རང་ཐ་མལ་དུ་གསལ་བའི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་དཀར་པོ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པའི་ཉམས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་དང་སྙོམས་པར་འཇུག་པའི་བདག་ཉིད་ཅན་དུ་གྱུར། དེ་ལྟར་གསལ་བཏབ་ནས་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཤགས་པ་དང་། ཕྱིན་ཆད་མི་བགྱིད་སྙམ་པའི་དམ་བཅའ་བརྟན་པོས་ཡིག་བརྒྱ་དང་སྙིང་པོ་འདི་ཉིད་བཟླས་པས་སྐུ་ལས་བྱུང་བའི་བྱང་སེམས་བདུད་རྩིའི་ཆུ་རྒྱུན་གྱིས་སྡིག་སྒྲིབ་ཐམས་ཅད་ནག་འདུར་གྱིས་སྦྱངས་པའི་མོས་པ་མཛོད། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་དང་།་་་བདུན་དང་། ཨོཾ་བཛྲ་སཏྭ་ཨཱཿ་་་ཉེར་གཅིག་ཙམ་བྱ་བ་ཕྱག་ལེན། ཅེས་ཅི་ནུས་སུ་བཟླས་ནས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་དེ་ལྟར་མོས་གདུང་གིས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། གསུམ་པ་བྱད་འགྲོལ་ཞིང་བྱད་ཐག་དམིགས་བྱར་གསལ་བ་མེ་ལྷར་འབུལ་བ་ནི། གྲི་ལྕགས་ལས་གྲུབ་པའི་ཆུ་གྲི་ར་རོག་འོག་ཅན་གྱི་རྭས་ཡུ་བ་བྱས་པ་ཐོགས་ལ། སློབ་དཔོན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར་དུ་གསལ་བའི་ཕྱག་ན་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་བསྣམས་པས་ཁྱེད་རང་གི་ལུས་ལ་བཅིངས་པའི་བྱད་ཐག་བཅད་པས་བཅིངས་པའི་ཉེས་པ་ཐམས་ཅད་ལས་གྲོལ་བའི་མོས་པ་མཛོད། ཧཱུྃ། བདག་ཉིད་ཁྲོ་རྒྱལ་གཙུག་ཏོར་གྱིས། །ཕྱག་ན་ཡེ་ཤེས་རལ་གྲི་བསྣམས། །ཚེ་སྔོན་ལས་ངན་ལས་གྲུབ་པའི། །ནད་དང་གདོན་དང་རིག་སྔགས་བྱད། །ཕ་རོལ་མི་དང་མི་མིན་གྱིས། །དངོས་སུ་བསམ་སྦྱོར་ངན་པ་དང་། །ལྐོག་ཏུ་བསམ་པ་དུག་གཡོས་དང་། །ཕྲ་མེན་གཏད་ཁྲོམ་འགོང་ཆོག་དང་། ཁང་སེལ་ཞིང་སེལ་དུད་རླུང་དང་། །ཧོམ་དང་པར་བུ་བསྐོར་བ་དང་། །བྱད་དུ་བཅུག་ཅིང་ངག་མནན་པ། །མི་མཐུན་སྦྱོར་བའི་དུག་རྣམས་ཀུན། །གཅོད་བྱེད་རལ་གྲི་མེ་འབར་བས། །ཐམས་ཅད་དུམ་བུར་གཏུབས་ནས་ཀྱང་། །ཡེ་ཤེས་མེ་ལྷའི་ཞལ་དུ་འབུལ། །ཤོ་དང་ཁྲམ་ལ་བཏབ་པ་རྣམས། །གནམ་ལྕགས་རལ་གྲི་འབར་བས་བཅད། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བཅད། སྐུ་་་།ཨོཾ་ཀཱ་ཡ་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛྭཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ གསུང་།་་་ཨཱཿཝཱཀ྄་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཐུགས།་་་ཧཱུྃ་ཙིཏྟ་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ སྙིང་པོ།་་་ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཕཊ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ ཞེས་བཟླ་བཞིན་པར་བྱད་ཐག་འགྲོལ་ཞིང་བཅད་དོ། །དེ་ནས་དམིགས་བྱ་མེ་ལྷར་འབུལ་བ་ལ་ཐབ་དང་མེ་ལྷ་གསལ་བཏབ་པ་ནི། ལྕགས་སླང་ལ་སོགས་པའི་སྣོད་དུ་སྐྱེར་ཤིང་སོགས་དྲག་པོའི་ཤིང་གི་ཧོམ་གྲུ་གསུམ་དུ་བརྩིགས་ནས་མདུན་དུ་བཤམས་ལ། རཾ་ཛྭ་ལ་རཾ་ཞེས་བརྗོད་ཅིང་མེ་སྦར། ཧཱུྃ་ཧཱུྃ་ཞེས་རླུང་གཡབ་ཀྱིས་མེ་གསོས་ནས། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །དྲག་པོའི་ཐབ་ཁུང་གྲུ་གསུམ་མཚན་ཉིད་ཀུན། །ཡོངས་རྫོགས་ནང་དུ་རཾ་ལས་བསྐལ་པའི་མེ། །འབར་དབུས་པད་ཉིར་མཐིང་ནག་ཡི་གེ་ཧཱུྃ། །དེ་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་མཆོད། །ཕས་རྒོལ་རིག་སྔགས་དམོད་པའི་སྦྱོར་བ་བཤིགས། །བྱིན་རླབས་དངོས་གྲུབ་དྭངས་བཅུད་ཧཱུྃ་ལ་ཐིམ། །དེ་ཉིད་ཡོངས་གྱུར་པདྨ་ཉི་ཟླའི་སྟེང་། །མེ་ལྷ་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཅན། །དབུ་སྟོང་རྩ་ཞལ་ཉིས་བརྒྱ་མཐིང་ནག་རྔམ། །གཡས་ཞལ་ཉིས་བརྒྱ་གསེར་མདོག་འཛུམ་ཉམས་རྒྱས། །རྒྱབ་ཞལ་ཉིས་བརྒྱ་དམར་པོ་ཆགས་པའི་ཉམས། །གཡོན་ཞལ་ཉིས་བརྒྱ་ལྗང་གུ་གཏུམ་པའི་ཚུལ། །སྟེང་ཞལ་ཉིས་བརྒྱ་དཀར་པོ་བཞད་པའི་ཞལ། །སྟོང་ཕྲག་ཕྱག་ལྡན་བྱེ་བ་ཕྲག་བརྒྱའི་སྤྱན། །དམར་ཟླུམ་སྡང་མིག་ཕྱོགས་བཅུ་ཀུན་ཏུ་བལྟ། །རྫི་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར། །ཞལ་གདངས་ཡ་སོ་ཧཱུྃ་ལས་ཁྲོ་བོ་བཅུ། །མ་སོ་ཧྲཱིཿལས་ཁྲོ་མོ་བཅུ་རུ་གཙིགས། །མགྲིན་པ་ཉི་ཟླ་ལྕེ་ནི་གཅོད་བྱེད་ཀྱི། །རྣོ་ངར་རལ་གྲི་འབར་བའི་རྣམ་པར་གདེངས། །སྟོང་ཕྲག་ཕྱག་ན་གནམ་ལྕགས་རལ་གྲི་བསྣམས། །ཐོད་སྐམ་དབུ་རྒྱན་ཞིང་གླང་སྟོད་གཡོགས་དང་། །སྟག་ཤམ་མགོ་ཕྲེང་དུར་ཁྲོད་རྒྱན་ཆས་བརྗིད། །ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་དྲག་པོར་བགྲད། །གར་དགུའི་ཉམས་རྒྱས་དབང་སྔོན་ལྷུན་པོ་ལ། །ཉི་མ་སྟོང་གིས་འཁྱུད་བཞིན་གཟི་བརྗིད་འབར། །བསྐལ་པའི་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས། །དེ་ཡི་སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པདྨ་དམར་པོའི་ལྟེ་བར་ཨཱཿ སྙིང་གར་ཉི་དཀྱིལ་ཧཱུྃ་སྔོན་མཚན་པ་ལས། །འོད་འཕྲོས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་བསྐུལ། །སྤྱན་དྲངས་ཡི་གེ་གསུམ་ལ་ཐིམ་པ་ཡིས། །རིམ་བཞིན་རྣམ་སྣང་དཀར་པོ་འཁོར་ལོ་འཛིན། །སྣང་མཐའ་དམར་པོ་གཡས་པ་པདྨ་འཛིན། །མི་བསྐྱོད་མཐིང་ག་གཡས་པ་རྡོ་རྗེ་འཛིན། །ཀུན་ཀྱང་གཡོན་པ་དྲིལ་འཛིན་ལོངས་སྐུའི་ཆས། །མཚན་དཔེའི་གཟི་འབར་སྐུ་གསུང་ཐུགས་བྱིན་བརླབས། །དེ་ལྟར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར། །སྤྱན་འདྲེན་པ་ནི། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་འབུལ་བ་ནི། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། ཞེས་མཆོད། བསྟོད་པ་བྱ་བ་ནི། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རྣམ་རོལ་ལས། །རིག་སྔགས་དམོད་པ་ཕྱིར་ཟློག་དྲག་པོའི་ལྷར། །རྣམ་རོལ་རྡོ་རྗེ་ཁྲག་འཐུང་གཙུག་ཏོར་ཅན། །འཇིགས་བྱེད་འཇིགས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཅིང་། བྱད་ཐག་བཅད་པ་དམིགས་རྟེན་དུ་བཅས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་ཕ་རོལ་རིག་སྔགས་མཁན་གྱི་བྱད་ཕུར་རྦོད་གཏོང་བསམ་ངན་སྦྱོར་རྩུབ་ཀྱི་ནུས་པ་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྙིང་པོའི་མཐར། ཨཱ་ཀརྵ་ཡ་ཛཿཛཿ ཞེས་བརྗོད། ཁྲོ་རྒྱལ་འཁོར་བཅས་གནམ་ས་ལྟ་བུའི་ཞལ། །གདངས་ནས་གནོད་བྱེད་ཐམས་ཅད་གསོལ་བར་གྱུར། །ཅེས་བརྗོད་ཅིང་བསམས་ནས། བྱད་ཐག་འབུལ་ཚིག་དང་བསྟུན་ནས་རིམ་བཞིན་མེར་འབུལ།་་་སྡེ་བརྒྱད་བྱད་ཐག་བཅད་ནས་ཀྱང་། །དྲག་པོ་མེ་ལྷའི་ཞལ་དུ་གསོལ། །ཡུངས་ཟོར་མཚེ་ཟོར་ཛྭ་ལ་རཾ། །གཤིན་རྗེའི་འཁོར་ལོ་ཛྭ་ལ་རཾ། །གཟའ་ཡི་ཀིང་ཀང་ཛྭ་ལ་རཾ། །གནོད་སྦྱིན་གདུག་རྩུབ་ཛྭ་ལ་རཾ། །ལྷ་ཆད་རྡོ་འབེབ་ཛྭ་ལ་རཾ། །མུ་སྟེགས་བར་ཆད་ཛྭ་ལ་རཾ། །མ་མོའི་ཁྲག་ཟོར་ཛྭ་ལ་རཾ། །བདུད་ཀྱི་ཁྲམ་འདེབས་ཛྭ་ལ་རཾ། །རྒྱལ་པོའི་ཐོག་རྒྱུག་ཛྭ་ལ་རཾ། །སྲིན་པོའི་ཟ་རེས་ཛྭ་ལ་རཾ། །ལྟས་ངན་བརྒྱད་ཅུ་ཛྭ་ལ་རཾ། །ཡེ་འདྲོག་སུམ་བརྒྱ་ཛྭ་ལ་རཾ། །བྲམ་ཟེས་ཚེ་རྐུ་ཛྭ་ལ་རཾ། །བདུད་ཀྱི་འཐིབས་ནོན་ཛྭ་ལ་རཾ། །བནྡེའི་སྔགས་ཟོར་ཛྭ་ལ་རཾ། །བོན་པོའི་ཛོ་དམར་ཛྭ་ལ་རཾ། །ཤོ་ལ་ཐེབས་ན་ཤོ་ཁ་སྒྱུར། ཁྲམ་ལ་བཏབ་ན་ཁྲམ་ཁ་ཕྱིས། །གདོན་བགེགས་ལོག་འདྲེན་འབྱུང་པོའི་ཚོགས། །མ་རུངས་གདུག་པ་ཚར་བཅད་ནས། །དྲག་པོའི་ལྷ་ཚོགས་ཞལ་དུ་འབུལ། །ཞེས་བརྗོད་ཅིང་ལྷག་མ་མ་ལུས་པར་འབུལ་ལོ། །དེ་ནས་མེ་ལྷར་མཆོད་བསྟོད་བྱས་ནས། ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་མེ་འབར་བར་གྱུར། བཞི་པ་བྱད་འཁྲུ་ཞིང་མེ་ལ་འགོང་བས་བྱད་ཕུར་བསྲེག་པ་ནི། ལས་སྦྱོར་གྱི་སྔགས་ཆུ་སྒྲོ་གཞོབ་ཅན་གྱི་བུམ་ཆུ་ཐོགས་ལ། དེ་ཡང་སྔགས་ཀྱིས་བཀོལ་བའི་ཆུ་འདི་ཉིད་ཀྱིས་ཁྱོད་རང་གི་སྤྱི་བོ་ནས་བླུགས་པས་ཐོག་མར་སྤྱི་བོའི་གནོན་བྱེད་ཀྱི་མཆོད་རྟེན་དེ་བྱེ་མའི་མཁར་ཆུས་བཤིགས་བཞིན་སྦྱངས་ནས། མཐར་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནས་པའི་ཉེས་སྐྱོན་ཐམས་ཅད་བཀྲུས་ཤིང་སྦྱངས་པས་དྲི་མ་མེད་པའི་ཤེལ་ལྟར་དག་ཅིང་གཙང་བར་གྱུར་པའི་མོས་པ་མཛོད། ཐོག་མར་བུམ་ཆུས་ཁ་བཤལ་ནས་ཕྱིར་དོར། དེ་ནས་ཁོང་དུ་གཏང་། སླར་སྤྱི་བོ་ནས་བླུགས་བཞིན་པར་སཱཙྪ་ཉིད་བཤིག་པར་བྱའོ། །ཧཱུྃ། དཀོན་མཆོག་བདེན་པའི་ཐུགས་རྗེ་དང་། །རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །གསང་སྔགས་རིག་སྔགས་གཟུངས་སྔགས་མཐུ། །རྟེན་འབྲེལ་རྫས་ཀྱི་སྦྱོར་བ་ཡིས། །རྣམ་དག་ལྷ་ཡི་ཆུ་རྒྱུན་དང་། །རྨད་བྱུང་ཡེ་ཤེས་བདུད་རྩི་འདིས། །ལས་དང་ཉོན་མོངས་བག་ཆགས་དང་། །ནད་གདོན་སྡིག་སྒྲིབ་མ་ལུས་འཁྲུ། །ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་པ། །དབང་ཕྱུག་ཆེན་པོས་བཅིངས་པ་འཁྲུ། །མོ་རྒྱུད་རྣམས་ཀྱི་ཆེ་བཙན་པ། །ཨུ་མ་དེ་ཝཱིས་བཅིངས་པ་འཁྲུ། །དགྲ་སྲོག་འཁོར་ལོས་གཅོད་པའི་ཕྱིར། །གཤིན་རྗེ་ཡབ་ཡུམ་བཅིངས་པ་འཁྲུ། །མ་ཚོགས་དགྲ་ལ་དབབ་པའི་ཕྱིར། །སྲིད་པའི་རྒྱལ་མོས་བཅིངས་པ་འཁྲུ། །གསང་སྔགས་བསྟན་པ་སྲུང་མཛད་མ། །སྔགས་སྲུང་ཆེན་མོས་བཅིངས་པ་འཁྲུ། །དགྲ་ལ་བདུད་དམག་དབབ་མཛད་པའི། །བདུད་ནག་ཡབ་ཡུམ་བཅིངས་པ་འཁྲུ། །ལྟས་ངན་ཆོ་འཕྲུལ་མངའ་བདག་སྟེ། །རྒྱལ་པོ་རྣམས་ཀྱིས་བཅིངས་པ་འཁྲུ། །སྨྱོ་འབོག་ཆོ་འཕྲུལ་མངའ་བདག་སྟེ། །སྲོག་བདག་ཚངས་པས་བཅིངས་པ་འཁྲུ། །སྤྲུལ་པ་སྣ་ཚོགས་སྟོན་མཛད་པའི། །དགྲ་ལྷས་བཅིངས་པ་ཐམས་ཅད་འཁྲུ། །དགྲ་སྙིང་ཟས་སུ་ཟ་མཛད་པའི། །རཀྴ་གློག་ཕྲེང་བཅིངས་པ་འཁྲུ། །དགྲ་ཁྲག་སྐོམ་དུ་འཐུང་མཛད་པའི། །སྦལ་མགོ་ཁྲག་མིག་བཅིངས་པ་འཁྲུ། །དགྲ་སྙིང་ཟས་སུ་རོལ་མཛད་པའི། །ཡཀྴ་མེ་དབལ་བཅིངས་པ་འཁྲུ། །བསྟན་པའི་བར་ཆད་སྒྲོལ་མཛད་པའི། །མ་ཧཱ་ཀཱ་ལས་བཅིངས་པ་འཁྲུ། །དམ་ལས་འདས་པ་སྒྲོལ་མཛད་པའི། །རུ་དྲས་བཅིངས་པ་ཐམས་ཅད་འཁྲུ། །དགྲ་སྡང་ཁྲམ་ལ་དབབ་མཛད་པའི། །དམུ་ཡིས་བཅིངས་པ་ཐམས་ཅད་འཁྲུ། །ལོག་ལྟ་བར་ཆད་འདུལ་མཛད་པའི། །གུ་ལང་ནག་པོས་བཅིངས་པ་འཁྲུ། །བར་ཆད་འགོང་པོ་འདུལ་མཛད་པ། །ལྷ་རབས་ཤམ་པོས་བཅིངས་པ་འཁྲུ། །མངོན་ཤེས་གཏན་ལ་དབབ་མཛད་པའི། །ཐོག་གི་བུ་ཡུག་བཅིངས་པ་འཁྲུ། །ཟས་ནོར་དངོས་གྲུབ་སྟེར་མཛད་པའི། །ཐེའུ་རང་རྣམས་ཀྱིས་བཅིངས་པ་འཁྲུ། །དགྲ་ལ་གྲི་འཐབ་གཏོང་མཛད་པའི། །བཙན་རྒོད་རྣམས་ཀྱིས་བཅིངས་པ་འཁྲུ། །དགྲ་ལ་ཕུང་བརྡལ་གཏོང་མཛད་པའི། །བི་ནཱ་ཡ་ཀས་བཅིངས་པ་འཁྲུ། །དགྲ་ལ་ཕུང་གསུམ་གཏོང་མཛད་པའི། །ཡམ་ཤུད་དམར་པོས་བཅིངས་པ་འཁྲུ། །དགྲ་བོ་ཐུན་གྱིས་གསོད་མཛད་པའི། །མགྱོགས་བྱེད་ནག་མོས་བཅིངས་པ་འཁྲུ། །དགྲ་ལ་ཀླུ་ནད་གཏོང་བའི་ཕྱིར། །ཀླུ་བདུད་མགོ་དགུས་བཅིངས་པ་འཁྲུ། །དགྲ་ལ་མཛེ་ནད་གཏོང་བའི་ཕྱིར། །ཡཀྴ་ནག་མོས་བཅིངས་པ་འཁྲུ། །དེ་ལ་སོགས་ཏེ་ལྷ་སྲིན་གྱི། །གཏད་ཁྲམ་མནན་གཟེར་ཐམས་ཅད་འཁྲུ། །ཕྱི་ཁྲུས་དུང་ལས་དཀར་བ་དང་། །ནང་ཁྲུས་མཆོང་ལས་དམར་གྱུར་ཅིག །བྱད་སྟེམས་ཉེས་ཚོགས་བྱང་གྱུར་ཅིག །ཨོཾ་ཀཱ་ཡ་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཨཱཿཝཱཀ྄་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཧཱུྃ་ཙིཏྟ་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཞེས་དང་། སྙིང་པོ།་་་ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཕཊ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ ཞེས་ཁྲུས་ཆུས་རྒྱུན་མ་ཆད་པར་བཀྲུའོ། །བྱད་ཕུར་བསྲེག་པ་ནི། དེ་ནས་མེ་ལ་ཕན་ཚུན་དུ་ལན་བདུན་འགོམ་པའི་ཚེ་ཡེ་ཤེས་ཀྱི་མེ་ལྕེས་ཁྱེད་རང་གི་ལུས་ལ་གནས་པའི་བྱད་ཁ། ཕུར་ཁ། ཆག་ཆེ། ཉམ་ང་ཐམས་ཅད་བསྲེགས་ཤིང་སྦྱངས་པའི་མོས་པ་མཛོད། སྐུ་གསུང་ཐུགས་སྔགས་དང་སྙིང་པོ་བཟླ་ཞིང་། བསྒྲུབ་བྱ་མེ་ལ་ལན་བདུན་འགོམ་དུ་བཅུག་མེ་ལ་མཆོང་པ་ཙམ་གྱིས་བྱད་དང་གཏད་ཁྲམ་ལས་གྲོལ་བར་བསམ་མོ། །དེ་ནས་རེ་བའི་གདན་དོར། གདན་དཀར་པོར་འབྲུ་ཚོམ་བཀོད་པའི་ཁར་བཞག་གོ །ལྔ་པ་བྱབ་རྫས་རིམ་པ་གསུམ་གྱིས་བྱབ་པ་ལས། བྱབ་རྫས་དང་པོས་བྱབ་པ་ནི། བ་ལུ་སྤེའུ་ལྕུག་མ་རྨ་བྱའི་མདོངས་རྣམས་རྡོ་རྗེའི་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ། འོ་བྱབ་རྫས་འདི་ཉིད་ཀྱིས་ཁྱེད་རང་གི་ལུས་ལ་བྱབ་པ་ཙམ་གྱིས་བྱད་ཕུར་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦུར་མ་རླུང་གིས་བསྡུས་པ་ལྟར་ཕྱགས་ནས་མེ་ལ་སྤྲུགས་ཏེ་རྗེས་མེད་དུ་བསྲེགས་པའི་མོས་པ་མཛོད། ཧཱུྃ། བདུད་རྩི་ཅན་གྱི་ཤིང་བུ་འདི། །བལ་བུ་བུ་ཡི་ཚུལ་དུ་བྱས། །སྤེ་འུ་ཤིང་གི་མ་མཚན་ཏེ། །མ་ཡི་རང་བཞིན་དག་ཏུ་བྱས། །མ་བུ་བསྡེབས་པའི་ལྕུག་མ་ལ། །མདངས་ལྡན་རྨ་བྱའི་སྒྲོ་ཡིས་བརྒྱན། །གྲིབ་དང་ནད་གདོན་རིག་སྔགས་བྱད། །ཕ་རོལ་རྦོད་གཏོང་དྲག་པོ་དང་། །གཏད་སེལ་རླུང་གི་སྦྱོར་ངན་པ། །ཕྲ་མེན་ཆོ་འཕྲུལ་ངན་པ་སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས། །ཉེས་སྐྱོན་ལོག་པའི་སྦྱོར་བ་རྣམས། །མེ་ལོང་ཕྱིས་བཞིན་བྱང་གྱུར་ཅིག་་་བྱབ་ཚིག་དང་བསྟུན་པར་མེའི་སྟེང་དུ་ཕྱགས་ཚུལ་བྱ། སྟེང་ཕྱོགས་ལྷ་ཡིས་བཅིངས་པ་བྱབ། །ཤར་ཕྱོགས་དྲི་ཟས་བཅིངས་པ་བྱབ། །ཤར་ལྷོ་མེ་ལྷས་བཅིངས་པ་བྱབ། །ལྷོ་ཕྱོགས་གཤིན་རྗེས་བཅིངས་པ་བྱབ། །ལྷོ་ནུབ་སྲིན་པོས་བཅིངས་པ་བྱབ། །ནུབ་ཕྱོགས་ཆུ་ལྷས་བཅིངས་པ་བྱབ། །ནུབ་བྱང་རླུང་ལྷས་བཅིངས་པ་བྱབ། །བྱང་ཕྱོགས་གནོད་སྦྱིན་བཅིངས་པ་བྱབ། །བྱང་ཤར་དབང་ལྡན་བཅིངས་པ་བྱབ། །འོག་ཕྱོགས་ཀླུ་དབང་བཅིངས་པ་བྱབ། །བྱབས་པས་ཐམས་ཅད་བྱང་གྱུར་ཅིག །གདོན་བགེགས་ལོག་འདྲེན་འབྱུང་པོ་རྣམས། །དོན་ལ་སྨྲ་བསམ་བརྗོད་མེད་ཡིན། །རང་སེམས་འཕོ་འགྱུར་བྲལ་བ་འདི། །འཁོར་འདས་གཉིས་མེད་ཆོས་ཀྱི་སྐུ །ཆོས་ཉིད་རང་སོ་ཟིན་གྱུར་ཅིག །སྐུ་གསུང་ཐུགས་སྔགས་དང་སྙིང་པོ་བརྗོད་དོ། །བྱབས་རྫས་གཉིས་པས་བྱབས་པ་ནི། སྔར་བཞིན་བྱབ་རྫས་འོམ་བུ་ཀུ་ཤ་འཇག་མ་ཐོགས་ལ་དམིགས་པ་སྤོད། ཧཱུྃ། གཙང་ཞིང་གཙང་མ་འོམ་བུའི་ཤིང་། །ཐབས་ཀྱི་རང་བཞིན་ཚུལ་དུ་བྱས། །ཀུ་ཤ་བྱང་ཆུབ་སྐྱེད་པའི་གདན། །འཇག་མ་ཤེས་རབ་རང་བཞིན་ཏེ། །ཐབས་ཤེས་ཚུལ་དུ་བྱས་པ་འདིས། །དེ་རིང་འདིར་ཚོགས་འཁོར་བཅས་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །སྲོག་ལུས་དབང་ཐང་ཀླུང་རྟ་ལ། །ལྷ་སྲིན་སྡེ་བརྒྱད་གདོང་ཐུག་དང་། །གཏད་ཁྲམ་གདོན་དང་མི་གཙང་གྲིབ། །གློ་བུར་ཡེ་འདྲོག་མི་མཐུན་བྱབ།་་་སྔར་བཞིན་མེའི་སྟེང་དུ་ཕྱགས་ཚུལ་བྱ། གཤིན་རྗེས་བཅིངས་པ་ཐམས་ཅད་བྱབ། །མ་མོས་བཅིངས་པ་ཐམས་ཅད་བྱབ། །བདུད་ཀྱིས་བཅིངས་པ་ཐམས་ཅད༴ གནོད་སྦྱིན་བཅིངས་པ༴ གཟའ་ཡིས་བཅིངས་པ༴ རྒྱལ་པོས་བཅིངས་པ༴ བཙན་གྱིས་བཅིངས་པ༴ ཀླུ་ཡིས་བཅིངས་པ༴ དམུ་ཡིས་བཅིངས་པ༴ རྡོ་རྗེ་ལེགས་པས་བཅིངས་པ་བྱབ། །བྱབས་པས་ཉེས་ཚོགས་འཛིན་རྟོག་ཞི། །ཟུང་འཇུག་སྐུ་བཞི་མངོན་གྱུར་ཤོག །སྐུ་གསུང་ཐུགས་སྔགས་དང་སྙིང་པོ་བརྗོད། སློབ་དཔོན་གྱི་ཕྱག་ཏུ་མདའ་དར་ཐོགས་ལ།་་་བྱབ་རྫས་གསུམ་པ་མདའ་དར་གྱིས་བྱབ་པ་ནི། དེ་ཡང་མདའ་ལ་བཏགས་པའི་དར་ཚོན་ལྔ་པོ་འདི་ཉིད་རྒྱལ་བ་རིགས་ལྔའི་སྐུ་རུ་གསལ་བའི་སོ་སོའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་དཀར་སེར་དམར་ལྗང་མཐིང་གའི་ཚུལ་དུ་འཕྲོས། ཁྱེད་རང་གི་རྒྱུད་ལ་གནས་པའི་དུག་ལྔའི་ཉེས་ཚོགས་ཐམས་ཅད་སྦྱངས་ནས་ཡེ་ཤེས་ལྔར་རྒྱས་བཏབ་པའི་མོས་པ་མཛོད། ཧཱུྃ། སྙུག་མ་ཆོས་ཉིད་སྟོང་པ་ལ། །སྒྲོ་ནི་སྐུ་གསུང་ཐུགས་ཀྱི་མདའ། །ལྟོང་ནི་ཐབས་དང་ཤེས་རབ་ཚུལ། །མདེའུ་ཆོས་སྐུ་ཉག་གཅིག་རྟགས། །རྟེན་འབྲེལ་ཐབས་ཀྱི་མདའ་བཟང་ལ། །ཤེས་རབ་སྟོང་གསལ་མེ་ལོང་བརྒྱན། །ཡེ་ཤེས་ལྔ་མཚོན་དར་གྱིས་སྤྲས། །མདའ་དར་མཐིང་ག་རྣམ་སྣང་གསལ། །ཉོན་མོངས་གཏི་མུག་ཐམས་ཅད་བྱབ། །ཆོས་དབྱིངས་ཡེ་ཤེས་གསལ་གྱུར་ཅིག །མདའ་དར་དཀར་པོ་རྡོར་སེམས་གསལ། །ཉོན་མོངས་ཞེ་སྡང་ཐམས་ཅད་བྱབ། །མེ་ལོང་ཡེ་ཤེས་གསལ་གྱུར་ཅིག །མདའ་དར་སེར་པོ་རིན་འབྱུང་གསལ། །ཉོན་མོངས་ང་རྒྱལ་ཐམས་ཅད་བྱབ། །མཉམ་ཉིད་ཡེ་ཤེས་གསལ་གྱུར་ཅིག །མདའ་དར་དམར་པོ་སྣང་མཐའ་ཡས། །ཉོན་མོངས་འདོད་ཆགས་ཐམས་ཅད་བྱབ། །སོར་རྟོག་ཡེ་ཤེས་གསལ་གྱུར་ཅིག །མདའ་དར་ལྗང་གུ་དོན་གྲུབ་གསལ། །ཉོན་མོངས་ཕྲག་དོག་ཐམས་ཅད་བྱབ། །བྱ་གྲུབ་ཡེ་ཤེས་གསལ་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལས་གྱུར་རྣམས། །རྟོགས་ན་ཡེ་ཤེས་རང་བཞིན་ཡིན། །མ་རྟོགས་དུག་ལྔ་རང་རྒྱུད་པ། །དུག་ལྔའི་རང་མདངས་དགྲ་བགེགས་རྣམས། །ཡེ་ཤེས་ལྔ་རུ་ལྷུན་གྲུབ་ནས། །ཆོས་ཉིད་རང་ས་ཟིན་གྱུར་ཅིག །སྐུ་གསུང་ཐུགས་སྔགས་དང་སྙིང་པོ་བརྗོད། དྲུག་པ་ཁྲུས་དངོས་ནི། ཐོག་མར་རྟེན་བྱིན་རླབས་ཅན་གྱི་སྣང་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཏེ། ཧཱུྃ། སྔོན་ཚེ་སངས་རྒྱས་སྐུ་བལྟམས་ཚེ། །བརྒྱ་བྱིན་ལ་སོགས་ལྷ་རྣམས་དང་། །བཀྲ་ཤིས་ལྷ་མོས་གླུར་བཅས་ནས། །དག་པའི་སྐུ་ཁྲུས་གསོལ་པ་བཞིན། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཉོན་མོངས་སྒྲིབ་པ་རྣམ་སྦྱོང་བ། །ཡེ་ཤེས་ཆེན་པོའི་ཁྲུས་བྱས་པས། །དུག་ལྔའི་རང་རྒྱུད་རྣམ་སྦྱངས་ནས། །ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག །སྲབ་འཇམ་ཁ་དོག་རྣམ་ལེགས་པ། །དྲི་བཟང་སྙིང་པོ་རབ་བཀོད་པས། །རྣམ་རྟོག་ཡིད་ཀྱི་གཟུགས་ཅན་ཕྱི། །མ་རིག་འཁྲུལ་པ་དག་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། དར་དཀར་པོས་ཕྱི་བའི་ཚུལ་བྱ། ཁྲུས་ཆུ་དེ་སླར་ཡང་བུམ་པར་བླུགས་ལ། སློབ་དཔོན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར་དུ་གསལ་བའི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་བོས་གང་བའི་ཁྲུས་གསོལ་བ་ཙམ་གྱིས། བྱད་ཁ་ཕུར་ཁ་རྦད་འདྲེ་རྦོད་གཏོང་སྡེབ་གཤོར་རླུང་འཁོར་དབྱེ་བསྐྲད་རྨོངས་པ་སོགས་ཀྱིས་བསྐྱེད་པའི་ནད་གདོན་ཆག་ཆེ་ཉམ་ང་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་བྱང་ཞིང་དག་པར་གྱུར་པའི་མོས་པ་མཛོད། དེ་ནས་བུམ་ཆུ།་་་སློབ་དཔོན་གྱིས་གཟུངས་རྣམས་བརྗོད་ཅིང་ལས་རྡོར་གྱིས་བུམ་ཆུ་བསྒྲུབ་བྱའི་སྤྱི་བོ་ནས་བླུགས་ནས་འཁྲུ་བ་ཕྱག་ལེན་ནོ།་་་རྒྱུན་མི་ཆད་པར་སྤྱི་བོ་ནས་བླུག་ཅིང་ལུས་ཐམས་ཅད་འཁྲུའོ། །གཟུངས་རིང་ཆེན་མོ་ནི། རྒྱ་གར་སྐད་དུ༔ བྷ་ར་ཨུ་ཤ་ཙཀྲ་ནཱ་མ༔ བོད་སྐད་དུ༔ ངག་འགྲོལ་བའི་འཁོར་ལོ་ཞེས་བྱ་བ༔ རྡོ་རྗེ་གཙུག་གཏོར་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ༔ ཕྱག་སྟོང་མངའ་བ་ཆེན་མོ༔ དབུ་སྟོང་མངའ་བ་ཆེན་མོ༔ སྤྱན་བྱེ་བ་བརྒྱ་ཕྲག་འབུམ་མངའ་བ༔ མེ་ལྕེ་འབར་བའི་མཚན་རྟགས་ཅན༔ རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ༔ ཀུན་ནས་གཞན་ལ་བྱེད་ན་འདི་རྣམས་མལ་དུ་བསྲུང་བྱ་ཞེས་སྒྱུར།་་་བདག་ཅག་མི་ནོར་འཁོར་དང་བཅས་པ་རྣམས་ལ༔ ཉིན་དང་མཚན་དུ་སྲུང་དུ་གསོལ༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་ངག་དང་བྱད་འགྲོལ་བ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ གང་དག་བདག་ལ་མི་ཕན་པར་འདོད་པ་དང༔ རྣམ་པར་སྡང་བ་དང༔ གནོད་པར་སེམས་པ་དང༔ ངན་སྔགས་བྱེད་པ་དང༔ བྱད་དུ་བཅུག་པ་དང༔ གཏད་བྱེད་པ་དང༔ ཁྲམ་ལ་འདེབས་པ་དང༔ རྦོད་གཏོང་བྱེད་པ་དང༔ སྦྱིན་སྲེག་བྱེད་པ་དང༔ མནན་པ་དང༔ བཅིངས་པ་དང༔ ངག་མནན་པ་དང༔ དམོད་མོ་བྱེད་པ་དང༔ ཧོམ་དང་པར་བུ་བསྐོར་བ་དང༔ རླུང་ནག་འཁྲུགས་པས་བསྐོར་བ་དང༔ སྟེང་ལྷ་ཡིས་བཅིངས་པ་དང༔ འོག་ཀླུ་ཡིས་བཅིངས་པ་དང༔ བར་ལྷ་སྲིན་སྡེ་བརྒྱད་ཀྱིས་བཅིངས་པ་དང༔ ཕྲ་མེན་གྱིས་བཅིངས་པ་དང༔ ཕྲ་མེན་གྱིས་བྱད་དུ་བཅུག་ནས་བདག་ཅག་རྣམས་ཀྱི་ལུས་ངག་ཡིད་གསུམ་གཏད་ཁྲམ་ལ་བཏབ་པ་དང༔ བྱད་སྟེམས་སུ་བཅུག་པ་དང༔ བཅིངས་པ་ཐམས་ཅད་རྣམ་པར་གཞིག་ཏུ་གསོལ༔ རྣམ་པར་གཞོམ་དུ་གསོལ་ལོ༔ བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་དང་བྱད་དུ་བཅུག་པ་ཐམས་ཅད་ཁྲོལ་དུ་གསོལ༔ ངེས་པར་ཁྲོལ་དུ་གསོལ་ལོ༔ གཞན་གྱིས་ངག་གི་ནུས་པ་བཤིག་པ་ཐམས་ཅད་ཁྲོལ་དུ་གསོལ༔ ངེས་པར་ཁྲོལ་དུ་གསོལ༔ རྩ་སྔགས།་་་ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བྷི་ཥ་དྷེ་བྷི་ཥ་དྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཕཊ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ བདག་ཅག་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀཏེ་ཧཱུྃ་ཕཊ༔ བདག་གི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཧྲཱིཿབཛྲ་བུདྡྷཱ་དྷརྨཱ་སངྒྷཱཀཱིརྟི་སརྦ་ཀརྨ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༈ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཤེས་པ་རིན་ཏ་ཧོ་ཧེ་སི་དྷི་ས་མ་ཡ༔ དུ་ཤེ་པྲ་ཏི་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ༔ ཨོཾ་བཛྲ་བྷིནྡྷ་ཧཱུྃ་ཕཊ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཧྲཱིཿབཛྲ་ཛྭ་ལ་སརྦ་ཀརྨ་བྷིནྡྷ་ཡ༔ ཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མཱ་མ་སརྦ་བྷིནྡྷ་བྷིནྡྷ་ཛ་ཡེ་བི་ཛ་ཡེ༔ མ་མ་བཛྲ་སརྦ་ཨུ་ཙིཏྟ༔ ཨ་པ་ར་ཙིཏྟ༔ མ་ར་བྱེར་བྱེར༔ པྲ་མརྡྷ་ཡེ༔ མ་མ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཤཱནྟིཾ་ཀ་རི་ཎི་ཡེ་མ་མ་བཛྲ་ཛྙཱ་ན་པྲ་ཡཙྪ༔ མ་མ་བྷི་དྷ་ར་ཡ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ པྲ་ཀ་ར་ན་པཉྩ་ལ་སྭཱ་ཧཱ༔ ཀརྨ་བཛྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ཨཱོྃ་ཨཱོྃ་བུདྡྷཱ་ཀཱིརྟི་དྷུ་རུ་དྷུ་རུ༔ ལུས་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཨཱོྃ་ཨཱོྃ་ཨཱོྃ་ཕཊ༔ ཨཱཿཨཱཿཨཱཿདྷརྨཱ་ཀཱིརྟི་དྷུ་རུ་དྷུ་རུ༔ ངག་གི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཨཱཿཨཱཿཨཱཿཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་སངྒྷཱ་ཀཱིརྟི་དྷུ་རུ་དྷུ་རུ༔ ཡིད་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་མ་ཡཱ༔ ས་མ་ཡཱ༔ ས་མ་ཡཱ༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་བཾ་རཾ་ལཾ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་ཨ་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ཤང་ཤང་ཧཱུྃ༔ ཏྲི་ཧྲཱིཿམཱ་ས་མ་ཡ་ཕཊ༔ ཐུམས་ཁྲོལ་ཤང་ཤང་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་དྷེ་བ་ནག་པོ་བདག་ལ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ནག་པོ་ཏི་པ་ཙ་བག་ཏུ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་དྷེ་བ་ཙནྡྲ་གྷནྟི་གྷནྟི༔ ཁ་ཤི་ན་ཁ་ཤི་ན༔ བཛྲ་བཛྲ༔ སོ་རི་སོ་རི༔ ཙུ་རུ་ཙུ་རུ༔ ཨུ་ལི་ཨུ་ལི༔ མུ་ཏྲ་མུ་ཏྲ༔ མུ་དྲ་ཡཿམ་ཧཱ་བྷཻ་ར་བྷ༔ མནྟྲ་སརྦ་ལོ་ཀེ་སྭཱ་ཧཱ༔ བན་དགྲ་ཨ་མུ་ཀ་ཙ་སྦུར་སྲོག་ནན༔ སྙིང་ལ་གཟིར་བྲེང་ཤག་ཡཾ་རྦད༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ བདག་ལ་ངན་སྔགས་ཀྱི་གནོད་པ་བྱས་པ་ཐམས་ཅད་ཤིག་ཤིག་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཏྲི་ག་ཛ་ཕཊ༔ ཤིག་ཕྱུངས་སརྦ་ཤ་ཏྲཱུཾ་ཨ་ཏ་ཧ་ར་སྭཱ་ཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཅིངས་པའི་རིགས་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ༈ སྐུ་གསུང་ཐུགས་ཀྱི་བྱད་འགྲོལ།་་་ཨོཾ་བཛྲ་ཀཱ་ཡ་གླིང་ཟློག༔ ལུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཧི་བཾ་གརྦྷ་ཡ་ཟློག༔ ངག་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཧི་ཀ་ནན་ཟློག༔ ཡིད་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་ཕྲ་མེན་མ་མུ་རུ་སུ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ པ་ཏ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ པྲ་ཏི་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མུ་ཁ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཀུ་རུ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མོ་ཧ་སཏྭམྦྷ་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བུདྡྷ་ནི་སཏྭམྦྷ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཨོཾ་ཏ་ཀུ་ཤཾ་ཤཾ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བྷ་ཏ་ལི་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བྷ་ར་ལི་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བྷ་ཁ་མུ་ཁི་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སརྦ་དུཥྚཱན་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཨེ་ཀ་པ་ཏ་སཏྭཾ་ནན༔ མུ་སྟེགས་ཀྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་ཟློག་བྷྱོ༔ ཏེ་ཙུ་ཧ་ཏེ༔ མ་ཙུ་ཏེ༔ ཙུ་ཏ་ཀ༔ བྷི་ཏ་མ་ཏེ༔ ཏེ་ཁ་བྷེ༔ དེ་བ་བྷ་མོ༔ ན་ལི་ཙི་ཏི༔ བྷ་ཀེ་ལི་ཏ་ཀ་ཧཱུྃ༔ མུ་སྟེགས་སྤྲེལ་སླག་ཅན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བདག་གི་མི་ནོར་ཞིང་ཁང་ལ་གནོད་པའི་རིགས་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་ལ་ཕྲ་མེན་གྱི་རིགས་ཐམས་ཅད་ཀྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བན་དགྲ་ཨ་མུ་ཀ་དུ་རཾ་ཏྲི་ཡཾ་ཏྲི༔ ཧྲཱིད་ཌྷྲིད་ཕྱུངས་སྲོག་གཟིར་ནན་ཕྱུངས༔ ཨེ་ཧུར་ཐུམས་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡཱ༔ ངན་སྔགས་ཀྱི་དབལ་སོ་ཟུག་པ་ཐོན་ཐོན་ཕྱུངས་ཕྱུངས་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བུདྡྷ་ནི་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བཛྲ་བྷ་ར་ཧེ༔ ཀྲོ་ཏཱི་ཀཱ་ལི༔ ཧ་རི་ནི་ས༔ ཨཱ་ཝེ་ཤ་ཡ༔ ཧ་བཛྲ་ཌཱ་ཀི་ནཱི༔ རྡོ་རྗེ་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རི་རཏྣ་ཌཱ་ཀི་ནཱི༔ རིན་ཆེན་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ནི་པདྨ་ཌཱ་ཀི་ནཱི༔ པདྨ་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་ཀརྨ་ཌཱ་ཀི་ནཱི༔ ལས་ཀྱི་མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མཁའ་འགྲོ་མ་རྣམས་ཀྱིས་ངག་མནན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཨཱཿཧཱུྃ་ཡ་མ་ཐ༔ ཡ་ར་ཀྴ༔ ཙ་པ་ཏྲི༔ ཕུ་ནི་ན་ནྲི༔ ཨ་ཕྱེ་ཕྱེ་ཨ་ཤིག་ཤིག་ཨ་ཁྲོལ་ཁྲོལཿ ཛ་ནི་སི་ནི༔ འབྲི་ཡལ་ཡལ་བྱེར༔ ཧ་རི་དྷ་པ་ཏྲ་ཕྱེ་ཕྱེ༔ ཏྲཾ་པ་ཏ་ཧྲི་ཋ༔ བྱི་ན་ཡལ་ཡལ༔ འབྲི་ནི་བྷྱོ༔ སི་ནི་ཛ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཀཱི་ལ་ཡ་བདག་ལ་སྲུངས་ཤིག་རཀྵ༔ རཱ་ཙ་བདག་ལ་སྲུངས་ཤིག་རཀྵ༔ མ་ཧཱ་བདག་ལ་སྲུངས་ཤིག་རཀྵ༔ ནཱ་ག་སྲུངས་ཤིག་རཀྵ༔ ཡ་མ་སྲུངས་ཤིག་རཀྵ༔ བཛྲ་སྲུངས་ཤིག་རཀྵ༔ དུ་ཏྲཾ་སྲུངས་ཤིག་རཀྵ༔ ག་དུ་སྲུངས་ཤིག་རཀྵ༔ ཕུ་ཏྲི་སྲུངས་ཤིག་རཀྵ༔ སུ་ཏྲི་སྲུངས་ཤིག་རཀྵ༔ དུ་ཡག་སྲུངས་ཤིག་རཀྵ༔ དེ་བ་སྲུངས་ཤིག་རཀྵ༔ ཛྭ་ལ་དྷེ་བ་སྲུངས་ཤིག་རཀྵ༔ ཀ་པ་བྷ་གྷ་དུ་ཤ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཱོྃ་ཨ་ཡ་མ་དུ་ནཱ་ག་ཙ་ཏྲི་ཤེ༔ ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྵ༔ རཾ་རཾ་རཾ་རཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ཁཾ་ཁཾ་ཁཾ་ཁཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ཡཾ་ཡཾ་ཡཾ་ཡཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ལཾ་ལཾ་ལཾ་ལཾ་ཙ་མ་རི་ཕྱུངས༔ ནཱ་ག་ཕུ་མཱ་ར་ཡ༔ ཨོཾ་ཕེ་ལཾ་ཧཱུྃ་ཕཊ༔ གཏད་ཁྲོམ་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་དེ་བ་ཤྲཱི་རལ་པ་ཅན༔ ཁཾ་ཁཾ༔ ཚིག་ཚིག༔ ཨེ་ཨེ༔ ལཾ་ལཾ༔ ཡཾ་ཡཾ༔ བཾ་བཾ༔ རཾ་རཾ༔ སཾ་སཾ༔ རྦད་བྷྱོ༔ མནྟྲ་གུ་ཧྱ་རྦད་བྷྱོ་ཐིང་ཐིང་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་སརྦ་དུཥྚཱན་མ་ཧཱ་དེ་བ་ཨུ་མ་དེ་བཱི༔ དབང་ཕྱུག་ཡབ་ཡུམ་གྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡ་མ་རཱ་ཙ་མ་མ་རུ་ལུ་གཤིན་རྗེ་དང་མ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨེ་ཀ་ཛཱ་ཊི་མ་མོ་ཨེ་ཀ་ཛཱ་ཊིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རུ་ཏྲ་དུན་ཏིང་བདུད་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཤུ་ལ་རཱ་ཛ་བཙན་དང་རྒྱལ་པོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ས་ནཱ་ག་ཕུ་ནཱ་ག་ཀྲོ་ཏཱི་ཤྭ་རཱི་ཀླུ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡཀྴ་ཡཀྨོ་གནོད་སྦྱིན་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ པ་ཤ་མི་ཀི་དྷེ་བ་ཨ་གཟའ་དང་ཡུལ་ལྷས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏཱིརྠི་ཀ་མུ་སྟེགས་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡཀྴ་ཡཀྨོ་སྲིན་པོ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མུན་མུན་པ་དམུ་ཡིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བཛྲ་སཱ་དྷུ་ཏྲིཿཧཾ་ཤཾ་ཏྲིཿརུ་ཏྲི་ཏྲི་རྡོ་རྗེ་ལེགས་པ་དང་འགོང་པོ་ཐེའུ་རང་གིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཛ་དུ་ཏྲི་རཾཿམ་བཾ་རིལ་བྲག་སྲིན་དང་བསེན་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གིངྐ་ར་ཡཾ་ཏྲི་གིང་དང་རུ་ཏྲས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མ་ཧཱ་ཀཱ་ལ་ཨ་སེ་ལ་མགོན་པོ་དང་ཨ་ཕྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏོག་ན་འདྲེ་རུཾ་ཡུལ་འདྲེ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏྲི་པ་ཤང་ལིང་བྱི་ནཱ་ཡ་ཀ་བགེགས་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཌཱ་ཀི་ནཱི་མཁའ་འགྲོ་མས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སརྦ་ཧྲིང་ཧྲིང་ཛཿལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཤི་ཏ་ར་ར་ཕུ་ཕུ༔ རུ་རུ་ཕུ་ཕུ༔ དེ་བ་ཏ་པ་ཤི༔ སུ་ག་ཏ་པ་ཤི་ཕུ༔ ཧལ་ཁྱི་ནག་པོས་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བག་ཤ་ཡ༔ བཛྲ་ཛི་ཏ་ཧ༔ ཁ་ཤཱནྟིཾ་ཤག་ཤག༔ བྱེར་བྱེར༔ ཡར་ཡར༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ལ་ཡག་པ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཨེ་ཀ་ཡཀྴ་ཛ་ཡ་ཙ་ཤཱནྟིཾ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སཏྭམྦྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ཧཱ་རིད་སྭཱ་ཧཱ༔ མ་ཧཱ་དེ་བ་སྭཱ་ཧཱ༔ མ་ཧཱ་མོ་པད་སྭཱ་ཧཱ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག༔ ཏི་ཀྲ་མ་ཙི་ཏ་ནན༔ བཛྲ་ཚིནྡྷ་ཚིནྡྷ༔ ཤཱནྟི་ཤཱནྟི༔ ཤག་བྱེར༔ དེ་བ་བྱེར༔ ཕྲ་མེན་གྱི་སྦྱོར་བ་ངན་པ་མོ་ཧ་ཡ་བྱེར༔ སྦྱོར་བ་ངན་པ་ཟློག་བྷྱོ༔ ཛི་ཙི་ཏ་ཤད་རིལ་ཐུམས་རྦད་ཐུམས་རྦད༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མནན་པ་ལས་གྲོལ་བར་གྱུར་ཅིག༔ དྷ་ར་བག་ཤ་ཀུ་ཏ་ཁ་ཁ༔ ཁ་པ་འུ་ཤ་ལ་ན་ཏ་པ་ས༔ གླད་པ་ཏ་ཀུ་མ་ཙ་མ་ལུ་ཀུ་ཡ་བདག་ལ་རཀྵ་རཀྵ༔ ཨོཾ་མ་ཧཱ་ཀཱ་ལ་ཨ་ཡུར་ཐུམས་རྦད༔ དྷ་ཧི་ཏ་ཧི་ཏ་ར༔ པ་ཤ་ཀུ་ཤ་ཁ་ཁས་ང་ཁ་འུ་ཤ་ལ་ན་པ་ས་གླད་པ་ལ་ཏ་ཀུ་མ་ཙ་བདག་ལ་རཀྵ༔ པྲ་མ་ཁྲོལ༔ ཡ་མ་ཁྲོལ༔ ཡ་མ་དུ་ཏྲི་ཁྲོལ༔ ས་མ་ཡ་ཁྲོལ༔ དུ་རུ་ཏྲི་པ་ལ་ཤིག་ཁྲོལ༔ ས་མ་ཡ་ཁྲོལ༔ ནི་ལ་རཏྣ་ཁྲོལ༔ པདྨ་རཏྣ་ཡ་ནི་ཁྲོལ་སྭཱ་ཧཱ༔ ཡ་མ་ནི་ཁྲོལ་སྭཱཧཱ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཝཱཀ྄་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མ་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལྕེ་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཏིར་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ འུར་ཏི་འུར་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་ཧྲཱིཿཨོཾ་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ མནན་པ་ཐོན་ཐོན༔ ཨོཾ་ཀཱ་ཡ་ཝཱཀ྄་ཁྲོལ་ཁྲོལ༔ ས་མ་ཡ་ཙིཏྟ་ཁྲོལ་ཁྲོལ༔ པྲ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་བཛྲ་མ་ཧཱ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་གྷྲིག་ཁཾ་ཧཱུྃ་ཕཊ༔ བནྡྷ་ཏྲ་ཐ་ཧཱུྃ་ཕཊ༔ བསྡམས་པ་ཁྲོལ་ཁྲོལ༔ ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཀཱ་ཡ་ཝཱཀ྄་ཙིཏྟ་ཧཱུྃ་ཕཊ༔ ཨཱོྃ་ཏིག་ནན་ཨ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་གུ་ཏ་ན་བྷ་ས་བེ་ཏ་ཕུ༔ ཙ་ཏ་རྦད་ནི་ཕུ་གྲཾ་ཤ་ན་ས་ནོ་སྭོ་ནི་སྭཱ་ཧཱ༔ ཨོཾ་རཀྴ་ནག་པོ་བན་དགྲའི་སྲོག་ལ་མཱ་ར་ཡ་རྦད་སོད༔ ཨོཾ་ཁྲག་རྩ་རྦུད༔ སྙིང་ཁྲག་རྦུད༔ མཱ་ར་ཡ་ཁས་ཁས་རྦུད༔ ཨོཾ་ཐུམས་ཐུམས་ནྲི་ཤ་ཐུམས་ནི་བན་དགྲ་མཱ་ར་ཡ་རྦད་སོད་ཐུམས་ཐུམས༔ བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡ་ཕཊ༔ མཁའ་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གསེར་གྱི་རུས་སྦལ་སྔགས།་་་ཨོཾ་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཡེ་འུར་འུར་རྒྱ་འུར༔ ཕུ་ཕུ༔ རཾ་རཾ༔ ཉིལ་ཉིལ༔ སྲིད་གསུམ་མགོན་པོ་ཁཾ་མི་རྒྱུ༔ སི་སི་ལིང༔ ཁྲོ་ཆུ་ཕན་ཕེན༔ ག་ག་གོ་ཛི་ས་ལེ༔ གྷོ་སྡམ་རཾ་རཾ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ཧཱ་ཀཱ་ལི་མོ་ཏ་ཡེ་སྭཱ་ཧཱ༔ ཨོཾ་མར་མེར་ཐབ་ཐིབ་ནཾ་ཐོང་བྱེར༔ གནམ་ས་སྡོད་བྱེར༔ ཉི་ཟླ་སྡོད་ཆར་ཆགས༔ འབྱུང་བའི་དགྲ་ཟློག༔ གཤེད་ཀྱི་དུག་ཆིངས༔ དམིགས་པའི་རྟེན་ལ་བྷྱོཿ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨོཾ་མ་ཧཱ་ཀཱ་ལི་ཡེ་ཕྱ་བྲུབ་བྲུབ༔ མ་མ་སྔོ་ཏ་སྔོ་ཏ་ཀེག་ཡེ་སྭཱཧཱ༔ ན་ན་དྷ་ར་དྷ་ར་ཕྱ་བྲུབ་བྲུབ༔ མ་མ་ཨེ་ཨེ་ཡེ་སྭཱ་ཧཱ༔ ཨེ་ཨེ་ཡེ་ཕྱ་བྲུབ་བྲུབ༔ མ་མ་ཡཾཾ་ཡཾ་ཡེ་སྭཱ་ཧཱ༔ ཡཾ་ཡཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་བཾ་བཾ་འུ་ཡེ་སྭཱ་ཧཱ༔ བཾ་བཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་རཾ་རཾ་ཇི་ཡེ་སྭཱ་ཧཱ༔ རཾ་རཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་སང་སང་ཀུང་ཡེ་སྭཱ་ཧཱ༔ སཾ་སཾ་ཡེ་ཕྱ་བྲུབ་བྲུབ༔ མ་མ་སུ་སུ་ཏིང་ཏིང་ཀུང་ཡེ་སྭཱ་ཧཱ༔ མ་མ་ཀ་ར་ཀ་ར་ཤང་ཡེ་སྭཱ་ཧཱ༔ མ་མ་ཆར་ཆུ་འུ་ཡེ་སྭཱ་ཧཱ༔ མ་མ་སྔོ་ཏ་སྔོ་ཏ་ཀེག་ཡེ་སྭཱ་ཧཱ༔ འབྱུང་བ་ལྔ་ཡིས་བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སྤར་ཁའི་སྔགས།་་་ཨོཾ་ཁུ་ཁུ་མ་ཤག་པ་ཟློག༔ ཁ་ལ་བྷ་ཏི་ཟློག༔ ཏྲཾ་སུ་ཤེའུ་ཟློག༔ བྷ་ཏ་ཡན་ཟློག༔ ཁཾ་ཏིག་ནན་ཟློག༔ ཕུ་ཤ་ཧེ་ཟློག༔ མ་ར་ཡ་ཟློག༔ ཤ་ཙི་ཡན་ཟློག༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ བྱད་འགྲོལ་གྱི་སྔགས་བསྡུས་པ།་་་ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ྄་ཙིཏྟ་ཀྵཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པས་མནན་པ་དང་བཅིངས་པ་དང༔ བསྡམས་པ་དང༔ གཟིར་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ་སྭཱ་ཧཱ༔ གནོད་པའི་རིགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཱཿ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ བདག་གི་ལུས་ངག་ཡིད་གསུམ་ལ་ཕ་རོལ་གྱི་མི་དང་མི་མ་ཡིན་པས་བཅིངས་པ་དང༔ མནན་པ་དང༔ བསྡམས་པ་དང༔ གཟིར་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ནད་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གློ་བུར་བདུན་བརྒྱ་ཉི་ཤུ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་གི་གནོད་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ གདོན་བགེགས་རྐྱེན་ངན་བར་ཆད་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འཁྲུ། སླར་ཡང་སྔར་བཞིན་བུམ་ཆུ་བླུགས་བཞིན་པར་འཁྲུ་ཞིང་འདི་ཉིད་བཟླ་སྟེ། གཟུངས་ཐུང་ནི། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བྱད་དང་ངག་འགྲོལ་བ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔་་་རྒྱས་པའི་སྐབས་སུ་བྱེད་ཅིང་བཤར་མཚམས་ལ་མ་བྱུང་ཡང་གོང་གི་གཟུངས་རིང་གིས་འཐུས། བདག་ཅག་གི་ལུས་ངག་ཡིད་གསུམ་ལ་ཕ་རོལ་གྱི་མི་དང་མི་མ་ཡིན་པས་བསམ་སྦྱོར་ངན་པ་དང་རྣམ་པར་སྡང་བ་དང་གནོད་པར་བསམ་པ་དང༔ ངན་སྔགས་བྱེད་པ་དང༔ བྱད་དུ་བཅུག་པ་དང༔ གཏད་ཁྲམ་བྱེད་པ་དང༔ ཁྲམ་ལ་འདེབས་པ་དང༔ རྦོད་གཏོང་བྱེད་པ་དང༔ སྦྱིན་སྲེག་བྱེད་པ་དང༔ ངག་མནན་པ་དང༔ བཅིངས་པ་དང༔ དམོད་མོ་བྱེད་པ་དང༔ ཧོམ་དང་པར་བུ་བསྐོར་བ་དང༔ རླུང་གི་འཁོར་ལོ་བསྐོར་བ་དང༔ སྟེང་ལྷ་ཡིས་བཅིངས་པ་དང༔ འོག་ཀླུ་ཡིས་བཅིངས་པ་དང༔ བར་ལྷ་སྲིན་སྡེ་བརྒྱད་ཀྱིས་བཅིངས་པ་དང༔ ཕྲ་མེན་གྱིས་བྱད་དུ་བཅུག་ནས་ལུས་ངག་ཡིད་གསུམ་བཅིངས་པ་དང༔ མནན་པ་ཐམས་ཅད་རྣམ་པར་གཞིག་ཏུ་གསོལ༔ རྣམ་པར་གཞོམ་དུ་གསོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་ཁྲོལ་དུ་གསོལ༔ ངེས་པར་ཁྲོལ་དུ་གསོལ༔ མཐུ་བྱད་ཀྱིས་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ལུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡིད་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ནང་པ་སངས་རྒྱས་པའི་བདེན་པ་དང༔ བར་བ་དྲང་སྲོང་གི་དམོད་པ་དང༔ ཕྱི་པ་མུ་སྟེགས་པའི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མི་ནོར་ཞིང་ཁང་ལ་གནོད་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གྱིས་བཅིངས་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཤིན་རྗེ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཨེ་ཀ་ཛཱ་ཊི་དང་མ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བདུད་ཕོ་དང་བདུད་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བཙན་དང་རྒྱལ་པོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཀླུ་བདུད་དང་ཀླུ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གནོད་སྦྱིན་དང་གནོད་སྦྱིན་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཟའ་དང་གདོང་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡུལ་ལྷ་དང་ཡུལ་འདྲེས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མུ་སྟེགས་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ སྲིན་པོ་དང་དམུ་ཡིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རྡོ་རྗེ་ལེགས་པ་དང་ཐེལ་འགོང་གིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མགོན་པོ་དང་ཨ་ཕྱིས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡུལ་འདྲེ་ཕོ་མོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བགེགས་དང་འབྱུང་པོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མཁའ་འགྲོ་དང་ཤུགས་འགྲོས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཧལ་ཁྱི་ནག་པོ་འཁོར་དང་བཅས་པས་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ འབྱུང་བ་ལྔས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཕྲ་མེན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་མནན་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཏད་ཁྲམ་གྱི་སྦྱོར་བ་ངན་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཟའ་དང་སྡེ་བརྒྱད་མིང་སྲིང་གི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་བརྒྱད་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ སྡེ་བརྒྱད་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ལུས་ངག་ཡིད་གསུམ་གྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཤར་ནས་ཀླུ་སྦྲུལ་མགོ་གསུམ་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ ལྷོ་ནས་ཀླུ་སྦྲུལ་མགོ་ལྔ་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ ནུབ་ནས་ཀླུ་སྦྲུལ་མགོ་བདུན་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ བྱང་ནས་ཀླུ་སྦྲུལ་མགོ་དགུ་པའི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་རྒྱལ་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་རྗེ་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་དམངས་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་གདོལ་པའི་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་བྲམ་ཟེའི་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་བཙན་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་གཉན་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ཀླུ་སྲིན་རིགས་ཀྱི་བྱད་དང་གཏད་ཁྲོལ་ཁྲོལ༔ ས་བདག་འཛིན་པོས་བཅིངས་པ་ཁྲོལ་ཁྲོལ༔ སྡོམ་པོ་ཁྲ་བོས་བཅིངས་པ་ཁྲོལ་ཁྲོལ༔ གྱོང་པོ་ཞ་བོས་བཅིངས་པ་ཁྲོལ་ཁྲོལ༔ གཟའ་ཀླུ་ས་བདག་རྗེ་བློན་གྱིས་བཅིངས་པ་ཁྲོལ་ཁྲོལ༔ གཤིན་རྗེ་དང་ལས་གཤིན་གྱིས་བཅིངས་པ་ཁྲོལ་ཁྲོལ༔ རྒྱལ་པོ་དང་རྒྱལ་འགོང་གིས་བཅིངས་པ་ཁྲོལ་ཁྲོལ༔ བཙན་དང་མ་མོས་བཅིངས་པ་ཁྲོལ་ཁྲོལ༔ བདག་ཅག་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད༔ མནན་པ་ཐེགས༔ ཟོས་པ་སྐྱུགས༔ ཤི་བ་གསོས༔ བསམ་སྦྱོར་ངན་པ་ལྷོད༔ ལུས་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་གི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཡིད་ཀྱི་དབང་པོ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བླ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ རུས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མིང་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ གཟུགས་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཁ་རྗེ་དབང་ཐང་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ བསྡམས་པ་དང་བཅིངས་པ་དང་མནན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བསྡམས་པ་བཅིངས་པ་མནན་པ་བྱད་མཐུར་བཅུག་པ་ཐམས་ཅད་ཛྭ་ལ་རཾ་རཾ་མཱ་ར་ཡ་ཕཊ༔ ཅེས་བརྗོད་ཅིང་བཀྲུའོ༔ བདུན་པ་སྲུང་འཁོར་བསྒོམ་པ་ནི། བསྒྲུབ་བྱ་ལ་བུམ་ཆུ་གཏོར་ཞིང་། ཨ་མྲྀཏ་དང་། སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་པོའི་སྐུར་གསལ་བའི་སྤྱི་བོར་བུདྡྷ་ཧེ་རུ་ཀ །མགྲིན་པར་པདྨ་ཧེ་རུ་ཀ །ཐུགས་ཀར་བཛྲ་ཧེ་རུ་ཀ །ལྟེ་བར་རཏྣ་ཧེ་རུ་ཀ །གསང་བར་ཀརྨ་ཧེ་རུ་ཀ་རྣམས་གསལ་བར་གྱུར། སླར་ཡང་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་ལ་གཉིས་མེད་དུ་ཐིམ་པར་གྱུར། གནས་ལྔའི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་བཞུ་ལུགས་སུ་གཡོགས་པའི་མོས་པ་མཛོད། བཛྲ་ཀཱ་ཡ་རཀྵ་རཀྵ༔ བཛྲ་ཝཱཀ྄་རཀྵ་རཀྵ༔ བཛྲ་ཙིཏྟ་རཀྵ་རཀྵ༔ ཅེས་བརྗོད། བརྒྱད་པ་བདེ་ལེགས་དང་ཤིས་བརྗོད་བྱ་བ་ནི། མེ་ཏོག་འཐོར་ཞིང་། ཧཱུྃ། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུངས་ཤིང་། །ཐུབ་པའི་སྙན་པ་གང་བྱུང་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །ལྷར་བཅས་ཀུན་གྱི་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སེམས་ཅན་བྱད་ལས་རབ་གྲོལ་ཞིང་། །ནུས་པ་མཆོག་དང་ལྡན་གྱུར་ཅིག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཤིས་བརྗོད་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །ཅེས་སོགས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ནས་སྐབས་སྦྱར་བཀྲ་ཤིས་ཀྱི་རིམ་པས་བདེ་ལེགས་སུ་བྱའོ། །ཐོས་བསམ་བློ་གྲོས་དམན་པས་ཤེས་བྱའི་གནས། །ཆ་ཙམ་རྟོགས་པ་ལྟ་ཅི་རང་གི་ཟས། །ཚད་ལྡན་བཟའ་བར་ཤེས་པ་མ་ཡིན་མོད། །འོན་ཀྱང་ནེ་ཙོས་བླང་དོར་མི་ཤེས་མོད། །སྐྱེས་བུས་ཇི་སྐད་བརྗོད་བཞིན་སྨྲ་བ་དང་། །བྲག་ཆའི་སྒྲ་ལས་གཏམ་ཚིག་འབྱུང་བ་བཞིན། །རྗེ་བཙུན་བླ་མའི་བཀའ་གསུང་ཐོས་པ་དག །ལག་ལེན་གསལ་བར་ཡི་གེ་བཀོད་པ་དང་། །མཚམས་སྦྱོར་ངག་འདོན་གང་ཡིནའང་བླ་མའི་གསུང་། །སོར་གནས་ཡི་གེར་དཀྱུས་བཞིན་བཀོད་པ་ལགས། །གསར་སྤྲོས་ལེགས་བཤད་སྤེལ་བར་མི་ནུས་ཀྱང་། །རྗེ་བཙུན་བླ་མའི་ཕྱག་བཞེས་འཁྲུལ་མེད་ཡིན། །བྱད་འགྲོལ་གསེར་གྱི་ལྡེའུ་མིག་གི་རྩ་བའི་གཞུང་ལེ་ཚན་དང་། རིག་འཛིན་རྗེའི་ལས་བྱང་ལྟར་མཚམས་སྦྱོར་ཁོག་བསྒྲིག་གསལ་བྱེད་བཅས། ༧རྗེ་བཙུན་རྩ་བའི་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པས་བསྩལ་པའི་དོན་བཞིན་ནག་པོ་འགྲོ་ཤེས་སུ་བཀོད་པ་བཀླག་པས་དོན་འགྲུབ་ཅེས་བྱ་བ་འདི་ནི། དམ་པ་གང་གི་བཀའ་དྲིན་གྱིས་འཚོ་ཞིང་ཞབས་པད་དུ་གནས་པ་ཨོ་རྒྱན་རྣམ་གྲོལ་གྱིས་ཡི་གེར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷམསྟུ་སརྦ་ཛ་ག་ཏཾ།། །།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་རྒྱུན་གྱི་རྣལ་འབྱོར་ (Volume 10, Text 50)
༁ྃ༔ རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་རྒྱུན་གྱི་རྣལ་འབྱོར་བཞུགས༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རིག་འཛིན་མཆོག་གི་སྒྲུབ་པ་ཡི༔ ཡང་ཟབ་རྒྱུན་གྱི་རྣལ་འབྱོར་ནི༔ སྒྲུབ་རྟེན་ཕྱི་ནས་མི་བཙལ་ཏེ༔ རང་ལུས་ལྷུན་གྲུབ་གཞལ་ཡས་ཁང༔ རྩ་རླུང་ཐིག་ལེ་རྩ་གསུམ་ལྷ༔ སེམས་ཉིད་ཁྱབ་བརྡལ་ཆོས་ཀྱི་དབྱིངས༔ པདྨ་ཐོད་ཕྲེང་རྩལ་དུ་བཞུགས༔ དེ་ལྟར་ཤེས་པའི་རྣལ་འབྱོར་པས༔ དབེན་པར་བདེ་བའི་སྟན་ལ་འདུག༔ ལུས་གནད་བསྲང་ཞིང་རླུང་རོ་བསལ༔ མོས་གུས་དྲག་པོས་མཚམས་སྦྱར་ནས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ སྔོན་འགྲོ་རྒྱུད་སྦྱོང་རིམ་པ་ནི༔ ན་མོ༔ ཀ་དག་དབྱིངས་ནས་ཤར་བའི་རྩ་གསུམ་ལྷར༔ ལྷུན་གྲུབ་རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཟུང་འཇུག་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ༔ གཉིས་སུ་མེད་པའི་ཚུལ་གྱིས་གུས་ཕྱག་འཚལ༔ ཆོས་ཉིད་རིག་རྩལ་མཆོད་སྤྲིན་རྒྱ་མཚོས་མཚོད༔ སྡིག་ལྟུང་འདུས་མ་བྱས་པའི་ངང་དུ་བཤགས༔ ཟག་མེད་དགེ་ཚོགས་རྒྱ་མཚོར་ཡི་རང་ངོ༔ འཆི་མེད་གཉུག་མའི་ངང་དུ་རྟག་བཞུགས་ནས༔ བརྗོད་བྲལ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཚོགས་འོད་གསལ་སྙིང་པོའི་དབྱིངས་སུ་བསྔོ༔ འགྲོ་ཀུན་རང་བྱུང་ཡེ་ཤེས་སྐུ་ཐོབ་ཤོག༔ ཧཱུྃ་ཧཱུྃ༔ གཟུང་འཛིན་བགེགས་ཚོགས་སྤྲོས་བྲལ་དབྱིངས་སུ་དེངས༔ མི་ཕྱེད་རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ༔ བདེ་ཆེན་ལྷན་སྐྱེས་མཆོག་གི་བྱིན་ཕོབ་ལ༔ སྣོད་བཅུད་ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས༔ ཧཱུྃ་བཛྲ་རཀྵ་བྷྲཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨོཾ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞིའི་རྣལ་འབྱོར་ཟབ་མོ་ནི༔ཨ༔ སྐྱེ་མེད་དབྱིངས་ལས་འགག་མེད་ཡེ་ཤེས་རྩལ༔ མ་བཅོས་ལྷུན་གྲུབ་དག་པ་རབ་འབྱམས་ཞིང༔ བདེ་ཆེན་ཐིག་ལེར་འཁྱིལ་བའི་གཞལ་ཡས་དབུས༔ རང་རིག་ཞལ་ཕྱག་སྐུར་བཞེངས་པདྨ་འབྱུང༔ དཀར་དམར་མདངས་ལྡན་གཞོན་ཚུལ་ཁྲོ་འཛུམ་ཉམས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ ཁ་ཊྭཱཾ་འཁྲིལ་ཞིང་པད་ཞུ་བརྗིད་ལྡན་གསོལ༔ གསང་ཕོད་ཆོས་གོས་ཟ་འོག་བེར་ཆེན་བཀླུབས༔ མཚན་དཔེས་རབ་བརྒྱན་འཇའ་ཟེར་ཐིག་ལེའི་ཀློང༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཉི་ཟླ་སྟེང་བཞུགས༔ ལུས་ཀྱི་དཀྱིལ་འཁོར་རང་བྱུང་ཕོ་བྲང་ཆེའི༔ རྩ་གསུམ་འཁོར་ལོ་ལྔ་ལྡན་སྤྱི་བོའི་དབུས༔ ཀུན་བཟང་ཡབ་ཡུམ་དགོངས་བརྒྱུད་བླ་མས་བསྐོར༔ མགྲིན་པར་རིགས་གསུམ་བཀའ་བབས་སློབ་དཔོན་བཞི༔ བརྡའ་བརྒྱུད་རིག་འཛིན་བྱེ་བ་བསམ་ཡས་འཕྲོ༔ ཐུགས་ཀར་དྭངས་མ་མི་ཤིགས་རྡོ་རྗེ་ཆོས༔ དམར་གསལ་རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ ཚོགས་བརྒྱད་དག་པའི་སྙིང་གའི་རྩ་འདབ་ཏུ༔ དཔལ་ཆེན་གྲུབ་པ་བརྒྱད་ཀྱི་རིག་འཛིན་བཞུགས༔ རོ་མའི་ཆ་ལ་བདེ་ཆེན་མནྡཱ་ར༔ རྐྱང་མའི་དབུས་སུ་དབྱིངས་ཕྱུག་མཚོ་རྒྱལ་ཡུམ༔ ལྟེ་བར་བཀའ་བབས་རྗེ་འབངས་ཉི་ཤུ་ལྔར༔ དུས་གསུམ་སྙན་བརྒྱུད་བླ་མ་སྤྲིན་ལྟར་གཏིབས༔ གསང་གནས་དཔའ་བོ་མཁའ་འགྲོའི་ཚོམ་བུར་བརྡལ༔ གཞན་ཡང་རྡོ་རྗེའི་ཕུང་པོའི་མཎྜ་ལར༔ རིག་འཛིན་སློབ་དཔོན་ཡི་དམ་ཞི་ཁྲོའི་ལྷ༔ ཕྱི་ནང་མཁའ་འགྲོ་ཆོས་སྲུང་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་དུ༔ མ་བསྐྱེད་ལྷུན་གྲུབ་འོད་སྐུར་ལམ་མེར་གསལ༔ རང་བྱུང་རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔར༔ གདོད་ནས་མངོན་པར་བྱང་ཆུབ་དབང་བསྐུར་རྫོགས༔ གཞི་ལུས་དམ་ཚིག་རིག་སྟོང་ཡེ་ཤེས་པ༔ དབྱེར་མེད་རང་བཞིན་ལྷུན་གྲུབ་ཕྱག་རྒྱ་ཆེར༔ གཉིས་མེད་མཉམ་པའི་ངང་དུ་བརྡ་ཕྱག་འཚལ༔ ཡུལ་དང་དབང་པོ་ཟུང་འཇུག་བདེ་བས་མཆོད༔ རྡོ་རྗེ་མི་ཤིགས་ནཱ་དའི་དབྱངས་ཀྱིས་བསྟོད༔ བདེ་ཆེན་ཡེ་ཤེས་ཛཔ྄་ཀྱི་ཕྲིན་ལས་བསྐུལ༔ འཆི་མེད་དོན་གྱི་རྩ་གསུམ་འགྲུབ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་མ་ཧཱ་སུ་ཁ་ཨཱཏྨ་ཀོ྅་ཧཾ༔ རང་སྣང་རིག་མའི་བདེ་བ་ལས༔ རླུང་སེམས་ལྷ་སྐུར་རོ་མཉམ་པའི༔ གསལ་སྣང་བཟུང་ཞིང་ང་རྒྱལ་བརྟན༔ བཟླས་པས་ཡེ་ཤེས་བསྐུལ་བར་བྱ༔ ཧཱུྃ་ཧྲཱི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཆོས༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧྲཱིཿམཐར་བདེ་ཆེན་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོ་འདུས་དགོངས་བརྒྱུད་བླ་མ་ཡི༔ འོད་གསལ་བྱིན་རླབས་རིག་སྟོང་ཧྲཱིཿལ་ཐིམ༔ སྟོན་འཁོར་དགོངས་པ་དབྱེར་མེད་དབང་ཐོབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སྙིང་པོ་སྔགས་ལས་འཕྲོས་པའི་འོད་ཟེར་གྱིས༔ རྩ་གསུམ་རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔ བདག་ལ་ཐིམ་པས་ཉམས་རྟོགས་རིག་རྩལ་རྒྱས༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སླར་ཡང་འོད་ཟེར་བདེ་ཆེན་ཡེ་ཤེས་ཀྱིས༔ བརྡ་བརྒྱུད་རིག་འཛིན་བླ་མའི་ཐུགས་དམ་བསྐུལ༔ མཁྱེན་བརྩེ་ནུས་ལྡན་དབང་གི་ཆུ་བོས་སྨིན༔ དཔལ་ཆེན་བྱིན་རླབས་མི་ཤིགས་ཐིག་ལེར་འཁྱིལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ གསང་མཚན་སྔགས་ཀྱིས་སྙན་བརྒྱུད་བླ་མ་དང༔ རྩ་གསུམ་རབ་འབྱམས་ཐུགས་རྗེའི་གཟི་བྱིན་བསྐུལ༔ སྣོད་བཅུད་ལྷ་སྔགས་ཡེ་ཤེས་རོལ་པའི་ངང༔ མཆོག་ཐུན་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཤཱིནྟཾ་པུཥྚིཾ་བཱ་ཤཾ་མཱ་ར་ཡ་ཕཊ༔ ལྷ་ཉིད་སྔགས་སུ་ཤར་བའི་མེ༔ བཟླས་བརྗོད་ཏིང་འཛིན་རླུང་གིས་བསྐུལ༔ སྒྲིབ་པའི་བུད་ཤིང་ཀུན་བསྲེགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་འགྱུར༔ ཧཱུྃ་ཧྲཱི༔ རྩ་གསུམ་དཀྱིལ་འཁོར་རབ་འབྱམས་དབྱིངས་ནས་བཞེངས༔ དགོངས་པས་བྱིན་རློབས་དབང་བཞིའི་ཆུ་རྒྱུན་ཕོབ༔ སྨིན་ཅིང་གྲོལ་བའི་ཡེ་ཤེས་མཐར་ཕྱིན་ནས༔ ལྷ་དང་རྟོག་པ་དབྱེར་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཕ་ལ་ཧཱུྃ༔ ལུས་དཀྱིལ་ལྷ་རྣམས་ཐམས་ཅད་ཀུན༔ སྙོམས་ཞུགས་བདེ་ཆེན་ཡེ་ཤེས་འབར༔ བདེ་བས་ཐབས་བྱས་སྟོང་པ་ཉིད༔ མ་བཅོས་རྫོགས་པ་ཆེན་པོ་འོ༔ ས་མ་ཡ༔ བཟའ་བཏུང་ཚོགས་ཀྱི་བདུད་རྩིས་མཆོད༔ ཨོཾ་ཨཱཿཧཱུྃ༔ བཟའ་བཅའ་བཏུང་བའི་རྡོ་རྗེའི་དམ་ཚིག་རྫས༔ བདེ་ཆེན་ཡེ་ཤེས་བདུད་རྩིའི་ལོངས་སྤྱོད་ཆེས༔ དཀྱིལ་འཁོར་བདག་པོ་པདྨ་ཐོད་ཕྲེང་མཆོད༔ སྤྱི་བོའི་དགོངས་བརྒྱུད་རྒྱལ་བ་རྒྱ་མཚོ་མཆོད༔ མགྲིན་པའི་བརྡ་བརྒྱུད་བྱེ་བ་བསམ་ཡས་མཆོད༔ སྙིང་གའི་ཡེ་ཤེས་ཀློང་དགུའི་རིག་འཛིན་མཆོད༔ ལྟེ་བའི་དུས་གསུམ་སྙན་བརྒྱུད་བླ་མ་མཆོད༔ གསང་གནས་དཔའ་བོ་དྷཱ་ཀའི་ཚོམ་བུ་མཆོད༔ ཕུང་ཁམས་སྐྱེ་མཆེད་རྩ་གསུམ་རབ་འབྱམས་མཆོད༔ དགྱེས་མཉམ་མཆོག་གི་མཆོད་པ་འདི་བཞེས་ལ༔ ཚོགས་ཆེན་གཉིས་རྫོགས་སྐུ་བཞིའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཡུལ་སྣང་དཔའ་བོ་དྷཱ་ཀི་ནཱིས༔ བདེ་ཆེན་རྡོ་རྗེའི་གླུ་གར་སྒྱུར༔ བདག་ཉིད་ལྷ་སྐུ་རྗེས་ཆགས་ཀྱིས༔ སྙོམས་ཞུགས་བདེ་སྟོང་ཡེ་ཤེས་འབར༔ ཛྙཱ་ན་གཱི་ཏི་ཧྲཱི༔ བཛྲ་ནིརྟི་ཨཱ༔ ཨེ་ཝཾ་མ་ཧཱ་སུ་ཁ་ཨ་ཧཾ༔ རྨད་བྱུང་ཚོགས་ཀྱི་མཆོད་པ་ཡིས༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི༔ བདེ་ཆེན་ཡེ་ཤེས་རིག་རྩལ་རྒྱས༔ ལྷན་སྐྱེས་སྐུ་བཞི་མངོན་གྱུར་ཤོག༔ དེ་ལྟར་རྟག་ཏུ་བརྩོན་པ་ཡིས༔ ཟས་ཀྱི་བུ་ལོན་སྒྲིབ་པ་དག༔ འབྲེལ་ཚད་གེགས་ཞི་བདེ་ཆེན་འཕེལ༔ རྡོ་རྗེའི་རིགས་གཅིག་འགྲུབ་པར་འགྱུར༔ ས་མ་ཡ༔ རྗེས་སུ་རྟག་ཆད་མཐའ་བསལ་ཕྱིར༔ ཨ༔ རང་སྣང་ལྷ་སྐུ་སྒྱུ་འཕྲུལ་དྲྭ་བའི་ཚོགས༔ མཁའ་ལ་སྤྲིན་བཞིན་འོད་གསལ་དབྱིངས་སུ་ཐིམ༔ ཟུང་འཇུག་རྣམ་ཐར་གསུམ་ལྡན་པདྨ་འབྱུང༔ ལྷ་སྔགས་ཆོས་སྐུའི་ཕྱག་རྒྱ་ཆེན་པོར་བཞེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ བསྔོ་སྨོན་ཤིས་བརྗོད་མཚམས་སྦྱར་བྱ༔ ཧོ༔ བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས༔ འགྲོ་ཀུན་འཆི་མེད་རྩ་གསུམ་ལྷ་ཚོགས་དང༔ མི་ཕྱེད་མངོན་པར་བྱང་ཆུབ་ཡེ་ཤེས་ཀྱིས༔ དངོས་གྲུབ་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག༔ ཐུན་མཚམས་བདེ་སྟོང་ལྷ་སྐུ་དང༔ དབྱིངས་རིག་དབྱེར་མེད་ལམ་ཁྱེར་བྱ༔ ས་མ་ཡ༔ ཟབ་མོའི་རྣལ་འབྱོར་སྙིང་པོ་འདི༔ སྔོན་ཆད་གཞན་དུ་མ་བསྟན་པར༔ ལོ་ཆེན་ཐུགས་ཀྱི་སྲས་ལ་གདམས༔ རྩེ་གཅིག་ཉམས་ལོངས་གཏེར་དུ་སྦོས༔ སྐྱེ་བའི་མཐའ་དང་འཕྲད་ནས་ཀྱང༔ སྐལ་ལྡན་སྨིན་གྲོལ་དཔལ་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བྲག་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བརྒྱུད་པའི་གསོལ་འདེབས་ (Volume 53, Text 50)
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། ཁྱབ་བདག་ཀུན་བཟང་འཇམ་དཔལ་གཤིན་རྗེའི་གཤེད། །གསང་བདག་དཔའ་བོ་གནོད་སྦྱིན་སྐར་མདའ་གདོང་། །བསྟན་པའི་དབུ་བརྙེས་རྒྱལ་པོ་ཛཿགསུམ་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་ཤོག །འཇམ་དཔལ་བཤེས་གཉེན་རོམྦུ་གུ་ཧྱ་རྗེ། །ཤཱནྟིཾ་གརྦྷ་པདྨ་ཐོད་ཕྲེང་རྩལ། ཁ་ཐུན་ནག་པོ་གཙུག་ལག་དཔལ་དགེ་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་ཤོག །དུ་ཧར་ནག་པོ་སངས་རྒྱས་གསང་བ་དང་། །བཱ་སུ་དྷཱ་ར་སངས་རྒྱས་ཡེ་ཤེས་ཞབས། །བདུད་འདུལ་རྒྱལ་པོ་མངའ་བདག་ཡབ་སྲས་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་ཤོག །པདྨའི་རྒྱལ་ཚབ་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབས་ཆོས་བདག་རྩ་བརྒྱུད་བླ་མའི་ཚོགས། །འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་འཁོར་ལོ་ལ། །གསོལ་བ་འདེབས་སོ་ཕྱོགས་ལས་རྣམ་རྒྱལ་ཤོག །ལྷར་སྣང་བརྟན་པོས་སྲིད་གསུམ་ཟིལ་གྱིས་གནོན། །དྲག་སྔགས་ནུས་པས་བདུད་བགེགས་ཐལ་བར་བརླག །ཏིང་འཛིན་སྟོབས་ཀྱིས་ལས་ཆེན་བཅུ་གཉིས་དང་། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་པར་ཤོག །མི་ཁ་བྱད་ཕུར་དུས་མིན་འཆི་བ་སོགས། །ཉེས་པའི་ཚང་ཚིང་མཐུ་སྟོབས་དུས་མཐའི་མེས། །ལྷག་མེད་བཅོམ་ནས་འཆི་བདག་བདུད་ཀྱི་དཔུང་། །མཐར་བྱེད་འཇམ་དཔལ་ཁྲོས་པའི་སྐུ་བརྙེས་ཤོག །འཁོར་ལོ་རྣམ་བཞིར་གོམས་པའི་རྩལ་རྫོགས་ནས། །རང་རིག་འཇམ་དཔལ་གཞོན་ནུ་སྙིང་དབུས་སད། །སྒྲིབ་གཉིས་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །གསང་ཆེན་རྡོ་རྗེའི་འཁོར་ལོས་སྒྱུར་བྱེད་ཤོག །ཅེས་པ་འདི་ནི་ལྷ་མཆོག་འདི་ཉིད་ལ་མོས་པའི་བློ་ཅན་ཀརྨ་ཉི་མས་གསུང་བསྐུལ་ངོར། པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ།། །།
པད་གླིང་ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས་སྤྱི་ལ་ཉེ་བར་མཁོ་བའི་རིགས་ཁོལ་དུ་ཕྱུང་བ་ (Volume 48, Text 50)
༄༅། །པད་གླིང་ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས་སྤྱི་ལ་ཉེ་བར་མཁོ་བའི་རིགས་ཁོལ་དུ་ཕྱུང་བ་བཞུགས་སོ། ། ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ འཆི་བ་བརྟག་ཐབས་ཉི་མ་ལྟ་བུ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ལས་དང་ལྡན་པའི་སྐྱེས་བུ་རྣམས༔ འཆི་བ་བརྟག་ཐབས་བསྟན་པ་ནི༔ ཕྱི་ལྟར་བརྟག་དང་ནང་ལྟར་བརྟག༔ གསང་བ་ལྟར་དུ་བརྟག་པ་དང༔ ལུས་བརྟག་དང་ནི་རྨི་ལམ་བརྟག༔ དེ་ལྟར་ལས་རིམ་ལྔ་རུ་འདུས༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ བུམ་ཐང་ཕྱོགས་སུ་སྐྱེ་བར་འགྱུར༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་ཕྱི་ལྟར་བརྟག་པ་ནི༔ ཤིན་ཏུ་དབེན་པའི་གནས་ཉིད་དུ༔ མཆོད་གཏོར་བཤམས་ལ་གསོལ་བ་གདབ༔ བླ་མ་ཡི་དམ་མཁའ་འགྲོ་མཆོད༔ སྔ་དྲོ་ཕྱི་དྲོ་སེར་བུ་མེད༔ ནམ་མཁའ་དྭངས་པའི་དུས་ཉིད་དུ༔ བླ་མ་ཉིད་ལ་གསོལ་བ་བཏབ༔ དྲི་བཟང་ཆུ་ཡིས་ལུས་བཀྲུས་ལ༔ ལུས་ནི་གཅེར་བུ་དག་ཏུ་བྱ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་ཐོགས༔ ཡན་ལག་བཞི་པོ་བགྲད་ལ་ལངས༔ རང་གི་གྲིབ་མའི་སྙིང་ཁ་རུ༔ ཤེལ་ལམ་དུང་ཆུང་དཀར་པོ་བཞག༔ དེ་ལ་ཡུན་རིང་མིག་གཉིས་གཏད༔ མ་བཟོད་སྦྲིད་ཆིལ་བྱུང་བ་དང༔ མདུན་གྱི་ནམ་མཁའི་དཀྱིལ་དུ་བལྟ༔ རང་གི་གྲིབ་མ་ལམ་སྟེ་འོང༔ གང་ཡང་མ་ཉམས་གསལ་བ་ན༔ ཚེ་ལ་བར་ཆད་མེད་པའི་རྟགས༔ ལག་པ་ཕྱག་མཚན་མ་ཚང་ན༔ བརྟེན་པའི་ལྷ་དང་བྲལ་བ་ཡིན༔ ལོ་བདུན་ཉིད་ལ་འཆི་བར་འགྱུར༔ ལག་གཡས་མེད་ན་ལོ་ལྔ་ཐུབ༔ ལག་གཡོན་མེད་ན་ལོ་གསུམ་ཐུབ༔ རྐང་གཉིས་མེད་ན་ལོ་གཅིག་ཐུབ༔ རྐང་གཡས་མེད་ན་ལོ་བཞི་ཐུབ༔ རྐང་གཡོན་མེད་ན་ལོ་གཉིས་ཐུབ༔ གློ་གཡས་མེད་ན་ཟླ་དགུ་ཐུབ༔ གློ་གཡོན་མེད་ན་ཟླ་མདུན་ཐུབ༔ ཁོག་སྟོད་མེད་ན་ཟླ་གསུམ་ཐུབ༔ ཁོག་སྨད་མེད་ན་ཟླ་གཅིག་ཐུབ༔ གཞོག་གཡས་མེད་ན་ཉེར་གཅིག་ཐུབ༔ གཞོག་གཡོན་མེད་ན་ཟླ་གཅིག་ཐུབ༔ གྲུ་བཞི་ཟླུམ་པོ་ནར་མོ་དང༔ ཟླ་གམ་བྱུང་ན་བསླུས་པས་ཆོག༔ ཟུར་གསུམ་བྱུང་ན་མི་བཟློག་གོ༔ ཁ་དོག་དཀར་པོ་དབུས་ནས་ཡལ༔ ཀླུ་དང་རྒྱལ་པོས་ཟིན་པའི་རྟགས༔ ནག་པོ་གཡས་སུ་ཡལ་གྱུར་ན༔ བདུད་དང་མ་མོས་ཟིན་པའི་རྟགས༔ དམར་པོ་གཡོན་དུ་ཡལ་གྱུར་ན༔ བཙན་དང་སྲོག་ལྷས་ཟིན་པའི་རྟགས༔ སེར་པོ་མགོ་ནས་ཡལ་གྱུར་ན༔ ཀླུ་བཙན་རྒྱལ་འགོངྎ སྔོན་པོ་རྐེད་ནས་ཡལ་གྱུར་ན༔ ཀླུ་སྨན་མཚོ་སྨནྎ ན་བུན་བྲིང་བྲིང་ཁྱུག་ཁྱུག་ན༔ སྡེ་བརྒྱད་གཤིན་འདྲེས་གནོད་པའི་རྟགས༔ དེ་རྣམས་ཤིན་ཏུ་བརྟག་པར་བྱ༔ སྟོན་སེར་ནམ་མཁའ་དྭངས་པའི་དུས༔ ཡང་ཡང་ལན་གྲངས་མང་དུ་བརྟག༔ ཉི་ནུབ་ཡང་ཡང་བརྟགས་པས་གསལ༔ ཕྱི་ལྟར་བརྟག་པའི་ལས་རིམ་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་ནང་ལྟར་བརྟག་པ་ནི༔ ཆུ་རྫིང་ལྟེང་ཀ་ཡོད་པའི་སར༔ ཉི་ནུབ་ནམ་མཁའ་དྭངས་པའི་དུས༔ ཆུ་འོད་རི་ལ་ཕོག་དུས་སུ༔ རང་ཉིད་ལངས་ནས་བལྟས་པ་ཡིས༔ རི་ལ་གྲིབ་མ་གཉིས་བརྩེགས་འཆར༔ དེ་ཡི་སྟེང་མ་མེད་གྱུར་ན༔ བཅུ་དྲུག་ཉི་མ་ཕྱེད་ལ་འཆི༔ ཟས་ངན་སྤྱོད་ངན་སྤངས་བྱས་ནས༔ སང་ནི་ཉི་མ་རྩེ་ཤར་དུས༔ འཁར་སྡེར་གཙང་མར་ཆུ་བཏང་ལ༔ ཉི་མའི་ཟེར་ལ་བལྟས་པ་ཡིས༔ དུད་རླངས་སྔོ་དམར་བྱུང་བ་ན༔ ཞག་ནི་དགུ་ལ་འཆི་བ་ཡིན༔ ནག་པོ་ཧལ་པོ་ཐིག་ལེ་ཅན༔ ཟུར་གསུམ་རོ་འདྲ་འདུག་ན་མྱུར་དུ་འཆི༔ ནང་ལྟར་བརྟག་པའི་རིམ་པ་གཉིས་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་གསང་བ་ལྟར་དུ་བརྟག་པ་ནི༔ རྣ་བའི་འུར་སྒྲ་ཆད་ན་འཆི༔ མགོ་ལ་རླངས་པ་མེད་ན་འཆི༔ དོན་མེད་སྨྲ་བ་མང་ན་འཆི༔ སྔར་མེད་དད་པ་སྐྱེས་ན་འཆི༔ གློ་བུར་དད་པ་མེད་ན་འཆི༔ སྔར་གྱི་སྤྱོད་པ་ལོག་ན་འཆི༔ གསང་བ་ལྟར་དུ་བརྟག་པའི་རིམ་པ་གསུམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་ལུས་ལ་བརྟག་པ་ནི༔ ཡན་ལག་སེར་པོ་བཀྲག་མེད་དང༔ རྐང་པའི་ལོང་བུ་ཐོན་པ་དང༔ སོ་ལ་དྲེག་ནག་ཆགས་པ་དང༔ སྣ་ཞོམ་སྣ་ནས་སྐད་འབྱུང་དང༔ མིག་གཉིས་འབྲུ་ཚུགས་ལྟ་བ་དང༔ འགྲམ་པ་གཉིས་ཀྱི་ཤ་ཤོར་དང༔ རྣ་བ་མགོ་ལ་འབྱར་བ་དང༔ ཨིག་གུ་མང་ན་གློ་བ་འགྱུར་བས་འཆི༔ ལུས་ལ་གཤིན་དྲི་བསྣམ་པ་རྣམས༔ མྱུར་དུ་འཆི་བའི་སྔ་ལྟས་ཡིན༔ ལུས་ལ་བརྟག་པའི་རིམ་པ་སྟེ་བཞི་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་རྨི་ལམ་བརྟག་པ་ནི༔ རླུང་ལ་བརྟེན་པ་ལ་སོགས་བྱ༔ རང་སེམས་ཕྱད་ཕྱོད་རྨི་ལམ་འཁྲུགས༔ ཉི་མ་ནུབ་ཅིང་ས་སྲོས་དང༔ ལུང་སྟོང་ཁང་སྟོང་གྲོང་སྟོང་འགྲིམ༔ སྔར་མ་སླེབ་པའི་ས་རུ་སླེབ༔ གོས་དམར་གྱོན་དང་ནུབ་ཏུ་འགྲོ༔ རི་དམར་མཆོད་རྟེན་དམར་པོར་འཛེག༔ མེ་ཏོག་དམར་པོ་འཐུ་བ་དང༔ གཤིན་འཕྲད་བཟའ་བཏུང་གླེང་མོ་བྱེད༔ རྟ་བོང་དུད་འགྲོ་ཕྱིར་ལོག་ཞོན༔ ཐུར་དུ་རྒྱུག་དང་ཁང་རུལ་ཉལ༔ དེ་རྣམས་བྱུང་ན་ལོ་གསུམ་ནང་དུ་འཆི༔ དེ་རྗེས་རླུང་ལ་བརྟག་པ་ནི༔ ཉིན་ཞག་ཐུན་བཟུང་མ་ནོར་བལྟ༔ ཞག་ལྔ་གཡས་སུ་རྒྱུ་བ་ན༔ ལོ་གསུམ་དག་ན་འཆི་བ་ཡིན༔ ཞག་བཅུ་གཡས་ནས་རྒྱུ་བ་ན༔ དེ་ཡང་ལོ་གཉིས་དག་ན་འཆི༔ ཉི་ཤུ་རྩ་ལྔ་རྒྱུ་བ་ན༔ དེ་ཡང་ཟླ་བ་དྲུག་ན་འཆི༔ ཉིན་ཞག་ལྔ་ལྔ་རྒྱུ་བ་ན༔ རང་ལ་རྐྱེན་ནི་གློ་བུར་འོང༔ ཉི་ཤུ་རྩ་དྲུག་རྒྱུ་བ་ན༔ དེ་ཡང་ཟླ་བ་དྲུག་ལ་འཆི༔ ཉི་ཤུ་རྩ་བདུན་རྒྱུ་བ་ན༔ དེ་ཡང་ཟླ་བ་གསུམ་ལ་འཆི༔ སུམ་ཅུ་འགྱུ་ན་ཟླ་བ་གཅིག་ལ་འཆི༔ གཡས་གཡོན་རེས་མོ་རྒྱུ་བ་ན༔ མི་འཆི་བར་ཆད་མེད་པའི་རྟགས༔ དེ་ལྟར་འཆི་བ་བརྟག་ཐབས་ལེགས་པར་བརྟག༔ ཞིབ་ཏུ་བརྟགས་ལ་སྙིང་ལ་ཞོག༔ འཆི་བ་བརྟག་པའི་རིམ་པ་འདི༔ འཆི་མེད་གསང་རྒྱུད་ནང་ནས་བཏུས༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ བུམ་ཐང་ཕྱོགས་སུ་སྐྱེ་བར་འགྱུར༔ སྐྱེས་བུ་དེ་ཡིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ བདག་འདྲ་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ།། ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈ ལེགས་སོ། །རྫོགས་སོ།། །། ྈ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ འཆི་བ་སླུ་བའི་གདམས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ པད་མ་ངའི་ལས་དང་སྨོན་ལམ་འགྲུབ་པར་གྱུར་ཅིག །དགེའོ།། འཆི་བ་སླུ་བའི་རིམ་པ་བསྟན་པ་ནི༔ གོང་གིས་འཆི་བ་ལེགས་པར་བརྟག༔ འཆི་བའི་རྟགས་རྣམས་བྱུང་བ་དང༔ སླུ་བའི་རིམ་པ་བསྟན་པ་ནི༔ དེ་ལ་རྣམ་པ་དགུ་ཡིན་ཏེ༔ འབྱུང་བ་མདོས་ཀྱིས་སླུ་བ་དང༔ རྟེན་འབྲེལ་དག་གིས་སླུ་བ་དང༔ ཚེ་ཡི་སྒྲུབ་པས་སླུ་བ་དང༔ ཚེ་ཡི་འཁོར་ལོས་སླུ་བ་དང༔ དཀའ་ཐུབ་རྫས་ཀྱིས་སླུ་བ་དང༔ ཏིང་འཛིན་སྒོམ་གྱིས་སླུ་བ་དང༔ ནུས་པ་སྔགས་ཀྱིས་སླུ་བ་དང༔ སྤྱི་རུ་སླུ་དང་སྒོས་སུ་སླུ༔ དེ་ལྟར་ལས་རིམ་དགུ་ཡིན་ཏེ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་མདོས་ཀྱིས་སླུ་བ་ནི༔ དཀྱིལ་འཁོར་ལིང་ཙེ་དགུ་ཡི་ཁར༔ ས་སྣ་ལྔ་ལ་བཅས་པ་ཡི༔ རུ་སྦལ་དགུ་ཡང་བཞག་པར་བྱ༔ རང་རང་རྫས་རྣམས་སྟེང་དུ་བཞག༔ དེ་ཡི་ཕྱི་རིམ་སྨེ་བ་དགུ༔ དེ་ཡི་ཕྱི་རིམ་འབྱུང་ལྔ་ནི༔ ལོ་གྲངས་དྲུག་ཅུ་ཐམ་པས་བསྐོར༔ དེ་དག་རྣམས་ཀྱི་ཕྱི་རིམ་དུ༔ གཟའ་ཆེན་བརྒྱད་དང་རྒྱུ་སྐར་བསྐོར༔ དེ་ཡི་ཕྱི་རིམ་དག་ལ་ནི༔ ཕྱོགས་མཚམས་ངར་གླུད་ལོ་གྲངས་བཞག༔ ཤ་ཟན་ཆངས་བུ་མཐེབ་ཀྱུ་ནི༔ ལོ་གྲངས་ཕྱོགས་མཚམས་དག་ལ་བཞག༔ དེ་ནས་རང་ཉིད་གཤིན་རྗེར་བསྒོམ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ དེ་རྗེས་ཚེ་ཡི་ལས་བྱང་གཏང༔ དོང་ཙེ་དག་དང་མཐུན་པ་བསྔོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་རྫས་ཀྱིས་སླུ་བ་ནི༔ ས་སྣ་ཆུ་སྣ་མེ་སྣ་དང༔ ཤིང་སྣ་ལྔ་དང་འབྲུ་སྣ་ལྔ༔ དེ་ལ་གཡོས་པའི་ཟན་ལ་ནི༔ བྱོལ་སོང་ལ་སོགས་ཁ་རླངས་བདུག༔ དེ་ལ་ངར་གླུད་ཁྲུ་གང་དང༔ མིག་གཉིས་རཾ་དང་རྣ་བར་ཡཾ༔ སྣ་ལ་ཁཾ་དང་ལྕེ་ལ་ལཾ༔ སྙིང་གར་ཨེ་བྲིས་གཞུག་པར་བྱ༔ དཀྱིལ་འཁོར་པད་མ་འདབ་བཞི་བྱ༔ ཤར་དུ་ཁཾ་ལས་ཆུ༔ ལྷོ་རུ་རཾ་ལས་མེ༔ ནུབ་ཏུ་ལཾ་ལས་ས༔ བྱང་དུ་ཡཾ་ལས་རླུང༔ དབུས་སུ་ཨེ་ལས་ནམ་མཁའི་སྟེང་དུ༔ ངར་གླུད་དེ་ནི་བཞག་པར་བྱ༔ མགོ་ལ་འུག་པའི་སྒྲོ་ཡང་བཙུག༔ མདའ་དང་འཕང་དང་གླུད་ཀྱིས་བསྐོར༔ ཚེ་ཡི་ལས་བྱང་ཚར་གཅིག་གཏང༔ བསྟོད་པ་ཡན་ནི་ཚར་རྗེས་ལ༔ ཧཱུྃ༔ འབྱུང་བ་སྐྱེད་པའི་ལྷ་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ཕྱི་ནས་འཁྲུགས་པ་ན༔ ཆོ་ག་འདི་ཡིས་མཐུན་པར་ཤོག༔ གང་ལ་དམིགས་པའི་མི་དེ་བསླུ༔ ནད་གདོན་བག་ཆགས་སྡིག་སྒྲིབ་རྣམས༔ ད་ལྟ་ཉིད་དུ་བྱང་ནས་ཀྱང༔ འཆི་བའི་རྐྱེན་ལས་ཟློག་ཏུ་གསོལ༔ འདོད་ཡོན་མཆོད་པ་རྣམ་ལྔ་འདི༔ འབྱུང་ལྔ་སྐྱེད་པའི་ལྷ་ལ་འབུལ༔ མཆོད་པ་བཞེས་ལ་དགྱེས་པར་རོལ༔ འབྱུང་ལྔའི་ལྷ་འཁོར་བསྐྱེད་པའི་གཞི༔ འཆི་སླུའི་སྔགས་ནི་འདི་ལྟར་རོ༔ ཨོཾ་མ་ཧཱ་ཀཱ་ལི་མོ་ཏ་ཡེ་སྭཱ་ཧཱ༔ ཨོཾ་མ་མ་རཾ་རཾ་སྭཱ་ཧཱ༔ ཨོཾ་མ་མ་ཁཾ་ཁཾ་ཡཾ་ཡཾ་ཡེར་པ་ཡེ་སྭཱ་ཧཱ༔ ཨོཾ་མ་མ་སུ་སུ་ཏཾ་ཏཾ་ཡེ་སྭཱ་ཧཱ༔ ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ༔ ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ༔ ཨོཾ་མ་མ་ཁ་ཞུ་ཁ་ཞུ་སྭཱ་ཧཱ༔ ཆི་མ་ལྷ་ལ་སྭཱ་ཧཱ༔ ཨ་ཏྲཾ་ཨ་ཏྲཾ་སྭཱ་ཧཱ༔ ཨ་ཏ་ན་མ་མ་ཧ་གྷྲ་ཧ་ཏེ་ན་མ་བྷི་ཛ་ན་ཏི་བུ་ན་སྭཱ་ཧཱ༔ ཨོཾ་བྲུཾ་ཧཱུྃ་ཧཱུྃ༔ ཨོཾ་བྱི་ཤི་མེ་ཡེ་སྭཱ་ཧཱ༔ ཨོཾ་ཛེ་ཛེ་མི་མུ་ཛི་ལ་ཤི་ཐམ་རྦད་དོ༔ མ་ཧཱ་ཡཀྴ་བྷོ་དྷི་སྤར་ཤ་ཡར༔ ཀ་རོ་ཀ་རོ་ཧཱུྃ་ཕཊ༔ ཨོཾ་ས་མ་ཡེ་མི་ཡ་མ་དུ་ཡེ་རྟ་ཡེ་མི་རྟ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊཿཕཊཿསྭཱ་ཧཱ༔ ཨ་ན་རུ་ཤཾ་པ་དུས་སརྦ་ཨ་ཤ་ཡ༔ གྷ་ཚ་གྷ་ཚ་ཕཊ༔ ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མ་དྷ་ལེ་མན་ཌ་ཡེ་སྭཱ་ཧཱ༔ ཞེས་ལོ་གྲངས་བཟླ་བར་བྱ༔ དཀོན་མཆོག་རྒྱལ་བའི་བཀའ་ལ་ཉོན༔ འབྱུང་བ་ལྔ་ལ་དབང་བ་ཡི༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ ཚེ་སྲོག་སླུ་བའི་གླུད་གཏོར་བཏང༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ སྐྱེ་བ་མི་ལ་འབྱུང་བ་གླུད༔ ཁྱེར་ཅིག་ཁྱེར་ཅིག་གླུད་བདག་རྣམས༔ ལོ་བདག་སྲོག་བདག་ཞེན་པ་རྣམས༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ལོ་གསུམ་བར་གྱི་འཆི་བ་ཟློག༔ དེ་ནས་ཆུ་བོའི་གཞུང་ན་བསྐུར༔ ལོ་རེར་ལན་རེ་བྱས་པ་ན༔ དུས་མིན་འཆི་བའི་རྐྱེན་བཟློག་ངེས༔ འདི་ལས་ཟབ་པ་ཡོད་རེ་ཀན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྒྲུབ་པས་སླུ་བ་ནི༔ བླ་མ་མཚན་ལྡན་གདན་དྲངས་ལ༔ མཉེས་པའི་ཡོན་ཕུལ་དབང་བསྐུར་ཞུ༔ ཁྱད་པར་ཚེ་ཡི་ཁྲིད་རྣམས་ཞུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་འཁོར་ལོས་བསླུ་བ་ནི༔ གཟའ་སྐར་བཟང་བའི་དུས་བྱུང་ཚེ༔ མཐིང་ཤོག་ཁ་གང་དག་ལ་ནི༔ ཚེ་ཡི་འཁོར་ལོ་བྲིས་ལ་གདགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་རྫས་ཀྱིས་སླུ་བ་ནི༔ བདུད་རྩི་བཅུད་ལེན་བསྒྲུབས་ནས་ནི༔ གཞུང་བཞིན་བརྟེན་ལ་རླུང་བཟླས་འབད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲུག་པ་སྒོམ་གྱིས་སླུ་བ་ནི༔ ཕྱི་དང་ནང་དང་གསང་བ་དང༔ ཡང་གསང་བླ་མེད་ལྔ་པོ་བསྒྲུབ༔ གཞན་ཡང་སྟོང་པའི་ངང་ཉིད་ལས༔ རང་གི་ལུས་པོ་གནས་གྱུར་ནས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་བསྒོམ༔ དེ་ལ་སྙིང་པོ་སྔགས་ཀྱིས་བསྐོར༔ འོད་འཕྲོས་བར་ཆད་བསྲུང་བར་བསྒོམ༔ ཨོཾ་བཛྲ་ཨཱ་ཡུཿཔུཎྱེ་སརྦ་རུ་པ་སིདྡྷི་སྭཱ་ཧཱ༔ ཞེས་བཟླས་ཤིང་བསྒོམ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདུན་པ་ནུས་པས་སླུ་བ་ནི༔ རང་ལོ་མཉམ་པའི་དགེ་སློང་གིས༔ ཚེ་དཔག་མེད་པ་ལོ་གྲངས་འདོན༔ ལྷ་ཁང་མཆོད་རྟེན་ལ་སོགས་པར༔ མར་མེ་མཆོད་པ་སྣ་ཚོགས་འབུལ༔ སཱཙྪ་འདེབས་ཤིང་བརྒྱ་བཞི་བྱ༔ སྤོང་དག་ལམ་འཕྲང་བཅོས་སོགས་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་སྤྱི་རུ་སླུ་བ་ནི༔ ས་སྣ་ལྔ་དང་ཆུ་སྣ་ལྔ༔ འབྲུ་སྣ་ལྔ་དང་རིན་ཆེན་ལྔ༔ དེ་རྣམས་ལ་ནི་བརྫིས་པ་ཡི༔ གླུད་ཆེན་ཕོ་མོ་གཉིས་བྱས་ལ༔ ཁཾ་བྲིས་སྤྱི་བོའི་གཙུག་ཏུ་གཟུག༔ རཾ་བྲིས་མགྲིན་པའི་གནས་སུ་གཞུག༔ ཨེ་བྲིས་སྙིང་ཁའི་ཐད་དུ་གཞུག༔ ལཾ་བྲིས་ལྟེ་བའི་ཐད་དུ་གཞུག༔ ཡཾ་བྲིས་གསང་བའི་གནས་སུ་གཞུག༔ གླང་དང་བ་ལ་བསྐྱོན་པར་བྱ༔ ཕད་བུ་ནག་པོའི་སྟེང་དུ་ནི༔ ཕོ་ཏང་མོ་ཏང་གཉིས་དང་ནི༔ མདའ་དང་འཕང་གཉིས་བཙུག་པར་བྱ༔ མཐའ་མར་ལོ་སྐོར་བཅུ་གཉིས་ཀྱི༔ གཟུགས་རྣམས་མ་ལུས་བསྐོར་བར་བྱ༔ ཚིགས་མའི་ཆངས་བུ་བརྒྱ་དང་ནི༔ ངར་གླུད་བརྒྱ་རྣམས་བསགས་བྱས་ལ༔ ཚེ་ཡི་ལས་བྱང་ཚར་གཅིག་གཏང༔ བསྟོད་པ་ཡན་ཆད་ཚར་རྗེས་སུ༔ ཆོ་ག་འདི་ཡིས་ལོ་ཀག་ཟློག༔ ཟླ་བའི་ཀག་ཟློག༔ ཞག་སྐག་ཟློག༔ སྤར་ཁ་ངན་པ་ཐམས་ཅད་ཟློག༔ སྨེ་བ་ངན་པ་ཐམས་ཅད་ཟློག༔ ཚེ་ཡི་བར་ཆད་ཐམས་ཅད་ཟློག༔ ཨེ་ཡཾ་རཾ་ཁཾ་ལཾ༔ ཞེས་ངར་གླུད་རེ་ལ་ཆངས་བུ་རེ་བཞག་གོ༔ ངར་དང་ལྡན་པས་ལམ་རྒྱ་གྲམ་དུ་རྡེག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགུ་པ་སྒོས་སུ་སླུ་བ་ནི༔ མི་རྟ་ཁྱི་གསུམ་རུས་པ་ལ༔ བག་ཟན་བསྲེས་ལ་རང་གཟུགས་ནི༔ མཐོ་གང་ཙམ་པ་གསུམ་ལ་ནི༔ ཁོང་དུ་མིང་རུས་བྲིས་ལ་གཞུག༔ མགོ་ལ་བྱ་སྤུ་སྣ་ཚོགས་བཙུགས༔ ལག་པ་གཉིས་སུ་གསེར་གཡུ་བསྐུར༔ རང་གི་གོས་ནི་དྲི་མ་ཅན༔ བསྐོན་ལ་གཅིག་ནི་རི་རྩེར་བསྐྱལ༔ གཅིག་ནི་ལུང་པའི་ཆུ་ལ་བསྐུར༔ གཅིག་ནི་དུར་ཁྲོད་གནས་སུ་བསྐྱལ༔ ཆེ་གེ་མོ་ཞེས་བྱ་བ་ཡི༔ འཆི་བ་ཟློགས་ཞེས་ཐལ་མོ་བརྡབ༔ ལན་གསུམ་བསྐྱར་ལ་འོ་དོད་འབོད༔ ཕྱོགས་བཞིར་གཏོར་མ་བཞི་ཡང་གཏང༔ ཕྱོགས་ཀྱི་ལྷ་ལ་ཕྱག་ཀྱང་འཚལ༔ ལྷ་འདྲེ་རྣམས་ལ་བླ་སླུ་བྱ༔ འཆི་བ་ཟློགས་ཞེས་འབྲུ་སྣ་གཏོར༔ ཁྱིམ་གྱི་ཕྱོགས་བཞིར་ཐོ་ཡང་བརྩིགས༔ དེ་ལྟར་བྱས་པས་འཆི་བ་ཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཆི་བ་སླུ་བའི་རིམ་པ་འདི༔ འཆི་མེད་གསང་རྒྱུད་ནང་ནས་བླངས༔ ད་ལྟའི་ལྷ་ལྕམ་པདྨ་གསལ༔ བུམ་ཐང་ཕྱོགས་སུ་འཁྲུངས་པར་འགྱུར༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ དམ་རྒྱ༔ གཏད་རྒྱ༔ ྈྈྈྈྈྈྈྈྈྈྈྈྈྈ སྤྲུལ་སྐུ་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ།། ྈྈྈ རྫོགས་སོ།། །། ྈ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ བདུད་རྩི་རིལ་བུའི་སྒྲུབ་ཐབས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་ཚེ་ཡི་བཅུད་ལེན་བསྟན༔ དེ་ཡི་རིམ་པ་འདི་ལྟ་སྟེ༔ རྫས་བཤམ་སྒྲུབ་པ་དབང་བསྐུར་དང༔ ཟ་ཐབས་བསྟན་དང་ཕན་ཡོན་རྣམས༔ ལས་ཀྱི་རིམ་པ་ལྔ་རུ་འདུས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་རྫས་བཤམ་པ་ནི༔ དབེན་ཞིང་གསང་བའི་གནས་རྣམས་སུ༔ མཎྜལ་པདྨ་འདབ་བཞིའི་སྟེང༔ ཐོད་པ་མཚན་ལྡན་ཕོ་མོའི་ནང༔ སྦྲང་དང་བུ་རམ་ཀ་ར་དང༔ ཙནྡན་དཀར་དམར་གུར་གུམ་དང༔ ལི་ཤི་ལི་ཁྲི་ག་པུར་དང༔ ཤིང་ཚ་ཤིང་མངར་ཤུག་འབྲུ་དང༔ མཚལ་དང་དབང་ལག་ར་མོ་ཤག༔ སྤང་རྒྱན་ཁུར་མང་རམ་བུ་དང༔ གི་ཝཾ་སྡོང་རོས་སིནྡྷུ་ར༔ གསེར་མདོག་ཨ་བར་སྐྱུར་གསུམ་དང༔ མར་དང་འོ་མ་ལུ་གུ་ལྟང་དཀར་ཤ༔ ཧ་ལོ་ཁུག་ཆོས་ལ་སོགས་པའི༔ མེ་ཏོག་དམར་པོ་ཐམས་ཅད་དང༔ རྒྱ་མོན་སེར་ཆེན་ལ་སོགས་པའི༔ སེར་པོའི་རིགས་གྱུར་ཐམས་ཅད་དང༔ ཧ་ལོ་དཀར་དང་བ་ལུ་སོགས༔ དཀར་པོའི་རིགས་གྱུར་ཐམས་ཅད་དང༔ གཞན་ཡང་ལྗང་གུ་སྔོན་པོ་དང༔ དུག་གི་མེ་ཏོག་མ་ཡིན་པའི༔ མེ་ཏོག་རིགས་གྱུར་ཐམས་ཅད་གསག༔ ནས་དང་འབྲས་ཀྱི་གཙོར་བྱས་པའི༔ འབྲུ་ཡི་རིགས་གྱུར་ཐམས་ཅད་གསག༔ ཐམས་ཅད་ཆ་མཉམ་ཕྱེ་མར་བྱ༔ དེ་ནས་རིལ་བུ་སྲན་མ་ཙམ༔ ཅི་འབྱོར་བྱས་ལ་སྐམ་དུ་བཅུག༔ ཐོད་པ་ཕོ་མོ་ཁ་སྦྱར་བླུག༔ མཚམས་ནི་མར་གྱིས་དམ་པར་བཅད༔ ཤར་དུ་རྡོ་རྗེ་ལྷོར་རིན་ཆེན༔ ནུབ་ཏུ་པདྨ་བྱང་རྒྱ་གྲམ༔ དབུས་སུ་འཁོར་ལོ་རྩིབས་བརྒྱད་བྲི༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་རུ༔ མཉྫིའི་ཁྲི་ཡི་སྟེང་དུ་བཞག༔ རྫས་བཤམ་པའི་ལེའུ་སྟེ་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་སྒྲུབ་པ་བྱ་བ་ནི༔ ཚེ་ཡི་ལས་བྱང་ཚར་གཅིག་གཏང༔ བསྟོད་པ་ཡན་ཆད་ཚར་རྗེས་ལ༔ ལག་པས་རྡོ་རྗེ་གཟུངས་ཐག་བཟུང༔ ཐོད་པ་གཞལ་ཡས་ཁང་དུ་བསམ༔ རིལ་བུ་བཅོམ་ལྡན་ཚེ་དཔག་མེད༔ འཁོར་དང་བཅས་པ་བསྒོམས་ནས་ནི༔ ངག་གི་བཟླས་པ་འདི་ལ་འབད༔ ཨོཾ་ཨཱཿཧཱུྃ༔ ར་ས་ཡ་ན་ཏ་ན་ཛ་ཡ་ཨཱ་ཡུརྫྙཱ་ན་གྷུ་ཡ་སིདྡྷི་ཧཱུྃ༔ ཞེས་ཚེ་དཔག་མེད་དུ་བསྒོམ་ཞིང་བསྙེན༔ ཐོད་པའི་གཟུངས་ཐག་ནས་འོད་འཕྲོས་པས༔ སྣང་སྲིད་བཅུད་བསྡུས་རིལ་བུ་དེ་ལ་ཐིམ༔ རིལ་བུ་འཆི་མེད་བདུད་རྩིར་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་དབང་བསྐུར་རིམ་པ་ནི༔ ཕྱག་འཚལ་མཎྜལ་ཞུ་བ་འབུལ༔ དེ་རྗེས་དབང་ནི་བསྐུར་བར་བྱ༔ ཧྲཱི༔ ཐོད་པ་མཚན་ལྡན་ཀ་པཱ་ལར༔ བཅོམ་ལྡན་རིགས་ལྔ་ཡབ་ཡུམ་བཞུགས༔ གཉིས་མེད་ཐབས་ཤེས་སྦྱོར་བ་ལས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་བཅུད༔ ཡེ་ཤེས་ལྔ་ཡི་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་གུ་ཡ་སིདྡྷི་ཧཱུྃ༔ ཞེས་དབང་བསྐུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཞི་པ་ཟ་ཐབས་བསྟན་པ་ནི༔ དཀའ་ཐུབ་དག་ཏུ་ཟ་བ་དང༔ བཅུད་ལེན་དག་ཏུ་ཟ་བ་འོ༔ དཀའ་ཐུབ་དག་ཏུ་ཟ་བ་ནི༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ སྟོང་པའི་ངང་ལས་རང་ཉིད་ནི༔ རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར༔ ཕྱག་གཉིས་མདའ་དར་བུམ་པ་འཛིན༔ ཞབས་གཉིས་བརྐྱང་བསྐུམ་བཞུགས་པ་ལ༔ དབུ་རྒྱན་རིན་པོ་ཆེ་ཡིས་བརྒྱན༔ མཛེས་པའི་ཆ་ལུགས་ཅན་ཞིག་བསྒོམ༔ ངག་ཏུ་བཟླས་པ་འདི་ཉིད་བྱ༔ ཨོཾ་སརྦ་བྷུདྡྷ་ཌཱ་ཀི་ནཱི་ཨ་མྲྀཏ་སརྦ་སིདྡྷི་ཧཱུྃ༔ རིལ་བུ་བདུན་ནི་ཟ་བར་བྱ༔ རུས་ཐང་མར་གསར་བཏབ་པ་ཡི༔ བྱེ་ཐུག་སླ་མོས་ཕུལ་བར་བྱ༔ གཞན་ཡང་ཞོ་དང་འོ་མ་དང༔ ཇ་དང་ཆང་ལ་སོགས་པ་ཡི༔ རྩ་མིག་འགག་པ་འཕུལ་བར་བྱ༔ ལྡོག་ན་ནམ་མཁའ་ཧཱུྃ་གིས་འདྲེན༔ རླུང་ནི་བུམ་ཅན་མང་དུ་བསྒོམ༔ འཕྲུལ་འཁོར་ལ་སོགས་ལུས་པོ་བཅག༔ བཅུད་ལེན་དག་ཏུ་ཟ་བ་ནི༔ ཐོ་རངས་རིག་པ་དྭངས་པའི་དུས༔ རབ་ཀྱིས་ཚེ་ཡི་ལས་བྱང་བཏང༔ དེ་རྗེས་རིལ་བུ་གཅིག་ཟ་ལ༔ རླུང་ནི་བུམ་ཅན་དྲག་ཏུ་བསྒོམ༔ བཅག་དཀྲུག་དགང་བ་ལ་སོགས་པའི༔ འདྲེན་འགྲེམ་འཕྲུལ་འཁོར་མང་དུ་བྱ༔ འབྲིང་གིས་ཐོ་རངས་དྭངས་པའི་དུས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་བསྒོམ༔ རླུང་རོ་ལན་གསུམ་བུས་བྱས་ལ༔ རིལ་བུ་དག་ནི་ཟ་བར་བྱ༔ རླུང་ནི་ཁ་སྦྱོར་དག་ཏུ་བཟུང༔ འཕྲུལ་འཁོར་མང་དུ་ཅི་ཤེས་བྱ༔ ཐ་མ་དག་གིས་ཟ་བ་ནི༔ ཐོ་རངས་རིག་པ་དྭངས་དུས་ཟ༔ རང་གིས་ཅི་ཤེས་བཟླས་པ་བྱ༔ ཟ་ཐབས་བསྟན་པའི་ལེའུ་སྟེ་བཞི་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལྔ་པ་ཕན་ཡོན་བསྟན་པ་ནི༔ དཀའ་ཐུབ་བྱས་ནས་ཟ་བའི་དུས༔ ཞག་བདུན་བྱས་པས་ལྟོ་ཡི་ཞེན་པ་ལོག༔ བཅུ་བཞི་བྱས་པས་དྭངས་མ་འཕེལ་བར་འགྱུར༔ ཉི་ཤུ་རྩ་གཅིག་བྱས་ན་ཚེ་ཉམས་མ་ལུས་སོས༔ རྒྱུན་དུ་བྱས་ན་ཚེ་ཡི་རིག་འཛིན་ཐོབ༔ བཅུད་ལེན་དག་ཏུ་ཟ་བ་ནི༔ ཟླ་གཅིག་ཐོ་རངས་བརྟེན་པ་ན༔ དྭངས་མ་འཕེལ་ཞིང་བཀྲག་མདངས་ལྡན༔ ཟླ་གཉིས་བརྟེན་ན་ལུས་འདི་ལ༔ སྲིན་བུ་ལ་སོགས་འབྱུང་མི་འགྱུར༔ ཟླ་གསུམ་ཡེ་ཤེས་རིག་པ་རྩལ་རྒྱས་ནས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ ཟླ་བ་བཞི་རུ་བརྟེན་པ་ན༔ ལུས་ཀྱི་རྩ་མདུད་གྲོལ་བར་འགྱུར༔ དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ༔ ཟླ་བ་ལྔ་རུ་བརྟེན་པ་ན༔ ཕྱི་ཡི་སྣང་བ་དབང་དུ་འདུ༔ ཟླ་བ་དྲུག་ལ་བརྟེན་པ་ན༔ མངོན་ཤེས་རྫུ་འཕྲུལ་དཔག་མེད་སྟོན༔ འདི་ཉིད་རྒྱུན་དུ་བརྟེན་པ་ན༔ སྐྲ་དཀར་གཉེར་མ་མི་འབྱུང་ཞིང༔ འཆི་མེད་ཚེ་ཡི་རིག་འཛིན་ཐོབ༔ གཞན་ཡང་བདུད་རྩི་རིལ་བུ་འདི༔ ནད་ནི་ཚ་གྲང་ཀུན་ལ་ཕན༔ རིམས་ནད་ཀུན་ལ་མཆོག་ཏུ་བསྔགས༔ མགོ་ནག་མི་རྣམས་དབང་དུ་འདུ༔ ཕན་ཡོན་བསྟན་པའི་རིམ་པ་སྟེ་ལྔ་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་རྣམས་ཞལ་གསལ་བར་བསྟན་པ་ནི༔ རྫས་བཤམ་པའི་དུས་སུ༔ ཐམས་ཅད་མ་འཛོམས་ཀྱང་སྟོབས་ཆེ་བ་འཛོམ་ན་རུང༔ དཀྱིལ་འཁོར་མ་བཤམ་ན་ཚོམ་བུས་རུང༔ སྒྲུབ་པའི་དུས་སུ་ཐོད་པ་གཞལ་ཡས་ཁང་དུ་བསྒོམ༔ རིལ་བུ་ཚེ་དཔག་མེད་དུ་བསྒོམ་པའོ༔ འགྲུབ་རྟགས་ནི་ཆོས་དང་མཆོད་ཆ་རྙེད་པ་དང༔ བདུད་རྩི་འཐུང་བ་དང༔ རྔ་བརྡུང་བ་དང༔ དུང་འབུད་པ་དང༔ གདུགས་དང་རྒྱལ་མཚན་ཕྱར་བ་དང༔ རི་རྩེར་ཕྱིན་པ་དང༔ བླ་མ་ལ་ཆོས་ཞུ་བ་དང༔ ལུང་བསྟན་པ་དང༔ མ་སྲིང་ཁྱེའུ་བུ་མོས་ལུང་བསྟན་པ་དང༔ མཆོད་རྟེན་ལྷ་ཁང་བརྩིགས་པ་དང༔ དར་ཕྱར་བ་དང༔ ཉི་ཟླ་ཤར་བ་དང༔ ཤེལ་རྙེད་པ་དང༔ ཉིན་མོ་མི་འདུ་བ་དང༔ མཚན་མོ་མཁའ་འགྲོ་འདུ་བ་འགྲུབ་པའི་རྟགས་སོ༔ དཀའ་ཐུབ་ཏུ་ཟ་དུས༔ རང་རྡོ་རྗེ་མཁའ་འགྲོར་གསལ་ནས༔ སྒྱེད་པུ་མི་མགོའི་སྒྱེད་པུར་བསམ༔ ཕྲུ་བ་ཐོད་པར་བསམ༔ སྐྱོ་ཚ་ཡེ་ཤེས་ཀྱི་བདུད་རྩིར་བསྒོམ༔ མཆེད་གྲོགས་རྣམས་དཔའ་བོ་མཁའ་འགྲོར་བསྒོམ༔ གནས་ཁང་གཞལ་ཡས་ཁང་དུ་བསྒོམ༔ རིལ་བུ་ཟ་བའི་དུས་ཉིད་དུ༔ ཡེ་ཤེས་ཀྱི་བདུད་རྩི་ལ་ལོངས་སྤྱོད་པར་བསམ༔ བཅུད་ལེན་གྱི་དུས་སུ༔ ཐོ་རངས་བྱ་ཕོ་རོག་སྐད་མ་བྱུང་བ་ལ་ཟ༔ ཟོས་རྗེས་བུམ་པ་ཅན་དྲག་ཏུ་བསྒོམ༔ འཕྲུལ་འཁོར་མང་དུ་བྱ༔ ངག་བཟླས་རེམས་ལ་བྱ༔ མདོར་ན་ལུས་ཀྱི་འཕྲུལ་འཁོར་དང༔ ངག་གི་རླུང་བཟླས་དང༔ སེམས་ཀ་དག་ལ་འཇོག་པ་ཡིན༔ འཆི་མེད་ཚེ་ཡི་རིལ་བུའི་སྒྲུབ་ཐབས་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་གསང་རྒྱུད་ནང་ནས་བསྡུས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ དམ་རྒྱ༔ གཏད་རྒྱ༔ ྈྈྈྈ རྫོགས་སོ།། །། ྈ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ ཚེའི་འཁོར་ལོ་བྲི་ཐབས་ཡོད༔ ྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མ་འོངས་འགྲོ་ལ་ཕན་གདགས་ཕྱིར༔ ཚེ་ཡི་འཁོར་ལོ་བྲི་ཐབས་བསྟན༔ སྤྱིར་འགྲོ་དྲུག་སེམས་ཅན་ཐམས་ཅད་དང༔ ཁྱད་པར་ལྷ་དང་མི་ལུས་ལ༔ ཤིན་ཏུ་གཅེས་པ་ཚེ་སྲོག་ཡིན༔ དེ་ལ་བར་ཆད་འོང་བ་མང༔ འབྱུང་བ་འཁྲུགས་པའི་བར་ཆད་དང༔ ཕ་མྱེས་ཚེ་ཐུང་སྲོག་གི་སྲི༔ ཕ་ཁུ་མ་སྲིང་ཉེ་བའི་སྲི༔ བྱ་ཉེས་སྤྱོད་ལོག་བར་ཆད་དང༔ ཡི་དྭགས་གདོན་གྱི་བར་ཆད་དང༔ སྔོན་གྱི་ལས་ངན་ལ་སོགས་པ༔ ཚེ་སྲོག་བྲལ་བའི་རྐྱེན་རྣམས་ཀུན༔ བཟློག་ཕྱིར་མན་ངག་མང་དུ་བསྟན༔ འདི་ཉིད་བཏགས་པས་བདུད་བཞི་གྲོལ༔ མོས་གུས་བྱས་ན་བྱིན་རླབས་འབྱུང༔ ཀུན་ལ་མི་གདགས་གསང་བར་གྱིས༔ ལས་འཕྲོ་ཅན་ལ་བསྟན་པར་བྱ༔ ཚེ་ཡི་འཁོར་ལོ་བྲི་བའི་རིམ་པ་ནི༔ གྲོ་ག་རས་སམ་རྒྱ་ཤོག་ལ༔ ཁ་གང་གྲུ་བཞི་ཟུར་བཞི་བྱ༔ འཁོར་ལོ་མུ་ཁྱུད་བཅུ་བཞི་བྱ༔ དབུས་སུ་རྡོ་རྗེ་རྩེ་ལྔ་བྲི༔ ལྟེ་བར་རྣྲི་གཅིག་བྲི་བར་བྱ༔ མུ་ཁྱུད་དེ་ཡི་ཕྱི་རིམ་ལ༔ རྡོ་རྗེ་རྒྱ་གྲམ་བརྒྱད་ཙམ་བྲི༔ ལྟེ་བར་རཀྵ་རེ་རེ་བྲི༔ མུ་ཁྱུད་དེ་ཡི་ཕྱི་རིམ་ལ༔ འཁོར་ལོ་བརྒྱད་ཙམ་བྲི་བར་བྱ༔ ལྟོ་བར་འཁོར་ལོ་རྩིབས་བཅས་བྲི༔ མུ་ཁྱུད་དེ་ཡི་ཕྱི་རིམ་ལ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུཿཛྙཱ་ན་སམ་པ་རོ་པ་ཙི་ཏེ་ཨོཾ་སརྦ་སཾསྐ་ར་པ་རི་ཤུདྡྷ་དྷརྨ་ཏེ༔ ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ༔ མ་ཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱ་ཧཱ༔ མུ་ཁྱུད་དེ་ཡི་ཕྱི་རིམ་ལ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨ་ར་ཧ་ཏེ༔ སཾ་མྱག༔ སཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱིཿ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ༔ ཧེ་ཏུནྟེ་ཥཱཉ་ཏ་ཐཱ་ག་ཏོ་ཧྱ་བ་དཏ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ སྤྲིན་རིས་བརྒྱད་ལ་ཨེ་བརྒྱད་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རླུང་རིས་བརྒྱད་ལ་ཡཾ་བརྒྱད་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མེ་རིས་བརྒྱད་ལ་རཾ་བརྒྱད་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཆུ་རིས་བརྒྱད་ལ་ཁཾ་བརྒྱད་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ས་རིས་གྲུ་བཞི་བརྒྱད་དག་ལ༔ སུ་བརྒྱད་ལེགས་པར་བྲི་བར་བྱ༔ དེ་ཡི་ཕྱི་རིམ་རྡོར་རས་བསྐོར༔ དེ་ཡི་ཕྱི་རིམ་མེ་རིས་བསྐོར༔ དེ་ནས་མཎྜལ་ལེགས་པའི་སྟེང༔ ནས་དཀར་བྲེ་གང་སྟེང་དུ་སྤུངས༔ མཐའ་མར་མེ་ཏོག་ཚོམ་བུ་བྱ༔ མཆོད་པའི་བྱེ་བྲག་སྣ་ཚོགས་བཤམ༔ བགེགས་བསྐྲད་འཁོར་ལོ་དབུས་སུ་བཞག༔ དེ་སྟེང་བསྟན་གཙོ་འཇམ་དཔལ་དང༔ པདྨ་འབྱུང་གནས་རྟ་མགྲིན་སྐུ༔ བཞུགས་སམ་ཡང་ན་དམིགས་པས་བསྒོམ༔ ཕྱག་འཚལ་མཆོད་པ་འབུལ་བ་དང༔ ལས་བྱང་གཞུང་བསྲང་ཛཔ྄་བསྟོད་བྱ༔ ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས༔ སྤྱན་འདྲེན་བསྟིམས་ལ་རབ་གནས་བྱ༔ དབང་བསྐུར་བཀྲ་ཤིས་བརྗོད་པར་བྱ༔ དེ་ནས་མགུལ་དུ་བཏགས་བྱས་ལ༔ དམིགས་སུ་མེད་པའི་རྒྱས་ཀྱང་གདབ༔ འདི་ཉིད་སུ་ལ་བཏགས་པ་དེ༔ ལོ་བཅུ་ཐུབ་པ་བརྒྱད་ཅུ་ཐུབ༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ ཕྱོགས་ངན་ཅན་ལ་ཕྱོགས་སྲུང་ཡིན༔ མཚོན་ཁར་འགྲོ་ན་མཚོན་སྲུང་ཡིན༔ རིམས་ཁར་འགྲོ་ན་རིམས་སྲུང་ཡིན༔ གདོན་ནད་ཅན་ལ་གདོན་སྲུང་ཡིན༔ གཟའ་ནད་ཅན་ལ་གཟའ་སྲུང་ཡིན༔ གཞན་ཡང་རྐྱེན་ངན་ཐམས་ཅད་བཟློག༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆི་མེད་ཚེ་ཡི་རྒྱུད་ནས་བཏུས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ ྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ དམ་རྒྱ༔ གཏད་རྒྱ༔ བདག་འདྲ་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ། །དགེའོ།། །། ྈ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ པྲ་བརྟག་གསལ་བའི་མེ་ལོང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈ བཅོམ་ལྡན་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ འཆི་མེད་པྲ་བརྟག་གསལ་བའི་མེ་ལོང་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་སེམས་ཅན་དོན་དུ་བཀོད༔ པྲ་རྟགས་རིམ་པ་འདི་ལྟར་རོ༔ ཞག་ནི་གཅིག་གསུམ་ལྔ་བདུན་ལ༔ འཆི་མེད་སྒྲུབ་པ་བྱེད་འདོད་ན༔ ཞག་གཅིག་སྒྲུབ་ན་གཏོར་མར་བརྟེན༔ གསུམ་ལྔ་བདུན་ལ་སྒྲུབ་པ་ན༔ རས་སྒྱེ་དམར་པོའི་ཁུག་མའི་ནང༔ ནས་ཀྱི་ཕྱེ་དཀར་གཙང་མ་ནི༔ དམ་ཚིག་དྲིལ་བུ་ཉིད་ལ་འཇལ༔ དམ་ཚིག་རྡོ་རྗེས་ཁ་བཅད་ནས༔ ལྷ་གྲངས་མཉམ་པ་ནང་དུ་བླུགས༔ སྨན་དང་སྙིང་པོ་ལྔ་ཡང་བསྩལ༔ སྲང་ལ་འདེགས་ཤིང་རྒྱ་ཡིས་གདབ༔ བགེགས་བསྐྲད་མན་ཛིལ་ཁ་རུ་བཞག༔ དབུ་རྒྱན་རིགས་ལྔ་ཉིད་ཀྱང་བསྐོན༔ གཞུང་ལྟར་བསྙེན་པ་རིམ་བཞིན་བྱ༔ བསྙེན་སྒྲུབ་ཐེམས་ནས་གྲངས་ལ་འཇལ༔ སྔར་བས་ལྷག་ན་བཟང་བ་སྟེ༔ སྔར་བཞིན་འདུག་ན་མ་ཉམས་རྟགས༔ ཆད་ན་མི་བཟང་བར་ཆད་འོང༔ རྟགས་དང་ལྡན་ན་ཟངས་གཞོང་བླུག༔ ཆང་དང་ཨ་མྲྀཏ་ཡིས་སྦྲུས༔ དེ་ནས་ཚེ་ཟན་མ་ཉམས་པ༔ གཞུང་དང་མཐུན་པ་ཉིད་དུ་བྱ༔ སྙིང་པོ་ལྔ་ཡི་སྤོད་ཀྱིས་བྲན༔ དཀྱིལ་འཁོར་དབུས་སམ་ལྟེ་བར་བཞག༔ ཚེ་འགུགས་བྱིན་འབེབ་ནན་ཏན་བྱ༔ དེ་ནས་ཚེ་ཟན་པྲ་བརྟག་པ༔ མདུན་ནས་གས་ན་རང་ལ་ངན༔ གཡས་ནས་གས་ན་ཕོ་ཕྱོགས་ངན༔ གཡོན་ནས་གས་ན་མོ་ཕྱོགས་ངན༔ རྒྱབ་ནས་གས་ན་འཁོར་ལ་ངན༔ མཚམས་བཞིར་གས་ན་ནོར་ལ་ངན༔ ཁ་རྒྱ་ཆད་ན་དགྲ་རྐུན་སྡང༔ ཚེ་རིལ་བྲུལ་ན་སྲིས་ལ་ངན༔ མགུལ་ནས་གས་ན་དངོས་གྲུབ་མེད༔ རྡོ་རྗེ་གས་ན་ཆུང་སྲི་ལང༔ ཉི་ཟླ་གས་ན་རྐྱེན་ངན་ཡོང༔ ཡོ་ཞིང་གས་ན་རིམས་ནད་འོང༔ བསྲུང་སྡེ་ཞིག་ན་མཐུ་གཏད་ཡིན༔ ཚེ་ཟན་འགྱེལ་ན་སློབ་དཔོན་ངན༔ དེ་ནི་ཚེ་ཡི་པྲ་བརྟག་གོ༔ དེ་ནས་ཚེ་འབྲས་བརྟག་པ་ནི༔ ཞི་རྒྱས་དབང་དྲག་འཁོར་ལོ་ལྔ༔ རིལ་བུ་ལྷ་གྲངས་མཉམ་པས་བསྐོར༔ ཁ་ནི་རྡོ་རྗེ་རྒྱ་གྲམ་བཅད༔ ཕོ་ཉས་འགུགས་ཤིང་ཡང་ཡང་བརྟག༔ མ་འདུས་བར་དུ་བསྒྲུབ་པར་བྱ༔ དེས་ཀྱང་མ་འདུས་འཐོར་བ་ན༔ ཟླ་བ་འཐོར་ན་ཕ་ལ་ངན༔ ཉི་མ་འཐོར་ན་མ་ལ་ངན༔ གྲུ་བཞི་འཐོར་ན་བུ་ལ་ངན༔ གྲུ་གསུམ་འཐོར་ན་བུ་མོར་ངན༔ འཁོར་ལོ་འཐོར་ན་སྤྱི་ལ་ངན༔ ཚེ་རིལ་འཐོར་ན་ནོར་ལ་ངན༔ མདུན་ཕྱོགས་འཐོར་ན་དལ་ཡམས་འོང༔ གཡས་སུ་འཐོར་ན་སྟོར་རླག་འོང༔ གཡོན་དུ་འཐོར་ན་དགྲ་ཁ་སྡང༔ རྒྱབ་ནས་འཐོར་ན་མི་ཁ་སྡང༔ མཚམས་བཞིར་འཐོར་ན་སྲིས་མི་སྨེ༔ ཚེ་ཆང་ཟག་ན་ནང་འཐབ་འོང༔ ཐམས་ཅད་འཐོར་ན་ཕུང་སྲི་ལང༔ དེ་རྣམས་ཚེ་ཡི་པྲ་བརྟག་སྟེ༔ རབ་ཏུ་གཅེས་པས་ཡིད་ལ་ཟུངས༔ རྟགས་ཆེན་དེ་རྣམས་གང་བྱུང་ཡང༔ ཚེ་ཐར་བཏང་ཞིང་ཚེ་གཏའ་བསྡམ༔ གང་ལ་ངན་པ་དེ་ཉིད་ལ༔ འཆི་ངོ་ཤེས་པའི་སྲོག་ཀྱང་བསླུ༔ ལམ་འཕྲང་བཅོས་ཤིང་སྤོང་དག་བྱ༔ ཚེ་དཔག་མེད་འདོན་ཚེ་ཕུར་གདབ༔ དགྲ་ཁ་ལང་ན་དགྲ་སྲི་མནན༔ ནོར་ལ་ངན་ན་གཡང་འགུགས་བྱ༔ སྤྱི་ལ་ངན་ན་ཚེ་སྒྲུབ་དང༔ བརྒྱ་བཞི་གཏོར་ཟློག་གསུང་རབ་འདོན༔ སྲིས་ལ་ངན་ན་རྒྱལ་འདྲེ་བརྡུང༔ སྲི་ཁ་ལངས་ན་ཆུང་སྲི་མནན༔ མི་ཁ་ལངས་ན་གཏོ་བསྒྱུར་བྱ༔ ཉི་ཟླ་གས་དང་ཚེ་གཏོར་ཞིག༔ སྐོང་བཤགས་སྐོང་གསོ་ཉིད་ལ་འབད༔ སཱཙྪ་ཆུ་གཏོར་བརྒྱ་རྩ་གཏང༔ རྟགས་ངན་གསོ་བའི་རྟེན་འབྲེལ་ཡིན༔ དེ་ལ་འབད་པ་རབ་ཏུ་གཅེས༔ འཆི་མེད་སྒྲུབ་པ་བྱེད་པའི་དུས༔ བཟང་པོའི་རྟགས་ནི་འདི་ལྟར་རོ༔ བུམ་པ་འོད་བྱུང་ཚེ་ཆུ་ལུད༔ ཚེ་གཏོར་མཉེན་ཞིང་སྐྱོན་མེད་དང༔ ཚེ་འབྲས་འདུ་ཞིང་འགུལ་སྐྱོད་མེད༔ མར་མེ་དྭངས་ཤིང་མར་ཁུ་སྨེ༔ དཀྱིལ་འཁོར་བཀྲག་ཅིང་སྣུམ་མདོག་ལྡན༔ ཉམས་དང་རྟོགས་པ་ཤེས་རབ་ལྡན༔ དྲི་བཟང་ངད་དང་སྐད་སྙན་འབྱུང༔ ནམ་མཁར་སྒྲ་འབྱིན་འཇའ་འོད་འཁྱིལ༔ རྟགས་བཟང་དེ་རྣམས་བྱུང་བ་དང༔ ཚེ་ཡི་དངོས་གྲུབ་འདུས་པའི་རྟགས༔ དེ་ཡི་དབང་བསྐུར་ཐོབ་པ་ན༔ རྐྱེན་དང་བར་ཆད་མ་ལུས་སེལ༔ ཚེ་རིང་ནད་མེད་ཕུན་སུམ་ཚོགས༔ དཔལ་དང་འབྱོར་པ་ལྡན་པའི་ཕྱིར༔ དེ་ལ་སྒྲུབ་པ་ནན་ཏན་མཛོད༔ དུས་མིན་འཆི་བའི་རྐྱེན་སེལ་ཅིང༔ རིག་འཛིན་ཚེ་ལ་མངའ་བརྙེས་འགྱུར༔ པྲ་བརྟག་གསལ་བའི་མེ་ལོང་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཚེ་རྒྱུད་ཀུན་གྱི་བཅུད་བསྡུས་ནས༔ ཕྱི་རབས་སེམས་ཅན་དོན་དུ་བཀོད༔ མ་འོངས་ལྔ་བདོ་བསྟན་པའི་གཞུག༔ ལྷ་ལྕམ་སྐྱེ་མཐའ་ང་ཡི་བུ༔ བུམ་ཐང་ཕྱོགས་སུ་སྐྱེ་བ་ཡི༔ པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ སྤྲང་བན་པད་མ་གླིང་པ་ངས་ཆུ་ཡོས་སྤྲེལ་ཟླའི་ཚེས་བཅུ་ལ་ལྷོ་བྲག་སྨན་མདོའི་བྲག་དཀར་པོ་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ། །ཤུབྷཾ།། །། ྈ ཚེ་ཁྲིད་རྡོ་རྗེའི་ཕྲེང་བ་ལས༔ ཚེ་གཏའ་སྡོམ་པའི་མན་ངག་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པད་མ་འབྱུང་གནས་ཀྱིས༔ གསང་རྒྱུད་ནང་ནས་བཅུད་བསྡུས་ཤིང༔ ཚེ་གཏའ་སྡོམ་པའི་མན་ངག་བཀོད༔ དེ་ཡི་ལས་རིམ་འདི་ལྟར་རོ༔ མདའ་མོ་ཚིགས་གསུམ་པ་གཅིག་ལ༔ ལྟོང་ནི་དམར་པོ་རྒོད་སྒྲོས་བརྒྱན༔ རྩ་བར་ལྕགས་མདེལ་ནག་པོ་བཙུག༔ དེ་ལ་དར་སྣ་ལྔ་བཏགས་ལ༔ གསེར་གཡུ་དུང་ཆུང་བྱེ་རུ་དང༔ མུ་མེན་བྱང་བུ་མིག་དགུ་པ༔ དེ་རྣམས་ཀུན་ཀྱང་མདའ་ལ་བཏགས༔ ནས་ནི་བྲེ་གང་སྟེང་དུ་བཙུགས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱི༔ སྐུ་ཡི་ཚེ་རྟེན་དུང་ཆུང་དང༔ གསུང་གི་ཚེ་རྟེན་བྱེ་རུ་དང༔ ཐུགས་ཀྱི་ཚེ་རྟེན་གཡུ་ཆུང་དང༔ ཡོན་ཏན་ཚེ་རྟེན་ས་ལེ་སྦྲམ༔ ཕྲིན་ལས་ཚེ་རྟེན་མུ་མེན་ནོ༔ བླ་ཡི་ཚེ་རྟེན་བྱང་བུ་དང༔ མདངས་ཀྱི་ཚེ་རྟེན་དར་སྣ་ལྔ༔ སྲོག་གི་ཚེ་རྟེན་མདའ་མོ་རྣམས༔ སྒྲུབ་པ་ཚར་རྗེས་བདག་ལ་བསྟིམ༔ བདག་ཉིད་ཚེ་དཔག་མེད་དུ་བསྒོམ༔ ཛཿཧཱུྃ་བཾ་ཧོཿརབ་སྤྲོས་པས༔ བླ་ཚེ་འགུགས་གཞུག་ཡང་ཡང་བྱ༔ དེ་ནས་ངག་ཏུ་འདི་སྐད་དོ༔ ཧྲཱི༔ ཚེ་ཡི་དཀྱིལ་འཁོར་ཤར་ཕྱོགས་ནས༔ བླ་དང་དེ་ནི་ཚེ་འགུགས་མ༔ རྟ་གདོང་དཀར་མོས་ལྕགས་ཀྱུ་ཐོགས༔ དྲི་ཟའི་ལག་ནས་བླ་ཚེ་ཁུག༔ གཏའ་གཡུ་འདི་ལ་རྟེན་བྱེད་ཅིང༔ ཚེ་གཏའ་གཉན་པོ་མི་ལ་སྟིམས༔ མི་དང་ཚེ་རུ་མ་བྲལ་ཅིག༔ བཛྲ་ཨཱ་ཡུཿརྣྲྀ་ཛ་ཧཱུྃ༔ ཧྲཱི༔ ཚེ་ཡི་དཀྱིལ་འཁོར་ལྷོ་ཕྱོགས་ནས༔ བླ་དང་དེ་ནི་ཚེ་འགུགས་མ༔ ཕག་གདོང་སེར་མོས་ཞགས་པ་འཛིན༔ གཤིན་རྗེའི་ལག་ནས་བླ་ཚེ་ཁུག༔ གཏའ་གསེར་འདི་ལ་རྟེན་བྱེད་ཅིང༔ ཚེ་གཏའ་གཉན་པོ་མི་ལ་སྟིམས༔ མི་དང་ཚེ་རུ་མ་བྲལ་ཅིག༔ རཏྣ་ཨཱ་ཡུཿརྣྲྀ་ཛ་ཏྲཱཾ༔ ཧྲཱི༔ ཚེ་ཡི་དཀྱིལ་འཁོར་ནུབ་ཕྱོགས་ནས༔ བླ་དང་དེ་ནི་ཚེ་འགུགས་མ༔ སེང་གདོང་དམར་མོས་ལྕགས་སྒྲོག་འཛིན༔ ཀླུ་དབང་ལག་ནས་བླ་ཚེ་ཁུག༔ བྱེ་རུ་འདི་ལ་རྟེན་བྱེད་ཅིང༔ ཚེ་གཏའ་གཉན་པོ་མི་ལ་སྟིམས༔ མི་དང་ཚེ་རུ་མ་བྲལ་ཅིག༔ པདྨ་ཨཱ་ཡུཿརྣྲྀ་ཛཿཧྲཱི༔ ཧྲཱི༔ ཚེ་ཡི་དཀྱིལ་འཁོར་བྱང་ཕྱོགས་ནས༔ བླ་དང་དེ་ནི་ཚེ་འགུགས་མ༔ སྤྱང་གདོང་ལྗང་གུས་དྲིལ་བུ་འཛིན༔ གནོད་སྦྱིན་ལག་ནས་བླ་ཚེ་ཁུག༔ མུ་མེན་འདི་ལ་རྟེན་བྱེད་ཅིང༔ ཚེ་གཏའ་གཉན་པོ་མི་ལ་སྟིམས༔ མི་དང་ཚེ་རུ་མ་བྲལ་ཅིག༔ ཀརྨ་ཨཱ་ཡུཿརྣྲྀ་ཛཿཨཱ༔ བདུད་ནི་ཆར་ལྟར་བབས་གྱུར་ཀྱང༔ གཏའ་ནི་ཐོག་ལྟར་ཕུབ་གྱུར་ཅིག༔ གདོན་བགེགས་དགྲ་ལྟར་ལངས་གྱུར་ཀྱང༔ གཏའ་ནི་གཉེན་ལྟར་སྐྱོབ་གྱུར་ཅིག༔ བགེགས་ནི་ནད་ལྟར་ལངས་གྱུར་ཀྱང༔ གཏའ་ནི་སྨན་ལྟར་སོས་གྱུར་ཅིག༔ གཏའ་ཡི་འོག་ཏུ་གདོན་མ་རྒྱུ༔ གཏའ་ཡི་འོག་ཏུ་མི་མ་གསད༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ ཟ་ཞིང་ཉུལ་བའི་སྐབས་མ་མཆིས༔ བགེགས་དང་བར་ཆད་ཞི་བའི་གཏའ༔ དུས་མིན་འཆི་རྐྱེན་ཟློག་པའི་གཏའ༔ གདོན་བགེགས་འབྱུང་པོ་ཐུབ་པའི་གཏའ༔ ཚེ་དང་དཔལ་འབྱོར་རྒྱས་པའི་གཏའ༔ བཀྲ་ཤིས་བདེ་ལེགས་འགྲུབ་པའི་གཏའ༔ ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མནྟྲ༔ གྷུཧྱ༔ གཏེར་རྒྱ༔ ཟབ་རྒྱ༔ བདག་འདྲ་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ།། །།
ཐུགས་རྗེ་ཆེན་པོའི་བཀའ་སྲུང་རྡོ་རྗེ་ལེགས་པ་སྨན་བཙུན་ལྕམ་དྲལ་གྱི་སྒྲུབ་ཐབས་ (Volume 38, Text 50)
༁ྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་རྡོ་རྗེ་ལེགས་པ་སྨན་བཙུན་ལྕམ་དྲལ་གྱི་སྒྲུབ་ཐབས་བཞུགས་སོ༔ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ དམ་ཅན་སྐྱེས་བུ་ཆེན་པོ་དང་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་གཉིས་ཀྱི་སྒྲུབ་ཐབས་ལ༔ གནས་གཙང་མར་སྟེགས་བུའི་ཁར་སྟག་ལྤགས་བཀྲམ་པའི་སྟེང་དུ་ཟས་སྣ་ཚོགས་ལས་བྱས་པའི་གཏོར་མ་མཁར་ཐབས་ཀྱི་དབྱིབས་ཅན་གྲུ་གསུམ་དམར་པོ༔ དཀར་པོ་ཟླུམ་པོ༔ འཁོར་རང་འདྲ་བ་བཞི་རེས་བསྐོར་བ༔ དེ་ལ་མདའ་རྒོད་སྒྲོ་མ་གཉིས་ལ་ལེ་བརྒན་དམར་པོ༔ སྟག་གཟིག་གི་ཅོད་པན༔ ཟངས་ཀྱི་ཁྲབ་བྱང༔ རིན་པོ་ཆེ་སྣ་ཚོགས༔ དར་ལ་བྲིས་པའི་སྐུ༔ འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཡབ་ལ་ཏྲི༔ ཡུམ་ལ་བྷྱོ༔ མཐའ་མར་སྲོག་སྔགས༔ རྩིབས་བཞི་ལ༔ ཛཿཧཱུྃ་བཾ་ཧོ༔ མུ་ཁྱུད་ལ༔ སོ་སོའི་མཚན་གྱི་མཐར༔ རྟེན་འདིར་བརྟན་པར་བཞུགས་ལ་བདག་གི་ཕྲིན་ལས་ཅི་བཅོལ་ཐམས་ཅད་སྒྲུབས་ཤིག༔ ཅེས་བྲི༔ ཕ་ཝཾ་ལོང་བུ་ལ་ཏྲིཿདང༔ མུ་མེན་ལ་བྷྱོཿཡིས་མཚན་པ༔ ཟངས་ཀྱི་གྭའུར་བཅུག༔ ར་དང་ཤ་བ་ཡུ་མོའི་སྙིང་གི་ནང་དུའང་སྲོག་སྔགས་གཞུག༔ མདའ་དར་གྱི་རྐེ་ལ་བཏགས་པ་གཏོར་མ་ལ་གཟུག༔ མཆོད་རྫས་སྤྱན་གཟིགས་རྒྱས་པར་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་བྱ༔ བགེགས་བསྐྲད༔ མཚམས་བཅད༔ སྲུང་འཁོར་བསྒོམ༔ རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ་ཞིང༔ རྟེན་རྫས་རྣམས་དམ་ཅན་ཡབ་ཡུམ་དུ་བསྐྱེད༔ བདག་གི་ཧྲཱིཿལས་འོད་འཕྲོས༔ དམ་ཅན་ཡབ་ཡུམ་གྱི་ཐུགས་སྲོག་ལ་ཕོག༔ སྔོན་གྱི་དམ་ཚིག་དྲན་ནས་ཅི་བསྒོ་བའི་ལས་སྒྲུབ་པར་བསམ༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ཛཿཧཱུྃ་བཾ་ཧོ༔ ཡབ་ཀྱི་སྲོག་སྙིང་དང༔ ཨོཾ་བཛྲ་ཌཱ་ཀི་མ་ནུ་རཀྟོ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཡུམ་གྱི་སྲོག་སྙིང་དེ་གཉིས་གཟུགས་མ་མཐོང་གི་བར་བཟླ༔ གཏོར་མ་འབུལ༔ ཕྲིན་ལས་བཅོལ༔ ལྷ་རྣམས་རྟེན་ལ་བསྟིམ༔ དབེན་པར་བཞག་ལ་རྒྱུན་ཏུ་མཆོད་བསྟོད་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་སྦྱོར་ནི༔ རའི་པགས་པ་བཏིང་བའི་ཁར་ར་ཤ་ར་ཁྲག་གིས་བརྒྱན་པའི་གཏོར་མ་ལ་སྐུ་གཟུགས་དང༔ མདུང་དར་བཙུགས༔ མཐའ་སྐོར་དུ་ཟན་གྱི་ཨ་ཙ་རའི་གཟུགས་འཇིགས་སུ་རུང་བ༔ ཝ་དང་ཁྱི་ངུ་བ་སོགས༔ ཆོ་འཕྲུལ་གྱི་གཟུགས་བཀྲམ༔ མཆོད་པ་སྤྱན་གཟིགས་རྒྱས་པར་བཤམ༔ རང་ཉིད་རྟ་མགྲིན་དུ་བསྒོམ༔ མཆོད་པ་བྱིན་གྱིས་བརླབས་ལ༔ དམ་ཅན་འཁོར་བཅས་བསྐྱེད༔ རང་གི་ཐུགས་ཀའི་འོད་ཟེར་དམ་ཅན་གྱི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་བར་བསམ་ལ༔ ཧཱུྃ༔ སྐྱེས་བུ་ཆེན་པོ་དམ་ཚིག་ཅན༔ གསོན་ཅིག་དགོངས་ཤིག་རྫུ་འཕྲུལ་ཅན༔ དམ་ལྡན་རྣལ་འབྱོར་བདག་ཅག་གིས༔ སྲུང་མ་ཆེན་པོ་ཁྱོད་ཉིད་ལ༔ མཆོད་མཆོད་བསྟོད་བསྟོད་གསོལ་གསོལ་ནས༔ ལན་གཅིག་ཕྲིན་ལས་དུས་ལ་བབ༔ དམ་ཉམས་དགྲ་བོ་སྡིག་ཅན་ལ༔ ཨ་ཙར་མོན་པའི་ཆོ་འཕྲུལ་ཕོབ༔ མིང་ནས་འབོད་ཅིང་ངུ་བྲང་རྡུངས༔ ཀ་ཅ་འདི་ཞེས་གཏོད་ཅེས་པའི༔ འོ་དོད་འབོད་པའི་ཆོ་འཕྲུལ་ཐོངས༔ འུག་པ་རྒོད་ཅིང་ཝ་མོ་བརྒྱལ༔ དྲེད་མོང་ལག་དཀར་ཐལ་མོ་རྡེབ༔ སྒོ་ཁྱི་ངུ་དང་ནང་འཐབ་བྱེད༔ འཕར་བ་གཅན་སྤྱང་མང་པོ་རྒྱུག༔ ཐོག་དང་སེར་བ་འོད་དམར་འཁྱུགས༔ ཆོ་འཕྲུལ་སྣ་ཚོགས་གཏོང་བར་གྱིས༔ ཁྱོད་ལ་མཐུ་རྩལ་ཅི་འདུག་ལྟ༔ ང་ལ་ལྷ་མེད་ཟེར་ཞིང་གཤེ༔ ཁྱོད་ལ་མཐུ་མེད་ཟེར་ཞིང་སྨོད༔ དབེན་གནས་གཉན་པོ་བཅོམ་ལ་ཉེ༔ ལེ་ལོ་བཏང་སྙོམས་མ་མཛད་པར༔ ཀ་ཅ་བསྲུང་ཕྱིར་ཆོ་འཕྲུལ་ཕོབ༔ ཅེས་བསྐུལ་ཞིང་ར་གསུར་གཏོང༔ ར་རྐང་འབུད༔ ར་ལྤགས་རྡེབ༔ དགྲ་བོའི་མིང་ཤེས་ན་དང༔ མ་ཤེས་ན་ཀ་ཅ་འདི་ཞེས་ཁྱེར་བའི་མི་དེ་ལ་ཆོ་འཕྲུལ་འདི་ལྟ་བུ་ཞིག་ཐོངས་ཤིག་ཅེས་དམོད་པ་ལན་བརྒྱ་ཕྲག་སྟོང་གི་བར་དུ་བྱའོ༔ མཚན་ཐོག་ཐག་ལའང་བཟླའོ༔ དམིགས་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་དམ་ཅན་གྱི་ཐུགས་ཀར་ཕོག༔ ཐུགས་ཆེར་ཁྲོས༔ ཨ་ཙ་ར་མོན་པ་སྨྲ་ཤེས་སོགས་ཆོ་འཕྲུལ་སྣ་ཚོགས་སྐུ་ལས་འཕྲོས༔ གཟུགས་རྣམས་ལ་ཐིམ༔ ཟང་ཟིང་ལང་ལོང་དུ་རྒྱུག་པར་བསམ་ལ༔ བསྐུལ་དང་ཕྲིན་ལས་བཅོལ༔ རབ་དངོས་སུ༔ འབྲིང་ཉམས༔ ཐ་མ་རྨི་ལམ་སོགས་སུ་གཟུགས་བརྙན་དེ་རྣམས་རྒྱུག་པ༔ སྐད་ཐོས་པ་སོགས་འབྱུང་ངོ༔ དེའི་ཚེ་ན་དམ་ཅན་ལ་གཏོར་མ་བཟང་དུ་འབུལ་ཞིང་བསྐུལ་དང་དམོད་བཅོལ་བྱས་ལ་གཟུགས་ཀྱང་རིང་པོར་འཇོག་པའམ༔ ཡང་ན་རྐུན་མའི་སྒོ་དང་རྒྱབ་རིའི་རྩེ་སོགས་ལ་བཞག༔ ཤིན་ཏུ་ཐག་རིང་ན་དེ་ཕྱོགས་སུ་འཕང༔ དེ་ལྟ་བུའི་ཆོ་འཕྲུལ་སོང་བར་བསམ༔ རྟགས་བྱུང་ན་དམ་ཅན་ལ་གཏང་རག་གཏང་ངོ༔ ལན་གཅིག་གིས་མ་བྱུང་ན་སླར་ཡང་སྤོགས་ཆོག་བྱའོ༔ ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་སྒྲུབ་པ་སྙིང་ནས་བྱེད་པ༔ དམ་ཅན་རྒྱུན་དུ་བསྟེན་མཆོད་མཁན་དག་གིས་འགྲུབ་པ་ལས༔ གཞན་གྱིས་འགྲུབ་པར་མི་འགྱུར་རོ༔ དམ་ཚིག་ཉམས་པས་འདི་བྱས་ན་འཁུ་ལྡོག་འབྱུང་བས་གཟབ་འཚལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་སྨན་བཙུན་ཆེན་མོའི་སྒོ་ནས་མེ་ལོང་པྲ་སྒྲུབ་ནི༔ ཕུག་པ་མི་ཁྱིའི་སྐད་མི་ཐོས་པའི་སར་སོང་ལ༔ སྟེགས་བུའི་ཁར་སྨན་བཙུན་གྱི་རྟེན་རྫས་རྣམས་བཤམ༔ དཀར་གསུམ་གྱི་མཆོད་པ་དུ་མ་བཤམས་ལ༔ མེ་ལོང་གསལ་བ་ཞིག་གཏོར་མ་ལ་བཏགས༔ སྲོག་སྔགས་ཀྱི་མཐར༔ མ་མོ་ཆེན་མོ་སྣང་སྲིད་གསལ་བར་སྟོན་སྟོན༔ ཉིན་མཚན་སྦྲེལ་ལ་བཟླས་ཤིང༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྨན་བཙུན་གྱི་ཐུགས་ཀར་ཕོག༔ དེ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོས་མེ་ལོང་ལ་ཕོག་པས་སྣང་སྲིད་གསལ་བའི་མེ་ལོང་དུ་གྱུར༔ དེ་ལ་གང་འདོད་པའི་དོན་ཐམས་ཅད་ཤར་བར་བསམ༔ བྷྱོ༔ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ མིང་པོ་བདག་གིས་ཁྱོད་བསྒྲུབས་པའི༔ རེ་བའི་འབྲས་བུ་མཆིས་པར་མཛོད༔ སྣང་སྲིད་གསལ་བའི་མེ་ལོང་གིས༔ ཐམས་ཅད་ཤེས་པའི་མངོན་ཤེས་དང༔ པྲ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ཞིང་དམིགས་པ་བཟླས་པ་གོང་བཞིན་ནོ༔ རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་ལས་དོན་རྣམས་ཤེས་པར་འགྱུར་རོ༔ དོན་གྲུབ་ནས་སྨན་བཙུན་རྟེན་ལ་བསྟིམ༔ མཆོད་པ་རྣམས་སྦས་ལ་བཞག་གོ༔ འདི་ལྟར་སྐྱེས་བུ་ཡབ་ཡུམ་མཐུ་ཆེ༔ དངོས་གྲུབ་མྱུར༔ ཕྲིན་ལས་ཐོགས་པ་མེད༔ སྙིང་ཉེ༔ བཀྲ་ཤིས་པའོ༔ ཨོ་རྒྱན་པདྨ་བདག་གི་རྗེས་འཇུག་རྣམས་ཀྱིས་སྲུང་མ་འདི་རང་ལ་གྱིས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་རྡོ་རྗེ་ལེགས་པ་ལྕམ་དྲལ་གྱི་ཕྲིན་ལས་བཞུགས་སོ༔ ༁ྃ༔ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ དེ་ཡི་བཀའ་སྲུང་རྡོ་རྗེ་ལེགས་པ་ལྕམ་དྲལ་མཆོད་ཅིང་སྒྲུབ་པར་འདོད་པས་མཆོད་གཏོར་དང་སྤྱན་གཟིགས་རྒྱས་པར་བཤམས་ལ༔ རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམས་ལ༔ ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས༔ མཆོད་རྫས་སྤྱན་གཟིགས་རྣམས་ཀྱི་མ་དག་པ་སྦྱངས༔ གནས་ཁང་ཕུན་སུམ་ཚོགས་པའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་དང་བྷཉྫའི་སྣོད་རྣམས་སུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་འདོད་ཡོན་བཟའ་བཏུང་བདུད་རྩིའི་རང་བཞིན་མཐུན་པའི་རྫས་རྣམས༔ གཟུགས་མཛེས་པ༔ སྒྲ་སྙན་པ༔ དྲི་ཞིམ་པ༔ རོ་མངར་བ༔ རེག་བྱ་འཇམ་པ༔ ངོ་མཚར་བའི་བཀོད་པ་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་འཆར་བར་གྱུར༔ མདུན་དུ་ལྷ་མིའི་ཡུལ་ཕུན་སུམ་ཚོགས་པའི་དབུས་སུ་ཕ་ཝང་ལོང་བུའི་སྐུ་མཁར་བརྗིད་ཅིང་མཛེས་པའི་ནང་དུ་ཏྲི་ལས་སྐྱེས་མཆོག་བཛྲ་སཱ་དྷུ་སྐུ་མདོག་དམར་པོ་སྨ་ར་སྨིན་མ་མེ་ལྟར་འབར་ཞིང་ཞལ་གདངས་མཆེ་གཙིགས་སྤྱན་གཉིས་བགྲད་པ༔ ཕྱག་གཡས་རྡོ་རྗེ་དང༔ གཡོན་པས་དགྲ་སྙིང་འཛིན་པ༔ དར་སྔོན་གྱི་གོས་དང་དར་དམར་གྱི་བེར་ལྷབ་ལྷུབ་ཏུ་མནབས་པ༔ དབུ་ལ་ཐང་ཞུ་དམར་པོ་རྡོ་རྗེའི་ཏོག་དང་ལེ་བརྒན་གྱིས་བརྒྱན་པ༔ ཞབས་ལ་སག་ལྷམ་གསོལ་ཞིང་སེང་གེ་ལ་འཆིབ་པ༔ གཡོན་དུ་བྷྱོ་ལས་རྡོ་རྗེ་གཡུ་སྒྲོན་མ་དཀར་མོ་དར་གྱི་ན་བཟའ་ལྷབ་ལྷུབ་དང་རིན་པོ་ཆེ་ཡིས་བརྒྱན་པ༔ མདའ་དར་དང་མེ་ལོང་འཛིན་ནས་ཤ་བ་ཡུ་མོ་ལ་འཆིབ་པ་དེ་གཉིས་ཀྱི་འཁོར་དུ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ༔ དགྱེས་སྡེ་བརྟན་མ་བཅུ་གཉིས༔ ཟབ་གཏེར་བཀའ་ཡི་སྲུང་མ་རྣམས་ཀྱིས་བསྐོར་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ སྙིང་ཁའི་ཧྲཱིཿལས་འོད་འཕྲོས་པས་རང་བཞིན་དང་གར་བཞུགས་པའི་གནས་ནས་སྐྱེས་བུ་ཆེན་པོ་སྨན་བཙུན་འཁོར་དང་བཅས་པ་སྤྱན་དྲངས༔ ར་གསུར་བྱ་ཞིང་དར་དམར་གཡབ༔ ཀྱེ༔ ཡ་ཀི་གཙང་གི་ཟམ་བུ་ལུང༔ མ་ཀི་རོང་མདོ་བྲག་དམར་དང༔ དབུ་རུ་ཞྭ་ཡི་ལྷ་ཁང་ནས༔ དམ་ཅན་སྐྱེས་བུ་ཐིག་ལེ་རྩལ༔ དེང་གི་གནས་མཆོག་དམ་པ་འདིར༔ ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ༔ ཕ་ཀི་ཕོ་བྲང་སྨྱུག་རི་དང༔ ཇོ་མོ་སྙིང་ཕྱུག་གནས་བརྒྱད་ནས༔ ཆེ་ཞེ་ཆེན་མོ་གཡུ་སྒྲོན་མ༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང༔ དགྱེས་སྡེ་བརྟན་མ་བཅུ་གཉིས་དང༔ བོད་ཡུལ་གཏེར་གྱི་སྲུང་མ་རྣམས༔ མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་སཱ་དྷུ་བཛྲ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ རྟེན་གྱི་སྐུ་མཁར་མཛེས་པ་དང༔ རིན་ཆེན་ཁྲི་མཆོག་བརྗིད་ལྡན་ལ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཤཱཀྱ་ཐུབ་པའི་བསྟན་པ་འདིར༔ རྡོ་རྗེ་འཛིན་པའི་བཀའ་སྲུང་མཆོག༔ ལྕམ་དྲལ་འཁོར་དང་བཅས་ལ་བསྟོད༔ གཙང་མའི་ཁྲུས་དང་སྤོས་ཀྱི་སྤྲིན༔ སྣང་གསལ་འོད་འབར་བྱུགས་པའི་དྲི༔ སྤྱན་གཟིགས་དཀོར་ཆ་སྣ་ཚོགས་དང༔ ཤ་ཆང་སྒོག་བཙོང་སྤོད་ཀྱི་རིགས༔ དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ༔ ཞལ་ཟས་རོ་བརྒྱ་ལྡན་པའི་ཚོགས༔ བསྟོད་དབྱངས་སིལ་སྙན་རོལ་མོ་དཀྲོལ༔ བདུད་རྩི་སྨན་དང་རཀྟ་དང༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱིས༔ དམ་ཅན་འཁོར་བཅས་དགྱེས་གྱུར་ཅིག༔ སྨན་བཙུན་འཁོར་བཅས་ཐུགས་དམ་བསྐང༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས༔ ཤབྡ་པཱུ་ཛ་ཀཱ་མ་གུ་ཎ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱ་ཀི་ནཱི་མ་ནུ་རཀྟོ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ་དགོངས་སུ་གསོལ་ལོ༔ དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ནི་ཐུགས་རྗེ་ཆེན་པོའི་བཀའ་སྡོད་དབང་ཆེན་རྟ་མགྲིན་གྱི་སྤྲུལ་པ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའི་བྱ་ར་བ༔ ཟབ་གཏེར་ཀུན་གྱི་བདག་པོ༔ བོད་ཡུལ་ལྷ་འདྲེའི་གཙོ་བོ༔ དམ་ཉམས་དགྲ་བོའི་གཤེད་མ༔ བར་ཆད་བགེགས་ཀྱི་གཉེན་པོ༔ གསང་སྔགས་ཟབ་མོ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་གྲོགས་པོ༔ ཡུམ་སྨན་བཙུན་མ་གཡུའི་སྒྲོན་མ༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ༔ དགྱེས་སྡེ་བརྟན་མ་བཅུ་གཉིས༔ ཟབ་གཏེར་བཀའི་སྲུང་མ༔ ཡང་སྤྲུལ་ཕོ་ཉ་དང་བཅས་པ་རྣམས་ལ་གསོལ་ལོ༔ མཆོད་དོ༔ དགྱེས་པའི་ཞལ་སྟོན༔ སྒྲུབ་པའི་རྟགས་ཕྱུངས༔ བཀའ་དང་བསྟན་པ་གཉན་པོ་སྲུངས༔ རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང༔ ཚེ་དང་བསོད་ནམས་ལོངས་སྤྱོད་ཐམས་ཅད་སྤེལ༔ གནོད་པའི་དགྲ་བགེགས་ཐམས་ཅད་ཆམ་ལ་ཕོབ༔ ཅི་འདོད་པའི་ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ་པར་མཛོད་ཅིག༔ ཧཱུྃ༔ ཆོས་ཀྱི་དབྱིངས་སུ་མངོན་པར་སངས་རྒྱས་ནས༔ མི་གཡོ་བཞིན་དུ་རྟ་མགྲིན་ཐུགས་ལས་སྤྲུལ༔ རྡོ་རྗེ་ཐེག་པའི་རིག་འཛིན་ས་ལ་གནས༔ དྲེགས་པའི་སྐུར་སྟོན་ཁྱོད་ལ་ཕྱག་འཚལ་བསྟོད༔ ཆགས་མེད་བདེ་ཆེན་རྒྱས་པའི་སྐུ་མདོག་དམར༔ ཞེ་སྡང་གནས་འགྱུར་ཁྲོ་ཞིང་གཏུམ་པའི་ཚུལ༔ མ་རིག་རང་གསལ་ཡེ་ཤེས་དཔའ་རྩལ་རྒྱས༔ ཆོས་སྐྱོང་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདུད་སྡེ་ཕམ་མཛད་ཡེ་ཤེས་རྡོ་རྗེ་ཕྱར༔ ཉོན་མོངས་རབ་འཇོམས་དམ་ཉམས་ཙིཏྟ་གསོལ༔ ཀུན་ལ་དབང་སྒྱུར་དར་དམར་བེར་ཆེན་མནབས༔ ཁམས་གསུམ་དབང་སྡུད་ཁྱོད་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་བསྟན་སྲུང་ཐང་ཞུ་རྡོ་རྗེའི་ཏོག༔ དབང་རྟགས་ལེ་བརྒན་ཅོད་པན་པུ་རུ་རུ༔ ཕྲིན་ལས་མྱུར་སྒྲུབ་སེང་གེ་རྩལ་ལྡན་འཆིབ༔ སྒྲུབ་པོའི་བཀའ་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད༔ གསང་སྔགས་སྲུང་མ་ཡོངས་ཀྱི་གཙོ་མོ་ནི༔ ཆེ་ཞེ་ཆེན་མོ་སྲིད་པའི་ཡིད་འཕྲོག་མ༔ རྫུ་འཕྲུལ་ཐོགས་མེད་ཕྲིན་ལས་རྣམ་བཞིའི་བདག༔ རྡོ་རྗེ་གཡུ་སྒྲོན་མ་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་གསལ་བའི་མེ་ལོང་གཡས་ན་འཛིན༔ ཚེ་གཡང་དངོས་གྲུབ་སྩོལ་བའི་མདའ་དར་གཡོན༔ ལས་ལ་ཐོགས་མེད་ཤ་བ་ཡུ་མོ་འཆིབ༔ རྫུ་འཕྲུལ་ཐོགས་མེད་ལྡན་ལ་ཕྱག་འཚལ་བསྟོད༔ དམ་ཅན་ཁྱོད་ཀྱི་བཀའ་ལས་མི་འདའ་བའི༔ སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་བརྟན་མའི་ཚོགས༔ སློབ་དཔོན་པདྨའི་སྤྱན་སྔར་དམ་བཅས་པའི༔ ཟབ་གཏེར་བཀའ་ཡི་སྲུང་མ་རྣམས་ལ་བསྟོད༔ ཞེས་བརྗོད་ཅིང་ཕྲིན་ལས་ཅི་འདོད་གསོལ༔ གཏོར་མ་གཙང་སར་འབུལ་ཞིང༔ ལྷ་རྣམས་རྟེན་ལ་བསྟིམ་པའམ་རང་གནས་སུ་གཤེགས༔ རྗེས་ཀྱི་སྤྱོད་ལམ་སྤྱི་ལྟར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་འབུམ་རྫོང་གུ་རུའི་གསང་ཕུག་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ།། །།
ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཕྲིན་ལས་སྔོན་འགྲོ་ཁྱེར་བདེ་ (Volume 52, Text 50)
༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཕྲིན་ལས་སྔོན་འགྲོ་ཁྱེར་བདེ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། རྩ་གསུམ་ཚེ་ཡི་ཟབ་པ་ལས། །དབང་མཛད་པདྨ་མཁའ་འགྲོ་ཡི། །སྔོན་འགྲོ་ཟབ་བདུན་སྤྱི་ཆིངས་ལས། ཁྱེར་བདེ་ཟུར་བཀོལ་འདོད་པ་ན། །ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། །བདེ་ཆེན་པདྨའི་རིགས་མཆོག་སྣང་མཐའ་ཡས། །འཇིག་རྟེན་དབང་ཕྱུག་པདྨ་གར་གྱི་དབང་། ཁམས་གསུམ་དབང་མཛད་རྟ་མཆོག་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་ཞབས། །དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ། །མངའ་བདག་ཆོས་རྒྱལ་ཁྲི་ལྡེ་ཡབ་སྲས་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་། །བཀའ་བབས་ལུང་ཐོབ་རྩ་བརྒྱུད་བླ་མ་དང་། །ཡི་དམ་མཁའ་འགྲོ་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་སྣང་སེམས་དབང་སྒྱུར་ཤོག །རང་རིག་འགྱུར་མེད་ཡེ་གྲོལ་ལྷུན་འབྱམས་ངང་། །རིག་རྩལ་སྣང་སྲིད་འཁོར་འདས་དབང་དུ་འདུས། །སྣང་སེམས་གཉིས་མེད་ཉག་གཅིག་ཆོས་སྐུའི་ཀློང་། །བྱ་བྱེད་རྩོལ་སྒྲུབ་བྲལ་བའི་གདིང་ཐོབ་ཤོག །གཉིས་པ་སྐྱབས་སེམས་གཏེར་གཞུང་ནི། ན་མོ༔ རྒྱལ་ཀུན་འདུས་གཟུགས་བླ་མ་མཁའ་འགྲོ་མར༔ གུས་པས་སྐྱབས་མཆི་སེམས་ཅན་ཀུན་དོན་དུ༔ སངས་རྒྱས་བསྟན་པ་རིན་ཆེན་སྐྱོང་བ་ལ༔ འདི་ན་བཤད་ཅིང་སྒྲུབ་པ་བྱེད་པ་ཡི༔ དགེ་འདུན་འདུས་པའི་སྡེ་རྣམས་བསྡུ་བ་དང༔ ཆོས་ཀྱི་ཆ་རྐྱེན་མ་ལུས་བསྡུ་བའི་ཕྱིར༔ བླ་མ་མཁའ་འགྲོ་བསྒྲུབ་པར་དམ་བཅའ་བས༔ དཀའ་བ་མེད་པར་དུས་འདིར་འགྲུབ་པར་ཤོག༔ ལན་གསུམ་བརྗོད། བགེགས་གཏོར་བྱིན་བརླབས་སྔགས་ཀྱིས་བསྔོ། གསུམ་པ་བགེགས་ལ་བཀའ་བསྒོ་བ། ཧྲཱིཿཧཱུྃ། ང་ནི་རང་བྱུང་པདྨ་ཧེ་རུ་ཀ །འཁོར་འདས་ཀུན་ལ་དབང་སྒྱུར་རྡོ་རྗེའི་བཀའ། །མ་འདའ་རྟོག་འཁྲུལ་བར་ཆད་བགེགས་ཀྱི་ཚོགས། །ཡེ་སྟོང་རྩ་བྲལ་གཉུག་མའི་དབྱིངས་སུ་དེངས། །སརྦ་བིགྷྣཱན་གཙྪ་ཕཊ། བཞི་པ་སྲུང་མཚམས་གཅད་པ་ནི། ཧཱུྃ། གདོད་ནས་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར། །མཚན་འཛིན་འཁྲུལ་པའི་བར་ཆད་མིང་ཡང་མེད། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་འོད་གསལ་དབྱིངས། །འཇའ་ཟེར་ཕྱག་མཚན་མེ་ཕུང་འབར་བས་གཏམས། །བཛྲ་རཀྵ་རཀྵ་ཧཱུྃ། ལྔ་པ་བརྡ་ཡི་སྒོ་ཕྱག་དང་། །ནོངས་བཤགས་དམ་བཅའ་གཟུང་བ་ནི། ཧོཿ ཐབས་ཤེས་སྒོ་དབྱེ་རང་རིག་ལྷ་ཞལ་མཇལ། །བློ་འདས་གཉིས་མེད་རྟོགས་པའི་དོན་ཕྱག་འཚལ། །འཁྲུལ་པའི་དབང་གིས་ཐ་དད་འཛིན་པ་བཤགས། །མི་འབྲལ་བསྒྲུབ་པའི་རྡོ་རྗེའི་གཡར་དམ་གཟུང་། །བཛྲ་ས་མ་ཡ་ཧཱུྃ། དྲུག་པ་ཡེ་ཤེས་བྱིན་ཆེན་དབབ། ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཕོ་བྲང་ནས། །བརྒྱུད་གསུམ་བླ་མ་ཞི་ཁྲོ་ཡི་དམ་ལྷ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་དམ་ཚིག་ཅན། ཁྱད་པར་པདྨ་ཌཱ་ཀི་གཙོ་འཁོར་བཅས། །གདུང་ཤུགས་དྲགས་པོས་ཐུགས་དམ་རྒྱུད་བསྐུལ་ན། །སྒྲུབ་གནས་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་ཆེན་སྐུར། །སྒྲུབ་རྫས་ཡེ་ཤེས་ཕྱག་རྒྱར་བྱིན་གྱིས་རློབས། །སྣང་གྲགས་ཆོས་ཀུན་རིག་པའི་དབང་དུ་འདུས། །འཁོར་འདས་མཉམ་ཉིད་ཐིག་ལེ་ཆེན་པོར་རྫོགས། །གདོད་ནས་འགྱུར་མེད་བདེ་ཆེན་འོད་གསལ་ངང་། །ལྷུན་རྫོགས་གདལ་བ་ཆེན་པོའི་བྱིན་ཕོབ་ཅིག །བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། བདུན་པ་མཆོད་བརླབ་གཏེར་གཞུང་ནི། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔གིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔གིས་སྦྱང་། སྟོང་པའི་ངང་ལས་པདྨ་འབར་བའི་སྣོད༔ ཨོཾ་ཨཱཿཧཱུྃ་ལས་མཆོད་པའི་བྱེ་བྲག་ནི༔ སོ་སོར་གསལ་ཞིང་ཡེ་ཤེས་མཆོད་སྤྲིན་ནི༔ བདེ་བ་སྐྱེད་ཅིང་ཡིད་འཕྲོག་འགུགས་པ་ཡི༔ རྣམ་པར་འཆར་ཞིང་ནུས་པ་ཅན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་སྥ་ར་ཎ་ཁཾ༔ སྔགས་དེ་ལན་གསུམ་བརྗོད་པ་ཡིས། །མཆོད་བརླབས་ཕྲིན་ལས་དངོས་ལ་འཇུག །འདི་ཡང་དཔལ་ངེ་སྤྲུལ་པའི་སྐུ། །ཆོས་དབྱིངས་མཆོག་གི་ཐུགས་བཞེད་ལྟར། །འཆི་མེད་བསྟན་གཉིས་གླིང་པ་ཡིས། །གང་དྲན་ཤར་མར་སྤེལ་བའི་དགེས། །རང་སྣང་དབང་དུ་འདུ་བར་ཤོག །དགེ་ལེགས་འཕེལ།། །།
ཉང་གཏེར་རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་འདོན་ཟིན་ (Volume 43, Text 50)
ཉང་གཏེར་རྒྱལ་མདོས་དཀར་པོ་དྲུག་མདོས་ཀྱི་འདོན་ཟིན་ཡིན། དབང་དྲག་པདྨར་གུས་པས་འདུད། མངའ་བདག་སྐུ་སྤྲུལ་ཉང་ཉི་མ་འོད་ཟེར་གྱིས་བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ཀྱི་གཏེར་བྱོན། རྒྱལ་པོ་དཀར་པོ་དྲུག་མདོས་ཀྱི་མདོས་ཆིངས་རིན་ཆེན་ཕྲེང་བའི་འདོན་ཟིན་ནི། ངག་འདོན་ཁྲིགས་བསྡེབས་ལྟར་བསྟོད་ལས་ཀྱི་རྫས་རྣམས་སྔགས་དྲུག་ཕྱག་དྲུག་དང་། ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་དཔའ་བོ་འབྲུ་ལྔའི་སྔགས་རྣམས་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ། དྲུག་མདོས་ཀྱི་མདུན་བསྐྱེད་ལས། ཨོཾ་སྭཱ་བྷཱ་ཝས་སྦྱང་། མདོས་ཐམས་ཅད་མི་དམིགས་པ་སོགས་ནས། མཚན་པར་གྱུར། རང་ཉིད་སྐད་ཅིག་གིས་་་གོང་ནོན་ཡི་དམ་རྟ་མགྲིན་ལ་སྦྱར་སྐབས་གཞུང་ལྟར་ཡིན་ཡང་། གཞན་དུ་ན།མཆན། དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། མདུན་གྱི་དཔལ་ཆེན་པོའི་ཐུགས་ཀའི་ཧཱུྃ་ཡིག་ལ་སོགས་ནས། གཙུག་ལག་ཆེན་པོ་ནས་ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་པ་སྤྱན་དྲངས་ཤིང་། མདུན་གྱི་རྟེན་དང་གཉིས་མེད་དུ་བཞུགས་པར་གྱུར། འོག་གི་སྟོད་ཀྱི་ལས་འཕྱོང་ལྟར། ཀྱཻ༔ སྔགས་འཆང་རྒྱལ་པོ་བདག་ཅག་གིས༔ སོགས་ནས། རྔ་གཤང་སྐད་ཀྱིས་འབོད༔ བར་གྱིས་སྙན་གསན་དབབ། གོང་གི་མདུན་བསྐྱེད་འཕྲོས་གཞུང་ལྟར། ཀྱཻ༔ སྔོན་ཚེ་དགུང་སྔོན་སོགས་ཀྱིས་སྤྱན་དྲངས། འོག་གི་སྟོད་འཕྱོང་ལྟར། ཀྱཻ༔ དེ་རིང་སྲིད་པའི་མདོས་གཏོང་ལ༔ སོགས་རྔ་རབས་དང་། སྲིད་པའི་ཁོག་ཕུབ་གྱེར། གླུད་ལ་ཕྱག་ཡུག་མ་བསྙབ་ཅིག༔ བར། འོག་ནས། སྲུང་མ་བསྐུལ་བ། དབང་སྡུད། ཟིལ་གནོན་རྣམས་བྱ། འོག་ནས། ཀྱཻ༔ སྲིད་པའི་མདོས་ཀྱི་གཞི་གང་འདིར༔ སོགས་ནས། འདི་རུ་མ་འགྲིམས་ཤིག༔ བར་གྱིས་མི་དབང་བཀར། དེའི་གོང་གི །ཀྱཻ༔ སངས་རྒྱས་རྐང་གཉིས་སོགས་བདེན་བརྗོད། ཡས་བཞེས་འཚལ༔ བར། འོག་གི་ཁྲུས་གསོལ། སྤོས་རབས། གོང་ནས། ཀྱཻ༔ དེ་རིང་སྐྱེམས་འདི་སོགས་གསེར་སྐྱེམས་འབུལ། ཐམས་ཅད་གནང་བར་མཛོད༔ བར། འོག་ནས། ཀྱཻ༔ གཏོ་ཡས་བསགས་པ་གང་ནས་སོགས་ཀྱིས་བྱུང་ཁུང་བཙལ་ཞིང་། ཡོན་ཏན་བརྗོད། གོང་ནས། ཀྱཻ༔ དེ་རིང་སྲིད་པའི་མདོས་གཏོང་ངོ༔ སོགས་ནས་ཐུན་དབབ་པ་རྣམས་དང་། མདོས་གཞུང་དངོས་ཏེ་བར་འཕྱོང་ལ། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ སོགས་ཀྱིས་ཡས་སྟགས། ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ བར་གྱེར་ཞིང་། སྨད་ཀྱི་ལས་འཕྱོང་མཇུག་གི་སྐུ་གླུད་ལ། སམྦྷ་ར་དང་། མཚན་བཞི་བརྗོད་དེ། ཀྱཻ༔ བདག་དང་རྒྱུ་འབྱོར་ཡོན་བདག་གིས༔ སོགས་མཐར་ཆགས་སུ་གྱེར། སྨད་ཀྱི་ལས་འཕྱོང་གི་དཀྱུས་ལས། ཀྱཻ༔ སྣང་ཞིང་སྲིད་པའི་སོགས་མདོས་གཏང་བ། ཁ་བསྒྱུར། དབང་བསྐུར། རྫོངས་འདེབས། གཡང་ལེན། བཀའ་བསྒོ། ཁལ་འགེལ། ཁྲམ་ཁ་བསྒྱུར་བ་རྣམས་དང་། གོང་གི་གཞུང་བར་འཕྱོང་ལས། ཀྱཻ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས༔ སོགས་བཀའ་བསྒོ་བ། འཁོར་འདིར་གནོད་པ་མ་བྱེད་ཅིག༔ བར། འོག་གི་སྨད་འཕྱོང་གི་མཇུག་ལས། ཀྱཻ༔ སྣང་སྲིད་ལྷ་འདྲེ་གཉན་པོ་རྣམས༔ སོགས་སྒོ་དབྱེ། གཤེགས་ཡུལ་བཙལ་བ། ལམ་བསྟན། ཞིག་སའམ་མི་རྟག་སྟོན་པ། གྲུབ་གནས། སྐོས་འདེབས་རྣམས་དང་། གོང་གི་གཞུང་བར་འཕྱོང་མཇུག་གི །ཀྱཻ༔ ད་ནི་རྒྱལ་པོ་བཞུད་རེ་རན༔ སོགས་གཤེགས་ཞུས་དང་རྫོངས་འདེབས་བཅས་མདོས་བསྐྱལ་ལོ། །ཤེར་སྙིང་དགུ་ཟློག་བྱ། སྲུང་འཁོར་བསྒོམ་ཞིང་། ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །ཞེས་པ་འདིའང་ཉེར་མཁོའི་སླད་དུ་གྲོང་སྔགས་མཁན་པོ་མཁའ་ཁྱབ་རྡོ་རྗེར་འབོད་པས་འདུ་བགྱིས་པའོ། །མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
དཔལ་ལྡན་རྡོ་རྗེ་གཤོག་རྒོད་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 50)
ཨཱོྃ་སྭསྟི། རྒྱལ་བ་ཀུན་གྱི་ཕྲིན་ལས་མ། །རྡོ་རྗེ་གཤོག་རྒོད་རེ་མ་ཏཱིར། །བཏུད་ནས་དེ་ཡི་སྒྲུབ་པའི་ཐབས། །རྗེས་གནང་བཅས་པ་འདིར་བཤད་བྱ། །འདིར་ཉང་གཏེར་མ་མོ་རྡོ་རྗེ་གཤོག་རྒོད་མའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྟེགས་བུའི་ཁར་ཆོས་འབྱུང་ཟླ་གམ་གསུམ་ལྡན་མེ་རིས་བསྐོར་བའི་དབུས་སུ་འབྲུ་ནག་གི་ཚོམ་བུ་བཀོད། དེར་གཏོར་མ་གྲུ་གསུམ་ཤ་ཁྲག་སོགས་དམ་རྫས་ཀྱིས་བརྒྱན་པ་ལ་མདའ་དར་དང་ཙཀ་ལི་བཙུགས། མདུན་དུ་འབུལ་གཏོར། གཡས་གཡོན་དུ་སྨན་རཀ །མཐའ་མཆོད་པས་བསྐོར། རྡོར་དྲིལ་ལ་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་ཐབས་ནི། ཁྲོ་བོའི་རྒྱལ་པོ་གང་འོས་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཆོད་གཏོར་བྱིན་གྱིས་བརླབ། རང་གི་མདུན་དུ་ཁྲག་ཞག་འཁྲུག་པའི་རྒྱ་མཚོ་ཆེན་པོའི་ཀློང་། མེ་རླུང་དམར་ནག་འབར་ཞིང་འཚུབས་པའི་དབུས་སུ་ཀཾ་ལས་དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་རྩལ་སྨུག་ནག་ཞལ་གཅིག་ཕྱག་གཉིས་མ་ཁྲོ་གཏུམ་འཇིགས་པའི་ཉམས་ཅན། གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པའི་མཆན་དུ་ནེའུ་ལེ་བཟུང་བ། རྡོ་རྗེའི་གཤོག་པ་གདེངས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་དང་བ་ལང་གི་པགས་པའི་སྨད་དཀྲིས་རེ་ལྡེའི་ཤམ་བུ་ཅན་འཕྱང་བ། ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་སྦྲུལ་ཆུན་དང་རུས་ཕྲེང་གིས་བརྒྱན་པ། ཁྲག་ཞག་གི་ཐིག་ལེས་མཚན་པ། ལྟེ་བ་ནས་ཉི་མ་དང་སྤྱི་བོ་ནས་ཟླ་བ་འཆར་ཞིང་མ་མོའི་ཆས་ཐམས་ཅད་ཀྱིས་སྤྲས་ཏེ་དྲེལ་རྟ་རྐང་གསུམ་ལ་ཞོན་ནས་མ་མོ་འབུམ་སྡེའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་མོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། བྷྱོ༔ དཔལ་ལྡན་གཉན་གྱི་རེ་མ་ཏཱི༔ ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས༔ ཉི་མ་ཟླ་བའི་འོད་ཟེར་འཕྲོ༔ ནག་མོ་མི་བཟད་ཆོ་འཕྲུལ་ཅན༔ མིང་པོས་འབོད་ཀྱིས་ད་ཚུར་བྱོན༔ བྷྱོ་རཀྨོ་དུ་ར་དུནྟིང་བྷྱོ༔ ཁ་ཁ་དུ་ར་དུནྟིང་བྷྱོ༔ ཧེ་ར་དུ་ར་དུནྟིང་བྷྱོ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛ༔ ཞེས་སྤྱན་དྲངས། བྷྱོ༔ སྲིད་གསུམ་དབང་སྡུད་ནག་མོ་རེ་མ་ཏཱི༔ མཐིང་ནག་རལ་པ་སྤྲིན་ཕུང་གཏིབས་པ་འདྲ༔ ཏི་རའི་གནས་ནས་བྱིས་པའི་དུར་བྱེད་མ༔ མི་དུར་གཅོད་བྱེད་ནག་མོ་བཞུགས་སུ་གསོལ༔ མ་མོ་ནག་མོ་ས་མ་ཡ་ཏིཥྛ་ལྷན༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཞུགས་སུ་གསོལ་ནས་གཉིས་མེད་དུ་བསྟིམ། མ་ཧཱ་ཀཱ་ལི་དེ་བཱི་ས་མ་ཡ་སཏྭཾ༔ ཞེས་དམ་ལ་གཞག །བྷྱོ༔ འདོད་པ་ཁམས་ཀྱི་དབང་ཕྱུག་མ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ དཔལ་ལྡན་རྡོ་རྗེ་གཤོག་རྒོད་རྩལ༔ བདག་ནི་བརྡ་ཡིས་ཕྱག་བགྱི་འོ༔ མ་མོ་ནགྨོ་རཀྨོ་ས་མ་ཡ་ཨ་ཏི་པཱུ་ཧོ་པྲ་ཏི་པཱུ་ཧོ༔ ཞེས་ཕྱག་བྱ། ཨཱོྃ་མ་ཧཱ་ཀཱ་ལ་རེ་མ་ཏཱི་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་ཐུན་མོང་གི་མཆོད་པ་དང་། ཨཱོྃ་མ་ཧཱ་བ་ལིནྟ་ཁ་རཾ་ཁཱ་ཧི༔ ཡོ་གི་ནཱི་ཁ་རཾ་ཁཱ་ཧི༔ ཌཱ་ཀི་ནཱི་ཁ་རཾ་ཁཱ་ཧི༔ སྟཾ་པ་བྷ་ག་ཏ་ཨ་ཀ་ས་ལ་ཧོ༔ ཞེས་པ་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ། ཨཱོྃ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཨཱོྃ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་དང་རཀྟ་ཕུལ་ནས། སྙིང་པོ་ནི། ཏདྱ་ཐཱ༔ རུ་རུ་བི་ཏིཥྛ་བད་དྷོ་མ་མོ་རཀྨོ་ཙིཏྟ་ཁ་རཀྨ་བྷྱོ་བྷྱོ་སྭཱ་ཧཱ༔ ཞེས་ཅི་ནུས་སུ་བཟླ། བྷྱོ༔ དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ༔ སྐུ་མདོག་མཐིང་ནག་ཆེན་པོ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཕྱག་གཡས་རལ་གྲི་འབར་བ་བསྣམས༔ གཡོན་པའི་ཕྱག་གིས་ནེའུ་ལེ་འཛིན༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ སྐུ་ལ་མི་ལྤགས་གཡང་གཞི་གསོལ༔ ལྷ་མོ་རྡོ་རྗེ་དབང་སྒྲུབ་མ༔ ཕྲིན་ལས་བཅོལ་བའི་དུས་ཀྱི་ཚེ༔ ཉིན་གསུམ་ཁྲ་ལྟར་འཁྱུག་ཅིང་བྱོན༔ མཚན་གསུམ་གློག་ལྟར་འཁྱུག་ཅིང་བྱོན༔ བསྟན་པ་བསྲུང་བའི་དུས་ལ་བབ༔ མ་གཅིག་རྡོ་རྗེ་གཤོག་རྒོད་མ༔ དགྲ་བོ་འཇོམས་པའི་དུས་ལ་བབ༔ དཔལ་ལྡན་རྡོ་རྗེ་རེ་མ་ཏཱི༔ རཀྟའི་མཆོད་པ་འདི་བཞེས་ཤིག༔ བདུད་རྩི་སྨན་གྱི་མཆོད་པ་གསོལ༔ ཤ་ཁྲག་གཏོར་མ་འདི་བཞེས་ཤིག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ ཞེས་བསྟོང་ཅིང་ཕྲིན་ལས་གསོལ། མཐར་གཏོར་མ་སྟོབ་པ་མཆོད་བསྟོད་བཟོད་གསོལ་སོགས་སྤྱི་དང་འདྲའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྒྲུབ་མཆོད་བཤད་མ་ཐག་པ་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་དང་ཕྱག་བྱ་གྲལ་དུ་འཁོད་པ་ལ་བགེགས་བསྐྲད་མཚམས་སྦྱོར་ཅི་རིགས་ལས། ཁྱད་པར་འདིར་བསྟན་པའི་བཀའ་སྲུང་མོ་རྒྱུད་ཐམས་ཅད་ཀྱི་གཙོ་མོར་གྱུར་པ་དཔལ་ལྡན་ལྷ་མོ་རྡོ་རྗེ་གཤོག་རྒོད་མར་གྲགས་པ་འདི་ཉིད། སྔོན་སྟོན་པ་ཤཱཀྱ་སེང་གེའི་སྤྱན་སྔར་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་དམ་བཅས། དེ་བཞིན་དུ་དཔལ་ཧེ་རུ་ཀཿདང་ཕྱག་ན་རྡོ་རྗེ་ལ་སོགས་པའི་སྤྱན་སྔར་ཡང་དམ་བཅས་ཤིང་དབང་བསྐུར་པ་སོགས་མདོ་རྒྱུད་དུ་མ་ནས་བསྟན་ཅིང་། ཁྱད་པར་འཇིག་རྟེན་གྱི་ཁམས་འདིའི་གནས་སོ་སོར་ཕྲིན་ལས་མཛད་པའི་ཚེ་རྒྱ་གར་དུ་ཧེ་ལེ་འབར་མ། ནུབ་ཕྱོགས་ཨོ་རྒྱན་དུ་རྡོ་རྗེ་སྣ་ཡོན་མ་དང་གཞན་ཡང་ལྷ་མོ་ནག་མོ་དང་རེ་མ་ཏཱི་ལ་སོགས་པར་གྲགས་ཤིང་། སློབ་དཔོན་ཆེན་པོ་པདྨས་གྲོམ་པ་རྒྱང་གི་གཏེར་གྱི་སྲུང་མར་བསྐོས་ནས་ལྷ་མོ་དྲེའུ་ཞོན་མ་དང་། བསམ་ཡས་ཀྱི་ཆོས་འཁོར་ཆེན་པོ་གཉེར་དུ་གཏད་པའི་ཚེ་རྡོ་རྗེ་གཤོག་རྒོད་མ་དང་། ལྷ་ས་སྐར་ཆུང་གི་སྲུང་མ་མཛད་པའི་ཚེ་རྡོ་རྗེ་གཡུ་སྒྲོན་མར་གྲགས་ཤིང་། ཕྱིས་བསྟན་པ་ཕྱི་དར་གྱི་དུས་ཉང་སྟོད་རྒྱན་གོང་དུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མགོན་དུ་བྱོན་པའི་དཔལ་ལྡན་རྡོ་རྗེ་རབ་བརྟན་མར་གྲགས་པ་དེ་ཡང་འདི་ཉིད་ལས་གཞན་དུ་མེད། དེ་ལྟ་བུའི་ལྷ་མོ་འདི་ལ་རྒྱུད་སྒྲུབ་ཐབས་ཀྱི་གདམས་པ་བཀའ་གཏེར་གྱི་སྲོལ་ཁ་ཇི་སྙེད་ཅིག་ཡོད་པ་ལས། འདིར་མངའ་བདག་ཆེན་པོ་ཉང་རལ་པ་ཅན་གྱི་གཏེར་ཁ་ལས་བྱུང་བ་བཞིན་དུ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ་ནི། ཤཱཀྱ་སེང་གེའི་བསྟན་པ་ལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་ལྡན་ལྷ་མོ་ནག་མོ་ཡི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༔ དབང་དང་ཕྲིན་ལས་བསྩལ་དུ་གསོལ༔ ཞེས་ལན་གསུམ་དང་། རྒྱུན་བཤགས་གང་འོས་ཤིག་བྱས་ནས། སློབ་མའི་མོས་ངོར་སླར་ཡང་གཏོར་མ་ལྷ་མོར་གསལ་བཏབ་ནས་སྤྱན་འདྲེན་དང་། སྤྲོ་ན་མཆོད་བསྟོད་ཀྱང་བྱས་ལ། གཏོར་མའི་ལྷ་མོའི་གནས་གསུམ་ལས་ལྷ་མོ་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་བཞིན་བྱུང་བ། སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་ཐོབ་པར་བརྡ་སྤྲད་ནས་གཏོར་མ་མགོ་བོར་བཞག་སྟེ། མ་མོ་མཁའ་འགྲོ་དམ་ཚིག་ཅན༔ མ་བས་བྱམས་ཤིང་སྲིང་བས་བརྩེ༔ གྲོགས་བས་དུངས་ཤིང་བྲན་བས་ཉན༔ བཀའ་སྡོད་སྲུང་མའི་དབང་ཐོབ་ཤོག༔ ཅེས་དང་རྩ་སྔགས་ཀྱི་མཐར་ཨཱོྃ་ཨཱཿཧཱུྃ༔ ཞེས་བཏགས་པས་རྒྱས་བཏབ། སྔགས་ཀྱི་བཟླས་ལུང་་་སྔ་མས་འགྲེ།བྱིན་ནས། སླར་ཡང་གཏོར་མ་ལག་ཏུ་གཏད་ནས། བཀའ་བསྒོ་གཉེར་གཏད་ཅི་རིགས་པའི་མཐར་སྙིང་པོའི་གཤམ་དུ་ཛཿཧཱུྃ་བཾ་ཧོཿ ཞེས་པས་མ་མོ་དགྱེས་ཤིང་བརྩེ་བས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ཞིང་། གཏོར་མའི་ཆ་ཤས་དང་ནང་མཆོད་ཅུང་ཟད་ཙམ་དངོས་གྲུབ་ཀྱི་དོན་དུ་བྱིན་ལ། དམ་ཚིག་ཁས་བླང་བ་སོགས་དང་། གཏོར་མ་སྟོབ་པ་སོགས་རྗེས་ཀྱི་ཆོ་ག་རྣམས་ཀྱང་སྤྱི་ལྟར་བྱའོ། །ཚུལ་འདི་ལ་སྔོན་དུས་བཀའ་གཏེར་ཐ་དད་པའི་སྒྲུབ་ཐབས་རྗེས་གནང་གི་བཀའ་ལག་ལེན་མི་འདྲ་བ་དུ་མ་བྱུང་འདུག་ཀྱང་། དེང་དུས་ཉང་གཏེར་གྱི་སྙིང་པོ་འདི་ཙམ་དང་། ཕྱི་འགྱུར་རྡོ་རྗེ་རབ་བརྟན་མའི་སྒྲུབ་ཐབས་བཀའ་མ་ཆད་ཙམ་ལས་མེད་པར་མངོན་ནོ། །མི་འ༵གྱུར་རང་རྩལ་ཐོགས་མེ༵ད་གར། །རྡོ༵་རྗེ༵་གཤོག་རྒོད་མ་མོའི་སྐུར། །ཡོངས་བཞེངས་སྒྲུབ་ཐབས་ཆེས་དཀོན་པའི། །སྙིང་པོ་གསལ་བར་བཀོད་པ་འོ། །དཔལ་ལྡན་རྡོ་རྗེ་གཤོག་རྒོད་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་ཆེན་སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་བདག་འཇུག་གི་ངག་འདོན་དགེ (Volume 62, Text 50)
རྫོགས་ཆེན་སྡེ་གསུམ་ནང་སྐོར་ཡི་དམ་ཁྲོ་བོའི་བདག་འཇུག་གི་ངག་འདོན་དགེ། བདག་འཇུག་ནི། ཁྲུས། བགེགས་བསྐྲད། སྲུང་འཁོར། མཎྜལ། མིག་དར། མེ་ཏོག །ཧོ༔ ཧེ་རུ་ཀཿདཔལ་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་སྲུང་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ སྣང་སྲིད་ཆོས་འབྱུང་ཆེན་པོའི་དབུས༔ བདག་ཉིད་མངོན་རྫོགས་རྒྱལ་པོ་ནི༔ ཧེ་རུ་ཀཿདཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉིར་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་བ༔ སློབ་དཔོན་ཧེ་རུ་ཀཿདཔལ་གྱི༔ ཐུགས་སྲོག་ཧཱུྃ་གིས་ཡེ་ཤེས་བཀུག༔ བདག་གི་སྙིང་གར་གཉིས་མེད་ཐིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་ཧཾ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱ་རལླི་ཨེ་ཧྱེ་ཧི་ཨ་ཧཾ༔ བཛྲ་ས་མ་ཡ་ཛཿཨ་ཧཾ༔ ཏིཥྛ་བཛྲ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་གྱུར། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀཿདཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཧེ་རུ་ཀཿདཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱི་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བར་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་མི་ཕྱེད་པ་འོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ རྗེས་གཙོ་བོས་ཇི་ལྟར་སོགས། མཎྜལ། དེང་ནས་བརྩམ་སྟེ་སོགས་བྱའོ།། །།
རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་ལས་བྱང་གི་འདོན་འགྲིག་ཕྱོགས་མཚོན་ (Volume 25, Text 50)
༄༅། །རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་ལས་བྱང་གི་འདོན་འགྲིག་ཕྱོགས་མཚོན་བཞུགས། ། ན་མོ་གུ་ར་བེ། དཔལ་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་གྱི་ཕྲིན་ལས་གཏང་བའི་ཚུལ་ལ་གསུམ། བསྙེན་པ། སྒྲུབ་ཆེན་དང་དབང་བསྐུར། ལས་སྦྱོར་ཟློག་པའི་དུས་སོ། །དེ་གསུམ་ཀ་ལས་བྱང་དང་མངོན་རྟོགས་ཁྲིགས་སུ་བསྡེབས་པ་འདི་ཉིད་ལ་བརྟེན་དགོས་པས་སྤྱི་ཁོག་ནས་འདྲ་ཡང་མངོན་རྟོགས་འདོར་ལེན་དང་རྒྱས་བསྡུས་ཀྱི་ཁྱད་པར་རྣམས་ཤེས་དགོས་པས། དང་པོ་རང་དོན་བསྙེན་པ་བྱ་བའི་སྐབས་སུ་མན་ངག་གསལ་སྒྲོན་ཉིད་རྩ་བར་བྱས་ནས་ནང་ལུས་དཀྱིལ་ལྟར་བསྒོམ་པ་ཉིད་གཙོར་བཏོན་དགོས་པས་ན། དེ་ནས་བཤད་པའི་དཀྱིལ་འཁོར་རྟེན་རྫས་གཏོར་མཆོད་རྣམས་ཚོགས་པར་བྱ། སྤྲོས་མེད་ཀྱི་རྣལ་འབྱོར་པ་དང་འབྱོར་པ་དམན་པ་དག་གིས་བསྙེན་པ་བྱེད་ན་སྤྱི་མཐུན་སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ཀྱང་ཆོག་སྟེ་བསྙེན་པ་ལུས་དཀྱིལ་གཙོ་ཆེ་བས་སོ། །ཕྲིན་ལས་ཐོག་མར་ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་བྱ། དཀར་བགེགས་གཏེར་རྙིང་ལས་བྱུང་བའི་རྒྱས་པ་ཞིག་སྦྱར་ན་ལེགས་པར་སྣང་བས་དགོངས་འདུས་ལུགས་ལྟ་བུའི་དཀར་གཏོར་བཏང་། རྟེན་རྫས་ཡོད་ན་སྐབས་འདིར་འགོད་དགོས་པས་ཕུར་པ་དང་བྱུགས་རྫས་སོགས་མདུན་དུ་བཞག་ལ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་ཅན། ཕྱག་གཡས་རྡོ་རྗེའི་ཐོ་བ་ཕྱར་ཞིང་གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་ཞགས་འཕྲོ་བ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང་མེ་ཕུང་འབར་བའི་དབུས་ན་འགྱིང་བར་གྱུར། ཅེས་གསལ་བཏབ་ལ། གསལ་སྒྲོན་ལྟར། རང་ཉིད་རྟ་མགྲིན་གྱི་སྐུར་གསལ་བའི་སོགས་ཕུར་བསྐྱེད། བྱུགས་བདུག་བྲབ་གསུམ་བཞུགས་གསོལ་རྣམས་བྱས་ལ། བཀའ་བརྒྱད་བདེ་འདུས་ཀྱི་དུས་གསུམ་བདེ་གཤེགས་ལྟ་བུ་བྱིན་འབེབ་སྤྱི་འགྲོ་དང་། གཟི་བྱིན་བསྐྱེད་པ་དང་སྔགས་དབྱངས་བྱ། དེ་ནས་བགེགས་གཏོར་བྱིན་བརླབ་བསྔོ་བ་སོགས་གཏེར་རྙིང་གཞན་ལྟར་བྱས་ལ་ལས་བྱང་གི་བགེགས་བསྐྲད། མེ་མཚམས་། ཁྲོ་བཅུའི་མཚམས་གཅོད། སྐྱབས་སེམས། མཆོད་པ་བྱིན་རླབས། བརྡ་སྒོ་ཕྱག དམ་བཅའ། བྱིན་འབེབས། བཤགས་པ། སྨན་རཀ་གཏོར་གསུམ་བྱིན་བརླབ་བཅས་སྔོན་འགྲོ་རྣམས་རྒྱས་པར་བཏང་། དངོས་བཞིའི་བསྐྱེད་རིམ་གསལ་སྒྲོན་ལྟར། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ནས། རིགས་ཀྱི་བདག་པོས་དབུར་བརྒྱན་པར་གྱུར། ཅེས་པའི་བར་གྱིས་ལུས་དཀྱིལ་གསལ་གདབ། ལས་བྱང་ལྟར་སྙན་གསན་དབབ་པ་ནས་བསྟོད་པའི་བར་བཏང་། དེ་ནས་གསལ་སྒྲོན་ལས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་སོགས་ཀྱིས་ཛཔ྄་དགོངས་གསལ་བཏབ་ལ། ལས་བྱང་ལྟར་བསྙེན་སྔགས་འབྲུ་ལྔ་བཅུ་རྩ་བརྒྱད་པ་བཟླ། ཐུན་མཐར་ཁ་སྐོང་དབྱངས་གསལ་དང་རྟེན་སྙིང་། སྟོང་ཚིགས་ཡེ་ཤེས་ལྷ་ཚོགས་དང་ཡིག་བརྒྱ་བརྗོད། ཟུར་གསལ་གཏོར་མའི་ལས་རིམ་ལྟར་བྱིན་བརླབ་ནས་མཆོད་བསྟོད་བར་གྱིས་གཏོར་མ་འབུལ། ནོངས་བཤགས་གཏོར་མགྲོན་བརྟན་བཞུགས་སྤྱི་མཐུན། །གསལ་སྒྲོན་ལྟར། ཕྱི་སྣོད་ཀྱི་འཇིག་རྟེན་སོགས་ཀྱིས་བསྡུ། ཆོས་ཀྱི་སྐུའི་དབྱིངས་སོགས་ཀྱིས་ཐུན་མཚམས་ལྷར་ལྡངས། དགེ་བསྔོ་བཀྲ་ཤིས་ལས་བྱང་ལྟར་བྱ། ཐུན་རྗེས་མ་རྣམས་ལ་ལས་བྱང་གི་སྐྱབས་སེམས་དང་མཆོད་པ་བྱིན་བརླབ། སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་བྱིན་བརླབ། གསལ་སྒྲོན་ལྟར་ལྷ་བསྐྱེད། ལས་བྱང་གི་སྤྱན་འདྲེན། ཧྲཱི༔ ནུབ་ཕྱོགས་བདེ་ལྡན་ནས། དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ སྔགས་བརྗོད། བཞུགས་གསོལ་ཡང་དེ་མཚུངས། ཧཱུྃ༔ བརྗོད་མེད་སྤྲོས་བྲལ་སོགས་ཚན་དང་པོའི་མཐར་སྔགས་བརྗོད། ཕྱག་འཚལ་དང་པོའི་ཤློ་ཀ་གཉིས་ཀྱི་མཐར་སྔགས། མཆོད་པ། ཧཱུྃ༔ དབུས་མཐའ་མེད་པ་ནས། ཚིམས་པར་བཞེས་སུ་གསོལ༔ ཞེས་པ་ཙམ་གྱི་མཐར། གཏོར་མའི་ལས་རིམ་ནས་འབྱུང་བའི་མཆོད་པ་དང་། བསྟོད་པ་ཤློ་ཀ་ཙམ་གྱིས་འཐུས་པར་བྱས་ན་སྟབས་བདེའོ། །དགོང་ཐུན་ལ་ཚོགས་མཆོད་དུས་བཟང་སོགས་སྐབས་སུ་འབུལ་དགོས་ཤིང་ལྷག་ཆོག་ལས་བྱང་དཀྱུས་ཀྱིས་འཐུས། དེ་འཕྲོས་གཏང་རག་མཆོད་བསྟོད་དང་ནོངས་བཤགས་ཕྱིན་ཆད་མཐར་དབྱུང་། སྔ་ཐུན་ལ་བརྒྱུད་འདེབས། མཚམས་གཅོད་སོགས་སྔོན་འགྲོ་དང་ལས་བྱང་རྒྱས་པ་ཚར་རེ་གྲུབ་ན་ལེགས། བསྙེན་ཚད་རྒྱས་པ་འབུམ་ཕྲག་བཞི། ལས་རུང་ཙམ་ལ་འབུམ་ཕྲག་གཅིག་གིས་གྲུབ། དེ་ལྟར་རྩ་བསྙེན་ཐེམས་ནས་སྒྲུབ་པའི་སྔགས་གསལ་སྒྲོན་ནས་འབྱུང་བ་ལྟར་གཙོ་བོ་ལ་འབུམ། འཁོར་སོ་སོའི་སྒོས་བསྙེན་ཁྲི་ཚོ་རེ་བཟླ། དེ་གྲུབ་ནས་ལས་སྦྱོར་ས་བཅད་ཙམ་དུ་བསྙེན་སྔགས་ལ་ལས་བྱང་གི་སྔགས་ཤམ་སྤྱིར་གདགས་པ་བསྙེན་སྒྲུབ་བཅུ་ཆ་ཙམ་དང་། བྱེ་བྲག་སྒོས་སྲོག་གང་འོས་བཟླ། བསྙེན་སྒྲུབ་གྲུབ་སྐབས་བཟླས་པ་དང་གཏོར་འབུལ་རྗེས་བསྟོད་པ་རྔམ་ཆེན་འགྱིང་གླུ་གཏང་། ཚོགས་དང་ལྷག་ཆོག་རྒྱས་པ། བརྟན་མ་ཆད་མདོ་བྲོ་རབས་བཅས་སྦྱར། གཏང་རག་མཆོད་བསྟོད་རྒྱས་པ་དང་། དངོས་གྲུབ་བླངས། ནོངས་བཤགས་ལ་སོགས་དཀྱུས་ལྟར་ལ། ཁ་སྐོང་སྦྱིན་སྲེག་བསྙེན་པའི་བཅུ་ཆ་དགོས་པས་སྲེག་པ་མེའི་ལས་གཞིར་བཞག །ཐབ་དང་བསྲེག་རྫས་ལྷའི་སྐུ་མདོག་སྔགས་སོགས་ཞི་བ་ཁོ་ནར་བསྒྱུར་ཤེས་པར་བྱའོ། །དེས་ལུས་དཀྱིལ་ལ་བརྟེན་ཏེ་བསྙེན་པ་ལ་ནང་གསེས་སུ་དབྱེ་བའི་བསྙེན་སྒྲུབ་ལས་སྦྱོར་གསུམ་ཀ་གྲུབ་པ་ཡིན་ནོ། ༈ །གཉིས་པ་སྒྲུབ་པ་དངོས་ཕྱི་དཀྱིལ་ལ་བརྟེན་པ་གཙོ་ཆེ་བས། དཀྱིལ་འཁོར་དང་རྟེན་རྫས་གཏོར་མཆོད་སོགས་གསལ་སྒྲོན་ནས་བཤད་པ་ལྟར་འཚོགས་པར་བྱས་ཏེ། འདོན་འགྲིག་ལྟར་བསྙེན་པའི་སྐབས་སུ་སྨོས་པ་ཉིད་སོར་བཞག་པ་ལས། དངོས་གཞིའི་བསྐྱེད་རིམ་གསལ་སྒྲོན་ལུས་དཀྱིལ་མི་སྦྱོར་བར་ལས་བྱང་དཀྱུས་ཀྱི་མངོན་རྟོགས་དང་། བཟླས་དམིགས་ཀྱང་ལས་བྱང་ལས་འབྱུང་བ་དེ་ཀས་འཐུས་ཤིང་། བསྒོམ་ཚུལ་བདག་མདུན་དབྱེར་མེད་ལ། བཟླས་པའི་འགོར་ཛཔ྄་ཁང་དབྱེ། བསྙེན་སྔགས་རིང་མོ་དང་གསལ་སྒྲོན་གྱི་སྒྲུབ་སྔགས་གཙོ་བོར་བཟླ། ལས་སྦྱོར་ཡང་སྐབས་འདིའི་རྗེས་ཐོག་ཏུ་གལ་ཆེ། ཐུན་མཐར་ཁ་སྐོང་སྟོང་ཚིགས་གཏོར་འབུལ་རྣམས་སྔར་ལྟར་དང་། ཐུན་གང་རུང་ཞིག་མཐར་བསྐུལ་ཆེན་མོ་ངེས་པར་སྦྱོར་ཞིང་ཚོགས་མཆོད་ཀྱང་ཉིན་རེ་བཞིན་གྲུབ་དགོས། ཐུན་སྔ་མ་རྣམས་ལ་གཏོར་འབུལ་ནོངས་བཤགས་བརྟན་བཞུགས་གྲུབ་ནས་འཇོག །བསྡུ་ལྡང་མི་དགོས། ཐུན་རྗེས་མ་རྣམས་ལ་མངོན་རྟོགས་ཀྱིས་གསལ་འདེབས་བསྐྱར། སྤྱན་འདྲེན་སོགས་མདོར་བསྡུས་བྱ་བའི་ཚུལ་གོང་དུ་སྨོས་པ་ལྟར་དང་། དགོང་མོ་ཆོས་སྲུང་གཏོར་འབུལ། སྲོད་ཐུན་མཐར་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་སོགས་བྱ། སྒྲུབ་པ་དུས་གྲངས་རྟགས་ཀྱི་ཚད་གང་བྱེད་ཀྱང་གྲུབ་པའི་རྗེས་ཀྱི་བྱ་བ་རྣམས་ཀྱང་བསྙེན་པའི་སྐབས་སུ་སྨོས་པ་བཞིན་ནོ། །སྒྲུབ་ཆེན་ཚོམ་བུ་ཚོགས་སྒྲུབ་བྱེད་ན་སྒྲུབ་ཁོག་སྤྱི་འགྲོ་ཞིག་སྦྱར་བའི་ཕྱག་ལེན་དང་ཆོ་གའི་འགྲོས་རྣམས་དེ་ལྟར་ལ། རྟེན་ཕུར་རྒྱན་འགོད་སྐབས་སུ་འགོད། བྱིན་འབེབ་སྒྲུབ་ཁོག་གི་དཀྱུས་ལྟར་སྦྱར་བས་འཐུས། ལས་བྱང་གོང་དུ་སྒྲུབ་པའི་སྐབས་སུ་བཤད་པ་ལྟར་ལ། འདི་ཐམས་ཅད་ལ་མངོན་རྟོགས་སྐབས་ཁྲོ་བཅུ་སྲུང་བའི་དུས་ཀྱི་དཀར་པོ་ཁོ་ན་བསྒོམ། སྒྲུབ་ཆེན་སྐབས་འདིར་མཆོད་བསྟོད་ཚོགས་སྐོང་སོགས་སྤྲོས་པ་ཇི་ཙམ་རྒྱས་བཞིན་ལེགས་ཀྱང་བཟླས་གྲངས་མི་འགྲོ་ན་ཅུང་ཟད་བསྡུ་བ་སོགས་སྐབས་བསྟུན་བྱའོ། ༈ །དབང་བསྐུར་སྐབས་ཀྱི་འདོན་འགྲིག་ནི་དབང་བསྒྲིགས་སུ་བཤད་པ་ལྟར་རོ། ༈ །གསུམ་པ་ཟློག་པའི་ལས་སྦྱོར་སྐབས། རྟེན་ཕུར་འགོད་པ་དང་བདག་བསྐྱེད་ལུས་དཀྱིལ་བསྒོམ་པ་སོགས་གསལ་སྒྲོན་དུ་བཤད་པ་རྣམས་མི་དགོས་པས། བརྒྱུད་འདེབས་དང་དཀར་བགེགས་སྔོན་དུ་འགྲོ་བས་ལས་བྱང་ཉིད་མཐར་ཆགས་སུ་གཏང་། མངོན་རྟོགས་ལྷ་བསྐྱེད་སྐབས་བདག་བསྐྱེད་འཁོར་དུ་ཁྲོ་བཅུ་སྲུང་བའི་དུས་ལྟར་དཀར་པོ་དང་། ཟློག་གཏོར་གྱི་གོ་སར་མདུན་བསྐྱེད་ཀྱི་ཁྲོ་བཅུ་ཟློག་དུས་ཀྱི་ནག་པོ་བསྒོམ་པ་སྟེ། ཚིག་རིས་གཅིག་གིས་བདག་མདུན་གཉིས་སུ་བསྒོམས་ནས་སྤྱན་འདྲེན་མན་ཆད་དུས་གཅིག་ཏུ་བྱེད་པ་སྟབས་བདེ་བ་ལས། ཟློག་དཀྱིལ་ཟུར་དུ་འདོན་སྒོམ་བྱེད་པ་སོགས་འདི་རང་ལ་ཡིག་ཆ་སྒེར་དུ་ཡོད་པར་སྣང་། བཟླས་པའི་སྐབས་བསྙེན་སྒྲུབ་ལས་སྦྱོར་གསུམ་ཀའི་སྔགས་བཟླ་གྲུབ་ན་ལེགས་ཤིང་། མི་འགྲུབ་ན་བསྙེན་སྔགས་རིང་མོ་ཉིད་སྤྱི་དྲིལ་ཡིན་པས་དེ་དང་། སྔགས་ཤམ་སྤྱིར་གདགས་པ་ཙམ་གྱིས་འཐུས། སྟོང་ཚིགས་མཆོད་བསྟོད། གཏོར་འབུལ་བཅས་གྲུབ་ནས་ཆོས་སྲུང་གཏོར་ཆོག་གཏང་། ཚོགས་བྱིན་བརླབ་ནས་སྐོང་བཤགས་ཡན་སོང་མཚམས་བདེ་གཤེགས་སྤྱི་བསྐུལ་ཆེན་མོ་སྦྱར། གསེར་སྐྱེམས་དཔང་གཟུ་རྣམས་སྤྱི་འགྲོ་གཏང་། ལས་བྱང་གི་ཧོམ་བསྐྱེད་དང་བསྐུལ་ཤོ་ལོ་ཀ་གཅིག་པོའི་འཕྲོས། ཚིག་ལྷུག་འགུགས་གཞུག་སྤྱི་འགྲོ་ལན་གསུམ། ལས་བྱང་གི་ཕྱག་རྒྱ་བཞི་བསྐུལ། དབྱེ་འབེབས་དྲུག་པོ་རེ་རེའི་གཤམ་དུ། བསྙེན་སྔགས་ཀྱི་གཤམ་དུ་སོ་སོའི་སྔགས་བཏགས་པ་ལན་གསུམ་མམ་རེ་རེ་བརྗོད། བསྒྲལ་བསྟབ་རྗེས་སུ་རྩ་བའི་བསྟོད་པ་རྔམ་ཆེན་འགྱིང་གླུ་གྱེར། ཟློག་བྱང་ཚར་གང་འོས་ཟློག་སྔགས་བགྲང་བ་རྣམས་བྱ། ཞག་གྲངས་བྱེད་ན་འདི་མཚམས་ཚོགས་ལ་རོལ་ཞིང་ལྷག་མ་སོགས་རྗེས་ཆོག་མཐར་དབྱུང་། གཏོར་མ་འཕེན་སྐབས་ལྷག་ཆོག་རྗེས་གསེར་སྐྱེམས་བཏང་། བརྟན་མ་དང་ཆད་མདོའི་རྗེས་ཟོར་དུ་བསྐུལ་བ་གཏོར་མའི་ལས་རིམ་མཇུག་གི །ཧཱུྃ༔ དགོངས་སུ་གསོལ་ལོ་སོགས་ཟློག་ཐུང་དེ་ཚར་གཅིག་གམ་གསུམ་བརྗོད་ལ་གཏོར་མ་འཕང་། བྲོ་བརྡུང་བ་དང་ཚེ་འགུག་སྤྱི་རྒྱུག་བྱང་གཏེར་ལྟ་བུ་སྦྱར། གཏང་རག་མཆོད་བསྟོད་ནས་བཀྲ་ཤིས་བརྗོད་པའི་བར་སྔ་མ་རྣམས་ལྟར་བྱས་པས་གྲུབ་བོ། །ཞེས་པའང་བློ་རྨོངས་རྣམས་ལ་ཕྱོགས་མཚོན་ཙམ་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།
སྔགས་འབུམ་རྡོ་རྗེའི་གོ་ཁྲབ་ལས༔ ལས་ཚོགས་བསྟན་པའི་ཆོས་ཚན་ (Volume 42, Text 50)
༄༅༔ སྔགས་འབུམ་རྡོ་རྗེའི་གོ་ཁྲབ་ལས༔ ལས་ཚོགས་བསྟན་པའི་ཆོས་ཚན་བཞུགས་སོ༔ ྈྈྈྈྈ རྡོ་རྗེའི་གོ་ཁྲབ་ལས་ཚོགས་ལ༔ བསྒོམ་མ་སྐྱེས་ན་སྐྱེད་ཐབས་ལ༔ སྤྱི་བོར་རྩ་བའི་བླ་མ་བསྒོམ༔ དེ་ལ་བརྒྱུད་པའི་བླ་མས་བསྐོར་བར་བསམ༔ དེ་དག་གི་ཐུགས་ཀྱི་དགོངས་པ་མ་ལུས་རང་གི་རྒྱུད་ལ་སྐྱེས་པར་བསམ༔ དེ་དུས་རང་སེམས་མ་བཅོས་བཞག༔ བདེ་སྡུག་གང་སྐྱེས་ཀྱང་མ་བཅོས་པར་བཞག༔ དེ་འཇོག་མཁན་མ་བརྗེད་པར་ཅེར་གྱིས་བལྟས༔ རྟོགས་པ་སྐྱེ་བར་ཐེ་ཚོམ་མེད༔ ༈ ཡང་འགལ་རྐྱེན་ཟློག་པར་འདོད་ན༔ རང་སློབ་དཔོན་པདྨར་བསམ༔ བགེགས་མདུན་དུ་བཀུག་སྟེ༔ རང་གི་སྙིང་ག་ནས་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ བགེགས་ལ་ཕོག་སྟེ་བགེགས་ཀྱི་གནོད་སེམས་ཞི་བར་བསམ༔ ༈ ནོར་འདོད་ན༔ རང་གི་མདུན་གྱི་ནམ་མཁར་སློབ་དཔོན་པདྨ་ལ་འཁོར་ནོར་ལྷས་བསྐོར་བར་བསམ༔ སྔགས་འབྲུ་སུམ་ཅུ་བཟླ༔ ཨོཾ་པདྨ་ཤ་ཝ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན༔ བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ ༈ དགྲ་སྒྲོལ་བར་འདོད་ན༔ རང་གུ་རུ་དྲག་པོར་བསྐྱེད༔ དེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རལ་གྲིའི་རྣམ་པ་ཅན་གཅིག་འཕྲོས་པས༔ དགྲ་བགེགས་ཀྱི་སྲོག་རྩར་ཕོག་སྟེ་སྲོག་བཅད་པར་བསམ༔ དགྲ་བོའི་ལུས་བསྒྲལ་ནས་སེམས་དེ་ཧཱུྃ་དུ་བསྒྱུར་རོ༔ ཧཱུྃ་དེ་སློབ་དཔོན་གྱི་ཐུགས་ཀར་བསྟིམ་མོ༔ ཡང་ན་ཞིང་ཁམས་སོ་སོར་འཕོ༔ སྔགས༴ ༈ ལྟས་ངན་ཟློག་པར་འདོད་ན༔ རང་རྡོ་རྗེ་གྲོ་ལོད་དུ་བསམ༔ ལག་སོར་བཅུ་པོ་ཁྲོ་བོ་བཅུ་རུ་བསྐྱེད༔ ཁྲོ་བོ་བཅུ་ལ་མེ་འབར་བས་རང་གི་སྲོག་ལ་གཞན་གྱི་གནོད་སེམས་མ་ལུས་པ་འཇོམས་པར་བསམ༔ སྔགས༴ ༈ རིམས་བསྲུང་ན༔ རྒྱ་ཤོག་དཀར་པོ་ལ་རྒྱ་སྣག་གིས་སྔགས་བྲིས་ནས༔ ཡི་གེ་གཞན་གྱིས་མ་མཐོང་བར་བྱེད༔ ཨོཾ་ནས་སྒྲིལ༔ རྫས་ལ་གླ་རྩི༔ གུ་གུལ་དཀར་ནག༔ ཤུ་དག་ནག་པོ༔ མུ་ཟི་ནག་པོ༔ ཤིང་ཀུན༔ ཨ་རུ་ར༔ གི་ཝཾ༔ ཁ་ཆེ་སོགས་བྱུག་གོ༔ ༈ གཟའ་བསྲུང་ན༔ སྔགས་རྒྱ་ཤོག་དཀར་པོ་ལ་བྲི༔ གཟའ་དུག་ནག་པོ་བྱུག༔ རང་ཉིད་ངོ་བོ་ཨོ་རྒྱན་པདྨ་ལ་རྣམ་པ་ཕྱག་ན་རྡོ་རྗེར་བསྐྱེད༔ ཟབ་ྀཨཚ༔ ༈ ཞོ་ཉེས་ཆང་ཉེས་བསྲུང་ན༔ དུར་རྡོ་ལ་སྔགས་བཏབ་པས་ཆོག༔ ༈ གཉིད་མ་བྱུང་ན་ཡོང་ཐབས་ལ༔ གསང་གནས་སུ་ཐིག་ལེ་ནག་པོ་བསྐྱེད༔ སྨིན་མཚམས་སུ་ཐིག་ལེ་ནག་པོ་བསམ་ལ་སེམས་ཀློད༔ ༈ གཉིད་ཆེ་ན་སངས་ཐབས་ལ༔ རང་གི་སྙིང་གར་ཐིག་ལེ་དམར་པོའི་གདན་ལ༔ ཡི་གེ་ཧཱུྃ་སྔོན་པོ་བསྐྱེད༔ ལྕེ་སྟེང་དུ་ཐིག་ལེ་དམར་པོ་ལ་ཨ་དམར་པོ་བསམ༔ སྤྱི་བོར་ཐིག་ལེ་དཀར་པོ་ལ་ཨོཾ་དཀར་པོར་བསམ༔ ཟབ༔ ༈ ལམ་གྱི་འཇིགས་པ་བསྲུང་ན༔ རང་ཉིད་སློབ་དཔོན་དུ་བསམ༔ འཁོར་གིང་ཆེན་སྡེ་བཞིས་བསྐོར་བར་བསམ༔ དེའི་འཁོར་དུ་ཆོས་སྐྱོང་སྲུང་མས་བསྐོར་བར་བསྐྱེད༔ སྔགས༴ ༈ ཀླུའི་འཇིགས་པ་བསྲུང་ན༔ རང་སློབ་དཔོན་པདྨ་ལ་རྣམ་པ་བྱ་ཁྱུང་རི་རབ་ཙམ༔ དེའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་བྱ་ཁྱུང་གྲངས་མེད་པ་བྱུང་ནས༔ དེ་དག་ཐམས་ཅད་ཀྱིས་ཀླུ་ཟ་བ་ལ་ཆས་ནས་རྐན་སྒྲ་དང་སྭོ་སྒྲ་འབྲུག་ལྟར་གྲགས་པར་བསམ༔ རྐང་མཐིལ་དུ་གླ་རྩི་ཅུང་ཟད་ཀྱང་བྱུག་གོ༔ ༈ ཤུ་བ་ལ༔ བོང་བུའི་རྐང་དང་ཕག་གི་ཚིལ་བུ་ལ་སྔགས་བཏབ་སྟེ་ཤུ་བ་གོ་མཐའ་ལ་བསྐུས་ན་ཟབ་བོ༔ ༈ རོ་ལང་འདུལ་ན༔ རང་ཉིད་གུ་རུ་མཐིང་ག་རྩལ་དུ་བསྒོམ༔ བྱི་ནག་བྲུལ་དང་ཡུངས་དཀར་ལ་སྔགས་བཏབ་སྟེ་རོ་ལ་བྲབ་པར་བྱ༔ རང་གི་རྐང་མཐིལ་རོའི་དཔྲལ་བར་བཞག༔ སྔགས་ནི་ཤིན་ཏུ་དྲག་ལ་མང་བར་བཟླ་འོ༔ གསང་བའི་ཁ་བཅད་གཅེས༔ ༈ ཡང་རང་ཉིད་ལ་གནོད་འཚེ་བསྲུང་ན༔ རང་ཡི་དམ་དུ་བསྐྱེད༔ རང་གི་སྙིང་ནང་དུ་གུ་རུ་དྲག་པོ་རྩལ་ཚོན་གང་པ་ཞིག་བསྐྱེད༔ སྲིན་ལག་གཉིས་ཀྱི་ནང་དུ་ཧཱུྃ་རེ་རེ་བསྒོམ༔ སྔགས༴ ༈ སྐྲང་སྦོས་བསྲུང་ན༔ བལ་ནག་ལ་སྐུད་པ་ཕྱི་སྒྲིལ་བྱས་ལ་མདུད་པ་གསུམ་བརྒྱབས་ནས་སྐྲངས་མ་སྐྲངས་ཀྱི་མཚམས་སུ་བསྡམས་ལ་སྔགས་བཏབ་བོ༔ ༈ ཁ་བ་བསྲུང་ན༔ མི་རུས་མི་གཅིག་པ་དགུའི་སེན་མོ་ལ་སྔགས་བཏབ་ནས་མེ་ལ་བསྲེག༔ གྲི་རྐང་ཕྱོགས་བཞིར་འབུད་དོ༔ ༈ སེར་བ་བསྲུང་ན༔ རྫས་ལ་ལ་ཆ་ཕག་རིལ་རྟའི་ཚིལ་བུ་ལ་སྔགས་བཏབ་སྟེ་མེ་ལ་བསྲེགས་ནས་དུད་པ་སེར་བའི་ཕྱོགས་སུ་འབུད་དོ༔ ༈ དུག་དབྱུང་ན་ཕན་ཐབས་ལ༔ ཨ་རུ་ར་གསེར་མདོག་བརྡུངས་ཏེ་ཆུ་ལ་སྦངས་ཏེ་ཆུ་དེར་ཡང་སྔགས་བཏབ་ལ་ཆུ་བཀོལ་ཏེ་བཏུང་ན་ཟབ༔ ༈ ཆུ་བསྒྱུར་ན་ཐོད་ངན་ཆུ་འགྲམ་དུ་གནོན༔ འདིའང་མ་གྲུབ་ན་ཆུ་འོང་ཕྱོགས་སུ་ཐོ་དཀར་ནག་གསུམ་ལ་སྔགས་བཏབ་སྟེ་བདེན་པ་བརྡར་རོ༔ ༈ ཞིང་གི་འབུ་བསྲུང་ན༔ དུར་ཁྲོད་ཀྱི་རོ་ཐལ་ལ་སྔགས་བཏབ་ལ་འཐོར་བར་བྱའོ༔ འབུ་ཁ་ཐལ་བས་ཆོད༔ ཅེས་སྨྲའོ༔ ༈ ཐོག་བསྲུང་ན༔ རང་ཉིད་ཨོ་རྒྱན་དུ་བསྒོམས་ལ་སྔགས་བཟླའོ༔ ༈ ལུག་ནད་གཅོད་ན༔ བྱེ་ནག་དང་ཡུངས་དཀར་ལ་སྔགས་བཏབ་སྟེ་ལུག་ལ་བྲབ་བོ༔ ༈ ཟ་འདྲེ་ཁ་ཆིངས་ན༔ ཆོས་འབྱུང་གཉིས་བསྣོལ་གྱི་ནང་དུ་བཅུག༔ ྈ འདྲེ་གཟུགས་བྲིས་ལ་མཐའ་མར་སྔགས་ཀྱིས་བསྐོར༔ སྦྱིན་སྲེག་ཐལ་བ་བྱུག༔ ཟབ༔ ༈ ན་མོ་གུ་རུ་བྷྱ༔ ཁྱད་པར་འཕགས་པ་ཚེ་གཅིག་ལ་སངས་རྒྱས་ཐོབ་པར་འདོད་ན༔ རང་རིག་ཡེ་ཤེས་ཉམས་སུ་བླང༔ ཨོ་རྒྱན་པདྨ་ལ་འདུན་པ་རྩེ་གཅིག་ཏུ་གཏད་ལ༔ སྔགས་འབྲུ་སུམ་ཅུ་པོ་འདི་མཐིང་ཤོག་བཟང་པོ་ལ་གསེར་གྱིས་དབུ་ཅན་དག་པར་བྲི༔ མགོ་གཤམ་མ་ལོག་ཤིན་ཏུ་གཅེས༔ རབ་གནས་བྱས་ལ་མགུལ་དུ་གདགས༔ སངས་རྒྱས་སྐད་ཅིག་གཅིག་ལ་ཐེ་ཚོམ་མེད༔ ན་དུས་ལུས་དང་མི་འབྲལ་བྱ༔ འཆི་དུས་མཆན་ཁུང་གཡས་སུ་གདགས༔ སྲེག་ཚེ་རོ་དང་མི་འབྲལ་བྱ༔ འཆི་དུས་འཇའ་དང་འོད་ཀོར་འབྱུང༔ སྒྲ་དང་རོལ་མོར་བཅས་ཏེ་མཁའ་འགྲོས་བསུ༔ ཤི་བའི་རུས་ལ་གདུང་དང་རིང་བསྲེལ་འབྱུང༔ ཨོ་རྒྱན་དྲུང་དུ་ཐེ་ཚོམ་མེད༔ ཐེ་ཚོམ་བྱས་ན་དམྱལ་བར་སྐྱེ༔ དེ་ཕྱིར་ལོག་ལྟ་ཅན་ལ་མ་སྟོན་གསང་བར་བྱ༔ ས་མ་ཡ༔ ༈ ཞིང་ཁམས་བགྲོད་པར་འདོད་ན༔ རིག་པ་རྟེན་མེད་གཅེར་བུར་བལྟ༔ མི་བསམ་དགུ་བསམ་བྱེད་པ་དེ་རིག་པའི་སྣང་བ་ཡིན༔ བསམ་མཁན་དེ་བལྟས་པས་རིག་པར་བཟུང༔ རིག་པ་དེ་ཀ་ལ་འདུག་སྟེ༔ མངོན་པར་དགའ་བ་དང་བདེ་ཅན་ཞིང་ལ་སོགས་རང་མོས་པའི་ཞིང་ཁམས་སུ་བཏང༔ རང་ཉིད་སླེབ་བྱུང་བར་བསམ༔ ཤི་བའི་དུས་སུ་ཞིང་ཁམས་རང་སྣང་ཞིང་དུ་ཐོགས་པ་མི་འབྱུང་སྟེ༔ འདི་ནི་ལམ་སྦྱོང་བ་བཞིན་ཞིང་ཁམས་བགྲོད་པའི་གདམས་པ་ཁྱད་པར་ཅན་ནོ༔ ༈ ཚེ་རིང་བར་འདོད་ན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་རྣམ་པ་ཚེ་དཔག་མེད་དུ་བསྒོམ༔ ཟན་གྱི་ཚེ་བུམ་དང༔ ཆུ་གཙང་ལ་སྔགས་བཏབ༔ ཟན་རིལ་དང་ཚེ་ཆུ་གཉིས་སུ་འགྱུར་རོ༔ ཟབ་བོ༔ ༈ ཡང་རྒྱལ་པོའི་གནོད་པ་བསྲུང་ན༔ རང་ཉིད་ལྕགས་ཀྱི་སྡིག་སྲིན་ཤིན་ཏུ་འཇིགས་པ་ཞིག་བསྐྱེད་ལ་སྔགས་བཟླ༔ རྒྱལ་པོའི་གནོད་པ་ཞི་བར་འགྱུར་རོ༔ ༈ གྲི་མོའི་གནོད་པ་བསྲུང་ན༔ གྲི་མོ་རང་གི་གཟུགས་བྲིས་ལ་ཡན་ལག་ཁ་རྣམས་ལྕགས་སྒྲོག་གིས་བསྡམ༔ མཐར་སྔགས་ཀྱིས་བསྐོར་ནས་བྲི༔ སྲུང་སྐུད་གཡག་རྒོད་འོག་ཅན་གྱི་སྙིང་རྩིད་ཀྱིས་བྱ༔༈ ཤེས་རབ་ཆེ་བར་འདོད་ན༔ ངོ་བོ་ཨོ་རྒྱན་པདྨ་ལ་རྣམ་པ་འཕགས་པ་འཇམ་དཔལ་དུ་བསྐྱེད༔ སྔགས༴ ཟས་དཀར་གསུམ་མངར་གསུམ་བཟའོ༔ ༈ སྙིང་རྗེ་ཆེ་བར་འདོད་ན༔ ངོ་བོ་ཨོ་རྒྱན་ལ་རྣམ་པ་འཕགས་པ་སྤྱན་རས་གཟིགས་སུ་བསྐྱེད༔ སྔགས༴ ༈ ཡང་མཐུ་སྟོབས་ཆེ་བར་འདོད་ན༔ ངོ་བོ་སློབ་དཔོན་པདྨ་ལ་རྣམ་པ་ཕྱག་ན་རྡོ་རྗེའི་སྐུ་རུ་བསྐྱེད༔ སྔགས༴ ༈ རྟོགས་པ་མཐོ་བར་འདོད་ན༔ ངོ་བོ་པདྨ་འབྱུང་གནས་ལ་རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་པོར་བསྐྱེད༔ ༈ ཟས་འདོད་ན༔ རང་གི་ལྕེ་སྟེང་དུ་ཨཱཿདམར་པོ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་ཞིག་འཕྲོས་ནས་ཁམས་གསུམ་ཟས་བཅུད་འུབ་འུབ་བསྡུས་ནས་རང་གི་མགྲིན་པར་ཐིམ་པར་བསམ༔ སྔགས༴ ༈ བུད་མེད་མོ་ནད་ཅན་ལ༔ རྫས་སྐྱེས་དར་མ་ཉོན་མོངས་ཅན་གྱི་རླིག་སྤུ་དང༔ ར་ཕོ་འོག་ཅན་གྱི་ཆུ་ལ་སྔགས་ཏེ་ཆུ་བཀོལ་ལ་བཏབ་སྟེ་སྦྱིན་ནོ༔ གསང་བའི་ཁ་བཅད་གཅེས༔ ས་མ་ཡ༔ ༈ གོད་ཁ་ཟློག་ན༔ ལུག་ཐུག་གི་སོག་བལ་ལ་གཏེར་མདུད་བརྒྱད༔ སྨན་ཆེན་བོང་དམར༔ གུ་གུལ་སོགས་བྱུག༔ ༈ ཕྱོགས་ངན་བསྲུང་ན༔ རང་གར་འགྲོའི་ས་ཕྱོགས་འདི་ཆོས་ཀྱི་དབྱིངས་སུ་བསམ༔ རང་འཇམ་དཔལ་བསྒོམ༔ སྔགས་དག་པར་བཟླ༔ གསང་བའི་ཁ་བཅད་གཅེས༔ ས་མ་ཡ༔ ༈ གཉན་གཟེར་ལ་ན་ས་དེ་རུ་བཅིར༔ སྔགས་རྒྱབ་པས་ཆོག༔ ནང་དུ་སྔགས་ཆུ་བཏང་ངོ༔ ༈ རྨི་ལམ་ངན་པ་ཟློག་ན༔ མདང་གི་དེ་ཡང་རང་སེམས་འཁྲུལ་ནས་རྨི་ལམ་ཤར༔ དགྲ་ཡང་རྣམ་རྟོག་གི་རང་སེམས་འཁྲུལ༔ སེམས་ལ་བདེ་སྡུག་མེད་སྙམས་ནས་སྔགས་འབྲུ་སུམ་ཅུ་བཟླའོ༔ ༈ མནན་གཏད་ཟློག་པར་འདོད་ན༔ པད་འདབ་བརྒྱད་བཀོད་ལ་དེ་ནང་རིན་ཆེན་གསེར་གྱིས་བྲི༔ ཕྱི་རོལ་ཏུ་ཁྲག་གིས་བྷྱོ་ཟློག་བྲི༔ འཁོར་ལོའི་ཆིངས་དར་ཚོན་སྣ་ལྔས་བྱེད༔ ཟབ་ྀཨཚ༔ ༈ སྔགས་འབུམ་རྡོ་རྗེའི་གོ་ཁྲབ་འདིས༔ ནད་རིགས་བཞི་བརྒྱ་རྩ་བཞི་དང༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ ལྟས་ངན་བརྒྱད་ཅུ་རྩ་བཞི་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ དུས་མིན་འཆི་བ་བཅོ་བརྒྱད་སོགས༔ དེ་དག་ཐམས་ཅད་འཇོམས་པར་བྱེད༔ འདི་ཡིས་ཐམས་ཅད་དབང་དུ་སྡུད༔ འདི་ལ་ཞི་རྒྱས་དབང་དྲག་ཐམས་ཅད་འབྱུང༔ འདི་ལས་ལྷག་པའི་སྔགས་འབུམ་ནི༔ སྔ་ཕྱི་ཀུན་ཏུ་མི་འབྱུང་ངོ༔ ཁོང་པའི་སྙིང་ལས་ལྷག་སྟེ༔ དཔྲལ་བའི་མིག་ལས་གཅེས༔ གཞན་ལ་མ་བསྟན་གསང་བར་བྱ༔ ྈྈྈྈྈྈྈྈྈྈྈ སྔགས་ནི་འདི་རུ་བཤད་མི་རུང༔ རྡོ་རྗེའི་གོ་ཁྲབ་སྔགས་དང་ཕན་ཡོན་བསྟན་པའི་ཆོས་ཚན་དུ་གསལ་ལོ༔ ཁོ་བོ་རྡོ་རྗེ་གླིང་པས་གནམ་སྐས་བྲག་ནས་གཏེར་ནས་བཏོན་པའོ། གཏེར་གཞུང་གསང་བ་རིན་ཆེན་ལས་ཕྱུངས་པ་དགེ་ལེགས་འཕེལ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས༔ རྡོ་རྗེ་ཕག་མོའི་མཆོད་སྐོང (Volume 34, Text 50)
ྈ མཁའ་འགྲོ་གསང་བ་ཀུན་འདུས་ལས༔ རྡོ་རྗེ་ཕག་མོའི་མཆོད་སྐོང་བཞུགས༔ ྈྈྈྈྈ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཚོགས་དང་སྐོང་བཤགས་ཀྱི་ཆོ་ག་ནི༔ དཀྱིལ་འཁོར་ཚུལ་བཞིན་དུ་བཤམས་པའི་མཐར་ཚོགས་དང༔ སྨན་གཏོར་རཀྟ་མར་མེ་འདོད་ཡོན་རིགས་བརྒྱ་རྩ་སོགས་ཀྱིས་བསྐོར༔ གཞན་ཡང་ཐུགས་དམ་སྐོང་བའི་རྫས་མཛེས་ཤིང་ཟིལ་ཆེ་བ་བརྗིད་ཆགས་པས་གནམ་ས་བར་སྣང་ཐམས་ཅད་ཁྱབ་པར་དགྲམ༔ དམ་ཚིག་ལ་གནས་པའི་རྣལ་འབྱོར་ཕོ་མོ་ཚོགས་པས་ལས་ཀྱི་གཞུང་བསྲང༔ ཛཔ྄་བསྙེན་མང་དུ་བྱ༔ དེ་ནས་མཆོད་ཚོགས་རྣམས་ལ་བསང་ཆུ་དང་བདུད་རྩི་འཐོར་ལ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ མཆོད་པའི་མདངས་འཕྲོག་བར་ཆད་བགེགས༔ ཐམས་ཅད་རྡོ་རྗེ་བདུད་རྩིས་བསང༔ དཔག་ཚད་རྒྱང་གྲགས་མ་གནས་པར༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ དྲག་སྔགས་བརྗོད་ཅིང་བསྐྲད༔ ཧཱུྃ༔ བདག་ཉིད་རྡོ་རྗེ་ཁྲོས་མ་ཡི༔ ཐུགས་ནས་རང་བྱུང་ཡི་གེ་ནི༔ རཾ་སྤྲོས་ཡེ་ཤེས་མེ་འབར་བས༔ ཚོགས་ཀྱི་མི་གཙང་ཐམས་ཅད་བསྲེགས༔ ཡཾ་སྤྲོས་ཡེ་ཤེས་རླུང་བྱུང་བས༔ ཚོགས་ཀྱི་བག་ཆགས་ཐམས་ཅད་གཏོར༔ ཁཾ་སྤྲོས་ཡེ་ཤེས་ཆུ་བྱུང་བས༔ ཚོགས་ཀྱི་གཟུང་འཛིན་མཚན་མ་སྦྱངས༔ ཐམས་ཅད་སྟོང་ཉིད་འོད་གསལ་ངང༔ བྷྲཱུྃ་ལས་དུར་ཁྲོད་གཞལ་མེད་ཁང༔ རྔམ་བརྗིད་འཇིགས་ཤིང་ཡངས་པའི་དབུས༔ ཨོཾ་ལས་བདེ་ཆེན་ཀ་པཱ་ལ༔ ཆོས་ཀྱི་དབྱིངས་དང་མཉམ་པའི་ནང༔ ཨཱཿལས་ཡེ་ཤེས་བདུད་རྩི་ཆེ༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ ཧཱུྃ་གིས་གཟུགས་སྒྲ་དྲི་རོ་རེག༔ འདོད་པའི་ཡོན་ཏན་ཅི་ཡང་འཆར༔ ཏྲཱཾ་ལས་མཆོད་སྐོང་སྒྲུབ་པའི་རྫས༔ ཀུན་ཏུ་བཟང་པོའི་རྣམ་ཐར་རྫོགས༔ ཧྲཱིཿཡིས་ལྷ་ཚོགས་མ་ལུས་ཀུན༔ ཟག་མེད་བདེ་ཆེན་སྐྱེད་བྱེད་པ༔ མཁའ་ཁྱབ་གནས་གསུམ་དྷཱ་ཀིའི་ཚོགས༔ དམ་ཚིག་ཆེན་པོས་རོལ་པར་གྱུར༔ རཾ་ཡཾ་ཁཾ་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿསྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་ཚོགས་ཀྱི་མགྲོན་སྤྱན་དྲངས་པའི་ཕྱིར་གསང་བའི་རོལ་མོ་དང་དབྱངས་ཀྱིས་བསྐུལ་ཏེ༔ ཧཱུྃ་ཧཱུྃ༔ བཞེངས་ཤིག་འོག་མིན་གསང་ཆེན་རོལ་པ་ནས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག་མོ་ལ༔ ལྷན་ཅིག་སྐྱེས་པའི་མཁའ་འགྲོ་འབུམ་གྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞེངས་ཤིག་ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ དཔའ་བོ་ཆེན་པོ་མཁའ་འགྲོའི་ཚོགས་བཅས་ལ༔ ཞིང་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞེངས་ཤིག་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ནས༔ ཤེས་རབ་རིགས་ཅན་རིགས་ལྔའི་ཕྱག་རྒྱ་ལ༔ སྔགས་ལས་སྐྱེས་པའི་མཁའ་འགྲོ་འབུམ་གྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ ཆོས་སྐྱོང་སྲུང་མ་གཏེར་གྱི་བདག་པོ་ཀུན༔ དམ་ཚིག་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་ད་ཚུར་གཤེགས༔ ཡུལ་སྣང་དུར་ཁྲོད་གསང་བ་མཆོག་གི་ཞིང༔ ཐབས་ཤེས་བཟའ་བཏུང་དམ་ཚིག་རྡོ་རྗེའི་རྫས༔ འདོད་ཡོན་བདེ་ཆེན་རྣམ་འགྱུར་ཐམས་ཅད་པ༔ མཆེད་ལྕམ་ཡེ་ཤེས་སྙིང་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ས་མ་ཡ་སཏྭཾ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧོ༔ ཞེས་ཡང་ཡང་བརྗོད་པས་གནས་དང་ཡོ་བྱད་རྣམས་བྱིན་ཐིབས་སེ་འོང་བར་འགྱུར་རོ༔ དེ་ནས་ཐུན་མོང་གི་མཆོད་པས་བསྐང་བ་ནི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ དངོས་བཤམས་ཡིད་ཀྱིས་རབ་སྤྲུལ་པའི༔ མེ་ཏོག་མཛེས་པ་ཚར་དུ་དངར༔ དྲི་ཞིམ་བདུག་པའི་སྤྲིན་ཕུང་འཐུལ༔ སྣང་གསལ་མར་མེ་ཉི་ལྟར་འབར༔ བསིལ་ཞིང་དྲི་ལྡན་ཆབ་རྒྱུན་འབེབ༔ ཞལ་ཟས་རོ་མཆོག་བརྒྱ་དང་ལྡན༔ སྙན་བརྗིད་ཡིད་འཕྲོག་རོལ་མོ་སོགས༔ ནམ་མཁའ་གང་བའི་མཆོད་སྤྲིན་གྱིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་བ་དང༔ ཉམས་དང་འདྲེས་ཤིང་སྐོང་བ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིག༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པས་མ་གཏོང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐང༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དངོས་བཤམས་ཡིད་ལས་སྤྲུལ་པ་ཡི༔ གཟུགས་མཛེས་ཡིད་འོང་གར་སྟབས་སྒྱུར༔ སྒྲ་སྙན་པི་ཝཾ་གླིང་བུ་འཁྲོལ༔ དྲི་མཆོག་བསིལ་བའི་ཆར་ཆེན་གཡོ༔ རོ་ལྡན་བཟའ་བཏུང་རྒྱ་མཚོར་བསྐྱིལ༔ རེག་བྱ་འཇམ་འཁྲིལ་བདེ་བ་སྐྱེད༔ འདོད་ཡོན་རྣམ་པ་ཐམས་ཅད་པས༔ བསྐང་ངོ་སོགས། ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ དྲག་པོའི་མཆོད་པ་འབུལ་བ་ནི༔ གདུག་པ་ཅན་རྣམས་བསྒྲལ་པ་ཡི༔ དབང་པོའི་མེ་ཏོག་འདར་ཞིང་འཕྲིག༔ ཚིལ་ཆེན་གསུར་དུད་ལང་ལིང་འཐུལ༔ ཞུན་ཆེན་མར་མེ་རབ་ཏུ་འབར༔ མཁྲིས་ཆེན་དྲི་ཆུའི་བྱུག་པ་དང༔ ཤ་རུས་ཞལ་ཟས་ལྷུན་པོར་སྤུངས༔ རྐང་གླིང་ཐོད་རྔས་ས་གསུམ་གཡོ༔ མི་བཟད་དྲག་པོའི་མཆོད་སྤྲིན་གྱིས༔ བསྐང་ངོ་སོགས། ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཐུན་མོང་མཆོད་པ་འབུལ་བ་ནི༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རིན་ཆེན་འབྲུ་སྨན་དར་ཟབ་སོགས༔ གླིང་བཞི་རི་རབ་ལྕགས་རིར་བཅས༔ ལྷ་མིའི་འབྱོར་པས་ཡོངས་གང་བ༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྟོབས༔ བྱང་ཆུབ་སེམས་དཔའི་སྨོན་ལམ་དང༔ འཇིག་རྟེན་ལས་ལས་གྲུབ་པ་ཡི༔ དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་ཀྱིས༔ བསྐང་ངོ་སོགས། དེ་ནས་རྨད་དུ་བྱུང་བའི་མཆོད་པ་ནི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་བསྐྱིལ༔ འདོད་པའི་ཡོན་ཏན་རྣམ་མང་པོས༔ ཆོས་དབྱིངས་རྒྱས་པར་གང་བ་འདིས༔ བསྐང་ངོ་སོགས། མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ནི༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ རྒྱུ་གཉིས་རྐྱེན་བཞི་མཉམ་པར་སྦྱར༔ ཡེ་ཤེས་འགུགས་པའི་ལྕགས་ཀྱུ་དང༔ བདེ་ཆེན་སྟོབས་རྫོགས་སྒྲོན་མ་ལྔ༔ སྣང་སྲིད་རྣམ་དག་ཨ་མྲྀཏ༔ དམ་ཚིག་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་སོགས། མ་ཧཱ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཁམས་གསུམ་གདུག་ཅན་རུ་དྲའི་ཚོགས༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བསྒྲལ༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ གཱིརྟིས་གསང་བའི་ཁྲག་ཆེན་འབེབ༔ ཆགས་བྲལ་སོར་རྟོག་ཡེ་ཤེས་དངོས༔ གཟི་བརྗིད་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་སོགས། མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ གཏོར་མའི་མཆོད་པ་འབུལ་བ་ནི༔ རོ་དྲུག་ནུས་པ་བརྒྱད་ལྡན་པའི༔ བཟའ་བཅའ་བཏུང་བ་ཇི་སྙེད་ཀུན༔ དཔལ་གྱི་བཤོས་བུ་ལྷུན་པོར་སྤུངས༔ ཁ་དོག་དྲི་དང་ནུས་བཅུད་འབར༔ གང་བཞེད་ཅིར་ཡང་འཆར་བ་ཡི༔ འདོད་ཡོན་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་སོགས། མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ སྣང་གསལ་མཆོད་པ་འབུལ་བ་ནི༔ རིན་ཆེན་གཟི་ལྡན་ཀོང་བུ་རུ༔ ཡེ་ཤེས་སྲོག་གི་སྡོང་བུ་བཙུགས༔ བྱང་སེམས་ཐིག་ལེའི་ཞུན་མར་བསྐྱིལ༔ བདེ་གསལ་མི་རྟོག་མར་མེ་སྦར༔ ཁམས་གསུམ་འཁོར་བའི་མུན་པ་སེལ༔ ངོ་མཚར་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་སོགས། མ་ཧཱ་དཱི་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཚོགས་ཀྱི་ཆ་བར་པ་བཤགས་པའི་ཆེད་དུ་འབུལ་བ་ནི༔ ཧོ༔ དགོངས་ཤིག་རྡོ་རྗེ་ཕག་མོ་ཡུམ༔ གཟིགས་ཤིག་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ཞལ་ཟས་འདོད་པའི་ཡོན་ཏན་གཏེར༔ དགྱེས་མཆོད་ཆེན་པོར་བཞེས་སུ་གསོལ༔ བདག་ཅག་འཁོར་བ་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ མི་ཤེས་གཏི་མུག་དབང་དུ་གྱུར༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཆུང༔ བག་མེད་དབང་གིས་དམ་དང་འགལ༔ མ་གུས་བསླབ་པ་ཁྱད་དུ་བསད༔ ལེ་ལོ་སྙོམ་ལས་ཆེ་བ་དང༔ གྲོགས་ངན་རྐྱེན་གྱི་གཞན་དབང་ལ༔ བརྟེན་ནས་རང་བཞིན་སྡིག་པ་དང༔ བཅས་པའི་ལྟུང་བ་ཆར་བཞིན་བབས༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ལས་འགལ་ཞིང་ཉམས་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་ལེགས་པར་བསྡམ་ལགས་ན༔ འགྱོད་བཤགས་དང་དུ་བཞེས་ནས་ཀྱང༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་ཤིང་ཡི་གེ་བརྒྱ་པ་མང་དུ་བཟླའོ༔ དེ་ནས་ཚོགས་ཕུད་ཐ་མ་ལ་དམིགས་རྟེན་འབེམ་དུ་བཅས་ཏེ་བསྒྲལ་མཆོད་བྱ་བ་ནི༔ ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོས་མ་དབྱིངས་ནས་བཞེངས༔ འཁོར་གྱི་མཁའ་འགྲོ་གཟི་བརྗིད་སྐྱེད༔ ལས་ཀྱི་དྷཱ་ཀི་བྱེ་བའི་ཚོགས༔ ཁྲོས་འཁྲུགས་རྔམས་པའི་ཕོ་ཉ་སྤྲོས༔ འགྲོ་བའི་བདེ་སྐྱིད་འཕྲོག་པའི་དགྲ༔ སངས་རྒྱས་བསྟན་པ་བཤིགས་པའི་བགེགས༔ རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ ཁུག་ཅིག་ཕོབ་ཅིག་རྟེན་ལ་ཆིངས༔ ལྷ་དང་ཕྲོལ་ལ་མྱོས་སུ་ཆུག༔ ཚེ་བསོད་སྒྲུབ་མཆོག་རྣམས་ལ་སྟིམས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕུང་པོ་ཚོགས་ཀྱི་འཁོར་ལོར་གཏུབས༔ རྔམས་བརྗིད་རོལ་པའི་ཞལ་དུ་བཞེས༔ གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཀུན༔ ཀ་དག་ཆེན་པོའི་ཀློང་དུ་ཟློག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུན་བིགྷྣཱན་ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྟོབ་བོ༔ སླར་ཡང་ཕུད་དང་མཆོད་གཏོར་རྒྱ་ཆེར་ཕུལ་ལ་ཐུགས་དམ་སྐོང་བ་ནི༔ རཾ་ཡཾ་ཁཾ༔ སྐོང་བའི་གནས་མཆོག་འོག་མིན་དུར་ཁྲོད་ཞིང༔ རྟེན་གྱི་རྫས་རྣམས་རྡོ་རྗེ་བཙུན་མོའི་ཚོགས༔ དམ་ཚིག་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་སྤྲིན༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོར་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཞེས་པས་རྒྱ་ཆེར་སྤེལ་ལ་དབྱངས་དང་རོལ་མོ་དང་བཅས་ཏེ་གྱེར་རོ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས༔ བདེ་གཤེགས་བཛྲ་བྷ་ར་ཧི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང༔ འདོད་ཡོན་རྒྱན་གྱིས་ཐུགས་དམ་བསྐང༔ དུར་ཁྲོད་རྫས་ཀྱིས་ཐུགས་དམ་བསྐང༔ ཀུན་བཟང་རོལ་མོས་ཐུགས༴ བདུད་རྩི་སྨན་གྱིས་ཐུགས༴ དམར་ཆེན་རཀྟས་ཐུགས༴ རྨད་བྱུང་གཏོར་མས་ཐུགས༴ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ གཞན་ཡང་རྟེན་རྫས་སྐོང་རྫས་དང༔ སྒྲུབ་རྫས་མཐུན་པའི་དམ་རྫས་སོགས༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ ཚེ་དང་བསོད་ནམས་ཡེ་ཤེས་དང༔ འཁོར་སློབ་རིགས་རྒྱུད་རྒྱས་པར་སྤེལ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ རླུང་སེམས་སྣང་བ་དབང་དུ་སྡུས༔ བྱད་ཕུར་ཐན་ལྟས་སུན་ཁ་དང༔ ཚེ་འཕྲང་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ གསང་བའི་དགྲ་གསུམ་དབྱིངས་སུ་ནོན༔ འཇིགས་པའི་བདུད་བཞི་ཀློང་དུ་སོད༔ བར་ཆད་འཕྲང་གསུམ་ཐལ་བར་རློགས༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ འབར་བ་གསུམ་གྱི་ཡེ་ཤེས་ཀྱིས༔ ལྷན་སྐྱེས་གྲུབ་པའི་དངོས་གྲུབ་སྩོལ༔ ༈ ཧཱུྃ༔ མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ འགྱུར་མེད་རྡོ་རྗེ་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ དོན་གྲུབ་རཏྣ་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ སོར་རྟོག་ཡེ་ཤེས་ཕོ་བྲང་ནས༔ སྒྲ་སྒྲོག་པདྨ་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ སྣ་ཚོགས་ལས་ཀྱི་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ༈ ཧཱུྃ༔ གནས་མཆོག་པུལླི་ར་མ་ནས༔ ཐོད་པའི་དུམ་བུ་རབ་གཏུམ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཨརྦུ་ཏ་ན་ནས༔ མཆེ་བ་རྣམ་གཙིགས་སྣ་ཆེན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཨོ་ཌཱི་ཡ་ན་ནས༔ ཀཾ་ཀཱ་ལ་དང་འོད་ལྡན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཛཱ་ལནྡྷ་ར་ནས༔ མ་ཧཱ་ཀཾ་ཀ་གཏུམ་མིག་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་གོ་ད་ཝ་རི་ནས༔ སུ་ར་བཱི་ར་བློ་ཅན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་རཱ་མེ་ཤྭ་ར་ནས༔ འོད་དཔག་མེད་དང་མིའུ་ཐུང་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་དེ་ཝཱི་ཀོ་ཊི་ནས༔ རྡོ་རྗེའི་འོད་ཅན་ལངྐ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་མ་ལ་བ་ཞེས་ནས༔ རྡོ་རྗེའི་སྐུ་དང་ཤིང་གྲིབ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ༈ ཧཱུྃ༔ གནས་མཆོག་ཀཱ་མ་རཱུ་པ་ནས༔ ཨཾ་ཀུ་རི་དང་ཨེ་ར་ཝི༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཀོ་ས་ལ་ཡ་ནས༔ རྡོ་རྗེ་ཧཱུྃ་མཛད་ཆང་འཐུང་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཏྲི་ཤ་ཀུ་ནེ་ནས༔ དཔའ་བོ་ཆེན་པོ་རླུང་ཤུགས་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཨོ་ཊི་སྡྱཱ་ནས༔ རྡོ་རྗེ་རལ་ཅན་འཇིགས་བྱེད་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཀ་ལིངྐ་ཡ་ནས༔ རབ་ཏུ་བཟང་པོ་ཤྱ་མ་དེ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ལམྦ་ཀ་ཞེས་ནས༔ རྡོ་རྗེ་བཟང་པོ་ཤིན་ཏུ་བཟང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་དམ་པ་ཀཉྩི་ནས༔ འཇིགས་བྱེད་ཆེན་པོ་རྟ་རྣ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཧི་མ་ལ་ཡ་ནས༔ མིག་མི་བཟང་དང་ཁ་གཱ་ནཱི༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ༈ ཧཱུྃ༔ གནས་མཆོག་པྲེ་ཏ་པུ་རི་ནས༔ སྟོབས་ཆེན་འཁོར་ལོའི་ཤུགས་འཆང་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་སུ་བརྞ་དྭཱི་ནས༔ ནམ་སྙིང་འཁོར་ལོའི་གོ་ཆ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་སཽ་རཱཥྚ་ནས༔ རྟ་མགྲིན་དཔའ་བོ་ཤོཎྜི་ནཱི༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་གྲྀ་ཧ་དེ་བ་ནས༔ རིན་ཆེན་རྡོ་རྗེ་དུམ་སྐྱེས་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ན་ག་ར་ཡ་ནས༔ ཧེ་རུ་ཀ་དང་ཤིན་ཏུ་དཔའ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་སིནྡྷུའི་གྲོང་ཁྱེར་ནས༔ པདྨ་གར་དབང་སྟོབས་ཆེན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་མ་རུ་ཏཱ་ཞེས་ནས༔ རྣམ་པར་སྣང་མཛད་འཁོར་བསྒྱུར་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ གནས་མཆོག་ཀུ་ལུ་ཏཱ་ན་ནས༔ རྡོ་རྗེ་སེམས་དཔའ་བརྩོན་ཆེན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ༈ ཧཱུྃ༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ ཕྲ་མེན་ཆེན་མོ་ཁྭ་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ ལྷོ་ཕྱོགས་གད་རྒྱངས་སྒྲོག་པ་ནས༔ ཕྲ་མེན་ཆེན་མོ་ཕག་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ ཕྲ་མེན་ཆེན་མོ་ཁྱི་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ བྱང་ཕྱོགས་ཅ་ཅོ་སྒྲོག་པ་ནས༔ ཕྲ་མེན་ཆེན་མོ་འུག་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་གཤེར་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ ལྷོ་ནུབ་རབ་གཏུམ་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་བརྟན་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ ནུབ་བྱང་རབ་རྒྱུའི་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་སྲེག་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ཧཱུྃ༔ བྱང་ཤར་དྲག་ཤུལ་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་སྐྱོད་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ༴ ༈ ཧཱུྃ༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་ན༔ བཞུགས་པའི་རྩ་བརྒྱུད་བླ་མ་དང༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ༔ ཕྲིན་ལས་མངའ་བདག་མཁའ་འགྲོ་མ༔ དབྱིངས་ནས་ཡེ་ཤེས་ལས་འཇིག་རྟེན༔ གང་འདུལ་སྐུར་སྟོན་བདེ་ཆེན་གཟུགས༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་དང༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ལེགས་ཉེས་སྟངས་འཛིན་བསྟན་པ་སྐྱོང༔ རྡོ་རྗེའི་སྲུང་མ་རྒྱ་མཚོར་བཅས༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང༔ འདོད་ཡོན་རྒྱན་གྱིས་ཐུགས་དམ་བསྐང༔ དུར་ཁྲོད་རྫས་ཀྱིས་ཐུགས་དམ་བསྐང༔ ཀུན་བཟང་རོལ་མོས་ཐུགས་དམ་བསྐང༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༔ དམར་ཆེན་རཀྟས་ཐུགས་དམ་བསྐང༔ རྨད་བྱུང་གཏོར་མས་ཐུགས་དམ་བསྐང༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང༔ གཞན་ཡང་རྟེན་རྫས་སྐོང་རྫས་དང༔ སྒྲུབ་རྫས་མཐུན་པའི་དམ་རྫས་སོགས༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ ཚེ་དང་བསོད་ནམས་ཡེ་ཤེས་དང༔ འཁོར་སློབ་རིགས་རྒྱུད་རྒྱས་པར་སྤེལ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ རླུང་སེམས་སྣང་བ་དབང་དུ་སྡུས༔ བྱད་ཕུར་ཐན་ལྟས་སུན་ཁ་དང༔ ཚེ་འཕྲང་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ གསང་བའི་དགྲ་གསུམ་དབྱིངས་སུ་ནོན༔ འཇིགས་པའི་བདུད་བཞི་ཀློང་དུ་སོད༔ བར་ཆད་འཕྲང་གསུམ་ཐལ་བར་རློགས༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ འབར་བ་གསུམ་གྱི་ཡེ་ཤེས་ཀྱིས༔ ལྷན་སྐྱེས་གྲུབ་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང༔ དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ བདེ་ཆེན་རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང༔ དོན་གྲུབ་རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང༔ སྒྲ་སྒྲོག་པདྨ་མཁའ་འགྲོའི་ཐུགས་དམ་བསྐང༔ སྣ་ཚོགས་ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང༔ ཞིང་སྐྱེས་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང༔ ལས་མཛད་ཕྲ་མེན་མཁའ་འགྲོའི་ཐུགས་དམ་བསྐང༔ གང་འདུལ་དམ་ཚིག་མཁའ་འགྲོའི་ཐུགས་དམ་བསྐང༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༔ སྣང་སྲིད་དག་པ་རབ་འབྱམས་ཐུགས་དམ་བསྐང༔ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང༔ ཉེར་སྤྱོད་ཀུན་བཟང་རོལ་མོས་ཐུགས་དམ་བསྐང༔ འདོད་ཡོན་བདེ་ཆེན་རྒྱན་གྱིས་ཐུགས་དམ་བསྐང༔ དུར་ཁྲོད་གསང་བའི་མཆོད་པས་ཐུགས་དམ་བསྐང༔ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་གིས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་ཐུགས་དམ་བསྐང༔ དམར་ཆེན་རཀྟའི་རྒྱ་མཚོས་ཐུགས་དམ་བསྐང༔ རྨད་བྱུང་ཤ་ཁྲག་གཏོར་མས་ཐུགས་དམ་བསྐང༔ ཟག་མེད་འདོད་འབྱུང་ཚོགས་ཀྱིས་ཐུགས་དམ་བསྐང༔ རང་བྱུང་འོད་གསལ་ཞུན་མེས་ཐུགས་དམ་བསྐང༔ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང༔ བདག་ཅག་དམ་ཚིག་ཉམས་ཆག་བཟོད་པར་བཞེས༔ ནད་རིམས་གདོན་བགེགས་མི་མཐུན་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྡོ་རྗེ་གསང་མཆོག་ལམ་གྱི་གྲོགས་མཛད་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་བསྐང་ཞིང་ཡི་གེ་བརྒྱ་པ་ཛཔ྄་ཏུ་བཟླ༔ དེ་རྣམས་ནི་ཕྱི་ནང་གསང་བ་མཆོག་གི་མཆོད་པས་སྤྱིར་བསྐང་བ་འོ༔ ༈ དེ་ནས་བྱེ་བྲག་ཏུ་སྐོང་བ་བྱ་བར་འདོད་ན་དྲུག་སྟེ༔ དང་པོ་རྡོ་རྗེ་མཁའ་འགྲོ་ཆུའི་སྐོང་བ་ནི༔ དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་དང་ལྔའམ༔ དབུས་སུ་རིན་པོ་ཆེའི་བུམ་པ་བཙའ་བ་དང་ནག་པོ་མེད་པ་རྒྱུན་འབབ་ཀྱི་ཆུས་སུམ་གཉིས་ཙམ་དགང༔ བདུད་རྩི་ཆེན་པོའང་བཏབ༔ ཁ་ཤིང་ལོ་གསར་པས་བརྒྱན༔ རང་གི་མདུན་དུ་ཆུ་གཙང་དང་བདུད་རྩི་སྦྱར་བ་བཤམས་ལ༔ ཐོག་མར་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་ཕྱག་རྒྱའི་འཕྲུལ༔ བུམ་པ་ལྷ་ཡི་གཞལ་མེད་ཁང༔ བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག༔ རིགས་བཞི་དཔའ་བོ་དཔའ་མོའི་ཚོགས༔ ལས་དང་དམ་ཚིག་མཁའ་འགྲོ་སོགས༔ འབུམ་ཕྲག་ཡངས་པའི་ཚོགས་ཀྱིས་བསྐོར༔ ཞལ་ཕྱག་རྒྱན་དང་ཆ་ལུགས་རྫོགས༔ སྣང་སྟོང་བདེ་ཆེན་སྒྱུ་མའི་སྐུའི༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ འོག་མིན་གནས་ཡུལ་དུར་ཁྲོད་ནས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ སྤྱན་འདྲེན་དང་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་པ་བྱ༔ ཐུགས་དམ་བསྐུལ་བར་མོས་ལ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླ༔ དེ་ནས་རང་གི་མདུན་གྱི་ཆུ་བུམ་པའི་ནང་དུ་འབུལ་ལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ རླན་གཤེར་ཆུ་ཡི་དངོས་པོ་ཀུན༔ ངོ་བོ་རྡོ་རྗེ་མཱ་མ་ཀཱི༔ རང་བཞིན་བཛྲ་དྷཱ་ཀི་ནཱི༔ རྣམ་པ་བདུད་རྩིའི་རྒྱ་མཚོ་ཆེ༔ ཕྲ་རབ་རྡུལ་གྱི་ཟེགས་མ་རེར༔ ཡིད་བཞིན་འདོད་འབྱུང་ལོངས་སྤྱོད་གཏེར༔ བླ་ན་མེད་པའི་མཆོད་པ་འདིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ནད་རིམས་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ ཚེ་བསོད་འཁོར་སློབ་བརྒྱུད་འཛིན་སྤེལ༔ དགྲ་བགེགས་འབྱུང་པོའི་འཚེ་བ་ཆོད༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཅེས་བསྐང༔ སྔགས་ཀྱི་མཐར༔ ཨོཾ་བཾ་བཛྲ་མཱ་མ་ཀཱི་ཛ་ལ་ཨ་མྲྀཏ་པཱུ་ཛ་ས་མ་ཡ་ཧོ༔ ཞེས་བཏགས་ལ་བརྒྱ་རྩ་སོགས་ཀྱིས་འབུལ༔ སྐབས་སུ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱེ་བྲག་ཡམས་རིམས་ཞི་བར་འདོད་ན༔ མེ་ཏོག་དམར་པོ་ཀུ་ཤའི་མྱུ་གུ་ཅན་གྱི་ཆུ་དང་བཅས་ལྷ་ཚོགས་རྣམས་ཀྱི་གཙུག་གཏོར་དུ་ཕུལ་བར་མོས་ལ༔ སརྦ་ཛྭ་ར་པྲ་ཤ་མ་ན་སྭཱ་ཧཱ༔ དུས་འཁྲུགས་ཞི་བར་འདོད་ན༔ ཀླུ་ཤིང་འོ་མའི་ཆུ་དང་བཅས་པ་ཕུལ་ལ༔ སརྦ་བྱཱ་དྷི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་སྤེལ་བར་འདོད་ན༔ མེ་ཏོག་སེར་པོ་དཱུརྦའི་མྱུ་གུ་དྲི་བཟང་གི་ཆུ་དང་བཅས་འཕུལ་ལ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཡེ་ཤེས་རྒྱས་པར་འདོད་ན༔ བ་ལང་གི་ཤ་དང་མངར་བའི་ཤིང་བདུད་རྩི་ཆེན་པོའི་ཆུ་དང་བཅས་ཕུལ་ལ༔ མ་ཧཱ་སུ་ཁ་ཛྙཱ་ན་པུཥྚིཾ་ཨོཾ༔ ཞེས་སྤེལ་ལོ༔ དེ་ནི་ལས་ཀྱི་བྱེ་བྲག་གོ༔ ཏིང་ངེ་འཛིན་ནི༔ དེ་ལྟར་ཕུལ་པས་ལྷ་ཚོགས་ཐམས་ཅད་ཟག་མེད་ཀྱི་བདེ་བས་དགྱེས༔ ལས་དང་མཐུན་པའི་འོད་ཟེར་འཕྲོས་པས་སོ་སོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་བསམ་མོ༔ མཐར་མཆོད་ཅིང་བསྟོད་ལ་ནོངས་པ་བཤགས༔ སརྦ་དྷཱ་ཀི་ནཱི་ཨཱཏྨ་ཀོ་ཛཿཧཱུྃ་བཾ་ཧོ༔ བུམ་པའི་ཡེ་ཤེས་པ་རང་ལ་ཐིམ་ཞིང༔ དམ་ཚིག་པ་འོད་དུ་ཞུ་བ་ལས་ཆུ་རྡོ་རྗེ་ཕག་མོ་མཱ་མ་ཀཱི་བདེ་བ་ཆེན་པོའི་རང་བཞིན་དུ་འཁྱིལ་བར་བསམ་ལ་རང་གཞན་གྱིས་འཐོར་འཐུང་ཉེ་རེག་ལ་སོགས་བྱ་བ་དང༔ གནས་དང་རྟེན་ལ་གཏོར་བས་དམ་ཚིག་ཉམས་ཆག་གི་སྐྱོན་སོགས་མི་མཐུན་པ་ཐམས་ཅད་ཞི་བ་དང༔ ཚེ་དང་བདེ་ཆེན་རྒྱས་པར་འགྱུར་རོ༔ རྒྱུན་དུ་ཆུའི་མཆོད་པ་མ་ཆག་པར་ཉམས་སུ་བླངས་ན་བར་ཆད་ཐམས་ཅད་ཞི་ཞིང་སྲུང་བའི་མཆོག་གོ༔ དེ་ནི་རྡོ་རྗེ་མཁའ་འགྲོ་མའི་ཆུའི་སྐོང་བའོ༔ ༈ གཉིས་པ་རིན་ཆེན་མཁའ་འགྲོ་སའི་སྐོང་བ་ནི༔ རིན་པོ་ཆེ་དང་སྨན་སྣ་སོགས་སྦྱར་བའི་ས་སྤྱིན་གཙང་མ་བདུད་རྩི་ཆེན་པོས་བྲན་ལ་སཱཙྪ་ཁ་དོག་ལྔ་ལྡན་བརྒྱ་རྩ་སོགས་བཏབ་ལ་རབ་ཏུ་གནས་པ་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཞག༔ ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ རིན་ཆེན་ལས་གྲུབ་ཆོས་སྐུའི་རྟེན༔ རྡུལ་ཕྲན་སྙེད་ཀྱི་ཞིང་བཀོད་པར༔ འདོད་པའི་ཡོན་ཏན་སྤྲིན་ཕུང་འཕྲོ༔ དམ་ཚིག་ཉམས་ཆག་སྦྱོང་བ་དང༔ ལྷ་ཚོགས་དགྱེས་སྐོང་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་ཀཱ་ཡ་བཛྲ་སྥ་ར་ཎ་ཁཾ༔ ཞེས་བྱིན་གྱིས་བརླབས་ལ་འབུལ་བ་ནི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྲ་ཞིང་བརྟན་པའི་དངོས་པོ་ཀུན༔ ངོ་བོ་མི་འགྱུར་སངས་རྒྱས་སྤྱན༔ རང་བཞིན་རིན་ཆེན་དྷཱ་ཀི་ནཱི༔ རྣམ་པ་བདེ་གཤེགས་ཆོས་སྐུའི་རྟེན༔ ཡངས་ཤིང་རྒྱ་ཆེ་འོད་ཟེར་འཕྲོ༔ ཕྲ་རབ་རྡུལ་གྱི་གྲངས་སྙེད་ཀུན༔ དག་པའི་ཞིང་གི་རྟེན་བརྟེན་པ༔ ལོངས་སྤྱོད་བཀོད་པ་ཁྱད་འཕགས་པ༔ ངོ་མཚར་ཆེན་པོའི་མཆོད་པ་འདིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་སོགས་དང༔ སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ་ལཾ་བཛྲ་ལོ་ཙ་ནཱི་དྷརྨ་ཀཱ་ཡ་ས་མ་ཡ་པཱུ་ཛ་ཧོ༔ ཞེས་ཅི་མང་དབུལ༔ སྐབས་སུ་སྤེལ་ཚིག་སྦྱར༔ ཁྱད་པར་དམ་ཚིག་ཉམས་ཆག་སྐོང་བ་དང་དམ་གྲིབ་སེལ་བ་ལ་སཱཙྪ་དཀར་པོ་གཙོ་བོར་འབུལ་ཞིང༔ ལཾ་བཛྲ་ས་མ་ཡ་ཤུདྡྷེ་ཨ་ཨ༔ བདག་ཅག་གི་དམ་ཚིག་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤེལ་ཚིག་དང་བཅས་ཏེ་དབུལ༔ དེ་བཞིན་དུ་ཚེ་བསྲིང་བ་ལ་སཱཙྪ་སེར་པོ་དང༔ ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ དགེ་འདུན་སོགས་དབང་དུ་བྱ་བ་ལ་སཱཙྪ་དམར་པོ་དང༔ ཧྲཱིཿསརྦ་ཀཱ་མ་ཝཱ་ཤཾ་ཀུ་རུ་ཧོ༔ དགྲ་བགེགས་ཚར་གཅད་པ་ལ་སཱཙྪ་ནག་པོ་དང༔ སརྦ་ཤཱ་ཏྲཱུན་མཱ་ར་ཡ་རྦད་ཕཊ༔ མཆོག་གི་དོན་དུ་སཱཙྪ་མཐིང་ག་དང༔ མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་སོ་སོའི་ཁ་དོག་དང་མཐུན་པའི་མེ་ཏོག་འཐོར༔ ཏིང་ངེ་འཛིན་ནི༔ ལྷ་ཚོགས་རྣམས་མཆོག་ཏུ་དགྱེས་པའི་འོད་ཟེར་ལས་དང་མཐུན་པ་མཁའ་ཁྱབ་ཏུ་འཕྲོས་པས་སོ་སོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ༔ ཁྱད་པར་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་དང༔ ཉམས་པ་དང་འགྲོགས་པ་ལ་སོགས་པའི་གྲིབ་མས་མཁའ་འགྲོ་མ་ཁྲོས་འཁྲུགས་མི་དགྱེས་པའི་སྐྱོན་དག་པར་བསམ༔ སྤྲོ་ན་མཁའ་འགྲོ་མའི་སྨྲེ༵་བཤ༵གས་ཀྱང་བྱའོ༔ མཐར་མཆོད་བསྟོད་བྱ༔ མཁའ་འགྲོ་མའི་དཀྱིལ་འཁོར་ལས་གཉིས་པ་མཆེད༔ སཱཙྪ་ལ་ཐིམ་པས་སཱཙྪ་མཁའ་འགྲོ་མའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་སྤྱི་བོར་བཞག་ཅིང་ཡི་གེ་བརྒྱ་པ་བཟླས་པས་དེ་ལས་བདུད་རྩིའི་རྒྱུན་བྱུང༔ རང་གི་སྤྱི་བོ་ནས་ཞུགས༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ལྷག་མེད་དུ་བྱང༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཀྱི་ཡོན་ཏན་རྒྱས་པར་བསམ་ལ༔ ཨོཾ་ལཾ་ལོ་ཙ་ནཱི་དྷརྨ་ཀཱ་ཡ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཤུདྡྷེ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ༔ ཞེས་བརྗོད་ཅིང་ལྷ་རང་ལ་བསྟིམ༔ ཉམས་པ་ཆེན་པོའི་སྐྱོན་བྱུང་བ་དང༔ ནད་འཚེ་སོགས་མང་ན་རང་གི་སྐྲ་སེན་སོགས་ཚུལ་བཞིན་དུ་བསྲེགས་ཤིང་སྦྱངས་པས་སཱཙྪ་བཏབ་སྟེ་འབུལ་བའང་མན་ངག་གོ༔ འདི་ནི་དམ་ཚིག་ཉམས་ཆག་དང་གྲིབ་སེལ་དང་ཚེ་བསྲིང་བ་ལ་མཆོག་ཏུ་བསྔགས་སོ༔ དེ་ནི་རིན་ཆེན་མཁའ་འགྲོ་མའི་སའི་སྐོང་བའོ༔ ༈ གསུམ་པ་པདྨ་མཁའ་འགྲོ་མའི་མེའི་སྐོང་བ་ནི༔ དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་ལས་སོ་སོ་དང་མཐུན་པའི་ཐབ་འདུ་བྱ་བའམ༔ ལས་མཐུན་གྱི་ཤིང་བུ་བརྩིག༔ ཡང་མདུན་ཁོ་ནར་ལས་ཐམས་ཅད་པའི་ཐབ་བམ་བུད་ཤིང་བརྩིགས་པ་དང༔ རང་གི་མདུན་དུ་བསྲེག་རྫས་དགང་བླུག་སོགས་འདུ་བྱས་ལ༔ ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་བསྲེག་བྱའི་རྫས༔ ངོ་བོ་བདུད་རྩིའི་རང་བཞིན་ལ༔ རྣམ་པ་སོ་སོའི་མཚན་ཉིད་རྫོགས༔ བྱེད་ལས་ལྷ་ཚོགས་དགྱེས་སྐོང་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀཏ་ཛྙཱ་ན་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་པས་བརླབ༔ ཐབ་ལ་བདུད་རྩིས་བསང་སྦྱང༔ ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་ཐབ་ཁུང་དུ༔ རིག་པ་རྡོ་རྗེའི་མེ་འོད་འབར༔ དེ་དབུས་རྡོ་རྗེ་ཁྲོས་མ་ནག༔ རིགས་བཞི་དཔའ་བོ་ཡབ་ཡུམ་དང༔ ལས་དང་དམ་ཚིག་དྷཱ་ཀི་ནཱི༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ བདེ་ཆེན་ཡེ་ཤེས་རབ་འབར་བའི༔ དགྱེས་པ་ཆེན་པོའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ སྤྱན་འདྲེན་མཆོད་བསྟོད་སོགས་བྱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་དྷཱ་ཀ་དྷཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླ༔ དེ་ནས་དགང་བླུག་མར་ཁུ་དང་བདུད་རྩི་བསྲེས་པས་བཀང་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ རྡོ་རྗེའི་དགང་བླུག་བདེ་བ་ཆེས༔ ཡེ་ཤེས་བདུད་རྩིའི་ཆར་ཆེན་ཕབ༔ མཁའ་འགྲོའི་ལྷ་ཚོགས་དགྱེས་གྱུར་ཅིག༔ སྔགས་ཀྱི་མཐར་མ་ཧཱ་ཛྙཱ་ནཱ་ཨ་མྲྀཏ་སརྦ་པཱུ་ཛ་ཧོ༔ ཞེས་ཅི་རིགས་པ་དང༔ ལས་མཐུན་གྱི་ཡམ་ཤིང་འབུལ༔ དེ་ནས་བསྲེག་རྫས་རྣམས་ཕུལ་ལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཚ་ཞིང་སྲེག་པའི་དངོས་པོ་ཀུན༔ ངོ་བོ་བདེ་ཆེན་གོས་དཀར་མོ༔ རང་བཞིན་པདྨ་དྷཱ་ཀི་ནཱི༔ རྣམ་པ་འབར་བ་ཆེན་པོའི་འོད༔ ལྷ་ཡི་ཞལ་དང་གཉིས་མེད་པར༔ བསྲེག་རྫས་བདུད་རྩིའི་འདོད་ཡོན་ཆེ༔ ཡུལ་དང་དབང་པོ་གཉིས་མེད་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་སོགས་དང་སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ་པཱཾ་པཎྜ་ར་བཱ་སི་ནཱི་མ་ཧཱ་ཛྙཱ་ན་ཨ་མྲྀཏ་སརྦ་པཱུ་ཛ་ཧོ༔ ཞེས་དབུལ༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་མ་དང་མཁའ་འགྲོ་འཁྲུགས་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ བྱེ་བྲག་བགེགས་ཞི་བ་ལ་ཡུངས་དཀར་དང༔ སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་ཞི་བ་ལ་སྨན་སྣ་དང༔ སརྦ་རོ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་རྒྱས་པ་ལ་དཱུརྦ་སྦྲང་རྩིར་བཅས་པ་དང༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ་ཟས་མཆོག་དང༔ མ་ཧཱ་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ ཡེ་ཤེས་དབང་དུ་བསྡུ་བ་ལ་སྦྲང་རྩི་ཨ་མྲྀཏས་སྦགས་པ་དང༔ སརྦ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ འཇིག་རྟེན་དབང་དུ་བསྡུ་བ་ལ་མེ་ཏོག་དམར་པོ་མྱོས་བྱེད་ཀྱིས་སྦགས་པ་དང༔ སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧོ༔ དགྲ་ཚར་གཅོད་པ་ལ་དུག་ཁྲག་གི་གཏོར་མ་དང༔ སརྦ་ཤཱ་ཏྲཱུན་མཱ་ར་ཡ་ཕཊ྄༔ བགེགས་ཚར་གཅོད་པ་ལ་ཡུངས་དཀར་དུག་ཁྲག་གིས་སྦགས་པ་དང༔ སརྦ་བིགྷྣཱན་ཨུཙྪ་ཊ་ཡ་ཕཊ༔ མཆོག་གི་དངོས་གྲུབ་ཀྱི་ཆེད་དུ་བ་ལང་གི་ཤ་བདུད་རྩི་ཆེན་པོས་སྦགས་པ་དང༔ མ་ཧཱ་སུ་ཁ་ཛྙཱ་ན་ཛྭ་ལ་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་སྤེལ་ལ་ཕུལ༔ དེ་དག་གི་ཚེ་ཏིང་ངེ་འཛིན་ནི༔ མཁའ་འགྲོའི་ལྷ་ཚོགས་རྣམས་ཟག་མེད་བདེ་བས་དགྱེས༔ ཡེ་ཤེས་ཀྱི་མེ་དང་བཅས་པའི་ལས་མཐུན་གྱི་འོད་ཟེར་འཕྲོས་པས་མཆོག་དང་ཐུན་མོང་གི་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ༔ མཆོད་བསྟོད་ནོངས་བཤགས་བྱ༔ སརྦ་ཌཱ་ཀི་ནཱི་ཨཱཏྨ་ཀོ་ཛཿཧཱུྃ་བཾ་ཧོཿ ཐབ་ཀྱི་ཡེ་ཤེས་པ་རང་ལ་ཐིམ༔ དམ་ཚིག་པ་འབར་བའི་རྣམ་པར་བསམ་མོ༔ དེ་ནི་པདྨ་མཁའ་འགྲོའི་མེའི་སྐོང་བའོ༔ ༈ བཞི་པ་ལས་ཀྱི་མཁའ་འགྲོའི་རླུང་གི་སྐོང་བ་ནི༔ དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་སྤོས་སྣོད་མེ་དང་བཅས་པ་བཞག༔ སྦྱར་བའི་སྤོས་བསྲེག༔ དེའང་དབུས་སུ་ཤ་ཆེན་དང་བྱང་སེམས་དཀར་པོ༔ ག་པུར༔ ཤར་དུ་རྟ་ཤ་དང་དྲི་ཆུ༔ ཛཱ་ཏི༔ ལྷོར་ཁྱིའི་ཤ་དང་དྲི་ཆེན༔ ཀ་ཀོ་ལ༔ ནུབ་ཏུ་བ་ལང་གི་ཤ་དང་བྱང་སེམས་དམར་པོ༔ རུ་རྟ༔ ལི་ཤི༔ བྱང་དུ་གླང་པོ་ཆེའི་ཤ་དང་ཀླད་པ༔ ཤུ་དག་ནག་པོ༔ ཐམས་ཅད་ལ་ཅུ་གང་དང་སིནྡྷུ་ར༔ གུར་གུམ༔ ཙནྡན་དཀར་དམར༔ གུ་གུལ་དཀར་ནག༔ གླ་རྩི་སོགས་དྲིའི་རྫས༔ ལ་ཕུག་རྣམས་སྦྱར་རོ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཡེ་ཤེས་རང་བཞིན་ཁྱད་པར་སྤོས༔ ཁ་དོག་དྲི་བསུང་ཕུན་སུམ་ཚོགས༔ འདོད་པའི་ཡོན་ཏན་ཆར་འབེབ་པས༔ ལྷ་ཚོགས་ཐུགས་དམ་བསྐུལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་དྷཱུ་པེ་པཱུ་ཛ་སྥ་ར་ཎ་ཁཾ༔ དེ་ནས་རླུང་གཡབ་ཀྱིས་ཕྱོགས་སོ་སོ་ནས་གཡོབ་ཅིང༔ ཧཱུྃ༔ འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི༔ ཡང་ཞིང་གཡོ་བའི་དངོས་པོ་ཀུན༔ ངོ་བོ་ཀུན་ཁྱབ་དམ་ཚིག་སྒྲོལ༔ རང་བཞིན་ཀརྨ་དྷཱ་ཀི་ནཱི༔ རྣམ་པ་ཡེ་ཤེས་ཤུགས་ཀྱི་རླུང༔ བདེ་ཆེན་བདུག་པའི་དམ་ཚིག་དང༔ མཉམ་སྦྱོར་མཁའ་ཁྱབ་འཕྲོ་བའི་སྤྲིན༔ འདོད་ཡོན་རྒྱ་མཚོའི་ཆར་འབེབ་པས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་སོགས༔ སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ་ཏཱཾ་བཛྲ་ར་ཏི་མ་ཧཱ་སུ་ཁ་དྷཱུ་པེ་པཱུ་ཛ་ས་མ་ཡ་ཧོ༔ ཞེས་དང༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་དྷཱུ་པཾ་ཤུདྡྷེ་ཤོ་དྷ་ཡ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་བདེ་བ་ཆེན་པོའི་ཡེ་ཤེས་ཐམས་ཅད་དྷཱུ་པཾ་བྷནྡྷ་ནཾ་ཀུ་རུ་ཨོཾ༔ ཞེས་སྤེལ་ཚིག་ཀྱང་སྦྱར༔ ལས་སོ་སོར་ཞི་བ་ལ་ཤེལ་དཀར་པོ༔ ག་པུར༔ སྤོས་དཀར༔ མཁན་དཀར་སོགས་ཤར་གྱི་རྫས་དང་ལྷན་ཅིག་ཏུ་བསྲེགས་ལ༔ སརྦ་པཱ་པཾ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པར་སྤོས་ཤེལ༔ ཨ་གར་སེར་པོ༔ གི་ཝཾ༔ མཁན་སེར་སོགས་ལྷོའི་རྫས་དང་བཅས་བསྲེག༔ སརྦ་ཨཱ་ཡུར་པུཎྱེ་བརྡྷ་ནཾ་པུཥྚིཾ་ཀུ་རུ་ཨོཾ༔ དབང་ལ་བྱེ་རུ༔ ནཱ་གི༔ ཏོང་ཀུན༔ སིཧླ་སོགས་ནུབ་རྫས་དང་བཅས་བསྲེག༔ སརྦ་ཛྙཱ་ན་ལོ་ཀ་ཝཱ་ཤཾ་མ་ན་ཡ་ཨོཾ༔ དྲག་པོ་ལ་ཕ་ལམ༔ མུ་ཟི་ནག་པོ༔ ཨ་གར་ནག་པོ༔ བཙན་དུག་སོགས་བྱང་རྫས་དང་བཅས་བསྲེག༔ སརྦ་ཤཱ་ཏྲཱུན་བིགྷྣཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཕཊ྄༔ མཆོག་ལ༔ ཚུལ་བཞིན་དུ་བསྒྲུབས་པའི་བདུད་རྩི་ཆེན་པོ་དང༔ རྟག་ཏུ་ངུ༔ བླ་མ་ཡབ་ཡུམ་གྱི་བྱང་སེམས༔ ཤིན་ཀུན༔ བྱ་རྒོད་ཀྱི་ཤ༔ གླ་རྩི་སོགས་དབུས་ཀྱི་སྤོས་དང་སྦྱར་ལ༔ སརྦ་མ་ཧཱ་སུ་ཁ་ཛྙཱ་ན་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་ཕུལ་བས་ལས་སོ་སོ་འགྲུབ་ཅིང་མཁའ་འགྲོས་བདེ་བ་ཆེན་པོའི་ཡེ་ཤེས་འབེབ་པས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཏིང་ངེ་འཛིན་ནི༔ དེ་ལྟར་དགྱེས་མཆོད་ཕུལ་བས་མཁའ་འགྲོའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོས་མཆོག་ཏུ་དགྱེས་པའི་འོད་ཟེར་བདུག་པའི་སྤྲིན་དང་རོ་གཅིག་ཏུ་གྱུར་པས་ཀུན་ཏུ་ཁྱབ༔ ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་གང་འདོད་པ་འགྲུབ་པར་བསམ༔ མཐར་མཆོད་བསྟོད་ནོངས་པ་བཤགས༔ ལྷ་རྣམས་ལས་འོད་ཟེར་འཕྲོས་པ་བདུག་པའི་སྤྲིན་དང་རོ་གཅིག་པར་གྱུར༔ རང་ཉིད་ལ་བསང་བདུག་བྱས་པས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས༔ དམ་ཚིག་ཉམས་ཆག་གྲིབ་དང་མི་གཙང་བ་ཐམས་ཅད་དག༔ ཡེ་ཤེས་དང་རིག་པའི་རྩལ་ཁ་རྒྱས་ཤིང་བདེ་བ་ཆེན་པོ་འཕེལ༔ ལས་ཐམས་ཅད་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་མོ༔ འདི་ནི་གྲིབ་སེལ་དང༔ ལས་མྱུར་དུ་འགྲུབ་པ་ལའང་ཁྱད་པར་དུ་འཕགས༔ འགོ་བའི་རིམས་དང་ནད་ཀྱིས་མི་ཚུགས༔ མཁའ་འགྲོའི་བྱིན་རླབས་རང་བཞིན་གྱིས་འབེབས་པར་འགྱུར་རོ༔ དེ་ནི་ཀརྨ་མཁའ་འགྲོ་མའི་རླུང་གི་སྐོང་བའོ༔ ༈ ལྔ་པ་རྡོ་རྗེ་ཕག་མོ་མར་མེའི་སྐོང་བ་ནི༔ ཚིལ་དང་ཞུན་མར་སྦྱར་བའི་མར་མེ་ཨ་མྲྀཏས་སྦགས་པ་བརྒྱ་རྩ་སོགས་ཀྱིས་དཀྱིལ་འཁོར་གྱི་དབུས་དང་མཐའ་བསྐོར༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་དབྱིངས་ཀྱི་ཀོང་བུ་རུ༔ སྲིད་གསུམ་ཡེ་ཤེས་མར་མེ་སྦར༔ རིགས་དྲུག་འཁོར་བའི་མུན་སེལ་ཞིང༔ འོད་གསལ་སྣང་བ་རྒྱས་པར་གྱུར༔ ཨོཾ་མ་ཧཱ་ཛྙཱ་ན་ཨཱ་ལོ་ཀེ་བཛྲ་སྥ་ར་ཎ་ཁཾ༔ ཞེས་སྤེལ༔ ཧཱུྃ༔ སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ སྣང་བའི་དངོས་པོ་ཐམས་ཅད་ཀུན༔ ངོ་བོ་འོད་གསལ་དབྱིངས་ཕྱུག་མ༔ རང་བཞིན་བཛྲ་བྷ་ར་ཧི༔ རྣམ་པ་སྣང་གསལ་རིན་ཆེན་ཕྲེང༔ འོད་ཀྱི་བྱེ་བྲག་མཐའ་ཡས་པས༔ འཁོར་འདས་ཀུན་གྱི་མུན་པ་སེལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོའི་མཆོད་པའི་སྤྲིན༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང༔ འཁོར་གྱི་མཁའ་འགྲོ་སོགས༔ སྔགས་མཐར༔ ཨོཾ་ཨཱཿཧཱུྃ་བཾ་བཛྲ་བྷ་ར་ཧི་ཛྙཱ་ན་ཨཱ་ལོ་ཀེ་སརྦ་པཱུ་ཛ་ས་མ་ཡེ་ཧོ༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བདེ་ཆེན་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་སྤེལ་ཚིག་བཅས་འབུལ༔ ལས་སོ་སོར་ཤར་གྱི་མར་མེ་ལ་དམིགས་ཏེ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལྷོ་ལ་དམིགས་ཏེ༔ སརྦ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ ནུབ་ལ་དམིགས་ཏེ༔ མ་ཧཱ་སུ་ཁ་ཝཱ་ཤཾ་ཀུ་རུ་ཧོ༔ བྱང་ལ་དམིགས་ཏེ༔ སརྦ་ཀླེ་ཤ་ད་ཧ་ད་ཧ་ཕཊ྄༔ ཅེས་མཆོག་གི་ལས་བཞིའི་སྤེལ་ཚིག་དང༔ དབུས་ལ༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྒྱས་པར་བསམ་མོ༔ ཁྱད་པར་མར་མེའི་སྐོང་བས་དམ་ཚིག་ཉམས་ཆག་སྦྱོང་བ་ལ་བསྔགས་པས༔ རྣལ་འབྱོར་པ་རིག་པ་ཧུར་ཕྱུང༔ གཟེངས་བསྟོད་ལ༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་དྷཱ་ཀ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཛཔ྄་དབྱངས་སུ་གྱེར་ཞིང་ཕུང་པོ་རྟེན་གྱི་སྐོང་བ་ནི༔ ཧཱུྃ༔ བདེ་ཆེན་འཁོར་ལོའི་ཀོང་བུ་རུ༔ སྣང་བ་སྣ་ཚོགས་མར་ཁུས་གཏམས༔ དགའ་བའི་ཡེ་ཤེས་སྡོང་བུ་བཙུགས༔ ཆོས་ཀུན་སྟོང་པའི་མར་མེ་སྦར༔ སྣང་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་རིགས་བཞིའི་ཡུམ༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོམ་བུར་བཅས༔ མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང༔ བུམ་དབང་དམ་ཚིག་ཉམས་ཆག་བཤགས༔ ལུས་དང་རྩ་ཡི་སྒྲིབ་པ་སྦྱོངས༔ གཟི་བརྗིད་ཆེན་པོས་བྱིན་ཕོབ་ལ༔ རྡོ་རྗེའི་སྐུ་ཡི་དབང་མཆོག་སྐུར༔ རྣམ་སྨིན་རིག་འཛིན་འགྲུབ་པ་དང༔ སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས༔ མ་ཧཱ་ཀཱ་ཡ་ཛྙཱ་ན་དཱི་པེ་སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཧཱུྃ༔ ལོངས་སྤྱོད་འཁོར་ལོའི་ཀོང་བུ་རུ༔ རྨི་ལམ་སྒྱུ་མའི་མར་ཁུས་གཏམས༔ མཆོག་དགའི་ཡེ་ཤེས་སྡོང་བུ་བཙུགས༔ ཤིན་ཏུ་སྟོང་པའི་མར་མེ་སྦར༔ གྲགས་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་རིགས་བཞིའི་ཡུམ༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོམ་བུར་བཅས༔ མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང༔ གསང་དབང་དམ་ཚིག་ཉམས་ཆག་བཤགས༔ ངག་དང་རླུང་གི་སྒྲིབ་པ་སྦྱོངས༔ ནུས་པ་སྔགས་ཀྱི་བྱིན་ཕོབ་ལ༔ གསུང་གི་རྡོ་རྗེའི་དབང་མཆོག་སྐུར༔ ཚེ་དབང་རིག་འཛིན་འགྲུབ་པ་དང༔ ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ མ་ཧཱ་ཝཱ་ཀ་ཛྙཱ་ན་དཱི་པེ་སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཀྱི་འཁོར་ལོའི་ཀོང་བུ་རུ༔ རྟོག་མེད་ཉམས་ཀྱི་མར་ཁུས་གཏམས༔ ཁྱད་པར་དགའ་བའི་སྡོང་བུ་བཙུགས༔ སྟོང་པ་ཆེན་པོའི་མར་མེ་སྦར༔ རིག་སྟོང་ཟུང་འཇུག་སྣང་བ་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་རིགས་བཞིའི་ཡུམ༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོམ་བུར་བཅས༔ མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང༔ ཤེར་དབང་དམ་ཚིག་ཉམས་ཆག་བཤགས༔ ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱོངས༔ འོད་གསལ་ཆེན་པོའི་བྱིན་ཕོབ་ལ༔ ཐུགས་ཀྱི་རྡོ་རྗེའི་དབང་མཆོག་སྐུར༔ ཕྱག་རྒྱའི་རིག་འཛིན་འགྲུབ་པ་དང༔ ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ མ་ཧཱ་ཙིཏྟ་ཛྙཱ་ན་དཱི་པེ་སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཧཱུྃ༔ སྤྲུལ་པའི་འཁོར་ལོའི་ཀོང་བུ་རུ༔ སྙོམས་འཇུག་བདེ་བའི་མར་ཁུས་གཏམས༔ ལྷན་སྐྱེས་དགའ་བའི་སྡོང་བུ་བཙུགས༔ རབ་ཏུ་སྟོང་པའི་མར་མེ་སྦར༔ དབྱིངས་རིག་ཟུང་འཇུག་སྣང་བ་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་རིགས་བཞིའི་ཡུམ༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོམ་བུར་བཅས༔ མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང༔ ཚིག་དབང་དམ་ཚིག་ཉམས་ཆག་བཤགས༔ ཀུན་གཞི་ཤེས་བྱའི་སྒྲིབ་པ་སྦྱོངས༔ རྣམ་ཀུན་མཆོག་ལྡན་བྱིན་ཕོབ་ལ༔ ཡེ་ཤེས་རྡོ་རྗེའི་དབང་མཆོག་སྐུར༔ ལྷུན་གྲུབ་རིག་འཛིན་ཐོབ་པ་དང༔ བདེ་ཆེན་སྐུ་རུ་བྱིན་གྱིས་རློབས༔ མ་ཧཱ་སུ་ཁ་ཛྙཱ་ན་དཱི་པེ་སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཞེས་བསྐང་ཞིང་བཤགས་པས༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཐམས་ཅད་མཆོག་ཏུ་དགྱེས༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང༔ མར་མེ་ལ་ཐིམ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་རྟོག་སྒྲིབ་ཉམས་ཆག་རྒྱུ་དང་བཅས་པ་སྦྱངས༔ ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ༔ འོད་གསལ་གྱི་དགོངས་པ་མཁའ་ཁྱབ་ཏུ་ཤར་བར་བསམ་ལ་མར་མེ་སྙིང་གར་བསྐོར་ཞིང༔ ཨོཾ་བཛྲ་ཛྙཱ་ན་མ་ཧཱ་སུ་ཁ་དཱི་པེ་སིདྡྷི་སིདྡྷི་ཧཱུྃ༔ ཨ་ཨ་ཨ༔ ཞེས་དགོངས་པ་བསྐྱང༔ དེ་ནས་མར་མེ་སྨིན་མཚམས་སུ་བཏེགས་ལ་གསང་བ་ཆེན་པོའི་སྨོན་ལམ་འདི་རྩེ་གཅིག་ཏུ་གདབ་པར་བྱའོ༔ ཧོ༔ དུར་ཁྲོད་གསང་མཆོག་མཁའ་འགྲོའི་དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་ཚོགས་རྣམས་ཀྱིས༔ འོད་གསལ་མར་མེའི་མཆོད་སྤྲིན་འདི་ཕུལ་བས༔ སྐུ་དང་ཡེ་ཤེས་དབྱེར་མེད་འགྲུབ་པར་ཤོག༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་སློབ་དཔོན་དང༔ ཚོམ་བུ་གཅིག་ཏུ་འདུས་པའི་མཆེད་ལྕམ་རྣམས༔ དམ་ཚིག་ཉམས་ཆག་ཉེས་པ་ཀུན་བྱང་ནས༔ བྱང་ཆུབ་བར་དུ་མི་འབྲལ་འགྲོགས་པར་ཤོག༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༔ འཆི་ཁ་བར་དོའི་འཁྲུལ་པའི་མུན་པ་ཀུན༔ ཡེ་ཤེས་སྒྲོན་མེའི་སྣང་བས་རབ་བསལ་ནས༔ རང་རིག་འོད་གསལ་རང་ངོ་འཕྲོད་པར་ཤོག༔ ཞེ་སྡང་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ ཚ་གྲང་དམྱལ་བའི་མུན་པ་འཆར་སྲིད་ན༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ རྡོ་རྗེའི་རིགས་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ འདོད་ཆགས་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བཀྲེས་སྐོམ་ཡི་དྭགས་མུན་པ་འཆར་སྲིད་ན༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ པདྨའི་རིགས་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ གཏི་མུག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བླུན་རྨོངས་དུད་འགྲོའི་མུན་པ་འཆར་སྲིད་ན༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ བདེ་གཤེགས་རིགས་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ ཕྲག་དོག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ འཐབ་རྩོད་ལྷ་མིན་མུན་པ་འཆར་སྲིད་ན༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ ལས་ཀྱི་རིགས་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ ང་རྒྱལ་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ འཕོ་ལྟུང་ལྷ་ཡི་མུན་པ་འཆར་སྲིད་ན༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ རིན་ཆེན་རིགས་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ ཐེ་ཚོམ་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བྲེལ་ཕོངས་མི་ཡི་མུན་པ་འཆར་སྲིད་ན༔ བདེ་ཆེན་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ དབྱེར་མེད་རིགས་ཀྱི་ས་ལ་དབུགས་ཕྱུངས་ཤིག༔ ཁམས་གསུམ་འཁོར་བའི་མུན་པ་སྟུག་པོ་ལས༔ ཡེ་ཤེས་མར་མེའི་སྣང་བས་ཤུལ་མཚོན་ཏེ༔ འབྲེལ་ཚད་རྡོ་རྗེའི་མཆེད་དང་ལྕམ་དྲལ་རྣམས༔ བླ་མ་ཡི་དམ་དྷཱ་ཀིའི་བྱིན་རླབས་ཀྱིས༔ སྟོང་ཉིད་མཁའ་འགྲོའི་ཚོགས་ཀྱིས་མདུན་ནས་བསུས༔ བདེ་ཆེན་དཔའ་བོའི་ཚོགས་ཀྱིས་མཐའ་རྟེན་ཏེ༔ ཡིད་འཕྲོག་སྙན་པའི་གླུ་དང་མཆོད་སྤྲིན་བཅས༔ མཁའ་སྤྱོད་དག་པའི་ཞིང་དུ་དབུགས་ཕྱུངས་ཤིག༔ དེར་ནི་རྡོ་རྗེ་བཙུན་མོའི་ཞལ་མཐོང་ཞིང༔ རྣལ་འབྱོར་དབང་ཕྱུག་ཚོགས་དང་ལྷན་ཅིག་ཏུ༔ རིག་འཛིན་རྣམ་བཞིའི་གོ་འཕང་ལ་བརྟེན་ནས༔ བདེ་ཆེན་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཅེས་རྩེ་གཅིག་ཏུ་སྨོན་ལམ་བཏབ་པས་ཚོམ་བུ་གཅིག་ཏུ་འདུས་པ་ཐམས་ཅད་མཁའ་སྤྱོད་ཀྱི་གནས་སུ་ཕྱིར་མི་ལྡོག་པའི་ས་ལ་དབུགས་ཕྱིན་པར་འགྱུར་རོ༔ དེ་ནི་རྡོ་རྗེ་ཕག་མོའི་མར་མེའི་སྐོང་བ་མཐར་ཐུག་པའོ༔ ༈ དྲུག་པ་མཁའ་འགྲོ་ཡོངས་རྫོགས་མདོས་ཀྱིས་སྐོང་བ་ནི་གཞན་དུ་ཤེས་པར་བྱའོ༔ ༈ དེ་ལྟ་བུའི་ཁྱད་པར་གྱི་སྐོང་བ་རྣམས་དཀྱུས་གཅིག་ཏུ་བྱེད་ན་ཐོག་མ་ནས་སོ་སོའི་སྐོང་རྫས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ལེགས་པར་འདུ་བྱས་ལ་མཐར་ཆགས་སུ་གཏང༔ སོ་སོ་ཁོལ་འདོན་དུ་བྱས་ཀྱང་ཆོག༔ རྒྱུན་གྱི་ཕྲིན་ལས་ནར་མ་སོགས་ལ་ཕྱི་ནང་གསང་བ་མཆོག་གི་མཆོད་པས་སྤྱིར་སྐོང་བ་ཙམ་བྱས་ཀྱང་རུང༔ འོན་ཀྱང་མར་མེའི་སྐོང་བ་ནི་རྣམ་པ་ཀུན་ཏུ་གཅེས་སོ༔ དེ་ནས་སླར་ཡང་མཆོད་པ་རྒྱ་ཆེན་པོ་དང་བཅས་བརྐྱང་ཕྱག་འཚལ་ཞིང་ཡེ་ཤེས་མཁ༵འ་འགྲོ༵འི་སྨྲེ༵་བཤག༵ས་ཀྱང་བྱའོ༔ མཐར་དོན་དམ་སྤྲོས་མེད་རིག་པ་འོད་གསལ་གྱི་ངང་དུ་མཉམ་པར་བཞག་སྟེ་དོན་གྱི་སྐོང་བཤགས་ཚིག་གིས་གསལ་འདེབས་པ་ནི༔ ཧཱུྃ༔ དངོས་པོ་སྟོང་ཉིད་ཆོས་སྐུའི་ཀློང་དུ་བསྐང༔ སྣང་བ་འོད་གསལ་ལོངས་སྐུའི་ཀློང་དུ་བསྐང༔ རིག་རྩལ་འགག་མེད་སྤྲུལ་སྐུའི་ཀློང་དུ་བསྐང༔ འཁོར་བའི་བག་ཆགས་མྱ་ངན་འདས་པར་བསྐང༔ སྡུག་བསྔལ་ཐམས་ཅད་བདེ་བ་ཆེན་པོར་བསྐང༔ གཟུང་འཛིན་རྣམ་རྟོག་སྤྲོས་བྲལ་ཀློང་དུ་བསྐང༔ ཀུན་རྫོབ་དོན་དམ་སྐྱེ་མེད་ཀློང་དུ་བསྐང༔ ལྷ་དང་རྟོག་པ་རོ་མཉམ་ཆེན་པོར་བསྐང༔ ཡུལ་དང་དབང་པོ་གཉིས་མེད་ངང་དུ་བསྐང༔ བསྐང་དུ་མེད་དེ་རྫོགས་པ་ཆེན་པོར་བསྐང༔ མཆོད་དུ་མེད་དེ་བདེ་ཆེན་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཀ་དག་དབྱིངས་སུ་སྦྱོར༔ སྒྲོལ་དུ་མེད་དེ་ལྷུན་གྲུབ་ཐིག་ལེར་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་དོན་གྱི་དགྱེས་མཆོད་འབུལ༔ བུམ་དབང་ཉམས་ཆག་སྣང་སྟོང་སྒྱུ་མར་བཤགས༔ རྩ་རླུང་ཉམས་ཆག་གསལ་སྟོང་ཐིག་ལེར་ཟླུམ༔ འཕོ་བའི་ཉམས་ཆག་ལྷན་སྐྱེས་དབྱིངས་སུ་སྟིམ༔ རྟོག་པའི་ཉམས་ཆག་རིག་སྟོང་བློ་འདས་ངང༔ བསྐང་དང་བཤགས་བྱ་བཤགས་ཡུལ་མཐའ་ལས་འདས༔ མ་བཅོས་སྤྲོས་མེད་ཀློང་དུ་དག་གྱུར་ཅིག༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ ཞེས་དགོངས་པ་བསྐྱང་ངོ༔ དེ་ནི་མཐར་ཐུག་དོན་གྱི་སྐོང་བཤགས་སོ༔ དེ་ནས་རྣལ་འབྱོར་པ་རྣམས་ནང་གི་ཚོགས་ལ་རོལ་པ་ནི༔ རྡོ་རྗེ་སློབ་དཔོན་ནས་གཟུང་ཐབས་ཤེས་ཀྱི་རྫས་རིམ་པར་སྟོབ་ལ༔ ཧོ༔ རྡོ་རྗེ་རྣལ་འབྱོར་མཆེད་དང་ལྕམ་དྲལ་རྣམས༔ ཐབས་དང་ཤེས་རབ་འདོད་ཡོན་མཆོད་པའི་ཚོགས༔ སྤང་ལེན་མཉམ་པའི་བརྟུལ་ཞུགས་ཆེན་པོ་ཡིས༔ བདེ་ཆེན་རོ་གཅིག་ངང་དུ་བཞེས་སུ་གསོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད༔ སྒྲུབ་པ་པོ་རྣམས་ཀྱིས༔ ཧོ༔ ཡེ་ཤེས་མཁའ་འགྲོའི་དམ་ཚིག་བླ་ན་མེད༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཟག་མེད་བདུད་རྩིའི་ཚོགས་ཀྱི་ལོངས་སྤྱོད་མཆོག༔ ཕུང་ཁམས་སྐྱེ་མཆེད་ལྷ་ཚོགས་མཆོད་ཕྱིར་བླངས༔ ཨ་ཧོ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཞེས་བླངས་ལ་ནང་གི་སྦྱིན་སྲེག་གིས་རོལ༔ ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་ལ་མ་ད་ན་དང་བཅས་ཏེ་སྣོད་དུ་བླུགས་ལ་བཞག་གོ༔ དེ་ནས་ལྷག་མའི་ཆོ་ག་ལ༔ དང་པོ་ཚོགས་ཕུད་ཆ་བཞི་པས་མཆོད་པ་ནི༔ བདུད་རྩིས་བྲན་ལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ་ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ བཞུགས་ནི་ཆོས་ཀྱི་དབྱིངས་ན་བཞུགས༔ སྒྲུབ་མཆོག་རྗེས་སུ་འཛིན་པའི་ཕྱིར༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས༔ ལྷག་ཕུད་མཆོད་པ་འདི་བཞེས་ལ༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་རིམས་དང་བར་ཆད་སྲུངས༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ཕྱི་ནང་མཁའ་འགྲོའི་སུན་མ་དང༔ འབྱུང་བཞི་འཇིགས་པའི་གཡོ་འཁྲུགས་ཟློག༔ ཚེ་བསོད་བདེ་ཆེན་ཡེ་ཤེས་སྤེལ༔ ལེགས་ཚོགས་ཐམས་ཅད་དབང་དུ་སྡུས༔ ཉམས་པའི་དགྲ་བགེགས་ཚར་ཆོད་ལ༔ མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་བྷ་ར་ཧི་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ བཞུགས་ནི་མེ་ལོང་དབྱིངས་ན་བཞུགས༔ སྒྲུབ་མཆོག་རྗེས་སུ་འཛིན་སོགས། ཨོཾ་བཛྲ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དོན་གྲུབ་རིན་ཆེན་མཁའ་འགྲོ་མ༔ བཞུགས་ནི་མཉམ་ཉིད་དབྱིངས་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་རཏྣ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྒྲ་སྒྲོག་པདྨ་མཁའ་འགྲོ་མ༔ བཞུགས་ནི་སོར་རྟོག་དབྱིངས་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་པདྨ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ མཐར་ཕྱིན་ལས་ཀྱི་མཁའ་འགྲོ་མ༔ བཞུགས་ནི་བྱ་གྲུབ་དབྱིངས་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་ཀརྨ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་སྟོང་དཔའ་བོ་དཔའ་མོའི་ཚོགས༔ བཞུགས་ནི་ཉེར་བཞིའི་ཡུལ་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཕྲིན་ལས་དམ་ཚིག་མཁའ་འགྲོ་མ༔ བཞུགས་ནི་དུར་ཁྲོད་གནས་བརྒྱད་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་སརྦ་ཀརྨ་ས་མ་ཡ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་མཆོད་དོ༔ དེ་ནས་ཕུད་ལྷག་དང་རྣལ་འབྱོར་པའི་ལྷག་མ་བསྲེས་ལ་ཞལ་ཆབ་ཀྱིས་བྲན་ཏེ༔ ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་འཁོར་འདས་རོ་མཉམ་གྱི་འདོད་ཡོན་དུ་བརླབས་ལ༔ སརྦ་ཀརྨ་ལོ་ཀ་སྨཱ་ཤ་ནཱི་པི་ཤཱ་ཙཱི་དྷཱ་ཀ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་རྐང་གླིང་དང་བཤུགས་པའི་སྒྲ་སོགས་ཀྱིས་འཇིག་རྟེན་པའི་ལྷག་སྡུད་སྤྲིན་ལྟར་གཏིབས་པ་སྤྱན་དྲངས་ལ༔ ཧཱུྃ༔ དང་པོར་ཕུད་ཀྱིས་ལྷ་ཚོགས་མཆོད༔ བར་དུ་རྣལ་འབྱོར་དམ་ཚིག་རོལ༔ ཐ་མ་ཕུད་ལྷག་ཐམས་ཅད་ཀུན༔ ཆོས་ཉིད་མཉམ་པའི་ངང་དུ་བསྲེས༔ འཇིག་རྟེན་དུར་ཁྲོད་དྷཱ་ཀིའི་ཚོགས༔ མཁའ་འགྲོ་དགྱེས་པའི་ལྷག་མ་དང༔ རྣལ་འབྱོར་དམ་ལྡན་ཕ་འབབ་འདི༔ བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔ ཧཱུྃ་ཧཱུྃ༔ དུར་ཁྲོད་འཇིགས་པའི་གནས་བརྒྱད་ནས༔ མཁའ་འགྲོ་ཤུགས་འགྲོ་ཕྲ་མེན་མ༔ ཞིང་སྐྱོང་དབང་ཕྱུག་གིང་ལངྐ༔ མ་མོ་གནས་ཉུལ་ཕོ་ཉ་མོ༔ འདོད་རྒུར་སྒྱུར་བའི་འཕྲུལ་མོ་ཆེ༔ ཤ་ཁྲག་བདུད་རྩིའི་ལྷག་ལ་གདུང༔ རྣལ་འབྱོར་དྲོད་ཉུལ་ཚོགས་ཁང་འགྲིམ༔ རྡོ་རྗེ་ཕག་མོའི་བཀའ་ཉན་ཀུན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་གནོད་པ་ཐམས་ཅད་སོལ༔ ཡུལ་འཁོར་ཀུན་སྲུངས་དགྲ་བགེགས་སྒྲོལ༔ མི་མཐུན་འགལ་རྐྱེན་བར་ཆད་སོལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ ཧཱུྃ༔ མ་ངེས་གནས་དང་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་མི་བསྲུན་མ༔ ཀེང་རུས་ཤིན་ཏུ་འཇིགས་པའི་གཟུགས༔ རུས་པའི་རྒྱན་ལྡན་གཡེར་ཁ་འཁྲོལ༔ རྐན་སྒྲ་དྲག་པོ་འབྲུག་ལྟར་སྒྲོག༔ དགྲ་བགེགས་སྙིང་ཁྲག་ཧུབ་ཀྱིས་འཐུང༔ རྫུ་འཕྲུལ་མྱུར་བའི་རླུང་ཤུགས་ཀྱིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པར་འཇུག༔ རྡོ་རྗེ་ཕག་མོའི་བཀའ་ཉན་ཀུན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་གནོད་པ་ཐམས་ཅད་སོལ༔ ཡུལ་འཁོར་ཀུན་སྲུངས་དགྲ་བགེགས་སྒྲོལ༔ མི་མཐུན་འགལ་རྐྱེན་བར་ཆད་སོལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ ཧཱུྃ༔ འཇིག་རྟེན་མ་ངེས་ཐམས་ཅད་ནས༔ གློག་ལྟར་མྱུར་བའི་མཁའ་འགྲོ་མ༔ སྲིན་མོའི་ལུས་ལ་ཅེ་སྤྱང་གདོང༔ ལྗགས་ནི་སྦྲུལ་ནག་ལྟ་བུར་འཁྱུག༔ སྤྱན་མིག་འཇིགས་པའི་གློག་སྟོང་འགྱུ༔ ཁ་རླངས་ནད་མཚོན་དུག་སྤྲིན་འཐུལ༔ ལེགས་ཉེས་སྟངས་འཛིན་དགྲ་བགེགས་སྒྲོལ༔ དྲག་ཤུལ་ཆེན་པོའི་དཔུང་དང་བཅས༔ རྡོ་རྗེ་ཕག་མོའི་སོགས། ཧཱུྃ༔ རོ་གནས་འདུ་གླིང་ཐམས་ཅད་ནས༔ ཤ་ཟ་མཁའ་འགྲོ་སྟོབས་ཀྱི་བདག༔ ཡི་དྭགས་འཇིགས་པའི་གཟུགས་འཆང་ཞིང༔ དུར་བྱ་ནག་པོའི་གདོང་པ་ཅན༔ ཤ་ཁྲག་ནང་རོལ་ཐོད་པས་བརྒྱན༔ འདྲེ་སྲིན་མ་མོའི་འཁོར་དང་བཅས༔ སྤུ་གྲི་ཐོགས་ཤིང་ཕྱོགས་བཅུར་རྒྱུག༔ རྡོ་རྗེ་ཕག་མོའི་སོགས། ཨོཾ་སརྦ་ཀརྨ་ལོ་ཀ་སྨཱ་ཤ་ནཱི་པི་ཤཱ་ཙཱི་དྷཱ་ཀ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་སོ་སོར་འབུལ༔ སླར་ཡང༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་གནས་ཡུལ་བདག༔ ལས་དང་དམ་ཚིག་མཁའ་འགྲོ་མ༔ བཀའ་ཉན་འཇིག་རྟེན་ཕོ་ཉའི་སྡེ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀུན༔ ཕུད་ལ་དགྱེས་པ་ཕུད་ཀྱིས་མཆོད༔ ལྷག་ལ་དབང་བ་ལྷག་མས་བསྐང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་མ་མ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤྱིར་སྟོབ་ལ་གཙང་སར་སྤུངས༔ བཤལ་ཆུས་ཀྱང་མཆོད་དོ༔ དེ་ནས་སྨོན་ལམ་གདབ་པ་ནི༔ འདུན་པ་རྩེ་གཅིག་ཏུ་བྱས་ལ༔ ཧོ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་གྱིས༔ གསང་མཆོག་མཁའ་འགྲོ་འདུས་པའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཞི༔ རྡོ་རྗེ་སེམས་དཔའི་ཚེ་དང་ཡེ་ཤེས་རྒྱས༔ བརྟན་གཡོའི་ཕུན་ཚོགས་དབང་དུ་འདུ་བ་དང༔ གཟུང་འཛིན་འབྱུང་པོ་ཟིལ་གྱིས་ནོན་པར་ཤོག༔ སྐྱེ་བ་འདི་དང་སྐྱེ་བ་ཐམས་ཅད་དུ༔ བླ་མ་ཡེ་ཤེས་མཁའ་འགྲོས་རྗེས་སུ་བཟུང༔ གསང་ཆེན་ལམ་གྱི་སྤྱོད་པ་མཐར་ཕྱིན་ནས༔ མཁའ་ཁྱབ་འགྲོ་ཀུན་ཕྱམ་གཅིག་གྲོལ་བར་ཤོག༔ སྤྲོ་ན་རྡོ་རྗེའི་གླུ་དང་གར་ལ་སོགས་པ་བདེ་བ་ཆེན་པོའི་ཀུན་སྤྱོད་ལ་བསླབ་བོ༔ དེ་ནས་གཏོར་མ་རྒྱ་ཆེ་བ་ཤ་ཁྲག་སྒོག་ཙོང་ལ་ཕུག་ཆང་སོགས་ཀྱིས་བརྒྱན་པ་བཤམས་ལ་མཁ༵འ་འགྲོ༵་མ༵འི་བསྟོ༵ད་བསྐུ༵ལ་བྱ༔ ཞི་རྒྱས་དབང་གི་ཕྲིན་ལས་གསོལ་བའམ༔ དྲག་པོ་ཟོར་དུ་འཕང༔ བཤལ་ཆུ་དང་གཏོར་མས་བརྟན་མ་བསྐྱང་བ་ནི༔ ཨོཾ་ཨཱཿཧཱུྃ་རཏྣ་བ་ལིཾ་ཏ་སྥ་ར་ཎ་ཁཾ༔ ཧཱུྃ༔ ཚོགས་དང་བཀའ་ཡི་འཁོར་ལོས་སྒྱུར༔ ཁྲག་འཐུང་དེ་བཞིན་ཉིད་ཀྱི་དབྱིངས༔ རྡོ་རྗེ་ནམ་མཁའི་སྐུ་བརྙེས་པ༔ སློབ་དཔོན་པདྨ་ཐོད་ཕྲེང་དང༔ སློབ་མ་རླངས་ཆེན་དཔལ་སེང་གིས༔ མ་མོ་རོལ་པའི་དཀྱིལ་འཁོར་དུ༔ དབང་དུ་བསྡུས་ཤིང་བཀའ་ལ་བཏགས༔ བོད་ཁམས་སྐྱོང་བར་དམ་མནོས་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་དང༔ སྐྱོང་མ་ཡ་མ་འབུམ་གྱི་ཚོགས༔ ཚུར་གཤེགས་དམ་སྐོང་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ནག་མོ་མི་སྡུག་དྲག་ཤུལ་ཅན༔ གསོད་ལ་དགའ་ཞིང་གཅོད་ལ་རྔམས༔ བདག་ཉིད་ཆེན་མོ་ལ་སོགས་པའི༔ བདུད་མོ་མཆེད་བཞི་འཁོར་དང་བཅས༔ དཔལ་གྱི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་སངས་རྒྱས་བསྟན་པ་སྐྱོངས༔ མཐའ་དམག་གདུག་པའི་འཚེ་བ་སྲུངས༔ ནད་ཁ་ཆོད་ལ་དལ་ཁ་སྒྱུར༔ དུས་འཁྲུགས་ཟློག་ལ་མཚོན་རྩེ་རྟུལ༔ ཆར་དང་འབྲུ་ནོར་ལོངས་སྤྱོད་སྤེལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ དུ་ཏྲི་རཀྴ་སཱི་ས་པ་རི་བཱ་ར་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དམར་མོ་ཁྲོ་གཉེར་མཆེ་བ་གཙིགས༔ གཏུམ་ཆེན་རྔམས་པའི་ཤུགས་འཆང་བའི༔ གངས་དཀར་ཤ་མེད་ལ་སོགས་པའི༔ གནོད་སྦྱིན་མོ་བཞི་འཁོར་དང་བཅས༔ དཔལ་གྱི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་སངས་རྒྱས་བསྟན་པ་སྐྱོངས༔ མཐའ་དམག་གདུག་པའི་འཚེ་བ་སྲུངས༔ ནད་ཁ་ཆོད་ལ་དལ་ཁ་སྒྱུར༔ དུས་འཁྲུགས་ཟློག་ལ་མཚོན་རྩེ་རྟུལ༔ ཆར་དང་འབྲུ་ནོར་ལོངས་སྤྱོད་སྤེལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ བཛྲ་ཡཀྴ་སཱི་ས་པ་རི་བཱ་ར་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དཀར་ཤམ་བཞིན་བཟང་ཆགས་པ་ཆེ༔ ཞི་འཛུམ་སྒེག་པའི་ཚུལ་འཆང་བ༔ ཀོང་བཙུན་དེ་མོ་ལ་སོགས་པ༔ སྨན་བཙུན་མཆེད་བཞི་འཁོར་དང་བཅས༔ དཔལ་གྱི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་སངས་རྒྱས་བསྟན་པ་སྐྱོངས༔ མཐའ་དམག་གདུག་པའི་འཚེ་བ་སྲུངས༔ ནད་ཁ་ཆོད་ལ་དལ་ཁ་སྒྱུར༔ དུས་འཁྲུགས་ཟློག་ལ་མཚོན་རྩེ་རྟུལ༔ ཆར་དང་འབྲུ་ནོར་ལོངས་སྤྱོད་སྤེལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ སརྦ་ཨ་མྲྀཏ་དེ་ཝཱི་ས་པ་རི་བཱ་ར་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤྱི་དང་སོ་སོར་བསྔོས་ལ་གཙང་སར་འབུལ་ལོ༔ ལས་ཀྱི་མཐའ་བསྡུ་བའི་ཕྱིར་གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་དམ་སྲི་དགུག་གཟིར་བྱས་ལ༔ ཧཱུྃ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དཔལ་ཆེན་རྟ་མཆོག་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར༔ གཉིས་མེད་སྤྲུལ་པའི་ཚོགས་དང་བཅས༔ རྟ་གདོང་ཕག་ཞལ་རྔམ་བཞད་འཚེར༔ མཁའ་ལ་བདེ་བའི་གར་སྟབས་སྒྱུར༔ ས་ལ་སྟོང་པའི་རྟ་བྲོ་རྡུང༔ བདེ་སྟོང་དབྱེར་མེད་ཨེ་ཡི་ཀློང༔ དམ་སྲི་འབྱུང་པོ་དཔུང་དང་བཅས༔ གཟིར་མནན་དྲག་པོའི་ལས་མཛད་པས༔ བྱང་ཆུབ་བར་དུ་མ་ལྡངས་ཤིག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧྲཱིཿབཾ་ཧཱུྃ་ཕཊ༔ ཨེ་ལཾ་སཏྭཾ་བྷ་ཡ་ནན༔ ཞེས་དམིགས་མེད་དུ་རྒྱས་གདབ༔ དེ་ནས་མཆོད་བསྟོད་དངོས་གྲུབ་བླང་བ་སོགས་ཅི་རིགས་པས་ལས་ཀྱི་རྗེས་མཐར་དབྱུང་བར་བྱའོ༔ མཁའ་འགྲོ་འདུས་པའི་མཆོད་སྐོང་གི་རིམ་པ་འདི་ལ་འབད་པས་དམ་ཚིག་ཉམས་ཆག་བྱང༔ མ་མོ་མཁའ་འགྲོ་འཁྲུགས་པ་ཞི༔ ཚེ་དང་བདེ་ཆེན་གྱི་ཡེ་ཤེས་རྒྱས༔ འབྲེལ་ཚད་མཁའ་འགྲོ་མས་རྗེས་སུ་བཟུང་ནས་མཁའ་སྤྱོད་ཀྱི་གྲོང་དུ་རྡོ་རྗེའི་རིག་པ་འཛིན་པའི་ས་ཐོབ་པར་འགྱུར་བས་དྷཱ་ཀི་ནཱི་འདུ་བའི་དུས་སོགས་སུ་ལྷག་པར་འབད་པ་གལ་ཆེའོ༔ ས་མ་ཡ༔ མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མཆོད་སྐོང་གི་ཆོ་ག་སྔོན་ཆད་གཞན་དུ་མ་བསྟན་པ༔ རྒྱུད་དང་མན་ངག་གི་དགོངས་པ་ལྟར་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་བསྡུས་ཏེ་མཁའ་འགྲོ་མཚོ་རྒྱལ་ལ་གདམས༔ མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་པ་སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།། །།
དྲེགས་པ་འདུལ་བའི་རྫས་ཆེན་བཅོ་བརྒྱད་སྦྱོར་བ་ (Volume 44, Text 50)
དྲེགས་པ་འདུལ་བའི་རྫས་ཆེན་བཅོ་བརྒྱད་སྦྱོར་བ་ལ། ཕྱག་རྡོར་ནས་བཤད་པ་དང་། བསྡེབས་ནས་བཤད་པ་གཉིས་ཀྱི། དང་པོ་ནི། གུ་གུལ་བོང་ང་ཤིང་ཀུན་གསུམ། །ཤུ་དག་གླ་རྩི་བ་བླ་གསུམ། །ལྡོང་རོས་མུ་ཟི་ཚུར་དཀར་གསུམ། །ཚུར་ནག་ཡུང་བ་མི་ལུད་གསུམ། །སྤྱང་བྲུན་ཉ་ཤ་ཕག་ཤ་གསུམ། ཁྱི་ལུད་སྤྲུ་ནག་དོར་རྟའི་གཞོབ། །ཅེས་སོ། །གཉིས་པ་བསྡེབས་ནས་བཤད་པ་ནི། བཙན་དུག་གུ་གུལ་སྦྲུལ་ནག་ཤ །མུ་ཟི་རྔ་མ་རྭ་རུའི་གཞོབ། །ར་དུག་རེ་ལྕག་སྤྱང་དུག་པ། །མི་ཚིལ་རྟ་ཚིལ་ཕག་ཚིལ་དང་། །རྟ་བོན་སྤྲུ་ནག་གྲི་ཁྲག་པ། ཁྱི་ནག་སྤྱང་ཀི་ར་རོག་ཁྲག །དེ་རྣམས་གང་འཛོམ་སྦྱར་བའི་རྫས། །མེ་ལ་བསྲེགས་ཏེ་བདུག་གྱུར་ན། །སྡེ་བརྒྱད་ཇི་ལྟར་ནུས་ཆེ་ཡང་། །སྐད་ངན་འབྱིན་ཅིང་འབྲོས་པར་འགྱུར། །འདྲེ་ཕྲན་ཕལ་པ་སྨྲོས་ཅི་དགོས། །རྫས་དུད་སྦྱོར་བ་ཁྱད་འཕགས་ལ། །ལུགས་ནི་གང་ཡིན་བྱས་པས་འགྲུབ། །ཐམས་ཅད་དགོས་པ་མ་ཡིན་ནོ། །རང་སྲུང་རྫས་དུད་སྦྱོར་བ་འདི། །ཉམ་ཆུང་རྡོ་རྗེའི་ཉམ་ལེན་ནོ། །ྀཨཚ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རཀྴ་ཐོད་ཕྲེང་རྩལ་གྱི་སྒྲུབ་ཐབས་ (Volume 45, Text 50)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་ལེའུ་བཅོ་ལྔ་པ་ལས་གསུངས་པའི་རཀྴ་ཐོད་ཕྲེང་རྩལ་གྱི་སྒྲུབ་ཐབས་བཞུགས་སོ། ། བླ་མ་ཧེ་རུ་ཀ་རཀྴ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །མི་བཟད་ཁྲོ་གཏུམ་བཟོད་པར་དཀའ་བ་ཉིད། །དྲན་པའི་མོད་ལ་བདུད་སྡེ་ཕམ་མཛད་པའི། །རཀྴ་ཐོད་ཕྲེང་རྩལ་དེ་སྒྲུབ་པའི་ཐབས། །ཞལ་ལུང་དྲི་མེད་བཀོད་ལ་གནང་བ་སྩོལ། །དེ་ཡང་བྱང་ཆུབ་སྒྲུབ་པའི་བར་ཆད་ལུས་ཅན་རྣམས་ལ་ཉེ་བར་འཚེ་བའི་སྲི་ཀེག་ལས་རྒྱལ་བར་འདོད་པས་གུ་རུ་པདྨ་འབྱུང་གནས་ཀྱི་མན་ངག་འདི་ཉིད་ཉམས་སུ་བླང་བའི་རིམ་པ་ལ་གསུམ། དང་པོ་སྦྱོར་བ་ནི། གང་དུ་བྱ་བའི་གནས་མ་དུལ་བ་ཡིན་ན་སའི་ཆོ་ག་བྱ། གནས་རྙིང་པར་མི་དགོས་ཤིང་། གང་ལྟར་ཡང་ཐིག་ཚོན་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་བྲི་བའམ་སྟེགས་བུའི་ཁར་རས་བྲིས་བཀྲམ། མ་འབྱོར་ན་མཎྜལ་ཚོམ་བུ་བཅུ་གཅིག་བཀོད་པའི་མཐར་སྨན་རཀ་གཏོར་གསུམ་མཆོད་པས་བསྐོར། ཤིན་ཏུ་བསྡུ་ན་བྲིས་སྐུ་བཤམས་པའི་མདུན་སྨན་རཀ་གཏོར་གསུམ་དང་མཆོད་པ་ཙམ་བཀོད་པས་ཀྱང་རུང་ལ། སྲུང་ཟློག་གི་བཅས་དམིགས་བསལ་ཡོད་ན་དེས་འཐུས་ཤིང་། གཞན་ཡང་མཁོ་བའི་ཡོ་བྱད་འདུ་བྱས་ལ། སྔོན་འགྲོའི་ཆོས་བདུན་ལས་བྱང་འབྲིང་པོ་ལྟར་བཏང་རྗེས། གཉིས་པ་དངོས་གཞི་ལ་བདུན་གྱི་དང་པོ་བསྐྱེད་རིམ་བསྒོམ་པ་ནི། ཧཱུྃ༔ དམིགས་མེད་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྱིས་གྲུབ་པའི་རིག་རྩལ་ལས༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ནག༔ མཁའ་ལ་ཉི་མ་བཞིན་དུ་ཤར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཕྱི་སྣོད་དུར་ཁྲོད་རོལ་པའི་ཞིང༔ ཁྲག་འཐུང་ལྷ་ཚོགས་ཕོ་བྲང་དབུས༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ བྷྲཱུྃ་ལས་བདུད་འདུལ་མཆོད་རྟེན་ནི༔ ཡངས་ཤིང་རྒྱ་ཆེ་མཚན་ཉིད་རྫོགས༔ དེ་ཕྱིར་འཁོར་ལོ་རྩིབས་བཅུ་གསུམ༔ ལྟེ་བ་མི་གཡོ་རྩིབས་རྣམས་ཀུན༔ ཤུགས་དྲག་འཁོར་བའི་ཁོང་གསེང་དུ༔ རྡོ་རྗེའི་སྔགས་ཀྱི་ཡི་གེས་མཚན༔ དེ་ལས་རྡོ་རྗེའི་ཚྭ་ཚྭ་དང༔ མེ་འོད་འཕྲོས་པས་ཕྱོགས་ཀུན་ཁྱབ༔ གཞོམ་མེད་སྲུང་བའི་གུར་ཁང་ཆེར༔ ལས་ཀྱི་ཁྲོ་ཚོགས་རླུང་ལྟར་འཚུབས༔ མཆོད་རྟེན་ཏོག་ཟླུམ་འོད་ལྔའི་ཀློང༔ རྩ་བརྒྱུད་བླ་མའི་སྤྲིན་ཕུང་འཕྲོ༔ བཅུ་གསུམ་གདུགས་ཀྱི་ནང་ཁོངས་སུ༔ བཅོམ་ལྡན་ཤཱཀྱ་སེང་གེ་སོགས༔ སངས་རྒྱས་བྱང་སེམས་བསམ་མི་ཁྱབ༔ བྲེ་ནང་རྒྱུད་སྡེ་ཆེན་པོ་བཞིའི༔ དཀྱིལ་འཁོར་ཞི་ཁྲོ་རབ་འབྱམས་བཞུགས༔ བུམ་པ་ཡངས་ཤིང་རྒྱ་ཆེའི་དབུས༔ སྟེང་འོག་འཁོར་ལོ་རྩིབས་དྲུག་པའི༔ ལྟེ་བར་པད་ཉི་དམ་སྲིའི་སྟེང༔ ཧཱུྃ་ལས་བདག་ཉིད་སྐད་ཅིག་གིས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ དྲག་ཏུ་ཁྲོས་པ་སེང་གེའི་སྒྲ༔ དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ཆེ་ཡན་ལག་ཤིན་ཏུ་རགས༔ ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྟག་ཤམ་རུས་པའི་ཕྱག་རྒྱས་སྤྲས༔ ཐོད་པའི་ཕྲེང་བས་ག་ཤལ་མཛད༔ མཐིང་འོད་འབར་མ་ནམ་མཁའི་མདོག༔ གྲི་ཐོད་འཛིན་པས་ཡབ་ལ་འཁྱུད༔ ཞབས་ཟུང་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ རབ་ཁྲོས་གར་དགུའི་ཉམས་ཀྱིས་རོལ༔ སྟེང་འོག་ཕྱོགས་མཚམས་མེ་ཕུང་ཀློང༔ བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ༔ སྐུ་མདོག་དུས་མཐའི་མེ་ལྟར་འབར༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ སྲི་ངན་འབྱུང་པོ་སྲུང་ཞིང་ཟློག༔ གཡོན་པས་གནམ་ལྕགས་ཕུར་པ་འདྲིལ༔ དམ་སྲི་གདུག་པ་གཟིར་ཞིང་གསོད༔ སྐུ་སྨད་ཕུར་པའི་དབལ་རྣོན་པོས༔ ཕྱོགས་བཅུའི་བགེགས་སྲིའི་སྙིང་ལ་འབིགས༔ ཞལ་ནས་ཧཱུྃ་ཆེན་སྔགས་ཀྱི་སྒྲས༔ ཁམས་གསུམ་འབྱུང་པོ་འདར་ཞིང་འདུད༔ ཁྲོ་བོ་ཆེན་པོའི་ཆས་ཀུན་རྫོགས༔ འཁོར་ལོ་གཉིས་ཀྱི་བར་སྣང་དང༔ སྟེང་འོག་རྩིབས་ལ་སྔགས་བཅུ་གསུམ༔ མེ་ཕུང་འབར་ཞིང་རང་སྒྲ་སྒྲོག༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ འབྲུག་སྟོང་ལྡིར་བ་ལྟ་བུར་བསམ༔ སེང་ཁྲི་ནང་གི་ཕྱོགས་མཚམས་སུ༔ ཆོས་སྲུང་ཕོ་མོ་མ་ནིང་སྡེ༔ ཅི་བགྱིའི་བཀའ་ཉན་ལས་བྱེད་ཕྱིར༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འདྲིལ༔ རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དབྱིངས༔ སངས་རྒྱས་ཀུན་དང་མཉམ་པར་སྦྱོར༔ ཡེ་ཤེས་རིགས་ལྔའི་དབང་བསྐུར་ལྷ༔ དབུ་རྒྱན་འབར་བའི་དབྱིངས་སུ་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡེ་ཤེས་དགུག་བསྟིམ་ནི། གཙོ་འཁོར་ཀུན་གྱི་གནས་གསུམ་གྱི༔ ཡི་གེ་གསུམ་ལས་འོད་འཕྲོས་པས༔ རབ་འབྱམས་དག་པའི་ཞིང་ཁམས་ནས༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ ཆར་ལྟར་བབ་ནས་གཉིས་མེད་ཐིམ༔ ཡེ་ཤེས་གཟི་བྱིན་ཆེར་འབར་གྱུར༔ རྐང་གླིང་བཤུག་པའི་སྒྲས་བསྐུལ་ཏེ། ཧཱུྃ་ཧཱུྃ༔ འོག་མིན་ཆོས་དབྱིངས་མེ་རི་འབར་བ་དང༔ དབང་དྲག་པདྨ་འོད་ཀྱི་ཕོ་བྲང་ནས༔ དུས་གསུམ་བདེ་གཤེགས་བླ་མ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཀུན༔ སངས་རྒྱས་འདུས་པའི་ཕྲིན་ལས་སྲིན་པོའི་རྒྱལ༔ རིག་འཛིན་རྩལ་འཆང་རཀྴ་ཐོད་ཕྲེང་རྩལ༔ གཙོ་འཁོར་སྤྲུལ་པར་བཅས་པ་སྐུར་བཞེངས་ལ༔ དུར་ཁྲོད་དྲག་པོའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཀྴ་ཐོད་ཕྲེང་རྩལ་ས་པ་རི་བཱ་ར་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང༔ ཙཀྲ་འབར་བའི་གཞལ་ཡས་ན༔ རཀྴ་ཐོད་ཕྲེང་འཁོར་དང་བཅས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་དང་མཆོད་པ་བྱ་བ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དྲག་པོའི་མཐུ་སྟོབས་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་འཛིན་ཀྱང་འཇིགས་པའི་ཕོ་བྲང་དུ༔ དགྲ་བགེགས་བསྒྲལ་པའི་ཁྲག་གི་མཆོད་ཡོན་དང༔ དབང་པོའི་མེ་ཏོག་ཚིལ་གསུར་བདུག་པའི་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་རྫིང༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ བྱང་སེམས་དཀར་དམར་བདུད་རྩི་རཀྟའི་མཚོ༔ ཕུང་པོ་མ་ཚང་མེད་པའི་གཏོར་མ་ཆེ༔ རྨད་དུ་བྱུང་བའི་དམ་རྫས་རྒྱ་ཆེན་པོས༔ བླ་མ་དྲག་པོ་འཁོར་བཅས་ཐུགས་དམ་བསྐང༔ དགྱེས་པར་བཞེས་ལ་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་ནས། ཤབྡ་བོ་དྷི་ཙིཏྟ་མ་ཧཱ་པཉྩ་རཀྟ་མཱཾ་ས་བ་ལིཾ་ཏ་པཱུ་ཛ་ཧོ༔ ལྔ་པ་བསྟོད་པ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་དྲག་པོ་མེ་རླུང་འཚུབས་པའི་ཀློང༔ དཔལ་ཆེན་ཁྲོ་རྒྱལ་རཀྴ་ཐོད་ཕྲེང་རྩལ༔ སངས་རྒྱས་འདུས་པའི་ཕྲིན་ལས་དམ་སྲིའི་གཤེད༔ ཁྱབ་བདག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ངང་ཉིད་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་ཁྲོས་པའི་སྐུ༔ ཁྲོ་བཅུའི་སྣང་ཚུལ་ཕྱག་རྒྱའི་སྤྲིན་སྤྲོ་བ༔ ཁྲག་འཐུང་འཁོར་ལོས་སྒྱུར་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་རྣམ་རོལ་དཀོན་མཆོག་རྩ་གསུམ་ལྷ༔ རིགས་ཀྱི་ཚོམ་བུ་སྤྲུལ་འཁོར་མཐའ་ཡས་ཤིང༔ རྒྱུད་གསུམ་དྲེགས་པའི་དམག་དཔུང་རླུང་ལྟར་འཚུབས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ དྲུག་པ་ཛཔ྄་བཟླ་བ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ནས་དང་པོ་རྩ་བའི་བཟླས་དམིགས་ནི། རིག་འཛིན་རཀྴ་ཐོད་ཕྲེང་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་མེ་ཕུང་ཁྱུང་གི་ཚྭ་ཚྭ་དང༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ་པར་འཕྲོས༔ ཁམས་གསུམ་སྡེ་བརྒྱད་དྲེགས་པ་ལས་ལ་བཀོལ༔ དམ་སྲི་འབྱུང་པོའི་དཔུང་ཚོགས་ཐལ་བར་བརླག༔ ཐམས་ཅད་རིག་རྩལ་ཀ་དག་ཟང་ཐལ་ངང༔ ཚུར་འདུས་བདག་ཐིམ་ནུས་སྟོབས་འགྲན་བྲལ་བསམ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཅི་ལྟར་རིགས་པ་བཟླས་པའི་མཐར། ཡན་ལག་ལས་སྦྱོར་སྲུང་བའི་དམིགས་པ་ནི། རང་གི་ཐུགས་ཀར་འོད་ཀྱི་ཀློང༔ ཕ་ལམ་ལས་གྲུབ་རྡོ་རྗེའི་ལྟེར༔ རླུང་སེམས་གཉིས་མེད་ཧཱུྃ་མཐིང་གའི༔ ཐིག་ལེའི་དབུས་སུ་བླ་མ་དང༔ ཁོག་པར་བསྲུང་བྱའི་གཙོ་བོ་སྟེ༔ མཐའ་སྐོར་བསྲུང་བྱ་གཞན་རྣམས་ཀུན༔ མངོན་སུམ་ལྟ་བུར་གསལ་བའི་མཐར༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་སྲོག་སྔགས་ཕྲེང་ལས༔ ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ༔ ལྕགས་ཀྱུ་ཐོགས་པ་དཔག་མེད་འཕྲོས༔ སྲི་རྣམས་དབང་མེད་བཀུག་བྱས་ཏེ༔ ཕྱི་རོལ་འཁོར་ལོའི་རྩིབས་བར་ཚུད༔ ནམ་ཡང་འཆོར་བ་མེད་པར་གྱུར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཏིང་འཛིན་ངར་བསྐྱེད་དྲག་ཏུ་བཟླ༔ དེ་ནས་ལས་ཀྱི་སྔགས་ཤམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ སྨ་ར་སྨ་ར་ཙཀྲ༔ བྷི་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སཾ་བྷ་བེ་ག་ཎ་ནཱ་ཡ་སཱ་ར་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ༔ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ༔ ཅེས་དྲག་ཏུ་བཟླ། ཟློག་པའི་དམིགས་པ་ནི། སླར་ཡང་ཁྲོ་བཅུ་ཞལ་ཕྱིར་གཟིགས༔ དྲག་སྔགས་འབྲུག་སྒྲ་ལྟར་སྒྲོག་པས༔ འཁོར་ལོ་གཡས་་་སྟེང་།གཡོན་་་འོག།ཤུགས་དྲག་འཁོར༔ སྲི་རྣམས་ཐམས་ཅད་ཕྱེ་མར་བརླག༔ རང་གི་ཡ་རྐན་མ་རྐན་ནི༔ གནམ་ས་ལྟ་བུར་གདངས་པའི་བར༔ ལྕེ་ནི་རྡོ་རྗེ་རྩེ་བཅུ་གསུམ༔ སྔགས་ཀྱིས་མཚན་པའི་རང་སྒྲ་ཡིས༔ ཕྱེ་མའང་དམིགས་མེད་དབྱིངས་སུ་ཐིམ༔ རྩ་སྔགས་ལས་སྔགས་སྦྲེལ་མ་བཟླས་མཐར། ཐུགས་ནས་ལོཀྟྲི་པཱ་ལ་ནི༔ སྔོ་ནག་རབ་ཁྲོས་འཇིགས་པའི་གཟུགས༔ གྲངས་མེད་སྲིད་གསུམ་ཁྱབ་པར་འཕྲོས༔ ཕྱག་གཉིས་གནམ་ལྕགས་ངར་མའི་དབལ༔ ཆ་ལང་བཞིན་དུ་བརྡབ་པའི་བར༔ བགེགས་དང་ལོག་འདྲེན་ཐམས་ཅད་དང༔ ཁྱད་པར་བཅུ་གསུམ་སྲི་ཡི་རིགས༔ སྡེ་དང་དཔུང་དང་རྒྱུད་བཅས་ཀུན༔ སྒོང་སྐོགས་བཙིར་བ་བཞིན་དུ་འཐར༔ ལུས་ངག་ཐལ་བའི་རྡུལ་བཞིན་གྱུར༔ རྣམ་ཤེས་ཀ་དག་དབྱིངས་སུ་ཐིམ༔ མིང་གི་ལྷག་མ་མེད་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་གསུམ་ལྷ་ཡི་བྱིན་རླབས་དང༔ ཆོས་སྐྱོང་སྲུང་མའི་མཐུ་རྩལ་དང༔ སྔགས་རྒོད་དམོད་པའི་མཚོན་ཆའི་མཐུས༔ ལོ་ཟླ་ཞག་དུས་ལ་འཆར་བའི༔ ཆེ་ཆུང་ཕོ་མོ་རྒན་གཞོན་དར༔ ནད་སྲི་དུར་གྱི་སྲི་ངན་སོགས༔ མི་མཐུན་གནོད་པའི་བགེགས་སྲི་ཀུན༔ མེད་པར་གྱུར་ཅིག་ཞི་གྱུར་ཅིག༔ རབ་ཏུ་ཞི་ཞིང་སྟོང་གྱུར་ཅིག༔ གལ་ཏེ་སྟོང་པར་མ་གྱུར་ན༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ ནག་ཕྱོགས་བདུད་རིགས་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ༔ ཞེས་དང་རྩ་སྔགས་ལས་སྔགས་དང༔ དྲང་སྲོང་སྔགས་རྒོད་དམོད་པར་བཅས༔ བཟླས་ཤིང་ཐལ་མོ་ལན་གསུམ་བརྡབ༔ ཅེས་པས་རྩ་སྔགས་ཧཱུྃ་བཅུ་ལས་སྔགས་རྣམས་སྦྲེལ་ལ་ཇི་ལྟར་རིགས་པ་བཟླས་མཐར། ཨོཾ་ལོཀྟྲི་པཱ་ལ་ནན༔ ས་ག་པ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙིར་ཙར་ཙིར་ཙར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོར་ཧོར༔ ཙི་དུ་སོད་ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་ཀཱ་བཱ་ཙི་བརླག་བརླག༔ བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག༔ སྲིད་པ་སྤྱི་ནས་བཤིག་ཅིག༔ སྲིད་གསུམ་རྨིང་ནས་སྒྱེལ་ཅིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པས་ཆོད་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་གནོད་བྱེད་ཀེག་དང་སྲི་ངན་གཏོང་བའི་དགྲ་དང་བགེགས་ཀྱི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ སླར་ཡང་མི་ཤིགས་པར་སྲུང་བ་དེ་ཉིད་བརྟན་པར་རྒྱས་གདབ་པ་ནི། མཐར་ནི་ཁྲོ་ཚོགས་ཚུར་འདུས་ནས༔ ཕྱི་རོལ་སྲུང་བའི་ཕྲིན་ལས་མཛད༔ ཁྲོ་བཅུའི་ཞལ་རྣམས་ནང་དུ་གཟིགས༔ རྡོ་རྗེ་སྲུང་བའི་ཏིང་འཛིན་ལས༔ ནམ་ཡང་གཡོ་བ་མེད་པ་ཡིས༔ ཀེག་སྲི་འབྱུང་པོ་ཐམས་ཅད་ཀྱང༔ བསྐལ་པའི་བར་དུ་འདར་མེད་གྱུར༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་ནི༔ ལན་གསུམ་བརྗོད་པས་བརྟན་པར་བྱ༔ བདེན་སྟོབས་དང་ནི་ཤིས་པ་བརྗོད༔ ཞེས་པ་དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་མཐར། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བྱད་ཕུར་རྦོད་གཏོང་སྦྱོར་བ་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ གཞན་ཡང་ཤིས་པ་རྒྱ་ཆེར་བརྗོད། ཅེས་དང་། ཁྲོ་བོའི་དམོད་པའི་བདེན་པ་ཡིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། ཁྱེད་ཀྱི་རིག་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་བརྗོད། ཕན་ཡོན་ཀྱང་། འདི་ལྟ་བུ་ཡི་རྣལ་འབྱོར་གྱིས༔ ཁམས་གསུམ་ཐམས་ཅད་སྲི་ལངས་ཀྱང༔ བ་སྤུའི་རྩེ་མོའང་གཡོ་མི་ནུས༔ ཤིན་ཏུ་ཟབ་པའི་མཐར་ཐུག་གོ༔ ཞེས་གསུངས། བདུན་པ་དབང་དང་དངོས་གྲུབ་བླང་བ་ནི་ལོག་ནས་འབྱུང་བས་འདིར་མི་དགོས། དེ་ནས་རྗེས་ཀྱི་ཆོས་མདུན་ལ་འཇུག་ཅིང་མཐའ་བསྡུ་བར་བྱའོ། །བྱང་ཆུབ་ལམ་གྱི་བར་ཆད་དགྲ་འདུལ་ཕྱིར། །ཨོ་རྒྱན་ཆེན་པོའི་མན་ངག་འཕྲུལ་འཁོར་ཆེ། །སྲུང་བའི་རྫོང་བརྩེགས་ཟློག་པའི་གཡུལ་འགྱེད་ཐབས། །གསལ་བར་བཀོད་འདིས་བདུད་ལས་རྣམ་རྒྱལ་ཤོག །ཅེས་པ་འདི་ཡང་རང་གཞན་རྣམས་ལ་ཕན་ཆེད་དུ། ཉེ་བར་རིགས་ཀྱི་གཅུང་ཕུན་ཚོགས་ཆོས་འགྲུབ་ཀྱིས་བསྐུལ་བའི་ངོར་མཆོག་གྱུར་གླིང་པས་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་སྒྲུབ་ཁང་ནམ་མཁའ་མཛོད་དུ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོར་བཀོད་པའི་ཡི་གེ་པ་ནི་སྟག་ཁྱམས་དགེ་བཤེས་མགོན་པོས་བགྱིས་པའོ།། །།
སྔ་འགྱུར་བཀའ་མ་ལས་འབྱུང་བའི་མཆོད་ཕྲེང་རྣམ་དབྱེ་བཅུ་དྲུག་ (Volume 27, Text 50)
སྔ་འགྱུར་བཀའ་མ་ལས་འབྱུང་བའི་མཆོད་ཕྲེང་རྣམ་དབྱེ་བཅུ་དྲུག་ཡོད་པ་ལས། སྐབས་འདིར་ཉེ་བར་མཁོ་བའི་ཡན་ལག་འགའ་ཞིག་ཟུར་དུ་བཀོལ་བ་ལས། ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱཾ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། བཛྲ་དྷཱུ་པེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༴ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༴ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབ་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབ། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གྷནྡྷེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ༴ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་པ་རྣམས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ༔ རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པས་ལྷ་རྣམས་མཉེས། ལྷ་མོ་རྣམས་སླར་བྱུང་སྟེ། རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །སྨན་མཆོད་ནི། ཨོཾ་ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བདེ་གཤེགས་ཞི་བའི་ཐུགས་དམ་ཉིད། ཁྲོ་བོ་རྒྱ་མཚོའི་དངོས་གྲུབ་མཆོག །ཞི་ཁྲོ་རོལ་པའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་གྱིས་བཞེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་། བརྒྱུད་མཆོད་ནི་གསོལ་འདེབས་ཀྱི་ཚིག་རྐང་བཞི་པ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཞེས་བསྒྱུར་བ་སོགས་ཇི་ལྟར་རིགས་པས་ཕུལ་ལ། གུ་ཡ་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མའི་སྤྲིན་ལས་བདུད་རྩིའི་ཆར་བབས་པས་དཀྱིལ་འཁོར་པ་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུྃ་ཡིག་དང་། སྨན་གྱི་སྟེང་དུ་འབྲུ་གསུམ་བསྒོམས་ཏེ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་རིམ་པར་བླངས་ཏེ་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། བདུད་རྩིའི་རྒྱུན་བྷཉྫར་ལན་གསུམ་དུ་སྦྲེང་ཞིང་། ཨོཾ་ཨཱཿཧཱུྃ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམ་དུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཨོཾ་ཨཱཿཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བརྐམ་གཟིར་བ་ཡི། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་པས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང། གསུམ་པས་རྒྱལ་སྲས་རྣམས་གཞན་དོན་ལ་བསྐུལ་བར་བསམ་མོ། །རཀྟའི་མཆོད་པ་ནི། ཨོཾ་ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། ཁམས་གསུམ་དུག་གསུམ་བསྒྲལ་པའི་རཀྟ་མཆོག །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། ཁམས་གསུམ་ཟིལ་གནོན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཨོཾ་ཧཱུྃ། ཆོས་དབྱིངས་རྣམ་དག་གཏོར་གཞོང་རྒྱ་ཆེན་དུ། །གཏོར་མ་ཡེ་ཤེས་སྣང་བ་རྒྱ་མཚོར་འཁྱིལ། །དཀར་དམར་ཐིག་ལེ་བདུད་རྩིའི་རོལ་མཚོར་སྤེལ། །འདོད་ཡོན་ལྷ་མོའི་སྤྲིན་གྱིས་བརྒྱན་པ་འདི། །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨོཾ་ཨཱཿཧཱུྃ་སུ་ར་ཏ་ཨུ་པེ་བྷྱཿཀ་མ་ལ་མཱ་ལ་བཛྲ་ཨ་མྲྀཏ་ཀ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུྃ་བཾ་ཧོཿ ཨ་ལ་ལ་ཧོཿ ཞེས་དང་། ཨོཾ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་འདོད་ཡོན་དྲུག་གི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོས་པ་དཀྱིལ་འཁོར་པ་རྣམས་ཀྱི་དབང་པོ་དྲུག་གི་གནས་སུ་ཐིམ་པས་དགྱེས་ཤིང་ཚིམས་པར་བྱས་ནས་གཉིས་མེད་དུ་གྱུར་པར་བསམ་མོ། །ཡིད་བྱུང་གི་མཆོད་པ་ནི། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་གཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམས། ཞེས་པའི་ཚིག་གིས་ཇི་ལྟར་སྟོན་པའི་མཆོད་པ་རྣམས་མཁའ་ཁྱབ་ཏུ་སྤྲུལ་ཏེ་འབུལ་ལོ། །བསྒྲལ་མཆོད་ནི། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་མཆེད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བསམ་ཞིང་། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །སྦྱོར་མཆོད་ནི། རང་དང་དཀྱིལ་འཁོར་པའི་ལྷ་ཡབ་ཡུམ་ཐམས་ཅད་ཀྱི་མཁའ་གསང་། ཧཱུྃ་ཨ། བཛྲ་པདྨ། ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡཱ་མྱེ། ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་སཾ། རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སྤྲིན་སྤྲོ་བསྡུའི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པ་ལ་བློ་བཞག་ནས། ཨོཾ་ཧཱུྃ། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱའོ། །འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ་མོ། །རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ་ཧཱུྃ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པས་མཆོད་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་པ་མངོན་དུ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ཨོཾ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེའི་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ཨོཾ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ཨོཾ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ཨོཾ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ ཨོཾ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ ཞེས་པས་ཞི་བ་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོའི་ཐིག་ལེ་ཆེ་ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་པར་བྱའོ།། །།
སྲིད་པ་མ་མོའི་གནད་ཏིག་ལས། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་ (Volume 32, Text 50)
༄༅། །སྲིད་པ་མ་མོའི་གནད་ཏིག་ལས། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་བཞུགས། ། ན་མོ་གུ་རུ་མ་མ་ཧེ་རུ་ཀ་ཡེ། སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏའི་དགོངས་པ། གུ་རུ་ཉི་མ་འོད་ཟེར་གྱིས་སྙན་བརྒྱུད་དུ་བསྩལ་པའི་སྲིད་པ་མ་མོའི་གནད་ཏིག་ལས་བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་ཐོག་མར་སྐྱབས་འགྲོ་ནི། སྤྲོ་ན་བརྒྱུད་འདེབས་སྔོན་དུ་འགྲོ་བས། བླ་མ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདག་གཞན་འགྲོ་ཀུན་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། ཨ༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ འགག་མེད་སྣང་བའི་ཕྱག་རྒྱར་བཞེངས༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསག་པ་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ༔ དག་པ་གསུམ་གྱི་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ལན་གསུམ། ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། གཉིས་པ་དངོས་གཞི་ལ་གསུམ་ལས། སྤྱིར་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་མ་མོ་མཁའ་ཀློང་དབྱིངས་གསུམ་འདུས་པའི་ཐིག་ལེ་སྟེ། དེའི་གདངས་ཤིན་ཏུ་ཕྲ་བ་དང་རགས་པ། སྤྱི་མཐུན་དུ་ཀུན་གཞི་དང་ལུས་ངག་ཡིད་སྲོག་དང་བཅས་པའི་ཁམས་གསུམ་དུ་སྣང་བ་ལས། དང་པོ་ལུས་རགས་པ་འདོད་ཁམས་རྩ་ཡི་ཞེན་པ་སྦྱང་ཕྱིར་སྐུ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་སྟེ། ཨ༔ སྟོང་པ་དེ་བཞིན་ཉིད་དབྱིངས་མ༔ གསལ་བ་ཀུན་སྣང་བཙུན་མོའི་འཕྲུལ༔ ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི༔ རྩ་རླུང་ཐིག་ལེའི་དྭངས་མ་ཧཱུྃ༔ ནམ་མཁའི་དཀྱིལ་དུ་ཉི་ལྟར་ཤར༔ དེ་ལས་རིག་པའི་རྩལ་འཕྲོས་པས༔ མེ་ཆུ་རླུང་གི་སྐལ་པ་སྟོང༔ ཅིར་ཡང་མི་དམིགས་སྟོང་ཉིད་ཀྱི༔ རོལ་པ་མཁའ་རླུང་མེ་ཆུ་ས༔ ཡུམ་ལྔའི་བྷ་ག་གསང་བའི་དབུས༔ ཟེའུ་འབྲུ་ལྷུན་པོ་བརྗིད་ཆགས་སྟེང༔ བྱང་ཆུབ་སེམས་ཀྱི་གཞལ་མེད་ཁང༔ དུར་ཁྲོད་འཇིགས་པའི་བཀོད་པ་རྫོགས༔ དབུས་སུ་པད་ཉི་དྲེགས་པའི་སྟེང༔ སྙིང་པོའི་སྲོག་ལས་ལྷ་སྐུར་བཞེངས༔ བདག་ཉིད་མངོན་རྫོགས་ཧེ་རུ་ཀ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ འོད་ཟེར་ཁ་དོག་ཅིར་ཡང་འགྱུར༔ རྡོ་རྗེའི་བྱ་ཁྱུང་ཞིང་དབྱུག་ཐོགས༔ ཉིད་ཞི་བདེ་མཆོག་མུ་ཁ་ལེ༔ ཁ་ཊྭཱཾ་ཐོད་ཁྲག་བསྣམས་པས་འཁྲིལ༔ དྲེགས་པ་རུ་དྲའི་དཔུང་བཅོམ་པའི༔ ལོངས་སྤྱོད་ཆེན་པོའི་རྒྱན་གྱིས་བརྗིད༔ ཞབས་བཞི་དོར་སྟབས་བདེ་ཉམས་ཀྱིས༔ མེ་ཕུང་འཁྲུགས་པའི་ཀློང་ན་གསལ༔ དག་པའི་རྩ་རླུང་ཐིག་ལེའི་ཁམས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་ལས༔ རྟག་པའི་རྒྱལ་མོ་རིགས་ལྔ་དང༔ རྗེ་མོ་དམན་མོ་སྒོ་སྐྱོང་སོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་པ༔ བདེ་དྲོད་གཟི་བྱིན་འབར་བར་བཞུགས༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཨ་ནུ་རཱ་གཱ་ཡ་མི༔ ཛཿཧཱུྃ་བཾ་ཧོ༔ ཨ་ཧོ་ཨ་ཧོ་ཨ་ཧོ༔ རོལ་པ་ཆེན་པོའི་གར་དང་ནི༔ རྡོ་རྗེ་བདེ་ཆེན་གསང་བའི་གླུ༔ བཟོད་མེད་བདེ་བའི་ཉམས་འགྱུར་གྱིས༔ སྲས་བཅས་རྒྱལ་བ་ཞི་ཁྲོ་དང༔ དཔའ་བོ་དང་ནི་རྣལ་འབྱོར་མའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྣོད་བཅུད་དྭངས་མ་མེར་མེར་གཡོས༔ དྲེགས་པའི་སྲོག་རྩ་གནད་ནས་བཟུང༔ ཐམས་ཅད་ཐིག་ལེ་འོད་ལྔའི་མདངས༔ ཡེ་ཤེས་ཆེན་པོའི་སྲོག་ཏུ་བསྡུས༔ དམ་ཚིག་ཡེ་ཤེས་རོ་མཉམ་པ༔ སྲིད་ཞིའི་སྤྱི་དཔལ་གཅིག་ཏུ་རྫོགས༔ དབང་བསྐུར་རྒྱས་གདབ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ ཡེ་ཤེས་ལྔ་ཡི་རང་དབང་ཐོབ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ གསལ་བརྟན་དག་གསུམ་གྱི་ཏིང་ངེ་འཛིན་བསྒོམ་ཞིང་ལུས་སྦྱང་སྔོན་དུ་འགྲོ་བས་སྟོང་རའི་ནང་དུ་རྩ་འཁོར་ལྷ་ཚོགས་དང་བཅས་པ་གསལ་ཞིང་ཕྲ་མོའི་ཐིག་ལེར་སེམས་འཛིན་པའི་ཚུལ་ནུས་ན་གཞུང་ལྟར་བྱ། དེས་སྐྱོ་ན། གཉིས་པ་ངག་རགས་པ་གཟུགས་ཁམས་རླུང་གི་ཞེན་པ་སྦྱང་ཕྱིར་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ་ལས། དང་པོ་བསྙེན་པ་ནི། མི་བསྐྱོད་ཧེ་རུ་ཀ་དཔལ་གྱི༔ ཐུགས་ཀར་བདེ་སྟོང་ཉི་ཟླའི་སྦུབས༔ མར་མེ་ལྟར་འབར་ཧཱུྃ་ཡིག་གི༔ ནཱ་དའི་སྤྲིན་ལས་སྔགས་ཀྱི་ཕྲེང༔ བདེ་བའི་སྲོག་དང་ལྡན་པར་འཕྲོས༔ ཞལ་སྦྱོར་བར་ནས་འགལ་མེ་ལྟར༔ འཁོར་བའི་འོད་ཀྱིས་ཐུགས་རྒྱུད་བསྐུལ༔ བདེ་ཆེན་ཡེ་ཤེས་ཉམས་འབར་ནས༔ ཨ་ཧཾ་སྔགས་ཀྱི་རང་སྒྲ་ཡིས༔ འཁོར་འདས་ཁམས་ཀུན་དབང་མེད་གཡོས༔ བདེ་བ་མེར་མེར་འོད་དུ་ཞུ༔ སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ ཡེ་ཤེས་གཟི་བྱིན་འབར་བར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ གཉིས་པ་སྒྲུབ་པ་ནི། བདེ་བའི་ལྕགས་ཀྱུས་རབ་འབྱམས་ཀྱི༔ སྣང་སྲིད་མ་མོའི་སྲོག་ནས་དྲངས༔ འཇིག་རྟེན་ལས་དང་ཡེ་ཤེས་ཀྱི༔ དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ། གསུམ་པ་ལས་སྦྱོར་ནི། ཁྱད་པར་ལས་ཀྱི་མ་མོ་རླུང་གཅུན་པའི་མན་ངག་གི་བཟླས་པ་ནི། རླུང་ནང་དུ་འཇུག་པ་ཨོཾ་ཞེས་དྲངས། གནས་པའི་ཚེ་ཨཱཿཞེས་པ་ལ་སེམས་ཡུན་རིང་དུ་བཟུང་། ཕྱི་ལ་ཧཱུྃ་ཞེས་འཕང་། དེ་རྣམས་ཀྱང་ཁ་དོག་དཀར་དམར་མཐིང་གསུམ་དང་སོ་སོའི་སྒྲ་གདངས་དང་ངོ་བོ་ལ་སེམས་གཏད། འབྱོངས་ནས་རྒྱུ་བ་གསལ་བའི་ཉམས་ཤར་ན་བུམ་ཅན་རླུང་དང་སྦྱར་བར་གསུངས་པ་ཁྲིད་ཡིག་ཏུ་གསལ་བ་ལྟར་ཉམས་སུ་ལེན་དགོས་སོ། །ངག་བཟླས་ཀྱི་གྲངས་ཚད་ནི་བསྙེན་པ་འབུམ་ཕྲག་བཅོ་ལྔ། ལས་སྒྲུབ་སྔགས་འབུམ་ཕྲག་བཞིར་བཟླ་བར་གསུངས་པའོ། །ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་ལ་སྟོང་ཚིགས་མཆོད་བསྟོད་སྤྱི་ལྟར་འབུལ། གསུམ་པ་སེམས་རགས་པ་གཟུགས་མེད་ཐིག་ལེ་བདེ་ཆེན་ལྷར་སྣང་གི་ཞེན་པ་སྦྱང་ཕྱིར་དབྱིངས་སུ་བསྡུ་ལྡང་ནི། ཨ་ཨ་ཨ༔ ལྷར་སྣང་རིག་རྩལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་བྲལ་མེད་པའི་ངང༔ བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ༔ ཕྱག་རྒྱ་ཆེན་པོའི་རོལ་པར་ཤར༔ ཕཊ྄་ཕཊ྄་ཕཊ྄༔ དེ་ཡང་རྣལ་འབྱོར་དངོས་ནི་ཐིག་ལེ་བདེ་བ་ཆེན་པོར་ལམ་དུ་བསླང་བ་རང་ལུས་དང་གཞན་ལུས་ལ་བསྟེན་ནས། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཚུལ་གཞུང་གསལ་ལྟར་ཟབ་དོན་ཉམས་སུ་བླང་བར་བྱའོ། །གསུམ་པ་རྗེས་བསྔོ་སྨོན་ཤིས་བརྗོད་ནི། ཧོ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཀྱིས༔ འགྲོ་རྣམས་སྒྲིབ་གཉིས་ཡོངས་དག་ནས༔ ཁ་སྦྱོར་བཞི་ལྡན་མངོན་རྫོགས་རྒྱལ༔ ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག༔ ཨོཾ༔ དབྱིངས་ཀྱི་ངོ་བོ་ཆོས་སྐུ་གདོད་མའི་མགོན༔ རིག་པ་རང་སྣང་དཔལ་ཆེན་ལོངས་སྤྱོད་རྫོགས༔ དབྱིངས་རིག་ཟུང་འཇུག་རྩ་བརྒྱུད་བླ་མ་ཡིས༔ མཆོག་ཐུན་དགེ་ལེགས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་དེང་སང་རྩོད་པའི་དུས་འདིར་སྔ་འགྱུར་བཀའ་གཏེར་གྱི་ཕྱོགས་ལ་ཉག་ཕྲ་བའི་མ་མོ་མངོན་རྫོགས་ཀྱི་སྒྲུབ་སྡེ་ཟབ་ལ་ཁྱེར་བདེ་འདི་ལྟ་བུ། རང་གཞན་བསྟན་འགྲོའི་བཙས་སུ་ཉམས་སུ་བླང་ན་དགོས་པ་དང་ཕན་ཡོན་ཤིན་ཏུ་ཆེ་ཞེས་༧ཁྱབ་བདག་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་བསྩལ་རྗེས་སུ་དྲན་པས། རང་ཉིད་ཀྱི་ཁ་ཏོན་དུ་པདྨ་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་ལམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་ལྷོ་འབྲུག་ལཀྵྨི་དྭཱི་པར་བསྙེན་མཚམས་ལ་གནས་སྐབས་བྲིས་པའི་ཡི་གེ་པ་ནི་རང་སློབ་བློ་གསལ་སྤྲུལ་སྐུ་ཨཱ་ནནྟས་མཛད་པ་བསྟན་འགྲོའི་དཔལ་ཡོན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག །དགེའོ། །མངྒ་ལཾ།། །།
དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་ལུང༔ བཤགས་པ་ཐམས་ཅད་ཀྱི་རྒྱུད༔ དྲི་མ་མེད་པའི་རྒྱལ་པོ་ (Volume 41, Text 50)
རྣམས་ཀྱི་སྡོམ་པ་དང༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང༔ རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས༔ ཉམས་པར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་སླན་ཆད་གཅོད་སྡོམ་བགྱི༔ དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསུངས་ཏེ་འཁོར་རྣམས་ཡི་རངས་པར་གྱུར་ཏོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ རྗེས་སུ་ཡི་རངས་པའི་ལེའུ་སྟེ་བཅུ་དྲུག་པའོ༔ ས་མ་ཡ༔ དམ་ཚིག་ཐམས་ཅད་ཀྱི་ཉམས་ཆག་སྐོང་བའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ༔ རྒྱ་གར་གྱི་པཎྜི་ཏ་བི་མ་ལ་མི་ཏྲ་དང༔ ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བའོ༔ རྒྱུད་འདི་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ མ་འོངས་པའི་དུས་ན་གསང་སྔགས་ཀྱི་དམ་ཚིག་ལ་ཆག་ཉམས་འགལ་འཁྲུལ་དུ་གྱུར་པ་མང་པོ་ཡོང་ཞིང༔ རྣལ་འབྱོར་པ་འགའ་ཞིག་གམ་འགྲོ་བ་འགའ་དང་འགས་ངན་སོང་གི་རྒྱུ་སོག་པར་འགྱུར་བས༔ དེ་དག་རྣམས་ཀྱི་དོན་དུ་དགོངས་ཤིང་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་འགོད་པའི་ཆེད་དུ༔ དམ་ཚིག་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་མཛད་པའི་སྤྱི་དཔལ་དུ་བཀབ་སྟེ༔ རིན་པོ་ཆེའི་གཏེར་དུ་བཙས་པའོ༔ རྒྱུད་འདི་ནི་མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་བསྒྱུར་བའོ༔ ཆོ་ག་ལག་ལེན་གྱི་ཁྲིད་དང༔ ཉམས་ཆག་སྐོང་བཤགས་ལ་སོགས་པ་རྣམས་ཀྱི་དམར་བྱང་དུ་སྣང་བས༔ དུས་ཞབས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱ་སྟེ༔ ཆོ་ག་འདི་ཉིད་ལ་གཡར་དམ་དུ་བྱ་བར་རིགས་སོ༔ ཡི་གེ་པ་ནི་ཡེ་ཤེས་མཚོ་རྒྱལ་ལོ༔ སྐྱེས་བུ་ལས་ཅན་སྙིང་སྟོབས་ཅན་ཨོ་རྒྱན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱའོ༔ སྤྲུལ་སྐུ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ཤེལ་གྱི་བྲག་ཕུག་ནས་སྤྱན་དྲངས་པའོ༔ ༈ དྲི་མེད་བཤགས་པའི་རྒྱུད་ཀྱི་རྒྱལ་པོ་བཀའ་མ་འགྲོ་དོན་རྒྱ་ཆེན་པོ་འདུག་ཀྱང་། གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་བྱོན་འཁྲུལ་མེད་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཞུ་དག་ཅན་མདོ་ཁམས་དཔལ་སྤུངས་གདན་སར་པར་དུ་བཞུགས་ཤིང་། ལུང་གི་རྒྱུན་ཡང་ཡོད་པ་ལྟར་པར་འགྲེམས་ཞུས་པས། རང་གཞན་ཐམས་ཅད་ཀྱི་རྟོག་སྒྲིབ་ཉམས་ཆག་སྦྱངས་ནས། བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པའི་རྒྱུར་སྨོན་ལམ་བཅས་དིལ་མཁྱེན་རྒན་པོས་བྲིས་པའོ། །སརྦ་མངྒ་ལཾ།། ༈ །།འདི་ནི་ཤིན་ཏུ་གནད་ཆེ་ཞིང་དར་རྒྱས་སུ་འགྱུར་བའི་རྒྱུ་མཚན་དང་། དུས་གསུམ་ཀུན་ཏུ་རྟོག་སྒྲིབ་ཉམས་ཆག་སྦྱོང་བྱེད་དུ། གཏེར་མ་ནང་མཐུན་པའི་བཤགས་རྒྱུད་འདི་བཞིན་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཀྱང་། བལ་ཡུལ་ཞེ་དགོན་གྱི་རིན་གཏེར་འཕྲུལ་གྱི་པར་གསར་འདིར་གལ་ཆེས་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ་ (Volume 11, Text 50)
འོད་གསལ་རྡོ་རྗེ་སྙིང་པོའི་རིག་འཛིན་བརྒྱུད་པའི་སྐོང་བཤགས་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ གཟོད་ནས་ཀ་དག་དྲི་མེད་ཆོས་ཀྱི་སྐུ །འོད་གསལ་ལྷུན་གྲུབ་སྐུར་བཞེངས་ལོངས་སྤྱོད་རྫོགས། །ཟུང་འཇུག་སྤྲུལ་པའི་ཟེར་གྱིས་རིགས་ཅན་གསུམ། །ཕན་བདེའི་སྣང་བ་སྦྱིན་དེས་དགེ་ལེགས་སྩོལ། །དེ་ལ་འདིར་སྐབས་ཅི་རིགས་པར་འོད་གསལ་སྙིང་ཏིག་གི་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཐུགས་དམ་བསྐང་བར་འདོད་པས། སྐོང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཧྲཱིཿ ཀུན་བརྟགས་གཞན་དབང་འཁྲུལ་པ་ལས་འདས་པའི། །ཀུན་ཏུ་རྟོག་བྲལ་ཡོངས་གྲུབ་གཉུག་མའི་དབྱིངས། །ཀུན་ནས་རྣམ་གྲོལ་ཡོན་ཏན་རྒྱ་མཚོའི་དཔྱིད། །ཀུན་བཟང་ཆོས་ཀྱི་སྐུ་ཡི་ཐུགས་དམ་བསྐང་། །བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་དང་། །བདེ་མཆོག་འཁོར་ལོའི་དབང་ཕྱུག་ཟུང་འཇུག་པའི། །བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་གྱི་དངོས། །བདེ་སྟོང་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་། །དགའ་ལྡན་ལྷ་བརྒྱའི་ནོར་བུའི་ཅོད་པན་རྩེར། །དགའ་ཆེན་སྒྱུ་མའི་ཞབས་པད་ཉེར་བཀོད་པའི། །དགའ་བཞིའི་ཡེ་ཤེས་མཚན་དཔེར་ཤར་བའི་གཟུགས། །དགའ་རབ་དགྱེས་པ་རྡོ་རྗེའི་ཐུགས་དམ་བསྐང་། །དཔལ་ལྡན་མཁས་པའི་ཚོགས་ཀྱིས་ཕྱག་བྱས་ཤིང་། །དཔལ་ལྡན་གྲུབ་རིགས་རྒྱ་མཚོའི་འཁོར་ལོས་སྒྱུར། །དཔལ་ལྡན་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ །དཔལ་ལྡན་མཉྫུ་མི་ཏྲའི་ཐུགས་དམ་བསྐང་། །རང་བཞིན་ཀ་དག་འོད་གསལ་ཆེན་པོའི་ངང་། །རང་གདངས་ལྷུན་གྲུབ་སྣང་བཞིའི་རྩལ་རྫོགས་པས། །རང་བྱུང་གདོད་མའི་གནས་ལུགས་མངོན་གྱུར་པ། །རང་གྲོལ་ཤྲཱི་སིཾ་ཧའི་ཐུགས་དམ་བསྐང་། །རྣམ་བཅས་བདེ་བ་ཆེན་པོའི་རྟུལ་ཞུགས་ཀྱིས། །རྣམ་མེད་སྟོང་ཉིད་ཕྱག་རྒྱར་མཉམ་སྦྱོར་བས། །རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་དབྱིངས། །རྣམ་གྲོལ་ཛྙཱ་ན་སཱུ་ཏྲའི་ཐུགས་དམ་བསྐང་། །འཕོ་འགྱུར་གཉིས་སུ་སྣང་བའི་ཉེར་ལེན་ཀུན། །འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་གྲུབ་པས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལས། །འཕོ་མེད་བི་མ་མི་ཏྲའི་ཐུགས་དམ་བསྐང་། །འཆི་མེད་ཐོག་མའི་མགོན་པོའི་རྣམ་རོལ་ནི། །འཆི་མེད་རྟག་པ་དམ་པའི་གཟུགས་འཆང་བ། །འཆི་མེད་རིག་འཛིན་ཌཱ་ཀིའི་ཚོགས་ཀྱི་རྗེ། །འཆི་མེད་པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །གྲུབ་པའི་སློབ་དཔོན་ཆེན་པོས་རྗེས་བཟུང་ཞིང་། །གྲུབ་གཉིས་ཡིད་བཞིན་གཏེར་ལ་དབང་འབྱོར་བས། །གྲུབ་མཆོག་བྱེ་བའི་གཙུག་ན་ངལ་འཚོ་བ། །གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་། །ཀུན་ཏུ་ཟབ་ཞི་སྤྲོས་བྲལ་ཆོས་ཉིད་དང་། །ཀུན་སྣང་སྙིང་རྗེ་ཆེན་པོ་ཟུང་འཇུག་པ། །ཀུན་གཟིགས་ཡེ་ཤེས་མེ་ལོང་འཆང་བའི་དངོས། །ཀུན་མཁྱེན་དྲི་མེད་འོད་ཟེར་ཐུགས་དམ་བསྐང་། །རིགས་གཅིག་ལྷན་སྐྱེས་བདེ་ཆེན་ཐིག་ལེ་ལས། །རིགས་རྣམས་སྣ་ཚོགས་སྤྲོ་དང་བསྡུ་བའི་གར། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཧྲཱིཿ ཐུགས་དམ་སྐོང་བའི་ཕྱི་ནང་མཆོད་པ་ནི། །ཚོགས་དྲུག་སྣང་བ་དབྱིངས་སུ་ཐིམ་པ་ལས། །གང་ཤར་འདོད་ཡོན་རྒྱན་གྱི་རོལ་མོའི་སྤྲིན། །མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་བདུན་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །སྣང་སྟོང་སྒྱུ་མའི་གཟུགས་དང་ནཱ་དའི་སྒྲ །བདེ་ཆེན་ཚུལ་ཁྲིམས་དྲི་དང་དགའ་བཞིའི་རོ། །རབ་འབར་གཏུམ་མོའི་རེག་བྱ་ཆོས་ཀྱི་དབྱིངས། །རང་བྱུང་ནང་གི་མཆོད་པས་ཐུགས་དམ་བསྐང་། ཁམས་ལྔ་དབུ་མར་སྦྱོར་བའི་ཨ་མྲྀ་ཏ། །རླུང་བཅུ་དབྱིངས་སུ་བསྒྲལ་པའི་དམར་ཆེན་པོ། །ཟུང་འཇུག་བདེ་བ་ཆེན་པོའི་བ་ལིཾ་ཏ། །ལྷན་སྐྱེས་གསང་བའི་མཆོད་པས་ཐུགས་དམ་བསྐང་། །ཀ་དག་འོད་གསལ་དབྱིངས་ཀྱི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་པ་ཆོས་ཟད་ཆེན་པོར་སྨིན། །འཁོར་འདས་གཞི་གྲོལ་གཞོན་ནུ་བུམ་སྐུའི་ངང་། །བླ་མེད་མཆོག་གི་མཆོད་པས་ཐུགས་དམ་བསྐང། །སོ་ཐར་བྱང་སེམས་རིག་འཛིན་སྡེ་སྣོད་ཀྱི། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་ཀུན། །རྩ་གསུམ་ཀུན་འདུས་བླ་མའི་དཀྱིལ་འཁོར་ཆེར། །རང་གྲོལ་གཉུག་མའི་ངང་དུ་མཐོལ་ཞིང་བཤགས། །ཧྲཱིཿ དེ་ལྟར་བསྐང་ཞིང་བཤགས་པའི་བྱིན་རླབས་ཀྱིས། །བདག་གཞན་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བརྒྱུད་གསུམ་རིག་འཛིན་ཌཱ་ཀིས་རྗེས་བཟུང་ནས། །དོན་གཉིས་བསམ་སྦྱོར་ཡིད་བཞིན་འགྲུབ་པར་ཤོག །གནས་སྐབས་བརྒྱད་གཉིས་འཇིགས་པ་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་རྒྱས། །འཁོར་འདས་སྣང་སྲིད་དབང་དུ་འདུ་བ་དང་། །གཟུང་འཛིན་དགྲ་བགེགས་རྩད་ནས་ཆོད་པར་ཤོག །མཐར་ཐུག་ཅིར་སྣང་ལྷ་ཡི་ཕྱག་རྒྱར་དག །སྒྲར་གྲགས་བདེ་ཆེན་རྡོ་རྗེའི་དབྱངས་སུ་རྫོགས། །རྟོག་ཚོགས་འོད་གསལ་ཆོས་ཀྱི་སྐུར་སྨིན་ནས། །རང་བཞིན་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །དེ་ལྟར་འོད་གསལ་སྙིང་ཏིག་གི་རིག་འཛིན་བླ་མ་བརྒྱུད་པའི་ཚོགས་ཀྱི་ཐུགས་དམ་སྐོང་བའི་རིམ་པ་མཁའ་སྤྱོད་ཌཱ་ཀིའི་ཐོལ་གླུ་ཞེས་བྱ་བ་འདི་ཡང་། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་འཇིགས་པ་མེད་པའི་སྡེས་ཕྱོགས་བྲལ་གྱི་རྒྱལ་ཁམས་ཉུལ་བའི་སྐབས་སུ་རྒྱལ་བ་གཉིས་པ་དྲི་མེད་འོད་ཟེར་གྱིས་སྡེ་གསུམ་རྫོགས་པ་ཆེན་པོའི་སེང་གེའི་སྒྲ་དབྱངས་ཀྱིས་བསིལ་ལྡན་ལྗོངས་ཀུན་ཁྱབ་པར་མཛད་པའི་གནས་གངས་རི་ཐོད་དཀར་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་དུ་རྣམ་འཕྱང་ལོའི་ས་ཟླ་ཕྱི་མའི་དམར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཀྱི་མཆོད་པ་ཆེན་པོའི་ནུབ་མོར་སྣང་གསལ་ཞིག་གི་ངོགས་སུ་ཤར་མར་སྦྱར་བ་ཛ་ཡནྟུ། སརྦ་དཱ་མངྒ་ལཾ།། །།
གསང་བདག་ཡང་གསང་སྒྲུབ་པ་དང༔ ཉི་མ་མདུང་གང་མ་ (Volume 46, Text 50)
༁ྃ༔ གསང་བདག་ཡང་གསང་སྒྲུབ་པ་དང༔ ཉི་མ་མདུང་གང་མ་བཞུགས་སོ༔ ཤིན་ཏུ་ཟབ་བོ་ྀཨཚ༔ ྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ གསང་བདག་སྒྲུབ་པ་ཡང་གསང་སྟེ༔ ནང་གི་གཏེར་ཡིན་ཤིན་ཏུ་ཟབ༔ སྐྱབས་སེམས་སྔོན་དུ་འགྲོ་བས༔ འཁོར་འདས་དངོས་འཛིན་སྟོང་པ་ལས༔ པད་ཉིར་ཧཱུྃ་ལས་དྲན་རྫོགས་སུ༔ རང་ཉིད་གསང་བདག་མཐིང་ནག་ཁྲོས༔ རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ༔ སྦྲུལ་ནག་འཛིན་ཅིང་ཞལ་དུ་གསོལ༔ སེང་ལྤགས་སྟོད་གཡོགས་སྟག་ཤམ་ཅན༔ རིན་ཆེན་དབུ་རྒྱན་སྦྲུལ་གྱིས་སྤྲས༔ ཞབས་གཉིས་འདོར་ཐབས་གཟའ་ཀླུ་བརྫིས༔ ཡེ་ཤེས་མེ་ཡི་ཀློང་ན་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་མཚན་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཐུགས་ཀར་ཉི་སྟེང་ཧཱུྃ་སྔགས་བསྐོར༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་ནཱི་ལམ་བྷཱ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ སརྦ་དུཥྚཱན་ཧུར་ཐུམས་མཱ་ར་ཡ་ཕཊ༔ ར་ལ་ར་ཙ་རང་ནད་རང་ལ་ཞི་ཞི༔ སྐུ་དང་སྔགས་ཕྲེང་ཧཱུྃ་ཡིག་ལས༔ ཁྲོ་བོ་མཚོན་ཆ་མེ་དཔུང་འཕྲོས༔ གདོན་བགེགས་ལུས་གཏུབས་ནུས་སྟོབས་བཅོམ༔ བསྲེགས་ཤིང་རྡུལ་བརླགས་མི་དམིགས་བསམ༔ ཤིན་ཏུ་ཟབ༔ ཉི་མ་མདུང་གང་དུས་ཉིད་དུ༔ མདུན་དུ་བྲིས་སྐུ་བསམ་པར་བྱ༔ དེ་ཡང་དཀར་པོ་ཐལ་སྦྱར་འདུད༔ སྔགས་དེ་ཚར་གསུམ་བརྗོད་པ་ན༔ མེ་ལོང་ཧས་བཏབ་བཞིན་དུ་ཡལ༔ དགུ་གསུམ་སྔགས་གནད་ཤེས་པ་ན༔ གཟའ་གྲིབ་ལ་ནི་མཆོག་ཏུ་བསྔགས༔ ནུས་ལྡན་དྲག་པོའི་དགོངས་གཏེར་ཡིན༔ ྈྈྈ ྈྈྈ ྈྈྈྈ ྈྈྈ ྈྈྈྈ ྈྈྈྈ ྈྈྈྈ རྒྱ་ཤོག་ལ་རྒྱ་སྣག་གིས་བྲི༔ ྈྈྈྈྈྈྈྈྈྈྈྈྈ ཟ་ཡིག་གུ་གུལ་བྱུག༔ ཉི་མ་མདུང་གང་ལ་ཟ༔ ༁ྃ༔ རྩ་གསུམ་འདུ་འབྲལ་མེད་པའི་ལྷ་ལ་འདུད༔ སྐྱབས་སེམས་སྔོན་དུ་སོང་ནས༔ གཉིས་སྣང་མི་དམིགས་སྟོང་པ་ལས༔ ཧཱུྃ་ལས་མེ་དཔུང་རྡོ་རྗེ་ཡི༔ ར་གུར་སྲུང་བའི་འཁོར་ལོའི་ནང༔ ཧཱུྃ་ལས་རང་ཉིད་དྲན་རྫོགས་སུ༔ བཅོམ་ལྡན་གསང་བའི་བདག་པོ་མཐིང༔ ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་རྔམས༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་དམར༔ སྨར་སྨིན་དབུ་སྐྲ་དམར་སེར་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ སེང་གེའི་པགས་པས་སྟོད་གཡོགས་དང༔ སྟག་ལྤགས་སྨད་དཀྲིས་སྦྲུལ་རིགས་ལྔ༔ ཐོད་སྐམ་ཅོད་པན་ཐོད་རློན་ཕྲེང༔ དུར་ཁྲོད་ཆས་འཆང་ཞབས་གཉིས་ཀྱིས༔ འདོར་སྟབས་འཇིགས་བྱེད་དུས་མཚན་མནན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཡེ་ཤེས་མེ་དཔུང་དབུས་སུ་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཡེ་ནས་དམ་ཡེ་དབྱེར་མེད་གྱུར༔ ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་བསྐོར༔ ཨོཾ་ནཱི་ལམ་བྷཱ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ ཤམ་བུར། ར་ལ་ར་ཙ་རང་ནད་རང་ལ་ཞི་ཞི༔ ཞེས་བཟླ༔ ཚེས་དགུ་གསུམ་ལ་ཉི་མ་མདུང་གང་དུས་མ་ཆག་པས་གཟའ་ཡི་གནོད་པ་མི་འབྱུང༔ ཟ་ཡིག་འདི་ཁོ་ན་འོ༔ མཐར་མི་དམིགས་པར་བསམ༔ ཤིན་ཏུ་ཟབ་བོ༔ ཡིད་ཆེས་ཉམས་སུ་ལོངས་དང་གསལ༔ ཞེས་རྡོ་རྗེ་དྲག་པོས་བརྗོད་པའོ། །སརྦ་མངྒ་ལཾ།། །། ༁ྃ༔ གསང་བའི་བདག་པོའི་དབང་སྐུ་བཞི་མྱུར་སྨིན་ཞེས་བྱ་བ་བཞུགས་སོ༔ ྈྈ ྈྈྈ རྩ་གསུམ་འདུ་འབྲལ་མེད་པའི་ལྷ་ལ་འདུད༔ གསང་བདག་གི་དབང་ལ༔ མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་སྔོན་པོ་བཀོད༔ མཉྫིར་བུམ་པ་རྫས་ཉེར་ལྔ་ཆུས་བཀང་བ་བཤམ༔ མི་རུས་ཕྲེང་བ༔ གནམ་ལྕགས་རྡོ་རྗེ༔ སྐུ་ཙཀླི༔ གཏོར་མ་བཤམ༔ མཆོད་པ་སྨན་རཀ་བཤམ༔ དབང་སྒྲུབ་སོང་ནས༔ ཁྲུས་མཎྜལ་སྔོན་དུ་འགྲོ༔ ལོ་རྒྱུས་བརྗོད་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ རྡོ་རྗེ་འཛིན་པ་སངས་རྒྱས་གཙོ༔ སྐལ་ལྡན་བདག་ཅག་རྣམས་ལ་ནི༔ དཔལ་ཆེན་གསང་བའི་བདག་པོ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ༔ གུར་ནས་བྱུང་བའི་སྐྱབས་སེམས་ལན་གསུམ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་འཆི༔ སོགས། ཁྱད་པར་གྱི་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད༔ བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ༔ མཆོད་ཅིང་ཇི་ལྟར་གསོལ་བ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ལན་གསུམ་གསོལ་བ་བཏབ༔ ལྷ་བསྐྱེད་ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ བུམ་པས་དབང་བསྐུར༔ བུམ་པ་ཆོས་དབྱིངས་གཞལ་ཡས་སུ༔ བུམ་རྫས་བཛྲ་གཏུམ་པོའི་སྐུ༔ ཐུགས་རྗེ་རྒྱུན་གྱིས་དབང་བསྐུར་རོ༔ སྐུ་ལྔ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་སོགས༔ བཟླས་ལུང་བསྒྲང་ཕྲེང་གཏད༔ བདུད་དང་ཀླ་ཀློ་ལོག་ལྟ་ཅན༔ བསྒྲལ་པའི་ནི་རག་ཤུའི་བགྲང་ཕྲེང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ དྲག་སྔགས་ནུས་མཐུ་མངོན་གྱུར་ཤོག༔ རྡོ་རྗེ་སྙིང་གར་བཞག༔ གནམ་ལྕགས་རྡོ་རྗེ་རབ་འབར་བ༔ ཧཱུྃ་ཡིག་མཐིང་ནག་མཚན་པ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཐུགས་མཆོག་ཡེ་ཤེས་མངོན་གྱུར་ཤོག༔ སྐུ་སྤྱི་བོར་བཞག་ལ༔ དྲག་ཤུལ་གཏུམ་ཆེན་སྐུ་འདི་ཉིད༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཁྲོ་རྒྱལ་ཡོན་ཏན་མངོན་གྱུར་ཤོག༔ གཏོར་མ་སྤྱི་བོར་བཞག་ལ༔ དཔལ་གྱི་གཏོར་མ་ཆེན་པོ་འདི༔ ཁྲོ་རྒྱལ་ཕྲིན་ལས་འདུས་པའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གང་བརྩམ་ལས་བཞི་ཐོགས་མེད་ཤོག༔ གཏོར་མ་དེ་མཐར་རྩ་སྔགས་ལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ༔ བཏགས༔ ྀཨཚ༔ དྷྱ༔ དམ་ཚིག་ཁས་བླང་མཎྜལ་ཕུལ༔ གསང་བདག་གི་དབང་ཆོག་སྐུ་བཞི་མྱུར་སྨིན་ཞེས་པ་རྡོ་རྗེ་དྲག་པོས་རྒྱམ་རྒྱལ་རྡོ་ཏིའི་ཕོ་བྲང་གངས་དང་ཉེ་བ་ནས་བྲིས། སརྦ་མངྒ་ལཾ༔།། །། ༁ྃ༔ ཕྱག་ན་རྡོ་རྗེ་དྲེགས་པ་འཇོམས་བྱེད་ཀྱི་སྒོ་ནས་གཟའ་ཡི་གདོན་ཁྲོལ་ཉུང་ངུ་རྣམ་གསལ་བཞུགས་སོ༔ ༁ྃ༔ ྈྈྈྈྈྈ གཟའ་ཡི་གདོན་བཀྲོལ་ནི༔ བཅས་རྣམས་དཔེའུ་རིས་ལྟར་ལས་ཚང་བར་བཤམ༔ ཡི་དམ་བདག་བསྐྱེད་དང་ཕྲིན་ལས་གཞུང་བསྲང༔ མདོས་རྣམས་སྔགས་དྲུག་ཕྱག་དྲུག་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ལ༔ ཡི་དམ་གནས་འགྱུར་ཏེ་ཕྱག་རྡོར་དྲེགས་འཇོམས་སུ་བསྐྱེད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སེམས་ངོ་བོ་པདྨ་འབྱུང༔ གསང་བདག་དྲེགས་པ་ཀུན་འདུལ་ནི༔ སྐུ་མདོག་མཐིང་ནག་སྲིན་པོའི་གཟུགས༔ ཁྲོས་པའི་ཞལ་གདངས་མཆེ་བ་གཙིགས༔ ལྗགས་འདྲིལ་ཧཱུྃ་ཕཊ་ཕེམ་གྱི་སྒྲས༔ ཁམས་གསུམ་གཡོ་ཞིང་སྲིད་གསུམ་འདར༔ སྨིན་མ་སྨ་ར་ཨག་ཚོམ་ལས༔ མེ་ལྕེ་འབར་ཞིང་ཐོག་སེར་འཁྲུགས༔ དབུ་སྐྲ་དམར་སེར་སྲིད་རྩེར་འཁྱིལ༔ ཐོད་སྐམ་རིགས་ལྔས་སྐྲ་མཚམས་བརྒྱན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱར༔ གཡོན་པས་ཞགས་པ་ལྕགས་སྡིག་འཛིན༔ གླང་ཀོ་ཞིང་ཆེན་སྟག་ཤམ་དང༔ སྦྲུལ་ཆུན་མགོ་ཕྲེང་ག་ཤ་འཆང༔ ཁྲག་ཐིག་ཞག་གི་ཟོ་རིས་དང༔ ཐལ་ཆེན་བྱུགས་པས་འགུགས་བྱེད་བརྒྱན༔ གཡས་བསྐུམ་གཡོན་བརྐྱང་ཞབས་འོག་ཏུ༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་བརྫིས༔ པདྨ་ཉི་ཟླ་བརྩེགས་པའི་ཁྲི༔ ཡེ་ཤེས་མེ་ཡི་ཀློང་དུ་གསལ༔ ཡེ་ནས་དམ་ཡེ་དབྱེར་མེད་པའི༔ ཐུགས་སྲོག་ས་བོན་ཧཱུྃ་མཐིང་ནག༔ དེ་ལ་སྔགས་ཀྱིས་བསྐོར་བར་བསམ༔ ཨོཾ་བཛྲ་པཱ་ཎི་གུ་རུ་ཀྲོ་དྷ་ཧཱུྃ༔ ཅི་ནུས་བཟླ༔ དེ་ནས་མདོས་གཏོར་དེ་ཤེས་པ་གསུམ་ལྡན་ལས༔ དང་པོར་བསྐྱེད་པ་ནི༔ མདོས་གཏོར་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་རང་ཉིད་ལྷར༔ གསལ་བའི་མདུན་དུ་དུར་ཁྲོད་ཀྱི༔ ས་གཞི་ཀེང་རུས་རི་ཡི་སྟེང༔ ཁྲག་མཚོ་འཁྱིལ་ཞིང་མེ་རླུང་ནང༔ རིན་ཆེན་ལས་གྲུབ་གཞལ་ཡས་དབུས༔ ར་ལས་གཟའ་བདུད་སྒྲ་གཅན་འཛིན༔ མཐིང་ནག་དབུ་དགུ་ཕྱག་བཞི་པ༔ སྐུ་སྟོད་སྲིན་པོ་སྐུ་སྨད་སྦྲུལ༔ སྟེང་གི་ལྷ་ཞལ་གསུམ་པོ་བཞད༔ བར་མ་བདུད་ཀྱི་ཞལ་གསུམ་ཁྲོ༔ འོག་མ་སྲིན་གྱི་ཞལ་གསུམ་གཏུམ༔ མགོ་ལུས་མིག་གིས་རབ་ཏུ་གང༔ སྟོད་ཞལ་སྲིད་གསུམ་སྲོག་ལ་གཏུམ༔ ཕྱག་བཞི་དང་གཉིས་ཆུ་སྲིན་གྱི༔ རྒྱལ་མཚན་སྦྲུལ་གྱི་ཞགས་པ་དང༔ འོག་གཉིས་རལ་གྲི་མདའ་གཞུ་འཛིན༔ མི་ལྤགས་གོས་གྱོན་སྦྲུལ་གྱིས་བརྒྱན༔ ཆུ་སྲིན་མགོ་དགུ་ལ་འཆིབས་པ༔ འཁོར་དུ་ཡཀྴ་ཛྭ་ལ་དང༔ རྡོ་རྗེ་གློག་འགྱུ་གཟའ་བརྒྱད་དང༔ རྒྱུ་སྐར་ཉེར་བརྒྱད་སྣང་སྲིད་པའི༔ ལྷ་སྲིན་སྡེ་བརྒྱད་བསྐོར་བ་འོ༔ ཧཱུྃ༔ འབོད་དོ་བྱོན་ནོ་གཟའ་ཆེན་པོ༔ དྲང་སྲོང་སྨུག་ནག་འོད་ཟེར་འཕྲོ༔ ཁྱབ་འཇུག་རཱ་ཧུ་མཐུ་སྟོབས་ལྡན༔ འཇིག་རྟེན་ཕུང་བྱེད་མདོས་ལ་བྱོན༔ ཡཀྴ་ཛྭ་ལ་མདོས་ལ་བྱོན༔ རྡོ་རྗེ་གློག་འགྱུ་མདོས་ལ་བྱོན༔ བི་ནཱ་ཡ་ཀ་མདོས་ལ་བྱོན༔ སྤྲུལ་པ་གཟའ་བརྒྱད་མདོས་ལ་བྱོན༔ རྒྱུ་སྐར་ཉེར་བརྒྱད་མདོས་ལ་བྱོན༔ གདོང་མོ་མཆེད་བཞི་མདོས་ལ་བྱོན༔ འདིར་གཤེགས་མདོས་དང་གཏོར་མ་བཞེས༔ དེ་རིང་མདོས་གླུད་བཞེས་ཕྱིར་གཤེགས༔ སྣང་སྲིད་འབྱུང་པོ་མ་ལུས་པ༔ དེ་རིང་མདོས་གླུད་བཞེས་ཕྱིར་གཤེགས༔ གཟའ་བདུད་ཆེན་པོ་འཁོར་དང་བཅས༔ འབོད་དོ་མདོས་གླུད་འདི་བཞེས་ལ༔ རྣལ་འབྱོར་བདག་གི་སྨྲེང་འདི་གསོན༔ རྒྱུ་སྦྱོར་འདི་ཡི་ནད་འདི་སོལ༔ ནད་པ་གདོན་གསུམ་གཏོར་མ་དང༔ སྔགས་ཚན་གཉིས་པོ་བརྗོད༔ ཏིང་ལོ་སྦྱང༔ ཕོ་གདོན་མོ་གདོན་ཀླུ་གདོན་གསུམ༔ གདོན་རྣམས་ཀུན་གྱི་དབང་འཆོར་ཞིང༔ ནད་རྣམས་ཀུན་གྱི་སྣ་འདྲེན་ཏེ༔ གཏོར་མ་ལན་ཆགས་མར་མེ་འདི༔ འདོད་ཡོན་ལྔ་རུ་བྱིན་བརླབས་ནས༔ བསྔོ་འོ་ཚིམ་ཞིང་དགའ་མགུར་རོལ༔ གནོད་དང་ཁྲོ་བའི་སེམས་སྤོངས་ལ༔ འདི་རུ་མ་འདུག་རང་གནས་སོང༔ སུམྦྷ་ནིས་བྲབ༔ ཁྲུས་བྱས༔ ཧཱུྃ༔ ང་ནི་གསང་བདག་དྲེགས་འདུལ་ཏེ༔ སྐུ་ལས་བདུད་རྩིའི་རྒྱུན་སྤྲོས་ནས༔ རྒྱུ་སྦྱོར་ཡོན་བདག་ལ་ཕོག་པས༔ གྲིབ་དང་མ་རིག་འཁྲུལ་པའི་ནད༔ ལུས་ཀྱི་དབང་པོའི་སྒོ་བརྒྱད་དང༔ བ་སྤུའི་ཁུང་ནས་ཕྱིར་ཐོན་ཏེ༔ ནད་རྣམས་རྣག་ཁྲག་མི་གཙང་ཚུལ༔ གདོན་རྣམས་འབུ་སྲིན་སྲོག་ཆགས་གཟུགས༔ སྡིག་སྒྲིབ་དུད་ཁུ་སོལ་ཁུའི་ཚུལ༔ རིམ་དགུ་ས་ཡི་འོག་ཏུ་སོང༔ སྡིག་སྒྲིབ་ནད་གདོན་ཀུན་དག་ནས༔ ལུས་ནི་དྭང་པའི་ཤེལ་ལྟར་གྱུར༔ ཨོཾ་བཛྲ་པཱ་ཎི་གུ་རུ་ཀྲོ་དྷ་ཧཱུྃ༔ གཟའ་གྲིབ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གདོང་གི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མཇུག་གི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ས་གཟའི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཆུ་གཟའི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མེ་གཟའི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རླུང་གཟའི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནམ་མཁའ་སྟོང་ཉིད་ཀྱི་གཟའི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ འབྱུང་བཞིའི་གཟའི་མདངས་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཟའ་ཆེན་པོ་མཐོང་བའི་དུག་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཟའ་ཆེན་ཁ་རླངས་ཀྱི་དུག་གི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ གཟའ་ཆེན་པོའི་རེག་པའི་དུག་གི་གྲིབ་ཕོག་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་གཙང་བ་དང་འཁྲུལ་པའམ་རེག་པའི་དུག་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དུག་ཕྱུང་དངོས་ནི༔ ཧཱུྃ༔ སྔོན་བྱུང་དུག་གི་ཁུངས་བཤད་ན༔ མ་རིག་པ་ལས་དུག་ལྔ་བྱུང༔ སྔོན་རབས་འདས་པའི་བསྐལ་པ་ལ༔ ཞེ་སྡང་ལས་སྐྱེས་མེ་ཡི་དུག༔ འདོད་ཆགས་ལས་སྐྱེས་ཆུ་ཡི་དུག༔ ང་རྒྱལ་ལས་སྐྱེས་ས་ཡི་དུག༔ ཕྲག་དོག་ལས་སྐྱེས་རླུང་གི་དུག༔ གཏི་མུག་ལས་སྐྱེས་ནམ་མཁའི་དུག༔ དུག་ལྔ་གཅིག་ཏུ་སྤྲུལ་པ་ལས༔ གཟའ་བདུད་ཆེན་པོ་ཞེས་སུ་སྲིད༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང༔ མ་དག་འཁྲུལ་པས་བྱོལ་ཉོག་སྤྱད༔ དུག་ལྔ་དེ་ཡིས་འཁོར་བར་བཅིངས༔ དག་པ་ཆེན་པོའི་ཀློང་དུ་ནི༔ ཡེ་ཤེས་ལྔ་ཡི་རོལ་པ་ལས༔ ས་བརྒྱད་བྱང་སེམས་རཱ་ཧུ་ལ༔ རྒྱལ་བ་རིགས་ལྔའི་དགོངས་པ་རྟོགས༔ དེ་རིང་ཉོན་མོངས་དུག་ལྔའི་དུག༔ ཡེ་ཤེས་ལྔ་ཡི་ངང་དུ་ཕྱུང༔ ཚ་ཞིང་སྲེག་པ་མེ་ཡི་དུག༔ རྒྱུ་སྦྱོར་འདི་ཡི་དྲོད་ལ་ཕོག༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ རླན་ཞིང་གཤེར་བ་ཆུ་ཡི་དུག༔ རྒྱུ་སྦྱོར་འདི་ཡི་ཁྲག་ལ་ཕོག༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ སྲ་ཞིང་འཐས་པ་ས་ཡི་དུག༔ རྒྱུ་སྦྱོར་འདི་ཡི་ཤ་ལ་ཕོག༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ ཡང་ཞིང་གཡོ་བ་རླུང་གི་དུག༔ རྒྱུ་སྦྱོར་འདི་ཡི་དབུགས་ལ་ཕོག༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ སྟོང་ཤིང་དངོས་མེད་ནམ་མཁའི་དུག༔ རྒྱུ་སྦྱོར་འདི་ཡི་སེམས་ལ་ཕོག༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ འབྱུང་བ་ལྔ་ཡི་དུག་ཕོག་པ༔ ཡེ་ཤེས་ལྔ་ཡི་ངང་དུ་ཕྱུངས༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ གཟའ་བདུད་ཆེན་པོའི་དུག་ཕོག་པ༔ རྫས་སྔགས་ཏིང་འཛིན་གྱི་མཐུས་ཕྱུངས༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ གདོང་གིས་སྲེག་པ་མེ་ཡི་དུག༔ རྒྱུ་སྦྱོར་འདི་ལ་ཕོག་པ་ཀུན༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ མཇུག་མ་གཡོ་བྱེད་དུད་པའི་མདོག༔ རྒྱུ་སྦྱོར་འདི་ལ་ཕོག་པ་ཀུན༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ ཡཀྴ་ཛྭ་ལ་གློག་འགྱུ་མ༔ གཟའ་ཆེན་བརྒྱད་ཀྱི་གྲིབ་ཕོག་བྱུང༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ གདོང་མོ་བཞི་དང་རྒྱུ་སྐར་གྱིས༔ མདངས་དང་འོད་ཟེར་གྲིབ་ཕོག་ཕྱུངས༔ དུག་ཁྱོད་མ་འདུག་ཕྱིར་ཕྱུངས་ལ༔ འདྲ་གླུད་འདི་ཡི་ཕྱི་ལ་སོང༔ དཀོན་མཆོག་རྩ་གསུམ་བདེན་པ་དང༔ གསང་བའི་བདག་པོའི་བྱིན་རླབས་སྟོབས༔ གསང་སྔགས་ལྷ་སྔགས་ཏིང་འཛིན་མཐུས༔ དུག་རྣམས་ཐམས་ཅད་ཕྱིར་ཕྱུངས་སོང༔ དུག་རྣམས་གནས་འདིར་མ་འདུག་ཅིག༔ དུག་རྣམས་མ་ལུས་ཕྱིར་དེངས་ཤིག༔ མེ་ཡི་ནང་དང་ཆུ་ཡི་ནང༔ ས་དང་རླུང་དང་ནམ་མཁའ་སྟེ༔ དུག་རྣམས་སོ་སོའི་གནས་སུ་སོང༔ ཧཱུྃ་བཛྲ་པཱ་ཎི་གུ་རུ་ཀྲོ་དྷ་ཧཱུྃ༔ རཱ་ཧུ་ལ་ཀེ་ཏ་ཀེ་ཏ་ཡཀྴ་ཛྭ་ལ་ནཱ་གི་ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་སརྦ་ནཀྵ་ཀི་མ་ར་ན་སརྦ་ཧ་ལ་རཾ་བཾ་ལཾ་ཡཾ་ཨེ་ཤཱནྟིཾ་ཀུ་རུ་ཧཱུྃ་དུག་ཐམས་ཅད་ཕྱུངས་ཤིག༔ ཤེས་པ་གསུམ་ལྡན་ལས༔ གཉིས་པ་སྨྲེང་དངོས་ནི༔ ཧཱུྃ༔ གཟའ་བདུད་རྒྱུ་སྐར་གདོན་ཚོགས་རྣམས༔ རྣལ་འབྱོར་བདག་ལ་སྙན་གསོན་ཅིག༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིས༔ ཁ་ཡིས་མ་ལེན་ལག་མ་ཉེས༔ མ་བསད་སྟོང་དང་མ་བརྐུས་འཇལ༔ རང་ལས་ལྷག་པའི་འདྲ་གླུད་འདི༔ རྒྱུ་ནི་རིན་ཆེན་འབྲུ་སྣ་ལྔ༔ རྐྱེན་ནི་འབྱུང་བ་བཞི་ལས་གྲུབ༔ སྐྱེ་མཆེད་དོད་ཅིང་དབང་པོ་ཚང༔ དེ་རིང་གླུད་འདི་ཅི་ལ་གཏོང༔ ཡོན་བདག་འདི་ཡི་ཚབ་ཏུ་བསྔོ༔ ན་མི་ཕོད་པའི་གླུད་དུ་བསྔོ༔ ཤི་མི་ཕོད་པའི་གླུད་དུ་བསྔོ༔ འབུལ་བ་བདག་གིས་མི་ནོར་ཏེ༔ བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཞིག༔ ཡོན་བདག་འདི་ཡི་རྐྱེན་སོལ་ཅིག༔ ཧཱུྃ༔ རྨད་དུ་བྱུང་བའི་གཏོར་མ་འདི༔ བཅུད་ལྡན་འབྲུ་ཡི་ཕྱེ་མ་ལ༔ ཆང་རྒོད་ཕུད་ཀྱིས་སྦྲུས་པ་སྟེ༔ མཁར་ཐབས་ཕྱི་སྣོད་གཞལ་ཡས་ཁང༔ བཤོས་བུ་ནང་བཅུད་ལྷ་ཡི་རྫས༔ མཚོན་བྱེད་དཔེ་དང་བརྡ་རུ་སྟོན༔ གཟུགས་མཛེས་སྒྲ་སྙན་བསུང་ཞིམ་དང༔ རོ་ལྡན་རེག་བྱ་འཇམ་པ་སྟེ༔ འདོད་ཡོན་ལྔ་ཡིས་རབ་ཏུ་བརྒྱན༔ ཐུགས་ཀྱི་བཞེད་པ་ཀུན་འཇོ་བའི༔ མི་ཟད་ནམ་མཁའི་མཛོད་དུ་སྟོན༔ ངོ་བོ་ཟག་པ་མེད་པ་སྟེ༔ ཡེ་ཤེས་བདུད་རྩིར་གྱུར་པ་འདི༔ གཟའ་བདུད་རྒྱལ་པོ་རཱ་ཧུ་ལ༔ ཡབ་ཡུམ་སྤྲུལ་པ་གཟའ་བརྒྱད་དང༔ རྒྱུ་སྐར་ལྷ་དང་གདོང་མོ་བཞི༔ སྤྲུལ་པ་ཡང་སྤྲུལ་བཅས་ལ་འབུལ༔ དགྱེས་པའི་ངང་ནས་མདོས་བཞེས་ལ༔ ཞི་བའི་ངང་ནས་ཕྲིན་ལས་མཛོད༔ གསང་བདག་ཕྱག་ན་རྡོ་རྗེ་དང༔ རྡོ་རྗེ་ཐོད་ཕྲེང་བཀའ་མ་བཅག༔ རྣལ་འབྱོར་བདག་གི་དམ་ཚིག་དགོངས༔ ཡོན་བདག་ཡོན་འབུལ་ཆུད་མ་གསན༔ མདོས་རྫས་གླུད་གཏོར་འདི་བཞེས་ལ༔ ཡོན་བདག་བཟུང་པ་ད་ཐོངས་ཤིག༔ བཅིངས་པ་ཁྲོལ་ལ་ན་བ་སོལ༔ ནད་ལོངས་གདོན་སོང་དུག་རྣམས་སོང༔ འཆི་བའི་དུས་ལ་བབས་ན་ཡང༔ ལོ་དགུའི་བར་དུ་བཤོལ་ཐོབས་ལ༔ ཚེ་སྲིངས་དཔལ་དང་གཟིམ་དངས་སྐྱེད༔ བསམ་པའི་དོན་རྣམས་མཆིས་པར་ཤོག༔ གདོན་སྤོ་བ་ནི༔ སྨྲ་ཤེས་འགྲོ་མཁས་རིན་ཆེན་ལས༔ ལེགས་གྲུབ་འདྲ་གླུད་ངར་མི་ཁྱོད༔ ཡོན་བདག་འདི་ཡི་གླུད་དུ་སོང༔ གདོན་འདི་ངར་མི་ཁྱོད་ལ་སྤོ༔ ནད་འདི་ངར་མི་ཁྱོད་ཀྱིས་ལོངས༔ དུག་འདི་ངར་མི་ཁྱོད་ཀྱིས་ཕྱུངས༔ གྲིབ་འདི་ངར་མི་ཁྱོད་ཀྱིས་ཁྱེར༔ རྒྱུ་སྦྱོར་འདི་ཡི་ལུས་དང་ངག༔ སེམས་ཉིད་ཤ་རུས་ལྤགས་པ་དང༔ དུག་གསུམ་རྐྱེན་གྱིས་བསྐྱེད་པ་ཡི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ གྲིབ་དང་གདོན་གྱི་རིགས་གྱུར་ཀུན༔ སྐུ་གླུད་ངར་མི་ཁྱོད་ལ་སྤོ༔ ནད་འདི་ངར་མི་ཁྱོད་ཀྱིས་ལོངས༔ གདོན་འདི་ངར་མི་ཁྱོད་ཀྱིས་ལོངས༔ ཁྱོད་ཀྱིས་ནད་འདི་ཁུར་ལ་སོང༔ ལམ་བསྟན་པ་ནི༔ ཧཱུྃ༔ དཔལ་ཆེན་གསང་བའི་བདག་པོ་དང༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ བཀའ་དང་དམ་ལ་མ་འདའ་བར༔ གཟའ་བདུད་ཆེན་པོ་འཁོར་བཅས་ཀྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ སྔོན་ཆད་གནོད་པ་བྱས་པ་སོལ༔ གཟའ་ཡི་ནད་དང་གདོན་རྣམས་ཀུན༔ ད་ལྟ་ཉིད་དུ་ཞི་བར་མཛོད༔ རང་དུག་རང་གིས་ད་ཕྱུངས་ཤིག༔ རང་མཚོན་རང་གིས་ད་སྡུས་ཤིག༔ གདུག་པའི་སྤུ་མདའ་ད་ཐོན་ཅིག༔ བསམ་སྦྱོར་ངན་པ་བྱས་པ་ཤིགས༔ ལག་བརྒྱ་ངན་པས་བཅིངས་པ་ཁྲོལ༔ མཐོང་བའི་དུག་དང་རེག་པའི་དུག༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ བསམ་ངན་དུག་དང་དྲི་ཚོར་དུག༔ ཟེར་གྱི་དུག་རྣམས་ཕྱིར་ཕྱུངས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སྨྲས་པའི་ཚིག་དང་བཤམས་པའི་རྫས༔ བདེན་མེད་འཆོལ་བར་མ་གཏང་བར༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ གལ་ཏེ་གནོད་པ་བྱས་གྱུར་ན༔ ཕྱག་ན་རྡོ་རྗེ་ཐུགས་ཁྲོས་ནས༔ སྐད་ཅིག་ཉིད་ལ་བརླག་པར་འགྱུར༔ དེ་བས་དམ་ལ་མ་འདའ་བར༔ མདོས་རྫས་མཆོད་གཏོར་འདི་བཞེས་ལ༔ གཟའ་དང་རྒྱུ་སྐར་གནོད་རྣམས་ཀུན༔ སོ་སོ་རང་རང་གནས་སུ་གཤེགས༔ ད་ནི་གཟའ་གཤེགས་ཤ་ར་ར༔ སྐར་གཤེགས་དེ་ནི་སི་ལི་ལི༔ གཟའ་གཤེགས་དེ་ནི་དགུང་དུ་གཤེགས༔ སྐར་གཤེགས་དེ་ནི་གནམ་དུ་གཤེགས༔ ནམ་མཁའ་སྟོང་པ་གཟའ་ཡི་ལམ༔ བར་སྣང་སྟོང་པ་སྐར་མའི་ལམ༔ གཟའ་ལམ་དེ་ནི་གནམ་དུ་བསྟན༔ སྐར་གཤེགས་དེ་ནི་དགུང་དུ་གཤེགས༔ དར་ལམ་མེར་མེར་དག་ལ་གཤེགས༔ འཇའ་ལམ་གྱ་གྱུ་དག་ལ་གཤེགས༔ མི་མངོན་ནམ་མཁའི་དབྱིངས་སུ་གཤེགས༔ ཆོས་ཀྱི་དབྱིངས་སུ་ལམ་བསྟན་ནོ༔ ཆོས་ཀྱི་དབྱིངས་ནས་ཕྱིར་མ་ལྡོག༔ ཨོཾ་རཱ་ཧུ་ལ་ས་པ་རི་ཝཱ་ར་གཙྪ་གཙྪ༔ ཞེས་གཟའ་ཡི་གདོན་ཁྲོལ་ཉུང་ངུ་རྣམ་གསལ་འདི་བཞིན། མི་ཕམ་ཆོས་ཀྱི་ཉི་མ་འཇམ་དཔལ་ཡེ་ཤེས་རྒྱ་མཚོའི་སྡེ་ཡིས་བཀོད་པས་འགྲོ་ཀུན་གཟའི་ནད་གདོན་ལས་གྲོལ་ནས། གཏན་བདེའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
བདུད་འདུལ་མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་སྐོང་བཤགས་ (Volume 13, Text 50)
བདུད་འདུལ་མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་སྐོང་བཤགས་བཞུགས་སོ། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། འདིར་མ་ཧཱ་གུ་རུ་དྲག་པོར་སྒྲུབ་པའི་ཕྲིན་ལས་ཀྱི་ཁ་སྐོང་སྐོང་བ་བྱེད་པར་འདོད་ན། སྐོང་རྫས་བྱིན་རླབས་ནི། ཚོགས་བྱིན་རླབས་ལ་འདོན་པ་ཁ་བསྒྱུར་བར་བྱ་སྟེ། རཾ་ཡཾ་ཁཾ་གིས་སྐོང་རྫས་ཀྱི། །དངོས་འཛིན་འབག་བཙོག་སེར་སྣ་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་གྱི། །ཕུང་པོ་ཟག་མེད་བདུད་རྩིར་སྤེལ། །ཞེས་བྱིན་གྱིས་བརླབས་ནས། ཧྲཱིཿ མཆོད་བྱ་མཆོད་བྱེད་གཉིས་མེད་པའི། །ཆོས་དབྱིངས་བདེ་བ་ཆེན་པོའི་ངང་། །རང་བྱུང་ལྷུན་གྲུབ་མཆོད་སྤྲིན་གྱིས། །སྐྱབས་གནས་རྒྱ་མཚོའི་ཐུགས་དམ་བསྐང་། དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་ལས་འཁྲུངས་པདྨའི་རྒྱལ། །རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །འཆི་མེད་བླ་མའི་ཐུགས་དམ་བསྐང་། དེ་ཉིད་གདུག་པ་འདུལ་བའི་ཕྱིར། །ཆེ་མཆོག་རྡོ་རྗེ་སྲིན་པོའི་སྐུར། །བཞེངས་པ་རྡོ་རྗེ་ཁྲོ་བོ་ལོད། །པདྨ་དྲག་པོའི་ཐུགས་དམ་བསྐང། རིགས་བདག་བདེ་ཆེན་ཞིང་གི་མགོན། །དཔག་མེད་ཚེ་འོད་མངའ་བ་ཡི། །ཀ་དག་གདོད་ནས་བྱང་ཆུབ་པ། །སྣང་མཐའ་ཡས་པའི་ཐུགས་དམ་བསྐང་། ཐུགས་དང་ཡེ་ཤེས་སེམས་དཔའ་ནི། །མཚོ་རྒྱལ་མ་དང་གཉིས་མེད་སྦྱོར། །བདེ་ཆེན་ལོངས་སྤྱོད་ཡོངས་རྫོགས་པ། །པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །དབུ་གཙུག་ཀླུ་གདོན་གདུག་པ་འདུལ། །མཐིང་ནག་མཁའ་ལྡིང་ཆེན་པོའི་གཟུགས། །རྡོ་རྗེའི་ཚྭ་ཚྭ་འཕྲོ་བ་ཅན། །ག་རུ་ཊ་ཡི་ཐུགས་དམ་བསྐང་། །འཁོར་ལོ་འབར་བའི་ཤར་རྩིབས་ལ། །རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། །ཞེ་སྡང་གདུག་པ་འཇོམས་བྱེད་པ། །ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་རྒྱལ་ཀུན་ཡོན་ཏན་བདག །ང་རྒྱལ་བདུད་དང་འཆི་བདག་འཇོམས། །གཤིན་རྗེའི་གཤེད་དུ་རབ་གྲགས་པའི། ཁྲོ་བོ་ཆེན་པོའི་ཐུགས་དམ་བསྐང་། །ནུབ་ཕྱོགས་རྒྱལ་ཀུན་གསུང་གི་བདག །འདོད་ཆགས་བདུད་ཚོགས་འཇོམས་བྱེད་པ། ཁམས་གསུམ་དབང་སྡུད་ཁྲོ་བོའི་རྒྱལ། །དབང་ཆེན་རྟ་མགྲིན་ཐུགས་དམ་བསྐང་། །བྱང་ཕྱོགས་སྤྲུལ་པའི་གནོད་སྦྱིན་ཆེ། །རྒྱལ་བ་ཀུན་གྱི་ཕྲིན་ལས་བདག །ཕྲག་དོག་གདུག་པ་འཇོམས་པའི་དཔལ། །མེ་དབལ་ཆེན་པོའི་ཐུགས་དམ་བསྐང་། །མཚམས་བཞིར་ཕྲིན་ལས་བཞི་ཡི་བདག །དགའ་བཞིའི་བདེ་ཆེན་ཡེ་ཤེས་སྤེལ། །རྡོ་རྗེ་རིན་ཆེན་པདྨ་ལས། །མཁའ་འགྲོ་བཞི་ཡི་ཐུགས་དམ་བསྐང་། འཁོར་ཡུག་སྒྲོལ་བའི་འཁོར་ཚོགས་ནི། །རིག་འཛིན་ཌཱ་ཀི་དམ་ཅན་དང་། །གཏེར་སྲུང་ཀླུ་བདུད་བཙན་གསུམ་སོགས། །བཀའ་ཉན་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་སྐོང་བའི་དམ་རྫས་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཞལ་རོལ་མོ་དང་། །བཀྲ་ཤིས་རྫས་རྟགས་བརྒྱད་ལ་སོགས། །ཞི་བྱེད་ཞི་བའི་མཆོད་པ་འདིས། །འཁོར་བཅས་ཐུགས་དམ་གཉན་བསྐངས་པས། །ནད་གདོན་སྡིག་སྒྲིབ་འགལ་རྐྱེན་ཚོགས། །ད་ལྟ་ཉིད་དུ་ཞི་བར་མཛོད། །བདུད་རྩི་རཀྟ་གཏོར་མའི་ཚོགས། །རིན་ཆེན་རྒྱན་ཕྲེང་ལྷབ་ལྷུབ་དར། །རྒྱལ་སྲིད་རིན་ཆེན་བདུན་ལ་སོགས། །རྒྱས་ཆེན་རྒྱས་པའི་མཆོད་པ་འདིས། །འཁོར་བཅས་ཐུགས་དམ་གཉན་བསྐངས་པས། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །ཡོན་ཏན་ཡེ་ཤེས་ཕྲིན་ལས་སོགས། །རབ་ཏུ་རྒྱས་ཤིང་འཕེལ་བར་མཛོད། །པདྨ་ཅན་དང་དུང་ཅན་སོགས། །བདེ་བ་ཆེན་པོས་དགྱེས་སྐྱེད་པའི། །རིག་མ་རྣམས་དང་དབང་བྱེད་རྫས། །གཟུགས་སྒྲ་དྲི་རོ་རེག་ཡོན་ཏན། །ཕུལ་དུ་བྱུང་བའི་མཆོད་སྤྲིན་འདིས། །འཁོར་བཅས་ཐུགས་དམ་གཉན་བསྐངས་པས། ཁམས་གསུམ་སྲིད་གསུམ་འཇིག་རྟེན་ཀུན། །དབང་དུ་འདུས་པའི་ཕྲིན་ལས་མཛོད། །རྡོ་རྗེ་རལ་གྲི་གྲི་གུག་སོགས། །མཚོན་ཆ་རབ་ཏུ་འབར་བ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ལས་བྱུང་ཉེར་སྤྱོད་འདོད་ཡོན་ཚོགས། །དྲག་པོའི་མཆོད་པ་དཔག་མེད་ཀྱིས། །འཁོར་བཅས་ཐུགས་དམ་གཉན་བསྐངས་པས། །བསྟན་དང་བདག་ལ་འཚེ་བྱེད་པའི། །དགྲ་བགེགས་གནོད་བྱེད་བརླག་པར་མཛོད། །ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་ལྷ་ཚོགས་རྣམས། །གསན་ཅིང་བདག་ལ་དགོངས་སུ་གསོལ། །བདག་སོགས་ལས་ངན་གྱིས་མནར་བས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས། །བསྐྱེད་རིམ་མ་གསལ་སྔགས་མ་དག །ཡིད་འཁྲུལ་ཉོན་མོངས་དབང་དུ་ཤོར། །སྡོམ་པ་གསུམ་དང་འགལ་བ་སོགས། །གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། ཁྱད་པར་བསྙེན་སྒྲུབ་ཚད་མ་ཕྱིན། །བསྟན་ལ་མི་སེམས་རང་འདོད་ཀྱིས། །ཆགས་སྡང་དབང་གིས་ཁྲོ་རྒྱལ་བསྐུལ། །ཕྲིན་ལས་སྦྱོར་བ་བརྩམས་པ་སོགས། །ཚོར་དང་མ་ཚོར་རྨོངས་དབང་གིས། །ནོངས་པ་ཅུང་ཟད་གང་མཆིས་པ། །ཐུགས་རྗེ་ཅན་རྣམས་བཟོད་བཞེས་ལ། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །དེ་ལྟར་བསྐང་ཞིང་བཤགས་པའི་མཐུས། །བདུད་འདུལ་དྲག་པོའི་ཞལ་མཐོང་ནས། །ལས་དང་དངོས་གྲུབ་ཐོགས་མེད་འགྲུབ། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་པ་འདི་རིག་འཛིན་ཧ་ཡ་གྲཱི་བ་ན་ཐས་བསྐུལ་བའི་ངོར་དང་། རྒྱལ་དབང་མཆོག་གིས་བཀའ་ཕེབས་པ་ལ་བརྟེན་ནས། སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་ལྕགས་ཡོས་ལོ་མགོ་ཟླའི་དམར་ཕྱོགས་ལ་བྲིས་པ་དགེ་ལེགས་འཕེལ།། །།
ཛམྦྷ་ལ་ལྗང་གུའི་ལོ་རྒྱུས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ (Volume 50, Text 50)
༄༅༔ ཛམྦྷ་ལ་ལྗང་གུའི་ལོ་རྒྱུས་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བཞུགས་སོ༔ བྱང་གཏེར་ཐུགས་སྒྲུབ་ལས་ཚོགས་བཅོ་བརྒྱད་པའོ། ། ྈྈྈྈྈྈྈྈྈྈྈྈྈྈ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ སྔོན་བསྐལ་པ་ཀུན་གྱི་ཐོག་མ་ལ༔ སྲིད་པ་ཆགས་ཙམ་ཉིད་ན་སྲིད་པའི་བདག་པོ༔ ཕྱྭ་གཡང་ནོར་གྱི་བདག་པོ༔ འབྱུང་བ་བཅུད་ཀྱི་སྙིང་པོ་དཔལ་ཛམྦྷ་ལ་རིགས་ལ་གཙོ་བོ་བརྒྱད་བྱུང་སྟེ༔ དེ་ནི་སྲིད་པ་ཐམས་ཅད་ཀྱི་བདག་པོ༔ ནོར་ལྷ་ཐམས་ཅད་ཀྱི་གཙོ་བོ་ལགས་སོ༔ སྔོན་བསྐལ་པ་འདིའི་ཐོག་མ་ལ༔ སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་སུ་སྐྱེ་བ་བཞེས་ནས་ཡོད་པ་ལ༔ སྲས་གསུམ་འཁྲུངས་ཏེ༔ ན་ཏ་ཀུ་བེ་ར༔ དཔལ་གནོད་གནས༔ གནོད་མཛེས་སོ༔ དེ་ལ་སྤྲུལ་པའི་ཛམྦྷ་ལ་རིགས་གསུམ་ཟེར་རོ༔ དེ་ཡི་ཕྱི་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྒྱལ་བུ་དོན་གྲུབ་ཏུ་འཁྲུངས་པའི་ཚེ༔ བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་ཐུགས་ཀ་ནས་ཛམྦྷ་ལ་དཀར་དམར་མཐིང་ག་གསུམ་བྱུང་སྟེ༔ རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་རུ་བཞེངས༔ འགྲོ་བ་ཀུན་གྱི་དོན་མཛད་འཕྲིན་ལས་ཕྱིར༔ བདག་གིས་འཁོར་བཞིའི་དབུལ་བ་བསལ་བར་བགྱི༔ ཞེས་ཞུས་པ་དང༔ བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ༔ ཐུགས་ཀ་ནས་འོད་འཛམ་བུ་གསེར་མདོག་ཏུ་གསལ་བ་ལས༔ ཛམ་བྷ་ལ་གཅིག་ཕྱུང་སྟེ་འདི་སྐད་ཅེས་གསུངས་སོ༔ ཛམྦྷ་ལ་ཁྱེད་བཞིས་ངའི་བསྟན་པ་མ་རྫོགས་ཀྱི་བར་དུ་འཁོར་རྣམ་བཞི་དང་དེའི་ཡོན་བདག་བྱེད་པ་རྣམས་ཀྱི་དབུལ་བའི་སྡུག་བསྔལ་ལས་སྐྱོབས་ཤིག༔ ཅེས་གསུངས་སོ༔ དེ་རྣམས་ལ་རིགས་བཞིའི་ཛམྦྷ་ལ་ཞེས་གྲགས་ཏེ༔ དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡན་ཆད་ལ་དབུལ་བ་སེལ་བའི་ཛམྦྷ་ལ་རིགས་བཅོ་ལྔའོ༔ དེ་རྣམས་ཀྱང་རེ་རེ་ལ་དངོས་གྲུབ་ཀྱི་ཕྲིན་ལས་རེ་རེ་སྟེར་ནུས་པ་ཡོད་དོ༔ ཁྱད་པར་དུ་གནོད་སྦྱིན་ནོར་བུ་བྱ་བ་རྒྱ་གར་དུ་ཡཀྴ་ཛམ་བྷ་ལ་ཞེས་གྲགས་པ་སྐུ་མདོག་ལྗང་གུ་སྲིད་པ་བྱང་ཕྱོགས་ཐམས་ཅད་ལ་དབང་བྱེད་པ་ཞིག་ཡོད་དོ༔ དེས་ནི་ཡིད་བཞིན་གྱི་དངོས་གྲུབ་ཆར་བཞིན་དུ་འབེབ་ནུས་སོ༔ དེ་ལྟར་ནོར་ལྷ་ཛམ་བྷ་ལ་ཐམས་ཅད་ཀྱི་སྲོག་སྙིང་དཔལ་ཕྱག་ན་རྡོ་རྗེས་བསྡུས་ཏེ་རྣམ་པར་རྒྱལ་བའི་ཁང་བཟང་དང༔ ཨོ་རྒྱན་རྡོ་རྗེ་རྫོང་ཕུག་དང༔ རྒྱ་གར་རྡོ་རྗེའི་གདན་དུ་རྒྱ་རིམ་པ་གསུམ་གྱིས་བཏབ་སྟེ་གཏེར་དུ་སྦས་པ་ལས༔ རྡོ་རྗེ་གདན་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་བཏོན༔ རྡོ་རྗེ་རྫོང་ཕུག་ནས་པདྨ་འབྱུང་གནས་ཀྱིས་ཐོན་ཏེ༔ མན་ངག་གཉིས་པོ་ཞུས་དག་ལེགས་པར་བྱས་ཏེ་འཛམ་བུ་གླིང་གི་འགྲོ་བ་རེ་ཞིག་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱས་སོ༔ ཕྱི་མའི་དུས་ན་སྐྱེ་འགྲོ་ཚེ་ཐུང་ལོངས་སྤྱོད་དབུལ་བའི་དུས་འབྱུང༔ དེའི་ཚེ་མ་འོངས་པའི་དོན་དུ་དགོངས་ཏེ་ལས་ཅན་ཕྱི་མའི་དོན་བྱེད་པ་རྣམས་ཕྱི་འབྱུང་བ་བཞིའི་བཅུད་བསྡུ་བ༔ སྲིད་པའི་བདག་པོ་བརྒྱད་ཀྱི་སྒྲུབ་ཐབས༔ ནང་དངོས་གྲུབ་ཀྱི་བཅུད་བླང་བ༔ གཙོ་བོ་གསུམ་མཁའ་འགྲོ་བཞིའི་སྒྲུབ་ཐབས་རྣམས་དང༔ ལོག་བྱེད་དྲེགས་པའི་སྲོག་འཕྲོག་པ༔ ལྷ་ཆེན་སྟོབས་ཆེན་གྱི་སྒྲུབ་ཐབས་རྣམས་དཔལ་བསམ་ཡས་ཀྱི་ནུབ་བྱང་མཚམས༔ ལྷ་སྲིན་གདུག་པའི་རྒྱུ་སྲང༔ ས་བདག་གཉན་གྱི་ཡུལ་ཟང་ཟང་ལྷ་བྲག་གི་རྐེད༔ བྲག་ཕུག་ཧོཾ་ཁུང་འདྲ་བའི་ནང༔ བསེ་སྒྲོམ་སྨུག་པོའི་ནུབ་ཕྱོགས་ཟངས་མཛོད་དམར་པོའི་ནང་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་གཏེར་དུ་སྦས་སོ༔ དེའི་ཚེ་གཉན་ཆེན་པོ་ཐང་ལྷ་ལ་གཉེར་གཏད་དེ༔ འདི་སྐད་ཅེས་གསུངས་སོ༔ ལྷ་ཆེན་གཉན་པོ་ཐང་ལྷ་ཁྱོད༔ དབུས་གཙང་ཡུལ་གྱི་ལྷ་ཡིན་པས༔ ང་ཡི་གཏེར་འདི་གཏད་པར་བྱ༔ ང་སོང་མི་ལོ་དྲུག་བརྒྱ་ཁར༔ ལས་མེད་གཏེར་འདི་ལེན་པར་འོང༔ ལས་མེད་ལེན་ན་སྲོག་རྩ་ཆོད༔ ང་སོང་བདུན་བརྒྱ་ཉི་ཤུ་ན༔ ལས་ཅན་འབྱུང་གིས་གཏེར་འདི་གཏོད༔ དེ་ཡི་སྔ་ལྟས་འདི་ལྟ་སྟེ༔ སེམས་ཅན་རྩོད་ལྡན་དྲག་པོའི་དུས༔ གཏེར་འདི་ཉི་མ་ཤར་ལྷོའི་མཚམས༔ ཤར་ལྷོར་ཁ་བསྟན་ལུང་པ་རུ༔ ཕྱི་རྟགས་གཟུགས་བཟང་ཁྲོ་གཏུམ་ཆེ༔ ནང་རྟགས་ཨོཾ་ཡིག་ཨ་རྟགས་ཅན༔ གདུང་བའི་ཤུགས་ཀྱིས་གཏེར་འདི་ལེན༔ དེ་དུས་བོད་ཀྱི་སེམས་ཅན་ལ༔ སྲོག་ལས་གཅེས་པའི་གནས་གསུམ་ཡོད༔ ར་སའི་རང་བྱུང་མཆེད་གཉིས་པོ༔ རབ་གནས་ཉམས་པའི་དུས་ཡིན་པས༔ དེ་ཉིད་མ་གསོས་བོད་ཁམས་ཕུང༔ བསམ་ཡས་དབུ་རྩེ་རིགས་གསུམ་དེ༔ མཐའ་ནས་འཇིག་པའི་དུས་ཡིན་པས༔ དེ་ཉིད་མ་གསོས་བོད་ཁམས་ཕུང༔ སྟོད་དུ་འབྱུང་བ་རྒྱལ་པོའི་རྒྱུད༔ ནང་འབངས་བདུད་ཀྱིས་འཇོམས་པའི་དུས༔ དེ་ཉིད་མ་བསྐྱབས་བོད་ཁམས་ཕུང༔ དེ་ཕྱིར་དེ་གསུམ་གཅེས་པའི་ཕྱིར༔ ང་ཡིས་གཏེར་འདི་སྦས་པ་ཡིན༔ གཏེར་འདི་ང་ཡི་སྐུ་ཚབ་སྟེ༔ ལྷ་ཡི་སྒྲུབ་ཐབས་བརྒྱ་རྩ་གཅིག༔ གང་ཟག་དབང་པོ་ཐ་མའི་དོན༔ ནོར་གྱི་སྒྲུབ་ཐབས་བརྒྱ་རྩ་གཅིག༔ བོད་ཀྱི་གནས་གསུམ་གསོ་བའི་དོན༔ དྲག་སྔགས་ངན་སྔགས་མཚོན་གྱི་ཆིངས༔ དམག་ཟློག་དགྲ་གསད་གོ་ཆའི་བཟོ༔ བརྒྱ་དང་རྩ་གཅིག་ཡོད་པ་དེ༔ གུང་ཐང་རྒྱལ་པོ་སྐྱོབ་པའི་ཕྱིར༔ དད་ཅན་ཚེ་འདིར་སངས་རྒྱས་པ༔ ལས་ཅན་སྐད་ཅིག་སངས་རྒྱས་པ༔ ཆོས་ཉིད་མངོན་དུ་སྟོན་པ་དང༔ ཉམས་སྣང་རྗེས་ནས་སྟོན་པ་ཡི༔ ཟབ་མོའི་མན་ངག་བརྒྱ་རྩ་གཅིག༔ ལས་ཅན་བརྒྱ་བརྒྱ་གྲོལ་ཕྱིར་བསྟན༔ ཤར་གྱི་ཕྱོགས་ནས་ལེན་མཁན་འབྱུང༔ ལྷོ་ནུབ་མཚམས་སུ་འགྲོ་དོན་བྱེད༔ གལ་ཏེ་བསྟན་པའི་མར་འགྲིབ་ལ༔ བདུད་ཀྱི་དམོད་པ་བཙན་པ་དང༔ ལྷོ་ནུབ་མཚམས་སུ་འགྲོ་དོན་དགོས༔ དེ་ཕྱིར་མན་ངག་ཟབ་མོ་འདི༔ མ་འོངས་ཕྱི་མའི་དོན་དུ་བཞག༔ ལས་ཅན་འགྲོ་དོན་མཐའ་རྒྱས་ཤོག༔ ཅེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ཡཀྴ་ཛཾ་བྷ་ལ་རྩ་བའི་སྒྲུབ་ཐབས་བཞུགས༔ ྈྈྈྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ ཡཀྴ་ཛཾ་བྷ་ལ་ནོ་པི་ཀ་ནཱ་མ༔ བོད་སྐད་དུ༔ གནོད་སྦྱིན་ནོར་གྱི་སྒྲུབ་ཐབས་ཞེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ འདི་ཉིད་སྒྲུབ་པའི་གང་ཟག་ནི༔ དད་པ་ཤེས་རབ་སྙིང་རྗེར་ལྡན༔ དབང་བསྐུར་རྗེས་གནང་ཐོབ་པ་ཡིས༔ བཀྲ་ཤིས་ཉམས་དགའི་དབེན་གནས་སུ༔ གནས་ཁང་དྲི་ཡིས་ཆག་ཆག་བཏབ༔ མཎྜལ་མཆོད་པ་རྒྱས་པར་བཤམ༔ རང་གི་བླ་མས་རབ་གནས་པའི༔ བྱིན་རླབས་ལྡན་པའི་སྐུ་རྟེན་དགྲམ༔ བུ་མོ་གཙང་མས་བཀལ་བ་ཡི༔ སྐུད་པ་དཀར་དམར་མདུན་དུ་བཞག༔ ཟས་སུ་སྒོག་ཙོང་སྤང་བར་བྱ༔ བྱམས་དང་སྙིང་རྗེ་སྔོན་སོང་བས༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་སྣོད་བཅུད་སྟོང་པར་བསྒོམ༔ དེ་ཡི་ངང་ལས་རང་གི་གནས༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར༔ དེ་ཡི་ཕྱི་ནས་མེ་རི་འབར༔ ནང་དུ་པཾ་ལས་པདྨ་དང༔ ཨ་ལས་ཟླ་བའི་གདན་སྟེང་དུ༔ ཛཾ་ཡིག་ལྗང་ཁུ་ལས་འོད་འཕྲོས༔ ཚུར་འདུས་གནོད་སྦྱིན་ཛཾ་བྷ་ལ༔ སྐུ་མདོག་ལྗང་གུ་ཨིནྡྲའི་མདོག༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན༔ གཡོན་པ་ནེའུ་ལེ་ནོར་སྐྱུག་བསྣམས༔ རྒྱལ་པོ་རོལ་པའི་གར་སྟབས་ཀྱིས༔ འགྲོ་ལ་ཐུགས་རྗེས་བཞེངས་ནས་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ སྐུ་ལས་འོད་ཟེར་བྱེ་བ་འཕྲོ༔ གཟི་བརྗིད་མདངས་ལྡན་གསལ་བར་བསྒོམ༔ དེ་ཡི་སྙིང་ཁར་ཛཾ་ཡིག་ལས༔ འོད་འཕྲོས་སྟེང་གི་ཕྱོགས་སུ་སོང༔ དབང་པོ་བརྒྱ་བྱིན་ཁང་བཟང་གི༔ བྱང་ཕྱོགས་གནོད་སྦྱིན་གཞལ་ཡས་ནས༔ ལྷ་དེ་བཞུགས་པ་སྤྱན་དྲངས་ཏེ༔ རང་གི་མདུན་དུ་བཞུགས་པ་ལ༔ སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་མཆོད༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་བདག་ལ་བསྟིམ༔ གནས་གསུམ་བྱིན་གྱིས་བརླབ་པར་བྱ༔ ཛཾ་ཛཾ་ཛཾ་ཛཾ་ཛཾ༔ ཁ་དོག་རྣམ་ལྔའི་ཛཾ་ཡིག་ལས༔ འོད་འཕྲོས་བདེ་གཤེགས་རིགས་ལྔ་བསྐུལ༔ བདག་གི་སྤྱི་བོར་བྱོན་པ་ལས༔ ལྷ་མོ་རིགས་ལྔས་དབང་བསྐུར་ཏེ༔ ལྷ་རྣམས་འོད་ཞུ་བདག་ལ་ཐིམ༔ དབང་རྟགས་དོན་ཡོད་གྲུབ་པ་བཞུགས༔ བྱིན་རླབས་ཡི་གེ་འདི་ལྟ་སྟེ༔ སྤྱི་བོ་ཨོཾ༔ ལྕེ་ལ་ཛཾ༔ དཔུང་པ་གཡས་ལ་བྷ༔ གཡོན་པར་ལ༔ སྙིང་ཁར་ཛ༔ བརླ་གཡས་ལ་ལེན༔ བརླ་གཡོན་ལ་དྲ༔ གསང་བར་ཡ༔ རྐང་པའི་མཐིལ་གཉིས་ལ་སྭཱ་དང་ཧཱ༔ ཡི་གེ་འབྲུ་བཅུས་བྱིན་གྱིས་བརླབས༔ གསལ་ལ་རང་བཞིན་མེད་པར་བསྒོམ༔ དཔེར་ན་ནམ་མཁའི་འཇའ་ཚོན་ལྟར༔ དེ་ནས་ལྷ་དང་ཡིག་འབྲུ་ལས༔ འོད་འཕྲོས་འཇིག་རྟེན་ཐམས་ཅད་གང༔ འགྲོ་བ་རིགས་དྲུག་ཐམས་ཅད་ཀྱིས༔ སེར་སྣ་འཇུར་གེགས་བྱེད་པ་རྣམས༔ དབུལ་ཕོངས་བཀྲེས་པའི་རྒྱུ་ཡིན་ནོ༔ བཀྲེས་སྐོམ་དབུལ་ཞིང་ཕོངས་པ་རྣམས༔ རྒྱུ་དེའི་འབྲས་བུ་སྨིན་པ་འོ༔ དེ་ལྟར་ཡོད་པའི་སེམས་ཅན་གྱི༔ དུཿཁ་ཐམས་ཅད་སངས་ཀྱིས་སྦྱངས༔ ཁྱད་པར་ཡི་དྭགས་དུད་འགྲོ་ཡི༔ བཀྲེས་སྐོམ་དུཿཁ་དག་པར་བསམ༔ དེ་ལྟར་དམིགས་པ་ཡང་ཡང་བྱ༔ དེ་ནས་བཟླས་པའི་ཏིང་འཛིན་ནི༔ བདག་གི་ཐུགས་ཁའི་ས་བོན་ལས༔ སྔགས་འདིས་གཡས་སུ་བསྐོར་བར་བསམ༔ ངག་ཏུ་བཟླས་པའང་འདི་ཉིད་དོ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ༔ རཏྣ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས་པ་མང་དུ་བྱས་ཏེ༔ བསྙེན་པ་འབུམ་ཕྲག་གཅིག་བཟླ་འོ༔ ལས་སྦྱོར་གྱི་དུས་སུ་རྒྱས་པར་བྱེད་ན༔ འབུམ་ཕྲག་གསུམ་བཟླས་པར་བྱ༔ གྲུབ་པའི་རྟགས་ནི༔ བསྙེན་པ་རྫོགས་ནས་གདོད་རྐུན་མ་མི་འབྱུང༔ ལས་སྦྱོར་ཐེམས་ན་འགྲོ་བ་དབང་དུ་འདུ༔ ཉམས་སམ་རྨི་ལམ་མངོན་སུམ་དུ༔ རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཐང་ལ་ཕྱིན་པ་རྨི་བ་དང༔ རི་རབ་ཀྱི་བྱང་ཕྱོགས་ལ་འཛེགས་པ་རྨི་བ་དང༔ ཁྲོམ་ཆེན་པོའི་དབུས་སུ་རལ་གྲིའམ་མེ་ཏོག་སྔོན་པོའི་སྡོང་པོ་ཐོགས་ཏེ་གར་བྱས་པ་རྨི་འོང༔ དེ་ནས་ལས་སྦྱོར་བྱའོ༔ བསྙེན་སྒྲུབ་ཀྱི་རྟགས་མ་བྱུང་བར་ལས་སྦྱོར་བྱས་ན་བྱིན་རླབས་མི་འབྱུང༔ རྟགས་བྱུང་ནས་ལས་སྦྱོར་བྱས་ན་རིན་པོ་ཆེའི་ཆར་འབེབ་པར་འགྱུར་རོ༔ ལས་སྦྱོར་དངོས་ནི༔ ནོར་བུ་ཆར་འབེབས་སུ་ཤེས་པར་བྱའོ༔ ཐུན་མཚམས་སུ་བཟླས་པས་སྐྱོ་ན༔ ལྷ་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ མཆོད་པ་དང་གཏོར་མ་དང་བསྟོད་པ་བྱ༔ བདག་གི་ཕྲིན་ལས་གྲུབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་བོ༔ ཡེ་ཤེས་པ་རང་ལ་བསྟིམ༔ གཤེགས་གསོལ་བྱར་མི་རུང༔ དུས་རྒྱུན་དུ་རང་ཛཾ་བྷ་ལའི་ཏིང་འཛིན་དང་མི་འབྲལ་བར་བྱའོ༔ ཕྲིན་ལས་ཛཾ་བྷ་ལའི་རྩ་བའི་སྒྲུབ་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ཆུ་སྦྱིན་མན་ངག་ཡོད༔ ྈྈྈྈྈྈྈྈྈ ཡཀྴ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ འདི་སྒྲུབ་པའི་གང་ཟག་གིས༔ སྔ་དྲོ་དང་པོའི་ཆ་ལ་འཇིག་རྟེན་གྱི་འདོད་ཡོན་ཐམས་ཅད་ཀྱི་གཞི༔ ཆུ་གཙང་མ་ཡིན་པས༔ ཆུ་དབུལ་བར་བྱ་སྟེ་རིན་པོ་ཆེའི་སྣོད་གཙང་མའི་ནང་དུ་ཆུ་ཐིགས་པ་གཅིག་བླུགས་ཏེ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་བརྗོད་དེ་མ་དག་པ་དང་མི་གཙང་བ༔ བདག་ཏུ་འཛིན་པ་ཐམས་ཅད་སངས་དག་པར་བསམ༔ ཏྲཱཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ མེ་ཏོག་པདྨའི་གདན་སུམ་བརྩེགས་ལ༔ ཡེ་ཤེས་ཀྱི་ཛཾ་བྷ་ལ་རི་རབ་ཀྱི་བྱང་ཕྱོགས་ནས་སྤྱན་དྲངས་ཏེ༔ བཞུགས་སུ་གསོལ༔ ཨ་ཞེས་པས་བུམ་ཆུ་བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པར་བྱིན་གྱིས་བརླབས་ཏེ༔ ཨོཾ་ཨཱཿཧཱུྃ༔ ཞེས་པའི་སྔགས་ཀྱིས་ཐིགས་པ་གཅིག་ལྷའི་ཞལ་དུ་བླུགས་པས༔ བདག་གི་ཚེ་རབས་ཐམས་ཅད་དུ༔ སེར་སྣ་འཇུར་གེགས་བྱས་པའི་རྣམ་པར་སྨིན་པ་དག༔ ཛཾ་བྷ་ལ་དགྱེས་ནས་སྐུ་གཟི་མདངས་ལྡན་པར་བསམ༔ དེ་ནས་ཆུ་རྒྱུན་ཆད་མེད་པར་ཞལ་དུ་བླུགས་ཏེ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཨཱཿཧཱུྃ༔ ཞེས་ལན་བདུན་གྱིས་དབུལ་ལོ༔ དེ་ནས་བསྟོད་པ་བྱས་ཏེ༔ ནོར་ལྷ་གནོད་སྦྱིན་ཛམྦྷ་ལ༔ བདག་གི་དབུལ་ཕོངས་བསལ་ནས་ཀྱང༔ དགོས་འདོད་ཆར་ལྟར་དབབ་ཏུ་གསོལ༔ ནམ་མཁའ་མཛོད་ལྟར་དབབ་ཏུ་གསོལ༔ ནམ་མཁའི་མཛོད་ལ་མངའ་བརྙེས་ཤོག༔ ཅེས་གསོལ་བ་གདབ་བོ༔ ཡེ་ཤེས་པ་བདག་ལ་བསྟིམ༔ ཆུ་རང་གིས་བཏུང་བའམ༔ ས་གཙང་སར་དོར་བར་བྱའོ༔ ཆུ་སྦྱིན་གྱི་མན་ངག་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ གཏོར་མའི་མན་ངག།་་་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཉི་མ་དྲོས་པའམ་དགོང་གི་ཆ་ལ་གཏོར་མ་དབུལ་བར་བྱ་སྟེ༔ རིན་པོ་ཆེའི་སྣོད་གཙང་མར་འབྲས་ཟན་དང༔ དཀར་གསུམ་མངར་གསུམ་བཤམས་ལ༔ སྭ་བྷཱ་བས་སྟོང་པར་སྦྱང༔ ཏྲཱཾ་ལས་རིན་པོ་ཆེའི་སྣོད་དུ༔ ཨ་ལས་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་བསམ༔ རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ༔ རང་ཉིད་སྐད་ཅིག་གིས་ཕྱག་ན་རྡོ་རྗེར་བསྐྱེད་ལ༔ དེའི་ཐུགས་ཀའི་ས་བོན་ལས༔ པཾ་ཞེས་པའི་ཡི་གེ་གཅིག་མཆེད་དེ༔ པདྨ་འདབ་མ་བརྒྱད་པ་གཅིག་ཏུ་གྱུར་པ་ལས༔ ཨ་ཞེས་པས་དེའི་སྟེང་དུ་ཟླ་བའི་དལ༔ དེའི་སྟེང་དུ་ཛཾ་བྷ་ལ་གནས་ནས་སྤྱན་དྲངས་ནས་བཞུགས་སུ་གསོལ༔ ལྗགས་རྡོ་རྗེའི་སྦུ་གུར་བྱིན་གྱིས་བརླབ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ༔ ཨི་དམ་བ་ལིནྟ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ་ཞེས་འབུལ༔ ཡེ་ཤེས་པ་བདག་ལ་བསྟིམ༔ གཏོར་མ་ལ་ལོངས་སྤྱོད༔ དགེ་བའི་རྩ་བ་བསྔོ་བ་བྱ༔ གཏོར་མ་དབུལ་བའི་མན་ངག་ྀཨཚ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ཛཾ་བྷ་ལ་ལྗང་གུའི་བསྟོད་པ་ཡོད༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལའི་བསྟོད་པ་འདི་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ གསང་བའི་བདག་པོ་ཉིད་ཀྱིས༔ ཕྱྭ་དང་གཡང་གི་བདག་པོ་བརྒྱད༔ དབང་དུ་བསྡུ་བའི་དོན་དུ་མཛད༔ ཧཱུྃ༔ ཕྲིན་ལས་རིགས་མཆོག་དཔལ་དང་ལྡན༔ སྐུ་མདོག་ལྗང་ཁུ་འོད་ཟེར་འཕྲོ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དོན་ཡོད་གྲུབ་པ་དབུ་ལ་བཞུགས༔ ཞི་མ་ཁྲོ་བའི་ཆ་ལུགས་ཅན༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་བསྣམས༔ གཡོན་པ་ནེའུ་ལེ་ནོར་སྐྱུག་འཛིན༔ འགྱིང་བའི་ཚུལ་འཆང་གསུས་ཁྱིམ་ཆེན༔ ཞབས་གཉིས་བརྐྱང་བསྐུམ་བརྗིད་པའི་ཚུལ༔ པདྨ་ཟླ་བའི་གདན་སྟེང་དུ༔ གནོད་སྦྱིན་ནོར་བདག་ཕོ་མོ་གཉིས༔ བརྗིད་པའི་གདན་ལ་བརྟན་པར་བཞུགས༔ ནམ་མཁའི་མཛོད་ལ་མངའ་བརྙེས་པ༔ སྲིད་པ་གསུམ་གྱི་བཅུད་ལེན་ཞིང༔ འབྲུ་བཅུད་སྡུད་པའི་བདག་ཉིད་ཅན༔ ཁྱོད་ལ་བསྟོད་ཅིང་མཆོད་པ་ལ༔ ཕྲིན་ལས་གྲུབ་པའི་དངོས་གྲུབ་སྦྱིན༔ ཡཀྴ་གནོད་སྦྱིན་ཛཾ་བྷ་ལ༔ ཕྲིན་ལས་སྒྲུབ་ལ་ཕྱག་འཚལ་བསྟོད༔ ཅེས་ཐུན་མཚམས་དང་ཆུ་སྦྱིན་དང་གཏོར་མ་དབུལ་བའི་རྗེས་ལ་ཡང་བསྟོད་པ་བྱའོ༔ ཕྲིན་ལས་ཛཾ་བྷ་ལའི་སྒྲུབ་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༄༅༔ ཛཾ་བྷ་ལའི་ལས་ཚོགས་རིན་ཆེན་ཆར་འབེབ་ཅེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ འབྱུང་བ་ལྔའི་བདག་པོ༔ སྲིད་པ་བཅུད་ཀྱི་སྙིང་པོ༔ ཛཾ་བྷ་ལ་རིགས་ལྔའི་ཆ་ལས༔ རིགས་བདག་ཆེན་པོ་བརྒྱད་ཡོད་དེ༔ དེ་རེ་རེ་ལ་སྒྲུབ་ཐབས་རེ་དང༔ ལས་ཚོགས་རེ་རེ་ཡོད་དེ༔ དེ་རྣམས་ཀྱི་ལས་ཚོགས་གཅིག་ཏུ་བསྡུས་པ་ལས་ཚོགས་རིན་ཆེན་ཆར་འབེབ་ཅེས་བྱ་བ་ཡོད་དེ༔ དེའི་ནང་ནས་ཕྲིན་ལས་ཛཾ་བྷ་ལའི་ལས་ཚོགས་རླུང་དབང་དུ་བསྡུ་བ༔ མགྱོགས་བྱེད་གཡང་གི་ནོར་འགུགས་ཞེས་བྱ་བ༔ སྔོན་སྲིད་པ་ཆགས་པའི་དུས་ན་དཔལ་ཕྱག་ན་རྡོ་རྗེས་སྲིད་པའི་བཅུད་ཐམས་ཅད་བསྡུས་ནས༔ རི་རབ་ཀྱི་རྩེ་ལ་བཞག་པས༔ གཡང་བདག་ཆེན་པོ་བརྒྱད་དུ་གྱུར་ཏེ༔ དེ་ཡང་བྱང་ཕྱོགས་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་ཕྲིན་ལས་གྲུབ་པའི་ཛཾ་བྷ་ལ་ཞེས་བྱ་བ་བྱང་ཕྱོགས་འབྱུང་བ་རླུང་ལ་དབང་སྒྱུར་བ་གཅིག་ཡོད་དོ༔ དེའི་རྩ་བའི་སྒྲུབ་པ་རྫོགས་ནས༔ ལས་སྦྱོར་བརྩམ་པར་བྱ་སྟེ༔ བྱང་ཆུབ་ཀྱི་སེམས་དང་ལྡན་པས༔ རླུང་གི་གནད་བརྩི་བར་བྱ་བ་ནི༔ དགུན་ཟླ་ར་བའི་ཚེས་གསུམ་ནས༔ བཅོ་ལྔའི་བར་དུ༔ བྱང་ཕྱོགས་ཀྱི་རླུང་དར་བའི་དུས་ཡིན་པས༔ བུ་མོ་ཤ་རྩི་སྔོ་སངས་སུ་ཡོད་པ༔ གྲོང་པའི་ཆོས་ཀྱིས་མ་གོས་པ་ཞིག་ལ༔ ཉི་མ་བྱང་གི་ཕྱོགས་ནས༔ ཤིང་གང་ཡང་རུང་བ་རྩ་བ་སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ་ཡོད་པ་གཅིག་ལེན་དུ་བཅུག་ལ༔ དེ་རང་གི་གནས་མཐོ་སར་འབྲུའམ་རིན་པོ་ཆེའི་ཕུང་པོ་གཅིག་ལ་བཙུགས་ཏེ༔ དགེ་འདུན་ཚུལ་ཁྲིམས་རྣམ་པར་དག་པ་གཅིག་ལ་གདུགས་ཚོད་ཅིག་དྲངས༔ བུ་མོ་གཙང་མ་བདུན་ལ་རྒྱན་བཏགས༔ མིའམ་དུད་འགྲོ་བཀྲེས་སྐོམ་གྱིས་ཉེན་པ་རྣམས་ལ་སྦྱིན་པ་རྒྱ་ཆེ་བར་གཏོང༔ ཉི་མ་དགོང་ཀར་སོང་བའི་དུས་སུ༔ བདག་གཞན་གང་ཡང་རུང་བའི་གཡང་ཆགས་པའི་དུད་འགྲོ་དང༔ ཞིང་མུ་མའི་ས་དང༔ རིགས་བཟང་པོའི་མི༔ དར་ཟབ་དང་རིན་པོ་ཆེ༔ སྐྱེས་པ་གཙང་མ་བདུན་གྱིས་འགུགས་སུ་བཅུག་ལ༔ གནས་ཀྱི་བྱང་ཕྱོགས་སུ་མེར་གྱིས་སླེབ་པ་དང༔ ནང་དུ་ཛཾ་བྷ་ལའི་མདོ་གཟུངས་འདོན༔ དར་ལྗང་ཁུ་གཅིག་མདའ་རྒོད་སྒྲོ་མ་གཅིག་ལ་གདགས་ལ༔ ཕྱྭ་ཁུ་ཡེ་གཡང་ཁུ་ཡེ༔ འཇིག་རྟེན་གྱི་ལོངས་སྤྱོད་ཐམས་ཅད་ཁུ་ཡེ༔ ཞེས་བརྗོད་དེ་གཡབ༔ དེའི་དུས་ཞིང་ས༔ དུད་འགྲོའི་སྙིང་སྤུ༔ མིའི་གོང་རྩའི་དྲེག་པ༔ དར་དང་རིན་པོ་ཆེའི་ཕུད༔ གཡོབ་པའི་མདའ་དར༔ རྩི་ཤིང་འབྲས་བུ་ཅན་ཐམས་ཅད་དར་ཟབ་ཀྱིས་དྲིལ་ལ་བང་བའི་འབྲུའི་ནང་དུ་བཞག་གོ༔ དེ་ནི་ཕྱིའི་རྟེན་འབྲེལ་ལོ༔ ད་ནང་གི་རླུང་བརྩི་བར་བྱ་སྟེ༔ དུས་ནམ་དུ་ཡང་རུང༔ སྣ་བུག་གཡོན་ནས་རླུང་འགྱུ་བའི་དུས༔ རླུང་ཤད་ཅིག་ནང་དུ་རྔུབས་ལ༔ ཏིང་འཛིན་རང་ཛཾ་བྷ་ལ་ལྗང་གུ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ༔ དབུ་ནམ་མཁའི་མཐོངས་ན་ཡོད་པ༔ རི་རབ་བྱང་ཕྱོགས་ལ་སྟེགས་བྱས་པ༔ ཞབས་གསེར་གྱི་རི་བདུན་གྱི་སྟེང་དུ་བརྐྱང་པ་ཞིག་གསལ་བར་བསྒོམ༔ སྔགས་འདི་བཟླས་པར་བྱའོ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་པཾ་པཾ༔ ཤུཾ་ཤུཾ༔ སཾ་སཾ༔ ཆོལ་ཆོལ༔ ཤུབ་ཤུབ་གཡོས་གཡོས་འགུལ་འགུལ༔ ཏྲག་ཏི་བུ་བུ༔ ནི་ཅིག་གཡོས་གཡོས༔ མྱལ་མྱལ༔ ཁཾ་ཁཾ༔ ཚིག་ཚིག༔ དུང་དུང༔ སྦྱོར་སྦྱོར༔ འགུལ་འགུལ༔ འཕྲིག་འཕྲིག༔ ཆེ་གེ་མོའི་རྣམ་པར་ཤེས་པ་ཁུག་ལ་ཤོག༔ ཅེས་བཟླས་པས་འཇིག་རྟེན་དབང་དུ་བསྡུས་ནས༔ ཛཾ་བྷ་ལའི་ཞབས་འགུལ་འགུལ་བྱས་པས༔ གསེར་གྱི་རི་བདུན་འགུལ༔ དེས་རྒྱ་མཚོ་འགུལ༔ དེས་འོག་ཕྱོགས་ཀྱི་འབྱུང་བ་ཐམས་ཅད་འགུལ་དབང་ཆེན་རྡོ་རྗེ་རྒྱ་གྲམ་ལས་རླུང་གཡོས་པས༔ རླུང་འཁོར་བས༔ འཇིག་རྟེན་ཐམས་ཅད་མེར་མེར་ཁྱོམ་ཁྱོམ་བྱུང་སྟེ༔ ཆུའི་རྦ་རླབས་ཀྱིས་སྦུར་མ་བསྡུས་པ་ལྟར༔ འབྱུང་བའི་རླབས་ཀྱིས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ༔ བདག་གི་དབང་དུ་གྱུར་པར་བསམ༔ འདིས་རྒྱལ་ཁམས་ཐམས་ཅད་འུར་ལ་སྣང་སྲིད་དབང་དུ་འདུ་ངེས་སོ༔ ཡང་གང་ཟག་གཅིག་ལྟ་བུ་དབང་དུ་སྡུད་ན༔ བདག་ཉིད་ཛཾ་བྷ་ལར་གསལ་བའི་སྙིང་གར་ཛཾ་དམར་པོ་གཅིག་བསམ༔ དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ༔ མགར་གྱི་ཞུན་མེ་ལྟར་འཕྲོས་པས༔ བསྒྲུབ་བྱའི་སྙིང་ག་ནས་ནྲྀ་ལྗང་གུ་གཅིག་ཡོད་པ་དེ༔ ལྕགས་ཀྱུ་ཞགས་པའི་འོད་ཟེར་གྱིས༔ དམར་ན་ར་ར་དྲངས་ནས་བདག་གི་ལྗགས་སྟེང་དུ་བྱུང༔ སྙིང་ཁར་སིབ་སིབ་ཐིམ་པར་བསམ༔ དེ་ལྟར་ཏིང་ངེ་འཛིན་ཡང་དག་གསལ་བཏབ་ཅིང༔ དར་དམར་པོའི་ནང་དུ༔ རྒྱ་སྦལ་མགོ་དམར་གྱི་ཤ་དང༔ གང་འགུགས་པའི་ལིང་ག་བྲིས་ལ༔ སྔགས་འདི་འབུམ་ཕྲག་བཟླས་ཏེ་བརྒྱབ་ན་བདག་གི་བྲན་དུ་འགྱུར་རོ༔ བསྒྲུབ་བྱའི་ལིང་ག་ལ་ཁོ་རང་གི་དྲི་མ་ལོན་ནས་བཏབ་ན་ལས་མྱུར་རོ༔ ཛཿཛཿཏྲག་རག་ཤ་མ་མ་སྙིང་དུང་དུང༔ ཚི་ཚི༔ ཁུག་ཁུག༔ ནྲྀ་ཛ༔ ཞེས་བཟླ་འོ༔ ལྷ་འདྲེ་ལ་བྱེད་ན་ཡང་དེ་ལྟར་བྱས་པས་དབང་དུ་བསྡུའོ༔ དམ་ཚིག་ཏུ་ཐེ་ཚོམ་མི་བྱ༔ འཁོར་ལོས་དབང་དུ་བསྡུ་བ་ནི༔ རིགས་བདག་བརྒྱད་ཀྱི་འཁོར་ལོ་ཕྱི་ན་ཡོད་དོ༔ ཕྲིན་ལས་ཛཾ་བྷ་ལའི་ལས་ཚོགས་རིན་ཆེན་ཆར་འབེབ་ཅེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱང་ཕྱོགས་བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད། བསེ་སྒྲོམ་སྨུག་པོའི་ནང་། ཟངས་མཛོད་དམར་པོ་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ། །རྒྱ་རྒྱ་རྒྱ། ཟབ། ྀཨཚ། སརྦ་མངྒ་ལཾ།། །།
རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང་ (Volume 5, Text 50)
རྩ་གསུམ་རྒྱ་མཚོར་སྨན་མཆོད་འབུལ་བའི་ཚུལ་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་ས། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎེ་བྷྱཿ འདིར་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་བདུད་རྩི་སྨན་མཆོད་འབུལ་བ་ནི། བཀའ་གཏེར་གྱི་གཞུང་སོ་སོའི་སྨན་མཆོད་ཀྱི་རྗེས་སུ་འདི་ལྟར་སྦྱར་རོ། །ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རིགས་གསུམ་སེམས་དཔའ་རིགས་ཅན་དྲ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང་། །ཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་དཔོན་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བེ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །སྨན་མཆོད་འབུལ་ལོ་བྱིན་རླབསྎ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་དྲ། ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབསྎ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ལུང་རྟོགས་དམ་པའི་ཆོས་ཀྱི་ངོ་བོ་ཉིད། །ཕྱོགས་དུས་རྒྱལ་དང་དེ་སྲས་སློབ་མར་བཅས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྲིན་ཆེན་པོར། །སྨན་མཆོད་འབུལ་ལོ་བྱིན་རླབསྎ ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །འཁོར་འདས་དབྱེར་མེད་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃ༔ །མཐེབ་སྲིན་ཉི་ཟླའི་ག་འུ་སྦྱར་བ་ཡིས༔ ལྷ་ཚོགས་དངོས་གྲུབ་བདུད་རྩིའི་འབྲུ་གསུམ་པོ༔ བླངས་ཏེ་རྡོ་རྗེ་ལྕེ་ཡི་ཧཱུྃ་ལས་བརྒྱུད༔ ལུས་ཀུན་གང་བས་ཡེ་ཤེས་རྒྱས་པར་གྱུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩིའི་ཐིག་ལེ་གནས་གསུམ་དུ་རེག་པའི་མཐར་རྡོ་རྗེའི་ལྕེས་མྱོང་བས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང་བརྟན་པར་བསམ་མོ། །ཞེས་པའང་བཀའ་གཏེར་གྱི་ཕྲིན་ལས་སྤྱི་ལ་སྦྱར་ཆོག་པའི་དབང་དུ་བྱས་ཏེ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སརྦ་སིདྡྷི་པུཥྚིཾ་བྷ་བ་ཏུ། །ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང༔ སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱའི་རྒྱལ༔ མགོན་པོ་ཚེ་དཔག་མེད་དང་སྤྱན་རས་གཟིགས༔ དབྱེར་མེད་པདྨ་དེ་ལ་གསོལ་བ་འདེབས༔ སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ གསུང་གི་བདག་ཉིད་དབང་ཆེན་རྟ་སྐད་མཚེར༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུཀ་༔ གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔ ཡོན་ཏན་ཟིལ་གནོན་ཆེ་མཆོག་ཧེ་རུ་ཀ༔ ཕྲིན་ལས་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ མ་མོ་མཁའ་འགྲོའི་གཙོ་བོ་མངོན་རྫོགས་རྒྱལ༔ དཔལ་ཆེན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ སྐུ་ཡི་དབྱིངས་སུ་སྒྱུ་འཕྲུལ་ཞི་ཁྲོའི་ངང༔ གསུང་གི་གདངས་སྐད་ཡན་ལག་བཅུ་གཉིས་ལྡན༔ ཐུགས་ཀྱི་དགོངས་པ་ཟང་ཐལ་ཡོངས་ལ་ཁྱབ༔ མཁའ་འགྲོ་གཙོ་བོ་རྗེ་ལ་གསོལ་བ་འདེབས༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔ ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔ བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔ དྲིན་ཆེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་ཆེ༔ ཐུགས་དམ་ཞལ་བཞེས་དགོངས་པས་བཟུང་དུ་གསོལ༔ དུས་ངན་འདི་ལ་རེ་ལྟོས་གཞན་མ་མཆིས༔ ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ༔ མཐུ་རྩལ་ནུས་པས་དུས་ངན་གཡོ་འཁྲུགས་ཟློག༔ བྱིན་རླབས་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ༔ ཉམས་དང་རྟོགས་པའི་རྩལ་ཤུགས་རྒྱས་པ་དང༔ བསྟན་འགྲོར་ཕན་པའི་མཐུ་རྩལ་རབ་ལྡན་ཅིང༔ ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ༔ ཞེས་མཆོག་གླིང་གཏེར་བྱོན་གུ་རུའི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས་ཁོལ་དུ་ཕྱུངས་པའོ།། །།
ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་འཆི་བདག་བདུད་འཇོམས་ (Volume 20, Text 50)
༄༅། །ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་འཆི་བདག་བདུད་འཇོམས་བཞུགས་སོ། ། བཻ་རོའི་རྣམ་འཕྲུལ་དཔལ་ལྡན་དཔའ་བོ་བརྒྱད་པ་པདྨ་བསྟན་འཛིན་གྱི་དགོངས་གཏེར་ྀཨཚ༔ ཨོཾ་གུ་རུ་དྷེ་ཝ་ཨཱ་ཡུ་ཥེ་ས་མ་ཡ། རང་རིག་འོད་གསལ་ཀློང་ཡངས་ཀྱི། །དཀྱིལ་འཁོར་ཆེན་པོར་ཕྱག་འཚལ་ལོ། །འདིར་ཚེ་བསོད་དབང་དུ་བྱ་བ་འཆི་མེད་ཚེ་ཡི་སྒྲུབ་པ་ལ་སྤྲོས་པ་ཉེར་བསྡུས་ཀྱི་དཀྱིལ་འཁོར་སྟེགས་ཀྱི་སྟེང་དུ་ཚོམ་བུ་ལྔ་ཚོམ། ཚེ་གཏོར་བུམ་གཟུགས་མ་ཚེ་རིལ་ཚེ་ཆང་མདའ་དར། དབུས་སུ་བུམ་པ། མཆོད་གཏོར་ཟླུམ་པོ་པད་འདབ་བཞིས་བརྒྱན་པ། སྨན་རཀ །གཞན་ཡང་མཆོད་པ་གཞུང་ལྟར་བཤམས་ལ། ལས་བྱང་དངོས་ལ་སྐྱབས་སེམས་ནི། ཧྲཱིཿ བླ་མ་སྐུ་གསུམ་ཚེ་འོད་སྣང་མཐའ་ཡས། །སྐྱབས་གྱུར་རྣམས་ལ་བདག་སོགས་སྐྱབས་སུ་མཆི། །འགྲོ་ཀུན་ཚེ་དབང་གོ་འཕང་ཐོབ་པའི་ཕྱིར། །གཞན་དོན་ཕྲིན་ལས་བྱ་བར་སེམས་བསྐྱེད་དོ། །ཡན་ལག་བདུན་པ་ནི། བཅོམ་ལྡན་ཚེ་མགོན་འདིར་གཤེགས་ཕྱག་འཚལ་བཤགས། །མཆོད་འབུལ་ཡི་རང་ཆོས་སྟོན་བཞུགས་སུ་གསོལ། །དུས་གསུམ་དགེ་བ་དམིགས་མེད་ངང་དུ་བསྔོ། །བགེགས་བསྐྲད་ནི། ཧྲཱིཿ མ་རུངས་འདུལ་བྱེད་དབང་ཆེན་སྐུ་རུ་གསལ། །གཏོར་མ་སོ་སོའི་ཡིད་མཐུན་ལོངས་སྤྱོད་གྱུར། །ཧཱུྃ་ཧྲཱིཿ མ་རིག་གཉིས་འཛིན་འཁྲུལ་རྟོག་བགེགས། །གློ་བུར་འགྱུ་བ་དྲན་པའི་བདུད། །འདོད་ཡོན་གླུད་གཏོར་འདི་ཁྱེར་ལ། །འདི་རུ་མ་འདུག་གཞན་དུ་སོང་། །ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊཿ མཚམས་གཅོད་ནི། ཧྲཱིཿ དབང་ཆེན་འབར་བའི་ཐུགས་འོད་ལས། །ཟེར་ཐག་འོད་ཁྱིམ་དཔག་མེད་འཕྲོས། །མཉམ་ཉིད་ཁྱབ་བདལ་ཆོས་དབྱིངས་ལ། །ཡེ་གྲོལ་ངང་དུ་མཚམས་ཆོད་ཅིག །རཀྵ་རཀྵ། བཤགས་པ་ནི། ཧཱུྃ། རང་རིག་རྡོ་རྗེ་ཚེ་ཡི་ལྷ། །འགྱུར་བ་མེད་པ་བརྟན་གྱུར་ཀྱང་། །གཉིས་འཛིན་འཁྲུལ་པས་བསྒྲིབས་པ་ཡི། །ཉོན་མོངས་སྡིག་སྒྲིབ་མཐོལ་ལོ་བཤགས། །བྱིན་འབེབ་ནི། ཧྲཱིཿ མཐའ་ཀླས་རྒྱལ་བའི་ཞིང་ཁམས་ནས། །རྒྱལ་དང་རྒྱལ་སྲས་ཚེ་ལྷའི་ཚོགས། །སྐུ་དང་འོད་ཟེར་བདེ་ཀློང་འཁྱིལ། །སྣོད་བཅུད་དག་པར་བྱིན་གྱིས་རློབས། །ཛྙཱ་ན་ཨཱ་ཡུ་ཤེ་ཡ་སིདྡྷི་ཕ་ལ་ཨཱ་བེ་ཤ་ཡ་ཨ་ཨཱཿ མཆོད་པ་བྱིན་རླབས་ནི། ཧཱུྃ། རང་སྣང་བདེ་ཆེན་པདྨ་བཀོད། །མཆོད་རྫས་ཀུན་ནས་ཉེས་སྐྱོན་བྲལ། །འཛད་མེད་ནམ་མཁའི་གཏེར་ཆེན་པོ། །ལྷ་ཚོགས་མཆོད་པའི་དགྱེས་སྐོང་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ལྷ་བསྐྱེད་པ་ནི། ཧྲཱིཿ མ་བཅོས་སེམས་ནི་དེ་བཞིན་ཉིད། །ཀུན་བཟང་ཀུན་ལ་ཁྱབ་པའི་མདངས། །འགག་མེད་སྙིང་རྗེའི་རང་རྩལ་ཧྲཱིཿ དེ་ལས་འབྱུང་བ་རིམ་བརྩེགས་སྟེང་། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་གསལ། །དེ་དབུས་རྨ་བྱས་བཏེགས་པའི་ཁྲི །པདྨ་ཉི་ཟླའི་གདན་གྱི་སྟེང་། །རང་རིག་ཧྲཱིཿཡིག་ཡོངས་གྱུར་ལས། །ཚེ་བདག་མགོན་པོ་བྱེ་རུའི་མདོག །ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན། །རིན་ཆེན་སྣ་ཚོགས་དར་གྱིས་བརྒྱན། །གཉིས་མེད་ཡུམ་མཆོག་དམར་གསལ་མདོག །ཕྱག་གཡས་མདའ་དར་ཚེ་བུམ་འཛིན། །ཡབ་ཡུམ་གཉིས་མེད་བདེ་ཆེན་སྦྱོར། །འོད་ཟེར་འཇའ་འོད་ཀློང་དུ་གསལ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་ཁྲི །པད་ཉི་ཟླ་སྟེང་ཚེ་ཡི་མགོན། །རིགས་བཞི་མི་བསྐྱོད་རིན་ཆེན་འབྱུང་། །རྣམ་སྣང་དོན་གྲུབ་མཉམ་གཞག་སྐྱིལ། །ཡུམ་མཆོག་སྤྱན་དང་མཱ་མ་ཀཱི །དབྱིངས་ཕྱུག་སྒྲོལ་མ་གཉིས་མེད་འཁྲིལ། །ཕྱག་མཚན་ཆ་ལུགས་གཙོ་བོ་མཚུངས། །མགྱོགས་མ་བཞི་དང་སྒོ་མ་བཞི། །ལྷ་མོ་རང་རང་ཕྱག་མཚན་ཆས། །ཡོངས་རྫོགས་འོད་ཀྱི་ཀློང་ཉིད་དུ། །གསལ་ལ་མ་འདྲེས་སོ་སོར་གསལ། །ཨོཾ་བཛྲ་ཨཱ་ཡུཿནཱ་ཐ་དྷེ་ཝ་དྷ་ཀི་ནཱི་སརྦ་ས་མ་ཡ་ཛཿཛཿ སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ རང་བྱུང་འོད་གསལ་མཐའ་བྲལ་ཀློང་ཡངས་ལས། །མི་འགྱུར་བདེ་ཆེན་རྡོ་རྗེའི་དཀྱིལ་འཁོར་གསལ། །མ་འགགས་རང་སྣང་དག་པའི་དཀྱིལ་འཁོར་ཆེ། །དམིགས་མེད་ཐུགས་རྗེའི་ཀློང་ནས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཧྲཱིཾ་ཧྲཱིཾཿ བཞུགས་གསོལ་དང་ཕྱག་འཚལ་ནི། ཧྲཱིཿ འོད་གསལ་རྣམ་དག་དཀྱིལ་འཁོར་འདིར། །རབ་བརྗིད་ཁྲི་ལ་བཞུགས་སུ་གསོལ། །གཉིས་མེད་ངང་དུ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་ནི། ཧྲཱིཿ མཆོད་རྫས་ཕྱི་ལྟར་རྣམ་པ་བརྒྱད། །ནང་ལྟར་འདོད་ཡོན་ལྷ་མོ་དང་། །གསང་བ་དགའ་བཞི་དེ་ཁོ་ན། །མཉམ་ཉིད་ངང་དུ་བཞེས་སུ་གསོལ། བཛྲ་ཨརྒྷཾ་སོགས། ཤབྡ་པཉྩ་ཨ་མྲྀཏ་བ་ལིན་ཏ་རཀྟ་སརྦ་པཱུ་ཙ་ག་ཎ་གུ་ཧྱེ་ཧོཿ མཚན་དོན་ནི། ཆོས་ལོངས་སྤྲུལ་གསུམ་ཡེ་ཤེས་མཚོ་རྒྱལ་མ། །ལོ་ཆེན་བཻ་རོ་པདྨ་གར་དབང་རྩལ། །ཚེ་ལྷའི་དཀྱིལ་འཁོར་སྲུང་མར་བཅས་པ་ལ། །དམ་རྫས་བདུད་རྩི་འབུལ་ལོ་དངོས་གྲུབ་སྩོལ། །བསྟོད་པ་ནི། ཧཱུྃ། བདུད་བཞི་བཅོམ་ཞིང་ཡོན་ཏན་ལྡན། །མཐའ་གཉིས་ལས་འདས་སྐྱོན་ཀུན་ཟད། །ཡོན་ཏན་འབྱུང་གནས་གསུང་དབང་ཕྱུག །ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཛཔ྄་བསྐུལ་དང་དམིགས་པ་ནི། ཧྲཱིཿ སྐྱེ་མེད་གསལ་སྟོང་གྲགས་སྟོང་གི །དགོངས་པ་ཛཔ྄་ཀྱིས་ཐུགས་རྒྱུད་བསྐུལ། །གཙོ་བོའི་ཐུགས་ཀར་ཉི་ཟླའི་དབུས། །ཐུགས་སྲོག་སྔགས་ཕྲེང་ལས་འོད་འཕྲོས། །རྒྱལ་མཆོད་འགྲོ་བའི་དོན་གཉིས་བྱས། །ཚེ་དབང་དངོས་གྲུབ་མཆོག་ཐོབ་གྱུར། །ཛཔ྄་ནི། ཨོཾ་བཛྲ་ཨཱ་ཡུ་ཤེ་བཛྲ་ཨཱ་ཡུཿསིདྡྷི་བྷྲཱུྃ༔ མཆོད་བསྟོད་དབང་བླང་ཞིང་། ཚོགས་འཁོར་བགེགས་བསྐྲད་ནི། ཧཱུྃ། ཡེ་ནས་མཆོད་རྫས་རྣམ་དག་ཀྱང་། །གློ་བུར་དྲི་མ་མདངས་འཕྲོག་བགེགས། །གཟུང་འཛིན་ལས་གྱུར་གདོན་གྱི་ཚོགས། །འདི་རུ་མ་གནས་གཞན་དུ་སོང་། །ཧཱུྃ་ཧཱུྃ། ཚོགས་བྱིན་རླབས་ནི། ཧྲཱིཿ ཚོགས་ཀྱི་མ་དག་ཉེས་སྐྱོན་ཀུན། །ཡེ་ཤེས་མེ་རླུང་ཆུ་ཡིས་བཀྲུས། །བདུད་རྩི་ཆེན་པོར་བསྒྱུར་པ་ཡིས། །ལྷ་ཚོགས་དགྱེས་སྐོང་རྒྱ་ཆེར་སྤེལ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སྤྱན་འདྲེན་འབུལ་བཤགས་བསྟོད་པ་ནི། ཧྲཱིཿ ཚེ་དབང་དངོས་གྲུབ་དཀྱིལ་འཁོར་ནས། །ཚེ་བདག་མགོན་པོ་ཡབ་དང་ཡུམ། །ཚེ་ལྷ་རིག་འཛིན་གྲུབ་པའི་ཚོགས། །ཚེ་དབང་སྩོལ་ཕྱིར་གཤེགས་སུ་གསོལ། །ཧྲཱིཿ ཚོགས་མཆོད་འདོད་པའི་ཡོན་ཏན་ལྡན། །བླ་མེད་ཕྱི་ནང་མཆོད་སྤྲིན་སྤྲོ། །ལྷ་ཚོགས་བསྐང་ཞིང་ཉེས་བྱས་བཤགས། །གཟུང་འཛིན་དགྲ་བགེགས་ཞལ་དུ་བསྟབ། །བཛྲ་ཨཱ་ཡུཿདྷེ་ཝ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཙ་ཧོཿ ཚོགས་ལ་རོལ་པ་བསྐུལ་བླང་ནི། ཧོཿ འདོད་ཡོན་རྨད་བྱུང་ཚོགས་འཁོར་ལོ། །བླང་དོར་མེད་པར་རྒྱན་དུ་བཞེས། །ཧོཿ གསང་སྔགས་ཐབས་ཤེས་གཉིས་མེད་རྫས། །གཉིས་མཉམ་བདེ་ཆེན་ངང་དུ་རོལ། །གུ་ཧྱ་སིདྡྷི་ཧོཿ ལྷག་མ་ནི། ཧཱུྃ། རྩ་གསུམ་དཀྱིལ་འཁོར་མཐའ་སྐྱོང་བའི། །ལྷག་མ་ལེན་པར་ཞལ་བཞེས་པ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །ལྷག་མ་བཞེས་ལ་ཕྲིན་ལས་མཛོད། །བསྐུལ་བ་ནི། ཧཱུྃ་ཧྲཱིཿ ཆོས་དབྱིངས་མཐའ་བྲལ་དཀྱིལ་འཁོར་ནས། །བཅོམ་ལྡན་ཚེ་བདག་ལྷ་ཚོགས་ཀྱི། །ཐུགས་དམ་བསྐུལ་ལོ་བྱིན་རླབས་སྐྱེད། །ཚེ་ཡི་བར་ཆད་བདུད་བཞི་དང་། །འཁྲུལ་རྟོག་ཉོན་མོངས་མགོ་བོ་ཆོམས། །གདོད་ནས་ཀ་དག་འགྱུར་མེད་ཚེ། །དཔལ་འབྱོར་ལང་ཚོ་ཀུན་རྒྱས་པའི། །མི་འགྱུར་མཆོག་གི་དངོས་གྲུབ་སྩོལ། །ཆད་མདོ་ནི། ཧྲཱིཿ སྔོན་ཚེ་བར་དང་ཐ་མའི་ཚེ། །རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཆོས་སྐྱོང་རྣམས་ཀྱིས་ཁས་བླངས་པའི། །ཐུགས་དམ་མ་གཡེལ་ཕྲིན་ལས་མཛོད། །བརྟན་མ་སྐྱོང་བ་ནི། ཧཱུྃ། མ་སྲིང་བརྟན་མ་སྐྱོང་མའི་ཚོགས། །འཇིག་རྟེན་སྨན་མོའི་ཚུལ་བཟུང་བ། །སྔོན་གྱི་བཀའ་ལྟར་གཏོར་མ་བཞེས། །ངེས་གསང་བསྟན་པ་རྒྱས་པར་མཛོད། །རྟ་བྲོ་ནི། ཧཱུྃ། གཏོར་གཞོང་རི་རབ་འོག་རོལ་དུ། །གནོད་བྱེད་མ་ལུས་བཀུག་བྱས་ནས། །རྟ་མགྲིན་ལྷ་ཚོགས་བྲོ་བརྡུངས་པས། །བར་ཆད་དམ་སྲི་ཡོངས་སུ་འདུལ། །སཏྭམྦྷ་ཡ་ནན། ཚེ་དབང་ཉམས་རྟོགས་གོང་དུ་འཕེལ། །བདུད་ཀྱི་ཚོགས་ལས་རྣམ་རྒྱལ་ལོ། །བཟོད་གསོལ་ནི། ཧོཿ ཡང་དག་ཆོ་གའི་ཚོགས་འདི་ལ། །མ་ཤེས་མ་རིག་བཟོད་པར་གསོལ། །ཡིག་བརྒྱ་ལན་གསུམ། དངོས་གྲུབ་ལེན་པ་ནི། ཧྲཱིཿཧོཿ བཅོམ་ལྡན་གསུང་གི་དབང་ཕྱུག་ཆེ། །འཁོར་འདས་སྤྱི་དཔལ་ཆེན་པོ་སྟེ། །བདག་ཅག་དངོས་གྲུབ་དེང་བསྐུལ་ན། །འགྱུར་མེད་སྐུ་དང་འགག་མེད་གསུང་། །འཁྲུལ་མེད་ཐུགས་སོགས་ཡེ་ཤེས་ལྔ། །ཆོས་དང་རིགས་རྒྱུད་ཚེ་དབང་སོགས། །ཐུན་མཆོག་རིགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཛཿ བསྡུ་རིམ་ནི། ཧཱུྃ། སྣོད་བཅུད་འོད་ཞུ་རང་དང་འདྲེས། །རང་ཡང་གཙོ་འཁོར་དབྱེར་མེད་པ། །རང་རིག་སྐྱེ་མེད་ཀློང་དུ་ཐིམ། །དེ་ལས་སླར་ལྡངས་ཕྲིན་ལས་སྐྱོང་། །བཀྲ་ཤིས་ནི། ཧྲཱིཿ ཆོས་སྐུ་མི་འགྱུར་འོད་མཐའ་ཡས། །ལོངས་སྐུ་འགག་མེད་འོད་དཔག་མེད། །སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་འཛིན། །དཀྱིལ་འཁོར་སྤྱི་དཔལ་བཀྲ་ཤིས་ཤོག །བསྔོ་བ་ནི། འདི་ལྟར་ཚེ་ཡི་སྒྲུབ་པ་སོགས། །འདུས་བྱས་འདུས་མ་བྱས་པའི་དགེ །འགྲོ་བ་ཀུན་ལ་ཡོངས་སུ་དམིགས། །བླ་མེད་འབྲས་བུ་ཐོབ་ཕྱིར་བསྔོ། །སྨོན་ལམ་ནི། ཧོཿ ཐེག་མཆོག་ལམ་བཟང་སྨིན་གྲོལ་ཆོས། །བསྐྱེད་རྫོགས་ལམ་ཞུགས་ཡོན་ཏན་རྫོགས། །དེ་ཡིས་འགྲོ་བ་མ་ལུས་ཀུན། །ཀུན་བཟང་ས་ལ་འགོད་པར་ཤོག །ཅེས་བཅོམ་ལྡན་ཚེ་དཔག་མེད་པའི་སྒྲུབ་ཐབས་ཕྲིན་ལས་ཀྱི་རིམ་པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ཚང་བ་འདི། འབྲུག་པ་སྐྱིད་ཕུག་སྤྲུལ་སྐུ་ཀརྨ་ཚུལ་ཁྲིམས་དར་རྒྱས་ཀྱི་གསུང་གིས་རིང་མོ་ནས་བསྐུལ་བ་བསྐྱར་དུ་ཆུ་འབྲུག་ལོ་སླར་ཡང་ནན་ཏན་གྱིས་གསོལ་བ་བཏབ་པས། དཔལ་ལྡན་དཔའ་བོ་རིག་འཛིན་པདྨ་བསྟན་འཛིན་མཆོག་གྲུབ་རྩལ་ཞེས་གོས་དཀར་ལྕང་ལོ་ཅན་དེས་ཆུ་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་བཟང་པོར་བཀོད་པ་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པར་གྱུར་ཅིག །རྡོ་རྗེའི་སྲུང་མ་རྣམས་ཀྱིས་གཉེར་རྒྱ། སྦས་རྒྱ། གཏད་རྒྱ། ཁོ་བོས་ཨོ་རྒྱན་གུ་རུ་ཡབ་ཡུམ་ལ་གསོལ་བཏབ་ཀྱིས་རྙིང་མའི་ལས་བྱང་ལྟར་བྲིས་པ་ལས་གཞན་མའི་རྩོམ་འཐུ་བསམ་མནོ་མང་པོའི་དཔྱད་བཞག་འདྲ་བཟོ་རིགས་མེད་པར་ཡིད་ལ་གང་ཤར་སེམས་ཀྱི་ཞུ་དག་བྱེད་བཞིན་མ་བཅོས་ལྷུག་པར་བརྗོད་པའོ།། ༈ དགོངས་གཏེར་ཚེ་སྒྲུབ་ཀྱི་ཚེ་འགུགས་རྒྱས་གདབ་བཞུགས་སོ།། ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བདེ་ཆེན་ཚེ་ཡི་ཕོ་བྲང་དུ༔ བཅོམ་ལྡན་ཚེ་དཔག་ཡབ་ཡུམ་གཉིས༔ ཡེ་ནས་མི་འགྱུར་སྐུ་མཆོག་བརྙེས༔ ཧྲཱི༔ དེ་ནས་བསྐལ་པའི་བར་མ་ལ༔ མཱ་ར་ཏཱི་ཀའི་ཕོ་བྲང་དུ༔ འཆི་མེད་པདྨ་ཡབ་ཡུམ་གཉིས༔ ཚེ་དབང་འཇའ་ལུས་དངོས་གྲུབ་བརྙེས༔ ཧྲཱི༔ དེ་ནས་བསྐལ་པའི་འོག་མ་ལ༔ རིན་ཆེན་བརྩེགས་པའི་ཕོ་བྲང་དུ༔ རྗེ་འབངས་སྨིན་གྲོལ་མཛད་པའི་ཚེ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ༔ དེ་ལྟར་ཚེ་ཡི་ཁུངས་རེ་བཟང༔ ཚེ་ཡི་བདུད་རྩི་རྒྱུན་མ་ཆད༔ ཚེ་ཡི་དཔལ་འབྱོར་བཅུད་དུ་ཆེ༔ ཚེ་སྲོག་མི་འགྱུར་དཔལ་གྱི་གཡང༔ ཕྱི་ཡི་འབྱུང་བ་ལྔ་ཡི་བཅུད༔ ནང་གི་སྐྱེ་འགྲོའི་དཔལ་ཡོན་བཅུད༔ གསང་བ་རྒྱལ་བའི་བྱིན་རླབས་རྣམས༔ ཚེ་དང་ཡེ་ཤེས་གནས་འདིར་ཁུག༔ བདག་ཅག་བླ་ཚེ་སྲོག་ཉམས་པ༔ གས་ཡར་འཐོར་བ་ཐམས་ཅད་སྡུས༔ སྡེ་བརྒྱད་རྣམས་ཀྱིས་བརྐུས་པ་དང༔ ཕྲོགས་པ་ཐམས་ཅད་འདིར་ཁུག་ཅིག༔ བླ་ཉམས་ཚེ་ཉམས་སྲོག་ཉམས་པ༔ ཐམས་ཅད་སྲོག་གི་སྙིང་པོར་ཐིམ༔ ཚེ་སྲོག་བླ་ཡིད་སོར་ཆུད་ནས༔ མི་འགྱུར་མི་ཤིགས་བརྟན་པར་མཛོད༔ ཚེ་རྒྱས་གདབ་པ་ནི༔ ཧྲཱི༔ ཚེ་དང་ཡེ་ཤེས་སྲོག་དང་བླ༔ གདོད་ནས་འགྱུར་མེད་ཀ་དག་པ༔ འཆི་མེད་གཉུག་མ་དེ་བཞིན་ཉིད༔ སྐྱེ་འཆི་བགྲེས་རྒུད་བྲལ་བ་ཐོབ༔ མི་འགྱུར་མི་ཤིགས་བརྟན་པར་མཛོད༔ ཨ་ནྲྀ་ཧྲཱིཿདང་བྷྲཱུྃ་ལ་ཐིམ༔ ཡེ་ཤེས་ལྔ་ཡི་ངོ་བོར་ཐིམ༔ རྡོ་རྗེ་འཁོར་ལོ་པདྨ་དང༔ རྒྱ་གྲམ་རིན་ཆེན་ཕྱག་རྒྱ་ལྔ༔ འགྱུར་མེད་བཛྲ་ཨཱ་ཡུ་ཤེ༔ མི་ཉམས་ཏིཥྛ་བཛྲ་ཧཱུྃ༔ ཨོཾ་བཛྲ་ཨཱ་ཡུ་ཤེ་ཛྙཱ་ན་ཧྲཱིཿབྷྲཱུྃ་ཛཿཧཱུྃ༔ དགོངས་གཏེར་རོ།། ༈ དགོངས་གཏེར་ཟབ་པའི་སྐོར་ལས་ཚེ་ཡི་གསང་སྒྲུབ་བཞུགས་སོ༔ ༁ྃ༔ རྩ་གསུམ་འདུས་པའི་ལྷ་ལ་འདུད༔ དེ་ཉིད་སྒྲུབ་པ་དཔག་མེད་ནི༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ འགྲོ་བའི་དོན་དུ་མཛད་ནས་ཀྱང༔ བོད་ཡུལ་ཆོས་ཀྱིས་བཀང་ནས་བཞག༔ ཁྱད་པར་སྙིགས་དུས་དམ་ཆོས་རྣམས༔ བདུད་སྤྲུལ་ལག་ཏུ་ཤོར་གྱུར་ན༔ དེ་ལ་ནུས་པ་མི་འབྱུང་བས༔ ཨོ་རྒྱན་ང་ཡི་སྤྲུལ་པ་ཡི༔ ཕྱི་ནང་གསང་བའི་གཏེར་ཕྱུང་ནས༔ སྐལ་ལྡན་བདེ་ལ་འགོད་པར་ནུས༔ སྨ་ཡི།༔ དབེན་གནས་སྒོ་གསུམ་བག་ཕེབས་ནས༔ ཐོ་རངས་སམ་ནི་ནམ་ཡང་རུང༔ ཚེ་སྒྲུབ་ཟབ་མོ་རྟག་བརྩོན་ན༔ དུས་མིན་འཆི་ལས་རྣམ་པར་རྒྱལ༔ སྔོན་འགྲོ་སཱཙྪ་སྲོག་བསླུ་དང༔ ལམ་འཕྲང་བཅོས་སོགས་དགེ་ལ་འབད༔ དངོས་གཞི་སྐྱབས་སེམས་སྤྱི་དང་མཐུན༔ རང་རིག་འགྱུར་མེད་ཀུན་གཞིའི་མདངས༔ བཅོམ་ལྡན་ཚེ་དཔག་བྱེ་རུའི་མདོག༔ མཉམ་གཞག་ཚེ་བུམ་བཅུད་ཀྱིས་བལྟམས༔ དར་དང་རིན་ཆེན་རྒྱན་ཆས་བཀླུབས༔ པང་དུ་ཡུམ་མཆོག་དམར་མོ་ནི༔ ཚེ་དར་ལྕགས་ཀྱུ་གཡས་པ་སྟེ༔ ཚེ་བུམ་བཅུད་ཀྱིས་གང་བ་གཡོན༔ ཡབ་ཀྱི་སྐེད་ལ་དགྱེས་པར་འཁྲིལ༔ སྲིད་གསུམ་ཁྱབ་པའི་སྐུ་རུ་བསྐྱེད༔ སྲ་མཁྲེགས་ལྕགས་ཀྱི་རྡོ་རྗེ་དང༔ ཐབས་ཤེས་ཉི་ཟླའི་སྟེང་དུ་གསལ༔ ཐུགས་སྲོག་དག་ལས་འོད་འཕྲོས་པས༔ བརྟན་གཡོའི་ཚེ་བཅུད་མ་ལུས་པ༔ ཤ་ལ་བུང་བ་འཁོར་ལྟར་དམིགས༔ ཡེངས་མེད་གསང་སྔགས་རྒྱལ་པོ་བཟླས༔ ཧྲཱིཿཧྲཱི༔ ཨོཾ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཐུན་མཚམས་ཚེ་འགུགས་མདའ་དར་གཡབ༔ ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ འགྲོ་བའི་དོན་དུ་བཅོམ་ལྡན་འདས༔ རྡོ་རྗེ་ཚེ་དཔག་ལྷ་ཚོགས་རྣམས༔ སྐྱེ་འཆི་མེད་པའི་སྐུ་རུ་བརྙེས༔ བསྒྲེས་རྒུད་མེད་པའི་དབང་ཡང་ཐོབ༔ ཧྲཱི༔ དེ་ནས་བར་གྱི་བསྐལ་པ་རུ༔ མཱ་ར་ཏཱི་ཀའི་གནས་མཆོག་ཏུ༔ རིག་འཛིན་པདྨ་འབྱུང་གནས་དང༔ མཁའ་འགྲོ་མནྡྷཱ་ར་བ་གཉིས༔ སྐྱེ་འཆི་མེད་པའི་སྐུ་རུ་བརྙེས༔ བསྒྲེས་རྒུད་མེད་པའི་དབང་ཡང་ཐོབ༔ ཚེ་ཡི་དངོས་གྲུབ་དེ་ལྟར་བརྙེས༔ ཧྲཱི༔ དེ་ནས་བསྐལ་པའི་ཐ་མ་འདིར༔ རྣལ་འབྱོར་རིག་འཛིན་བདག་ཅག་གིས༔ ཚེ་བདག་མགོན་པོ་ཡབ་ཡུམ་སྒྲུབ༔ ཐུགས་དམ་གཉན་པོ་དེང་བསྐུལ་ན༔ བླ་ཚེ་བསོད་ནམས་ཀླུང་རྟ་རྣམས༔ ཉམས་དང་འཁྱམས་རལ་གུད་ཕྲོགས་རྣམས༔ སོར་ཆུད་ཚེ་དབང་དངོས་གྲུབ་སྩོལ༔ ཕྱི་སྣོད་འབྱུང་བའི་ཁམས་ཀྱི་བཅུད༔ ནང་བཅུད་ལྷ་ཀླུ་མི་གསུམ་བཅུད༔ ཚེ་དབང་སྙན་གྲགས་ཆོས་འབྱོར་གྱི༔ འཆི་མེད་ཚེ་གཡང་གནས་འདིར་ཁུག༔ ཉམས་པ་མེད་པ་རྡོ་རྗེའི་ཚེ༔ བཀྲག་མདངས་གཟི་འབར་ཚེ་ཡི་དབང༔ མི་འགྱུར་གཡུང་དྲུང་བསོད་ནམས་ཚེ༔ གནས་མཆོག་འདི་རུ་བསྩལ་དུ་གསོལ༔ བདག་ཅག་རིག་འཛིན་རྣལ་འབྱོར་རྣམས༔ ལུས་ལ་སྐུ་ཡི་བྱིན་ཕོབ་ལ༔ ཕྱོགས་བཅུའི་ཚེ་བཅུད་བཀྲག་མདངས་སྟིམས༔ ངག་ལ་གསུང་གི་བྱིན་ཕོབ་ལ༔ འགག་མེད་རྡོ་རྗེའི་ཚེ་དབང་སྩོལ༔ ཡིད་ལ་ཐུགས་ཀྱི་བྱིན་ཕོབ་ལ༔ མི་འགྱུར་དྲི་བྲལ་ཚེ་བཅུད་སྩོལ༔ ཕྱོགས་བཅུའི་ཚེ་བདག་མགོན་པོ་རྣམས༔ ཕྱག་གཡས་མདའ་དར་ཡུགས་སེ་ཡུག༔ རིག་འཛིན་རྣལ་འབྱོར་ཚེ་བསོད་ཀླུང༔ དབང་ཐང་བླ་ཉམས་ཐམས་ཅད་ཀུན༔ རང་དབང་མེད་པར་བཀུག་ནས་སྟིམས༔ ཕྱག་གཡོན་བུམ་པར་མེ་རེ་རེ༔ དངོས་གྲུབ་ཐམས་ཅད་བདུད་རྩིར་སྟིམས༔ འདིར་འདུས་སྒྲུབ་མཆོག་རྣམས་ལ་སྩོལ༔ དེ་ལྟར་ཚེ་ཡི་དངོས་གྲུབ་རྣམས༔ འགྱུར་མེད་རྡོ་རྗེའི་རྒྱས་ཐོབ་ཅིག༔ མ་ཆགས་པདྨའི་རྒྱས་ཐོབ་ཅིག༔ མ་ཉམས་ནོར་བུའི་རྒྱས་ཐོབ་ཅིག༔ གཞོམ་བྲལ་འཁོར་ལོའི་རྒྱས་ཐོབ་ཅིག༔ མི་འགྱུར་བདེ་བ་ཆེན་པོར་ཐིམ༔ ཨོཾ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་ཏིཥྛ་སྭཱ་ཧཱ༔ ཏིང་འཛིན་དམིགས་གནད་མཆོག་ཏུ་གཅེས༔ དེ་ནས་རྫོགས་པའི་རིམ་པ་སྟེ༔ སྣོད་བཅུད་བརྟན་གཡོ་རང་ལ་ཐིམ༔ བཅོམ་ལྡན་ཡབ་ཡུམ་འོད་ཞུ་ནས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ འོད་ཟེར་སྣ་ལྔ་འབར་བ་ཡི༔ རྩེ་མོར་རྡོ་རྗེའི་གུར་ཁང་གཏམས༔ དེ་ལྟར་བསྒོམས་པས་བར་ཆད་ཞི༔ ྈྈྈ ྈྈྈྈ ཀུན་གཞི་མ་བཅོས་མཚོ་ལ་སྦས་རྒྱ༔ འགྱུར་མེད་རིག་པའི་ངོ་བོར་གཏད་རྒྱ༔ སྐལ་ལྡན་ལས་ཅན་རྣམས་ལ་སྤེལ་རྒྱ༔ ྀཨཚ༔ ཞེས་པ་གཙུག་ལག་ཆོས་ཀྱི་རྒྱལ་པོའམ། པདྨ་གར་དབང་ཞེས་པས་བྲིས།། ༈ ཚེ་ཡི་དབང་སྐུར་ཚེ་དབང་མྱུར་སྩོལ་གྱི་དབང་བཤད་བཞུགས་སོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་མ་ཐོབ་ཀྱི་བར་དུ་ཡང་ཕྱི་ནང་གི་བར་ཆད་རྣམས་ཞི་ཞིང་བསམ་པའི་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་ཚེ་ཡི་འགལ་རྐྱེན་ཐམས་ཅད་ཞི་བ་དང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པའི་དབང་བསྐུར་བ་ཟབ་མོ་ཞུ་སྙམ་པའི་མོས་པ་དང་ལྡན་པའི་སྒོ་ནས་གསན་འཚལ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ནི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། སློབ་སྤྲིང་དུ། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་བརྟུན་ཏེ་སྒྲུབས། ཞེས་གསུངས་པ་དང་། དེ་ལྟར་ཐོབ་པས་མི་ཆོག་སྤྱིར་འཛམ་བུ་གླིང་པ་རྣམས་ཀྱི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་སྙིགས་མ་ལྔ་བདོ་ཚེའི་སྙིགས་མའི་མཐར་ཐུག་པས་དུས་མིན་འཆི་བའི་རྐྱེན་མང་ཞིང་། ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི་ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས། ཚེ་ཟད་པ་ལ། ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ། སྲོག་བསླུ་ཉེ་འདོན་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་གཉིས་སུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས། གསོ་བྱའི་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ་ནི། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེས་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། གཉིས་པ་ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་རྣམས། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་གསོ་བྱེད་སློབ་དཔོན་ནི། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་ནི། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་སྟེ། ཟབ་རྒྱས་ཀྱི་གདམས་པ་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་སྔོན་ཚེ་དཔལ་གྱི་བསམ་ཡས་དབུ་རྩེའི་གནས་སུ། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། རྗེ་བོ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་། གནུབས་ནམ་མཁའི་སྙིང་པོ་དང་། ལོ་ཆེན་བཻ་རོ་ཙ་ན་སོགས་ལ། ཟབ་གསང་སྙིང་ཐིག་ཅེས་རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྨིན་གྲོལ་མཛད་ཅིང་། མ་འོངས་འགྲོ་བའི་དོན་དུ་གཏེར་དུ་རྒྱས་གདབ་པ་ལས། སྙིགས་མའི་དུས་སུ་ལོ་ཆེན་བཻ་རོ་ཙ་ནའི་སྤྲུལ་པས་རང་གཞན་གྱི་དོན་རྒྱ་ཆེར་བྱེད་པའི་སྨོན་ལམ་བཀའ་གཏད་མཛད་ཅིང་། དེ་དག་གི་ཚུལ་བདག་གཙུག་ལག་ཆོས་ཀྱི་རྒྱལ་པོར་ཆུ་སྤྲེལ་གྱི་ཟླ་བར། སྔོན་གྱི་དུས་སུ་ཨོ་རྒྱན་ཆེན་པོས་གོང་བཞིན་གདམས་པ་ཟབ་མོ་གནང་བ་དང་གསང་བའི་མཚན་དུ་གར་དབང་འགྲོ་འདུལ་རྒྱལ་པོ་རྩལ་ཞེས་བཏགས་པ་སོགས། དེང་སང་གི་ཚུལ་ལྟ་བུར་རང་གི་སེམས་ལ་ས་ལེར་ཤར་བས་དེ་ནས་རིམ་པར་ཚེ་སྒྲུབ་སྐོར་འདི་ནང་གི་དགོངས་གཏེར་དུ་བྱུང་བ་ལས་སྤེལ་བ་ལགས། དེས་ན་འདི་ཉིད་ཀྱི་སྒོ་ནས་ཚེ་ཡི་དབང་སྐུར་ཟབ་མོ་ཞུ་བ་ལ་མཎྜལ་ཕུལ། ༈ ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་གི་དབང་སྐུར་ཚེ་དབང་མྱུར་སྩོལ་བཞུགས་སོ། །རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ། །གུས་པས་འདུད་དོ་ཚེ་དབང་སྩོལ། །འདིར་འཆི་མེད་བདུད་རྩི་བུམ་བཟང་གི་དབང་བསྐུར་བསྟན་པ་ལ། དབེན་གནས་ས་གཙང་ཡིད་དང་མཐུན་པར་སྟེགས་བུའི་སྟེང་དུ། འོད་ལྔའི་དཀྱིལ་འཁོར་དབུས་སུ་བུམ་པ། ཤར་དུ་རྡོ་རྗེ། ལྷོར་ཚེ་རིལ། ནུབ་ཏུ་ཚེ་ཆང་། བྱང་དུ་མདའ་དར། བུམ་པའི་མདུན་དུ་ཚེ་གཏོར། གཡས་གཡོན་སྨན་རག་མཆོད་པ་རྒྱས་པར་བཤམ། སྣོད་ལྡན་སློབ་མ་ཁྲུས་ནས་དབྱུང་། བགེགས་བསྐྲད་སྲུང་འཁོར་སྒོམ། ལོ་རྒྱུས་འཆད་ནས་མཎྜལ་ཕུལ། ཧོཿ ཚེ་དབང་མགོན་པོ་བླ་མ་རྗེ། །ཚེ་ཡི་དཀྱིལ་འཁོར་གཙོ་བོ་དགོངས། །ཚེ་ཡི་རིག་འཛིན་འཐོབ་པའི་ཕྱིར། །ཚེ་དབང་དམ་པ་བསྐུར་དུ་གསོལ། །ལན་གསུམ་གསོལ་བ་བཏབ། ཚོགས་གསག་བྱ། ལྷར་བསྐྱེད་ཡེ་ཤེས་བསྟིམ་པ་ནི། ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་དང་སྣང་གྲགས་རིག་གསུམ་ཐམས་ཅད་སྐད་ཅིག་གིས་སྟོང་པའི་ངང་ལས་རྨ་བྱས་བཏེགས་པའི་ཁྲི་དང་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་རང་སེམས་ཀྱི་ངོ་བོ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་ཚེ་བུམ་འཛིན་པ། ཡབ་ཡུམ་གཉིས་འཁྲིལ་སྦྱོར་འོད་ཟེར་དང་འཇའ་འོད་ཀྱི་ཀློང་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ནུབ་ཕྱོགས་བདེ་བ་ཅན་དང་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་ཏེ། དེ་རྣམས་ཐམས་ཅད་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་བྱོན་ནས་གཉིས་སུ་མེད་པར་ཐིམ་པར་གྱུར། ཧྲཱིཿ མཐའ་ཀླས་རྒྱལ་བའི་སོགས་ལས་བྱང་ལྟར་སྔགས་རོལ་བཅས་དབབ། མེ་ཏོག་གཏོར་ལ། སུ་པྲ་ཏིཥྛ་བརྗོད། སྐུ་བུམ་པའི་དབང་ནི། ཧྲཱིཿ ཚེ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན། །བུམ་པའི་ནང་ནས་བབས་པ་ཡིས། །ལུས་ཀྱི་ཞེན་པ་ཀུན་དག་ནས། །འཇའ་ལུས་འཆི་མེད་ཐོབ་པར་ཤོག །རྩ་སྔགས་དང་། ཀཱ་ཡ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཨོཾ། གསུང་ཚེ་ཆང་དབང་ནི། ཧྲཱིཿ བདེ་གཤེགས་གསུང་གི་བྱིན་རླབས་བསྡུས། །ཡེ་ཤེས་ཚེ་ཡི་བདུད་རྩི་མཆོག །ངག་གི་ཉེས་པ་ཀུན་དག་ནས། །ཚངས་དབྱངས་འགག་མེད་དབང་ཐོབ་ཤོག །རྩ་སྔགས་མཐར། ཝཱ་ཀ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཨཱཿ ཐུགས་རྡོ་རྗེའི་དབང་ནི། ཧྲཱིཿ མི་འགྱུར་ཀ་དག་ཆོས་ཀྱི་དབྱིངས། །ཚེ་མཆོག་རྡོ་རྗེ་འགྱུར་བ་མེད། །ཡིད་ཀྱི་སྒྲིབ་པ་ཀུན་དག་ནས། །འགྱུར་མེད་རྡོ་རྗེའི་ཚེ་ཐོབ་ཤོག །རྩ་སྔགས་མཐར། ཙིཏྟ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་ཚེ་རིལ་གྱི་དབང་ནི། ཧྲཱིཿ ཐབས་ཤེས་རྒྱུ་རྐྱེན་ལས་བསྐྱེད་པའི། །མྱང་གྲོལ་ཚེ་ཡི་རིལ་བུའི་དབང་། །བཟང་ངན་རྟོག་པ་ཀུན་དག་ནས། །མཉམ་ཉིད་བདེ་ཆེན་དབང་ཐོབ་ཤོག །རྩ་སྔགས་མཐར། གུ་ཎ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་སྭཱ། ཕྲིན་ལས་མདའ་དར་གྱི་དབང་ནི། ཧྲཱིཿ ཡེ་ཤེས་ལྔ་ཡི་འོད་དང་ལྡན། །དུག་ལྔ་གསེར་འགྱུར་རྩི་བཞིན་སྒྱུར། །ཕྲིན་ལས་ཀུན་འགྲུབ་རྡོ་རྗེའི་ཚེ། །འགྱུར་མེད་སྲ་བརྟན་དབང་ཐོབ་ཤོག །རྩ་སྔགས་དང་། ཀརྨ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཧཱ། ཡོངས་རྫོགས་ཚེ་གཏོར་གྱི་དབང་ནི། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །རྒྱལ་བ་ཀུན་གྱི་གསུང་དབང་ཕྱུག །འཁོར་འདས་ཀུན་གྱི་སྤྱི་དཔལ་ཏེ། །ཀུན་བྱེད་རྒྱལ་པོའི་དབང་ཐོབ་ཤོག །རྩ་སྔགས་དང་། སརྦ་ཨཱ་ཡུཿསིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་འགུགས་རྒྱས་འདེབས་བཀྲ་ཤིས་ལེགས་པར་བྱའོ། །འཆི་མེད་ཚེ་ཡི་དབང་སྐུར་ཟབ་མོ་འདི་ཡང་། བཀའ་གཏེར་ཚེ་ཡི་དབང་ལུང་རྒྱུན་མང་ཐོབ་ཅིང་ཁྱད་པར་ཨོ་རྒྱན་ཆེན་པོའི་གསུང་སླད་མེད་དང་འདྲ་བ་རང་སེམས་ཀྱི་རིག་པའི་རང་མདངས་ལས་ཤར་བ་བཀོད་པ་སྟེ། སྐལ་ལྡན་རྣམས་ཀྱི་སྨིན་གྲོལ་རྒྱུད་ལ་འབྱོར་པའི་ཆོས། དཔལ་ལྡན་དཔའ་བོ་རིག་འཛིན་པདྨ་བསྟན་འཛིན་ཚེ་དབང་བདེ་གཤེགས་འདུས་པ་རྩལ་གྱིས་བྲིས་པ་རྡོ་རྗེའི་སྲུང་མས་སྦས་རྒྱ། གཏད་རྒྱ། གཉེར་རྒྱ། དགེའོ།། ༈ ༁ྃ༔ དགོངས་གཏེར་ཟབ་པའི་སྐོར་ལས༔ ཚེ་ཡི་རླུང་སྦྱོར་བཞུགས་སོ༔ ྈྈྈྈྈྈ ྈྈྈྈྈྈྈྈྈ རང་རིག་རང་གསལ་རྡོ་རྗེ་ཚེ་དཔག་མེད༔ བློ་འདས་རིག་པ་གདོད་ནས་བྱང་ཆུབ་པ༔ འོད་གསལ་བདེ་ཆེན་ཟུང་འཇུག་སྐུ་གསུམ་ལྷར༔ གདོད་ནས་ཡེ་ཡིན་ལྷུན་གྲུབ་ཕྱག་འཚལ་ལོ༔ རྡོ་རྗེ་ཚེ་དཔག་མེད་མགོན་གྱི༔ གསང་སྒྲུབ་གསང་བའི་བཅུད་ལེན་མཆོག༔ ཚེ་བརྟན་རྡོ་རྗེའི་གོ་ཆ་སྲ༔ འགྱུར་མེད་ཨཱ་ཡུཿའི་ཉམས་ལེན་བསྟན༔ དང་པོ་སྔོན་འགྲོ་རྒྱུད་སྦྱང་ནི༔ སྤྱི་དང་བྱེ་བྲག་ལེགས་པར་བཏང༔ དངོས་གཞི་ལྷ་བསྐྱེད་སྔགས་བཟླས་ཀྱི༔ མཚན་བཅས་སྤྲོ་བསྡུའི་ཏིང་འཛིན་འབད༔ ཟབ་གནད་རླུང་སྦྱོར་རིམ་པ་ལ༔ འོད་ཀྱི་ལྷ་སྐུར་གསལ་བ་ཡི༔ ཐུགས་སྲོག་ཧྲཱིཿལ་ཚེ་བཅུད་ནྲྀཿ སྲོག་གི་དྭངས་མ་ཨཿདཀར་པོ༔ སྔགས་ཕྲེང་ལུག་རྒྱུད་གསལ་བར་བསྒོམ༔ དབུགས་ནི་ཕར་ལ་འགྲོ་བའི་དུས༔ རླུང་ནི་དར་སྐུད་སྣ་ལྔ་ལྟར༔ འཕྲ་ལ་ལྡེམ་པ་ཕར་ལ་འཕྲོས༔ སངས་རྒྱས་རྣམས་ཀྱི་སྐུ་ཚེ་དང༔ དྲང་སྲོང་རིག་འཛིན་སྐུ་ཚེ་དང༔ ལྷ་ཀླུ་མི་ཡི་ཚེ་བསོད་ནམས༔ བུང་བས་མེ་ཏོག་བཅུད་བསྡུས་ལྟར༔ དབུགས་ཚུར་བྱུང་ཚེ་ཡུམ་ཞལ་བརྒྱུད༔ པདྨའི་ནང་ནས་རྡོ་རྗེས་བཅུད༔ ནར་གྱིས་དྲངས་ཏེ་ཐུགས་སྲོག་ལ༔ ཐིམ་པས་གཟི་བརྗིད་འོད་དུ་འབར༔ རང་ལུས་ཚེ་ཆུ་འོད་ཀྱིས་གང༔ འཇའ་ལུས་རྡོ་རྗེའི་སྐུ་རུ་སྨིན༔ ཡང་ནི་འབྱུང་བའི་བཅུད་རྣམས་ནི༔ ས་ཆུ་མེ་རླུང་ནམ་མཁའི་ཁམས༔ དྭངས་མ་རླུང་གི་རྟར་སྐྱོན་ཏེ༔ གོང་ལྟར་རང་ཐིམ་རང་ཉིད་ཀྱི༔ ཤ་ཁྲག་དྲོད་དབུགས་སེམས་རྣམས་གསོས༔ བཀྲག་མདངས་གཟི་འོད་རྡོ་རྗེའི་སྐུ༔ གདོས་བཅས་འཇའ་ལུས་ཉིད་དུ་བསམ༔ བསྙེན་པ་གསང་སྔགས་ཧྲཱིཿགཅིག་བཟླ༔ བསྡུ་བའི་དུས་སུ་སྣང་སྲིད་ལྷ༔ རང་ཐིམ་རང་ཉིད་དམིགས་མེད་ཀློང༔ མཉམ་གཞག་དེ་ལས་རྡོ་རྗེར་བསྒོམ༔ སེམས་ཉིད་གདོད་ནས་ཀ་དག་པ༔ འགྱུར་མེད་བདེ་སྟོང་ཡེ་ཤེས་ནི༔ སྲིད་བཅུད་རྣམ་དག་རང་གྲོལ་བ༔ འོད་གསལ་ཁྱབ་བདལ་ཆེན་པོར་བལྟ༔ འདུས་བྱས་འདུས་མ་བྱས་པའི་དགེ༔ བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དག༔ རྣམ་པར་གྲོལ་བའི་ཆོས་ཉིད་དོ༔ དེ་ལྟར་རྩེ་གཅིག་ཉམས་བླངས་ན༔ དུས་མིན་འཆི་བ་ལས་གྲོལ་ཏེ༔ ཚེ་བསྲིང་ལོ་བརྒྱ་ཐུབ་པ་དང༔ རང་སེམས་ཡི་དམ་ལྷ་རུ་ཐིམ༔ འབྲེལ་པ་ཐོགས་ཙམ་ཉམས་བླངས་ཀྱང༔ དུས་མིན་འཆི་ལས་ངེས་པར་གྲོལ༔ སྐལ་པར་ལྡན་རྣམས་ལོངས་སྤྱོད་ཅིག༔ ྈྈྈྈྈྈྈྈྈ ྀཨཚ༔ བཀའ་སྲུང་དྲེགས་པས་བསྲུང་རྒྱ༔ དམ་ཚིག་ཅན་ལ་གཏད་རྒྱ༔ ཅེས་པདྨ་གར་དབང་འགྲོ་འདུལ་རྒྱལ་པོའམ། གཙུག་ལག་ཆོས་ཀྱི་རྒྱལ་པོས་དགོངས་པའི་གཏེར་ལས་ཕབ་པའོ། །དགེའོ།། ༈ དགོངས་གཏེར་ཚེའི་གསང་སྒྲུབ་ཀྱི་ཟིན་བྲིས་འཆི་མེད་དཔལ་སྟེར་བཞུགས་སོ། །གདོད་མའི་མགོན་པོ་ཚེ་མཐའ་ཡས་པ་དང་གཉིས་སུ་མེད་པ་གར་དབང་འགྲོ་འདུལ་རྒྱལ་པོ་ལ་སྐྱབས་སུ་མཆིའོ། །འདིར་རིག་འཛིན་དེ་ཉིད་ཀྱི་དགོངས་གཏེར་ཚེ་སྒྲུབ་འབྲུ་ཁྲིད་ཡན་ལག་མཆོག་གི་རྩེ་མོར་གནང་བས་བརྗེད་དུ་ཕངས་ནས་ཡི་གེར་བཀོད་པ་ལ་བཀའི་གནང་བ་བསྩལ་དུ་གསོལ། དེ་ལ་རྩ་གསུམ་ཀུན་འདུས་བླ་མ་ཚེ་དཔག་མེད་ལ་གུས་པས་བཏུད་ནས་དེ་ཉིད་ཀྱི་ཕྱི་ནང་གསང་བའི་སྒྲུབ་ཐབས་མི་འདྲ་བ་དཔག་མེད་པདྨ་འབྱུང་གནས་ཉིད་ཀྱིས་འགྲོ་བའི་དོན་དུ་མཛད་ནས་བོད་དུ་སྐུ་ཚབ་གཏེར་སྟོན། གསུང་ཚབ་ཤོག་སེར། ཐུགས་ཀྱིས་ལས་ཅན་སྐྱེས་བུ་རྣམས་ལ་བྱིན་གྱིས་བརླབས་པ་སོགས་ཆོས་ཀྱིས་ས་སྟེང་བཀང་ནས་བོད་ཁམས་ཁ་བ་ཅན་གྱི་སེམས་ཅན་རྣམས་དུས་ཀུན་ཏུ་ཐུགས་རྗེས་འཛིན་ཅིང་། ཁྱད་པར་སྙིགས་མའི་དུས་ཆོས་དང་ཆོས་མིན་མང་སྟབས་གཏེར་རྙིང་ཚད་ལྡན་རྣམས་དམ་ཉམས་འདྲེས་ཁྱེར་བདུད་སྤྲུལ་གྱིས་བསྲེ་བསླད་དཀྲུག་པ་སོགས་བྱས་ན་གདམས་པའི་བྱིན་རླབས་ཡལ་ཕྱིར་ནུས་པ་མི་འབྱུང་བས་དེ་དག་ལ་ཕན་ཕྱིར། གུ་རུའི་སྤྲུལ་པ་ཡང་སྤྲུལ་དཔག་མེད་ཀྱིས་ས་ཆུ་བྲག་སོགས་ནས་ཕྱུང་བ་ཕྱིའི་གཏེར། གུ་རུ་སོགས་ལྷག་པའི་ལྷས་གནང་བ་དང་། བརྡ་རྟགས་སོགས་དག་སྣང་གི་ཆོས་སམ་གནམ་ཆོས་སུ་གྲགས་པའི་ནང་གི་གཏེར། རྩ་བ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཐུགས་གཏེར་རམ་དགོངས་གཏེར་ཟབ་མོ་གསང་བའི་གཏེར་ཏེ། གཏེར་ཁ་གསུམ་དུ་ཡོད་པའི་གཏེར་རྣམས་ཕྱུངས་ནས་ལས་དང་སྐལ་པ་ལྡན་པ་རྣམས་སངས་རྒྱས་ཀྱི་ས་བདེ་ཆེན་ལམ་ལ་བཀོད་པར་མཛད་པ་ལས། འདི་ནི་གུ་རུ་པདྨཱ་ཀ་རའི་ཕྲིན་ལས་ཀྱི་སྤྲུལ་པ་ལོ་ཆེན་བཻ་རོ་ཙཱ་ན་དང་ཐུགས་རྒྱུད་ཆོས་ཀྱི་དབྱིངས་སུ་གཅིག་པ་པདྨ་གར་དབང་འགྲོ་འདུལ་རྒྱལ་པོའམ། གཙུག་ལག་ཆོས་ཀྱི་རྒྱལ་པོའི་དགོངས་པ་རྒྱ་མཚོའི་ཀློང་ནས་རྡོལ་བའི་ཚེའི་སྒྲུབ་པ་འདི་ཉིད། སྒྲུབ་པའི་གནས་ནི་ཉེར་བཞི་སོ་གཉིས་དང་འབྲེལ་བའི་གུ་རུ་པདྨཱ་ཀ་ར་སོགས་སྔོན་བྱོན་རྒྱལ་བ་གོང་མས་བྱིན་གྱིས་བརླབས་པ། དེ་ལྟར་མ་ཡིན་ཡང་ས་དཔྱད་ལེགས་ཤིང་བཀྲ་ཤིས་བྱིན་ཆགས་པ་ཆོས་ལ་འཚེ་བ་མེད་ཅིང་མཐུན་རྐྱེན་འཛོམ་ལ་འདུ་འཛིས་དབེན་པའི་སར། སྒྲུབ་པ་པོ་ལུས་གནད་དང་ལྡན་པས་འགུལ་བསྐྱོད་མེད་པ། ངག་སྨྲ་བརྗོད་ཅ་ཅོ་དང་། ཡིད་རྣམ་རྟོག་འཕྲོ་འདུ་མང་པོ་སྤངས་ནས་སྒྲུབ་པ་ཉིད་ལ་གཞོལ་བའི་བག་ཕེབ་པར་གནས་པས། ཉིན་མོའི་ཆ་དང་པོ་སྐྱ་རེངས་འཆར་བའི་ཐོ་རེངས་སམ། ནམ་སྐབས་སུ་འཆི་མེད་ཚེ་ཡི་སྒྲུབ་པ་འདི་ལ་རྟག་པར་བརྩོན་ན། དུས་མིན་འཆི་བ་བཅོ་བརྒྱད་ལས་གྲོལ་ཞིང་། འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་ནས་འཕོ་མེད་བདེ་བ་ཆེན་པོ་མགོན་པོ་ཚེ་དཔག་མེད་དང་གཉིས་སུ་མེད་པར་འཕོ་འགྱུར་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ལྟ་བུའི་ཚེ་ལ་དབང་ཐོབ་པར་འགྱུར་རོ། །དེ་ལ་སྔོན་འགྲོ་དལ་རྟེན་རྙེད་པར་དཀའ་བ་བསམ་པ་སོགས་སྤྱི་མཐུན་དང་། ཁྱད་པར་གྱི་སྔོན་འགྲོ །སཱཙྪ་གདབ་པ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས། འཆི་ངེས་པའི་སྲོག་བསླུ། རྒྱལ་བའི་གསུང་རབ་བཀླག །ལམ་འཕྲང་བཅོས། གྲུ་ཟམ་གསོ་བ་སོགས་སྡིག་དང་མ་འདྲེས་པའི་དགེ་བའི་ལས་ལ་འབད་འབུང་ཅི་ནུས་བསྒྲུབ། དངོས་གཞི་རང་ཐ་མལ་པའི་མདུན་གྱི་ནམ་མཁར་སྐྱབས་ཡུལ་སྐུ་གསུམ་རྩ་གསུམ་ཀུན་འདུས་བླ་མ་ཚེ་དཔག་མེད་ལ་བྱེད་པའམ། བླ་མ་ཚེ་དཔག་མེད་ལ་ཆོས་ལོངས་སྤྲུལ་གསུམ། སངས་རྒྱས་བྱང་སེམས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས་མཁའ་ལ་སྤྲིན་གཏིབས་པ་བཞིན་བཞུགས་པར་བསྒོམས་ལ། བདག་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་བར་སྐྱབས་སུ་མཆིའོ་སྙམ་པ་དང་། འགྲོ་ཀུན་འཆི་བ་མེད་པ་ཚེ་དཔག་མེད་ཀྱི་གོ་འཕང་ཐོབ་པ་དང་། རང་ཉིད་ཚེ་རིང་པོར་བསྡད་ནས་རྒྱལ་བ་རྣམས་ཀྱི་ཕྲིན་ལས་བསྒྲུབས་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་པར་བྱ་བའི་ཕྱིར་མགོན་པོ་ཚེ་དཔག་མེད་སྒྲུབ་པའི་བསམ་པས་ངག་ཏུ། ཧྲཱིཿ བླ་མ་སྐུ་གསུམ་སོགས་ལན་གསུམ། ཡན་ལག་བདུན་པ་མ་བཏོན་ཡང་རུང་། བཏོན་ཡང་འགལ་བ་མེད། མཐར་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་རིག་འགྱུར་མེད་ཀུན་གཞི་ཁྱབ་བདལ་ཆེན་པོའི་ངང་སྲ་ཞིང་མཁྲེགས་པ་གཞོམ་གཞིག་བྲལ་བའི་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་སྲ་ཞིང་ཤིན་ཏུ་བརྟན་པ། དེ་སྟེང་ཉི་མ་དེ་སྟེང་ཟླ་གདན་ཉ་གང་བའི་སྟེང་དུ་རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པ་སྐུ་མདོག་བྱེ་རུའི་ལྷུན་པོ་ལྟར་དམར་ཞིང་འཚེར་བ། ཞི་ཞིང་འཛུམ་པ། ཕྱག་མཉམ་གཞག་མཛད་པའི་སྟེང་དུ་པདྨ་རཱ་ག་ལས་གྲུབ་པའི་བུམ་པ་འཆི་མེད་ཚེ་བཅུད་ཀྱིས་བཀང་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་མནྡྷཱ་ར་བ་དང་། གོས་དཀར་མོ་གཉིས་མེད་དམར་མོ། ཕྱག་གཡས་དར་སྣ་ལྔའི་མདའ་དར་དང་ལྕགས་ཀྱུ་བསྣམས་པ། གཡོན་པདྨ་རཱ་གའི་བུམ་པ་ཚེ་ཡི་བདུད་རྩིས་བཀང་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་པདྨའི་འདུག་སྟངས་ཀྱིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། སྐུས་ཞིང་ཁམས་ཡོངས་ལ་ཁྱབ་པ། ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས་པ། སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ། གསལ་ཞིང་དྭངས་ལ་མ་འདྲེས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། དམ་ཡེ་དབྱེར་མེད། རྣམ་པ་གསལ་བ། རྣམ་དག་དྲན་པ། ཡེ་གདོད་མ་ནས་ཆོས་སྐུ་ཚེ་དཔག་མེད་རང་ལ་བཞུགས་པས་རང་ཉིད་ཚེ་དཔག་མེད་དངོས་ཡིན་སྙམ་པའི་ཚེ་ལྷའི་ང་རྒྱལ་དང་མ་བྲལ་བས། རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ། ཐུགས་ཀའི་དབུས་སུ་ཉི་མ་འོག་ཟླ་བ་སྟེང་དུ་ཡོད་པའི་ཉི་ཟླའི་གྭ་འུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿདམར་པོ་བྱེ་རུ་ལྟ་བུ། ཧྲཱིཿཡི་ཧ་ཁོག་ནང་དུ་རང་གི་ཚེ་བསོད་ཀྱི་ངོ་བོ་ནྲྀ་ལྗང་གུ །ནྲྀ་མིག་ནང་དུ་སྲོག་གི་ངོ་བོ་ཨ་དཀར་པོ། དེ་མཐར། ཨོཾ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ སྔགས་ངོ་ཕྱི་ལ་བསྟན་ནས་གཡོན་དུ་བཀོད་པ། གཡས་སུ་འཁོར་བས་ཐུགས་སྲོག་ལས་འོད་ཟེར་དམར་པོ་འཕྲོས། སྔགས་ཕྲེང་ལ་ཕོག །སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ན་མགོན་པོ་ཚེ་དཔག་མེད་ལ་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་རང་ལ་ཐིམ་པས་འཆི་མེད་ཐོབ་པར་བསམ། ཡང་འོད་ཟེར་དམར་པོ་འཕྲོས་ལྷ་མི་སོགས་རིགས་དྲུག་གི་སེམས་ཅན་ལ་ཕོག །སྡིག་སྒྲིབ་སྦྱངས། སྡུག་བསྔལ་ཞི། ཕྱི་སྣོད་ཐམས་ཅད་བདེ་ལྡན་ཞིང་ཁམས། ནང་བཅུད་སེམས་ཅན་ཐམས་ཅད་ཚེ་ལྷ། གྲགས་ཚད་ཛཔ྄་དབྱངས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུར་ཀུན་གྱིས་བཟླས་ཤིང་། ལྷ་མི་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་སྙན་གྲགས་ཐམས་ཅད་འོད་ཟེར་གྱི་རྣམ་པར་རང་ལ་བསྡུ། ཡང་འོད་དམར་འཕྲོས། ས་ཆུ་མེ་རླུང་ནམ་མཁའི་བཅུད་ཐམས་ཅད་འོད་ཟེར་སྣ་ལྔའི་ཚུལ་དུ་བསྡུས་རང་གི་ནྲྀ་ལ་ཐིམ་པས་ཤ་ཁྲག་སྲོག་དབུགས་སེམས་ཀྱི་ཁམས་ནས་ཚེ་ཉམས་པ་སོས་པར་བསྒོམ། ཡང་འོད་དམར་འཕྲོས། མགོན་པོ་ཚེ་དཔག་མེད་སོགས་ཕྱོགས་བཅུའི་ཚེ་ལྷ་རྣམས་དང་། དགའ་རབ། ཤྲཱི་སིཾ། པདྨ་འབྱུང་གནས། བི་མ་མི་ཏྲ། ཧཱུྃ་ཀར། བཻ་རོ། ནམ་སྙིང་སོགས་ཚེ་ཡི་རིག་འཛིན། གོས་དཀར་མོ། མནྡྷཱ་ར་བ། མཚོ་རྒྱལ། ཤེལ་དཀར་རྡོ་རྗེ་མཚོ་སོགས་ཚེ་ལ་དབང་བའི་མཁའ་འགྲོ་རྣམས་དང་། ཨིནྡྲ་བོ་དྷི་སོགས་འཁོར་ལོས་སྒྱུར་རྒྱལ། འཆི་མེད་གྲུབ་པ་རྣམས་ཀྱི་ཚེ་ཡི་བྱིན་རླབས་ཡོན་ཏན་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་བསྟིམ། ཡང་འོད་དམར་འཕྲོས་ལྷ་སྲིན་སྡེ་བརྒྱད། གཤིན་རྗེ་ལ་སོགས་པས་རང་གི་བླ་ཚེ་སྲོག་གསུམ་ཁྱེར་བ་གཞོམ་པ་བརྐུས་པ་ཕྲོགས་པ་ཐམས་ཅད་དང་། རང་བཞིན་གྱིས་བླ་ཚེ་ཡར་བ་འཁྱམས་པ་གས་པ་ཉམས་པ་འཐོར་བ་སོགས་ཚུར་བསྡུས་སྲོག་གི་སྙིང་པོ་ཨཿལ་ཐིམ། མདོར་ན་བརྟན་གཡོའི་ཚེ་བཅུད། རྒྱལ་བའི་བྱིན་རླབས་ཚེ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ཤ་རུལ་ལ་སྦྲང་བུ་འདུས་པའམ། མཚོ་ལ་ཆར་པ་བབ་པ་ལྟར་རང་ལ་ཐིམ་པས། ཚེ་ཉི་ཟླ་དང་མཉམ། རྒས་མེད་བཅུ་དྲུག་གི་ལང་ཚོ་དང་ལྡན། བཀྲག་མདངས་གཟི་འོད་སྔར་ལས་རྒྱས་ཤིང་། གདོས་བཅས་ཤ་ཁྲག་གི་ལུས་འདི་འཕོ་མེད་བདེ་བ་ཆེན་པོ་འཇའ་ལུས་རྡོ་རྗེའི་སྐུ་རུ་གྱུར་པར་བསམ་ལ་སེམས་ཁྱེར་སོ་གསུམ་ལྡན་ལས་གཞན་དུ་མ་ཡེངས་པས། མི་ཚིག་གིས་བར་མ་ཆོད་པར་གསང་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུའི་བསྙེན་པ། ཧྲཱི༔ཧྲཱི༔དང་། ཨོཾ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པ་ཧྲཱིཿདང་སྦྲེལ་ནས་བཟླས་པའམ་ཧྲཱིཿརྐྱང་སྔོན་ལ་བཟླ། སྔགས་རྗེས་སུ་བཟླས་པ་གང་མོས་ཀྱིས་སྔགས་གྲངས་འབུམ་ཕྲག་ལྔ་བཟླས་པས། ཚེ་ལྷ་ཡབ་ཡུམ་དངོས་ཉམས་རྨི་ལམ་དུ་མཇལ་བ། གསུང་ཐོས་པ། ལུང་བསྟན་པ། ཉི་ཟླ་ཤར་བ། ལོ་ཏོག་ལེགས་པ། ཚེ་བུམ། རྡོ་རྗེ། མདའ་དར། ཤེལ་ཕྲེང་། ཆུ་བོ་ལས་བརྒལ་བ། རང་གི་སྐྲ་དང་སྨ་ར་རིང་པོ་སྐྱེས་པ། བདུད་རྩི་འཐུང་བ། རི་ལ་གྱེན་དུ་འཛེགས་པ་སོགས་གྲུབ་རྟགས་སྤྱི་དང་མཚུངས་ཤིང་། ཐུན་མཚམས་སུ་དབྱངས་གསལ། རྟེན་སྙིང་། ཡིག་བརྒྱ། ལན་གསུམ་བཟླས་ནས་མདའ་དར་གཡབ་ཅིང་། ཚེ་འགུགས་སྐབས། སྔོན་ཚེ་བསྐལ་པ་དང་པོ་འགྲོ་བའི་དོན་དུ་ཚེ་ལྷའི་ལྷ་ཚོགས་སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་དང་། བསྐལ་པ་བར་མར། མཱ་ར་ཏཱི་ཀའི་བྲག་ཕུག་ཏུ་པདྨ་འབྱུང་གནས་ཡབ་ཡུམ་འཆི་མེད་བགྲེས་རྒུད་བྲལ་བའི་ཚེའི་དངོས་གྲུབ་བརྙེས་པ་བཞིན། བསྐལ་པ་ཐ་མ་འདིར་རིག་འཛིན་བདག་གིས་ཚེ་དཔག་མེད་ཡབ་ཡུམ་སྒྲུབ་ཅིང་ཐུགས་དམ་གཉན་པོ་དེང་བསྐུལ་ན་བདག་ཅག་གི་བླ་ཚེ་བསོད་ནམས་ཀླུང་རྟ་རྣམས་རང་བཞིན་གྱིས་ཉམས་པ་དང་འཁྱམས་པ་དང་རལ་བ་དང་གུད་པ་དང་། ལྷ་སྲིན་སྡེ་བརྒྱད་ཀྱིས་ཕྲོགས་པ་སོགས་སོར་ཆུད་ནས་འཆི་མེད་རྡོ་རྗེ་ལྟ་བུའི་ཚེ་ལ་དབང་བའི་དངོས་གྲུབ་སྩོལ། དེ་བཞིན་དུ། ཕྱི་ས་ཆུ་མེ་རླུང་ནམ་མཁའི་བཅུད། སྲ་ཞིང་འཐས་པ། རླན་ཞིང་གཤེར་བ། འབར་ཞིང་སྲེག་པ། ཡང་ཞིང་གཡོ་བ། འཕོ་འགྱུར་གཞོམ་གཞིག་བྲལ་བ་སོགས་དང་། ནང་བཅུད་ལྷ་ཀླུ་མི་གསུམ་སོགས་འགྲོ་བ་རིགས་དྲུག་མཐའ་དག་གི་ཚེ་དང་བསོད་ནམས་དབང་ཐང་སྙན་གྲགས་ཆོས་དང་ནོར་གྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། ཚེ་དཔག་ལྷ་ཚོགས་སོགས་འཆི་མེད་གྲུབ་པ་རྣམས་ཀྱི་ཚེ་ཡི་དངོས་གྲུབ། རྨུགས་འཛིན་དབང་པོ་སོགས་ནོར་ལྷ་རྣམས་ཀྱི་འཛད་མེད་ནོར་གྱི་དཔལ་གཡང་ཐམས་ཅད་བཀུག་ནས་ཉམས་པ་མེད་པ་རྡོ་རྗེ་ལྟ་བུའི་ཚེ་དང་། རྒུད་པ་མེད་པའི་ལང་ཚོ་དང་ལྡན་པའི་བཀྲག་མདངས་གཟི་འོད་འབར་བ་ཚེ་ཡི་དབང་དང་། ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུ། བསྐལ་པའི་བར་དུ་རྐྱེན་གང་གིས་ཀྱང་གཞོམ་གཞིག་བྲལ་བའི་བསོད་ནམས་ཚེ་དཔལ་གནས་མཆོག་འདི་ཉིད་དུ་བསྩལ་དུ་གསོལ། བདག་ཅག་ཚེའི་རིག་འཛིན་སྒྲུབ་པའི་རྣལ་འབྱོར་རྣམས་ལ་འཆི་མེད་ཚེའི་ལྷ་ཚོགས་རྣམས་ཀྱིས་ལུས་ལ་སྐུའི་བྱིན་ཆེན་ཕོབ་ལ། ཕྱོགས་བཅུའི་སྣོད་བཅུད་རྣམས་ཀྱི་བཅུད་དང་ཚེ་དཔལ་བསོད་ནམས་བཀྲག་མདངས་རྒྱལ་བ་རྣམས་ཀྱི་བྱིན་རླབས་ནུས་མཐུ་རྣམས་བསྟིམ་པ་དང་། ངག་ལ་གསུང་གི་བྱིན་ནུས་ཕོབ་ལ། འགག་མེད་ཚངས་དབྱངས་དྲུག་ཅུ་དང་ལྡན་པའི་རྡོ་རྗེའི་ཚེ་ལ་དབང་བའི་ནུས་མཐུ་ཐོགས་མེད་དུ་སྩོལ། ཡིད་ལ་ཐུགས་ཀྱི་བྱིན་རླབས་ཕོབ་ལ། དུག་ལྔའི་དྲི་མ་ཐམས་ཅད་དང་བྲལ་བའི་མི་འགྱུར་བ་སྐུ་ལྔ་ཡེ་ཤེས་ལྔའི་ཚེ་བཅུད་ཐམས་ཅད་སྩོལ། ཅེས་པས་གསོལ་བ་བཏབ་པའི་ཚིག་གིས་བསྐུལ་བས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་ཕྱག་གཡས་མདའ་དར་གཡབ་པ་ཙམ་གྱིས་ཕྱི་སྣོད་འབྱུང་བ་ལྔའི་བཅུད་དང་དྭངས་མ། ནང་བཅུད་ལྷ་ཀླུ་མི་གསུམ་གྱི་ཚེ་དཔལ་བསོད་ནམས། གསང་བ་ཚེ་བདག་རྒྱལ་བ་རྣམས་ཀྱི་བྱིན་རླབས། ལྷ་སྲིན་སྡེ་བརྒྱད་ཀྱི་ནུས་པ། དེ་དག་གིས་རང་གི་བླ་ཚེ་བརྐུས་ཁྱེར་འཕྲོག་གཞོམ་སོགས་དང་། རང་བཞིན་གྱིས་ཚེ་བསོད་དབང་ཐང་ཀླུང་རྟ་བླ་སྲོག་ཉམས་འཐོར་ཡར་བ་སོགས་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཕྱག་གཡོན་ཚེ་བུམ་ནང་གི་བདུད་རྩི་ལ་ཐིམ་པས་མ་ཤོང་བའི་ཚུལ་དུ་ཕྱིར་ལུད་རང་ལ་སིབ་སིབ་ཐིམ་པས། བསྐལ་པའི་བར་དུ་རྐྱེན་གང་གིས་ཀྱང་གཞོམ་གཞིག་བྲལ་བའི་རྡོ་རྗེ་ལྟ་བུའི་ཚེ་ལ་མངའ་བརྙེས་པ་དེ་ཉིད། སླར་ཡང་ཚེའི་བྱིན་རླབས་ནུས་པ་མི་ཉམས་པའི་ཕྱིར། རྡོ་རྗེ་རྒྱ་གྲམ་པདྨ་ནོར་བུ་འཁོར་ལོ་སོགས་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོ་རིགས་ལྔའི་ཕྱག་མཚན་གྱིས་རྒྱས་གདབ་པས་འགྱུར་མེད་བདེ་བ་ཆེན་པོ་སྐྱེ་འཆི་བགྲེས་རྒུད་བྲལ་བ་མགོན་པོ་ཚེ་དཔག་མེད་དང་མཉམ་པར་མོས་ལ་སྔགས་ཚར་གསུམ་བརྗོད། དེ་ཡང་ཡིད་ཏིང་ངེ་འཛིན་བསྐྱེད་རྫོགས་དམིགས་པའི་གནད་དང་ལྡན་པ་མཆོག་ཏུ་གཅེས། དེ་ནས་རྫོགས་རིམ་ནི། སྣོད་བཅུད་ཞིང་ཁམས་དང་ལྷར་གསལ་བ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཚེ་ལྷ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པའི་ཕྱི་རོལ་དུ་འོད་ཟེར་དམར་པོའི་གུར། དེའི་ཕྱི་རོལ་དུ་འོད་ཟེར་དཀར་པོ། སེར་པོ། ལྗང་གུ །སྔོན་པོའི་གུར་ཁང་ལྔ་རིམ། དེ་ཡི་ཕྱི་རིམ་རྡོ་རྗེའི་གུར་སྲ་ཞིང་བརྟན་པ་བསྐལ་པའི་རླུང་ཡང་རྒྱུ་བར་མི་ནུས་པའི་སྲུང་འཁོར་དྲུག་པོ་བསྒོམས་པས་བར་ཆད་ཐམས་ཅད་ཞི་བའི་མན་ངག་ཁྱད་པར་འཕགས་པ་ཡིན། བཀྲ་ཤིས་བསྔོ་སྨོན་རྒྱས་པར་བྱའོ། །ཞེས་པའི་ཚེ་སྒྲུབ་འདི་སྔོན་བསམ་ཡས་དབུ་རྩེར་གུ་རུ་པདྨ་འབྱུང་གནས་ཀྱིས་ལོ་ཆེན་བཻ་རོ་ཙ་ན་ལ་ཟབ་མོ་སྨིན་གྲོལ་གྱི་གདམས་པ་གནང་ནས་མི་བརྗེད་པའི་སྨོན་ལམ་བཏབ་སྟེ་ཀུན་གཞི་མ་བཅོས་པའི་མཚོ་ལ་གཏེར་དུ་སྦས་པའི་རྒྱཿདང་ལྡན་པས། མ་འོངས་སྙིགས་མའི་འགྲོ་བ་རྣམས་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ་དགོངས་ནས་མི་སྣང་བར་འགྱུར་བ་མེད་པའི་ངོ་བོར་གཏད་རྒྱཿམཛད་པ། དུས་ལ་བབ་ཚེ་པདྨ་གར་དབང་འགྲོ་འདུལ་རྒྱལ་པོའི་དགོངས་པ་རྒྱ་མཚོའི་ཀློང་ནས་གཏེར་དུ་སྤྱན་དྲངས་ནས། དག་པའི་ཡོན་ཏན་བཅུ་དང་ལྡན་པའི་སྐལ་ལྡན་ལས་འཕྲོ་ཅན་རྣམས་ལ་སྤེལ་བའི་རྒྱ༔དང་བཅས། རྒྱ༔རིམ་གསུམ་ལྡན་པའི་ཟབ་ཆོས་འདི་ཉིད་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་དྲུང་ནས་འབྲུ་ཁྲིད་བཀའ་དྲིན་ཐོབ་པའི་བརྗེད་ཐོ་ལྟ་བུ་ཞིག་བྲིས་ན་ཆོག་མིན་ཞུས་པས། འདི་ཉིད་སྒྲུབ་ཐབས་ཡིན་ཕྱིར་ཟིན་བྲིས་སུ་འགྱུར་བས་གཞན་ལ་ཕན་ཐོགས་འོང་བས་བྲིས་ཞེས་བཀའ་ཡི་གནང་བ་ཐོབ་པ་ལ་བརྟེན་ནས། རྗེ་དེ་ཡི་བཀའ་འབངས་པད་དཀར་སྤྲུལ་མིང་པ་ཀརྨ་བསྟན་འཛིན་དཔལ་ལྡན་རྡོ་རྗེ་ཆོས་ཀྱི་རྒྱལ་པོས་བྲིས་པ་ཉེས་འགལ་གང་མཆིས་ཚེ་ལྷའི་དྲུང་དུ་བཤགས་ཤིང་། དགེ་བས་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། འགྲོ་རྣམས་ཚེ་དཔག་མེད་ཀྱི་གོ་འཕང་མྱུར་དུ་ཐོབ་པར་ཤོག །ཟིན་བྲིས་འདི་སྐལ་ལྡན་རྣམས་ལ་སྤེལ་ཞིང་རྒྱས་པ་དང་། སྐལ་མེད་ལོག་ལྟ་ཅན་གྱི་ལག་ཏུ་མི་འགྲིམ་པའི་བྱ་ར་དཔལ་མགོན་མ་ནིང་དྲེགས་པའི་ཚོགས་ཀྱིས་མཛོད་ཅིག་རཀྵ། སརྦ་དཱ་མངྒ་ལཾ།། །།
གདམས་ཟབ་བེ་བུམ་གྱི་དམར་བྱང་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕྲིན་ལས་འདོད་པ་ཀུན་འགྲུབ་ (Volume 36, Text 50)
༄༅། །གདམས་ཟབ་བེ་བུམ་གྱི་དམར་བྱང་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཕྲིན་ལས་འདོད་པ་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། ། སྣང་སེམས་དབང་སྡུད་བདེ་ཆེན་གྱི། །ཡེ་ཤེས་སྐྱེད་མཛད་དེར་བཏུད་ནས། །ཟབ་རྒུའི་གདམས་པའི་སྙིང་དྲིལ་ལ། །འཇུག་འདོད་རྣམས་ཀྱི་དཔྱིད་འདི་འོ། །ཌཱ་ཀི་འབུམ་གྱི་ཡང་སྙིང་གདམས་ངག་ཟབ་རྒུ་ཆིག་དྲིལ་འདི་ཉིད་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། བཀྲ་ཤིས་པའི་གནས་སུ་ཡར་མར་གྱི་ཚེས་བཅུ་ལྟ་བུར། འཛོམ་ན་སྐུ་རྟེན་བཀྲམ་པའི་མདུན་དུ་མཁའ་འགྲོའི་གཏོར་མ་གཙོ་འཁོར་ལྔ་པ་མཐེབ་ཀྱུས་བསྐོར་བ་ལ་རྒྱན་དང་དར་གདུགས་དམར་པོས་སྤྲས་ཤིང་། ཤིང་ཏོག་ཤ་ཆང་སོགས་ཁ་ཟས་བཟང་རྒུ་སྤུངས་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཕྱི་མཆོད་ཕྲེང་ཚར། འབུལ་གཏོར་ཚོགས་ཀྱི་ཡོ་བྱད་སོགས་བཤམ། སྒྲུབ་པ་པོ་ཁ་ནུབ་ཏུ་ཕྱོགས་པས་འཁོད། མདུན་གྱི་ནམ་མཁར་བླ་མ་དང་། །ཡེ་ཤེས་མཁའ་འགྲོ་དབྱེར་མེད་ལ། །སྐྱབས་ཡུལ་ཀུན་འདུས་སྐུ་རུ་གསལ། །ཡེ་ཤེས་མཁའ་འགྲོ་སྐྱབས་སུ་གཟུང༔ སངས་རྒྱས་མྱུར་ཐོབ་སེམས་བསྐྱེད་དོ༔ ལན་གསུམ། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཞེས་ཕྱི་ནང་གསང་བའི་མཎྜལ་འབུལ། ཀྱེ་ཀྱེ་བླ་མ་མཁའ་འགྲོ་མར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཌཱ་ཀི་ནཱི་སྭཱ་ཧཱ༔ ཞེས་གྲངས་གང་ནུས་གསག །བླ་མ་མཁའ་འགྲོའི་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔ རང་གི་གནས་བཞིར་ཐིམ་པ་ཡིས༔ སྒྲིབ་བཞི་དག་ནས་དབང་བཞི་ཐོབ༔ བླ་མ་རང་ཐིམ་དབྱེར་མེད་པར༔ བདེ་ཆེན་འོད་གསལ་ངང་དུ་གྱུར༔ ཅེས་པ་རྣམས་ནི་སྔོན་འགྲོ་ཚོགས་གསག་གི་རིམ་པའོ། །གཉིས་པ་དངོས་གཞི་ལ། བགེགས་བསྐྲད་པ་ནི། ཧྲཱི༔ སེམས་ཉིད་རྣམ་པར་དག་པ་ལ༔ འཁྲུལ་པའི་བགེགས་ཚོགས་མིང་ཡང་མེད༔ ཆོས་རྣམས་བྱང་ཆུབ་སེམས་ཀྱི་དབྱིངས༔ རྡོ་རྗེའི་སྲུང་འཁོར་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་འབེབ་མཆོད་བརླབ་ནི། སྣོད་རྣམས་མ་ལུས་མཁའ་འགྲོའི་ཞིང༔ བཅུད་རྣམས་ཡེ་ཤེས་མཁའ་འགྲོའི་སྐུ༔ རྫས་རྣམས་བདེ་ཆེན་ཡེ་ཤེས་བཅུད༔ ཕྱི་ནང་གསང་མཆོད་ནམ་མཁའ་གང༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ལན་གསུམ། ལྷ་བསྐྱེད་པ་ནི། ཧྲཱིཿབྷྲཱུྃ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བྱང་ཆུབ་སེམས་ལས་བྱུང་བ་ཡི༔ སྣང་སྲིད་མཁའ་འགྲོ་རོལ་པའི་ཞིང༔ རྡོ་རྗེ་སྲུང་བའི་འཁོར་ལོའི་ནང༔ ཆོས་འབྱུང་གྲུ་གསུམ་འབར་བའི་དབུས༔ པདྨ་ཉི་མ་བམ་རོའི་སྟེང༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལྡན༔ སྐྱེ་ཤི་གཅོད་པའི་གྲི་གུག་གདེངས༔ འཁོར་བ་སྟོང་མཛད་ཐོད་ཁྲག་བསྣམས༔ སྤྱན་གསུམ་ཆགས་པའི་ལྟ་སྟངས་ཅན༔ ལང་ཚོ་རྒྱས་པ་བཅུ་དྲུག་ཚུལ༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ སྨིན་མཚམས་དགའ་འཁྱིལ་དམར་པོ་འཁོར༔ དབུ་སྐྲ་གནག་སྣུམ་རྒྱབ་ཏུ་འཆིང༔ ཐོད་སྐམ་ལྔ་ཡིས་དབུ་བརྒྱན་ཅིང༔ རུས་པའི་རྒྱན་དྲུག་མཛེས་པར་བྱས༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་བཞེངས༔ དཔའ་བོ་ཁ་ཊྭཱཾ་ག་འཁྲིལ་ཞིང༔ འོད་ཟེར་དམར་པོ་མཐའ་ཡས་འབར༔ ཕྱོགས་བཞིར་པདྨ་འདབ་བཞིའི་སྟེང༔ རང་འདྲའི་རིགས་ཀྱི་མཁའ་འགྲོ་བཞི༔ མཐིང་སེར་དཀར་ལྗང་མདངས་འོད་འཚེར༔ རིགས་ཀྱི་ཕྱག་མཚན་གྲི་ཐོད་བསྣམས༔ གནས་ཡུལ་མཁའ་འགྲོ་འབུམ་གྱིས་བསྐོར༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿ ཨོཾ་ཨཱཿཧཱུྃཿ ཡེ་ཤེས་པ་དྲང་བསྟིམ་མཆོད་བསྟོད་བྱ་བ་ནི། ཧྲཱི༔ སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས༔ འགག་མེད་ལོངས་སྐུའི་ཞིང་ཁམས་ནས༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧྲཱི༔ སྣོད་བཅུད་ཡབ་ཡུམ་སྦྱོར་བ་ལས༔ འདོད་ཡོན་རྣམ་ལྔ་ལྷུན་གྱིས་གྲུབ༔ ཐབས་དང་ཤེས་རབ་སྦྱོར་བ་ཡིས༔ གསང་བའི་མཆོད་སྤྲིན་ནམ་མཁའ་གང༔ གསལ་སྟོང་དབྱེར་མེད་རོ་གཅིག་པའི༔ ཡང་གསང་མཆོད་པ་བླ་ན་མེད༔ གཉིས་མེད་མཉམ་པར་འབུལ་ལགས་ན༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧྲཱི༔ སྟོང་ཉིད་ངང་ལས་ཆོས་ཀྱི་སྐུ༔ འོད་གསལ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྒྱུ་འཕྲུལ་འཆང༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི་དང་པོ་བསྙེན་པ་ནི། གསལ་བརྟན་དག་དྲན་དང་ལྡན་པས། ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་ལ༔ སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་དངོས་གྲུབ་ཚུར་བསྡུས་ཐིམ༔ མཁའ་ཁྱབ་འགྲོ་བའི་སྒྲིབ་པ་སྦྱངས༔ ཡེ་ཤེས་མཁའ་འགྲོའི་ས་ལ་བཀོད༔ འོད་ཟེར་ཐམས་ཅད་ཚུར་འདུས་པས༔ བདག་གི་སྒྲིབ་སྦྱངས་བྱིན་གྱིས་བརླབས༔ དངོས་གྲུབ་རྣམས་ཀྱི་སྣོད་དུ་གྱུར༔ ཨོཾ་དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ ཞེས་གྲངས་དུས་རྟགས་ཀྱི་རིམ་པ་གང་རུང་མཐར་མ་སོན་བར་དུ་བཟླ། གཉིས་པ་སྒྲུབ་པ་ནི། ཐུགས་ཀར་འོད་ཀྱི་གུར་ཁྱིམ་དབུས༔ ཐིག་ལེ་འགྱུར་མེད་གར་གྱི་དབང༔ དམར་གསལ་པདྨ་ཚེ་བུམ་འཛིན༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་འཁྲིལ༔ མཉམ་སྦྱོར་བྱང་ཆུབ་སེམས་སྤྲིན་ལས༔ སྔགས་ཀྱི་ཕྲེང་བ་ནར་གྱིས་བྱུང༔ སྐུ་ཡི་ནང་བརྒྱུད་ཤངས་ནས་ཐོན༔ ཁ་ཊྭཱཾ་དཔའ་བོ་ཡབ་ཏུ་གྱུར༔ ཤངས་ནས་ཞུགས་ཤིང་མགྲིན་པ་ནས༔ རྡོ་རྗེ་ནོར་བུའི་རྩེ་མོ་ལས༔ འགལ་མེའི་འཁོར་ལོ་བཞིན་དུ་འཁོར༔ པདྨ་ནས་བརྒྱུད་སྙིང་གར་ཐིམ༔ བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས༔ སྣོད་བཅུད་དཀྱིལ་འཁོར་གསལ་བར་བྱས༔ ནམ་མཁའི་མཁའ་མཉམ་ལྷ་ཚོགས་ཀྱི༔ གནས་གསུམ་ལས་ནི་འོད་ཟེར་བྱུང༔ བདག་ལ་ཐིམ་པས་བདེ་ཆེན་སྤར༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ ཞེས་བསྒོམ་ལ་བཟླ། གསུམ་པ་ལས་སྦྱོར་ནི། བསྙེན་སྒྲུབ་མཐར་ཕྱིན་པ་ན། ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལས༔ འོད་འཕྲོས་འཁོར་གྱི་ལྷ་མོ་ཡིས༔ རང་འདྲ་དུ་མ་སྤྲོས་ནས་སུ༔ ཕྲིན་ལས་རྣམ་བཞི་སྒྲུབ་པར་གྱུར༔ ཧྲཱིཿམ་ཧ་རི་ནི་ས་ཨོཾ་བྷྲཱུྃ་ཧྲཱིཿཧཱུྃ༔ ཞེས་བསྙེན་སྒྲུབ་ཀྱི་བཅུ་ཆ་བཟླ། ཁྱད་པར་ལས་སྦྱོར་ནི་གཞུང་དུ་ཤེས་པར་བྱའོ། །ཐུན་མཚམས་སུ་སྟོང་ཚིགས་སྤྱི་ལྟར་འབུལ་བའམ། ཅུང་ཟད་སྤྲོ་ན། འབུལ་གཏོར་དང་སྨན་རཀ་བཤམ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བརླབ། བསྙེན་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་ལོས་བསྒྱུར་བ་སྟོབས་ཆེན་མོ༔ དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག༔ ཆོས་དབྱིངས་འོག་མིན་མཁའ་སྤྱོད་ཞིང༔ ཨོ་རྒྱན་གནས་སུ་རྟག་ཏུ་བཞུགས༔ ཞིང་དང་སྐུ་ཡི་བཀོད་པའི་ཚོགས༔ རེ་རེ་ལ་ཡང་མཁའ་འགྲོ་འབུམ༔ གར་གྱི་རྣམ་འགྱུར་བསམ་ལས་འདས༔ འགྱུར་བ་མེད་པའི་མཁའ་འགྲོ་འབུམ༔ གསུང་དབྱངས་ནམ་མཁའ་ཁྱབ་པ་ལ༔ ཚངས་པའི་གླུ་ལེན་མཁའ་འགྲོ་འབུམ༔ རྟོག་མེད་རྣམ་ཐར་གསུམ་དབྱིངས་ལས༔ ཐུགས་རྗེ་རོལ་པའི་མཁའ་འགྲོ་འབུམ༔ རྒྱན་དང་ཡོན་ཏན་ལོངས་སྤྱོད་ལས༔ བསམ་མི་ཁྱབ་པའི་མཁའ་འགྲོ་འབུམ༔ འགྲོ་བའི་དོན་མཛད་ཕྲིན་ལས་བཞི༔ ལྷུན་གྱིས་གྲུབ་པའི་མཁའ་འགྲོ་འབུམ༔ ཡེ་ཤེས་དང་ནི་ལས་ལ་གྲུབ༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་བདུད་རྩི་རཀྟ་དང༔ འདོད་ཡོན་གཏོར་མའི་མཆོད་པ་བཞེས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཞེས་ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་བཅས་ནམ་མཁར་འབུལ་ལོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ཚོགས་བྱིན་རླབས་ནི། ཧྲཱི༔ དབྱིངས་ཀྱི་བནྡྷ་ཡངས་པ་རུ༔ རིག་པ་ཡེ་ཤེས་བདུད་རྩིས་བཀང༔ བྱང་ཆུབ་སེམས་ཀྱི་མཆོད་སྤྲིན་འཁྲིགས༔ བདེ་ཆེན་ཚོགས་ཀྱི་ལོངས་སྤྱོད་གྱུར༔ ཨོཾ་ཨཱཿཧཱུྃ༔གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱི༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ཚོགས་མཁའ་འགྲོ་སྤྱན་འདྲེན་གྱིས༔ བདེ་ཆེན་གར་ཐབས་ཤིགས་སེ་ཤིག༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་རོལ་མོ་དི་རི་རི༔ རྣལ་འབྱོར་ཕོ་མོའི་འདུ་བ་ལ༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ མཆོད་བཤགས་བསྒྲལ་བསྟབ་ནི། ཧྲཱི༔ འདོད་ཡོན་ཕྱི་ཡི་མཆོད་པ་འདི༔ མཁའ་འགྲོའི་སྐུ་ལ་མཉེས་མཆོད་འབུལ༔ བདེ་ཆེན་སྦྱོར་བའི་མཆོད་པ་འདི༔ མཁའ་འགྲོའི་གསུང་ལ་མཆོད་པ་འབུལ༔ བདེ་སྟོང་དབྱེར་མེད་མཆོད་པ་འདི༔ མཁའ་འགྲོའི་ཐུགས་ལ་མཆོད་པ་འབུལ༔ བདེ་བ་ཆེན་པོའི་ཀློང་དུ་བསྐང༔ གཉིས་སུ་མེད་པའི་དབྱིངས་སུ་བཤགས༔ དུག་གསུམ་རང་གྲོལ་ངང་དུ་བསྒྲལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ས་མ་ཡ་ཤུདྡྷེ་ཨཱ༔ མ་ཏྲཾ་རུ་དྲ་མཱ་ར་ཡ་ཕཊ༔ ཁ་ཁ་ཁཱ་ཧི༔ གཙོ་བོར་གསང་བའི་སྤྱོད་པ་དང་འབྲེལ་བའི་འདོད་ཡོན་ལྔ་ལ་རོལ་ཏེ་བདེ་ཆེན་གྱི་ཉམས་སྤར། བཟའ་བའི་དམ་ཚིག་ཀྱང་ནང་གི་སྲེག་བླུག་ཏུ་རོལ། ལྷག་མ་བསྡུས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ འདོད་ཡོན་རྡོ་རྗེའི་དམ་ཚིག་ནམ་མཁའ་གང་བའི་བདུད་རྩིའི་སྤྲིན་དུ་གྱུར། ཧྲཱི༔ ཡེ་ཤེས་དབྱིངས་ཀྱི་རོལ་པ་ལས༔ མཁའ་འགྲོ་མི་བཟད་འབར་བའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ ཌཱ་ཀ་ཌཱ་ཀི་བ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོ། དེ་ནས་མཆོད་པ་ཁ་གསོས་ལ་མཆོད་བསྟོད་གོང་ལྟར་བྱ། དངོས་གྲུབ་བླང་བ་དང་འབྲེལ་ན། ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ནོངས་བཤགས་ནི། ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཨ་ཨ་ཨ༔ ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་སྤྱི་ལྟར་བྱ། མེད་ན་གཤེགས་སུ་གསོལ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་དང་བཅས་པ་ནི། མཁའ་ལ་འཇའ་ཡལ་ཇི་བཞིན་དུ༔ ལྷུན་གྲུབ་སྣང་བ་དབྱིངས་སུ་ཐིམ༔ ཀ་དག་དེ་བཞིན་ཉིད་ཀྱི་ངང༔ བཅོས་བསླད་རེ་དོགས་མེད་པར་གཞག༔ ཨ་ཨ་ཨ༔ ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ གསང་བའི་དོན་ལ་སྤྱད་པ་རྣམས༔ འདུས་མ་བྱས་པའི་དབྱིངས་སུ་བསྔོ༔ སྒྲིབ་གཉིས་ཀུན་བྱང་ཡེ་ཤེས་འཕེལ༔ བདུད་བཞིའི་གཡུལ་ལས་རྒྱལ་བ་དང༔ སངས་རྒྱས་མྱུར་དུ་ཐོབ་པར་ཤོག༔ ཅེས་བརྗོད་ལ་རྒྱུན་གྱི་སྤྱོད་ལམ་བྱའོ། །དེ་དག་ནི་བསྐྱེད་བཟླས་ལ་བརྟེན་པའི་ལས་རིམ་ཡིན་ལ། མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་བསྒོམ་པར་འདོད་ན་གཏེར་གཞུང་དུ་ཤེས་པར་བྱའོ།། །། ༈ ན་མོ་གུ་རུ་ཌཱ་ཀི་ནཱི་ཡཻ། ཕྲིན་ལས་དང་དེ་ལ་བརྟེན་པའི་ཉེར་མཁོ་ཁ་ཅིག་བཀླག་ཆོག་ཏུ་དགོད་པ་ལ། ཐོག་མར་སྨིན་བྱེད་ཀྱི་བྱིན་རླབས་བྱ་བ་ནི། གཞི་སྟེང་མཎྜལ་ལ་ཆོས་འབྱུང་དམར་པོ་དགའ་འཁྱིལ་རྡོར་རྭ་མེ་རི་དང་བཅས་པའི་ལྟེ་བར་པདྨ་འདབ་བཞིའི་དབུས་སུ་ཧྲཱིཿ ཕྱོགས་བཞིར་ཧ་རི་ནི་ས་བྲིས་པའམ། མ་འཛོམ་ན་མེ་ཏོག་དམར་པོའི་ཚོམ་བུ་ལྔ་བཀོད་པའི་སྟེང་འཕྲུལ་སྟེགས་ལ་བུམ་པ་མགུལ་ཆིངས་དམར་པོ་ཉེར་ལྔའི་བཅུད་ལྡན་གྱི་ཁར། ཐོད་པ་མཚན་ལྡན་བདུད་རྩིས་བཀང་བ། དེ་སྟེང་སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་ལྟེ་བར་པདྨ་འདབ་བཞི་ས་བོན་གོང་མཚུངས་བཀོད་པ་བཞག་ཅིང་དར་དམར་གྱིས་བཀབ་པའི་སྟེང་དུ་ཤེལ་རྡོ་བཞག །ཚེ་དབང་སྦྲེལ་ན་རྒྱབ་མདུན་གང་བདེར་ཚེ་འབྲང་ཡང་བཞག །སྨན་རག་གཏོར་གསུམ་ཉེར་སྤྱོད་སོགས་ཕྲིན་ལས་ཀྱི་སྐབས་ལྟར་དང་། ལས་བུམ་ཚོགས་གཏོར་སོགས་ཀྱང་འདུ་བྱས་ལ། ལས་བྱང་གཏང་ཞིང་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་ཐོག་མར་ཛཔ྄་ཁང་ཕྱེས་ལ། བདག་མདུན་གཉིས་ཀར་དམིགས་པའི་བཟླས་པ་དང་། ཁྱད་པར་བུམ་ཐོད་སིནྡྷུ་རའི་དཀྱིལ་འཁོར་རྣམས་ལའང་ལྷ་ཚོགས་གསལ་བར་བསྐྱེད་ཅིང་བཟླས་པས་ཐུགས་རྒྱུད་བསྐུལ་བས། མཁའ་གསང་ལས་བདེ་ཆེན་བདུད་རྩིའི་རྒྱུན་བབས་པས་སོ་སོའི་བཅུད་བྱིན་རླབས་པར་མོས། ཚེ་དབང་བྱེད་ན་གཞུང་ལྟར་བཟླས་བསྒོམ་བྱ། ལས་བུམ་དུ་རྟ་མགྲིན་གསལ་ལ་སྙིང་པོ་འབྲུ་དྲུག་གིས་བྱིན་བརླབ། གཏོར་འབུལ་ཚོགས་མཆོད་བཅས་གྲུབ་ནས། རིག་པའི་མེ་ཏོག་དོར་བས་སློབ་དཔོན་གྱི་བྱ་བ་གྲུབ་བོ། །དེ་ནས་སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ལ་དྲག་སྔགས་སོགས་ཀྱིས་མཚམས་བཅད། ལས་བྱང་ལྟར་བགེགས་བསྐྲད་སྲུང་འཁོར་བྱ། སེམས་བསྐྱེད་གསལ་བཏབ་ལ། དེའང་གསར་རྙིང་གི་རྒྱུད་སྡེ་རབ་འབྱམས་རྣམས་སུ་དངོས་གྲུབ་སྒྲུབ་པའི་ལྷ་སྔགས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་ཟབ་ཅིང་མྱུར་བ་ནི་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་རྣམས་ཡིན་ལ། དེའང་རྣམ་གྲངས་ཇི་སྙེད་ཅིག་མཆིས་པ་ལས། འདིར་མཆོག་ཐུན་མོང་གི་དངོས་གྲུབ་སྤྱི་དང་ཁྱད་པར་དབང་གི་ལས་རབ་འབྱམས་སྒྲུབ་པ་ལ་ཟབ་ཅིང་ཚན་ཁ་ཆེ་བ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྒྲུབ་ཐབས་ཏེ། དེ་ལ་སྔ་ཕྱིའི་བཀའ་སྲོལ་རྒྱས་བསྡུས་འགའ་ཞིག་བྱོན་པ་རྣམས་ཀྱི་ནང་ནས་མཁའ་འགྲོའི་ཁ་རླངས་དང་ཤོག་སེར་གྱི་དྲི་ངད་མ་ཡལ་བའི་གདམས་ངག་ཁྱད་པར་ཅན། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་ཆོས་སྒྲོམ་ཆེན་པོ་ནས་སྤྱན་དྲངས་པའི་གདམས་སྐོར་ཟབ་དགུའི་ཡང་སྙིང་སྟེ། དེ་ལྟ་བུའི་སྨིན་བྱེད་བྱིན་རླབས་ཀྱི་རིམ་པ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །འདིར་ངེས་པར་གསེར་གྱི་མཎྜལ་འབུལ་དགོས་པར་གསུངས། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྗེ་བཙུན་བླ་མ་རྣལ་འབྱོར་མ༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ། བླ་མ་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྩ་གསུམ་ཀུན་འདུས་ཀྱི་སྤྱན་སྔར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་གསག་སྦྱོང་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཡེ་ཤེས་མཁའ་འགྲོ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་སྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་སྐོར། །ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ། །སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ལན་གསུམ། གསང་སྔགས་རྡོ་རྗེ་ཐེག་པའི་སྲོག་རྩ་འདའ་དཀའ་རྡོ་རྗེའི་དམ་ཚིག་ལེགས་པར་མནོས་ནས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས། ཧོ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་དང་ཡན་ལག་དང༔ གལ་མདོ་ངེས་པའི་དམ་ཚིག་རྣམས༔ བདག་གིས་བརྟན་པོར་གཟུང་བར་བགྱི༔ ལན་གསུམ། བླ་མས་རྡོ་རྗེ་མགོར་བཞག་ལ། ཧོ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིར༔ ཞུགས་ནས་དམ་ཚིག་ཐུབ་པར་གྱིས༔ གསང་བ་བླ་ན་མེད་པ་རྣམས༔ གཞན་དུ་སྨྲ་བར་མི་བྱ་འོ༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ ཞེས་བརྗོད། བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྣོད་བཅུད་ལྷའི་དཀྱིལ་འཁོར་འདི་བཞིན་དུ་གསལ་ཐོབས་ཤིག༔ ཧྲཱིཿབྷྲཱུྃ་དྷུ་མ་གྷ་ཡེ་སོགས་ལས་བྱང་ལྟར་ལ། པདྨ་ཉི་མ་བཾ་རོའི་སྟེང༔ ཁྱེད་རང་འོད་གསལ་རིག་པའི་རྩལ། །གསང་བ་ཡེ་ཤེས་སོགས་ནས། འོད་ཟེར་དམར་པོ་མཐའ་ཡས་འབར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །ཐུགས་ཀར་ཉི་སྟེང་ཧྲཱིཿདམར་ལས། །འོད་ཟེར་ནམ་མཁའ་གང་བར་འཕྲོས། །ཕྱོགས་བཅུའི་རྒྱལ་བའི་ཞིང་ཀུན་དང་། ཁྱད་པར་དྷུ་མ་ཐ་ལའི་གྲོང་། །མཁའ་སྤྱོད་གསང་བའི་ཕོ་བྲང་ནས། །གསང་བ་ཡེ་ཤེས་རིགས་ལྔ་དང་། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས། །ཆར་ལྟར་བབས་ནས་ཁྱེད་རང་གི །སྒོ་གསུམ་ལ་ཐིམ་དབྱེར་མེད་གྱུར། །སྙིང་པོའི་མཐར། ཨེ་ཨཱ་རལླི་ཧྲིཾ་ཧྲིཾཿ བཛྲ་ཨཱ་བེ་ཤ་ཡ་ཨཿ བཏགས་པ་དྲག་ཏུ་བརྗོད། རོལ་མོ་དང་རྫས་ཀྱི་སྦྱོར་བས་བྱིན་དབབ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །དབང་དངོས་ལ་བུམ་གསང་ཤེར་ཡེ་དབང་བཞི་པ་རྣམས་སུ་ཡོད་པ་ལས། དང་པོ་བུམ་པ་དབྱིངས་ཀྱི་གཞལ་ཡས་ཁང་གི་ནང་དུ་བཅུད་རང་རིག་མཁའ་འགྲོའི་དཀྱིལ་འཁོར་རྫོགས་པ་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བས། ཁྱེད་རང་གི་ལུས་རགས་པའི་དྲི་མ་གཏོར། སྣང་བ་ལྷར་འཆར་བའི་ཡེ་ཤེས་རྒྱུད་ལ་བླུགས། རྩ་དག་པ་སྐུ་རྡོ་རྗེ་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ༔ བུམ་པ་དབྱིངས་ཀྱི་ཞིང་ཁམས་སུ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཤར༔ བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་བ་ལྷ་རུ་རྟོགས་པར་ཤོག༔ སྙིང་པོའི་མཐར། ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པས་དབང་བསྐུར་ཞིང་བུམ་ཆུ་འཐོར་འཐུང་བྱ། བླ་མ་པདྨ་གར་གྱི་དབང་ཕྱུག་དང་ཡེ་ཤེས་མཁའ་འགྲོ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཧྲཱིཿཡིག་གི་རྒྱུན་དུ་ཕབ་པ་ཐོད་པའི་བདུད་རྩི་དང་དབྱེར་མེད་པ་བྱིན་པས་ངག་འཕོ་བའི་བག་ཆགས་གཏོར། སྒྲ་གྲགས་སྔགས་སུ་འཆར་བའི་ཡེ་ཤེས་རྒྱུད་ལ་བླུགས། རླུང་དག་པ་གསུང་རྡོ་རྗེ་མངོན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ བླ་མ་ཡབ་ཡུམ་དབྱིངས་ཡེ་ཤེས༔ སྙོམས་པར་ཞུགས་པའི་ཡེ་ཤེས་སེམས༔ ཧྲཱིཿཡི་ཚོགས་སུ་དབབ་བྱས་ནས༔ སྐལ་ལྡན་ལྕེ་ལ་བཞག་པ་ཡིས༔ ཕུང་ཁམས་སྔགས་སུ་དག་པར་ཤོག༔ སྔགས་མཐར། གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་ལྕེར་བྱིན། སིནྡྷུ་རའི་དཀྱིལ་འཁོར་ལས་གསང་བ་ཡེ་ཤེས་ཀྱི་ངོ་བོར་མཚན་ཉིད་དང་ལྡན་པའི་རིག་མ་འཕྲོས་ཏེ་ཁྱེད་རང་རྣམས་པདྨ་གར་གྱི་དབང་ཕྱུག་གི་སྐུར་གྱུར་པ་དང་སྙོམས་པར་ཞུགས་པས་དགའ་བ་བཞིའི་མཐར་སོན། ཡིད་འཁྲུལ་རྟོག་གི་དྲི་མ་གཏོར། རྟོག་ཚོགས་བདེ་བ་ཆེན་པོར་འཆར་བའི་ཡེ་ཤེས་རྒྱུད་ལ་བླུགས། ཐིག་ལེ་དག་པ་ཐུགས་རྡོ་རྗེ་མངོན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ དབྱིངས་ཀྱི་རང་བཞིན་རིག་མ་ལ༔ ཡེ་ཤེས་ཐབས་ཀྱིས་སྦྱོར་བ་ཡིས༔ བདེ་ཆེན་དགའ་བཞི་ཉམས་མྱོང་བ༔ སྐལ་ལྡན་གསང་བར་དབང་བསྐུར་བས༔ རིག་སྟོང་དབྱེར་མེད་རྟོགས་པར་ཤོག༔ སྔགས་མཐར། པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་གར་བཞག་ཅིང་སྲིན་ལག་གཡོན་པས་ཐིག་ལེ་བྱ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་དྭངས་ཤིང་གསལ་བ་འདིས་དཔེར་མཚོན་ཏེ། རིག་པའི་ངོ་བོ་ཀ་དག་དྲི་མ་མེད་པ་ལས། རང་བཞིན་ཡེ་ཤེས་ཀྱི་རང་རྩལ་མ་འགག་པར་འཆར་བ། དེ་གཉིས་ཀྱང་གདོད་ནས་ཟུང་འཇུག་ཁྱབ་བརྡལ་ཆེན་པོར་མཉམ་པར་བཞག་པས། སྒོ་གསུམ་ཐ་དད་དུ་འཛིན་པའི་བག་ཆགས་གཏོར། ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་རྒྱུད་ལ་བླུགས། ཀུན་གཞི་དག་པ་ཡེ་ཤེས་རྡོ་རྗེ་མངོན་དུ་གྱུར་པའི་མོས་པ་མཛོད། ཤེལ་རྡོ་བསྟན་ལ། ཧཱུྃ༔ དབྱིངས་ཉིད་སྟོང་པ་རང་བྱུང་ཤེལ༔ བདེ་ཆེན་ཡེ་ཤེས་དྭངས་ཤིང་གསལ༔ གསལ་སྟོང་དབྱིངས་ཡེ་དབྱེ་བ་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དབྱིངས་ཡེ་ཟུང་འཇུག་རྟོགས་པར་ཤོག༔ སྔགས་མཐར། དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་དབང་བསྐུར་ན་འདིར་སྦྱར་ལ། ཤིས་བརྗོད་གང་འོས་བྱ། དེ་ལྟར་ཡེ་ཤེས་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་དབང་བཞི་བྱིན་རླབས་ཀྱི་སྙིང་པོ་ཟབ་ཅིང་གསང་བར་གྱུར་པ་ཉིད་ལེགས་པར་ཐོབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་། ཁྱད་པར་མཁའ་འགྲོ་གནད་ཀྱི་དམ་ཚིག་གཉན་པོ་ལས་ནམ་ཡང་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་སྤྱི་ལྟར་དང་། ཚོགས་ལ་རོལ་པ་ཕྱིན་ཆད་ཀྱང་ཕྲིན་ལས་ཀྱི་དཀྱུས་བཞིན་བྱས་པས་གྲུབ་བོ།། །། ༈ མཁའ་འགྲོ་ལ་བརྟེན་པའི་ལས་ཚོགས་ཀྱི་གཙོ་བོ་ནི་མེ་མཆོད་དེ། མཁའ་འགྲོ་རྣམས་མཉེས་པ་དང་། རྣལ་འབྱོར་པའི་ཉམས་ཆག་སྐོང་བ་དང་། ལས་སྒྲུབ་པ་ལ་ཤིན་ཏུ་མྱུར་བ་ཡིན་ཞིང་དེ་ལའང་མཆོག་གི་མེ་མཆོད་དང་། ཐུན་མོང་ལས་སོ་སོའི་སྒྲུབ་པ་གཉིས་ལས། སྐབས་འདིར་རྩ་བའི་དངོས་བསྟན་དབང་གི་མེ་མཆོད་ནི། ཡར་མར་གྱི་བརྒྱད་དང་ཚེས་བཅུ་ལྟ་བུའི་དགོང་མོའི་ཆར་དབང་གི་ཐབ་དམར་པོ་ཟླ་གམ་ལ་མེ་ཏོག་དམར་པོའི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་ཤིང་དམར་ཟླ་གམ་དུ་བརྩིགས་པའི། གཡས་སུ་དབང་གཏོར་ཟླ་གམ་ཆེ་ཆུང་གཉིས། སྨན་རཀ །ཆུ་གཉིས་ཉེར་སྤྱོད། ཐབ་ཀྱི་གཡོན་ངོས་སུ་མར་ཁུ། ཤིང་དམར་གྱི་ཡམ་ཤིང་སོར་བཅུ་གཉིས་པ་ཆང་དང་མངར་གསུམ་མར་ཁུས་སྦགས་པ། ཤིང་ཏོག་དང་མེ་ཏོག་དམར་པོའི་རིགས། ཟས་སྣ་གང་འཛོམ། རིན་ཆེན་དང་དར་རས་སྨན་སོགས་དམར་པོའི་རིགས་ཆང་གི་གླུམ་བཅས་ཕྱོགས་གཅིག་ཏུ་བསྲེས་ཤིང་ཐམས་ཅད་སིནྡྷུ་རས་ཁ་དོག་དམར་པོར་བསྒྱུར་བ་རྣམས་བཀོད། གཞན་ཡང་དགང་བླུག །བསང་ཆུ། རྡོར་དྲིལ་སོགས་འཚོགས་པར་བྱ། རང་དང་ཐབ་ཀྱི་བར་དུ་མེ་ཡོལ་གྱིས་བཅད་ཅིང་ཁ་ནུབ་ཏུ་ཕྱོགས་ལ་ཆགས་པའི་བསམ་པས་པད་སྐྱིལ་གྱིས་འཁོད་དོ། །དེ་ནས་རྒྱས་པར་སྤྲོ་ན་ཕྲིན་ལས་ལ་དགོས་པའི་མཆོད་གཏོར་སོགས་ཀྱང་ཟུར་དུ་འདུ་བྱས་ལ། ལས་བྱང་དབུ་ནས་བརྩམ་ཚོགས་མཆོད་རྫོགས་ཀྱི་བར་བཏང་། དེ་ནས་མེ་མཆོད་བྱ། དེ་གྲུབ་པ་དང་ཚོགས་ལ་རོལ་ཞིང་ལྷག་མ་ཕྱིན་ཆད་མཐར་དབྱུང་ངོ་། །བསྡུ་ན། ལས་བྱང་གི་སྐྱབས་སེམས་བགེགས་བསྐྲད། མཆོད་རླབས་ནས་བསྟོད་པའི་བར་བདག་བསྐྱེད་དང་བཟླས་པ་ཅུང་ཟད་བྱས་ལ་སྟོང་ཚིགས་ཕུལ་ཞིང་བསྡུ་ལྡང་བྱ། བསང་ཆུ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཉེར་གཅིག་ཙམ་གྱིས་བྱིན་བརླབས་པ་འཐོར་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བསྲེག་རྫས་རྣམས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་འཁོར་འདས་ཀྱི་དྭངས་མ་གཅིག་ཏུ་འཁྱིལ་བའི་ཡེ་ཤེས་བདུད་རྩི་འོད་ཟེར་དམར་པོ་འཕྲོ་བ་བརྟན་གཡོ་དབང་དུ་བྱེད་པའི་ནུས་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ༔ གསུམ། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། རྡོར་དྲིལ་དང་བཅས་པའི་དཔལ་འབར་གྱིས་མེ་སྤར་ལ། ཛྙཱ་ན་ཛྭ་ལ་རཾ། རླུང་གཡབ་ཀྱིས་གཡབ་ལ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། ཐབ་བསང་སྦྱང་། མེ་ཐབ་མི་དམིགས་སྟོང་པའི་ངང༔ ཧྲཱིཿལས་དབང་གི་ཐབ་ཁུང་ནི༔ རིན་ཆེན་ལས་གྲུབ་ཟླ་གམ་ནང༔ རཾ་ལས་མེ་འབར་དེ་དབུས་སུ༔ མེ་ལྷ་ར་ཞོན་ཞལ་གཅིག་དམར༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་འཛིན༔ རྒྱན་ཆས་ཕྲེང་བ་དམར་པོས་མཛེས༔ ཆགས་པའི་ཉམས་ཅན་གནས་གསུམ་གྱི༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ ཨོཾ་ཨགྣ་ཡེ་ཨེ་ཧྱེ་ཧི༔ ཧཱུྃ༔ ཞེས་བགེགས་བསྐྲད། ས་མ་ཡ་ཏིཥྛ་ལྷན། སོ་སོའི་རྒྱ་བཅས། ཛཿཧཱུྃ་བཾ་ཧོཿ ན་མོ་ན་མ། མཆོད་ཡོན་ནས་རིམ་བཞིན་འབུལ་བའམ། ཕྱག་རྒྱས་འབུལ་བའི་ཚུལ་བྱས་ལ། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེ་བཞིན་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱ། ཤབྡའི་བར་གྱིས་མཆོད། མེ་ལྷ་ཞལ་འཛུམ་པའི་ལྗགས་ལ་རཾ་ཡིག་གིས་མཚན་པ། གཟར་བུ་གཉིས་ཀྱི་ཁ་ལ་ཨོཾ་ཨཱཿཧཱུྃ་གིས་མཚན་པས་སྲེག་བླུག་གི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་མར་ཁུ་དགང་བླུག་གསུམ་འབུལ། དེ་ནས་ཡམ་ཤིང་། མར་ཁུ། བསྲེས་རྫས་རྣམས་པདྨའི་ཁུ་ཚུར་གྱིས་འབུལ་ཏེ་སྔགས། ཨོཾ་ཨགྣི་རཱ་ཛ་བ་ཤཾ་ཀུ་རུ་ཧོ༔ ཞེས་པ་ཁོ་ནས་བདུན་ནམ་ཉེར་གཅིག་སོང་བའི་མཐར། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ བསྲེག་བླུག་མཆོད་པ་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་འབྲུ་བཅུད་དང༔ འབྱོར་ལྡན་སྐྱེ་འགྲོ་ཕོ་མོའི་ཚོགས༔ ཐེག་ཆེན་བློ་ལྡན་དགེ་འདུན་དང༔ ཁྱེ་འུ་ཕོ་མོ་ལང་ཚོ་ཅན༔ འབྲུ་ནོར་དར་ཟབ་དབྱིག་གི་ཚོགས༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས༔ ཐམས་ཅད་བདག་གི་དབང་དུ་སྡུས༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཨོཾ་ཨཱཿཧཱུྃ་གིས་དགང་བླུག་འབུལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཕཊ་ཛཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བྱོན་ཏེ་ཕྱག་ཚང་གི་ཕྲིན་ལས་མཛད། དམ་ཚིག་པ་འབར་བའི་མེ་ལྕེ་རྣོ་ལ་འཁྱུག་པའི་དབུས་སུ་གསང་བ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། བུད་ཤིང་གསོས་ལ། ལས་བྱང་ལྟར། ཧྲཱིཿབྷྲཱུྃ་དྷུ་མ་གྷ་ཡེ་སོགས་ནས་མཆོད་པ་དང་བསྟོད་པའི་བར་བཏང་། ལྷ་རྣམས་ཞལ་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པ། བསྲེག་རྫས་བདུད་རྩི་དམར་པོའི་རང་བཞིན་ཕུལ་བས་སྐུ་གསུང་ཐུགས་མཉེས་ནས་དབང་གི་ཕྲིན་ལས་མཛད་པར་གྱུར། སྙིང་པོ་ལན་བདུན་གྱིས་མར་ཁུས་དགང་། སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་གྱིས་དགང་བླུག་འབུལ། ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས་གང་དབང་དུ་བསྡུ་བར་འདོད་པའི་སྙིང་གར་ཕོག་པས། ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ་དུ་གྱུར་ནས་རང་གི་སྙིང་གར་ཐིམ་པར་མོས་ལ། ཧྲཱིཿམ་ཧ་རི་ནི་ས་ཧྲཱིཿཀུ་རུ་ཀུལླེ་ཆེ་གེ་བ་ཤཾ་ཀུ་རུ་ཧོ༔ ཞེས་པའི་སྔགས་ཀྱིས་བསྲེག་རྫས་རྣམས་གོང་ལྟར་འབུལ། རེ་རེའང་བརྒྱ་རྩ་ལ་སོགས་པ་གང་འགྲུབ་ཀྱི་བར་རྣམས་སུ། ཧྲཱི༔ བདག་གི་བསམ་པ་ཐམས་ཅད་མ་ལུས་པ༔ དབང་དུ་འདུ་ཞིང་དོན་ཀུན་འགྲུབ་པའི་ཕྱིར༔ བསྲེག་བླུག་ཡེ་ཤེས་མཆོད་སྤྲིན་འདི་འབུལ་གྱིས༔ མྱུར་བ་ཉིད་དུ་བསམ་བཞིན་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ། སླར་ལས་གཞུང་ལྟར་མཆོད་བསྟོད་མཐར། ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་རྣམས༔ བསྲེག་བླུག་བདུད་རྩི་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་སོགས་མེ་ལྷའི་སྐབས་ལྟར་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། རླུང་ནང་དུ་འཇུག་པ་དང་བསྟུན་ལ། ལྷ་མོའི་ཐུགས་སྲོག་གི་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུས་བརྟན་གཡོ་ཐམས་ཅད་འོད་དམར་པོའི་རྣམ་པར་བཞུས་ནས་ཐུགས་ཀར་ཐིམ། གཙོ་འཁོར་ཐམས་ཅད་ཀྱང་འོད་དམར་པོའི་གོང་བུར་ཞུ་སྟེ་རང་གི་ལྟེ་བ་ནས་ཞུགས། ཐུགས་ཀའི་མི་ཤིགས་པའི་ཐིག་ལེར་ཐིམ་པར་མོས་ལ་ལྟ་བའི་ངང་དུ་བཞག །སླར་མེ་གསོས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཕེཾ་ཛཿཧཾཿ མེ་ལྷ་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་འདྲེས་པར་གྱུར། ཞེས་མོས་ལ། ཨོཾ་ཨཱཿཧཱུྃ་གིས་དགང་བླུག་གསུམ། བསྲེག་རྫས་ལྷག་མ་རྣམས་གསུམ་མམ་བདུན་སོགས་འབུལ། གཏོར་མ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཨགྣ་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་ཐབ་ཏུ་འབུལ་ལ། མེ་ལྷ་འཁོར་དང་བཅས་པ་ཡིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་སོགས་ཀྱིས་ཕྲིན་ལས་བཅོལ། ཉེར་སྤྱོད་ཀྱིས་མཆོད་ཅིང་བསྟོད་པ་ནི། ཧཱུྃ༔ ཚངས་དབང་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བསྲེག་བླུག་དམ་ཚིག་ལས་འདས་ཤིང༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཞིང༔ ཉེས་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱས་ནོངས་པ་བཤགས། ཨོཾ་ཨགྣི་རཱ་ཛ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཕུང་དམར་པོའི་རྣམ་པར་ཞུ་ནས་ལྟེ་བ་ནས་ཞུགས། སྙིང་གར་ཐིམ་པས་དབང་གི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་གྱུར་པར་མོས་ལ་བསྔོ་སྨོན་བཀྲ་ཤིས་བྱ། མེ་ཆང་གིས་གཞིལ་བའམ་རང་ཞིར་སོང་བའི་ཐལ་བ་མཐུན་པའི་རླུང་སོགས་ལ་བསྐུར་རོ།། །། ༈ ཡང་མཁའ་འགྲོ་གྲིབ་སེལ་མདོར་བསྡུས་པ་ནི། ཕྲིན་ལས་ལྟར་གཏོར་མཆོད་ཚོགས་བཅས་བཤམ། བུམ་པ་མགུལ་ཆིངས་ཁ་རྒྱན་དང་བཅས་པར་ཆུ་དང་ཉེར་ལྔ་ཆོས་སྨན་གྱིས་བཀང་བ་དང་། སྣོད་གཅིག་ཏུ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གི་དཀར་པོའི་ངོས་སུ་མར་མེ་ལྔ། ནག་པོའི་ངོས་སུ་ཁྲག་ཀོང་ལྔས་བརྒྱན། ཡང་ཤིང་ལེབ་ལྟ་བུའི་སྟེགས་སམ་སྣོད་ནག་པོར་གྲིབ་བདག་བུད་མེད་ནག་མོ་གཡས་དར་ནག་གཡོན་ཕྱགས་ཤིང་ཐོགས་པ་ལྔ་འབུར་རམ་སྤར་དུ་བཏབ་པ་ལ་གཏོར་ཆུང་ནག་པོ་ལྔ་དང་། ཤ་ཁྲག །མཐེབ་ཀྱུ། ཆངས་བུ། འབྲུ་ནག་སོགས་ཀྱིས་བསྐོར། ཀོང་ཟོར་ཟུར་གསུམ་དཔལ་འབར་བཙུགས་པ་དང་། མེ་ལོང་སོགས་ཉེ་བར་བསྡོགས་ལ། ཕྲིན་ལས་རྫོགས་པར་བཏང་བའི་བཟླས་པ་གྲུབ་མཚམས་སུ། བུམ་པ་རང་བྱུང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ གྲིབ་སེལ་བདུད་རྩིའི་རྒྱ་མཚོར་གྱུར༔ སྙིང་པོ་དང་། ཧྲཱིཿམ་ཧ་རི་ནི་ས་ཨ་ཨ་ཨ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཞེས་བཏགས་པ་ཅི་འགྲུབ་བཟླ། ཚོགས་བྱིན་རླབས་མཆོད་བཤགས་བསྒྲལ་བསྟབ་བཅས་སོང་བའི་མཚམས་སུ། བསྒྲུབ་བྱ་མདུན་དུ་འཁོད། འབྲང་རྒྱས་དཀར་པོའི་མར་མེ་སྤར་བ་བུ་མོ་གཙང་མའམ་ལས་རྡོར་གྱིས་བསྒྲུབ་བྱའི་སྤྱི་བོར་གཟུང་ལ། ཁྱེད་རང་གི་སྤྱི་བོའི་མར་མེ་ལྔ་པོ་མཁའ་འགྲོ་སྡེ་ལྔར་གསལ་བ་ལ་ཡེ་ཤེས་པ་བསྟིམས་ཤིང་མཆོད་བསྟོད་གསོལ་བ་བཏབ་པས། སྐུ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་མེ་ཕུང་ཁ་དོག་ལྔ་ལྡན་འཕྲོས་ཏེ། ཁྱེད་རང་གི་རྒྱུ་དུག་ལྔ་དང་འབྲས་བུ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ལྷག་མེད་དུ་བསྲེགས་ཤིང་སྦྱངས་པར་མོས་ཤིག །ཧྲཱི༔ ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་གཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ སྨན་རག་གཏོར་གསུམ་མཆོད་པ་འབུལ༔ ཡེ་ཤེས་མར་མེས་ཐུགས་དམ་བསྐང༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ གྲིབ་དང་མི་གཙང་དབྱིངས་སུ་སོལ༔ ཅེས་ཚར་གསུམ་མམ་བདུན་ལ་སོགས་པ་དང་། གོང་གི་སྔགས་ཅི་འགྲུབ་བརྗོད་ལ་འབྲང་རྒྱས་ཡར་གཞི་ལ་བསྟན་ཏེ་བཞག །ཡས་ལ་ཆབ་བྲན་ཏེ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས། གཟུགས་བརྙན་རྣམས་གྲིབ་ཀྱི་བདག་མོ་ནག་མོ་དར་ནག་གི་འཇོལ་བེར་ཅན། གཡས་དར་ནག་གཡོན་ཕྱགས་ཤིང་ཐོགས་པ། འཁོར་གཡོག་དུ་མས་བསྐོར་བ། ཡས་སྟགས་རྣམས་འདོད་རྒུ་ཟད་མེད་དུ་འཇོ་བའི་དཀོར་ཆ་ཤ་རི་ཁྲག་མཚོ་བདུད་རྩིའི་རྒྱ་མཚོ་དཔག་ཏུ་མེད་པར་གྱུར། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བརྗོད་པས་བྱིན་བརླབས་ལ། ཀྱེ༔ གྲིབ་བདག་ཐམས་ཅད་སྤྱན་འདྲེན་གྱིས༔ གཟུགས་ལ་དབྱེར་མེད་དམ་ལ་གནས༔ ཤ་ཁྲག་བདུད་རྩིའི་རྒྱ་མཚོ་དང༔ དཀོར་ཆ་སྣ་ཚོགས་འདི་བཞེས་ལ༔ གྲིབ་བདག་རྣམས་ཀྱིས་གྲིབ་སོལ་ཅིག༔ ཀག་ཟློག་རྣམས་ཀྱིས་ཀག་ཟློག་ཅིག༔ ཅེས་བརྗོད་ལ་འབྲང་རྒྱས་ནག་པོའི་ཁྲག་ཀོང་དུ་བསྒྲུབ་བྱའི་མཆིལ་མ་དོར་ལ་མདོས་ནང་དུ་འབུལ། ཆུ་སྦྲེང་ལ། སམྦྷ་རའི་སྔགས་ལན་བདུན་དང་། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་དང་ཞེན་པ་དང༔ དྲན་དང་མཐོང་རེག་བཟུང་བ་ཀུན༔ རྟུལ་ཞིག་ལྷོད་ཅིག་ད་ཁྲོལ་ཅིག༔ ཅེས་བརྗོད། སླར་ཡང་འབྲུ་ནག་སོགས་ཀྱིས་གསོས་ལ་གོང་གི །ཀྱེ༔ གྲིབ་བདག་ཐམས་ཅད་སོགས་ནས་འདིའི་བར་ལོ་གྲངས་སམ་ཚར་གྲངས་གང་འོས་ལོང་སྐབས་དང་བསྟུན་ལ་མཐར། བྷྱོ༔ གྲིབ་བདག་ཐམས་ཅད་དགྲ་ལ་བྷྱོ༔ མི་གཙང་གྲིབ་རྣམས་ཁྱོད་ཀྱིས་ལོངས༔ རྐྱེན་དང་བར་ཆད་ཁྱོད་ཀྱིས་ཟློག༔ གྲིབ་ཟོར་ནག་པོ་དགྲ་ལ་རྒྱོབ༔ གྲིབ་དང་མི་གཙང་བ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དང་དྲག་སྔགས་བརྗོད་པས་ཡས་རྣམས་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཕྱོགས་སུ་བསྐྱལ་གཞུག །ཀོང་ཟོར་གྱི་དཔལ་འབར་སྤར་ལ་མདོས་ཀྱི་རྗེས་སུ་འཕེན་བཅོལ་ཏེ། བྷྱོ༔ ཡེ་ཤེས་མཁའ་འགྲོ་མཐུ་རྩལ་ཅན༔ ཕྱག་ན་ཡེ་ཤེས་མེ་ཟོར་བསྣམས༔ སྟོང་གསུམ་གང་བའི་གྲིབ་རྣམས་སྲེགས༔ ཡེ་ཤེས་མེ་ཡིས་མཚམས་ཆོད་ཅིག༔ ཛྙཱ་ན་ཛྭ་ལཾ་རཾ༔ དེ་ནས་ཁྲུས་བུམ་དང་མེ་ལོང་ཐོགས་ལ། མདུན་གྱི་ནམ་མཁར་འབྱུང་བའི་ལྷ་མོ་ལྔ་དང་ཐ་དད་མེད་པ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་ལྔའི་ཕྱག་ན་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་བསྣམས་ནས། ཁྱེད་རང་ལ་ཁྲུས་གསོལ་བས་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་མི་གཙང་བའི་དྲི་མ་ཐམས་ཅད་སངས་ཀྱིས་དག །ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཐུགས་དམ་ཅན༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ བདག་དང་བསྲུང་བྱར་ཁྲུས་བགྱིས་པས༔ མི་གཙང་དྲི་མ་དག་པར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ༔ ཞེས་དང་། གོང་གི་སྔགས་མཐར། ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་བཏགས་པ་ཅི་ནུས་བརྗོད་ལ། ཁྲུས་བྱ་ཞིང་ཁོང་དུ་བླུད། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ ནད་གདོན་གྲིབ་དང་མི་གཙང་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་དང་ཤིས་བརྗོད་བྱེད་ཅིང་མེ་ཏོག་འཐོར། ཚོགས་རོལ་པ་སོགས་ཕྲིན་ལས་ཀྱི་རྗེས་ཆོག་རྣམས་བྱའོ།། །། ༈ ཡང་འདི་ལ་བརྟེན་ནས་སུན་ཟློག་མདོར་བསྡུས་བྱ་བར་འདོད་ན། ཕྲིན་ལས་ལ་དགོས་པའི་གཏོར་མཆོད་ཚོགས་རྣམས་དང་། དཔལ་གཏོར་གཙོ་འཁོར་ལྔ་རྒྱན་ལྡན་རྐང་གསུམ་ལྟ་བུའམ་སྟེགས་གོང་མར་བཀོད། དམར་གཏོར་གཙོ་འཁོར་ལྔ་ཤ་རྒྱན་བྱས་པ་དེ་ལས་དམའ་བར་བཀོད། འདྲ་གླུད་ཡས་སྟགས་ཅི་འབྱོར་བྱས་པ་དེ་མདུན་བཀོད། ཟོར་གཏོར་ཡང་བཤམས་ལ། ཕྲིན་ལས་ཀྱི་གཞུང་བསྲང་། ཚོགས་ཀྱི་མཆོད་བཤགས་བསྒྲལ་བསྟབ་ཡན་གྲུབ་པ་དང་། ཆབ་བྲན་ལ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་རྣམས་སུ་ཕྱི་ནང་གསང་བའི་སྐོང་རྫས་མཆོད་རྫས། བདུད་རྩི་དང་རཀྟའི་རྒྱ་མཚོ། ཤ་ཁྲག་གཏོར་མའི་རི་བོ། ཕུང་ཁམས་སྐྱེ་མཆེད་རྫོགས་པའི་འདྲ་གླུད། དགོས་འདོད་དཀོར་ནོར་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་ལས་དང་འཇིག་རྟེན་པ་ཐམས་ཅད་མཉེས་ཤིང་ཚིམས་པར་བྱེད་ནུས་པའི་མཆོད་སྦྱིན་འཇིག་རྟེན་ཀུན་རྒྱས་པར་གང་བར་གྱུར། ན་མཿསརྦ་སོགས་ནམ་མཁའི་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། སྤོས་དཀར་གྱི་དུད་པ་བཏང་། ཅང་ཏེའུ་རྐང་གླིང་སོགས་རོལ་མོ་བཅས་ཏེ། ཧྲཱི༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ཚོགས་མཁའ་འགྲོ་སྤྱན་འདྲེན་གྱིས༔ བདེ་ཆེན་གར་ཐབས་ཤིགས་སེ་ཤིག༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་རོལ་མོ་དི་རི་རི༔ རྣལ་འབྱོར་གདུང་བས་འབོད་ལགས་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཏིཥྛ་ལྷན༔ སྨན་རཀ་སྦྲེང་ལ། ༼ཡེ་ཤེས་མཁའ་འགྲོ་ནི།་་་ཧཱུྃ༔ སངས་རྒྱས་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ སངས་རྒྱས་མཁའ་འགྲོའི་སུན་མ་ཟློག༔ གཏི་མུག་བར་ཆད་དབྱིངས་སུ་གསོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རག་གཏོར་མས་ཐུགས་དམ་བསྐང༔ རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག༔ ཞེ་སྡང་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ རིན་ཆེན་མཁའ་འགྲོའི་སུན་མ་ཟློག༔ ང་རྒྱལ་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཧཱུྃ༔ པདྨ་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ པདྨ་མཁའ་འགྲོའི་སུན་མ་ཟློག༔ འདོད་ཆགས་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཧཱུྃ༔ ཀརྨ་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ ཀརྨ་མཁའ་འགྲོའི་སུན་མ་ཟློག༔ ཕྲག་དོག་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཞེས་སམ། བསྡུ་ན། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང༔ མཁའ་འགྲོ་རྣམས་ཀྱི་སུན་མ་ཟློག༔ དུག་ལྔའི་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཅེས་ལོ་གྲངས་སམ་ཚར་གྲངས་ཅི་ལྕོགས་བསགས། དེ་ནས་སམྦྷ་རའི་སྔགས་ལན་བདུན་བརྗོད་ལ། ༼ལས་ཀྱི་མཁའ་འགྲོ་ནི།་་་བྷྱོ༔ སངས་རྒྱས་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ བྷྱོ༔ རྡོ་རྗེ་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ བྷྱོ༔ རིན་ཆེན་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ བྷྱོ༔ པདྨ་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ བྷྱོ༔ ཀརྨ་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ བསྡུ་ན། བྷྱོ༔ ལས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་ཟློག་ཏུ་གསོལ༔ ཅེས་ཚར་གྲངས་གོང་དང་མཚུངས། མཐར། སྣང་སྲིད་ལྷ་འདྲེས་ཡས་ལོངས་ལ༔ ལས་ཀྱི་མཁའ་འགྲོ་དབྱིངས་སུ་གཤེགས༔ སྣང་སྲིད་ལྷ་འདྲེ་གནས་སུ་དེངས༔ སརྦ་ཨུཙྪཏ་ཡ་ཕཊ༔ ཅེས་བརྗོད་ལ་མདོས་གླུད་རྣམས་རི་བོའི་རྩེ་རུ་བསྐྱལ་བར་གསུངས། ཤར་དང་ཤར་ལྷོ་རྣམས་སུ་མི་བསྐྱལ་ལོ། །དེ་ནས། ཧཱུྃ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་སྒྲོལ༔ གཏོར་ཟོར་འབར་བའི་མཚོན་ཆ་འདིས༔ ལས་ཀྱི་མི་མཐུན་རྐྱེན་རྣམས་ཟློག༔ མ་ཧཱ་ཤ་རི་བྷྱོ་ཟློག༔ ཅེས་གཏོར་ཟོར་འཕང་། ལས་བྱང་ལྟར་སྲུང་འཁོར་བསྒོམ། ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲིབ་པའི་དྲི་མ་ཀུན་བྲལ་བ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཞེས་ཚེ་འགུགས་བྱ། དེ་ནས་ཚོགས་ལ་རོལ་པ་ཕྲིན་ལས་ཀྱི་རྗེས་ཆོག་རྣམས་བྱས་པས་གྲུབ་བོ། །ཚིག་ཉུང་དོན་ཟབ་དགོས་པ་ཀུན། །མ་ཚང་མེད་པའི་ཕྲིན་ལས་འདིས། །འགྲོ་ཀུན་མཁའ་སྤྱོད་ལམ་བཟང་དུ། །སྙེགས་ནས་ཆོས་ཀུན་དབང་སྒྱུར་ཤོག །ཅེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་གཏེར་གཞུང་ལས་ཁོལ་ཕྱུང་དུ་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ།། །། ༈ མཆོག་གླིང་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སུན་ཟློག་ལ་སྦྱར་རྒྱུའི་ཁ་སྐོང་དམིགས་བསལ་ནི། ཡེ་ཤེས་མཁའ་འགྲོ་ལ། བར་ཆད་དབྱིངས་སུ་སོལ༔ ཞེས་པའི་མཚམས་རྣམས་སུ། སྒྲུབ་མཆོག་རིག་འཛིན་སྐྱེས་བུ་ལ། །ཡེ་ཤེས་མཁའ་འགྲོས་བྱིན་གྱིས་རློབས། །ལས་དང་འཇིག་རྟེན་ཤ་ཟ་མོའི། །དམ་ཚིག་ཆད་པས་བསྡིགས་པ་ཡི། །ཀོ་ལོང་སུན་མ་དབྱིངས་སུ་ཞི། །སྡེ་བརྒྱད་དམ་སྲི་འབྱུང་ཚོགས་ཀྱིས། །བར་ཆད་སུན་མ་བྱེད་པ་ཡི། །དུས་མིན་འཆི་བ་ཟློག་ཏུ་གསོལ༔ ཞེས་དང་། ལས་ཀྱི་མཁའ་འགྲོ་ལ། དར་ཐག་དབྱིངས་སུ་སྡུས༔ ཅེས་པའི་མཚམས་རྣམས་སུ། ལས་དང་འཇིག་རྟེན་ཤ་ཟ་མོའི། །དམ་ཚིག་ཆད་པས་བསྡིགས་པ་ཡི། །ཀོ་ལོང་སུན་མ་དབྱིངས་སུ་ཞི། །སྡེ་བརྒྱད་དམ་སྲི་འབྱུང་ཚོགས་ཀྱིས། །བར་ཆད་སུན་མ་བྱེད་པ་ཡི། །རྐྱེན་ངན་བར་ཆད་ཟློག་ཏུ་གསོལ། །ཞེས་སྦྲེལ་ལོ། །ཞེས་པའང་ཉེར་མཁོའི་ཆེད་དུ་ཀརྨ་པ་བཅོ་ལྔ་པས་སྤེལ་བ་དགེ། །།
སུན་ཟློག་དང་བརྟན་བཞུགས་ཀྱི་ཆོ་ག་མདོར་བསྡུས་པ་གྲུབ་པའི་ཞལ་ལུང་བདུད་རྩིའི་ཟིལ་མངར་ (Volume 49, Text 50)
༄༅། །སུན་ཟློག་དང་བརྟན་བཞུགས་ཀྱི་ཆོ་ག་མདོར་བསྡུས་པ་གྲུབ་པའི་ཞལ་ལུང་བདུད་རྩིའི་ཟིལ་མངར་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ སུན་ཟློག་ཁྱེར་བདེའི་བཅའ་གཞི་ནི། གུང་དུ་རང་ཉིད་ཀྱིས་ཚེ་དཔག་མེད་སོགས་ཡི་དམ་གང་བྱེད་ཀྱི་མཆོད་གཏོར་དང་། ཉེ་ལོགས་སུ་གཏོར་ཟླུམ་ལྔ་ཚོམ་པད་འདབ་ཅན་མཐེབ་ཀྱུ་དང་རིལ་བུས་བརྒྱན་པ། ལས་བཞིའི་དཔལ་གཏོར་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་རྣམས་མཐེབ་ཀྱུ་དང་རིལ་བུས་བརྒྱན་ཅིང་སྤྲོ་ན་ཁ་དོག་སོ་སོར་བསྒྱུར། རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་བཅས་བཤམ། དེ་རྣམས་ཀྱི་མདུན་དུ་སྐུ་གླུད་ཆེ་བ་གླུད་ཕྲན་མང་པོས་བསྐོར་བ་དང་། ཉེར་སྤྱོད་དང་། འདོད་ཡོན་སོགས་སྤྱན་གཟིགས་དཀོར་ཆ་ཅི་འབྱོར་པས་མཛེས་པར་བྱས། དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མཆོད་གཏོར་དང་། སྐུ་གླུད་རྣམས། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ཁ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ་ལན་གསུམ། འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཅེས་བརླབས་ཏེ་སྤྱིར་བསྔོ་བ་ནི། ཧྲཱིཿ ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་དག་སྣང་མ།་་་ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས། །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས། །ཚེ་ལྷ་ཡབ་ཡུམ་སྣང་སྟོང་འོད་ཟེར་ཀློང་། །ཉི་ཤུ་རྩ་བཞིའི་དཔའ་བོོ་མཁའ་འགྲོས་བསྐོར། །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་རྣམས། །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་། །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན། །དགྱེས་པར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད། དེ་ནས་རིགས་ལྔའི་ལྷ་ཚོགས་ལ་མཆོད་གཏོར་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ཆོས་རྒྱལ་གཏེར་བདག་གླིང་པའི་མནལ་ལམ་མ།་་་ཞེ་སྡང་རྣམ་དག་རྡོ་རྗེ་རིགས་ཀྱི་ལྷ། །ཞི་བའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་བསུན་མ་ཟློགས། །འབྱུང་བ་ཆུ་དང་ཉོན་མོངས་ཞེ་སྡང་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མེ་ལོང་ཡེ་ཤེས་རྡོ་རྗེ་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ང་རྒྱལ་རྣམ་དག་རིན་ཆེན་རིགས་ཀྱི་ལྷ། །རྒྱས་པའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་བསུན་མ་ཟློགས། །འབྱུང་བ་ས་དང་ཉོན་མོངས་ང་རྒྱལ་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མཉམ་ཉིད་ཡེ་ཤེས་རིན་ཆེན་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །འདོད་ཆགས་རྣམ་དག་པདྨ་རིགས་ཀྱི་ལྷ། །དབང་གི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ནུབ་ཕྱོགས་པདྨ་མཁའ་འགྲོའི་བསུན་མ་ཟློགས། །འབྱུང་བ་མེ་དང་ཉོན་མོངས་འདོད་ཆགས་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །སོར་རྟོག་ཡེ་ཤེས་པདྨ་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ཕྲག་དོག་རྣམ་དག་ལས་ཀྱི་རིགས་ཀྱི་ལྷ། །མངོན་སྤྱོད་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་བསུན་མ་ཟློགས། །འབྱུང་བ་རླུང་དང་ཉོན་མོངས་ཕྲག་དོག་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་ཤོག །གཏི་མུག་རྣམ་དག་སངས་རྒྱས་རིགས་ཀྱི་ལྷ། །ལྷུན་གྲུབ་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །དབུས་ཕྱོགས་བུདྡྷ་མཁའ་འགྲོའི་བསུན་མ་ཟློགས། །འབྱུང་བ་མཁའ་དང་ཉོན་མོངས་གཏི་མུག་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །ཆོས་དབྱིངས་ཡེ་ཤེས་ལྷུན་གྲུབ་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ལས་བཞིའི་གཏོར་མ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། ལྷ་བཙུན་རིན་པོ་ཆེའི་གསུང་།་་་ཤར་ནས་རྡོ་རྗེ་མཁའ་འགྲོ་དཀར་མོ་འབུམ། །ཞེ་སྡང་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །ཞི་བའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །མེ་ལོང་ཡེ་ཤེས་ངང་དུ་དར་ཐག་སྡུས། །ལྷོ་ནས་རིན་ཆེན་མཁའ་འགྲོ་སེར་མོ་འབུམ། །ང་རྒྱལ་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །རྒྱས་པའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །མཉམ་ཉིད་ཡེ་ཤེས་ངང་དུ་དར་ཐག་སྡུས། །ནུབ་ནས་པདྨ་མཁའ་འགྲོ་དམར་མོ་འབུམ། །འདོད་ཆགས་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །དབང་གི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །སོར་རྟོག་ཡེ་ཤེས་ངང་དུ་དར་ཐག་སྡུས། །བྱང་ནས་ལས་ཀྱི་མཁའ་འགྲོ་ལྗང་ནག་འབུམ། །ཕྲག་དོག་ལས་ལ་རྔམས་པའི་ལྷ་སྲིན་ཚོགས། །དྲག་པོའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །བྱ་གྲུབ་ཡེ་ཤེས་ངང་དུ་དར་ཐག་སྡུས། །མཚམས་བཞིའི་དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཡང་། །རང་རང་བྲན་གཡོག་ལྷ་སྲིན་སྡེ་བརྒྱད་བཅས། །ལས་བཞིའི་མཆོད་གཏོར་བཞེས་ལ་བར་ཆད་སོལ། །རང་རང་དར་ཐག་ཆོས་ཀྱི་དབྱིངས་སུ་སྡུས། །སྣང་སྲིད་ཐམས་ཅད་སངས་རྒྱས་མཁའ་འགྲོའི་ཞིང་། །སྐུ་གསུམ་འབྲས་བུ་ཡེ་ནས་ལྷུན་གྲུབ་ངང་། །ཆོས་ཀྱི་དབྱིངས་ན་བཟང་ངན་འཕོ་འགྱུར་བྲལ། །མཉམ་ཉིད་ངང་དུ་རྣམ་རྟོག་འཚེ་བ་ཟློགས། །གྲངས་གསོག་བྱེད་ན་མཆོད་གཏོར་སོ་སོར་གསོ་བྲན་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་བརླབ། རིགས་ལྔ་དང་ལས་བཞིའི་མཆོད་གཏོར་འབུལ་བ་ལ་གྲངས་གཟུང་། གྲངས་རྫོགས་པ་ན། རིགས་ལྔའི་གཏོར་མ་ཁང་ཐོག་གི་དབུས་དང་། ལས་བཞི་ཕྱོགས་བཞིར་འབུལ། དེ་ནས་གསེར་སྐྱེམས། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁྱོན་གང་བའི། །ལས་བཞིར་དབང་སྒྱུར་དཔའ་བོ་མཁའ་འགྲོ་དང་། །སྡེ་བརྒྱད་དྲེགས་པའི་བསུན་མ་ཟློག་ཏུ་གསོལ། །སྔོན་ལས་འཕྲལ་རྐྱེན་ལྟས་ངན་བར་ཆད་དང་། །ཆག་ཆེ་ཉམ་ང་རྦོད་གཏོང་བྱད་སྟེམས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་བདེན་པས་ཟློགས། །ཚེ་རྐུ་སྲོག་འཕྲོག་སྟོབས་དཔལ་དབང་ཐང་དང་། །བཀྲག་མདངས་གཟི་བརྗིད་འགལ་བའི་བསུན་མ་ཟློགས། །བླ་ཚེ་སྲོག་ཚེ་དབུགས་ཚེ་ཡར་དང་གུད། །ཉམས་ཆད་དུས་མིན་འཆི་བའི་ལྟས་མི་བཟད། །ཆོས་སྐྱོང་སྲུང་མའི་དཔུང་གིས་ཟློག་པར་གྱིས། །དཔའ་བོ་ཌཱ་ཀིའི་ནུས་པས་མཚམས་ཆོད་ཅིག །བླ་མ་ཡི་དམ་ཐུགས་རྗེས་དེང་སྐྱོབས་ལ། །སྟན་འདིར་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །སླར་ཡང་སྐུ་གླུད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརླབས་ལ། ཨེ་ཝཾ་མཉམ་སྦྱོར་ཐབས་ཤེས་དབྱིངས་ཆེན་པོར། །ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ་འོད་དང་། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿདང་ཨཱ་ལི་དང་། །ཀཱ་ལི་ཐབས་ཤེས་མཉམ་སྦྱོར་རྟེན་འབྲེལ་བཅུད། །ཏིང་འཛིན་འོད་སྐུར་འདུས་པའི་དགྱེས་མཆོད་སྤྲིན། །ཟབ་གསང་རྡོ་རྗེ་དབྱིངས་ཀྱི་རོལ་རྒྱན་དུ། །རྣམ་རོལ་ཡེ་ཤེས་སྣང་བ་རྒྱན་གྱི་གླུད། །འཕོ་བ་ཆེན་པོ་རྟག་བརྟན་འགྱུར་མེད་ངང་། །འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་དུ་འབུལ། །བཞེས་ནས་དངོས་འཛིན་མཚན་མའི་རྣམ་རྟོག་སོལ། །སྐྱེ་འཆིའི་འཛིན་མདངས་འཇའ་སྐུར་ཡལ་གྱུར་ཅིག །གླུད་གྲངས་གསོག་ན་གླུད་ཕྲན་རེ་རེ་ནས་བྱིན་རླབས་དང་འབུལ་བ་གོང་ལྟར་བྱས་པའི་མཐར། སྐུ་གསུམ་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི། །དབྱིངས་མཆོག་འོད་གསལ་དྭངས་མ་རྡོ་རྗེའི་ཡུམ། །རིགས་འདུས་འབུམ་ཕྲག་ཡེ་ཤེས་ཌཱ་ཀི་མ། །ལྷན་སྐྱེས་སྲིད་ཞིར་རོ་གཅིག་རྡོ་རྗེའི་དབྱིངས། །འབར་བའི་འོད་སྐུར་བརྗིད་པའི་གཏོར་མ་དང་། །སྲིད་ཞིའི་བདེ་ཆེན་ཕུན་ཚོགས་མཆོད་པའི་སྤྲིན། །ལྷུན་འབྱམས་ཤར་གྲོལ་དག་པའི་ཀློང་ནས་བཞེས། །མཚན་འཛིན་བར་ཆད་ཐམས་ཅད་ཆོས་སྐུར་ཟློགས། །མི་ཤིགས་གསང་མཆོག་རྡོ་རྗེའི་མཁའ་དབྱིངས་སུ། །འཁོར་འདས་རྣམ་རོལ་སྒྱུ་མའི་རོལ་རྩེད་བསྡུ། །ཀུན་ཏུ་བཟང་མོའི་དབྱིངས་ཀྱི་འོད་གསལ་ངང་། །སྙིང་གུར་དབུས་སུ་འཆི་མེད་བདུད་རྩིར་ཨཿ ཞེས་གཏོར་མ་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་ནུབ་ཕྱོགས་སུ་བསྐྱལ། དྲག་སྔགས་ཀྱིས་མཚམས་བཅད། རྡོ་རྗེའི་སྲུང་འཁོར་བསྒོམ། བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །བླ་མ་སོགས་ཀྱི་ཆེད་དུ་ཡིན་ན། སྲུང་འཁོར་བསྒོམས་པའི་རྗེས་སོ་སོའི་ཞབས་བརྟན་གསོལ་འདེབས་གྲངས་མང་དུ་འདོན་པའམ། བརྟན་བཞུགས་སྤྱི་འགྲེ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བླ་མ་མཆོག་གསུམ་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །བསྟན་འགྲོའི་དཔལ་མགོན་རྗེ་བཙུན་བླ་མ་མཆོག །བསྐལ་བརྒྱར་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་དང་། ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་།་་་སྣང་སྟོང་བདེ་ཆེན་གཞོམ་མེད་རྡོ་རྗེའི་སྐུ །མཚན་དཔེའི་ལང་ཚོ་རབ་རྒྱས་རྒྱལ་ཀུན་གྱི། །ངོ་མཚར་སྤྱི་གཟུགས་གང་འདུལ་སྤྲུལ་པའི་སྐུ །འགྱུར་མེད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསོལ། །གྲགས་སྟོང་འགག་པ་མེད་པ་རྡོ་རྗེའི་གསུང་། །ཡན་ལག་དྲུག་ཅུ་ཟབ་གསང་ཆོས་ཀྱི་སྒྲ། །འགྲོ་བློའི་བསམ་པ་བཞིན་སྟོན་ལོངས་སྤྱོད་རྫོགས། །འགག་མེད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ། །རིག་སྟོང་སྐྱེ་འགག་གནས་བྲལ་རྡོ་རྗེའི་ཐུགས། །ཟབ་གསལ་ཡེ་ཤེས་ཆོས་ཀུན་འབྱུང་བའི་དབྱིངས། ཁྱབ་བདག་རྒྱལ་བའི་སྙིང་པོ་ཆོས་ཀྱི་སྐུ །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ། །ཀུན་ཁྱབ་མཁའ་ལ་ཕྲིན་ལས་ཉིན་མོར་བྱེད། །འཆར་ནུབ་ཡོངས་བྲལ་ཕན་བདེའི་སྣང་བ་ཅན། །བསྟན་འགྲོའི་པད་ཚལ་རྒྱས་པའི་ཉེར་འཚོ་མཆོག །བསྐལ་པ་རྒྱ་མཚོར་རབ་ཏུ་གསལ་གྱུར་ཅིག །ཕན་བདེ་འབྱུང་བའི་སོགས་དང་། སྟོན་པ་འཇིག་རྟེན་ཁམས་སུ་འབྱོན་པ་དང་། །ཞེས་སོགས་བརྗོད་ཅིང་གསོལ་བ་རྩེ་གཅིག་ཏུ་གདབ་བོ།། །། ༈ ཡང་རང་ཉིད་ལ་བཀའ་དྲིན་ཆེ་བའི་རྡོ་རྗེ་སློབ་དཔོན་སོགས་ཡུལ་ཁྱད་པར་ཅན་ལ་བརྟན་བཞུགས་དམིགས་བསལ་འབུལ་བའི་ཚུལ་ནི། ཟླ་བ་ཡར་ངོའི་དུས་ཚེས་བཟང་པོར་གནས་ཁང་ཕྱག་བདར་བྱ་ཞིང་བཀོད་པས་མཛེས་པར་བརྒྱན་པའི་གུང་དུ་སེང་གེའི་ཁྲི་ཕུན་སུམ་ཚོགས་པ་བརྟན་བཞུགས་ཀྱི་གདིང་བའམ་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོས་མཚན་པས་བཀབ་པ་དང་། དེའི་མདུན་དུ་མཆོད་པའི་བྱེ་བྲག །ཉེ་ལོགས་གང་བདེར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དང་། མཆོད་གཏོར། མཎྜལ་དང་སྐུ་གསུང་ཐུགས་རྟེན། བཀྲ་ཤིས་ཀྱི་ཡོ་བྱད་སོགས་ཉེར་མཁོ་རྣམས་དང་། གོང་དུ་སྨྲོས་པའི་བསུན་ཟློག་གི་བཅའ་གཞི་རྣམས་ཀྱང་བསྒྲིག །སྤྲོས་པ་ཆེ་ན་དར་ལམ་དང་མཁའ་འགྲོའི་ཆས་ཞུགས་སོགས་ཀྱང་ཕྱག་ལེན་ལྟར་ཉེར་བསྡོགས་བྱ། དེ་ནས་སྔ་བར་ལངས་ཏེ་ཚེ་དཔག་མེད་ཀྱི་ཆོ་ག་བཀའ་གཏེར་རྒྱས་བསྡུས་གང་རིགས་དང་། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ། ཚོགས་མཆོད་བྱེད་ན་ཚོགས་ཐ་མའི་བར་སྔོན་དུ་སོང་ནས། ཉི་མ་འཆར་ཀའི་དུས་དང་འགྲིགས་ན་མཆོག་ཏུ་ལེགས་ཤིང་། གང་ལྟར་ཡང་སྔ་དྲོའི་ཆར་བརྟན་བཞུགས་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་ཏེ་སྤྱན་དྲངས་ནས་མངོན་པར་བཤམས་པའི་ཁྲི་ལ་བཞུགས་སུ་གསོལ་རྗེས། ལས་བུམ་གྱི་ཆུས་གདངས་སྙན་པ་དང་བཅས་ཏེ་མེ་ལོང་གི་ངོགས་ལ་སྐུ་ཁྲུས་གསོལ་བ་ནི། ཨོཾ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྐུ་ཕྱི་བའི་ཚུལ་དང་བཅས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། དེ་ནས་སུན་ཟློག་དངོས་གོང་ལྟར་ལ། ཚར་གཅིག་མ་གཏོགས་གྲངས་གསོག་མི་དགོས་པས། རིགས་ལྔ། ལས་བཞི། གསེར་སྐྱེམས། གླུད་བསྔོ་རྣམས་སོ་སོའི་ཚིག་མཚམས་སུ་འཇམ་རོལ་དང་བཅས་མཆོད་གཏོར་གཤེགས། དར་ལམ་དང་ཆས་ཞུགས་ཡོད་ན་ལས་བཞིའི་སྐབས་རིམ་པར་བསྡུ་ཞིང་ཆས་ཞུགས་རྣམས་ལ་གཏོར་མ་བསྐུར་ནས་ཕྱིར་བསྐྱལ་ལོ། །དེ་ནས་སློབ་དཔོན་གདན་ཁྲི་དང་བཅས་པ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། དམིགས་བསལ་ཚེ་ཆོག་གང་ཡིན་གྱི་གཙོ་བོའི་སྐུར་བསྐྱེད། སྤྱི་ཁྱབ་ཙམ་དུ། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ། བྱུང་བ་རྡོ་རྗེ་དང་གཡུང་དྲུང་གིས་མཚན་པའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ་ཧྲཱིཿདམར་པོ་ལས་རྡོ་རྗེ་སློབ་དཔོན་ཨོ་རྒྱན་ཚེ་དཔག་མེད་སྐུ་མདོག་བྱེ་རུའི་ལྷུན་པོ་ལ་ཉི་མ་ཤར་པ་ལྟར་རབ་ཏུ་དྭངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཨོ་རྒྱན་ཚེ་དཔག་མེད་པའི་རྣམ་པར་སྤྱན་དྲངས་ནས་སིབ་སིབ་ཐིམ་པར་གྱུར། སྤྲོ་ན་ཚིག་བདུན་གསོལ་འདེབས་དང་། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་དབྱངས་དང་བཅས་པ་བྱ། གང་ལྟར་ཡང་ཚེ་གཟུངས་བཟླ་ཞིང་རོལ་མོའི་སྒྲ་སྙན་པར་སྦྱར་སྤོས་བཏུལ་བ་དང་བྱིན་ཕབ་པའི་མཐར། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བརྟན་པར་བསམ། མཆོད་ཕྲེང་རྒྱས་པའམ་བསྡུ་ན། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡའི་བར་སྦྱར་བས་མཆོད་ཅིང་རོལ་མོ་བྱ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཚེ་འགུགས་ནི་མདའ་དར་གཡབ་ཅིང་། བདག་མདུན་རྡོ་རྗེ་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་འོད་ཟེར་ཉི་མ་འཆར་ཀའི་མདངས་ལྟ་བུར་བཀུག་སྟེ་ཐུགས་ཀར་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་བསམ་ལ། དམིགས་བསལ་ལས་གཞུང་གང་ལ་བརྟེན་པ་ལྟར་བྱ། སྤྱི་ཁྱབ་ཙམ་དུ། ཧཱུྃ༔ བྱང་གཏེར།་་་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྡོ་རྗེ་སློབ་དཔོན་སྐུ་ཚེའི་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་ལ༔ བྲོས་དང་འཁྱམས་དང་ཡར་པའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་ཕྲོགས་དང་གཞོམས་པའི་ཚེ་ཁུག་ཅིག༔ འབྱུང་བའི་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་ཐོར་པའི་ཚེ་གསོས་ཤིག༔ ཡེད་ཀྱིས་དངངས་དང་ཧད་ཀྱིས་བརྒྱལ་བ་དང༔ འུད་ཀྱིས་འདྲོགས་པའི་ཚེ་དང་གཡང་གསོས་ཤིག༔ ཚེ་ཁུག་གཡང་སྐྱོབ་དངོས་གྲུབ་དེང་འདིར་སྩོལ༔ འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་སྟིམས༔ འཆི་མེད་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ ཅེས་ཚེ་འགུག་ཅིང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། དེ་ནས་ཚེ་བུམ་སོགས་ཚེའི་རྟེན་རྫས་རྣམས་སོ་སོའི་དབང་གཞུང་ལྟར་ཚིག་ཅུང་ཟད་ཁ་བསྒྱུར་བས་ཕུལ། སྤྱིར་བཏང་དུ། ཚེ་བུམ་ཕུལ་ལ། ཧྲཱི༔ མགོན་པོ་ཚེ་དཔག་མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཇམ་རོལ་དང་བཅས་མེ་ཏོག་འཐོར་ཞིང་། སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག །ཅེས་བརྗོད། ཚེ་རིལ་ཕུལ་ལ། བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་ཁྱེད་ཀྱིས་གསོལ་བར་གྱིས། །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟ། །ཞེས་དང་། ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་པ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཚེ་ཆང་ཕུལ་ལ། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་དང་། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་པ་ལ་བརྟེན་ནས་ཤེས་རབ་སྟོང་ཉིད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །སྤྲོ་ན་སྐབས་འདིར་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམ་པའི་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་སྙན་འབུལ་གྱིས་མཚམས་སྦྱར་ཏེ་མཎྜལ་ཕུལ། གང་ལྟར་ཡང་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་དཔལ་ལྡན་བླ་མ་དམ་པ་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པའི་སླད་དུ་འབུལ་བར་བགྱི་འོ་སོགས་སྦྱར། དེ་ནས་སྐུ་གསུང་ཐུགས་རྟེན་སོགས་ཡོད་ན་རིམ་པར་འབུལ་ཞིང་། སྐུ་རྟེན་ལ། བསྟན་འགྲོའི་གཙུག་རྒྱན་རྗེ་བཙུན་བླ་མ་ལ། །ངོ་མཚར་མཚན་དཔེའི་སྣང་བརྙན་འདི་ཕུལ་བས། །གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་པའི། །དགེ་མཚན་སྣང་བ་རྟག་ཏུ་འབར་གྱུར་ཅིག །གསུང་རྟེན་ལ། ཆོས་ཀྱི་དབང་ཕྱུག་རྗེ་བཙུན་བླ་མ་ལ། །ཐེག་མཆོག་བདུད་རྩིའི་གླེགས་བམ་འདི་ཕུལ་བས། །གང་གསུང་ཡན་ལག་དྲུག་ཅུའི་སྤྲིན་ཆེན་ལས། །ཟབ་རྒྱས་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །ཐུགས་རྟེན་ལ། ཡེ་ཤེས་མཆོག་བརྙེས་རྗེ་བཙུན་བླ་མ་ལ། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་འདི་ཕུལ་བས། །གང་ཐུགས་སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །གཟིགས་པས་བདག་སོགས་འགྲོ་ལ་ལྷག་པར་དགོངས། །ཡོན་ཏན་གྱི་རྟེན་བུམ་པ་བཅུད་ལྡན་ལྟ་བུ་ལ། ཡོན་ཏན་རྨད་བྱུང་རྗེ་བཙུན་བླ་མ་ལ། །འདོད་དགུ་འཇོ་བའི་བུམ་བཟང་འདི་ཕུལ་བས། །བྲལ་སྨིན་ནོར་བུའི་དགའ་སྟོན་མི་ཟད་པས། །ས་གསུམ་འགྲོ་བའི་རེ་བ་སྐོང་མཛད་གསོལ། །ཕྲིན་ལས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་ལྟ་བུ་ལ། ཕྲིན་ལས་མཐའ་ཡས་རྗེ་བཙུན་བླ་མ་ལ། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི་ཕུལ་བས། །གང་འདུལ་ཕན་དང་བདེ་བའི་མཛད་པ་མཆོག །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་པའམ། ཡང་ན་ཚིག་ལྷུག་པ་ཇི་ལྟར་རིགས་པའི་སྒོ་ནས་ཕུལ། དེ་ནས་གསོལ་བ་འདེབས་རྟེན་འབུལ་ཚན་སོགས་ཡོད་ནའང་རིམ་པར་ཕུལ། འདུན་པ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་བཏབ་པའི་མཐར། དེ་ལྟར་ཡོངས་རྫོགས་བསྟན་དང་འགྲོ་བའི་སྐྱབས་གཅིག །མཚུངས་བྲལ་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་གང་ཉིད། རིས་སུ་མ་ཆད་པའི་བསྟན་པ་དང་། མཐའ་ཡས་པའི་འགྲོ་བའི་མགོན་དུ་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པར། བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པ་ལགས་ན། དེ་དེ་བཞིན་དུ་ཞལ་གྱིས་བཞེས་པ་ཅི་གནང་། ཞེས་པ་ལྟ་བུའི་ཞལ་བཞེས་ཞུ་བའི་རིམ་པ་རྒྱས་བསྡུས་ཇི་ལྟར་རིགས་པས་གསོལ་བ་བཏབ་པའི་ལན་དུ། སློབ་དཔོན་གྱིས་དམིགས་བསལ་འདི་ཙམ་བཞུགས་པའི་ཞལ་བཞེས་སམ། སྤྱིར་བཏང་ཙམ་དུ། གལ་ཏེ་བསྟན་པ་རྒྱས་པ་དང་། །སེམས་ཅན་ཕན་པའི་རྒྱུར་འགྱུར་ན། །མི་ལོ་བརྒྱ་རྩ་བརྒྱད་ལྷག་སོགས། །གང་འདོད་འཚོ་བར་བླ་མ་དང་། །རྒྱལ་བ་སྲས་དང་བཅས་པས་བདག །དབང་བཅུ་ལྡན་པར་བྱིན་གྱིས་རློབས། །ཞེས་པ་ལྟ་བུའི་ཞལ་བཞེས་གནང་བྱུང་བ་དང་། གཏང་རག་གི་མཎྜལ་གྱི་ཚིག་གོང་ལྟར་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་བགྱི་འོ། །ཞེས་སྒྱུར་ལ་ཕུལ། དེ་ནས་ཞལ་བསྲོའི་སླད་དུ་ཚོགས་འཁོར་ཡོད་ན་ཕུལ་ཞིང་བསམ་པ་ལྷུན་གྲུབ་མའི་གསོལ་འདེབས་བྱ། བཀྲ་ཤིས་པའི་རྫས་བརྒྱད་བསང་སྦྱང་བྱིན་བརླབས་ལ་སྤྱི་ལྟར་འབུལ་ཞིང་། ཚིག་ལྷུག་པའི་སྟོང་ཐུན་སྦྱར་ན། དེང་འདིར་དཔལ་ལྡན་བླ་མ་དམ་པའང་མེ་ལོང་གི་རྫས་ལ་བརྟེན་ནས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་སྦྱར། སྤྲོ་ན་རྟགས་བརྒྱད་དང་། སྣ་བདུན་ཡང་སྤྱི་ལྟར་འབུལ། གང་ལྟར་ཡང་མཐར། ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ། བརྟན་བཞུགས་འབུལ་ཡུལ་སྤོས་རོལ་སོགས་བསྐུར་སྟི་དང་བཅས་རང་གནས་སུ་སྤྱན་དྲངས། ཚོགས་མཆོད་ཡོད་པའི་ཚེ་ལྷག་མ་མན་དང་། གཞན་དུ་མཆོད་བསྟོད་སོགས་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་རང་རང་གི་གཞུང་ལྟར་བྱའོ།། །། ༈ ཡང་སུན་ཟློག་གི་བཅའ་འདོན་ཤིན་ཏུ་བསྡུ་ན། ཤོམས་ཀྱི་སྐབས་མཁའ་འགྲོའི་དཔལ་གཏོར་གསེར་སྐྱེམས། སྐུ་གླུད་ཙམ་གྱིས་འཐུས། དངོས་གཞིར་ཁྲུས་གསོལ་གྱི་རྗེས། གླུད་གཏོར་བསང་སྦྱང་། ཨོཾ་ཨཱཿཧཱུྃ།་་་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་། དག་པ་རབ་འབྱམས་ཀྱི་མདངས་ནམ་མཁའི་སྣོད་ཆེན་པོར་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ་ནམ་མཁའ་མཛོད་ཀྱི་རིག་པ་བརྗོད། ཀྱེ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། །འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང་། །ཐུགས་བདེ་ཆེན་གྱིས་རབ་མྱོས་སྤྲིན་ཕུང་བཞིན། །དེང་འདིར་གཤེགས་བདག་གི་ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། །དེ་ཟག་མེད་བདུད་རྩིར་སྦར་ཏེ་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །སྒོས་རིགས་ལྔའི་མཁའ་འགྲོའི་བསུན་མ་ཟློགས། །བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང་། །ཆོས་ཟབ་དོན་གྱིས་གྲངས་མེད་གདུལ་བྱའི་འགྲོ །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་པས་ནུབ་ཕྱོགས་ཕུལ་ལ། སློབ་དཔོན་ཚེ་དཔག་མེད་དུ་གསལ་གདབ་པ་སོགས་མན་གོང་ལྟར་བྱའོ།། །། ༈ སྐབས་འགའ་ཞིག་ཏུ་སུན་ཟློག་དང་མ་འབྲེལ་བའི་བརྟན་བཞུགས་རྐྱང་པ་ལ། གཤོམ་གྱི་སྐབས་སུན་ཟློག་གི་བཅའ་གཞི་རྣམས་མི་དགོས་ཤིང་། དངོས་གཞི་སྦྱོང་བ་གསུམ་དང་། ཁྲུས་གསོལ་སྔོན་དུ་འགྲོ་བས། སློབ་དཔོན་ཚེ་དཔག་མེད་དུ་གསལ་གདབ་པ་སོགས་དཀྱུས་ལྟར་བྱ། དེ་ཡང་དྲག་པོའི་སྦྱོང་བའི་བདེན་བདར་གྱི་སྐབས་སུ། དེང་འདིར་དཔལ་ལྡན་བླ་མ་དམ་པ་ཞབས་པད་བརྟན་པའི་ཆོ་ག་བསྒྲུབ་པ་ལ་བར་དུ་གཅོད་པའི་སོགས་སྦྱར། ཁྲུས་གསོལ་གོང་དུ་བཀོད་པའམ། ཡང་ན། ཁྲུས་ཀྱི་ཁང་པ་སོགས་ཀྱིས་ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །སོགས་སྔགས་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི་བ་རྣམས་སྤྱི་ལྟར་བྱས་ཀྱང་རུང་ངོ་། །ཞེས་པའང་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་ཟབ་མོ་དག་སྣང་མའི་ཆོས་སྡེ་དང་། རིག་འཛིན་གཏེར་བདག་གླིང་པའི་མནལ་ལམ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་མས་བསྩལ་བའི་སུན་ཟློག་དང་བརྟན་བཞུགས་ཀྱི་ཚིགས་སུ་བཅད་པའི་རྡོ་རྗེའི་གསུང་རྩ་བར་བཟུང་། འཐད་འོས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་འཇུག་བདེ་དོན་ཚང་སྙིང་པོར་དྲིལ་བ་འདི་ཡང་། རིག་འཛིན་གྱི་བཙུན་པ་མཉྫུ་གྷོ་ཥས་ཟིན་བྲིས་སུ་བགྱིས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། བསྟན་འགྲོའི་ཕན་བདེ་མཆོག་ཏུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
མན་ངག་རིན་ཆེན་གཏེར་གྱི་བུམ་པ་ལས༔ ཞྭ་བཟོ་ (Volume 40, Text 50)
ྈ མན་ངག་རིན་ཆེན་གཏེར་གྱི་བུམ་པ་ལས༔ ཞྭ་བཟོ་བཞུགས༔ རྟ་མགྲིན་གསང་འདུས་ཆ་ལག་ཞྭ་ཆོས་རིན་ཆེན་འབར་བ་ཞེས་པ་ལགས་སོ།། ྈྈྈྈྈྈྈྈྈྈྈྈྈ ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ བདག་ནི་རྒྱ་གར་མཁས་པ་པདྨ་འབྱུང༔ མན་ངག་བྱེ་བ་དཔག་མེད་ཤེས་མོད་ཀྱང༔ མ་འོངས་དོན་དུ་གྲངས་མེད་གཏེར་དུ་སྦས༔ དབང་ཆེན་མཐར་ཐུག་གསང་ཆེན་ཆ་རྐྱེན་དུ༔ མན་ངག་རིན་ཆེན་གཏེར་གྱི་བུམ་པ་འདི༔ དགོས་འདོད་ཀུན་འབྱུང་རྒྱལ་བའི་དཀོར་མཛོད་འདྲ༔ སྙིགས་མའི་དུས་སུ་འགྲོ་དོན་མཐའ་རྒྱས་ཤོག༔ དང་པོ་ནི་ཨོ་རྒྱན་བདག་གི་རྗེས་འཇུག་ཟབ་མོའི་གཏེར་ཆོས་ལ་སྤྱོད་པ་རྣམས་ཀྱིས་ཆོས་བརྒྱུད་འཛིན་པ་དང་བཅས་པས༔ རང་གི་དབང་རྟགས་འཛིན་པའི་མཆོག༔ ཞྭ་མཆོག་རིན་ཆེན་འབར་བ་བསྟན་པར་བྱ་སྟེ༔ རྒྱུ་ནི་རབ་ཟ་འོག་གོས་ཆེན༔ འབྲིང་དར་ཆེན་ནམ་ལིང༔ ཐ་མ་རས་ལ་ཚོན་གྱིས་བསྒྱུར་རོ༔ ལག་ལེན་ཕྱིང་པ་ལ་ནང་བྱས་ཏེ༔ དབྱིབས་ཟླུམ་ལ་ལྷུན་ཆགས་པ༔ རྩེ་མོ་ཟབ་པ༔ དཀྱིལ་ཟླུམ་པ༔ རྩ་བ་མཆོད་རྟེན་བུམ་པའི་བབ་འདྲ་བའོ༔ དཔངས་ནི་ཞྭ་རབ་ལ་མཐོ་གང་དང་མཐེབ་མཛུབ་གང༔ འབྲིང་ལ་མཐོ་གང་སོར་བཞི༔ ཆུང་བ་ལ་མཐོ་གང་བྱ༔ འཁོར་ཡུག་ཏུ་ཆེ་བ་ལ་མཐོ་གསུམ༔ འབྲིང་བ་ལ་མཐོ་དོ༔ ཆུང་བ་ལ་མཐོ་གསུམ་ཕྱེད་བསྐྱུང་ངོ༔ དེ་ལ་རྒྱབ་ཀྱི་པདྨ་ཞིང་དཀྱུས་མཉམ་སྟེ་མཐོ་གང་དང་སོར་གཉིས༔ གཡས་གཡོན་གཉིས་མཐོ་རེ་རེ༔ རྩ་བ་ཅུང་ཕྲ་བས་མཐེབ་མཛུབ་རེ་བྱ༔ མདུན་པད་མཐེབ་མཛུབ་གང་བ་ཞེང་སོར་དྲུག་པ་རྩ་བ་སོར་ལྔ་པ་བྱའོ༔ དཔེར་ན་པདྨ་ཁ་བྱེ་བའི་དབྱིབས་སུ་བྱ༔ ཐོད་པ་དང་པདྨ་རྣམས་ཕྱི་མཐིང་ག་ལ་ཁ་འགྲིལ་དམར་པོ་བྱ༔ དེ་བཞིན་དུ་ཁ་འགྲིལ་སྔོན་པོ་བྱ་སྟེ༔ འཇམ་པར་བཙེམ༔ མེ་ཆགས་བྱ༔ ཏོང་སྐུད་ཕྱི་ནང་གི་རྒྱན་སྐུད་བཏང༔ པདྨ་ཁ་འབུས་བྱེད་ན༔ ཟུར་པད་གཉིས་ལ་ལྟེབ་པའི་མཛུབ་བྱ༔ པདྨ་མཐོང་གྲོལ་བྱེད་ན༔ རྣ་སླེབ་རྐང་ཁྲུ་གང༔ ཐོད་ཁྱིམ་ཁ་དོག་མཐུན་པར་བྱ༔ ནང་དར་གང་འོས་བཏང༔ མདོར་ན་ཚད་ལྡན་ལ་རིགས་པས་དཔྱད༔ རྩེ་ལ་གསེར་གྱི་རྡོ་རྗེ་ཕྱེད་པ་དང༔ རྒོད་ཀྱི་དང་སྒྲོའམ་རིན་པོ་ཆེས་བརྒྱན༔ དར་སྣ་ལྔའི་ཅོད་པན་གསལ་བྱེད་ལྔའམ༔ ཡང་ཉི་ཟླས་བརྒྱན་པ༔ གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ༔ མདོར་ན་བྱིན་ཆེ་བ༔ ལྷུན་སྟུག་པ༔ གཟི་བརྗིད་དང་ལྡན་པ༔ གང་གིས་མཐོང་ཡང་དད་པ་སྐྱེ་ཞིང༔ སྣང་བ་བསྒྱུར་བ༔ དབང་དུ་སྡུད་པར་ངེས་པ་ངོ་མཚར་གྱི་ཞྭ་དེ༔ རྣལ་འབྱོར་ནུས་ལྡན་གྱིས་གོན་པར་བྱའོ༔ དེ་ལྟ་བུའི་པད་ཞྭ་དེ༔ སྒྲོམ་དུ་བཅུག་ཅིང༔ དབང་བསྐུར་བའམ༔ ཆོས་བཤད་བྱེད་ཚེ་གྱོན་པར་བྱའོ༔ དེ་ནི་བླ་མས་གྱོན་པ་ཡིན་ཞིང༔ སློབ་བུས་གྱོན་ན་གཞན་འདྲ་བ་ལ༔ སྤྱི་བོར་རྡོ་རྗེ་དང་རྒྱ་གྲམ་མི་བྱ་སྟེ༔ དབང་མི་བསྐུར་བའི་ཕྱིར་རོ༔ བཀའ་གཏད་ཀྱི་དབང་ཐོབ་ན་གྱོན་པར་བྱའོ༔ ཞྭ་ཡི་ཁ་དོག་མ་ངེས་ཏེ་རིགས་ལྔར་རུང་ངོ༔ ད་ལྟ་ཨོ་རྒྱན་བདག་གིས་རྔ་ཡབ་ནས༔ མཐིང་ནག་གསེར་གྱི་པ་ཏྲ་རིས་དང༔ རྡོ་རྗེ་གསང་ལམ་མ་རྣམས་བཟོས་ཏེ༔ གསོལ་བའི་ཚུལ་མཛད་དོ༔ གྱོན་པའི་ཡོན་ཏན་ནི༔ ཨེ་མ་ཧོ༔ ཆོས་རྟགས་འཛིན་པའི་ཞྭ་རིགས་ལྔ༔ མགོ་ལ་གྱོན་པས་དབང་བཞི་རྫོགས༔ མཐོང་ཐོས་དྲན་རེག་སྤྲུལ་སྐུའི་ཞིང༔ གང་གིས་མཐོང་བ་དབང་དུ་འདུ༔ འཁྲུལ་པའི་སྣང་བ་རང་སར་ཞིག༔ རྟོག་གེ་བ་དང་ཕྱོགས་དྲེགས་ཅན༔ ལོག་རྟོག་རིགས་རྣམས་ཟིལ་གྱིས་གནོན༔ ཚེ་འདིར་ཆེ་བཙུན་རང་ཚུགས་ཐུབ༔ ཕྱི་མ་རིག་འཛིན་གྲལ་དུ་འགྲོ༔ ངོ་མཚར་ཆེ་བའི་ཞྭ་རིགས་ལྔ༔ གཏེར་བརྒྱུད་འཛིན་པའི་བུ་ལ་བཀོན༔ དབང་ཆོས་མིར་ཚོང་ནོར་ལ་སྙེག༔ རྒྱུ་འབྲས་མི་སེམས་ཡ་མ་རླ༔ དམ་ཚིག་མི་སྲུང་རང་ཆེ་འབྱིན༔ དེ་འདྲའི་རིག་ལ་བསྐོན་མི་རུང༔ བསྐོན་ན་མཁའ་འགྲོའི་བཀའ་ཆད་འབྱུང༔ དམ་ཚིག་ལྡན་པའི་བུ་མཆོག་ལ༔ བསྐོན་པའི་བྱིན་རླབས་ཐོག་མར་འབྱུང༔ རིག་འཛིན་མཁའ་འགྲོས་རྟག་ཏུ་སྐྱོབས༔ བཀའ་སྲུང་དམ་ཅན་བྲན་བཞིན་ཉན༔ ཞྭ་འདིའི་ཡོན་ཏན་དཔག་ཏུ་མེད༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ དེ་ནས་རབ་གནས་བྱ་བ་ནི༔ ཞྭ་ཚར་ནས་མཆོད་ཚོགས་བཤམས༔ མེ་ཏོག་ཚོམ་བུ་ལྔ་ཡི་སྟེང་དུ་བཞག༔ དབུས་སུ་པདྨ་འདབ་བཞིའི་ངོས་ལ༔ དར་སྐུད་དམ༔ མཚལ་གྱིས་རིགས་ལྔའི་ས་བོན་ཕྱོགས་སུ་བྲི༔ རིགས་ལྔ་དང་མཁའ་འགྲོ་སྡེ་ལྔ་ཡང་ཡང་བསྟིམ༔ ཞྭ་འདི་གྱོན་པས་བར་ཆད་མི་འབྱུང་བ་དང༔ ཚེ་རིང་བ་དང༔ གདུལ་བྱ་རྒྱས་པ་དང༔ སྣང་བ་དབང་དུ་འདུས་པར་གྱུར་ཅིག༔ ཅེས་གསོལ་བ་བཏབ༔ ཚོགས་ལ་རོལ༔ མེ་ཏོག་གཏོར༔ བཀྲ་ཤིས་བརྗོད༔ ཞྭ་ལ་གུས་པ་དང་བཅས་ཏེ་གྱོན་ནོ༔ ཞྭ་ཆོས་རིན་ཆེན་འབར་བ་ཞེས་བྱ་སྟེ༔ གུ་རུའི་གསུང་བཞིན་བདག་བཙུན་པ་མཆོག་དབྱངས་ཀྱིས་ཕ་ཝཾ་སྟག་སྒྲོམ་གྱི་ཤར་དུ་ཡི་གེར་བྲིས་པའོ༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ྈྈྈ སྤྲུལ་སྐུ་རཏྣ་གླིང་པའི་ཟབ་གཏེར་ཡང་དག་པའོ། །
དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་གི་བསྙེན་ཟིན་མདོར་བསྡུས་ (Volume 20, Text 51)
༄༅། །དགོངས་གཏེར་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་གི་བསྙེན་ཟིན་མདོར་བསྡུས་བཞུགས་སོ། ། མི་ཤིགས་རྡོ་རྗེ་ནམ་མཁའི་སྐུ། ཁྱབ་བདག་བདེ་ཆེན་སྙིང་པོ་ལ། །བཏུད་ནས་བློ་དམན་ངལ་འཚོའི་ཕྱིར། །གསང་སྒྲུབ་ཟིན་བྲིས་མདོར་བསྡུས་དགོད། །མཆོག་གི་གླིང་པ་ལྔའི་ཡ་གྱལ་ཆོས་རྒྱལ་རིན་ཆེན་གླིང་པའི་ཡང་སྲིད་གྲུབ་པའི་རིག་འཛིན་ཆེན་པོར་ཡོངས་སུ་གྲགས་ཤིང་གྲུབ་པ་དཔལ་ལྡན་དཔའ་བོའི་དབང་ཕྱུག་སྐུ་ཕྲེང་བརྒྱད་པ་གཙུག་ལག་ཆོས་ཀྱི་རྒྱལ་པོའམ་པདྨ། གར་དབང་འགྲོ་འདུལ་རྒྱལ་པོའི་ཟབ་མོ་དགོངས་པའི་གཏེར་ཁ་ལས་བྱོན་པ་ཚེ་སྒྲུབ་བདུད་རྩིའི་བུམ་བཟང་གི་རྩ་བ་རང་དོན་བསྙེན་པའི་རྣལ་འབྱོར་ནི་ཚེའི་གསང་སྒྲུབ་ཅེས་པ་འདི་ཡིན་པས། འདི་ཉིད་ཉམས་སུ་ལེན་པའི་སྒྲུབ་པ་པོ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་སྔོན་འགྲོ་སཙྪ་གདབ་ཅིང་སྲོག་བསླུ་ལམ་འཕྲང་བཅོས་པ་སོགས་ཚེ་ཐུང་བའི་ལས་སྒྲིབ་སྦྱོང་ཞིང་བསོད་ནམས་ཀྱི་དཔུང་སྐྱེད་པའི་དགེ་བའི་བྱ་བ་གང་འགྲུབ་བྱ། བཀྲ་ཤིས་ལ་བྱིན་ཆགས་པའི་གནས་སུ་ཡར་ངོ་གཟའ་སྐར་བཟང་བའི་ཐོ་རངས་སམ་ནམ་ལངས་ལྟ་བུར་ཐུན་གྱི་དབུ་བཙུག །བདེ་བའི་གདན་ལ་ལུས་སྒུལ་སྤྱོད། ངག་སྨྲ་བརྗོད། སེམས་རྣམ་རྟོག་སྤྲོ་བསྡུ་སོགས་བསམ་གཏན་གྱི་ཚེར་མར་གྱུར་པ་སྤངས་ལ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དང་མཐུན་པ་དོན་དུ་གཉེར་བའི་འདུན་པས་ཉམས་ལེན་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། མོས་གུས་དྲག་པོས་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་གཏང་། མདུན་མཁར་སྐྱབས་ཡུལ་ཀུན་འདུས་ཀྱི་ངོ་བོ་བླ་མ་ཚེ་དཔག་མེད་གསལ་གདབ། རང་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ་སྙམ་པ་དང་། མར་གྱུར་སེམས་ཅན་མཐའ་དག་མགོན་པོ་ཚེ་དཔག་མེད་ཀྱི་གོ་འཕང་ལ་དགོད་པའི་སླད་དུ་བདག་གིས་ཟབ་མོའི་བསྐྱེད་རྫོགས་ལ་འབད་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་གོ་འཕང་མ་འགྲུབ་བར་དུ་མི་གཏང་བར་བསྒྲུབ་པར་བགྱིའོ་སྙམ་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ལས་བྱང་ལྟར་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་ལ་སོགས་པ་བརྗོད། གསག་སྦྱོང་སྤེལ་གསུམ་ཚང་བའི་ཡན་ལག་བདུན་པ་དོན་རེ་རེ་བཞིན་གསལ་བཏབ་ལ་ཚིག་ལན་གསུམ་བརྗོད་པའི་མཐར་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། བསྙེན་ཐུན་གྱི་ཉིན་དང་པོར་རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བས་བགེགས་གཏོར་བྱིན་བརླབས་ནས་བསྔོ་ཞིང་བསྐྲད་ལ་ཀུན་རྫོབ་དང་དོན་དམ་གྱི་སྲུང་འཁོར་བསྒོམ། ཐུན་རྗེས་མ་དང་རྒྱུན་ཁྱེར་སོགས་ལ་བགེགས་གཏོར་མི་དགོས། སྲུང་འཁོར་གསལ་འདེབས་ཙམ་བྱུང་ན་ལེགས་སོ། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་རིམ་དང་། བཟླས་པའོ། །དང་པོ་ནི། དབང་རབ་ཀྱི་རྣལ་འབྱོར་རྫོགས་པའི་བསྐྱེད་ཚུལ་ཏེ། རང་རིག་གདོད་ནས་འགྱུར་བ་མེད་པ་དག་པའི་ཀུན་གཞི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་འོད་གསལ་གྱི་རང་མདངས་སྐད་ཅིག་གིས་ལྷའི་སྐུར་ཤར་བ་སྟེ། དེའང་ཤིན་ཏུ་སྲ་ཞིང་བརྟན་པ་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་དང་། ཉི་མ་ཟླ་བ་རྣམས་བརྩེགས་པའི་གདན་ལ་རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་འཚེར་བྱེ་རུའི་ལྷུན་པོ་ལྟ་བུ་ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་ཐོར་ཚུགས་རིན་པོ་ཆེའི་རྒྱན་བརྒྱད་དང་དར་གྱི་ན་བཟའ་གཉིས་ཀྱིས་མཛེས་པ། ཕྱག་གཉིས་མཉམ་གཞག་གིས་ཚེའི་བུམ་པ་བདུད་རྩིའི་བཅུད་ཀྱིས་གང་བ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་གོས་དཀར་མོ་དམར་མོ་ཕྱག་གཡས་པས་མདའ་དར་དང་ལྕགས་ཀྱུ་གཡབ་ཅིང་གཡོན་ཚེ་བུམ་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་ཡབ་ཀྱི་རྐེད་ལ་འཁྲིལ་བ། ཡབ་ཀྱི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ག་འབར་བ། སྣང་སྟོང་ཡེ་ཤེས་ཀྱི་སྐུ་སྣང་སྲིད་ཀུན་ལ་ཁྱབ་ཅིང་གདོད་ནས་དམ་ཡེ་དབྱེར་མེད་ལྷུན་རྫོགས་ཆེན་པོར་གསལ་གདབ་ལ་གསལ་སྣང་མ་ཐོན་བར་དུ་སེམས་འཛིན། དང་པོ་ཞེན་པའི་ཡུལ། བར་དུ་ཡིད་ཀྱི་ཡུལ། མཐར་དབང་པོའི་ཡུལ་དུ་མངོན་སུམ་ལྟ་བུར་གསལ་བའི་གསལ་སྣང་ལ་བསླབ་པ་དང་། རང་ཉིད་མགོན་པོ་ཚེ་དཔག་མེད་དངོས་སུ་ངེས་པའི་ང་རྒྱལ་བརྟན་པོས་ཐ་མལ་པར་ཞེན་པའི་མིང་རུས་འཛིན་པ་འགོག་ནུས་པ་དང་། དེ་ཐམས་ཅད་ཀྱང་ཆོས་ཉིད་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ལས་དངོས་མཚན་དུ་རྡུལ་ཙམ་ཡང་གྲུབ་པ་མེད་པའི་རྣམ་དག་སྙིང་པོ་དྲན་པའི་རྒྱས་འདེབས་ཀྱིས་བསྐྱེད་རིམ་ཚད་དུ་ཕྱིན་པར་བྱའོ། །གཉིས་པ་ལ་ཐོག་མར་བཟླས་པའི་གཞི་དགོད་པ་ནི། རང་གི་ཐུགས་ཀར་འོག་ཉི་མ་སྟེང་ཟླ་བའི་དཀྱིལ་འཁོར་གྭའུ་ཁ་སྦྱོར་དུ་གྱུར་པའི་དབུས་སུ་ཐུགས་སྲོག་ཧྲཱིཿདམར་པོ། དེའི་ཧ་ཁོག་ནང་དུ་ཚེའི་ངོ་བོ་ནྲྀ་ལྗང་གུ །ནྲྀ་མིག་ཏུ་སྲོག་རྟེན་ཨ་དཀར་པོ་བཅས་གསུམ་ཀ་འོད་འབར། དེའི་མཐར་མདུན་ནས་བརྩམ། ཨོཾ་ཨཱ་ཡུ་ཤེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པའི་སྔགས་ཕྲེང་ངོ་ཕྱིར་བསྟན། གཡོན་སྐོར་དུ་འཁོད་པ་གསལ་བཏབ་ལ་སེམས་མ་ཟིན་བར་དུ་བསྒོམ་ཞིང་ཧྲཱིཿཧྲཱི༔ཞེས་ཡིད་བཟླས་བྱ། དེ་ནས་སྤྲོ་བསྡུ་ནི། ངག་ཏུ་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་ལས་འོད་ཟེར་དམར་པོ་འཕྲོས། སྔགས་ཕྲེང་ལ་ཕོག་པས་གཡས་སྐོར་དྲག་ཏུ་འཁོར། དེ་ལས་འོད་ཟེར་དམར་པོ་ནམ་མཁའ་ཁྱབ་པར་འཕྲོས། བརྒྱུད་པ་དགུ་ལྡན་གྱི་ཚེའི་རིག་འཛིན་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡི་དམ་རྒྱལ་བ་ཞི་ཁྲོ །མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་ན་བཞུགས་པའི་བཅོམ་ལྡན་འདས་ཚེ་འོད་དཔག་མེད་འཁོར་དང་བཅས་པ་ལ་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པས་མཆོད་ཅིང་ཐུགས་དམ་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ནས་རང་ལ་ཐིམ། ཡང་འོད་ཟེར་འཕྲོས། རྟེན་སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་འབྱུང་བཞིའི་དྭངས་བཅུད། བརྟེན་པ་བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་དབང་པོ་ལ་སོགས་ཚེ་བསོད་དཔལ་འབྱོར་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་རྣམས་ཀྱི་བྱིན་རླབས་ནུས་བཅུད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་རང་ལ་ཐིམ། ཡང་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། འཆི་བདག་གཤིན་རྗེ་གཙོ་བོར་གྱུར་པའི་སྡེ་བརྒྱད་ལྷ་སྲིན་མཐུ་བོ་ཆེ་རྣམས་ཀྱིས་རང་གི་བླ་ཚེ་བརྐུས་ཕྲོགས་ཁྱེར་བ་རྣམས་དང་། རང་བཞིན་གྱིས་ཉམས་པ་འཐོར་བ་ཡར་བ་བྲོས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་བསྡུས་རང་ལ་ཐིམ། ཡང་འོད་ཟེར་འཕྲོས། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་སྦྱངས། ཕྱི་སྣོད་ཀྱི་འཇིག་རྟེན་བདེ་ལྡན་དག་པའི་ཞིང་ཁམས། ནང་བཅུད་ཀྱི་སེམས་ཅན་འཆི་མེད་ཚེ་ལྷ་གཙོ་འཁོར། སྒྲ་གྲགས་སྔགས་ཀྱི་རང་སྒྲ །རྟོག་ཚོགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར། རྒྱལ་བའི་བྱིན་རླབས། བརྟན་གཡོའི་དྭངས་བཅུད། ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་རང་ཤུགས་ཀྱིས་འདུས་ཏེ་དྭངས་སྲོག་ཡིག་འབྲུ་གསུམ་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱས་ཏེ་སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་འཆི་མེད་རྡོ་རྗེའི་སྐུ་ཐོབ་པར་མོས་ལ། ཧྲཱིཿཟུང་སྦྲེལ་དང་། འབྲུ་བརྒྱད་གཉིས་ཀ་འབུམ་ཕྲག་ལྔ་རེ་བཟླ། ཐུན་མཚམས་སུ་དབྱངས་གསལ་ཡིག་བརྒྱས་ཁ་བསྐང་། ཡེ་དྷར་གྱིས་ནུས་པ་བརྟན་པར་བྱས་ལ་སྟོང་ཚིགས་སྤྱི་ལྟར་འབུལ། མདའ་དར་གཡབ་ལ་ཚེ་འགུགས་གྱེར་བའི་སྐབས། སྔོན་ཚེ་བཅོམ་ལྡན་འདས་ཚེ་དཔག་མེད་རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་འགྲོ་བའི་དོན་དུ་འཆི་མེད་ཚེའི་དངོས་གྲུབ་བསྒྲུབས་པ་དེ་བཞིན་དུ་སྙིགས་མའི་དུས་འདིར་རྗེས་འཇུག་རྣལ་འབྱོར་པ་བདག་གིས་ཀྱང་སྒྲུབ་ཅིང་ཐུགས་དམ་བསྐུལ་བ་ལགས་པས། ཁྱེད་རྣམས་ཀྱི་ཐུགས་རྗེ་ནུས་པའི་སྟོབས་རྩལ་ཆེན་པོས། བདག་གི་བླ་ཚེ་བསོད་ནམས། ཀླུང་རྟ་ཆད་ཉམས་ཡར་འཐོར་ཕྲོགས་པ་རྣམས་རང་གནས་སུ་བསྡུས་ཏེ་སོར་ཆུད་པ་དང་། ཕྱི་འབྱུང་ལྔའི་དྭངས་བཅུད། ནང་སྐྱེ་དགུའི་ཚེ་བསོད། གསང་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ལ་བདག་གི་ལུས་ངག་ཡིད་གསུམ་ལ་སྩོལ་ཅིག་པའི་ཚིག་དང་མོས་གུས་ཀྱིས་བསྐུལ་བས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཚེ་བདག་མགོན་པོའི་རྣམ་པར་བཞེངས་ཏེ་ཕྱག་གཡས་པ་རྣམས་ཀྱིས་མདའ་དར་གཡབ་པས་ཚེ་བཅུད་རྣམས་རང་དབང་མེད་པར་བཀུག་ནས་གཡོན་གྱི་བུམ་པར་མེ་རེ་རེ་འཁྱིལ། དེ་ལས་བདུད་རྩིའི་རྒྱུན་ཆེན་པོ་བབས། རང་གི་སྤྱི་བོ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་། ཁྱད་པར་སྙིང་གའི་ཚེ་རྟེན་ལ་ཐིམ་པས་སྐྱེ་འཆི་འཕོ་འགྱུར་མེད་པ་ཚེ་བདག་མགོན་པོ་དང་དབྱེར་མེད་པའི་རྡོ་རྗེའི་སྐུར་གྱུར། ཉི་ཟླའི་གྭའུ་ཁ་བསྒྲིགས། ཡེ་ཤེས་ལྔའི་རང་བཞིན་ཕྱག་མཚན་ལྔའི་རྒྱས་བཏབ་པས་ནམ་ཡང་གཞོམ་གཞིག་དང་བྲལ་བ་རྟག་བརྟན་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་གོ་འཕང་གྲུབ་པར་མོས་ལ་སྔགས་ལན་གསུམ་མམ་ཉེར་གཅིག་བརྗོད་དོ། །གསུམ་པ་རྗེས་རིམ་ནི། མཐར་མཚན་བཅས་ཀྱི་རྫོགས་པའི་རིམ་པ་བསྒོམ་པ་སྟེ། ཐུགས་ཀ་ནས་འོད་ཟེར་འཕྲོས། སྣོད་ཞིང་ཁམས་དང་བཅུད་ལྷར་གསལ་བ་ཐམས་ཅད་རིམ་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་ཡུམ་ཡབ་ལ་ཐིམ། དེ་ཉིད་འོད་དུ་ཞུ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ཕྱི་རོལ་དུ་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ནང་ནས་རིམ་བཞིན་དམར་པོ། དཀར་པོ། སེར་པོ། ལྗང་གུ །སྔོན་པོའི་གུར་ཁང་ལྔ་རིམ་གྱི་རྒྱབ་ཏུ་རྡོ་རྗེའི་གུར་ཁང་སྲ་ཞིང་བརྟན་ལ་བསྐལ་པའི་རླུང་ཡང་རྒྱུ་བར་མི་ནུས་པར་བསྒོམས་ལ་ཡུན་རིང་དུ་སེམས་བཟུང་། འདི་བར་ཆད་སྲུང་བའི་མན་ངག་ཁྱད་པར་དུ་འཕགས་པ་ཡིན། ཐུན་འཇོག་པའི་ཚེ་བཀྲ་ཤིས་དང་བསྔོ་སྨོན་ལས་བྱང་ལྟར་བྱ། ཐུན་མཚམས་སུའང་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བར་སྤྱོད་ཡུལ་ལམ་དུ་ཁྱེར་བ་དང་ཚོགས་གསོག་པའི་རིམ་པ་ལ་འབད། འགྲུབ་པའི་རྟགས་སྤྱི་དང་མཐུན། བར་ཆད་ཀྱི་རྟགས་བྱུང་ན་གེགས་སེལ་གྱི་རིམ་པའང་སྐབས་དང་བསྟུན་ནོ། །ཞར་བྱུང་གསང་སྒྲུབ་ཟབ་གནད་རླུང་སྦྱོར་ཉམས་སུ་ལེན་པར་འདོད་ན། བསྐྱེད་བཟླས་སྔོན་དུ་བཏང་། རང་ལུས་ལྷ་སྐུ་འོད་ཀྱི་རང་བཞིན་ཐུགས་སྲོག་ཚེ་རྟེན་སྔགས་ཕྲེང་བཅས་སྔར་ལྟར་གསལ་གདབ་ལ་རླུང་རོ་ལན་གསུམ་འབུད། དེ་ནས་རང་བབ་ཏུ་བཞག་ལ་དབུགས་ཕྱིར་འགྲོ་བའི་རླུང་ཁ་དོག་ལྔ་ལྡན་ཏོང་སྐུད་སྣ་ལྔ་གཤིབས་པ་ལྟ་བུ་ཕྲ་ལ་ལྡེམ་པ་ཕྱིར་སོང་བས་འཁོར་འདས་ཐམས་ཅད་ཁྱབ། སངས་རྒྱས་སྲས་བཅས་དྲང་སྲོང་རིག་འཛིན་རྣམས་ཀྱི་སྐུ་ཚེའི་དངོས་གྲུབ། ལྷ་ཀླུ་མིའི་ཚེ་བསོད་ནམས་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་བླངས་པ་ལྟར་བདུད་རྩིའི་རྣམ་པར་བསྡུས། དབུགས་ནང་དུ་རྔུབས་པ་ན་ཡུམ་གྱི་ཞལ་དུ་ཞུགས། སྐུའི་ནང་བརྒྱུད་པདྨའི་ཟེའུ་འབྲུར་བབས་པ་རྡོ་རྗེའི་སྦུ་གུས་ནར་གྱིས་དྲངས་ཏེ་ཐུགས་སྲོག་ལ་ཐིམ་པས་གཟི་བརྗིད་འོད་དུ་འབར། རང་ལུས་ཚེའི་བདུད་རྩིས་གང་། འཇའ་ལུས་རྡོ་རྗེའི་སྐུར་སྨིན། ཡང་རླུང་ཕྱིར་སོང་བས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་དྭངས་བཅུད་བསྡུས། སྔར་ལྟར་དྲངས་ཏེ་ཐིམ་པས་ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས་ནས་ཚེ་ཉམས་པ་གསོས་པ་སོགས་གོང་ལྟར་བསྒོམ། དེ་རྣམས་ཀྱི་ཚེ་ཧྲཱི༔གཅིག་གི་བཟླས་པ་བྱ། བསྡུ་རིམ་སྔར་བཤད་པ་ལྟར་ལ་བདག་ཉིད་འོད་གསལ་དུ་བསྡུ་ཞིང་སྐྱེ་འཆི་མེད་པ་ཀ་དག་གི་ཀློང་དུ་ཅི་གནས་སུ་བཞག །དེ་ལས་ལྡངས་པ་ན་སྐད་ཅིག་གིས་རང་ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པར་བསྒོམས་ལ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པ་ལས་མ་གཡོས་པར་བསྔོ་སྨོན་དང་སྤྱོད་ལམ་བྱ། ཕན་ཡོན་གཏེར་གཞུང་ལས་བཤད་པ་ལྟར་རོ། །དེ་ལྟར་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་སྒྲུབ་པ་བྱེད་པར་འདོད་ན་དཀྱིལ་འཁོར་བུམ་པ་འབྲང་རྒྱས་ཚེ་རིལ་ཚེ་ཆང་མདའ་དར་ཕྱི་ནང་མཆོད་པ་སྤྱི་མཐུན་བཀོད་ནས། ལས་བྱང་ལ་བརྟེན་ཏེ་བདག་མདུན་དབྱེར་མེད་དམ་ཛཔ྄་ཁང་དབྱེ་བའི་སྒོ་ནས། ཚེ་ལྷ་གཙོ་འཁོར་བསྒོམས་ནས། སྔགས་འཁོར་དང་སྤྲོ་བསྡུའི་དམིགས་པ་རྣམས་བདག་བསྐྱེད་ཀྱི་རིགས་འགྲེ་གསལ་བཏབ་ལ་ལས་གཞུང་གི་བཟླས་པ་བྱ་ཞིང་ཚེ་བཅུད་བསྡུ། ཐུན་མཐར་ཚེ་འགུགས་ཀྱང་ཟུར་བཀོལ་ལྟར་གྱེར། དགོང་མོའི་ཆར་བཀའ་སྲུང་གཏོར་འབུལ་ཚོགས་སྐོང་མ་ཆག་པར་བྱ། བདུན་གཅིག་གམ་གསུམ་ལ་སོགས་པའི་ཞག་གྲངས་ཐེམས་པའི་རྟགས་མཐོང་བའི་སྔ་དྲོར་དབང་ལེན་བྱ་ཞིང་། སྔོན་རྗེས་ཀྱི་རིམ་པ་ཐུན་བཞིའི་བཅད་ཁྲིགས་རྣམས་གསང་བ་སྤྱི་དང་མཐུན་པར་སྤྱད། བསྙེན་སྒྲུབ་ཐེམས་ནས་བདག་བསྐྱེད་ལ་བརྟེན་པའི་གསང་སྒྲུབ་རླུང་སྦྱོར་དང་བཅས་པ་རྒྱུན་དུ་ཐོ་རངས་ལ་མ་ཆག་པར་ཉམས་སུ་བླངས་ན། དུས་མ་ཡིན་པའི་འཆི་བ་ལས་རྒྱལ་ཞིང་ཚེ་རིང་པོར་འཚོ་བ་སོགས་གཞུང་ཉིད་ལས་ཇི་སྐད་གསུངས་པའི་ཕན་ཡོན་རྣམས་ངེས་པར་ཐོབ་པར་འགྱུར་རོ། །འབྲེལ་ཚད་དུས་མིན་འཆི་ལས་སྐྱོབ། །ཆོས་ལྡན་སྐུ་ཚེ་རིང་དུ་བརྟན། །ཚེ་དང་ཡེ་ཤེས་དཔག་མེད་རྒྱལ། །བདག་གཞན་འགྲོ་བས་མྱུར་འགྲུབ་ཤོག །ཅེས་པའང་དཔལ་ལྡན་དཔའ་བོ་རིན་པོ་ཆེ་མཆོག་གི་སྤྲུལ་སྐུ་གཙུག་ལག་ཉི་མའི་ཞལ་སྔ་ནས་གསུང་བསྐུལ་གནང་བ་ལྟར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བྲིས་པ་དགེ་ལེགས་འཕེལ།། །།
གཅོད་ཡུལ་གྱི་དབང་ཆོག་འཁོར་འདས་གཞི་གྲོལ་ (Volume 36, Text 51)
༄༅། །གཅོད་ཡུལ་གྱི་དབང་ཆོག་འཁོར་འདས་གཞི་གྲོལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། འཁོར་འདས་ཆོས་ཀུན་ཀ་དག་གཞི་དབྱིངས་སུ། །རང་གྲོལ་ནམ་མཁའི་རྡོ་རྗེ་འགྱུར་བ་མེད། །གཟུང་འཛིན་འཆིང་བ་གཅོད་མཛད་ཡུམ་ཆེན་དང་། །དབྱེར་མེད་དྲིན་ཅན་བླ་མར་ཕྱག་བགྱི་འོ། །འདིར་ཟབ་ལམ་གཅོད་ཀྱི་མན་ངག་ལས། དབང་བསྐུར་ཆོས་ཀྱི་སྒོ་འབྱེད་དུ་གྲགས་པའི་བྱིན་རླབས་ཀྱི་ཆོ་ག་བསྒྲུབ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས་དང་། བྱིན་རླབས་ཀྱི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ་མཎྜལ་པདྨ་འདབ་བཞི་ཕྱོགས་མདོག་ཚོམ་བུ་ཅན་རྡོར་རྭ་མེ་རི་དང་བཅས་བྲིས་སྟེང་དུ། མཉྫི་ལ་གཏོར་མ་ཟླུམ་པོ་ལྔ་ཚོམ་ཤ་མར་བུ་རམ་གྱིས་བརྒྱན་པ་ལ་སྐུ་གཟུགས་ཀྱི་ཙཀ་ལི་དང་མདའ་དར་བཙུགས་པ་བཀོད། དེའི་ཕྱོགས་བཞིར་བུམ་པ། དབུ་རྒྱན། རྡོ་རྗེ། དྲིལ་བུ་རྣམས་དང་། མདུན་དུ་གཏོར་མ་གསུམ་དང་མཆོད་པ་ལྔ། ཚོགས་རྫས། སྤྱོད་པའི་ཆས་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་སྒྲུབ་པའི་ཐབས་ལ། ཕྱོགས་སྐྱོང་དང་གཞི་བགེགས་ལ་གཏོར་མ་བཏང་ནས་མཚམས་བཅད། ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་བཏབ་པ་ལ་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པ་རྣམས་སྔོན་དུ་འགྲོ་བས་དངོས་གཞི་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་སྦྱང་། སྟོང་པའི་ངང་ལས་སྣང་སྲིད་དག་པ་ཆོས་ཀྱི་འབྱུང་གནས་ཆེན་པོའི་དབྱིངས་སུ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་དབུས། སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བར། ཨོཾ་བཛྲ་ཌཱ་ཀི་ནཱི་ཧཱུྃ། ཞེས་བརྗོད་པས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་རྡོ་རྗེའི་ཐོར་ཚུགས་ཅན། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨོཾ། ཤར་དུ་སངས་རྒྱས་མཁའ་འགྲོ་མ་དཀར་མོ་འཁོར་ལོའི་ཐོར་ཚུགས་ཅན། ཨོཾ་རཏྣ་ཌཱ་ཀི་ནཱི་ཏྲཱཾ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་རིན་པོ་ཆེའི་ཐོར་ཚུགས་ཅན། ཨོཾ་པདྨ་ཌཱ་ཀི་ནཱི་ཧྲཱིཿ ནུབ་ཏུ་པདྨ་མཁའ་འགྲོ་མ་དམར་མོ་པདྨའི་ཐོར་ཚུགས་ཅན། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨཱཿ བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱི་ཐོར་ཚུགས་ཅན། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཅེར་བུ་བཅུ་དྲུག་ལོན་པའི་ལང་ཚོས་སྒེག་ཅིང་ཁྲོ་འཛུམ་ཆགས་ཉམས་རྒྱས་པ། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་གྲུ་མོར་ཁ་ཊྭཱཾ་ག་བརྟེན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཅོད་པན་དང་། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པད་ཉི་དང་རོའི་གདན་ལ་རོལ་པ། མཐའ་ཡས་པའི་འོད་ཟེར་སྤྲོ་ཞིང་རང་རིགས་ཀྱི་འཁོར་ཚོགས་བྱེ་བ་གྲངས་མེད་པས་བསྐོར་བའི་གཙོ་མོའི་སྟེང་གི་ནམ་མཁར། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་ལབ་ཀྱི་སྒྲོལ་མ་སྐུ་མདོག་དཀར་གསལ་མཛེས་འཛུམ་བཞད་པའི་ཉམས་ཅན། གཅེར་བུ་རུས་པའི་རྒྱན་ཅན་དབུ་སྐྲ་སིལ་བུར་གྲོལ་བ། ཕྱག་གཡས་གསེར་གྱི་ཌཱ་མ་རུ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་འཁྲོལ་བ། ཞབས་གཡོན་བརྐྱང་བའི་གར་སྟབས་ཀྱིས་འགྱིང་བ། སྤྲུལ་པའི་ཕོ་ཉ་གྲངས་མེད་སྤྲོ་ཞིང་ཁམས་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པ་ལ། བཀའ་བརྒྱུད་ཀྱི་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་གསལ་བར་གྱུར། ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་སད་པར་བསམ་ལ། སྤོས་དང་ཅང་ཏེའུ་རྐང་གླིང་གི་རོལ་མོར་བཅས་པའི་གདུང་དབྱངས་ཀྱིས། ཕཻཾ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །རྩ་བརྒྱུད་བླ་མ་གཤེགས་སུ་གསོལ། །སྒྱུ་འཕྲུལ་རང་སྣང་ཞིང་ཁམས་ནས། །ཡི་དམ་ལྷ་ཚོགས་གཤེགས༴ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །ཡེ་ཤེས་མཁའ་འགྲོ་གཤེགས༴ ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་ཌཱ་ཀི་གཤེགས༴ དམ་ཚིག་རྗེས་འབྲང་ཞིང་ཁམས་ནས། །བསྟན་སྲུང་ཆོས་སྐྱོང་གཤེགས༴ བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རིགས་ཀྱི་ཐོར་ཚུགས་ལྡེམས་སེ་ལྡེ་མ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འབུམ་ཕྲག་འཁོར་ཚོགས་ཤ་ར་ར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་པ་རྣམས། ཛཿཧཱུྃ་བཾ་ཧོཿས་འགུག་གཞུག་བཅིང་མཉེས་དབྱེར་མེད་དུ་བྱས། སླར་ཡང་སྙིང་གའི་འོད་ཟེར་གྱིས་དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་མཆོད་ཅིང་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་པར་སྣང་མཛད་སོགས་རང་རིགས་ཀྱིས་དབུ་བརྒྱན་པར་བསམ་ནས། ཨོཾ། ཆོས་དབྱིངས་ནམ་མཁའི་ཁམས་ཉིད་ལས། །ལོངས་སྤྱོད་ཡུལ་དུ་ཅིར་ཡང་སྣང་། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་དང་། །གཟུགས་མཛེས་སྒྲ་སྙན་བསུང་ཞིམ་དྲི། །རོ་བདའ་རེག་བདེའི་ཁྱད་པར་སོགས། །དཔག་ཡས་མཆོད་པ་བསམ་མི་ཁྱབ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་སྲུང་མ་སོགས། །མཆོད་འོས་ཀུན་ལ་གུས་པས་མཆོད། །དགྱེས་ཤིང་བརྩེ་བས་བཞེས་སུ་གསོལ། །ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་དང་། གོང་གི་མཚན་སྔགས་མཐར་སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་སྨན་མཆོད་དང་། གཏོར་མ་དང་པོ་དཀྱིལ་འཁོར་ལྷ་ཚོགས་དང་། གཉིས་པ་ཆོས་སྐྱོང་རྣམས་ལ། གསུམ་པ་གཞི་བདག་རྣམས་ལ་སོ་སོའི་མཚན་སྔགས་མཐར་ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། ཞེས་བཏགས་པས་ཕུལ་ལ་སློབ་མའི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་ཕྲིན་ལས་བཅོལ། དེ་ནས་རང་ཉིད་ལོགས་སུ་དབྱེ་བས་དཀྱིལ་འཁོར་པའི་གསལ་སྣང་བཏོན་ནས། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཀུན། །ཡུམ་ཆེན་སྲས་དང་བཅས་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མོས་གུས་ཀྱི་གདུང་ཤུགས་དྲགས་པོས། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཞེས་སོགས་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གྱི་དབང་བཞི་བླངས་ཏེ་བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་པའི་ངང་བསྐྱང་བ་ནི་ཁྲིད་ཡིག་ལྟར་བྱའོ། །དེ་ནས་ཚོགས་རྫས་ཡོད་ན་བྱིན་རླབས་དང་མཆོད་པ་སོགས་ཆོ་ག་གང་འོས་ནས་ལེན། ལོངས་སྤྱོད་པ་ནི་དབང་གི་མཐར་བྱ་བ་ཡིན་ནོ། །གསུམ་པ་བྱིན་རླབས་ཀྱི་ཆོ་ག་ནི། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ནས། མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་ནི། འགྲོ་བའི་བླ་མ་སྟོན་པ་པོ། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ལ། །མགོན་པོ་ཁྱེད་ནི་དཔལ་དུ་བྱོན། །དེ་རིང་བཀའ་དྲིན་གནང་དུ་གསོལ། །ཞེས་ལན་གསུམ། སྐབས་འདིར་ཤེར་སྙིང་གི་མདོ་བདུད་ཟློག་དང་བཅས་པ་དཔོན་སློབ་ཐམས་ཅད་ཀྱིས་བྱེད་པའང་ཡོད། དེ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་གང་ཤེས་ཤིག་སྔོན་དུ་འགྲོ་བས། སློབ་དཔོན་བདག་ལ་དགོངས་སུ་གསོལ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །མི་དགེ་སྤངས་པའི་ཚུལ་ཁྲིམས་དང་། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་གཟུང་བར་བགྱི། །དེང་ནས་བརྩམ་སྟེ་མི་གཏང་ཞིང། །གུས་པའི་ཚུལ་གྱིས་གཟུང་བར་བགྱི། །ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། དེ་ནས་དངོས་གཞི་ལ་ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་དང་། ཆོས་དབང་སེམས་ལ་བསྐུར་བའོ། །དང་པོ་སྤྲོས་བྲལ་དངོས་མེད་ལ་བརྟེན་པ་དང་། སྤྲོས་བཅས་དངོས་པོ་ལ་བརྟེན་ནས་ངོ་སྤྲོད་པ་གཉིས་ལས། དང་པོ་ནི། ཁྱེད་རང་རྣམས་ལུས་གནད་དྲང་པོར་བསྲང་། རླུང་རང་སོར་བཞག །དུས་གསུམ་གྱི་རྟོག་པ་བཅད་ནས་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ཀའི་ངོ་བོ་ལ་ཆེ་རེ་ལྟོས་ཤིག །དེའི་ཚེ་སྣང་བ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ཆད་པའི་སྣང་སྟོང་སྤྲོས་བྲལ་དེ་ཀ་ལ་ཧྲིག་གེ་སྒྲིམས། ལྷོད་ཀྱིས་གློད་པས་སོ་སོ་རང་རིག་གི་ངོ་བོ་ཤར་བ་དེ་ཀ་ཡེངས་མེད་ཀྱི་ངང་ནས་རང་ངོ་ལ་བལྟས་པས། ཡོད་མེད་རྟག་ཆད་སྐྱེ་འགག་འགྲོ་འོང་གང་གིའང་ཕྱོགས་སུ་མ་ལྷུང་པའི་རྩ་བྲལ་རྗེན་པ་རིག་བྱ་རིག་བྱེད་ཐམས་ཅད་ལས་འདས་པ་དེ་ཀ །དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ཡིན་པས་མ་ཡེངས་པར་སྐྱོངས་ཤིག །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་པ་བཞིན། ཤེས་པར་གྱིས་ཤིག །ཅེས་སོགས་བློ་དང་འཚམ་པར་བཤད་དོ། །དེ་ལྟ་བུའི་གནས་ལུགས་མི་རྟོགས་ཤིང་འཕུང་བ་ནི་བདག་གཅེས་འཛིན་འདི་ཡིན་པས། ལུས་འདི་ལ་བདག་འཛིན་སྙེམ་འཕྲིག་རྡུལ་ཙམ་ཡང་མེད་པར་གནོད་བྱེད་འབྱུང་པོ་ཐམས་ཅད་ལ་རྒྱངས་ཀྱིས་ཐོངས་ཤིག །ཕཊཿ ཡང་། ལུས་སེམས་གཅེས་པར་འཛིན་པའི་རྣམ་རྟོག་ཁོ་རང་གི་ངོ་བོ་ལ་ཆེར་གྱིས་ལྟོས་ལ་དབྱིངས་སུ་ཞོག་ཅིག །ཕཊཿ ཅེས་མཐའ་བསྐྱང་། འདིར་འོག་ནས་འབྱུང་བའི་ལུས་གནད་བཅའ། གཉིས་པ་སྤྲོས་བཅས་དངོས་པོར་བརྟེན་ནས་ངོ་སྤྲད་པ་ནི། དྲན་རིག་ཐམས་ཅད་ཀྱི་འཆར་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་ལུས་ལ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་གནས་པ། མེ་ལོང་ལ་ཧས་བཏབ་པ་བཞིན་རྐང་མཐིལ་གཉིས་སུ་འུབ་ཀྱིས་འདུས་པ་ཐིག་ལེ་དཀར་པོ་བྱ་སྒོང་ཙམ་གཉིས་སུ་སོང་། རྐང་པའི་སྦུབས་བརྒྱུད་གསང་གནས་སུ་གཅིག་ཏུ་འདྲིལ་ནས་ཅུང་ཟད་འདུག །དེ་བཞིན་དུ་ལྟེ་བ། སྙིང་ག །མགྲིན་པ། སྤྱི་གཙུག་རྣམས་སུ་རིམ་གྱིས་དྲངས་པ་ཚངས་བུག་ནས་འཐོན་ལ་ཁད་འདུག་པ། ཕཊཿ ཅེས་བརྗོད་པས་རྒྱངས་ཀྱིས་ཐོན། རྣམ་སྨིན་གྱི་ལུས་དེ་སྡེ་བརྒྱད་རྣམས་ལ་གཟན་དུ་བོར། རིག་པ་ནམ་མཁའ་དང་དབྱེར་མེད་དུ་ཕྲུག་གི་འདྲེས་པས་སྟོང་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་ཁྲེས་སེ་བོར་ལ་ཞོག་ཅིག །ཕཊཿ ཅེས་བརྗོད་དམིགས་པ་འདི་ལན་གསུམ་བསྐྱར་བ་ལས། ལུས་གནད་དང་པོ་ལ་ཆོས་བདུན། གཉིས་པ་ལ་ཙོག་པུ་འཕོངས་ས་ལ་མ་རེག་ཅིང་ལག་པ་སྙིང་གར་རྡོ་རྗེ་བསྡམ་པའི་རྒྱ། གསུམ་པ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་ཏེ་གསུམ་ཀ་ཐང་ཤ་ཆོད་ཅིང་མིག་གྱེན་དུ་བལྟ་བ་ལ་བསླབ་བོ། །གཉིས་པ་ཆོས་དབང་སེམས་ལ་བསྐུར་བ་ནི། བྱིན་འབེབ་པ་དང་། དབང་བསྐུར་བ་གཉིས་ལས། དང་པོ་ཡེ་ཤེས་ལྷའི་བྱིན་འབེབ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་མཁའ་འགྲོ་རིགས་ལྔའི་རྣམ་པར་བྱོན་པ་དང་། བླ་མ་དང་དཀྱིལ་འཁོར་པའི་ཐུགས་ཀ་ནས་ཀྱང་མཁའ་འགྲོའི་སྤྲིན་ཕུང་མཛེས་པའི་གར་སྟབས་དགྱེས་པའི་བཞད་སྒྲ་དང་བཅས་ཏེ། ཁ་བ་བུ་ཡུག་འཚུབས་པ་ལྟར་འུར་དིང་གིས་བྱུང་བ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ནས་སྤོས་དུད་རོལ་མོའི་སྒྲ་དང་བཅས་ཏེ་གོང་གི་ལྷའི་བསྐྱེད་སྔགས་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་བཏགས་པ་དྲག་ཏུ་བརྗོད། འདི་དག་ཏུ་ཡེ་ཤེས་པ་ཕེབས་པའི་ལྟས་ཀྱང་འབྱུང་ངོ་། །མཐར་ཏིཥྛ་བཛྲ་ཞེས་བརྟན་པར་བྱས། པྲ་ཏིྴྨ་པཱུ་ཛ་ཧོཿ ཞེས་རིག་པའི་མེ་ཏོག་འབུལ། ཧེ་བཛྲ་པཱ་ཤྱ། ཞེས་དཀྱིལ་འཁོར་བལྟ་བར་བསྐུལ་ནས། མདུན་བསྐྱེད་བཞུགས་ཚུལ་དང་མཐུན་པར་ལྷ་ངོ་བསྟན་ནས། གཉིས་པ་དབང་དངོས་ལ་རྒྱུད་སྣོད་རུང་དུ་བྱེད་པ་བུམ་དབང་དང་། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་ངོ་། །དང་པོ་ནི། རིགས་ལྔའི་མཁའ་འགྲོ་སོ་སོས་རང་རང་གི་རྫས་རྣམས་ཐོགས་ནས་རིམ་པ་བཞིན་དབང་བསྐུར་བས་དེ་དང་དེའི་རྟོགས་པ་རྒྱུད་ལ་སྐྱེས་པར་བསམ་ཞིང་། རྡོ་རྗེ་མཁའ་འགྲོ་ཆུ་ཡི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཐུགས་ནི་རབ་བསྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བཛྲ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་པས་དབང་བསྐུར། རིན་ཆེན་མཁའ་འགྲོ་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཡོན་ཏན་རབ་བསྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་རཏྣ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབུ་རྒྱན་བཀོན། པདྨ་མཁའ་འགྲོ་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་བསྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་པདྨ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེ་གཏད། ལས་ཀྱི་མཁའ་འགྲོ་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་བསྒྲུབ་ཕྱིར། །ཀརྨ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་ཀརྨ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དྲིལ་བུ་གཏད། སངས་རྒྱས་མཁའ་འགྲོ་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་བསྒྲུབ་ཕྱིར། །བདེ་གཤེགས་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་མིང་དབང་བསྐུར། དེ་ལྟར་དབང་ལྔ་བསྐུར་པས་ཕུང་པོ་ལྔ་རིགས་ལྔར་གནས་བསྒྱུར། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག །ཁམས་ལྔ་ཡུམ་ལྔར་དག་པ་སྟེ་ཐུན་མོང་རིག་པའི་དབང་ལྔ་འོ། །བདག་པོའི་དབང་ནི་མཁའ་འགྲོ་སྡེ་ལྔའི་ཙཀ་ལི་དང་། གླེགས་བམ། མེ་ལོང་རྣམས་གནས་གསུམ་དུ་བཞག་ལ། སངས་རྒྱས་ཀུན་ཀྱིས་བྱིན་བརླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཨོཾ་བཛྲ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བྷ་ར་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བདག་པོའི་དབང་ངོ་། །སྤྱོད་པའི་རྗེས་གནང་ནི། མཁའ་འགྲོ་ཀུན་གྱིས་ལེགས་བྱིན་པའི། །རྒྱན་དང་བརྡ་སྐད་དེ་བཞིན་ཉིད། །དབང་སྡུད་བདེན་མེད་སྟོན་པའི་སྒྲས། །དཔའ་བོ་ཆེན་པོར་དབང་བསྐུར་རོ། །ཞེས་པ་སྔོན་དུ་འགྲོ་བས་འོག་ནས་འབྱུང་བའི་སྔགས་ཚན་ལྔས་ཆས་རྣམས་རིམ་པར་གཏད་པའམ། སྤྲོ་ན། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །ཕ་རོལ་ཕྱིན་དྲུག་མཚན་མའི་རྒྱན། །འདི་ཉིད་ཐོགས་ལ་བདུད་རྣམས་ཆོད། །རྒྱན་དྲུག་ཕྱག་རྒྱས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཌཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་རུས་པའི་རྒྱན་དྲུག་བསྐོན། ཨོཾ་མ་ཧཱ་ཌཱ་ཀི་ནཱི་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་པས་དབྱིངས་རིག་བསྲེ་བས། ཕཊཿ ལན་གསུམ་བརྗོད། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །དོན་དམ་སྟོང་ཉིད་སྙིང་རྗེའི་དོན། །དོན་འདི་བསྒོམ་ཞིང་བདུད་རྣམས་ཆོད། །ཆོས་ཉིད་དོན་གྱིས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཌཱ་ཀི་ནཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཡུམ་དོན་སྐྱོང་དུ་གཞུག །འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། ཁམས་གསུམ་དབང་དུ་སྡུད་པའི་སྒྲ །སྒྲ་འདི་སྒྲོག་ཅིང་བདུད་རྣམས་ཆོད། །ཅང་ཏེའུ་སྒྲ་ཡིས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཌཱ་ཀི་ནཱི་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་ཅང་ཏེའུ་དཀྲོལ་དུ་གཞུག་ཅིང་ཁམས་གསུམ་དབང་སྡུད་ཀྱི་དགོངས་པ་བསྐྱང་། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །སྣང་སྲིད་བདེན་མེད་སྟོན་པའི་སྐད། །སྐད་འདི་སྒྱུར་ཞིང་བདུད་རྣམས་ཆོད། །མི་རྐང་གླིང་བུས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཌཱ་ཀི་ནཱི་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་རྐང་གླིང་འབུད་དུ་གཞུག་སྣང་སྲིད་བདེན་མེད་རྟོགས་པའི་ཉམས་བསྐྱང་། བརྟུལ་ཞུགས་སྤྱོད་པའི་དབང་ངོ་། །གཉིས་པ་འབྲས་བུ་ཡེ་ཤེས་སྐྱེད་པ་མཆོག་དབང་གསུམ་ལས་གསང་དབང་ནི། གཙོ་མོ་རྡོ་རྗེ་མཁའ་འགྲོ་མའི་ཁ་ཊྭཱཾ་ག་ཡབ་ཏུ་གྱུར་པ་དང་སྙོམས་པར་ཞུགས་པའི་བྱང་སེམས་བྷ་ག་ནས་ཐོན་པ་ལྕེ་ཐོག་ཏུ་བཞག་པར་མོས་ནས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་ཤེས་རབ་གཉིས་མེད་པ། །གསང་བའི་གནས་ལས་ལེགས་བྱུང་བས། །རིགས་ཀྱི་བུ་ཁྱེད་དབང་བསྐུར་རོ། །ཨོཾ་བཛྲ་ཤུ་ལ་རཀྟ་ཨ་མྲྀཏ་ཧཱུྃ། ཞེས་པས་གསལ་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད། ཤེས་རབ་ཡེ་ཤེས་ནི། ཡུམ་རྡོ་རྗེ་མཁའ་འགྲོ་མ་དང་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པར་མོས་ཏེ། སྟོང་པ་སྙིང་རྗེ་དབྱེར་མེད་པའི། །བདེ་ཆེན་ཐབས་དང་ཤེས་རབ་འདི། ཁྱོད་ཀྱིས་རྟག་ཏུ་བརྟེན་པར་གྱིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཨོཾ་བཛྲ་མ་ཧཱ་སུ་ཁ་ཤཱུནྱ་ཏཱ་ཧཱུྃ། ཞེས་སྙོམས་པར་ཞུགས་པས་བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད། །དབང་བཞི་པ་ནི། ཡུལ་ཐམས་ཅད་ཡུལ་ཅན་རིག་པའི་དབྱིངས་སུ་སྤྲོས་པ་དང་བྲལ་བར་བཞག་ལ། འདི་ལྟར་འཁོར་འདས་བརྟན་གཡོའི་ཚོགས། །སྒྱུ་འཕྲུལ་ཆེན་པོའི་རང་བཞིན་ཅན། །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་བདེ་སྟོང་མཆོག་གི་རྟོགས་པ་བསྐྱེད། དེ་ནས་གཏོར་དབང་ནི། མཎྜལ་སྟེང་གི་གཏོར་མ་དེ་ཚིག་གི་སྤྲོས་པ་རྒྱས་བསྡུས་ཅི་རིགས་པས་བསྐྱེད་སྔགས་རྣམས་བཞག་སྟེ། མདུན་བསྐྱེད་བཞིན་གསལ་ཐེབས་པར་བརྡ་སྤྲད་ནས། ཅང་ཏེའུའི་སྒྲ་དང་བཅས་པའི་མོས་གུས་ཀྱི་གདུང་དབྱངས་དྲག་པོས་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱིས་ཐུགས་རྒྱུད་བསྐུལ་བས། གཏོར་མའི་ལྷ་ཚོགས་ཐམས་ཅད་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོའི་སྐུར་འདུས། དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གནས་པ་ལས་འོད་འཕྲོས། སློབ་བུའི་གནས་གསུམ་དུ་ཐིམ། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། ལྷ་ཚོགས་ཀྱི་རྡོ་རྗེ་གསུམ་དང་ཁྱེད་རང་གི་སྒོ་གསུམ་དབྱེར་མེད་པར་མོས་སུ་བཅུག་ནས། གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་འགྱུར་བའི། །གཏོར་མའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བ་ལིནྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་དབང་བསྐུར་བའི་མཐར་གཏོར་མའི་ལྷ་འོད་དུ་ཞུ། ཁྱེད་རང་གི་སྤྱི་བོ་ནས་སིབ་ཀྱིས་ཐིམ་པས་གཏོར་ཟན་དངོས་གྲུབ་བདུད་རྩིའི་རྒྱ་མཚོར་འཁྱིལ་བ་ཁྱེད་རང་རྣམས་ཀྱིས་ཐོབ་པར་མོས་ཤིག །ཅེས་སྔར་གྱི་སྔགས་ཀྱི་མཐར་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཅུང་ཟད་བྱིན་པ་ལས་པྲ་བརྟག་སྟེ། ཟན་ཞི་བ། མར་རྒྱས་པ། བུ་རམ་དབང་། ཤས་མངོན་སྤྱོད་འགྲུབ་བོ། །ཞེས་ལུང་བསྟན། རྗེས་ཁས་བླངས། མཎྜལ་ཡོན་འབུལ་དང་། ཚོགས་ལ་རོལ་ཞིང་རྗེས་ཆོག་ཡིག་བརྒྱ་བཟོད་གསོལ་ལྷ་གཤེགས་ཤིས་བརྗོད་དང་བཅས་པ་རྣམས་བྱའོ། །ཆོ་ག་འདི་ནི་དབང་རྒྱས་པའི་ལུགས་སུ་བྱས་པ་ཡིན་གྱི། སྙིང་པོར་དྲིལ་ན་མདུན་བསྐྱེད་མཐོང་བ་བསྟན་པའི་རྗེས་ཉིད་དུ་རུས་པའི་རྒྱན་དྲུག་གཏད་པ་སོགས་ཕྲིན་ལས་ལྔའི་རྗེས་གནང་དང་། དེ་རྗེས་གཏོར་དབང་དཀྱུས་བཞིན་བྱེད་པ་འབྲིང་པོའི་ལུགས་དང་། ཤིན་ཏུ་བསྡུས་པའི་ལུགས་ནི། བྱིན་འབེབ་ཀྱི་རྗེས་སུ་གཏོར་མ་གསལ་འདེབས་སྔོན་འགྲོས་གཏོར་དབང་བསྐུར་བ་ཁོ་ནས་ཀྱང་ཆོག་སྟེ་ཡིག་རྙིང་གི་བརྗོད་དོན་འབྲེལ་བའི་ཕྱིར་རོ། །དེས་ན་འབྲིང་བསྡུས་གང་བྱེད་ཀྱི་ཡོ་བྱད་བཤམས་པའང་སྐབས་དེ་དང་མཐུན་པར་བྱའོ། །རྣམ་འ༵གྱུར་འགགས་མེ༵ད་འཁོར་འདས་ཆོས། །རིག་རྩལ་རྡོ༵་རྗེ༵་རང་གྲོལ་དུ། །བྱེད་པ་གཅོད་ཡུལ་ཟབ་མོའི་དབང་། །བརྗོད་བདེ་དོན་ཚང་སྙིང་པོར་དྲིལ། །ཟབ་མོ་གཅོད་ཡུལ་གྱི་དབང་བསྐུར་ལག་ལེན་སྙིང་པོར་དྲིལ་བ་འདི་ནི་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་གསུང་གིས་རིང་མོ་ནས་བསྐུལ་ཞིང་། ཉེ་ཆར་གསེར་བཟང་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་འགྱུར་མེད་ཀློང་གྲོལ་གྱིས་གསོལ་བ་བཏབ་པའི་ངོར་འགྱུར་མེད་རྡོ་རྗེས་སྤེལ་བའོ།། །།
རྫས་རྟགས་བརྒྱད་དང་སྣ་བདུན་འབུལ་བ་ (Volume 49, Text 51)
བཀྲ་ཤིས་རྫས་བརྒྱད་ཀྱི་གཟུགས་བསང་སྦྱང་། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་ཀྱི་རྫས་བརྒྱད་དང་། རིན་ཆེན་སྣ་བདུན། རྟགས་མཆོག་བརྒྱད་རྣམས། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་དང་། ཕྲིན་ལས་དང་། དཔལ་འབྱོར་ཐམས་ཅད་རྒྱས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ། ཨོཾ་མངྒ་ལ་ཨཥྚ་དྲ་བྱ། སཔྟ་རཏྣ། ཨཥྚ་མངྒ་ལ། ཨཱཿཧཱུྃ། ཞེས་པས་བྱིན་གྱིས་བརླབས་ནས། གཟུགས་རེ་རེ་བཞིན་དུ་ཐོགས་ནས་འབུལ་བའི་ཚུལ་དང་བཅས་ཏེ།་་་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་ལས་སོ། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རྡོ་རྗེ་སློབ་དཔོན་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་ཆེད་དུ་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ་ཕུལ་བས༴ གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦཱ་ཕུལ་བས༴ དཱུརྦཱས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བས༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས༴ ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པའི། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པས། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རྟགས་བརྒྱད་ནི། ཧཱུྃ་ཧྲཱིཿ ཐུགས་རྗེ་རྨད་བྱུང་དཔལ་གྱི་གདུགས་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ སྣ་ཚོགས་དགོས་འདོད་ཀུན་འབྱུང་རིན་ཆེན་བུམ། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ འདབ་སྟོང་ལྡན་པ་གེ་སར་པདྨའི་མཆོག །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་དགོངས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ དྲི་མེད་རབ་དཀར་དཔལ་གྱི་དུང་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ རིན་ཆེན་ཟུར་བརྒྱད་དཔལ་གྱི་བེ་འུ་འབར། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ ཁམས་གསུམ་ཀུན་ལས་མཆོག་གྱུར་རྒྱལ་མཚན་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ལ་དབང་སྒྱུར་འཁོར་ལོ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །སརྦ་མངྒ་ལཾ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱིའི་ལས་བྱང་ (Volume 40, Text 51)
༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་གུ་རུ་ཞི་བའི་སྐོར་ལས་རྩ་གསུམ་སྤྱིའི་ལས་བྱང་བཞུགས་སོ༔ གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ རྩ་གསུམ་སྤྱི་ཡི་ལས་བྱང་གཞུང་བསྲང་ནི༔ སྟ་གོན་རིམ་པ་སྤྱི་དང་མཐུན་པར་བྱ༔ དེ་ནས་འདོན་སྒོམ་སྦྲགས་ལ་འདི་ལྟར་བྱའོ༔ ཧཱུྃ༔ ང་ནི་ཁྲོ་བོ་དབང་ཆེན་ཏེ༔ བགེགས་དང་ལོག་འདྲེན་ང་ལ་ཉོན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ང་ཡི་བཀའ་ལས་འདའ་བྱེད་ན༔ བདག་ཉིད་ང་རྒྱལ་ཐུགས་ཁྲོས་ཏེ༔ ཐལ་བ་རྡུལ་དུ་བརླག་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ༔ སོགས། ཧཱུྃ༔ ང་ནི་ཆེ་གེ་སྟེ༔ ཐུགས་ཀར་གསེར་གྱི་གྭ་འུའི་ནང༔ བདག་ཅག་དཔོན་སློབ་བསྲུང་བྱ་ཚུད༔ སྟེང་འོག་རྡོ་རྗེའི་གུར་སར་གྱུར༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཧཱུྃ༔ མ་གྲུབ་བར་དུ་དཀྱིལ་འཁོར་མི་གཏོང་ན༔ ཡི་དམ་ཆེ་གེའི་ལྷ་ཚོགས་མ་ལུས་རྣམས༔ སྲོག་ལ་བབ་ཀྱང་བདག་གིས་གཟུང་བར་བགྱི༔ བདག་གིས་དམ་ཚིག་གཏོང་བར་མི་བགྱིད་དོ༔ ཧཱུྃ༔ ཆེ་གའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཱ༔ ཨོཾ་ཨཱཿམ་ཧཱ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿམ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿམ་ཧཱ་རཀྟ་ཧཱུྃ་ཧྲཱིཿཐཱ༔ ཨོཾ་ཨཱཿབཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གན་དྷེ་ནཻ་ཝིདྱཱ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང༔ ཆོས་སྐྱོང་ནོར་ལྷ་ཀུན་གྱི་ཐུགས་དང་ནི༔ འགལ་བར་གྱུར་པ་མ་ལུས་ཅི་མཆིས་པ༔ བདག་གིས་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ ཧཱུྃ༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ལས་བྱུང༔ སེམས་ཉིད་ཡེ་ནས་སྟོང་པ་ཉིད་ཀྱི་ངང༔ སེམས་ཅན་ཀུན་གྱིས་དེ་དོན་མ་རྟོགས་པས༔ འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ༔ ཆོས་རྣམས་ཐམས་ཅད་རྟེན་འབྲེལ་རྒྱུ་ལས་བྱུང༔ ཧཱུྃ་ནི་རྒྱུ་ཡི་ས་བོན་ཉིད་དུ་གསལ༔ དེ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས༔ རཾ་གྱི་མེས་བསྲེགས་ཡཾ་གི་རླུང་གིས་གཏོར༔ ཁཾ་གི་ཆུས་བཀྲུས་སྟོང་པ་ཉིད་དུ་གསལ༔ ཨེ་ཡཾ་ཁཾ་གསུམ་བྷྲཱུྃ་གྱི་ཡི་གེ་ཡིས༔ རང་བྱུང་འབྱུང་བ་ཆེན་པོ་ལྔ་ཆགས་ཏེ༔ མཁའ་རླུང་ཆུ་དང་རི་རབ་གསེར་གྱི་རི༔ དེ་སྟེང་བྷྲཱུྃ་གྱི་ཡི་གེ་ལས་བསྐྱེད་པའི༔ གཞལ་ཡས་ཁང་ནི་སྒོ་གྲུ་རྟ་བབས་རྫོགས༔ གདུགས་ཏོག་ཆོས་འཁོར་རི་དྭགས་པད་འདབ་མཚན༔ རྡོར་ར་ཡ་ེཤེས་ལྔ་ཡི་མེ་རི་འབར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ དེ་ནས་ལྷ་རྣམས་སོ་སོར་གང་འདོད་བསྐྱེད༔ ཧཱུྃ༔ སྐུ་གསུམ་རྩ་བརྒྱུད་བླ་མ་སྤྱན་འདྲེན་ནོ༔ ཡི་དམ་ལྷ་ཚོགས་མ་ལུས་སྤྱན་འདྲེན་ནོ༔ མཁའ་འགྲོའི་ཚོགས་ཀུན་མ་ལུས་སྤྱན་འདྲེན་ནོ༔ ཆོས་སྐྱོང་ནོར་ལྷ་གྲོགས་མཛད་སྤྱན་འདྲེན་ནོ༔ བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ༔ རྩ་བརྒྱུད་བླ་མ་མ་ལུས་བཞུགས་སུ་གསོལ༔ ཉི་ཟླ་པདྨ་བརྗིད་པའི་གདན་སྟེང་དུ༔ ཡི་དམ་ལྷ་ཚོགས་ཐམས་ཅད་བཞུགས་སུ་གསོལ༔ སྣ་ཚོགས་རིན་ཆེན་པདྨའི་གདན་སྟེང་དུ༔ མཁའ་འགྲོ་ཐམས་ཅད་དགྱེས་པར་བཞུགས་སུ་གསོལ༔ པདྨ་ཉི་མ་བམ་རོའི་གདན་སྟེང་དུ༔ ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང༔ ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོ་ལ༔ བདག་གིས་རབ་ཏུ་གུས་དང་དང་བ་ཡི༔ ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ ནོར་ལྷ་དམ་ཅན་གཏེར་བདག་ཐམས་ཅད་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་འབུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང༔ རེག་བྱ་འཇམ་པ་བདག་གིས་མཆོད་པ་འབུལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་ཆེན་པོ་དང༔ བ་ལིཾ་གཏོར་མའི་ཞལ་ཟས་བརྗིད་པ་དང༔ ཁམས་གསུམ་བསྒྲལ་པའི་རཀྟ་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཀྱི་རིག་མ་དཀར་དམར་མཐིང༔ ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་ལ༔ རིན་ཆེན་དར་ཟབ་མང་པོའི་རྒྱན་གྱིས་བརྒྱན༔ རྩ་བ་གསུམ་ལ་བདག་གིས་མཆོད་པར་བགྱི༔ ལོག་འདྲེན་དགྲ་བགེགས་བསྟན་ལ་གནོད་བྱེད་རྣམས༔ ཆོས་ཀྱི་དབྱིངས་སུ་བདག་གིས་བསྒྲལ་བྱས་ཏེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝིདྱཱ༔ ཤབྡ༔ རཱུ་པ༔ ཤབྡ༔ གནྡྷེ༔ ར་ས༔ སྤརྴེ༔ ཨ་མྲྀཏ༔ བ་ལིཾ་ཏ༔ རཀྟ༔ མུ་དྲཱ༔ མ་ཏྲཾ་རུ་ཏྲ་པྲ་ཝེ་ཤ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དད་ལྡན་བུ་ལ་བྱིན་རླབས་ཆར་འབེབ་པའི༔ བླ་མའི་ལྷ་ཚོགས་ཀུན་ལ་བསྟོད་པར་བགྱི༔ དངོས་གྲུབ་མ་ལུས་ལྷུན་གྱིས་གྲུབ་མཛད་པའི༔ ཡི་དམ་ཀུན་ལ་བདག་གིས་བསྟོད་པར་བགྱི༔ འགྲོ་བ་སྣང་སྲིད་དབང་དུ་སྡུད་མཛད་པའི༔ མཁའ་འགྲོའི་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ བསྟན་པ་བསྲུང་བའི་ལས་ལ་རབ་ཏུ་བརྩོན༔ ཆོས་སྐྱོང་ཀུན་ལ་བདག་གིས་བསྟོད་པར་བགྱི༔ དགོས་འདོད་རེ་བ་སྐོང་བར་མཛད་པ་ཡི༔ ནོར་ལྷའི་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ བསྟན་ལ་གནོད་བྱེད་སྒྲོལ་བར་མཛད་པ་ཡི༔ དམ་ཅན་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ ཧཱུྃ༔ བླ་མ་རྣམས་ལ་འབྱོར་ཚོགས་ཆུང་བ་བཤགས༔ ཡི་དམ་ལྷ་ལ་སྤང་ལེན་བྱས་པ་བཤགས༔ མཁའ་འགྲོ་རྣམས་ལ་གསང་བ་བསྒྲགས་པ་བཤགས༔ ཆོས་སྐྱོང་རྣམས་ལ་མཆོད་གཏོར་ཆུང་བ་བཤགས༔ ཚངས་པ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་སོ་སོའི་ཛཔ྄་བསྙེན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཚོགས་ཀྱི་རིམ་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ལས་མེ་འཕྲོས་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ༔ བདུད་རྩི་དཀར་དམར་མཐིང་གར་གྱུར༔ ཧཱུྃ༔ སྐུ་གསུམ་རྩ་བརྒྱུད་བླ་མ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡི་དམ་ལྷ་ཚོགས་མ་ལུས་པ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་སྐྱོང་སྲུང་མ་མ་ལུས་པ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནོར་ལྷ་དམ་ཅན་རྒྱ་མཚོ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་གཏོར་འདི་ལ་བྱིན་གྱིས་རློབས༔ རྣལ་འབྱོར་བསམ་པ་བསྒྲུབ་ཏུ་གསོལ༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཐུགས་དང་འགལ་བར་གྱུར་པ་བཤགས༔ དམ་སྲི་གནོད་བྱེད་ཞལ་དུ་བསྟབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་ཚོགས་སྤེལ་ལྷག་མ་ནི༔ ཨོཾ་ཨཱཿཧཱུྃ༔ མ་མོ་མཁའ་འགྲོ་ཤ་ཟ་དུར་བདག་མོ༔ ལྷག་ལ་དབང་བའི་འབྱུང་པོ་གཏོར་ལེན་ནི༔ ལྷག་མ་འདི་བཞེས་གནོད་བྱེད་དགྲ་བགེགས་རྣམས༔ ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ ལྷ་སྲིན་དམ་ལ་བཏགས་པ་རྣམས༔ སྔོན་གྱི་དམ་བཅས་མ་གཡེལ་བར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ བཀའ་དང་དམ་ལས་མ་འདའ་བར༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ སྣང་སྲིད་མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཉིད་ཐུགས་ཀའི་སྔགས་འཁོར་ལ་ཐིམ་ནས༔ དེ་ཡང་དེ་དབུས་ཧཱུྃ་དང་ཧྲཱིཿལ་ཐིམ༔ ཧཱུྃ་དང་ཧྲཱིཿཡང་མི་དམིགས་ནམ་མཁའ་ལྟར༔ ཞེས་བརྗོད་དེ་ཡི་ངང་ལ་མཉམ་པར་གཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ གྱ་མང༔ ྈ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ། ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་བདུན་ཉིན་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཞལ་གཟིགས་ཏེ། རྩ་གསུམ་སྤྱིའི་ལས་བྱང་འདི་ཉིད་དངོས་སུ་བཀའ་བསྩལ་པ་འདི་སྐྱེ་འགྲོ་ཐམས་ཅད་དགེ་བའི་རྒྱུར་གྱུར་ཅིག །
བྱད་འགྲོལ་གསེར་གྱི་ལྡེ་མིག་གི་སྔགས་བྱང་ (Volume 47, Text 51)
ཡང་གསང་ཨེ་རིང་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་རྒྱལ་པོ་ནི། ཨོཾ་ཨྱེ་ཨྱེ་ཨྱེ༔ ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ༔ ཀཱ་ལ་རཱུ་པ་ཀ་པ་ཡེ༔ ཧྲཱིཿཥྚཱིཿཨ་པ་ཡེ༔ ཨ་ཨ་ནེ་ཨ་ནེ༔ ཨུ་ཨུ་ནེ་ཨུ་ནེ༔ དུ་དུ་ནེ་དུ་ནེ༔ ཨ་ཨི་ཨུ་ཨེ་ཨོ་ཨཾ༔ ར་རཱི་ལ་ལཱི༔ དུ་རུ་ཡེ༔ བྱ་ཙ་ཡེ༔ སིཾ་ཧ་ཡེ༔ ཧྲི་ད་ཡེ༔ བྷི་ཏ་ཡེ༔ ཙིཏྟ་ཡེ༔ ཧ་ལ་ཡེ༔ མུ་ཀ་ཡེ༔ ཨུ་ཨུ་ནེ་ཨུ་ཨུ་ནེ༔ བྱེ་ཏྲི་ཏ༔ ཨ་ཨ་ནན༔ ཡ་མ་རཱ་ཛ༔ ཡ་མ་རཀྴ༔ ཡ་མ་རཀ་ཨ༔ ཡ་མ་རཀྵ༔ བེ་ཏཱ་ལི་ཀྲོ་ཏཱི་ཤྭ་རཱི་མ་མ་ཨེ་ཀ་ཙཱ་ཏི༔ དེ་མ་ཁ་ལ་བཾ་རིལ་རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙཎྜ་རཀྴ་མནྟོ་ ཨཱཿཧཱུྃ་ཛ༔ ༈ སྐུ་གསུང་ཐུགས་ཀྱི་བྱད་འགྲོལ་སྔགས་ནི། སྐུ།་་་ཨོཾ་ཀཱ་ཡ་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛྭཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ གསུང་།་་་ཨཱཿཝཱཀ྄་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཐུགས།་་་ཧཱུྃ་ཙིཏྟ་ཀྵ་ཡ༔ བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ༔ ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡ་ཟློག་བྷྱོ༔ གཙོ་སྔགས་སྙིང་པོ་ནི།་་་ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ་ནི༔ བཛྲ་པཱ་ཎི་ཕཊ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་ཚེ་ཡི་སྒྲུབ་པ་ (Volume 10, Text 51)
༁ྃ༔ ༔རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་ཚེ་ཡི་སྒྲུབ་པ་བཞུགས༔ ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ རིག་འཛིན་ཚེ་ཡི་སྒྲུབ་པ་ནི༔ བསྒྲུབ་གཞི་མི་ཤིགས་དྭངས་མ་གསུམ༔ སྒྲུབ་བྱེད་ལྷ་སྔགས་དགོངས་པ་གསལ༔ སྒྲུབ་པའི་རྫས་དང་བཅས་ཏེ་བསྒྲུབ༔ གྲུབ་འབྲས་རྡོ་རྗེའི་ལུས་སུ་འགྱུར༔ ས་མ་ཡ༔ དེ་ལ་བཀྲ་ཤིས་གནས་མཆོག་ཏུ༔ དཀྱིལ་འཁོར་བག་དྲོ་བརྗིད་ལྡན་བཤམ༔ ཁྱད་པར་ཚེ་ཡི་འབྲང་རྒྱས་དང༔ ཐབས་ཤེས་རྟེན་འབྲེལ་རྫས་བཤམས་ལ༔ ཚེ་ཡི་མདའ་དར་མཚན་ལྡན་འཛུག༔ ཕྱི་ནང་མཆོད་པ་དུ་མ་བཀྲམ༔ སྤོས་རོལ་དང་བཅས་བྱིན་ཆེན་དབབ༔ དེ་ནི་སྒྲུབ་པའི་སྟ་གོན་ནོ༔ ས་མ་ཡ༔ དངོས་གཞི་ལས་ཀྱི་གཞུང་བསྲངས་ལ༔ བསྐྱེད་རིམ་གསལ་ཞིང་བཟླས་བརྗོད་བྱ༔ ཁྱད་པར་ཛཔ྄་ཀྱི་དགོངས་པ་ནི༔ ཧྲཱི༔ དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་གི༔ ཐུགས་ཀར་མི་ཤིགས་དྭངས་མ་འོད་ལྔའི་ཀློང༔ ཐབས་དང་ཤེས་རབ་པདྨ་ཟླ་བའི་སྟེང༔ ཟུང་འཇུག་འོད་གསལ་སྙིང་པོ་ཡེ་ཤེས་སེམས༔ བཅོམ་ལྡན་ཚེ་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང༔ འཆི་མེད་བཅུད་ཀྱིས་གང་བའི་ཚེ་བུམ་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ རང་འོད་བདེ་སྟེར་ལྷ་མོ་ཙནྡྷ་ལཱི༔ མདའ་དར་བུམ་འཛིན་བདེ་སྟོང་ཆེན་པོར་སྦྱོར༔ ཡབ་ཀྱི་ཐུགས་ཀར་ཉི་ཟླའི་ག་འུའི་སྦུབས༔ ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་བྱེ་རུའི་མདོག༔ མཐའ་སྐོར་མི་ཕྱེད་རྡོ་རྗེའི་སྔགས་ཀྱིས་མཚན༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་མཁའ་ཁྱབ་འཕྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་བཞིའི་སྙིང་པོ་འཁོར་འདས་དྭངས་བཅུད་ཀུན༔ འཆི་མེད་བདུད་རྩི་འོད་ཟེར་རྣམ་པར་བསྡུས༔ ཕྱག་གི་བུམ་པའི་ནང་ཞུགས་ཞུ་ཞིང་ཁོལ༔ ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དང༔ དུས་མིན་འཆི་བའི་བག་ཆགས་མ་ལུས་སྦྱངས༔ སྒོ་གསུམ་མི་ཤིགས་དྭངས་མ་གསུམ་ལྡན་དང༔ ཚེ་དང་ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་པའི་སྔགས་འདི་རྩེ་གཅིག་བཟླ༔ འབུམ་ཕྲག་བཞི་ཡིས་དངོས་གྲུབ་ཐོབ༔ ལྷ་སྐུའི་གསལ་སྣང་བརྟན་པར་བཟུང༔ འབྱུང་འཇུག་རླུང་ཀུན་སྔགས་སུ་བསམ༔ དབྱིངས་རིག་དབྱེར་མེད་ངང་དུ་བཞག༔ འཆི་མེད་ཡེ་ཤེས་འགྲུབ་པར་འགྱུར༔ ས་མ་ཡ༔ སྐབས་སུ་ཐུགས་དམ་རྒྱུད་བསྐུལ་ཕྱིར༔ གདུང་བའི་ཤུགས་བསྐྱེད་མདའ་དར་གཡབ༔ ཨོཾ༔ འཆི་མེད་པདྨ་དྲྭ་བའི་ཕོ་བྲང་ཆེ༔ དྭངས་མ་འོད་ལྔ་འབར་བའི་ཀློང་དཀྱིལ་ནས༔ རིག་འཛིན་གཙོ་བོ་རྗེ་བཙུན་པདྨ་འབྱུང༔ ཚེ་བདག་བཅོམ་ལྡན་འདས་དང་གཉིས་སུ་མེད༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྔོན་གྱི་ཐུགས་དམ་ཞལ་བཞེས་ཇི་བཞིན་དུ༔ བདེ་སྟོང་ཟུང་འཇུག་ཐིག་ལེའི་ཀློང་ནས་བཞེངས༔ སྤྲུལ་པའི་ཕོ་ཉ་མགྱོགས་མ་ལས་ལ་སྐུལ༔ འཁོར་འདས་སྣང་སྲིད་ནམ་མཁའི་དྭངས་བཅུད་ཁུག༔ ཆོས་དབྱིངས་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ རྡོ་རྗེ་ཧཱུྃ་ཆེན་ཀཱ་ར་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་ཆུ་ཡི་དྭངས་བཅུད་ཁུག༔ མེ་ལོང་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཧཱུྃ་ཀཱ་ར་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཏྲཱཾ༔ ལྷོ་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་ཁྲག་འཐུང་བཤེས་གཉེན་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་ས་ཡི་དྭངས་བཅུད་ཁུག༔ མཉམ་ཉིད་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ ནུབ་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ དབང་ཆེན་ནཱ་གཱརྫུ་ན་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་མེ་ཡི་དྭངས་བཅུད་ཁུག༔ སོར་རྟོག་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ནཱ་གཱརྫུ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ༔ བྱང་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ ཕྲིན་ལས་པྲ་བྷ་ཧསྟི་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་རླུང་གི་དྭངས་བཅུད་ཁུག༔ བྱ་གྲུབ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲཧསྟི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃཿ ཛ༔ ཤར་ལྷོ་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ མངོན་རྫོགས་དྷ་ན་སཾསྐྲྀ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་བདེ་ཆེན་དྭངས་བཅུད་ཁུག༔ ཀློང་གྱུར་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷ་ན་སཾསྐྲྀཏ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃཿ ཧཱུྃ༔ ལྷོ་ནུབ་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ འཆི་མེད་བི་མ་མི་ཏྲ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་བདུད་རྩིའི་དྭངས་བཅུད་ཁུག༔ འདའ་ཀ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ བཾ༔ ནུབ་བྱང་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ གསང་བདག་གུ་ཧྱ་ཙནྡྲ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་སྟོབས་ཀྱི་དྭངས་བཅུད་ཁུག༔ དབྱིངས་གྲོལ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་གུ་ཧྱ་ཙནྡྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧོ༔ བྱང་ཤར་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ སྟོབས་ལྡན་ཤཱིཾནྟ་གརྦྷ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་རྩལ་གྱི་དྭངས་བཅུད་ཁུག༔ མཐའ་གྲོལ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱིནྟཾ་གརྦྷ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ བརྒྱུད་གསུམ་རིག་འཛིན་བླ་མ་དབྱིངས་ནས་བཞེངས༔ ཡི་དམ་ལྷ་ཚོགས་དངོས་གྲུབ་གཟི་བྱིན་སྐྱེད༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གློག་ལྟར་འཁྱུགས༔ རིག་འཛིན་སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཚུད༔ བར་ཆད་ཚེ་འཕྲང་འོད་གསལ་དབྱིངས་སུ་ཟློག༔ སྲིད་ཞིའི་ཚེ་བཅུད་མི་ཤིགས་ཐིག་ལེར་སྟིམས༔ འཆི་མེད་འཇའ་ལུས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་བསྐུལ་བདག་དང་སྒྲུབ་རྟེན་ལ༔ ཚེ་ཡི་དྭངས་བཅུད་ཡང་ཡང་བསྟིམ༔ མཐར་ཐུག་སྙིང་པོ་ཧྲཱིཿལ་འདུས༔ ཉི་ཟླ་འོད་ཀྱི་དྲྭ་བས་བཅིངས༔ འཕོ་མེད་བརྟན་པར་རྒྱས་གདབ་བྱ༔ ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་ཚེ་ཡི་བཅུད༔ བསྡུས་པས་སྙིང་པོ་མི་ཤིགས་ཐིག་ལེར་ཐིམ༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ མི་འགྱུར་མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་བྷྲཱུྃ་སྭཱ་ཧཱ༔ ས་མ་ཡ༔ དེ་ལྟར་ཡང་ཡང་བརྩོན་པ་ཡིས༔ ཉི་ཟླ་ཤར་དང་བདུད་རྩི་བཏུང༔ རྩི་ཤིང་འབྲུ་སྨན་རྒྱས་པ་སོགས༔ རྨི་ལམ་དགེ་བའི་རྟགས་བྱུང་ན༔ ཚེ་འབྲང་ལྷར་གསལ་གསོལ་བ་གདབ༔ འཆི་མེད་རིག་འཛིན་པདྨ་འབྱུང༔ རྩ་གསུམ་འདུས་པའི་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ རྡོ་རྗེ་ཚེ་ཡི་དབང་མཆོག་སྩོལ༔ ཅེས་བསྐུལ་ཚེ་འགུགས་བཅུད་བསྡུས་ལ༔ དངོས་གྲུབ་བུམ་པ་སྤྱི་བོར་བླང༔ ཨོཾ༔ ཚེ་ཡི་འབྲང་རྒྱས་ཉི་ཟླའི་གྭ་འུ་རུ༔ མི་འགྱུར་རྟག་པ་ཡེ་ཤེས་ལྷ་ཚོགས་བཞུགས༔ འཆི་མེད་བདེར་གཤེགས་སྐུ་ཡི་དབང་བསྐུར་བས༔ སྟོབས་རྩལ་གཟི་བརྗིད་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཆང་བདུད་རྩི་མགྲིན་པར་མྱང༔ ཨཱ༔ ཆོས་དབྱིངས་རང་བྱུང་བྷནྡྷའི་སྣོད་མཆོག་ཏུ༔ འཁོར་འདས་དྭངས་བཅུད་ཡེ་ཤེས་བདུད་རྩིར་འཁྱིལ༔ འགག་མེད་སྙིང་པོ་གསུང་གི་དབང་བསྐུར་བས༔ རླུང་སྔགས་མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་སྙིང་གར་བླང་ཞིང་རོལ༔ ཧཱུྃ༔ བརྟན་གཡོའི་རང་བཞིན་བདེ་ཆེན་ཐིག་ལེར་འཁྱིལ༔ སྲིད་དང་ཞི་བའི་ཚེ་བཅུད་འདུ་འབྲལ་མེད༔ འོད་གསལ་གཉུག་མ་ཐུགས་ཀྱི་དབང་བསྐུར་བས༔ སྐྱེ་འཆི་མེད་པ་དོན་གྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་སུ་རྒྱས་གདབ་ཤིས་པ་བརྗོད༔ དགའ་སྟོན་ཚོགས་འཁོར་རྒྱ་ཆེར་བྱ༔ དེས་ནི་ཚེ་ཡི་བར་ཆད་ཞི༔ ཚེ་དང་ཡེ་ཤེས་འཕེལ་བར་འགྱུར༔ ས་མ་ཡ༔ སྣོད་ལྡན་གདུལ་བྱ་རྗེས་བཟུང་ན༔ ཁྲུས་བྱ་མཚམས་བཅད་སྲུང་འཁོར་བསྒོམ༔ མཎྜལ་དང་བཅས་གསོལ་བ་གདབ༔ རྒྱུད་སྦྱང་དམ་ཡེ་གཉིས་མེད་བསྟིམ༔ ཏིང་འཛིན་གསལ་ཞིང་ཚེ་འགུགས་བསྐུལ༔ དབང་རྣམས་བསྐུར་ཅིང་རྒྱས་གདབ་བྱ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་སྤྱད༔ འདི་ལྟར་རྣལ་འབྱོར་སུས་བསྒྲུབས་ན༔ དུས་མིན་འཆི་བ་ངེས་པར་བསླུ༔ ཚེ་ཟད་པ་ཡང་བསྲིང་བར་ནུས༔ དྭངས་མ་མི་ཤིགས་གསུམ་ལྡན་གྱི༔ རྡོ་རྗེའི་ཚེ་ལ་དབང་འབྱོར་འགྱུར༔ ས་མ་ཡ༔ རྩ་གསུམ་དགོངས་འདུས་གཏེར་གྱི་མཛོད༔ རིག་འཛིན་ཡོངས་རྫོགས་སྒྲུབ་ཐབས་ལས༔ མཐའ་རྒྱས་ཚེ་ཡི་སྒྲུབ་པའི་ཐབས༔ ཟབ་ཅིང་སྙིང་པོར་འདྲིལ་བ་འདི༔ མ་འོངས་འདི་སྤྱོད་སྐྱེས་བུ་ཡི༔ ཚེ་ཡི་བར་ཆད་ཞི་བ་དང༔ འགྲོ་འདུལ་ཕྲིན་ལས་རྒྱས་པའི་ཕྱིར༔ ལོ་ཙཱ་ཆེན་པོ་ཉིད་ལ་གདམས༔ རིན་ཆེན་ས་ཡི་གཏེར་དུ་སྦོས༔ འཆི་མེད་དགའ་སྟོན་འཕེལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཚོགས་དང་བཅས་པ་རྡོ་རྗེ་ཕ་ལམ་ (Volume 53, Text 51)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཚོགས་དང་བཅས་པ་རྡོ་རྗེ་ཕ་ལམ་ཞེས་བྱ་བ་བཞུགས་སོ། ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལས་ཚོགས་དང་བཅས་པ་རྡོ་རྗེ་ཕ་ལམ་ཞེས་བྱ་བ། བླ་མ་སྨྲ་བའི་སེང་གེ་ཕ་རོལ་རྒོལ་འཇོམས་ལ་ཕྱག་འཚལ་ལོ། །གང་ཞིག་སྲིད་ཞིའི་མཐའ་ལ་མི་གནས་པའི། །བླ་མ་ཡི་དམ་དབྱེར་མེད་དེར་བཏུད་དེ། །ཕས་ཀྱི་རྒོལ་བ་ངན་པ་ཚར་གཅོད་ཕྱིར། །འཇོམས་བྱེད་འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་བྲི། །དེ་ཡང་སངས་རྒྱས་བསྟན་པའི་ཆེད་དུ་དྲག་པོའི་སྦྱོར་བ་དུ་མ་བརྩམ་པར་འཇམ་དཔལ་ཕ་རོལ་རྒོལ་འཇོམས་སྒྲུབ་ཅིང་ལས་སྦྱོར་རྩོམ་པའི་ཚུལ་བཤད་པ་ལ་བཞི། སྔོན་འགྲོ་དངོས་གཞི་རྗེས་འཕྲོས་དོན་ནོ། །དང་པོ་ལ་བདུན་གྱི་ཐོག་མར་སྦྱོར་བ་རྟེན་མཆོད་བཤམ་པ་ནི། གང་དུ་བྱ་བའི་གནས་སུ་སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་ཀྱི་ཚོགས་བཀྲམ། སྟེགས་ཀྱི་ཁར་འཇམ་དཔལ་ཞི་དྲག་གཉིས་ཀའི་གཏོར་མ་སྨན་རཀ་ཉེར་སྤྱོད་བཅས་བཤམ། ལས་སྦྱོར་གཏོར་ཟློག་བྱེད་ན་མདུན་དུ་ཨེ་གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན་པའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་བྲིས་པའི་ཁར། ལྕགས་སྣོད་དུ་འབྲུ་ནག་གི་ཕྱེ་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་མདུན་དུ་ཁྲག་ཀོང་ལོགས་གསུམ་ལ་རང་འདྲ་གསུམ་མཐེབ་ཀྱུ་གྲངས་མང་གིས་བསྐོར་བ། ཤ་ཁྲག་གཙང་མ་མཚེ་ཡུངས་དར་ནག་གིས་བརྒྱན་པ་བཤམ། ལས་གཤིན་གྱི་གཏོར་མ། ཚོགས་དང་དགྲ་བགེགས་ཀྱི་ལིངྒ་ཟག་རྫས་ཀྱིས་སྦག་པ། ཕུར་བུ་ཐུན་རྫས་ལས་གཏོར་སོགས་དགོས་པའི་ཡོ་བྱད་འདུ་བྱ། དེ་ནས་སྒྲུབ་པོ་རྣམས་བདེ་བར་སྟན་ལ་འཁོད་ནས། བརྒྱུད་པའི་གསོལ་འདེབས། བྱིན་རླབས་ཅི་རིགས། ཕྱི་རྒྱུད་ལ་གཏོར་མ་བསྔོ་བ་རྣམས་བྱས་ལ་ཚོགས་གསག་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་སྨྲ་བའི་སེང་གེ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྐུ་གསུམ་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ གཉིས་པ་བགེགས་ཚོགས་མཚམས་གཅད་པ་ནི། གཏོར་མ་རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿ ཞེས་བཀུག་ནས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། གྲིཧྞེ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་རྡོ་རྗེའི་མཚོན་ཆར་གྱིས༔ ལུས་ངག་ཡིད་གསུམ་རྡུལ་ཕྲན་ཇི་བཞིན་དུ༔ བདུན་རྒྱུད་རིགས་ཀྱང་རྩད་ནས་བརླག་པའི་ཕྱིར༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧཱུྃ༔ གཏོར་མ་ཕྱི་རོལ་དུ་དོར། ཡུངས་དཀར་བྲབ། གུ་གུལ་བདུག །རྡོ་རྗེ་གསོར་ཞིང་རོལ་མོའི་ཚམས་རྔམ་བཅས་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ་པ་ནི། ཧཱུྃ་ཧྲཱི༔ བདག་ཉིད་དཔལ་ཆེན་ཁྲོ་རྒྱལ་ཧེ་རུ་ཀ༔ འཁོར་འདས་ཐམས་ཅད་གསང་གསུམ་ཕྱག་རྒྱར་རྫོགས༔ རྡོ་རྗེ་ས་གཞི་ར་གུར་བླ་བྲེ་སོགས༔ མཚོན་ཆ་རྣམ་ལྔའི་གུར་གྱིས་ཕྱོགས་མཚམས་གཏམས༔ མེ་རི་མེ་ཕུང་སྲིད་གསུམ་ཀུན་ཏུ་འཁྲུགས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་བྷྲཱུྃ༔ གསུམ་པ་བཤགས་པ་ནི། ཧོ༔ བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་ལ༔ འཁྲུལ་པའི་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ ལོག་པའི་ལམ་དུ་གོལ་བའི་ནོངས་པ་ཀུན༔ གཉིས་མེད་བློ་ལས་འདས་པའི་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བཞི་པ་དམ་བཅའ་བ་ནི། ཧཱུྃ༔ བདེ་ཆེན་ཡེ་ཤེས་མཆེད་ལྕམ་ལུ་གུ་རྒྱུད༔ མི་འབྲལ་རྩེ་གཅིག་སྒྲུབ་པའི་གཡར་དམ་གྱིས༔ ཐོག་མ་ཐ་མ་མེད་པའི་ཡི་དམ་ལྷ༔ བླ་མ་ལྷག་པའི་ལྷ་མཆོག་མཁའ་འགྲོ་མ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས་པའི་ངང༔ བསྙེན་ཅིང་སྒྲུབ་པའི་ཏིང་འཛིན་ཟབ་མོ་ལས༔ འདའ་ཀ་རྡོ་རྗེའི་དམ་ཚིག་མཆོག་ཏུ་གཟུང༔ བོ་དྷི་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ ལྔ་པ་བྱིན་དབབ་པ་ནི། ཧཱུྃ་ཧྲཱི༔ སྐུ་གསུམ་བླ་མའི་ལྷ་ཚོགས་དབྱིངས་ནས་བཞེངས༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་དཀྱིལ་འཁོར་དམ་རྫས་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ སྒྲུབ་མཆོག་རྣམས་ལ་དབང་སྐུར་བྱིན་གྱིས་རློབས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ དྲུག་པ་མཆོད་རྫས་བྱིན་བརླབ་ནི། ཧཱུྃ་ཧྲཱི༔ ཡིག་འབྲུ་གསུམ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས། ཤབྡ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ སྟོང་གསལ་རླུང་མེ་ཐོད་སྒྱེད་རྣམ་ཐར་གསུམ༔ ཆོས་དབྱིངས་རང་བྱུང་བྷནྡྷ་ཆེན་པོ་རུ༔ འབྱུང་བ་ཕུང་པོ་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་བྱང་ཆུབ་སེམས་སུ་ཞུ༔ རླངས་པ་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཕྲོས༔ སྣོད་བཅུད་དྭངས་མ་ཨོཾ་ཨཱཿཧཱུྃ་དུ་འདུས༔ བདེ་བར་གཤེགས་པའི་བདུད་རྩི་སྤྱན་དྲངས་ནས༔ ཁ་སྦྱོར་འཁོར་ལོ་སྡོམ་པའི་བདུད་རྩིར་གྱུར༔ བྷྲཱུྃ་ལས་རིན་ཆེན་གཏོར་སྣོད་གཞལ་ཡས་དབུས༔ འབྲུ་གསུམ་ལས་བྱུང་གཏོར་མ་འདོད་ཡོན་ལྔ༔ རཀྟའི་སྣོད་མཆོག་ཨེ་ཡི་རང་བཞིན་དབུས༔ གཱིརྟིའི་མཁའ་ནས་དམར་ཆེན་ཆར་ལྟར་འབེབ༔ བདུད་རྩི་དཀྲུགས་ཤིང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋཱ༔ བདུད་རྩི་གཏོར་མ་ལ་བྲན་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ རཀྟ་ཕྱར་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ བདུན་པ་རང་རིག་གསལ་གདབ་ནི། ཧཱུྃ༔ རང་རིག་བྱང་ཆུབ་སེམས་ཀྱི་རྩ་གསུམ་ལྷ༔ གཞན་དུ་མ་གྲུབ་རང་དང་དབྱེར་མེད་ངང༔ རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས༔ ཡེ་ནས་མ་བཅོས་ངང་དུ་རང་གསལ་གདབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ས་མ་ཡ་སཏྭཾ༔ བོ་དྷི་ཙིཏྟ་ཛྙཱ་ན་ཨ༔ གཉིས་པ་དངོས་གཞི་ལ་བདུན་གྱི་དང་པོ་ཕྱག་རྒྱ་བསྐྱེད་ཅིང་གསལ་གདབ་པ་ནི། ཨ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང༔ སྐད་ཅིག་རྫུས་སྐྱེས་ཚུལ་དུ་ནི༔ ཕ་ལམ་ལས་གྲུབ་རྡོ་རྗེའི་གུར༔ ཡངས་ཤིང་རྒྱ་ཆེའི་ལྟེ་བ་རུ༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ བདག་ཉིད་རིག་འཛིན་སྨྲ་བའི་སེང༔ ཁྲོས་པའི་སྐུར་བཞེངས་གཤིན་རྗེའི་གཤེད༔ ཕ་རོལ་རྒོལ་བ་འཇོམས་པའི་དཔལ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་འཁོར་ལོ་རལ་གྲི་གཡས༔ ལྕགས་ཀྱུ་གཏུན་ཤིང་དགྲ་སཏྭ་གཡོན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡུམ་ནི་གཏུམ་མོ་དུག་ཧྲུལ་མ༔ དམར་ནག་རཀྟ་ཁོལ་མའི་མདངས༔ བེ་ཅོན་བྷན་ཁྲག་འཛིན་པས་འཁྱུད༔ གར་དགུའི་ཉམས་ཀྱི་རོལ་པ་ཡིས༔ ཡེ་ཤེས་མེ་ཕུང་ཀློང་ན་འགྱིང༔ ཕྱི་རོལ་འཁོར་ལོའི་ནང་ཁོངས་སུ༔ ཚེ་འཆི་སྲོག་གི་བདག་པོ་དང༔ ལས་བྱེད་གཤིན་རྗེ་བྱེ་བས་བསྐོར༔ ཁྲོ་བོ་འཆོལ་པ་སྐར་ལྟར་འཁྲུགས༔ མཚོན་ཆའི་ཆར་འབེབ་ཧཱུྃ་ཕཊ་སྒྲ༔ འབྲུག་ཆེན་ལྡིར་བ་ལྟ་བུར་སྒྲོག༔ སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ གདོད་ནས་ལྷུན་གྲུབ་ཕྱག་རྒྱས་བཏབ༔ དུག་ལྔ་རང་གྲོལ་ཡེ་ཤེས་ལྔ༔ རིགས་ལྔའི་ངོ་བོར་དབང་བསྐུར་རོ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ གཉིས་པ་ཡེ་ཤེས་དགུག་བསྟིམ་ནི། ཧཱུྃ༔ འོག་མིན་ཨེ་ཡི་ཕོ་བྲང་ནས༔ མགོན་པོ་ཀུན་གཟིགས་དབྱིངས་ནས་བཞེངས༔ འཇམ་དཔལ་ཁྲོ་བོའི་ཚུལ་བསྟན་པ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དུར་ཁྲོད་གནས་མཆོག་འཇིགས་རུང་བར༔ པད་ཉི་དགྲ་བགེགས་གདན་སྟེང་དུ༔ རིག་པ་ཡེ་ཤེས་ཕྱག་རྒྱའི་ལྷ༔ དགྱེས་ཤིང་ཕྲིན་ལས་མཛད་ཕྱིར་བཞུགས༔ ས་མ་ཡ་སཏྭཾ༔ བཞི་པ་ཕྱག་མཆོད་ནི། ཧཱུྃ༔ ཕ་རོལ་རྒོལ་འཇོམས་རིག་པ་འཛིན༔ སྨྲ་བའི་སེང་གེ་སྟོབས་པོ་ཆེ༔ བདུད་དགྲ་བདུད་འདུལ་དཔལ་ཆེན་ལྷར༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་འཛིན་ཀྱང་འཇིགས་པའི་ཕོ་བྲང་དུ༔ དགྲ་བགེགས་བསྒྲལ་པའི་ཁྲག་གི་མཆོད་ཡོན་དང༔ དབང་པོའི་མེ་ཏོག་ཚིལ་ཆེན་བདུག་པའི་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་རྫིང༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ བྱང་སེམས་དཀར་དམར་བདུད་རྩི་རཀྟའི་མཚོ༔ ཕུང་པོ་མ་ཚང་མེད་པའི་གཏོར་མ་ཆེ༔ རྨད་དུ་བྱུང་བའི་དམ་རྫས་རྒྱ་ཆེན་པོ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་གཤིན་རྗེ་འཁོར་བཅས་ཐུགས་དམ་བསྐང༔ དགྱེས་པར་བཞེས་ལ་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་སོགས་ནས། ཤབྡ་བོ་དྷི་ཙིཏྟ་མ་ཧཱ་རཀྟ་མཱཾ་ས་བ་ལིཾ་ཏ་པཱུ་ཛ་ཧོ༔ ལྔ་པ་བསྟོད་ཅིང་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས༔ མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ༔ མཚན་དང་དཔེ་བྱད་གཟི་བརྗིད་འབར༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱ༔ གྲགས་སྟོང་བརྗོད་བྲལ་ཡེ་ཤེས་ལས༔ སྟོང་གསུམ་འཇིག་རྟེན་རབ་གཡོ་ཞིང༔ དྲེགས་པ་ཐམས་ཅད་ལས་ལ་འདུ༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་འདས་ཀུན་ལ་ཁྱབ་པ་ཡི༔ དམིགས་མེད་ཡེ་ཤེས་ཐུགས་རྗེར་ལྡན༔ སྙིང་རྗེས་འགྲོ་དོན་མཛད་པ་ཡི༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ འཁོར་གྱི་མ་གཤིན་དྲེགས་པའི་ཚོགས༔ ལས་ལ་མྱུར་ཞིང་བསྟན་པ་སྲུང༔ མཐུ་རྩལ་ནུས་པ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་ལ་ཕས་ཀྱི་བྱད་ཕུར་དང༔ རྒོལ་བ་ངན་པའི་ཚོགས་རྣམས་ཀུན༔ མིང་ཙམ་མེད་པར་ཞི་བ་དང༔ ཚེ་དཔལ་ཡེ་ཤེས་རྒྱས་པར་མཛོད༔ དྲུག་པ་ཛཔ྄་བཟླ་བ་ནི། དབྱེ་གཞི་གསལ་བཏབ་ནས། ཕཊ་ཛཿ ཞེས་དམ་ཡེ་དབྱེ། ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ འཇམ་དཔལ་དམར་སེར་འོད་འབར་བའི༔ ཐུགས་དབུས་ཉི་ཟླའི་གྭ་འུའི་སྦུབས༔ མི་འགྱུར་ཐུགས་སྲོག་ཡཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་མཐིང་ག་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་མཆོད་ཅིང་མཉེས༔ ཁམས་གསུམ་སྒྲིབ་སྦྱངས་ལྷ་རུ་གྱུར༔ སྡེ་བརྒྱད་འབྱུང་པོ་དམ་ལ་གཟིར༔ ཁྱད་པར་བྱད་ཕུར་རྦོད་གཏོང་དང༔ དུས་མིན་འཆི་བ་མི་ཁའི་མཚོན༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང༔ སྔགས་ཀྱི་མེ་ཡིས་གཞོབ་ཏུ་བསྲེགས༔ འོད་གསལ་ཀ་དག་དབྱིངས་སུ་སྦྱངས༔ ཨོཾ་ཡ་མ་རཱ་ཛ༔ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ཞེས་བྲག་ཁ་ནས་ཆུ་འབབ་པ་ལྟར་དྲག་ཏུ་བཟླ་འོ།། བདུན་པ་གཏོར་འབུལ་དང་ཕྲིན་བཅོལ་ཐལ་རྡེབ་བྱ་བ་ནི། ཤ་ཁྲག་གི་གཏོར་མ་བཤམས་ལ། ན་མོ༔ རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད༔ ཁྱད་པར་བདག་ཅག་དཔོན་སློབ་བསྲུང་བྱ་ལ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ ཁ་འཇམ་སྙིང་རྩུབ་ཞེ་ནས་སྨོད་པ་དང༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙོག༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་བདུད་དང་དམ་སྲིའི་ཚོགས༔ ཡིད་ལ་དམིགས་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་གནས་ཀྱང་གཏོར་མ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོ༔ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ༔ དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱ༔ བདག་མདུན་ཐུགས་ལས་ཛཿཡིག་དམར་ནག་འཕྲོས༔ བསྒྲུབ་བྱའི་སྣ་བུག་བཤང་ལམ་གཉིས་ནས་ཞུགས༔ སྙིང་གར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས༔ རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས༔ ཚེ་བསོད་ནྲྀ་ཡིག་ལྗང་གུ་བདག་ལ་ཐིམ༔ ཤ་ཁྲག་བདུད་རྩི་ལྷ་ཚོགས་ཞལ་དུ་བསྟབ༔ ཉི་མ་བཞི་པའི་མཐར། མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཨོཾ༔ མཁྱེན་རབ་མངའ་བདག་འཕགས་པ་འཇམ་དཔལ་དབྱངས༔ གདུལ་དཀའི་འགྲོ་རྣམས་བསྒྲལ་ཕྱིར་དྲག་པོའི་སྐུ༔ བདུད་དགྲ་བདུད་འདུལ་བཅོམ་ལྡན་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་བཀའ་སྡོད་བཅས་པ་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དྲག་པོ་ཨེ་ཡི་གདན་ལ་བཞུགས་སུ་གསོལ༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག༔ ཤ་ལྔ་བདུད་རྩིའི་མཆོད་པ་འདི་བཞེས་ཤིག༔ དམར་ཆེན་རཀྟའི་བཏུང་བ་འདི་བཞེས་ཤིག༔ སྐུ་གསུམ་ཡོངས་རྫོགས་འགྲོ་དོན་མཛད་ལ་བསྟོད༔ ཉམས་ཆག་འགལ་འཁྲུལ་ཐམས་ཅད་མཐོལ་ལོ་བཤགས༔ ལྷ་མཆོག་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང༔ ཚེ་བསོད་འཁོར་སློབ་ཐམས་ཅད་རྒྱས་པར་མཛོད༔ ལྷ་མི་འགྲོ་བ་ཕོ་མོ་དབང་དུ་སྡུས༔ སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མྱུར་དུ་མཛོད༔ བྱད་ཁ་རྦོད་གཏོང་རང་གཤེད་རང་ལ་ཕོབ༔ མི་ཁ་བྲ་མཆུ་ལྟས་ངན་དགྲ་ལ་བྷྱོ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་ཐད་དུ་ལང་བའི་དགྲ་བོ་དང༔ ཡིད་ལ་བརྣག་པའི་དགྲ་ཇག་ཆོམ་རྐུན་རྣམས༔ ད་ལྟ་ཉིད་དུ་མྱུར་དུ་སོད་ལ་ཤོག༔ ཅེས་ཕྲིན་ལས་གང་དགོས་གསོལ་ནས། དམོད་པའི་ཐལ་བརྡེབ་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ༴ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ༴ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས་ཀྱི་བཀའ༴ དཔལ་མགོན་མ་ནིང་ནག་པོའི་བཀའ༴ ཁྱད་པར་དུ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། ཕ་རོལ་གྱི་རྨིས་ལྟས། རྦོད་གཏོང་། རྦད་འདྲེ། བྱད་ཁ་ཟོར་ཁ། ཕུར་ཁ་གཏད་ཁ། ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློགས་ཤིག །རང་གཤེད་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་ཐུངས་ཤིག །ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག །བདག་གི་ཆོས་སྐྱོང་ཐམས་ཅད་ཀྱང་ཁོའི་གཤེད་དུ་ཕོབ་ཅིག །མཱ་ར་ཡ་ཟློག་ཟློག །བྷྱོ་བྷྱོ། ཞེས་ཐལ་མོ་བརྡབ། འཇམ་དཔལ་བདེན་པའི་དམོད་པ་ཡིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །གསུམ་པ་རྗེས་ཀྱི་བྱ་བ་ལ་བདུན་གྱི་དང་པོ་ཚོགས་བྱ་བ་ནི། རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་མཆོད་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབས་ནས། སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དང་པོ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧོ༔ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་བ་ལ་དགུ་ལས། དང་པོ་ནི། རྔ་ཆེན་རྐང་གླིང་ཤུགས་པའི་བརྡས་བསྐུལ་ཏེ། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་སོགས༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རིག་འཛིན་ཁྲག་འཐུང་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད༔ གཉིས་པ་གསེར་སྐྱེམས་གཏང་བ་ལ། ཕུད་སྣོད་སྐྱེམས་ཀྱིས་བཀང་ལ། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་འཇམ་དཔལ་ཁྲག་འཐུང་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ གསུམ་པ་གཟུ་དཔང་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་རྩ་བ་གསུམ༔ རིག་འཛིན་ཁྲག་འཐུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རྒྱུད་གསུམ་དྲེགས་པའི་དཔུང་དང་བཅས་པ་རྣམས༔ མ་གཡེལ་མ་གཡེལ་གཟུ་དང་དཔང་མཛོད་ཅིག༔ བདག་གིས་བྱང་ཆུབ་ལམ་ལ་རབ་ཞུགས་ཏེ༔ སངས་རྒྱས་བསྟན་པ་རིན་ཆེན་སྤེལ་བ་དང༔ འགྲོ་ལ་ཕན་བདེ་བགྱིད་པར་དམ་བཅས་ཀྱང༔ དམ་ཉམས་དགྲ་དང་བགེགས་ཀྱིས་བར་གཅོད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་སམ༔ སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་བརླག་པའི་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ བཞི་པ་ཧོམ་དང་དམིགས་བྱ་བསྐྱེད་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་སྲུང་མ་དམ་ཅན་ལས་ལ་རྔམས་པ༔ དེའི་འོག་ཏུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན་ནག་ལ་ཧམ་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པ༔ བུ་ག་ཐམས་ཅད་ནས་ཁྲག་འཛག་པ༔ ཁ་ངུ་བ༔ མིག་ཤི་མིག༔ འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར༔ ལྔ་པ་བདེན་སྟོབས་བརྗོད་ཅིང་བཀུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བླ་མ་རིག་འཛིན་སྨྲ་བའི་སེང་གེ་དྲག་ཏུ་ཁྲོས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་པ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུག་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ཉི་མ་བཞི་པའི་མཐར། དགྲ་བགེགས་ཨཱ་ཀརྵཱ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱས་ལ། དྲུག་པ་བསྐུལ་ཞིང་གདབ་པའི་ཁ་ཚར་དྲུག་ནི། ཧཱུྃ༔ འཇམ་དཔལ་བདུད་དགྲ་བདུད་འདུལ་བ༔ ཁྲག་འཐུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བཅས༔ འོད་གསལ་དབྱིངས་ཀྱི་ངང་ཉིད་ལས༔ ཡེ་ཤེས་གར་དགུའི་ཕྱག་རྒྱར་བཞེངས༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མ་ལྟ་བུའི་ངང༔ གནས་འདིར་མངོན་སྤྱོད་ལས་ལ་དགོངས༔ འབར་བ་ཆེན་པོའི་རྫུ་འཕྲུལ་ལས༔ སྤྲུལ་པའི་ཕོ་ཉས་སྟོང་གསུམ་ཁེངས༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔་་་མཚོན་ཆ་སོ་སོས་བརྡེག །ཞགས་པ་ཅན་གྱིས་སྐེ་ནས་ཁྲིད༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུས་ལུས་སེམས་མྱོས་སུ་ཆུགས༔ མིང་བྱང་འདི་ལ་མྱུར་དུ་ཕོབ༔་་་དབབ་པའི་རྒྱ། མགོན་སྐྱབས་བྱེད་པའི་ལྷ་དང་ཕྱེས༔་་་བྱ་འུག་གི་སྒྲོས་དབྱེ་རྒྱ། མཐུ་དང་རྫུ་འཕྲུལ་རྩད་ནས་ཆོད༔་་་ཐུན་བརྡེག །ཕོབ་ཅིག་དྲག་ཏུ་རྣམ་པར་གཟིར༔ གཏད་དོ་གཉེར་རོ་བྱད་དུ་ཆུགས༔ རེངས་པར་གྱིས་ལ་སྨྱོར་ཆུགས་ཤིག༔ ཉི་མ་བཞི་པའི་མཐར། དགྲ་བགེགས་ཐམས་ཅད་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ན་ཤ་ཡ་བྷནྡྷ་ཡ་སཏྭམྦྷ་ཡ་མོ་ཧ་ཡ་ཧཱུྃ་ཕཊ༔ ཕྱག་རྒྱ་བཞི། འུག་པ་བྱ་རོག་དོང་རུ། ཡུངས་དཀར། བྱད་ཐག །དུག་ཁྲག་རྣམས་བརྡེག་ཅིང་ཕྱག་རྒྱས་བསྣུན་ནོ། །བདུན་པ་གདབ་པ་དངོས་ནི། ཉི་མ་བཞི་པའི་སྔགས་བཟླས་ཤིང་ཡུངས་དཀར་གྱིས་བྲབ། གུ་གུལ་བདུག །རཀྟས་བྱུགས་ལ། ཧཱུྃ༔ བདག་ཉིད་བཅོམ་ལྡན་དཔལ་ཆེན་པོ༔ ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འབར་བ་ཆེན་པོའི་གར་གྱིས་རོལ༔ ལྟ་བ་བློ་འདས་རྫོང་ལ་གནས༔ སྒོམ་པ་འོད་གསལ་འཕྲང་དུ་འཇུག༔ ཡེ་ཤེས་སྙིང་པོའི་སྲོག་དང་ལྡན༔ ལག་གཉིས་རིགས་ལྔ་ཡབ་ཡུམ་སྦྱོར༔ མཐིང་ནག་ཧཱུྃ་ལས་སྐྱེས་པ་ཡི༔ སྲས་མཆོག་ཡཀྴ་ཀྲོ་དྷ་ནི༔ སྐུ་སྟོད་ཁྲོ་བོ་འཇིགས་པ་ལ༔ སྐུ་སྨད་ཕུར་པའི་དབལ་དང་ལྡན༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན༔ འཕྱར་བ་ཙམ་གྱིས་སྲིད་གསུམ་འདར༔ བསྒྲིལ་བ་ཙམ་གྱིས་ཁམས་གསུམ་བརླག༔ ཀླད་ལ་བསྐོར་བས་བདག་འཁོར་སྲུང༔ རྐེད་ལ་བསྐོར་བས་ཕྱིར་མི་ལྡོག༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་འདུལ༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདུལ༔ བཏབ་པས་ལྷ་ཡང་འཇིག་འགྱུར་ན༔ དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ ཉམས་པའི་སྙིང་གི་དཀྱིལ་དུ་བཏབ༔ དྭངས་མ་དྲུག་པོ་ཉམས་པར་བྱས༔ ཚེ་བསོད་སླར་འདུས་བདག་ལ་ཐིམ༔ དགྲ་བགེགས་དུག་ལྔ་ཀུན་སྦྱངས་ཏེ༔ རྣམ་ཤེས་ཕུར་པའི་ཁོང་ནས་བརྒྱུད༔ བདེ་བར་གཤེགས་པའི་སྲས་སུ་གྱུར༔ འོད་གསལ་དབྱིངས་ཀྱི་ཕྱག་རྒྱར་རྫོགས༔ རྩ་སྔགས་མཐར། ཨ་ནྲྀ་སུ་ཏྲི་པྲེ་དུ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ༔ ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཨ་སྥ་ར་ཎ་ཕཊ༔ བརྒྱད་པ་རྟེན་གཞི་བསྒྲལ་བ་ནི། ཧཱུྃ༔ ཡེ་ཤེས་འབར་བའི་རལ་གྲི་འདིས༔ དམ་ཉམས་དགྲ་བགེགས་ལྔ་ཕུང་ཡང༔ ཕྱེ་མ་དུམ་བུར་གཏུབས་ནས་ཀྱང༔ ཤ་ཁྲག་དམར་ཆེན་རྒྱ་མཚོར་འཁྱིལ༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཙྪིནྡྷ་ཙྪིནྡྷ་བྷིནྡྷ་བྷིནྡྷ་རྦད་རྦད༔ རལ་གྲིས་གཏུབ། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ ཁྲོ་མོ་ཨེ་ཡི་དབྱིངས་ཉིད་དུ༔ རྡོ་རྗེ་ཁྲོ་བོའི་གཏུན་གྱིས་བརྡུང༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ དགུ་པ་རྔམས་པའི་ཞལ་དུ་བསྟབ་པ་ནི། ཧཱུྃ༔ འཇམ་དཔལ་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་བསྒྲལ་པའི་ཤ་ཁྲག་རུས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་ལམ་གྱི་བར་ཆད་དབྱིངས་སུ་སྒྲོལ༔ བསྟན་པ་བཤིག་པའི་དགྲ་བགེགས་དཔུང་བཅས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤ་ཏྲཱུཾ་བིགྷྣཱན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྐབས་འདིར་ཟློག་པའི་ཕྲིན་ལས་བཅོལ་ན་འོག་ནས་འབྱུང་བ་ལྟར་བྱའོ། །ལྷག་མ་གཏང་བ་ནི། ཕུད་ལྷག་བསྲེས་ལ། ཨོཾ་ཨཱཿཧཱུྃ༔ ཞལ་ཆབ་བྲན། བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ ཕྱི་རོལ་དུ་དོར་རོ། །གཉིས་པ་བསྐུལ་ཞིང་གཏོར་མ་སྐྱོང་བ་ནི། བསྐུལ་ཞིང་། གོང་ལྟར་གཏོར་མ་ལ་དགུག་གཞུག་གསད་དམིགས་སྔགས་ཀྱིས་བསྔོས་ལ་ཕྲིན་ལས་བཅོལ་བའི་རྗེས་སུ། སླར་ཡང་ཟློག་པའི་ཕྲིན་ལས་རྒྱས་པར་བཅོལ་བ་ནི། ཧཱུྃ་བྷྱོ༔ མཐིང་ནག་འབར་བ་ཨེ་ཡི་དབྱིངས༔ དྲག་ཤུལ་ཆེན་པོའི་ཕོ་བྲང་ནས༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡབ་ཡུམ་སྲས་འཁོར་དབྱིངས་ནས་བཞེངས༔ ཆོས་ཉིད་ངང་ལས་མ་གཡོས་ཀྱང༔ འབར་བ་ཆེན་པོ་གར་དགུ་ཡིས༔ བར་དུ་གཅོད་པའི་སྣ་འདྲེན་པ༔ མི་ཁ་སྨྲ་མཆུ་ལྟས་ངན་དང༔ ཆག་ཆེ་ཉམ་ང་བྱད་ཕུར་སོགས༔ མི་མཐུན་འགལ་རྐྱེན་བར་ཆན་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློགས༔ ལོག་པར་འདྲེན་པའི་བགེགས་ལ་སྒྱུར༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གནམ་ལྕགས་ཙཀྲ་འབར་བ་ཡི༔ སྟེང་འོག་ཕྱོགས་མཚམས་ཨེ་ཀློང་ནས༔ དཔལ་གྱི་སྤྲུལ་པ་གཤེད་ཆེན་རྣམས༔ སྙིང་རྗེ་ཁྲོས་པའི་དབྱིངས་ནས་བཞེངས༔ ཆོས་ཉིད་ངང་ལས་མ་གཡོས་ཀྱང༔ འབར་བ་ཆེན་པོའི་གར་དགུ་ཡིས༔ བར་དུ་གཅོད་པའི་སྣ་འདྲེན་པ༔ མི་ཁ་སྨྲ་མཆུ་ལྟས་ངན་དང༔ ཆག་ཆེ་ཉམ་ང་བྱད་ཕུར་སོགས༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློགས༔ ལོག་པར་འདྲེན་པའི་བགེགས་ལ་སྒྱུར༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གཞན་ཡང་མ་གཤིན་དྲེགས་པའི་ཚོགས༔ དྲག་ཤུལ་ཁྲོས་པའི་གདུག་རྩུབ་ཅན༔ འཇིགས་པའི་སྐུར་སྟོན་རྔམས་པའི་གསུང༔ འཇམ་དཔལ་ཁྲོ་བོའི་ཡེ་ཤེས་ཅན༔ འཁོར་དང་བཅས་པ་དབྱིངས་ནས་བཞེངས༔ ཆོས་ཉིད་ངང་ལས་མ་གཡོས་ཀྱང༔ འབར་བ་ཆེན་པོའི་གར་དགུ་ཡིས༔ བར་དུ་གཅོད་པའི་སྣ་འདྲེན་པ༔ མི་ཁ་སྨྲ་མཆུ་ལྟས་ངན་དང༔ ཆག་ཆེ་ཉམ་ང་བྱད་ཕུར་སོགས༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློགས༔ ལོག་པར་འདྲེན་པའི་བགེགས་ལ་སྒྱུར༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཟ་ལམ་བསྟན་པ་ནི། ཧཱུྃ་བྷྱོ༔ འཇམ་དཔལ་ཁྲག་འཐུང་བཀའ་ཉན་པའི༔ ལས་གཤིན་དྲེགས་པའི་དམག་ཚོགས་ཀུན༔ ལ་ལས་དམག་གི་རུ་དར་འཕྱར༔ ལ་ལས་གསོད་པའི་མཚོན་རྣོན་ཐོགས༔ ལ་ལས་ནད་ཀྱི་རྐྱལ་པ་ཕྱེ༔ ལ་ལས་མཚོན་གྱི་གྲུ་གུ་འདྲིལ༔ ལ་ལས་བདུད་ཀྱི་ཞགས་པ་འདེབས༔ ལ་ལས་ཤྭ་རྡེལ་དཀར་ནག་འཕེན༔ ལ་ལས་སེང་གེ་གླང་ཆེན་ཞོན༔ ལ་ལས་འབྲུག་དང་གློག་ལ་ཞོན༔ ལ་ལས་འབྲོང་ཆེན་དར་མ་ཞོན༔ ལ་ལས་སྟག་གཟིག་དོམ་དྲེད་ཞོན༔ ལ་ལས་བྱ་རྒྱལ་ཁྱུང་ལ་ཞོན༔ ལ་ལ་ནམ་མཁའི་ཁམས་ནས་འཕྱོ༔ ལ་ལ་ས་གཞི་ཁྱབ་པར་ཉུལ༔ ལ་ལ་ཆུ་བོའི་གཞུང་ནས་རྒྱུག༔ ལ་ལ་རི་བོའི་རྩེ་ནས་འགྲིམ༔ ལ་ལས་དུང་ཆེན་ངར་སྐད་སྒྲོག༔ ལ་ལས་ཀུ་ཅོ་བཤུག་གླུ་ལེན༔ ལ་ལས་རྐན་སྒྲ་དྲག་པོ་གཏོག༔ ལ་ལས་རླུང་ནག་འཚུབས་མ་འདྲེན༔ ལ་ལས་འབྲུག་སྒྲ་དྲག་པོ་ལྡིར༔ ལ་ལས་ཐོག་དང་སེར་ཆེན་འབེབ༔ ཤིན་ཏུ་འཇིགས་ཤིང་གཏུམ་པའི་གཟུགས༔ དཔལ་ཆེན་འཁོར་ཚོགས་ཁྱེད་རྣམས་ཀྱིས༔ ཟ་ལམ་དགྲ་དང་བགེགས་ལ་ཕྱེས༔ ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ ཆག་ཆེ་ཉམ་ང་བྱད་ཕུར་དང༔ མི་མཐུན་ཕྱོགས་ཀུན་དགྲ་ལ་ཟློགས༔ དེ་ནས་བྷྱོས་གདབ་པ་ནི། བྷྱོ་བྷྱོ༔ ད་ནི་འཁོར་འདས་ཀུན་གྱིས་བྷྱོ་ཡིས་ཐོབས༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་བྷྱོ༔ ལོ་སྐག་ཟླ་སྐག་ཐམས་ཅད་དགྲ་ལ་བྷྱོ༔ ཟ་མའི་བདུན་ཟུར་ཐམས་ཅད་དགྲ༴ རྦོད་གཏོང་རྦད་འདྲེ་ཐམས་ཅད་དགྲ༴ འབྱུང་བའི་གཙུག་ལག་རྩུབ་པ་དགྲ༴ རྟགས་དང་རྟེན་འབྲེལ་ངན་པ་དགྲ༴ རྨིས་ལྟས་མཚན་ངན་ཐམས་ཅད་དགྲ༴ ཡས་ཀྱི་བདུད་དུ་གཡོས་པ་དགྲ༴ མས་ཀྱི་སྲི་རུ་ལངས་པ་དགྲ༴ བར་གྱི་བཙན་ཐབས་འཁྲུག་པ་དགྲ༴ ཕ་ཚན་རྒྱབ་འདྲེ་ལངས་པ་དགྲ༴ དར་ཚན་སྟོང་འདྲེ་ལངས་པ་དགྲ༴ མ་བུའི་བྱུར་འདྲེ་འཁོར་བ་དགྲ༴ ཕུ་ནུའི་རུས་འདྲེ་གཟིང་བ་དགྲ༴ ལྟག་པའི་བདུད་དུ་བབས་པ་དགྲ༴ དཔྲལ་བའི་གཤེད་དུ་འཁོར་བ་དགྲ༴ རྒྱལ་པོའི་བཀའ་ཆད་འབེབ་པ་དགྲ༴ ཡུལ་གྱི་ཁ་མཆུ་གླེང་བ་དགྲ༴ སྔགས་པའི་ཕུར་ཟོར་སྒྲིལ་བ་དགྲ༴ བོན་པོས་བཙོ་ཟོར་འཕེན་པ་དགྲ༴ ཕྱི་པའི་ངན་སྔགས་ཐམས་ཅད་དགྲ༴ ནང་པའི་བདེན་ཚིག་ཐམས་ཅད་དགྲ༴ མཐའ་མིའི་འཕྲུལ་འཁོར་ཐམས་ཅད་དགྲ༴ དྲང་སྲོང་དམོད་པའི་མཚོན་ཆ་དགྲ༴ རང་གཤེད་རང་ལ་ཆགས་པ་དགྲ༴ ལྷ་སྲུང་བདུད་དུ་བབས་པ་དགྲ༴ མ་མོའི་དལ་ཡམས་ངན་པ་དགྲ༴ ལུས་ཀྱི་ན་ཚ་ཐམས་ཅད་དགྲ༴ སེམས་ཀྱི་སྡུག་བསྔལ་ཟུག་རྔུ་དགྲ༴ རྟ་ཕྱུགས་གོད་ཁ་ལྡང་བ་དགྲ༴ ཞིང་ལ་བཙའ་སད་སེར་གསུམ་དགྲ༴ བྱུར་དང་ཕུང་བཤིག་ངན་པ་དགྲ༴ དུས་འཁྲུག་གཡུལ་བཤམ་ངན་པ་དགྲ༴ མཐའ་ཡི་དམག་དཔུང་གཡོ་བ་དགྲ༴ ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་བྷྱོ༔ མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་བྷྱོ༔ སྤྱི་བདུད་མི་མཐུན་ཕྱོགས་ཀུན་མཁའ་ལ་བྷྱོ༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློགས༔ སྒྱུར་རོ་ལྟས་ངན་ཐམས་ཅད་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཉི་མ་བཞི་པའི་སྔགས་མཐར། བྱད་ཁ་རྦོད་གཏོང་དགྲ་གྱོད་མི་ཁ་སྨྲ་མཆུ་ངན་པ་ཐམས་ཅད་མ་ཧཱ་ཤ་རཱི་བྷྱོ་བྷྱོ་ཟློག་ཟློག༔ མཱ་ར་ཡ་ཕཊ༔ ཅེས་བཟླས་ལ་གོང་བཞིན་ཐལ་རྡེབ་བྱ། སྐབས་འདིར་ལས་གཤིན་གྱི་བསྐུལ་དང་མ་ཧཱ་བ་ལ་མགོ་གསུམ་གྱི་མི་ཁ་ཟློག་པའི་རིམ་པ་འགྲུབ་ན་བྱ། ཆད་མདོ་བསྒྲག་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ གསང་བདག་དཔའ་བོ་སྐར་མདའ་གདོང༔ རྒྱལ་པོ་ཛ་གསུམ་པདྨ་འབྱུང༔ འཇམ་དཔལ་བཤེས་གཉེན་རོམྦུ་གུ༔ ཤཱནྟིཾ་གརྦྷ་ཁ་ཐུན་ནག༔ གཙུག་ལག་དཔལ་དགེ་དུ་ཧ་ར༔ བུདྡྷ་གུ་ཧྱ་བཱ་སུ་དྷཱ༔ གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས༔ སྲས་དང་སློབ་མར་བཅས་པ་ཡིས༔ མ་གཤིན་དྲེགས་པ་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས༔ སྔོན་ཚེ་སློབ་དཔོན་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་དམ་མ་འདྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཟོར་བསྐུལ་ནི། བྷྱོ༔ དྲག་པོ་ཟོར་གྱི་དཔུང་ཚོགས་དབྱིངས་ནས་བཞེངས༔ རིག་འཛིན་རྩ་བརྒྱུད་བླ་མས་རྒྱབ་རྟེན་མཛོད༔ ཡི་དམ་ལྷ་ཚོགས་མངོན་སྤྱོད་ལས་ལ་དགོངས༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་དམག་ལ་ཆོས༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་ན༔ མ་གཡེལ་མ་གཡེལ་ཟོར་གྱི་དཔུང་ལ་གཤེགས༔ ཧཱུྃ་བྷྱོ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ དཔལ་ཆེན་པོ་དང་གཉིས་སུ་མེད༔ དེ་རིང་གདུག་པའི་ཟོར་འཕེན་གྱིས༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ ཀླུ་གཤེགས་རྒྱ་མཚོའི་གཏིང་ལ་གཤེགས༔ བཙན་གཤེགས་བྲག་དམར་ལོགས་ལ་གཤེགས༔ གདོང་དུ་སུ་ཡང་མ་སྡོད་ཅིག༔ དེ་རིང་ཐམས་ཅད་ལས་ལ་ཆོས༔ བྱ་ཁྱུང་རྒྱལ་པོས་དམག་སྣ་དྲོངས༔ རྒྱལ་ཆེན་བཞི་ཡིས་ཤུལ་མཚོན་ཏེ༔ མགོན་པོའི་ཚོགས་ཀྱིས་དམག་དཔོན་གྱིས༔ སྣང་སྲིད་ལྷ་འདྲེ་དམག་ལ་འུར༔ ཕྱོགས་སྐྱོང་བཅུ་ཡིས་རུ་མཚོན་ཕྱོར༔ སྡེ་དཔོན་སུམ་ཅུ་ཇག་པར་རྒྱུགས༔ བརྟན་མ་རྣམས་ཀྱིས་སོ་ཁ་སྲུངས༔ རཱ་ཧུ་ལ་ཡིས་དཀྱིལ་ནས་འཁྱུགས༔ དབང་ཕྱུག་རྣམས་ཀྱིས་མཐའ་ནས་སྡུས༔ ཁྲོ་བོའི་ཚོགས་ཀྱིས་རྟིང་མནན་ཏེ༔ ཕ་རོལ་བདུད་དང་དགྲ་བགེགས་ལ༔ མངོན་སྤྱོད་ལས་ཀྱི་གཡུལ་ངོ་སྤྲོད༔ བདུད་ཀྱི་རུ་དར་བསྙིལ་བར་གྱིས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློགས༔ གཏོར་མ་ཕྱིར་དཔག་ལ། ཧཱུྃ་བྷྱོ༔ ཟོར་གྱི་དཔུང་ཚོགས་ཆས་པ་ནི༔ སྲིན་པོ་ཆས་པའི་ཆོ་འདྲ་སྟེ༔ སྲིན་ཞལ་དམར་པོ་ཡ་ལ་ལ༔ འབྲོང་དར་ཆས་པའི་ཆོ་འདྲ་སྟེ༔ རྩང་རྣོན་རུ་ཐུར་ཟངས་སེ་ཟང༔ བདུད་རྒྱལ་ཆས་པའི་ཆོ་འདྲ་སྟེ༔ དར་མདུང་དམར་པོ་ཕྱ་ར་ར༔ མ་མོ་ཆས་པའི་ཆོ་འདྲ་སྟེ༔ དུག་མཚོ་མང་པོ་ཉི་ལི་ལི༔ ཀུ་བསོ་ཆ་སྒྲ་དི་རི་རི༔ སྤྱི་སྒོས་ཆག་ཆེ་གཏོར་མས་ཟློགས༔ ཟོར་གྱི་དམག་དཔུང་མཁའ་ལ་གཤེགས༔ མི་མཐུན་ཐམས་ཅད་ཟློག་པ་དང༔ དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ གཏོར་མ་ཕྱི་སྒོར་བཞག་ནས་གསེར་སྐྱེམས་བཏང་ལ། ཟློག་པ་དང་ཟ་ལམ་དགྲ་ལ་བསྟན་པ་རྣམས་བྱས་ལ། གཟའ་རྒོད་དྲག་པོ་དགྲ་ཕྱོགས་སུ་ཐེབས་པར་བསྟུན་ནས་ཟོར་རྣམས་ཁྱེར། འཕང་བའི་སར་ཕྱིན་ནས་གསེར་སྐྱེམས་མཆོད་ལ། དཔང་གསོལ་ནས། ཧཱུྃ་བྷྱོ༔ དཔལ་ཆེན་ཁྲག་འཐུང་བཀའ་ཉན་པའི༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ སྟོང་གསུམ་གངས་རིས་བསྐོར་བ་ནས༔ གནོད་སྦྱིན་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཟངས་རིས་བསྐོར་བ་ནས༔ བཙན་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ལྕགས་རིས་བསྐོར་བ་ནས༔ བདུད་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་བྲག་རིས་བསྐོར་བ་ནས༔ སྲིན་པོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གཡུ་རིས་བསྐོར་བ་ནས༔ སྨན་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གསེར་རིས་བསྐོར་བ་ནས༔ གཤིན་རྗེ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་དུག་མཚོ་འཁྱིལ་བ་ནས༔ ཀླུ་བདུད་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཁྲག་མཚོ་འཁྲུགས་པ་ནས༔ མ་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་འདི་ན་ཆེ་བ་ཡི༔ རྒྱལ་ཆེན་ཕྱོགས་སྐྱོང་དགྲ་ལ་བྷྱོ༔ ཟོར་རྣམས་ཐོགས་ལ། ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ རྒྱལ་ཆེན་བཞི་ཡིས་ཉུངས་ཟོར་རྒྱོབས༔ གནོད་སྦྱིན་རྣམས་ཀྱིས་རྡོ་ཟོར་རྒྱོབས༔ བཙན་དམག་རྣམས་ཀྱིས་མདའ་ཟོར༴ བདུད་རྒྱལ་རྣམས་ཀྱིས་ཀོང་ཟོར༴ སྲིན་པོ་རྣམས་ཀྱིས་ཐོད་ཟོར༴ སྨན་མོ་རྣམས་ཀྱིས་མཚེ་ཟོར༴ གཤིན་རྗེ་རྣམས་ཀྱིས་ཁྲམ་ཟོར༴ ཀླུ་བདུད་རྣམས་ཀྱིས་དུག་ཟོར༴ མ་མོ་རྣམས་ཀྱིས་ཁྲག་ཟོར་རྒྱོབས༔ ལུས་ངག་ཐལ་བའི་རྡུལ་བཞིན་རློགས༔ མིང་ཙམ་མེད་པར་ཚར་ཆོད་ཅིག༔ ཅེས་དྲག་སྔགས་བཟླ་ཞིང་ཟོར་རྣམས་བསྒྲིལ་ལོ། །གཏོར་ཆེན་བཏེག་ལ། ཧོ༔ དགོངས་སུ་གསོལ་ལོ་རྒྱལ་བ་རྣམས༔ མཆོག་གསུམ་ཐུགས་དམ་མ་གཡེལ་ཅིག༔ རིག་འཛིན་བྱིན་རླབས་དཔུང་སྐྱེད་ཅིག༔ ཡི་དམ་ལྷ་ཚོགས་མཐུ་མ་ཆུང༔ མཁའ་འགྲོའི་ཚོགས་རྣམས་རྩལ་མ་ཞན༔ ཆོས་སྐྱོང་སྲུང་མ་བང་མ་བུལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འདུས༔ གུམ་གུམ་ཆུམ་ཆུམ་དུས་ལ་བབ༔ ཧཱུྃ༔ ང་ནི་དུས་གསུམ་རྒྱལ་བ་ཡི༔ མཐུ་སྟོབས་ནུས་པའི་ཡེ་ཤེས་སྐུ༔ དཔལ་ཆེན་འཇམ་དཔལ་གཤིན་རྗེ་ཡིན༔ དེ་རིང་གདུག་པའི་གཏོར་ཟོར་འདི༔ ཕས་རྒོལ་དམག་ཚོགས་འཇོམས་ཕྱིར་འཕེན༔ སངས་རྒྱས་བསྟན་བཤིག་སྟེང་དུ་འཕེན༔ བླ་མའི་སྐུ་དགྲ་རྩོམ་ལ་འཕེན༔ དགེ་འདུན་འདུ་སྒོ་འཕྲོག་ལ་འཕེན༔ སེམས་ཅན་སྡུག་ཏུ་གཏད་ལ་འཕེན༔ ཞིང་བཅུ་ཚང་བའི་དགྲ་བོ་ཡི༔ གནམ་གྱི་འཇུ་ཐག་གཅོད་ཕྱིར་འཕེན༔ ས་ཡི་རྟེན་ཕུར་ཕུད་ཕྱིར་འཕེན༔ བར་གྱི་དགྲ་བགེགས་འཁོར་བཅས་ཀྱི༔ བདུན་རྒྱུད་རྩད་ནས་བརླག་ཕྱིར་འཕེན༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ སྡང་དགྲ་གནོད་བྱེད་བགེགས་ལ་ཟློགས༔ མིང་ཙམ་མེད་པར་ཕུང་དུ་ཆུགས༔ ཐལ་བའི་རྡུལ་བཞིན་བརླག་པར་གྱིས༔ ཞེས་དྲག་སྔགས་བཟླ་ཞིང་གཏོར་མ་འཕང་ངོ་། །སྲུང་འཁོར་བསྒོམས་ནས་ཚུར་ལོག་ནས། གསུམ་པ་བརྟན་མ་མཆོད་པ་ནི། བཤལ་ཆུ་གཏོར་མར་བླུགས་ནས། ཧཱུྃ༔ རྒྱ་གར་ཡུལ་གྱི་ཚུ་རོལ་དང༔ བལ་པོའི་ཡུལ་གྱི་ཕ་རོལ་མཐའ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ རིག་འཛིན་རྡོ་རྗེ་དྲག་པོ་དང༔ སློབ་དཔོན་བཱ་སུ་དྷཱ་ར་ཡིས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དམ་ཚིག་བདུད་རྩི་བྱིན་པ་ཡི༔ བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ ཐ་ཚིག་དམ་བཅའ་ཇི་བཞིན་དུ༔ མཆོད་གཏོར་བདུད་རྩི་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབས༔ ཨོཾ་མ་མཱ༔ ལ་ལཱ༔ ལེ་ལཻ༔ ཏཾ་ཏཾ༔ ཏེ་ཏཻ༔ ཁ་རཀྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ བཞི་པ་བྲོ་བརྡུང་བ་ནི། ཧཱུྃ༔ ང་ནི་འཇམ་དཔལ་ཧེ་རུ་ཀ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན༔ རྐང་པ་ཡ་གཅིག་མཐིལ་གྱིས་གནོན༔ རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང༔ ཚངས་པའི་ཡུལ་ས་རྩེ་ནས་གནོན༔ དེ་རིང་དྲག་ཏུ་ཁྲོས་པ་ཡི༔ རྡོ་རྗེ་གར་གྱི་བྲོ་བརྡུངས་པས༔ མི་ཁ་བྱ་བའི་གཏམ་ངན་དང༔ སྨྲ་མཆུ་གླེང་གཞི་ངན་པ་ཀུན༔ གང་གིས་རྩོམ་པའི་དགྲ་བགེགས་བཅས༔ ཐར་མེད་ཨེ་ཡི་ཀློང་དུ་ནོན༔ རི་རབ་ཆེན་པོའི་ཕྱག་རྒྱས་བཏབ༔ ཡེ་ཤེས་མེ་ཆུས་མཚམས་ཀྱང་བཅད༔ ནམ་ཡང་མ་ལྡང་ས་མ་ཡ༔ སྔགས་མཐར། སཏྭཾ་བྷ་ཡ་ནན༔ ལྔ་པ་དཀྱིལ་འཁོར་བསྡུ་བ་ལ། མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱས་ནོངས་པ་བཤགས། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་བ་ཌཱ་ཀི་ནཱི་ཀཱ་ཡ་བཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རྟེན་ཡོད་ན། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་སོགས། ཧཱུྃ་ཧཱུྃ་ཧཱུྃ། སྣོད་བཅུད་ལྷར་གསལ་བ་ཐམས་ཅད་རང་ལ་ཐིམ། རང་ཡང་ཐུགས་ཀའི་ས་བོན་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་གྱི་ངང་དུ་བཞག །དྲུག་པ་རྒྱུན་སྤྱོད་ནི། སླར་ཡང་ཐུན་མཚམས་ལྷ་ཡི་སྐུ༔ རང་ལུས་འཇམ་དཔལ་ཁྲོ་བོ་ལ༔ ངག་ནི་གཞོམ་མེད་ཡཿམཐིང་ནག༔ རླུང་སེམས་དབྱེར་མེད་ངོ་བོ་ཉིད༔ ཐབས་ཤེས་ཉི་ཟླའི་གྭ་འུ་རུ༔ རྒྱས་བཏབ་ཀ་དག་དབྱིངས་སུ་གཞག༔ བདུན་པ་བསྔོ་བ་དང་སྨོན་ཤིས་ནི། ཧོ༔ རིག་འཛིན་སྨྲ་སེང་ཞི་དྲག་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཀྱི་སྣང་བས་ཁྱབ་པར་བྱའོ། །བཞི་པ་འཕྲོས་དོན་ནི། གཏོར་ཟློག་དང་མི་འབྲེལ་སྐབས་ཚོགས་ཐ་མ་དགྲ་བགེགས་སུ་དམིགས་ཏེ་ཞལ་བསྟབ་ཁོ་ན་ལས་གདབ་ལས་མི་དགོས། ཟོར་གཏོར་ཆུང་ངུ་ཞིག་ལ་དགུག་བསྒྲལ་ཕྲིན་བཅོལ་བྷྱོ་གདབ་བཅས་ཀྱིས་འཕང་བ་ལས་གཞན་དོར་བའོ། །ཞག་སྦྲེལ་དུ་སྒྲུབ་ན་ཆད་མདོའི་རྗེས་སུ་ཟོར་ཚབ་སྔར་ལྟར་འཕངས་ནས་བརྟན་སྐྱོང་སོགས་རྗེས་རིམ་དཀྱུས་ལྟར་བྱ་བ་དང་། དངོས་གྲུབ་ལེན་པ་ཉིན་ཐ་མའི་དུས་སུ་བྱའོ། །རྩ་བ་རྡོ་རྗེ་ཕ་ལམ་ལྟེ་བ་ལ། །ལས་སྦྱོར་མཚོན་ཆའི་རྩིབས་ལ་དུག་ཤིང་དབལ། །མ་རུངས་དྲག་པོའི་འཁོར་ལོ་རབ་བསྐོར་བས། །བདུད་དང་བདུད་ཀྱི་གཡུལ་ལས་རྒྱལ་བྱེད་ཤོག །ཅེས་པ་གཏེར་གཞུང་ལས་ཁོལ་དུ་ཕྱུང་སྟེ་མཆོག་གྱུར་གླིང་པས་གསང་སྔགས་ཕོ་བྲང་དུ་བྲིས་པའོ།། །།
ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ་ (Volume 48, Text 51)
༄༅། །ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ་བཞུགས། ། ན་མོ་ཨཱ་ཡུརྫྙཱ་ན་སིདྡྷི་པྲ་ཡཙྪ། ཕུན་ཚོགས་འཆི་བ་མེད་པ་ལང་ཚོའི་བཅུད། །སྐལ་བཟང་སྙིང་གི་ཡོལ་གོར་ལེགས་འཁྱིལ་བའི། །བྱེད་པོ་བླ་མ་མགོན་པོ་ཚེ་དཔག་མེད། །ཆོས་ཀྱི་འཁོར་ལོའི་པད་མཚོར་བརྟན་པར་བཞུགས། །བསོད་ནམས་བྱེ་བའི་ཆུ་གཏེར་བསྲུབས་པ་ལས། །སུམ་ལྡན་རྡོ་རྗེ་འཛིན་པའི་ཉིན་བྱེད་དབང་། །ཕྲིན་ལས་འོད་སྟོང་རྒྱ་མཚོའི་གོས་ཅན་ཀུན། །ཡོངས་ཁྱབ་རྗེ་བཙུན་བླ་མ་རྡོ་རྗེ་འཆང་། །དཔལ་ལྡན་གསང་བ་ཀུན་གྱི་འབྱོར་པའི་མཛོད། །ཟུང་འཇུག་དབང་གི་རྒྱལ་པོར་མངའ་སྒྱུར་བའི། །བདེ་ཆེན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཆོག །རབ་རྒྱས་དྲིན་ཅན་བླ་མར་ཕྱག་བགྱིད་དོ། །ཚེ་དཔག་མེད་མགོན་མེས་པོའི་ཐོད་ཡངས་ལས། །ལེགས་འོངས་ཡེ་ཤེས་མཁའ་འགྲོའི་གངྒཱའི་ཀླུང་། །འཐུང་མཁས་པད་འབྱུང་ཛཧྣུས་སྐྱུགས་པའི་ཆབ། །ཉེར་བསྟེན་ནོར་འཛིན་དཔལ་ལྡན་རྡོ་རྗེ་ལས། །གསུང་ངག་ལམ་ལས་ཉེ་བར་འོངས་པ་དག །ཆེས་ཟབ་ཐུགས་ཀྱི་རྒྱ་མཚོར་རབ་སིམ་པའི། །རྗེ་བཙུན་བླ་མ་ལས་འོངས་སྙན་བརྒྱུད་ཀྱི། །ཚེ་ཁྲིད་བྲི་ལ་ཆོས་སྲུང་གནང་བ་སྩོལ། །དེའང་ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་འདི་ཉིད་བྲི་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བ་ལོ་རྒྱུས་དང་། དེ་ལས་འོངས་པའི་གདམས་པ་གཉིས། དང་པོ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཞེས་བྱ་བ། ཉི་ཟླའི་ཁྲི་སྟན་གདུགས་རྒྱན་དྲུག་སོགས་དང་ལྡན་པས་མཚན་ཉི་ཟླ་དངོས་གྲུབ་དང་། གཞན་ཡང་ལས་ཀྱི་དབང་མོ་ཆེར་གྲགས་པ་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་ཞུས་པས། ཡི་གེ་ཧཱུྃ་དུ་བསྒྱུར་ཏེ་མཁའ་འགྲོ་མའི་ཞལ་དུ་མིད་པ་དང་། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོ་འཆི་མེད་ཚེའི་རིག་པ་འཛིན་པའི་དབང་། ནང་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་དབང་། གསང་བ་དཔལ་རྟ་མགྲིན་གྱི་ངོ་བོ་ལྷ་སྲིན་བྲན་དུ་ཁོལ་བའི་དབང་རྣམས་ཐོབ་པ་ལས། དེ་གསུམ་གའི་དོན་འདུས་པའི་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་འདི་ཉིད། སློབ་དཔོན་ཆེན་པོས་གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ཞེས་འཇའ་ལུས་ཀྱི་སྐུ་བརྙེས་པ་དེ་ལ་དངོས་སུ་གནང་། དེ་ཉིད་ཀྱིས་འབྲས་སྤུངས་ཉི་འོད་འཁྱིལ་བའི་གཟིམས་ཆུང་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་ལ་གནང་། དམ་པ་དེ་ཉིད་ལ་རིགས་ཐམས་ཅད་ཀྱི་ཁྱབ་བདག་འཁོན་སྟོན་རྡོ་རྗེ་འཆང་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་ཀྱིས་གསན། དེ་ཉིད་ཀྱིས་ལས་ལྡན་གྱི་སློབ་མ་དུ་མར་སྤེལ་ཀྱང་། མཁྱེན་དཔྱོད་དང་ལྡན་པ་རེ་གཉིས་མ་གཏོགས་ཕལ་ཆེར་གྱིས་གསུང་རྒྱུན་འཛིན་པ་མ་བྱུང་ཞིང་། སྔོན་ཆད་གསུང་ངག་མ་གཏོགས་ཡི་གེའི་རིས་སུ་བཀོད་པ་མི་སྣང་བ་ནས། ཆོས་འདི་མི་ནུབ་ཅིང་གཞན་ལ་ཕན་པའི་ཕྱིར་དུ་ཡི་གེའི་རིས་སུ་བཀོད་པའོ། །གཉིས་པ་དེ་ལས་འོངས་པའི་གདམས་པ་ལ་རང་ཉིད་ཀྱི་ཚེ་བསྒྲུབ་པ་དང་། སློབ་མ་རྗེས་སུ་འཛིན་པ་གཉིས། དང་པོ་ནི། པདྨཱནྟ་ཀྲྀཏ་ཀྱི་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ་དང་རུ་དྲ་བསྣོལ་བའི་སྟེང་དུ་རང་ཉིད་སྐད་ཅིག་གིས་དབང་དྲག་པདྨ་རྟ་མགྲིན་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ལྔས་ཁྱད་པར་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བརླབ། ཨོཾ་སརྦ་བིགྷྣཱན་སོགས་ལན་གསུམ་བརྗོད་ཅིང་བསྔོས། ཧྲཱིཿ གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནས་འདི་རུ། །མ་འདུག་གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་མི་འགྲོ་དབང་ཆེན་ཁྲོས་པའི་བཀས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །སུམྦྷ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་མ་ལུས་རྡོ་རྗེ་དང་། ཁྲོ་བོ་ཁ་དོག་སྣ་ལྔའི་མེ་ཕུང་གིས། །བར་མཚམས་མེད་པར་གཏམས་པའི་སྲུང་བ་ཡི། །འཁོར་ལོའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དཀྱུས་བཞིན་བྱས། ཚོགས་ཞིང་ནི། རང་ཉིད་དབང་ཆེན་དུ་གསལ་བ་འོད་དུ་ཞུ་བ་ལས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ལས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གང་དྲིན་མ་དང་། འཇིག་རྟེན་འདྲེན་པའི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་སོགས་བརྗོད། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བྱིན་འབེབ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །ཡེ་ཤེས་རང་སྣང་གྲུབ་པའི་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱིས། །འཆི་མེད་ཚེ་ཡི་སོགས། ལྷག་མ་རྣམས་རིགས་འགྲེ། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་ནས། །སློབ་དཔོན་པདྨ་ཐོད་ཕྲེང་ཚེ་དབང་རྩལ། །འཆི་མེད་ཚེ་ཡི༴ མཐོ་བརྩེགས་རྡོ་རྗེ་གསང་བའི་གཞལ་མེད་ནས། །ཟུང་འཇུག་སྐུ་བརྙེས་དཔལ་ལྡན་རྡོ་རྗེའི་ཞབས། །འཆི་མེད་ཚེ་ཡི༴ གྲུ་འཛིན་ཉི་འོད་འཁྱིལ་བའི་གཞལ་མེད་ནས། །རྒྱལ་བ་ཀུན་དངོས་བསོད་ནམས་རྒྱ་མཚོའི་སྡེས། །འཆི་མེད་ཚེ་ཡི༴ བྱང་ཆུབ་ཤིང་ཁྲོད་དེ་ཝི་ཀོ་ཊི་ནས། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེས། །འཆི་མེད་ཚེ་ཡི༴ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན། །འཆི་མེད་ཚེ་ཡི༴ སྒྲུབ་རྫས་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ཡཾ་ཁཾ་གིས་སྒྲུབ་རྫས་མཆོད་གཏོར་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་རྣམས་སྦྱངས། ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། རྣམ་པ་རང་རང་གི་བྱེད་ལས་དང་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། རྟེན་བསྐྱེད་པ་ནི། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཞེས་པ་ནས། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་ཧྲཱིཿརཱ་ག་བཛྲ་ཨརྒྷཾ་ནས་ཤབྡ་དང་། རཱུ་པ་ནས་སྤརྴེའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། ཚེ་ཉམས་པ་གསོ་བའི་དམིགས་པ་དང་བཅས་ཏེ། ཨོཾ་བཛྲ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། གཟུངས་རིང་དང་བཅས་བཟླས་པ་ཅི་འགྲུབ་བྱ། དེ་ནས་ཚེ་འགུགས་པའི་དམིགས་པ་དང་བཅས་ཏེ། འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཚེ་ཡི་ཌཱ་ཀི་གསང་བ་ཡེ་ཤེས་མ། །འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོ་ལྔའི། །འཆི་མེད་ཚེ་ཡི་ཕྲིན་ལས་དུས་ལ་བབ། །དྲག་པོའི་ལས་མཛད་སྔོན་མོ་འབུམ་སྡེ་ཡིས། །འབྱུང་བ་ནམ་མཁའི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །དེ་བཞིན་དུ། ཐམས་ཅད་ལས་མཛད་ལྗང་མོ་འབུམ་སྡེ་ཡིས༴ དབང་གི་ལས་མཛད་དམར་མོ༴ ཞི་བའི་ལས་མཛད་དཀར་མོ༴ རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེ་ཡིས། །འབྱུང་བ་རླུང་གི་བཅུད་སྡུས༴ འབྱུང་བ་མེ་ཡི་བཅུད་སྡུས༴ འབྱུང་བ་ཆུ་ཡི་བཅུད་སྡུས༴ འབྱུང་བ་ས་ཡི་བཅུད་སྡུས༴ ཞེས་འདོན་པ་བསྒྱུར་རོ། །སྲ་བརྟན་རྡོ་རྗེ་ལྟ་བུའི་ཚེ་སྲོག་ཁུག །ལེགས་ཚོགས་དཔལ་འབྱོར་རྒྱས་པའི་གཡང་སྐྱོབས་ཤིག །ཉམས་དང་ཟད་དང་འཐོར་དང་ཡར་པ་ཡི། །ཚེ་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་བརྗོད། ཚེ་བཅིང་ཞིང་སྦ་བ་བསྲུང་བ་རྣམས་བྱའོ། །གཉིས་པ་སློབ་མ་རྗེས་སུ་འཛིན་པ་ལ། རྟེན་བཅས་ཤིང་བསྒྲུབ་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ནི། སྟེགས་བུ་ཕྱག་བདར་ལེགས་པར་བྱས་པའི་སྟེང་དུ་ཚེ་བུམ་ཁ་རྒྱན་དང་ལྡན་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་མཆོད་པ། གཞན་ཡང་རྡོར་དྲིལ། ཌཱ་མ་རུ། མདའ་དར། མེ་ལོང་། ལས་བུམ། མེ་ཏོག་སོགས་ཚོགས་པར་བྱས། སློབ་དཔོན་གྱིས་བདག་བསྐྱེད་བླངས་ཤིང་མདུན་བསྐྱེད་ཀྱང་བསྒྲུབ། ལས་བུམ་དུ་རྟ་མགྲིན་བསྐྱེད་ཅིང་སྔགས་ཅུང་ཟད་བཟླའོ། །གཉིས་པ་དབང་བསྐུར་བ་ནི། ཀརྨ་རྡོ་རྗེས་ལས་བུམ་གྱི་ཆུ་བྲིམ་ཞིང་། སློབ་མ་རྣམས་གྲལ་དུ་འཁོད། དེ་ནས་སློབ་དཔོན་གྱིས་བགེགས་གཏོར་བཏང་ཞིང་མཚམས་བཅད། སྤྱི་དང་བྱེ་བྲག་གི་ཆོས་བཤད། མཎྜལ་ཕུལ། གསོལ་གདབ། སྡོམ་གཟུང་གི་བར་དཀྱུས་བཞིན་བྱས། དེ་ནས་ལྷ་ངོ་བསྟན་ཞིང་བྱིན་རླབས་ཀྱི་གཞི་བཀོད། བགེགས་བསང་། སློབ་མ་ལྷར་བསྐྱེད། བྱིན་དབབ་ཅིང་བརྟན་པའི་དོན་དུ་ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་བཛྲ་ས་ར་ཧེའི་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱས་རྗེས། དབང་དངོས་ཀྱི་དོན་དུ། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་ཚེ་འགུགས་པ་ནས་གཟུང་སྟེ་དམ་ཚིག་དང་སྡོམ་པ་གསོ་བའི་བར་གྲུབ་རྒྱལ་མའི་དབང་ཆོག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་དཀྱུས་ལྟར་བྱེད། དེ་ནས་མདའ་དར་དང་བཅས་ཏེ་ཚེ་འགུགས་གྲུབ་རྗེས། བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ནས། རྩ་བརྒྱུད་ཀྱི་བླ་མའི་མཚན་ནས་བརྗོད་དེ་བཀའ་བསྒོ་ཞིང་ལྷ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སློབ་མ་ལ་བསྟིམ། ཚེ་ཆང་འདི་ཉིད་ཞལ་དུ་གསོལ་བ་ལ་བརྟེན་ནས་སོགས་བརྗོད་ཅིང་། ཚེ་ཆང་དང་ཚེ་ཡི་རིལ་བུ་ཞེས་སོགས་བརྗོད་ནས་ཚེ་རིལ་སྦྱིན། དེ་ནས་ཚེ་བཅིང་བ་ནི། ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པ་ཉི་ཟླ་གྭའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་བསམ་ལ་སྙིང་གར་རྡོ་རྗེ་རེག་ཅིང་། ཉི་ཟླ་གྭའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཅེས་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་སྔགས་བཟླ། དེ་ནས་ཚེ་སྦ་བ་ནི། མདའ་དར་སྙིང་གར་བཞག་ཅིང་། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། དེ་ཡང་གྭའུ་ལ་ཐིམ། དེ་འོད་ལ་ཐིམ། དེ་ཡི་གེ་ལ་ཐིམ། དེ་ཡང་འཇའ་ཡལ་བ་ལྟར་བསམ་ལ། གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦ་འོ། །ཞེས་དང་སྔགས་བཟླ། དེ་ནས་ཚེ་སྲུང་བ་ནི། སླར་ཡང་སྐད་ཅིག་གིས་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར་དཔལ་རྟ་མགྲིན་གྲི་གུག་དང་ཐོད་པ་འཛིན་པ་འཇིགས་སུ་རུང་བ་མེ་ཕུང་འབར་བའི་དབུས་ན་བཞུགས་པས་བར་ཆད་ཐམས་ཅད་བསྲུང་བར་གྱུར་པར་བསམ་ལ། སྨིན་མཚམས་རྩ་ཡི་སྒོ་འཕར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །སྔགས་བཟླ་ཞིང་ལི་ཁྲི་བྱུགས། ཚེ་སྤེལ་བ་ནི། རབ་ཡངས་མདུན་གྱི་ནམ་མཁའ་ལ། །རྩ་བའི་བླ་མ་ཚེ་དཔག་མེད། །བརྒྱུད་པའི་བླ་མ་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །མ་མོ་མཁའ་འགྲོ་གར་སྟབས་བསྒྱུར། །ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། །སྙན་པའི་དབྱངས་ཀྱི་འབྲུག་སྟོང་ལྡིར། །བཀྲ་ཤིས་མེ་ཏོག་ཆར་དུ་འབེབ། །འདིར་འདུས་སྐལ་ལྡན་ཚོགས་རྣམས་ལ། །འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །དཔལ་འབྱོར་སྙན་གྲགས་བཀྲ་ཤིས་ཤོག །བདེ་ཆེན་ཡེ་ཤེས་བཀྲ་ཤིས་ཤོག །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པ་བྱ། གཙོ་བོས་ཇི་ལྟར་དང་། མཎྜལ། དེང་ནས་བརྩམ་སྟེ་སོགས་དཀྱུས་བཞིན་བྱའོ། །འདི་ཉིད་མདོར་བསྡུ་ན། ཡེ་ཤེས་པ་འབེབ་པ་ཡན་ཆད་སྔར་དང་འདྲ་བ་ལ། དབང་དངོས་ཀྱི་སྐབས་སུ་ཚེ་བུམ་ལ་བརྟེན་ནས་བསྐུར་བ། ཚེ་ཆང་ལ་བརྟེན་ནས་བསྐུར་བ། ཚེ་རིལ་ལ་བརྟེན་ནས་བསྐུར་བ། ཚེ་སྲུང་བ། ཚེ་སྤེལ་བ་ཙམ་བྱས་ཀྱང་ཡོང་ཞིང་། དེ་ལས་ཅུང་ཟད་རྒྱས་པར་བྱེད་ན་ཚེ་འགུགས་པ་བསྣན་པས་ཆོག །ཚེ་བུམ་ལ་བརྟེན་ནས་ཚེ་བསྲིང་བའི་སྐབས་སུ་འབྱུང་བ་ལྔ་ལྷན་ཅིག་ཏུ་བསྡུ་བ་དང་། ཡང་ཤིན་ཏུ་བསྡུས་པ་བྱེད་ན། བཅོམ་ལྡན་འདས་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཞེས་སོགས་ཀྱི་སྐབས་སུ་དེ་གའི་འགྲོས་ཀྱིས་དབང་གི་ཚིག་ཐམས་ཅད་བསྡུས་ཀྱང་རུང་ངོ་། །གསུམ་པ་མཇུག་གི་ཆོ་ག་ནི། གཏང་རག །གཤེགས་གསོལ། དགེ་བ་བསྔོ་བ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཆི་མེད་ཚེ་ཡི་མན་ངག་པདྨའི་གཞུང་། །དཔལ་ལྡན་རྡོ་རྗེ་ལས་འོངས་གདམས་པའི་བཅུད། །ཡོངས་འཛིན་བླ་མ་མཆོག་ལས་བརྒྱུད་པ་འདི། །གཞན་ལ་ཕན་པའི་བསམ་པས་ཡི་གེར་བཀོད། །དགེ་དེས་དུས་མིན་འཆི་བའི་མུན་པའི་ཚོགས། །ཚེ་དཔག་མེད་མགོན་ཐུགས་རྗེའི་འོད་ཟེར་གྱིས། །སྲིད་པའི་ཕ་མཐར་བསྐྲད་དེ་རྡོ་རྗེ་ཡི། །རང་བཞིན་སྲ་བརྟན་ཚེ་སྲོག་འགྲུབ་གྱུར་ཅིག །ཅེས་ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་ཁྲིགས་སུ་བསྡེབས་པ་འདི་ཡང་། ཕོ་བྲང་གོང་རི་དཀར་པོའི་དཀོན་གཉེར་དབོན་དགེ་སྟེང་བླ་མ་བྱམས་པ་ཀུན་དགའ་འབྱུང་གནས་ཀྱིས་རིང་མོ་ནས་བསྐུལ་བ་ལྟར། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ། །སརྦ་མངྒ་ལཾ།། །།
ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། དམ་ཅན་ལྕམ་དྲལ་གྱི་བཀའ་གཏད་གསལ་བྱེད་ཕྲིན་ལས་ལྕགས་ཀྱུ་ (Volume 38, Text 51)
༄༅། །ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་ལས། དམ་ཅན་ལྕམ་དྲལ་གྱི་བཀའ་གཏད་གསལ་བྱེད་ཕྲིན་ལས་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། ། རྟ་མཆོག་ཐུགས་སྤྲུལ་དམ་ཚིག་ཅན། །ཡོན་ཏན་ལྔ་ལྡན་དེས་སྐྱོངས་ཤིག །བོད་ཡུལ་གཏེར་གྱི་གཉེར་འཛིན་ཕྱིར། །འདིར་བསྟེན་འོས་པས་འདི་ཡང་དགོད། །དམ་ཅན་རྡོ་རྗེ་ལེགས་པ་ལྕམ་དྲལ་གྱི་བཀའ་གཏད་ཟབ་བསྡུས་བསྒྲུབ་པ་ལ། སྟེགས་བུ་སྟག་ལྤགས་ཀྱིས་བཀབ་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་ཟས་སྣ་ཚོགས་ལས་བཅོས་པའི་མཁར་ཐབས་ཀྱི་སྟེང་དུ་བཤོས་བུ་གྲུ་གསུམ་དམར་པོ་ལ་རང་འདྲ་བཞིས་བསྐོར་བ། སྣོད་གཅིག་ཏུ་མཁར་ཐབས་སྟེང་བཤོས་ཟླུམ་དཀར་པོ་ལ་རང་འདྲ་བཞིས་བསྐོར་བ། དེ་གཉིས་ལ་ཡོད་ན་བླ་རྡོ་མདའ་དར་དང་བཅས་པ་བཙུགས། མེད་ན་མདའ་དར་རམ་དར་གུར་དམར་པོ་དང་དཀར་པོ་ཕུབ་ཅིང་སོ་སོའི་སྐུ་ཙཀ་དང་བཅས་གཡས་གཡོན་བྱས་ལ་བཞག །ཕྱག་མཚན་ཙཀླི་གཉིས། མདུན་དུ་འབུལ་གཏོར་དཀར་དམར། ཕྱི་མཆོད། སྨན་རཀ །གསེར་སྐྱེམས་བཅས་བཤམ། པདྨ་སྒྱུ་འཕྲུལ་དྲྭ་བའི་ནང་སྒྲུབ་ཀྱི་བདག་བསྐྱེད་བཟླས་པ་བཅས་རྒྱས་བསྡུས་སྐབས་བསྟུན་གཏང་། དེ་ནས་འདིའི་ལས་བྱང་མཆོད་བརླབ་ནས་བསྟོད་པའི་བར་དུ་གཏང་། སྒྲུབ་ཐབས་ལྟར་ཏིང་འཛིན་དང་ལྡན་པས་བཟླས་པ་གཉིས་ཅི་འགྲུབ་བྱ། སློབ་མ་ལ་ཁྲུས་བགེགས་བསྐྲད་སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། དེ་ལ་སྐབས་སུ་བབས་པ་འདི་ནི། རང་གཞུང་ལས། འདི་ལྟར་སྐྱེས་བུ་ཡབ་ཡུམ་མཐུ་ཆེ༔ དངོས་གྲུབ་མྱུར༔ ཕྲིན་ལས་ཐོགས་པ་མེད༔ སྙིང་ཉེ༔ བཀྲ་ཤིས་པའོ༔ ཨོ་རྒྱན་པདྨ་བདག་གི་རྗེས་འཇུག་རྣམས་ཀྱིས་སྲུང་མ་འདི་རང་ལ་གྱིས་ཤིག༔ ཅེས་གདམས་པར་མཛད་པའི་དམ་ཅན་རྡོ་རྗེ་ལེགས་པ་འདི་ནི་ངོ་བོ་དཔལ་ཆེན་རྟ་མཆོག་དབང་གི་རྒྱལ་པོའི་ཐུགས་ལས་སྤྲུལ་པས་དབྱིངས་ཆེ་ཞིང་རྣམ་པ་འཇིག་རྟེན་དྲེགས་པའི་ཚུལ་དུ་བསྟན་པས་མཐུ་རྩལ་མྱུར་བའི་ཕྱིར། རྡོ་རྗེ་ཐེག་པའི་བསྟན་པ་སྤྱིའི་སྲུང་མའི་དབང་པོ་ཁྱད་པར་ཅན་དུ་གྱུར་ཅིང་། ལྷག་པར་སློབ་དཔོན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་བོད་ཡུལ་གཏེར་ཁ་ཀུན་གྱི་གཉེར་གཏད་མཛད་པས་ཟབ་གཏེར་ཆེ་ཕྲ་ཀུན་ལ་འདིའི་གསོལ་མཆོད་སོགས་སྣ་རེ་བྱོན་པ་ལས། འདི་ནི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་གནས་ཆེན་མཁའ་འགྲོ་འབུམ་རྫོང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོའི་བཀའ་སྲུང་གི་སྐོར་ལས་བྱུང་བ་སྟེ། ལུགས་འདིའི་བཀའ་གཏད་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་མཆོག༔ འགྲོ་བའི་གཙོ་བོ་བླ་མ་ཡིས༔ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ དམ་ཅན་ལྕམ་དྲལ་བདག་ལ་སྩོལ༔ ལན་གསུམ། རྒྱུད་སྦྱོང་བའི་ཕྱིར་སྐྱབས་སེམས་ཡན་ལག་བདུན་པ་བདག་བསྐྱེད་ལྟར་རམ་སྤྱི་འགྲོའི་རྒྱུན་བཤགས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ལྟ་བུ་གང་འོས་བྱ། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་སྤྱན་རས་གཟིགས་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དམར་པོ་འཛུམ་ཁྲོའི་ཉམས་ཅན། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ། གཡས་འོག་མས་པདྨ་རཱ་གའི་ཕྲེང་བ། གཡོན་འོག་མས་པདྨ་དམར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་པང་དུ་རང་འོད་ཀྱི་ཡུམ་གསང་བ་ཡེ་ཤེས་དམར་མོ་གྲི་ཐོད་འཛིན་པས་འཁྱུད་པར་མོས་ཤིག །མདུན་དུ་ལྷ་མིའི་ཡུལ་ཕུན་སུམ་ཚོགས་པའི་དབུས་སུ་སོགས་ལས་བྱང་ལྟར་མངོན་རྟོགས་ནས་སྤྱན་འདྲེན། བཞུགས་གསོལ། མཆོད་པའི་སྔགས་ཡན་དང་། བསྟོད་པ་དམ་ཅན། གཡུ་སྒྲོན་མ། འཁོར་བཅས་ཤློཀ་གསུམ་བརྗོད། དེ་ལྟར་དམ་ཅན་སྐྱེས་བུ་ཆེན་པོ་ལྕམ་དྲལ་མཆེད་ཟླ་ཕྱག་བརྙན་ཕོ་ཉའི་ཚོགས་བཅས་མངོན་སུམ་བཞུགས་པ་དེ་ཉིད། སློབ་དཔོན་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་གིས་བཀའ་བསྒོས་ཏེ་ཁྱེད་རང་རྣམས་ལ་ཕྲིན་ལས་སྒྲུབ་པའི་སྲུང་མར་གཏད་པར་མོས་ཤིག །གཏོར་མ་གཉིས་གཏད་ལ། ཧཱུྃ༔ དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ༔ ལྕམ་གཅིག་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །མཆེད་ཟླ་བརྟན་མ་འཁོར་དང་བཅས་པ་རྣམས༔ སྔོན་ཚེ་རྒྱལ་བའི་བཀའ་དང་དམ་བཞག་བཞིན༔ བྱང་ཆུབ་ཚུལ་བཞིན་སྒྲུབ་པའི་བུ་འདི་ལ༔ རྟག་ཏུ་བསྲུང་ཞིང་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་བས་སྐྱེས་བུ་ཆེན་པོས་ཕྱག་མཚན་རྡོ་རྗེ་དང་ཙིཏྟ་ཁྱེད་རང་རྣམས་ལ་གཏད་ནས་བསྟན་པ་སྲུང་བའི་ཕྲིན་ལས་མྱུར་དུ་སྒྲུབ་པའི་ཞལ་བཞེས་མཛད་པ་དང་། ལྕམ་གཅིག་སྨན་བཙུན་ཆེན་མོ་རྡོ་རྗེ་གཡུའི་སྒྲོན་མས་ཀྱང་ཕྱག་མཚན་མདའ་དང་མེ་ལོང་གཏད་ནས་འདོད་དོན་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་ཤིག །ཡབ་ཡུམ་གཉིས་ཀྱི་ཕྱག་མཚན་གཏད་ལ། ཧཱུྃ༔ རྒྱལ་བའི་བཀའ་སྲུང་མཐར་ཐུག་དྲེགས་པའི་ཚོགས༔ རྡོ་རྗེ་ལེགས་པ་གཡུ་སྒྲོན་ཡབ་ཡུམ་གྱི༔ ཕ་རོལ་གཡུལ་འཇོམས་བསྟན་སྲིད་མི་འགྱུར་ཞིང༔ དམ་ཉམས་དགྲ་བོ་བསྒྲལ་བའི་ཕྲིན་ལས་དང༔ སྣང་སྲིད་གསལ་བར་མཐོང་བའི་མངོན་ཤེས་པྲ༔ འཆི་མེད་ཚེ་དང་འཛད་མེད་ལོངས་སྤྱོད་དཔལ༔ དངོས་གྲུབ་ཐམས་ཅད་འདི་ལ་བསྩལ་དུ་གསོལ༔ སློབ་མ་ཐུན་མིན་བསྙེན་སོང་ལ་སྲོག་སྔགས་བརྗོད། སྤྱི་འགྲེ་གཏོར་མའི་བཀའ་བསྒོ་སྤྲོ་ན་གཏོར་མ་གཉིས་ལག་ཏུ་གཏད་ལ། ཧོཿ དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ནི་སོགས་ལས་བྱང་ལྟར་ལས། ཡང་སྤྲུལ་ཕོ་ཉ་དང་བཅས་པ་རྣམས་ཀྱིས་རྩ་བ་དང་བརྒྱུད་པར་བཅས་པའི་རྡོ་རྗེའི་རིག་འཛིན་རྣམས་ཀྱིས་བཀའ་དང་དམ་ཚིག་ལ་བཞག་པ་བཞིན་དུ། རྡོ་རྗེའི་སློབ་མ་འདི་ལ་དགྱེས་པའི་ཞལ་སྟོན་སོགས་ནས། འགྲུབ་པར་མཛོད་ཅིག༔ བར་བརྗོད། དེ་ནས་གཏོར་མ་དཀྱིལ་འཁོར་དུ་བཀོད་པ་དང་མཆོད་གཏོར་བཅས་གསོ་བྲན་བྱས་ལ། དཔོན་སློབ་གཉིས་ཀས་ལས་བྱང་ལྟར་བྱིན་རླབས་སྔགས་བསྔོས་འདོད་གསོལ་བཅས་བྱ། དེ་ནས་དམ་ཚིག་ཁས་བླང་ཕྱིན་སྤྱི་ལྟར་དང་། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་མདོར་བསྡུས། ནོངས་བཤགས། རྟེན་དང་བསྟུན་པའི་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་སོགས་ཀྱིས་གྲུབ་བོ། །ལྕམ་དྲལ་ནུས་པའི་འཐོར་རླུང་གིས། །གསང་ཆེན་བསྟན་དང་བསྟན་འཛིན་གྱི། །བར་ཆད་སྤྲིན་ཚོགས་མཐར་བསྐྲད་ནས། །ཕན་བདེའི་ཉིན་བྱེད་རྟག་གསལ་ཤོག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཚོགས་མཆོད་སོགས་རྗེས་ཀྱི་ལས་རིམ་སྙིང་པོར་དྲིལ་བ་མཁའ་འགྲོ་དགྱེས་པའི་རོལ་མོ་ (Volume 52, Text 51)
༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཚོགས་མཆོད་སོགས་རྗེས་ཀྱི་ལས་རིམ་སྙིང་པོར་དྲིལ་བ་མཁའ་འགྲོ་དགྱེས་པའི་རོལ་མོ་བཞུགས་སོ། ། བདེ་སྟོང་ཚོགས་ལ་དགྱེས་རོལ་པ། །བླ་མ་བཅོམ་ལྡན་འདས་མ་ལ། །བཏུད་ནས་རྗེས་ཀྱི་ལྷན་ཐབས་འབྲི། །ཌཱ་ཀི་སྲུང་མས་གནང་བ་སྩོལ། །པདྨ་མཁའ་འགྲོར་ཚོགས་ཀྱི་མཆོད་འབུལ་རྗེས་རིམ་བཅས་རྒྱས་པར་ཟབ་བདུན་སྤྱི་ཆིངས་ལྟར་སྦྱར་དགོས་ཀྱང་། ཅུང་ཟད་བསྡུ་བའམ་དམིགས་སུ་བྱེད་པར་སྤྲོ་ན། མ་ད་ན་དང་བ་ལཱ་གཙོ་བོར་གྱུར་པའི་ཚོགས་ཀྱི་ཡོ་བྱད་འདུ་བྱས་ལ། རཾ་ཡཾ་ཁཾ། ཚོགས་གཞོང་རབ་ཡངས་པདྨ་རྒྱས་པའི་ནང་། །ཚོགས་རྫས་འཁོར་འདས་བརྟན་གཡོའི་དྭངས་མའི་བཅུད། །རིགས་ལྔ་ཡབ་ཡུམ་བདེ་སྟོང་སྦྱོར་བའི་དངོས། །ཡེ་ཤེས་བདུད་རྩིའི་མཆོད་སྤྲིན་མཐའ་ཡས་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ ཆོས་དབྱིངས་བདེ་བ་ཅན་དང་པོ་ཏ་ལ། །མཁའ་སྤྱོད་ཀུ་རུ་ཀུལླེའི་བྲག་ཕུག་ནས། །བརྒྱུད་གསུམ་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །པདྨ་མཁའ་འགྲོ་དགྱེས་སྦྱོར་གསང་བའི་ཡབ། །སྤྲུལ་པ་སྒོ་སྲུང་འཁོར་དང་བཅས་པ་རྣམས། །དབང་ཆེན་རོལ་པ་ཚོགས་ཀྱི་འདུ་བར་སྤྱོན། །རྩ་གསུམ་ལྷ་གནས་རྒྱ་མཚོ་ཆེན་པོའི་འགྲམ། །ཏི་སེ་གངས་སོགས་དགྱེས་པའི་ཕོ་བྲང་ནས། །དབང་ཕྱུག་ཡབ་ཡུམ་རིགས་བཞིའི་ལྷ་མོར་བཅས། །གཏེར་སྲུང་དམ་ཅན་ཚོགས་ལ་སྤྱན་འདྲེན་གཤེགས། །བདེ་ཆེན་དབང་གི་ཕོ་བྲང་ཉམས་རེ་དགའ། །ཌཱ་ཀི་ཕོ་མོའི་འདུ་བ་བྱིན་རེ་ཆགས། །ཟག་མེད་བདེ་བའི་དམ་ཚིག་བཅུད་རེ་ཆེ། །སྣང་རིག་རང་དབང་འདུ་བའི་བྱིན་ཕོབ་ཅིག །པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཕུད་དང་པོ་འདོད་ཡོན་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་སྐོང་བ་ནི། ཧྲཱིཿ སྣང་སྟོང་གཟུགས་ཀྱི་རྡོ་རྗེ་སྤྱན་ལ་ཐིམ། །གཟུགས་ཅན་དབང་དུ་འདུ་བའི་ཕྲིན་ལས་མཛོད། །གྲགས་སྟོང་སྒྲ་ཡི་རྡོ་རྗེ་སྙན་ལ་ཐིམ། །སྒྲ་གྲགས་དབང་དུ་འདུ་བའི་ཕྲིན་ལས་མཛོད། །ཚོར་སྟོང་དྲི་ཡི་རྡོ་རྗེ་ཤངས་ལ་ཐིམ། །གཟུགས་མེད་དབང་དུ་འདུ་བའི་ཕྲིན་ལས་མཛོད། །མྱང་སྟོང་རོ་ཡི་རྡོ་རྗེ་ལྗགས་ལ་ཐིམ། །འདོད་རྒུ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །བདེ་སྟོང་རེག་བྱའི་རྡོ་རྗེ་སྐུ་ལ་ཐིམ། །འཁོར་འདས་དབང་དུ་འདུ་བའི་ཕྲིན་ལས་མཛོད། །རིག་སྟོང་ཆོས་ཀྱི་རྡོ་རྗེ་ཐུགས་ལ་ཐིམ། །རྟོག་ཚོགས་དབང་དུ་འདུ་བའི་ཕྲིན་ལས་མཛོད། །དགའ་བའི་རང་བཞིན་ཕྱི་ཡི་དགྱེས་སྐྱེད་བཞི། །འབུལ་ལོ་གཟུང་བའི་ཡུལ་སྣང་དབང་འདུས་མཛོད། །མཆོག་དགའི་རང་བཞིན་ནང་གི་དགྱེས་སྐྱེད་བཞི། །འབུལ་ལོ་འཛིན་པའི་རྣམ་ཤེས་དབང་འདུས་མཛོད། ཁྱད་དགའི་རང་བཞིན་གསང་བའི་དགྱེས་སྐྱེད་བཞི། །འབུལ་ལོ་གཉིས་མེད་རླུང་སེམས་དབང་འདུས་མཛོད། །ལྷན་སྐྱེས་རང་བཞིན་གཉུག་མའི་དགྱེས་སྐྱེད་བཞི། །འབུལ་ལོ་བདེ་ཆེན་ཡེ་ཤེས་དབང་འདུས་མཛོད། །དགྱེས་པའི་རོལ་མོ་རྣམ་པ་ཐམས་ཅད་པ། །ཐུགས་དམ་བཞིན་དུ་བསམ་མི་ཁྱབ་སྣང་བ། །ཅི་བདེར་བཞེས་ལ་ལས་བཞི་གྲུབ་པ་བརྒྱད། །ཐུན་མཆོག་རིགས་དབང་འདུ་བའི་དངོས་གྲུབ་སྩོལ། །པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་བདུད་རྩིའི་རྒྱ་མཚོས་ཉམས་ཆག་བཤགས་པ་ནི། ཧོཿ སྤྱན་དང་མངོན་ཤེས་ཐུགས་རྗེ་མངའ་བའི་ལྷ། །འཁོར་བཅས་ཕྱི་ནང་གསང་བ་དེ་ཁོ་ནའི། །ཚོགས་མཆོད་ཟག་མེད་བདེ་ཆེན་བདུད་རྩིའི་བཅུད། །བཞེས་ནས་འགལ་འཁྲུལ་ཉམས་ཆག་ཚངས་པར་སྩོལ། །བསྐྱེད་རིམ་མ་གསལ་བཟླས་བརྗོད་མཐར་མ་ཕྱིན། །ཏིང་འཛིན་གཡེལ་ཞིང་རང་འདོད་ཕྲིན་ལས་བཅོལ། །རྩ་བ་ཡན་ལག་དམ་ལས་འགལ་པ་རྣམས། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག །མན་ངག་གི་ཡི་གེ་བརྒྱ་པ་བཟླ། ཚོགས་ཐ་མ་ལ་བརྟེན་ཏེ་གསང་བའི་འདུ་བ་ལ་འཁུ་བ་རྣམས་བསྒྲལ་ཞིང་བསྟབ་པ་ནི། བདག་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀའི་སྐུར་གྱུར། ན་མོ། མཆོག་གསུམ་རྩ་གསུམ་བདེན་པ་དང་། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་མཐུས། །དགྲ་བགེགས་ལོག་འདྲེན་གནོད་བྱེད་རྣམས། །མཚན་མའི་རྟེན་ལ་མྱུར་དུ་ཁུག །བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ། ཤེས་རབ་གཏུམ་མོའི་ཨེ་དབྱིངས་འབར་བ་རུ། །ཐབས་མཆོག་རིག་པའི་རྡོ་རྗེའི་མཚོན་བསྣུན་པས། །གཟུང་འཛིན་ཉོན་མོངས་བག་ཉལ་བཅས་པ་ཀུན། །བདེ་སྟོང་ཡེ་ཤེས་ཆེན་པོའི་ཀློང་དུ་བསྒྲལ། །རྡོ་རྗེ་དགའ་བཞིའི་དམ་ཚིག་ཆེར་སྦར་ཞིང་། །ཞེན་རྟོག་ཕུང་པོ་རང་གྲོལ་དབྱིངས་སུ་བསྟབ། །བདག་འཛིན་འཁོར་བའི་རྩ་བ་རྒྱུན་ཆད་ནས། །སྣང་སེམས་རང་དབང་ཐོབ་པའི་ཕྲིན་ལས་མཛོད། ཤ་ཏྲཱུཾ་མཱ་ར་ཡ་ཕཊ། བཛྲ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ནང་དང་གསང་བའི་དམ་ཚིག་གིས་ཚིམས་པར་སྤྱོད་ཅིང་རྡོ་རྗེའི་གླུ་ལེན། མཐར་སྨོན་ལམ་གདབ་པ་ནི། ཧོཿ བདེ་སྟོང་རོལ་པའི་ཚོགས་མཆོད་འདི་ཕུལ་པས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཏེ། །འཁོར་འདས་ཀུན་ལ་དབང་བསྒྱུར་དཔལ་ཆེན་པོའི། །ཡེ་ཤེས་ཕྱག་རྒྱ་མྱུར་དུ་འགྲུབ་པར་ཤོག །ལྷག་མ་བདུད་རྩིའི་ཁ་ཕྲུས་བཏབ་ལ། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ཧྲཱིཿཕེཾ། གནས་ཡུལ་དུར་ཁྲོད་ཞིང་སྐྱོང་ཌཱ་ཀི་དང་། །འཇིག་རྟེན་གནས་ཉུལ་དམ་ཚིག་རྗེས་གཅོད་རྣམས། །དཔལ་གྱི་ཕམ་ཕབ་ལྷག་མའི་བདུད་རྩི་བཞེས། །འགལ་བྱེད་ལོག་པར་ལྟ་བའི་སྙིང་ཁྲག་རྔུབས། ཁམས་གསུམ་ཡིད་ལ་འགུགས་པའི་ལྕགས་ཀྱུས་ཐོབས། །རྣལ་འབྱོར་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷུཉྫ་ཧོཿ ཐུགས་དམ་བསྐུལ་བ་ནི། ཧྲཱིཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་དབྱིངས་ནས་སྐུལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ཁྱད་པར་པདྨ་ཌཱ་ཀི་བཀའ་སྡོད་བཅས། །བདེ་ཆེན་དབང་གི་ལས་ལ་སྐུ་སྐྱོད་འཚལ། ཁ་སྦྱོར་སྐུ་ལས་སྤྲུལ་པའི་ཕོ་ཉ་ཡིས། །འདོད་ཁམས་འཇིག་རྟེན་དབང་དུ་སྡུད་པར་མཛོད། །ཚངས་དབྱངས་གསུང་ལས་སྤྲུལ་པའི་རིག་སྔགས་ཀྱིས། །གཟུགས་ཁམས་འཇིག་རྟེན་དབང་དུ་སྡུད་པར་མཛོད། །རྗེས་ཆགས་ཐུགས་ལས་སྤྲུལ་པའི་འོད་ཟེར་གྱིས། །གཟུགས་མེད་འཇིག་རྟེན་དབང་དུ་སྡུད་པར་མཛོད། །ཡེ་ཤེས་དབྱིངས་ཀྱི་སྒྱུ་འཕྲུལ་དྲྭ་བ་ཡིས། །འཇིག་རྟེན་འདས་ཀུན་དབང་དུ་སྡུད་པར་མཛོད། །བརྟན་གཡོ་འཁོར་འདས་ཡིད་ལ་གང་འདོད་པ། །མོས་བཞིའི་ཚུལ་དུ་མྱུར་བར་དབང་འདུས་ཤིང་། །མི་ལྡོག་གཅིག་གྱུར་ཤེར་ཕྱིན་ཡུམ་གྱི་ཀློང་། །འཁོར་བ་དོང་ནས་སྤྲུག་པའི་ཕྲིན་ལས་མཛོད། །སྲུང་མ་རྣམས་ལ་ཐ་ཚིག་གི་ཆད་མདོ་འབུལ་བ་ནི། ཧྲཱིཿ གཞི་དབྱིངས་ཀ་དག་པདྨ་གར་དབང་གིས། །གཞི་སྣང་འོད་གསལ་སྦུབས་སུ་བཀྲོལ་བའི་དུས། །གསལ་བའི་རང་གཟུགས་དབང་ཕྱུག་ཕོ་རྒྱུད་ཚོགས། །བདེ་བའི་རང་མདངས་ཨུ་མ་མོ་རྒྱུད་འཁོར། །མི་རྟོག་རང་བཞིན་དྲེགས་བྱེད་མ་ནིང་རྣམས། །རང་ཤར་རང་གྲོལ་རྡོ་རྗེའི་གཡར་དམ་བཅས། །ལྷུན་གྲུབ་ཕྲིན་ལས་མཛད་པར་བཀའ་བསྒོས་ལྟར། །འཛིན་མེད་གཉུག་མའི་གཏོར་མ་འདི་བཞེས་ལ། །སྣང་སེམས་དབང་དུ་འདུ་བའི་གྲོགས་མཛོད་ཅིག །བཤལ་ཆུས་བརྟན་མ་སྐྱོང་བ་ནི། ཧྲཱིཿ ལུགས་འབྱུང་རྟེན་འབྲེལ་དུས་སྦྱོར་གནས་དག་པ། །ལུགས་ལྡོག་བདེན་དོན་ཡན་ལག་བཅུ་གཉིས་དངོས། །བོད་སྐྱོང་བརྟན་མ་རྡོ་རྗེ་དབང་མོའི་ཚོགས། །པདྨ་གར་དབང་གསང་བའི་དཀྱིལ་འཁོར་དུ། །སྙོམས་ཞུགས་དམ་ཚིག་ཕོག་པ་དྲན་མཛོད་ལ། །བྱང་སེམས་བདུད་རྩིའི་དགྱེས་མཆོད་ཚིམས་པར་བཞེས། །འཇིག་རྟེན་བདེ་ཞིང་བསྟན་པ་རྒྱས་པ་དང་། ཁམས་གསུམ་དབང་དུ་འདུ་བའི་ཕྲིན་ལས་སྒྲུབས། །མ་མ་ཧྲིཾ་ཧྲིཾ་བཛྲ་ཨ་མྲྀཏ་པཱུ་ཛ་ཧོཿ རྡོ་རྗེའི་བྲོ་ཡིས་ཕྲིན་ལས་ཀྱི་མཇུག་སྡུད་པ་ནི། ཧཱུྃ། དབང་དྲག་རྟ་ཡི་བརྟུལ་ཞུགས་ཀྱིས། །དུག་གསུམ་འབར་བའི་བཙོན་ཁང་དུ། །བདག་ཏུ་འཛིན་པའི་དམ་སྲི་བཀུག །དབང་ཆེན་རོལ་པའི་བྲོ་རྡུང་ཞིང་། །བདག་མེད་སྟོང་པའི་ཕྱག་རྒྱས་གདབ། །གཉིས་སྣང་རྩད་ནས་མ་ཆོད་བར། །ནམ་ཡང་ལྡང་བར་མ་གྱུར་ཅིག །ལཾ་སཏྭམྦྷ་ཡ་ནན། དངོས་གྲུབ་བསྐུལ་བ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ཟླ་གམ་དབང་གི་ཀློང་། །འགྲོ་ལ་རྩེ་གཅིག་དགོངས་པའི་ཐུགས་དམ་ཅན། །བླ་མ་ཡི་དམ་པདྨ་ཌཱ་ཀི་མ། །འཁོར་བཅས་མཁྱེན་བརྩེ་ཡེ་ཤེས་སྒོ་ཕྱེས་ལ། །དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ། །སྒྲུབ་མཆོག་བདག་ལ་དུས་འདིར་བསྩལ་དུ་གསོལ། །འཇིག་རྟེན་འདས་པའི་བྱིན་རླབས་དངོས་གྲུབ་དང་། །བརྟན་གཡོའི་དྭངས་མ་ཁྱད་པར་འདོད་པའི་དོན། །ད་ལྟ་ཉིད་ལ་དབང་དུ་གྱུར་ནས་ཀྱང་། །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན། །བསམ་དོན་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཨོཾ་པདྨ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ༔ ནོངས་པ་བཤགས་པ་ནི། ཧོཿ ཆོས་ཀུན་གདོད་ནས་སྐྱེ་འགག་གནས་བྲལ་ཡང་། །ཞེན་ཆགས་འཁྲུལ་པས་ནོངས་པ་ཅི་བགྱིས་པ། །སོར་རྟོག་ཡེ་ཤེས་ཀློང་དུ་བཟོད་བཞེས་ལ། །སྲིད་ཞིར་དབང་སྒྱུར་ཆེན་པོར་དབུགས་དབྱུང་སྩོལ། །ཅེས་དང་ཡི་གེ་བརྒྱ་པ་བརྗོད། མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་བཞུགས། དམ་ཚིག་པ་ཨོཾ་ཨཱཿཧཱུྃ་གིས་རང་ལ་བསྡུ། བདག་བསྐྱེད་ཧཱུྃ་གིས་འོད་གསལ་དུ་གཞུག་ཅིང་། ཕཊ་ཀྱིས་ཐུན་མཚམས་ཀྱི་ལྷ་སྐུར་ལྡངས་ལ། སྨོན་ལམ་བྱ་བ་ནི། བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཡིས། །རླུང་སེམས་སྣང་བ་དབང་དུ་འདུས་ནས་ཀྱང་། །འཁོར་འདས་ཀུན་གྱི་ཁྱབ་བདག་བདེ་བ་ཆེ། །དབང་ཆེན་ཡབ་ཡུམ་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་བརྗོད་པ་ནི། ཨེ་མ་ཧོཿ རང་སྣང་པདྨོ་རྒྱས་པའི་གཞལ་མེད་ཁང་། །རིག་རྩལ་པདྨ་རྣམ་པར་རོལ་པའི་ལྷ། །སྲིད་ཞི་དབང་དུ་མཛད་པའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །རང་བྱུང་ཟླ་གམ་དབང་གི་ཕོ་བྲང་དུ། །བདེ་བའི་མདངས་འབྱིན་པདྨ་རིགས་ཀྱི་ལྕམ། །ཟག་མེད་དགའ་བ་འཁྱིལ་བའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །ཕྱོགས་ལས་རྣམ་རྒྱལ་ཆོས་བཟང་འདུན་ས་རུ། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་ཚོགས་ཀྱི་རྗེ། །གང་བསམ་མྱུར་དུ་འགུགས་པའི་བཀྲ་ཤིས་དེས། །འདོད་རྒུ་དབང་བྱེད་དགེ་ལེགས་དཔལ་འབར་ཤོག །ཕྱི་རོལ་ཡུལ་སྣང་མཐའ་དག་དབང་དུ་འདུས། །རླུང་སེམས་འཁྲུལ་རྟོག་ནང་གི་དབུ་མར་ཞུགས། །འགྱུར་མེད་བདེ་ཆེན་རྡོ་རྗེ་གར་གྱི་དབང་། །ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་རང་སེམས་སྣང་བའི་དབང་དུ་མ་ཤོར་བར་ཉམས་བསྐྱང་ལ་སྙིང་གི་དཔྱིད་དཔལ་རྒྱས་པའི་དགེ་ལེགས་སུ་བྱའོ། །མཁའ་འགྲོའི་གཏད་རྒྱ་ཁྲོལ་མིན་ཀྱང་། །ཉམས་སུ་ཤར་ལ་ནོངས་པའི་ཚོགས། །བླ་མ་མཁའ་འགྲོས་བཟོད་བཞེས་ལ། །དགེ་བས་གར་དབང་སྐུ་འགྲུབ་ཤོག །ཅེས་པའང་གཏེར་གསར་པདྨ་མཁའ་འགྲོ་ཟུར་བཀོལ་སྐབས་ཁྱེར་བདེ་ཉེར་མཁོར་འོས་པར་མཐོང་ཞིང་འབྲི་འདོད་པ་ཞིག་བྱུང་ནས་ཐོལ་བྱུང་དུ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་ཏུ་བགྱིས་པ་དགེ་ལེགས་འཕེལ། སྣོད་མིན་ནས་དཔེ་ཙམ་ཡང་མི་མཐོང་བ་བཀའ་སྲུང་ལྕམ་དྲལ་ལ་གཉེར་དུ་གཏད་དོ། །ས་མ་ཡ། སྦས་རྒྱ།། །།
ཆར་འབེབ་ཆོ་གའི་འདོན་འགྲིག་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བདུད་རྩི་བུམ་ཆུང་དགེ་ལེགས་རྒྱ་མཚོ་ (Volume 51, Text 51)
༄༅། །ཆར་འབེབ་ཆོ་གའི་འདོན་འགྲིག་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བདུད་རྩི་བུམ་ཆུང་དགེ་ལེགས་རྒྱ་མཚོ་བཞུགས་སོ། ། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཡི་དམ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །སྙིགས་དུས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཆར་འབོད་ཆོ་གའི་ཟིན་བྲིས་དགོད་པར་བྱ། །རྩ་བ་གསུམ་གྱིས་བཀའ་གནང་བྱིན་གྱིས་རློབས། །དགུན་ཁ་ཆར་སྒྲུབ་བྱ་ཐབས་ལོགས་སུ་གསལ། །འདི་ནི་གློ་བུར་ཆར་པ་འབེབ་ཐབས་ཡིན། ༈ །ལོ་ཟླའི་གོང་ནས་རྫས་དང་ཡོ་བྱད་གསག །དུག་རིགས་མ་གཏོགས་མེ་ཏོག་རྙེད་ཚད་རྣམས། །འབུ་སྲིན་རོ་མེད་ལྷ་ལ་མ་ཕུལ་བ། །གྲིབ་སྐམ་བྱས་པ་ཤིན་ཏུ་མང་བ་དང་། །འབྲུ་ནག་མིན་པའི་འབྲུ་སྣ་རྙེད་ཚད་དང་། །དྲི་མ་མེད་པའི་དར་ཚོན་རྙེད་ཚད་རྣམས། །བརྡུང་ཞིང་བཏགས་ལ་རྩི་བཞིན་བཏགས་པར་བྱ། ཁྱད་པར་སོས་ཀའི་ཐང་ཤིང་ལོ་མ་དང་། །ཨུཏྤལ་སྔོན་པོ་སྤང་རྒྱན་སྔོན་པོ་དང་། །སྤང་སྤོས་ལ་སོགས་བུངས་ཆེར་བསགས་བྱས་ལ། །ཟི་ར་དཀར་ནག་སྨྱུག་ལོ་རྨ་བྱའི་མདོངས། །ཛཱ་ཏི་དབང་ལག་ཆུ་སྲིན་སྡེར་མོ་དང་། །ཞོ་ཤ་རྣམ་གསུམ་རྒྱ་མཚོའི་ལྦུ་བ་དང་། །རྒྱ་མཚལ་སྤུ་ཤེལ་ཙེ་དང་ཆུ་དག་དཀར། །གེ་སར་རྣམ་གསུམ་ཀ་ར་བུ་རམ་སྦྲང་། །ཙན་དན་དཀར་དམར་སྤོས་དཀར་རྡོ་རྒྱུས་དང་། །ཨ་རུ་ར་དང་ཀུ་བ་གུར་གུམ་དང་། །ག་པུར་ཏིལ་དཀར་ཏིལ་ནག་སོགས་བཟང་སྨན། །གླ་རྩིའི་དྲི་མ་ཞད་ཙམ་མེད་པ་དང་། །ལྕགས་ནི་མ་གཏོགས་རིན་ཆེན་རྙེད་ཚད་རྣམས། །ཞིབ་པར་བཏུལ་ལ་མེ་ཏོག་རྣམས་དང་བསྲེ། །དེ་དང་མཉམ་མམ་མང་ཙམ་གྲོ་ཕྱེ་བསྲེ། །བ་དཀར་བ་དམར་ར་དཀར་འབྲི་ཟལ་མོ། །གསུམ་ཀ་རབ་ཡིན་གང་འཛོམ་འོ་མས་སྦྲུ། །རིལ་བུ་ར་རིལ་ཙམ་མམ་སྲན་མ་ཙམ། །གྲངས་མེད་བྱས་ལ་གྲིབ་སྐམ་མེ་ཉི་སྤང་། །ཡི་དམ་གང་ཡང་རུང་བའི་སྔགས་གཤམ་དུ། །ནཱ་ག་ཀཱ་ལ། ནཱ་ག་ཀཱ་ལ། བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ། བརྒྱ་སྟོང་ཁྲི་སོགས་གང་འགྲུབ་བཟླ་བྱ་ཞིང་། ཁ་རླངས་མ་སོང་ཕུ་ཡིས་རིལ་བུ་བསྔགས། །ཨོཾ་ཀཱ་པ་གྷྲེ་པ་ནེ། བྷ་ཙ་ནེ། བྷ་ག་བྷ་ལི་སྭཱ་ཧཱ། སྔགས་དེ་རིལ་བུའི་ནང་དུ་སིབ་སིབ་ཐིམ། །སོང་བར་བསམ་ལ་བརྒྱ་སྟོང་ཅི་འགྲུབ་སྔགས། །དགོས་པའི་དུས་སུ་ཆུ་མིག་ནང་བཅུག་ཅིང་། །ཀླུ་གཏོར་ནང་དུ་བཏབ་པ་དཀར་རྟ་ཡིན། །གཙོད་ཁྲག་མཛེ་ཁྲག་ཁྱི་ནག་ཁྲག་དང་ནི། །ཡུགས་ས་ལན་གསུམ་བྱས་པའི་ཁྲག་དང་ནི། །མུ་ཟི་སེར་ནག་བཙན་དུག་གུ་གུལ་ནག །ཤ་བའི་བོག་རུ་རྟ་བོན་ཙམ་གྱིས་ཆོག །རྒྱས་པར་མཛོ་རུ་མ་ནས་བཤད་པ་ལྟར། །ཤ་སྣ་ཁྲག་སྣ་རྙེད་ཚད་བསྲེ་ཡང་རུང་། །མཛོ་རུ་མ་ཡི་རྫས་དེ་འཛོམ་ན་བཅའ། །མ་འཛོམ་ན་ཡང་གང་འཛོམ་ཁྲག་སྣ་དེ། །བག་ཕྱེ་དང་སྦྱར་ཆང་སྦྲུས་བྲ་རིལ་ཙམ། །དམར་པོས་མདོག་བསྒྱུར་གྲིབ་སྐམ་བྱས་པ་དེ། །དྲག་འབོད་སྔགས་ནི་བརྒྱ་སྟོང་ཙམ་གྱིས་སྔགས། །སྨྱུག་ཚིགས་གས་ཆག་མེད་པའི་ནང་དུ་ནི། །རེ་རེའི་ནང་དུ་རིལ་བུ་བཅུ་གཅིག་རེ། །ཆར་མི་གཏོང་ན་འདི་ཉིད་མི་གཏང་རེ། །ཟེར་བའི་ཡི་གེ་བྲི་ལ་སྨྱུག་ཚིགས་བཅུག །ལ་ཆས་ཁ་བཅད་ཆུ་མི་འགྲོ་བར་བྱ། ཁྱུ་གཡག་རོག་པོའི་སྙིང་རྩིད་དག་གིས་དཀྲི། །དེ་རྗེས་སྐུད་པ་ནག་པོས་ལེགས་པར་དཀྲི། །དེ་འདྲ་མང་དུ་བྱས་པ་དམར་རྟ་ཡིན། །དེ་འདྲ་རེ་ཡིས་ཆར་འབོད་ལན་གཉིས་རུང་། །དེ་ནས་རིལ་བུ་གསར་པ་བརྗེ་བྱས་པ། །རྙིང་པ་མང་བ་རུ་རྩི་དག་དང་བསྲེ། །དམར་རྟའི་རུ་རྩི་རྫས་བཅའ་མང་དུ་བྱ། །ལ་ལ་སྡིགས་ཕྱིར་སྒམ་དུ་བཅུག་ལ་ཁྱེར། །ལ་ལ་ཁྱིམ་དུ་སྦས་ལ་རུ་རྩི་བྱ། ཁྲག་སྣ་གསར་པ་རྙེད་དུས་དེ་ལ་བསྣན། །རྒྱ་གར་ཆུ་འཁོར་རྒྱ་ནག་ཆུ་འཁོར་དང་། །བལ་པོ་ཆུ་འཁོར་རྟེན་འབྲེལ་ཆུ་འཁོར་དང་། །ཆུ་བོ་བཞི་འདུས་ནས་གསུངས་ཆུ་འཁོར་སོགས། །མང་དུ་ཡོད་ན་ཤིན་ཏུ་བཟང་བ་སྟེ། །མེད་ན་སྟེང་དུ་རྣམ་འཇོམས་ཉེ་སྙིང་དང་། །གནམ་ས་སྣང་བརྒྱད་སྙིང་པོ་བྲི་བར་བྱ། །དེ་འོག་ཞི་འབོད་སྔགས་རྣམས་གཡས་སྐོར་བྲི། །དྲག་འབོད་ཐམས་ཅད་གཡོན་སྐོར་བྲི་བྱས་ཏེ། །བྲི་ལུགས་བསྐོར་ལུགས་ཇོ་འཁོར་རྣམས་ལ་བལྟ། །ཞི་འབོད་གཡས་སྐོར་དྲག་འབོད་གཡོན་སྐོར་བྱ། །སྡེབ་གྲངས་འཁོར་ལོ་ཅི་ཙམ་མང་བཞིན་བཟང་། །འདོན་རོགས་མི་གཅིག་ཡོད་དང་ཁྱད་པར་མེད། །གྲོ་ཤོག་གང་རུང་སྣག་ཚྭ་གཙང་མ་ཡིས། །རླུང་ལྷའི་ལིངྒ་དཔེའུ་རིས་བཞིན་བྲི། །དེ་ཡང་གལ་ཆེ་ན་ནི་བཞི་བྲི་འོ། །ཆར་པ་བཀག་བྱེད་འདྲེ་འདི་བཞི་འམ་གཅིག །རྟེན་འབྲེལ་སྙིང་པོ་བཞི་འམ་གཅིག་བྲི་ཞིང་། །རྒྱལ་ཆེན་སྔགས་ཀྱང་དེ་བཞིན་ཤོག་དྲིལ་བཞི། །ཤ་བའི་སྣེ་མེ་སཱཙྪ་ཞིག་པོའི་ས། །ཟངས་ཕྱེ་ཏིལ་ནག་ལུང་ཐང་ཙེ་ཡི་འབྲུ། །ཐུན་རྫས་སྣ་ཚོགས་བསྲེས་པའི་ཐུམ་པོ་དང་། །ཀ་ཏོ་རའམ་བལ་མ་ཟངས་ཀྱི་སྣོད། ཁྲག་ནི་སྐམ་པོའམ་རློན་པ་གཙང་མ་འགའ། །དྲག་པོའི་ཤིང་གི་ཕུར་པ་ཁྲུ་གང་བརྒྱད། །ཆེ་ཞིང་སྦོམ་པོ་གཅིག་དང་དགུ་དང་ནི། །སེང་ལྡེང་ངམ་ནི་ལྕགས་ཕུར་ལས་ཕུར་གཉིས། །གྲོ་བ་སྲབ་མོ་དྲི་མ་མེད་པ་ལ། །སྣག་ཚྭ་གཙང་མ་གླ་རྩི་མ་འདྲེས་པས། །སྦལ་པའི་ནང་དུ་གཞུག་རྒྱུའི་ཤོག་དྲིལ་དང་། །གྭའུའི་ཁོང་དུ་བཅུག་རྒྱུའི་ཤོག་དྲིལ་བྲི། །དྲི་མས་མ་གོས་རས་སམ་ཤོག་བུར་བཏུམས། །ཕ་མ་འཛོམ་ཞིང་མགོ་གཙང་ནལ་ཕྲུག་མིན། །མཚན་ངན་མིན་པའི་སྣམ་བུའི་འགའ་ལུ་གཡར། །ཚོན་སྐུད་ལྔ་ཡི་སྐུད་པ་ལྔ་དྲུག་དང་། །རྫ་ཡི་བུམ་པ་ཆུང་ངུ་མང་པོ་དང་། །རྫ་ཡི་གླང་བུ་ནང་ནི་སྟོང་པ་ཅན། །མང་དུ་སྔར་ནས་བཟོས་ལ་ཚགས་བྱ་འོ། །དར་རམ་རས་སྔོན་ཇོ་དར་སྔགས་བྲིས་པ། ༈ །རང་སྲུང་རྭ་སྲུང་ལ་སོགས་ཡོད་ན་རབ། །བྱ་རྒོད་ཁྲག་དང་གཙོད་ཁྲག་གྲི་ཁྲག་གསུམ། །སྤྱི་བོར་བཏགས་པས་རང་གཞན་ཐོག་སྲུང་རྫས། ཁྱི་ནག་ཁྲག་དང་ཡུགས་སའི་མངལ་ཁྲག་དང་། །མཛེ་ཁྲག་རྐེད་པར་བཏགས་པས་སྡེ་བརྒྱད་སྲུང་། །རྟ་ནག་ཁྲག་དང་གླ་རྩི་བཙན་དུག་གསུམ། །རྐང་པར་བཏགས་པས་ཀླུ་གཉན་ས་བདག་སྲུང་། །ཀླུ་སྲུང་འཁོར་ལོ་གཞན་ནས་འབྱུང་བ་བཞིན། །གང་ཟག་མང་དུ་ཡོད་ན་རང་ལ་བཏགས། །དེ་རྣམས་སྔར་ནས་སྟ་གོན་བྱ་དགོས་ཏེ། །གློ་བུར་ཉིད་དུ་འཛོམ་པར་དཀའ་ཕྱིར་རོ། ༈ །དེ་ནས་འབབ་སྐར་ཐེབས་ལྡོག་རྟེན་འབྲེལ་དཔྱད། །སྙིགས་དུས་བབ་སྐར་ལ་ཡང་འབབ་དཀའ་སྟེ། །དེ་ཉིན་གནམ་ཡུལ་འཁོར་བ་ཙམ་རེ་འབྱུང་། །ཆར་འབོད་ཡོད་ན་ངེས་པར་འབབ་ཐུབ་ཕྱིར། །འབབ་སྐར་ཡོད་པའི་ཞག་གསུམ་གོང་ཙམ་ནས། །འགྲོ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པ་ཡིན། །ནབས་སོ་ཕུར་བུ་བྱ་རོག་ཕུར་བུ་དང་། །ལག་དང་ཕུར་བུ་རྒྱལ་དང་ཕུར་བུ་འཛོམ། །ཞོད་ཀྱི་ལྡེ་མིག་བཞི་སྟེ་འབབ་སྐར་ཡིན། །དབྱར་འབྲིང་རྟ་ཟླ་ས་ག་ཟླ་བ་ཡི། །ཚེས་ལྔ་ཚེས་གཉིས་ཚེས་བདུན་ཚེས་བརྒྱད་དང་། །ཉེར་གཉིས་ཉེར་གསུམ་ཉེར་ལྔ་ཉེར་ དྲུག་དང་། །ཉེར་བདུན་གནམ་སྟོང་རྣམས་ལ་འབབ་དུས་ཡིན། །དབོ་དང་བྲ་ཉེ་མགོ་དང་བེ་འུ་རྭ། །དེ་རྣམས་ཟླ་བ་འདི་ཡི་འབབ་སྐར་ཡིན། །དབྱར་ཐ་ལུག་ཟླ་སྣྲོན་གྱི་ཟླ་བ་ཡི། །གཅིག་གཉིས་དྲུག་བརྒྱད་བཅོ་བརྒྱད་བཅུ་གསུམ་དང་། །ཉི་ཤུ་ཉེར་གཉིས་ཉེར་གསུམ་ཉི་ཤུ་བཞི། །ཉེར་བདུན་ཉེར་ལྔ་འབབ་པའི་དུས་ཚོད་ཡིན། །རྒྱལ་དང་སྐག་གཉིས་ཟླ་བ་འདི་འཛོམ་བབ། །སྟོན་ཟླ་ཆུ་སྟོད་སྤྲེའུ་ཟླ་གོ་ཕུག་ཟླར། །གཅིག་བཞི་ཚེས་བདུན་བརྒྱད་དང་བཅུ་གཉིས་དང་། །ཉེར་གཅིག་ཉེར་གཉིས་རྣམས་ནི་འབབ་པའི་དུས། །མཆུ་དང་ས་རི་སྨིན་དྲུག་འབབ་སྐར་ཡིན། །སྟོན་འབྲིང་བྱ་ཟླ་གྲོ་ཞུན་སྲུས་ཡོད་ཟླའི། །ལྔ་དགུ་ཉི་ཤུ་ཉེར་ལྔ་ཉེར་དྲུག་འབབ། །ས་རི་ཆུ་སྟོད་སྐག་རྣམས་འབབ་སྐར་ཡིན། ༈ །དེ་ནས་ཀླུ་ཡི་ཐེབས་ལྡོག་བརྩི་བ་ནི། །རྟ་ཟླ་བྱ་གྲགས་ས་ག་ཟླ་བ་ཡི། །ཚེས་གཉིས་ཉིན་ཕྱེད་ཀླུ་རྣམས་བྱང་དུ་རྒྱུ། །ཚེས་གཉིས་བཅུ་དང་བཅུ་དྲུག་ཉི་ཤུ་རྣམས། །ལྔ་དང་བཅུ་གཉིས་གསུམ་དང་བཅུ་གསུམ་དང་། །ཉེར་གཉིས་ཉེར་གསུམ་གནམ་སྟོང་ཀླུ་ཐེབས་ཡོད། །བཅོ་ལྔ་བཅོ་བརྒྱད་ཉེར་ལྔ་ཚེས་བརྒྱད་དང་། །ཉེར་གཉིས་རྣམས་ལ་ཀླུ་ལྡོག་ལས་རྣམས་སྤང་། །དབྱར་ཐ་ལུག་ཟླ་སྣྲོན་གྱི་ཟླ་བ་ཡི། །ཚེས་པ་ཉི་ཤུ་ཉི་མ་རྩེ་ཤར་ལ། །ཀླུ་རྣམས་ཤར་ལྷོ་མཚམས་ནས་ནུབ་བྱང་རྒྱུ། །ལྔ་དང་བཅོ་ལྔ་ཉེར་ལྔ་ཉེར་གསུམ་དང་། །བརྒྱད་དང་བཅུ་བཞི་བཅོ་བརྒྱད་དང་། །ཚེས་གསུམ་བཅུ་གསུམ་ཉེར་བརྒྱད་ཀླུ་ཐེབས་ཡོད། །བཅུ་གཅིག་ཉེར་བདུན་ཚེས་གཅིག་ཚེས་ལྔ་དང་། །བཅུ་དང་བཅུ་བདུན་ཉི་ཤུ་ཉེར་གཉིས་བཅུ་དྲུག་ལྡོག །སྟོན་ར་ཆུ་སྟོད་གོ་བོ་ཕུག་ཟླ་ཡིན། །ཉེར་གཉིས་ཉིན་ཕྱེད་པོ་ལ་ཤར་དུ་རྒྱུ། །གཅིག་དགུ་དང་ནི་བཅུ་དྲུག་བཅུ་དགུ་དང་། །ཉེར་བརྒྱད་ཉེར་གཉིས་ཉེར་གསུམ་ཉེར་དགུ་དང་། །བཅོ་ལྔ་ཚེས་བདུན་བཅོ་བརྒྱད་ཉི་ཤུ་དང་། །ཉེར་བདུན་ཚེས་བརྒྱད་རྣམས་ལ་ཀླུ་ཐེབས་ཡོད། །ཚེས་ལྔ་ཚེས་དྲུག་ཚེས་བཅུ་ཉི་ཤུ་དང་། །ཉེར་ལྔ་ཉེར་དྲུག་རྣམས་ལ་ཀླུ་ལྡོག་གོ །སྟོན་འབྲིང་དབྱར་ཟླ་གྲོ་ཞུན་སྲུས་ཟླ་ཡི། །བཅུ་བདུན་ཉེར་ལྔ་ཉེར་བརྒྱད་གནམ་གང་དང་། །ཚེས་ལྔ་བཅོ་ལྔ་དེ་བཞིན་ཉི་ཤུ་གཅིག །བཅུ་གཅིག་ཚེས་བཞི་ཚེས་དགུ་ཀླུ་ཐེབས་སོ། །ཚེས་ལྔ་ཚེས་དྲུག་དགུ་དང་བཅུ་བཞི་དང་། །ཚེས་བདུན་ཉེར་བདུན་བཅུ་དྲུག་ཀླུ་ལྡོག་གོ །ཀླུ་ཡི་ཐེབས་ལྡོག་འདྲ་མིན་མི་མཚུངས་ཀྱང་། །འདི་ནི་དཔེ་ཆ་བཞི་ལ་དག་ཐེར་བྱས། །དེ་ནི་ཀླུ་ཐེབས་ཆེན་པོ་བྱ་བ་ཡིན། །གལ་ཏེ་དེ་ལྟར་འཛོམ་པར་མ་གྱུར་ན། ༈ །ཟླ་བ་གང་ཡང་རུང་བ་དེ་ཉིད་ཀྱི། །ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས་དང་ནི། །ཚེས་བཞི་བཅུ་བཞི་ཉི་ཤུ་བཞི་དང་ནི། །ཚེས་ལྔ་བཅོ་ལྔ་དེ་བཞིན་ཉི་ཤུ་ལྔ། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག་དང་ནི། །ཚེས་བཅུ་ཉི་ཤུ་གནམ་གང་ཆར་འབེབ་ངན། །ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག་དང་ནི། །ཚེས་གསུམ་བཅུ་གསུམ་དེ་བཞིན་ཉི་ཤུ་གསུམ། །ཚེས་བདུན་བཅུ་བདུན་ཉི་ཤུ་བདུན་དང་ནི། །ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད་རྣམས་དང་། །ཚེས་དགུ་བཅུ་དགུ་ཉི་ཤུ་དགུ་རྣམས་ལ། །ཆར་པ་ཕབ་ན་ཕེབ་པར་གསུངས་པ་ཡིན། །འདི་དག་དང་པོ་འགྲོ་ཉིན་བརྩི་བ་ཡིན། །དེ་ནས་དྲག་ལས་ལ་སོགས་བྱེད་དུས་བརྩི། ༈ །དེ་ནས་ཐན་ཆེན་གང་ནི་ཡིན་མིན་བརྟགས། །སྤྲིན་ཆད་ནུབ་ནས་ཤར་དུ་རྒྱུ་བ་དང་། །དེ་བཞིན་བྱང་ནས་ལྷོ་རུ་དལ་བུས་འགྲོ། །ཉིན་ལ་སྤྲིན་ཡོད་སྲོད་ལ་སྤྲིན་དམར་ཆགས། །ཉིན་མོ་འཐིབས་ཤིང་མཚན་མོ་ཡལ་བ་དང་། །སྤྲིན་དཀར་དུམ་བུར་ཆད་ཅིང་ལང་ལང་འགྲོ། །སྲོད་ལ་བྱང་ནས་སྤྲིན་ནི་ཁམ་ནག་འོང་། །ལུག་གྲོའི་བལ་འདྲ་ནུབ་བྱང་མཚམས་སུ་རྒྱུག །དབུས་སུ་ཆགས་ཀྱང་མཐའ་ནས་བརྫེས་པ་དང་། །སྔ་གྲོ་འཐིབས་ཀྱང་ཕྱི་དྲོ་སངས་པ་རྣམས། །ཐན་སྤྲིན་ཡིན་པས་དང་པོ་གཏོར་བར་བྱ། །ནཱ་ག་སྤྲིན་ཤིག་ཤིག །ནཱ་ག་སྤྲིན་ཧྲིལ་ཧྲིལ། ནཱ་ག་སྤྲིན་གཏོར་གཏོར། ནཱ་ག་སྤྲིན་གྱེས་གྱེས་སྭཱ་ཧཱ། སྟོང་ཚོ་ཡན་ཆད་གང་འགྲུབ་བཟླས་བྱས་ལ། །ཕུ་བཏབ་སྤྲིན་གྱི་ནམ་མཁའ་སྔོ་སངས་འགྲོ། །མི་ཀུན་ཆར་པ་མི་ཕེབ་བསམ་པ་འོང་། ༈ །དེ་ནས་ཆར་པའི་བར་ཆད་སུས་བྱེད་བརྟག །ཤར་ནས་མཆོད་རྟེན་བསྒྲིགས་འདྲའི་སྤྲིན་བྱུང་ན། །རྒྱལ་པོས་བཀག་ཕྱིར་མཆོད་གཏོར་བཀའ་བསྒོ་བྱ། །ལྷོ་ནས་རལ་པ་འབར་འདྲའི་སྤྲིན་བྱུང་ན། །མ་མོས་བཀག་ཕྱིར་གཏོར་མ་བཀའ་བསྒོ་བྱ། །ནུབ་ནས་རྟ་དམར་དར་དམར་ཕྱར་འདྲའི་སྤྲིན། །བཙན་གྱིས་བཀག་ཕྱིར་མཆོད་ཅིང་བཀའ་བསྒོ་བྱ། །བྱང་ནས་གཡག་ནག་ཁམ་པ་མཆོངས་འདྲའི་སྤྲིན། །བདུད་ཀྱིས་བཀག་ཕྱིར་གཏོར་མས་བཀའ་བསྒོ་བྱ། །སྤྲིན་ནི་ཆེ་ཡང་ཆར་པ་མི་འབབ་ན། །ཡུལ་ལྷས་བཀག་ཕྱིར་བསང་དང་བཀའ་བསྒོ་བྱ། །སྤྲིན་ནི་འདུས་ཤིང་བྱེར་ན་ཆར་འབོད་སར། །ནང་དུ་དམ་ཚིག་མི་གཙང་ཡོད་པའི་རྟགས། ཁྲུས་དང་བཤགས་པ་གཙང་སྦྲ་དག་ལ་འབད། །གནམ་སྔོན་འབྲུག་སྒྲ་ཆེ་ཞིང་ཆར་མེད་ན། །རྒྱལ་བསེན་བཀག་པས་མ་མོའི་ཕོ་ཉ་བསྐུུལ། །ཐོག་སྨན་རྒྱལ་མོས་བཀག་རྟགས་ཡིན་ཡང་ཟེར། །གནམ་མདོག་མང་ཞིང་སྤྲིན་སྲབ་རླུང་འཚུབས་སྦུད། །ན་བུན་དང་བཅས་སྔ་དྲོ་ཉིན་ཕྱེད་འཐིབས། །རླུང་འཚུབས་སྦུད་ཅིང་ཆར་མེད་གཟའ་ཡིས་བཀག །དེ་ལ་དཔལ་མགོན་བདུན་ཅུའི་གཏོར་མ་གཏང་། །དེ་བཞིན་ཆ་གསུམ་གཏོང་ཞིང་ཆོས་སྐྱོང་བསྐུལ། །དགོང་མོ་ཉི་ནུབ་སྤྲིན་དམར་སྲབ་བུ་ཆགས། །དེ་ནས་དྭངས་ན་ཀླུ་སྲིན་སེར་པོས་བཀག །དེ་ལ་ཀླུ་གཏོར་བཏང་ལ་བཀའ་བསྒོ་བྱ། །ཆར་རླུང་འདྲེས་མ་བྱུང་ཞིང་མི་འབེབ་ན། །རླུང་ལྷས་བཀག་ཕྱིར་རླུང་ནོན་ནན་ཏན་བྱ། །རླུང་ཆུང་སེར་བུ་ཤར་རླུང་སྐྱོན་མེད་དེ། །ནུབ་རླུང་བྱང་རླུང་འུར་སྒྲ་ཅན་རྣམས་ནི། །བར་ཆད་ཡིན་པས་གསེར་སྐྱེམས་མཆོད་པ་དང་། །རླུང་ནོན་དག་ལ་བསྐྱར་ཞིང་བྱ་བ་གཅེས། །ཕལ་ཆེར་རྒྱལ་འགོང་དག་གིས་བཀག་པའི་ཕྱིར། །ཆར་འབོད་འགྲོ་ཁ་རྒྱལ་གསོལ་བཤོས་བུ་སྦྱིན། །ཆར་པ་མ་བཀག་ཅེས་བརྗོད་བཀའ་བསྒོ་དང་། །དམ་བརྡར་བྱ་བ་རྙིང་མའི་ཕྱག་ལེན་ཡིན། ༈ །དེ་ནས་ཆར་ཞུས་འོང་ཁའི་ནུབ་མོ་ལ། །རྨི་ལམ་རང་ཉིད་གོས་དང་རྒྱན་ཆ་བཟང་། །ཤྭ་ཐོབ་ཤག་རྒྱལ་ཁྲལ་བསྡུས་ར་ནོར་འཚོས། །ལོ་ལེགས་ལོ་ཏོག་བརྔ་བ་རྨིས་ན་བཟང་། ཁང་སྟོང་མཚེར་རྙིང་ཆབ་གྲམ་ཧྲལ་ཧྲོལ་དང་། །མེ་ཆེན་འབར་དང་ལོ་ཉེས་རྨིས་ན་ངན། །ཆར་ཞུས་བྱེད་མཁན་མཚོ་དང་ཀླུ་ཡི་མིང་། །ཕྱུག་དང་ལོ་ལེགས་མིང་ཅན་བྱུང་ན་བཟང་། །དཀོན་དང་རིན་ཆེན་མིང་བྱུང་ཆར་པ་དཀོན། །ཚིག་དང་སྐམ་དང་མེ་ཡི་མིང་ཅན་ངན། ༈ །དེ་ནས་འགྲོ་བའི་ས་ལ་བརྟག་པ་ནི། །ཆུ་མིག་ཤར་གྱུ་དཀར་ཕྱོགས་མྱུར་དུ་འབབ། །ལྷོ་གྱུ་གདིང་ཆེ་ཕྱུག་པས་ཆར་ཆེན་འབབ། །ནུབ་གྱུ་བྲམ་ཟེ་དབུལ་ཏེ་ཆར་ཤོག་འབབ། །བྱང་གྱུ་གདོལ་པ་ནག་ཕྱོགས་འབབ་པར་དཀའ། །འོན་ཀྱང་ས་གཞི་བྲག་རྣམས་དཀར་ཤས་ཆེ། །ཡར་ཤིང་བཟང་པོ་སྐྱེས་ན་ཆར་འབོད་རུང་། །སྤྱིར་ནི་སྔོན་ཆད་བརྡུང་བཙོག་མ་སོང་བ། །ས་གཙང་རོ་དང་རུ་ནག་མ་བསྡད་པ། །ཤིང་སྣ་ན་བ་ཕྱུག་ཅིང་ཆུ་རྩ་གྲིམ། །ཆུ་མིག་ཕྲན་བུ་མང་དུ་ཡོད་པ་ཡི། །ཆུ་མིག་མགོ་གསུམ་ལྔ་བདུན་དགུ་པ་སོགས། །དེ་འདྲ་ཞིག་ཏུ་ཆར་འབོད་བྱ་བར་ཤིས། །ཡང་ན་མཚོ་གཉན་ཀླུ་ནི་ཡོད་ངེས་ལ། །ཆར་འབོད་བྱ་བར་རུང་ཞེས་གསུངས་པ་ཡིན། །དེ་རྣམས་དྲིས་ཤིང་རང་གི་ཡིད་ཀྱིས་དཔྱད། །འདི་རུ་འགྲོ་ཞེས་ངག་ཏུ་བརྗོད་མི་བྱ། ༈ །སང་ཉིན་འགྲོ་བའི་དོ་ནུབ་བམ་འགྲོ་ཁར། །ཧཱུྃ། རང་ཉིད་སྐད་ཅིག་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃ་ལས་གསེར་གྱི་རྡོ་རྗེ་ནི། །སེར་བ་ཕྲ་མོ་གྲངས་མེད་འཕྲོས་པ་ཡིས། །ཆུ་མིག་གམ་ནི་མཚོ་དེའི་མཐའ་སྐོར་དུ། །རྡོ་རྗེའི་ར་བ་འོད་ཟེར་འབར་བས་བསྐོར། །ཀླུ་དང་ས་བདག་འབྲོས་པའི་ལམ་བཅད་ཅིང་། །ཆུ་མིག་གམ་ནི་མཚོ་དབུས་པད་ཟླའི་སྟེང་། །ཀླུ་དེ་སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །སྦྲུལ་མགོའི་གདེངས་ཀ་རིན་ཆེན་རྒྱན་ཆ་ཅན། །གསེར་གྱི་རྡོ་རྗེས་ལུས་དང་པད་གདན་འཛེར། །གཡོ་འགུལ་མེད་པར་ལྷན་ནེར་གནས་པར་གྱུར། །ཏདྱ་ཐཱ། ཕ་ཀི་ཙ་ཊི། ཤུ་ལི་མུ་ལི། ཤ་ཤ་ཤུ་ཤུ །ཏི་ཏི། རུ་ཧི་ཧུ་ཡ་ཧུ་ཡ། ཧུ་རུ་ཊི་སྭཱ་ཧཱ། སྔགས་དེ་ལན་བདུན་བརྗོད་ཅིང་དམིགས་པ་གཟུང་། །དེ་ནས་གར་འགྲོ་བཤད་ཀྱང་སྐྱོན་མེད་དོ། ༈ །དེ་ནས་ལམ་དུ་འགྲོ་ཚེ་རྟེན་འབྲེལ་བརྟག །རྫིང་དང་ཡུར་བ་ཆུ་ཡིས་ཁེངས་པ་དང་། །ཆང་ཟོམ་ཆུ་ཟོམ་ཁུར་པོ་ལྗི་མོ་ཁུར། །བུད་མེད་སྦྲུམ་མ་དགེ་སློང་ཚུལ་ཁྲིམས་ལྡན། །ཆང་བཟི་ཆུ་ཁྲིད་བུ་ཚ་བུ་མོ་དང་། །སྐྱེས་པ་དར་མ་རྣམས་དང་འཕྲད་པ་དང་། ཁ་ལྟས་བཟང་པོ་བརྗོད་དང་འཕྲད་ན་བཟང་། །ཚུལ་ཁྲིམས་འཆལ་དང་ནད་པ་གཅོང་ནད་ཅན། །རྒས་འཁོགས་འཆི་ལ་ཁད་དང་སྣོད་སྟོང་ཁྱེར། ཁ་ལྟས་ངན་པ་བརྗོད་དང་འཕྲད་ན་ངན། །སྔོན་དུ་མི་འགྲོ་བསམས་པ་གཅིག་ཏུ་ནི། །སྔོན་གྱི་ཟིལ་གནོན་དམིགས་པ་སྤོས་ལ་འགྲོ། ༈ །དེ་ནས་མཚོ་འམ་ཆུ་མིག་དེར་ཕྱིན་ནས། །མཚོ་ཆུང་ཆུ་མིག་ཡིན་ན་དེ་ཉིད་ཀྱི། །ཕྱོགས་མཚམས་བརྒྱད་དུ་ཐོ་བརྒྱད་བྱ་བཅུག་ཅིང་། །སྟེང་འོག་གཉིས་ནི་ཤར་ནུབ་གཉིས་སུ་བྱ། །གལ་ཏེ་ཆུ་ཆེན་མཚོ་ཆེན་བརྒལ་དཀའ་ན། །ཆུ་དེའི་འགྲམ་དུ་ཐོ་བཅུ་བྱས་ནས་ནི། །དེ་ཡི་ཕྱོགས་བཅུར་བྱས་པའི་དམིགས་པ་བྱ། །ཡང་ན་རང་གི་སྡོད་སའི་ཕྱོགས་བཅུར་བྱ། །ཡང་ན་ཆུ་དེའི་འགྲམ་དུ་མཚོ་ཆུང་བསྐྱིལ། །དེ་ཡི་ཕྱོགས་བཅུར་ཐོ་བཅུ་བརྩིག་པར་བྱ། །དེ་ཚེ་དམིགས་པ་འདོན་བསྒོམ་འདི་ལྟར་སྦྲགས། །ཧཱུྃ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །དྲག་པོ་རྟ་མགྲིན་གསང་བདག་ལ་སོགས་པ། །ཡི་དམ་ཁྲོ་བོའི་སྐུ་རུ་གསལ་བར་གྱུར། །སྟེང་ཕྱོགས་ནམ་མཁར་ཁྲོ་བོ་ཧཱུྃ་ཀཱ་ར། །སྐུ་མདོག་སྔོན་པོ་ཕྱག་ན་མདའ་གཞུ་འགེངས། །རང་འདྲའི་ཁྲོ་བོ་འབུམ་གྱིས་སྟེང་ཕྱོགས་སྲུང་། །བྱ་ཁྱུང་སྔོན་པོས་དབུ་ལ་རབ་ཏུ་བརྒྱན། །སྟེང་ཕྱོགས་ཀླུ་གཉན་འབྲོས་པའི་ལམ་ཆོད་ཅིག །ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ། སྟེང་ཕྱོགས་ཀྱི་འབྲོས་ལམ་གརྫ་གརྫ་ཧཱུྃ་ཕཊ། ཧཱུྃ། ཤར་གྱི་ཕྱོགས་ན་ཁྲོ་བོ་རྣམ་པར་རྒྱལ། །སྐུ་མདོག་དཀར་པོ་འཁོར་ལོ་ཁ་ཊྭཱཾ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ཤར་ཕྱོགས་སྲུང་། ཁྱུང་ཆེན་དཀར་པོས་དབུ་ལ་རབ་ཏུ་བརྒྱན། །ཀླུ་གཉན་ཤར་དུ་འབྲོས་པའི་ལམ་ཆོད་ཅིག །ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ། ཤར་ཕྱོགས་ཀྱི་འབྲོས་ལམ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། ཤར་ལྷོ་མཚམས་ན་ཁྲོ་བོ་དབྱུག་སྔོན་ཅན། །གཡས་གཡོན་ཕྱག་ན་དབྱུག་ཏོ་མེ་དཔུང་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ཤར་ལྷོ་སྲུང་། ཁྱུང་ཆེན་སྔོན་པོས་དབུ་ལ་རབ་ཏུ་བརྒྱན། །ཀླུ་གཉན་ཤར་ལྷོའི་མཚམས་ཀྱི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ། ཤར་ལྷོའི་འབྲོས་ལམ་ད་ཧ་ད་ཧ་ཧཱུྃ་ཕཊ། ཧཱུྃ། ལྷོ་ཡི་ཕྱོགས་ན་ཁྲོ་བོ་གཤིན་རྗེའི་གཤེད། །སྐུ་མདོག་སྔོན་པོ་བེ་ཅོན་སཏྭ་མོ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ལྷོ་ཕྱོགས་སྲུང་། ཁྱུང་སེར་འབར་བས་དབུ་ལ་རབ་ཏུ་བརྒྱན། །ཀླུ་གཉན་ས་བདག་ལྷོ་ཡི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ། ལྷོ་ཕྱོགས་ཀྱི་འབྲོས་ལམ་པ་ཙ་པ་ཙ་ཧཱུྃ་ཕཊ། ཧཱུྃ། ལྷོ་ནུབ་མཚམས་ན་ཁྲོ་བོ་མི་གཡོ་མགོན། །སྐུ་མདོག་སྨུག་ནག་རལ་གྲི་སྦྲུལ་ཞགས་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ལྷོ་ནུབ་སྲུང་། ཁྱུང་ཆེན་སྨུག་ནག་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་ལྷོ་ནུབ་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ། ལྷོ་ནུབ་མཚམས་ཀྱི་འབྲོས་ལམ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུྃ། ནུབ་ཀྱི་ཕྱོགས་ནས་ཁྲོ་བོ་རྟ་མགྲིན་རྒྱལ། །སྐུ་མདོག་དམར་པོ་དབྱུག་ཐོ་ལྕགས་སྒྲོག་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ནུབ་ཕྱོགས་སྲུང་། ཁྱུང་ཆེན་དམར་པོས་དབུ་ལ་རབ་ཏུ་བརྒྱན། །ཀླུ་དང་ས་བདག་ནུབ་ཀྱི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུྃ། ནུབ་ཕྱོགས་ཀྱི་འབྲོས་ལམ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུྃ། འོག་གི་ཕྱོགས་ན་ཁྲོ་བོ་སྟོབས་པོ་ཆེ། །སྐུ་མདོག་ལྗང་ནག་སཏྭ་རེ་ཐོད་དབྱུག་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་འོག་ཕྱོགས་སྲུང་། ཁྱུང་ཆེན་ལྗང་ནག་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་འོག་གི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། འོག་ཕྱོགས་ཀྱི་འབྲོས་ལམ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། ཧཱུྃ། ནུབ་བྱང་ཁྲོ་བོ་གཞན་གྱིས་མི་ཐུབ་པ། །སྐུ་མདོག་དམར་སྐྱ་ལྕགས་ཀྱུ་ནེའུ་ལེ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ནུབ་བྱང་སྲུང་། ཁྱུང་ཆེན་དམར་སྐྱས་དབུ་ལ་རབ་ཏུ་བརྒྱན། །ཀླུ་དང་ས་བདག་ནུབ་བྱང་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ། ནུབ་བྱང་གི་འབྲོས་ལམ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཧཱུྃ། བྱང་གི་ཕྱོགས་ན་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ནག་རྒྱ་གྲམ་དྲིལ་བུ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་བྱང་ཕྱོགས་སྲུང་། ཁྱུང་ཆེན་ལྗང་ནག་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་བྱང་གི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ། བྱང་ཕྱོགས་ཀྱི་འབྲོས་ལམ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཧཱུྃ། བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནི། །སྐུ་མདོག་སྔོ་སྐྱ་འཁོར་ལོ་ཞགས་པ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་བྱང་ཤར་སྲུང་། ཁྱུང་ཆེན་སྔོ་སྐྱ་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་བྱང་ཤར་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཏྲི་ལོཀྱ་བི་ཛ་ཡ་ཧཱུྃ། བྱང་ཤར་གྱི་འབྲོས་ལམ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། དེ་ནས་ཆུ་གཙང་རྣམ་འཇོམས་སྔགས་བཏབ་ལ། །མདའ་འབེན་ཙམ་གྱི་ས་ནས་ཆུ་མིག་བསྐོར། །དེ་ཡིས་འབྲོས་ལམ་གཅོད་ཅིང་མནོལ་བ་སངས། ན་མཿཙཎྜ་བཛྲ་ཀྲོ་ཏ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ། དེ་ནས་མཚོ་འམ་ཆུ་མིག་སྔས་དེ་རུ། །ཟིལ་གནོན་ཆུ་དར་སྔོན་པོར་སྔགས་བྲིས་བཙུག །ཆུ་མིག་དེ་ཡི་མ་ཟད་དེར་སོང་ལ། །རང་དང་ཆར་གཡོག་འཁོར་དང་བཅས་པ་ཡིས། །ཡིག་བརྒྱའམ་སྨེ་བརྩེགས་སྔགས་བཟླས་ཁྲུས་བྱ་སྟེ། །དེ་ནས་ཤ་ཆང་སྒོག་པ་རྟག་ཏུ་སྤང་། །འོ་མའི་ནང་དུ་ཀླུ་སྨན་བཏབ་བྱས་ལ། །ཆུ་མིག་མཐའ་སྐོར་སྡོད་ས་ཀུན་ཏུ་གཏོར། །ཀླུ་ཡི་གདུག་པ་མི་འབྱུང་བཀྲ་ཤིས་སོ།། ༈ དེ་ནས་ཆུ་མིག་མཚོ་ཆུང་བསྐྱིལ་བ་ནི། །ཆུ་མིག་དངོས་དེ་ཀླུ་ཡི་མིག་ཡིན་ལ། །དེ་ནས་ཁྲུ་གང་ཀླུ་ཡི་ཁ་ཡིན་ནོ། །དེ་ནས་ཁྲུ་གང་སྙིང་ག་ཡིན་པ་སྟེ། །དེ་ནས་ཁྲུ་གང་ཀླུ་ཡི་ལྟེ་བ་ཡིན། །དེ་ནས་ཁྲུ་གང་ཀླུ་ཡི་གསང་གནས་ཡིན། །དེ་ནས་ཐུར་དུ་ཁྲུ་གང་མཇུག་མའི་རྩེ། །གསང་གནས་གཡས་གཡོན་ཁྲུ་རེ་པུས་མོ་གཉིས། །པུས་ནས་ཐུར་དུ་ཁྲུ་གང་རྐང་མཐིལ་ལོ། །སྙིང་ནས་གཡས་གཡོན་ཁྲུ་རེ་གྲུ་ཁུག་གཉིས། །དེ་ནས་ཁྲུ་རེ་ལག་པའི་མཐིལ་གཉིས་སོ། །མིག་ནས་གྱེན་དུ་ཁྲུ་གང་རྭ་ཅོ་གཉིས། །རྭ་གཉིས་བར་དུ་ཁྲུ་དོ་ཡོད་པར་བཤད། །ཧ་ཅང་ཆུ་མིག་ཆེ་ན་འདོམ་རེ་འཇལ། །ཆུ་མིག་ཀླུ་ཁྱིམ་དངོས་ཡིན་དེ་ནས་ནི། །ཡར་ལ་འདོམ་གང་མིག་ཕམ་དེ་ནས་ཕར། །འདོམ་གང་རྭ་རྩེ་དེ་ནས་མར་འདོམ་གང་། །སྙན་ཡིན་དེ་ནས་འདོམ་གང་རྟ་ལྷས་དང་། །ཕར་ལ་ལུག་ར་འདོམ་དོ་མར་འདོམ་དོ། །ནོར་ལྷས་ཡིན་ཞིང་སྙན་ནི་གཡས་གཡོན་ནས། །འདོམ་ཕྱེད་མར་འཇལ་ཞིང་ས་དེ་ནས་མཐོ་དོ་རེ། །འཇལ་བས་ར་ཚང་ཁྱི་ཚང་བྱ་ཚང་ཡིན། །དེ་ནས་མཐོ་དོ་སྒོ་ཐོག་ཡིན་པ་སྟེ། །དེ་ནས་ཕར་འཇལ་འདོམ་གང་སྒོ་ཐེམ་ཡིན། །དེ་ནས་ཕར་ལ་མཐོ་རེ་སྒོ་འགྲམ་ཡིན། །སྤང་དང་ཕ་ཝང་ཕུབ་འདྲ་འབང་ར་དང་། །སྤོ་ཐོ་གད་པ་སྨིན་མ་འདྲ་བ་ནི། །བྲོ་བརྡུང་ས་ཡིན་སྙན་གོང་གཡས་པ་ནས། །འདོམ་གང་ས་རུ་དཀྱིལ་འཁོར་བྱ་བ་ལེགས། །ཆུ་མིག་ཧ་ཅང་མི་ཆེ་གང་ལ་འང་། ཁ་དང་གསང་གནས་མཇུག་རྩེ་རྭ་ཡི་རྩེ། །རྐང་མཐིལ་ལག་མཐིལ་བརྐོས་ན་ཀླུ་ནད་འབྱུང་། །མིག་དང་སྙིང་ལ་བརྐོས་ན་གནོད་པ་ཆེ། །ལྟོ་བར་བརྐོས་ནས་མཚོ་བསྐྱིལ་དངོས་གྲུབ་འབྱུང་། །དེ་ཕྱིར་གཙོད་རུས་དང་པོ་རློག་པ་ན། །ཀླུ་ཡི་དུག་རྣམས་རང་ལ་མི་འབྱུང་ཞིང་། །ཆུ་མིག་རློག་པའི་ཕྲག་དོག་མི་འབྱུང་ངོ་། །གཙོད་རུ་མེད་ན་ཤིང་ཕུར་ལ་སོགས་ཀྱིས། །རློག་ཅིང་རྡོ་བསལ་མཚོ་ཆུང་བག་དྲོ་བསྐྱིལ། །རང་ཡང་ཀླུ་ཡི་ལུས་ནས་འདོམ་གང་རིང་། །རྦབ་སྒོ་གཤའ་སྣ་མིན་ཞིང་གཙང་སར་བསྡད། །རང་ལས་ཆར་གཡོག་མདའ་འབེན་ཙམ་རིང་བྱ། །ཐབ་གསུར་འཛིང་མོ་མི་བྱ་དམ་དུ་བསྒག །ཁྱི་དང་བུད་མེད་ཆུ་མིག་སར་མི་གཏང་། །བྱ་ཁྱིས་མཆོད་གཏོར་མི་ཁྱེར་དོ་དམ་བྱ། །ཕྱི་ནས་ཟས་ནོར་རྣམ་པ་གང་བྱུང་བར། །རྣམ་འཇོམས་གཟུངས་ཆུ་བཞག་ལ་བྲན་ཏེ་བླང་། །རྨེ་ཡུགས་མཛེ་ཕོ་ཤན་པ་སྡིག་ཆེན་ནི། །སློབ་དཔོན་དྲུང་དང་ཆུ་མིག་རྩར་མི་གཏང་། །དེ་བཞིན་སྤྱད་ནག་ཆུ་མིག་རྩར་མི་ཁྱེར། །ནངས་རེ་བཞིན་དུ་ཁྲུས་དང་གཙང་སྦྲ་བྱ། །རྫས་དང་ཡོ་བྱད་ཐམས་ཅད་སྤོས་ཕྱུང་བྱ། །རང་གི་གདན་ནི་བཏིང་ནས་བསྒུལ་མི་བྱ། །དེ་ནས་གུར་རམ་ཅོག་པུ་གཡས་ཕུབ་ལ། ༈ །གཞི་ནི་དཀར་པོའི་སྟེང་དུ་ཕུགས་གཏོར་ནི། །རང་ལུགས་རྒྱས་བསྡུས་གང་ཡང་རུང་བ་བཅའ། །དེ་ཡང་ཤ་ཡིས་བརྒྱན་པར་མི་བྱ་འོ། །གཞི་སྟེང་ལྷ་ཡི་བུམ་པ་སྤྱི་ལྟར་བཅའ། །དེ་འོག་ས་ནི་གཙང་མ་བཅགས་བྱས་ལ། །དེ་སྟེང་ནས་ཀྱི་པདྨ་འདབ་བརྒྱད་བྲི། །དེ་དབུས་རྫ་འམ་ཟངས་བུམ་གཙང་མའི་ནང་། །ཆུ་བོ་རྒྱུན་འབབ་ཆུ་མིག་ཤར་གྱུའི་ཆུ། །ཡུལ་གྲུ་གང་དུ་འབབ་པར་འདོད་པའི་ཆུ། །ཀླུ་སྨན་འོ་མ་དང་བཅས་ལེགས་པར་བཀང་། །ཤུག་པ་ལ་སོགས་ཤིང་སྣས་ཁ་བརྒྱན་ནོ། །དཀར་གཏོར་རྒྱན་ལྡན་བཤམས་པ་ཀླུ་ཡི་དང་། །གཞི་བདག་དཀར་གཏོར་བཟང་པོ་སོ་སོར་བཤམ། །ཞོ་དང་འོ་མའི་མཆོད་པ་ཅི་འབྱོར་བཤམ། །གཏོར་མ་གཉིས་ལ་ཀླུ་སྨན་ཅུང་ཟད་བཏབ། །དེ་མཐར་ཤིང་སྣ་བཙུགས་པའི་ར་བས་བསྐོར། །དེ་ནང་ཟན་ནམ་ཡང་ན་བག་ཟན་ལས། །ཀླུ་གཟུགས་ཆུ་གནས་བཅའ་བ་གྲུབ་ན་ལེགས། །མེད་ཀྱང་སྐྱོན་མེད་མཆོད་པ་རྐྱང་པས་ཆོག །དཀར་བགེགས་ལྷ་བཤོས་མཐེབ་ཀྱུ་མང་པོ་དང་། །འབུལ་རྒྱུའི་དཀར་གཏོར་ཆུང་ངུ་ཅི་མང་བཅའ། །ཆུ་གཏོར་གཏང་བའི་གཏོར་རིལ་མང་དུ་བྱ། །དེ་ཡན་ཞི་འབོད་རྐྱང་པའི་བཅའ་གཞི་འོ།། ༈ །།དེ་ནས་ཞི་དྲག་ཕྱེད་མའི་བཅའ་ཆོག་ནི། །བག་ཟན་ལ་ནི་རཱ་ཧུ་ལ་ཡི་གཟུགས། །ནང་དུ་ཤོག་དྲིལ་བཅུག་ལ་བཟོ་བྱས་ཏེ། ཁོག་སྟོད་མི་ལུས་མགོ་དགུ་གདེངས་ཀ་ཅན། ཁོག་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་བ་བྱ། །ལག་གཡས་སྦྲུལ་བརྒྱད་གཡོན་པས་སྦྲུལ་ཞགས་དང་། །སྤྲིན་གྱི་རྔ་གཡབ་བཟུང་བ་བྱས་ནས་ནི། །ཀླུ་ཡི་དཀྱིལ་འཁོར་བུམ་པའི་དྲུང་དུ་བཞག །དེ་མཐར་བག་ཟན་ཀླུ་ཆེན་བརྒྱད་ཀྱི་གཟུགས། །སྦལ་སྦྲུལ་ཉ་ལྕོང་ཆུ་སྲིན་ཆུ་རྟ་དང་། །ཆུ་ལུག་ཆུ་འབྲི་ཆུ་གླང་གཟུགས་བྱས་ཏེ། །རྒྱས་པར་བརྒྱད་རེ་བསྡུ་ན་ལྔ་རེས་ཆོག །དེ་ནས་མཚོ་ཡི་དྲུང་ངམ་ཆུ་མིག་སྔས། །དབྱར་གསུམ་ཤར་དང་སྟོན་གསུམ་ལྷོ་ཕྱོགས་སུ། ཁ་ནི་གྱུས་ལ་དོང་ནི་གྲུ་གསུམ་པ། ཁྲུ་གང་བརྐོས་ནས་རི་གཉན་གསུམ་གྱི་རྡོ། །སྒྱེད་པུ་བྱས་ཏེ་རྡོ་ལེབ་བཀབ་བྱས་ལ། །བག་ཟན་སྦལ་པར་སྔགས་བཅུག་རྡོ་ལེབ་སྟེང་། །རང་ལ་ཁ་གྱུས་བཞག་ལ་ཀླུ་རྣམས་བསྟིམ། །དེ་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །དེ་སྟེང་ཤིང་སྣས་བཀབ་ལ་མི་མཐོང་བྱ། །བྱ་ཁྱིས་མི་ཁྱེར་རྡོ་ལེབ་སོགས་ཀྱིས་མནན། །དེ་ནི་ཞི་དྲག་ཕྱེད་མའི་བཅའ་གཞིའོ།། ༈ །།དེ་ནས་ཆུ་མིག་མཚོ་དཀྱིལ་ སྟེང་ཉིད་དུ། །ཐོ་བཞི་ཀ་བའི་ཚུལ་དུ་བྱས་པ་ལ། །ཤིང་བྲེས་ཁང་ཆུང་བཀབ་ནས་ས་བླུག་གམ། །ཡང་ན་རྡོ་ལེབ་ཆེན་པོས་བཀབ་པའི་སྟེང་། །རྡུལ་ཚོན་ནམ་ནི་སོལ་བས་བྲིས་ཀྱང་རུང་། །འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་ཉིད་དུ། །དབུས་དང་ཕྱོགས་མཚམས་ཕུར་པ་བརྒྱད་བཙུག་གསུངས། །ཡང་ན་ཤིང་ནི་མདའ་ཚད་བརྒྱད་ཙམ་བྱ། །ཕྱོགས་མཚམས་བསྣོལ་བས་འཁོར་ལོ་རྩིབས་བརྒྱད་དོ། །དེ་ཡི་དབུས་དང་རྩིབས་ནང་ནས་བརྒྱུས་ཏེ། །ཕུར་པ་དགུ་ནི་བཙུགས་ན་སྟབས་བདེ་འོ། །དབུས་མར་ཚོན་སྐུད་བཏགས་ལ་རང་ཉིད་ཀྱིས། །གཟུང་བའི་ཚུལ་དུ་རང་ངོས་བརྐྱང་ལ་བཞག །དེ་ལ་རྡོ་རྗེ་བཏགས་ནས་བཞག་ཀྱང་ལེགས། །དེ་ནི་དྲག་འབོད་བྱེད་པའི་བཅའ་ལུགས་སོ།། ༈ །།དེ་ནས་རང་ཉིད་གནས་པའི་ཕྱོགས་བཞི་རུ། །དོང་བཞི་བྲུས་པར་རླུང་ལྷ་མནན་བྱས་ལ། །སྟེང་དུ་ཐོ་བརྩིགས་ཚ་ཚ་མ་ནོར་བཞག །བསྡུ་ན་ནུབ་བྱང་མཚམས་སུ་གཅིག་བྱས་ཆོག །དེ་དང་མཉམ་དུ་བགེགས་ཀྱི་ལིངྒའང་མནན། །དོང་རྣམས་བྲུ་དུས་དབྱར་གསུམ་ཤར་དང་ནི། །སྟོན་གསུམ་ཡིན་ན་ལྷོ་རུ་ཁ་གྱུ་ཞིང་། །འགུགས་གཞུག་རྟ་བྲོ་བྱ་བ་ཀུན་ལ་འགྲེས། །ཐོ་བཞི་རྒྱལ་ཆེན་བཞི་བསྒོམས་རབ་གནས་བྱ། །དེ་ལྟར་སྟ་གོན་རིམ་པ་ཀུན་ཚར་ནས། །ཉེ་ལོགས་ཆུ་མིག་གཉན་པོ་ཐམས་ཅད་ལ། །ཆར་གཡོག་བཏང་ལ་ཕུགས་སུ་ཀླུ་སྨན་བཅུག །འདོམ་བདུན་ས་རུ་དམར་རྟ་བཞག་བྱས་ལ། །ཐོ་བརྩིགས་བྱ་ཁྱི་སོགས་ཀྱིས་མི་ཁྱེར་བྱ། །འགྲོ་འགྲིམ་རྣམས་ལ་ཀླུ་སྨན་བསྐུར་བྱས་ལ། །རང་རང་ཡུལ་གྱི་ཆུ་མིག་མཚོ་ལ་སོགས། །ཀུན་ལ་སྦས་དང་རྡོ་བཏགས་ཆུར་བསྐྱུར་བཅོལ། ༈ །དེ་ནས་དང་པོ་བགེགས་གཏོར་སྤྱི་ལྟར་བསྔོ། །ཆར་ལ་བར་ཆད་མ་བྱེད་བཀའ་བསྒོ་བྱ། །མཚམས་གཅོད་ལ་སོགས་ལྷ་གཞུང་ལྟར་དུ་བྱ། །དེ་ནས་ཞི་དྲག་ལྷ་གཞུང་གང་ཡིན་གཏང་། །དེ་ནས་ཆར་གཞུང་ལས་བྱང་འདོན་བསྒོམ་སྦྲགས། །རང་གི་ཐུགས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །དཔག་མེད་འཕྲོས་ནས་ཀླུ་གཉན་ཐམས་ཅད་ཀྱི། །སྙིང་ནས་བཟུང་སྟེ་རང་དབང་མེད་པར་བཀུག །ཆུ་མིག་ཀླུ་གཟུགས་རྣམས་ལ་ཐིམ་པར་གྱུར། །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་བདག་རྟ་མགྲིན་བྱ་ཁྱུང་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ས་བདག་ཀླུ་གཉན་རྣམས། །ཆུ་མིག་འདི་ལ་ད་ལྟ་ཉིད་དུ་ཁུག །ཏཱ་ཀི་ཧཱུྃ་ཛཿ སརྦ་ནཱ་ག་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལྕགས་ཀྱུའི་ཕྱག་རྒྱས་བརྒྱའམ་ཉེར་གཅིག་བརྗོད། ཧཱུྃ། ཕྱི་རོལ་གླིང་བཞི་ནམ་མཁའི་ཕར་མཐའ་ནས། །རྡོ་རྗེའི་གུར་ཁང་དཔག་ཚད་བརྒྱད་ཁྲི་པ། །སྲ་མཁྲེགས་རྔམས་མཐུག་རླུང་ཡང་མི་ཐར་བ། །དེ་ནང་བྱ་ཁྱུང་གཤོག་གདང་བསྒྲིགས་པའི་གུར། །དེ་ནང་ཕྱག་རྡོར་ནང་དུ་གཟིགས་པའི་གུར། །དེ་ནང་ཕྱོགས་བཅུར་ཁྲོ་བོ་བཅུ་ཡི་ཚོགས། །ཀླུ་རྣམས་འབྲོས་ལམ་བཅད་དེ་ཐར་མེད་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཧཱུྃ། ཉོན་ཅིག་སྟོང་གསུམ་ཁམས་ཀྱི་ཀླུ་གཉན་དང་། ཁྱད་པར་གནས་འདིའི་ཀླུ་དང་ས་བདག་ཉོན། །རྣལ་འབྱོར་བདག་ནི་འདི་ན་འོང་བའི་དོན། ཁྱེད་ཅག་རྣམས་ལ་དོ་བསྡོ་ཕོད་བཙུགས་དང་། །སྟོབས་དང་རྫུ་འཕྲུལ་འགྲན་ཕྱིར་འོང་བ་མིན། །ཡུལ་ཕྱོགས་ཆེ་གེ་ཞེས་བྱ་འདི་རྣམས་སུ། །ཆར་པ་མ་བབས་ལོ་ཏོག་ཐམས་ཅད་སྐམ། །འབུ་སྲིན་རྣམས་ལ་ཚ་དམྱལ་སྡུག་བསྔལ་མྱོང་། །མི་རྣམས་མུ་གེའི་འཇིགས་པས་རབ་ཏུ་སྐྲག །འདི་འདྲའི་དུས་སུ་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་ཆར་པ་འབེབ་ཕྱིར་འོངས། ཁྱེད་ཅག་སྔོན་ཚེ་གསང་བདག་པད་འབྱུང་སོགས། །རྒྱལ་བའི་སྤྱན་སྔར་འགྲོ་ལ་ཕན་པའི་ཕྱིར། །དུས་སུ་ཆར་པ་འབེབ་པར་ཁས་བླངས་པའི། །དམ་ཚིག་དྲན་མཛོད་མྱུར་དུ་ཆར་ཆེན་ཕོབ། །གལ་ཏེ་མྱུར་དུ་ཆར་པ་མ་ཕབ་ན། །ངས་ནི་དྲག་པོའི་ལས་ཀྱིས་གཟིར་བྱེད་པས། །ང་ནི་མ་ལན་ཁྱོད་རྣམས་ལན་པ་ཡིན། །དེ་བས་མ་འགོར་མྱུར་དུ་ཆར་ཕོབ་ཅིག །བཅོམ་ལྡན་རྣམ་སྣང་སྙིང་པོའི་སྤྲིན་ཆེན་དང་། །ཀླུ་རིགས་ལས་བྱུང་སྤྲིན་གྱིས་རྣམ་མཛེས་དང་། །སྤྲིན་ཆེན་ཆུ་འཛིན་སྤྲིན་གྱི་གཟི་བརྗིད་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་འབྱུང་དང་རླུང་དཀྱིལ་རྣམ་འཇོམས་སྤྲིན། །སངས་རྒྱས་ནམ་མཁའ་དཔག་མེད་ནམ་འོད་འཕྲོ། །སྤྲིན་ཆེན་གློག་འབར་མཐུ་རྩལ་དཔའ་བོ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་མཛེས་སྤྲིན་སྡུད་ཆེན་པོ་དང་། །བདེ་གཤེགས་སྤྲིན་གྱི་དཀྱིལ་འཁོར་སྤྲིན་འོད་དང་། །སྤྲིན་ཆེན་སེང་གེ་དང་ནི་སྤྲིན་གདུགས་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་བལྟ་སྡུག་སྤྲིན་ཆེན་སྤྲིན་ཆེན་ཁེབས། །སྤྲིན་བྱུང་ཕྱོགས་བཅུར་འགེངས་པའི་སྒྲ་དབྱངས་སྒྲོག །བསིལ་འབྱུང་མི་དགའ་རབ་འཇོམས་སྒྲ་སྒྲོག་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་བདལ་བ་གངྒཱའི་ཆུ་སྤྲིན་དང་། །ཆུ་སྤྲིན་རྩལ་ལྟར་རབ་རྒྱས་དཔའ་བོ་དང་། །སངས་རྒྱས་འབྲུག་སྒྲ་སྒྲོག་དང་སྤྲིན་སྟོན་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་རྒྱལ་མཚན་དང་སྤྲིན་ཆུ་འཛག །སྤྲིན་ལྟར་རྣམ་སྒྲོག་སྤྲིན་སྦྱོང་སྤྲིན་སྐུ་དང་། །སངས་རྒྱས་སྤྲིན་འཕགས་སྤྲིན་ལྟའི་ན་བཟའ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱི་ལོ་ཏོག་བསྐྱེད་པ་དང་། །སྤྲིན་ཐོག་མཛེས་བཀྲམ་སྤྲིན་གྱི་ལོ་ཏོག་སྐྲུན། །སྤྲིན་གནས་ལ་གནས་སྤྲིན་སྟོབས་སྒྲུབ་པ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ལྟར་མཐོ་དང་སྤྲིན་རྣམས་འཐོར། །རྒྱལ་བ་ཆར་གྱི་སྤྲིན་དང་སྤྲིན་འདུ་མཛད། །སྤྲིན་རབ་གཡོ་དང་སྤྲིན་རྣམ་རྒྱས་པ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་ཆེན་ཨུཏྤལ་སྤྲིན་རི་བརྩེགས། །སྤྲིན་གྱི་མེ་ཏོག་བཀྲམ་དང་སྤྲིན་ཆོས་སྐུ །སྤྲིན་ཆེན་རབ་འཕགས་སྤྲིན་གྱི་དབང་ཕྱུག་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་འོད་མཛད་སྤྲིན་ཆེན་འོད་འབྱུང་གནས། །སངས་རྒྱས་སྤྲིན་ཆེན་བྱིན་དང་སྤྲིན་ས་བོན། །སྤྲིན་ཆེན་མྱུ་གུ་འཛིན་དང་རིན་ཆེན་སྤྲིན། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་གློག་འབར་སྤྲིན་མཐུ་རྩལ་དཔལ་དང་། །སངས་རྒྱས་སྤྲིན་མཛེས་སྤྲིན་འཐིབས་ཆེན་པོ་དང་། །སྤྲིན་གྱི་དཀྱིལ་འཁོར་སྤྲིན་གྱི་སེང་ཁྲི་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱི་ང་རོའི་དབྱངས་དང་ནི། །སྤྲིན་གདུགས་སྤྲིན་བལྟ་མཛེས་དང་སྤྲིན་ཆེན་ཁེབས། །སྤྲིན་བྱུང་མཐོ་འགེབས་རྔ་སྒྲའི་དབྱངས་སྒྲོག་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་བསིལ་འབྱུང་དཀའ་རབ་ཟབ་སྒྲོག་དང་། །སངས་རྒྱས་སྤྲིན་ཆེན་བརྡལ་བ་སྤྲིན་རྣམ་འདུལ། །སྤྲིན་ཆེན་རྣམ་འཇོམས་སྤྲིན་གྱི་ཆུ་བོ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་སྡུད་དུས་མིན་རྣམ་འཇོམས་དང་། །སྤྲིན་ཆེན་མཁའ་མཐོངས་རབ་སྒྲོག་སྤྲིན་སྒྲ་འབྱིན། །སྤྲིན་ཆེན་ཆར་གྱི་ཆུ་ལས་སྐྱེས་པ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྙན་པའི་གཟི་བརྗིད་སྒྲུབ་པའི་སྤྲིན། །རོ་བྲོ་དྲུག་དང་ལྡན་པའི་ཆུ་ཆེན་སྤྲིན། །ཆུ་དྲག་སྤྲིན་དང་ཆུ་འཐོར་སྤྲིན་ཆེན་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་བར་གཤེགས་པ་ཆུ་ཤས་ཆེ་སྤྲིན་དང་། །སྤྲིན་ཆེན་རྒྱ་མཚོ་འགེངས་དང་སྤྲིན་ཀུན་འགེབས། །དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་རྣམ་སྒྲུབ་སྤྲིན་གྱི་དཔལ། །གཟི་བརྗིད་འོད་ཟེར་འབྱུང་གནས་སྤྲིན་གྱི་ནི། །འོད་ཟེར་ཅན་དང་ཀླུ་དབང་རྒྱལ་པོ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །ཀླུ་རིགས་སྒྲོན་མེ་ཤཱཀྱ་ཐུབ་པ་དང་། །ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །དམ་པའི་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །ཀླུ་དང་ས་བདག་ཐོག་དྲངས་སེམས་ཅན་ཀུན། །བདག་གི་ཚེ་རབས་མང་པོའི་ཕ་མ་སྟེ། །འཁོར་བའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཀླུ་དང་ས་བདག་ཀུན་གྱི་སྡུག་བསྔལ་དང་། །སྡིག་སྒྲིབ་ཐམས་ཅད་བདག་ལ་ཐིམ་གྱུར་ནས། །ཀླུ་དང་ས་བདག་སྡུག་བསྔལ་བྲལ་བར་ཤོག །བདག་གི་བསོད་ནམས་བདེ་སྐྱིད་ཅི་ཡོད་པ། །ཀླུ་དང་ས་བདག་རྣམས་ལ་ཐིམ་གྱུར་ནས། །ཀླུ་དང་ས་བདག་བདེ་སྐྱིད་འབྱུང་བར་ཤོག །དེ་ལྟར་བྱམས་དང་སྙིང་རྗེ་བསྒོམས་པའི་མཐུས། །ཀླུ་ཡི་ནད་དང་སྡུག་བསྔལ་ཀུན་བྲལ་ནས། །ཆར་ཆུ་དགོས་པའི་དུས་སུ་འབེབ་མཛད་གསོལ། །ད་ལྟ་ཉིད་དུ་ཆར་ཆེན་འབེབ་གྱུར་ཅིག །ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་བ་ཏི། ཨུད་པ་ད་ནི། བི་ནཱ་མ་ནི། ཨ་བྷི་ཥེ་ཙ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུཾ་བ་ལ་ན། བཱ་ཧ་ཧ་ར། ཀླེ་ཤཱ་ན། དྷུ་ན་པཱ་པཾ། ཤོ་དྷཱ་ཡ་མརྒཱ་ན། ནི་རཱ་ཧི་ཀ་དྷརྨཱ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མ་རི་རཱ་ཛ་ས། དུ་ཁཿཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། ༈ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་དར་དང་རིན་ཆེན་བརྒྱན། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མས་ཤེལ་ཕྲེང་པདྨ་དཀར་པོ་འཛིན། །པད་དཀར་ཟླ་བའི་གདན་ལ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་བསྐོར། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསྟིམ། །དབང་ལྷས་དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར། ༈ །མདུན་གྱི་བུམ་པ་མི་དམིགས་སྟོང་པའི་ངང་། །བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་གི་དབུས། །པདྨ་ཟླ་བ་བརྩེགས་པའི་གདན་གསུམ་གྱི། །དབུས་མར་ཧྲཱིཿལས་བླ་མ་སྤྱན་རས་གཟིགས། །གཡས་སུ་མུཾ་ལས་ཡི་དམ་འཇམ་པའི་དབྱངས། །གཡོན་དུ་ཧཱུྃ་ལས་མཁའ་འགྲོ་གསང་བའི་བདག །གསུམ་ཀ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པདྨའི་སྟེང་། །ཕྱག་རྡོར་རྡོ་རྗེ་འཇམ་དབྱངས་པུསྟིས་མཚན། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །ཀླུ་རིགས་བྱང་ཆུབ་སེམས་དཔའ་དཔག་མེད་བསྐོར། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་གྱིས། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། ལྷོ་ཕྱོགས་པོ་ཏ་ལ་ཡི་རྩེ་མོ་ནས། །བླ་མ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །ཤར་ཕྱོགས་རི་བོ་རྩེ་ལྔའི་ཕོ་བྲང་ནས། །ཡི་དམ་འཕགས་པ་འཇམ་དཔལ་གཤེགས་སུ་གསོལ། །བྱང་ཕྱོོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མཁའ་འགྲོ་ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ། །དག་དང་མ་དག་ཞིང་ཁམས་ཐམས་ཅད་ནས། །ཀླུ་རིགས་སེམས་དཔའ་སེམས་མ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་གོང་ནས་ཐུགས་བསྐྱེད་པའི། །འགྲོ་ལ་ཕན་པའི་བྱ་བ་བདག་སྒྲུབ་ན། །ཚད་མེད་ཐུགས་རྗེས་སྐད་ཅིག་ཉིད་ལ་བྱོན། །རིན་ཆེན་བུམ་ནང་གཞལ་ཡས་པད་ཟླའི་སྟེང་། །འགྲོ་ལ་ཕན་ཕྱིར་བརྟན་པར་བཞུགས་སུ་གསོལ། །གུ་རུ་ལོ་ཀེ་ཤྭ་ར་དྷེ་ཝ་ཨཱརྻ་མཉྫུ་ཤྲཱི་དྷཱ་ཀི་བཛྲ་པཱ་ཎི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་སྤྱན་རས་གཟིགས་ལ་འོད་དཔག་མེད། །འཇམ་དབྱངས་རྡོར་སེམས་ཕྱག་རྡོར་མི་བསྐྱོད་པས། །དབུར་བརྒྱན་དབང་ལྷ་རིགས་བདག་རྣམས་ལ་ཐིམ། །བྷྲཱུྃ་ལས་རིན་ཆེན་སྣོད་དུ་མཆོད་རྫས་རྣམས། །དཔག་ཡས་ཀུན་བཟང་མཆོད་པའི་སྤྲིན་ཕུང་དང་། །གཏོར་མ་དཀར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །རི་རབ་གླིང་བཞི་རོལ་མཚོ་བདུད་རྩིའི་རྫིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་རྣམས། །རིགས་གསུམ་མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ། །རིན་ཆེན་བུམ་པ་ཐོགས་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ཏེ། །རིགས་གསུམ་མགོན་དང་ཕྱོགས་བཅུའི་རྒྱལ་བ་ལ། །བདག་དང་ཡོན་བདག་དད་པས་ཁྲུས་གསོལ་གྱིས། །ཆར་གྱི་རྒྱུན་ཆེན་མྱུར་དུ་དབབ་ཏུ་གསོལ། །རྒྱལ་བའི་སྐུ་ལ་སྐྱེམས་པ་མི་མངའ་ཡང་། །དག་པའི་ཞིང་དང་ལྷ་མིའི་ཡུལ་རྣམས་ན། །བདུད་རྩིའི་མཚོ་དང་ཡན་ལག་བརྒྱད་ལྡན་ཆབ། །ཆུ་བོ་རྒྱ་མཚོ་ཆུ་མིག་ཅི་མཆིས་པ། །བློ་ཡིས་བླངས་ཏེ་རྒྱལ་བ་སྲས་བཅས་མཆོད། །ཐུགས་རྗེས་དགོངས་ཏེ་བརྩེ་བར་བཞེས་ནས་ཀྱང་། །དངོས་གྲུབ་ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །དངོས་བཤམས་དཀར་གསུམ་བརྒྱན་པའི་གཏོར་མ་འདི། །ཡིད་ཀྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས། །གུས་པས་འབུལ་གྱིས་ཆར་ཆེན་དབབ་ཏུ་གསོལ། །ཨོཾ་ལོ་ཀེ་ཤྭ་ར་མཉྫུ་ཤྲཱི་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་ངོ་བོ་ཉིད། །འཕགས་མཆོག་རིགས་གསུམ་མགོན་ལ་ཕྱག་འཚལ་བསྟོད། །ཐུགས་རྗེས་ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། །དེས་གསུང་ཆོས་དང་འཕགས་པའི་དགེ་འདུན་ལ། །ཕྱག་འཚལ་མཆོད་པ་འབུལ་ལོ་གསོལ་བ་འདེབས། །ཐུགས་རྗེས་ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །ལྷ་དང་དྲང་སྲོང་བདེན་པ་གྲུབ་རྣམས་དང་། །བདེན་ལྡན་ཇི་སྙེད་བདེན་པའི་བདེན་མཐུ་ཡིས། །མྱུར་བ་ཉིད་དུ་ཆར་གྱི་རྒྱུན་ཕོབ་ཅིག །ཁྱད་པར་ཀླུ་ཡི་རིགས་ལས་བྱུང་བ་ཡི། །རྒྱལ་བ་སྲས་བཅས་བདེན་པས་ཆར་ཕོབ་ཅིག །དགོངས་འདུས་རྩ་བ་གསུམ་དང་པདྨ་འབྱུང་། །རིག་འཛིན་བརྒྱུད་པའི་བདེན་པས་ཆར་ཕོབ་ཅིག །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ རྩ་གསུམ་སྔགས་དེ་བརྒྱ་ཕྲག་ཙམ་ཞིག་བཟླ་འོ། །བུམ་ལྷ་རིགས་གསུམ་མགོན་པོའི་ཐུགས་ཀ་རུ། །ཟླ་སྟེང་རང་རང་ས་བོན་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སྟོང་གསུམ་ཁམས་ཀྱི་ལྷ་ཀླུ་གཞི་བདག་ལ། །ཕོག་པས་ཐམས་ཅད་ཆར་དབབ་ལས་ལ་བསྐུལ། །ཀུན་ཀྱང་གུས་པས་ཆར་ཆེན་འབེབ་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཝཱ་གཱི་ཤྭ་རཿམུཾ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་པ་རེ་རེའང་སུམ་བརྒྱ་ཙམ་རེ་བཟླ། ༈ དེ་ནས་ཀླུ་སྒྲུབ་བུམ་པ་ལ་དམིགས་ནས། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ནི། །བདུད་རྩིའི་རྒྱ་མཚོ་སྟོང་གསུམ་མཉམ་པའི་ནང་། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཕྱོགས་ཚོན་སྦྲུལ་གྱིས་བརྒྱན། །རིན་ཆེན་རྣམ་པ་སྣ་ཚོགས་གཅལ་དུ་བཀྲམ། །སྦལ་སྦྲུལ་ཉ་ལྕོང་ཆུ་བྱ་སྣ་ཚོགས་དང་། །ཆུ་གླང་ཆུ་འབྲི་ཆུ་ལུག་ཆུ་ཡི་མི། །ཆུ་སྲིན་ཉ་མིད་དེ་མིད་དུང་ལ་སོགས། །ཆུ་གནས་སྣ་ཚོགས་རྐྱལ་དང་འཕྱོ་བར་བྱེད། །སྟེང་ན་ལྷོ་སྤྲིན་འཐིབས་ཤིང་འབྲུག་སྒྲ་སྒྲོག །ན་བུན་འཕྱུར་ཞིང་འཇའ་འོད་སྣ་ལྔ་འཁྱིལ། །ཕོ་བྲང་དབུས་སུ་པད་དཀར་ཟླ་བའི་གདན། །བུམ་རྫས་ངོ་བོ་ཕུཿཡིག་དཀར་པོ་ལས། །འོད་འཕྲོས་འཇིག་རྟེན་ཁམས་ཀྱི་ཀླུ་ཐམས་ཅད། །ཚུར་འདུས་ཕུཿལ་ཐིམ་པས་འོད་དུ་ཞུ། །ཀླུ་བདུད་སྐུ་མདོག་དཀར་གསལ་དུང་གི་མདོག །ཞལ་གཅིག་སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན། །དབུ་གཙུག་ཡིད་བཞིན་རིན་ཆེན་འབར་བས་བརྒྱན། །ཕྱག་གཉིས་ཐལ་སྦྱར་བར་ན་ནོར་བུ་འཛིན། །སྐུ་སྟོད་འཛུམ་མཛེས་དར་དང་རིན་ཆེན་བརྒྱན། །ལྷ་ཡི་ལུས་འདྲ་གཟི་བརྗིད་འོད་འབར་བ། །སྐུ་སྨད་ཀླུ་ལུས་སྦྲུལ་མཇུག་གཡས་སུ་འཁྱིལ། །འདབ་བརྒྱད་སྟེང་དུ་ཕུཿབརྒྱད་ཡོངས་གྱུར་ལས། །ཤར་དུ་མཐའ་ཡས་ཤར་ལྷོར་འཇོག་པོ་དང་། །ལྷོ་རུ་ནོར་རྒྱས་ལྷོ་ནུབ་དུང་སྐྱོང་སྟེ། །ནུབ་ཏུ་པདྨ་ནུབ་བྱང་ཆུ་ཡི་ལྷ། །བྱང་དུ་རིགས་ལྡན་བྱང་ཤར་སྟོབས་ཀྱིས་རྒྱུ། །ཀུན་ཀྱང་རྒྱན་དང་ཆ་ལུགས་གཙོ་དང་མཐུན། །སྦྲུལ་མགོ་བདུན་གྱི་གདེངས་ཀ་རིན་ཆེན་གཙུག །རང་རང་བཙུན་མོ་སྲས་དང་བློན་པོར་བཅས། །དེ་རྒྱབ་ཤར་དུ་རྒྱལ་རིགས་ལྷོར་རྗེ་རིགས། །ནུབ་ཏུ་བྲམ་ཟེ་བྱང་དུ་དམངས་རིགས་དང་། །མཚམས་བཞིར་གདོལ་བ་ཀླུ་བདུད་ཀླུ་ཡི་བཙན། །མཚོ་སྨན་རྣམས་ནི་འཁོར་ཚོགས་དཔུང་དང་བཅས། །དེ་རྒྱབ་སྟོང་གསུམ་ཁམས་དང་ཡུལ་འདི་ཡི། །ཀླུ་གཉན་ས་བདག་ཀུན་གྱིས་བསྐོར་བར་གྱུར། །ཀུན་གྱི་ཐུགས་ཀར་ཕུཿཡིག་འོད་ཟེར་དང་། །བདག་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཕྲོས་པས་ཀླུ་རིགས་ཐམས་ཅད་སྤྱན་དྲངས་གྱུར། །ཧཱུྃ། རི་རབ་རི་ཕྲན་ཀུན་གྱི་སྟེང་ཤོད་དང་། །རྒྱ་མཚོ་མཚོ་བྲན་རྣམས་ཀྱི་ཁ་ཞབས་དང་། །སྟོང་གསུམ་འཛམ་གླིང་ཀུན་གྱི་མཐའ་དབུས་ནས། །ཀླུ་གཉན་ས་བདག་འཁོར་དང་བཅས་པ་རྣམས། །འགྲོ་ལ་ཕན་པའི་དོན་དུ་སྤྱན་འདྲེན་ན། །འདོད་ཆགས་མྱོས་པའི་སེམས་ཀྱིས་མ་བྱོན་ཅིག །ཞེ་སྡང་ཁྲོས་པའི་སེམས་ཀྱིས་མ་བྱོན་ཅིག །གཏི་མུག་རྨོངས་པའི་སེམས་དང་མ་བྱོན་ཅིག །བྱམས་དང་སྙིང་རྗེའི་སེམས་དང་བཅས་ཏེ་བྱོན། །དགའ་བ་བཏང་སྙོམས་ལྡན་པས་ཚུར་གཤེགས་ཤིག །ཀླུ་ཡི་བདག་པོ་ཀླུ་ཆེན་ཚུར་གཤེགས་ཤིག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །བདེན་པའི་སྟོབས་དང་ཚད་མེད་བཞི་ཡི་མཐུས། །ཀླུ་གཉན་ས་བདག་ཐམས་ཅད་ཚུར་གཤེགས་ཤིག །ཐེག་ཆེན་ལྷག་བསམ་ལྡན་པས་ཚུར་གཤེགས་ཤིག །སངས་རྒྱས་རྣམས་དང་དེས་གསུང་ཆོས་རྣམས་དང་། །བྱང་ཆུབ་སེམས་དཔའི་ཡོན་ཏན་དྲན་གྱིས་ལ། །ཀླུ་ཡི་བདག་པོ་ཐམས་ཅད་ཚུར་གཤེགས་ཤིག །ཆུ་ཀླུང་ཆེན་པོའི་ཆུ་དང་སྤྲིན་ཆུ་འཆང་། །ལག་འགྲོ་ཆེན་པོའི་གཡོག་རྣམས་ཚུར་གཤེགས་ཤིག །དྲག་ཤུལ་ཁྲོ་བོ་མགྱོགས་པའི་ཤུགས་ཆེན་པོ། །དུག་ཆེན་ལྕེ་འབྱིན་སྲིད་པ་ལ་བྱམས་པའི། །ཀླུ་ཡི་རྒྱལ་པོ་ཐམས་ཅད་ཚུར་གཤེགས་ཤིག །ཆུ་བོ་ལ་གནས་སྤྲིན་ཕུང་ལ་ཞོན་ནས། །མངོན་པར་འགྲོ་བ་ཐམས་ཅད་ཚུར་གཤེགས་ཤིག །ཀླུ་ཡི་རྒྱལ་པོ་ལག་གིས་འགྲོ་བྱེད་རྣམས། །གཉིད་དང་ལེ་ལོ་མེད་པར་ཚུར་གཤེགས་ཤིག །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཧཱུྃ་ཛཿཛཿ གྷ་མ་གྷ་མ། གྷི་མི་གྷི་མི། གྷུ་མ་གྷུ་མ་སྭཱ་ཧཱ། ཧཱུྃ། རིན་ཆེན་བུམ་པ་ཡིད་སྤྲུལ་བདུད་རྩིའི་མཚོ། །རིན་ཆེན་ཕོ་བྲང་པདྨ་ཟླ་བའི་གདན། །གཙོ་དང་འཁོར་དུ་འཚམ་པའི་གདན་སྟེང་དུ། །ཅི་བདེ་བར་ནི་བརྟན་པར་བཞུགས་སུ་གསོལ། །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཧཱུྃ། འཇིག་རྟེན་ལས་འདས་འཕགས་ལམ་རབ་ཐོབ་ཀྱང་། །འགྲོ་བའི་དོན་དུ་ཀླུ་དབང་གཟུགས་སུ་སྤྲུལ། །ཆར་གྱི་རྒྱུན་འབེབ་འགྲོ་བའི་དབུལ་ཕོངས་སེལ། །ཡེ་ཤེས་ཀླུ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་དང་དེ་སྲས་ཞལ་མཐོང་བསླབ་གཞི་འཛིན། །ཆར་འབེབ་འབྲུག་སྒྲོག་འཇིག་རྟེན་སྐྱོང་མཛད་པ། །བཙུན་མོ་བློན་པོ་འཁོར་གྱི་ཚོགས་དང་བཅས། །འཇིག་རྟེན་ཀླུ་གཉན་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་རཱ་ཙ་ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་ཆངས་བུ་ཏིང་ལོ་ཆུ་གཙང་བྲན་ལ། ཧཱུྃ། ཀླུ་རྒྱལ་ཆེན་པོ་དགུ་ལ་གནོད་གྱུར་པའི། །ར་དང་རྟ་དང་ཁྱི་དང་ཝ་མགོ་ཅན། །ཕག་དང་ཝ་དང་སྦྲུལ་དང་པུ་ཤུད་མགོ །བ་ལང་མགོ་སོགས་ཀླུ་ཐེའུ་སྒབ་འདྲེ་རྣམས། །འདོད་ཡོན་གླུད་གཏོར་ཆངས་བུ་འདི་ཁྱེར་ལ། །མ་ཉེ་མ་འཁོར་མ་གནོད་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདི་རུ་གནོད་བྱེད་ན། །གསང་བདག་ཁྲོས་པའི་བྱ་ཁྱུང་རྒྱལ་པོ་ཡིས། །སྲོག་གི་སྙིང་པོ་དྲངས་ནས་བརླག་པར་བྱེད། །དེ་བས་བཀའ་ལས་མ་འདའ་རང་གནས་དེངས། །ཏྲི་ནཱ་ག་བ་ལིནྟ་ཁཱ་ཧི། ནཱ་ག་རཱ་ཙ་ཏྲི་ཕྲལ་ཤག །ནིར་གྷཙྪ་ཐ། ཨུཙྪ་ཏ་ཡ་ཕཊ། ཅེས་བསྐྲད། རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱང་། །བྷྲཱུྃ་ལས་སྟོང་གསུམ་མཉམ་པའི་རིན་ཆེན་སྣོད། །ཨོཾ་ཡིག་ལས་བྱུང་སྣ་ཚོགས་མཆོད་པའི་སྤྲིན། །གཏོར་མ་བདུད་རྩིའི་རྒྱ་མཚོ་ཟག་མེད་པ། །ཀླུ་རྣམས་མཉེས་ཤིང་ཚིམ་པ་སྐྱེད་བྱེད་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་ཆབ། །ཤང་དྲིལ་དཀར་དམར་ཀླུ་ཤིང་མེ་ཏོག་རྒྱས། །སྤོས་དཀར་ན་གིའི་དུད་པ་ཆུ་ཤེལ་འོད། །ཙན་དན་དཀར་དམར་རྒྱ་ཇ་དྲི་ལྡན་ཆབ། །དཀར་གསུམ་མངར་གསུམ་རོ་བརྒྱ་ལྡན་པའི་ཟས། །དྲིལ་བུ་ཏིང་ཏིང་ཤག་དང་སྙན་པའི་དབྱངས། །ཀླུ་རྒྱལ་དགུ་པོ་འཁོར་དང་བཅས་ལ་འབུལ། །ཆུ་གནས་སྣ་ཚོགས་གཟུགས་བརྙན་འབུར་དུ་བཏོད། །བསྟོད་དབྱངས་ཀླུ་ཡི་སྲོག་སྔགས་རོལ་མོར་བཅས། །སྤོས་དཀར་ན་གིའི་དྲི་དང་ཀླུ་སྨན་ཟས། །དར་ཟབ་བལ་ཚོན་བཀྲ་ཤིས་རྫས་རྟགས་བརྒྱད། །ཕྱེ་མར་ཟས་ཕུད་སྣ་ཚོགས་འབྲུ་སྨན་དང་། །རིན་ཆེན་རྣམ་པ་སྣ་ཚོགས་ཤེལ་ཚིགས་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འབུལ། །རིན་ཆེན་བུམ་པ་འབྲུ་སྨན་རིན་ཆེན་བཀང་། །རྫ་ཟངས་བག་ཟན་གླང་བུ་ཀླུ་སྨན་བཀང་། །ཀླུ་རྣམས་འཛད་མེད་གཏེར་དུ་བྱིན་གྱིས་བརླབས། །རྟག་པ་རྒྱུན་གྱི་ནོར་དུ་དབུལ་བར་བགྱི། །དཀར་གསུམ་གཏོར་མ་ཀླུ་སྨན་ཁ་ཚར་བཏབ། །བ་དཀར་ར་དཀར་འབྲི་ཟལ་འོ་མས་བྲན། །ཀླུ་དང་ས་བདག་འཁོར་དང་བཅས་ལ་འབུལ། །འཁོར་དང་ཡང་འཁོར་བཅས་པ་ཚིམས་གྱུར་ཅིག །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་ཀཱ་ལི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་བ་རུ་ཎཱཿཡ་ཨི་དཾ་བ་ལིཾ་ཏ༴ ཨོཾ་ཨ་ནནྟཿཡ༴ ཨོཾ་ཏཀྵ་ཀཿཡ༴ ཨོཾ་བཱ་སུ་ཀཱི་ཡ༴ ཨོཾ་ཤཾ་ཁ་པཱ་ལ་ཡ༴ ཨོཾ་པདྨཿཡ༴ ཨོཾ་མ་ཧཱ་པདྨ་ཡ༴ ཨོཾ་ཀུ་ལུ་ཀཿཡ༴ ཨོཾ་ཀརྐ་ཊ་ཀོཿཡ༴ ཨོཾ་སརྦ་ནཱ་ག༴ ཨོཾ་ཀུ་མཱ་ར་ཕུ་ཏྲི༴ ཨོཾ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི། དེ་ནས་གཞི་བདག་དཀར་གཏོར་བྲན་ལ། བྷྲཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཚངས་དང་བརྒྱ་བྱིན་ལ་སོགས་ལྷ་ཆེན་བརྒྱད། །རཱ་ཧུ་ལ་སོགས་གཟའ་བརྒྱད་གདོང་མོ་བཞི། །རྒྱུ་སྐར་ཉེར་བརྒྱད་ཕྱོགས་སྐྱོང་ཆེན་པོ་བཅུ། །རྒྱལ་ཆེན་སྡེ་བཞི་སྡེ་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་དགེ་བསྙེན་ཉི་ཤུ་གཅིག །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །སྔགས་ཀྱི་བདག་པོ་བཙུན་མོ་སྲས་འཁོར་བཅས། །མཁར་ནག་སྨྱོ་ཁ་ཀླུ་ཆེན་མིང་སྲིང་དང་། །བར་བློན་ཆེན་པོ་མལ་གྲོ་གཟི་ཆེན་དང་། །ཀླུ་བདུད་དུག་གི་སྤུ་གྲི་འཁོར་དང་བཅས། ཁྱད་པར་མདོ་ཁམས་ཆུ་ཀླུང་ཆེན་པོ་དྲུག །དེར་གནས་ཀླུ་རྒྱལ་དགེ་བསྙེན་ཆེ་དྲུག་དང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་ལ་སོགས་པ། །མཚོ་ཆེན་མཚོ་བྲན་ཆུ་ཆེན་ཆུ་བྲན་དང་། །ཆུ་མིག་ལུ་མ་ལྟེང་ཀ་ལ་གནས་པའི། །ཀླུ་རིགས་བཞི་པོ་རྒྱལ་བློན་བཙུན་འཁོར་འབངས། །ཆགས་མེད་རིན་པོ་ཆེའི་གཞུང་དུ་ངོམ་རྒྱུད་ཀླུ་དང་གཞི་བདག་མཚན་སྨྲོས་གཙོར་མཛད་ཀྱང་སྤྱི་ཁྱབ་འདི་ལྟར་འབྲེལ་བས་གསར་བཙུད་དོ།མཆན།་་་སྤོམ་ར་ལ་སོགས་གཉན་ཆེན་སྡེ་བཞི་དང་། །རྡོ་རྗེའི་མཚན་ཅན་དགེ་བསྙེན་ཉེར་གཅིག་སོགས། །མདོ་ཁམས་སྒང་དྲུག་ཤོད་ཆེན་བཅོ་བརྒྱད་ཀྱི། །ཡུལ་ལྷ་གཞི་བདག་མ་ལུས་འཁོར་དང་བཅས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། ཁྱད་པར་ཡུལ་འདིར་གནས་པའི་གཞི་བདག་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཀླུ་བདུད་ཆེན་པོ་ཀླུ་ཆེན་བརྒྱད་དང་བཅས། །དུང་མདོག་འཛུམ་མཛེས་རིན་ཆེན་གཙུག་ཕུད་ཅན། །སྦྲུལ་གྱི་གདེངས་ཀ་སྤྲིན་ཕུང་དབུ་ལ་བརྒྱན། །སྐུ་སྨད་མཚོར་ནུབ་སྦྲུལ་མཇུག་གཡོན་དུ་འཁྱིལ། །འབྲུག་སྒྲོག་གློག་འབྱིན་དུས་སུ་ཆར་འབེབ་པའི། །ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །ཀླུ་རྒྱལ་བཙུན་མོ་སྲས་འཁོར་དཔུང་དང་བཅས། །དཔལ་མགོན་བདུན་ཅུ་བརྟན་མ་དགེ་བསྙེན་དང་། །འཇིག་རྟེན་དྲེགས་པ་ཡུལ་ལྷ་གཞི་བདག་སོགས། །འཇིག་རྟེན་སྐྱོང་བ་འཁོར་དང་བཅས་ལ་བསྟོད། ཁྱེད་ཅག་སྔོན་ཚེ་ཤཱཀ་ཐུབ་གསང་བདག་དང་། །རྟ་མགྲིན་པད་འབྱུང་ལ་སོགས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །འགྲོ་ལ་ཕན་ཕྱིར་ཆར་ཆེན་མྱུར་དུ་ཕོབ། །སྟོན་པ་དང་ནི་བསྟན་པ་དྲན་པར་གྱིས། །རང་རང་རིགས་དང་ཆོ་འབྲང་དྲན་མཛོད་ལ། །མྱུར་བ་ཉིད་དུ་ཆར་གྱི་རྒྱུན་ཕོབ་ཅིག །ཁྱེད་ཅག་རྣམས་ལ་མཐུ་རྩལ་ཅི་འདུག་བལྟ། །སྐད་ཅིག་ད་ལྟ་ཉིད་དུ་ཆར་ཕོབ་ཅིག །དུས་གསུམ་བདེ་གཤེགས་རྣམས་ཀྱི་བདེན་པ་དང་། །བྱམས་པའི་ཐུགས་ཀྱིས་ཀླུ་རྣམས་ཆར་ལ་སྐུལ། །གསང་བདག་རྟ་མགྲིན་པད་འབྱུང་མཐུ་སྟོབས་ཀྱིས། །ཀླུ་རྣམས་ཐམས་ཅད་ཆར་ལ་རབ་ཏུ་སྐུལ། །ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཡི་རྒྱལ་པོ་ཆེན་པོ་གཡོག་མཐའ་ཡས། །ཀླུ་བདུད་ནག་པོ་ཀླུ་ཆེན་བརྒྱད་རྣམས་དང་། །རིགས་བཞིའི་ཀླུ་ཡི་རིགས་རྣམས་མ་ལུས་པ། །ཆར་པ་དབབ་ཕྱིར་ཡང་དག་པར་སྐུལ་ལོ། །མྱུར་དུ་ཆར་གྱི་རྒྱུན་ཆེན་འདིར་ཕོབ་ཅིག །དེ་ལྟར་བསྐུལ་པས་ཀླུ་རྒྱལ་གཙོ་འཁོར་ཀུན། །སྐུ་སྨད་བདུད་རྩིའི་རྒྱ་མཚོ་ལ་ནུབ་ཅིང་། །སྦྲུལ་གྱི་མཇུག་མས་རྒྱ་མཚོ་རབ་ཏུ་དཀྲུགས། །དབའ་རླབས་ཆིལ་ཆིལ་འཕྱོ་ཞིང་ཟེར་མ་ལས། །ཆར་ཆེན་དབབ་པས་ས་དང་བར་སྣང་གང་། །རྩི་ཤིང་ལོ་འབྲས་སྔོ་ལྷུབ་སྐྱེ་བར་གྱུར། །དམིགས་པ་དེ་ཉིད་རྩེ་གཅིག་བསྒོམ་བྱ་ཞིང་། ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཛཿཛ༔ ཕྲོམ་ཕྲོམ༔ ཕོབ་ཕོབ༔ ནཱ་ག་རཱ་ཙ་ཆར་ཕོབ་ཕོབ༔ ནཱ་ག་རཱ་ཙ་རྦད་རྦད་ཆར་ལ་རྦད༔ ནཱ་ག་རཱ་ཙ་རྦུད་རྦུད་ཆར་ལ་རྦུད༔ ནཱ་ག་རཱ་ཙ་སྐུལ་སྐུལ་ཆར་ལ་སྐུལ༔ བྷ་རི་ཤ་ཡ་པ་ཏ་ཡ་མྱུར་དུ་ཕོབ༔ ནཱ་ག་རཱ་ཙ་ཕྲོམ་ཕྲོམ༔ ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཨོཾ་ནཱ་ག་ཏ་ལི་ནན་ཧཱུྃ་ཕཊ། སྔགས་འདི་བཏགས་ན་ཆར་འབྲུ་ཆེ་བ་ཡིན། །ཞེས་པ་ཐུན་རེར་སྟོང་བས་མི་ཉུང་བཟླ། །དེ་ནས་རིགས་གསུམ་མགོན་པོའི་བུམ་ཆུ་ནས། །ཅུང་ཟད་ཀླུ་ཡི་བུམ་པ་ལ་གཏོར་ཞིང་། བུམ་ལྷ་རིགས་གསུམ་མགོན་པོའི་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་ཀླུ་རྣམས་ཀུན་ལ་ཕོག །ཐུགས་རྗེའི་དགོངས་པས་ཆར་འབེབ་ལས་ལ་བསྐུལ། །རིགས་གསུམ་མགོན་པོའི་གསུང་ནི་འབྲུག་སྟོང་ཙམ། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ཁྱེད་རྣམས་ཀྱིས། །མྱུར་དུ་ཆར་གྱི་རྒྱུན་ཆེན་ཕོབ་ཅིག་གསུངས། །བཀའ་འདི་ཐོས་ནས་མྱུར་དུ་ཆར་འབེབ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་ཝཱ་གཱི་ཤྭ་ར་མུཾ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཛཿཛ༔ ཕྲོམ་ཕྲོམ༔ ཕོབ་ཕོབ༔ ཞེས་སོགས་གོང་གི་སྔགས་དེ་བརྒྱ་རེ་ཙམ། །ལྷ་ཡི་སྔགས་དང་ཀླུ་སྔགས་སྦྲེལ་ལ་བཟླ། །སྤྲོས་པར་དགའ་ན་སྐབས་འདིར་སྔགས་བདག་དང་། །མཁར་ནག་སྨྱོ་ཁ་ཀླུ་བདུད་སྤུ་གྲི་སོགས། །གཏོར་ཆོག་བཞིན་དུ་གཏོར་འབུལ་བཀའ་བསྒོ་དང་། །བསང་དང་ཀླུ་གཏོར་གང་མང་གཞུང་ལྟར་བྱ། །གཏོར་མ་ཐམས་ཅད་ཆུ་ལ་གཤེགས་པར་བྱ། །མ་ཐོན་ན་ཡང་གཞུང་ཉིད་བྱས་པས་འཐུས། །ཉིན་ཕྱེད་བར་དུ་ཞི་འབོད་དེ་ཉིད་ལ། །གོང་ལྟར་ལན་གྲངས་གཉིས་སམ་གསུམ་ལ་སོགས། །སྔགས་གྲངས་ཐུན་དང་བཅས་པར་བྱ་བར་གཅེས། ༈ །དེ་ནས་ཉིན་ཕྱེད་རླུང་ནོན་བྱ་བ་ནི། །རང་ཉིད་དྲག་པོ་གསང་བདག་རྟ་མགྲིན་སོགས། །ཡི་དམ་ཁྲོ་བོ་གང་རུང་གསལ་བར་བསྐྱེད། །ཧཱུྃ། ཕྱོགས་བཞི་འམ་ནི་ནུབ་བྱང་མཚམས་ཉིད་དུ། །བྲུབ་ཁུང་གྲུ་གསུམ་ཁ་དོག་མཐིལ་ཡངས་པ། །དེ་ནང་ཡཾ་ལས་རླུང་ལྷ་དུད་ཁ་ནི། །ལག་ཏུ་བ་དན་བསྒྲིལ་ཞིང་བསྙལ་ནས་འཛིན། །ཤ་བ་ཡུ་མོ་ཉལ་བ་ལ་ཞོན་ནས། །དེ་མཐར་ཆར་པ་བཀག་བྱེད་འདྲེ་ངན་རྣམས། །སྐེམ་ཞིང་རིད་པ་རྐང་ལག་ལྕགས་སུ་བཅུག །རླུང་ལྷའི་སྙིང་གར་ཡཾཿདང་འདྲེ་ངན་གྱི། །སྙིང་གར་ཏྲིཿཡིག་དང་བཅས་གསལ་བར་གྱུར། །རང་གི་ཐུགས་ལས་ཁྲོ་བོ་འདོད་པའི་རྒྱལ། །དམར་པོ་ལྕགས་ཀྱུ་ཞགས་པ་འཛིན་པའི་ཚོགས། །ནམ་མཁའ་ཁྱབ་པར་འཕྲོས་ཏེ་རླུང་ལྷ་དང་། །ཆར་པ་ལ་གནོད་འདྲེ་ངན་ཐམས་ཅད་ཀུན། །རང་དབང་མེད་པར་བཀུག་ནས་གཟུགས་ལ་བསྟིམ། །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་བདག་རྟ་མགྲིན་པད་འབྱུང་བདེན་པའི་མཐུས། །རླུང་ལྷ་རླུང་དང་བཅས་པ་ཐམས་ཅད་དང་། །ཆར་ལ་གནོད་བྱེད་འདྲེ་ངན་མ་ལུས་པ། །ལིངྒ་འདི་ལ་སྐད་ཅིག་ཉིད་དུ་ཁུག །ཏཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་མམ་བདུན་བརྗོད། ཅོག་རྡོག་ཆངས་བུ་བྲན། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཟད་མེད་འདི། །རླུང་ལྷ་རླུང་གི་བདག་པོ་འཁོར་བཅས་དང་། །ཆར་པ་བཀག་བྱེད་འདྲེ་ངན་ཀུན་ལ་སྦྱིན། །བདག་གི་ཆར་པ་འབེབ་ལ་གེགས་མ་བྱེད། །ཨོཾ་བྷ་ཡ་བྷེ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། ཞེས་དོར། རླུང་ལྷ་འདྲེ་ངན་ཐམས་ཅད་མགོ་མཇུག་ལོག །དེ་སྟེང་རྡོ་རྗེ་རྒྱ་གྲམ་ཁ་བཅད་ཅིང་། །འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞིས་མནན། །རི་རབ་རྩེ་རུ་རྣམ་སྣང་ཤཱཀྱ་ཐུབ། །གསང་བདག་ཁྲོ་བོ་བཅུ་དང་བཅས་པས་མནན། །རི་རབ་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །རང་རང་དཔུང་དང་བཅས་པས་མནན་པར་གྱུར། །འདིར་གསང་བདག་སོགས་ཡི་དམ་གང་ཡིན་སྔགས་སྦྱར་ནའང་ལེགས། མེད་ཀྱང་རུང་ངོ་། །ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཆར་ཡ་ཆུར་ཡ༔ བ་ཡུ་སཏྭམྦྷ་ཡ་ནན༔ རླུང་སྒྲ་ཆེ་ན་སྟོང་བཟླས་ཆུང་ན་བརྒྱ། །དེ་ནས་སྤྲིན་ནི་སྡུད་པའི་ལས་བྱ་བ། །ཧཱུྃ། རང་ཉིད་གསང་བའི་བདག་པོ་ཕྱག་རྡོར་རམ། །ཡི་དམ་ཁྲོ་བོ་གང་ཡིན་གསལ་བ་ཡི། །དབུ་གཙུག་བྱ་ཁྱུང་རིགས་ལྔས་བརྒྱན་པར་གསལ། །རང་གི་ཐུགས་ལས་སྤྲུལ་པའི་མི་ནག་པོ། །ལྕགས་ཀྱི་དྲྭ་བ་ཐོགས་པ་དཔག་མེད་འཕྲོས། །ས་འོག་ས་སྟེང་ཀླུ་རྣམས་གཟིར་བས་འཁྲུགས། །ཕྱོགས་མཚམས་ནམ་མཁས་གར་ཁྱབ་སྤྲིན་རྣམས་ཀུན། །བསྡུས་ནས་རང་ཐད་ནམ་མཁར་སྤུངས་པར་གྱུར། །ཁྱེ་འུ་མགོ་གཙང་གོས་སམ་སྣམ་བུ་ཡིས། །རང་གི་ཐོད་བྱ་ཡང་ན་ཕྱོགས་བཅུར་གཡབ། །ཟངས་གཞོང་ངམ་ནི་ཟངས་སྣོད་ཆུ་ཕྱར་ཞིང་། །ཨ་ཏྲ་ག་རེ་ཕེཾ་ག་རེ༔ ཨུ་ཏྲ་ག་རེ་ཙནྡྷ་ལི༔ ཀླེ་ཧུ་བྷ་ལ༔ དྷེ་ཧུ་སིདྡྷི༔ ཨ་ཏྲ་སིདྡྷི༔ མ་ཧཱ་སིདྡྷི་ཧཱུྃ་ཧཱུྃ༔ སྤྲིན་མེད་ན་ནི་སྟོང་ཕྲག་ལ་སོགས་འདོན། །སྤྲིན་ཆེ་ན་ནི་གང་འོས་སྐབས་དང་སྦྱར། །དེ་ནས་ཆུ་དེ་ཕྱོགས་བཅུར་གཏོར་བྱ་ཞིང་། ཁྱེ་འུའི་གོས་ཀྱིས་ཕྱོགས་བཅུར་གཡབ་བྱས་ཏེ། །ཀླུ་ཐམས་ཅད་ཀྱིས་ཡུལ་ཆེ་གེ་མོ་འདིར་སྤྲིན་སྡུས། འབྲུག་སྒྲོགས། ཆར་ཕོབ། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པས་རླུང་དང་རླུང་ལྷ་རླུང་བདག་ཐམས་ཅད་རི་རབ་ཆེན་པོའི་འོག་ཏུ་ནོན་ཅིག །ཆར་དབབ་པ་ལ་གནོད་ཅིང་བར་དུ་གཅོད་པ་ཐམས་ཅད་ཐུལ་ཅིག །ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པས་བར་སྣང་གི་ཁམས་སུ་སྤྲིན་དང་ན་བུན་གྱི་ཚོགས་ཆེན་པོ་རབ་ཏུ་གཏིབས་ཤིག །ཀླུ་ཆེན་པོ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱིས་འཛམ་བུའི་གླིང་དང་ཡུལ་ཁམས་དང་ས་ཕྱོགས་ཆེ་གེ་མོ་འདིར་ཆར་གྱི་རྒྱུན་རབ་ཏུ་ཕོབ་ཅིག །མྱུར་དུ་ཕོབ་ཅིག །དྲག་ཏུ་ཕོབ་ཅིག །ལོ་འབྲས་འབྲུ་བཅུད་ཕུན་སུམ་ཚོགས་པ་སྤེལ་ཅིག །ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་བཀྲ་ཤིས་དང་དཔལ་འབྱོར་དར་ཞིང་རྒྱས་པར་མཛོད་ཅིག །ཅེས་འོ་དོད་ཆེན་པོས་བརྗོད་པར་བྱ། །དེ་ཡན་ཞི་འབོད་རྐྱང་པ་དེ་ཡིན་ཏེ། ཁོ་ན་ཐུན་ནི་བཞི་འམ་དྲུག་ཏུ་འབད། །དེས་ཀྱང་ཞག་གསུམ་ཚུན་ལ་འབབ་པར་གསུངས། ༈ །འོན་ཀྱང་ཞི་དྲག་ཕྱེད་མ་མྱུར་བའི་ཕྱིར། །སྔ་དྲོ་དེ་ལྟར་ཞི་བ་བྱས་ནས་ཀྱང་། །ཕྱི་དྲོ་ཞི་དྲག་ཕྱེད་མའི་དྲག་པོ་ནི། །ཧཱུྃ། རང་ཉིད་ངོ་བོ་རང་གི་ཡི་དམ་ལྷ། །རྣམ་པ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་། །སྐུ་ཆེ་ཡན་ལག་རགས་ཤིང་ནམ་མཁའ་གང་། །ཞལ་གདངས་མཆེ་གཙིགས་དུར་ཁྲོད་ཆས་བརྒྱད་རྫོགས། །སྦྲུལ་རིགས་ལྔ་ཡིས་སྐུ་ལ་རབ་ཏུ་བརྒྱན། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྟ་མགོའི་སྟེང་དུ་བྱ་ཁྱུང་མཐིང་ནག་བརྒྱན། །དེ་སྟེང་སངས་རྒྱས་སྣང་བ་མཐའ་ཡས་ལ། །བརྒྱུད་པའི་བླ་མ་རིག་འཛིན་རྒྱ་མཚོས་བསྐོར། །ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་ཕྱར། །རྟ་སྐད་འཚེར་ཞིང་རྡོ་རྗེས་གཟིར་བ་ཡིས། །ལྷ་ཀླུ་སྡེ་བརྒྱད་ས་བདག་ཀླུ་གཉན་ཀུན། །སྔངས་བརྒྱལ་བྲེད་འདར་ཁ་ནས་ཁྲག་ཏུ་སྐྱུག །ཞབས་གཡས་བསྐུམས་པས་རི་རབ་རྩེ་ནས་གནོན། །ཞབས་གཡོན་མར་བརྐྱངས་རྒྱ་མཚོའི་གཏིང་དུ་སླེབ། །གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཐུགས་ཀ་རུ། །ཧཱུྃ་མཐིང་ཐ་མར་སྔགས་ཀྱི་ཡིག་འབྲུ་ནི། །ཨོཾ་བཛྲ་པཱ་ཎི་ཧཱུྃ་བཛྲ་ག་རུ་ཊཿཧཱུྃ། དེ་ལས་འོད་འཕྲོས་ལྕང་ལོ་ཅན་སོགས་ནས། །བསྒོམས་པ་དང་འདྲའི་ལྷ་ཚོགས་ཆར་ལྟར་བབས། །རང་ལ་ཐིམ་པས་དབང་བསྐུར་བྱིན་གྱིས་བརླབས། །དེ་ནས་དོང་ནང་སྦལ་པ་ལ་དམིགས་ནས། ན་མོ། བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་བདག་ཁྱུང་དང་བཅས་པའི་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ཀླུ་རིགས་འཁོར་དང་བཅས། །གཟའ་དང་སྡེ་བརྒྱད་ཡུལ་རིས་གཞི་བདག་རྣམས། །ཐམས་ཅད་སྦལ་པ་འདི་ལ་མྱུར་དུ་ཁུག །ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་གཅིག་ཏུ་གྱུར། །ནཱ་ག་རཱ་ཙ་ཕུཿས་མ་ཡ་ཛཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་པས་དགུག་གཞུག་རབ་གནས་ལན་གསུམ་བྱ། ཧཱུྃ། སྦལ་པ་ཀླུ་བདུད་ནག་པོ་འཇིགས་པའི་གཟུགས། །སྦྲུལ་མགོའི་གདེངས་ཀ་སྦྲུལ་མཇུག་རྒྱ་མཚོ་དཀྲུག །ཆུ་གནས་གཟུགས་རྣམས་ཀླུ་ཡི་འཁོར་དང་གཡོག །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཕུཿཡི་མཐར། །ཨོཾ་ནཱ་ག་རཱ་ཙ་ཕུཿས་མ་ཡ་ཛཿཛཿ ཞེས་པའི་སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས། །ཀླུ་ཆེན་བརྒྱད་སོགས་ཀླུ་དང་ས་བདག་ཀུན། ཁབ་ལེན་ལྕགས་བཞིན་བསྡུས་ནས་དབྱེར་མེད་ཐིམ། །ཀླུ་བདུད་ཁ་རླངས་སྤྲིན་དང་ན་བུན་འཐིབས། །བ་སྤུ་ཐམས་ཅད་སྦྲུལ་དུ་གྱུར་པ་ཡི། ཁ་ནས་ཆུ་རྒྱུན་རྒྱང་རྒྱང་འབབ་པར་གྱུར། །བག་ཟན་གཟའ་ཡི་གཟུགས་དང་དབྱེར་མེད་པའི། །རང་ཉིད་ཕྱག་ན་རྡོ་རྗེའི་ཕྱག་གཡོན་པས། །རཱ་ཧུ་ལ་ནི་སྐུ་སྟོད་མི་ཡི་ལུས། །མགོ་དགུ་སྦྲུལ་གྱི་གདེངས་ཀ་མང་པོ་ཅན། །མགོ་ལུས་མིག་གང་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཡས་ཀླུ་བརྒྱད་ངོ་བོ་སྦྲུལ་བརྒྱད་བཟུང་། །སྦྲུལ་བརྒྱད་ཁ་ནས་ནོར་བུའི་ཆར་ཆེན་འབེབ། །ས་དང་བར་སྣང་ཐམས་ཅད་ཆར་གྱིས་འགེངས། །ཕྱག་གཡོན་སྦྲུལ་ཞགས་སྤྲིན་གྱི་རྔ་ཡབ་འཛིན། །དེ་ཡི་སྐེ་ནས་རང་གིས་བཟུང་བྱས་ཏེ། །བར་སྣང་གདེངས་པས་གཟའ་ཀླུ་འཁྲུགས་པའི་ཆར། །འབྲུག་སྒྲ་དྲག་པོ་དང་བཅས་འབེབ་པར་གྱུར། །དམིགས་པ་དེ་བཟུང་སྔགས་འདི་དྲག་ཏུ་བཟླ། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བཛྲ་ག་རུ་ཊཿཧཱུྃ༔ རཱ་ཧུ་ལ་ནཱ་ག་རཱ་ཙ་ཕུཿས་མ་ཡ་ཛཿཛ༔ ནཱ་ག་གྲུ་ནཱ་ག་གྲུ་དྲག་པོར་ཕོབ༔ མགོ་ལ་ཐུན་ཁྲག་ཕོབ༔ གྲོལ་ཐུན་ཕོབ༔ གྲོལ་ཐུན་ཁྲག་ཕོབ༔ པྲ་ཏ་ཡ་པྲ་ཏ་ཡ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ བྷ་རི་ཤ་ཡ༔ བྷ་རི་ཤ་ཡ༔ འུ་ཤི་ཤ་ཡ༔ འུ་ཤི་ཤ་ཡ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ ནཱ་ག་ནཱ་ག་དུག་ཁྲག་ཕོབ༔ ནཱ་ག་ནཱ་ག་ཆར་ཕོབ༔ ནཱ་ག་ཁྲག་ཐུན་དྲག་པོ་ཕོབ༔ ནཱ་ག་སྤུ་སྤུ༔ ནཱ་ག་ཧཱུྃ་ཧཱུྃ༔ ནཱ་ག་ཕུཿས་མ་ཡ་དམ་ཛཿཛ༔ ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཆར་མྱུར་དུ་ཕོབ་ཅིག༔ ཅེས་པ་སྟོང་ངམ་ལྔ་བརྒྱ་ཙམ་རེ་བཟླ། །དེ་ནས་ཐུན་མཚམས་ཕུར་པ་ཁྲག་ཐུན་གྱིས། །སྦལ་པར་གཟིར་ཞིང་ཁྲག་ཀྱང་ཅུང་ཟད་གཏིག །ཧཱུྃ་ལས་ཕུར་པ་སྐུ་སྟོད་རྟ་མགྲིན་ལ། །སྐུ་སྨད་གནམ་ལྕགས་འབར་བའི་ཕུར་པ་ཡིས། །ཀླུ་བདུད་ནག་པོའི་སྙིང་གར་རབ་ཏུ་གཟིར། ཁྱད་པར་ངན་པའི་དུག་ཁྲག་སྣ་ཚོགས་ནི། །ཀླུ་བདུད་སྟེང་དུ་བྱོས་པས་ཀླུ་བདུད་ནི། ཁྲག་ཏུ་སྐྱུག་པས་སྟོང་གསུམ་ཁྲག་ཆར་གང་། །ཀླུ་བདུད་བ་སྤུ་ཐམས་ཅད་སྦྲུལ་ནག་གི །ཁ་ནས་ཆུ་རྒྱུན་ཆུ་ཆེན་བཞིན་དུ་བབས། །འུར་སྒྲ་དང་བཅས་འཇིག་རྟེན་ཆར་ཆུས་གང་། །འབྲུག་གློག་ཆར་དྲག་སྟོང་གསུམ་གང་བར་གྱུར། །ཅེས་བརྗོད་གོང་གི་སྔགས་བརྗོད་ཁྲག་གཏིག་ཅིང་། ཁྲོ་བོའི་སྟང་སྟབས་འཆམས་ཤིང་ང་རྒྱལ་བསྐྱེད། །ཕུར་པ་དེ་ཉིད་དར་ནག་བཏགས་བྱས་ལ། །མཚོའམ་ཆུ་མིག་སྔས་སུ་བཙུགས་ལ་བཞག །དེ་ལྟར་ཐུན་ནི་གཉིས་གསུམ་གང་ཐོན་ནི། །ཕྱི་དྲོའི་རིགས་ལ་དེ་ལྟར་ནན་ཏན་བྱ། །དེ་ཡན་བྱེད་པ་ཞི་དྲག་ཕྱེད་མ་སྟེ། །ཅིས་ཀྱང་ཞག་གསུམ་ཚུན་ལ་འབབ་པར་གསུངས། ༈ །དེ་ནས་ཉི་ཐལ་ནས་བཟུང་དྲག་འབོད་བྱ། །ཕུར་པ་དགུ་པོའི་དབུས་ཀྱི་ཚོན་སྐུད་སྣེ། །རང་གིས་བཟུང་ལ་གྱེར་བསྒོམ་སྦྲགས་པར་བྱ། །ཧཱུྃ། རང་ཉིད་ངོ་བོ་ཡི་དམ་གང་ཡིན་ལ། །རྣམ་པ་རྟ་མགྲིན་རབ་ཏུ་ཁྲོས་པ་ནི། །རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་རྫོགས་པ། །དབུས་ཀྱི་ཕུར་པ་ཉིད་དང་དབྱེར་མེད་པའི། །ཕྱོགས་མཚམས་ཕུར་པ་བརྒྱད་དང་དབྱེར་མེད་པར། །ཏྲག་ཅེས་བྱ་བའི་ཡིག་འབྲུ་ལས་གྲུབ་པའི། །སྲིན་པོ་དམར་རྒྱ་རབ་ཁྲོས་འཇིགས་སུ་རུང་། ཁོག་སྟོད་ནམ་མཁའ་ཐམས་ཅད་ཁེབས་པ་ལ། །ལུས་ལ་སྤུ་ནི་ཁམ་ཞོལ་རིང་བ་སྟེ། །རྐེད་པ་ཡན་ཆད་སྤུ་རྣམས་གྱེན་ལངས་ཤིང་། །རྐེད་པ་མན་ཆད་སྤུ་རྣམས་ཐུར་དུ་ཉལ། །མིག་ནས་གློག་འཁྱུག་སྣ་ནས་ན་བུན་འཚུབས། ཁ་ནས་འབྲུག་སྒྲོག་ལུས་ཀྱི་སྤུ་རྣམས་ལས། །ཟིལ་པ་ཆར་རྒྱུན་དྲག་པོ་རབ་ཏུ་འབེབ། །རྐང་བ་རྒྱ་མཚོའི་གཏིང་སླེབས་རབ་ཏུ་དཀྲུག །རང་ཉིད་གཙོ་བོས་དྲག་སྔགས་རབ་བརྗོད་པས། །རང་དབང་མེད་པར་སྲིན་པོ་བརྒྱད་ཀྱིས་བཟླས། །སྔགས་སྒྲས་སྟོང་གསུམ་ཁྱབ་པའི་འུར་ཆེམ་གྱིས། །འཇིག་རྟེན་ཁམས་ཀྱི་ཀླུ་རྣམས་ཐམས་ཅད་སྐྲག །རང་དབང་མེད་པར་སྤྲིན་བསྡུས་འབྲུག་སྒྲ་ལྡིར། །ད་ལྟ་ཉིད་དུ་ཆར་ཆེན་འབེབ་པར་གྱུར། །དམིགས་པ་དེ་ཉིད་ཕུར་ཚུགས་བསྒོམས་བྱས་ལ། །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཕུཿཛཿཛ༔ ཕྲོཾ་ཕྲོཾ༔ ཕོབ་ཕོབ༔ བྷ་རི་ཤ་ཡ་བྷ་རི་ཤ་ཡ༔ པ་ཏ་ཡ་པ་ཏ་ཡ༔ ནཱ་ག་རཱ་ཙ་ཕྲོམ་ཕྲོམ༔ ཏྲི་ཙ་ཏྲི་ཙ་ཕོབ་ཕོབ༔ ཏྲི་ཙ་ཏྲི་ཙ་རྦད་རྦད༔ ནཱ་ག་རཱ་ཙ་རྦད་རྦད༔ ནཱ་ག་རཱ་ཙ་རྦུད་རྦུད༔ ནཱ་ག་རཱ་ཙ་སྐུལ་སྐུལ༔ ཅེས་པའི་སྔགས་སྒྲ་དྲག་པོར་བརྗོད་བྱ་སྟེ། །འདི་ལ་མཚན་ཐུན་གཅིག་དང་ཐུན་གཉིས་བྱ། །ཐུན་རེར་སྟོང་ངམ་ལྔ་བརྒྱ་སུམ་བརྒྱ་ཙམ། །ལོང་སྐབས་དག་དང་བསྟུན་ཏེ་བརྗོད་པར་བྱ། །ས་ཕྱོགས་རབ་ཏུ་གཉན་ན་ཞག་གཅིག་དང་། །འབྲིང་གཉིས་ཐ་མ་གསུམ་ནས་འབབ་པར་གསུངས། ༈ །དེ་ནས་མཚན་མོ་ཡི་དམ་ཆོས་སྐྱོང་གི །གཏོར་བསྔོས་ལ་སོགས་ཆག་མེད་ཐུགས་དམ་དང་། །ལུས་སྦྱིན་དམིགས་པ་དག་ཀྱང་བྱ་བ་ཡིན། །དེ་ནས་ནུབ་མོ་ཉལ་དུས་གདམས་པ་ནི། །གོང་གི་དམིགས་པ་ཐམས་ཅད་མི་བསྡུ་བར། །རང་ཉིད་ཕྱག་རྡོར་རྟ་མགྲིན་གུར་དྲག་སོགས། །བསྒོམས་པའི་ཐུགས་ཀར་ཆར་གཡོག་རྟ་ཁལ་སྦ། །རང་གི་བུ་ག་དགུ་དང་བ་སྤུ་རྣམས། །བྱ་ཁྱུང་ཆུང་ངུ་རེ་རེས་བཀག་དམིགས་ཉལ། །ཕྱིར་ནངས་སྔོན་བཞིན་ཞི་འབོད་སྤྲིན་སྡུད་དང་། །རླུང་གནོན་ཞི་དྲག་ཕྱེད་མ་དྲག་འབོད་སོགས། །སྔར་ཉིན་བཞིན་དུ་ཐམས་ཅད་རིམ་བཞིན་བྱ། །མི་མང་ཡོད་ན་ལ་ལས་ཞི་འབོད་དང་། །ལ་ལས་དྲག་འབོད་ལ་ལས་ཕྱེད་མ་དང་། །ལ་ལས་སྤྲིན་སྡུད་ལ་ལས་རླུང་གནོན་བྱ། །གཅིག་གིས་བྱེད་ན་རིམ་པ་བཞིན་དུ་བྱ། ༈ །དེ་ལྟར་བྱས་པས་རྟགས་ཀྱི་རིམ་པ་ནི། །སྤྲིན་ནི་དཀར་པོ་ལྗང་གུ་དམར་པོ་རྣམས། །བལ་འདབ་འདྲ་བ་བྱུང་ན་ཆར་སྤྲིན་ཡིན། །ནུབ་བྱང་མཚམས་ནས་མྱུར་དུ་རྒྱུག་པ་དང་། །སྤྲིན་རྣམས་འབྲུབ་དང་ཉི་མའི་རྣ་ཚར་བཏགས། །སྐམ་ཆར་དག་ཀྱང་ཟིམ་ཟིམ་འབབ་པ་དང་། །ཉི་མས་གུར་ཕུབས་སྐམ་གློག་ས་འབྲུག་གྲགས། །ཆུ་སྲིན་སྦྲུལ་མགོ་རྦ་ཀློང་འཁྲུགས་འདྲའི་སྤྲིན། །རླུང་ནག་འཚུབས་འདྲ་ཁྲབ་ཆེན་རྒྱུག་འདྲའི་སྤྲིན། །སྲབ་ལ་རྒྱ་ཆེ་སྐྲ་ཤད་འཛིང་འདྲ་དང་། །སྤྲིན་དམར་སྤྲིན་ནག་གྱུར་དང་ཕག་ཁྱུ་འདྲ། །ར་ནག་འགྲོགས་འདྲ་ཤར་དུ་དམར་སེར་ཆགས། །སྤྲིན་རྣམས་བྲེལ་དང་ཁོལ་དང་འཐབས་པ་དང་། །ནངས་སྔ་ཤར་དུ་སྤྲིན་དམར་ཆེ་བ་དང་། །དགོང་ཁ་ཉི་མའི་རྩ་ན་རྣ་ཚར་ཆགས། །ཟླ་བ་དམར་པོ་གྱུར་དང་ན་བུན་རྣམས། །རྟ་ལྟར་རྒྱུག་དང་སྦྲུལ་ལྟར་འཁྱིལ་བ་དང་། །རི་རྩེར་ཞྭ་ལྟར་གྱོན་ན་འབབ་པའི་རྟགས། །མཚོ་འམ་ཆུ་མིག་སྔར་ལས་སྐྱེ་བ་དང་། །འོག་ནས་འབྲུག་འདྲའི་སྒྲ་གྲགས་འབབ་རྟགས་སོ། །རྔོན་པ་མི་བདུན་་་གནམ་ཁྱི་སྤུན་བདུན་ཡང་ཟེར།སྤྲིན་ནག་མཐུག་པོས་བཀབ། །ཞག་གཉིས་ནས་འབབ་དེ་བཞིན་སེར་པོས་བཀབ། །གསུམ་ནས་འབབ་སྟེ་ཉིན་མཚན་སྦྲེལ་མར་འབབ། །དམར་པོས་བཀབ་ན་ཞག་པོ་ལྔ་ནས་བབ། །དཀར་པོས་བཀབ་ན་བཅུ་ནས་འབབ་པ་འོ། །སྤྲིན་ནི་སྣ་ཚོགས་འཛོམ་ནས་འུག་སྒྲོ་འདྲ། །ཤར་ནས་ནུབ་རྒྱུག་ལྷོ་ནས་བྱང་རྒྱུག་དང་། །སྤྲིན་འཇའ་འདབ་མ་སྔོན་དམར་ཆགས་ན་འབབ། །ན་བུན་འཐོར་ཞིང་རྒྱུག་པ་དེ་བཞིན་འབབ། །འབྲུག་སྐད་ནུབ་ནས་གྲགས་ན་དེ་ནུབ་འབབ། །ཤར་ནས་གྲགས་ན་ཞག་པོ་གསུམ་ནས་འབབ། །བྱང་ནས་གྲགས་ན་དེ་ནུབ་ནམ་ཕྱེད་འབབ། །རྨི་ལམ་ཆུ་འབྲུབ་ཡུར་དྲངས་ཆང་བཙགས་དང་། །མི་ཆེན་ལ་སོགས་བྱུང་ན་འབབ་པ་འོ། །བུ་ཚ་བུ་མོ་ཁྲོམ་ཚོགས་གུས་འདུད་བྱེད། །ཇ་ཆང་བཟའ་བཏུང་ལོངས་སྤྱོད་ཆེ་ན་འབབ། །དབུལ་ཕོངས་བཀྲེས་སྐོམ་ཅན་ནམ་བྱུང་བ་དང་། །འུར་ཞོག་རུ་སྐྱ་མཚེར་སྟོང་རྨིས་ན་ནི། །གཞན་དུ་སྤོ་བར་གསུངས་ཀྱང་སྤོ་དཀའ་བས། །བཀུག་གཞུག་དམིགས་པ་ཡང་ཡང་བྱ་བར་གཅེས། །ས་ལ་དོང་བརྐོས་རྡོ་ལེབ་བཀབ་བྱས་ཏེ། །སྲུབས་མེད་ས་ཡིས་བྱིབས་ལ་ཕྱིར་ནངས་བལྟ། །རྡོ་ལ་ཟིལ་པ་ཆགས་ན་འབབ་རྟགས་ཡིན། །ཆབ་བྲམ་ཧྲལ་ཧྲོལ་མེ་ཆེན་ལོ་ཉེས་དང་། །ཚྭ་སྒོག་གཡེར་མ་མི་ཁའི་རྫས་བྱིན་དང་། །ལོ་ཉེས་རྨིས་ན་ཕེབས་དཀའ་སྤོ་བར་གསུངས། །དེ་བཞིན་མཚོ་དང་ཆུ་མིག་བྲི་སོང་ན། །ཀླུ་དེས་ཆར་འབེབ་ནུས་པ་མེད་རྟགས་སོ། །མཛེ་ཕོ་ནད་ཅན་ལོང་བ་སོགས་བྱུང་ན། །ཀླུ་གཏོར་འབད་པས་འབབ་པར་འགྱུར་བར་སྣང་། ། ཞག་གསུམ་ཚུན་ལ་གནད་འབེབ་མི་རུང་སྟེ། །གསུམ་མམ་ལྔ་ལ་རྟགས་མེད་འབབ་དཀའ་ན། །སྔ་དྲོ་ལྷ་སྔགས་ཀླུ་སྔགས་རྒྱུན་དུ་སྦྲེལ། །དམར་རྟ་རྣམས་ཀྱང་ཡར་ཡར་ཆུ་མགོར་སྤོ། །ཞི་དྲག་ཕྱེད་མའི་སྔགས་ཀྱང་སྐད་ཆེར་འདོན། །ཕུར་པས་མཚོ་དང་ཆུ་མིག་རྣམས་ཀྱང་དཀྲུག །དགོང་མོ་དྲག་འབོད་སྔགས་བཟླས་ཚེར་ལྕག་གིས། །བྲག་དང་ཤིང་བྲབ་མཚོ་དང་ཆུ་མིག་དཀྲུག །དམིགས་པ་འདི་ཉིད་འདོན་བསྒོམ་སྦྲག་པར་བྱ། །ཧཱུྃ། རང་ཉིད་ཕྱག་རྡོར་ཐུགས་ལས་སྤྲུལ་པ་ཡི། ཁྲོ་བོ་བཅུ་དང་སྲིན་པོའི་ཚོགས་སྤྲོས་ཏེ། །ས་འོག་རིམ་དགུ་རྒྱ་མཚོའི་གཏིང་རྣམས་དང་། །མཐའ་ཡི་རྒྱ་མཚོ་རོལ་པའི་མཚོ་སོགས་ནས། །ཀླུ་རྣམས་རང་དབང་མེད་པར་དེད་ཅིང་བཀུག །སྐྲག་སྔངས་བྱེད་འདར་རང་དབང་མེད་པ་རུ། །འབྲུག་གློག་དྲག་ཆར་འཇིག་རྟེན་ཁྱབ་པར་གྱུར། །ཅེས་བརྗོད་སྔགས་རྣམས་དྲག་ལ་མྱུར་བར་བཟླ། །དེས་ནི་ཅིས་ཀྱང་ཕེབས་པར་ངེས་པ་ཡིན། །དེས་ཀྱང་ཕེབས་པར་དཀའ་བར་གྱུར་པ་ན། །ཉེ་ལོགས་ཆུ་མིག་གཉན་པོ་གཞན་ཞིག་ཏུ། །ཐུན་གྱི་མཚམས་ལ་རང་ཉིད་འགྲོ་བྱས་ལ། །ཆུ་མིག་མཚོ་བསྐྱིལ་སྟེང་དུ་གཡམ་པས་བཀབ། །དེ་སྟེང་སྒྱེད་བུ་གསུམ་བཙུགས་རྡོ་ལེབ་དགབ། །དེ་སྟེང་བག་ཟན་སྦལ་པ་གཅིག་བྱས་ལ། །དུག་སྣ་ཁྲག་སྣ་ཆུ་སྦྱར་སྣོད་དུ་བཞག །ཧཱུྃ། རང་ཉིད་ངོ་བོ་ཡི་དམ་ལྷ་ཉིད་ལ། །རྣམ་པ་ཀླུ་བདུད་ནཱ་ག་རཱ་ཙའི་སྐུ། །རྩ་ཞལ་ཆུ་སྲིན་ཡ་ཁ་གནམ་ལ་རེག །མ་ཁ་སར་ཐུག་ཁ་ནས་འབྲུག་ལྡིར་ན་བུན་འཕྱུར། །ལྕེ་ནས་གློག་འཁྱུག་ཉི་ཟླའི་སྤྱན་མིག་བསྒྲད། །སྦྲུལ་ནག་འབར་བའི་དབུ་རྒྱན་བར་སྣང་འཕྱོ། །རུས་སྦལ་ནག་པོའི་པགས་པ་གོས་སུ་གྱོན། །མ་ཧཱ་གསེར་གྱི་རུ་སྦལ་གདན་དུ་བཏིང་། །ལུས་ལ་ན་བུན་མཐིང་ནག་འཐིབས་ཤིང་འཕྱུར། །ལག་གཡས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་འཛིན། །ཀླུ་གཉན་ས་བདག་ཐམས་ཅད་བྲན་དུ་ཁོལ། །ཀླུ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར་བ་ཡི། །གཙོ་བོའི་ཐུགས་ཀར་ཕེཿཡིག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཨོཾ་ཕེཾ་ལཾ་ཧཱུྃ། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །འཇམ་དཔལ་ནཱ་ག་རཀྴའི་བདེན་པའི་མཐུས། །སྟོང་གསུམ་ཁམས་དང་འདིར་གནས་ཀླུ་གཉན་རྣམས། །སྦལ་པ་འདི་ལ་ད་ལྟ་ཉིད་དུ་ཁུག །ནཱ་ག་རཱ་ཙ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ གསུམ་མམ་བདུན། དེ་ནས་རྡོ་ལེབ་འོག་ནས་དུག་ཤིང་རིགས། །ཚེར་མ་ཅན་གྱི་མེ་བུས་ནས། །རྡོ་ལེབ་གོང་ལ་དྲོས་ཙམ་བྱ། །སྦལ་པ་འཚིག་པར་བྱར་ནི་མི་རུང་ངོ་། །ཨོཾ་ནཱ་ག་གྲུ་ནཱ་ག་གྲུ །དྲག་པོར་མགོ་ལ་ཐུན་ཁྲག་ཕོབ། པྲ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། པྲ་ཏ་ཡ། པྲ་ཏ་ཡ། ཨཱ་བྷེ་ཤ་ཡ། ཨཱ་བྷེ་ཤ་ཡ། བྷ་རི་ཤ་ཡ། བྷ་རི་ཤ་ཡ། ཨུ་ཤི་ཤ་ཡ། ཨུ་ཤི་ཤ་ཡ། ཨུ་ཤ་ཡ། ཨུ་ཤ་ཡ། ནཱ་ག་ནཱ་ག་དྲག་པོར་ཕོབ་ཕོབ། ཅེས་པ་བརྒྱ་ཡན་གང་འགྲུབ་བཟླས་བྱས་ལ། །སེང་ལྡེང་ཕུར་པས་སྦལ་པར་ཁྲག་གཏིག་གོ །ཆར་གཡོག་པ་འམ་རང་ཉིད་གཅེར་བུར་བུད། །མཚོ་འམ་ཆུ་མིག་ནང་དུ་སྦལ་འགྲོས་བྱ། །མ་གྲུབ་ན་ནི་ཡིད་ཀྱིས་བྱས་ཀྱང་རུང་། །ཞག་གཅིག་མི་འགྱང་ཆར་དྲག་འབབ་པ་ཡིན། །དྲག་ལས་ཆེ་བས་ཐོག་མདའ་འོང་དོགས་པས། །སྤྱི་བོར་གསེར་གྱི་འཁོར་ལོ་རྩིབས་སྟོང་སྟེང་། །ཤཱཀ་ཐུབ་སངས་རྒྱས་སྟོང་རྩ་བཞུགས་པར་བསྒོམ། །རྐང་ཞབས་གཡུ་ཡི་གྲོད་པ་མནན་པར་བསྒོམ། །སྔགས་འདི་བདུན་ནམ་ཉེར་གཅིག་ཙམ་གྱིས་ཆོག །ནི་ནཱ་ག་ཛ་མུན་ཏི་ཨཱཿ ཐོག་སྔགས་རྒྱལ་པོ་དྲན་པས་ཆོག་པའོ། ༈ །ཐན་ཆེན་རབ་འབར་ཅི་བྱས་ཆར་མེད་ན། ཁམ་སའི་བྲུབ་ཁུང་ཁ་ཆོད་བཅས་པ་བྱ། །དེ་ནང་བག་ཟན་དག་ལས་གླུ་གཟུགས་བྱ། །ནང་དུ་ཀླུ་ཡི་སྔགས་དང་ས་བོན་བཅུག །ཡུངས་དཀར་ཡུངས་ནག་ཟངས་ལྕགས་ཕྱེ་མ་དང་། །ཏིལ་ནག་ལུང་ཏང་ཙེ་ཡི་འབྲས་བུ་དང་། །ཀེ་ཚེ་རྣམས་ནི་བསྲེས་ཏེ་སྣོད་དུ་བཞག །ཧཱུྃ། རང་ཉིད་ངོ་བོ་ཡི་དམ་ལྷ་ཉིད་ལ། །རྣམ་པ་ཁྲོཾ་ལས་གནམ་ལྕགས་བྱ་ཁྱུང་ནི། །མཐིང་ནག་རྡོ་རྗེའི་མཆུ་གཤོག་རྡོ་རྗེའི་རྭ། །ནོར་བུས་དབུ་བརྒྱན་སྐུ་ཡིས་ནམ་མཁའ་ཁྱབ། །ཐུགས་ཀར་ས་བོན་ཁྲོཾ་ཡིག་འོད་ཟེར་གྱིས། །རང་འདྲའི་ཁྱུང་ཚོགས་ཆར་བབ་རང་ལ་ཐིམ། །ཨེཿ དུག་གསུམ་ལས་ལས་གྲུབ་པའི་བཙོན་ཁང་ནི། །གྲུ་གསུམ་མཐིང་ནག་རི་རབ་ཙམ་གྱི་ནང་། །ཕུཿལས་ཀླུ་གཉན་ཐམས་ཅད་མངོན་སུམ་གསལ། །ན་མོ་དཀོན་མཆོག་གསུམ་དང་གསང་བའི་བདག །རྟ་མགྲིན་པད་འབྱུང་བྱ་ཁྱུང་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ཀླུ་གཉན་ཐམས་ཅད་ཀུན། །བྲུབ་ཁུང་ནང་གི་གཟུགས་བརྙན་འདི་ལ་ཁུག །ཏཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ གསུམ་མམ་བདུན་བརྗོད་དེ་ནས་འདི་སྐད་དོ། །ཧོཿ ཉོན་ཅིག་སྟོང་གསུམ་ཁམས་ཀྱི་ཀླུ་གཉན་རྣམས། །ངས་ནི་འགྲོ་ལ་ཕན་ཕྱིར་ཆར་འབེབ་པ། །རྒྱལ་བའི་བཀའ་བཞིན་བསྒྲུབས་ཀྱང་མ་ཕེབས་པས། ཁྱེད་རྣམས་རྒྱལ་བའི་བཀའ་ལས་འདས་པའི་ཕྱིར། །ད་ནི་དམ་ཚིག་ཆད་པས་སྡིགས་པ་ཡིན། །ང་ནི་མ་ལན་ཆར་པ་ད་ལྟ་ཕོབ། །ཆར་མ་ཕབ་ན་ཁྱེད་ཅག་བརླག་པར་འགྱུར། །ལན་གསུམ་བརྗོད་ལ་ཐུན་བྲབ་སྔགས་འདི་བཟླ། ཕོབ་ཕོབ༔ ཤར་ཤར༔ ཧྲིལ་ཧྲིལ༔ ཕྲོམ་ཕྲོམ༔ ཙ་རཱ་ག་ནཱ༔ ཕོབ་ཏུ་དྲག༔ ཡ་ཏ་པ༔ ཡ་ཤ་རི་བྷ༔ ཕཊ་ཧཱུྃ༔ ཙ་རཱ་ག་ནཱ༔ ལེ་ལེ་པ་དུམ༔ ལེ་ལེ་ག་ནཱ༔ ཧཱུྃ་ལ་ཀཱ་ག་ནཱ་ཨོཾ༔ ནཱ་ག་ནཱ་ག༔ མགོ་ལ་དྲག་པོ་ཐུན་ཁྲག་ཕོབ༔ སུ་པྲ་ཏ་ཐཱ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ བྷ་རི་ཤ་ཡ༔ བྷ་རི་ཤ་ཡ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ ནཱ་ག་ནཱ་ག་དྲག་ཏུ་ཕོབ་ཕོབ༔ ཉིན་ཞག་ཕྲུགས་གཅིག་བར་དུ་བཟླས་ཤིང་གཟིར། །དེ་ཡིས་དྲག་ཆར་མྱུར་དུ་འབབ་པར་ངེས། །ཨུས་ཐུག་མ་གཏོགས་གནད་འབེབ་བྱ་མི་རུང་། །གནད་འབེབ་སྔ་ན་རང་ལ་རྐྱེན་ཁ་འོང་། །ལྷ་འདྲེ་རྣམས་ལ་གནོད་ཅིང་ཉེས་པའང་ཆེ། །དེ་ཕྱིར་གནད་འབེབ་རྒྱབ་མ་འདི་གཉིས་ནི། །ཤེས་པར་བྱ་ཡི་ལག་ཏུ་མི་བླང་གསུངས། ༈ །དེ་ནས་ཆར་པ་བབས་ནི་བྱུང་ཙ་ན། །ད་རུང་ཆར་པ་མང་དུ་བབ་འདོད་ན། །དྲག་འབོད་ཞི་དྲག་ཕྱེད་མ་གཉིས་ཀ་སྐྱུར། །སྔ་དྲོའི་ཞི་འབོད་དེ་ལ་སྔ་དྲོ་དང་། །དགོང་མོ་ཉིན་ཕྱེད་ཐུན་བཞིར་འབད་བྱས་ཤིང་། །ཀླུ་གཏོར་མཆོད་པ་ལ་སོགས་མང་དུ་བྱ། །དེ་འདྲ་བྱས་ན་ཞག་འགའ་བསྡད་ཀྱང་རུང་། །དྲག་འབོད་སྔར་མུས་བབས་ན་བྱེད་མི་རུང་། །གལ་ཏེ་བྱས་ན་རང་ལ་རྐྱེན་ངན་འོང་། །གཡག་ཆད་རྔ་མ་མ་རྫི་ཞེས་པའི་དོན། །གཡུལ་ཚོད་བཟུང་ལྟར་ཚོད་འཛིན་གལ་ཆེ་འོ། །དེ་ལྟར་ཆར་པས་ཚིམས་པར་གྱུར་པ་དང་། ༈ །དེ་ནས་དྲག་ལས་བྱས་པ་གསོ་བ་ནི། ཧྲཱིཿ རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོའི་སྐུ། །སྐུ་སྟོད་གཟུགས་ཁམས་སྐུ་སྨད་འདོད་ཁམས་ཁྱབ། །རིགས་བདག་དབུ་བརྒྱན་དར་དང་རཏྣས་བརྒྱན། །པད་དཀར་ཟླ་བའི་གདན་ལ་ཕྱེད་སྐྱིལ་བཞུགས། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ། །གཡོན་པས་པད་དཀར་ཡུ་བ་ཐུགས་ཀར་འཛིན། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧྲཱིཿ ཕྱག་གཡས་མཆོག་སྦྱིན་མཐིལ་ནས་བདུད་རྩིའི་རྒྱུན། །འོ་མ་ལྟ་བུ་གང་གཱའི་རྒྱུན་བཞིན་འབབ། །ཀླུ་དང་ས་བདག་གཉན་དང་ཡུལ་ལྷ་ཀུན། །བདུད་རྩི་འཐུང་ཞིང་ཁྲུས་བྱས་རྩེད་མོ་རྩེ། །ནད་དང་སྡུག་བསྔལ་རྨས་འགྲམས་ཐམས་ཅད་སོས། །སྔར་བས་བཀྲག་མདངས་ཆེ་ཞིང་མཐུ་སྟོབས་རྒྱས། །བདག་ལ་དད་གུས་ཕྱག་འཚལ་བསྐོར་བ་བྱེད། །ཀུན་ཀྱང་བྱམས་དང་སྙིང་རྗེའི་སེམས་བསྐྱེད་ནས། །ཡི་གེ་དྲུག་པ་འུར་འུར་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཕྲེང་སྐོར་ཙམ་ཞིག་འདོན་ཞིང་བྱམས་པ་བསྒོམ། རང་གིས་དབུགས་གཅིག་ཕར་ལ་བཏང་བ་ཡིས། །རང་གི་བདེ་སྐྱིད་བསོད་ནམས་དགེ་རྩ་རྣམས། །ཀླུ་དང་ས་བདག་རྣམས་ལ་སིབ་སིབ་ཐིམ། ཁོང་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། །རང་གིས་དབུགས་གཅིག་ཚུར་ལ་རྔུབ་པ་ཡིས། །ཀླུ་གཉན་ས་བདག་ཡུལ་ལྷ་ཐམས་ཅད་ཀྱི། །ནད་དང་སྡུག་བསྔལ་སྡིག་སྒྲིབ་ཅི་ཡོད་པ། །བདག་ལ་ཐིམས་པས་བདག་གི་བཀྲག་མདངས་རྒྱས། ཁོང་རྣམས་སྡུག་བསྔལ་ཀུན་དང་བྲལ་བར་གྱུར། །དམིགས་པ་དེ་ཉིད་ཉེར་གཅིག་ཙམ་བསྒོམ་ཞིང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ཀླུ་དང་ས་བདག་ཡུལ་ལྷ་རྣམས། །ཚེ་སྔོན་ཕ་མ་ཡིན་སྙམ་སྙིང་རྗེ་བསྒོམ། ༈ དེ་ནས་རྗེས་ཀྱི་ཆོ་ག་བྱ་བ་ནི། །རྒྱས་པར་གྲུབ་ན་ཀླུ་མཆོད་གཞུང་ལྟར་བྱ། །འབྲིང་དུ་ཀླུ་རིགས་ཆོས་སྐྱོང་ཐམས་ཅད་ལ། །སོ་སོའི་གཏོར་ཆོག་བཞིན་དུ་གཏོར་མ་འབུལ། །བསང་དང་ཀླུ་གཏོར་རྒྱས་བསྡུས་སྐབས་དང་བསྟུན། །ཀླུ་ཡི་བསང་ཡིག་ཁོ་བོས་བྱས་པ་འདོན། །བསྡུ་ན་དཀར་གཏོར་ཆེ་ལེགས་གཉིས་བཤམས་ལ། །འོ་མ་ཀླུ་སྨན་བྲན་ནས་གཏང་རག་གཏང་། བྷྲཱུྃ། བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་གཉིས་ཀྱི་ནང་། ཁཾ། ཁཾ་ལས་དཀར་གསུམ་བརྒྱན་པའི་གཏོར་མ་གཉིས། །ཡིད་མཐུན་ལོངས་སྤྱོད་ནམ་མཁའི་མཐའ་མཉམ་པ། ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། །ཀླུ་བདུད་ནག་པོ་ཀླུ་ཆེན་བརྒྱད་པོ་དང་། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་གདོལ་པའི་རིགས། །གཉན་དང་མཚོ་སྨན་ཀླུ་བདུད་ཀླུ་ཡི་བཙན། །སྟོང་གསུམ་ཁམས་དང་ཀླུ་རིགས་ཐམས་ཅད་དང་། ཁྱད་པར་འདིར་གནས་ཀླུ་རིགས་ཐམས་ཅད་ལ། །སྔར་བྱས་ལས་ཀྱི་གཏང་རག་འདི་འབུལ་ལོ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ནཱ་ག་ཀཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ནཱ་ག་རཱ་ཙ་ཨཥྚ་ས་པ་རི་ཝཱ་ར་ཨི་དཾ༴ སརྦ་ནཱ་ག་ཨི་དཾ༴ གཞན་ཡང་གཉན་དང་ས་བདག་ཡུལ་གྱི་ལྷ། །སྡེ་བརྒྱད་བརྟན་མ་དགེ་བསྙེན་མགུར་ལྷའི་ཚོགས། ཁྱད་པར་ཡུལ་འདིར་གནས་པའི་གཞི་བདག་ལ། །སྔར་བྱས་ལས་ཀྱི་གཏང་རག་འདི་འབུལ་ལོ། །འཁོར་བཅས་མ་ལུས་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་སརྦ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་བྱུང་བའི་དུས། །ཀླུ་ཡི་རྒྱལ་པོས་ཁྱུང་གི་སྒོ་ང་བརྐུས། །བྱ་ཁྱུང་ཁྲོས་ཏེ་རྒྱ་མཚོའི་གཏིང་དུ་འཇུམས། །གཙུག་ན་རིན་ཆེན་སྦྲུལ་ནག་འབར་བ་ཡི། །མགོ་ནས་བཟུང་སྟེ་རི་རབ་རྩེ་ན་ཁྱེར། །དེ་ཚེ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ཀླུ་དང་ཁྱུང་གཉིས་འཁྲུགས་པ་བསྡུམ་པར་མཛད། །ཀླུ་རྒྱལ་གཙུག་གི་ནོར་བུ་རིན་ཆེན་དེ། །སྒོ་ང་བརྐུས་པའི་ཆལ་དང་སྟོང་ལ་འཇལ། །དང་པོ་འཁོན་ཡང་ཐ་མར་འདུམས་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྡུམས་ལ་འགྲས་པ་ཐམས་ཅད་སྦྱངས། །ཕོག་ཐུག་འགྲམས་འཁྲུགས་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །ག་རུ་ཊཿསྟེ་གསེར་མིག་འཁྱིལ་བ་དང་། །ཀླུ་ཡི་རྒྱལ་པོ་དུང་གཙུག་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མར་འདུམས་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམས་འཁྲུགས་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །སྔོ་ཚེ་རྒྱལ་པོ་ཨ་ཤྭ་ཞེས་བྱ་དང་། །ཀླུ་ནི་ཤངྐ་རུ་ར་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་འདུམས་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམས་འཁྲུགས་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །རྒྱ་ཡི་རྒྱལ་པོ་མ་ཏ་ཞེས་བྱ་དང་། །འཛམ་གླིང་བརྟན་པ་ཞེས་བྱའི་ཀླུ་རྒྱལ་གཉིས། །དང་པོ་འཁོན་ཡང་ཐ་མ་འདུམས་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམས་འཁྲུགས་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །རྒྱལ་པོ་དྷར་མ་ཨ་ཤྭ་ཞེས་བྱ་དང་། །ཀླུ་ནི་སྲིད་པའི་ཁང་བརྟེན་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་འདུམས་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམས་འཁྲུགས་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །སྲིད་པའི་ཀླུ་གླང་བཙན་བཙུན་བྱ་བ་དང་། །མཁའ་ལྡིང་ཐོགས་མེད་འཇིག་བྱེད་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་འདུམས་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམས་འཁྲུགས་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །སྔོན་ཚེ་སྲིད་པའི་དཔེ་དང་ལུང་བཞིན་དུ། །བདག་དང་ཀླུ་གཉན་ས་བདག་འཁོན་པ་བསྡུམ། །རྨས་འགྲམས་ཉམས་པ་བདུད་རྩི་སྨན་གྱིས་གསོ། །ཤེལ་ཚིགས་འབྲུ་སྣ་དར་ཚོན་ཆལ་དུ་འཇལ། །བྷྲཱུྃ་ལས་རིན་ཆེན་གཏེར་གྱི་བུམ་པ་ནི། །འབྲུ་སྨན་རིན་ཆེན་ཀླུ་ཡི་གཟུངས་སྔགས་བཅས། །མི་ཟད་འདོད་དགུ་འབྱུང་བར་བྱིན་གྱིས་བརླབས། །ཀླུ་ཡི་ནོར་ཚབ་ས་ཡི་བཅུད་དུ་འབུལ། །ཟངས་རྫ་བག་ཟན་ལས་བྱས་གླང་བུ་ནི། །དངུལ་ཆུ་ཀླུ་སྨན་རིན་ཆེན་སྔགས་ཀྱིས་བཀང་། །ཀླུ་རྣམས་མི་ཟད་ཡུན་གྱི་གཏེར་དུ་འབུལ། །འདི་ལྟར་འཇལ་འདུམས་ལེགས་པར་བྱས་ཟིན་གྱིས། །ཕྱིན་ཆད་འཁོན་སེམས་གདུག་པའི་སེམས་སྤོངས་ལ། །ཕ་བུ་སྤུན་ཟླ་ཤག་རོགས་ཇི་བཞིན་དུ། །བདག་ལ་རྟག་ཏུ་ཁ་འཛིན་སྡོངས་གྲོགས་མཛོད། །རིག་འཛིན་རྒྱལ་བའི་བཀའ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་པའིཕྲིན་ལས་གྲུབ་པར་མཛོད། །དེ་ནས་འོ་མ་ཆུ་དཀར་མང་བྱ་ལ། །ནང་དུ་ཀླུ་སྨན་ཕྱེ་མ་བཏབ་པར་བྱ། །ཡོད་ན་ཡུངས་དཀར་གཙང་མ་ཅུང་ཟད་བླུག །སྔགས་འདི་བརྒྱ་རྩ་བཟླས་ལ་ཕུ་བཏབ་སྟེ། །ཆུ་མིག་གཡས་གཡོན་དྲག་ལས་གར་བྱས་སར། །ཐམས་ཅད་ཁྱབ་པར་ཤིང་ལོས་བྲན་པར་བྱ། །ཨོཾ་སུ་པྲ་ཏིཥྛ་བཛྲ་དུན་ཏི་མི་ལི་མི་ལི་ཡེ་སྭཱ་ཧཱ། དེ་ཡིས་བཀྲ་ཤིས་ཀླུ་དང་འདུམ་བྱས་འགྱུར། །གླང་བུ་དང་ནི་བུམ་གཏེར་ཡོད་ན་ནི། །དེ་ཡི་ཉེ་ལོགས་གང་བདེར་སྦས་ལ་བཞག །དམར་རྟ་གང་སྦས་ཐམས་ཅད་ཚུར་ལ་བླང་། །དེ་ཞོར་གཏང་རག་འོ་མ་ཀླུ་སྨན་རྣམས། །གཏོར་ཆུ་དག་ཀྱང་ཀུན་ལ་བཀྲམ་པར་བྱ། །སྦལ་བ་བསྲེག་ཤོམ་གང་བྱས་ཐབ་ཁ་བཤིག །ཀླུ་སྨན་བཏབ་ཅིང་སྦལ་པའི་གཟུགས་རྣམས་བསྡུ། །དེ་ནས་རྗེས་ཆོག་མཆོད་བསྟོད་བྱ་བ་ནི། །ཨོཾ། དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་རྣམས། །རིགས་གསུམ་མགོན་པོ་ཁྲོ་བཅུ་ཁྱུང་གི་ཚོགས། །ཀླུ་བདུད་ཀླུ་ཆེན་བརྒྱད་སོགས་རྣམས་ལ་འབུལ། །སོ་སོའི་ཡོན་ཏན་ཚོགས་ལ་གུས་པས་བསྟོད། །ལྷག་ཆད་ནོར་འཁྲུལ་ཉེས་པ་ཐམས་ཅད་བཤགས། །ཡེ་ཤེས་ལྷ་རྣམས་རང་རང་གནས་སུ་གཤེགས། །ཀླུ་དང་ས་བདག་ཡུལ་ལྷ་གཞི་བདག་རྣམས། །སོ་སོ་རང་རང་གནས་སུ་བདེ་བར་དེངས། །ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་བཛྲ་མུཿ སེ་གོལ་གཏོགས་ལ་ཐམས་ཅད་བྱེར་བར་བསྒོམ། ༈ །ཐོ་བསྒྱེལ་ཕུར་པ་ཐམས་ཅད་བཏོན་པར་བྱ། །ཆུ་མིག་སྟེང་དུ་ཁ་གབ་བཀབ་སོགས་བཤིག །རླུང་ལྷ་ཆར་བཀག་གནོད་བྱེད་མནན་པ་བཏོན། །ཚོན་སྐུད་བཀྲོལ་ལ་འདི་ལྟར་བཤགས་པ་བྱ། །རླུང་ལྷ་ལ་སོགས་གནོད་བྱེད་ཁྱེད་རྣམས་ལ། །བདག་གིས་མནན་ཅིང་གཟིར་པ་མཐོལ་ལོ་བཤགས། །རང་གི་ལུས་ལ་གནོད་པའི་དཔེ་ལོངས་ལ། །སེམས་ཅན་གཞན་ལ་གནོད་པ་མ་བྱེད་ཅིག །ད་ནི་ཐམས་ཅད་རང་རང་གནས་སུ་དེངས། །བཱ་ཡ་བེ་སརྦ་བིག་ནན་གཙྪ། ཞེས་བརྗོད་ལིངྒ་རླུང་ཁར་ལན་གསུམ་གཡུག །དེ་ནས་གཟའ་ཀླུའི་གཟུགས་དང་སྦལ་པ་ཡང་། །ནང་གཞུག་ཤོག་དྲིལ་བླངས་ལ་འཚག་བྱ་ཞིང་། །རྒྱལ་ཐོའི་ཚ་ཚ་ཤོག་དྲིལ་འཚག་བྱ་འོ། །ལིངྒ་རྣམས་ཀྱང་འཚག་བྱ་རྗེས་སོར་མཁོ། །ཀླུ་གཟུགས་ཆུ་གནས་མཚོ་འམ་ཆུ་མིག་སྦ། །ཤིང་ལོས་བཀབ་ལ་བྱ་ཁྱིས་མི་ལོན་བྱ། །སྦལ་གཟུགས་གཉིས་ལ་ཁྲག་ཐུན་འགོས་ཡོད་པས། །ཆུ་ལ་མི་འགྲོའི་བྲག་གསེབ་ས་ཕུག་སྦ། །ཀླུ་དང་གཞི་བདག་གཏོར་མ་དེ་རྣམས་ནི། །ད་རུང་བབ་འདོད་ཆུ་ཡི་ནང་དུ་འབུལ། །དེ་ནས་མི་འབབ་འདོད་ན་གཙང་སར་འབུལ། །འབབ་འདོད་ཆུ་ཡི་མཚོ་ཆུང་དེ་གར་བསྐྱུར། །ཆད་འདོད་མཚོ་ཆུང་བཏང་ལ་མེད་པར་བྱ། །ཕུར་བུ་ཀུན་བཏོན་གྲལ་མལ་བཤིག་ཅིང་ཕྱགས། །ཀླུ་ཡི་བུམ་ཆུ་མཚོ་འམ་ཆུ་མིག་བླུག །རིགས་གསུམ་མགོན་པོའི་བུམ་ཆུ་དེ་ཡིས་ནི། །རང་དང་ཆར་གཡོག་ཁྲུས་བྱ་ཁོག་ཏུ་འཐུང་། །རང་གཞན་བསྡད་མལ་རྣམས་སུའང་གཏོར་བར་བྱ། ༈ །དེ་ནས་བསྔོ་བ་སྨོན་ལམ་རྩེ་གཅིག་བཏབ། །ན་མོ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་དང་། །པད་འབྱུང་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །ཐུགས་རྗེའི་དབང་གིས་གསན་ཅིང་དགོངས་སུ་གསོལ། །བདག་གིས་ཆར་པ་ཕབ་པའི་དགེ་བ་འདིས། །མུ་གེའི་འཇིགས་པས་ཉེན་པའི་མི་རྣམས་ལ། །ལོངས་སྤྱོད་ཟང་ཟིང་སྦྱིན་པར་འགྱུར་བར་ཤོག །ཚད་པས་གདུང་བའི་འབུ་སྲིན་སེམས་ཅན་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་འགྱུར་བར་ཤོག །ཀླུ་དང་གཉན་དང་ས་བདག་ཐམས་ཅད་ལ། །དམ་པའི་ཆོས་ཀྱི་སྦྱིན་པར་འགྱུར་བར་ཤོག །བདག་དང་བདག་གི་ཆར་གཡོག་བྱེད་རྣམས་དང་། །ཆར་ཞུས་བྱེད་པའི་རྒྱུ་སྦྱོར་ཡོན་བདག་དང་། །ཆར་པ་འབེབ་བྱེད་ས་བདག་ཀླུ་གཉན་དང་། །ཆར་པས་ཁྱབ་པའི་སེམས་ཅན་སྲོག་ཆགས་ཀུན། །འདི་ནས་ནམ་ཞིག་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དུ་བརྫུས་སྐྱེས་ཏེ། །ལུས་རྟེན་དེ་ལ་མངོན་པར་སངས་རྒྱས་ཤོག །དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ། །སྐྱབས་གནས་དམ་པ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་བདག །ཡི་དམ་རིགས་གསུམ་མགོན་པོའི་བཀྲ་ཤིས་ཤོག །ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ། །ཨོ་རྒྱན་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །སར་གནས་སེམས་དཔའ་འགྲོ་ལ་ཕན་བྱེད་པ། །སྤྲུལ་པའི་ཀླུ་རྒྱལ་རྣམས་ཀྱི་བཀྲ་ཤིས་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་ནས་རྫོགས་རིམ་སྟོང་ཉིད་བསྒོམ་པ་ནི། སྣོད་བཅུད་ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཉིད་ཐུགས་རྗེ་ཆེན་པོ་འོད་དུ་ཞུ། །ཧྲཱིཿལ་ཐིམ་ཞིང་དེ་ཡང་མི་དམིགས་པ། །རང་རིག་སྤྲོས་བྲལ་ཆོས་སྐུ་རྗེན་པར་བུད། །རང་གིས་སྟོང་ཉིད་ཐུན་གཅིག་བསྒོམ་པའི་ཚེ། །ཆར་གཡོག་རྣམས་ཀྱིས་ཁལ་བཀལ་འགྲོ་རན་ཙ། །ཧཱུྃ། རང་ཉིད་སྟོང་པའི་ངང་ལས་སྒྱུ་མའི་སྐུ། །རྟ་མགྲིན་དམར་པོ་དབྱུག་ཐོ་སྡིགས་མཛུབ་ཅན། །རྟ་དབུ་འཚེར་ཞིང་བ་སྤུ་ཁྱུང་གིས་གཏམས། །ཐུགས་དབུས་ཧྲཱིཿནང་ཆར་གཡོག་ཁལ་རྟ་ཚུད། །མེ་འབར་གར་སྟབས་དང་བཅས་འགྲོ་བར་གྱུར། །ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་བདག་ཅག་འཁོར་བཅས་སྲུངས་ཤིག་རཀྵ་རཀྵཿ དེ་ནས་ཚུ་ཟད་ཕྱིན་ལ་ཐོ་གཅིག་བྱ། །དེ་ན་ཁྲོཾ་ཡིག་གཅིག་ཀྱང་བྲིས་བྱས་ལ། ཁྲོཾ་ལས་ཐོ་ཉིད་བྱ་ཁྱུང་མཐིང་ནག་ནི། ཁ་གདངས་མིག་བསྒྲད་རལ་གྲིའི་གཤོག་པ་གདེངས། །ཕར་ལ་ཞལ་གཟིགས་རྗེས་ཁྱི་སྲུང་བར་གྱུར། །ཨོཾ་ཁྲོཾ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཅེས་བསྒོམ་ཁྱུང་སྔགས་དེ་ཉིད་འདོན་ཞིང་འོང་། །དེ་ནས་རང་གཞན་ཁྱིམ་དུ་འགྲོ་བས་ཆོག །འདི་མིན་སོང་ན་འགྲིམ་སྣ་གནོད་འཚེ་འོང་། །དེ་ནས་རྒྱུན་དུའང་ཆར་འབོད་བྱས་པ་དེ། །རང་གི་ཡོན་བདག་ཡིན་སྙམ་འདུན་པ་བྱ། །ཨེ་མ་གསར་རྙིང་ཆར་འབོད་མཐའ་ཡས་གྲངས་མང་ཡང་། །ཟབ་ལ་ཚན་ཆེ་བདུད་རྩི་བུམ་ཆུང་ཡིན།་་་བླ་མ་དགོངས་འདུས་ལས་ཚོགས་ལོ་ཏོག་ཕན་བྱེད་ལྷན་ཐབས་དྲུག་གི་ནང་ཚན་ནོ། །དགུན་སྒྲུབ་ཐོན་ན་ལེགས་ཀྱང་ཐོན་པར་དཀའ། །གློ་བུར་ཆར་འབེབ་ཞི་དྲག་རྣམ་གསུམ་ཡང་། །ཞི་འབོད་འཇམ་ཡང་མྱུར་དུ་འབབ་པར་དཀའ། །དྲག་འབོད་མྱུར་ཡང་ཝ་ཐོན་ཙམ་རེ་ཡིན། །དེ་བས་ཞི་དྲག་གསུམ་ཀ་གཅིག་དྲིལ་བས། །མྱུར་ལ་ཚན་ཆེ་ཟབ་ལ་རྒྱ་ཆེ་བ། །ཞལ་ཤེས་ཕྱག་ལེན་ཟབ་མོ་མང་པོས་བརྒྱན། །གཞན་ནས་ཁ་བསྐང་གང་དགོས་གཞུང་དུ་ཕབ། །དམིགས་པ་ཐམས་ཅད་གྱེར་སྒོམ་ཟིན་པར་སླ། །ཕྱག་ལེན་ཐམས་ཅད་བལྟས་ཆོག་གོ་བདེ་བ། །སྙིགས་དུས་ཆར་ཆུ་དུས་སུ་མི་འབེབས་ཤིང་། །མན་ངག་ཕྲན་བུ་ཐམས་ཅད་སྣ་རྡུགས་ཏེ། །ལྷ་སྲིན་ནག་ཕྱོགས་ཤུགས་ཆེ་དཀར་ཕྱོགས་ཉམས། །ཆར་ཆུ་མེད་པས་མུ་གེ་དར་བའི་དུས། །འགྲོ་ལ་ཕན་བསམ་བལྟས་ཆོག་ཉིད་དུ་བཀོད། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་སམ། །སྦ་འོས་གསལ་བཀོད་ཉེས་པ་མཆིས་སྲིད་ན། །པད་འབྱུང་རྩ་གསུམ་ཀླུ་དབང་ཚོགས་ལ་བཤགས། །དགེ་བས་འཇིག་རྟེན་བདེ་ཞིང་ལོ་ལེགས་ཤོག །དེ་སྐད་རཱ་ག་ཨ་སྱ་ཞེས་བྱས་སྨྲས། །དཔེ་འདི་རྒྱ་ཆེར་འཕེལ་ཞིང་མི་ནུབ་པར། །སེམས་ཅན་དཔག་མེད་རྣམས་ལ་ཕན་གྱུར་ཅིག །མངྒ་ལཾ།། །།
རཀ་ཤག་གཏེར་སྟོན་ལུགས་ཀྱི་སྲིད་པ་མ་མོའི་ལས་མཐའ་གསང་བ་མདོས་བཅུའི་གསོག་ཡིག་དང་སྟོད་འཕྱོང་མདོས་སོ་སོའི་སྨྲེང་དང་སྨད་འཕྱོང་བཅས་པ་ཟབ་པའི་མཐར་ཐུག་ (Volume 43, Text 51)
༄༅། །རཀ་ཤག་གཏེར་སྟོན་ལུགས་ཀྱི་སྲིད་པ་མ་མོའི་ལས་མཐའ་གསང་བ་མདོས་བཅུའི་གསོག་ཡིག་དང་སྟོད་འཕྱོང་མདོས་སོ་སོའི་སྨྲེང་དང་སྨད་འཕྱོང་བཅས་པ་ཟབ་པའི་མཐར་ཐུག་བཞུགས་སོ། ། མདོས་བཅུའི་གསོག་ཡིག་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི། མདོས་བཅུའི་གསོག་ལ། མ་ཏྲཾ་གཉིས་པོ་མ་གཏོགས་ཐམས་ཅད་རི་རབ་ཀྱི་ཁར་བཞག ༈ །དང་པོ་རཀྴ་དགྲ་མདོས་ཀྱི་བཤམ་ནི༔ རི་རབ་བང་རིམ་གསུམ་པའི་སྟེང་དུ༔ རཀྴ་ནག་པོ་ཕྱག་གཡས་མདའ་གཞུ་བསྣམས་པ༔ གཡོན་དར་མདུང་ཕྱར་བ༔ སྐུ་མདོག་མཐིང་ག་སེང་གེ་ལ་ཞོན་པ་བྱ༔ ནམ་མཁའ་ཁོང་ནག༔ རྒྱང་བུ་མདའ་འཕང་ཤིང་བྲིས་ཟོར་ཀོང་རྣམས་ཉེར་གཅིག་རེ་གསག་གོ༔ ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི༔ ཞུབ་ཅན་ཉེར་གཅིག༔ གླུད་ཉེར་གཅིག་རྣམས་འགོད་པར་བྱའོ༔ ༈ གཉིས་པ་དགྲ་ཟློག་གི་གསོག་ནི༔ མཛོ་རོག་ལ་ཞོན་པ་ཞལ་བཞི་པ༔ སྟེང་ཞལ་ནག་པོ་འོག་མ་གསུམ་དམར་པོ་བྱ༔ ཁྲབ་རྨོག་བསེ་ཕུབ་དང་སྟག་རལ་གཟིག་ཤུབས་ཅན༔ གཡས་རལ་གྲི་གཡོན་དར་མདུང་ཅན་བྱའོ༔ གཡས་སུ་ཞུབ་ཅན་མདའ་འགེང་པ་བཞི༔ གཡོན་དུ་རལ་གྲི་ཐོགས་པ་བཞི༔ མདུན་དུ་ཐལ་མོ་སྦྱར་བ་བཞི༔ ནམ་རྒྱང་ནག་པོ་མདའ་འཕང་གྲི་ལ་སོགས་མཚོན་ཆ་སྣ་ཚོགས་ཐོགས་པ་དགུ་བཅུ་གོ་དགུ༔ གླུད་བརྒྱ་རྩ་བརྒྱད༔ ལྕུང་ཀའི་སྒྲོ་རྣམས་བསགས༔ སྟེང་དུ་གདུགས་ཕུབ་བོ༔ ༈ གསུམ་པ་བདུད་ཀྱི་ཞལ་བསྒྱུར་ནི༔ བདུད་ཀྱི་ཤ་བ་ལ་མོན་པ་ནག་པོས་ཞོན་པ༔ གཡས་དར་མདུང་དང་གཡོན་སྦྲུལ་ཞགས་བསྣམས་པ༔ ནམ་རྒྱང་མདའ་འཕང་ནག་པོ་བཅུ་གསུམ་གཟུག༔ མདུན་དུ་བདུད་ཤ་ནག་པོ་བཅུ་གསུམ༔ གཡས་གཡོན་དུ་མོན་པ་ནག་པོ་བཅུ་གསུམ༔ ཕྱི་ལ་རྟ་པ་ནག་པོ་བཅུ་གསུམ༔ བདུད་བྱ་ལྕུང་ཀའི་སྒྲོ་བཅུ་གསུམ༔ གདུགས་ནག་པོ་མཐའ་ལ་དཀར་པོ་ཅན་ཕུབ་བོ༔ ༈ བཞི་པ་འདྲེ་ཁྲོམ་བསྒྱུར་ནི༔ སེང་གེ་དཀར་མོ་ལ་སྐྱེས་པ་གོ་མཚོན་ཚང་བ་རྨོག་ཁྲབ་དང་བཅས་པ༔ དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ག་བྱས་པ་་་ཕྱག་གཉིས་ཕྱག་མཚན་མང་པོ་ཐོགས་པ།མཆན།བསྐྱོན་ལ་བཞག༔ ནམ་མཁའ་ཁོང་ནག་རྒྱང་བུ་མདའ་འཕང་ཐམས་ཅད་བཅུ་གསུམ་རེ་གཟུག༔ གདུགས་ཕུབ༔ དེའི་གཡས་སུ་འཁོར་གསུམ་ཅན་སྔོན་པོ་བཅུ་གསུམ༔ གཡོན་དུ་དར་མདུང་ཅན་བཅུ་གསུམ༔ སྔོན་ལ་གླང་པོ་ཆེའི་སྣ་རྩེར་རལ་གྲི་བཏགས་པ་བཞི༔ གླུད་བརྒྱ་རྩ་བརྒྱད་དགོད་དོ༔ ༈ ལྔ་པ་མ་ཏྲཾ་ལ་བརྟེན་པའི་མ་མོའི་གླུད་མདོས་ནི༔ མ་ཏྲཾ་གི་སྙིང་གར་མཁར་གཅིག་བཙུགས་ལ༔ དེའི་སྟེང་དུ་བུད་མེད་ནག་མོ་དྲེའུ་ལ་ཞོན་པ༔ གཡས་རལ་གྲི་གཡོན་ནད་རྐྱལ་འཕྱར་བ་བྱ༔ དེའི་མཐའ་ལ་བརྟན་མ་བཅུ་གཉིས༔ ཕྱོགས་བཞི་ལ་རྒྱལ་ཆེན་བཞི༔ ནམ་རྒྱང་ནག་པོ་འཇའ་རིས་ཅན་བཅུ་གསུམ༔ མདའ་འཕང་བཅུ་གསུམ༔ གླུད་བརྒྱ་རྩ་བརྒྱད་རྣམས་འགོད་དོ༔ ༈ དྲུག་པ་མ་ཏྲཾ་ལ་བརྟེན་པའི་མ་མོའི་ཁྲག་མདོས་ནི༔ མ་ཏྲཾ་བྲིས་པའི་སྙིང་གར་གྲུ་གསུམ་མཐིང་ནག་བྲུ༔ དེའི་སྟེང་དུ་མཁར་གྱི་ཁར་ནག་མོ་དྲེའུ་ཞོན་པ་ཁྲམ་ཤིང་ཕྱར་བ་བཞག༔ གླུད་བརྒྱ་རྩ་བརྒྱད་འགོད༔ ཕྱོགས་བཞིར་ནག་མོ་ཁྲག་གི་རལ་པ་ཅན་བཞི༔ རྟ་པ་ནག་པོ་ལག་ཏུ་མཚེ་ཉུངས་ཁྱེར་བ་བཞི༔ ནམ་མཁའ་ཁོང་ནག་དགུ༔ རྒྱང་བུ་མདའ་འཕང་དགུ་དགུ༔ ཟོར་ཀོང་ནང་དུ་ཁྲག་བླུགས་པ་ཉེར་གཅིག༔ གདུགས་དང་བཅས་པ་བཤམ༔ ཡོན་བདག་གི་མགོ་བོའི་སྟེང་དུ་བལ་ཚོན་སྣ་ལྔའི་འདབ་མ་བཞག༔ སྨྲེང་རང་ཚར་བ་དང་ཟོར་ཀོང་དུ་བསྒྱུར་རོ༔༈ བདུན་པ་ཕུང་སྲིའི་ལྟས་ངན་ཟློག་པ་ནི༔ མོན་མོ་ནག་མོ་རྔ་མོང་ལ་ཞོན་པ༔ གཡས་བྷནྡྷ་གཡོན་ཟོར་ཀོང༔ མགོ་ལ་ལྟས་ངན་གྱི་སྒྲོ་གཟུག༔ འུག་པ་བདུན་གྱིས་བསྐོར༔ ནམ་རྒྱང་མདའ་འཕང་ལ་སོགས་རབ་དགུ༔ འབྲིང་བདུན༔ ཐ་མ་ལྔ་བཤམ༔ མི་ཁའི་རྫས་ཀྱིས་མཐའ་བསྐོར་རོ༔ ༈ བརྒྱད་པ་ཕུར་ཁ་ཟློག་པའི་མདོས་ནི༔ རི་རབ་དམར་པོ་ལྕོག་དཀར་པོ༔ རྩེ་ལ་བྱ་ནག་ཉེར་གཅིག་འགོད༔ ལྕོག་ལ་སེངྒེ་རེ་རེ་འགོད༔ བཤོས་བུ་རེ་རེ༔ ནམ་རྒྱང་མདའ་འཕང་ལ་སོགས་ཉེར་གཅིག་རེ་བྱ༔ འཇའ་རིས་གདུགས་དང་བཅས་པའོ༔ ཟོར་རྫས་སྣ་ཚོགས་པས་མཐའ་བསྐོར་རོ༔ ༈ དགུ་པ་གཏད་ཟློག་པ་ནི༔ རུས་སྦལ་ནང་དུ་དགྲ་བགེགས་ལིངྒས་བཀང༔ ནམ་རྒྱང་སྣ་ཚོགས་ཉེར་གཅིག་འགོད༔ མདའ་འཕང་སྦྲུལ་ནག་སྨན་ལེབ༔ རྩང་རྣམས་ཉེར་གཅིག༔ རྩེ་ལ་བྱ་ཁྱུང་གཟུག༔ གདུགས་ཕུབ་བོ༔ ༈ བཅུ་པ་རི་རབ་དང་ལུག་གིས་སྐོང་བ་ནི༔ རི་རབ་བང་རིམ་བཞི་པ༔ ཟོམ་རྩེར་ལྕོག་དང་བཅས་ཕྱོགས་མཚོན་བྱ༔ རྩེ་ལ་རྨ་བྱ་དང༔ ལུག་ནག་དར་གྱི་མགུལ་ཆིངས་ཅན༔ བུད་མེད་སྨུག་མོ་བཅུ་བཞི༔ རྟ་བཞི༔ ནམ་རྒྱང་མདའ་འཕང་བཅུ་གསུམ༔ སྤྱན་གཟིགས་སྣ་ཚོགས་དང་བཅས་པའོ༔ སྟེང་ནས་གདུགས་ཕུབ་པའོ། ༈ །དེ་ལྟར་མདོས་བཅུ་གང་གཏོང་ཡང༔ སྒྲུབ་པ་པོ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པས་བདེ་བའི་སྟན་ལ་འདུག་སྟེ༔ སྐྱབས་སེམས་སྔོན་དུ་འགྲོ་བས་རྩ་བ་གསུམ་གང་ཡང་རུང་བའི་བདག་བསྐྱེད་མཆོད་བསྟོད་བཟླས་པ་དང་བཅས་པ་ལེགས་པར་གྲུབ་ནས༔ མདོས་རྣམས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཏེ༔ མགྲོན་རྣམས་ཚིམ་པའི་འདོད་དགུའི་འབྱོར་པས་གང་བའི་དམིགས་པ་རྒྱ་ཆེན་པོ་བསྐྱེད་ལ༔ རྔ་དྲག་ཏུ་བརྡུང་ཞིང་མདོས་གཞུང་ལ་འཇུག་པར་བྱ་སྟེ༔ མདོས་བཅུ་གང་བཏང་ཡང་སྟོད་ཀྱི་ལས་དྲུག་དང༔ སྟོད་འཕྱོང༔ བར་གྱི་ལས་གཉིས༔་་་ལས་དང་པོ་མདོས་སོ་སོའི་སྨྲེང་དང་ཤམ་བུ་བཅས།མཆན། སྨད་ཀྱི་ལས་བརྒྱད་པོ་ཀུན་ལ་སྦྱར་རོ༔ ༄༅༔ མདོས་བཅུའི་སྟོད་འཕྱོང་བཞུགས་སོ༔ དཔལ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མདོས་བཅུ་ཀུན་གྱི་སྔོན་དུ་འདི་འོ༔ ཧཱུྃ༔ ངས་ནི་དེ་རིང་མདོས་གཏོང་ངོ༔ ངས་ནི་ཡས་དང་ཐགས་ཤིག་གཏང༔ ཡས་དང་ཐགས་ཀྱི་ངོ་ལེན་པ༔ བདུད་དང་དགྲ་དང་བགེགས་ལ་བྷྱོ༔ ངས་ནི་དེ་རིང་གླུད་ཅིག་གཏོང༔ ང་ནི་དེ་རིང་དཀོར་ཆ་འབུལ༔ ཆེ་བའི་དཔུང་རྣམས་གཞོམ་དུ་གསོལ༔ བདུད་དཔུང་ཤིགས་ལ་དམག་དཔུང་སྒྱུར༔ ནད་ཁ་ཆོད་ལ་རིམས་ཁ་སྒྱུར༔ ང་ནི་དེ་རིང་རྫོངས་ཤིག་འབུལ༔ ང་ནི་དེ་རིང་ཐན་ཞིག་གཏོང༔ མ་བདུད་འཁོར་བཅས་ཟློག་ཏུ་གསོལ༔ སྤྱན་གཟིགས་དཀོར་ཆ་མཐུན་རྫས་འབུལ༔ མཉེས་ཤིང་འགྲང་བའི་མཐུན་རྫས་འབུལ༔ སྐུ་གླུད་བརྗེ་གླུད་རིན་ཞིག་འབུལ༔ དགྲ་འདྲེའི་དཔུང་རྣམས་གཞོམ་དུ་གསོལ༔ བདུད་དང་བགེགས་ཀྱི་དཔུང་ལ་བྷྱོ༔ ཧཱུྃ༔ ང་ནི་རྣལ་འབྱོར་ཆེན་པོ་སྟེ༔ ང་ནི་དཔལ་གྱི་བཀའ་སྡོད་ཡིན༔ ང་ནི་འཇིགས་བྱེད་ཆེན་པོའི་སྐུ༔ ང་ནི་འབར་བའི་རྒྱལ་པོ་སྟེ༔ དགྲ་བགེགས་འབྱུང་པོའི་གཉེན་པོར་ཆེ༔ བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ཀུན༔ མ་ཡོ་མ་འདུར་ལས་ལ་འཕྱོ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ སྣང་སྲིད་ལྷ་འདྲེ་ཟློག་ཏུ་གསོལ༔ དལ་ཁ་སྒྱུར་ལ་ནད་ཁ་ཆིངས༔ བགེགས་དཔུང་ཆོམས་ལ་དགྲ་དཔུང་ཟློགས༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཧཱུྃ་ཧེ་རུ་ཀ་ཧཱུྃ་ཧ་ཧེ་ཕཊ༔ ཀྲོ་ཏཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ༔ གང་ཡིན་པར་སྒྱུར་ཟློག་བྱའོ༔ མདོས་བཅུ་ཀུན་གྱི་སྟོད་འཕྱང་ངོ༔ ༄༅༔ མདོས་བཅུ་སོ་སོའི་གཞུང་སྨྲེང་དངོས་ནི།མཆན། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ དང་པོ་རཀྴ་དགྲ་མདོས་བསྟན་པ་ནི༔ གསོག་ལ་དཔེའུ་ཆུང་བཞིན་བསགས་ལ་འདི་སྐད་དོ༔ ཧཱུྃ༔ དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མཆོག་ནི༔ ཟློག་སྒྱུར་ཆེན་པོ་རྔམ་བརྗིད་རྒྱལ་པོའི་སྐུ༔ དེ་རིང་སྒྱུར་བའི་རྒྱལ་པོའི་དུས་ལ་བབས༔ དེ་རིང་ཟློག་མཛད་ཆེན་པོའི་དུས་ལ་བབས༔ མངོན་སྤྱོད་དྲག་པོའི་སྟོབས་ཀྱིས་བསྒྲལ་དུ་གསོལ༔ དགྲ་དང་གདུག་པའི་ཚོགས་རྣམས་བསྒྲལ་དུ་གསོལ༔ ཕྱག་དང་ཞབས་གཉིས་སྤྲུལ་པ་ཅིར་ཡང་འགྱེད༔ མ་མོ་ཌཱ་ཀི་ཐམས་ཅད་དབང་དུ་སྡུད༔ ཟངས་ལྕགས་རིན་ཆེན་སྣ་ལྔའི་གོ་མཚོན་ཅན༔ བདག་གི་སྡང་བའི་དགྲ་བགེགས་ཟློག་ཏུ་གསོལ༔ ཕྱག་གི་སྤྲུལ་པས་རི་རབ་ཀླད་ལ་བསྐོར༔ མདའ་གཞུ་འགེངས་དང་རྒྱ་གར་གྲི་ཐབས་མཛད༔ གསོད་བྱེད་ཆེན་པོ་དཔའ་བོ་ཞལ་བཞི་པ༔ རུ་མཚོན་རྒྱལ་མཚན་བ་དན་ཕྱ་ར་ར༔ སྣང་སྲིད་ལྷ་འདྲེ་མ་ལུས་བྲན་དུ་འཁོལ༔ བར་སྣང་ལྷ་བྲན་མ་ལུས་དབང་དུ་སྡུད༔ ཆིབས་སུ་གངས་དཀར་སེང་གེ་འཇིགས་པ་འཆིབ༔ རབ་ཏུ་རྔམས་ཤིང་རྒྱུག་པ་དགྲ་ལ་ཡ༔ གནས་འདིར་ཕན་གདགས་རྣལ་འབྱོར་ཕྲིན་ལས་མཛོད༔ བྷྱོ་ཟློག་ཆེན་པོ་མདོས་ཆེན་དཔུང་ལ་གཤེགས༔ བསམ་སྦྱོར་ངན་པའི་དགྲ་བོ་ཟློག་ཏུ་གསོལ༔ དེ་ནས་ཤམ་བུ་སྦྱར༔ རཀྴ་དགྲ་མདོས་སོ༔ ༈ གཉིས་པ་དགྲ་ཟློག་ནི༔ གསོག་དཔེའུ་ཆུང་བཞིན་བསགས་ལ་འདི་སྐད་དོ༔ བྷྱོ༔ ཁྲོ་རྒྱལ་འཇིགས་བྱེད་རབ་ཏུ་མ་རུངས་པ༔ ལྟོ་འཕྱེ་ཆེན་པོ་གདུག་པ་ཚར་གཅོད་པ༔ བསྐལ་པའི་མེ་རི་སྨུག་ནག་དཀྱིལ་འཁོར་ནས༔ མྱོས་བྱེད་ཆེན་པོ་དགྲ་བགེགས་དམག་དཔུང་འདུལ༔ ཕྲིན་ལས་ཆེན་པོ་མཛད་ཅིང་མྱུར་དུ་གཤེགས༔ གོ་མཚོན་ཆེན་པོ་སྣ་ལྔ་སི་ལི་ལི༔ དར་ཚོན་སྣ་ལྔའི་རུ་མཚོན་པུ་རུ་རུ༔ ཆིབས་སུ་ཡི་དྭགས་གཙོ་བོ་སྟོབས་ཆེན་འཆིབ༔ རྔ་ཡབ་འཁྲུགས་ཤིང་སྲིད་གསུམ་བརླག་པར་བྱེད༔ རྒྱུ་འབྲས་སྟོབས་ཀྱིས་དགྲ་དཔུང་ཁ་ལོ་སྒྱུར༔ སྤྱན་དམར་སྡང་མིག་ཁྲག་མཚོ་འཁྱིལ་ལི་ལི༔ དབུ་སྐྲ་ཁམ་ནག་ཁམས་གསུམ་འདར་དང་ལྕུགས་སེ་ལྕུག༔ དབུ་ལ་རིགས་ལྔའི་སངས་རྒྱས་སྒོར་རོ་རོ༔ ཉི་ཟླ་སྤྲུལ་པ་སྟོང་ཁམས་ཁྲུགས་སེ་ཁྲུག༔ ཞལ་ནས་དྲག་པོའི་སྔགས་རྒོད་མདའ་ལྟར་འཕེན༔ དགྲ་བགེགས་འབྱུང་པོའི་དབུགས་དང་སྙིང་ལ་རོལ༔ ཤ་ཁྲག་དམར་གྱི་མཐུན་རྫས་བཞེས་སུ་གསོལ༔ དམག་དཔུང་འདུལ་བའི་སྤྲུལ་པ་དུས་ལ་བབས༔ ཆག་ཆེན་ཉམ་ང་ཡེ་འདྲོག་དགྲ་ལ་ཡཱ༔ བསྟན་པ་བཤིག་པའི་དགྲ་དཔུང་གཞོམ་དུ་གསོལ༔ མཁའ་ལ་བྷྱོ་ལ་རྦབ་ལྟར་སྒྲིལ༔ ཅེས་དང་ཤམ་བུ་སྦྱར༔ དགྲ་ཟློག་གི་མདོས་སོ༔ ༈ གསུམ་པ་བདུད་ཀྱི་ཞལ་བསྒྱུར་ནི༔ གསོག་དཔེ་ཆུང་བཞིན་བྱས་ལ་འདི་སྐད་དོ༔ ཧཱུྃ༔ ཁྲག་འཐུང་དཔལ་གྱི་ཕྲིན་ལས་སྐལ་ཕོག་པ༔ ཕོ་ཉ་ཆེན་པོ་འཇིགས་པའི་གདོང་ཅན་ནི༔ འཆི་བདག་ཕོ་མོ་འདུལ་ཕྱིར་ལས་ལ་ཡཱ༔ བདུད་ཀྱི་དཔུང་ཚོགས་འདུལ་ཕྱིར་གཤེགས་སུ་གསོལ༔ བར་ཆད་གདུག་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ མོན་པ་ནག་པོ་སྟོང་ཁམས་རྒྱུག་པར་བྱེད༔ ཕྱག་ན་མཚོན་ཆ་སྣ་ཚོགས་སྡིགས་ཤིང་འབེབ༔ མཚེ་ཉུངས་ཐུན་ཟོར་དྲག་པོ་མདའ་ལྟར་འཕེན༔ གོ་མཚོན་སྣ་ལྔའི་རྒྱན་ཆ་སི་ལི་ལི༔ རུ་མཚོན་བ་དན་དམར་པོ་ཕྱ་ར་ར༔ བདུད་ཤ་ནག་པོ་རྭ་བཅུ་ཟངས་སེ་ཟང༔ གནོད་བྱེད་གདུག་པའི་བདུད་བགེགས་སྣ་ཡིས་སྒྱུར༔ འུར་འུར་ཆེམ་ཆེམ་ལྷ་དམག་དྲག་ཏུ་ཟློགས༔ སྤྲུལ་པའི་ཚྭ་ཚྭ་སྣ་ཚོགས་སྐར་ལྟར་འཁྲུགས༔ གཡུལ་ངོ་བཟློག་ཅིང་བདུད་དཔུང་གཏན་ནས་འཇོམས༔ མྱུར་མགྱོགས་ཆེན་པོའི་ཕྲིན་ལས་མཛད་དུ་གསོལ༔ དེ་རིང་མདོས་ཆེན་བསྒྱུར་བའི་དཔུང་ལ་བྱོན༔ གླུད་དང་མཐུན་རྫས་མཆོད་པ་འདི་བཞེས་ལ༔ དམར་དང་ཨརྒྷཾ་མཉེས་པའི་མཆོད་པ་འབུལ༔ ཡ་བདུད་ཆེན་པོ་ཟློག་ཅིང་སྒྱུར་དུ་གསོལ༔ མ་བདུད་མ་ཡམས་དམ་སྲི་རྡུལ་དུ་རློགས༔ བྷྱོ་བྷྱོ་དམ་ཉམས་འདི་ལ་བདུད་དཔུང་བྷྱོ༔ ཞེས་དང་ཤམ་བུ་སྦྱར་རོ༔ བདུད་ཀྱི་ཞལ་སྒྱུར་རོ༔ ༈ བཞི་པ་འདྲེ་ཁྲོམ་བསྒྱུར་ནི༔ གསོག་དཔེ་ཆུང་བཞིན་བཤམས་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་ཐུགས་ཀྱི་ཕྲིན་ལས་པ༔ བགེགས་དཔུང་འདུལ་བྱེད་ཕྲིན་ལས་དྲག་པོ་རྩལ༔ རྣལ་འབྱོར་ཆེན་པོའི་ཕྲིན་ལས་མཛད་དུ་གསོལ༔ ཕྱག་མཚན་ཕྱག་ན་མཚོན་ཆ་མང་པོ་ཐོགས༔ ཁ་རླངས་འཁྲུགས་པས་དལ་ཡམས་དགྲ་ལ་འབེབ༔ སྐུ་དཔུང་སྐྱེད་ལ་དགྲ་བགེགས་ཐལ་བར་རློགས༔ སྤྱན་དམར་སྡང་མིག་བསྐལ་པའི་མེ་དཔུང་འཚུབ༔ ཉུངས་ཆེན་ཐུན་འཕེན་དྲག་སྔགས་དྲག་པོ་འཕྲོ༔ ཟློག་བྱེད་ཆེན་པོའི་ཕྲིན་ལས་དུས་ལ་བབ༔ འཇོམས་བྱེད་ཆེན་པོའི་ཕྲིན་ལས་དུས་ལ་བབ༔ འཇོམས་བྱེད་ཆེན་པོའི་ཆིབས་ཁ་བགེགས་ལ་སྒྱུར༔ རྩལ་ཆེན་མ་རུངས་སེང་གེ་རོལ་དུ་ཁྲིད༔ དཔལ་རྩལ་ཆེན་པོས་བགེགས་དཔུང་འཇོམས་པར་བྱེད༔ སྡེར་བཞི་དགྲ་བགེགས་གདུག་པའི་སྙིང་ལ་གཟིར༔ རལ་པ་སྟོང་ཁམས་ཁེངས་པས་འདྲེ་སྲིན་འདར༔ མཆེ་བ་དཀར་པོ་དུང་གི་ཟང་ཡག་གཏམས༔ གནོད་བྱེད་ཚོགས་ཀུན་ཞལ་དུ་ཆེམས་ཆེམ་གསོལ༔ སྐུ་ཡི་སྤྲུལ་པ་འོད་ཕུང་མང་པོ་འཕྲོ༔ བདུད་བགེགས་ཟ་འདྲེ་མ་ལུས་རྡུལ་དུ་རློག༔ རྣལ་འབྱོར་འཁོར་བཅས་ཆག་ཆེ་ཉམ་ང་ཟློགས༔ ཡེ་འདྲོག་ལོ་ཀག་ཟླ་ཀག་ཟློག་ཏུ་གསོལ༔ བྷྱོ་བྷྱོ་རིལ་རིལ་དགྲ་ལ་བྷྱོ༔ བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ༔ ཅེས་དང་ཤམ་བུ་སྦྱར༔ འདྲེ་ཁྲོམ་བསྒྱུར་རོ༔ ༈ ལྔ་པ་མ་མོའི་གླུད་མདོས་ནི༔ གསོག་དཔེ་ཆུང་བཞིན་བསགས་ལ་འདི་སྐད་དོ༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཉིད་ལ་ཕྱག་འཚལ་ལོ༔ བདག་ཅག་རྣལ་འབྱོར་མདོས་ཤིག་གཏོང༔ འགྲོ་དྲུག་སེམས་ཅན་དོན་དུ་གླུད་ཅིག་གཏོང༔ མཉེས་པར་བྱེད་པའི་ཡས་ཤིག་འབུལ༔ ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ དེ་རིང་མདོས་ཀྱི་བདག་མོ་ནི༔ ནག་མོ་ཆེན་མོ་རལ་པ་ཅན༔ སྐུ་མདོག་མུན་པའི་ཚུལ་ཅན་དེས༔ སྐུ་སྟོད་ཞིང་གི་གཡང་གཞི་གསོལ༔ སྐུ་སྨད་སྟག་གི་པགས་པས་དཀྲིས༔ གཡས་ན་ཤང་ལང་ནག་པོ་འཕྱར༔ གཡོན་ན་ནད་རྐྱལ་ཁ་དམར་འབོད༔ དགྲ་ཡི་ཡུལ་ཁམས་འཁྲུགས་པར་བྱེད༔ ནད་ཀྱི་ན་བུན་སྤྲིན་ལྟར་གཏིབས༔ འཇིགས་པའི་ཁ་རླངས་རླུང་ལྟར་འཚུབས༔ སྤྱན་གསུམ་སྡང་མིག་དགྲ་ལ་བལྟ༔ ཁྲག་དང་དུག་གི་འོད་ཟེར་འཕྲོ༔ མཛེས་པའི་རྒྱན་ཆ་སྣ་ཚོགས་བྱས༔ ནག་མོའི་སྤྲུལ་པས་སྟོང་ཁམས་ཁེངས༔ དམ་ཉམས་དགྲ་བོ་རྡུལ་དུ་རློགས༔ ཆིབས་སུ་བདུད་རྟ་དྲེལ་ནག་འཆིབ༔ ལན་འགའ་དྲག་ཏུ་བསྐུལ་པའི་ཚེ༔ དགྲ་བགེགས་གདུག་པའི་དམག་དཔུང་སྒྱུར༔ བདུད་མོ་ནག་མོ་འཁོར་དང་བཅས༔ ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ༔ སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང༔ ལས་སུ་གདུག་པའི་དགྲ་བགེགས་སྒྲོལ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས༔ ཡ་བདུད་མ་བདུད་ཟློག་ཏུ་གསོལ༔ རྣལ་འབྱོར་འཁོར་དང་བཅས་པ་རྣམས༔ ཁྲམ་ལ་བཏབ་ན་ཁྲམ་ཁ་ཕྱིས༔ རྩིས་ལ་བབས་ན་རྩིས་ནས་ཕྱུངས༔ ཤོ་ལ་བཏབ་ན་ཤོ་ཁ་སྒྱུར༔ དལ་ཁ་ཆོད་ལ་རིམས་ཁ་སྒྱུར༔ མདོས་བདག་ཆེན་མོ་འཁོར་བཅས་རྣམས༔ དེང་འདིར་མདོས་ཀྱི་དཔུང་ལ་གཤེགས༔ གླུད་ཀྱི་བདག་མོ་འཁོར་བཅས་རྣམས༔ དེང་འདིར་གླུད་ཀྱི་ཁ་ལོ་སྒྱུར༔ ཟློག་སྒྱུར་བྱོལ་པོའི་དཔུང་ལ་གཤེགས༔ ནད་ཁ་རིམས་ཁ་དགྲ་ལ་སྒྱུར༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་རུམ་ནས༔ མངོན་སྤྱོད་ལས་མཛད་རྡོ་རྗེ་རེ་མ་ཏི༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ན་བཟའ་ཞིང་གི་གཡང་གཞི་གསོལ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་འཆིབ༔ གསོད་བྱེད་སྤུ་གྲི་ཕྱག་ན་བསྣམས༔ འཁོར་དུ་ནག་མོའི་ཚོགས་ཀྱིས་བསྐོར༔ ནག་མོའི་ཚོགས་ཀྱིས་ནད་ཡམས་གཏོང༔ མ་མོ་ནག་མོ་འཁོར་བཅས་ལ༔ ངར་གླུད་འབུལ་ལོ་ནག་པོ་འབུལ༔ ངར་གླུད་བརྒྱ་དང་རྩ་བརྒྱད་ནི༔ ནག་མོའི་ཚོགས་ཀྱི་སྤྱན་ལམ་དུ༔ ཆེད་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཆེད་འགའ་མོ་བཙུན་བརྒྱ་རུ་བརྫུ༔ ཆགས་བྱེད་དེ་ནི་ཞུངས་སེ་ཞུང༔ ཟ་མ་མོ་ཡི་གླུད་དུ་འབུལ༔ རྒྱལ་མཚན་འབུལ་ལོ་ནག་པོ་འབུལ༔ རུ་མཚོན་འབུལ་ལོ་ནག་པོ་འབུལ༔ ནམ་མཁའ་འབུལ་ལོ་ནག་པོ་འབུལ༔ མདོས་འདི་ནག་མོའི་ཚོགས་ལ་འབུལ༔ ནག་མོའི་ཚོགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་རུམ་ནས༔ རྒྱས་པའི་ལས་མཛད་རྡོ་རྗེ་རེ་མ་ཛ༔ སྐུ་མདོག་སེར་ནག་འབར་བ་ལ༔ སྐུ་ལ་རྨ་བྱའི་ཐུལ་པ་གསོལ༔ ཆིབས་སུ་བོང་བུ་གྭ་དམར་འཆིབ༔ ཕྱག་ན་ཁྲམ་ཤིང་རུ་མཚོན་བསྣམས༔ འཁོར་དུ་སེར་མོའི་ཚོགས་ཀྱིས་བསྐོར༔ སེར་མོའི་ཚོགས་ཀྱིས་ནད་ཡམས་གཏོང༔ མ་མོ་སེར་ནག་འཁོར་བཅས་ལ༔ ངར་གླུད་འབུལ་ལོ་སེར་པོ་འབུལ༔ ངར་གླུད་བརྒྱ་དང་རྩ་བརྒྱད་ཀྱང༔ སེར་མོའི་ཚོགས་ཀྱི་སྤྱན་ལམ་དུ༔ ཆེད་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཆེད་འགའ་མོ་བཙུན་བརྒྱ་རུ་བརྫུ༔ ཆགས་བྱེད་དེ་ནི་ཞུངས་སེ་ཞུང༔ ཟ་མ་མོ་ཡི་གླུད་དུ་འབུལ༔ རྒྱལ་མཚན་འབུལ་ལོ་སེར་པོ་འབུལ༔ རུ་མཚོན་འབུལ་ལོ་སེར་པོ་འབུལ༔ ནམ་མཁའ་འབུལ་ལོ་སེར་པོ་འབུལ༔ མདོས་འདི་སེར་མོའི་ཚོགས་ཀྱིས་བཞེས༔ སེར་མོའི་ཚོགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་རུམ་ནས༔ དབང་གི་ལས་མཛད་རྡོ་རྗེ་རེ་མ་ཏི༔ སྐུ་མདོག་དམར་ནག་འབར་བ་ལ༔ ན་བཟའ་རེ་ལྡེ་སྐུ་ལ་གསོལ༔ ཆིབས་སུ་ཆུ་གླང་སྔོན་པོ་འཆིབ༔ ཕྱག་ན་ཁྲམ་དང་ལྕགས་ཀྱུ་བསྣམས༔ འཁོར་དུ་དམར་ནག་ཚོགས་ཀྱིས་བསྐོར༔ དམར་མོའི་ཚོགས་ཀྱིས་ནད་ཡམས་གཏོང༔ མ་མོ་དམར་ནག་འཁོར་བཅས་ལ༔ ངར་གླུད་འབུལ་ལོ་དམར་པོ་འབུལ༔ ངར་གླུད་བརྒྱ་དང་རྩ་བརྒྱད་ནི༔ དམར་མོའི་ཚོགས་ཀྱི་སྤྱན་ལམ་དུ༔ ཆེད་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཆེད་འགའ་མོ་བཙུན་བརྒྱ་རུ་བརྫུ༔ ཆགས་བྱེད་དེ་ནི་ཞུངས་སེ་ཞུང༔ ཟ་མ་མོ་ཡི་གླུད་དུ་འབུལ༔ རྒྱལ་མཚན་འབུལ་ལོ་དམར་པོ་འབུལ༔ རུ་མཚོན་འབུལ་ལོ་དམར་པོ་འབུལ༔ ནམ་མཁའ་འབུལ་ལོ་དམར་པོ་འབུལ༔ མདོས་འདི་དམར་མོའི་ཚོགས་ལ་འབུལ༔ དམར་མོའི་ཚོགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག༔ ཧཱུྃ༔ ནམ་མཁའ་ཡངས་པའི་དཀྱིལ་རུམ་ནས༔ ཞི་བའི་ལས་མཛད་རྡོ་རྗེ་རེ་མ་ཛུ༔ སྐུ་མདོག་དཀར་ནག་འབར་བ་ལ༔ སྐུ་ལ་ཆུ་དར་ཐུལ་བ་གསོལ༔ ཆིབས་སུ་རྔ་མོ་གྭ་པ་འཆིབ༔ ཕྱག་ན་ཁྲམ་བམ་ཆེན་པོ་བསྣམས༔ འཁོར་དུ་དཀར་མོའི་ཚོགས་ཀྱིས་བསྐོར༔ དཀར་མོའི་ཚོགས་ཀྱིས་ནད་ཡམས་གཏོང༔ མ་མོ་དཀར་མོ་འཁོར་བཅས་ལ༔ ངར་གླུད་འབུལ་ལོ་དཀར་པོ་འབུལ༔ ངར་གླུད་བརྒྱ་དང་རྩ་བརྒྱད་ནི༔ དཀར་མོའི་ཚོགས་ཀྱི་སྤྱན་ལམ་དུ༔ ཆེད་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཆེད་འགའ་མོ་བཙུན་བརྒྱ་རུ་བརྫུ༔ ཆགས་བྱེད་དེ་ནི་ཞུངས་སེ་ཞུང༔ ཟ་མ་མོ་ཡི་གླུད་དུ་འབུལ༔ རྒྱལ་མཚན་འབུལ་ལོ་དཀར་པོ་འབུལ༔ རུ་མཚོན་འབུལ་ལོ་དཀར་པོ་འབུལ༔ ནམ་མཁའ་འབུལ་ལོ་དཀར་པོ་འབུལ༔ མདོས་འདི་དཀར་མོའི་ཚོགས་ཀྱིས་བཞེས༔ དཀར་མོའི་ཚོགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག༔ དེ་ནས་ཤམ་བུ་སྦྱར༔ དེ་ནི་མ་མོའི་གླུད་མདོས་སོ༔ ༈ དྲུག་པ་མ་ཏྲཾ་ལ་བརྟེན་པའི་མ་མོའི་ཁྲག་མདོས་ནི༔ གསོག་གོང་ན་གསལ་ལོ། །ཧཱུྃ༔ དཔལ་གྱི་ཕྲིན་ལས་སྐལ་ཕོག་པ༔ བདུད་དང་དགྲ་བགེགས་གཉེན་པོ་དེ༔ ནག་མོ་ཆེན་མོ་དྲེལ་ཞོན་མ༔ བདུད་དྲེལ་ནག་མོ་རྔམས་ཤིང་རྒྱུག༔ དགྲ་བགེགས་འབྱུང་པོའི་ཤ་ལ་ཟ༔ མ་མོ་ཆེན་མོ་དབུགས་འབྱིན་མ༔ གཡས་པས་དགྲ་བགེགས་ཆམ་ལ་འབེབ༔ གཡོན་པས་མཚེ་ཉུངས་མདའ་ལྟར་འཕེན༔ སྤྱན་ནས་བསྐལ་པའི་རླུང་དམར་འཚུབས༔ རལ་པའི་ཐོར་ཚུགས་སྲིད་རྩེར་འབར༔ བར་སྣང་ལྷ་འདྲེ་བརྒྱལ་འབོག་བཏང༔ སྟོང་ཁམས་ཁྱབ་ཉུལ་མཐུ་མོ་ཆེ༔ དབང་ཆེན་མོ་རྣམས་བྲན་དུ་འཁོལ༔ ནག་མོ་ཆེན་མོ་སྲིད་གསུམ་བདག༔ མ་ཏྲཾ་ལུས་ཀྱི་ཁོག་པ་རུ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ མཐུ་དཔུང་སྐྱེད་པའི་ཕྲིན་ལས་མཛོད༔ བྷྱོ༔ དེ་རིང་བདུད་ལ་ཐན་ཞིག་གཏོང༔ དེ་རིང་བགེགས་ལ་ཤག་ཅིག་འདེབས༔ དེ་རིང་ཟློག་སྒྱུར་དཔུང་ལ་གཤེགས༔ སྡང་ཞིང་གདུག་པའི་དགྲ་ལ་བྷྱོ༔ ནད་བྱོལ་ཟོར་བྱོལ་དགྲ་ལ་བྷྱོ༔ མ་མོ་ཆེན་མོ་དགྲ་ལ་བྷྱོཿ རྡོ་རྗེ་སྲིན་པོའི་ལྕམ་མོ་ནི༔ གཟུགས་མེད་རླུང་ལྟར་འཕྱོ་བ་ཡིས༔ སྐད་ཅིག་ཙམ་གྱིས་དགྲ་བགེགས་སྒྲོལ༔ སྤྲུལ་པ་ཐོག་སེར་བུ་ཡུག་འཚུབས༔ དེ་རིང་ཟློག་སྒྱུར་དཔུང་ལ་གཤེགས༔ ནད་བྱོལ་ཟོར་བྱོལ་དགྲ་ལ་ཡ༔ བདུད་དཔུང་ཤིགས་ལ་རྐྱེན་ངན་ཟློགས༔ ཡང་ཅིག་ཐུགས་ཀྱི་སྤྲུལ་པ་ནི༔ ནག་མོ་མི་བཟད་རལ་པ་ཅན༔ རྒྱལ་རིགས་ཀུན་གྱི་ཡུམ་ཆེན་མོ༔ རབ་ཏུ་འཇིགས་པའི་མཐུ་མོ་ཆེ༔ བསྐལ་པ་སྟོང་གི་སྤྱི་ནས་འཇོམས༔ འཁོར་ལོ་སྟོང་གི་བུ་ཡུག་མ༔ ད་ནི་མདོས་དཔུང་དགྲ་ལ་སྐྱོད༔ གནོད་བྱེད་འབྱུང་པོའི་གཉེན་པོར་ཆེ༔ མདོས་ཀྱི་བདག་མོ་ཀུན་བཞེངས་ཤིག༔ མཐུན་པའི་རྫས་དང་དགྱེས་པའི་ཡས༔ སྤྱན་གཟིགས་དཀོར་ཆ་མང་པོ་བཞེས༔ དམ་སྲི་སྒྱུར་ལ་ནད་ཁ་ཆིངས༔ བྷྱོ་བྷྱོ་ཕུར་ཟོར་ཁྲག་རིམས་སྒྱུར༔ བྷྱོ༔ མ་ཡི་ནང་ནས་མ་གཅིག་མ༔ སྲིང་གི་ནང་ནས་སྲིང་གཅིག་མ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ དཔལ་ལྡན་གཉན་གྱི་རེ་མ་ཏི༔ ཁྱོད་ཀྱི་སྤྲུལ་པས་གར་ཡང་ཁྱབ༔ སྤྱི་གཙུག་ཧཱུྃ་ནས་རྐང་མཐིལ་ཡན༔ སྨུག་མོའི་ཚོགས་ལ་འབུམ་ཚོ་གཅིག༔ དཀར་མོའི་ཚོགས་ལ་འབུམ་ཚོ་གཅིག༔ སེར་མོའི་ཚོགས་ལ་འབུམ་ཚོ་གཅིག༔ དམར་མོའི་ཚོགས་ལ་འབུམ་ཚོ་གཅིག༔ ལྗང་མོའི་ཚོགས་ལ་འབུམ་ཚོ་གཅིག༔ གླུད་དང་གཏོར་མ་འདི་བཞེས་ལ༔ སྨུག་ནག་སྟོང་སྡེའི་རིམས་ཁ་སྒྱུར༔ དཀར་མོ་སྟོང་སྡེའི་རིམས་ཁ་སྒྱུར༔ སེར་མོ་སྟོང་སྡེའི་རིམས་ཁ་སྒྱུར༔ དམར་མོ་སྟོང་སྡེའི་རིམས་ཁ་སྒྱུར༔ ལྗང་ནག་སྟོང་སྡེའི་རིམས་ཁ་སྒྱུར༔ དཔལ་ལྡན་གཉན་གྱི་རེ་མ་ཏི༔ ཁྱོད་ཀྱི་སྤྲུལ་པས་གར་ཡང་ཁྱབ༔ ཧཱུྃ༔ རི་རབ་གླིང་བཞིའི་ཤར་ཕྱོགས་སུ༔ དུང་མཚོ་དཀར་མོའི་ནང་ཤེད་ན༔ རྟ་ཁལ་བརྒྱ་ཡི་ཟོང་ཚོང་མ༔ རྟ་ཞོན་བརྒྱ་ཡི་ཟོང་ཉོ་མ༔ རྟ་ཁལ་བརྒྱ་ཡི་ཟོང་གསེབ་ནས༔ དངུལ་ཕྱེ་ཁལ་བརྒྱའི་ཟོང་ཉོས་པས༔ མཛེ་རིགས་རྣམ་པ་སྣ་ཚོགས་དང༔ ཀླད་གཟེར་དང་ནི་ཤུ་བ་དང༔ གཡན་པ་དང་ནི་སྐྱ་རྦབ་དང༔ སྨྱོ་ནད་རིམས་ནད་སྣ་ཚོགས་བྱུང༔ གླུད་དང་གཏོར་མ་འདི་བཞེས་ལ༔ ནད་ཁ་མི་འཚལ་དགྲ་ལ་ཐོངས༔ ཟོར་ཁ་མི་འཚལ་དགྲ་ལ་ཐོངས༔ དཀར་མོ་སྟོང་སྡེས་རིམས་ཁ་སྒྱུར༔ ཆག་ཆེ་ཉམ་ང་སྒྱུར་དུ་གསོལ༔ དགྲ་བགེགས་མི་འཚལ་མ་ཉིད་བཞེས༔ དང་པོ་བྱུང་ཡང་མ་མོའི་ཞལ་གྱི་ངང་ནས་བྱུང༔ ཐ་མ་ཐིམ་ཡང་མ་མོའི་ཞལ་གྱི་ཀློང་དུ་ཐིམ༔ དཀར་མོ་སྟོང་སྡེས་རིམས་ཁ་ཟློགས༔ དཀར་མོ་སྟོང་སྡེས་རིམས་ཁ་ཆོད༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བྷྱོ༔ དཔལ་ལྡན་གཉན་གྱི་རེ་མ་ཏི༔ ཡང་གཅིག་ཁྱོད་ཀྱི་སྤྲུལ་པ་ནི༔ རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས༔ གསེར་མཚོ་སེར་པོའི་ནང་ཤེད་ན༔ དྲེལ་ཁལ་བརྒྱ་ཡི་ཟོང་ཚོང་མ༔ དྲེལ་ཞོན་བརྒྱ་ཡི་ཟོང་ཉོ་མ༔ དྲེལ་ཁལ་བརྒྱ་ཡི་ཟོང་གསེབ་ནས༔ གསེར་ཕྱེ་ཁལ་བརྒྱའི་ཟོང་ཉོས་པས༔ མཁྲིས་ནད་རྣམ་པ་སྣ་ཚོགས་དང༔ རྐེ་ནད་དང་ནི་ཚིགས་གྲུམ་དང༔ ཤ་སེར་དང་ནི་མིག་སེར་དང༔ མཁྲིས་པ་ཀྵ་ཡའི་ནད་རྣམས་བྱུང༔ གླུད་དང་གཏོར་མ་འདི་བཞེས་ལ༔ ནད་ཁ་མི་འཚལ་དགྲ་ལ་སྒྱུར༔ ཟོར་ཁ་མི་འཚལ་དགྲ་ལ་སྒྱུར༔ སེར་མོ་སྟོང་སྡེས་རིམས་ཁ་སྒྱུར༔ ཆག་ཆེ་ཉམ་ང་སྒྱུར་དུ་གསོལ༔ དགྲ་བགེགས་མི་འཚལ་མ་ཉིད་བཞེས༔ དང་པོ་བྱུང་ཡང་མ་མོའི་ཞལ་གྱི་ངང་ནས་བྱུང༔ ཐ་མ་ཐིམ་ཡང་མ་མོའི་ཞལ་གྱི་ཀློང་དུ་ཐིམ༔ སེར་མོ་སྟོང་སྡེས་རིམས་ཁ་ཟློགས༔ སེར་མོ་སྟོང་སྡེས་རིམས་ཁ་ཆོད༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བྷྱོ༔ དཔལ་ལྡན་གཉན་གྱི་རེ་མ་ཏི༔ ཁྱོད་ཀྱི་གསུང་གི་སྤྲུལ་པ་ནི༔ རི་རབ་གླིང་བཞིའི་ནུབ་ཕྱོགས་ནས༔ ཁྲག་མཚོ་དམར་པོའི་ནང་ཤེད་ན༔ མཛོ་ཁལ་བརྒྱ་ཡི་ཟོང་ཚོང་མ༔ མཛོ་ཞོན་བརྒྱ་ཡི་ཟོང་ཉོ་མ༔ མཛོ་ཁལ་བརྒྱ་ཡི་ཟོང་གསེབ་ནས༔ ཟངས་ཕྱེ་ཁལ་བརྒྱའི་ཟོང་ཉོས་པས༔ བལ་ནད་རྒྱུ་གཟེར་སྣ་ཚོགས་དང༔ ཁྲག་ཏུ་འཁྲུ་སྐྱུག་ནད་རྣམས་བྱུང༔ གླུད་དང་གཏོར་མ་འདི་བཞེས་ལ༔ ནད་ཁ་མི་འཚལ་དགྲ་ལ་སྒྱུར༔ ཟོར་ཁ་མི་འཚལ་དགྲ་ལ་སྒྱུར༔ དམར་མོ་སྟོང་སྡེས་རིམས་ཁ་སྒྱུར༔ ཆག་ཆེ་ཉམ་ང་སྒྱུར་དུ་གསོལ༔ དགྲ་བགེགས་མི་འཚལ་མ་ཉིད་བཞེས༔ དང་པོ་བྱུང་ཡང་མ་མོའི་ཞལ་གྱི་ངང་ནས་བྱུང༔ ཐ་མ་ཐིམ་ཡང་མ་མོའི་ཞལ་གྱི་ཀློང་དུ་ཐིམ༔ དམར་མོ་སྟོང་སྡེས་རིམས་ཁ་ཟློགས༔ དམར་མོ་སྟོང་སྡེས་རིམས་ཁ་ཆོད༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བྷྱོ༔ དཔལ་ལྡན་གཉན་གྱི་རེ་མ་ཏི༔ ཁྱོད་ཀྱི་སྤྲུལ་པ་བསམ་མི་ཁྱབ༔ རི་རབ་གླིང་བཞིའི་བྱང་ཕྱོགས་ནས༔ ལྕགས་མཚོ་ནག་པོའི་ནང་ཤེད་ན༔ འབྲི་ཁལ་བརྒྱ་ཡི་ཟོང་ཚོང་མ༔ འབྲི་ཞོན་བརྒྱ་ཡི་ཟོང་ཉོ་མ༔ འབྲི་ཁལ་བརྒྱ་ཡི་ཟོང་གསེབ་ནས༔ ལྕགས་ཕྱེ་ཁལ་བརྒྱའི་ཟོང་ཉོས་པས༔ འདུ་བ་རྣམ་བཞིའི་ནད་རྣམས་བྱུང༔ ལྷོག་པ་དཀར་ནག་ནད་རྣམས་བྱུང༔ འབྲུམ་པ་དཀར་ནག་ནད་རྣམས་བྱུང༔ གླུད་དང་གཏོར་མ་འདི་བཞེས་ལ༔ ནད་ཁ་མི་འཚལ་དགྲ་ལ་སྒྱུར༔ ཟོར་ཁ་མི་འཚལ་དགྲ་ལ་སྒྱུར༔ ནག་མོ་སྟོང་སྡེས་རིམས་ཁ་སྒྱུར༔ ཆག་ཆེ་ཉམ་ང་སྒྱུར་དུ་གསོལ༔ དགྲ་བགེགས་མི་འཚལ་མ་ཉིད་བཞེས༔ དང་པོ་བྱུང་ཡང་མ་མོའི་ཞལ་གྱི་ངང་ནས་བྱུང༔ ཐ་མ་ཐིམ་ཡང་མ་མོའི་ཞལ་གྱི་ཀློང་དུ་ཐིམ༔ ནག་མོ་སྟོང་སྡེས་རིམས་ཁ་ཟློགས༔ ནག་མོ་སྟོང་སྡེས་རིམས་ཁ་ཆོད༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ ཞེས་མདའ་ལྟོང་གིས་རྒྱུ་སྦྱོར་ཡོན་བདག་གི་སྤྱི་བོ་ནས་བལ་ཚོན་བླངས་ལ་མདོས་ཀྱི་གླུད་སྟེང་དུ་སྒྱུར་རོ༔ དེ་ནས་ཤམ་བུ་སྦྱར་རོ༔ ༈ བདུན་པ་ལྟས་ངན་ཟློག་པ་ནི༔ གསོག་དཔེའུ་ཆུང་ལྟར་བཤམས་ལ༔ ཧཱུྃ༔ ཁྲག་འཐུང་དཔལ་གྱི་བཀའ་སྡོད་མ༔ མོན་མོ་ཁྲོས་པ་ལྕགས་གཡའ་གདོང༔ དབུ་སྐྲ་ཁམ་ནག་སྤྱི་བོར་བཅིངས༔ བདུད་དཔུང་ཤིགས་ལ་རྐྱེན་དབང་ཟློགས༔ ཕྱག་ན་བྷནྡྷ་ལྕང་ལོ་འཁྱིལ༔ རཀྟའི་བམ་དྲི་ཆིལ་ལི་ལི༔ དགྲ་བོའི་ཡུལ་དུ་ཁྲག་ཟོར་ཡ༔ དགྲ་ལ་ལྟས་ངན་ཟློག་ཏུ་གསོལ༔ ལྟས་ངན་ཟོར་ཁ་དགྲ་ལ་སྒྱུར༔ སྐུ་མདོག་མཐིང་ནག་འོད་དུ་འབར༔ ལྷ་དང་ལྷ་མིན་གཡུལ་ངོ་ཟློག༔ ལྟས་ངན་ཕུང་བཞི་དགྲ་ལ་བྷྱོ༔ བྲང་ནི་ཆུ་སྲིན་ནག་པོར་བྱས༔ དེ་རིང་ཟློག་སྒྱུར་དཔུང་ལ་གཤེགས༔ དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ༔ ཡས་ཀྱི་བདུད་གཡོས་ལྟས་ངན་ཟློག༔ མས་ཀྱི་སྲི་ལངས་ལྟས་ངན་ཟློག༔ སྟེང་དུ་བྱ་ངན་བབས་པའི་ལྟས་ངན༴ འོག་ཏུ་སྒོ་ཁྱི་ངུ་བའི་ལྟས་ངན༴ གྲི་ཤི་ཀུ་རུ་སྐྱེས་པའི་ལྟས་ངན༴ དུར་ཁྲོད་སྤྱང་ཀི་ངུ་བའི་ལྟས་ངན༴ སྲིན་བྱས་རོ་བྱུང་ཟེར་བའི་ལྟས་ངན༴ འུག་པ་སྲོད་ལ་རྒོད་པའི་ལྟས་ངན༴ བྱ་རོག་སྤྱང་མོ་ཉུག་པའི་ལྟས་ངན༴ དུར་ཁྲོད་ཝ་མོ་བརྒྱལ་བའི་ལྟས་ངན༴ སྲོད་ལ་བྱ་ཕོ་འཚེར་བའི་ལྟས་ངན༴ ཁྲག་ནད་མཚོ་ལྟར་རླབས་པའི་ལྟས་ངན༴ ཉུངས་ཟོར་ཆར་ལྟར་འབེབ་པའི་ལྟས་ངན༴ ཕུར་ཟོར་རྦབ་ལྟར་འགྲིལ་བའི་ལྟས་ངན༴ ཁྲག་ཟོར་མདའ་ལྟར་འཕེན་པའི་ལྟས་ངན༴ རྔ་མོང་ཁུར་རྒྱུག་བྱེད་པའི་ལྟས་ངན༴ ཐེའུ་རང་ཚ་རག་རྒྱག་པའི་ལྟས་ངན༴ ཐོ་རངས་སྒོ་ཁྱི་ངུ་བའི་ལྟས་ངན༴ ནམ་ཕྱེད་འོག་རྟ་འཚེར་བའི༴ འགོ་བའི་ལྷ་རྣམས་ཡར་བའི༴ ལྷ་སྲུང་བདུད་དུ་བབ་པའི༴ ལྷ་འདྲེའི་ཟ་ཁ་བབ་པའི༴ བྱུར་གླང་ནག་པོ་འཁོར་བའི༴ སྲོག་གི་འགིང་ཤིང་ཆག་པའི༴ ཀླུང་རྟའི་ཡིག་ཚང་གཏོར་བའི༴ བླ་ཡི་གཤེད་ཕུར་ཕྱུང་བའི༴ བླ་ཚེ་ཐང་ལ་འཁྱམས་པའི༴ ལྷ་ནད་ཉི་ལྟར་ཤར་བའི༴ བདུད་ནད་རི་ལྟར་ཉིལ་བའི༴ བཙན་གྱིས་ཇག་པ་འགྱེད་པའི༴ བདུད་ཞགས་ནག་པོ་རྐྱོང་བའི༴ ཕྲུ་གུ་མགོ་བརྙན་བྱུང་བའི༴ རྨི་ལམ་མཚན་མ་ངན་པའི༴ བྱུར་རྡོ་ནག་པོ་ལྡིང་བའི༴ ཁྲག་གི་མི་མོ་ངུར་བའི༴ བླ་མཚོ་གཏིང་ནས་སྐམ་པའི༴ བླ་ཤིང་རྨང་ནས་ཆག་པའི༴ མཚོན་གྱི་གྲུ་གུ་རྐྱོང་བའི༴ སྦྲ་ཚ་དཀར་ནག་བཏབ་པའི་ལྟས་ངན༴ མུ་སྟེགས་ཆུ་ལ་འཕྲུལ་བའི༴ སྔ་ཞགས་མདའ་ལྟར་འཕེན་པའི༴ ཕྱི་ཞགས་གྲུ་ལྟར་འཐུལ་བའི༴ སྟོང་ཐུན་རྟེན་འབྲེལ་ལོག་པའི༴ མི་ཁ་བྲ་མཆུ་གླེང་བའི༴ ཡེ་འདྲོག་ཆད་པ་འབྱུང་བའི༴ རྒྱ་མཚོ་གཏིང་ནས་འཁྲུགས་པའི༴ བདུད་དོང་ནག་པོ་གཟེད་པའི༴ ས་བོན་རིས་སུ་བཅད་པའི༴ མདུང་དང་གདུང་མ་ཆག་པའི༴ བདུད་ཤ་ཀླུངས་སུ་བབས་པའི༴ བུད་མེད་ནག་མོ་འཛིང་བའི༴ བྱ་ནག་སྡེར་འཛིང་བྱེད་པའི༴ བྱ་ནག་གཤོག་པ་སྤྲུག་པའི༴ མོ་ངན་དཔྱད་ངན་པྲ་ངན་ལྟས་ངན་ཟློག༔ བདག་ཅག་རྣལ་འབྱོར་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ལྟས་ངན་ཆག་སྒོ་ཡེ་འདྲོག་ཟློག་ཏུ་གསོལ༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་སྒྱུར༔ དེ་ནས་ཤམ་བུ་སྦྱར་རོ༔ ༈ བརྒྱད་པ་ཕུར་ཁ་ཟློག་པ་ནི༔ གསོག་གོང་ན་གསལ་ལོ༔ ཧཱུྃ༔ རྣལ་འབྱོར་དམ་ཚིག་ཅན་གྱི་གྲོགས་མཛད་པའི༔ དམ་ཅན་སྲུང་མ་ཐུགས་དམ་བསྐང་བའི་ཕྱིར༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ མདོས་བདག་ཆེན་མོ་མདོས་ཀྱི་དཔུང་ལ་གཤེགས༔ གླུད་བདག་ཆེན་མོ་གླུད་ཀྱི་རྫོངས་ལ་གཤེགས༔ རྒྱན་དང་སྤྱན་གཟིགས་མཆོད་པ་སྣ་ཚོགས་བཞེས༔ དམ་རྫས་བདུད་རྩི་ཤ་ཁྲག་ལོངས་སྤྱོད་དང༔ ཆོས་སྐྱོང་སྲུང་མའི་མཐུན་རྫས་མང་པོ་དང༔ རི་རབ་ཆེན་པོ་འཛམ་གླིང་གླིང་ཕྲན་དང༔ མཐུན་པའི་རྫས་དང་སྲོག་ཆགས་མང་པོས་བསྐོར༔ མི་ཟད་གཏེར་ཆེན་ལྡན་པའི་མདོས་ཆེན་འདིས༔ ཁྲོ་ཆེན་ཐུགས་དམ་བསྐངས་ནས་དགྲ་ལ་བྷྱོ༔ མ་མོའི་ཐུགས་དམ་བསྐངས་ནས་དགྲ་ལ་བྷྱོ༔ དམ་རྫས་མཆོད་པ་བཞེས་ལ་མདོས་ཟོར་སྐྱོད༔ གླིང་བཞི་རི་རབ་བརྟན་པའི་དཀྱིལ་འཁོར་ན༔ རི་རབ་ལ་སོགས་མི་རྣམས་གང་ན་མཆིས༔ འབྱུང་བ་བཞི་ལ་མི་གནས་གང་ཡང་མེད༔ རྩེ་ལ་བྱ་ནག་ཤིན་ཏུ་འཇིགས་པ་ལྡིང༔ སྤྱན་ནས་རཀྟ་འཁྲུགས་ཤིང་ཆིལ་ལི་ལི༔ མཆུ་སྡེར་དགྲ་བགེགས་གནོད་བྱེད་སྙིང་ནས་འདྲེན༔ གཤོག་པས་སྟོང་ཁམས་གཡབ་ཅིང་ལྡིང་བར་བྱེད༔ རི་རབ་གླིང་བཞིའི་སྟེང་ནས་སྲིད་གསུམ་འཇོམས༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དབང་དུ་སྡུད༔ སྤྲུལ་པའི་དམ་རྫས་རི་རྒྱལ་གླིང་ལ་ལྡིང༔ ཆོས་སྐྱོང་ཐུགས་དམ་བསྐང་ཕྱིར་ལས་ལ་ཡཱ༔ རྦོད་གཏོང་ངན་སྔགས་ཟློག་ཕྱིར་གཤེགས་སུ་གསོལ༔ མདའ་ཟོར་ཉུངས་ཟོར་སྡང་བའི་དགྲ་ལ་བྷྱོ༔ བྱད་ངན་དམོད་ངན་ཟུག་པ་ཟློག་ཏུ་གསོལ༔ སྲིད་པ་ཕོ་རྒྱུད་ཡོངས་ཀྱི་ཐུགས་དམ་བསྐང༔ འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་རྡུལ་དུ་རློགས༔ དགྲ་བགེགས་འདུལ་ཕྱིར་མདོས་ཀྱི་དཔུང་ལ་བྷྱོ༔ དེ་ནས་ཤམ་བུ་སྦྱར་རོ༔ ཕུར་ཁ་ཟློག་པའི་མདོས་སོ༔ ༈ དགུ་པ་གཏད་ཟློག་པ་ནི༔ གསོག་ཡི་གེ་ལྟར་བསགས༔ ཧཱུྃ༔ དང་པོ་ཕྲིན་ལས་ས་བདག་འདུལ་བྱེད་པ༔ མ་རུངས་སྟོབས་ཆེན་ས་བདག་ལྟོ་འཕྱེའི་རིགས༔ རུས་སྦལ་ནག་པོ་འགྱིང་ཐབས་འཇིགས་པར་བསྒྱུར༔ ཁྱོད་ཀྱི་ཕྲིན་ལས་ཀླུ་དང་གཉན་ཆེན་འདུལ༔ ཁྱོད་ཀྱི་ཟས་སུ་ས་བདག་ས་སྲིན་ཟ༔ ས་བདག་གདུག་པའི་བྱད་སྟེམས་ཟློག་ཏུ་གསོལ༔ ཀླུ་གཉན་གཏད་ཁྲམ་ཐམས་ཅད་ཟློག་ཏུ་གསོལ༔ ཀླུ་བདུད་ཀླུ་བཙན་ས་བདག་ས་སྲིན་ཟློགས༔ མཐུན་རྫས་མདོས་ཀྱི་དཔུང་ལ་གཤེགས༔ ཟློག་སྒྱུར་ཆེན་པོའི་ཕྲིན་ལས་མཛོད༔ དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ གཏད་ཁྲམ་མ་ལུས་ཟློག་ཏུ་གསོལ༔ དེ་ནས་ཤམ་བུ་སྦྱར་རོ༔ གཏད་ཟློག་པའི་མདོས་སོ༔ ༈ བཅུ་པ་བསྐང་གསོ་བསྟན་པ་ནི༔ གསོག་ཡི་གེ་ལྟར་གསོག༔ ཧཱུྃ༔ རི་རབ་གླིང་བཞི་བརྟན་པའི་དཀྱིལ་འཁོར་ནས༔ སྲུང་མ་མ་བདུད་ཡོངས་ཀྱི་མཐུན་རྫས་ནི༔ བདག་གི་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་གདུག་པ་བསྒྲལ་ཕྱིར་གཤེགས་སུ་གསོལ༔ རི་རབ་ལྷུན་པོ་འབར་བའི་རྩེ་མོ་རུ༔ མ་བདུན་སྲིང་བཞི་རི་བདུན་འཁྱིལ་ལི་ལི༔ བ་སུ་ཏ་ཡི་སྤོས་དུད་ཆིལ་ལི་ལི༔ དམ་ཅན་སྲུང་མའི་ཚོགས་ནི་སྤྲིན་ལྟར་གཏིབས༔ དགྱེས་པའི་མདངས་ཀྱི་བརྡ་སྐད་ཏི་རི་རི༔ ཐུགས་དམ་བསྐང་ཕྱིར་དགྲ་བགེགས་བསྒྲལ་དུ་གསོལ༔ ཡུད་ཙམ་གྱིས་ནི་ཕྲིན་ལས་མཛད་དུ་གསོལ༔ ནག་མོའི་དམག་ཚོགས་མུན་ལྟར་ཐིབས་སེ་ཐིབ༔ ཤེལ་ནག་སྤྱི་དཀར་མདངས་ལྡན་ཡ་ལ་ལ༔ རྣལ་འབྱོར་ཐུགས་དམ་བསྐང་ཕྱིར་དགྲ་ལ་ཡཱ༔ མདོས་ཆེན་བསྒྱུར་བའི་དཔུང་ལ་གཤེགས༔ ཁྲམ་ཁ་ཕྱིས་ལ་ཤྭ་ཁ་སྒྱུར༔ བདུད་དཔུང་ཤིགས་ལ་དལ་ཡམས་སྒྱུར༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོཿ དགྲ་དང་བགེགས་རྣམས་རྡུལ་དུ་རློགས༔ ཞེས་དང་གཞན་ཡང་དམོད་བཅོལ་བྱཿ ཤམ་བུ་སྦྱར་རོ༔ ༄༅༔ མདོས་བཅུའི་སྨད་འཕྱོང་བཞུགས་སོ༔ མདོས་བཅུ་ཀུན་གྱི་སྨད་འཕྱང་ནི༔ ཀུན་གྱི་ཤམ་བུར་སྦྱར༔ བྷྱོ༔ སྲིད་པ་གསུམ་གྱི་བྷྱོ་ཟློག་མཁན༔ ཤར་གྱི་ཕྱོགས་ནས་བགེགས་འདུལ་མ༔ གླང་ཆེན་སྨྱོན་པ་བསྐྱོད་པའི་ཚེ༔ དཔའ་བོ་དུང་གི་རྡོ་རྗེ་ཅན༔ རིན་ཆེན་ལྔ་ལས་གྲུབ་པ་ཡི༔ གོ་མཚོན་སྣ་ལྔའི་རྒྱན་གྱིས་སྤུད༔ དྲི་ཟའི་ཚོགས་རྣམས་དབང་དུ་སྡུས༔ རྣལ་འབྱོར་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ རྒྱུ་གཟེར་ཐམས་ཅད་དགྲ་ལ་བྷྱོ༔ གླང་པོའི་ཆིབས་ཀྱི་སྔ་གོང་ལ༔ དམ་ཉམས་དགྲ་བོ་ཕོ་བརྒྱ་བཀལ༔ གླང་པོའི་ཆིབས་ཀྱི་ཕྱི་གོང་ན༔ དམ་ཉམས་དགྲ་བོ་མོ་བརྒྱ་བཀལ༔ བགེགས་ཀྱི་ཚོགས་རྣམས་དབང་དུ་སྡུས༔ དགྲ་བོའི་ཡུལ་དུ་དམག་སྣ་དྲོངས༔ མདོས་དང་གླུད་ཀྱི་དཔུང་ལ་གཤེགས༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ སྟོང་ཁམས་རྒྱུག་པའི་མཐུ་རྩལ་ཅན༔ ལྷོ་ཕྱོགས་དགྲ་བགེགས་འདུལ་མཛད་པ༔ གཤིན་རྗེའི་ཡུལ་ཁམས་འདུལ་མཛད་པའི༔ མོན་པ་ནག་པོ་བདུད་རྟ་ཁྲིད༔ རབ་ཏུ་འཇིགས་པའི་སྐུ་དཔུང་སྐྱོད༔ ཕྱག་ན་ཐུན་ཟོར་མཚོན་ཁ་སྒྱུར༔ གཤིན་རྗེའི་ཡུལ་དུ་དམག་སྣ་དྲོངས༔ བདུད་པོ་འབུམ་ཕྲག་ལས་ལ་ཡཱ༔ མདོས་དང་གླུད་ཀྱི་ཁ་ལོ་སྒྱུར༔ དུས་ལ་བབ་བོ་ས་མ་ཡཱ༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ནུབ་ཕྱོགས་དགྲ་བགེགས་འདུལ་མཛད་པ༔ སྤྱན་དམར་སྡང་མིག་འཁྱིལ་ལི་ལི༔ ཕྱག་ན་གསེར་གྱི་མདའ་གཞུ་བསྣམས༔ རུ་མཚོན་ཕྱོར་ལ་དམག་སྣ་དྲོངས༔ ཟོར་དང་དམག་གི་གདོང་ཟློགས་ཤིག༔ རྒྱལ་ཆེན་རིགས་བཞི་བྲན་དུ་འཁོལ༔ ཆིབས་སུ་ཕུང་སྲི་རྔ་མོང་འཆིབ༔ སྤྲུལ་པའི་གར་སྟབས་ཁྱུགས་སེ་ཁྱུག༔ བྱད་ཁ་གནོད་པ་ཟློག་ཏུ་གསོལ༔ རྦད་འདྲེ་ཟོར་ཁ་ཟློག་ཏུ་གསོལ༔ ཟློག་སྒྱུར་མདོས་ཆེན་དཔུང་ལ་གཤེགས༔ གླུད་ཆེན་ཟོར་གྱི་ཁ་ལོ་སྒྱུར༔ ཕྲིན་ལས་ཆེན་པོའི་དུས་ལ་བབ༔ དལ་ཁ་ཆིངས་ལ་རིམས་ཁ་སྒྱུར༔ བྷྱོ༔ ཕྲིན་ལས་བདག་པོ་མ་རུངས་པ༔ ཁྱོད་ཀྱིས་བྱང་གི་དགྲ་བགེགས་ཟློགས༔ སྐྱེས་བུ་ཆེན་པོ་གོ་མཚོན་འཕྱར༔ ཁྱོད་ཉིད་མདོས་ཀྱི་དཔུང་ལ་གཤེགས༔ དགྲ་བགེགས་འབྱུང་པོའི་ཤ་ལ་ཟོ༔ ང་རོས་སྲིད་གསུམ་ཟིལ་གྱིས་གནོན༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བཏབ་ཀྱང་རྡུལ་དུ་རློག༔ གནོད་སྦྱིན་སྟོང་སྡེ་ཁ་ལོ་སྒྱུར༔ གིང་ཕྲན་ཀུན་ཀྱང་ཁ་ལོ་སྒྱུར༔ ཆིབས་སུ་དཔའ་བོ་སྟག་ལ་འཆིབ༔ དེ་རིང་གསང་བའི་མདོས་སྐྱོད་ཅིག༔ དེ་རིང་རྣལ་འབྱོར་བར་ཆད་སོལ༔ གླུད་ཟོར་དགྲ་དང་བགེགས་ལ་བྷྱོ༔ མདོས་ཀྱི་བདག་པོ་མདོས་བཞེས་ཤིག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི༔ དགྲ་བགེགས་ཐམས་ཅད་རྡུལ་དུ་རློགས༔ རཱ་ཛའི་ཆད་པ་དགྲ་ལ་བྷྱོ༔ དལ་ཡམས་རིམས་འཁྲུག་དགྲ་ལ་ཡཱ༔ ཀག་དང་ཀིང་ཀང་དགྲ་ལ་ཡཱ༔ མཁའ་ལྟར་བྷྱོ་ལ་རྦབ་ལྟར་དྲིལ༔ མདོས་བཅུ་ཀུན་གྱི་སྨད་འཕྱོང་ངོ༔ ༈ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་མཛད་པ༔ ཕྱག་མཚན་ཕྱག་ན་སོགས། བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ མདོས་དགྲ་ཕྱོགས་སུ་བསྒྱུར༔ རྣལ་འབྱོར་འཁོར་བཅས་བྷྱོ་གདབ་སྲུང་མ་བསྐུལ༔ བརྟན་མ་བསྐྱང༔ མདོས་ལམ་ཕྱེ་ཕུད་གཏོར༔ དུང་དང་རོལ་མོ་སྒྲོག་གོ༔ མེ་དང་དུལ་མོ་གོ་མཚོན་དང་བཅས་ཏེ་བསྐྱལ༔ དེས་ནི་དགྲ་བགེགས་མ་ལུས་བཟློག་པར་འགྱུར་རོ༔ རཀྴ་མདོས་བཅུའི་ཕྲིན་ལས་དོན་བསྡེབས་གསལ་བ་རྫོགས་སོ༔ རྩྱོགས༔ རྩྱོགས༔ རྩྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ མཁོ་མཐིང་རྣམ་སྣང་ཐུགས་ཀྱི་གཏེར་གནས་ནས་ཡར་འབྲོག་གཉན་གྱི་སྨྱོན་པ་རཀ་ཤག་གཏེར་སྟོན་གྱིས་སྤྱན་དྲངས་སོ།། །། ༈ དགྲ་མདོས་ལ། རྩང་དང་གྲི་ཉེར་གཅིག །ཁྲག་མཚོ། ཉུངས་དཀར། སྨན་སྣ། དར་སྣ། སྐྱུང་སྒྲོ། དར་ནག །མདའ་དར་བཅས། གཡང་གཞི། དཀྲིས་རྣམས་ནག །
མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་མ་མོ་སྲོག་སྒྲུབ་མའི་སྒྲུབ་ཐབས་དབང་དང་བཅས་པ (Volume 61, Text 51)
ཨཱོྃ་སྭསྟི། འཇིག་རྟེན་འདས་ཀྱང་འཇིག་རྟེན་དུ། །སྲིན་མོའི་ཚུལ་གྱིས་བསྟན་སྐྱོང་མ། །སྲོག་སྒྲུབ་ལྷ་མོར་གུས་བཏུད་ནས། །སྒྲུབ་ཐབས་རྗེས་གནང་ཆོ་ག་བཤད། །འདིར་མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་ལྷ་མོ་སྲོག་སྒྲུབ་མའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དབེན་པའི་གནས་སུ་སྟེགས་བུ་ཁྲག་གིས་བྱུགས་པ་ལ། མཎྜལ་གྲུ་གསུམ་ནག་པོ་ཟུར་བསྟན་ཐོད་ཕྲེང་དང་མེ་རིས་ཟླུམ་པོར་བསྐོར་བའི་ནང་གི་དབུས་དང་ཟུར་གསུམ་དུ་ཚོམ་བུ་བཀོད། དེའི་དབུས་སུ་མཉྫིའི་ཁར་ཐོད་པའི་ནང་དུ་བཤོས་བུ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་ལ་མདའ་དར་ནག་པོ་དང་སྐུ་རྟེན་བཙུགས། མདུན་དང་གཡས་གཡོན་གྱི་ལྷ་གནས་སུ་ཡང་འཁོར་གྱི་ལྷ་མོ་གསུམ་པོའི་གཏོར་མ་དབྱིབས་དང་རྒྱུ་སྔ་མ་དང་འདྲ་བ་ལ་གདོང་ཅན་སོ་སོའི་ཙཀླི་བཙུགས་པ་བཀོད། དེ་རྣམས་ཀྱི་མདུན་དུ་མཆོད་པའི་གཏོར་མ་དང་སྨན་རཀ་ཉེར་སྤྱོད་ལྔ་སོགས་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ལ། རང་གི་མདུན་དུ་དུར་ཁྲོད་ཆེན་པོའི་དབུས་འཇིགས་པའི་མུན་ནག་འཁྲིགས་ཤིང་མེ་རླུང་འཚུབས་མར་འཁྱིལ་བའི་ཀློང་དུ་བྷྱོ་ལས་ཤན་པ་སྲོག་སྒྲུབ་ནག་མོ་རྔམ་ཞིང་ཁྲོས་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་ཆུ་གྲི་རྣོན་པོ་འཕྱར་ཞིང་གཡོན་དགྲ་བོའི་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ལྕེ་སྤྱང་གདོང་མ་དམར་མོ། གཡོན་ན་ཝ་གདོང་མ་ནག་མོ། མདུན་ན་འུག་གདོང་མ་ནག་མོ་སྟེ། གསུམ་ཀའང་ཕོ་ཉ་མོའི་གཟུགས་ཅན་མཚོན་ཆ་ཐོགས་པ། གཞན་ཡང་ཤ་ཟ་མ་མོ་འབུམ་སྡེའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་འོད་ཟེར་གྱིས་མ་མོ་སྲོག་སྒྲུབ་མ་འཁོར་དང་བཅས་པ་ཨཱ་ཀརྵཱ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས། སྤྲོ་ན། བྷྱོཿ དཔལ་ལྡན་བཤན་པ་མི་བསྲུན་ནམ་མཁའི་མདོག །ཤ་ཟ་ཁྲག་འཐུང་ལས་ཀྱི་ཡུམ་ཆེན་རྣམས། །མི་འགྱུར་བདེ་བ་ཆེན་པོའི་ས་ལས་བཞེངས། །བསྐལ་པའི་རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་རྣམས། །ལྷོ་སྤྲིན་འཐིབས་ཚུལ་སྐུ་མདོག་སྣ་ཚོགས་སྟོན། །ནམ་མཁའི་འབྲུག་ལྟར་སྒྲ་སྐད་སྣ་ཚོགས་སྒྲོག །གློག་ལྟར་འཁྱུག་ཅིང་གང་ལའང་ཐོགས་པ་མེད། །དུས་བཞིར་ཉུལ་ཞིང་བསྟན་པའི་དམ་རྫས་སྲུང་། །དཔལ་གྱི་མ་ཚོགས་འཁོར་དང་བཅས་པ་རྣམས། །མ་ལུས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཞེས་པའང་བརྗོད། རཀྨོ་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་སྨན་རཀ་ཕུལ། རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་གྱིས་གཏོར་མ་ཕུལ། བསྟོད་པ་ནི། བྷྱོ༔ མཁའ་འགྲོ་ནག་མོ་མི་བསྲུན་མ༔ ཤ་ཟ་ཁྲག་མིག་སྲིན་མོའི་གདོང༔ འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ༔ སྐུ་མདོག་ནག་མོ་ཆར་སྤྲིན་མདོག༔ ཕྱག་ན་གསོད་པའི་མཚོན་ཆ་བསྣམས༔ ཆིབས་སུ་སྲིད་པའི་རླུང་ལ་ཞོན༔ རལ་པ་མཚོན་ཆར་ཤ་ར་ར༔ གཅེར་བུ་མི་ལྤགས་སྟོད་ལ་དཀྲིས༔ མི་ཡི་གློ་སྙིང་ཞལ་དུ་ནི༔ དམར་པོ་ཁྲག་འཛག་རྒྱུན་དུ་གསོལ༔ ཞལ་ནས་ཁྲག་འཛག་ཀྱུ་རུ་རུ༔ སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས༔ སྨ་ར་མཚོན་ཆ་མེ་ལྟར་འབར༔ ཤངས་ནས་འཚུབ་མ་མཚོན་ཆར་འགྱེད༔ བ་སྤུ་མཚོན་ཆ་མེ་ལྟར་འབར༔ མི་མགོ་རློན་པའི་དོ་ཤལ་བྱས༔ གསོད་བྱེད་མཁའ་འགྲོ་ཆེན་མོ་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འབུལ༔ ཤ་ཟ་དཔོན་གཡོག་འཁོར་དང་བཅས༔ འདིར་བྱོན་མ་མོ་ལས་མཁན་མ༔ དགྲ་བོའི་ཤ་ཁྲག་གཏོར་མར་འབུལ༔ དགྲ་བོ་སྒྲོལ་བའི་དུས་ལ་བབ༔ རྒྱལ་བའི་བཀའ་ལས་མ་འདའ་བར༔ དམ་ཉམས་ཤ་ཟོ་ཁྲག་ལ་ཐུངས༔ བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས༔ ཞེས་བསྟོད་ཅིང་བསྐུལ། བཟླས་པ་ནི། མ་མོའི་སྙིང་གར་བྷྱོ་ཡིག་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་ཏྲི་སོད༔ སྙིང་ཁ་ཁ་བཾ༔ ཡ་ཡ་སོད༔ ཙ་བ་བི་རི་མུ་སོད༔ གྷ་ཡ་སོད༔ ནྲྀ་ཡ་སོད༔ རཀྨོ་ཙིཏྟ་ཆེ་གེ་མོའི་སྲོག་ལ་རྦད༔ རཀྨོ་ཆེ་གེ་མོའི་ཙིཏྟ་རྦུད༔ ཅེས་ཅི་འགྲུབ་བཟླ། སླར་ཡང་མཆོད་ཅིང་ཕྲིན་ལས་གསོལ། ཐུན་མཐར་གཏོར་མ་བསྟབ་པ་དང་། གཏང་རག་བཟོད་གསོལ་གཤེགས་བསྡུ་རྣམས་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་བཞིན་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲད་སོང་ནས། མཚམས་སྦྱོར་གྱི་ཁྱད་པར། འདིར་ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་སྔགས་སྲུང་ཨེ་ཀ་ཛཱ་ཊི་ཉིད་གདུག་པ་ཅན་རྣམས་ཚར་གཅོད་པའི་ཆེད་དུ་ལས་ཀྱི་མ་མོའི་སྐུར་བཞེངས་པ། བཤན་པ་སྲོག་སྒྲུབ་ནག་མོ་ཞེས་བྱ་བ་ཟབ་གསང་མཁའ་འགྲོ་སྙིང་ཐིག་གི་སྲུང་མར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་བཀའ་བསྒོས་གཉེར་དུ་གཏད་ནས། མ་མོ་ཉིད་ཀྱིས་གསུངས་པའི་རྒྱུད་དང་སྒྲུབ་ཐབས་རྣམས་ཀྱང་གཏེར་ཁ་དེ་ཉིད་དང་མཉམ་དུ་སྦས་པ་མངའ་བདག་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བ་པདྨ་ལས་འབྲེལ་རྩལ་གྱིས་སྤྱན་དྲངས་ཤིང་། དྲག་རྩལ་མྱུར་མགྱོགས་ཀྱི་མཐུ་སྟོབས་གཞན་ལས་ཁྱད་པར་དུ་གྱུར་པ་དེ་ཉིད་ཀྱི་སྲོག་དབང་ཐུན་མོང་མ་ཡིན་པའི་ལུགས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་སློབ་དཔོན་མཆོག །བདག་ལ་བཤན་པ་སྲོག་སྒྲུབ་མའི། །བྱིན་གྱིས་བརླབ་པ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ། ཚོགས་གསག་རྒྱུན་བཤགས་གང་འོས་བྱ། མདུན་གྱི་གཏོར་མ་ལྷར་གསལ་འདེབས་སུ་བཅུག་ནས་སྤྱན་འདྲེན་དང་མཆོད་པ་བྱས་ལ། སློབ་མ་ཡི་དམ་དུ་གསལ་བའི་ལག་ཏུ་གཙོ་མོའི་གཏོར་མ་གཏད་ལ། བྷྱོ༔ མཁའ་འགྲོ་ནག་མོ་མི་བསྲུན་མ༔ ཤ་ཟ་ཁྲག་མིག་སྲིན་མོའི་གདོང༔ འཇིགས་པའི་གཟུགས་ཅན་མཁའ་འགྲོའི་གཙོ༔ ནག་མོ་སྲིད་པའི་མཚོན་ཆ་ཐོགས༔ བ་སྤུ་མཚོན་ཆ་བསྐལ་པའི་མེ༔ རླུང་ནག་ཞོན་ནས་རལ་པ་སྤྲུག༔ སྟོང་གསུམ་སྒྲོལ་བྱེད་མ་མོ་ཡིས༔ ཨོ་རྒྱན་བཀའ་དང་རིག་འཛིན་བརྒྱུད། །མཁའ་འགྲོས་དམ་བཏགས་རྗེས་དགོངས་ལ། །དབང་ལུང་བཀའ་ཡི་བསྟན་པ་སྲུངས། །ཨཱོྃ་ཁྱི་ཁ་ལེ་ནག་མོས་སོད༔ སྲོག་མ་ཏྲི་སོད༔ སྙིང་ཁ་ཁ་བཾ༔ ཡ་ཡ་སོད༔ ཙ་བ་བི་རི་མུ་སོད༔ གྷ་ཡ་སོད༔ ནྲྀ་ཡ་སོད༔ རཀྨོ་ཙིཏྟ་རྦད༔ རཀྨོ་ཙིཏྟ་རྦུད༔ དམ་ཚིག་མ་བསྲུང་ན་ཆད་པ་ཆོད་ཅིག༔ བསྲུངས་ན་སྟོངས་གྲོགས་མཛོད་ཅིག༔ ཅེས་བརྗོད། གཡས་ཀྱི་གཏོར་མ་གཏད་ལ། བྷྱོ༔ ཤ་ཟ་དམར་མོ་ལྕེ་སྤྱང་གདོང༔ རོ་ཞོན་སྙིང་ཁྲག་ཞལ་དུ་གསོལ༔ ལྕགས་སྡེར་མཚོན་ཆས་དགྲ་སྙིང་འབྱིན༔ དམར་མོ་ཁྲག་འཛག་ཞལ་དུ་གསོལ༔ གཡས་ཀྱི་ཤ་ཟས་ལས་མཛོད་ཅིག༔ གཡོན་གྱི་གཏོར་མ་གཏད་ལ། བྷྱོ༔ ནག་མོ་ཝ་གདོང་རྔམས་པའི་གཟུགས༔ བ་སྤུ་མཚོན་ཆ་སྤུ་གྲིས་གཏམས༔ རེག་པས་སྟོང་གསུམ་སྒྲོལ་བྱེད་མ༔ ཞགས་པ་སྤུ་གྲིས་གློ་མཆིན་གཅོད༔ ཤ་ཟ་ཁྲག་འཐུང་ཀེང་རུས་མུར༔ བཀའ་ལུང་རྗེས་འབྲང་ལས་མཛོད་ཅིག༔ མདུན་གྱི་གཏོར་མ་གཏད་ལ། བྷྱོ༔ མདུན་གྱི་སྲོག་གཅོད་ཤ་ཟ་མོ༔ ནག་མོ་འུག་གདོང་གནམ་ལྕགས་སྡེར༔ ཁྲག་རལ་མཚོན་སྟོང་དགྲ་སྙིང་འདེབས༔ གནམ་ལྕགས་མཆུ་སྡེར་སྲོག་རྩ་གཅོད༔ སྐད་ཅིག་སྟོང་གསུམ་ཉུལ་བྱེད་མས༔ བཀའ་ལུང་རྗེས་འབྲང་ལས་མཛོད་ཅིག༔ ཅེས་གཏད། དཔོན་སློབ་གཉིས་ཀ་ཡི་དམ་གྱི་ལྷར་གསལ་བའི་བླ་མ་དང་མདུན་བསྐྱེད་གཙོ་མོའི་ཞལ་ནས་སྔགས་ཕྲེང་སློབ་མའི་ཁར་བརྒྱུད་སྙིང་གར་ཐིམ་པར་བསམ་ལ། སྲོག་སྔགས་ཀྱི་བཟླས་ལུང་བྱིན། སླར་ཡང་གཏོར་མ་བཞི་ཀ་སྣོད་གཅིག་ཏུ་བཀོད་པ་གཏད་ལ། བྷྱོ༔ གསོད་བྱེད་ལྷ་མོ་འཁོར་བཅས་ལ༔ ཤ་ཟ་ཁྲག་འཐུང་འབུམ་གྱིས་བསྐོར༔ དཔོན་གཡོག་འཁོར་བཅས་ལས་མཛོད་ཅིག༔ བཀའ་ལུང་གདམས་པའི་སྒོ་ཕྱེས་ལ༔ དམ་གནས་རྣལ་འབྱོར་བཀའ་ཆད་སྲུངས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་སོགས་བཀའ་ཉན་དུ་བཀའ་བསྒོ་དྲག་ཏུ་བྱའོ། །རྗེས་སྤྱི་དང་འདྲ། རྗེས་ཆོག་གཏོར་མ་བསྟབ་པ་སོགས་ནི་སྔར་བཤད་པ་བཞིན་ནོ། །མི་འ༵གྱུར་བདེ་ཆེན་ཟག་མེ༵ད་ལམ། །སྒྲུབ་བྱེད་རྡོ༵་རྗེ༵་ཐེག་པའི་རྩེ། །མཁའ་འགྲོ་སྙིང་ཐིག་བཀའི་སྲུང་མ། །སྲོག་སྒྲུབ་གདམས་པ་ངོ་མཚར་ཕུལ། །མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་མ་མོ་སྲོག་སྒྲུབ་མའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་ཐུགས་ཀྱི་ཡང་ཞུན་ (Volume 26, Text 51)
༄༅། །རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་ཐུགས་ཀྱི་ཡང་ཞུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷཱ་ཡ། ཉོན་མོངས་མདངས་ཤར་སྡེ་བརྒྱད་མ་རུངས་པའི། །ཚང་ཚིང་སྲེག་མཛད་ཡེ་ཤེས་ཆེན་པོའི་སྟོབས། །བསྐལ་མེ་ལྟར་འབར་རྡོ་རྗེ་རྟ་ཡི་ཞལ། །ལྷག་པའི་ལྷར་བཟུང་བྱིན་རླབས་རྗེས་གནང་སྩོལ། །རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དབང་བཞི་ཟབ་མོས་སློབ་མ་རྗེས་སུ་འཛིན་པ་ལ། སྟེགས་བུར་དྲག་དཀྱིལ་སྒོ་རྫོགས་ལྷ་མཚན་སོགས་མངོན་རྟོགས་དང་མཐུན་ཡོད་ན་བཏིང་། མེད་ན་མཎྜལ་ལ་འབྲུ་ཚོམ་དབུས་སུ་ཆེ་བ་གཅིག་གི་མདུན་དང་གཡས་གཡོན་དུ་ཆུང་བ་གསུམ། དེ་རྒྱབ་རིགས་བཞི། དེ་རྒྱབ་སྒོ་བཞིའི་གྲངས་མཉམ་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་དར་ནག་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་བཅས་བཀོད། རྒྱབ་ངོས་དཔལ་གཏོར་རྟ་ཞལ་ཅན་པདྨ་དང་ཚེ་རིལ་གྱིས་བསྐོར་ཞིང་དར་ནག་གི་གདུགས་ཕུབ་པ། གཡས་སུ་ཐོད་པའི་བདུད་རྩི་ཆོས་སྨན་བཏབ་པའི་ཁར་མེ་ལོང་སིནྡྷུ་རས་བྱུགས་ཏེ་གྲུ་གསུམ་དབུས་སུ་ཧྲཱིཿབྲིས་པས་བཀབ། མདུན་དུ་རྟ་མགྲིན་རིགས་ལྔ་གཅིག་བསྡུས་དང་རྟ་ཞལ་རིགས་བདག་རྣམས་ཀྱི་ཙཀླི། གཡོན་དུ་དཔལ་དང་དུར་ཁྲོད་ཆས། སྔགས་བྱང་། དབུ་རྒྱན། རྡོ་རྗེ། རལ་གྲི །ལྕགས་ཀྱུ། དར་ནག་པོ་རྣམས་དངོས་སམ་ཙཀ་ལི་བཀོད། སྨན་རག་མཆོད་གཏོར་སྤྱི་ལྟར་དང་། ལས་བུམ། མིག་དར་མེ་ཏོག །ཕྲིན་ལས་ལ་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། དཀར་གཏོར་དང་། སྐྱབས་སེམས། ཡན་ལག་བཅུ་པ་དང་། ཚད་མེད་བཞི། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ། སྒྲུབ་ཐབས་ཀྱི་བཀའ་བསྒོ་ནས་བརྩམ་མཐར་ཆགས་སུ་བཏང་། བདག་མདུན་བུམ་གསུམ་དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་གསལ་བཏབ། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀར་སྤྲོ་བསྡུའི་དམིགས་པ་བཅས་རྩ་སྔགས་ཅི་ནུས་མཐར། ནཱ་ག་རཀྴ་སོགས་སྔགས་ཐུང་བཏགས་པ་ཉེར་གཅིག །ཡཀྴ་ཀཱ་ལ་སོགས་སྔགས་ཚན་དང་པོ་བཏགས་པ་འང་བདུན་ཙམ་བཟླ། བུམ་པ་རང་བྱུང་གི་གཞལ་ཡས་སོགས་དང་། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ཏེ་བུམ་ལྷར་དམིགས་པའི་རྩ་སྔགས་བརྒྱ་རྩ་ཙམ་བཟླས་ནས་སྟོང་ཚིགས་ཕུལ། བུམ་ལྷ་འོད་ཞུ་བྱ། ལས་བུམ་རྩ་སྔགས་ལ་ཁྲུས་བདུན་རིག་པ་བཏགས་པས་བྱིན་བརླབ། རིག་པའི་མེ་ཏོག་དོར་བ་སོགས་བྱས་ལ། དཀྱིལ་འཁོར་ཡོལ་བས་བསྒྲིབས། སློབ་མ་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། བཀའ་བསྒོ །མཚམས་གཅོད་བྱས་ལ་སྲུང་འཁོར་བརྟན་པོ་བསྒོམ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་སོགས་དང་ཁྱད་པར། དེའང་རྡོ་རྗེའི་གསུང་ལས། ཨེ་མ་བདག་ཉིད་སངས་རྒྱས་སྣང་བ་མཐའ་ཡས་ཏེ༔ ཞི་བས་འདུལ་ཕྱིར་འཇིག་རྟེན་དབང་ཕྱུག་ཡིན༔ དྲག་པོས་འདུལ་ཕྱིར་རྟ་མགྲིན་ནག་པོར་བསྟན༔ དེ་ཕྱིར་ཨོ་རྒྱན་བདག་དང་གཉིས་སུ་མེད༔ ཅེས་འབྱུང་བ་ལྟར་སངས་རྒྱས་འོད་དཔག་མེད་མཆོག་གི་རིག་པ་འཛིན་པའི་ཚུལ་དུ་སྣང་བ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་དཔལ་རྟ་མགྲིན་ནག་པོ་ཀླུ་འདུལ་ཆེན་པོའི་སྐུར་བསྟན་ནས་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་བཀའ་འོག་ཏུ་བཅུག །ཁྱད་པར་སྙིགས་དུས་ཀྱི་གཟའ་ཀླུ་རྒྱལ་བསེན་མ་རུངས་པ་རྣམས་དྲག་ཏུ་གཅུན་པའི་གདམས་ངག་ཟབ་གནད་མང་དུ་བསྟན་ཅིང་མཐའ་དབུས་ཀྱི་གཏེར་གནས་རྣམས་སུ་སྦས་པ་ལས། སྙིང་པོའི་བཅུད་དུ་གྱུར་པ་ཕྱོགས་བཞི་དབུས་ལྔའི་ཐུགས་གཏེར་ལྔ་རུ་བཞུགས་པ་འདྲ་མིན་གྱི་རྒྱས་བསྡུས་མང་ཡང་དོན་གྱི་གནད་གཅིག་ཅིང་། དེ་དག་གི་ནང་ནས་ཀྱང་གཏེར་དུ་སྦས་པ་འདི་ཉིད་གཞན་ལས་ཁྱད་པར་དུ་ཟབ་ཅིང་གཉན་པར་གསུངས་ཏེ། གཞུང་ལས། འདི་ནི་རབ་ཏུ་གཉན་ཅིང་མཐུ་ཆེ་བས༔ སྒོམ་བཟླས་གསལ་བས་སྡེ་བརྒྱད་ཁོང་ཁྲག་འབྱིན༔ མྱུར་ཚད་རླུང་འདྲ་རྣོ་ཚད་སྤུ་གྲི་འདྲ༔ མེ་དང་རྩི་ཤིང་སྐམ་པོ་འཕྲད་པ་ལྟར༔ གདོན་བགེགས་བསྲེག་ཅིང་འཇོམས་པར་ཐེ་ཚོམ་མེད༔ སྤྲིན་ཕུང་ཆེ་ཡང་རླུང་གིས་གཏོར་བ་ལྟར༔ ཀུན་ནས་རབ་ཏུ་ནད་གདོན་གནོད་པ་སེལ༔ ཉི་མ་ཤར་བས་མུན་པ་རང་སངས་ལྟར༔ ནད་གདོན་སྡེ་བརྒྱད་གནོད་པ་སེལ་བར་བྱེད༔ ཅེས་བསྔགས་པའི་གདམས་སྐོར་འདི་ཉིད། ལྷ་སྲས་མུ་རུབ་བཙད་པོའི་རྣམ་འཕྲུལ་གྲུབ་པའི་དབང་ཕྱུག་ཆེན་པོ་གར་དབང་ཞིག་པོ་གླིང་པས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོའི་དབུ་རྩེའི་སྙིང་མཛོད་གའུ་ནག་པོ་ནས་གསང་བའི་རྒྱ་བདུན་བཀྲོལ་ཏེ་སྐལ་ལྡན་རྣམས་ལ་སྣང་བར་མཛད་པ་སྟེ། དེ་ལྟ་བུའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་བདག་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་པ་ལགས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་ཞུགས་ནས་མངོན་པར་དབང་བསྐུར་བའི་བྱ་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་རིམ་པ་ཞུ་བའི་ཡོན་དུ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་རྟ་མཆོག་དྲག་པོ་དབྱེར་མེད་པ་ལ་མི་ཕྱེད་པའི་གུས་པས་སྙིམ་པ་མེ་ཏོག་བཅས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ དབང་ཆེན་རོལ་པ་དཔལ་གྱི་དཀྱིལ་འཁོར་དགོངས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་རྡོ་རྗེ་སེམས༔ བདག་ཅག་དཀྱིལ་འཁོར་འདིར་ནི་འཇུག་པར་འཚལ༔ བྱིན་རླབས་ཡེ་ཤེས་རླན་གྱིས་བསྐྱེད་དུ་གསོལ༔ ལན་གསུམ། ཀྱེ་ཧོ༔ སྐལ་ལྡན་རྡོ་རྗེ་སེམས་དཔའི་རིགས༔ བུ་ཁྱོད་དད་པས་དཀྱིལ་འཁོར་འདིར༔ འཇུག་འདོད་དམ་ཚིག་གསུམ་བསྲུང་ཞིང༔ དངོས་གྲུབ་བསྒྲུབ་ལ་ནན་ཏན་འཚལ༔ མཚམས་སྦྱོར་སྤྱི་ལྟར་བྱས་ལ་འབྲུ་གསུམ་གྱིས་མིག་དར་དང་མེ་ཏོག་སྦྱིན། བླ་མ་དང་མདུན་བསྐྱེད་དཔལ་རྟ་མཆོག་དྲག་པོའི་དཀྱིལ་འཁོར་དུ་གསལ་བ་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར་བདག་གཞན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་རིག་འཛིན་ཡི་དམ་ལྷ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ དཔའ་བོ་ཌཱ་ཀི་མཁའ་འགྲོ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་མོས་པས་འདིའི་རྗེས་ཟློས། བདག་གིས་འགྲོ་བ་ཀུན་དོན་དུ༔ དབང་ཆེན་རྟ་མགྲིན་བསྒྲུབས་ནས་ནི༔ ལས་བཞིས་འགྲོ་བའི་དོན་བྱས་ནས༔ སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་གསག་ཡན་ལག་བཅུ་པ་ཚིག་དང་མཐུན་པའི་ཏིང་ངེ་འཛིན་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་རྟ་མགྲིན་ལྷ་ཚོགས་གཤེགས༔ པད་ཉི་དགྲ་བགེགས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་གསང་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་དམ་ཚིག་རིགས་ལྔས་བསྡུས་པ་མཐའ་དག་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། བླ་མ་དཔལ་ཆེན་ཧེ་རུ་ཀ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ སྔོན་ཚེ་རྒྱལ་བས་ཐུགས་བསྐྱེད་ལྟར༔ བྱང་ཆུབ་སེམས་ནི་བཟུང་བར་བགྱི༔ སངས་རྒྱས་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རྡོ་རྗེའི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རིན་ཆེན་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ པདྨའི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ ལས་ཀྱི་རིགས་མཆོག་དམ་ཚིག་ཀྱང༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ གསུམ་བརྗོད། སྙིང་གར་བདུད་རྩིའི་ཐིག་ལེ་བཀོད་ལ། ཁྱེད་རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བ་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔས་མཚན་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ལན་གསུམ། རྡོ་རྗེ་སྙིང་གར་བཞག་ལ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་བརྟན་པར་བྱས་པར་མོས་ཤིག །ཨོཾ་སུ་ར་ཏེ་ས་མ་ཡ་སཏྭཾ་ཧོ༔ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ སངས་རྒྱས་ལ་ལུས་ཕུལ་བས་གཞན་དོན་དུ་སངས་རྒྱས་ཐོབ། བླ་མ་ལ་ལུས་ཕུལ་བས་རང་དབང་ཐོབ་ནས་གཞན་དབང་བསྒྱུར། སེམས་ཅན་ལ་ལུས་བྱིན་པས་གདུལ་བྱ་སྦྱངས་པ་ཅན་དང་འཕྲད་པའི་དགོས་པ་དྲན་པས་འདིའི་རྗེས་ཟློས། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་འབུལ་ལོ། །ཞེས་བརྗོད། བུ་ཁྱེད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པ་ལ་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་སྐལ་པ་བཟང་པོ་སྟེ། །བདེ་བ་ཆེ་ལ་བདག་དགའ་འོ། །ཞེས་བརྗོད། དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། །ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། དབང་ཆེན་མཆོག་གི་དམ་ཚིག་གོ །ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་ཁྲོ་ཆུང་མེ་མཚོན་འབར་བའི་ཚོགས་ཀྱིས་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་མོས་ཤིག །རྩ་སྔགས་དང་སུམྦྷ་ནི་དྲག་ཏུ་བརྗོད་ལ། ཡུངས་ཐུན་དང་གུ་གུལ་དུད་པ་རོལ་མོའི་ཚམ་རྔམ་བྱ། རྡོ་རྗེ་གནས་གསུམ་དུ་བཞག་སྟེ། ཧཱུྃ༔ དུས་གསུམ་སངས་རྒྱས་གསང་བའི་ལམ༔ དཀྱིལ་འཁོར་གསང་བ་བླ་མེད་འདི༔ ཁྱོད་ཀྱིས་སུ་ལའང་སྨྲ་མ་བྱེད༔ གལ་ཏེ་སྨྲས་ན་དམ་ཚིག་ཉམས༔ བཛྲ་ས་མ་ཡ་ཨཱཿཧཱུྃ༔ ལས་ཀྱི་རྡོ་རྗེས་དྲངས་ཏེ་དཀྱིལ་འཁོར་གྱི་མདུན་ཁྱམས་སུ་བཞུགས་པའི་མོས་པ་མཛོད། ཧཱུྃ་ཧཱུྃ་ཛཿ ཡོལ་བ་བསལ། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས་ནང་དུ་འཁོད་དེ་སྒོ་སྲུང་ལ་གསོལ་བ་བཏབ་པར་མོས་ལ་འདིའི་རྗེས་ཟློས། དཔལ་ཆེན་རྟ་མགྲིན་ནག་པོ་ཡི༔ སྐུ་གསུམ་གསང་བའི་སྒོ་སྲུང་བ༔ ཤར་ལྷོ་ནུབ་བྱང་སྒོ་སྲུང་བཞིས༔ ཕོ་བྲང་ཕྱོགས་བཞིའི་སྒོ་ཕྱེས་ལ༔ བདག་ཅག་དཀྱིལ་འཁོར་ལྷ་དང་སྤྲོད༔ ཅེས་གསོལ་བ་བཏབ་པས། པྲ་ཝེ་ཤ་ཡ་ཕཊཿ ཅེས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེས་པ་ལ་ཕྱོགས་བཞི་རེ་རེ་བཞིན་ཕྱག་འཚལ་བར་མོས་པས་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མཿཧཱུྃ༔ ལན་བཞི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་གྲུབ་ནས། དབང་གི་དངོས་གཞིར་གྱུར་པ་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ཁྱེད་རང་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམ་ཚིག་པའི་ལྷ་སྐུ་འདི་བཞིན་དུ་གསལ་ཐོབ་ཅིག །ལས་ཆུ་འཐོར་ལ་བསང་སྦྱང་། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་བདུད་བཞི་ཆུང་མར་བཅས་དང་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་པདྨ་ཉི་ཟླའི་གདན་ལ། ཁྱེད་རང་གི་སེམས་ཉིད་ཧྲཱིཿཡིག་མཐིང་ནག་འོད་དུ་འབར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཀླུ་དང་སྡེ་བརྒྱད་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ལས་ཁྱེད་རང་རྟ་མགྲིན་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་ཏུ་བསྒྲད་ཅིང་ཁྲག་ལྟར་གཡོ་བ༔ ཞས་གདངས་ཤིང་ལྗགས་འདྲིལ་བ༔ རྣོ་དབལ་ངར་དང་ལྡན་པའི་མཆེ་བ་བཞི་གཙིགས་པ༔ དབུ་གཙུག་ན་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བ༔ ཕྱག་གཡས་རྡོ་རྗེས་ཡུ་བ་བྱས་པའི་རལ་གྲི་མེ་འབར་བས་དགྲ་བགེགས་ཀྱི་མགོ་ལུས་དུམ་བུར་གཏུབས་པ༔ གཡོན་པས་ལྕགས་ཀྱུ་དང་ཞགས་པ་བསྣམས་པས་དགྲ་བགེགས་ཀྱི་དབང་པོ་སྡོམ་ཞིང་སྙིང་ནས་འདྲེན་པ༔ ཞབས་གཉིས་འདོར་ཐབས་སུ་བསྒྲད་པ༔ སྐུ་སྟོང་གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ དེའི་སྟེང་དུ་དར་ནག་གི་བེར་ཆེན་གསོལ་བ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་པ་ནག་པོས་དོ་ཤལ་ལ་མི་མགོ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ༔ ལྕགས་ཀྱི་རལ་པ་སྤྱི་བོར་བཅིངས་ཤིང་སྐུ་རྒྱབ་ཏུ་འཕྱང་པ་རྟིང་རྩེར་བསླེབས་པ༔ རལ་པ་སྤྲུགས་པའི་སྐྲ་གསེབ་ནས་སྤྲུལ་པའི་ཁྲོ་ཆུང་མང་པོ་སྐར་ལྟར་འཁྲུགས་པས་དགྲ་བགེགས་ཀླུ་གདོན་གནོད་བྱེད་ཐམས་ཅད་ཐར་བར་བརླག་ཅིང་འཇོམས་པར་བྱེད་པ༔ གཡོན་གྱི་སྡིགས་མཛུབ་རྩེ་ལས་སྡིག་པ་ནག་པོ་མགོ་དགུ་པ་རི་རབ་ཙམ་འགྱེད་པ་ལས་སྤྲུལ་པའི་ལྕགས་སྡིག་གྲངས་མེད་ཐོག་ལྟར་འཕྲོ་བ། དེ་ལྟར་གསལ་བའི་སྤྱི་བོར་འཁོར་ལོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་ཧཱུྃ་སྔོན་པོས་མཚན་པ་དང་། ཉི་མའི་སྟེང་དུ་ཧྲཱིཿམཐིང་ནག་རབ་ཏུ་འབར་བ། དེ་རྣམས་དང་སློབ་དཔོན་དཀྱིལ་འཁོར་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་དང་རང་བཞིན་དག་པའི་ཞིང་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། རྒྱ་མཚོ་ལ་ཆར་བབས་པ་ལྟར་ཁྱེད་རང་ལ་གཉིས་མེད་དུ་ཐིམ་པར་མོས་ཤིག །སྤྲོ་ན་ལས་གཞུང་གི་སྤྱན་འདྲེན་དབྱངས་བཅས་བརྗོད། སྤོས་དང་རོལ་མོ་བཅས། རྩ་སྔགས་མཐར། ཨེ་ཨཱ་རལླི་སརྦ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་བཏགས་པ་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་ལ། ཡེ་ཤེས་པ་སྒོ་གསུམ་ལ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། སྔར་བྱིན་པའི་མེ་ཏོག་དེ་ཉིད་ལས་ཀྱིས་འབྲེལ་བའི་རིགས་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། དབང་ཆེན་རྟ་མགྲིན་ཕོ་བྲང་དུ༔ འབྲེལ་བའི་མེ་ཏོག་འདི་དོར་བས༔ སྔོན་ནས་ལས་འཕྲོ་གང་འབྲེལ་བའི༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ ཨོཾ་པུཥྤེ་སིདྡྷི་གྲྀཧྞ་ཧོ༔ ཞེས་འདོར་དུ་གཞུག །རིགས་བརྟགས་ལ། དེ་དང་མཐུན་པའི་མིང་སྦྱིན་པའམ། ཡང་ན་སྤྱི་ཁྱབ་ཏུ། མེ་ཏོག་གཙོ་བོ་ལ་ཕོག་པར་མོས་པས་ལྷག་པའི་ལྷར་འཛིན་ཅིང་གསང་མཚན་རྡོ་རྗེ་དབང་ཆེན་དྲག་པོ་རྩལ་ཞེས་བྱ་བར་ཟུངས་ཤིག །མ་རིག་པའི་སྒྲིབ་པ་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །ཀྱེ༔ བླ་མ་རྡོ་རྗེ་འཛིན་པ་ཡིས༔ ཁྱེད་ཀྱི་འཁོར་བ་མ་རིག་མིག༔ ཤེས་རབ་ཐབས་དང་ཏིང་འཛིན་གྱིས༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ ཨོཾ་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། ཡེ་ཤེས་ཀྱི་མིག་རྣམ་པར་དག་པ་ཐོབ་ནས་དཔལ་རྟ་མགྲིན་ནག་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་བཞིན་དུ་མཇལ་བར་མོས་ལ་དད་སྤྲོ་སྐྱེད་མཛོད། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། དངོས་གཞི་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། ཐོག་མར་བུམ་པའི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ ཇི་ལྟར་མཆོད་ཆེན་བསྩལ་པ་ལྟར༔ བདག་ཀྱང་མཆོད་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་དབང་གི་ཕྲིན་ལས་མཛད། རྟ་མགྲིན་རྒྱལ་པོ་རིགས་ལྔས་རྣམ་པར་རྒྱལ་བའི་བུམ་པ་རྡོ་རྗེ་བདུད་རྩིས་གང་བས་ཁྱེད་རང་དཔལ་རྟ་མགྲིན་དུ་གསལ་བའི་སྤྱི་བོ་ནས་གཏོར་བླུགས་ཀྱི་ཆོ་ག་སྒྲུབ་པའི་མོས་པ་མཛོད། རྣམ་བུམ་གྱིས་དབང་བསྐུར་ལ། ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་གསང་གསུམ་ལས་བྱུང་བ༔ ཁམས་གསུམ་པས་ནི་ཕྱག་བགྱིས་ཕྱིར༔ རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན༔ ཨོཾ་བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དཀྱིལ་འཁོར་གྱི་ལྷ་དབང་ཆེན་རིགས་ལྔའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་ཕུང་པོ་ལྔ་ལ་ཐིམ་པས་དུག་ལྔའི་རྟོག་ཚོགས་ལྷར་གྱུར་པར་མོས་ཤིག །སྐུ་ཙཀ་གནས་ལྔར་བཞག་ལ། ཧྲཱི༔ ཧ་ཡ་གྲཱི་བ་རྟ་མཆོག་དཔལ༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ༔ ཁྲོས་པའི་ང་རོས་སྲིད་གསུམ་འདུལ༔ དུག་ལྔ་རྣམ་འཇོམས་དབང་འདི་ལོངས༔ བཛྲ་བུདྡྷ་རཏྣ་པདྨ་ཀརྨ་ཧ་ཡ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་གནས་སོ་སོར་བགོས་ཏེ་མངའ་གསོལ་བར་མོས་ཤིག །ཧྲཱི༔ དཔལ་གྱི་ཆས་དང་དུར་ཁྲོད་རྒྱན༔ སྣ་ཚོགས་འཁྲུལ་འཁོར་རྣམ་དག་ཕྱིར༔ ཆགས་སྡང་རྟོག་པ་ཐམས་ཅད་དག༔ ཆོས་རྣམས་ཡོངས་རྫོགས་དབང་འདི་ལོངས༔ ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་གི་ཞལ་དུ་ཞུགས་ནས་ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་འཁོད་པར་མོས་ཤིག །ཧྲཱི༔ ངག་ལ་སྔགས་ཀྱིས་དབང་བསྐུར་བས༔ དྲག་པོས་ཁམས་གསུམ་སྒྲོལ་བར་བྱེད༔ འབྲུག་ལྟར་སྒྲོག་པ་ཁྲོ་རྒྱལ་གསུང༔ གསང་སྔགས་སྙིང་པོའི་དབང་འདི་ལོངས༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ༔ སྔགས་བྱང་མགྲིན་པར་བཞག །རྩ་སྔགས་ལན་གསུམ། ཤམ་བུ་རིང་ཐུང་ལན་རེའི་རྗེས་ཟློས་དང་མེ་ཏོག་འབུལ་སྟེར་སྤྱི་ལྟར་བྱ། སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་གྱིས་མཚན་ནས་རྟ་སྐད་ཐེངས་གསུམ་བསྒྲགས་པས་ས་གསུམ་ཟིལ་གྱིས་ནོན་པར་སྒོམས་ཤིག །རྟ་དབུ་སྤྱི་བོར་བཀོད་ལ། ཧྲཱི༔ རྟ་མགོས་རྟ་སྐད་ཕྱོགས་བཅུར་སྒྲོག༔ མི་གནས་མྱ་ངན་འདས་པའི་དོན༔ གསུང་རབ་ཡན་ལག་བཅུ་གཉིས་ལྡན༔ རྟ་སྐད་རྔམ་པའི་དབང་འདི་ལོངས༔ ཧྲཱིཿགྷོ་ཌ་ཧ་ཡ་གྲཱི་བ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ དབུ་རྒྱན་ཕྱག་མཚན་མིང་དང་ཆས་གོས་རྣམས་ཀྱིས་རིམ་པར་མངའ་གསོལ་བས་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གཟི་བརྗིད་འབར་བར་མོས་ཤིག །དབང་རྫས་རྣམས་ཚིག་བསྟུན་གཏད་ལ། ཧྲཱི༔ དབུ་རྒྱན་རིགས་ལྔ་ཡེ་ཤེས་ལྔ༔ བདེ་གཤེགས་ཀུན་དང་མཉམ་པར་སྦྱོར༔ ཐོད་སྦྲུལ་འབར་བའི་གཟི་འབར་བ༔ ཅོད་པན་བཟང་པོ་ཁྱོད་ཀྱིས་ལོངས༔ རཏྣ་མུ་ཀུཊ་པ་ཊ་ལཾ་ཧྲཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ ཤེས་རབ་ཡེ་ཤེས་རྡོ་རྗེའི་མཚོན༔ རལ་གྲི་འབར་བས་ཉོན་མོངས་འཇོམས༔ འཇམ་དཔལ་རབ་ཏུ་མི་བཟད་པ༔ རྡོ་རྗེ་འབར་བའི་མཚོན་འདི་ལོངས༔ བཛྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ སྙིང་རྗེ་ཆེན་པོ་ཤེས་རབ་ཐབས༔ ཉོན་མོངས་འཁོར་བའི་འདམ་ལས་འདྲེན༔ བྱམས་ཆེན་མཚོན་ཆ་ཐབས་ལ་མཁས༔ ལྕགས་ཀྱུ་འབར་བའི་མཚོན་འདི་ལོངས༔ བཛྲ་ཨཾ་ཀུ་ཤ་ཛཿཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རྡོོར་དྲིལ་ལྷན་ཅིག་སྤྱི་བོར་བཀོད་ལ། ཀྱེ་ རྡོ་རྗེ་དབང་ཆེན་དྲག་པོ་རྩལ་ཞེས་བྱ་བའོ། །ཧྲཱི༔ རྡོ་རྗེ་དྲིལ་བུ་རིག་པ་འཛིན༔ གཉིས་མེད་ཡེ་ཤེས་རྡོ་རྗེ་ཆེ༔ ཁམས་གསུམ་ལས་ལས་རྣམ་གྲོལ་བའི༔ རྡོ་རྗེའི་མིང་འདི་ཁྱོད་ཀྱིས་ལོངས༔ བཛྲ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧྲཱི༔ ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེ༔ དར་ནག་ཀུན་ཁྱབ་རྡོ་རྗེའི་ཆས༔ དཔལ་ཆེན་གོས་འཆང་བདུད་རྣམས་ལས༔ རྣམ་པར་རྒྱལ་ཕྱིར་རྟགས་སུ་སྦྱིན༔ ཀཱ་ལ་ཝསཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ རྣམ་བུམ་གྱིས་དབང་བསྐུར། བུམ་ཆུ་སྤྱི་བོར་འཐོར་ལ། ཧྲཱི༔ རྣམ་པར་རྒྱལ་བའི་བུམ་པ་ན༔ དབང་དྲག་ལྷ་རྣམས་མ་འདྲེས་གསལ༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དུ་མ་རོ་གཅིག་དབང་འདི་ལོངས༔ བཛྲ་ཀཱ་ཡ་བུདྡྷ་རཏྣ་པདྨ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པས་དབུ་གཙུག་རྟ་མགོའི་སྟེང་དུ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་མཚན་པར་མོས་ཤིག །ཙཀླི་མགོར་བཞག་ལ། ཧྲཱི༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ སྐུ་མདོག་དམར་གསལ་ཆགས་བྲལ་དོན་གྱི་ལྷ༔ བདུད་ལས་རྣམ་རྒྱལ་རིགས་པའི་གསུང་དབྱངས་ལྡན༔ མི་གནས་ཡེ་ཤེས་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་མི་དྷེ་ཝ་ཨུད་བྷ་བེ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྔར་ཕུལ་བའི་མེ་ཏོག་གཙོ་བོའི་ཕྱག་གིས་བཞེས་ཏེ་སླར་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ཤིག །ཅོད་པན་སྤྱི་བོར་བཞག་ལ། ཧྲཱི༔ ཅོད་པན་མི་འགྱུར་མནྡཱ་ར༔ སངས་རྒྱས་ཀུན་དང་མཉམ་སྦྱོར་བ༔ དབྱིངས་དང་རིག་པ་གཉིས་མེད་པའི༔ རྟགས་ཀྱི་མེ་ཏོག་འདི་ཡང་ལོངས༔ ཨོཾ་བཛྲ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང་སྤོས་བཏུལ། རོལ་མོ་བསྒྲག །དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ སངས་རྒྱས་ཀུན་བདག་རིག་པ་འཛིན༔ དཔའ་བོ་པདྨ་ཧེ་རུ་ཀ༔ གསང་བ་མཆོག་གི་ཡེ་ཤེས་དེ༔ སློབ་དཔོན་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། ཐོད་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་ཁྱེད་རང་གི་སྤྱི་བོ་དང་མགྲིན་པ་ནས་ཞུགས། རྩ་ཁམས་ཐམས་ཅད་ལ་ཁྱབ་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །བནྡྷ་ཐོགས་ལ། ཧཱུྃ༔ གསང་བ་ཡེ་ཤེས་བདུད་རྩི་ཆེ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ རྩ་ཁམས་བདེ་བའི་རང་བཞིན་ལས༔ ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག༔ རྩ་སྔགས་ལན་གསུམ་བརྗོད་ལ་སྤྱི་བོར་བཞག །ལག་ཏུ་གཏད་ལ་འཐུང་གཞུག །དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པའི་རྗེས་ཟློས། ཧྲཱི༔ བདེ་ཆེན་རོལ་པ་དབང་གི་རྒྱལ༔ ཁྲག་འཐུང་ཡཀྴ་ཧེ་རུ་ཀ༔ བདེ་བའི་ཡེ་ཤེས་རྙེད་དཀའ་བ༔ བདག་ལ་ཡང་དག་བསྐྱེད་དུ་གསོལ༔ ལན་གསུམ། ཁྱེད་རང་གི་ལུས་ཀྱི་ནང་རྩ་གསུམ་འཁོར་ལོ་ལྔ་ཨ་ཧཾ་ཐིག་ལེ་དང་བཅས་པར་གསལ་བ་ལ་སིནྡྷུ་རའི་དཀྱིལ་འཁོར་ལས་རྡོ་རྗེ་རྣལ་འབྱོར་མའི་ངོ་བོ་འོད་དམར་ཁྱུག་གེ་བྱུང་། ལྟེ་བའི་ཨ་ཤད་བསྐུལ། འཁོར་ལོ་བཞིའི་གནས་རྣམས་ཁྱབ། སྤྱི་བོའི་ཧཾ་ཡིག་གཡོས་པས་ཡས་བབས་ཀྱི་དགའ་བ་བཞི་ཉམས་སུ་མྱོང་བར་མོས་ལ་རླུང་ཁ་སྦྱོར་དུ་འཆིང་བར་ཞུ། མེ་ལོང་སྙིང་གར་བཞག་ཅིང་ཐིག་ལེ་བྱས་ལ། ཧྲཱི༔ ཆོས་ཉིད་བདེ་བ་ཆེན་པོ་ལ༔ རྩལ་དང་རོལ་པ་ངང་གིས་ཤར༔ རང་བྱུང་ཡེ་ཤེས་བདེ་ཆེན་གྱི༔ རང་བཞིན་དག་དང་མཉམ་པར་སྦྱོར༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །དེ་ལྟར་ཡས་བབས་ཀྱི་དགའ་བཞི་མཐར་ཐུག་པ་ཐིག་ལེ་ནོར་བུའི་རྩེ་མོར་སོན་པ་རླུང་གིས་འཛག་མེད་དུ་འཆིང་བ་དང་། བཙན་ཐབས་ཀྱི་སྦྱོར་བས་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བ་བཞིའི་མཐར་ཐུག་ཐིག་ལེ་རྟ་དབུའི་རྩེར་སོན་ཅིང་བརྟན་པས་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པར་མོས་ལ་དེའི་རང་ངོར་ལྷུག་པར་འཇོག་འཚལ། ཧྲཱི༔ ཆོས་ཉིད་སྐྱེ་མེད་ནམ་མཁའི་དངོས༔ ནམ་མཁའ་བདེ་ཆེན་རོལ་པས་ཁྱབ༔ སྐྱེ་དང་འཇིག་པའི་མཐའ་ལས་འདས༔ དམ་ཚིག་ཆེན་པོའི་དབང་འདི་ལོངས༔ ཛྙཱ་ན་པཉྩ་ཨ་ཨ་ཨ༔ བློ་འདས་ཀ་དག་གི་དགོངས་པ་མ་བཅོས་རང་བྱུང་གི་གནས་ལུགས་བཞི་ཆ་གསུམ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་འཇོག་པར་ཞུ། ཞེས་ཅུང་ཟད་བསྐྱང་དུ་བཅུག །དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །མཐའ་རྟེན་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དབང་དྲག་རོལ་པའི་གཞལ་ཡས་ཁང་ཆེན་པོར་གཏོར་མ་དཔལ་ཆེན་རྟ་མགྲིན་ནག་པོ་གཙོ་འཁོར་བཅུ་གསུམ་དངོས་སུ་བཞུགས་པའི་སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ། བར་དུ་ཡི་དམ་ཞི་ཁྲོ། འོག་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་བཞིན་བཞུགས་པ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་པས། དེ་དག་གི་སྐུ་གསུང་ཐུགས་ལས་བྱིན་རླབས་ཡེ་ཤེས་འོད་ཟེར་ཁྲོ་ཆུང་མེ་མཚོན་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་གི་གནས་ལྔར་ཐིམ་པས་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ལ་བར་དུ་གཅོད་པ་ཐམས་ཅད་བསལ། མཐུ་སྟོབས་ཡོན་ཏན་མ་ལུས་པ་རྒྱས། དབང་བཞི་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །དཔལ་གཏོར་གནས་ལྔར་བཞག་ལ། ཧྲཱི༔ སྐུ་ཡི་དབང་བསྐུར་ཆེ་བཙན་ལྷུན་རྫོགས་ཤིང༔ གསུང་གི་དབང་བསྐུར་ངག་གི་ནུས་པར་ལྡན༔ ཐུགས་ཀྱི་དབང་བསྐུར་ཡེ་ཤེས་གསལ་དག་རྟོགས༔ ཡོན་ཏན་དབང་བསྐུར་ས་དང་ལམ་ལ་གནས༔ ཕྲིན་ལས་དབང་བསྐུར་འགྲོ་དོན་ཐམས་ཅད་འགྲུབ༔ ཐམས་ཅད་ཡོངས་རྫོགས་དཔལ་ཆེན་གཏོར་མའི་དབང༔ ཡོངས་ལ་མངའ་བསྒྱུར་བདག་ཉིད་ཆེན་པོར་ཤོག༔ རྩ་སྔགས་ཀྱི་ཤམ་བུར་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྤྲོ་ན་བརྒྱུད་པའི་མཚན་བརྗོད་ལ་བཀའ་བསྒོ་སྤྱི་ལྟར་བྱ། ཤིས་བརྗོད་གང་འོས་བྱ་ཞིང་མེ་ཏོག་འཐོར་ལ་རོལ་མོར་བསྒྲག །དེས་ཡོངས་རྫོགས་གཏོར་མའི་དབང་ཐོབ་པས་དཔལ་ཆེན་རྟ་མགྲིན་ནག་པོ་དང་དབྱེར་མེད་པའི་མཐུ་རྩལ་ནུས་པ་ཡོངས་སུ་རྫོགས་ཤིང་རྒྱལ་བའི་མཛད་པ་མ་ལུས་པ་འགྲུབ་པར་འགྱུར་བ་ཡིན་ནོ། །དེས་སྤྲུལ་པའི་གཏེར་ཆེན་ཞིག་པོ་གླིང་པའི་ཟབ་གཏེར་ལས་བྱོན་པ་རྟ་མགྲིན་ནག་པོ་ཡང་གསང་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་རྫོགས་མཐའ་རྟེན་བཅས་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། དཀྱིལ་འཁོར་རྗེས་རིམ་གཏེར་གཞུང་ལྟར་གཏོར་མ་བྱིན་རླབས་ནས་གཏོར་འབུལ་བསྟོད་པ་ཕྲིན་བཅོལ་བཅས་པ་དང་། གཏེར་སྲུང་ལའང་གཏོར་མ་ཕུལ། འགྲུབ་ན་གཏུམ་དྲག་མེ་འཁོར་ལྟ་བུ་རིགས་མཐུན་ནས་བླངས་ཏེ་ཚོགས་འཁོར་སྐོར་བ་སོགས་ཀྱང་བྱ། གང་ལྟར་མཆོད་བསྟོད་ནོངས་བཤགས། མདུན་བསྐྱེད་ཡོད་ན་བརྟན་བཞུགས། མེད་ན་སྣང་བ་ལྷའི་དཀྱིལ་འཁོར་དུ་གསལ་ཏེ་རང་ལ་བསྡུ་ཞིང་དེ་ལས་ས་བོན་ནཱ་ད་འོད་གསལ་དུ་བསྡུས་ཏེ་སླར་གཉུག་མའི་ལྷར་ལྡངས་ནས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །གནས་སྐབས་གདུག་ཅན་འབྱུང་པོའི་ཚ་ངར་བཅོམ། །མཐར་ཐུག་པདྨ་གསུང་མཆོག་བདེ་བླག་ཏུ། །འགྲུབ་པའི་ལམ་འདི་ལེགས་བྱས་དབྱར་སྐྱེས་ལ། །སྤྲིན་གྱི་མྱུ་གུའི་རྒྱུན་བཞིན་འཕེལ་རྒྱས་ཤོག །ཅེས་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་དང་བཀའི་བསྡུ་བར་དམིགས་ཏེ་རིན་ཆེན་གཏེར་གྱི་མཛོད་ཆེན་པོར་བཞུགས་སུ་གསོལ་བའི་ཚེ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བགྱིས་པ་དགེ་ལེགས་འཕེལ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བདུད་རྩི་སྨན་གྱི་ཚེ་ལུང་ (Volume 62, Text 51)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ བདུད་རྩི་སྨན་གྱི་ཚེ་ལུང་བཞུགས༔ ྈྈྈ རྫོགས་ཆེན་ལུང་གི་ལྷ་ལ་འདུད༔ བསྟན་པ་སྡེ་གསུམ་ཆ་ལག་ལས༔ འཆི་མེད་བདུད་རྩི་སྨན་གྱི་ལུང༔ དེ་ཉིད་སྒྲུབ་ཐབས་དབང་བསྐུར་ནི༔ དང་པོ་མངོན་རྫོགས་རྒྱལ་པོ་ཡི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོ་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཕྱག་གཡོན་མཉམ་གཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱིས་གང་རྒྱར་བལྟམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་བུམ་ཁ་བཀབ་སྟེ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས༔ ཐུགས་ཀར་ཉི་ཟླའི་གྭ་འུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨཿས་མཚན༔ གྭ་འུ་སྟེང་དུ་ཧྲཱིཿཡིག་ལ༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ གྭ་འུ་ནང་དང་བུམ་པའི་ནང༔ ཡོངས་སུ་གང་ཞིང་འཕེལ་བ་ཡིས༔ ཧེ་རུ་ཀཿདཔལ་སྐུ་ཡི་ནང༔ ཚེ་ཡི་བདུད་རྩིས་གང་བར་བསམ༔ ཨཱོྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཐུན་བར་ཚེ་དཔག་མེད་པ་ཡི༔ ཐུགས་ལས་མགྱོགས་མའི་ཚོགས་སྤྲོས་ཏེ༔ ཕྱོགས་བཅུའི་ཚེ་བཅུད་དགུག་པར་བསམ༔ ཧཱུྃ༔ བདུད་རྩིའི་གང་རྒྱ་སྨན་གྱི་ལུང༔ རཏྣ་པདྨ་ཚེ་ཡི་ལུང༔ བཛྲ་པདྨ་ཕོ་ཉར་སྤྲོ༔ འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི༔ ཚེ་དང་སྨན་གྱི་བཅུད་སྡུས་ལ༔ གནས་འདིར་ད་ལྟ་ཉིད་དུ་ཁུག༔ མགྱོགས་མ་བཞི་དང་མཁའ་འགྲོ་བཞི༔ སྲོག་བདག་བཞི་དང་ཤུགས་འགྲོ་བཞི༔ སྲིད་གསུམ་ཚེ་ཡི་བདག་མོ་རྣམས༔ ཚེ་དང་སྨན་གྱི་བཅུད་འདིར་སྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཚེ་བཅུད་འདུས་པའི་བུམ་པ་དེ༔ དངོས་གྲུབ་ཚུལ་དུ་ལེན་པ་ལ༔ ཧོ༔ བདུད་རྩི་སྨན་གྱི་ལྷ་ཚོགས་རྣམས༔ བཀྲ་ཤིས་བརྟན་པ་ཚེ་ཡི་ལུང༔ མི་འགྱུར་མི་ཤིགས་དངོས་གྲུབ་ཆེ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ བུམ་པ་སྤྱི་བོར་བཟུང་བྱས་ལ༔ ནང་དུ་ཚེ་བཅུད་འདུས་པ་རྣམས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་མངོན་རྫོགས་རྒྱལ་པོ་དམར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ གཉིས་ཀའི་ཕྱག་གཉིས་ཚེ་བུམ་འཛིན༔ དེ་ཉིད་རྡོ་རྗེའི་ཁ་བཀབ་བསམ༔ སྤྱི་བོར་རྡོར་སེམས་ཚེ་དཔག་མེད༔ ཐུགས་ཀར་རྩ་བའི་ཚེ་ལྷ་བསྒོམ༔ འཁོར་དུ་ལྷ་མོ་བཅུ་དྲུག་བསམ༔ སྐུ་ལས་བདུད་རྩི་ཆེར་བབས་པས༔ སྤྱི་བོའི་གཙུག་ནས་སྙིང་དབུས་ཞུགས༔ ལུས་གང་དུས་མིན་འཆི་བ་སྦྱངས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམ༔ ཧཱུྃ༔ བཀྲ་ཤིས་བུམ་པ་ཚེ་ཡི་ལུང༔ དངོས་གྲུབ་རྒྱ་མཚོའི་སྲོག་དང་ལྡན༔ ནམ་མཁའ་གང་བ་ཚེ་ཡི་མཆོག༔ ཡེ་ཤེས་སྣང་བ་ལམ་མེ་བ༔ བདེ་བ་ཆེན་པོ་བདུད་རྩིའི་ལུང༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ དུས་མིན་འཆི་བ་སྦྱོང་བ་དང༔ ལོ་བརྒྱ་ཐུབ་པའི་ཚེ་ཐོབ་ཤོག༔ ཨཱོྃ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་བསྟིམ༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་བྷྲཱུྃ༔ འཆི་མེད་ཚེ་ཡིས་ལུས་གང་ནས༔ མི་འགྱུར་རྟག་པའི་སྐུ་ཐོབ་ཤོག༔ ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ བཀྲ་ཤིས་བརྗོད་ཅིང་བསྔོ་བ་བྱ༔ འདི་ནི་བདུད་རྩི་ཚེ་ཡི་ལུང༔ རིག་འཛིན་ཀུན་གྱི་ཐུགས་བཅུད་དེ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
བླ་མ་དགོངས་པ་འདུས་པ་ལས༔ སྔགས་འབུམ་དགོས་འདོད་ཀུན་འབྱུང་གི་རིམ་པ་ (Volume 42, Text 51)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ སྔགས་འབུམ་དགོས་འདོད་ཀུན་འབྱུང་གི་རིམ་པ་བཞུགས་སོ༔ ྈྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ གདུལ་བྱའི་རེ་འདོད་བསྐང་དོན་དུ༔ ཕན་བྱེད་སྔགས་ཀྱི་ཕྲེང་བ་ནི༔ མང་པོའི་ནང་ནས་བཅུད་བསྡུས་ཏེ༔ བདག་འདྲ་པདྨས་འདིར་བརྗོད་བྱ༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་མོས་པ་ལམ་དུ་བྱེད་ཅིང༔ རང་གཞན་ལ་ཕན་པ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པ་གང་ཟག་གིས༔ སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་ཞིང༔ བླ་མ་ཡི་དམ་མཁའ་འགྲོའི་ཏིང་འཛིན་གསལ་བར་བསྐྱེད་དེ༔ རིག་པ་ལ་ངར་བཏོན༔ ཡིད་གཉིས་དང་འཁུ་འཁྲིག་ཡང་ཡང་སྤང༔ ཤ་ཆང་སྒོག་གསུམ་མ་བཟས་ཤིང༔ གཞན་ཡང་ངག་ཚིག་མ་འདྲེས་པར་སྔགས་ཀྱི་རིམ་པ་འདི་དག་རྣམས་གང་ལ་གང་དགོས་སུ་སྤྱད་པར་བྱའོ༔ དུག་བསྲུང་ན༔ རང་ཉིད་རྨ་བྱར་བསྒོམ་ཞིང༔ བཟའ་བཏུང་གང་ལ་སྤྱོད་པ་ཐམས་ཅད་དུག་ཏུ་བསྒོམ༔ གང་ན་བའི་སར་མཆུ་བཙུགས་ནས་འཇིབ༔ ལག་པ་གཉིས་གཤོག་པར་བསྒོམས་པས་བརྡེག་ཅིང༔ ཨཱོྃ་མི་ཏ་ཧྲཱི་ཏ་ཡེ་སྭཱ་ཧཱ༔ ཨཱོྃ་ཀྲུག་ལེ་ཧྲཱིཿསྭཱ་ཧཱ༔ ཨཱོྃ་ཤནྟེ་ཤནྟེ༔ བྷི་ཤན་ཏེ་སྭཱ་ཧཱ༔ ཞེས་སྟོང་ལ་སོགས་པ་མང་དུ་བཟླས་པས་དུག་གི་རིགས་ཐམས་ཅད་ལ་ཕན་པར་འགྱུར་རོ༔ གཉན་རྒོད༔ སྲང་ལོ་ལྷོག་པ་སོགས་སྲུང་བའི་སྔགས༔ ཨཱོྃ་མེའུ་རཾ༔ ཆུའུ་རཾ༔ བྷེ་རཾ་བྷ་ཡེ༔ ལྕེ་ཡར་མར་ཡར་སོད༔ དུར་མ་དུར་སོད༔ ཐོག་ཐོག་དབལ་སོད༔ དབལ་རྒྱལ་ཉིད༔ ཀུཾ་བྷ་བྷོ་འབུམ་མོ་འཕུར་སྐྱེ་བྲག༔ རྒྱ་ཟུར་ཆོག༔ སྣ་ཟེ་བ་ཆེན་པོ་སྔགས་ཀྱིས་བཏབ་ལ་སོད༔ ཨཱོྃ་ཨ་ཀྱི་ཨ་ནན༔ མི་ལ་ཀུ་ཙི༔ པྲ་མ་དུ་ཙི༔ ཉམས་བློན་པོ༔ བ་ལ་དྷེ་བ༔ པ་ཙ་ར༔ པུ་ཙུ་རུ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨཱོྃ་ཛཱུ་རུ་ཛཱུ་རུ༔ རྫ་ཁིག་ཁོག་གཉན་འདྲེ་དཀྱིལ་ནས་ཆོམས༔ གཉན་སྦལ་ཐང་ལ་ཕུད༔ གཉན་མཚོ་མཐའ་ནས་སྐོམས༔ ཤང་ཟ་ལེ་རིང་མ་སོད༔ མེ་ཏྲི་མུ་སོད༔ ཆུ་ཏྲི་མོ་སོད༔ སྤོ་ཏྲི་མུ་སོད༔ ལ་ཞ་སད༔ ལི་ཞི་སད༔ བེ་ཞི་སད༔ ནད་འདྲེ་ལ་སད་ཐོབ༔ སྡང་འདྲེ་ལ་སད་ཐོབ༔ ཨཱོྃ་མག་སོད༔ མུག་སོད༔ ན་སྲིང་ཁོང་ནས་སོད་སྭཱ་ཧཱ༔ ཞེས་གཉན་རྒོད་ཀྱི་རིགས་མཐའ་དག་དང༔ འབྲས༔ སྲང་ལོ༔ ལྷོག་པས་ཟིན་པ་རྣམས་ལ་བཏགས་པས་ཕན་པར་འགྱུར་རོ༔ བྲམ་ཟེའི་དམོད་སྔགས་ཡིན་པས་སླེབ་ཆོག་པ་ཡིན༔ དམིགས་པ་དང་རྫས་གང་ཡང་མི་འཚལ་ལོ༔ ྀཨཚ༔ གཉན་དང་ཡ་མའི་སྔགས༔ གཉན་དང་ཡ་མ་བསྡོངས་ནས་ན་བ་དང༔ གཉན་དང་སྲིན་བསྡོངས་ནས་ན་བ་ལ༔ གུ་གུལ་ནག་པོ༔ ཛཱ་ཏི༔ ཤིང་ཀུན༔ སྨན་ཆེན༔ ཨ་རུ་ར་རྒྱ་གར་མ༔ སྲེ་མོའི་ཤ༔ གླ་རྩི༔ དེ་རྣམས་ཀྱིས་རིལ་བུ་བྲ་རིལ་ཙམ་བྱ་བ་ལ༔ ཛཱ་ཏི་རྡོག་མ་གཅིག༔ གླ་རྩི་ཐུན་གསུམ༔ ཨ་རུ་ར་སྨན་ཆེན་གྱི་ལྔ་འགྱུར་བཏང༔ ནད་ཚབས་ཆེ་ཆུང་དང་སྨན་ལྟོ་ཆེ་ཆུང་རིག་པས་དཔྱད༔ ནག་པོ་ཀཱ་ལ་རཀྴ༔ རྦད་རྦད༔ སོད་སོད༔ ཕྱུང་ཕྱུང༔ སྤུ་གྲི་ཟང་ཟང༔ ལྕགས་ཀྱུའི་སྡེར་མོས་ཟུང་ཟུང༔ སྙིང་ལ་ཟུང༔ གནོད་བྱེད་གཉན་དང་ཡ་མའི་ཤ་ལ་ཟོ༔ ཞེས་སྟོང་གིས་ངར་བླུད་ནས༔ ཞག་དང་པོ་ལ་རིལ་བུ་ལྔ༔ གཉིས་པ་བདུན༔ གསུམ་པ་ལ་དགུ་བཏང༔ དེས་ཕན་པར་འགྱུར་རོ༔ གཉན་རྐྱང་པ་དང༔ ཡ་མ་རྐྱང་པ་དང༔ ས་བདག་ཀླུ་གཉན་གྱི་གནོད་པས༔ ཤུ་ཐོར༔ སྐྲང་ལྷོག་ལ་སོགས་པ་བྱུང་ན༔ སྔགས་མཁན་ཟངས་ཀྱི་བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན་རབ་ཏུ་ཁྲོས་པ་གཅིག་བསྒོམས་ལ༔ ན་སར་སྔགས་ཀྱི་མཆིལ་མ་དྲག་ཏུ་བཏབ་པ་ཙམ་གྱིས་ནད་དང༔ ནད་གཏོང་བྱེད་ཀྱི་གདོན་ཐམས་ཅད་ཟོས་པར་བསམ་ཞིང༔ སྨྲ་བ་བཅད་དེ་བཏབ༔ དེས་ཕན་པར་འགྱུར༔ འདི་ཡི་སྔ་ཐོག་ཏུ་བཟླས་པ་ཁྲི་ཕྲག་གཅིག་གིས་གོང་བསྙེན་ཐེམ་པར་བྱེད་པ་གནད་ཡིན༔ ཡ་མ་མིག་ལ་རྒྱུག་ན་ཧུས་བཏབ༔ རྣ་བ་ལ་རྒྱུག་ན་ཕུས་བཏབ༔ གཞན་གང་ལ་ཡང་མཆིལ་མ་བཏབ་པས་ཕན་པར་བྱའོ༔ ྀཨཚ༔ རང་ཉིད་བྲམ་ཟེ་སྨུག་ནག་དབྱིབས་རྒུར་བ༔ སྐྲ་དང་སྨིན་མ་ཨག་ཚོམ་ཐམས་ཅད་སེ་ཕྱེ་བ་གཅིག་ཏུ་བསྒོམས་ལ༔ ཨ་ཏི་ནག་པོ་སྲོག་ལ་རྦད༔ འབྲུམ་ཏི་ནག་པོ་ཀཱ་ལ་ཤིག༔ ནཱ་ག་ཙ་ལའི་སྲོག་ལ་ཆུམ༔ སྲོག་ལེན་ནག་པོའི་སྲོག་ལ་རྦད༔ ཨཱོྃ་སིལ་སིལ༔ ཤིག་ཤིག༔ རྦུད་རྦུད་ཧཱུྃ༔ ཧུར་ཕྱུང་ཧུར་ཕྱུང་སོད༔ ཨཱོྃ་དཀར་བྲམ་ཟེ་སོད༔ དམར་བྲམ་ཟེ་སོད༔ རླན་བྲམ་ཟེ་སོད༔ ཧ་དྲེ་བ་ཕཊ༔ ན་དྲེ་བ་ཕཊ༔ མ་མ་སྐྱེས་ཀྱི་བུ་མོ་སོད༔ ཅེས་ཟངས་སྣོད་དུ་ཆུ་བླུགས་ནས་སྔགས་ཤིང༔ གག་ལྷོག་གཟེར་གསུམ་གྱི་རིགས་མཐའ་དག་པ་བྱུང་བའི་ཁོངས་སུ་བཏང༔ ཕྱི་ནས་ན་སར་བྱུག་གོ༔ གག་ལྷོག་གཟེར་ནད་འཇོམས་པའི་ཐོ་བ་ཡིན༔ ྀཨཚ༔ ཤིང་ཀུན༔ གླ་རྩི༔ ཆུ་དག་ནག་པོ༔ བོང་ང་ནག་པོ༔ སྒོག་གཅིག་པ༔ ཨ་རུ་ར་གསེར་མདོག༔ མུ་ཟི་སེར་པོ་རྣམས༔ ཁྱེའུ་ལོ་བརྒྱད་པའི་ཆུས་ཁུ་བ་བྱས་ཏེ་ལྕགས་སྣོད་དུ་བཏུལ་བའི་སྣག་ཚས༔ ཏདྱ་ཐཱ༔ ཨ་ལི་མ་ལི༔ མ་ཧཱི༔ མ་ཧཱི༔ མ་ཧཱ༔ འཆང་བ་འདི་ལ་ཛཱ་རན་ཨ་ཀ་ཧཱི༔ ཀྣ་དྷེ་ཧི་ཀྣི་ཙ་དུཿཁ་ཐཱ་མུ་ནི་ཨཱརྱ་སྭཱ་ཧཱ༔ འཆང་བ་ལ་ཧོན་བསྲུང་དུ་གསོལ༔ ཅེས་ཡི་གེ་དབུ་ཅན་ཕྲེང་གཅིག་ཏུ་བྲིས་ཤིང༔ ཁུ་བ་སླ་མོ་བྱས་པས་ཀྱང་བྱུག་སྟེ༔ སྔགས་དེ་ཉིད་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ རྟེན་འབྲེལ་སྙིང་པོ་ཡང་བརྗོད༔ དེ་རྩིད་པ་དཀར་ནག་ཕྱིར་སྒྲིལ་གྱི་སྐུད་པས༔ ཡི་གེ་གཤམ་ནས་ཡར་གྲིལ་དམ་དུ་བཅིངས་ཏེ་མགོ་གཞུག་མ་ལོག་པར་རྣ་བའི་ནང་དུ་གདགས༔ དེས་ཧོན་གྱི་གནོད་པ་བསྲུང་བར་འགྱུར་རོ༔ ྀཨཚ༔ སྨན་ཆེན་ཨ་རུ་རའི་ལྔ་འགྱུར༔ རུ་རྟ༔ གུ་གུལ༔ གླ་རྩི་རྣམས་ཐུན་གཉིས་གཉིས་བཏང་ནས༔ ལོ་བརྒྱད་བྱིས་པའི་ཆུས༔ རིལ་བུ་སྲན་མ་ཙམ་བྱས་ཏེ༔ བདུན༔ དགུ༔ བཅུ་གསུམ་ནད་ཀྱི་ཚབས་དང༔ མི་རྒན་གཞོན་གྱི་ན་ཚོད་དང་སྦྱར་ལ་བཏང༔ དེས་གག་ལྷོག་གཟེར་གསུམ་འཇོམས་པར་འགྱུར་རོ༔ ྀཨཚ༔ ཨཱོྃ་པེ་ཀ་ཙི་ཀ་ས་མ་ཡ་སྲོག་ཚིག་ནན་རྦད༔ དུ་ཡ་དུ་ཡ་ཤིག་ཤིག་སྭཱ་ཧཱ༔ ཞེས་ཚྭ་ལྷད་མེད་བརྔོས་པ་ལ་བཏབ་ནས༔ ཆུ་བསྐོལ་གྱིས་ཕུལ་ནས་བཏང་ན༔ ཕོ་ནད་མ་ཞུ་དུག་ཐབས་གྲུལ་མ་རྣམས་འཇོམས་པར་འགྱུར་རོ༔ ྀཨཚ༔ ཧ་ར་པཉྩ་བ་ར་ནན༔ ཨཱོྃ་བཛྲ་ཞི་ནན་སྭཱ་ཧཱ༔ ཞེས་མང་དུ་བཟླས་པས་གློ་བའི་ནད་ཞི་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་འུབ་འུབ༔ ཆུམ་ཆུམ༔ རིལ་རིལ༔ ཉོལ་ཉོལ༔ སོད་སོད༔ པྲ་མོ་ཧཱ༔ པྲ་མོ་ཐུན་བྷྱོ༔ དུན་སོད༔ པྲ་མོ་སྙིང་ལ་ཐིས༔ པྲ་མོ་ཤ་ལ་ཐིས༔ པྲ་མོ་ཁྲག་ལ་ཐིས༔ ཁས་པྲ་མོས་རུས་ལ་ཁས༔ ཆོམ་ཏིབ༔ ཁོད་ཕུང༔ སོད་ཤིག་སྭཱ་ཧཱ༔ ཨཱོྃ་ཁ་ཆུ་ལེ༔ ཁ་ཆུ་ལེ༔ ཆུ་ཁང་ཆུ་ལེ་སོད་ཤིག་སྭཱ་ཧཱ༔ ཞེས་པའི་སྔགས་རྒོད་འདི་ལ༔ དང་པོར་མི་ཚིག་གིས་བར་མ་ཆོད་པར་ཁྲི་ཕྲག་གཅིག་བཟླ༔ དེ་ནས་གག་པ༔ ལྷོག་པ༔ གཟེར༔ དྲེག༔ སྐྲན༔ སྲིན༔ ལྦ་བ༔ མེས་ཚིག་པ་དང་ཐབ༔ ཆུ་བྱི༔ རྨ་ཁྲག༔ ཨོག་འབམ༔ ཤུ་ཐོར་ལ་སོགས་པ་ཐམས་ཅད་ལ་སླེབ་པས་ཆོག་པ་ཡིན་ཏེ༔ སྔགས་ལྟོ་སྟོང་ལ་བཏབ་ན་ཕན་སྟོབས་ཆེའོ༔ ནད་བརྒྱ་སྔགས་གཅིག་མ་ཡིན༔ ྀཨཚ༔ ཨཱོྃ་ཏེ་རི་སོད༔ དྷ་རི་སོད༔ ལ་རི་སོད༔ ལོ་རི་སོད༔ ལོ་ཀ་སོད༔ འབྲུམ་ཞི་སོད༔ ཐུབ་ཞི་སྭཱ་ཧཱ༔ སྔགས་མཁན་མེ་དཔུང་དུ་བསྒོམ༔ འབྲས་མར་གྱི་གོང་བུར་བསམ༔ སྔགས་བརྒྱ་རྩ་བརྒྱད་གྲུབ་ནས་ཕུ་མཆིལ་བཏབ་པས༔ བདག་ཉིད་ལས་མེ་ལྕེ་བྱུང་བས༔ ནད་ཀྱི་ངོ་བོར་མར་ཞུ་ནས༔ མ་ལུས་པར་བསམ༔ དེས་འབྲས་ནད་ཞི་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་ཏིང་ཀྱི་ལི་ཏིང་ཀྱི་ལི་ཐོན་ཆུང་སྭཱ་ཧཱ༔ དེ་བས་ནན་ཀ་རུས་ནན༔ འབྲུ་ཐོག་ཡང་དང་ཡང་དུ་ནན༔ ནན་དང་ནན་དུ་སོད༔ སྔགས་མཁན་བྱ་ཁྱུང་དམར་པོ་རབ་ཏུ་ཁྲོས་པ་གཅིག་ཏུ་བསམ་ལ༔ ནད་ལ་སྔགས་ཀྱིས་མཆིལ་མ་བཏབ་པས༔ ནད་དང་ནད་བདག་ཐམས་ཅད་ཟོས་པར་བསམ༔ དེས་གག་ལྷོག༔ གཉན་རིགས༔ སྐྲངས་པ་ཐམས་ཅད་ལ་ཕན༔ དེ་ལྟར་བཏབ་ནས་ཕམ་པ་དང༔ སླར་མི་ལྡོག་པར་བྱེད་པའི་སྔགས༔ སྔགས་མཁན་སྤྱན་རས་གཟིགས་སུ་བསམ་ལ༔ ཨཱོྃ་ཐང་ན་ཐང་ན༔ ཐིང་ནི་ཐིང་ནི༔ ཁྱུང་ནི་ཁྱུང་ནི༔ ཀྱི་ལི་ཀྱི་ལི་ཡེ་སྭཱ་ཧཱ༔ ཞེས་བཟླས་ཏེ་བཏབ་ཅིང༔ ནད་གདོན་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་བསམ་མོ༔ དེས་གང་ཡང་ཕྱིས་ལྡོག་མི་སྲིད་དོ༔ ྀཨཚ༔ ཨཱོྃ་ཧ་སང་ཧ་སིང་ཀ་ལིང་ཀ་མ་རུ་ཙེ་ར་ཡི་སྭཱ་ཧཱ༔ མ་ཧེ་བྷིས༔ ཀ་རོ་ཙ་བྷིས༔ ཏིང་ཀུ་ལི་བྷིས་སྭཱ་ཧཱ༔ ཏི་ནན༔ ཅེས་པ་ཨ་རུ་རའམ༔ འོམ་བུ་བསྐོལ་བའི་ཐང་ལ་བཏབ་ཅིང་བཏང་ན་ཤ་དུག་ཞི་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་ཨ་ཁ་ལེ་མུ་ཁ་ལེ༔ ཁྱི་ཁ་ལེ་ཁྲག་ཉག་རཾ་སྭཱ་ཧཱ༔ ཞེས་ཁྱིས་རྨུག་པ་ལ་བརྒྱ་རྩ་བརྒྱད་བཏབ་པས་མྱུར་དུ་འཚོ་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་གོ་འདྲ༔ བུ་འདྲ༔ བུ་མོ་འདྲ༔ ཕར་ཕྱོགས་ལིག་ཤགས་ལོག་སྤུ་མེ་ལྕེ་སོད༔ ཅེས་མེས་ཚིག་པ་ལ་ཕུ་མི་བཏབ་ཅིང༔ མཆིལ་མ་བཏབ་པས་ཕན་པར་འགྱུར་རོ༔ ྀཨཚ༔ ཨཱོྃ་རྩལ་སོད༔ ཀ་དུར་སོད༔ ཅེས་རྨ་བྱུང་བ་ལ་བརྒྱ་རྩ་བརྒྱད་བཏབ་ན༔ སྐྲངས་མི་སྲིད་ཅིང་མྱུར་དུ་འཚོ་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་འུབ་འུབ༔ འདུས་འདུས༔ ཆུམ་ཆུམ༔ སུཾ་སུཾ༔ སརྦ་ནན་རྦད་སྭཱ་ཧཱ༔ ཞེས་ཁྲག་འབབ་པ་ལ་བཏབ་ན་ཁྲག་ཆོད་པར་འགྱུར་རོ༔ ྀཨཚ༔ ཨཱོྃ་མ་ཧཱ་བྷོ་ཏེ་ཙེ༔ ཀ་ལ་རུ་པ༔ ཀྲི་ཤ་ཀུ་རུ་ནི༔ ཤ་ཀུ་ནི་ཁ་སོ་རྦད༔ ཀྲི་སིན་སན་པཱ་མ་སྭཱ་ཧཱ༔ ཨཱོྃ་མུཾ་ནན༔ མུཾ་ཏྲི་ནན༔ ཡཾ་ཏི་ཡཾ་ཏི༔ རུ་མ་ཏི་ནན་སྭཱ་ཧཱ༔ ཁྲི་ཕྲག་གཅིག་འོ་མ་ལ་བཏབ་ནས་ལུག་ལ་གཏོར་ན༔ ལུག་ལ་སྤྱང་ཀིས་མི་ཟ༔ ཉུངས་དཀར་ལ་ཁྲི་བཟླས་ཏེ་མི་ཡི་མགུལ་དུ་བཏགས་པས༔ མི་ལ་སྤྱང་ཀིའི་འཇིགས་པ་མི་འབྱུང་ངོ༔ ྀཨཚ༔ ཨཱོྃ་ཤག་ཚལ་བ་བཾ་རིལ་རྦད༔ ཏ་ན་རྦད༔ ཏ་ན་རྦད༔ རྦད་ན་རྦུད༔ རྦད་ན་རྦུད༔ སྦུད་ཐུན་ན་སྦུད༔ སྙིང་ཤོ་ཤ་ཡ༔ སྙིང་ཤོ་ཤ་ཡ༔ སྤྲི་ལི་ལི༔ སྤྲི་ལི་ལི༔ མཱ་ར་ཡ་སོད༔ གཅན་གཟན་གདུག་པ་ཁ་ཆིངས་ཤིག་ཆིངས་ཤིག༔ ཅེས་ཞག་གསུམ་སྨྲ་བ་བཅད་ནས་འོ་མ་ལ་བཟླས་ཏེ༔ ནངས་པར་སྔ་མོར་གང་བསྲུང་བར་འདོད་པའི་ནོར་ཕྱུགས༔ རྟ་དྲེལ་ལ་སོགས་པ་རྣམས་ལ་གཏོར་བས༔ ལོ་གཅིག་གི་བར་དུ་གཅན་གཟན་གྱི་གནོད་པ་བསྲུང་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་མེ་ཁ་སོད༔ མེ་ཁུ་སོད༔ ཚ་བ་མེའི་དབལ་སོད༔ གྲང་བ་ཆུའི་དབལ་སོད༔ ཨཱོྃ་མེ་རི་དམར་པོ་སོད༔ ལྕགས་རི་སྔོན་པོ་སོད༔ ཞིལ་ཞིལ༔ པྲ་སྲཾ་སྭཱ་ཧཱ༔ ཞེས་པའི་སྔགས་འདི་རྒྱ་སྣག༔ སྦལ་སྣབས༔ རོ་ཐལ༔ ཁྱེའུ་ཞོ་འཐུང་གི་ནུ་ཞོ་རྣམས་སྦྱར་ལ་བཏབ་ནས༔ མེས་ཚིག་པའི་རྨ་དང༔ ཐབ་གདོན་པ་ལ་བྱུག་ན་མྱུར་དུ་སོས་པར་འགྱུར་རོ༔ ྀཨཚ༔ ཨཱོྃ་ཡན་ཏྲ་ཀུ་ལེན་ཆུ་དུན༔ མན་ཏྲ་ཀུ་ལེན་ཆུ་དུན༔ ཙར་ཙར༔ ཙིར་ཙིར༔ ཧིབ་བྷི་ཧིབ་བྷི༔ ཧྲ་ཙར་ཧཱུྃ་ཕུང་ཙག་ཤུ་སྭཱ་ཧཱ༔ ཞེས་སྟོང་ཚོ་གསུམ་ཆུ་གཙང་མ་ལ་བཏབ་ནས༔ མི་རྟ་ཆུ་དགག་པ་ལ་བཏང་ན་ཆུ་ཐོན་པར་འགྱུར་རོ༔ ྀཨཚ༔ བད་ཀན་སྲིན་བུ་ལ་སོགས་པ་ན་ན༔ སྔགས་མཁན་ཁྱུང་ཁྲ་བོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན་གཅིག་ཏུ་བསྒོམ༔ ནད་པའི་ཁོག་པ་ནང་དུ་ཁྱུང་ཁྲ་བོ་ཕོ་མོ་གཉིས༔ ཡར་རྒྱུག་ཕྱིར་རྒྱུག་བྱེད་ཅིང༔ ཁོག་པ་ནང་གི་འབུ་སྲིན་དང༔ བད་ཀན་སྲིན་ལ་སོགས་པ་ཐམས་ཅད་འཇོམས་པར་བསྒོམ་ཞིང༔ ཨཱོྃ་ཧར་སིང་སྨུག་ཐུམ་སྭཱ་ཧཱ༔ ཨཱོྃ་ས་དྷ་དྷི་སྭཱ་ཧཱ༔ ཨཱོྃ་གར་ཕྱིན༔ ཏྲི་ཕྱིན༔ དུག་སོད༔ རུས་ནོན་སྭཱ་ཧཱ༔ ཨཱོྃ་ག་རུ་ཌ་སྲོག་ཚིག་ནན་རྦད༔ དུ་ཡ་དུ་ཡ༔ ཤིག་ཤིག་སྭཱ་ཧཱ༔ ཤིག་ཤིག༔ དུཾ་དུཾ༔ སྲིན་ནོན་སྲིན་སོང་སྭཱ་ཧཱ༔ ཞེས་རང་ཉིད་ཁོང་པ་ཁྲོག་ཁྲོག་མ་བྱུང་གི་བར་དུ་ཚྭ་དང་མར་བསྲེས་པ་ལ་བཏབ༔ སྔགས་མཁན་བཤལ་ལ་ཁད་བྱུང་བ་དང༔ དམིགས་བྱ་ལ་ཚྭ་མར་ཆུས་ཕུལ་ལ་བཏང་བས༔ འབྲུ་སྲིན་དང་ནད་ཐམས་ཅད་བཤལ་བར་འགྱུར་རོ༔ མང་པོ་བཤལ་ན་བཤལ་རྗེས་སྤྱི་དང་མཐུན་ནོ༔ ྀཨཚ༔ ཨཱོྃ་སྲིན་བུ་ཙག་ཤུ་ལ་ནན་སྭཱ་ཧཱ༔ ཞེས་མར་ཁ་ཚ་མ་བལ་བསྣོས་པ་ལ་སྟོང་བཏབ་ལ༔ བཤལ་རྒྱུན་དུ་བརྫངས་ན༔ སྐུབ་སྲིན་ཁ་ཚའི་གནོད་པ་ཞི་བར་འགྱུར་རོ༔ ྀཨཚ༔ ཨཱོྃ་ཏྲ་ཏིག་ཏིག༔ ཏ་ཐཱ་གྷ་ཏ་བྷག་ཤིག༔ ཏདྱ་ཐཱ༔ ཙ་ལེ་ཙ་ལེ་དྲུང་ཧཱུྃ་ཕཊ༔ ཅེས་མང་དུ་བཟླས་ཏེ་སྲན་མར་བཏབ་ནས༔ སྲན་རྡོག་བདུན་བདུན་བཏགས་ན༔ ལོ་གཅིག་གི་ནང་དུ་འབྲུམ་པའི་ནད་ལས་ཐར་རོ༔ ྀཨཚ༔ ཨཱོྃ་ཤ་ལ་ནི་སོད༔ ཆུ་སེར་སྡུས༔ འུབ་ཏེ་སྡུས༔ རོག་ཏེ་ཤིག༔ དྲག་ནད་ཤི༔ ཚ་བ་མེའི་དབལ་སོད༔ གྲང་བ་ཆུའི་དབལ་སོད༔ རྣོ་བ་ལྕགས་ཀྱི་དབལ་སོད༔ ཁྱུང་གི་ནད་རྣམས་ཕྱུང་སྭཱ་ཧཱ༔ རང་ཉིད་ཁྱུང་དུ་བསྒོམས་པར་བྱས་ཏེ༔ དེ་ཡང་ཚ་དྲེག་ལ་ཆུའི་ཁྱུང་སྔགས་ཀྱང་ཆུ༔ གྲང་དྲེག་ལ་མེའི་ཁྱུང༔ སྔགས་ཀྱང་མེར་བསམ་ཞིང༔ དྲེག་ནད་ལ་བཏབ་པས་ཕན་ནོ༔ ྀཨཚ༔ གྲོ་ཤོག་སྲབ་མོ་ལ་བཟང་དྲུག་བསྲེས་པའི་མཚལ་ལམ༔ རྒྱ་ཚོས་ཀྱི་ཁུ་བས༔ ཡི་གེ་དབུ་ཅན་དུ༔ ཏདྱ་ཐཱ༔ ཨཱོྃ་བྷནྡྷ་ཡ་བྷནྡྷ་ཡ༔ ཚིནྡྷ་ཡ༔ ཚིནྡྷ་ཡ༔ བྷིནྡྷ་ཡ་བྷིནྡྷ་ཡ༔ སྟ་ར་ཡ་སྟ་ར་ཡ༔ སོ་ཤ་ཡ༔ སོ་ཤ་ཡ༔ སྣེ་ཏྲ་ཡ༔ སྣེ་ཏྲ་ཡ་སྭཱ་ཧཱ༔ འཆང་བ་པོ་ཆེ་གེ་མོ་ལ་རྒྱུ་གཟེར་ཁྲག་འབྱམས་དམར་ནད་ལས་བསྲུང་དུ་གསོལ་རཀྵ༔ ཨཱོྃ་ཀུན་དྷེ་ལེ༔ ཀུན་བམ་ཙམ་མཾ༔ བྲུཾ་ཤལ་ཤལ་སྭཱ་ཧཱ༔ ཁྲག་ནད་རྒྱུ་གཟེར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་ལྷག་ཆད་མེད་པར་བྲིས་ནས་གོང་མ་ལ་བརྒྱ་རྩ་བརྒྱད༔ འོག་མ་ལ་ཉེར་གཅིག་སྨྲ་བ་བཅད་ལ༔ བཟླས་པས་རབ་གནས་བྱ༔ ཆུ་མིག་ཁ་ཤར་དྲང་པོར་བལྟས་ཏེ༔ སིལ་མར་འབབ་པའི་ཆུ་ལ༔ སྨན་བཟང་དྲུག་དང་གླ་རྩིའི་ཕྱེ་བཏབ་ལ༔ རྫའི་བུམ་པར་བླུགས་ནས༔ བུམ་པ་རས་དཀར་པོ་དྲི་མ་མེད་པས་གཏུམ༔ དེའི་སྟེང་དུ་སྔགས་བྲིས་པས་གྲིལ་ཅིང༔ ཐུམ་དཀྲིས་དམར་པོས་གྲིལ་ཏེ་གཏུམས་ལ་བཞག༔ དེ་མི་ཁྱི་གང་གིས་ཀྱང་མ་མཐོང་སར༔ སྔགས་མཁན་གྱི་མདུན་དུ་བཞག་ནས༔ བུམ་པ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ༔ བུམ་ཆུའི་ངོ་བོ་མཁའ་འགྲོ་མ་ཛ་ཏཱི་མ་ཞེས་བྱ་བ༔ སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས༔ གཡས་བདུད་རྩི་འཚོ་བྱེད་ཀྱི་བུམ་པ༔ གཡོན་ཉི་མའི་དལ་བསྣམས་པ༔ དར་དཀར་གྱི་རལ་ག་གསོལ་ཞིང༔ རིན་པོ་ཆེའི་རྒྱན་ཕྲེང་མང་པོས་བརྒྱན་པ༔ སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོ་ཞིང༔ ནད་ཐམས་ཅད་ཞི་བར་མཛད་པར་དམིགས་ཏེ༔ གོང་མའི་སྔགས་མང་བ་དེ་ལ་བརྒྱ་སྟོང་ཁྲི་འབུམ་ལ་སོགས༔ ནད་པའི་རྒྱུ་ཚོད་དང་བསྟུན་ལ་སྨྲ་བ་བཅད་དེ་བཟླ༔ དེ་ནས་མཁའ་འགྲོ་མ་འོད་དུ་ཞུ་བའི་བདུད་རྩིར་བསམ་ལ༔ ནད་པའམ་གང་ལ་བྱེད་ཅིང་བསྲུང་བར་འདོད་པ་རྣམས་ལ༔ སྲུང་བ་རེ་གདགས༔ སྔགས་ཆུ་འཐུང་བ་དང་ཁྲུས་བྱེད་གཞུག༔ གྲོང་ཁྱེར་ཆེན་པོའི་མི་ལ་སོགས་པ་མི་མང་པོ་བསྲུང་བར་འདོད་ན༔ སྤྱི་དང་མཐུན་པའི་བུམ་ཆོག་བྱ་ཞིང༔ འབྱུང་པོ་དང་ནད་ཡམས་ཀྱི་བདག་པོ་དང༔ བདག་མོ་རྣམས་ལ་གཏོར་མ་སྦྱིན༔ བདེན་སྟོབས་བརྗོད༔ བལ་དཀར་པོའི་སྐུད་པ་ལ་སྔགས་ཀྱིས་མདུད་པ་བྱས་ཏེ༔ བསྲུང་བྱ་ལ་གདགས་པར་བྱའོ༔ ནད་ཀྱིས་ཟིན་པ་ཡིན་ན༔ ནངས་མའི་རིང་ལ་སྔགས་བཟླས་ཤིང་བུམ་ཆུ་དེ་སྦྱིན་པས༔ ཉེན་མེད་དེ་མྱུར་དུ་འཚོ་བར་འགྱུར་རོ༔ ཁྲག་ནད་ཡོད་པའི་སར་འགྲོ་ན༔ སྔགས་མ་བུ་དཔོན་གཡོག་སྦྲེལ་མ་ཉེར་གཅིག་བཟླས་ཏེ་རང་གི་དྲི་ཆུ་ལ་བཏབ་ནས་ཁོང་དུ་འཐུང༔ དབང་པོ་རྣམས་ལ་བྱུགས་པས་མི་འགོ་བར་འགྱུར་རོ༔ ངེས་པར་ཐུབ་པའི་ཨུ་པ་དེ་ཤའོ༔ ྀཨཚ༔ ན་བྷ་འུ་ར༔ ཤུ་ཕྲ་ར༔ བྷི་བརྡུང༔ ཏ་ཏ་པ་ཏ་བྷི་མ་ལ༔ མང་དྷ་ལམ་འུ༔ ཙན་དྷ་ས་ར་ནི༔ སང་པ་ར་ཤའི་ཀ༔ ཤ་ར་ཏི་ྪྞ་ན་ནི༔ དྷར་མ་བྷྲ་མ༔ ཨཱོྃ་དྷ་ཏ༔ ཏཥྚ་ན་མ་ཐེ༔ ཏིང་མ་ར་གོ༔ ཏྲའི་ཏེ༔ ཏ་ནོ་དྷ་ར་ཤ་ན༔ མ་ཏ་འུ༔ ཏ་བྷནྡྷེ༔ བྷྱ་ན་རུ་སེ༔ མ་ར་ནཾ༔ བྷེ་ཧ་ར༔ ྪྞོ་ཀི་ནི༔ ྪྞག་མ་ཏྲ༔ ཞེས་ལན་ཉེར་གཅིག་མི་ཚིག་གིས་བར་མ་ཆོད་པར་བཟླས་ཏེ༔ མིས་མ་འགོང་པའི་འཇག་མ་སོར་བཅུ་གཉིས་པ་ཉག་མ་བདུན་ལ་བཏབ་ནས༔ རྣ་ལྟག་གཡས་གཡོན་དུ་བཙུགས་ནས༔ གཅིག་ཕྱིན་ན་གཅིག༔ མང་པོ་འགྲོ་ན་སྔ་ཕྱི་གཉིས་ཀྱི་རྣ་ལྟག་ལ་བཙུགས་ནས་ཕྱིན་པས་ལམ་གྱི་དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པར་འགྱུར་ཏེ༔ ནངས་རེ་བཞིན་སྔགས་བསྐྱར་ལ་གདབ༔ འཇག་མ་མ་བོར་བར་བྱའོ༔ ྀཨཚ༔ གུ་གུལ་ནག་པོ༔ བོང་ང་ནག་པོ༔ སྤྲུ་བ་ནག་པོ༔ གླ་རྩི༔ ཤིང་ཀུན༔ ཤུ་དག་ནག་པོ༔ བ་བླ༔ མུ་ཟི༔ ཡུང་བ་སེར་པོ་རྣམས་ཆ་མཉམ་བྱས་ལ༔ གླ་རྩིའི་ཆུས་ཆང་དུ་སྦྱར་བས་རིལ་བུ་སྲན་མ་སྦོས་པ་ཙམ་བྱས་ལ༔ ཨཱོྃ་ཐིམ་ཐ་ར་ཏི༔ ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་སྟོང་ཕྲག་གཅིག་བཟླས་ནས་བཏབ་ལ༔ རིལ་བུ་གསུམ་གསུམ་བསྲུང་བྱའི་མགུལ་དུ་གདགས་ལ༔ རིལ་བུ་གཅིག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སེང་གེ༔ གཅིག་འཇམ་དཔལ་གྱི་སྤྲུལ་པ་རུས་སྦལ༔ གཅིག་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྱུང་གསུམ་དུ་གྱུར་ནས༔ འགོ་ནད་ཡམས་རིམས་ཀྱི་གནོད་པ་ཐམས་ཅད་ཟློག་ཅིང་བསྲུང་བྱ་སྲུང་བར་བསྒོམ༔ དེས་རིལ་བུ་དང་མ་བྲལ་གྱི་བར་དུ༔ འགོ་བའི་ནད་ཀྱི་རིགས་མཐའ་དག་པས་མི་ཚུགས་ཤིང་བསྲུང་བར་འགྱུར་རོ༔ ཡང་ན་ཙཀྲ་རིམ་པ་གསུམ་བསྐོར་བའི་ལྟེ་བར༔ ཧྲཱི༔ མུཾ༔ ཧཱུྃ༔གསུམ༔ དེ་རྒྱབ་མུ་ཁྱུད་ལ༔ འཆང་བ་ཆེ་གེ་མོ་ལ་འགོ་བའི་ནད་ཀྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག༔ དེ་རྒྱབ་རྩིབས་གསུམ་ལ༔ རིགས་གསུམ་མགོན་པོའི་སྙིང་པོ༔ མཆན་གསུམ་ལ་སེང་གེ༔ རུས་སྦལ༔ བྱ་ཁྱུང༔ དེ་རྒྱབ་མུ་ཁྱུད་ལ༔ རྟེན་འབྲེལ་སྙིང་པོ་དང༔ ཐིམ་ཐ་རའི་སྔགས་བྲིས་ཏེ༔ བཙན་དུག་ཡུང་བ་ཆུ་དག་གསུམ་གྱི་ཆུ་བྱུགས་ནས༔ རང་སྔགས་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ རིགས་གསུམ་མགོན་པོ་བསྟིམས་ནས༔ བསྲུང་བྱའི་མགུལ་དུ་བཏགས་པས་ཀྱང་ནད་རིམས་ཐམས་ཅད་བསྲུང་བར་འགྱུར་རོ༔ ྀཨཚ༔ ཤ་ཁ་ས་མ་ར༔ ཀ་ལ་རི་ཡ༔ ཤི་རི༔ ཙ་ན་ཏྲ༔ མ་ན་ཐ༔ ཡ་པ་ནེ་ར་ཁེ༔ པྲ་བྷེ་ཨ་ནི༔ ཨ་ནི་ཤི་ན༔ ཏ་རི་བྷིར་བྷེ་ཀ་མ་ཀྵེ་ཙི༔ ཨ་གྷྱ་ཡ༔ དྷིར་བྷེ༔ ཤུ་རང་ག༔ ན་ཐ་ཙེ༔ ཨ་གྷྱ་ཙ་ན༔ ག་མུ་ཏྲ༔ གྷུ་རུང་ཀི༔ ཤི་དི༔ ཞེས་མང་དུ་བཟླས་ཏེ་ཉུངས་དཀར་ལ་བཏབ་ནས༔ གང་བསྲུང་བར་འདོད་པའི་ལུས་ལ་བཏགས་ན༔ བྱད་སྟེམས་དང༔ དམག་ཇག་གི་འཇིགས་པ་ལས་བསྲུང་བར་འགྱུར༔ ཁང་སྒོའི་ཡ་ཐེམ་དང༔ སྦྲའི་ཀ་བ་ལ་བཏགས་ན་རྐུན་མ་བསྲུང༔ ཁྱུ་རྫི་དང་དོན་ཕོ་ལ་སོགས་པ་ལ་བཏགས་ན༔ གང་ཡིན་པའི་ཁྱུ་རང་ས་ལ་དགྲ་རྐུན་མི་འབྱུང་ངོ༔ ྀཨཚ༔ ཁའི་ཁ་བའི་ཀེ་དུས༔ ཀ་ཧི་བྷིས༔ མྱེ་ཁའི་ཕ་ཏོ་ཧོ༔ ར་མ་ཧོ༔ ཀའི་ལ་གྷའི་སན་ཏི་བིས༔ ཞེས་བྲིས་ཏེ་དཔུང་པ་གཡས༔ ཨཱོྃ་ཧ་ས༔ ཧ་སིད་ཀ་ལ༔ དུན་ཏེ༔ ཀྲུག་ལེ་ཀྲུག་ལེ༔ ཧ་ལ་ཧ་ལ༔ ནད་ལ་ཧ་ལ༔ གདོན་ལ་ཧ་ལ་སྭཱ་ཧཱ༔ པར་ཙ་ཀུ་ཡན་ཏེ༔ དྷ་ར་དྷ་ར༔ ཨཱོྃ་ཨཱཾཿཧཱུྃ༔ ཞེས་དཔུང་པ་གཡོན༔ ཨཱོྃ་ཧ་ས་ཧ་སིང༔ ཀ་ཡ་ཙི་ཡང་ནད་ལ་སྭཱ་ཧཱ༔ གདོན་ལ་སྭཱ་ཧཱ༔ ཨཱོྃ་ཁ་རི་བུད་རིན་མོ་སྐུད་མ་སྟ་ཧྲ་སྭཱ་ཧཱ༔ པ་ཙ་ཤ་ལ་དུན་ཡ་བྷྱོ༔ ཏྲིག་ལེ་ཧྲཱི༔ གོ་པ་ལ་ས་རེ་མེ༔ ཨཱོྃ་བྷི་གྷ་ཡེ་སྭཱ་ཧཱ༔ ཞེས་བྲི༔ མགུལ་དུ་བཏགས༔ དེ་ཡང་སྔགས་དེ་དག་མཐིང་ཤོག་ལ་གསེར་གྱི་ཡི་གེ་དབུ་ཅན་དུ༔ ལྷག་ཆད་མེད་པར་བྲིས་ནས་སྐར་མ་རྒྱལ་དང་ཉ་འཛོམ་པའི་ནུབ་མོ༔ མི་ཚིག་གིས་བར་མ་ཆོད་པར་བརྒྱ་རྩ་བརྒྱད་དང༔ རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིས་རབ་གནས་བྱས་ལ༔ རང་གཞན་གང་བསྲུང་བ་ལ་བཏགས༔ མགུལ་དུ་བཏགས་པ་དེ་བྱ་ཁྱུང༔ གཡས་ཀྱི་དེ་སེང་གེ༔ གཡོན་གྱི་དེ་རུས་སྦལ༔ རང་ཉིད་ཡི་དམ༔ བསྲུང་བྱ་དེ་རྨ་བྱ་དར་མར་བསྒོམ༔ བསྲུང་བྱ་ལའང་བསྒོམ་དུ་བཅུག༔ དེས་ཉེས་པ་ཐམས་ཅད་ལས་སྐྱོབ་ཅིང༔ ཁྱད་པར་དུ་དུག་གི་རིགས་དང༔ མནའ་ཡི་ཉེས་པ་དང༔ བཟའ་བཏུང་མི་འཇུ་བའི་གནོད་པ་མཐའ་དག་བསྲུང་བར་འགྱུར༔ གཞན་ཡང་དེའི་ཡོན་ཏན་དཔག་ཏུ་མེད་དོ༔ ྀཨཚ༔ ཨ་ལི་ཀ་ཏ་ཀ་ཏ༔ ཀ་ལིའི༔ ཙི་ར༔ ནེ་ཐ་ལི༔ ཨུ་ཛེ་ནི་ཡེ༔ ཨུ་ཕེ་ཐྲི་ཡེ༔ ར་ག་ཏ༔ མུ་ག་ཌ༔ སརྦ་སིདྡྷི༔ མུ་ཧུ་ནི༔ ཨུ་ཤི༔ མུ་ཧུ་ནི་ཛྷའོ༔ ཛ་ར་པཱུ་ཏྲ༔ གི་མུ་ཧུ་དཾཥྚ༔ ཀི་ཏེ་མོ་ཧི༔ མ་ཀེ་ཏེ་ལ་ཧོ༔ ཨ་བུ་ཐ་མུ་ཐི་སྭཱ་ཧཱ༔ ཛྙཱ་ན་བྷ་ན་ཐོ་དྷིཥྚི༔ ཞེས་པ་སྟོང་ཕྲག་གཅིག་བཟླས་པས༔ དེ་རྣམས་ཐམས་ཅད་ནུས་པ་དང་ལྡན་པར་གྱུར་ནས༔ གང་ཡང་མི་ཕན་མི་སྲིད་དོ༔ སྔགས་དེ་སྟོང་མ་ཐེམས་ཀྱི་བར་དུ་བྱ་བ་གང་དང༔ གཞན་ཚིག་གང་གིས་ཀྱང་བར་མ་ཆོད་པར་བྱའོ༔ དེ་ལྟར་སྔགས་ཀྱི་རིམ་པ་རྣམས་གཞན་གང་ལ་བྱས་པའི་རྗེས་སུ༔ བསྔོ་བ་བྱ༔ དམིགས་མེད་ཀྱི་ངང་དུ་མཉམ་པར་བཞག་པར་བྱའོ༔ ྀཨཚ༔ ཟབ་ཆོས་དགོངས་པ་འདུས་པའི་ཆ་རྐྱེན་སྔགས་འབུམ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས་བཀོད་པའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ སྤྲུལ་སྐུ་སངས་རྒྱས་གླིང་པས་པུ་རི་ཕུག་མོ་ཆེ་ནས་བཏོན་པའོ། །འདིའི་སྔགས་སྔ་འགྱུར་གྱི་སྒྲ་དང་བསྟུན་རུང་བ་རྣམས་འབྲི་གུང་ཆོས་གྲགས་ཀྱིས་ཞུས་དག་མཛད་པ་བཞིན་ནོ།། །།
ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་ (Volume 51, Text 51)
ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་ནི། ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་བ་ཏི། ཨུད་པ་ད་ནི། བི་ནཱ་མ་ནི། ཨ་བྷི་ཥེ་ཙ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུམ་བ་ལ་ན། བཱ་ཧ་ཧ་ར། ཀླེ་ཤཱ་ན། དྷུ་ན་པཱ་པཾ་ཤོ་དྷཱ་ཡ་མརྒཱ་ན། ནི་རཱ་ཧི་ཀ་དྷརྨཱ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མ་རི་རཱ་ཛ་ས། དུ་ཁཿཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། གཟུངས་འདུས་ཝཾ་ལས་བཤུས་སོ།། །། ࿊ ཆར་འབེབ་སྔགས་ནི། ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཛཿཛ༔ ཕྲོམ་ཕྲོམ༔ ཕོབ་ཕོབ༔ ནཱ་ག་རཱ་ཙ་ཆར་ཕོབ་ཕོབ༔ ནཱ་ག་རཱ་ཙ་རྦད་རྦད་ཆར་ལ་རྦད༔ ནཱ་ག་རཱ་ཙ་རྦུད་རྦུད་ཆར་ལ་རྦུད༔ ནཱ་ག་རཱ་ཙ་སྐུལ་སྐུལ་ཆར་ལ་སྐུལ༔ བྷ་རི་ཤ་ཡ་པ་ཏ་ཡ་མྱུར་དུ་ཕོབ༔ ནཱ་ག་རཱ་ཙ་ཕྲོམ་ཕྲོམ༔ ཧྲིལ་ཧྲིལ་ཤར་ཤར་ཕོབ་ཕོབ༔ ཨོཾ་ནཱ་ག་ཏ་ལི་ནན་ཧཱུྃ་ཕཊ། ࿊ སྤྲིན་སྡུད་སྔགས་ནི། ཨ་ཏྲ་ག་རེ་ཕེཾ་ག་རེ༔ ཨུ་ཏྲ་ག་རེ་ཙནྡྷ་ལི༔ ཀླེ་ཧུ་བྷ་ལ༔ དྷེ་ཧུ་སིདྡྷི༔ ཨ་ཏྲ་སིདྡྷི༔ མ་ཧཱ་སིདྡྷི་ཧཱུྃ་ཧཱུྃ༔ ࿊ ཞི་དྲག་ཕྱེད་མའི་དྲག་སྔགས་ནི། ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བཛྲ་ག་རུ་ཊཿཧཱུྃ༔ རཱ་ཧུ་ལ་ནཱ་ག་རཱ་ཙ་ཕུཿས་མ་ཡ་ཛཿཛ༔ ནཱ་ག་གྲུ་ནཱ་ག་གྲུ་དྲག་པོར་ཕོབ༔ མགོ་ལ་ཐུན་ཁྲག་ཕོབ༔ གྲོལ་ཐུན་ཕོབ༔ གྲོལ་ཐུན་ཁྲག་ཕོབ༔ པྲ་ཏ་ཡ་པྲ་ཏ་ཡ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ བྷ་རི་ཤ་ཡ༔ བྷ་རི་ཤ་ཡ༔ འུ་ཤི་ཤ་ཡ༔ འུ་ཤི་ཤ་ཡ༔ ཨཱ་བེ་ཤ་ཡ༔ ཨཱ་བེ་ཤ་ཡ༔ ནཱ་ག་ནཱ་ག་དུག་ཁྲག་ཕོབ༔ ནཱ་ག་ནཱ་ག་ཆར་ཕོབ༔ ནཱ་ག་ཁྲག་ཐུན་དྲག་པོ་ཕོབ༔ ནཱ་ག་སྤུ་སྤུ༔ ནཱ་ག་ཧཱུྃ་ཧཱུྃ༔ ནཱ་ག་ཕུཿས་མ་ཡ་དམ་ཛཿཛཿ ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཆར་མྱུར་དུ་ཕོབ་ཅིག༔ ࿊ དྲག་འབེབ་ཀྱི་དྲག་སྔགས་ནི། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཕུཿཛཿཛ༔ ཕྲོཾ་ཕྲོཾ༔ ཕོབ་ཕོབ༔ བྷ་རི་ཤ་ཡ་བྷ་རི་ཤ་ཡ༔ པ་ཏ་ཡ་པ་ཏ་ཡ༔ ནཱ་ག་རཱ་ཙ་ཕྲོམ་ཕྲོམ༔ ཏྲི་ཙ་ཏྲི་ཙ་ཕོབ་ཕོབ༔ ཏྲི་ཙ་ཏྲི་ཙ་རྦད་རྦད༔ ནཱ་ག་རཱ་ཙ་རྦད་རྦད༔ ནཱ་ག་རཱ་ཙ་རྦུད་རྦུད༔ ནཱ་ག་རཱ་ཙ་སྐུལ་སྐུལ༔
ཚོགས་བསྒྲལ་བའི་སྐབས་འགུགས་བྱང (Volume 34, Text 51)
ཚོགས་བསྒྲལ་བའི་སྐབས་འགུགས་བྱང་ནི། ཨོཾ་སཿཀརྨ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་ཤཱ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ༔ རང་ཉིད་ལས་བྱེད་ཀྱི་མཁའ་འགྲོ་མ་ཀརྨ་དྷཱ་ཀི་ནཱིའི་སྐུར་གྱུར། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་དམིགས་རྟེན་གསལ་བ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལྷ་ཚོགས་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུན་བིགྷྣཱན་བཛྲ་ཨངྐུ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྜེ་ཧོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ སྒོ་བཞིའི་དབྱེ་དབབ་ཀྱི་སྔགས་རྒྱ་བརྗོད་ཅིང་གཡབ་རོལ་སོགས་མཐོང་བརྒྱུད་ལྟར་བྱའོ།།
ཡིག་སྣ་ངན་པ་ཀུན་ཐུབ་དང་ཐོད་ངན་ཀུན་ཐུབ་ (Volume 44, Text 51)
སློབ་དཔོན་པདྨས་མཛད་པའི། ཡིག་སྣ་ངན་པ་ཡོད་པ་ཀུན། རང་ལ་ངན་པ་སྲུང་བ་འདི་ཟླ་གསང་དྲི་མེད་ཟེར། འཁོར་ལོ་རེའུ་མིག་དགུ་པ་བྲི། དབུས་སུ་ཧྲི་རེ་མིག་ རེར་ཏྲཾ། མུ་ཁྱུད་ལ་བྷ་ཏ་སི་ཡི་སྔགས་བྲི། སེང་ལྡེང་ཕུར་པ་སོར་བརྒྱད་པའི་མགུལ་དུ་གདགས་ཏེ། མཆོད་ཁང་སྒོ་ཡི་ཐེམ་འོག་མནན། ཡང་དེ་འདྲ་བ་གཅིག་བྲིས་ལ་སཱཙྪའི་ནང་དུ་གཞུག །དེའི་ ཟླ་ལ་ཏེ་སྨན་གཅིག །སྐྱ་བ་གཅིག་ཀྱང་གདག །མཆོད་ཁང་གི་གདུང་གསེབ་གཞུག །བྷ་ཏ་སི་ཡི་སྔགས་བརྒྱ་རྩ་གཅིག་པ་ཡང་བཟླས་ལ་གདག་པར་བྱའོ། །ཕུར་པ་ལ་སྔགས་འདི་བྲི། ཨོཾ་པྲ་ཏི་པུ་ནི། སུ་ཤ་ར་ན། བ་ར་བི་ཡེ་ཙེ་མུ་ནེ་ཧཱུྃ་ཕཊ། ཅེས་འབྲུ་བཅུ་བདུན་པའི་སྔགས་འདི་ཕུར་པའི་སྔགས་སོ། །ཨོཾ་རྒིར་ཤ་ས་ཡ། པར་ཤ་ནེ་ར་ཡེ་ཏྲི་ན་ཏྲེ་ན། ཨ་ནེ་ཨ་ནེ། ཤ་མ་ར་ཤ་མ་ར། ས་ར་ས་ར། བྷནྡྷ་བྷནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བྷ་ཏ་སི་བྷ་ཀུ་ཏ་མ་མ་བྷྱོ་བྷྱོ། ཧུ་ཡ་དུན་བྷྱོ། ཞེས་བཞི་བཅུ་ཞེ་དགུ་པའི་སྔགས་འདི་མུ་ཁྱུད་ལ་བྲི། སྔགས་ལ་ཆད་ལྷག་བྱུང་ན། ཕན་བས་ཀྱང་གནོད་པ་དེས་ཆེའོ།། དེ་བས་སྔགས་ལ་གཟབ་བོ། །རབ་གནས་སྔགས་ཀྱང་དེ་ཉིད་ཡིན། མཚོ་རྒྱལ་ལ་གནང་བའོ།། །། ༄༅། །པདྨས་མཛད་པའི་མན་ངག་ཐོད་པ་ལ་དགའ་བ་རྣམས་ལ། ཐོད་ངན་ཀུན་ཐུབ་འདི་བསྟན་ནོ། །འདི་ལ་རྫས་དང་སྔགས་གཉིས་རྫས་ཕག་ཐོད་ནང་དུ་འཁོར་ལོ་འདི་དངུལ་དུམ་པད་བཞུགས། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་རིམ་པ་གཉིས་ལ་བྲི། རྩིབས་བརྒྱད་ལ་སྔགས་འདི་རྣམས་བྲི། ཨོཾ་མ་ཧཱ་ཀཱ་ལ་ཧ་ཧསྨི་དྷི། ན་ས་ཁ་ན་མཱ་ར་ཡ། ས་མུན་ཏ་ཧུར་ཧུར་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། མུ་ཁྱུད་ ནང་མ་ལ། ཨོཾ་ས་ཤག་བ་གྷ་བ་ག་ཏི་ཧུ་ཡ་ཧུ་ཡ་ཧཱུྃ་ཕཊ། ཡི་གེ་བཅུ་བཞི་ཆད་ལྷག་མེད་པར་བྲིས། ཕྱི་མ་ལ་ཨོཾ་རྒྱུན་བྲེང་ཤག་རིམ་ས་མ་ཡ། ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཡིག་འབྲུ་བརྒྱ་དྲུག་ པ་བྲི། དེ་ལ་སྔགས་གོང་མ་བརྒྱ་རྩ་བརྒྱད་བྲིས་ལ་ཐོད་པར་གཞུག །ཐོད་པ་ཕྱི་སྒོའི་ཡ་ཐེམ་སྟེང་དུ་ཁ་ཕྱིར་བསྟན་ལ་བཞག །གཟའ་དར་བའི་དུས་སུ་བྱ། འཁོར་ལོ་དེ་འདྲ་བ་གཅིག་བྱས་ལ། རང་གི་མཆོད་ཁང་ངམ་ཀ་བ་ཕུག་མ་ལ་བླན་ལ་བཞག །དེ་ནས་ཐོད་པ་བཟང་པོ་དང་། །ངན་པ་གང་ཡང་བཅང་དུ་ཐུབ། བཟང་ན་བྱིན་རླབས་ཆེ། ངན་ན་གནོད་པ་མི་འོང་། ཐོད་པ་ཀུན་ཐུབ་ ཅེས་བྱ་བ་མངའ་བདག་ལ་གདམས་པ། གནུབས་སྟོན་ཀུན་དགའ་གྲགས་ཀྱིས་གཏེར་ནས་བཏོན་པའོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་དྲག་པོ་རཀྴ་ཐོད་ཕྲེང་གི་བརྒྱུད་པའི་གསོལ་འདེབས་རྡོ་རྗེའི་སྤྲིན་ཕྲེང་ (Volume 45, Text 51)
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་དྲག་པོ་རཀྴ་ཐོད་ཕྲེང་གི་བརྒྱུད་པའི་གསོལ་འདེབས་རྡོ་རྗེའི་སྤྲིན་ཕྲེང་ཞེས་བྱ་བ། ན་མོ་ཤྲཱི་བཛྲ་ཀྲོ་དྷ་རཱ་ཛཱ་ཡ། ཀུན་བཟང་ཆེ་མཆོག་ཆོས་སྐུ་འོད་མི་འགྱུར། །པདྨ་དབང་གི་བདག་ཉིད་སྤྱན་རས་གཟིགས། །རྡོ་རྗེ་དྲག་པོ་པདྨ་ཐོད་ཕྲེང་རྩལ། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། །གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་ཞབས། །རྣམ་སྣང་སྲུང་བ་ཁྲི་སྲོང་ཡབ་སྲས་ཟུང་། །མཆོག་གྱུར་གླིང་པ་རྣམས་ལ་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། །བསྟན་གཉིས་རྒྱ་མཚོའི་མངའ་བདག་མཁྱེན་བརྩེའི་དབང་། །ལུང་ཟིན་འགྲོ་བའི་མིག་གཅིག་གཡུང་དྲུང་གླིང་། །ཆོས་བདག་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། །ཆོས་ཀྱི་དབྱིངས་ཉིད་ཞི་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་སྙིང་རྗེ་ཁྲོས་པའི་སྐུར། །རོལ་པའི་སྣང་ཆ་འབར་བའི་ཧེ་རུ་ཀ །རཀྴ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། །ཕྲིན་ལས་དབྱིངས་ཀྱི་ཆོས་འཕྲུལ་མི་བཟད་པ། །བདུད་འདུལ་ཟིལ་གནོན་དཔལ་གྱི་ཁྲོ་བོ་བཅུ། །སྤྲུལ་འཁོར་བཀའ་སྡོད་བཅས་ལ་གསོལ་བ་འདེབས། །བདུད་སྡེའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ། ཁྲོ་རྒྱལ་རོལ་པའི་ཕྲིན་ལས་ལ་བརྟེན་ནས། །བསྙེན་སྒྲུབ་སྲུང་ཟློག་གསད་པའི་འཕྲུལ་འཁོར་གྱིས། །སྲི་སྐེག་བྱད་ཕུར་རྦོད་གཏོང་སྦྱོར་བ་ཀུན། །བསྐལ་པའི་མེ་ལྕེས་བྱ་སྒྲོ་བཞིན་དུ་བཅོམ། །སྲུང་བའི་འཁོར་ལོ་འབར་བའི་རྡོ་རྗེའི་རྫོང་། །ནམ་མཁའི་གུར་ཁང་ཅིས་ཀྱང་མི་ཕྱེད་བརླིངས། །བདུད་བཞི་ལས་རྒྱལ་རྣལ་འབྱོར་མཐུ་གྲུབ་སྟེ། །སྲིད་པ་རྡོ་རྗེའི་ཕྱག་རྒྱར་མཉམ་སྦྱོར་བ། ཁྲག་འཐུང་དཔའ་བོའི་གོ་འཕང་མཆོག་གྲུབ་ཤོག །ཅེས་བརྒྱུད་འདེབས་ཉུང་ངུ་འདིའང་འོག་མིན་མཚུར་མདོའི་གནྡྷོ་ལར་བསྟན་རིམ་ཆེད་གཟུངས་སྒྲུབ་འབུམ་ཐེར་གྱི་སྲི་ཟློག་མཆོད་རྟེན་སྒྲུབ་པའི་སྐབས་ཉེར་མཁོའི་ཆ་རྐྱེན་དུ་གཏེར་ཆེན་བླ་མའི་བཀས་བསྐུལ་བ་བཞིན། སངས་རྒྱས་ཀརྨ་པའི་མཚན་གྱི་ཅོད་པན་འཆང་བ་ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེས་བྲིས་པ་དགེ། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཟབ་བདུན་མཆོག་ཟབ་ཡང་དག་ལས། སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་དང་འབྲེལ་བའི་དབང་བསྐུར་རྒྱས་པ་བླ་མ་ཧེ་རུ་ཀ་དཔལ་གྱི་ཞལ་ལུང་བདེ་ཆེན་མཆོག་གི་མྱུར་ལམ་ (Volume 27, Text 51)
༄༅། །ཟབ་བདུན་མཆོག་ཟབ་ཡང་དག་ལས། སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་དང་འབྲེལ་བའི་དབང་བསྐུར་རྒྱས་པ་བླ་མ་ཧེ་རུ་ཀ་དཔལ་གྱི་ཞལ་ལུང་བདེ་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། ། རིགས་དང་དཀྱིལ་འཁོར་རྒྱ་མཚོ་ཡི། ཁྱབ་བདག་བླ་མ་ཧེ་རུ་ཀ །དཔལ་ཆེན་གྲུབ་པ་གཅིག་པུའི་བདག །གཏེར་ཆེན་ཆོས་ཀྱི་རྒྱལ་པོར་འདུད། །མཆོག་དངོས་སྒྲུབ་པའི་ཐབས་ཀྱི་གཙོ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །འབྲས་བུ་མྱུར་དུ་ཐོབ་འདོད་པའི། །སྐལ་བཟང་ལམ་འདིར་འཇུག་པར་འཚལ། །དེ་ཡང་དུས་གསུམ་དུ་གཤེགས་ཤིང་གཤེགས་པར་འགྱུར་བའི་རྒྱལ་བ་ཐམས་ཅད་ཀྱི་དགོངས་བཅུད། ཁྱབ་བདག་པདྨཱཀ་རའི་རྩ་བའི་ཐུགས་དམ་དཔལ་ཡང་དག་ཧེ་རུ་ཀའི་ཚོམ་བུ་ཚོགས་སྒྲུབ་ཀྱི་དགོངས་པ་ཟླ་གམ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་ཆོ་ག་བཤད་པ་ལ་གསུམ། དང་པོ་སློབ་དཔོན་གྱིས་ཇི་ལྟར་བསྒྲུབ་པའི་ཚུལ། གྲུབ་ནས་སློབ་མ་རྗེས་སུ་བཟུང་བ་དངོས། །མཐར་རྫོགས་པའི་མཇུག་གི་བྱ་བའོ། །དང་པོ་ནི། སློབ་དཔོན་གྱིས་གནས་དབེན་པར་སྟེགས་བུ་ལ་དྲི་དང་བདུད་རྩི་ལྔས་ཆག་ཆག་གདབ་པའི་ཁར་ལྷག་གནས་ཀྱི་ཆོ་ག་དང་འབྲེལ་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་དུ་བྲི་བའམ། མ་ལྕོགས་ན་སྒྱུ་འཕྲུལ་ཁྲོ་བོ་ལྟ་བུའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་ནའང་རུང་བས་གང་རིགས་ཀྱི་སྟེང་ཆང་དང་བྱང་སེམས་ཀྱིས་བཀང་བའི་རྫས་དང་ལྡན་པའི་བུམ་པ་ཆས་ཀྱིས་བརྒྱན་པ་དང་། གསང་རྫས་ཀྱིས་བལྟམས་པའི་ཐོད་པ། ཚོགས་བསྒྲུབ་མན་ངག་ཏུ་གསུངས་པ། ཐོད་པ་ཞུན་ཆེན་གྱིས་བཀང་སྟེ༔ རུས་ཆེན་རོ་རས་ཀྱིས་དྲིལ་ལ༔ སྡོང་བུ་བཙུག་པའི་མར་མེ་དགུ༔ ཞེས་པར། ཐོད་པར་ཟན་དང་སྨན་སྒྲུབ་བསྲེས་པས་བཀང་སྟེ། བུག་པ་བཏོད་པར་རོ་རས་ཀྱིས་དྲིལ་བའི་སྡོང་བུ་བཙུགས། རབ་གྲི་ཚིལ་རྙེད་ན་དང་མ་འབྱོར་ན་རྐང་མར་དང་བསྲེས་པའི་མར་ཁུ་བླུགས་པའི་ལྷ་གྲངས་སམ་གཙོ་བོ་ལྔའི་གྲངས་མཉམ་གྱི་མར་མེ། ཐོད་བཟང་ལ་དཔྲལ་བའི་ཕྱོགས་སུ་དབུ་གཏད་བྲིས་པའི་གཙོ་བོའི་ཐོད་སྐུ་དང་། འཁོར་རྣམས་ཀྱི་ལྷ་ཙཀ་བཅས་ཐོ་བརྩེགས་སུ་བཤམས། གཞན་ཡང་དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་དང་། དཔལ་དང་དུར་ཁྲོད་ཆས་ཀྱི་རྫས་ཙཀ །རིག་མའི་ཙཀ་ལི། ལས་བུམ། དཔལ་གྱི་གཏོར་མ་རྒྱན་ལྡན། སྨན་རཀ་ཉེར་སྤྱོད་སོགས་ཉེ་མཁོའི་ཡོ་བྱད་རིགས་མ་ཚང་བ་མེད་པར་ཚོགས་པར་བྱས་ལ། རྒྱུ་དང་དུས་ཀྱི་ཀུན་སློང་བཟང་པོ་དང་ལྡན་པས། བརྒྱུད་པའི་གསོལ་འདེབས། བསང་ཆུ་སོགས་བྱིན་རླབས་གང་རིགས་པ་དང་། གཞི་བདག་ལ་གཏོར་མ་བསྔོ་བ། སྐྱབས་སེམས་ཚོགས་གསག་གི་རིམ་པ་དང་། བགེགས་གཏོར་སྤྱི་ལྟར་བསྔོས་ནས། ཆོ་ག་གཞུང་སྔོན་རྗེས་ནི་སྒྲུབ་པ་མན་ངག་གཅིག་དྲིལ་དང་སྦྱར་ན་འབྲེལ་ཆགས་ལ་འཇུག་པ་བདེ་བས། དེའི་སྲུང་འཁོར་ནས་བཟུང་། མཆོད་པ་བྱིན་རླབས་བར་སོང་མཚམས། དངོས་གཞི་སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་ཀྱིས་བདག་མདུན་དབྱེར་མེད་དུ་བསྐྱེད་དེ། བཞེངས་བསྐུལ་སྤྱན་འདྲེན་ནས་བཟུང་བཟླས་དམིགས་ཀྱི་བར་བྱས་ལ་བཟླས་པ་གཙོ་འཁོར་ཡོངས་རྫོགས་སོ་སོའམ། སྤྱི་དྲིལ་རུ་ལུའི་བསྙེན་པས་རྫས་རྣམས་ནུས་ལྡན་དུ་བསྒྲུབས་ཤིང་། ཁྱད་པར་རྣམ་བུམ་ལ་ལྷ་བསྐྱེད་བཟླས་སོགས་སྒོས་ཆོས་སྦྱར་བ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཞེས་པའི༔ གདངས་ལས་ཡེ་ཤེས་རིན་པོ་ཆེའི༔ བུམ་པ་མཚན་ཉིད་ཡོངས་རྫོགས་པ༔ གཞལ་ཡས་ཁང་གི་ནང་ཉིད་དུ༔ ཧཱུྃ་ཧ་ཧེ་ཕཊ྄༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ ཁྲོ་བོ་ཡབ་ཡུམ་འཁོར་དང་བཅས༔ དྭངས་པའི་རྒྱ་མཚོ་ཆེན་པོ་ལ༔ གཟའ་སྐར་ཤར་བཞིན་གསལ་བར་གྱུར༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཨོཾ་ཨཱཿཧཱུྃ༔ བཛྲ་ས་མ་ཡ་ཛ༔ ཨེ་ཧྱ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ༔ ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད། ཧཱུྃ༔ རྡོ་རྗེ་བྲག་ཆེན་སོགས་ཀྱིས་བསྟོད། བདག་གི་ཞལ་ནས་སྔགས་ཀྱི་ཕྲེང༔ གཟུངས་ཐག་ལ་འཁྲིལ་བུམ་པར་ཞུགས༔ ལྷ་ཚོགས་ཀུན་བསྐུལ་སྙོམས་པར་ཞུགས༔ བྱང་སེམས་ཡེ་ཤེས་བདུད་རྩི་བབས༔ བུམ་པ་ཡོངས་སུ་གང་བར་གྱུར༔ བུམ་བཟླས་ཅི་རིགས་པ་བྱ། གཙོ་བོའི་སྔགས་དབྱངས་ཀྱིས་ཐོད་ཆུ་འབུལ། ལྷ་རྣམས་ཆགས་པ་ཆེན་པོ་ཡིས༔ ཡེ་ཤེས་བདུད་རྩིའི་ངོ་བོར་ཞུ༔ བུམ་པའི་ཆུ་དང་རོ་གཅིག་གྱུར༔ ཅེས་སམ། སྤྱིར་བཏང་ཙམ་དུ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ལྷ་རྣམས་དྭངས་པའི་མཚོ་ལ་བཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བར་བསམ། བདག་གི་ཐུགས་སྲོག་སྔགས་ཕྲེང་ལས། །འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། །སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས། །བུམ་པ་ཡོངས་སུ་གང་བར་གྱུར། །ཅེས་གསལ་བཏབ་ལ། གཟུངས་ཐག་ནས་བཟུང་སྟེ། སྤྱི་སྔགས་རུ་ལུའམ་སྤྲོ་ན། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་སོགས་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་ཅི་ནུས་བཟླས། ལས་བུམ། ཨོཾ་མ་ཧཱ་ཤཱུནྱ་ཏཱས་སྦྱངས། བུམ་པ་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བུམ་པ་གཞལ་ཡས་ཁང༔ བདུད་རྩིའི་མཚོ་དབུས་པད་ཟླའི་སྟེང༔ རྡོ་རྗེ་སེམས་དཔའ་ཟླ་བའི་མདོག༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ སྙེམས་མ་ཡུམ་དང་མཉམ་པར་སྦྱོར༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ སྐྱིལ་ཀྲུང་བཞུགས་ཤིང་འོད་ཟེར་འབར༔ ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ རྡོ་རྗེ་ཧཱུྃ་མཐར་ཡིག་བརྒྱས་བསྐོར༔ སྔགས་ཀྱི་ཐུགས་རྒྱུད་བསྐུལ་བ་ཡིས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་བསམ་ལ་ཡིག་བརྒྱ་ཅི་རིགས་བཟླས་མཐར། དབྱངས་གསལ་རྟེན་སྙིང་ལན་གསུམ་རེ་དང་། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིགས་ཕུལ། ཡིག་བརྒྱ་ལན་གསུམ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་ཕུལ་བས་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་བུམ་པའི་རྫས་དང་དབྱེར་མེད་དུ་གྱུར་པར་བསམ། སྤྲོ་ན་སློབ་མ་ལ་དབང་བསྐུར་བའི་སྐབས་བཞིན་དུ་བདག་འཇུག་རྒྱས་པར་བླང་བའམ། བསྡུ་ན་སྔ་འགྱུར་གསང་བ་སྤྱིའི་ལུགས་ལྟར་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་ནུས་ལྡན་དུ་བྱ། སྐབས་འདིར་གསང་ཐིག་ལྟར་ཡང་དག་གི་གཏོར་འབུལ་དང་། རྩ་གསུམ་ཆོས་སྲུང་སྤྱིར་གཏོར་མ་འབུལ་ཞིང་། ལས་གཞུང་གི་ཚོགས་ཀྱི་དྲང་བའི་བར་བཏང་། གཉིས་པ་དབང་ལ་གཉིས། སློབ་མ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བསྐུར་བ་དངོས་སོ། །དང་པོ་ནི། ཇི་ལྟར་བལྟམས་པ་སོགས་དང་ཡི་གེ་བརྒྱ་པ་བཟླ་བཞིན་པས་སློབ་མར་ཁྲུས་དང་། བགེགས་གཏོར་བསང་སྦྱང་བསྔོ་བ་རྣམས་སྤྱི་ལྟར་བྱས་ནས་གུ་གུལ་བདུག །ཡུངས་དཀར་བྲབ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དྲག་སྔགས་བརྗོད་པ་དང་བཅས་པས་བསྐྲད་ནས། ཧཱུྃ༔ ཡང་དག་ལྟ་བའི་སོགས་ནས། བཛྲ་རཾ་ཡཾ་ཁཾ་རཀྵ༔ ཞེས་ལས་གཞུང་གི་བསྲུང་བའི་འཁོར་ལོ་དང་བཅས་མཚམས་བཅིངས། མེ་ཏོག་བཀྱེ་བསྡུ་གྲུབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་རྡོ་རྗེ་ཀུན་ཏུ་འཆང་བ་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀའི་སྨིན་བྱེད་ཀྱི་རིམ་པ་གསན་ལ། ཚུལ་བཞིན་དུ་ཐུགས་ཉམས་སུ་བཞེས་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་བདག་ཅག་གི་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་ཡིས་གདུལ་བྱའི་ཁམས་དབང་བསམ་པ་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་དག་ཀྱང་། མདོར་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་བའི་ཚུལ་ནི། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པ་འོ། །ཞེས་གསུངས་པས། འདིར་རྒྱུའི་ཆོས་ལས་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་སྟེ། ལེགས་གྲུབ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། དེ་ལའང་བོད་གངས་ཅན་གྱི་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་གསར་རྙིང་གཉིས་སུ་གྲགས་པ་ལས། འདི་ནི་རྙིང་མ་དང་སྔ་འགྱུར་རྡོ་རྗེའི་ཐེག་པ། དེ་ལའང་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདི་ཉིད་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པས། གཙོ་བོར་བརྒྱུད་ཐག་ཉེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལ་ནུས་པ་དཔག་ཏུ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལ་ཡང་གཏེར་ཁ་གོང་འོག་གི་རིམ་པས་བཀའ་སྲོལ་མཐའ་ཡས་པ་ཞིག་བཞུགས་པ་ལས། འདི་ནི་ས་བཅུའི་དབང་ཕྱུག་ལྷ་སྲས་དམ་འཛིན་གྱི་རྣམ་པར་འཕྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོའི་སྒྱུར་བ་མཆོག་གྱུར་བདེ་ཆེན་གླིང་པས། སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རྒྱབ་ངོས་དམ་ཅན་བྲག་ནས་གནམ་ལྕགས་ཀྱི་ཕུར་སྒྲོམ་ངོ་མཚར་བའི་ལྟས་དང་བཅས་པ་སྤྱན་དྲངས་པའི་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན། རྒྱ་མདུད་གོང་མའི་ཤར་ལོག་ནས་བྱུང་བའི་ལྕགས་ཀྱི་བྱང་བུ་ཟླ་གམ་དབྱིབས་ཅན་ལས་འབེབ་པར་མཛད་པའི་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཡ་གྱལ། མཆོག་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་གཙོ་བོ། གུ་རུ་པདྨ་སཾ་བྷ་ཝ་ཉིད་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་བདེ་ཆེན་སྙིང་པོའི་སྒྲུབ་པ་མཛད་པས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་ཡི་དམ་ཐམས་ཅད་ཀྱི་རྩ་བའམ་གཙོ་བོར་མཛད་པ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། ཨོ་རྒྱན་མཁས་པ་པདྨ་བདག༔ ཡང་དག་བསྒྲུབས་པས་དངོས་གྲུབ་ནི༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ གསང་སྔགས་སློབ་དཔོན་མང་ན་ཡང༔ རིག་རྩལ་དབང་ཐོབ་ཁོ་བོ་ཙམ༔ གྲུབ་རྟགས་ཨོ་རྒྱན་ཟ་ཧོར་ཡུལ༔ གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ བྱ་ཁྱུ་མཁའ་ལ་འཕུར་བ་བཞིན༔ ཞག་བདུན་ཁོངས་ནས་ཆོས་ཀྱི་དབྱིངས༔ བདེ་བ་ཆེན་པོའི་ས་ལ་དྲངས༔ དེ་ལྟ་བུ་ཡི་ཡོན་ཏན་ཡང༔ དཔལ་ཆེན་ཡང་དག་འདི་ལས་གྲུབ༔ འདི་ཕན་ཨོ་རྒྱན་པདྨ་འབྱུང༔ བདག་གི་གཙུག་རྒྱན་ནོར་བུར་འཆང༔ ད་ནི་ཕྱི་རབས་སྐལ་ལྡན་དོན༔ ཟླ་གམ་འདྲ་བའི་བྲག་ལ་སྦས༔ ལྷ་སྲས་ཆོས་ཀྱི་བློ་གྲོས་ཀྱི༔ སྐྱེས་མཐའ་ཞིག་གིས་རྙེད་པར་ཤོག༔ ཅེས་གསུངས་ནས་མཆོག་སྒྲུབ་སྐོར་གྱི་ཟབ་ཆོས་དང་། འདོན་པའི་སྐྱེས་བུ་དང་བཅས་པ་སོགས་རྡོ་རྗེའི་ལུང་གིས་བསྔགས་པར་མཛད་པའི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར། གཞན་ཡང་ལས་མཐའ་རྒྱས་དང་བཅས་པ་བཞུགས་པ་སྟེ། སྐུ་གསུམ་ཉི་ཟླ་འབར་བའི་རྒྱུད་ལས། ཞི་བར་བསྙེན་ནས་ཁྲོ་བོར་ཉེ༔ དེ་ཡང་ཟླ་གམ་སྒོ་གཅིག་གོ༔ ཞེས་པས་བསྙེན་པ་དང་ཉེ་བསྙེན་གྱི་དགོངས་པ་དང་འབྲེལ་བའི་ཟླ་གམ་སྒོ་གཅིག་གམ། ཡང་དག་མེ་གཅིག་ལྷ་གཅིག་གི་དགོངས་པ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། གཞན་ཡང་ཇི་སྐད་དུ། སྒྲུབ་ཕྱིར་རང་ལུས་ཟླ་གམ་དགུ༔ ཞེས་དང་། རྒྱུད་ཀྱི་དགོངས་འགྲེལ་ལས། བསྒྲུབ་པ་དམ་ཚིག་ཡེ་ཤེས་དབྱེ༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཞེས་གསུངས་པའི་སྒྲུབ་པའི་དགོངས་པ་ཕྱག་རྒྱ་སྤྲོས་བཅས་དང་འབྲེལ་བའི་ཟླ་གམ་དགུ་པའི་དཀྱིལ་འཁོར་ལ་བསྟེན་པའི་སྨིན་བྱེད་སྐོར་གྱི་ཁྱད་པར་ཡང་། གཏེར་གཞུང་ལས། སྒྲུབ་ཆེན་མདུན་དུ་ཟླ་གམ་བསྐྱེད༔ སྣོད་བཅུད་ཟླ་གམ་ཆེན་པོར་བལྟ༔ ལས་ཀྱང་ཟླ་གམ་ཆེན་པོས་ཤེས༔ ཟླ་གམ་ཐབས་དང་ཤེས་རབ་ཡིན༔ བདེ་ཆེན་ཡེ་ཤེས་ཟླ་གམ་ཆེ༔ རྣལ་འབྱོར་མཆོག་འདོད་ཟླ་གམ་བསྒོམ༔ ཧེ་རུ་ཀ་དཔལ་ང་ཡིས་བཤད༔ ཅེས་གསུངས་པས། ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བའི་ཟླ་གམ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྟེ་རྣམ་པ་གསུམ་ལས། ད་ལམ་འདི་ནི་སྒྲུབ་པ་ཆེན་པོའི་དགོངས་པ་དང་རྗེས་སུ་འབྲེལ་བ། ཡང་དག་ཁྲག་འཐུང་རྩ་བའི་དཀྱིལ་འཁོར་རྒྱས་པར་དབང་བསྐུར་བ་ཕྱི་མའི་སྐབས་སུ་བབས་པ་སྟེ། དེ་ལའང་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་གྲུབ་ནས། སློབ་མ་ཁྱེད་རང་རྣམས་ཀྱི་སྐུའི་ངོ་སྐལ་དུ་གྱུར་པ་ལའང་། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བསྐུར་བ་དངོས་གཉིས་ལས། ཐོག་མར་འཇུག་པའི་ཆོས་རྣམས་གསན་པའི་དོན་དུ་མཎྜལ། ཞེས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བྱིང་བ་སྐྱབས་མེད་རྣམས་ལ་སྐྱོབས༔ ཡང་དག་དཀྱིལ་འཁོར་བསྟན་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱི་བཀའི་གནང་བ་བྱིན་པས་སྤྲོ་བ་བསྐྱེད་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ། ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ ཞུགས་པ་ཙམ་གྱིས་དངོས་གྲུབ་ཐོབ༔ བསྐལ་པ་དུ་མར་རྙེད་མི་འགྱུར༔ དེ་ཕྱིར་སྐལ་ལྡན་སྤྲོ་བ་སྐྱེད༔ ཅེས་པས་གནང་བ་བྱིན་ནས་ཆས་སུ་ཞུགས་པའི་སླད་དུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མ་ཎ་ཡ་ཧཱུྃ། དཀྱིལ་འཁོར་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་གྱི་སླད་དུ་མཆོག་གི་མེ་ཏོག་ཁ་དོག་ལྔ་པ་རེའང་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མིག་དར་མེ་ཏོག་སྦྱིན། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་ལ་མཆོག་གསུམ་རྩ་གསུམ་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ནས་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་དེའི་ཆེད་དུ་དཔལ་ཆེན་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་དུ་ཞུགས་ནས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པ་སྨོན་འཇུག་གི་སེམས་བསྐྱེད་པ་སྟེ། སྐྱབས་སེམས་འདི་དག་གི་རྗེས་ཟློས་མཛོད། ན་མོ༔ བདག་སོགས་སེམས་ཅན་སྡུག་བསྔལ་གྲོལ་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་གཟུང་བའི་གནས༔ བླ་མ་ཧེ་རུ་ཀ་དཔལ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་གིས་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག༔ འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང༔ འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་ནམ་མཁའ་གང་བར་གཤེགས་ཤིང་ཉི་ཟླ་པདྨའི་མཛེས་ཁྲིར་དགྱེས་བཞིན་དུ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་སོགས་ཡན་ལག་བདུན་རྣམ་དག་གི་སྒོ་ནས་ཚོགས་གསག་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ༔ ཁྱབ་གདལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོར༔ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཧེ་རུ་ཀ་དཔལ་གོ་འཕང་ཐོབ་པར་ཤོག༔ དེ་ནས་དབང་བསྐུར་བ་དཀྱིལ་འཁོར་ལ་བསྟེན་ནས་ཐོབ་ཀྱང་། འཛིན་པ་དམ་ཚིག་དང་སྡོམ་པ་ལ་རག་ལས་པས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་སོགས་བསྲུང་དགོས་པས། ཐོག་མར་དྲི་བའི་སྒོ་ནས་དམ་ལ་བཞག་པ་ནི། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ བུ་ཁྱོད་འཇུག་པར་སྤྲོ་ན་ཡང༔ གསང་སྔགས་འདི་ནི་ལམ་འཕྲང་དམ༔ དམ་ཚིག་ཚུལ་བཞིན་སྲུང་ནུས་སམ༔ ཞེས་དྲིས་པ་ལ། སློབ་བུས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་རྣམས་ཡང་དག་པར་བླངས་ཤིང་བསྲུང་བར་བགྱིའོ་སྙམ་པས། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་བཅིངས་པ་དང་བཅས་ཏེ་འདིའི་རྗེས་ཟློས། བླ་མེད་རྒྱུད་ལས་གང་བཤད་པ༔ སྲོག་གི་ཕྱིར་ཡང་བསྲུང་བར་བགྱི༔ ཁྱད་པར་རྡོ་རྗེ་སློབ་དཔོན་ནི༔ ཧེ་རུ་ཀ་རུ་བལྟ་བར་བྱ༔ ཞེས་ཞུས་པར། སླར་ཡང་སློབ་དཔོན་གྱིས་དམ་ཚིག་གི་བསྒོ་བ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ ང་ལ་བརྙས་པར་མ་བྱེད་པར༔ ང་ཡི་བསྒོ་བའི་བཀའ་ལ་ཉོན༔ སྐད་ཅིག་ལོག་པར་ལྟ་མི་རུང༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ ཅེས་བསྒོས་པ་ལ་ནམ་ཡང་མི་འདའ་བར་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དེ་ནས་དམ་ཚིག་ཉམས་ན་ཉེས་དམིགས་དང་བསྲུང་ན་ཕན་ཡོན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་དམ་ཚིག་གི་མནའ་ཆུ་སྦྱིན་པ་ནི། འདི་ནི་རྡོ་རྗེའི་དམ་ཚིག་ཆུ༔ ཉམས་ན་སྙིང་སྲེག་དམྱལ་བར་ལྟུང༔ དམ་བསྲུང་མཆོག་གི་དངོས་གྲུབ་ཐོབ༔ ཡེ་ཤེས་བསྐྱེད་པའི་ཆུ་ཡིན་ནོ༔ ཨོཾ་བཛྲ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་ནང་མཆོད་དང་ལས་བུམ་དུང་ཞལ་དུ་སྦྱར་བ་སྦྱིན། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་ཡང་དག་དཔའ་བོ་གཅིག་པའི་སྐུ་འདི་ལྟར་དུ་གསལ་ཐོབ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཉི་མ་རུ་དྲ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། སྐད་ཅིག་གིས་རླུང་སེམས་ཙམ་ལས་གྲུབ་པའི་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཐུགས་ཀར་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། གར་གྱི་ཉམས་དགུ་དང་ལྡན་ཅིང་ཉི་མ་འབུམ་གྱི་གཟི་འོད་ཅན། ཁྲོ་ཞིང་རྗེས་སུ་ཆགས་པའི་རྣམ་འགྱུར་མཆོག་ཏུ་རྒྱས་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་། ཞབས་ཟུང་གྱད་ཆེན་པོའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་གྱི་གསལ་བའི་ཐུགས་ཀར། ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་མར་མེ་ལྟར་གསལ་ཞིང་ཤིན་ཏུ་འབར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་བས། དེ་ལས་བདེ་བ་ཆེན་པོའི་འོད་ཟེར་ཕྱོགས་བཅུར་འབར་ཞིང་འཁྲུགས་པས། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་ཐམས་ཅད་དཔལ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ། སྙིང་ག་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡའ་སྦྱར་ལ་སྦྱར་སྤོས་བདུག །རོལ་མོ་དབྱངས་དང་བཅས་པས་གཞུང་གི་སྤྱན་འདྲེན། ཨོཾ༔ ཕྱོགས་དུས་དཀྱིལ་འཁོར་སོགས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླས་པས་ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་ཏེ། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་རིགས་བརྟགས་པའི་སླད་དུ་མེ་ཏོག་འདོར་བ་ནི། དེ་ཡང་འདི་ན་དཔལ་ཆེན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་རྒྱ་མཚོ་བཞུགས་པ་ཡིན་ཏེ། ངོ་བོ་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་པར་ཤར་བས་ཐ་མི་དད་ཀྱང་། རྣམ་པ་གཙོ་འཁོར་གྱི་ཚུལ་དུ་སྣང་བ་ལ་རང་རང་གི་སྔོན་ནས་ལས་འབྲེལ་བཞག་པའི་ལྷ་ལ་འབབ་པར་ཤོག་ཅིག་སྙམ་པས། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དོར་བར་བྱེད་པ་ནི། བསྐལ་པ་གོང་ནས་འབྲེལ་པ་ཡི༔ བརྟག་པའི་མེ་ཏོག་ལྷ་ལ་འབུལ༔ ཡེ་ཤེས་མཆོག་ཐོབ་ངེས་བྱེད་པས༔ ལྟོས་པ་མེད་པར་དོར་བར་གྱིས༔ ཞེས་གསུངས་པ་ལྟར། སྔགས་འདིའི་རྗེས་ཟློས་དང་བཅས་འདོར་བར་ཞུ། པུཥྤེ་སིདྡྷི་ཧོ༔ དེ་ལྟར་དོར་བ་ལ་བརྟེན་ནས་རིགས་གང་ལ་ཕོག་པའི་གསང་མཚན་བཏགས་ཏེ། དབུས་སུ་བབ་ན་སྣ་ཚོགས་རང་གྲོལ། ཤར་དུ་འོད་གསལ༴ ལྷོ་རུ་སྙིང་པོ༴ ནུབ་ཏུ་བདེ་བ༴ བྱང་དུ་རྣམ་རྟོག་རང་གྲོལ་ཏེ་གསང་བའི་མཚན་བྱིན་པ་ཡིན་པས་མ་བརྗེད་པར་ཟུངས་ཤིག །ཅེས་གདམས། དེ་ལྟར་བརྟན་པར་བྱ་བའི་སླད་དུ་མེ་ཏོག་གི་ཕྲེང་བ་སླར་ཡང་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་ལྷ་ཡིས་བྱིན་བརླབས་པའི༔ རིག་པའི་མེ་ཏོག་ཅོད་པན་འདི༔ ཡེ་ཤེས་ལྷ་དང་ངོ་འཕྲད་པའི༔ རིགས་ཀྱི་རྟགས་སུ་འཆང་བར་གྱིས༔ པུཥྤེ་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། མིག་དབྱེ་བའི་སླད་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས། ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཐབས་མཁས་རྒྱལ་པོའི་ཡེ་ཤེས་ཀྱིས༔ བདག་གི་མ་རིག་མིག་ཕྱེ་ཞིང༔ སྙིང་པོའི་དཀྱིལ་འཁོར་བསྟན་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་སྟེ་མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། རིག་པ་ཡེ་ཤེས་ཧེ་རུ་ཀས༔ མ་རིག་མིག་ནི་དབྱེ་བར་མཛད༔ བདེ་ཆེན་ཡེ་ཤེས་མཐོང་བྱའི་ཕྱིར༔ ཁྱོད་ཀྱི་མིག་ནི་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་དེ་ལྟར་མ་རིག་པའི་སྒྲིབ་གཡོགས་བསལ་ཅིང་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་མཐོང་བ་བསྟན་པ་ནི། ཧཱུྃ༔ རིགས་ཀྱི་བུ་རྣམས་ལེགས་པར་གསོན༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་འདི༔ ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྒྲིབ་པ་འདག༔ དེ་བས་དཀྱིལ་འཁོར་བཟང་པོར་ལྟོས༔ མཐོང་ན་ངོ་མཚར་ཨེ་མ་ཧོ༔ ཧོཿ རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ལ་ལྟོས་ཤིག །འདི་རྡུལ་ཚོན་དང་བུམ་པ་དང་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་པ་དཔལ་ཆེན་པོའི་གྲོང་ཁྱེར་མངོན་སུམ་དུ་གསལ་བ་འདི་ནི་མཚོན་བྱེད་ཀྱི་དཔེ་ཙམ་ལས་མི་འདུག་གི །མཚོན་བྱ་རང་རིག་ལྷུན་གྱིས་གྲུབ་པ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་གསལ་རྫོགས་སུ་བཞུགས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། སླར་ཡང་ཐུན་མོང་མ་ཡིན་པ་ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་དཀྱིལ་འཁོར་པ་ལ་གནང་བ་ཞུ་བ་ནི་སློབ་དཔོན་གྱིས་བགྱི་བར་གདའ་སྟེ། ཞེས་མཚམས་སྦྱར་ལ། སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་འཛིན་པས་དཀྱིལ་འཁོར་པ་ལ་གདོང་ཕྱོགས་ཏེ་འདུད་པའི་ཕྱག་རྒྱ་དང་བཅས། ཧེ་རུ་ཀ་དཔལ་བཙུན་མོར་བཅས༔ ཡབ་ཡུམ་སྲས་སུ་འདོད་པ་ཡི༔ སྐལ་བ་ཅན་འདི་ཐུགས་རྗེས་ཟུངས༔ ཞེས་གསོལ་བ་བཏབ་པས་གཞལ་ཡས་ཁང་གི་སྒོ་རྣམས་ཕྱེས། གཽ་རཱི་དཀར་མོས་ཁྲིད་དེ། དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམ་སྟེ་གཡས་སྐོར་དུ་སོང་ནས། སྒོ་སོ་སོ་དང་། གཙོ་བོའི་སྤྱན་སྔར་བླ་མ་དང་ཧེ་རུ་ཀ་དབྱེར་མེད་པའི་ཡེ་ཤེས་ལྔའི་རང་བཞིན་དཀྱིལ་འཁོར་པ་རྣམས་ལ་རང་རིག་ལྷ་དང་དབྱེར་མེད་དུ་རྟོགས་པའི་ཕྱག་འཚལ་ཞིང་། རིག་མཆོག་ལྔའི་དངོས་གྲུབ་བསྩལ་དུ་གསོལ་བའི་འདུན་པ་དང་བཅས་ཏེ་འདིའི་རྗེས་ཟློས། ཧཱུྃ༔ ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱི༔ རིགས་ལྔའི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་ཞིང་གསོལ་བ་བཏབ་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་ཕྱག་ལེན་གནང་ཞིང་དགྱེས་པའི་མདངས་དང་བཅས་གནས་གསུམ་ནས་འོད་ཟེར་འཕྲོས་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྩལ་བའི་ཐུགས་མོས་མཛོད། དེ་ལྟར་ན་དེ་རྣམས་ཀྱིས་འཇུག་པའི་ཆོས་རྣམས་གྲུབ་ནས། གཉིས་པ་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལ་སྤྱིར་དབང་གི་ངོ་བོ་ནི། འཐོབ་བྱའི་འབྲས་བུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའི་སྔགས་ཀྱི་ཆོ་ག་ཁྱད་པར་ཅན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། དངོས་སུ་སྒོ་གསུམ་ཆ་མཉམ་དང་བཅས་པའི་བག་ཆགས་མ་ལུས་འཁྲུད་པ་དང་། རྒྱུད་ནས་རྡོ་རྗེ་གསུམ་དང་དབྱེར་མེད་མི་ཕྱེད་པའི་སྐུ་བཞིའི་སྐལ་པ་འཇོག་པའི་ཕྱིར་ན་དབང་ངོ་། །དབྱེ་ན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། དད་བརྩོན་བརྟུལ་ཞུགས་རྟོགས་པ་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། དད་པ་ཅན་རྗེས་སུ་འཛིན་པ་ཕྱི་ཕན་པའི་དབང་ལྔ། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནང་ནུས་པ་འཇུག་པའི་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་གསང་བ་ཟབ་མོའི་དབང་གསུམ་སྟེ་བཅུ་གསུམ་དུ་ཡོད་པ་ལས་དེ་རྣམས་རིམ་པར་བསྐུར་བའི་སླད་དུ་གསོལ་པ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདེ་ཆེན་རྒྱལ་པོ་བླ་མ་རྗེ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ ཁྱོད་ཀྱི་གོ་འཕང་ཐོབ་བྱའི་ཕྱིར༔ དབང་མཆོག་མ་ལུས་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་སློབ་བུ་ཧཱུྃ་དུ་གྱུར་པ་གཙོ་བོའི་ཞལ་དུ་མིད། སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁར་བབས་པས་ཧེ་རུ་ཀར་གྱུར་པ་དཀྱིལ་འཁོར་གྱི་ཤར་སྒོའི་དབང་སྟེགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་འཁོད་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་ལ་མཆོད་ཅིང་གསོལ་བ་གདབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤབྡ་ཨཱཿཧཱུྃ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། དང་པོ་ཕྱི་ཕན་པའི་དབང་ལྔ་བསྐུར་བ་ལ། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས། དཔལ་ཆེན་པོ་ཟླ་གམ་ལྔ་བཅུ་རྩ་བརྒྱད་ཀྱི་ངོ་བོ་ལ་རྣམ་པ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་རང་བཞིན་ཅན་གྱི་བུམ་པའི་ཆུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་ཐོགས་ཏེ། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་གས་རྗེས་སུ་གཟུང་བའི་མོས་པ་མཛོད། ཧཱུྃ༔ བུམ་པ་ཟླ་གམ་ཕོ་བྲང་ན༔ ཧེ་རུ་ཀ་དཔལ་ལྷ་ཚོགས་བཞུགས༔ བདེ་ཆེན་ཞུ་བའི་བྱང་སེམས་ཆུས༔ དབང་བསྐུར་ལུས་ནི་ལྷར་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་རང་བཞིན་རིན་པོ་ཆེའི་ཅོད་པཎ་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཅོད་པན་ནི༔ ཡེ་ཤེས་ལྔ་ལས་རྣམ་པར་གྲུབ༔ དུག་ལྔ་རྣམ་པར་དག་པ་ཆེ༔ ཁྲོ་བའི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་རང་བཞིན་རྡོ་རྗེ་ཕྱག་གཡས་སུ་བྱིན་ཏེ་དབང་བསྐུར་བའི་མོས་པ་དང་བཅས་རྡོ་རྗེ་གསོར་ཞིང་སྙིང་གར་གཟུང་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ༔ གཞོམ་གཞིག་མེད་ཅིང་དུག་ལྔ་འཇོམས༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ ཀུན་ཏུ་གསོར་ཕྱིར་དབང་བསྐུར་རོ༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་རང་བཞིན་དྲིལ་བུ་ཕྱག་གཡོན་དུ་བྱིན་ཏེ་དབང་བསྐུར་བའི་མོས་པས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན་མཛོད། ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་ནི༔ རྒྱུན་མི་འཆད་ཅིང་རྒྱ་ཆེ་བ༔ སོ་སོར་མ་འདྲེས་ཀུན་ཏུ་རིག༔ ཤེས་རབ་དྲིལ་བུའི་དབང་བསྐུར་རོ༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ལྷན་གཅིག་ཏུ་སྤྱི་བོར་འཁྲོལ་ཞིང་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་རང་བཞིན་རྡོ་རྗེའི་མིང་གདགས་ཏེ་དབང་བསྐུར་བར་མོས་མཛོད། ཧཱུྃ༔ རྡོ་རྗེ་སེམས་དཔའ་མིང་ཆེ་བ༔ སངས་རྒྱས་ཡེ་ཤེས་རྣམ་པར་ལྡན༔ ས་གསུམ་ཀུན་ཏུ་གྲགས་གྱུར་པའི༔ རྡོ་རྗེ་མིང་གི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཆེ་གེ་མོ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་ཕན་པ་རིག་པའི་དབང་ལྔ་བསྐུར་པས་ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་འགྱུར། ཡེ་ཤེས་ལྔ་མངོན་དུ་བྱས། རིགས་ལྔའི་དངོས་གྲུབ་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་ནང་ནུས་པ་འཇུག་པའི་དབང་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་རྣམ་པ་ལྔ་ལས། དང་པོ་སྐུའི་ནུས་པ་འཇུག་པའི་སླད་དུ་སྐུ་ཕྱག་རྒྱའི་རྗེས་སུ་གནང་བ་ནི། སློབ་དཔོན་དང་དབྱེར་མེད་པའི་དཔལ་ཆེན་པོའི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱུང་སྟེ། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་མཛོད། །ཐོད་སྐུའམ་གཙོ་བོའི་སྐུ་དང་སོ་སོའི་ཕྱག་རྒྱའི་སྣང་བརྙན་སྤྱི་བོར་བཞག་ཏེ། ཧཱུྃ༔ དབུས་ཀྱི་ཟླ་གམ་ཕོ་བྲང་ན༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ རང་རིག་བྱང་ཆུབ་སེམས་ལས་བཞེངས༔ ཞེ་སྡང་དག་ཕྱིར་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་བུདྡྷ་ཧེ་རུ་ཀ༔ གཏི་མུག་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་བུདྡྷ་ཙཎྜ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ང་རྒྱལ་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་རཏྣ་ཙཎྜ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ འདོད་ཆགས་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་པདྨ་ཙཎྜ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཕྲག་དོག་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་ཀརྨ་ཙཎྜ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཙོ་བོའི་ཐུགས་དམ་བསྐང་མཛད་པའི༔ སྟོང་ཉིད་དབྱིངས་ལས་བཞེངས་པ་མོ༔ ཡུམ་ཆེན་བཛྲ་རྣལ་འབྱོར་མ༔ ཆུ་ཁམས་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་ནམ་མཁའི་དབྱིངས་ཕྱུག་མ༔ མཁའ་ཁམས་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་རིན་ཆེན་དབྱིངས་ཕྱུག་མ༔ ས་ཁམས་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་པདྨ་དབྱིངས་ཕྱུག་མ༔ མེ་ཁམས་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུ་མངའ་བ༔ བཅོམ་ལྡན་ཀརྨ་དབྱིངས་ཕྱུག་མ༔ རླུང་ཁམས་བསྒྲལ་ཕྱིར་དབང་བསྐུར་རོ༔ ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་གཽ་རཱི་མ༔ གཟུགས་ཀྱི་རྣམ་ཤེས་བསྒྲལ་བའི་ཕྱིར༔ གཽ་རཱི་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་གཽ་རཱི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཙཽ་རཱི་མ༔ དྲི་ཡི་རྣམ་ཤེས་བསྒྲལ་བའི་ཕྱིར༔ ཙཽ་རཱི་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཽ་རཱི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་པྲ་མོ་ཧ༔ རོ་ཡི་རྣམ་ཤེས་བསྒྲལ་བའི་ཕྱིར༔ པྲ་མོ་ཧ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་པྲ་མོ་ཧ་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་བཻ་ཏཱ་ལི༔ སྒྲ་ཡི་རྣམ་ཤེས་བསྒྲལ་བའི་ཕྱིར༔ བཻ་ཏཱ་ལི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བཻ་ཏཱ་ལི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཙཎྜ་ལཱི༔ རེག་བྱའི་རྣམ་ཤེས་བསྒྲལ་བའི་ཕྱིར༔ ཙཎྜ་ལཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ལཱི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་པུཀྐ་སི༔ ཆོས་ཀྱི་རྣམ་ཤེས་བསྒྲལ་བའི་ཕྱིར༔ པུཀྐ་སི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་པུཀྐ་སི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སྨེ་ཤ་ནི༔ ཉོན་ཡིད་རྣམ་ཤེས་བསྒྲལ་བའི་ཕྱིར༔ སྨེ་ཤ་ནི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་སྨེ་ཤ་ནི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་གྷསྨ་རཱི༔ ཀུན་གཞིའི་རྣམ་ཤེས་བསྒྲལ་བའི་ཕྱིར༔ གྷསྨ་རཱི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་གྷསྨ་རཱི་ཧ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སིང་ཧ་མ༔ མིག་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ སིང་ཧ་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་སེང་ཧ་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སྟག་གདོང་མ༔ གཟུགས་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ སྟག་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བྱཱ་གྷྲྀ་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཝ་གདོང་མ༔ རོ་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ ཝ་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཤྲཱྀ་ག་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སྤྱང་གདོང་མ༔ དྲི་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ སྤྱང་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་རྒོད་ཀྱི་མགོ༔ རེག་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ རྒོད་མགོ་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་གྷྲྀ་ཌྷ་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཀཾ་ཀའི་མགོ༔ ཆོས་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ ཀཾ་ཀའི་མགོ་མས་དབང་བསྐུར་རོ༔ ཨོཾ་བཛྲ་ཀཾ་ཀ་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཁྭ་ཁ་མ༔ ཉོན་ཡུལ་རྟོག་པ་བསྒྲལ་བའི་ཕྱིར༔ བྱ་རོག་གདོང་མས་དབང་བསྐུར་རོ༔ ཨོཾ་བཛྲ་ཁྭ་ཁ་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་འུག་གདོང་མ༔ ཀུན་གཞིའི་རྣམ་ཤེས་བསྒྲལ་བའི་ཕྱིར༔ འུག་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱུ་ལུ་མུ་ཁ་ཧེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་རྟ་གདོང་མ༔ རྨོངས་པ་བསྒྲལ་བར་བྱ་བའི་ཕྱིར༔ རྟ་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱརྻ་ཏེ་ཛ་ཏེ་ང་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཕག་གདོང་མ༔ སྡང་བའི་རྟོག་པ་བསྒྲལ་བའི་ཕྱིར༔ ཕག་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་མུ་ཁེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སེང་གདོང་མ༔ ཆགས་པའི་རྟོག་པ་བསྒྲལ་བའི་ཕྱིར༔ སེང་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ལོ་ཀ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སྦྲུལ་གདོང་མ༔ རྟག་ཆད་རྟོག་པ་བསྒྲལ་བའི་ཕྱིར༔ སྦྲུལ་གདོང་མ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་བྷིསྨི་པཱ་ལ་ཡ་བ་ཏུ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་ཀློང་ནས་དཀར་མོ་དྲུག༔ ཞི་མཛད་རྣམས་ཀྱི་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་ཀློང་ནས་སེར་མོ་དྲུག༔ རྒྱས་མཛད་རྣམས་ཀྱི་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་ཀློང་ནས་དམར་མོ་དྲུག༔ དབང་མཛད་རྣམས་ཀྱི་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་ཀློང་ནས་ལྗང་མོ་དྲུག༔ དྲག་མཛད་རྣམས་ཀྱི་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ཁུ་བྱུག་མགོ༔ རྫུས་སྐྱེས་རྟོག་པ་བསྒྲལ་བའི་ཕྱིར༔ ཁུ་བྱུག་མགོ་ཡི་དབང་བསྐུར་རོ༔ བཛྲ་མ་ཧཱ་ཀཱ་ལི་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་ར་གདོང་མ༔ དྲོད་སྐྱེས་རྟོག་པ་བསྒྲལ་བའི་ཕྱིར༔ ར་གདོང་མ་ཡི་དབང་བསྐུར་རོ༔ བཛྲ་ཙ་ཀ་ལཱ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སེང་གདོང་མ༔ མངལ་སྐྱེས་རྟོག་པ་བསྒྲལ་བའི་ཕྱིར༔ སེང་གདོང་མ་ཡི་དབང་བསྐུར་རོ༔ བཛྲ་ཀུམྦྷ་ཀརྞཱ་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འབར་བའི་གར་བསྒྱུར་སྦྲུལ་གདོང་མ༔ སྒོང་སྐྱེས་རྟོག་པ་བསྒྲལ་བའི་ཕྱིར༔ སྦྲུལ་གདོང་མ་ཡི་དབང་བསྐུར་རོ༔ བཛྲ་ལཾ་བྷོ་དྷ་ར་བྷྱོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་པས་འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷ་ཡི་འཁོར་ལོར་དག་པ་ཡིན་ནོ། །གཉིས་པ་གསུང་གི་ནུས་པ་འཇུག་པའི་སླད་དུ་བཟླས་པ་སྔགས་ཀྱི་རྗེས་སུ་གནང་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱིས་མཐར་འཁོད་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་དང་བཅས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་མཛོད། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སྤྱི་སྔགས་དང་། སོ་སོའི་སྒོས་སྔགས། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ༔ ནས། ལཾ་བོ་དྷ་ར་བྷྱོ༔བར་སྒྲུབ་ཐབས་ལྟར་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་བྱང་མགྲིན་པར་བཞག་ཅིང་ཕྲེང་བ་ལག་ཏུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་དབྱངས་རྣམས༔ གཅིག་ཏུ་བསྡུས་པ་དྲག་པོའི་སྔགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་ལྡན༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་པས་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་ངོ་བོར་དག་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་ནུས་པ་འཇུག་པའི་སླད་དུ་འོད་གསལ་དེ་ཁོ་ཉིད་ཀྱི་རྗེས་སུ་གནང་བ་ནི། ལྷ་སྔགས་ཀྱི་མཚོན་པའི་སྣང་གྲགས་ཐམས་ཅད་རིག་སྟོང་འཛིན་མེད་ཁྱབ་གདལ་གྱི་དབྱིངས་སུ་སྦྱངས་ཏེ་མཉམ་པར་འཇོག་པ་མཚོན་པའི་ཕྱིར། རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཅིང་དབང་བསྐུར་བས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་ཅིང་ཅི་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་འཛིན་བྲལ་བདེ་བ་ཆེན་པོའི་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་ནུས་པ་འཇུག་པའི་སླད་དུ་རྒྱན་ཆས་རྟགས་ཀྱི་རྗེས་སུ་གནང་བ་ནི། དཔལ་ཆེན་ཁྲག་འཐུང་རོལ་པའི་ལྷ་ཚོགས་ཀྱི་བྲལ་བ་དང་སྨིན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྒྱན་ཆའི་རྣམ་པར་ཤར་བས། ཁྱེད་རང་རྣམས་ལ་མངའ་གསོལ་བས་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། རྒྱན་སོ་སོའི་གཟུགས་བརྙན་སློབ་མའི་གནས་རྣམས་སུ་རིམ་པར་སྦྱིན་ལ། ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ དུག་ལྔ་དག་པའི་ཐོད་སྐམ་ལྔ༔ དབུ་ལ་བརྒྱན་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ འདུ་བྱེད་དག་པའི་ཐོད་རློན་ཚོགས༔ དོ་ཤལ་གསུམ་གྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ཉོན་མོངས་ཀླུ་དང་ལོག་ལྟ་འཇོམས༔ སྦྲུལ་ཆུན་རྣམས་ཀྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ཕ་རོལ་ཕྱིན་དྲུག་རུས་རྒྱན་དྲུག༔ རིན་ཆེན་རྒྱན་གྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ཐབས་དང་ཤེས་རབ་ལས་བྱུང་བའི༔ རྡོ་རྗེ་གཤོག་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་བགྲན་ཟླ་མེད་པའི་གོས༔ གཏི་མུག་རྣམ་དག་སྟོད་དུ་གསོལ༔ གླང་ཆེན་ཀོ་བས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ འདོད་ཆགས་རྣམ་དག་རྐེད་དུ་དཀྲིས༔ ཞིང་ཆེན་པགས་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་བགྲན་ཟླ་མེད་པའི་གོས༔ ཞེ་སྡང་དག་པ་སྨད་དུ་དཀྲིས༔ སྟག་གི་པགས་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ང་རྒྱལ་དག་པ་ཀླུབ་པར་གསོལ༔ མཐིང་དམར་དར་གྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ ཕྲག་དོག་རྣམ་དག་མི་ཤིགས་པ༔ རྡོ་རྗེའི་ཁྲབ་ཀྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ མཚན་འཛིན་ཀུན་འབྱུང་དཔྲལ་བར་བྱུག༔ ཐལ་ཆེན་ཚོམ་བུས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ ཆད་ལྟ་འཇོམས་ཕྱིར་མཁུར་ཚོས་བརྒྱན༔ རཀྟའི་ཐིག་ལེས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ རྟག་ལྟ་འཇོམས་ཕྱིར་ཐུགས་ཀར་བརྒྱན༔ ཞག་གི་བྱུག་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ རྣམ་རྟོག་འཇོམས་ཕྱིར་ཕྱོགས་བཅུར་འཕྲོ༔ མེ་ཡི་ཕུང་པོས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པའི༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ ཀུན་ལས་ཁྱད་འཕགས་རྡོ་རྗེ་དང༔ རིན་ཆེན་ཁྲི་ཡིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྒྱན་ཆས་ཀྱིས་དབང་བསྐུར་པས་འཁོར་འདས་ཀྱི་བྱ་བ་ཐམས་ཅད་ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་དག་པ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་ནུས་པ་འཇུག་པའི་སླད་དུ་ལས་རབ་འབྱམས་ལ་དབང་བའི་ཕྱིར། སྨན་རཀ་གཏོར་གསུམ་མཆོད་པའི་རྫས་རྣམས་ལག་ཏུ་གཏད་དེ་དབང་བསྐུར་པས་དཔལ་ཆེན་པོའི་དཀྱིལ་འཁོར་པ་རྣམས་བསྙེན་ཅིང་སྒྲུབ་པ་དང་། ལས་ལ་བསྐུལ་བའི་ནུས་པ་དང་ལྡན་ཅིང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ སྨན་རཀ་གཏོར་གསུམ་མཆོད་པའི་རྫས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་རྣམས་སྒོམ་སྒྲུབ་བསྙེན་པ་དང༔ ལས་སྦྱོར་བྱེད་པའི་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བསྐུར་པས་འཁོར་འདས་ཀྱི་བྱེད་པ་ཐམས་ཅད་གང་ལ་གང་འདུལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་དག་པ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་ཕན་ནུས་ཀྱི་དབང་བཅུ་ལེགས་པར་གྲུབ་ནས། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པ་དང་ལྷན་གཅིག་ཏུ། བླ་མ་དཔལ་ཆེན་པོའི་དཀྱིལ་འཁོར་པ་དང་བཅས་པ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། སུ་པྲ་ཏིཥྛ་དང་ཡེ་དྷརྨ་སོགས་བརྗོད་ལ་མེ་ཏོག་གི་ཆར་འབེབ་ཅིང་རོལ་མོའི་སྒྲ་སྦྱར། དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་ཕན་པ་སློབ་མའི་དབང་དང་། ནུས་པ་སློབ་དཔོན་གྱི་དབང་གི་བསྡུས་པའི་བུམ་པའི་དབང་བསྐུར་པ་ཐོབ། ལུས་དང་རྩ་ཡི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་སྣང་བ་ལ་བརྟེན་ནས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་གསང་བ་ཟབ་མོའི་དབང་ལ་གསུམ་ལས། དང་པོ་གསང་སྔགས་དམ་རྫས་བླང་དོར་མེད་པར་བརྟེན་ནུས་པ་སྤྱོད་པའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་གསང་བའི་དབང་གི་སླད་དུ། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཐོད་པའི་བདུད་རྩི་དང་ལྷན་ཅིག་ཏུ་སྦྱར་ཏེ་ལྕེ་ཐོག་དུ་བཞག་པའི་མོས་པ་མཛོད། ཅེས་བདུད་རྩི་ལྕེ་ལ་བཞག །མེ་ལོང་སིནྡྷུ་རའི་སྔགས་བྱང་གིས་དབང་བསྐུར་ལ། ཧཱུྃ༔ ཐོད་པ་ཟླ་གམ་གཞལ་ཡས་ཁང༔ ཡབ་ཡུམ་བྱང་ཆུབ་སེམས་ཀྱིས་བཀང༔ སྔགས་ཕྲེང་ངོ་བོ་ཁར་ཕྱིན་པས༔ རྩ་ཁམས་ཐམས་ཅད་བདེ་བས་ཁྱབ༔ རླུང་ཁམས་སྔགས་སུ་འགྱུར་བར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོ༔ ཞེས་པས་བྱིན་པའི་བདུད་རྩི་དེ་ཉིད་མྱོང་བ་ལ་བརྟེན་ནས། རྩ་ཐམས་ཅད་བདུད་རྩིའི་གང་། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེ་ལྟར་ན་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་དང་རླུང་གི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་དབུགས་ལ་བརྟེན་ནས་རླུང་གི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཟབ་མོའི་དབང་གཉིས་པ་རྩ་རླུང་ཐིག་ལེའི་ནུས་པ་སྟོབས་སུ་གྱུར་པས་ཕོ་ཉའི་ལམ་བརྟེན་ནུས་པ་རིག་པའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀ་ནས་དགའ་བ་བཞིའི་འབྱུང་གནས་ཕྱག་རྒྱ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་ཀྲོ་དྷཱི་ཤྭ་རཱི་མའི་ངོ་བོ་ཅན་རེ་རེ་སྤྲོས་ཏེ། ཁྱེད་རང་རྣམས་ཀྱི་མདུན་དུ་ཆགས་པའི་ཉམས་འགྱུར་དང་བཅས་འཁོད་ནས་ཐར་པ་བསྟེན་པར་བསྐུལ་བའི་མོས་པ་མཛོད། སློབ་དཔོན་གྱི་ལག་གཡོན་གྱིས་རིག་ཙཀ་གཏད་ལ། འདི་ནི་དགའ་ཆེན་ལྷ་མོ་སྟེ༔ བཞིན་བཟང་འདི་སྤྱོད་བདེ་ཆེན་རྟོགས༔ བདེ་ལ་མ་ཞེན་འཛིན་པ་སྤོངས༔ དབབ་བཟུང་བཟློག་ཁྱབ་ཐབ་མཁས་ཀྱིས༔ གོམས་ན་སྤང་བླང་འཛིན་པ་བྲལ༔ བདེ་སྟོང་ཟུང་འཇུག་རྟོགས་པར་ཤོག༔ མ་ཧཱ་མུ་དྲ་བྷཉྫ་མོཀྵ༔ དེ་ལྟར་རིག་པའི་བརྟུལ་ཞུགས་ཀྱི་རྗེས་སུ་གནང་བ་བྱིན་པས། ཁྱེད་རང་རྣམས་དཔལ་ཆེན་པོ་ཡང་དག་ཆགས་པའི་རྡོ་རྗེ་དམར་པོ་དང་། གཏད་པའི་ཡུམ་རྡོ་རྗེ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་སྟེ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས། དགའ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་དང་ཐིག་ལེའི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་བཅུད་ལ་བརྟེན་ནས་ཐིག་ལེའི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཟབ་མོའི་དབང་གསུམ་པ་ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ཚིག་གིས་མཚོན་པ་དོན་གྱི་དབང་བསྐུར་བའི་སླད་དུ། ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པར་བྱས། ངག་རླུང་གནད་རང་སར་བཞག །སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་དེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཐར་སྐྱེས་པའི་བདེ་སྟོང་ཟུང་འཇུག་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་འཇོག་མཛོད། དེ་མཚོན་པར་བྱ་བའི་སླད་དུ་སྣང་གསལ་མར་མེའི་དཀྱིལ་འཁོར་ལ་བརྟེན་ནས་ཚིག་གི་སྒོ་ནས་ངོ་སྤྲད་པར་བྱ་བ་ཡིན་ཏེ། ཐོད་པའི་ནང་གི་མར་མེ་རྣམས་སྤར་ཏེ་བསྟན་ལ། ཆོས་ཉིད་དབྱིངས་ལ་ཟླ་གམ་སྟེ༔ ཡེ་ཤེས་ལྷ་ཡི་མར་མེ་གསལ༔ ངོ་བོ་ཀ་དག་བལྟ་བྱ་བྲལ༔ རང་བཞིན་ལྷུན་གྲུབ་མྱོང་ཞིང་གསལ༔ བྱ་རྩོལ་བྲལ་བའི་དོན་རྟོགས་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དྷརྨ་དྷཱ་ཏུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་དཔོན་སློབ་གཉིས་ཀས་མཉམ་པར་གཞག །དེ་ལྟར་ན་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཀུན་གཞི་དང་ཤེས་བྱའི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་བདེ་སྟོང་ལ་བརྟེན་ནས་འོད་གསལ་མཆོག་གི་རྫོགས་རིམ་བསྒོམ་པ་ལ་དབང། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་སྐུ་གསུང་ཐུགས་ཀྱི་བྱིན་གྱི་རླབས་ཀྱིས་ཡེ་ཤེས་བསྐྱེད་པ་དང་བགེགས་འདུལ་བའི་སླད་དུ་གཏོར་མའི་དབང་བསྐུར་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་མགོན་པོ་ཧེ་རུ་ཀ༔ ཐུགས་རྗེའི་རྩེ་བས་བདག་ལ་གཟིགས༔ བདག་གི་ནད་གདོན་བགེགས་ཕྲལ་ཞིང༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ། སློབ་དཔོན་གྱིས། སྤྱིར་གཏོར་མ་ལ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་སུ་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་གི་དུས་སུ་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། དཔལ་གྱི་གཏོར་མ་མེ་འབར་བ་འདི་ཉིད། ཕྱི་ལྟར་ན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཡེ་ཤེས་ལས་རང་ཤར་བའི་འཇའ་འོད་མེ་དཔུང་ཐིག་ལེའི་དྭངས་མ་འཁྲིགས་པའི་དབུས་སུ། ནང་ལྟར་ན་དཔལ་ཆེན་པོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་རྩ་གསུམ་ཆོས་སྲུང་རྒྱ་མཚོ་དང་བཅས་པ་སྤྲིན་ལྟར་གཏིབས་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཆར་གྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས། སྒོ་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་། སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་གཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ དཔལ་གྱི་གཏོར་མ་མེ་འབར་ཞིང༔ ནང་དུ་ཁྲག་འཐུང་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ལས་འོད་འཕྲོས་པས༔ སྐལ་ལྡན་ལུས་ངག་ཡིད་ལ་ཐིམ༔ བདུད་བགེགས་ཐམས་ཅད་ཚར་བཅད་དེ༔ སྡིག་སྒྲིབ་ནད་རྣམས་ཞི་བར་མཛོད༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ནས༔ ཆོས་སྐུ་རང་ངོ་འཕྲོད་པར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་གཏུག །རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར། གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་དྭངས་བཅུད་དུ་འཁྱིལ་པ་མྱོང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ་གཏོར་ཟན་ཆ་ཤས་བདུད་རྩི་དང་སྦྱར་ནས་སྦྱིན། སྐབས་འདིར་བསྐང་བཤགས་ཀྱི་དབང་དང་། མཐའ་རྟེན་ཚེའི་དབང་བཅས་རང་རང་གི་གཞུང་དུ་གསལ་བ་བཞིན་བསྐུར་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གལ་ཆེའོ། །སླར་ཡང་ཤིས་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་དཔལ་ཆེན་པོའི་དཀྱིལ་འཁོར་ལ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། ལྷ་དང་དྲང་སྲོང་རིག་པ་འཛིན་པ་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་པ་རྣམས་ཀྱི་ཞལ་ནས་ཤིས་པ་བརྗོད་པའི་གླུ་དབྱངས་ཀྱི་སྒྲ་བསྒྲགས་ཤིང་། ཕྱག་ནས་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཅེས་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་ཅིང་འགྱུར་བས་དགེ་ལེགས་སུ་བྱའོ། །དེ་ལྟར་ན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ། མཆོག་གི་ཟབ་པ་དཔལ་ཡང་དག་ཧེ་རུ་ཀ་སྒྲུབ་ཆེན་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པར་ཕུལ་ཟིན་པ་ལགས་པས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་པའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས་སོ། །གསུམ་པ་མཇུག་གི་བྱ་བ་ནི། སློབ་དཔོན་གྱི་ཚོགས་ཀྱི་ལྷག་མ་ནས་བརྩམ་སྟེ་ནོངས་པ་བཤགས་པའི་བར་ལས་བྱང་ལྟར་དང་། བར་འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། མཚན་མ་བསྡུ་ན་རྡོ་རྗེས་སྤྱི་ལྟར་དང་། རས་བྲིས་ཡིན་ན་བརྟན་བཞུགས་བྱ་ཞིང་བསྐྱེད་རིམ་གྱི་ཉེར་བསྡུ་ནས་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐའ་རྒྱས་སུ་བྱའོ། །དཔལ་ཆེན་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ། །སྐལ་བཟང་འཇུག་ལ་རྣམ་པར་ཐར་པའི་སྒོ །བླ་མ་ཧེ་རུ་ཀ་དཔལ་ཞལ་ལུང་བཞིན། །སྨིན་བྱེད་རྡོ་རྗེའི་ཆོ་ག་ཁྲིགས་སུ་བཏབ། །ཟབ་མོའི་སྐོར་ལས་མཆོག་གི་ཟབ་པའི་བཅུད། །ཕྱི་དུས་ལྟོས་མེད་ཚེ་འདིར་གྲོལ་བ་ཡི། །བདེ་ཆེན་མཆོག་གི་མྱུར་ལམ་འདིར་ཞུགས་ན། །སྐུ་བཞིའི་རྒྱལ་སར་འཛེག་པ་ཐག་མི་རིང་། །འདི་ལྟར་བགྱིས་ལའང་འགལ་འཁྲུལ་ནོངས་པའི་ཆ། །གང་མཆིས་རྩ་གསུམ་ཆོས་སྐྱོང་རྒྱ་མཚོར་བཤགས། །དགེ་བས་མཁའ་མཉམ་ཡིད་ཅན་རྒྱ་མཚོ་ཀུན། །རྣམ་གྲོལ་ཧེ་རུ་ཀ་དཔལ་མྱུར་འགྲུབ་ཤོག །ཅེས་ཡང་དག་ཟླ་གམ་ལྔ་བཅུ་རྩ་བརྒྱད་དང་འབྲེལ་བའི་དབང་གི་ཆོ་ག་ཁྲིགས་སུ་བསྡེབས་པ་འདི་ཉིད། རྣམ་འདྲེན་དམ་པ་ཆོས་དབང་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་འདི་ལྟར་བྲིས་ཤིག་པའི་བཀའ་བསྩལ་གཙུག་ཏུ་མཆོད་དེ། ཡང་དག་བཀའ་གཏེར་གཉིས་ཀྱི་བབས་སོ་ལས་བྱུང་བའི་སྨིན་གྲོལ་གྱི་སྐོར་རྣམས་རྫོགས་པར་ཐོབ་པས་འདི་ཉིད་ལྷག་པའི་ལྷར་གྱུར་པ་དང་། ཁྱད་པར་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པས་བརྩེ་བས་རྗེས་སུ་འཛིན་པས་འདི་ཉིད་ཀྱི་སྨིན་གྲོལ་དང་དབོག་པའི་ལྷར་བསྩལ་ཅིང་ཟབ་ཆོས་འདི་ཉིད་ཀྱི་ལས་ཅན་དུ་དབུགས་དབྱུང་ཐོབ་པ། འབྱུང་རུང་ལ་སྨོན་པའི་བཏགས་མིང་ཀརྨ་རིན་ཆེན་བདེ་བའི་མྱུ་གུ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་་་༼ཚ་ལོ་རིན་ཆེན་རྣམ་རྒྱལ༽་་་ཞེས་པས་འོག་མིན་མཚུར་གྱི་གཙུག་ལག་ཁང་ཆེན་པོའི་ཡང་ཐོག་གཟིམ་ཆུང་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་གཉིས་པ་ན་བྲིས་པ་དགེ་ལེགས་འཕེལ།། །།
སྙན་བརྒྱུད་མ་མོའི་མདོས་ཀྱི་ལས་འགྲིགས་ (Volume 32, Text 51)
སྙན་བརྒྱུད་མ་མོའི་མདོས་ཀྱི་ལས་འགྲིགས་བཞུགས། ཨོཾ་སྭསྟི། སྙན་བརྒྱུད་མ་མོའི་མདོས་ཀྱི་སྐབས། ཐོག་མར་ལས་གཞུང་བསྲང་། བཟླས་པའི་སྐབས་ཛཔ྄་ཁང་ཕྱེས་ནས། མདོས་དཀྱིལ་གྱི་གཏོར་མ་དང་དབྱེར་མེད་དུ་བཞུགས་པར་བསམ་ལ་བཟླས་པ་སྒྲུབ་སྔགས་གཙོར་བཏོན་དང་། ཚེ་སྒྲུབ་བཟླས་དམིགས་བཅས་གཞུང་ལྟར། ལས་སྦྱོར་ཏིང་ངེ་འཛིན་གྱི་སྲུང་ཟློག་བྱེད་ན་གཤིན་རྗེའི་ཐུགས་ཏིག་ལྟར་གསལ་བཏབ་ནས་སྒྲུབ་སྔགས་ལ་སྲུང་ཟློག་གི་སྔགས་བཏགས་པ་ཅི་རིགས་བཟླ། ཏིང་ངེ་འཛིན་གྱི་བསད་པ་བྱེད་ན། དམིགས་པ་གསལ་ནས་སྒྲུབ་སྔགས་ལ་ཨེ་མྱག་བཏགས་པ་ཅུང་ཟད་བཟླ་ཞིང་ཐུན་ལའང་བསྔགས། སྟོང་ཚིགས་མཆོད་བསྟོད་རྗེས་གཏོར་བསྔོ་དང་སྐོང་བཤགས་སོགས་ཅི་རིགས་བྱ། ཚོགས་ཡང་དག་ལྟར་དང་། སྤྲོ་ན་སྐོང་བ་ཅི་རིགས་བྱ། དེ་ནས་བསྒྲལ་ལས་མདོར་བསྡུས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། ཁྲག་འཐུང་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཅེས་བསྐུལ། གསེར་སྐྱེམས་བརླབ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། ཁྱད་པར་སྲིད་པ་མ་མོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །ཉམས་པ་བསྒྲལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །མ་མོའི་རོལ་པའི་སྲུང་མའི་ཚོགས་རྣམས་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །ཉམས་པ་བསྒྲལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །རྣལ་འབྱོར་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །གཟུ་དང་དཔང་མཛོད་མངོན་སྤྱོད་ལས་ལ་བཞེངས། །ཉམས་པ་བསྒྲལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང་ཧོམ་བསྐྱེད། དགུག་གཞུག་སྤྱི་ལྟར་མཐར་སྒྲུབ་སྔགས་ལ། དགྲ་བགེགས་གནོད་བྱེད་འབྱུང་པོ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཏགས་པ་ལན་གསུམ། ཨེ༔ ཁྲོ་རྒྱལ་འདུས་པ་ཡུངས་དཀར་ཐོག༔ མ་མོ་ཁྲག་གི་རྦ་རླབས་འཁྲུགས༔ ཀླུ་བདུད་དུག་གི་ཁ་ཆུ་འབེབ༔ ཐིབས་གནོན་གདུག་པ་རྡོ་རྗེའི་མཚེ༔ གཟའ་རྒོད་མིག་དམར་གཟེར་མདའ་འཕེན༔ གཤིན་རྗེ་སྲོག་གཅོད་ཟངས་ལྕགས་ཆར༔ མཚོན་ཆ་སྣ་ཚོགས་རྡོ་ཡི་ཐུན༔ འབེབ་པ་མ་མོའི་སྤྲུལ་པས་འབེབ༔ འབེན་ནི་དགྲ་དང་བགེགས་ལ་བཅས༔ ཉམས་པའི་ལུས་སེམས་རྡུལ་དུ་རློག༔ རྩ་བའི་སྔགས་དང་མཚོན་ཆས་གཟིར༔ ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་ཐུན་བརྡེག །ཕུར་པ་ཐོགས་ལ། ཧཱུྃ། ང་ནི་མངོན་རྫོགས་ཁྲག་འཐུང་དཔལ། །སྲས་དང་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས། །གཡས་ཀྱི་ཕྱག་ན་ལྕགས་ཀྱུ་ཐོགས། །གཡོན་གྱི་ཕྱག་ན་ཕུར་པ་འདྲིལ། །ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས། །ཚེ་བསོད་སྒྲུབ་མཆོག་རྣམས་ལ་སྟིམས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཤ་ཁྲག་ཚོགས་ཀྱི་མཆོད་པར་བཞེས། །སྒྲུབ་སྔགས་དང་། ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་བཏགས་པ་བཟླས་ནས་ཕུར་པས་བསྒྲལ། ཨེ༔ མངོན་རྫོགས་ཁྲག་འཐུང་རོལ་པའི་མཚོན༔ ཤེས་རབ་རལ་གྲི་རྣོན་པོ་ཡིས༔ དགྲ་བགེགས་གཟུགས་བརྙན་དུམ་བུར་གཏུབས༔ ཚེ་དང་བསོད་ནམས་རང་ལ་འདུས༔ རྣམ་ཤེས་དམིགས་མེད་ཆོས་དབྱིངས་ཐིམ༔ ཤ་ཁྲག་ཁྲོ་བོ་རྔམས་པའི་ཚོགས༔ དགྱེས་པ་ཆེན་པོའི་ཞལ་དུ་བསྟབ༔ མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཛོད༔ ཨེ་ཧུར་ཐུམས་ཁཌྒ་ཏཱིཀྵྞ་ཧྲི་དིར་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏུབས་ལ་ཞལ་བསྟབ་བྱ། དེ་ནས་མདོས་ཀྱི་དཀོར་ཆ་སྔགས་དྲུག་ཕྱག་དྲུག་གིས་བརླབ། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་བླ་ན་མེད་པ་སོགས་ཀྱིས་མདོས་མགྲོན་སྤྱན་དྲངས། བྷྱོ༔ དང་པོ་ཅི་ཡང་མ་སྲིད་སོགས་ཀྱིས་ཕུལ། གྲངས་གསོག་བྱིན་རླབས་ནས་སྐོང་མདོས་དང་། ཟློག་མདོས། ཧཱུྃ་བྷྱོ༔ བདེ་གཤེགས་མཐུ་སྟོབས་འདུས་པའི་དཔལ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡབ་ཡུམ་སྤྲུལ་པ་ཡང་འཁོར་སོགས༔ སྲིད་པ་མ་མོའི་ལྷ་ཚོགས་རྣམས། དབྱིངས་ལས་ཡེ་ཤེས་སྐུ་རུ་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ མངོན་སྤྱོད་དམོད་པའི་དུས་ལ་བབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དུག་གསུམ་རྒྱུ་འབྲས་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ མ་རིག་རྣམ་རྟོག་ལས་བྱུང་བའི༔ གདོན་བགེགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཀུན་བརྟགས་འཁྲུལ་པ་ལས་བྱུང་བའི༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ གཞན་དབང་འཕོ་འགྱུར་ལས་བྱུང་བའི༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ཕྱི་དོན་བདེན་ཞེན་ལས་བྱུང་བའི༔ འབྱུང་བཞི་ཕྱི་ཡི་གཡོ་འཁྲུག་ཟློག༔ རྩ་རླུང་ཐིག་ལེ་ལས་བྱུང་བའི༔ རྣལ་འབྱོར་ནང་གི་བར་ཆད་ཟློག༔ ང་བདག་འགོང་པོ་ལས་བྱུང་བའི༔ གཟུང་འཛིན་གསང་བའི་སུན་མ་ཟློག༔ འདོད་ཆགས་སྲེད་ཞེན་ལས་བྱུང་བའི༔ སྣོད་བཅུད་དབུལ་ཞིང་ཕོངས་པ་ཟློག༔ ཞེ་སྡང་གདུག་སེམས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་མཚོན་འཁྲུགས་ཟློག༔ གཏི་མུག་རྨོངས་པ་ལས་བྱུང་བའི༔ དམ་སྲི་ཀླ་ཀློའི་འཚེ་བ་ཟློག༔ ང་རྒྱལ་ཁེངས་སེམས་ལས་བྱུང་བའི༔ དྲེགས་པ་སྡེ་བརྒྱད་ཆོ་འཕྲུལ་ཟློག༔ ཕྲག་དོག་གདུག་རྩུབ་ལས་བྱུང་བའི༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ ཟློག་གོ་མི་མཐུན་རྣམ་རྟོག་ཚོགས༔ གཞི་དབྱིངས་ཀ་དག་ཀློང་དུ་ཟློག༔ བསྒྱུར་རོ་ལྟས་ངན་སེམས་བྱུང་ཀུན༔ གཞི་སྣང་ལྷུན་གྲུབ་ཆེན་པོར་སྒྱུར༔ ཐམས་ཅད་འོད་གསལ་གཉུག་མའི་དབྱིངས༔ འཁྲུལ་པ་དག་པའི་ཕྲིན་ལས་མཛོད༔ སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་གཤིན་རྗེའི་ཐུགས་ཏིག་ལྟར་བསྐྱེད། དེ་ནས་བསད་མདོས། བྷྱོ༔ དབྱིངས་ཉིད་མ་བཅོས་སོགས་སྔགས་བཅས། སྒྲུབ་སྔགས་མཐར། སརྦ་མཎྜ་ལ་ཧཱུྃ་བཛྲོད་བྷ་བ་ཨུ་ཏྲིཥྛ་ཧཱུྃ། ཞེས་པས་ཟོར་དཀྱིལ་ནམ་མཁར་བཏེག ཧཱུྃ་བྷྱོ༔ ཆོས་ཉིད་དབྱིངས་ལས་སོགས་ནང་སྒོ་དབྱེ་ཞིང་། གསེར་སྐྱེམས་དང་བཅས། ཧཱུྃ། མ་མོ་རོལ་པའི་སོགས་ཕྱི་སྒོ་དབྱེ། འཕང་བ་དངོས་ནི། ལྷག་མ་དང་། སྲུང་མའི་གཏོར་འབུལ་དང་། ཆད་ཐོ་སྦྲེལ་མཐར། ཧཱུྃ་བྷྱོ༔ ལྕགས་སཾ་བྷནྡྷའི་སྣོད་ནང་དུ༔ ཤ་ཁྲག་དུག་མཚོན་གཏོར་མ་བཤམས༔ སྣང་སྲིད་གཞིར་བཞེངས་མདོས་ཆེན་པོ༔ འཕང་བ་མངོན་རྫོགས་རྒྱལ་པོས་འཕེན༔ དམིགས་པ་དགྲ་དང་བགེགས་ལ་གཏད༔ ལས་ནི་ཉམས་པ་རྡུལ་དུ་བརླག༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ མིང་ཙམ་མེད་པར་ཕུང་དུ་ཆུགས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ སྔགས་མཐར། མ་མ་རུ་ལུ་རུ་ལུ་བཾ་བྷྱོ༔ དགྲ་བགེགས་ནྲྀ་ཏྲི་ཐུན་ལོངས་བྷྱོ༔ སྙིང་ཁྲག་ཙ་ཛཿརྦད་བྷྱོ༔ ཞེས་བསད་མདོས་ཀྱི་སྔགས་བཅས་འཕང་། ཡང་ཟློག་པ། བརྟན་སྐྱོང་། རྟ་བྲོ། །ཚེ་འགུགས་སོགས་སྤྱི་ལྟར་བྱའོ། །ཞེས་པའང་མཉྫུ་གྷོ་ཥས་སོ། །ཤུ་བྷཾ།། །།
རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་ (Volume 41, Text 51)
༄༅། །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །སྲིད་ཞིའི་འཁོར་ལོར་ཞི་དང་ཁྲོ་གར་གྱིས། །རྣམ་རོལ་བསམ་མི་ཁྱབ་པས་བསོད་ནམས་དང་། །ཡེ་ཤེས་མཆོག་སྩོལ་དཔལ་ལྡན་བླ་མར་འདུད། །གདོད་མའི་ཡེ་ཤེས་དངོས་ཀུན་ཁྱབ་གནས་པ། །སད་བྱེད་བདེ་གཤེགས་སྣང་བརྙན་ཡེ་ཤེས་ཀྱི། །ཕྱག་རྒྱས་བྱིན་རློབ་རབ་གནས་ཆོ་གའི་ཁྲིགས། །དགེ་ལེགས་འདོད་པ་འཇོ་བའི་ཆེད་དུ་སྤེལ། །འདི་ལ་གཉིས་ཏེ། ཤེས་པར་བྱ་བའི་གཞི་བཤད་པ་དང་། བཤད་པའི་ཆོས་ལག་ཏུ་བླང་བའི་རིམ་པའོ། །དང་པོ་ལ་བདུན་ཏེ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་ དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་ཚེ་བྱ་བའི་དུས། །གང་བྱ་བའི་ཆོ་གའོ། །དང་པོ་རང་བཞིན་ནི། སློབ་དཔོན་ཆེན་པོས་བདེ་འདུས་རབ་གནས་སུ། བྱ་དགོས་མི་དགོས་གཉིས་སུ་བསྟན༔ ཞེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ན། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན༔ གང་ཞིག་གང་གིས་གང་དུ་བརླབ༔ གདོད་ནས་མ་སྐྱེས་སྐྱེ་མེད་ལ༔ ཅི་འདྲ་ཅི་འདྲར་རབ་ཏུ་གནས༔ ཆོས་རྣམས་འོད་གསལ་སྐྱེ་མེད་དུ༔ རྟོགས་པར་ལྡན་པས་མཆོད་གནས་རྣམས༔ རབ་ཏུ་གནས་པ་མི་དགོས་སོ༔ ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ན་ཡང་སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང༔ སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས༔ སངས་རྒྱས་རྣམ་འཕྲུལ་བྱིན་རླབས་ལས༔ བྱུང་སྟེ་མིན་ན་མི་འབྱུང་བར༔ རྟོགས་ཏེ་ཤིན་ཏུ་དད་ལྡན་ན༔ རབ་ཏུ་གནས་པ་མི་དགོས་སོ༔ ཞེས་པས། དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་བ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་ཀྱི་ཆོ་ག་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ༔ ཀུན་རྫོབ་དོན་དུ་བསྟན་པ་ཡིན༔ ཞེས་དྲང་ངེས་ཀྱི་དབྱེ་བས་གསུངས་པ་བཞིན་རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་རབ་ཏུ་བཏགས། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་ནི། རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིང་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པས་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་བརླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་ གསུངས་པ་བཞིན་ནོ། །སྒྲ་དོན་ནི། སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབ་པ་དང་ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབས་པས་བཟང་པོ་དང་། འཁོར་བ་ཇི་སྲིད་དུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་པ་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ་སྟེ། སུ་རབ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ། རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་དུ་རུང་ངོ་། །རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གང་ལ་གནས་བྱའི་རྟེན་ནི། རྟོག་པ་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་ནས། གཟུགས་སྐུའི་རྟེན་དེ་བཞིན་གཤེགས་པ་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་དང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་གནས་པའི་དགོས་པ་ནི། སྐྱོན་ཡོན་གྱི་ཆ་ལས་གཉིས་ཏེ། དང་པོ་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་ནི་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབ་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་རློབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་གནས་བྱེད་ཀྱི་སློབ་དཔོན་ནི། །ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ། ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་པ། རབ་གནས་ཀྱི་ཆོ་ག་ལ་མཐོང་བརྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་དུ་ལག་ཏུ་ལོངས་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་འོ། །ཞེས་པའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོགས་ཀྱིས་མཚོན་པའང་། དགེ་སློང་དགེ་ཚུལ་ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་སོ། །ལྔ་པ་གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལྤོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །དྲུག་པ་གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་པས་རིག་བྱེད་ཀྱི་གཞུང་གཞན་ལས་ཀྱང་ཤེས་པར་བྱ་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། གཞན་དུ་ན། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན་ནོ། །བདུན་པ་གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་བཅས་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ། ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་དང་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་པ་བཞིན་སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོགས་གསུངས་པ་བཞིན། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་དང་། གསང་བའི་སྙིང་པོ་ལས། །ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨྲོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་གསུངས་པ་ཉིད་ཀྱང་སྤྱིར་ཤེས་པར་བྱ་བ་ཡིན་ནོ།། ༈ །།གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་བཤད་པ་ལ་བསྙེན་པ་དང་། རབ་གནས་ཀྱི་ཆོ་ག་དངོས་སོ། །དང་པོ་བསྙེན་པ་ལ་མཚན་མ་དང་དུས་དང་གྲངས་ཚུན་ཆད་རབ་འབྲིང་ཐ་མར་བྱས་ཏེ། ཅི་རིགས་པ་སྔོན་དུ་སོང་བ་གཞིར་བྱས་ནས། ཁྱད་པར་རབ་གནས་ཀྱི་དོན་དུ་གཞན་གྱིས་གསོལ་བ་བཏབ་པའམ། རང་ཉིད་ཀྱིས་སྒྲུབ་པ་གང་ཡིན་ཡང་དེ་ཉིད་ཀྱི་ཆེད་དུ་བསྙེན་པ་གསོ་བ་ལ་འཇུག་པར་བྱ་སྟེ། སློབ་དཔོན་ཆེན་པོས། ལན་གསུམ་གཞན་གྱིས་གསོལ་བཏབ་པས༔ ཡིད་འོང་གནས་སུ་འདུག་ནས་ནི༔ བསྙེན་པ་རྣམ་གཉིས་མཐར་ཕྱིན་པས༔ ཞེས་གསུངས་པ་བཞིན་ནོ། །གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ། རྒྱས་པ་དང་། འབྲིང་དང་། བསྡུས་པའི་ཚུལ་ལོ། །དང་པོ་ལ་ཡང་སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་སྦྱོར་བའི་སྡོམ་ནི། དཀྱིལ་འཁོར་ལས་རིམ་ཡོ་བྱད་བཤམ། །སྒྲུབ་མཆོད་བུམ་བཟླས་སྦྱང་བཀྲུ་ཕྱི། །རྟེན་བསྐྱེད་སྤྱན་དྲང་མཆོད་དགུག་གཞུག །རྒྱས་གདབ་དབང་བསྐུར་མཆོད་བསྟོད་སྔགས། །གཏོར་མ་སྙན་གསན་མཆོད་བསྟོད་དང་། །བཟོད་གཤེགས་རྟེན་དགབ་ལྷག་གནས་སྡོམ། །ཞེས་པ་ལས། དང་པོ་དཀྱིལ་འཁོར་གྱི་ལས་རིམ་ནི། དེ་ཡང་རྡུལ་ཚོན་ནམ། རས་བྲིས་སོགས་ཕྱི་དཀྱིལ་གང་རིགས་ལ་བརྟེན་པའི་དབང་དུ་བྱས་པ་ལས། རྡུལ་ཚོན་ལྟར་ན་ས་ཆོག་ལྷག་གནས་དང་བཅས་པ་རྣམས་དང་། རས་བྲིས་ལ་བརྟེན་ན་ཡང་ལྷ་སྟ་གོན་སོགས་སྔོན་འགྲོས་རས་བྲིས་བཀྲམ། བུམ་པ་དགོད་ཅིང་རྒྱན་དགྲམ་པ་རྣམས་སྒྲུབ་དཀྱིལ་སོ་སོའི་རྩིས་འགོས་བསྡུས་པ་བཞིན་ཤེས་པར་བྱ་བ་ཡིན་ཏེ། ས་ཡི་ཆོ་ག་གཞུང་བཞིན་བྱ། །དེ་རྗེས་ལྷ་དང་བུམ་པ་དང་། །སྦྱིན་སྲེག་ས་ཡི་ལྷ་མོ་དང་། །སློབ་མ་དང་ནི་ཡོན་བདག་རྣམས། །གཞུང་བཞིན་སྟ་གོན་རྫོགས་བྱས་ཏེ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཁྱད་པར་རབ་གནས་ཀྱི་ཡོ་བྱད་ནི། གནས་ཁང་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བྱས་པའི་གཞི་དེར། རྩ་བའི་དཀྱིལ་འཁོར་གྱི་ལྷོའམ་ཤར་དུ་ཁྲུས་སྟེགས་གྲུ་བཞི་ཁྲུ་དོ་སོགས་ཇི་ལྟར་རིགས་པ་བརྩེགས་པའམ། དེ་དང་མཉམ་པའི་གཞི་བ་བྱུང་ལྔས་བྱུག །རེ་ཁཱ་དཀར་པོ་གྲུ་བཞི་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རིགས་ལྔ་ཡུམ་བཞིའི་མཚན་མ་དང་བཅས་བྲིས་པའི་དབུས་སུ་མཉྫི་ཁྲུས་གཞོང་མེ་ལོང་དང་བཅས་པ་བཞག །འདབ་མ་བརྒྱད་ལ་ཁྲུས་བུམ་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བརྒྱད་ཐུན་མོང་དུ་དྲིའི་ཆུས་སུམ་གཉིས་བཀང་། ཁྱད་པར་ཤར་བུམ་ནས་བརྩམ་སྟེ་རིམ་བཞིན་དྲི་ལྔ། མངར་གསུམ། ཞོ་གསར། ཤིང་འབྲས། འབྲུ་ལྔ། འབྲས་ཡོས། སྨན་ལྔ། རིན་ཆེན་ལྔ་རྣམས་སོ་སོར་བླུགས་པའམ། དབྱེ་བ་མེད་པར་རྫས་ཉེར་ལྔ་ཁོ་ནས་ཀྱང་ཆོག །བུམ་པ་བརྒྱད་མེད་ན་ལྔའམ་གཅིག་གིས་ཀྱང་རུང་། འདག་རྫས་ཀྱང་འཁར་བ་ལ་སོགས་པའི་སྣོད་དུ་ཤིང་ཤུན་ལྔ་སོགས་བུམ་པ་དང་གྲངས་མཚུངས་པའམ། ཕྱིའི་བདུད་རྩི་ལྔ། བ་བྱུང་ལྔ། དྲི་བཟང་། སྐྱུ་རུ་ར་དང་ཡུང་བའི་ཕྱེ་མ་སྟེ་བཞིར་བྱས་པའམ། དེ་དག་ལས་གང་འབྱོར་ཤུ་ཏི་དང་ཉེ་ཤིང་སོགས་སྦྱར་བའི་ཁྲུས་ཆལ་གཅིག་ཏུ་བསྡུས་ཀྱང་རུང་། བསྐུ་མཉེའི་ཏིལ་མར་དྲི་ལྡན། དྲིལ་ཕྱིའི་ཤུན་ལྤགས་ལྔའམ། སྲན་དཀར་གྱི་ཕྱེ་མ་རྣམས་སྣོད་གཅིག་ཏུ་བཀོད་པ། སོ་སོར་དཱུརྦའི་པིར་དང་བཅས་པ། དེ་ཉིད་ཀྱི་མཐའ་མཆོད་པས་བསྐོར་ཞིང་། སྟེང་ནས་གདུགས་ཀྱིས་ཕུབ། ཕྱོགས་གཅིག་ཏུ་རིན་པོ་ཆེའི་གཞོང་པ་མེ་ཏོག་གིས་བཀང་བའི་དབུས་སུ་གཟུངས་བུམ་དྲིའི་ཆུས་བཀང་བའི་ཁར་གསེར་དངུལ་ལྟ་བུའི་མེ་ལོང་ལ་ཙནྡན་དཀར་པོ་གུར་གུམ་གི་ཝཾ་རྣམས་འོ་མ་དང་སྦྱར་ནས་རྟེན་འབྲེལ་སྙིང་པོ་ཚར་བདུན་བྲིས་པ་དང་། དྲི་ཆུའི་དུང་ཞལ། ཁ་ཚར་མ་ཉམས་པའི་ཁྲུས་རས་དྲི་བཟང་གིས་ས་བོན་ལྔ་བྲིས་པ། གོས་ཟུང་། སྦྱོང་ཆས་རྣམས་དང་། གཡས་སུ་མངའ་དབུལ་གྱི་མཎྜལ། རི་གླིང་གི་བཀོད་པའི་དབུས་སུ་ཞོ་དང་མར་བུར་གྱིས་སྦགས་པའི་དཔལ་བཤོས་ཤ་ཆང་མ་འདྲེས་པའི་ཁ་ཟས་བཟང་པོས་བསྐོར་བ་དང་། གཞན་ཡང་སྤྱི་སྒོས་ཀྱི་མཆོད་པ་དང་། གཏོར་མ་རྣམས་དང་། དབང་པོ་བསལ་བྱེད་ཀྱི་ཐུར་མ། མངའ་དབུལ་གྱི་ཆས། རོལ་མོའི་ཁྱད་པར་སོགས་འོག་ཏུ་དགོས་པའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱའོ། །གསུམ་པ་དཀྱིལ་འཁོར་སྒྲུབ་མཆོད་ནི། བདག་མདུན་འཇུག་པ་གཅིག་པ་རྣམས་ནི་ཐུན་མོང་དུ་བསྒྲུབ། ཐ་དད་པ་རྣམས་ནི་བདག་བསྐྱེད་སྔོན་དུ་བཏང་ནས་མདུན་བསྐྱེད་བསྒྲུབ་ཅིང་། བདག་ཉིད་འཇུག་པ་དབང་ཆོག་བཞིན་བྱེད་ན་གཟུངས་བུམ་དང་གཙོ་ལས་ཀྱི་བུམ་སྒྲུབ་སྐབས་འདིར་བྱས་ནས་དབང་ལེན། རིག་པའི་མེ་ཏོག་དོར་བ་ཙམ་ལ་བརྟེན་ནས་བུམ་སྒྲུབ་བཞི་ཀ་དཀྱུས་གཅིག་ཏུ་སྦྲེལ་ལོ། །བཞི་པ་བུམ་པ་སྒྲུབ་པ་ནི། ཐོག་མར་གཟུངས་བུམ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་ཟླ་བ་ལ་གནས་པའི་རྟེན་འབྲེལ་སྙིང་པོའི་སྔགས་ཕྲེང་འོད་ཟེར་གྱི་ཕུང་པོར་འབར་བས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་ནས་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ་ཞིང་། ཨོཾ་དང་སྭཱ་ཧཱ་ཐོག་མཐར་སྦྱར་བའི་རྟེན་འབྲེལ་སྙིང་པོ་མང་ཙམ་བཟླས་ལ། དུང་ཆོས་ཀྱི་ཆུས་མེ་ལོང་གི་ཡི་གེ་རྣམས་གཟུངས་བུམ་དུ་སྦྱངས་པ་ལས་གཙོ་ལས་ཁྲུས་བུམ་ཐམས་ཅད་ལ་ཅུང་ཟད་རེ་བྲན་ཏེ་འདི་ནི་རབ་གནས་ཀྱི་བུམ་སྒྲུབ་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པར་གལྤོ་ལས་གསུངས་པ་བཞིན་ནོ། །དེ་ནས་ཁྲུས་བུམ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་དྲི་མ་སྦྱོང་བའི་མཐུ་དང་ལྡན་པའི་ལྷའི་ཆུ་བོས་ཡོངས་སུ་གང་བར་བསམ་ཞིང་གཟུངས་ཐག་ལ་བརྟེན་ནས། བུམ་པ་དང་པོར། ཨོཾ་གནྡྷེ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། དེ་བཞིན་དུ་གཉིས་པར། གནྡྷེའི་གནས་སུ་ཏྲི་མ་དྷུསྣཱ་ན། གསུམ་པར་ད་དྷི། བཞི་པར་ཕ་ལ། ལྔ་པར་བྲུ་ཧི། དྲུག་པར་ལཱ་ཛཱ། བདུན་པར་ཨོ་ཥ་དྷི། བརྒྱད་པར་མ་ཎི་སོགས་སྔགས་ཚན་རེ་རེ་ཡང་བརྒྱ་རྩ་རེ་བཟླ་བར་བཤད་ཀྱང་སྤྱིར་བརྒྱའམ། དེ་ཡང་དཀའ་ན་ཚར་བདུན་གྱིས་ཉུང་མཐའ་བྱས་པ་རེ་བཟླས་ནས། སྤྱི་ཁྱབ་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྒྱ་རྩ་ཙམ་དང་། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་ཉེར་གཅིག་ཙམ་དང་། བརྟན་པར་བྱ་བའི་ཆེད་དུ་རྡོར་སེམས་ཀྱི་ཡིག་བརྒྱ་དང་། ལས་ཐོགས་མེད་འགྲུབ་པའི་དོན་དུ་རྟེན་འབྲེལ་སྙིང་པོའང་ཅུང་ཟད་རེ་བཟླ། བུམ་རྫས་བྱེ་བྲག་པ་མེད་ན་སྤྱི་སྔགས་ཀྱིས་ཆོག །ཡུངས་ཐུན་དང་གུ་གུལ་ལ་ལས་སྔགས་དང་ཧཱུྃ་བཞི་པའང་བཟླའོ། །ལྔ་པ་སྦྱོང་བ་ལ་གསུམ་གྱི་དང་པོ་བགེགས་སྦྱོང་བ་ལ་ཞི་བས་སྦྱོང་བ་ནི། མཐེབ་ཀྱུའི་གཏོར་མ་རྟེན་ལ་བསྐོར་བའི་ཚུལ་གྱིས། ཨོཾ་སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བཟེད་ཞལ་དུ་བཞག །ཕྱེད་མས་སྦྱོང་བ་ནི། ཏིང་ལོ་དང་ཆངས་བུ་ནི་རྫས་ཞི་བ། སུམྦྷའི་སྔགས་ནི་དྲག་པོ་སྟེ། རྡོ་རྗེ་གསོར་བ་དང་བཅས་པས་དྲག་ཏུ་བཟླ་ཞིང་། གཏོར་མ་རྟེན་ལ་བསྐོར་ནས་བཟེད་ཞལ་དུ་བཞག །དྲག་པོས་སྦྱོང་བ་ནི། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་ཁྲོ་བོ་ནམ་མཁའ་གང་བར་བཞུགས་པ་ལ། ཨོཾ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད་ནས། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པར་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འཁྱུག་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་བགྱི་ཡིས། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། སུམྦྷ་སོགས་དྲག་སྔགས་བཟླ་ཞིང་། གུ་གུལ་དང་བདུད་རྩི་ལྔའི་དུད་པས་བདུག །ཡུངས་ཐུན་གྱིས་བྲབ། རོལ་མོའི་སྒྲ་དྲག་པོའི་ཚམ་རྔམ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་རོ། །གཉིས་པ་མི་ཤིས་པ་སྦྱང་བ་ནི། འབྲས་ཆན་ནམ། གྲོ་ཟན་གྱི་ཆངས་བུས་རྟེན་ལ་དྲིལ་ཕྱིས་བྱ་ཞིང་ལས་སྔགས་བཟླ་བས་བསྐོར་ཏེ་གསོག་སྣོད་དུ་བཞག །དེ་བཞིན་དུ་ཞོ་ཟན་གྱིས་ཀྱང་བསྐོར་ནས་གསོག་སྣོད་དུ་བཞག །སླར་ཡང་ལག་གཉིས་ཀྱིས་ཡུངས་དཀར་བཟུང་བ། ཧཱུྃ་བཟླ་བས་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། མེར་བསྲེག་ཅིང་ཆུར་བླུག །དེ་བཞིན་དུ་ཆུ་ལ་ཨོཾ་བཟླ་བས་གཡས་སུ་བསྐོར་ཞིང་མེ་ཆུར་བླུག །མེ་ཆུ་གཉིས་ཀྱང་གསོག་སྣོད་ཀྱི་ཞོ་ཟན་ལ་གསིགས་ཏེ། གནས་བྱའི་རྟེན་དང་བདག་ཅག་ཡོན་མཆོད་རྣམས་མི་ཤིས་པར་བྱེད་པའི་བྱུར་དང་སྐལ་པ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་རོལ་མོ་དང་བཅས་པས་ཕྱིར་དོར་རོ། །གསུམ་པ་སྡིག་པ་སྦྱང་བ་ནི། བདག་དང་སྦྱིན་པའི་བདག་པོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེས་དེད་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ་པ། དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེག །གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་བསམ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པས་མེ་ཆུར་དོར་ལ། བདག་དང་སྦྱིན་པའི་བདག་པོས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་ཡང་ཆུར་བླུགས་ནས་ཕྱིར་དོར་རོ། །དྲུག་པ་བཀྲུ་ཞིང་ཕྱི་བ་ནི། ཁྲུས་དཀྱིལ་གྱི་མཆོད་པ་རྣམས་ཡིད་ཀྱིས་བྱིན་བརླབ་བྱས་ནས། ཁྲུས་ཆལ། བསྐུ་མཉེ། དྲིལ་ཕྱིས། མེ་ལོང་། ཁྲུས་བུམ། ཁྲུས་རས་རྣམས་ཚར་དུ་དངར་བས་དངོས་སུ་བཀྲུ་འོས་ཤིང་བསྐྱོད་བདེ་བ་རྣམས་ཁྲུས་སྟེགས་ཀྱི་ཁར་བཀོད། མི་རུང་བ་རྣམས་མེ་ལོང་དུ་ཤར་བའི་གཟུགས་བརྙན་ཉིད་བཀྲུ་བ་ལས། ཐོག་མར་གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱི་འོ། །ཞེས་སྙན་བརྣན་ལ། བྱ་བའི་རིམ་པ་ནི། ཨོཾ་བཛྲ་ཨ་མྲྀཏ་སོགས་ལས་སྔགས་བཟླ་བཞིན་དུ་རས་བལ་གྱིས་ཁྲུས་ཆལ་མེ་ལོང་ལ་བྱུག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱས་དྲུད་ཅིང་མཉེ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཞེས་དཱུར་པིར་གྱིས་འབྲུ་མར་བྱུག །དེ་བསལ་ཕྱིར་ཀཱ་ཡའི་སྔགས་ཀྱིས་ཤུན་ལྤགས་སོགས་དྲིལ་ཕྱིས་བཏབ་ནས་དྲུད་ལ། བུམ་པ་དང་པོས། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་གནྡྷེ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཁྲུས་རས་ཀྱིས་ཕྱིའོ། །དེ་བཞིན་དུ་ཁྲུས། བསྐུ་མཉེ། དྲིལ་ཕྱིས། སྐུ་ཕྱི་བ་རྣམས་ཀུན་ལ་ཤེས་པར་བྱས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཨོཾ་ཏྲི་མ་དྷུ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་ད་དྷི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་ཕ་ལ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་བྲུ་ཧི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་ལཱ་ཛཱ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་ཨོ་ཥ་དྷི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་མ་ཎི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་རེ་རེའི་མཐར་རོལ་མོ་དང་བཅས་པས་ཁྲུས་གསོལ། བུམ་རྫས་བྱེ་བྲག་ཏུ་མ་ཕྱེ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་པ་ཁོ་ན་དང་། ཁྲུས་ཆལ་སྡེ་ཚན་བཞིའི་ཚར་རེ་བུམ་པ་ཟུང་རེ་དང་སྦྱར། ཁྲུས་ཆལ་གཅིག་ཏུ་བསྡུས་ན་ནི་དེ་ཁོ་ནས་ཐམས་ཅད་ལ་བྱའོ། །བུམ་པ་བརྒྱད་པའི་ཚེ་སླར་ཡང་དྲིའི་བུམ་པས་བཀྲུ་ཞིང་། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང་། །རྒྱ་ཆེའི་ཡོན་ཏན་དྲུག་ལྡན་པའི། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པས། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱི་འོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས། སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དབྱིངས་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་རོལ་མོར་བཅས་པས་ཁྲུས་གསོལ། བདེ་གཤེགས་སྐུ་གསུམ་མཚན་དང་དཔེ་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་བྱང་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྱུར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱས་སྐུ་ཕྱི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ་ཞེས་དུང་ཞལ་གྱི་དྲིས་བྱུག །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝཱ་ས་སེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ན་བཟའ་གསོལ། །སྤྲོ་ན།་་་འམ་ལོངས་སྐུ་སོགས་སྐབས་ཕྱེད་དགོས་ན།མཆན། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ན་བཟའ་དང་། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཀྱང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་རཏྣ་ཨ་ལཾ་ཀཱ་རཿཔྲ་ཏཱིཙྪ་སྭཱ་ཧཱ། ཞེས་རྒྱན་འབུལ་བ་ཐ་དད་བྱས་ན་ཡང་ལེགས་སོ། །གསུམ་པོ་ནི་བྱུག་པ་ན་བཟའ་རྒྱན་ཞེས་ཁྲུས་ཀྱི་རྗེས་འགྲོའོ། །གཞན་ཡང་སྐབས་འདིར་ཤིས་བརྗོད་མང་དུ་བྱེད་པར་བཤད་མོད། གོང་གི་ཕྱིན་དྲུག་གི་ཚིགས་གཅད་ཉིད་ཤིས་བརྗོད་ཡིན་པས་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །བདུན་པ་རྟེན་བསྐྱེད་པ་ནི། རྟེན་དྲི་ལྔས་བྱུགས་ལ། སྤྱི་ཁྱབ་ཏུ་བསྐྱེད་ན་བསང་སྦྱང་། སྟོང་པའི་ངང་ལས་དཀྱིལ་འཁོར་གང་ལ་བརྟེན་པ་དེ་ཉིད་དམ། བྱེ་བྲག་ཏུ་སྐུ་རྟེན་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས། སྙེམས་མ་དཀར་མོ་རྡོར་དྲིལ་འཛིན་པ་དང་མཉམ་པར་སྦྱོར་བ་ཞེས་བསྐྱེད། མཆོད་རྟེན་དང་གཙུག་ལག་ཁང་སོགས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ་གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ་ཨཱཾ་ལས་པདྨ་ཨཱཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་པདྨ་དང་པདྨའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། རིན་པོ་ཆེའི་རྒྱན་སོགས་རྟ་མཆོག་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། མཱ་མ་ཀཱི་སེར་མོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གོ་ཆ་སོགས་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་སོགས་ཀྱི་སྟེང་དུ་ཧཱ་ལས་རལ་གྲི་ཧཱས་མཚན་པ་ལས་དོན་གྲུབ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ། དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཞེས་པ་རྣམས་གང་གི་ཚེ་ཡང་མཐར། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་དང་འོད་ཟེར་མཐའ་ཡས་པ་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །གང་ལྟར་ཡང་། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་མོ། །བརྒྱད་པ་སྤྱན་དྲང་ཞིང་མཆོད་པ་སོགས་ནི། བདག་དང་རྟེན་གྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་རྡོར་དྲིལ་སྤོས་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས་ཕྱི་འབྲང་གི་བགེགས་རྣམས་སུམྦྷ་བཟླ་ཞིང་ཡུངས་ཐུན་རོལ་མོ་དང་བཅས་པས་བསྐྲད། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་རྣམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་ཕུལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་དོ། །དགུ་པ་དགུག་གཞུག་བྱ་བ་ནི། སོ་སོའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་ཨངྐུ་ཤ་ཛཿ དམ་ཚིག་པ་ཉེ་བར་བཀུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། རྟེན་ལ་གཞུག །ཨོཾ་བཛྲ་སྥོ་ཊ་བཾ། གཉིས་མེད་དུ་བཅིང་། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཧོཿ རོ་གཅིག་ཏུ་དགྱེས་པར་བསམ་མོ། །བཅུ་པ་རྒྱས་གདབ་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་རྟེན་གྱི་གནས་གསུམ་དུ་བཞག་པའམ་དེར་མོས་ལ། གནས་བྱའི་ལྷ་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཨོཾ་གྱིས་མཚན་པས་རྒྱས་བཏབ་པར་བསམ་ལ། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཨཱཿས་མཚན་པས་རྒྱས་བཏབ་པར་བསམ་ལ། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པས་རྒྱས་བཏབ་པར་བསམ་ལ། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྒྱས་གདབ་བོ། །བཅུ་གཅིག་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་སྒྲེང་ཞིང་། རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབ། ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་པའི་ལས་མཛད་པར་བསམ་སྟེ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་པ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་ཞིང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབུ་རྒྱན་གྱི་དབང་བསྐུར། ཨོཾ་ཏྲུཾ། ཞེས་རྡོ་རྗེ་བཀའ་ནན་གྱིས་གོ་བགོ །ཨོཾ་བཛྲ་ཏུཥྱ་ཧོཿ ཞེས་ཐལ་མོས་མཉེས་པར་བྱའོ། །བཅུ་གཉིས་པ་མཆོད་བསྟོད་བཟླས་པ་ནི། མཆོད་རྫས་རྣམས་བསང་སྦྱང་བྱིན་གྱིས་བརླབས་ནས། ཕྱོགས་བཅུ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ན། །མེ་ཏོག་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ། །དངོས་དང་ཡིད་ཀྱིས་རྣམ་སྤྲུལ་ཇི་སྙེད་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཆོད་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མེ་ཏོག་གི་གནས་སུ། བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། པུཥྤེའི་གནས་སུ། དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱཱ་ ཤབྡ་རྣམས་བཅུག་ལ་མཆོད། བསྟོད་པ་ནི། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པ་རྣམས་ཀྱིས་བསྟོད་ནས་གནས་བྱའི་སྔགས་བྱེ་བྲག་པ་རྣམས་དང་། སྤྱིར་ཡི་གེ་བརྒྱ་པ་དང་། རྟེན་འབྲེལ་སྙིང་པོ་ཡང་བརྒྱ་རྩ་སོགས་བཟླའོ། །བཅུ་གསུམ་པ་གཏོར་མ་གཏོང་བ་ནི། ཡི་དམ་ཆོས་སྐྱོང་རྣམས་ཀྱི་གཏོར་མ་དང་། འཇིག་རྟེན་པ་རྣམས་ལ་ཆ་གསུམ་གྱི་ཚོགས་བསྔོ་བར་བྱའོ། །བཅུ་བཞི་པ་སྙན་གསན་དབབ་པ་ནི། པུས་མོ་གཡས་ས་ལ་བཙུགས་ཤིང་ལག་གཡས་རྡོ་རྗེ་དང་བཅས་པས་སྤོས་སྣོད་ཐོགས་ལ་གཡོན་དྲིལ་བུ་གསིལ་བས། ཨོཾ་བཛྲ་ཛི་ཧཱ། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་མོས་ལ། རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་བདག་ནི་བགྱི་བར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་ནས་ཀྱང་། །ཚོགས་པ་ཐམས་ཅད་རབ་གནས་པ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་ཞིང་། སླར་ཡང་མཆོད་བསྟོད་བྱའོ། །བཅོ་ལྔ་པ་ནོངས་བཤགས་གཤེགས་གསོལ་ནི། ཡི་གེ་བརྒྱ་པ་ལན་གསུམ་གྱིས་བཟོད་པར་གསོལ་ནས། ཨོཾ་ཨཱཿཧཱུྃ་མུཾཿབཛྲེ་ཏིཥྛ། རྟེན་ལ་ཕབ་པའི་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་གཤེགས་པར་བསམ་ཞིང་། སླར་ཡང་མཆོད་བསྟོད་བྱའོ། །བཅུ་དྲུག་པ་རྟེན་དགབ་པ་ནི། སྐུ་གཟུགས་ཀྱི་དཔྲལ་བ་མགྲིན་པ་ཐུགས་ཀ་དབུ་གཙུག་ཕྱག་རྣམས་དྲི་བཟང་གིས་བྱུག་ལ་ལས་སྔགས་དང་། རྡོ་རྗེ་རྟེན་ལ་རེག་ནས། བཛྲ་རཀྵ་ཧཾ་ཞེས་བསྲུང་བ་དང་། ཨོཾ་བཛྲ་ཝསཏྲ་ཧཱུྃ་ཞེས་པས་ཁེབས་སེར་པོས་མ་མཐོང་བར་དགབ། དེ་དག་གི་མཐར་བདག་མདུན་གྱི་ཆོ་གའི་རྗེས་ཆོག་རྣམས་བྱས་ནས་བདག་བསྲུངས་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་དག་ནི་སྟ་གོན་ནམ་ལྷག་གནས་ཀྱི་ཆོ་གའོ།། ༈ །།གཉིས་པ་ཆོ་ག་དངོས་གཞིའི་སྡོམ་ནི། བདག་མདུན་སྒྲུབ་མཆོད་སྦྱང་བཀྲུ་ཕྱི། །གསོལ་བཏབ་རྟེན་བསྐྱེད་སྤྱན་དྲངས་ལ། །དགུག་ཅིང་རྒྱས་གདབ་དབང་བསྐུར་བྱ། །མཆོད་བསྟོད་སྤྱན་སོགས་དབྱེ་རྟེན་བསྒྱུར། །མངའ་འབུལ་རྣམས་དང་བརྟན་བཞུགས་སོ། །ཞེས་པ་ལས། དང་པོ་བདག་མདུན་སྒྲུབ་མཆོད་ནི། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་མཆོད་གཏོར་གསར་པ་རྒྱ་ཆེར་བཤམ། ཁྲུས་བྱས་རྒྱན་གོས་མཛེས་པར་བསྟར། བདག་མདུན་གྱི་སྒྲུབ་མཆོད་བུམ་པ་སྒྲུབ་པ་དབང་ལེན་པ་རྣམས་སྟ་གོན་བཞིན་བྱ་བའམ། བསྡུ་ན། གཟུངས་བུམ་སྒྲུབ་པ་སྟ་གོན་དུ་སོང་བས་འདིར་མ་བྱས་ཀྱང་ཆོག །གཉིས་པ་སྦྱང་བ་དང་། གསུམ་པ་བཀྲུ་ཞིང་ཕྱི་བ་ནི་སྟ་གོན་བཞིན་ལས་འགྲུབ་ཏུ་རུང་ན་ཁྲུས་ཀྱི་ལས་ཉི་མ་འཆར་ཀ་དང་བསྒྲིག་པར་གསུངས་སོ། །བཞི་པ་གསོལ་བ་གདབ་ཅིང་སེམས་བསྐྱེད་པ་ནི། ཀུན་གྱིས་མེ་ཏོག་ཐོགས་པས་འགྲེང་སྟེ་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡོན་ཏན་ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ། ཞེས་མཐུན་པར་བརྗོད་ཅིང་གནས་བྱའི་སྔགས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སྤོས་དང་རོལ་མོར་བཅས་པས་མེ་ཏོག་གི་ཆར་དབབ་བོ། །སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་བསྐྱེད་ནས་འགྲོ་བ་མཐའ་དག་དང་ཁྱད་པར་གང་གི་དོན་དུ་བྱ་བ་དེ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ལ། ངོ་མཚར་ཆེན་པོ་གྲངས་མེད་པའི་བརྩོན་འགྲུས་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་འཕམ་པར་བགྱིའོ། །མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་ཐམས་ཅད་བསལ་བར་བགྱིའོ། །ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སྐྱེ་བའི་ལྗོན་ཤིང་རྩད་ནས་གཅོད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་རློག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱི་རོལ་པ་དག་དང་ལོག་པར་ལྟ་བ་རྣམས་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བགྱིའོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་བསྟན་པར་བགྱིའོ། །བཟོད་པ་དང་དེས་པ་ལ་གཟུད་དོ། །བསམ་གཏན་གྱི་བདེ་བ་ལ་ཆེར་བསྩལ་ལོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་པར་བགྱིའོ། །བདེ་བ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་བསྩལ་ཞིང་གནང་བར་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་ཏོག་འཐོར་རོ། །ལྔ་པ་རྟེན་བསྐྱེད་པ་དང་། དྲུག་པ་ཡེ་ཤེས་པ་སྤྱན་དྲང་པ་དང་། བདུན་པ་དགུག་ཅིང་རྒྱས་གདབ་པ་རྣམས་ཀྱང་སྟ་གོན་བཞིན་ནོ། །བརྒྱད་པ་དབང་བསྐུར་བ་ནི། རྩ་བའི་དཀྱིལ་འཁོར་གང་ལ་བརྟེན་པ་དེ་ཉིད་ཀྱི་དབང་ཆོག་ལས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་སྤྱི་ཙམ་དུ་བསྟན་པ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་ལྷ་སྤྱན་འདྲེན་པ། མཆོད་ཅིང་བསྟོད་དེ་གསོལ་བ་གདབ་པ་རྣམས་སྟ་གོན་བཞིན་ལས། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་བར་གྱུར། ཞེས་བསྒྱུར་བའི་བར་ཙམ་སྔོན་དུ་འགྲོ་བས། བུམ་པའི་ཆུས་དབང་བསྐུར་ཞིང་། ཆེ་བའི་ཡོན་ཏན་ཀུན་རྫོགས་ཤིང་། །བྱང་ཆུབ་སེམས་རབ་ཆུས་གང་བ། །རྣམ་པར་དག་པའི་བུམ་པ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཆུ་དབང་ངོ་། །དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱང་དག་གིས་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། ཅོད་པན་གྱི་དབང་ངོ་། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དོན་གྱི་བྱང་ཆུབ་སེམས་ཡིན་པས། །གཉིས་མེད་དོན་གྱི་ངོ་བོ་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེའི་དབང་ངོ་། །འདི་ནི་ཤེས་རབ་ཀུན་གྱི་དངོས། །བྱང་ཆུབ་བསྒོམ་ཕྱིར་རང་བཞིན་ཏེ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། ཁྱོད་ལ་དེ་རིང་འདིས་དབང་བསྐུར། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ། དྲིལ་བུའི་དབང་ངོ་། །རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་པས། འདི་ནི་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་བསྔགས་པ་གསང་བའི་མིང་། །རྡོ་རྗེ་སེམས་དཔའ་ཞེས་བྱ་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །བཛྲ་སཏྭ་ནཱམ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རིགས་དང་མཐུན་པའི་མིང་གདགས་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་སངས་རྒྱས་ལྔར་གནས་བསྒྱུར། དབང་རྟགས་སུ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པར་བསམ་མོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། གནས་བྱའི་ལྷ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རིག་མ་ལ་འཁྱུད་པར་བསམ་ཞིང་། ཐབས་མཆོག་ཡེ་ཤེས་རྡོ་རྗེ་དང་། །ཤེས་རབ་ཆོས་ཀྱི་དྲིལ་བུ་གཟུང་། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ཏེ། ཁྱོད་ནི་རྡོ་རྗེ་སློབ་དཔོན་འགྱུར། །ཨོཾ་མ་ཧཱ་བཛྲ་ཧཱུྃ། རྡོ་རྗེ་གསོར། ཨོཾ་བཛྲ་གཎྜེ་ཨཱཿ དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་སྦྱིན། སླར་ཡང་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་པས། རིན་པོ་ཆེའི་བུམ་པ་དཀར་པོ་བདུད་རྩིས་གང་བ་ཡོ་བར་བཟུང་སྟེ་དབང་བསྐུར་བར་བསམ་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་པས་རྡོ་རྗེ་སེམས་དཔས་དབུ་བརྒྱན་ནས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་ཚུལ་གྱིས་རྟེན་རྣམས་ལ་གཉིས་མེད་དུ་ཐིམ་པར་བསམ་ཞིང། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་ལན་མང་དུ་བརྗོད་ཅིང་མེ་ཏོག་འཐོར་རོ། །གསང་དབང་ནི། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་བྱའི་ལྗགས་ལ་བཞག་པར་མོས་ཏེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །རྒྱལ་སྲས་ཚོགས་ལ་དབང་བསྐུར་ལྟར། །གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་། །བུ་ཁྱོད་ལ་ནི་བདག་གིས་སྦྱིན། །ཨོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁཾ། ཤེས་རབ་ཡེ་ཤེས་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་གནས་བྱའི་ལྷ་དང་སྙོམས་པར་ཞུགས་པར་བསམ་ཞིང་། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །འདི་བསྟེན་མཆོག་གི་བདེ་བ་ཐོབ། ཁྱེར་ལ་རྟག་ཏུ་མཆོད་པ་གྱིས། །ཨོཾ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། དབང་བཞི་པ་ནི། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ཐུགས་རྒྱུད་ལ་བསྟར་བར་བསམ་ཞིང་། འདི་ལྟར་འཁོར་འདས་ཆོས་རྣམས་ཀུན། །ཐོག་མཐའ་དབུས་མེད་གསལ་ཞིང་སྟོང་། །སྨྲ་བསམ་བརྗོད་པ་ཀུན་ལས་འདས། །སངས་རྒྱས་ཀུན་གྱི་དགོངས་པ་འོ། །དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་དོན་ལ་ཅུང་ཟད་མཉམ་པར་བཞག་གོ །དེ་དག་ནི་ལྷ་ལ་དབང་བསྐུར་བའོ། །དགུ་པ་མཆོད་བསྟོད་ནི་སྟ་གོན་གྱི་སྐབས་བཞིན་ནོ། །བཅུ་པ་སྤྱན་སོགས་དབྱེ་བ་ནི། དངུལ་སྣོད་དུ་གནས་པའི་མར་སྦྲང་དང་ཀ་རའི་མིག་སྨན་གསེར་གྱི་ཐུར་མས་བླངས་པ་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་པ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཨོཾ་ཙུཀྵུཿཙཀྵུཿ་ས་མནྟ་ཙཀྵུཿབི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །ཅེས་དང་། དེ་བཞིན་དུ་རྣ་བྲུད་ཐོགས་ལ། འགྲོ་རྣམས་ཆོས་ཀྱིས་ཕོངས་པ་ལ། །རྒྱལ་བས་ཆོས་ཀྱི་དུང་བུས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་ཀརྞཱ་ཡ་སྭཱ་ཧཱ། ཞེས་སྙན་དབྱེ། རྨང་ཚེར་ཐོགས་ལ། ཟག་བཅས་ཕུང་པོའི་དྲི་སྤངས་ཀྱང་། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྣམ་པར་དག་པའི་དྲི་བརྙེས་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་གྷྲ་ཎཱ་ཡ་སྭཱ་ཧཱ། ཞེས་ཤངས་དབྱེ། ཐུར་མ་ཐོགས་ལ། ཆོས་ཀྱི་རོ་ནི་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམས་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །འབུལ་ཕྱིར་ཞལ་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་མུ་ཁཱ་ཡ་སྭཱ་ཧཱ། ཞེས་ཞལ་དབྱེ། ཚེམས་ཤིང་ཐོགས་ལ། རྒྱལ་བའི་ཚེམས་དཀར་བཞི་བཅུ་ལ། །མི་གཙང་རྡུལ་གྱིས་མ་གོས་ཀྱང་། །བཀུར་སྟི་རིན་ཆེན་ལྗོན་ཤིང་འདིས། །རྒྱལ་བའི་ཚེམས་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་དནྟཱ་ཡ་སྭཱ་ཧཱ། ཞེས་ཚེམས་ཀྱི་དྲི་མ་སྦྱངས་པར་བསམ་ཞིང་སྐྱེ་མཆེད་བསལ་བའི་རྗེས་འབྲེལ་དུ་འདོད་ཡོན་ལྔས་མཆོད་པར་བཤད་པས་སྤྲོ་ན་བྱའོ། །བཅུ་གཅིག་པ་རྟེན་བསྒྱུར་བ་ནི། འཇུག་པ་བདེ་ན་རྟེན་རྣམས་རྒྱུན་བཞུགས་ཀྱི་ཁྲི་ལ་སྐབས་འདིར་བཀོད་ནས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པར་གནས་བྱའི་སྔགས་ལན་གསུམ་དུ་བརྗོད་པས། བླ་སྐུ་ལྟ་བུ་ལ་མཚོན་ན། འདི་ལྟར་དཔལ་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས། བྲིས་འབུར་གྱི་སྐུ་དང་མཚུངས་པའི་ལྷ་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲུལ་པའི་མཛད་པ་མངོན་སུམ་དུ་སྣང་བའི་མཐུ་བྱིན་དང་ལྡན་པར་གྱུར། དེ་བཞིན་དུ་པུསྟི་རྣམས་འོད་དཔག་མེད་ཡོངས་སུ་གྱུར་པ་ལས་ལུང་དང་རྟོགས་པའི་དམ་ཆོས་དཀོན་མཆོག་དབྱངས་གསལ་གྱི་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར། མཆོད་རྟེན་རྣམས་རྣམ་སྣང་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་སྣང་བའི་མཆོད་རྟེན་སྣང་བརྙན་ཇི་ལྟ་བར་གྱུར། དེ་བཞིན་དུ་མཆོད་རྟེན་ཞེས་པའི་གནས་སུ། གཙུག་ལག་ཁང་དང་། ཁང་བཟང་། ལ་སོགས་པ་སོ་སོའི་སྣང་བརྙན་ཇི་ལྟ་བར་གྱུར། ཅེས་བསྒྱུར། ཕྱག་མཚན་རྣམས་མི་བསྐྱོད་པ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་སོ་སོའི་མཚན་ཉིད་རྫོགས་པའི་གཟུགས་སུ་གྱུར་པར་བསམ། སྔར་གནས་བྱ་སོ་སོར་བསྐྱེད་ན་ཞལ་བསྒྱུར་མི་དགོས་སོ། །བཅུ་གཉིས་པ་མངའ་དབུལ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་ཀྱིས་མངའ་དབུལ་བ་ནི། མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་ཞེས་སྦྱར་བ་དང་། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝིདྱཱ་ ཤབྡ་རྣམས་བཅུག་པས་མཆོད། དེ་ནས་རིན་ཆེན་བདུན་ནི། ཞིང་འདི་འཁོར་ལོ་རིན་པོ་ཆེས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཨོཾ་ཙཀྲ་རཏྣཾ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་རྣམས་དང་། མ་ཎི་ སཏྲཱི་ པུ་རུ་ཥ་ ཧསྟི་ ཨ་ཤྭ་ ཁཌྒ་ ཞེས་རིམ་པ་ཇི་ལྟ་བར་བསྒྱུར་བས་སོ། །འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ཤབྡ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་གནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་ར་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སྤརྴེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་དང་། རིག་མ་བཅུ་དྲུག་ནི། ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་ཝི་ཝཾ་གླིང་བུ་རྔ་ཐབས་བཟུང་། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་ཝཱི་ནི་ཧཱུྃ། ཨོཾ་ཨཱཿབཛྲ་ཝཾ་སེ་ཏྲཱཾ། ཨོཾ་ཨཱཿབཛྲ་མྲྀ་དཾ་གི་ཧྲཱིཿ ཨོཾ་ཨཱཿབཛྲ་མུ་ར་ཛེ་ཨཱཿ མཆོག་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་ལཱ་སྱཻ་ཧཱུྃ། ཨོཾ་ཨཱཿབཛྲ་ཧཱ་སྱཻ་ཏྲཱཾ། ཨོཾ་ཨཱཿབཛྲ་གཱིརྟཱི་ཧྲཱིཿ ཨོཾ་ཨཱཿབཛྲ་ནཱིརྟཱི་ཨཱཿ ཁྱད་པར་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཏྲཱཾ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཨཱཿབཛྲ་གནྡྷེ་ཨཱཿ ལྷན་སྐྱེས་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བས་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ། ཨོཾ་ཨཱཿབཛྲ་ར་ས་ཏྲཱཾ། ཨོཾ་ཨཱཿབཛྲ་སྤརྴེ་ཧྲཱིཿ ཨོཾ་ཨཱཿབཛྲ་དྷརྨ་དྷཱ་ཏུ་ཨཱཿ གཞན་ཡང་རྒྱུད་སྡེ་གོང་མའི་ལྷ་རྣམས་ལ་བདུད་རྩི་དང་རཀྟ་གཏོར་མ་ལ་སོགས་པས་ཇི་ལྟར་རིགས་པར་མཆོད་ནས། བསྟོད་པ་ནི། གནས་བྱའི་ལྷ་སོ་སོའི་སྒོས་བསྟོད་རྣམས་ཤེས་ན་བྱ་ཞིང་། མི་ནུས་ན་ཆོ་ག་རང་གཞུང་གི་བསྟོད་པའམ་རིགས་ལྔ་སྤྱི་བསྟོད་སོགས་སྔར་བརྗོད་པ་ལྟར་རམ། ཡང་ན། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག །དེ་ལ་བདག་ནི་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེན་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དཀོན་མཆོག་གསུམ་གྱི་སྤྱི་བསྟོད་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པ་དང་། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱིས་ཀྱང་བསྟོད་དོ། །གཉིས་པ་ཉེར་མཁོའི་ཡོ་བྱད་ཀྱིས་མངའ་དབུལ་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། རྫས་རྣམས་དངོས་སམ་རི་མོར་བྲིས་པ་དང་། འབུར་དུ་བྱས་པ་སོགས་ཇི་ལྟར་རིགས་པ་འབུལ་བ་ལས། མཎྜལ་གྱི་བཀོད་པ་ཕུལ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། རིན་ཆེན་སྣ་བདུན་ཕུལ་ལ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་འབུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །གདུགས་སོགས་ཕུལ་ཏེ། ཐེག་མཆོག་བླ་རེ་གདུགས་དང་བ་དན་སྒྲེང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་དར་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །བཀྲ་ཤིས་རྫས་བརྒྱད་ཕུལ་ལ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །བིལ་བ་དང་སྟར་ཁ་བུམ་པ་རྣམས་ཕུལ་ལ། འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བརྟེན་ནས། །བིལྦ་སྟར་ཁ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །འདོད་ཡོན་ལྔ་ཕུལ་ལ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སྤྱིར་ཕུལ་ནས། གཉིས་པ་བྱེ་བྲག་ཏུ་འབུལ་བ་ལ་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལས། ཐོག་མར་ཆགས་བྲལ་གྱི་སྐུ་རྣམས་ལ་འབྲེག་སྤྱད་ཕུལ་ལ། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་སྒྲུབ་ཅིང་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འབྲེག་སྤྱད་ཕུལ་བ་ཡིས། །འགྲོ་བ་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་སརྦ་ཤོ་དྷ་ན་དུ་ཁ་ཙྪེ་ཧཱུྃ། ཆོས་གོས་རྣམ་གསུམ་ཕུལ་ལ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་དཱི་བྱ་ཝཱ་ས་པྲ་ཎ་ཡེ་སྭཱ་ཧཱ། ཆུ་ཚགས་དང་ལྷུང་བཟེད་སོགས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་སློབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེས་པ་ལྟར། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །ཨོཾ་ཨུ་པ་ཡོ་ཛྱོ་ཏེ་པ་རི་སྐཱ་རཱ་ཡ་སྭཱ་ཧཱ། ཞེས་དབུལ། ཆགས་ཅན་གྱི་སྐུ་རྣམས་ལ་དུང་གི་སོ་མང་ཕུལ་ལ། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་འཁྱིལ་བ། །རིན་ཆེན་འབར་བས་བརྒྱན་པས་རབ་ཏུ་མཛེས། །ལྷ་མི་ཀུན་གྱི་ལྟ་བས་མི་ངོམས་ཏེ། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་ཤད། །ཨོཾ་ཀཱ་མ་མ་ལ་དྷ་ར་ལི་ཧཱུྃ། ཁ་དོག་སྣ་ཚོགས་པའི་ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝཱ་ས་སེ་པྲ་ཏཱིཙྪ་སྭཱ་ཧཱ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཕུལ་ལ། བདེ་གཤེགས་སྐུ་མཆོག་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་ཕྱོགས་ཀྱི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་ཁྱད་པར་མང་པོ་དབུལ་བར་བགྱི། །ཨོཾ་རཏྣ་ཨཱ་ལཾ་ཀཱ་རཿཧཱུྃ། དེ་ནས་སོ་མང་དང་། ཁབ་དང་། སྙུང་བུ་དང་། གྲི་གུག་དང་། ཆུ་གྲི་རྣམས་ཕུལ་ཏེ། འབུལ་ཚིག་ནི་གོང་གི་ཆུ་ཚགས་སོགས་ཀྱི་སྐབས་བཞིན་ནོ། ཁྲོ་བོའི་སྐུ་རྣམས་ལ་དཔལ་གྱི་ཆས་གོས་རྣམས་ཕུལ་ལ། ཧཱུྃ། བདུད་དཔུང་རུ་དྲ་བསྒྲལ་བའི་ཚེ། །དཔལ་གྱི་སྐུ་ལ་བརྒྱན་པ་ལྟར། །ཐོད་སྐམ་རིན་ཆེན་ཅོད་པན་འདི། ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ། །ཐོག་མཐའ་གོང་བཞིན་ལས། ཐོད་ཕྲེང་སྦྲུལ་ཆུན་ཕྱག་རྒྱ་ལྔ། །ཞིང་དང་ས་སྲུང་སྟག་ལྤགས་གོས། །རྣམ་གསུམ་དུར་ཁྲོད་མཚན་མའི་རྫས། །ཞེས་བསྒྱུར་བས་སོ། །གདན་སོགས་ཕུལ་ལ། ཧཱུྃ། པད་ཉི་དྲེགས་པ་རུ་དྲའི་གདན། །དུག་གསུམ་སྲེག་པ་བསྐལ་པའི་མེ། །དྲག་པོའི་འདོད་ཡོན་བསམ་མི་ཁྱབ། ཁྲོ་རྒྱལ་འཁོར་དང་བཅས་ལ་དབུལ། །ཞེས་དབུལ། གཉིས་པ་གསུང་རྟེན་ལ་ཁྲི་ཕུལ་ལ། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་རྣམས་རྡོ་རྗེའི་གདན་ལ་འཁོད་པར་ཤོག །ཨོཾ་བཛྲ་ཨཱ་ས་ན་ཨཱཿཧཱུྃ་སྭཱ་ཧཱ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲཾ་ཨཱཿཧཱུྃ་སྭཱ་ཧཱ། གླེགས་ཤིང་ཕུལ་ལ། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང་། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་ཐོབ་པར་ཤོག །ཨོཾ་བཛྲ་པྲ་ཛྙཱ་ཨུ་པ་ཡ་ཨ་དཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། གླེགས་ཐག་ཕུལ་ལ། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུསྟ་ཀ་བནྡྷ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་ཐུགས་རྟེན་མཆོད་རྟེན་ལ། སྲོག་ཤིང་ཕུལ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་མི་ནུབ་ཅིང་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག །འཁོར་ལོ་ཕུལ་ལ། ཨོཾ་པྲ་བརྟ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ཐོབ་པར་གྱུར་ཅིག །རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག །ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག །ཅོད་པན་ཕུལ་ལ། ཨོཾ་པ་ཏཱཾ་ཀཱཾཿལམྦཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་ཅོན་པན་དང་ལྷབ་ལྷུབ་ལ་སོགས་པ་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང་། དེ་དག་གི་མཆོད་རྟེན་དང་། སྐུ་གཟུགས་དང་། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག །འཕན་ཕུལ་ལ། ཨོཾ་པ་ཏཱཾ་ཀཱེཿསྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པ་དང་སྙན་པ་བསམ་གྱིས་མི་ཁྱབ་པར་གྱུར་ཅིག །རྒྱལ་མཚན་ཕུལ་ལ། ཨོཾ་ཀུམྦྷི་ར་དྷྭ་ཛཿཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མ་སྟོངས་བར་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །གདུགས་ཕུལ་ལ། ཨོཾ་བྲཧྨ་ཎ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག །མེ་ཏོག་གི་ཕྲེང་བ་ཕུལ་ལ། ཨོཾ་རཏྣ་མཱ་ལེ་ཏྲཱཾ། ཞེས་དང་། ན་མ་སཏྲཻ་ཡ་དྷྭ་ཨ་ནུ་ག་ཏ་པྲ་ཏཱིཥྛི་ཏེ་པུཥྤ་ཀེ་ཏ་ཝ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་ལྟ་བས་ཆོག་མི་ཤེས་པ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །གདན་གྱི་ཁྱད་པར་རྣམས་ཕུལ་ལ། ཨོཾ་སུནྡྷ་རི་ཛ་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང་། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང་། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང་། ཐམས་ཅད་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང་། འགྲོ་བའི་རེ་འདོད་ཡིད་བཞིན་དུ་སྐོང་བ་རིན་པོ་ཆེའི་གདན་དང་། ཆགས་པའི་སྐྱོན་ཐམས་ཅད་སྤངས་པ་པདྨའི་གདན་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག །ཅེས་ཕུལ་ལ། གསུམ་པ་སྦྱིན་སྲེག་གིས་མངའ་འབུལ་བ་ནི། རྒྱས་པའི་སྤྱིན་སྲེག་གི་ཆོ་གས་རབ་གནས་བྱས་པའི་ལྷ་རྣམས་ཐབ་ཏུ་སྤྱན་དྲངས་ནས་མཆོད་ཅིང་སླར་ཡང་རྟེན་གྱི་ཐུགས་ཀར་གཤེགས་ལ། སྦྱིན་སྲེག་གྲུབ་པའི་མེ་ལ་སྣོད་བཟང་པོར་འབྲས་མ་གྲུག་པ་མར་སྦྲང་ཀ་ར་སྦྱར་བའི་འོ་མ་བླུག་པ་གཙོ་སྔགས་ཀྱིས་བསྒྲུབས་པའི་འོ་ཐུག་འབུལ་བའམ། མ་འབྱོར་ན་ཙཱ་རུའམ་ལྷའི་ཟས་སུ་གྲགས་པའི་དཔལ་བཤོས་ནམ་མཁའི་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ་བ་ནི་ཐུན་མོང་ཙམ་དང་། ཁྱད་པར་ཚོགས་ཀྱི་འཁོར་ལོས་ཀྱང་དགྱེས་པར་བྱའོ། །བཞི་པ་རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བ་ལས། དང་པོ་ནི། རྟེན་ལ་གཟུངས་ཐག་བཏགས་པའི་སྣེ་ནས་སློབ་དཔོན་ལ་སོགས་པས་བཟུང་སྟེ། གནས་བྱའི་ཐུགས་ཀར་ཟླ་བའི་སྟེང་དུ་སྔགས་ཕྲེང་འཁོར་བ། དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྟེན་སོ་སོའི་རྣམ་པས་བྱོན་ནས་དེ་དག་ལ་ཞུགས་པར་བསམ་ཞིང་སྐུ་གཟུགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བྱ་བ་དང་། མཆོད་རྟེན་དང་གཙུག་ལག་ཁང་ལ། ཨོཾ་ཧཱུྃ་ཧྲཱིཿབྷཱུ་ཁཾ་བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། པུསྟི་ལ་སྔགས་གཉིས་ཀ་དང་། ཐམས་ཅད་ལ་ཐུན་མོང་དུ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་ཅི་མང་བཟླའོ། །གཉིས་པ་བཀྲ་ཤིས་ཀྱིས་མངའ་དབུལ་བ་ནི། སྔར་བསྒྲུབས་པའི་གཟུངས་བུམ་གྱི་ཆུ་རྟེན་འབྲེལ་སྙིང་པོ་བཟླ་བཞིན་དུ་མེ་ཏོག་ལ་བྲན་ནས་འདུས་པ་ཐམས་ཅད་ལ་ཁྱབ་པར་བཀྲམ་སྟེ་སྔགས་ཀྱི་མངའ་འབུལ་གྱི་ཏིང་ངེ་འཛིན་གསལ་བས་མེ་ཏོག་གི་ཆར་དབབ་ཅིང་། ཨོཾ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཞེས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་བཀྲ་ཤིས་ཀྱི་ཚིགས་སུ་གཅད་པ་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པའི་མེ་ཏོག་གི་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ། །བཅུ་གསུམ་པ་བརྟན་བཞུགས་ནི། རྟེན་རྣམས་སྔར་རྒྱུན་བཞུགས་ཀྱི་སྟན་ལ་མ་བཀོད་ན་སྐབས་འདིར་དྲང་ཞིང་བརྟན་པར་བཞུགས་སུ་གསོལ། ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་པའི་མཐར། རྟེན་གྱི་ཁྲིའམ་དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་བཟུང་ལ་རབ་གནས་ཀྱི་སྔགས་སུ་པྲ་ཏིཥྛ་ཅི་རིགས་པ་བཟླས་ནས་སླར་ཡང་ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་གཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ལས་སྔགས་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་གིས་སྐུའི་སྟོད་སྨད་བར་གསུམ་དུ་བསྐོར་བས་བྱིན་གྱིས་བརླབས་ནས་ཤིན་ཏུ་བརྟན་པར་བསམས་ཏེ། སླར་ཡང་མེ་ཏོག་ལ་སོགས་པས་མཆོད་ཅིང་བསྟོད་པར་བྱའོ། །དེ་དག་ནི་དངོས་གཞིའི་ཆོ་གའོ།། ༈ །།གསུམ་པ་རྗེས་ཀྱི་སྡོམ་ནི། གཏོར་མ་སྲུང་བསྒོ་མཆོད་བསྟོད་གསོལ། །ནོངས་བཤགས་གཤེགས་གསོལ་ཡོན་བདག་བསྒོ། །ཤིས་བརྗོད་རྟེན་མཆོད་དགའ་སྟོན་ཡོན། །བསྔོ་ཤིས་རྗེས་བསྡུ་སྦྱིན་སྲེག་གོ །ཞེས་པའི་དང་པོ་གཏོར་མ་གཏོང་བ་ནི། འདས་གཏོར་སོགས་ཆོས་སྐྱོང་རྣམས་ཀྱི་ནང་གཏོར་དང་། ཕྱོགས་སྐྱོང་དང་འབྱུང་པོ་སྤྱི་ལ་ཆ་གསུམ་གྱི་ཆོ་གས་ཕྱི་རོལ་དུ་གཏོང་ངོ་། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་གཞི་དེའི་སྔར་གྱི་སྲུང་མ་འམ། སྒོས་སུ་གཏད་པར་འོས་པ་དེའི་གཏོར་མ་ཟུར་དུ་བཤམས་པ་ཕུལ་ནས། རྡོ་རྗེ་སྲུང་བའི་རྒྱ་བཅིངས་ཏེ། བཛྲ་རཀྵཱ་ཧཾ། ཞེས་གོ་བསྐོན། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །འཇིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དམ་ལ་བཞག །ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་འདི་དག་ཕྱི་མའི་མུ་མཐར་ཐུག་གི་བར་བསྲུང་ཞིང་བསྐྱང་བ་དང་མཆོད་པ་རྒྱུན་མི་ཆད་པར་འབྱུང་བར་མཛོད་ཅིག །བདག་དང་ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱང་འགལ་རྐྱེན་མི་མཐུན་པའི་ཕྱོགས་ལས་བསྲུང་བ་དང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དང་། གང་འདིར་རབ་ཏུ་གནས་བྱས་པའི། །སྐུ་གསུང་ཐུགས་ཀྱི་རྟེན་འདི་དག །ཇི་སྲིད་གནས་པ་དེ་སྲིད་དུ། །བསྲུང་ཞིང་ལེགས་པར་སྐྱོང་བར་མཛོད། །ཅེས་སོགས་ཀྱིས་བཀའ་བསྒོ་ཞིང་གཉེར་གཏད་པར་བྱའོ། །གསུམ་པ་མཆོད་བསྟོད་གསོལ་བ་ནི། རྩ་བའི་དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ས་དང་ཆུ་དང་མེ་རླུང་ལས། །ལྷ་རྣམས་ཀུན་གྱིས་སྐུ་གཟུགས་ལ། །བསྐལ་པ་བརྒྱ་རུ་བསྲུང་བ་དང་། །དགྱེས་ཤིང་ཡིད་བཟང་གྱུར་པ་ཡིས། །སློབ་དཔོན་ཡོན་གྱི་བདག་པོར་བཅས། །ཀུན་ནས་ཞི་དང་རྒྱས་པ་དང་། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །བཞི་པ་ནོངས་བཤགས་གཤེགས་གསོལ་ནི། ཉེས་པ་བཤགས་ནས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུས་ནས་བདག་བསྐྱེད་ཐུན་མཚམས་སུ་ལྡང་བའི་བར་རྩ་བའི་ཆོ་ག་བཞིན་ནོ། །ལྔ་པ་ཡོན་བདག་བསྒོ་བ་ནི། སློབ་དཔོན་གྱི་མདུན་དུ་བཀྲ་ཤིས་པའི་རྫས་རྣམས་སྣོད་བཟང་པོར་བཤམ། ཡོན་བདག་གིས་སྟན་བཟང་པོ་མེ་ཏོག་གི་ཚོམ་བུ་ཅན་གྱི་མདུན་དུ་མཆོད་པ་ཚར་གཅིག་བཀོད། ཡོན་བདག་གིས་སློབ་དཔོན་ལ་ཕྱག་བྱས་ནས་མདུན་དུ་འཁོད་པ་ལ། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །སྐུ་གཟུགས་ལ་སོགས་ཁྱད་པར་དུ། །ཇི་ལྟར་གསུང་བཞིན་རབ་གནས་པ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་འབྱོར་པ་ཡིས་མཆོད་པར་གྱིས། །ཞེས་དང་། ཁྱེད་ཀྱིས་ང་ལ་གསོལ་བ་བཏབ་པ་བཞིན་དུ་རབ་ཏུ་གནས་པ་ལེགས་པར་གྲུབ་པར་བྱས་ཀྱིས། ཁྱེད་ཀྱིས་རྟེན་འདི་ལ་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་ལ། བཤམས་པའི་མཆོད་པ་རྣམས་ཡོན་བདག་གི་ལག་བདར་ཏེ་རྟེན་གྱི་སྤྱན་སྔར་འབུལ་ལོ། །དྲུག་པ་བཀྲ་ཤིས་པར་བྱ་བ་ནི། སླར་ཡང་ཡོན་བདག་སྟན་ལ་བཀོད་ནས་མེ་ཏོག་གཏད། བཀྲ་ཤིས་ལ་བར་དུ་གཅོད་པའི་བགེགས་བསྐྲད། ཡོན་བདག་རྫས་དང་བཅས་པ་ལས་བུམ་གྱི་ཆུས་བསང་། སྟོང་པའི་ངང་ལས་ལྷར་བསྐྱེད་པ་དང་རྫས་རྣམས་མཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་སོགས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམ་ནས་རིམ་གྱིས་ཐོགས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གྷི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པར་མོས་ན། རིན་ཆེན་སྣ་བདུན་རིམ་གྱིས་བཏེགས་ལ། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རབ་ཏུ་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་པ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་རྟེན་ལ་འབུལ་ཚུལ་བྱས་ནས་དེར་འཁོད་ཐམས་ཅད་ལ་རེག་ཅིང་མཐར་ཡོན་བདག་ལ་གཏད། གཞན་ཡང་བཀྲ་ཤིས་ཀྱི་ཚིགས་བཅད་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །བདུན་པ་རྟེན་མཆོད་པ་ནི། རབ་གནས་བྱས་པའི་རྟེན་ལ་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད་ཅིང་བསྟོད་ནས། སྨོན་ལམ་གདབ་པ་ནི། ཨོཾ། སངས་རྒྱས་ཆོས་དང་དགེ་འདུན་དང་། །གསང་སྔགས་རིག་སྔགས་གཟུངས་སྔགས་དང་། །སྙིང་པོ་ཕྱག་རྒྱ་རིག་པའི་ལྷ། །རྟེན་ཅིང་འབྲེལ་འབྱུང་བདེན་པའི་མཐུས། །སྐུ་གསུང་ཐུགས་ཀྱི་རྟེན་འདི་དག །ཡེ་ཤེས་ཕྱག་རྒྱས་བྱིན་བརླབས་པས། །འདི་གཟུང་འཁོར་བ་མ་སྟོངས་བར། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་གསག་པའི་ཞིང་གྱུར་ཏེ། །ཞལ་དྲོ་བྱིན་ཆེ་འགྲོ་བ་རྣམས། །སྐྱོབ་པའི་མཐུ་བྱིན་ལྡན་པ་དང་། །བདག་ཅག་འདི་དང་གཞན་དག་ཏུ། །འདོད་པའི་དོན་རྣམས་ཀུན་འགྲུབ་ཅིང་། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་སྐབས་དང་འབྲེལ་བའི་སྨོན་ལམ་གདབ་ཅིང་རྟེན་ལ་བསྐོར་བ་དང་ཕྱག་ཀྱང་བྱའོ། །བརྒྱད་པ་དགའ་སྟོན་བྱ་བ་ནི། ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ལ་རོལ་པ་དང་། ཙཱ་རུའི་བཟའ་བ་ཡང་། བདེ་གཤེགས་ལྷག་མ་འདི་དག་ནི། །གསོལ་ཅིག་སྡིག་པ་བྱང་བར་འགྱུར། །ཞེས་ཐམས་ཅད་ལ་ཁྱབ་པར་བྲིམ་པས་མཚོན། མཆོད་སྦྱིན་གྱི་ཡུལ་ཐམས་ཅད་ལ་བཟའ་བཏུང་གི་རྙེད་པ་ཕུན་སུམ་ཚོགས་པས་ཚིམ་པར་བྱའོ། །དགུ་པ་ཡོན་འབུལ་བ་ནི། སློབ་དཔོན་བཟོ་བོ་གྲོགས་བྱེད་རྣམས་ལ་དགའ་སྟོན་གྱི་ཡོན་གྱི་དངོས་པོ་ཅི་འབྱོར་པས་མཉེས་ཤིང་མགུ་བར་བྱའོ། །བཅུ་པ་བསྔོ་བ་ནི། ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར་བྱང་ཆེན་གྱི་རྒྱུར་བསྔོ་བས་རྒྱས་གདབ་བོ། །བཅུ་གཅིག་པ་སླར་ཡང་ཤིས་པར་བྱ་བ་ནི། སྐབས་སུ་བབས་པའི་ཤིས་བརྗོད་ཅི་རིགས་པ་བརྗོད་པས་མཐའ་རྒྱས་པར་བྱའོ། །བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་བ་ནི། རྩ་བའི་དཀྱིལ་འཁོར་གྱི་རྡུལ་ཚོན་བསྡུ་བ་སོགས་མཐའ་རྒྱས་རྣམས་ཆོ་ག་སོ་སོའི་གཞུང་ལྟར་བྱ་ཞིང་། དཀྱིལ་འཁོར་མཆོད་པའི་ཡོ་བྱད་སོགས་སློབ་དཔོན་དབང་བར་གསུངས་པས་མཚོན་ཇི་ལྟར་མོས་པའི་མཆོད་སྦྱིན་དུ་སྤེལ་ལོ། །བཅུ་གསུམ་པ་སྦྱིན་སྲེག་ནི། ཞི་རྒྱས་གཉིས་ཀའི་སྦྱིན་སྲེག་བྱ་ཞིང་མ་འབྱོར་ན་ཞི་བའི་སྦྱིན་སྲེག་ཙམ་ངེས་པར་བྱ། དེ་ཡང་མ་འབྱོར་ན་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པས་ཁ་བསྐང་བར་བྱའོ། །དེ་དག་ནི་རྗེས་ཀྱི་ཆོ་གའོ།། ༈ །།བཤད་མ་ཐག་པ་ནི་ཆོ་ག་རྒྱས་པའི་ལུགས་ཏེ། ཕྱི་དཀྱིལ་རྡུལ་ཚོན་ལ་བརྟེན་པའི་དབང་དུ་བྱས་ན་ས་ཆོག་སྟ་གོན་དཀྱིལ་འཁོར་བྲི་བ་རྒྱན་འགོད་པ་རྣམས་སྔོན་དུ་འགྲོ་བ་གཞིར་བྱས་ནས། དཀྱིལ་འཁོར་དངོས་གཞིའི་སྒྲུབ་མཆོད་དང་རབ་གནས་ཀྱི་སྟ་གོན་ཉིན་གཅིག་ཏུ་བྱ་ཞིང་། ཉིན་ཕྱི་མ་ལ་རབ་གནས་ཀྱི་ཆོ་ག་དཀྱུས་སུ་བཀོད་པ་བཞིན་བྱས་པའི་ཉིན་གཉིས་པ་དང་། ཡང་རབ་གནས་ཀྱི་སྟ་གོན་སྔར་བཞིན་བྱས་ནས། གཉིས་པ་ལ་དངོས་གཞིའི་བརྟན་བཞུགས་ཡན་ཆད་དང་། གསུམ་པ་ལ་བདག་མདུན་སྒྲུབ་མཆོད་ཙམ་བྱས་ནས། རབ་གནས་ཟིན་པའི་རྟེན་རྣམས་དངོས་སུ་གསལ་བས་སོ་སོའི་སྙིང་པོ་དང་ཡིག་བརྒྱ་མང་དུ་བཟླས་པས་གཟི་བྱིན་བསྐྱེད་ནས་མཆོད་བསྟོད་རྒྱས་པར་བྱ། དེ་རྗེས་གཏོར་མ་གཏོང་བ་སོགས་རབ་གནས་ཀྱི་རྗེས་ཆོག་རྣམས་བྱ་ཞིང་། དེ་ལྟར་ན་དངོས་གཞི་ལ་རྒྱས་པ་དང་རྗེས་ལ་ཞི་བའི་སྦྱིན་བསྲེག་ཀྱང་བྱའོ། །ཆོ་ག་རྒྱས་པར་བྱ་བ་དེའི་ཚེ་དཀྱིལ་འཁོར་གྱི་ལྷའི་གཤེགས་གསོལ་ཡང་ཡོན་བདག་བསྒོ་བའི་རྗེས་སུ་བྱས་ན་ལེགས་སོ།། ༈ །།སྤྱི་དོན་གཉིས་པ་འབྲིང་པོར་བྱ་བའི་སྡོམ་ནི། ཉིན་གཉིས་དང་པོར་ཡོ་བྱད་གསག །བདག་བུམ་རྟེན་གྱི་ལྷག་གནས་དང་། །ཕྱི་ཉིན་ཐོ་རེངས་བདག་བུམ་བཟླས། །སྦྱང་བ་ནས་གཟུང་རྗེས་བསྡུའི་བར། །རྒྱས་པའི་གཞུང་བཞིན་ཤེས་པར་བྱ། །འབྲིང་པོའོ། །འདི་ལ་ཡང་ཕྱི་དཀྱིལ་གང་འོས་ལ་བརྟེན་ན་ལེགས་སོ།། ༈ །།སྤྱི་དོན་གསུམ་པ་བསྡུས་པའི་ཚུལ་ལ་ཅུང་ཟད་བསྡུས་པ་དང་། ཤས་ཆེར་དང་ཤིན་ཏུ་བསྡུས་པ་གསུམ་ལས། དང་པོ་ནི། ཉིན་ཆོག་དང་པོར་ཡོ་བྱད་བཤམ། །བདག་བསྐྱེད་བུམ་བཟླས་ལྷག་གནས་དོར། །དངོས་གཞིའི་སྦྱོར་བ་ནས་གཟུང་སྟེ། །རྗེས་བསྡུའི་བར་དུ་བྱ་བ་ཡིན། །གཉིས་པ་ཤས་ཆེར་བསྡུས་པ་ནི། བུམ་པ་གཉིས་བཀོད་ཡོ་བྱད་བཤམ། །བདག་བུམ་རྟེན་སྦྱང་བཀྲུ་ཕྱི་བསྐྱེད། །སྤྱན་དྲངས་དགུག་རྒྱས་དབང་མཆོད་བསྟོད། །སྤྱན་དབྱེ་རྟེན་བསྒྱུར་ཉེར་མཁོ་དབུལ། །རབ་གནས་སྔགས་བཟླ་བཀྲ་ཤིས་བརྗོད། །བརྟན་བཞུགས་སྲུང་བསྒོ་མཆོད་བསྟོད་གཤེགས། །ཡོན་བདག་ཤིས་བྱས་སྨོན་ལམ་གདབ། །རྗེས་བསྡུ་དགའ་སྟོན་བྱ་བ་ཡིན། །བསྡུས་པའི་ཚུལ་ལོ། །གསུམ་པ་ཤིན་ཏུ་བསྡུ་ན། བདག་བསྐྱེད་སྒོམ་བཟླས་ཅི་རིགས་སྔོན་དུ་འགྲོ་བས། རྟེན་གྱི་བགེགས་བསྐྲད། དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག །རྒྱས་གདབ། དབང་བསྐུར། སྤྱན་དབྱེ། མཆོད་བསྟོད། བརྟན་བཞུགས། ཤིས་བརྗོད་རྣམས་བྱས་པས་ཀྱང་དགོས་པ་འགྲུབ་བོ། །སྤྱིར་རྟེན་དམ་ཚིག་པར་བསྐྱེད་པ་དང་། ཡེ་ཤེས་པ་དགུག་བསྟིམ། དབང་བསྐུར་བ། བརྟན་བཞུགས་དང་བཞི་པོ་ནི་རབ་གནས་དངོས་ཡིན་ལ། གོང་འོག་གི་ཆོ་ག་གཞན་རྣམས་ནི་ཡན་ལག་གོ །དེས་ན་དཀྱུས་སུ་བཤད་པའི་ཆོ་ག་ཉིད་ལ་འདྲིས་ཤིང་ཁོང་དུ་ཆུད་པར་བྱས་ནས་སྤྲོ་བསྡུའི་ཁྱད་པར་གང་དགོས་སྡོམ་གྱིས་བསྟན་པའི་དོན་བཞིན་དུ་རྩ་བ་ཟིན་ན་རྒྱས་བསྡུས་གང་འདོད་བྱས་ཆོག་པའི་ཕྱིར། མཐའ་གཅིག་ཏུ་ངེས་པ་མེད་མོད། འོན་ཀྱང་ལྷོངས་སུ་མ་གྱུར་པའི་བློ་ཚོད་ཀྱིས་དབྱེ་བསྡུའི་མཚམས་མ་ཟིན་ན་འཆོལ་བར་འགྱུར་བས། མ་མཐའ་ཡང་གནས་སྐབས་ཀྱི་རྡོ་རྗེ་སློབ་དཔོན་ཆུང་ངུའི་གོ་འཕང་ཙམ་ཐོབ་ཅིང་ཆོ་ག་ལག་ལེན་འབྲེལ་སྡེབ་ཚུལ་ངེས་པ་ཅན་དུ་བྱ་དགོས་ཏེ་རབ་གནས་ནི་རྡོ་རྗེ་ཐེག་པའི་ལས་ཀྱི་ཆོ་ག་གཙོ་ཆེ་བ་ཞིག་ཡིན་པའི་ཕྱིར་རོ། །ཆོ་ག་འདི་དང་འབྲེལ་བའི་ཆོ་གའི་ཡན་ལག་སྣ་ཚོགས་པའང་ཡུལ་དུས་གནས་སྐབས་ཀྱི་དགོས་པ་རྣམས་ནི་སྔར་བཤད་པ་རྣམས་ལས་ཤེས་པར་བྱའོ། །རྒྱལ་བ་རྣམས་ཀྱི་གསང་གསུམ་ཡེ་ཤེས་ཀྱི། །རྣམ་རོལ་འགྲོ་བློའི་མེ་ལོང་རྙོག་བྲལ་བར། །མོས་དང་བསམ་པའི་ཁྱད་པར་ཇི་བཞིན་དུ། །འཆར་བ་ཐུན་མོང་འགྲོ་ལ་སད་བྱེད་རྟེན། །རྣམ་དག་རྒྱུད་གཞུང་གྲུབ་པའི་མན་ངག་བཞིན། །འཁྲུལ་མེད་ཆོ་གའི་སྒོ་འཕར་ལ་བརྟེན་ནས། །སྲིད་ཞིའི་དགེ་ལེགས་མ་ཚང་མེད་པའི་གཏེར། །འདོད་དགུའི་དཔལ་གྱི་མཆོག་སྦྱིན་བྱེད་པ་བྱུང་། །གང་ཡང་མང་པོའི་ཚིག་གིས་མ་རྙོགས་ཤིང་། །བརྗོད་དོན་འབྲས་བུའི་དཔལ་གྱིས་ཡོངས་ལྕི་བ། །ལེགས་བཤད་དགེ་ལེགས་འདོད་པ་ཀུན་འཇོ་བའི། །དཔག་བསམ་ཡོངས་འདུའི་བྱེད་པོར་འདི་གྱུར་ཅིག །རབ་ཏུ་གནས་པར་བྱེད་པའི་ཆོ་ག་དགེ་ལེགས་འདོད་འཇོ་ཞེས་བྱ་བ་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་རྒྱུད་གཞུང་ལས་བསྟན་པ་རྣམས་ཀྱི་དོན་སྙིང་པོར་བཟུང་། གསང་བ་སྤྱི་ལ་འཇུག་པའི་ཆོ་གའི་ཡན་ལག་བརྗོད་བདེ་བ་དག་གིས་མི་འགལ་བར་བརྒྱན་ཏེ་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བརྗོད་པའི་ཡི་གེ་པ་ནི་རིག་བྱེད་འཛིན་པའི་སྡོམ་བརྩོན་ཨོ་རྒྱན་དཔལ་འབྱོར་གྱིས་གུས་པས་བགྱིས་པའོ།། །།
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྒྱལ་བ་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་ (Volume 11, Text 51)
འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྒྱལ་བ་རིག་འཛིན་གྱི་སྲོག་འཁོར་དཔལ་གྱི་གདུ་བུ་བཞུགསཿ ཿ དབྱིངས་རིག་རྒྱལ་པོ་སྟང་དཔྱལ་ངསཿ དུས་གསུམ་དུས་མེད་ཆེན་པོར་རྒྱསཿ རྡོ་རྗེ་ཅན་གྱི་ཕྲིན་ལས་དངཿ སྔགས་ལམ་ཐབས་ཀྱིས་རྟེན་ཅིང་འབྲེལཿ བསམ་གྱིས་མི་ཁྱབ་བརྗོད་མི་ལངཿ མཐོང་ཐོས་རེག་གམ་རྫི་ཕྱོགས་ཕོགཿ བཏགས་པས་གྲོལ་བ་རིག་འཛིན་གྱིཿ སྲོག་གི་འཁོར་ལོ་བཤད་ཀྱིས་ཉོནཿ བྲི་གཞི་བཟང་པོར་རིན་པོ་ཆེསཿ མུ་ཁྱུད་རིམ་པ་བཅུ་གཅིག་དབུསཿ ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུཿ འོད་ལྔའི་འཁོར་ལོ་འབྲུ་ལྔས་མཚནཿ དེའི་ཕྱི་མུ་ཁྱུད་གཉིས་པ་ལཿ རིག་པ་ཡབ་ཀྱི་སྙིང་པོ་ནིཿམན་ངག་སྙིང་ཐིག །ཨེ་མ་ཀི་རི་ཀི་རིཿ མས་ཏ་བྷ་ལི་བྷ་ལིཿ ས་མི་ཏ་སུ་རུ་སུ་རུཿ ཀུནྡྷ་ལི་མ་སུ་མ་སུཿ ཨི་ཀ་ར་སུ་ལཱི་བྷ་ས་ཏ་ཡེཿ ཙ་ཀི་ར་བྷུ་ལི་ཏ་ལྕེ་ཡེཿ ས་མུན་ཏ་ཙརྱ་སུ་གྷ་ཡེཿ བྷི་ཏི་ས་ན་བྷྱ་གུ་ལི་ཡེཿ ས་ཀ་རི་དྷུ་ཀ་ནཿ མ་ཏ་རི་བྷེ་ཏ་ནཿ པ་ར་ཧི་ལི་ས་ནཿ མ་ཁར་ཏེ་ཀེ་ལ་ནཿ སཾ་བྷུ་ར་ཏ་མེ་ཀ་ཙ་ར་ཏང་པཿ སུརྱ་གྷ་ཏ་ར་ཨེ་པ་ཤ་ནཿ ར་ན་བྷེ་དྷི་ས་གྷུ་ཏི་པ་ཡཿ གྷུ་ར་གྷུ་ར་ས་ག་ཁ་ར་ན་ལཾཿ ན་ར་ན་ར་ཨི་ཐ་པ་ཊ་ལཾཿ སིར་ན་སིར་ན་བྷེ་ས་བྷེ་ས་ར་ས་བཾ་ལཾཿ བྷུན་དྷ་བྷུན་དྷཿ ཚི་ཥ་ས་ཀེ་ལཾཿ ས་སཱ་རི་རཱི་ཁེ་ཁེ་ཨི་ཨཱི་མ་མཱ་རི་རཱི་ལ་ཧཱ་ཨཱཿ དེའི་ཕྱིར་པདྨ་འདབ་བརྒྱད་ལཿ མདུན་ནས་བརྩམ་པའི་གཡས་སྐོར་དུཿརིག་འཛིན་བརྒྱད་ཀྱི་སྙིང་པོ།་་་ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཧཱུྃ་ཀཱ་ར་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་དྷ་ན་སཾསྐྲྀ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་མཉྫུ་ཤྲཱི་མི་ཏྲ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་བི་མ་ལ་མི་ཏྲ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ནཱ་གརྫུ་ན་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་གུ་ཧྱ་ཙནྡྲ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཨཱ་ཙརྱ་པདྨ་ཨཱཿཧཱུྃཿ ཨཱོཾ་མ་ཧཱ་གུ་རུ་ཤ་རཱི་རཾ་ཤཱིནྟཾ་གྷརྦྷ་ཨཱཿཧཱུྃཿ དེའི་ཕྱི་མུ་ཁྱུད་བཞི་པ་ལཿ སྟོང་པ་ཡུམ་གྱི་སྙིང་པོ་ནིཿ མས་ཏ་བྷ་ལི་བྷ་ལིཿ ས་མི་ཏ་སུ་རུ་སུ་རུཿ ཀུན་དྷ་ལི་མ་སུ་མ་སུཿ ཨེ་ཀ་རི་ལི་བྷ་ཏ་ཡེཿ ཙ་ཀ་ར་བྷུ་ལི་ཏཿ ལྕེ་ཡེ་ས་མན་ཏཿ ཙརྻ་སུ་གྷ་བྷི་ཏི་ས་ན་བྷྱ་གུ་ཡེཿ ཀེ་རི་དྷ་ཀེ་རིཿ དྷ་ཧ་ཀ་མ་ཧ་རི་བྷཿ ཧ་ན་ས་རི་བི་ཧིཿ ས་ན་མ་ཁར་ཏཀྴེ་ལ་ནཿ སཾ་བྷུ་ད་ར་ཏ་མེ་ཀྴ་ཙ་ར་སཏྭཾཿ དྷ་བ་སུ་ཏྱ་གྷ་ཏ་ར་ཨཿ མ་ཤ་ན་པ་རཿ བྷི་ཧིཿ ཏི་ས་གྷུ་ར་ལཿ མ་སྨི་ས་ཡ་གྷུ་སྟི་ལ་ཏཿ ཡ་གྷུ་ར་གྷུ་རཿ བརླང་ག་ཁ་ཀ་ལ་ར་ན་ལ་མ་སཿ ན་ར་ན་ར་ལམཿ ཨི་ཐ་ར་པ་ཏ་ལཾཿ སིར་ན་བྷེ་ས་རལ་པ་གྷེ་ལཾཿ མ་མཱཿ ས་ས་རི་རཱི་ལི་ལཱི་མ་མཱཿ ར་རཱཿ མུ་ཁྱུད་ལྔ་པར་རྩིབས་བཅུ་ལཿ རྒྱུད་སྡེ་སྒྱུ་འཕྲུལ་གྱི་སྙིང་པོའོོ།་་་ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དུཥྚཾ་ཧཱུྃ་ཕཊཿ ཨཱོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊཿ ཨཱོཾ་མ་ཧཱ་སུརྱ་རཏྣ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བི་ད་མ་ཧཱུྃ་ཕཊཿ ཨཱོཾ་ཧྲཱིཿཤཏྟ་ས་མནྟ་པདྨ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཁཱ་ཧི་ཧཱུྃ་ཕཊཿ ཨཱོཾ་སརྦ་ཨ་མོ་གྷཱ་མ་ཧཱ་ཀྲོ་དྷི་ཤྭ་རི་བི་ཤྭ་ཧཱུྃ་ཕཊཿ རྩིབས་མཆན་ལཿ སྒྲུབ་སྡེ་བཀའ་བརྒྱད་ཀྱི་སྙིང་པོ།་་་ཨཱོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃཿ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨཱོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨཱོཾ་ཨཱཿཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊཿ ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཨཱོཾ་ཧྲཱིཿཔདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཧཱུྃ་ཕཊཿ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊཿ ཨཱོཾ་བཛྲ་སརྦ་དུཥྚཾ་ཧཱུྃ་ཕཊཿ ཁྲོཾ་ག་རུ་ཊ་སརྦ་ཌཱཀྐི་ནཱི་ཧཱུྃ་ཕཊཿ དྲུག་པ་ཐིག་ལེ་ཉི་ཤུ་ལྔརཿ ཀརྨཱ་རཀྴ་གྷི་ཧཾ་ཏིཿ བྷེ་གྷ་ར་ན་སོ་གད་གླིངཿ བྷུ་ཀ་རི་ལ་བྷ་དུ་ཏྲིཿ རཾ་པ་ཀ་ལ་ས་མི་ཁྱེཿ མ་ཏང་ཕས་ཕེར་རས་མི་ཏཿ ཁ་ཊ་རེ་ཀ་ས་མིག་རླུངཿ ཨ་ཀཻ་ར་ན་བྷེ་ཙཀ་ཤཿ ཡ་རི་མུ་ཏ་ས་གྷུ་ལིཿ ཡཱ་སིང་ར་རླུང་པ་ལ་ཡཱཿ མ་མ་ཀོ་ལིང་ས་མནྟཿ གྷ་ར་ཡཾ་པ་ར་མི་ཏིཿ བུ་ག་སིང་ཧ་ཕ་གྷ་ལཿ ར་མི་སེ་པི་ཁ་ཏ་པཿ བིག་ཁུ་མ་ལ་པ་ཏཾ་ཀིཿ ས་མ་ཉེ་ཝ་དྷེ་ར་པཿ བཛྲ་སཏྭ་ཏྲི་ཏྲོ་མེཿ གྷེ་ཝ་སུ་གྷར་རྣ་མ་ཡཿ དྷརྨཱ་པ་ཏི་ས་གུ་ལིཿ རས་མི་ས་མ་ཁས་རྒད་ཙེཿ རུ་པ་ས་མི་མི་ཏ་ལིཿ ང་ཏིག་པ་ཡཾ་ཀ་ལི་སཿ ག་ཙ་པ་ཡཾ་ས་ཨི་ཏཾཿ ཀརྨ་ཨེ་ཨ་ཨ་ནུ་སཿ སཾ་ཀྲི་མ་མ་ཀརྨ་ཏཿ ང་ལ་ཁེ་པ་ཀི་ལི་སཿ བར་མཚམས་ལོངས་སྐུའི་སྙིང་པོ་དངཿ རིགས་དྲུག་ཀློང་གྲོལ་ཡི་གེ་སྤེལཿ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ འ་ཨ་ཧ་ཤ་ས་མཿ བདུན་པར་པད་འདབ་ཞེ་གཉིས་ལཿ ཞི་བའི་ལྷ་ཚོགས་ཀྱི་སྙིང་པོ།་་་་་་ཧཱུྃ་ཧཱུྃ་ཧཱུྃཿ བཛྲ་ཙིཏྟ་ཨཱོཾཿ ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟཿ ཧཱུྃ་བཛྲ་དྷྲིཀ྄ཿ མུཾ་དྷཱ་ཏེ་ཤྭ་རཱིཿ ཨཱོཾ་ཛིན་ཛིཀ྄ཿ ལཱཾ་དྭེ་ཥ་ར་ཏིཿ སྭཱ་རཏྣ་དྷྲིཀ྄ཿ མཱཾ་མོ་ཧ་ར་ཏིཿ ཨཱཾ་ཨ་རོ་ལིཀ྄ཿ པཱཾ་རཱ་ག་ར་ཏིཿ ཧཱཾ་པྲ་ཛྙཱ་དྷྲྀཀ྄ཿ ཏཱཾ་བཛྲ་ར་ཏིཿ ཀྵཱིཾ་ཧི་རཱ་ཛ་ཡཿ ཧཱུྃ་ལཱ་སྱེ་ས་མ་ཡ་སཏྭཾཿ ཏྲཱཾ་ཨཱ་གརྦྷ་ཡཿ ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿ ཧྲཱི་ཧ་ཧཱུྃ་པདྨ་པྲ་ད་མཿ ཧྲཱིཾ་གཱི་ཏི་རཱ་གོ་ཧཾཿ ཛྲིཾ་ཀུ་རུ་པཱ་ཎིཿ ཨཱཾ་ནིརྟི་རཱ་ག་ཡ་མེཿ མེ་དྷ་ར་ཎི་སྭཱ་ཧཱཿ ཛཿདྷཱུ་པེ་པྲ་བེ་ཤཿ ཐིཾལྷ་ནིསྶ་རཾ་བྷ་ཡ་སྭཱ་ཧཱཿ ཧཱུྃ་པུཥྤེ་ཨཱ་བེ་ཤཿ ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱཿ བཾ་དཱི་པ་སུ་གི་རིཿ མཱུཾ་ཤྲཱི་ཨཱཾ་རཱ་ག་ཡ་སྭཱ་ཧཱཿ ཧོཿགྷནྡྷེ་ཙིཏྟཿ ཨཱོཾ་མུ་ནེ་ཀྲེཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་ཧཱུྃ་ཏྲུཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་བྲེཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱཿ ཨཱོཾ་མུ་ནེ་ཡེ་སྭཱ་ཧཱཿ ཨཱོཾ་ཡ་མཱནྟ་ཀྲིཏ་ཕཊཿ ཨཱོཾ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནཱི་ཧཱུྃ་ཕཊཿ ཧཱུྃ་པྲ་ཛྙཱནྟ་ཀྲིཏ་ཕཊཿ ཨཱོཾ་རཏྣ་དྷ་ར་མ་ཧཱ་ཕཊཿ ཧཱུྃ་པདྨནྟ་ཀྲིཏ་ཕཊཿ ཨཱོཾ་པདྨ་དྷ་ར་མ་ཧཱ་ཕཊཿ ཨཱོཾ་བིགྷྣཱན་ཏ་ཀྲིཏ་ཕཊཿ ཨཱོཾ་ཀརྨ་དྷ་ར་མ་ཧཱ་ཕཊཿ བརྒྱད་པར་ཁྲག་འཐུང་ཡབ་ཡུམ་ནིཿ འདུས་པ་མདོའི་སྙིང་པོའོ།་་་ཨཱོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃཿ སརྦ་ཏ་ཐཱ་ག་ཏ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃཿ བཛྲ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃཿ བུདྡྷ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃཿ རཏྣ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃཿ པདྨ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ཀརྨ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃཿ རཀྴ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ས་ནུ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་གུ་ཧྱ་ཤྲཱི་ཧེ་རུ་ཀ་ཧཱུྃཿ གུ་ཧྱ་ཀྲོ་དྷི་ཤྭ་རཱི་ཧཱུྃཿ ཨཱོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃཿ ཡཀྴ་ཀྲོ་དྷི་ཤྭ་རི་ཧཱུྃཿ གཽ་རི་མ་བརྒྱད།་་་་་་ཨཱོཾ་བཛྲ་གཽ་རཱི་ཧཿ ཨཱོཾ་བཛྲ་ཙཽ་རཱི་ཧཿ ཨཱོཾ་བཛྲ་པྲ་མོ་ཧ་ཧཿ ཨཱོཾ་བཛྲ་བཻ་ཏ་ལཱི་ཧཿ ཨཱོཾ་བཛྲ་པུཀྐ་སཱི་ཧཿ ཨཱོཾ་བཛྲ་གྷསྨ་རཱི་ཧཿ ཨཱོཾ་བཛྲ་སྨ་ཤ་ནི་ཧཿ ཨཱོཾ་བཛྲ་ཙཎྜ་ལི་ཧཿ སིངྷ་མ་བརྒྱད།་་་ཨཱོཾ་བཛྲ་སིངྷ་མུ་ཁཱི་ཧེཿ ཨཱོཾ་བཛྲ་བྱ་གྷྲི་མུ་ཁཱི་ཧེཿ ཨཱོཾ་བཛྲ་སྲི་ལ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཤྭ་ན་མུ་ཁཱི་ཧེཿ ཨཱོཾ་བཛྲ་གྲྀདྡྷ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཀངྐ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཀཱ་ཀ་མུ་ཁཱི་ཧེཿ ཨཱོཾ་བཛྲ་ཨུ་ལུ་ཀཱ་མུ་ཁཱི་ཧེཿ དགུ་པར་དབང་མོ་ཉེར་བརྒྱད་དངཿ བསྟན་པ་སྤྱི་ཡི་སྙིང་པོ་བཀོདཿ མ་ནུ་རཀྴ་སཱི་བྷྱོཿ བྲཧྨ་ནི་བྷྱོཿ རཽ་ཏྲཱི་བྷྱོཿ བེཥྞ་བཻ་བྷྱོཿ ཀུ་མཱ་རཱི་བྷྱོཿ ཨིནྡྲ་རཱི་བྷྱོཿ བཛྲ་པིངྒ་ལཾ་བྷྱོཿ ཨ་མྲྀཏཾ་བྷྱོཿ སཽ་མྱ་བྷྱོཿ དཎྜ་དཾ་བྷྱོཿ རཀྵ་སཱི་བྷྱོཿ བྷཀྵ་སཱི་བྷྱོཿ ར་ཏི་བཛྲ་བྷྱོཿ རུ་ཏི་ར་མཏྟ་བྷྱོཿ ཨེ་ཀ་ཙ་རི་ཎཱི་བྷྱོཿ མ་ནོ་ཧ་རཾ་བྷྱོཿ སིདྡྷི་ཀཾ་བྷྱོཿ བཱ་ཡ་བཱི་བྷྱོཿ མ་ཧཱ་མཱ་ར་ཎ་བཛྲ་བྷྱོཿ ཨགྣཱི་བྷྱོཿ བྷ་ར་ཧི་བྷྱོཿ ཙ་མུཎྜི་བྷྱོཿ སུ་ཏ་ནི་བྷྱོཿ ཝ་རུ་ཎཱི་བྷྱོཿ བཛྲ་མ་ཧཱ་ཀཱ་ལི་བྷྱོཿ བཛྲ་ཙ་ཀཱ་ལ་བྷྱོཿ བཛྲ་ཀུམྦྷ་ཀརྞ་བྷྱོཿ བཛྲ་ལམྦོ་ད་ར་བྷྱོཿ ཨཱོཾ་བཛྲ་ཨཱརྱ་ཏེ་ཛ་ཏེ་ང་ཛཿ ཨཱོཾ་བཛྲ་ཨ་མུ་ཁཱི་ཧཱུྃཿ ཨཱོཾ་བཛྲ་ལོ་ཀ་བཾཿ ཨཱོཾ་བཛྲ་བྷསྨི་པ་ལ་ཡ་བ་ཏུ་ཧོཿ ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཱཻཿ ཨོ་ཨཱཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེཿ ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏཿ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿ ཆེ་གེ་མོའི་ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་ཐམས་ཅད་རིག་པའི་ཀློང་དུ་ཤཱིནྟཾ་ཀུ་རུ་སྭཱ་ཧཱཿ ཚེ་དང་བསོད་ནམས་ཞིང་ཁམས་ཐམས་ཅད་རིག་པའི་ངང་དུ་པུཥྚིཾ་ཀུ་རུ་སྭཱ་ཧཱཿ འཁོར་འདས་ཐམས་ཅད་རིག་པའི་ངང་དུ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿ དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་རིག་པའི་ངང་དུ་མཱ་ར་ཡ་ཕཊཿ བཅུ་པར་འོད་ལྔའི་མུ་ཁྱུད་བསྐོརཿ བཅུ་གཅིག་འོད་ལྔའི་པ་ཊ་རིསཿ དེ་ནས་རབ་ཏུ་གནས་པ་ནིཿ ཡང་གསང་སྒྲུབ་པའི་གཞུང་བཞིན་ལཿ ཐིག་ལེ་ཆེན་པོའི་སྙིང་པོ་རྣམསཿ རྩ་སྔགས་ཉིད་དང་སྦྲེལ་ལ་བཟླཿ ཤིས་པ་བརྗོད་ཅིང་མེ་ཏོག་གཏོརཿ རྟེན་འབྲེལ་སྙིང་པོས་རབ་ཏུ་གནསཿ དབང་བསྐུར་བྱེད་ན་སྡོམ་པ་གསུམཿ ཆོ་ག་བཞིན་དུ་བཟུང་བྱས་ལཿ བསྟན་བུར་བརྒྱ་ཕྱག་མཎྜལ་དབུལཿ ཚར་གཅིག་བཀླགས་ལ་སྤྱི་བོར་བཞགཿ ཧོཿ རྒྱལ་བ་རིག་འཛིན་ཞི་ཁྲོའི་ལྷཿ བཏགས་གྲོལ་སྲོག་གི་འཁོར་ལོ་འདིསཿ སྐལ་ལྡན་སློབ་མ་ཆེ་གེ་མོའིཿ སྒོ་གསུམ་སྨིན་པར་མཛད་དུ་གསོལཿ གྲོལ་ཞིང་གང་བར་མཛད་དུ་གསོལཿ རྒྱས་དང་འཕེལ་བར་མཛད་དུ་གསོལཿ ཀཱ་ཡ་ཝཱཀྐ་ཙིཏྟ་རཏྣ་ཀརྨཱ་ཨ་བྷི་ཥིཉྩ་སྭཱ་ཧཱཿ ཞེས་བརྗོད་གནས་ལྔར་གཏུགས་བྱིན་རློབསཿ འདི་ནི་ཆོས་སྐུའི་རིང་བསྲེལ་དངོསཿ སྡེ་གསུམ་རྒྱུད་ལུང་མན་ངག་དངཿ རྒྱལ་བ་ཡོངས་རྫོགས་སྲོག་འཁོར་ཡིནཿ སྤྱི་བོ་མགྲིན་པ་མཆན་ཁུང་དུཿ སུས་བཅངས་སྡིག་པ་ཀུན་ལས་གྲོལཿ དུས་གསུམ་རྒྱལ་བ་བསྙེན་དང་མཚུངསཿ འདས་དུས་གདུང་དང་རིང་བསྲེལ་དངཿ ས་གཡོ་སྒྲ་འོད་འཇའ་ཚོན་འབྱུངཿ ཉི་ཟླ་གཟས་ཟིན་ས་གཡོས་དངཿ འོད་དང་སྒྲ་དང་སད་སེར་རིམསཿ མུ་གེ་ཕྱུགས་ནད་བྱུང་བའི་ཚེཿ བྱང་ཆུབ་སེམས་དང་ལྡན་པ་ཡིསཿ རིམ་བཞིན་རྣམ་སྣང་མི་བསྐྱོད་པཿ རིན་འབྱུང་དཔག་མེད་དོན་གྲུབ་དངཿ བཟང་མོ་རང་རང་རིགས་ཀྱི་ལྗགསཿ ཡིག་འབྲུས་མཚན་པར་བསྒོམ་སྟེ་བཀླགསཿ ཚོགས་དང་མཆོད་པ་སྲོག་འདོན་དངཿ མཆོག་དམན་དུད་འགྲོ་ཡན་ཆད་ལཿ སྦྱིན་པ་གཏོང་ཞིང་རྣལ་འབྱོར་བསྒོམཿ ཉིན་ཞག་གཅིག་ལ་མཚོན་པ་ནཿ སྔ་ཞོག་བྱེར་དང་དྲོས་གཏིང་ཟུགཿ ཉིན་གུང་སྙོམས་ལ་དགོང་ཁ་འཁྲུགཿ སྲོད་བྱེར་སྲོད་ཡོལ་འཁྲུག་པ་དངཿ ཕྱེད་སྙོམས་ཐོ་རངས་འཁྲུག་པའི་ཚེཿ སོ་སོའི་དུས་གནད་ངེས་པ་བཞིནཿ བཀླག་དང་ཚོགས་གསག་རྒྱ་ཆེར་བྱཿ གསང་སྔགས་མོས་པ་ཅན་ལ་གསུངསཿ དད་པ་ཅན་ལ་སྨོས་ཅི་དགོསཿ རྨོངས་པའི་དུད་འགྲོ་ལ་བཏགས་ཀྱངཿ ཐུགས་རྗེའི་དཔྱང་ཐག་ཆད་པ་མེདཿ ཐེ་ཚོམ་ལོག་ལྟ་ཅན་དག་ནིཿ རྡོ་རྗེ་ཅན་གྱི་ཕྲིན་ལས་དངཿ འདུལ་ཚུལ་ཐབས་ཀྱིས་སྤངས་པའི་ཕྱིརཿ གསང་ཚིག་རིག་སྔགས་སྨན་དང་དཔྱདཿ རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུཿ ཀུན་ལ་བསྐུར་བས་བསླུ་འགྱུར་ཞིངཿ སྐལ་པ་ཆད་པ་སྙིང་རེ་རྗེཿ འདི་དང་མཇལ་ཞིང་མོས་པ་རྣམསཿ ལས་འཕྲོ་ཅན་དུ་གདོན་མི་ཟཿ སྙིང་ཐིག་བསྟན་པ་ཉམས་པའི་ཚེཿ ཀུན་ཏུ་བཟང་པོས་བྱིན་བརླབས་པཿ རང་བྱུང་རྡོ་རྗེ་དང་འཕྲད་ནསཿ མཐོང་ཐོས་དྲན་རེག་གྲོལ་བར་ཤོགཿ ས་མ་ཡཿ རྒྱ་རྒྱ་རྒྱཿ
དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་དབང་ཆོག་བལྟ་བདེར་བཀོད་པ་ (Volume 46, Text 51)
༄༅། །དགོངས་གཏེར་གསང་བདག་ཉི་མ་མདུང་གང་མའི་དབང་ཆོག་བལྟ་བདེར་བཀོད་པ་བཞུགས་སོ། ། མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །བླ་མ་དབྱེར་མེད་ལ་བཏུད་ནས། །སྐུ་བཞི་མྱུར་སྨིན་ལག་བླང་ཚུལ། །ཉེར་མཁོའི་ཆེད་དུ་སྤེལ་འདི་འོ། །འདི་ཉིད་ཀྱི་དབང་བསྐུར་བསྒྲུབ་པ་ལ་སྟེགས་བུའི་སྟེང་དུ་མཎྜལ་པདྨ་འདབ་བརྒྱད་བྲིས་པའི་ལྟེ་བར་ཚོམ་བུ་སྔོན་པོ་གཅིག་བཀོད། དབུས་སུ་རྐང་གསུམ་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་དང་བཅས་པ། གཡས་གཡོན་དུ་ཐོད་ཕྲེང་། གནམ་ལྕགས་རྡོ་རྗེ། སྐུ་ཙཀ །དཔལ་གཏོར་རྒྱན་ལྡན་རྣམས་བཤམ། སྨན་གཏོར་རཀྟ། ཕྱི་མཆོད། ལས་བུམ་སོགས་སྤྱི་ལྟར་བཀོད། ཐོག་མར་དབང་སྒྲུབ་བྱ་བའི་སྐྱབས་སེམས་ནི། དཀོན་མཆོག་གསུམ་དང་རྩ་གསུམ་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་འཐོབ་བྱའི་ཕྱིར། །བདག་གིས་གསང་བདག་བསྒྲུབ་པར་བགྱི། །ལན་གསུམ། ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ ཞེས་མཆོད་རྫས་བྱིན་བརླབ། གཉིས་སྣང་མི་དམིགས་སྟོང་པ་ལས༔ སོགས་ཀྱིས་བདག་བསྐྱེད་བྱ། བསྙེན་སྔགས་གང་འགྲུབ་བཟླ། འཁོར་འདས་དངོས་འཛིན་སྟོང་པ་ལས༔ སོགས་དང་། རང་ཉིད་ཅེས་པར་མདུན་བསྐྱེད། ཅེས་བསྒྱུར་ལ་མདུན་དཀྱིལ་བུམ་ལྷ་གཏོར་མ་བཅས་ཆབས་ཅིག་ཏུ་གསལ་གདབ། འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཧཱུྃ༔ ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐབས་ཀྱི་སྐུར་སྟོན་གདུག་པ་འདུལ་བའི་ཕྱིར༔ གནོད་སྦྱིན་སྡེ་དཔོན་གསང་བདག་རྡོ་རྗེ་འཛིན༔ གནས་འདིར་གཤེགས་ལ་དབང་སྐུར་བྱིན་ཕོབ་ཅིག༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ༔ སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ གསང་བདག་ཕྱག་ན་རྡོ་རྗེའི་སྐུ་ལ་བསྟོད༔ ཅེས་ཕྲིན་ལས་མདོར་བསྡུས་བྱས་ལ། བསྙེན་པ་གཉིས་ཅི་འགྲུབ་དང་མཐར་ལས་སྔགས་ཤམ་བུ་བཏགས་པ་ཅུང་ཟད་བཟླ། བསྙེན་དམིགས་བུམ་བཟླས་རྣམས་ཀྱང་སྤྱི་ལྟར་དང་། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ་བོ། །དེ་ནས་སློབ་མ་ཁྲུས་བྱ། བགེགས་གཏོར་བཏང་ལ་མཚམས་གཅད། སེམས་བསྐྱེད་གསལ་གདབ་ལ། དེའང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་འཛིན་ཅིང་སྔགས་དང་རྒྱུད་ཐམས་ཅད་ཀྱི་བདག་པོ་བཅོམ་ལྡན་འདས་གསང་བདག་ཕྱག་ན་རྡོ་རྗེ་ལ། རྒྱུད་སྡེ་བཞི་སོ་སོ་དང་མཐུན་པའི་རྒྱུད་དང་གདམས་ངག་གི་བཀའ་སྲོལ་རྩ་བ་དང་ཡན་ལག་གི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། འཕགས་བོད་གཉིས་སུ་གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་པའི་སྒྲུབ་ཐབས་དང་ལས་ཚོགས་ཇི་སྙེད་ཅིག་བྱོན་པའི་ནང་ཚན། སྐྱེ་དགུ་རྣམས་གློ་བུར་ཧུར་ཐུམས་སུ་ཚེ་སྲོག་འཕྲོག་པར་བྱེད་པ་སྟེང་གདོན་གཟའ་བདུད་མ་རུངས་པའི་གནོད་པ་སྲུང་ཞིང་སྐྱོབ་པའི་གདམས་ངག་ཁྱད་པར་ཅན་ཉི་མ་མདུང་གང་མ་ཞེས་གྲགས་པ་རྒྱལ་བ་གཡའ་བཟང་པ་སོགས་ལས་བྱོན་པ་རྣམས་ལ་དབང་དང་འབྲེལ་བ་མེད་ཅིང་། འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྤྲུལ་པའི་རྣམ་རོལ་རིག་པ་འཛིན་མཆོག་རྟ་མགྲིན་དབང་གི་རྒྱལ་པོ་ནུས་ལྡན་དྲག་པོ་རྩལ་གྱི་དགོངས་པའི་གཏེར་ལས་བྱོན་པ། ཤིན་ཏུ་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་མྱངས་རྟགས་ཡིད་ཆེས་ཀྱི་ངེས་པ་དང་ལྡན་པ་སྟེ། དེ་ལྟ་བུའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་འཛིན་པ་སངས་རྒྱས་གཙོ༔ སྐལ་ལྡན་བདག་ཅག་རྣམས་ལ་ནི༔ དཔལ་ཆེན་གསང་བའི་བདག་པོ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཚོགས་ཞིང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཡན་ལག་ལྔ་པའི་དོན་དྲན་པས་རྒྱུད་སྦྱོང་བ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ཅེས་ལན་གསུམ། དེ་ནས་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ༔ མཆོད་ཅིང་ཇི་ལྟར་གསོལ་པ་ལྟར༔ བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔ ནམ་མཁའི་རྡོ་རྗེ་དེང་བདག་སྩོལ༔ ལན་གསུམ། དབང་གི་གཞི་དགོད་པ་དང་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་ལྟར་མཛོད། འཁོར་འདས་དངོས་འཛིན་སྟོང་པ་ལས༔ སོགས་གཏེར་གཞུང་ལྟར་ལ། འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཞེས་དང་སྤྱན་འདྲེན་ཚིགས་གཅད་དང་སྙིང་པོའི་སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད་ལ་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲས་བརྟན་པར་བྱ༔ བུམ་པ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ་གསང་བའི་བདག་པོ་རྡོ་རྗེ་གཏུམ་པོ་གཟི་བརྗིད་དང་ལྡན་པ་བཞུགས་པའི་སྐུ་ལས་བྱིན་རླབས་ཡེ་ཤེས་ཀྱི་ཆུ་རྒྱུན་བབ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ཤིག །བུམ་པ་ཆོས་དབྱིངས་གཞལ་ཡས་སུ༔ བུམ་རྫས་བཛྲ་གཏུམ་པོའི་སྐུ༔ ཐུགས་རྗེ་རྒྱུན་གྱིས་དབང་བསྐུར་རོ༔ སྐུ་ལྔ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ན་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུྃ༔ དེས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་དེས་བསྐྱེད་པའི་ནད་གདོན་གནོད་པ་ཐམས་ཅད་ཞི། སྣོད་བཅུད་ལྷའི་འཁོར་ལོར་བསྒོམ་པ་ལ་དབང་བར་བྱས་པ་སྟེ་སྐུའི་དབང་ངོ་། །སློབ་དཔོན་གསང་བའི་བདག་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཉི་གདན་གྱི་དབུས་སུ་ཧཱུྃ་ཡིག་མཐིང་ནག་གསལ་བའི་མཐར་འཁོད། ཡི་དམ་ཞི་ཁྲོ་རྒྱལ་བ་སྲས་བཅས་མདུན་བསྐྱེད་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་དང་འོད་ཟེར་ཆར་ལྟར་བབས་པ་ཞལ་དུ་ཞུགས་ནས་ཐུགས་སྲོག་ལ་ཐིམ་པར་མོས་ལ་འདིའི་རྗེས་ཟློས། སྙིང་པོ་གཉིས་དང་ཤམ་བུ་བཅས་རྗེས་ཟློས་བྱར་གཞུག །མེ་ཏོག་ཕུལ་ཞིང་འདིའི་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་སུ་བྱིན་གྱིས་བརླབས་ནས་སླར་སྤྱི་བོར་བཅིངས་པར་མོས་ཤིག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། རུས་ཆེན་གྱི་ཕྲེང་བ་མགྲིན་པར་གཏུགས་ཤིང་ལག་ཏུ་གཏད་པས་དཔལ་གསང་བའི་བདག་པོའི་དྲག་སྔགས་ཀྱི་ནུས་པ་ཐམས་ཅད་ངག་ལ་ཞུགས་ནས་ངག་གི་ཉེས་སྐྱོན་ཐམས་ཅད་དག་པར་མོས་ཤིག །ཐོད་ཕྲེང་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། བདུད་དང་ཀླ་ཀློ་ལོག་ལྟ་ཅན༔ བསྒྲལ་པའི་ནི་རག་ཤུའི་བགྲང་ཕྲེང༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ དྲག་སྔགས་ནུས་མཐུ་མངོན་གྱུར་ཤོག༔ རྩ་སྔགས། དེས་ངག་ལ་སྔགས་ཀྱི་དབང་བསྐུར་པས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཞི། སྒྲ་སྐད་དང་རླུང་གི་འགྲོ་འོང་གསང་བའི་བདག་པོའི་གསང་སྔགས་སུ་དག་པ་ལ་དབང་བར་བྱས་པ་སྟེ་གསུང་གི་དབང་ངོ་། །སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་མཐིང་ནག་ཧཱུྃ་གིས་མཚན་པ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་རིག་པ་རྩལ་གྱི་བྱིན་རླབས་ཡིད་ལ་ཞུགས་ནས་ཡིད་ཀྱི་ཉེས་སྐྱོན་ཐམས་ཅད་དག་པར་མོས་ཤིག །གནམ་ལྕགས་རྡོ་རྗེ་སྙིང་གར་གཏུགས་ལ། གནམ་ལྕགས་རྡོ་རྗེ་རབ་འབར་བ༔ ཧཱུྃ་ཡིག་མཐིང་ནག་མཚན་པ་ཡིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཐུགས་མཆོག་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས། དེས་ཡིད་ལ་ཡེ་ཤེས་ཀྱི་དབང་བསྐུར་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཞི། ཅིར་སྣང་ཅི་ཤར་གསང་བའི་བདག་པོའི་ཆོས་སྐུའི་ཡེ་ཤེས་སུ་དག་པ་ལ་དབང་བར་བྱས་པ་སྟེ་ཐུགས་ཀྱི་དབང་ངོ་། །མདུན་བསྐྱེད་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ཁམས་གསུམ་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ་གསང་བདག་རྡོ་རྗེ་འཛིན་པའི་ཡོན་ཏན་མ་ལུས་པ་སྒོ་གསུམ་ལ་ཞུགས། སྒོ་གསུམ་ཆ་སྙོམས་ཀྱི་ཉེས་སྐྱོན་ཐམས་ཅད་དག་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། དྲག་ཤུལ་གཏུམ་ཆེན་སྐུ་འདི་ཉིད༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཁྲོ་རྒྱལ་ཡོན་ཏན་མངོན་གྱུར་ཤོག༔ རྩ་སྔགས། དེས་སྒོ་གསུམ་ལ་ཡོན་ཏན་ཡོངས་རྫོགས་ཀྱི་དབང་བསྐུར་པས་སྒོ་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཞི། གསང་བའི་བདག་པོའི་མཐུ་སྟོབས་དང་ཡོན་ཏན་ཐམས་ཅད་རྫོགས་པ་ལ་དབང་བར་བྱས་པ་སྟེ་ཡོན་ཏན་གྱི་དབང་ངོ་། །དཔལ་གྱི་གཏོར་མ་འདི་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་གདུག་པ་ཀུན་འཇོམས་དངོས་སུ་གསལ་བ་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པས་མཐུ་སྟོབས་ནུས་རྩལ་མ་ལུས་པ་རྒྱུད་ལ་ཞུགས། ལས་དང་བྱ་བའི་ཉེས་སྐྱོན་ཐམས་ཅད་དག་པར་མོས་ཤིག །གཏོར་མ་མགོར་བཞག་ལ། དཔལ་གྱི་གཏོར་མ་ཆེན་པོ་འདི༔ ཁྲོ་རྒྱལ་ཕྲིན་ལས་འདུས་པའི་རྫས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གང་བརྩམ་ལས་བཞི་ཐོགས་མེད་ཤོག༔ རྩ་སྔགས་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ༔ བཏགས་པ་བརྗོད། དེས་ཕྲིན་ལས་གཏོར་མའི་དབང་བསྐུར་པས་ལས་དང་བྱ་བའི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཞི། ཐུན་མོང་གྲུབ་པ་བརྒྱད་དང་ཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་འགྲུབ་པ་ལ་དབང་བར་བྱས་པ་སྟེ་ཕྲིན་ལས་ཀྱི་དབང་ངོ་། །ཤིས་བརྗོད་གང་འོས་བྱ། དེ་རྣམས་ཀྱི་ཟབ་མོ་དགོངས་པའི་གཏེར་ལས་བྱོན་པ་གསང་བའི་བདག་པོའི་དབང་བསྐུར་སྐུ་བཞི་མྱུར་སྨིན་ཞེས་བྱ་བ་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་དང་། རྗེས་མཆོད་བསྟོད་བཟོད་གསོལ། མདུན་བསྐྱེད་གཤེགས་བསྟིམ་གང་འོས་སྐབས་བསྟུན། བདག་བསྐྱེད་འོད་གསལ་དུ་འཇུག་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་སྤྱི་ལྟར་བྱས་པས་གྲུབ་བོ། །ཉེས་སྐྱོབ་འཇིགས་མེད་རྡོ་རྗེའི་གོ །འདིར་བརྟེན་སྐྱེ་དགུ་མཐའ་ཡས་པ། །གནས་སྐབས་མཐར་ཐུག་འཇིགས་ཀུན་ལས། །རྣམ་རྒྱལ་གསང་བདག་མཆོག་འགྲུབ་ཤོག །འདིའང་རིན་ཆེན་གཏེར་གྱི་མཛོད་དུ་ཉེ་བར་མཁོ་བའི་ཆ་རྐྱེན་དུ་གྱུར་པས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ། ཤུ་བྷཾ།། །།
མ་ཧཱ་གུ་རུ་གསང་མཚན་ཐུགས་སྒྲུབ་དྲག་པོར་སྒྲུབ་པའི་དབང་བསྐུར་གྱི་ཆོ་ག་ལག་ལེན་དུ་བསྡེབས་པ་ཟབ་གསང་འདོད་འཇོ་ (Volume 13, Text 51)
༄༅། །མ་ཧཱ་གུ་རུ་གསང་མཚན་ཐུགས་སྒྲུབ་དྲག་པོར་སྒྲུབ་པའི་དབང་བསྐུར་གྱི་ཆོ་ག་ལག་ལེན་དུ་བསྡེབས་པ་ཟབ་གསང་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། བླ་མ་དཔལ་ཆེན་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཚན་ཙམ་དྲན་པས་ས་ལམ་བར་ཆད་ཞི། །རྣལ་འབྱོར་སྟོབས་ཀྱིས་སྲིད་པའི་འཁྲུལ་འཁོར་ཟློག །བླ་མེད་བླ་མ་རིགས་འདུས་ཧེ་རུ་ཀས། །སྐྱེ་ཀུན་རྗེས་བཟུང་རྡོ་རྗེའི་བྱིན་རླབས་སྩོལ། །ངོ་མཚར་དྲག་པོའི་སྒྲུབ་ཐབས་ཀྱི། །སྒོ་འབྱེད་སྨིན་བྱེད་བདུད་རྩིའི་བཅུད། །ལྷག་ཆད་མེད་པར་སྐལ་ལྡན་གྱི། །བགོ་བཤར་བྱེད་ལ་འདི་རྨད་དོ། །གང་ཞིག་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་སྐལ་ལྡན་སློབ་མ་རྗེས་སུ་བཟུང་སྟེ་སྨིན་བྱེད་བྱིན་རླབས་དབང་བསྐུར་གྱི་རིམ་པ་སྒྲུབ་པ་ལ་གསུམ། སྦྱོར་བ་སྔོན་འགྲོའི་རིམ་པ། དངོས་གཞི་སྒྲུབ་པ་དབང་བསྐུར། རྗེས་ཀྱི་བྱ་བའི་ཚུལ་རྣམས་སོ། །དང་པོ་ནི། རྟེན་བཀྲམ་པའི་མདུན་སྟེགས་བུ་བདུད་རྩི་ཁྲག་ཆེན་གྱིས་ཆག་ཆག་བཏབ་པ་ལ་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་གཞུང་མཐུན་མཚན་ཉིད་ཚང་བ་བཀྲམ། མ་འཛོམ་ན་མཎྜལ་ཆག་ཆག་དེ་ལྟར་གདབ་པའི་སྟེང་འབྲུའི་ཚོམ་བུ་གཙོ་བོ་གཅིག་ལ་འཁོར་བརྒྱད། དེ་རྒྱབ་བཞི་བཀོད་པའི་ཁར་ཨེ་ཁྲོམ་ཉི་ཟླ་མཚོན་པའི་ཁྲིའུའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཏུ་ཞི་བ་ཐོད་ཕྲེང་རྩལ་གྱི་སྐུ་ཙཀ་བཅས་བཀོད། རྒྱབ་ཏུ་མེ་ལོང་ལ་ཆང་དང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་གྲྭ་རྣམས་སུ་དགའ་བ་འཁྱིལ་བས་མཚན་པ་བྲིས་པའི་སྟེང་དུ་རྐང་གསུམ་ལ་ཐོད་པ་མཚན་ལྡན་ཆང་དང་མངར་གསུམ་བྱང་སེམས་དཀར་དམར་སྦྱར་བས་བཀང་བ་བཞག་ལ་དར་དམར་གྱིས་ཁ་བཅད་པའི་ཉེ་ལོགས་སུ་རིག་ཙཀ །མདུན་དུ་དཔལ་གཏོར་རྒྱན་ལྡན་དྲག་པོའི་སྐུ་ཙཀ་དར་འཕན་དང་བཅས་པ། གཡས་གཡོན་དུ་ཕྱག་མཚན་རྡོ་རྗེ་ཕུར་པ་ལྕགས་སྡིག་ཁྱུང་། ཧཱུྃ་ཁ་དོག་ལྔ་པ་དང་དུར་ཁྲོད་ཆས་བརྒྱད་ཕྱོགས་བསྡུས་རྣམས་ཀྱི་ཙཀ་ལི། མདུན་རྒྱབ་གང་བདེར་སྨན་རཀ་མཆོད་གཏོར། ཕྱི་མཆོད་བསྐོར་བཤམ། གཏེར་སྲུང་གཏོར་འབུལ། སྔོན་གཏོར་ཚོགས་ཀྱི་དམ་རྫས་ཀྱིས་མཚོན་པའི་ཕྲིན་ལས་ལ་མཁོ་བའི་ཡོ་བྱད། ལས་བུམ་མགུལ་ཆིངས་དམར་ནག་ཅན་སོགས་འདུ་བྱའོ། །གཉིས་པ་ལ་ཐོག་མར་དབང་དོན་དཀྱིལ་འཁོར་སྒྲུབ་པ་ནི། བརྒྱུད་འདེབས་ནས་བརྩམ་གཏེར་ཆེན་ཉིད་ཀྱིས་མཛད་པའི་ལས་བྱང་མཐར་ཆགས་སུ་བཏང་། བདག་མདུན་བུམ་གསུམ་ཡེ་ཤེས་འཁོར་ལོ་གཅིག་རྫོགས་སུ་བསྐྱེད། བཟླས་པའི་སྐབས་དྭངས་པའི་སྣོད་དུ་གཟུགས་བརྙན་གཅིག་ལས་དུ་མར་འཆར་བའི་ཚུལ་བཞིན་དབང་དཀྱིལ་བུམ་གཏོར་སོགས་ཀྱི་གོ་སར་དཀྱིལ་འཁོར་གསལ་བ་ལའང་དམིགས་པའི་འཕྲོ་འདུ་བྱས་ལ། ཞི་བར་བསྙེན་པ་དང་། ཁྲོ་བོར་བསྒྲུབ་པ་དང་། ཤམ་འདོགས་ཅུང་ཟད། འཁོར་སྔགས་གང་འོས་བཅས་བཟླ། སྲུང་ཟློག་བསད་གསུམ་སྐབས་འདིར་སྦྱར་མི་དགོས། བཟླས་པ་གྲུབ་ནས་བུམ་བཟླས་སྒེར་དུ་སྒྲུབ་ནའང་སྤྱི་འགྲོ་ཡིན་པས་ལེགས། གང་ལྟར་ཡང་མཐར་སྟོང་ཚིགས་མཆོད་བསྟོད་ཕུལ། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉི་རོ་གདན་ལ་ཀྴ་ལས་ཁྲོ་བོ་ཡཀྴ་མེ་དབལ་སྨུག་ནག་གཡས་ཐོ་བ་དང༔ གཡོན་མེ་ཡི་ཞགས་པ་བསྣམས་པ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་དཔའ་བའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ཨོཾ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡའི་བར་གྱིས་མཆོད། ཧཱུྃ༔ དབང་དྲག་ཕྲིན་ལས་རོལ་པ་ལས༔ གནོད་སྦྱིན་ཆེན་པོ་མེ་དབལ་སྐུ༔ བར་གཅོད་བགེགས་འདུལ་མཆོག་དངོས་སྩོལ༔ འཇིགས་བྱེད་ཁྲོ་བོ་ཁྱེད་ལ་བསྟོད༔ ཐུགས་ཀར་ཉི་མའི་གདན་ལ་ཧཱུྃ་ཡིག་གི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས་པར་གྱུར་པར་མོས་ལ། ཨོཾ་ཡཀྴ་ཀཱ་ལ་ཧཱུྃ་ཕཊ༔ ཅི་མང་བཟླ། མཐར་ཁྲོ་བོ་འོད་དུ་ཞུ་ནས་ཆུར་ཐིམ་པས༔ དེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་པའི་ཁྲོ་བོར་གྱུར་པས་ཕྲིན་ལས་མཛད་པར་གྱུར༔ ཅེས་བསྒྲུབ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ་སྤྱི་དང་ཁྱད་པར་བདུད་བཙན་ཀླུ་གསུམ་གྱི་གཏོར་འབུལ་ཟུར་གསལ་སྦྱར། ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་ལས་བྱང་ལྟར་གྲུབ་ནས། གཤམ་དུ་འབྱུང་བའི་དངོས་གྲུབ་ལེན་ཆོག་བརྗོད་ལ་དབང་རྫས་གནས་གསུམ་དུ་བཞག་སྟེ་ཏིང་ངེ་འཛིན་གྱི་དབང་བླང་། སློབ་མ་གཞུག་པར་གནང་བ་ནོད་པའང་བྱའོ། །དེ་ནས་དབང་བསྐུར་བ་ལ་ཟུང་དུ་མ་གྱུར་པའི་སློབ་མ་རྣམས་ལས་ཆུས་ཁྲུས་བྱ། ལས་བྱང་ལྟར་བགེགས་གཏོར་བསྔོ་བ་དང་བཀའ་བསྒོ་མཚམས་གཅོད་བྱས་ལ་སྲུང་འཁོར་བརྟན་པོ་བསྒོམ། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། ཆོས་བཤད་གང་འཚམས་མཐར་མཚམས་སྦྱོར་ཁྱད་པར། དེའང་ཁ་ཁྲ་མོན་གྱི་མཚམས༔ བོད་ཁམས་གངས་རི་རྩེ་དགུའི་ལྷོ་ཕྱོགས༔ གྱད་ཀྱི་ཡུལ་སཱ་ལའི་ཚལ་དང་ཉེ་བའི་ས་མོན་ཁ་སྤ་གྲོ་སྟག་ཚང་མི་འགྱུར་རྡོ་རྗེའི་བྲག་གི་ཕུག་པར༔ ཨོ་རྒྱན་ཆེན་པོ་པདྨ་རྒྱལ་པོ་ཉིད་བདུད་འདུལ་མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ་དུ་བཞེངས་ནས༔ མོན་བོད་གཉིས་ཀྱི་ལྷ་འདྲེ་ཐམས་ཅད་བཀའ་ནན་དམ་ལ་བཏགས་པའི་ཚེ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང༔ ཨ་ཙརྻ་སཱ་ལེ་སོགས་དག་པའི་རྗེ་འབངས་རྣམས་ཀྱིས་འདོད་ཡོན་ཚོགས་ཀྱི་མཆོད་པ་བཤམ༔ ཐུགས་སུ་བྱོན་པའི་འདོད་ཡོན་རྣམ་ལྔས་མཆོད༔ ཁྱད་པར་དུ་རཏྣའི་མཎྜལ་ལ་གཙུག་གཡུ་རིན་ཆེན་འབར་བའི་ཚོམ་བུ་བཀོད་དེ་ཕུལ་ནས༔ ལྔ་བརྒྱའི་ཐ་མར་བདུད་དང་ལོག་འདྲེན་སོགས་རྨུ་རྒོད་མ་རུངས་པའི་གདུལ་བྱ་འདུལ་བའི་གཉེན་པོར་སྒྲུབ་ཐབས་སྨིན་གྲོལ་རྫོགས་པར་གནང་བར་གསོལ་བ་བཏབ་པ་ན། སངས་རྒྱས་ཡོངས་འདུས་དྲག་པོ་རྩལ་གྱི་ཞལ་ནས་འདི་སྐད་དུ། བདག་ནི་སངས་རྒྱས་ཀུན་དང་ཁྱད་པར་དུ༔ ཆེ་མཆོག་ཧེ་རུ་ཀ་དཔལ་དབང་ཆེན་སོགས༔ རབ་འབྱམས་ཁྲོ་བོའི་མཐུ་བྱིན་འདུས་པ་སྟེ༔ སྙིང་རྗེའི་རང་སྣང་དྲག་པོའི་སྐུ་རུ་སྣང༔ ལོག་འདྲེན་བར་གཅོད་མི་འཇོམས་བྱ་བ་མེད༔ ད་ལྟའི་དུས་དང་མ་འོངས་དུས་ཀུན་དུ༔ ང་སྒྲུབས་ང་སྒོམས་ང་ཉིད་དྲན་པར་གྱིས༔ ང་ཡི་སྲོག་ཡིག་ཆུ་བོའི་གཞུང་བཞིན་ཟློས༔ བར་ཆད་བགེགས་འཇོམས་མཆོག་དངོས་ཚེ་འདིར་ཐོབ༔ དེ་ལ་ཐེ་ཚོམ་གྱུར་ན་ང་ཡིས་བསླུས༔ དེ་ཕྱིར་གཅེས་པར་ཟུངས་ལ་སྙིང་ལ་ཕུར༔ ཅེས་གསུངས་ནས་བདུད་འདུལ་རྡོ་རྗེ་དྲག་པོ་རྩལ་མ་ཧཱ་གུ་རུ་དྲག་པོར་བསྒྲུབ་པའི་སྨིན་གྲོལ་གདམས་པ་མ་བུ་ཆ་ལག་དང་བཅས་པ་རྗེ་འབངས་རྣམས་ལ༔ རྒྱས་འབྲིང་བསྡུས་གསུམ་ཁོལ་བུ་དུམ་བུ་ཁྲིགས་སུ་གདམས༔ རྗེ་འབངས་རྣམས་ཀྱིས་སོ་སོར་ཉམས་སུ་བླངས་ཤིང་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་ས་ཡི་སྙིང་པོར་གཏེར་དུ་སྦས༔ ཁྱད་པར་རྗེ་འབངས་གྲོགས་གསུམ་ལ་གདམས་པ་འདི་དང༔ ཇོ་མོའི་གསང་སྒྲུབ༔ ཡང་ཕུར་སྦྲགས་མའི་སྒྲུབ་པ་སོགས་ཁྱད་པར་བ་རྣམས་རྒྱ་ནག་སྤྲིན་ཤོག་སེར་པོའི་ངོ་གསལ་གུ་རུའི་ཤངས་མཚལ་གྱིས་བརྡ་ཡིག་འཕྲུལ་གྱི་པ་ཊ་གུ་རུ་ཉིད་ཀྱིས་ཕྱག་བྲིས་སུ་མཛད༔ རུ་དྲ་བསྒྲལ་བའི་ཙན་དན་ས་མཆོག་གིས་དྲིལ་ཤིང་བྱས༔ མཚོ་རྒྱལ་གྱི་དབུ་སྐྲས་བཅིངས༔ རྒྱལ་པོའི་མཐའ་བེར་གྱིས་གཏུམས་ལ་དྲིལ༔ གུ་རུ་ཉིད་ཀྱིས་རབ་ཏུ་གནས་པར་མཛད་ནས༔ སྦས་ཡུལ་པདྨ་གླིང་གི་བྱང་ཕྱོགས་པདྨ་སྦས་པའི་ཚལ་ལ་ལུང་གསུམ་ལྗོངས་བཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གནས་རྣམས་སུ་བཞུགས་པའི་ནང་ཚན་དྲག་པོ་ཕྲིན་ལས་ཀྱི་གནས་མཆོག །གནམ་ལྕགས་འབར་བའི་རི་ཞོལ། ཁ་རེག་མགོ་དགུའི་བདུད་མཚོར་སྦས་ནས་བདུད་མགོན་ནག་པོ་ལ་གཉེར་དུ་གཏད་པ། ཕྱིས་གདུལ་བྱ་སྤྱི་དང་ཁྱད་པར་སྦས་པའི་གནས་སུ་འཁོད་པ་རྣམས་ལ་ཕན་པའི་དུས་ཚིགས་མངོན་དུ་གྱུར་པ་ན། གུ་རུ་རིན་པོ་ཆེའི་གསུང་སྤྲུལ་རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་བཞེས་པར་གསུངས་པའི་བཅུ་གཉིས་པ། འགྲོ་འདུལ་ཆོས་རྗེ་གླིང་པའམ་ཛམ་གླིང་བདེ་བའི་རྡོ་རྗེས་སྐལ་ལྡན་ཀུན་གྱིས་མཐོང་བཞིན་པར་འགག་མེད་རྫུ་འཕྲུལ་གྱི་རོལ་པས་སྤྱན་དྲངས་ཏེ། ལུང་དོན་བཞིན་ཉིད་དང་ཐུགས་རྒྱུད་གཅིག་པའི་གཏེར་ཆེན་བསམ་གཏན་གླིང་པ། གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་སོགས་ལ་སྤེལ་ཏེ་རིམ་པར་བརྒྱུད་པའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་དེའི་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་མདུན་བསྐྱེད་དབྱེར་མ་མཆིས་པ་གུ་རུ་རྡོ་རྗེ་དྲག་པོ་རྩལ་དངོས་སུ་གསལ་བ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ རྒྱལ་བའི་ཁྱབ་བདག་རྡོ་རྗེ་དྲག་པོ་རྩལ༔ ལོག་འདྲེན་བགེགས་འཇོམས་རྡོ་རྗེ་གྲོ་ལོད་དགོངས༔ མི་མཐུན་བགེགས་ཞི་དངོས་གྲུབ་ཆེ་ཐོབ་ཕྱིར༔ གསང་བའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་སྲས་བཅས་སྐྱབས་ཀྱི་ཡུལ་དུ་གྱུར་པ་ཐམས་ཅད་བླ་མ་རྡོ་རྗེ་དྲག་པོ་རྩལ་གྱི་གསང་བ་གསུམ་ལ་རྫོགས་པར་ཤེས་པས་བྱང་ཆུབ་མ་ཐོབ་ཀྱི་བར་གཅིག་ཆོག་སྐྱབས་ཀྱི་སྙིང་པོར་བཟུང་བའི་བློས་འདིའི་རྗེས་ཟློས། ན་མོ༔ བདེ་གཤེགས་ཀུན་འདུས་སོགས་ལས་བྱང་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་མར་གྱུར་རིགས་དྲུག་སེམས་ཅན་སྤྱི་དང་ཁྱད་པར་འཁྲུལ་རྟོག་ཉོན་མོངས་ཀྱི་རང་གཟུགས་ཤར་བའི་ལོག་འདྲེན་དགྲ་བགེགས་གདུག་པ་ཅན་མཐའ་དག་དབང་དྲག་ཧེ་རུ་ཀའི་གོ་འཕང་ལ་འགོད་པའི་ཕྱིར་དུ་ཟབ་མོའི་ལམ་ལ་འཇུག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མཁའ་ཁྱབ་ཕ་མ་སོགས་གསུམ། ཁྱད་པར་དུ་གྱུར་པའི་ཚོགས་གསག་རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ་བའི་འདུན་པས་ཏིང་ངེ་འཛིན་སོ་སོར་གསལ་འདེབས་བཞིན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུ་འཐོར། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས། །གང་དུ་གནས་པའི་གོ་ས་རུ། དྲེགས་པ་རྒྱལ་བསེན་པད་ཉིའི་སྟེང༔ ཧཱུྃ་ཡིག་མཐིང་ནག་འོད་དུ་ཞུ། །ཡོངས་གྱུར་ཁྱེད་རང་ཧེ་རུ་ཀ༔ དབང་དྲག་པདྨ་སོགས་ལས་བྱང་ལྟར། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ བར་གྱིས་གསལ་བཏབ། ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ གཡུང་དྲུང་དམར་པོའི་གྲྭ་བཞི་ལ༔ ཧ་རི་ནི་སའི་ཡིག་འབྲུ་ཅན༔ ཤུགས་དྲག་འགལ་མེ་ལྟར་འཁོར་ཞིང༔ རྒྱལ་བ་རབ་འབྱམས་རྡོ་ཚན་ལ༔ ཁ་བ་བབ་བཞིན་དེ་ལ་ཐིམ༔ འབེབས་པའི་རྫས་བསྲེག །ཐོད་རྔ་སོགས་རོལ་མོ་མྱུར་དལ་སྤེལ་མས་བསྐུལ་ཏེ། ལས་བྱང་གི་བྱིན་འབེབ། ཧཱུྃ༔ ལྷོ་ནུབ་རྔ་ཡབ་དཔལ་གྱི་རི༔ སོགས་ནས། སྒྲུབ་མཆོག་འདི་ལ་དབང་སོགས་ཁ་བསྒྱུར་ལ། ཐོད་ཕྲེང་རྩལ་ཤམ་ཅན་དྲག་ཏུ་བཟླས་པས་བྱིན་ཕབ། ཡེ་ཤེས་པ་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། སུ་པྲ་ཏིཥྛ་སོགས་དང་རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག །དབང་དངོས་གཞི་ལ་བུམ་གསང་ཤེར་ཡེ་བཞི་པ་མཐའ་རྟེན་བཅས་རྣམ་པ་ལྔར་ཡོད་པ་ལས། དང་པོ་བུམ་པའི་དབང་བསྐུར་བ་ལ། རྣམ་རྒྱལ་བུམ་པ་འདི་ཉིད་ཕྱི་བུམ་པའི་རྣམ་པ་ལ་ནང་གུ་རུ་ཐོད་ཕྲེང་རིགས་ལྔ་ཁྲག་འཐུང་ཧེ་རུ་ཀའི་རྣམ་པར་བཞུགས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བས་སྦྱོར་མཚམས་ནས་བབས་པའི་བདུད་རྩིས་ལུས་གང་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྲོ་རྒྱལ་རིགས་ལྔ་ཡེ་ཤེས་ལྔ༔ བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་སྒྲིབ་དག་ནས༔ ཡེ་ཤེས་ལྔ་རུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན། བུམ་པའི་ཆུས་དབང་བསྐུར། ལུས་ཀྱི་ནང་གང་། དྲི་མ་དག །བདུད་རྩིའི་ཆུ་གྱེན་དུ་ཕྱུར་བ་ལས་ཁྲག་འཐུང་མི་བསྐྱོད་རྡོ་རྗེ་གཙོ་བོར་བཞུགས་པའི་རིགས་ལྔ་ཐོད་སྐམ་དབུ་རྒྱན་གྱི་ནང་དུ་བཞུགས་པ་གསལ་ཐོབ་ཅིག །མདུན་བསྐྱེད་གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་པདྨ་ཐོད་ཕྲེང་རྩལ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་མོས་ཤིག །བུམ་པའི་ཁ་རྒྱན་གྱི་ཐོད་ཕྲེང་རྩལ་གྱི་སྐུ་སློབ་མའི་སྙིང་གར་བཞག་ལ། ཧཱུྃ༔ བདེ་གཤེགས་གཅིག་བསྡུས་རྡོ་རྗེ་ཐོད་ཕྲེང་རྩལ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ལས་སྤྲུལ༔ རྒྱུ་མེད་རྐྱེན་མེད་པད་སྡོང་གེ་སར་ལས༔ རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་སྐུར་ཅིག༔ པདྨ་ཐོད་ཕྲེང་ཐུགས་རྗེའི་བྱིན་རླབས་ཀྱིས༔ མཁའ་ཁྱབ་འགྲོ་བ་སྒྲོལ་བའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཡེ་གཉིས་མེད་དུ་གྱུར་པའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་ཕྱག་གཡས་སུ་རྡོ་རྗེ་རྩེ་དགུ་དང་ཁྱུང་། གཡོན་དུ་ཕུར་པ་དང་ལྕགས་སྡིག་གཏད་པས་འཁོར་འདས་ཀྱི་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་ནོན་པའི་མཐུ་སྟོབས་རྩལ་ཆེན་རྫོགས་པར་མོས་ཤིག །ཕྱག་མཚན་སོ་སོར་གཏད་དེ། ཧཱུྃ༔ རྡོ་རྗེ་རྩེ་དགུ་ཐེག་པ་དགུ་རུ་རྫོགས༔ རྡོ་རྗེ་ཕུར་པས་ལོག་འདྲེན་སྙིང་ལ་གཟིར༔ ལྕགས་སྡིག་བྱ་ཁྱུང་རྒྱལ་བསེན་ས་བདག་འདུལ༔ ཁྲོ་རྒྱལ་ནུས་མཐུ་ལྡན་པའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྱེད་རང་གི་སྐུའི་གནས་རྣམས་སུ་བྱུགས་པའི་རྩི་གསུམ། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས་ལ་སོགས་པ་དུར་ཁྲོད་ཆས་ཆེན་རྣམས་ཀྱིས་མངའ་གསོལ་བས་ཆེ་བཙན་འགྲན་ཟླ་བྲལ་བར་གྱུར་པའི་མོས་པ་མཛོད། ཙཀ་ལི་བགོ་བའི་ཚུལ་བྱ་ཞིང་ལག་ཏུ་གཏད་ལ། ཧཱུྃ༔ ཐལ་ཆེན་རཀྟ་ཞག་གི་སོར་རིས་དང༔ ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང༔ ཐོད་ཕྲེང་སྦྲུལ་ཆུན་མེ་དཔུང་དུར་ཁྲོད་ཆས༔ ཆེ་བའི་ཡོན་ཏན་རྫོགས་པའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་གསང་བ་རྡོ་རྗེའི་འབྲུ་གཅིག་པ་གཞོམ་མེད་ཧཱུྃ་གི་སྤྲོ་བསྡུའི་དབང་བསྐུར་བས་ཕྱི་ནང་འཁྲུལ་པའི་རྟོག་ཚོགས་དུག་ལྔ་ཕུང་པོ་ལྔའི་ཆོས་རྣམས་ཡེ་ཤེས་ལྔ་དང་སྐུ་ལྔའི་རང་བཞིན་དུ་རྣམ་པར་གྲོལ་བར་མོས་ལ་སྤྲོ་བསྡུའི་དམིགས་པ་གཞུང་ཚིག་ལྟར་གསལ་ཐོབ་ཅིག །ཧཱུྃ་ལྔའི་ཙཀ་ལི་གནས་ལྔར་བཞག་ཅིང་དབྱངས་དང་བཅས། བཀྲམ་པའི་དཀྱིལ་འཁོར་སྤྱི་བོ་དང༔ མགྲིན་སྙིང་ལྟེ་གསང་གནས་ལྔ་ནས༔ དཀར་དམར་མཐིང་སེར་ལྗང་བའི་ཧཱུྃ༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་ལྡིར༔ སློབ་བུའི་གནས་ལྔར་སིབ་སིབ་ཐིམ༔ ཅེས་དང་ཧཱུྃ་ལྔ་སྦྲེལ་བའི་དབྱངས་བྱ། དེ་ལས་རང་གདངས་ཧཱུྃ་ལྔ་ལྡན༔ སྟོང་ཁམས་གང་སྤྲོས་ཧཱུྃ་སྒྲས་ཁྱབ༔ སྲིད་བཅུད་ཧཱུྃ་གི་ངོ་བོར་སྦྱངས༔ འུབ་འདུས་བདག་ཐིམ་ཧཱུྃ་ལ་འདྲིལ༔ གོང་བཞིན་ཧཱུྃ་དབྱངས་བྱ། དེ་ཡང་གྱེན་རྫོགས་ནམ་མཁར་ཡལ༔ གནས་ལུགས་ངང་ལ་ཅི་གནས་ཞོག༔ ཅེས་བརྗོད་ལ་ཉམས་ཀྱི་རང་ངོ་བསྐྱང་དུ་གཞུག །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ། བླ་མ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ་དང་ཡུམ་བདུད་འདུལ་དྲག་མོ་མཉམ་པར་སྦྱོར་བའི་བདེ་སྟོང་བྱང་སེམས་བདུད་རྩིའི་རྒྱུན་དུང་ཆེན་གྱི་བཅུད་དང་རོ་གཅིག་ཏུ་འདྲེས་པ་མགྲིན་པར་མྱང་བར་མོས་མཛོད། ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ འདས་པའི་སངས་རྒྱས་ཐམས་ཅད་ཀྱིས༔ བྱང་ཆུབ་སེམས་དཔར་དབང་བསྐུར་ལྟར༔ དེ་བཞིན་དུ་ནི་བུ་ཁྱོད་ལ༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་དེ་ཉིད་མགྲིན་པ་ནས་འཕེལ་བས་ཁྱེད་རང་གི་ཕུང་པོ་ལྷའི་ངོ་བོར་བཞུགས་པ་རྣམས་ཚིམས་ནས། རྩ་གནས་བདེ་བ་ཆེན་པོས་ཁྱབ། རང་བཞིན་བརྒྱད་ཅུའི་རྟོག་པ་འོད་གསལ་དུ་ཐིམ་པར་མོས་ཤིག །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བླ་མས་པདྨ་ཅན་གྱི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་ཁྱེད་རང་ལ་གཏད་པའི་མོས་པ་མཛོད། རིག་ཙཀ་གཏད་ལ། ཧོ༔ གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས༔ བསྟེན་བྱར་རྒྱལ་བ་རྣམས་ཀྱིས་བསྔགས༔ འཁོར་ལོའི་རིམ་པར་སྦྱོར་བ་ཡིས༔ དམ་པའི་བདེ་བ་མྱོང་བར་གྱིས༔ བྷཉྫ་མོཀྵ་ཧཾ༔ ཁྱེད་རང་ཆེ་མཆོག་རྡོ་རྗེ་དྲག་པོ་རྩལ་དང་གཏད་པའི་རིག་མ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཧཱུྃ་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་བསམ་པ་ནི་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། དེ་ལྟར་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་གསང་བའི་བར་དུ་བབས་པས་ཡས་བབས་ཀྱི་དགའ་བ་བཞི་དང་། སླར་སྤྱི་བོའི་བར་དུ་ལྡོག་པས་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བས་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་ཁྱབ་ཅིང་བརྟན་པའི་མོས་པ་མཛོད། དེ་ལྟར་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་ནི། སྔར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་བདེ་བའི་ཡེ་ཤེས་དེ་ཉིད་མཚོན་བྱེད་དཔེའི་ཡེ་ཤེས་སུ་བྱས་ནས། འདིར་མཚོན་བྱ་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་ཡིན་པས། བདེ་སྟོང་ཟུང་འཇུག་གི་རང་ངོར་ལྟོས་ལ་རིག་སྟོང་ཀ་དག་ཁྱབ་གདལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག ཧཱུྃ༔ ནམ་མཁའ་གང་བའི་བདེ་ཆེན་པོ༔ མི་རྟོག་རྡོ་རྗེར་རྟོགས་པར་བྱ༔ བློ་འདས་ཆོས་སྐུའི་ངང་ལ་བཞག༔ སྨྲ་བསམ་བརྗོད་འདས་ཡེ་ཤེས་ཡུལ༔ དྷརྨ་ཀཱ་ཡ་སྭ་བྷཱ་བ་ཛྙཱ་ན་ཧོ༔ ད་ལྟའི་སེམས་ཉིད་བཟོ་མ་བཅོས་པ་འདི་ཀ་བློ་བྲལ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ལ་བསམ་བརྗོད་སྤྲོས་བྲལ་གྱི་ནམ་མཁའ་ལྟ་བུའི་ངོ་བོ་སྐྱོངས་ཤིག །ཅེས་ཅུང་ཟད་མཉམ་པར་འཇོག །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་མཐའ་རྟེན་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། དཔལ་གྱི་གཏོར་མ་འདི་ཉིད་བདུད་འདུལ་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་དུ་གསལ་བ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ལ་བརྟེན་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་སྒོ་གསུམ་ལ་བྱིན་གྱིས་རློབ་པའི་མོས་པ་གྱིས་ཤིག །དཔལ་གཏོར་གནས་ལྔར་བཞག་ལ། ཧཱུྃ༔ བདེ་གཤེགས་འདུས་པ་རྡོ་རྗེ་དྲག་པོ་རྩལ༔ ཆོས་དབྱིངས་དང་ལས་ཁྲོ་རྒྱལ་སྐུར་སྟོན་པ༔ དེང་འདིར་སྐལ་ལྡན་བུ་ལ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་པའི་དབང་མཆོག་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཏོར་མ་སླར་ཡང་སྤྱི་བོར་བཞག་ལ་བརྒྱུད་པའི་མཚན་བཤར་དང་འབྲེལ་བར་འདོད་གསོལ་རྒྱས་པར་སྤྲོས་ཀྱང་ཆོག །བསྡུ་ན། བདུད་འདུལ་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་ལྷ་ཚོགས་འཁོར་དང་བཅས་པས་སློབ་མ་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། མཐར་གཏོར་མའི་ལྷ་ཚོགས་བདུད་རྩི་འོད་ཟེར་གྱི་ངོ་བོར་ཞུ་བ་ཁྱེད་རང་རྣམས་ཀྱིས་མྱང་བ་ལ་བརྟེན་ཏེ་གཉིས་མེད་དུ་གྱུར་པའི་མོས་པའང་མཛོད། བྱས་ལ་གཏོར་ཟན་དང་བདུད་རྩི་བསྲེས་པའི་དུམ་བུ་སྦྱིན། སྐབས་འདིར་ཐུན་མོང་མ་ཡིན་པའི་དཔོན་སློབ་ནུས་ཡུལ་འཛོམ་ན་སྡེ་བརྒྱད་སྲོག་དབང་གུད་སྦས་ལྟར་སྦྱིན། ཐུན་མོང་བ་ཙམ་ལ་ནི་བྱར་མི་རུང་ངོ་། །དེ་ལྟ་བུའི་དབང་གི་བྱིན་རླབས་དེ་ཉིད་རྒྱུད་ལ་བརྟན་པར་བྱ་ཕྱིར་ནམ་མཁའ་གང་བའི་རྒྱལ་བ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །བྱས་ལ་མེ་ཏོག་འཐོར་ཞིང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད། དེ་དག་གིས་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་ཆོས་རྗེ་གླིང་པའི་ཟབ་གཏེར་ལས་བྱོན་པའི་བདུད་འདུལ་དྲག་པོ་རྩལ་གྱི་དབང་བསྐུར་བ་རྫོགས་པར་གསན་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ནས། སྤྱི་ལྟར་དམ་ཚིག་བསྒོ་བ། གཏང་རག །ལུས་དབུལ། དགེ་བསྔོ་བཅས་བྱས་པས་སློབ་མའི་བྱ་བ་འགྲུབ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ལས་བྱང་ལྟར་བྱས་པས་གྲུབ་པ་ཡིན་ནོ། །གདམས་པའི་ནང་ནས་མཐར་ཐུག་གལ་མདོ་སྟེ། །པདྨའི་སྲོག་སྒྲུབ་ཀུན་གྱི་ཐིག་ལེར་བསྔགས། །གང་འདིར་སྲི་ཞུ་བགྱིས་མཐུས་ཚེ་རབས་ཀུན། །བདུད་འདུལ་དྲག་པོའི་རྣལ་འབྱོར་མཆོག་འགྲུབ་ཤོག །ཚུལ་འདི་ལ་གཏེར་ཆེན་ཉིད་ཀྱིས་མཛད་པའི་བྱིན་རླབས་ཉུང་ངུ་ཙམ་ལས་དབང་ཆོག་ཡོངས་རྫོགས་ནག་འགྲོས་སུ་བཀོད་པ་མི་སྣང་བས་དཔེ་ཁྱེར་མཁན་པོའི་བྱ་སླའི་ཆ་རྐྱེན་དུ་པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཡཀྴ་ཛམ་བྷ་ལ་ལྗང་གུའི་གཏོར་འབུལ་འདོད་རྒུའི་སྙིང་པོ་ (Volume 50, Text 51)
ཡཀྴ་ཛམ་བྷ་ལ་ལྗང་གུའི་གཏོར་འབུལ་འདོད་རྒུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷི། བྱང་གཏེར་ཐུགས་སྒྲུབ་ལས་བྱུང་བའི་ཛཾ་ལྷ་ལྗང་གུའི་གཏོར་མ་འབུལ་བའི་ཚུལ་ནི། སྔ་དྲོའམ་དགོང་མོའི་ཆར་རིན་པོ་ཆེའི་སྣོད་གཙང་མར་འབྲས་ཟན་དང་དཀར་གསུམ་མངར་གསུམ་གྱི་གཏོར་མ་རྒྱ་ཆེན་པོ་བཤམས་ལ་ཆབ་ཀྱིས་བྲན། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཏྲཱཾ་ལས་རིན་པོ་ཆེའི་སྣོད་དུ་ཨ་ལས་གཏོར་མ་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་གྱུར། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་བརླབ། ཕྱག་ན་རྡོ་རྗེའི་བདག་བསྐྱེད་རྒྱས་པར་བསྒོམ་པའམ་བསྡུ་ན། རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་མཛད་པ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་པད་ཉིའི་གདན་ལ་ཞབས་དོར་སྟབས་ཀྱིས་བཞུགས་པའི་སྐུར་གྱུར། དེའི་ཐུགས་ཀའི་ས་བོན་ལས་མདུན་དུ་པཾ་གྱི་ཡི་གེ་མཆེད་པས་པདྨ་དང་ཨ་ལས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་སྟེང་གི་ཕྱོགས་སུ་འཕྲོས་པས། ལྷ་དབང་བརྒྱ་བྱིན་ཁང་བཟང་གི་བྱང་ཕྱོགས་གནོད་སྦྱིན་རོལ་པའི་གཞལ་ཡས་ནས་ནོར་གྱི་བདག་པོ་ཡཀྴ་ཛམ་བྷ་ལ་སྤྱན་དྲངས་པར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སཏྭཾ། མདུན་དུ་པད་ཟླའི་གདན་སྟེང་དུ། །དགྱེས་པའི་ཚུལ་གྱིས་བཞུགས་པ་ནི། །གནོད་སྦྱིན་ཆེན་པོ་ཛམ་བྷ་ལ༔ སྐུ་མདོག་ལྗང་གུ་ཨིནྡྲའི་མདོག༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན༔ གཡོན་པ་ནེའུ་ལེ་ནོར་སྐྱུག་བསྣམས༔ རྒྱལ་པོ་རོལ་པའི་གར་སྟབས་ཀྱིས༔ འགྲོ་ལ་ཐུགས་རྗེས་བཞེངས་ནས་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ སྐུ་ལས་འོད་ཟེར་བྱེ་བ་འཕྲོ༔ གཟི་བརྗིད་མདངས་དང་ལྡན་པར་གསལ༔ ཞེས་བརྗོད་ཅིང་གསལ་གདབ། མདུན་གྱི་ལྷའི་ཞལ་ནས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་བསམ་ལ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་ཨི་དཾ་བ་ལིཾ་ཏ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ལན་བདུན་གྱིས་ཕུལ། ཨོཾ་ཡཀྴ་ཛམ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ༔ ཕྲིན་ལས་རིག་མཆོག་དཔལ་དང་ལྡན༔ སྐུ་མདོག་ལྗང་ཁུ་འོད་ཟེར་འཕྲོ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དོན་ཡོད་གྲུབ་པ་དབུ་ལ་བཞུགས༔ ཞི་མ་ཁྲོ་བའི་ཆ་ལུགས་ཅན༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་བསྣམས༔ གཡོན་པ་ནེའུ་ལེ་ནོར་སྐྱུག་འཛིན༔ འགྱིང་བའི་ཚུལ་འཆང་གསུས་ཁྱིམ་ཆེ༔ ཞབས་གཉིས་བརྐྱང་བསྐུམ་བརྗིད་པའི་ཚུལ༔ པདྨ་ཟླ་བའི་གདན་སྟེང་དུ༔ གནོད་སྦྱིན་ནོར་བདག་ཕོ་མོ་གཉིས༔ བརྗིད་པའི་གདན་ལ་བརྟན་པར་བཞུགས༔ ནམ་མཁའི་མཛོད་ལ་མངའ་བརྙེས་པ༔ སྲིད་པ་གསུམ་གྱི་བཅུད་ལེན་ཞིང༔ འབྲུ་བཅུད་སྡུད་པའི་བདག་ཉིད་ཅན༔ ཁྱོད་ལ་བསྟོད་ཅིང་མཆོད་པ་ལ༔ ཕྲིན་ལས་གྲུབ་པའི་དངོས་གྲུབ་སྦྱིན༔ ཡཀྴ་གནོད་སྦྱིན་ཛམ་བྷ་ལ༔ ཕྲིན་ལས་སྒྲུབ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། གནོད་སྦྱིན་དབང་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པས་ཕྲིན་ལས་གསོལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཛཿཧཱུྃ་བཾ་ཧོཿ མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པས་རང་ཉིད་མཐུ་སྟོབས་ནུས་པ་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་བསྔོ་སྨོན་དང་། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད། གཏོར་མ་ལས་ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་རོལ་ཞིང་། ལྷག་མ་མཛོད་ཀྱི་ཕུགས་སོགས་སུ་བཞག་པས་ལོངས་སྤྱོད་དབྱར་གྱི་ཆུ་གཏེར་ལྟར་རྒྱས་པར་འགྱུར་རོ། །ཞེས་བྱང་གཏེར་གཞུང་རྩ་བའི་དགོངས་དོན་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།
རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ (Volume 5, Text 51)
རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎེ་བྷྱཿ ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང་། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་དཔོན་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བཻ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་ལྷ། ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བསྐལ་བཟང་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་རྫོགས་སངས་རྒྱས། །གང་འདུལ་སྤྲུལ་པའི་སྐུར་སྣང་མཐའ་ཡས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །འགོག་དང་ལམ་གྱི་བདེན་པས་བསྡུས་པ་ཡི། །ཞི་བ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །རིམ་དགུའི་ཐེག་པའི་སྡེ་སྣོད་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །མ་ཕམ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ཀུན་ཏུ་བཟང་སོགས་ཐེག་ཆེན་སེམས་དཔའ་དང་། །ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། ༈ །གསོལ་བ་འདེབས་སོ་དཀོན་མཆོག་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སོལ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྙིང་ནས་གདུང་ཤུགས་དྲག་པོས་རྗེས་དྲན་ཅིང་། །རྩེ་གཅིག་གུས་པས་ཕྱག་འཚལ་མཆོད་པ་འབུལ། །དད་པས་སྐྱབས་མཆི་འབངས་སུ་དམ་བཅའ་ན། །དེང་ནས་བཟུང་སྟེ་ཐུགས་རྗེས་བསྐྱང་དུ་གསོལ། །བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་བྱང་ནས། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་རྒྱས། །གཞན་རྒྱུད་མཁའ་ཁྱབ་གདུལ་བྱ་སྨིན་ཅིང་གྲོལ། །རྒྱལ་ཀུན་ཕྲིན་ལས་རྫོགས་པར་བྱིན་གྱིས་རློབས། །རིས་མེད་ཐུབ་བསྟན་སྒྲོན་མེ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པའི་དཔལ། །ཕྱོགས་མཐར་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །སྣོད་བཅུད་ཐམས་ཅད་སྙིགས་མའི་རྒུད་པ་ཞི། །བདེ་སྐྱིད་ཆོས་ལྡན་འབྱོར་པ་ངང་གིས་འཕེལ། །ཀུན་ཀྱང་ཐེག་མཆོག་སྙིང་པོའི་སྒོར་ཞུགས་ནས། །སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་བསྒྱུར་ནས། །རང་གཞན་ཕན་བདེར་འགོད་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་བདག་ཉིད་སྐྱབས་གནས་ཁྱེད་རྣམས་ཀྱིས། །རྟག་ཏུ་རྗེས་བཟུང་བྱིན་གྱིས་རློབ་པ་དང་། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་བཏོན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་ས་དཱ་སརྦ་སུ་ཤྲཱི་ཡ་སྶིདྡྷཾ་བྷ་བ་ཏུ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རཀྴ་ཐོད་ཕྲེང་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བདུད་འཇོམས་ཞུན་ཐིགས་ (Volume 45, Text 52)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རཀྴ་ཐོད་ཕྲེང་གི་ཕྲིན་ལས་དང་དབང་བསྐུར་བཀླག་ཆོག་ཏུ་བཀོད་པ་བདུད་འཇོམས་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་རཀྴ་ཧེ་རུ་ཀ་ཡ། ཡེ་ཤེས་དབྱིངས་ལས་འབར་བའི་སྐུ །བདུད་དགྲ་དམ་སྲིའི་གཤེད་པོ་ཆེ། ཁྲག་འཐུང་རྒྱལ་པོས་ཕྱི་ནང་གི །བགེགས་ཚོགས་ཀུན་ཆོམས་བྱིན་རླབས་སྩོལ། །འདིར་གློ་བུར་ཀེག་སྲི་བར་གཅོད་ཀྱི་གཉེན་པོ་རྡོ་རྗེ་སྲིན་པོ་རཀྴ་ཐོད་ཕྲེང་རྩལ་གྱི་ལས་རིམ་ལ་འཇུག་པ་ལ་ཉེ་བར་མཁོ་བ་གཉིས་ཏེ། ཕྲིན་ལས་དང་དབང་བསྐུར་རོ། །དང་པོ་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་གནས་ཁང་གི་ཕུགས་ལོགས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ། ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་ཁྲག་ཆང་གིས་སྦྲུས་པའི་ཟན་ལ་གཏོར་མ་ཟུར་གསུམ་བརྗིད་ལྡན་མཐེབ་ཀྱུ་བཅུས་བསྐོར་བ་མེ་རིའི་རྒྱན་ལྡན་སྤོད་ཀྱིས་བྲན། སྐུ་ཙཀ་དང་དར་གདུགས་སྨུག་ནག་ཕུབ་པའི་གཡས་གཡོན་དུ་སྨན་རཀ །མདུན་དུ་དྲག་མཆོད་བཅས་སྟེགས་གཙང་མར་བཀོད། གཏོར་ཚོགས་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། བརྒྱུད་པའི་གསོལ་འདེབས་དང་། གཞི་གནས་བདག་པོར་དཀར་གཏོར་གསེར་སྐྱེམས་འབུལ། སྐྱབས་འགྲོ་ནི། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། ཧོ༔ མ་གྱུར་སེམས་ཅན་མཐའ་དག་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། རྒྱུན་བཤགས་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་བརྗོད་ལ་ཚད་མེད་བཞིའང་བསྒོམ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་སྲིན་པོའི་སྐུར་གྱུར། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་གྱིས་བརླབ། སརྦ་བྷུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོའི་ཚོགས༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་རྡོ་རྗེའི་མཚོན་ཆར་གྱིས༔ དྲག་ཤུལ་རྡོ་རྗེའི་རོལ་པས་ཚར་གཅད་དོ༔ ཞེས་དང་དྲག་སྔགས་རོལ་མོས་མཚམས་བཅད། སྲུང་འཁོར་ནི། ཧཱུྃ་ཧྲཱི༔ བདག་ཉིད་དཔལ་ཆེན་པདྨ་དབང་གི་སྐུ༔ འཁོར་འདས་ཐམས་ཅད་གསང་གསུམ་ཕྱག་རྒྱར་རྫོགས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་སརྦ་ཀྲོ་དྷ་ཏཱི<!TCC Tibetan character 4,200 undefined in unicode!>ཥྞ་ཛྭ་ལ་རཾ་རཾ་དྷརྨ་དྷཱ་ཏུ་ཛྙཱ་ན་ཤུདྡྷེ་ཨ༔ རཀྵ་རཀྵ་ཧཱུྃ་ཕཊ༔ ནོངས་བཤགས་ནི། ཧོ༔ བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་ལ༔ འཁྲུལ་པའི་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ ལོག་པའི་ལམ་དུ་གོལ་པའི་ནོངས་པ་ཀུན༔ གཉིས་མེད་བློ་ལས་འདས་པའི་ངང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བྱིན་དབབ་པ་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རྩ་གསུམ་ཀུན་འདུས་རཀྴ་ཐོད་ཕྲེང་རྩལ༔ བདུད་འདུལ་ཁྲོ་བོ་སྤྲུལ་འཁོར་ཕོ་ཉར་བཅས༔ སྔོན་གྱི་ཞལ་བཞེས་ཐུགས་དམ་མ་གཡེལ་བར༔ ཕྱི་ནང་གསང་བའི་དཀྱིལ་འཁོར་དམ་རྫས་ལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ སྒྲུབ་མཆོག་རྣམས་ལ་དབང་སྐུར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ། མེ་རླུང་ཆུ་ཡིས་དངོས་འཛིན་རྟོག་སྒྲིབ་སྦྱངས། །སྟོང་པའི་ངང་ལས་གསང་ཆེན་རོལ་པའི་ཞིང་། །ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས། །ཕུང་ཁམས་སྐྱེ་མཆེད་གདོད་ནས་རྣམ་དག་པ། །དུར་ཁྲོད་དྲག་པོའི་རྫས་སུ་བྱིན་གྱིས་བརླབ། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ། ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། ལན་གསུམ་གྱིས་སྦྱང་རྟོགས་སྤར་རོ། །གཉིས་པ་དངོས་གཞིའི་ལས་རིམ་ལས། དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ དམིགས་མེད་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྱིས་གྲུབ་པའི་རིག་རྩལ་ལས༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ནག༔ མཁའ་ལ་ཉི་མ་བཞིན་དུ་ཤར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཕྱི་སྣོད་དུར་ཁྲོད་རོལ་པའི་ཞིང༔ ཁྲག་འཐུང་ལྷ་ཚོགས་ཕོ་བྲང་དབུས༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ བྷྲཱུྃ་ལས་བདུད་འདུལ་མཆོད་རྟེན་ནི༔ ཡངས་ཤིང་རྒྱ་ཆེ་མཚན་ཉིད་རྫོགས༔ དེ་ཕྱིར་འཁོར་ལོ་རྩིབས་བཅུ་གསུམ༔ ལྟེ་བ་མི་གཡོ་རྩིབས་རྣམས་ཀུན༔ ཤུགས་དྲག་འཁོར་བའི་ཁོང་གསེང་དུ༔ རྡོ་རྗེའི་སྔགས་ཀྱི་ཡི་གེས་མཚན༔ དེ་ལས་རྡོ་རྗེའི་ཚྭ་ཚྭ་དང༔ མེ་འོད་འཕྲོས་པས་ཕྱོགས་ཀུན་ཁྱབ༔ གཞོམ་མེད་སྲུང་བའི་གུར་ཁང་ཆེར༔ ལས་ཀྱི་ཁྲོ་ཚོགས་རླུང་ལྟར་འཚུབས༔ མཆོད་རྟེན་ཏོག་ཟླུམ་འོད་ལྔའི་ཀློང༔ རྩ་བརྒྱུད་བླ་མའི་སྤྲིན་ཕུང་འཕྲོ༔ བཅུ་གསུམ་གདུགས་ཀྱི་ནང་ཁོངས་སུ༔ བཅོམ་ལྡན་ཤཱཀྱ་སེང་གེ་སོགས༔ སངས་རྒྱས་བྱང་སེམས་བསམ་མི་ཁྱབ༔ བྲེ་ནང་རྒྱུད་སྡེ་ཆེན་པོ་བཞིའི༔ དཀྱིལ་འཁོར་ཞི་ཁྲོ་རབ་འབྱམས་བཞུགས༔ བུམ་པ་ཡངས་ཤིང་རྒྱ་ཆེའི་དབུས༔ སྟེང་འོག་འཁོར་ལོ་རྩིབས་དྲུག་པའི༔ ལྟེ་བར་པད་ཉི་དམ་སྲིའི་སྟེང༔ ཧཱུྃ་ལས་བདག་ཉིད་སྐད་ཅིག་གིས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ དྲག་ཏུ་ཁྲོས་པ་སེང་གེའི་སྒྲ༔ དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ཆེ་ཡན་ལག་ཤིན་ཏུ་རགས༔ ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྟག་ཤམ་རུས་པའི་ཕྱག་རྒྱས་སྤྲས༔ ཐོད་པའི་ཕྲེང་བ་ག་ཤལ་མཛད༔ མཐིང་འོད་འབར་མ་ནམ་མཁའི་མདོག༔ གྲི་ཐོད་འཛིན་པས་ཡབ་ལ་འཁྱུད༔ ཞབས་ཟུང་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ རབ་ཁྲོས་གར་དགུའི་ཉམས་ཀྱིས་རོལ༔ སྟེང་འོག་ཕྱོགས་མཚམས་མེ་ཕུང་ཀློང༔ བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ༔ སྐུ་མདོག་དུས་མཐའི་མེ་ལྟར་འབར༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ སྲི་ངན་འབྱུང་པོ་སྲུང་ཞིང་ཟློག༔ གཡོན་པས་གནམ་ལྕགས་ཕུར་པ་འདྲིལ༔ དམ་སྲི་གདུག་པ་གཟིར་ཞིང་གསོད༔ སྐུ་སྨད་ཕུར་པའི་དབལ་རྣོན་པོས༔ ཕྱོགས་བཅུའི་དགྲ་སྲིའི་སྙིང་ལ་འབིགས༔ ཞལ་ནས་ཧཱུྃ་ཆེན་སྔགས་ཀྱི་སྒྲས༔ ཁམས་གསུམ་འབྱུང་པོ་འདར་ཞིང་འདུད༔ ཁྲོ་བོ་ཆེན་པོའི་ཆས་ཀུན་རྫོགས༔ འཁོར་ལོ་གཉིས་ཀྱི་བར་སྣང་དང༔ སྟེང་འོག་རྩིབས་ལ་སྔགས་བཅུ་གསུམ༔ མེ་ཕུང་འབར་ཞིང་རང་སྒྲ་སྒྲོག༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ འབྲུག་སྟོང་ལྡིར་བ་ལྟ་བུར་བསམ༔ སེང་ཁྲིའི་ནང་གི་ཕྱོགས་མཚམས་སུ༔ ཆོས་སྲུང་ཕོ་མོ་མ་ནིང་སྡེ༔ ཅི་བགྱིའི་བཀའ་ཉན་ལས་བྱེད་ཕྱིར༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འདྲིལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་གྱི༔ ཡི་གེ་གསུམ་ལས་འོད་འཕྲོས་པས༔ རབ་འབྱམས་དག་པའི་ཞིང་ཁམས་ནས༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ ཆར་ལྟར་བབས་ནས་གཉིས་མེད་ཐིམ༔ ཡེ་ཤེས་གཟི་བྱིན་ཆེར་འབར་གྱུར༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ༔ འོག་མིན་ཆོས་དབྱིངས་མེ་རི་འབར་བ་དང༔ དབང་དྲག་པདྨ་འོད་ཀྱི་ཕོ་བྲང་ནས༔ དུས་གསུམ་བདེ་གཤེགས་བླ་མ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ཀུན༔ སངས་རྒྱས་འདུས་པའི་ཕྲིན་ལས་སྲིན་པོའི་རྒྱལ༔ རིག་འཛིན་རྩལ་འཆང་རཀྴ་ཐོད་ཕྲེང་ཆེ༔ གཙོ་འཁོར་སྤྲུལ་པར་བཅས་པའི་སྐུར་བཞེངས་ལ༔ དུར་ཁྲོད་དྲག་པོའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རཀྴ་ཐོད་ཕྲེང་རྩལ་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང༔ ཙཀྲ་འབར་བའི་གཞལ་ཡས་ན༔ རཀྴ་ཐོད་ཕྲེང་འཁོར་དང་བཅས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་དང་མཆོད་པ་བྱ་བ་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དྲག་པོའི་མཐུ་རྩལ་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་འཛིན་ཀྱང་འཇིགས་པའི་ཕོ་བྲང་དུ༔ དགྲ་བགེགས་བསྒྲལ་པའི་ཁྲག་གི་མཆོད་ཡོན་དང༔ དབང་པོའི་མེ་ཏོག་ཚིལ་གསུར་བདུག་པའི་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་རྫིང༔ ཤ་རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ བྱང་སེམས་དཀར་དམར་བདུད་རྩི་རཀྟའི་མཚོ༔ ཕུང་པོ་མ་ཚང་མེད་པའི་གཏོར་མ་ཆེ༔ རྨད་དུ་བྱུང་བའི་དམ་རྫས་རྒྱ་ཆེན་པོས༔ བླ་མ་དྲག་པོ་འཁོར་བཅས་ཐུགས་དམ་བསྐང༔ དགྱེས་པར་བཞེས་ལ་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་པུཥྤེ་སོགས། ཤབྡ་བོ་དྷི་ཙིཏྟ་མ་ཧཱ་རཀྟ་མཱཾ་ས་བ་ལིཾ་ཏ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་དྲག་པོ་མེ་རླུང་འཚུབས་པའི་ཀློང༔ དཔལ་ཆེན་ཁྲོ་རྒྱལ་རཀྴ་ཐོད་ཕྲེང་རྩལ༔ སངས་རྒྱས་འདུས་པའི་ཕྲིན་ལས་སྲིན་པོའི་རྒྱལ༔ ཁྱབ་བདག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ངང་ཉིད་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་ཁྲོས་པའི་སྐུ༔ ཁྲོ་བཅུའི་ཚུལ་སྣང་ཕྱག་རྒྱའི་སྤྲིན་འཕྲོ་བ༔ ཁྲག་འཐུང་འཁོར་ལོས་སྒྱུར་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་རོལ་པའི་བདག་ཉིད་དཔལ་ཆེན་ལྷ༔ རིགས་ཀྱི་ཚོམ་བུ་སྤྲུལ་འཁོར་མཐའ་ཡས་ཤིང༔ རྒྱུད་གསུམ་དྲེགས་པའི་དམག་དཔུང་རླུང་ལྟར་འཚུབས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཛཔ྄་བཟླ་བ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ་ནས། བསྙེན་པ་ནི། ཐུགས་ཀར་པདྨ་ཉི་མའི་སྟེང༔ གནམ་ལྕགས་རྡོ་རྗེའི་ལྟེ་བར་ཧཱུྃ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་མཆོད༔ སྡེ་བརྒྱད་འབྱུང་པོ་ལས་ལ་གཟིར༔ སྲིད་གསུམ་བརྟན་གཡོའི་སྣང་ཆ་ཀུན༔ ཐམས་ཅད་མ་བཅོས་རྩ་བའི་ལྷ༔ འཆོལ་བའི་ཁྲོ་རྒྱལ་ཆེན་པོར་བཞེངས༔ སྒྲ་གྲགས་ཧཱུྃ་གི་རང་སྒྲ་དང༔ དྲན་རྟོག་ཀ་དག་སྤྲོས་བྲལ་དབྱིངས༔ རིག་པ་ཡེ་ཤེས་ཐིག་ལེར་འཁྱིལ༔ ཞེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་པས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཅེས་འབུམ་ཕྲག་བཅུའམ་བཅུ་གཅིག་བཟླ། སྒྲུབ་པ་ལ་གཉིས་ལས་སྤྱིར་བསྟན་པ་ནི། རིག་འཛིན་རཀྴ་ཐོད་ཕྲེང་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་མེ་ཕུང་ཁྱུང་གི་ཚྭ་ཚྭ་དང༔ སྤྲུལ་པ་ཡང་སྤྲུལ་འཇིག་རྟེན་ཁྱབ་པར་འཕྲོས༔ ཁམས་གསུམ་སྡེ་བརྒྱད་དྲེགས་པ་ལས་ལ་བཀོལ༔ དམ་སྲི་འབྱུང་པོའི་དཔུང་ཚོགས་ཐལ་བར་བརླག༔ ཐམས་ཅད་རིག་རྩལ་ཀ་དག་ཟང་ཐལ་ངང༔ ཚུར་འདུས་བདག་ཐིམ་ནུས་སྟོབས་འགྲན་བྲལ་གྱུར༔ ཅེས་དམིགས་ལ་གོང་གི་སྙིང་པོ་བཟླ། ཁྱད་པར་བ་ནི། རང་གི་ཐུགས་ཀར་འོད་ཀྱི་ཀློང༔ ཕ་ལམ་ལས་གྲུབ་རྡོ་རྗེའི་ལྟེར༔ རླུང་སེམས་གཉིས་མེད་ཧཱུྃ་མཐིང་གའི༔ ཐིག་ལེའི་དབུས་སུ་བླ་མ་དང༔ ཁོག་པར་བསྲུང་བྱའི་གཙོ་བོ་སྟེ༔ མཐའ་སྐོར་བསྲུང་བྱ་གཞན་རྣམས་ཀུན༔ མངོན་སུམ་ལྟ་བུར་གསལ་བའི་མཐར༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་ཐུགས་སྲོག་སྔགས་ཕྲེང་ལས༔ ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ༔ ལྕགས་ཀྱུ་ཐོགས་པ་དཔག་མེད་འཕྲོས༔ སྲི་རྣམས་དབང་མེད་བཀུག་བྱས་ཏེ༔ ཕྱི་རོལ་འཁོར་ལོའི་རྩིབས་བར་ཚུད༔ ནམ་ཡང་འཆོར་བ་མེད་པར་གྱུར༔ ཅེས་དམིགས་ལ། གོང་གསལ་རྩ་བསྙེན་བཟླ། སྔ་ཕྱི་གཉིས་ཀའི་གྲངས་ཚད་བསྙེན་པ་དང་མཚུངས་སོ། །ལས་སྦྱོར་ནི། འཁོར་གྱི་ཁྲོ་བཅུ་ཞལ་ཕྱིར་གཟིགས༔ དྲག་སྔགས་འབྲུག་སྒྲ་ལྟར་སྒྲོག་པས༔ འཁོར་ལོ་གཡས་་་སྟེང་།གཡོན་་་འོག།ཤུགས་དྲག་འཁོར༔ སྲི་རྣམས་ཐམས་ཅད་ཕྱེ་མར་བརླག༔ རང་གི་ཡ་རྐན་མ་རྐན་ནི༔ གནམ་ས་ལྟ་བུར་གདངས་པའི་བར༔ ལྕེ་ནི་རྡོ་རྗེ་རྩེ་བཅུ་གསུམ༔ སྔགས་ཀྱིས་མཚན་པའི་རང་སྒྲ་ཡིས༔ ཕྱེ་མའང་དམིགས་མེད་དབྱིངས་སུ་ཐིམ༔ སྙིང་པོའི་གཤམ་དུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ སྨ་ར་སྨ་ར་ཙཀྲ༔ བྷི་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སཾ་བྷ་བེ་ག་ཎ་ནཱ་ཡ་སཱ་ར་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ༔ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ༔ ཅེས་འབུམ་ཕྲག་གཅིག་གི་གྲངས་ཐེམས་ངེས་སུ་བཟླ། ཐུན་མཐར་ཐལ་རྡེབ་ནི། ཐུགས་ནས་ལོཀྟྲི་པཱ་ལ་ནི༔ སྔོ་ནག་རབ་ཁྲོས་འཇིགས་པའི་གཟུགས༔ གྲངས་མེད་སྲིད་གསུམ་ཁྱབ་པར་འཕྲོས༔ ཕྱག་གཉིས་གནམ་ལྕགས་ངར་མའི་དབལ༔ ཆ་ལང་བཞིན་དུ་བརྡབ་པའི་བར༔ བགེགས་དང་ལོག་འདྲེན་ཐམས་ཅད་དང༔ ཁྱད་པར་བཅུ་གསུམ་སྲི་ཡི་རིགས༔ སྡེ་དང་དཔུང་དང་རྒྱུད་བཅས་ཀུན༔ སྒོང་སྐོགས་བཙིར་བ་བཞིན་དུ་འཐར༔ ལུས་ངག་ཐལ་བའི་རྡུལ་བཞིན་གྱུར༔ རྣམ་ཤེས་ཀ་དག་དབྱིངས་སུ་ཐིམ༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་ལོཀྟྲི་པཱ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །ཅེས་ཉེར་གཅིག་ཙམ་གྱི་རྗེས། ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་གསུམ་ལྷ་ཡི་བྱིན་རླབས་དང༔ ཆོས་སྐྱོང་སྲུང་མའི་མཐུ་རྩལ་དང༔ སྔགས་རྒོད་དམོད་པའི་མཚོན་ཆའི་མཐུས༔ ལོ་ཟླ་ཞག་དུས་ལ་འཆར་བའི༔ ཆེ་ཆུང་ཕོ་མོ་རྒན་གཞོན་དར༔ ནད་སྲི་དུར་གྱི་སྲི་ངན་སོགས༔ མི་མཐུན་གནོད་པའི་བགེགས་སྲི་ཀུན༔ མེད་པར་གྱུར་ཅིག་ཞི་གྱུར་ཅིག༔ རབ་ཏུ་ཞི་ཞིང་སྟོང་གྱུར་ཅིག༔ གལ་ཏེ་སྟོང་པར་མ་གྱུར་ན༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ ནག་ཕྱོགས་བདུད་རིགས་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ༔ ཞེས་ལན་གསུམ་དང་། རྩ་སྔགས་ལས་སྔགས་ལོཀྟྲིའི་སྔགས་བཅས་སྦྲེལ་བའི་མཐར་དམོད་པ་ནི། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་བཤིག་ཅིག །སྲིད་གསུམ་རྨང་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་དམོད་པས་སྡིགས་ཤིག །བཀའི་ཆད་པས་ཆོད་ཅིག །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེ་མེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐུལ་ཅིག །ཅེས་ཐལ་རྡེབ་ཚར་གསུམ་བྱས་ལ། སྤྲུལ་པའི་ཁྲོ་ཚོགས་ཚུར་འདུས་ནས༔ ཕྱི་རོལ་སྲུང་བའི་ཕྲིན་ལས་མཛད༔ ཁྲོ་བཅུའི་ཞལ་རྣམས་ནང་དུ་གཟིགས༔ རྡོ་རྗེའི་སྲུང་བའི་ཏིང་འཛིན་ལས༔ ནམ་ཡང་གཡོ་བ་མེད་པ་ཡིས༔ ཀེག་སྲི་འབྱུང་པོ་ཐམས་ཅད་ཀྱིས༔ བསྐལ་པའི་བར་དུ་འདར་མེད་གྱུར༔ ཅེས་དམིགས་ལ་དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་པས་བརྟན་པར་བྱ། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བཅུ་གསུམ་ཀེག་སྲིའི་གནོད་པ་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་དང་ཤིས་བརྗོད་བྱའོ། །འདི་ཉིད་ཆེད་དུ་སྒྲུབ་ན་བསྙེན་སྒྲུབ་རྣམས་ཀྱི་ཐུན་མཐར་སྟོང་ཚིགས་མཆོད་བསྟོད། བར་ཆད་ལམ་སེལ་གྱི་གསོལ་འདེབས། བསྡུ་ལྡང་བསྔོ་སྨོན་སྤྱི་འགྲེ་བྱའོ། །གསུམ་པ་རྗེས་ཚོགས་མཆོད་ལ་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་དངོས་འཛིན་སྦྱངས༔ འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད། སྤྱན་འདྲེན་ནི། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ འོད་གསལ་སྤྲོས་དང་བྲལ་བའི་ངང་ཉིད་ལས༔ བདག་ཅག་ཚོགས་གསག་སྒྲིབ་པ་སྦྱོང་སླད་དུ༔ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ ཟག་མེད་བདེ་བ་ཆེན་པོའི་ལོངས་སྤྱོད་འདིས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཤགས་པ་ནི། ཧོ༔ ཐོག་མེད་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་ལས༔ འགལ་ཞིང་ཉམས་པར་གྱུར་པ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བསྒྲལ་བསྟབ་ནི། བདེན་སྟོབས་དང་། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བཾ་ཧོཿས་བཀུག་བསྟིམས་བྱས་ལ། ཧཱུྃ༔ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེའི་གིང་ཀ་རས༔ གཟུང་འཛིན་བདུད་བགེགས་ཚོགས་རྣམས་བཀུག་ཅིང་བསྟིམས༔ འོད་གསལ་དབྱིངས་སུ་བསྒྲལ་པའི་ཤ་ཁྲག་རུས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་བརྡའི་འབུལ་ལེན་བཅས་ཚོགས་ལ་རོལ། ལྷག་མ་སྤྱི་ལྟར་བྱིན་བརླབས་ལ། བྷྱོ༔ དཔལ་གྱི་བཀའ་ཉན་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་གཡར་དམ་བཅས་པ་བཞིན༔ བར་ཆད་ཀུན་སོལ་མཐུན་རྐྱེན་སྤེལ༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ ཆད་མདོ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ དབང་གི་རྒྱལ་པོ་པདྨ་ཡིས༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ང་ནི་རིག་འཛིན་དེ་ཡི་གདུང༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས༔ སྔོན་ཚེ་སློབ་དཔོན་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་དམ་མ་བཀྲལ༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་མཆོད་པ་ནི། ཧཱུྃ༔ རྒྱ་གར་ཡུལ་གྱི་ཚུར་རོལ་དང༔ བལ་པོའི་ཡུལ་གྱི་ཕ་རོལ་མཐར༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ རིག་འཛིན་རྡོ་རྗེ་དྲག་པོ་དང༔ སློབ་དཔོན་བཱ་སུ་དྷཱ་ར་ཡིས༔ ཞིང་ཆེན་བརྡལ་བའི་ཁྲི་སྟེང་དུ༔ ཚོགས་ཀྱི་གྲལ་དུ་བཅུག་ནས་ཀྱང༔ དམ་ཚིག་བདུད་རྩི་བྱིན་པ་ཡི༔ བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ མཆོད་གཏོར་བདུད་རྩི་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབས༔ ཨོཾ་མ་མ༔ ལ་ལ༔ ལེ་ལེ༔ ཏཾ་ཏཾ༔ ཏེ་ཏེ༔ ཁ་རཀྨ༔ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ༔ རྟ་བྲོ་ནི། བྷྱོ་ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམ་པའི་བྲོ་བརྡུངས་པས༔ དགྲ་བགེགས་དམ་སྲི་རྡུལ་དུ་བརླག༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ གཟུང་འཛིན་ལྟར་སྣང་དམ་སྲིའི་ཚོགས༔ རྫོགས་པ་ཆེན་པོའི་ཀློང་དུ་མནན༔ ཧཱུྃ་ཧཱུྃ་སཏྭམྦྷ་ཡ་ལཾ་ནན༔ གཏང་རག་མཆོད་བསྟོད་ཕུལ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་། ཐོད་ཕྲེང་རྩལ་གྱི་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་དངོས་གྲུབ་བླང་། ནོངས་བཤགས་དང་ཡིག་བརྒྱ་བརྗོད། ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་བྱ། མེད་ན་དམ་ཡེ་ཆབས་ཅིག་ཏུ། ཧཱུྃ༔ མ་སྐྱེས་སྟོང་པའི་རྩལ་ཤར་བ༔ ཆོ་འཕྲུལ་ཆེན་པོའི་དཀྱིལ་འཁོར་ལྷ༔ ཐམས་ཅད་རང་ལ་རྣམ་པར་ཐིམ༔ མི་དམིགས་རྫོགས་པའི་ངང་དུ་བཞག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་འོད་གསལ་གྱི་དབྱིངས་སུ་བསྡུ། ཕཊ་ཕཊ་ཕཊ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་གཉུག་མའི་ལྷར་ལྡངས་ལ་གོ་བགོ །བསྔོ་སྨོན་ནི། ཧོ༔ བསོད་ནམས་འདི་ཡིས་མཐའ་ཡས་འགྲོ་བ་ཀུན༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང༔ རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ པདྨ་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་ནི། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་པས་མཚོན་ཏེ་ཤིས་བརྗོད་རྒྱས་པར་སྤེལ་ལ་དགེ་ལེགས་སུ་བྱའོ། ༈ །གཉིས་པ་དབང་བསྐུར་བའི་ཆོ་ག་ནི། སྟེགས་བུར་ཚོམ་བུ་སྨུག་ནག་གཅིག་ལ་འཁོར་བཅུས་བསྐོར་བ་བཀོད་པའི་མཎྜལ་གྱི་སྟེང་དུ་བུམ་པ་བཅུད་ལྡན། སྐུ་ཙཀ །སྔགས་བྱང་དང་རཀྴའི་ཕྲེང་བ། ཕྱག་མཚན་རྡོ་རྗེ་ཐོད་ཁྲག །དཔལ་གཏོར་རྣམས་བཀོད་ལེགས་སུ་བཤམ། དམར་གཏོར་སོགས་མནན་བསྲེག་འཕང་བའི་ཆས་མདོར་བསྡུས་དང་། མཆོད་གཏོར་ཚོགས་རྫས། ལས་བུམ་སོགས་ཉེར་མཁོ་རྣམས་ཚོགས་པར་བྱས་ནས་ཕྲིན་ལས་གཞུང་བསྲང་། བདག་མདུན་དབྱེར་མེད་དུ་བསྒྲུབ་པའམ། བདག་བསྐྱེད་དཀྱུས་ལྟར་ལ་མདུན་བསྐྱེད་དྲག་པོའི་ཕོ་བྲང་གི་དབུས་སུ་རཀྴ་ཐོད་ཕྲེང་ཁྲོ་བོའི་འཁོར་ཚོགས་བཅས་སྤྱི་མཐུན་བསྐྱེད་ཀྱང་ཆོག །གོང་ལྟར་བསྙེན་སྒྲུབ་ཀྱི་དམིགས་པའི་འཕྲོ་འདུ་དང་བཟླས་པ་བྱ། ལས་ཀྱི་སྔགས་ཤམ་ཡང་ཅུང་ཟད་སྦྱར། ཐལ་རྡེབ་མི་དགོས། བུམ་པ་ལའང་བསྐྱེད་བཟླས་སྤྱི་མཐུན་དང་ལས་བུམ་རྟ་མགྲིན་སྒོམ་བཟླས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་ལ་ཁྲུས་དང་བགེགས་བསྐྲད་བྱ། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ནས། མཚམས་སྦྱོར་གྱི་ཁྱད་པར། དེའང་ངོ་བོ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དང་དབྱེར་མེད་པ་མུ་སྟེགས་བདུད་ཀྱི་གཤེད་པོ་དཔལ་ཆེན་སེང་གེ་སྒྲ་སྒྲོག་ཉིད། སྙིགས་དུས་གློ་བུར་བར་ཆད་དམ་སྲི་ཕོ་མོ་གཙོ་བོར་གྱུར་པའི་སྲི་ཀེག་གདུག་པ་ཅན་རྣམས་འདུལ་བའི་གཉེན་པོར་ཁྲག་འཐུང་འཁོར་ལོས་སྒྱུར་བའི་མཐུ་སྟོབས་ཀྱི་རྩལ་ཤུགས་ཟླ་མེད་པ་སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ་གྱི་སྐུར་སྣང་བ་སྟེ། གཞུང་ལས། དངོས་གྲུབ་ཆེན་པོ་སྒྲུབ་པ་དང༔ གཞན་དོན་ལས་ལ་འཇུག་པ་སོགས༔ གང་ལའང་སྲི་ཡིས་བར་གཅོད་ན༔ རྣམ་པ་ཀུན་ཏུ་དོན་ཉམས་ཤིང༔ མི་མཐུན་ཁོ་ནའི་དབང་དུ་འགྲོ༔ དེ་ཕྱིར་དེ་ཉིད་འདུལ་བའི་ཐབས༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ༔ གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་བསྒྲུབ༔ ཅེས་དགོས་པ་དང་བཅས་ཏེ་དཔལ་གྱི་མགུལ་ནས་རྗེས་སུ་གདམས་པ་འདི་ནི། དེང་སང་སྙིགས་མའི་དུས་མཐའ་མི་ཐུབ་པ་ལྔ་བདོ་ཞིང་སྡོམ་པ་དང་དམ་ཚིག་ཉམས་པ་མང་བའི་དབང་གིས་ནག་ཕྱོགས་བདུད་རིགས་དམ་སྲི་ཁ་ཕྱུར་བའི་སྐབས་འདིར་གཅིག་ཆོག་གི་གཉེན་པོ་ཟབ་གཏེར་གཞན་ལ་མེད་པའི་ཁྱད་ཆོས། དགེ་ལ་གཞོལ་བའི་སྐྱེ་དགུ་སྤྱི་དང་ཁྱད་པར་ཆོས་བྱེད་ཕོ་མོའི་བར་ཆད་སེལ་བ་ལ་ཆེད་དུ་བསྔགས་པས་མེད་དུ་མི་རུང་བའི་གདམས་པ་ཟབ་མོ་སྟེ། གཞུང་ལས། དེ་ལྟར་གློ་བུར་བར་ཆད་ཀྱི༔ གཙོ་བོ་ཀེག་སྲི་ངན་པ་སྟེ༔ སྙིགས་མའི་དུས་སུ་ལྷག་པར་ལྡང༔ ཆོས་བྱེད་རྣམས་ལ་ཁྱད་པར་གནོད༔ དེ་ཕྱིར་འདུལ་བའི་ཐབས་ཚུལ་ཀྱང༔ མང་དུ་བསྟན་ཅིང་བཤད་མོད་དེ༔ གཟུངས་དང་རྒྱུད་སྡེའི་དགོངས་པའི་དོན༔ དྲག་པོ་ལས་ཀྱི་མན་ངག་གནད༔ ཟབ་གནད་ཐམས་ཅད་ཟུང་འབྲེལ་བ༔ འདི་འདྲ་སྔོན་ཆད་བཤད་པ་མེད༔ དེང་འདིར་མངའ་བདག་ཡབ་སྲས་དང༔ ལས་ལྡན་རྗེ་འབངས་གྲོགས་རྣམས་ཀྱི༔ གློ་བུར་བར་ཆད་ཞི་བ་དང༔ མ་འོངས་ལྔ་བརྒྱའི་འགྲོ་བ་ལ༔ ཤིན་ཏུ་བརྩེ་བའི་བསམ་པས་གདམས༔ ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ བར་ཆད་ཞི་བར་ཐེ་ཚོམ་མེད༔ ཅེས་བསྔགས་པ་དོན་དང་ལྡན་པ་འདི་ཉིད་སྙིགས་འགྲོའི་སྐྱབས་གཅིག་སྤྲུལ་པའི་གཏེར་ཆེན་རིག་འཛིན་གྱི་རྒྱལ་པོ་རྣམ་པ་གཉིས་ཀྱི་ཟབ་གཏེར་སྔ་ཕྱིའི་གསང་བ་གཅིག་ཏུ་འདྲིལ་བ་ཡིད་ཆེས་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་སྟེ་དེ་ལྟ་བུའི་སྨིན་བྱེད་ཀྱི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་ཆེན་རཀྴ་ཐོད་ཕྲེང་དངོས་སུ་གསལ་བ་ལ་དད་མོས་གདུང་བས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུར༔ རཀྴ་ཁྲག་འཐུང་ཆེན་པོ་ཡི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། ཧེ་རུ་ཀ་དཔལ་རིག་འཛིན་རཀྴ་ཐོད་ཕྲེང་རྩ་གསུམ་ཆོས་སྲུང་རྒྱ་མཚོ་ཡེ་ཤེས་རྣམ་པར་རོལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་བཀོད་པ་ལ་བདག་གཞན་འགྲོ་ཀུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ རིགས་ཀུན་ཁྱབ་བདག་སོགས་ལན་གསུམ། མ་གྱུར་སེམས་ཅན་ཐམས་ཅད་དཔལ་ཆེན་ཁྲག་འཐུང་ཆེན་པོའི་གོ་འཕང་ལ་དགོད་པའི་ཕྱིར་དུ་གསང་བ་ཟབ་མོའི་སྒོར་ཞུགས་ནས་ལམ་ལ་ཚུལ་བཞིན་སློབ་པའི་མོས་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མ་གྱུར་སེམས་ཅན་སོགས་གསུམ། དེས་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་དངོས་གཞི་དབང་གི་གཞི་དགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་ལྟར་སྒོམས་ཤིག །ལས་སྔགས་ཀྱིས་བསང་། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་གང་དུ་འཁོད་པའི་གོ་སར་པདྨ་དང་ཉི་མ་དམ་སྲི་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ་རང་སེམས་རིག་པའི་ངོ་བོ་ཧཱུྃ་སྨུག་ནག་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་སྐུ་མདོག་སྨུག་ནག་འབར་བ་ཆེན་པོ་སྐུ་ཆེ་ཞིང་ཡན་ལག་རགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་བསྣམས་པས་ཡུམ་མཐིང་འོད་འབར་མ་ནམ་མཁའི་མདོག་ཅན་གྲི་ཐོད་འཛིན་པ་ལ་འཁྱུད་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ལ་ཐོད་སྐམ་ལྔས་བརྒྱན་ཅིང་ཐོད་ཕྲེང་གི་ག་ཤ་སྟག་ཤམ་དང་རུས་པའི་ཕྱག་རྒྱས་སྤྲས་པ། ཤིན་ཏུ་ཁྲོ་ཞིང་གཏུམ་ལ་གར་དགུའི་ཉམས་ལྡན་ཡེ་ཤེས་ཀྱི་མེ་ཕུང་དྲག་ཏུ་འབར་བའི་ཀློང་ན་ཞབས་བརྐྱང་བསྐུམ་གྱིས་འགྱིང་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའ་གང་བར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་རྩ་བ་གསུམ་དང་། ཁྱད་པར་དཔལ་རི་པདྨ་འོད་དབང་དྲག་རོལ་པའི་ཕོ་བྲང་ནས་རིག་འཛིན་རཀྴ་ཐོད་ཕྲེང་རྩལ་སྤྲུལ་འཁོར་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དཔལ་ཆེན་གསང་བདག་སེང་གེའི་སྒྲ་རྡོ་རྗེ་སྲིན་པོའི་སྐུར་བཞེངས་ཏེ་ཆར་ཆེན་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ཤིག །སྤོས་རོལ་བཅས། ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཀྱི་གཞལ་ཡས་ནས༔ སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ༔ རྡོ་རྗེ་སྲིན་པོའི་སྐུར་བཞེངས་ལ༔ བར་ཆད་དམ་སྲི་ཚར་གཅོད་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་ནུས་པ་སྩོལ༔ ཡིད་ལ་ཐུགས་ཀྱི་བྱིན་ཆེན་ཕོབ༔ བདག་དང་མོས་པའི་བུ་རྣམས་ཀྱི༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མི་མཐུན་འགལ་རྐྱེན་ཐམས་ཅད་སྲུངས༔ སྐུ་གསུང་ཐུགས་ཀྱི་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་མཛད་དུ་གསོལ༔ སྙིང་པོའི་མཐར། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག་ལ་བརྟན་པར་བྱ། ནམ་མཁའ་གང་བར་སད་པའི་དབང་ལྷ་རྣམས་ཀྱིས་རྡོ་རྗེ་བདུད་རྩིའི་གཏོར་བླུག་གི་ཆོ་ག་མཛད་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་བག་ཆགས་བཅས་དག །ཡེ་ཤེས་ཆེན་པོས་རྒྱུད་གང་བར་མོས་ཤིག །བུམ་དབང་བསྐུར་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ ཁྲག་འཐུང་རཀྴ་ཐོད་ཕྲེང་གི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན༔ སྙིང་པོའི་མཐར། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱི༔ སྐུ་ཙཀ་ཐོགས་ལ། སློབ་དཔོན་དང་དབྱེར་མ་མཆིས་པའི་མདུན་བསྐྱེད་ཀྱི་སྐུ་ལས་ཡེ་ཤེས་ཕྱག་རྒྱ་གཟི་བརྗིད་དང་ལྡན་པ་འཕྲོས། ཁྱེད་རང་གི་དཔྲལ་བ་ནས་ཞུགས་ཏེ་ལུས་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། སྐུའི་དབང་དང་བྱིན་རླབས་ཐོབ། དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གྱི་སྐུའི་གསང་བ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཨོཾ༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀའི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དཔྲལ་བར་གཏུགས། སྔགས་བྱང་དང་ཕྲེང་བ་ཐོགས་ལ། མདུན་བསྐྱེད་ཀྱི་གསུང་ལས་ས་བོན་དང་སྔགས་ཕྲེང་པདྨ་རཱ་གའི་མདོག་ཅན་འོད་ཟེར་འབར་བ་འཕྲོས། ཁྱེད་རང་གི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས་ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། གསུང་གི་དབང་དང་བྱིན་རླབས་ཐོབ། དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གྱི་གསུང་གི་གསང་བ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཨཱ༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀའི༔ སྙིང་པོ་སྔགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག །ཕྱག་མཚན་ཐོགས་ལ། མདུན་བསྐྱེད་ཀྱི་ཐུགས་ལས་བདེ་སྟོང་ཐབས་ཤེས་ཀྱི་རང་རྟགས་རྡོ་རྗེ་དང་དུང་ཁྲག་མེ་འོད་འཕྲོ་བ་བྱུང་། ཁྱེད་རང་གི་སྙིང་ག་ནས་ཞུགས་ཏེ་ཡིད་ལ་ཐིམ་པས་ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གྱི་ཐུགས་ཀྱི་གསང་བ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཧཱུྃ༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀའི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་གཏུགས། གཏོར་མ་ཐོགས་ལ། དཔལ་གྱི་གཏོར་མ་འདི་ཉིད་རབ་འབར་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་དཔལ་ཆེན་ཁྲག་འཐུང་རཀྴ་ཐོད་ཕྲེང་རྩལ་ལ་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ་སོགས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པས་བསྐོར་བ། ཁྱེད་རང་གི་སྤྱི་བོར་བྱོན་ཏེ་སྐུ་གསུང་ཐུགས་ལས་བྱིན་རླབས་བདུད་རྩིའི་རང་བཞིན་ཁྲོ་ཆུང་མཚོན་ཆ་མེ་འོད་ཀྱི་རྣམ་པ་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་བྱིན་རླབས་ཐོབ། དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཧྲཱི༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀའི༔ དབྱེར་མེད་ཡེ་ཤེས་དབང་བསྐུར་རོ༔ སྔགས་མཐར། སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གནས་བཞིར་བཞག །སླར་བརྒྱུད་པའི་མཚན་ནས་སྨྲོས་ཏེ་གཏོར་མ་མགོར་བཞག་ལ་བཀའ་བསྒོ་སྤྱི་ལྟར་བྱ། གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་ཁྱེད་རང་རཀྴ་ཐོད་ཕྲེང་དངོས་སུ་གྱུར་པ་ལ། མཐའ་རྟེན་དྲག་པོ་མངོན་སྤྱོད་ཀྱི་རྗེས་གནང་བྱིན་པར་མོས་ལ་སོ་སོའི་ཏིང་ངེ་འཛིན་གྱི་ང་རྒྱལ་སྐྱེད་ཅིག །ཕུར་བུ་ཐུན་རྫས་ཧོམ་དང་མནན་ཆས་གཏོར་ཟོར་རྣམས་མདོར་བསྡུས་གཏད་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཕྲིན་ལས་འདུས་པའི་དཔལ༔ སྲས་མཆོག་ཕུར་པ་ཁྱོད་ཀྱི་ལག་ཏུ་གཏད༔ གསལ་གསུམ་རྫོང་འཕྲང་སྲོག་གི་གནད་ཤེས་པས༔ གདིང་གསུམ་དགོངས་པ་གསུམ་གྱིས་གཞི་བཟུང་སྟེ༔ བྱང་ཆུབ་ལམ་གྱི་བར་ཆད་མ་ལུས་ཀུན༔ འོད་གསལ་རིག་པ་ཟང་ཐལ་དབྱིངས་སུ་སྒྲོལ༔ དགྲ་ལ་ཐུན་རྫས་རྣམས་ཀྱི་ཆར་པ་ཕོབ༔ ཤིན་ཏུ་མི་བསྲུན་ཚོགས་རྣམས་ཧོམ་དུ་སྲེགས༔ ཆག་ཆེན་ཟློག་ཕྱིར་ཟོར་གྱི་དམག་དཔུང་སྐུལ༔ སླར་ཡང་མི་ལྡང་ཕྱིར་དུ་མནན་པར་གྱིས༔ མདོར་ན་གདུག་པའི་ཚོགས་ཀུན་ཚར་གཅོད་པའི༔ དྲག་པོའི་ལས་རྣམས་ཐམས་ཅད་འགྲུབ་པར་ཤོག༔ ཅེས་དང་རྩ་སྔགས་ལས་སྔགས་ལོཀྟྲི་པཱ་ལ་རྣམས་སྦྲེལ་མར་བཟླས་ལ་དམར་གཏོར་ཟོོར་དུ་འཕང་། མེ་ཏོག་འཐོར་ལ་ཤིས་པ་བརྗོད་དོ། །འདི་ནི་རྩ་བའི་སྨིན་བྱེད་ཀྱི་དབང་དུ་བྱས་པ་སྟེ། རྐྱེན་སེལ་ལྟ་བུར་བུམ་པ་སོགས་དབང་རྫས་གཞན་མི་དགོས་པས་གཏོར་མ་ཁོ་ན་བཤམ། བསྐུར་དུས་ཀྱང་བྱིན་འབེབ་རྗེས་སུ་བུམ་དབང་མི་དགོས། གཏོར་མ་ལྷར་གསལ་བའི་གནས་གསུམ་ལས་སྐུ་སྔགས་ཕྱག་མཚན་སྤྲོ་བའི་དབང་བཞི་ཚར་གཅིག་རྫོགས་ནས། གྲངས་གསོག་དགོས་ཚེ་གོང་གསལ་གཏོར་དབང་གི་མཚམས་སྦྱོར། དཔལ་གྱི་གཏོར་མ་འདི་ཉིད་རབ་འབར་དུར་ཁྲོད་རོལ་པའི་ཕོ་བྲང་ཆེན་པོར་དཔལ་ཆེན་ཁྲག་འཐུང་རཀྴ་ཐོད་ཕྲེང་རྩལ་ལ་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ་སོགས་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པས་བསྐོར་བ། ཁྱེད་རང་གི་སྤྱི་བོར་བྱོན་ཏེ་སྐུ་གསུང་ཐུགས་ལས་བྱིན་རླབས་བདུད་རྩིའི་རང་བཞིན་ཁྲོ་ཆུང་མཚོན་ཆ་མེ་འོད་ཀྱི་རྣམ་པ་ཆར་བབས་པ་ལྟར་བྱོན། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་བྱིན་རླབས་ཐོབ། དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ཅེས་དམིགས་པ་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཧྲཱི༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱི༔ བྱིན་རླབས་མཐུ་སྟོབས་གཅིག་བསྡུས་པ༔ རཀྴ་ཐོད་ཕྲེང་ཧེ་རུ་ཀའི༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ སྙིང་པོ་སྔགས་ཀྱི་དབང་བསྐུར་རོ༔ འོད་གསལ་ཐུགས་ཀྱི་དབང་བསྐུར་རོ༔ དབྱེར་མེད་ཡེ་ཤེས་དབང་བསྐུར་རོ༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་གནས་བཞིར་བཞག་པ་ལ་གྲངས་གཟུང་། མཐར་མངོན་སྤྱོད་རྗེས་གནང་མི་དགོས་པས་ཤིས་བརྗོད་ལ་འཇུག །དེ་དག་གང་ལྟར་ཡང་དབང་བསྐུར་གྲུབ་ནས། དེས་སྙིགས་དུས་གློ་བུར་ཀེག་སྲིའི་བར་གཅོད་སེལ་བ་ལ་ལྷག་པར་བསྔགས་པ་རིག་འཛིན་རཀྴ་ཐོད་ཕྲེང་གི་དབང་བསྐུར་ལེགས་པར་གྲུབ་པ་ལགས་སོགས་ཀྱིས་མཚམས་སྦྱར་ལ་དབང་རྗེས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་ཆད་སྤྱི་ལྟར་བྱ། སློབ་དཔོན་གྱིས་གཏེར་སྲུང་གཏོར་འབུལ་དང་ཚོགས་མཆོད་ནས་ཤིས་བརྗོད་ཀྱི་བར་ཕྲིན་ལས་རྗེས་ཀྱི་བྱ་བ་རྣམས་ཀྱང་ལས་བྱང་ལྟར་མཐར་དབྱུང་ངོ་། །འདིའང་རིན་ཆེན་སྤར་ཁབ་སོགས་ཀྱི་དགོངས་པ་དང་བསྟུན་ཏེ་གཏེར་ཆེན་ཉིད་ལས་ཇི་ལྟར་ནོས་པ་ལྟར་བཀོད་པའོ། །ཉོན་མོངས་རང་གཟུགས་སྲི་ཀེག་སྨག་རུམ་ཀུན། །དཔལ་ཆེན་ཡེ་ཤེས་འོད་བརྒྱས་དབྱིངས་སུ་བཅོམ། །སྡེ་བཞིའི་པདྨོའི་དགའ་ཚལ་དར་དྲགས་པས། །བསྟན་འགྲོའི་བདེ་སྐྱིད་དགུང་དུ་བདོ་བར་ཤོག །འདི་ལ་སྒྲུབ་ཐབས་གཏེར་ཆེན་མཆོག་ནས་མཛད་པ་ཡོད་ཀྱང་ཕྲིན་ལས་ཀྱི་ཡན་ལག་གཞན་ལ་ལྟོས་དགོས་པ་སོགས་ཀྱིས་འདིར་རང་རྐང་ཚུགས་པར་བྱེད་བདེའི་སླད་དུ་ཕྲིན་ལས་དབང་བསྐུར་དཀྱུས་གཅིག་ཏུ་བསྲེས་ཏེ། སྔགས་རིག་འཛིན་པ་པདྨ་གར་དབང་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
སྲུང་ཟློག་བསད་དམིགས་ཟུར་བཀོད་ (Volume 32, Text 52)
སྲུང་ཟློག་བསད་དམིགས་ཟུར་བཀོད་ནི། འཇམ་མགོན་གསུང་སྙན་བརྒྱུད་གཤིན་རྗེའི་གཏོར་ཟློག་ལས། སྲུང་བའི་དམིགས་བཟླས་ནི། པུ་རི་དཀར་པོའི་ཀློང་སྒྲོམ་དུ༔ རང་ཉིད་མངོན་རྫོགས་ཁྲག་འཐུང་གསལ། །ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཏུ། །བསྲུང་བྱ་དྭངས་མའི་ཐིག་ལེར་ཚུད། །མཐའ་སྐོར་སྔགས་ཕྲེང་སྤྲོ་བསྡུ་ཡིས། །འཁོར་འདས་བརྟན་གཡོའི་བྱིན་ནུས་བསྡུས། །ཕྱི་རོལ་ཕྱག་མཚན་འཁོར་ལོ་དྲུག །མེ་ཕུང་འབར་བས་བར་མེད་གཏམས། །མི་ཕྱེད་རྡོ་རྗེའི་རང་བཞིན་གྱུར༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཛྲ་ཀཱ་ཝཱ་ཙི་ཛྙཱ་ན་ཙཀྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་བཏགས་པ་ཅི་ནུས་བཟླའོ།། ༈ །།དིལ་མཁྱེན་གསུང་སྙན་བརྒྱུད་ཡང་ཕུར་རྒྱུན་ཁྱེར་ལས། ཟློག་པའི་དམིགས་བཟླས་ནི། དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས༔ ཁྲོས་འཁྲུགས་རྔམས་པའི་གཟི་བྱིན་སྐྱེད༔ ཕྱི་རོལ་ཞལ་གཟིགས་སྔགས་ཀྱི་སྒྲ༔ འབྲུག་སྟོང་ལྟ་བུར་སྒྲོག་པ་ཡི༔ སྐུ་དང་ཞལ་ལས་དམོད་པའི་མཚོན༔ ནད་མཚོན་དུག་རླངས་ཕོ་ཉའི་ཚོགས༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འབབ༔ ནག་ཕྱོགས་འབྱུང་པོ་སྡེར་བཅས་དང༔ ཕས་རྒོལ་རིག་སྔགས་དམོད་པའི་དབལ༔ མི་མཐུན་འབྲས་བུ་ཐན་ལྟས་ངན༔ ཐམས་ཅད་རང་དབང་མེད་པར་ཟློག༔ དགྲ་དང་བགེགས་ཀྱི་སྟེང་དུ་བབ༔ རྩྭ་སྦུར་མེ་ལྕེས་བསྲེགས་པ་བཞིན༔ རྗེས་ཤུལ་མེད་པར་བརླགས་པར་བསམ༔ ཞེས་པའི་དམིགས་པ་སྦྱར་ཏེ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་རྩ་སྔགས་མཐར། སརྦ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ འཇམ་མགོན་གསུང་ལས།་་་ཅུང་ཟད་སྤྲོ་ན། རྩ་སྔགས་མཐར། ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ སརྦ་དུ་ན་ཟློག༔ ཙ་དུར་སྙིང་ལ་ཟློག༔ རཱ་ཙ་དུ་ན་ཟློག༔ ནཱ་ག་དུ་ན་ཟློག༔ ཤིག་ཤིག་དུམ་དུམ༔ ཚལ་པ་ཚལ་པ༔ ཨེ་ས་བྷྱོ་ཟློག་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་པའང་བཟླའོ།། ༈ །།བསད་པའི་དམིགས་བཟླས་ནི། དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་ལྷ༔ དྲག་ཤུལ་ཁྲོས་པའི་སྐུ་རུ་བཞེངས༔ ལས་བྱེད་ཕོ་ཉ་མཚོན་ཆའི་ཆར༔ ཐོག་སེར་མེ་རླུང་དང་བཅས་སྤྲོས༔ དགྲ་བགེགས་དགུག་བསྟིམ་དབབ་པ་དང༔ དབྱེ་དང་མངོན་སྤྱོད་ནན་ཏུར་གྱིས༔ གདུག་པ་ཅན་རྣམས་དབྱིངས་སུ་བསྟིམ༔ དྭངས་མ་བསྲེ་ཞིང་སྙིགས་མ་བསྒྲལ༔ བར་མ་རང་ལ་བསྟིམས་བྱས་ཏེ༔ བསྒྲལ་བྱ་སྒྲོལ་བྱེད་དབྱེར་མེད་པ༔ ཆོས་ཉིད་མཉམ་པའི་ངང་དུ་བརྡལ༔ ཞེས་དམིགས་པ་རྩེ་གཅིག་ཏུ་གཟིར་ཏེ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་མྱགས་ཡ་རྔུབས་མུག་ཤཀ་ཀ་དུན༔ དགྲ་བོའི་སྲོག་ལ་བྲེང་ཧུར་ཐུམ་ཛ་རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད༔ སྲོག་ཐུམ་རིལ་ཛ་རྩ་ཁྲག་ཧུར་རཾ༔ སྙིང་ཐུན་རྦད་སྲོག་ལ་མཱ་ར་ཡ་བྷྱོ༔ ཞེས་བཟླའོ།། །།ཟིན་བྲིས་ལས་ཞལ་འཕང་སྲུང་ཟློག་བསད་དམིགས་གཤིན་རྗེའི་ཐུགས་ཏིག་ལྟར་བྱ་བར་གསུངས་ཀྱང་། སྲུང་དམིགས་ཙམ་ལས་ཟློག་བསད་ཀྱི་དམིགས་པ་འདོན་སྒོམ་བདེ་བ་མ་རྙེད་པས། དགོངས་བརྒྱུད་དང་སྙན་བརྒྱུད་གཅིག་གྱུར་དིལ་མཁྱེན་རིན་པོ་ཆེའི་གསུང་སྙན་བརྒྱུད་ཡང་ཕུར་རྒྱུན་ཁྱེར་ནང་ལྟར། ཟུར་འདེབས་ཟུར་ཕྱུང་འདོན་ཆ་ཚང་བ་ཡོད་ན་སྟབས་བདེ་ཡོང་ཆེད་བཀོད་པ་ཡིན། ཐུགས་དཔྱད་མཛོད། ཞེ་ཆེན་པར་ལས་དང་ཞུ་དག་མཐའ་མ་པ་དྭགས་པོ་སྤྲུལ་སྐུས་ཞུ།། །། ༈ སྙན་བརྒྱུད་གཤིན་རྗེའི་གཏོར་ཟློག་ལས། བྲུབ་ཁུང་བསྐྱེད་པ་ནི། ཨེ་ཡཾ་རཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་བཙོན་ཁང་གཏིང་རིང་བ༔ དུག་ལྔའི་རང་གཟུགས་འབྱུང་བ་ལྔ་འཁྲུག་ཅིང་ཕྱི་ནང་དུ་མ་མོ་དང་འཆི་བདག་གཤིན་རྗེའི་དམག་ཚོགས་མཚོན་ཆ་སྣ་ཚོགས་འཛིན་པ་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ་འཇིགས་སུ་རུང་བ༔ དེའི་ནང་དུ་དགྲ་བགེགས་བྱད་མ་ཉམ་ཐག་པའི་ལུས་ཅན་ངུ་འབོད་ལྷང་ལྷང་པ་ཞིག་ཏུ་གྱུར༔ བདེན་སྟོབས་བརྗོད་ཅིང་འགུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་སྲིད་པ་མ་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །སྙིང་པོའི་མཐར། དགྲ་བགེགས་བྱད་མ་གྲྀཧྞ་གྲྀཧྞ༔ བྷནྡྷ་བྷནྡྷ༔ ཨཱ་ཀརྵཱ་ཡ༔ ཨཱ་ཀརྵཱ་ཡ༔ ནཱ་ཤ་ཡ༔ ནཱ་ཤ་ཡ༔ ཧ་ར་ཧ་ར༔ མོ་ཧ་ཡ་མོ་ཧ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཞེས་བཏགས་པ་ལན་གསུམ་གྱིས་བཀུག །
རབ་གནས་དགེ་ལེགས་འདོད་འཇོའི་ཡོན་བདག་བསྒོ་བའི་སྟོང་ཐུན་ཉེར་མཁོ་ (Volume 41, Text 52)
༄༅། །རབ་གནས་དགེ་ལེགས་འདོད་འཇོའི་ཡོན་བདག་བསྒོ་བའི་སྟོང་ཐུན་ཉེར་མཁོ་བཞུགས་སོ། ། ན་མོ་བུདྡྷ་ཡ། རབ་ཏུ་གནས་པའི་མཐའ་རྒྱས་ཀྱི་ཆོ་ག་ལས་ཡོན་བདག་བསྒོ་བའི་མཚམས་སྦྱོར་གྱི་བཤད་པ་ཅུང་ཟད་ཙམ་སྤྲོ་ན། ཐོག་མར་དཀོན་མཆོག་གསུམ་གྱི་ཤིས་བརྗོད་ཀྱི་ཚིགས་གཅད་སོགས་འབྲེལ་ཆགས་ཀྱི་བཤད་པ་ཅི་རིགས་སྔོན་དུ་གཏོང་བའམ། མེད་ཀྱང་རུང་བ་ལས། དེ་ཡང་འདི་ལྟར་སྦྱིན་པའི་བདག་པོས་ལྷག་པའི་བསམ་པ་དང་སྦྱོར་བ་རྣམ་པར་དག་པས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཕུན་སུམ་ཚོགས་པར་བསྒྲུབས་ནས། རབ་ཏུ་གནས་པར་གསོལ་བ་འདི་ནི་དགེ་ལེགས་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་གསུངས་པ་ལྟར། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གིས་བསྟེན་པར་བྱ་བའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིན་ལ། དེ་ཡང་ཟབ་མོའི་གནས་ལ་བློ་མཆོག་ཏུ་གྱུར་པ་རྣམས་ལ་ནི། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་རང་རིག་པའི་ངོ་བོར་ཡེ་ནས་ལྷུན་གྲུབ་ཏུ་གནས་པར་རྟོགས་པ་སྟེ། སྒྱུ་འཕྲུལ་མེ་ལོང་ལས། རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། སྡོང་པོ་བརྒྱན་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་དཔའ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་དང་། མགོན་པོ་བྱམས་པས་ཀྱང་། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་གསུངས་ཤིང་། དེ་ལྟ་བུའི་དོན་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་པ་རྣམས་ཀྱི་ངོར། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འཇུག་པ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་རྣམས། ཚོགས་གཉིས་མངོན་པར་འདུ་བྱ་བའི་རྟེན་དུ་མདུན་བཞག་གི་དཀོན་མཆོག་གསུམ་ཞེས་གྲགས་པ་ལ། ཐར་འདོད་རྣམས་ཀྱིས་བརྟེན་པར་བྱ་དགོས་པ་ཁོ་ན་ཡིན་ལ། ཚུལ་དེ་ལ་དགོངས་ནས་དཀོན་མཆོག་གསུམ་གྱི་རྟེན་བརྟེན་པར་བཅས་པ་སྒྲུབ་ཚུལ་དང་། སྒྲུབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མདོ་རྒྱུད་དུ་མར་གསུངས་པ་ཡིན་ཏེ། ལུང་རྣམ་འབྱེད་ལས་ཀྱང་། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །ཞེས་སོགས་རྫས་ལས་བྱུང་བའི་བསོད་ནམས་ཀྱི་གཙོ་བོ་ཡང་དགེ་འདུན་གྱི་སྡེ་དང་། དེར་གཙུག་ལག་ཁང་དང་། སྐུ་གཟུགས་དང་། གླེགས་བམ་དང་། མཆོད་རྟེན་བཞེངས་པ་རྣམས་ཡིན་པར་གསུངས་ཤིང་། མདོ་སྡེ་གཞན་ལས་ཀྱང་། ཉན་ཐོས་ཀྱི་དགེ་འདུན་བྱེ་བ་ཕྲག་དུ་མ་ལ་ལོ་གྲངས་དཔག་ཏུ་མེད་པར་ཡོ་བྱད་ཀྱིས་བསྙེན་བཀུར་བྱས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་བ་རིང་བསྲེལ་གྱི་སྙིང་པོ་ཅན་ཞིག་འཇིམ་པ་ལས་བསྒྲུབ་པ་བསོད་ནམས་ལྷག་པར་གསུངས་པ་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས་ཀྱང་། ཐུབ་པའི་མཆོད་རྟེན་བྱེད་དམ་བྱེད་བཅུག་པ། །མྱ་ངན་འཇོམས་ཤིང་ལུས་ཀུན་གྲིམས་པ་དང་། །རིན་ཆེན་མཛོད་མང་འཇིག་རྟེན་གཙོར་འགྱུར་ཞིང་། །མི་དེ་དགྲ་ཡི་ཕྱོགས་ལས་རྒྱལ་བར་འགྱུར། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང་། །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་དང་། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་ཐོབ་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་ཐོབ། །ཅེས་དང་། དམ་ཆོས་པད་དཀར་ལས། ལ་ལས་དེ་ཉིད་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ན། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་། སྒྱུ་འཕྲུལ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨྲོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་ལྟར་བསྒྲུབས་པའི་རྟེན་དེ་ཡང་། ཞལ་བསྲོ་བ་དང་། མངའ་དབུལ་བ་དང་། བྱིན་གྱིས་བརླབ་པ་ཞེས་བྱ་བའི་བརྡས་དགེ་ཞིང་བཀྲ་ཤིས་པར་སྒྲུབ་པའི་ཆོ་ག་འདི་ལ། པྲ་ཏིཥྛ་བི་དྷི། ཞེས་པས། པྲ་ནི་དོན་ལྷག་པོར་སྟོན་པའི་ཚིག་ཕྲད། ཏིཥྛ་ནི་བརྟན་པའམ་ཡུན་རིང་དུ་གནས་པ། བི་དྷི་ནི་ཆོ་ག་སྟེ་རབ་གནས་ཀྱི་ཆོ་ག་འདི་ཉིད་ཀྱི་དབང་དུ་བྱས་ན། ཤེས་བྱེད་ཀྱི་གཞི་བཤད་པ་དང་། བཤད་པའི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་གཉིས་སུ་གནས་པ་ལས། དང་པོ་ལ་བདུན་ཏེ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། གང་བྱ་བའི་ཆོ་གའོ། །དང་པོ་རང་བཞིན་ནི། སློབ་དཔོན་ཆེན་པོས་བདེ་འདུས་རབ་གནས་སུ། བྱ་དགོས་མི་དགོས་གཉིས་སུ་བསྟན༔ ཞེས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་མཆོག་ཏུ་མི་འགྱུར་བའི་ཆོས་ཉིད་ནམ་མཁའ་ལྟར་ཀུན་ཁྱབ་ཏུ་བཞུགས་པའི་གནས་ལུགས་རྟོགས་པ་ཤེས་རབ་ཅན་གྱི་དབང་དུ་བྱས་ནས། སྔ་མ་ལས། ཆོས་ཉིད་སྟོང་པའི་དོན་རྟོགས་ན༔ གང་ཞིག་གང་གིས་གང་དུ་བརླབ༔ གདོད་ནས་མ་སྐྱེས་སྐྱེ་མེད་ལ༔ ཅི་འདྲ་ཅི་འདྲར་རབ་ཏུ་གནས༔ ཆོས་རྣམས་འོད་གསལ་སྐྱེ་མེད་དུ༔ རྟོགས་པར་ལྡན་པས་མཆོད་གནས་རྣམས༔ རབ་ཏུ་གནས་པ་མི་དགོས་སོ༔ ཞེས་དང་། ཡང་སྐུ་གཟུགས་ཀྱི་རྟེན་སོགས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་རྣམ་རོལ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྤྲུལ་པའོ་སྙམ་པའི་དད་པ་ཅན་གྱི་དབང་དུ་བྱས་ན། སྔ་མ་ལས། ཡང་ན་སྟོང་ཉིད་མ་རྟོགས་ཀྱང༔ སྐུ་གཟུགས་གླེགས་བམ་མཆོད་རྟེན་སོགས༔ སངས་རྒྱས་རྣམ་འཕྲུལ་བྱིན་རླབས་ལས༔ བྱུང་སྟེ་མིན་ན་མི་འབྱུང་བར༔ རྟོགས་ཏེ་ཤིན་ཏུ་དད་ལྡན་ན༔ རབ་ཏུ་གནས་པ་མི་དགོས་སོ༔ ཞེས་པས་དེ་ལྟ་བུའི་དོན་གཉིས་པོ་ཁོང་དུ་མ་ཆུད་པའི་གདུལ་བྱ་ཐུན་མོང་བ་རྣམས་ཚོགས་གཉིས་ཀྱི་གནས་ལ་འགོད་པའི་ཆེད་དུ་རབ་གནས་ཀྱི་ཆོ་ག་དགོས་པར་བསྟན་པ་ནི། འཇིག་རྟེན་ཐ་སྙད་ལ་གནས་ཏེ༔ ཀུན་རྫོབ་དོན་དུ་བསྟན་པ་ཡིན༔ ཞེས་དྲང་ངེས་ཀྱི་དབྱེ་བས་གསུངས་པ་བཞིན། རབ་གནས་ཀྱི་རྟོག་པ་ལས་ཀྱང་། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་རབ་ཏུ་བཏགས། །ཞེས་གསུངས་པ་བཞིན་ནོ། །ངོ་བོ་ནི། རྟེན་གང་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བསྡུས་ནས་དགེ་ཞིང་བཀྲ་ཤིས་པའི་དོན་ཅན་དུ་བྱེད་པ་ཡིན་ཏེ། ཁྲོ་གཉེར་ཅན་གྱི་རྟོག་པ་ལས། རྒྱལ་བའི་སྐུ་གཟུགས་བཞེངས་ནས་ནི། །གུས་པས་རྒྱལ་བ་ལྟར་མཆོད་བྱ། །ཐུབ་པས་དེ་ལྟར་གཟིགས་ནས་ནི། །ཡིད་ཅན་རྣམས་ལ་སྐྱོབ་པར་མཛད། །ཅེས་དང་། ངོ་བོའི་མན་ངག་ལས་ཀྱང། རྟེན་མཐོང་ན་ཡང་འདི་དག་ནི། །བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །སྙམ་དུ་དད་ཅིང་གུས་པར་བྱ། །ཞེས་གསུངས་སོ། །གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་བརླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གནས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་གསུངས་པ་བཞིན་ནོ། །སྒྲ་དོན་ནི། །སུ་པྲ་ཏིཥྛ་བི་དྷི་ཞེས་པའི་སྒྲ་ལས་བཟང་པོར་བསྒྲུབ་པ་དང་། ཡུན་རིང་དུ་གནས་པར་བྱེད་པའི་ཆོ་ག་སྟེ། རྟེན་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ་བསྒྲུབས་པས་བཟང་པོ་དང་། འཁོར་བ་ཇི་སྲིད་དུ་གནས་པར་བྱེད་པས་ཡུན་རིང་བའོ། །དེ་གཉིས་ཀྱང་ཡེ་ཤེས་པ་དགུག་གཞུག་དང་བརྟན་བཞུགས་དང་འབྲེལ་བའི་ཕྱིར་རབ་གནས་ཀྱི་ཆོ་ག་ཞེས་བྱ་སྟེ། ཡང་། སུ་རབ། པྲ་ཏི་སོ་སོ། ཥྛ་གནས་པ་སྟེ། རྟེན་སོ་སོའི་བདག་ཉིད་དུ་གནས་པ་ལ་ཡང་བགྲང་དུ་རུང་ངོ་། །རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གང་ལ་གནས་བྱའི་རྟེན་ནི། རྟོག་པ་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་ཀྱིས་མཚོན་པ། གཟུགས་སྐུའི་རྟེན་དེ་བཞིན་གཤེགས་པ་ཞི་ཁྲོའི་སྣང་བརྙན་དང་། གསུང་གི་རྟེན་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་གསུང་རབ་གླེགས་བམ། ཐུགས་རྟེན་ནི་ཆོས་སྐུའི་རྟེན་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་མཆོད་རྟེན་བརྒྱད་ལ་སོགས་པ་རྣམས་དང་། གཞན་ཡང་གཙུག་ལག་ཁང་དང་། རྒྱན་དང་ཕྱག་མཚན་ལ་སོགས་པ་ཇི་སྙེད་པ་རྣམས་སོ། །དེ་དག་ཀྱང་དབྱིབས་དང་རྒྱན་ལ་སོགས་པ་སོ་སོའི་མཚན་ཉིད་དང་ལྡན་པར་ཚད་ལ་ཕེབས་པར་བྱ་དགོས་པ་ནི། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་ཉམས་དང་ལྡན། །ཚད་ཀྱི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་གནས་པའི་དགོས་པ་ནི། སྐྱོན་ཡོན་གྱི་ཡོན་ཆ་ལས་གཉིས་ཏེ། དང་པོ་རབ་གནས་མ་བྱས་པའི་སྐྱོན་ནི། རྟེན་དེ་ཡང་རབ་གནས་མ་བྱས་པ་དང་། ཆོ་ག་དམན་པས་བྱས་ནའང་མི་ཤིས་པ་དང་བསོད་ནམས་ཀྱི་ཞིང་དུ་མི་འགྱུར་ཏེ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབ་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། །གཉིས་པ་རབ་གནས་བྱས་པའི་ཡོན་ཏན་ནི། སྔར་བཤད་པའི་སྐྱོན་རྣམས་མི་འབྱུང་བ་དང་། རྟེན་དེ་ཉིད་མཆོད་པ་ལས་བསོད་ནམས་འཕེལ་ཞིང་རྒྱུད་བྱིན་གྱིས་བརླབ་པ་སོགས་དོན་ཆེན་པོར་འགྱུར་བ་ཡིན་ཏེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། སྐུ་གསུང་ཐུགས་རྟེན་ཁྱད་པར་ཕྱིར། །རབ་གནས་བཟང་པོའི་ཆོ་ག་བྱ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་གནས་བྱེད་ཀྱི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པས་རྒྱུད་སྦྱངས་ཤིང་། ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་དབང་གིས་སྨིན་ཅིང་དམ་ཚིག་དག་པ། ཕྱི་ནང་གི་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་བ། རབ་གནས་ཀྱི་ཆོ་ག་ལ་མཐོང་རྒྱུད་ཕྱིན་ཆད་ཀྱིས་མཁས་པས་དོན་མཐུན་དུ་ལག་ཏུ་ལོངས་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་འོ། །ཞེས་པའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོགས་ཀྱིས་མཚོན་པའང་། དགེ་སློང། དགེ་ཚུལ། ཁྱིམ་ན་གནས་པ་རྣམས་རིམ་བཞིན་རབ་འབྲིང་ཐ་མར་བྱས་པས་སོ། །ལྔ་པ་གང་དུ་བྱ་བའི་གནས་ནི། ཕྱོགས་དང་ཁ་དོག་ལ་སོགས་པའི་སྒོ་ནས་ཞི་རྒྱས་ཀྱི་གནས་སུ་བསྔགས་པ་དང་། ཁྱད་པར་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་ཏེ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཞེས་དང་། གལྤོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་སོགས་ཀྱིས་མཚོན་ཏེ་དཀྱིལ་འཁོར་གྱི་ཆོ་ག་རྣམས་ལས་བཤད་པ་བཞིན་ནོ། །དྲུག་པ་གང་གི་ཚེ་བྱ་བའི་དུས་ནི། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་བདག་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་པ་ལྟར་དགུན་ཟླ་ཐ་ཆུང་ནས་དབྱར་ཟླ་འབྲིང་པོའི་བར་ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་བཀྲ་ཤིས་པ་ལ་བྱ་སྟེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་མྱུར་བའི་ཕྱིར། །གཟའ་སྐར་ཤིས་པ་བླང་བར་བྱ། །ཞེས་པས་རིག་བྱེད་ཀྱི་གཞུང་གཞན་ལས་ཀྱང་ཤེས་པར་བྱ་བ་ཉིད་དེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚེས་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། གཞན་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་པའང་གཙོ་ཆེ་བའི་དབང་དུ་དགོངས་ཀྱི། གཞན་དུ་ན། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་གསུངས་པས་མཚོན་ནོ། །བདུན་པ་གང་ཞིག་བྱ་བའི་ཆོ་ག་ནི། རྟེན་འབྲེལ་རབ་གནས་སུ་གྲགས་པ་དང་། བསླབ་བཏུས་ལས། སངས་རྒྱས་སྲས་བཅས་དད་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་སུ་གསོལ་ཏེ་ཕྱག་མཆོད་དང་ཤིས་བརྗོད་བྱེད་པ་མདོ་ལུགས་སུ་གྲགས་པ་དང་། གསང་སྔགས་ཀྱི་རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་དང་། ཁྱད་པར་རྣལ་འབྱོར་ཆེན་པོའི་རྒྱུད་མདོ་སྒྱུ་དང་སྒྲུབ་སྡེ་རྣམས་སུ་གསུངས་པའི་དོན་པཎ་གྲུབ་ཤིང་རྟ་ཆེན་པོར་གྲུབ་པ་རྣམས་ཀྱིས་ཇི་ལྟར་བཀྲལ་བ་བཞིན། སྙིང་པོར་དྲིལ་བའི་ཆོ་ག་རྣམ་པར་དག་པ་ཉིད་ཀྱིས་བྱ་དགོས་ཏེ། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོགས་གསུངས་པ་བཞིན། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་དང་། གསང་བའི་སྙིང་པོ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་པ་ཉིད་ཀྱང་སྤྱིར་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་ལ་བསྙེན་པ་དང་རབ་གནས་ཀྱི་ཆོ་ག་གཉིས་ཀྱི། དང་པོ་བསྙེན་པ་ནི། གཞིའི་བསྙེན་པ་དང་ཉེ་བའི་བསྙེན་པ་གཉིས་ཏེ། སློབ་དཔོན་ཆེན་པོས། ལན་གསུམ་གཞན་གྱིས་གསོལ་བཏབ་པས༔ ཡིད་འོང་གནས་སུ་འདུག་ནས་ནི༔ བསྙེན་པ་རྣམ་གཉིས་མཐར་ཕྱིན་པས༔ ཞེས་གསུངས་པ་ལྟར་རུང་མཐུན་ཙམ་སོང་བའི་དབང་དུ་བྱས་ནས། གཉིས་པ་རབ་གནས་ཀྱི་ཆོ་ག་དངོས་ལ་རྒྱས་འབྲིང་བསྡུས་པའི་རྣམ་གཞག་འགའ་ཞིག་ཡོད་པ་ལས། འདིར་བསྡུས་པ་ཉིན་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་གཞིར་བྱས་པ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་དུ་གནས་པ་ཡིན་ལ། དང་པོ་སྦྱོར་བ་ལ་ཡང་ཡོ་བྱད་ཀྱི་གཤོམ་དང་། བདག་གི་རྣལ་འབྱོར་དང་། ལྷ་བུམ་དང་། ཁྲུས་བུམ་བསྒྲུབ་པ་རྣམས་སྔོན་དུ་འགྲོ་བས། རབ་ཏུ་གནས་པའི་ཆོ་ག་དངོས་ལ། ཐོག་མར་བགེགས་སྦྱོང་བ་ལ། གཏོར་མ་བྱིན་ཏེ་ཞི་བས་སྦྱང་བ་དང་། རྫས་ཞི་བ་དང་སྔགས་དྲག་པོ་སྟེ་ཕྱེད་མས་སྦྱང་བ་དང་། རྡོ་རྗེའི་ཁྲོ་བོའི་སྙེམ་པས་སྤྲུལ་པའི་ཕོ་ཉ་དང་བཅས་པས་སྡིགས་ཤིང་ཚར་གཅོད་པ་དྲག་པོའི་སྒོ་ནས་སྦྱང་བ་རྣམས་ཀྱིས་བགེགས་བསལ་ནས། ཟན་ཆངས་སོགས་རྫས་བཞི་སྔགས་དང་བཅས་པས་མི་ཤིས་པ་སྦྱང་བ་དང་། ཏིལ་དང་མེ་ཆུའི་སྦྱོར་བས་སྡིག་པ་སྦྱང་བ་རྣམས་དང་། དེ་རྗེས་ཁྲུས་ཀྱི་ཆོ་ག་ལ་དམན་མཆོག་གཉིས་སུ་ཡོད་པ་ལས་སྔ་མ་ནི། སློབ་དཔོན་ཆེན་པོས། ཐ་མལ་པ་ཡིས་བྱས་པ་ཡི༔ དྲི་མ་ངན་པ་བསལ་བའི་ཕྱིར༔ ཞེས་གསུངས་པ་ལྟར་སྦྱང་གཞི་དེ་ལ་སྦྱང་བྱ་བཟོ་བོ་ལ་སོགས་པའི་མི་གཙང་བའི་དྲི་མ། སྦྱོང་བྱེད་བུམ་ཆུ་ལ་སོགས་པ། སྦྱོང་བ་པོ་སློབ་དཔོན་རྗེས་འབྲང་དང་བཅས་པས། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་བྱེད་པ་ཡིན་ཏེ། སློབ་མའི་ཚོགས་དང་བཅས་པ་ཡིས༔ སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ༔ ཞེས་པ་ལྟར་ཁྲུས་ཆལ་བསྐུ་མཉེ་དྲིལ་ཕྱིས་ཁྲུས་གསོལ་དབྱེ་བ་རྣམས་ཀྱིས་དག་པར་བྱས་ནས། དྲི་དང་གོས་རྒྱན་སྲི་ཞུའི་ཚུལ་དུ་བསྒྲུབས་པ་རྣམས་ནི་ཉེས་ཚོགས་བསལ་བའི་རིམ་པའོ། །དངོས་གཞི་ཡོན་ཏན་མངོན་པར་སྒྲུབ་པའི་ཚུལ་ལ། འདུས་པ་ཆེན་པོའི་མདོར་གསུངས་པ་དང་སློབ་དཔོན་ཤཱནྟིཾ་གརྦྷས་སཱཙྪ་སྒྲུབ་པའི་ཆོ་གར་བཤད་པ་ལྟར་གསོལ་བ་གདབ་ཅིང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། རྟེན་དམ་ཚིག་པར་བསྐྱེད་པ་ནི། ས་མ་ཡ་ཞེས་པ་ལ་འཇུག་ཅིང་། ས་མཱ་ཏའི་སྒྲ་འགྲོ་བ་དང་འདུ་བ་ལ་སྦྱོར་དུ་ཡོད་པས་ཡེ་ཤེས་སེམས་དཔའ་གང་དུ་འདུ་བའི་དམ་ཚིག་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །ཇི་ལྟར་བསྐྱེད་ན། རིམ་གསུམ་ལས། དེ་ནས་ལྷ་རུ་བསྐྱེད་པ་ཡང་། །བདེ་གཤེགས་འདུས་པའི་ལྷར་བསྐྱེད་དེ། །ཅེས་གཞུང་གང་ལ་བརྟེན་པ་དེར་བསྐྱེད་པ་དང་། སུ་པྲ་ཏི་ཞེས་སོ་སོའི་སྒྲས་གནས་བྱའི་རྟེན་སོ་སོའི་རྣམ་པ་ཅན་དུ་བསྒོམ་པར་གསུངས་མོད། བློ་དམན་གྱིས་རྟེན་མང་པོའི་ཁྱད་པར་བྱེ་བྲག་ཕྱེད་པ་གསལ་ཐེབས་པར་དཀའ་བའི་ཕྱིར་རིགས་སོ་སོའི་བསྡུ་ཚུལ་ནི། གལྤོ་ལས། གཟུགས་སྐུའི་རྟེན་གྱི་སྐུ་གསུང་ཐུགས། །ལུགས་མ་རི་མོ་ལ་སོགས་པ། །སྤྱིར་ན་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པུསྟི་གླེགས་བམ་ལ་སོགས་གསུང་། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་དྲིལ་བུ་ལ་སོགས་ཀུན། །མི་བསྐྱོད་རྡོ་རྗེ་འཛིན་པ་འམ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་གསུངས་པ་ལྟར། སྤྱིར་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔར་བསྒོམས་པས་གྲུབ་ཀྱང་། རིགས་ཀྱི་སྡེ་ཚན་རྣམས་འབྱེད་པའི་ཕྱིར་དེ་བཞིན་གཤེགས་པ་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ལུགས་བཞིན་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་རྟེན་དམ་ཚིག་པར་བསྒོམས་ནས། དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ནི། ལྷ་ཡི་དཀྱིལ་འཁོར་རབ་བསྐྱེད་ནས། །ཡེ་ཤེས་དཀྱིལ་འཁོར་དགུག་པར་བྱ། །ཞེས་གསུངས་པ་ལྟར། རྟེན་དེ་ཉིད་ཡེ་ཤེས་སེམས་དཔའི་བདག་ཉིད་ཅན་དུ་བྱས་པས་མཆོག་ཏུ་བསྒྲུབ་པའི་ཕྱིར། དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ་མཆོད་པ་སོགས་བྱས་ནས། དེ་ཉིད་ཕྱག་རྒྱ་བཞིས་དམ་ཚིག་པ་ལ་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་པས་དམ་ཡེ་ཆུ་དང་འོ་མ་བཞིན་དབྱེར་མེད་པར་བྱས་ནས། སླར་ཡང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རྟེན་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ངོ་བོར་རྒྱས་བཏབ་པ་ལས་འདའ་བར་མི་བསྐྱོད་པས་རབ་ཏུ་གནས་པའི་དོན་གྱི་སྙིང་པོ་གྲུབ་པར་བྱས་པ་ཡིན་ཏེ། མཉམ་སྦྱོར་ལས། རྒྱ་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་རྟེན་དེ་ལ་དབང་བསྐུར་བ་ནི་མཆོག་གི་ཁྲུས་སུ་འགྱུར་བ་ཡིན་ཏེ། ཨ་བྷི་ཥིཉྩ་ཞེས་པ་མངོན་པར་གཏོར་བའམ། ཆུས་བརླན་པར་བྱས་པ་དང་། དངོས་སུ་དྲི་མ་དག་པར་བྱེད་པ་ཙམ་ལ་འཇུག་ཅིང་། བརྒྱུད་ནས་གོ་འཕང་གི་ཆོས་ཐོབ་པར་བྱེད་ཅིང་དབང་བསྒྱུར་བའི་ནུས་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ན་དབང་སྟེ། ཇི་ལྟར་བསྐུར་ན། གལྤོ་ལས། རིག་པའི་དབང་ལྔ་བསྐུར་བར་བྱ། །ཞེས་སོགས་དབང་བཞི་རྫོགས་པར་བསྐུར་བར་གསུངས་པ་བཞིན་བསྒྲུབས་པ་དང་། རིམ་གསུམ་ལས། རང་གི་སྙིང་གའི་ས་བོན་ལས། །འོད་འཕྲོས་འོག་མིན་ལྷ་ཚོགས་བསྐུལ། །དེ་རྣམས་བྱོན་ནས་ཐུགས་ཀ་ནས། །ལྷ་མོ་དཔག་མེད་འཐོན་ནས་ནི། །མཆོད་པ་རོལ་མོ་བུམ་པར་བཅས། །བཀྲ་ཤིས་སྒྲ་དང་བཅས་པ་ཡིས། །དབང་ནི་བསྐུར་བར་བསམ་པར་བྱ། །ཞེས་དང་། དེ་ལྟར་རྟེན་ལ་དབང་བསྐུར་བར་བྱེད་པས་སྦྱང་གཞི་གདུལ་བྱའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ། སྦྱང་བྱ་འཁོར་བའི་གཉིས་སྣང་ས་བོན་དང་བཅས་པ། སྦྱོང་བྱེད་བུམ་པ་ལ་སོགས་དབང་གི་རྒྱ་རྟགས་ལ་བརྟེན་ནས་རིགས་ལྔ་ཡེ་ཤེས་ལྔའི་བྱང་སེམས་ཀྱི་ཆུ་རྒྱུན་གྱི་བདག་པོ་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་གི་ལྷ་རྣམས། སྦྱངས་འབྲས་གཟུང་ཡུལ་གྱི་རྟེན་དང་། འཛིན་བྱེད་བདག་གི་ཆོས་ཉིད་དང་དབྱེར་མེད་པ་རྒྱུ་རྐྱེན་འབྲས་བུའི་ཚུལ་དུ་འབྲེལ་པར་གནས་པས་མཆོག་གི་གནས་ལ་སྦྱོར་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཇི་ལྟར་གླིང་བཞིའི་དབང་ཕྱུག་གིས། །འཁོར་ལོས་སྒྱུར་བར་དབང་བསྐུར་བ། །དེ་བཞིན་སྔགས་པས་ངོ་མཚར་དང་། །བཀྲ་ཤིས་ཀྱིས་ནི་དབང་བསྐུར་རོ། །ཞེས་གསུངས་པའི་ཚུལ་གྱིས་སོ། །དེ་ལྟར་དབང་བསྐུར་པས་གོ་འཕང་གི་ཆོས་ལ་དབང་ཐོབ་པར་གྱུར་པ་དེ་ལ་མངའ་གསོལ་བའི་ཕྱིར་མཆོད་པ་དང་བསྟོད་པས་དགྱེས་པ་བསྐྱེད་པ་ནི་དབང་གི་རྗེས་འབྲེལ་ལོ། །དེ་ནས་སྤྱན་སོགས་དབྱེ་བ་ནི། རྒྱུད་ལས། དེར་ནི་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་སྤྱན་སོགས་དབྱེ་བས་སེམས་ཅན་རྣམས་ཀྱི་མ་རིག་པའི་ལིང་ཐོག་སོགས་སྒྲིབ་བྱེད་རྣམས་བསལ་ནས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་པ་སོགས་སྒྲིབ་མེད་དུ་འཇུག་པའི་ཕྱིར་རྟེན་ཡེ་ཤེས་ཀྱི་ལྷ་དང་སྐལ་བ་མཉམ་པར་སྤྱོད་པའི་རྟེན་འབྲེལ་ཡང་། སྐྱེ་མཆེད་དེ་དག་ལ་ལྟོས་ཏེ་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་ཡུལ་འདོད་ཡོན་ལ་སྤྱོད་ཡུལ་མཚུངས་པར་བྱ་བའི་ཕྱིར་དབང་པོའི་སྒོ་རྣམས་བསལ་བར་བྱས་པའོ། །དེ་ནས་རྟེན་བསྒྱུར་ནི། རིམ་གསུམ་དུ། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ལྷ་དེ་དེར་བསྒྱུར་བསམ། །སྔགས་དང་ཕྱག་རྒྱ་སེ་གོལ་གྱིས། །སྐུ་གྱུར་གདུལ་བྱའི་ངོ་གང་ལ། །གང་གིས་འདུལ་བ་དེར་བསམ་ཞིང་། །ཞེས་གསུངས་པ་ལྟར། སྔར་རྟེན་བསྐྱེད་ཀྱི་སྐབས་རིགས་ལྔ་གང་དུ་བསྒོམས་པ་དེ་སྐབས་འདིར་ཇི་ལྟར་གནས་བྱའི་སྐུ་གཟུགས་དང་གླེགས་བམ་དང་མཆོད་རྟེན་ལ་སོགས་པ། སོ་སོའི་རྣམ་པ་གང་ཡིན་པ་དེར་བསྒྱུར་པའང་དེ་དང་དེའི་ཕྲིན་ལས་གདུལ་བྱའི་ཡུལ་ལ་ཇི་ལྟར་འཇུག་པ་བཞིན་དུ་བྱེད་པ་རྣམས་ཀྱིས་ཡོན་ཏན་མངོན་པར་བསྒྲུབ་པའི་ཆོ་གའོ། །དེ་ལྟར་རྟེན་བསྒྲུབས་པ་བཞིན་དུ་བསྒྱུར་པ་དེ་ལ་མངའ་དབུལ་བ་ནི། འཇིག་རྟེན་ན་རྒྱལ་བུ་རྒྱལ་སར་དབང་བསྐུར་པ་དེ་ལ་འཁོར་འབངས་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཡོ་བྱད་ཀྱིས་མངའ་གསོལ་བ་བཞིན་དུ་འདིར་ཡང་། སྤྱིར་ཆུ་གཉིས་ཉེར་སྤྱོད་རོལ་མོ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ཀྱིས་མཆོད་ཅིང་བསྟོད་པས་མངའ་དབུལ་བ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་སོ་སོ་དང་འབྲེལ་བ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱིས་མངའ་དབུལ་བ་དང་། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བ་ཞེས་པ་ལྷའི་ཟས་སུ་གྲགས་པས་མངའ་དབུལ་བ་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བ་རྣམས་ལ་མངའ་འབུལ་རྣམ་པ་བཞིར་གྲགས་པས་མངའ་གསོལ་བ་སྟེ། དེ་དག་ནི་ཕུན་ཚོགས་སྤེལ་བའི་ཆོ་གའོ། །དེ་ལྟར་རྟེན་དེ་གདུལ་བྱའི་དཔལ་མགོན་དུ་བརྟན་པར་བཞུགས་སུ་གསོལ་བ་ནི། གལྤོར། འཇིག་རྟེན་མ་སྟོངས་བར་དུ་ནི། །སེམས་ཅན་ལུས་ངག་སྒྲིབ་སྦྱོང་ཕྱིར། །དོན་མཛད་ཆོས་ཀྱི་འཁོར་ལོ་བསྐོར། །བཞུགས་པར་གསོལ་བ་གདབ་པར་བྱ། །ཞེས་པ་ལྟར་འཁོར་བ་ཇི་སྲིད་བར་རྟེན་དེ་ལ་གནས་པར་བཞུགས་སུ་གསོལ་བ་ཉིད་ཀྱིས་རབ་གནས་ཞེས་པའི་བརྡ་དང་འབྲེལ་ཞིང་བརྟན་པར་བྱིན་གྱིས་བརླབ་པ་ནི། རང་གི་དམ་ཚིག་བཞིན་དུ་རྟེན་དེ་ལ་གནས་པ་དང། མི་གནས་པའི་དབང་མེད་པར་སྔགས་དང་ཕྱག་རྒྱས་འཆིང་བར་བྱེད་པ་སྟེ། ཕྱག་རྡོར་དབང་བསྐུར་ལས། འཇམ་དཔལ་གསང་སྔགས་ཀྱི་ཆོས་ཉིད་སྟོན་ཏེ། དེས་ཚིག་གི་རྣམ་པ་བསྟན་པ་ན་བྱ་བ་ནུས་པར་འགྱུར་རོ། །འཇམ་དཔལ་རྟེན་པའི་ཆོས་ཉིད་བྱ་བ་ནུས་པར་གྱུར་པ་ལ་ལྟོས། དཔེར་ན་གཙུབ་སྟན་རྟེན་ནས་སུ། །གཙུབ་ཤིང་གཙུབས་པར་བྱས་པ་ཡིས། །མེ་ཡི་རྩོལ་བ་བྱས་རྒྱུ་ལས། །སྟོབས་དང་ལྡན་པའི་མེ་འབྱུང་ངོ། །དེ་བཞིན་སྔགས་དང་ཕྱག་རྒྱ་ལྷ། །གསུམ་ནི་འདུས་པར་གྱུར་པ་ལས། །ཆེན་པོ་དག་ནི་འབྱུང་འགྱུར་ཏེ། །བྱུང་ནས་ཡིད་ལ་གང་འདོད་པའི། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །ཞེས་དང་། རྣམ་སྣང་སྒྱུ་དྲྭ་ལས། གང་ཞིག་བཅིངས་པ་ཙམ་གྱིས་སུ། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །འདི་ན་ལུས་ནི་བྱིན་བརླབས་ཏེ། །རང་གི་གཟུགས་སུ་རྣམ་བསྒོམས་ན། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨྲོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །དེ་དག་ནི་ཕུན་ཚོགས་སྤེལ་བར་བྱེད་པ་སྟེ་དངོས་གཞིའི་ཆོ་གའོ། །གསུམ་པ་རྗེས་ཀྱི་ཆོ་ག་ནི། རིམ་གསུམ་ལས། དེ་ནས་མཆོད་པ་མཎྜལ་དང་། །གཏོར་མ་རྒྱ་ཆེར་ཕུལ་བྱས་ལ། །ཆོས་ཀྱི་སྲུང་མ་སྤྱན་དྲངས་ཏེ། །མཆོད་ཅིང་གཏོར་མ་ཕུལ་ནས་ནི། །སྐུ་ལ་སོགས་པ་རབ་གནས་དེའི། །སྲུང་མར་བཀའ་བསྒོ་གཏད་པར་བྱ། །དེ་ནས་བཀྲ་ཤིས་གླུ་གར་དང་། །རོལ་མོའི་སྒྲ་དང་བཅས་པ་ཡིས། །བསྐོར་ཞིང་བརྟན་པར་བཞུགས་སུ་གསོལ། །ཞེས་སོགས་གསུངས་པ་ལྟར། ཡི་དམ་དང་ཆོས་སྐྱོང་སོགས་འཇིག་རྟེན་ལས་འདས་པ་རྣམས་དང་། ཕྱོགས་སྐྱོང་དང་འབྱུང་པོ་སོགས་འཇིག་རྟེན་པ་རྣམས་ལ་གཏོར་མ་སོ་སོའི་ཆོ་ག་བཞིན་དུ་ཕུལ། རྟེན་ཡེ་ཤེས་པའི་ངོ་བོར་བསྒྲུབས་པ་དེ་ཉིད་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་ཡུལ། བསོད་ནམས་ཀྱི་ཞིང་དུ་གྱུར་པའི་ཕྱིར། སྲུང་ཞིང་མཆོད་པ་པོ་མི་སྣང་བ་ལྷ་ལ་གཏོད་པ་དང་། སྣང་བ་མི་ལ་གཏོད་པ་གཉིས་ལས། དང་པོ་ནི། རྒྱལ་བའི་བསྟན་པའི་བཀའ་སྲུང་མཐུ་སྟོབས་ཀྱི་དབང་ཕྱུག་ཆོས་སྐྱོང་བའི་སྲུང་མ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་མཆོད་གཏོར་ཕུལ། མཐུ་སྐྱེད་དམ་ཚིག་བསྒྲགས་ནས་རྟེན་འདི་ཉིད་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྲུང་ཞིང་སྐྱོང་བར་མཛོད་ཅེས་གཉེར་དུ་གཏད་ཅིང་། དེ་ནས་གོང་གི་གནས་བྱེད་རྩ་བའི་ལྷ་ཚོགས་རྣམས་ལ་མཆོད་ཅིང་བསྟོད་ནས་རྟེན་བསྲུང་ཞིང་སྐྱོང་བར་གསོལ་བ་འདེབས་པ་དང་། ནོངས་པ་འཆགས་པ་སོགས་སོང་གྲུབ། ད་རེས་འདིར་སྣང་བ་མི་ལ་གཏོད་པ་ཡོན་བདག་བསྒོ་བ་ཞེས་བྱ་བ་དེའི་སྐབས་སུ་བབས་པ་ཡིན་ཏེ། རིམ་གསུམ་དུ། ཡོན་བདག་མདུན་དུ་བཀུག་ནས་ནི། །རབ་གནས་ལྷ་ལ་མཆོད་པ་ཡི། །རྗེས་སུ་གནང་བ་སྦྱིན་པར་བྱ། །ཞེས་གསུངས་པ་སྟེ། དེ་ཡང་། ཇི་ལྟར་ཞེ་ན། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །ཞེས་སོགས་ནས། ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་དང་དུ་བླངས་པའི་ཚུལ་དུ། འདི་ལྟར་བཤམས་པའི་མཆོད་པ་འདིས་མཚོན་ཏེ་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། ཕྱི་ནང་གསང་བའི་མཆོད་པའི་སྤྲིན་རབ་འབྱམས་སུ་སྤེལ་པ། འདུས་པའི་ཚོགས་དང་ལྷན་ཅིག་པས་ཞལ་བསྲོའི་ཚུལ་དུ་འབུལ་བར་མཛོད། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སོགས་ཀྱིས་ཕུལ་ལ། དེ་ལྟར་ཞལ་བསྲོའི་མཆོད་པ་ཕུལ་ནས་བཀྲ་ཤིས་པའི་སྟན་ལ་འཁོད་པའི་མོས་པ་མཛོད། བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད་པ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་སོགས་ཀྱི་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ། བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག་སོགས་དྲག་སྔགས་སྤོས་རོལ་ཚམ་རྔམ་གྱིས་བསྐྲད་ནས། ཡོན་བདག་ལས་སྔགས་དང་བུམ་ཆུས་བསངས་ནས། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འམ་སྐབས་སུ་བབས་པའི་ལྷར་བསྐྱེད་ནས། བཀྲ་ཤིས་ཀྱི་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་སོགས་རང་རང་གི་བྱེད་ལས་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམས་ནས། ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། མེ་ལོང་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་། ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད། མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། །སོགས་བརྗོད། དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གྷི་ཝཾ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦ། ཤིང་གི་ལྷ་མོས་ཤིང་ཐོག་བིལྦ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཡས་སུ་འཁྱིལ་བ། ས་ཡི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བ་སོགས་སྟོང་ཐུན་གྱི་མཐར་མཐུན་འགྱུར་དང་། ཚིགས་གཅད་སོ་སོའི་མཐར་རོལ་མོ་དང་བཅས་པས་མེ་ཏོག་འཐོར་ཞིང་རྫས་རྣམས་རྟེན་ལ་འབུལ་ཚུལ་བྱས་ནས་དེར་འཁོད་ཐམས་ཅད་ལ་རེག་ཅིང་ཡོན་བདག་ལ་གཏད། དེ་བཞིན་དུ་རིན་ཆེན་བདུན་ཡང་གཏོད་པར་སྤྲོ་ན། གང་ཡང་བསོད་ནམས་ཆེན་པོའི་དཔལ་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་ན་དེ་ཉིད་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་དབང་བསྐུར་བའི་ཡོ་བྱད་ཐུན་མོང་མ་ཡིན་པ་ནི་རིན་པོ་ཆེ་སྣ་བདུན་ཡིན་ལ། དེ་ཡང་འཁོར་ལོ་ལ་སོགས་པ་བདུན་རེ་རེ་ལ་ཡང་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་བདུན་དང་། རྫུ་འཕྲུལ་གྱི་ཡོན་ཏན་བདུན་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡོན་ཏན་བདུན་དང་། ཆོས་ཀྱི་ཡོན་ཏན་བདུན་རྣམས་དང་ལྡན་ཏེ། དེ་ལྟར་ཕུན་སུམ་ཚོགས་པའི་དགེ་ལེགས་ཆེན་པོའི་དཔལ་གྱིས་དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་། བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱི་རྫས་ལ་བརྟེན་ནས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་པའི་མཐར། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སོགས་ཚིགས་སུ་གཅད་པ་རོལ་མོའི་སྒྲ་དང་བཅས་པས་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་བྱའོ། །ཞེས་པའང་བཛྲཱ་ཀྵ་རས་སོ།། །།
ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་གྱི་མཚམས་སྦྱོར་ཉུང་ངུར་བཀོད་པ་བདེ་ཆེན་ཐིག་ལེ་ (Volume 11, Text 52)
༄༅། །ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་གྱི་མཚམས་སྦྱོར་ཉུང་ངུར་བཀོད་པ་བདེ་ཆེན་ཐིག་ལེ་བཞུགས། ། སྲིད་ཞིའི་ཕུན་ཚོགས་ཀུན་གྱི་གཏེར། །རྡོ་རྗེ་ཅན་ཞབས་ལ་བཏུད་ནས། །ལམ་ཟབ་བླ་མའི་བྱིན་རླབས་ལ། །ཉེར་མཁོའི་མཚམས་སྦྱོར་ཉུང་ངུར་སྤྲོ། །འདིར་ཀློང་ཆེན་སྙིང་ཐིག་གི་ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་དབང་བསྐུར་སྐབས་ཉེར་མཁོའི་མཚམས་སྦྱོར་དགོད་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་ཤོམ། དངོས་གཞིའི་ཕྲིན་ལས་དང་འབྲེལ་བའི་བྱིན་རླབས་བྱ་བ། རྗེས་བསྡུ་བཅས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཎྜལ་ཚོམ་བུ་ལྔ་པའི་ཁར་ཁྲིའུར་ཐོད་པ་དུམ་བུ་གསུམ་པ་སྨན་འབྲུས་བཀང་བའི་སྟེང་རིག་འཛིན་སྲོག་འཁོར་དར་གུར་གྱིས་གཡོགས་པ། གཡས་སུ་རྣམ་བུམ་ཆིངས་དཀར་ཅན། མདུན་དུ་བླ་མའི་སྐུ །རྒྱབ་ཏུ་གསང་ཐོད། གཡོན་དུ་རིག་ཙཀ །ཌཱ་མ་རུ་དང་ཁ་ཊྭཱཾ་ཐོད་པ་བཅས་དངོས་སམ་བྲིས་པ། རྡོ་རྗེ་སེམས་དཔའི་མེ་ལོང་བཅས་དང་། གཞན་ཡང་སྨན་གཏོར་རཀྟ་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ནས། གཉིས་པ་ནི། ཐོག་མར་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་ལས་བྱང་མཐར་ཆགས་སུ་བཏང་ཞིང་། བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་འཁོར་ལོའི་སྤྲོ་བསྡུའི་དམིགས་གནད་དང་ལྡན་པའི་བསྙེན་བཟླས་མཐར། རིག་མེ་དོར་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ། ལས་བུམ་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བྱིན་བརླབ་བཅས་ལེགས་པར་བཏང་ནས། སློབ་མ་རྣམས་ཁྲུས་ནས་དབྱུང་། གྲལ་དུ་འཁོད། མེ་ཏོག་བཀྱེ་ཟིན་རྗེས། བགེགས་ལ་གཏོར་མ་སྤྱི་འགྲོས་བསྔོ་ཞིང་། དྲག་སྔགས་ཡུངས་ཐུན་ཚམ་རྔམ་བཅས་ཀྱིས་བསྐྲད། གཞུང་གསལ། ཧྲཱིཿ གདོད་ནས་འཁོར་འདས་སོགས་ཀྱི་ལྟ་བས་མཚམས་བཅད་ནས། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཅི་རིགས་སྔོན་དུ་བཏང་ནས། དེའང་བདག་ཅག་གི་སྟོན་པ་མིའི་སེང་གེ་དེ་ཉིད་ཀྱིས་གདུལ་བྱའི་ཁམས་དབང་དང་འཚམ་པའི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཞིག་དབྱེ་བར་མཛད་པ་ཐམས་ཅད་ཀྱི་མཐར་ཐུག །དབང་རབ་ཚེ་གཅིག་གིས་གདོད་མའི་རྒྱལ་སར་དབུགས་འབྱིན་པའི་ཐབས་ཆེན་རྡོ་རྗེའི་ཐེག་པ། དེའི་ཡང་སྙིང་པོར་གྱུར་པ་ཟབ་ལམ་བླ་མ་སྒྲུབ་པའི་བཀའ་སྲོལ་མཐའ་ཡས་པ་ཞིག་བྱོན་པ་ལས། ད་ལམ་གྱི་སྐབས་སུ་བབས་པ་འདི་ནི་རིག་པ་འཛིན་པ་ཡོངས་ཀྱི་རྒྱལ་པོ། མཁའ་སྤྱོད་ཌཱ་ཀིའི་ཚོགས་དཔོན། དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པ་རིག་འཛིན་འཇིགས་མེད་གླིང་པ་ལ། ཀུན་བཟང་བླ་མ་བི་མ་ལ་དངོས་བྱོན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་གྱི་ཡེ་ཤེས་སྐུས་དངོས་སུ་བསྩལ་ཅིང་ཟབ་མོ་དགོངས་པའི་གཏེར་དུ་རྡོལ་བ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྡེ་ལས་བྱོན་པ་སྟེ། གཏེར་གཞུང་རྡོ་རྗེའི་གསུང་ལས། ཨེ་མཿ ཤིན་ཏུ་ཡང་ཟབ་དགོངས་པའི་གཏེརཿ ཡང་གསང་ཐིག་ལེའི་རྒྱ་རྟགས་ཅནཿ གདོད་མའི་མགོན་པོ་ཀློང་ཆེན་པསཿ དཔལ་གྱི་བསམ་ཡས་མཆིམས་ཕུ་རུཿ ཁོ་བོའི་སྙིང་གི་དབུས་སུ་སྦསཿ ལོ་ལྔའི་བར་དུ་གསང་རྒྱ་བྱསཿ ད་ལྟ་དུས་ངན་སྙིགས་མའི་ཚེཿ ཟབ་རྒྱ་སྤེལ་བའི་སྣོད་དཀོན་ཡངཿ གདུག་པ་ཞེ་སྡང་སྦྲུལ་གྱི་ལོརཿ ལྭ་བ་དཀར་པོའི་ལྡིང་གུར་ནངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ འདི་ནས་ལོ་གསུམ་འདས་པ་ནཿ ཐུགས་ཀྱི་སྲས་མཆོག་གསུམ་ཡང་འབྱུངཿ བཛྲ་མིང་ཅན་སྙིང་སྟོབས་ཅནཿ ཛྙཱ་ནའི་མིང་ཅན་གྲུབ་པའི་གཙོཿ རིགས་ལྔའི་མིང་ཅན་སྙན་ངག་མཁནཿ དེ་དག་རྣམས་ལ་ཆོས་སྒོ་འབྱེདཿ ཅེས་གསུངས་པ་ལྟར། དབྱིངས་ཀྱི་ཌཱ་ཀིའི་ལུང་བཞིན་སྤེལ་བའི་དུས་སུ་སོན་པ་ན། མི་ཤིགས་དགོངས་པའི་གཏེར་མཛོད་ལས་ཕྱུང་ནས་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་ཞེས་རྩ་བ་ཙམ་ལས་ཅན་མཆོག་གྱུར་རྣམས་ལ་སྣང་བར་མཛད་པ་དེ་ཉིད་དང་འབྲེལ་བའི་བྱིན་རླབས་བླ་མའི་དབང་བསྐུར་སྨིན་བྱེད་ཡེ་ཤེས་མཆོག་སྦྱིན་འདི་ཉིད་ནི། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། འཇིགས་མེད་མཁྱེན་བརྩེའི་ཟློས་གར་དུ་གྲགས་པ་དེ་ཉིད་གངས་ཅན་ལྗོངས་ཀྱི་གནས་མཆོག་རྣམས་སུ་དཔའ་བོ་དང་རྣལ་འབྱོར་མའི་འདུ་བ་ལ་དགྱེས་རྒུར་སྤྱོད་པའི་སྐབས། གངས་རི་ཐོད་དཀར་འོད་ཟེར་སྤྲིན་གྱི་སྐྱེད་མོའི་ཚལ་དུ་འོད་གསལ་དགོངས་པའི་གཏད་རྒྱ་བཀྲོལ་ནས་གཏན་ལ་ཕབ་ཞིང་། སྐལ་ལྡན་གྱི་སྐྱེ་རྒུར་སྨིན་གྲོལ་ལས་ཚོགས་དང་བཅས་པའི་ཟབ་དོན་ཐང་མར་བརྡལ་བར་མཛད་པ་སྟེ། དེ་ལྟ་བུའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་གསལ་བ་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་སོགས་ལན་གསུམ། རྒྱུད་སྦྱང་བའི་སླད་མདུན་གྱི་ནམ་མཁར་ཁྱབ་བདག་བླ་མ་རྩ་གསུམ་རྒྱ་མཚོའི་འཁོར་ལོ་དང་བཅས་པ་བཞུགས་པའི་སྤྱན་སྔར་གནས་ལུགས་རང་ངོ་ཤེས་པའི་དོན་གྱི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ལ་ལས་བྱང་ལྟར། ཧཱུྃ༔ ངོ་བོ་རང་བཞིན་སོགས་ལན་གསུམ། འཁོར་འདས་ཐམས་ཅད་མཉམ་ཉིད་ཡེ་དག་ཆེན་པོའི་ཀློང་དུ་བྱ་རྩོལ་བྲལ་བའི་ཡེ་ཤེས་ཆེན་པོར་དོན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོཿ སངས་རྒྱས་སོགས་ལན་གསུམ། ཨ་ཏི་ཁྱབ་བརྡལ་ཡེ་གྲོལ་ཆེན་པོར་མཚན་མའི་བསྲུང་མཚམས་མ་དམིགས་ཀྱང་། གཟུང་འཛིན་གྱི་སྒྲོག་ཏུ་ཆུད་པའི་འགྲོ་རྣམས་བསྒྲལ་སླད་སྔོན་གྱི་རྒྱལ་བ་རྣམས་ཀྱི་རྣམ་ཐར་ལ་སློབ་ཅིང་། སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གི་དེང་བཟུང་བྱང་ཆུབ་བར༔ སོ་སོར་ཐ་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ནས༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ལན་གསུམ། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བྱང་ལྟར། ཧཱུྃ༔ རིག་སྟོང་སོགས་ལྷ་བསྐྱེད་ནས་སྤྱན་འདྲེན་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་སྤོས་རོལ་བཅས་བྱིན་དབབ། ཏིཥྛི་བཛྲས་བརྟན་པར་བྱ། དངོས་གཞི་ལ་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་བསྐུར་བ་ནི། བུམ་པ་ཐོགས་ཏེ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པའི་ཆུས་དབང་བསྐུར་བ་མོས་ཤིག །ཧྲཱིཿ ཀ་དག་སོགས་ཀྱི་བུམ་དབང་བསྐུར་རྗེས། འདི་ལྟར་བུམ་དབང་ཐོབ་ཕྱིན་ཆད་སྣོད་བཅུད་ལྷའི་འཁོར་ལོར་ཤེས་པའི་སྣང་སྟོང་བསྐྱེད་པའི་རིམ་པ་བརྩོན་དགོས། དེའང་ཨ་ཏི་དང་མཐུན་པའི་ཚུལ་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། ཀ་དག་སྤྲོས་བྲལ་གྱི་དབྱིངས་ལས་འོད་གསལ་གྱི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ཐིག་འཁྲིགས་པའི་དབུས་སུ་ཟུང་འཇུག་རིག་པའི་ངོ་བོ་ཀུན་མཁྱེན་ཀློང་ཆེན་པ་བདེ་སྟོང་དབྱིངས་སུ་སྦྱོར་བའི་བརྡར་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཐེག་པ་ཐམས་ཅད་ཟིལ་གྱིས་གནོན་པའི་བརྡར་དབུ་ལ་པཎ་ཞུ་གསོལ་བ། ཡེ་ཤེས་ཡོན་ཏན་རྫོགས་པའི་བརྡར་པཎྜི་ཏ་ཡི་ཆ་བྱད་ཅན། ཆོས་ཉིད་ཟད་སར་འཁྱོལ་བའི་བརྡར་ལྟ་སྟངས་ནམ་མཁར་གཟིགས་པ། མི་གནས་ཡེ་ཤེས་ཀྱི་དགོངས་སྤྱོད་ལས་མི་གཡོ་བའི་བརྡར་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། དོན་གཉིས་ལྷུན་གྲུབ་ཏུ་སྩོལ་བའི་བརྡར་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་པདྨ་ཉི་ཟླའི་གདན་ལ་བཞུགས་པ་གསལ་ཐོབ་ལ་སེམས་འཛིན་པར་ཞུ། ཞེས་དར་གཅིག་སེམས་བཟུང་དུ་གཞུག །དེ་ལྟར་བསྐྱེད་རིམ་གསལ་དག་བརྟན་གསུམ་གྱི་ཁྱད་པར་དང་ལྡན་པའི་རིམ་པ་དང་པོའི་ཏིང་འཛིན་མཐར་ཕྱིན་པ་དང་། ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུག་ལྟ་བུ་དང་ལྟ་སྟངས་གྱེན་དུ་གཟིར། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་དང་ལྟ་སྟངས་ཟུར་དུ་ཁྲིད། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་དང་ལྟ་སྟངས་ཐུར་དུ་ཕབ་པ་རྣམས་ཀྱིས་འོད་གསལ་གྱི་སྣང་བ་ལ་མཚོན་པར་གྱིས་ཤིག །རྗེས་འབྲེལ་སྐུའི་བྱིན་རླབས་བྱ་བའི་སླད་དུ་མདུན་གྱི་ཀུན་མཁྱེན་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས་ལུས་ལ་ཐིམ་པས་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པར་གྱུར་སྙམ་པའི་མོས་པ་མཛོད། སྣང་བརྙན་སྤྱི་བོར་བཞག་ལ། ཨོཾ། རིག་གདངས་སོགས། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་དབང་ཐོབ། བསྐྱེད་རིམ་སྒོམ་པར་དབང་། སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །གསང་ཐོད་ཐོགས་ལ། བླ་མ་རྩ་གསུམ་དཀྱིལ་འཁོར་པ་རྣམས་དབྱིངས་ཡེ་གཉིས་མེད་མཉམ་སྦྱོར་མཛད་པའི་བྱང་ཆུབ་ཀྱི་སེམས་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྕེ་ཐོག་ཏུ་བཞག་པར་མོས་ཤིག །ཧྲཱིཿ ཕྱི་སྣོད་སོགས་ཀྱིས་ཐོད་པའི་བདུད་རྩི་སྦྱིན། འདི་ལྟར་གསང་བའི་དབང་ཐོབ་ཕྱིན་ཆད་སྲོག་རྩོལ་རྡོ་རྗེའི་རྣལ་འབྱོར་འདི་ལྟར་ཉམས་སུ་ལེན་དགོས་ཏེ། ལུས་གནད་མེ་ཐབ་དྲུག་འཆིང་བཅའ། དམིགས་གནད་རང་ལུས་རྡོ་རྗེ་རྣལ་འབྱོར་མའི་སྐུའི་ནང་སྟོང་སང་ངེ་བའི་དབུས་རྩ་གསུམ་འཁོར་ལོ་དང་བཅས་པའི་ལྟེ་འོག་གཏུམ་མོའི་མེ་མཚན་ཉིད་བཞི་དང་ལྡན་པ། སྤྱི་བོར་ཧཾ་ཡིག་དཀར་པོ་ཐུར་དུ་བལྟ་བ་རྣམས་གསལ་ཐོབ། དེ་ནས་རླུང་རོ་བསལ། སྟེང་འོག་གི་རླུང་ཁ་སྦྱོར་དུ་བཟུང་བའི་རྐྱེན་གྱིས་གཏུམ་མོ་འབར་བས་སྤྱི་བོའི་ཧཾ་གཡོས། ཐིག་ལེའི་རྒྱུན་བྱུང་མེ་ལ་ཕོག་པས་སྒྲ་བཅས་དྲག་ཏུ་འབར་བས་བདེ་དྲོད་མཐར་ཐུག་སྐྱེས་པར་མོས་ཤིག །རླུང་འཛིན་དུ་གཞུག །གཞན་ཡང་ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་གྱི་ནམ་མཁར་བལྟ་བ་དང་། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་ཟུར་ཁྲིད་མདའ་མཁན་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུ་ཏེ། དེ་ལྟར་གཟིགས་སྟངས་གསུམ་གྱིས་སྒོ་ཡི་གནད་གཅུན། ཡུལ་གནད་སྤྲིན་དང་སེར་བུ་བྲལ་བའི་ནམ་མཁར་ཟེར་གཉིས་དང་སྦྱར་ནས་བལྟ། རླུང་གནད་མཆུ་སོ་མ་རེག་ཙམ་གྱི་ཁ་ནས་དལ་བུས་རྒྱུ་བ་སྙོམས་པ་ལས་ཅུང་ཟད་ཕྱིར་བཟུང་བ་ལ་བསླབས་པས་རླུང་འགྲོ་འོང་དང་བྲལ་བ་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱོར་བར་གྱིས་ཤིག །རྗེས་འབྲེལ་བཟླས་པའི་ལུང་བླང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། དཔོན་སློབ་གཉིས་ཀ་རིག་འཛིན་བླ་མའི་སྐུར་གསལ་བའི་ཐུགས་ཀར་འོད་ལྔའི་ཐིག་ལེའི་ཀློང་དུ་ཡེ་ཤེས་སེམས་དཔའ་ཀུན་བཟང་མཐིང་གསལ་མཉམ་གཞག་གི་ཕྱག་རྒྱ་ཅན་གྱི་ཙིཏྟ་འོད་ཀྱི་གུར་དབུས་པདྨ་ཉི་ཟླའི་སྟེང་དུ་དྭངས་མའི་སྲོག་ཧཱུྃ་ཡིག་མཐིང་ཁ་འོད་ཟེར་འབར་བ་རེ་གསལ་ཐོབ། སློབ་དཔོན་གྱི་ཐུགས་སྲོག་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་སྲོག་མཐར་འཁོད་པ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་བྱིན་བརླབས་དངོས་གྲུབ་ཐོབ་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཅེས་དམིགས་པ་ཕོག་ལ་རྩ་སྔགས་འབྲུ་བཅུ་གཉིས་པ་རྗེས་ཟློས་བྱར་གཞུག །ཀུན་ཏུ་བཟང་པོའི་གསུང་གི་ཕྲིན་ལས་ཡི་གེའི་འཁོར་ལོར་ཤར་བས་དབང་བསྐུར་བས་ལས་རླུང་ཡེ་ཤེས་ཆེན་པོའི་རླུང་དུ་དག་པར་མོས་ཤིག །ཨཱཿ སྲས་བཅས་སོགས། རིག་འཛིན་སྲོག་འཁོར་གྱི་སྔགས་རྣམས་ཚར་གཅིག་བཀླགས་ལ་འཁོར་ལོ་སྤྱི་བོར་བཞག །དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། རླུང་དང་གཏུམ་མོའི་རྣལ་འབྱོར་ལ་དབང་། གསུང་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པའོ། །ཤེར་དབང་ནི། གཟུགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་ཕྱག་ཏུ་གཏད་པར་མོས་ཤིག །ཧྲཱིཿ བཅུ་དྲུག་སོགས། དེ་ལྟར་སྦྱིན་པའི་རིག་མ་རྡོ་རྗེ་སྙེམས་མ་དང་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔར་གསལ་བས་མཁའ་གསང་བྱིན་གྱིས་བརླབས་ཏེ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པའི་ཡས་བབ་དང་མས་བརྟན་གྱི་དགའ་བཞི་མྱོང་། ལྷན་སྐྱེས་འཕོ་མེད་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །ཅེས་ངོ་བོ་སྐྱོང་བཅུག །རྗེས་འབྲེལ་སྟོང་ཉིད་མཚོན་པའི་ཌཱ་མ་རུ། བདེ་སྐྱོང་ཀཱ་པ་ལ། སྐུ་གསུམ་མཚོན་པའི་ཁ་ཊྭཱཾ་ག་རྣམས་གཏད་པས་སྤྱོད་པའི་བརྟུལ་ཞུགས་སྐྱོང་བ་ལ་མངའ་བརྙེས་པར་མོས་ཤིག །ཧཱུྃ། ཕྱི་དང་སོགས་ཀྱིས་ཆས་རྣམས་འགྲིམས། དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་སྒོམ་པ་ལ་དབང་། ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །རྩལ་དབང་ནི། རྡོ་རྗེ་སེམས་དཔའི་མེ་ལོང་དྭངས་གསལ་གྱི་བརྡས་མཚོན་ཏེ་གཞི་དབྱིངས་ཀ་དག་ཆེན་པོ་ལས། གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ཚད་མེད་པར་འཆར་བའི་དོན་གོ་བར་གྱིས་ཤིག །ཧྲཱིཿ གཞི་དབྱིངས་སོགས། ཁྱེད་རང་རྣམས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་རང་རིག་སྐད་ཅིག་མའི་ཤེས་པ་ཙམ་ལས་བྱ་རྩོལ་གྱིས་མ་བསླད་པར་ཀ་དག་ཁྱབ་བརྡལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །ཨ་ཨ་ཨཿ ཞེས་དཔོན་སློབ་གཉིས་ཀས་མཉམ་པར་བཞག །ཕཊ། འདི་ལྟར་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་དབྱིངས་ཀྱི་གདངས་རིག་པའི་རང་རྩལ་དུ་ངོ་ཤེས་པས་སྤང་བླང་ཡིད་དཔྱོད་དང་བྲལ་བའི་ཡེ་གྲོལ་ཆེན་པོའི་གཟེར་གྱིས་ཐེབ་པར་བྱོས་ཤིག །རྗེས་འབྲེལ་ཁྱད་པར་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་ངོ་སྤྲོད་རྡོ་རྗེའི་ཚིག་འདིའི་དོན་ངེས་པར་མཛོད་ཅིག །ཨ༔ ལྟ་བ་བློ་འདས་གདོད་མའི་བབ༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ གཟུང་འཛིན་སྤང་བླང་བསལ་བཞག་བྲལ༔ སངས་རྒྱས་ཀུན་གྱི་གསང་བ་འོ༔ ཨ་ཨ་ཨ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པ་དེ་ཉམས་སུ་ལེན་པ་ལ་དབེན་པའི་གནས་སུ་བཞུགས་སྟངས་གསུམ་ལ་གཞི་བཅའ། གཟིགས་སྟངས་གསུམ་གྱི་གནད་བཅུན་ནས་གཏོད་པའི་འབེན་ལ་གཟིར་བས། ཀ་ཏི་ཤེལ་གྱི་སྦུ་གུར་གནས་པའི་རིག་གདངས་རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་ཐོན་ཏེ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འཇའ་ཐིག་རྡོ་རྗེའི་ལུ་གུ་རྒྱུད་མངོན་སུམ་དུ་འཆར་བ་ཉིད་བརྩོན་པས་གནད་དུ་བསྣུན་པས་ཉམས་སྣང་གོང་དུ་འཕེལ། རིག་པ་ཚད་ལ་ཕེབས། ཆོས་ཉིད་ཟད་སར་འཁྱོལ་ཏེ་རིང་པོར་མི་ཐོགས་པར་ཁམས་གསུམ་གྱི་འཁྲུལ་པ་རུ་ལྡོག་པར་འགྱུར་རོ། །དེ་ལྟར་ཡང་གསང་བརྡའི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ། ལམ་ཐོད་རྒལ་གྱི་ཡེ་ཤེས་སྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །གླེགས་བམ་ཐོགས་ལ། ཁྱད་པར་གྱི་བྱིན་རླབས་བརྟན་བྱེད་སྒྲུབ་པའི་སླད་དུ། སྐུ་གསུམ་རིག་འཛིན་བླ་མའི་ཐུགས་ཀྱི་བཅུད་ཕུར་རྡོ་རྗེ་ཡི་གེའི་གྲོང་ཁྱེར་དུ་ཤར་བའི་གླེགས་བམ་སྤྱི་བོར་བཞག་པས་བརྒྱུད་གསུམ་བླ་མའི་རྡོ་རྗེ་གསུམ་གྱི་མཐུ་བྱིན་སྒོ་གསུམ་ལ་ཞུགས། མཚན་འཛིན་གྱི་མུན་ཁང་བརྟོལ། འཇའ་ལུས་གཞོན་ནུ་བུམ་སྐུར་གྲོལ་བའི་མཐུ་ཐོབ་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཀུན་བཟང་སོགས་བརྗོད་ཅིང་དབང་བསྐུར་མཐའ་རྟེན་ཤིས་བརྗོད། དམ་ཚིག་བསྒྲག་བཟུང་། གཏང་རག །ཡོན་འབུལ། དགེ་བསྔོ་སྤྱི་ལྟར་བྱ། རྗེས་རིམ་ཚོགས་མཆོད་སོགས་མཐར་ཆགས་སུ་བཏང་བས་གྲུབ་བོ། །ཞེས་པའང་ཉེར་མཁོའི་ཆེད་དུ་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་ཕྲལ་མར་སྤེལ་བ་དགེ །མངྒ་ལཾ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ གསང་བདག་རྡོ་རྗེ་བེ་ཅོན་གྱི་སྒྲུབ་ཐབས་ (Volume 46, Text 52)
ྈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ གསང་བདག་རྡོ་རྗེ་བེ་ཅོན་གྱི་སྒྲུབ་ཐབས་བཞུགས་སོ༔ གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བ༔ ྈྈྈྈ བཅོམ་ལྡན་གསང་བདག་དཔའ་བོ་ཆེ༔ རྡོ་རྗེ་བེ་ཅོན་རྣལ་འབྱོར་གྱིས༔ གསང་བའི་བར་ཆད་སེལ་འདོད་ན༔ ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ༔ ཤིན་ཏུ་དྲག་པོས་ལས་ལ་སྦྱར༔ ས་མ་ཡ་རྒྱ༔ དང་པོ་ཞི་བར་བསྙེན་པ་ནི༔ ཚོགས་གསག་ཚད་མེད་སྔོན་འགྲོ་བས༔ སྟོང་པའི་ངང་ལས་པད་ཉིའི་སྟེང༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ གསང་བའི་བདག་པོ་སྐུ་མདོག་དཀར༔ ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ རལ་པའི་ཐོར་ཚུགས་རྡོ་རྗེའི་ཏོག༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས༔ ཐུགས་ཀར་ཉི་སྟེང་ཧཱུྃ་དཀར་པོ༔ ཐ་མར་གསང་བའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་དང༔ ལྕང་ལོ་ཅན་ནས་གསང་བའི་བདག༔ ཡེ་ཤེས་སེམས་དཔའི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས༔ ཆར་བཞིན་བབས་ནས་བདག་ལ་ཐིམ༔ བྱིན་བརླབས་ནུས་པ་བསྐྱེད་པར་བསམ༔ སྔགས་འདི་སྨྲ་བཅད་འབུམ་ཕྲག་བཞི༔ རྩེ་གཅིག་བཟླས་པས་འགྲུབ་པར་འགྱུར༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦཱ་ར་དྷ་ར་ཧཱུྃ་ཧཱུྃ་ཕཊ༔ ས་མ་ཡ༔ གཉིས་པ་ཁྲོ་བོར་བསྒྲུབ་པ་ནི༔ བསྙེན་པའི་རིམ་པ་སྔོན་སོང་ནས༔ རང་ཉིད་གསང་བདག་ཞི་བའི་སྐུ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་ཚུལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་མེ་ལྟར་འབར༔ དར་སྔོན་སྟོད་གཡོགས་སྟག་ཤམ་དང༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་སྤྲས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རྩེ་ལས་སྤྲུལ་པའི་ཁྱུང་ཆེན་ནི༔ ཀྲང་ཀྲིང་སྒྲ་སྒྲོག་མཐིང་ནག་འབར༔ གནམ་ལྕགས་རྭ་དང་མཆུ་སྡེར་ཅན༔ ཀླུ་གདོན་གདུག་པ་ཞལ་དུ་གསོལ༔ མེ་ཕུང་འབར་བའི་གཤོག་པ་རྡེབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ ཞབས་གཉིས་དོར་སྟབས་པད་ཉི་དང༔ བདུད་བཞི་བསྣོལ་བའི་གདན་གྱི་སྟེང༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ སྤྱི་བོར་དཔའ་བོ་འབྲུ་ལྔས་བརྒྱན༔ ཡེ་ཤེས་རིགས་ལྔའི་དབང་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཧཱུྃ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ རྡོ་རྗེ་བེ་ཅོན་གསང་བའི་བདག༔ རབ་འབྱམས་ཁྲོ་བོའི་འཁོར་དང་བཅས༔ འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས༔ རྡོ་རྗེ་བེ་ཅོན་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་ཁྱོད་ལ་བསྟོད༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལམྦཱ་ར་དྷ་ར་ཧྲཱི་ཁྲོཾ་སརྦ་དུཥྚཱན་ད་ཧ་ནི་བཛྲ་ཧཱུྃ་ཧཱུྃ་ཕཊ༔ རང་གི་སྙིང་དབུས་པད་ཉིའི་སྟེང༔ ཡེ་ཤེས་སེམས་དཔའ་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་ཞགས་པ་བསྣམས༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ དེ་ཡི་ཐུགས་ཀར་ཉི་མའི་དབུས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་མེ་འོད་བཅས༔ རང་སྒྲ་སྒྲོག་བཞིན་ཞལ་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་སྦྱངས༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་བརླགས༔ ཕྱི་སྣོད་དྲག་པོའི་གཞལ་ཡས་ཁང༔ ནང་བཅུད་ལྷ་དང་སྔགས་ཀྱི་སྒྲ༔ གཉིས་མེད་ཡེ་ཤེས་འཁོར་ལོར་བསམ༔ ཉི་ཤུ་རྩ་དགུའི་སྲོག་ལྡན་པའི༔ དྲག་སྔགས་ཁོང་པའི་དབུགས་བཞིན་བཟླ༔ དངོས་ཉམས་རྨི་ལམ་ཞལ་མཐོང་དང༔ སྔགས་ཀྱི་སྒྲ་ཐོས་ཕྱག་མཚན་རྙེད༔ ཉི་ཟླ་ཞོན་དང་མེ་འབར་སོགས༔ རྟགས་མཐོང་ནས་ནི་ལས་ལ་སྦྱར༔ ས་མ་ཡ༔ གསུམ་པ་ལས་ལ་སྦྱར་བ་ནི༔ རང་ཉིད་རྡོ་རྗེ་བེ་ཅོན་སྐུ༔ ཡོངས་གྱུར་རཀྴ་ཐོད་ཕྲེང་རྩལ༔ སྨུག་ནག་ཁྲོ་གཏུམ་བཟོད་པར་དཀའ༔ སྐུ་ཆེ་ཡན་ལག་ཤིན་ཏུ་རགས༔ ཁམས་གསུམ་བ་སྤུའི་ཁུང་བུར་རྫོགས༔ ཧཱུྃ་ཕཊ་ཕེཾ་སྒྲ་འབྲུག་ལྟར་སྒྲོག༔ རྡོ་རྗེ་ཐོད་འཛིན་ཡུམ་དང་སྦྱོར༔ དྲག་པོའི་ཆས་ཀྱིས་རབ་ཏུ་བརྒྱན༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ དམ་ཚིག་ཡེ་ཤེས་གཟོད་མ་ནས༔ དབྱེར་མེད་དག་མཉམ་ཆེན་པོར་གསལ༔ སྐུ་ལས་སྐུ་འཕྲོས་འཇིག་རྟེན་གང༔ གསུང་གིས་དྲག་སྔགས་འབྲུག་ལྟར་སྒྲོག༔ ཐུགས་ཀྱི་ཡེ་ཤེས་ཕྱག་མཚན་ལས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ སྟེང་འོག་བར་གསུམ་འབྱུང་པོའི་གདོན༔ ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླགས༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེགས༔ རྡོ་རྗེའི་རླུང་གི་ཤུགས་ཀྱིས་གཏོར༔ ཐམས་ཅད་ཀ་དག་ཆེན་པོའི་ངང༔ གཉིས་མེད་དགོངས་པའི་གདིང་བསྐྱེད་ལ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧ་ས་ཧ་ས༔ དྷ་ར་དྷ་ར༔ མཱ་ར་ཡ་མཱ་ར་ཡ༔ ནཱ་ཤ་ཡ་ནཱ་ཤ་ཡ༔ སརྦ་དུཥྚཱན་བིགྷྣཱན་བི་ནཱ་ཤ་མཱ་ར་ཡ་ཕཊ༔ ཁྲི་ཕྲག་གཅིག་གིས་ལས་ཀུན་བྱེད༔ ས་མ་ཡ་རྒྱ༔ སློབ་མ་རྗེས་སུ་འཛིན་པ་ནི༔ དབེན་པའི་གནས་སུ་ཡོ་བྱད་བཤམས༔ བདག་མདུན་དབྱེར་མེད་བསྙེན་ཅིང་བསྒྲུབ༔ སློབ་མས་མཎྜལ་གསོལ་བ་གདབ༔ བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར༔ གསང་བདག་རྡོ་རྗེ་བེ་ཅོན་གྱི༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ རྒྱུད་སྦྱངས་་་རྡོ་རྗེ་སློབ་དཔོན་སོགས།ལྷར་་་ཞི་བ་དཀར་པོ།བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡི༔ དབང་བསྐུར་མ་ལུས་ཁྱོད་ལ་སྦྱིན༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་འབྲེལ་ཕྱག་རྒྱའི་དབང་བསྐུར་ནི༔ ཧཱུྃ༔ དཔལ་ལྡན་གསང་བའི་བདག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་པ་གཟའ་གདོན་འདུལ་བ་དང༔ རྡོ་རྗེའི་སྐུ་རུ་ལྷུན་གྲུབ་ཤོག༔ བཛྲ་ཙཎྜ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔་་་ལྷ་བསྟིམས་པས་དྲག་པོ་མཐིང་ཀར་གནས་བསྒྱུར། ཧྲཱི༔ དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བསེན་དམ་སྲི་ཚར་བཅད་ནས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཧྱ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔་་་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐུགས་ཀར་གཞུག །ཁྲོཾ༔ ཡེ་ཤེས་ཁྱུང་ཆེན་ག་རུ་ཌས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་གདུག་པ་ཚར་བཅད་ནས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ བཛྲ་ག་རུ་ཌཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔་་་སྡིགས་མཛུབ་རྩེའི་ཁྱུང་ལ་བསྟིམས་པས་གདུག་པ་ཚར་གཅོད་པར་བསྒོམ། བསྙེན་སྒྲུབ་ལས་སྔགས་བཟླས་ལུང་སྦྱིན༔་་་སྤྱི་མཐུན་རྗེས་ཟློས་བཅས། རྗེས་འབྲེལ་སྔགས་ཕྲེང་མགྲིན་པར་བཞག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་ཆེ༔ རིག་སྔགས་ཀུན་གྱི་རྒྱལ་པོ་སྟེ༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡི༔ གསུང་མཆོག་འདི་ནི་ཁྱོད་ཀྱིས་ལོངས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཕྱག་མཚན་སྙིང་གར་གཏད་ཅིང་བསྟིམ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ༔ སྟོང་ཉིད་ཡེ་ཤེས་མཁའ་འདྲ་བ༔ བཅོམ་ལྡན་རྡོ་རྗེ་བེ་ཅོན་གྱི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ དཔལ་གྱི་གཏོར་མ་བརྗིད་ལྡན་འདི༔ རཀྴ་ཐོད་ཕྲེང་ངོ་བོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཕྲིན་ལས་ལྷུན་རྫོགས་ཤོག༔ བཛྲ་ཙཎྜ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཏོར་མའི་ལྷ་བསྟིམ་ཤིས་པ་བརྗོད༔་་་ལྷ་བསྟིམས་ནས་སློབ་མ་རཀྴ་ཐོད་ཕྲེང་ཡབ་ཡུམ་དུ་གནས་སྒྱུར། རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ དེ་ལྟར་དབང་འདི་བསྐུར་ཙམ་གྱིས༔ སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི༔ བར་ཆད་ཆོ་འཕྲུལ་ཐམས་ཅད་ཞི༔ ཏིང་འཛིན་གསལ་ཞིང་བརྟན་པ་སོགས༔ བྱིན་རླབས་ནུས་པ་མཐའ་ཡས་ཕྱིར༔ ཚུལ་བཞིན་བསྒོམ་ན་སྨྲོས་ཅི་དགོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་གཞན་ཕན་གདགས་སླད༔ བསྙེན་སྒྲུབ་མཐར་ཕྱིན་རྣལ་འབྱོར་པས༔ ལས་རྣམས་སྣ་ཚོགས་བསྒྲུབ་འདོད་ན༔ ཞི་བའི་སྒོ་ནས་ཀླུ་གཏེར་གཞུག༔ དྲག་པོས་གཟའ་གདོན་སྲུང་དང་གསོ༔ ཡེ་ཤེས་སེམས་དཔས་རྒྱལ་གདོན་འདུལ༔ ལས་ཀྱི་ཁྱུང་གིས་ཀླུ་གདོན་རྣམས༔ སྲུང་དང་ཚར་གཅོད་རྫས་སྲུང་བསྟན༔ མཐར་ཐུག་ཧཱུྃ་གི་རྫོགས་རིམ་གྱིས༔ ཏིང་འཛིན་སེམས་ཀྱི་བར་ཆད་བསལ༔ དེ་ལ་ཀླུ་གཏེར་གཞུག་པ་ནི༔ ཀླུ་སྨན་སྣ་ཚོགས་དཀར་དང་མངར༔ ཁམ་ཕོར་གཙང་མ་མཆུ་ལྔ་པར༔ བླུགས་ལ་ཁ་བཅད་གནས་སུ་སྦ༔ ཀླུ་རྣམས་དགུག་ཅིང་མཆོད་སྦྱིན་བྱ༔ མི་ཟད་རིན་ཆེན་གཏེར་གྱི་མཆོག༔ དགོས་འདོད་འབྱུང་བར་བྱིན་བརླབས་ཏེ༔ བདེན་པའི་ཚིག་དང་སྔགས་འདིས་བསྔོ༔ ཨོཾ༔ སྟོང་གསུམ་སྲིད་པའི་འཇིག་རྟེན་ན༔ ཡེ་ཤེས་དང་ནི་ལས་ཀྱི་ཚུལ༔ ཀླུ་རྒྱལ་འཁོར་དང་བཅས་པ་རྣམས༔ ཚུར་གཤེགས་རྒྱལ་བའི་བཀའ་ལ་ཉོན༔ སྔོན་ཚེ་ཕྱག་ན་རྡོ་རྗེ་ཡིས༔ གནམ་ལྕགས་འབར་བའི་རྩེ་མོ་རུ༔ དམ་ཚིག་བསྒྲགས་ཤིང་ལས་ལ་གཟིར༔ མ་དྲོས་ཆེན་པོའི་མཚོ་འགྲམ་དུ༔ འདོད་དགུ་གཏེར་གྱི་བུམ་པ་བསྩལ༔ ཀླུ་རྣམས་ལས་ཀྱི་སྒྲིབ་དག་ཅིང༔ འཇིགས་པ་ཀུན་ལས་བསྐྱབས་པ་དང༔ དངོས་གྲུབ་མཐའ་ཡས་ཐོབ་པ་ལྟར༔ བདེན་པའི་ཚིག་དང་མཐུ་སྟོབས་ཀྱིས༔ དེང་འདིར་གཙང་མའི་གནས་མཆོག་ཏུ༔ བཀྲ་ཤིས་གཏེར་གྱི་བུམ་པ་ཆེར༔ མཐུན་ཞིང་དཀོན་པའི་རྫས་བསྩལ་ཏེ༔ ནམ་མཁའ་མཛོད་ཀྱི་ངོ་བོར་བརླབས༔ ཁྱེད་རྣམས་དགྱེས་པའི་མཐུན་རྫས་དང༔ ཕོ་བྲང་རྟེན་གྱི་གནས་སུ་འབུལ༔ ཞི་ཞིང་བྱམས་པའི་སེམས་ཀྱིས་བཞེས༔ བཀྲ་ཤིས་དགེ་བའི་ཐུགས་བསྐྱེད་ལ༔ རྟེན་འདིར་མ་འདའ་ས་མ་ཡ༔ མཐུ་རྩལ་ནུས་པའི་ཆོ་འཕྲུལ་གྱིས༔ ཆར་ཆུ་དུས་ཕོབས་ལོ་ཕྱུགས་སྤེལ༔ འཇིག་རྟེན་དགེ་བའི་ཕྲིན་ལས་མཛོད༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱའི་མཐར༔ སརྦ་ནཱ་ག་རཱ་ཛ་ས་པ་རི་བཱ་ར་ས་མ་ཡ་སྨ་ར་རཀྵ་ཏིཥྛནྟུ༔ ནཱ་ག་ལེ་ལེ་དུམ་པ་ལེ་སརྦ་རཏྣ་སིདྡྷི་ཀུ་རུ་ཧཱུྃ་ཧཱུྃ༔ ཞེས་དང་བརྟན་བཞུགས་ཤིས་བརྗོད་བྱ༔ དེས་ནི་ཀླུ་རྣམས་རྟེན་ལ་གནས༔ ཡུལ་ཕྱོགས་བཀྲ་ཤིས་བདེ་ལེགས་ཤིང༔ ཀླུ་ཡི་གནོད་པ་ཞི་བ་དང༔ སྣོད་བཅུད་འབྱོར་པ་རྒྱས་པར་འགྱུར༔ ས་མ་ཡ༔ ཀླུ་རྟེན་བཞུགས་པར་མི་འོས་སམ༔ གང་ཡང་རུང་བའི་གནས་སྐབས་སུ༔ ཀླུ་གདོན་འགྲོལ་བའི་ཆོ་ག་ནི༔ གཙང་མའི་ས་ལ་ནེའུ་གསེང་བྱ༔ ཀླུ་ཤིང་སྣ་ཚོགས་ཁོར་ཡུག་བཙུག༔ དབུས་སུ་པདྨ་འདབ་བརྒྱད་ལ༔ ཀླུ་ཆེན་དགུ་ཡི་གཟུགས་བརྙན་བྱ༔ མཐའ་སྐོར་མཐུན་རྫས་དུ་མ་དང༔ ཕལ་པ་རྣམས་ལ་ཀླུ་བཤོས་དགོད༔ སྟེང་དུ་ཀླུ་ཤིང་ཁྲི་འུའི་ཁར༔ ཀླུ་སྨན་འོ་ཆབ་བུམ་པ་བཞག༔ བདག་ཉིད་གསང་བདག་ཞི་བར་བསྐྱེད༔ བུམ་པར་དེ་ཉིད་བསྐྱེད་ཅིང་བཟླས༔ ཁྱད་པར་སྔགས་ཀྱི་ཤམ་བུ་རུ༔ སྤྲིན་ཆེན་མདོ་སྡེ་ལས་བྱུང་བའི༔ བདེ་བ་སྦྱིན་པའི་གཟུངས་སྔགས་བཟླ༔ འོད་ཞུ་ཡེ་ཤེས་བདུད་རྩིར་བསམ༔ ཕུད་ནི་ཀླུ་སྨན་བུམ་པར་བླུགས༔ ལྷག་མས་སློབ་མ་བཀྲུ་བར་བྱ༔ ཧཱུྃ༔ བཀྲ་ཤིས་བུམ་པ་བཟང་པོ་ནས༔ ཀུན་ཏུ་དགེ་བའི་སྔགས་ཀྱི་ཆུས༔ ཀླུ་ལས་གྱུར་པའི་གདོན་དང་ནི༔ ནད་དང་གནོད་པ་ཞི་གྱུར་ཅིག༔ སྔགས་མཐར༔ ས་བདག་ཀླུ་གཉན་གྱི་མཐོང་བའི་དུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རེག་པའི་དུག༴ བསམ་པའི་དུག༴ ཁ་རླངས་ཀྱི་དུག༴ སྦྱོར་བ་ངན་པའི་དུག༴ ཀུན་ཏུ་འཚེ་བའི་དུག༴ དུག་ལས་གྱུར་པའི་ནད་དང་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྨ་བྱ་དང་ནི་གླག་གི་སྒྲོ༔ ཀུ་ཤའི་ཆུན་པོ་བཅས་པ་དང༔ ཨ་པ་ནཱ་ཡའི་སྔགས་ཀྱིས་བྱབ༔ ཀླུ་གཉན་ས་བདག་ཚོགས་རྣམས་ཀུན༔ སྔོན་དུ་དགུག་ཅིང་ཡས་སྦྱིན་ནི༔ ཨོཾ་ཨཱཿཧཱུྃ༔ ང་ནི་དུས་གསུམ་སངས་རྒྱས་ཀྱི༔ གསང་བ་འཛིན་པ་ཆེ་བའི་མཆོག༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིན༔ ཁམས་གསུམ་ཀླུ་གཉན་ས་བདག་ཀུན༔ བདག་གི་བྲན་དང་འབངས་དང་ནི༔ ཁོལ་པོ་དང་ནི་ཡང་གཡོག་སྟེ༔ དམ་ལས་མ་འདའ་ནཱ་གའི་ཚོགས༔ ཚུར་གཤེགས་ཚུར་བྱོན་གནས་འདི་རུ༔ ཞི་ཞིང་དགེ་བའི་སེམས་ཀྱིས་འདུས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས༔ དཀའ་ཞིང་དཀོན་པས་བཙལ་བའི་རྫས༔ མཐུན་པའི་འདོད་ཡོན་འདི་ལོངས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ མཐོང་ཐོས་དྲན་རེག་བསམ་སྦྱོར་དང༔ ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག༔ ཞི་དང་བཀྲ་ཤིས་བདེ་ལེགས་མཛོད༔ ཅེས་པའི་ཚིག་གིས་སྨྲང་བཀྲོལ་ལ༔ སྔགས་འདིས་དཀོར་ཆ་ཐམས་ཅད་ཀུན༔ འདོད་ཡོན་རྒྱ་མཚོའི་གཏེར་དུ་འབུལ༔ ཨོཾ་མ་ཧཱ་ནཱ་ག་བྷཱུ་མི་པ་ཏི་དུ་ན་རཀྴ་ས་མ་ཡ་ས་པ་རི་བཱ་ར་མ་ཧཱ་ཨ་མྲྀཏ༔ མ་ཧཱ་ཀཱ་མ་གུ་ཎ༔ མ་ཧཱ་རཏྣ་སཾ་བྷོ་ག་ས་མ་ཡ་མི་དྷ་ཨཱཿཧཱུྃ༔ བརྒྱ་རྩས་ཕུལ་ཞིང་ཀླུ་སྨན་འཐོར༔ བདག་ཉིད་ཕྱག་རྡོར་ཐུགས་ཀ་ནས༔ ཐུགས་རྗེའི་འོད་ཟེར་སྤྲིན་ལྟར་འཁྲིགས༔ དེ་ལས་བདུད་རྩིའི་ཆར་བབས་པས༔ ཀླུ་རྣམས་ནད་དང་སྡུག་བསྔལ་ཞི༔ བདེ་སྐྱིད་འབྱོར་པ་ཕུན་ཚོགས་བསམ༔ སྙིང་པོ་དང་ནི་གཟུངས་སྔགས་མཐར༔ ཨོཾ་ཕུ་ནཱ་ག་རཱ་ཛ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་སརྦ་དུཿཁ་པྲ་ཤ་མ་ན་ཡ་སྭཱ་ཧཱ༔ ཀླུ་ཡི་བྱད་དང་གནོད་པ་ཀུན༔ སྔོ་དམར་བྱད་ཐག་སྦྲུལ་གྱི་གཟུགས༔ ཡེ་ཤེས་རལ་གྲིས་བཅད་པར་བསམ༔ སརྦ་ནཱ་ག་རཱ་ཛ་བྷཱུ་མི་པ་ཏི་ནཱ་ག་དུ་ན་རཀྴ་ཤིག་ཤིག༔ ཆོད་ཆོད༔ ཁྲོལ་ཁྲོལ༔ སྔགས་མཐར་གདག་པས་བཅད་ནས་ཀྱང༔ ཀླུ་ཡི་གཟུགས་དང་ཡས་ལ་དཀྲི༔ དེ་ནས་ཐ་ཚིག་འདི་སྐད་བསྒོ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ དམ་ལ་བཞག་པའི་ཀླུ་གཉན་དང༔ ས་བདག་འབྱུང་པོའི་ཚོགས་རྣམས་ཀུན༔ མཐུན་རྫས་དཀོར་ཆས་ཚིམས་པར་བྱས༔ རྩི་སྨན་བདུད་རྩིས་ཉམས་པ་གསོས༔ ད་ནི་རང་རང་གནས་སུ་གཤེགས༔ རྒྱ་མཚོའི་ཕོ་བྲང་ཉམས་རེ་དགའ༔ རི་བོའི་སུལ་དུ་བག་རེ་དྲོ༔ ནགས་ཚལ་ཆེན་པོ་མདངས་རེ་སྐྱིད༔ ཆུ་ཀླུང་ཆུ་མིག་ཡིད་དུ་འོང༔ དེ་བས་རང་གནས་བདེ་བར་གཤེགས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ང་ནི་རྡོ་རྗེ་གཏུམ་པོའི་སྐུ༔ ཡེ་ཤེས་ཁྱུང་གི་སྤྲིན་འཕྲོ་བས༔ སྲོག་ནས་དྲང་ཞིང་མིང་ནས་ཕྱུང༔ ཚར་གཅོད་རྡུལ་དུ་བརླག་འགྱུར་བས༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཅེས་དང་དྲག་སྔགས་བརྗོད་ཅིང་བསྐྲད༔ བྱ་ཁྱུང་ཕྱག་རྒྱ་བསྟན་བྱས་ལ༔ ཨོཾ་བཛྲ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་པྲ་ཙ་ལེ་སྭཱ་ཧཱ༔ ཞེས་པས་མཚམས་བཅད་སྔགས་ཀྱི་མཐར༔ སྤེལ་ཚིག་རཀྵ་བཏགས་པས་བསྲུང༔ ཤིས་བརྗོད་དཀར་གསུམ་དགའ་སྟོན་བྱ༔ གདུག་པ་ཀླུ་ཡི་གདོན་ཁྲོལ་བའི༔ ཆོ་ག་རྒྱས་བསྡུས་མང་བསྟན་ཀྱང༔ སྙིང་པོར་དྲིལ་བ་འདི་ཁོ་ན༔ ཤིན་ཏུ་ཟབ་ཅིང་ཁྱད་པར་འཕགས༔ སྟོང་གསུམ་ཀླུ་ཡི་དུག་རླངས་ཀྱང༔ སྐད་ཅིག་ཉིད་ལ་ཞི་བར་འགྱུར༔ ས་མ་ཡ༔ གཟའ་ནད་ཧུར་ཐུམས་སྲུང་བ་ནི༔ དུག་ཤོག་ངོས་ལ་གྲི་ཁྲག་གིས༔ འཁོར་ལོ་ཆོས་འབྱུང་ཟུར་དྲུག་དབུས༔ རྡོ་རྗེ་ཧཱུྃ་གིས་མཚན་པ་དང༔ གྲི་གུག་བཾ་གྱིས་མཚན་པ་བྲི༔ དེ་ཡི་གོང་རས་མུ་ཁྱུད་ལ༔ ཕྱག་རྡོར་དྲག་པོའི་སྔགས་དང་ནི༔ ཨོཾ་བཛྲ་ཝཱ་རཱ་ཧི་ཀྲོ་དྷཱི་ཀ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ས་མ་ཡ་ཧྲཱིང་སརྦ་དུཥྚཱན་མཱ་ར་ཡ་ཕཊ༔ རྩིབས་དྲུག་ཡི་གེ་འབྲུ་རེ་འབྲི༔ གཟའ་ཁ་ཊ་རུ་ཊ་ཕཊ༔ དེ་རྒྱབ་མུ་ཁྱུད་ལྷ་སྔགས་དང༔ ཨོཾ་སྟུམ་པོ་ལི་སྟུམ་པོ་ལི་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ༔ འདོད་གསོལ་སྤེལ་ཞིང་དེ་ཡི་ཕྱིར༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང༔ རྡོར་ར་མེ་རི་ལྕགས་སྡིག་འབྲི༔ གཟའ་བདུད་རྡོ་རྗེ་གུ་གུལ་ནག༔ སྤང་སྤོས་ཤུ་དག་མུ་ཟི་བྱུགས༔ བཅོམ་ལྡན་རྡོ་རྗེ་བེ་ཅོན་དང༔ རྡོ་རྗེ་ཁྲོས་མ་ནག་མོར་བསྐྱེད༔ རབ་གནས་བྱས་ལ་ལ་ཆས་དྲིལ༔ གང་གི་མགུལ་དུ་གདགས་པ་ཡིས༔ སྐྱེ་བ་གཅིག་གི་གཟའ་གདོན་ཐུབ༔ ས་མ་ཡ༔ གཟའ་ཡི་བྱད་འགྲོལ་ཆོ་ག་ནི༔ སླ་ང་ཆུས་བཀང་བའི་སྟེང་།་་་དམར་གཏོར་སྦྲུལ་དཀྲིས་བྱ་རོག་མགོས༔ མཚན་པར་གཏོར་ཆུང་བརྒྱད་ཀྱིས་བསྐོར༔ མཐུན་རྫས་འདོད་ཡོན་དུ་མས་གཏམས༔ བདག་ཉིད་གསང་བདག་དྲག་པོ་དང༔ སྤང་སྤོས་གླ་རྩི་ཤུ་དག་གི༔ ཆུས་བཀང་བུམ་པར་དྲག་པོ་བསྐྱེད༔ རྩ་སྔགས་ཤམ་དུ་སྔགས་འདི་སྦྲེལ༔ རཱ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཤིག་ཤིག་ཕྱུངས་ཕྱུངས་ཁྲོལ་ཁྲོལ་སརྦ་བི་ཥ་ཧ་ར་ཕཊ༔ ཅེས་བཟླས་གཟའ་གདོན་དགུག་བྱས་ཏེ༔ གཏོར་མ་སྦྱིན་ཞིང་བཀའ་བསྒོ་བྱ༔ ཧཱུྃ༔ ང་ནི་དཔལ་ཆེན་གསང་བའི་བདག༔ དྲེགས་པ་ཀུན་གྱི་སྲོག་འཕྲོག་པའི༔ གཉེན་པོ་སྟོབས་ཀྱི་ཕྱག་རྒྱ་ཡིན༔ ཚུར་གཤེགས་གཟའ་ཀླུ་འབྱུང་པོའི་ཚོགས༔ མཆོད་སྦྱིན་མགྲོན་དུ་མྱུར་བར་སྤྱོན༔ ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པའི༔ གཏོར་མ་འདོད་ཡོན་ཕུང་པོ་དང༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ དམ་ལས་མ་འདའ་ཀླུ་ཡི་བུ༔ བཀའ་ལས་མ་འགོང་སྲིན་པོའི་རིགས༔ ཐ་ཚིག་དགོངས་ཤིག་རཱ་ཧུ་ལ༔ གཟའ་བརྒྱད་གདོང་མོ་མཆེད་སྡེ་བཞི༔ རྒྱུ་སྐར་ཉེར་བརྒྱད་འཁོར་དང་བཅས༔ ཞི་བའི་སེམས་ཀྱིས་འཛུམ་ཕྱུངས་ཤིག༔ ཕན་པའི་ཡིད་ཀྱིས་གྲོགས་མཛོད་ཅིག༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ བཟུང་པ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཐེགས༔ དུག་རླངས་ཕྱུངས་ལ་ཟེར་མ་སྡུས༔ གནས་རྟེན་སྤོས་ལ་གཞན་དུ་གཤེགས༔ རཱ་རཀྴ་རཱ་ཧུ་ལ་ས་མ་ཡ་སྨ་ར་རཀྵནྟུ༔ དེ་ནས་བུམ་ཆུ་སྔགས་བཅས་ཀྱིས༔ བཀྲུས་ཤིང་བྱབས་ལ་བྱད་ཐག་ནི༔ སྔགས་དང་དཔལ་འབར་མེ་ལྕེས་གཅད༔ ཧཱུྃ༔ གསང་བདག་དྲག་པོ་ཆེན་པོ་ཡི༔ ཡེ་ཤེས་མེ་ལྕེའི་ཚ་ངར་གྱིས༔ གཟའ་གདོན་གདུག་པའི་འཆིང་བ་ཀུན༔ སྤྲོས་བྲལ་ཀ་དག་ཀློང་དུ་བསྲེག༔ དྲག་སྔགས་མཐར༔ རཱ་རཀྴ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་བི་ཥ་ཙྪིནྡ་ཙྪིནྡ་ཕཊ༔ ཡག་ཤཾ་ཕཊ༔ དུར་ཤཾ་ཕཊ༔ ཕག་ཤཾ་ཕཊ༔ ཕེ་ཤཾ་ཕཊ༔ ཕེར་ཤཾ་ཕཊ༔ ཤར་ཤཾ་ཕཊ༔ ཏྲག་ཤཾ་ཕཊ༔ ཙཀ་ཤཾ་ཕཊ༔ དེ་ནས་ཡས་དང་བྱད་ཐག་བཅས༔ ཤན་པའི་རིགས་ཀྱི་ལག་ཏུ་གཏད༔ ཧཱུྃ་ཧཱུྃ༔ སྲིད་པ་གསུམ་ན་ཆེ་བཙན་པ༔ གདུག་པའི་གཟའ་གདོང་སྡེ་བརྒྱད་ཚོགས༔ མ་ལུས་ལུས་པ་མེད་པ་ཀུན༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ མཐུན་རྫས་འདོད་ཡོན་ངོ་ལ་ལྟོས༔ གསང་བདག་གཏུམ་པོའི་དམ་མ་བཀྲལ༔ ད་ནི་ནམ་མཁའི་དབྱིངས་སུ་གཤེགས༔ ད་ནི་བར་སྣང་ཁམས་ལ་རྒྱུགས༔ ད་ནི་ཆུ་བོའི་གཞུང་ལམ་འགྲིམས༔ གནས་འདིར་འཁོར་བའི་ས་མེད་ཀྱིས༔ ཟ་ཁ་དམ་ཉམས་དགྲ་ལ་ཕྱེས༔ འཐུང་ཁ་ནག་ཕྱོགས་བགེགས་ལ་གཏོད༔ གལ་ཏེ་དམ་ལས་འགལ་བགྱིད་ན༔ བཛྲ་ཡཀྴ་ཙཎྜ་ཡིས༔ སྲོག་ནས་དྲང་ཞིང་གནད་ལ་དབབ༔ ཤི་ས་བསྟན་ཞིང་ཕྱག་རྒྱས་གཅུན༔ མིང་ནི་ལྷག་མར་འགྱུར་ཏ་རེ༔ དེ་བས་དམ་ལ་མ་འདའ་བར༔ རང་རང་གནས་སུ་གཙྪ་ཕཊ༔ ཅེས་བརྗོད་ཆུ་བོའི་གཞུང་ལ་བསྐུར༔ དྲག་སྔགས་བཟླ་ཞིང་མཚམས་བཅད་ལ༔ སྲུང་བ་བྱས་ཏེ་སྲུང་འཁོར་གདགས༔ སྔོན་ལས་མ་གཏོགས་ངེས་པར་བཟློག༔ ས་མ་ཡ༔ ཡེ་ཤེས་སེམས་དཔའ་ལ་བསྟེན་ནས༔ རྒྱལ་འགོང་དམ་སྲི་འདུལ་བ་ནི༔ སེང་ལྡེང་དབྱུག་པ་ཁྲུ་གང་ནང༔ ཧྲཱིཿཔདྨཱནྟ་ཀྲྀཏ་ཧྱ་གྲི་བ་བཛྲ་པཱ་ར་ཧི་ཧི་ཧི་རཱ་ཙ་ཧཾ་ཤཾ་ཏྲིག་ནན་ཙིཏྟ་གཏུབས་གཏུབས༔ ཕྱུངས་ཕྱུངས༔ ཤིག་ཤིག༔ ཟློག་ཟློག༔ བྱེར་བྱེར༔ མཱ་ར་ཡ་ཕཊ༔ རཱ་ཙ་ཧབ་ལེ་ཧབ་ལེ་སོད༔ ཅེས་བྲིས་བཅུག་ཅིང་ཞིང་ལྤགས་སམ༔ དར་ནག་མགུལ་ཆིངས་ལེགས་པར་བཏགས༔ དཀྱིལ་འཁོར་དབུས་བཞག་རྟ་མགྲིན་བསྐྱེད༔ རིག་པ་སྟོང་རྩས་རབ་ཏུ་གནས༔ རང་གིས་འཆང་བས་རྒྱལ་འགོང་ཚོགས༔ ཕྱོགས་བཅུར་བྱེར་ཞིང་ཉེ་མི་ནུས༔ གཞན་ལ་བྱིན་རླབས་བྱས་པ་ཡིས༔ རྒྱལ་འགོང་དམ་སྲིའི་བར་ཆད་ཞི༔ ནད་གདོན་ཅན་ལ་སྡིགས་ཤིང་བརྡུང༔ སྐད་ངན་ཙེར་ཙེར་རྒྱལ་འགོང་འབྲོས༔ གང་ཡང་རྟ་མཆོག་རོལ་པ་ཡི༔ བརྟུལ་ཞུགས་ཆེན་པོའི་ངར་བསྐྱེད་ལ༔ ཧི་ཧིའི་སྒྲ་སྒྲོག་ལྟ་སྟངས་གཟིར༔ ཤིན་ཏུ་ཟབ་པའི་བཅུད་དྲིལ་ལོ༔ ས་མ་ཡ༔ སྤྲུལ་པའི་ཁྱུང་ཆེན་ལ་བསྟེན་ནས༔ ཀླུ་གདོན་གདུག་པ་སྲུང་བ་ནི༔ ག་རུ་ཌཿཡི་ལྟོ་བ་རུ༔ འཁོར་ལོ་རྩིབས་བཞིའི་དབུས་དང་རྩིབས༔ ཁྲོཾ་ཡིག་རེ་རེའི་མཐའ་སྐོར་དུ༔ ཨོཾ་བཛྲ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཨོཾ་ཕཊ༔ ཨོཾ་རཏྣ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཏྲཱཾ་ཕཊ༔ ཨོཾ་པདྨ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཧྲཱིཿཕཊ༔ ཨོཾ་ཀརྨ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་ཨཱཿཕཊ༔ ཞེས་པ་སོ་སོར་འབྲི་བར་བྱ༔ རྩིབས་མཆན་ཀྵིཾ་ཡིག་རེ་རེ་འགོད༔ དེ་རྒྱབ་མུ་ཁྱུད་དང་པོ་ལ༔ ཁྱུང་ཆེན་ལྔ་ཡི་སྔགས་ཀྱི་མཐར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་ཙྪནྡྷེ་ཙྪནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ནཱ་ག་རཱ་ཛ་རཀྵ་རཀྵ༔ ནཱ་ག་རཀྴ་རཀྵ་རཀྵ༔ ནཱ་ག་ཡཀྵ་རཀྵ་རཀྵ༔ ནཱ་ག་དུ་ན་རཀྵ་རཀྵ༔ ནཱ་ག་ཙནྟྲི་རཀྵ་རཀྵ༔ ཞེས་བྲིས་དེ་རྒྱབ་དབྱངས་གསལ་དང༔ རྟེན་སྙིང་རྡོར་ར་མེ་རིས་བསྐོར༔ རྫས་སྲུང་བྱུགས་ཤིང་རབ་ཏུ་གནས༔ གང་གི་མགུལ་དུ་བཏགས་པ་ཡིས༔ ཀླུ་གདོན་གདུག་པ་ཐམས་ཅད་དང༔ མཛེ་ཤུ་ལ་སོགས་ནད་ཀུན་སྲུང༔ ས་མ་ཡ༔ ཤིན་ཏུ་གདུལ་དཀའ་ཚར་གཅད་ན༔ ཚེར་ནག་ཕུར་པའི་མགུལ་དུ་ནི༔ གོང་གི་སྔགས་ཀྱི་ཤམ་བུ་རུ༔ རཀྵ་རཀྵ་ཞེས་པའི་མལ་དུ།་་་མཱ་ར་ཡ་ཞེས་བཏགས་པ་དང༔ ནཱ་ག་ཏྲི་མྱོག་རྨུག་ཐུཾ་ལིང་ཤག་རྦད་རྦུད་ཛྭ་ལ་ཛྭ་ལ་ཕཊ་ཕཊ༔ ཅེས་བྲིས་འཁོར་ལོ་གདགས་བྱ་ཞིང༔ དབལ་སོ་ལ་འང་སྔགས་དེ་བྲི༔ གུ་གུལ་ཡུངས་དཀར་གླང་རྭའི་གཞོབ༔ རྟ་བོན་མུ་ཟི་གླ་རྩི་དང༔ ཤུ་དག་ཐལ་ཆེན་ཐུམ་བུ་གདགས༔ དུག་ཁྲག་བྱུགས་ལ་གནོད་པའི་ཕྱོགས༔ ཁྱུང་ཆེན་འབར་བ་སྐུ་མདོག་ནག༔ ཕུར་པའི་དབལ་ཅན་གསལ་ལ་གདབ༔ ཤིན་ཏུ་མི་བསྲུན་ཀླུ་བདུད་རིགས༔ ཚར་གཅོད་དྲག་པོའི་སྦྱོར་བ་སྟེ༔ དགོས་ངེས་མ་གཏོགས་སྤང་བར་བྱ༔ ས་མ་ཡ༔ བྱིན་རླབས་རྫས་ཀྱི་སྲུང་བ་ནི༔ ཨ་རུ་བོང་ང་གླ་ནག་རྩི༔ རུ་རྟ་དང་ནི་ཤུ་དག་ནག༔ གཙོ་གྱུར་གུ་གུལ་ཡུངས་དཀར་དང༔ ཐང་ཕྲོམ་དཀར་པོ་མཁན་དམར་རྩ༔ མུ་ཟི་དངུལ་ཆུ་སེང་ལྡེང་དམར༔ ཀླུ་བདུད་ཡུང་བ་ཆུ་རྩ་སྦྱར༔ ཤིན་ཀུན་དྲི་ཆུས་རིལ་བུ་དྲིལ༔ འོག་ཅན་གླང་དམར་རྭ་ནང་བླུགས༔ ཐུན་སྣོད་ཨེ་སྒྲོམ་འབར་བའི་ནང༔ ཐུན་རྫས་རིལ་བུ་རེ་རེ་ནས༔ ཁྲོཾ་ལས་སྤྲུལ་པའི་བྱ་ཁྱུང་དམར༔ མེ་ཡི་རང་བཞིན་འཇིགས་པར་བསྒོམ༔ དྲག་སྔགས་བཟླས་ཤིང་ཕུས་གདབ་པས༔ སྐུ་ལས་བསྐལ་པའི་མེ་ཆེན་འབར༔ ཀླུ་བདུད་འབྱུང་པོ་ཐམས་ཅད་བསྲེགས༔ ཁྲོ་རྒྱལ་ཡོངས་ཀྱི་བྱིན་རླབས་བསྡུས༔ གཟི་བྱིན་ནུས་པ་ཆེར་འབར་བསམ༔ ཨོཾ་ཁྲོཾ་ཀྲང་ཀྲིང་བཛྲ་ག་རུ་ཌཿཧེ་ཧཾ་སེ་ཙ་ལེ་ཙ་ལེ་པྲ་ཙ་ལེ་པྲ་ཙ་ལེ་སརྦ་ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བནྡྷ་བནྡྷ་ནཱ་ག་ནི་སྭཱ་ཧཱ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཨེ་ཧུར་ཐུམས་ཛཿཏྲིག་ནན་ཕཊ༔ ཅེས་བཏགས་བཟླས་པས་ངར་བསྐྱེད་ལ༔ མཐར་ནི་ལྷ་ཉིད་རིལ་བུར་བསམ༔ མགུལ་དུ་གདགས་སམ་དུ་བས་བདུག༔ ཁོང་དུ་གཏང་ངམ་ཕྱི་རུ་བྱུགས༔ མདོར་ན་དྲི་ཙམ་ཚོར་བས་ཀྱང༔ གདོན་བགེགས་འབྱུང་པོ་ཐམས་ཅད་དང༔ ཁྱད་པར་ས་བདག་ཀླུ་གཉན་གདོན༔ སྟོང་གསུམ་ཁེངས་ཀྱང་ཉམ་མི་ང༔ སྲུང་དང་ཞི་དང་གསད་པའི་མཆོག༔ གཅིག་ཆོག་རྫས་ཀྱི་ཕ་ལམ་ཡིན༔ ཁྱུང་ཆེན་རྡོ་རྗེ་ཕ་ལམ་གྱི༔ རྫས་སྲུང་ཟབ་མོ་ས་མ་ཡ༔ དེ་ནས་མཐར་ཐུག་ཏིང་ངེ་འཛིན༔ སེམས་ཀྱི་གེགས་སེལ་སྙིང་པོ་ནི༔ བསྐྱེད་དང་རྫོགས་དང་ཟུང་འཇུག་གསུམ༔ དང་པོ་བསྐྱེད་རིམ་རྩ་བའི་ལྷ༔ ཕྱག་རྡོར་ཞི་བ་དཀར་པོར་བསྒོམ༔ སྙིང་ནང་མེ་ལྟར་འབར་བ་ཡི༔ ཡེ་ཤེས་ལྔ་ལྡན་ཧཱུྃ་ཡིག་ལ༔ རླུང་སྦྱོར་དང་བཅས་སེམས་བཟུང་བས༔ ཟིན་ནས་འོད་ཟེར་བུན་བུན་འཕྲོས༔ ལུས་ཀྱི་ནང་ཀུན་ཁྱབ་པ་ལས༔ མུན་ཁུང་སྒྲོན་མེ་བཏེགས་པ་ལྟར༔ ཕྱི་ནང་ཐམས་ཅད་གསལ་བར་བྱས༔ ལྷ་སྐུ་གསལ་སྟོང་གཞའ་ཚོན་བཞིན༔ དྭངས་ཞིང་ཐོགས་པ་མེད་པར་བསྒོམ༔ ཧཱུྃ་ཞེས་ནར་གྱིས་འདྲེན་པར་བྱ༔ དེ་ཚེ་རྒོད་ན་ལྟེ་བའི་འོག༔ ཐིག་ལེ་ནག་པོའི་དབུས་སུ་ཧཱུྃ༔ མུན་པ་འཐིབས་པ་ལྟ་བུ་ལ༔ སེམས་འཛིན་ལྟ་སྟངས་སྨད་ལ་བཞག༔ བྱིང་ན་སྨིན་མཚམས་ཟླ་དཀྱིལ་དབུས༔ ཧཱུྃ་ཡིག་དཀར་པོ་ཟླ་ཤར་ལྟར༔ འོད་ཟེར་འཕྲོ་ལ་སེམས་གཏད་ནས༔ ལྟ་སྟངས་གཏོད་ལ་ཧུར་ཕྱུང་བཞག༔ བྱིང་རྒོད་མེད་པར་ལྷན་གནས་ཚེ༔ སྙིང་གའི་ཧཱུྃ་ལ་སེམས་གཟུང་ཞིང༔ ཧཱུྃ་ལས་ཧཱུྃ་འཕྲོས་འཇིག་རྟེན་གང༔ སྣང་སྲིད་ཐམས་ཅད་ཐལ་མར་འབིགས༔ བུན་བུན་ལོང་ལོང་ཉིད་དུ་གྱུར༔ ཧཱུྃ་ཡིག་ཡོངས་གྱུར་ལྷ་སྐུར་ཤར༔ ཧཱུྃ་སྒྲ་སྒྲོག་ཅིང་སྟོང་གསུམ་གཡོ༔ མེ་ཕུང་འབར་བས་གདོན་བགེགས་སྦྱངས༔ མཐར་ནི་ཐམས་ཅད་གཅིག་ཏུ་འདུས༔ རང་ཐིམ་རང་ཡང་འོད་དུ་ཡལ༔ མི་དམིགས་ཀ་དག་ངང་དུ་བཞག༔ སླར་ཡང་སྒྱུ་མའི་ལྷ་སྐུར་ལྡང༔ དེ་ལྟར་ཡང་ཡང་རྩལ་སྦྱངས་པས༔ ཏིང་འཛིན་བྱིང་རྒོད་གེགས་སེལ་ཞིང༔ བསྐྱེད་རིམ་གསལ་སྣང་ཐོན་པར་འགྱུར༔ ས་མ་ཡ༔ གཉིས་པ་རྫོགས་པའི་རིམ་པ་ནི༔ རང་ཉིད་རྡོ་རྗེ་བེ་ཅོན་སྐུ༔ སྟོང་གསལ་འོད་ཀྱི་ཕུང་པོར་བསྒོམ༔ ལུས་དབུས་རྩ་གསུམ་འཁོར་ལོ་བཞིའི༔ སྤྱི་བོར་ཧཾ་དཀར་ཟླ་བའི་གཟུགས༔ སྙིང་གར་ཧཱུྃ་མཐིང་འོད་གསལ་བ༔ ལྟེ་འོག་ཧཱུྃ་དམར་མེ་འབར་ཞིང༔ དྲོད་ཀྱི་རང་བཞིན་ཉིད་དུ་བསྒོམ༔ རླུང་རོ་ཧཱུྃ་ཞེས་ནར་གྱིས་འབུད༔ ཁ་སྦྱོར་རླུང་གིས་ལྟེ་བའི་ཧཱུྃ༔ བསྐུལ་བས་ཡེ་ཤེས་མེ་འབར་ཏེ༔ སྙིང་གའི་ཧཱུྃ་ཡིག་གསལ་བར་བྱས༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ བྱང་སེམས་བདུད་རྩི་ནར་གྱིས་བྱུང༔ གནས་བཞིར་སོན་པས་དགའ་བཞི་སྐྱེས༔ ཧཱུྃ་ལ་རེག་པས་མེ་ལྕེ་ཆེར༔ འབར་བས་ཐིག་ལེ་གྱེན་དུ་ལྡོག༔ དེ་ལྟ་བུ་ཡི་འབར་འཛག་ལ༔ བདེ་དྲོད་ཉམས་རྩལ་སྦྱངས་པའི་མཐར༔ སྙིང་གའི་ཧཱུྃ་ལ་སེམས་གཟུང་ཞིང༔ བདེ་ཤས་ཆེ་ན་དབུ་མའི་ནང༔ སྟོང་གསལ་ནམ་མཁའི་རང་བཞིན་བསྒོམ༔ ཡིད་ལ་མི་བྱེད་ཆམ་མེར་བཞག༔ སྟོང་ཤས་ཆེ་ན་འབར་འཛག་ལ༔ རྩེ་གཅིག་ཡིད་གཏད་འཕྲུལ་འཁོར་བྱ༔ བདེ་སྟོང་ཟུང་དུ་ཆུད་པའི་ཚེ༔ སྙིང་གའི་ཧཱུྃ་ལ་སེམས་གཟུང་ངོ༔ དེ་ལྟར་སྤེལ་ཏེ་བསྒོམས་པ་ཡིས༔ བདེ་སྟོང་ཕྱོགས་ལྷུང་ཏིང་འཛིན་གེགས༔ སེལ་ཞིང་རྫོགས་རིམ་ཉམས་མྱོང་སྐྱེ༔ ས་མ་ཡ༔ གསུམ་པ་ཟུང་དུ་འཇུག་པ་ནི༔ རང་ཉིད་བླ་མ་ཧེ་རུ་ཀ༔ རཀྴ་ཐོད་ཕྲེང་རྩལ་དུ་བསྒོམ༔ སྙིང་ནང་འོད་ལྔའི་གོང་བུའི་དབུས༔ ཧཱུྃ་ཡིག་དམར་པོ་གསལ་ལ་འཚེར༔ སྲན་མ་ཙམ་པ་འབར་བ་ལ༔ སེམས་གཟུང་ཅུང་ཟད་ཟིན་པ་ན༔ དེ་ལས་འཇའ་ཚོན་ལྟ་བུའི་འོད༔ འཕྲོས་པས་ལུས་ཀུན་འཇའ་ཚོན་གྱུར༔ སྙིང་གའི་ཧཱུྃ་ལ་ཡེལ་གྱིས་འདུས༔ དེ་ཡང་ནམ་མཁར་སྤྲིན་ལྟར་ཐིམ༔ སྟོང་གསལ་གཉུག་མའི་ངང་དུ་བཞག༔ སླར་ཡང་ཆུ་ལས་ཉ་འཕར་ལྟར༔ ཁྲག་འཐུང་ཆེན་པོའི་སྐུ་རུ་ལྡང༔ སྣང་བཞིན་སྟོང་པའི་དབྱིངས་སུ་བསྐྱལ༔ སྟོང་བཞིན་སྒྱུ་མའི་ལྷ་སྐུར་བསྒོམ༔ ཤིན་ཏུ་ཕྲ་བའི་རླུང་དང་སེམས༔ བདེ་ཆེན་སྐུ་རུ་འཆར་ལ་བསླབ༔ སྟོང་པ་ཤིན་ཏུ་མཐར་ཐུག་དོན༔ ཕྱི་དབྱིངས་སྤྲིན་བྲལ་ནམ་མཁའ་སྟེ༔ ནང་དབྱིངས་ཀ་ཏི་ཤེལ་སྦུག་རྩ༔ གསང་དབྱིངས་འོད་གསལ་གདོད་མའི་བབས༔ དབྱིངས་གསུམ་གཅིག་ཏུ་གཅུན་པ་ཡིས༔ ཡེ་ཤེས་བསམ་མི་ཁྱབ་པ་སྐྱེ༔ རྟག་པར་འཛིན་པའི་བགེགས་ཀུན་སེལ༔ གསལ་བ་ཤིན་ཏུ་མཐར་ཐུག་དོན༔ ནང་གསལ་རིག་པ་ཟང་ཐལ་རྩལ༔ ཕྱི་གསལ་རྡོ་རྗེ་ལུ་གུ་རྒྱུད༔ བར་དུ་གསལ་བ་དབང་པོ་ཡིས༔ མངོན་སུམ་གྱུར་ཏེ་གནད་གཅུན་པས༔ སྣང་བའི་ཡེ་ཤེས་མཁའ་ཁྱབ་འཕེལ༔ ཆད་པར་ལྟ་བའི་འཕྲང་ལས་གྲོལ༔ དེ་ལྟར་དབྱིངས་དང་རིག་པ་གཉིས༔ ཟུང་འཇུག་བསྒོམ་ཏེ་རྩལ་སྦྱངས་པས༔ རྟག་ཆད་སྤྲོས་པའི་གེགས་ལས་འདས༔ སྤྲོས་མེད་དོན་གྱི་གསང་བའི་བདག༔ རྡོ་རྗེའི་ཡེ་ཤེས་ཚེ་འདིར་འགྲུབ༔ ས་མ་ཡ༔ འདི་ནི་དཀྱིལ་འཁོར་གཙོ་བོ་མཆོག༔ བདག་ཉིད་པདྨ་ཐོད་ཕྲེང་གི༔ ཕྱག་མཚན་རྡོ་རྗེའི་ཆོ་འཕྲུལ་ལས༔ ཕྱག་རྒྱ་ཆེན་པོའི་ལྷ་སྐུར་བཞེངས༔ ཕྱི་ལྟར་བཅོམ་ལྡན་གསང་བའི་བདག༔ ནང་ལྟར་བེ་ཅོན་ཁྲོ་བོའི་རྒྱལ༔ གསང་བ་རཀྴ་ཧེ་རུ་ཀ༔ ཡང་གསང་བཛྲ་ག་རུ་ཌ༔ ཐུན་མོང་ས་གསུམ་གདུག་པ་འདུལ༔ ཁྱད་པར་མངོན་སུམ་ཡེ་ཤེས་སྐྱེད༔ མཆོག་ཏུ་ཏིང་འཛིན་གསང་བའི་གེགས༔ སེལ་བྱེད་ལྷག་པའི་ལྷ་གཅིག་པུ༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ ས་མཱ་དྷི་ཡི་གེགས་སེལ་དང༔ ཏིང་འཛིན་བར་ཆད་འབྱུང་བའི་རྐྱེན༔ གཟའ་ཀླུ་རྒྱལ་གསུམ་འདུལ་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ ཀླུ་གདོན་གྲོལ་བའི་ཆ་རྐྱེན་དང༔ གཞན་ཡང་འདི་ཉིད་ཉམས་ལེན་ཀུན༔ ཏིང་འཛིན་ཟབ་མོའི་གེགས་སེལ་ཕྱིར༔ རྡོ་རྗེ་གསང་བའི་ཚིག་ཏུ་བསྟན༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ རིན་ཆེན་སྙིང་པོའི་གཏེར་དུ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈ ྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ཤར་ཕྱོགས་ཀྱི་གནས་ཆེན་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གྱི་བུ་དཔེ་ཕྱག་བྲིས་དངོས་ལས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་དག་པར་ཞལ་བཤུས་པ་དགེ་ལེགས་འཕེལ། །མངྒ་ལཾ་བྷ་བ་ཏུ།། །།
ཆོས་གླིང་གུ་རུ་དྲག་པོའི་སྡེ་བརྒྱད་སྲོག་དབང་གུད་དུ་བཀོལ་བ་ (Volume 13, Text 52)
༄༅། །ཆོས་གླིང་གུ་རུ་དྲག་པོའི་སྡེ་བརྒྱད་སྲོག་དབང་གུད་དུ་བཀོལ་བ་བཞུགས། ། ན་མོ་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ཡ། གཞུང་མཐུན་མཚན་ཉིད་དང་ལྡན་པའི་སྣོད་བཅུད་ཚོགས་པའི་ཚེ་དྲེགས་པའི་སྲོག་དབང་བྱ་བར་སྐབས་སུ་བབ་པ་ན། གཤོམ་གྱི་སྐབས་དཀྱིལ་འཁོར་དབུས་སུ་སྒྲུབ་ཕུར་དང་མདུན་ཕྱོགས་སུ་ཐོད་པ་མཚན་ངན་ནང་། སྡེ་བརྒྱད་ཀྱི་སྲོག་ཡིག་བྲིས་པའི་ཙཀླི་བཅུག་ལ་བཞག །སློབ་མས་གཏའ་རུ་བཅང་རྒྱུ་ལྷ་ལ་དུང་ཤེལ་སོགས་དཀར་པོ། དེས་མཚོན་པའི་སྡེ་བརྒྱད་སོ་སོའི་རང་མདོག་དང་མཚུངས་པའི་རྡེའུ་བརྒྱད་ལ་གྲི་ཁྲག་དང་མཚལ་བསྲེས་པས་སོ་སོའི་སྲོག་ཡིག་བྲིས་པ་དར་དམར་གྱིས་བཏུམ་པ་དང་། སྡེ་བརྒྱད་མཆོད་གསོལ་གྱི་གཏོར་མ་རྒྱན་ལྡན་ཡང་བཞག །ལས་བྱང་གཞུང་བསྲངས་ནས་བཀའ་སྲུང་གཏོར་འབུལ་སྐབས་སྡེ་བརྒྱད་ཀྱི་མཆོད་གསོལ་མདོར་བསྡུས་སྤྱི་འགྲོ་ཞིག་ཀྱང་བྱ། དབང་དངོས་གཞི་གྲུབ་པའི་གཏོར་དབང་གི་རྗེས། ཤིས་བརྗོད་མ་བྱས་པའི་གོང་དུ། ཐོད་ངན་སྲོག་ཡིག་ཅན་མདུན་དུ་བཀོད་ལ། དེ་ལྟར་དབང་བསྐུར་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷ་ཡི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་བྱིན་གྱིས་བརླབས་པས། ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདག་ཉིད་དུ་གྱུར་པ་དེ་ཉིད་ལ་དྲེགས་པའི་སྲོག་དབང་བསྐུར་བར་བྱ་སྟེ། རྩ་བར། ལྟ་སྒོམ་ཏིང་འཛིན་ངར་ལྡན་ཞིང༔ སྣང་སྲིད་སེམས་སུ་ཤེས་པ་ཡི༔ གསང་སྔགས་དགོངས་རྒྱུད་ལྡན་པ་ཡི༔ རྗེས་འཇུག་སྙིང་དང་འདྲ་བའི་བུར༔ སྡེ་བརྒྱད་གནད་འབེབ་སྲོག་དབང་བསྐུར༔ དམ་མེད་རྣམས་ལ་རླུང་ཕྱོགས་ཙམ༔ མི་བསྒྲགས་འཆོལ་པར་སྤྱད་གྱུར་ན༔ དཔོན་སློབ་སྲོག་ལ་ཧབ་ལེན་བྱེད༔ དེ་ཕྱིར་ཤིན་ཏུ་ཤིན་ཏུ་གསང༔ ཞེས་གསུངས་པ་དེ་ཉིད་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཉིད་བདུད་འདུལ་མ་ཧཱ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་དུ་བཞུགས་པའི་ཐུགས་ཀའི་ཧཱུྃ་དམར་བསྐལ་མེ་ལྟར་འབར་བ་ལས། ཛཿཡིག་རྡོ་རྗེ་ལྕགས་ཀྱུ་ཉི་ཟེར་གྱི་རྡུལ་ལྟ་བུ་ཕྱོགས་བཅུར་འཕྲོས། འཇིག་རྟེན་ཁམས་ཀྱི་ཆེ་བཙན་དྲེགས་པ་ཅན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་བཀུག་སྟེ་མདུན་གྱི་རྟེན་ལ་ཐིམ་པར་གྱུར། ན་མོ། བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ། ཁྱད་པར་དུ་ཡང་དཔལ་ཆེན་དབང་དྲག་འབར་བའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། རྣལ་འབྱོར་པ་བདག་གི་ལྷག་བསམ་རྣམ་པར་དག་ཅིང་རྒྱུ་འབྲས་མི་འཆོལ་མི་བསླུ་བའི་བདེན་པ་དང་། ཏིང་འཛིན་སྔགས་རྒོད་རྫས་དང་སྦྱོར་བའི་འཁྲུལ་འཁོར་གྱི་ནུས་པས་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་སོ་སོའི་རྟེན་འདི་རྣམས་ལ་མཆིས་པར་གྱུར་ཅིག །ཡི་དམ་སྔགས་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨཱ་ཀརྵ་ཡ་ཛ༔ ཞེས་བདེན་སྟོབས་ལན་གསུམ་བརྗོད་པས་འགུགས། ཛཿཧཱུཾ་བཾ་ཧོ༔ ཞེས་གཉིས་མེད་དུ་བསྟིམ། སྒྲུབ་ཕུར་ཐོགས་ལ། སློབ་དཔོན་ཕྱག་གི་ཕུར་བུ་སྲས་མཆོག་ཡཀྵ་མེ་དབལ་དུ་གསལ་བ་དེ་ཉིད་དྲེགས་པའི་སྙིང་གར་གཟིར་ཞིང་བཏབ་པས་ཕུར་རྩེ་ལས་ཡེ་ཤེས་ཀྱི་མེ་འབར་བས་དེ་རྣམས་ཀྱི་རྒྱུད་ཀྱི་ཉོན་མོངས་པ་དུག་ལྔའི་རྟོག་པ་ཐམས་ཅད་བསྲེགས་ཤིང་བཅོམ་སྟེ་ཚར་བཅད་པའི་མོས་པ་མཛོད། རྩ་བའི་སྔགས་མཐར། ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲིག་ནན་ཨེ་ཧུར་ཐུཾ་ཛཿམཱ་ར་ཡ་རྦད༔ བཛྲ་ཡཀྵ་ཀཱི་ལ་ཡ་ཛཿཧཱུྃ་ཕཊ༔ ཅེས་བཏགས་པ་བརྗོད་ཕུར་བུས་གཟིར། དེ་ལྟར་བསྒྲལ་པའི་དྭངས་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་སྲོག་གི་སྙིང་པོ་སོ་སོ་ལས་སྡེ་བརྒྱད་རང་རང་གི་གཟུགས་སུ་གྱུར་པ་ལ་སློབ་དཔོན་གྱིས་དམ་རྫས་བདུད་རྩི་བྱིན་ཞིང་བཀའ་བསྒོས་ཏེ་ཁྱེད་རང་རྣམས་ཀྱི་སྲུང་མར་གཏད་པའི་མོས་པ་མཛོད། ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཞེས་བདུད་རྩི་འཐོར་འཐུང་བྱས་ལ། ཧཱུྃ༔ དབང་དྲག་ཆེ་མཆོག་དཀྱིལ་འཁོར་མུ་རན་སྐྱོང༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་དྲེགས་པའི་ཚུལ༔ ཕོ་ཉ་ལས་བྱེད་དྲེགས་པ་སྡེ་བརྒྱད་ཀྱིས༔ སྐལ་ལྡན་འདི་ཡི་ཅི་དགོས་འདོད་པ་སྒྲུབས༔ ཞེས་སྡེ་བརྒྱད་ཀྱི་ཙཀླི་ལག་ཏུ་གཏད། ཅེས་བསྒོས་ཤིང་བྲན་དུ་གཏད་པ་ལ་བརྟེན་ནས་སྡེ་བརྒྱད་དེ་རྣམས་ཀྱིས་གུས་ཤིང་འདུད་པའི་ཚུལ་གྱིས་སོ་སོ་ནས་ཁྱེད་རང་ལ་ལུས་གུས་པས་འདུད་ཅིང་། ངག་གུས་པའི་སྒོ་ནས། །མི་བཟད་དཔལ་ཆེན་པདྨ་ཐོད་ཕྲེང་རྩལ༔ ཅི་བགྱིའི་བཀའ་སྒྲུབ་བསྟན་པ་གཉན་པོ་སྲུང༔ དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་བར༔ བཀའ་གསང་གཉན་ལས་ནམ་ཡང་མི་འདའ་འོ༔ ཞེས་བརྗོད་ཅིང་གནས་པ། ཁྱེད་རང་བདུད་འདུལ་དྲག་པོའི་ཞབས་འོག་ཏུ་དྲངས་པས་ཡིད་གུས་པ་ཆེན་པོས་ཅི་བསྒོ་བའི་བཀའ་སྒྲུབ་པར་དམ་བཅས་ཏེ། བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཅེས་ཐ་ཚིག་གི་བྲོ་བོར་བར་མོས་ཤིག །བླ་རྡོ་རྣམས་གཏད་པ་རྐང་འོག་ནས་དྲངས་ཏེ་གཏར་བཟུང་། སློབ་དཔོན་གྱིས་ནང་མཆོད་བདུད་རྩི་སྡེ་བརྒྱད་ཀྱི་རྟེན་ལ་འཐོར་ཞིང་སློབ་མ་ལའང་སྦྱིན་ཏེ་དམ་བསྲེ། དེ་ལྟར་དམ་ཚིག་བསྲེས་པས་ཁྱེད་རང་རྣམས་ལ་དགྱེས་པ་ཆེན་པོས་ངོ་མཐོན་དུ་བཞུགས་པར་མོས་ཤིག །སྡེ་བརྒྱད་ཀྱི་གཏོར་འབུལ་གསོལ་ཁ་སྤྱི་འགྲོ་མདོར་བསྡུས་བྱ། གཏོར་མ་གཙང་སར་བསྐྱེལ། སྡེ་བརྒྱད་རྣམས་རང་གནས་སུ་གཤེགས། རང་རིག་དང་དབང་དུ་བསྐུར་བྱའི་དྲེགས་པ་རྣམས་གཉིས་མེད་ཀ་དག་སྤྲོས་པ་དང་བྲལ་བའི་ངང་དྭངས་སྐྱོངས་ལ་མཉམ་པར་འཇོག་པ་ཞུ། ཞེས་དགོངས་པ་བསྐྱང་། དེ་ལྟར་དྲེགས་པ་སྡེ་བརྒྱད་ཀྱི་སྲོག་དབང་ཟབ་ཅིང་ཤིན་ཏུ་གཉན་པ་གཅིག་བརྒྱུད་ལས་འཆོལ་བར་སྤྱད་དུ་མེད་པར་བཀའ་ནན་དུ་བསྡམས་པ་ཉིད་ལེགས་པར་གྲུབ་པ་ཡིན་པས་སྡེ་བརྒྱད་དྲེགས་པའི་དམ་ཚིག་ཕྱི་ནང་གསང་བ་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། ཉི་ཚེའི་ལས་ལ་མི་བཀོལ་ཞིང་རྟག་ཏུ་གསོལ་མཆོད་མི་གཅོག་པ་སོགས་གཞུང་ལས་ཇི་སྐད་གསུངས་པ་རྣམས་སྤང་བླང་ལེགས་པར་བྱ་དགོས་སོ། །ཞེས་གདམས། དེ་ནས་ཤིས་བརྗོད་ཕྱིན་ཆད་དབང་གཞུང་ལྟར་བྱའོ། །ཞེས་པའང་དབང་གཞུང་གི་ཟུར་འདེབས་སུ་གུ་ཎས་བྲིས་པ་དགེ་ལེགས་འཕེལ།། །།
ཛཾ་ལྷ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ཙིཏྟ་རིན་པོ་ཆེའི་སྲོག་གི་སྒྲུབ་པ་ (Volume 50, Text 52)
<!TCC Tibetan character 3,182 undefined in unicode!>༔ ཛཾ་ལྷ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ཙིཏྟ་རིན་པོ་ཆེའི་སྲོག་གི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈ ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ གུ་རུའི་ཞབས་ཏོག་བྱས་པའི་ཚེ༔ ཕྱི་ནང་གསང་བས་མཉེས་པར་བྱས༔ མངོན་སུམ་རྫོགས་ཆེན་ཉམས་སུ་བླངས༔ ལྷོ་བྲག་ལྕགས་ཕུར་དལ་གྱི་རྩར༔ གཏང་རག་ཚོགས་འཁོར་རྒྱ་ཆེན་བཤམས༔ བྱེ་རུའི་མགུལ་རྒྱན་ཕྱག་ཏུ་ཕུལ༔ བྲམ་ཟེའི་ཐོད་པ་ཆང་གིས་བཀང༔ ཨོ་རྒྱན་ཆེན་པོའི་ཞལ་དུ་དྲངས༔ ཨོ་རྒྱན་གུ་རུ་ཆེན་པོ་ལགས༔ སྙིགས་མའི་དུས་ཀྱི་འགྲོ་བ་རྣམས༔ བསོད་ནམས་མ་བསགས་ལོངས་སྤྱོད་དབུལ༔ སྙིང་རུས་མེད་པས་སྒྲུབ་མི་ནུས༔ རྫོགས་ཆེན་ཉམས་ལེན་བྱེད་ལགས་ཀྱང༔ འབྱུང་བའི་ཕུང་པོ་གུད་དོགས་པས༔ མཐུན་རྐྱེན་ཡོ་བྱད་སྒྲུབ་པའི་ཐབས༔ ནོར་བུ་ལྟ་བུ་གནང་དུ་གསོལ༔ ཞེས་ཕྱག་མང་དུ་འཚལ་ནས་ཡང་ཡང་ཞུས་ཏེ༔ གུ་རུའི་མདུན་དུ་རྩེ་གཅིག་ཏུ་ཐལ་མོ་སྦྱར་ནས་འདུག་པའི་ཚེ༔ ཨོ་རྒྱན་དགྱེས་པའི་ཚུལ་གྱིས་ཞལ་འཛུམ་པ་མཛད་དེ༔ ཨེ་མ་དད་ལྡན་ལྷ་ཡི་ལྕམ༔ འགྲོ་བའི་དོན་དུ་ཞུས་པ་ལེགས༔ ཁྱོད་ལ་ཕོངས་སེམས་མི་མངའ་ཡང༔ བནྡྷེ་རྫུབ་ཆུང་དོན་ཆེད་དུ༔ ཚིག་ཉུང་དོན་ཆེ་སྒྲུབ་ཐག་ཉེ༔ རྣོ་མྱུར་ཡང་ཟབ་བཀོལ་བ་བདེ༔ ཛཾ་ལྷ་ཙིཏྟའི་སྲོག་སྒྲུབ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈ ཚེ་རིང་ལོངས་སྤྱོད་འཕེལ་བའི་ཐབས༔ གནོད་སྦྱིན་དྲེགས་པའི་སྲོག་ཐིག༔ ཛམ་བྷ་ལ་ཙིཏྟ་ནོར་གྱི་སྒྲུབ་པ་བསྟན་པར་བྱ་སྟེ༔ དེ་ལ་ཡང་གསུམ་གྱིས་བསྟན་ཏེ༔ ཕྱི་སྒྲུབ་ཛཾ་སེར་ལ་ཆུ་ཕུལ་ནས་སྒྲུབ་པ༔ ནང་སྒྲུབ་ཛཾ་དམར་གྱིས་དབང་དུ་སྡུད་པ༔ གསང་སྒྲུབ་ཛམ་ནག་ལས་ལ་བཀོལ་ནས་སྒྲུབ་པའོ༔ དེ་ཡང་དང་པོ་ཕྱི་སྒྲུབ་ནི༔ ཨ་རུ་ར་གསེར་མདོག་གཅིག༔ རིན་པོ་ཆེ་གསེར་གྱིས་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཨཱ་ཡུཿཔུཎྱེ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དར་དམར་པོ་ལ་བྲིས་ཏེ་ཨ་རུ་ར་དྲིལ་བར་བྱའོ༔ དེའི་ཕྱི་རིམ་ལ་སིནྡྷུ་ར་ཡིས༔ ཨོཾ་ནི་དྷ་རི་ནི་སུ་གྲ་ས་ཡན་་་བྷ་པྲ་ཡད།ན་ལ་ཧ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དར་དཀར་པོ་ལ་བྲིས་ལ་དམར་པོ་དེ་དྲིལ་ལོ༔ དེའི་ཕྱི་ལ་ཆས་དྲིལ་ལ་རིན་པོ་ཆེའི་གཟུགས་བྱ༔ དེ་ལ་རབ་གནས་བྱས་ལ་ཡི་གེ་ཛཾ་དམར་པོ་གཅིག་བསྒོམ་མོ༔ ཨོཾ་ཨཱཿཧཱུྃ་གིས་ཆུ་གཙང་ལ་བདུད་རྩིར་བྱིན་གྱིས་བརླབས་ལ་ཕུལ་ཏེ༔ སྔགས་ནི༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཨཱ་ཡུཿཔུཎྱེ་སརྦ་སིདྡྷི་ཧཱུྃ༔ ན་མ་ཏི་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ཕུལ་ནས༔ རྗེས་ལ་གསོལ་བ་གདབ་པ་ནི༔ ཀྱེ༔ གསང་བའི་བདག་པོ་གནོད་སྦྱིན་ནོར་གྱི་བདག༔ གཏེར་བདག་ཛཾ་ལྷ་བདག་ལ་དགོངས་སུ་གསོལ༔ བདག་གི་མཆོད་ཡོན་མཆོད་སྦྱིན་འདི་བཞེས་ལ༔ ཚེ་དང་ལོངས་སྤྱོད་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་གསོལ་བ་གདབ་པར་བྱའོ༔ དེ་ལྟར་ནངས་རེ་བཞིན་བྱས་ན༔ རྨི་ལམ་དུ་ནོར་དང་ལོངས་སྤྱོད་འདུ་བ་རྨིས༔ ཤིང་འཐུ་བ་དང༔ ཆུ་འཐུང་བ་དང༔ རྩྭ་དང་ལྕི་བ་འཐུ་བ་དང༔ མི་རོ་འཕྲད་པ་དང༔ ཤིང་ཐོག་ཉུངས་མ༔ ཤ་མར་ཐུད་དང༔ ཕོ་མོ་མང་པོས་ཟས་སྦྱིན་པ་དང༔ ཆང་དང་འོ་མ་སྦྱིན་པ་དང༔ གཏེར་སྟོན་པ་རྨིས་ན་གྲུབ་པའི་རྟགས་ཡིན་ནོ༔ ཆང་ཆུང་ཟས་ལ་མར་གྱིས་སྦྲུས་ཏེ༔ སྔགས་གོང་མའི་ཤམ་དུ༔ ཛམ་བྷ་ལ་སིདྡྷི་ཧྲཱིང་ཧྲཱིང༔ ཨ་པ་ར་ཛི་ཏ་ཧྲིང་ཧྲིང་མ་མ་ཏིང་སྐྱོལ༔ ནཱ་ནཱ་ཁ་དྷེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ཟའོ༔ དེ་བཞིན་དུ་བསྒྲུབ་ན་རིན་ཆེན་གཏེར་རྙེད་པ་ལྟར་དགོས་འདོད་ཕུན་སུམ་ཚོགས་པ་མྱུར་དུ་ཐོབ་བོ༔ ཛཾ་སེར་གསང་བའི་སྒྲུབ་པ་ཙིཏྟ་རིན་པོ་ཆེའི་སྲོག་སྒྲུབ༔ དང་པོར་གདམས་པ་ཟབ་པའི་མཐར་ཐུག༔ སྐལ་ལྡན་ཆོས་བྱེད་གཅིག་དང་ཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ <!TCC Tibetan character 3,182 undefined in unicode!>༔ གཉིས་པ་ནང་སྒྲུབ་དམར་པོས་དབང་དུ་སྡུད་པ་ལ་གསུམ་སྟེ༔ སྒྲུབ་རྫས་གསོག་པ༔ འཁོར་ལོ་བཅའ་བ༔ བསྙེན་སྒྲུབ་བྱ་བ་དང་གསུམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དང་པོ་སྒྲུབ་རྫས་བཅའ་གཞི་ནི༔ ཟངས་སམ་ལྕགས་ཀྱི་གྭའུ་ཕུལ་རེ་ཙམ་འགྲོ་བ་ཞིག་གི་ནང་དུ༔ རིན་པོ་ཆེ་ལྔ༔ འབྲུ་སྣ་ལྔ༔ སྨན་སྣ་ལྔ༔ དར་སྣ་ལྔ༔ དཀར་གསུམ༔ མངར་གསུམ༔ ཤིང་ཐོག་སྣ་ཚོགས་ཚད༔ ཡུལ་མཁར་ནོར་རྫས་རྟ་ཕྱུགས་གང་འདོད་ཀྱི་མིང་བྲིས་ལ་གཞུག་གོ༔ གྭའུའི་ཡ་ཁེབས་བུག་པ་ཕུག་ལ་དེར་སྨྱུག་མ་ཞིག་ལ༔ སྤྲེའུའི་མཇུག་སྤུ༔ སྲེ་མོང་མཇུག་སྤུ༔ བྱི་བ་དང་རི་བོང་གི་སྨ་ར༔ དེ་ཚོ་ལ་ཕྱགས་མའི་གཟུགས་བྱ༔ སྨྱུག་མ་ལ་བཅིངས༔ དར་དཀར་ལ་སྲོག་གི་སྙིང་པོ་སིནྡྷུ་རས་བྲིས་ཏེ༔ སྨྱུག་མ་ལ་བཏགས༔ སྙིང་པོའི་སྔགས་ནི་འོག་ཏུ་གསལ༔ དེ་ནི་རྟེན་རྫས་བཅའ་བ་འོ༔ གཉིས་པ།་་་འཁོར་ལོ་བྲི་བའི་མན་ངག་ནི༔ གྲོ་ག་ཤོག་བུ་དྲི་མེད་ལ༔ མཚལ་ལམ་དྲི་བཟང་སྣག་ཚྭ་ཡིས༔ འཁོར་ལོ་རྩིབས་དྲུག་མུ་ཁྱུད་ལྔས་བསྐོར༔ མུ་ཁྱུད་དང་པོ་ལ༔ རཏྣ་སིདྡྷི་པུཥྚིཾ་ཀུ་རུ་ཧཱུྃ༔ སིདྡྷི་རཱ་ཙ་ས་མ་ཡ་ཧཱུྃ༔ མི་ནོར་ཟས་གསུམ་གྱི་དངོས་གྲུབ་སྩོལ་དབང་དུ་སྡུས༔ ཞེས་འདོད་གསོལ་བྲི༔ ཕྱུགས་ལ་སོགས་གང་འདོད་བྲི༔ ལོགས་ལ་རིན་པོ་ཆེ་འབར་བའི་མིག་གསུམ་ལ༔ ཛཾ་ཧྲཱིཿཛཿབྲི༔ རྩིབས་དྲུག་ལ་རཱ་ཙ་ས་མ་ཡ་ཧཱུྃ༔ ཞེས་པ་བྲི༔ རྩིབས་མཆན་ལ༔ བཛྲ་ཙ་ལི་ཀི་རཏྣ་སིདྡྷི་བྷ་མེ་ཏེ་སྭཱ་ཧཱ༔ ཞེས་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ སྲོག་གི་སྙིང་པོ་མེ་དང་འདྲ་བ་རྣམས་ཚང་བར་བྲི༔ དེ་རྒྱབ་མུ་ཁྱུད་ལ༔ ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་བྲི༔ ཡི་གེ་དབུ་ཅན་དུ་བྱའོ༔ འོག་འཁོར་ནི་སྟེང་འཁོར་ཇི་ལྟ་བར༔ ཡིག་མགོ་ནང་དུ་བསྟན༔ ཟུར་བཞིར་རིན་ཆེན་འབར་བ་བཞི་བྲི༔ རྒྱབ་ཏུ་ཡི་གེ་ཏྲི་བྲི་སྟེ༔ མགོ་མ་ནོར་བར་ཞལ་སྦྱར་ལ་རབ་གནས་བྱའོ༔ གསུམ་པ་བསྙེན་སྒྲུབ་ལས་ལ་འཇུག་པ་ནི༔ སྟོང་པའི་ངང་ལས་པདྨ་འདབ་མ་བརྒྱད་པའི་སྟེང་དུ༔ རིན་པོ་ཆེ་དེའི་སྟེང་དུ༔ ཛཾ་དམར་པོ་གཅིག་བསམ༔ དེ་ལས་འོད་ཟེར་འཕྲོས་འཇིག་རྟེན་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་བསྡུས༔ ཡོངས་སུ་གྱུར་པ་ལས༔ རང་ཉིད་ཛཾ་བྷ་ལ་སྐུ་མདོག་དམར་པོ་བྱེ་རུའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ༔ གཡས་རྟེན་འབྲེལ་གྱི་ཕྱགས་ཤིང་གཡབ་པ༔ གཡོན་པས་རིན་པོ་ཆེའི་ཟ་མ་ཏོག་ཟས་ནོར་གྱིས་གང་བ་བསྣམས་པ༔ སྐུ་ལ་རིན་པོ་ཆེ་སྣ་ལྔས་བརྒྱན་པ༔ ཞབས་གཉིས་འདོར་ཐབས་སུ་བཞེངས་པ༔ སྟེང་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་གདུགས་སུ་ཕུབ་པ༔ འོག་ན་གསེར་གྱི་པདྨ་འདབ་བརྒྱད་གདན་དུ་བཏིང་བ༔ ཐུགས་ཀ་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་ཡོད་པ༔ གནོད་སྦྱིན་ཕོ་མོའི་ཚོགས་ཀྱིས་བསྐོར་བ༔ མདུན་ན་གིང་ཆེན་སྡེ་བཞིས་བཀའ་ཉན་པར་བསྒོམ༔ སྲོག་སྔགས་མེ་དང་འདྲ་བ་འདི་བཟླའོ༔ རཱ་ཙ་ས་མ་ཡ་ཧཱུྃ༔ ར་ལི་པ་ལ་ནི༔ ཧཱུྃ་ཧཱུྃ་ཏྲི་ཙ་པ་ལ་ཧཱུྃ༔ རཏྣ་སིདྡྷི་པུཥྚིཾ་ཀུ་རུ༔ ཛམ་བྷ་ལ་པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔ ཏྲིའུ་ཏྲིའུ་པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔ གིང་ཀ་ར་གིང་ཀ་ར་པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔ མི་ནོར་ཟས་དང་བཅས་པ་སིདྡྷི་སིདྡྷི་ཨཱཿཧཱུྃ་ཛཿཛ༔ ཞེས་བཟླས་པས་ཐུགས་ཀའི་འཁོར་ལོ་འཁོར་བར་བསམ༔ འཁོར་ལོ་དང་ཕྱགས་ཤིང་གི་འོད་ཟེར་གྱིས་ཕྱོགས་བཞིའི་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཤིང་ལོ་སྐམ་པོ་རླུང་གིས་བཏབ་པ་ལྟར་མདུན་དུ་རུག་འདུས་པར་བསྒོམ་མོ༔ ནུས་ཚད་བཟླས་པས་ཐུན་མཚམས་སུ་དུབ་པར་གྱུར་ན༔ རང་འོད་དུ་ཞུ་ཛཾ་དམར་པོ་གཅིག་ཏུ་གྱུར༔ ཛཾ་འཁོར་ལོ་ལ་ཐིམ༔ ཛམ་ལྷ་དངོས་སུ་བསམ༔ དེ་ལྟར་ཞག་གསུམ་བསྒྲུབས་པས་རྟགས་ནི༔ ཁྱིམ་དུ་ནས་དང་རྫས་བྱི་བས་ཚུར་སྐྱེལ་བ་དང༔ མིས་ཟས་ནོར་སྟེར་བ་རྨི་ལམ་དུ་འོང༔ མི་གཞན་གྱིས་བསགས་པའི་ནོར་དོན་མ་མཆིས་པར་རང་གི་ལོངས་སྤྱོད་དུ་འོང་ངོ༔ ཟས་ནོར་ཆར་བཞིན་དུ་འདུའོ༔ ནོར་དང་ལོངས་སྤྱོད་གང་འདོད་འཁོར་ལོ་ལ་བྲིའོ༔ གྭའུ་ཕྱགས་ཤིང་མིས་མི་མཐོང་བར་བང་མཛོད་ཕུགས་སུ་སྦའོ༔ སྐར་མ་གཡང་སྐར་དང་གཟའ་དར་བ་ལ༔ ཕྱགས་ཤིང་གཡོབ་ཅིང་སྔགས་བཟླས་ན༔ ཟས་ནོར་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་འགྱུར་རོ༔ འཁོར་ལོ་ཁ་སྦྱོར་མགོ་རྟིང་མ་ལོག་པར་དར་དམར་པོས་དྲིལ་ལ་བཅངས་ན༔ ནོར་བུ་བསམ་འཕེལ་ལྟར་ཀུན་གྱིས་བཀུར་བའི་གནས་ཡིན་ནོ༔ ཨེ་མ་མཚོ་རྒྱལ་འདི་འདྲའི་གདམས་པ་འཇིག་རྟེན་དཀོན༔ ཡིད་བཞིན་ནོར་བུ་ལྟ་བུར་གཅེས་སྤྲས་གྱིས༔ ལས་ལྡན་སྙིང་གི་བུ་མིན་གཞན་ལ་སྦོས༔ རྫོགས་ཆེན་ཆོས་བདག་ཅིག་དང་འཕྲད་པར་ཤོག༔ ཅེས་མཚོ་རྒྱལ་ལ་གདམས་པ༔ ཛཾ་དམར་ཙིཏྟ་རིན་པོ་ཆེ་སྲོག་གི་ཐིགས་པའི་སྒྲུབ་ཐབས་ཤིན་ཏུ་ཟབ་པ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གབ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ ཌཱ་ཀི་ནཱི་ས་མ་ཡ་རྒྱ༔ <!TCC Tibetan character 3,182 undefined in unicode!>༔ ྈྈྈྈྈ གསང་སྒྲུབ་ཛམ་བྷ་ལ་ནག་པོ་ལས་ལ་བཀོལ་བ་ནི༔ སྒྲུབ་རྫས་འཁོར་ལོ་དམར་པོ་དང་འདྲ༔ རང་ཉིད་སྟོང་པའི་ངང་ལས༔ པདྨ་འདབ་མ་བརྒྱད་ཀྱི་སྟེང་དུ༔ རང་ཉིད་ཛམ་བྷ་ལ་མཐིང་ནག་ཡ་སོས་མ་མཆུ་མནན་པ༔ གཡས་རྟེན་འབྲེལ་གྱི་ཕྱགས་ཤིང༔ གཡོན་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པ༔ ཞབས་འདོར་ཐབས་སུ་བརྗིད་པ༔ ཕྲག་པ་གཡས་སུ་ཟླ་བ༔ གཡོན་དུ་ཉི་མ་ཁུར་བ༔ གནོད་སྦྱིན་ཕོ་མོའི་འཁོར་གྱིས་བསྐོར་བ༔ མདུན་དུ་གིང་ཆེན་སྡེ་བཞི་འདར་ཡེད་ཡེད་བཀའ་ཉན་པར་བསྒོམས་ལ༔ སྲོག་འཕྲོག་པའི་སྙིང་པོ་འདི་བཟླའོ༔ རཱ་ཙ་ས་མ་ཡ་ཞེས་གོང་དུ་གསལ༔ དམིགས་པ་ནི༔ རིན་པོ་ཆེའི་འཁོར་ལོ་བསྐོར་བས༔ འཁོར་ལོ་དང་འཁོར་ལོའི་འོད་ཟེར་གྱིས་ཕྱོགས་བཞི་ནས་མིའུ་རིགས་བཞིའི་ཟས་ནོར་བསྡུས་པར་བསམ༔ མི་དུས་མིན་དུ་འཆི་བའི་དབང་ཐང་ཐམས་ཅད་དབང་དུ་འདུས་པར་བསམ་མོ༔ ཐུན་བར་དུ་སྐྱོ་ན༔ རང་འོད་དུ་ཞུ་ནས་ཛཾ་དམར་པོ་གཅིག་ཏུ་གྱུར༔ ཛཾ་འཁོར་ལོ་ལ་ཐིམ་པས་རིན་པོ་ཆེ་མང་པོར་བསྒོམ༔ འཁོར་ལོ་གཟའ་སྐར་བཟང་པོ་ལ་བྲི༔ ཡང་གསང་བཙན་ཐབས་སུ་མྱུར་བར་འདོད་ན༔ སྲེ་མོང་གི་རླིད་བུར་ཕྱུག་པོ་གཡང་ཆེན་གྱི་ནས་དང༔ གསེར་དངུལ་དཀར་གསུམ་མངར་གསུམ༔ ཟས་སྣ་ཚོགས་རླིད་བུ་བཀང་ལ་སྨྱུག་མ་ཚིགས་བདུན་པ་ལ་བཏགས་ནས་སྔགས་བཟླ༔ རང་ཉིད་ཡི་དམ་བསྒོམ༔ དམ་རྫས་མི་ལ་མི་བསྟན༔ གཡང་སྐར་ལ་སྲོག་སྔགས་སྟོང་ཚོ་རེ་རེ་བཟླས་པས༔ རང་གི་བསམ་པ་ཐམས་ཅད་འགྲུབ་སྟེ༔ ཡིད་བཞིན་ནོར་བུ་དང་འདྲའོ༔ སྒྲུབ་པ་འགྱངས་ན༔ སྤོགས་པའི་ཆོ་ག་ནི༔ འཁོར་ལོ་ཁ་སྦྱར་ལ་རིན་པོ་ཆེའི་སྣོད་ནས་ཀྱིས་བཀང་བའི་སྟེང་དུ་གཞུག་ལ༔ རཏྣ་སིདྡྷི་པུཥྚིཾ་ཀུ་རུ་ཧཱུྃ་སིདྡྷི་རཱ་ཙ་ས་མ་ཡ་ཧཱུྃ༔ མི་ནོར་ཟས་གསུམ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཞག་གཅིག་དྲག་ཏུ་བཟླས་ན་དེས་ཟས་ནོར་གཏེར་བརྡོལ་བ་ལྟར་ཐོགས་པ་མེད་པར་འབྱུང་ངོ༔ ྈྈྈྈྈྈ བཛྲ་ཙ་ལི་ཀི་རཏྣ་སིདྡྷི་བྷ་མེ་ཏེ་སྭཱ་ཧཱ༔ རྣལ་འབྱོར་བདག་ལ་ཟས་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པ་སྐབས་སུ་བགྲང་ན་མི་ཞུད་ཅིང་སྤོགས་པའི་མན་ངག་ཏུ་འགྲོ་འོ༔ འཁོར་ལོ་རབ་གནས་བྱས་ནས༔ དར་དམར་པོས་དྲིལ་ནས་མཆན་ཁུང་གཡོན་དུ་བཅངས་ན༔ ལུས་དང་གྲིབ་མ་ལྟར་འགྱུར་ཏེ༔ མིའི་ཟས་ནོར་ལྷ་འདྲེའི་ལོངས་སྤྱོད་ཐམས་ཅད་རྩི་ཐོག་ལ་སྦྲང་མ་འདུ་བ་ལྟར་འདུས་ནས་འདོད་པའི་དོན་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་ཟབ་གདམས་པ་མཚོ་རྒྱལ་ཁྱོད་ལ་གཏད༔ ཆོས་བྱེད་སྙིང་གི་བུ་དང་འཕྲད་པར་ཤོག༔ ཅེས་ཨོ་རྒྱན་ཆེན་པོས་མཚོ་རྒྱལ་བདག་ལ་གནང་བ༔ ཛམ་བྷ་ལ་ཙིཏྟ་རིན་པོ་ཆེ་སྲོག་གི་ཡང་ཞུན་གྱི་སྒྲུབ་པ་ཤིན་ཏུ་ཟབ་པ་འདི༔ དེ་ཉིད་དུ་ཤོག་སེར་ལ་བཏབ་ནས༔ ཀློང་གསལ་སྙིང་ཐིག་གི་ཆ་རྐྱེན་དུ་སྦས་པའོ༔ ྈྈྈྈྈྈ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ རཏྣ་གླིང་པས་བྲག་དམར་རི་མོ་ཅན་ནས་གདན་དྲངས་པའོ།། <!TCC Tibetan character 3,182 undefined in unicode!>༔ ཛམ་བྷ་ལ་རིན་ཆེན་གཏེར་གྱི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈ གནོད་སྦྱིན་གཏེར་གྱི་བདག་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་ཆོས་བྱེད་སྒྲུབ་པ་པོ༔ མཐུན་རྐྱེན་འཛོམ་ན་དགེ་སྦྱོར་འཕེལ༔ དེ་ཕྱིར་ཛམ་ལ་ཀུན་འདུས་པའི༔ རིན་ཆེན་གཏེར་གྱི་སྒྲུབ་པ་བསྟན༔ འདི་ནི་ཡིད་བཞིན་ནོར་བུ་འདྲ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དབེན་ཞིང་གཙང་བའི་གནས་ཉིད་དུ༔ སྤོས་ཆུས་བྱུགས་ལ་དཀྱིལ་འཁོར་བྱ༔ དལ་འབྱོར་ཅིག་དང་ཟངས་མའི་ཁབ༔ དར་ཚོན་སྣ་ལྔ་བཏགས་ལ་བཅང༔ ལྕགས་སམ་ཟངས་ཀྱི་གྭ་འུ་རུ༔ རིན་ཆེན་སྣ་ལྔ་འབྲུ་སྣ་ལྔ༔ ཕྱུགས་ཀྱི་གཡང་སྤུ་ལ་སོགས་བྲུབ༔ སྒྲུབ་པ་ཐོན་ནས་མཛོད་དུ་བཅང༔ སྤོས་དང་སྤུ་ཤེལ་ཙེ་ཡི་སྦྱོར་བ་ཡི༔ དུད་པ་བཏང་ལ་བསྒྲུབ་པར་བྱ༔ རང་ཉིད་ཡི་དམ་ལྷར་བསྒོམ་སྟེ༔ མདུན་དུ་ཁྲོ་བོ་ཛམ་བྷ་ལ༔ ཞལ་གཅིག་ཕྱག་གཉིས་སྒེག་པའི་གཟུགས༔ གཡས་ན་ནམ་མཁའ་མཛོད་ཀྱི་ཕྱག༔ ཕྱག་གཡོན་ནེའུ་ལེ་་་ནོར་བུ་ཁྲ་ཆི་ལེ་སྐྱུགས་པ།འཛིན་པར་བསྐྱེད༔ ཉི་ཟླ་པདྨའི་གདན་སྟེང་དུ༔ གཡས་བསྐུམ་གཡོན་བརྐྱང་འགྱིང་བག་ཅན༔ ཞལ་ནི་སེར་པོ་སྤྱན་གསུམ་པ༔ མགུལ་དང་ཕྱག་ནི་སྔོན་པོ་ལ༔ སྐུ་དཀར་སྨེ་བ་དམར་པོ་ཡི༔ ག་ཤལ་ཡོད་པའི་གསུས་ཁྱིམ་ཅན༔ ནོར་དང་ཟས་ཀྱི་ལོངས་སྤྱོད་ཀྱི༔ ཆར་འབེབ་དབང་ཕྱུག་ཆེན་པོར་བསྒོམ༔ རྩེ་གཅིག་ཡིད་ཀྱིས་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་འབུ་ཀུར་མ་ཧཱ་པདྨ་རཏྣ་དེ་བོར་བི་བྱི་བོར་ཀེ་བྱི་ལེ་ནི་པ་ཧེ་ཤོ་ག་ལུ་གུ་ལུད་སྭཱ་ཧཱ༔ ཞག་བདུན་སྒྲུབ་པ་བྱས་གྱུར་ན༔ ནོར་བུ་བསམ་འཕེལ་དག་དང་མཚུངས༔ ཞུ་དུས་བླ་མ་ཡི་དམ་ལ༔ ཚོགས་འཁོར་རཏྣའི་མཎྜལ་འབུལ༔ གསང་སྒྲུབ་འདི་བྱས་དབུལ་གྱུར་ན༔ པདྨ་ང་ཡིས་འགྲོ་བ་བསླུས༔ མ་འོངས་ཆོས་བྱེད་སྐལ་ལྡན་རྣམས༔ དབུལ་ཕོངས་སྡུག་བསྲན་མ་ཆེ་བར༔ སྒྲུབ་པ་འདི་ལ་ནན་ཏན་གྱིས༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ གུང་ཐང་མཁར་ལ་སྦས་སོ་རྒྱ༔ ལས་ཅན་གཅིག་ལ་གཏད་དོ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ྈྈྈྈྈྈ ཧཱུྃ༔ རིན་ཆེན་གཏེར་གྱི་གཞལ་ཡས་ན༔ པདྨ་ཉི་ཟླའི་གདན་སྟེང་ན༔ ཁྲོ་བོའི་རྒྱལ་པོ་ཛཾ་བྷ་ལྷ༔ ཞལ་གཅིག་ཕྱག་གཉིས་སྒེག་པའི་གཟུགས༔ གཡས་པས་ནམ་མཁའ་མཛོད་ཕྱག་རྒྱ༔ གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན༔ པདྨ་ཉི་ཟླའི་གདན་སྟེང་ན༔ གཡས་བརྐྱང་གཡོན་བསྐུམ་འགྱིང་བག་ཅན༔ ཞལ་ནི་སེར་པོ་སྤྱན་གསུམ་པ༔ མགུལ་དང་ཕྱག་གཉིས་སྔོན་པོ་སྟེ༔ སྐུ་དཀར་སྨེ་བ་དམར་པོས་བརྒྱན༔ ག་ཤལ་ཡོད་པའི་གསུས་ཁྱིམ་ཅན༔ འཁོར་དུ་ནོར་བདག་འབུམ་གྱིས་བསྐོར༔ མ་ལུས་གནས་འདིར་གཤེགས་སུ་གསོལ༔ འདིར་གཤེགས་བཤམས་པའི་མཆོད་པ་བཞེས༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཟས་ནོར་ཆོས་གསུམ་ཆར་ལྟར་ཕོབ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ ཅི་འདོད་དངོས་གྲུབ་བདག་ལ་སྩོལ༔ རྐང་བཞི་ནོར་གྱི་དངོས་གྲུབ་སྩོལ༔ ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ༔ འབྲུ་བཅུད་ཟས་ཀྱི་དངོས་གྲུབ་སྩོལ༔ རང་གིས་འདོད་གསོལ་གང་ཤེས་སྦྱར་རོ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ས་མ་ཡ༔ དགེའོ།། །།
དབང་ལེན་ (Volume 5, Text 52)
རྗེས་སུ་དབང་བསྡུས་ཏེ་བླང་བའི་ངག་འདོན་ཅུང་ཟད་རྒྱས་པར་སྤྲོ་ན། སྐྱབས་ཀུན་འདུས་ཞལ་སོགས་ཀྱི་གསོལ་འདེབས་ཀྱི་རྗེས། ཞེས་གསོལ་བ་བཏབ་པས། འཁོར་གྱི་ཚོགས་ཞིང་རྣམས་རིགས་ཀུན་ཁྱབ་བདག་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་ཐིམ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་གནས་བཞིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿདམར་སེར་རྣམས་ཀྱིས་མཚན་པར་གྱུར། བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་ཁར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་ལྟེ་བའི་ཧྲཱིཿལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། རང་གི་ལྟེ་བར་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་པའི་རྗེས་ཉེར་བསྡུའི་རྣལ་འབྱོར་ལ་འཇུག་གོ །མངྒ་ལཾ།། །།
མཆོག་གླིང་ཟབ་བདུན་ཚེ་དཀར་བརྒྱུད་འདེབས་ (Volume 20, Text 52)
གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །ངེས་པ་ལྔ་ལྡན་རིགས་ལྔ་ལོངས་སྤྱོད་རྫོགས། །དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་རྡོ་རྗེ་སེམས། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །ཚེ་དང་ཡེ་ཤེས་མཐའ་ཡས་རིགས་ཀྱི་བདག །བདེ་སྦྱོར་དབང་གི་ལྷ་མོ་ཙནྜ་ལཱི། །གདོད་ནས་གྲུབ་བརྙེས་ནཱ་གཱརྫུ་ན་ལ། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །རྡོ་རྗེའི་སྐུ་ཅན་པདྨ་སཾ་བྷ་བ། འཆི་མེད་གྲུབ་པའི་རྒྱལ་མོ་མནྡཱ་ར། །སྐྱེ་འཆི་གཉིས་སྤངས་བདེ་ཆེན་རྒྱལ་མོ་ལ། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །མངའ་བདག་ཚངས་ཆེན་ཚེ་མཆོག་གྲུབ་པའི་འཁོར། །གདམས་པའི་བཀའ་བབས་ལྷ་སྲས་རོལ་པ་རྩལ། །ཟབ་གཏེར་མངའ་བདག་མཆོག་གྱུར་བདེ་ཆེན་གླིང་། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །སྨོན་ལམ་ལས་འཕྲོས་གཏད་རྒྱའི་བཀའ་ཐོབ་པ། །ཟབ་ཆོས་བརྒྱུད་པ་འཛིན་མཛད་གསེར་གྱི་ཕྲེང་། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །ཚེ་བདག་ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་ལྔ། །ཚད་མེད་རང་བཞིན་ལྷ་མོ་མགྱོགས་མ་བཞི། །སྒྱུ་འཕྲུལ་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་འཆི་མེད་ཚེ་དབང་སྩོལ། །ལས་དང་རྐྱེན་གྱིས་བསྐྱེད་པའི་ནད་དང་གདོན། །གློ་བུར་ཡེ་འདྲོག་འཇིགས་པ་བཅུ་དྲུག་སོགས། །དུས་དང་དུས་མིན་འཆི་བའི་མུན་པ་ཞི། །ཚེ་བསོད་ཡེ་ཤེས་སྣང་བ་རབ་རྒྱས་ཤོག །བདུད་བཞིའི་འཕྲང་སྒྲོལ་གཉུག་མའི་བཙན་ས་ཟིན། །སྐྱེ་མེད་དོན་རྟོགས་འཆི་མེད་གདིང་ཆེན་ཐོབ། །དུག་ལྔ་རང་གྲོལ་འགྱུར་མེད་སྐུ་མཆོག་ལྔའི། །ཚེ་དབང་མཆོག་གྲུབ་གཞན་དོན་མཁའ་ཁྱབ་ཤོག །བདེ་ཆེན་ཡེ་ཤེས་དྭངས་མའི་བཅུད་ལེན་གྱིས། །མི་འགྱུར་མི་ཤིགས་རྡོ་རྗེ་སེམས་དཔའི་ཚེ། །ཐིག་ལེ་ཆེན་པོ་རྒྱུན་གྱིས་རྟག་པའི་ལུས། །ཟུང་འཇུག་མཆོག་གི་རིག་འཛིན་མངོན་གྱུར་ཤོག །ཅེས་པ་འདི་ནི་སྒྲུབ་གནས་ཀྱི་རྒྱལ་པོ་བྲག་དམར་གཡའ་མ་ལུང་གི་ཀེའུ་ཚང་དུ་འཆི་མེད་ཚེའི་བསྙེན་སྒྲུབ་ཞག་བདུན་མ་བགྱིས་པའི་ཐོག་མར་རྟེན་འབྱུང་ཆེད་དུ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤར་མར་སྤེལ་བ་དགེ་ལེགས་འཕེལ།། །།
གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ (Volume 36, Text 52)
༄༅། །གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། གཟུང་འཛིན་འཁྲི་བ་དབྱིངས་སུ་གཅོད་པ་ལས། །འཛིན་མེད་སྤྲོས་བྲལ་སོ་སོ་རང་རིག་གི །ངོ་བོར་རྟག་བཞུགས་དྲིན་ཆེན་བླ་མའི་ཞབས། །བཏུད་ནས་གཅོད་ཡུལ་ཟབ་དོན་སྙིང་པོར་སྤེལ། །འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་མན་ངག་གིས་སྙིང་པོར་དྲིལ་བ། བདུད་བཞི་དབྱིངས་སུ་གཅོད་ཅིང་རྣམ་རྟོག་ལམ་དུ་འཁྱེར་བ་རྒྱལ་བ་མི་ཡི་སེང་གེ་རྣམས་ཀྱིས་གཤེགས་ཤུལ་གཅོད་ཡུལ་གྱི་གདམས་པ་འདི་ཉིད་ཉམས་སུ་ལེན་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ལ་ཐེག་པ་ཆེན་པོའི་སྒོར་འཇུག་པ་དང་། མོས་གུས་ཀྱི་བྱིན་འབེབ་པའོ། །དང་པོ་ལ། བློ་སྦྱོང་བ་དང་། སྦྱངས་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་ཚེ་མི་རྟག་པར་ཤེས་ནས་ཚེ་འདིའི་འཁྲི་བ་ཆོད་དེ་ཕྱི་མ་དོན་དུ་གཉེར་བ་དང་། དེ་ནས་འཁོར་བའི་ཉེས་དམིགས་དང་། ལས་འབྲས་ཀྱི་སྨིན་ཚུལ་ཤེས་ནས་སྲིད་བདེའི་འཁྲི་བ་ཆོད་དེ་ཐར་པ་དོན་དུ་གཉེར་བ་དང་། དེ་ནས་འགྲོ་དྲུག་ཕ་མར་ཤེས་པས་བྱམས་དང་སྙིང་རྗེ་ཆེན་པོས་རང་དོན་གྱི་འཁྲི་བ་ཆོད་དེ་གཞན་ཕན་དོན་དུ་གཉེར་བ་རྣམས་དང་། ཁྱད་པར་དལ་འབྱོར་གྱི་རྟེན་འདི་ལྟ་བུ་དུས་བརྒྱའི་ཟ་མ་ལན་གཅིག་གི་སྒོ་ནས་བོགས་བརྟེན་ཏེ་རྒྱུད་ལ་འབྱང་པར་བྱའོ། །གཉིས་པ་ལ་སྐྱབས་འགྲོ་དང་། སེམས་བསྐྱེད་གཉིས་ཀྱི་དང་པོ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་མེ་དོང་ལྟ་བུ་འདིར་འགྲོ་དྲུག་དྲིན་ཅན་གྱི་ཕ་མ་རྣམས་དགྲ་གཉེན་གྱི་རིས་སུ་བཅད། ཆགས་སྡང་གི་ཡུལ་དུ་བཟུང་བས་འཕུང་བ་དེར་འདུག །ད་ནི་སྐྱེ་བ་འདི་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲུ་ནང་གཅིག་གི་འགྲུལ་པ་དང་། བཙོན་ར་གཅིག་གི་ནག་ཅན་བཞིན་དུ་ཐམས་ཅད་འདུན་ཇུས་དང་བློ་རྩེ་གཅིག་པའི་སྒོ་ནས་བསླུ་བ་མེད་པའི་སྐྱབས་དཀོན་མཆོག་གསུམ་ལ་བརྟེན་པར་བྱའོ་སྙམ་པས། མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་ཡུམ་ཆེན་མོའི་རྣམ་པར་བཞུགས་པ་ལ། བཀའ་བརྒྱུད་ཀྱི་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་བསམ་ལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་མཁྱེན་སྙམ་དུ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར་སྐྱབས་ཡུལ་འཁོར་རྣམས་རྩ་བའི་བླ་མ་ལ་བསྡུས། དེ་ཉིད་རང་ལ་ཐིམ་སྟེ་དབྱེར་མེད་པའི་ངང་དུ་འདྲེས་པའི་སེམས་རིག་སྟོང་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་གཞག །གཉིས་པ་སེམས་བསྐྱེད་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་ལམ་གྱིས་གསལ་བཏབ། དེ་རྣམས་དང་འདུན་ཇུས་གཅིག་ཏུ་བྱེད་ཚུལ་སྔར་བཞིན་བསམ་པ་ལ། འདི་དག་ཐམས་ཅད་གནས་སྐབས་དང་མཐར་ཐུག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ། སྔར་ཐོབ་ཟིན་གྱི་བདེ་བ་རྣམས་མི་ཉམས་ཤིང་གོང་འཕེལ་དུ་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་བཟང་པོ་ཉེ་རིང་མེད་པ་ཚིག་ཙམ་དུ་མ་ལུས་པས་འདི་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླང་བར་བགྱིའོ་སྙམ་དུ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །འགྲོ་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་པའི་མཐར་འཁོར་གསུམ་རྟོག་མེད་དོན་དམ་བྱང་ཆུབ་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་འཇོག །གཉིས་པ་མོས་གུས་ཀྱིས་བྱིན་འབེབ་པ་ལ། རྟེན་བསྐྱེད་པ། ཚོགས་གསག་པ། གསོལ་བ་གདབ་པའོ། །དང་པོ་ནི། སྤྲོ་ན་བསྒོམ་རིམ་རྒྱས་པ་གཞན་དུ་འབྱུང་བ་ལྟར་རོ། །ཡང་ན་སྔར་བཞིན་གསལ་བཏབ། བསྡུ་ན། སྐྱབས་ཡུལ་མ་བསྡུས་པ་ཉིད་ལ་རྟེན་བཅའ་འོ། །གཉིས་པ་ཚོགས་གསག་པ་ནི། མཎྜལ་ཚོམ་བུ་བདུན་མ་སོགས་གང་འོས་བཤམས་ལ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཐམས་ཅད་འདོད་ཡོན་ལྔའི་ལོངས་སྤྱོད་ཀྱི་རྐྱེན་དུ་འཆར་བའི་མཆོད་པའི་རྫས་ཀྱིས་རྣམ་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བ་ཡེ་ཤེས་ཀྱི་རྣམ་རོལ་ལས་ཤར་བ། འཛིན་ཞེན་མེད་པའི་སེམས་ཀྱིས་འབུལ་ཞིང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །སོགས་དང་། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་མ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ཏེ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་འབུལ་ལོ། །གསུམ་པ་གསོལ་བ་གདབ་པ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པ་ལྟར་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོར་ཡིད་ཆེས་པས། དེའི་ཡོན་ཏན་ལ་དྭངས་པ་དང་། ཡོན་ཏན་དེ་འཐོབ་འདོད་ཀྱི་འདོད་པ་སྟེ་དད་པ་གསུམ་པོ་དེས་མཚམས་སྦྱར་ནས་གསོལ་བ་བཏབ་པ་མི་ཕྱེད་པའི་དད་པ་གཏིང་ཚུགས་པར་བསྐྱེད་ནས། ཡིད་གུས་པ་དང་བཅས་པས་ངག་ནས་གསོལ་འདེབས་ཀྱི་འོ་དོད་འབོད་ཅིང་། ལུས་བ་སྤུ་གཡོ་བ་དང་མིག་མཆི་མ་འཁྲུགས་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་གསོལ་བ་འདེབས་པར་བསམ་ལ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཞེས་སོགས་ནས། སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཞེས་པའི་བར་གྱི་བླ་བརྒྱུད་གསོལ་འདེབས་ཡིག་རྙིང་ལྟར་བརྗོད་པའམ། ཡང་ན། ན་མོ་གུ་རུ། ཤེས་རབ་ཕ་རོལ་ཕྱིན་མངའ་རྒྱལ་ཡུམ་དང་། །གཉིས་མེད་མ་གཅིག་ཇོ་མོ་མཁའ་འགྲོའི་གཙོ། །ཟབ་དོན་གཅོད་ཡུལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་འབུལ་ལོ་བཞེས་ནས་ཀྱང་། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོང་ཞིང་། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་ཆིག་ཆོད་རྟོགས་པ་དང་། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། ཁམས་གསུམ་སྲིད་དུ་ཆོད་པར་བྱིན༴ འགྲོ་དྲུག་གཉེན་དུ་འདུ་བར་བྱིན༴ འཁོར་འདས་དབྱིངས་སུ་དག་པར་བྱིན༴ གཟུང་འཛིན་འཁྲི་བ་ཆོད་པར་བྱིན༴ བདག་མེད་གནས་ལུགས་རྟོགས་པར་བྱིན་གྱི་རློབས། ཞེས་གསོལ་བ་བཏབ་པའི་མཐར་ཚོགས་ཞིང་གི་འཁོར་རྣམས་དབུས་ཀྱི་བླ་མ་ལ་འདུས། དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་གསལ་བཏབ། བླ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་པ་བཞིན་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་པའི་ངང་བསྐྱང་། མཐར་བླ་མ་སྤྱི་བོར་བྱོན་འོད་དུ་ཞུ་ནས་རང་ལ་ཐིམ་གཉིས་མེད་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་གཞག །དེའི་གདངས་སྣང་གྲགས་རིག་གསུམ་བླ་མའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་རོལ་དུ་བལྟའོ། །གཉིས་པ་དངོས་གཞི་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ལྟ་བས་ཐག་གཅད་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པས་ཉམས་སུ་བླང་བ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པས་བོགས་དབྱུང་བ་གསུམ་གྱི། དང་པོ་ལ། དབྱིངས་རིག་བསྲེ་བ། ཡུམ་དོན་ངོས་གཟུང་བ། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་དྲན་རིག་སྣ་ཚོགས་ཀྱི་འཆར་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་ལུས་ལ་ཏིལ་འབྲུ་མར་གྱིས་ཁྱབ་པ་བཞིན་གནས་པ་ལས། རླུང་ཁ་སྦྱོར་གྱིས་བཅུན་པས་མེ་ལོང་ལ་ཧས་བཏབ་པ་བཞིན་ཡས་མས་ནས་འུབ་ཀྱིས་འདུས་ལྟེ་བར་་་རྐང་མཐིལ་གཉིས་སུ་ཐིག་ལེ་དཀར་པོ་བྱ་སྒོང་ཙམ་རེ་བསྒོམ་པ། རྐང་པའི་སྦུབས་བརྒྱུད་སུམ་མདོར་གཅིག་ཏུ་འདྲེས་པ། ཁོང་པ་ནང་ནས་ཡར་སྤར་བའང་ལུགས་གཅིག་སྟེ་གནད་གཅིག།༽ཐིག་ལེ་དཀར་པོ་གསལ་འཚེར་བྱ་སྒོང་ཙམ་དུ་འདྲིལ་བ། ཕཊཿ ཅེས་འཕངས་པས་ཁོང་པའི་ནང་བརྒྱུད་སྤྱི་བོ་ནས་རྒྱང་གིས་ཐོན་ནམ་མཁའ་དང་དབྱེར་མེད་འདྲེས་པས་སྟོང་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་ཁྲེས་སེ་བོར་ལ་རྟེན་མེད་དུ་བཞག་གོ །གཉིས་པ་ཡུམ་དོན་ངོས་གཟུང་བ་ནི། སྔོན་ཆད་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་ལ་ལོངས་སྤྱོད་པ་འདི་སེམས་འཁྲུལ་པའི་རྩ་བ་མ་ཆོད་པས་ལན་པར་འདུག །དེས་ན་འདི་རྩད་ཆོད་པ་ཞིག་བྱེད་སྙམ་དུ་ལུས་གནད་དྲང་པོར་བསྲང་། ངག་རླུང་རང་སོར་བཞག །སེམས་དུས་གསུམ་གྱི་རྟོག་པ་བཅད་ནས་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་ད་ལྟར་གྱི་ཤེས་པ་སྐད་ཅིག་མ་དེ་ཀའི་ངོ་བོ་ལ་ཅེ་རེ་བལྟས་པའི་སྣང་བ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ཆད་པའི་སྣང་བ་སྤྲོས་བྲལ་དེ་ཀ་ལ་རེས་ཧྲིག་གེ་བསྒྲིམ། རེས་ལྷོད་ཀྱིས་ཀློད་ནས་བསྐྱངས་པས་སོ་སོ་རང་རིག་ཏུ་འཆར། དེ་ཀ་ཡེངས་མེད་ཀྱི་ངང་ནས་རང་ངོ་ལ་བལྟས་པས་ཡོད་མེད་རྟག་ཆད་སྐྱེ་འགག་འགྲོ་འོང་སོགས་གང་གིའང་ཕྱོགས་སུ་མ་ལྷུང་པའི་རིག་པ་རྩ་བྲལ་རྗེན་པ། རིག་བྱ་རིག་བྱེད་ཐམས་ཅད་དང་བྲལ་བ་དེ་ཀ་ངོ་ཤེས་ཙམ་ལ་མ་ཡེངས་པར་བསྐྱང་བ་ཡིན་ཏེ། མ་གཅིག་གིས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་འབྱུང་། །བསམ་མེད་བསྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་དང་། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བདུད་བཞི་དབྱིངས་སུ་གཅོད་པ་ལ་བཞི་ལས། དང་པོ་ཐོགས་བཅས་བདུད་ནི། ཕྱི་ཚོགས་དྲུག་གི་ཡུལ་དུ་གྱུར་པའི་གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཀྱི་རྐྱེན་ལས་རྣམ་རྟོག་ཐོལ་གྱིས་སྐྱེས་པ་དེ་ལྷོང་ཡིན། དེ་ལ་ཆགས་སྡང་གི་འཛིན་ཞེན་བྱུང་ན་ཐོགས་བཅས་ཀྱི་བདུད་ཡིན། གང་ཤར་དེ་ཀ་ཕཊ྄ཿཅེས་འཕྲོ་རྦད་ཀྱིས་བཅད་ལ་ཡུམ་དོན་གྱི་དབྱིངས་སུ་བཞག་པས་ཆོད་པའོ། །གཉིས་པ་ཐོགས་མེད་བདུད་ནི། ཕྱི་རྐྱེན་ལ་མ་ལྟོས་པར་སེམས་ལ་བདེ་སྡུག་སྐྱེ་འཇིགས་སོགས་ཡིད་ཡུལ་གྱི་མྱོང་ཚོར་ཐམས་ཅད་ལྷོང་། དེ་ལ་རེ་དོགས་སུ་སོང་ན་ཐོགས་མེད་ཀྱི་བདུད། ཕཊ྄ཿཅེས་སྔར་བཞིན་འཛིན་མེད་དུ་བཞག་པས་ཆོད་དོ། །གསུམ་པ་དགའ་བྲོད་བདུད་ནི། ཆོས་རྒྱུད་བཟང་། དགེ་སྦྱོར་འཕེལ། ལོངས་སྤྱོད་སྙན་གྲགས་སོགས་མཐུན་རྐྱེན་ཐམས་ཅད་ཚོགས་པས་གཟུང་འཛིན་གྱི་བློ་སྐྱེས་ན་ལྷོང་། དེ་ལ་དགའ་བྲོད་སྐྱེས་ན་བདུད། ཕཊ྄ཿཅེས་འཛིན་མེད་དུ་སྔར་བཞིན་གཅད། བཞི་པ་སྙེམས་བྱེད་ཀྱི་བདུད་ནི། རྣམ་རྟོག་གི་འགྱུ་བ་གང་སྐྱེས་ཀྱང་ལྷོང་། དེ་ལ་འཛིན་ཞེན་བྱུང་ན་སྙེམས་བྱེད་ཀྱི་བདུད། ཕཊ྄ཿཅེས་གང་ཤར་འཛིན་མེད་དུ་གཅད་དོ། །མདོར་ན་སྔ་མ་གསུམ་ཀ་འདིར་འདུས་ཏེ། བཀའ་ཚོམ་ལས། བདུད་ལས་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཞེས་སོ། །མདོར་ན་སྤྱོད་ལམ་ཀུན་ཏུ་རྣམ་རྟོག་གང་སྐྱེས་འཛིན་མེད་སྤྲོས་བྲལ་དུ་གཅོད་པར་བྱ་སྟེ། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ཉིད་སྐྱེ་མེད་དབྱིངས་སུ་གྲོལ། །ཞེས་ལེ་ལག་ཏུ་གསུངས་པ་བཞིན་ནོ། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྒོམ་པས་ཉམས་སུ་བླང་བ་ལ། ལྟ་བས་རྒྱས་འདེབས་པ་དང་། ཕུང་པོ་གཟན་དུ་སྐྱུར་བ་གཉིས། དང་པོ་ནི། སྔར་བཞིན་དབྱིངས་རིག་བསྲེས་ནས་རྟེན་མེད་ཀྱི་རིག་པ་སྤྲོས་བྲལ་སོ་སོ་རང་རིག་གི་ངོ་བོར་ཤེས་རབ་ཟབ་མོས་སྒྲོ་འདོགས་བཅད་པ་ཉིད་བསྒོམ་རྒྱུའི་སྙིང་པོ་ཡིན་པས་དམིགས་པའི་རྣམ་པ་མཐའ་དག་དེའི་རྣམ་འགྱུར་རྩལ་སྦྱོང་དུ་ཤེས་པར་བྱའོ། །གཉིས་པ་ཕུང་པོ་གཟན་སྐྱུར་ལ་གཉིས་ཀྱི། དང་པོ་དཀར་འགྱེད་ནི། དབྱིངས་རིག་བསྲེས་པའི་སྟོང་ཉིད་དེའི་རྩལ་སྣང་རྗེས་ཐོབ་ཏུ། རང་ལུས་མཛེས་ཤིང་ཡིད་དུ་འོང་བ་ཕུན་སུམ་ཚོགས་པའི་དཔལ་གྱིས་འབྱོར་པར་བསམ་ལ། ཕཊ྄ཿཅེས་དེའི་སྙིང་ཁ་ནས་རྣམ་ཤེས་རྣལ་འབྱོར་མ་གྲི་ཐོད་འཛིན་པ་འཇོ་སྒེག་བདེ་བའི་ཉམས་དང་ལྡན་པ་ཞིག་རྒྱང་གིས་ཐོན། མདུན་གྱི་བར་སྣང་ལ་འཁོད། ཕཊ྄ཿ ཅེས་གྲི་གུག་གིས་རང་ལུས་ཀྱི་ཐོད་པའི་སྨིན་མཚམས་བྲེག །མདུན་ངོས་ཐོད་པའི་སྒྱེད་པུ་གསུམ་རང་བྱུང་དུ་གྲུབ་པའི་ཁར་བཀལ་བ་ནམ་མཁའ་ལྟར་ཡངས་པར་བསམ། རང་ལུས་ཀྱི་ལྷག་མ་རྣམས་གྲི་གུག་དེས་དུམ་བུར་གཏུབས་ནས་ཐོད་པའི་སྣོད་དུ་རིམ་བཞིན་བླུགས་པ་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་བུ་ཀླད་ཞག་གི་འདམ་རྫབ་ཆེན་པོར་འཁྲིགས། རྣལ་འབྱོར་མས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མ་དག་པ་སྦྱངས། ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་ཟག་མེད་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་སྤེལ་ལ། ཕཊ྄ཿཅེས་འཁོར་འདས་ཀྱིས་བསྡུས་པའི་ཡར་མར་གྱི་མགྲོན་ཐམས་ཅད་སྤྲིན་ཕུང་གཏིབ་པ་བཞིན་བྱོན་ནས་ནམ་མཁའ་གང་བར་བཞུགས་པར་བསམ། རྣལ་འབྱོར་མ་གྲངས་མེད་སྤྲོས་པས་ཕྱག་གི་ཐོད་པས་བདུད་རྩི་བཅུས། དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་ཀུན་ཏུ་བཟང་པོ་བླ་ན་མེད་པའི་མཆོད་རྫས་སུ་ཕུལ་བས་དགྱེས་ཤིང་ཚིམས་ནས་འགལ་རྐྱེན་ལམ་དུ་ལོངས་ཤིང་སྤྱོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་བརླབ། སྙིང་རྗེ་དང་ལན་ཆགས་ཀྱི་མགྲོན་རྣམས་ལ་བྱིན་པས་ཚིམས་ཤིང་མགུ། སྡུག་བསྔལ་དང་སྡིག་སྒྲིབ་བྱང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ཞིང་། ཕཊ྄ཿ རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་དཀོན་མཆོག་རིན་ཆེན་རྣམ་གསུམ། ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སོགས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བའི་དཀྱིལ་འཁོར་མཆོད་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །དགྱེས་ཤིང་ལོངས་སྤྱོད་ཀྱི་རྐྱེན་དུ་འབྱོར་པར་གྱུར་ཅིག །གཙང་རིགས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་རྣམས་དང་། དུས་གསུམ་གྱི་ཕ་མ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཚེ་རབས་ཐོག་མ་མེད་པ་ནས་གནོད་ཅིང་ལན་ཆགས་པའི་མགྲོན་དུ་གྱུར་པ་རྣམས་ལ་འབུལ་ལོ། །ཞེས་པའི་མཐར། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་པའི། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་རྣམ་སྣང་མངོན་བྱང་གི་རྒྱུད་ལས་གསུངས་པ་ལྟར་བྱ་ཞིང་། དམིགས་པའི་སྤྲོ་བསྡུ་རྣམས་ལ་ཕཊ྄ཿཀྱིས་མཚམས་སྦྱར་ནས། ཐམས་ཅད་རང་སེམས་སུ་ཤེས་པས་དེའི་ངོ་བོ་ལ་ཆེར་གྱིས་བལྟས་ལ་དབྱིངས་རིག་བསྲེ། ཡང་རྣམ་པ་ལམ་གྱིས་གསལ་བཏབ་ནས་འཛིན་མེད་དུ་མཐའ་བསྐྱང་ངོ་། །གཉིས་པ་དམར་འགྱེད་ནི། རང་སེམས་རྣལ་འབྱོར་མ་སྔར་ལྟར་བཏོན་ནས་ནམ་མཁར་འཁོད། ལུས་ཚོ་ཞིང་སྣུམ་པ་ཆེ་བརྗིད་སྟོང་གསུམ་ཁྱབ་པ་ཙམ་དུ་བསམ་ལ། རྣལ་འབྱོར་མའི་གྲི་གུག་གིས་ལྤགས་པ་ཤལ་གྱིས་བཤུས་ནས་དམར་ཆམ་གྱིས་བཏིང་། དེའི་སྟེང་དུ་མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབ། ནང་ཁྲོལ་རྣམས་བཏོན་ནས་སྤུངས་པས་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་བུ་ཀླད་ཞག་གི་འདམ་རྫབ་འཁྲིགས་པས་འཇིག་རྟེན་ཐམས་ཅད་ཡོངས་སུ་གང་བར་བསམ་ལ། ཕཊ྄ཿ ཁམས་གསུམ་ན་གནས་ཤིང་རྒྱུ་བའི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་འཁོར་གཡོག་སྡེ་དཔུང་དང་བཅས་པ་ཐམས་ཅད་དང་། ཁྱད་པར་བདག་ལ་གནོད་ཅིང་ལན་ཆགས་པའི་འབྱུང་པོ་གདུག་ཅིང་རྩུབ་པའི་བསམ་སྦྱོར་འཆང་བ་ཐམས་ཅད་འདིར་འདུས་ཤིག །ཅེས་བོས་པས་ལྷ་འདྲེ་ཐམས་ཅད་ཁྲོམ་ཆེན་པོ་འདུས་པ་ལྟར་ལྷག་པར་གནས་ནས་འཁོད་པར་བསམ་ལ། ཕཊ྄ཿ འཁོར་བ་ཐོག་མ་མེད་པ་ནས་བདག་གཅེས་འཛིན་ཀྱི་འགོང་པོས་རྒྱུད་དཀྲུགས་པས་ནད་གདོན་སྡུག་བསྔལ་ཐམས་ཅད་ཀྱི་གཞི་རྟེན་དུ་གྲུབ་པའི་ལུས་འདི་ཁྱེད་སྣང་སྲིད་ལྷ་འདྲེའི་ཚོགས་ལ་ཅི་འདོད་དུ་སྟེར་བ་ཡིན་པས། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཡོག་ཚད་ཟོ་ཞིག །ཁྱག་ཚད་ཁུར་ཅིག །ཅེས་བརྗོད་པས་མི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་ཏིར་གྱིས་ཟོས་འཐུང་ཁྱེར་བས་གནས་སྐབས་སུ་ཚིམས་ཤིང་མགུ །མཐར་ཐུག་ཉོན་མོངས་པ་ཞི་བར་བསམ་ལ། ཕཊ྄ཿ ཅེས་དབྱིངས་རིག་བསྲེས། བདག་གཅེས་འཛིན་མེད་པར་ཁྲེས་སེ་བོར་ལ་བཞག །འོན་ཏེ་འཇིགས་སྐྲག་ཉམ་ང་སོགས་རྐྱེན་ངན་གྱི་རྟོག་པར་ལྷོང་ན། ངའི་སེམས་ནི་ཁྱོད་བས་ང་རང་གིས་མ་མཐོང་། ལུས་ཤ་ཁྲག་གི་ཕུང་པོ་འདི་ཁྱོད་རང་རྣམས་ལ་བྱིན་ཚར་བས་ཆགས་ཞེན་ཅི་ལ་བྱ། དེས་ན་ཁྱོད་རང་རྣམས་གང་དགའ་བ་གྱིས། ཞེས་བློས་ལིང་གིས་བཏང་ལ་སྟོང་ཉིད་ཀྱི་ངང་ལ་བཞག་གོ །མཐར་གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག །བདག་གི་དགེ་བདེ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག་སྙམ་དུ། སེམས་ཅན་སྡུག་བསྔལ་བདག་སྨིན་ཅིང། །བདག་བདེ་མ་ལུས་དེར་སྨིན་ཤོག །ཅེས་བསྔོ་བ་བྱའོ། །དེ་ལྟར་ཡང་ཡང་བསྒོམས་པས་ཅུང་ཟད་གོམས་ན་གཉན་ཁྲོད་ཅིག་ལ་དམིགས་ནས་ཞག་ཤས་བསྒོམ་ཞིང་། ལྷོང་གཅོད་ཚར་གསུམ་གྱི་ལྟས་ཕྱོགས་ཙམ་མ་མཐོང་གི་བར་དེ་སྲིད་དུ་ཉམས་ལེན་ལ་བརྩོན་པར་བྱ་སྟེ། འདི་ཡན་ཆད་ལ་རང་སྟོབས་ཀྱི་ཉམས་ལེན་རྐང་ཚུགས་པ་གལ་ཆེའོ། །གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པས་བོགས་དབྱུང་བ་ལ། གཉན་ས་གཅོད་པ། ལྷོང་གཅོད་ཚར་ཚད་ངོས་འཛིན་པ། ལོག་ནོན་དང་གསུམ་ལས། དང་པོ་ནི། ལེ་ལག་ལས། གཉན་སར་སོང་ལ་རིག་པ་གློད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །ཞེས་གསུངས་པ་ལྟར་འགྲོ་ལུགས་དང་། སླེབས་ནས་ཉམས་སུ་ལེན་ཚུལ་གཉིས་ཀྱི་དང་པོ་ནི། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་སོགས་གཉན་སར་གྲགས་ཤིང་རང་བཞིན་གྱིས་བྲེད་འཇིགས་ཉམ་ང་དང་རྣམ་རྟོག་འཁྲུལ་ནུས་པས་གཅད་བྱར་གྲུབ་པ་དེར། ནད་དང་སྡུག་བསྔལ་འདྲེ་གདོན་སོགས་རྐྱེན་བྱུང་དུས་མཚན་མོ་ཟླ་གྲོགས་སོགས་ཀྱིས་སྙེམས་མེད་ཅིང་ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པར་གཟུང་འཛིན་གྱི་འཁྲུལ་རྟོག་གཅོད་པ་ཁོ་ནའི་ཕྱིར་ཉམས་ལེན་གྱི་སྟངས་མ་ཤོར་བར་འགྲོ་ཞིང་། གནས་དེར་ཡང་མཚོ་ཡིན་ན་སྟོད། ཕ་ཝང་གི་སྟེང་། ཆུ་མིག་གི་འགོ་ལ་སོགས་པའི་གནད་ནོན་པར་སྟན་བཅའ་འོ། །གཉིས་པ་ཉམས་ལེན་ལ། ལུས་ཀྱི་ཉྭ་བཞི་གློད་ལ་ཉལ་ཏེ། རང་ལུས་ཆེ་ཞིང་བརྗིད་པའི་མགོ་བོ་ལུང་པའི་ཕུ། རྐང་པས་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱིས་ལུང་པའི་གཡས་གཡོན་ཁེབས་པས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་ནོན་པར་བསམ་ཞིང་། འཁོར་བ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ལས་ནམ་དུ་ཡང་གཡོ་བར་མི་བྱའོ་སྙམ་དུ་དེའི་ངང་ལ་ཅི་གནས་སུ་གཞག །དེ་ནས་སྟན་ལ་འདུག་སྟེ་བློ་སྦྱོང་སྐྱབས་སེམས་བླ་མའི་རྣལ་འབྱོར་དང་བཅས་པ་སྔོན་དུ་འགྲོ་བས་མཉམ་གཞག་གི་རྣལ་འབྱོར་ནི། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་མཉམ་གཞག་བྱ། །ཉམས་ལེན་ཕུང་པོ་གཟན་དུ་སྐྱུར། །ཞེས་གསུངས་པས་དབྱིངས་རིག་བསྲེས་ནས་ཡུམ་དོན་གྱི་དགོངས་པ་བསྐྱང་བ་ལ་གཙོ་བོར་དྲིལ། དེ་ནས་ཕྱི་ནང་གསང་བའི་ལྷོང་གཟུང་འཛིན་གྱི་རྣམ་རྟོག་ཅི་ཤར་ཡང་ཕཊ྄ཿཅེས་དབྱིངས་སུ་བསྲེས་ནས་གཞི་མེད་རྩ་བྲལ་གྱི་ངང་ལ་མཉམ་པར་གཞག་པར་བྱའོ། །རྗེས་ཐོབ་ཀྱི་རྩལ་སྦྱང་ནི། ཐོག་མར་དཀར་འགྱེད་ལ་གཙོ་བོར་བྱས་ནས། སྤྱིར་སེམས་ཅན་ཐམས་ཅད་དང་། བྱེ་བྲག་གནོད་བྱེད་འདྲེ་གདོན་ཕ་མར་ཤེས་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་དྲངས་པའི་རྣམ་འགྱུར་ཕུང་པོ་གཟན་སྐྱུར་གྱི་དམིགས་པ་དང་། དེའི་གནས་ལུགས་དབྱིངས་རིག་བསྲེས་པའི་ཡུམ་དོན་གྱི་ངང་ལ་མཉམ་པར་འཇོག་པ་རྣམས་དུས་གནད་དུ་གང་འགྲོ་སྤེལ་མར་བསྒོམས་ལ་ཐ་མལ་གྱི་རྟོག་པའི་རྐུན་བུ་མ་ཤོར་བ་གལ་ཆེ། ཚུལ་དེས་གཉན་ཁྲོད་ཤིས་སར་ལན་ཁ་ཡར་འགྲིམས་ནས། གཉན་ས་བར་མ་དང་། དེ་ནས་རྩུབ་མོ་འགའ་རེར་སྔར་བཞིན་བསྒོམས་པས་གཏན་ལ་ཅུང་ཟད་ཕེབས་ནས། གཉན་ས་རྩུབ་པ་འགའ་ཞིག་ཏུ་ཞི་དྲག་སྤེལ་མ་ཅི་རིགས་པ་དང། རེས་དྲག་གཅོད་འབའ་ཞིག་ཀྱང་བྱེད། བཤད་མ་ཐག་པའི་ཉམས་ལེན་གྱི་ཚུལ་དེ་སྤྲོས་བཅས་དང་། ཞི་གཅོད་ཀྱི་མཐར་བྱམས་སྙིང་རྗེ་དང་དབྱིངས་རིག་བསྲེ་བ་སྤེལ་མར་སྒོམ་པ་སྤྲོས་མེད་དང་། དེའི་རྗེས་སུ་ཡུམ་དོན་ཁོ་ན་ལ་མཉམ་པར་འཇོག་པ་ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་ཡིན་པས་དེ་རྣམས་འབྲེལ་ཆགས་སུ་བསྒོམ། གཉན་སར་འགྲོ་ཁར་མོས་གུས་ལ་ལྟེམ་རྐྱང་ཆགས་སྡང་དམ་སེལ་གྱི་རྐྱེན་བྱུང་ན་ལམ་དུ་མི་འགྲོ་བས། མོས་གུས་ཀྱི་རྩལ་བསྐྱེད་པའི་གསོལ་འདེབས་དང་བཤགས་སྡོམ་ཚོགས་གཏོར་རྟེན་འབྲེལ་ཁྱད་པར་ཅན་སྒྲིག་པ་གལ་ཆེའོ། །གཉིས་པ་ལྷོང་གཅོད་ཚར་ཚད་ངོས་འཛིན་པ་ལ་ལྷོང་གཅོད་ཚར་གསུམ་ལས། དང་པོ་ལྷོང་ཚད་ལ་ཡང་གསུམ་གྱི། མངོན་སུམ་ནི། ལྷ་མ་སྲིན་གདུག་པ་ཅན་རྣམས་ཀྱིས་མི་སྡུག་པའི་གཟུགས་དང་འཇིགས་པའི་སྒྲ་སྐད་སྣ་ཚོགས་དང་རི་བོ་འཕེན་པ་སོགས་གནམ་ས་གཡོ་ཞིང་འཁྲུག་པ་ལྟ་བུའི་ཆོ་འཕྲུལ་མངོན་སུམ་དུ་སྟོན་པ་དང་། གཟི་བྱིན་གྱིས་གཉན་ས་དེར་སླེབ་པ་དང་ལུས་འདར་ཞིང་རྔུལ་བ་དང་། བ་སྤུ་གཡོ་ཞིང་བསྒུལ་བསྐྱོད་མི་ནུས་པ་དང་སྐད་མི་ཐོན་པ་སོགས་འཇིགས་སྣང་བཟོད་དཀའ་བ་འཆར་བའོ། །རྨི་ལམ་ནི། མངོན་སུམ་དུ་བཤད་པའི་ཆོ་འཕྲུལ་དེ་དག་རྨི་ལམ་དུ་འབྱུང་བའོ། །གཉིས་པ་གཅོད་བྱེད་ལ། གཏད་མེད། གཏད་སྒོམ། དཔྱད་སྒོམ་དང་གསུམ་གྱི་དང་པོ་ནི། ཆོ་འཕྲུལ་གང་བྱུང་ཡང་འཛིན་མེད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྦྱོང་ངོ་། །གཉིས་པ་གཏད་སྒོམ་ནི། ཆོ་འཕྲུལ་གང་སྣང་དེ་ག་ལ་ཅེར་རེ་བལྟས་པས་རང་གྲོལ་དུ་འཆར། གསུམ་པ་དཔྱད་སྒོམ་ནི། ཆོ་འཕྲུལ་གང་ཤར་ལ་དཔྱད་པས་རང་སེམས་ཀྱི་འཁྲུལ་སྣང་ལས་གཞན་དུ་མེད་ཅིང་སེམས་གཞི་མེད་རྩ་བྲལ་དུ་ཐག་བཅད་ནས་ཤ་ཁྱེར་ཁྲག་ཁྱེར་དུ་བྱའོ། །གསུམ་པ་ཚར་ཚད་ལ། ཐུན་མོང་ཁྱད་པར་མཆོག་གི་ཚར་ཚད་དང་གསུམ་ལས། དང་པོ་ནི། གཞན་གྱིས་བདག་ལ་ཟས་ནོར་འབུལ་བ་སོགས་དངོས་གྲུབ་ཀྱི་ལྟས་དང་། ལུས་ལས་སྲོག་ཆགས་སྡོམ་སྡིག་ཐོན་པ་གདོན་ཐོན་པའི་ལྟས་དང་། རྣག་ཁྲག་འཛག་པ་དང་། བཤལ་སྐྱུག་བྱེད་པ་སོགས་ནད་འདོན་པའི་རྟགས་སོ། །གཉིས་པ་ཁྱད་པར་གྱི་ཚར་ཚད་ནི། ཉི་ཟླ་ཤར་བ་དང་། ཁྲུས་བྱེད་པ། གྱེན་དུ་འཛེག་པ་དང་། དྲི་མ་མེད་པའི་གོས་གྱོན་པ་དང་། ནམ་མཁའ་ལ་འཕུར་བ་དང་། གཞན་གྱིས་ཕྱག་དང་བསྐོར་བ་བྱེད་པ་དང་། ཆོས་ཞུ་བ་སྲོག་སྙིང་འབུལ་བ་སོགས་ནི་ཁྱད་པར་གྱི་རྟགས་སོ། །གསུམ་པ་མཆོག་གི་ཚར་ཚད་ནི། ནད་གདོན་ཆོ་འཕྲུལ་ཐམས་ཅད་རང་སེམས་སུ་ཤེས་ཤིང་། དེ་ཡང་སྐྱེ་མེད་སྤྲོས་བྲལ་དུ་ཐག་ཆོད་པའོ། །དེ་ལྟར་ཚར་ཚད་གསུམ་གང་བྱུང་ཡང་དགའ་བྲོད་དང་རློམ་སེམས་མི་བྱ་བར་ཡུམ་དོན་གྱི་དགོངས་པ་བསྐྱང་ཞིང་། གཉན་ས་ནས་འགྲོ་བའི་ཚེ་ཡང་དེར་གནས་ཀྱི་ལྷ་འདྲེ་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་བསྔོ་སྨོན་གྱིས་རྒྱས་འདེབས་པ་རྣམས་བྱའོ། །བཞི་པ་ལོག་གནོན་གྱི་མཐའ་གཏད་པ་དང་། སྒྲ་དོན་གྱི་མཐའ་དཔྱད་པ་ལས། དང་པོ་ནི་གཉན་ཁྲོད་དུ་སྔར་གྱི་ཉམས་ལེན་ལ་འབད་ཀྱང་ཚར་ཚད་མེད་ཅིང་ཆོ་འཕྲུལ་ཆེར་སོང་ན། གདོན་དང་ཐུ་བའི་ས་དེར་ཕྱིན་ནས། འོ་ཁྱོད་འོང་བ་འོ་བརྒྱལ། ངས་ཡོང་བས་ཆོག །ངའི་སེམས་ནི་ང་རང་གིས་ཀྱང་མ་མཐོང་། ལུས་ཤ་ཁྲག་གི་ཕུང་པོ་འདི་ནི་གང་འདོད་ཀྱང་སྦྱིན་པས་ཆོག །ཤ་འདོད་ན་ཤ་ཟོ། ཁྲག་འདོད་ན་ཁྲག་ཐུངས། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། སྟེར་མ་ནུས་ན་ང་ཞན། ཟ་མ་ནུས་ན་ཁྱོད་ངན། དེས་ན་ཁྱོད་རང་རྣམས་ཅི་འདོད་པ་གྱིས་ཤིག །ཕཊ྄ཿ ཅེས་བདག་འཛིན་གྱི་འཁྲི་བས་མ་གོས་པར་བློས་ལིང་གིས་ཐོང་ན་བར་གཅོད་གང་གིས་ཀྱང་མི་ཚུགས་ཤིང་། སྐྱིད་སྡུག་ལེགས་ཉེས་སོགས་བཟང་ངན་གྱི་ཆ་ལུགས་གང་བྱུང་ཡང་ཆགས་སྡང་འཛིན་ཞེན་ཡ་ང་བག་ཚ་མེད་པར་ལམ་དུ་ཁྱེར་ནས་ཡུམ་དོན་གྱི་མཐའ་བསྐྱང་ངོ་། །མདོར་ན་ཐེ་ཚོམ་ཟ་བ་ཡ་ང་བ་མི་ཕོད་པ་ནད་གདོན་གྲིབ་སོགས་རྐྱེན་ངན་གང་ཤར་ཡང་དེའི་ཐོག་ཏུ་གནད་དབབ་བཙན་འགྱེལ་བྱས་པས་རྣམ་རྟོག་ལམ་དུ་ལོང་། ལྟས་ངན་གཡང་དུ་ཁུག །ཁམས་གསུམ་སྲིད་དུ་ཆོད། འཁོར་འདས་དབྱིངས་སུ་གྲོལ་བར་འགྱུར་རོ། །གཉིས་པ་སྒྲ་དོན་གྱི་མཐའ་དཔྱད་པ་ནི། ཤེར་ཕྱིན་སྡུད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་པའི་ཆོས་བཞི་ནི། སྲིད་ཞི་སྟོང་ཉིད་དུ་རྟོགས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་སྨྲས་པ་བཞིན་བྱང་སེམས་ཀྱི་བསླབ་བྱ་ལས་མི་འགལ་བ། བདེ་གཤེགས་བྱིན་རླབས་ནི་སྐྱབས་འགྲོ་དང་མོས་གུས་གྱི་གསོལ་འདེབས་སོ། །དེ་ཡང་ཐོག་མར་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདག་འཛིན་སྤངས་ནས། ཡུལ་གཞན་ལ་དངོས་པོ་དང་མཚན་མའི་འདུ་ཤེས་མི་འཇུག་པས་ན་གཅོད་ཡུལ་ཞེས་བྱ་སྟེ། མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་སྐྱེ་སྟེ། ཞེས་བཤད་པ་ལྟར། གཅད་བྱ་ནི་ཉོན་མོངས་པ་ཡིན་ལ། དེ་ཕྲ་རྒྱས་དང་ཡུལ་དང་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ལས་སྐྱེས་པས་ན། རྣལ་འབྱོར་པས་ཡུལ་དེ་ཉེ་བར་བཅུག་ནས་བག་ཆགས་སད་པར་བྱས་ཏེ་ཡུལ་དེ་ཉིད་ཀྱི་ཐོག་ཏུ་གཅོད་པར་བྱེད་པས་ན་གཅོད་བྱ་གཅོད་ཡུལ་ཞེས་བྱ་ཞིང་། སྔགས་ཀྱི་ཚུལ་ལས་ཀྱང། ལུས་ཀྱི་སྦྱིན་པ་སྦྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་ངག་སྤྱད། །ཅེས་མདོ་དང་སྔགས་ཀྱི་སྒོ་ནས་སྤྱོད་པ་སྤྱད་པ་ཐུན་མོང་དུ་ཉམས་སུ་བླང་བའི་ཕྱིར་སྤྱོད་ཡུལ་ཞེས་བྱ་ཞིང་། དེ་དག་གི་དོན་མཐའ་གཅོད་པ་ནི་དམ་པ་གོང་མ་རྣམས་ཀྱི་གསུང་ལས་ཤེས་པར་བྱའོ། །གཅོད་ཡུལ་སྟན་ཐོག་གཅིག་མའི་མན་ངག་འཁོར་འདས་རང་གྲོལ་ཞེས་བྱ་བ་འདི་ནི། རྣམ་དཔྱོད་མཆོག་གི་མཐུ་ལྡན་ཡེ་ཤེས་རྒྱ་མཚོ་དང་འཇམ་དབྱངས་རྒྱ་མཚོ་གཉིས་ཀྱིས་གསུང་ངོར་སྙོམ་ལས་པ་འགྱུར་མེད་རྡོ་རྗེས་དམ་པའི་གསུང་རྒྱུན་བཞིན་དུ་བཀོད་པའོ། །སརྦ་མངྒ་ལཾ།། །།
བརྟན་བཞུགས་གསོལ་འདེབས་ཀྱི་རིམ་པ་སྤྱི་འགྲོ (Volume 49, Text 52)
བརྟན་བཞུགས་གསོལ་འདེབས་ཀྱི་རིམ་པ་སྤྱི་འགྲོ་ལ། ན་མོ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །རྒྱལ་བའི་བསྟན་འཛིན་དཔལ་ལྡན་བླ་མ་ལ། །འགྱུར་མེད་སྐུ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །བདག་སོགས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི། །འདོད་དགུའི་རེ་བ་ཡོངས་སུ་རྫོགས་བྱའི་ཕྱིར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས། །ཆོས་འཁོར་རྒྱུན་དུ་བསྐོར་བར་གསོལ་བ་འདེབས། །ཚེ་དཔག་མེད་དང་པདྨ་དབང་ཆེན་དང་། །དངོས་གྲུབ་དཔལ་སྟེར་ཡི་དམ་ལྷ་ཚོགས་ཀྱིས། །རྒྱལ་བའི་བསྟན་འཛིན་དཔལ་ལྡན་བླ་མ་ལ། །འགྱུར་མེད་སྐུ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །བདག་སོགས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི། །འདོད་དགུའི་རེ་བ་ཡོངས་སུ་རྫོགས་བྱའི་ཕྱིར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས། །ཆོས་འཁོར་རྒྱུན་དུ་བསྐོར་བར་གསོལ་བ་འདེབས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་དང་། །བྱང་སེམས་ཉན་རང་འཕགས་པའི་ཚོགས་རྣམས་ཀྱིས། །རྒྱལ་བའི་བསྟན་འཛིན་དཔལ་ལྡན་བླ་མ་ལ། །འགྱུར་མེད་སྐུ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །བདག་སོགས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི། །འདོད་དགུའི་རེ་བ་ཡོངས་སུ་རྫོགས་བྱའི་ཕྱིར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས། །ཆོས་འཁོར་རྒྱུན་དུ་བསྐོར་བར་གསོལ་བ་འདེབས། །རྡོ་རྗེ་རིན་ཆེན་པདྨ་ལས་ལ་སོགས། །དཔའ་བོ་རྣལ་འབྱོར་མ་ཚོགས་ཐམས་ཅད་ཀྱིས། །རྒྱལ་བའི་བསྟན་འཛིན་དཔལ་ལྡན་བླ་མ་ལ། །འགྱུར་མེད་སྐུ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །བདག་སོགས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི། །འདོད་དགུའི་རེ་བ་ཡོངས་སུ་རྫོགས་བྱའི་ཕྱིར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས། །ཆོས་འཁོར་རྒྱུན་དུ་བསྐོར་བར་གསོལ་བ་འདེབས། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོང་མཛད་ཅིང་། །ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །རྒྱལ་བའི་བསྟན་འཛིན་དཔལ་ལྡན་བླ་མ་ལ། །འགྱུར་མེད་སྐུ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། །བདག་སོགས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི། །འདོད་དགུའི་རེ་བ་ཡོངས་སུ་རྫོགས་བྱའི་ཕྱིར། །མྱ་ངན་མི་འདའ་རྡོ་རྗེའི་སྐུར་བཞུགས་ནས། །ཆོས་འཁོར་རྒྱུན་དུ་བསྐོར་བར་གསོལ་བ་འདེབས། །སྐུ་མི་འགྱུར་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །གསུང་མི་འགག་ཚངས་དབྱངས་ལྟ་བུར་གསུང་དུ་གསོལ། །ཐུགས་མི་གཡོ་ཀ་དག་ཆེན་པོར་བཞུགས་སུ་གསོལ། །འགྱུར་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །དཀོན་མཆོག་གསུམ་དངོས་ཚེ་དབང་ཐོད་ཕྲེང་རྩལ། །སྒྲུབ་པ་སྡེ་བརྒྱད་ཡི་དམ་དཀྱིལ་འཁོར་ལྷ། །བསྟན་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས། །རྩ་གསུམ་བདེན་སྟོབས་རྟེན་འབྱུང་བསླུ་མེད་མཐུས། །རྒྱལ་བསྟན་སྤྱི་དང་གསང་ཆེན་བཀའ་གཏེར་སྲོལ། །འཛིན་མཛད་རྒྱལ་ཀུན་ཐུགས་རྗེའི་སྒྱུ་འཕྲུལ་གར། །འགག་མེད་ཡོངས་ཤར་བཤེས་གཉེན་རྡོ་རྗེ་འཛིན། །བསྐལ་བརྒྱར་རྟག་བཞུགས་ཆོས་འཁོར་བསྐོར་བར་ཤོག །དད་དང་དམ་ཚིག་ཞིང་ས་གཤིན་པ་ལ། །བདེན་ཚིག་སྨོན་ལམ་ས་བོན་ཡོངས་བཏབ་པ། །མཆོག་གསུམ་ཐུགས་རྗེའི་ཆུ་ལུད་དྲོད་གཤེར་གྱིས། །ལེགས་སྨིན་འདོད་པའི་སྙེ་མ་གཡུར་ཟ་ཤོག །ཅེས་རིང་པོར་འཚོ་བའི་རྟེན་འབྱུང་གི་ཚིགས་སུ་གཅད་པ་འདི་ནི་ཟབ་མོ་གཏེར་གྱི་བཀའ་བབས་རིག་འཛིན་ངག་དབང་པདྨའི་་་ཨོ་རྒྱན་གཏེར་བདག་གླིང་པ།གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡྷེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་།། །། ༈ རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཆོག་རྣམས་འཚོ་གཞེས་སུ་གསོལ་བའི་སྨོན་ཚིག་མི་ཤིགས་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ། ཨོཾ་སྭསྟི་སིདྡྷིརྦྷ་བ་ཏུ། འོད་མི་འགྱུར་བ་ཚེ་དཔག་མེད་མགོན་སོགས། །ཕྱོགས་བཅུ་དུས་གསུམ་རྒྱལ་བའི་བདེན་པ་ཡིས། །སངས་རྒྱས་བསྟན་འཛིན་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །སྡེ་སྣོད་གསུམ་དང་ཐེག་པ་རིམ་དགུ་ཡི། །དམ་ཆོས་ཆགས་དང་བྲལ་བའི་བདེན་པ་ཡིས། །ཆོས་མཆོག་འབྱུང་གནས་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །རྒྱལ་སྲས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །དགེ་འདུན་མི་ཕྱེད་འདུན་པའི་བདེན་པ་ཡིས། །ཚོགས་མཆོག་འདྲེན་པ་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །མཚོ་སྐྱེས་རྡོ་རྗེ་བི་མ་མི་ཏྲ་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །འགྲོ་བའི་འདྲེན་མཆོག་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །འཆི་བདག་བདུད་འཇོམས་རིགས་ལྔའི་དཀྱིལ་འཁོར་སོགས། །ཡི་དམ་རྒྱུད་སྡེ་བཞི་དྲུག་ཐུགས་རྗེ་ཡིས། །དཀྱིལ་འཁོར་དབང་ཕྱུག་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །ཡིད་བཞིན་འཁོར་ལོ་གྲུབ་པའི་རྒྱལ་མོ་སོགས། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས། །བདེ་ཆེན་དགྱེས་རོལ་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །སྐྱེས་ཐོབ་སྦྱོར་བྱུང་ཕུན་སུམ་ཚོགས་པ་ཡིས། །རྒྱལ་བསྟན་གསལ་མཛད་འཆད་རྩོད་རྩོམ་པའི་བདག །ལུང་གི་བསྟན་འཛིན་མཁས་པའི་ཁྱུ་མཆོག་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །དམ་ཚིག་གཙང་ཞིང་སྒྲུབ་པ་སྙིང་པོར་མཛད། །ཆོས་ཉིད་དོན་གཟིགས་ལྷར་བཅས་གཙུག་གི་རྒྱན། །རྟོགས་པའི་བསྟན་འཛིན་རྣལ་འབྱོར་དབང་ཕྱུག་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །ཚུལ་ཁྲིམས་གཞི་བརྟན་ཏིང་འཛིན་སྣང་བ་གསལ། །ཤེས་རབ་རྩལ་ལྡན་འཕགས་པའི་ནོར་གྱིས་འབྱོར། །ཐུབ་བསྟན་སྒྲོན་མེ་འགྲོ་བའི་སྐྱབས་གནས་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །ཐོས་པས་རྒྱུད་གྲོལ་བསམ་པས་བྱེ་བྲག་ཕྱེད། །སྒོམ་པས་དོན་རྟོགས་གཞན་དོན་ལྷུར་མཛད་པ། །མཁྱེན་བརྩེ་ནུས་ལྡན་རྒྱལ་བའི་བསྟན་འཛིན་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །དབང་པོར་འཚམ་པའི་ཐེག་རིམ་སྣ་ཚོགས་ལ། །ལེགས་པར་ཞུགས་ནས་ཚུལ་བཞིན་སྤྱོད་པ་ཡི། །རིས་མེད་སྐྱེས་ཆེན་ཕྱོགས་ཀུན་བཞུགས་པ་རྣམས། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །བསྟན་འཛིན་ཐམས་ཅད་ཕན་ཚུན་ཐུགས་མཐུན་ཞིང་། །ཐུབ་པའི་བསྟན་ལ་ཕྱོགས་ཁྱེར་སེལ་མེད་པར། །དག་སྣང་ཡངས་པོས་རང་བསྟན་སྐྱོང་བཞིན་དུ། །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག །བདག་ཅག་འབྲེལ་བཅས་ཡང་སྲིད་ཐམས་ཅད་དུ། །ནད་མེད་རྡོ་རྗེའི་ཚེ་དང་གཟུགས་བཟང་སོགས། །མཐོ་རིས་ཡོན་ཏན་བདུན་ལ་དབང་འབྱོར་ནས། །ཐུབ་བསྟན་ཡོངས་ཀྱི་སྣང་བྱེད་ཉིད་གྱུར་ཅིག །ཚེ་དང་ཐར་པའི་བར་ཆད་ཀུན་ཞི་ཞིང་། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ལྷག་པའི་བསླབ་པས་རྒྱལ་བསྟན་རིན་པོ་ཆེ། །ནམ་མཁའ་ཇི་སྲིད་གཞན་ཕྱིར་འཛིན་པར་ཤོག །རྒྱལ་ཀུན་འདུས་ཞལ་དཔལ་ལྡན་བླ་མ་དང་། །རིས་མེད་བསྟན་པ་འཛིན་ཀུན་འཚོ་གཞེས་ཤིང་། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བ་ཡིས། །འཇིག་རྟེན་གསུམ་པོ་རྟག་ཏུ་སྣང་བྱེད་ཤོག །ཅེས་པའང་གྲུབ་མཆོག་མཚོ་སྐྱེས་ཡབ་སྲས་ཀྱི་སྒྲུབ་གནས་འཆི་མེད་བདུད་རྩིའི་རྒྱུན་འབབ་པའི་གཞི། གདོད་གནས་རང་བྱུང་གི་ཚེ་ལྷའི་ཕོ་བྲང་བྲག་དམར་གཡའ་མ་ལུང་གི་ཀེའུ་ཚང་དུ། གནམ་སའི་དབང་ཕྱུག་གཞུང་ས་སྲིད་སྐྱོང་ཁྲི་ཆེན་ནོ་མི་ཧན་རིན་པོ་ཆེའི་བཀའ་བཞིན། གཏེར་གསར་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་རྒྱུན་འཇག་ཏུ་བཙུགས་པའི་ཐོག་མ། བསྙེན་སྒྲུབ་ཞག་བདུན་མ་དཔོན་སློབ་བཅུ་ཕྲག་གིས་བསྒྲུབ་པར་བགྱིས་པའི་ཐུན་མཚམས་སུ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །། ༈ ཨོཾ་གྲུབ་པར་གྱུར་ཅིག །ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་རྣམས། །ནམ་མཁའ་ཇི་སྲིད་རྡོ་རྗེའི་སྐུར་བཞུགས་ནས། །ཆོས་རྔ་དབྱངས་ཆེན་རྒྱུན་མི་ཆད་རྡུང་པས། །མཁའ་མཉམ་འགྲོ་ཀུན་སྨིན་པར་གསོལ་བ་འདེབས། །བླ་ན་མེད་པའི་དགེ་བ་འདིས་མཚོན་ཏེ། །དུས་གསུམ་རྣམ་པར་དཀར་བའི་ཚོགས་ཆེན་པོས། །བདག་གི་འདྲེན་མཆོག་དཔལ་ལྡན་བླ་མ་རྣམས། །འགྱུར་མེད་ཞབས་པད་བརྟན་པར་གསོལ་བ་འདེབས། །སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་མཆོག །ལུང་རྟོགས་དམ་པའི་ཆོས་སྒོ་འབྱུང་བའི་གནས། །ཚོགས་མཆོག་འདྲེན་པ་བཀའ་དྲིན་སུམ་ལྡན་རྣམས། །ཞབས་པད་རྡོ་རྗེའི་ཆོས་སུ་བསྟན་གསོལ་འདེབས། །བདག་བློའི་བུམ་བཟང་སྨིན་གྲོལ་བདུད་རྩི་ཡིས། །འགེངས་མཛད་དཔལ་ལྡན་བླ་མ་བཀའ་དྲིན་ཅན། །ཞལ་བཞུགས་ཐམས་ཅད་སྐུ་ཚེ་རྡོ་རྗེ་ལྟར། །རབ་བརྟན་ཕྲིན་ལས་རྒྱས་པར་གསོལ་བ་འདེབས། །བརྗོད་བྱ་བསླབ་གསུམ་རྗོད་བྱེད་སྡེ་སྣོད་གསུམ། །སྩོལ་མཛད་འདྲེན་མཆོག་བཀའ་དྲིན་སུམ་ལྡན་རྣམས། །རྟག་ཏུ་འགྱུར་བ་མེད་པར་འཚོ་གཞེས་ཤིང་། །འགྲོ་དོན་ནམ་མཁའ་མཉམ་པར་གསོལ་བ་འདེབས། །ཐུན་མོང་རིག་གནས་ཐུན་མིན་མདོ་སྔགས་ཀྱིས། །བདག་བློ་ཐར་པའི་ལམ་དུ་སྦྱོར་མཛད་པ། །རྒྱལ་བའི་རྣམ་འཕྲུལ་ཐམས་ཅད་གཟུགས་ཀྱི་སྐུ། །བསྐལ་བརྒྱར་བརྟན་ཅིང་བཞུགས་པར་གསོལ་བ་འདེབས། །ལུས་བསྐྱེད་བློ་ཁ་ཆོས་ལ་སྒྱུར་བ་ཡི། །ཕ་མ་དགེ་བའི་བཤེས་རྣམས་གར་བཞུགས་ཀྱང་། །ནད་མེད་ཚེ་རིང་ཆོས་མཐུན་འབྱོར་པ་རྒྱས། །ཐར་པའི་ལམ་ལས་ཕྱིར་མི་ལྡོག་གྱུར་ཅིག །ཚེ་དཔལ་རྡོ་རྗེའི་ལྷུན་པོ་རབ་ཏུ་བརྟན། །བསོད་ནམས་ནོར་བུའི་ཆུ་གཏེར་རྟག་ཏུ་རྒྱས། །འབྱོར་པའི་དཔག་བསམ་ནམ་མཁའི་དབྱིངས་ཁྱབ་པའི། །བསམ་དོན་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་༧འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་གསུང་བྱིན་རླབས་ཅན་ནོ།། །། ༈ གཞན་ཡང་། བསྟན་པའི་དཔལ་གྱུར་བླ་མའི་ཞབས་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ༈ །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། ༈ །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག ༈ །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག ༈ །རྣམ་དག་དད་དམ་གཙང་མའི་ཞིང་ས་ལ། །ལྷག་བསམ་སྨོན་ལམ་ས་བོན་གང་བཏབ་པ། །རྟེན་འབྱུང་བསླུ་མེད་དྲོད་གཤེར་གྱིས་སྨིན་ཏེ། །དོན་གཉིས་འདོད་པའི་སྙེ་མ་གཡུར་ཟ་ཤོག ༈ །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །དགེ་འོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ལྷ་མོ་སྤྱིའི་ལས་བྱང་ (Volume 40, Text 52)
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ལྷ་མོ་སྤྱིའི་ལས་བྱང་བཞུགས་སོ། །༁ྃ༔ ྈ ྈྈ ྈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ བྷྱོ༔ མུ་ལེ་མཚོ་དང་ཡོངས་འདུའི་ཤིང༔ དུར་ཁྲོད་བརྒྱད་སོགས་བཞུགས་གནས་ནས༔ ཆེ་གེ་སྤྱན་འདྲེན་ནོ༔ སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས༔ རྩ་སྔགས། ཧྲཱིང་ཛཿཛཿཧཱུྃ་བཾ་ཧོ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་བུ་གཟུགས་སྒྲ་དྲི་རོ་དང༔ རེག་བྱ་སྨན་གཏོར་རཀྟའི་ཚོགས༔ ཆེ་གེ་འཁོར་དང་བཅས་ལ་འབུལ༔ འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག༔ རྩ་སྔགས། ཨ་མྲྀཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ བྷྱོ༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ འགྲོ་བའི་དོན་དུ་སྐུ་སྤྲུལ་ནས༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ༔ མ་དང་སྲིང་ལྟར་སྒྲུབ་ལ་བརྩེ༔ ཆེ་གེ་འཁོར་བཅས་ལ་བསྟོད་དོ༔ དམ་རྫས་མཆོད་གཏོར་ཐུགས་དམ་བསྐང༔ ཐུགས་དང་འགལ་བ་མཐོལ་ལོ་བཤགས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཡམས་ནད་རིམས་ནད་ཞི་བ་དང༔ འབྲུ་དང་རྐང་འགྲོ་འཕེལ་རྒྱས་མཛོད༔ འདོད་དགུ་ཐམས་ཅད་དབང་དུ་སྡུས༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ༔ མ་གཡེལ་མྱུར་དུ་ལས་མཛོད་ཅིག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྱམ༔ ྈ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་ཉེར་བདུན་ལ་དཔལ་ལྡན་ལྷ་མོས་དངོས་སུ་གསུངས་སོ།། །།
ཉང་གཏེར་ངག་འགྲོལ་ (Volume 47, Text 52)
ཉང་གཏེར་ངག་འགྲོལ་བཞུགས། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ རང་གི་ངག་མནན་པ་འགྲོལ་བ་ནི༔ རང་ཐ་མལ་གྱི་ལྕེ་ཏཾ་ནག་པོ་གཅིག་ཏུ་བསམ༔ ལྕེའི་དཀྱིལ་དུ་ལཾ་ནག་པོ་གཅིག་བསམ༔ དེ་ཡི་མཐའ་མར་རཾ་དམར་པོས་བསྐོར་བར་བསམ༔ དེ་ནས་རཾ་ལས་མེ་འབར་བས༔ ངག་མནན་གྱི་དངོས་པོ་ཐམས་ཅད་བསྲེགས་པར་བསམ༔ ལྕེ་མི་དམིགས་པ་ལས༔ དྷཱི་སེར་པོ་གཅིག་ཏུ་བསམ༔ དེ་ལས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ ཡེ་ཤེས་ཀྱི་ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་ནུས་མཐུ་ཐམས་ཅད་བསྡུས་ནས༔ བདག་གི་ངག་ལ་ཐིམ་པས༔ བདག་ཉིད་གསུང་སྣང་བ་མཐའ་ཡས་སུ་བསམ༔ ལྕེ་རྡོ་རྗེ་རྩེ་དགུ་པ་པདྨ་རཱ་ག་ལས་གྲུབ་པ༔ ཁ་རླངས་ཐམས་ཅད་མེ་འབར་བར་བསམ་ཞིང༔ ཚྭ་ཚྭ་འཕྲོ་བ༔ ངག་ལ་གནོད་པར་བྱེད་པ་ཐམས་ཅད་ཧྲག་ཧྲག་བསྲེགས་པར་བསམ༔ རྡོ་རྗེའི་རྩེ་མོ་ལ་ཨོཾ་དཀར་པོ༔ ལྟེ་བ་ལ་ཨཱཿདམར་པོ༔ རྩ་བ་རུ་ཧཱུྃ་མཐིང་ནག་བསམ༔ ཡས་རྐན་ལ་ཀཱ་ལི༔ མས་རྐན་ལ་ཨཱ་ལིའི་འཁོར་ལོ་བསྐོར་བར་བསམ༔ ལྕེ་ལ་ཆོས་ཀྱི་སྒྲ་དི་རི་སྒྲོག་པར་བསམ་མོ༔ དེ་ནས་སྔགས་འདི་ཅི་རིགས་སུ་བཟླ༔ ཨོཾ་བཛྲ་རམ་བྷ་ཡཾ་ཧྱ་ཏུ་ཤན་དྷ་ཡ་སྭཱ་ཧཱ༔ འདིས་ནི་ཕྱག་ན་རྡོ་རྗེས་ངག་མནན་གྲོལ་བ་ལ་ཡང་ཐེ་ཚོམ་མེད་དོ༔ ཕྱིས་ནས་ཀྱི་བསྲུང་བར་ཡང་འགྱུར་རོ༔ ངག་འགྲོལ་བ་དང༔ ཕྱིས་ནས་ཀྱི་གནོད་པ་བསྲུང་བའི་ལེའུ་བཅུ་གཅིག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ རྒྱ་གསུམ་བཏབ་ནས༔ བྲག་སྲིན་མོ་སྦར་རྗེས་ཅན་ལ་སྦས་སོ༔ བདུད་བཙན་ཀླུ་གསུམ་གཏེར་སྲུང་བསྐོས་པའི་རྒྱ༔ ྈྈྈ རྒྱ༔རྒྱ༔རྒྱ༔ སྤྲུལ་སྐུ་མངའ་བདག་མྱང་གིས། ལྷོ་བྲག་སྲིན་མོ་སྦར་རྗེས་ཅན་གྱི་གཏེར་ནས་སྤྱན་དྲངས་པའོ།། །།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས། རིག་འཛིན་དོན་གྱི་དབང་བསྐུར་ (Volume 10, Text 52)
༄༅། །རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས། རིག་འཛིན་དོན་གྱི་དབང་བསྐུར་བཞུགས་སོ། ། ལྷུན་རྫོགས་ཡེ་ཤེས་རོལ་རྩལ་ལས། །རྩ་གསུམ་དཀྱིལ་འཁོར་རབ་འབྱམས་སྤྲོ། །གུ་རུ་ཡབ་ཡུམ་ཞབས་ལ་འདུད། །མཐའ་ཡས་སྨིན་གྲོལ་བྱིན་གྱིས་རློབས། །འདི་ཉིད་ཀྱི་སྨིན་བྱེད་རྒྱས་འབྲིང་བསྡུས་པའི་རིམ་པ་ལས་གཞན་ཕྲིན་ལས་ཆེན་པོའི་བདག་འཇུག་དང་རྗེས་སུ་འབྲེལ་བའི་ཆུ་བོ་བཞི་རྫོགས་ཀྱི་དོན་དབང་ནོར་བུ་ལུགས་ཀྱིས་སྣོད་ལྡན་རྗེས་སུ་བཟུང་བར་སྤྲོ་ན། དང་པོ། སྦྱོར་བ་དཀྱིལ་འཁོར་རས་བྲིས་སམ། མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་དབུས་སུ་གཙོ་འཁོར་གསུམ། དེ་རྒྱབ་བརྒྱད། དེ་རྒྱབ་ཉེར་ལྔ། དེ་རྒྱབ་ཕྱོགས་བཞིར་བཞི་རེ་བཀོད་པའི་སྟེང་དབུས་མཉྫིའི་ཁར་གུ་རུའི་སྐུ་ཚབ་དང་ཤེལ་རྡོ། མདུན་དུ་རྡོར་སེམས་ཡབ་ཡུམ་གྱི་སྐུ་བརྙན་ནམ་ཙཀླི། གཡས་སུ་གཞུང་པོད་གླེགས་བམ། གཡོན་དུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། རྒྱབ་ཏུ་ཐོད་པ་མཚན་ལྡན་དུ་མངར་གསུམ་ཆོས་སྨན་དང་སྦྱར་བའི་ཆང་དང་རིག་ཙཀ་རྣམས་བཀོད། མངའ་གསོལ་ཆས། ཆོས་གོས་རྣམ་གསུམ། དར་དང་རིན་ཆེན་རུས་རྒྱན། དུར་ཁྲོད་དང་དཔལ་གྱི་ཆས་བཅུ། གུ་རུའི་སྐུ་ཆས་ཕྱག་མཚན་བཅས་ཀྱི་ཙཀླི་བཞི། ཚེ་དབང་སྦྲེལ་ན། ཚེ་འབྲང་། ཚེ་རིལ། ཚེ་ཆང་རྣམས་ཀྱང་མདུན་རྒྱབ་ཅི་བདེར་བཞག །བླ་མའི་གཏོར་ཆེན་དཀྱིལ་འཁོར་རྒྱབ་ཕྱོགས་སུ་བཤམས་པའི་གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྔོན་གཏོར། ཚོགས་ཀྱི་ཡོ་བྱད། བཀའ་སྲུང་ཆད་བརྟན་གཏོར་མ། ལས་བུམ། མདའ་དར་སོགས་ཕྲིན་ལས་དང་དབང་གི་སྐབས་སུ་མཁོ་བའི་ཡོ་བྱད་གཞན་ཡང་འདུ་བྱའོ། །དེ་ནས་དབང་དོན་སྒྲུབ་མཆོད་ཕྲིན་ལས་རྒྱས་བསྡུས་གང་རུང་གཞུང་བསྲང་། སྔོན་འགྲོ་ནས་མཐར་ཆགས་སུ་བཏང་། བཟླས་པ་ཅི་འགྲུབ་བྱ། བདག་མདུན་དབྱེར་མེད་དུ་བསྒྲུབ་ཅིང་སྤྲོ་ན་ཛཔ྄་ཁང་དབྱེ་བ་དང་། བཟླས་པའི་མཇུག་ཏུ་བུམ་བཟླས་སྤྱི་ལྟར་ཡང་བྱ། ཚེ་དབང་བྱེད་ན་གཞུང་བཟླས་མཚམས་སུ། རིག་འཛིན་ཚེ་སྒྲུབ་ཀྱི་ཛཔ྄་དགོངས་བསྙེན་བཟླས་ཚེ་འགུགས་བཅས་བྱ། གང་ལྟར་བཟླས་པ་གྲུབ་ནས་མཆོད་བསྟོད་དབང་ལེན་ཡན་ཆད་ཚང་བར་གཏང་། ལས་བུམ་དུ་རྡོར་སེམས་སམ་འཁྱིལ་པ་གང་རུང་བསྐྱེད་བཟླས་སྤྱི་མཐུན་གྱིས་བྱིན་བརླབ་བོ། །གཉིས་པ་དབང་བསྐུར་བ་ནི། སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོ་མཚམས་བཅད་སྲུང་འཁོར་གསལ་བཏབ། མཎྜལ་བཀྱེ་བསྡུ། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ལ། དེ་ལ་འདིར་འཆད་པར་བྱ་བ། གངས་ཅན་གྱི་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེའི་ཐོག་མར་བྱོན་པ་སྔ་འགྱུར་གསང་སྔགས་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་གྲགས་པའི་ནང་ཚན་ཟབ་མོ་གཏེར་གྱི་ཆོས་སྡེ་ཡིན། དེ་ལའང་མཐའ་དབུས་རྣམས་སུ་སྔ་ཕྱིར་བྱོན་པའི་རྣམ་གྲངས་མཐའ་ཡས་པ་མཆིས་པ་ལས་འདིར་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་དགོངས་འདུས་རྣམ་པ་བཞི་བྱོན་དང་འབྱོན་པར་འགྱུར་བ་རྣམས་ཀྱི་ཟབ་་་་་་་་བཅུད་གཅིག་ཏུ་དྲིལ་བ་རྩ་གསུམ་དགོངས་པ་འདུས་པ་མཛོད་ལྔ་ཡོངས་སུ་རྫོགས་པའི་ཆོས་སྡེ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། མངའ་བདག་ཆོས་རྒྱལ་ཆེན་པོ། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་རྗེ་འབངས་གྲོགས་གསུམ་ལ་གུ་རུ་རིན་པོ་ཆེས་ཐུགས་ཀྱི་དགོངས་མཛོད་མཐར་ཐུག་པ་བརྟོལ་ནས་གནང་ཞིང་། རྣམ་སྣང་ལོ་ཙཱ་བ་ཆེན་པོ་ལ་གཉེར་གདམས་དམིགས་སུ་བསྩལ་ཏེ་མ་འོངས་གདུལ་བྱའི་དོན་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་མདོ་ཁམས་སའི་ཐིག་ལེ་ལྷ་མདོ་འབུར་མོ་བདེ་ཆེན་པདྨོ་བཀོད་མཛོད་ལྔ་འདུས་པའི་ཕོ་བྲང་ཆེན་པོར་གཏེར་དུ་སྦས་པ། གདུལ་བའི་དུས་སུ་སོན་པ་ན་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་བར་ཆད་མེད་པར་སྤྱན་དྲངས། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་མཆོག་གི་རིག་འཛིན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་པའི་བྱིན་རླབས་ཐུགས་རྗེའི་མཐུ་ཆེན་པོས་ཡིད་ཆེས་པར་གཏན་ལ་ཕབ་པའི་ཆོས་སྡེ་ཆེན་པོ་ལ་རྒྱུད་བཀའི་མཛོད། ལུང་གཏེར་གྱི་མཛོད། གདམས་ངག་སྙན་བརྒྱུད་ཀྱི་མཛོད། ཐུན་མོང་ལས་ཀྱི་མཛོད། ཐུན་མོང་མ་ཡིན་པའི་མཛོད་བཅས་བཞུགས་པ་ལས་འདིར་ལུང་གཏེར་གྱི་མཛོད་ཀྱི་བྱེ་བྲག་རྩ་བ་གསུམ་ལས་བླ་མ་རིག་འཛིན་མཆོག་གི་སྒྲུབ་པ་དང་འབྲེལ་བའི་སྨིན་བྱེད་བསྒྲུབ་པ་སྟེ། འདི་ལའང་དབང་བསྐུར་རྒྱས་པ་ཆུ་བོ་བཞི་རྫོགས། འབྲིང་པོ་ཡེ་ཤེས་ལྔ་རྫོགས། བསྡུས་པ་བྱིན་རླབས་གཏོར་མའི་བརྡ་དབང་གསུམ་དུ་བཞུགས་པ་ལ། འདིར་ཆུ་བོ་བཞི་རྫོགས་ཀྱི་སྙིང་པོ་ཕྲིན་ལས་ཀྱི་བདག་འཇུག་དང་རྗེས་སུ་འབྲེལ་བའི་དོན་དབང་ནོར་བུ་ལུགས་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་་་་་་མཎྜལ་འབུལ་དུ་གཞུག །ས་ཕྱོགས་དང་གནས་ཁང་དག་པ་ཡེ་ཤེས་ཀྱི་ཞིང་དང་གཞལ་མེད་ཁང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཐོད་ཕྲེང་རྩལ་དངོས་སུ་གསལ་བ་ལ་དད་མོས་ཀྱི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ༔ དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཚོགས༔ མོས་ཤིང་གདུང་བས་རྩེ་གཅིག་གསོལ་འདེབས་ན༔ བྱིན་རླབས་དབང་གི་ཡེ་ཤེས་ཆུ་བོ་ཆེས༔ བདག་རྒྱུད་སྨིན་གྲོལ་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བདག་གཞན་ནམ་མཁས་ཁྱབ་པའི་མ་གྱུར་སེམས་ཅན་མཐའ་དག །དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདེ་གཤེགས་རྩ་གསུམ་དགོངས་པ་འདུས་པའི་ལྷ་ཚོགས་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་ཁྱབ་སེམས་ཅན་མ་ལུས་ཀུན༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ བདེ་གཤེགས་ཡོངས་རྫོགས་རྩ་གསུམ་དཀྱིལ་འཁོར་ལྷར༔ སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་འགྲོ་བ་མཐའ་དག་ཐོག་མེད་ནས་ཕ་མ་དྲིན་ཅན་ཤ་སྟག་ཡིན་ཡང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་ལ་བཟོད་དུ་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོས་རྣམ་གྲོལ་གཏན་གྱི་བདེ་བ་རྩ་གསུམ་རྒྱལ་བའི་གོ་འཕང་་ལ་བདག་ཉིད་ཁོ་ནས་འགོད་པར་འདོད་པའི་སྨོན་པ་དང་། དེའི་ཆེད་དུ་རིག་འཛིན་མཆོག་སྒྲུབ་ཀྱི་དབང་གི་ཆུ་བོ་ཆེན་པོ་ནོད་ལ་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཉམས་སུ་ལེན་པར་བགྱིའོ་སྙམ་པ་འཇུག་པ་བྱང་ཆུབ་ཀྱི་སེམས་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧོ༔ མ་གྱུར་ཁམས་གསུམ་རིགས་དྲུག་འགྲོ་བ་ལ༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྐུ་གསུམ་གོ་འཕང་མཆོག་ལ་འགོད་པའི་ཕྱིར༔ རིག་འཛིན་བླ་མ་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། བདེ་གཤེགས་རྩ་གསུམ་དགོངས་འདུས་དཀྱིལ་དང་འཁོར་དུ་བཅས་པའི་སྤྱན་སྔར་ཕྱི་ཀུན་རྫོབ་ཀྱི་ཕྱག་དང་མཆོད་པ་འབུལ་ཞིང་ནོངས་བཤགས་ཡི་རང་བརྟན་བཞུགས་གསོལ་གདབ་བསྔོ་བའི་ཏིང་ངེ་འཛིན་རྣམས་དང་། ནང་དོན་དམ་ཡེ་ཤེས་རང་བྱུང་རང་གསལ་གྱི་དགོངས་པ་གསལ་བཏབ་སྟེ་གསག་སྦྱོང་སྤེལ་གསུམ་ཡོངས་སུ་རྫོགས་པའི་ཡན་ལག་བདུན་པ་འབུལ་བ་འདིའི་རྗེས་ཟློས། ན་མོ༔ ཀ་དག་དབྱིངས་ལས་ཤར་བའི་རྩ་གསུམ་ལྷར༔ གཉིས་སུ་མེད་པའི་ཚུལ་གྱིས་གུས་ཕྱག་འཚལ༔ ཆོས་ཉིད་རིག་རྩལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་འདུས་མ་བྱས་པའི་ངང་དུ་བཤགས༔ ཟག་མེད་དགེ་ཚོགས་རྒྱ་མཚོར་ཡི་རང་ངོ༔ འཆི་མེད་གཉུག་མའི་ངང་དུ་རྟག་བཞུགས་ནས༔ བརྗོད་བྲལ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཚོགས་འོད་གསལ་སྙིང་པོའི་དབྱིངས་སུ་བསྔོ༔ འགྲོ་ཀུན་རང་བྱུང་ཡེ་ཤེས་སྐུ་ཐོབ་ཤོག༔ དབང་དོན་རྒྱུད་ལ་འཛིན་པའི་སླད་དུ། སྡོམ་དང་ཆོས་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ། བདེ་གཤེགས་རིགས་ལྔའི་སྡོམ་པ་དངོས་དང་སྦས་དོན། རྩ་བ་དང་ཡན་ལག་གི་དམ་ཚིག་ཉེར་བརྒྱད། རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་རྣམས་ཚུལ་བཞིན་དུ་བླངས་ནས་ལེགས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོ༔ དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་རྣམས་དགོངས༔ བདག་གིས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་བ་ཀུན་གྱི་དོན་བགྱིད་ཕྱིར༔ ཚུལ་ཁྲིམས་རྣམ་གསུམ་མི་གཏང་བཟུང་བར་བགྱི༔ བདེ་བར་གཤེགས་པ་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་རིགས་སུ་བཞུགས་པ་ཡི༔ དམ་ཚིག་སྡོམ་པའི་ཚོགས་རྣམས་ཡོངས་བཟུང་ཞིང༔ རང་གཞན་དོན་དུ་རླབས་ཆེན་སྤྱོད་པ་སྤྱད༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཡན་ལག་དམ་ཚིག་རིགས་ལྔ་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་ངང་དུ་མི་འདའ་བའི༔ རྡོ་རྗེ་མཆོག་གསུམ་དབྱེར་མེད་བསྒྲུབ་པར་བགྱི༔ ལན་གསུམ། དེ་ནས་དབང་གི་གཞི་བསྒྲུབ་པ་ལ་སྒོ་གསུམ་གྱི་གནད་བཅུན་ཏེ་འདུན་པ་རྩེ་གཅིག་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་དྷརྨ་དྷཱ་ཏུ་ཨཱཏྨ་ཀོ྅་ཧཾ༔ ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་ཁྱེད་རང་གང་དུ་གནས་པའི་གེ་སར་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། རིག་པ་ཡེ་ཤེས་ཀྱི་རང་རྩལ་ཡི་གེ་ཧྲཱིཿདཀར་པོ་འོད་ལྔའི་མདངས་འཕྲོ་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་ཁྲོས་པའི་ཉམས་ཀྱིས་སྒེག་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་མཉམ་གཞག་བདུད་རྩིའི་ཐོད་པ་ཚེ་བུམ་གྱིས་མཚན་པ། ཁ་ཊྭཱཾ་ག་གྲུ་མོ་གཡོན་དུ་བརྟེན་ཅིང་དབུ་ལ་པདྨའི་སྙན་ཞུ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས་པའི་ཀློང་ན་བཞུགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་འོད་ཟེར་འབར་བས་མཚན་པ་དང་། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ་དགོངས་བརྡ་སྙན་བརྒྱུད་ཀྱི་རིག་འཛིན་བླ་མ་ཡི་དམ་ཞི་ཁྲོ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སྐད་ཅིག་གིས་ནམ་མཁའི་དབྱིངས་གང་བར་བྱིན་ཐིབས་ཀྱིས་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་གསང་གསུམ་ཡེ་ཤེས་ཆེན་པོའི་བྱིན་རླབས་སྒོ་གསུམ་ལ་དབྱེར་མེད་དུ་ཞུགས་པའི་མོས་པ་མཛོད་ཅིག །འབེབ་པའི་རྫས་འདུག །རོལ་མོས་གཟི་བྱིན་བསྐྱེད། སྤྲོ་ན་དབྱངས་དང་བཅས་རྒྱུན་གྱི་ཕྲིན་ལས་ཀྱི་སྤྱན་འདྲེན་ཡང་བརྗོད། དབབ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ དྲག་ཏུ་བརྗོད། དེ་ལྟར་དབབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྗོད། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ། དངོས་གཞིའི་དབང་རྣམས་རིམ་པར་ཞུ་བའི་སླད་དུ་ཞིང་ཁམས་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ༔ ནམ་མཁའི་རྡོ་རྗེས་རིགས་ལྔའི་རྒྱལ་བ་ལྔར༔ དགོངས་ཤིང་དབང་མཆོག་ཇི་ལྟར་བསྩལ་པ་བཞིན༔ མཆོད་པ་ཆེན་པོ་ཡེ་ཤེས་བརྡ་ཡི་དབང༔ རིག་འཛིན་གདུང་འཚོབ་བདག་ལ་དེང་འདིར་སྩོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་དཀྱིལ་འཁོར་པ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ནམ་མཁའ་གང་བར་སྤྱན་དྲངས། བཛྲ་ས་མཱ་ཛཿ སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་དབང་ལྷ་རྣམས་ལ་ཕྱི་ནང་གསང་བའི་མཆོད་པས་མཆོད་ཅིང་བསྟོད་པར་གྱུར། ཧཱུྃ་ཧྲཱི༔ ཡིད་བཞིན་ཀུན་འབྱུང་མཆོད་པའི་ཏིང་འཛིན་གྱིས༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡེ་ཤེས་བསྟོད༔ ཉམས་ཆག་ཀུན་བཤགས་དགོངས་པས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་པཱུ་ཛ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཐལ་མོ་སྦྱར་ལ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཅེས་གསོལ་བ་བཏབ་པས་ནམ་མཁའ་གང་བར་བཞུགས་པའི་དབང་གི་ལྷ་རྩ་གསུམ་དགོངས་པ་འདུས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་ཤིས་བརྗོད་རྡོ་རྗེའི་གླུ་དབྱངས་ལེན་ཞིང་མེ་ཏོག་གི་ཆར་འབེབ་པ་སོགས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་དགོངས་པ་གཏོད་ཅིང་ཕྲིན་ལས་་་་ལ་འཇུག་པར་མོས་ཤིག །ཕུན་སུམ་ཚོགས་པ་མངའ་བས་མཚོན་ཤིས་བརྗོད་ཅི་རིགས་བརྗོད་ལ་མེ་ཏོག་འཐོར། རོལ་མོ་བསྒྲག །ནམ་མཁའི་དབང་ལྷ་རྣམས་ལས་གྲུབ་པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་དང་བཅས་ཏེ་སྤྲོས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་ཐོགས། མཆོད་པའི་བཀོད་པ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་མཐའ་ཡས་པ་དང་ལྡན་པས་ཕྱིའི་དབང་བསྐུར་བར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཨོཾ༔ བྱང་ཆུབ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ ཕུང་ཁམས་གནས་གྱུར་རིགས་ལྔའི་ཡེ་ཤེས་བརྙེས༔ ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་ཆེ༔ རྒྱལ་སྲས་རྡོ་རྗེ་འཛིན་པར་མངའ་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ༔ བུམ་ཆུ་འཐོར་འཐུང་བྱ། དེ་ལྟར་ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་གྱི་དབང་ཐོབ་པ་ལ་ཐུན་མོང་ཐེག་པ་དང་ཚུལ་མཐུན་པའི་ཆོས་གོས་རྣམ་པ་གསུམ་སོགས་ཚངས་པར་སྤྱོད་པའི་ཆ་ལུགས་རྣམས་ཀྱིས་མངའ་གསོལ་བར་མོས། ཆོས་གོས་ཙཀླི་གཏད་ལ། དྷརྨ་བསཏྲ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ ནམ་མཁའི་དབང་ལྷ་རྣམས་ལས་རང་བྱུང་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་དང་བཅས་ཏེ་སྤྲོས་པ་རྣམས་ལས་ཡི་དམ་ལྷའི་སྐུ་དང་སྙིང་པོ་ཕྱག་རྒྱའི་ཚོགས་ཆར་བབས་པ་ལྟར་བྱུང་ནས། ཁྱེད་རང་གི་སྒོ་གསུམ་ལ་ཐིམ། མཆོད་པའི་བཀོད་པ་སྒྱུ་་་འཕྲུལ་རྡོ་རྗེའི་རོལ་མོ་མཐའ་ཡས་པ་དང་ལྡན་པས་ནང་གི་དབང་བསྐུར་བར་མོས་ཤིག །རྡོར་སེམས་སྐུ་སོགས་གནས་གསུམ་དུ་བཞག་ལ། ཧཱུྃ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་དབང་བསྐུར་བས༔ སྒོ་གསུམ་གནས་འགྱུར་ལྷ་སྔགས་ཡེ་ཤེས་བརྙེས༔ ཡི་དམ་ལྷ་དང་དབྱེར་མེད་གསང་བའི་མཛོད༔ རིག་པ་འཛིན་པ་ཆེན་པོར་མངའ་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཨཱཿཧཱུྃ༔ དེ་ལྟར་ཡི་དམ་ལྷའི་དབང་བསྐུར་ཐོབ་པ་ལ་ཐུན་མོང་མ་ཡིན་པ་དར་དང་རིན་ཆེན་རུས་རྒྱན་སོགས་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བའི་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་མཛོད། རྒྱན་དེ་རྣམས་གཏད་ལ། མ་ཧཱ་བིདྱ་དྷཱ་ར་བསཏྲ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ ནམ་མཁའི་དབང་ལྷ་རྣམས་ལས་སྐལ་ལྡན་ཆོས་ཀྱི་རྒྱལ་པོ་ལུང་བསྟན་རྡོ་རྗེ་རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་དང་བཅས་ཏེ་སྤྲོས་པ་རྣམས་ཀྱིས་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པའི་གླེགས་བམ་ཐོགས། མཆོད་པའི་བཀོད་པ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་མཐའ་ཡས་པ་དང་ལྡན་པས་སྒྲུབ་པའི་དབང་བསྐུར་བར་མོས་ཤིག །གླེགས་བམ་གནས་གསུམ་བཏུགས་ཤིང་ལག་ཏུ་གཏད་ལ། ཧོ༔ རྒྱུད་ལུང་མན་ངག་གླེགས་བམ་དབང་བསྐུར་བས༔ དམ་པའི་མཛོད་གསུམ་འཆད་ཉན་སྒྲུབ་ལ་དབང༔ བརྟུལ་ཞུགས་སྤྱོད་པས་འགྲོ་འདུལ་རིག་པ་འཛིན༔ ཀུན་ཏུ་འོད་ཀྱི་ས་རུ་མངའ་གསོལ་ལོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་དྷརྨ་པུསྟཀ་ཨ་བྷི་ཥེ་ཀ་ཏ་ཧྲཱི༔ དེ་ལྟར་པུསྟི་གླེགས་བམ་གྱི་དབང་བསྐུར་ཐོབ་པ་ལ་དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་སོགས་ཧེ་རུ་ཀ་འབར་བ་ཆེན་པོའི་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །དེ་དག་གཏད་ལ། ཤྲཱི་ཧེ་རུ་ཀ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་ཕྱི་ནང་སྒྲུབ་པ་གསུམ་གྱིས་བསྡུས་པའི་བུམ་པའི་དབང་བསྐུར་བ་ཐོབ། ལུས་དང་རྩའི་སྒྲིབ་པ་སྦྱངས། སྣང་སྟོང་ཟུང་འཇུག་བུམ་དབང་གི་ཡེ་ཤེས་རྒྱུད་ལ་སྨིན། ལམ་ཕྱི་ནང་གི་བསྐྱེད་པའི་རིམ་པས་རྒྱུད་གྲོལ་བ་ལ་དབང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་ཐོབ་པའི་ས་བོན་རྒྱུད་ལ་བཞག །འབྲས་བུ་སྤྲུལ་པའི་སྐུ་འཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ནམ་མཁའི་དབང་ལྷ་རྣམས་ལས་ཀུན་བཟང་ཧེ་རུ་ཀ་དཔལ་ཤྲཱི་སིཾ་ཧ་རིག་འཛིན་ཚོམ་བུ་འབུམ་ཕྲག་དུ་མ་དང་བཅས་ཏེ་སྤྲོས་པ་རྣམས་རང་འོད་ཡེ་ཤེས་ཀྱི་རིག་མ་དང་སྙོམས་པར་ཞུགས་ཏེ་བྱང་སེམས་བདུད་རྩིའི་སྤྲིན་ཆེན་པོ་སྤྲོས་པ་་་་་བདེ་སྐྱོང་གི་སྣོད་དུ་བདུད་རྩིར་བསྐྱིལ། མཆོད་པའི་བཀོད་པ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་མཐའ་ཡས་པ་དང་ལྡན་པས་གསང་བའི་དབང་བསྐུར་བར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ ཇི་ལྟར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས༔ བྱང་ཆུབ་སྲས་ལ་བདུད་རྩིའི་དབང་བསྐུར་ལྟར༔ དཀར་དམར་ལྷག་པའི་ཡེ་ཤེས་ཆེན་པོ་ཡིས༔ མ་ཆགས་པདྨའི་ས་རུ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་དང་རླུང་གི་སྒྲིབ་པ་སྦྱངས། གསལ་སྟོང་ཟུང་འཇུག་གསང་དབང་གི་ཡེ་ཤེས་རྒྱུད་ལ་སྨིན། ལམ་རྩ་དང་རླུང་གི་རྣལ་འབྱོར་གྱིས་བདག་བྱིན་རླབས་པའི་རིམ་པ་ལ་དབང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་ཐོབ་པའི་ས་བོན་རྒྱུད་ལ་བཞག །འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་རྟེན་འབྲེལ་རྒྱུད་ལ་བསྒྲིགས་པ་ཡིན་ནོ། །ནམ་མཁའི་དབང་ལྷ་རྣམས་ལས་སྟོང་ཉིད་ཤེས་རབ་ཕར་ཕྱིན་རྣམ་བཅས་ཀྱི་གཟུགས་སུ་ཤར་བ་ཕྱག་རྒྱའི་མཚན་ཉིད་རྫོགས་པའི་ལང་ཚོ་མ་སྤྲོས་ཏེ་འདོད་ཆགས་ཆེན་པོའི་སྒྱུ་རྩལ་གྱིས་ཁྱེད་རང་ལ་འཁྲིལ་བ་དང་འདུ་ཤེས་གསུམ་ལྡན་གྱིས་་་་་་་སྙོམས་པར་ཞུགས་པས། ལུགས་འབྱུང་ལུགས་ལྡོག་གི་དགའ་བཞིའི་མཐར་ཐུག་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །རིག་མའི་གཟུགས་བརྙན་གཏད་ལ། ཧཱུྃ༔ ལྷན་སྐྱེས་ཡེ་ཤེས་འབྱུང་བའི་པདྨ་ཅན༔ སངས་རྒྱས་ཀུན་གྱི་དམ་ཚིག་བླ་ན་མེད༔ རྡོ་རྗེ་རིག་མའི་བརྟུལ་ཞུགས་ལ་བསྟེན་ནས༔ འཁོར་ལོ་ཚོགས་ཆེན་ས་རུ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙཱ་ཛྙཱ་ན་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལམ་གསང་བ་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱངས། བདེ་སྟོང་ཟུང་འཇུག་ཤེར་དབང་གི་ཡེ་ཤེས་རྒྱུད་ལ་སྨིན། ལམ་གཞན་ལུས་ཕོ་ཉའི་གསང་ལམ་གྱིས་ཉེ་རྒྱུའི་བགྲོད་པ་ལ་དབང་། དབང་གི་ལས་དང་ཕྱག་ཆེན་རིག་འཛིན་ཐོབ་པའི་ས་བོན་རྒྱུད་ལ་བཞག །འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་རྒྱུད་ལ་བསྒྲིགས་པ་ཡིན་ནོ། །དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་དབྱེར་མེད་པའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུ་ཚོན་གང་བ་ཞིག་འཕྲོས། ཁྱེད་རང་གི་སྙིང་གར་ཐིམ་པས་བྱིན་རླབས་དོན་གྱི་དབང་བསྐུར་བ་ཐོབ། དཔེ་ཕྱག་རྒྱ་ལས་སྐྱེས་པའི་བདེ་བའི་ཡེ་ཤེས་ཀྱིས་ཐབས་བྱས་ཏེ། དོན་དམ་རང་བྱུང་འོད་གསལ་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་ངོ་བོར་མཉམ་པར་བཞག་པས། གཤིས་སྟོང་པ་ཆེན་པོ་ཀ་དག་གི་ངོ་བོ། གདངས་རང་གསལ་ཡེ་ཤེས་ལྷུན་གྲུབ་ཀྱི་རང་བཞིན། རྩལ་མ་འགག་སྣ་ཚོགས་སུ་འཆར་བ་དབྱེར་མེད་ཐུགས་རྗེའི་རང་རྩལ་ཉིད་དུ་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་པར་ཤེས་ནས་དགོངས་པ་བསྐྱང་འཚལ། བླ་མའི་སྐུ་འབག་དང་ཤེལ་རྡོ་སྙིང་གར་གཏུགས་ལ། ཧྲཱི༔ སེམས་ཀྱི་ཆོས་ཉིད་འོད་གསལ་རྫོགས་པ་ཆེ༔ བདེ་ཆེན་ཐབས་ཀྱིས་མཚོན་པའི་དེ་ཁོ་ན༔ བྱིན་རླབས་དོན་གྱི་འཕོ་བ་ལ་བརྟེན་ནས༔ ཡེ་ཤེས་བླ་མའི་ས་ལ་ལྷུན་རྫོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ལྟར་རང་བཞིན་གྱིས་གསང་བ་འོད་གསལ་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་བསྐུར་བ་ཐོབ། སྒོ་གསུམ་ཆ་སྙོམ་དང་འཕོ་བའི་སྒྲིབ་པ་སྦྱངས། རིག་སྟོང་ཟུང་འཇུག་བཞི་པའི་ཡེ་ཤེས་་རྒྱུད་ལ་སྨིན། ལམ་ཁྲེགས་ཆོད་དང་ཐོད་རྒལ་གྱིས་ཆོས་ཉིད་ཟད་སར་སྐྱེལ་བ་ལ་དབང་། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག །འབྲས་བུ་བདེ་བ་ཆེན་པོའི་སྐུ་འགྲུབ་པའི་རྟེན་འབྲེལ་རྒྱུད་ལ་བསྒྲིགས་པ་ཡིན་ནོ། །དེ་ལྟར་གསང་བའི་དབང་གསུམ་ཐོབ་པ་ལ་རྒྱུད་ལུང་ཡོངས་རྫོགས་དཀྱིལ་འཁོར་ཀུན་གྱི་མངའ་བདག་འགྲོ་འདུལ་རིག་འཛིན་སློབ་དཔོན་ཆེན་པོའི་སྐུའི་ཆས་ཡོངས་རྫོགས་ཕུལ་ནས་མངའ་གསོལ་བར་་་མོས་ཤིག །གུ་རུའི་སྐུ་ཆས་ཀྱི་ཙཀླི་གཏད་ལ། ཧཱུྃ༔ རྒྱལ་བའི་སྲས་མཆོག་པདྨ་ཐོད་ཕྲེང་རྩལ༔ ས་ལམ་ཡོངས་རྫོགས་དཀྱིལ་འཁོར་ཀུན་གྱི་བདག༔ དགོངས་པ་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ རིག་འཛིན་སློབ་དཔོན་ཆེན་པོར་མངའ་གསོལ་ལོ༔ མ་ཧཱ་ཨ་ཙརྻ་ཨ་ལངྐཱ་ར་ཨ་བྷི་ཥིཉྩ་མི༔ དེ་ལྟར་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་གི་ཆུ་བོ་ཆེན་པོས་རྒྱུད་སྨིན། ཡེ་ཤེས་བླ་མའི་ས་ཆེན་མཐར་ཕྱིན་ཏེ་ལམ་མཆོག་ཡོངས་སུ་རྫོགས་པའི་རིག་འཛིན་གྱི་འཁོར་ལོས་སྒྱུར་བར་གྱུར་པ་ལ་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བར་མོས་ཤིག །ཅེས་མཚམས་སྦྱར་ལ་ཞལ་ནས་གསུངས་པས་ཐོག་དྲངས་ཤིས་བརྗོད་ཅི་རིགས་པ་བྱ་ཞིང་མེ་ཏོག་འཐོར་རོ། །ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་འོད་དུ་ལྷགས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་བརྟན་པར་བྱ། རྗེས་འབྲེལ་དུ་ཚེ་དབང་བསྐུར་ན་ཟུར་གསལ་ཉིད་སྐབས་འདིར་སྦྱར་རོ། །གསུམ་པ་རྗེས་ནི། དེ་ལྟར་ན་རིམ་པ་དེ་དག་རྣམས་ཀྱིས་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ་ལས་རིག་འཛིན་མཆོག་སྒྲུབ་ཀྱི་རྩ་བའི་སྨིན་བྱེད་ཆུ་བོ་བཞི་རྫོགས་ཀྱི་དོན་དབང་སྙིང་པོར་བསྡུས་པ་ཚུལ་བཞིན་དུ་བསྒྲུབས་ཟིན་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས། ཚོགས་མཆོད། བཀའ་སྲུང་གཏོར་འབུལ་སོགས་རྗེས་ཀྱི་བྱ་བ་རྣམས་ཀྱང་ཕྲིན་ལས་ཀྱི་གཞུང་བཞིན་མཐར་ཆགས་སུ་བཏང་བས་གྲུབ་བོ། ཁྱད་པར་མཆོག་ལྡན་དབང་གི་ཆུ། ཁ་འབབ་རྣམ་བཞིའི་ཀླུང་རྒྱུན་བཞིན། །སྲིད་མཐའ་ཐུག་བར་སྐྱེ་དགུ་རྣམས། །རྣམ་གྲོལ་གསོས་སུ་རྟག་འབབས་ཤོག །ཅེས་པ་འདི་ཀུན་མཁྱེན་བླ་མ་མཚོ་སྐྱེས་དགྱེས་པའི་བཀའ་ལུང་གིས་རྗེས་སུ་གནང་བ་ལྟར་འཆི་མེད་བསྟན་གཉིས་གླིང་པས་མེ་གླང་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པ་བྱང་ཆུབ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་ཚེས་བཟང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྐོང་བ་ཉེས་པའི་གཡུལ་རྒྱལ་ (Volume 53, Text 52)
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྐོང་བ་ཉེས་པའི་གཡུལ་རྒྱལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཡ་མཱནྟ་ཀ་ཡ། ཚོགས་ཀྱི་སྐབས་སུ་སྐོང་བ་བགྱིད་པའི་ཚེ་བྱིན་རླབས་ཟུར་དུ་མི་དགོས་ཤིང་། གཞན་དུ་བྱིན་རླབས་སྤྱི་མཐུན་སྔོན་དུ་བཏང་ནས་དབྱངས་རོལ་བཅས་འདི་སྐད་དོ། །ཧཱུྃ། ཆོས་དབྱིངས་མཐིང་ནག་འབར་བ་ཨེ་ཡི་ཀློང་། །འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས། །འཇམ་དཔལ་ཧེ་རུ་ཀ་དཔལ་གཤིན་རྗེའི་གཤེད། །ཡབ་ཡུམ་སྲས་འཁོར་དྲེགས་པའི་དམག་ཚོགས་བཅས། །ཐུགས་དམ་བསྐང་ཕྱིར་དད་པས་སྤྱན་འདྲེན་ན། །དྲག་ཤུལ་རྔམས་པའི་སྟབས་ཀྱིས་གཤེགས་ནས་ཀྱང་། །རྒོལ་བ་ཀུན་འཇོམས་བརྗིད་པའི་སྟབས་ཀྱིས་བཞུགས། ཁྲག་གི་རྒྱ་མཚོ་མི་རོའི་རྦ་རླབས་འཁྲུགས། །དུར་ཁྲོད་ས་གཞིར་མཚོན་ཆའི་ནགས་ཚལ་འཁྲིགས། །དྲག་པོའི་ཕོ་བྲང་བསྐལ་པའི་མེ་རླུང་འཚུབས། །ཏི་ར་བམ་ཆེན་གདན་གྱིས་ཐུགས་དམ་བསྐང་། །གདུག་པའི་འབྱུང་པོ་བྱ་གཅན་ཁྲོས་པ་དང་། །རོ་ལངས་ཧ་ཧ་རྒོད་པས་གར་སྟབས་སྒྱུར། །སྐར་མདའ་མེ་སྒྱོགས་རལ་གྲི་མདའ་ཆར་འབེབ། །བགེགས་འཇོམས་གཡུལ་གྱི་སྦྱོར་བས་ཐུགས་དམ་བསྐང་། །དྲང་སྲོང་རིག་སྔགས་གྲུབ་པས་དམོད་པ་འདོར། །ཧཱུྃ་ཕཊ་གསང་བའི་དྲག་སྔགས་འཁོར་འདས་གཡོ། །མངོན་སྤྱོད་སྟོབས་ཀྱིས་དགྲ་བགེགས་ལོག་འདྲེན་རྣམས། །ཧུར་ཐུམས་ཚར་གཅོད་དྲག་པོས་ཐུགས་དམ་བསྐང་། །ཞིང་གི་བླ་བྲེ་རྒྱུ་རློན་ལྡ་ལྡི་འཕྱང་། །ཞིང་ཆེན་རྒྱལ་མཚན་ཞིང་ཆུང་བ་དན་ཕྱར། །ཙིཏྟའི་ཏོག་དང་མགོ་བོའི་དྲྭ་ཕྱེད་བྲེས། །རོ་སྐྲའི་རྔ་ཡབ་གཡོབ་པས་ཐུགས་དམ་བསྐང་། ཁྲག་ཆེན་དུག་མཚོ་དབང་ལྔ་ཚིལ་གྱི་གསུར། །རྣམ་ཤེས་མཁྲིས་པའི་ཆབ་དང་ཤ་རུས་ཟས། །འཇིགས་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། །འབྱུང་འཁྲུགས་དུར་ཁྲོད་སྒྲ་ཡིས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་སྦྱར་མྱོས་བྱེད་ཛ་གད་བཅུད། །དམར་ཆེན་ཁྲག་གི་རྒྱ་མཚོ་དཔའ་བོའི་སྐྱེམས། །རོ་བརྒྱ་ནུས་པ་དང་ལྡན་བ་ལིཾ་ཏ། །སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །ལྷ་སྣང་གསལ་ཞིང་ང་རྒྱལ་རྩེ་གཅིག་བརྟན། །བསྙེན་སྒྲུབ་ལས་ཀྱི་བཟླས་པ་ཆུ་བོའི་རྒྱུན། །བདེ་སྟོང་ཟུང་འཇུག་འོད་གསལ་ཆེན་པོའི་ངང་། །འཁོར་འདས་གཞི་ལ་རྫོགས་པས་ཐུགས་དམ་བསྐང་། །བདུད་དགྲ་བདུད་འདུལ་འཇམ་དཔལ་གཤིན་རྗེའི་གཤེད། །ཕ་རོལ་རྒོལ་འཇོམས་མཐུ་ཆེན་ཧེ་རུ་ཀ །གཏུམ་མོ་དུག་ཧྲུལ་ཚེ་འཆི་སྲོག་གི་བདག །སྤྲུལ་པའི་གཤེད་ཆེན་མ་གཤིན་དྲེགས་པའི་ཚོགས། །འཁོར་བཅས་ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །རྩ་བ་ཡན་ལག་རྡོ་རྗེའི་དམ་ཚིག་ལས། །མ་རིག་དབང་གིས་འགལ་ཞིང་ཉམས་གྱུར་པ། །རྣམ་དག་ཡེ་ཤེས་ཀློང་དུ་བཟོད་བཞེས་ལ། །དངོས་གྲུབ་རྣམ་གཉིས་ཐོགས་པ་མེད་པར་སྩོལ། །དམ་སྲི་བདུད་ཀྱི་ཆོ་འཕྲུལ་ཞི་བ་དང་། །བྱད་ཕུར་རྦོད་གཏོང་རིག་སྔགས་གདུག་པའི་དབལ། །མི་ཁ་སྨྲ་མཆུ་སྦྱོར་ངན་ཚིག་གི་མཚོན། །ལོ་ཟླ་ཞག་ཀག་འཆི་བདག་བདུད་ཀྱི་དཔུང་། །ཆག་ཆེ་ཉམ་ང་ལྟས་ངན་བྱུར་གྱི་འདྲེ། །མདོར་ན་མི་མཐུན་རྐྱེན་དང་བར་ཆད་རྣམས། །དྲག་ཤུལ་སྟོབས་ཀྱིས་ཟློག་ཅིང་སྒྱུར་བ་སོགས། །ཇི་ལྟར་གསོལ་བའི་དོན་ཀུན་མྱུར་འགྲུབ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པ་འདི་ཉིད་ལ་མོས་པའི་བློ་གྲོས་བརྟན་པ་ཀརྨ་ཉི་མ་ནས་ཆེད་དུ་བསྐུལ་ངོར། དུས་མཐའི་རྣལ་འབྱོར་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྙིང་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་ (Volume 48, Text 52)
༄༅། །ཉེ་བརྒྱུད་ཚེ་ཁྲིད་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། འཆི་མེད་མཆོག་སྩོལ་བླ་མ་ལྷར། །བཏུད་ནས་རྡོ་རྗེའི་སྲོག་ཤིང་གི །སྒྲུབ་པའི་ཐབས་དང་དབང་ཆོག་བཅས། །ཉུང་གསལ་སྙིང་པོར་དྲིལ་ཏེ་འགོད། །འདི་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་སྒྲུབ་པའི་ཐབས། སློབ་མ་རྗེས་འཛིན་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་བུ་ཕྱག་བདར་ལེགས་པར་བྱས་པའི་སྟེང་དུ་དབུས་སུ་མཉྫིའི་ཁར་ཚེ་བུམ་ཁ་རྒྱན་དང་ལྡན་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། མདུན་དུ་གཏོར་མ་དང་མཆོད་པ། གཞན་ཡང་རང་གི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། ནང་མཆོད། མདའ་དར། ལི་ཁྲི། ལས་བུམ། མེ་ཏོག །ཉེ་ལོགས་སུ་བགེགས་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། ༈ །གཉིས་པ་དངོས་གཞི་སྒྲུབ་ཐབས་ལ། ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ་རུ་དྲ་བསྣོལ་པའི་སྟེང་དུ་རང་ཉིད་སྐད་ཅིག་གིས་དབང་དྲག་རྟ་མགྲིན་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གྱུར། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་འདོད་པའི་ཡོན་ཏན་ལྔས་ཁྱད་པར་དུ་བྱས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བརླབ། ཨོཾ་སརྦ་བིགྷྣཱན་སོགས་ལན་གསུམ་བརྗོད་ཅིང་བསྔོས། ཧྲཱིཿ གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནས་འདི་རུ། །མ་འདུག་གཏོར་མ་འདི་ཁྱེར་གཞན་དུ་དེངས། །གལ་ཏེ་མི་འགྲོ་དབང་ཆེན་ཁྲོས་པའི་བཀས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །སུམྦྷ་སོགས་ཀྱིས་བགེགས་བསྐྲད། སྟེང་འོག་ཕྱོགས་མཚམས་མ་ལུས་རྡོ་རྗེ་དང་། ཁྲོ་བོ་ཁ་དོག་སྣ་ལྔའི་མེ་ཕུང་གིས། །བར་མཚམས་མེད་པར་གཏམས་པའི་སྲུང་བ་ཡི། །འཁོར་ལོའི་གུར་ཁང་མཚམས་ལས་མ་འདའ་ཞིག །ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱས་མཚམས་བཅད། དེ་ནས་སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འཆི་མེད་རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་བྱ། ཚོགས་གསག་པའི་ཐོག་མར། རང་ཉིད་དབང་ཆེན་དུ་གསལ་བ་འོད་དུ་ཞུ་བ་ལས་མགོན་པོ་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་བར་གྱིས་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་བྱ། ཕུན་ཚོགས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་བཞིན་ཡུན་རིང་བཞུགས་པར་གསོལ། །འདིས་མཚོན་དགེ་བ་ཚེ་རབས་ཐམས་ཅད་དུ། །ཚེ་དཔག་མེད་པས་རྗེས་སུ་བཟུང་གྱུར་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཕྱིར་བསྔོ། །ཞེས་པས་ཚོགས་བསགས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར་པར་མོས། བྱིན་འབེབ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །ཡེ་ཤེས་རང་སྣང་གྲུབ་པའི་ཕོ་བྲང་ནས། །མཁའ་འགྲོའི་དབང་ཕྱུག་གསང་བ་ཡེ་ཤེས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་སོགས་གོང་བཞིན། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་ནས། །སློབ་དཔོན་པདྨ་ཐོད་ཕྲེང་ཚེ་དབང་རྩལ། །འཆི་མེད་ཚེ་ཡི་སོགས། མཐོ་བརྩེགས་རྡོ་རྗེ་གསང་བའི་གཞལ་མེད་ནས། །ཟུང་འཇུག་སྐུ་བརྙེས་དཔལ་ལྡན་རྡོ་རྗེའི་ཞབས། །འཆི་མེད་ཚེ་ཡི་སོགས། གྲུ་འཛིན་ཉི་འོད་འཁྱིལ་བའི་གཞལ་མེད་ནས། །རྒྱལ་བ་ཀུན་དངོས་བསོད་ནམས་རྒྱ་མཚོའི་སྡེས། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །བྱང་ཆུབ་ཤིང་ཁྲོད་དེ་བཱི་ཀོ་ཊི་ནས། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེས། །འཆི་མེད་ཚེ་ཡི་སོགས། གུང་ཐང་བདེ་བའི་རྡོ་རྗེའི་གཞལ་ཡས་ནས། །གཉགས་ཆེན་རྣམ་འཕྲུལ་ཆོས་དབྱིངས་རང་གྲོལ་གྱིས། །འཆི་མེད་ཚེ་ཡི་སོགས། ལྷ་ལྡན་ཡུལ་དབུས་གྲུ་འཛིན་ཕོ་བྲང་ནས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེས། །འཆི་མེད་ཚེ་ཡི་སོགས། གར་བཞུགས་དག་པ་རབ་འབྱམས་ཕོ་བྲང་ནས། །མཁས་ཤིང་གྲུབ་བརྙེས་བརྒྱུད་པའི་བླ་མ་ཡིས། །འཆི་མེད་ཚེ་ཡི་སོགས། སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས། །རྩ་བའི་བླ་མ་ཁྱབ་བདག་འཁོར་ལོའི་མགོན། །འཆི་མེད་ཚེ་ཡི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ། །སྒྲུབ་པའི་དམ་རྫས་སྣོད་བཅུད་མ་ལུས་པར། །ཚེ་བཀྲག་གཟི་མདངས་ནུས་པའི་རྩལ་ཀུན་ཕོབ། །དབང་ཆེན་སྐུར་ལ་སྡིག་སྒྲིབ་བར་ཆད་སོལ། །རེ་བའི་འབྲས་བུ་ཚེ་ཡི་རིག་འཛིན་སྩོལ། །མཐར་ཚེའི་སྙིང་པོ་བཟླ་ཞིང་སྤོས་རོལ་དང་བཅས་བྱིན་དབབ། སྒྲུབ་རྫས་དང་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་རཾ་ཡཾ་ཁཾ་གིས་སྒྲུབ་རྫས་དང་མཆོད་གཏོར་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་རྣམས་སྦྱངས། ངོ་བོ་ཟག་པ་མེད་པའི་བདུད་རྩི་ལ། རྣམ་པ་རང་རང་གི་བྱེད་ལས་དང་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གྱིས་བརླབ། དེ་ནས་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་། རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་ལ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྟེང་གི་ནམ་མཁའ་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། མཁའ་འགྲོ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། འཁོན་སྟོན་ཆོས་རྗེ་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་སོགས་པའི་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཧྲཱིཿ བདེ་བ་ཅན་ནས་ཚེ་དཔག་མེད་མགོན་ལ། །གསང་བ་ཡེ་ཤེས་པདྨ་འབྱུང་གནས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མས་ཡོངས་བསྐོར་བ། །འདིར་གཤེགས་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་བཱ་ར་ཨེ་ཧྱེ་ཧི་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་དབང་གི་ཆུས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་ཅིང་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར། མཆོད་བསྟོད་རྒྱས་པའམ། བསྡུ་ན། བཅོམ་ལྡན་འཆི་བ་མེད་པའི་མགོན་པོ་ལ། །འཆི་མེད་ལྷ་རྫས་མཆོད་སྤྲིན་ཚོགས་འདི་དག །འཆི་བདག་འཇིགས་པ་བསྐྱབ་ཕྱིར་འབུལ་བར་བགྱི། །བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་ཉེར་སྤྱོད་དང་། ཨོཾ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཨཱཿཧཱུྃ་གིས་འདོད་ཡོན། ཨོཾ་ཧྲཱིཿརཱ་ག་བཛྲ་ས་པ་རི་བཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རང་ཉིད་ཀྱི་ཚེ་དང་བསོད་ནམས་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་དང་མི་མ་ཡིན་པ་རྣམས་ཀྱིས་ཕྲོགས་པ་དང་། བརྐུས་པ་དང་ཡར་པ་ཐམས་ཅད། བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་ཁ་དོག་སྔོ་ལྗང་དམར་དཀར་སེར་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། མཐར་སྔགས་ཕྲེང་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་ཕྲོགས་ཤིང་ཡར་པ་ཁུག །ཉམས་པ་སོས། གནས་པ་འཕེལ་ཞིང་བརྟན། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། །ཅེས་བརྗོད་ཅིང་བསམ་ལ། ཨོཾ་བཛྲ་ས་ར་ཧེ་ཀ་ར་རེ་ཤྭ་ར་རེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་ཚེ་གཟུངས་ཀྱང་བཟླས། མཐར་ཡི་གེ་བརྒྱ་པ་བརྗོད། ཚེ་འགུག་པའི་ཕྲིན་ལས་བསྐུལ་བ་ནི། སླར་ཡང་བདག་ཉིད་ཚེ་དཔག་མེད་དུ་གསལ་བ་དང་། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རང་གི་བླ་ཚེ་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་དང་། འཁོར་འདས་སྣོད་བཅུད་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་བསམ་ལ། མདའ་དར་གཡབ་ཅིང་། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཚེ་ཡི་ཌཱ་ཀི་གསང་བ་ཡེ་ཤེས་མ། །འབྱུང་བ་ལྔ་ལ་དབང་བསྒྱུར་ལྷ་མོ་ལྔའི། །འཆི་མེད་ཚེ་ཡི་ཕྲིན་ལས་དུས་ལ་བབ། ཞེས་དང་། ཨོཾ་བཛྲ་ས་ར་ཧེ་སོགས་བཟླས་པ་དང་བཅས་པས་སྤྱིར་ཐུགས་དམ་བསྐུལ། དེ་བཞིན་དུ། ཧྲཱིཿ དྲག་པོའི་ལས་མཛད་སྔོན་མོ་འབུམ་སྡེ་ཡིས། །འབྱུང་བ་ནམ་མཁའི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ ཐམས་ཅད་ལས་མཛད་ལྗང་མོ་འབུམ་སྡེ་ཡིས། །འབྱུང་བ་རླུང་གི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ དབང་གི་ལས་མཛད་དམར་མོ་འབུམ་སྡེ་ཡིས། །འབྱུང་བ་མེ་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ་ཡིས། །འབྱུང་བ་ཆུ་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། ཧྲཱིཿ རྒྱས་པའི་ལས་མཛད་སེར་མོ་འབུམ་སྡེ་ཡིས། །འབྱུང་བ་ས་ཡི་བཅུད་སྡུས་ཚེ་སྲོག་ཁུག །གདོན་བགེགས་ལྷ་འདྲེས་ཁྱེར་པའི་ཚེ་སྲོག་ཁུག །བརྟན་གཡོའི་ཚེ་དང་བསོད་ནམས་དབང་དུ་སྡུས། །ཨོཾ་བཛྲ་ས་ར་ཧེ་སོགས། སྲ་བརྟན་རྡོ་རྗེ་ལྟ་བུའི་ཚེ་སྲོག་ཁུག །ལེགས་ཚོགས་དཔལ་འབྱོར་རྒྱས་པའི་གཡང་སྐྱོབས་ཤིག །ཉམས་དང་ཟད་དང་འཐོར་དང་ཡར་པ་ཡི། །ཚེ་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་ར་ཧེ་སོགས་སྔགས་བཟླ་བ་དང་བཅས་པས་ཚེ་འགུགས་པར་བྱའོ། །དེ་ནས་ཚེ་བཅིང་བ་ནི། རང་གི་སྙིང་གར་ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་གྱུར། སྙིང་གར་རྡོ་རྗེ་རེག་ལ། ཉི་ཟླ་གྭའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་སྦ་བ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་གྭའུ་ཁ་སྦྱོར་ལ་ཐིམ། དེ་འོད་དཀར་པོ་ལ་ཐིམ། དེ་ཡི་གེ་ནྲྀ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་གྱུར། །གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦ་འོ། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཚེ་སྲུང་བ་ནི། རང་གི་སྨིན་མཚམས་སུ་ལི་ཁྲི་བྱུགས་ལ། སྟོང་པའི་ངང་ལས་རང་ཉིད་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར་དཔལ་རྟ་མགྲིན་གྲི་གུག་དང་ཐོད་ཁྲག་འཛིན་པ་འཇིགས་སུ་རུང་བ་མེ་ཕུང་འབར་བའི་དབུས་ནས་ཚེའི་བར་ཆད་སྲུང་བར་གྱུར། སྨིན་མཚམས་རྩ་ཡི་སྒོ་འཕར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལན་གསུམ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བརྟན་པར་བྱའོ། །མདུན་བསྐྱེད་བུམ་པ་སྒྲུབ་པ་ནི། མཆོད་པ་བྱིན་གྱིས་བརླབ། བུམ་པ་བསང་སྦྱང་། ཚེ་བུམ་མི་དམིགས་པར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་དམར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། དྭངས་ཤིང་ཐོགས་པ་མེད་པ། ཕྱི་བུམ་པའི་རྣམ་པ་ཡིན་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ། དེའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཞེས་སོགས་ནས། སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་ཅེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་སྒྱུར། དབང་གི་ལྷ་རྣམས་ཀྱང་བུམ་པའི་ལྷ་ལ་ཐིམ་པར་བསམ། མཆོད་བསྟོད་རྒྱས་བསྡུས་གང་རིགས་བྱ། བཟླས་པ་བྱ་བ་ནི། མདུན་བསྐྱེད་ཀྱི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་པ་རྣམས་ཀྱིས་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་ཐམས་ཅད་བུམ་པ་དང་། ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་སྔོ་ལྗང་དམར་དཀར་སེར་བའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྫས་རྟགས་རིན་ཆེན་སྣ་བདུན་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ལྷ་སྔགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་ཞིང་། དེ་ལས་བདུད་རྩིའི་རྒྱུན་བྱུང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་ཡར་པ་ཁུག །ཉམས་པ་སོས། གནས་པ་འཕེལ་ཞིང་བརྟན། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་འཆི་མེད་ཚེའི་བཅུད་ལེན་དུ་གྱུར། ཅེས་བརྗོད་ཅིང་བསམ་ལ་གོང་གི་སྔགས་གསུམ་ཅི་ནུས་བཟླས་མཐར་ཡི་གེ་བརྒྱ་པ་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། བླ་མ་དང་གཉིས་སུ་མེད་པ་མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་འབུལ། མཆོད་བསྟོད་གོང་ལྟར་བྱ། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་དང་རྡོ་རྗེ་སློབ་མ་རྣམས་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། ཚེ་འགུག་པའི་ཕྲིན་ལས་བསྐུལ་བ་ནི། སླར་ཡང་བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རྡོ་རྗེ་སློབ་མའི་ཚེ་དང་བསོད་ནམས་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་དང་། འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་རྣམས་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། མདུན་བསྐྱེད་ཀྱི་ཕྱག་གི་ཚེ་བུམ་ནང་དུ་ཐིམ་པས་བུམ་པ་བདུད་རྩིས་གང་། དེ་ལས་བདུད་རྩིའི་རྒྱུན་བབས་པས་རྡོ་རྗེ་སློབ་མའི་ཚེ་ཆད་པ་དང་། འཐོར་བ་དང་། ཡར་པ་ལ་སོགས་པ་མདོར་ན་འབྱུང་བ་ལྔའི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད་ཅིང་། འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །ཞེས་པ་ནས། ཚེ་གསོས་ཚེ་ཁུག་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་སྔགས་དང་བཅས་པའི་བར་གོང་བཞིན་བརྗོད། ཚེ་རྟེན་འོད་དཀར་པོའི་དབུས་སུ་རྡོ་རྗེ་སློབ་མའི་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པར་ཉི་ཟླ་གྭའུ་ཁ་སྦྱོར། ཞེས་པ་ནས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱའི་བར་གོང་བཞིན་བརྗོད། ཡང་རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས། རྡོ་རྗེའི་སློབ་མ་ལ་ཐིམ། དེ་སྙིང་གའི་གྭའུ་ཁ་སྦྱོར་ལ་ཐིམ། དེ་འོད་དཀར་པོ་ལ་ཐིམ། དེ་ཡི་གེ་ནྲྀ་ལ་ཐིམ། ནྲྀ་དེ་ཡང་འཇའ་ཡལ་བ་ལྟར་གྱུར། གང་གིས་གནོད་པར་མི་ནུས་པའི། །ཞེས་པ་ནས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། བར་གོང་བཞིན་བྱ། སྟོང་པའི་ངང་ལས་རྡོ་རྗེ་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར། ཞེས་པ་ནས། ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །ཞེས་པའི་བར་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་བརྟན་པར་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་ཅིང་བཟླས་པས་ནུས་ལྡན་དུ་བྱའོ།། ༈ །།གསུམ་པ་སློབ་མ་རྗེས་འཛིན་དབང་གི་ཆོ་ག་ནི། ལས་ཀྱི་རྡོ་རྗེས་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱ། ནང་དུ་འོང་བ་དང་སློབ་དཔོན་གྱིས་བགེགས་གཏོར་སྦྱིན་ཞིང་སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པ་དང་། ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་འདིར་གནས་སྐབས་སུ་དུས་མ་ཡིན་པའི་འཆི་བ་ཞི་ཞིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དང་། མཐར་ཐུག་འཇའ་ལུས་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ་བའི་སླད་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མངོན་པར་དབང་བསྐུར་བ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས། དེ་ལས་འོངས་པའི་གདམས་པ་དང་གཉིས། དང་པོ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཞེས་བྱ་བ། ཉི་ཟླའི་ཁྲི་སྟན་གདུགས་དང་རྒྱན་དྲུག་སོགས་དང་ལྡན་པས་མཚན་ཉི་ཟླ་དངོས་གྲུབ་དང་། གཞན་ཡང་ལས་ཀྱི་དབང་མོ་ཆེར་གྲགས་པ་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དབང་གསན་པས་ཡི་གེ་ཧཱུྃ་དུ་བསྒྱུར་ཏེ་མཁའ་འགྲོ་མའི་ཞལ་དུ་མིད་པ་དང་། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོ་འཆི་མེད་ཚེའི་རིག་པ་འཛིན་པའི་དབང་། ནང་འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་དབང་། གསང་བ་དཔལ་རྟ་མགྲིན་གྱི་ངོ་བོ་ལྷ་སྲིན་བྲན་དུ་འཁོལ་བའི་དབང་རྣམས་ཐོབ་པ་ལས། དེ་གསུམ་ཀའི་དོན་འདུས་པའི་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང་འདི་ཉིད་སློབ་དཔོན་ཆེན་པོས་གྲུབ་ཆེན་དཔལ་ལྡན་རྡོ་རྗེ་ཞེས་འཇའ་ལུས་ཀྱི་སྐུ་བརྙེས་པ་དེ་ལ་དངོས་སུ་གནང་། དེ་ཉིད་ཀྱིས་འབྲས་སྤུངས་ཉི་འོད་འཁྱིལ་བའི་གཟིམས་ཆུང་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་ལ་གནང་། དེས་འཁོན་སྟོན་རྡོ་རྗེ་འཆང་དཔལ་འབྱོར་ལྷུན་གྲུབ་ལ་གནང་། དེས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལ་གནང་། དེས་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་པའི་གངས་ཅན་གྱི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ལ་གནང་། དེ་ཉིད་ཀྱིས་རྒྱ་ཆེར་སྤེལ་བ་ནས་གཟུང་སྟེ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ལགས། གཉིས་པ་དེ་ལས་འོངས་པའི་གདམས་པ་ལའང་རང་དོན་དུ་བདག་གི་རྣལ་འབྱོར་ལ་བརྟེན་ནས་ཚེ་སྒྲུབ་པ་དང་། གཞན་དོན་དུ་བུམ་པའི་ཆོ་ག་ལ་བརྟེན་ནས་སློབ་མ་རྗེས་སུ་གཟུང་བ་གཉིས་ལས། འདིར་སློབ་མ་རྗེས་སུ་གཟུང་བ་དབང་གི་ཆོ་ག་ལ་སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་སྔོན་དུ་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། དེ་ནས་མཎྜལ་བསྟན་པ་ནི། མདུན་གྱི་ཚེ་བུམ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ། ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པད་ཉི་ཟླ་བའི་གདན་དང་བཅས་པའི་དབུས་སུ། བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་སོགས་ནས། ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ་དང་། སློབ་དཔོན་ཡང་དེ་ལྟ་བུའི་ཚེ་དཔག་ཏུ་མེད་པ་ཚེ་ཁྲིད་བརྒྱུད་པའི་བླ་མའི་ཚོགས་དང་བཅས་པའི་རྣམ་པར་བཞུགས་པ་དང་མངོན་སུམ་དུ་མཇལ་བའི་མོས་པ་མཛོད། དེ་ནས་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སློབ་མ་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པཾ་ལས་པདྨ་དང་རཾ་ལས་ཉི་མ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སོ་སོའི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ཡོངས་སུ་གྱུར་པ་ལས། སློབ་མ་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། ཞི་ཞིང་འཛུམ་པ་སྒེག་པའི་ཉམས་ཅན། འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་གྱུར། ཧྲཱིཿ བདེ་བ་ཅན་ནས་ཚེ་དཔག་མེད་མགོན་ལ། །གསང་བ་ཡེ་ཤེས་པདྨ་འབྱུང་གནས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མས་ཡོངས་བསྐོར་བ། །འདིར་གཤེགས་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དང་། སྔགས་རྣམས་ཀྱི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་ཡེ་ཤེས་པ་དབབ། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱའོ། །དེས་གཞི་འགོད་པ་སོང་ནས། སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ས་ར་ཧེ། ཀ་ར་རེ། ཤྭ་ར་རེ་ཧཱུྃ་ཕཊ། སླར་ཡང་དབང་གི་དངོས་གཞིའི་དོན་དུ་བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཐ་མི་དད་པ་ལ་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ་སྙམ་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས། ཚེའི་དབང་བསྐུར་བ་དངོས་ལ། ཚེ་བུམ་ལ་བརྟེན་ནས་བླ་ཚེ་ཡར་པ་དགུག་པ། ཉམས་པ་གསོ་བ། ཚེ་འགུགས་ཤིང་བསྟིམ་པ། མཐའ་རྟེན་དུ་ཚེ་ཆང་དང་། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ། དེ་མི་ཉམས་པར་བྱ་བའི་ཕྱིར་ཚེ་བཅིང་བ། ཚེ་སྦ་བ། ཚེ་སྲུང་བ། ཚེ་དང་བཀྲ་ཤིས་ཀྱི་ལེགས་ཚོགས་སྤེལ་བ་རྣམས་སུ་ཡོད་པ་ལས། ཐོག་མར་བླ་ཚེ་ཡར་པ་དགུག་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་བསྐྱེད་བཅོམ་ལྡན་འདས་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿའི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་འཆི་བདག་གཤིན་རྗེ་དང་རྒྱལ་གདོན་ལ་སོགས་པ་འབྱུང་པོ་མི་མ་ཡིན་རྣམས་ཀྱིས་ཕྲོགས་པ་དང་། བརྐུས་པ། ཡར་པ་ཐམས་ཅད་བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་རྫས་ཀྱི་རྡོ་རྗེ་ཕ་ལམ་བཞིན་དུ་ཕར་ལ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང་། ཚུར་ལ་གང་གིས་ཀྱང་གཞིག་ཅིང་གཞོམ་པར་མི་ནུས་པའི་འཆི་མེད་ཀྱི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེསབརྗོད་ལ་དྲིལ་བུ་འཁྲོལ། རང་དང་སློབ་མ་གཉིས་ཀས་ཨ་མཱ་ར་ཎིའི་སྔགས་སོགས་བརྗོད། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་འཐོར་རོ། །བདེན་སྟོབས་འདི་འོག་མ་རྣམས་ཀྱི་མཐའ་ཐམས་ཅད་དང་། རྒྱལ་མཚན་རྩེ་མོའི་སོགས་ཤིས་བརྗོད་ཤླཽ་ཀ་གཅིག་བྱའོ། །དེ་ནས་ཉམས་པ་གསོ་བ་ལ་ཚེ་ཉམས་པ་གསོ་བ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་གསུམ་དུ་ཡོད་པ་ལ། ཐོག་མར་ཚེ་ཉམས་པ་གསོ་བའི་སླད་དུ།་་་ཚེ་ཉམས་པ་གསོ་བ་འདི་རྒྱས་པར་འབྱུང་ལྔ་སོ་སོའི་བཅུད་བསྡུ་ཚུལ་རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་གྲུབ་རྒྱལ་མའི་ཚེ་དབང་ལྟར་བྱ་བར་གསུངས་པས་སྤྲོ་ན་དེ་ལྟར་བྱ་ཞིང་། འདིར་རྗེ་དགེ་འདུན་རྒྱ་མཚོའི་ཡིག་ཆར་བསྡུས་ཏེ་བྱ་གསུངས་པ་ཕྱག་ལེན་དུ་མཛད་པ་ལྟར་བཀོད་པའོ།་་་མདུན་བསྐྱེད་ཚེ་དཔག་ཏུ་མེད་པའི་ཕྱག་གི་བུམ་པའི་དབུས་སུ་ཐུགས་སྲོག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། འབྱུང་བ་ཆེན་པོ་ནམ་མཁའ་རླུང་མེ་ཆུ་སའི་བཅུད་ཐམས་ཅད་འོད་དང་བདུད་རྩི་སྔོ་ལྗང་དམར་དཀར་སེར་བའི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུ་ལུས་ཀྱི་འབྱུང་བ་རྣམས་ཀྱི་སྒོ་ནས་ཚེ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་བརྗོད། ཕུན་སུམ་ཚོགས་པ་སོགས་ཤླཽ་ཀ་གསུམ། སྟོན་པ་བླ་མེད་སོགས་ནས། བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་ཤིས་བརྗོད་བྱ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། ཉེ་བའི་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ལ་སོགས་ཀྱི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་སྟོབས་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། ལྷའི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་སོགས་དང་སྐལ་བ་མཉམ་པའི་འཆི་མེད་ཀྱི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་དང་། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་སོགས་བརྗོད། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི། ཡང་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སངས་རྒྱས་བྱང་སེམས་ལ་སོགས་པའི་སྐུ་གཟུགས། ཨཱ་ལི་ཀཱ་ལི་ལ་སོགས་པའི་ཡིག་འབྲུ། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མཚན་གྱི་རྣམ་པར་བཀུག །སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུའང་དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ཅིང་སྔགས་བཟླ་ཞིང་དབང་བསྐུར། བདེན་སྟོབས་དང་། མི་འགྱུར་ལྷུན་པོ་སོགས་བརྗོད་དོ། །དེ་ནས་ཚེ་འགུགས་པ་ནི།་་་བླ་མ་ཕྱི་མ་འགའ་ཞིག་གིས་ཚེ་འགུགས་འདི་གོང་གི་སྔགས་ཀྱིས་གསོལ་བ་བཏབ་པའི་མཇུག་ཏུ་སྦྱར་སྣང་ནའང་། འདིར་རྩ་བའི་ཡི་གེའི་དགོངས་པ་ལྟར་བྲིས་པའོ། །སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་དང་། ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རྡོ་རྗེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་ཕྲོགས་པ་དང་། བརྐུས་པ་དང་། ཡར་པ་དང་། འབྱུང་བ་ཆེན་པོ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཐིམ། དེ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། རྡོ་རྗེ་སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་བརྟན་ཅིང་ནུས་པ་དང་ལྡན་པར་བྱས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། མདའ་དར་གཡབ་ཅིང་། ཧྲཱིཿ འཆི་བ་མེད་པ་མགོན་པོ་ཚེ་ཡི་ལྷ། །སོགས་ཚེ་འགུགས་བྱ། ཚེ་བསྟིམ་པ་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། བུམ་ནང་གི་ཚེ་དཔག་ཏུ་མེད་པ་ལ་ཐིམ། དེ་ལས་དེ་འདྲ་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་རྒྱལ་བ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དང་། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་རོ་གཅིག་ཏུ་གྱུར། འཆི་མེད་ཚེའི་རིག་འཛིན་མངོན་དུ་ཐོབ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། མཁའ་འགྲོ་མ་གསང་བ་ཡེ་ཤེས། སློབ་དཔོན་པདྨ་འབྱུང་གནས། གྲུབ་ཆེན་དཔལ་ལྡན་རྡོ་རྗེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ལ་སོགས་པ་ནས། བདག་ཅག་གི་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་དང་ཆག་སྒོ་ཉམ་ང་ཡོད་པ། སྟེང་གདོན་གཟའ། འོག་གདོན་ཀླུ། བར་གདོན་རྒྱལ་པོའི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །ཅེས་དང་། གཟུངས་རིང་བརྗོད། དེ་ནས་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི། འཆི་མེད་ཚེའི་བདུད་རྩིའི་ངོ་བོ་ཚེ་ཆང་འདི་ཉིད་ཞལ་དུ་གསོལ་བས་ལུས་ཀྱི་ནང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འཆི་མེད་ཀྱི་བདུད་རྩིས་གང་། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དབྱིངས་སུ་འགགས། ཉམས་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཀྱི་རིག་འཛིན་ཐོབ། ཁྱད་པར་དུའང་རྫོགས་རིམ་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐལ་པ་དང་ལྡན་པར་བྱས་སྙམ་པ་མཛོད་ཅིག །ཅེས་གཟུངས་སྔགས་བརྗོད་ལ་ཚེ་ཆང་སྦྱིན། ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འདུས་པའི་ངོ་བོ་ཚེའི་རིལ་བུ་འདི་ཉིད་ཞལ་དུ་གསོལ་བས་བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། བར་ཆད་དང་ཆག་སྒོ་ཡོད་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེའི་རིག་འཛིན་ཐོབ། ཁྱད་པར་དུའང་བཅུད་ལེན་ལ་བརྟེན་ནས་ཚེ་སྒྲུབ་པའི་སྐལ་བ་ཅན་དུ་བྱས་སྙམ་པ་མཛོད། ཅེས་དང་། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བརྟེན་ན་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཞེས་དང་སྔགས་བཟླ་ཞིང་ཚེ་རིལ་སྦྱིན། དེ་ནས་རྗེས་ཚེའི་དངོས་གྲུབ་མི་ཉམས་པར་བྱ་བའི་སླད་དུ་ཚེ་བཅིང་བ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཚེ་རྟེན་འོད་དཀར་པོའི་དབུས་སུ་རྣམ་པར་ཤེས་པ་ཡི་གེ་ནྲྀའི་རྣམ་པ་ཉི་ཟླ་གྭའུ་ཁ་སྦྱོར་གྱི་ནང་དུ་ཡོད་པ་དེ་ཉིད། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཐག་པས་བར་མཚམས་མེད་པར་བཅིངས་པར་མོས་པ་མཛོད། སྙིང་གར་རྡོ་རྗེ་རེག་ཅིང་། ཉི་ཟླ་གྭའུ་ཁ་སྦྱོར་དག །མི་ཕྱེད་སྲ་བརྟན་རྡོ་རྗེ་ཡི། །ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པས། །ནམ་ཡང་མི་གཡོ་བརྟན་པར་གྱུར། །ཅེས་པ་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་སྔགས་བཟླ། དེ་ནས་ཚེ་སྦ་བ་ནི། མདའ་དར་སྙིང་གར་བཞག་ཅིང་། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། དེའང་གྭའུ་ལ་ཐིམ། དེ་འོད་ལ་ཐིམ། དེ་ཡི་གེ་ལ་ཐིམ། དེའང་འཇའ་ཡལ་བ་ལྟར་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ་ལ་སྟོང་ཉིད་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་མཛོད། གང་གིས་གནོད་པར་མི་ནུས་པའི། །གདོད་ནས་དག་པའི་སྟོང་པ་ཉིད། །སྐྱེ་བ་མེད་པའི་ཀློང་ཡངས་སུ། །མི་འགྱུར་བརྟན་པའི་ཚེ་སྦ་འོ། །ཞེས་དང་སྔགས་བཟླ། དེ་ནས་ཚེ་སྲུང་བ་ནི། སླར་ཡང་སྐད་ཅིག་གིས་སློབ་མ་ཚེ་དཔག་མེད་དུ་གསལ་བའི་སྨིན་མཚམས་ཀྱི་རྩ་སྒོར། དཔལ་རྟ་མགྲིན་གྲི་གུག་དང་ཐོད་པ་འཛིན་པ་འཇིགས་སུ་རུང་བ་མེ་ཕུང་འབར་བའི་དབུས་ན་བཞུགས་པས་བར་ཆད་ཐམས་ཅད་བསྲུང་བར་གྱུར་པར་བསམ་ལ། སྨིན་མཚམས་རྩ་ཡི་སྒོ་འཕར་དུ། །རྟ་མགྲིན་ཁྲོ་རྒྱལ་དབང་གི་ལྷ། །བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ཚེ་ཡི་བར་ཆད་ཐམས་ཅད་སྲུངས། །སྔགས་བཟླ་ཞིང་སློབ་མ་རྣམས་ཀྱི་སྨིན་མཚམས་སུ་ལི་ཁྲིའི་ཐིག་ལེ་བྱ། ཚེ་དང་བཀྲ་ཤིས་ཀྱི་དགའ་སྟོན་སྤེལ་བ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ། ལྷ་མིའི་རིག་འཛིན་རྣམས་ཀྱིས་བསྐོར་བ་བཞུགས་ནས་མེ་ཏོག་གི་ཆར་འབེབ། རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། རབ་ཡངས་མདུན་གྱི་ནམ་མཁའ་ལ། །རྩ་བའི་བླ་མ་ཚེ་དཔག་མེད། །བརྒྱུད་པའི་བླ་མ་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་འཁོར་གྱིས་བསྐོར། །མ་མོ་མཁའ་འགྲོ་གར་སྟབས་བསྒྱུར། །ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། །སྙན་པའི་དབྱངས་ཀྱི་འབྲུག་སྟོང་ལྡིར། །བཀྲ་ཤིས་མེ་ཏོག་ཆར་དུ་འབེབ། །འདིར་འདུས་སྐལ་ལྡན་ཚོགས་རྣམས་ལ། །འཆི་མེད་ཚེ་ཡི་བཀྲ་ཤིས་ཤོག །དཔལ་འབྱོར་སྙན་གྲགས་བཀྲ་ཤིས་ཤོག །བདེ་ཆེན་ཡེ་ཤེས་བཀྲ་ཤིས་ཤོག །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོའི་སྒྲ་སྙན་པར་སྦྱར། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་གྱེས། རྗེས་ཆོག་ནི། མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད་གོང་ལྟར་བྱ། ཡི་གེ་བརྒྱ་པ་དང་མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ།། ༈ །།ཚེ་དབང་བརྒྱ་རྩ་སོགས་གྲངས་གསོག་ན། ཚེ་རིལ་སྦྱིན་པ་ཡན་གོང་དུ་སྨྲོས་པ་ལྟར་རྒྱས་པ་ཚར་གཅིག་རྗེས་བཀྲ་ཤིས་ཚིགས་བཅད་གང་རུང་བརྗོད། དེ་ནས། སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་ནས་་་བསྡུ་ན་གསོལ་འདེབས་མ་བྱས་པར་སླར་ཡང་དམིགས་པ་འདི་བཞིན་དུ་མཛོད་ཅེས་དཀྱུས་ལ་འཇུག་པས་ཀྱང་རུང་ངོ་། །མདུན་བསྐྱེད་ཚེ་དཔག་ཏུ་མེད་པའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་དང་བསོད་ནམས་ཕྲོགས་པ། བརྐུས་པ། ཡར་པ་ཐམས་ཅད་དང་། འབྱུང་བ་རྣམས་ཀྱི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས། ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཚེ་དང་བསོད་ནམས་ཉམས་པ་སོར་ཆུད། བུམ་ནང་གི་ཚེ་དཔག་མེད་ལས་རང་འདྲ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་ལ་ཐིམ་པས་འཆི་མེད་ཚེའི་རིག་འཛིན་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་བཟླ་ཞིང་དབང་བསྐུར། སྤྲོ་ན་བདེན་སྟོབས་བརྗོད། གང་ལྟར་ཡང་ཚེ་གཟུངས་བཟླ་བཞིན་པས་ཚེ་ཆང་དང་། ཚེ་རིལ་སྦྱིན། ཤིས་བརྗོད་ཤླཽ་ཀ་གང་རུང་རེ་བྱ། དེ་ལྟ་བུར་གྲངས་གཟུང་། རྫོགས་པ་ན་ཚེ་བཅིང་བ་མན་ཆད་གོང་བཞིན་དུ་བྱའོ།། །། ༄། ཞར་བྱུང་བདག་བསྐྱེད་ལ་བརྟེན་པའི་བསྙེན་པ་བྱ་ཚུལ་མདོ་ཙམ་ནི། གནས་གཙང་ཞིང་དབེན་པར་ཚེ་དཔག་མེད་ཀྱི་སྣང་བརྙན་གྱི་མདུན་མཆོད་གཏོར་བཤམ། མཚམས་དམ་པར་བཅད། ཐུན་གསུམ་མམ་བཞིར་བདག་བསྐྱེད་གོང་ལྟར་ཉམས་སུ་བླང་། ཐུན་རེ་རེ་བཞིན་བཟླས་པའི་མཐར་ཡིག་བརྒྱ་དང་། མཆོད་བསྟོད་བསྔོ་སྨོན་ཤིས་བརྗོད་བྱ། སྔ་ཕྱིའི་ཐུན་གང་རིགས་ཀྱི་མཐར་གཏོར་མ་བསང་སྦྱང་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་སྤྱན་དྲངས། མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ་ལ་གཏོར་འབུལ་མཆོད་བསྟོད་བྱ། ནོངས་པ་བཤགས། མདུན་བསྐྱེད་བརྟན་བཞུགས་དང་། བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟ་བུས་གྲངས་ཨ་མཱ་ར་ཎི་ལ་ནི་འབུམ་དང་། ས་ར་ཧ་དང་ཚེ་གཟུངས་ཅི་ནུས་བཟླ། གྲོལ་ཁར་མདུན་བསྐྱེད་རྟེན་ཚེ་བུམ་སོགས་སློབ་མ་ལ་དབང་བསྐུར་བའི་སྐབས་ལྟར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། ཚེ་བཅུད་རང་ལ་བསྟིམ་པའི་དམིགས་པ་དང་བཅས་མདུན་བསྐྱེད་བསྒྲུབ་ཅིང་བདག་ཉིད་འཇུག་པའི་ཚུལ་གྱིས་དངོས་གྲུབ་བླང་། རྗེས་ཆོག་རྒྱས་པར་བྱའོ།། །། ༄། འདིར་གཞུང་དུ་མི་གསལ་ཡང་། སྔ་འགྱུར་བའི་གསང་བ་སྤྱིའི་འགྲོས་དང་མཐུན་པར་ཚོགས་མཆོད་འབུལ་བར་སྤྲོ་ན། གཏོར་འབུལ་གྱི་མཐར་ཚོགས་ཀྱི་ཡོ་བྱད་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཚོགས་མཆོད་བདུད་རྩིའི་བཅུད། །འདོད་ཡོན་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་བརླབ། ཧྲཱིཿ བདེ་བ་ཅན་དང་ཉི་ཤུ་རྩ་བཞིའི་ཡུལ། །པདྨ་འོད་སོགས་ཕྱོགས་བཅུའི་ཞིང་ཁམས་ནས། །འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས། །ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་ཚོགས་ཕུད་སྤྲོས་ཏེ། ཧྲཱིཿ ཚེ་དཔག་མེད་མགོན་གསང་བ་ཡེ་ཤེས་ཡུམ། །པདྨ་འབྱུང་གནས་དཔལ་ལྡན་རྡོ་རྗེའི་ཞབས། །འཇིག་རྟེན་དབང་ཕྱུག་བསོད་ནམས་རྒྱ་མཚོ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ཚེ་ཡི་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །འདོད་ཡོན་བདུད་རྩི་ཚོགས་ཀྱི་འཁོར་ལོས་མཆོད། །ཐུགས་དམ་བསྐང་ཞིང་ཉམས་ཆག་མཐོལ་བཤགས་ན། །ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ། ཞེས་མདུན་བསྐྱེད་ལ་མཆོད་པའི་རྗེས། བདག་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལྷའི་འཁོར་ལོར་གསལ་བས་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱད། ལྷག་མ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཕེཾ་ཞེས་པས་མགྲོན་བཀུག །ཧྲཱིཿ འཆི་མེད་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀྱི། །དཀྱིལ་འཁོར་སྲུང་བའི་ལྷག་སྡུད་ཕོ་ཉའི་ཚོགས། །དམ་ཚིག་རྫས་ཀྱི་བདུད་རྩི་འདི་གསོལ་ལ། །མི་མཐུན་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སི་སྭཱ་ཧཱ། ཞེས་ཕུལ། ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་རང་ལ་བསྟིམ། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་བསམ། བསྔོ་སྨོན་བཀྲ་ཤིས་བྱའོ། །འཇ༵མ་དབྱ༵ངས་དགའ་བའི་བཤེས་གཉེན་གྱིས། །གཞུང་དོན་གསལ་བར་བསྡེབས་པའི་དགེས། །མཁྱེ༵ན་བརྩེ༵འི་བདག་ཉིད་མཆོག་རྣམས་དང་། །འགྲོ་ཀུན་འཆི་མེད་འགྲུབ་གྱུར་ཅིག །ཅེས་པའང་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་༧ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་སྙན་བརྒྱུད་ཀྱི་མན་ངག་ཁྲིགས་སུ་བསྡེབས་པའི་རྩ་བའི་ཡི་གེ་ལས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་ཚེ་སྒྲུབ་གྲུབ་རྒྱལ་མའི་དབང་ཆོག་ལ་ཞལ་འཕང་གནང་བ་སོགས་བླ་མའི་ཕྱག་བཞེས་ལྟར་དཀྱུས་སུ་བཅུག་སྟེ། བཀླག་པས་གྲུབ་པར་བྱ་བྲལ་སྤོང་བ་པ་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།
བདུད་མགོན་སེང་གདོང་གི་རྒྱུད་སྤུ་གྲི་རེག་ཆོད་ (Volume 38, Text 52)
༄༅༔ བདུད་མགོན་སེང་གདོང་གི་རྒྱུད་སྤུ་གྲི་རེག་ཆོད་བཞུགས་སོ༔ ྈ ྈྈྈྈ རྒྱ་གར་སྐད་དུ༔ སིཾ་ཧ་ན་མ༔ ས་དྷ་དྷཱ་ཀི་ནཱི༔ སིདྡྷི་དྷུར་མོ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ བདུད་མགོན་ནག་པོ་སེང་གདོང་དང༔ དྷཱ་ཀི་མ་སེང་གེའི་གདོང་པ་ཅན་གྱི་རྒྱུད་ཅེས་བྱ་བ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ སྔགས་དང་བསྟན་པ་རྒྱ་མཚོ་སྲུང༔ མི་བསྲུན་ཡབ་ཡུམ་གདོང་ཅན་འདི༔ ཁྲག་གི་རྦ་རླབས་འཁྱིལ་བའི་གནས༔ མེ་རླུང་འཚུབས་པའི་གུར་ནང་ན༔ དུར་ཁྲོད་ཆེན་པོའི་ཕོ་བྲང་ན༔ མི་ཤ་ཐམས་ཅད་རི་ལྟར་བརྩིགས༔ མི་ཁྲག་ཐམས་ཅད་མཚོ་རུ་བསྐྱིལ༔ བམ་རོ་ཕོ་མོ་སྤྱི་ཚུགས་འགྲོ༔ གཅན་གཟན་མང་པོ་ཆོ་ངེས་གདུང༔ དེ་ལྟ་བུ་ཡི་གནས་མཆོག་ན༔ མི་བསྲུན་གདོང་ཅན་ཡབ་ཡུམ་བཞུགས༔ བདུད་མགོན་ནག་པོ་སེང་གེའི་གདོང༔ ཕ་ནི་སྲིན་པོ་ཡཀྵ་འབར༔ མ་ནི་བདུད་མོ་ཀུན་འདུལ་མ༔ བདུད་སྲིན་ཁྲོས་པའི་མཐུ་རྩལ་ཅན༔ ཡུམ་ཆེན་མཁའ་འགྲོ་སེང་གདོང་མ༔ ཡབ་ནི་དཔའ་བོ་ཧེ་རུ་ཀ༔ རིན་ཆེན་རིགས་ཀྱི་དབྱིངས་ཕྱུག་དང༔ ཡུམ་ནི་དྷཱ་ཀི་སུ་ཀ་སི༔ ལས་ཀྱི་རིགས་ཀྱི་དབྱིངས་ཕྱུག་མ༔ ཡབ་ཡུམ་གཉིས་མེད་དྲེགས་པའི་འཁོར༔ བསམ་གྱིས་མི་ཁྱབ་མང་པོའི་ཚོགས༔ དུར་ཁྲོད་གནས་ནས་སྤྲིན་ལྟར་གཏིབས༔ དྲེགས་པ་ཐམས་ཅད་ཁ་ལོ་སྒྱུར༔ འཁོར་གྱི་སྡེ་བརྒྱད་ཤ་ལ་རོལ༔ སྐྱེ་འགྲོ་སེམས་ཅན་དམྱལ་ཐག་ཆོད༔ ཤིན་ཏུ་མི་བསྲུན་གཏུམ་པ་སྟེ༔ སེམས་ཅན་རྣམས་ལ་འཚེ་དོགས་པས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ རང་གི་སྙིང་པོ་སྨྲས་བྱས་ནས༔ ཚམ་རྔམས་དྲག་པོའི་ང་རོ་ཡིས༔ སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས༔ དེ་དུས་བདུད་མགོན་ཡབ་ཡུམ་གྱིས༔ སྲོག་གི་སྙིང་པོ་འབུལ་གསོལ་སྨྲས༔ ཨོཾ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཅེས་པ་རྩ་བའི་སྙིང་པོ་ཡིན་ནོ༔ ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ དྷཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ སྟོབས་ཆེ་ཕྱིར་ན་ཟབ་མོའི་སྔགས༔ བདུད་མགོན་སེང་གདོང་སྔགས་ཡིན་ནོ༔ གོང་མ་ཞིང་སྐྱོང་སེང་གདོང་སྔགས༔ གོང་མ་མྱུར་ལ་འོག་མ་ནི༔ ཤིན་ཏུ་སྟོབས་ཆེ་རྩུབ་པར་བཤད༔ ཅེས་དང་པོ་རྩ་བ་བྱུང་ཁུངས་དང༔ གསང་བདག་གིས་དམ་ལ་བཏགས་ནས༔ སྲོག་གི་སྙིང་པོ་འབུལ་བའི་ལེའུ་སྟེ་དང་པོའོ༔ ཨེ་མ་བཅོམ་ལྡན་འགྲོ་བའི་མགོན༔ མི་བསྲུན་ཡབ་ཡུམ་སྒྲུབ་པ་ནི༔ རྒྱས་པ་ཐོད་པ་ཁ་སྦྱོར་ཡིན༔ བསྡུས་པ་གཏོར་བརྟེན་དེ་ཁོ་ན༔ གོང་མ་སྟོབས་ཆེ་འོག་མ་མྱུར༔ གྲི་རྒོད་ཕོ་ཐོད་མོ་ཐོད་ལ༔ སྤུ་གྲི་མེ་ལོང་འཁོར་ལོ་བྲི༔ ཕོ་འཁོར་མེ་ཡིན་སྟེང་མ་ལ༔ མོ་འཁོར་རླུང་ཡིན་འོག་ཏུ་དགོད༔ བར་དུ་བག་ཟན་ལིངྒ་ལ༔ དགྲ་ཡི་ཟག་རྫས་བསྲེ་བར་བྱ༔ ཐོད་པ་ཁ་སྦྱོར་བར་དུ་བྲུབ༔ ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ དྷཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཙན་ཕཊ་སིཾ་ཧ་བྷྱོ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་དགྲ་བོའི་སྲོག་ལཾ་རྨུགས་རྦད༔ ཡཾ་ཆོད༔ ཁཾ་ཐུང༔ འཇིབ་ཞིབ༔ རཾ་གཏོར་མཱ་ར་ཡ་རྨུགས་སོད་རྦད་བྷྱོ༔ ཅེས་སོགས་བཟླས་ཤིང་ཐུན་གྱིས་བྲབ༔ ཡུངས་དཀར་གྲི་ཁྲག་ལྕགས་ཕྱེ་དང༔ ཟངས་ཕྱེ་མཁར་གོང་ཕྱེ་མས་བྲབ༔ བསད་རྟགས་མི་ནག་རུ་མཚོན་ཅན༔ བུད་མེད་མང་པོས་སྙིང་སྟེར་འོང༔ ལིང་ག་བདུག་ལ་ཕུར་པས་གདབ༔ ཐ་མ་སྦྱིན་སྲེག་སོལ་ཐལ་རྣམས༔ ཕག་ཐོད་བླུགས་ནས་བྱང་ཤར་ལ༔ ཁ་ལྟ་ཆུ་མིག་ནང་དུ་སྦས༔ འདི་ནི་ཟློག་པས་མི་བཟློག་པས༔ གར་བྱུང་བྱས་ན་སྡིག་པ་ཆེ༔ རིན་ཆེན་སྙིང་དཀྱིལ་བཅང་བར་བྱ༔ ཐོད་པ་ཁ་སྦྱོར་ལ་བརྟེན་ནས་སྒྲུབ་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་གཏོར་བརྟེན་མན་ངག་ནི༔ ཐོད་པ་བཟང་པོ་མཚན་ལྡན་དུ༔ ཤ་ཁྲག་གཙང་མའི་གཏོར་མ་དེར༔ མགོན་པོ་ཡབ་ཡུམ་སྐུ་བཅུགས་ནས༔ སྔས་སུ་བཞག་ནས་ཕུད་ཀྱིས་མཆོད༔ སྔགས་ལ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཡབ་ཡུམ་རྐྱང་པར་བཟླས་པ་ཡིས༔ དངོས་གྲུབ་སྒྲུབ་པ་པོ་ལ་འོང༔ ཟས་ནོར་ལོངས་སྤྱོད་ཆར་བཞིན་འབེབ༔ ཞི་བའི་ལས་ནི་གཏོར་མས་བསྒྲུབ༔ འདི་ནི་རྒྱས་པའི་ཁ་བསྒྱུར་ཡིན༔ རྒྱས་པའི་ལས་སྒྲུབ་པའི་ལེའུ་སྟེ་གསུམ་པའོ༔ དབང་སྡུད་མཁའ་འགྲོ་སེང་གདོང་མ༔ མྱུར་ཟབ་གནད་ཀྱི་མན་ངག་ནི༔ དམར་གཏོར་བཟང་པོ་གཏར་བཟུང་ནས༔ ཨོཾ་ཨི་མ་དྷི་རི་དྷི་རི་སི་ན་ར་མར་ཏིཥྛ་ཏིཥྛ་སྭཱ་ཧཱ༔ ཨོཾ་བག་མི་ཙ་ནི་རཱ་ཙ་ཡེ་སྭཱ་ཧཱ༔ ནྲྀ་ཨཱ་ཀར་ཤ་ཡ་ཧྲིཾ་ཧྲིཾ༔ ཨཱ་ཀར་ཤ་ཡ་ཛ་ཛ༔ ནྲྀ་བ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་སྙིང་སྒུལ་ཅིག༔ དེ་བཟླས་ཕོ་འཁོར་མོ་འཁོར་བྱ༔ དར་དམར་དྲིལ་ལ་ལུས་ལ་བཅང༔ ཐམས་ཅད་དབང་དུ་འདུ་བར་འགྱུར༔ དབང་སྡུད་ཀྱི་ལེའུ་སྟེ་བཞི་པའོ༔ དེ་ནས་མཐུ་རུ་བསྒྲུབ་པ་ནི༔ དགྲ་ལིང་ཁྲག་དང་ཟག་གིས་བྲི༔ དེ་ནི་གཏོར་མའི་ནང་དུ་གཞུག༔ གཏོར་མ་དེ་ཡང་བྲུབ་ཁུང་གཞུག༔ དེ་ལ་ཐུན་བྲབ་སྒྲུབ་པ་ནི༔ ཨོཾ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི༔ དགྲ་བོའི་སྲོག་ལཾ་རྨུགས་རྦད༔ ཡཾ་ཆོད་ཁཾ་ཐུཾ་འཇིབ་ཞིབ་རཾ་གཏོར༔ མཱ་ར་ཡ་སོད་རྦད་བྷྱོ༔ བསྐུལ་ནི་གཏོར་བརྟེན་བཞིན་དུ་བསྐུལ༔ གཏོར་མའི་རྩེ་ལ་ཡབ་ཡུམ་སྐུ༔ སྡེ་བརྒྱད་བཤོས་ལ་སོ་སོའི་སྲོག༔ ཏྲི་ནི་གིང་ཀར་ཤར་དུ་འོ༔ ཙ་ནི་རྒྱལ་པོ་ཤར་ལྷོ་སྟེ༔ ཡ་ནི་གཤིན་རྗེ་ལྷོ་རུ་འོ༔ མ་ནི་མ་སྲོག་བྱང་ཤར་མཚམས༔ ར་ནི་སྲིན་པོ་ལྷོ་ནུབ་ངོས༔ ཕུ་ནི་ཀླུ་ཡིན་ནུབ་ཏུ་འོ༔ དུ་ནི་བདུད་ཡིན་བྱང་གི་ཕྱོགས༔ ཏྲི་ནི་བཙན་འགོང་ནུབ་བྱང་ངོས༔ རང་རང་ཕྱོགས་སུ་བཙུགས་པ་ཡིས༔ བཀའ་ཉན་ལས་བྱེད་དམ་ལ་འདུ༔ ཞེས་གསུངས་སོ༔ གཏོར་བརྟེན་དྲག་པོའི་ལས་སྦྱོར་གྱི་ལེའུ་སྟེ་ལྔ་པའོ༔ དེ་ནས་ལམ་སྲུང་ཇག་ཆིང་ནི༔ གཏོར་བརྟེན་གཙོ་འཁོར་དྲིལ་བ་ལ༔ སྔགས་འདི་བཏགས་ལ་སུམ་བརྒྱ་བཟླའོ༔ ཧྲིལ་ཧྲིལ༔ ཤག་ཤག༔ རྨོང་རྨོང༔ མ་ཏི་མགོ་ཐུཾ༔ ཟན་དུམ་གསུམ་ལ་བརྒྱ་བརྒྱ་གདབ༔ སུམ་བརྒྱ་ཐེམས་ནས་གཅིག་ཏུ་དྲིལ༔ མི་གཅིག་བརྒྱ་རུ་མཐོང་བར་འགྱུར༔ རྩ་སྔགས་ཐེམས་ནས་གདོན་མི་ཟ༔ ལམ་སྲུང་ཇག་ཆིང་གི་ལེའུ་སྟེ་དྲུག་པའོ༔ དེ་ནས་རྦད་འདྲེ་ཟློག་པ་ནི༔ ཡབ་ཡུམ་གཙོ་བོར་དྲིལ་བ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་སོགས་ཤམ་བུ་བཏགས་པར་བྱའོ༔ ཐལ་མོ་བརྡབ་པའི་བར་དུ་ནི༔ དགྲ་བགེགས་བྱད་མ་དུམ་བུར་བསམ༔ མི་བསྲུན་སྡེ་བརྒྱད་ཤ་ཁྲག་རོལ༔ ལྷག་མ་མེད་པར་གསོལ་བར་བསམ༔ དེ་ནི་ནང་དགྲ་དག་ལ་བསྔགས༔ སྤུ་གྲི་སྔགས་ཀྱི་མཐར་ཐུག་འདི༔ སྔགས་པ་ནང་འགྲས་བྱུང་ན་དགོས༔ ཡང་ཡང་གསོལ་ལ་གཏོར་ཟོར་འཕང༔ མཐུ་དང་ཟློག་པའི་རྒྱལ་པོར་འགྱུར༔ ནང་འགྲས་དང་བྱད་ཟློག་པའི་ལེའུ་སྟེ་བདུན་པའོ༔ དེ་ནས་སྲི་འུ་གསོ་བ་ནི༔ གཏོར་མ་བཟང་བར་བཤམས་བྱས་ལ༔ དེ་ལ་དར་ནག་ཐུམ་གྱིས་གཡོགས༔ དེ་ལ་ཤོག་གུའི་ཐུམ་གྱིས་དྲིལ༔ མ་བུའི་སྔས་སུ་བཙུགས་ནས་ནི༔ ནུབ་རེ་སྔགས་ནི་བརྒྱ་རེ་བཟླས༔ ཨོཾ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ པུ་ཏྲ་ལ་རཀྵ་མཱཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བཟླས་ལ་དུས་གཉན་ལ༔ གཏོར་མའི་འོག་ནས་བསང་གཏང་ཞིང༔ ཆང་ཕུད་བྲན་ལ་གསོལ་ཁ་བྱ༔ སླར་ཡང་ན་བཟའ་དག་གིས་བཏུམས༔ རྒྱུན་དུ་གཏོར་མ་སྤོས་དུད་བསང༔ ཡང་ཡང་བཏང་བས་བར་ཆད་སེལ༔ སོས་ནས་གཏང་རག་རྒྱ་ཆེར་མཆོད༔ ཡང་དང་ཡང་དུ་ཚོགས་ཀྱིས་བསྐང༔ བདུད་ཀྱི་མགོན་པོའི་རྒྱུད་ལས་སྲིའུ་གསོ་བའི་ལེའུ་སྟེ་བརྒྱད་པའོ༔ གཞན་ཡང་མགོན་པོ་སེང་གདོང་ནི༔ བསྟེན་ཅིང་རྒྱུན་དུ་ཕུད་ཀྱིས་མཆོད༔ ཡབ་ཡུམ་རྩ་བའི་སྔགས་གཉིས་ལ༔ ར་ག་རང་གིས་ནོར་སྲུངས་ཤིག༔ ཅེས་པས་བསྒྱུར་བའི་མཐའ་ཅན་ནི༔ སྔགས་པས་འཁོར་ལོ་ནོར་སྲུང་གི༔ ཙཀྲ་གཏོར་མ་ལ་བཙུགས་ན༔ རྟག་ཏུ་སྲུང་ཞིང་སྡོངས་གྲོགས་བྱེད༔ མི་ནོར་སྤེལ་དང་བར་ཆད་སྲུང༔ དཀོར་ནོར་ཀུན་གྱི་སྲུང་བར་འགྱུར༔ ཤིན་ཏུ་ཟབ་པའི་དཀོར་སྲུང་ཡིན༔ དཀོར་སྲུང་གི་ལེའུ་སྟེ་དགུ་པའོ༔ གཞན་ཡང་མགོན་པོ་སེང་གདོང་གིས༔ གཞན་གྱི་དམག་དཔུང་གཞོམ་པའི་ཚེ༔ དཔའ་གཏུམ་སེང་གེའི་གདོང་ཅན་གྱི༔ དམར་གྱི་གཏོར་མ་ཆེན་པོ་བཤམ༔ གསོལ་ཁ་རྒྱས་པར་བཏང་ནས་ནི༔ དྲག་སྔགས་རྣོ་དབལ་ཤམ་བུ་རུ༔ མ་རུ་ཏི་ཙག་ཤུ་ཏྲེ་ཏི་ཕཊ་ཕཊ་བྷྱོ་བྷྱོ༔ ཞེས་བཟླས་དམག་ཁར་གཏོར་མ་འཕང༔ དམག་དཔུང་གཞོམ་པའི་མཆོག་ཏུ་འགྱུར༔ ཕར་ལ་དམག་དཔུང་ཆས་པའི་དུས༔ གཟའ་བདུད་ཉིན་བདུན་མཚན་བདུན་དུ༔ འགྱུ་བའི་དུས་དང་བསྟུན་ནས་ནི༔ རང་གི་ཕྱོགས་ནས་ཕར་ལ་འགྱུ་བའམ༔ གཟའ་ཡི་རུ་མཚོན་ཆས་གོས་བསྟུན༔ ཁོ་ཡི་ཁམས་ཀྱི་ནུས་པ་བསྐྱེད༔ སེང་གདོང་འཁོར་གྱི་རཱ་ཧུ་ལ༔ བསྐུལ་ཞིང་རྦད་པ་དགྲ་ལ་མངགས༔ ཕར་འགྲོའི་ཕྱོགས་བསྟན་གཏོར་མ་བརྡེག༔ དམག་དཔུང་འཇོམས་པའི་རྒྱལ་པོར་འགྱུར༔ དམག་ཟློག་པའི་ལེའུ་སྟེ་བཅུ་པའོ༔ གཞན་ཡང་མགོན་པོ་སེང་གདོང་ནི༔ ཇག་ཆོམ་དགྲ་ལ་དམག་འདྲེན་ན༔ སྔགས་པ་རང་གི་དམག་དཔུང་བསྐྱེད་པའི་ཕྱིར༔ ཐམས་ཅད་ལག་ཏུ་སྡོ་ནས་བཟུང༔ སེང་གདོང་མཆོད་ཅིང་གསོལ་ཁ་བྱ༔ སྔགས་ཀྱི་ཤམ་བུར་མེ་གྷ་ཏི་བྷྱོ༔ ཅེས་སོགས་སྔགས་ཁྲི་ཚོ་གསུམ་བཟླས་ནས༔ གཏོར་མ་དང་རང་གི་དཔུང་ཀུན་ལ་གཏོར༔ གཏོར་མའི་སྣ་ལ་རང་གསལ་ནས༔ ཀུན་ཀྱང་སྡེ་བརྒྱད་དམག་དཔུང་བསམ༔ སྔགས་པས་གཏོར་ཁྱེར་དར་ཁྲ་ཕྱར༔ གཞན་རྣམས་འཁྲུགས་སུ་བཅུག་པ་ཡིན༔ ཕ་རོལ་དམག་དཔུང་ཐམས་ཅད་ཆོམ༔ རང་གི་དམག་གི་དཔུང་སྐྱེད་པའི་ལེའུ་སྟེ་བཅུ་གཅིག་པའོ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ བགེགས་དང་འབྱུང་པོས་གནོད་གྱུར་ན༔ རྨི་ལམ་ངན་པ་བཟློག་པ་ནི༔ སེང་གདོང་གཏོར་མ་ལེགས་བྱས་ནས༔ རྣོ་དབལ་སྔགས་ལ་ཤམ་བུར་བསྒྱུར༔ ཨོཾ་མེ་ཨུ་མེ་ལེ་སྭཱ་ཧཱ༔ མ་ཏི་མེ་ཏི་མཱ་ར་ཡ་མ་ཏི་ནན༔ ཅེས་པ་བཟླས་ཤིང་གཏོར་མ་འཕང༔ གོས་བརྡབ་དགྲ་ལ་དམོད་པ་བྱ༔ སེང་ཕྲུག་ནང་འཛིངས་རྨི་ལམ་བཟློག༔ བར་ཆད་ཟློག་པའི་ལེའུ་སྟེ་བཅུ་གཉིས་པའོ༔ དེ་མིན་གཞན་ཡང་བཤད་བྱ་བ༔ ནད་པའམ་སྲིའུའི་བགེགས་སྲུང་ན༔ གཏོར་མ་བྱས་ལ་དར་ནག་དྲིལ༔ དེ་ཡང་ཤོག་གུ་དུམ་བུས་དྲིལ༔ རྫ་ཡི་སྒྲོམ་བུར་ལེགས་པར་བཅུག༔ ཁ་ཆོད་འགྲིག་པར་ལེགས་པར་བྱ༔ ནད་པའམ་སྲིའུ་མཛོད་དུ་བསྙལ༔ མཛོད་སྒོའི་སྟེང་དུ་གཏོར་མ་དེ༔ ནམ་མཁར་བཏེགས་ནས་གསོལ་ཁ་བྱ༔ བགེགས་དང་འབྱུང་པོ་བསྲུང་བར་འགྱུར༔ རང་མིན་གཞན་གྱི་དོན་བྱས་ན༔ གདོང་ཅན་ཁྲོས་ནས་བྱད་མཁན་བཟློག༔ དེས་ན་སེང་གདོང་གཏོར་མ་འདི༔ གཞན་གྱི་དོན་དུ་ངས་མ་བཤད༔ ནང་སྒོ་མ་གཏོགས་ཕྱི་སྒོ་ལ༔ བཙུགས་ན་གྲིབ་ཕོག་རང་ཉིད་ཕུང༔ དེས་ན་དབེན་ལ་གཙང་བར་གཟུག༔ རྣོ་དབལ་སྔགས་ལ་ཤམ་བུ་ནི༔ ཨ་ཏྲི་སརྦ་དུཥྚཱན་ཤ་ཏྲཱུཾ་མཱ་ར་ཡ་ཟློག་ཟློག༔ ཅེས་པ་བརྒྱ་རེ་བཟླ་བར་བྱ༔ དེས་ནི་གང་གིས་མི་ཚུགས་པར༔ དགྲ་བགེགས་བར་ཆད་ཐམས་ཅད་བཟློག༔ བར་ཆད་སྲུང་བའི་ལེའུ་སྟེ་བཅུ་གསུམ་པའོ༔ དེ་ནས་གཞན་ཡང་བཤད་བྱ་བ༔ མི་ནོར་བུད་མེད་འགུགས་པ་ནི༔ འཁོར་ལོ་ཁ་སྦྱོར་གུར་ཁང་བྲི༔ རབ་གནས་རྣལ་འབྱོར་ལུས་ལ་བཅང༔ དབང་སྡུད་མུ་ཁྱུད་འཁོར་ལོ་ཡི༔ སྔགས་ཀྱི་རྒྱལ་པོ་དེ་བཟླས་ན༔ མི་ནོར་བུད་མེད་དབང་དུ་འདུ༔ དབང་སྡུད་ཀྱི་ལེའུ་སྟེ་བཅུ་བཞི་པའོ༔ གཞན་ཡང་མགོན་པོ་སེང་གདོང་གི༔ ལག་སྒུལ་ཟས་དང་འཕྲད་འདོད་ན༔ འཁོར་ལོ་མུ་ཁྱུད་སྔགས་རིང་དེ༔ ནས་གྲོ་སྲན་མ་ཀུན་ལ་སྔགས༔ བདུན་ནམ་ཉེར་གཅིག་ཐེམས་པ་དང༔ རྡོག་པས་མནན་ནས་ཕྱིན་པ་ན༔ དགྲ་དང་མི་འཕྲད་ཟས་དང་འཕྲད༔ ལག་སྒུལ་ཟས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ༔ གཞན་ཡང་མགོན་པོ་སེང་གདོང་གི༔ རོ་ལངས་སྤྱི་ཚུགས་གཏང་འདོད་ན༔ མ་མ་ཏྲག་རཀྵ་ནག་མོ་ལག་རྡེབས་མ་བྷྱོ་བྷྱོ༔ ཞེས་བཟླས་སྟོང་གིས་ལས་འགྲུབ་སྟེ༔ རོ་ལངས་བཟོད་པར་དཀའ་བས་བཅོམ༔ སྡེ་བརྒྱད་ཆོ་འཕྲུལ་དབབ་པ་ནི༔ ཨོཾ་ཏྲ་ཏི་ནི་ཕོབ༔ དུན་དུན་ཏྲ་ནི་ཕོབ༔ ཀས་མ་ནིར་ཡ་ཕོབ༔ མ་ཧེ་དུ་ཕོབ༔ དུ་ལ་ཕོབ་ཕོབ༔ ཅེས་བཟླས་གཏོར་ཟོར་བཏང་བ་ན༔ འུག་པ་དགོད་དང་སྲིན་བྱ་འཚེར༔ ཝ་མོ་བརྒྱལ་ཞིང་སྒོ་ལ་འབྲང༔ མོན་པ་ནག་པོས་སྒོ་བརྡུང་ཞིང༔ སྐྲ་ནས་འཐེན་པ་འོང་བ་ཡིན༔ ཆོ་འཕྲུལ་ཟབ་མོ་ཀུན་ལ་མེད༔ ནོར་ཕྱིར་འགྱེད་ན་ཐན་གཟུགས་ཀྱིས༔ གཏོར་མ་བསྐོར་ལ་ཞག་བདུན་བསྒྲུབ༔ དེ་ནས་འཕངས་པས་དགྲ་ཕྱོགས་སུ༔ ཆོ་འཕྲུལ་དྲག་པོ་མི་བཟད་འོང༔ ཐན་འགྱེད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ༔ དེ་ནས་གཞན་ཡང་བཤད་བྱ་བ༔ མགོན་པོ་སེང་གདོང་སྒོ་ནས་ནི༔ རྣལ་འབྱོར་ལུས་ཀྱི་མཚོན་སྲུང་ན༔ འཁོར་ལོ་རྡོ་རྗེ་མདའ་མདུང་བཞི༔ ལྷུ་བཞིར་སྔགས་འདི་བྲི་བར་བྱ༔ ར་ག་ད་ཛ་ཧི༔ ས་ག་ད་ཛ་ཧི༔ ཨུ་ད་ཧ་ཛ་ཧི༔ ར་ག་ད༔ ས་ག་ད༔ ཨུ་ཧ་ད་ཛ་ཧི༔ ཞེས་པ་བྲི་བར་བྱ་བ་ཡིན༔ མཁའ་འགྲོའི་དམ་རྫས་ཡིན་པས་ན༔ ཤེས་རབ་རྫས་ཀྱིས་སྦྲུས་ནས་ནི༔ སུ་ལ་བཏགས་པ་སྲུང་བའི་མཆོག༔ ཆོ་ག་ཀུན་གྱི་རྒྱལ་པོར་འགྱུར༔ མཚོན་སྲུང་བའི་ལེའུ་སྟེ་བཅུ་བདུན་པའོ༔ དེ་དུས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེས་བཀའ་བསྩལ་ཏེ༔ འདུས་པའི་འཁོར་ཐམས་ཅད་ཡི་རངས་ནས་ལེགས་སོ༔ ཞེས་བསྟོད་དོ༔ དཔལ་བདུད་མགོན་སེང་གདོང་གི་རྒྱུད་ལེའུ་བཅུ་བདུན་པ་རྫོགས་སོ༔ ས་མ་ཡ་དྷ་ཐིམ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ དེ་ནས་འཁོར་དྲེགས་པ་སྡེ་བརྒྱད་ཀྱིས༔ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ བྲག་སྤྲེའུ་བསྒུམ་པ་འདྲ་བའི་བྱང་དུ་སེང་གདོང༔ ལྷོ་ནུབ་ཏུ་ཏྲག་ཤད༔ ནུབ་བྱང་དུ་མི་ཐུང༔ བྱང་ཤར་དུ་སྟག་ཞོན༔ ཤར་ལྷོར་རེ་མ་ཏི་རྣམས་སྦས་ནས་བཀའ་རྒྱས་བཏབ་བོ༔ དེ་ནས་སློབ་དཔོན་པདྨ་བདག་འདྲ་ཡིས༔ གསེར་ཕྱེ་བྲེ་གང་ཕུལ་ནས་ནི༔ མཁའ་འགྲོ་མཉེས་པའི་ཚོགས་གཏོར་བཟང༔ བཤམས་ཏེ་དྷ་ན་སཾསྐྲྀཏ་ལ་ཞུས༔ དུར་ཁྲོད་གནས་ནས་བཏོན་ལུང་བླངས༔ དྷ་ན་སཾསྐྲྀཏའི་ཞལ་ནས༔ སུ་ལ་མེད་པའི་ཟབ་མོའི་ཁྱད་ཆོས༔ སྔགས་པ་དམ་ཚིག་ཅན་གྱིས་ནི༔ བླ་མ་སྤྱི་བོར་ཁུར་བ་དང༔ གདམས་པ་ཟབ་མོ་ཡོན་གྱིས་བསླུས༔ དེས་ནི་མགོན་པོ་ཉེ་ཞིང་འགྲུབ༔ གདམས་ངག་ཐབས་ཀྱིས་འདོད་པ་དང༔ ལག་ན་གསེར་རྔམས་ཡོན་མི་འདོར༔ དེ་འདྲས་བྱས་ནས་བླ་མ་བསླུས༔ རང་ཡང་ཕུང་སྟེ་གདོང་ཅན་ཁྲོ༔ དེས་ན་ཟབ་མོ་རྒྱུད་དག་ལ༔ ཆེ་ཆུང་གཉིས་སུ་ཡོད་པས་ན༔ རིན་ཆེན་གསེར་གྱིས་བསླུ་བ་གཅེས༔ ཅེས་སོགས་བཀའ་རྒྱས་བཏབ་ནས་གནང༔ པདྨ་བདག་གིས་ཕྱི་རབས་དོན༔ ཙ་རི་ཟིལ་ཆེན་ཕུག་ཏུ་གཏེར་ལ་སྦས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདིའི་བརྒྱུད་པ་ནི༔ སྤྲུལ་སྐུ་ལེགས་ལྡན་པས་གཏེར་ནས་གདན་དྲངས་པའོ། །དེ་ལ་མཁས་གྲུབ་ཆེན་པོས་གསན། དེ་ལ་འོལ་ཁ་སྟག་རྩེ་བའི་བླ་མ་ལྷ་རྩེ་བས་ཞུས། དེ་ལ་སློབ་དཔོན་ཉེ་གནས་པ། དེས་མ་ཏི་དྷྭ་ཛ། དེས་བུདྡྷ་བཛྲ། དེས་སྒྲུབ་མོ་ཆོས་སྒྲོན་མ། དེས་རྡོ་རྗེ་བཀྲ་ཤིས་ལ། དེས་ཆོས་འབུམ་ལའོ། །འདིའི་ཆ་ལག་ལ་སྒྲུབ་ཐབས་དང་ལས་མཐའ་བསམ་གྱིས་མི་ཁྱབ་པ་གཅིག་བཞུགས་པར་གདའ་འོ། །ཕྱིན་ཆད་འཇུག་པ་རེ་མཛད་པར་ཞུ། ཤུ་བྷཾ།། །།
གཏེར་གསར་པདྨ་མཁའ་འགྲོ་བཀའ་སྲུང་བཅས་པའི་སྐོང་བ་བདེ་ཆེན་རབ་དགྱེས་ (Volume 52, Text 52)
གཏེར་གསར་པདྨ་མཁའ་འགྲོ་བཀའ་སྲུང་བཅས་པའི་སྐོང་བ་བདེ་ཆེན་རབ་དགྱེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝཱ་ཀ་བཛྲཱ་ཡ། ཚོགས་ཀྱི་མཆོད་པའི་སྐབས་སམ་དུས་གཞན་དུའང་རུང་བར་བསྐང་ཞིང་བཤགས་པས་ཐུགས་དམ་བསྐུལ་བར་འདོད་ན། སྐོང་གཏོར་སྤྱི་མཐུན་སྒེར་དུ་བཅའ་བའམ། མཆོད་པའི་གཏོར་མ་དང་དམ་ཚིག་གི་ཡོ་བྱད་ལ་བརྟེན་ཀྱང་ཆོག །གང་ལྟར་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། བཛྲ་སྥ་ར་ཎ་ཁཾ་གིས་རྟེན་སྒྲུབ་མཆོད་དང་སྐོང་བའི་རྫས་རྣམས་མཁའ་ཁྱབ་ཏུ་སྤེལ་ལ། ཧྲཱིཿ བདེ་ཆེན་པདྨ་འབར་བའི་ཀློང་། །ཀུ་རུ་ཀུལླེའི་བྲག་ཕུག་སོགས། །ཆོས་དབྱིངས་མཁའ་ཁྱབ་ཞིང་རྣམས་ནས། །བཅོམ་ལྡན་རྡོ་རྗེ་བཙུན་མོ་ནི། །དབང་མཛད་ཕྲིན་ལས་སྐུར་བཞེངས་པ། །པདྨ་ཌཱ་ཀི་གཙོ་དང་འཁོར། །དད་ཅིང་གདུང་བས་སྤྱན་འདྲེན་ན། །ཐུགས་དམ་དབང་གིས་འདིར་དགོངས་ལ། །ཡེ་ཤེས་རང་སྣང་བདེ་བ་ཆེའི། །དཀྱིལ་འཁོར་རྒྱ་མཚོའི་འདུ་འཕྲོ་ཡིས། །གནས་འདིར་རྟག་ཏུ་བྱིན་རློབ་ཅིང་། །མི་འབྲལ་མཆོད་པའི་རྟེན་ཏུ་བཞུགས། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །རྒྱལ་སྲིད་བཀྲ་ཤིས་རྫས་རྟགས་སོགས། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། ཁམས་གསུམ་བཅུད་བསྡུས་རཀྟའི་མཚོ། །དམ་རྫས་ཚོགས་དང་གཏོར་མ་སོགས། །ནང་གི་མཆོད་པས་ཐུགས༴ བདེ་བའི་ཉམས་ཀྱིས་རབ་གང་བའི། །སེམས་དཔའ་དཔའ་བོའི་རོལ་རྩེད་ཀྱིས། །དགའ་བཞིའི་ཡེ་ཤེས་ཆེར་སྤེལ་བ། །གསང་བའི་མཆོད་པས་ཐུགས༴ སྐུ་བརྙན་སྔགས་བྱང་སྲོག་འཁོར་དང་། །ལྕགས་ཀྱུ་དབང་ཞགས་གློག་འོད་ཅན། །ཨུཏྤལ་མཛེས་པའི་མདའ་གཞུ་སོགས། །གསང་གསུམ་རྟེན་གྱིས་ཐུགས༴ ཙནྡན་བྱེ་རུ་པད་རཱག་ཕྲེང་། །ལེ་བརྒན་གོས་དང་སིནྡྷུ་ར། །མྱོས་བྱེད་དབང་གི་ལས་སྦྱོར་སོགས། །དམ་ཚིག་རྫས་ཀྱིས་ཐུགས༴ གནས་གྲོགས་དུས་རྣམས་ཚུལ་བཞིན་བརྟེན། །སྒོམ་བཟླས་ཏིང་འཛིན་གཡེལ་མེད་བརྩོན། །འགྲོ་ཀུན་བྱང་ཆུབ་ཆེར་བཀོད་པའི། །སེམས་བསྐྱེད་བརྟན་པོས་ཐུགས༴ གདོད་ནས་རང་རིག་བདེ་བ་ཆེ། །སོ་སོར་ཀུན་རྟོག་ཡེ་ཤེས་རྩལ། །དབང་གི་མཁའ་འགྲོའི་སྐུར་སྣང་བ། །རང་ངོ་ཤེས་པས་ཐུགས་དམ་བསྐང་། །རྟེན་སྒྲུབ་མཆོད་པའི་རྫས་རྣམས་དང་། །དད་མོས་རྣལ་འབྱོར་རྩེ་གཅིག་པས། །རིག་འཛིན་རྩ་བརྒྱུད་བླ་མ་དང་། །རྩ་གསུམ་འདུས་པའི་དཀྱིལ་འཁོར་ལྷ། །དབང་མཛད་པདྨ་ཌཱ་ཀི་ནཱི། །རིགས་ཀྱི་ཚོམ་བུ་གསང་བའི་ཡབ། །བཀའ་སྡོད་སྒོ་སྲུང་ལྕམ་དྲལ་རྣམས། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །སྒོ་གསུམ་མ་རིག་དབང་གྱུར་པས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས། །འགལ་བར་གྱུར་པ་ཅི་མཆིས་པ། །གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། ཁྱད་པར་རྒྱུད་ལུང་མན་ངག་ལས། །གསུངས་པའི་གནད་ཀྱི་དམ་ཚིག་རྣམས། །ཇི་བཞིན་མ་འགྲུབ་ལོག་པར་གོལ། །རང་འདོད་དབང་གི་ཕྲིན་ལས་བརྩམས། །ཆགས་ཞེན་སྣང་བས་རང་སེམས་བསླུས། །རྨོངས་ཤིང་ལེ་ལོའི་དབང་གྱུར་པས། །སྤང་བླང་ཚུལ་བཞིན་མ་བགྱིས་པ། །སྙིང་ནས་བཤགས་སོ་ཚངས་པ་སྩོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །བདེ་ཆེན་དབྱིངས་ཀྱི་རྡོ་རྗེ་གསུམ། །ཤེས་རབ་མཆོག་གི་ཕྱག་རྒྱ་ཆེ། །ཚེ་འདིར་འགྲུབ་པའི་དངོས་གྲུབ་སྩོལ། །རླུང་སེམས་སྣང་བར་རང་དབང་སྒྱུར། །སྲིད་གསུམ་འཁོར་འདས་དབང་དུ་འདུས། །ལྷ་འདྲེ་མི་གསུམ་སྲོག་སྙིང་འཕྲོག །མཐོང་ཐོས་ཟིལ་གྱིས་ནོན་པར་མཛོད། །ཡིད་ལ་འདོད་པའི་དོན་ཐམས་ཅད། །འབད་མེད་ལྷུན་གྱིས་གྲུབ་ནས་སུ། །དབང་མཛད་འཁོར་ལོས་སྒྱུར་བའི་དཔལ། །གྲོལ་བ་བཞི་ལྡན་མཆོག་སྩོལ་མཛོད། །ཧྲཱིཿ སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་རོལ་ལས། ཁམས་གསུམ་དབང་མཛད་ལྷ་ཆེན་ཚོགས་ཀྱི་རྗེ། །ཡབ་ཡུམ་སྲས་འཁོར་སྡེ་དཔུང་བཅས་པ་རྣམས། །རྩ་གསུམ་ལྷ་གནས་ཏི་སེ་རྒྱ་མཚོའི་འགྲམ། །གར་བཞུགས་གནས་ནས་རྫུ་འཕྲུལ་སྟོབས་ཀྱིས་གཤེགས། །དམ་ཚིག་དབང་གིས་དགྱེས་ཤིང་བརྟན་པར་བཞུགས། །ལེ་བརྒན་གཡབ་དར་འབོད་བསྐུལ་གནད་ཀྱི་རྫས། །གདུང་བའི་དབྱངས་དང་རོལ་མོའི་སྒྲ་སྙན་སྦྱར། །སྐུ་གཟུགས་སྲོག་འཁོར་ལྕགས་ཀྱུ་ཞགས་པ་དམར། །རྟེན་གཏོར་བླ་རྡོ་སྒྲུབ་པའི་རྫས་མཆོག་བཀོད། །སྒོམ་བཟླས་ཏིང་འཛིན་སྐུ་གསུང་ཐུགས་ཀྱི་སྲོག །བསྙེན་སྒྲུབ་ཕྲིན་ལས་རྣམ་བཞིའི་ལས་ལ་སྦྱོར། །སྦྱོར་སྒྲོལ་ཚོགས་ཀྱི་ཡོ་བྱད་སྤྱན་གཟིགས་སོགས། །ཕྱི་ནང་གསང་གསུམ་མཉེས་ཤིང་སྐོང་བའི་རྫས། །མཆོད་ཡོན་ཞབས་བསིལ་ལྷ་རྫས་ཉེ་བར་སྤྱོད། །འདོད་ཡོན་རྣམ་ལྔ་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་སྣ་བདུན་བུམ་བཟང་དཔག་བསམ་ཤིང་། །རིན་ཆེན་གཏེར་དང་ལོ་ཏོག་འདོད་འཇོའི་བ། །ཡུལ་ལྗོངས་སྐྱེད་ཚལ་གནས་ཁང་དཀོར་ནོར་དབྱིག །ཡིད་འོང་རྒྱན་ལྡན་ཁྱེ་འུ་ཕོ་མོའི་ཚོགས། །ཛ་གད་བདུད་རྩི་དམར་ཆེན་རཀྟའི་སྐྱེམས། །དཀར་མངར་སྒོག་ཙོང་ཁུར་བ་འབྲས་ཆན་ཟས། །ལ་དུ་ལ་ཕུག་ཤ་སྣ་སྤོད་ཀྱིས་བྲན། །ཡིད་འོང་རིག་མས་དགའ་ཆེན་ཡེ་ཤེས་སྤེལ། །རྟག་གཏོར་རྒྱུན་གཏོར་མཆོད་པའི་དམ་རྫས་ནི། །རྒྱ་ཆེ་ལྷུན་སྡུག་ནམ་མཁའི་མཛོད་ཆེན་པོས། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང་། །ཚོགས་རྗེ་ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་། །ལྷ་ཆེན་པདྨ་གར་དབང་ཐུགས༴ དགྱེས་ཡུམ་ཨུ་མཱཿདེ་བཱིའི་ཐུགས༴ ལས་བྱེད་མཁའ་འགྲོ་རྣམ་བཞིའི་ཐུགས༴ བཀའ་སྡོད་འཇིག་རྟེན་སྐྱོང་བའི་ཐུགས༴ ཡང་འཁོར་དྲེགས་པ་སྡེ་བརྒྱད་ཐུགས༴ བསྙེན་སྒྲུབ་སྒོམ་བཟླས་ཚད་དུ་མ་བསྐྱལ་ཅིང་། །རྟེན་སྒྲུབ་མཆོད་རྫས་ཚུལ་བཞིན་མ་ཚོགས་དང་། །རང་སེམས་མ་རྟོགས་ཉི་ཚེའི་ལས་ལ་སྦྱར། །སྤྱི་དང་ཁྱད་པར་གནད་ཀྱི་དམ་ཚིག་ལས། །འགལ་ཉམས་རལ་པ་གང་མཆིས་བཟོད་པར་གསོལ། །བསྐངས་ཤིང་བཤགས་པས་ནོངས་པ་སོར་ཆུད་དེ། །བཅོལ་བའི་ལས་ལ་མཐུ་སྟོབས་རྩལ་སྐྱེད་མཛོད། །ནད་གདོན་བར་ཆད་འཇིགས་བརྒྱད་ཞི་བ་དང་། །འབྱོར་དྲུག་ལེགས་ཚོགས་ཡར་ངོའི་ཟླ་བཞིན་སྤེལ། །དྲག་ཤུལ་མཐུ་ཡིས་དགྲ་བགེགས་བདུད་དཔུང་ཐུལ། །ལྷ་འདྲེ་མི་གསུམ་མོས་བཞིའི་ཚུལ་གྱིས་སྡུས། །འགུགས་པའི་ལྕགས་ཀྱུ་ཁམས་གསུམ་སྙིང་ལ་ཐོབས། །རླུང་གི་ཞགས་པས་དམིགས་བྱའི་སྒོ་གསུམ་ཆིངས། །མཁས་གྲུབ་དགེ་འདུན་རྒྱལ་བློན་བཙུན་མོ་འབངས། །སྡེ་སྲིད་ཡུལ་འཁོར་ཟས་ནོར་ལོངས་སྤྱོད་སོགས། །ཡིད་ལ་འདོད་རྒུའི་དཔལ་འབྱོར་དབང་དུ་འདུས། །དགེ་ལེགས་རྫོགས་ལྡན་སྤྲིན་བཞིན་རབ་འཕེལ་ནས། །སྒྲུབ་བརྒྱུད་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་པ་འདིའང་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་༧དབོན་སྤྲུལ་རིན་པོ་ཆེས་གཞན་ཕན་ཐུགས་བསྐྱེད་ཆེན་པོས་རིན་ཆེན་གཉིས་པའི་མེ་ཏོག་བཅས་བཀའ་ཡིས་བསྐུལ་བས། པདྨ་གར་དབང་བདེ་བའི་རྡོ་རྗེས་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་སྦྱར་བ་དགེ་ལེགས་འཕེལ།། །།
སྲིད་པ་མ་མོའི་ལས་མཐའ་མདོས་བཅུ་ཀུན་གྱི་ཕྲིན་ལས་དོན་བསྡེབས་གསལ་བ་ (Volume 43, Text 52)
༄༅། །སྲིད་པ་མ་མོའི་ལས་མཐའ་མདོས་བཅུ་ཀུན་གྱི་ཕྲིན་ལས་དོན་བསྡེབས་གསལ་བ་བཞུགས་སོ། ། མདོས་བཅུ་གང་གཏང་ཡང་སྒྲུབ་པོ་གཞན་ཕན་བྱང་ཆུབ་སེམས་དང་ལྡན་པས་བདེ་བའི་སྟན་ལ་འདུག་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་རྩ་བ་གསུམ་གང་ཡང་རུང་བའི་བདག་བསྐྱེད་མཆོད་བསྟོད་བཟླས་པ་དང་བཅས་པ་ལེགས་པར་གྲུབ་ནས༔ མདོས་རྣམས་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ནས་མགྲོན་རྣམས་ཚིམས་པའི་འདོད་དགུའི་འབྱོར་པས་གང་བའི་དམིགས་པ་རྒྱ་བསྐྱེད་ལ་རྔ་དྲག་ཏུ་བརྡུང་ཞིང་མདོས་གཞུང་ལ་འཇུག་པར་བྱ་སྟེ༔ མདོས་བཅུ་གང་གཏང་ཡང་སྟོད་ཀྱི་ལས་དྲུག་དང༔ སྟོད་འཕྱང༔ བར་གྱི་ལས་གཉིས༔་་་སོ་སོའི་མདོས་སྨྲེང་དང་ཤམ་བུ།མཆན། སྨད་འཕྱོང༔ སྨད་ཀྱི་ལས་བརྒྱད་པོ་བཅས་ཀུན་ལ་སྦྱོར་རོཿ དེ་ནས། ༄༅༔ སྲིད་པ་མ་མོའི་ལས་མཐའ་སྟོད་ཀྱི་ལས་དྲུག་བཞུགས་སོ༔ བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྟོད་ཀྱི་ལས་དྲུག་ལ༔ དང་པོ་དབང་དུ་བསྡུ་བ༔ གཉིས་པ་བྱིན་གྱིས་བརླབ་པ༔ གསུམ་པ་གསེར་སྐྱེམས་གཏང་བ༔ བཞི་པ་ཁུངས་དྲང་བ༔ ལྔ་པ་ཚུགས་བཅའ་བ༔ དྲུག་པ་བསྙེན་པ་བྱ་བའོ༔ དང་པོ་དབང་དུ་སྡུ་བ་ནི༔ ཨོཾ་སྭཱ་བྷཱ་ཝས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་པདྨ་ཉི་ཟླ་དང༔ མ་མོ་བསྣོལ་བའི་གདན་ལ་རང་རིག་ཧཱུྃ༔ ཡོངས་གྱུར་མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་དཀར་དམར་བའི་ཞལ༔ ཐོད་སྐམ་དབུ་རྒྱན་རིགས་ལྔའི་པྲོག་ཞུས་མཛེས༔ གཡས་གསུམ་རྡོ་རྗེ་ཁྱུང་ཁྲ་སྦྲུལ་ཞགས་འཛིན༔ གཡོན་གསུམ་དུང་དམར་ཞིང་དབྱུག་གྭའུ་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་ཐབས་རབ་ཏུ་བསྒྲད༔ རྡོ་རྗེ་རིན་ཆེན་གཤོག་པ་ལྡིང་ཞིང་བརྗིད༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རབ་ཏུ་སྤྲས༔ གསང་བའི་ཡུམ་མཆོག་ཉིད་བཞི་བདེ་མཆོག་སྦྱོར༔ གཡས་པ་ཁ་ཊྭཱཾ་གཡོན་པས་དུང་དམར་སྟོབ༔ རྟག་རྒྱལ་མ་ལྔ་རྗེ་མོ་བཅུ་བཞི་དང༔ སྨན་མོ་ང་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད༔ བཀའ་སྲུང་འཁོར་ཚོགས་མ་ལུས་སྤྲིན་ལྟར་གཏིབས༔ གཙོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར༔ རྩ་སྔགས་བཻ་ཌཱུར་ཕྲེང་འདྲ་རང་སྒྲར་བཅས༔ འཁོར་ལས་འོད་འཕྲོས་སྣང་སྲིད་དྲེགས་པའི་ཚོགས༔ དབང་བསྡུས་ཟིལ་མནན་ཐམས་ཅད་ལས་ལ་བཀོལ༔ ཅི་བསྒོའི་བཀའ་ཉན་ཕྲིན་ལས་ཀུན་སྒྲུབ་གྱུར༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བརྒྱ་སྟོང་གི་བར་བཟླའོ༔ གཉིས་པ་བྱིན་གྱིས་བརླབ་པ་ལ༔ སྦྱང་དང་བྱིན་གྱིས་བརླབ་པ་གཉིས་ལས༔ དང་པོ་འབྲུ་གསུམ་གྱིས་སྦྱོང་བ་ནི༔ བདག་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་སྤྲོས་ཏེ༔ ཧཱུྃ་ལས་རཾ་འཕྲོས་པས༔ རཾ་འོད་དུ་ཞུ་མེར་འབར་བས༔ མདོས་ཀྱི་དངོས་པོ་དང་མཚན་འཛིན་རྣམས་བསྲེགས༔ རཾ་ཛྭ་ལ་མཎྜལ་རཾ༔ ཧཱུྃ་ལས་ཡཾ་འཕྲོས་འོད་ཞུ་རླུང་དུ་གྱུར༔ མདོས་ཀྱི་དངོས་པོ་བག་ཆགས་ངན་པ་ཐམས་ཅད་གཏོར༔ ཡཾ་མཎྜ་ལ་ཡཾཿ ཧཱུྃ་ལས་ཁཾ་འཕྲོས་འོད་ཞུ་ཆུ་རུ་གྱུར༔ མདོས་ཀྱི་དངོས་པོ་དང་རྣམ་པར་རྟོག་པ་མ་ལུས་པ་བཀྲུས༔ ཁཾ་མཎྜ་ལ་ཁཾ༔ ཕྱི་ལྟར་སྔགས་ཕྱག་རྒྱ་དྲུག་གིས་མདོས་འདོད་ཡོན་ལྔར་བྱིན་གྱིས་བརླབ་སྟེ༔ ཆོས་ཉིད་རྣམ་དག་ཐལ་མོ་ཁོང་སྟོང་དུ༔ སྙིང་གར་བཅངས་ནང་ཤཱཀྱ་ཐུབ་པར་གསལ༔ ཐུགས་ཀའི་ཨ་ལས་འོད་འཕྲོས་ཉེས་སྐྱོན་དག༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ ནམ་མཁའ་མཛོད་ནི་ཐལ་མོ་ཁོང་སྟོང་དུ༔ སོར་མོ་རྩེ་སྤྲད་དཔྲལ་བར་བཅངས་པའི་ནང༔ རིན་འབྱུང་ཐུགས་ཀའི་སྭཱ་སེར་འོད་འཕྲོས་པས༔ མདོས་གཏོར་ལ་ཕོག་བདུད་རྩིའི་རྒྱ་མཚོར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བདུད་རྩི་ཐལ་སྦྱོར་ཐལ་མོ་ཕྱིར་བསྐྱེད་དེ༔ ཁ་འགྲམ་བཞག་ནང་མཐའ་ཡས་ཐུགས་ཀ་ནས༔ རཾ་དམར་འོད་འཕྲོས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རྒྱ་ཆེན་ཤུགས་ལྡན་སྙིང་གར་མཛུབ་མོ་སྒྲེང༔ དོན་གྲུབ་ཐུགས་ཀའི་ཧཱ་ལྗང་འོད་འཕྲོས་པས༔ མདོས་གཏོར་ལ་ཕོག་མོས་པ་བཞིན་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཡེ་ཤེས་སྐར་མདའ་ཁུ་ཚུར་སྙིང་གར་བཅངས༔ གཡོན་པས་མཆོག་སྦྱིན་འདེགས་སྟེང་མི་བསྐྱོད་པའི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སོ་སོར་ཐོབ༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ་ཕཊ༔ དབང་བསྒྱུར་འཁོར་ལོ་སོར་བསྣོལ་མཐེ་བོང་གཤིབ༔ སྤྱི་བོར་བཅངས་ནང་རྣམ་སྣང་ཐུགས་ཀ་ནས༔ ཛཿདམར་འོད་འཕྲོས་འདོད་ཡོན་སོ་སོར་ཕུལ༔ དགྱེས་ནས་བདག་གི་དབང་དུ་འདུས་པར་གྱུར༔ ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ༔ སྔགས་དང་ཕྱག་རྒྱ་བདུན་ནམ་གསུམ་གསུམ་བྱ༔ ནང་ལྟར་འབྲུ་ལྔས་སྤེལ་བ་ནི༔ ཨོཾ་བྷྲཱུྃ་ཏྲཱཾ་ཧྲཱིཿཨཱ༔ ལན་གསུམ་བརྗོད་པས༔ ཨོཾ་ལས་ཡེ་ཤེས་ལྔ་དང་ལྡན་པར་གྱུར༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་དང་ལྡན་པར་གྱུར༔ ཏྲཱཾ་ལས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཧྲཱིཿལས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་གྱུར༔ ཨཱཿལས་བཟའ་བཏུང་བདུད་རྩིའི་རྒྱ་མཚོ་དང་ལྡན་པར་གྱུར༔ གཟུགས་བརྙན་རྣམས་ཀྱང་སྲོག་ཆགས་དངོས་སུ་གྱུར་ཏེ༔ ལུས་མཛེས་ཤིང་ལྟ་ན་སྡུག་པ༔ ངག་སྙན་པ༔ ཡིད་དྭངས་པ༔ ལག་ན་འདོད་པའི་ཡོན་ཏན་ལྔའི་རྫས་ཐོགས་པ༔ རེ་རེ་ལ་ཡང་མང་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་ནསཿ རྒྱལ་བ་རྒྱ་མཚོ་སྣང་སྲིད་མ་མོ་རིགས་དྲུག་སེམས་ཅན་བུ་ལོན་ལན་ཆགས་ཀྱི་བདག་པོ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་རེ་རེ་ལ་ཡང་མདོས་རི་རབ་གླིང་བཞི་སྐྱེ་འགྲོ་སེམས་ཅན་འདོད་ཡོན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རེ་རེ་སོ་སོའི་སྤྱོད་ཡུལ་དང་མཐུན་པར་གྱུར༔ གསང་བ་ལྟར་བྱིན་གྱིས་བརླབ་པ་ནི༔ མདོས་ཀྱི་དངོས་པོ་དེ་དག་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་འགག་མེད་པར་བྱིན་གྱིས་བརླབས་པར་གྱུར༔ གསུམ་པ་གསེར་སྐྱེམས་གཏང་ཞིང་བདེན་སྟོབས་བརྗོད་པ་ནི། ཧཱུྃ༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ༔ དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད༔ སྲིད་པ་རླུང་གིས་མི་བསྐྱོད་གང་ཡང་མེད༔ འབྱུང་བ་ས་ལ་མི་བརྟེན་གང་ཡང་མེད༔ འབབ་པའི་ཆུ་ལ་མི་འཐུང་གང་ཡང་མེད༔ མཐུན་པའི་རྫས་ལ་མི་མགུ་གང་ཡང་མེད༔ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས༔ དམའ་བ་དམྱལ་ཁམས་བཅོ་བརྒྱད་ཡན་ཆོད་དུཿ འཕགས་པའི་སྤྱན་གྱིས་གཟིགས་པ་ཐམས་ཅད་ཀུན༔ བྱམས་སྡུག་བརྩེ་བའི་སེམས་ཀྱིས་མགྲོན་དུ་གཉེར༔ མགྲོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀུན༔ འདིར་བྱོན་བདེ་གཤེགས་རྒྱལ་བའི་བཀའ་ལ་ཉོན༔ ཅེས་བདེན་པའི་བཀའ་བསྒོ་ཞིང་གསེར་སྐྱེམས་བཏང་ངོ༔ བཞི་པ་ཁུངས་དྲང་བ་ནི༔ ཧཱུྃ༔ དང་པོ་སུ་དང་སུ་ཡི་བཀའ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔ ཆེ་སྟེ་དྲིའུ་རྟ་ཁལ་གྱི་མདོས༔ ཆུང་སྟེ་འབྲུ་མཆོག་ངར་གྱི་མདོས༔ ཡང་ཆུང་མོན་ལུག་བླ་སྒང་གླུད༔ བྱས་ཏེ་དེ་ནི་སུ་ལ་ཕན༔ རཱ་ཛ་ཨིནྡྲ་བོ་དྷི་ལ༔ བྱས་ཏེ་དེ་ནི་དེ་རུ་ཕན༔ བར་དུ་སུ་དང་སུ་ཡི་བཀའ༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས༔ ཆེ་སྟེ་དྲིའུ་རྟ་ཁལ་གྱི་མདོས༔ ཆུང་སྟེ་འབྲུ་མཆོག་ངར་གྱི་མདོས༔ ཡང་ཆུང་མོན་ལུག་བླ་སྒང་གླུད༔ ཕན་པ་སུ་ཡི་དོན་དུ་བྱས༔ རྒྱལ་པོ་ཆེན་པོ་སྐུ་རྒྱལ་དོན༔ བྱས་ཏེ་དེ་ནི་དེ་རུ་ཕན༔ དེ་ནས་སུ་དང་སུ་ཡི་བཀའ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཆེ་སྟེ་དྲིའུ་རྟ་ཁལ་གྱི་མདོས༔ ཆུང་སྟེ་འབྲུ་མཆོག་ངར་གྱི་མདོས༔ ཡང་ཆུང་མོན་ལུག་བླ་སྒང་གླུད༔ ཕན་པ་སུ་ཡི་དོན་དུ་བྱས༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ༔ བྱས་ཏེ་དེ་ནི་དེ་རུ་ཕན༔ ད་ལྟ་སུ་དང་སུ་ཡི་བཀའ༔ ད་ལྟ་རྣལ་འབྱོར་བདག་གི་བཀའ༔ ཆེ་སྟེ་དྲིའུ་རྟ་ཁལ་གྱི་མདོས༔ ཆུང་སྟེ་འབྲུ་མཆོག་ངར་གྱི་མདོས༔ ཡང་ཆུང་མོན་ལུག་བླ་སྒང་གླུད༔ ཕན་པ་སུ་ཡི་དོན་དུ་བྱས༔ དེ་རིང་རྒྱུ་སྦྱོར་ཡོན་བདག་ལ༔ བྱས་པ་དེ་ནི་དེ་རུ་ཕན༔ ནམ་མཁའ་གང་བའི་ལྷ་འདྲེ་ལ༔ ས་གཞི་གང་བའི་མདོས་གླུད་འབུལ༔ མདོས་བདག་རྣམས་ནི་མདོས་ལ་བྱོན༔ གླུད་བདག་རྣམས་ནི་གླུད་ལ་བྱོན༔ ཅེས་ཁུངས་དྲངས་ནས་སློབ་དཔོན་རྣམས་ཀྱིས་ཀྱང་མདོས་བྱིན་གྱིས་བརླབས་ཅིང་ལྷ་འདྲེ་རྣམས་ཡིད་ཆེས་པར་བསམ༔ ལྔ་པ་མདོས་ཀྱི་ཚུགས་བཅའ་བ་ནི༔ བྷྱོ༔ སྲིད་པའི་རྒྱལ་མོ་མན་ཆད་ནས༔ གྲོང་རྒྱུག་བསེན་མོ་ཡན་ཆད་ཀྱི༔ མ་མོའི་འཁོར་ཚོགས་མ་ལུས་དང༔ ནག་པོ་བཀྲག་མེད་མན་ཆད་ནས༔ ཤོར་བ་སཏྭར་ཐོགས་ཡན་ཆད་ཀྱི༔ བདུད་ཀྱི་འཁོར་ཚོགས་ཐམས་ཅད་དང༔ སྐྱེས་བུ་ཀླུ་བཙན་མན་ཆད་ནས༔ ཤོར་བ་ཕྲེང་ཐོགས་ཡན་ཆད་ཀྱི༔ བཙན་གྱི་འཁོར་ཚོགས་ཐམས་ཅད་དང༔ ལྷ་དབང་བརྒྱ་བྱིན་མན་ཆད་ནས༔ ཡུལ་བདག་ལྷ་གཉན་ཡན་ཆད་ཀྱི༔ ལྷ་ཡི་འཁོར་ཚོགས་ཐམས་ཅད་དང༔ ཉི་ཟླ་ཁྱབ་འཇུག་མན་ཆད་ནས༔ བྲ་ཉེ་སྨིན་དྲུག་ཡན་ཆད་ཀྱི༔ གཟའ་དང་རྒྱུ་སྐར་ཐམས་ཅད་དང༔ ཀླུ་རྒྱལ་དགའ་བོ་མན་ཆད་ནས༔ ས་སྲིན་ཀླུ་སྲིན་ཡན་ཆད་ཀྱི༔ ཀླུ་དང་ས་བདག་མ་ལུས་དང༔ གནམ་ལྷ་བྱང་ཆུབ་མན་ཆད་ནས༔ གྲོང་རྒྱུའི་རྒྱལ་ཕྲན་ཡན་ཆད་ཀྱི༔ རྒྱལ་པོའི་འཁོར་ཚོགས་མ་ལུས་དང༔ གནམ་ཐེའུ་དཀར་པོ་མན་ཆད་ནས༔ གོད་འདྲེ་སྲིས་རྐུན་ཡན་ཆད་ཀྱི༔ ཐེའུ་རང་འཁོར་དང་བཅས་པ་དང༔ དམུ་རྗེ་བཙན་པོ་མན་ཆད་ནས༔ དམུ་ཕྲན་བདེ་བ་ཡན་ཆད་ཀྱི༔ དམུ་ཡི་འཁོར་ཚོགས་ཐམས་ཅད་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནས༔ གདོན་ཆེན་བཅོ་ལྔ་ཡན་ཆད་ཀྱི༔ བགེགས་ཀྱི་འཁོར་ཚོགས་མ་ལུས་ཀུན༔ རང་རང་སོ་སོའི་གནས་མཆོག་ནས༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང༔ གཏན་དུ་བཞུགས་པའི་གནས་མེད་ཀྱང༔ སྐད་ཅིག་ཡུད་ཙམ་འདིར་བྱོན་ལ༔ གཉན་པོ་མདོས་ཀྱི་ཚུགས་ལ་བྱོན༔ ཞེ་སྡང་གདུག་པའི་སེམས་དང་ནི༔ འདོད་ཆགས་ཚ་བ་གཏི་མུག་རྨོངས༔ ང་རྒྱལ་ཁྲོ་ཞིང་གཏུམ་པ་དང༔ ཕྲག་དོག་གནོད་པའི་སེམས་འཆང་བས༔ མ་བྱོན་གདུག་རྩུབ་ཞི་བར་གྱིས༔ ཚོང་པ་རིན་ཆེན་གླིང་ཕྱིན་ལྟར༔ དགའ་མགུ་རངས་པའི་སེམས་དང་བཅས༔ ཕན་པ་བྱང་ཆུབ་སེམས་སྐྱེད་ལ༔ གནས་འདིར་ཡུད་ཀྱིས་མྱུར་བར་བྱོན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན༔ ཡོད་དམ་མེད་ནི་ཡས་ལ་ལྟོས༔ བདེན་ནམ་རྫུན་ནི་སྨྲེང་ལ་ཉོན༔ དོ་ནུབ་ཁབ་སྒོ་ལམ་སྲང་ནས༔ མ་བསད་པ་ཡི་སྟོང་ཞིག་འཇལ༔ མ་བརྐུས་པ་ཡི་འཇལ་ཞིག་སྤྲོད༔ མ་ཆགས་པ་ཡི་བུ་ལོན་འཇལ༔ མདོས་འབུལ་གླུད་འབུལ་བདག་གིས་འབུལ༔ མདོས་བཞེས་དེ་ནི་གླུད་བཞེས་ཤིག༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ འབུལ་བ་ངེད་ཀྱིས་མ་ནོར་རོ༔ བཞེས་པ་ཁྱེད་ཀྱིས་མ་འཁྲུལ་མཛོད༔ ཅེས་བརྗོད་པས་དཔེར་ན་མགྲོན་པོའི་གྲལ་རིམ་བཞིན་ལྷ་འདྲེ་ཐམས་ཅད་མདོས་ཀྱི་ཚུགས་ལ་བྱོན་པར་བསམ༔ དྲུག་པ་བསྙེན་པ་བྱ་བ་ནི༔ རང་ཉིད་ཡི་དམ་ལྷར་གསལ་བས་ཛཔ྄་བཟླ་སྟེ༔ ཧཱུྃ་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རཱི་སཏྭཾ་ཧཱུྃ་ཧ་ཧེ་ཕཊཿམ་མོ་ས་མ་ཡ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ༔ ཞེས་ཞག་གསུམ་དུ་འབུམ་ཚོ་བསྒྲང་ངོ༔ རང་དང་མ་མོའི་འཕྲོ་འདུ་བྱའོ༔ སྟོད་ཀྱི་ལས་དྲུག་རྫོགས་སོ༔ ༄༅༔ དེ་ནས་མདོས་བཅུ་ཀུན་གྱི་སྟོད་འཕྱང་ནི༔ ཧཱུྃ༔ ངས་ནི་དེ་རིང་མདོས་གཏོང་ངོ༔ ངས་ནི་ཡས་དང་ཐགས་སོགས་ནས༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ༔ གང་ཡིན་པར་སྒྱུར་ཟློག་བྱའོ༔ མདོས་བཅུ་ཀུན་གྱི་སྟོད་འཕྱང་ངོ༔ ༄༅༔ མདོས་བཅུའི་བར་གྱི་ལས་གཉིས་བཞུགས་སོ༔ དེ་ནས་བར་གྱི་ལས་གཉིས་ལས༔ དང་པོ་སྨྲེང་ནི༔ གང་བྱེད་ཀྱི་སོ་སོའི་གཞུང་སྐབས་འདིར་གྱེར་རོ༔ ࿊ མདོས་བཅུའི་ཁ་སྒྱུར་ཤམ་བུ་ནི། མདོས་ཆེན་གླུད་བཟང་འདི་བཞེས་ལ༔ ནད་གདོན་རྣམ་རྟོག་ཞི་བར་མཛོད༔ ཚེ་དབང་ལོངས་སྤྱོད་བསོད་ནམས་སྤེལ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ དགྲ་བགེགས་གནོད་བྱེད་ཐམས་ཅད་སྒྲོལ༔ རྦོད་གཏོང་སྔགས་ཟོར་བྱད་ཁ་ཟློག༔ ན་བ་གསོས་ལ་ཤི་ཁ་ཆོད༔ ལོ་ཟླ་ཞག་དུས་ཟ་སྐག་ཟློག༔ དགྲ་བགེགས་དམག་དཔུང་གཡོས་པ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཅེས་ཤམ་བུ་གདགས་སོ༔ ཆོས་དབང་གསང་རྫོགས་ཀྱི་ཚིག་ཡིན། ༈ མ་མོའི་ཁྲག་མདོས་ཀྱི་ཤམ་བུ་ནི། སྲིད་པའི་མ་མོ་འཁོར་བཅས་ཀྱིས༔ འདོད་དགུའི་དཀོར་ཆ་འདི་བཞེས་ལ༔ ཡོན་བདག་མི་ནོར་རྟ་ཕྱུགས་ཀྱི༔ ནད་ཁ་རིམས་ཁ་ཞི་བ་དང༔ ཆག་ཆེ་ཉམ་ངའི་འགལ་རྐྱེན་ཀུན༔ ཟློག་པའི་འཕྲིན་ལས་མཛད་དུ་གསོལ༔ མ་མོའི་ཁྲག་མདོས་ཀྱི་ཤམ་བུ་ཡིན༔ ࿊ གཉིས་པ་འཕྱོང་མདོར་བསྡུས་ཏེ་གྱེར་བ་ནི༔ ཧཱུྃ༔ རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔ དཀའ་དགུ་བསགས་ནས་མཐུན་དགུ་བསྡེབས༔ དཀའ་བ་མི་ལས་བཙལ་བའི་མདོས༔ སྲ་བ་བྲག་ལས་བརྐོས་པའི་མདོས༔ རྫས་དང་ཡས་ཀྱིས་གཞི་བཟུང་ནས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ ཏིང་འཛིན་དག་པས་འདོད་དགུར་བསྒྱུར༔ བཅའ་བཅའ་དེ་ནི་བརྡར་བརྡར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ བཏགས་བཏགས་དེ་ནི་བརྒྱན་བརྒྱན་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ བྲིས་བྲིས་དེ་ནི་བཀོད་བཀོད་ནས༔ སྟག་གཟིག་ཚང་ནས་ཐོན་པ་འདྲ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན༔ སྲིད་པའི་མདོས་ཆེན་འདི་ལ་གཟིགས༔ འཕན་གདུགས་ནམ་རྒྱང་གུར་ལ་ལྟོས༔ ཟ་འོག་གུར་ཁྱིམ་ཕུབ་པ་འདྲ༔ ཤིང་བྲིས་མང་པོ་འཁྲིགས་ལ་ལྟོས༔ འཇིག་རྟེན་སྣང་སྲིད་མཁའ་ལ་ཤར༔ མདའ་འཕང་མང་པོ་འཁྲིགས་ལ་ལྟོས༔ མཁའ་ལ་འཇའ་ཚོན་ཤར་པ་འདྲ༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ མཐུན་པའི་རྫས་དང་ཡས་ཀྱིས་བསྐོར༔ ལྷ་སྲིན་དམ་རྫས་གཉན་པོ་བསགས༔ འདི་ལྟ་བུ་ཡི་མདོས་ཆེན་འདི༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཚེ་དང་སྲོག་གི་གླུད་དུ་འབུལ༔ ཡུལ་དང་མཁར་གྱི་གླུད་དུ་འབུལ༔ ནོར་དང་རྫས་ཀྱི་གླུད་དུ་འབུལ༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་སྤྱིར་བསྔོའོ༔ བསྡུ་ན་འདིས་ཡོང་ངོ༔ རྒྱས་པར་འཕྱོང་ཆེན་ལེའུ་བཅུ་པ་ལྟར་བྱའོ༔ དེ་ནས་རིམ་པར་བསྔོ་བ་ལ༔ དང་པོ་ངར་གླུད་ཀྱི་འཕྱོང་ནི༔ བྷྱོ༔ ངར་གླུད་སྨྲ་མཁས་འགྲོ་ཤེས་འདི༔ འབྱུང་བ་རིན་ཆེན་ལྔ་ལས་གྲུབ༔ མི་བས་གླུད་བཟང་མདངས་ཡལ་ལེ༔ བཟའ་བས་ཁ་དྲོ་ངད་ཐིབས་སེ༔ རྒྱུ་ནི་རིན་ཆེན་སྣ་ལྔ་ལ༔ རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར༔ སྐུ་གསུང་ཐུགས་ལ་མར་མེ་གསུམ༔ དབང་པོ་ལྔ་ལ་རིན་ཆེན་ལྔ༔ རྣམ་ཤེས་བརྒྱད་ལ་འབྲུ་སྣ་བརྒྱད༔ སྣང་སྲིད་ལྷ་འདྲེའི་སྤྱན་ལམ་དུ༔ རེས་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ བྲོ་བརྡུང་གར་བྱེད་ཁྱུགས་སེ་ཁྱུག༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ སྐྱེས་པ་ཕོ་ཡི་ཆག་ཆེ་ཟློགས༔ རེས་འགའ་མོ་བཙུན་བརྒྱ་རུ་བརྫུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ཟ་མ་མོ་ཡི་གླུད་དུ་འབུལ༔ མོ་རྒྱུད་རྣམས་ཀྱི་ཆག་ཆེ་ཟློགས༔ རེས་འགའ་ཁྱེའུ་ཟུར་ཕུད་ཅན༔ རྩེ་བྲོ་དགོད་མདངས་ཡ་ལ་ལ༔ བྱིས་པ་ཆུང་གི་གླུད་དུ་འབུལ༔ བྱིས་པ་ཆུང་གི་ཆག་ཆེ་ཟློགས༔ གླུད་འདི་སྣང་སྲིད་ལྷ་འདྲེས་བཞེས༔ མི་འདི་སྔགས་འཆང་བདག་ལ་ཞུ༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ སྲོག་ཆགས་ཀྱི་འཕྱོང་ནི༔ བྷྱོ༔ སྣང་སྲིད་ལྷ་འདྲེ་སྲོག་གི་བདག༔ འཇིག་རྟེན་དྲེགས་པའི་ཐུགས་དམ་ནི༔ མཐུན་པའི་སྲོག་ཆགས་རྣམས་ཀྱིས་བསྐང༔ རྟ་དང་གླང་པོ་མ་ཧེ་དང༔ བྱ་ཁྱི་ར་ལུག་མཛོ་དང་རྟོལ༔ འབྲི་གཡག་བོང་དྲེལ་ཕག་པ་དང༔ ཤ་བ་གནའ་བ་དགོ་བ་དང༔ རྐྱང་གཙོད་གླ་བ་རི་བོང་དང༔ སྟག་གཟིག་དོམ་དྲེད་འཕར་བ་དང༔ གཡི་སྲམ་སྤྱང་ཀི་ལ་སོགས་དང༔ རྨ་བྱ་ནེ་ཙོ་ཤང་ཤང་དང༔ བྱ་རོག་གོ་བོ་ལྕུང་ཀ་རྒོད༔ ངང་པ་ཁྲུང་ཁྲུང་བྱི་འུ་སྦྲང༔ མཐུན་པའི་སྲོག་ཆགས་འདི་རྣམས་ཀྱི༔ ཁ་དོག་རྣམ་ལྔ་གསལ་བ་ལ༔ ཡན་ལག་འགྲོ་མཁས་ཁྲིགས་སེ་ཁྲིག༔ དབང་པོ་ལྔ་ལས་འདོད་ཡོན་འཕྲོ༔ ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱིཿ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ རྒྱལ་མཚན་གྱི་འཕྱོང་ནིཿ བྷྱོ༔ དར་ཟབ་རྒྱལ་མཚན་དཔའ་བརྗིད་ལྡན༔ ལྷ་སྲིན་སྐུ་དང་གཉིས་སུ་མེད༔ རྒྱུ་སྦྱོར་ལུས་ཀྱི་གླུད་དུ་འབུལ༔ འཁོར་བཅས་ཐུགས་དམ་དེས་བསྐངས་ནས༔ ནད་དང་གནོད་པ་ཟློག་ཏུ་གསོལ༔ རྒྱང་བུའི་འཕྱོང་ནི༔ བྷྱོ༔ རྒྱང་ཞེས་བྱ་བ་འདོད་དགུ་འབྱུང༔ བུ་ནི་ཡིད་དུ་འོང་བ་སྟེ༔ སྙན་པའི་སྒྲ་སྐད་སི་ལི་ལི༔ ལྷ་སྲིན་གསུང་དང་གཉིས་སུ་མེད༔ རྒྱུ་སྦྱོར་ངག་གི་གླུད་དུ་འབུལ༔ འཁོར་བཅས་ཐུགས་དམ་གཉན་པོ་བསྐངས༔ རྒྱུ་སྦྱོར་ནད་གདོན་ཟློག་ཏུ་གསོལ༔ ནམ་མཁའི་འཕྱོང་ནི༔ བྷྱོ༔ ནམ་ཞེས་བྱ་བ་ཡངས་པ་ལ༔ མཁའ་ཞེས་བྱ་བ་ཅིར་ཡང་སྣང༔ ནམ་མཁའ་འཇའ་རིས་འོད་ཟེར་འཕྲོ༔ ལྷ་སྲིན་ཐུགས་དང་གཉིས་སུ་མེད༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ རྣམ་ཤེས་ཡིད་ཀྱི་གླུད་དུ་འབུལ༔ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐངས༔ རྒྱུ་སྦྱོར་ཆག་ཆེ་ཉམ་ང་ཟློག༔ ཤིང་བྲིས་ཀྱི་འཕྱོང་ནི༔ བྷྱོ༔ དགོས་འདོད་འབྱུང་བའི་དཔག་བསམ་ཤིང༔ སྲིད་པ་སྤྱི་དང་མཐུན་པར་བྲིས༔ དྲེགས་པའི་སྐུ་གསུང་ཐུགས་སུ་ཤར༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཡུལ་མཁར་ཞིང་གི་གླུད་དུ་འབུལ༔ དྲེགས་པ་ལྷ་སྲིན་ཐུགས་དམ་བསྐངས༔ རྒྱུ་སྦྱོར་ཆག་ཆེ་ཉམ་ང་ཟློག༔ ཕོ་གདོང་གི་འཕྱོང་ནི༔ བྷྱོ༔ གསེར་གྱི་ཕོ་ཤིང་སྟག་པ་ལ༔ སྤྱན་ཁྲོ་སྨ་ར་དབུ་སྐྲ་སེར༔ སྐྱེས་པ་ཕོ་ཡི་བླ་ཐང་ཟེར༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ལྷ་སྲིན་ཕོ་རྒྱུད་ཐུགས་དམ་བསྐངས༔ རྒྱུ་སྦྱོར་ཆག་ཆེ་ཉམ་ང་ཟློག༔ མོ་གདོང་གི་འཕྱོང་ནི༔ བྷྱོ༔ གཡུ་ཡི་གླང་མ་འཕན་བཟང་ལ༔ བཞིན་ལེགས་འཛུམ་མཚར་མོ་ཡི་རིགས༔ ཟ་མ་མོ་ཡི་བླ་ཐང་ཟེར༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ལྷ་སྲིན་མོ་རྒྱུད་ཐུགས་དམ་བསྐངས༔ རྒྱུ་སྦྱོར་ཆག་ཆེ་ཉམ་ང་ཟློག༔ མདའ་འཕང་གི་འཕྱོང་ནི༔ བྷྱོ༔ མོན་ཡུལ་ལྷོ་སྨྱུག་ལྡེམ་པ་ལ༔ བྱ་རྒྱལ་རྒོད་ཀྱི་སྒྲོ་ཡིས་བརྒྱན༔ ཁ་དོག་མཛེས་པའི་དཀྲིས་ཀྱིས་བཅིངས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ དྲེགས་པའི་སྐུ་གསུང་ཐུགས་བཀོད་དེ༔ སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐངས༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བྷྱོ༔ གསོམ་ཤིང་དག་ལ་འཕང་བྱས་ནས༔ རིན་ཆེན་འཕང་ལོ་མཛེས་པས་བརྒྱན༔ དཀྲིས་ནི་འབྱུང་ལྔའི་འོད་ཟེར་འཕྲོ༔ ཟ་མ་མོ་ཡི་གླུད་དུ་འབུལ༔ དྲེགས་པ་མོ་རྒྱུད་སྐུ་གསུང་ཐུགས༔ བཀོད་དེ་ཐུགས་དམ་དབྱིངས་སུ་བསྐངས༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ མདོས་སྤྱིར་འབུལ་བ་ནི༔ བྷྱོ༔ དྲེགས་པ་ལྷ་སྲིན་ཚུར་ཉོན་དང༔ བདག་ཅག་རྣལ་འབྱོར་དབང་ཕྱུག་གིས༔ འབྱུང་བ་ལྔ་དང་འབྲུ་སྣ་ལྔ༔ རིན་ཆེན་ལྔ་དང་རབ་སྦྱར་ནས༔ སྲིད་པ་སྤྱི་དང་མཐུན་པའི་མདོས༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ མཁའ་འགྲོ་དྲེགས་པའི་དམ་རྫས་བཤམས༔ འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ༔ ཕོ་གླུད་གཡས་ན་ཤ་ར་ར༔ མོ་གླུད་གཡོན་ན་འཁྱིལ་ལི་ལི༔ ཆུང་གླུད་མདུན་ན་ཁྲིགས་སེ་ཁྲིག༔ མཛེས་པའི་རྒྱན་ཆ་མང་པོས་བརྒྱན༔ སྙན་པའི་སྒྲ་སྐད་སི་ལི་ལི༔ འདོད་ཡོན་སྦྲང་ཆར་ཤ་ར་ར༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐངས༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ གནོད་བྱེད་དམ་ཉམས་དགྲ་བགེགས་ཟློག༔ མི་མཐུན་རྐྱེན་ངན་ཐམས་ཅད་ཟློག༔ ཕོ་རྒྱུད་དལ་ཁ་གཡས་སུ་སྒྱུར༔ མོ་རྒྱུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ སྨན་རཀ་གཏོར་མཆོད་རྒྱ་ཆེན་དང༔ རང་རང་མཐུན་རྫས་འདི་བཞེས་ལ༔ རྣལ་འབྱོར་རྒྱུ་སྦྱོར་འཁོར་བཅས་ཀྱི༔ མི་མཐུན་གནོད་པ་ཞི་བ་དང༔ ཚེ་དབང་ལོངས་སྤྱོད་རྒྱས་པར་སྤེལ༔ ལོག་ལྟ་ཐམས་ཅད་དབང་དུ་སྡུས༔ བར་གཅོད་དགྲ་བགེགས་མྱུར་དུ་སྒྲོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་མདོས་བསྔོ༔ ཕྲིན་ལས་བཅོལ༔ བར་གྱི་ལས་གཉིས་སོ༔ ༄༅༔ མདོས་བཅུ་ཀུན་གྱི་སྨད་འཕྱོང་ནི༔ ཀུན་གྱི་ཤམ་བུར་སྦྱར༔ བྷྱོ༔ སྲིད་པ་གསུམ་གྱི་བྷྱོ་ཟློག་མཁན༔ ཤར་གྱི་ཕྱོགས་ནས་སོགས་ནས། མཁའ་ལྟར་བྷྱོ་ལ་རྦབ་ལྟར་དྲིལ༔ མདོས་བཅུ་ཀུན་གྱི་སྨད་འཕྱོང་ངོ༔ ༄༅༔ མདོས་བཅུའི་སྨད་ལས་དོན་བརྒྱད་བཞུགས་སོ༔ དེ་ནས་སྨད་ཀྱི་ལས་བརྒྱད་ལས༔ དང་པོ་རྫོངས་བཏབ་པ༔ གཉིས་པ་ཕོ་བྲང་སྐྱོད་པ༔ གསུམ་པ་སྒོ་དབྱེ་བ༔ བཞི་པ་ལུང་བསྟན་པ༔ ལྔ་པ་སྲིང་བཞིར་ལས་བཅོལ་བ༔ དྲུག་པ་ལམ་བསྟན་པ༔ བདུན་པ་ཟོར་བརྡེག་པ༔ བརྒྱད་པ་པྲ་བརྟག་པའོ༔ དང་པོ་རྫོངས་བཏབ་པ་ནིཿ ཧཱུྃ༔ སྲིད་གསུམ་གདུག་པ་འདུལ་མཛད་པ༔ ཕྱག་མཚན་ཕྱག་ན་མཚོན་ཆ་བསྣམས༔ ཁམས་གསུམ་སེམས་ཅན་ཁྲག་འཐུང་ཞིང༔ སྐྱེ་འགྲོའི་སྲོག་ལ་མངའ་ཡང་མཛད༔ མདོས་བདག་ཆེན་མོ་མདོས་བཞེས་ཤིག༔ གླུད་བདག་ཆེན་མོས་གླུད་བཞེས་ཤིག༔ མི་གླུད་ཟན་གྱི་རང་བཞིན་འདི༔ ཤ་དང་ཁྲག་གི་མདངས་ཀྱིས་བཀྲ༔ རིན་ཆེན་དབྱིག་གི་གཏེར་ཆེན་འདི༔ དང་པོ་སུ་དང་སུ་ཡི་བཀའ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡི༔ ཆེ་སྟེ་དྲེའུ་རྟ་ཁལ་དུ་བཀལ༔ ཆུང་སྟེ་ཟན་གླུད་མདོས་བྱས་ཏེ༔ ཕན་པ་སུ་ཡི་དོན་དུ་བྱས༔ རྒྱལ་པོ་ཆེན་པོ་ཧ་ཀྲི་ཡིས༔ དགྲ་བགེགས་བཟློག་པའི་ཕྱིར་དུ་བྱས༔ དེ་འོག་བསྐལ་པ་བར་མ་ལ༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས༔ ཟན་གླུད་མདོས་སུ་བྱས་པ་འདི༔ རྒྱལ་པོ་མྱ་ངན་མེད་པ་ཡི༔ སྐུ་རྒྱལ་དགྲ་བགེགས་བཟློག་ཕྱིར་བྱས༔ དེ་འོག་བསྐལ་པ་ཐ་མ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མདོས་དང་གླུད་དུ་བྱས་པ་འདི༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ བར་གཅོད་དགྲ་བགེགས་བཟློག་ཕྱིར་བྱས༔ ད་ལྟ་རྣལ་འབྱོར་བདག་ཅག་གིས༔ མདོས་གླུད་ཁམས་སུ་བཅས་པ་འདིས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཀེག་དང་དགྲ་བགེགས་དལ་ཁ་ཟློག༔ མདོས་བདག་ཆེན་མོ་མདོས་བཞེས་ཤིག༔ གླུད་བདག་ཆེན་མོ་གླུད་བཞེས་ཤིག༔ ཡས་བདག་ཆེན་མོས་ཡས་བཞེས་ཤིག༔ ཧཱུྃ༔ མདོས་བདག་ཆེན་མོ་དཔོན་གཡོག་བཞི༔ དེ་རིང་འདིར་ནི་མདོས་དཔུང་སྐྱོད༔ དགྲ་བགེགས་འབྱུང་པོ་ཟློག་ཏུ་གསོལ༔ སྐྱེ་འགྲོ་རྩི་ཤིང་ནགས་ཚལ་དང༔ རོལ་པ་ཆས་ཀྱིས་བརྒྱན་པ་འདི༔ སྐྱེ་འགྲོ་སོ་སོར་མཆོད་ལགས་ན༔ མགྲོན་གྱི་བདག་པོ་མ་ལུས་ཀུན༔ མདོས་གླུད་གཏོར་མ་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ སྔོན་གྱི་དགྲ་བགེགས་ལན་ཆགས་ཟློགས༔ འཕྲལ་གྱི་རྐྱེན་ངན་ཐམས་ཅད་ཟློགས༔ མདོས་དང་གླུད་ཀྱི་དཔུང་ལ་གཤེགས༔ ཧཱུྃ༔ ཕྱོགས་བཅུ་བཀོད་པའི་ཞིང་ཁམས་ནས༔ ཁྲོ་མོ་འབར་ཚོགས་མན་ཆད་ནས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ མགྲོན་གྱི་རིགས་སུ་གྱུར་པ་ཡི༔ ལན་ཆགས་བདག་པོ་འཁོར་བཅས་ཀུན༔ མདོས་གླུད་འདི་ཡིས་ཚིམས་གྱུར་ནས༔ མ་ལུས་ཐམས་ཅད་ཟློག་ཏུ་གསོལ༔ ཧཱུྃ༔ འཛམ་གླིང་ཤར་ལྷོ་ནུབ་བྱང་དང༔ མཚམས་བཞི་སྟེང་འོག་བཅུ་ཡི་ནི༔ དགྲ་བགེགས་ཐམས་ཅད་ཟློག་ཅིང་སྒྱུར༔ ཡས་ཀྱི་བདུད་དུ་བབས་པ་སྒྱུར༔ མས་ཀྱི་སྲི་རུ་ལངས་པ་སྒྱུར༔ བར་གྱི་བཙན་དུ་འཁྲུགས་པ་སྒྱུར༔ སྡང་བ་དགྲ་ཡི་སྟེང་དུ་བྷྱོ༔ གནོད་པ་བགེགས་ཀྱི་སྟེང་དུ་བྷྱོ༔ ཟ་བ་སྲི་ཡི་ཐོག་ཏུ་བྷྱོ༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བོན་པོའི་ཛོ་ཟོར་དགྲ་ལ་བྷྱོ༔ བྱོལ་ཟོར་ཕུར་ཟོར་བཏང་བ་ཟློག༔ མུ་སྟེགས་བོན་པོའི་ངན་སྔགས་ཟློག༔ རྨི་ལམ་མཚན་མ་ངན་པ་ཟློག༔ དུས་ཚོད་མ་ཡིན་འཆི་བ་ཟློག༔ ཟ་འདྲེ་ཕུང་སྲི་ཐམས་ཅད་ཟློག༔ དགྲ་ཇག་ངན་དགུ་ཐམས་ཅད་ཟློག༔ མདོས་བདག་མདོས་དང་བཅས་ཏེ་གཤེགས༔ གླུད་བདག་གླུད་དང་བཅས་ཏེ་གཤེགསཿ རང་རང་གནས་སུ་ད་བཞུད་ཅིག༔ བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ བར་རོ༔ གཉིས་པ་ཕོ་བྲང་སྐྱོད་པ་ནི༔ ཧཱུྃ༔ སྐྱོད་དོ་གཤེགས་སོ་མ་སྲིང་བགེགས་ཀྱི་ཚོགས༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ ཤར་གྱི་སྒོ་མས་སྒོ་དབྱེ་འཚལ༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ ཤར་གྱི་འཕྲང་པས་འཕྲང་སོལ་འཚལ༔ རྣམ་པར་རྒྱལ་བས་འཕྲང་སོལ་ཅིག༔ མདོས་འགྲོ་དེ་ནི་ཤར་དུ་འགྲོ༔ གླུད་འགྲིམ་དེ་ནི་ཤར་དུ་འགྲིམ༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༔ དྲི་ཟ་འབུམ་གྱི་འཁོར་གྱིས་བསྐོར༔ ཁྱེད་ཀྱང་མདོས་ཀྱི་བདག་པོ་སྟེ༔ མདོས་བདག་མདོས་དང་བཅས་ཏེ་གཤེགས༔ གླུད་བདག་གླུད་དང་བཅས་ཏེ་གཤེགས༔ ད་གཤེགས་དེ་ནི་ད་རེ་རན༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ ཧཱུྃ༔ སྐྱོད་དོ་གཤེགས་སོ་མ་སྲིང་བགེགས་ཀྱི་ཚོགས༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ ལྷོ་ཡི་སྒོ་མས་སྒོ་དབྱེ་འཚལ༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ ལྷོ་ཡི་འཕྲང་པས་འཕྲང་སོལ་འཚལ༔ གཤིན་རྗེ་གཤེད་པོས་འཕྲང་སོལ་ཅིག༔ མདོས་འགྲོ་དེ་ནི་ལྷོ་རུ་འགྲོ༔ གླུད་འགྲིམ་དེ་ནི་ལྷོ་རུ་འགྲིམ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ གཤིན་རྗེ་འབུམ་གྱི་འཁོར་དང་བཅས༔ ཁྱེད་ཀྱང་མདོས་ཀྱི་བདག་པོ་སྟེ༔ མདོས་བདག་མདོས་དང་བཅས་ཏེ་གཤེགས༔ གླུད་བདག་གླུད་དང་བཅས་ཏེ་གཤེགས༔ ད་གཤེགས་དེ་ནི་ད་རེ་རན༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ ཧཱུྃ༔ སྐྱོད་དོ་གཤེགས་སོ་མ་སྲིང་བགེགས་ཀྱི་ཚོགས༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ ནུབ་ཀྱི་སྒོ་མས་སྒོ་དབྱེ་འཚལ༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ ནུབ་ཀྱི་འཕྲང་པས་འཕྲང་སོལ་འཚལ༔ རྟ་མགྲིན་རྒྱལ་པོས་འཕྲང་སོལ་ཅིག༔ མདོས་འགྲོ་དེ་ནི་ནུབ་ཏུ་འགྲོ༔ གླུད་འགྲིམ་དེ་ནི་ནུབ་ཏུ་འགྲིམ༔ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༔ གྲུལ་བུམ་འབུམ་གྱི་འཁོར་དང་བཅས༔ ཁྱེད་ཀྱང་མདོས་ཀྱི་བདག་པོ་སྟེ༔ མདོས་བདག་མདོས་དང་བཅས་ཏེ་གཤེགས༔ ད་གཤེགས་དེ་ནི་ད་རེ་རན༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ ཧཱུྃ༔ སྐྱོད་དོ་གཤེགས་སོ་མ་སྲིང་བགེགས་ཀྱི་ཚོགས༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ བྱང་གི་སྒོ་མས་སྒོ་དབྱེ་འཚལ༔ བྱང་ཕྱོགས་གཡུ་སྒོ་སྔོན་པོ་ཕྱེས༔ བྱང་གི་འཕྲང་པས་འཕྲང་སོལ་འཚལ༔ བདུད་རྩི་འཁྱིལ་བས་འཕྲང་སོལ་ཅིག༔ མདོས་འགྲོ་དེ་ནི་བྱང་དུ་འགྲོ༔ གླུད་འགྲིམ་དེ་ནི་བྱང་དུ་འགྲིམ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ གནོད་སྦྱིན་འབུམ་གྱི་འཁོར་དང་བཅས༔ ཁྱོད་ཀྱང་མདོས་ཀྱི་བདག་པོ་སྟེ༔ མདོས་བདག་མདོས་དང་བཅས་ཏེ་གཤེགས༔ གླུད་བདག་གླུད་དང་བཅས་ཏེ་གཤེགས༔ ད་གཤེགས་དེ་ནི་ད་རེ་རན༔ ཕོ་བྲང་དེ་ནི་ད་སྐྱོད་འཚལ༔ ཆིབས་ཁ་དེ་ནི་ད་སྒྱུར་འཚལ༔ གསུམ་པ་སྒོ་དབྱེ་བ་ནི༔ བྷྱོ༔ སྣང་སྲིད་ཡོངས་རྫོགས་མདོས་གཏོང་གིས༔ རྒྱལ་བ་ཞི་ཁྲོས་དཔུང་སྐྱེད་ཅིག༔ སྟེང་ཕྱོགས་ཟླ་གམ་གནམ་སྒོ་ཕྱེས༔ ཡེ་ཤེས་མདོས་ལམ་སྟེང་དུ་བསྟན༔ སྣང་སྲིད་ཡོངས་རྫོགས་ལྷ་རྣམས་གཤེགས༔ འཁྲུལ་འཁོར་མདོས་བསལ་ཕྱིར་མ་ལྡོག༔ རྟ་གདོང་དཀར་མོས་ཤར་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་འདི་སྐྱོལ༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ ཕག་གདོང་ནག་མོས་ལྷོ་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་འདི་སྐྱོལ༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ སྤྲེལ་གདོང་དམར་མོས་ནུབ་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་འདི་སྐྱོལ༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ སྤྱང་གདོང་སྔོན་མོས་བྱང་སྒོ་ཕྱེས༔ ཕོ་ཉའི་ཚོགས་ཀྱིས་མདོས་འདི་སྐྱོལ༔ མི་ལྡོག་ཕྲིན་ལས་འགྲུབ་པར་མཛོད༔ བཞི་པ་ལུང་བསྟན་པ་ནི༔ གསེར་སྐྱེམས་ཕྱོགས་བཞིར་འབུལ་ཞིང༔ ཧཱུྃ༔ ཕྱོགས་ཕྱོགས་ཉི་མ་ཤར་ཕྱོགས་ན༔ དུང་ལུང་དཀར་པོའི་ནང་ཤེད་ན༔ དུང་གི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ལ་བྱ་མ་རྒྱུག༔ དུང་གི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ལ་ལྡབ་མི་ལྡིབ༔ དེ་ན་མི་བཟང་རྟ་རེ་མཚར༔ དེ་ན་འགྲོ་མཁས་གཏམ་རེ་སྡུག༔ དེ་ན་འཁོར་མང་ལོངས་སྤྱོད་ཆེ༔ དེ་ན་གསེར་བཟང་གཡུ་རེ་མཚར༔ དེ་ན་སྟག་གཟིག་རི་མོ་བཀྲ༔ ཡ་བདུད་ཕོ་བྲང་དེ་རུ་སྐྱོད༔ མ་བདུད་ཕོ་བྲང་དེར་སྐྱོད་འཚལ༔ རྒྱལ་པོའི་ཕོ་བྲང་དེར་སྐྱོད་འཚལ༔ བཙན་གྱི་ཤོ་རྡེའུ་དེ་རུ་མཛོད༔ མ་མོའི་འདུ་ས་དེ་རུ་འཚལ༔ ཐེའུ་བྲང་ཀྱལ་ཀ་དེ་རུ་མཛོད༔ སྲིན་མོའི་ཚོགས་ས་དེ་རུ་མཛོད༔ ཕྱག་གི་སོར་རྡེལ་དེ་རུ་ཕོངས༔ ཀུ་རེ་ཀྱལ་ཁ་དེ་རུ་མཛོད༔ འདི་ན་སྡོད་པའི་ཡུལ་མ་མཆིས༔ འདི་ན་བཞུགས་པའི་གནས་མ་མཆིས༔ མདོས་འདི་འབུལ་ལོ་སླར་མ་ལྡོག༔ གླུད་འདི་འབུལ་ལོ་སྒབ་མ་ངན༔ ཚེ་འདི་འགུགས་སོ་སྙན་མ་སྲ༔ ཧཱུྃ༔ ཕྱོགས་ཕྱོགས་ཉི་མ་ལྷོ་ཕྱོགས་ན༔ གསེར་ལུང་སེར་པོའི་ནང་ཤེད་ན༔ གསེར་གྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ལ་བྱ་མ་རྒྱུག༔ གསེར་གྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ལ་ལྡབ་མི་ལྡིབ༔ སོགས་འགྲེ། ཧཱུྃ༔ ཕྱོགས་ཕྱོགས་ཉི་མ་ནུབ་ཕྱོགས་ན༔ ཟངས་ལུང་དམར་པོའི་ནང་ཤེད་ན༔ ཟངས་ཀྱི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ལ་བྱ་མ་རྒྱུག༔ ཟངས་ཀྱི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ལ་སོགས། ཧཱུྃ༔ ཕྱོགས་ཕྱོགས་ཉི་མ་བྱང་ཕྱོགས་ན༔ གཡུ་ལུང་སྔོན་པོའི་ནང་ཤེད་ན༔ གཡུ་ཡི་རྟ་ཕོ་གོ་ཆ་བཙན༔ བང་རེ་མགྱོགས་ལ་བྱ་མ་རྒྱུག༔ གཡུ་ཡི་མི་ཕོ་ཆེ་བ་རེ༔ སྨྲ་རེ་མཁས་ལ་སོགས་ནས། སྙན་མ་སྲ༔ ལྔ་པ་སྲིང་བཞི་ལ་ལས་བཅོལ་བ་ནི༔ བྷྱོ༔ རྣལ་འབྱོར་གླིང་བཞིའི་དཀྱིལ་འཁོར་ནས༔ སྟག་སྲིན་དེ་ནི་ཟོར་བའི་གདོང༔ བམ་སྲིན་དེ་ནི་དྲེད་ཀྱི་གདོང༔ འབྲོག་སྲིན་དེ་ནི་ཆུ་སྲིན་གདོང༔ ཀོང་སྲིན་དེ་ནི་བ་ལང་གདོང༔ དབུ་དགུ་ཕྱག་ནི་བཞི་པ་སྟེ༔ དོ་ནུབ་ཟོར་གྱི་དཔུང་མཛོད་ཅིག༔ ཟོར་བདག་ཆེན་མོ་གཤེགས་སུ་གསོལ༔ དྲུག་པ་ལམ་བསྟན་པ་ནི༔ བྷྱོ༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ཀྱི་ལམ་བསྟན་དགུང་ལ་བསྟན༔ དགུ་ཚིགས་སྐྱ་མོ་དགུང་གི་ལམ༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ལམ་ཆུ་བོའི་གཞུང་ལ་བསྟན༔ གཞུང་ཆེན་དེ་ནི་རྒྱུན་ཆད་མེད༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ལམ་ས་གཞིའི་ལམ་ལ་བསྟན༔ ས་གཞི་དེ་ནི་གཡོ་འགུལ་མེད༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་ལམ་ཆོས་ཀྱི་དབྱིངས་སུ་བསྟན༔ དབྱིངས་ཆེན་དེ་ལ་སྐྱེ་འགག་མེད༔ ལམ་དེར་ཞུགས་ལ་སླར་མ་ལྡོག༔ ཧཱུྃ༔ སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་ཤར་གྱི་ཕྱོགས་སུ་བསྟན༔ ཤར་གྱི་ཕྱོགས་སུ་ལམ་བསྟན་ན༔ དྲི་ཟ་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་ཁྱོད་སོང་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་པའི་རྐྱེན་དབང་མ་གཏང་ཞིག༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔༽ ༈ སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་ཤར་ལྷོ་མཚམས་སུ་བསྟན༔ ཤར་ལྷོ་མཚམས་སུ་ལམ་བསྟན་ན༔ མེ་ལྷ་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས་འགྲེ། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་ལྷོ་ཡི་ཕྱོགས་སུ་བསྟན༔ ལྷོ་ཡི་ཕྱོགས་སུ་ལམ་བསྟན་ན༔ གཤིན་རྗེ་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་ལྷོ་ནུབ་མཚམས་སུ་བསྟན༔ ལྷོ་ནུབ་མཚམས་སུ་ལམ་བསྟན་ན༔ སྲིན་པོ་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་ནུབ་ཀྱི་ཕྱོགས་སུ་བསྟན༔ ནུབ་ཀྱི་ཕྱོགས་སུ་ལམ་བསྟན་ན༔ ཀླུ་ལྷ་དཀར་པོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་ནུབ་བྱང་མཚམས་སུ་བསྟན༔ ནུབ་བྱང་མཚམས་སུ་ལམ་བསྟན་ན༔ རླུང་ལྷ་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་ཁྱོད་སོང་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་པའི་རྐྱེན་དབང་མ་གཏང་ཞིག༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔༽ སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་བྱང་གི་ཕྱོགས་སུ་བསྟན༔ བྱང་གི་ཕྱོགས་སུ་ལམ་བསྟན་ན༔ གནོད་སྦྱིན་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་བྱང་ཤར་མཚམས་སུ་བསྟན༔ བྱང་ཤར་མཚམས་སུ་ལམ་བསྟན་ན༔ དབང་ལྡན་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་སྟེང་གི་ཕྱོགས་སུ་བསྟན༔ སྟེང་གི་ཕྱོགས་སུ་ལམ་བསྟན་ན༔ ཚངས་པ་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་སོགས། སྲིད་པའི་མདོས་བདག་ཕོ་མོ་རྣམས༔ ལམ་བསྟན་འོག་གི་ཕྱོགས་སུ་བསྟན༔ འོག་གི་ཕྱོགས་སུ་ལམ་བསྟན་ན༔ ས་བདག་ཕོ་མོས་འབོད་ལྷང་ལྷང༔ སྲིད་པའི་མདོས་ཆེན་ཁྱོད་སོང་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་པའི་རྐྱེན་དབང་མ་གཏང་ཞིག༔ ཆག་ཆེ་ཉམ་ང་ཟློག་ཏུ་གསོལ༔ བདུན་པ་ཟོར་རྡེག་པ་ལ༔ ཟོར་ལམ་བསྟན་པ༔ ཟོར་བསྐུལ་བ༔ ཟོར་འཕང་བ་གསུམ་གྱི༔ དང་པོ་མདོས་ལམ་ཕྱེ་ལ་ཕུད་གཏོར་ཞིང༔ བྷྱོ༔ ཟོར་ལམ་ཤར་གྱི་ཕྱོགས་སུ་བསྟན༔ མ་མོའི་ཁྲག་ཟོར་གཉན་ཆེན་པོ༔ དྲག་པོ་དཔལ་གྱི་གཏོར་ཆེན་པོ༔ ཤར་གྱི་དྲི་ཟ་ཕོ་མོ་ནི༔ དྲི་ཟ་ཕོ་ནི་ལྐུགས་ཤིང་བརྒྱལ༔ དྲི་ཟ་མོ་ནི་ཁྲག་ཏུ་སྐྱུག༔ དྲི་ཟ་ཕྲུ་གུ་དམྱལ་ཐག་ཆོད༔ སྡང་བའི་དགྲ་ལ་འཕང་བའི་ཚེ༔ ཐལ་བའི་རྡུལ་དུ་རློག་པར་བྱེད༔ གནོད་བྱེད་བགེགས་ལ་འཕང་བའི་ཚེ༔ གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག༔ འབྱུང་པོ་ཕོ་མོ་རྡུལ་དུ་རློག༔ བྷྱོ༔ ཟོར་ལམ་ལྷོ་ཡི་ཕྱོགས་སུ་བསྟན༔ མ་མོའི་ཁྲག་ཟོར་གཉན་ཆེན་པོ༔ དྲག་པོ་དཔལ་གྱི་གཏོར་ཆེན་པོ༔ ལྷོ་ཡི་གཤིན་རྗེ་ཕོ་མོ་ནི༔ གཤིན་རྗེ་ཕོ་ནི་ལྐུགས་ཤིང་བརྒྱལ༔ གཤིན་རྗེ་མོ་ནི་ཁྲག་ཏུ་སྐྱུག༔ གཤིན་རྗེ་ཕྲུ་གུ་དམྱལ་ཐག་ཆོད༔ སྡང་བའི་དགྲ་ལ་འཕང་བའི་ཚེ༔ ཐལ་བའི་རྡུལ་དུ་རློག་པར་བྱེད༔ གནོད་བྱེད་བགེགས་ལ་འཕང་བའི་ཚེ༔ གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག༔ འབྱུང་པོ་ཕོ་མོ་རྡུལ་དུ་རློག༔ བྷྱོ༔ ཟོར་ལམ་ནུབ་ཀྱི་ཕྱོགས་སུ་བསྟན༔ མ་མོའི་ཁྲག་ཟོར་གཉན་ཆེན་པོ༔ དྲག་པོ་དཔལ་གྱི་གཏོར་ཆེན་པོ༔ ནུབ་ཀྱི་ཀླུ་དབང་ཕོ་མོ་ནི༔ ཀླུ་དབང་ཕོ་ནི་ལྐུགས་ཤིང་བརྒྱལ༔ ཀླུ་དབང་མོ་ནི་ཁྲག་ཏུ་སྐྱུག༔ ཀླུ་དབང་ཕྲུ་གུ་དམྱལ་ཐག་ཆོད༔ སྡང་བའི་དགྲ་ལ་འཕང་བའི་ཚེ༔ ཐལ་བའི་རྡུལ་དུ་རློག་པར་བྱེད༔ གནོད་བྱེད་བགེགས་ལ་འཕང་བའི་ཚེ༔ གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག༔ འབྱུང་པོ་ཕོ་མོ་རྡུལ་དུ་རློག༔ བྷྱོ༔ ཟོར་ལམ་བྱང་གི་ཕྱོགས་སུ་བསྟན༔ མ་མོའི་ཁྲག་ཟོར་གཉན་ཆེན་པོ༔ དྲག་པོ་དཔལ་གྱི་གཏོར་ཆེན་པོ༔ བྱང་གི་གནོད་སྦྱིན་ཕོ་མོ་ནི༔ གནོད་སྦྱིན་ཕོ་ནི་ལྐུགས་ཤིང་བརྒྱལ༔ གནོད་སྦྱིན་མོ་ནི་ཁྲག་ཏུ་སྐྱུག༔ གནོད་སྦྱིན་ཕྲུ་གུ་དམྱལ་ཐག་ཆོད༔ སྡང་བའི་དགྲ་ལ་འཕང་བའི་ཚེ༔ ཐལ་བའི་རྡུལ་དུ་རློག་པར་བྱེད༔ གནོད་བྱེད་བགེགས་ལ་འཕང་བའི་ཚེ༔ གནམ་ལྷ་དཀར་པོ་ཁྲག་ཏུ་སྐྱུག༔ འབྱུང་པོ་ཕོ་མོ་རྡུལ་དུ་རློག༔ དེ་ནས་ཟོར་བསྐུལ་བ་ནི༔ བྷྱོ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་དང༔ སྟེང་འོག་མཚམས་བཞི་ཐམས་ཅད་དུ༔ འཕེན་ནོ་འཕེན་ནོ་ཟོར་འཕེན་ནོ༔ མཐོ་བ་རྣམས་ཀྱང་ཞབས་སྐུམས་ཤིག༔ དམའ་བ་རྣམས་ཀྱང་དབུ་དམོད་ཅིག༔ ཀླུ་གཉན་རྣམས་ཀྱང་དབུ་ཆུམས་ཤིག༔ བར་མ་རྣམས་ཀྱང་སྐུ་ཟུར་ཅིག༔ ཡུལ་ལྷ་ཡུལ་བཙན་སྐུ་ཟུར་ཅིག༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ལ༔ སྒོ་མ་རྣམས་ཀྱིས་སྒོ་ཕྱེས་ཤིག༔ ཁྲག་གི་དེ་ནི་ཟོར་འཕེན་པས༔ སྐུ་ལ་དེ་ནི་ཕོག་ཏ་རེ༔ ཡུངས་དཀར་དེ་ནི་ཟོར་འཕེན་པས༔ སྐུ་ལ་དེ་ནི་ཕོག་ཏ་རེ༔ མཚེ་ཡི་དེ་ནི་ཟོར་འཕེན་པས༔ སྐུ་ལ་དེ་ནི་ཕོག་ཏ་རེ༔ གཏོར་མའི་དེ་ནི་ཟོར་འཕེན་པས༔ སྐུ་ལ་དེ་ནི་ཕོག་ཏ་རེ༔ ཁྲག་ཟོར་དེ་ནི་མདའ་བས་ཚ༔ ཡུངས་ཟོར་དེ་ནི་རྦབ་པས་དྲག༔ མཚེ་ཟོར་དེ་ནི་མདུང་བས་རྣོ༔ ཀོང་ཟོར་དེ་ནི་ཐོག་བས་དྲག༔ དོ་ནུབ་ཟོར་ལམ་སྒོ་ཕྱེས་ཤིག༔ ཟོར་འཕང་བ་ནི༔ བྷྱོ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྣང་སྲིད་ཡོངས་རྫོགས་མདོས་གཏོང་ངོ༔ སྡེ་བརྒྱད་དྲེགས་པ་ཞལ་སྒྱུར་རོ༔ མདོས་བདག་ཀུན་ཀྱང་མདོས་ལོངས་ཤིག༔ གླུད་བདག་ཀུན་ཀྱང་གླུད་བཞེས་ཤིག༔ ཟོར་བདག་ཀུན་ཀྱང་ཟོར་རྒྱོབ་ཅིག༔ ལྷ་དང་དམ་ཅན་མ་ལུས་ཀུན༔ སྔོན་གྱི་དམ་ཚིག་ཆེར་དགོངས་ལ༔ ཞལ་དང་ཁྲམ་ཁ་དགྲ་ལ་སྒྱུར༔ གནོད་བྱེད་བགེགས་དང་དགྲ་ཡུལ་དུ༔ བདེ་གཤེགས་ཡོངས་རྫོགས་དྲག་རྩལ་ཕྱུངས༔ དམ་ཅན་དབང་གི་ཕྲིན་ལས་མཛོད༔ ཕོ་ཉ་ཡོངས་ཀྱིས་ཤན་པ་མཛོད༔ སྣང་སྲིད་ལྷ་འདྲེའི་ཕོ་བྲང་ཐོབས༔ དགྲ་བགེགས་སྲོག་དབུགས་ལོངས་སྤྱོད་མཛོད༔ མཚོན་ཆ་རིམས་ནད་ཆར་དུ་ཕོབ༔ དགྲ་བགེགས་ཡུལ་ཁམས་བརླག་པར་མཛོད༔ བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ ཅེས་མདོས་ཟོར་དགྲ་ཕྱོགས་སུ་བསྐྱལ་ལོ༔ རྣལ་འབྱོར་པ་འཁོར་དང་བཅས་པས་བྷྱོས་གདབ༔ སྲུང་མ་བསྐུལ༔ བརྟན་མ་བསྐྱང༔ དུང་དང་རོལ་མོའི་སྒྲ་བསྒྲག༔ མེ་དང་དུལ་མོ་གོ་མཚོན་དང་བཅས་ཏེ་བསྐྱལ་ལོ༔ གསང་བ་མདོས་བཅུའི་ཕྲིན་ལས་དོན་བསྡེབས་གསལ་བ་རྫོགས་སོ༔ རྩྱཽ་རྩྱཽ་རྩྱཽ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྒྱད་པ་པྲ་བརྟག་པ་ནི༔ མདོས་གླུད་རྣམས་ཁ་ནང་དུ་བསྟན་པ་དང༔ ལམ་དུ་འགྱེལ་བ་དང༔ བྱ་ཁྱིས་མི་ཟ་བ་དང༔ སྣོད་སྟོང་ཁྱེར་ནས་ཚུར་འོང་བ་དང་འཕྲད་པ་རྣམས་ངན་ནོ༔ ༈ རྨི་ལམ་དུ་ཡང་རྐུན་མ་དང༔ ཇག་པ་དང༔ ཁྱིམ་མིས་གཡེང་བ་དང༔ དམག་བྱེད་པ་དང༔ སྟོན་མོ་བྱེད་པ་དང༔ ཁྲམ་འདེབས་པ་དང༔ ཁྱིམ་གསལ་རྣམས་རྨིས་ན་ཤིན་ཏུ་ངན་པས་བསྐྱར་ནས་བྱའོ༔ ཐེབས་པའི་རྟགས་ནི། མདོས་གླུད་དགྲ་ཕྱོགས་སུ་འཕྱོང་བ་དང༔ ཁ་གཏད་ཕྱོགས་སུ་རླུང་ཆེན་པོ་རྒྱབ་ནས་ལངས་ཏེ་མདོས་རྗེས་སུ་འགྲོ་བ་དང༔ ཐོག་སེར་བཙན་ཐབས་སུ་མདོས་ཀྱི་ཕྱི་བཞིན་དུ་འབྲང་བ་དང༔ རྣལ་འབྱོར་པའི་རིག་པ་ལ་ངར་ཐོགས་པ་དང༔ བྱ་ཁྱི་དང་གཅན་གཟན་རྒྱུག་པ་སོགས་འབྱུང་ངོ༔ ༄༅༔ མདོས་ཀྱི་ལས་ཁྲིད་བསྟན་པ་ནི༔ དང་པོ་མདོས་གང་ཡིན་ཡང་རང་བཟོ་སྤངས་ལ་གཞུང་བཞིན་དུ་སློབ་དཔོན་མཁས་པའི་ལག་ཁྲིད་ལྟར་འཁྲུལ་མེད་བཤམས༔ དེ་ནས་ཆུ་གཏོར་གཏོང༔ འགྲུབ་ན་ཆ་གསུམ་གཏོར་མ་གཏོང་ཞིང་། དཀར་གསུམ་མངར་གསུམ་གྱིས་ལྷ་འདྲེ་མཆོད༔ ཡི་དམ་གང་བྱེད་ཀྱི་གཞུང་བསྲང༔ དེ་ནས་སྟོད་ཀྱི་ལས་དྲུག་དང༔ སྟོད་འཕྱོང༔ བར་གྱི་ལས་གཉིས༔ སྨད་འཕྱོང༔ སྨད་ཀྱི་ལས་བརྒྱད་རྣམས་བྱའོ༔ མདོས་ཀྱི་ལག་ལེན་པྲ་ཁྲིད་བཅས་པ་རྫོགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་ངན་ལམ་རྒྱལ་བ་མཆོག་དབྱངས༔ འབྲོག་མི་དཔལ་གྱི་ཡེ་ཤེས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གསུམ་ལ་གདམས་ཏེ་མཁོ་མཐིང་ལྷ་ཁང་གི་རྣམ་པར་སྣང་མཛད་ཀྱི་སྐུ་རྒྱབ་ལ་སྦས་སོ༔ ས་མ་ཡ༔ རྩྱཽ་རྩྱཽ་རྩྱཽ༔ རྒྱ་རྒྱ་རྒྱ༔ མཁོ་མཐིང་རྣམ་སྣང་གི་ཐུགས་གཏེར་ནས་ཡར་འབྲོག་གཉན་གྱི་སྨྱོན་པ་རཀ་ཤག་གཏེར་སྟོན་གྱིས་སྤྱན་དྲངས་ཏེ་སྲས་གཡུང་དྲུང་རྒྱལ་མཚན་དང་། ཕག་འབྲོང་སོགས་ལ་བརྒྱུད་དེ་བྱ་ལྷ་མཆོག་བཟང་པོ་ལ་བབ་པའོ། །མངྒ་ལཾ།། །།
གཟའ་བདུད་རཱ་ཧུ་ལའི་སྒྲུབ་ཐབས་དབང་དང་བཅས་པ (Volume 61, Text 52)
ཨཱོྃ་སྭསྟི། གསང་བདག་དཔའ་བོ་རྡོ་རྗེ་འཛིན། །མཐུ་ཆེན་དྲེགས་པའི་སྐུར་བཞེངས་ནས། །གདུག་པ་འདུལ་མཛད་རཱ་ཧུ་ལར། །བཏུད་ནས་སྒྲུབ་ཐབས་དབང་ཆོག་བཤད། །འདིར་གཟའ་བདུད་ཆེན་པོ་རཱ་ཧུ་ལའི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། འགྱུ་དུས་བརྒྱད་སོགས་དུས་ཁྱད་པར་ཅན་ལ། གནས་དབེན་པར་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུའི་ཁར་མཎྜལ་སྒོ་རྫོགས་ལྟེ་བར་པདྨ་འདབ་བརྒྱད་དང་ཁྱམས་ཤར་ནས་བརྩམ་སྟེ་སྔོ་སེར་དམར་ལྗང་དུ་བྱས་པའི་ལྟེ་བར་གཙོ་བོ་དང་། འདབ་མ་བརྒྱད་ལ་གཟའ་བརྒྱད། ཁྱམས་ལ་རྒྱུ་སྐར་ཉེར་བརྒྱད། སྒོ་བཞིར་གདོང་མོ་བཞི་རྣམས་ཀྱི་ས་བོན་ནམ་ཚོམ་བུ་བཀོད། དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་བཅུད་ཀྱིས་གང་བ་བཀོད། མདུན་དུ་དབང་གཏོར་གྲུ་གསུམ་གཡས་དཀྱུས་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར། བ་ལིང་དམར་གྱིས་བརྒྱན་པ་ལ་མདའ་དར་ནག་པོ་ཙཀླི་དང་བཅས་པ་བཙུགས། དེའི་གཡས་གཡོན་དུ་སྨན་དང་རཀྟ། ལྷོར་གཙོ་བོའི་ཕྱག་མཚན་བཞི་དང་མེ་ཕུང་གི་ཙཀླི། བྱང་དུ་འཁོར་གཟའ་བརྒྱད་ཀྱི་སྐུ་གཟུགས་དང་ཕྱག་མཚན། ནུབ་ཏུ་འབུལ་གཏོར་རྣམས་བཤམ། མཐར་ཉེར་སྤྱོད་ལྔ་སོགས་མཆོད་པ་རྣམས་ཀྱིས་བསྐོར། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་གསང་བའི་བདག་པོ་སོགས་ཡི་དམ་ཁྲོ་བོ་གང་རུང་གཅིག་གི་སྒོམ་བཟླས་སྔོན་དུ་འགྲོ་བས། སྤྱི་དང་ཁྱད་པར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ། ཨེ་ལས་གྲུ་གསུམ་མཐིང་ནག་མཁའ་དང་མཉམ་པའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཏྲི་དུ་བའི་མདོག་ཅན་ཡོངས་སུ་གྱུར་པ་ལས། གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་མགོ་དགུ་བྱ་རོག་གི་ཞལ་དང་བཅུ། ཞལ་རེ་རེ་ལ་དམར་ཟླུམ་སྡང་མིག་གཟིར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཤིན་ཏུ་རྔམས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་འཇིགས་པའི་ང་རོ་སྒྲོག་པས་དགྲ་བགེགས་ཆེམ་ཆེམ་གསོལ་བ། སྨིན་མ་ཨག་ཚོམ་དང་བ་སྤུའི་རྩེ་ནས་མེ་སྟག་འཕྲོ་བ། སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་གང་ཞིང་ཁོང་ནས་འཁྲུགས་པའི་ཉམས་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་རལ་གྲིའི་ཡུ་བ་ཅན་དང་སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེང་ཞིང་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཞིང་ཆེན་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོའི་ཅོད་པན་དང་ཁྲག་འཛག་པའི་མི་མགོ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་སོགས་འབར་བའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཉི་མ་འབུམ་གྱི་གཟི་བརྗིད་འབར་བ། གཡས་སུ་ཛ་ལས་ཡབ་རྡོ་རྗེ་སྲིན་པོ་མཐིང་ནག་མགོ་བོ་དགུ་པ་དབྱུག་ཐོ་དང་ཁྲག་མཚོ་བསྣམས་པ་ཞེ་སྡང་རུས་པའི་ཁྲི་ལ་བཞུགས་པ། གཡོན་དུ་ཕུ་ལས་ཡུམ་རྡོ་རྗེ་གློག་འགྱུ་དམར་ནག་མགོ་བོ་དགུ་པ་སྦྲུལ་ཞགས་དང་ཁྲག་མཚོ་བསྣམས་པ་འདོད་ཆགས་ཁྲག་མཚོའི་ཀློང་ན་བཞུགས་པ། དེ་རྣམས་ཀྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་དགྲ་བགེགས་ཀྱི་གདན་ལ། ནུབ་ཏུ་ཡ་ལས་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་ལྕགས་སྒྲོག་འཛིན་པ་མ་མོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་ཙ་ལས་དྲང་སྲོང་དཀར་སེར་སྦྲུལ་ཞགས་དང་ཏྲི་ཤཱུ་ལ་འཛིན་པ་དགྲ་བླའི་དམག་ཚོགས་ཀྱིས་བསྐོར་བ། བྱང་དུ་དུ་ལས་བདུད་པོ་རོག་ཏི་མཐིང་ནག་སྦྲུལ་དང་བདུད་ཞགས་འཛིན་པ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་རུ་ལས་བིཥྚི་པ་ཏྲ་དམར་པོ་སྦྲུལ་དང་སྤུ་གྲི་འཛིན་པ་སྲིན་པོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་དུ་ཨ་ལས་བྱི་ནུ་རཱ་ཛ་དུད་ཁ་ཆུ་སྲིན་དང་སྟག་མགོ་འཛིན་པ་དམུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་ཡ་ལས་དུ་བ་མཇུག་རིང་མཐིང་ནག་སྤུ་གྲི་དང་ཐོད་ཁྲག་འཛིན་པ་གཤིན་རྗེའི་དམག་ཚོགས་ཀྱིས་བསྐོར་བ། ལྷོར་ན་ལས་ཁྱབ་འཇུག་ཆེན་པོ་སེར་ནག་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ་ཀླུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་ཤ་ལས་སྒྲ་གཅན་འཛིན་དུད་ཀ་ཆུ་སྲིན་དང་ཁྲམ་ཤིང་འཛིན་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་གཏུམ་ཞིང་ཁྲོས་པ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་འཇིགས་པའི་ཆ་བྱད་རྫོགས་པ་གཙོ་བོ་ལྟ་བུའོ། །དེའི་ཕྱི་རོལ་གྱི་ཤར་དུ་མ་ལས་སྟག་སྲིང་ཟོར་བའི་གདོང་ཅན་དཀར་སེར་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོར་ར་ལས་བཾ་སྲིང་དྲེད་ཀྱི་གདོང་ཅན་སེར་ནག་ཐོད་དབྱུག་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་ཙ་ལས་ཀོང་སྲིང་བ་ལང་གི་གདོང་ཅན་དམར་ནག་དགྲ་སཏྭ་དང་ཞགས་པ་འཛིན་པ། བྱང་དུ་ཤ་ལས་འབྲོག་སྲིང་ཆུ་སྲིན་གྱི་གདོང་ཅན་ལྗང་ནག་རི་རབ་ཀླད་ལ་བསྐོར་བ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ཞིང་གི་གདན་ལ་བཞུགས་པ། གཞན་ཡང་དེ་དག་གི་ཕྱི་རོལ་ཏུ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས་ཏེ་སྲིད་གསུམ་འབྱུང་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་ཟ་ཟ་རྔམས་རྔམས་འཕྱོང་ཞིང་རྒྱུག་པའི་ཚུལ་ཅན་མྱུར་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་རྩལ་གྱིས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གར་བཞུགས་ཀྱི་གནས་ནས་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། རྡོ་རྗེ་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། །ཡང་སྤྲུལ་མི་བཟད་འབར་བའི་སྐུར་སྟོན་པ། །གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །སྙིགས་དུས་མི་བཟད་ལྔ་བརྒྱའི་ཐ་མ་འདིར། །སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་དོན་དུ། །ཐུགས་ཉིད་ཞི་བ་ཆོས་དབྱིངས་རྣམ་དག་ཀྱང་། །དྲག་གཏུམ་མི་བཟད་འབར་བའི་སྐུར་བཞེངས་ཤིག །ཞེ་སྡང་འདོད་ཆགས་འབར་བའི་དཀྱིལ་འཁོར་ནས། །མཐུ་ཆེན་ཀླུ་སྲིན་ཡབ་ཡུམ་གཤེགས་སུ་གསོལ། །སྲིད་པ་གསུམ་སོགས་ཞིང་ཁམས་རྒྱ་མཚོ་ནས། སྤྲུལ་པའི་གཟའ་ཆེན་སྡེ་བརྒྱད་གཤེགས༴ ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིང་མོ་གདོང་མོ་མཆེད་བཞི་གཤེགས༴ གཞན་ཡང་བཀའ་སྡོད་སྤྲུལ་པ་ཕོ་ཉའི་ཚོགས། །རང་རང་ཞིང་ནས་གནས་འདིར་གཤེགས་སུ་གསོལ། །ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། བཞུགས་སུ་གསོལ་བ་ནི། ཧཱུྃ། འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྲིང་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཉི་ཟླ་པདྨ་ཞིང་ཆེན་གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཨཱོྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་ཏིཥྛ་ལྷན། ཕྱག་བྱ་བ་ནི། ཧཱུྃ། ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །དྲེགས་པ་ཕོ་མོ་མིང་སྲིང་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ། །ཨཱོྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་པྲ་ཏཱིཙྪ་ཧོཿ ཧཱུྃ། སྤོས་དང་མེ་ཏོག་སྣང་གསལ་ལ་སོགས་དང་། །ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །དངོས་འབྱོར་ཏིང་འཛིན་དགོངས་ཀློང་དག་པས་མཆོད། །ཨཱོྃ་རཱ་ཧུ་ལ་ས་པ་རི་བཱ་རེ་བྷྱཿ ཨརྒྷཾ་ནས་ཤབྡའི་བར་གྱིས་ཐུན་མོང་གི་མཆོད་པ་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བདུད་རྩི་དང་། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་རཀྟ་དང་། རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་གཉན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བླ་ཐུགས་དམ་ཅན། །དམ་ཉམས་སྲོག་གཅོད་གཙོ་ལ་བསྟོད། །བསྡུ་ན་དེ་ཉིད་ཀྱི་མཐར་འོག་གི་འཁོར་བསྟོད་ཤྭ་ལོ་ཀ་གཉིས་པོ་སྦྱར་བས་ཀྱང་ཆོག་གོ །སྤྲོ་ན། ཧྲཱིཿ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །ཞལ་དགུ་ཕྱག་བཞི་རྔམ་པ་སྟེ། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེབ་པའི་གཙོ། །སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་ན་ལྷ་ཡི་གཙོ། །རྒྱ་མཚོའི་གཏིང་ན་ཀླུ་ཡི་བདག །བར་སྣང་ཁམས་སུ་སྡེ་བརྒྱད་རྗེ། །དབུ་དགུ་སྲིད་པ་གསུམ་གྱི་བདག །མགོ་གཅིག་ལྷ་མིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་རྒོད་པའི་ཞལ། །དགྱེས་པས་བཀའ་ཡི་བྱ་ར་བྱེད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུག་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམས་བྱེད་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་ཆེན་འབེབ། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲངས་འཐབས་པའི་རྐན་སྒྲ་རྡེབ། །གཅིག་ནི་འཁྲུག་བྱེད་དྲག་པོའི་ཞལ། །གཡོ་འགུལ་ཆེན་པོས་སེར་བ་འབེབ། །གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གཅིག་ནི་སྟོབས་ཆེན་རྫུ་འཕྲུལ་ཞལ། །སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པར་བྱེད། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་རྒྱུད་གཅོད། །ཆུ་སྲིན་ཞགས་པ་གཡུགས་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རྭ་ཡི་མདའ་གཞུ་བསྣམས་པ་ཡིས། །དམིགས་པའི་དགྲ་བགེགས་རྩད་ནས་གཅོད། །སྤྱན་སྟོང་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་ལ་འབྲུ་ཚུགས་བལྟ། །སྐུ་སྨད་ས་ལ་བརྡབས་པ་ཡིས། །འཇིག་རྟེན་གཡོ་འགུལ་འདེགས་པར་བྱེད། །ཞལ་ནས་ཧཱུྃ་དང་ཕཊ་སྒྲོག་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྐུ་མདོག་དུད་ཁ་འཇིགས་པ་ཡིས། ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན། །སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད། །འཇིག་རྟེན་ཁམས་ན་འགྲན་ཟླ་མེད། །བདུད་དང་དྲེགས་པ་བྲན་དུ་འཁོལ། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་རྣལ་འབྱོར་སྐྱོང་མཛད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །མི་བཟད་དྲག་གཏུམ་རྔམ་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །ཅེས་བསྟོད་པ་བྱའོ། །བཟླས་པ་ནི། གཟའ་བདུད་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ཡིག་ལ་སོགས་པའི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛ༔ ཞེས་ཅི་ནུས་བཟླས་པའི་མཐར། གཏོར་མ་འབྲུ་གསུམ་གྱིས་ཤ་ཁྲག་བདུད་རྩིར་སྤེལ་བ་སྔར་ལྟར་ཕུལ་ནས་ཕྲིན་ལས་གསོལ། ཚོགས་མཆོད་དང་སྐོང་བཤགས་སོགས་བྱེད་ནའང་སྐབས་འདི་ཉིད་དུ་བྱའོ། །ཐུན་གྱི་མཐར་གཏོར་མ་བསྟབ་པ་ནི། གཏོར་མ་སྔར་བཞིན་བསྔོས་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ། །ནམ་མཁའི་གཟའ་རྣམས་དམ་ལ་བཏགས། །བཀའ་ཡི་གཏོར་མ་འདི་བཞེས་ལ། ཁས་བླངས་བཞིན་དུ་ཕྲིན་ལས་མཛོད། །ཅེས་དང་། ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་དང་། །རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས། །ཡེ་ཤེས་ཐིག་ལེའི་དཀྱིལ་འཁོར་ཞལ་ཕྱེའི་ཚེ། །སྔགས་བདག་གཟའ་དང་དམ་ཅན་ཡོངས་འདུས་ནས། །སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང་། །བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ། །རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མ་ཆད་དམ། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་སོགས་ཀྱིས་གཏོར་མ་བསྟབ། གཏང་རག་བཟོད་གསོལ་གཤེགས་གསོལ་སོགས་རྗེས་ཀྱི་བྱ་བ་རྣམས་གཞན་དང་འདྲའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་གཞན་རྣམས་སྔར་དང་འདྲ་བ་ལས་ཁྱད་པར། བུམ་པ་མདུན་བསྐྱེད་དང་དབྱེར་མེད་དུ་བསྒོམས་ནས། མདུན་བསྐྱེད་ཀྱི་བཟླས་པ་སོང་བའི་རྗེས་སུ་བུམ་པ་ལ་གཟུངས་ཐག་བཏགས་ཏེ། གོང་གནོན་གྱི་སྔགས་ལན་བདུན་གྱིས་མགོ་དྲངས་ཏེ་རྩ་སྔགས་བརྒྱ་རྩ་བརྒྱད་ཙམ་དང་། མཐར་འབྲུ་གསུམ་ཉེར་གཅིག་ཙམ་རེ་བཟླ་བ་རྣམས་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་རྣམས་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས་ཁྱད་པར། འདིར་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་གདུག་པ་ཅན་འདུལ་བ་དང་བསྟན་པ་གཉན་པོ་བསྲུང་བའི་ཆེད་དུ་དྲེགས་པ་ཅན་ཐམས་ཅད་ཀྱི་རྗེ་བོའི་ཚུལ་དུ་སྐུར་བཞེངས་པ་གཟའ་བདུད་ཆེན་པོ་རཱ་ཧུ་ལ་ཞེས་བྱ་བ། རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་ནུས་ལྷག་པར་ཆེ་ཞིང་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད་སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དུ་མ་ནས་བསྟན་པ་དང་། ཁྱད་པར་སྒོས་རྒྱུད་བྱ་རོག་མགོ་བརྩེགས་ཀིཾ་ཀང་རོག་ཏིའི་རྒྱུད་སོགས་ལས་གསུངས་ཤིང་། དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ན་བཞུགས་པ་ལ། གནས་དེའི་བྲག་སྦྲུལ་ནག་ཁ་གདངས་པ་འདྲ་བ་ནས་མེ་དང་རླུང་ནག་འཚུབས་པ་གཟིགས་ཏེ། དེ་བརྐོས་པས་བསེའི་གྭའུ་སྦྲུལ་གྱི་རྒྱས་བཏབ་པ་གཅིག་གི་ནང་ནས་འདིའི་སྒྲུབ་ཐབས་རྣམས་བྱུང་ངོ་། །དེར་མི་རེངས་ལག་པ་ཁྲག་གིས་དམར་བ་སྤྱང་ཀི་ལ་ཞོན་པ་གཅིག་དངོས་སུ་འོངས་ནས། བདག་ནི་སློབ་དཔོན་ཆེན་པོ་ཤྲཱི་སིཾ་ཧས་སྲོག་སྙིང་འཕྲོགས་ཏེ་དམ་ལ་བཏགས་པ་ལགས་སོ། །སློབ་དཔོན་ཆེན་པོ་ཉིད་ཀྱི་བཀའ་ནོད་ཅིང་དུས་སྙིགས་མ་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་པ་བཞིན་དུ་སློབ་དཔོན་ཆེན་པོས་གསང་སྔགས་བཀའ་ཡི་སྲུང་མར་བསྐོས་ཤིང་གཉེར་དུ་གཏད་ནས། ཕྱི་རབས་ཀྱི་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་རྣམས་རྣོ་མྱུར་ཟབ་ཅིང་འདྲིལ་བའི་སྙིང་པོར་བསྡུ་བར་མཛད་པ་ཡིན་ཏེ། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དྲང་སྲོང་གཟའ་ཡིས་བསྟན་པ་སྲུང༔ དེ་དུས་མཆོད་སྒྲུབ་སུས་བརྩོན་པ༔ སྲུང་སྐྱོབ་སྲི་ཞུ་བུ་ལྟར་བྱེད༔ ལུས་དང་གྲིབ་མ་བཞིན་དུ་འགྱུར༔ ཕྲིན་ལས་གང་བཅོལ་བྲན་ལྟར་ཉན༔ དེ་ཕྱིར་དབང་བསྐུར་དམ་པ་འདི༔ སྙིང་གི་བུ་ལ་བཞག་པ་ཡིན༔ ཞེས་གསུངས་ནས་ཕྲ་མོ་བྲག་ལ་གཏེར་དུ་སྦས་པ་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱིས་སྤྱན་དྲངས་པ་ལས། ཐུན་མོང་མ་ཡིན་པའི་དབང་བསྐུར་བ་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མས་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཀྱེ༔ བླ་མ་གསང་བདག་རྡོ་རྗེ་འཛིན༔ སྐལ་ལྡན་བདག་ལ་དགོངས་སུ་གསོལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ཡུན་དུ་བསྲུང་བ་དང༔ གདུག་པའི་རུ་དྲ་བསྒྲལ་བའི་ཕྱིར༔ ཆོས་སྐྱོང་གཟའ་མཆོག་ཆེན་པོ་ཡི༔ དབང་ཆེན་བདག་ལ་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཨེ་མ་ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་བསྟན་པའི་བཀའ་སྲུང་ཆེ༔ གཟའ་བདུད་ནག་པོ་མགོ་དགུ་པའི༔ དབང་འདི་བདག་གིས་ཁྱོད་ལ་བསྐུར༔ དམ་ཚིག་མ་འདའ་ཡུན་དུ་སྲུངས༔ ཞེས་བརྗོད། རྒྱུན་བཤགས་གང་རུང་གིས་ཚོགས་གསོག་ཅིང་སྡོམ་པ་གཟུང་། སློབ་དཔོན་དང་སློབ་མ་བདག་བསྐྱེད་ཀྱི་ཡི་དམ་དུ་སྒོམ་ཚུལ་འབོགས་ཤིང་། མདུན་དུ་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ནས། པད་ཉི་དགྲ་བགེགས་ཀྱི་གདན་ལ་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སོགས་ནས། དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་གནས་པའོ། །ཞེས་པའི་བར་ས་བོན་བོར་བའི་ཡོངས་རྫོགས་སམ་ཚིག་རིས་གང་འོས་ཀྱིས་མདུན་བསྐྱེད་གསལ་འདེབས་སུ་གཞུག །བུམ་པ་ལ་བརྟེན་ནས་རྩ་བའི་དབང་བཞི་བསྐུར་བ་ནི། སློབ་དཔོན་ལ་མོས་གུས་དུང་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱིས་མཚོན་པར་བྱུང་བ་སློབ་མའི་གནས་གསུམ་དུ་ཐིམ་པར་མོས་སུ་བཅུག་ལ། བུམ་པ་སྤྱི་བོར་བཞག་སྟེ། ཨཱོྃ༔ སྟོང་གསལ་སྐུ་ཡི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ གཟའ་མཆོག་སྐུ་ཡི་དབང་བསྐུར་རོ༔ གཟའ་དབང་ལུས་ལ་རྫོགས་གྱུར་ཅིག༔ རྩ་སྔགས་ཀྱི་མཐར་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་དབང་བསྐུར་བས་སློབ་མ་གཟའ་བདུད་ཀྱི་སྐུ་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ་པར་བྱས། དེ་བཞིན་དུ་མགྲིན་པར་བཞག་སྟེ། ཨཱ༔ གྲགས་སྟོང་གསུང་གི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ གཟའ་མཆོག་གསུང་གི་དབང་བསྐུར་རོ༔ གཟའ་དབང་ངག་ལ་རྫོགས་གྱུར་ཅིག༔ རྩ་སྔགས་དང་ཨ་བྷི་ཥིཉྩ་ཨཱ༔ གསུང་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ། སྙིང་གར་བཞག་སྟེ། ཧཱུྃ། བདེ་སྟོང་ཐུགས་ཀྱི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ གཟའ་མཆོག་ཐུགས་ཀྱི་དབང་བསྐུར་རོ༔ གཟའ་དབང་ཡིད་ལ་རྫོགས་གྱུར་ཅིག༔ སྔགས་དང་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ། གནས་གསུམ་གར་བཞག་སྟེ། ཧཱུྃ༔ ལྷུན་གྲུབ་ཆེན་པོའི་ཕོ་བྲང་ནས༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ ཡོངས་རྫོགས་ཆེན་པོའི་དབང་བསྐུར་རོ༔ དབང་བསྐུར་ཐམས་ཅད་རྫོགས་གྱུར་ཅིག༔ སྔགས་དང་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ ཞེས་དབང་བསྐུར་པས་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་མཐུ་དབང་ཐོབ། ཡན་ལག་གི་དབང་ནི། གཡས་སུ་རལ་གྲི་གཏད་དེ། རལ་གྲི་འདི་ཡིས་དབང་བསྐུར་བས༔ ཁམས་གསུམ་སྐྱེ་རྒྱུན་གཅོད་པ་དང༔ དགྲ་བོའི་སྲོག་རྩ་གཅོད་པ་ཡི༔ དབང་བསྐུར་དམ་པ་ཐོབ་པར་ཤོག༔་་་རྩ་སྔགས་བརྗོད། ཆུ་སྲིན་ཞགས་པ་གཡོན་དུ་གཏད་ལ། ཆུ་སྲིན་ཞགས་པས་དབང་བསྐུར་བས༔ སྲིད་གསུམ་དབང་དུ་སྡུད་པ་དང༔ དགྲ་བགེགས་ཡན་ལག་འཆིང་བ་ཡི༔ དབང་བསྐུར་དམ་པ་ཐོབ་པར་ཤོག༔་་་་རྩ་སྔགས་བརྗོད། མདའ་གཞུ་ལག་གཉིས་ཀར་གཏད་ལ། མདའ་དང་གཞུ་ཡིས་དབང་བསྐུར་བས༔ དཔའ་དང་དམག་ལས་རྣམ་སྒྲུབ་ཅིང༔ དགྲ་བགེགས་ཐམས་ཅད་སྒྲོལ་བ་ཡི༔ ལས་འདི་ཁྱོད་ཀྱིས་སྒྲུབ་པར་གྱིས༔་་་་རྩ་སྔགས་བརྗོད། མེ་ཕུང་གིས་ལུས་ལ་བསྐོར་ཚུལ་བྱ་ཞིང་། མེ་ཕུང་འདི་ཡིས་དབང་བསྐུར་བས༔ ཡེ་ཤེས་མེ་ཡིས་ལུས་ཁྱབ་ནས༔ འོད་ཀྱིས་སྣང་སྲིད་གང་བ་དང༔ དགྲ་བགེགས་སྲེག་པའི་དབང་ཐོབ་ཤོག༔ ཅེས་པ་བཞི་ཀའི་མཐར་རྩ་སྔགས་ཀྱང་བརྗོད་དོ། །འཁོར་གྱི་གཟའ་བརྒྱད་བཀའ་ཉན་དུ་བྱིན་པར་མོས་ནས་སྐུ་གཟུགས་གཏད་དེ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཟའ་ཆེན་བརྒྱད་ཀྱིས་དབང་བསྐུར་བས༔ སྤྲུལ་པས་འཇིག་རྟེན་བཀང་ནས་ཀྱང༔ དྲེགས་པ་འདུལ་བྱེད་དབང་ཐོབ་ཤོག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་པས་བཀའ་ནོད་ཅིང་རང་རྟགས་ཕྱག་མཚན་རྣམས་གཏད་པར་མོས་ནས། གཟའ་བརྒྱད་ཕྱག་མཚན་བརྒྱད་པོ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ མཚོན་ཆ་སྣ་ཚོགས་ཐོགས་ནས་ཀྱང༔ དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག༔ ཅེས་ཕྱག་མཚན་རྣམས་གཏད། རྣམ་དག་གི་དབང་ནི། ཁྱབ་འཇུག་གི་སྐུ་གཟུགས་མེ་ལོང་དུ་ཤར་བ་བསྟན་ལ། གཟའ་བདུད་ཆོས་སྐྱོང་ལྷ་ཡི་མཆོག༔ དེ་ལྟར་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་རྣམ་དག་ཡེ་ཤེས་སྐུ༔ སྣང་ལ་རང་བཞིན་མ་གྲུབ་པ༔ གཟའ་བདུད་སྐུ་རུ་ཁྱོད་སྒྲུབ་པས༔ གདུག་པ་ཅན་རྣམས་འདུལ་བར་ཤོག༔ ཧོ༔ རིགས་ཀྱི་བུ་ཁྱོད་ལ་ཆོས་སྐྱོང་དྲག་པོ་རཱ་ཧུ་ལའི་དབང་བསྐུར་བས༔ ད་ལྟ་ཉིད་དུ་རཱ་ཧུ་ལའི་སྐུར་གྱུར་ནས་དགྲ་བགེགས་ཐམས་ཅད་སྒྲོལ་བའི་གཉེན་པོར་གྱུར་ཅིག༔ ཅེས་བརྗོད་པས་སློབ་མ་ཡི་དམ་དུ་གསལ་བ་སྐད་ཅིག་གིས་རཱ་ཧུ་ལའི་སྐུར་གྱུར་པའི་ཐུགས་ཀར་ཨོ་རྒྱན་པདྨ་ཚོན་གང་བ། དེའི་ཐུགས་ཀར་ཡེ་ཤེས་ཀྱི་རཱ་ཧུ་ལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཐལ་མོ་སྦྱར་བ་ཆུང་ངུ་གཅིག་སྒོམས། དེ་ནས་གཏོར་མའི་དབང་ནི། ཧྲཱི༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཆོས་སྐྱོང་ཚོགས་རྣམས་མཆོད་པའི་ཕྱིར༔ གཏོར་མ་འདི་ཡིས་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔ ཅེས་དང་བཀའ་བསྒོ་སྤྱི་དང་མཐུན་པར་བྱས་ཏེ། གཏོར་མའི་ལྷ་སློབ་མ་ལ་བསྟིམ། དེ་ཡང་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་བསྟིམ་ནས་བློ་འདས་ཆོས་སྐུའི་ངང་དུ་དར་ཅིག་མཉམ་པར་འཇོག༔ གཏོར་མའི་མཐེབ་ཀྱུ་ནས་ཅུང་ཟད་བླངས་པ་བདུད་རྩི་དང་སྦྱར་བ་སློབ་མ་ལ་སྦྱིན། གཏོར་མ་སླར་ཡང་ལྷར་གསལ་བ་ལ་བདུད་རྩི་ཅུང་ཟད་བྲན་ཏེ་དམ་བསྲེ། དམ་བསྒྲག་ཁས་བླངས་ཡོན་འབུལ་སོགས་སྤྱི་དང་འདྲའོ། །ཆོ་གའི་རྗེས་ཆོག་ཀྱང་སྔར་བཤད་པ་ལྟར་རོ།། །། ༄། ཡང་གཏོར་དབང་ཙམ་སྒྲུབ་པར་འདོད་ན། སྟེགས་བུའི་ཁར་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་ཅན་བཀོད། དེའི་ཁར་གཏོར་མ་སྐུ་རྟེན་དང་མདའ་དར་བཙུགས་པ་བཞག །མཐའ་མཆོད་པས་བསྐོར། བདག་མདུན་གྱི་སྒྲུབ་མཆོད་རྣམས་སྔར་ལྟར་བྱས་ལ། སློབ་མའི་བྱ་བ་མཎྜལ། གསོལ་བཏབ། རྒྱུན་བཤགས་རྣམས་སྔོན་དུ་འགྲོ་བས། སློབ་དཔོན་ཡི་དམ་དང་གཏོར་མ་མདུན་བསྐྱེད་བཞིན་གསལ་འདེབས་སུ་བཅུག་པ་སྤྱི་བོར་བཟུང་ལ། གཏོར་མ་འདི་དྲང་སྲོང་གཟའ་བདུད་ཆེན་པོ་འཁོར་དང་བཅས་པར་བསམ། དེའི་སྟེང་དུ་བླ་མ་གསང་བའི་བདག་པོའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་དང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གཏིབས་པ་བཞིན་དུ་བཞུགས་པར་བསམ། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ་འདོད་པའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་མཛད་པར་མོས་ལ། ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །སོགས་ཀྱི་མཐར་བརྒྱུད་པའི་བཤར་འདེབས་དང་བཀའ་བསྒོ་རྒྱས་བསྡུས་ཅི་རིགས་སྔགས་དང་བཅས་བརྗོད་པའི་མཐར། གཏོར་མའི་ལྷ་སློབ་མའི་སྤྱི་བོ་ནས་ཞུགས་གཉིས་མེད་དུ་གྱུར་པས་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་མོ། །ནད་པའི་དོན་དུ་དམིགས་ནས་བྱེད་ན། གཏོར་མ་སྤྱི་བོར་བཞག་ནས་བཀའ་བསྒོས་པའི་ཚེ། འདོད་པའི་ཕྲིན་ལས་ཐམས་ཅད་ཐོག་མེད་དུ་མཛད་པར་མོས་པ་ཡན་ཆད་སྔར་ལྟར་ལས། དེའི་ཚེ་ནད་པའི་ལུས་ཀྱི་ནད་གདོན་ཐམས་ཅད་མཐོངས་ཁུང་ནས་དུད་པ་འགྲོ་བ་ལྟར་སྤྱི་བོ་ནས་སངས་ཀྱིས་ཐོན་པ་གཏོར་མའི་གཟའ་བདུད་འཁོར་བཅས་ཀྱི་ཞལ་དུ་སིབ་སིབ་ཐིམ་པས་སློབ་མའི་ལུས་དྭངས་གསལ་དྲི་མ་ཐམས་ཅད་དང་བྲལ་བར་བསམ་ལ། སློབ་མས་ཨཱོྃ་ཀེ་ཏ་ཀེ་ཏ་སྭཱ་ཧཱ༔ ཞེས་བཟླ་ཞིང་། སློབ་དཔོན་གྱིས་ཨཱོྃ་རཱ་ཧུ་ལ་ཀེ་ཏ་ཀེ་ཏ་མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དང་། བཀའ་བསྒོ་གཞན་རྣམས་སྔར་ལྟར་ལས་ནད་གདོན་ཞི་བའི་ཕྲིན་བཅོལ་དང་བཅས་པ་བརྗོད་པའི་མཐར། གསང་བདག་སོགས་ཡི་དམ་གྱི་དྲག་སྔགས་ཅི་རིགས་བཟླས་པས། གཏོར་མའི་དྲང་སྲོང་འཁོར་བཅས་ནམ་མཁའི་མཐོངས་སུ་འཇའ་ལྟར་ཡལ། སྟེང་གི་གསང་བདག་སློབ་མ་ལ་ཐིམ་པས་གསང་བདག་དངོས་སུ་གྱུར་སྙམ་པའི་ང་རྒྱལ་གཟུང་། ཨཱོྃ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བསྲུང་བ་བྱ་ཞིང་ཤིས་བརྗོད་དང་ཡོན་འབུལ་བ་སོགས་སྤྱི་དང་འདྲ། གཏོར་མ་འགྱུ་ཕྱོགས་སུ་གཏང་། དེའི་ཚེ་གཏོར་མ་འགྱེལ་བ། གས་པ། རྒྱན་ཟག་པ། མདའ་དར་འགྱེལ་བ་སོགས་བྱུང་ན་ངན་པས་རིམ་གྲོ་དྲག་ཏུ་བྱའོ། །ཐུན་མོང་མ་ཡིན་པའི་སློབ་མ་རེ་རེ་ཙམ་ལ་གོང་གི་སྲོག་དབང་དཀྱུས་བཞིན་སྦྱིན་དུ་རུང་གི །སློབ་མ་ཐུན་མོང་བ་ཙམ་ལ་སྲོག་དབང་ཉིད་བསྐུར་དགོས་པ་བྱུང་ན། མེ་དབང་ཡན་ཆད་སོང་བའི་རྗེས་སུ་གཏོར་མའི་བཀའ་བསྒོ་དཀྱུས་མ་ཙམ་ཞིག་བྱས་པས་འགྲུབ། ཡང་གསོལ་ཁ་ཙམ་ལ་འཇུག་འདོད་དང་རྐྱེན་སེལ་གྱི་ཕྱིར་ཞུ་ན་ནི། གཏོར་དབང་ཁོ་ན་བསྒྲུབས་པས་ཀྱང་དགོས་པ་འགྲུབ་ཅིང་། ཁྱད་པར་ཆོས་བརྒྱུད་སེལ་ཅན་དང་། ཆོས་སྒོར་མ་ཞུགས་པའི་རིགས་ལ་སྲོག་དབང་ཟབ་མོའི་ལུགས་སུ་བསྐུར་བ་ནི། བསྐུར་བྱའི་ཡུལ་ལ་མི་ཕན་ཞིང་རང་ལ་བཀའ་ཆད་སྒྲུབ་པ་ཡིན་པས། གནས་སྐབས་ཉི་ཚེའི་དོན་དུ་གཏོར་དབང་ཙམ་བྱེད་དགོས་ནའང་། གཏོར་དབང་རྐྱང་པ་དེ་ཉིད་ཚིག་ཚོགས་ཀྱི་སྤྲོས་པ་དང་བཅས་པ་བྱས་ན་འཁུ་ལྡོག་ཆུང་བ་ཡིན། དེ་ཡང་གཙོ་རྐྱང་འཇམ་ཞིང་འཁོར་ཅན་གཉན་པས་དེའི་འདོར་ལེན་གྱི་སྐབས་ཀྱང་ཤེས་པར་བྱའོ། །གཏོར་མ་ཉིད་ལྷར་བསྐྱེད་པ་དང་དེའི་སྟེང་གི་ནམ་མཁར་ལྷ་བསྐྱེད་པ་གཉིས་ལའང་ཟབ་པ་དང་མི་ཟབ་པའི་ཁྱད་པར་ཡོད་ཅེས་གསུང་ངོ་། །རྣམ་འ༵གྱུར་མི་བཟད་ཐོགས་མེ༵ད་མཐུས། །རྡོ༵་རྗེ༵་འཆང་གི་བཀའ་བཞིན་དུ། །བསྟན་སྲུང་གཙོ་བོ་རཱ་ཧུ་ལའི། །སྒྲུབ་ཐབས་དབང་ཆོག་མྱུར་བདེའི་སྐྱེས། །གཟའ་བདུད་རཱ་ཧུ་ལའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ རྩ་བ་མངོན་རྫོགས་རྒྱལ་པོ་དང༔ ཡན་ལག་དགུ་བསྒྲིལ་དབང་རྣམས་ (Volume 62, Text 52)
༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ རྩ་བ་མངོན་རྫོགས་རྒྱལ་པོ་དང༔ ཡན་ལག་དགུ་བསྒྲིལ་དབང་རྣམས་བཞུགས་སོ༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ྈྈྈྈ ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ༔ དུས་གསུམ་ཀུན་ཏུ་མ་འཁྲུལ་ཞིང༔ རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང༔ སྐུ་གསུམ་བདག་ཉིད་སྟོན་པ་ལ༔ གཉིས་སུ་མེད་པར་ཕྱག་བྱས་ནས༔ པདྨ་བདག་གི་མན་ངག་བཀོད༔ ཕྱི་རབས་རྣམས་ཀྱིས་ཉམས་སུ་ལོངས༔ ཐབས་ཀྱི་མཐར་ཐུག་ཁོ་ན་འོ༔ ས་མ་ཡ་རྒྱ་རྒྱ༔ རྫོགས་པ་ཆེན་པོ་སྐོར་གསུམ་ལས༔ ནང་སྐོར་ཀློང་སྡེའི་ཡི་དམ་ལྷ༔ རིག་འཛིན་ཀུན་གྱི་ཐུགས་ཀྱི་བཅུད༔ མངོན་རྫོགས་རྒྱལ་པོའི་དབང་བསྐུར་ལ༔ རྩ་བ་དགུ་བསྒྲིལ་ཡན་ལག་རྣམས༔ སྔོན་དུ་འཐོར་བའི་ཐབས་སུ་ཡོད༔ འདི་ན་ཀུན་དྲིལ་ཟབ་པར་གདམས༔ ས་མ་ཡ་རྒྱ་རྒྱ༔ ཕུན་སུམ་ཚོགས་པར་གྱུར་པ་ན༔ རྩ་བའི་སྟ་གོན་བཞིན་དུ་བྱ༔ དཀྱིལ་འཁོར་རིམ་པ་བཅུ་གཅིག་བྲི༔ ལྡིང་ཁྲི་ལྔ་བརྩེགས་ཐམས་ཅད་དུ༔ རྒྱས་པར་སྐོར་གསུམ་ཐམས་ཅད་དམ༔ བསྡུ་ན་རྩ་བ་འདི་ཉིད་ཀྱི༔ དཀྱིལ་འཁོར་སྒྲུབ་རྫས་བཀྲ་བར་བཤམས༔ ཕྱི་རུ་ཐེག་དགུའི་སྒོ་འབྱེད་སོགས༔ དཀྱིལ་འཁོར་ཐམས་ཅད་ཆིག་རྫོགས་བཞེངས༔ རྒྱན་གྱིས་རྣམ་པར་བརྒྱན་པར་བྱ༔ སྒྲུབ་མཆོད་ཕྲིན་ལས་ནར་མར་གཏང༔ ཐེག་པ་དགུ་ཡི་དཀྱིལ་འཁོར་རྣམས༔ རྩ་བའི་འཁོར་གྱི་ཚུལ་དུ་བསྒོམ༔ དཔེར་ན་རྩ་བའི་ཤེལ་གཅིག་ལ༔ ཐོ་ཕྱིར་འཇའ་ཚོན་ཤར་བཞིན་བསྒོམ༔ སློབ་དཔོན་ཐར་འདོད་གསོལ་བ་གདབ༔ བླ་མས་སྒོ་འབྱེད་བུམ་པ་ཐོགས༔ ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུས༔ སློབ་མའི་དུག་གསུམ་སྒྲིབ་སྦྱངས་ནས༔ ན་རཀ་གནས་རྣམས་དོང་སྤྲུགས་ཤོག༔ ཨཱོྃ་བཛྲ་པཱ་ཎི་ཧཱུྃ་ཕཊ྄༔ ཡུངས་དཀར་བྲབས་ཤིང་ཉི་ཟླས་སྦྱོང༔ ཨཱོྃ་བཛྲ་སུ་ར་ཏི༔ ཨཱོྃ་བཛྲ་ཨཉྫ་ལི༔ ཨཱོྃ་བཛྲ་བྷནྡྷ་བཾ༔ ཨཱོྃ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨཱོྃ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ ཨཱོྃ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄༔ སློབ་མ་ངན་སོང་གི་གནས་ནས་ཐར་བར་བསམ་ལ༔ ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་ཁྲོ་བོའི་རྒྱལ༔ ཐར་པར་འདྲེན་པས་དབང་བསྐུར་རོ༔ ཨཱོྃ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དམྱལ་བ་འདུལ་མཛད་ཆོས་ཀྱི་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ ཞེ་སྡང་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཡི་དྭགས་འདུལ་མཛད་ཁ་འབར་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ འདོད་ཆགས་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུད་འགྲོ་འདུལ་མཛད་སེང་རབ་བརྟན༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ གཏི་མུག་སྡིག་སྒྲིབ་འཇོམས་མཛད་པའི༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྵཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ རྗེས་འབྲེལ་སྔར་ལྟར་ཁྲུས་བྱས་ཤིང༔ ཧཱུྃ༔ ཕྲག་དོག་རབ་ཏུ་འཇོམས་པ་དང༔ རྟག་ཆད་གཉིས་ཀྱི་མཐའ་བསལ་མཛད༔ གཟུགས་ཅན་མུ་སྟེགས་ལ་སོགས་པའི༔ ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང༔ གཟུགས་མེད་ལྷ་མིན་མཐུ་ཆེན་འཇོམས༔ ལྷ་མིན་བཅོམ་ལྡན་ཐགས་བཟང་རིས༔ རྒྱལ་པོའི་ཆ་ལུགས་འཁོར་ལོ་འཛིན༔ དེད་དཔོན་བཞི་ཡི་ཚོགས་རྣམས་ཀྱིས༔ ལོག་ལྟ་འཇོམས་ཕྱིར་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཏྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་དང་པོ་སྒོ་འབྱེད་དོ༔ ས་མ་ཡ་རྒྱ་རྒྱ༔ མི་ཡི་དགེ་བཅུ་སྟོན་པའི་ཕྱིར༔ ཧཱུྃ༔ བཀྲ་ཤིས་བུམ་པ་ཀུན་ཏུ་དགེ་བའི་ཁྲུས༔ མཛངས་ཤིང་བློ་གྲོས་ལྡན་པར་བྱ་བའི་ཕྱིར༔ སངས་རྒྱས་བྱིན་རླབས་བདུད་རྩི་ཆུ་ཡི་མཆོག༔ དེང་འདིར་སྐལ་ལྡན་རྣམས་ལ་དབང་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་ཤཱཀྱའི་རྒྱལ༔ ཟས་གཙང་སྲས་པོ་ཁྱེའུ་མཛེས་པའི་གཟུགས༔ ལྟ་བས་ཆོག་མི་ཤེས་པ་རྒྱལ་པོའི་ཚུལ༔ དང་པོ་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གཉིས་པ་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གསུམ་པ་ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ བཞི་པ་ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ འཇིག་རྟེན་མི་ཡི་རྒྱལ་པོ་སྡེ་ལྔ་ཡིས༔ བཀྲ་ཤིས་རྣམ་པར་དགེ་བའི་དབང་བསྐུར་བས༔ སྐྱོན་སྤང་ལེགས་པའི་ཡོན་ཏན་སྒྲུབ་པ་ཡི༔ དགེ་བཅུ་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ ཨཱོྃ་མུ་ནེ་སྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་གཉིས་པ་མིའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ ལྷ་ཡི་དགེ་བཅུ་སྟོན་པའི་ཕྱིར༔ བཀྲ་ཤིས་བུམ་པ་ཐོགས་བྱས་ལ༔ ཧཱུྃ༔ ཅིར་ཡང་འགྱུར་བའི་སྣ་ཚོགས་ཆོ་འཕྲུལ་ལས༔ བཀྲ་ཤིས་བུམ་པ་ཁྲུས་ཀྱི་གཞལ་ཡས་ཁང༔ ལྷ་ཡི་བྱ་བ་ཐོག་མར་དག་བྱེད་ཁྲུས༔ འཇིག་རྟེན་ཆོས་ཚུལ་དེ་དང་མཐུན་པའི་ཕྱིར༔ དགེ་བའི་ཁྲུས་ཆབ་གཙང་མས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་བརྒྱ་བྱིན་ནི༔ དམ་པ་ཏོག་དཀར་ལྷ་ཡི་རྒྱལ་པོའི་ཚུལ༔ ཀུན་ལ་དབང་བསྒྱུར་ཚངས་པ་གདོང་བཞི་དང༔ སྲིད་པའི་མེས་པོ་ལྷ་དབང་བརྒྱ་བྱིན་ནི༔ ཀུན་ཏུ་དགེ་བ་ལྷ་ཡི་ཚོགས་ཀྱི་རྗེ༔ ཀུན་ཏུ་མཛེས་པ་ལྷ་མོ་སྒྱུ་འཕྲུལ་མ༔ ལྷ་ཡི་དགེ་བཅུ་ཕུན་སུམ་ཚོགས་གྱུར་པའི༔ འཇིག་རྟེན་ལྷ་དབང་རྣམས་ཀྱི་དབང་བསྐུར་རོ༔ ཨཱོྃ་མུ་ནེ་ཀྲེཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཡན་ལག་གསུམ་པ་ལྷའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཉན་ཐོས་ཐེག་པའི་དབང་བསྐུར་ནི༔ ཚུལ་བཞིན་བྱ་བ་འདི་ལྟ་སྟེ༔ ཧོ༔ རྒྱལ་བ་འཇིག་རྟེན་ལ་ནི་སྐུ་བལྟམས་ཚེ༔ ལྷ་ཡི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ལྟར༔ རྣམ་པར་རྒྱལ་བའི་བུམ་པ་ཁྲུས་ཀྱི་མཛོད༔ འཇིག་རྟེན་ཀུན་ཏུ་ཤིས་པ་དང་པོའི་དབང༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧོ༔ རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་ཚེ༔ ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་དང༔ སྤྱི་བླུགས་ཆུ་སྣོད་ཆུ་ཚགས་ལ་སོགས་པའི༔ རབ་བྱུང་ཆ་ལུགས་ཆས་ཀྱིས་དབང་བསྐུར་བས༔ ཚངས་པར་སྤྱོད་པའི་སྡོམ་པ་ཡོངས་རྫོགས་ཤོག༔ ཧཱུྃ༔ སྟོན་པའི་རྒྱལ་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་ས་གནོན་མཉམ་གཞག་མཚན་དཔེས་སྤྲས༔ ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉེ་བར་འཁོར༔ མངོན་པར་ཤེས་པ་ལྡན་པ་ཤཱ་རིའི་བུ༔ རྫུ་འཕྲུལ་ཁྱད་པར་འཕགས་པ་མོའུ་གལ་བུ༔ རྒྱལ་བའི་རིམ་གྲོ་ཉན་ཐོས་ཀུན་དགའ་བོ༔ གཞན་ཡང་ཉན་ཐོས་དགེ་སློང་དཔག་མེད་པས༔ དབང་བསྐུར་ཚུལ་ཁྲིམས་མཐའ་རུ་ཕྱིན་པར་ཤོག༔ ཨཱོྃ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཨེ་མ༔ ལྷ་མིའི་ཐེག་པ་དགེ་བ་བཅུ་སྤྱད་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས༔ འཁོར་བར་འཕགས་པ་ནམ་ཡང་མི་འགྱུར་ཞིང༔ དགེ་སྡིག་སྤང་བླང་ཙམ་ལས་ལྟ་བ་མེད༔ ཉན་ཐོས་ལྟ་བ་བག་ཡོད་ཚུལ་བཞིན་ལས༔ ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་པ་དང༔ གང་ཟག་བདག་མེད་རྟོགས་པ་སྐད་ཅིག་མ༔ དེ་ལས་གཞོམ་མེད་གཞན་དུ་སྟོང་པར་ལྟ༔ དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཞི་པ་ཉན་ཐོས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ རང་རྒྱལ་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ བཀྲ་ཤིས་བུམ་པས་ཁྲུས་བྱ་ཞིང༔ ཧཱུྃ༔ ཐོག་མཐའ་བར་དུ་དགེ་བའི་ལྷ་ཡི་ཆུ༔ དངོས་པོའི་དྲི་འཇོམས་མི་རྟག་ཚུལ་སྟོན་པ༔ ཡོངས་སུ་སྡིག་སྒྲིབ་འཇོམས་པའི་ཆུ་ཡིས་བཀྲུ༔ རྫུ་འཕྲུལ་ཤུགས་ཀྱིས་སྟོན་པའི་དབང་ཐོབ་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ སློབ་དཔོན་མེད་པར་རང་སངས་རྒྱས་པའི་སྐུ༔ ཉོན་མོངས་དགྲ་བཅོམ་མ་རིག་ཀུན་ལས་ལྡོག༔ རང་རྒྱལ་གཙོ་བོ་སྐུ་ལས་མེ་འབར་དང༔ མི་རྟག་དོན་རྟོགས་སྐུ་ལས་ཆུ་འཁྲུགས་དང༔ སྟོང་ཉིད་དོན་རྟོགས་རང་རྒྱལ་མཁའ་ལ་བཞུགས༔ མི་རྟོག་དོན་རྟོགས་རང་རྒྱལ་འཇིགས་པ་མེད༔ སྣང་བའི་ཆོས་ལ་མི་ཞེན་འོད་ཕུང་འབར༔ རང་རྒྱལ་ཆེན་པོ་རྣམས་ཀྱི་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་ཐོག་མ་མ་རིག་པ༔ ཡོངས་དག་གང་ཟག་བདག་མེད་ཉིད་རྟོགས་ཤིང༔ སྲིད་པའི་འཁོར་ལོའི་དྲྭ་བ་རྣམ་འཇོམས་པའི༔ རྟེན་འབྲེལ་བཅུ་གཉིས་མངོན་པར་དག་གྱུར་པས༔ བརྡ་རྟགས་གཟུགས་ཀྱི་ཐ་མ་གདོས་བཅས་ཚོགས༔ མི་རྟག་སྟོན་པའི་ཚུལ་གྱིས་དབང་བསྐུར་རོ༔ དྷརྨ་ཨ་བྷི་ཥིཉྩ་ཨཱ༔ ཡན་ལག་ལྔ་པ་རང་རྒྱལ་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ བྱང་སེམས་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ ཧཱུྃ༔ ཕན་བདེའི་འབྱུང་གནས་བཀྲ་ཤིས་བུམ་པ་རུ༔ བྱང་ཆུབ་སེམས་ཀྱི་ཆུ་ཡི་བདུད་རྩིས་བཀང༔ སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱོང་བའི་ཕྱིར༔ སྐལ་ལྡན་རྣམས་ལ་སྙིང་པོའི་ཁྲུས་གསོལ་བས༔ བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཏུ་གྱུར༔ རྒྱ་ཆེན་རྒྱུན་མི་ཆད་པའི་བྱང་ཆུབ་སེམས༔ རྣམ་པར་བརྟན་ཅིང་རབ་ཏུ་འཕེལ་གྱུར་ཅིག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བྱང་ཆུབ་སེམས་དཔའི་སྐུ་རྣམས་སྤྱི་བོར་བཞག་ཅིང༔ ཧཱུྃ༔ སྙིང་རྗེའི་བདག་ཉིད་འཕགས་མཆོག་ཐུགས་རྗེ་ཆེ༔ མཁྱེན་བརྩེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ སྡུག་བསྔལ་ཀུན་འཇོམས་བཅོམ་ལྡན་རྡོ་རྗེ་འཛིན༔ ས་བཅུའི་མགོན་པོ་འཕགས་མཆོག་མི་ཕམ་མགོན༔ གཞན་ཡང་སྒྲིབ་པ་རྣམ་སེལ་ནམ་མཁའི་སྙིང༔ ཀུན་ཏུ་བཟང་པོ་ས་ཡི་སྙིང་པོ་དང༔ ཟླ་བའི་བློ་གྲོས་བྱམས་མགོན་ཐུགས་རྗེའི་གཏེར༔ སེམས་དཔའི་རྒྱལ་པོ་གསེར་འོད་དམ་པ་སོགས༔ བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གི༔ ཐུགས་བསྐྱེད་རྣམ་དག་སྨོན་ལམ་ཡོངས་གྲུབ་པ༔ སེམས་ཅན་ཀུན་ལ་སྨན་མཛད་མཁྱེན་བརྩེ་ནུས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨཱོྃ་བོ་དྷི་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྡུག་བསྔལ་གཅོད་མཛད་ཤེས་རབ་རལ་གྲི་དང༔ ཉོན་མོངས་གཅོང་ནད་འབྱིན་པའི་སྨན་གྱི་རྒྱལ༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ༔ སེམས་ཅན་ཀུན་གྱི་དབུགས་དབྱུང་ཆོས་ཀྱི་དུང༔ བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ཁྱབ་པ༔ རྟག་ཏུ་ཡོན་ཏན་མངོན་སུམ་རྫོགས་གྱུར་པའི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་དགོངས་པ༔ སེམས་ཅན་ཀུན་ལ་དེ་ཉིད་འབྱུང་གྱུར་ཅིག༔ ཨཱོྃ་སརྦ་བོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་གྱི་ཕྱག་གདེངས་ཏེ༔ འདི་ཕན་ཐེག་དམན་ཉན་ཐོས་རང་དོན་ཏེ༔ འདི་ནི་ཐེག་ཆེན་གཞན་དོན་རླབས་ཆེན་ཡིན༔ སྨོན་ལམ་ཡང་དག་དགེ་བའི་འཇུག་པ་སྟེ༔ བྱང་ཆུབ་སེམས་དཔའི་སྡོམ་པ་བླ་ན་མེད༔ བདག་མེད་རྣམ་གཉིས་རང་བཞིན་རྟོགས་གྱུར་ཏེ༔ དེ་རིང་བྱང་ཆུབ་སེམས་དཔའི་རིགས་ཅན་ནོ༔ རྒྱལ་བ་ཀུན་གྱིས་སྲས་ཀྱི་དམ་པར་དགོངས༔ སྤྲོ་བ་སྐྱེད་ཅིག་གཞན་ཕན་རྒྱ་ཆེར་གྱིས༔ བྷོ་དྷི་སཏྭ་ཨཱ༔ ཡན་ལག་དྲུག་པ་བྱང་སེམས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཀྲི་ཡའི་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ དག་བྱེད་ཁྲུས་ཀྱི་བུམ་པ་ཐོགས༔ ཧཱུྃ༔ རྣམ་པར་རྒྱལ་བའི་སྟོན་པ་སངས་རྒྱས་ཉིད༔ ས་ཆེན་འདི་རུ་རྣམ་པར་བལྟམས་པའི་ཚེ༔ ཀུན་གྱི་དང་པོ་བཀྲ་ཤིས་ཁྲུས་གསོལ་ལྟར༔ ཤིན་ཏུ་དགེ་བའི་ཆབ་ཀྱིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ལྷ་རྣམས་ཀྱི་སྐུ་སྤྱི་བོར་བཞག་ཅིང༔ ཧཱུྃ༔ སྟོན་པ་གསེར་མདོག་མྱ་ངན་མེད་པའི་རྒྱལ༔ ཉོན་མོངས་དུག་རྣམས་སེལ་བའི་རྨ་བྱ་ཅན༔ སྒྲིབ་པའི་དྲི་མའི་ཚོགས་འཇོམས་བསིལ་བའི་ཚལ༔ གདོན་བགེགས་མ་ལུས་ཀུན་འཇོམས་སོ་སོར་འབྲང༔ སྡུག་བསྔལ་རྣམ་པར་འཇོམས་པ་ལྷ་མོའི་མཆོག༔ འཇིགས་པ་བརྒྱད་རྣམས་ཞི་མཛད་ཞི་བ་མ༔ ཡོངས་སུ་སྡུག་བསྔལ་སྦྱོང་མཛད་རིག་པའི་རྒྱལ༔ ཀུན་ཏུ་བསོད་ནམས་འཕེལ་མཛད་རྣམ་པར་རྒྱལ༔ ལས་ཀུན་གྲུབ་པར་མཛད་པ་གྲུབ་པ་མོ༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་དབང་བསྐུར་བས༔ ཤིན་ཏུ་རྣམ་པར་དགེ་དང་བཀྲ་ཤིས་ཤིང༔ རྣམ་པར་རྒྱལ་བའི་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ནས༔ ཉོན་མོངས་དུག་འཇོམས་ཕ་རོལ་ཕྱིན་པའི་ཆུ༔ བཀོད་པ་ཁྱད་འཕགས་དགེ་མཚན་དུ་མར་བཅས༔ ཡེ་ཤེས་ཆུ་བོ་མཆོག་གིས་ཁྲུས་བགྱི་འོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དམ་པ་ཏོག་དཀར་ལྷ་ཡུལ་ནས་གཤེགས་ཏེ༔ དེ་ཚེ་རྒྱལ་བ་བྱམས་པ་མགོན་པོ་ལ༔ རྒྱལ་ཚབ་དབང་བསྐུར་ཅོད་པན་བཅིངས་པ་ལྟར༔ རིན་ཆེན་ཅོད་པན་དམ་པས་དབང་བསྐུར་རོ༔ ཨཱོྃ་རཏྣ་མུ་ཀུ་ཏྲཱཾ་ཨ་བྷི་ཥིཉྩ་མི༔ རིགས་གསུམ་ལྷ་ཡི་སྐུ་སྤྱི་བོར་བཞག་ཅིང༔ ཧཱུྃ༔ སྣང་སྲིད་རིགས་གསུམ་དཀྱིལ་འཁོར་མཐོང་བའི་ཕྱིར༔ སྐུ་ཡི་རིགས་མཆོག་འཇམ་དཔལ་ཡེ་ཤེས་སེམས༔ གསུང་གི་རིགས་མཆོག་འཕགས་པ་སྤྱན་རས་གཟིགས༔ ཐུགས་ཀྱི་རིགས་མཆོག་བཅོམ་ལྡན་གསང་བའི་བདག༔ དུག་གསུམ་དག་ནས་སྐུ་གསུམ་མཐོང་བ་དང༔ རིགས་གསུམ་ལྷ་ཚོགས་རྣམས་དང་དབྱེར་མེད་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བདུན་པ་ཀྲི་ཡའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཨུ་བྷའི་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ དག་བྱེད་ཁྲུས་ཀྱི་བུམ་པ་ཐོགས༔ ཧཱུྃ༔ རང་གསལ་དག་པའི་བུམ་པ་རུ༔ ཡེ་ཤེས་བཞི་ཡི་ཆུ་ཡིས་བཀང༔ ཉོན་མོངས་སྦྱོང་ཕྱིར་ཁྲུས་བགྱིས་པས༔ ཡེ་ཤེས་རྣམ་བཞི་མཐོང་བར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རིན་ཆེན་ཅོད་པན་དབང་བསྐུར་ལ༔ ཧཱུྃ༔ རྣམ་པར་རྒྱལ་བའི་སངས་རྒྱས་ཀྱི༔ རིན་ཆེན་དབང་རྟགས་ཅོད་པན་ཆེ༔ རྒྱལ་བའི་དབང་རྣམས་རྫོགས་པའི་ཕྱིར༔ དབུ་རྒྱན་དམ་པས་དབང་བསྐུར་རོ༔ རཏྣ་མུ་ཀུ་ཏྲཱཾ༔ རྡོ་རྗེ་དྲིལ་བུ་ལག་ཏུ་གཏད༔ ཧཱུྃ༔ རྣམ་པར་དག་པའི་ཡེ་ཤེས་ཀྱི༔ ཐབས་ཀྱི་རྡོ་རྗེ་གཟུང་བར་གྱིས༔ སྟོང་པ་ཟུང་འཇུག་དབྱངས་ལྡན་པའི༔ ཤེས་རབ་དྲིལ་བུ་གཟུང་བར་གྱིས༔ བཛྲ་དྷཱ་ར་ཀརྨ་གཎྜེ༔ བསྣོལ་ཏེ་ཕྱག་རྒྱ་བྱེད་དུ་གཞུག༔ ཧཱུྃ༔ སྔགས་དང་ཕྱག་རྒྱ་བླ་མེད་པས༔ ཐམས་ཅད་ཡེ་ཤེས་ཆེན་པོར་སྒྱུར༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ སྔགས་དང་ཕྱག་རྒྱ་གཟུང་བར་གྱིས༔ ཨ་ཨཱ་ཨི་ཨཱི་སོགས། ཀ་ཁ་ག་གྷ་ང་སོགས། ལྷ་སྐུ་ཕྱག་རྒྱ་སྤྱི་བོར་བཞག༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བཅོམ་ལྡན་རྣམ་སྣང་མཛད༔ སོར་རྟོག་ཡེ་ཤེས་བཅོམ་ལྡན་སྣང་མཐའ་ཡས༔ མེ་ལོང་ཡེ་ཤེས་བཅོམ་ལྡན་མི་བསྐྱོད་པ༔ མཉམ་ཉིད་ཡེ་ཤེས་བཅོམ་ལྡན་རིན་ཆེན་འབྱུང༔ རྒྱལ་བ་རིགས་བཞིའི་དབང་ཆེན་རབ་བསྐུར་བས༔ རིགས་བཞིའི་ལྷ་ཡི་དངོས་གྲུབ་འགྲུབ་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་པདྨ་དྷཱ་ར་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བརྒྱད་པ་ཨུ་བྷའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཡོ་གའི་ཐེག་པའི་དབང་བསྐུར་བ༔ ཚུལ་བཞིན་བགྱི་བ་འདི་ལྟ་སྟེ༔ སློབ་དཔོན་གྱིས་ནི་སློབ་མ་ལ༔ འདི་ཕན་ཉོན་མོངས་བཀྲུ་བའི་བྱ་བ་ཡིན༔ ད་ནི་ཡེ་ཤེས་གོང་དུ་འཕེལ་བ་ཡི༔ གསང་སྔགས་ཡོ་གའི་ཐེག་པར་འཇུག་པ་སྟེ༔ རིགས་ལྔའི་སྡོམ་པ་མ་ལུས་ཐུབ་པར་སྲུངས༔ ཞེས་བརྗོད་སློབ་མས་ལན་གསོལ་བ༔ བདེ་བར་གཤེགས་པ་སློབ་དཔོན་དགོངས༔ རིགས་ལྔའི་སྡོམ་པ་མ་ལུས་པ༔ རྣལ་འབྱོར་རྒྱུད་དུ་གང་གསུངས་པ༔ དེ་དག་ཐམས་ཅད་བདག་གིས་བསྡམ༔ ས་མ་ཡ་ཨི་དན་ན་ར་ཀན༔ སློབ་མ་རྣམ་སྣང་ལ་བསྒོམས་ཡེ་ཤེས་བསྟིམ༔ བརྟན་བྱས་མེ་ཏོག་དོར་ཞིང་མིག་དབྱེ་ལ༔ པུཥྤེ་པཱུ་ཛ་ཧོ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄༔ རྣམ་པར་རྒྱལ་བའི་བུམ་པ་སྤྱི་བོར་བཟུང༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་བུམ་པ་རུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་བཞེངས༔ དག་པ་ལྷ་ཡི་བདུད་རྩི་དབབ་པ་ཡི༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་ཅོད་པན་སྤྱི་བོར་བཅིངས༔ ཏྲཱཾ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་ཅོད་པན་ཆེན་པོ་སྟེ༔ རྒྱལ་བ་རིགས་ལྔས་དབུ་བརྒྱན་པས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་ལག་གཡས་གཏད་བྱས་ལ༔ ཧྲཱི༔ ཡང་དག་གཞོམ་མེད་རྡོ་རྗེ་ཆེ༔ ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི༔ རྡོ་རྗེ་རབ་ཏུ་གསོར་བ་ཡིས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གཡོན་དུ་གཏད་བྱས་ལ༔ ཨཱ༔ ཡང་དག་ཡེ་ཤེས་སངས་རྒྱས་དབྱངས༔ རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྒྲ༔ དབྱངས་སྙན་དྲིལ་བུས་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ མིང་བརྗོད་རྡོར་དྲིལ་སྤྱི་བོར་བཞག༔ ཧཱུྃ༔ འདི་ནི་སངས་རྒྱས་ཀུན་གྱི་མིང༔ ས་རྣམས་ཀུན་ཏུ་གྲགས་གྱུར་པའི༔ དེ་བཞིན་རིགས་སུ་མཚན་གསོལ་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཻ་རོ་ཙ་ན་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་རིགས་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་གཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུད༔ དེ་བཞིན་གཤེགས་པ་མཆོག་གི་དབང་བསྐུར་རོ༔ ཨཱོྃ་བུདྡྷ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ དུས་གསུམ་སངས་རྒྱས་རྒྱལ་བ་རིགས་བཞི་རྣམས༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ལོངས་སྤྱོད་རྫོགས་སྐུའི་ཆས༔ བདེ་བར་གཤེགས་པ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་བཛྲ་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཀརྨ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མཚམས་ལ་བཞུགས་པའི་དེ་བཞིན་གཤེགས་མ་བཞི༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ཡབ་ལ་འདུད་པའི་ཚུལ༔ བདེ་བར་གཤེགས་མ་བཞི་ཡི་དབང་བསྐུར་རོ༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ གསུང་གི་བཟླས་པའི་ལུང་སྦྱིན་ཏེ༔ ཧཱུྃ༔ རྡོ་རྗེ་རྩེ་མོའི་གཟུངས་སྔགས་བླ་ན་མེད༔ ངན་སོང་རྣམ་འཇོམས་སྡིག་པའི་ཚོགས་འཇོམས་པ༔ རྒྱལ་བའི་གསང་སྔགས་རིག་སྔགས་ཐམས་ཅད་ཀྱི༔ དབང་བསྐུར་མ་ལུས་ཡོངས་སུ་རྫོགས་པར་ཤོག༔ གཟུངས་སྔགས་བྲིས་པ་གཏད་ལ་བརྗོད༔ མཉམ་བཞག་བྱེད་གཞུག་མེ་ལོང་བསྟན༔ ཧཱུྃ༔ ཆོས་རྣམས་མ་ལུས་ཐམས་ཅད་ནི༔ གཟུང་དུ་མེད་ལ་འཛིན་པ་བྲལ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ བརྗོད་དུ་མེད་པ་རྟོགས་པར་ཤོག༔ ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སློབ་དཔོན་ཆས་རྣམས་གཏད༔ ཧཱུྃ༔ དཀྱིལ་འཁོར་གཙོ་བོའི་གོ་འཕང་མཉམ་པའི་ཕྱིར༔ ཁྲི་ལ་མངའ་གསོལ་གདུགས་ཕུབ་རྒྱལ་མཚན་ཕྱར༔ རྒྱལ་བ་ཀུན་གྱི་ཤིས་པའི་མེ་ཏོག་ཀྱང༔ དེ་རིང་འདི་ལ་ཀུན་གྱིས་འཐོར་བར་ཤོག༔ རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར༔ ཡན་ལག་དགུ་པ་ཡོ་གའི་ཐེག༔ ཡོངས་སུ་རྫོགས་པའི་དབང་རྫོགས་གྱུར༔ ས་མ་ཡ་རྒྱ་རྒྱ༔ ཀུན་གྱི་སྔོན་འགྲོ་སྟ་གོན་ནི༔ ས་བཟང་གནས་དེ་རྒྱལ་པོར་སློང༔ ས་ལྷར་གཏོར་མ་སྦྱིན་ཏེ་སློང༔ སྦྱང་ཞིང་སྟེགས་བུ་བཅའ་བར་བྱ༔ དྲིས་བྱུགས་ཚོམ་བུ་ལྷ་གྲངས་བཀོད༔ ལྷ་རུ་བསྒོམས་ལ་ནམ་མཁར་བཏེགས༔ དཀྱིལ་འཁོར་བྲི་ཞིང་ཕྱི་བཤགས་བྱ༔ བུམ་པ་ཆོས་ཉིད་དག་པའི་སྔགས༔ བརྗོད་ཅིང་ནང་བཅུད་བླུགས་བྱས་ལ༔ ཨཱོྃ་ཛྙཱ་ན་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ༔ རྒྱན་གྱིས་སྤྲས་ལ་སྟེགས་བུར་བཀོད༔ བུམ་པ་རང་བྱུང་གཞལ་ཡས་ཁང༔ ནང་དུ་ལྷ་ཚོགས་བསྒོམས་བྱས་ལ༔ དགུག་བསྟིམ་མཆོད་བསྟོད་བཟླས་པ་བྱ༔ འོད་དུ་ཞུ་ནས་བདུད་རྩིར་བསམ༔ སློབ་མ་རྣམས་ཀྱི་རྒྱུད་སྦྱངས་ཤིང༔ སོ་ཤིང་མཎྜལ་སྟེང་དུ་འཕངས༔ བཛྲ་ཧཱ་ས་ཧ་བརྗོད་ལ༔ དངོས་གྲུབ་ལས་ནི་བརྟགས་པ་འོ༔ རྨི་ལམ་གསལ་ཕྱིར་ཁྱོར་ཆུ་ནི༔ བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སྦྱིན༔ གདོན་སྲུང་ཕྱིར་དུ་སྲུང་སྐུད་ནི༔ དམར་པོ་ལས་སྔགས་ཀྱིས་བསྒྲུབས་བཏགས༔ མི་འཁྲུགས་ཕྱིར་ན་ཀུ་ཤ་ནི༔ དྷཱི་ཁཾ་བརྗོད་དེ་སྔས་གདན་སྦྱིན༔ སྡིག་སྦྱོང་ཕྱིར་དུ་སློབ་མ་ཡི༔ རྐང་མཐིལ་ཡཾ་དང་ལྟེ་བར་རཾ༔ སྙིང་གར་སྡིག་པ་ཀཾ་ནག་པོ༔ རླུང་གཡོས་མེ་སྦར་ཀཾ་ཡིག་བསྲེག༔ ལུས་ནི་རྣམ་དག་རྡོར་སེམས་བསྒོམ༔ གནས་གསུམ་བྱིན་རླབས་ཐིག་ལེ་བྱ༔ རྣམ་ལྔས་མངའ་གསོལ་སྟ་གོན་རྫོགས༔ མངོན་རྫོགས་དཀྱིལ་འཁོར་དབུས་སུ་བཤམས༔ ཡན་ལག་རྣམས་ཀྱིས་མཐའ་བསྐོར་ཞིང༔ དཀྱིལ་འཁོར་རྒྱན་དང་ལྡན་པར་བྱ༔ ཡན་ལག་བཅུ་པ་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ མཐའ་རྟེན་སྒྲུབ་རྫས་དབང་བསྐུར་ནི༔ དང་པོ་སྨན་གྱི་དབང་བསྐུར་ཏེ༔ ཧཱུྃ༔ བདེ་ཆེན་ཡེ་ཤེས་བདུད་རྩི་ནི༔ ཧེ་རུ་ཀཿདཔལ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་དམ་ཚིག་རྫས༔ ར་ས་ཡཱ་ནས་དབང་བསྐུར་རོ༔ པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་དགུ་ཡི་དབང་བསྐུར་ནི༔ ཧཱུྃ༔ དབྱིངས་སུ་མཚོན་པའི་ཀོང་བུ་རུ༔ ཡེ་ཤེས་ཀློང་དགུའི་ཞུན་ཆེན་བལྟམས༔ ཧེ་རུ་ཀཿདགུའི་མེ་འབར་བ༔ སྣང་གསལ་མར་མེས་དབང་བསྐུར་རོ༔ བཛྲ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲམ་དང་འཁོར་ལོས་དབང་བསྐུར་བ༔ ཧཱུྃ༔ བདུད་འདུལ་མཐུ་ཆེན་དམིགས་བྱ་ངན༔ གསད་པའི་ཁྲམ་དུ་འདེབས་པ་དང༔ ཚད་མེད་སྟོང་སྲོག་འཁོར་ལོ་ཡིས༔ གདུག་པའི་ཚོགས་འཇོམས་དབང་བསྐུར་རོ༔ ཐུམ་རིལ་ཙཀྲ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ དབང་སྡུད་རྟ་མགོའི་དབང་བསྐུར་ནི༔ ཧཱུྃ༔ རྔམ་པ་ཧི་ཧིའི་སྒྲ་ཆེན་གྱིས༔ སྣང་སྲིད་དུས་གཅིག་དབང་བསྡུས་ནས༔ ཡེ་ཤེས་འཇིག་རྟེན་ལས་ལ་ཚུད༔ མཆོག་ཐུན་འགྲུབ་པའི་དབང་ཐོབ་ཤོག༔ ཧ་ཡ་གྲཱྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུར་བུ་འདྲིལ་འདེབས་དབང་བསྐུར་ནི༔ ཧཱུྃ༔ བདུད་འདུལ་མཐུ་ཆེན་ཀཱི་ལ་ཡ༔ འཇོམས་བྱེད་ཆེན་པོའི་དབང་བསྐུར་བས༔ གསལ་བ་གསུམ་ལྡན་སྲོག་གསུམ་གསལ༔ ལོག་རྟོག་བསྒྲལ་བའི་དབང་ཐོབ་ཤོག༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་སྲིད་མདོས་ཀྱི་དབང་བསྐུར་ནི༔ ཧཱུྃ༔ སྣང་སྲིད་གཡོ་འཁྲུགས་བཟློག་པའི་ཕྱིར༔ སྣང་སྲིད་མདོས་ཀྱི་རི་རབ་ལ༔ དོན་གཉིས་བཅུད་ཀྱིས་བརྒྱན་བྱས་ཏེ༔ ཡོངས་རྫོགས་མདོས་ཀྱི་དབང་བསྐུར་རོ༔ ཨཱོྃ་སརྦ་བ་ལིཾ་ཏ་བྷྱོ་བྷྱོ་ཟློག་ཟློག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཅུ་གཅིག་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ མཐའ་རྫོགས་ཞལ་ཟས་དབང་བསྐུར་ནི༔ ཧཱུྃ༔ བཀྲ་ཤིས་ཚེ་ནི་ཚེ་ཡི་ལུང༔ ཐབས་ཤེས་རྫས་མཆོག་བདེ་བའི་ལུང༔ ཛ་གད་སྨན་མཆོག་གལ་གྱི་ལུང༔ མཱཾ་ས་རྫས་མཆོག་ནུས་པ་བསྐྱེད༔ འབྲས་བུ་རིགས་བྱེད་རིགས་རྒྱུད་ལུང༔ ཟླ་རྒྱས་ཟླ་ཕྲོམ་བཀྲ་ཤིས་ཟས༔ མཐའ་རྫོགས་དགའ་སྟོན་དབང་བསྐུར་རོ༔ ག་ཎ་ཙཀྲ་མངྒ་ལཾ་ཨཱ་ཡུཿསིདྡྷི་བྷྲཱུྃ༔ ཡན་ལག་བཅུ་གཉིས་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ དེ་ལྟར་མངོན་རྫོགས་དབང་གི་མདོ༔ ནང་སྐོར་ཆ་ལག་ཡོངས་རྫོགས་པ༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ དེ་ནས་རྩ་བ་དགུ་དྲིལ་ནི༔ དགེ་བའི་ས་གཞི་ནོར་གྱིས་བླུ༔ མཆོད་གཏོར་བཤམས་ལ་བྱིན་གྱིས་བརླབས༔ ཧཱུྃ༔ ཆོས་དབྱིངས་རང་རྩལ་ལས་ཤར་བའི༔ སྣང་བ་སྣ་ཚོགས་ས་བདག་ལ༔ དྲན་སྣང་སོ་མའི་གཏོར་མ་འབུལ༔ གློ་བུར་སྣང་བའི་ས་འདི་སྩོལ༔ བྷཱུ་མི་པ་ཏི་བ་ལིཾ་ཏ་ཁཱ་ཧི༔ དབང་ཆེན་ཕུར་པ་ལྷ་རུ་བསམ༔ ཨཱོྃ་པདྨཱནྟ་ཀྲིཏ྄་ཕཊ྄༔ བཟླས་ཤིང་ཕུར་བཏབ་ས་དབང་བྱ༔ ཆོས་ཉིད་དག་པའི་ངང་དུ་བལྟ༔ བགེགས་ཚོགས་རྣམས་ལ་གཏོར་མ་སྦྱིན༔ ཧཱུྃ༔ རང་བྱུང་སྙིང་པོ་སྒོམ་པ་ལ༔ མི་དབང་མ་རིག་བདུད་ཀྱི་ཚོགས༔ རང་རྩལ་རོལ་པའི་གཏོར་མ་ལོངས༔ ཕ་མཐའ་བྲལ་བའི་ཀློང་དུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄༔ ཕྱིར་བསྐྲད་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཆོ་འཕྲུལ་ལས༔ སྣང་ཞིང་སྲིད་པས་བསྡུས་པའི་ཆོས༔ ཡེ་ནས་རང་གསལ་སྲུང་བའི་གུར༔ མ་བཅོས་ཐིག་ལེ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ སྟེགས་བུར་བདུད་རྩིའི་ཆག་ཆག་གདབ༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་ས་གཞི་ལ༔ རིག་པ་ཐབས་ཀྱི་བདུད་རྩི་ཡིས༔ བདེ་སྟོང་དངོས་གྲུབ་འཛིན་པའི་ཕྱིར༔ ཟུང་དུ་འཇུག་པའི་ཆག་ཆག་གདབ༔ པཉྩ་ཨ་མྲྀཏ་མཎྜ་ལ་ཧཱུྃ༔ རྒྱས་པར་སྒྲུབ་པའི་སྔོན་འགྲོ་ནི༔ ཟབ་བདུན་དཀར་བྲག་བཞིན་དུ་མཛོད༔ དེ་ཡང་བུམ་པ་ལྷ་དང་ནི༔ དཀྱིལ་འཁོར་རྒྱན་འགོད་སྟ་གོན་ནོ༔ སློབ་མ་རྣམས་ལ་ཁྲུས་བྱ་ཞིང༔ བགེགས་ཕྲལ་བསྲུང་བྱས་དེ་རྣམས་ཀྱིས༔ ཡོན་འབུལ་གསོལ་བ་འདི་ལྟར་གདབ༔ ཨེ་མ་ཧོ༔ འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པའི་ལམ་མཆོག་སྟོན་པ་དང༔ ཐུགས་རྗེས་བརྩེ་བར་གཟུང་དུ་གསོལ༔ སློབ་དཔོན་གྱིས༔ ཧོ༔ ཐར་པ་དོན་གཉེར་སྐལ་ལྡན་རྣམས༔ ཚུར་ཤོག་ཇི་ལྟར་འཚམ་པ་ཡི༔ ལམ་མཆོག་བདག་གིས་སྟོན་པས་ན༔ སྐལ་པ་ལྡན་རྣམས་སྤྲོ་བ་སྐྱེད༔ སྐྱབས་འགྲོ་ཡན་བདུན་འབུལ་དུ་གཞུག༔ དེ་ནས་སློབ་མས་འདི་བརྗོད་དེ༔ བདེ་གཤེགས་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དཀོན་མཆོག་གསུམ་བཟུང་ཞིང༔ དེ་བཞིན་མཁན་པོ་ཕ་མ་དང༔ དགེ་བའི་གྲོགས་ལ་བཀུར་སྟི་དང༔ དགེ་བཅུ་ཕར་ཕྱིན་བདག་གིས་སྤྱད༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ མགོན་པོས་ལམ་མཆོག་བསྟན་དུ་གསོལ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་གསང་སྔགས་ཀྱི༔ དཀྱིལ་འཁོར་དག་ཏུ་འཇུག་རུང་ཡིན༔ བརྟག་ཕྱིར་སྟ་གོན་ལེགས་པར་གྱིས༔ མཎྜལ་ཚོམ་བུ་ལྔ་ལྡན་ལ༔ སློབ་མས་སོ་ཤིང་དོར་བྱས་ལ༔ ཧོ༔ ཆོས་དབྱིངས་མཎྜལ་རྣམ་པར་དག༔ ཡེ་ཤེས་ལྔ་ཡི་ཚོམ་བུར་གསལ༔ བདག་གི་དུག་ལྔ་ཡེ་ཤེས་སུ༔ སངས་ནས་སྐལ་པ་མཐོང་བར་ཤོག༔ བཛྲ་ཧཱ་ས་ཧ༔ ཕྱོགས་བཞི་དབུས་ནི་རིགས་ལྔ་དང༔ སྟེང་འོག་མཁའ་སའི་དངོས་གྲུབ་ཐོབ༔ མ་འཛིན་ངན་པས་བཤགས་ཤིང་བསྐྱར༔ རྨི་ལམ་བརྟག་སྟེ་དེ་གསལ་ཕྱིར༔ དྲི་མེད་ཁྱོར་ཆུ་བདུད་རྩིའི་མཚོ༔ རྣམ་པར་དག་པ་ཁྲུས་ཀྱི་ཆུས༔ བག་ཆགས་ངན་པ་སངས་གྱུར་ནས༔ སྐལ་བཟང་རྨི་ལམ་མཐོང་བར་ཤོག༔ ལས་སྔགས་བཟླས་ཤིང་ཧུབ་གསུམ་གཏོར༔ བར་ཆད་བསལ་ཕྱིར་ལས་སྔགས་ཀྱིས༔ བསྔགས་པའི་རྡོ་རྗེའི་སྲུང་སྐུད་བཏགས༔ མི་འཁྲུག་ཕྱིར་དུ་ཀུ་ཤ་སྦྱིན༔ ཧཱུྃ༔ ཐབས་ཀྱི་དྷཱི་ལས་སྐྱེས་པ་དང༔ ཤེས་རབ་ཁཾ་ལས་སྐྱེས་པ་ཡི༔ གཙང་ཞིང་དགེ་བའི་སྔས་སྟན་ལ༔ ཉལ་ཏེ་ལྷ་ལ་སེམས་བཟུང་ལ༔ བཟང་ངན་གང་བྱུང་བདག་ལ་སྟོན༔ གང་ཡང་ཆོས་ཉིད་ཀློང་ལ་ཞོག༔ བཛྲ་དྷཱི་ཁཾ༔ ཞེས་སྦྱིན་སློབ་མའི་རྐང་མཐིལ་ལ༔ ཡཾ་དང་ལྟེ་བར་རཾ་སྙིང་གར༔ སྡིག་པ་ཀཾ་ཡིག་རྣམ་པར་གནས༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ ཡཾ་རཾ་རླུང་མེའི་སྦྱོར་བ་ཡིས༔ ཀཾ་ཡིག་སློབ་མའི་སྣ་ནས་ཐོན༔ ཏིལ་ལ་བསྟིམས་ལ་སྡིགས་མཛུབ་ཀྱིས༔ ཡེ་ཤེས་མེ་དང་ཆུ་ལ་སྦྱངས༔ ཨཱོྃ་སརྦ་པཱ་པཾ་ཨ་པ་ན་ཡ་བི་ཤུདྡྷེ་སྭཱ་ཧཱ༔ སློབ་མ་རྡོ་རྗེ་སེམས་དཔར་བསྒོམ༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ འབྲུ་གསུམ་ལ་བསྒོམས་རྒྱལ་རྣམས་ཀྱི༔ གསང་གསུམ་བྱིན་རླབས་ཐམས་ཅད་བསྟིམ༔ མཆོད་ཅིང་མངའ་གསོལ་ཆོས་བཤད་དོ༔ ས་མ་ཡ་རྒྱ་རྒྱ༔ གཉིས་པ་དཀྱིལ་འཁོར་ཕྱི་འཇུག་ནི༔ སྒོ་སྲུང་རྣམས་ལ་གསོལ་བཏབ་སྟེ༔ ཧོ༔ ཡེ་གསང་ཐབས་ཀྱི་སྒོ་བ་རྣམས༔ རིག་པའི་ཡེ་ཤེས་མཐོང་འདོད་པས༔ བདག་ཅག་སྐལ་ལྡན་ཕོ་མོ་རྣམས༔ ཐར་པའི་གྲོང་དུ་གཏོང་བར་གསོལ༔ ཞེས་ཞུས་དེ་ཡི་ལན་དུ་ནི༔ ཧཱུྃ༔ རིག་པའི་ཡེ་ཤེས་མཐོང་འདོད་ན༔ བླ་མ་དཔལ་ཆེན་མཁའ་འགྲོ་མའི༔ བཀའ་བཞིན་དམ་ཚིག་ཐུབ་པ་དང༔ སྡོམ་པ་ལ་ནི་གནས་པར་གྱིས༔ ཞེས་གསུང་ནང་དུ་བཏང་བར་བསམ༔ ཡོལ་བ་བྱ་ཞིང་ཁྲུས་བྱས་ལ༔ བགེགས་བསྐྲད་སྲུང་འཁོར་མཎྜ་ཕུལ༔ དེ་ནི་ཕྱི་ཡི་འཇུག་པ་འོ༔ ས་མ་ཡ་རྒྱ་རྒྱ༔ གསུམ་པ་དཀྱིལ་འཁོར་ནང་འཇུག་ནི༔ སློབ་མ་རྣམས་ནི་ཐལ་སྦྱར་ཞིང༔ པུས་བཙུགས་གུས་ཤིང་དུལ་བར་སྡོད༔ མིག་དར་འཆིང་ཞིང་མེ་ཏོག་ཐོགས༔ གདུང་བས་གསོལ་གསུམ་གདབ་པ་ནི༔ ཧོ༔ ཧེ་རུ་ཀཿདང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་ཆེན་པོར་གཞུག་པར་བྱ༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ གསང་སྔགས་ལམ་མཆོག་རྙེད་པ་ནི༔ བསྐལ་པ་བརྒྱ་ལམ་རེས་འགའ་ཙམ༔ ཨུ་དུམ་ཝཱ་རའི་མེ་ཏོག་འདྲ༔ དེས་ན་དགའ་ཞིང་སྤྲོ་བར་གྱིས༔ སློབ་མས༔ བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ དེ་ནས་རྒྱུ་མཚན་བཤད་པ་ཡིས༔ དམ་གཞག་རྡོ་རྗེ་སྤྱི་བོར་བཞག༔ ཧོ༔ བདག་ནི་ཧེ་རུ་ཀཿདཔལ་ཏེ༔ ང་ལ་བརྙས་པར་མི་རུང་ངོ༔ ཚུལ་འདི་ལས་ནི་འདས་པ་ན༔ དཀྱིལ་འཁོར་གཙོ་བོར་འགལ་བར་འགྱུར༔ ཨཱོྃ་བཛྲ་ས་མ་ཡ་ཧཱུྃ༔ སྙིང་གར་བཞག་ཅིང་བཀའ་བསྒོ་བ༔ ཧེ་རུ་ཀཿདཔལ་བདག་གིས་ནི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་ལས་འདས་པ་ན༔ གསང་སྔགས་འབྲས་བུ་ཐོབ་འདོད་མིན༔ བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་སྒོ་ནས་དམ་གཞག་ནི༔ རྡོ་རྗེ་སེམས་དཔའི་དམ་ཆུ་སྦྱིན༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ བྲོ་བོར་སྒོ་ནས་དམ་གཞག་ནི༔ ཧེ་རུ་ཀཿདཔལ་ཚུལ་འདི་ནི༔ གསང་བས་བྱིན་རླབས་བླ་ན་མེད༔ ཚུལ་འདི་སྨྲས་ཤིང་བདག་བརྙས་ན༔ དམ་ཚིག་ལས་ནི་འགལ་བར་འགྱུར༔ དེ་བས་སྙིང་ནས་བྲོ་བོར་ཅིག༔ སློབ་མས་རྡོ་རྗེ་རྩེ་གཅིག་གི༔ ཕྱག་རྒྱ་སྙིང་གར་བཟུང་བྱས་ཏེ༔ ཨཱོྃ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བྲོ་བོར༔ དེ་ནས་དངོས་གཞིའི་བྱིན་དབབ་ནི༔ སྣང་སྲིད་ཆོས་འབྱུང་ཆེན་པོར་བསམ༔ དབུས་སུ་སློབ་མ་མངོན་རྫོགས་རྒྱལ༔ ཧེ་རུ་ཀཿདཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉིར་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་སྒོམས༔ སློབ་དཔོན་ཧེ་རུ་ཀཿདཔལ་གྱི༔ ཐུགས་སྲོག་ཧཱུྃ་གིས་ཡེ་ཤེས་བཀུག༔ སློབ་བུའི་སྙིང་གར་གཉིས་མེད་བསྟིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ་ཨ་ཧཾ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨཱ་རལླི་ཨེ་ཧྱེ་ཧི་ཨ་ཧཾ༔ བཛྲ་ས་མ་ཡ་ཛཿཨ་ཧཾ༔ ཕེབས་པའི་རྟགས་བྱུང་བརྟན་པར་བྱ༔ རིག་མེ་དོར་བར་བསྐུལ་བ་ནི༔ ཧོ༔ བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ ཡེ་ཤེས་ལྷ་ཚོགས་དངོས་སུ་བཞུགས༔ འབྲེལ་བ་གང་ཡོད་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ སློབ་མས་ཐལ་སྦྱར་མེ་ཏོག་བཟུང༔ ཧོ༔ བསྐལ་པ་སྔོན་ནས་འབྲེལ་པ་ཡི༔ ཡེ་ཤེས་རིག་པའི་ལྷ་མཆོག་ལ༔ རང་རིག་ལྷ་དང་ངོ་འཕྲོད་ཕྱིར༔ ཁ་དོག་ལྔ་ལྡན་མེ་ཏོག་འབུལ༔ ཐུགས་ཀྱིས་དགྱེས་པར་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ དོར་བས་དབུས་ལ་བབས་པ་ན༔ བུདྡྷ་ཧེ་རུ་ཀཿདཔལ་དང༔ དེ་བཞིན་ཕྱོགས་བཞིར་རིག་པར་བྱ༔ མཚམས་བཞིར་གུ་ཧྱ་ལ་སོགས་སོ༔ གསང་མཚན་མེ་ཏོག་མགོར་བཞག་ལ༔ ཧོ༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ལ༔ རིག་པའི་མེ་ཏོག་ཕུལ་པ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་དེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ དཔལ་ཆེན་པོ་དང་དབྱེར་མེད་ཤོག༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ མ་རིག་མིག་འབྱེད་གསོལ་འདེབས་ནི༔ ཧོ༔ བདེ་བར་གཤེགས་པ་མིག་མཁན་རྒྱལ༔ ཧེ་རུ་ཀཿདཔལ་མཐོང་བྱའི་ཕྱིར༔ བསྐལ་པ་སྔོན་ནས་བསྒྲིབས་པ་ཡི༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ ཞེས་གསོལ་སློབ་དཔོན་གྱིས་དབྱེ་བ༔ ཧོ༔ དེང་ཁྱོད་ཧེ་རུ་ཀཿདཔལ་གྱིས༔ ཡེ་ཤེས་མཆོག་གི་མིག་དབྱེ་མཛད༔ རབ་རིབ་བདེ་བར་གཤེགས་པས་བསལ༔ ཡེ་ཤེས་མཆོག་ནི་མཐོང་བར་འགྱུར༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི༔ ཧོ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མཐོང་ན་ཡེ་ཤེས་མྱུར་དུ་རྟོགས༔ འདི་ན་ཧེ་རུ་ཀཿདཔལ་གྱི༔ གྲོང་ཁྱེར་བླ་ན་མེད་པ་བཞུགས༔ སྐད་ཅིག་མཐོང་བ་ཙམ་གྱིས་ནི༔ བསྐལ་པ་དུ་མའི་སྒྲིབ་པ་སྦྱོང༔ ཞེས་སོགས་དོན་ནི་རྒྱས་པར་བཤད༔ དེ་ཡིས་དཀྱིལ་འཁོར་ནང་འཇུག་རྫོགས༔ ས་མ་ཡ་རྒྱ་རྒྱ༔ བཞི་པ་བུམ་པའི་དབང་བསྐུར་ནི༔ སྤྲོ་ན་གསོལ་གདབ་མཎྜལ་ཕུལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀཿདཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་པྲོག་ཞུ་དར་དཔྱང་བཅིངས༔ ཧཱུྃ༔ ཧེ་རུ་ཀཿདཔལ་དབང་གི་རྟགས༔ ཁྲག་འཐུང་ལྔ་ཡི་ཅོད་པན་དང༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ དར་འཕྱང་དབང་བསྐུར་སྦྱིན་པར་བྱ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿརཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ༔ རྡོ་རྗེ་ལག་གཡས་གཏད་ལ་གསོར༔ ཧཱུྃ༔ ཡེ་ཤེས་ལྔ་ལས་རང་བྱུང་བ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ སངས་རྒྱས་ཀུན་གྱི་གསང་གསུམ་ལས༔ བྱུང་བའི་རྡོ་རྗེས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿབཛྲ་ཨ་བྷི་ཥིཉྩ་ཧྲཱི༔ དྲིལ་བུ་གཡོན་གཏད་དཀྲོལ་ཞིང་བརྟེན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་དབྱངས་ལྡན་པའི༔ ཤེས་རབ་རང་བཞིན་དྲིལ་བུ་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལས༔ བྱུང་བའི་དྲིལ་བུས་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿགཎྜེ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་བསྣོལ་མ་མིང་བྱིན་ཏེ༔ ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱིས༔ སེམས་དཔར་མིང་ནི་བཏགས་པ་བཞིན༔ རྒྱལ་བའི་མིང་ནི་བླ་ན་མེད༔ ས་གསུམ་གྲགས་པར་དབང་བསྐུར་རོ༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཆེ་གེ་ཞེས་བྱའོ༔ དེ་ཡིས་བུམ་དབང་འཁོར་བཅས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ལྔ་པ་རྗེས་འབྲེལ་རྗེས་གནང་ནི༔ དཔལ་གྱི་སྐུ་ནི་སྤྱི་བོར་བཞག༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ དབུས་ཀྱི་ཧེ་རུ་ཀཿདཔལ་ཏེ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་བཛྲ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ཡི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཏྣ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་ཀྱི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་པདྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་གི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཀརྨ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་ལྷོའི་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་གུ་ཧྱ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་གུ་ཧྱ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ནུབ་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ས་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ས་ནུ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་བྱང་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་ཡཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་ཡཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་ཤར་ཧེ་རུ་ཀཿདཔལ་ཏེ༔ བཅོམ་ལྡན་རཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨཱོྃ་རཀྴ་ཤྲཱི་ཧེ་རུ་ཀཿཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ གསུང་གི་རྗེས་གནང་བཟླས་ལུང་སྦྱིན༔ ཐུགས་ལ་མཉམ་པར་འཇོག་ཏུ་གཞུག༔ དེ་ནི་རྗེས་གནང་རིམ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ དྲུག་པ་རྡོ་རྗེ་བདག་པོའི་དབང༔ སློབ་མ་ཁྲིར་བཀོད་གདུགས་ཕུབ་ལ༔ མངའ་གསོལ་ཤིས་བརྗོད་ཅི་རིགས་བྱ༔ ལུང་བསྟན་བདག་པོའི་དབང་རྫོགས་བསྒོམ༔ ས་མ་ཡ་རྒྱ་རྒྱ༔ བདུན་པ་གསང་དབང་བསྐུར་བ་ནི༔ བྱང་སེམས་དཀར་དམར་ལྕེ་ལ་བཞག༔ ཧཱུྃ༔ ཧེ་རུ་ཀཿདཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ དེ་ཡིས་གསང་བའི་དབང་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ བརྒྱད་པ་ཤེར་དབང་བསྐུར་བ་ནི༔ རིག་མ་སློབ་མའི་ལག་པར་གཏད༔ ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱི་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བར་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ དེ་ཡིས་ཤེས་རབ་ཡེ་ཤེས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ དགུ་པ་རིག་རྩལ་དབང་བསྐུར་ནི༔ རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མེད་མི་ཕྱེད་པ་འོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ དེ་ནི་རིག་རྩལ་དབང་བསྐུར་ཡིན༔ རྩ་བ་དགུ་བསྒྲིལ་འདི་ཉིད་ནི༔ བདག་པོའི་དབང་ཕན་མ་ཧཱ་དང༔ གསང་དབང་ཤེར་དབང་ཨ་ནུ་སྟེ༔ རིག་རྩལ་ཨ་ཏི་རྫོགས་པ་ཆེ༔ སྤྱིར་ནི་ཐེག་རིམ་དབང་བསྐུར་བ༔ ཐེག་པ་དངོས་ཀྱི་འཇུག་སྒོ་ཡིན༔ སྔོན་འགྲོ་ཐེག་རིམ་གཏན་འབེབས་ཏེ༔ ལུང་མདོ་ཨ་ནུའི་ཁྱད་པར་གྱི༔ བྱེ་བྲག་འདི་ནི་བསྡུས་དོན་ཡིན༔ རྒྱས་པར་དཔེ་རྒྱུད་ཕྱོགས་སུ་ལྟོས༔ དེ་ལྟར་ནང་སྐོར་ཡི་དམ་གྱི༔ དབང་བསྐུར་རྩ་བ་དགུ་བསྒྲིལ་ཡང༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
ཡེ་ཤེས་རབ་འབར་ལས༔ སྔགས་འབུམ་འདོད་དགུའི་གཏེར་བུམ་ (Volume 42, Text 52)
༁ྃ༔ ཡེ་ཤེས་རབ་འབར་ལས༔ སྔགས་འབུམ་འདོད་དགུའི་གཏེར་བུམ་བཞུགས་སོ༔ ཡེ་ཤེས་རབ་འབར་ལས༔ སྔགས་འབུམ་འདོད་དགུའི་གཏེར་བུམ་ནི༔ ྈྈྈྈྈ གང་འདུལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རབ་འབར་སྒྲུབ་པ་པོ༔ གངས་ཁྲོད་འགྲིམ་པའི་ཆ་རྐྱེན་དུ༔ རྣལ་འབྱོར་རང་ངམ་གཞན་ཡང་རུང༔ འདོད་དགུ་གཏེར་གྱི་བུམ་བཟང་ལ༔ ནུས་པའི་སྨན་གྱི་དགའ་སྟོན་འགྱེད༔ རབ་ནི་གནས་ལུགས་རྟོགས་པར་ལྡན༔ སྙེམས་ཐག་ཆོད་པའི་རྣལ་འབྱོར་ནི༔ མ་རྩོལ་འདོད་དགུའི་བུམ་བཟང་བཞིན༔ རང་ཤུགས་འགྲོ་དོན་སྨན་ཡིན་ནོ༔ གཞན་གྱིས་བསྙེན་སྒྲུབ་ལས་སྦྱོར་གྱིས༔ རང་གཞན་ཟུག་རྔུ་སེལ་བའི་ཕྱིར༔ ངག་གི་བདེན་པ་གྲུབ་པའི་ཚིག༔ དྲང་སྲོང་པདྨ་བཛྲས་སྨྲ༔ ས་མ་ཡཱ༔ དེ་ནས་རྣལ་འབྱོར་པའི་རིམས་ནད་དྲག་པོ་སྲུང་ན༔ ག་པུར༔ གླ་རྩི༔ རྒྱ་ཚིལ༔ ཤིང་ཀུན༔ སྒོག་སྐྱ་སྦྱར་ལ་སྔགས་སྟོང་བཟླས༔ ཨོཾ་གྲོ་ལ་བྷི་ལ་ཡ༔ ཐིམ་ཐར་ཏེ་ས་དུན་ཏེ་ཛྭཱ་ར་རམ་པའི་ཕཊ༔ ཤུ་དག་བོང་ང་སྨན་ཆེན་གྱིས་ངར་འདོགས༔ རས་ཐུམ་གྱིས་རིམས་ནད་བསྲུང་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་དམར་ནད་རྒྱུ་གཟེར་སྲུང་བར་འདོད་ན༔ སྤྲུ་ནག་ཤུ་དག་མཁན་དམར་གསུམ་རྩ་བཏུལ་བའི་ཆུར་སྦངས་ལ་སྔགས་སྟོང་བཟླས༔ ཨོཾ་གུ་རུ་ཧ་རི་ནི་ས་ནད་ལ་འུབ་འུབ་ནད་ལ་ནིར་སེང་ཡེ་རྦད༔ དྲི་དང་བྱུག་པ་ལྟོ་རུ་བཏུང་བས་དམར་ནད་བསྲུང་བར་འགྱུར་རོ༔ དྲི་ཆུ་ལ༔ ཨོཾ་བྷི་སུ་དྷ་རི་ཡེ་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་བཟླས་དབང་པོའི་སྒོ་དགག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆམ་པའི་སྔགས་ནི༔ ཨོཾ་སརྦ་ཛྭ་ལ་ཐ་རཾ་མེ་ཧཱུྃ་སྭཱ་ཧཱ༔ ཞེས་ཆམ་པ་ལ་ཕན༔ ས་མ་ཡཱ༔ ཆུ་འགགས་སྔགས་ནི༔ ཨོཾ་སི་སི་ལི༔ སི་སི་ལི༔ སི་སི་སྭཱ་ཧཱ༔ རྣོ་གསུམ་བཞིན་དུ་སོངས་ཤིག༔ དམ་ཁ་བཞིན་དུ་དྲོངས་ཤིག༔ ཅེས་ཆང་བཟང་པོ་ལ་སྔགས་བཏང་ཆུ་འགག་ལ་ཕན༔ ས་མ་ཡཱ༔ དྲེག་གི་སྔགས་ནི༔ བསོ་ཏི་ཏི་ཛ་རཾ༔ ཞེས་ལོ་མ་ལ་སྔགས་ལ་ལུམ་བྱའོ༔ ས་མ་ཡཱ༔ མིག་རིམས་སྔགས་ནི༔ ཨོཾ་ལི་ལི་ཧཱུྃ་ཧཱུྃ་ཕཊ༔ ཅེས་མིག་རིམས་ལ་ཕན༔ ས་མ་ཡཱ༔ ཚད་པའི་སྔགས་ནི༔ ཨོཾ་སུ་སུ་རི་དུ་དུ་རི་མ་མོ་ཐུན་མ་མོ་ཐུན༔ པྲ་མོ་ཐུན༔ པྲ་མོ་ཐུན༔ བྲུམ་ཤལ་དབལ་སོད༔ ཅེས་ཚད་པ་ལ་ཕན༔ ས་མ་ཡཱ༔ དུག་རིགས་སམ་སྲིན་བུ་ཁ་ཟས་མ་ཞུ་བ་རྣམས་ལ༔ ཚྭ་ལ་སྔགས་འདི་འདེབས༔ ལོང་སྲིན་ལོང་སྲིན༔ སྲོག་ཚིག་སྲོག་ཚིག༔ ནན་རྦད༔ ཅེས་སྔགས་ཏེ་ཟོས་པས་རླུང་རིགས་ལའང་ཕན༔ ས་མ་ཡཱ༔ ས་བདག་ཀླུ་གཉན་ལྷོག་རིགས་ལ་སོགས་ཀུན་ལ་གནོད་བྱེད་ཀུན་ཐུབ་ནི༔ ཏིག་ཏིག་ར་ཤིག༔ ཐུཾ་ཐུཾ་ཚེ་ཐུཾ༔ ར་ལ་ཕྱེ་ཁ༔ ཧ་ས་སླང་སླང༔ ཙེར་ཙེར༔ ཀྱེ་ར་ཤག་ཤག༔ རུཾ་རུཾ༔ ཤེ་དུ་ཤེ་དུ༔ གཡུལ་སད་སད༔ སོད་སོད༔ རྗེ་ཧ་ར་ཧོ༔ རྗེ་ཧ་ར་ཧོ༔ ཞེས་བཟླས་སྔགས་སྒྲ་བུད་མེད་དང་ཁྱིས་མ་ཚོར་བར་བཟླས་པས་གང་ལའང་ཕན༔ ས་མ་ཡཱ༔ ལིང་ཏོག་སྔགས་ནི༔ ཨོཾ་ལིང་ཆུཾ་ལིང་ཆུཾ༔ ཡཾ་ཡཾ༔ སེལ་སེལ་སྭཱ་ཧཱ༔ ས་མ་ཡཱ༔ རྨ་སྔགས་ནི༔ ཨོཾ་ཡ་ར་ར་ཙ་ཨ༔ རྨ་ལ་ཕན༔ ས་མ་ཡཱ༔ ཡང་རྨ་རེབ་ལ༔ ཨོཾ་འུབ་འུབ་བཛྲ་ནན༔ ན་མ་ཏ་པ་ཤ༔ ཞེས་བཟླས་རྨ་རེབ་ལ་ཕན༔ ས་མ་ཡཱ༔ བརྡབ་རྨ་ལ༔ ཨོཾ་དམར་མོ་དམར་མོ་ཤང་ཙེ་ཤང་ཙེ་པ་ཀུ་རུ་ཤཾ་མུ་རུ་མུ་རུ་སྭཱ་ཧཱ༔ བརྡབ་རྨ་ལ་ཕན༔ ས་མ་ཡཱ༔ སོ་ན་ན་ཚྭ་ལ་སྔགས་འདི་གདབ༔ ཨོཾ་བྱི་ཙི་ཡེ་སྭཱ་ཧཱ༔ སོ་བར་འཛིན་པས་ཕན༔ ས་མ་ཡཱ༔ སོ་སྲུང་ནི༔ ཨོཾ་ཁ་ཁ་ར་ཙ་ནན༔ བྱེ་བ་སོ་སོ་ནན༔ སྲིན་བུ་ཙག་ཤུ་ནན༔ ཨོཾ་ཤ་ཁྲི་ཐོ་ར་ཤྲཾ་རྦད༔ ཤ་ཁྲིལ་ཚལ་པ་རྦད༔ ཅེས་སྔགས་ཕྲེང་གཅིག་རང་སྔགས་ཀྱི་རབ་གནས་ཅན་མཇུག་ནས་ཡར་དྲིལ་སྐུད་པ་དམར་པོས་བཅིངས་ཏེ་འདོག༔ ས་མ་ཡཱ༔ ཚིག་སྔགས་ནི༔ ཨོཾ་ཛ་དུ་སོད་སྭཱ་ཧཱ༔ ཞེས་ཕན༔ ས་མ་ཡཱ༔ སྣ་ཁྲག་སྔགས་ནི༔ ཨོཾ་མོ་མ་ཧཱ་ཙནྡྷ་རོ་ཤ་ཀུ་རུ་ཡ་སྭཱ་ཧཱ༔ ཞེས་ཕན༔ ས་མ་ཡཱ༔ མཇུག་སྲིན་སྔགས་ནི༔ ཨོཾ་པྲག་ཤ་ཡ་མ་འབུ་ཤེ་ས་ར་ནན་སྭཱ་ཧཱ༔ ཚ་བ་གསུམ༔ ཐར་ནུ༔ སྒོག་སྐྱ༔ ཤ་བའི་ཚིལ་བསྲེས་ལ་འོག་སྒོར་བརྫང༔ ས་མ་ཡཱ༔ བཤལ་འདྲེན་གྱི་སྔགས་ནི༔ ཨོཾ་ཧ་ས་ཤར་ཤར༔ མར་ནར་ནར༔ ཤར་སིང་སིང་ཤར་ཤར༔ ཆུམ་ཡེ་སྭཱ་ཧཱ༔ ཞི་ཞི་སྭཱ་ཧཱ༔ ཆུ་ནར་སྭཱ་ཧཱ༔ ཙ་དམར་ན་ར་སྭཱ་ཧཱ༔ ཙ་སིང་སིང་སྭཱ་ཧཱ༔ ཙ་ནད་ཐམས་ཅད་ཕུར་ཏེ་སྭཱ་ཧཱ༔ ཞེས་ཕན༔ ས་མ་ཡཱ༔ བཤལ་བ་གཅད་པའི་སྔགས་ནི༔ ཨོཾ་ཧཱུྃ་རླུང་ཆོད༔ ས་ཆོད་མེ་ཆོད་ཆུ་ཆོད་ཧ་རི་ནི་ས་རྒྱུ་གཟེར་གྱི་བདག་མོ་ཆོད་སྭཱ་ཧཱ༔ ཞེས་ཕན༔ ས་མ་ཡཱ༔ ནད་བརྒྱ་སྔགས་གཅིག་ནི༔ འུབ་འུབ༔ ཆུཾ་ཆུཾ༔ གུཾ་གུཾ་རིལ་རིལ་ཉོལ་ཉོལ༔ སོད་སོད༔ རྦད་རྦད༔ པྲ་མོ་ཧ་ཐུན་བྷྱོ་ཐུན་སོད༔ པྲ་མོ་ཤ་ལ་ཐུལ༔ པྲ་མོ་ཁྲག་ལ་ཐུལ༔ པྲ་མོ་སྙིང་ལ་ཐུལ༔ པྲ་མོ་རུས་ལ་ཁོལ༔ ཆུམ་གཏིབ་ཁོས་བུད་སོད་ཅིག༔ ཨོཾ་ཁ་ལེ་ཆུ་ལེ་ཁ་ཆུ་ལེ་སྭཱ་ཧཱ༔ མཛེ་དྲག་ཤུ་བ་ལྷོག་རིགས་སྐྲངས་སྲིན་སོགས་གང་ལའང་ཕན་ནོ༔ ས་མ་ཡཱ༔ བྱིས་པའི་ཁ་ལོང་ན་དམར་པོ་ཆུ་དང་དཀར་པོ་ཡིན་ན་ཆང་ལ་སྔགས༔ ཨོཾ་སད་དྷ་ན་དྷ་སྭཱ་ཧཱ༔ ཞེས་ཕན༔ ས་མ་ཡཱ༔ བུད་མེད་བུ་ཚ་ཐོགས་ན༔ ཨོཾ་སར་སེར་རུ་རུ་སྭཱ་ཧཱ༔ ཨོཾ་ར་ལོ་ཙན་ཏྲི་ཡེ་སྭཱ་ཧཱ༔ བ་དམར་པོའི་མར་ལ་སྔགས་ཏེ་ལུས་ལ་བྱུག༔ ཅེས་ཕན༔ ས་མ་ཡཱ༔ ནོར་གྱི་གློ་གོར་སྲུང་བ་ནི༔ གུ་གུལ་དཀར་ནག་གླ་རྩི་ཤིང་ཀུན་སྒོག་སྐྱ་ཡུངས་དཀར་མི་སྐྲ་མི་རུས་ཐལ་ཆེན་གཅིག་ཏུ་བཏུལ་བ་སྔགས་ནི༔ ཨོཾ་སརྦ་ནི་འུབ་འུབ༔ ནཱ་ག་ཀ་ས་པ་ན་ཡ་མ་ཡེ་སྭཱ་ཧཱ༔ སྔགས་སྟོང་བཟླས་རྫས་ལ་བཏབ་བཏགས་བཏང་བས་ཕན༔ ས་མ་ཡཱ༔ ཁལ་རྟ་བརྣང་ན༔ སྒོ་ཐེམ་འོག་གི་སའམ་མེད་ན་མཐེ་བོང་གཡོན་འོག་ལ་སྔགས༔ ཨོཾ་ཧྲཱི་སྟོང་བྱོལ་བྱོལ་ཧྲཱི་སྟོང་བྱོལ་སྭཱ་ཧཱ༔ ཞེས་དྲི་ཆུ་དང་བཅས་ཁར་བླུགས་ན་ཕན༔ ས་མ་ཡཱ༔ ཁལ་རྟ་དུག་རིགས་ལ༔ ལྕིམ་རྩ་བུལ་ཏོག་དང་མཉམ་པ་ལ་ཐར་ནུར་སྦྱར་བ་བཏང་བས་ཕན༔ ས་མ་ཡཱ༔ ནོར་གྱིས་འོ་མ་མ་གཏད་ན་དེའི་སྲུང་བ་ནི༔ སྲུང་སྐུད་ལ༔ ཨོཾ་ཧེ་ཙུག་ནི་གི་ཙུག་ནི་ལོ་བརྒྱ་དེ་དེ་ནི་ཡེ་སྭཱ་ཧཱ༔ རྡུང་ན་རྭ་ཅོ་འཕགས་ན་སྒྱིད་པ་མ་ཞོས་ན་རྔ་མ་ལ་བཏག་པས་ཕན༔ ས་མ་ཡཱ༔ ཞིང་ལ་ཤ་བ་དགོ་བ་རི་བོང་བྱི་བ་རྣམས་བསྲུང་བ་ནི༔ གཙང་ཁའི་བྱེ་མ་རྟག་ཏུ་ངུ༔ ཡུངས་དཀར་ལ་སྔགས་འདི་ཁྲི་རུ་བཟླས་ཏེ་ཞིང་སོགས་གར་དགོས་སར་གཏོར༔ ཨོཾ་ཨཱཿཧཱུྃ༔ ཙོག་གྱི་རྟ་པ་ལེ༔ ཙོག་གྱི་ལོ་ཀ་ལོ༔ ཨ་ལ་ཏ་ལ༔ ཙ་ལ་ཡེ་སྭཱ་ཧཱ༔ རྟག་ཏུ་ངུ་ལ་སྔགས་ཏེ་ལུས་ལ་བྱུགས་ན་ལྗི་ཤིག་ཀྱང་ཐུབ༔ ས་མ་ཡཱ༔ གཅན་གཟན་གྱི་གནོད་པ་སྲུང་ན༔ ཨོཾ་རུ་ཏྲི་པ་ཏྲི་ཡེ་སྭཱ་ཧཱ༔ ཞེས་པའམ༔ རྡིལ་འབྲུ་སྔགས་ལ་གཏོར༔ ཞིང་ལ་ཡར་ཤིང་ལ་བྲིས་ཏེ་བཙུག་པས་ཕན༔ ས་མ་ཡཱ༔ ཟ་ཡིག་ཀུན་གྱི་མཆོག་ཏུ་སྤྱི་འཇོམས་ཀྱི་ཟ་ཡིག་བསྟན་པར་བྱ་སྟེ༔ རྒྱ་ཤོག་ལ་རྒྱ་སྣག་གིས་བྲིས༔ ༔ཌྷཿནཿདྷཿནཿཀུཿདྷཿནཿམཿདྷཿན༔ རྫས་ནི་རང་རྒྱུན་དུ་ཚེ་སྒྲུབ་དང་སྲུང་ཟློག་ལ་བདུད་རྩི་ཆོས་སྨན་བྱུག༔ གཞན་རྣམས་ལ་གཟའ་ལ་སྤོས་དཀར་ལ་ཆ༔ རྒྱལ་པོར་གུ་གུལ༔ ཀླུ་ལ་གླ་རྩི༔ བཙན་ལ་ཤུ་དག༔ གཉན་ལ་ཁྱུང་ལྔ༔ དུག་ལ་རྨ་བྱའི་མདོངས༔ མཚོན་ལ་པདྨ་རཀྟ༔ ཡ་མ་ལ་སྤྲུ་ནག་སོགས་ནད་གདོན་གང་ཡིན་དེའི་གཉེན་པོར་བྱུག༔ མ་འཛོམ་ན་ཟ་ཡིག་འདི་ཟའོ༔ རབ་གནས་ནི༔ མདུན་དམ་ཚིག་པར་ཡེ་ཤེས་ཞི་དྲག་རིག་འཛིན་མཁའ་འགྲོ་ཚོགས་བཅས་སྤྱན་དྲངས་ལ་བསྟིམ༔ ཞི་དྲག་གི་སྙིང་པོ་བརྒྱ་རྩས་རབ་གནས་བྱའོ༔ ཟ་དུས་ཚེ་སྒྲུབ་དང་སྲུང་བ་ཉི་མ་རྩེ་ཤར་བཟའ༔ གཞན་རྣམས་སྲོད་ལ་བཟའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སེམས་བསྐྱེད་དག་པས་གཞི་འཛིན་ཏེ༔ བརྩོན་འགྲུས་སྔགས་ཀྱི་ནུས་པ་འབྱིན༔ ཉེ་རིང་མེད་པར་འགྲོ་བའི་དོན༔ གཡེལ་བ་མེད་པ་ལམ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་ཀློང་གསལ་སྙིང་པོས་སྤྱན་དྲངས་པའི་ཤོག་སེར་ལས་བཤུས་ཏེ་དག་པར་ཕབ་པའོ། །ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་ཀྱིས་བྱས་སོ།།
ཆར་འབེབ་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན་ (Volume 51, Text 52)
༄༅། །ཆར་འབེབ་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན་བཞུགས་སོ། ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བ་ནི། ནས་རྗེན་བཏགས་གཙང་མ་ལ་ཀླུ་སྨན་རུ་རྩི་གང་འཛོམ་བསྲེ། དབྱར་ཁ་ཡིན་ན་དུག་རིགས་མ་ཡིན་པའི་མེ་ཏོག་གང་འཛོམ་རྙེད་ཚད་བསྲེ། བ་དཀར་ར་དཀར། བ་དམར་མོ་དང་འབྲི་ཟལ་མོ་གང་རུང་གི་འོ་མ་རྙེད་ན་རབ། མ་རྙེད་ནའང་འོ་མ་གང་འཛོམ་གྱིས་སྦྲུས། གྲིབ་སྐམ་བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ནཱ་ག་ཀཱ་ལ་ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ། ཞེས་པ་དེ་ལ་ཁྲི་ཚོ་ཙམ་སྔགས་ལ་ཕུས་གདབ། མཆིལ་མ་དང་ཁ་རླངས་མ་སོང་བར་བྱ། རིལ་བུ་བརྒྱ་རེ་ཟེར་བ་ཡོད་ཀྱང་རིལ་བུ་རེ་ཟུང་གྲོ་ག་ཤུག་ཤུན་ནམ་རས་སུ་བསྟུམ། ཆུ་མིག་གང་བཟང་རྣམས་སུ་བཅུག་རྒྱུ་བསྐུར། ཚུར་ལེན་མི་དགོས་པས་མཚོ་རྣམས་སུ་རྡོ་ལ་བཏགས་ནས་འཕེན་བཅུག །ཞག་གསུམ་ལས་མི་འགྱང་བར་འབབ་གསུངས། རྒྱལ་བ་རྒྱ་མཚོ་དང་དགོངས་འདུས་གཉིས་ཀའི་ལས་ཚོགས་ཡིན། དཀར་གཏོར་དང་ཀླུ་སྨན་མཚོའམ་ཆུ་མིག་ཏུ་ཕུལ། དེ་བྱ་ཁྱིས་མ་ཟོས་པར་བྱ། ༈ དགོངས་གཏེར་གྱི་ཆར་འབོད་ཤིན་ཏུ་ཟབ་པ་ནི། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་མེ་འཕྲོས་པས་ཆུ་མིག་ཐམས་ཅད་མེ་དཔུང་དུ་གྱུར་པས། ཀླུ་ཐམས་ཅད་ནམ་མཁར་སོང་ནས་ཆར་པའི་རང་བཞིན་གྱི་ཆུའི་རྐྱལ་པ་མང་པོ་བྱོས་པར་བསམ་ལ། ན་མཿབཛྲ་པཱ་ཎི། ཏདྱ་ཐཱ། ནཱ་ག་སཏྭ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷ་རི་ཤ་ཡ་ཕོབ་ཕོབ། དེས་འབེབ་ངེས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། གནམ་ཆོས་ལུགས་ལ་དེ་ལས་ཟབ་པ་མེད། གཞན་ཡང་། ན་མཿབཛྲ་པཱ་ཎི། ཏདྱ་ཐཱ། ནཱ་ག་སརྦ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷ་རི་ཤ་ཡ་ཕོབ་ཕོབ། མང་བཟླས་ཐེ་ཚོམ་མེད་དོ་ལག་བླང་ཟབ་བོ།། །། ༈ གཅོད་ལུགས་ཟབ་ཅིང་སྟབས་བདེ་བ་ནི། ལུས་སྦྱིན་དམིགས་པ་དམར་འགྱེད་བྱས། རང་གི་པགས་པ་བཏིང་བས་འཛམ་གླིང་ཁྱབ། དེའི་སྟེང་དུ་ཀླུ་དང་གཞི་བདག་ལྷ་འདྲེ་ཐམས་ཅད་ཁྲོམ་ལྟར་འདུས། ཤ་ཁྲག་རང་རང་གིས་ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་བྱིན་པས་དགའ་མགུ་ཡི་རང་། རང་ཁྲོས་མའམ་ཕག་མོ་རི་རབ་ཙམ་དུ་གྱུར་པའི་ཞལ་ནས་ད་ལྟ་ཉིད་དུ་ཆར་ཕོབ་ཅེས་བཀའ་བསྒོས་པས། ལྷ་འདྲེ་ཐམས་ཅད་ཀྱི་བུ་ག་དགུ་དང་བ་སྤུ་ཐམས་ཅད་ནས་ན་བུན་ཆར་ཞོད་ཕྱུ་རུ་རུ་བྱུང་། འཇིག་རྟེན་སྤྱི་དང་རང་གིས་འདོད་པའི་ས་དེར་ཆུ་སྒྱོགས་ཆེན་པོས་སྔོ་ལྟེམ་ལྟེམ་གང་བར་བསྒོམ། དམིགས་པ་གསལ་ཞིང་བརྟན་ན་ཞག་གསུམ་ལས་འགྱང་མི་སྲིད་པར་གསུངས། དགོང་མོ་རང་སེང་གདོང་མར་བསྒོམ་པའི་ཞབས་འོག་ཏུ་རླུང་ལྷ་དང་ཆར་བཀག་པའི་འདྲེ་ངན་ཐམས་ཅད་ཚུད་པ་ཞབས་ཀྱིས་མནན་པས་ཁབ་ས་ལ་བརྡབས་པ་ལྟར་རིམ་དགུ་ས་ཡི་འོག་ཏུ་སོང་བར་བསྒོམ། སེང་གདོང་མའི་སྔགས་ཕྲེང་སྐོར་དང་ཐལ་རྡེབ་བྱ། ཆར་བབས་ནས་གཏང་རག་དཀར་གཏོར་ཕུལ། རང་སྤྱན་རས་གཟིགས་ཁ་སརྤ་ཎཿནམ་མཁའ་ཁྱབ་པའི་ཕྱག་གཡས་ནས་བདུད་རྩི་འོ་མ་ལྟ་བུ་ཆུ་ཆེན་ལྟར་བབས། དེ་ལ་ཀླུ་དང་གཞི་བདག་ཐམས་ཅད་ཀྱིས་ཁྲུས་བྱས་པ་དང་འཐུངས་པས། སོ་སོའི་ནད་དང་སྡུག་བསྔལ་ཐམས་ཅད་ཞི། བདེ་སྐྱིད་བཀྲག་མདངས་ཕུན་སུམ་ཚོགས། དགའ་ཞིང་ཡིག་དྲུག་འདོན་ཏེ་རང་གནས་སུ་སོང་བར་བསྒོམ། རྟོགས་ལྡན་སངས་རྒྱས་དར་རྒྱས་དང་། སྟོབས་བཅུ་སོགས་ལ་ཕན་པའི་ཕྱིར་ཟབ་ཅིང་དོན་འདུས་གཏི་ཐུག་ཆོ་ག་རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་འོ་ཁྲོ་དགེ་སློང་ཤྲཱི་ནས་བྲིས་པ་འགྲོ་དོན་དཔག་ཏུ་མེད་པར་གྱུར་ཅིག། །། ༄༅། །སྤྲིན་ཆེན་པོའི་མདོ་སྡེའི་དོན་བསྡུས་ཆར་འབེབ་སྨོན་ལམ་བདེན་སྟོབས་བཞུགས་སོ། །ན་མོ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དང་། ཁྱད་པར་ཀླུ་དང་ས་བདག་རྣམས། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ཅིང་། །བདེ་བ་ཀུན་དང་ལྡན་ནས་ཀྱང་། །ཆར་ཆུ་དུས་སུ་འབེབ་པ་དང་། །ལོ་ལེགས་འཇིག་རྟེན་བདེ་བའི་ཕྱིར། །བདག་གིས་ཆར་ཆེན་འབེབ་པར་བྱ། །སྤྲིན་གྱི་རིགས་ལས་བྱུང་བ་ཡི། །བྱིན་རླབས་བཀོད་པའི་གཟི་བརྗིད་ཀྱི། །སྙིང་པོ་སྤྲུལ་པ་སྣང་བྱེད་པ། །ཡེ་ཤེས་ཏོག་གི་ཆུ་ཡི་རྒྱུན། །སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན། །གསེར་གྱི་འོད་ཟེར་སྣང་བྱེད་པ། །སྐྲ་ཡི་རྩེ་མོའི་ཆ་ཤས་གཅིག །ལས་བྱུང་རུས་དང་རིགས་ཀྱི་ནི། །དེ་བཞིན་གཤེགས་པ་རྣམས་ལ་འདུད། །བཅོམ་ལྡན་དེ་བཞིན་གཤེགས་པ་མཆོག །རྣམ་པར་སྣང་མཛད་སྙིང་པོ་ཅན། །སྤྲིན་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཀླུ་རིགས་ལས་བྱུང་བ། །སྤྲིན་གྱིས་མཛེས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་ཆུ་འཛིན་དང་། །དཔལ་ལྡན་སྤྲིན་གྱི་གཟི་བརྗིད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་འབྱུང་བ་དང་། །རླུང་དཀྱིལ་རྣམ་པར་འཇོམས་སྤྲིན་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ནམ་མཁའ་དཔག་མེད་དང་། །སྤྲིན་ཆེན་གློག་ནི་འབར་བའི་ཚོགས། །སྤྲིན་ཆེན་མཐུ་རྩལ་དཔའ་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་སྤྲིན་མཛེས་དང་། །སངས་རྒྱས་སྤྲིན་སྡུག་ཆེན་པོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་གྱི་དཀྱིལ་འཁོར་ཆེན་པོ་དང་། །དེ་བཞིན་གཤེགས་པ་སྤྲིན་འོད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སེང་གེ་དང་། །བདེ་གཤེགས་སྤྲིན་ཆེན་གདུགས་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་བལྟ་སྡུག་སྤྲིན་ཆེན་དང་། །སྤྲིན་ཆེན་པོ་ཡིས་ཁེབས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་བྱུང་སྣང་བྱེད་དཀྱིལ་འཁོར་ནི། །ཕྱོགས་བཅུར་མཐོ་འགེབས་རྔའི་སྒྲ་དབྱངས། །ཤིན་ཏུ་རབ་སྒྲོག་དེ་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་ཆེན་བསིལ་འབྱུང་མི་དགའ་བ། །རབ་འཇོམས་སྒྲ་ཟབ་སྒྲོག་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་བདལ་བ་དང་། །བདེ་གཤེགས་གང་གཱའི་ཆུ་ཡི་སྤྲིན། །རྩལ་གྱི་སྤྲིན་ལྟར་དཔའ་བོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་འབྲུག་སྒྲོག་དང་། །སངས་རྒྱས་སྤྲིན་ཀུན་སྟོན་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་སྤྲིན་རྒྱ་ཆེན། །སངས་རྒྱས་སྤྲིན་གྱི་ཆུ་འཛག་དང་། །སངས་རྒྱས་སྤྲིན་ལྟར་རྣམ་སྒྲོག་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ལྟར་འཕགས་དང་ནི། །སྤྲིན་འདྲའི་ན་བཟའ་མནབས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་གྱིས་ལོ་ཏོག་མངོན་སྐྲུན་དང་། །སངས་རྒྱས་སྤྲིན་གནས་ལ་གནས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ཆར་སྤྲིན་གྱི་སྤྲིན་དང་། །སྤྲིན་ནི་འདུ་བར་མཛད་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་ནི་རྣམ་པར་རྒྱས། །སངས་རྒྱས་སྤྲིན་ཆེན་ཨུཏྤལ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སྤོས་ཀྱི་སྐུ། །སངས་རྒྱས་སྤྲིན་ཆེན་འཕགས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་དབང་ཕྱུག་དང་། །བདེ་གཤེགས་སྤྲིན་ཆེན་འོད་མཛད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་ཆེན་བྱིན་པ་དང་། །ནོར་བུ་རིན་ཆེན་ཆེ་སྤྲིན་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་ལྟར་རྣམ་འཇོམས་དང་། །བདེ་གཤེགས་སྤྲིན་གྱི་ཆུ་བོ་དང་། །དེ་བཞིན་གཤེགས་པ་སྤྲིན་སྡུད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དུས་མིན་སྤྲིན་དང་ལྕེ་འབབ་འཇོམས། །སྤྲིན་ཆེན་ནམ་མཁའི་མཐོངས་བསྒྲག་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སྒྲ་འབྱིན་དང་། །སྤྲིན་ཆེན་ཆར་གྱི་ཆུ་སྐྱེས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་གཟི་བརྗིད་སྒྲུབ་པའི་སྤྲིན། །རོ་བྲོ་དྲུག་ལྡན་ཆུ་སྤྲིན་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ཆུ་འཐོར་སྤྲིན་ཆེན་དང་། །སྤྲིན་ཆེན་རྒྱ་མཚོ་འགེངས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཆར་མི་འབབ་ཚེ་སྤྲིན་ཆེན་འགེབས། །སངས་རྒྱས་སྤྲིན་གཟུགས་མཐའ་ཡས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་ཆེན་རྣམ་སྒྲུབ་འཛམ་བུའི་སྟོབས། །སྒྲུབ་པའི་གཟི་བརྗིད་འོད་ཟེར་གྱི། །འབྱུང་གནས་སྤྲིན་འོད་ཅན་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །རྒྱ་མཚོའི་སྤྲིན་བཀོད་གཟི་བརྗིད་ཀྱི། །དཀྱིལ་འཁོར་གདུགས་ལྟར་རྒྱལ་པོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ། །ནཱ་ག་རཀྴ་མི་མགོན་དཀར། །ཀླུ་ཡི་རྒྱལ་པོ་འཇོག་པོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ། །ཆུ་བདག་བ་རུ་ཎཱ་ཉིད་དང་། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ཕྱག་ན་རྡོ་རྗེའི་རྣམ་པར་འཕྲུལ། །ཀླུ་ཡི་རྒྱལ་པོ་དགའ་བོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ། །མཁར་ནག་དགེ་བསྙེན་སྨྱོ་ཁ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ས་དྲུག་ལ་གནས་སེམས་དཔའ་ཆེ། །ཀླུ་རྒྱལ་སོག་མ་མེད་དེ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །མཐའ་ཡས་ལ་སོགས་ཀླུ་ཆེན་བརྒྱད། །བཙུན་མོ་སྲས་དང་གཡོག་འཁོར་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །མ་དྲོས་དང་ནི་གཟི་ཆེན་དང་། ཁམས་ཀྱི་བྱ་ཐུལ་ལ་སོགས་པ། །བོད་ཡུལ་ཀླུ་རིགས་ཐམས་ཅད་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ས་བདག་རིགས། །སྣང་སྲིད་ཀླུ་རིགས་ཐམས་ཅད་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །བདག་ཅག་མི་རྣམས་ཐམས་ཅད་ཀྱིས། །ཕོག་ཐུག་ཉེས་པ་གང་ཤོར་བཤགས། །ཤཱཀ་ཐུབ་གསང་བདག་པད་འབྱུང་དང་། །རྟ་མགྲིན་པཀྴི་ལ་སོགས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །སངས་རྒྱས་དེ་རྣམས་བདེན་པ་ཡིས། །ཀླུ་རིགས་ཀུན་གྱི་སྡུག་བསྔལ་དང་། །ནད་དང་གནོད་པ་རྒྱུན་ཆད་ནས། །ཀླུ་རྣམས་བདེ་ཞིང་སྐྱིད་གྱུར་ཅིག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཐུགས་རྗེ་ཐུགས་བསྐྱེད་བདེན་པ་དང་། །ཆོས་ཉིད་རྣམ་དག་བདེན་པའི་མཐུས། །ཆར་ཆེན་མྱུར་དུ་འབབ་གྱུར་ཅིག །འཇམ་དབྱངས་མཁྱེན་རབ་ཚད་མེད་དང་། །གསང་བདག་མཐུ་སྟོབས་ཚད་མེད་དང་། །སྤྱན་རས་གཟིགས་དབང་སྙིང་རྗེ་ནི། །ཚད་མེད་བདེན་པའི་བདེན་སྟོབས་ཀྱིས། །ཆར་གྱི་རྒྱུན་ཆེན་མྱུར་འབེབ་ཤོག །དགྲ་བཅོམ་ཉོན་མོངས་ཟད་བདེན་ཞིང་། །རང་རྒྱལ་རྟེན་འབྲེལ་རྟོགས་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་ཕོབ། །བརྒྱ་བྱིན་ལག་གི་རྡོ་རྗེ་དང་། ཁྱབ་འཇུག་ལག་གི་འཁོར་ལོ་དང་། །དྲག་པོའི་ལག་གི་མདུང་རྩེ་རྣམས། །གལ་ཏེ་ནུས་པར་ལྡན་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་ཕོབ། །སྡུག་བསྔལ་བདེན་དང་ཀུན་འབྱུང་བདེན། །འགོག་པ་བདེན་ཞིང་ལམ་བདེན་ན། །བདེན་པས་ཆར་ཆེན་འབེབ་གྱུར་ཅིག །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །གསང་བདག་རྟ་མགྲིན་ཕྱག་རྡོར་གྱི། །གལ་ཏེ་དམ་ལ་གནས་བདེན་ན། །དམ་ཚིག་བདེན་པས་ཆར་རྒྱུན་ཕོབ། །མཁའ་ལྡིང་རྒྱ་མཚོ་ལས་རྒྱལ་ཞིང་། །ནོར་བུས་དགོས་འདོད་འབྱུང་བ་དང་། །ཉི་ཟླས་མུན་པ་སེལ་བདེན་ན། །བདེན་པས་ཆར་ཆེན་རྒྱུན་འབེབ་ཤོག །སངས་རྒྱས་ཆོས་དང་དགེ་འདུན་བདེན། །གསང་སྔགས་རིག་སྔགས་གཟུངས་སྔགས་བདེན། །སྙིང་པོ་སྔགས་དང་ཕྱག་རྒྱ་བདེན། །བླ་མ་ཡི་དམ་མཁའ་འགྲོ་བདེན། །གཞི་དང་ལམ་དང་འབྲས་བུ་བདེན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་བདེན། །རྒྱུ་འབྲས་བསླུ་བ་མེད་པ་བདེན། །དེ་དག་ཐམས་ཅད་བདེན་ངེས་ན། །བདེན་པས་མྱུར་དུ་ཆར་ཆེན་ཕོབ། །ཀླུ་རྣམས་ཐམས་ཅད་སྟོབས་ཆེ་ཞིང་། ཁ་དོག་ལྡན་ཞིང་འོད་དང་ལྡན། །ལོངས་སྤྱོད་ཆེ་ཞིང་མཐུ་ཆེ་བ། །བདེན་ན་བདེན་པས་ཆར་ཆེན་ཕོབ། ཁྱད་པར་གཟུངས་སྔགས་འདི་བརྗོད་པས། །ཀླུ་ཡི་སྡུག་བསྔལ་རྒྱུན་ཆད་ནས། །ཆར་ཆེན་མྱུར་དུ་འབེབ་པར་ཤོག །ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། སམ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་བ་ཏི། ཨུད་པ་ད་ནི། བི་ནཱ་མ་ནི། ཨ་བྷི་ཥེ་ཙ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུམ་བ་ལ་ན། བཱ་ཧ་ཧ་ར་ཀླེ་ཤཱ་ན། དྷུ་ན་པཱ་པཾ་ཤོ་དྷ་ཡ་མརྒཱ་ན། ནི་རཱ་ཧི་ཀ་དྷརྨཱ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མ་རི་རཱ་ཛ་ས། དུ་ཁཿཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། ཞེས་དང་། ནཱ་ག་རཱ་ཙ་ཏྲི་པཱ་ལ་ཛཿཧཱུྃ་བཾ་ཧོ༔ ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ༔ སིདྡྷི་སིདྡྷི་ཕུ་ཏ་ཡ་ཧཱུྃ་ཕཊཿསྭཱ་ཧཱ༔ བྷ་རི་ཤ་ཡ་ནཱ་ག་རཱ་ཙ་ས་མ་ཡ༔ བྷ་རི་ཤ་ཡ་ནཱ་ག་རཱ་ཙ་པྲ་མ་ནི་སྭཱ་ཧཱ༔ ཨོཾ་ཕུཿནཱ་ག་ཤ་ཤ་ཕོབ༔ ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ༔ ཨོཾ་ཕོ་ནཱ་ག་ཧྲཱིཾ་ཧྲཱིཾ་ཕོབ༔ བྷ་རི་ཤ་ཡ་དྷ་ནཿནི་སྭཱ་ཧཱ༔ ལྷ་ཀླུ་སྡེ་བརྒྱད་ཀྱིས་ད་ལྟ་ཉིད་དུ་ཆར་ཆེན་ཕོབ་ཅིག་སྭཱ་ཧཱ། ཞེས་པ་འདིའང་སྤྲིན་ཆེན་པོའི་མདོ་སྡེའི་དོན་བསྡུས་ཏེ་ཆར་དཀོན་པའི་ཚེ་ཨ་རཱ་གས་བྲིས་པ་སྟེ། རྒྱ་ནག་གླང་རྩིས་ལ་ཡང་ད་ལོ་སྔ་ཐན་ཕྱི་ཞོད་གསུངས་པ་ལྟར་དབྱར་སྟོད་ཐན་པ་ཆེ་བས་ཕན་པའི་སེམས་ཀྱིས་ཆུ་ཡོས་ས་ག་ཆེན་པོའི་ཚེས་བཅུ་ལ་བྲིས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ།། །། ༄༅། །ཆར་འབེབ་གསོལ་འདེབས་བདུད་རྩིའི་སྤྲིན་དཀར་བཞུགས། །ན་མོ་ལོ་ཀེ་ཤྭ་རཱ་ཡ། ཀླུ་རྣམས་བདེ་ལ་འགོད་མཛད་པ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཀླུ་ཡི་ལྟུང་བ་སེལ་མཛད་པ། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཀླུ་ནད་ཐམས་ཅད་སེལ་མཛད་པ། །རིག་འཛིན་ནཱ་གཱརྫུ་ནཿལ། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན་མྱུར༴ ས་བཅུའི་དབང་ཕྱུག་ཀླུ་ཡི་རྒྱལ། །ལག་འགྲོ་ཆེན་པོ་གཡོག་མཐའ་ཡས། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན༴ བདེ་གཤེགས་ཀླུ་དབང་སྤྲུལ་པ་སྟེ། །ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ལ། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན༴ ཨ་བ་ལོ་ཀིའི་སྤྲུལ་པ་སྟེ། །ཆུ་བདག་ཆེན་པོ་བ་རུ་ཎཱ། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན༴ འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཆེན་པོ་འཇོག་པོ་ལ། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན་མྱུར༴ གསང་བའི་བདག་པོའི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཆེན་པོ་དགའ་བོ་ལ། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན༴ ཟླ་བའི་མདོག་ཅན་རྡོ་རྗེ་འཛིན། །ཡེ་ཤེས་ཀླུ་ཆེན་བརྒྱད་ཀྱིས་བསྐོར། །གསོལ་བ་འདེབས་སོ་ཐུགས༴ བྱིན་རླབས་ཆར་རྒྱུན༴ མ་དྲོས་ལ་སོགས་ཀླུ་ཡི་ཚོགས། །སྟོན་པའི་བཀའ་ལས་མ་འདའ་བར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །གཟི་ཆེན་ལ་སོགས་ཀླུ་ཡི་ཚོགས། །པད་འབྱུང་བཀའ་ལས་མ་འདའ་བར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །མཁར་ནག་ལ་སོགས་ཀླུ་ཡི་ཚོགས། །རང་བྱུང་རྒྱལ་བའི་བཀའ་མ་བཅག །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །བྱིས་པའི་གཟུགས་ཅན་ལ་སོགས་ཀླུ། །ནམ་མཁའ་རྒྱལ་མཚན་བཀའ་མ་བཅག །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཀླུ་གཉན་ས་བདག་སྣང་སྲིད་ཀུན། །ཨོ་རྒྱན་ཆེན་པོའི་དམ་མ་བཀྲལ། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །འཇིག་རྟེན་སྐྱོང་བར་ཁས་བླངས་ལྟར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ལྷ་དང་དྲང་སྲོང་བདེན་པའི་མཐུས། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །རླུང་ལྷ་ལ་སོགས་གདོན་གྱི་ཚོགས། །རྒྱལ་བའི་བཀའ་ལས་མ་འདའ་བར། །ཆར་ལ་བར་ཆད་མ་བྱེད་ཅིག །གལ་ཏེ་བཀའ་ལས་འདས་གྱུར་ན། །ཚེ་འདིར་མགོ་བོ་ཚལ་བརྒྱར་འགས། །ཕྱི་མ་མནར་མེད་སྡུག་བསྔལ་མྱོང་། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པའི་སེམས་སྤོངས་ཤིག །ལྷ་ཀླུ་རྣམས་ཀྱིས་ཆར་འབེབ་ཅིང་། །འཇིག་རྟེན་བདེ་ཞིང་སྐྱིད་པ་དང་། །བཀྲ་ཤིས་ལོ་ལེགས་འཕེལ་བར་མཛོད། །ཅེས་ཆར་འབེབ་བྱ་དུས་སྨྲས་པས་དེ་མ་ཐག་འབྲུག་སྒྲ་སྒྲོག་པ་ལ་སོགས་རྟེན་འབྲེལ་ལེགས་པར་བྱུང་ངོ་། །ཞེས་ཨ་རཱ་གས་སོ།། །།
ཚོགས་སྐོང་འགྲེས་བྱང (Volume 34, Text 52)
སྤྱི་སྐོང་གི་འགྲེས་བྱང་དང་པོ། བསྐང་ངོ་མཆོད་དོ་ཐུགས་དམ་བསྐང༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་བ་དང༔ ཉམས་དང་འདྲེས་ཤིང་སྐོང་བ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིག༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པས་མ་གཏོང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐང༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ༈ འགྲེས་བྱང་གཉིས་པ། ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང༔ འདོད་ཡོན་རྒྱན་གྱིས་ཐུགས་དམ་བསྐང༔ དུར་ཁྲོད་རྫས་ཀྱིས་ཐུགས་དམ་བསྐང༔ ཀུན་བཟང་རོལ་མོས་ཐུགས༴ བདུད་རྩི་སྨན་གྱིས་ཐུགས༴ དམར་ཆེན་རཀྟས་ཐུགས༴ རྨད་བྱུང་གཏོར་མས་ཐུགས༴ ལོངས་སྤྱོད་ཚོགས་ཀྱིས་ཐུགས༴ གཞན་ཡང་རྟེན་རྫས་སྐོང་རྫས་དང༔ སྒྲུབ་རྫས་མཐུན་པའི་དམ་རྫས་སོགས༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དང༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ ཚེ་དང་བསོད་ནམས་ཡེ་ཤེས་དང༔ འཁོར་སློབ་རིགས་རྒྱུད་རྒྱས་པར་སྤེལ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང༔ རླུང་སེམས་སྣང་བ་དབང་དུ་སྡུས༔ བྱད་ཕུར་ཐན་ལྟས་སུན་ཁ་དང༔ ཚེ་འཕྲང་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ གསང་བའི་དགྲ་གསུམ་དབྱིངས་སུ་ནོན༔ འཇིགས་པའི་བདུད་བཞི་ཀློང་དུ་སོད༔ བར་ཆད་འཕྲང་གསུམ་ཐལ་བར་རློགས༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ འབར་བ་གསུམ་གྱི་ཡེ་ཤེས་ཀྱིས༔ ལྷན་སྐྱེས་གྲུབ་པའི་དངོས་གྲུབ་སྩོལ༔
དཔེ་སྣ་ཀུན་ཐུབ་རཱ་ག་ཨ་སྱེས་སྦྱར་བའོ་ (Volume 44, Text 52)
དཔེ་སྣ་ཀུན་ཐུབ་རཱ་ག་ཨ་སྱེས་སྦྱར་བའོ།། ༄༅། །བཀའ་ཡི་རྒྱལ་མོ་ཌཱ་ཀི་མའི་སྔགས་འདིས་བདག་མི་ནོར་འཁོར་དང་བཅས་པ་ལ་ཡིག་སྣ་ངན་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ བཀའ་ཡི་རྒྱལ་མོ་ཌཱ་ཀི་མའི་སྔགས་འདིས་བདག་ཀརྨ་ཆགས་མེད་ཀྱི་ཆོས་བརྒྱུད་འཛིན་མི་ཐམས་ཅད་ཀྱི་མི་ནོར་ཐམས་ཅད་ཡིག་སྣ་ངན་པའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ།། །།འོག་མ་ཡིན།
སྲོག་བདག་རྒྱལ་པོ་དཀར་པོ་དྲུག་མདོས་རཀ་ཤག་གཏེར་བྱོན་གྱི་ངག་འདོན་ཁྲིགས་སུ་བསྡེབས་པ་ (Volume 43, Text 53)
༄༅། །སྲོག་བདག་རྒྱལ་པོ་དཀར་པོ་དྲུག་མདོས་རཀ་ཤག་གཏེར་བྱོན་གྱི་ངག་འདོན་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །འདིར་སྤྲུལ་སྐུ་རཀ་ཤག་ཆེན་པོའི་ཟབ་གཏེར་ནས་བྱུང་བར་གྲགས་པའི་སྲོག་བདག་དཀར་པོ་དྲུག་མདོས་ཀྱི་ལག་ལེན་ནི། མདོས་སྣོད་གཙང་བའི་དབུས་སུ་རི་རབ་བང་རིམ་བཞི་པའི་སྟེང་དུ། དབུས་སུ་རྒྱལ་པོའི་ཕོ་བྲང་ལྕགས་རི་དང་བཅས་པ། དེའི་ནང་དུ་གྲུབ་ན་རྒྱལ་པོའི་སྐུ་བརྙན་ཡང་བཞུགས། དེའི་མདུན་དུ་མི་དཀར་ཐོད་དམར། ཤར་དུ་རྟ་དཀར་རྔོག་དམར། ལྷོར་ར་དཀར་མཇིང་དམར། ནུབ་ཏུ་བྱ་དཀར་ཟེ་དམར། བྱང་དུ་སྤྲེལ་དཀར་ངོ་དམར། ཤར་ལྷོ་དང་ལྷོ་ནུབ་ཏུ་ལུག་དཀར་བོང་མིག་རྣ་དམར། ནུབ་བྱང་དང་བྱང་ཤར་དུ་ཁྱི་དཀར་སྣ་དམར་ཏེ་ཐམས་ཅད་ཀྱང་དྲུག་རེ། སྟེང་དུ་གདུགས་དང་དར་འཕན་ནམ་མཁའ། བྱ་རིགས་སྣ་ཚོགས། བང་རིམ་ལ་སྲིད་པའི་དཀོར་ཆ་ཅི་འཛོམ་པ་དང་། རི་དྭགས་གཡུང་དྭགས། རྩ་བར་ཆུ་གནས། མཐའ་སྐོར་དུ་རྒྱང་བུ་ཞེས་སྨྱུག་མ་སོགས་ཀྱི་རྩེར་བྱ་སྤུ་སྣ་ཚོགས་དང་། མགུལ་དུ་ཡུངས་དཀར་གྱི་ཐུམ་པོ་དང་བལ་ཚོན་སྣ་ཚོགས་ཀྱིས་བརྒྱན་པ། ཕོ་གདོང་། མོ་གདོང་། མདའ་བཀྲ །འཕང་བཀྲ །ཤིང་རིས་སྣ་ཚོགས་ཀྱིས་བསྐོར་བ་ལ་ཚོན་སྐུད་སྣ་ལྔས་འཁྱུད་མོར་དཀྲི། གཞན་ཡང་མདུན་དུ་སྐུ་གླུད། གསེར་སྐྱེམས། གསེར་དངུལ་ཇ་དར་འབྲུ་སྨན་བཟའ་བཏུང་སོགས་རྫོངས་ཆས་རིགས་བཀོད་པས་མཛེས་པར་བཤམ། དེ་ནས་བདག་བསྐྱེད་གུ་རུ་ཞི་དྲག་དང་རྟ་མགྲིན་སོགས་གཉེན་པོ་སྟོབས་ཀྱི་ལྷ་གང་ཡང་རུང་བའི་བསྒོམ་བཟླས་སྔོན་དུ་འགྲོ་བས། མདོས་ལ་ཆབ་གཙང་མ་བྲན་ནས། མཐུན་རྫས་རྣམས་བྱིན་གྱིས་བརླབ་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་མཐུན་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་སྲིད་པའི་འདོད་ཡོན་གྱི་འབྱོར་པ་ཟད་མི་ཤེས་ཤིང་། མགྲོན་སོ་སོའི་ཐུགས་ལ་གང་འདོད་པའི་དངོས་པོར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཅེས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། དེ་ནས་རི་རབ་ཕོ་བྲང་དང་བཅས་པ་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་མདོས་གཞི་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་གཡུའི་ནེའུ་སིང་གིས་མངོན་པར་བཀྲ་བ༔ དེའི་དབུས་སུ་བསམ་ཡས་དབུ་རྩེ་རིམ་གསུམ་གྱི་གཙུག་ལག་མཛེས་ཤིང་ལྷུན་སྟུག་པ༔ ཉི་མ་བྱེ་བའི་འོད་དང་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བའི་དབུས་སུ༔ རྒྱལ་པོ་ཆེན་པོ་པེ་ཧ་ར་སྐུ་མདོག་གངས་རི་ལྟར་དཀར་ཞིང་བརྗིད་ཆགས་པ༔ ཁྲོ་ཞིང་འཛུམ་ལ་ཆགས་པའི་ཉམས་དང་ལྡན་པ༔ ཆིབས་སུ་བན་གླང་སྣ་རིང་ལ་བཅིབས་པ༔ སྐུ་ལ་དར་དཀར་གྱི་འཇོལ་བེར་དང༔ དབུ་ལ་སག་ཞུ་དམར་སྨུག་ཟངས་ཀྱི་མདོག་ཅན་མནབས་པ༔ ཕྱག་གཡས་གསེག་ཤང་འཕྱར་བའི་ཚུལ་གྱིས་སྒྲེང་ཞིང༔ གཡོན་ཁྲག་གིས་གང་བའི་པར་བུ་ཐུགས་ཀར་བསྣམས་པ༔ སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད་ཅིང༔ ཕྱི་བློན༔ ནང་བློན༔ བཙུན་མོའི་ཚོགས་ཀྱིས་མངོན་པར་མཆོད་པ༔ དེའི་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱ༔ གཡོན་གྱི་རུ་འདྲེན་པ་དགེ་སློང་དགྲ་བཅོམ་བརྒྱ༔ མདུན་གྱི་རུ་འདྲེན་པ་བུད་མེད་ནག་མོ་བརྒྱ༔ ཕྱི་ཡི་རྗེས་གཅོད་བནྡེ་ནག་པོ་བརྒྱ༔ བློན་པོ་ཤ་འགྲོས་ཁྱི་འགྲོས་བརྒྱ༔ མོན་མོ་ཁྲག་གི་རྒྱུ་མ་ཐོགས་པ་བརྒྱ༔ ཀླུ་རིགས་ནད་རྐྱལ་ཐོགས་པ་བརྒྱ༔ ལས་བྱེད་པུ་ཏྲ་པ་ཏྲ་བརྒྱ༔ ཁྱད་པར་དུ་ཡང་ལ་བཙན༔ ལུང་བཙན༔ དགེ་བསྙེན་སྐྱེས་བུའི་དམག་སོགས་ཀྱིས་བསྐོར་བ་རྣམས་བདག་གི་བཀའ་ཉན་གསུང་སྡོད་གུས་པའི་ཚུལ་གྱིས་ཡས་སྟགས་སྣ་ཚོགས་ལེན་པའི་ཕྱིར་མདུན་དུ་འཁོད་པར་གྱུར་པར་བསམ་ལ༔ ཚིལ་གསུར་དང་རོལ་མོའི་སྒྲ་སྦྱར་ཞིང༔ ཨོཾ་རཱ་ཛ་ཏྲི་དུ་ཨ་ཀརྵཱ་ཡ་ཛ་ཛ༔ ཏྲི་ཏྲི་ཏྲི་བཛྲ་རཱ་ཏྲི་མ་མ་རཱ་ཛ་ཧཱུྃ་ཧཱུྃ་ཛ་ཛཿསྭཱ་ཧཱ༔ ཞེས་དྲག་ཏུ་བཟླ་བ་དང་བཅས་སྤྱན་འདྲེན་ཅིང་འབུལ་བ་འདི་སྐད་དོ༔ ཀྱེ༔ རྒྱལ་པོ་ཆེན་པོའི་ཡབ་ཀྱི་མཚན༔ ཡབ་ནི་གནམ་གྱི་དཀར་པོ་ཆེ༔ མ་དང་དེ་ནི་ཡུམ་གྱི་མཚན༔ མ་ནི་ཤུག་ལྕམ་རྒྱལ་མོ་མཚན༔ དེ་གཉིས་སྲིད་ཅིང་སྦྲུམ་པ་ལ༔ བུ་ནི་བརྒྱ་བྱིན་དཀར་པོ་བྱུང༔ ཤར་ཕྱོགས་ཧོར་གྱི་ཡུལ་དུ་བྱོན༔ གནམ་ལྷ་དཀར་པོ་ཞེས་ཀྱང་བྱ༔ དགེ་ལྷ་བྱང་ཆུབ་ཅེས་ཀྱང་བྱ༔ བྷ་ཏ་ཧོར་གྱི་སྒོམ་གྲྭར་བསྐོས༔ སྲོག་བདག་དཀར་པོ་ཞེས་ཀྱང་བྱ༔ དེ་ནས་བསྐལ་པ་ཐ་མ་ལ༔ དྲག་དམར་དཔལ་གྱི་བསམ་ཡས་སུ༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་དང༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དབུ་རྩེ་རིམ་གསུམ་ལ་སོགས་པའི༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ ལྷ་ཁང་མཆོད་རྟེན་མང་དུ་བཞེངས༔ དཀོར་བདག་སྲུང་མར་བཀའ་བསྩལ་གཏད༔ བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ༔ དཀོར་དང་དཔེ་ཆའི་ཕྱི་ལ་བྱོན༔ བྱང་ཤར་པེ་ཀར་གླིང་དུ་ནི༔ གནས་དང་དགྱེས་པའི་རྟེན་བཙུགས་ནས༔ གཙུག་ལག་སྐྱོང་བར་བཀའ་བསྒོས་པའི༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཁྱེད༔ ཆིབས་སུ་བ་གླང་སྣ་རིང་བཅིབས༔ རེས་འགའ་སེང་གེ་མགོ་སྔོན་བཅིབས༔ སྐུ་ལ་དར་དཀར་འཇོལ་བེར་གསོལ༔ དབུ་ལ་སྨྱུག་ཞྭ་དར་ནག་གསོལ༔ ཕྱག་ན་གསེག་ཤང་པར་བུ་བསྣམས༔ བསམ་ཡས་རྒྱལ་པོ་ཞེས་སུ་གྲགས༔ སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད༔ གཡས་ཀྱི་རུ་འདྲེན་སྐྱེས་པ་སྟག་ཆས་བརྒྱ༔ མདའ་སྒྲ་དེ་ནི་ཤ་ར་ར༔ གཡོན་གྱི་རུ་འདྲེན་དགེ་སློང་དགྲ་བཅོམ་བརྒྱ༔ སྟག་རལ་གསེག་ཤང་ཁྲོ་ལོ་ལོ༔ མདུན་གྱི་རུ་འདྲེན་བུད་མེད་ནག་མོ་བརྒྱ༔ གཡབ་འདོར་དེ་ནི་ལིངས་སེ་ལིང༔ ཕྱི་ཡི་རྗེས་གཅོད་བནྡེ་ནག་པོ་བརྒྱ༔ ངན་སྔགས་དམོད་མོ་ཏི་རི་རི༔ མི་བརྫུ་དེ་ནི་དགུ་རུ་བརྫུ༔ མི་སྤྲུལ་དེ་ནི་དགུ་རུ་སྤྲུལ༔ རེས་འགའ་དགེ་སློང་བཙུན་པ་གཅིག༔ ཕྱག་ན་གསེག་ཤང་ཁྲོ་ལོ་ལོ༔ དར་གྱི་ཆོས་གོས་ཞོ་ལོ་ལོ༔ སེར་ཆགས་ཡོངས་ཀྱི་རྒྱབ་རྟེན་བྱེད༔ དཀོར་ཆས་ཡོངས་ཀྱི་ཕྱི་ནས་འབྲང༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ སངས་རྒྱས་བསྟན་པ་སྲུང་བར་བྱེད༔ སྐྱེས་པ་ཕོ་ཡི་སྲོག་ཀྱང་གཅོད༔ ཟ་མ་མོ་ཡི་བླ་ལ་བརྐུ༔ བྱིས་པ་ཆུང་གི་དབུགས་ཀྱང་ལེན༔ སྲིད་པའི་མདོས་ལ་སྤྱན་དྲངས་ནས༔ ཁྱེད་ལ་དཀར་པོ་དྲུག་མདོས་འབུལ༔ ཕོ་གླུད་མདའ་དང་མོ་གླུད་འཕང༔ ནམ་མཁའ་སེམས་ཀྱི་གླུད་དུ་འབུལ༔ རྒྱང་བུ་སྐུ་གསུང་ཐུགས་གླུད་འབུལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ གནས་འདིར་རྐྱེན་ཁ་མ་མཛད་ཅིག༔༽ རེས་འགའ་དགེ་བཤེས་བཙུན་པ་གཅིག༔ འདིར་ཚོགས་སེར་ཆགས་འོང་ཟེར་ལ༔ འགུལ་འགུལ་ཤིག་ཤིག་བྲོ་ཡང་བརྡུང༔ གད་མོ་དགོད་ཅིང་ལབ་མོ་ལབ༔ ལྷ་ཁང་ཡོངས་ཀྱི་རྒྱབ་རྟེན་བྱེད༔ སྲིད་པའི་མདོས་ལ་སོགས་གོང་ལྟར་ཚིག་རྐང་བདུན་འགྲེ་འོ། །རེས་འགའ་སྔགས་པ་ཆེན་པོ་གཅིག༔ རྡོ་རྗེ་གསོར་ཞིང་ཕུར་པ་འདྲིལ༔ ངན་སྔགས་འགྲན་ཅིང་སྡང་མིག་བལྟ༔ བནྡེ་ཡོངས་ཀྱི་རྒྱབ་རྟེན་བྱེད༔ དམ་ཉམས་ཀུན་ལ་སྨྱོ་འབོག་གཏོང༔ སྲིད་པའི་མདོས་ལ་སྤྱན་དྲངས་ནས༔ ཁྱེད་ལ་དཀར་པོ་དྲུག་མདོས་འབུལ༔ ཕོ་གླུད་མདའ་དང་མོ་གླུད་འཕང༔ ནམ་མཁའ་སེམས་ཀྱི་གླུད་དུ་འབུལ༔ རྒྱང་བུ་སྐུ་གསུང་ཐུགས་གླུད་འབུལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ གནས་འདིར་རྐྱེན་ཁ་མ་མཛད་ཅིག༔༽ རེས་འགའ་སྤྱང་ཀི་སྔོན་པོར་སྤྲུལ༔ དུང་གི་མཆེ་བ་ཉེ་རེ་རེ༔ གཟི་ཡི་སྤྱན་མིག་ཧྲིགས་སེ་ཧྲིག༔ ལྕགས་ཀྱི་རྔ་མ་ཙ་ར་ར༔ སྲོག་བདག་ཡོངས་ཀྱི་རྒྱབ་རྟེན་བྱེད༔ གྲི་རུ་གསོད་པའི་སྣ་ཡང་འདྲེན༔ སྲིད་པའི་མདོས་ལ་སོགས། རེས་འགའ་སྤྲེའུ་དམར་པོ་གཅིག༔ བྱ་བྱེད་དེ་ནི་ཅི་ཡང་བྱེད༔ ཕུང་འདྲེ་འགོང་པོའི་རྒྱབ་རྟེན་བྱེད༔ སྨྱོ་འབོག་འཐབ་མོའི་སྣ་ཡང་འདྲེན༔ སྲིད་པའི་མདོས་ལ་སོགས། རེས་འགའ་བྱ་རྒོད་མགོ་སྐྱ་གཅིག༔ བྱ་སྤུ་གནམ་དུ་ཐུ་ལུ་ལུ༔ གཤོག་སྒྲ་དེ་ནི་སི་ལི་ལི༔ ཡུལ་ལྷ་ཡོངས་ཀྱི་རྒྱབ་རྟེན་བྱེད༔ ལོ་ཉེས་སེར་བའི་སྣ་ཡང་འདྲེན༔ སྲིད་པའི་མདོས་ལ་སོགས། རེས་འགའ་ཞུམ་བུ་ཁྲ་བོ་གཅིག༔ མདོ་ནས་ཕུར་རྒྱུག་ངར་སྐད་འདོན༔ འཛིང་ཞིང་སྐད་ལོག་སྣ་ཚོགས་འཛེར༔ འཐབ་འདྲེ་ཡོངས་ཀྱི་སྣ་ཡང་འདྲེན༔ གསེར་མིག་བལྟ་ཞིང་ཞོ་ཆང་རྐུ༔ སྲིད་པའི་མདོས་ལ་སོགས། རེས་འགའ་བུ་ཆུང་མཚེ་མ་གཅིག༔ དགའ་དང་དེ་ནི་ཡ་ལ་ལ༔ འཛུམ་དང་དེ་ནི་མུ་ལུ་ལུ༔ གད་མོ་དགོད་ཅིང་འོ་མ་འཐུང༔ ཟ་ངུ་བྱེད་ཅིང་བུ་ཡིན་ཟེར༔ སྲི་ཅན་ཡོངས་ཀྱི་སྣ་ཡང་འདྲེན༔ བུ་རུ་བརྫུས་ནས་རབས་ཀྱང་གཅོད༔ སྲིད་པའི་མདོས་ལ་སྤྱན་དྲངས་ནས༔ ཁྱེད་ལ་དཀར་པོ་དྲུག་མདོས་འབུལ༔ ཕོ་གླུད་མདའ་དང་མོ་གླུད་འཕང༔ ནམ་མཁའ་སེམས་ཀྱི་གླུད་དུ་འབུལ༔ རྒྱང་བུ་སྐུ་གསུང་ཐུགས་གླུད་འབུལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ གནས་འདིར་རྐྱེན་ཁ་མ་མཛད་ཅིག༔༽ རེས་འགའ་མཛེ་ཕོ་ཆེན་པོ་གཅིག༔ རྣག་བལ་ཤུ་བ་ཞུ་ཚུལ་ཅན༔ ཨ་ན་ཨ་ཚ་རྒྱུན་མི་ཆད༔ མིག་ནས་ཁྲག་རྣག་ཞ་ལ་ལ༔ ས་བདག་ཡོངས་ཀྱི་སྣ་ཡང་འདྲེན༔ ཐབ་དང་ཤུ་བ་རྒྱུན་མི་ཆད༔ སྲིད་པའི་མདོས་ལ་སོགས། རེས་འགའ་སྐྱེས་པ་ཤར་པོ་གཅིག༔ སྐུ་ལ་ཕྱིང་དཀར་མཚལ་རིས་གསོལ༔ ཕྱག་ན་ལྕགས་མདའ་ལྕགས་གཞུ་བསྣམས༔ ཆམ་ཐབ་ཡོངས་ཀྱི་སྣ་ཡང་འདྲེན༔ སྲིད་པའི་མདོས་ལ་སོགས། རེས་འགའ་ན་ཆུང་བུ་མོ་གཅིག༔ གླུ་སྐད་ལེན་ཞིང་ཟུར་མིག་བལྟ༔ གོམ་པ་འདེབས་ཤིང་ཁྱིམ་མཚེས་བསྲིང༔ རྨི་ལམ་དག་ཏུ་སྡོམ་པ་འཕྲོག༔ སྐྱེས་པ་ཕོ་ཡི་སྲོག་ལ་འཇབ༔ སྲིད་པའི་མདོས་ལ་སོགས། རེས་འགའ་ལྷ་ཁང་འབག་སེང་སྤྲུལ༔ འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་སྟོན༔ སྲིད་པའི་མདོས་ལ་སོགས། ༈ མཆེ་བ་ཅན་གྱི་ལྟས་ངན་ནི༔ སྟག་དང་སེང་གེ་ཁྱི་སྤྱང་དགུ༔ དོམ་དང་ཝ་དང་འཕར་བར་བརྫུ༔ གཤོག་པ་ཅན་གྱི་ལྟས་ངན་ནི༔ བྱ་རྒོད་དང་ནི་ངང་པ་དང༔ སྲིན་བྱ་འུག་པ་སྲོད་ལ་འཚེར༔ དུད་འགྲོ་ཡོངས་ཀྱི་ལྟས་ངན་ནི༔ སྦྲུལ་དང་སྦལ་པ་རྩང་པ་དང༔ རྟ་བླ་སྡོམ་དང་སྡིག་པར་བརྫུ༔ འབྱུང་བ་དག་གི་ལྟས་ངན་ནི༔ སེར་བ་ཤྭ་བུད་རླུང་དམར་དང༔ འོད་དང་དགྲ་དང་ཐུག་ཆོམ་བྱེད༔ སེམས་ལ་མི་དགའ་སྣ་ཚོགས་འབྱུང༔ གནས་ནི་ལྷ་ཁང་དག་ན་གནས༔ ཆགས་ནི་གསེར་དང་གཡུ་ལ་ཆགས༔ དཀོར་ནོར་སྣ་དགུའི་ཕྱི་ལ་འབྲང༔ སྐྱེས་པ་བུད་མེད་མཛའ་ཕྱིར་འབྲང༔ འཁྲུལ་ཕྱིར་འབྲངས་ནས་གནོད་པ་བྱེད༔ སྡོང་ནི་སྡེ་བརྒྱད་ཀུན་དང་བསྡོངས༔ སྔོན་གྱི་ཚེ་ན་སེམས་བསྐྱེད་ཀྱང༔ བར་དུ་ལས་ཀྱིས་དམ་ཚིག་ཉམས༔ དམ་ལོག་ཆོས་པ་རྣམས་ཀྱི་འདྲེ༔ ལས་ཀྱི་རུ་དྲ་སྡིག་པོ་ཆེ༔ ལས་ཀྱི་རྫུ་འཕྲུལ་སྣ་ཚོགས་འགྱེད༔ སྐྱེ་འགྲོ་ཡོངས་ལ་གནོད་འཚེ་བྱེད༔ ད་ནི་ཆོས་ཀྱི་དོན་ལ་ལྟོས༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ས་བོན་ཚ་བ་བཏབ་པ་ལས༔ འབྲས་བུ་ཚ་བ་བསྐྱེད་པ་ལྟར༔ ཕན་པའི་འབྲས་བུ་བདེ་བ་འབྱུང༔ ས་བོན་སྐྱུར་བ་བཏབ་གྱུར་ན༔ འབྲས་བུ་སྐྱུར་བ་སྨིན་པ་ལྟར༔ གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང༔ དགེ་སྡིག་འབྲས་ནི་རང་ལ་ཡོང༔ དེ་བས་གནོད་པ་མ་བྱེད་ཅིག༔ དེ་ནས་རྫོངས་འདེབས་ནི༔ ཀྱེ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས༔ རྒྱལ་པོའི་རིགས་སུ་གྱུར་པ་རྣམས༔ མདོས་དང་སྤྱན་གཟིགས་འདི་ལོངས་ཤིག༔ གླུད་དང་གཏོར་མ་འདི་ལོངས་ཤིག༔ མི་དཀར་ཐོད་དམར་ཅན་དྲུག་འབུལ༔ བྱ་དཀར་ཟེ་དམར་ཅན་དྲུག་འབུལ༔ རྟ་དཀར་རྔོག་དམར་ཅན་དྲུག་འབུལ༔ ལུག་དཀར་བོང་མིག་ཅན་དྲུག་འབུལ༔ ར་དཀར་མཇིང་དམར་ཅན་དྲུག་འབུལ༔ ཁྱི་དཀར་སྣ་དམར་ཅན་དྲུག་འབུལ༔ སྤྲེལ་དཀར་ངོ་དམར་ཅན་དྲུག་འབུལ༔ མདོས་བདག་ཐམས་ཅད་མདོས་ལོངས་ཤིག༔ གླུད་བདག་རྣམས་ཀྱི་གླུད་དུ་འབུལ༔ དམ་རྫས་བདུད་རྩི་གསེར་སྐྱེམས་དང༔ ལ་རྫས་དང་ནི་ལུང་རྫས་དང༔ རྒྱལ་པོའི་ཡས་སྟགས་སྣ་ཚོགས་འབུལ༔ མདོས་བདག་ཆེན་པོ་མདོས་ལོངས་ཤིག༔ གླུད་བདག་ཆེན་པོ་གླུད་ལོངས་ཤིག༔ རྒྱལ་པོ་འཁོར་དང་བཅས་པ་རྣམས༔ མདོས་གླུད་གཏོར་མ་འདི་ལོངས་ཤིག༔ ཡོན་བདག་འཁོར་དང་བཅས་པ་ལ༔ གནོད་པའི་བསམ་པ་ཞི་བར་མཛོད༔ ཅེས་བརྗོད༔ དེ་ནས་མདོས་ཁ་ཕྱིར་བསྒྱུར་ལ་འདི་སྐད་དོ༔ ཀྱེ༔ ད་ནི་རྒྱལ་པོའི་ལམ་སྐྱོད་དོ༔ ད་ནི་མགྲོན་པོའི་འགྲིམ་སྐྱོད་དོ༔ རྒྱལ་པོ་གྲོང་ལ་ཡེངས་པ་ན༔ རྒྱལ་ས་མི་ལ་ཤོར་ཉེན་ཡོད༔ རྒྱལ་པོ་རང་གི་གནས་སུ་བཞུད༔ འདི་ན་རྒྱལ་པོའི་བཞུགས་ས་མིན༔ ཁྱིམ་ཆུང་འདི་ན་རྒྱལ་པོའི་བཞུགས་ས་མིན༔ གྲོང་ཆུང་འདི་ན་རྒྱལ་པོའི་མཛོད་མི་ཤོང༔ འབངས་དང་གྲོགས་ནི་དྲི་མི་ཞིམ༔ གནས་ཁང་འདི་ན་ཉམས་མི་དགའ༔ རྒྱལ་པོ་ད་གཤེགས་བཞུད་རེ་རན༔ འདི་ན་ཁྱེད་ཀྱི་འབངས་མ་མཆིས༔ དེ་བས་རང་རང་རྟེན་ལ་གཤེགས༔ ད་ནི་གཤེགས་པའི་དུས་ལ་བབས༔ མཆིམས་ཀྱི་རྒྱལ་པོ་མཆིམས་ཡུལ་སྨད་དུ་གཤེགས༔ མགོ་ནག་རྒྱལ་པོ་ཟ་ཧོར་ཡུལ་དུ་གཤེགས༔ པེ་ཀར་རྒྱལ་པོ་བསམ་ཡས་གླིང་དུ་གཤེགས༔ དཀོར་སྲུང་རྒྱལ་པོ་ལྷ་ཁང་དབུ་རྩེར་གཤེགས༔ དབུ་རུ་ཀ་ཚལ་ལྷ་ཁང་གཤེགས༔ པྲ་དུན་རྩེ་ཡི་ལྷ་ཁང་གཤེགས༔ ལི་ཡུལ་ལྕང་ར་སྨུག་པོར་གཤེགས༔ བལ་ཡུལ་འཕགས་པ་ཤིང་ཀུན་གཤེགས༔ ཀོང་པོ་བུ་ཆུའི་ལྷ་ཁང་གཤེགས༔ བུམ་ཐང་དགེ་གནས་ལྷ་ཁང་གཤེགས༔ སྤ་གྲོ་སྐྱེར་ཆུའི་ལྷ་ཁང་དང༔ ལྷོ་བྲག་མཁོ་མཐིང་ལྷ་ཁང་དང༔ ལྷ་ཁང་ཆེན་པོའི་གནས་སུ་གཤེགས༔ ཁྱེད་རྒྱལ་པོའི་རིགས་སུ་གྱུར་པ་རྣམས༔ སོ་སོའི་གནས་དང་རྟེན་ལ་གཤེགས༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ཤར་ཕྱོགས་ཕ་ཀི་ན༔ རྒྱ་ནག་རྩིས་ཀྱི་རྒྱལ་པོ་བཞུགས༔ དེ་ན་རྒྱལ་པོ་བཀའ་རེ་བཙན༔ དེ་ན་བཙུན་མོ་ཆས་རེ་ལེགས༔ དེ་ན་དམག་ཚོགས་དཔུང་རེ་ཆེ༔ དེ་ན་རྒྱལ་བུ་ངག་རེ་སྙན༔ དེ་ན་བློན་པོ་གྲོས་རེ་མཁས༔ དེ་ན་རྒྱལ་ཕྲན་གྲངས་རེ་མང༔ དེ་ན་ལོངས་སྤྱོད་སྣ་དགུ་ཡོད༔ རུ་མཚོན་དཀར་པོ་ལྷབས་སེ་ལྷབ༔ གར་མཁན་གར་བྱེད་ཁྲིགས་སེ་ཁྲིག༔ རྒྱལ་པོ་འཁོར་བཅས་དེ་རུ་གཤེགས༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་བཞུགས༔ དེ་ན་རྒྱལ་པོ་བཀའ་རེ་བཙན༔ དེ་ན་བཙུན་མོ་ཆས་རེ་ལེགས༔ དེ་ན་དམག་ཚོགས་དཔུང་རེ་ཆེ༔ དེ་ན་རྒྱལ་བུ་ངག་རེ་སྙན༔ དེ་ན་བློན་པོ་གྲོས་རེ་མཁས༔ དེ་ན་རྒྱལ་ཕྲན་གྲངས་རེ་མང༔ དེ་ན་ལོངས་སྤྱོད་སྣ་དགུ་ཡོད༔ རུ་མཚོན་སེར་པོ་ལྷབས་སེ་ལྷབ༔ གར་མཁན་གར་བྱེད་ཁྲིགས་སེ་ཁྲིག༔ རྒྱལ་པོ་འཁོར་བཅས་དེ་རུ་གཤེགས༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ སྟག་གཟིག་ནོར་གྱི་རྒྱལ་པོ་བཞུགས༔ དེ་ན་རྒྱལ་པོ་བཀའ་རེ་བཙན༔ དེ་ན་བཙུན་མོ་ཆས་རེ་ལེགས༔ དེ་ན་དམག་ཚོགས་དཔུང་རེ་ཆེ༔ དེ་ན་རྒྱལ་བུ་ངག་རེ་སྙན༔ དེ་ན་བློན་པོ་གྲོས་རེ་མཁས༔ དེ་ན་རྒྱལ་ཕྲན་གྲངས་རེ་མང༔ དེ་ན་ལོངས་སྤྱོད་སྣ་དགུ་ཡོད༔ རུ་མཚོན་དམར་པོ་ལྷབས་སེ་ལྷབ༔ གར་མཁན་གར་བྱེད་ཁྲིགས་སེ་ཁྲིག༔ རྒྱལ་པོ་འཁོར་བཅས་དེ་རུ་གཤེགས༔ ཀྱེ༔ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ ཉི་མ་བྱང་ཕྱོགས་ཕ་ཀི་ན༔ གེ་སར་དམག་གི་རྒྱལ་པོ་བཞུགས༔ དེ་ན་རྒྱལ་པོ་བཀའ་རེ་བཙན༔ དེ་ན་བཙུན་མོ་ཆས་རེ་ལེགས༔ དེ་ན་དམག་ཚོགས་དཔུང་རེ་ཆེ༔ དེ་ན་རྒྱལ་བུ་ངག་རེ་སྙན༔ དེ་ན་བློན་པོ་གྲོས་རེ་མཁས༔ དེ་ན་རྒྱལ་ཕྲན་གྲངས་རེ་མང༔ དེ་ན་ལོངས་སྤྱོད་སྣ་དགུ་ཡོད༔ རུ་མཚོན་ལྗང་གུ་ལྷབས་སེ་ལྷབ༔ གར་མཁན་གར་བྱེད་ཁྲིགས་སེ་ཁྲིག༔ རྒྱལ་པོ་འཁོར་བཅས་དེ་རུ་གཤེགས༔ ཞེས་བརྗོད་ལ། དྲག་སྔགས་བཟླ་ཞིང་རོལ་མོ་དང་བཅས་མཚམས་བཅད། ལོ་བདུད་སྟེང་ངམ། འདྲེ་ལྔ་བདུད་གཅོད་ཕྱོགས་སམ། ལྷ་ཁང་མཆོད་རྟེན་ཚྭ་ཁང་གང་རུང་རྩར་གཙང་སར་བསྐྱལ། སྲུང་འཁོར་བསྒོམ་མོ། །ཞེས་པ་ཡར་འབྲོག་གཉན་གྱི་རཀ་ཤག་གཏེར་སྟོན་དང་གྲ་སྒོམ་ཆོས་ཀྱི་རྡོ་རྗེས་བུ་ཚལ་གསེར་ཁང་གླིང་ནས་སྤྱན་དྲངས་པའི་ཤེལ་ཕྲེང་དཀར་པོའི་རྒྱུད་ལས་བཏུས་པར་གྲགས་པ་ངག་འདོན་ཁྲིགས་སུ་་་ཆགས་མེད་རཱ་གཱ་ཨ་སྱེ།བསྡེབས་པའི་དགེ་བས་འགྲོ་ཀུན་རྒྱལ་གདོན་གདུག་པའི་གནོད་པ་ལས་གྲོལ་ཞིང་། བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་གྱུར་ཅིག །མངྒ་ལཾ་བྷ་བ་ཏུ།། །།
གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཏེར་ཁ་གཉིས་ལྡན་གྱི་ལུགས་བཞིན་བཀོད་པ (Volume 61, Text 53)
ཨཱོྃ་སྭསྟི། གསང་བདག་དཔའ་བོ་ཧེ་རུ་ཀར། །བཏུད་ནས་བསྟན་སྲུང་གནོད་སྦྱིན་ཆེ། །བཤན་པ་དམར་ནག་སྒྲུབ་པའི་ཐབས། །སྲོག་དབང་བཅས་པ་མདོར་བསྡུས་བཤད། །འདིར་གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་ཁྲག་དང་བདུད་རྩིས་བྱུགས་པའི་ཁར་མཎྜལ་གྲུ་གསུམ་དམར་ནག་གི་ཕྱིར་པདྨ་འདབ་བརྒྱད་དང་མེ་རིས་ཟླུམ་པོར་བསྐོར། དབུས་སུ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་སྟེང་དུ་མཉྫི་ལ་ཟངས་གཞོང་དུ་རྟེན་གཏོར་གྲུ་གསུམ་དམར་པོ་རང་འདྲ་བརྒྱད་ཀྱིས་བསྐོར་བ་ལ་ཤ་ཁྲག་སྣ་ཚོགས་པས་བརྒྱན། འོམ་བུའི་མདའ་བྱ་རོག་གི་སྒྲོ་ཅན་ལ་དར་ལེ་བརྒན་དང་སྐུ་གཟུགས་ཀྱི་ཙཀླི་བཏགས་པ་བཙུགས། ཕྱིའི་ཕྱོགས་ཀྱི་པད་འདབ་བཞི་ལ་ཤར་ནས་བརྩམ་སྟེ་རལ་གྲི་གྲི་གུག་སྙིང་ཞགས་ཐོད་ཁྲག་བཞི་དང་། མེ་ནས་བརྩམ་སྟེ་མཚམས་བཞིར་སྐམ་གཤེར་གྱི་ཐུན་སྣོད། ཟོར་གཏོར། མེ་ཧོམ་གྱི་ཏིང་ལོ་གྲུ་གསུམ། མནན་པའི་སཱཙྪ་རྣམས་གཞག །མདུན་དུ་མཆོད་གཏོར་དང་སྨན་རཀ །གཡས་སུ་ཞིང་ལྤགས་གླང་ཀོ་སྟག་ཤམ་གྱི་ཙཀླི། གཡོན་དུ་བཟའ་བའི་འབྲང་རྒྱས། མཐར་ཉེར་སྤྱོད་ལྔ་སོགས་མཆོད་པས་བསྐོར་རོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། གསང་བདག་སོགས་ཡི་དམ་གང་འོས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སྤྱི་དང་ཁྱད་པར་གྱི་མཆོད་པ་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཟངས་ཀྱི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་འཁྲིགས་ཤིང་འབྲུག་སྒྲ་དྲག་པོ་དང་བཅས་པའི་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་ནས་རླུང་ནག་འཚུབས་མར་འཁྱིལ་ཞིང་ལྕགས་རི་ནག་པོས་བསྐོར་བའི་དབུས་སུ། བཻ་ཌཱུརྻའི་བྲག་དང་པད་ཉི་དགྲ་བགེགས་ཀྱི་སྟན་ལ་ཟངས་ཀྱི་ཁྱུང་དམར་སྤུ་གྲིའི་སྒྲོ་གཤོག་ཅན་གྱི་སྟེང་དུ་ཀྵ་ལས་གནོད་སྦྱིན་བཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རལ་གྲི་དང་གྲི་གུག །གཡོན་གཉིས་ཐོད་པ་དང་སྙིང་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། འཇིགས་ཤིང་རྔམ་པའི་ཚུལ་གྱིས་མེ་རླུང་འཚུབས་མའི་ཀློང་ན་བཞུགས་པའོ། །ཕྱི་རོལ་གྱི་ཤར་ནས་རིམ་པ་བཞིན། རྒྱལ་པོ་སྟག་གི་མགོ་ཅན་དཀར་པོ། སྲིན་པོ་ནེ་ཙོའི་མགོ་ཅན་དུད་ཁ། གཤིན་རྗེ་གཟིག་གི་མགོ་ཅན་དམར་ནག །མ་མོ་རྨ་བྱའི་མགོ་ཅན་ལྗང་ནག །བཙན་དོམ་གྱི་མགོ་ཅན་སྔོན་པོ། གཟའ་བདུད་ཤང་ཤང་གི་མགོ་ཅན་དུད་ཁ། བདུད་འབྲོང་གི་མགོ་ཅན་ནག་པོ། ཀླུ་བདུད་ཉའི་མགོ་ཅན་སྔོན་པོ། དེ་ཐམས་ཅད་ཀྱང་རང་མདོག་དང་མཚུངས་པའི་རྟ་ལ་ཞོན་ནས་གཡས་དར་མདུང་དང་གཡོན་སྙིང་དང་ཞགས་པ་འཛིན་པ། དར་བེར་དང་སྟག་རལ་གཟིག་ཤུབས་འཆང་བ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བའི། གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས་གནོད་སྦྱིན་འཁོར་བཅས་སྤྱན་དྲངས་པར་བསམ་ལ་དར་དམར་གྱིས་གཡབ་ཅིང་ཚིལ་ཆེན་གྱི་གསུར་དུད་དང་བཅས་པས། ཨེ་བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ནོ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་སྐུ་སྐྱོད་ཅིག༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པ༔ གནོད་སྦྱིན་འཁོར་བཅས་གཤེགས་སུ་གསོལ༔ དམར་པོ་མི་ཟན་འདིར་གཤེགས་འཚལ༔ དམ་ཉམས་བཤན་པ་འདིར༴ གཟའ་བདུད་མིག་དམར་འདིར༴ གཏེར་བདག་ཆེན་པོ་འདིར༴ རྣལ་འབྱོར་དགྲ་བླ་འདིར༴ ལྷ་སྲིན་སྡེ་བརྒྱད་འདིར༴ གནོད་སྦྱིན་དམག་ཚོགས་འདིར༴ དོན་ལ་གཤེགས་བཞུད་མི་མངའ་ཡང༔ སངས་རྒྱས་བསྟན་པ་བསྲུང་སླད་དུ༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཨེ་ཧེ་མ་རུ་ཙེ་ས་མ་ཡ་ཨཱ་ཀརྵཱ་ཡ་ཛ༔ ཞེས་པས་སྤྱན་དྲངས། དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ སངས་རྒྱས་བསྟན་པ་སྲུང་མཛད་ཅིང༔ གདུག་པའི་དགྲ་བགེགས་ཚར་གཅོད་པའི༔ གནོད་སྦྱིན་འཁོར་དང་བཅས་པ་ལ༔ དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེས་བཞུགས་སུ་གསོལ་ནས་ཕྱག་བྱ། ཧཱུྃ༔ གནོད་སྦྱིན་དགྲ་བླ་འཁོར་བཅས་ལ༔ གསོལ་ཞིང་མཆོད་པ་འབུལ་བ་ནི༔ དམ་ཉམས་དགྲ་བགེགས་བསྒྲལ་པ་ཡི༔ ཤ་ཆེན་རཀྟ་ལ་སོགས་པ༔ ཤ་སྣ་ཁྲག་སྣ་འབུམ་གྱིས་མཆོད༔ བྷནྡྷ་རུས་པ་ཚིལ་ཆེན་དང༔ བདུད་རྩི་འབྲུ་བཅུད་ཆང་གིས་མཆོད༔ རོ་བརྒྱ་ལྡན་པའི་བ་ལིཾ་འདི༔ གནོད་སྦྱིན་འཁོར་བཅས་མཆོད་པར་བཞེས༔ སྨན་སྣ་སྟོང་དང་ཤ་སྣ་འབུམ༔ ཁྲག་སྣ་སྟོང་དང་ཛ་གད་ཕུད༔ ཆུ་སྣ་སྟོང་དང་སྙིང་སྣ་འབུམ༔ གོ་རོ་ཙ་ན་བ་སུ་ཏ༔ འབྲུ་སྣ་སྣ་ཚོགས་རིན་ཆེན་ལྔ༔ བཟའ་བཏུང་རྣམ་པ་སྣ་ཚོགས་རྣམས༔ གནོད་སྦྱིན་འཁོར་བཅས་མཆོད་པར་བཞེས༔ སེང་གེ་གླང་ཆེན་ཁྱུང་ལ་སོགས༔ བྱོལ་སོང་རིགས་གྱུར་སྣ་ཚོགས་དང༔ རིན་ཆེན་སྣ་བདུན་དར་ཟབ་སོགས༔ སྤྱན་གཟིགས་རྣམ་པ་སྣ་ཚོགས་དང༔ ཕྱི་ནང་མཆོད་པ་རྒྱ་མཚོའི་ཚོགས༔ གནོད་སྦྱིན་འཁོར་བཅས་མཆོད་པར་བཞེས༔ ལྷ་སྲིན་སྡེ་བརྒྱད་མཆོད་པར་བཞེས༔ གསོལ་ལོ་ཐུགས་དམ་བསྐང་གྱུར་ཅིག༔ དམ་ཚིག་ཉམས་ཆག་མ་ལུས་བཤགས༔ བར་ཆད་རྐྱེན་རྣམས་བསྲུང་དུ་གསོལ༔ མཐུན་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨེ་ཧེ་མ་རུ་ཙེ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བདུད་རྩི་དང་། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཀྟ་འབུལ། རྩ་སྔགས་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་གྱིས་གཏོར་མ་ཕུལ་ནས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ༔ སྔོན་ཚེ་བསྟན་པ་བསྲུང་བར་ཁས་བླངས་པ༔ དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གཟུགས༔ གནོད་སྦྱིན་སྲིན་མོ་ཚོགས་པའི་བུ་གཅིག་པོ༔ སྐུ་མདོག་དམར་ནག་ཁྲོ་བོའི་ཚུལ་འཆང་བ༔ ཤིན་ཏུ་འཇིགས་པའི་མེ་འོད་ལུས་ལ་འཕྲོ༔ ཞལ་གདངས་ཁྲག་འཛག་དུག་གི་མཆེ་བ་གཙིགས༔ གློག་ལྟར་འཁྱུག་པའི་ལྗགས་ཀྱིས་སྙིང་ཁྲག་འཐུང༔ རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ༔ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་གིས༔ སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད༔ གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས༔ ཁམས་གསུམ་དགྲ་བོའི་ཤ་ཁྲག་ཞལ་དུ་གསོལ༔ གནོད་སྦྱིན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དར་དམར་འཇོལ་བེར་གསེར་སྐ་རིན་ཆེན་བཅིངས༔ གླིང་བཞིར་རྒྱུག་ཅིང་མཚོན་གཟེར་དགྲ་ལ་འདེབས༔ ཁྱུང་དམར་བཅིབས་ནས་སྲིད་གསུམ་ཡུད་ཀྱིས་བསྐོར༔ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ༔ དམ་ཉམས་དགྲ་ཡི་བླ་སྲོག་ཧུབ་ཀྱིས་འདེབས༔ སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་སྡུད༔ ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་ཁོལ༔ དམ་ཉམས་བསྒྲལ་ནས་རྣལ་འབྱོར་ཕྲིན་ལས་མཛད༔ སྲོག་བདུད་བཤན་པ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཁའ་ལ་སྐྱོད་ཚེ་སྟོང་གསུམ་ཀུ་སྒྲས་འགེངས༔ དུར་ཁྲོད་དམག་ཚོགས་གཡབས་ནས་དམ་ཉམས་སྒྲོལ༔ དྲག་པོའི་ང་རོ་འབྲུག་གི་སྒྲ་བསྒྲགས་པས༔ སྲིད་པ་གསུམ་གཡོ་ཁམས་གསུམ་རབ་ཏུ་འཁྲུག༔ གར་རྦད་ས་རུ་དམ་ཉམས་ཐལ་བར་རློག༔ གར་ཕེབས་ས་རུ་མི་རོ་རགས་སུ་བརྩེགས༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱའོ། །བཟླས་པ་ནི། གནོད་སྦྱིན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་གྷྲཾ་བྷྱོ་ཤ་རཾ་བྷྱོ་པུ་རུ་ཛ་གྷྲིག་ཧ་ལ་གྷྲ་ན་ཏ་ཡ་ཛཿཛ༔ ཞེས་པ་ནི་འབོད་སྔགས་ཏེ། རྦད་གསད་ཀྱི་སྔགས་གཞན་ཡང་ཡོད་མོད་འདིར་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །དེ་ལྟར་བཟླས་པའི་མཐར་མཆོད་ཅིང་འདོད་དོན་གསོལ། སྐོང་བཤགས་དང་དྲག་པོའི་ལས་ལ་བསྐུལ་བ་སོགས་བྱེད་ནའང་འདི་ཉིད་དུ་བྱའོ། །ཐུན་གྱི་མཐར་གཏོར་མ་སྔར་བཞིན་བསྔོས་ནས། སློབ་དཔོན་པདྨའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །གནོད་སྦྱིན་ཆེན་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་གཏོར་མ་གཏང་། གཏང་རག་བཟོད་གསོལ། གཤེགས་གསོལ་སོགས་སྤྱི་ལྟར་བྱའོ། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་རྣོ་ཞིང་འདྲིལ་བ་མང་དུ་བཞུགས་པ་ནི་གཏེར་གཞུང་དང་ཀུན་མཁྱེན་ཆེན་པོའི་གསུང་ལས་ཤེས་པར་བྱའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་བཞིན་བྱས་ལ། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་སོང་ནས། མཚམས་སྦྱོར་གྱི་ཁྱད་པར། འདིར་རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་ནུས་ལྷག་པར་ཆེ་ཞིང་། དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད། སྔོན་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་ཉིད་ཧེ་ཆེན་དྷ་ནའི་དུར་ཁྲོད་ན་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བཞུགས་པའི་ཚེ། སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཤིང་། ཁྱད་པར་དུ་དུར་ཁྲོད་ཀྱི་བདག་པོ་གནོད་སྦྱིན་རཀྴ་གདོང་དམར་བྱ་བ་འདི་ཉིད་ཀྱིས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབས། དུས་ཕྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ན་དགོངས་པ་ལ་བཞུགས་པའི་ཚེ། མི་རེངས་དམར་པོ་མེ་འོད་འཕྲོ་བ་ལྗགས་གློག་ལྟར་འཁྱུག་ཅིང་མིག་ནས་མེའི་ཚྭ་ཚྭ་འཕྲོ་བ་ཟངས་ཀྱི་ཁྱུང་དམར་ལ་ཞོན་པ་ཞིག་དངོས་སུ་འོངས་ནས་སློབ་དཔོན་གྱི་དགོངས་པ་སད་དུ་བྱུང་བ། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ཟིལ་གྱིས་མནན་པས། སྔོན་གྱི་ཚེ་མཆེད་དུ་གྱུར་པའི་ལོ་རྒྱུས་དང་བཅས་ཏེ་སྒྲུབ་ཐབས་དང་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས། གནོད་སྦྱིན་ཉིད་ཀྱིས་གསང་བའི་བདག་པོ་ལ་ཕུལ་བའི་སྲོག་དམར་ལེན་སྤུ་གྲིའི་རྒྱུད་ཅེས་བྱ་བ་ཧེ་ཆེན་དྷ་ནའི་དུར་ཁྲོད་ཀྱི་ཕ་ཝོང་སྟག་འདྲ་བའི་འོག་ན་ཡོད་པ་སློབ་དཔོན་ལ་འབུལ་ལོ་ཞེས་ལུང་བསྟན། དེ་སློབ་དཔོན་གྱིས་ཕྱུང་ནས་བསྙེན་སྒྲུབ་ལས་སྦྱོར་རྣོ་མྱུར་ཟབ་ཅིང་འདྲིལ་བའི་མན་ངག་ཏུ་བསྡེབས་པ་ཕྱི་རབས་བསྟན་པ་བསྲུང་བའི་དོན་དུ་གཏེར་དུ་སྦས་པ། གཏེར་སྟོན་པདྨ་ལས་འབྲེལ་རྩལ་དང་། རཏྣ་གླིང་པས་སྤྱན་དྲངས་པ་ལས། ཐུན་མོང་མ་ཡིན་པའི་སྲོག་དབང་ཟབ་མོ་རིག་འཛིན་བརྒྱུད་པ་རྣམས་ཀྱི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ། ཀྱེ་མ་དུས་གསུམ་བླ་མ་རྗེ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ བདག་གིས་ཞིང་བཅུ་སྒྲོལ་བར་བྱེད༔ མངོན་སྤྱོད་ལས་འདི་བདག་སྒྲུབ་པས༔ དམ་ཉམས་གཤེད་མར་དབང་བསྐུར་གསོལ༔ ཞེས་ལན་གསུམ། བླ་མས། ཁྱོད་ཀྱིས་དམ་བཅས་དེ་ལགས་པས༔ འགྲོ་བ་ཀུན་གྱི་སྲོག་ལེན་པར༔ གནོད་སྦྱིན་བཤན་པའི་དབང་འདི་བསྐུར༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ ཞེས་བརྗོད། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག་བྱ། སློབ་དཔོན་ཡི་དམ་དང་། གཏོར་མ་མདུན་བསྐྱེད་བཞིན་གསལ་བཏབ། ཡེ་ཤེས་པ་སྤྱན་འདྲེན་དང་མཆོད་པ་འབུལ། གཏོར་མ་སློབ་མའི་སྤྱི་བོར་བཞག་ལ། སྔར་བཤད་པའི་བསྟོད་པ་ཡོངས་རྫོགས་སམ་བསྟོད་པ་བསྡུས་པ་གང་འོས་ཞིག་སྔོན་དུ་འགྲོ་བས་རྩ་སྔགས་ཉེར་གཅིག་བཟླས་པའི་མཐར། ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཁམས་གསུམ་སྲོག་ལ་དབང་ཡང་མཛད༔ འཇིག་རྟེན་ཁམས་ན་མཐུ་རྩལ་ཆེ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ སྐལ་ལྡན་འདི་ལ་དབང་བསྐུར་བས༔ སྲོག་བདག་མི་ཟན་དངོས་སུ་གྱུར༔ མཐུ་དང་ནུས་པའི་རྩལ་རྫོགས་ནས༔ མངོན་སྤྱོད་དྲག་པོའི་དབང་ཐོབ་ཤོག༔ ཅེས་དང་། བཀའ་བསྒོའི་ཚིག་གང་འོས་བརྗོད་དེ། གཏོར་མའི་ལྷ་སློབ་མ་ལ་ཐིམ་པས་སློབ་མ་གནོད་སྦྱིན་གྱི་སྐུར་གྱུར་ནས་འགྲོ་བ་ཐམས་ཅད་ཀྱི་སྲོག་ལ་དབང་བའི་མཐུ་ཅན་དུ་གྱུར། དེའི་ཐུགས་ཀར་སློབ་དཔོན་པདྨ་བསྐྱེད་ནས་རྟེན་འབྲེལ་སྙིང་པོས་བརྟན་པར་བྱ། གཏོར་ཟན་དགྲ་བོའི་ཤ་ཁྲག་བདུད་རྩིར་བསམ་པ་ཟར་བཅུག་སྟེ་ཞལ་བསྲོ། སྐུ་གསུང་ཐུགས་ཀྱི་དབང་ངོ་། །དེ་ལྟར་སློབ་མ་གནོད་སྦྱིན་དུ་གྱུར་པ་དཔའ་བའི་རྟགས་ཀྱིས་མངའ་གསོལ་ཕྱིར། མི་ལྤགས་བཀོན་ལ། དམ་ཉམས་དགྲ་བགེགས་བསྒྲལ་པ་ཡི༔ ཞིང་ཆེན་གཡང་གཞི་འདི་བཀོན་པས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ གླང་ལྤགས་བཀོན་ལ། གླང་ཆེན་ཀོ་རློན་འདི་གཏད་པས༔ སྲིད་གསུམ་ཟིལ་གྱིས་གནོན་གྱུར་ཅིག༔ སྟག་ལྤགས་དཀྲིས་ལ། སྟག་གི་ཤམ་ཐབས་འདི་གཏད་པས༔ དྲེགས་པ་ཅན་རྣམས་ཐུལ་གྱུར་ཅིག༔ ཅེས་དཔའ་བོ་གཡུལ་དུ་འཇུག་པ་ལ་གོ་བགོ་བའི་ཚུལ་ལོ། །ཕྱག་མཚན་རྣམས་ལས་རལ་གྲི་གཏད་དེ། གཡས་སུ་རལ་གྲི་འདི་གཏད་པས༔ དམ་ཉམས་ཐམས་ཅད་སྒྲོལ་གྱུར་ཅིག༔ གྲི་གུག་གཏད་དེ། འོག་མར་གྲི་གུག་འདི་གཏད་པས༔ དགྲ་བོའི་སྙིང་རྩ་གཅོད་པར་ཤོག༔ སྙིང་ཞགས་གཏད་དེ། གཡོན་དུ་སྙིང་ཞགས་འདི་གཏད་པས༔ དགྲ་འཆིང་དགྲ་སྙིང་འབྱིན་པར་ཤོག༔ ཐོད་ཁྲག་གཏད་དེ། འོག་མར་ཐོད་ཁྲག་འདི་གཏད་པས༔ དམ་ཉམས་སྙིང་ཁྲག་འཐུང་བར་ཤོག༔ ཅེས་དཔའ་བོ་ལ་མཚོན་ཆ་གཏོད་པའི་ཚུལ་ཏེ་ཡོན་ཏན་གྱི་དབང་ངོ་། །དྲག་པོའི་ཕྲིན་ལས་སྒྲུབ་པའི་ཆེད་དུ། གསོད་པའི་ཐུན་རྫས་གཏད་ལ། དྲག་པོའི་ཐུན་འདི་གཏད་པ་ཡིས༔ དམ་ཉམས་སྒྲོལ་བའི་གཤེད་མར་ཤོག༔ འཕང་བའི་ཟོར་གཏོར་གཏད་ལ། དྲག་པོའི་ཟོར་འདི་གཏད་པ་ཡིས༔ ཟོར་འཕངས་ཙམ་གྱིས་སྒྲོལ་བར་ཤོག༔ སྲེག་པའི་ཧོམ་གཏད་ལ། དྲག་པོའི་མེ་ཧོམ་འདི་གཏད་པས༔ དགྲ་བགེགས་ཐམས་ཅད་སྲེག་པར་ཤོག༔ གནོན་རྫས་མཆོད་རྟེན་གཏད་ལ། ནག་པོའི་སཱཙྪ་འདི་གཏད་པས༔ དགྲ་བགེགས་ཐམས་ཅད་གནོན་པར་ཤོག༔ དྲག་པོའི་ཕྲིན་ལས་ཀྱི་དབང་ངོ་། །འབྲང་རྒྱས་གཏད་ལ། ཚོགས་མཆོད་སྤྱན་གཟིགས་འདི་གཏད་པས༔ འདོད་ཡོན་ལྔ་ལ་སྤྱོད་པར་ཤོག༔ ཅེས་པ་རྣམས་ཕྲིན་ལས་ཀྱི་དབང་ངོ་། །དེ་དག་གི་མཐར་རྟེན་འབྲེལ་སྙིང་པོ་བཟླ་ཞིང་མེ་ཏོག་འཐོར། དམ་ཚིག་ཁས་བླང་བ་སོགས་སློབ་མའི་རྗེས་ཆོག་དང་། མདུན་བསྐྱེད་ཀྱི་རྗེས་ཆོག་ནི་སྔར་དང་འདྲའོ།། ༧ །།ཡང་གཏོར་དབང་ཙམ་སྒྲུབ་པར་འདོད་ན། སྟེགས་བུའི་ཁར་ཁྲག་གིས་སྦགས་པའི་འབྲུ་ཚོམ་ལྷ་གྲངས་དང་མཐུན་པ་བཀོད། དེའི་ཁར་གཏོར་མ་སྔར་བཞིན་བཅས་པ་བཀོད། མཐའ་མཆོད་གཏོར་གྱིས་བསྐོར། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་ལ། སློབ་མས། མཎྜལ་གསོལ་བཏབ་རྒྱུན་བཤགས་རྣམས་སྔོན་དུ་འགྲོ་བས། སློབ་དཔོན་ཡི་དམ་དང་གཏོར་མ་མདུན་བསྐྱེད་བཞིན་གསལ་འདེབས་སུ་བཅུག་ནས། གཏོར་དབང་གཏོར་ཟན་སྦྱིན་པ་ཡན་ཆད་སྔར་ལྟར་བྱས་པས་འགྲུབ་བོ། །རྣམ་འ༵གྱུར་སྣ་ཚོགས་ཐོགས་མེ༵ད་དུ། །སྟོན་མཛད་རྡོ༵་རྗེ༵་འཛིན་པའི་བྲན། །ཟབ་རྒྱས་སྒྲུབ་ཐབས་རྒྱ་མཚོ་ལས། །ཉེར་མཁོ་བདུད་རྩིའི་བཅུད་དུ་བསྡུས། །གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཏེར་ཁ་གཉིས་ལྡན་གྱི་ལུགས་བཞིན་བཀོད་པའི་ལེའུ་ཚན་ནོ།། །།
ཀློང་སྡེ་རྡོ་རྗེ་ཟམ་པའི་ཚུལ་ཤིང་ལ་བྲི་རྒྱུ་ (Volume 62, Text 53)
ཀློང་སྡེ་རྡོ་རྗེ་ཟམ་པའི་ཚུལ་ཤིང་ལ་བྲི་རྒྱུ། རྟེན་མེད་ཀྱི་རིག་པ་རང་གྲོལ་ལ། །ཐོགས་མེད་ཀྱི་ཤེས་རབ་རང་ཤར། །རྟག་ཆད་གཉིས་མེད་ཀྱི་ཤེས་རབ་ལ། །ཕྱོགས་རིས་མེད་ན་ལྟ་བ་ཡིན། །གཏད་མེད་ཀྱི་རིག་པ་རང་གྲོལ་ལ། །ཞེན་མེད་ཀྱི་ཉམས་མྱོང་རང་ཤར། །སྟོང་གསལ་བདེ་ཆེན་ཉམས་མྱོང་ལ། །བྱིང་རྒོད་མེད་ན་སྒོམ་པ་ཡིན། །འཛིན་མེད་ཀྱི་རིག་པ་རང་གྲོལ་ལ། །ཆགས་མེད་ཀྱི་སྤྱོད་པ་རང་ཤར། །ཐ་མལ་རང་སྤྱོད་ཀྱི་ལྷུག་པ་ལ། །བླང་དོར་མེད་ན་སྤྱོད་པ་ཡིན། །གཉིས་མེད་ཀྱི་རིག་པ་རང་གྲོལ་ལ། །བཙལ་མེད་ཀྱི་འབྲས་བུ་རང་ཤར། །འཁོར་འདས་གཉིས་མེད་ཀྱི་དགོངས་པ་ལ། །རེ་དོགས་མེད་ན་འབྲས་བུ་ཡིན། །ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་པོད་ལས་ཕྱུང་བའོ།། །།
ཟ་ཡིག་ནོར་བུའི་བང་མཛོད་ (Volume 42, Text 53)
ྈ ཟ་ཡིག་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྱབ་བརྡལ་ཡེ་ཤེས་འགྱུར་མེད་དོན་གྱི་སྐུ༔ ཚངས་པའི་དབྱངས་ཀྱིས་གདུལ་བྱ་ཐབས་ཀྱིས་དགྲོལ༔ ཐུགས་རྗེའི་བརྩེ་བས་འགྲོ་རྣམས་སྨིན་པར་མཛད༔ དབང་གི་ནོར་བུ་ཡོན་ཏན་གཏེར་གྱི་མཆོག༔ གང་ལ་གང་འདོད་ཕྲིན་ལས་ནམ་མཁའི་མཛོད༔ རིག་འཛིན་པདྨ་ཧེ་རུ་ཀ་ཡི་ཚོགས༔ བརྩེ་བའི་ཐུགས་ཀྱིས་དགོངས་པའི་གསང་སྒོ་ཕྱེ༔ རིག་འཛིན་དཀྱིལ་འཁོར་ལྷ་ལ་གུས་པས་འདུད༔ བདག་འདྲ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ ཨོ་རྒྱན་རྒྱལ་པོའི་བཀའ་ལུང་ཚུལ་བཞིན་བསྒྲུབས༔ འགྲོ་ལ་དགོངས་ནས་བདག་ལ་ལེགས་པའི་བཀའ༔ གང་ལ་གང་འདུལ་ཕྲིན་ལས་ནོར་བུའི་མཛོད༔ ཨོ་རྒྱན་རྒྱལ་པོའི་བཀའ་ཡི་གདམས་པ་གནང༔ ཕྱི་རབས་ལས་ཅན་ཀུན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྲཱི༔ མཁར་ཆེན་མཚོ་རྒྱལ་ལེགས་པར་ཁྱོད་ཉོན་ཅིག༔ སྙིགས་མ་ལྔ་ཡི་སེམས་ཅན་དམུ་རྒོད་རྣམས༔ སྡིག་ལ་སྤྱོད་ཅིང་ངན་འཁྲུལ་སེམས་ཅན་རྣམས༔ ལོག་པར་ལྟ་བའི་སྐྱེ་འགྲོ་དཔག་མེད་འབྱུང༔ བསོད་ནམས་དམན་པས་རྒྱུད་སྡེའི་དོན་མ་རྟོགས༔ མཁས་པར་མི་སློབ་སྨན་པས་ཐོ་ཅོ་བྱེད༔ སྡེ་བརྒྱད་འཁྲུགས་པས་རྨུ་རྒོད་སྤྲིན་ལྟར་གཏིབས༔ འགྲོ་བ་ཀུན་ལ་སྡུག་བསྔལ་ནད་ཀྱིས་གཟིར༔ དུས་ངན་སྙིགས་མར་བཟང་དྲུག་རང་བཅུད་འབོ༔ སྔོ་སྨན་བཅུད་བསྡེབ་མཚམས་སྦྱར་ཤེས་པ་ཉུང༔ ལོང་བས་ལོང་བ་ཁྲིད་པའི་དུས་གཅིག་འབྱུང༔ དེ་དུས་ནོར་བུའི་བང་མཛོད་གཅེས་པར་ཟུངས༔ ལས་ཅན་དམ་ཚིག་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༽ཚེ་རིང་བསོད་ནམས་ལོངས་སྤྱོད་རྒྱས་པའི་ཟ་ཡིག་འདི༔ ཁ་ཆེ་གིའུ་ཝང་ག་པུར་གླ་རྩི་བཞིས༔ གྲོ་ག་རྩིབ་ཤུན་རྒྱ་ཤོག་གང་ལ་ཡང༔ སྐར་མ་རྒྱལ་དང་བསྟུན་ནས་བྲི་བར་བྱ༔ སྲོད་དང་ཐོ་རངས་ཟོས་པས་ཚེ་བསོད་རྒྱས༔ ཟས་ནོར་ལོངས་སྤྱོད་དགོས་འདོད་འགྲུབ་ པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༢༽ཤེས་རབ་སྐྱེད་པའི་ཟ་ཡིག་འདི༔ ག་པུར་ཁ་ཆེ་སྦྱར་བ་ལ༔ ཡར་མར་ཚེས་བཅུ་བསྟུན་ཏེ་བྲི༔ མཛེ་ཕོ་ཡུགས་ས་ལ་སོགས་པའི༔ ཡ་ང་ཞུད་པའི་གྲིབ་ལ་འཛེམ༔ བཅུ་བཞི་བཅོ་ལྔའི་ཐོ་རངས་ལ༔ གསང་སྔགས་རྒྱལ་པོ་བཅུ་བཅུ་བཟའ༔ ཤེས་རབ་མེ་ལྟར་འབར་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༣༽རྩོད་པ་རྒྱལ་བའི་ཟ་ཡིག་འདི༔ གཟའ་ཆེན་ཕུར་བུ་དར་དུས་བྲི༔ དགུ་གསུམ་དག་གི་ཐོ་རངས་བཟའ༔ བདུན་བདུན་གཞན་གྱི་རྩོད་པ་རྒྱལ༔ རྟེན་འབྲེལ་བརྩིས་ནས་ཀླུང་གཏའ་བཅོས༔ ྀཨཚ༔ ༈ ༼༤༽འགྲོ་བ་དབང་སྡུད་ཟ་ ཡིག་འདི༔ གུར་གུམ་ ལི་ཁྲིའི་ཆུ་ཉིད་ཀྱིས༔ ཚེས་གཅིག་ཉི་མ་རྩེ་ཤར་བྲི༔ ཐོ་རངས་དུས་སུ་ལྔ་ལྔ་བཟའ༔ འགྲོ་བ་དབང་དུ་འདུས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༥༽གཏད་དང་བྱད་ཁ་ཞི་བའི་ ཟ་ཡིག་འདི༔ ནུས་པ་བྱིན་རླབས་ལྡན་པ་ཡི༔ དྲི་ཆེན་གླ་རྩི་གུར་གུམ་སྦྱར༔ སྐར་མ་རྒྱལ་དང་བསྟུན་ཏེ་བྲི༔ སྙིང་གར་རྡོ་རྗེ་རྩེ་ལྔ་བསམ༔ གུང་གཉིས་དག་ཏུ་ཟོོས་གྱུར་ན༔ ཕ་རོལ་བྱད་དུ་བཅུག་པ་ཞི༔ གཏད་དང་མནན་པ་གང་གིས་ཀྱང༔ ལུས་ངག་ཡིད་ལ་ཚུགས་མི་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༦༽ས་བདག་གི་ནད་ཞི་བའི་ཟ་ཡིག་འདི༔ ཀླུ་བདུད་ཐལ་དཀར་རྡོ་རྗེ་དང༔ གུར་གུམ་མེ་ཏོག་གླང་པོའི་སྣས༔ སྐར་མ་རྒྱལ་གྱི་དུས་སུ་བྲི༔ ཧ་ལ་ནག་པོས་ན་བཟའ་བྱ༔ གུང་གཉིས་སྲོད་དང་ཐོ་རངས་བཟའ༔ ས་བདག་ཀླུ་ཡི་ནད་ལས་ཐར༔ ཟས་ སྤྱོད་ཚ་གྲང་དག་དང་བསྟུན༔ མཛེ་ལ་ཕོལ་དུ་གྱུར་ཀྱང་སོས༔ གྲིབ་རྣམས་ཀུན་ལ་ཡང་དག་འཛེམ༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ཕྱི་ནང་མཆོད་པ་དཔག་མེད་འབུལ༔ སྨྲ་བ་བཅད་ལ་སྡིག་བཤགས་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༧༽གཟའ་ནད་ཞི་བའི་ཟ་ཡིག་འདི༔ གུར་གུམ་གླ་རྩི་གུ་གུལ་གྱིས༔ གཟའ་ཆེན་དམག་དཔོན་་་མིག་དམར།དར་དུས་བྲི༔ ཤ་ཆེན་ཧ་ལ་གླ་རྩིར་དྲིལ༔ རང་ལུས་མེ་ཡིས་ཚིག་པར་བསམ༔ གུང་གཉིས་བཟའ་ཞིང་གྲིབ་ལ་འཛེམ༔ གྲོགས་ ལྟར་བསྟེན་ན་རེ་རེ་ཟ༔ ནད་ཚབས་ཆེ་ན་ཚབས་དང་བསྟུན༔ སྡེ་བརྒྱད་གཟའ་ཡི་ནད་ལས་གྲོལ༔ གཟའ་རིགས་ཀུན་གྱི་ནད་ལ་མཆོག༔ རྡོ་རྗེ་ཕ་ལམ་ལྟ་བུ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༨༽ངག་མནན་ལས་གྲོལ་ཟ་ཡིག་འདི༔ གླ་རྩི་ཐལ་དཀར་རྡོ་རྗེ་དང༔ གྲི་ཁྲག་བྱ་རྒོད་ཤ་ཡིས་གྲིལ༔ གནམ་གང་ཉི་མ་གུང་ལ་བྲི༔ སྤྱི་བོར་པདྨ་ང་ཉིད་བསྒོམ༔ ལུས་ནི་སྣ་ཚོགས་རྡོ་རྗེར་བསྒོམ༔ དགུ་དང་གནམ་གང་ཉི་ཤུ་གཉིས༔ ལྔ་ལྔ་རྒྱུན་དུ་རྩེ་ཤར་དང༔ ཉི་མ་ནུབ་ཚེ་དག་ཏུ་བཟའ༔ ངག་བཅིངས་ངག་མནན་དག་དང་བྲལ༔ མཛེ་དང་ཡུགས་ས་གྲིབ་ལ་འཛེམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༩༽ཕུར་ཁ་ཟོར་ཁ་ཟློག་པའི་ཟ་ཡིག་འདི༔ རྡོ་རྗེ་གཉིས་དང་རྩི་དུར་གཉིས༔ གྲི་ཁྲག་དང་ནི་གུ་གུལ་དང༔ ནུས་པ་ཅན་གྱི་བདུད་རྩིས་འབྲི༔ དུས་གཉན་ཀུན་ཏུ་ལྔ་ལྔ་ནི༔ ཉི་མ་ལྷག་ཤར་རྩེ་ནུབ་ཟ༔ སྤྱི་བོར་པདྨ་འབྱུང་གནས་བསྒོམ༔ རང་ལུས་ སྣ་ཚོགས་རྡོ་རྗེ་ཉིད༔ མེ་དཔུང་དབུས་ན་ཡོད་པར་བསམ༔ ཡི་དམ་གང་བྱེད་བསྙེན་པའི་མཐར༔ བདེན་སྟོབས་བརྗོད་ཅིང་ཐལ་མོ་བརྡབ༔ ཕུར་ཁ་ཟོར་ཁ་ལ་སོགས་པ༔ མཐུ་དང་གཏད་ཀྱི་བར་གཅོད་ཞི༔ ཟློག་པ་ཀུན་གྱི་རྒྱལ་པོ་མཆོག༔ གནམ་ལྕགས་ཀུན་གྱི་གོ་ཆ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༠༽སྙིང་རླུང་སྨྱོ་འབོག་ཞི་བའི་ཟ་ཡིག་འདི༔ སིནྡྷུ་ར་དང་ཁ་ཆེའི་ཆུས༔ གཟའ་ཆེན་ཉི་མ་དར་བའི་དུས༔ ཧ་ལ་གྲི་ཤ་དག་གིས་བྲི༔ ཐོ་རངས་བདུན་བདུན་ཟས་སུ་བཟའ༔ སྙིང་གི་གཟེར་དང་སྨྱོ་འབོག་ཀུན༔ རང་སར་གྲོལ་བར་ཐེ་ཚོམ་མེད༔ ས་ མ་ཡ༔ རྒྱ་རྒྱ་རྒྱ༔ ༼༡༡༽ནད་རིམས་ཞི་བའི་ཟ་ཡིག་འདི༔ འདྲ་མིན། སྐར་མ་རྒྱལ་གྱི་དུས་ཉིད་དུ༔ བྱ་ཁྱུང་ལྔ་པ་དག་གིས་བྲི༔ ཐོ་རངས་དག་གི་དུས་སུ་ནི༔ ཨ་ནི་བརྒྱ་དང་རྩ་བརྒྱད་བགྲང༔ མཆིལ་མས་གདོང་པ་ཁྲུས་བྱ་འོ༔ གསང་སྔགས་རྒྱལ་པོ་ཐོ་ རངས་བཟའ༔ རྒྱུན་དུ་རེ་རེ་དག་དང་བསྟུན༔ རང་དང་གཞན་ནི་གང་རུང་ལ༔ ནད་ཀྱི་གཡུལ་ངོ་ཕྲད་དུས་ལ༔ ཐོ་རངས་ལྔ་ལྔ་བཟའ་བར་བྱ༔ འབྲུམ་བུ་ལྷོག་པ་རྒྱུ་གཟེར་དང༔ འགོ་བའི་རིམས་ནད་ཀུན་ལ་མཆོག༔ རྡོ་རྗེ་ལུས་ཀྱི་གོ་ཆ་འདི༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༢༽རྨི་ལམ་ངན་པ་ཞི་བའི་ཟ་ཡིག་འདི༔ གཉིད་སད་ལྟོ་རུ་ཟོས་གྱུར་ན༔ རྨི་ལམ་ངན་པ་ཐམས་ཅད་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༣༽མཚོན་རིགས་སྲུང་བའི་ཟ་ཡིག་འདི༔ ལི་ཁྲི་གུར་གུམ་གླ་རྩི་དང༔ ག་བུར་དག་གི་ཆུ་ཡིས་ བྲི༔ ཁྲ་ཡི་ཁྲག་དང་བྱ་རྒོད་ཤས༔ གྲིལ་ལ་ཟས་སུ་བཟའ་ བར་བྱ༔ མཚོན་ཆའི་འཇིགས་པ་ཀུན་དང་བྲལ༔ གཡུལ་ངོར་འགྲོ་དུས་བདུན་ བདུན་བཟའ༔ རྒྱུན་དུ་སྔགས་ཁར་ཆུད་ན་ཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༤༽ཇག་པ་འཆིང་བའི་ཟ་ཡིག་འདི༔ བྱི་ལ་ནག་མོའི་ཁྲག་གིས་བྲི༔ ལམ་དུ་ཞུགས་པའི་དུས་ཀྱི་ཚེ༔ ཨ་ནི་སྟོང་དང་རྩ་བརྒྱད་བགྲང༔ གསང་སྔགས་རྒྱལ་པོ་ཟས་སུ་བཟའ༔ དམོད་པ་འདོར་ཞིང་ཐལ་མོ་བརྡབ༔ འཇིག་རྟེན་དམག་གིས་མཐའ་བསྐོར་ཀྱང༔ ཇག་ཆིངས་སྒྲིབ་ཤིང་ཀུན་གྱི་མཆོག༔ ལས་ཅན་དམ་ཚིག་ཅན་དང་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༥༽རྡོ་གཉན་བཅག་དང་ས་གཉན་བརྐོ༔ ཤིང་གཉན་གཅོད་པའི་ཟ་ཡིག་འདི༔ གླ་རྩི་ཁ་ཆེ་དག་གི་ཆུས༔ གསང་སྔགས་རྒྱལ་པོ་འདི་དག་བྲི༔ མོས་གུས་ལྡན་པས་ཞོགས་པ་བཟའ༔ རྡོ་གཉན་བཅག་དང་ས་གཉན་བརྐོ༔ ཤིང་གཉན་བཅད་པ་ལ་སོགས་པའི༔ གཉན་པས་གང་དུ་བགྲོད་ གྱུར་ཀྱང༔ ཚེ་དང་སྲོག་གི་བར་ཆད་ཞི༔ གསང་སྔགས་རྒྱལ་པོ་འདི་དག་གིས༔ འདྲེ་གདོན་གདུག་རྩུབ་ཅན་རྣམས་ཞི༔ ཐེ་ཚོམ་ཡ་ང་སྤང་བར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼༡༦༽སྲིད་འབེབ་ཟ་ཡིག་འདི༔ སྲིད་འབེབ་འདི་དཔེ་གཅིག་ལ་ སྣང་མཆན། སྐར་མ་རྒྱལ་གྱི་དུས་ཚོད་དུ༔ གིའུ་ཝཾ་ཆུ་ཡིས་ལེགས་པར་བྲི༔ དད་པ་དམ་ཚིག་ལྡན་པ་ཡི༔ རྩེ་གཅིག་གུས་པའི་བུད་མེད་ཀྱིས༔ ཟླ་བའི་བར་དུ་ཟོས་གྱུར་ན༔ མྱུར་ དུ་བུ་དང་ལྡན་པར་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༧༽ཆུང་སྲི་ཞི་བའི་ཟ་ཡིག་འདི༔ ཙནྡན་མེ་ལ་བསྲེགས་པ་ཡི༔ མེ་རྡུལ་མར་དང་ལྡན་པར་བསྲེ༔ བུ་ཡི་ལྟོ་ལ་བྱིན་གྱུར་ན༔ ཆུང་སྲི་ཕོ་མོའི་བར་ཆད་ཞི༔ འཁྲུ་སྐྱུག་གདོན་རིགས་ཀུན་ལ་མཆོག༔ མ་བུ་རྡོ་རྗེའི་གོ་ཆ་འདི༔ དད་ཅིང་མོས་གུས་ལྡན་ལ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༡༨༽སྔགས་ནུས་རྒྱས་པའི་ཟ་ཡིག་འདི༔ གིའུ་ཝཾ་ཁ་ཆེའི་ཆུ་ཡིས་བྲི༔ སྐར་མ་རྒྱལ་དང་བསྟུན་པར་བྱ༔ དམ་ཚིག་ལྡན་པས་ནངས་མ་རེར༔ མོས་གུས་ལྡན་པས་ཟས་སུ་བཟའ༔ སྔགས་ཀྱི་ནུས་པ་རྒྱས་པ་དང༔ བྱེ་བ་དུང་ཕྱུར་ཉིད་དུ་འགྱུར༔ ཡི་དམ་ལྷ་ཡི་བྱིན་གྱིས་རློབ༔ ཉམས་གྲིབ་བར་ཆད་ཀུན་དང་བྲལ༔ མཚོ་རྒྱལ་ཙིཏྟའི་དཀྱིལ་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཧྲཱི༔ མཁར་ཆེན་མཚོ་རྒྱལ་ལེགས་པར་ཁྱོད་ཉོན་ཅིག༔ དགོས་འདོད་ཀུན་འབྱུང་ནོར་བུའི་བང་མཛོད་འདི༔ སྐལ་པ་ལྡན་པ་སྙིགས་མའི་དུས་ཉིད་དུ༔ དྲི་མེད་བཛྲ་ཞེས་བྱའི་ཆོས་སུ་བསྟན༔ ལས་ཅན་དམ་ཚིག་ཅན་དང་འཕྲད་པར་ཤོག༔ ཨེ་མ་ངོ་མཚར་ཨེ་མ་ཧོ༔ དགོས་འབྱུང་ནོར་བུའི་བང་མཛོད་འདི༔ དཀོན་མོད་རྒྱལ་ཁམས་ཡོངས་ལ་དྲིས༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དབུལ་པོས་རིན་ཆེན་གཏེར་རྙེད་ལྟར༔ རང་རང་དགོས་པ་ལྷུན་གྲུབ་འབྱུང༔ སྟོབས་ལྡན་གཡུལ་ངོར་ཞུགས་པ་ལྟར༔ གང་གིས་འགྲན་ཟླ་ཀུན་དང་བྲལ༔ ཚོང་དཔོན་ནོར་བུ་རྙེད་པ་ལྟར༔ རང་གིས་དགོས་འདོད་ཅི་བསམ་འགྲུབ༔ རྣོ་བ་སྤུ་གྲི་ལྟ་བུ་སྟེ༔ གང་ལ་རེག་པ་གཅོད་པར་བྱེད༔ མྱུར་བ་གློག་གི་ཞགས་པ་ལྟར༔ ཐེ་ཚོམ་མེད་པར་དོན་གཉིས་འགྲུབ༔ གནམ་ལྕགས་རྡོ་རྗེ་ཕ་ལམ་ལྟར༔ གང་ལ་བསམ་པ་དེ་ལྟར་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་ལྟར༔ དགོས་འདོད་འབྱུང་བར་ཐེ་ཚོམ་མེད༔ དེ་ལྟར་ཡི་གེའི་རིས་སུ་ཐོབས༔ དྲི་མེད་བཛྲ་ཆོས་སུ་བསྟན༔ དམ་ཚིག་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼སྐྱ་གའི་ཁྲག་དང་འུག་པའི་མིག༔ ཉི་མ་ནག་ཆུང་དུས་སུ་ནི༔ མངལ་ལམ་བྱིས་པའི་མིག་ལ་བྱུག༔ ཡར་སྐྱུག་མར་བཤལ་འཆི་བར་གྱུར༔ སྐྱུག་མེད་མགོ་མེར་ལངས་ནས་འཆི༔་་་ངན་ཐབས་གསུམ་པོ་འདི་དཔེ་རྒྱུན་ཐམས་ཅད་ལ་བར་འདིར་འདུག་པ་ཤོག་སེར་ལ་དེ་ཀ་ཡོད་དམ་འབེབ་དུས་གོང་འོག་འཁྲུགས་པ་ཡིན་ནམ་དཔྱད་དོ། །མཆན། ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་ལ་འགྲས་པའི་བུད་མེད་ཀྱི༔ མངལ་ཁྲག་དེ་ཡི་ཆུ་ཡི་རྗེས༔ སྡིག་པ་ནག་པོ་གསུམ་དང་བཅས༔ གླང་རུའི་ནང་དུ་ལེགས་པར་བཅུག༔ ཐང་ཆུ་སྒོར་མས་ཁ་ཡང་བཅད༔ ཆུ་མིག་ཤིན་ཏུ་གཉན་སར་སྦ༔ མྱུར་དུ་བུད་མེད་མཛེ་མོར་འགྱུར༔ མངལ་ཁྲག་དུ་བ་བཏང་གྱུར་ན༔ བུད་མེད་དེ་ནི་ཞ་མོར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཛེ་ཕོའི་རྐང་གི་ནང་དུ་ནི༔ ལིངྒ་མིང་རུས་བླ་དྭགས་བྲི༔ རྐང་གི་ནང་དུ་ལེགས་པར་བཅུག༔ སྐར་མ་བྲ་ཉེ་དག་དང་བསྟུན༔ ནམ་གུང་དུས་སུ་གཉན་པའི་སར༔ བྱང་ཕྱོགས་ཁ་བསྟན་ཆུ་མིག་ནང༔ ལེགས་པར་བཅུག་ནས་རྟ་ནག་བྲུན༔ མེ་ལ་བསྲེགས་པའི་དུ་བ་བཏང༔ ཐལ་མོ་བརྡབ་ཅིང་དམོད་པ་འདོར༔ ཡང་ན་མི་དེ་མཚོན་གྱིས་འཆི༔ ཡང་ན་ལྟས་ངན་སྣ་ཚོགས་འབྱུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གླ་རྩི་གུ་གུལ་དྲི་ཆེན་རྣམས༔ རང་གི་ཆུ་ལ་སྦྱར་བྱས་ནས༔ རང་གིས་གནས་གསུམ་དག་ཏུ་བྱུག༔ དེས་ནི་རང་ལ་མི་ལྡོག་ཅིང༔ བར་ཆད་རྐྱེན་རྣམས་བཟློག་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔༽ ༈ ༼༡༩༽མནའི་ཉེས་པ་ཞི་བའི་ཟ་ཡིག་འདི༔ འདྲ་མིན། རང་གི་དྲི་ཆེན་གླ་རྩིས་བྲི༔ ནངས་པར་ཞོགས་པ་ལྟོར་ཟོས་ན༔ མནའ་ཡི་ཉེས་པ་ཐམས་ཅད་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༢༠༽རྩོད་པ་དང་རྒྱན་རྒྱལ་བའི་ཟ་ཡིག་འདི༔ གྲི་ཁྲག་གླ་རྩི་གུར་གུམ་ཆུས༔ གསང་སྔགས་རྒྱལ་པོ་ལེགས་པར་བྲི༔ གཟའ་ཆེན་པ་སངས་དར་དུས་བྱ༔ ནངས་པར་ཞོགས་པ་ལྟོར་བཏང་ན༔ གཞན་གྱི་རྩོད་པ་ཀུན་ལས་རྒྱལ༔ རྒྱན་ ཡང་རྒྱལ་བར་འགྱུར་བ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༢༡༽ཁོང་ལྷོག་ཞི་བའི་ཟ་ཡིག་འདི༔ གུར་ གུམ་གླ་རྩིའི་ཆུ་ཡིས་བྲི༔ བྱ་ཁྱུང་ལྔ་པའི་ན་བཟས་བསྟུམ༔ ནངས་རེ་ལྔ་ལྔ་ཟས་སུ་བཟའ༔ དེ་ནི་ཁོང་ལྷོག་ཀུན་ལ་མཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༢༢༽གྲིབ་སྲུང་བའི་ཟ་ཡིག་ འདི༔ གི་ཝཾ་གུར་གུམ་གླ་རྩིས་བྲི༔ ནངས་རེ་ལྟོ་རུ་ཟོས་གྱུར་ན༔ དམ་གྲིབ་ཡུགས་གྲིབ་མཛེ་གྲིབ་དང༔ མི་མཐུན་གྲིབ་ངན་ཀུན་ལ་མཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཁར་ཆེན་མཚོ་རྒྱལ་བདག་ཉིད་ཀྱིས༔ ལུས་ངག་ཡིད་གསུམ་རྩེ་གཅིག་གིས༔ སྐད་ཅིག་དྲན་པས་མ་ཡེངས་པས༔ མི་ལོ་ཉི་ཤུ་རྩ་ལྔའི་བར༔ རྩེ་གཅིག་གུས་པས་ཞབས་ཏོག་བསྒྲུབས༔ མཁར་ཆེན་མཚོ་རྒྱལ་བདག་ཉིད་ཀྱིས༔ སངས་རྒྱས་ཀུན་འདུས་རྡོ་རྗེ་འཆང༔ གུ་རུ་པདྨ་འབྱུང་གནས་ལ༔ ལེགས་པའི་ཞུ་བ་ནན་ཏན་བགྱིས༔ ནོར་བུའི་བང་མཛོད་ཡང་ཡང་ཞུས༔ རྒྱལ་བ་ཀུན་འདུས་ཧེ་རུ་ཀས༔ ཐུགས་ཀྱི་གསང་སྒོ་ལེགས་པར་ཕྱེས༔ རྡོ་རྗེ་ཕ་ལམ་ལྟ་བུའི་མཛོད༔ འགྲོ་བའི་དོན་དུ་བདག་ལ་གནང༔ སྐྱེས་བུ་ཤེས་རབ་ལྡན་པ་ཡིས༔ ལེགས་པའི་ཚིག་དོན་གཏན་ལ་ཕབ༔ སྨན་པའི་རྒྱལ་པོ་ལྟ་བུ་སྟེ༔ གང་དང་གང་གིས་ངོས་བཟུང་ཞིང༔ རིགས་དང་རིག་པས་དཔྱད་པར་བྱ༔ སྐྱེས་བུ་དཔལ་དང་ལྡན་པ་ཡིས༔ མདོ་ཆེན་དཀྱུས་ལ་སྦྲེལ་བ་ལྟར༔ དགོས་བྱེད་གང་གི་དུས་དང་བསྟུན༔ མན་ངག་ལྡན་པས་གནད་ལ་བཀོལ༔ སྨྱོན་པའི་རལ་གྲི་ཁྱེར་བ་ལྟར༔ སྐལ་མེད་རྣམས་ལ་ས་མ་ཡ༔ རྒྱ་གསུམ་བཏབ་ནས་སྦ་བར་བྱ༔ ཅོལ་ཆུང་རིན་ཆེན་ཁྱེར་བ་ལྟར༔ ཀུན་ལ་བསྟན་པར་ག་ལ་ཕོད༔ དད་དང་མོས་དང་གཏོང་ཕོད་ལྡན༔ ལུས་ངག་ཡིད་གསུམ་གུས་པས་བསྟུན༔ སྣོད་ལྡན་དམ་ཚིག་ལྡན་པ་ལ༔ ཕྲིན་ལས་ནོར་བུ་གཏན་ལ་ཕབ༔ གསེར་ཞུན་ཅན་ལ་སྦྱིན་པར་བྱ༔ ཡང་ན་དབུལ་ཞིང་ཕོངས་པའི་མི༔ དད་གུས་ཅན་ལ་སྦྱིན་པར་བྱ༔ ཡང་ན་རི་བོ་གོས་གྱོན་པའི༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་མི༔ བར་ཆད་བསལ་བའི་ཆོས་སུ་བསྟན༔ དབུལ་པོས་ནོར་བུ་རྙེད་པ་ལྟར༔ དགོས་འབྱུང་ནོར་བུའི་བང་མཛོད་འདི༔ མཁས་པས་ལེགས་པར་བཀོལ་བར་བྱ༔ བྲི་བའི་སྨན་དང་གྲིལ་བའི་རྫས༔ གཏན་ལ་ཕབ་པའི་ཡི་གེ་རྣམས༔ མ་ནོར་རིམ་གྱིས་མཁས་པས་བཀོད༔ ཚིག་དོན་ཡི་གེ་མ་ནོར་བར༔ རིམ་པས་གནད་ལ་བཀོལ་བར་བྱ༔ ཙིཏྟ་གྷུ་ཧྱ་ས་མ་ཡ༔ ༈ ༼༢༣༽ཤུ་ཐོར་སྲུང་བའི་ཟ་ཡིག་འདི༔ གྲི་ཁྲག་དག་གིས་ལེགས་པར་བྲི༔ ཧ་ལ་ནག་པོའི་གོས་ཀྱིས་བསྟུམ༔ ཐོ་རངས་དུས་སུ་ཟོས་པ་ན༔ ཤུ་བ་ཀོང་པ་ཤ་བཀྲ་ཅན༔ བལ་ལྡག་མེ་དབལ་ཀུན་ལ་མཆོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ༼༢༤༽ལོངས་སྤྱོད་འཕེལ་བའི་ཟ་ཡིག་འདི༔ ཤིང་ཀུན་གླ་རྩི་གུར་གུམ་ཆུས༔ གསང་སྔགས་རྒྱལ་པོ་འདི་དག་བྲི༔ དགུ་གསུམ་བརྒྱད་གསུམ་ལྔ་གསུམ་ལ༔ རང་གི་འཁོར་དང་བཅས་ལ་བྱིན༔ མི་མཐུན་གནོད་པ་འདྲེ་གདོན་ཀུན་དང་བྲལ༔ ལག་ གཡང་རྒྱལ་ཞིང་ལོངས་སྤྱོད་སྲིས་ཀྱང་སྨེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་གཏེར་གསེར་གྱི་ཡང་ཞུན་འདི༔ ཡི་གེར་བཀོད་པ་མི་འོས་ཀྱང༔ སྙིགས་མ་ལྔ་ཡི་འགྲོ་བ་ལ༔ སྨན་དང་སྨན་པ་རྒྱལ་པོའི་ཚུལ༔ དགོས་འདོད་རེ་བ་བསྐང་བའི་ཕྱིར༔ འགྲོ་ལ་བརྩེ་བའི་ཚུལ་གྱིས་དགོངས༔ འཕྲུལ་ཡིག་གནད་ཀྱི་ལྡེ་མིག་འདི༔ ནོར་བུ་ལྟ་བུར་དགོས་འདོད་འབྱུང༔ རྟ་མཆོག་ལྟ་བུར་དགོས་པར་སྐྱེལ༔ དཔག་ཆེན་ལྟ་བུར་ཐོགས་པ་མེད༔ ཉེས་ཅན་སྐྱེལ་མ་འཕྲད་པ་ལྟར༔ བར་ཆད་འཇིགས་པའི་ནད་ལས་ཐར༔ ཐེ་ཚོམ་སོམ་ཉི་བྲལ་བར་བྱ༔ འཕྲུལ་ཡིག་གནད་ཀྱི་གདམས་པ་བཀོལ༔ ཐེ་ཚོམ་ཡིད་གཉིས་ཅན་ལ་གསང༔ དམ་ཚིག་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀླུ་བདུད་མགོ་དགུ་ཁྱབ་འཇུག་རཱ་ཧུ་ལ༔ བཀའ་ཡི་བྱ་རས་གཏེར་འདི་ཐུབ་པར་སྲུངས༔ མདོངས་རུས་རྣལ་འབྱོར་སྤྱོད་པ་མ་ངེས་སྐྱོང༔ དྲི་མེད་བཛྲ་དྲུག་ཅུ་ཁ་རལ་དུས༔ པདྨའི་ཐུགས་སྤྲུལ་ལྕགས་ཕོ་སྤྲེ་འུའི་ལོ༔ ལས་ཅན་གཏེར་ལ་དབང་བའི་སྐྱེས་བུ་འབྱུང༔ གཏེར་བདག་སྲུང་མ་རྣམས་ཀྱིས་དེ་ལ་གཏོད༔ ལུས་དང་གྲིབ་མ་བཞིན་དུ་སྟོངས་གྲོགས་གྱིས༔ དམ་ཚིག་མི་ལྡན་སྣོད་མིན་རྣམས་ལ་ནི༔ འཆལ་བར་བཏང་ན་གཉིས་ཀར་ཆད་པས་ཆོད༔ དམ་ཚིག་ཅན་ལ་བཀའ་ཡི་སྟོངས་གྲོགས་གྱིས༔ རིག་འཛིན་གྱི་བཀའ་རྒྱ༔ མཁའ་འགྲོའི་དམ་ཚིག་གི་རྒྱ༔ གཏེར་བདག་གི་ཕྲིན་ལས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲི་མེད་བཛྲ་གྱིས་དགྱེའོ་རོང་ནས་གདན་དྲངས་པའོ། །དྲི་མེད་བཛྲ་་་བཻ་རོའི་རྣམ་འཕྲུལ་རྡོ་རྗེ་གླིང་པ།གྱི་གཏེར་མ། རྔ་ཡབ་ཀྱི་ཡིག་སྣ་སུག་ཐུང་ལ། གཏེར་སྟོན་ཉིད་ཀྱིས་ལྗགས་ཀྱི་པདྨོས་བླངས་ཏེ། བོད་ཡིག་ཏུ་བཀོད་པ་འདི་ཀའོ། །ཤོག་སེར་གྱི་ཚ་བོ་ལས་བཤུས་ནས་ཡོད་དོ།། ༈ །།གཏེར་ཁ་ཐ་དད་པ་ནས་ཡི་དམ་སོ་སོའི་ལས་ཚོགས་ཟ་ཡིག་གི་རིགས་མང་དུ་གསུངས་ཀྱང་། སྤྱི་འགྲོའི་ཟ་ཡིག་འདི་རིག་འཛིན་གོང་མ་རྣམས་ཀྱིས་ཐུགས་རྩིས་ཆེ་བར་མཛད། ལག་ལེན་ནི། སོ་སོའི་རྫས་རྣམས་རྒྱ་སྣག་ལ་བསྲེས་ནས་རྒྱ་ཤོག་སྲབ་མོ་གཙང་མར་ལག་བྲིས་བྱུང་ན་རབ། དེ་མིན་སྤར་བཏབ་ནས་མདུན་དུ་དགྲམ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་གསུམ་ཀུན་འདུས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་གསོལ་འདེབས་ལན་ཇི་ལྟར་རིགས་པས་བྱིན་དབབ་ཅིང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས་ཨོ་རྒྱན་རིན་པོ་ཆེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས༔ ཨོ་རྒྱན་རིན་པོ་ཆེ་ལ་ཐིམ༔ མཐར་ཨོ་རྒྱན་རིན་པོ་ཆེ་ཡང་འོད་དུ་ཞུ་ནས་ཡིག་འབྲུ་རྣམས་ལ་ཐིམ་པས་སོ་སོའི་ལས་སྒྲུབ་པའི་ནུས་པ་ཐོགས་མེད་དུ་གྱུར་པར་བསམ་ལ། བཛྲ་གུ་རུ་དང་། ཡི་དམ་གྱི་སྙིང་པོ། དབྱངས་གསལ་རྟེན་སྙིང་བཟླས་པའི་མེ་ཏོག་གིས་འཐོར་ལ་རབ་ཏུ་གནས། གཤམ་ནས་ཡར་གྲིལ།་་་ན་བཟའ་བཤད་པ་རྣམས་ཀྱིས་དངོས་སུ་གྲིལ་བའམ།རྫས་སོ་སོའི་ཕྱེ་མ་ཕྱིར་བྱུགས་པས་ཀྱང་ཁྱབ། སླར་ཡང་མིད་བདེ་བའི་ཕྱིར་ཟླུམ་པོའི་ཚུལ་དུ་གྲིལ་ལ་སྣོད་གཙང་མར་བླུག །སོ་སོའི་དུས་གནད་དང་བསྟུན་ལ་བཟའ་འོ། །ཟ་ཡིག་གི་ཁུངས་མདོ་རྒྱུད་ཆེན་པོ་རྣམས་ནས་དམིགས་བསལ་མ་གསུངས་ཀྱང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དང་། ཡུལ་དག་པའི་བདུད་རྩི་ལྔ་སོགས་སྐུ་གདུང་གི་རིང་བསྲེལ་ཟོས་པས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པའི་རིགས་པས་ཆོས་སྐུའི་རིང་བསྲེལ་གཟུངས་སྔགས་བྱིན་ཅན་རྣམས་ཀྱང་མ་ཉམས་པར་ཁོང་དུ་མིད་ན་ཕན་ཡོན་འབྱུང་བར་མ་ཟད། ཚུལ་འདི་ནི་སྔགས་འབྲས་བྱིན་གྱིས་རློབ་ནུས་པའི་གྲུབ་ཆེན་གྱིས་ལས་དེ་དང་དེ་འགྲུབ་པར་བྱིན་གྱིས་བརླབས་པས་ཕན་ཡོན་མཐོང་ཆོས་སུ་སྣང་བས་མངོན་སུམ་གྱིས་ཀྱང་གྲུབ་པ་ཡིན་ནོ། །མངྒ་ལཾ།། །།
འབུ་སྲིན་གདུག་པ་ཁ་སྒྱུར་གྱི་བསང་ཡིག་ (Volume 51, Text 53)
༄༅། །འབུ་སྲིན་གདུག་པ་ཁ་སྒྱུར་གྱི་བསང་ཡིག་བཞུགས་སོ། ། ན་མོ་གུ་རུ་པྲ་ཝ་ཀཱ་ར་ཡེ། སྙིགས་དུས་འགྲོ་ལ་བཀའ་དྲིན་ཟླ་མེད་པ། །གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་པདྨ་འབྱུང་གནས་ཀྱིས། །མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ནད་མུག་མཚོན་གྱིས་འགྲོ་བ་ཉམ་ཐག་ཅིང་། ཁྱད་པར་ཚེ་ལོ་སུམ་ཅུ་ཁ་རལ་དུས། །འབྲུ་དཀོན་མུ་གེའི་བསྐལ་པ་འབྱུང་ལུང་བསྟན། །མུ་གེའི་བསྐལ་པ་འབྱུང་བར་བྱེད་པའི་རྒྱུ། །ཆར་ཆུ་དུས་སུ་མི་འབབ་ཐན་པས་མནར། །དུས་མིན་ཁ་ཆར་ཆེ་བས་གནོད་པ་བྱེད། །བཙའ་རིགས་བཞི་དང་སད་དང་སེར་བ་དང་། །འབུ་སྲིན་དུ་མས་ལོ་ཐོག་ཕུང་བར་བྱེད། །དེ་དུས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བདུད་རྩི་བུམ་ཆུང་ལ་སོགས་ཆར་འབོད་སྐོར། །རྡོ་རྗེ་ཕ་ལམ་ལ་སོགས་བཅའ་སྲུང་སྐོར། །ནཱ་ག་འབྲུག་སྒྲོག་ལ་སོགས་སད་སྲུང་སྐོར། །མེ་ཡི་བྱ་ཁྱུང་ལ་སོགས་སེར་སྲུང་སྐོར། །གདུག་པ་འབུ་སྒྱུར་ལ་སོགས་འབུ་སྲུང་ སྐོར། །ཆར་མི་འབེབ་དང་སད་སེར་རླུང་གིས་བྱེད། །དེ་ཕྱིར་རླུང་གནོན་རི་རབ་འོད་འཕྲོ་སོགས། །གཏེར་ཁ་དུ་མ་ལོ་ལ་ཕན་པའི་ཐབས། །རྒྱས་བསྡུས་ཆེ་ཕྲ་དཔག་ཏུ་མེད་པ་གསུངས། ཁྱད་པར་འབུ་སྲུང་གདུག་པ་ཁ་སྒྱུར་ལས། །ཤིང་སྣ་དང་ནི་བ་ནི་དམར་སྐྱ་ཡི། །ལྕི་བའི་དུད་པ་གཏང་བར་གསུངས་པའི་དོན། །འགྲོ་ལ་ཕན་ཕྱིར་བདག་གིས་གསལ་འགོད་བྱ། །ཚེར་ནག་ཁྱི་ཤིང་མ་གཏོགས་ཤིང་སྣ་ཚོགས། །བ་ནི་དམར་སྐྱའི་ལྕི་བས་མེ་བུས་སྤར། །ཕྱེ་མར་འབྲུ་སྣ་ཟས་ཕུད་སྣ་ཚོགས་མཆོད། །འོ་ཞོ་ཇ་ཆང་ཆུ་གཙང་གང་འབྱོར་བྲན། །འདི་ལྟར་འདོན་སྒོམ་སྦྲགས་ལ་བསང་བྱ་འོ། །གཞི་དང་མཆོད་པ་བཤམས་སོགས་མི་དགོས་སོ། །ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་གནས་ལ། །བདག་དང་འགྲོ་ཀུན་ཞིང་བདག་སྐྱབས་སུ་མཆི། །འགྲོ་ཀུན་མུ་གེའི་འཇིགས་ལས་སྐྱོབ་པའི་ཕྱིར། །བདག་གིས་ལོ་རིམ་བསང་མཆོད་འབུལ་བར་བྱ། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །བདག་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཞལ་གཅིག་སྤྱན་གསུམ་མཆེ་བས་མ་མཆུ་མནན། །དབུ་སྐྲ་ཐོར་ཚུགས་དར་དམར་ཅོད་པན་འཕུར། །སྐུ་ལ་ཕོད་ཁ་ཆོས་གོས་སེ་རལ་ཁ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཕུར་པ་འདྲིལ། །སྟག་མོ་དྲུས་མའི་སྟེང་ན་བརྐྱང་བསྐུམ་བགྲད། །ཐུགས་སྲོག་ཧཱུྃ་མཐིང་ཡེ་ཤེས་སེམས་དཔའི་ཚུལ། །དམ་ཡེ་དབྱེར་མེད་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག །ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །བསང་མགྲོན་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ ཧྲཱིཿ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །ཡིད་སྤྲུལ་གཙོ་འཁོར་འཚམ་པའི་གདན་ལ་བཞུགས། །དངོས་འབྱོར་བསང་དང་ཡིད་ལས་སྤྲུལ་པ་ཡི། །ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །རང་རང་ཆེ་བའི་ཡོན་ཏན་རྒྱ་མཚོ་ལ། །གུས་ཤིང་དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །རཾ་ཡཾ་ཁཾ་གིས་བསང་རྫས་མི་གཙང་སྦྱང་། །ཨཿ སྟོང་པའི་ངང་ལས་དྷཱཾ་ཡིག་ལས་བྱུང་བའི། །དུ་བའི་ལྷ་མོ་མཐིང་མདོག་ལང་ཚོ་རྒྱས། །རབ་མཛེས་དར་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་ཁྲུས་བུམ་ཞིང་ལྷའི་ཉམས་གྲིབ་འཁྲུ། །ཕྱག་གཡོན་སྨན་གྱི་གཞོང་པ་སྤོས་ཀྱིས་བཀང་། །སྨན་གྱི་དུད་སྤྲིན་རབ་འབྱམས་འཇིག་རྟེན་ཁྱབ། །སྤོས་ཀྱི་འཁྲི་ཤིང་ར་བས་ཞིང་ཁམས་ཁྱབ། །དུ་བའི་ཆ་ཤས་ཟེགས་མ་རེ་རེ་ལས། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །བཟའ་བཏུང་ལོངས་སྤྱོད་དཔག་མེད་ཆར་བཞིན་འབེབ། །བཛྲ་དྷཱུ་པེ་ཧཱུྃ་གིས་བྱིན་གྱིས་བརླབས། །དེ་འདྲའི་ངོ་མཚར་ཡིད་སྤྲུལ་བསང་མཆོད་འདིས། །འཇིག་རྟེན་འདས་དང་མ་འདས་ལྷ་རྣམས་བསང་། །ཀྱཻ། བསང་གི་རྒྱུ་བྱུང་གང་ནས་བྱུང་། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ནས། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་བའི་དྭངས་མ་ཤིང་དུ་འཁྲུངས། །སུར་དཀར་དུང་ལོ་ཞི་བའི་ཤིང་། །སྟག་པ་སེར་པོ་རྒྱས་པའི་ཤིང་། །ཙནྡན་དམར་པོ་དབང་གི་ཤིང་། །ཤུག་པ་གཡུ་ལོ་དྲག་པོའི་ཤིང་། །འོམ་བུ་སྐྱེར་པ་སེ་བ་གསུམ། །ཨ་བར་སྐྱུར་གསུམ་སྨན་གྱི་ཤིང་། །ཐང་ཤིང་སུར་ནག་སྤེན་མ་གསུམ། །ནག་པོ་ཀླུ་རིགས་དགའ་བའི་ཤིང་། །ཉ་སྦྲིད་སྨྱ་ག་བྱི་ཚེར་གསུམ། །ས་བདག་ཕྲ་མོ་དགའ་བའི་ཤིང་། །བ་ཤིང་གླ་རྐང་ཨ་ག་རུ། །ཀླུ་དང་ལྷ་སྲུང་མཉེས་པའི་ཤིང་། །སྣ་ཚོགས་ཤིང་སྣ་མང་པོ་དང་། །ཕྱེ་མར་འབྲུ་སྣ་ཟས་ཕུད་དང་། །ཇ་ཆང་འོ་ཞོའི་ཕུད་ལ་སོགས། །དམར་སྐྱའི་བ་ལྕིའི་མེ་ལ་བསྲེགས། །གཙང་མའི་ཆབ་ཀྱིས་བྲན་བྱས་ཏེ། །བཟང་ཤིང་ཕྱེ་མར་སྤོས་སྤྲིན་འདིས། །ལྷ་སྲིན་གདུག་པ་འདུལ་མཛད་པ། །གུ་རུ་པདྨ་འབྱུང་གནས་བསང་། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །འབུ་སྲིན་གདུག་པ་ཞི་བར་མཛོད། །འབུ་སྲིན་ལ་སོགས་གདུག་པ་ཅན། །ཐམས་ཅད་ཞི་མཛད་ཐུགས་རྗེ་ཅན། །ཕྱག་སྟོང་སྤྱན་སྟོང་མངའ་བ་བསང་། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །འབུ་སྲིན་གདུག་པ་ཞི་བར་མཛོད། །ལོ་ཐོག་གནོད་པ་ཞི་མཛད་པའི། །འབྲུ་རྣམས་འཕེལ་མཛད་ཐུགས་རྗེ་ཅན། །བྱང་སེམས་ས་ཡི་སྙིང་པོ་བསང་། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ཆུ་ལེགས་པར་བྱིན་གྱིས་རློབས། །བཅོམ་ལྡན་པདྨ་བཛྲ་རྩལ། །མནྡཱ་ར་བ་ཡུམ་དང་བཅས། །དགོངས་པ་འདུས་པའི་ལྷ་ཚོགས་བསང་། །འབུ་སྲིན་གདུག་པ་ཁ་སྒྱུར་ཅིག །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །འབུ་སྲིན་གདུག་པ་ཟློག་མཛད་པའི། ཁྲོ་བོ་སྨེ་བ་བརྩེགས་པ་བསང་། །འབུ་སྲིན་གདུག་པ་ཟློག་པ་དང་། །ལོ་ཐོག་སྲུང་ཞིང་སྐྱོབ་པར་མཛོད། །སྣང་སྲིད་དྲེགས་པ་འདུལ་མཛད་པའི། །དབང་དྲག་པདྨའི་ལྷ་ཚོགས་བསང་། །ལོ་ཐོག་རྣམས་ལ་གནོད་བྱེད་པ། །འདྲེ་ངན་ས་སྲིན་ཚར་ཆོད་ཅིག །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །སྔགས་བདག་ཡེ་ཤེས་ཀླུ་བརྒྱད་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་མ་གཏང་ཞིག །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་པ་ནག་པོ་སོགས། །ཀླུ་རིགས་མ་ལུས་ཐམས་ཅད་དང་། ཁྱད་པར་ཡུལ་འདིའི་ཀླུ་རྣམས་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་ཞིང་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་འཐུང་ཁ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །འཇིག་རྟེན་ཁམས་འདི་སྐྱོང་བའི་ལྷ། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །བསང་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་མཛོད། །འཇིག་རྟེན་འདི་ན་དབང་ཆེ་བ། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏང་ཞིག །འཇིག་རྟེན་ཁམས་ན་དྲག་རྩལ་ཆེ། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་པ་ཡི། །འབུ་སྲིན་གདུག་པ་ཟློག་ཏུ་གསོལ། །ཀྱེ། ཐང་ལྷ་ཡར་བཞུད་ལ་སོགས་པའི། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །བོད་ཡུལ་གཞི་བདག་གཉན་པོ་རྣམས། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །བ་དན་དཀར་པོ་གནམ་ལ་གཡུག །གཡས་ཀྱི་སྟག་དོང་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །ལྷ་གཞུ་གློག་འོད་ཁྱུགས་སེ་ཁྱུག །རྐེད་ཀྱི་དངུལ་ཤུབས་སེར་བཀྲ་ལ། །ཤེས་རབ་རལ་གྲི་གློག་ལྟར་འཁྱུག །དབུ་ཡི་དུང་རྨོག་གཙུག་ཏོར་ལ། །བྱ་ཕོད་ལྡེམ་དར་ཉི་ལྟར་ཤར། །རེ་རེའི་འཁོར་ལ་གཉན་དམག་སྟོང་། །ཀུ་བསྭོ་ཆ་སྒྲ་དིར་རི་རི། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །གངས་ཅན་བོད་ཀྱི་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་པའི་ཆོ་འཕྲུལ་མ་གཏང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱེ། རྡོ་རྗེ་སྨན་གཅིག་ལ་སོགས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་ནི། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །རེ་རེའི་འཁོར་ལ་སྨན་ཕྲན་འབུམ། །གླུ་ལེན་བྲོ་རྡུང་ཁྲིགས་སེ་ཁྲིག །དྲི་ཞིམ་ངད་པ་ཆིལ་ལི་ལི། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ལྷ་ཆེན་ཨིནྡྲའི་གཙོར་བྱས་པའི། །ཤར་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ཤར་ཕྱོགས་དྲི་ཟའི་ཡུལ་དུ་སྒྱུར། །ཡ་མ་ཡ་ཡི་གཙོར་བྱས་པའི། །ལྷོ་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་དུ་སྒྱུར། །བ་རུ་ཎཱ་ལ་སོགས་པ་ཡི། །ནུབ་ཕྱོགས་གནས་པ་ཐམས་ཅད་བསང་། །ཀླུ་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ནུབ་ཕྱོགས་ཀླུ་ཡི་ཡུལ་དུ་སྒྱུར། །ཀུ་བེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །བྱང་ཕྱོགས་གནོད་སྦྱིན་ཡུལ་དུ་སྒྱུར། །ཨགྣེ་རཱ་ཛ་ལ་སོགས་པའི། །ཤར་ལྷོར་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ཤར་ལྷོ་མེ་ལྷའི་ཡུལ་དུ་སྒྱུར། །ནཻྱྱྀ་ཏི་ལ་སོགས་པ་ཡི། །ལྷོ་ནུབ་གནས་པ་ཐམས་ཅད་བསང་། །ཤིང་རྩི་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ལྷོ་ནུབ་སྲིན་པོའི་ཡུལ་དུ་སྒྱུར། །བ་ཡ་བེ་ལ་སོགས་པ་ཡི། །ནུབ་བྱང་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ནུབ་བྱང་རླུང་ལྷའི་ཡུལ་དུ་སྒྱུར། །ཨི་ཤྭ་ར་ལ་སོགས་པ་ཡི། །བྱང་ཤར་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །བྱང་ཤར་དབང་ལྡན་ཡུལ་དུ་སྒྱུར། །ཚངས་པ་ཉི་ཟླ་གཟའ་སྐར་སོགས། །སྟེང་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །སྟེང་ཕྱོགས་ལྷ་ཡི་ཡུལ་དུ་སྒྱུར། །ས་གཞི་ཡོངས་ལ་མངའ་མཛད་པའི། །ས་བདག་རྡོ་རྗེ་དབང་ཆེན་ནི། །གསེར་མདོག་ཞལ་གཅིག་ཕྱག་བཞི་པ། །ར་བ་བཞི་ཡིས་དབུ་ལ་བརྒྱན། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མར་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བཙུན་མོ་ས་ཡི་ལྷ་མོ་ནི། །གསེར་མདོག་རིན་ཆེན་རྒྱན་གྱིས་བརྒྱན། །ཕྱག་ན་མཆེ་བ་བུམ་པ་འཛིན། །ཆིབས་སུ་ས་ཕག་སེར་པོ་འཆིབ། །འཁོར་དུ་ས་བདག་འབུམ་དང་བཅས། །བསང་ངོ་ས་ཡི་ལྷ་མོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ནས། །ས་བཅུད་ཐམས་ཅད་འདིར་སྡུས་ལ། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །སྲས་པོ་ས་འཛིན་ལག་པ་དང་། །ས་བདག་ཆེན་པོ་ལྟོ་འཕྱེ་དང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་གཉན་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་ཆེན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྩི་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློགས། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། ༈ །ཀྱེ། ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །མདོ་ཁམས་སྒང་དྲུག་ཀུན་གྱི་བདག །གཉན་རྗེ་རྨ་ཆེན་སྤོམ་ར་ནི། །མདོག་དཀར་དངུལ་གྱི་དབུ་ཞུ་གསོལ། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །བེར་དཀར་སྟེང་ན་བསྭེ་ཁྲབ་མནབས། །ཕྱག་ན་སྦ་ལྕག་ནོར་བུ་བསྣམས། །སྟག་འཕྲུ་ཁྱུང་ལྡེམ་ཉི་ཟླས་བརྒྱན། །སྟག་རལ་གཟིག་ཤུབས་འཁོར་གསུམ་བསྐོར། །དུང་རྟ་རི་ལོགས་ཙམ་ལ་འཆིབ། །སྟེང་ན་ཁྱུང་ཆེན་བྱ་རྒོད་ལྡིང་། །རྒྱབ་ན་སྟག་གཡག་སེང་གེ་ཁྲིད། །རྨ་སྨན་འབུམ་དང་རྨ་སྲས་དགུ །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་གཞི་བདག་ཀུན་གྱིས་བསྐོར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློགས། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་འཕེལ་རྨ་གཡང་ཕོབ། ࿊ །ཀྱེ། ཟངས་རི་འབར་བའི་རྩེ་དགུ་ནས། །ཟལ་མོ་སྒང་རྒྱུད་ཀུན་གྱི་བདག །བཙན་གྱི་མགོན་པོ་བེག་ཙེ་ཅན། །སྒྲོལ་གིང་ཡམ་ཤུད་དམར་པོ་སྟེ། །ངོ་བོ་སྐུ་རྒྱལ་ཤེ་ནེ་ནི། །མི་དམར་ཟངས་ཀྱི་ཁྲབ་རྨོག་ཅན། །འཁོར་གསུམ་བསྐོར་ནས་མདུང་དམར་འཕྱར། །མཚལ་བུ་རྟིང་དཀར་ཆིབས་སུ་འཆིབ། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤྭ་ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡང་འཁོར་བཙན་དམག་འབུམ་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏང་ཞིག །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྫ་རི་གཡའ་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱེ། ངོམ་དུ་རུང་བའི་ཡུལ་གྱི་བདག །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བྱ་ཕོད་ལྡེམ་དར་ཅན། །བེར་དཀར་བསྭེ་ཁྲབ་སྐུ་ལ་གསོལ། །མདུང་དར་ཕྱར་ཞིང་འཁོར་གསུམ་བསྐོར། །དུང་རྟ་གཡུ་རྔོག་རླུང་གཤོག་འཆིབ། །བཙུན་མོ་གཉིས་དང་བླ་མཆོད་གཉིས། །རུ་འདྲེན་གཉིས་དང་བློན་པོ་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་སོགས། །སྤྲུལ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུལ་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་བྲག་རིའི་ལོགས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྨོ་རྒྱལ་གཏམ་རྒྱལ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་ནི། །སྒང་གི་རྩི་ཐོག་རྣམས་ལ་སྒྱུར། །དབྱིས་དོ་མཚོ་ནག་ལ་སོགས་པའི། །ངོམ་གྱི་མཚོ་ནག་སྤུན་གསུམ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་ནེའུ་གསེང་ཐང་ལ་སྒྱུར། །རྒྱལ་མོ་རི་ཕྱུག་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་བཞི་བསང་། །འབུ་སྲིན་ངན་པའི་ཟ་ཁ་ནི། །བཀྲག་གསལ་མེ་ཏོག་རྣམས་ལ་སྒྱུར། །སྤྱི་འབྱམ་ཡོར་རྒྱལ་ཁྲ་ཚང་མ། །དཀྱིལ་རི་དབྱིག་བུ་བྲག་དམར་སོགས། །དམར་པོ་བཙན་གྱི་སྡེ་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལྷ་བྲག་དཀར་པོ་འབྲོག་རྫོང་དང་། །སེང་གེ་སྤུན་གསུམ་པོ་ཏི་དང་། །འགྲབ་རྒྱལ་དཀར་འཛོང་ལ་སོགས་པའི། །དཀར་པོ་ལྷ་ཡི་སྡེ་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། ཁྲ་ཡུ་གནམ་མཚོ་དབྱི་དབྲོ་དང་། །ཐོད་རྒྱལ་ཏི་དབྲོ་སྒས་ཕྲོམ་སོགས། ཁྲ་བོ་གཉན་གྱི་སྡེ་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། ࿊ ཁྱད་པར་ཡུལ་ཕྱོགས་འདིར་གནས་ཤིང་། །མིང་དང་མཚན་ནས་མ་ཐོན་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །ཕ་རི་གཡས་དང་ཚུ་རི་གཡོན། །ཉིན་དང་སྲིབ་ལ་གནས་པ་བསང་། །མདུན་རི་རྒྱབ་རི་གཡས་རི་དང་། །གཡོན་རི་རྣམས་ལ་གནས་པ་བསང་། །བརྟན་པ་མཁའ་ལ་གཡོ་བ་རླུང་། །འབབ་པ་ཆུ་ལ་གནས་པ་དང་། །སྐྱེ་བ་ཤིང་དང་འགྲོ་བ་ལམ། །སྲ་བ་བྲག་ལ་གནས་པ་བསང་། །ལྗོན་ཤིང་ནིའུ་གསེང་ཆུ་མིག་དང་། །ས་སྐོར་འདི་ལ་གནས་པ་བསང་། ཁྱད་པར་ཞིང་ལ་གནས་པ་ཡི། །ཞིང་ལྷ་ཚངས་པ་འཁོར་བཅས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱེ། སྣང་སྲིད་ལྷ་འདྲེ་གཞི་བདག་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལས་མ་འདའ་བར། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་ཞི་བར་མཛོད། །ལོ་ཐོག་རྣམས་ལ་མ་གནོད་ཅིག །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །མེ་ཏོག་མཛེས་པའི་ཚལ་དུ་སྒྱུར། །རི་སྒོག་ཤྭ་མང་སྟེང་དུ་སྒྱུར། །རྩྭ་སྔོ་ལྡུམ་སྨན་སྟེང་དུ་སྒྱུར། །ཤིང་ལོ་ཤིང་ཤུན་སྟེང་དུ་སྒྱུར། །རྩི་ཐོག་སྒང་རྩིའི་སྟེང་དུ་སྒྱུར། །འགྲོ་བའི་གསོ་སྦྱིན་ལོ་ཐོག་ལ། །གནོད་ཅིང་འཚེ་བ་མ་བྱེད་ཅིག །ལོ་ཐོག་བསྲུང་ཞིང་བསྐྱབ་པར་མཛོད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །ལོ་ཐོག་འདི་ཉིད་བསྲུང་བཅོལ་ལོ། ཁྱེད་རྣམས་མཐུ་རྩལ་ཅི་འདུག་བལྟ། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་པ་ཞི་ཞིང་ཟློག་པར་མཛོད། །འབུ་སྲིན་གདུག་པའི་ཟ་ཁ་རྣམས། །འདི་རུ་མ་གནོད་གཞན་དུ་སྒྱུར། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །ལོ་ཆུ་ལེགས་པའི་ཁ་འཛིན་མཛོད། །སྐྱ་རྣམས་རྒྱལ་བའི་ཁ་འཛིན་མཛོད། །འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མཆོད་རྫས་འབག་བཙོག་སོང་བ་སོགས། །ཐུགས་དང་འགལ་པ་བཟོད་པར་གསོལ། །མགྲོན་རྣམས་སོ་སོའི་གནས་སུ་གཤེགས། །རྟག་ཏུ་བྱམས་པའི་ཐུགས་ཀྱིས་དགོངས། །འཇིག་རྟེན་བདེ་དང་ལོ་ལེགས་པའི། །བཀྲ་ཤིས་དེང་འདིར་བཀྲ་ཤིས་ཤོག །འདི་ལྟར་བསང་མཆོད་ཕུལ་པའི་དགེས། །འབུ་སྲིན་གཙོར་བྱས་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་མངྒ་ལཾ་སིདྡྷི་ཕ་ལ་ཧོཿ ཞེས་བརྗོད་བསང་རས་བསྡུས་ལ་ནང་དུ་བཏབ། །དེ་ནས་བ་དམར་སྐྱ་ཡི་ལྕི་བ་བཏབ། །དུད་པ་ཅུང་ཟད་འོང་བར་བྱས་ལ་བཞག །འབུ་ཡིས་གར་གནོད་ཞིང་མུར་དེ་ལྟར་བྱ། །གཞན་ཡང་བྱེ་མ་ཆུ་སོགས་བསྔགས་པ་ནི། །གཉིས་ཀ་སྦྲགས་ན་ངེས་པར་ཕན་པར་གསུངས། །འདི་ནི་ལོ་རིམ་ཡིན་པས་གལ་ཆེ་འོ། །འདི་བྲིས་དགེ་བས་འགྲོ་ཀུན་དབུལ་ཕོངས་ཞི། །ལོངས་སྤྱོད་རྒྱ་མཚོ་བཞིན་དུ་ཟད་མེད་མཛོད། །འདི་བྲིས་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོའོ། །ཞེས་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །། ༄༅། །འབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ་བཞུགས། །ཤིང་སྣ་དང་ནི་བ་དམར་སྐྱའི། །ལྕི་བའི་དུད་པ་གཏང་བར་གསུངས་པའི་དོན། །འགྲོ་ལ་ཕན་ཕྱིར་ཤིན་ཏུ་བསྡུས་པ་ནི། །ཤིང་སྣ་གང་འཛོམ་བསང་རྫས་བ་ལྕི་ནི། །ཞིང་མུར་བསྲེག་ཅིང་འདི་ནི་འདོན་པས་འཐུས། ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །འགྲོ་ཀུན་འཇིགས་ལས་སྐྱོབ་པའི་ཕྱིར། །ལོ་རིམ་བསང་མཆོད་འབུལ་བར་བྱ། །བདག་ཉིད་རྡོ་རྗེ་གྲོ་ལོད་ཉིད། །དམ་ཡེ་དབྱེར་མེད་ཐུགས་ཀ་ནས། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ནམ་མཁར་སྤྱན་དྲངས་གྱུར། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །རཾ་ཡཾ་ཁཾ་གིས་བསང་རྫས་སྦྱངས། །དུད་པའི་ལྷ་མོ་མཐིང་མདོག་ལྡན། །ཕྱག་གཉིས་བུམ་པ་སྨན་སྤོས་དྲིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་འཁྲིགས། །བཛྲ་དྷཱུ་པེ་ཨོཾ་ཨཱཿཧཱུྃ། ཧྲཱིཿ རང་བཞིན་གདོད་ནས་རྣམ་པར་དག །འདས་དང་མ་འདས་བསང་གི་མགྲོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །དད་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་ལྔའི་དྭངས་མ་ཤིང་དུ་འཁྲུངས། །ཞི་རྒྱས་དབང་དྲག་ཤིང་ལ་སོགས། །ཀླུ་གཉན་ལྷ་སྲུང་མཉེས་པའི་ཤིང་། །སྣ་ཚོགས་འབྲུ་སྣ་ཕྱེ་མར་དང་། །ཇ་ཆང་ཞོ་དང་འོ་མ་དང་། །དམར་སྐྱའི་བ་ལྕི་མེ་ལ་བསྲེགས། །བསང་གི་དུད་སྤྲིན་མཆོད་རྫས་ཀྱིས། །པད་འབྱུང་སྐུ་གསུམ་སྐུ་ལྔ་དང་། །གདུག་པ་ཞི་མཛད་ཐུགས་རྗེ་ཅན། །ཕྱག་སྟོང་སྤྱན་སྟོང་མངའ་བ་བསང་། །འབྲུ་རྣམས་འཕེལ་བའི་ཐུགས་རྗེ་ཅན། །བྱང་སེམས་ས་ཡི་སྙིང་པོ་བསང་། །བཅོམ་ལྡན་པདྨ་བཛྲ་སོགས། །དགོངས་པ་འདུས་པའི་ལྷ་ཚོགས་བསང་། །འབུ་སྲིན་གདུག་པ་ཞི་བ་དང་། །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། ཁྲོ་རྒྱལ་སྨེ་བ་བརྩེགས་པ་དང་། །དབང་དྲག་པདྨའི་ལྷ་ཚོགས་བསང་། །གནོད་བྱེད་འབུ་སྲིན་ཟློག་པ་དང་། །འདྲེ་སྲིན་གདུག་པ་ཚར་ཆོད་ཅིག །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །སྔགས་བདག་ཡེ་ཤེས་ཀླུ་བརྒྱད་བསང་། །འབུ་སྲིན་གནོད་པ་མ་གཏང་ཞིག །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་པའི་རིགས་ལ་སོགས། །ཀླུ་རིགས་མ་ལུས་ཐམས་ཅད་བསང་། ཁྱད་པར་ཡུལ་འདིའི་ཀླུ་རྣམས་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་འཐུང་ཁ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །འཇིག་རྟེན་ཁམས་འདི་སྐྱོང་བའི་ལྷ། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །གཉན་ཆེན་ཐང་ལྷ་ཡར་བཞུད་སོགས། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་སོགས། །བོད་ཡུལ་གཞི་བདག་གཉན་པོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྡོ་རྗེ་སྨན་གཅིག་ལ་སོགས་པའི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །རེ་རེའི་འཁོར་དུ་སྨན་ཕྲན་འབུམ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་པ་ཡི། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ལྷ་ཆེན་ཨིནྡྲ་ཡ་མ་ཡེ། །བ་རུ་ཎཱ་དང་ཀུ་བཻ་ར། །ཨགྣེ་རཱ་ཛ་ནཻྱྱྀ་ཏི། །ཝ་ཡ་ཝེ་དང་ཨི་ཤྭ་ར། །ཚངས་པ་ཉི་ཟླ་ལ་སོགས་པ། །ཕྱོགས་བཅུར་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་རྣམས། །ཕྱོགས་བཅུ་རང་རང་ཡུལ་དུ་སྒྱུར། །ས་གཞི་ཡོངས་ལ་མངའ་མཛད་པའི། །ས་བདག་རྡོ་རྗེ་དབང་ཆེན་དང་། །བཙུན་མོ་ས་ཡི་ལྷ་མོ་དང་། །འཁོར་དུ་ས་བདག་འབུམ་དང་བཅས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ནས། །ས་བཅུད་ཐམས་ཅད་འདིར་སྡུས་ལ། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །སྲས་པོ་ས་འཛིན་ལག་པ་དང་། །ས་བདག་ཆེན་པོ་ལྟོ་འཕྱེ་དང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་གཉན་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་ཆེན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྩི་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློགས། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། ༈ །ཀྱེ། ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །མདོ་ཁམས་སྒང་དྲུག་ཀུན་གྱི་བདག །གཉན་ཆེན་རྨ་རྒྱལ་སྤོམ་ར་ནི། །རྨ་སྨན་འབུམ་དང་རྨ་སྲས་དགུ། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་གཞི་བདག་ཀུན་གྱིས་བསྐོར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློགས། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་འཕེལ་རྨ་གཡང་ཕོབ། ࿊ །ཀྱེ། ཟངས་རི་འབར་བ་རྩེ་དགུ་ནས། །ཟལ་མོ་སྒང་རྒྱུད་ཀུན་གྱི་བདག །བཙན་གྱི་མགོན་པོ་བེག་ཙེ་ཅན། །སྒྲོལ་གིང་ཡམ་ཤུད་དམར་པོ་སྟེ། །ངོ་བོ་སྐུ་རྒྱལ་ཤེ་ནེ་ནི། །མི་དམར་ཟངས་ཀྱི་ཁྲབ་རྨོག་ཅན། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤྭ་ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡང་འཁོར་བཙན་དམག་འབུམ་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྫ་རི་གཡའ་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱེ། ངོམ་དུ་རུང་བའི་ཡུལ་གྱི་བདག །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བེར་དཀར་ཤེལ་ཁྲབ་ཅན། །བཙུན་མོ་གཉིས་དང་བླ་མཆོད་གཉིས། །རུ་འདྲེན་གཉིས་དང་བློན་པོ་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་སོགས། །སྤྲུལ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་བྲག་རིའི་གསེབ་ཏུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྨོ་རྒྱལ་གཏམ་རྒྱལ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །དབྱིས་དོ་མཚོ་ནག་ལ་སོགས་པའི། །ངོམ་གྱི་མཚོ་ནག་སྤུན་གསུམ་བསང་། །རྒྱལ་མོ་རི་ཕྱུག་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་བཞི་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྩི་ཐོག་མེ་ཏོག་རྣམས་ལ་སྒྱུར། །དམར་པོ་བཙན་དང་དཀར་པོ་ལྷ། ཁྲ་བོ་གཉན་གྱི་དམག་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། ࿊ ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །མིང་དང་མཚན་ནས་མ་ཐོས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །ཕ་རི་གཡས་དང་ཚུ་རི་གཡོན། །ཉིན་དང་སྲིབ་ལ་གནས་པ་བསང་། །མདུན་རི་རྒྱབ་རི་གཡས་རི་དང་། །གཡོན་རི་རྣམས་ལ་གནས་པ་བསང་། །བརྟན་པ་མཁའ་དང་གཡོ་བ་རླུང་། །འབབ་པ་ཆུ་ལ་གནས་པ་བསང་། །སྐྱེ་བ་ཤིང་དང་འགྲོ་བ་ལམ། །སྲ་བ་བྲག་ལ་གནས་པ་བསང་། །ལྗོན་ཤིང་ནེའུ་གསེང་ཆུ་མིག་དང་། །ས་སྐོར་འདི་ལ་གནས་པ་བསང་། ཁྱད་པར་ཞིང་ལ་གནས་པ་ཡི། །ཞིང་ལྷ་ཚངས་པ་འཁོར་བཅས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །ཀྱེ། སྣང་སྲིད་ལྷ་འདྲེ་མ་ལུས་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལ་མ་འདའ་བར། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །མེ་ཏོག་མཛེས་པའི་ཚལ་དུ་སྒྱུར། །རྩྭ་སྔོ་ལྡུམ་སྨན་སྟེང་དུ་སྒྱུར། །ཤིང་ལོ་ཤིང་ཤུན་སྟེང་དུ་སྒྱུར། །རྩི་ཐོག་སྒང་རྩིའི་སྟེང་དུ་སྒྱུར། །འགྲོ་བའི་གསོ་སྦྱིན་ལོ་ཐོག་ལ། །གནོད་ཅིང་འཚེ་བ་མ་བྱེད་ཅིག །ལོ་ཐོག་བསྲུང་ཞིང་བསྐྱབ་པར་མཛོད། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །ལོ་ཐོག་འདི་ཉིད་བསྲུང་བཅོལ་ལོ། ཁྱེད་རྣམས་མཐུ་རྩལ་ཅི་འདུག་བལྟ། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་པ་ཞི་ཞིང་ཟློག་པར་མཛོད། །སྐྱ་རྣམས་རྒྱལ་བའི་ཁ་འཛིན་མཛོད། །འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཐུགས་དང་འགལ་པ་བཟོད་པར་གསོལ། །མགྲོན་རྣམས་སོ་སོའི་གནས་སུ་གཤེགས། །འཇིག་རྟེན་བདེ་ཞིང་ལོ་ལེགས་པའི། །བཀྲ་ཤིང་དེང་འདིར་བཀྲ་ཤིས་ཤོག །འདི་ལྟར་བསང་མཆོད་བྱས་པའི་དགེས། །འབུ་སྲིན་གཙོར་བྱས་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སིདྡྷི་ཕ་ལ་ཧོཿ བསང་རས་བསྡུས་ལ་མེ་ནང་བཏབ། དེ་ནས་བ་དམར་སྐྱའི་ལྕི་བ་བཏབ། དུད་པ་ཅུང་ཟད་འོང་བར་བྱས་ལ་བཞག །འབུ་ཡིས་གང་གནོད་ཞིང་མུར་དེ་ལྟར་བྱ། །གཞན་ཡང་བྱེ་མ་ཆུ་སོགས་བསྔགས་པ་ནི། །གཉིས་ཀ་སྦྲགས་ན་ངེས་པར་ཕན་པར་གསུངས། །འདི་ནི་ལོ་རིམ་ཡིན་པས་གལ་ཆེ་འོ། །ཞེས་ཨ་རཱ་གས་སོ།། །། ༄༅། །འབུ་སྲུང་བསང་མཆོད་ནི། ཀྱེ། འབྲུ་སྣ་ཕྱེ་མར་ཟས་ཕུད་དང་། །བཟང་ཤིང་བསྲེགས་པའི་དུད་སྤྲིན་འཁྲིགས། །དྷཱུ་པེ་ཧཱུྃ་གིས་བྱིན་བརླབས་ནས། །ལྷ་དང་སྲུང་མ་ཐམས་ཅད་བསང་། །འཕགས་པ་ཡིད་བཞིན་འཁོར་ལོ་བསང་། །གུ་རུ་རྡོ་རྗེ་གྲོ་ལོད་བསང་། །ས་ཡི་ལྷ་མོ་བརྟན་མ་བསང་། །མགུར་ལྷ་བརྟན་མ་དགེ་བསྙེན་བསང་། །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །གཏམ་རྒྱལ་དབྱིས་དོ་དགེ་བསྙེན་བསང་། །དབྱི་བྲོ་ཆེ་ཆུང་འཁོར་བཅས་བསང་། །སོ་རྒྱལ་རྣིས་ཚོ་འཁོར་བཅས་བསང་། །གླང་དཀར་དགྱེ་རི་གུར་རྣ་བསང་། །དབྱི་ཟོར་ལ་སོགས་ཡུལ་འདི་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བསང་། །བསང་དང་མཆོད་པ་ལ་འདི་བཞེས་ལ། །བསྲུང་བྱར་གྱུར་པའི་ཞིང་རྣམས་ལ། །ཚག་པའི་གནོད་པ་མ་གཏང་ཞིག །ཚག་པའི་ཟ་ཁ་འཐུང་ཁ་ནི། །སྤང་ལྗོངས་མེ་ཏོག་རྣམས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བ་ཡི། ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཞིང་གི་ལོ་ཐོག་འདི་རྣམས་ལ། །ཚག་པའི་གནོད་པ་ཐུབ་པར་སྲུངས། །ལྷ་སྲིན་ཡུལ་ལྷ་ཁྱེད་རྣམས་ལ། །མཐུ་རྩལ་ནུས་པ་ཅི་གདའ་བལྟ། །བཅོལ་པའིཕྲིན་ལས་མ་གཡེལ་ཅིག །ཅེས་པའང་ཨ་རཱ་གས་སྦྱར་བའོ།། །། ༄༅། །འབུ་སྲུང་གདུག་པ་ཁ་སྒྱུར་ལ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་བཏོན་ན་ལོ་ཐོག་གི་གནོད་པ་ཐམས་ཅད་ཞི་ཞིང་ལོ་ལེགས་པར་ས་ཡི་སྙིང་པོའི་མདོ་ལས་གསུངས། དགོངས་འདུས་ལུགས་དང་། སྨེ་བརྩེགས་ལས་ཚོགས་དང་། བཅུ་གཅིག་ཞལ་གྱི་ལས་ཚོགས་དང་། ཡི་དམ་སྤྱིའི་ལས་ཚོགས་ཀྱིས། འབུ་སྲུང་ཅུང་ཟད་སྔགས་ཡོད་པས། ཆུ་མང་པོའི་སྟེང་དུ་སྔགས་ཆུ་འདི་ཕར་བླུགས། མགོ་གཙང་གིས་བླངས་པའི་བྱེ་མ་ལ་བསྲེས་ལ། ཉོག་མགོ་གཙང་གིས་ཞིང་ཁྱབ་པར་གཏོར། ཆུ་ཤུག་ལོས་འདེབས་པ་དང་། བྱེ་མ་ས་བོན་ལྟར་འདེབས། འདེབས་དུས་བཀྲ་ཤིས་གང་ཤེས་ཤིག་བརྗོད་མི་ཡོད་ན་བཟང་། ཞིང་མུ་ན་ཁྱི་ཤིང་ཚེར་ནག་མིན་པའི་ཤིང་སྣ་རྙེད་ཚད་དང་། བ་དམར་སྐྱའི་ལྕི་བས་དུད་པ་བཏང་། ཡང་དེ་ལ་ཕྱེ་མར་འབྲུ་སྣ་འོ་ཞོའི་ཕུད་མཆོད་ནས། འབུ་སྲུང་བསང་ཡིག་ཅིག་ཡོད་པ་བཏོན་ན་ལེགས། དེ་ཚུན་སེར་བསང་འདི་བཏོན་ན་ཡང་ཆོག །བསང་ཡིག་གཞན་འདོན་མི་དགོས། ཡང་བསང་འདི་འདོན་ནས། སེར་བ་མ་གཏང་ཞིག་ཟེར་ས་དེར་ཚག་པ་མ་གཏང་ཞིག །ཞེས་ནི་སྒྱུར་ཁ་གྱིས་དང་ལོ། །ཇོ་རྒྱུན་མ་ཐོན་ན། རང་རང་ཁྱིམ་ན་འུར་འདོན་བྱེད་ནས། ནངས་ནུབ་དུས་བསང་འདི་གལ་ཆེ། བསང་ཐོན་ཚེ་བསང་རས་ནང་དུ་བསྡུ། བ་དམར་སྐྱའི་ལྕི་བ་བླུགས་ནས་དུ་བ་ལང་ལོང་བྱེད་ནས་བཞག །བསང་ཁང་རེ་ལ་ཡི་གེ་འདི་ཚར་རེ་འདོན། གཞན་བསང་ཡིག་མི་དགོས། ཉིན་རེ་ལ་དེ་འདྲའི་བསང་ཆུང་མང་པོ་དུ་ཐོན་ཐོན། ཞིང་མུ་སྐོར་སྐོར་ན་བྱེད། དགོང་ཁ་རེད་ཀྱང་བཟོད། བསང་བྱེད་ཆོག །སྤྲིང་ཡིག་འདི་སྐད་ཆེན་པོས་ཚར་གསུམ་འདོན་ནས་བལྟབས་ལ་གྲོ་གས་གཅུམ། ཕྱིང་པས་གཡོགས་ནས། ཡོ་གེ་རིང་པོའི་མགོ་ན་བཙུག །བསང་ཡིག་འདི་རྗེས་སོར་བྱམས་པ་སྐྱབས་ལ་གཏོད། ཅེས་རཱ་ག་ཨ་སྱས་སོ།། །། ༄༅། །འབུ་སྲུང་གདུག་པ་ཁ་བསྒྱུར་གྱི་ཟིན་བྲིས་གཞུང་མང་དོན་བསྡུས་བཞུགས་སོ། །ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ། རྩ་བ་གསུམ་གྱི་ཞབས་ལ་གུས་བཏུད་ནས། །འབུ་སྲུང་མན་ངག་ལག་ལེན་ཟིན་རིས་བརྗོད། །རྩ་བ་གསུམ་གྱི་བཀའ་ཡིས་གནང་བ་སྩོལ། །ཡི་དམ་གང་རུང་བསྙེན་སྒྲུབ་རྟགས་ཐོན་པས། །འདི་ཉིད་བྱ་ཡི་གཞན་གྱིས་གྲུབ་པ་མིན། །ཆུ་དང་བྱེ་མ་འདེབས་པ་ལ་སོགས་ནི། །འབྲུ་གཞི་ཟུག་དང་མྱུ་གུ་རྫོགས་པ་ན། །འབུ་ཉིད་འོང་ལ་ཁད་དང་ལན་གསུམ་དུ། ། བྱས་ན་ངེས་པར་ཐུབ་པར་གསུངས་ན་ཡང་། །དེ་འདྲ་བྱེད་མཁན་མི་ཡོང་དཀོན་པའི་ཕྱིར། །འབུ་ཉིད་བྱུང་ཚེ་སྔགས་པས་ཐུབ་དཀའ་སྟེ། །དེ་ལ་བརྩོན་འགྲུས་བྱས་ན་ཕན་པར་སྣང་། །ཞིང་མཐར་ཆབ་གཏོར་མང་དུ་གཏང་གསུངས་ཀྱང་། །ཞིང་རྒྱ་ཆེ་ཕྱིར་དེ་ཡང་དཀའ་བའི་ཕྱིར། །རང་གིས་ཆབ་གཏོར་ཅི་ནུས་བཏང་བྱ་ཞིང་། ཁྱད་པར་ཀླུ་གཏོར་མང་དུ་བཏང་བྱས་ལ། །རང་གིས་གང་བསྲུང་ཞིང་གི་རིམ་གྲོར་དམིགས། །གཏོར་ཆུ་སྔགས་ཆུ་ལ་ནི་བསྲེ་བར་བྱ། །བཟང་ཤིང་སྣ་ཚོགས་བ་དམར་ལྕི་བ་ཡི། །དུད་པ་ཞིང་གི་མཐའ་རུ་བཏབ་གསུངས་པ། །དེ་དག་བསང་ཡིག་ཉུང་ངུ་མཆོད་རྫས་བཅས། །ཞིང་བདག་རྣམས་ལ་སོ་སོར་བྱེད་བཅུག་ཅིང་། །རང་གིས་བསང་ཆེན་གཅིག་བཏང་བཀའ་བསྒོ་བྱ། །གཞན་ཡང་སྡེ་བརྒྱད་ཡུལ་ལྷ་གཞི་བདག་ལ། །དཀར་གཏོར་བྱིན་ལ་བཀའ་བསྒོ་བཅོལ་གཏམ་བྱ། །རབ་ནི་ཕྱག་རྟགས་རྡོ་རྗེ་གཞུང་ལྟར་བྲི། །དེང་ཕྱིན་ཆད་མི་ནོར་གང་ལ་ཡང་། ཞེས་པའི་མལ་དེར་ས་ཆ་ཞིང་གི་མིང་། །ཡང་ན་བདག་པོ་འདི་ཡི་ཞིང་རྣམས་ལ། །ཚག་པ་ལ་སོགས་འབུ་སྲིན་མ་གཏང་བྲི། །བསྡུ་ན་དཔའ་བོ་གཅིག་སྒྲུབ་རྒྱུད་ཆེན་ལས། །གསུངས་པའི་སྤྲིང་ཡིག་དཔེའུ་རིས་ལྟར་བྲིས་ལ། །བསང་གི་སྐབས་སུ་ལན་གསུམ་བཀླག་བྱས་ལ། །ཡི་གེ་ལུང་པའི་ཕྱོགས་སུ་རེ་རེ་བཙུག །བྱིས་པ་འམ་ནི་བུ་མོ་མགོ་གཙང་བ། །ཕ་མ་འཛོམ་ཞིང་དབང་པོ་ཚང་བ་ཡིས། །ཤ་ཆང་སྒོག་པ་མ་ཟོས་སྔ་དྲོ་ལ། །ཆུ་ཆེན་འགྲམ་ནས་མི་ཁྱིས་མ་འགོམ་པའི། །བྱེ་མ་མི་ལག་མ་བརྒྱུད་ལེན་གཅུག་གསུངས། །དེ་བཞིན་ཆུ་བོ་རྒྱུན་འབབ་བྱེ་མ་བླང་། །ག་པུར་གླ་རྩི་ཙནྡན་ཕྱེ་མ་བཏབ། །བྱེ་མའི་ནང་དུ་ཞི་བ་དྲག་པོ་ཡི། །སྦྱིན་སྲེག་ཐལ་བ་བསྲེ་རྒྱུ་ཡོད་ན་བཟང་། །དེ་ནས་རང་ཉིད་ཡི་དམ་གང་རུང་སྟེ། །གཙོ་ཆེར་བསྙེན་པ་གང་ཐོན་རུང་ན་ཡང་། །དགོངས་འདུས་སམ་ནི་གུ་རུ་ཞི་དྲག་མཆོག །ཡི་དམ་ཏིང་འཛིན་གསལ་བར་བསྒོམས་བྱས་ལ། །ཤ་ཆང་སྒོག་ཙོང་སྤངས་ལ་སྨྲ་བ་གཅད། །ཏདྱ་ཐཱ༔ སཏྭམྦྷ་འབུ་ཛ༔ བཱི་ཏེ་དྷ་འབུ་ཛ༔ གོ་གྷ་ནི་རེ་དྷ་འབུ་ཛ༔ མེ་རུ་འབུ་ཛ༔ ག་རུ་པ་འབུ་ཛ༔ ཧཱུྃ་ཧཱུྃ་ཨ་ནི་པཱ་འབུ་ཛ༔ སྨ་ར་འབུ་ཛ༔ སྨ་ར་ཨ་པ་ར་ཏ་འབུ་ཛ༔ ནི་བྷ་འབུ་ཛ་སྭཱ་ཧཱ༔ ཁྲི་ཕྲག་གཅིག་བཟླས་བྱེ་མ་ཐམས་ཅད་ནི། །རིན་པོ་ཆེ་ཡི་ཕུང་པོར་བསྒོམས་བྱས་ལ། །ལེགས་པར་སྟེང་འོག་དཀྲུགས་ཤིང་ཐམས་ཅད་སྔགས། །དེ་ལ་ཁྲི་ཕྲག་གཅིག་ནི་གསུངས་ན་ཡང་། །དུས་ཀྱི་དབང་གིས་བཞི་ཁྲི་འདོན་དགོས་ཀྱང་། །རྣལ་འབྱོར་གཅིག་གིས་དེ་ཙམ་ཐོན་དཀའ་བས། །རང་ཉིད་ཡི་དམ་བྱེ་བ་འབུམ་ཕྲག་ཙམ། །གསལ་བར་བསྒོམས་ལ་དེ་དག་ཐམས་ཅད་ཀྱིས། །སྔགས་བཟླས་བསྒོམས་ལ་སྔགས་པས་འགྱུར་དེ་ཐོབ། །དེ་ཡན་འབུ་སྲུང་གདུག་པ་ཁ་བསྒྱུར་རོ།། ༈ །།ཡང་ནི་དགོངས་འདུས་ལ་སོགས་ཡི་དམ་སྤྱིའི། །ལས་ཚོགས་གསང་སྔགས་ཟབ་པའི་མན་ངག་ནི། །ཨོ་རྒྱན་ལ་སོགས་ཡི་དམ་གང་ཡིན་བསྒོམ། །ཡི་དམ་གང་ཡིན་དེ་ནི་རུང་ན་ཡང་། །དུས་ཀྱི་དབང་གིས་ཨོ་རྒྱན་མཆོག་ཏུ་ཤིས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཐེང་ཐེང་ནད་ལ་ཐེང་། བ་ལ་ཏ་ཏ་ཏེ་ཏེ་ཙོ་ལ་ནི་སྭཱ་ཧཱ། ཁོང་ཁོང་ནད་ལ་ཁོང་། ཆུམ་ཆུམ་ནད་ལ་ཆུམ། གུམ་གུམ་ཆུམ་ཆུམ་ཤག་ཤག་སྭཱ་ཧཱ། སྟོང་ཕྲག་དག་གིས་བྱེ་མ་སྔགས་པ་རབ། །འདི་ནི་སྔགས་གྲངས་ཉུང་ཞིང་ཟབ་པ་ཡིན།། ༈ །།ཡང་ནི་རང་ཉིད་འཕགས་པ་སྤྱན་རས་གཟིགས། །དཀར་པོ་དེ་ལ་ཤེལ་དཀར་གོས་ཟུང་གསོལ། །ཕྱག་གཡས་ཤེལ་ཕྲེང་གཡོན་པས་བུམ་པ་འཛིན། །བྱེ་མ་ཤེལ་དཀར་ཕྲེང་བའི་འོད་ཟེར་གྱིས། །ལོ་ཐོག་གནོད་བྱེད་འབུ་སྲིན་གཞན་དུ་བསྐྲད། །ཕྱག་གཡོན་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས། །ལོ་ལ་གནོད་བྱེད་འབུ་སྲིན་གནོད་པ་བསྡུས། །ལོ་ཐོག་ཐམས་ཅད་ཕུན་སུམ་ཚོགས་པར་བྱས། །ཞིང་རྣམས་རྡ་ོརྗེ་ཕ་ལམ་རང་བཞིན་ཅན། །འབུ་སྲིན་གནོད་བྱེད་རྣམས་ཀྱིས་མི་ཚུགས་གྱུར། །ཡུལ་ཁམས་སམ་ནི་ཞིང་གི་མཐའ་སྐོར་དུ། །རྡོ་རྗེ་ཕ་ལམ་ར་བ་གུར་དུ་གྱུར། །གནོད་བྱེད་འབུ་སྲིན་གང་ཡིན་མི་ཚུགས་གྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་བྱས་པས། །པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས། །རང་འདྲ་དཔག་མེད་ཆར་བཞིན་བབ་གྱུར་ནས། །ལོ་ཐོག་ལ་ཐིམ་གནོད་པ་ཞི་བར་གྱུར། །ཨོཾ་ཧྲཱིཿ ཏྲཻ་ལོཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཏ་ཧཱུྃ་ཕཊ་སྭཱ་ཧཱ། རཀྵ་རཀྵ་མན་ལོ་ཐོག་ལ་ཚག་པའི་གནོད་པ་སྲུང་དུ་གསོལ་སྲུང་དུ་གསོལ་སྭཱ་ཧཱ། ཞེས་བརྗོད་ཆུ་དང་བྱེ་མ་ཅི་ནུས་སྔགས། །ནངས་ནུབ་སྲུང་བའི་དམིགས་པ་དེ་ཡང་གཟུང་།། ༈ ཞིང་གི་ཐད་ཀྱི་བར་སྣང་ཁམས་སུ་ནི། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ལྗང་བུ་གཡོན་པས་དྲིལ་བུ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །པདྨ་ཟླ་བའི་གདན་ལ་བཞུགས་པ་ཡི། །ཐུགས་ཀར་ཟླ་སྟེང་ཀྵིཾ་ཡིག་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་མངོན་དགའི་ཞིང་ཁམས་དང་། །རྒྱ་ནག་ཝ་ཝུ་ཤན་གྱི་གནས་མཆོག་ནས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཞིང་བདག་ཞིང་དང་བཅས་པ་སྐྱབས་ཞུ་ཞིང་། །མྱུ་གུ་ལོ་ཐོག་ཞིང་བཅས་མཆོད་པར་འབུལ། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །ལོ་ཐོག་ལ་གནོད་སྲིན་བུ་ཟློག་མཛད་ནས། །འབྲུ་རྣམས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །སྲིན་བུ་ཚག་པའི་གནོད་པ་ཞི་བར་མཛད་དུ་གསོལ། ཨོཾ་ཀྵིཾ་ཧི་རཱ་ཙ་ཡ་སྭཱ་ཧཱ། ཚག་པའི་གནོད་པ་སྲུངས་ཤིག་རཀྵ། ཞེས་བརྗོད་ཆུ་དང་བྱེ་མ་སྔགས་བྱ་ཞིང་། །སེམས་དཔའ་འོད་ཞུ་བྱེ་མ་ཆུ་ལ་ཐིམ། །ནངས་ནུབ་དམིགས་པ་དང་བཅས་མཚན་དེ་དང་། །སྔགས་བརྗོད་སེམས་དཔའ་ཞིང་ལ་ཐིམ་པར་བསྒོམ། །མཚན་དེ་ཞིང་བདག་རྣམས་ཀྱིས་འདོན་པའམ། །ཡང་ན་ཇོ་རྒྱུན་བྱེད་བཅུག་རིམ་གྲོ་མཆོག། ༈ རང་སེམས་ཧཱུྃ་ལས་སྨེ་བརྩེགས་སྐུ་མདོག་ལྗང་། །གཡས་སྔོ་གཡོན་དཀར་ཞལ་གསུམ་ཁྲོ་ཆས་རྫོགས། །ཕྱག་དྲུག་དང་པོས་ཐུགས་ཀར་སྡིགས་མཛུབ་བསྣོལ། །བར་པས་རྡོར་དྲིལ་ཐ་མས་ལྕགས་ཀྱུ་ཞགས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བསྟིམ། །ཐུགས་ཀར་ཧཱུྃ་ལྗང་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་དང་ནི་མེ་དཔུང་ཚྭ་ཚྭ་འཕྲོས། །ཞིང་ལ་གནོད་བྱེད་འབུ་སྲིན་ཟློག་པར་གྱུར། །ཨོཾ་བྷུརྐུཾ་མ་ཧཱ་པྲ་མ་ཎ་ཡེ། བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བྷུརྐུཾ་མ་རི་ལི་ཤུ་ཐར་ཤ་ཧུརྴི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཚག་པ་འབུ་སྲིན་གྱི་གནོད་པ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། ཚྭ་དང་ཡུངས་དཀར་བསྲེས་ལ་སྔགས་བརྒྱ་སྔགས། །བྱེ་མ་ལ་ནི་བསྲེས་ཏེ་འདེབས་བཅུག་པས། །ཚག་པ་མ་བྱུང་བྱུང་དོགས་ཞིང་མཐའ་བསྐོར། །བྱུང་ཚར་ན་ནི་རླུང་ཁ་ཕར་གྱུ་དུས། ཁོལ་ཚེ་མ་ལུས་ཕྱོགས་གཅིག་ཕར་ལ་བཏབ། །དེ་ཡིས་ཚག་པ་ལ་སོགས་འབུ་སྲིན་བྲོས།། ༈ རང་ཉིད་སྐད་ཅིག་གུ་རུ་དྲག་པོ་རྩལ། །དམར་ནག་ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཅན། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་འཕྱར། །གཡོན་པས་སྡིགས་མཛུབ་ཞིང་གི་ཕྱོགས་ལ་གཟིར། །དམ་ཡེ་དབྱེར་མེད་ཡེ་ཤེས་མེ་ཀློང་བཞུགས། །ཕྱག་གཡས་སྡིགས་མཛུབ་རྩེ་ལ་བསྐལ་པ་ཡི། །མེ་རླུང་འཚུབ་མ་ཆེན་པོ་རབ་ཏུ་འཕྲོས། །ཞིང་ལ་གནོད་བྱེད་འབུ་སྲིན་གང་ཡིན་དང་། །དེ་ཉིད་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས། །རང་དབང་མེད་པར་གཞན་དུ་ཟློག་པར་གྱུར། །སྡང་མིག་བལྟ་ཞིང་ཕུར་པའི་སྡིགས་མཛུབ་ཀྱིས། །གང་བསྲུང་ཞིང་གི་ཕྱོགས་སུ་གཟིར་བྱ་ཞིང་། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོམ་ཁྲོམ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་བ་ཚལ་བ་རྦད་ནན༔ ཆུ་དང་བྱེ་མ་ལ་ཡང་སྔགས་བཏབ་ཅིང་། །དགོང་མོ་དམིགས་པ་ཐུན་རེ་བཟུང་བྱས་ལ། །སྔགས་ནི་བདུན་ཡན་བརྒྱ་མན་ཅི་འགྲུབ་བཟླ། །སྦྲང་བུ་སྲིན་བུ་ཡན་ཆད་འཆིང་བར་འགྱུར། །དཀར་གཏོར་གཅིག་ནི་དཀར་ཕྱོགས་རྣམས་ལ་བསྔོ། །དམར་གཏོར་གཅིག་ནི་ནག་ཕྱོགས་རྣམས་ལ་བསྔོ། །བཀའ་བསྒོ་བྱས་ལ་གུར་དྲག་ཆད་མདོ་འདོན། །དེ་ལྟར་ཐམས་ཅད་བྱས་པར་གྱུར་ན་ནི། །ངེས་པར་ཐུབ་འགྱུར་ཐེ་ཚོམ་མེད་པ་ཡིན། །རྫས་མ་ཚོགས་དང་སྔགས་གྲངས་མ་ཐེམ་དང་། །ཆུ་དང་བྱེ་མ་ལེན་མཁན་མ་གཙང་དང་། །རང་ཉིད་བསྙེན་སྒྲུབ་ཚུལ་བཞིན་མ་བྱས་དང་། །བསང་དང་བཀའ་བསྒོ་ཆུ་གཏོར་མ་བྱས་སོགས། །ཇི་བཞིན་མ་བྱས་པ་ནི་མ་གཏོགས་སོ། །གཞུང་མང་དོན་བསྡུས་ལག་ལེན་ཁྱེར་བདེ་བ། །འགྲོ་ལ་ཕན་ཕྱིར་རཱ་ག་ཨ་སྱས་བྲིས། །འགལ་བ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ།། །། ༄༅། །གུ་རུ་རྡོ་རྗེ་གྲོ་ལོད་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་དང་བཅས་པའི་བཀའ། ཤྲཱི་མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི་ལུང་། བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཀླུ་དང་ས་བདག་ཐམས་ཅད་དང་། ཁྱད་པར་དུ་ཡང་གཞི་བདག་ཆེ་གེ་མོ་ཞེས་བྱ་བ་རྣམས་ལ་སྤྲིང་པ། ཡུལ་ཆེ་གེ་ཞེས་སམ། གྲོང་ཆེ་གེ་ཞེས་སམ། དུད་ཆེ་གེ །ཞེས་བྱ་བའི་ཞིང་ཐམས་ཅད་ཅེས་སམ། ཞིང་ཆེ་གེ་ལ་སྲིན་བུ་ཚག་པའི་གནོད་པ་མ་གཏང་ཞིག །སྲིན་བུ་ཚག་པའི་ཟ་ཁ་སྤང་ལྗོངས་ནགས་ཚལ་རྣམས་ལ་སྒྱུར་ཅིག །བདག་གིས་བསྲུང་བའི་ཞིང་འདི་ཐམས་ཅད་ལ་གནོད་པ་མ་བྱེད་ཅིག །བདག་གིས་བསྲུང་བའི་ཞིང་འདི་ཐམས་ཅད་ཁྱེད་རྣམས་ལ་སྲུང་བཅོལ་བས་ཐུབ་པར་སྲུངས་ཤིག །མཐུ་རྩལ་ནུས་པ་ཅི་འདུག་བལྟའོ། །གལ་ཏེ་བཀའ་དང་དམ་ལས་འདས་ན་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་འགེམ། གནམ་ལྕགས་ཀྱི་སྡིག་པས་སྙིང་ཁྲག་འཇིབ། རྡོ་རྗེ་གནོད་སྦྱིན་གྱིས་ཆད་པ་གཅོད། བྱ་ཁྱུང་ག་རུ་ཊའི་གཟན་དུ་འགྱུར། ཚེའི་དུས་བྱས་ནས་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་བས། དོན་ཆུང་ངུ་ལ་ཉེན་ཆེན་པོ་མ་བོར་ཅིག །དེང་ཕྱིན་ཆད་ཞིང་འདི་རྣམས་ལ་སྲིན་བུ་ཚག་པའི་གནོད་པ་མ་གཏང་ཞིག །ཅེས་ཆོས་ཀྱི་དབྱིངས་ནས་བྲིས་པའི་ཡི་གེའོ། །ཞེས་དཔུང་ཡིག་མེད་པར་ཕྲིན་ཡིག་གི་ཚུལ་དུ་བྲིས་ལ་ཕྱིང་པས་གཡོགས་བྱས་ལ་ལུང་པ་འམ་ནི་ཕྱོགས་མཐོན་པོ་ཞིང་རྣམས་མཐོང་བའི་ས་རུ་བཙུག །ཅེས་པ་འདི་ཡང་མན་ངག་དམ་པ་སྟེ། །ཡི་དམ་བསྙེན་སྒྲུབ་ཐེམས་པས་བྱ་བ་ཡིན། །གཞན་གྱིས་བྱས་ཀྱང་བྱིས་པའི་རྩེད་མོ་འདྲ། ྈྈྈྈ
མཁའ་འགྲོ་གསང་བ་ཀུན་འདུས་མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སུ་སྤྱན་འདྲེན་མཆོད་བསྟོད་ལས་རིམ་མདོར་བསྡུས (Volume 34, Text 53)
མཁའ་འགྲོ་གསང་བ་ཀུན་འདུས་མཆོད་སྐོང་བྱེ་བྲག་པ་དྲུག་གི་སྐབས་སུ་སྤྱན་འདྲེན་མཆོད་བསྟོད་ལས་རིམ་མདོར་བསྡུས་བྱེད་ན། ཧཱུྃ་ཧཱུྃ༔ དབྱིངས་དང་ཡེ་ཤེས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ ལྷན་སྐྱེས་རིགས་ལྔའི་དྷཱ་ཀི་ནཱི༔ ཐབས་ཤེས་དཔའ་བོ་རྣལ་འབྱོར་མ༔ ཕྲ་མེན་དམ་ཚིག་མཁའ་འགྲོ་རྣམས༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཾ་ཧ་རི་ནི་ས་སརྦ་དྷཱ་ཀི་ནཱི་མཎྜལ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བྱིན་རླབས་དངོས་གྲུབ་གཏེར་གྱི་མཛོད༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ༔ དངོས་བཤམས་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་བསྐངས་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ༈ སྔགས་ནི། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པའི་གཤམ་དུ་སོ་སོའི་སྔགས་གདགས། ༈ མ་རྙེད་ཡོངས་སུ་མ་ཚང་སོགས། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ༈ ལས་རིམ་ཤིན་ཏུ་བསྡུ་ན། ལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེ༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡ་ཡིས་ཕྱག་བགྱི་འོ༔ ཨོཾ་ཛྙཱ་ན་བྷ་ར་ཧི་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ ༈ སྔགས་ནི། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པའི་གཤམ་དུ་སོ་སོའི་སྔགས་གདགས།
བླ་མ་དགོངས་པ་འདུས་པ་ལས༔ ཕྱོགས་ངན་གནོད་བྱེད་ཀུན་ཐུབ་ (Volume 44, Text 53)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ ཕྱོགས་ངན་གནོད་བྱེད་ཀུན་ཐུབ་ཅེས་བྱ་བ་བཞུགས་སོ༔ ཕན་བྱེད་ལས་ཕྲན་གྱི་ཀུན་ཐུབ་དྲུག་གོ ། ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ བླ་མེད་ཐར་པའི་ལམ་མཆོག་ལ༔ བསྒྲོད་པར་བྱེད་པའི་སྐྱེས་བུ་རྣམས༔ འགྱུར་མེད་བརྟན་པ་མ་ཐོབ་བར༔ ཀུན་རྫོབ་དག་ལ་རག་ལས་ཤིང༔ ཀུན་རྫོབ་བདེན་པ་མི་བསླུ་བས༔ ཀུན་རྫོབ་བདེན་པ་སྲུང་བ་གཅེས༔ དཔེར་ན་འདུ་འཚོགས་ཁང་བུ་བཞིན༔ ཡེ་ཡོད་མ་ཡིན་ལྟར་སྣང་ལས༔ བདེ་སྡུག་དུ་མ་འབྱུང་ལ་ལྟོས༔ དེ་ཕྱིར་འདི་དོན་བརྩོན་པ་གཅེས༔ སཱ་མཱ་ཡཱ༔ སྐྱེས་བུ་གང་དག་ཕྱོགས་སུ་དོན་གཉེར་དུ་འགྲོ་བར་འདོད་པས༔ གྲོ་ཤོག་དར་རས་ལ་སོགས་གང་འཛོམ་ལ་དྲི་བཟང་པོའི་ཁུ་བས་ཕྱོགས་ངན་ལ་སོགས་པའི་གནོད་བྱེད་ཀུན་ཐུབ་པར་བྱེད་པའི་ཙཀྲ་དཔེའུ་ཆུང་ལྟར་བྲིས་ཏེ༔ རྨ་བྱའི་མདོངས་དང༔ གཟིག་མོ་བྱི་ཐུར༔ དུང་སྲིན་མེད་ཀྱི་ཤོ༔ གྲི་ལྕགས་ཀྱི་བྱང་བུ་མིག་དགུ་པ་དང་ལྷན་ཅིག་ཏུ་དར་སྣ་ལྔས་དྲིལ་ཅིང༔ གཟའ་དར་ཞིང་སྐར་མ་སྨིན་དྲུག་ལ་བབ་པའི་ཚེ༔ སྤྱི་གཞུང་དང་མཐུན་པའི་རབ་གནས་བྱ༔ ཙཀྲའི་སྔགས་རྣམས་བརྒྱ་རྩ་རེ་བཟླས་ལ་རབ་གནས་བྱ༔ མེ་ཏོག་འཐོར༔ ཤིས་པ་བརྗོད༔ གྲུབ་ན༔ བླ་མ་ཡི་དམ་མཁའ་འགྲོའི་མཆོད་གཏོར་དང་བསྙེན་པ་ཅི་ལྕོགས་བྱ༔ དེ་ནས་ཙཀྲ་རྫས་བཅས་གཞན་གྱི་ལག་མ་བརྒྱུད་པར་ཞིང་ལྤགས་ཀྱི་ཁུད་དུ་དྲིལ་ནས་རང་གཞན་གང་བསྲུང་བར་འདོད་པའི་མཆན་ཁུང་གཡོན་དུ་བཅངས་པས༔ ཙཀྲ་རྫས་བཅས་དང་མ་བྲལ་གྱི་བར་དུ་དུས་ཚོད་གནས་སྐབས་གང་གི་ཚེ༔ ཕྱོགས་མཚམས་གང་འགྲོ་ཡང༔ ཕྱོགས་ངན་འདྲེ་ལྔ་ལ་སོགས་པ་དང༔ སྡེ་བརྒྱད་ཀྱི་གདོན་སྣ་གང་དང་གང་གིས་ཀྱང་མི་གནོད་ཅིང༔ གནོད་པ་ཐམས་ཅད་དང་བྲལ་ནས༔ དོན་འབྲས་འགྲུབ་པར་འགྱུར་བ་ལ་སོགས་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ སྡེ་བརྒྱད་འདྲེ་ངན་ཀུན་ཐུབ་བཞུགས་སོ༔ ྈྈྈྈ ན་མོ་གུ་རུ་དྷེ་ཝཱ་ཌཱ་ཀི་ནཱི་ཧཱུྃ༔ ལམ་ལ་ཞུགས་པའི་རྣལ་འབྱོར་པས༔ ལྷ་རྟགས་ལུས་ལ་མ་ཐོན་པར༔ སྡེ་བརྒྱད་འདྲེ་ངན་འདུལ་འདོད་ན༔ ཐུལ་ཅིང་རང་ལ་མི་གནོད་པའི༔ ཀུན་ཐུབ་ཙཀྲ་འཆང་བ་གཅེས༔ བསྙེན་རྟགས་དྲོད་ཚད་མི་ལྡན་ཅིང༔ ལྷ་ཡི་བརྟན་པ་མ་ཐོབ་པར༔ ཡང་ན་ཐོག་འགེལ་ལ་སོགས་པའི༔ གདན་ལ་གཟིར་བའི་གདིང་མེད་དམ༔ ཡང་ན་སྡེ་བརྒྱད་འདྲེ་ངན་ཀུན༔ ཀུན་ཐུབ་ཙཀྲ་འདི་མེད་པར༔ སྡེ་བརྒྱད་འདྲེ་གདོན་འདུལ་བ་ནི༔ གོ་མེད་གཡུལ་ངོར་ཆས་པའམ༔ མི་ཐུབ་པ་ལ་དོ་བསྡོ་ཞིང༔ ཕ་རོལ་མི་ཐུབ་རང་ཉིད་ཕུང༔ དེ་དོན་ཤེས་པའི་རྣལ་འབྱོར་པས༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ སྡེ་བརྒྱད་འདྲེ་ངན་ཀུན་ཐུབ་ཀྱི༔ ཙཀྲ་དཔེའུ་ཆུང་བཞིན་དུ་བྲི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ དཀྱིལ་འཁོར་བཞེངས་སམ་ཚོམ་བུ་བཀོད༔ གཏོར་ཚོགས་ལ་སོགས་སྤྱི་དང་མཐུན༔ ཙཀྲའི་སྔགས་བརྗོད་རབ་གནས་བྱ༔ སྐྱེར་པ་སེང་ལྡེང་ཚེར་ནག་དང༔ སྤྱང་ཚེར་ཁམ་བུ་སྤོམ་ནག་དང༔ ཆུ་ཤིང་དང་ནི་གྲི་ལྕགས་ལས༔ བཟོས་པའི་ཕུར་པ་སོར་བཞི་པ༔ གུ་གུལ་ནག་པོའི་ཆུ་ཡིས་བྱུགས༔ སྤྱི་གཞུང་ཁྲོ་བཅུའི་སྔགས་ངར་བླུད༔ ཁྱད་པར་ཡུངས་དཀར་རྒྱལ་པོ་ལ༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་ཏ་མ་གུ་ཏ་ལ་པྲ་ཏ་ལ༔ སརྦ་བིག་ནཱན་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་པ་བརྒྱ་རྩ་ལ་སོགས་པ༔ ཅི་འགྲུབ་བཟླས་པས་ངར་བླུད་ཅིང༔ ཕུར་པ་བརྒྱད་ཀྱི་མགུལ་དུ་བཏགས༔ དེ་ལྟར་ཕུར་པ་བརྒྱད་པོ་དང༔ ཙཀྲ་དར་ཚོན་སྣ་ལྔས་དྲིལ༔ ནམ་ཕྱེད་རང་གི་ལུས་ལ་བཅང༔ མི་ལག་མི་བརྒྱུད་ཤིན་ཏུ་གཅེས༔ གལ་ཏེ་རང་དང་ཁྱད་མེད་ཅིང༔ དམ་ཚིག་གཅིག་པའི་རིགས་དང་ནི༔ གལ་ཆེན་མི་ལ་འདོགས་གྱུར་ཀྱང༔ རང་ལ་བྱེད་པའི་ཚུལ་དང་མཚུངས༔ འདི་དང་སུ་ལྡན་མི་དེ་ལ༔ སྡེ་བརྒྱད་འདྲེ་ངན་གང་གིས་ཀྱང༔ གནོད་པར་མི་འགྱུར་སྟོངས་གྲོགས་བྱེད༔ ཡང་ཟབ་སྲུང་བའི་མཐར་ཐུག་འདི༔ ཀུན་ལ་མེད་པའི་ཡིག་ཆུང་ཡིན༔ གཅེས་པ་སྙིང་གི་དཀྱིལ་དུ་སྦོས༔ མང་པོར་སྤེལ་ན་ཟབ་ཁྱད་མེད༔ གསང་སྔགས་འཛིན་པའི་རྣལ་འབྱོར་པ༔ དོན་གྱི་སྲས་དང་འཕྲད་པར་ཤོག༔ ྀཨཚ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ འགོས་ནད་ཡམས་རིམས་ཀུན་ཐུབ་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ འགྲོ་བའི་བསོད་ནམས་ཟད་ནས་ཀྱང༔ ཚེ་ལ་ལོང་མེད་ཧུར་ཐུམས་འབྱུང༔ གློ་བུར་ཡེ་འདྲོག་བསམ་མི་ཁྱབ༔ ཁྱད་པར་ནད་ཡམས་འགོ་བའི་རིགས༔ བསམ་གྱིས་མི་ཁྱབ་ཕྱོགས་མེད་དར༔ དེ་ཡི་གཉེན་པོར་འདི་གསུངས་པ༔ གཟའ་སྐར་ཤིས་པའི་ཉི་མ་ལ༔ རྣལ་འབྱོར་ཤ་ཆང་སྒོག་སྦངས་ལ༔ ག་པུར་ཙནྡན་གུར་གུམ་ཆུས༔ གྲོ་ཤོག་དར་རས་གང་འཛོམས་ལ༔ འགོས་ནད་ཡམས་རིམས་ཀུན་ཐུབ་ཀྱི༔ ཙཀྲ་དཔེའུ་ཆུང་བཞིན་དུ་བྲིས༔ རྩ་གསུམ་ལྷ་ཡི་ང་རྒྱལ་གྱིས༔ སྤྱི་དང་མཐུན་པར་རབ་གནས་བྱ༔ ཁྱད་པར་ཙཀྲའི་སྔགས་རྣམས་ལ༔ སོ་སོར་བརྒྱ་སྟོང་ཅི་འགྲུབ་བཟླས༔ མེ་ཏོག་དང་བཅས་འཁོར་ལོ་ལ༔ བྱིན་བརླབས་ཡེ་ཤེས་སྔགས་འབྲུ་བསྟིམ༔ དེ་ནས་གུ་གུལ་ཆུ་དག་ནག༔ བོང་ང་གླ་རྩི་ཡུང་བ་སེར༔ ཤིང་ཀུན་གྲུབ་ཐོབ་དྲི་ཆེན་ཏེ༔ ལོ་བརྒྱད་བྱིས་པའི་ཆུ་དང་སྦྱར༔ རིལ་བུ་རི་དྭགས་རིལ་མ་ཙམ༔ ཕྲ་ཞིབ་མང་དུ་བསྒྲིལ་བ་ལ༔ ཁྲོ་བཅུ་རིགས་གསུམ་མགོན་པོ་ཡི༔ སྙིང་པོ་མང་དུ་བཟླས་པ་དང༔ ཨཱོྃ་མ་ནུ་ཀ་ཡ་ཐིམ་ཐར༔ སརྦ་བྱི་ཏ་སརྦ་ཛྭ་ལ་རཾ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་པའི་བཟླས་པ་སྟོང་ཕྲག་དང༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་ཡིས༔ རིལ་བུ་ངར་བླུད་རབ་གནས་བྱ༔ དེ་ནས་ཙཀྲའི་ལྟེ་བ་ལ༔ རིལ་བུ་གསུམ་གསུམ་བཏུམས་ནས་ཀྱང༔ བསྲུང་བྱའི་མགུལ་དུ་བཏགས་པར་བྱ༔ གལ་ཏེ་ཙཀྲ་མ་འགྲུབ་ན༔ རིལ་བུ་སྔགས་བཅས་ཁོང་དུ་གཏང༔ ལོ་གཅིག་བར་དུ་འགོས་ནད་ཐུབ༔ དེ་བཞིན་རིལ་བུ་མ་འགྲུབ་ཀྱང༔ ཙཀྲ་རབ་གནས་ལྡན་པ་དེ༔ གང་གིས་མགུལ་དུ་བཏགས་པ་དེས༔ ལོ་གཅིག་བར་དུ་འགོས་ནད་རིགས༔ གང་གིས་ཀྱང་ནི་ཚུགས་མི་འགྱུར༔ རྫས་དང་ཙཀྲ་བཅས་པ་ནི༔ ཅི་སྲིད་ལུས་ལ་གནས་ཀྱི་བར༔ དེ་སྲིད་འགོས་ནད་ཀུན་ཐུབ་བོ༔ འདི་དང་ལྡན་པའི་སྐྱེས་བུ་རྣམས༔ འགོ་བའི་ནད་ཀྱི་སར་ཕྱིན་པས༔ རྡོ་རྗེ་ཕ་ལམ་བྲག་རི་ལ༔ མཚོན་ཆའི་ཆར་པ་འབབ་གྱུར་ཀྱང༔ ཚུགས་པའི་གོ་སྐབས་མེད་པ་བཞིན༔ རིམས་ནད་ཡམས་ནད་གང་དང་གང༔ འགོ་བའི་ནད་ཀྱིས་ཚུགས་མི་སྲིད༔ འགོས་ནད་སྲུང་བ་མང་མཆིས་ཀྱང༔ འདི་ལས་ཟབ་པ་གུད་ན་མེད༔ འདི་ནི་ཀུན་ཐུབ་རྒྱལ་པོ་སྟེ༔ ཀུན་དང་ཐུན་མོང་མ་ཡིན་པས༔ གཅེས་པས་སྙིང་གི་དཀྱིལ་དུ་འཆང༔ སེམས་བསྐྱེད་ལྡན་པའི་རྣལ་འབྱོར་པས༔ མང་དུ་བརྩོན་ཅིང་མང་པོར་སྤེལ༔ འགྲོ་ལ་ཕན་ཕྱིར་ཁྱབ་པར་གྱིས༔ གལ་ཏེ་ཡུལ་གྲུ་ཆེན་པོ་ལ༔ ནད་ཡམས་ཆེན་པོ་མཆེད་གྱུར་ན༔ སྤྱི་མཐུན་གཏོར་མ་མང་དུ་ཐོངས༔ རྫས་དང་སྲུང་བ་ཡོངས་ལ་སྤེལ༔ འདི་བརྩོན་དོན་འབྲས་འགྲུབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གྷུ་ཧྱ༔ དྷ་ཐིམ༔ ཤུ་བྷཾ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ ངན་སྔགས་ཡིག་སྣ་ཀུན་ཐུབ་བཞུགས༔ ྈྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ བསྟན་པ་སྲུང་བྱེད་སྔགས་པ་ཡིས༔ གནོད་བྱེད་དགྲ་བོ་བསྒྲལ་བ་ལ༔ ཕྲ་མེན་ཡིག་སྣ་བསྟན་པ་གཅེས༔ དེ་དག་བརྟེན་པར་བྱེད་པ་ལ༔ རང་ལ་མི་གནོད་མན་ངག་གཅེས༔ དེ་ཡང་སེལ་དང་ཕྲ་མེན་དང༔ སྲོག་ལས་བསྐྲད་འཁོར་ལ་སོགས་ཏེ༔ མཐོང་དུ་མི་རུང་ཙཀྲ་དང༔ དེ་བཞིན་གཟུགས་དང་བཅའ་ཀ་དང༔ བློ་ལ་ལེན་དུ་མི་རུང་དང༔ ཐོས་པར་མི་རུང་བཟླས་མི་རུང༔ སྔགས་དང་དམོད་ཚིག་ལ་སོགས་པ༔ ངན་སྔགས་ཡིག་སྣ་ཀུན་ཐུབ་འདི༔ ལག་ཏུ་བླང་ཞིང་གཅེས་པར་འཆང༔ འདི་དང་སུ་ལྡན་རྣལ་འབྱོར་རྣམས༔ ངན་སྔགས་ཡིག་སྣ་འགྱུར་རོ་ཅོག༔ བཅད་དང་བསྐོལ་བར་གྱུར་པ་ནི༔ རང་ལ་མི་གནོད་དགྲ་བོ་ཕུང༔ བསྟན་པ་བསྲུང་བའི་སྔགས་པར་འགྱུར༔ ས་མ་ཡཱ༔ ངན་སྔགས་ཀུན་ཐུབ་པར་བྱེད་པའི་ཙཀྲ་དཔེའུ་ཆུང་ལྟར་བྲི་བའི་ཁ་དོག་བླ་ཁམས་བསྟུན་ཅིང་མཛེས་པའི་ཚོན་རྩིས་བསྒྱུར་བ༔ ཆུ་དག་དཀར་པོ་དང་ནག་པོ༔ གུ་གུལ་ནག་པོ༔ དུག་སྣ་ཚོགས༔ དེ་བཞིན་དུ་ཁྲག་སྣ༔ སྔོ་སྣ༔ ཏིལ་ནག༔ སྐེ་ཚེ༔ ཤང་ཚེ༔ ཉུང་དཀར་ནག་རྣམས༔ ཙཀྲའི་ནང་དུ་ཐུམ་པོ་བྱས་ལ་གཞུག༔ དེ་དར་མཐིང་ནག་ལ་ལས་གཤིན་གྱི་གཟུགས་སྤྱི་དང་མཐུན་པར་བྲིས་པས་དྲིལ་ཅིང༔ སྐར་མ་ལག་སོར་ལ་བབ་པའི་ཚེ༔ བླ་མ་ཡི་དམ་མཁའ་འགྲོའི་ས་མཱ་ཏི་དང་ལྡན་པས་རབ་གནས་བྱ༔ གཏོར་མ་དང་ཚོགས་འཁོར་བསྐོར་ནས་སྒྲུབ་ཁང་གི་ལྷོ་ངོས་སུ་གང་གིས་མ་མཐོང་བར་སྦས་པས༔ ངན་སྔགས་ཀྱི་རིགས་ཆེ་འབྲིང་ཆུང་གསུམ་འཆང་བ་དང་བསྐོལ་བ་ལས་སྦྱོར་གང་བྱེད་ཀྱང་རང་ལ་མི་གནོད་ཀྱི་སྟེང་དུ་ཕར་ལ་འཇོམས་པའི་ནུས་པ་རྟགས་མཚན་ཆེ་བར་འགྱུར་རོ༔ ཙཀྲའི་སྔགས་རྣམས་ལ༔ སོ་སོར་བརྒྱ་རྩ་བརྒྱད་རེ་རབ་གནས་ཀྱི་དུས་སུ་བཟླས་པ་གནད་ཡིན༔ ྀཨཚ༔ ཡིག་སྣ་ཀུན་ཐུབ་པར་བྱེད་པའི་ཙཀྲ་དར་རས་གྲོ་ཤོག་གང་འཛོམ་ལ་གཉིས་རྫོགས་པར་བྲིས་ཏེ༔ གཅིག་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དབལ་དང་སྐྱེ་མཆེད་དོད་པར་བཟོས་པ་ལ༔ རྒྱ་སྣག་དང་དྲི་བཟང་ཁུ་བས༔ ཨཱོྃ་ཙག་ནེ་པུ་ནེ་ཤ་ར་ནི༔ བ་ར་བི་ཡེ༔ ཙྪ་མུན་ནི་ཧཱུྃ་ཕཊ༔ ཅེས་དབུ་ཅན་དུ་བྲིས་པ་ཕུར་པའི་མགུལ་དུ་ཙཀྲ་བཏགས་ལ་རང་གི་སྒྲུབ་ཁང་གི་རྨིང་ཞབས་སུ་དམ་པར་སྦ༔ ཙཀྲ་གཅིག་གི་རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་དང་བླ་མ་ཡི་དམ་མཁའ་འགྲོའི་སྔགས་དང༔ ཆོས་སྐྱོང་གི་སྔགས་ཀྱང་བྲིས་ཤིང༔ གཡག་དཀར་པོའི་རྭ་རྩེ༔ ཨ་རུ་ར་གསེར་མདོག༔ ཤེལ་ཟུར་མང༔ མུ་ཏིག་གམ༔ ཉ་ཕྱིས་གང་འཛོམ༔ བོ་དྷི་རྩེའི་འབྲས་བུ༔ ལོང་ཏོང༔ འགྲོན་བུ་སྦྲུམ་མ༔ རམ༔ སྐག༔ གཡེར་མ༔ རྡོ་སོལ༔ རྨ་བྱའི་མདོངས༔ གཟུག་མོ་བྱི་ཐུར༔ གུ་གུལ་དཀར་པོ༔ ཕ་ཝང་ལོང་བུ་གྲྭ་ཟུར་མ་ཉམས་པ༔ སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་རྣམས་བསགས་ལ༔ སྐར་མ་རྒྱལ་ལ་བབ་ཅིང་གཟའ་དར་བའི་ཚེ༔ རྩ་བ་གསུམ་གྱི་ས་མཱ་ཏི་དང་ལྡན་པས༔ རབ་གནས་བྱ་བ་ནི༔ གཞན་སྤྱི་དང་མཐུན་པ་ལས༔ ཁྱད་པར་དུ་ཙཀྲའི་སྔགས་རྣམས་ལ་བརྒྱ་རྩ་རེ་བཟླ༔ གཏོར་ཚོགས་ཅི་འབྱོར་བཤམ༔ དེ་ནས་ཙཀྲ་དར་སྣའམ་ཚོན་སྐུད་སྣ་ལྔས་དཀྲིས་ལ༔ སཱཙྪའི་ནང་དུ་བཅུག༔ སཱཙྪ་ཁམས་རིགས་དང་མཐུན་པའི་རྩི་མདོག་བྱུགས༔ རྫས་རྣམས་རུ་སྦལ་གྱི་ཁོག་པར་གཞུག༔ མ་རྙེད་ན་དར་རས་ལ་རུ་སྦལ་གྱི་གཟུགས་བྲིས་པས་བཏུམ་ཞིང༔ རབ་གནས་དང་ལྡན་རུ་སྦལ་དང༔ ཙཀྲ་སཱཙྪ་སྒྲུབ་ཁང་གི་ནུབ་བྱང་མཚམས་སུ་ལག་ཚགས་དམ་པར་བྱས་ལ་སྦའོ༔ དེ་ལྟར་སྦེད་པ་རྣམས་ཀྱང་རླན་མེད་པའི་སར་སྦ་བ་གལ་ཆེ་ཞིང༔ སུ་གང་གིས་ཀྱང་མ་རིག་པ་དང་མ་མཐོང་བར་བྱེད་པ་གནད་ཆེའོ༔ ཀུན་ལས་ཁྱད་པར་འཕགས་པ་ཡི༔ ངན་སྔགས་ཡིག་སྣ་ཀུན་ཐུབ་སྟེ༔ མ་སྤེལ་སྙིང་གི་དཀྱིལ་དུ་ཆོངས༔ སྤེལ་ན་ཌཱ་ཀིའི་ཆད་པས་སྡིགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ ཐོད་ངན་ནག་པོ་ཀུན་ཐུབ་ཀྱི་མན་ངག་ཡོད༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ གསང་སྔགས་འཛིན་པའི་རྣལ་འབྱོར་པས༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་རྣམས་མ་ལུས་བསྒྲུབ་པ་ལ༔ ཐོད་སྣ་མང་པོ་འཆང་བའི་ཕྱིར༔ ཐོད་ངན་མང་པོ་ཀུན་ཐུབ་འདི༔ མེད་ཐབས་མེད་པས་ཕུར་དུ་ཆོངས༔ དར་རས་གྲོ་ཤོག་གང་འཛོམ་ལ༔ དཔེའུ་ཆུང་བཞིན་དུ་ཙཀྲ་བྲི༔ རྩོད་པ་མེད་པའི་རིང་བསྲེལ་དང༔ བྱིན་རླབས་ཅན་གྱི་སྐྲ་རུས་དང༔ སྨན་སྣ་རིན་ཆེན་འབྲུ་སྣ་རྣམས༔ ཙཀྲ་བཏུམ་ཞིང་དར་སྣ་དང༔ སྟག་གཟིག་གྲུམ་པ་གང་འཛོམ་གྱི༔ པགས་པས་བཏུམས་ནས་ཚོན་སྣས་བསྡམ༔ གཟའ་སྐར་ཚེས་གྲངས་བཟང་པོའི་དུས༔ རྩ་གསུམ་དཀྱིལ་འཁོར་ཚོགས་གཏོར་བཤམ༔ གཞུང་དང་མཐུན་པའི་རབ་གནས་བྱ༔ ཙཀྲའི་རང་སྔགས་བརྒྱ་རྩ་བཟླ༔ ཕོ་ཐོད་མོ་ཐོད་ཁ་སྦྱོར་ནང༔ ཙཀྲ་རིན་ཆེན་སྨན་འབྲུས་བཀང༔ ཕྱི་ཤུན་གང་འོས་ཚས་ཀྱིས་དྲིལ༔ སྒྲུབ་ཁང་ཉི་མ་ཤར་བའི་ངོས༔ མི་ཡིས་མ་མཐོང་དམ་པར་སྦ༔ སྟེང་ན་རབ་གནས་ལྡན་པ་ཡི༔ སྐུ་གཟུགས་ཚྭ་ཚྭ་གང་རུང་གཞུག༔ འདི་དང་ལྡན་པའི་རྣལ་འབྱོར་པས༔ ཐོད་པའི་རིགས་གྱུར་གང་བཅངས་ཀྱང༔ བཟང་པོའི་དངོས་གྲུབ་སྟེར་བར་བྱེད༔ དེ་བཞིན་འབྲིང་བཅངས་མཁའ་འགྲོ་འདུ༔ ཐ་མས་མངོན་སྤྱོད་ལས་རྣམས་འགྲུབ༔ འདི་མེད་བཟང་པོས་དངོས་གྲུབ་མིན༔ འབྲིང་པོ་ངན་པ་དག་ཏུ་འགྱུར༔ ངན་པས་ཕུང་བཤིག་སྣ་ཚོགས་བྱེད༔ དེ་སོགས་རྒྱུ་མཚན་མང་པོའི་ཕྱིར༔ རྣལ་འབྱོར་རྣམས་ཀྱིས་ཤེས་པར་གྱིས༔ ཐོད་ངན་ནག་པོ་ཀུན་ཐུབ་འདི༔ ལས་དང་སྐལ་བ་ལྡན་པ་ཡི༔ སྔགས་འཆང་འགའ་དང་འཕྲད་པར་ཤོག༔ དམ་མེད་ལག་ཏུ་ཤོར་ར་རེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ སྣ་ཚོགས་རྫས་ངན་ཀུན་ཐུབ་བཞུགས་སོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ སྙིགས་དུས་སྔགས་པ་བསྟན་སྲུང་རྣམས༔ རྫས་ངན་སྣ་ཚོགས་འཆང་བ་ལ༔ ཀུན་ཐུབ་རྒྱལ་པོ་འདི་འཆང་གཅེས༔ ཙཀྲ་དཔེའུ་ཆུང་ལྟ་བུ་ལས༔ ཤུག་པ་ཙནྡན་ཨ་ཀ་རུ༔ འབྲུག་རུས་རིན་ཆེན་འབྲུ་སྣ་དང༔ རི་བོ་དཔལ་ལེགས་རྒྱུད་དང་ལྡན༔ མིང་ཅན་སྙན་གྲགས་བཟང་པོའི་ས༔ བཀྲ་ཤིས་ཞིང་མཁར་བཟང་པོའི་ས༔ དེ་རྣམས་སྐམ་ས་བཟང་པོར་བསྲེས༔ གྭའུ་དབྱིབས་ལེགས་ཁ་སྦྱོར་བྱ༔ ནང་དུ་ཙཀྲ་དར་སྣས་དྲིལ༔ སྨན་འབྲུ་རིན་ཆེན་བཅས་པ་དང༔ བྱིན་རླབས་ཅན་གྱི་རྟེན་རྫས་གཞུག༔ གཟའ་དར་སྐར་མ་བཟང་བའི་ཚེ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ དཀྱིལ་འཁོར་ཞལ་ཕྱེ་ཚེ་སྒྲུབ་དང༔ ཙཀྲ་གྭའུ་རབ་གནས་བྱ༔ ཙཀྲའི་སྔགས་ནི་བརྒྱ་རྩ་བཟླ༔ དར་རས་དྲི་མ་མེད་པ་ལ༔ ཚེ་མདོའི་གཟུངས་བྲིས་གྭ་འུར་དྲིལ༔ ཁམས་དང་མཐུན་པའི་ཚོན་གྱིས་བྱུགས༔ སྒྲུབ་ཁང་ནུབ་ཕྱོགས་བཙན་སར་སྦ༔ བཀྲ་ཤིས་མངའ་གསོལ་རྒྱས་གདབ་ཅིང༔ ཞལ་ཞལ་བྱས་སྟེང་འབྲུ་གསུམ་བྲི༔ གཞན་གྱིས་མི་རིག་ལག་ཚགས་བསྡམ༔ དེས་ནི་རྫས་ངན་གང་བཅངས་ཀུན༔ རང་ལ་མི་གནོད་ནུས་པར་ལྡན༔ ལས་སྦྱོར་གང་འཛོམ་མྱུར་དུ་འགྲུབ༔ ཀུན་དང་ཐུན་མོང་མ་ཡིན་མཆོག༔ དམ་ཚིག་ཅན་དང་འཕྲད་པར་ཤོག༔ ྀཨཚ༔ གཞན་ཡང་རྫས་ཀྱི་འཁོར་ལོའི་རིགས༔ འཆང་བར་ལྡན་པའི་རྣལ་འབྱོར་པས༔ དར་རས་གྲོ་ཤོག་དྲི་མེད་ལ༔ ཙཀྲ་དཔེ་འུ་ཆུང་ལྟར་བྲི༔ མི་ཡི་ཤ་ཁྲག་ལ་སོགས་པའི༔ ཤ་སྣ་ཁྲག་སྣ་ཚོགས་ཚད་དང༔ ཨ་བར་སྐྱུར་གསུམ་ལ་སོགས་པའི༔ ཤིང་ཏོག་འབྲས་བུ་སྣ་ཚོགས་དང༔ ནས་འབྲས་ལ་སོགས་འབྲུ་སྣ་དང༔ གསེར་དངུལ་ལ་སོགས་རིན་ཆེན་དང༔ བྱིན་རླབས་རྟེན་རྫས་གང་རྙེད་རྣམས༔ ཙཀྲ་དག་དང་ལྷན་ཅིག་ཏུ༔ དར་ཟབ་ཁུད་དུ་དྲིལ་ནས་ཀྱང༔ གཟའ་དང་སྐར་མ་མཆུ་ཡི་དུས༔ རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ བཀྲ་ཤིས་རབ་གནས་མངའ་གསོལ་བྱ༔ སྨན་རག་གཏོར་ཚོགས་གང་འབྱོར་བཤམ༔ དེ་ནས་ཙཀྲ་རྫས་བཅས་རྣམས༔ རཏྣའི་ཟ་མ་ཏོག་ཏུ་གཞུག༔་་་མ་འཛོམ་ན་སའི་གྭའུ། རླུང་གིས་མི་ཐར་ཞིང་ལྤགས་དྲིལ༔ རང་གི་སྒྲུབ་ཁང་བྱང་ངོས་སུ༔ གཞན་གྱིས་མི་མཐོང་བཙན་སར་སྦ༔ འདིས་ནི་ཕུང་བྱེད་འཁོར་ལོའི་རིགས༔ རང་གིས་བཅངས་སམ་ཕ་རོལ་གྱི༔ རིག་སྔགས་སྦྱོར་བ་བསྐྱལ་གྱུར་ཀྱང༔ གནོད་པར་མི་འགྱུར་ཕར་ལ་ལྡོག༔ དེ་སོགས་ཡོན་ཏན་བརྗོད་ལས་འདས༔ ྀཨཚ༔ ཨེ་མ༔ ནམ་ཞིག་བསྐལ་པ་དུས་ཀྱི་མཐར༔ སངས་རྒྱས་བསྟན་པ་ཉམས་དམའ་ཞིང༔ སྡིག་ཅན་བསྟན་པ་དར་བའི་ཚེ༔ སེམས་བསྐྱེད་ལྡན་པའི་སྔགས་འཆང་གིས༔ ཕྲིན་ལས་སྣ་ཚོགས་བསྒྲུབ་པ་ལ༔ སྔགས་དང་ཏིང་འཛིན་རྫས་ལ་སོགས༔ ཙཀྲ་རྣམས་ལ་བརྟེན་འཚལ་ཏེ༔ སྔ་ཐོགས་ཚགས་སུ་མ་ཚུད་ན༔ རལ་གྲི་བྱུང་བརྡེག་མི་འབྱུང་བས༔ རྫས་དང་འཁོར་ལོ་ཐོད་པ་སོགས༔ སྔར་ནས་ཚགས་སུ་ཚུད་པ་གཅེས༔ དེ་ལ་གཉེན་པོའི་གནད་མེད་པས༔ རང་ལ་མི་དགེ་གནོད་མང་བས༔ གཉེན་པོ་ཀུན་ཐུབ་རྣམ་གསུམ་གཅེས༔ འདི་མེད་ངན་སྔགས་བསྟན་པ་རྣམས༔ སྨྱོན་པའི་ལག་ཏུ་མཚོན་གཏད་བཞིན༔ རང་གཞན་ཀུན་ལ་གནོད་པར་འགྱུར༔ དེ་དག་བྱེ་བྲག་ཤེས་པར་གྱིས༔ སྔགས་འཆང་སྐྱེས་བུ་མཐུ་རྩལ་ཅན༔ ཏིང་འཛིན་དྲོད་དང་ལྡན་པ་རྣམས༔ སྔགས་ཀྱི་ནུས་པ་མཐར་ཕྱིན་ན༔ མདོར་ན་གོང་ནོན་ཡེ་ཤེས་ལྷ༔ ལྟ་བ་གྱད་དང་གཉེན་པོ་སྟོབས༔ དེ་དག་རྣམས་དང་ལྡན་གྱུར་ན༔ འདི་ལ་མི་ལྟོས་ཕ་ལམ་བཞིན༔ དེ་དག་རྣམས་དང་མི་ལྡན་ན༔ ཀུན་ཐུབ་རྣམ་གསུམ་ཕུར་དུ་ཆོངས༔ འདི་ལྡན་དོན་ཆེན་གནམ་ལྕགས་འདྲ༔ ཡང་མཛོད་གནད་ཀྱི་མན་ངག་ཡིན༔ སྐལ་ལྡན་རྣམས་དང་འཕྲད་པར་ཤོག༔ དམ་མེད་སྔགས་པ་རང་འདོད་ཅན༔ སྡིག་ཅན་སྐྱེ་བོ་ལ་སོགས་པ༔ སྣོད་མིན་ལག་ཏུ་ཤོར་ར་རེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ གུ་ཧྱ༔ སངས་རྒྱས་གླིང་པའི་གཏེར་མའོ།། །། དཔེའུ་རིས་ཁུངས་ཐུབ་མ་རྙེད་པས་འཇོག་ཐབས་མ་བྱུང་། ཞེ་ཆེན་པར་ལས་པས་ཞུ།།
རཀྴ་ཐོད་ཕྲེང་གི་སྐོང་བསྡུས་སྲི་སྐེག་གཡུལ་འཇོམས་ (Volume 45, Text 53)
རཀྴ་ཐོད་ཕྲེང་གི་སྐོང་བསྡུས་སྲི་སྐེག་གཡུལ་འཇོམས་ཞེས་བྱ་བ། ཧཱུྃ་ཧྲཱིཿ གཞོམ་དུ་མེད་པའི་ཡེ་ཤེས་རྡོ་རྗེ་ནི། །སྙིང་རྗེ་ཁྲོས་པའི་མཚོན་ཆ་འབར་བའི་སྲོག །རྟགས་ཀྱི་ཕྱག་རྒྱར་སད་པ་རྡོ་རྗེའི་དལ། །རབ་འཇིགས་ཧེ་རུ་ཀ་ཡི་གྲོང་ཁྱེར་འདིར། །འདུས་ཤིང་ཚོགས་པའི་རིག་འཛིན་རྩ་གསུམ་དང་། །སྐུ་གསུམ་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ། །འབར་བའི་སྐུར་བཞེངས་གསང་བདག་སེང་གེའི་སྒྲ །ཐབས་ཤེས་གཉིས་མེད་ཟིལ་གནོན་སྤྲུལ་པའི་སྲས། །ཕྱོགས་བཅུའི་སྲི་འདུལ་བདུད་གཤེད་ཁྲོ་བོ་བཅུ། །དགྲ་བགེགས་སྲོག་གི་སྤུ་གྲི་བཀའ་སྡོད་འཁོར། །རབ་འབྱམས་རྒྱ་མཚོ་འདུས་པའི་ཚོམ་བུར་བཅས། །བསྐང་ངོ་ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །བཤགས་སོ་སྔགས་ཀྱི་དམ་ཉམས་མཐོལ་ལོ་བཤགས། །མཛོད་ཅིག་དྲག་པོའི་ཕྲིན་ལས་ད་མཛོད་ཅིག །སྒྱུར་ཅིག་བར་ཆད་སྲི་ཀེག་དགྲ་ལ་སྒྱུར། །རྡོ་རྗེའི་ཡལ་གམ་བསྐང་ཞིང་བསྐུལ་བའི་ཕྱིར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྟེན་རྫས་བཤམས། །བསྐྱེད་སྔགས་རྫོགས་པ་ལས་སྦྱོར་ཏིང་འཛིན་སྦར། །དགྱེས་རྫས་སྣང་སྲིད་ཚོགས་ཀྱི་སྟོན་མོར་སྤུངས། །མཁའ་དབྱིངས་གང་བའི་མཐུན་རྫས་སྤྱན་གཟིགས་བཀྲམ། །དྲག་པོའི་ཉེར་སྤྱོད་རྔམ་བརྗིད་འཇིགས་པར་བཀོད། །བཤུག་གླུ་རྐང་གླིང་མི་བཟད་སྒྲ་དབྱངས་འུར། །རྡོ་རྗེའི་ལྷ་མོས་བདེ་མཆོག་རེག་བྱ་སྟོབ། །བདུད་བགེགས་མངོན་སྤྱོད་དྲག་ཤུལ་སྟོབས་ཀྱིས་བསྒྲལ། །དམིགས་པའི་མཐའ་གྲོལ་དོན་གྱི་ཕྱག་རྒྱས་བཏབ། །འདིར་བཤམས་ཕྱི་ནང་གསང་བ་ཡང་གསང་གི །མཆོད་པ་བླ་མེད་ཐུགས་དམ་བསྐང་ཕྱིར་འབུལ། །བཞེས་ནས་བསྟན་འཛིན་རྣལ་འབྱོར་མཆེད་ལྕམ་རྣམས། །ལྷ་སྔགས་རྡོ་རྗེའི་ཙཀྲའི་གུར་གྱིས་སྲུངས། །བན་བོན་བྱད་མ་རྦོད་གཏོང་ཕྲ་མེན་ཟློགས། །ཕུང་བྱེད་སྲི་རིགས་དྲག་པོའི་སྟོབས་ཀྱིས་སོད། །མཐུ་གཏད་སྦྱོར་བ་འབར་བའི་ཧོམ་གྱིས་སྲེགས། །ཆག་ཆེ་ཉམ་ང་དྲག་པོའི་ཟོར་གྱིས་ཆོམས། །དམ་སྲི་བསྟན་དགྲ་གཤིན་རྗེའི་ལྟེ་བར་བྲུབས། །མཁའ་འགྲོའི་གདོན་ཚོགས་སྲོག་སྙིང་གནད་དུ་གཟིར། །རྒྱལ་གདོན་འབྱུང་པོ་གླིང་བཞིའི་ཕ་མཐར་སྐྲོད། །མདོར་ན་བདག་ཅག་བྱང་ཆུབ་མཆོག་སྒྲུབ་ཅིང་། །བདེ་གཤེགས་རྒྱལ་བའི་གདུང་བརྒྱུད་འཛིན་པ་ལ། །མི་མཐུན་ཕྱོགས་ཀུན་བརླག་ཅིང་མེད་པར་མཛོད། །མཐུན་པའི་ལེགས་ཚོགས་དངོས་གྲུབ་རྒྱ་མཚོ་སྩོལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །དེ་ལྟར་སྐོང་བ་ཉུང་ངུ་འདིའང་འོག་མིན་མཚུར་མདོའི་གནྡྷོ་ལར་བསྟན་རིམ་ཆེད་གཟུངས་སྒྲུབ་འབུམ་ཐེར་གྱི་སྲི་ཟློག་མཆོད་རྟེན་སྒྲུབ་པའི་སྐབས་ཉེར་མཁོའི་ཆ་རྐྱེན་དུ་གཏེར་ཆེན་བླ་མའི་བཀས་བསྐུལ་བ་བཞིན། སངས་རྒྱས་ཀརྨ་པའི་མཚན་གྱི་ཅོད་པན་འཆང་བ་ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེས་བྲིས་པ་དགེ། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
སྒོ་དབྱེ་ (Volume 32, Text 53)
སྒོ་དབྱེ་བཞུགས། ཟོར་གྱི་ནང་སྒོ་དབྱེ་བ་ནི། ཧཱུྃ་བྷྱོ༔ ཆོས་ཉིད་དབྱིངས་ལས་མ་གཡོས་ཀྱང༔ ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་ཚུལ༔ མ་མོ་རོལ་པའི་ལྷ་ཚོགས་རྣམས༔ ཐུགས་རྗེ་རྔམས་པའི་གཟི་བྱིན་སྐྱེད༔ ཚད་མེད་བཞི་ལྡན་ཕྱག་རྒྱ་ཡིས༔ གསང་བའི་དཀྱིལ་འཁོར་གཉན་པོ་ཆེའི༔ རྣམ་ཐར་བཞི་ལྡན་སྒོ་ཕྱེས་ལ༔ ཟོར་ལམ་དགྲ་དང་བགེགས་ལ་སྒྱུར༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་དུ་རློགས༔ མིང་ཙམ་མེད་པར་ཕུང་དུ་ཆུགས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད༔ བྷྲཱུྃ་ཛཿཔྲ་བེ་ཤ་ཡ་ཕཊ༔ བྷྲཱུྃ་ཧཱུྃ་པྲ་བེ་ཤ་ཡ་ཕཊ༔ བྷྲཱུྃ་བཾ་པྲ་བེ་ཤ་ཡ་ཕཊ༔ བྷྲཱུྃ་ཧོཿཔྲ་བེ་ཤ་ཡ་ཕཊ༔ ཅེས་དབྱེ་བའི་རྒྱ་བཅས་ཟོར་དཀྲིས་ཀྱི་ཕྱོགས་བཞི་ནས་དཔལ་འབར་གྱིས་བཅད་ལ་ནང་དུ་སྒྱུར། ཕྱི་སྒོ་དབྱེ་བ་ནི། གསེར་སྐྱེམས་སྔོན་དུ་འགྲོ་བས། ཧཱུྃ༔ མ་མོ་རོལ་པའི་བཀའ་ཉན་པ༔ འཇིག་རྟེན་དྲེགས་པ་འཁོར་དང་བཅས༔ དེ་རིང་རྣལ་འབྱོར་ལས་བརྩམ་ན༔ སྒོ་རྣམས་ཕྱེས་ལ་འཕྲང་སོལ་ཅིག༔ ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི༔ གཙང་རིས་དཔལ་མགོན་བདུན་ཅུ་རྣམས༔ བཀའ་དང་དམ་ལས་མ་འདའ་བར༔ རུ་ང་ཕྲག་དོག་མ་མཛད་ཅིག༔ ཞབས་སྐུམས་སྐུ་ཟུར་དབུ་ཁུག་ལ༔ བདག་གིས་གཏོར་ཟོར་འཕེན་པ་ཡི༔ གདོང་དུ་སུ་ཡང་མ་འདུག་ཅིག༔ ཅེས་བཀའ་བསྒོ་འོ།།
རབ་གནས་ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ་ (Volume 41, Text 53)
༄༅། །རབ་གནས་ཡོན་བསྒོའི་གཏོང་ཐུན་སྙིང་པོར་དྲིལ་བ་བཞུགས་སོ། ། ཨོཾ་སྭསྟི། རབ་གནས་ཡོན་བསྒོའི་གཏོང་ཐུན་ཉུང་ངུར་བརྗོད། དེ་ཡང་སྦྱིན་པའི་བདག་པོ་ཁྱེད་ཀྱིས་ལྷག་པའི་བསམ་པ་དང་སྦྱོར་བ་རྣམ་པར་དག་པས་བདེ་བར་གཤེགས་པའི་སྐུའམ། གསུང་ངམ། ཐུགས། ཀྱི་རྟེན་ཕུན་སུམ་ཚོགས་པ་བསྒྲུབས་ཤིང་རབ་ཏུ་གནས་པར་གསོལ་བ་འདི་ནི་དགེ་ལེགས་ཀྱི་གཞིར་གྱུར་པ་ཡིན་ཏེ། སྤྱིར་ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་ཕན་པ་དང་བདེ་བ་ནི་རྒྱལ་བའི་བསྟན་པ་ཁོ་ན་ལ་རག་ལས་ཤིང་། དེ་ཡང་དཀོན་མཆོག་གསུམ་གྱི་རྟེན་ལ་རག་ལས་པ་དང་། ཁྱད་པར་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་ནས། གདུལ་བྱ་ཐུན་མོང་བ་རྣམས་ལ་ཡང་དབང་པོའི་མངོན་སུམ་དུ་སྣང་བས་བསོད་ནམས་ཀྱི་ཞིང་བརྟེན་སླ་བའི་ཕྱིར་དེ་དག་སྒྲུབ་ཚུལ་དང་། བསྒྲུབས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་མདོ་རྒྱུད་དུ་མ་ནས་གསུངས་པ་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། ལ་ལས་དེ་ཉིད་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ན། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་ཐོབ། །ཅེས་སོགས་དང་། སྒྱུ་འཕྲུལ་ལས། ས་ལ་སོགས་ལ་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨྲོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་པ་ལ་ཡིད་ཆེས་ཀྱིས་བསྒྲུབས་པའི་རྟེན་དེ་ཡང་། ཞལ་བསྲོ་བ་དང་། མངའ་དབུལ་བ་དང་། བྱིན་གྱིས་བརླབ་པ་ཞེས་བྱ་བ་དགེ་ཞིང་བཀྲ་ཤིས་པར་བྱེད་པ་ལ། པྲ་ཏིཥྛ་བི་དྷི་ཞེས་རབ་གནས་ཀྱི་ཆོ་གར་ཡོངས་སུ་གྲགས་པ་སྟེ། ཧེ་རུ་ཀ་གལྤོར། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། །ཡེ་ཤེས་གཞུག་པའི་བྱིན་རླབས་ཅན། །འཁོར་བ་འབྱུང་བ་ལྔ་ཡི་གཟུགས། །སྐུ་དང་གསུང་དང་ཐུགས་ཉིད་ཡིན། །ཞེས་དང་། རྡོ་རྗེ་བཀོད་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །མཐའ་ཡས་གྲོལ་བའི་རྒྱུ་ཡི་ཕྱིར། །རྒྱལ་བ་དགུག་དང་གཞུག་པར་བྱ། །ཞེས་སོགས་གསུངས་པ་ལྟར་བསྒྲུབ་པ་ལ། ཤེས་བྱེད་ཀྱི་གཞི་བཤད་པ་དང་། བཤད་པའི་ཆོ་ག་ཇི་ལྟར་སྒྲུབ་པའི་ཚུལ་གཉིས་སུ་གནས་པ་ལས། དང་པོ་ཤེས་བྱེད་ཀྱི་གཞི་ལ། རབ་གནས་ཀྱི་རང་བཞིན། གནས་བྱའི་རྟེན། གནས་པའི་དགོས་པ། གནས་བྱེད་ཀྱི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས། གང་བྱ་བའི་ཆོ་ག་དང་བདུན་གྱི་སྒོ་ནས་བླང་དོར་གྱི་དམིགས་ཕྱེ་སྟེ་ཕུན་སུམ་ཚོགས་པར་བྱ་དགོས་པ་རྣམས་ཚང་བའི་དབང་དུ་བྱས་ནས། གཉིས་པ་ཇི་ལྟར་བྱ་བའི་ཆོ་ག་བཤད་པ་ལ་ཡང་རྒྱས་འབྲིང་བསྡུས་པའི་རྣམ་གཞག་འགའ་ཡོད་པ་ལས། ཅུང་ཟད་བསྡུས་པ་ཉིན་ཆོག་གི་དབང་དུ་བྱས་པ་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། བདག་བསྐྱེད་བུམ་བཟླས་དང་བཅས་པ་སོགས་སྔོན་དུ་བཏང་ནས། རབ་གནས་དངོས་ཀྱི་ཆོ་ག་ལ། བར་དུ་གཅོད་པའི་བགེགས་བསྐྲད་ལ། མི་ཤིས་པ་དང་སྡིག་པ་སྦྱོང་བ། བཀྲུ་ཞིང་ཕྱི་བ་རྣམས་ཀྱིས་ཉེས་པའི་སྐྱོན་བསལ་ནས། དངོས་གཞི་གསོལ་བ་གདབ་ཅིང་སེམས་བསྐྱེད་ནས། གནས་བྱའི་རྟེན་རིགས་དང་མཐུན་པའི་དམ་ཚིག་པར་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ཏེ་དགུག་གཞུག་བཅིང་ཞིང་དགྱེས་པ་དང་། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་གནས་བྱའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མེད་དུ་རྒྱས་གདབ་པ་དང་། གདན་གསུམ་ཚང་བའི་ལྷ་རྣམས་སྤྱན་དྲངས་ཏེ་དབང་བསྐུར་པས་གོ་འཕང་གི་ཆོས་ལ་དབང་བསྐུར་བའི་ནུས་པ་ཅན་དུ་བསྒྲུབས་ནས་མཆོད་པ་དང་། སྤྱན་སོགས་དབང་པོའི་སྐྱོན་བསལ་བས་ཡེ་ཤེས་ཀྱི་གཟིགས་པ་གདུལ་བྱའི་ཡུལ་ལ་འཇུག་པའི་རྟེན་འབྲེལ་བསྒྲིགས་ཏེ། རིགས་དང་མཐུན་པའི་རྟེན་བསྐྱེད་པ་དེ་ཉིད་གནས་བྱ་ཇི་ལྟར་ཡོད་པ་སོ་སོའི་སྐུར་སྒྱུར་བ་རྣམས་ཀྱིས་ཡོན་ཏན་མངོན་པར་བསྒྲུབ་པ་སྟེ། དེ་ལྟར་རྟེན་ཡེ་ཤེས་པའི་ངོ་བོར་གྱུར་པ་དེ་ལ། སྤྱིར་མཆོད་བསྟོད་དང་། བྱེ་བྲག་ཉེ་བར་མཁོ་བའི་ཡོ་བྱད་དང་། ཙཱ་རུའི་ཞལ་ཟས་དང་། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བ་སྟེ། མངའ་དབུལ་བ་རྣམ་པ་བཞིར་གྲགས་པས་མངའ་གསོལ་བ་དང་། དེ་ཉིད་གདུལ་བྱའི་དཔལ་མགོན་དུ་འཁོར་བ་ཇི་སྲིད་བར་བརྟན་པར་བཞུགས་སུ་གསོལ་བ་དང་། བརྟན་པར་བྱིན་གྱིས་བརླབས་པ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་དཔལ་སྤེལ་བ་སྟེ་དངོས་གཞིའི་ཆོ་གའོ། །རྗེས་ཀྱི་ཆོ་ག་ལ་འཇིག་རྟེན་པའི་གཏོར་མ་བསྔོ་བ། སྲུང་མ་བསྒོ་བ་ལ་སོགས་པ་རྣམས་ལེགས་པར་སོང་ན། འདིར་ཡོན་བདག་བསྒོ་བ་ཞེས་བྱ་བ་དེའི་སྐབས་སུ་བབས་པ་ཡིན། དེ་ཡང་ཇི་ལྟར་ཞེ་ན། ཁྱོད་ཀྱིས་ང་ལ་གསོལ་བཏབ་པའི། །ཞེས་སོགས་ནས། ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་བསྒོས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་དང་དུ་བླང་བའི་ཚུལ་དུ། འདི་ལྟར་བཤམས་པའི་མཆོད་པ་འདིས་མཚོན་དུས་གསུམ་དགེ་ཚོགས་དང་བཅས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་སུ་སྤེལ་བ། འདུས་ཚོགས་དང་ལྷན་ཅིག་པས་ཞལ་བསྲོའི་ཚུལ་དུ་འབུལ་བར་མཛོད། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སོགས་ཀྱིས་ཕུལ་ལ། དེ་ལྟར་ཞལ་བསྲོའི་མཆོད་པ་ཕུལ་ནས་བཀྲ་ཤིས་པའི་སྟན་ལ་འཁོད་པའི་མོས་པ་མཛོད། བཀྲ་ཤིས་ཀྱི་བགེགས་བསལ་ཕྱིར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སོགས་ཀྱི་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་བཀྲ་ཤིས་པར་བྱེད་པ་ལ། བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག་སོགས་དྲག་སྔགས་སྤོས་རོལ་བྱ། ཡོན་བདག་བསང་སྦྱང་། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་ནས་རྫས་རྣམས་བསང་སྦྱང་། སྟོང་པའི་ངང་ལས་མཾ་ལས་སོགས་ཀྱིས་བྱིན་གྱིས་བརླབས་ནས། མེ་ལོང་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་། ཕུལ་བ་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། མེ་ལོང་གི་རྫས་ལ་བརྟེན་ནས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ནི། །སོགས་བརྗོད། དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གྷི་ཝཾ། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ། བྲམ་ཟེ་ཀུཎྜ་ལཱིས་རྩ་དཱུརྦ། ཤིང་གི་ལྷ་མོས་ཤིང་ཐོག་བིལྦ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ། ས་ཡི་ལྷ་མོ་བརྟན་མས་ལི་ཁྲི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བ་སོགས་དང་ཚིགས་གཅད་སོ་སོའི་མཐར་འཇམ་རོལ་མེ་ཏོག་གི་ཆར་དབབ་པ་སོགས་བྱས་ནས། རྟེན་མཆོད་པ་སོགས་སྨོན་ལམ་གདབ་ཅིང་ཡོན་བདག་གིས་རྟེན་ལ་བསྐོར་བ་དང་ཕྱག་བྱ་བ་སོགས་དགེ་ལེགས་ཀྱིས་ཁྱབ་པར་བྱ་བ་ཡིན་ནོ། །ཚུལ་འདི་ཉིན་ཆོག་དཀྱུས་མ་སོགས། །ཇི་ལྟར་བྱ་བའི་ཆོ་ག་ལ། །རྒྱས་བསྡུས་སྐབས་སུ་གང་བབ་པ། །དེ་དང་མཐུན་པར་བྱ་བ་གཅེས། །ཞེས་པའང་རབ་གནས་ཆོ་གའི་ལྷན་ཐབས་སུ་འགྱུར་མེད་རྡོ་རྗེས་སོ།། །།
དགོངས་གཏེར་གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་བརྒྱུད་པའི་གསོལ་འདེབས་ (Volume 11, Text 53)
དགོངས་གཏེར་གྲུབ་ཐོབ་ཆེན་པོའི་ཐུགས་ཐིག་གི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿ ངོ་བོ་ཆོས་སྐུ་ཀུན་བཟང་སྣང་མཐའ་ཡས། །རང་བཞིན་ལོངས་སྐུ་འཆི་མེད་སྤྱན་རས་གཟིགས། །ཐུགས་རྗེ་སྤྲུལ་སྐུ་རྟ་མགྲིན་དབང་གི་རྒྱལ། །སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །དབྱེར་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་པ། །དེ་ཉིད་འགྲོ་འདུལ་རིག་པ་འཛིན་པའི་ཚུལ། ཁྱབ་བདག་འོད་གསལ་སྤྲུལ་པའི་རྡོ་རྗེའི་ཞབས། །བཀའ་བབས་བརྒྱུད་ལྡན་བླ་མའི་ཚོགས་རྣམས་དང་། །སྒྲུབ་པ་བཀའ་བརྒྱད་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །འདི་ནས་བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། །དབང་ལྔས་རྒྱུད་སྨིན་དམ་ཚིག་ཚུལ་བཞིན་བཟུང་། །ཐུན་མོང་ཐུན་མིན་ཁྱད་པར་སྔོན་འགྲོ་འབྱོངས། །རྣམ་ཐར་སྒོ་གསུམ་དབུ་མའི་ལྟ་བ་རྟོགས། །ཕྱག་ཆེན་སྒོམ་པ་མཐར་ཕྱིན་བྱིན་གྱིས་རློབས། །རོ་སྙོམས་སྤྱོད་པའི་རྟུལ་ཞུགས་རྩལ་རྫོགས་ཤིང་། །ཐབས་ལམ་བོགས་ཐོན་འབྲས་བུ་རྫོགས་པ་ཆེའི། །རྟགས་ཚད་མངོན་གྱུར་སྐུ་དང་ཡེ་ཤེས་ལྔ། །མྱུར་དུ་ཐོབ་ནས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་བླ་མ་གྲུབ་ཐོབ་ཆེན་པོའི་རྣམ་པར་རོལ་པས་རྗེས་སུ་བཟུང་བའི་ལས་ཀྱི་འཕྲོ་ལྡན་བློ་གྲོས་མཐའ་ཡས་པའི་སྡེས་སྦྱར་བ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན་ (Volume 46, Text 53)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་ཆོག་ཨིནྡྲ་ནཱི་ལའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།། གསང་བའི་དབྱིག་ཏུ་རབ་ཞུགས་པས། །གསང་བའི་མཛོད་ལ་རང་དབང་སྒྱུར། །བདུད་འདུལ་རྡོ་རྗེའི་བེ་ཅོན་ཆེར། །སྟོན་མཛད་གུ་རུ་རྗེ་ལ་འདུད། །སྨིན་གྲོལ་བསྐྱེད་རྫོགས་ལས་ཁ་ཚར། །ཟབ་ལ་དོན་འདྲིལ་རྗོད་བྱེད་ཚིག །ཉུང་ངུས་རྒྱ་ཆེའི་གནད་འདོམས་པ། །ངོ་མཚར་དེར་འཇུག་སྒོ་འདི་འོ། །གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བ་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་གི་ཆོ་ག་བགྱི་བ་ལ་གསུམ། སྦྱོར་བ་བཤམ་བཀོད། དངོས་གཞི་བསྙེན་སྒྲུབ། བྱིན་རླབས་དབང་བསྐུར་རོ། །དང་པོ་ནི། སྟེགས་བུར་མཎྜལ་ལ་པདྨ་འདབ་བརྒྱད་སྔོན་པོའི་ལྟེ་བར་མེ་ཏོག་གི་ཚོམ་བུ་སྔོན་པོ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་སྔོན་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཞག །རྒྱབ་ཏུ་དབང་གཏོར་དཔལ་བཤོས་རྒྱན་སྤྲོས་ཅན། གཡས་གཡོན་དུ་གསང་བདག་ཁྲོ་བོ་རྡོ་རྗེ་བེ་ཅོན། རྟ་མགྲིན། ཁྱུང་རྣམས་ཀྱི་ཙཀླི། སྔགས་བྱང་སྔགས་ཕྲེང་། ཕྱག་མཚན་རྡོ་རྗེ་རྣམས་བཀོད། ཕྲིན་ལས་རྒྱས་པ་གཏང་ན་མདུན་དུ་སྨན་རཀ་གཏོར་གསུམ་ཡང་བཤམ། བསྡུས་པ་འདིའི་སྐབས་མི་དགོས། མཐར་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ་དང་ཕྲིན་ལས་ལ་མཁོ་བའི་ཡོ་བྱད་ཉེ་བར་བསྡོག་གོ །གཉིས་པ་དངོས་གཞི་བསྙེན་སྒྲུབ་ལ་གསུམ། བདག་མདུན། བུམ་སྒྲུབ། བདག་འཇུག་གོ །དང་པོ་ནི། སྒྲུབ་གནས་གསར་པ་དང་སྔོན་དུ་དབང་བསྐུར་སོགས་མ་བྱས་པ་ལ་དཀར་གཏོར་སྤྱི་ལྟར་གཏང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་བཅོམ་ལྡན་འདས་གསང་བའི་བདག་པོ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བླ་མ་ཡི་དམ་གསང་བའི་བདག༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་བྱ། ཧོ༔ མར་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་སེམས་བསྐྱེད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ཀྱིས་རྒྱུན་བཤགས་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། མཆོད་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་དག་པ་ལ༔ ཀུན་ཏུ་བཟང་པོ་རོལ་པའི་རྒྱན༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ ཤབྡ་ཨཱཿཧཱུྃ༔ ཞི་བར་བསྙེན་པ་ནི། བདག་མདུན་དབྱེར་མེད་དུ་བསྒོམ་སྟེ། སྟོང་པའི་ངང་ལས་པད་ཉིའི་སྟེང༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ གསང་བའི་བདག་པོ་སྐུ་མདོག་དཀར༔ ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ རལ་པའི་ཐོར་ཚུགས་རྡོ་རྗེའི་ཏོག༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས༔ ཐུགས་ཀར་ཉི་སྟེང་ཧཱུྃ་དཀར་པོ༔ ཐ་མར་གསང་བའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་དང༔ ལྕང་ལོ་ཅན་ནས་གསང་བའི་བདག༔ ཡེ་ཤེས་སེམས་དཔའི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས༔ ཆར་བཞིན་བབས་ནས་བདག་ལ་ཐིམ༔ བྱིན་རླབས་ནུས་པ་བསྐྱེད་པར་གྱུར༔ ཨོཾ་བཛྲ་པཱ་ཎི་ནཱི་ལམྦཱ་ར་དྷ་ར་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླ། ཁྲོ་བོར་སྒྲུབ་པ་ནི། སྔར་ལྟར་བདག་མདུན་དབྱེར་མེད་དུ་གསལ་བཏབ་ལ། རང་ཉིད་གསང་བདག་ཞི་བའི་སྐུ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་ཚུལ༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་མེ་ལྟར་འབར༔ དར་སྔོན་སྟོད་གཡོགས་སྟག་ཤམ་དང༔ ཀླུ་བརྒྱད་སྦྲུལ་གྱི་རྣམ་པས་སྤྲས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏོད༔ རྩེ་ལས་སྦྲུལ་པའི་ཁྱུང་ཆེན་ནི༔ ཀྲང་ཀྲིང་སྒྲ་སྒྲོག་མཐིང་ནག་འབར༔ གནམ་ལྕགས་རྭ་དང་མཆུ་སྡེར་ཅན༔ ཀླུ་གདོན་གདུག་པ་ཞལ་དུ་གསོལ༔ མེ་ཕུང་འབར་བའི་གཤོག་པ་རྡེབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོ༔ ཞབས་གཉིས་དོར་སྟབས་པད་ཉི་དང༔ བདུད་བཞི་བསྣོལ་བའི་གདན་གྱི་སྟེང༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ སྤྱི་བོར་དཔའ་བོ་འབྲུ་ལྔས་བརྒྱན༔ ཡེ་ཤེས་རིགས་ལྔའི་དབང་རྫོགས་བསམ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ༔ ཧཱུྃ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ རྡོ་རྗེ་བེ་ཅོན་གསང་བའི་བདག༔ རབ་འབྱམས་ཁྲོ་བོའི་འཁོར་དང་བཅས༔ འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་བེ་ཅོན་འཁོར་བཅས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས༔ རྡོ་རྗེ་བེ་ཅོན་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་ཁྱོད་ལ་བསྟོད༔ བཟླས་དམིགས་ནི། རང་གི་སྙིང་དབུས་པད་ཉིའི་སྟེང༔ ཡེ་ཤེས་སེམས་དཔའ་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུགས་ཞགས་པ་བསྣམས༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ དེ་ཡི་ཐུགས་ཀར་ཉི་མའི་དབུས༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་མེ་འོད་བཅས༔ རང་སྒྲ་སྒྲོག་བཞིན་ཞལ་ནས་ཐོན༔ ཕྱོགས་བཅུའི་བདེ་གཤེགས་མཆོད་པས་མཉེས༔ ཁམས་གསུམ་འགྲོ་བའི་སྡིག་སྒྲིབ་སྦྱངས༔ སྡེ་བརྒྱད་འབྱུང་པོ་གཟིར་ཞིང་བརླགས༔ ཕྱི་སྣོད་དྲག་པོའི་གཞལ་ཡས་ཁང༔ ནང་བཅུད་ལྷ་དང་སྔགས་ཀྱི་སྒྲ༔ གཉིས་མེད་ཡེ་ཤེས་འཁོར་ལོར་གྱུར༔ བཟླས་པ་ནི། ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལམྦཱ་ར་དྷ་ར་ཧྲཱི་ཁྲོཾ་སརྦ་དུཥྚཱན་ད་ཧ་ནི་བཛྲ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བསྙེན་པ་ལས་གྲངས་མང་བར་བཟླ། གཉིས་པ་བུམ་སྒྲུབ་ནི། རྣམ་བུམ་ལ་དམིགས་ཏེ། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རྡོ་རྗེ་བེ་ཅོན་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ལ་གཟུངས་ཐག་ནས་བཟུང་སྟེ་བསྙེན་པ་ཅི་རིགས་པ་བཟླ། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་འགྲོ་བྱའོ། །མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་པའི་ཆུ་བདུད་རྩིར་གྱུར། གསུམ་པ་བདག་འཇུག་ནི། སྤྲོ་ན་འོག་ནས་འབྱུང་བའི་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ལྟར་བདག་འཇུག་ཏུ་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གསུམ་པ་བྱིན་རླབས་དབང་གི་ཆོ་ག་ནི། སློབ་མ་ལས་ཆུས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་ཕྲིན་ལས་འབྲིང་པོ་ལྟར་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་ལ་སྲུང་འཁོར་བསྒོམ། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་སྟེ། དེའང་ལྷ་འདིའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་མ་ལུས་པ་གཅིག་ཏུ་བསྡུས་པ། རྣམ་པ་ས་བཅུའི་དབང་ཕྱུག་རྡོ་རྗེ་ཆོས་དང་རྡོ་རྗེ་སྙིང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་མཚན་དང་སྐུའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་བསྟན་ནས་སངས་རྒྱས་རྣམས་ཀྱི་གསང་བ་ཟབ་མོའི་མཛོད་འཛིན་ཅིང་། རྒྱལ་བ་རྒྱལ་སྲས་རྒྱལ་བའི་རྗེས་འཇུག་གང་མཆིས་པ་རེ་རེའི་ཕྱི་བཞིན་རྟག་ཏུ་འབྲངས་ནས་བདུད་བགེགས་ལོག་འདྲེན་འཇོམས་པར་མཛད་པའི་རྫུ་འཕྲུལ་མཐུ་སྟོབས་གཞན་ལས་ཁྱད་པར་དུ་འཕགས་པས། འདི་ལ་རྒྱུད་སྡེ་གོང་འོག་རྣམས་ནས་འབྱུང་བའི་རྒྱུད་དང་སྒྲུབ་ཐབས་བསྐྱེད་རྫོགས་ཀྱི་རྣམ་གྲངས་སྔགས་གསར་སྙིང་གི་བཀའ་སྲོལ་རྣམས་སུ་ཇི་སྙེད་ཅིག་བྱོན་པ་ལས། འདིར་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་འབྲིང་པོ་ས་བཅུའི་དབང་ཕྱུག་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ། རྩོད་པ་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་༧ཨོ་རྒྱན་མཆོག་གྱུར་གླིང་པས་སྔོན་ཆད་ས་སྟེང་དུ་མ་གྲགས་པ་དང་། གྲགས་ཀྱང་ཚིག་དང་དོན་གྱི་ཆ་ནས་ངོ་མཚར་དུ་མས་འཕགས་པའི་ཟབ་ཆོས་ཇི་སྙེད་ཅིག་སྤྱན་དྲངས་པའི་ནང་ནས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུའི་ཆོས་སྡེ། མདོ་ཁམས་ཤར་ཕྱོགས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དབང་གི་གནས་ཆེན་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི། ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་གྲགས་པ་ལས། གསང་བ་ཏིང་ངེ་འཛིན་གྱི་བར་ཆད་སེལ་བར་མཛད་པ་གསང་བདག་རྡོ་རྗེ་བེ་ཅོན་ཞེས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་པདྨ་ཐོད་ཕྲེང་རྩལ་གྱི་ཕྱག་གི་རྡོ་རྗེའི་ཆོ་འཕྲུལ་ལས་རང་ཤར་བའི་ཚུལ་གྱིས་བྱུང་བ་སྟེ། གཞུང་ཉིད་ལས། འདི་ནི་དཀྱིལ་འཁོར་གཙོ་བོ་མཆོག༔ བདག་ཉིད་པདྨ་ཐོད་ཕྲེང་གི༔ ཕྱག་མཚན་རྡོ་རྗེའི་ཆོ་འཕྲུལ་ལས༔ ཕྱག་རྒྱ་ཆེན་པོའི་ལྷ་སྐུར་བཞེངས༔ ཕྱི་ལྟར་བཅོམ་ལྡན་གསང་བའི་བདག༔ ནང་ལྟར་བེ་ཅོན་ཁྲོ་བོའི་རྒྱལ༔ གསང་བ་རཀྴ་ཧེ་རུ་ཀ༔ ཡང་གསང་བཛྲ་ག་རུ་ཌ༔ ཐུན་མོང་ས་གསུམ་གདུག་པ་འདུལ༔ ཁྱད་པར་མངོན་སུམ་ཡེ་ཤེས་སྐྱེད༔ མཆོག་ཏུ་ཏིང་འཛིན་གསང་བའི་གེགས༔ སེལ་བྱེད་ལྷག་པའི་ལྷ་གཅིག་པུ༔ ད་ལྟའི་མངའ་བདག་རྗེ་འབངས་ཀྱི༔ ས་མཱ་དྷི་ཡི་གེགས་སེལ་དང༔ ཏིང་འཛིན་བར་ཆད་འབྱུང་བའི་རྐྱེན༔ གཟའ་ཀླུ་རྒྱལ་གསུམ་འདུལ་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ ཀླུ་གདོན་གྲོལ་བའི་ཆ་རྐྱེན་དང༔ གཞན་ཡང་འདི་ཉིད་ཉམས་ལེན་ཀུན༔ ཏིང་འཛིན་ཟབ་མོའི་གེགས་སེལ་ཕྱིར༔ རྡོ་རྗེ་གསང་བའི་ཚིག་ཏུ་བསྟན༔ ཅེས་རྡོ་རྗེའི་གསུང་གིས་ལན་གཅིག་མ་ཡིན་པར་བསྔགས་པ་ལྟར་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཆོས་སྐོར་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་མཐའ་རྒྱས་སུ་བཞུགས་པ་ལས། འདིར་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་སྒྲུབ་པའི་སྐབས་སུ་བབས་པ་ཡིན། དེ་ལའང་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ་ཐོག་མར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་གསང་བའི་བདག་པོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲགས་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ༔ མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར༔ གསང་བདག་རྡོ་རྗེ་བེ་ཅོན་གྱི༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ གསུམ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་གསང་བདག་རྡོ་རྗེ་བེ་ཅོན་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མར་གྱུར་སེམས་ཅན་སོགས་གསུམ། ཚོགས་གསག་པའི་སླད་དུ། ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྒོ་གསུམ་གྱིས་གནད་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་མཛོད་ཅིག །བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ཧཱུྃ་ཡིག་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་གསང་བའི་བདག་པོ་སྐུ་མདོག་དཀར་པོ་ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས་ཅན་ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང་གཡོན་དྲིལ་བུ་དཀུར་བརྟེན་པ་དབུ་སྐྲ་རལ་པའི་ཐོར་ཚུགས་རྡོ་རྗེའི་ཏོག་གིས་མཚན་ཅིང་ཐོད་སྐམ་རིགས་ལྔའི་རྩེ་བྲན་ཅན། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་དཀར་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་ལྕང་ལོ་ཅན་ནས་གསང་བའི་བདག་པོ་ཡེ་ཤེས་སེམས་དཔའི་ཐུགས་རྒྱུད་བསྐུལ། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་རོལ་བཅས། ཨོཾ་བཛྲ་པཱ་ཎི་ནཱི་ལམྦཱ་ར་དྷ་ར་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་བྱིན་ཕབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་བརྟན་པར་བྱས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡི༔ དབང་བསྐུར་མ་ལུས་ཁྱོད་ལ་སྦྱིན༔ བསྙེན་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་མགོར་བཞག་ལ་བུམ་ཆུ་སྦྱིན། དེ་ལྟར་རྡོ་རྗེའི་གཏོར་བླུག་གི་ཆོ་ག་ལ་བརྟེན་ནས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་ཆུ་རྒྱུན་གྱིས་གང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་སུ་མྱོང་བའི་མོས་པ་མཛོད། དེས་བུམ་པའི་དབང་བསྐུར་བ་སོང་ནས། རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་རྣམས་རིམ་གྱིས་འབྱུང་བ་ལས། དང་པོ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་ཁྲོ་རྒྱལ་རྡོ་རྗེ་བེ་ཅོན་དུ་གསལ་བའི་སྨིན་མཚམས་ནས་ཡེ་ཤེས་ཀྱི་སྐུ་རང་འདྲ་བ་ཞིག་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག །རྡོ་རྗེ་བེ་ཅོན་ཙཀླི་སྤྱི་བོར་བཞག་ལ། ཧཱུྃ༔ དཔལ་ལྡན་གསང་བའི་བདག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲེགས་པ་གཟའ་གདོན་འདུལ་བ་དང༔ རྡོ་རྗེའི་སྐུ་རུ་ལྷུན་གྲུབ་ཤོག༔ བཛྲ་ཙཎྜ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་ཡེ་ཤེས་ཀྱི་སྐུ་ཐིམ་པའི་རྐྱེན་གྱིས། ཁྱེད་རང་གསང་བདག་ཞི་བའི་སྐུ༔ ཡོངས་གྱུར་རྡོ་རྗེ་བེ་ཅོན་སོགས་ནས། ཡེ་ཤེས་མེ་ཕུང་དབུས་ན་འགྱིང༔ བར་ཕྲིན་ལས་ལྟར་བརྗོད། དེ་ལྟར་ཁྱེད་རང་རྡོ་རྗེ་བེ་ཅོན་གྱི་སྐུར་གནས་གྱུར་པ་ལ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་རྟ་མགྲིན་དམར་ནག་ཐོད་དབྱུག་དང་ཞགས་པ་བསྣམས་ཤིང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་ཞིག་འཕྲོས་ཏེ་ཁྱེད་རང་གི་ཐུགས་ཀའི་པད་ཉིའི་སྟེང་དུ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མོས་ཤིག །རྟ་མགྲིན་གྱི་སྐུ་ཙཀ་སྙིང་གར་བཞག་ལ། ཧྲཱི༔ དབང་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱལ་བསེན་དམ་སྲི་ཚར་བཅད་ནས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཧ་ཡ་གྲཱི་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཕྱག་གཡོན་སྡིགས་མཛུབ་རྩེ་མོའི་ཁྱུང་ཆེན་ལས་གཉིས་པ་འཕྲོས། ཁྱེད་རང་གི་ཕྱག་གཡོན་པའི་སྡིགས་མཛུབ་རྩེ་མོའི་ཁྱུང་ཆེན་ལ་ཐིམ་པས་གདུག་པ་ཅན་ཚར་གཅོད་པའི་ནུས་མཐུ་སྟོབས་སུ་གྱུར་པར་མོས་ཤིག །སློབ་མའི་ལག་གཡོན་སྡིགས་མཛུབ་བྱས་པའི་རྩེར་ཁྱུང་ཙཀ་སྦྱིན་ལ། ཁྲོཾ༔ ཡེ་ཤེས་ཁྱུང་ཆེན་ག་རུ་ཌས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཀླུ་གདོན་གདུག་པ་ཚར་བཅད་ནས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ བཛྲ་ག་རུ་ཌཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་ཞིང་སྔགས་ཀྱི་དབང་བསྐུར་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀར་བཞུགས་པའི་ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི་ཐུགས་ཀ་ནས་སྔགས་ཕྲེང་རྣམས་རིམ་གྱིས་བྱུང་། ཞལ་ནས་ཞལ་དུ་བརྒྱུད་དེ་ཁྱེད་རང་གི་ཞལ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། དེའི་ཐུགས་ཀར་ཉི་སྟེང་ཧཱུྃ་སྔོན་པོའི་མཐར་འཁོད་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། གོང་གསལ་བསྙེན་སྒྲུབ་ཀྱི་སྔགས་ཚན་གཉིས་དང་། ལས་སྔགས། ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧ་ས་ཧ་ས༔ དྷ་ར་དྷ་ར༔ མཱ་ར་ཡ་མཱ་ར་ཡ༔ ནཱ་ཤ་ཡ་ནཱ་ཤ་ཡ༔ སརྦ་དུཥྚཱན་བིགྷྣཱན་བི་ནཱ་ཤ་མཱ་ར་ཡ་ཕཊ༔ ཅེས་པ་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། སྔགས་བྱང་སྔགས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་ཆེ༔ རིག་སྔགས་ཀུན་གྱི་རྒྱལ་པོ་སྟེ༔ བཅོམ་ལྡན་ལག་ན་རྡོ་རྗེ་ཡི༔ གསུང་མཆོག་འདི་ནི་ཁྱོད་ཀྱིས་ལོངས༔ སྒྲུབ་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་རྡོ་རྗེ་འབར་བའི་རྣམ་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་མཛོད། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ༔ སྟོང་ཉིད་ཡེ་ཤེས་མཁའ་འདྲ་བ༔ བཅོམ་ལྡན་རྡོ་རྗེ་བེ་ཅོན་གྱི༔ དབང་བསྐུར་དམ་པ་ཁྱོད་ལ་སྦྱིན༔ སྒྲུབ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་མ་འདི་ཉིད་དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ་གར་དགུའི་ཉམས་ཀྱིས་རྣམ་པར་རོལ་པའི་སྐུར་གསལ་བ་ཁྱེད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་རླབས་ཡེ་ཤེས་ཆེན་པོ་རྒྱུད་ལ་བསྩལ་བའི་མོས་པ་མཛོད། དཔལ་གཏོར་མགོར་བཞག་ལ། ཧཱུྃ༔ དཔལ་གྱི་གཏོར་མ་བརྗིད་ལྡན་འདི༔ རཀྴ་ཐོད་ཕྲེང་ངོ་བོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཕྲིན་ལས་ལྷུན་རྫོགས་ཤོག༔ བཛྲ་ཙཎྜ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཏོར་མའི་ལྷ་ཉིད་འོད་དུ་ཞུ༔ ཁྱེད་ལ་ཐིམ་པས་སྐད་ཅིག་གིས༔ ཁྱེད་རང་རྡོ་རྗེ་བེ་ཅོན་སྐུ༔ ཡོངས་གྱུར་རཀྴ་ཐོད་ཕྲེང་རྩལ༔ སྨུག་ནག་ཁྲོ་གཏུམ་བཟོད་པར་དཀའ༔ སྐུ་ཆེ་ཡན་ལག་ཤིན་ཏུ་རགས༔ ཁམས་གསུམ་བ་སྤུའི་ཁུང་བུར་རྫོགས༔ ཧཱུྃ་ཕཊ་ཕེཾ་སྒྲ་འབྲུག་སྟོང་སྒྲོག༔ རྡོ་རྗེ་ཐོད་འཛིན་ཡུམ་དང་སྦྱོར༔ དྲག་པོའི་ཆས་ཀྱིས་རབ་ཏུ་བརྒྱན༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ དམ་ཚིག་ཡེ་ཤེས་གཟོད་མ་ནས༔ དབྱེར་མེད་དག་མཉམ་ཆེན་པོར་གསལ༔ དེ་ལྟར་ཁྱེད་རང་གི་ལུས་ངག་ཡིད་གསུམ་དང་དཔལ་ཆེན་པོ་རཀྴ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས། ཡོན་ཏན་ཕྲིན་ལས་རྒྱ་མཚོར་དབང་འབྱོར་པ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབ་ཅིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་འོས་པ་བྱ་ཞིང་མེ་ཏོག་འཐོར་བ་དང་རོལ་མོའི་སྒྲ་བྱ། དེས་གསང་བདག་རྡོ་རྗེ་བེ་ཅོན་གྱི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། རྡོ་རྗེའི་གསུང་ལས། དེ་ལྟར་དབང་འདི་བསྐུར་ཙམ་གྱིས༔ སྲོག་བདག་གཟའ་ཀླུ་རྒྱལ་གསུམ་གྱི༔ བར་ཆད་ཆོ་འཕྲུལ་ཐམས་ཅད་ཞི༔ ཏིང་འཛིན་གསལ་ཞིང་བརྟན་པ་སོགས༔ བྱིན་རླབས་ནུས་པ་མཐའ་ཡས་ཕྱིར༔ ཚུལ་བཞིན་བསྒོམ་ན་སྨྲོས་ཅི་དགོས༔ ཞེས་བསྔགས་པས་མཚོན་དགོས་པ་དང་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ལགས་པས་འདི་ཉིད་ཡི་དམ་གྱི་ལྷར་འཛིན་ཞིང་དམ་ཚིག་ཚུལ་བཞིན་དུ་བསྲུང་བའི་མོས་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་དང་། མ་རྙེད་ཡོངས་སུ་སོགས་ཀྱི་མཐར་ཡིག་བརྒྱ་ལན་གསུམ་བརྗོད་ལ་ནོངས་པ་བཤགས། སྣོད་བཅུད་ལྷར་གསལ་རང་ལ་འདུས། །རང་ཉིད་ཐུགས་ཀའི་ཧཱུྃ་ལ་ཐིམ། །དེ་ཡང་ནམ་མཁར་སྤྲིན་དེངས་བཞིན། །སྟོང་གསལ་གཉུག་མའི་ངང་དུ་བཞག །སླར་ཡང་ཆུ་ལ་ཉ་འཕར་ལྟར། །གསང་བའི་བདག་པོའི་སྐུ་རུ་གསལ། །ཞེས་བསྡུ་ལྡང་དགེ་བསྔོ་ཤིས་བརྗོད་བྱའོ། །གདུག་ཅན་འབྱུང་པོའི་མུན་པ་ཞི། །རིམ་གཉིས་ཡེ་ཤེས་ཚ་ཟེར་རྒྱས། །ཟུང་འཇུག་བདེ་ཆེན་འོད་གསལ་སྐུ །རྡོ་རྗེ་བེ་ཅོན་མྱུར་འགྲུབ་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་བཀས་བསྐུལ་བ་དང་། ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་འདིའི་བདག་པོར་དབུགས་དབྱུང་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ལྷན་སྐྱེས་མཁའ་འགྲོའི་བསྟི་གནས་བྷ་ཊའི་ལྗོན་ཤིང་གིས་སྤྲས་པའི་བཛྲ་ཙིཏྟ་ཀོ་ཊའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།
རིག་འཛིན་ཆོས་རྗེ་གླིང་པའི་གཏེར་བྱོན་མ་ཧཱ་གུ་རུ་དྲག་པོར་བསྒྲུབ་པ་ལས། སྤྲོས་མེད་ཡང་ཟབ་ཧཱུྃ་གི་ཉམས་ལེན་གང་ཟག་དབང་པོ་ཡང་རབ་ཀྱིས་རྣལ་འབྱོར་བྱ་བར་གསུངས་པ་སྙིང་པོར་དྲིལ་བ་ (Volume 13, Text 53)
རིག་འཛིན་ཆོས་རྗེ་གླིང་པའི་གཏེར་བྱོན་མ་ཧཱ་གུ་རུ་དྲག་པོར་བསྒྲུབ་པ་ལས། སྤྲོས་མེད་ཡང་ཟབ་ཧཱུྃ་གི་ཉམས་ལེན་གང་ཟག་དབང་པོ་ཡང་རབ་ཀྱིས་རྣལ་འབྱོར་བྱ་བར་གསུངས་པ་སྙིང་པོར་དྲིལ་བ་ནི། ཨ་ཏིའི་ས་མཱ་དྷི་ཡི་ངང། །མཚན་འཛིན་ཀུན་བྲལ་འཁོར་འདས་ཀུན། །སྟོང་གསལ་མཁའ་དབྱིངས་འགྱུར་མེད་ལས། །ཧཱུྃ་མཐིང་འོད་འབར་ལས་གྱུར་པའི། །ཧཱུྃ་ཉིད་སྐད་ཅིག་དྲན་རྫོགས་སུ། །རྡོ་རྗེ་བླ་མ་དྲག་པོ་རྩལ། །འཇའ་ཚོན་ལྟ་བུར་གསལ་བ་ཡི། །ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ཡིས། །མཉམ་པ་ཉིད་དུ་མཆོད་པས་མཆོད། །དམིགས་མེད་དབྱིངས་སུ་བསྟོད་པར་བགྱི། །སླར་ཡང་ཧཱུྃ་གིས་སྣོད་བཅུད་ཀུན། །གཅིག་ལ་གཉིས་འཕྲོས་མེར་གྱིས་གང་། །སྣང་སྲིད་མ་ལུས་ཧཱུྃ་གི་གདངས། །ལོག་འདྲེན་བགེགས་ཀྱང་དམིགས་སུ་མེད། །དག་པ་ཡེ་ཤེས་ལྔ་ཡི་འཕྲུལ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཏིང་འཛིན་སེམས་དཔའ་ཧཱུྃ་དམར་ལས། །རང་གདངས་ཧཱུྃ་དམར་གྲངས་མེད་འཕྲོས། །སྟོང་ཁམས་ཐམས་ཅད་ཧཱུྃ་གིས་གང་། །ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག །སྲིད་བཅུད་གཟུགས་སྣང་ཡི་གེ་ཧཱུྃ། །གྲགས་པའི་སྒྲ་ཀུན་ཧཱུྃ་གི་སྒྲ །ཀུན་ཀྱང་རིག་སྟོང་ཧཱུྃ་གི་ངང་། །ཉིན་མཚན་མེད་པར་ཆུ་བོའི་གཞུང་། །ཡང་ཟབ་ཧཱུྃ་གི་བསྙེན་བསྒྲུབ་བྱ། །ཧཱུྃ་ཧཱུྃ་ཧཱུྃ། གསུམ་ལྔ་བདུན་དགུ་ཉེར་གཅིག་སོགས། །དབྱངས་ཀྱི་རྟ་ལ་བསྒྱུར་བ་འམ། །ཤུགས་འབྱུང་རྒྱུན་ཆད་མེད་པར་བཟླ། །ཆུ་ལས་ཆུ་བུར་ཇི་བཞིན་དུ། །དམིགས་མེད་ངང་ནས་ཕྲིན་ལས་བཞི། ཧཱུྃ་ལས་ཧཱུྃ་དཀར་དཔག་མེད་འཕྲོས། །བདག་གཞན་ཀུན་གྱི་ནད་གདོན་བགེགས། །སྡིག་སྒྲིབ་སྤང་བྱ་མི་མཐུན་ཕྱོགས། །མ་ལུས་ཞི་བ་ཆེན་པོར་གྱུར། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ལས་གསེར་མདོག་ཧཱུྃ་ཡིག་འཕྲོས། །བདག་གཞན་ཀུན་གྱི་ཚེ་དཔལ་དང་། །བསོད་ནམས་འབྱོར་པ་ཡེ་ཤེས་ཚོགས། །ཀུན་ཏུ་རྒྱས་པའི་ལས་ཆེན་གྲུབ། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ལས་ཧཱུྃ་ཡིག་འོད་དམར་འཕྲོས། །བདག་གཞན་ཀུན་གྱི་འདོད་དགུའི་ཚོགས། ཁམས་གསུམ་སྲིད་བཅུད་མ་ལུས་པ། །དབང་སྡུད་རོལ་པ་ཆེན་པོར་གྱུར། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ལས་མཐིང་ནག་ཧཱུྃ་ཡིག་འཕྲོས། །བདག་གཞན་ཀུན་གྱི་མི་མཐུན་ཕྱོགས། །ཞིང་བཅུའི་དགྲ་བགེགས་གནོད་བྱེད་ཀུན། །ཐལ་བའི་རྡུལ་བཞིན་རློག་པར་གྱུར། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ལས་ཧཱུྃ་ཡིག་འོད་ཟེར་འཕྲོས། །ལས་ཀུན་གྲུབ་བྱེད་སྣ་ཚོགས་མདོག །དབང་པོའི་གཞུ་ལྟར་འཁྲུགས་པ་ཡིས། །ལས་བཞི་མཆོག་དངོས་གྲུབ་པར་བལྟས། །ཧཱུྃ་ཧཱུྃ་ཧཱུྃ། ཞེས་འདི་སྐྱིད་གྲོང་སྨྱོན་པ་ཡིས། །ཡང་ཡང་ནན་དུ་བསྐུལ་བའི་ངོར། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ནས། །སྤེལ་འདིས་གདུག་པ་ཚར་གཅོད་ཤོག། །།
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཛཾ་བྷ་ལའི་སྒྲུབ་པ་གཏེར་གྱི་འདོད་འཇོ་ (Volume 50, Text 53)
༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཛཾ་བྷ་ལའི་སྒྲུབ་པ་གཏེར་གྱི་འདོད་འཇོ་ཞེས་བྱ་བ་བཞུགས༔ རྡོ་རྗེའི་སྙིང་པོ་ལས༔ ཛཾ་བྷ་ལའི་སྒྲུབ་པ་གཏེར་གྱི་འདོད་འཇོ་ནི༔ དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ྈྈྈྈྈ མ་འོངས་འགྲོ་རྣམས་སྤྱོད་ལམ་ལོག་པའི་མཐུས༔ ཕྱི་ནང་སྣོད་བཅུད་ཀུན་གྱི་བཅུད་ཉམས་དུས༔ རྗེས་འཇུག་སྒྲུབ་པ་པོ་ཀུན་བཅུད་འདི་སྤྱོད༔ འདོད་པ་འགྲུབ་ཚེ་པད་འབྱུང་དྲན་པར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་དང་པོ་བསྙེན་པའི་བདག་བསྐྱེད་དེ༔ ཁྲུས་དང་རྒྱན་བྱས་སྐྱབས་སེམས་སྔོན་སོང་ནས༔ པད་ཉིའི་སྟེང་དུ་བདག་སྣང་ཛཾ་ཡིག་ལས༔ ཛཾ་ལྷ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲས་བུའི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་རུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུམ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛཾ་མཐར་སྔགས་ཀྱིས་བསྐོར༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ འཕྲོ་འདུའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛཾ་ཡིག་གཟི་མདངས་རྒྱས་པར་བསྒོམ༔ སྒྲུབ་ཚེ་ཐོད་པ་མཚན་ཉིད་ལྡན་པའི་དབུས༔ སྐུའམ་ཡང་ན་ཨ་རུ་གསེར་མདོག་དང༔ གསེར་གྱིས་སྙིང་པོ་བྲིས་དང་རིན་ཆེན་སྨན༔ སྒྲུབ་རྟེན་མཆོད་པས་བསྐོར་བ་ཕྱི་ནང་མཚམས༔ དཀྱིལ་འཁོར་གསུམ་གྱི་བསྐྱེད་པ་རྟོག་པས་ཕྱེས༔ སྤྱན་འདྲེན་ནི༔ ཛཾ༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ འབྱོར་པ་སྐྱེད་པའི་དཔལ་འབར་བ༔ རིན་འབྱུང་གནོད་སྦྱིན་ཚུལ་འཆང་བའི༔ མགོན་པོ་འདིར་གཤེགས་གདན་ལ་བཞུགས༔ ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ལྷུན་གྲུབ་འདོད་དགུའི་རྟེན་མཆོག་ལ༔ བཞུགས་ནས་འབྲས་བུ་མཆིས་པར་མཛོད༔ མོས་གུས་དད་པས་ཕྱག་བགྱིད་ན༔ རྟག་ཏུ་མི་འབྲལ་གྲོགས་མཛོད་ཅིག༔ མཆོད་འབུལ་ནི༔ ཨོཾ་ཛཾ་བྷ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་སོགས། རཱུ་པ་སོགས། ཨཱཿཧཱུྃ་སྭཱ་ཧཱ༔ བསྟོད་པ་ནི༔ ཛཾ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་བཅོམ་ལྡན་འདས༔ གང་འདུལ་མཛད་པ་སྐྱོང་བའི་ཛཾ་བྷ་ལ༔ རྒྱལ་བའི་མཛད་པས་འགྲོ་ལ་རྟག་སྐྱོང་བ༔ གནོད་སྦྱིན་ནོར་བདག་གཙོ་ལ་ཕྱག་འཚལ་བསྟོད༔ ཅེས་དམིགས་པའི་འཕྲོ་འདུ་དང་བཅས་ཏེ་སྒྲུབ་པས༔ དངོས་ཉམས་རྨི་ལམ་དུ་ཞལ་མཇལ་གསུང་ཐོས༔ འབྲུ་དང་རིན་པོ་ཆེ་ཡི་གཏེར་རྙེད༔ ལོ་ཏོག་དང་རྩྭ་འབྲས་བུ་ལེགས་པ༔ དར་ཕྱར་བ༔ དུང་འབུད་པ༔ རོལ་མོ་བསྒྲགས་པ༔ ཁྲོམ་འདུ་བ་སོགས་དངོས་གྲུབ་ཀྱི་ལྟས་སྤྱི་མཐུན་འབྱུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༁ྃ༔ ཛཾ་བྷ་ལ་ཡི་རྗེས་གནང་ནི༔ ྈྈྈ ཡེ་ཤེས་མཆོག་གི་ཛཾ་བྷ་ལ༔ ཡི་དམ་ཚུལ་དུ་སྒྲུབ་པ་འདིས༔ བརྩེ་བས་སློབ་མ་སྐྱོང་བ་ལ༔ རྗེས་སུ་གནང་བ་ལམ་ཡིན་ནོ༔ དཀྱིལ་འཁོར་གསུམ་གྱི་རྟེན་ལ་བསྐྱེད༔ གྲུབ་པའི་མཚན་མ་རྫོགས་པའི་རྗེས༔ མཎྜལ་འདེགས་ཏེ་ཞུ་བ་ནི༔ ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་རིན་ཆེན་མཆོག་ཐོབ་ལྷ༔ མགོན་པོ་ཐུགས་རྗེ་ཆེ་ལྡན་གྱིས༔ འབད་མེད་དངོས་གྲུབ་མཆོག་སྩོལ་ཅིག༔ ཞུས་པས༔ སློབ་དཔོན་གྱིས༔ ཛཾ༔ རྒྱལ་བ་རྣམས་ཀྱི་མཛད་པ་ཆེ༔ གང་ལྟར་འདུལ་བ་དེ་བཞིན་སྤྲུལ༔ བཅོམ་ལྡན་རྒྱལ་བ་ནོར་བདག་ཏུ༔ སྐུར་བཞེངས་འདི་ལ་འཇུག་པར་གྱིས༔ ཞེས་གནང་བ་སྦྱིན་ལ་ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་བྱ༔ སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ བུམ་པ་སྤྱི་བོར་བཞག་ལ༔ ཛཾ༔ ཛཾ་ལྷའི་གཏེར་གྱི་བུམ་པ་ལས༔ དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་དབབ༔ རོལ་ཅིག་ལྷ་ཡི་ལོངས་སྤྱོད་ཀྱི༔ དཔལ་ལ་རོལ་པའི་དབང་ཐོབ་ཤོག༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་ངག་ཏུ་བླུད༔ ཕྲེང་བ་གཏད་ལ༔ ཛཾ༔ ཛཾ་ལྷའི་སྔགས་ཀྱི་བདུད་རྩི་ལས༔ ནུས་པ་བཅུད་ཀྱི་རྒྱུན་དབབ་འདི༔ སྤྱོད་ཅིག་ཉམས་སུ་མྱོང་བར་གྱིས༔ སྒྲུབ་དང་འགྲོ་དོན་སྤྱོད་པར་དབང༔ རྩ་སྔགས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་སྙིང་གར་བཞག་ལ༔ ཛཾ༔ སྒྲུབ་པའི་ཏིང་ངེ་འཛིན་གྱི་མདངས༔ མཚན་མས་སྒྲིབ་པར་མ་བྱེད་ཅིག༔ གསལ་སྣང་ཆུ་ཟླ་འཇའ་ཚོན་བཞིན༔ འཕྲོ་འདུའི་བཅུད་ལོངས་མ་ཡེངས་ཤིག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་གཏད་ལ༔ སངས་རྒྱས་ཐུགས་རྗེས་སྐུར་བཞེངས་པའི༔ གནོད་སྦྱིན་ཚུལ་འཆང་ཛཾ་བྷ་ལ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་གྱིས༔ དོན་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ གཏོར་མ་གཏད་ལ༔ བཅོམ་ལྡན་མགོན་པོ་ཛཾ་བྷ་ལའི༔ བསྙེན་དང་སྒྲུབ་པ་ཡན་ལག་དང༔ ཕྱི་ནང་གསང་བའི་གནང་འཇུག་དང༔ ཕྲིན་ལས་མཐའ་དག་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་གནྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ མཎྜལ་དམ་ཚིག་ཚུལ་ཇི་བཞིན༔ རྗེས་སྤྱོད་རྟག་ཏུ་སྤྱོད་ལམ་བྱ༔ ཆགས་མེད་ཡར་མཆོད་མར་སྦྱིན་བརྩོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲུང་མ་དྲག་པོ་གསུམ་གྱིས་ཟུངས་ལ་གཏད་རྒྱའི་གནད་དུ་སྣུན་ཅིག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཞེས་ཁེ་མི་འགྱུར་གསང་བ་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པ་རིན་པོ་ཆེའི་ཤོག་སེར་ལས་རོལ་པ་བདེ་ཆེན་ཁང་དུ་ཀློང་གསལ་སྙིང་པོས་ཞལ་བཤུས་པའི་ཡི་གེ་པ་ནི་པདྨ་ཀུན་བཟང་སྟོབས་ཆེན་གྱིས་བགྱིས་པའོ། །ལྕགས་ཁྱི་ཧོར་ཟླ་བཅུ་པའི་ཡར་ཚེས་བཅུ་བདུན་ཉིན་པར་ཁོལ་རི་ནས་དགེའོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བྱིན་རླབས་སྒོ་འབྱེད་ (Volume 5, Text 53)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། །བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་སྤྲིན། །སྐུ་གསུམ་བླ་མའི་ངོ་བོར་ཡོངས་བཞེངས་པ། །སྐྱབས་ཀུན་འདུས་ཞལ་ཨོ་རྒྱན་རྡོ་རྗེ་འཆང་། །ཐུགས་སྲས་བརྒྱུད་པར་བཅས་པས་དགེ་ལེགས་སྩོལ། །གདམས་ཟབ་བླ་མའི་ཐུགས་སྒྲུབ་བྱེ་བ་བརྒྱ། །ཀུན་ལས་ཁྱད་འཕགས་བར་ཆད་ཀུན་སེལ་གྱི། །ཕྱི་སྒྲུབ་བླ་མ་མཆོད་པ་དང་འབྲེལ་བའི། །དབང་བསྐུར་ཆོ་ག་བྱིན་རླབས་སྒོ་ཆེན་དབྱེ། །འདི་ལ་གསུམ། སྔོན། དངོས། རྗེས་སོ། །དང་པོ་ནི། གནས་དབེན་པར་དཀོན་མཆོག་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་མཎྜ་ལར་འབྲུ་དཀར་གྱི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་འཕྲུལ་སྟེགས་ཀྱི་ཁར། བུམ་པ་སོ་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་ཅན། བདེ་སྐྱོང་ཀ་པཱ་ལ་གསང་རྫས་སྦྱར་བའི་ཆང་གིས་བཀང་བ། བླ་མའི་གཏོར་ཆེན། སྐུ་འབག །བདུད་རྩི། རཀྟ། མཆོད་གཏོར། ཚོགས་ཀྱི་ཡོ་བྱད་སོགས་མཆོད་པའི་བྱེ་བྲག་རྣམས་བག་དྲོ་བཀོད་མཛེས་སུ་བཤམས། དེ་ནས་དབང་དོན་སྒྲུབ་ཅིང་མཆོད་པའང་རྗེ་བླ་མས་མཛད་པའི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་ཆར་འབེབས་ལྟར་ལ་ཁྱད་པར་ཚོགས་རྟེན་སྒྲུབ་པའི་སྐབས། ཡངས་ཤིང་རྒྱ་ཆེ་འོད་ཟེར་འབར་བའི་དཀྱིལ། །ཞེས་པའི་མཚམས་སུ། བདག་ཉིད་ལྷ་ཡི་རྣལ་འབྱོར་ལ་གནས་པའི་སྐབས་སུ་བབ་པར་འགྱུར་ཏེ། དེའང་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་ལེའུ་གསུམ་པ་དང་། དགུ་པ་ནས་བྱུང་བའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནི། པདྨ་ཟླ་བའི་གདན་སྟེང་དུ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ ཐབས་ཤེས་ཟུང་འཇུག་ཡེ་ཤེས་སྐུ༔ དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་དང༔ གཡོན་པས་སྣང་སྟོང་དྲིལ་བུ་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་བརྒྱན༔ སངས་རྒྱས་རིགས་ལྔའི་དབུ་རྒྱན་ཅན༔ འོད་ཟེར་བསམ་མི་ཁྱབ་པའི་ཀློང༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕུང་པོ་སངས་རྒྱས་ལྔ་བདག་ཉིད༔ འབྱུང་བ་རིགས་ཀྱི་ཡུམ་ཆེན་ལྔ༔ དབང་ཡུལ་སྐྱེ་མཆེད་འཁོར་དང་བཅས༔ བྱང་ཆུབ་སེམས་དཔའ་སེམས་མ་དང༔ སྤྲུལ་སྐུ་ཁྲོ་བོ་ཁྲོ་མོའི་ཚོགས༔ དབྱེར་མེད་ཉིད་དུ་མངོན་སངས་རྒྱས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དམ་ཚིག་ཡེ་ཤེས་གདོད་མ་ནས༔ གཉིས་མེད་དག་མཉམ་ཆེན་པོར་གསལ༔ རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས༔ སོགས་དཀྱུས་དང་སྦྲེལ་ཏེ་གཞུང་ལྟར་གསག་སྦྱོང་གསོལ་འདེབས་ཀྱི་རིམ་པ་རྣམས་གནད་དུ་བསྣུན། ཁྱད་པར་གསོལ་འདེབས་ཀྱི་སྙིང་པོ་བཛྲ་གུ་རུ་ཅི་ནུས་བཟླས་མཐར་མདུན་གྱི་བུམ་པ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ གཟུངས་ཐག་འཛིན་ཏེ་རྡོ་རྗེའི་ཡི་གེ་འབྲུ་བཅུ་གཉིས་པ་བཟླ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་སོགས་ནས་ཡོངས་སུ་གང་བར་གྱུར༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་ཙམ་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་བུམ་ནང་དུ་བདུད་རྩི་ཕུལ། བུམ་པའི་ལྷ་རྣམས་བདེ་བ་ཆེན་པོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། མཆོད་བསྟོད་མདོར་བསྡུས་ཀྱིས་ཐུན་བསྡུ། ཆོས་སྲུང་གཏེར་བདག་དང་བཅས་པའི་གཏོར་འབུལ་རྒྱས་བསྡུས་གང་རུང་དང་ཚོགས་མཆོད་བསྒྲལ་བསྟབ་ཀྱི་བར་གྲུབ་ནས། བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་ལམ་དབང་རྫོགས་པར་ལེན་པའམ། གལ་ཏེ་མི་ནུས་ན། ལམ་དབང་ཐོད་རྒལ་དུ་བླང་བས་ཀྱང་རུང་ངོ་། །གཉིས་པ་ནི། སློབ་མ་རྣམས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཁོད་པ་དང་བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་གྲུབ་ནས། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་གྲོལ་གཏན་གྱི་བདེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ཞིག་ཅི་ནས་ཀྱང་བྱ། དེ་ཡི་ཆེད་དུ་ཟབ་གསང་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བའམ་འཇུག་སྒོ་སྨིན་བྱེད་དབང་བསྐུར་བ་གསན་ནས་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཀུན་ནས་བླངས་ཏེ་གསན་པར་ཞུ། དེའང་རང་རེ་རྣམས་ཐོབ་པར་དཀའ་བ་དལ་འབྱོར་གྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་བཟང་པོ་བསྟེན་དུ་ཡོད་པའི་སྐབས་འདིར། ནན་ཏན་དུ་བྱ་བ་ནི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ཉིད་གལ་ཆེ་སྟེ། རྒྱལ་བའི་སྲས་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ཀྱང་། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་བཞིན་གྲུ་ཡོད་དུས་ཆུ་བོ་བརྒལ་དགོས་པ་ལྟར་དམ་པའི་ལྷ་ཆོས་ལ་ཚུལ་བཞིན་འབད་དགོས་ཏེ། ཨོ་རྒྱན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས། དེ་ལྟ་བུའི་དལ་བའི་རྟེན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ནི། སློབ་དཔོན་ཆེན་པོས། ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །ཅེས་གསུངས་པ་བཞིན་ཤིན་ཏུ་རྙེད་དཀའ་བ། རྙེད་ན་ཕན་འདོགས་ཆེ་བ། རྙེད་པ་ཆུད་ཟོས་སུ་མི་གཏོང་བར་དོན་ཡོད་པར་བྱས་ཏེ་རང་ཉིད་ཐར་པའི་ལམ་སར་ཕྱིན་པར་བྱེད་དགོས། དེའང་ད་ལྟ་ནས་བསམ་སྦྱོར་གཉིས་ཀས་ལག་ཏུ་ལོན་ངེས་ཤིག་མ་བྱས་ན། ལུས་རྟེན་འདིའང་མྱུར་དུ་འཇིག་པའི་ཆོས་ཅན་ཡིན་ཏེ། མདོ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་གསུངས་པ་ལྟར། སྤྱིར་ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་ལྕགས་རི་རོལ་མཚོ་ཉི་ཟླ་དང་བཅས་པ། ནང་བཅུད་ཀྱི་སེམས་ཅན་ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་བ་རྣམས་ཀྱིས་གཙོས་པའི་འགྲོ་བ་ཐམས་ཅད། རང་རང་གི་ཕུང་ཁམས་སྐྱེ་མཆེད་སོགས་མདོར་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག །བྱེ་བྲག་སྐྱེས་བུ་རང་གི་ཚེ་ནི་སྐད་ཅིག་གཅིག་གིས་འཛད་དེ་མཐར་འཆི་བར་འགྱུར་ལ། འཆི་བ་དེའང་ནམ་འོང་ཆ་མེད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་ཕན་པ་མེད། ཤི་ནས་ཀྱང་མར་མེ་ཤི་བ་བཞིན་ཅང་མེད་དུ་མི་འགྲོ་བར་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། གནས་ཁམས་གསུམ་རྟེན་རིགས་དྲུག་གིས་བསྡུས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཡང་ཡང་དུ་ལེན་དགོས། སྐྱེ་བ་གང་དུ་བླངས་ཀྱང་སྲིད་རྩེ་ནས་དམྱལ་བ་མནར་མེད་པའི་བར་དུ་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་གང་ཡང་མེད་དེ། ཇི་སྐད་དུ། འཁོར་བ་ཁབ་ཀྱི་རྩེ་མོ་བཞིན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་མགོན་པོ་བྱམས་པས། མི་གཙང་ཁང་པར་དྲི་ཞིམ་མེད། །འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་པ་ལྟར། སྡུག་བདེན་འཁོར་བའི་མཚན་ཉིད། ཀུན་འབྱུང་འཁོར་བའི་རང་བཞིན་ཡིན་པས་ན་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། ཁྱད་པར་ངན་སོང་གསུམ་ནི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་ལོངས་སྤྱོད་པ་ཤ་སྟག་ཡིན་ལ། དེ་ལྟ་བུའི་ངན་སོང་གསུམ་གྱི་གནས་ལ་འཇིགས་ཤིང་སྐྲག་སྟེ། དེ་ལས་ཐར་འདོད་ཀྱི་བློ་རྒྱུ་འབྲས་མི་བསླུ་བའི་ངེས་ཤེས་ཀྱི་དད་པ་བརྟན་པོ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་ཏེ། དགེ་བཅུ་སྤྱོད་ཅིང་བསམ་གཟུགས་ཚད་མེད་སོགས་སྒོམ་པ་ནི་སྐྱེས་བུ་ཆུང་ངུའི་ལམ་དང་། མི་དང་འདོད་ལྷ་ལྷ་མིན་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། དེའི་སྟེང་འགྱུར་བའི་སྡུག་བསྔལ་ཅི་རིགས་པ་ཡོད་ལ། སྲིད་པའི་རྩེ་མོ་གཟུགས་ཁམས་དང་གཟུགས་མེད་པའི་ཁམས་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་ཏེ། རང་རང་གི་འཕེན་བྱེད་ཀྱི་ལས་ཟད་པ་དང་མཉམ་དུ་འོག་ནས་འོག་ཏུ་ལྟུང་བྱེད་འཁོར་བ་མཐའ་མེད་པར་འཁྱམས་པར་འགྱུར་བས་ན། སྲིད་པ་ཁམས་གསུམ་འཁོར་བ་ལས་རང་གཅིག་པུ་ཐར་འདོད་ཀྱི་བློ་ངེས་འབྱུང་གི་བསམ་པས་བདེན་བཞི་མི་རྟག་བཅུ་དྲུག་སོགས་བསྒོམས་པས་གང་ཟག་བདག་མེད་རྟོགས་པ་ཉན་ཐོས་དང་། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་བསྒོམས་པས་གང་ཟག་དང་ཆོས་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པ་རང་སངས་རྒྱས་ཏེ་སྐྱེས་བུ་འབྲིང་གི་ལམ་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དད་པ་རྣམ་པར་དག་པ་དང་། སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་ངེས་འབྱུང་རྣམ་པར་དག་པ་རྣམས་གཞིར་བཞག་ནས། སྐྱེས་བུ་ཆེན་པོའི་ལམ་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ལམ་གྱི་སྲོག་ཏུ་བཟུང་སྟེ་མྱུར་ལམ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས། ཚེ་གཅིག་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པས། ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་སྒྲུབ་པ་ཉམས་སུ་ལེན་པ་གལ་ཆེ་ཞིང་། བླ་མའི་སྒྲུབ་པ་ལའང་གསར་རྙིང་གི་བཀའ་སྲོལ་མཐའ་ཡས་པ་ཞིག་བཞུགས་ནའང་། རེ་ཞིག་ཆེ་བ་དྲུག་གི་ཁྱད་པར་དུ་འཕགས་པ་སྔ་འགྱུར་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བཀའི་བབས་སོ་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་སྟེ་བརྒྱུད་པའི་བཀའ་སྲོལ་དྲུག་གམ། བརྒྱུད་པ་དགུ་ལྡན་གྱིས་ཁྱད་པར་དུ་བྱས་པ་ཟབ་མོ་གཏེར་མ། གཏེར་མ་ལའང་གཏེར་ཁ་གོང་འོག་སོགས་མང་དུ་མཆིས་པ་ལས། འདིར་ཇི་སྐད་དུ་ཐང་ཡིག་ལས། ཁ་རག་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་བསླུ་མེད་རྡོ་རྗེའི་ལུང་བྱང་གསལ་བར་བསྟན་པ་ལྟར། རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། རྒྱུད་ཀྱི་ལུང་དང་འབྲེལ་པ། དངོས་སྟོབས་ཀྱི་རིགས་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཟབ་གཏེར་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པ་ལས། འདིར་ནི་རྗེ་བླ་མ་དགུང་གྲངས་ཉི་ཤུར་སོན་པ་ས་སྤྲེལ་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོ་ཁྲོ་བོ་དབུ་དགུ་རང་བྱོན་དུ་གསལ་བའི་དབུའི་གསང་དང་ཞབས་གཡས་ཀྱི་འོག་ལྷོ་ཟླའི་ཆུ་བོ་དལ་གྱིས་འབབས་པའི་རྦ་ཀློང་འཁྲུགས་པའི་དབུས། སྐལ་མེད་བགྲོད་པར་དཀའ་བ། རང་བྱུང་པདྨའི་ཞབས་རྗེས་རྫུ་འཕྲུལ་གྱི་བཀོད་པ་རྣམ་པར་སྣང་བ་མི་འགྱུར་བའི་ཕ་ཝཾ་སྨུག་པོ་ནས་སྤྱན་དྲངས་པའི་གདམས་ངག་ཟབ་ཅིང་རྒྱ་ཆེ་བའི་གནད་དོན་ཐམས་ཅད་གཅིག་ཏུ་དྲིལ་བ། སྔར་ས་སྟེང་དུ་ཡོངས་སུ་མ་གྲགས་ཤིང་། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་ཉམས་མཐར་ཐུག་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་སྒྲུབ་པའི་ཐབས་ཐམས་ཅད་མ་ཚང་བ་མེད་པ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞེས་རྨད་དུ་བྱུང་བ་འདི་ཉིད་ཀྱི་སྒོ་ནས་སྐལ་ལྡན་གྱི་སློབ་མ་བདེ་མྱུར་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འཁྲིད་པར་བྱེད་པ་ལ། ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ། དབང་གི་སྒོ་ནས་སྨིན་པར་བྱེད་པ། ཁྲིད་ཀྱི་སྒོ་ནས་གྲོལ་བར་བྱེད་པ་དང་རྣམ་པ་གསུམ་ལས། ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་ངེས་ཤེས་བསྐྱེད་པའི་ཕྱིར་ལོ་རྒྱུས་ཅུང་ཟད་ཅིག་སྙན་དུ་གསོལ་ན། དེའང་གཏེར་གཞུང་རྩ་བ་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་འདི་སྐད་ཅེས་འབྱུང་སྟེ། ན་མོ་གུ་རུ༔ ས་ཕོ་སྤྲེལ་ལོ་དགུན་ཟླ་ར་བའི་ཚེས་བཅུ་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད༔ བཀྲ་ཤིས་ལ་བྱིན་ཆེ་བ༔ དམ་ཆོས་འདོད་དགུ་འབྱུང་བའི་གླིང༔ བྲག་དམར་འོམ་བུས་གཏིབས་པའི་ཚལ༔ ཆོས་འཁོར་ཆེན་པོ་དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་བར་ཁང་གཡུ་ཞལ་འབར་བ་ཅན་དུ༔ སྐུ་དགྱེས་འཛུམ་མཚན་དཔེའི་གཟི་བྱིན་གྱིས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ༔ གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒོ་མཐའ་ཡས་པ་ཕྱེ་བ༔ ཐུགས་ཀ་དག་འདུས་མ་བྱས་པའི་དབྱིངས་ལས་མ་གཡོས་བཞིན་དུ༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱིས་ཕྲིན་ལས་གཅིག་ཏུ་ལྷུན་གྱིས་གྲུབ་པ་སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོར་བཞུགས་སོ༔ དེའི་ཚེ་དེའི་དུས་ན༔ ལས་ཅན་དག་པའི་འཁོར་མཁྱེན་རབ་ཀྱི་བདག་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༔ དཔལ་ཧེ་རུ་ཀ་ནམ་མཁའི་སྙིང་པོ་དང༔ འཇམ་དཔལ་ཁྲག་འཐུང་སངས་རྒྱས་ཡེ་ཤེས་དང༔ དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་དང༔ གསང་སྔགས་ཆུ་བོ་བཞིའི་བཀའ་བབས་བནྡེ་དྲི་མེད་ཟླ་ཤར་དང༔ མཐུ་སྟོབས་ཀྱི་མངའ་བདག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས༔ བོད་ཁམས་ཕུར་ཐོགས་ཡོངས་ཀྱི་རྗེ་བཙན་རྡོ་རྗེ་བདུད་འཇོམས་རྩལ༔ སློབ་དཔོན་ཉིད་དང་དགོངས་པ་མཉམ་པའི་རྣམ་པར་སྣང་མཛད་བཻ་རོ་ཙ་ན་དང༔ སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལྷ་སྲས་སྐུ་མཆེད་རྣམས་དང༔ རྡོ་རྗེའི་གཟུངས་མར་བཀས་གནང་བའི་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཕྱག་བཙལ་ཏེ་གསོལ་བ་ནི༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ༔ དཀྱིལ་འཁོར་རབ་འབྱམས་ཀྱི་གཙོ་བོར་བཞུགས་པ་ལགས་ན༔ རྒྱུད་ལུང་མན་ངག་གཞན་ལ་མ་ལྟོས་པར༔ ཐུགས་འོད་གསལ་ཆེན་པོའི་ཀློང་ན་རང་བྱུང་དགོངས་པ་ཟང་ཐལ་གྱི་རྒྱུད་མན་ངག་ངེས་པའི་ཚུལ་དུ་བཀས་གནང་བར་ཞུ༔ ཞེས་ཞུས་པ་ན༔ ཞལ་དགྱེས་པའི་འཛུམ་མདངས་སུ་བཞད་ཅིང༔ གསུང་ཚངས་པའི་དབྱངས་ཀྱིས༔ དེ་ལྟར་མཐོང་བ་དང་ཞུས་པ་ནི་ལེགས་ཀྱི༔ རྒྱལ་པོས་དབུ་མཛད་པའི་སྣོད་ལྡན་རྣམས་ཀྱིས་ཇི་ལྟར་འདོད་པ་ཞུས་ཤིག་དང་ངས་བཤད་པར་བྱའོ༔ ཞེས་བཀའ་བསྩལ་ཏེ༔ དེའི་ཚེ་བདག་ཅག་རྣམས་གུས་པ་དང་སྤྲོ་བ་དང་སྤོབས་པ་མཆོག་ཏུ་སྐྱེས་ནས་སླར་གསོལ་བ༔ ཀྱེ་ སློབ་དཔོན་རིན་པོ་ཆེ༔ དེ་ལྟར་རྡོ་རྗེའི་ཚིག་གི་རྒྱུད་ཞལ་གདམས་མན་ངག་གི་ཚུལ་དུ་གནང་བར་དགོངས་པས་བཀྲལ་བ་ནི་བཀའ་དྲིན་ཤིན་ཏུ་ཆེ་ལགས་པས༔ དུས་ད་ལྟ་དང་མ་འོངས་པའི་ཆོས་བྱེད་པ་རྣམས་བར་ཆད་འབྱུང་ན་གང་གིས་སེལ༔ དངོས་གྲུབ་བསྒྲུབ་ན་གང་གིས་སྒྲུབ༔ ལམ་ཐམས་ཅད་གང་གིས་བགྲོད་ཅེས་གསོལ་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ དམ་པའི་ཆོས་ཚུལ་བཞིན་བྱེད་པ་ལ་བར་ཆད་ཀྱི་རྣམ་པ་མཐའ་ཡས་པ་ཞིག་འབྱུང་ནའང༔ དེ་སེལ་བའི་ཐབས་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་ཏེ༔ དེ་ལས་ལྷག་པའི་གདམས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གསུང་མི་གསུང་གསུངས་བར་མི་འགྱུར་རོ༔ བར་ཆད་ཐམས་ཅད་བསལ་ན་དངོས་གྲུབ་ཀྱང་དེས་ཐོབ་པ་ཡིན༔ དེ་ལ་བརྟེན་ནས་ལམ་ཐམས་ཅད་ཀྱང་བགྲོད་པ་ཡིན་པས༔ ཐོག་མར་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་སླད་དུ་བླ་མ་ལ་གསོལ་བ་འདེབས་པ་ཉིད་གལ་ཆེའོ༔ ཞེས་གསུངས་སོ༔ དེ་ཡི་ཚེ་དེའི་དུས་ན་སྔོན་གྱི་ལས་དང་སྨོན་ལམ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་མཐུས་བསྐུལ་ཏེ༔ ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་གྱིས་རིན་པོ་ཆེ་གསེར་གྱི་མཎྜལ་རྒྱ་ཆེན་པོ་ལ་བླ་གཡུ་འོད་འབར་བའི་ཚོམ་བུ་བཀོད་པ་ཕུལ༔ གུས་ཕྱག་དགུ་ཕྲུགས་སུ་བཙལ་ཏེ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྤྱིར་བླ་མ་ལ་གསོལ་བ་བཏབ་ན་འདོད་དགུ་ཐམས་ཅད་འབྱུང་བར་ངེས་ཀྱང༔ ད་རེས་གང་འདོད་ཀྱི་དོན་སྙིང་པོར་དྲིལ་བའི་གསོལ་བ་ཞིག་གདབ་དགོས་པས་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གུ་རུ་རིན་པོ་ཆེ་ཉིད་ལ་གསོལ་བ་འདེབས་པའི་ཚུལ་ཁྱད་པར་ཅན་ཞིག་གསུང་དུ་གསོལ༔ ཞེས་ཞུས་པ་ན༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ལེགས་སོ་ལེགས་སོ་ལྷའི་སྲས་པོ༔ སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ འཛམ་བུའི་གླིང་སྤྱི་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་སླད་ཆེད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་འགྱུར་རོ༔ ཁྱད་པར་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གསོལ་བ་འདི་ལྟར་དུ་ཐོབ་ཅིག༔ ཅེས་གསུངས་ནས་ཕྱག་གཡས་གཡོན་མངའ་བདག་དང་ཁོ་མོའི་སྤྱི་བོར་བཞག༔ ལྷ་སྲས་ཉིད་ལ་དབུ་གཏུགས་ཏེ་ཆོས་ཉིད་དབྱིངས་ཀྱི་རྡོ་རྗེའི་རང་སྒྲས་འདི་སྐད་ཅེས་བཀའ་བསྩལ་ཏེ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཞེས་སོགས་རྡོ་རྗེའི་ཚིག་གིས་གསོལ་བ་འདེབས་པ་གསུངས་ཤིང༔ དེའི་ཚེ་སླར་ཡང་མངའ་བདག་ཡབ་སྲས་ཀྱིས་གསེར་གྱི་མཎྜལ་དང༔ ཟ་འོག་གི་ན་བཟའ་དང༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བླ་ན་མེད་པ་ཕུལ་ནས་ཞུས་པ༔ དེ་ལྟར་གསོལ་བ་འདེབས་པའི་གདམས་པ༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་མཚན་དང་སྐུའི་བཀོད་པ་ལ་བརྟེན་ནས་སྔར་མ་ཐོས་པའི་ངོ་མཚར་གྱི་གསང་བ་རྨད་དུ་བྱུང་བའི་ཚུལ་ཁྱད་པར་ཅན་གནང་བ་ནི་ཤིན་ཏུ་བཀའ་དྲིན་ཆེ་ན༔ ད་དུང་དེ་ལ་བརྟེན་པའི་གནས་སྐབས་དང་མཐར་ཐུག་གི་བར་ཆད་ཐམས་ཅད་ཞི་ཞིང༔ མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་བསམ་པ་བཞིན་དུ་འགྲུབ་པའི་སྒྲུབ་ཐབས་དང་ལས་ཚོགས་ཇི་སྙེད་པ་རྣམས་བདག་ཅག་འདིར་ཚོགས་པ་དང་མ་འོངས་པའི་བོད་འབངས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་ཡོངས་སུ་རྫོགས་པར་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ན༔ གུ་རུ་རིན་པོ་ཆེ་ཉིད་དཀྱིལ་འཁོར་གྱི་གཙོ་མཆོག་རིགས་ཐམས་ཅད་ཀྱི་ཁྱབ་བདག་སྣང་སྲིད་ཟིལ་གནོན་ཆེན་པོའི་ཆ་བྱད་དུ་བཞུགས་པའི་དབུ་གཙུག་ཏུ་ལོངས་སྤྱོད་རྫོགས་སྐུ་དང༔ ཆོས་སྐུའི་སངས་རྒྱས༔ ཕྱོགས་མཚམས་སུ་རིགས་ཀྱི་གཙོ་བོ་བཅུ་གཉིས་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་སྤྲུལ་ནས་སྐད་ཅིག་གཅིག་གི་བྱེ་བྲག་ལས་དབང་བསྐུར་བ་དང༔ རྩ་བའི་གདམས་པ་རྒྱས་བསྡུས་མཐའ་ཡས་པ་ལས་སྐལ་ལྡན་རྣམས་ཀྱི་དབང་པོ་དང་འཚམས་པར་བསྟན་ནས༔ སླར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གུ་རུ་ཉིད་ལ་འདུས༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངང༔ དགོངས་པ་མི་གཡོ་བ་འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༔ ཞེས་གསུངས་ཏེ། དེ་ལྟ་བུའི་ཟབ་རྒྱས་ཀྱི་གདམས་པ་འདི་ལ་རྩ་བ་བུམ་པ་བཅུད་བཀང་ལྟ་བུ། རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ། རྒྱབ་ཆོས་ཟུར་བཀོལ་རིན་པོ་ཆེའི་ཕྲས་བཏབ་པ་ལྟ་བུ། ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུ་སྟེ་སྐོར་ཚོ་ཆེན་པོ་རྣམ་པ་བཞིར་བཞུགས་པ་ལས། ད་ལམ་སྐབས་སུ་བབ་པ་འདི་ནི་རྒྱས་བཤད་མཛེས་པའི་ཁ་རྒྱན་ལྟ་བུ་ཞེས། ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་རིམ་པར་ཕྱེ་བ་དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་གྱི་རིམ་པ་སྒྲུབ་པ་ལ། སློབ་དཔོན་གྱི་བགྱི་འོས་རྣམས་སྔོན་དུ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ལྷག་ཆད་མེད་པར་གྲུབ་ཟིན་པ་དང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་འདེབས་པ། རྒྱུད་སྦྱོང་བ། སྡོམ་པ་བཟུང་བ་རྣམས་རིམ་བཞིན་འབྱུང་བ་ལས། ཐོག་མར་སློབ་དཔོན་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ་དང་ཐ་མི་དད་པའི་སྤྱན་སྔར་ཞིང་ཁམས་ཞིག་འབུལ་བར་ཞུ། ཞེས་མཎྜལ་ཞིག་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་གིས་བཀང་སྟེ་ཐལ་མོ་སྦྱོར་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སྐྱབས་ཀུན་འདུས་ཞལ་གུ་རུ་རིན་པོ་ཆེར༔ གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོང་བ་དང༔ སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས༔ དེ་ནས་རྒྱུད་སྦྱོང་བའི་སླད་དུ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་རྣམ་པ་ལྔ་སྒོམ་ལུང་གི་ཚུལ་དུ་རིམ་བཞིན་འབོགས་པ་ལ། དམིགས་པ་འདི་རྣམས་ཐུགས་གཞན་དུ་མ་ཡེངས་པར་གསལ་འདེབས་པར་ཞུ། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པར་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ། དབུས་མ་ཅུང་ཟད་མཐོ་བའི་སྟེང་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་ཀུན་འདུས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། དེའི་དབུ་གཙུག་ཏུ་རིམ་བཞིན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ་སོགས་རྒྱལ་བ་དགོངས་པའི་བརྒྱུད་པ། མཐའ་སྐོར་དུ་རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བརྒྱུད་པ་གསུམ་ལྡན་གྱི་རིག་འཛིན་བླ་མ་བྱེ་བ་ས་ཡའི་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཆར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སོགས་སངས་རྒྱས་དཀོན་མཆོག །རྒྱབ་ཏུ་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་མིང་ཚིག་བརྡར་བཏགས་གླེགས་བམ་གྱི་གཟུགས་སུ་རང་སྣང་བ། གཡོན་དུ་ཉེ་སྲས་བརྒྱད་དང་འཕགས་པའི་གནས་བརྟན་བཅུ་དྲུག་ཉན་ཐོས་མཆོག་ཟུང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག །མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རྒྱུད་སྡེ་དྲུག་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་ལྷ་ཚོགས། འདབས་རོལ་དུ་དཔའ་བོ་མཁའ་འགྲོ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ། དེ་ཐམས་ཅད་ཀྱང་བླ་མ་ཨོ་རྒྱན་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་རོལ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་ལོར་བྱིན་ཐིབས་སེ་ཞལ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་སྒོ་གསུམ་གུས་པ་ཆེན་པོས། ལུས་ཀྱི་ལས་སུ་ཕྱག་འཚལ། ངག་གི་ལས་སུ་བྱང་འདྲེན་རང་གིས་དྲངས་ཏེ་སྐྱབས་འགྲོའི་ཚིག་འུར་དིར་གྱིས་བརྗོད། ཡིད་ཀྱིས་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་མྱུར་དུ་ཐར་བར་བྱ་བའི་ཕྱིར་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ། སྐྱབས་དང་རེ་ས་བླ་མ་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམས་མ་གཏོགས་གཞན་མེད། དེས་ན་ཅི་མཛད་ཁྱེད་མཁྱེན་སྙམས་པའི་རེ་ལྟོས་ལིང་སྐྱུར་གྱི་སྒོ་ནས་བླ་མ་ལ་འདྲེན་པ། ཡི་དམ་དང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་དང་མཁའ་འགྲོ་ཆོས་སྐྱོང་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བར་དམ་བཅའ་བ་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ ལན་གསུམ། ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ཅིང་། རྒྱལ་བའི་སྲས་ཀྱི་བསླབ་པ་ལ་ཇི་ལྟར་བསླབས་པ་བཞིན་དུ་བདག་གིས་ཀྱང་ཕ་མར་གྱུར་པའི་སེམས་ཅན་འགྲོ་བ་གཅིག་ཀྱང་མ་ལུས་པ་ཐམས་ཅད། རང་ཉིད་སྐྱེ་བ་གྲངས་ཀྱིས་མི་ཆོད་པ་ཞིག་ཏུ་དེ་རྣམས་ཀྱིས། ཕ་མ་ཁྱོ་ཤུགས་མཛའ་བཤེས་གཉེན་འདུན་ཡང་ནས་ཡང་དུ་བྱས། བྱས་པའི་དུས་སུ་ཕན་ཚད་མེད་པ་བཏགས། གནོད་པ་སྒོ་དུ་མ་ནས་བསྐྱབས་པའི་དྲིན་མོ་ཆེ་ཡིན། དྲིན་ཅན་གྱི་མ་རྒན་སེམས་ཅན་དེ་རྣམས་སྡུག་བསྔལ་མཐའ་ཡས་པ་ལས་སྒྲོལ་བའི་ཁུར་རང་ཉིད་ཀྱིས་ཁྱེར་བའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པ་ལ་འགོད་པར་བྱ། དེའི་ཆེད་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་བགྱིའོ་སྙམ་པའི་འབྲས་བུ་ལ་དམ་བཅའ་བ་སྨོན་པ་བྱང་ཆུབ་ཀྱི་སེམས་གཙོ་བོར་བཟུང་བ་འདིའི་རྗེས་ཟློས་མཛོད། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདགས་སླད་དུ་སངས་རྒྱས་བསྒྲུབ་པར་བགྱི༔ ལན་གསུམ། རྒྱུ་ལ་དམ་བཅའ་བ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སྦྱོར་བ་དངོས་གཞི་གཉིས་ལས། སྦྱོར་བ་རྒྱུད་དག་ཅིང་ཚོགས་རྫོགས་པར་བྱ་བའི་སླད་དུ་གསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་བདུན་རྣམ་དག་འབུལ་བ་ལ། ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་རང་གཞན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ། དངོས་སུ་ཅི་འབྱོར་པའི་མཆོད་པ་མཚོན་བྱེད་དུ་བྱས་ཏེ། ཡིད་ཀྱིས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་རྣམ་པར་སྤྲུལ་ཏེ་འབུལ་བའི་དམིགས་པ་དང་། སོ་ཐར་རིགས་བདུན་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སྡེ་སྣོད་གསུམ་གྱི་བཅས་ལྟུང་དང་། རང་བཞིན་གྱི་ཁ་ན་མ་ཐོ་བས་མཚོན། མདོར་ན་ཚེ་རབས་འཁོར་བ་ཐོགས་མེད་ནས་བསགས་པའི་སྡིག་པའི་ཕུང་པོ་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ་བཤགས་འབུལ་བ་དང་། ཉན་ཐོས་རང་རྒྱལ་སངས་རྒྱས་བྱང་ཆུབ་སེམས་དཔའ་སྟེ་འཕགས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་། སོ་སོ་སྐྱེ་བོའི་བསོད་ནམས་ཀྱི་ལས་མངོན་པར་འདུ་བགྱིས་པ་རྣམས་ལ། དགའ་ཞིང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་གདོན་པར་བྱ་བའི་སླད་དུ། སོ་སོའི་བློ་དང་དབང་པོར་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་མང་པོར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་གཟུགས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། དེ་ལྟར་བསགས་པའི་དགེ་བའི་རྩ་བས་མཚོན་བྱེད་དུ་བྱས་ཏེ་འཁོར་འདས་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པས་བྱང་ཆུབ་ཆེན་པོའི་རྒྱུར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་རྣམས་ཚིག་ཕྱིར་ཐུགས་གཞོལ་བས་འདིའི་རྗེས་ཟློས་མཛོད། །ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་སར་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གི་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ དངོས་གཞི་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཚད་མེད་བཞི་ལ་བློ་སྦྱོང་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་འདོད་སྙིང་རྗེ། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་བྱམས་པ། སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་འདོད་པའི་དགའ་བ། ཉེ་རིང་ཆགས་སྡང་སོགས་ཕྱོགས་རིས་དང་བྲལ་བ་བཏང་སྙོམས་པའི་བློ་བསྐྱེད་ནས། སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཕྱིར། གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ དེ་རྣམས་ཀྱིས་ཐེག་ཆེན་སྤྱི་དང་རྡོ་རྗེ་ཐེག་པ་ཐུན་མོང་གི་སྔོན་འགྲོ་སོང་ནས་དབང་བསྐུར་དཀྱུས་ཙམ་ལ་འདི་ནས་སྡོམ་བཟུང་ལ་འཇུག་ཆོག །མཆན། ཐུན་མོང་མ་ཡིན་པའི་རྡོ་རྗེ་ཐེག་པའི་སྔོན་འགྲོ་ཁྱད་པར་བ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་རིམ་འབོགས་པ་ལ། སོ་སོ་རང་རང་གི་དབུ་གཙུག་ཏུ་པདྨ་དང་ཟླ་བའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱི་མཛེས་པ། དེའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྲིལ་བ། གཉིས་ཀའང་ཞི་ཚུལ་དགུའི་ཉམས་ཀྱིས་བརྗིད་པ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྦྲུལ་འཁྱིལ་གྱི་ཚུལ་དུ་འཁོད་པར་མོས་པ་སྦྱོར་བ་རྟེན་གྱི་སྟོབས་གསལ་གདབ་པ་ཡིན་ལ། དེ་ནས་རྣམ་པར་སུན་འབྱིན་པའི་སྟོབས་སྔར་དྲན་པ་དང་མི་དྲན་པའི་སྡིག་པའི་ལས་ཉེས་བྱས་ཐམས་ཅད་ལ་འགྱོད་པ་དྲག་པོ་ཁོང་དུ་དུག་སོང་བ་ལྟ་བུ་སྔོན་དུ་འགྲོ་བས། དངོས་གཞི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་འཁོར་བ་ཐོག་མ་མེད་པའི་དུས་ནས་བྱས་ཤིང་བསགས་པའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་པ་ཞིག་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ་སྙམ་པའི་མོས་གུས་དྲག་པོས་གསོལ་བ་བཏབ་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ་བས། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། དོན་གཉིས་བྱས་ཚུར་འདུས་པ་དང་ལྷན་ཅིག་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང་། ཡབ་ཡུམ་གཉིས་ཀའི་སྐུ་ལུས་ཀྱི་ནང་ཐམས་ཅད་གང་། རིམ་བཞིན་ཡབ་ཀྱི་རྡོ་རྗེ་དང་ལྷག་པར་ཡུམ་གྱི་པདྨ་ནས་བདུད་རྩིའི་ཆུ་རྒྱུན་ཤུགས་དྲག་ཏུ་བབས་བདུད་རྩིའི་རྒྱུན་ཆ་གཉིས་སུ་གྱུར་ཏེ། རང་ཉིད་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ཕྱི་ནང་བཀྲུས། གདོན་ཐམས་ཅད་སྲོག་ཆགས་ནད་ཐམས་ཅད་རྣག་ཁྲག །སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པས་འོག་སྒོ་ནས་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་དེད་ནས། རང་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་སྟོང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། སླར་ཡང་བདུད་རྩིའི་མེར་ཁྲིགས་ཀྱིས་གང་བར་བསམ་ལ་དཔོན་སློབ་ལྷན་ཅིག་པས་ཡི་གེ་བརྒྱ་པ་བཟླ་བར་ཞུ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་བདུན་ཡན་ཅི་འགྲུབ་བཟླ། དེ་ལྟར་བདུད་རྩི་འབེབ་སྦྱོང་གི་དམིགས་པ་ལ་བརྟེན་ནས། སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པ་སྟེ། མཐར་སྡོམ་སེམས་བརྟན་པོས་དམ་བཅའ་བཟུང་བ་སོར་ཆུད་པའི་སྟོབས་ནི། སྡིག་པའི་ལས་ལ་གནོང་འགྱོད་དྲག་པོ་ཡོད་ན་སྡོམ་སེམས་བརྟན་པོ་མཐའ་བཙན་པ་འབྱུང་བའང་ཆོས་ཉིད་ཡིན་པས་སྔར་བྱས་ཉེས་པ་མཐོང་ལགས་ཀྱིས་ད་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེ་བའི་ལས་མི་བྱེད་དོ་སྙམ་པས་ཞེ་དམ་དྲག་པོ་བཅས་ཏེ་བདེ་མཆོག་གི་རྒྱུད་ཨ་བྷི་དྷ་ནའམ་མངོན་བརྗོད་བླ་མ་ལས་འབྱུང་བའི་གདུང་དབྱངས་སྨྲེ་སྔགས་ཀྱི་བཤགས་ཚིག་འདིའང་གསུང་བར་ཞུ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་ཤིང་འཛུམ་པ་དང་བཅས་པས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་དག་པ་ཡིན་ནོ། །ཞེས་རྡོ་རྗེའི་ལུང་གིས་དབུགས་དབྱུང་ཞིང་གནང་བས་ཕྱིན་ཆད་སྲོག་ལ་བབ་ཀྱང་དེ་ལྟ་བུའི་ལས་ལ་མ་འཇུག་ཅིག་ཅེས་རྗེས་སུ་གདམས་པར་མཛད་ནས། རྡོར་སེམས་འོད་དུ་ཞུ་ཁྱོད་རང་ལ་གཉིས་སུ་མེད་པར་ཐིམ་པས་ཁྱོད་རང་རྣམས་ཀྱང་སྣང་སྟོང་ཟུང་འཇུག་བདེ་ཆེན་རྡོ་རྗེ་སེམས་དཔའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནས་མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་མཎྜལ། འབུལ་བའི་སླད་དུ། སྔར་གསལ་བཏབ་བཞིན་པའི་ཚོགས་ཤིང་དེ་རྣམས་འབུལ་ཡུལ་དུ་བྱས་ཏེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་མ་ཚང་བ་མེད་པའི་རྣམ་པར་བློས་བླངས་ཏེ་འབུལ་བ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། རང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་དབང་རྟེན་ཁོག་པ་དང་བཅས་པ་མཆོད་པའི་རྫས་སུ་སྤེལ་ཏེ་འབུལ་བ་ནང་རྡོ་རྗེའི་ལུས་ཀྱི་མཎྜལ། དེ་ལྟར་མཎྜལ་དེ་ཐམས་ཅད་ཀྱང་རང་གི་བློས་ཕར་སྒྲོ་བཏགས་ཙམ་མ་གཏོགས་དོན་རང་གི་ངོས་ནས་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་གསང་བ་བྱང་ཆུབ་སེམས་ཀྱི་མཎྜལ་ཏེ། མཎྜལ་གསུམ་པོ་ཕྲུགས་གཅིག་ཏུ་ཕུལ་བའི་དམིགས་པ་དང་། འབུལ་ཡུལ་འབུལ་མཁན་འབུལ་རྒྱུའི་དངོས་པོ་དང་འབུལ་བའི་བྱ་བ་དང་བཅས་མཎྜལ་འབུལ་བར་ཞུ། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་པ་ཙམ་མམ། ཡང་ན། ས་གཞི་སྤོས་བྱུག་མ་སོགས་ལྷན་ཅིག་པས་བརྗོད། དེ་ལྟར་ཕྱི་ནང་གསང་བའི་མཎྜལ་ཕུལ་བས། ཐབས་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་ཐབས་བྱུང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་རྫོགས་པ་ལ་བརྟེན་ནས་མི་རིང་བར་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཉེར་ལེན་དུ་འགྱུར་བ་ཡིན་ནོ། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ནི། མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ་སེང་ཁྲི་པད་ཉི་ཟླ་བ་བཞི་བརྩེགས་ཀྱི་གདན་ལ། ངོ་བོ་རྩ་བའི་བླ་མ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་བདག་ཉིད་ཆེན་པོར་བཞུགས་པའི་དབུ་གཙུག་དང་མཐའ་སྐོར་ཀུན་ཏུ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཞལ་མངོན་སུམ་བཞིན་དུ་བཞུགས་ཡོད་སྙམ་པ་ཕྱི་ཁྲོམ་ཚོགས་ཀྱིས་གསལ་འདེབས་པ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་ཏེ། སྐུ་གསུམ་གྱི་བླ་མ་མཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་པར་མོས་པ་ནང་མཐོ་བརྩེགས་ཀྱི་ཚུལ་དུ་གསལ་འདེབས་པ། རྩ་བའི་བླ་མ་རིགས་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ནི་སྐུ་དགེ་འདུན་ཀུན་འདུས། གསུང་དམ་ཆོས་ཀུན་འདུས། ཐུགས་སངས་རྒྱས་ཆོས་ཀྱི་སྐུ་དང་དགོངས་ཀློང་རོ་གཅིག་པས་ན་ཡི་དམ་དང་སངས་རྒྱས་ཀུན་འདུས། ཡོན་ཏན་ནོར་ལྷ་ཀུན་འདུས། ཕྲིན་ལས་མཁའ་འགྲོ་དང་ཆོས་སྐྱོང་ཀུན་འདུས་ཏེ། གསང་བ་ཀུན་འདུས་ནོར་བུ་ལུགས་སུ་གསལ་འདེབས་པ་ཡིན་ལ། མདོར་ན་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། གསང་བ་ལྟར་ན་སྐུ་གསུམ་དབྱེར་མེད་ཁྱབ་བདག་ཆེན་པོར་བཞུགས་པས། ཡོན་ཏན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད་དེ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་མཛད་བླ་མ་ཨོ་རྒྱན་རིན་པོ་ཆེ་ཁྱེད་མཁྱེན། སྐྱབས་དང་རེ་ས་མགོན་དང་དཔུང་གཉེན་རྩ་བའི་བླ་མ་རིན་པོ་ཆེ་ཁྱེད་མ་གཏོགས་གཞན་མེད། བྱང་ཆུབ་ལམ་གྱི་བར་ཆད་ཐམས་ཅད་སེལ་བ་དང་། ས་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་མཐར་ཐུག་རིག་འཛིན་བླ་མ་མཆོག་གི་གསང་བ་གསུམ་དང་དབྱེར་མེད་པར་བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ་སྙམ་པས་ཁྱེད་ཤེས་མོས་གུས་དྲག་པོས་བློ་གཏད་ལིང་སྐྱུར་གྱི་སྒོ་ནས་གསོལ་བ་འདེབས་པ་རྡོ་རྗེའི་ཚིག་རྐང་དྲུག་པ་འདི་གསུང་བར་ཞུ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ སོགས་ལན་ཁ་ཤས་བརྗོད་དུ་གཞུག །ད་དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་སྡོམ་པ་བཟུང་བའི་སླད་དུ། སྔར་གསལ་བཏབ་པའི་ཚོགས་ཞིང་དེ་དག་དང་སློབ་དཔོན་ཉིད་དཔང་པོའི་ཚུལ་དུ་བྱས་ཏེ། སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་དང་དམ་ཚིག་ཐམས་ཅད་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་བསྲུང་། དུས་སྐབས་གང་གཙོའི་ལག་ལེན་གཙོ་བོར་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ལྟར་རྒྱུད་སྡོམ་པ་དང་ལྡན་པར་བྱས་ནས༔ དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སྤྱན་དམིགས་འདི་ལྟར་དུ་གསལ་ཐོབ་མཛོད། ཨོཾ་ཧ་ཡ་གྲཱི་བས་བསང་། སྭ་བྷཱ་ཝས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་པདྨ་དྲྭ་བའི་ཞིང་དང་གཞལ་ཡས་ཁང་ཕུན་སུམ་ཚོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་སྣང་སྲིད་རིག་འཛིན་བླ་མའི་ཕྱག་རྒྱར་བསྒྲུབ་པའི་སླད་དུ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿཡིག་དཀར་ལ་དམར་བའི་མདངས་ཆགས་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་ནས་སྐད་ཅིག་གིས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཟིལ་གནོན། སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་སྟབས་སུ་གདེངས་ཤིང་། གཡོན་མཉམ་གཞག་གི་སྟེང་བདུད་རྩིའི་ཐོད་བུམ་ཡིད་བཞིན་ནོར་བུས་ཁ་བརྒྱན་ཏེ་བསྣམས་པ། སྐུ་ལ་གསང་གོས་དཀར་པོ། ཕོད་ཆེན་མཐིང་ཁྲ །ཆོས་གོས་རྣམ་གསུམ་དམར་སེར། དབང་གི་བེར་ཆེན་སྨུག་པོ་རྣམས་བརྩེགས་མར་མནབས་པ། དབུ་ལ་པདྨ་མཐོང་གྲོལ་རྡོ་རྗེ་ཕྱེད་པའི་ཏོག་ཅན་རྒོད་ལྡེམ་དར་སྣ་མེ་ལོང་རྨ་བྱའི་མདོངས་སྒྲོས་བརྒྱན་པ་གསོལ་ཞིང་སྣང་སྲིད་འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས་པའི་ཀློང་ན་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་བ། ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པའི་སླད་དུ། སླར་ཡང་སློབ་དཔོན་ལ་གུས་འདུད་དྲག་པོ་དུང་བ་ཞིག་མཛད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེའི་ཡེ་ཤེས་འགུགས་པའི་འོད་ཟེར་ལྕགས་ཀྱུའི་རྡུལ་ཕྲན་གྲངས་མེད་པར་ཤར་གྱིས་འཕྲོས། ཆོས་དབྱིངས་རྒྱས་པར་འགེངས་པའི་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་རྣམས་དང་། ཁྱད་པར་ལྷོ་ནུབ་རྔ་ཡབ་དཔལ་རི་པདྨ་འོད་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང། རང་སྣང་ལོངས་སྐུའི་ཞིང་ཁམས་འོག་མིན་པདྨ་དྲྭ་བ་ནས་སྐུ་གསུམ་བླ་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། གསང་བ་གསུམ་ལས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་གི་གནས་གསུམ་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་བྱུང་སྙམས་པའི་མོས་པ་བརྟན་པོ་གནང་བར་ཞུ། སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ་ཧྲཱི༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔་་་ཐུགས་སྒྲུབ་དགོངས་པ་ཀུན་འདུས་སོགས་ལས་གསུངས། དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་ལྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་དཔའ་བོ་ཕོ་རྒྱུད་སྤུངས་སེ་སྤུང༔ གཡོན་ན་མོ་རྒྱུད་མཁའ་འགྲོ་ཤ་ར་ར༔ བར་སྣང་ཐམས་ཅད་དར་དུ་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་བོའི་བཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང༔ སྒྲུབ་པའི་གནས་མཆོག་འདི་རུ་བྱིན་ཕོབ་ལ༔ རྣལ་འབྱོར་སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་ཐམས་ཅད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་ཐོད་ཕྲེང་རྩལ་གྱི་སྔགས་མཐར། སཏྭཾ་བྷ་ཡ༔ རཱ་རཱ་རཱ་རཱ༔ ཙ་ལ་ཡ་ཙ་ལ་ཡ༔ ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཨ་ཛྷཻཾ༔ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད༔ ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་འཐོར། དེ་རྣམས་ཀྱིས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་སྔོན་དུ་སོང་ནས། དངོས་གཞི་དབང་བསྐུར་བ་སྐབས་ཕྱེ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱིས་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་བཏབ་པས། འཁོར་གྱི་ཚོགས་ཞིང་རྣམས་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རིགས་ཀུན་ཁྱབ་བདག་བླ་མ་ཨོ་རྒྱན་རིན་པོ་ཆེ་ལ་ཐིམ། བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། མཆོད་ཅིང་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྒྲོལ་བའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དབང་བསྐུར། སེམས་དཔའ་སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་ཅིང་མེ་ཏོག་གི་ཆར་འབེབ། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་དྲག་ཤུལ་གྱི་རོལ་པས་བགེགས་བསྐྲད་ཅིང་། ཀུན་ཀྱང་དབང་གི་བྱ་བ་ལ་ཐུགས་མངོན་དུ་ཕྱོགས་པའི་མོས་པ་མཛོད། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་བྱ། དེ་ལྟར་ཤིས་པ་བརྗོད་པ་སྔོན་དུ་སོང་ནས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་འཁྲུད་ཅིང་གཏོར་བར་བྱས། སྐུ་དང་ཡེ་ཤེས་ཀྱི་ས་བོན་ཡེ་ནས་རང་ཆས་སུ་གནས་པ་དེ་ཉིད་སད་ཅིང་ནུས་པ་མཐུ་ཅན་དུ་གྱུར་པའི་མོས་པ་མཛོད། ཨོཾ་ ཏིལ་གྱི་གོང་བུ་བཞིན་གང་བའི༔ རྒྱལ་བས་བུམ་པ་བཟུང་ནས་ནི༔ སངས་རྒྱས་རྡོ་རྗེའི་སྐུ་འགྲུབ་ཕྱིར༔ བཀྲ་ཤིས་བུམ་པའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། ཞེས་གསུང་ཞིང་དབང་བསྐུར་པས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཉོན་མོངས་པ་ལྔ་ཡི་དྲི་མ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། དབང་རྟགས་སུ་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་ཞིང་སྔགས་ཚིག་གིས་ཀྱང་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་མེ་ཏོག་འཐོར། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །གསང་དབང་གི་སླད་དུ། བླ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་གྱི་རྣམ་པར་བཞེངས་ཏེ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ལྕེ་ཐོག་ཏུ་བཞག་པར་གྱུར་པའི་མོས་པས། ཨཱ༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀུན༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་ཆུས༔ སངས་རྒྱས་རྡོ་རྗེའི་གསུང་འགྲུབ་ཕྱིར༔ བདེ་ཆེན་གསང་བའི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐོད་པའི་བདུད་རྩི་དེ་བླུད། ཞེས་བྱིན་པའི་བདུད་རྩི་དེ་ཉིད་ཨོཾ་ཨཱཿཧཱུྃ་བརྗོད་པ་དང་ལྷན་ཅིག་མྱངས་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཤེར་དབང་གི་སླད་དུ། བླ་མའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར་པའི་མོས་པས་དྲིལ་བུའི་བརྡ་ཐབས་བསྟན་ལ། ཧཱུྃ༔ དགའ་བའི་གནས་སྦྱིན་ལྷ་མོ་ནི༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མས༔ སངས་རྒྱས་རྡོ་རྗེའི་ཐུགས་འགྲུབ་ཕྱིར༔ ཤེས་རབ་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་རྒྱ་དང་འདུ་ཤེས་གསུམ་ལྡན་གྱིས་མཉམ་པར་སྦྱར་པས་དགའ་བ་བཞིའི་རིམ་པས་མཚོན་བྱེད་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་པད་སྐོར་སྔོན་དུ་འགྲོ་བས་ཕྱག་གཉིས་ཐུགས་ཀར་འཁྱུད་རྒྱ་དང་བཅས་ང་རྒྱལ་བཟུང་བའི་སྔགས་ཚིག་འདིའི་རྗེས་ཟློས་ཀྱང་མཛད་པར་ཞུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དབང་བཞི་པའི་སླད་དུ། བླ་མ་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་གྱུར་པའི་མོས་པ་མཛོད། ཨ༔ བདེ་བའི་རང་བཞིན་སྟོང་པ་ཉིད༔ ཟུང་འཇུག་དགོངས་པའི་རྩལ་ཆེན་པོས༔ སངས་རྒྱས་ཡེ་ཤེས་མངོན་འགྱུར་ཕྱིར༔ བསམ་གྱིས་མི་ཁྱབ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ བྱིན་རླབས་འཕོ་བའི་རིམ་པས་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་མངོན་སུམ་དུ་མཐོང་བར་མོས་ལ་རིག་པ་མ་བཅོས་པའི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ཞུ། དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དེ་ལྟར་དབང་བཞི་རྫོགས་པར་བསྐུར་ནས། མཐའ་རྟེན་དུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱི་འབྱོར་པ་དང་བཅས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་མངའ་གསོལ་བའི་མོས་པ་མཛོད། བཅོམ་ལྡན་ཤཱཀྱ་སེངྒེ་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལམ་ཀུ་རུ་ཨ་བྷི་ཥིཉྩ་མི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་དཔའི་ཚོགས་ལ་མངའ་གསོལ་བས༔ འཇིག་རྟེན་ཀུན་ལ་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྒྱལ་གྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་པར་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ སླར་ཡང་ཤིས་པར་བྱ་བའི་སླད་དུ། ནམ་མཁའ་གང་བའི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་མན་དཱ་ར་བའི་ཆར་སིལ་མར་བསྙིལ་བས་དགེ་ལེགས་ཀྱི་སྣང་བ་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་ཁྱབ་ཅིང་རྟག་པར་བྱས་པའི་མོས་པ་མཛོད། ཞལ་ནས་གསུངས་པའི་ཤིས་བརྗོད་ཇི་ལྟར་རིགས་པ་དང་ཆོ་གའི་མཇུག་ནས་འབྱུང་བའི་ཤིས་བརྗོད་བྱ། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་རྗེས་སུ་འབྲེལ་བའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ཏེ། དམ་ཚིག་ཁས་ལེན་གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་བྱས་ནས་སློབ་མ་རྣམས་རང་གནས་སུ་བཏང་། གསུམ་པ་ནི། སློབ་དཔོན་གྱིས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བླ་མ་མཆོད་པ་བྱིན་རླབས་ཆར་འབེབས་ལྟར་བྱས་པས་གྲུབ་བོ། །རྡོ་རྗེ་ཐེག་པའི་རིམ་གཉིས་རྣལ་འབྱོར་གྱི། །ཡོན་ཏན་གང་སྐྱེས་བླ་མའི་བྱིན་རླབས་ལས། །བྱུང་ཞེས་རྒྱུད་སྡེ་ཀུན་གྱི་དགོངས་པ་མཐུན། །དེ་ཡི་རྩ་བ་མོས་གུས་ཉིད་ལ་ཐུག །མོས་གུས་བླ་མའི་རྣལ་འབྱོར་གནད་བསྣུན་ན། །ཚེ་འདིར་མཆོག་དངོས་ཐོབ་པར་གདོན་མི་ཟ། །དེ་ཉིད་རྒྱས་པར་ཕྱེ་བའི་ཆོ་ག་ནི། །ཕྱི་ལྟར་གསོལ་འདེབས་ཚུལ་དུ་སྒྲུབ་པ་སྟེ། །དེ་ཡི་དབང་བསྐུར་གསལ་བར་བཀོད་པའི་དགེ །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་ཡིས། །བདག་གཞན་མཁའ་མཉམ་ཡིད་ཅན་རྒྱ་མཚོ་ཀུན། །སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཆོས་ཀྱི་རྗེས། །བྱང་ཆུབ་བར་དུ་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བླ་མ་མཆོག་གི་ཞལ་སྔ་ནས་ཚུལ་འདིའི་དབང་བསྐུར་ལེགས་པར་ཐོབ་པའི་མཇུག་ཐོག་དེར་འདི་ལྟ་བུ་བྲིས་ཤིག་ཅེས་བཀའ་ལུང་ཚངས་གནས་སུ་སོན་པ་གུས་པས་མཆོད་དེ་དམ་པ་གང་གི་སློབ་གྲལ་བ་འགྱུར་མེད་ཚེ་དབང་གྲགས་པས་ཁྲིགས་སུ་བསྡེབས་པ་སརྦ་དཱ་མངྒ་ལཾ།། །།
མཆོག་གླིང་ཟབ་བདུན་ཚེ་དཀར་མཚམས་སྦྱོར་ (Volume 20, Text 53)
ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་པ་རི་མི་ཏ་ཡཻ། གཏེར་གསར་ཚེ་དཀར་ལས་བྱང་གི་སྐྱབས་འགྲོའི་གོང་དུ། རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་པདྨ་ཚེ་དཔག་མེད་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པར་གྱུར། ན་མོ༔ བླ་མ་རིག་འཛིན་སོགས། ༈ སྔོན་གཏོར་གྱི་གོང་དུ། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་གཟི་བྱིན་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར། ཨོཾ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོ་སོའི་ཡིད་དང་མཐུན་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། བཅུད་འདོད་ཡོན་གྱི་དངོས་པོ་དབང་པོ་ལྔའི་ཡུལ་དུ་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་ནུས་པའི་རང་བཞིན་དུ་གྱུར། རྒྱ་བཅས། ཨོཾ་ཨཱཿཧཱུྃ། གསུམ། ཧ་ཧོཿཧྲཱིཿ གཅིག །སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ སརྦ་བིགྷྣཱན་ན་མཿསོགས་ནས། ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། གསུམ་གྱིས་བསྔོས་ལ། ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་སངས་རྒྱས་སོགས་ཀྱིས་བཀའ་བསྒོ། ༈ མཆོད་པ་བྱིན་རླབས་སྐབས་སུ། རཾ་ཡཾ་ཁཾ་གིས་བསང། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་རྒྱ་ཚད་བཀོད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པའི་ཕྱོགས་ཀུན་ཏུ། མཆོག་གི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་སྟེ་མངོན་པར་འཕགས་པའི་ལྷ་རྫས་ལས་གྲུབ་པའི་ཉེ་བར་སྤྱོད་པ་རྣམས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པའི་ཡོན་ཏན་ལྔ། རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན། བཀྲ་ཤིས་པའི་རྟགས་བརྒྱད། རྡོ་རྗེའི་ལྷ་མོ་བཅུ་དྲུག །དུག་ལྔ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདུད་རྩི། སྐྱེ་ཤིའི་རྩ་བ་བཅད་པའི་དམར་ཆེན་གྱི་རཀྟ། འདོད་ཡོན་སྤྲིན་ཕུང་འཕྲོ་བའི་རྨད་བྱུང་གི་གཏོར་ཆེན། དགའ་བཞིའི་ཡེ་ཤེས་སྐྱེད་པའི་བདེ་ཆེན་གྱི་རོལ་མོ། ཚེ་དབང་དངོས་གྲུབ་སྟེར་བའི་འཆི་མེད་ཀྱི་བཏུང་བ་ལ་སོགས་པ་ཚེ་དང་ཡེ་ཤེས་ཀྱི་ནུས་མཐུ་རྒྱས་པར་བྱེད་པའི་རྡོ་རྗེའི་དམ་ཚིག་གི་མཆོད་པའི་སྤྲིན་ཕུང་མཁའ་དབྱིངས་ཀུན་ཏུ་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། ༈ ཚོགས་ལྷག་སྐབས། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའི་ཁམས་གང་བར་གྱུར། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་སོགས། རྗེས་ཆོག་སྐབས་གཤེགས་གསོལ་མི་བྱ་བར། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། ཞེས་པའང་གུ་ཎས་ཞབས་ཏོག་ཏུ་སྤེལ་བ་དགེ་ལེགས་འཕེལ།། །།
གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའ་བོའི་གད་རྒྱངས་ (Volume 36, Text 53)
༄༅། །གཅོད་ཡུལ་སྟན་ཐོག་གཅིག་མའི་གདམས་པ་དཔའ་བོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། བ་སྤུ་གཅིག་དགེ་དངོས་ཀྱིས་སངས་རྒྱས་ཀུན། །མཉེས་བྱས་ནུས་གཟུགས་མ་ཚང་མེད་གསལ་བའི། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཤེས་རབ་ཕ་རོལ་ཕྱིན་ཡུམ་དེ་ལ་འདུད། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །ཕྱི་ནང་བདུད་སྡེའི་གཉེན་པོར་དཔའ་བའི་གཤེད། །ཟབ་དོན་གཅོད་ཡུལ་གདམས་པའི་སྙིང་པོ་ཀུན། །ཡོངས་ཚང་སྟན་ཐོག་གཅིག་མའི་ཉམས་ལེན་བྲི། །དེ་ཡང་། རྒྱལ་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མན་ངག་ཟབ་དོན་གཅོད་ཡུལ་གྱི་གདམས་པ་མཐའ་དག་གི་དོན་སྟན་ཐོག་གཅིག་མར་ཉམས་སུ་ལེན་པའི་ཚུལ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། དབང་གིས་རྒྱུད་ཡོངས་སུ་སྨིན་ཅིང་ཅིར་སྣང་སེམས་སུ་ཤེས་པའི་ངོ་སྤྲོད་ཀྱི་རྒྱས་ཐེབས་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་པའི་གང་ཟག་གིས། གནས་དུར་ཁྲོད་དང་ལུང་སྟོང་སོགས་སྐྱོ་འཇིགས་ཀྱི་སྣང་བས་ཡིད་འཁུལ་བར། དུས་ནི་སྤྱིར་ཉམ་ང་དང་ནད་གདོན་རྐྱེན་ངན་དྲག་པོ་བྱུང་བ་དང་། ཁྱད་པར་མཚན་མོ་སོགས་བྲེད་འཇིགས་ཀྱི་རྟོག་པས་རང་རྒྱུད་འཁྲུལ་པའི་ཚེ། ལྷ་འདྲེ་ལ་དོ་བསྡོ་འགྲས་འཚོལ་སྙམ་དུ་མི་སེམས་པར་གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་བསམ་པས་ཟླ་གྲོགས་ལག་ཆ་སོགས་ཀྱིས་སྙེམས་པ་མེད་པར་འགྲོའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ནི། རང་གི་སྤྱི་བོར་པདྨ་ཟླ་བའི་གདན་ལ། ཆོས་སྐུ་ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་མ་གཅིག་ཇོ་མོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་ཌཱ་མ་རུ་དང་གཡོན་དྲིལ་བུ་འཁྲོལ་བའི་སྟབས་སུ་འཛིན་པ། དབུ་སྐྲ་སྐུ་རྒྱབ་ཏུ་བསྙིལ་ཞིང་གཅེར་བུ་དར་གྱིས་སྨད་དཀྲིས་ཅན་ཕྱག་རྒྱ་ལྔས་བརྒྱན་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་མཐར་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟར་བཀྲ་ལམ་གྱིས་བཞུགས་པར་བསམ་ལ། ངག་ཏུ། ན་མོ་གུ་རུ། ཤེས་རབ་ཕ་རོལ་ཕྱིན་མ་རྒྱལ་ཡུམ་དང་། །གཉིས་མེད་མ་གཅིག་ཇོ་མོ་མཁའ་འགྲོའི་གཙོ། །ཟབ་དོན་གཅོད་ཡུལ་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བདག་གི་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པར་འབུལ་ལོ་བཞེས་ནས་ཀྱང་། །འགྲོ་ཀུན་དོན་དུ་བདག་འཛིན་བློས་ཐོང་ཞིང་། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་ཆིག་ཆོད་རྟོགས་པ་དང་། །རྐྱེན་ངན་ལམ་དུ་ལོང་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། དེ་ནས་ལུས་ཀྱི་རྩ་བཞི་གློད་ནས་ཉལ་ལ་རང་ལུས་ཤིན་ཏུ་ཆེ་བ་བརྗིད་དང་ལྡན་པའི་མགོ་བོས་ལུང་པའི་ཕུ། རྐང་པས་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱིས་ཕན་ཚུན་གྱི་ཡུལ་གྲུ་རྣམས་མནན་པར་བསམ་ལ། ངག་ཏུ་འཁོར་བའི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ཉིད་ལས་ནམ་ཡང་གཡོ་བར་མི་བྱའོ། །ཞེས་བརྗོད་ཅིང་དེ་དོན་རྒྱུད་ལ་འགེལ། དེས་ལྷ་འདྲེ་འབྲོས་པ་དང་མགོ་སྐོར་ཚར་ཚད་མི་འབྱུང་། དེ་ནས་དབྱིངས་རིག་བསྲེ་བ་ནི། རང་གི་རྐང་པའི་མཐིལ་དུ་རྣམ་ཤེས་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ་ཞིག་མོས་པ་དེ་ཁོང་པའི་ནང་བརྒྱུད་སྤྱི་བོར་རྒྱང་གིས་ཐོན་པ་འོད་དུ་ཡལ་བས་ནམ་མཁས་གར་ཁྱབ་ཏུ་རིག་པས་ཁྱབ་ཅིང་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་གཞག་གོ །ཡི་གེ་རྙིང་པར་སྙིགས་མའི་སྒྱུ་ལུས་འདིར་མཆོད་སྦྱིན་བྱེད་ཀྱང་ཞལ་ཤེས་སྙན་བརྒྱུད་ལྟར་དཀར་འགྱེད་ནི། རང་གི་ལུས་འདི་ཆེ་བརྗིད་ཚོ་སྣུམ་ཡིད་དུ་འོང་བ་ཞིག་ཏུ་གསལ་བའི་སྙིང་ག་ནས་རྣམ་ཤེས་རྣལ་འབྱོར་མ་གྲི་ཐོད་འཛིན་པ་ཞིག་མདུན་གྱི་ནམ་མཁར་ཐོན་པའི་གྲི་གུག་གིས་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ་མདུན་དུ་བཀོད། ཤ་རུས་རྣམས་དུམ་བུར་བཅད་ནས་དེའི་ནང་དུ་བླུགས་པ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ཟག་མེད་ཀྱི་བདུད་རྩིར་སྦར་ཏེ། ནམ་མཁའ་གང་བར་སད་པའི་རྩ་བརྒྱུད་ཀྱི་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་གཡོན་པའི་ཐོད་ཕོར་གྱིས་ཨོཾ་ཨཱཿཧཱུྃ་ཞེས་རིམ་པར་སྟོབ་པས་དགྱེས་པར་བསམ་ལ། གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བར་གྱུར་ཅིག །ཅེས་བརྗོད་ཅིང་སྟོང་ཉིད་ཀྱི་ངང་ལ་མཉམ་པར་གཞག །དམར་འགྱེད་ནི། སྒྱུ་ལུས་དང་རྣམ་ཤེས་རྣལ་འབྱོར་མར་གསལ་བ་སྔར་བཞིན་ནམ་མཁར་ཐོན་གཡས་པའི་གྲི་གུག་གིས་སེམས་དང་བྲལ་བའི་ལུས་ཀྱི་པགས་པ་བཤུས་ནས་དམར་ཆལ་གྱིས་བཏིང་པའི་ཁར། མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབས། དབང་པོ་ནང་རོལ་རྣམས་བཏོན་ནས་མདུན་དུ་སྤུངས་པ་ཤ་རུས་ཀྱི་རི་བོ་ཁྲག་ཞག་གི་རྒྱ་མཚོ་ཁོར་ཡུག་འཇིག་རྟེན་ཐམས་ཅད་གང་བར་དམིགས་ལ་རྣམ་ཤེས་ཀྱི་ངོ་བོ་རྣལ་འབྱོར་མས། གནོད་བྱེད་ཀྱི་གཙོ་བྱས་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཤ་ཁྲག་གི་དགའ་སྟོན་ལ་འདིར་འདུས་ཤིག །ཕཊ྄ཿ ཅེས་བརྗོད་པས་ལྷ་འདྲེ་ནམ་མཁའ་གང་བ་ཙམ་རང་གི་མདུན་དུ་འདུས་པར་བསམ་ལ། དེ་རྣམས་ལ་སྒྱུ་ལུས་ཀྱི་ཤ་ཁྲག་ཐམས་ཅད་གང་ལ་གང་འདོད་དུ་བྱིན་པས་ཧབ་ཏིར་གྱིས་ཟོས་བཏུང་ལྷག་མ་རྣམས་ཁྱེར་བར་བསམ་ལ། ད་ནི་ལུས་འདི་ལ་ཞེན་པ་རྡུལ་ཙམ་ཡང་མི་བྱེད་པས་ཤ་ལ་དགའ་ན་ཤ་ཟོ། ཁྲག་ལ་དགའ་ན་ཁྲག་ཐུངས། རིངས་ན་ད་ལྟ་ཟོ། མི་རིངས་ན་ཚོས་ལ་ཟོ། ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཕཊ྄ཿ ཅེས་བློས་ལིང་གིས་བཏང་ལ། ངག་ཏུ་ཡང་དེ་ལྟར་བརྗོད། ལྟོས་མེད་ཀྱི་ངང་དུ་ལྷོད་ཀྱིས་གློད། ཁྲེས་སེ་བོར་ལ་འཇོག །འཇིགས་པ་དང་ཉམ་ང་བ་བྱུང་རེས་ཀྱིས་དེ་ལྟར་བྱ། ད་ལུས་ནི་སྣང་སྲིད་ལྷ་འདྲེ་ལ་སྦྱིན་པར་བཏང་ནས་མེད། སེམས་ནི་ཁྱོད་ལས་ང་རང་གིས་ཀྱང་མ་མཐོང་། གཞི་མེད་རྩ་བྲལ་སྟོང་ཞིང་བདག་མེད་པ་ཡིན་ནོ། །ཞེས་བདག་དང་ལྷ་འདྲེ་གཅོད་ཡུལ་གསུམ་ཀ་ཡིད་ལ་མི་བྱེད་པར་སྟོང་པ་གསུམ་གྱི་ངང་ལ་མཉམ་པར་གཞག་གོ །དེ་ལྟར་ཉམས་སུ་བླངས་པས་ཆོ་འཕྲུལ་གསུམ་འབྱུང་སྟེ། མངོན་སུམ་དུ་ལྷ་འདྲེས་གཟུགས་མི་སྡུག་པ་སྣ་ཚོགས་སྟོན་ཅིང་ང་རོ་འབྲུག་ལྟར་སྒྲོག་པས་སྡིགས་བསྐྲད་དང་ཚམ་རྔམ་བྱེད་པ་དང་། གཟི་བྱིན་གྱིས་ལུས་འདར་ཞིང་རྔུལ་བ་དང་། ཡང་ཞིང་གཡོ་ལ་སྐད་མི་ཐོན་པ་དང་། རྨི་ལམ་ནི་འཇིགས་སྐྲག་ཅན་སྣ་ཚོགས་སྣང་བའོ། །དེ་ལྟར་གཅད་བྱའི་ཆོ་འཕྲུལ་གསུམ་པོ་གཅོད་བྱེད་ཀྱི་གདམས་པ་གསུམ་གྱིས་བཅད་དེ་རབ་གཏད་མེད། འབྲིང་གཏད་སྒོམ། ཐ་མ་དཔྱད་སྒོམ་མོ། །དང་པོ་ནི། ཆོ་འཕྲུལ་གང་བྱུང་ཡང་བརྟག་དཔྱད་མི་བྱ་བར་འཛིན་མེད་ནམ་མཁའ་ལྟ་བུའི་ངང་ལ་བཞག་གོ །གཉིས་པ་གཏད་སྒོམ་ནི། ཆོ་འཕྲུལ་ལ་གཏང་ནས་བསྒོམ་པས་འཇིགས་སྐྲག་གི་འཛིན་པ་དག་པར་འགྱུར་རོ། །གསུམ་པ་དཔྱད་སྒོམ་ནི། ཆོ་འཕྲུལ་ལ་དཔྱད་པས་རང་སྣང་འཁྲུལ་པའི་སྟོང་གཟུགས་ལས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐག་བཅད་ནས་ཤ་ཁྱེར་ཁྲག་ཁྱེར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་ཉམས་སུ་བླངས་པས་ཚར་ཚད་ཀྱི་རྟགས་བཞི་འབྱུང་སྟེ། ཐུན་མོང་། ཁྱད་པར། ལྷ་འདྲེ་ཐུལ་བ། མཆོག་གི་ཚར་ཚད་དང་བཞི་སྟེ། དེ་ལྟར་ཚར་ཚད་ཀྱི་རྟགས་མངོན་དུ་གྱུར་ཏེ་ལམ་མཐར་ཕྱིན་ནས་འགྲོ་བའི་ཚེ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། བྱམས་དང་སྙིང་རྗེའི་རྩིས་གནོད་བྱེད་དང་ལྷ་འདྲེ་སོགས་རྗེས་སུ་འཛིན་ཅིང་ཆོས་ཀྱི་སྦྱིན་པ་ཡང་བྱའོ། །དེ་ལྟར་བྱས་པས་ཚོགས་རྫོགས་སྒྲིབ་པ་བྱང་། ལུས་ཀྱི་བདག་འཛིན་ཟད་པས་རྐྱེན་ངན་གྲོགས་སུ་འཆར། སེམས་ཀྱི་དེ་ཉིད་རྟོགས་ནས་ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་འཕང་ལ་གནས་པར་འགྱུར་རོ། །ཟབ་མོ་གཅོད་ཡུལ་མཐའ་དག་གི་དོན་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་རིམ་པ་དཔའ་བོའི་གད་རྒྱངས་ཞེས་བྱ་བ་འདི་ནི་རྒྱལ་བ་ཐམས་ཅད་ཀྱི་རིགས་ཀྱི་ཁྱབ་བདག་ཀུན་མཁྱེན་བླ་མ་མཆོག་གིས་འདི་ལྟར་གྱིས་ཞེས་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས། ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྙན་བརྒྱུད་ཀྱི་ཞལ་གདམས་ཇི་ལྟ་བ་གསལ་ཞིང་བདེ་བར་བྱས་ཏེ་ཡི་གེར་བཀོད་པའོ།། །། ༈ ཀེང་རུས་མེ་འབར་གྱི་ཞལ་གདམས་བཞུགས་སོ། །ཟུར་གནད་ཟབ་མོ་ལྷ་འདྲེའི་འཚུབ་ལྷོང་ཤིན་ཏུ་ཆེ་ན་ཀེང་རུས་མེ་འབར་གྱི་གདམས་པ་བྱ་སྟེ། དེ་ཡང་ལུས་ཀེང་རུས་དཀར་ཞིང་ཆེ་བའི་ཁ་མིག་དང་རྩིབ་མའི་སྒོ་བར་ཐམས་ཅད་ནས་མེ་དམར་འུར་གྱིས་འབར་བས་ནམ་མཁའི་ཁམས་གང་བར་ཡུན་རིང་དུ་བསྒོམ་ཞིང་། མཐར་རང་ལུས་མེ་དང་བཅས་པ་འོད་དུ་ཡལ་ནས་སྟོང་གསལ་སྐྱེ་འགག་གནས་གསུམ་བྲལ་བའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་ངང་ལ་ཅི་གནས་སུ་མཉམ་པར་གཞག་གོ །ཡང་རྒྱལ་པོ་སོགས་གནོད་འདྲེའི་འཚུབ་ཆེ་ཞིང་ཐབས་གཞན་གྱིས་ཆུན་དཀའ་ན། རང་ལུས་ཆེ་བརྗིད་དང་ལྡན་པའི་སྙིང་ག་ནས་རྣམ་ཤེས་རྣལ་འབྱོར་མའི་རྣམ་པར་མདུན་གྱི་ནམ་མཁར་ཐོན་ཏེ། གཡས་པའི་གྲི་གུག་གིས་གཟུགས་ཀྱི་པགས་པ་ལྟུམ་སེར་བཤུས་པའི་ནང་ཁང་བཟང་ཡིད་དུ་འོང་བར་བལྟས་པས་ནང་དུ་གནོད་བྱེད་ཀྱི་གདོན་དེ་དགའ་ཞིང་དུངས་ནས་འོང་པར་བསམ། དེའི་ཁ་རང་གི་རྒྱུ་མས་དམ་དུ་བཅིངས་ནས་ཐར་ས་མེད་པར་བསམ་པ་དེ་རྣམས། རྣལ་འབྱོར་མར་གསལ་བའི་ཕྱག་གཡས་ཀྱིས་གླད་ལ་བསྐོར་ཞིང་ས་ལ་བརྡབས་པས་ཤ་འདུར་ཁྲག་འདུར་དུ་གྱུར་ཅིང་མཐའ་མེད་པའི་ཡུལ་ཐག་རིང་པོར་འཕངས་པར་བསམ་ལ། མཐར་བདག་དང་འདྲེ་གདོན་གཅོད་ཡུལ་གསུམ་ཀ་སེམས་དང་ཡེ་ཤེས་རང་སྣང་བའི་རོལ་པ་སྤྲོས་བྲལ་བློ་འདས་སྟོང་པ་ཆེན་པོའི་ངང་ལ་མཉམ་པར་གཞག་གོ །དམིགས་སྐོར་གཉིས་པོ་འདི་གཅོད་ཡུལ་གྱི་གདམས་པ་ཕལ་མོ་ཆེར་ཧ་ཅང་མི་གསལ་ཡང་འདྲེ་གདོན་ལ་འདི་ལས་ཟབ་པ་མེད། ཅེས་བདག་གི་བླ་མས་གསུངས་སོ།། །།
སུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན་ (Volume 49, Text 53)
སུན་ཟློག་ཁྱེར་བདེ་རིག་འཛིན་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། སུན་ཟློག་ཁྱེར་བདེ་མདོར་བསྡུས་པ་བྱ་བར་འདོད་ན། མཁའ་འགྲོའི་དཔལ་གཏོར་པད་འདབ་བཞི་པ་མཐེབ་ཀྱུ་ཅི་མང་གིས་བསྐོར་བ་ལ་ཤ་ཁྲག་འབྲུ་སྨན་ཟས་སྣའི་ཕུད་ཀྱིས་བརྒྱན་པ་དང་། གསེར་སྐྱེམས་བཅས་བཤམ། རྩ་གསུམ་གྱི་ལས་གཞུང་གང་རུང་བསྲང་ཞིང་ཚོགས་མཆོད་བཅས་བྱ་བའམ། རང་ཉིད་གཉུག་མའི་ལྷར་གསལ་བའི་ངང་། མཆོད་གཏོར་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱས་པར་སྤེལ་ལ། མགྲོན་སྤྱན་དྲང་བ་ནི། ཧཱུྃ་ཧྲཱིཿ འོད་གསལ་འདུས་མ་བྱས་པའི་དབྱིངས་ཉིད་ལས། ཁྱབ་བརྡལ་ཡེ་ཤེས་བཀོད་པ་རང་སྣང་བའི། །དཔའ་བོ་མཁའ་འགྲོའི་ཚོགས་ཁང་ཆེན་པོ་འདིར། །རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་དང་། །ཡེ་ཤེས་ལས་དང་འཇིག་རྟེན་སྐྱོང་བའི་ཚོགས། །གདུང་བས་འབོད་ལ་བརྩེ་བའི་གཡར་དམ་གྱིས། །རྫུ་འཕྲུལ་གློག་ལྟར་མྱུར་བའི་ཤུགས་སྐྱེད་ལ། །ཚུར་གཤེགས་མཆོད་སྤྲིན་རྒྱ་མཚོ་དགྱེས་པར་རོལ། །ཨོཾ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ མཆོད་གཏོར་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་དགྱེས་བཞིན་དུ་རོལ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཛྙཱ་ན་ཀརྨ་ལོ་ཀ་དྷཱ་ཀ་དྷཱ་ཀི་ནཱི་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཧཱུྃ་ཧྲཱིཿ བླ་མ་མཆོག་གསུམ་ཡི་དམ་ཞི་ཁྲོའི་ཚོགས། །ཏིང་འཛིན་དགྱེས་རྒུའི་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །སྔོན་ལས་འཕྲལ་རྐྱེན་སུན་མ་ཟློག་ཏུ་གསོལ། །དབྱིངས་ཀྱི་ཡུམ་ཆེན་ལྷན་སྐྱེས་དྷཱ་ཀིའི་ཚོགས། །འོད་གསལ་རྒྱན་གྱི་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཡེ་ཤེས་མཁའ་འགྲོའི་སུན་མ་ཟློག་ཏུ་གསོལ། །གང་འདུལ་དེར་སྣང་ཞིང་སྐྱེས་ཕོ་ཉའི་ཚོགས། །བདེ་སྟོང་རོལ་པའི་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ལས་ཀྱི་མཁའ་འགྲོའི་སུན་མ་ཟློག་ཏུ་གསོལ། །ལེགས་ཉེས་སྟངས་འཛིན་ཕྲ་མེན་གནས་ཉུལ་ཚོགས། །ལོངས་སྤྱོད་ཆར་འབེབ་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །འཇིག་རྟེན་མཁའ་འགྲོའི་སུན་མ་ཟློག་ཏུ་གསོལ། །རྡོ་རྗེའི་ཆོས་སྲུང་སྡེ་བརྒྱད་དྲེགས་པའི་ཚོགས། །དགྲ་བགེགས་ཤ་ཁྲག་འདོད་ཡོན་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ས་གསུམ་འབྱུང་པོའི་སུན་མ་ཟློག་ཏུ་གསོལ། །དབྱིངས་ལས་རང་ཤར་ཡེ་ཤེས་འཇིག་རྟེན་མགྲོན། །མཐུན་རྫས་འདོད་ཡོན་རྒྱ་མཚོའི་ཚོགས་ལ་རོལ། །དགྱེས་པའི་དཔལ་སྐྱེད་ཐུགས་རྗེའི་ཤུགས་ཕྱུངས་ལ། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་ཕྲིན་ལས་གསོལ། །ཚར་གྲངས་བྱེད་ན། མཆོད་གཏོར་ཁ་གསོ་ཞིང་བརླབ། གཏོར་འབུལ་དང་། མཆོད་པ། ཕྲིན་ལས་གསོལ་བ་བཅས་ལ་གྲངས་གཟུང་། མཐར་ཕུད་དང་གཏོར་མ་གཤེགས་ལ། ཧཱུྃ་ཧྲཱིཿ རྩ་གསུམ་ཆོས་སྲུང་རྒྱ་མཚོ་འཁོར་བཅས་ཀྱིས། །བདག་ཅག་ཡོན་མཆོད་ཕྱི་ནང་གསང་བ་ཡི། །བར་ཆད་ཀུན་སོལ་མཐུན་རྐྱེན་ལེགས་ཚོགས་སྤེལ། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །བཛྲ་མུཿ སརྦ་ཀརྨ་ལོ་ཀ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་གཙྪཿས་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་ལ་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་ཚིག་གི་ཕྲེང་བ་ཉུང་ངུ་ལ། དོན་གྱི་གནད་གསང་གྲུབ་པ་མཆོག་གི་ཞལ་ལུང་ལ་སྦྱར་ཏེ་བྲིས་པ་དགེ་ལེགས་འཕེལ། །སརྦ་དཱ་སུ་ཤྲཱི་ཡོ་བི་ཛ་ཡནྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
རྩ་གསུམ་སྤྱི་ཡི་ལས་བྱང་ཀུན་གསལ་མེ་ལོང་ (Volume 40, Text 53)
༁ྃ༔ རྩ་གསུམ་སྤྱི་ཡི་ལས་བྱང་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །རྩ་གསུམ་སྤྱི་ཡི་ལས་བྱང་འདི། །པདྨ་འབྱུང་གནས་བྱིན་རླབས་ཀྱིས། །སྔོན་གྱི་ལས་འཕྲོ་ཅུང་ཟད་ཙམ། །སད་སྙམ་བྱེད་པ་བདག་གིས་བྲི། །དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཀུན་ལ་གཏན་དུ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་འཐོབ་པའི་ཕྱིར། །བདག་གིས་གསང་སྔགས་བསྒྲུབ་པར་བགྱི། །དེ་ནས་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། སྣང་སྲིད་འཁོར་འདས་གཞལ་ཡས་ལྷ། །དེ་ལྟར་མ་རྟོགས་འཁྲུལ་སྣང་བགེགས། །གཞན་དུ་དེངས་ཤིག་འདའ་བྱེད་ན། ཁྲོ་ཆུང་མཚོན་ཆ་འབར་བས་བརླག །སུམྦྷ་ནི་སོགས་བརྗོད། མཚམས་གཅད་ནི། ཧཱུྃ། འཁོར་འདས་ཆོས་སྐུ་གདལ་ཁྱབ་ལ། །ལྷ་འདྲེར་འཛིན་པ་རང་སར་གྲོལ། །ཡེ་ཤེས་ལྔ་ཡི་འོད་གུར་འཁྲིགས། །དུག་ལྔའི་དགྲ་བགེགས་མཚམས་ཆོད་ཅིག །དེ་ནས་ཡན་ལག་བདུན་པས་སྔོན་འགྲོ་ཕལ་ཆེར་ཚང་བར་བསྟན་པ་ནི། ཨོཾ་ཨཱཿཧཱུྃ། སྐུ་གསུམ་རོལ་པའི་ལྷ་ཚོགས་ལ། །ཕྱག་འཚལ་མཆོད་འབུལ་འགལ་འཁྲུལ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར། །གསོལ་བཏབ་དགེ་བཅུ་འགྲོ་ལ་བསྔོ། །བྱིན་འབེབ་ནི། ཕྱོགས་བཅུ་རྒྱལ་བའི་ཞིང་ཁམས་ནས། །སྐུ་གསུམ་ཞི་ཁྲོའི་གར་སྟོན་པ། །འཁོར་བཅས་བྱིན་ཕོབ་དབང་མཆོག་སྐུར། །དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ། སྭཱ་བྷཱ་བ་སོགས། ཨོཾ་ཨཱཿཧཱུྃ། སྟོང་ལས་དངོས་འབྱོར་ཡིད་སྤྲུལ་གྱི། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར། །ཟག་མེད་ཡེ་ཤེས་བདུད་རྩི་ཆེ། །འཛད་མེད་སྣང་སྲིད་ཀུན་འགེངས་གྱུར། །ཨོཾ་ཨཱཿཧཱུྃ། ཧ་ཧོ་ཧྲཱིཿ དེ་ནས་ཏིང་འཛིན་རྣམ་གསུམ་ནི། ཨོཾ་ཨཱཿཧཱུྃ། ཆོས་ཀུན་དམིགས་མེད་སྟོང་པ་ཆེ། །དེ་དང་སྙིང་རྗེ་གཉིས་སུ་མེད། །ཟུང་འཇུག་འཕྲོ་འདུའི་ཧྲཱིཿཧཱུྃ་བྷྱོ། །ལ་སོགས་རྒྱུ་ཡི་ས་བོན་གསལ། །དེ་ནས་གཞལ་ཡས་ཁང་བསྐྱེད་ནི། ཧཱུྃ། གདོས་བཅས་བྲལ་བ་སྟོང་པ་ཡི། །རང་རྩལ་རླུང་མེ་ཆུ་ས་དང་། །ཀུན་ཁྱབ་ནམ་མཁའ་ཡུམ་ལྔའི་མཁར། །ཡེ་ཤེས་རང་འོད་འཁྲིགས་པ་ལས། །གཞན་ཡས་ཁང་པ་མཚན་ཉིད་རྫོགས། །རྒྱན་སྤྲས་ཕྱི་ནང་སྒྲིབ་བྲལ་དབུས། །པད་ཉི་བམ་སོགས་རང་རང་གི །གདན་རྣམས་སོ་སོར་བཀྲ་བར་གསལ། །དེ་ནས་ལྷ་བསྐྱེད་སོ་སོར་ཤེས་ལ། ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། ཁྲོ་རོལ་ཕུར་བུའི་མངོན་རྟོགས་ནི། ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ། ཁྲོ་རོལ་ཕུར་བུ་ཞལ་གསུམ་པ། །གཡས་དཀར་གཡོན་མཐིང་དབུས་དམར་ནག །གཡས་གསུམ་རྡོ་རྗེ་ཐོ་བ་མེ། །གཡོན་གསུམ་བྷནྡྷ་ཕུར་བུ་སྡིག །གཤོག་གདེངས་ཕུར་མཇུག་དགྲ་བགེགས་གཟིར། ཁྲོ་བོའི་ཆས་རྫོགས་འཇིགས་སུ་རུང་། །དཔྲལ་མགྲིན་ཐུགས་ཀ་ལྟེ་གསང་དུ། །འཇམ་དཔལ་རྟ་མགྲིན་གསང་བའི་བདག །མཁའ་འགྲོ་ལྔ་དང་མེ་དབལ་གསལ། །སྤྱི་བོར་རིགས་བདག་ཁྲོས་པ་དང་། ཁྱུང་དམར་འཕྱོ་བ་མེ་དཔུང་དབུས། ཁྲོ་བོ་ཁྲོ་མོའི་འཁོར་ཚོགས་གསལ། །ཀུན་གྱི་གནས་གསུམ་འབྲུ་གསུམ་བརྒྱན། །རང་རང་ས་བོན་ལས་འོད་འཕྲོས། །ཡེ་ཤེས་སྤྱན་དྲངས་སོ་སོར་ཐིམ། །སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ རང་བཞིན་དག་པ་སྐུ་གསུམ་ཞིང་ཁམས་ནས། ཁྲོ་རོལ་ཕུར་བུའི་ལྷ་ཚོགས་འཁོར་དང་བཅས། །འགྲོ་བློ་མོས་པའི་སྣང་ཚུལ་མཐུན་པ་ཡི། །སྤྲུལ་པ་ཡང་སྤྲུལ་འགྱེད་ཅིང་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ རང་རང་དགྱེས་པའི་གནས་མཆོག་སོ་སོ་རུ། །དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་ཚུལ། །བཞུགས་ནས་སྐུ་གསུང་ཐུགས་ཀྱི་སྒོ་ཕྱེས་ལ། །རྣལ་འབྱོར་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ད་ེནས་ཕྱག་འཚལ་བ་ནི། ཨེ་མ་ཧོཿ ཆོས་སྐུ་སྟོང་པ་ཕྱོགས་རིས་བྲལ་ན་ཡང་། །ལོངས་སྐུ་འགག་མེད་རྒྱན་དང་ཆ་ལུགས་འཆང་། །སྐྱེ་འགག་འགྱུར་མེད་གང་འདུལ་སྤྲུལ་པ་འགྱེད། ཁྲོ་རོལ་ཕུར་བུའི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་མཆོད་པ་འབུལ་བ་ནི། ཧོཿ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། །སྤྱན་གཟིགས་དཀོར་ཆ་གང་དགོས་ཡོ་བྱད་སོགས། །ཕྱི་མཆོད་དམ་པ་འབུལ་ལོ་དགྱེས་པར་བཞེས། །ཧོཿ དབང་པོ་ལྔ་ཡི་མེ་ཏོག་བསུར་ཆེན་སྤོས། །ཞུན་ཆེན་མར་མེ་ཁྲག་གི་དྲི་ཆབ་དང་། །ཤ་ཁྲག་ཞལ་ཟས་ཐོད་རྔ་རྐང་གླིང་སྒྲ། །མཆོད་སྐོང་རྟེན་སྒྲུབ་རྫས་སོགས་ནང་མཆོད་འབུལ། །ཧོཿ སྨན་རག་གཏོར་མ་སྦྱོར་སྒྲོལ་མཆོད་པ་དང་། །ཚོགས་ཀྱི་ཡོ་བྱད་ལུས་ཀྱིས་བརྡ་གར་རྒྱ། །ངག་གིས་སྨྲ་བརྗོད་གདུང་དབྱངས་སྔགས་ཀྱི་སྒྲ། །ཡིད་ཀྱིས་ཏིང་འཛིན་གསང་མཆོད་དོན་མཆོད་འབུལ། །དེ་ནས་བསྟོད་པ་བྱ་བའི་དང་པོ་ཞི་བ་ལ་བསྟོད་པ་ནི། ཧཱུྃ་ཧྲཱིཿ སྐྱེ་མེད་ཆོས་ཀྱི་སྐུ་ལས་ལོངས་སྐུར་བཞེངས། །གང་འདུལ་སྤྲུལ་པས་འགྲོ་བ་སོ་སོར་འདུལ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར། །མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཞི་བར་བསྟོད། ཁྲོ་བོ་ལ་བསྟོད་པ་ནི། ཆོས་སྐུ་ཞི་བ་ཆེན་པོར་གཡོ་མིན་ཀྱང་། །མ་རུངས་འདུལ་ཕྱིར་ཁྲོས་པའི་ངང་ཚུལ་སྟོན། །གར་དགུའི་ཉམས་ལྡན་དུརཁྲོད་ཆས་བརྒྱད་གསོལ། །གདུག་པའི་ཚོགས་འཇོམས་སྐུ་ལ་ཕྱག་འཚལ་བསྟོད། །དེ་ནས་བཤགས་པ་བྱ་བ་ནི། ཧོཿ བསྐལ་པ་སྔོན་ནས་ད་ལྟ་ཡན་ཆད་དུ། །བདག་སོགས་མ་རིག་བག་ཆགས་དབང་གི་མཐུས། །འགལ་འཁྲུལ་ཉམས་ཆག་མི་དགེའི་རིགས་ཀུན་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཡི་གེ་བརྒྱ་པ་བརྗོད། ཛཔ྄་ནི་སོ་སོ་བླང་བར་བྱ། རང་རང་ཐུགས་ཀར་ས་བོན་མཐར། །སྔགས་བསྐོར་འོད་ཀྱིས་དོན་གཉིས་བྱས། །རྩ་གསུམ་བྱིན་རླབས་རང་ལ་བསྡུས། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཛྙཱ་ན་བཛྲ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊཿ ཨཱཿཧྲཱིཿཧཱུྃ་བྷྱོ་ཧཱུྃ་ཕཊཿ ཅེས་སོ། །ཚོགས་བྱེད་པར་སྤྲོ་ན་བཤམ་སྟེ་བྲན། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧཱུྃ་ཧྲཱིཿ མེ་རླུང་ཆུ་འཕྲོས་ཚོགས་ཀྱི་དངོས་ཞེན་སྦྱངས། །སྐུ་གསུང་ཐུགས་ཀྱི་བདུད་རྩིར་བྱིན་གྱིས་བརླབས། །རང་བཞིན་གནས་ནས་ཡེ་ཤེས་ལྷ་ཚོགས་རྣམས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བའི་གནས་མཆོག་ཉམས་རེ་དགའ། །ཕྱི་ནང་གསང་མཆོད་ཚོགས་གཏོར་བཅུད་རེ་ཆེ། །དགྱེས་པའི་ཡོ་བྱད་སྤྱན་གཟིགས་བག་རེ་དྲོ། །རྣལ་འབྱོར་དམ་ལྡན་འཚོགས་པ་དམ་རེ་གཙང་། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་དང། །ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོར་བཅས། །དམ་ཅན་ཆོས་སྐྱོང་སྲུང་མ་ཐུགས་དམ་བསྐང་། །བསྐངས་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །འབུལ་བཤགས་བསྒྲལ་མཆོད་ནི། ཧཱུྃ། ཚོགས་རྗེ་ཚོགས་བདག་རྣམས་ལ་ཚོགས་མཆོད་འབུལ། །དམ་ཚིག་ཆག་ཉམས་འགལ་འཁྲུལ་མཐོལ་ལོ་བཤགས། །དགྲ་བགེགས་ལོག་འདྲེན་སྒྲོལ་ཅིག་ཤ་ཁྲག་རོལ། །བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །ལྷག་མ་ཆད་མདོ་བརྟན་སྐྱོང་རྣམས་དུས་གཅིག་ཏུ་བཤམས་ལ། བྷྱོ། ལྷག་ལ་དགྱེས་པ་རྣམས་ཀྱིས་ལྷག་མ་བཞེས། ཁས་བླངས་དམ་བཅས་སྲུང་མས་གཏོར་མ་ལོངས། །དབང་ཕྱུག་མ་སྲིང་བརྟན་མའི་ཚོགས་རྣམས་མཆོད། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏོར་བྲོ་ནི། ཧཱུྃ། ཐབས་ཤེས་ཁྲོ་བོ་ཁྲོ་མོས་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཕོ་མོ་རྡུལ་དུ་རློག །གཏོར་གཞོང་འབར་བའི་འོག་ཏུ་ལོག་འདྲེན་མནན། །ནམ་ཞིག་བྱང་ཆུབ་མཆོག་སེམས་བསྐྱེད་དུས་ལྡང་། །དེ་ནས་དངོས་གྲུབ་ལེན་པ་ནི། ཧོཿ བསྒྲུབས་པའི་ལྷ་རྣམས་ཐུགས་དམ་མ་གཡེལ་ཅིག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཆོག་ཐུན་མོང་། །དངོས་གྲུབ་དམ་པ་བདག་ལ་བསྩལ་ནས་ཀྱང་། །ཚེ་གཅིག་རྡོ་རྗེ་འཆང་གི་སྐུ་བརྙེས་ནས། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་མཛད་གསོལ། །སརྦ་སིདྡྷི་ཕ་ལ་ཧོཿ བསྡུ་ཞིང་རྒྱུན་སྤྱོད་བཀྲ་ཤིས་བསྔོ་སྨོན་ནི། ཧཱུྃ། བསྐྱེད་པའི་ལྷ་ཚོགས་རང་ཐིམ་རང་ཉིད་ཀྱང་། །རིམ་པར་ཧཱུྃ་བསྡུས་ཐིག་ལེར་འདུས་ནས་ཡལ། །དམིགས་མེད་སྤྲོས་བྲལ་རྒྱ་ཡན་ལྷུག་པར་བཞག །སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་རོལ། །ཧོཿ ཕྱོགས་དུས་མཆོག་གསུམ་སྐུ་གསུམ་རྩ་གསུམ་གྱི། །བདེན་པའི་སྟོབས་ཀྱིས་བཀྲ་ཤིས་བདེ་ལེགས་སྩོལ། །བདག་གཞན་ཚོགས་རྫོགས་སྒྲིབ་བྱང་དོན་གཉིས་འགྲུབ། །སྐུ་བཞི་ལྷུན་གྲུབ་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདི་ཡང་སྐྱབས་གནས་རིན་པོ་ཆེ་འཇམ་མགོན་རིག་འཛིན་གསུང་རབ་རྒྱ་མཚོས་བཀའ་ཡང་ཡང་བསྩལ་པ་སྤྱི་བོར་བླངས་ནས། སློབ་དཔོན་པདྨའི་སློབ་མར་གྱུར་པའི་སྐྱེ་མཐའ་ཡིན་པར་རློམས་པ། གཏེར་སྟོན་རོལ་པ་རྡོ་རྗེས་བློ་ནས་གང་དྲན་བཅོས་མེད་དུ་བྲིས་ནས་ཕུལ་བའོ།། །།
བླ་མ་དྲག་པོའི་ལས་ཚོགས་ལས༔ ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་ (Volume 47, Text 53)
<!TCC Tibetan character 3,182 undefined in unicode!>༔ བླ་མ་དྲག་པོའི་ལས་ཚོགསལས༔ ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་བཞུགས་སོ༔ ྈྈྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྲ་མེན་རྒྱ་མཚོའི་རྒྱུད་ནས་བཏུས༔ དུས་ཀྱི་ཐ་མར་གྱུར་པ་ན༔ སྔགས་ནག་ཞེ་སྡང་སྣ་ཚོགས་ཀྱིས༔ གཉིས་ཕུང་སྦྱོར་བའི་དུས་བྱུང་ཚེ༔ མན་ངག་གནད་ཀྱི་སྦྱོར་བ་བསྟན༔ ཉེས་པ་ཀུན་སེལ་འདི་ལ་གཉིས་ཏེ༔ ངན་སྦྱོར་བྱུང་བའི་རྟགས་དང༔ འགྲོལ་བའི་ཐབས་ལས༔ དང་པོ་ལུས་ངག་ཡིད་གསུམ་མནན་པ་དང༔ བཅིངས་པའི་རྟགས་ནི༔ ལུས་གཅུ༔ སྒྱིད་སྐྱུར༔ དཔའ་ཆག༔ ཉལ་སྙིང་འདོད༔ ཟུངས་ཟད༔ མིག་འགྲིབ༔ ངག་དིག༔ ལྕེ་མི་བདེ༔ རྣ་བ་འགག༔ སྒྲ་མི་འགྱུར༔ སོ་ན༔ རྩེ་ཆུང་སྐྲངས༔ གདོང་རྦོས༔ བཟླས་པ་བྱེད་སྙིང་མི་འདོད༔ རིག་པ་མྱོས༔ ཏིང་འཛིན་མི་གསལ༔ སྙིང་མི་དགའ༔ འཚིག་པ་ཟ༔ འཁོར་ལ་རྒོལ༔ རྨི་ལམ་དུ་རི་རོང་དོག་པོ༔ ས་འོག༔ ཕུག་པ༔ རྫིང༔ ཁྲོན་པ་ལ་སོགས་ཞུགས་པ༔ ལམ་མདོར་ཉལ་བ༔ རི་ཕུག་དོག་པོར་མི་ཤོང་བཞིན་དུ་འཛུལ་བ༔ སྒོ་ཐེམ་ཕྱིར་བྲོས་པས་མི་ཐར་བ༔ མཛེ་ཅན་དང་དམེ་ཕོ་ཤི་བའི་ཁྱིམ་དུ་ཕྱིན་པ༔ མི་གཙང་བའི་ཟས་ལ་སྤྱོད་པར་རྨི༔ སྣོད་ངན་ཐོད་པར་གཏད་བཅུག་ན་ཁང་སྟོང་སྒོ་མེད་དུ་ཞུགས་པ༔ རྭ་ནང་བཅུག་ན་རི་རོང་དོག་པོ༔ ཚོན་སྐུད་ཀྱིས་བཅིངས་ན་འཇས་བསྐོར་བ༔ ལྭ་བས་བཏུམས་ན་གོས་མི་གཙང་བ་གྱོན་པ༔ དམེ་རྫས་བྱུགས་ན་མི་གཙང་བའི་འདམ་རྫབ་ཀྱིས་གོས་པ་རྨི༔ རང་གི་ནུས་པ་ཉམས་པའི་རྟགས་སུ༔ མེ་སྦུར་བ་མི་ཕེར་བ༔ རྔ་དུང་རོལ་མོ་ལ་སྒྲ་མེད་པ༔ རྔ་དང་ཌཱ་དྲིལ་གས་ཆག་པ༔ གྲི་མཚོན་རྩེ་ཆག་པ་རྟུལ་པོ་མདའ་མདེལ་མེད་པ༔ རྩང་ཕུར་དབལ་མེད་པ༔ མདའ་རྡོ་འཕེན་པར་ཤེད་མེད་པ༔ ཁུས་ཀུས་བཏབ་པས་ར་མདའ་རོགས་མེད་ཅིང་ཅི་བྱས་མ་འགྲུབ་པ་རྨིས་པ་འོ༔ མྱུར་དུ་རེངས་ཀྱང་རྐང་པ་འཁྲིལ༔ གན་རྐྱལ་ཉལ་ནས་ལང་མི་ཐུབ་པ་ལ་སོགས་པ་རྨི་འོ༔ གཏད་ཁྲོམ་དུ་བཅུག་པའི་རྟགས་ལ༔ མཚོ་རྫིང་ཆུ་མིག་ཏུ་ཞུགས་པ༔ སྤྲིན་གྱིས་བསྒྲིབས་པ༔ མུན་པ་འཐིབས་པ༔ ཉ་སྦལ་ལུས་ལ་འབྱར་བ་ཕྱིར་འབྲང་བ༔ ཆུ་གྱེན་ལ་ལོག་པ་ལ་སོགས་རྨི་འོ༔ ཕུང་སེལ་ཚུད་ན་ཁང་པའི་བྱང་ཕྱོགས་དམའ་བ༔ ས་གཡོ་བ༔ གྱང་ཁང་འགུལ་བ༔ བྱིས་པ་སྤྲང་པོའི་དམག་ཁྱིམ་དུ་ཞུགས་པ༔ སྒོ་སྦྲ་ནག་པ༔ བྲོ་ཤོན་པས་སློང་བྱེད་པ༔ སྤྲེའུ་ཁྱིམ་དུ་འོང་བ༔ མི་ཁའི་རྫས་ཁྱིམ་དུ་ཡོད་པ༔ ཚྭ་ཕུང་བལ་གྱིས་གང་བ༔ ཤ་རུལ་འབུས་གང་བ༔ ཞིང་ལུད་བསྐྱེད་པ༔ བྲ་བོ་སྒོག་ཙོང་གི་ཁྱིམ་གང་བ༔ ཁྱི་སྤྱང་བོང་བུ་སྒོར་འཚང་བ་རྨིས༔ རང་གི་ལུས་ངག་ཡིད་གསུམ་ལ་ཐེ་ཚོམ་དང་ངན་རྟོག་མང་པོ་འབྱུང་ངོ༔ ༈ གཉིས་པ་སྦྱོར་བ་ངན་པ་དེ་དག་འགྲོལ་བའི་ཐབས་ནི༔ ས་ནག་ལ་གྲུ་གསུམ་བྲིས་ལ༔ དེའི་སྟེང་དུ་གྲུ་གསུམ་བརྩེགས་པའི་ཙནྡན་ནམ་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལ༔ རང་གི་ལུས་སྔོན་དམར་གྱི་སྐུད་པས་དཀྲིས་ལ༔ གྲིས་གཏུབ་ཅིང་མེ་ལ་བསྲེག༔ རང་གཅེར་བུ་བྱས་ལ་མེ་ལ་འགོང༔ བདག་གི་ལུས་ངག་ཡིད་གསུམ་ཕ་རོལ་གྱིས་མནན་པ་དང༔ བཅིངས་པ་དང༔ གཏད་སེལ་དུ་བཅུག་པ་ཐམས་ཅད་ཁྲོལ་ཅིག༔ ཅེས་བརྗོད༔ སྐུ་གསུང་ཐུགས་ཀྱི་སྔགས་བཟླ་འོ༔ སླ་ངའི་ནང་དུ༔ རིན་པོ་ཆེ་རྣམས་བདར་བའི་ཕྱེ་ལ༔ བྱ་རོག་འུག་པའི་སྒྲོ་གཞོབ་གཞུག༔ འོག་ནས་མེ་སྦར༔ སྒྲོ་གཞོབ་དང་རིན་པོ་ཆེ་བདར་བའི་ཆུས་བྲན༔ དེ་ལ་གྲོལ་སྔགས་བརྒྱ་རྩ་བརྒྱད་བཏབ་ལ༔ ལུས་ངག་ཁྲུས་བྱས༔ གོང་ལྟར་ཁྲོལ་ཅེས་བྱའོ༔ དེ་ནས་ལུས་མ་སོས་བར་དུ་སྔགས་རྒྱུན་དུ་བཟླ་འོ༔ དུས་བཞིར་ཉི་ཤུ་རེ་བཟླས་ལ་ཁྲུས་བྱ༔ ཡི་དམ་ལ་གསོལ་བ་གདབ༔ མཁའ་འགྲོ་ལ་ཚོགས༔ སྲུང་མ་ལ་སྐོང་བཤགས་འབད་དོ༔ འདི་ལྟར་འབད་ན་ཉེས་པ་ཅི་ལྟ་བུ་ཡང་ཁྲོལ་བར་འགྱུར་རོ༔ སྔགས་ལ་སྐུའི་སྔགས་ནི༔ ཨོཾ་ཀཱ་ཡ་ཀྵ་ཡ༔ བཛྲ་ཚྪིནྡྷ་ཚྪིནྡྷ༔ ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ མོ་ཧཱ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ གསུང་གི་སྔགས་ནི༔ ཨོཾ་བཱ་ཀ་ཀྵ་ཡ༔ བཛྲ་ཚྪིནྡྷ་ཚྪིནྡྷ༔ ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ མོ་ཧཱ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ ཐུགས་ཀྱི་སྔགས་ནི༔ ཨོཾ་ཙིཏྟ་ཀྵ་ཡ༔ བཛྲ་ཚྪིནྡྷ་ཚྪིནྡྷ༔ ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ མོ་ཧཱ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ རྒྱུན་དུ་སྤོས་ཆུ༔ ཚན་ཆུ༔ མཁན་པ༔ ཙནྡན་ཆུ་ལ་གདབ༔ རང་གཞན་གང་དགོས་ཁྲུས་ལ་འབད་དོ༔ དེས་ལུས་ངག་ཡིད་གསུམ་གྱི་ཉེས་པ་གྲོལ་བར་འགྱུར་རོ༔ གཤིན་རྗེ་ནག་པོའི་སྦྱོར་བ་ཡང་འཇིག་ན༔ བན་དགྲ་ལ་སྨྲོས་ཅི་དགོས༔ ྈྈྈ <!TCC Tibetan character 3,182 undefined in unicode!>༔ ད་ནི་གཏད་ཀྱི་ཉེས་པ་ཁྲོལ་བ་ནི༔ ཀླུ་གཉན་གནས་ནས་འབྲོས་པའི་ཐབས་ནི༔ བདག་ཉིད་ཀླུ་བདུད་མགོ་དགུ་པ༔ གཡས་སྦྲུལ་ཞགས་དང་གཡོན་ནད་རྐྱལ་ཐོགས་པ་བསྒོམ༔ ཨོཾ་ཕེ་ལཾ་ཧཱུྃ༔ འབྲུ་གསུམ་བཟླས་པས་ཀླུ་ཐུལ་བའི་རྟགས་རྣམས་འབྱུང༔ དེས་མ་གྲོལ་ན༔ བདག་ཉིད་ཀླུ་བདུད་མགོ་དགུ་པ་ནག་པོ་ལྕགས་མདོག་ཅན༔ ཕྱག་གཡས་བརྒྱ་ནི་གྲི་གུག་གཡོན་བརྒྱ་ནི་སྦྲུལ་ཞགས༔ སྦྲུལ་ཞགས་ནག་པོས་མགོ་ལུས་བརྒྱན་པ༔ ཞལ་ནས་ཨིག་ཤའི་སྒྲ་སྒྲོག་པ༔ སྦྲུལ་ནག་གི་རལ་པ་སྤྲུག་པ་སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ་བ༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་བར་བསྒོམས་ལ༔ ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྵ་ཕེ་ལཾ་ཧཱུྃ༔ ཞེས་བཟླས་པས༔ རྟགས་རྒྱ་མཚོ་སྐམ་པ་དང༔ ཉ་སྦྲུལ་སྦལ་སྲམ་བསད་པ་དང་ཟོས་པ༔ བ་དམར་གླང་དམར་བརྡབ་པ་བསད་པ་མང་དུ་འབྱུང་ངོ༔ དེ་ཚེ་རང་ཉིད་ཉེས་པ་ལས་གྲོལ་བར་འགྱུར་རོ༔ ༈ ྈྈྈྈྈྈ ཡང་རང་ལ་ངན་སྦྱོར་ཕུང་སེལ་གྱི་རིགས་བྱུང་ན༔ བདག་ཧཱུྃ་མཐིང་ནག་ལས་སྟོབས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམས་ཤིང་འཇིགས་པ༔ རལ་པ་ཁམ་ནག་གྱེན་དུ་བརྫེས་པ༔ མིག་བསྒྲད་པ་ཞལ་གདངས་མཆེ་བ་གཙིགས་པ༔ བ་སྤུ་གྱེན་དུ་ལང་བ༔ ཕྱག་གཡས་དབྱུག་ཏོ་འཕྱར་ཏེ་གླད་ལ་བསྐོར་བ་གཡོན་སྡིགས་མཛུབ་བགེགས་ལ་གཟིར་བ༔ མེ་དཔུང་འབར་བའི་ཀློང་ན་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ཙམ་དྷི་རི་རི་སྒྲོག་པར་བསྒོམ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཾ་ཤཾ་ཏྲི་ཙིཏྟ་རྦད་ནན་ཤ་ཏྲཱུཾ་མཱ་ར་ཡ་རྦད་རྦད༔ ཅེས་དུས་བཞིར་བཟླས་ཤིང་ཉུངས་དཀར་ནག་ལ་སྔགས་ཏེ་ཁྱིམ་ནང་ཐམས་ཅད་བྲབ་བོ༔ འགོང་པོའི་ལིངྒ་བྲིས་ནས་བྲུབ་ཁུང་དུ་བཅུག་ལ༔ སྲོག་ལ་འགུགས་འདྲེན་ཛཿརྡུང་བྱའོ༔ ལིངྒ་བོང་རྐང་གཞུག་ལ་ཆུ་བོའི་གཞུང་ལ་བསྐྱུར་བར་བྱའོ༔ ཁང་པའི་བྱང་སྒོའི་ཐོད༔ སྒོའི་ཀླད་ནོན༔ ཐེམ་འོག་མཛོད་ཕུགས་ལ་སོགས་དོགས་པའི་ས་རྣམས་སུ་ལེགས་པར་བསྩལ་ལོ༔ སེལ་རྫས་རྙེད་ན་མིང་སྒྱུར་ལ༔ དགྲ་ཡི་ཁང་རྨིང་རྩིག་རྨིང་དུ་མནན༔ འགོང་པོ་ཁ་སྒྱུར་སྐྱས་འདེབས་ཆོ་ག་བྱའོ༔ དེས་ནི་མྱུར་ཏེ་དགྲ་ཁོ་རང་ཕུང་བར་འགྱུར་རོ༔ རང་གཤེད་དུ་དབབ་པའོ༔ འདིས་ཕུང་སེལ་འགོང་པོའི་སེལ༔ ཧལ་ཁྱི་ལྟོ་འཕྱེ༔ གནམ་ཁྱི་ཐེ་སེ༔ ཐེ་ཁྱིམ་སྤར་ཁ༔ ལོ་ཁྱིམ་ལ་སོགས་གང་ཡང་འཇོམས་ཤིང་བཟློག་སྟེ༔ ཡང་ཟབ་གནད་ཀྱི་མན་ངག་གསང་བའི་ཡང་གསང་འདི་ཁོ་ནའོ༔ ཤིན་ཏུ་ཟབ་ཕྱིར་ཐུགས་སྒྲུབ་དྲག་པོའི་ལས་ཚོགས་སུ་མཁར་ཆུ་དཔལ་གྱི་ཕུག་རིང་བྲག་ལ་སྦས་སོ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈྈྈ སྤྲུལ་སྐུ་རཏྣ་གླིང་པས་བྱི་བའི་ལོ་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ། །མངྒ་ལཾ། །བྷ་བནྟུ།། །། <!TCC Tibetan character 3,182 undefined in unicode!>༔ བླ་མ་དྲག་པོ་ལས༔ འཛུལ་ཆོག་རྡོ་རྗེའི་གོ་ཆ་བཞུགས་སོ༔ ྈྈྈྈྈ དམར་ནག་མེ་ཕྲེང་ཅན་ལ་ཕྱག་འཚལ་ལོ༔ ཉེས་པ་གྲོལ་བྱེད་ཀྱི་མན་ངག་འཛུལ་ཆོག་རྡོ་རྗེའི་གོ་ཆ་ནི༔ འདིའི་ལོ་རྒྱུས་ནི༔ མཁའ་འགྲོ་མ་རྡོ་རྗེ་གོ་ཆས༔ གསང་བའི་བདག་པོ་ལ་ཞུས་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ༔ གཡུའི་མཆོད་རྟེན་སྔོན་པོའི་བང་རིམ་གོང་མ་ལ་སྦས༔ མཆོད་པ་ཆེན་པོའི་དུས་སུ་སློབ་དཔོན་ཁྲག་འཐུང་ནག་པོས་གཏེར་ནས་ཕྱུང༔ ཨོ་རྒྱན་ཆེན་པོ་བོད་དུ་བྱོན་ཁར་སྐྱེས་སུ་ཕུལ་ལོ༔ གཞན་ཡང་ཕྲིན་ལས་རྒྱ་མཚོའི་རྒྱུད་ལ་སོགས་གུ་རུ་ལ་ཕུལ་ནས་བོད་དུ་བྱོན༔ མངའ་བདག་རྒྱལ་པོ་ལ་གདམས༔ དུས་ཕྱི་མ་མ་འོངས་པའི་དུས༔ སྔགས་ནག་སྦྱོར་བས་རང་གཞན་ཐམས་ཅད་ཕུང་བར་བྱེད་པ་འབྱུང་སྟེ༔ མ་འོངས་པའི་དོན་ལ་དགོངས་ནས༔ བླ་མ་དྲག་པོའི་སྐོར་དུ་ཐེམ་ཡིག་མེད་པར་སྦས་སོ༔ འདིའི་མན་ངག་བསྟན་པ་ལ་བཞི་སྟེ༔ སྒྲུབ་པའི་དུས་ཚོད༔ སྣག་ཚྭ་དང་ཙཀྲ་བྲི་བ༔ སྔགས་རྒོད་ལག་ལེན་བྱ་བའོ༔ དང་པོ་སྐར་མ་རྒྱལ་དང༔ གཟའ་ཕུར་བུ་དར་བ་དང༔ ཡང་ན་འགྲུབ་པའི་གཟའ་སྐར་བཟང་པོ་ལ༔ རིའི་རྩེར་ཉི་མ་ཤར་བྱུང་དུས༔ ཁ་ལག་བཀྲུས་ཏེ༔ གིའུ་ཝཾ་ཙནྡན་དཀར་དམར་རྒྱ་ཚོས་ཁུ་བར་སྦྱར་ཏེ་བྲི༔ ཤོག་བུའམ་རས་གཙང་མ་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཞི་པ༔ ལྟེ་བ་ལ༔ ཨོཾ་ཧྲཱིཿབཛྲ་བུདྡྷ་དྷརྨཱ་སཾ་གྷ་ཀཱིརྟི་སརྦ་ཀརྨ༔ བདག་གི་ལུས་ངག་ཡིད་གསུམ་གཞན་གྱིས་བྱད་དུ་བཅུག་པ་དང༔ བཅིངས་པ་དང༔ ནུས་པ་བཤིག་པ༔ རྦོད་གཏོང་ངན་སྦྱོར་བྱས་པ་ཐམས་ཅད་གྲོལ་བར་གྱུར་ཅིག༔ ཅེས་བྲིའོ༔ དེའི་ཕྱི་ཡི་མུ་ཁྱུད་ལ༔ ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ༔ ཤེས་པ་རིན་ཏ་ཧོ༔ ཧེ་སི་ཏི་ས་མ་ཡ༔ དུར་ཤེ་པྲཾ་ཏ་བྷྱ་བ་ལོ་ཀི་ཏི་སྭཱ་ཧཱ༔ ཞེས་པ་བྲི༔ རྩིབས་བརྒྱད་ལ༔ ཨོཾ་བཛྲ་བྷནྡྷ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ འབྲུ་རེ་རེ་བྲི༔ རྩིབས་མཆན་ལ༔ ཧཱུྃ་བརྒྱད་བྲི༔ ཕྱིའི་མུ་ཁྱུད་ལ༔ ཨཱ་དི་ཀ་དི་ལྔ་བཅུ་ཚང་མ་བྲི༔ ཟུར་བཞི་ལ་རྡོ་རྗེའི་རྭ་དང༔ ཕྱི་ལ་མེ་རི་གཡས་སྐོར་དུ་བྲི༔ དེ་ལྟར་བྲིས་ནས་རབ་གནས་བྱ་བ་ནི༔ འཁོར་ལོ་ལ་དྲི་བཟང་ཆུས་མེ་ལོང་ལ་ཁྲུས་བྱས༔ གུ་གུལ་བདུག༔ རཏྣའི་སྣོད་དུ་འབྲུའི་གདན་ལ་གཞག༔ རང་ཉིད་བླ་མ་ཡི་དམ་རྣལ་འབྱོར་གསལ་བར་བསྒོམ༔ སྭ་བྷཱ་ཝས་སྟོང་པར་སྦྱང༔ འཁོར་ལོ་ཡོངས་སུ་གྱུར་པ་ལས་རང་ཉིད་ཡི་དམ་གང་མོས་པའམ༔ ཁྲོ་བོ་རྟ་མགྲིན་དྲག་པོ་མེ་ཕྲེང་ཅན་བསྒོམ༔ དེ་ལ་ཡེ་ཤེས་ཀྱི་ལྷ་ཐམས་ཅད་འཁོར་ལོར་ཐིམ་པར་བྷཻམ་ལ་ཡང་ཡང་བསྟིམ༔ ལས་བྱང་གི་མཆོད་བསྟོད་བྱ༔ ཡི་དམ་ཁྲོ་བོའི་བསྙེན་པ་བརྒྱ་རྩ་སོགས་གང་འགྲུབ་བྱ༔ དབང་བསྐུར་བྱིན་བརླབས་མངའ་གསོལ༔ མེ་ཏོག་དཀར་པོ་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱའོ༔ འཆང་བའི་མིང་རུས་དང་བཅས་པ་ཙཀྲའི་དབུས་སུ་བསྟིམ༔ ནུས་མཐུ་བསམ་གྱིས་མི་ཁྱབ་པར་མོས་པ་བྱའོ༔ ༈ བཞི་པ་ལག་ལེན་ནི༔ འཁོར་ལོ་དེ་རང་གནས་པའི་ནམ་མཁའ་འམ་མལ་གྱི་སྟེང་དུ༔ ཡིག་འབྲུ་རྣམས་རང་ལ་བལྟ་བར་བཏགས་ཏེ༔ རང་ཉིད་དེ་ཡི་འོག་ཏུ་གནས་པར་བྱའོ༔ འདིའི་ཡོན་ཏན་དཔག་ཏུ་མེད་དེ༔ འོག་ཏུ་གནས་སམ་འཛུལ་བར་གྱུར་པ་ཐམས་ཅད་ལ༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ནུས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་རོ༔ ཐམས་ཅད་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་འགྱུར་རོ༔ དེ་ལ་རེག་པ་འོག་ཏུ་འཛུལ་བ་ཐམས་ཅད་བསོད་ནམས་དང་ནུས་པ་མཆོག་ཏུ་བྱེད་པའོ༔ ནུས་པ་བཤིག་པ་ཐམས་ཅད་སོར་ཆུད་པར་འགྱུར་རོ༔ ཕ་རོལ་གྱིས་བདག་ལ་སྦྱོར་བ་ངན་པ་ཅི་བྱས་པ༔ ལུས་ངག་ཡིད་གསུམ་གྱི་ནུས་པ་བཅིངས་པ་དང༔ མནན་པ་དང༔ བསད་པའི་ལས་སྦྱོར་གང་བྱས་པ་ཐམས་ཅད་དང༔ ཕྲ་མེན་གྱི་གཏད་ཁྲོམ་རླུང་འཁོར་རྦོད་གཏོང་བྱད་ཟོར་ཕུང་བཤིག༔ མདོར་ན་གང་ཅི་བྱས་པ་ཐམས་ཅད་ཟླ་བ་གཟའ་ལས་གྲོལ་བ་ལྟར་འགྱུར་རོ༔ བྱང་བ་དང་དག་པ་དང་ཐར་བར་འགྱུར་རོ༔ སྐྱེ་བ་གསུམ་གྱི་ལུས་ངག་ཡིད་གསུམ་ཉེས་པ་དང་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་འགྱུར་རོ༔ འདི་ནི་མཁའ་འགྲོ་མའི་སྙིང་ཏིག་གོ༔ ཟབ་ཅིང་རྒྱས་བཏབ་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ྈྈྈྈ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ།། །།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས། རིག་འཛིན་ཚེ་ཡི་དབང་བསྐུར་ (Volume 10, Text 53)
༄༅། །རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས། རིག་འཛིན་ཚེ་ཡི་དབང་བསྐུར་བཞུགས་སོ། ། འཆི་མེད་རྡོ་རྗེའི་སྐུ་བརྙེས་ནས། །འགྲོ་ལ་ཚེ་དབང་མཆོག་སྩོལ་མཛད། །པདྨ་ཚེ་དཔག་མེད་ལ་འདུད། །ཚེ་དང་ཡེ་ཤེས་རྒྱས་པར་མཛོད། །རིག་འཛིན་ཚེ་སྒྲུབ་ཀྱི་དབང་གི་ཆོ་གས་སྣོད་ལྡན་རྗེས་སུ་བཟུང་བ་ནི། ཕྲིན་ལས་ཆེ་ཆུང་གང་ལ་བརྟེན་པའི་དཀྱིལ་འཁོར་རམ་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པའི་མཎྜལ་གྱི་ཁར་དཀར་མངར་མར་ཟན་ལས་བཅོས་པའི་ཚེ་འབྲང་རྒྱན་ལྡན། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་གཉིས་ཀ་གཏེར་བྱོན་གྱི་ཚེ་རིལ་སོགས་གོང་མས་བསྒྲུབ་པའི་ཕབ་རྒྱུན་འདྲེས་ན་ལེགས་ཤིང་ཐམས་ཅད་ཀྱང་རིན་པོ་ཆེ་སོགས་སྣོད་གས་ཆག་མེད་པ་ལ་བཀོད། རྒྱབ་ངོས་ཚེ་མདའ་དར་དང་མེ་ལོང་སོགས་བཏགས་པ་བཙུགས། ལས་བུམ་སྨན་རཀ་གཏོར་གསུམ། ཕྱི་མཆོད། སྤྲོ་ན་ཚོགས་གཏོར་སོགས་ལས་གཞུང་དང་འབྲེལ་བའི་གཏོར་མཆོད་རྣམས་ཀྱང་འདུ་བྱ་བ་ནི་སྦྱོར་བའོ། དེ་ནས་ཕྲིན་ལས་ཆེ་ཆུང་གང་དང་འབྲེལ་ཡང་ཆོག་མོད། ཚེ་དབང་འདི་ཉིད་ཁོ་ན་སྒེར་དུ་བྱ་བའི་སྐབས་རྒྱུན་གྱི་ཕྲིན་ལས་ཉིད་འཇུག་པ་བདེ་བས་སྐྱབས་སེམས་ནས་བཟླས་པ་རྣམས་གྲུབ་ཀྱི་བར་སོང་ནས། རིག་འཛིན་ཚེ་སྒྲུབ་ལྟར། ཧྲཱི༔ དཀྱིལ་འཁོར་གཙོ་མཆོག་པདྨ་ཐོད་ཕྲེང་གི༔ སོགས་ཛཔ྄་ཀྱི་དགོངས་པ་གསལ་བཏབ་པའི་སྐབས། མདུན་རྟེན་གོ་སར་ཡང་ཛཔ྄་ཁང་ཕྱེས་ཏེ་དཀྱིལ་འཁོར་དང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་བཅས་ལྷག་པར་གསལ་བཏབ་ལ། འོད་ཟེར་སྤྲོ་བསྡུའི་སྐབས་ཚེ་བཅུད་བསྡུ་བསྟིམ་ཡིད་ཆེས་པར་བྱས་ཏེ། ཚེ་བསྙེན་བརྒྱ་སྟོང་ཅི་འགྲུབ་བཟླ། མཐར་མདའ་དར་གཡབ་ལ་ཚེ་འགུགས་བཏང་། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་ཚེ་ཆང་ཚེ་རིལ་སོགས་སྒྲུབ་རྫས་རྣམས་ལ་བསྟིམ། མཆོད་བསྟོད་བཟོད་གསོལ་ལས་གཞུང་ལྟར་བྱ་ཞིང་སྤྲོ་ན་ཏིང་ངེ་འཛིན་གྱི་དབང་ཡང་བླང་། དཀྱུས་ཙམ་ལ་མི་དགོས། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་བྱས་ལ་བྱིན་གྱིས་བརླབས། དེ་ནས་སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྤྱིར་མཐོ་རིས་ཀྱི་རྟེན་བཟང་པོ་ཐོབ་ནས་དེའི་ཡོན་ཏན་གྱི་ཁྱད་པར་བདུན་ལས་གཙོ་བོར་གྱུར་པ་ནི་ཚེ་རིང་བ་ཁོ་ན་ཡིན་ཞིང་། ཁྱད་པར་མི་ལུས་ཆོས་ལྡན་གྱི་ཚེ་རིང་དུ་གནས་པ་ནི་འཕྲལ་ཡུན་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གྱུར་པས་འཇིགས་རྟེན་གྱི་ཁམས་འདིར་དོན་དུ་གཉེར་བྱའི་གཙོ་བོ་ཡིན་ཡང་། སྙིགས་མའི་དུས་འདིར་རྒྱུ་ལས་ངན་ལ་སྤྱད་པའི་དབང་གིས་ཚེ་ཐུང་ཞིང་། དེ་ལའང་དུས་མ་ཡིན་པར་འཆི་བའི་བར་ཆད་མང་བས། ཚེ་སྲོག་གི་རྒྱུན་རིང་པོར་བསྲིང་ཞིང་ཚེ་ལ་གནོད་པའི་གློ་བུར་གྱི་འཕྲལ་རྐྱེན་མཐའ་དག་ཞི་བའི་ཐབས་ལ་འབད་པ་ཉིད་ཤིན་ཏུ་གལ་ཆེ་བ་ཡིན་ལ། དེ་ལྟ་བུའི་ཐབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། མཆོག་གམ་ཕུལ་དུ་གྱུར་པ་ནི་རྡོ་རྗེ་ཐེག་པའི་སྨིན་གྲོལ་བསྐྱེད་རྫོགས་ལ་བརྟེན་པ་རྣམས་ཡིན། དེའི་ཡང་ཟབ་གནད་བླ་ན་མེད་པ་ནི། ཇི་སྐད་དུ། ཚེ་རིང་འདོད་ན་བླ་མ་ལོངས་སྐུ་བསྒྲུབ། །ཅེས་ཆེད་དུ་གདམས་པ་ལྟར་སངས་རྒྱས་ཚེ་དཔག་མེད་པ་ཉིད་གྲུབ་པའི་རིགས་འཛིན་ཆེན་པོའི་སྐུར་སྣང་བ་གུ་རུ་པདྨཱ་ཀ་ར་ལོངས་སྐུའི་ཚུལ་དུ་སྒྲུབ་པ་རྣམས་ཆེས་ཟབ་ཅིང་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་དང་ལྡན་པ་ཡིན་པས། འདིར་རྩ་གསུམ་དགོངས་པ་འདུས་པའི་ཆོས་སྡེ་ལུང་གཏེར་གྱི་མཛོད་ལས་བླ་མ་རིག་འཛིན་མཆོག་སྒྲུབ་ཀྱི་ཆ་ལག །རིག་འཛིན་ཚེའི་སྒྲུབ་པ་ལོངས་སྤྲུལ་ཟུང་འཇུག་དང་རྗེས་སུ་འབྲེལ་བར་རྡོ་རྗེ་ཚེའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་འཇུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་བླ་མ་རིག་འཛིན་ཚེ་ཡི་བདག་པོ་དངོས་སུ་གསལ་བ་ལ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཆི་མེད་རིག་འཛིན་པདྨ་འབྱུང༔ རྩ་གསུམ་འདུས་པའི་ལྷ་ཚོགས་ཀྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ཏེ༔ རྡོ་རྗེ་ཚེ་ཡི་དབང་མཆོག་སྩོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་འཆི་མེད་རྩ་གསུམ་ཚེའི་ལྷ་ལ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བར་མོས་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་ཁྱབ་སོགས་ཕྲིན་ལས་ལྟར་ལན་གསུམ། མ་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་མཐའ་དག་རྩ་གསུམ་འཆི་མེད་ཚེ་ལྷའི་གོ་འཕང་ལ་དགོད་པའི་ཕྱིར་དུ་ཚེའི་དབང་བསྐུར་ཟབ་མོ་ནོད་ལ་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་བློས་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མར་གྱུར་ཁམས་གསུམ་སོགས་ལན་གསུམ། རྩ་གསུམ་འཆི་མེད་ཚེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་གསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་ཀུན་རྫོབ་སོ་སོའི་དམིགས་པ་དང་དོན་དམ་ཡེ་ཤེས་རང་བྱུང་རང་གསལ་གྱི་དགོངས་པ་གསལ་ཐོབ་ལ་འདིའི་རྗེས་ཟློས། ན་མོ༔ ཀ་དག་དབྱིངས་ལས་ཤར་བའི་རྩ་གསུམ་ལྷར༔ གཉིས་སུ་མེད་པའི་ཚུལ་གྱིས་གུས་ཕྱག་འཚལ༔ ཆོས་ཉིད་རིག་རྩལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་འདུས་མ་བྱས་པའི་ངང་དུ་བཤགས༔ ཟག་མེད་དགེ་ཚོགས་རྒྱ་མཚོར་ཡི་རང་ངོ༔ འཆི་མེད་གཉུག་མའི་ངང་དུ་རྟག་བཞུགས་ནས༔ བརྗོད་བྲལ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཚོགས་འོད་གསལ་སྙིང་པོའི་དབྱིངས་སུ་བསྔོ༔ འགྲོ་ཀུན་རང་བྱུང་ཡེ་ཤེས་སྐུ་ཐོབ་ཤོག༔ དབང་གི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་ཆུས་བསང་། སྭཱ་བྷཱ་བས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་རྣམ་པར་དག་པ་འོག་མིན་པདྨ་བཀོད་པའི་ཞིང་གི་རྒྱན་བཀོད་པའི་དབུས་སུ་གཞལ་མེད་ཁང་ཆེན་པོ་མཚན་ཉིད་ཡོངས་སུ་རྫོགས་པ། དེའི་ནང་དུ་བཅུད་རྣམ་པར་དག་པ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿདཀར་པོ་འོད་ལྔའི་མདངས་འཕྲོ་བ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གི་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་ཐོད་ཕྲེང་རྩལ་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་དཀར་ལ་དམར་བའི་མདངས་ཅན་ཞི་འཛུམ་བདེ་བའི་ཉམས་ཀྱི་སྒེག་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་མཉམ་གཞག་བདུད་རྩིའི་ཐོད་པ་ཚེ་བུམ་གྱིས་མཚན་པ། ཁ་ཊྭཱཾ་ག་གྲུ་མོ་གཡོན་དུ་བརྟེན་ཅིང་དབུ་ལ་པདྨའི་སྙན་ཞུ་དང་སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་འོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འཇའ་ཟེར་ཐིག་ལེ་འོད་ཕུང་འཁྲིགས་པའི་ཀློང་ན་བཞུགས་པའི་ཐུགས་ཀར་དྭངས་མ་ལྔ་ལྡན་འོད་ཟེར་གྱི་ཀློང་དུ། པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་གསལ་ཞལ་གཅིག་ཞི་ཞིང་འཛུམ་པའི་མདངས་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་དུ་འཆི་མེད་བདུད་རྩིས་གང་བའི་ཚེ་བུམ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་འོད་ཀྱི་ཡུམ་ལྷ་མོ་ཙནྡྷ་ལཱི་དམར་མོ་མདའ་དར་དང་ཚེ་བུམ་འཛིན་པས་འཁྱུད་པ། ཡབ་ཀྱི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་བའི་དབུས་སུ་ཧྲཱིཿཡིག་དམར་པོ། མཐའ་སྐོར་དུ་སྔགས་ཕྲེང་གཡས་སུ་བསྐོར་བ། གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་འབྲུ་གསུམ་འོད་ཟེར་འབར་བས་མཚན་པ་དང་བཅས་པ་གསལ་ཐོབ་ཅིག །དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ལ་པདྨ་ཚེ་དཔག་མེད་དངོས་ཡིན་སྙམ་པའི་གུས་འདུད་མཛད་པ་ལ་བརྟེན་ནས། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱི་སྣང་བས་རྒྱལ་བ་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་དང་། ཁྱད་པར་བདེ་བ་ཅན་དང་པདྨ་འོད་ཀྱི་ཕོ་བྲང་ནས་བླ་མ་མགོན་པོ་ཚེ་དཔག་ཏུ་མེད་པ་རྩ་གསུམ་སྲུང་མ་དང་བཅས་པའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་བཞིན་དུ་བྱོན་ཏེ། ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། དྲི་བཟང་པོའི་སྤོས་དང་ཌཱ་དྲིལ་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་སྔགས་བརྗོད་ལ་བྱིན་དབབ། དེ་ལྟར་དབབ་པའི་ཡེ་ཤེས་པ་རབ་ཏུ་གནས་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་བརྗོད་ལ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེས་དབང་གི་གཞི་འགོད་པ་སོང་ནས། དངོས་གཞིའི་དབང་བསྐུར་བའི་ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུག་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དང་། སྤྲུལ་པའི་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ། སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོག་པ་ཐམས་ཅད་དང་། བརྟན་གཡོའི་བཅུད་དང་འབྱུང་བཞིའི་དྭངས་མ། འཁོར་འདས་གྱི་དྭངས་བཅུད་དཔལ་འབྱོར་དགེ་མཚན་མ་ལུས་པ་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས། ཁྱེད་རང་རྣམས་ཀྱི་སྤྱི་བོ་དང་བ་སྤུའི་བུ་ག་ནས་སིབ་ཀྱི་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་ཆེན་པོར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཨོཾ༔ འཆི་མེད་པདྨ་དྲྭ་བའི་ཕོ་བྲང་ཆེ༔ དྭངས་མ་འོད་ལྔ་འབར་བའི་ཀློང་དཀྱིལ་ནས༔ རིག་འཛིན་གཙོ་བོ་རྗེ་བཙུན་པདྨ་འབྱུང༔ ཚེ་བདག་བཅོམ་ལྡན་འདས་དང་གཉིས་སུ་མེད༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྔོན་གྱི་ཐུགས་དམ་ཞལ་བཞེས་ཇི་བཞིན་དུ༔ བདེ་སྟོང་ཟུང་འཇུག་ཐིག་ལེའི་ཀློང་ནས་བཞེངས༔ སྤྲུལ་པའི་ཕོ་ཉ་མགྱོགས་མ་ལས་ལ་སྐུལ༔ འཁོར་འདས་སྣང་སྲིད་ནམ་མཁའི་དྭངས་བཅུད་ཁུག༔ ཆོས་དབྱིངས་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ༔ ཤར་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ རྡོ་རྗེ་ཧཱུྃ་ཆེན་ཀཱ་ར་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་ཆུ་ཡི་དྭངས་བཅུད་ཁུག༔ མེ་ལོང་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཧཱུྃ་ཀཱ་ར་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཏྲཱཾ༔ ལྷོ་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ འཇམ་དཔལ་ཁྲག་འཐུང་བཤེས་གཉེན་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་ས་ཡི་དྭངས་བཅུད་ཁུག༔ མཉམ་ཉིད་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧྲཱི༔ ནུབ་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ དབང་ཆེན་ནཱ་གཱརྫུ་ན་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་མེ་ཡི་དྭངས་བཅུད་ཁུག༔ སོར་རྟོག་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ནཱ་གཱརྫུ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ༔ བྱང་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ ཕྲིན་ལས་པྲ་བྷ་ཧསྟི་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་རླུང་གི་དྭངས་བཅུད་ཁུག༔ བྱ་གྲུབ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲཧསྟི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃཿ ཛ༔ ཤར་ལྷོ་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ མངོན་རྫོགས་དྷ་ན་སཾསྐྲྀ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་བདེ་ཆེན་དྭངས་བཅུད་ཁུག༔ ཀློང་གྱུར་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་དྷ་ན་སཾསྐྲྀཏ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃཿ ཧཱུྃ༔ ལྷོ་ནུབ་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ འཆི་མེད་བི་མ་མི་ཏྲ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་བདུད་རྩིའི་དྭངས་བཅུད་ཁུག༔ འདའ་ཀ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ བཾ༔ ནུབ་བྱང་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ གསང་བདག་གུ་ཧྱ་ཙནྡྲ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་སྟོབས་ཀྱི་དྭངས་བཅུད་ཁུག༔ དབྱིངས་གྲོལ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་གུ་ཧྱ་ཙནྡྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧོ༔ བྱང་ཤར་རིན་ཆེན་འབར་བའི་རྩིབས་སྟེང་ནས༔ སྟོབས་ལྡན་ཤཱནྟིཾ་གརྦྷ་སྐུ་བཞེངས་ཤིག༔ འཁོར་འདས་སྣང་སྲིད་རྩལ་གྱི་དྭངས་བཅུད་ཁུག༔ མཐའ་གྲོལ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤཱནྟིཾ་གརྦྷ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཧཱུྃ་ཧྲཱི༔ བརྒྱུད་གསུམ་རིག་འཛིན་བླ་མ་དབྱིངས་ནས་བཞེངས༔ ཡི་དམ་ལྷ་ཚོགས་དངོས་གྲུབ་གཟི་བྱིན་སྐྱེད༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་གློག་ལྟར་འཁྱུགས༔ རྣལ་འབྱོར་བདག་གི་བསྲུང་བྱར་གྱུར་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཚུད༔ བར་ཆད་ཚེ་འཕྲང་འོད་གསལ་དབྱིངས་སུ་ཟློག༔ སྲིད་ཞིའི་ཚེ་བཅུད་མི་ཤིགས་ཐིག་ལེར་སྟིམས༔ འཆི་མེད་འཇའ་ལུས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ གཡུ་ཚེ་བྷྲཱུྃ༔ ཨཱ་ཡུརྫྙཱ་ན་གཡུ་ཚེ་བྷྲཱུྃ༔ དེ་ནས་ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུ་བ་སྔོན་དུ་སོང་ནས། དངོས་གཞི་སྐུའི་དབང་བསྐུར་བའི་སླད་དུ། ཚེའི་འབྲང་རྒྱས་འདི་ཉིད་ཐབས་ཤེས་ཉི་ཟླ་འབར་བའི་ཕོ་བྲང་ཟླུམ་པོར་འཁྱིལ་བའི་དབུས་སུ་པདྨ་ཚེ་དཔག་མེད་རྩ་གསུམ་འདུས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས། ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་སྤྱན་དྲངས། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། ལུས་ཀྱི་སྟོབས་རྩལ་གཟི་བརྗིད་རབ་ཏུ་རྒྱས། སྐུ་རྡོ་རྗེ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཨོཾ༔ ཚེ་ཡི་འབྲང་རྒྱས་ཉི་ཟླའི་གྭ་འུ་རུ༔ མི་འགྱུར་རྟག་པ་ཚེ་ཡི་ལྷ་ཚོགས་བཞུགས༔ འཆི་མེད་བདེ་གཤེགས་སྐུ་ཡི་དབང་བསྐུར་བས༔ སྟོབས་རྩལ་གཟི་བརྗིད་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད་ལ་སྤྱི་བོར་བཞག །ཚེ་ཆང་ཐོགས་ལ། གསུང་གི་དབང་བསྐུར་བའི་སླད་དུ། འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་བ་དེ་ཉིད་མགྲིན་པར་བཞག་ཅིང་མྱང་བ་ལ་བརྟེན་ནས། ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་གྲོལ། རླུང་སྔགས་དབྱེར་མི་ཕྱེད་པ་རྡོ་རྗེའི་སྲོག་གྲུབ། གསུང་རྡོ་རྗེ་མི་ཤིགས་ནཱ་དའི་རང་བཞིན་དུ་གྱུར་པར་མོས་ཤིག །ཨཱ༔ ཆོས་དབྱིངས་རང་བྱུང་བནྡྷུའི་སྣོད་མཆོག་ཏུ༔ འཁོར་འདས་དྭངས་བཅུད་ཡེ་ཤེས་བདུད་རྩིར་འཁྱིལ༔ འགག་མེད་སྙིང་པོ་གསུང་གི་དབང་བསྐུར་བས༔ རླུང་སྔགས་མི་ཤིག་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བྷནྡྷ་མགྲིན་པར་གཏུགས་ཤིང་ཚེ་ཆང་སྦྱིན། ཚེ་རིལ་ཐོགས་ལ། ཐུགས་ཀྱི་དབང་བསྐུར་བས་སྲིད་ཞིའི་ཚེ་དཔལ་དྭངས་མའི་བཅུད་ཐམས་ཅད་བདེ་བ་ཆེན་པོའི་ཐིག་ལེ་རིལ་བུའི་རྣམ་པར་འཁྱིལ་བ་སྙིང་གར་བཞག་ཅིང་ཁོང་དུ་བཏང་བ་ལ་བརྟེན་ནས་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་འདྲེས། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར། ཐུགས་རྡོ་རྗེ་སྐྱེ་འཆི་མེད་པ་འོད་གསལ་གཉུག་མ་དོན་གྱི་སྲོག་ལ་དབང་ཐོབ་པར་མོས་ཤིག །ཧཱུྃ༔ བརྟན་གཡོའི་རང་བཞིན་བདེ་ཆེན་ཐིག་ལེར་འཁྱིལ༔ སྲིད་དང་ཞི་བའི་ཚེ་བཅུད་འདུ་འབྲལ་མེད༔ འོད་གསལ་གཉུག་མ་ཐུགས་ཀྱི་དབང་བསྐུར་བས༔ སྐྱེ་འཆི་མེད་པ་དོན་གྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག་ལ་རིལ་བུ་སྦྱིན། དེ་ལྟར་ཚེ་དབང་ཟབ་མོ་བསྐུར་པ་དེ་ཉིད་ནམ་ཡང་མི་ཉམས་ཤིང་བརྟན་པར་བྱ་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། ལུས་ཀྱི་ནང་འཆི་མེད་བཅུད་ཀྱིས་གང་བའི་དྭངས་མ་ཐམས་ཅད་སྙིང་གའི་ཚེ་དཔག་མེད་ཀྱི་ཐུགས་སྲོག་ཉི་ཟླའི་གྭའུ་ཁ་བྱེ་བ་ནས་ཞུགས་ཏེ་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་འོད་དུ་འབར། གྭའུ་ཁ་འགྲིགས་པའི་ཕྱི་རོལ་སྔགས་ཕྲེང་འོད་ལྔའི་དྲ་བས་བསྡམས་པས་ནམ་ཡང་འཕོ་འགྱུར་གཞོམ་གཞིག་དང་བྲལ་བ་རྟག་བརྟན་རྡོ་རྗེའི་ཚེ་ལ་དབང་ཐོབ་པའི་མོས་པ་མཛོད་ཅིག །ཚེ་མདའ་རྒྱ་གྲམ་དུ་བཞག་ལ། ཨ༔ སྤྲོས་པས་འཁོར་འདས་ཁྱབ་པའི་ཚེ་ཡི་བཅུད༔ བསྡུས་པས་སྙིང་པོ་མི་ཤིགས་ཐིག་ལེར་ཐིམ༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ མི་འགྱུར་མི་ཤིགས་རྡོ་རྗེའི་སྲོག་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུ་ཥེ་བྷྲཱུྃ་སྭཱ་ཧཱ༔ སྤྲོ་ན་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམ་བདུན་བཅས་སྦྱིན། གོང་ལྟར་ཤིས་བརྗོད་རྒྱས་པར་བྱ། དེ་དག་གི་རྩ་གསུམ་དགོངས་འདུས་ལུང་གཏེར་གྱི་མཛོད་ལས་རིག་འཛིན་མཆོག་སྒྲུབ་ཀྱི་ཆ་ལག་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླངས། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་བྱ། ཆོ་གའི་རྗེས་རིམ་ཚོགས་མཆོད་བྱེད་ན་དེ་ཕྱིན་ཆད་ཕྲིན་ལས་ལྟར་མཐར་ཆགས་སུ་གཏང་། ཚོགས་མི་བྱེད་ན་གཏང་རག་མཆོད་བསྟོད་ནས་ཤིས་བརྗོད་བར་གྱིས་འགྲུབ་བོ། ཚེ་དབང་གྲངས་གསོག་ན། རིལ་བུའི་དབང་ཡན་རྒྱས་པ་ཚར་གཅིག་སོང་ནས་ཤིས་བརྗོད་བྱ། སླར་ཡང་མཎྜལ། གསོལ་གདབ། རྒྱུན་བཤགས་སྤྱི་མཐུན་ཙམ་གྱི་རྗེས་སུ། དེ་ནས་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་སོགས་ཚེ་འགུགས་ནས་རིལ་བུའི་དབང་གི་བར་བསྐུར། ཚེ་འགུགས་ཀྱང་། ཧཱུྃ་ཧྲཱི༔ བརྒྱུད་གསུམ་རིག་འཛིན་བླ་མ་སོགས་ཀྱིས་ཆོག །བར་གྱི་མཚམས་སྦྱོར་བསྡུ་ན། ཚེའི་འབྲང་རྒྱས་སྤྱི་བོར་བཞག་ཅིང་ཚེའི་བདུད་རྩི་དང་རིལ་བུ་མྱང་བ་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ཚེའི་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཨོཾ༔ ཚེ་ཡི་འབྲང་རྒྱས་སོགས་ཤློ་ཀ་གསུམ་སྔགས་བཅས་སྦྲེལ། དབང་ཚར་རེའི་མཇུག་ཏུ་ཤིས་བརྗོད་རེ་བྱ། བསྡུ་ན་མཎྜལ་སོགས་བཞག་ལ་ཚེ་འགུགས་ཕྱིན་ཆད་བསྐྱར་བའམ། དངོས་གཞི་ཚེ་འབྲང་སོགས་གསུམ་པོ་ཁོ་ན་ལ་གྲངས་བཟུང་ཡང་རུང་། མཐར་གྲངས་རྫོགས་པ་དང་རྒྱས་གདབ་མན་ཆད་སྔར་བཞིན་བྱའོ། །དལ་འབྱོར་ལྗོན་བཟང་འཆི་མེད་ཀྱིས། །བདུད་རྩིའི་བཅུད་ཀྱི་རབ་ཏུ་གཏམ། །དོན་གཉིས་འབྲས་བུ་གཡུར་ཟ་བས། །སྐྱེ་དགུ་མཐའ་དག་འཚོ་བྱེད་ཤོག །ཅེས་པའང་ཉེར་མཁོའི་ཆ་ལག་ཏུ་ཨོ་རྒྱན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བྲིས་པ་དགེ་ལེགས་འཕེལ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒོམ་བཟླས་གནམ་ལྕགས་འཁོར་ལོ་ (Volume 53, Text 53)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒོམ་བཟླས་གནམ་ལྕགས་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། སངས་རྒྱས་ཀུན་དངོས་འཇམ་པའི་དཔལ། །ཕ་རོལ་རྒོལ་འཇོམས་ཧེ་རུ་ཀར། །བཏུད་ནས་དེ་ཡི་སྒོམ་བཟླས་ཀྱི། །མན་ངག་གནམ་ལྕགས་འཁོར་ལོ་དབྱེ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་ལྔ། དགོས་ཆེད་སྐྱབས་འགྲོ་སེམས་བསྐྱེད་དང་། །ཚོགས་གསག་ཚད་མེད་བསྒོམ་པ་འོ། །ཞེས་ལྔ་ལས་དང་པོ་ནི། གཞུང་རྩ་བ་ལས། སྙིགས་མའི་འགྲོ་བ་ལས་ངན་པས༔ བྱད་ཕུར་ལྡང་ཞིང་མི་ཁ་འཁྲུགས༔ རྨུ་རྒོད་ཕྲག་དོག་ཆེས་པའི་རྒྱུས༔ གློ་བུར་ཚེ་ལ་བར་གཅོད་པའི༔ རྣམ་མང་གེགས་ཀྱིས་འཚེ་བ་ན༔ བླ་མ་འཇམ་དཔལ་སྨྲ་བའི་སེང༔ དྲག་པོའི་རྣལ་འབྱོར་འདི་ཀ་བསྒོམ༔ ཞེས་རང་གཞན་ཐམས་ཅད་གནས་སྐབས་བྱད་ཕུར་རྦོད་གཏོང་གི་རྒྱུ་དང་། མི་ཁ་གླེང་གཞིའི་རྐྱེན་ལ་བརྟེན་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་ཅིང་། མཐར་ཐུག་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་བའི་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་ཟློག་པའི་སླད་དུ་ཟབ་མོའི་རྣལ་འབྱོར་འདི་ལ་བསླབ་པར་བགྱི་འོ་སྙམ་པས་མཚམས་སྦྱར་ཏེ། གཉིས་པ་ནི། སྐྱབས་ཡུལ་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སད་པའི་སྤྱན་སྔར་སྒོ་གསུམ་འཇུག་པ་གཅིག་པའི་མོས་གུས་ཀྱིས། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་ཅི་ནུས་དང་། གསུམ་པ་ནི། སྨོན་འཇུག་གི་སེམས་བསྐྱེད་གསལ་བཏབ་ལ། ཧཱུྃ༔ ཤིན་ཏུ་གདུག་ཅིང་གཏུམ་པ་ཡི༔ བྱད་ཕུར་རྦོད་གཏོང་ཚར་གཅོད་ཕྱིར༔ ཕ་རོལ་རྒོལ་འཇོམས་ཧེ་རུ་ཀའི༔ རྣལ་འབྱོར་ཟབ་མོ་བསྒོམ་པར་བྱ༔ ལན་གསུམ། བཞི་པ་ནི། ཡན་ལག་བརྒྱད་ཀྱི་སྒོ་ནས་ཚོགས་གསག་པར་བགྱི་འོ་སྙམ་པས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ། ལྔ་པ་ནི། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞིས་རྒྱུད་སྦྱང་ངོ་། །གཉིས་པ་དངོས་གཞི་ལ། དམ་ཚིག་གསལ་གདབ་གནས་གསུམ་བརླབ། །དབང་བསྐུར་ཡེ་ཤེས་དགུག་ཅིང་བསྟིམ། །ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཞེས་བརྒྱད་ལས་དང་པོ་ནི། ཨ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང༔ སྐད་ཅིག་རྫུས་སྐྱེས་ཚུལ་དུ་ནི༔ ཕ་ལམ་ལས་གྲུབ་རྡོ་རྗེའི་གུར༔ ཡངས་ཤིང་རྒྱ་ཆེའི་ལྟེ་བ་རུ༔ གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ དྲེགས་པ་ཆུ་གླང་པད་ཉིའི་སྟེང༔ བདག་ཉིད་རིག་འཛིན་སྨྲ་བའི་སེང༔ ཁྲོས་པའི་སྐུར་བཞེངས་གཤིན་རྗེའི་གཤེད༔ ཕ་རོལ་རྒོལ་བ་འཇོམས་པའི་དཔལ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རྡོ་རྗེ་འཁོར་ལོ་རལ་གྲི་གཡས༔ ལྕགས་ཀྱུ་གཏུན་ཤིང་དགྲ་སཏྭ་གཡོན༔ དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ ཡུམ་ནི་གཏུམ་མོ་དུག་ཧྲུལ་མ༔ དམར་ནག་རཀྟ་ཁོལ་མའི་མདངས༔ བེ་ཅོན་བྷན་ཁྲག་འཛིན་པས་འཁྱུད༔ གར་དགུའི་ཉམས་ཀྱི་རོལ་པ་ཡིས༔ ཡེ་ཤེས་མེ་ཕུང་ཀློང་ན་འགྱིང༔ ཕྱི་རོལ་འཁོར་ལོའི་ནང་ཁོངས་སུ༔ ཚེ་འཆི་སྲོག་གི་བདག་པོ་དང༔ ལས་བྱེད་གཤིན་རྗེ་བྱེ་བས་བསྐོར༔ ཁྲོ་བོ་འཆོལ་པ་སྐར་ལྟར་འཁྲུགས༔ མཚོན་ཆའི་ཆར་འབེབ་ཧཱུྃ་ཕཊ་སྒྲ༔ འབྲུག་ཆེན་ལྡིར་བ་ལྟ་བུར་སྒྲོག༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཅེས་རིག་སྟོང་ཟུང་འཇུག་འོད་གསལ་གཉུག་མའི་སྣང་ཆ་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་ལྷར་ལམ་གྱིས་ལྡངས་ཏེ། གཉིས་པ་ནི། རང་གི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་ལ། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ༔ གདོད་ནས་ལྷུན་གྲུབ་ཕྱག་རྒྱས་བཏབ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད། གསུམ་པ་ནི། ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་དབང་བསྐུར་བས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ་ལ། དུག་ལྔ་རང་གྲོལ་ཡེ་ཤེས་ལྔ༔ རིགས་ལྔའི་ངོ་བོར་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཞེས་དབང་བསྐུར། བཞི་པ་ནི། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མཱ་ཛཿས་སྙན་གསན་དབབ། ཧཱུྃ༔ འོག་མིན་ཨེ་ཡི་ཕོ་བྲང་ནས༔ མགོན་པོ་ཀུན་གཟིགས་དབྱིངས་ནས་བཞེངས༔ འཇམ་དཔལ་ཁྲོ་བོའི་ཚུལ་བསྟན་པ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཞེས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོ༔ས་དགུག་གཞུག་བཅིངས་ཤིང་དགྱེས་པ་བསྐྱེད། ལྔ་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས། སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབ་པའི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་ལོ། །པྲ་ཏཱིཙྪ་ཧོ༔ ཞེས་ཕྱག་ལན་བཏབ། དྲུག་པ་ནི། དེ་རྣམས་ཀྱིས་ཕྱི་ནང་གསང་བའི་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤེལ་བས་མཆོད་པའི་མོས་པ་དང་བཅས། ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཇམ་དཔལ་ཁྲག་འཐུང་འཁོར་བཅས་མཆོད༔ ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ བདུན་པ་ནི། རྡོ་རྗེའི་གླུ་སྙན་ཅིང་འགྱུར་བས་བསྟོད་ཅིང་ཐུགས་དམ་བསྐུལ་བར་བསམ་ལ། ཧཱུྃ༔ ཕ་རོལ་རྒོལ་འཇོམས་རིག་པ་འཛིན༔ སྨྲ་བའི་སེང་གེ་སྟོབས་པོ་ཆེ༔ བདུད་དགྲ་བདུད་འདུལ་དཔལ་ཆེན་ལྷར༔ གཉིས་མེད་གུས་པས་ཕྱག་འཚལ་བསྟོད༔ བདག་ལ་ཕས་ཀྱི་བྱད་ཕུར་དང༔ རྒོལ་བ་ངན་པའི་ཚོགས་རྣམས་ཀུན༔ མིང་ཙམ་མེད་པར་ཞི་བ་དང༔ ཚེ་དཔལ་ཡེ་ཤེས་རྒྱས་མཛད་གསོལ༔ ཞེས་བསྟོད་ཅིང་མཆོད་པའི་ལྷ་མོའི་ཚོགས་རང་ལ་བསྡུ། བརྒྱད་པ་ནི། ཐོག་མར་ལྷ་སྐུ་སྲུང་འཁོར་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་ང་རྒྱལ་བརྟན་པོ་བསྐྱེད། གསལ་སྣང་ཐོན་པ་ན། ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ འཇམ་དཔལ་དམར་སེར་འོད་འབར་བའི༔ ཐུགས་དབུས་ཉི་ཟླའི་གྭ་འུའི་སྦུབས༔ མི་འགྱུར་ཐུགས་སྲོག་ཡཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་མཐིང་ག་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་མཆོད་ཅིང་མཉེས༔ ཁམས་གསུམ་སྒྲིབ་སྦྱངས་ལྷ་རུ་གྱུར༔ སྡེ་བརྒྱད་འབྱུང་པོ་དམ་ལ་གཟིར༔ ཁྱད་པར་བྱད་ཕུར་རྦོད་གཏོང་དང༔ དུས་མིན་འཆི་བ་མི་ཁའི་མཚོན༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང༔ སྔགས་ཀྱི་མེ་ཡིས་གཞོབ་ཏུ་བསྲེགས༔ འོད་གསལ་ཀ་དག་དབྱིངས་སུ་སྦྱངས༔ ཞེས་པའི་དམིགས་པ་ལ་རྩེ་གཅིག་ཏུ་དྲན་པ་ཉེ་བར་བཞག་སྟེ། ཨོཾ་ཡ་མ་རཱ་ཛ༔ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡ་ཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ཅེས་འཇམ་དཔལ་ཁྲག་འཐུང་གི་རྩ་བའི་རིག་པ་འདི་ཉིད། བྲག་ཁ་དག་ནས་ཆུ་འབབས་བཞིན༔ སྔགས་རྒོད་དྲག་པོ་བར་མེད་བཟླ༔ ཞེས་ཇི་སྐད་གསུངས་པ་བཞིན་ཅི་ནུས་མི་ཚིག་གིས་བར་མ་ཆོད་པར་བཟླ་འོ། །གསུམ་པ་རྗེས་ལ། དམོད་པ་འདོར་ཞིང་ལྷར་སྣང་བསྡུ། །ཟུང་འཇུག་སྐུར་ལྡང་དགེ་བ་བསྔོ། །ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། །ཞེས་ལྔ་ལས་དང་པོ་ནི། ཐུན་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ་རྟེན་སྙིང་ཡི་གེ་བརྒྱ་པས་སྔགས་ཀྱི་ནུས་པ་སྤེལ་ཞིང་བརྟན་པར་བྱ། ལྷག་ཆད་ཁ་བསྐང་། སླར་ཡང་ལག་གཡས་ནམ་མཁའ་དང་། །གཡོན་པ་ས་གཉིས་བརྡབས་པའི་བར། །དགྲ་བོ་བྱད་མ་ལྷ་སྲུང་བཅས། །རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། ན་མོ༔ བླ་མའི་བཀའ་བདེན་པ་དང༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་པ་དང༔ འཇམ་དཔལ་ཁྲག་འཐུང་ཕ་རོལ་རྒོལ་འཇོམས་ཀྱི་བཀའ་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་། སྔགས་འཆང་བདག་གི་ངག་བདེན་པའི་མཐུས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པའི་ཆག་ཆེ་བ༔ ཉམ་ང་བ༔ རྨི་ལམ་ངན་པ༔ མཚན་མ་ངན་པ༔ ལྟས་ངན་པ༔ ཕ་རོལ་གྱི་དམག་ཚོགས༔ རྦད་འདྲེ༔ རྦོད་གཏོང༔ བྱད་ཁ༔ ཟོར་ཁ༔ ཕུར་ཁ༔ གཏད་ཁ༔ མི་ཁ་སྨྲ་མཆུ༔ ཁྱད་པར་དུ་ཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ རང་གཤེད་རང་ལ་ཕོབ་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ རང་ཤ་རང་གིས་ཟོ་ཞིག༔ རང་ཁྲག་རང་གིས་ཐུངས་ཤིག༔ ཁོའི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔ བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག༔ མཱ་ར་ཡ་ཟློག་བྷྱོ་བྷྱོ༔ ཞེས་ལན་གསུམ་བརྗོད་ཅིང་ཐལ་མོ་བརྡབ། ཁྱད་པར་མི་ཁའི་གནོད་པ་ཟློག་པ་གཙོ་བོར་བྱེད་ན། གོང་གི་སྔགས་ཤམ་དུ། མི་ཁ་དྲིལ་དྲིལ༔ མི་ཁ་བྷྱོ་བྷྱོ༔ མི་ཁ་ཟློག་ཟློག༔ བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཁ་སྨྲས་གླེང་གཞི་ངན་པ་ཐམས་ཅད་ཐུམ་རི་ལི་ལི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ཧུར་ཐུམས་སརྦ་ཤ་ཏྲཱུཾ་བིགྷྣཱན་བཱ་ཀ་ཧ་ན་ཧ་ན་ད་ཧ་ད་ཧ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ༔ རྦད་ཀྲ་ཀོ་ཤ་ཡ་བརླག་བརླག༔ སརྦ་ཨུ་ཙཊྚ་ཡ་ཕཊ༔ ཅེས་ཅུང་ཟད་བཟླས་ནས་སྔགས་དེ་ཉིད་ཀྱི་མཐར། བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་བཤིག་ཅིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པས་ཆོད་ཅིག༔ གནམ་ལྕགས་ཀྱི་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་གནོད་བྱེད་མི་ཁ་གླེང་གཞི་ངན་པ་གཏོང་བའི་དགྲ་དང་བགེགས་ཀྱི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ ཅེས་བརྗོད་ཅིང་ཐལ་མོ་ལན་གསུམ་དུ་བརྡབ། གང་ལྟར་ཡང་། འཇམ་དཔལ་ཁྲག་འཐུང་ལྷ་ཚོགས་ཀྱིས། །གནོད་བྱེད་དགྲ་བགེགས་མ་ལུས་པ། །ལུས་ངག་ཐལ་བའི་རྡུལ་བཞིན་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ཅེས་གསོལ་ཞིང་། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ཞེས་བརྗོད་ཅིང་ངེས་ཤེས་བསྐྱེད། གཉིས་པ་ནི། ཆོས་དབྱིངས་སྐྱེ་བ་མེད་པ་ལས། །འགགས་མེད་ཁྲག་འཐུང་ཆེན་པོར་ཤར། །འགགས་པ་ཉིད་ན་འགགས་མེད་པ། །འོད་གསལ་ཀ་དག་ཀློང་དུ་ཐིམ། །ཅེས་ལྷར་སྣང་འོད་གསལ་གཉུག་མའི་དབྱིངས་སུ་བསྡུས་ཏེ་མཉམ་པར་འཇོག །གསུམ་པ་ནི། དེ་ལས་ལྡང་བ་ན། སླར་ཡང་སྐད་ཅིག་དྲན་རྫོགས་སུ། །རང་ལུས་འཇམ་དཔལ་ཁྲོ་བོ་ལ༔ ངག་ནི་གཞོམ་མེད་ཡཿམཐིང་ནག༔ རླུང་སེམས་དབྱེར་མེད་ངོ་བོ་ཉིད༔ ཐབས་ཤེས་ཉི་ཟླའི་གྭ་འུ་རུ༔ རྒྱས་བཏབ་ཀ་དག་དབྱིངས་སུ་བཞག༔ ཅེས་བརྗོད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ། བཞི་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཁྲག་འཐུང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བའི་རྩ་བ་ཡོངས་སུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ། ལྔ་པ་ནི། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ༔ དམ་པའི་ཆོས་ནི་འདོད་ཆགས་བྲལ༔ བྱང་སེམས་འཕགས་ཚོགས་ཕྱིར་མི་ལྡོག༔ ཆོས་ཉིད་རང་བཞིན་བསམ་མི་ཁྱབ༔ ཆོས་ཅན་རྟེན་འབྲེལ་བསླུ་བ་མེད༔ བདེན་དང་བདེན་པའི་ཚིག་འདི་ཡིས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི༔ མི་མཐུན་གནོད་པ་ཞི་གྱུར་ཅིག༔ མཐུན་རྐྱེན་བསམ་དགུ་འགྲུབ་པ་དང༔ བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག༔ ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །།འདིའི་བསྙེན་པ་བྱེད་ན་བླ་མ་སྨྲ་བའི་སེང་གེའི་བསྙེན་པ་སྔོན་དུ་སོང་ན་ལེགས། གང་ལྟར་ཡང་མངོན་རྟོགས་ཐུན་བཞིར་བསྒོམ་ཞིང་སྔགས་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་པ་བཟླས་པས་ལས་རུང་དུ་འགྱུར་བ་ཡིན་ནོ། །འཇམ་དཔལ་ཁྲག་འཐུང་ལྷ་ཚོགས་ཀྱི། །སྒོམ་བཟླས་གནམ་ལྕགས་འཁོར་ལོའི་དབལ། །ཕས་རྒོལ་སྙིང་ལ་བསྐོར་བ་ཡིས། །མི་མཐུན་ཕྱོགས་ཀུན་ཚར་གཅོད་ཤོག །ཅེས་པའང་དོན་གཉེར་ཅན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས། ཟབ་ཆོས་འདི་ཉིད་ལ་སྔོན་དགེའི་སྤོབས་པ་ཅུང་ཟད་སད་པའི་རིག་འཛིན་གྱི་བཙུན་པ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས། གཏེར་གཞུང་རྡོ་རྗེའི་ཚིག་ལ་རིགས་མཐུན་གྱི་མཚམས་སྦྱོར་ཅུང་ཟད་དང་བཅས་བཀླགས་པས་གྲུབ་པར་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
གྲུབ་ཆེན་ཟླ་བ་པའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཚེ་མཆོག་མཐར་ཕྱིན་ (Volume 48, Text 53)
༄༅། །གྲུབ་ཆེན་ཟླ་བ་པའི་ལུགས་ཀྱི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཚེ་མཆོག་མཐར་ཕྱིན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་མཱ་ར་ཎི་ནཱ་ཐཱ་ཡ། བདེ་ཆེན་བདུད་རྩིའི་བཅུད་རྒྱས་པས། །འགྲོ་ཀུན་འཕྲལ་ཡུན་སྲོག་འཚོ་མཛད། །ཚེ་འོད་དཔག་མེད་རྒྱལ་བ་ལ། །བཏུད་ནས་དེ་སྒྲུབ་ཟབ་མོ་དགོད། །བཅོམ་ལྡན་འདས་ཚེ་དཔག་མེད་པའི་སྒྲུབ་ཐབས་ཟབ་མོ་ཉེ་བརྒྱུད་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་འདི་ལ་གཉིས། སྒྲུབ་ཐབས་དང་རྗེས་གནང་ངོ་། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་མཐུན་ནམ། གསུང་རྒྱུན་ལྟར་ན། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་ཀུན་དོན་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །ལན་གསུམ། ཚོགས་གསག་ནི། རང་ཉིད་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བླ་མ་རིགས་བདག་གི་རྣམ་པ་དབུའི་ཆ་ལ་བཞུགས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་ལྡན་གྱུར། །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བསྒོམ། ཚོགས་ཞིང་རང་གི་སྙིང་གར་ཐིམ་པར་གྱུར། ཡན་ལག་བཞི་རྫོགས་ཀྱི་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་བ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། འགྲོ་བའི་དོན་བྱས། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་ཤིན་ཏུ་དམར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེ་ཡི་བུམ་པ་ཚེ་དང་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་ཐམས་ཅད་ཀྱིས་གང་བ་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་གྱི་ཕུང་པོ་དཔག་ཏུ་མེད་པ་མངའ་བ། ཞལ་འཛུམ་ཞིང་ཞི་བའི་ཉམས་དང་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཧྲཱིཿ ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་འོད་དཔག་མེད་སྤྲུལ་པའི་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། འདིར་དམིགས་བསལ་མ་གསུངས་ཀྱང་སྤྱི་ལྟར་མཆོད་བསྟོད་བྱས་ཀྱང་འགལ་བ་མེད་པས། སྔགས་ཙམ་གྱིས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་བུམ་པ་བསྣམས། །འཆི་མེད་བདུད་རྩིས་བཀང་ནས་ནི། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བཟླས་པ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ལ་ནང་སྐོར་དུ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཕྱི་སྐོར་དུ། ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་བ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་སྔགས་ཕྲེང་འོད་ཟེར་གྱི་རྣམ་པར་བྱོན་ཏེ་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་བསལ། རང་གཞན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རབ་ཏུ་རྒྱས་པར་གྱུར། ཅེས་དམིགས་ལ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། སྙིང་པོ་ཡིན་པས་བྱེ་བ་གཅིག་ཁ་སྐོང་དང་བཅས་པ། ཉེ་སྙིང་ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་སྭཱ་ཧཱ། འབུམ་ཕྲག་བཞི། མཚན་བརྒྱའི་གཟུངས་ཁྲི་བཟླས་པས་རྟགས་མཐོང་བར་འགྱུར་རོ། །ཐུན་མཐར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣང་སྲིད་དག་པའི་འཁོར་ལོར་སྦྱངས། དེ་ཐམས་ཅད་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་ཉིད་ཀྱང་རིམ་པར་ཐུགས་ཀའི་ཧྲཱིཿལ་འདུས། དེ་གྱེན་རྫོགས་སུ་ཡལ་ནས་མི་དམིགས་པར་བསམ་ལ་འཆི་མེད་གཉུག་མའི་རང་ངོ་ལ་མཉམ་པར་བཞག །དེ་ལས་ལྡང་བ་ན། སླར་རང་ཉིད་ཚེ་དཔག་མེད་པའི་སྐུར་གྱུར་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། ཅེས་ཐུན་མཚམས་ཀྱི་ལྷར་ལྡང་ལ་དགེ་བ་བསྔོ། གཏོར་མ་འབུལ་ན། དཀར་མངར་གྱི་གཙང་གཏོར་བཤམས་ལ། རྟ་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཡིད་དུ་འོང་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི། ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་བཅོམ་ལྡན་ཚེ་དཔག་མེད་མགོན་ལ། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་བསྐོར་བ། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་གྱུར་པའི། །ལྗགས་ཀྱི་འོད་ཟེར་སྦུ་གུས་གཏོར་མ་ནི། །བདུད་རྩི་དང་བཅས་དྲངས་ཏེ་རབ་གསོལ་བས། །སྐུ་གསུང་ཐུགས་མཉེས་ཚིམས་ཤིང་དགྱེས་པར་གྱུར། །རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ཉེ་སྙིང་གི་གཤམ་དུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་། ཨ་ཀཱ་རོ་གསུམ་གྱིས་འཁོར་རྣམས་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་བུམ་པ་བསྣམས། །འཆི་མེད་བདུད་རྩིས་བཀང་ནས་ནི། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་མཐར། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་ཞེས་པ་ནས། ཀུན་འགྲུབ་མཛོད། ཅེས་པའི་བར་གྱིས་འདོད་དོན་གསོལ་བ་གདབ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། རྟེན་ཡོད་ན་གཏོར་མགྲོན་བརྟན་བཞུགས་བྱ། མེད་ན་བཛྲ་མུཿས་གཤེགས་ལ་ཤིས་པ་བརྗོད་དོ།། །།གཉིས་པ་གཞན་ལ་རྗེས་གནང་བསྒྲུབ་པ་ནི། རྗེ་དགུ་པའི་བཞེད་པས་དབང་བྱིན་རླབས་རྗེས་གནང་ཟུང་འབྲེལ་དུ་འབོགས་པའི་ལུགས་གཅིག་ཤེས་ཀུན་གྲོལ་ལྟར་ན། སྟེགས་བུར་མཎྜལ་ལ་འབྲུའི་ཚོམ་བུ་དམར་པོ་གཅིག་བཀོད་པའི་ཁར་མཉྫི་ལ་བུམ་པ་མགུལ་ཆིངས་དམར་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་གཟུངས་ཐག་དང་བཅས་པ། མདུན་དུ་སྐུ་གཟུགས་དངོས་སམ་ཙཀླི། གཡས་གཡོན་དུ་དབང་ཕྲེང་། ཕྱག་མཚན་ཚེ་བུམ། དར་དང་རིན་པོ་ཆེའི་རྒྱན་ཙཀ །ཚེ་རིལ། ཚེ་ཆང་། རྒྱབ་ཏུ་གཏོར་ཟླུམ་དཀར་པོ་པད་འདབ་ཅན་རྒྱན་ལྡན་དར་གདུགས་བཅས། མདུན་ངོས་སུ་མཆོད་གཏོར་དཀར་ཟླུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྔོན་འགྲོ་དཀར་གཏོར། ལས་བུམ་སོགས་ཀྱང་ཚོགས་པར་བྱ། སྔོན་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ལས་གཏོར་མ་འདོད་རྒུའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོས་བྱིན་བརླབ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་སྐྱོང་དང་གཞི་བདག་རྣམས་སྤྱན་དྲངས་པར་གྱུར། དྲིལ་བུ་དཀྲོལ་ཞིང་། ཨོཾ་ད་ཤ་དིཀློ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སཏྭཾ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་ཕུལ་ནས། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། གང་དག་གསང་སྔགས་ཀྱི་ཆོ་ག་ཐོས་པ་དང་མཐོང་བར་མི་དབང་བ་རྣམས་ཀྱང་གཏོར་མ་འདིས་ཚིམས་པར་གྱིས་ལ་རང་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཞེས་རོལ་མོ་དང་བཅས་པས། རྟ་སྔགས་དང་། སུམྦྷ་ནི་སོགས་བརྗོད་ལ་བསྐྲད། ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་ཀུན་ནས་བརྟན་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམ། མཆོད་པ་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ཧཱུྃ་ལས་བྱུང་བའི་མཆོད་ཡོན་དང་། །མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་སོགས། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརླབ། དེ་ནས་སྐྱབས་སེམས་ནས་བརྩམ། བདག་བསྐྱེད་བཟླས་པ་བསྡུ་ལྡང་གི་བར་བྱ། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་སོགས་བདག་བསྐྱེད་ལྟར་བསྐྱེད་ཆོག་གི་ཚིག །བདག་ཉིད། ཅེས་པ་དོར་ལ། དབུ་བརྒྱན་པར་གྱུར། ཅེས་པའི་བར་བྱ། མཆོད་པ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཡི་ཆབ། །ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེན་ཁམས་ནི་དཔག་མེད་ན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །སྣ་ཚོགས་མཆོད་པ་ཇི་སྙེད་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤར་ཤེ་བི་ཤྭ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ཙམ་མམ། སྤྲོ་ན། རྒྱལ་སྲིད་རྟགས་རྫས་ན་བཟའ་རྣམས་ཤླཽ་ཀ་རེ་ཙམ་སྦྱར་བས་ཕུལ་ཡང་ཆོག །བསྟོད་པ་ནི། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་བསྟོད། །ཅེས་པ་ལྟ་བུ་བདེ་གཤེགས་སྤྱི་བསྟོད་གྲུབ་ན་ལེགས་པའི་ཡན་ལག་ཏུ་འགྱུར་ལ། གང་ལྟར། དྲི་མེད་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་བ། །སྐྱོབ་པ་མཚུངས་མེད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །ཅེས་དང་། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་བུམ་པ་བསྣམས། །འཆི་མེད་བདུད་རྩིས་བཀང་ནས་ནི། །ཚེ་ཉམས་སེལ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་བྱ། ཛཔ྄་ཀྱི་འཕྲོ་འདུ་མདུན་བསྐྱེད་ལ་ཁ་སྤོས་ཏེ་བཟླས་པ་ཅི་འགྲུབ་དང་། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་ཚེ་རྫས་ལ་ཐིམ་པར་མོས་ལ་བཟླས་པ་བྱ། དེ་ནས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་པཾ་ལས་པདྨ་དང་སོགས་ནས། དབང་བསྐུར་རྒྱས་གདབ་ཀྱི་བར་མདུན་བསྐྱེད་ལྟར་ལ། ཆུ་གཉིས་ཉེར་སྤྱོད། འདོད་ཡོན་ལྔ་བཅས་དེ་ལྟར་རམ། མ་ལྕོགས་ན་སྔགས་མཆོད་ཙམ་དང་། བསྟོད་པ་ཤླཽ་ཀ་གསུམ་བྱ། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་ཀར་ཕོག །ཟག་མེད་བདེ་བས་དགྱེས། སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་གྱུར། ཅེས་དམིགས་ལ་བཟླས་པ་རྣམ་གསུམ་བྱས་མཐར། བུམ་ལྷ་བདུད་རྩིར་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་པད་ཉི་ལ་ཧྲཱིཿལས་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་དབྱུག་ཏོ་ནམ་མཁར་ཕྱར་ཞིང་། གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་ཐུགས་ཀར་ཧྲཱིཿའི་མཐར་སྔགས་ཀྱིས་བསྐོར་བར་གྱུར། ཅེས་བསྐྱེད། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས་པ་གང་འོས་བྱ། ཁྲོ་བོ་ཁྱེད་ཀྱིས་བགེགས་རྣམས་ཟློག་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། རྟ་མགྲིན་འོད་དུ་ཞུ་ནས་བུམ་ཆུར་གྱུར། ཅེས་དམིགས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པས་བདག་གི་སློབ་མ་རྣམས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་སློབ་མ་ལ་ཁྲུས་བྱ། སྔོན་གཏོར་བགེགས་བསྐྲད་སྲུང་འཁོར་རྣམས་གོང་དུ་བཤད་པ་ལྟར་དང་། སེམས་བསྐྱེད་གསལ་བཏབ་ལ། དེའང་རིས་སུ་མ་ཆད་པའི་ལུས་ཅན་མཐའ་དག་དུས་དང་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང་། ཐུན་མོང་འཆི་མེད་ཚེ་ཡི་རིག་འཛིན་དང་ཐུན་མིན་བདེ་ཆེན་མཆོག་གི་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་བར་མཛད་པ། ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་རབ་འབྱམས་རྣམས་སུ་དེ་བཞིན་གཤེགས་པ་ཀུན་གྱིས་བསྔགས་པའི་མེ་ཏོག་མགྲིན་གཅིག་ཏུ་འཐོར་བའི་ངོ་མཚར་གྱི་སངས་རྒྱས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་གསང་སྔགས་གསར་རྙིང་གི་བཀའ་སྲོལ་ལས་བྱོན་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི། མགོན་པོ་ཚེ་དཔག་ཏུ་མེད་པ་ཉིད་ཀྱིས་གྲུབ་པའི་དབང་ཕྱུག་ཟླ་བ་པ་ལ་དངོས་སུ་བསྩལ། དེ་ལས་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ་རྒྱལ་དབང་ཐམས་ཅད་མཁྱེན་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་གསན་ཏེ་བཀའ་བརྒྱུད་གསེར་གྱི་ཕྲེང་བ་ཤ་སྟག་ལས་རིམ་པར་བྱོན་པའི། རྗེས་གནང་དབང་གི་ངོ་བོ་ཅན་སྤྱན་རས་གཟིགས་དབང་དགུ་པ་དབང་ཕྱུག་རྡོ་རྗེའི་བཀའ་སྲོལ་ལྟར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །བླ་མ་དང་བཅོམ་ལྡན་འདས་ཚེ་དཔག་མེད་ཐ་མི་དད་པའི་དྲུང་དུ་རྗེས་གནང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཚེ་དཔག་མེད་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ། ཁྱེད་རང་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་མདུན་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ལས་སྔགས་དང་ལས་ཆུས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་གུར་མེ་རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཚེག་དྲག་སོགས་མངོན་རྟོགས་ལྟར་བརྗོད་པ་ལས། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་བཅོམ་ལྡན་འདས་སོགས་ནས། ཐུགས་ཀར་ཧཱུྃ་དང་ཧྲཱིཿ དམར་པོས་མཚན་པར་སྒོམས་ཤིག །དེ་ནས་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་དམིགས་རྟེན་མཎྜལ་དབུས་ཀྱི་ཚོམ་བུ་སྐུ་བརྙན། འདིར་བཤམས་པའི་གཏོར་མ་དང་བཅས་པ་འདི་ཡང་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་གུར་མེ་རི་དང་བཅས་པའི་སྲུང་འཁོར་གྱི་དབུས་སུ། པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་སོགས་ནས། ཐུགས་ཀར་ཧཱུྃ། སྔོན་པོས་མཚན་པར་སྒོམས་ཤིག །སློབ་དཔོན་ཡང་ཚེ་དཔག་མེད་དུ་གསལ་བ་ལ་མོས་འདུན་དྲག་པོ་བྱས་པས་སློབ་དཔོན་གྱི་ཐུགས་ཀ་དང་། སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས། མདུན་བསྐྱེད་ལ་ཕོག །མདུན་བསྐྱེད་ཀྱི་ཐུགས་ཀ་དང་སྐུའི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ཕྱི་ནང་ཐམས་ཅད་ཁྱབ་པར་བྱས་ཏེ་ཐིམ་པས། སྡིག་སྒྲིབ་ཉམས་ཆག་ནད་གདོན་བར་ཆད་ཐམས་ཅད་མུན་པ་ལ་ཉི་ཟེར་ཕོག་པ་བཞིན་དུ་སྦྱངས་ཤིང་མེད་པར་བྱས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ནམ་མཁའ་ནས་ཁ་བ་བབས་པ་ལྟར་བྱོན་པ་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པའི་ངང་ནས་སེམས་མ་བཅོས་པར་ལྷོད་གློད་ལ། བདེ་བ་ཆེན་པོ་འོད་གསལ་བའི་ངང་དུ་གཡོ་འགུལ་མེད་པར་ཅི་གནས་སུ་ཞོག་ཅིག །ཅེས་པའི་དམིགས་པ་གསལ་བར་བསྒོམ་ཞིང་དྲི་བཟང་པོའི་སྤོས་དུད་དང་འཇམ་རོལ་ཡུན་རིང་གཏང་། བཟླས་སྔགས་གསུམ་གྱི་མཐར། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ། ཨོཾ་ཨཱཿཧཱུྃ་ཛཿཧཱུྃ་བཾ་ཧོཿ ཞེས་བཏགས་པ་ལན་མང་དུ་བརྗོད་ལ་བྱིན་དབབ། དེ་ནས་བརྟན་པར་བྱ་བའི་ཕྱིར། ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་བཞག །དེ་ནི་རྗེས་གནང་གི་གཞི་བཀོད་པའི་ཕྱིར་ཡེ་ཤེས་པ་དབབ་པ་ཡིན་ལ། ད་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྗེས་གནང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ཚེ་དཔག་མེད་པ་ཡི། །སྐུ་ཡི་རྗེས་གནང་བསྩལ་དུ་གསོལ། །ཇི་ལྟར་རྡོ་རྗེ་སེམས་དཔའ་ཡིས། །བྱང་ཆུབ་སེམས་རྣམས་དབང་བསྐུར་ལྟར། །དེང་འདིར་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་རང་འདྲའི་རིགས་ལྔ་ཡབ་ཡུམ་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་པ་བྱོན་ནས་ཁྱེད་རང་རྣམས་ལ་དབང་བསྐུར་བར་བསམ། ཞེས་བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་གུ་ཧྱ་པྲ་ཛྙཱ་ཛྙཱ་ན་ཙ་ཏུར་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་སུ་བཞག །བུམ་ཆུ་བླུད། དེ་ལྟར་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་གང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་། ཁྱད་པར་དུ་ལུས་ལ་གནོད་ཅིང་འཚེ་བའི་ནད་གདོན་བགེགས་དང་བར་གཅོད་ཐམས་ཅད་བྱང་ཞིང་དག །དབང་བཞི་ཐོབ། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུར་བརྒྱན་པར་གྱུར་ཅིང་། དབང་ལྷ་རྣམས་ཀྱང་ཡེ་ཤེས་པའི་ཚུལ་དུ་རང་ལ་དབྱེར་མེད་དུ་ཐིམ་པས་རང་ཉིད་ཚེ་དཔག་མེད་དངོས་ཡིན་སྙམ་དུ་ངེས་ཤེས་སྒོམས། ཕུན་སུམ་ཚོགས་པ་མངའ་བ་སོགས་ཀྱིས་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ལུས་ཀྱི་སྒོ་ནས་ཚེ་དཔག་མེད་པའི་སྐུ་བསྒོམ་པ་ལ་དབང་བའི་སྐལ་བ་དང་ལྡན་ཞིང་འབྲས་བུ་མཚན་དཔེས་བརྒྱན་པའི་སྤྲུལ་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་གསུང་གི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་གོང་ལྟར་ལ་གསུང་ཞེས་ཁ་སྒྱུར། དེ་ལྟར་གསོལ་བ་བཏབ་པས། མདུན་བསྐྱེད་དང་སློབ་དཔོན་གཉིས་ཀ་བཅོམ་ལྡན་འདས་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ལ་སྔགས་ཕྲེང་རིམ་པ་གསུམ་བྱེ་རུའི་ཕྲེང་བ་ལྟ་བུས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་དང་འོད་ཟེར་མདོག་མཚུངས་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཟླ་སྟེང་ཧྲཱིཿཡིག་གི་མཐར་འཁོད། དེ་ལས་ཀྱང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་མཐུ་དང་ནུས་པ་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ཏེ་ཐིམ་པས། གསུང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་སྙམ་དུ་བསམ་ལ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ཞིང་། ཕྲེང་བ་སྦྲེལ་ལ། སྙིང་པོ་དང་ཉེ་སྙིང་གཟུངས་རྣམས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་བསམ་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱིས། སྔགས་ཀྱི་ཕྲེང་བ་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་ཁྱེད་རང་རྣམས་ཀྱི་མགོ་ལ་བཅིངས་པའི་མོས་པ་མཛོད། ཅེས་དྲིལ་བུ་དཀྲོལ་ཞིང་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་གསུང་རིག་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །དེ་ཡིས་ཉེ་བར་བསྟན་པའི་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ངག་གི་སྒོ་ནས་ཚེ་དཔག་མེད་པའི་གསུང་རིག་སྔགས་བཟླ་བ་ལ་དབང་། གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས། ཐུགས་ཞེས་སྒྱུར། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་བྱིན་རླབས་ཐམས་ཅད། རྣམ་པ་ཕྱག་མཚན་འཆི་མེད་བདུད་རྩིས་བཀང་བའི་ཚེ་བུམ་གྱི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། དེ་ལས་ཀྱང་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་ཅིང་། ཁྱེད་རང་དང་མགོན་པོ་ཚེ་དཔག་མེད་དབྱེར་མེད་དུ་གྱུར་པར་མོས་པའི་ངང་ནས་གསལ་སྟོང་ཟུང་འཇུག་གི་ངང་དུ་མཉམ་པར་ཞོག་ཅིག །སྐུ་བརྙན་མགོ་དང་སྙིང་གར་བཞག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །སྙིང་པོའི་མཐར། ཨོཾ་ཨཱཿཧཱུྃ། བཛྲ་ས་མ་ཡ་སཏྭཾ། ཞེས་བརྗོད། དགེ་འདུན་དམ་པ་ཆོས་ལྡན་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ཡིད་ཀྱི་སྒོ་ནས་ཚེ་དཔག་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་ལྡན་པའི་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་ལས། ཡོན་ཏན་ཞེས་ཁ་སྒྱུར། ཁྱེད་རང་རྣམས་ཚེ་དཔག་མེད་པར་གསལ་བ་ལ་དར་དང་རིན་པོ་ཆེའི་ཆས་རྒྱན་རྣམས་གཏད་པས། དངོས་སུ་རྒྱན་ཆའི་རྣམ་པ་དང་། བརྒྱུད་ནས་ཡོན་ཏན་གྱིས་བརྒྱན་པ་མཚོན་པ་ལྷ་འདི་དང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་གྱིས་ཤིག །རྒྱན་ཆས་བྱིན་ལ། འདི་ནི་ཚེ་དཔག་མེད་མགོན་གྱི། །དར་དང་རིན་ཆེན་རྒྱན་སོགས་ཏེ། ཁྱོད་ཀྱིས་རྟག་ཏུ་བཅང་བ་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །ཨོཾ་ཨ་ལངྐཱ་ར་རཏྣ་པཊྚ་ཀཱ་ཡ་བྷཱ་སཾ་ཨ་བྷི་ཥིཉྩ་ཧཱུྃ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱིས་བསགས་པའི་སྙོམས་འཇུག་གི་སྒྲིབ་པ་དག །རྩ་རླུང་ཐིག་ལེ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། རྩ་རླུང་ཐིག་ལེ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ་གྲིབ་དང་མི་གཙང་བ་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་སྒོ་ནས་གནས་སྐབས་ལམ་དང་མཐར་ཐུག་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་བསྒྲུབ་པ་ལ་དབང་། ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དང་ལྡན་པ་བདེ་བ་ཆེན་པོའི་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་འདེབས་རྗེས་ཟློས། དུས་གསུམ་སངས་རྒྱས་སོགས་ལ། ཕྲིན་ལས་ཞེས་ཁ་སྒྱུར། དེ་ལྟར་གསོལ་བ་བཏབ་པས། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ལས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་སྔོན་པོ། ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་པའི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་བཞིའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་སྔོ་སེར་ལྗང་གུ་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ། དེ་ལས་ཀྱང་འོད་ཟེར་ཕྲིན་ལས་བཞིའི་མདོག་མཚུངས་སུ་ཕྱིར་འཕྲོས། སྣོད་བཅུད་ལ་ཕོག་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བགེགས་དང་བར་ཆད་ཞི། ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་རྒྱས། མཆོག་ཐུན་མོང་གི་དངོས་གྲུབ་དང་འཆི་མེད་ཚེའི་རིག་འཛིན་ལ་སོགས་པ་ཐམས་ཅད་དབང་དུ་འདུས། བདུད་བཞི་མ་རུངས་པ་གནོད་བྱེད་ཀྱི་ཚོགས་ཐམས་ཅད་ཚར་བཅད། ལས་རབ་འབྱམས་ཐམས་ཅད་བསྒྲུབས་ནས་སླར་ཡང་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཞི་རྒྱས་དབང་དྲག་ལས་རབ་འབྱམས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པའི་བདག་ཉིད་ངའོ་སྙམ་དུ་སྒོམས་ལ། དབང་བསྐུར་བ་དང་སློབ་མ་བསྡུ་བ་སོགས་ཕྲིན་ལས་ཐ་དག་སྒྲུབས་ཤིག །རྡོར་དྲིལ་གཏད་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཕྲིན་ལས་ཀུན་ཀྱང་ཁྱོད་ཀྱིས་སྒྲུབས། །ཞེས་གཏད། མཐའ་རྟེན་ཕྱག་མཚན་གྱི་རྗེས་གནང་ནི། ཚེ་བུམ་ཙཀླི་སོགས་གཏད་ལ། འདི་ནི་ཚེ་དཔག་མེད་པ་ཡི། །ཕྱག་མཚན་ཚེ་ཡི་བུམ་བཟང་སྟེ། ཁྱོད་ཀྱིས་རྟག་ཏུ་བཅངས་པ་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་ཀུན་ལ་དབང་ཐོབ་སྟེ། །མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར། །ཨོཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ་ཝ་ཤཾ་ཀུ་རུ་མཱ་ར་ཡ་བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ལོ་བརྒྱ་འཚོ་ཞིང་སོགས་ཤིས་པ་བརྗོད། དེས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ཆ་མཉམ་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། དེ་དག་གི་སྒོ་ནས་ལས་རབ་འབྱམས་བསྒྲུབ་པར་དབང་། མཁའ་ཁྱབ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་སྒྲུབ་པ་ལ་དབང་བ་ངོ་བོ་ཉིད་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་རྣམས་ཀྱིས་རྗེས་གནང་དངོས་གཞི་གྲུབ་ནས་མཐའ་རྟེན་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད་ཅིག །གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས། ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་པ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས། ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། གྲུབ་པའི་དབང་ཕྱུག་ཟླ་བ་པ། རྒྱལ་དབང་ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་ནས། དྲིན་ཆེན་རྩ་བའི་བླ་མའི་བར་རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ། ཡི་དམ་ཞི་ཁྲོ། སངས་རྒྱས་བྱང་སེམས། མཁའ་འགྲོ་ཆོས་སྐྱོང་གི་ལྷ་ཚོགས་མ་ལུས་པ་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་བསྩལ་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཞེས་གཏོར་མ་གནས་གསུམ་དུ་བཞག །གཏོར་མ་ཚེ་དཔག་མེད་དུ་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་པའི་སྐུ་གསུང་ཐུགས་དབྱེར་མེད་འདྲེས་པར་གྱུར་སྙམ་དུ་སྒོམས་ཤིག །ཛཿཧཱུྃ་བཾ་ཧོཿ ཚེ་རིལ་ཆང་སྦྱིན་ལ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་གྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བརྟེན་ནས་འཆི་བདག་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། །ཞེས་དང་སྔགས་གསུམ་བརྗོད། དེ་ནས་རྡོ་རྗེ་མགོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཚེ་དཔག་མེད་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུ་ཡང་འདའ་བར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་དང་བཀྲ་ཤིས་གང་འོས་བརྗོད། དམ་ཚིག་བསྒྲག་གཟུང་། གཏང་རག་མཎྜལ་སོགས་རྗེས་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས། མདུན་བསྐྱེད་གཏོར་འབུལ་བདག་བསྐྱེད་སྐབས་སུ་སྨྲོས་པ་ལྟར་དང་། མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་མདོར་བསྡུས། ནོངས་བཤགས་དང་ཡིག་བརྒྱ་བརྗོད། རྟེན་དང་བསྟུན་པའི་ཡེ་ཤེས་པ་གཤེགས་བསྟིམ། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་རང་ལ་བསྡུ། བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །དགེ་འདིས་མཁའ་མཉམ་ཡིད་ཅན་ཀུན། །འཆི་བདག་འཇིགས་ཕྲོགས་རྡོ་རྗེའི་སྲོག །ཚེ་དཔག་མེད་ལྟར་རབ་བརྟན་ཅིང་། །མགོན་དེའི་གོ་འཕང་མཆོག་འགྲུབ་ཤོག །ཅེས་རྒྱལ་དབང་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་སྒྲུབ་ཐབས་སྣ་ཚོགས་གཅེས་བཏུས་ཀྱི་སྡེ་ཚན་ཞི་བ་རིན་ཆེན་ཕྲེང་བ་ལས་ཁོལ་དུ་ཕྱུང་སྟེ། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བྱེ་བྲག་འཆི་མེད་པདྨ་རྫིང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
དཔལ་ལྡན་ཞིང་སྐྱོང་དབང་པོའི་སྒྲུབ་སྐོར་ (Volume 38, Text 53)
༄༅། །དཔལ་ལྡན་ཞིང་སྐྱོང་དབང་པོའི་སྒྲུབ་སྐོར་བཞུགས་སོ། ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་གུས་པས་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ། །འདིར་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་སྒྲུབ་ཐབས་ཆོས་དབང་དང་། རིན་ཆེན་གླིང་པ། ལེགས་ལྡན་པ་སོགས་ཀྱི་གཏེར་མ་དང་། ཆོས་ཀྱི་རྗེ་ཀརྨ་པ་ཞྭ་དམར་ནག་གི་སྤྲུལ་སྐུ་སོ་སོར་མགོན་པོ་ཉིད་ཀྱིས་ཕུལ་བ་སོགས་མཐའ་ཡས་པ་ནས་བསྡུས་ཏེ་ལག་ཏུ་བླང་བའི་རིམ་པ་བརྗོད་པར་བྱ་སྟེ། དེ་ལ་རྗེས་གནང་བརྒྱུད་རིམ་དང་བཅས་པ་དང་། བླ་རྡོ་སྲོག་འཁོར་དང་བཅས་པ། མདོས་གཏོར་རྟེན་རྫས་དང་བཅས་པ། བསྙེན་པ་རྟགས་ཡིག་དང་བཅས་པ། སྒྲུབ་པ་ལས་སྦྱོར་དང་བཅས་པ། གྲུབ་ཆེན་བརྒྱད་ལས་ཕྲན་དང་བཅས་པ་སྟེ་དོན་དྲུག །དང་པོ་ནི། དཔལ་ལྡན་ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་རྗེས་གནང་དོན་དུ་གཉེར་བ་གང་དག་དམ་ཚིག་ལ་ཡང་དག་པར་གཞོལ་ཞིང་འདི་ཉིད་ལ་ཆོས་སྐྱོང་དུ་བྱ་བར་མོས་པ་ལ། བླ་མས་ལེགས་པར་བརྟགས་ཏེ་སྦྱིན་པར་བྱའོ། །དེའང་གནས་གང་ཡང་རུང་བར་སྐུ་གཟུགས་བཀྲམ་ཞིང་། དཔའ་བོ་རྣམ་པར་རོལ་པར་ཇི་སྐད་བཤད་པ་ལྟ་བུའི་གཏོར་མ་དང་མཆོད་པ་བཤམས་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའམ་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ་དེའི་རྗེས་སུ་མདུན་དུ་ཞིང་སྐྱོང་འཁོར་བཅས་བསྐྱེད་པ་དང་། སྤྱན་འདྲེན་དམ་བཞག །མཆོད་བསྟོད། བཟླས་པ། སྐོང་བའི་བར་དཔའ་བོ་རྣམ་རོལ་ལྟར་བྱས་ལ། སློབ་མ་རྣམས་ཁྲུས་བྱས་སློབ་དཔོན་གྱི་མདུན་དུ་འཁོད་མཎྜལ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཅེས་པའམ། ཡང་ན། སངས་རྒྱས་བསྟན་པ་བསྲུང་བ་དང་། །དགྲ་བགེགས་དཔུང་ཚོགས་གཞོམ་དོན་དུ། །སེང་གེའི་གདོང་ཅན་རྗེས་གནང་ནི། །དཔལ་ཆེན་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་བོ། །དེ་ནས་སློབ་མས་འདི་ལྟར་མོས་པར་བྱ་སྟེ། ཆོས་ཐམས་ཅད་སྟོང་པར་བསྒོམ། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དང་སྨིན་མ་སྨ་ར་དམར་སེར་འབར་བ། ཞལ་མཆེ་བ་གཙིགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་ཕྱར་བ། གཡོན་ཐུགས་ཀར་སྡིག་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་བཞུགས་པར་བལྟས་ལ། དེའི་མདུན་དུ་སྐད་ཅིག་གིས་དུར་ཁྲོད་ས་གཞི་སོགས་ཀྱིས་གཙོ་འཁོར་ཐམས་ཅད་བསྐྱེད་ལ། ཙ་རི་ཏྲ་ནས་མགོན་པོ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་པ་དང་། བདག་མདུན་གཉིས་ཀའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་སྔོན་པོ་བསྒོམས་པའི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཞིང་སྐྱོང་གི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། ཡབ་ཡུམ་ལས་མཁན་སྡེ་བརྒྱད་དང་བཅས་པ་ལས་རང་རང་གི་སྐུ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུར་གནས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད། ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ཇི་ལྟར་བསྒོ་བ་བཞིན་སྒྲུབ་པར་བསམ་ལ་རོལ་མོ་དང་གུ་གུལ་གྱི་དུད་པ་བྱ། ཏིཥྛ་བཛྲ་ཞེས་བརྗོད། རྡོ་རྗེ་མགོ་བོར་བཞག་ལ་བརྟན་པར་བྱའོ། །སྐུ་ཡི་རྗེས་གནང་ངོ་། །ཡང་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བའི་སློབ་དཔོན་གྱི་ཐུགས་ཀར་ཉི་མའི་སྟེང་ནས་སྔགས་ཕྲེང་མགལ་མེ་ལྟར་ཞལ་ནས་བར་མ་ཆད་དུ་བྱུང་། དེ་ལས་འོད་ཟེར་དམར་ནག་འཕྲོས་པས་གནོད་པར་བྱེད་པ་ཐམས་ཅད་བཅོམ། ཞིང་སྐྱོང་ལ་སོགས་པ་འཇིག་རྟེན་པའི་དྲེགས་པ་ཅན་རྣམས་ཀྱི་རིག་སྔགས་ཀྱི་ནུས་པ་བསྡུས་ཏེ་སློབ་མའི་ཞལ་ནས་ཞུགས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་ལ། ཡབ་ཡུམ་ལས་མཁན་སྡེ་བརྒྱད་ཀྱི་སྔགས་ཉེར་གཅིག་ཙམ་ཕྲེང་བ་ནས་བཟུང་ལ་རྗེས་ཟློས་བྱ་བ་ནི། གསུང་གི་རྗེས་གནང་ངོ་། །སླར་ཡང་སློབ་མ་གསང་བདག་གི་ང་རྒྱལ་དང་ལྡན་པས་འཁོར་བཅས་གསལ་བཏབ། ཐུགས་ཀའི་ས་བོན་གྱི་འོད་ཟེར་ཁ་དོག་སྣ་ཚོགས་ཞིང་སྐྱོང་གི་ཐུགས་ཀའི་ཧཱུྃ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ་རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པས། ཞིང་སྐྱོང་གི་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །གཏོར་མ་དང་བཀའ་གཏད་བྱེད་པ་ཐུགས་ཀྱི་རྗེས་གནང་སྟེ་དེ་ཙམ་མོ། །ཡང་མགུལ་རྒྱན། པྲོག་ཞུ། སྐ་རགས་བེར་ནག་ཕྱག་མཚན་གཉིས་རྣམས་གཏད་ནས། དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི། །རིན་ཆེན་ལས་གྲུབ་པྲོག་ཞུ་དང་། །ཀླུ་རིགས་ལྔ་ཡིས་ཡན་ལག་བརྒྱན། །མཛེས་པའི་གསེར་སྐ་བེར་ཆེན་དང་། །ཕྱག་རྒྱ་བཅས་པ་འདི་དག་ནི། ཁྱེད་རྣམས་ལ་ནི་སྦྱིན་པར་བྱ། །ཞེས་ཡོན་ཏན་གྱིའོ། །ཞི་དང་རྒྱས་དང་དབང་དང་དགུག །གདུག་པ་བསྒྲལ་དང་ཆོ་འཕྲུལ་སྟོན། །མནན་དང་བསྐྲད་པ་ལ་སོགས་པ། །ལས་དེ་རྣམས་ཀྱང་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷྭམ་རིལ་བུ་ལ་སོགས་ཏེ། །རྣལ་འབྱོར་པ་ཡི་དངོས་གྲུབ་ནི། །དེ་དག་ཅི་དགར་བསྒྲུབ་པར་གྱིས། །ཞེས་བརྗོད། མཚན་མ་བྲིས་པ་རྣམས་གཏད་དོ། །དེ་ནི་ཕྲིན་ལས་ཀྱིའོ། །དེ་ནས་གཏོར་མ་སློབ་མའི་ལག་ཏུ་གཏད་ལ། དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ཡུམ་ཆེན་སི་ན་ར་མ། མྱུར་མགྱོགས་ཀྱི་ལས་བྱེད་ཕོ་མོ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས། སྔོན་བཅོམ་ལྡན་འདས་གསང་བའི་བདག་པོའི་སྤྱན་སྔར་ཁས་བླངས་དམ་བཅས་པ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དམ་ལ་བཞགས་ཤིང་ཁས་བླངས་པ་དང་། གྲུབ་ཆེན་ཀརྨ་པ་དང་། དཔལ་ལྡན་མཁའ་སྤྱོད་དབང་པོ་ལ་སོགས་པ་བླ་མ་བརྒྱུད་པར་བཅས་པ་རྣམས་དང་། ཁྱད་པར་དུ་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། གར་དབང་ཆོས་ཀྱི་གྲགས་པ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་དེ་ཆོས་ཀྱི་སྲུང་མ་དང་ཅི་ལྟར་ལས་བཅོལ་བ་བཞིན་སྒྲུབ་པའི་ཐ་ཚིག་དྲན་པར་མཛོད་ལ། རྡོ་རྗེའི་སློབ་མ་འདིའི་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྲུང་བ་དང་། ཚེ་དང་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པ་དང་། ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབ་པའི་སྡོངས་གྲོགས་མཛོད་ཅིག །ཅེས་བཀའ་གཏད་དོ། །གཏོར་མ་ནས་དངོས་གྲུབ་གྱི་ཆེད་དུ་ཅུང་ཟད་བྱིན་ལ་ལོངས་སྤྱོད་དུ་བཅུག་གོ །དེང་ཕྱིན་ཆད་བླ་མ་མི་སྨོད་པ་དང་། ཆོས་སྐྱོང་མི་སྤོང་བ་དང་། སྒྲུབ་པ་ལ་ཞུགས་ནས་བླ་རྡོ་སྲོག་འཁོར་མི་འདོར་བ་ནི་མི་སྤོང་བའི་དམ་ཚིག་གསུམ་ཡིན་ལ། བྱ་ནག་དང་ཁྱི་ནག་ལ་མི་འཚེ་ཞིང་། ཆོས་ཚུལ་བཞིན་བྱེད་པ་ལ་མི་སྦེད། རང་དོན་གཅིག་པུ་ལ་ལས་སྦྱོར་མི་བྱ། ཉེས་པ་ཕྲ་མོ་ལ་མི་བསྐུལ་བ་སྟེ། སྲུང་བའི་དམ་ཚིག་བཞི་དང་། ཞག་རེ་བཞིན་རྒྱུན་གཏོར་མ་ཆག་པ་དང་། ཉེར་དགུ་དང་གནམ་གང་ལ་གཏོར་མ་བཟང་དུ་གཏོང་བ་དང་། གཙང་སྦྲ་དང་ལྡན་པ་སྟེ་རྒྱུན་དུ་སྤྱད་པའི་དམ་ཚིག་གསུམ་མོ། །དེ་ལྟར་དམ་ཚིག་བཅུ་རྣམས་ལེགས་པར་བསྲུང་མཛོད་ཅེས་བརྗོད་ལ། དེ་ནས་མེ་ཏོག་བླངས་ལ་འདིའི་རྗེས་ཟློས་མཛོད་ཅིག །བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སློབ་དཔོན་གྱིས་མེ་ཏོག་མགོ་བོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད། མཎྜལ་ཕུལ་ལ། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་བརྗོད་དུ་བཅུག་ནས་མདུན་བསྐྱེད་ལ་བཟོད་པར་གསོལ་ཞིང་ཡིག་བརྒྱས་ཁ་བསྐང་། ཕྲིན་ལས་བཅོལ། གཏོར་མ་གཙང་སར་དོར་ལ་གཤེགས་སུ་གསོལ་ཏེ་ཤིས་པ་བརྗོད་པར་བྱའོ། །བརྒྱུད་པའི་རིམ་པ་ལ། རྗེས་གནང་གི་བརྒྱུད་པ་ནི། གྲུབ་ཆེན་ཀརྨ་པས་སྟོད་ལུང་མཚུར་ཕུར་དམ་ལ་བཏགས་ཏེ། དེ་ནས་རིམ་པར། གཉན་རས། རང་བྱུང་བ། མགོན་པོ་རྒྱལ་མཚན། མཁའ་སྤྱོད་དབང་པོ། བ་ཡོ་ཆོས་བཟང་། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། གོ་ཤྲཱི་ཆེན་པོ། ཆོས་གྲགས་རྒྱ་མཚོ། བཀྲ་ཤིས་དཔལ་འབྱོར། རྗེ་མི་བསྐྱོད་རྡོ་རྗེ། དེས་བདག་དཀོན་ཅོག་འབངས་ལའོ། །ཡང་སློབ་དཔོན་པདྨ། པདྨ་ལས་འབྲེལ་རྩལ། ཤོའི་རྒྱལ་སྲས་ལེགས་ལྡན་པ། རྗེ་རང་བྱུང་བ་ཕྱིན་གོང་ལྟར་རོ། །ལུང་གི་བརྒྱུད་པ་ནི། གྲུབ་ཆེན་ཀརྨ་པ་ནས་བརྒྱུད་པ་དང་། སློབ་དཔོན་པདྨ་ནས་བརྒྱུད་པ་གཉིས་གོ་ཤྲཱི་རིན་པོ་ཆེའི་བར་དུ་གོང་དང་འདྲ་ལ། དེས་སྤྱན་སྔ་རིན་པོ་ཆེ། ཀརྨ་ཕྲིན་ལས་པ། སྤྲུལ་སྐུ་གཙུག་ལག་ཕྲེང་བ། དེས་བདག་ལའོ། །གཉིས་པ་བླ་རྡོ་ནི། དོམ་གྱི་སྙིང་ངམ་རྟ་ནག་གི་སྙིང་མ་རུལ་མ་ཉམས་པར་བྱས་པའི་རྩ་སྦུབ་དབུས་མར་སྐྱེར་པའམ། སེང་ལྡེང་གི་བྱང་བུ་ཚོན་གང་གི་ཚད་ཙམ། དབྱིབས་ནས་ལྟར་དཀྱིལ་སྦོམ་ཞིང་སྣ་གཉིས་ཕྲ་བ་གཉིས་ཀྱི་གཅིག་ལ་གྲི་ཁྲག་གམ། བྱང་སེམས་དཀར་པོ་ཅུང་ཟད་བསྲེས་པའི་སྣག་ཚས་ཧཱུྃ་བྲི། གཅིག་ཤོས་ལ་པདྨ་རཀྟ་གྲི་ཁྲག་བསྲེས་པའི་མཚལ་གྱིས་བྷྱོཿབྲིས་ལ། དེ་གཉིས་ཁ་སྦྱར་བ་ཚོན་སྐུད་སྣ་ལྔས་དཀྲིས་ལ་གཞུག་ཅིང་། སྙིང་དེ་ཉིད་དར་ནག་གིས་བཏུམས་པ་ནི་བླ་རྡོ་ཡིན་ལ། སྲོག་འཁོར་ནི། ཡབ་འཁོར་བྲི་གཞི་དར་ནག་དང་། ཡུམ་འཁོར་དར་དམར། བྲི་རྫས་གསེར་རམ་དངུལ་གྱིས་སྐུ་མདོག་ཕྱག་མཚན་སོགས་སྒྲུབ་ཐབས་ལྟ་བུ་ལ། ཁྱད་པར་བཞོན་པ་མེད་པ། པད་ཉི་རོ་ཡི་གདན་ལ་ཞབས་བསྒྲད་པའི་ཡབ་ཀྱི་ཐུགས་ཀར་འཁོར་ལོ་རྩིབས་དྲུག །ཡུམ་གྱི་ཐུགས་ཀར་པདྨ་འདབ་དྲུག་ཕྱིའི་མུ་ཁྱུད་ལ་ཐོད་ཕྲེང་ཡོད་པ་བྱ་ཞིང་ལྟེ་བར་ས་བོན་གྱི་མཐར་སྤེལ་ཚིག་དང་། རྩིབས་དང་འདབ་མ་ལ། སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ སི་ན་ར་མ་ཧཱུྃ་ཕཊ༔ ཅེས་པ་སོ་སོར་གཡས་སྐོར་དུ་བྲིས་པ་ཞལ་སྦྱར་ལ། སྒྲུབ་ཐབས་ལྟར་བསྐྱེད་ཅིང་། མཆོད་བསྟོད་བཟླས་པའི་བར་བྱས་ལ། ཤིས་པ་བརྗོད་དེ། ཞལ་སྦྱར་ནས་དབུ་ཞབས་མ་ལོག་པར་དྲིལ་ལ། གླ་བ་ཤིང་ལ་རྟ་མགོ་ཇི་ལྟར་འཚམ་པ་བཟོས་པའི་ནང་ཁོང་སྟོང་གི་སྲུབས་སུ་བཅུག །རྟ་མགོ་དེའང་དར་ཚོན་གྱིས་དྲིལ་བ་ནི་སྲོག་འཁོར་བྱ་ཐབས་སོ། །གསུམ་པ་ལ་མདོས་ནི་བཅའ་གཞི་དང་འབུལ་བ་གཉིས་ལས། དང་པོ་ནི། གཡུལ་འགྱེད་པའི་རྡོ་ལ་ཁྲག་གིས་ཁ་མིག་གཏོད་པའི་སྟེང་དུ་རིན་པོ་ཆེའམ་ཤིང་གི་སྟེགས་ཀྱི་ཁར་དར་སྣ་སྨན་སྣ་འབྲུ་སྣ་ཟས་སྣ་རིན་པོ་ཆེ་སྣ་ཚོགས་བསྲེས་པའི་འཇིམ་པ་ལ་རི་རབ་བང་རིམ་བཞི་ཡོད་པ་ཕྱོགས་མདོག །དེའི་སྟེང་ན་སྣལ་མ་ནག་པོའི་གདུགས་བྱ་ནག་གི་སྤུ་ཐུལ་དང་དར་ནག་གིས་བརྒྱན་པ་ཕུབ། བང་རིམ་དང་པོ་ཁང་བཟང་གི་རྣམ་པ་ཐོག་ཕྱུར་བུ་རྡོ་རྗེའི་ཏོག་གིས་སྤྲས་པ། ཕྱོགས་བཞིར་སྒོ་བཞི་གློ་འབུར་གྱི་ཚུལ་སྒོ་རྒྱན་དང་བཅས་པ་བཏོད། དེའི་རྩེ་མོར་ཡི་དམ། ཤར་སྒོར་ཞིང་སྐྱོང་། ནུབ་སྒོར་ཡུམ། ལྷོ་བྱང་གི་སྒོར་བམ་རོ་ཕོ་མོ། བང་རིམ་གཉིས་པའི་ཕྱོགས་མཚམས་སུ་སྡེ་བརྒྱད་རྣམས་ཀྱི་ཙཀ་ལི་བཙུག །བང་རིམ་གསུམ་པར་ལྷ་སོ་སོའི་ཐད་དུ་རང་རང་གི་གཏོར་མ་བཀོད་དེ། གཙོ་བོ་ཡབ་ཡུམ་གྱི་གཏོར་མ་དཔལ་བཤོས་ཟུར་གསུམ་ཆེ་བ། ལས་མཁན་ཕོ་མོ་ཆུང་བ། རྡོར་ལེགས་ར་མགོ །གཤིན་རྗེ་ཁྲམ་རིས། ཀླུ་སྦྲུལ་འཁྱུད། བདུད་ཟུར་གསུམ་གཡས་གཅུས། བཙན་ཟུར་གསུམ་གཡོན་དཀྱུས། སྲིན་པོ་བྱ་མགོ །ལྷ་ཞལ་ཟས། མ་མོ་ཕོར་པ་གྲུ་གསུམ་ཁྲག་བཀང་། དེ་དག་གི་བར་མཚམས་སུ་ཤ་སྣ་སྙིང་སྣ་སྨན་སྣ་སྤོས་སྣ་མེ་ཏོག་སྣ་ཚོགས་ཅི་མཛེས་སུ་བཀོད། བང་རིམ་བཞི་པར་བདུད་དམག་སྟོང་སྡེའི་ཚོགས་དང་སྤྲུལ་པ་ཡང་སྤྲུལ་ལ་སོགས་པའི་གཏོར་མ་སྣ་ཚོགས། མི་ནག་དང་བུད་མེད་ནག་མོ་སྣ་ཚོགས་པའི་གཟུགས། བྱ་ནག་ལ་སོགས་པའི་གཟུགས་འགྲོས་སྣ་ཚོགས་དང་། ནམ་མཁའ། རྒྱང་བུ། མདའ་ཁྲ། འཕང་ཁྲ། གྲི་ཁྲ། མདུང་ཁྲ། མཚེ། ཡུངས་དཀར། ཤུག་པ། ཤ་དུམ་ཟན་དུམ། ཆངས་བུ། ངར་མི། ཤྭ་རྡེལ་དཀར་ནག་རྣམས་བརྒྱ་ཕྲག་ཏུ་བཀོད། མདོས་གདན་གྱི་སྟེང་དུ། ཟུར་བཞིར་ཁྲག་གི་དབུས་དཀྱུས། ཕྱོགས་བཞིར་མདའ་དར་ཕྱོགས་མཚོན། བར་དུ་ཟས་སྣ་ཚོགས་བཀོད། དེའི་མཐར་སྐྱེར་པའི་རྩང་ཕྱེད་དམར་ཕྱེད་ནག་སྲིན་མོ་འགྲོས་སུ་བཙུག །འབུལ་བ་ལ་ནང་དུ་འབུལ་དང་ཕྱིར་གཏང་བ་གཉིས་ཀྱི་དང་པོ་ནི། སྐོང་བའི་སྐབས་སུ་མདོས་བསང་སྦྱངས། སྟོང་པའི་ངང་ལས་གླིང་བཞི་རི་རབ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་ཞིང་སྐྱོང་ཆེན་པོ་འཁོར་དང་བཅས་པ་དགྱེས་དགུར་རོལ་པའི་མཆོད་རྫས་ཕུན་སུམ་ཚོགས་པར་གྱུར། ཧཱུྃ། རབ་འཁྲུགས་ཕ་རོལ་འཁོར་གྱི་དབུས། །རྒྱ་མཚོའི་སྐ་རགས་དབང་པོ་ནི། །རིན་ཆེན་ཟུང་གི་རིམ་པ་ཅན། །ས་སྐྱེས་ཀྱིས་གཏམས་ཁྱོད་ལ་འབུལ། །གང་དུ་ལེགས་བྱས་ལས་བྱུང་བ། །མཚམས་གནས་ཕུན་སུམ་ཚོགས་པ་ནི། །ལྟ་ན་སྡུག་ལ་འགྲན་བཟོད་པ། །དེ་ཡང་ཁྱོད་ལ་འབུལ་བར་བྱ། །ལྷ་ཡི་དཔལ་འབྱོར་ལས་བྱུང་ཞིང་། །ཤ་ཟའི་ཕུག་ལྟར་སྐྱི་གཡའ་བ། །བསྟན་ལ་འཚེ་བའི་འབབ་ངོགས་ཆེ། །ལྗོངས་འདི་ཁྱོད་ལ་འབུལ་བར་བྱ། །དེར་གནས་ས་སྲུང་བཙུན་མོ་དང་། །དབྱིག་སྲུང་ནོར་བུ་དཔག་མེད་དང་། །ལག་ལྡན་དང་ནི་རླུང་ཤུགས་ཅན། །དམག་དཔོན་དང་བཅས་ཁྱོད་ལ་འབུལ། །རྟག་ཏུ་དགེ་ལེགས་འབྱུང་བའི་རྫས། །གཡས་སུ་འཁྱིལ་བའི་ཀམ་བུ་ར། །བཀྲ་ཤིས་བིལ་བའི་རྫས་ལ་སོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། ཁྱབ་འཇུག་མཚན་མ་ལ་སོགས་པ། །གཡུང་དྲུང་དགའ་མགུར་བྱེད་པའི་རྟགས། །འཁོར་ལོས་སྒྱུར་བའི་རྟགས་བརྒྱད་ཀྱང་། །ཞིང་སྐྱོང་འཁོར་དང་བཅས་ལ་འབུལ། །གཞན་ཡང་ལྷ་ཡི་རྒྱལ་པོ་ལ། །འོས་པའི་རང་དབང་མི་དམན་པ། །མལ་སྟན་མཆིལ་ལྷྭམ་གདུགས་ལ་སོགས། །ཕུན་ཚོགས་ཐམས་ཅད་ཁྱོད་ལ་འབུལ། །བསྟན་ལ་ལོག་པའི་མཆོད་སྦྱིན་སྦྱོར། །ཀུན་རྟོག་བྲལ་བའི་ཡན་ལག་ཅན། །འཆི་མེད་རྫས་སུ་སྦར་བ་འདི། །སེང་གེའི་གདོང་ཅན་ཁྱོད་ལ་འབུལ། །དེ་ཡི་རྒྱུ་བྱེད་དཔུང་པའི་འདབ། །དྲི་འབབ་དང་ནི་བཅུད་ཀྱི་མ། །ལྷ་ཡི་སྒྲོན་མ་སྒྲ་ཡི་གནས། །གསོ་གོས་ཡན་ལག་མཆོག་རྣམས་འབུལ། །རྙོག་པར་བྱིང་བའི་དྲན་པ་ནི། །བརྣག་དཀས་དྲངས་པའི་བཤུལ་ལམ་ལུས། །མཆིས་འབྲང་བོས་པས་བསྟན་བཞིན་དུ། །གསོད་པའི་ཞལ་ཟས་དག་ཏུ་འབུལ། །གཞན་ཡང་ཡིད་འོང་བྱ་མོ་ལབ། །སྤྲིན་གྱི་ཤུགས་ཅན་བགྲང་ཡས་དང་། །གནམ་གནོན་ཅན་དང་རྐང་བརྒྱད་པ། །ནོར་སྐྱོང་རྣམས་ནི་ཁྱེད་ལ་འབུལ། །མགྲིན་སྔོན་ཅན་དང་ཕུད་སྒྲོག་དང་། །གྲོང་ཁྱེར་སྤྱོད་ནི་དཔག་མེད་དང་། །མགྲིན་སྙན་ནགས་སུ་དགའ་བ་ཡང་། །མགོན་པོའི་སླད་བཞིན་འབྲང་ལ་འབུལ། །མདོར་ན་ཞགས་ལྡན་སྟེང་འཁོད་པའི། །དགེ་བའི་བློ་ཅན་མཐའ་དག་དང། ཁྱད་པར་ཀུན་ཏུ་དབང་པོ་ནི། །འཁོར་འདས་ལུས་དང་ལོངས་སྤྱོད་ཚང་། །དངོས་འབྱོར་ཡིད་སྤྲུལ་གྱ་ནོམ་འདི། །འབུལ་གྱིས་དགྱེས་པར་བཞེས་ནས་ཀྱང་། །བདག་ཅག་རྣམས་ལ་བརྡུངས་པ་དང་། །བཀྲབས་ཏེ་ཐུགས་བརྩེར་མཛད་དུ་གསོལ། །ཧཱུྃ། ལེགས་ཉེས་ཀུན་གྱི་སྤྱན་པ་སྟེ། །སྣང་སྲིད་ཉུལ་མ་མེལ་ཚེ་མཁན། །སྲོག་དབུགས་ལེན་པའི་བརྟུན་ངས་ཅན། །གངས་རིའི་ཁྲོད་ཀྱི་མཚུན་རྗེ་བོ། །ཕ་མེས་གཉན་གྱི་སྲུང་མ་མཆོག །བཀའ་སྡོད་ག་ཡ་དྷ་ར་ནི། །སྲིད་པའི་མདོས་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །མཛེས་པའི་གཟུགས་དང་སྙན་པའི་སྒྲ །སིམ་པའི་དྲི་དང་མངར་བའི་རོ། །རླུང་གི་འབྲས་ལྟར་རབ་བཀྲ་བའི། །རེག་འཇམ་ན་བཟས་ཐུགས་དམ་བསྐང་། །དཔའ་བོ་སྐྱེས་པ་སྟག་ཆས་ཅན། །བུ་མོ་འཛངས་མ་ཟུང་འབྲེལ་ཅན། །མདའ་ཁྲ་འཕང་ཁྲ་གྲི་ཁྲ་དང། །མདུང་ཁྲའི་ཚོགས་ཀྱིས་ཐུགས་དམ་བསྐང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །མཚེ་དང་ཡུངས་དཀར་ཡུངས་ནག་དང་། །རིན་ཆེན་སྣ་ལྔའི་གསེར་སྐྱེམས་སོགས། །སྣ་ཚོགས་རྫས་ཀྱིས་ཐུགས་དམ་བསྐང། ཁྲམ་ལ་འདེབས་པའི་ཁྲམ་ཤིང་དང་། །དཀར་ནག་རྩི་བའི་ཤྭ་རྡེལ་དང་། །ཚོན་གྱི་གྲུ་གུ་སྔོ་དམར་སོགས། །ཡོ་བྱད་རྣམས་ཀྱིས་ཐུགས་དམ་བསྐང་། །ཟས་སྣ་དྲི་སྣ་སྣ་ཚོགས་དང་། །མཐེབ་ཀྱུ་ཆངས་བུར་བཅས་པ་ཡིས། །འཁོར་དུ་གནས་པའི་གཤིན་རྗེའི་ཚོགས། །ཀུན་གྱི་ཐུགས་དམ་བསྐང་གྱུར་ཅིག །དེ་ནས། ཧཱུྃ། དཔལ་ཆེན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཞེས་པ་ནས། ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །ཅེས་པའི་བར་གྱི་བཤགས་པ་དང་ཟློག་སྒྱུར་རྣམས་བྱ། རྟེན་མདོས་སུ་འཛུགས་ན། ཧཱུྃ། དཔལ་ཆེན་ཡབ་ཡུམ་ཀིང་ཀ་ར་ཡི་ཚོགས། །སྣང་སྲིད་མདོས་འདིར་རེས་འགའ་མ་ཡིན་པར། །གམ་དུ་འཆོལ་ནས་བདག་ཅག་གམ་ཡོར་བཅས། །སྡུག་པའི་བུ་ལྟར་སྐྱོབ་པའི་སྡོང་གྲོགས་མཛོད། །ཅེས་བརྗོད། གཉིས་པ་ཟློག་པ་ལ་སོགས་པའི་ཆེད་དུ་ཕྱིར་འབུལ་བ་ནི། རྒྱབ་སྐྱོར་དུ་གསུང་རབ་ཟབ་མོ་དང། གཟུངས་སྔགས་བྱིན་རླབས་ཅན་སྒྲོག་མཁན་དང་། སཱཙྪ་འདེབས་པ་དང་། གཏོར་མ་གཏོང་བ་པོ་རྣམས་འཚོགས་པར་བྱས། གཟའ་སྐར་སྦྱོར་བ་ཐེབས་ལྡོག་དང་མགོན་པོ་རྒྱུ་དུས་སོགས་བརྩིས་པའི་དུས་འཛོམས་པའི་ཉིན། གོ་མཚོན་ཐོགས་པའི་དམག་མི་དང་། རུ་དར་རྣམ་པ་སྣ་ཚོགས་བཅས། དྲག་སྔགས་བརྗོད་ཅིང་། རྡོ་རྗེ་སློབ་དཔོན་གྱིས་ཡུངས་དཀར་གྱིས་བྲབ་ཅིང་། རོལ་མོ་དང་ཆ་སྒྲ་དྲག་པོ་སྒྲོག་བཞིན་པས་ཕྱི་རོལ་དུ་བཏེགས། ཆོ་ག་པ་རྣམས་མདོས་འབུལ་བའི་ཕྱོགས་སུ་གདོང་ཕྱོགས་པས་ལངས་ཏེ། ཀྱེ། ས་འོག་ས་སྟེང་ས་བླ་ན། །གནས་པའི་སྐྱེ་འགྲོ་མ་ལུས་པ། །རིག་འཛིན་བདག་གི་ངག་ཉོན་ལ། །དེ་རིང་སྲིད་པའི་མདོས་ལམ་ཕྱེ། །བདུད་ཀྱི་ཟོར་ཁ་དགྲ་ལ་ཕོབ། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་ཕོབ། །མ་མོའི་ནད་ཡམས་དགྲ་ལ་ཐོངས། །ཞིང་བཅུ་ཚང་བའི་བསྟན་དགྲ་དེ། །ཐལ་བར་རློག་པའི་ཕྲིན་ལས་མཛོད། །ཅེས་དང། གཙོ་འཁོར་གྱི་དྲག་བསྐུལ་རྣམས་དང་ལྷན་ཅིག་དམར་གཏོར་ཡང་དབུལ་ཞིང་ཟློག་སྒྱུར་བྱའོ། །རྟེན་གཏོར་ནི། ནས་ནག་པོའི་རྗེན་ཕྱེ་ལ་རིན་པོ་ཆེ་དང་སྨན་དར་སྣ་རྣམས་བསྲེས་པའི་དཔལ་གཏོར་ཟུར་གསུམ་གྱི་ནང་དུ་བླ་མ་བརྒྱུད་པའི་མཚན་སྔགས་དང་། ཡི་དམ་མགོན་པོ་ཡབ་ཡུམ་རྣམས་ཀྱི་སྔགས་ལ་སྤེལ་ཚིག་བཏགས་པ་གཞུག །འཁོར་གྱི་བཤོས་བུ་བཅུ་གཅིག་དང་བཅས་ཐོད་པའམ་ལྕགས་སྣོད་དུ་བཞག་པའི་སྟེང་དུ་དར་ནག་གི་གུར། སྐུ་འབག་གི་ཙཀ་ལིས་བརྒྱན་པར་བྱས་པའི་གཡས་སུ། བྲག་ནག་སྟེང་གི་སྨྱུག་རྒོད་མེས་མ་བསྲེགས་པའི་མདའ། གྲི་ལྕགས་ཀྱི་མདེའུ་རྒོད་སྒྲོ་མ་ཉམས་པ་སྒྲོན་པ་ལ་གྲི་སྙིང་ངམ་རྟ་གཡག་ལུག་ནག་གང་རུང་གི་སྙིང་གི་རྩ་སྦུབས་སུ་སྔགས་གསེར་དངུལ་ལམ་གྲི་ཁྲག་གིས་བྲིས་པ་བཅུག་སྟེ་བཏགས། དར་ནག་དང་གྲི་ལག་རྣམས་ཀྱིས་བརྒྱན་ཏེ། གཏོར་ཆོག་ལྟར་བྱིན་གྱིས་བརླབས་ནས་མཛོད་དུ་གཏའ་མར་འཛིན་ནོ། །དེ་ལས་གཞན་པའི་རྟེན་རྫས་ཀྱི་རིམ་པ་ནི། སྐུ་གཟུགས་བྲིས་པའམ་འབུར་དོད་རབ་གནས་དང་ལྡན་པ་མི་འབྲལ་བར་བཅང་བ་དང་། རྟ་ནག །གཡག་ནག །ཁྱི་ནག །ལུག་ནག་རྣམས་ཀྱི་མགུལ་བར་ཡབ་ཡུམ་གྱི་སྔགས་བཏགས་ལ་དར་ཚོན་གྱིས་བརྒྱན་པའི་རྟེན་གཟུག་པ་དང་། ཕྱག་མཚན་དང་། བེར་ནག་དང་། དར་སྣ་སྟག་རས་གཟིག་རས། གོ་མཚོན་དང་། གཞན་ཡང་མཆོད་པའི་བྱེ་བྲག་དཔག་མེད་ཚོགས་པར་བྱ། སྤྱན་འདྲེན་ལ་སོགས་པའི་དུས་སུ་བགེགས་བསྐྲད་ཅིང་མགོན་པོ་མཉེས་པར་བྱེད་པའི་སྤོས་སྦྱོར་ནི། གྲི་ཁྲག་སུམ་ཆ། གྲི་ཀླད་དང་སྤང་སྤོས་སུམ་ཆ། སྒོག་གཅིག་དང་བུ་རམ་བཞི་ཆ་བསྲེས་པའི་དུད་པ་བྱའོ། །བཞི་པ་བསྙེན་པ་རྟགས་ཡིག་དང་བཅས་པ་ལ། བསྙེན་སྒྲུབ་ཀྱི་ཐོག་མར་རྒབ་འདྲེ་མནན་པར་བྱ་སྟེ། གྲོ་གའམ་ཤོག་བུ་ལ་དུག་ཁྲག་གིས་རྒབ་འདྲེ་མགོ་གསུམ་པ་དབུས་མི། གཡས་བྱ། གཡོན་སྤྲེའུ། ལག་པ་མི། རྐང་པ་བྱ་ཡི་རྣམ་པ་ལྕགས་སྒྲོག་གིས་བསྡམས་པ། སྤྲེའུའི་མཇུག་མ་ཡོད་པའི་སྙིང་གར་འཁོར་ལོ་རྩིབས་བཞིའི་དབུས་སུ་ཏྲི། མདུན་གྱི་རྩིབས་ལ་ལཾ་ནན། གཡས་ཀྱི་རྩིབས་ལ་ཡཾ་ནན། རྒྱབ་ཀྱི་རྩིབས་ལ་རཾ་ནན། གཡོན་གྱི་རྩིབས་ལ་ཁཾ་ནན། ཞེས་བྲིས་པའི་གཟུགས་ཀྱི་སྙིང་ཁའི་འཁོར་ལོའི་ལྟེ་བའི་ཏྲིའི་མཐར། མུ་ཁྱུད་ལ་ལག་རིང་བདུད་དམར་བསྙབ་པ་འདིར་ཁུག་ཅིག །ནོན་ཅིག་སཏྭམྦྷ་ཡ། ཞེས་བྲིས་པ་ཐོད་པའི་ནང་ལྟ་བུར་བཅུག་ལ། དགུག་གཞུག་བྱ། དུག་ཁྲག་གིས་གཤེར། ཐུན་ལ་སྔགས་འདི་གདབ་པར་བྱ་སྟེ། ཨོཾ་སུ་སུ་ཉག་ཤ་གནོད་བྱེད་ཨེ་ཀ་ཏྲ་ནན། ཞེས་བཟླས་ལ་ཐུན་གྱིས་བྲབ་ཅིང་བསྒྲུབས་ལ། རྨི་ལམ་དུ་སྤྲེའུ་བཀྱིགས་པ་དང་བསད་པ་རྨིས་ན། ལིང་ག་དེ་བཞི་ལྟེབ་བྱས་རྫའི་པར་བུའི་ནང་དུ་བཅུག་ལ། མཆོད་རྟེན་འོག་གམ། ལམ་རྒྱ་གྲམ་གྱི་དབུས་སུ་དོང་བྲུས་པའི་ནང་དུ་བཅུག །འཚུབས་མ་རྣམས་ཀྱིས་རིམ་པར་བཀང་ཞིང་། རླུང་གཡབ་ཀྱིས་རླུང་ཡང་གཡབ་ནས་དམིགས་མེད་ཀྱི་རྒྱས་གདབ་ལ་མནན་ནོ། །བསྙེན་པ་དངོས་ནི།་་་བསྙེན་པའི་ཚེ་བླ་རྡོ་དང་སྲོག་འཁོར་རྣམས་སྣོད་འབྲུས་བཀང་བའི་སྟེང་དུ་བཞག །གྲུབ་ནས་གཞན་གྱིས་མི་མཐོང་བར་རང་གི་ལུས་ལ་འབྲལ་མེད་དུ་བཅང་ངོ་། །དཔའ་བོ་རྣམ་རོལ་གྱི་ཆོ་གའི་དངོས་བསྟན་དུ་འབྱུང་བ་དེ་ཉིད་ལ་བརྟན་པ་ཐོབ་རྗེས་སུ། ཞིང་སྐྱོང་གི་ཐུགས་ཀའི་ཧཱུྃ་དང་། སྔགས་ཕྲེང་ལས་སྔགས་ཕྲེང་མེའི་རང་བཞིན་དམར་ལྷག་ལྷག་པ་བྱུང་། རང་ཡི་དམ་གྱི་ལྟེ་བ་ནས་ཐུགས་ཀའི་ས་བོན་ལ་ཐིམ། ས་བོན་ལས་སྔགས་ཐོན། རང་གི་ཞལ་ནས་ཞིང་སྐྱོང་གི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པས་འགལ་མེ་ལྟར་འཁོར་བས་སྲོག་དབང་འདུས་པར་བསྒོམ། བསྙེན་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཅེས་ཡབ་དང་། ཏྲི་ཧྲིཾ་ཛ༔ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ ཅེས་ཡུམ་དང་། ཏྲི་ཧྲིཾ་ཛ༔ ཡ་མ་རཱ་ཙ༔ དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ༔ ཅེས་སྡེ་བརྒྱད་ཀྱི་སྔགས་སུམ་སྦྲེལ་དུ་བཟླ་བར་བྱའོ། །བསྙེན་སྒྲུབ་ཡུན་རིང་དུ་བྱས་ཀྱང་འགྲུབ་པའི་རྟགས་མ་མཐོང་ན། ཞིང་སྐྱོང་གི་ཐུགས་ཀར་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་ལ་ཧཱུྃ་གིས་མཚན་པ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་འཁོར་ལོ་ལ་ཕོག་པས་འཁོར་ལོ་གཡས་སུ་དྲག་ཏུ་འཁོར་བས་མ་བཟོད་དེ་གང་བསྒོ་བ་ཁས་བླངས་པར་བསམ་མོ། །བསྙེན་སྒྲུབ་སྤྱི་ཡི་རྟགས་ཡིག་ནི། སྤྱན་སྔ་རིན་པོ་ཆེའི་གསུང་ལས་བྱུང་བ། ཉེ་བའི་མཚན་མ་དམ་ཚིག་རྣམས། །མི་ཤེས་སྒྲུབ་པ་དལ་བ་སྟེ། །དེ་བས་འདི་ལ་ཞིབ་པར་དཔྱད། །འོད་འཕྲོ་བྲུབ་ཁུང་སྐད་འདོན་དང་། །ཐོད་པ་ཚེག་གམ་ཡང་ན་ལྡེག །ཤིང་གཅོད་ཀློ་དང་མི་ནག་དམག །ནང་གྲོལ་གསར་པ་སྟེར་བ་ནི། །ཉམས་དང་རྨི་ལམ་དག་ཏུ་འོང་། །འཇིགས་པར་མི་བྱ་དམ་ཚིག་གོ །ཞི་བའི་རྟགས་ནི་ཉི་ཟླ་དག །རང་གི་ལུས་ལ་ཐིམ་པ་དང་། །མཚོན་ཆས་གཅོད་པར་མི་ནུས་པའོ། །གཞན་གྱི་སྲོག་སྦྱིན་འདིའི་དམ་ཚིག་གོ །དབང་ལ་མང་པོས་འདུད་པ་དང་། །མེ་ཏོག་དམར་པོའི་ཆར་འབྱུང་དང་། །བདག་ནི་གཙོ་བོར་འགྱུར་བ་འོ། །དམ་ཚིག་དངོས་གྲུབ་ལ་རྗེས་ཆགས། ཁྱད་པར་སྒྲུབ་དུས་ཉེ་བའི་རྟགས། །རྟ་ནག་ཞོན་པའི་དམག་འདུ་དང་། །མཚོན་ཆ་རྣོན་པོ་སྟེར་བར་བྱེད། །ཡབ་ཡུམ་གར་གྱིས་དགྱེས་པ་མཆོག །ཐ་མའང་སྐྱི་བུང་བྱེད་པ་དང་། །འུར་ཐུག་སྒྲ་ཆེན་ཐོས་པ་ཉིད། །ཡང་ན་རང་གི་རྗེ་བོ་ཡིས། །མགུ་བར་བྱེད་པའི་རྨིས་ལྟས་འོང་། །སེང་གེ་དེ་བཞིན་དོམ་ལ་སོགས། །གདུག་པ་རྣམས་ཀྱིས་དེད་པ་དང་། །མི་ནག་གིས་གནོན་རི་ཡང་བསྙིལ། །སྔགས་པའི་ཚུལ་གྱིས་ཁྲོ་བར་འགྱུར། །དེ་དག་འཁུས་པའི་རྟགས་ཡིན་པས། །གཏོར་མཆོད་སྐོང་བ་རྒྱས་པར་བྱ། །སྙིང་མི་དགའ་ཞིང་ལུས་གཡོ་དང་། །མར་མེ་འོད་མེད་སྐབས་སུ་སྔངས། །འདི་དག་ཕ་རོལ་མཐུ་རྟགས་ཏེ། །སྲུང་འཁོར་ཡང་དག་བསྒོམ་པར་ཤེས། །ཞེས་གསུངས་སོ། །ལྔ་པ་ལ་སྒྲུབ་པ་དང་ལས་སྦྱོར་ཕྱོགས་གཅིག་ཏུ་སྟོན་ཏེ། ཐོད་པ་ཁ་སྦྱར་ལ་བརྟེན་པ་དང་། ཁྲག་ཐུན་ལ་བརྟེན་པ་དང་། གཏོར་མ་ལ་བརྟེན་པ་གསུམ། དང་པོ་ནི། ཤིན་ཏུ་མ་རུངས་པའི་དགྲ་བོ་བསྟན་པ་དང་བླ་མར་འཚེ་བ་ལ་མན་ངག་འདི་བྱའི། གཞན་དུ་སྒྲུབ་པོ་ཉིད་གསོད་པར་འགྱུར་བས་སོ། །དེ་ལ་དུར་ཁྲོད་ལ་སོགས་པའི་གནས་ཁང་མྱོས་བྱེད་དང་ཁྲག་གིས་ཆག་ཆག་གདབ། མདུན་དུ་ས་སྟེགས་ཕྱོགས་བཞིར་ཁྲུ་དོ། དཔངས་སོར་བཞི་པའི་དབུས་སུ་གྲུ་གསུམ་ཁྲུ་གང་རྩེ་ལྷོར་བསྟན་པ་བྲུས་ལ། སྟེང་དུ་དེའི་ཁ་རྒྱ་ནོན་ངོ་ཤེས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གདུགས་ཆོས་འཁོར་དང་བཅས་པ། ཕུང་ས་དང་ས་བཟང་པོ་བསྲེས་པ་ལས་བྱས་པའི་བུམ་པ་མན་ཁོང་སྟོང་གི་ནང་དུ་དུག་ཁྲག་དང་ཕྱི་རོ་སོལ་གྱིས་བྱུགས་པའི་སྟེང་དུ། དར་ནག་ལ་གསད་པའི་འཁོར་ལོ་རྩིབས་དྲུག་པ་ལྟེ་བ་ལ་ཧཱུྃ་དང་བྷྱོཿ རྩིབས་ལ་ཡབ་ཀྱི་ས་བོན་དང་རྩིབས་མཆན་ལ་ཡུམ་གྱི་ས་བོན་དྲུག་བྲིས་ལ་ཕུབ། བུམ་པའི་ཕྱོགས་བཞིར་མི་རྐང་། ལྕགས་སྦུབ། སྒང་ཐུར། བམ་རྐང་གི་ཐུན་ལམ། དེའི་སྣ་བཞིར་སེང་ལྡེང་། མཛོ་མོ་ཤིང་། གྲི་ལྕགས། རུས་ཆེན་རྣམས་ཀྱི་ཕུར་པ་བཞི་གཟུག །དེའི་མཐར་ཡུངས་དཀར། ལྕགས་ཕྱེ། ཀེ་ཚེ། ཟངས་ཕྱེ་སྟེ་ཐུན་རྫས་བཞི་བཤམ། སྐུ་དང་རྟེན་རྫས་གཏོར་མ་རྣམས་བཤམ། རང་གི་གཡས་སུ་མདུང་བ་དན་མེད་པ་ཚད་ཁྲུ་དོ་ལ་ཤི་སྐྲའི་རྔ་ཡབ་དང་གྲི་ལག་བཏགས་པ་གཟུག །ཧོམ་ནང་དུ་རབས་ཆད་ཐོད་པའམ་གྲི་ཐོད་ཁ་སྦྱོར་བའི་ནང་དུ། དམིགས་བྱའི་དྲི་མ་རྗེས་ས་དང་བག་ཕྱེ་བསྲེས་པའི་ལིང་གའི་སྙིང་གར་ལིང་ག་གཅིག་གམ་དུ་མ་ཤོག་བུ་ལ་དུག་ཁྲག་གིས་བྲིས་པའི་སྙིང་གར་ནྲྀ་དང་མིང་། དཔྲལ་བར་རུས། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿབྲིས་ནས་མགོ་མཇུག་གཡས་གཡོན་བཞི་ལྟེབ་བྱས་པ་དེ། འཁོར་ལོ་རྩིབས་བརྒྱད་ཕྱི་རིམ་མུ་ཁྱུད་མེ་རིས་བསྐོར་བ་དང་། རླུང་རིས་ཀྱིས་བསྐོར་བ་གཉིས་ཀྱི་དང་པོའི་ལྟེ་བར་གྲུ་གསུམ་གྱི་མཐར། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ དང་། རྩིབས་ལ་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི༔ རྩིབས་མཆན་ལ་རཾ་བརྒྱད་རྣམས་ཡིག་མགོ་ཕྱིར་བསྟན་ལ་གཡས་སྐོར་དུ་བྲི། གཉིས་པའི་ལྟེ་བར་བྷྱོཿཡི་མཐར། ཨོཾ་ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ རྩིབས་ལ་སྡེ་བརྒྱད་རྩིབས་མཆན་ལ་ཡཾ་རྣམས་ཡིག་མགོ་ནང་བསྟན་གཡོན་བསྐོར། གཉིས་ཀའི་ཕྱིའི་མུ་ཁྱུད་ལ་བསད་སྔགས་བྲིས་པའི་མེ་འཁོར་སྟེང་དང་། རླུང་འཁོར་འོག་ཏུ་སྦྱར་བའི་བར་དུ་བཅུག་ལ་ཁ་སྦྱར་སྤྲ་ཚིལ་གྱིས་མཚམས་བསྡམ། རྐུན་སྐྲ་དང་གྲི་སྐྲའི་སྲད་བུས་དཀྲིས་ལ་བག་ལིང་ནང་དུ་བཅུག །སྲད་བུའི་སྣ་དེ་ཡི་སྙིང་ག་ནས་བཏོན། ཤར་སྒོ་སྟེ་རང་ཉིད་འདུག་པའི་ཕྱོགས་སམ། བྱང་ངོས་ཀྱི་བུམ་པའི་ཐུན་ལམ་མམ། དེའི་སྟེང་དུ་བུག་པ་བཏོད་པ་ལ་དྲངས་ནས། སྔགས་བཟླ་དུས། སྲད་བུ་དེ་ལག་པ་གཡོན་པས་བཟུང་ཞིང་ཐུན་མཚམས་རྣམས་སུ་མདུང་ལ་བཏོད་དོ། །ལྷ་དབྱེའི་རྫས། ཡུགས་སའི་དོར་རྟ། མཛེ་ཕོའི་ལྷྭམ་འབོབ། རྟ་བོན། བྱི་ལའི་བྲུན། གུ་གུལ་ནག་པོ་རྣམས་ཀྱི་དུད་པས་ལིང་ག་དུས་དུས་སུ་བདུག །ཡུངས་དཀར་སོགས་ཐུན་རྫས་རྣམས་ཧཱུྃ་བཛྲ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ སོགས་བཟླས་པས་བྱིན་གྱིས་བརླབ། ཁྲོ་བོ་དང་ཁྲོ་མོ་དང་མཚོན་ཆ་དང་ནད་ལ་སོགས་པའི་ཆར་དུ་གྱུར་པར་བསམ་ཞིང་། ཐུན་དྲུག་ལ་སོགས་པར་རིམ་པས་བརྡེག །ཐུན་ཐག་ལས་སྔགས་ཀྱི་མཚོན་ཆ་མེ་ལྟ་བུ་སོང་། དེས་དམིགས་བྱ་ཉམ་ཐག་པར་བསམ་ལ། སྔགས་ནི། ཨོཾ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ དགྲ་བོའི་སྲོག་ལ་རྦད། དབུགས་ལ་རྦད། ཤ་རུས་ཁྲག་རྩ་ལ་རྦད། མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་ཐུམས་རིལ་རྩ་ལ་སྦྲེང་ཤག །ཙིཏྟ་དུན་རྨུགས་རྦད། ལིཾ་ཤག་ནྲྀ་ཧུར་ཐུམས་ཛཿ ཁྲཾ་རྦད། ཅེས་དང་། སྡེ་བརྒྱད་ཀྱི་རྦད་སྔགས་གདགས་པ་ནི། ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི། ཆེ་གེ་མོ་ཨཱ་ཀརྵ་ཡ། རཱུ་པ་ལ་པྲ་བེ་ཤ་ཡ། ཨངྒ་བནྡྷ་ཡ། ཀྵེ་ཊ་པཱ་ལ་མ་ཧཱ་ཀཱ་ལ་ཡ། ཆེ་གེ་མོའི་མཱཾ་ས་ཁཱ་ཧི་ཁཱ་ཧི། ཨསྡྱ་ཧ་ན་ཧ་ན་རུ་དྷི་ར། ནི་བེ་ད་ཡ་ནི་བེ་ད་ཡ། ས་རཙྪནྡི། བཱ་ཡུ་ཧ་ར་ཧ་ར། མརྟ་ཡ་མརྟ་ཡ། ཨ་མུ་ཀ་ཙིཏྟ། ཙཱུརྞ་ཡ། མཱ་ར་ཡ། མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང། གུང་གཉིས་ལ་གཏོར་ཆུང་ལས་ཁུང་དུ་འབུལ་བའམ་གཙང་སར་དོར། གཡབ་མོ་བརྡབ་ཅིང་དྲག་ཏུ་བསྐུལ་ལོ། །ཞག་ཉེར་གཅིག་སོགས་དངོས་ཉམས་ཀྱི་རྟགས་མ་བྱུང་བར་དུ་བསྒྲུབ་བོ། །གལ་ཏེ་ལས་ལ་འགྱང་ན། རང་ཉིད་ཡི་དམ་དུ་བསྒོམས་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས། མདུན་གྱི་མགོན་པོའི་ཐུགས་ཀར་ཕོག །གནད་ནས་བསྐུལ། རབ་ཏུ་ཁྲོས་འཁྲུགས་ནས། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཚ་ཞིང་རྣོ་བ་བྱུང་། འཁོར་རྣམས་ཀྱི་ཐུགས་ཀར་ཕོག །དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲུལ་པའི་སེང་གེ་དང་། སྟག་དང་གཟིག་དང་། དོམ་དང་། དྲེད་དང་། འཕར་བ་དང་། ཅེ་སྤྱང་སོགས་གཅན་གཟན་དུ་མ་དང་། སྡོམ་དང་སྡིག་པ་དང་། སྦྲུལ་དང་རྟ་བླ་དང་སྦལ་པ་དང་བུང་བ་དུ་མ་དང་། ནད་ཀྱི་ན་བུན་སྔོ་དམར་དང་། མཚོན་ཆ་སྣ་ཚོགས་པ་ཆར་བབས་པ་ལྟར་བྱུང་ནས། དམིགས་བྱ་འཁོར་འབངས་དང་བཅས་པ་ཐལ་བར་བརླགས་པར་བསམ། རྟགས་བྱུང་ན་ལས་ལ་སྦྱར་ཞིང་། གསད་སྔགས་གདགས་པ་ནི། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ནས། མཱ་ར་ཡ་རྨུགས། སོད་སོད་རྦད་བྷྱོའི་བར་དུའོ། །རྟགས་ནི་ཤིང་གཅོད་པ། རོའི་ཆར་འབབ་པ་དང་། འུར་སྒྲ་དང་། འོད་དང་། ཐུག་ཆོམ་དང་། བྲུབ་ཁུང་སྐད་འདོན་པ་དང་། ཐོད་པ་ཚེག་པ། མགོ་མཇུག་ལོག་པ་སོགས་འོང་སྟེ་འཇིགས་པར་མི་བྱ་ཞིང་། གློ་སྙིང་དང་མགོ་བོ་ཁྱེར་བའམ་མིང་འདོན་ནས་ལས་གྲུབ་ཟེར་ན་ལས་ཀྱི་མཐའ་བརྟུལ་བར་བྱའོ། །དེ་ཡང་བཅས་རྣམས་བསལ་ནས་ལིང་ག་དུམ་བུ་མང་དུ་གཏུབ། བསྲེག་རྫས་གང་འབྱོར་དང་བཅས། ཚེར་མ་ཅན་གྱི་ཤིང་གིས་མེ་སྦར། མེ་དེ་མགོན་པོ་འཁོར་བཅས་སུ་བསྐྱེད་པའི་ཞལ་དུ་ལིང་རོ་དང་བསྲེག་རྫས་འབུལ་ཞིང་། སྔགས་ཀྱི་མཐར་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་བཏགས་ལ་འབུལ། ལྷ་གཤེགས་མཐར་མེ་དུག་ཁྲག་གིས་གཞིལ། ཐལ་བ་ཆ་གཅིག་བག་ཟན་དང་བསྲེས་དགྲ་གཟུགས་བྱས་ལ་མནན། ཆ་གཅིག་དགྲ་ཕྱོགས་སུ་རླུང་ལ་ཕྱར། ཆ་གཅིག་ཆུར་དོར་རོ། །གཉིས་པ་ཁྲག་ཐུན་ལ་བརྟེན་པ་ནི། གནས་ཁང་རྐྱང་ནུལ་བྱ། སྟེགས་བུ་ཁྲུ་གང་པ་བྱས་ལ། དབུས་སུ་གྲུ་གསུམ་རྩེ་མོ་ལྷོར་བསྟན་པ་མཛུབ་གང་པ་བྲུས། རོ་སོལ་དང་དུག་ཁྲག་ཕྱི་ནང་དུ་བྱུག །ཁ་ལ་སྐྱེར་བའི་རྩང་ཉི་ཤུ་རྩ་གཅིག་སྲིན་མོ་འགྲོས་སུ་གཟུག །ཁ་ཁྱེར་སོར་བཞི་པའི་ནང་དུ་དམིགས་བྱའི་ཟག་རྫས་སམ་རྐང་རྗེས་ཀྱི་ས་ལ་རཱུ་པའི་སྙིང་གར་མིང་རུས་བཅུག་པ་རྐང་པ་ལྕགས་སྒྲོག་གིས་བསྡམ། རྒྱབ་ལག་གན་རྐྱལ་བྲུབ་ཁུང་དུ་མགོ་ལྷོ་བསྟན་བཞག་པའི་མགོ་དང། དཔུང་མགོ་གཉིས། སྙིང་ཁ། འདོམས། བརླ་གཉིས་རྣམས་སུ་དུར་སའམ་ཕུང་སའི་ཀོང་བུར་དུར་ཁྲོད་ཀྱི་ཤིང་རོ་རས་ཀྱིས་དཀྲིས་པའི་སྡོང་བུ་བཙུག །མར་ནག་དང་ཚིལ་ཆེན་གྱི་ཞུན་མས་དགང་། ཕྱོགས་གསུམ་དུ་གྲི་ཁྲག་མངལ་ཁྲག་བྱི་ལའི་ཁྲག་སོགས་ཁྲག་སྣ་ཅི་འཛོམ་བཤམ། རང་ཉིད་སེང་གེའི་གདོང་པ་ཅན་དུ་བསྒོམ། མདུན་དུ་ཡུམ། གཡས་གཡོན་དུ་དུས་མཚན་ཕོ་མོ་ཐམས་ཅད་ཀྱང་རྡོ་རྗེ་འབེབ་པའི་ཕྱག་རྒྱས་དགྲ་བགེགས་ལ་མཚོན་ནད་དུག་རྣམས་ཀྱི་ཆར་ཁྲག་གི་རྣམ་པར་ཕབ་པས་དགྲ་བོའི་རྣམ་ཤེས་མར་མེ་ཆུས་བསད་པ་ལྟ་བུར་བསམ་ཞིང་། ཡབ་ཡུམ་གྱི་སྔགས་ཀྱི་མཐར། ཨ་མུ་ཀ་ཀཱ་ཡ་ཝཱཀྩིཏྟ་མཱ་ར་ཡ། མཱ་ར་ཡ། བནྡྷ་བནྡྷ། ཛྭ་ལ་ཡ་ཕཊ། བརྗོད་ཅིང་། ཉིན་མོ་སྙིང་གི་མར་མེ་དང་། མཚན་མོ་ཡན་ལག་རྣམས་ལ་རིམ་པས་ཁྲག་ཐུན་བརྡེག །ཉམས་པ་འདི་མཱ་ར་ཡ། ཤ་ལ་རོལ་ཅིག །ཁྲག་ལ་ཐུངས་ཤིག །རུས་ལ་མུར་ཅིག །རྣམ་ཤེས་མེ་འབར་ཆུས་རེག་བཞིན་ད་ལྟ་ཉིད་དུ་སོད་ཅིག །དགྲ་མང་ན་མར་མེ་བདུན་ཙམ་དགོས། ཤིན་ཏུ་མང་ན་ཡང་ཡང་སྐྱར། གཅིག་ལས་མེད་ན་སྙིང་གའི་དེས་ཆོག །མང་ཉུང་དང་སྦྱོར་ལ་མར་མེ་གསད། རྟགས་གོང་བཞིན་བྱུང་ན་སྙིང་གའི་དེ་གསད། ཚངས་པའི་ཚེ་དང་ལྡན་ཡང་ཉེར་གཅིག་གིས་ཕ་རོལ་དུ་འགྲོ །ཞག་གསུམ་མམ་བདུན་གྱིས་ངེས་པར་འགྲུབ། འདི་རང་ཁྱིམ་དུ་བྱ་མི་ཉན་ནོ། །གསུམ་པ་གཏོར་མ་ལ་བརྟེན་པ་ནི། ཁྱད་པར་འགྲས་ཆེ་ན། དགྲ་བོའི་ལིང་ག་ཁྲག་དང་ཟག་རྫས་ཀྱིས་བྲི། གྲི་ཁྲག་དྲི་ཆུའི་རིགས་སམ་མཆིལ་སྣབ་བམ། རྐང་རྗེས་སའམ། མ་རྙེད་ན་ཡུལ་ཕྱོགས་ཀྱི་ས། དཔལ་གཏོར་གྱི་དཀྱིལ་དུ་བཅུག་ལ་གཏོར་མ་བྲུབ་ཁུང་དུ་བཅུག་གོ །བྲུབ་ཁུང་དུ་ཡང་ལིང་ག་བྱས་ལ། ཞག་ཉི་ཤུ་རྩ་གཅིག་སྒྲུབ་ཅིང་གཏོར་མ་དང་ལིང་ག་ཐུན་གྱིས་བྲབ། གུང་གཉིས་ལ་རྦད་བསྐུལ་དྲག་ཏུ་བྱའོ། །དེ་ནས་སོད་རྟགས་བྱུང་ནས་ལིང་ག་གཅིག་སྦྱིན་སྲེག་བྱ། གཅིག་ཀླུ་ལ་གཏད། གཏོར་མ་དེ་དགྲ་ལ་ཟོར་དུ་འཕང་། དེ་ལྟར་བྱས་ན་དགྲ་བོ་ཟླ་བ་གཅིག་ལས་མི་འགྱང་བར་འཆིའོ། །གཞན་དུ་དམག་དང་འགྲོ་འདུག་བྱེད་ན། མདུན་དང་རྒྱབ་ཏུ་བསྐྱེད་ལ་གཏོར་མ་འབུལ། བསྟོད་བསྐུལ་དྲག་ཏུ་བྱས་ནས། བར་ཆད་སྲུངས་ཤིག །རང་གི་ནོར་ཕྱུགས་སྲུངས་ཤིག །བྱས་ལ་བཅོལ། དེ་ལྟར་བྱས་ན་ཅི་བསམ་དོན་དུ་འགྲུབ། དམ་ཉམས་དགྲ་བོ་གཏན་ནས་བརླག་པར་འགྱུར། ཤིན་ཏུ་གཉན་པས་གཞན་དུ་མ་སྤེལ་ཅིག །འདི་ཡི་མན་ངག་དཔལ་གཏོར་ཟུར་གསུམ་པ། སུམ་ཆ་གཉིས་སུ་བཅད་ལ། ཞབས་ཕྱོགས་ཀྱི་སུམ་གཉིས་དེ་ལ། ཟུར་གསུམ་བྲུས་པའི་ནང་དུ་ལིང་ག་བཅུག་ལ། དེའི་སྙིང་གའི་ནྲྀ་ལ་ཐུན་ཐག་བཏགས་ལ་ཚུར་དྲང་བར་བྱའོ། །དེ་ནས་སྟེང་སུམ་ཆ་དེ་མར་བཀབ་ལ། བར་དུ་རླུང་མི་ཐར་བར་བྱའོ། །ཐུན་ཐག་བརྒྱུད་ནས་དྲག་སྔགས་ཀྱིས་ཐུན་གྱིས་བྲབ་ཅིང་གུང་གཉིས་ཟེར་གཉིས་ལ། བསྟོད་བསྐུལ་དགུག་གཞུག་དྲག་ཏུ་བྱེད་པ་གལ་ཆེ། འབོད་པའི་དུས་སུ་དགུག་གཞུག་བྱེད་པ་དང་། ལིང་ག་གན་རྐྱལ་བྱས་ལ་མགོ་རང་ལ་བསྟན་ནོ། །འབོད་རྦད་གསད་གསུམ་ལ་སོགས་སྔགས་ཀྱི་འབྱེད་ལུགས་ཞལ་ལས་སོ། །དྲུག་པ་ལ་གྲུབ་ཆེན་བརྒྱད་ཀྱི་རལ་གྲི་སྒྲུབ་པ་ནི། མགར་བ་འབྲུག་ལོ་པས་བརྡུངས་པའི་རལ་གྲི་ཡུ་བ་དང་བཅས་པ་ལ་སོར་བཅུ་གཉིས་ཡོད་པ་ལ་ཡུ་བ་ནས་བརྩམ་སྟེ། མཚལ་དང་རཀྟ་རིན་པོ་ཆེ་རྣམས་བསྲེས་པས་ཡི་གེ་བཅུ་པའི་སྔགས་བྲིས་པ་བཟུང་བའམ། མདུན་དུ་བཀོད་པ་ལ་སྔགས་བཟླས་པས་དུད་པ་དང་དྲོད་ཐོབ་ཀྱི་བར་དུ་སྒྲུབ་པ་ཡིན་ནོ། །ལུས་བསྐྱོད་པ་ཡང་བར་བྱ་བའི་དོན་དུ་ར་མོ་ཤག་གི་བཅུད་ལེན་བྱས་ན་ལོ་གཅིག་ནས་བྱ་ལྟར་འཕུར་བ་ལ་ཐོགས་པ་མེད་དོ། །མིག་སྨན་ནི་རྟག་ངུ་། ཨ་ཝ། གོ་སྙོད། གུར་གུམ། དོམ་མཁྲིས། ཨ་རུ་ར། རྡོ་མདུང་རྩེ་རྣམས་སྦྲང་དང་སྦྱར་བའི་རིལ་བུ་བྱས་ཏེ་ལྟོ་སྟོང་དུ་ཟའོ། །ཡང་ལོ་་་མེ་ཏོག་སྐད།མཆན།བཙན་བོང་དུག་པ་ཝ་སྤྱང་གི་མིག་དང་སྙིང་དང་ལྕེ་ཞིབ་པར་བཏུལ་ལ་ཁྱི་ལ་ཝ་རིའི་ཕྱེ་མ་ཆུས་སྦྱང་བ་མིག་ལྤགས་ལ་བྱུགས་པས་འབྱུང་པོ་རྣམས་མཐོང་ཞིང་། རི་བདུན་གྱིས་བར་བཅད་ཀྱང་མཐོང་བར་འགྱུར་རོ། །རིལ་བུས་མི་སྣང་བར་བྱེད་པ་ནི། ཉེར་དགུ་ལ་རོ་བསྲེགས་པའི་ཐལ་བ་དམར་པོ་བླངས་ནས་སྲིན་མཛུབ་ཀྱི་ཁྲག་དང་བསྲེས། ཡུངས་དཀར་གྱི་ཕྱེ་མ་མར་དཀར་དང་བསྲེས་ལ་བྱུགས་པས་མི་མཐོང་ངོ་། །ཡང་རོ་ཐལ་བྱ་རོག་ལྕེ་ཁྭ་ཏའི་ཚང་ཤིང་གི་མཆོག་བྱུགས་ན་སུས་ཀྱང་མི་མཐོང་ངོ་། །བླ་མའི་ཞལ་ལ་དྲི་དགོས་ཟེར་བ་ནི། ཁྱི་དཀར་མཚན་ཅུང་ཟད་ཀྱང་མེད་པའི་རུས་པ་རེ་རེ་ནས་མེ་ལོང་ལ་བསྟན་པས་གང་མ་མཐོང་བ་དེ་དང་། སྔ་མའི་རྫས་གང་འཛོམ་བསྲེས་པའི་ཕྱེ་མ་ཐིག་ལེ་དཔྲལ་བར་བྱས་པས་མི་མཐོང་ངོ་། །རྐང་མགྱོགས་ནི། རང་གི་རྐང་པ་ཡཾ་ལས་རླུང་གི་དཀྱིལ་འཁོར་བ་དན་དང་བཅས་པ་རྡོ་རྗེ་ཁུ་ཚུར་གྱིས་མཆན་ཁུང་གཉིས་མནན་ལ། དེ་གཉིས་སུ་རླུང་ལྷ་ནག་པོ་བ་དན་ཅན་གཉིས་ཀྱིས་བཏེགས་པར་བསམ་ལ། སེང་གདོང་གི་སྔགས་བགྲང་ཞིང་། སྐབས་སུ་རླུང་བཟུང་བས་རང་ཉིད་ཀྱིས་ལུས་ཕྱི་ནང་ཐམས་ཅད་རླུང་ཆེན་པོ་གཅིག་ཏུ་གྱུར་ནས་གང་འདོད་པའི་གནས་སུ་ཕྱིན་པར་བསམ་ལ་གཏོར་མ་འབུལ། རྐང་མགྱོགས་འགྲུབ་པར་གསོལ་བ་བཏབ། རྟགས་བྱུང་ནས། བ་དན་གཉིས་ལ་ཧཱུྃ་བྲིས་ནས་བཟུང་། ཚོད་ཉུལ་བྱ། དེས་ངེས་པར་འགྲུབ། དར་གྱི་ཚད་ཁྲུ་གང་བ་བྱ། དམིགས་པ་ནི། རླུང་གཟུང་བའི་ཚེ་སྟེང་འོག་རླུང་རྣམས་ནོར་བུའི་གོང་བུའི་རྣམ་པར་ལུས་ཀྱི་ནང་དུ་གནས་པས་ཐོགས་པ་མེད་པའི་ལུས་སུ་བསྒོམ་པ་ཉིད་དོ། །བཅུད་ལེན་ནི། བུལ་ཏོག་སྟག་ཤ་སྒོག་སྐྱ་རྣམས་ཀྱིས་རིལ་བུ་བྱས་ཏེ། ཟི་ཚ་རུ་རྟ་རྣམས་ཀྱིས་སྦྲུས་ལ་དང་པོ་གཅིག །དེ་ནས་གཉིས། ཕྱིར་ཉིན་གསུམ། དེ་ནས་རིལ་བུ་ཟླ་བ་ཕྱེད་དུ་བཏང་བས་བྲུན་མི་འབྱུང་ཞིང་། མ་བདེ་ན་ལོག་ནོན་ཟན་དྲོན་གཏང་ངོ་། །བཅུད་ལེན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །མཆིལ་ལྷྭམ་ནི། སྟེང་སེང་རས། འོག་མ་ཧེའམ་རྨ་བྱའི་པགས་པའམ་ཆུ་བྱའི་པགས་པ་ལ་བྱ། ཉ་རྐྱར་དྲི་ཆེན་རྣམས་སྦྱར་བ་ལ། ཡཾ་དུ་ཕྲི་སྭཱ་ཧཱ། ཞེས་བཟླས་ཤིང་ཚད་པར་བྱའོ། །ཇི་ལྟར་འདོད་པར་ཆུ་ལ་འགྲོ་བར་འགྱུར་རོ། །མན་ངག་གཞན་ལ་སྲོག་འཁོར་གྱི་སྐུ་སྤང་པའི་འཁོར་ལོ་པདྨ་སྔགས་དང་བཅས་པ་གསེར་གྱིས་བྲིས་ལ་དུད་པ་དང་དྲོད་མ་བྱུང་གི་བར་བསྒྲུབས་པར་བྱས་ནས་ལྕགས་ཀྱི་གའུ་ཆུ་འགྲམ་དུ་སྦས་ལ། མཆིལ་ལྷྭམ་གྱོན་ཏེ་ཕྱིན་པས་ས་ལ་འགྲོ་བ་བཞིན་དུ་འགྱུར་རོ། །རྒས་པ་མེད་པའི་ཐབས་ནི། ཟས་ལ་དངུལ་ཆུ་དུལ་མ་བཏབ་པས་གཡོན་པའི་སྲིན་ལག་གིས་མཉེ་ཞིང་། སྔགས་ནི། ག་རི་ཙ་ཏྲ་ནི། སྨའི་ཤན་ཤན། རྡ་ན་ཀུ་ཀུ་ཀུ་ལ། སྭ་བྷོ་ལ། ཤ་རཱི་ར། སརྦ་ར་སཾ་བྷཀྵཱ་མི། ཞེས་བཏབ་ཅིང་ཟོས་པས་ལུས་སྟོབས་ཆེ། རྟག་ཏུ་བརྟེན་ན་འཆི་མེད་ཐོབ་བོ། །ནད་བྱུང་ན་སྤྱིར་འཆོས་པ་ཤ་སྐམ་ཐུག་པ་གཏོང་བ་ཡིན་ལ། བྱེ་བྲག་གི་བཅོས་ནི། གྲུབ་ཆེན་ཨོ་རྒྱན་པའི་གདམས་པ་ལྟར་རོ། །ས་འོག་གི་གཏེར་སྒྲུབ་པ་ནི། ར་རོག་པོའི་ལྕེ་དང་སྙིང་ཁུར་བ་དང་ལྷན་ཅིག་མར་ཁུར་བཙོ། གྲིབ་སྐམ་ལྡོང་རོས་དང་སྦྱར་ནས། ཡི་གེ་བཅུ་པའི་མཐར། ས་འོག་གི་གཏེར་སྟོན་སྟོན། ཁྲོལ་ཁྲོལ། ཞེས་སྔགས་སྟོང་བཟླས་ཤིང་མིག་ལ་བྱུག །དེས་གཏེར་མཐོང་ངོ་། །ལས་ཕྲན་ལ་དབང་སྡུད། ཚེ་སྒྲུབ། རྩོད་རྒྱལ། ཐིབས་གནོན། དམའ་དབབ། བསྐྲད་པ། འཕྲུལ་འཁོར། ཀླུ་གཏད། འབྱེད་པ། ཐན་འགྱེད། ལས་སྣ་ཚོགས། ཟློག་པ་དང་བཅུ་གཉིས་སོ། །དང་པོ་ནི་གནས་ཡིད་དུ་འོང་བར་མཆོད་གཏོར་བཤམས་ཤིང་། མཚམས་དྲག་ཏུ་བཅད། ཁྱད་པར་དུ་ས་དམར་པོ་དང་གཞན་བཀྲ་ཤིས་པའི་ས་སྣ་མང་དུ་བསགས་ལ། རིན་པོ་ཆེ་དང་བཟང་དྲུག་ཅུང་ཟད་བསྲེས་པས་ཞིང་སྐྱོང་གི་སྐུ་བྱས་པའི་སྙིང་གར་ཐོད་པ་མཚན་ལྡན་གཉིས་ཁ་སྦྱར་བར། རྨ་བྱའི་མདོངས། ཚྭ་སྣ་ཚོགས། བུ་རམ། ཤིང་ཀུན། གུ་གུལ། ག་པུར། བྱང་སེམས། བྱ་ཕོའི་ཟེ་བ། བྱི་ལའི་ཁྲག་རྣམས་བཏགས་པའི་རིལ་བུས་བཀང་བའི་ནང་དུ་ཟངས་ཁབ་གཅིག་བཙུག །ཡང་ན་ཁ་བ་ཞུ་བའི་ཆུ། ས་མཚུར། བྱ་མ་བྱིའི་ཤ །སྦྲང་རྒོད། ཤིང་ཀུན། མིའི་ཚིལ། རྡོ་ཁབ་ལེན། ས་བོན་གཙང་མ་རྣམས་ཞིབ་བཏགས་རིལ་བུས་བཀང་། ཐོད་པའི་ནང་རིལ་བུའི་སྟེང་འོག་ཏུ་དར་དཀར་ལ་ཟླ་བའི་འཁོར་ལོ་རྩིབས་བརྒྱད་པ་རེ་རེ་བྱས་པའི་ལྟེ་བར་ཧཱུྃ་དང་བྷྱོའི་མཐར་སྙིང་པོ་ལ་སྤེལ་ཚིག་བཏག །རྩིབས་ལའང་ཡབ་ཡུམ་སོ་སོའི་སྙིང་པོ་དྲུག་དང་། ཆེ་གེ་ཁུག་ཅིག་བྱ་བ་རྣམས་རིན་པོ་ཆེ་བཟང་དྲུག་བྱང་སེམས་དང་བཅས་པས་བྲིས་ལ་ལྷ་བསྟིམ། རང་གི་མདུན་དུ་མགོན་པོ་གཡས་རིན་པོ་ཆེའི་དབྱུག་ཏོ། གཡོན་གཏེར་གྱི་བུམ་པ་འཛིན་པའམ། ཡང་ན་གཡས་ལྕགས་ཀྱུ་གཡོན་ཞགས་པ་འཛིན་པ། ཡུམ་གཡས་ཀྱིས་གྲི་གུག་གཡོན་ཐོད་པ་འཛིན་པ། འཁོར་ཐམས་ཅད་ཀྱང་གཡས་ནོར་བུ་དང། གཡོན་བུམ་པ་འཛིན་པ། རིན་པོ་ཆེའི་ཆར་འབེབས་ཤིང་གཅལ་དུ་བཀྲམ་པར་བསྒོམ། བདག་གི་ཐུགས་ཀ་ནས་འོད་འཕྲོས། ཐོད་པ་ལ་ཕོག་པས་གཞལ་ཡས་ཁང་དུ་གྱུར། གུར་འཁོར་གྱི་སྔགས་ནི། ཟླ་བའི་འཁོར་ལོ་དབུས་ཀྱི་ས་བོན་ཧཱུྃ་དེ་ཕྱག་རྡོར་དམར་པོར་བསྒོམ་པ་དང་། རིལ་བུ་ཁྲོ་བོ་དང་ཁྲོ་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་རྣམས་སུ་བསྒོམ་ཞིང་། ཉི་འཁོར་གྱི་དབུས་སུ་བྷྱོཿམཁའ་འགྲོ་མ་སེང་གདོང་ཅན་དུ་བསྒོམ། དེའི་ཐུགས་ཀར་འཁོར་ལོ་རྩིབས་དྲུག་རེ་རེ་བསྒོམ། རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་འོད་ཟེར་མགོན་པོ་ལ་ཕོག །དེའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོ་རྣམས་རྒྱུད་བསྐུལ་འཁོར་ལོ་གཡོན་དུ་འཁོར་བས་ས་འོག་ས་སྟེང་གི་མི་རྣམས་འོད་ཟེར་གྱི་རྣམ་པར་འདུས་ཤིང་རྫས་ལ་བསྟིམ། སླར་ཡང་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་དང་ལས་མགོན་རྣམས་སོང་ནས་ལྷ་འདྲེ་མི་གསུམ་ཡོ་བྱད་ཇི་ལྟར་འདོད་པ་ཕོ་ཡི་སྙིང་ག་དང་མོ་ཡི་གསང་གནས་ནས་བཟུང་། ཞགས་པས་བཅིངས་ནས་རང་དབང་མེད་པར་མདུན་དུ་བཀུག །བདག་གི་ཅི་བགྱིས་བསྒྲུབ་ཟེར་ནས་འདར་ཕྲི་ལི་ལི་གནས་པར་བསྒོམ། ཙནྡན་དམར་པོའི་ཕྲེང་བ་སྲིན་ལག་གི་ནང་དུ་གཅོད་ཅིང་སྔགས་འདི་བཟླ། ཨོཾ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ ཨོཾ་ཨི་མ་དི་རི་དི་རི། སི་ན་ར་མ་དི་ཐཱ་སྭཱ་ཧཱ། ཧྲཱི་ཨཱ་ཀརྵ་ཡ་ཕྲིཾ་ཕྲིཾ། ཨཱ་ཀརྵ་ཡ་ཛཿཛཿ ནྲྀ་བ་ཤམ་ཀུ་རུ་ཡེ་སྭཱ་ཧཱ། མི་སྙིང་སྒུལ་སྒུལ། ཅེས་ཕོ་དབང་དུ་བྱ། ཨོཾ་བཛྲ་སིཾ་ཧ་མུ་ཁ་སི་ན་ར་མ་བཾ་ཧ་རི་ནི་ས་ཧཱུྃ༔ ནིག་ནལ་ནིག་ནལ། པྲ་མོ་ཐུན་པྲ་མོ་ཐུན། ལུས་འགུལ་སེམས་གཡོས། དབང་པོ་དཀྲུགས་དཀྲུགས། སེམས་རྩ་གཡོས་སེམས་རྩ་གཡོས། རཏྣ་སིདྡྷི་ཁུག་ཁུག་ཛཿཛཿ ཨོཾ་བྷི་ཤ་ནན། རཀྟི་ནན། རུ་ཏི་ནན། དོར་ཕུད་དོར་ཕུད། སེམས་རྩ་དཀྲུགས་སེམས་རྩ་དཀྲུགས། མངལ་གྱི་གྲོང་ཁྱེར་དཀྲུགས་ཡང་ཡང་། ཕུད་ཕུད། ཨཱ་ར་ལི། ཉོལ་ཉོལ་ཕུད་སྭཱ་ཧཱ། ཨོཾ་པདྨ་ཚེ་ཁྲི་ཁྲི་ཚུར་ཚུར། ཤག་ཤག །ཡེར་ཡེར། སྲིང་སྲིང་། ཀུ་སིང་ཀུ་སིང་། གྷ་དྷ་གྷ་དྷ་སྭཱ་ཧཱ། ཨོཾ་མ་ཧཱ་རཱ་ཛ་ཧཱུྃ། ཨོཾ་པྲ་བྷ་རཱ་ཙ་ཧཱུྃ། ཨོཾ་ཀ་པ་རཱ་ཙ་ཧཱུྃ། ཨོཾ་ཏྲི་པ་རཱ་ཙ་ཧཱུྃ། ཨོཾ་མ་ཧཱ་དེ་བ་ཧཱུྃ། ཨོཾ་ཨུ་མ་དེ་བཱི་ཧཱུྃ། སེམས་ཅན་གྱི་རྒྱལ་པོ་ཡིད་ཆིངས། གང་ཟག་གི་སེམས་སྒུལ། ལས་ལ་སྦྱོར་ཏྲི་མ་ནོར་གྱི་དངོས་གྲུབ་སྩོལ། ཅེས་མོ་དབང་དུ་སྡུད། གཉིས་ཀ་སྡུད་ན་གཉིས་ཀ་དགོས་སོ། །ནངས་པར་སྐར་མ་གྱེས་ནས་དགོང་མོ་མ་ཤར་བར་བཟླ། ཞག་ཉེར་གཅིག་བདུན་ཕན་མི་འགྱངས་པར་འགྲུབ་བོ། །འགྲུབ་པའི་རྟགས་ནི། མི་མང་པོས་ཕྱག་འཚལ་བ། ཟས་སྐོམ་མང་པོ་སྟེར་བ། འོད་མང་པོ་འཐིབས་པ། མེ་ཏོག་དམར་པོའི་ཆར་དང་། རང་རྒྱལ་པོར་འགྱུར་བ་སོགས་རྨི། །དེ་ནས་རིལ་བུ་རྣམས་སུ་ལ་བྱིན་པ་དབང་དུ་འགྱུར། སྒྲུབ་པ་ཐོན་ནས་རིལ་བུ་འགའ་ཞིག་དང་ཟངས་ཁབ་བཅང་བར་བྱའོ། །དེས་མི་འདའོ། །དབང་སྡུད་འདི་དམ་པས་མཛད་པ་དང་ཅུང་ཟད་འདྲ་བར་ཡོད་ཅིང་། ལྷ་ཡང་ཡུམ་འདི་དང་གཅིག་པར་འདུག་གོ །ཡང་། བསྡུས་པ་ཟངས་གཞུ་གྲི་རྒྱུས་རྒྱུད་ཅན་ལ། བར་རྩའི་མདའི་མཚན་བཟུང་ལ་གོང་བཞིན་བསྒྲུབ། རང་ཉིད་ཞིང་སྐྱོང་དུ་བསམ་བསྒྲུབ་བྱ་ལ་བཞིན་ཕྱོགས་བརྡེག་པར་བརྩམས་པས་དབང་དུ་བྱེད། ཟབ་མོ་དབང་འགུགས་གདམས་པ་འདི་མཆོག་ཡིན། ཞེས་པས་འགྲུབ་བོ། །ཚེ་སྒྲུབ་ནི། གནས་བདེ་བར་སྐྱིལ་ཀྲུང་བཅས་ནས། རང་ཉིད་ཀྱི་སྔོན་འགྲོ་ནི། ལས་འདི་ལྟར་རྩོམ་པ་ལ་གེགས་མ་བྱེད་ཅིག །ཅེས་གཏོར་མ་སྦྱིན་ནོ། །སྲུང་འཁོར་བསྒོམ། སྐུ་རྟེན་མཆོད་གཏོར་བཀྲམ་པའི་མདུན། མཉྫིའི་སྟེང་དུ་ཀ་པཱ་ལ་བཟང་པོར་ར་མོ་ཤག །ཅོང་ཞི། རྟག་ངུ་། དབང་ལག །ཨ་རུ་ར་གསེར་མདོག་ཟུར་བརྒྱད་པ། ར་མཉེའི་ཁཎྜ། བུ་རམ། སྦྲང་རྩི། གཞན་བཅུད་ལེན་གྱི་རྫས་གང་འཛོམ་བསགས། རིལ་བུ་བྱས་ཏེ་བཀང་། དེའི་ཁ་དར་དམར་པོས་བཅད་ཀྱང་རུང་། རང་གི་ལུས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་ཉིད་མགོན་པོར་བསྐྱེད། མདུན་དུ་ཕྱག་རྡོར་བསྐྱེད། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་མེ་ཡི་རྣམ་པར་བྱུང་། རང་ལུས་བསྲེགས་ཏེ་རང་ལུས་མེ་ཤེལ་ལམ་དར་དམར་པོའི་གུར་ལྟ་བུར་གྱུར། སླར་འོད་ཟེར་འཕྲོས། འཇིག་རྟེན་གྱི་བཅུད་བཀྲག་མདངས་རྣམས་དང་། ཚངས་པ་དང་ལྷ་ཚེ་རིང་པོ་རྣམས་ཀྱི་སྲོག་དབང་ཐང་དང་། ཉི་ཟླ་རིག་འཛིན་དྲང་སྲོང་ཚེ་ལ་དབང་བ་རྣམས་ཀྱི་ཚེ་དཔལ་བདུད་རྩིའི་རྣམ་པར་བསྡུས་ནས་སྤྱི་བོར་ཞུགས། ལུས་ཀྱི་ནང་གང་། སྲ་ཞིང་མཁྲེགས་པ་རྡོ་རྗེ་ལྟ་བུར་བསམ། ཡང་། དགུག་ཅིང་རྫས་རང་རང་ལ་བསྟིམས་པས་བདུད་རྩིའི་རྒྱ་མཚོར་བསམ། སྔགས་འདི་བཟླ། སིཾ་ཧ་མུ་ཁ་བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་པུཎྱ་སྭཱ་ཧཱ༔ རྫས་ལ་གྲུབ་རྟགས་བྱུང་ནས་རང་ལུས་རྩ་གསུམ་འཁོར་ལོ་བཞི་བསྒོམ། སྤྱི་བོར་མགོན་པོ་ཚེ་དཔག་མེད་ཚོན་གང་བ། དེའི་ཐུགས་ཀར་ཧྲཱིཿནས་ཀྱི་ཚད་ཙམ་གསལ་གདབ། མཆོད་བསྟོད་སྔགས་བཟླ། དེའི་ཐུགས་ཀ་ནས་འོད་འཕྲོས་འབྱུང་བ་བཞི་ཡི་བཅུད་བསྡུས་ཕྱག་རྡོར་ལ་ཕོག །དེའང་འོད་དུ་ཞུ་ནས་ཚེ་དཔག་མེད་ལ་ཐིམ། ཚེ་དཔག་མེད་འོད་དུ་ཞུས་ནས་རང་ལ་ཐིམ། ལུས་བདེ་བ་ཆེན་པོས་གང་བ་ལ་ཤེས་པ་གཏད་དེ། རླུང་བུམ་ཅན་བཟུང་། རླུང་ཕྱིར་བཏང་བའི་དུས་སུ་བ་སྤུའི་བུ་ག་རྡོ་རྗེ་ཕྱེད་པས་བར་མེད་པར་གང་བར་བསམ། དེ་ནས་རིལ་བུ་ཟ་བའི་དུས་ནི། ཐོ་རངས་སུ་དེ་ལྟ་བུའི་སྒོམ་བཟླས་རླུང་སྦྱོར་དང་བཅས་པ་ཐུན་རེ་བྱ་ཞིང་། དེའི་རྗེས་སུ་རིལ་བུ་གསུམ་ཙམ་ཟའོ། །ལོ་དྲུག་བསྒོམས་པས་འཆི་མེད་ཐོབ་པར་བཤད་དོ། །རྩོད་རྒྱལ་ནི། ཕ་རོལ་གྱི་ངག་གནོན་དང་རང་རྒྱལ་བའོ། །ཕ་རོལ་གྱི་ངག་གནོན་ནི། ཕྱི་བའི་པགས་པ་ལ། ཉམས་པའི་གཟུགས་ལ་ལྕེ་དྲངས་པ་བྲིས་ལ། རྡོ་རྗེ་རྒྱ་གྲམ་གྱི་མཐར། ཨོཾ་སཏྭམྦྷ་ཡ་ནན། མོ་ཧ་ཡ་ནན། ཏྲི་ཡ་མ་རཱ་ཙ། དུ་ཏྲི་ཕུ་ཏྲི་ངག་ནན། ཅེས་བྲིས་ལ་མདུན་དུ་བཀོད། དགུག་གཞུག་བྱས་ལ། བདག་མདུན་བསྐྱེད་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་རྣམས་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་རྩེ་བཅུ་གཉིས་པའི་རྣམ་པ་ཅན་གཅིག་ཏུ་གྱུར་པར་བསམ། དེ་མ་ཐག་མདུན་བསྐྱེད་ཀྱི་ཐུགས་ཀ་ནས། ཁྲོ་བོ་ཁྲོ་མོ་ལྕགས་ཀྱུ་མེ་འབར་བ་འཛིན་པ་རྣམས་ཀྱིས་ཕ་རོལ་པའི་ལྕེ་དྲངས་པའི་སྟེང་དུ། རྡོ་རྗེ་རྒྱ་གྲམ་དེས་མནན་པས་སྨྲ་མི་ནུས་པར་བསམ་ལ། ཡི་གེ་བཅུ་པའི་མཐར། ཨོཾ་སཏྭམྦྷ་ཡ་སོགས་བཏགས་ལ་བཟླ། དམིགས་པ་ཡང་བསྐྱར་ཟེར་ཏེ་ཐུན་རེ་རེ་ལྟར་བྱའོ། །འགྲུབ་པའི་རྟགས། ཕྱུགས་སོགས་ལྕེ་བཀྱིགས་པ་དང་བཅད་པ་སོགས་འོང་། དེ་ལྟར་བྱུང་ན་མཆོད་རྟེན་ནམ་རྒྱ་ལམ་སོགས་ཀྱི་འོག་ཏུ་མནན་པར་བྱའོ། །རྩོད་རྒྱལ་དངོས་ནི་རང་ཉིད་མགོན་པོར་གསལ་བཏབ། ཕ་རོལ་པོའི་ངག་གི་ནུས་པ་ཐམས་ཅད་དང་སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྟོབས་དབྱེར་མེད་དུ་རང་ལ་ཐིམ། གཟི་བརྗིད་ཀྱིས་ཕ་རོལ་ཟིལ་གྱིས་མནན་པར་བསམ། ཡབ་ཡུམ་སྡེ་བརྒྱད་ཀྱི་སྔགས་མཐར། བདག་རྩོད་པ་ལས་རྒྱལ་བར་གྱུར་ཅིག །དེས་ངེས་པར་འགྲུབ་བོ། །རང་གི་ངག་སྲུང་བའི་ཐབས་ནི། ནངས་པར་སྔ་བར་ལངས་ཏེ་སྐྱབས་འགྲོ་སྔོན་དུ་འགྲོ་བས། ལྕེ་ཡི་དཀྱིལ་དུ་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཨོཾ་འོད་དཔག་མེད། རྩིབས་བཞི་ལ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ་རྣམས་དམར་ལ་དྭངས་པ་ཤེལ་ལྟ་བུར་བསམ། ལྕེ་རྩར་རྡོ་རྗེ་རྩེ་ལྔ་པ་ཉལ་ཐབས་སུ་གནས་པའི་ལྟེ་བར་ཧཱུྃ། དེ་ལས་འོད་འཕྲོས། སངས་རྒྱས་ཤཱཀྱའི་རྒྱལ་པོ་བྱོན་ཏེ་བདུད་རྩིའི་རྣམ་པར་གྱུར་ནས་རྡོ་རྗེ་ལ་ཐིམ་པའི་མཐུས་མེ་ཆེས་ཆེར་འབར་ཏེ་ངག་གི་ཉེས་པ་ཐུལ་གྱིས་བསྲེགས་པར་བསམ་ཞིང་། སྔགས་འདི་བཟླ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཝཱ་ཀ་བཛྲ་རཀྵ་རཀྵ་བསྲུང་དུ་གསོལ། ཅེས་བརྗོད། ཐུན་འཇོག་ཁར། འཁོར་ལོ་རྡོ་རྗེ་ལྷ་དང་སྔགས་རྣམས་ལྕེ་ལ་ཐིམ་པས་ངག་གི་ཉེས་པ་དང་བྲལ་ཏེ་ནུས་པ་དང་ལྡན་པར་བསམ། ཁྱད་པར་ཞག་རེ་ལ་མ་ཆག་ན་དྲང་སྲོང་བདེན་ཚིག་གྲུབ་པ་དང་ནུས་པ་མཉམ་པར་འགྱུར་རོ། །ཐིབས་གནོན་ནི། རྗེས་ས་ལ་ལིང་ག་སོར་བཞི་པ་བཅོས། གདུག་འདྲེས་བསད་པའི་གོས་ཀྱིས་དཀྲིས་ལ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་གི་མཐར་སེང་གདོང་འཁོར་བཅས་ཀྱིས་ཆུམས་ཤིག་སྐོར་ཅིག་ནོན་ཅིག་ཕྱིར་འབྲང་ཞིག །རྩིབས་ལ་སྡེ་བརྒྱད་ཀྱི་སྔགས་བཀོད། ཕྱི་རིམ་ལ་དགྲ་བོའི་རྣམ་པར་ཤེས་པ་ཚོགས་བརྒྱད་ཆུམས་ཤིག་ཕྱིར་འབྲང་ཞིག་ནོན་ཅིག་དུས་ཀུན་ཏུ་ནོན་ཅིག །སྡེ་བརྒྱད་ཀྱིས་སྒོ་ཉལ་ཐོངས་ཤིག་བྲི། ལྟེ་བར་ལིང་ག་བཞག་ནས་འདྲེས་བསད་པའི་གོས་ཀྱིས་དཀྲིས། འདྲེ་ཆགས་པའི་ས་ངན་རྣམས་ཀྱིས་ཐུན་བྱས་ལ། ཏྲི་ཧྲིཾ་ཛཿ ཏྲི་པ་ཙ། རཀྨོ་ཏྲིའུ། ཧེར་ཆུཾ། ཧེར་འདུས། ཆེ་གེ་མོའི་རྩ་བོ་ཆེ་ལ་འཇིབས། ལྟེ་བའི་ཁུང་སུབ། དབང་པོ་སྣ་ལྔ་ལ་ཕོག །ཆེ་ཆེ་ཆིར་ཆིར་ནོན་ནོན། སྔུན་དུ་ཕྱུངས། ཕྱི་ནས་འབྲང་། འཇིགས་འུབ་འུབ། ཆིར་ཆིར་ནོན། ཉིན་མོ་ཡང་ནོན། མཚན་མོ་ཡང་ནོན། ཅེས་ཞག་གསུམ་བསྒྲུབས་ནས་ཕ་རོལ་གྱི་མལ་ལམ་ཐེམ་འོག་ཏུ་མནན་ན་འདྲེས་གནོན་འབྱུང་ཞིང་། ཞི་བར་འདོད་ན་མནན་པ་ཕྱུང་ངོ་། །དམའ་དབབ་པ་ནི། རྒྱ་ཚྭ། རྒྱམ་ཚྭ། གྲོ་ཚིག་ཕྱེ་མ་བསྲེས་ལ་བུད་མེད་ཀྱི་གཟུགས་བྱས་ལ། གཟུགས་དེའི་མངལ་དུ་རྒྱ་ཚྭ། རྒྱམ་ཚྭ། དེའི་མལ་དང་ཆུ་ཤུལ་གྱི་ས་བླུགས་ལ། སྔགས་ནི། སིཾ་ཧ་མུ་ཁེ་བྷྱཿ ནཱ་རི་གརྦྷ་སཔྟི་བི་ཥ་མ་ཨ་ཙཀ་ཀར་ཡ་ཀུ་རུ་མཱ་ར་ཡ་ཕཊ། སིཾ་ཧ་མུ་ཁེ་བྷྱ་ཤ་ཀ་རུ་ན་གྷ་ཧ་བ་ཙི་ཏྲ་རྦད་རྦད། ཅེས་སྟོང་བཟླས་ཏེ་མངལ་དུ་བླུགས་ནས་པུ་ཤུད་དང་ཅོ་ཀའི་མཇུག་སྒྲོས་དཀྲུགས། ཆུས་ཀྱང་བྲན། དེས་ངེས་པར་འགྲུབ། ཞི་བར་འདོད་ན། གཟུངས་ཆུས་བཀྲུ་ཞིང་བཤིག་པར་བྱའོ། །སྐྲོད་པ་ནི། དུག་ཤོག་གམ་གྲོ་ག་ལ་ཉམས་པའི་གཟུགས་རྔ་མོ་ལ་ཞོན་པའི་མཐར། ཨོཾ་བཛྲ་ཨུ་ཙ་ཏ་ཡ་ཕཊ། ཆེ་གེ་སྐྲོད་ཅིག །གནས་ནས་སྐྱོད་ཅིག །རྒྱ་མཚོ་ཐུག་པར་སྐྲོད་ཅིག །མཱ་ར་ཡ་ཞེས་ཁྲག་གིས་བྲིས་ལ་རོ་བསྲེགས་པའི་མགལ་དུམ་ལ་ལིང་ག་སྦྱར་བའམ། ཤིང་ཁ་བྲག་དུ་བཅུག་པ་མདུན་དུ་བཙུགས་པའི་གཞོགས་སུ། རྟ་ནག་གི་རྨིག་པས་ཡུངས་དཀར་དུག་ཁྲག་གིས་སྦགས་པ་བཞག །ཡི་གེ་བཅུ་པ་དང་ཡུམ་སྔགས་སྡེ་བརྒྱད་ཀྱི་སྙིང་པོའི་མཐར། ཨོཾ་བཛྲ་ཏྲཻ་ལོ་ཀྱ་བྷཻ་ར་ག །ཆེ་གེ་ཀཱ་ཡ་བཱ་ཀ་སྐྲོད་ཅིག །ཙིཏྟ་སྒུལ་ཅིག །ཀྵེ་ཏྲ་པཱ་ལ་ས་མ་ཡ་སྐྲོད་ཅིག །སྔགས་དེ་ཐུན་དུ་བཅད་ལ་སྐབས་སུ་བྲབ། ཉིན་གུང་མཚན་གུང་ལ་གཏོར་མ་འབུལ། རྨིས་ལྟས་དགྲ་བོ་དེ་གནས་ནས་ཐོན་པ་དང་། དེའི་ཞོན་པ་ཕྱོགས་སུ་འཁྱམས་པ་དང་། རང་འགྲོ་སྙིང་འདོད་པ་བྱུང་ན། ལྷོ་རླུང་རྒྱུ་བའི་ཕྱོགས་སུ་ཕྱིན་ལ་སྐུད་པ་ནག་པོས་དཀྲིས་ལ། ཀྱེ། མགོན་པོ་སེང་གདོང་འཁོར་བཅས་དང་སྣང་སྲིད་ལྷ་འདྲེ་རྣམས་ལ་རྣལ་འབྱོར་བདག་གིས། དེ་སྔ་ཕན་ཆད་གཏོར་མས་མཆོད། རྟེན་རྫས་ཀྱིས་བསྒྲུབས། བུ་ལྟར་སེམས་རྩེ་གཅིག་གཏད། མཛའ་ལྟར་ཡུན་དུ་བསྟེན་པའི་དོན་ཡུལ་འདི་འདྲ་ནས་ཆེ་གེ་བྱ་བའི་དགྲ་བོ་འདིས། བདག་ལ་བརྙས་པ་འདི་འདྲ་བྱས་སོགས་རང་གིས་བདེན་པ་བརྗོད། དེ་བས་ན་འདི་མཐའི་རྒྱ་མཚོར་ཐུག་པར་སྐྲོད་ཅིག །ཅེས་བརྗོད་ལ། སྐྱེར་བའི་མེར་བསྲེགས་པའི་ཐལ་བ་ཕྱར་རོ། །དམིགས་པ་ནི། རང་གི་ཐུགས་ཀ་ནས་ཁྲོ་བོ་དང་ལྕགས་ཀྱི་བུང་བ་རླུང་གཤོག་ཅན་དུ་མ་སོང་ནས། དགྲ་བོའི་རྒྱབ་ནས་དེད། འོག་ནས་རླུང་གི་རྔ་མོས་བཏེགས། སྟེང་ནས་བུང་བ་རྣམས་འཚུབས། མདུན་དུ་མུན་པ་ནག་པོ་འཁྲིགས་པས་བསུས་ཏེ་དཔག་ཚད་དུ་རང་དབང་མེད་པར་སོང་བར་བསམ་ལ། གཡབ་མོ་བྱའོ། །དམིགས་པ་དེ་ནི་ཐུན་བྲབ་དུས་ཀྱང་བྱའོ། །དེས་སྐྲོད་ངེས་སོ། །འཕྲུལ་འཁོར་ནི། བསྐྲད་འཁོར་དང་རྗེས་སུ་འབྲེལ་བས་འདི་ལྟར་བྱས་སྟེ། རྒྱལ་འགོང་མ་རུངས་པ་གནས་པའི་ཁང་པའི་སྒོ་ཡ་ཐེམ་ཤིང་གི་དྲེག་པ། མ་ཐེམ་འོག་གི་ས་དང་། དམིགས་བྱ་དང་ཡུགས་སའི་རྐང་རྗེས་ཀྱིས་དེ་དང་རྒྱ་ལམ་ས། ཟམ་ཤིང་། མཛེ་ཕོའི་ལྷྭམ་དེ་རྣམས་ས་དང་དྲེག་པ་མ་གཏོགས་བསྲེགས་པའི་ཐལ་བ་ཕུང་ས་དང་བསྲེས་པ་ལ། གཤིན་རྗེ་ཕོ་མོ་ལག་པ་དང་རྐང་པ་བསྣོལ་བ་འཛིང་པའི་ཚུལ་མཐོ་གང་པ་ཙམ་གྱི་སྙིང་གར་རོ་རས་ལ་འཁོར་ལོ་རྩིབས་བརྒྱད་མནན་པའི་སྐབས་ལྟར་བྲིས་ལ་བཅུག །དུག་ཆུས་ངར་བཏབ་པའི་ཐང་ཕྲོམ་ཕྱེ་མའི་ཐུན་བྲབ་ཅིང་། ཡབ་ཡུམ་གྱི་སྔགས་སྡེ་བརྒྱད་དང་བཅས་པའི་མཐར་དགྲ་བོ་ཨུ་ཙ་ཏ་ཡ་ཕཊ། ཅེས་ཞག་གསུམ་མམ་བདུན་ལ་སྒྲུབ་པ་བྱས་ནས་རེ་བ་ནག་པོས་དྲིལ་ཏེ། ཁོས་འགོང་བའི་མལ་སའམ་སྒོར་སྦ་བར་བྱའོ། །དེ་དང་བསྟུན་པར་མིའི་རྩིབས་རུས་ལ་དགྲ་བོ་མ་ཏི་ཤ་ཡ་ཕཊ། ཅེས་པ་ཤམ་བུར་བཏགས་ལ་བཟླས་པ་ཁྲི་ཕྲག་གསུམ་བྱས་ལ་ཨུ་ཙ་ཏ་ཡ་ཕཊ། ཅེས་པ་དུག་ཁྲག་གིས་བྲིས་ལ་མེར་བསྲེགས་པའི་ཕྱེ་མ་དང་ཐང་ཕྲོམ་གྱི་ཕྱེ་མ་ཆ་མཉམ་ཟས་ལ་བཏབ་ནས་བཏང་བས་ཡུལ་འབྱིན་ཅིང་། གཤིན་རྗེའི་འཕྲུལ་འཁོར་གྱིས་ནི། ཁྱིམ་ཡང་འཇིགས་པ་དང་ལྷ་ཡི་དབང་པོ་ཡིན་ཡང་སྤྲང་པོར་འགྲོའོ། །ཀླུ་གཏད་ནི། ཀླུ་དམ་ལས་མི་འདའ་ཞིང་རྒྱུད་འཕེལ་བར་བྱེད་པ་ནི། འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ཏེ། བདག་བསྐྱེད་མདུན་བསྐྱེད་ཀླུ་བརྒྱད་སྤྱི་ལྟར་བསྐྱེད། སྤྱན་དྲངས་མཆོད་ལ། རང་གི་ཐུགས་ཀ་ནས་ཁྱུང་ཆེན་པོ་བྱུང་སྟེ། དེ་རྣམས་ཀྱི་སྟེང་དུ་འཁོད་པས། ཀླུ་རྣམས་འདར་ཞིང་བདག་ལ་ཕྱག་འཚལ་ནས། བདག་འདིའི་འཇིགས་པ་ལས་སྐྱོབས་ཤིག །ཇི་ལྟར་གསུང་བཞིན་བསྒྲུབ་པར་བྱའོ། །ཞེས་དམ་བཅའ་པར་བསམ་ལ་དེ་ནས་ཁྱུང་རང་ལ་བསྡུའོ། །དམ་ལ་བཞག་པའི་སྔགས་ནི། ནཱ་ག་རཱ་ཙ་བུ། ས་མ་ཡ་དམ་ལས་མ་འདའ་ཞིག །ཅེས་བརྗོད་པས། དམ་ལས་མི་འདའ་བར་བསམ་ལ། ཀླུའི་ཁང་པའི་དོན་དུ་མཚོ་ཆུང་ལག་ལེན་ལྟར་བསྐྱིལ། དེར་སྨན་རིན་པོ་ཆེ། འབྲུ་རྣམས་བླུགས། དེའི་མཐར་ཤིང་སྣ་ཚོགས་ཀྱིས་བསྐོར། སྟེང་དུ་ཁྲུ་གང་པའི་ཀ་བ་བཙུགས་པར་ཐོག་ཕུབ། འཁོར་ལོ་ཡང་ཐོག་ལ་སྦྱར་ཏེ་གཟུགས་ཆུད་ཟོས་མི་འཆོར་བར་བྱས་ཏེ། རྫས་རེ་རེ་ལ། ནཱ་ག་རཱ་ཛ་དམ་ལས་མ་འདའ་བར་གནས་འདིར་སྡོད་ལ་བདག་གི་བྱ་བ་སྒྲུབས་ཤིག །གལ་ཏེ་མི་བསྒྲུབ་ན་སེང་གདོང་ཁྲོས་ནས་ཁྱུང་གི་འཇིགས་པ་འབྱུང་ངོ་། །ཞེས་བརྗོད་པས་དེར་གནས་པར་བསམ། སྐབས་སུ་གཏོར་མ་སྦྱིན། དེར་གནས་ཤིང་རང་གི་གྲོགས་བྱེད། གེགས་སེལ་ལོ། །མཛེ་གསོ་བར་འདོད་ན། དངུལ་ཆུ། ཤུ་དག །བོང་ང་། ཤིང་ཀུན་ཆ་སྙོམ་ལ། གུ་གུལ་དང་ཆུ་སྦྱར་བའི་རིལ་བུ་བྱས་ཏེ། ཀླུ་རྫས་ཀྱང་ཅུང་ཟད་བླུག །མཛེས་སོས་པར་ཐེ་ཚོམ་མེད་དོ། །དེ་ནས་གཏད་བྱ་བ་ནི། མཚོ་དེའི་ཁར་ཤིང་བཞི་བྲེས་ལ། ནས། གྲོ། སྲན་མ། བྲ་བོ་བཞི་བསྲེས་ལ་རཱུ་པ་མཐོ་གང་བ་བྱ། སྙིང་གར་འགུགས་པའི་སྔགས་དང་ནྲྀ་བྲིས་ནས་བཅུག་ལ་བཞག་གོ །དེའི་དབུས་སུ་རྫས་དང་ཕུང་ས་ལས་ཀླུ་བདུད་ནག་པོའི་གཟུགས་ཁྲོས་པ་བཅོས་ལ་ཆུར་མ་རེག་པར་བཞག །དེ་ཁ་གདངས་པ་ཁོང་སྟོང་དུ་བྱའོ། །ཡུངས་དཀར་གྱི་ཐུན་ལ་ཡི་གེ་བཅུ་པའི་མཐར། ཀ་ན་ཀ་ཐ། ནི་ལ་ན་ཀ །མ་གུ་ར་འབྲི་ས་ཧ་ར། བརྗོད་དེ་རཱུ་པ་ལ་བྲབ། རྟགས་བྱུང་ནས་དུམ་བུར་བྱས་ལ་ཀླུ་ཡི་ཁར་བཅུག །དམོད་མོ་བྱའོ། །ངེས་པར་ཕ་རོལ་དུ་འགྲོའོ། །འབྱེད་པ་ནི། ཉམས་པའི་གཟུགས་ཆུ་འགྲམ་གྱི་ཕ་རིའི་ཤིང་སྟག་པ་དང་། ཚུ་རིའི་ཤིང་གླང་མའི་བྱང་བུ་ལ་རྐང་རྗེས་ཀྱི་ས་དང་ཚོན་བསྲེས་ལ་མིང་རུས་སོ་སོར་བྲིས་ཏེ། ཕོ་རོག་དང་འུག་པའི་སྒྲོ་མ་ཉམས་པས་བཅིངས་ལ། ཕ་རི་ཚུ་རིའི་ས་ལ་ཐུན་རྫས་བྱས་ཏེ་རང་གི་མདུན་དུ་བཞག །དེ་ནས་ཉམས་པ་དེ་དག་རང་གི་མདུན་དུ་གནས་པ་ལ། རང་གི་སྙིང་ག་ནས་ལྕགས་ཀྱི་སྡོམ་དང་སྡིག་པ། ཕོ་རོག་དང་འུག་པ་བཞི་སོང་སྟེ་དེ་དག་སོ་སོའི་སྙིང་དུ་ཞུགས་ཤིང་གཅིག་གིས་གཅིག་ལ་གནོད་སེམས་ཞུགས་ནས། བསད་ཅིང་གཏུབས་པར་བྱས་པར་བསམ་ལ་སྔགས་བཟླ། ཉམས་པ་ཕྱེ་ཕྱེ། རིལ་རིལ། ཁཾ་ཁཾ། རྦུད་རྦུད། ཅེས་པའམ། ཡང་ན། རིལ་རིལ། ཤག་ཕྱེས་ཤག་ཕྱེས། ཁཾ་ཁཾ་རྦུད་རྦུད། བྷྱོ་བྷྱོ། ཞེས་ཤི་་་སྐར་ངན།གོ་དང་སྤྲད་ལ་བཟླས། རྟགས་མང་དུ་འཁྲུགས་པ་དང་། མི་མཐུན་པ་རང་གིས་བྱས་པ་བྱུང་ན་ལིང་ག་བྱ་སྒྲོ་དང་བཅས་པ་རབས་ཆད་སྐྲ་ལ་བརྒྱུས་ཏེ་ལྷོ་ཕྱོགས་ཀྱི་རླུང་ལ་བཏེག་ཏུ་བཅུག་ཅིང་། ཐུན་རྡེག་ཅིང་སྔགས་བཟླས་པས་ཅི་ལྟར་མཐུན་ཀྱང་འབྱེད་པར་འགྱུར་རོ། །ཐན་འགྱེད་ནི། མཎྜལ་གྲུ་བཞི་ཁྲུ་གང་བ་རོ་སོལ་གྱིས་བྱུག །དེ་ལ་འཁོར་ལོ་རྩིབས་བརྒྱད་པ་བྱས་ལ། དབུས་སུ་ཕུང་ས་དང་དུག་ཁྲག་གིས་སེང་གདོང་མི་རོ་ཟ་བ། རྩིབས་རྣམས་ལ་མདུན་ནས་གཡས་སྐོར་དུ་དམག་གི་རྒྱལ་མོ་མིག་དང་སོ་ནུ་མ་རེ་རེ་ཡོད་པ། ཨ་ཙ་ར་སྤྲེལ་ཁྲིད། མགོ་མེད་བྲང་བརྡུང་བ། སྤྲེལ་གླ་བ་ཞོན་པ། སྲེ་མོང་བྱི་བ་ཞོན་པ། སྦུར་བ་རྟ་བླ་ཞོན་པ། ཕོ་རོག་འུག་པ་འཛིང་པའི་གཟུགས་སོ་སོའི་སྤུ་བཙུགས་པ་ཞག །གཙོ་བོའི་ཐུགས་ཀར་ཟླུམ་སྐོར་དབུས་སུ་ཧཱུྃ། འཁོར་ལོ་རྩིབས་བརྒྱད་ལ་སྡེ་བརྒྱད། མཐར་ཡི་གེ་བཅུ་པའི་མཐར། དགྲ་ལ་རྒྱུག་རྒྱུག །སྲིང་སྲིང་ལྟས་ངན་སྣ་ཚོགས་དགྲ་ལ་ཕོབ་ཕོབ། བྲིས་པ་ཁྱིའམ་སྤྱང་ཀིའི་ཐོད་པར་བཅུག་སྟེ་སྣ་ནས་ཁ་ཡི་བར་དུ། ཏྲི་ནི་མི་ཎི་ནི། ཤ་ར་ར་ཟུང་ཟུང་། ཤིག་ཤིག་བྲི། རྣ་བ་གཉིས། དཔྲལ་བ་དང་གསུམ་དུ། ཤ་ན་མ་ནག་པོ་གསུམ་དེའི་ཁྲག་གིས་བྲི། མི་ལྤགས་སམ་རོ་རས་སམ་དར་ནག་ལ་ལིང་ག་བྲིས་པའི་མཐར། སྔགས་ཀྱིས་བསྐོར་བ་མདའ་དར་ལ་བཏགས་ལ་སྐབས་སུ་གཡབ། འབོད་སྔགས་ནི། སྔགས་ཀྱི་མཐར་དམག་གི་རྒྱལ་མོ། ལྟས་ངན་གྱི་ཚོགས་ཀྱིས་རེམ། ཐིབ་ཐིབ། ཤ་ན་མ། རཀྵ་ཛ་ཛཿ ཕོ་མོ་གཡབ་དར་གྱིས་གཡབས་པས་སྐད་ཅིག་གིས་བསྒོམས་པ་དང་འདྲ་བ་དེ་ལ་ཐིམ་པར་བསམ། རྟགས་བྱུང་ནས། ཀེ་ཚེ། ཤང་ཚེ། ཡུངས་དཀར། བྱི་ལའི་བྲུན་ཆུས་གོས་པའི་ཐུན་བྲབ་ཅིང་། ཡབ་ཡུམ་གྱི་སྔགས་དང་། བཛྲ་ཛྭ་ལ་ཨཥྚ་ཀྱིས་དགྲ་ལ་རྒྱུག་རྒྱུག །ང་ཡི་ཡོ་བྱད་ཁྱེར་ལ་ཤོག །ཏྲི་མཱ་ར་ཛཿ ཞུང་ཞུང་། མ་ཡ་ཧ་རོ། སྟོན་སྟོན། པྲེ་ཏ་བྷྱ། པི་བ་རྟ་ཁ་ཏ་ཁ་ཏ་དགྲ་ལ་རྒྱུག །ཅེས་པའམ། ཡང་ན། ཧབ་ཧབ། ཀང་ཀང་། བཛྲ་པ་ཊ་ཏོ། ལྷ་མ་སྲིན་སྡེ་བརྒྱད་རྣམས་དགྲ་ལ་རྒྱུག་རྒྱུག །ང་ཡི་ཀ་ཅ་ཁྱེར་ལ་ཤོག །ཆོས་ཤིག །ཨ་ཡ་མ་དུ་རུ་པུ་ཙ། པྲེ་ཏ་ཌི་ས་ར་ཕ་ཌ་ཏྲི་རྒྱུག་ཅིག །ཏྲི་མ་རུ་ཀུ་མ་ཏྲི་ལ། ས་ན་ཐ་མ་བོ་མ་མ་ཏྲི་ཏེ་ཡ་ཁ་ཏ་ཁ་བཛྲ་ཤ་ཡ་སྭཱ་ཧཱ། ནན་ཊ་མ་ཊི་ནན། ཞུང་ཞུང་ཡུ། ཏྲི་མེ་ཁ་ལ་ཡ་ར་བྷ་བ་ཀ་ཀ་ཀ་ད་ཡ་དུ་ལེན་དུ། བོང་བོང་ཡ་ཀ་རི་མ། ཞུ་མ་ད་ཞུ་མ་ས་ར་ཏ། ཧ་ཡ་ཤ་མ་ཡ། མ་ཡ་མ་ཆུ་ཧ་མོ་ཧ་རི་རི། མ་ར་མན་ཙ་རྒྱུག །ཅེས་བྲབ། གསད་པར་འདོད་ན་པར་བུའི་སྔགས་བཟླ། དེ་ནས་གཟུགས་རྣམས་ཁ་བསྒྱུར་ལ་ཐོད་པ་དང་བཅས་པ་ཐུན་གྱིས་བྲབ། དགྲ་བོའི་ཡུལ་དང་ཉེ་བའམ། མཐོང་སར་བཞག་གམ། ཡང་ན་སྦ་བར་བྱའོ། །རྟགས་ནི། སྐྲ་འཐེན། སྒོ་རྡུང་། གློག་དང་འབོད་པ་དང་དུ་བའི་ཆོ་འཕྲུལ་དུ་མ་འབྱུང་ངོ། །ཚག་པ་འབྱེད་པ་ནི། རྫ་མ་གསར་པར་མཛོ་དང་། རྟ་དང་། བ་གླང་གི་རྔ་མ་དུམ་བུར་བྱས་ལ་བཏབ། ཚག་པ་བརྒྱད་དམ་ལྔ་བཅུག་ལ། ཆང་ཉིང་ཁུར་སྦྱར་ལ་དྲོ་སར་བཞག །སྐབས་སུ་བལྟ། དེ་རྣམས་འཕུར་སོང་ནས་ཁྲག་དང་ལྗོང་བའི་ཁུ་བས་གསོ། རམ། བཙག །སྐག་རྣམས་ཀྱིས་མཚན་མ་བྱས་ལ། རང་གིས་ར་སླག་གཅིག་ཕྱི་ནང་བསྒྱུར་ལ་གོན། དམོད་མོ་དང་། ཡུལ་ཆེན་པོ་ལ་མ་ཐོགས་ཆུང་ངུ་ལ་མ་རྔམས་པར་རེམ་ཞིག་བྱས་ལ་བཏང་ངོ་། །ལས་སྣ་ཚོགས་ནི། བསེ་་་ཞོ།བཙན་་་དུག།ཐར་་་ནུ།ཞོ་ཆ་མཉམ་ལ། །ཡི་གེ་བཅུ་པ་་་ནི་ལའི་དྲི་མ་འདེབས་པར་ཡང་བཤད།ཕབས་སུ་བཏབ། ཏྲི་ཛཿརྦད་ཐུཾ་འུར་བ་སྲོག་ལ་ཡ། རིལ་བུ་ལངས་པ་ལས་སྦྱར་ན། །ཕ་རོལ་རབ་ཏུ་ཉམས་པར་འགྱུར། །དུག་བཙན་ཞོ་ཡི་ཕྱེ་མ་ལ། །བདུད་རྩིས་་་ཆང་།ངར་བླུད་དེ་ལ་བྱུགས། །སྐྲ།་་་དཀར་པོ་འབྱུང་བར་ཐེ་ཚོམ་མེད། །ར་མང་མགྱོགས་འགྲོའི་ཤ་དང་ཚིལ། །ཞོ་དང་སྦྱར་བ་སྦྱིན་པ་ཡིས། །འབྲས་་་དང་ཕོལ་མིག།འབྱུང་དོ་་་བའི།ལོ་་་མ།ཚིལ་་་རི་དྭགས།་་་རྒྱ་མར།་་་དང་སྦྱར། སུས་ཟོས་ནང་ཁྲོལ་ཚབས་ཆེན་འགྱུར། །ཐར་་་ནུ།དབྱི་་་མང་།ལན་་་ཚ།སྲི་དུག་་་དང་སྔོ།་་་སྲུབས་་་ཀ།རྣམས། །དྲུག་ཆ་བསྡོམས་པའི་སྔགས་པ་དེས། །ས་ཁང་གསར་པར་སྟོན་གུང་དུ། །ཉིང་ཁུ་འཐུང་ཞིང་ཞག་གཅིག་བསྒྲུབ། །ལྦུ་རྟགས་བྱུང་ན་གྲིབ་ལ་འཇོག །དྲག་སྔགས་སྦྱར་བ་ཕྱུགས་ལ་རྡེག །ཤ་ལའོ་ཟ་བ་ལྔ་ན་སྐྱུག །བཙན་་་དུག།པོ་མུ།་་་ཟི་ནག་རི་དྭགས།་་་རྒྱ་བྲུན་ཏིང་། །ནག་ཀླད་་་རིལ་བུ་བྱ།མཆིན་པ་འདུད་པ་ཡི། །རྒྱུ་གཟེར་དམིགས་བྱ་ག་ལ་འོང་། །བསེ་ནུ་་་མ་ཁྲག་ཅན།བཙན་་་དུག།པོ་སྲེ་་་མོང་།ཤ་དང་། ཁྲག་རུལ་ཐབ་ཏུ་བསྲེགས་པ་ཡིས། །གདེངས་ཅན་དབང་པོ་དེ་ལ་འབྱུང་། །བྱ་་་ནག།ཐང་་་ཕྲོམ་འབྲུ།སྐག་རིགས་ཚ་ཟར་་་མ།སྦང་།་་་མ། ཟས་བཏབ་བཞི་ན་ཕ་རོལ་འགྲོ །ཞོལ་བའི་་་ར་ཟེར་བ་ཡང་སྣང་།མཆིན་ནི་མྱོས་བྱེད་གྲོར། །བཅུག་ནས་གཉིད་ལོག་སྐམ་ཕྱེ་དེ། །མཆིན་ལ་སྡུག་བསྔལ་སྦྱིན་པའི་བདག །རྨུ་རྒྱ་རྨུ་རྒྱ་སུ་སུ་མ་ཞེ་ཐམ། །བརྒྱ་རེ་སྨྲ་བྱེད་འཐམས་པར་འགྱུར། །བན་ནག་མར་དང་སྔགས་པ་ཆང་། །བོན་་་ཤ་ཟེར་བ་ཡང་སྣང་།ཁྱི་སྐྱེ་ཤ་ཁྱི་ལ་རུས། །གཅན་་་ཟན་མ།རྡོ་་་ཕྱི།གོ་ཐལ་ཕྱེ་མ་དང་། །བྱེ་བ་བྱིའུ་སོགས་ལའོ། །རྒྱུ་གཟེར་སྲུང་ན། རང་ཕག་དཀར་པོ་བསྒོམ་སྣའི་དབུགས་ཀྱིས་ཧཱུྃ་འདེབས་ཤིང་ཁས་ཅི་འདུག་ཟོས་པར་བསམ། ཨོཾ་ཏ་ར་ནཾ། ཙ་ར་ནི་ས་འདུ་སྭཱ་ཧཱ། ཞེས་བཟླས་པའི་ཚེ་ལྕགས་ཀྱི་ཚྭ་ཚྭས་ནད་སྟོར་བར་བསམ། རབ་བདུན། འབྲིང་ལྔ། ཐ་མ་གཅིག་བསྒྲུབ། ནད་ཡོད་སར་འགྲོ་ན། སྔགས་ཉེར་གཅིག་རེ་ཆུ་ལ་བཏབ་སྟེ་འཐུང་། དེས་ཐུབ་བོ། །དབྱངས་སྙན་པར་འདོད་ན། སྦྲང་རྩི། ཙནྡན། སྤང་རྒྱན། ཤིང་མངར། ཨ་རུ་ར། ཀ་ར་རྣམས་ཀྱི་རིལ་བུ་བྱས་ལ། ནངས་པར་སྔ་བར་ཡི་གེ་བཅུ་པ་བཟླས་ལ། སྤང་རྩི་དོ་བོའི་ཁུ་བས་ཕུལ་ལོ། །ཨོཾ་ཏྲང་སཾ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྲི་མར་ལ་སྔགས་ཏེ་ལུས་ལ་བྱུགས་ན་རླུང་ཡུལ་ནས་འབྱིན་ནོ། །ཨོཾ་སི་ས་ཏ་ཏ་སཾ་སྭཱ་ཧཱ། དབྱར་ཤིང་པའི་ལོ་མ་ལ་སྔགས་ཏེ་བྲང་དུ་གླན་པས་བསིལ་བས་ཚད་པ་ཞི་བར་འགྱུར་རོ། །ཨོཾ་བཛྲ་ཤ་ཤ་ཧཱུྃ། ཆུ་དྭངས་ལ་སྔགས་ཏེ་བཏང་ན་ནད་ཐམས་ཅད་ལ་ཕན་ནོ། །ཏད་ཡ་ཁོང་བ་ནི་སྭཱ་ཧཱ། གི་བཾ་གི་ཁུ་བ་ལ་བཏབ་ནས་བཏང་། གཟེར་ཐུང་ཞི་བར་འགྱུར་རོ། །གུ་གུལ་ནག་པོ། མུ་ཟི། གླ་རྩི། དྲི་ཆེན། ཤུ་དག་ནག་པོ། སྨན་ཆེན། རྨ་བྱའི་མདོངས། གཡེར་མ། གུར་གུམ། སྤྲུ་བའི་རྩ་བ་རྣམས་རུས་སྦལ་གྱི་ཁོག་པ་གང་བར་ཚད་བྱས་ལ་རིལ་བུ་ལ་ཡི་གེ་བཅུ་པ་བཟླས་ལ་ཟའོ། །དེས་ནད་གདོན་ཐམས་ཅད་ཞིའོ། །ཏདྱ་ཐཱ། ཨེ་ལེ་མེ་ལེ་ཏི་ལི་མི་ལི་ཨ་ཎི་་་སུ་འཆང་བ་ལ་རཀྵ།བྷི་ཏ་ན་མོ་ཨེ་ཀ་ཁིག་ཀ་ཎ་ཧི་ཙ་དུར་བྷ་ག་ན་ནག་ཏྲི་ཛ་བཛྲ་ཛ་རན་སྭཱ་ཧྭཱ། བྲིས་པ་མགུལ་དུ་གདགས་ན་ཆམ་པ་སྲུང་ངོ། །ཨོཾ་མེ་རི་ནི་དམར་པོ་སོད། ལྕགས་ཀྱི་སྔོན་མོ་ཞི་ཞི་བྲཾ་བྲཾ་སྭཱ་ཧཱ། མེ་འབར་བའི་ཕྱོགས་སུ་བལྟས་ལ། རང་སེང་གདོང་དུ་བསྒོམས་པའི་ཞལ་ནས་ཆུའི་རྒྱུན་བབ་པས་མེ་བསད་པར་བསམ་མོ། །ཨོཾ་ཧ་ར་ནན། ས་ར་ནན། བྷ་ར་ཤི་ནན་སྭཱ་ཧཱ། ཆུ་ལ་བཏབ་ལ་བཏུང་། གློ་ནད་སེལ་ལོ། །ཨོཾ་ཉག་རིལ་སོད། ལུག་གྲོ་སོར་བཞིའི་འོག་ས་ལ་སྔགས་ཏེ་གཏོར། ཁྲག་ཆོད་དོ། །ཨོཾ་ཡ་ས་མ་སོ་ཡ་ཆོད་སྭཱ་ཧཱ། ཞེས་བཟླས་འཛེར་པ་ལ་སྔགས་སོ། །ཏེ་མུ་ལེ་ཕཊ། ཅེས་མང་དུ་བཟླས་ན་འབྲས་ཞིའོ། །གཞན་གྱི་བྱད་སྟེམས་ཀྱིས་རྨི་ལམ་ངན་པར་གྱུར་ན་ཟློག་པའི་ཐབས་ནི། བོང་བ་དུམ་བུ་དང་། མཐེབ་ཀྱུ་དང་། ཆུ་གཙང་ཞིག་བཞག་ལ་ཡི་གེ་བཅུ་པའི་མཐར། ཐེ་ཀུ་ཐ། བྷི་ཏ་ཐེ་ཀུ་ཏ་ཧཱུྃ་ཕཊ། བཟླས་ལ་བོང་བ་མཐེབ་ཀྱུ་རང་ལ་བསྐོར་ཞིང་ཆུ་ལ་བོར་རོ། །ལོ་སོང་ན་རྒྱ་ལམ་དུ་བོར་རོ། །དེས་རྨི་ལམ་ངན་པ་སེལ་ལོ། །དར་ནག་ལ་ཡི་གེ་བཅུ་དང་མཐར། ཨོཾ་བ་ཡ་རཱ་ཛ་བྷ་བ་གྷནྡྷ་ལི་སྭཱ་ཧཱ། བྲིས་ལ་མགུལ་དུ་བཏགས། འཁྲུགས་གྲལ་དུ་འགྲོ་དུས་སུ་ཡུངས་དཀར་ལ་བདུན་སྔགས་ལ་གཏོར། དེས་ངེས་པར་ཐུབ། ཡང་། ལག་པ་གཡོན་པའི་སྲིན་ལག་གཡས་ཀྱི་མཐེ་མོས་མནན་གོམ་པ་བདུན་ཕྱིན་ལ། བུ་ཏ་པ་ཁུག་ཅིག །ཨོཾ་བཛྲ་ཀུ་ལེ་ཀུ་རུ་སྭཱ་ཧཱ། བདུན་སོང་ན་འཇུས་པ་བཏང་ངོ་། །ཇག་ཆིངས་སོ། །ཡང་། རཀྵ་རཀྵ་ཀྲཾ་བྱོ་སྭཱ་ཧཱ། ཡུངས་དཀར་ལ་བཏབ་སྟེ་གོས་ལ་གཏོར་རོ་མཚོན་ཐུབ་བོ། །ཟློག་པ་ནི། གཞི་གཙང་མར་མཚལ་དང་པདྨ་རཀྟ་བསྲེས་པས་མགོན་པོའི་སྐུ་དབུ་དགུ་ཕྱག་བཅོ་བརྒྱད་ཐམས་ཅད་ཀྱིས་མཚོན་ཆ་འཛིན་པའི་འཁོར་ལོ་བྲིས་པའི་ལྟོ་བར། འཁོར་ལོ་རྩིབས་བཅུ་བཞི། ལྟེ་བ་མུ་ཁྱུད་དང་བཅས་པ་ལྟེ་བའི་ཧཱུྃ་གི་མཐར། ཡི་གེ་བཅུ་པར་བྱད་སྟེམས་རྣམས་ཟློག་ཅིག་བྲིས་པ་གདགས། རྩིབས་ལ། ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊ་རྣམས་བྲི། ཕྱི་རོལ་དུ་སྡེ་བརྒྱད་ཀྱི་སྔགས་དང་ཟློག་ཅིག་བྲིས། མུ་ཁྱུད་ལ། མཱ་ར་ཡ་ཕཊ་ཡ། མུ་ར་ར་ཡ་མུ་ར་ཕཊ། ཀུ་ཏ་ཡ་ཕཊ། ལང་ཙང་ཕཊ། འབྲས་བུ་སྨུག་ཕཊ། སྥོ་ཏ་སྥོ་ཏ་ཕཊ། ཕཊ་དྲུག་གི་སྔགས་འདི་བྲིའོ། །ཕུར་པ་ཐོགས་པ་སུམ་སྟོང་གིས། །དུས་གཅིག་ཉིད་དུ་བྲུབས་བྱས་ཀྱང་། །འདི་ཉིད་བྲིས་ལ་འཆང་བ་དང་། །སྔགས་ལ་བརྩོན་པ་སུས་བྱེད་ཀྱིས། །རྡོ་རྗེ་ཕ་ལམ་ལུས་སུ་འགྱུར། །གནོད་བྱེད་མཚོན་གྱིས་སྨྲོས་ཅི་དགོས། །དེ་ལྟར་སྒྲུབ་སྐོར་ཁ་འཐོར་བ་མཐའ་དག་ཕྱོགས་གཅིག་ཏུ་བསྡེབས་པའི་དགེ་བས་འགྲོ་བ་ཀུན་གྱི་དགྲ་སྡེ་མ་ལུས་པ་རབ་ཏུ་ཞི་ཞིང་། དཔལ་ལྡན་ཀརྨ་པའི་བསྟན་པ་དར་ཞིང་རྒྱས་པའི་ཕྱིར་བསྔོའོ། །ཞེས་པའང་དཀོན་ཅོག་འབངས་ཀྱིས་བྲིས་པ་དགེ །འདི་མ་དཔེ་མ་དག་ཆེ་ཞིང་དཔེ་གཞན་ཡང་མ་འབྱོར་སྟབས་སླད་ནས་དཔེ་དག་པ་རྙེད་ན་ཞུ་དག་དཔྱིས་ཕྱིན་དགོས་པ་ཡོད་དོ།། །།
རྩ་གསུམ་ཚེའི་ཟབ་པ་ལས། དབང་བྱེད་པདྨ་མཁའ་འགྲོའི་མེ་མཆོད་བརྟན་གཡོའི་ལྕགས་ཕྱེ་སྡུད་པའི་ཁབ་ལེན་ (Volume 52, Text 53)
༄༅། །རྩ་གསུམ་ཚེའི་ཟབ་པ་ལས། དབང་བྱེད་པདྨ་མཁའ་འགྲོའི་མེ་མཆོད་བརྟན་གཡོའི་ལྕགས་ཕྱེ་སྡུད་པའི་ཁབ་ལེན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཌཱ་ཀི་ནཱི་ཡཻ། ཀུན་རྟོག་བསྲེག་བྱ་ཟ་བའི་ཞལ། །འཁོར་འདས་དབང་བྱེད་ལྕགས་ཀྱུའི་རྡུལ། །རབ་འཕྲོ་པདྨའི་རིག་པ་མོར། །འདུད་དོ་ལས་ཀྱི་འབྲས་བུ་སྩོལ། །སྒྲུབ་པ་པོ་བསྟན་པ་དང་གདུལ་བྱའི་ཡུལ་ལ་ལྷག་པའི་བསམ་པ་ཉེ་བར་གནས་ཏེ་རང་འདོད་མེད་པའི་ཡིད་ཀྱིས་པདྨ་མཁའ་འགྲོའི་དམ་ཚིག་ལེགས་པར་འཆང་ཞིང་བསྙེན་སྒྲུབ་དྲོད་རྟགས་ཅན་སྔོན་དུ་སོང་བ་དག་གིས། ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་པའི་ཕྱིར་མེའི་མཆོད་པ་བརྩམ་པར་བྱ་སྟེ། དེ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། དབང་གི་ལས་སྒྲུབ་པར་བསྔགས་པའི་གནས་སུ། མར་ངོའི་ཚེས་བཅུ་གཙོ་བོར་གྱུར་པའི་དགོང་མོ་དབང་གི་ཆར། ས་དམར་པོ་ལ་སྟེགས་བུ་ཟླ་གམ་དྲི་དང་མྱོས་བྱེད་ཀྱིས་ཆག་ཆག་བཏབ་པའི་སྟེང་དུ། དབུས་སུ་སོར་མོ་ཉི་ཤུ། དེ་རྒྱབ་སོར་གསུམ་པ་གཉིས་ ཀྱི་མཆུ་དང་ཁ་ཁྱེར་བཅས་ཐོག་མར་ཟླུམ་པོར་བསྐོར་ཞིང་། སླར་མདུན་ངོས་སུམ་ཆ་ཐིག་གིས་བཅད་དེ་ཟླ་གམ་བྱ། ཐབ་དཀྱིལ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་པདྨའི་ལྕགས་ཀྱུ་རེ་རེ། ཕྱི་རོལ་རིམ་པ་གཉིས་ལ་ལྕགས་ཀྱུའི་ཕྲེང་བ། གྲྭ་བཞིར་ཨུཏྤལ་དམར་པོ་རེ་རེ་བྲི། ཐམས་ཅད་འབྲི་བར་མ་ནུས་ན་ལྟེ་བའི་པདྨ་ལྕགས་ཀྱུ་ཙམ་གྱིས་ཀྱང་འཐུས་ཤིང་། ཅིས་ཀྱང་ལོངས་ཁྱབ་དང་ཡོ་བྱད་དབེན་པའི་སྐབས་ལྟ་བུར་སྟེགས་བུ་དམར་པོ་ཟླ་གམ་སྟེང་ལྷ་གྲངས་ཀྱི་ཚོམ་བུ་དམར་པོ་བཀོད་ཀྱང་རུང་ཙམ་ཡིན་ཏེ་ཐབ་ནི་དམིགས་པས་ཁྱབ་པའི་ཕྱིར་རོ། །གང་ལྟར་དེ་སྟེང་འཛོམ་ན་ཡམ་ཤིང་དང་རྒྱུ་མཐུན་པའི་ཤིང་ངམ། མ་འཛོམ་ན་ཤུག་པ་སོགས་ཤིང་དམར་གང་རུང་གིས་ཆོག་པས་དེ་དག་ཟླ་གམ་དུ་བརྩེགས་ལ་ནང་དུ་མེ་ཚང་བཞག །དར་དམར་གྱི་གཡབ་ཕུབ། ཐབ་ཀྱི་གཡས་གཡོན་དུ་སྟེགས་བུ་དམར་པོ་རེ་རེའི་ཁར་མཆོད་བསྲེག་རྫས་ཀྱི་གྲངས་དང་མཐུན་པའི་ཟངས་སོགས་སྣོད་དམར་པོ། དེའང་འཛོམ་ན་ཟླ་གམ་དབྱིབས་ཅན་རྣམས་ཀྱི་ནང་དུ། གཡས་སྟེགས་སུ་མཁའ་འགྲོའི་འབུལ་གཏོར་ཟླ་གམ་པད་འདབ་མཐེབ་ཀྱུ་བཅུ་གཉིས་ལྡན་པ། མེ་ལྷའི་གཏོར་མ་ཟླ་གམ་པད་འདབ་ཅན། གཡས་གཡོན་དུ་སྨན་རཀ །མདུན་ངོས་སུ་ཆུ་གཉིས་ཉེར་སྤྱོད་ཚར་གཉིས་སམ་གཅིག་བྱེད་ན་ཁ་གསོ་བྱེད་དང་བཅས་པ། ཐབ་གཡོན་སྟེགས་བུར་འབྲི་མར་སོགས་ཀྱི་མར་ཁུ་དང་། ཡམ་ཤིང་འོམ་བུ་དང་སེ་བ་ལྟ་བུ་མངར་ཞིང་སྐྱུར་ལ་མེ་ཏོག་འབྲས་བུ་དམར་པོ་ཅན་གྱི་རིགས་སློབ་དཔོན་གྱི་སྲིན་མཛུབ་ཀྱི་ཕྲ་སྦོམ་སོར་བཅུ་གཉིས་པ་རྩེ་མོ་པདྨས་མཚན་པ་ལ་ཆང་དང་མར་ཁུ་མངར་གསུམ་གྱིས་བྱུགས་པ། གོང་གི་བུད་ཤིང་ལའང་རྫས་འདི་དག་གིས་ཁྱབ་པར་བྱ་དགོས། ཤིང་ཐོག་དང་མེ་ཏོག་དམར་པོའི་རིགས། དར་རས་དམར་པོ། ཁ་དོག་དམར་ཞིང་མངར་ལ་སྐྱུར་བའི་སྨན་གྱི་ཕྱེ་མ་དང་། རིན་པོ་ཆེ་གང་འཛོམ། ཟས་སྣ་ཚོགས་ཚད་དང་ཁྱད་པར་ཆང་གི་གླུམ། ལས་སྦྱོར་རྫས་སམ་མ་འབྱོར་ན་ཨ་མྲྀཏས་བྲན་པ་རྣམས་སྣོད་སོ་སོའམ། གྲངས་མང་དུ་གསོག་ན་སྣོད་ཆེན་པོར་རྫས་སྤུངས་སུ་བཀོད། མཆོད་བསྲེག་རྫས་ཐམས་ཅད་ཀྱང་ཁ་དོག་དམར་པོར་བསྒྱུར། སོ་རྩིའི་རྫས་དང་། གོས་ཟུང་དམར་པོའང་ཅི་བདེར་བཞག །མེ་ཐབ་རྫས་དང་བཅས་པ་ནུབ་ཕྱོགས་སུ་བཀོད་པ་ལ་ཁ་ཕྱོགས་པར་གདན་དམར་པོའི་སྟེང་སློབ་དཔོན་གོས་རྒྱན་ཕྲེང་བ་དམར་པོ་སྨིན་མཚམས་སིནྡྷུ་རའི་ཐིག་ལེ་བསྒོས་ཏེ་ཆགས་པའི་བསམ་པས་པད་སྐྱིལ་གྱིས་འདུག་པའི་མདུན། མེ་ཡོལ་སྤྱི་འགྲེའི་ནང་བསང་ཆུ་འཐོར་བྱེད་དང་བཅས་པ། ཌཱ་མ་རུ། རྡོར་དྲིལ་བར་དུ་ཟངས་ལས་བྱས་པའི་དགང་བླུག་ཁ་སྦྱར་དང་ཀུ་ཤའི་ཆུན་པོ་བཞིའམ་བརྒྱད། རྒྱ་གྲམ་དུ་ བཅིངས་པ་གཅིག །འཐོར་ནས་བཅས་བཀོད། གཞན་ཡང་སྔོན་གཏོར་གཉིས། མེ་སྒྲོན། རླུང་གཡབ། མེ་དར་དམར་པོ། འབུད་ཤིང་གསོ་བྱེད་སོགས་ཀྱང་ཉེ་ལོགས་སུ་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ལ་ཁ་སྐོང་དང་། ལས་སྦྱོར་རོ། །དང་པོ་ཁ་སྐོང་གི་སྦྱིན་སྲེག་ནི་ཕྱི་ནང་གསང་སྒྲུབ་ཀྱི་བསྙེན་པ་འབུམ་ཕྲག་རེ་རེ་རྫོགས་པའི་ཐམས་ཅད་ཀྱི་མཇུག་ཏུ་ཆབས་ཅིག་བྱེད་ན། བདག་མདུན་གཉིས་ཀ་གསང་སྒྲུབ་ལྟར་བསྐྱེད་ནས་རྫས་སྤུངས་དང་ལྷ་སྔགས་མཐར་འབྲུ་གསུམ་སྦྱར་བ་ལ་གྲངས་བཟུང་ནས་ཁྲི་ཕྲག་གསུམ་འགྲོ་བ་བྱེད་དགོས་ཤིང་། ཕྱི་ནང་གསང་གསུམ་རེ་རེ་བཞིན་ཁ་སྐོང་སྲེག་བླུག་སོ་སོར་བྱེད་ན་སྔགས་དང་རྫས་ལ་ཁྱད་པར་མེད་ཀྱང་། ཕྱི་སྒྲུབ་སྐབས་བདག་བསྐྱེད་རྩ་གསུམ་སྒོམ་བཟླས་བསྡུ་ལྡང་བཅས་སྔོན་འགྲོས་མེ་ཐབ་ཏུ་ཕྱི་སྒྲུབ་ལྷ་ཚོགས་བསྐྱེད། ནང་གསང་གཉིས་ལ་བདག་བསྐྱེད་ཀྱང་ནང་གསང་གི་སོ་སོའི་སྒོམ་བཟླས་སྔོན་དུ་འགྲོ་དགོས་པ་ཁྱད་པར་ཡིན་ཞིང་། འདི་དག་གི་སྐབས་དཀྱིལ་འཁོར་དང་འབྲེལ་བས་ཤོམ་ཡུལ་ཡོད་ན་སྦྱིན་སྲེག་དཀྱིལ་འཁོར་གྱི་ནུབ་ཏུ་བྱ་དགོས་པ་ནི་གསང་བ་སྤྱིའི་དགོངས་སྤྱོད་ཉིད་དོ། །འདི་ལ་ནི་བསྙེན་པ་ནམ་རྫོགས་པའི་སྐབས་དེར་བྱ་བ་ལས་ཉེར་ལྔ་སོགས་ངེས་པ་ཅན་གྱི་དུས་དང་བསྟུན་མི་དགོས། ཁ་སྐོང་སྦྱིན་སྲེག་གདམས་ཕྲན་འདིའི་བསྟན་བྱའི་གཙོ་བོ་མིན་ཡང་། སྤྱིར་ལས་ལ་སྦྱོར་བ་ལ་ཐོག་མར་ལྷ་དེ་འགྲུབ་དགོས། ལྷ་འགྲུབ་བྱེད་བསྐྱེད་བཟླས་ཡིན་ཞིང་དེའི་ལྷག་ཆད་ཀྱི་ཁ་སྐོང་ཞིང་ནུས་པ་མྱུར་དུ་འབྱིན་པ་ནི་སྦྱིན་སྲེག་ཁོ་ནར་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཆེད་དུ་བསྔགས་པས་འདིར་ཡང་མཐའ་གཅིག་ཏུ་གལ་ཆེ་བར་གཟུང་ངོ་། །གཉིས་པ་ལས་སྦྱོར་གྱི་མེ་མཆོད་ནི་འདིར་བསྟན་བྱའི་གཙོ་བོ་ཡིན་ཏེ། དེ་ཉིད་ཇི་ལྟར་བྱ་བའི་ཚུལ་ནི། དཀར་གཏོར། སྐྱབས་སེམས། བགེགས་བསྐྲད་ནས་བརྩམ་མངོན་རྟོགས་བཟླས་པའི་བར་གསང་སྒྲུབ་ལྟར་ཉམས་སུ་ལེན། ལོངས་ཁྱབ་ཡོད་ན་དེ་མཚམས་སྲུང་མ་སྤྱི་བྱེ་བྲག་གི་གཏོར་འབུལ། ཚོགས་སྐོང་བསྒྲལ་བསྟབ་ཡན་གྲུབ་པ་དང་འདིར་འཇུག །ལོངས་ཁྱབ་མེད་ན་བཟླས་པའི་འཕྲོས་སུ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་ངོ་བོ་རྟ་མགྲིན་ལ་རྣམ་པ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་ལྗང་ལ་དམར་བའི་མདངས་ཅན། ཕྱག་གཉིས་ཐལ་སྦྱར་བདུད་རྩིའི་བུམ་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མེ་འབར་བའི་ཀློང་ན་གསལ་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བཟླས་མཐར། ཁྲོ་བོའི་དབང་པོ་འོད་དུ་ཞུ་ནས་ཆུར་ཐིམ་པས་བགེགས་སྐྲོད་ཅིང་བར་ཆད་སྲུང་བའི་རྡོ་རྗེའི་རྡུལ་གྱི་རང་བཞིན་དུ་གྱུར། ཡི་གེ་བརྒྱད་པ་བཟླས་ལ་ལྷའི་ང་རྒྱལ་གྱི་སྙེམས་པ་བརྟན་པོས་རྡོར་དྲིལ་གཟུང་། དགང་བླུག་བསང་སྦྱང་། སྟོང་པའི་ངང་ལས། ཧྲཱིཿལས་མཚན་ཉིད་ཐམས་ཅད་དང་ལྡན་པའི་ཤེས་རབ་ཀྱི་དགང་གཟར༔ ཐབས་ཀྱི་བླུག་གཟར་འདུ་འབྲལ་མེད་པའི་རང་བཞིན་དུ་གྱུར༔ རྡོར་དྲིལ་བཅས་པདྨའི་ཁུ་ཚུར་གྱིས་དགང་བླུག་ཁ་སྦྱར་བ་བཟུང་སྟེ་བསྲེག་རྫས་རྣམས་ལ་རེག་པའི་ཚུལ་བྱ་ཞིང་། ཨོཾ་ཨཱཿསྭཱ་ཧཱ༔ ཨོཾ་ཛྲིཾ་སྭཱ་ཧཱ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ གསུམ་གསུམ་བརྗོད། སྟོང་པའི་ངང་ལས་བསྲེག་རྫས་རྣམས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་འཁོར་འདས་ཀྱི་དྭངས་མ་གཅིག་ཏུ་འཁྱིལ་བའི་ཡེ་ཤེས་བདུད་རྩི་འོད་ཟེར་དམར་པོ་འཕྲོ་བ་བརྟན་གཡོ་དབང་དུ་བྱེད་པའི་ནུས་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར། མཆོད་རྫས་ལ་བསང་ཆུ་འཐོར་ཞིང་གསང་སྒྲུབ་ལྟར་བྱིན་རླབས་བྱ། མཛའ་བཤེས་སམ་སྨད་ཚོང་མའི་ཁྱིམ་ནས་བླངས་པའི་མེ་ཡིད་དུ་འོང་བའི་ཁྱེའུ་ཕོ་མོས་ཐབ་ཀྱི་ཤར་ལྷོ་ནས་སྦར་དུ་གཞུག་ལ། ཧཱུྃ༔ ཆོས་དབྱིངས་རྣམ་དག་སྐྱེ་མེད་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ལས༔ ཡེ་ཤེས་རྣམ་པར་རོལ་པའི་མེ་སྦར་བས༔ ལས་ཀྱི་ཕྲིན་ལས་མ་ལུས་མྱུར་འགྲུབ་ཤོག༔ ཛྙཱ་ན་ཛྭ་ལ་རཾ༔ རླུང་གཡབ་ཀྱིས་གཡབ་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད། སྭཱ་ཧཱ༔ ཞེས་རེ་རེ་བརྗོད་ཅིང་ཀུ་ཤའི་ཆུན་པོ་དང་པོ་ཐབ་ཀྱི་གཡས་ནས་རྩེ་ནུབ་བསྟན་དུ་བཞག །གཉིས་པ་ནུབ་ནས་བྱང་། གསུམ་པ་བྱང་ནས་ཤར། བཞི་པ་ཤར་ནས་ལྷོར་བལྟ་བ་ཕྱི་མའི་རྟིང་པས་སྔ་མའི་རྩེ་མོ་ནོན་པར་བཀྲམ། ཐབ་མ་འཁོར་ན་ཆུན་པོ་བརྒྱད་བྱས་ལ་མཚམས་བཞིར་བཀྲམས་ཀྱང་རུང་ངོ་། །ཐབ་བསང་སྦྱང་། མེ་ཐབ་མི་དམིགས་སྟོང་ཉིད་ངང༔ ཧྲཱིཿལས་དབང་གི་ཐབ་ཁུང་ནི༔ རིན་ཆེན་ལས་གྲུབ་ཟླ་གམ་ནང༔ རཾ་ལས་མེ་འབར་དེ་དབུས་སུ༔ མེ་ལྷ་ར་ཞོན་ཞལ་གཅིག་དམར༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་འཛིན༔ རྒྱན་ཆས་ཕྲེང་བ་དམར་པོས་མཛེས༔ ཆགས་པའི་ཉམས་ཅན་གནས་གསུམ་གྱི༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ སོར་མོ་སྒྲེང་ཞིང་མཐེ་བོང་རྣ་བའི་དྲུང་དུ་ཚུར་གཡབ་ཅིང་མེ་དར་དམར་པོ་ཐོགས་ལ། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ སྲེག་བླུག་མཆོད་པ་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ༔ ཨོཾ་ཨགྣ་ཡེ་བཛྲ་ས་མཱ་ཛ༔ ཧཱུྃ༔ ཞེས་ཡུངས་དཀར་མེ་ཐབ་ཏུ་གཏོར་ལ་ཕྱི་འབྲངས་ཀྱི་བགེགས་བསྐྲད། ཀུ་ཤ་རྒྱ་གྲམ་དུ་བཅིངས་པ་ཐབ་ཏུ་འཕང་ལ། ས་མ་ཡ་ཏིཥྛ་ལྷན༔ སོ་སོའི་རྒྱ་བཅས། ཛཿཧཱུྃ་བཾ་ཧོ༔ ན་མོ་ན་མ༔ མཆོད་ཡོན་ནས་རིམ་བཞིན་ཕུལ་ལ། ཨོཾ་ཨགྣ་ཡེ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧོ༔ དེ་བཞིན་སྦྱར་ཏེ། པཱ་དྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་བིདྱཱ་ ཤབྡའི་བར་གྱིས་མཆོད། མེ་ལྷ་ཞལ་འཛུམ་པའི་ལྗགས་ལ་རཾ་ཡིག་གིས་མཚན་པ༔ གཟར་བུ་གཉིས་ཀྱི་ཁ་ལའང་རཾ་ཡིག་གིས་མཚན་པས་སྲེག་བླུག་གི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར༔ ཨོཾ་ཨགྣ་ཡེ་ཨཱ་དི་བྱ་ཨཱ་དི་བྱ་བཱཧྣ་ཡ་ཧ་བྱ་ཀ་བྱ་བཱཧྣ་ཡ་སྭཱ་ཧཱ༔ བདུན་གྱིས་དགང་། སྔགས་དེ་ལ། ཨོཾ་ཨཱཿཧཱུྃ༔བཏགས་པ་དང་། པདྨའི་ཁུ་ཚུར་གྱིས་གཡས་བསྐོར་དུ་ལན་གསུམ་འབུལ། བསྡུ་ན་འབྲུ་གསུམ་རྐྱང་པས་དགང་བླུག་གསུམ་ཕུལ་ཡང་རུང་། རྒྱས་པར་སྤྲོ་ན་འདི་ནས་གཟུང་བསྲེག་རྫས་རེ་རེའི་མཐར་འོག་གི་འདོད་གསོལ་སྦྱར། ཨོཾ་ཨགྣ་ཡེ་ ཞེས་པའི་མཐར་བསྒྲུབ་བྱ་དམིགས་གསལ་ཡོད་ན་མིང་སྤེལ་དང་། མེད་ན་སརྦས་མགོ་མནན་པའི་གབ་ཡིག་འབྲུ་གཉིས་ཀྱི་མཐར། པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་པའི་སྔགས་འདི་ཁོ་ནས། ཡམ་ཤིང་། མར་ཁུ། ཤིང་ཐོག །མེ་ཏོག །ཟས་སྣ། གཞན་ཡང་དར་རས་རིན་པོ་ཆེ་སོགས་དང་། ཁྱད་པར་གྱི་རྫས་རྣམས་སོ་སོ་བྱེད་ན་བདུན་རེ། རྫས་སྤུངས་བྱེད་ན་ཉེར་གཅིག་ལས་མི་ཉུང་བ་ཕུལ། མཐར་འདོད་གསོལ་ནི། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུག་མཆོད་པ་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་འབྲུ་བཅུད་དང༔ འབྱོར་ལྡན་སྐྱེ་འགྲོ་ཕོ་མོའི་ཚོགས༔ ཐེག་ཆེན་བློ་ལྡན་དགེ་འདུན་དང༔ ཁྱེ་འུ་ཕོ་མོ་ལང་ཚོ་ཅན༔ འབྲུ་ནོར་དར་ཟབ་དབྱིག་གི་ཚོགས༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས༔ ཐམས་ཅད་བདག་གི་དབང་དུ་སྡུས༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས། ཨོཾ་ཨཱཿཧཱུྃ༔གིས་དགང་བླུག་འབུལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཕཊ་ཛ༔ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བྱོན་ཏེ་ཕྱག་ཚང་གི་ཕྲིན་ལས་མཛད། དམ་ཚིག་པའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་མཁའ་འགྲོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། བུད་ཤིང་གསོས་ལ། ཧྲཱི༔ དམིགས་མཐའ་བྲལ་ཞིང་སོགས་བསྐྱེད་ཆོག་དང་ལས་བྱང་སྤྱན་འདྲེན་ནས། བཛྲ་ས་མཱ་ཛ༔འི་བར། ཆུ་གཉིས་སྦྲེང་ལ། ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་སྦྱར། ཛཿཧཱུྃ་བཾ་ཧོ༔ སོགས་ནས། པྲ་ཏི་བྷཱུ་ཧོ༔འི་བར་གཏང་། ལྷ་རྣམས་ཞལ་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་གིས་མཚན་པ། བསྲེག་རྫས་བདུད་རྩི་དམར་པོའི་རང་བཞིན་ཕུལ་བས་སྐུ་གསུང་ཐུགས་མཉེས་ནས་དབང་གི་ཕྲིན་ལས་མཛད་པར་གྱུར། སྙིང་པོ་ལན་བདུན་གྱིས་མར་ཁུ་དགང་ཞིང་སྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་གྱིས་དགང་བླུག་འབུལ་ཚུལ་མེ་ལྷ་དང་འདྲ། འདིར་ཡང་བསྡུ་ན་འབྲུ་གསུམ་ཁོ་ནས་དགང་བླུག་གསུམ་འབུལ། དེ་ནས། ཧཱུྃ༔ རབ་འབྱམས་ཞིང་ཀུན་སོགས་དང་སྔགས་རེ་རེ་ནས་འགྲེས་ཕུད་ལ་ཉེར་སྤྱོད་ལྔ་དང་། སྨན་རཀ་གཏོར་གསུམ་དངོས་སུ་མཆོད། གཞན་ཡིད་སྤྲུལ་དུ་མཆོད་ལ། བསྟོད་པ་བྱ། དེ་ནས་སྙིང་པོ་ལ་སྤེལ་ཚིག་ཞལ་ཤེས་ལྟར་བཏགས་པས་ཡམ་ཤིང་། མར་ཁུ་སོགས་སྤྱི་དང་ཁྱད་པར་གྱི་རྫས་རྣམས་བརྒྱ་རྩ་ལ་སོགས་པ་འབུལ་ཞིང་། རེ་རེའི་བར་མཚམས་སུ། ཧཱུྃ༔ བདག་གིས་བསམ་པ་ཐམས་ཅད་མ་ལུས་པ༔ དབང་དུ་འདུ་ཞིང་དོན་ཀུན་འགྲུབ་པའི་ཕྱིར༔ སྲེག་བླུག་ཡེ་ཤེས་མཆོད་སྤྲིན་འདི་འབུལ་གྱིས༔ མྱུར་བ་ཉིད་དུ་བསམ་བཞིན་འགྲུབ་པར་མཛོད༔ ཅེས་འདོད་གསོལ་ཚར་གྲངས་མང་དུ་བྱ། དེ་དག་གི་སྐབས་སུ་ཏིང་ངེ་འཛིན་གྱི་འཕྲོ་འདུ་ནི། ལྷ་མོ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས། གང་དབང་དུ་བསྡུ་བར་འདོད་པའི་སྙིང་གར་ཕོག་པ་ཙམ་གྱིས། རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་དབང་དུ་བསྡུས་ནས། ལྷ་མོའི་ཐུགས་ཀའི་ཧྲཱིཿལ་ཐིམ་པར་བསམ་ཞིང༔ བསྲེག་རྫས་རྫོགས་པ་དང་སྙིང་པོ་སྤེལ་ཚིག་ཅན་ཅི་ནུས་སུ་བཟླ། མཐར། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ། ཞེས་པས་སོ་རྩི་དང་། ཨོཾ་བཛྲ་བསཏྲ་ཨཱཿཧཱུྃ། ཞེས་པས་གོས་ཟུང་དམར་པོ་མ་ཉམས་པ་འབུལ་ལ་འདོད་གསོལ་གོང་ལྟར་བྱ། སླར་ལས་གཞུང་ལྟར་མཆོད་བསྟོད་མཐར། ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་རྣམས༔ སྲེག་བླུག་བདུད་རྩི་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་སོགས་མེ་ལྷའི་སྐབས་ལྟར་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། དཀྱིལ་འཁོར་དང་འབྲེལ་ན་ཡེ་ཤེས་པ་བརྟན་བཞུགས་བྱ། ལས་སྦྱོར་སྐབས་དམ་ཡེ་མི་དབྱེ་བར། ལྷ་མོའི་ཐུགས་སྲོག་གི་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུས་བརྟན་གཡོ་ཐམས་ཅད་འོད་དམར་པོའི་རྣམ་པར་ཞུ་ནས་ཐུགས་ཀར་ཐིམ། གཙོ་འཁོར་ཐམས་ཅད་ཀྱང་འོད་དམར་པོའི་གོང་བུར་ཞུ་སྟེ་རང་གི་ལྟེ་བ་ནས་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ་པར་གྱུར། ཅེས་ལྟ་བའི་ཀློང་དུ་བཞག་ཅིང་རླུང་ཁུག་པ་བདུན་ལ་སོགས་པ་མང་དུ་གཟུང་། སླར་མེ་གསོས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ཕེཾ་ཛཿཧོ༔ མེ་ལྷ་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་འདྲེས་པར་གྱུར། ཅེས་མོས་ལ། ཨོཾ་ཨཱཿཧཱུྃ༔གིས་དགང་བླུག་གསུམ། བསྲེག་རྫས་ལྷག་མ་རྣམས་གསུམ་མམ་བདུན་སོགས་འབུལ། གཏོར་མ་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧོ། ལན་གསུམ་གྱིས་བྱིན་བརླབ། ཨོཾ་ཨགྣ་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་ཐབ་ཏུ་འབུལ་ལ། མེ་ལྷ་འཁོར་དང་བཅས་པ་ཡིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྒྱལ་བློན་རྗེ་འབངས་སོགས་ཀྱིས་ཕྲིན་ལས་བཅོལ། ཉེར་སྤྱོད་ཀྱིས་མཆོད་ཅིང་བསྟོད་པ་ནི། ཧཱུྃ༔ ཚངས་དབང་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སྲེག་བླུག་དམ་ཚིག་ལས་འདས་ཤིང༔ ཆོ་ག་ལྷག་ཆད་འགལ་འཁྲུལ་གྱི༔ ཉེས་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱས་ནོངས་པ་བཤགས། སོ་རྩི་དང་གོས་ཟུང་གོང་ལྟར་འབུལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་འབྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །བཛྲ་མུ༔ ཞེས་སྤྱན་འདྲེན་གྱི་ཕྱག་རྒྱ་ཕྱིར་བསྐྱེད་པ་དང་བཅས་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཕུང་དམར་པོའི་རྣམ་པར་ཞུ་ནས་ལྟེ་བ་ནས་ཞུགས་སྙིང་གར་ཐིམ་པས་དབང་གི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མོས། སྔར་ཚོགས་མཆོད་བྱས་ཚེ་ནང་གི་སྦྱིན་སྲེག་གིས་ཚོགས་ལ་རོལ་ནས་ལྷག་མ་མན་ཆད་ཀྱི་རྗེས་བསྡུ་རྣམས་མཐར་ཆགས་སུ་བྱ། ཚོགས་མེད་ན་བདག་བསྐྱེད་བསྡུ་ལྡང་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན། མེ་རང་ཞིའམ་མྱོས་བྱེད་ཀྱི་ཁུ་བས་གཞིལ་བའི་ཐལ་བ་རི་རྩེ་ལམ་སྲང་ཚོང་འདུས་ལ་སོགས་པར་རླུང་ཆེན་ལ་བསྐྱོད་དུ་གཞུག་གོ །གང་བསམ་ཁབ་ལེན་ལྕགས་ཕྱེ་བཞིན། །སྡུད་བྱེད་མན་ངག་གསལ་ཕྱེས་པའི། །དགེ་བས་སྣང་སེམས་རང་དབང་དུ། །འདུས་ནས་སྲིད་ཞིར་དབང་བྱེད་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱིས་ཆོག་སྒྲིག་རྣམས་ཀྱི་བཀའ་བབ་ཏུ་གནང་བ་བསྩལ་ཅིང་། སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱལ་དབང་བཅུ་བཞི་པའི་བཀའ་ལུང་ཨུ་དུམྦ་རའི་ཕྲེང་བ་གཙུག་ཏུ་བཅིངས་ཏེ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ལམ་བློ་གྲོས་མཐའ་ཡས་པའི་སྡེས། དབང་ཆེན་དགྱེས་པའི་ཕོ་བྲང་གི་མདུན་ཙ་འདྲ་རིན་ཆེན་བྲག་ཏུ་སྦྱར་པ་དགེ་ལེགས་འཕེལ། སྣོད་མིན་ནས་དཔེ་ཙམ་ཡང་མི་མཐོང་བ་བཀའ་སྲུང་ལྕམ་དྲལ་ལ་གཉེར་དུ་གཏད་དོ། །ས་མ་ཡ། སྦས་རྒྱ།། །།
ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་ (Volume 48, Text 54)
༄༅། །ཚེའི་དངོས་གྲུབ་སྒྲུབ་པའི་མན་ངག་བཞུགས། ། ན་མོ་གུ་རུ་བཛྲ་ཨཀྵོ་བྷྱ་རྩལ་པཱ་དཱ་ཡ། རང་རིག་གདོད་མའི་མགོན་པོ་ཧེ་རུ་ཀ །བཀའ་དྲིན་མཚུངས་མེད་ཕ་རྒོད་གྲུབ་པའི་དབང་། །ཟབ་གཏེར་བསྟན་པའི་མངའ་བདག་རིག་སྔགས་འཆང་། །བདུད་འཇོམས་རྡོ་རྗེས་དེང་འདིར་བཀྲ་ཤིས་སྩོལ། །དེ་ལ་འདིར་ཐུན་མོང་མ་ཡིན་པའི་ཚེ་སྒྲུབ་པའི་གནད་ནམ་མཁའ་ཟས་སུ་ཟ་བ་ཞེས་བྱ་བ་ཉམས་སུ་བླང་བར་འདོད་པས། ཐོག་མར་རང་གི་མདུན་གྱི་ནམ་མཁར་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གསལ་བར་དམིགས་ལ་སྐྱབས་འགྲོ་སེམས་བསྐྱེད་རྙིང་མ་སྤྱི་དང་མཐུན། བླ་མ་ལ་གསོལ་འདེབས་སོགས་བྱས་རྗེས། ཚེ་དཔག་མེད་རང་ལ་ཐིམ་པའི་རྐྱེན་གྱིས། རང་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་ཆེ་བ་དབུ་ནམ་མཁའི་མཐོངས་སུ་སླེབ་པ། ཞབས་རྒྱ་མཚོ་ལ་མནན་པ། སྐུ་རྒྱབ་རི་རབ་ལ་གཏད་པ། ཕྱག་གཡས་དབྱུག་ཐོ་འཕྱར་བ། གཡོན་སྡིགས་མཛུབ་མཛད་པ། བདག་ཉིད་ཀྱི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཚེ་དཔག་མེད། དེའི་ཐུགས་ཀར་རིན་པོ་ཆེ་གྲུ་བཞི་པ་གཉིས་བསྣོལ་བ་ལ། ཟུར་དུ་རྡོ་རྗེ་ཕྱེད་པས་མཚན་པ། དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ལ་ལྟེ་བ་མཐིང་ག་རྭ་བཞི་ཁ་དོག་སྣ་ལྔ་པ་གཅིག་བསམ། རྡོ་རྗེའི་ལྟེ་བར་ཡི་གེ་ནྲྀ། ཕྱོགས་རེར་ཧཱུྃ་ཁ་དོག་སྣ་ལྔ་པ། ནྲྀའི་ལྟེ་བར་ཐིག་ལེ་ཁ་དོག་ལྔ་ལྡན། དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ལྟེ་བ་ནས་ཐོན། དེ་སྔགས་ཕྲེང་དུ་གྱུར་པའི་སྔགས་ཡེ་དྷརྨཱ་ལ་མཇུག་ཏུ་འགྲུབ་པར་གྱུར་ཅིག་བཏགས་པས་རྡོ་རྗེ་ལ་སྐོར་རོ་རོ་འཁོར་བར་བསམ། དེ་ལས་འོད་འཕྲོས་པས་སྐུ་གང་། སླར་ཡང་འོད་ཟེར་གྱིས་སྟོང་གསུམ་གང་བར་འཕྲོས་པས། བརྟན་གཡོ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་འོད་དུ་ཞུ། རིམ་གྱིས་ཐིག་ལེ་ལ་ཐུག་པར་འོད་དུ་ཞུ་ནས། ཐིག་ལེ་འོད་དུ་ཡལ་བར་བསམ། དེའི་ངང་ལ་ཅུང་ཟད་མཉམ་པར་གཞག །དེ་ནས་སླར་མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་པད་ཟླའི་སྟེང་ན་བཞུགས་པ་བར་སྣང་དུ་གནས་པ་གཅིག་བསམ་ལ། ཐུགས་ཀའི་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་པས། ནམ་མཁའ་ཐམས་ཅད་འོད་ཁ་དོག་སྣ་ལྔ་པའི་རྣམ་པར་སིབ་སིབ་རང་ལ་ཐིམ་པར་བསམ། རླུང་ཕྱིར་འབྱུང་བ་དང་ནམ་མཁའ་རང་གནས་སུ་ཆགས་པར་བསམ་ཞིང་དེ་ཁའི་སྤྲོ་བསྡུ་བྱས་རྗེས། ཡང་མཉམ་པར་གཞག་གོ །དེ་རྗེས་དགེ་བ་བསྔོ་བ་སོགས་བྱ། འདི་ཤིན་ཏུ་རང་ཟབ་པས་གསང་བར་བྱའོ། །ཕ་བླ་མ་བདུད་འཇོམས་རྡོ་རྗེས་བདག་ལ་དངོས་སུ་གནང་བ་བྱིན་རླབས་ཆེ་བ་ཚེ་རིང་བའི་གདམས་པ་ཡིན་ནོ། །ྀཨཚ། ཨེ་མ་གསང་ཆེན་བསྟན་པའི་མངའ་བདག་རིག་འཛིན་རྗེས། །གསང་ལས་ཡང་གསང་ཉིང་ཁུའི་གདམས་པ་ནི། །གསང་སྔགས་འཆང་བ་ནམ་མཁའི་མིང་ཅན་ལ། །གསང་ཞིང་སྦ་བའི་དབྱིངས་ནས་གནང་བ་ཡིན། །གསང་བར་གདམས་སོ་སྟག་ཞོན་ཁྱོད་ལ་གཏད། །མ་གཡེལ་གསང་བར་བྱའོ་ཙིཏྟར་སྦོས། །ས་མ་ཡ་རྒྱ་རྒྱ་རྒྱ། ཤུ་བྷཾ། རང་ལོ་བཅུ་དྲུག་གི་དུས་ཀྱི་ལོར་རིག་འཛིན་ཆེན་པོ་བྱ་གཤོངས་སུ་བཞུགས་དུས་བདག་ཡབ་སྲས་གཉིས་ཀྱིས་ཟིན་བྲིས་སུ་བགྱིས་པའོ། །རིག་འཛིན་བདུད་འཇོམས་རྡོ་རྗེ་ལ་སློབ་དཔོན་པདྨས་དངོས་སུ་གནང་། དེ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་ནོ། །འདིའི་ལུང་ཕྲ་ཞིབ་ཕྱག་ལེན་ཞལ་ཤེས་དང་བཅས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་པདྨ་འབྱུང་གནས། གཏེར་ཆེན་ལེགས་ལྡན་བདུད་འཇོམས་རྡོ་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞྭ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། ཐམས་ཅད་མཁྱེན་གཟིགས་ཟིལ་གནོན་བཞད་པ་རྩལ། བཀའ་དྲིན་འཁོར་མེད་རིག་འཛིན་ཆེན་པོ་ཀུན་བཟང་པདྨ་ཕྲིན་ལས། དེས་དྲིན་ཆེན་ཆོས་ཀྱི་རྗེ་བློ་བཟང་དོན་གྲུབ། དེས་བདག་ལྷ་བཙུན་ལའོ། །ཡང་ན་རྗེ་དབང་རབ་ནས། གླང་ཕུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །ལྕགས་ཟམ་སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཐམས་ཅད་མཁྱེན་གཟིགས་མཆོག་མན་གོང་ལྟར་རོ།། །། ༄༅། །འཆི་མེད་ནམ་མཁའ་བཅུད་ལེན་གྱི་གདམས་ཟབ་གསལ་བར་བཀོད་པ་རིག་འཛིན་གྲུབ་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འོད་གསལ་གཉུག་མའི་རང་གདངས་ནམ་མཁའི་བཅུད། །སྲོག་གི་ཟུངས་སུ་སྦྱིན་པའི་བཀའ་དྲིན་ཅན། །འཁོར་ལོའི་མགོན་པོ་ཚེ་མཐའ་ཡས་པའི་ཞབས། །སྙིང་དབུས་མི་ཤིགས་ཐིག་ལེར་རྟག་བཞུགས་གསོལ། །དེ་ལ་འདིར་རིག་སྔགས་འཆང་བ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ། འཆི་མེད་གྲུབ་པའི་རིག་འཛིན་ཆེན་པོ་ལེགས་ལྡན་ཞབས་ལ་རྩ་གསུམ་འདུས་ཞལ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་མངོན་སུམ་དུ་གནང་བའི་གདམས་ངག །ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་བདེ་བླག་ཏུ་སྟེར་བའི་ཟབ་ལམ། རྗེ་ཉིད་དང་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་སོགས་ལམ་འདི་ལ་བརྟེན་ནས་འཆི་མེད་གྲུབ་པ་མང་དུ་བྱོན་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་ནམ་མཁའ་ཟས་སུ་ཟ་བའི་ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་དང་། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུའི་ཟབ་གཏེར་ཐུགས་སྒྲུབ་ཆོས་ཚན་བཅུ་དགུ་པ་ཚེ་སྒྲུབ་ལྕགས་ཀྱི་སྡོང་པོའི་ཡང་གསང་གི་ཚེ་སྒྲུབ་ནམ་མཁའི་རྡོ་རྗེ་དང་། གསང་བ་རླུང་གི་བཅུད་ལེན་རྣམས་ཟུང་འབྲེལ་དུ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ཐོ་རངས་ཀྱི་དུས་ཁ་ཤར་དུ་ཕྱོགས་པས། ནམ་མཁའ་རྒྱ་ཆེར་མཐོང་བའི་སར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། རང་གི་མདུན་གྱི་ནམ་མཁར་རྨ་བྱས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་དེ་ཉིད། རྣམ་པ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་ཏུ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཐའ་སྐོར་ཀུན་ཏུ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་འཁོད་ནས་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསམ་ལ། རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ༔ འོད་གསལ་ཆེན་པོའི་དགོངས་པ་ཅན༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ མི་འབྲལ་རྩེ་གཅིག་དགོངས་པ་ཅན༔ བྱིན་གྱིས་རློབ་ཅིང་བར་ཆད་སེལ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ དམ་ཚིག་རྣམ་པར་དག་པའི་སྐུ༔ བརྩེ་གདུང་བྱམས་པའི་དགོངས་པ་ཅན༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ཞེས་ཅི་ནུས་བརྗོད་པས་སྐྱབས་སུ་འགྲོ། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་གྱིས་སེམས་བསྐྱེད། རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་ནས་གསོལ་བ་གདབ་པ་ནི། ཨོཾ་ཨཱཿཧཱུྃ། སྣང་བ་མཐའ་ཡས་འོད་གསལ་ཆོས་ཀྱི་སྐུ། །ཚེ་དཔག་མེད་མགོན་བདེ་ཆེན་ལོངས་སྤྱོད་རྫོགས། །པདྨ་འབྱུང་གནས་རང་བྱུང་སྤྲུལ་པའི་སྐུ །བདུད་འཇོམས་རྡོ་རྗེ་འཆི་མེད་རིག་འཛིན་བརྙེས། །རྩ་བརྒྱུད་བླ་མ་སྐྱབས་ཀུན་འདུས་པའི་དངོས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཅེས་ལན་ཇི་ལྟར་རིགས་པ་དང་། སྤྲོ་ན་གསོལ་འདེབས་ཀྱི་བསྙེན་པའི་ཚུལ་དུ་ཚེ་གཟུངས་ཀྱང་བཟླས་ལ། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་དབུས་ཀྱི་བླ་མ་ཚེ་དཔག་མེད་ལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ཆེ་ཞིང་ཡན་ལག་རགས་པ། དབུ་ནམ་མཁའི་མཐོངས་སུ་སླེབ་པ། ཞབས་གཉིས་ཀྱིས་རྒྱ་མཚོ་མནན་པ། སྐུ་རྒྱབ་རི་རབ་ལ་གཏད་པ། ཕྱག་གཡས་ཐོད་དབྱུག་དཀར་པོ་མེ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་གཏད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གར་གྱི་ཉམས་དགུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པར་གསལ་བའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཉམ་གཞག་ཚེ་བུམ་འཛིན་ཅིང་། ལོངས་སྤྱོད་རྫོགས་སྐུའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཟླའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཚེའི་ཕོ་བྲང་རིན་པོ་ཆེ་སེར་པོ་གྲུ་བཞི་པ་བསྣོལ་བ་ལ་ཟུར་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། དེའི་དབུས་སུ་ཚེ་རྟེན་རྡོ་རྗེ་རྒྱ་གྲམ་ལྟེ་བ་མཐིང་ག་རྭ་རྣམས་ཕྱོགས་ཀྱི་ཁ་དོག་ཅན། རྡོ་རྗེའི་ལྟེ་བར་སྲོག་གི་ངོ་བོ་ནྲྀ་ལྗང་གུ། ཕྱོགས་བཞིར་དྭངས་མའི་རླུང་ལྔའི་ངོ་བོ་ཧཱུྃ་ཁ་དོག་སྣ་ལྔ་པ། ནྲྀའི་ཁོག་པར་བྱང་ཆུབ་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ཞིང་འཚེར་བ་འོད་ཟེར་ཁ་དོག་ལྔ་འཕྲོ་བར་གྱུར། ཅེས་བརྗོད་ཅིང་གསལ་གདབ་ལ་སེམས་གཟུང་། གསལ་སྣང་ཐོན་པ་དང་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་འོད་ཟེར་འཕྲོས། རྡོ་རྗེའི་ལྟེ་བ་ནས་འཐོན་པ་དང་ལྷན་ཅིག་ཏུ། ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཨཱཿབྷྲཱུྃ་བཛྲ་ཡུ་ཥེ་ཧཱུྃ་ཨཱཿ ཧཱུྃ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ྄། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿའགྲུབ་པར་གྱུར་ཅིག་སྭཱ་ཧཱཿ ཞེས་པའི་སྔགས་ཀྱི་ཕྲེང་བར་གྱུར་ཏེ་སྣ་ཚོགས་རྡོ་རྗེ་ལ་ལུ་གུ་རྒྱུད་ཀྱི་ཚུལ་དུ་བསྐོར་ཞིང་བཅིངས་པར་བསམ་ལ་སྔགས་དེ་ཉིད་ཅི་རིགས་པ་བཟླས་པས་བརྟན་པར་བྱ། སླར་སྔགས་ཀྱི་ཕྲེང་བ་ལ་ཡིད་གཏད་པས། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བསམ་གྱིས་མི་ཁྱབ་པ་བྱུང་། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། སླར་ཡང་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་སྟོང་གསུམ་གང་བར་འཕྲོས་པས། བརྟན་གཡོ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་རིམ་གྱིས་འོད་དུ་ཞུ་ནས་ཐུགས་ཀའི་ཐིག་ལེའི་བར་དུ་ཐིམ། དེ་ཡང་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམ་ལ་གནས་ལུགས་མ་བཅོས་པའི་ངང་དུ་ཁོང་གློད་དེ་ཅུང་ཟད་ཅིག་མཉམ་པར་བཞག་གོ །དེ་དག་ནི་མཚན་བཅས་དང་མཚན་མེད་ཀྱི་སྲུང་བའི་རིམ་པའོ། །གཉིས་པ་དངོས་གཞི་ལ། ལུས་གནད་དྲང་པོར་བསྲངས་ཏེ། རང་གི་ལུས་འཇའ་ཚོན་ལྟ་བུ་དྭངས་ཤིང་གསལ་བའི་ལྟེ་འོག་ཏུ་ཡི་གེ་རཾ་དམར་པོ་མེ་འབར་ལ་ཁད་པ་ཞིག་བསྒོམ། དེ་ལ་ཡིད་གཏད་དེ་འོག་རླུང་ཅུང་ཟད་བསྐྱོད་པའི་རྐྱེན་གྱིས་མེ་དམར་ཧུར་གྱིས་འབར། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། རླུང་རོ་ཕྱིར་འབུད་པ་དང་མཉམ་དུ་བསྲེགས་པའི་ལྷག་མ་རྣམས་ཀྱང་དུད་ཁུང་ནས་དུ་བ་འཐོན་པ་བཞིན་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམ་ལ་རླུང་རོ་ལན་གསུམ་བསལ། དེ་ནས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་ཞལ་འཛུམ་པ་རབ་ཏུ་ཞི་བའི་ཉམས་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བར་སྣང་གི་ཁམས་སུ་བཞུགས་པར་གསལ་གདབ་ལ་རླུང་རོ་ལན་གསུམ་བསལ་རྗེས། ཐུགས་ཀའི་དབུས་སུ་ཟླ་བ་ལ་གནས་པའི་རླུང་སེམས་དབྱེར་མེད་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་གསལ་ཞིང་འབར་བ་ལ་སེམས་ཞུགས་པ་བཞིན་གཏད་པས། དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་བུན་གྱིས་འཕྲོས། ཁམས་གསུམ་གྱི་བརྟན་གཡོ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་ནམ་མཁའི་ཁམས་ཀྱི་དྭངས་བཅུད་མཐའ་དག་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་སྨིན་མཚམས་ཀྱི་ཐད་དུ་བྱུང་བ། རླུང་ཁ་ནས་དལ་བུས་རྔུབས་ཏེ་མཆིལ་མ་དང་བཅས་མིད་པས་ལུས་ཀྱི་ནང་དུ་སིབ་སིབ་ཞུགས་པས་བཅུད་དྭངས་མ་ཐམས་ཅད་ཐུགས་ཀའི་ཧྲཱིཿལ་ཐིམ་པས་འཆི་མེད་ནམ་མཁའི་སྲོག་འགྲུབ་པར་བསམ། འོག་རླུང་ཅུང་ཟད་འཐེན་ཅིང་ཁ་སྦྱོར་གྱི་ཚུལ་དུ་ཐུབ་ཚད་གཟུང་། མི་ཐུབ་པ་དང་དལ་བུས་ཕྱིར་དབྱུང་བས་ནམ་མཁའི་རང་གནས་སུ་ཆགས་པར་བསམ་ལ་རིག་པ་འཛིན་མེད་དུ་འཇོག །དེ་ལྟ་བུའི་དམིགས་པ་དང་རླུང་སྦྱོར་ལན་གསུམ་བདུན་ཉེར་གཅིག་སོགས་བྱས་པས་སྲོག་རླུང་མ་བུ་འཕྲད་པའི་རྟགས་སུ་སྒྲེགས་པ་ཆིལ་གྱིས་ཡོང་སྟེ། དེ་བྱུང་ན་ཉིན་ཞག་རེའི་འཆི་བ་བསླུ་ནུས་པར་ཐེ་ཚོམ་མེད་ཅིང་། རྒྱུན་དུ་མ་ཆག་ན་ཚེ་ཉི་ཟླ་དང་མཉམ་པར་འགྱུར་བར་གསུངས་སོ། །གསུམ་པ་རྗེས་ནི། སླར་ཡང་རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་དུ་གསལ་བའི་ཐུགས་ཀར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་དུ་གསལ་བ་ལས། འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རང་བཞིན་དུ་གྱུར་པས་ལུས་ཕྱི་ནང་གི་བ་སྤུའི་ཁུང་བུ་ཚུན་ཆད་ཀྱང་གོ་མཚམས་མེད་པར་གཏམས་པས། འཆི་མེད་ཀྱི་དངོས་གྲུབ་བརྟན་ཅིང་བར་ཆད་ཐམས་ཅད་སྲུང་བར་བསམ་ལ། ཨོཾ་བྷྲཱུྃ་བཛྲ་སོགས་ཀྱི་སྔགས་ཅུང་ཟད་བཟླ། ཨོཾ་བཛྲ་རཀྵ་ཀཱ་ཝཱ་ཙི་ཧཱུྃ་བྷྲཱུྃཿ ཞེས་ལན་གསུམ་བརྗོད་པས་བརྟན་པར་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་མེད་རིག་འཛིན་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་དགེ་བའི་བྱ་བ་ལ་འཇུག །ཁྱད་པར་སེམས་ཅན་གྱི་སྲོག་མི་གཅོད། ཚེ་དང་ཁམས་ལ་གནོད་པའི་ཟས་སྤྱོད་སྤང་། སྲོག་བསླུ་དང་། ཉེའུ་འདོན་པ་དང་། སཱཙྪ་གདབ་པ་སོགས་ཚེ་འཕེལ་བའི་ཐབས་ལ་བརྩོན་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་ཟབ་མོ་འདི་ཉིད་དྲོ་གང་དང་། ཐོ་རངས་དང་། དགོང་མོ་སོགས་ཟས་རྙིང་པ་ཞུ། གསར་པ་མ་ཟོས་པའི་དུས་ནམ་དུའང་ཉམས་སུ་བླང་རུང་བར་གསུངས་མོད། གཙོ་བོར་ཐོ་རངས་ཀྱི་དུས་སུ་མ་ཆག་པར་ཉམས་སུ་བསྟར་བ་ཉིད་ཕྱག་བཞེས་སུ་མཛད་དོ། །འཆི་མེད་རིག་འཛིན་གྲུབ་པའི་ཆུ་གཏེར་ལས། །ལེགས་འོངས་ལམ་བཟང་བདུད་རྩིའི་མཆོད་སྤྲིན་གྱིས། །རྗེ་བཙུན་བླ་མའི་ཞབས་པད་བསྐལ་པ་བརྒྱར། །འཚོ་གཞེས་ཕྲིན་ལས་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་མཚུངས་མེད་ཐུགས་རྗེའི་གཏེར་ཆེན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་དབང་པོའི་གསུང་གིས་བསྐུལ་བ་ལྟར། བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་ཟབ་གཏེར་དང་དག་སྣང་གི་གཞུང་ཟུང་དུ་འབྲེལ་བའི་དགོངས་དོན་ཤིན་ཏུ་གསལ་བར་བསྡེབས་པ་སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ། དགེའོ།། །།
ཁ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཞུང་ (Volume 43, Text 54)
༄༅༔ ཁ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཞུང་བཞུགས་སོ༔ ན་མོ་གུ་རུ༔ ཁ་འབར་དཀར་ནག་ཁྲ་གསུམ་གྱི་དཀར་པོ་ལ་བསྟེེན་ནས་འཆི་བ་བསླུ་བ་ནི༔ སྣོད་གཙང་མར༔ ངར་གླུད་གཅིག༔ མཐེབ་ཀྱུ་གཅིག༔ རིལ་བུ་གཅིག་རྣམས་བཅུག་པ་ལ་ཆུས་བྲན་ཏེ༔ རང་ཉིད་སྐད་ཅིག་གིས་ཤཱཀྱ་ཐུབ་པར་བསྒོམས་ནས༔ སྔོན་གཅུང་དགའ་བོས་ཚེ་རིང་བ་དང་བར་ཆད་ཞི་བའི་གཏོར་མ་བཏང་པ་ལྟར༔ བདག་གིས་ཀྱང་གཏོང་ངོ་སྙམ་དུ་སེམས་བསྐྱེད༔ གཏོར་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་གཏོར་མ་ཨ་དཀར་པོ་གཅིག་ཏུ་གྱུར་པར་བསམ༔ ལག་པ་གཡས་པ་མཆོག་སྦྱིན་བྱས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨའམ་ཧྲཱིཿདཀར་པོ་གཅིག་བསམ་སྟེ༔ ན་མཿས་མནྟ་བུདྡྷ་ནཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ བདག་ཅག་འཁོར་དང་བཅས་པའི་ཚེ་དང༔ བསོད་ནམས་དང༔ ལོངས་སྤྱོད་ཀྱི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་གསུམ་མམ་བདུན་བརྗོད་པས་ཨ་ཞུ་ནས་བདུད་རྩིར་གྱུར་པ༔ ཡི་དྭགས་རྣམས་ཀྱིས་ཐོབ་པས་ཚིམས་པར་བསམ་ལ༔ ན་མོ༔ སངས་རྒྱས་ཀྱི་བདེན་པ་དང༔ ཆོས་ཀྱི་བདེན་པ་དང༔ དགེ་འདུན་གྱི་བདེན་པ་དང༔ བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་ལ་གནོད་པའི་གདོན་གྱི་རིགས་སུ་གྱུར་པ༔ ལྷའི་གདོན་དང༔ ཀླུའི་གདོན་དང༔ ལྷ་མ་ཡིན་གྱི་གདོན་ལ་སོགས་པ་གདོན་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག༔ ནད་ཀྱི་རིགས་སུ་གྱུར་པ་རླུང་ལས་གྱུར་པ་དང༔ མཁྲིས་པ་ལས་གྱུར་པ་དང༔ བད་ཀན་ལས་གྱུར་པ་དང༔ འདུས་པ་ལས་གྱུར་པ་སྟེ༔ ནད་བཞི་བརྒྱ་རྩ་བཞིའི་གནོད་པ་ཞི་བར་གྱུར་ཅིག༔ བགེགས་ཀྱི་རིགས་སུ་གྱུར་པ༔ དམུ་དང༔ བདུད་དང༔ བཙན་དང༔ འགོང་པོ་དང༔ རྒྱལ་པོ་དང༔ མ་མོ་དང༔ པེ་དཀར་དང༔ ནད་བདག༔ རིམས་བདག༔ དཀོར་བདག༔ ཐེའུ་རང༔ ས་བདག་ཀླུ་གཉན་ལ་སོགས་པའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག༔ ཅེས་བརྗོད་དེ་ཐལ་མོ་བརྡབ༔ གཏོར་མ་དོར་རོ༔ ནག་པོའི་གཏོར་མ་ལ་བརྟེན་ནས་དགྲ་བགེགས་འདུལ་བ་ནི༔ བཤོས་བུ་ཟུར་གསུམ་པ་གཅིག༔ ཆངས་བུ་གསུམ་མམ༔ བདུན་ནམ་ཉེར་གཅིག་ལ་སོགས་པ་བཤམས་ལ་ཆབ་བྲན་ལ༔ ཁ་འབར་ནག་མོ་ལ་བསྟེན་ནས༔ བསྟན་པ་དང་བདག་ཅག་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི་དགྲ་བགེགས་ཐམས་ཅད་ཚར་གཅད་པར་བྱ་སྙམ་དུ་སེམས་བསྐྱེད་ནས༔ སྔར་གྱི་ལྷ་དང་ཡིག་འབྲུ་ནག་པོར་བསམས་ནས༔ གཡས་པས་མཆོག་སྦྱིན་བྱས་ལ༔ ན་མཿས་མནྟ་བུདྡྷ་ནཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་བདུན་བརྗོད་པས༔ དགྲ་བགེགས་དང་གནོད་བྱེད་ཐམས་ཅད་ཀྱི་ཤ་ཁྲག་བདུད་རྩིར་གྱུར་པ་ཡི་དྭགས་རྣམས་ཀྱིས་ཟོས་པར་བསམ་ལ༔ ན་མོ༔ སངས་རྒྱས་ཀྱི་བདེན་པ་དང༔ ཆོས་ཀྱི་བདེན་པ་དང༔ དགེ་འདུན་གྱི་བདེན་པ་དང༔ བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་ལ་མི་དང་མི་མ་ཡིན་པའི་རྦོད་གཏོང་དང༔ མ་མོའི་རྦོད་གཏོང་དང༔ ཕུར་པའི་རྦོད་གཏོང་དང༔ གཟའི་རྦོད་གཏོང་དང༔ བདུད་ཀྱི་རྦོད་གཏོང་དང༔ བཙན་གྱི་རྦོད་གཏོང་དང༔ ཀླུའི་རྦོད་གཏོང་དང༔ ཡམ་ཤུད་ཀྱི་རྦོད་གཏོང་ལ་སོགས་པ་ཐམས་ཅད་ཕྱིར་ལ་ཟློག་གོ་ཟློག་པར་གྱུར་ཅིག༔ དགྲ་བགེགས་ཐམས་ཅད་བརླག་པར་གྱུར་ཅིག༔ མཱ་ར་ཡ་རྦད༔ དགྲ་བགེགས་ཀྱིས་ཅི་བྱས་པ་ཐམས་ཅད་ཁོ་རང་ལ་ཟློག་པར་གྱུར་ཅིག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་བདག་ཅག་འཁོར་དང་བཅས་པའི་རྨི་ལམ་ངན་པ་དང༔ ལྟས་ངན་པ་དང༔ པྲ་ངན་པ་དང༔ ཡས་ཀྱི་བདུད་གཡོས་པ་དང༔ མས་ཀྱི་སྲི་ལངས་པ་དང༔ ཕ་ཚན་གྱི་རྒྱབ་འདྲེ༔ མ་བུའི་བྱུར་འདྲེ༔ ཡུལ་མིའི་སྟོང་འདྲེ༔ ཟོར་ཁ༔ དམོད་ཁ༔ ཐུན་ཁ་ཐམས་ཅད་ཕྱིར་ཟློག་གོ་ཟློག་པར་གྱུར་ཅིག༔ མཱ་ར་ཡ་རྦད༔ ཅེས་བརྗོད་ལ་ཐལ་མོ་བརྡབ༔ གཏོར་མ་དགྲ་ཕྱོགས་སུ་འཕང༔ ཁྲ་བོ་ལ་བསྟེན་ནས་ཁ་སྨྲས་མི་ཁ་ཟློག་པ་ནི༔ ངར་མི་གཅིག༔ ཆངས་བུ་གཅིག༔ མཐེབ་ཀྱུ་གཅིག་བཤམས་ལ༔ ཡོས་པད་ཁ༔ ཟྭ༔ ལོ་མ༔ སྦང་མ༔ སྒོག་པ༔ སྲན་མ༔ བྲའོ་ལ་སོགས་པ་བླུགས་ལ༔ ཆུས་བྲན་ཏེ༔ ཨོཾ་ཨཱཿཧཱུྃ༔ ཏདྱ་ཐཱ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཧཱུྃ་ཕཊ༔ ཅེས་པས་བྱིན་གྱིས་བརླབ༔ རང་ཉིད་བསྟན་གཙོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གཏོར་མ་ལ་ཕོག་པས༔ གཏོར་མ་ལས་བསྟན་གཙོ་སེར་པོ༔ སྔོན་པོ༔ དམར་པོ༔ ནག་པོ་ལ་སོགས་པ་འཁར་གསིལ་དང༔ དུང་དང༔ ཆ་ལང་དང༔ རྔ་ཡབ་ཐོགས་པ་དཔག་ཏུ་མེད་པ་འཕྲོས༔ དགྲའི་ཡུལ་གྱི་ས་གཞི་དང༔ བར་སྣང་དང༔ ནམ་མཁའ་ཐམས་ཅད་གང༔ དེ་རྣམས་ལས་མཚོན་ཆ་སྣ་ཚོགས་པ་འཕྲོས་ཏེ༔ དགྲ་བོའི་ཁ༔ མིག༔ སྤྱི་བོ༔ སྙིང་ག་རྣམས་སུ་ཐག་ཐག་ཟུག་པར་གྱུར་པར་བསམ་ལ༔ ན་མཿས་མནྟ་བུདྡྷ་ནཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཞེས་གསུམ་མམ་བདུན་བརྗོད་ལ༔ སངས་རྒྱས་ཀྱི་བདེན་པ་དང༔ ཆོས་ཀྱི་བདེན་པ་དང༔ དགེ་འདུན་གྱི་བདེན་པ་དང༔ བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང༔ བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་ལ༔ སྔ་དགྲ་དར་བ༔ ཕྱི་དགྲ་རྩོམ་པ༔ ད་དགྲ་སེམས་པ༔ མི་ཁ་དུག་མཆུ་སྒྲོག་པ༔ བསམ་ངན་དང༔ སྦྱོར་རྩུབ་དང༔ ཁ་སྨྲས་གླེང་གཞི་འཛུག་པ་དང་འཛུག་པར་སེམས་པ་ཐམས་ཅད་ཟློག་ཟློག༔ སྒྱུར་རོ༔ ཡང་བདེན་བདར་གོང་བཞིན་བྱས་པའི་རྗེས་སུ༔ བདག་ཅག་འཁོར་དང་བཅས་པ་ལ༔ མཐོན་པོའི་གཉའ་གནོན༔ མཉམ་པའི་འགྲན་སེམས༔ དམའ་བའི་ཕྲག་དོག་ལ་སོགས་པ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཚུགས་པར་གྱུར་ཅིག༔ མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ལ་ཟློག་པར་གྱུར་ཅིག༔ ཅེས་བརྗོད་ལ་ཐལ་མོ་བརྡབ༔ གཏོར་མ་དགྲ་ཕྱོགས་སུ་འཕང་ངོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྙིགས་དུས་བསྟན་པ་བསྲུང་བའི་ཕྱིར༔ ཁ་འབར་དཀར་ནག་ཁྲ་གསུམ་གྱི༔ ལག་ལེན་ཡི་གེར་བཀོད་ནས་བཞག༔ གནམ་སྐས་ཅན་ལ་གཏེར་དུ་སྦས༔ སྙིང་རྗེ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་ཆོས་དབང་གིས་གཏེར་ནས་བཏོན་པའོ།། །། ༄༅། ཁ་འབར་མ་དཀར་མོ་ལ་བསྟེན་ནས་འཆི་བ་བསླུ་ཞིང་། བར་གཅོད་ཟློག་པ་དབང་པོའི་སྡེས་ཁྲིགས་སུ་བཀོད་པ་བཞུགས་སོ། །ན་མོ་ཤཱཀྱ་མུ་ན་ཡེ། ཁ་འབར་མ་དཀར་མོའི་ལག་ལེན་ངག་འདོན་གྱི་རིམ་པ་ལ། རིན་པོ་ཆེའི་སྣོད་གཙང་མར། ངར་མི་གཅིག །ཆངས་བུ་གཅིག །མཐེབ་ཀྱུ་གཅིག །མངོན་པར་འདུ་བགྱིས་ནས། ཆུ་གཅིག་གིས་སྦྱངས་ལ། སངས་རྒྱས་ཆོས་ཚོགས་སྔོན་དུ་འགྲོ་བས། སྔོན་གཅུང་དགའ་བོས་གཏོར་མ་འདི་ལ་བརྟེན་ནས་ཚེ་རིང་བ་དང་། ནད་མེད་པ་དང་། བར་ཆད་ཐམས་ཅད་ཞི་བ་དེ་བཞིན་དུ། བདག་གིས་ཀྱང་ཁ་འབར་མ་དཀར་མོའི་གཏོར་མ་འདི་ལ་བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཚེ་རིང་བ་དང་། ནད་མེད་པ་དང་། བར་ཆད་ཐམས་ཅད་ཞི་བར་བྱ་བའི་ཆེད་དུ་ཁ་འབར་མ་དཀར་མོའི་གཏོར་མ་ལ་འཇུག་པར་བགྱིའོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་དཀར་པོ། ཕྱག་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་ཕྱག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཡི་གེ་ཨ་དཀར་པོ་རེ་རེས་མཚན་པར་གྱུར། མུ་ནེའི་སྔགས་ཇི་ལྟར་འཚམ་པར་བཟླས་རྗེས་གཏོར་མ་ལ་དམིགས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་དཀར་པོས་མཚན་པར་གྱུར། བདག་ཉིད་ཐུབ་པར་གསལ་བའི་ཕྱག་མཐིལ་གྱི་ཨ་གཉིས་ལས་བདུད་རྩིའི་ཆུ་རྒྱུན་དཀར་པོ་དཔག་ཏུ་མེད་པ་ནར་གྱིས་བྱུང་བ་གཏོར་སྣོད་ཀྱི་ཨ་ལ་བབས་པས། ཨ་དེ་ཡང་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་བྱིན་གྱིས་བརླབས་ནས། ལག་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱའི་སོར་མོ་གཏོར་མ་ལ་གཏད་ལ། ན་མཿས་མནྟ་བུདྡྷ་ནཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག །ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྔགས་མཇུག་ཏུ་སེ་གོལ་གཏོགས་པ་རེ་དང་བཅས་པ་ལན་བདུན་གྱིས་བསྔོས་པས། ཡི་དྭགས་ཀྱི་གཙོ་མོ་ཁ་འབར་མས་གཙོ་བྱས་པའི་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་བདུད་རྩིས་ཚིམས་པར་བསམ། དེ་རྗེས་སྙིང་གར་ཐལ་མོ་སྦྱར་ལ། ན་མོ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ། ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། དྲི་ཟའི་གདོན་དང་། འབྱུང་པོའི་གདོན་དང་། རྒྱལ་པོའི་གདོན་ལ་སོགས་པ་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །བགེགས་ཀྱི་རིགས་སུ་གྱུར་པ། བདུད། བཙན། རྒྱལ་པོ། དམུ། མ་མོ། གཤིན་རྗེ་དམ་སྲི་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བདེན་སྟོབས་བརྗོད། རེ་རེའི་མཐར་ཐལ་མོ་གསུམ་རེ་བརྡབ་ཅིང་། ཁྱད་པར་གྱི་དམིགས་པ་ནི། ཡི་དྭགས་ཀྱི་གཙོ་མོ་ཁ་འབར་མ་ལ་སོགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་དེ་རྣམས་ཀྱི་ལག་པ་གཡས་པར་ཚེའི་མདའ་དར་དང་། གཡོན་པར་ཚེའི་བུམ་པ་ཐོགས་ནས་བསྒྲུབ་བྱ་དཔོན་སློབ་འཁོར་དང་བཅས་པའི་ཚེ་སྲོག་འཐོར་བ་དང་འཁྱམས་པ་དང་ཡར་པ་ཀུན། མདའ་དར་གྱིས་བཀུག །བུམ་པ་གང་བར་བྱས་ནས། ཚེའི་མདའ་དར་དང་བུམ་པ་གཉིས། རང་ཉིད་དང་བསྒྲུབ་བྱ་རྣམས་ལ་སོ་སོར་གཏད་ནས། སྒྲ་མི་སྙན་པའི་ཚེ་གཟུངས་དི་རི་རི་བཟླས་ཤིང་ཕྱིར་སོང་བར་བསམ་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཨིཊྚེ། བཊྚེ། ནཊྚེ། ཀུ་ནཊྚེ། ཊཀྐེ། ཋཀྐེ། ཋ་རཀྐེ། ཨུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧིལླི་མིལླི། སབྦ་ཛྙཱ། དུ་པ་དགྒ། ནམཿསབྦ། སམྨ་ས་མུ་ཛྫྙཱ་ནི། སི་ཛྫྙཱནྟུ་མེ་མནྟྲ་པཱདཱཿསྭཱ་ཧཱ། གླུད་དང་བཅས་པ་ཕྱི་རོལ་གཙང་སར་དོར་རོ། ཁ་འབར་མ་དཀར་མོ་ལ་བསྟེན་ནས་འཆི་བ་བསླུ་ཞིང་བར་གཅོད་ཟློག་པའི་ཐབས་ཨོ་རྒྱན་རིན་པོ་ཆེས་ལྷོ་བྲག་གནམ་སྐས་ཅན་དུ་ཀླུ་བདུད་ནག་པོའི་ལྟོ་བར་གཏམས་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་ཟབ་གཏེར་ནས་སྤྱན་དྲངས་པའི་དགོངས་དོན་བཞིན་ཕྱག་ལེན་ལྟར་རིག་འཛིན་དབང་པོའི་སྡེས། ཀོང་ལང་གི་མཚམས་རིན་ཐང་ཞེས་པའི་ཨེ་ཝཾ་ལྕོག་སྒར་དུ་བཀོད་པའོ། །འདི་ཡིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་ཤོག །སརྦ་དཱ་མངྒ་ལཾ།། །།
སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་དབང་དང་བཅས་པ (Volume 61, Text 54)
ཨཱོྃ་སྭསྟི། བླ་མ་གསང་བའི་བདག་པོ་ལ། །བཏུད་ནས་དམ་ཅན་དྲེགས་པའི་གཙོ། །སྐྱེས་མཆོག་རྡོ་རྗེ་ལེགས་པ་ཡི། །སྒྲུབ་ཐབས་རྗེས་གནང་མདོ་ཙམ་བཤད། །འདིར་དམ་ཅན་སྐྱེས་བུ་ཆེན་པོའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁེབས་དམར་པོས་བཀབ་པའི་ཁར་འབྲུའི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་བཤོས་བུ་གྲུ་བཞི་མཁར་ཐབས་བ་གམ་ཅན་ཁར་གཙོ་བོ་གིང་ཆེན་བཞི་དང་བཅས་པའི་བཙན་བཤོས་ལྔ་སྒྲོམ་དབུས་མཐོ་བ་ལ་ར་མགོས་བརྒྱན་པ་དང་། རྩ་བར་དགྱེས་སྡེ་མོ་བཅུ་གཉིས་དང་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་སྡེ་ཚན་གསུམ་དུ་བསྡུས་ནས་སྤྱིར་བཤོས་ཕྲན་བཅུ་དྲུག་མཐེབ་ཀྱུ་དང་བཅས་པས་བསྐོར་བ་ལ་རའི་ཤ་ཁྲག་སོགས་བཟའ་བཅའ་སྣ་ཚོགས་པས་བརྒྱན། མདའ་དར་དམར་པོ་སྐུ་རྟེན་དང་བཅས་པ་བཙུགས། དེ་དག་གི་མདུན་དུ་འབུལ་གཏོར་དང་སྨན་རཀ །གཡས་སུ་བླ་རྡོ་དང་སྒྲུབ་ཡིག །གཡོན་དུ་ཕྱག་མཚན་རྡོ་རྗེ་དང་སྙིང་གཟུགས། མཐའ་སྐོར་དུ་ཉེར་སྤྱོད་ལྔ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་ཐབས་ནི། གསང་བདག་སོགས་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཕ་ཝང་ལོང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་འཁྲིགས་ཤིང་འབྲུག་སྒྲ་དྲག་པོ་དང་བཅས་པས་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་ནས་རླུང་ནག་འཚུབས་མར་འཁྱིལ་ཞིང་མཐའ་ལྕགས་རི་ནག་པོས་བསྐོར་བའི་དབུས་སུ། པད་ཉི་དང་ར་སྐྱེས་ཁམ་པའམ་སེང་གེ་དཀར་པོ་བརྗིད་པའི་སྟེང་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་དམར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དུག་གི་ཁ་རླངས་འཐུལ་ཞིང་དབུ་སྐྲ་དང་སྨིན་མ་སྨ་ར་འབར་བ། ཕྱག་གཡས་རྡོ་རྗེས་དགྲ་མགོ་གཟིར་ཞིང་གཡོན་མི་སྙིང་འཛིན་པ། དར་དམར་གྱི་བེར་དང་བརྗིད་པའི་ཆས་ཅན་ཁྲོ་བཏུམ་རྔམས་པའི་ཚུལ་དུ་གནས་པ། འཁོར་གིང་ཆེན་སྡེ་བཞི། ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ། དགྱེས་སྡེ་མོ་བཅུ་གཉིས་རྣམས་དང་། ཀླད་ན་བྱ་ཁྲ་ལྡིང་ཞིང་། མདུན་ན་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་རྡེབ། གཡོན་ན་དོམ་བུ་ངར་བ། རྒྱབ་ན་ལྕགས་སྤྱང་འབྲེང་བ་སྟེ། ཟ་བྱེད་མཆེ་བ་ཅན་སོགས་དྲེགས་པའི་ཚོགས་ཀྱིས་བསྐོར་བའི། སྤྱི་བོར་ཨཱོྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཞེས་གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས། རི་བོ་མ་ལ་ཡ་དང་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་སོགས་ནས་དམ་ཅན་འཁོར་བཅས་སྤྱན་དྲངས་པར་བསམ་ལ། མདའ་དར་གྱིས་གཡབ་ཅིང་ར་ཚིལ་དང་སྤོས་དཀར་གྱི་དུད་པ་དང་བཅས་ཏེ། ཀྱཻ༔ རྒྱལ་བ་ཤཱཀྱའི་བསྟན་པ་ལ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ རྡོ་རྗེ་ལེགས་པ་གཤེགས་སུ་གསོལ༔ ཉི་མ་ནུབ་ལ་མངའ་མཛད་པའི༔ གནམ་ས་ཕྱེད་ཀྱི་བདག་པོ་སྟེ༔ འཛམ་བུ་གླིང་གི་སྐྱེས་གཅིག་པུ༔ དགྲ་བླ་ཆེན་པོ་གཤེགས་སུ་གསོལ༔ འུ་ཡུག་ཤངས་ཀྱི་གནས་མཆོག་ན༔ སྐྱེས་མཆོག་སྐུ་འཁོར་གྲ་རྒྱས་པོ༔ རྒྱ་བོད་མདོ་གཙང་ཀུན་གྱི་བདག༔ བཙན་རྒོད་ཆེན་པོ་གཤེགས་སུ་གསོལ༔ གཙུག་ལག་ཆོས་འཁོར་དབེན་གནས་དང༔ གནས་མཆོག་དམ་པ་གར་བཞུགས་ཀྱང༔ དུངས་པའི་ཡིད་ཀྱིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་སཱ་དྷུ་ཏྲི་ཤཱུ་ལ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛཿཛ༔ ཞེས་པས་སྤྱན་དྲངས། ཧཱུྃ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ དེང་གི་གནས་མཆོག་དམ་པ་འདིར༔ དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ༔ དམ་རྫས་སྨན་གཏོར་རཀྟ་དང༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ དམ་ཅན་འཁོར་དང་བཅས་ལ་འབུལ༔ སྐྱེས་མཆོག་ཐུགས་དམ་སྐོང་གྱུར་ཅིག༔ བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཤཱུ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྩ་སྔགས་ཀྱི་མཐར་མ་ཧཱ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཕྱི་ནང་གི་མཆོད་པ་རྣམས་ཀྱིས་མཆོད། བསྟོད་པ་ནི། ཀྱཻ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ འུ་ཡུག་ཤངས་ཀྱི་བྲེ་མོ་ན༔ ལྕགས་མཁར་གནམ་དུ་ཟངས་སེ་ཟངས༔ ཕོ་བྲང་དེ་ཡི་ནང་ཤེད་ན༔ ཕ་ནི་བདུད་ལ་མ་ནི་དམུ༔ དམུ་བདུད་བཤོས་པའི་མཐུ་བོ་ཆེ༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང༔ མངོན་ཤེས་རྫུ་འཕྲུལ་སྟོབས་ཀྱི་བདག༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ སྐད་ཅིག་ཡུད་ལ་སྟོང་གསུམ་བསྐོར༔ སྐུ་ལ་དར་དམར་བེར་ཆེན་གསོལ༔ དབུ་ལ་སག་ཞུ་སྨུག་པོ་གསོལ༔ སྐུ་མདོག་དམར་ནག་ཁྲོས་པའི་ཞལ༔ རྣོ་གདུག་མཆེ་བ་རབ་ཏུ་གཙིགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པ་དགྲ་སྙིང་ཞལ་དུ་གསོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར། །སྐྱེས་བུ་ཆེན་པོ་འཁོར་བཅས་ལ༔ རབ་གུས་དང་བས་བདག་བསྟོད་དོ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་ནས་ཀྱང༔ དབང་བསྐུར་གསང་བའི་མཚན་ཡང་བཏགས༔ གསང་སྔགས་བཀའ་ཡི་སྲུང་མར་བཅོལ༔ གཏེར་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན༔ མཆོད་གཏོར་བཤོས་བུ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད་ཅིང་ཕྲིན་ལས་གསོལ། བསྟོད་པ་རྣམ་གྲངས་མང་དུ་ཡོད་ཀྱང་འདིར་དེ་ཙམ་གྱིས་ཆོག་ཤེས་པར་བྱའོ། །བཟླས་པ་ནི། དམ་ཅན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ ཞེས་བཟླ་ཞིང་། འབོད་རྦད་གསད་གསུམ་གྱི་སྔགས་ཀྱི་ཁྱད་པར་དང་རྣམ་གྲངས་ཇི་སྙེད་ཡོད་ཀྱང་འདི་ཙམ་གྱིས་ཆོག་གོ །བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། སྐོང་བཤགས་ཕུད་སྐོང་སོགས་སྤྲོ་ནའང་འདིར་བྱ་ཞིང་། ཐུན་མཐར་གཏོར་མ་འབུལ་བ། གཏང་རག་བཟོད་གསོལ་སོགས་སྤྱི་དང་འདྲའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་བྱས། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས། འདིར་བསྟན་པའི་བཀའ་སྲུང་ཆེན་པོ་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་དམ་ཅན་སྐྱེས་བུ་ཆེན་པོ་འདི་ཉིད་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རྣམ་པར་འཕྲུལ་པ་སྟེ། དེ་ཡང་འོག་མིན་རྣམ་སྣང་གི་སྤྱན་སྔར་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པའི་ཚུལ་དུ་བཞུགས་པ་དང་། མ་ལ་ཡར་གསང་བའི་བདག་པོའི་སྤྱན་སྔར་དམ་ཚིག་གི་རྡོ་རྗེ་ལེགས་པའི་ཚུལ་དང་། བསྟན་པ་སྲུང་བའི་ཆེད་དུ་རྒྱ་བོད་ཆོས་འཁོར་རྣམས་སུ་སྐྱེས་བུ་རྡོ་རྗེ་ལེགས་པའི་ཚུལ་དུ་བཞུགས་པ་སྟེ། དེ་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཀའ་བསྒོས་ཤིང་གཉེར་གཏད་ནས་ཆོས་སྐྱོང་བའི་སྲུང་མར་མངའ་གསོལ། རང་ཉིད་ཀྱིས་ཁས་བླངས་ཤིང་དམ་ལ་ཞུགས་པ་ལ་བརྟེན་ནས། གཙུག་ལག་ཆོས་འཁོར་བསྟན་པ་བསྟན་འཛིན་དང་བཅས་པ་སྐྱོང་བ་ལ་གཡེལ་བ་མེད་པའི་དམ་ཚིག་དང་ལྡན་པ། ནང་དུ་འཇམ་ཞིང་བཀྲ་ཤིས་ལ་སྙིང་ཉེ། ཕྱི་རུ་དཔའ་ཞིང་གཏུམ་ལ་མཐུ་རྩལ་ཆེ་བ། དམ་ལ་གནས་ཤིང་ཕྲིན་ལས་མྱུར་བ། འདི་ཉིད་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ཀྱི་སྙིང་པོའི་གནད་འདུས་ཤིང་ཁྱད་པར་འཕགས་པ་རཏྣའི་གཏེར་བྱོན་དང་རྗེས་སུ་འབྲེལ་བའི་སྲོག་དབང་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ། གསོལ་བ་གདབ་པ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྐྱེས་མཆོག་རྡོ་རྗེ་ལེགས་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ། ཚོགས་གསག་རྒྱུན་བཤགས་གང་འོས་བྱ། སློབ་དཔོན་དང་སློབ་མ་ཕྱག་རྡོར་དུ་བསྐྱེད་ནས། གཏོར་མ་མདུན་བསྐྱེད་བཞིན་གསལ་འདེབས་པའི་དམིགས་པ་ཕོག །སློབ་དཔོན་ལ་གུས་འདུད་དུང་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དམ་ཅན་གྱི་ཐུགས་རྒྱུད་བསྐུལ་བས་འདར་ཞིང་ཞུམ་པ་དང་བཅས་ཏེ། རྗེ་ལ་འབངས་ཀྱིས་འདུད་པ་ལྟར་སློབ་མའི་ཕྲིན་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་འཐོན་དུ་གྱུར་པར་བསམ་ལ། གཏོར་མ་སློབ་བུའི་སྙིང་གར་བཞག་སྟེ། ཧཱུྃ་ཧྲཱི༔ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་སྲུང་མར་གཏད་པར་བྱ༔ རྟག་ཏུ་མཆོད་བསྟོད་བརྩོན་པར་གྱིས༔ ཨཱོྃ་བཛྲ་སཱ་དྷུ་ས་མ་ཡ་སིདྡྷི་ཕ་ལ་ཨཱ་བེ་ཤ་ཡ་ཛཿཛ༔ ཞེས་དང་བཀའ་བསྒོ་བ་ཅི་རིགས་བྱས་པས་དམ་ཅན་ཉིད་དགྱེས་ཤིང་ཆགས་པས་རང་འདྲ་དཔག་མེད་སྤྲོས། སློབ་མའི་སྙིང་གར་ཐིམ་པས་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་བསམ། སྐུའི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དམ་ཅན་གྱི་ཐུགས་རྒྱུད་བསྐུལ་ཞལ་ནས་སྔགས་ཕྲེང་ཐོན་སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་ཞིང་། ལག་ཏུ་སྐུ་གཟུགས་དང་བླ་རྡོ་གཏད་དེ། ཧཱུྃ༔ ལས་ཀྱི་དབང་གི་དྲེགས་པ་ནི༔ དགྲ་བླ་རྡོ་རྗེ་ལེགས་པ་སྟེ༔ དབང་བསྡུས་ཟིལ་གྱིས་མནན་ནས་ནི༔ བྲན་དང་ཁོལ་པོ་ཡང་གཡོག་དང༔ འབངས་ཀྱི་ཚུལ་དུ་ཁྱོད་ལ་གཏད༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ བཀའ་དང་དམ་ལ་གནས་པར་འགྱུར༔ བཛྲ་སཱ་དྷུ་ས་མ་ཡ་རཱ་ཙ་ཏྲི་ཛ་ཝ་ཤཾ་ཀུ་རུ་ཧཱུྃ་ཕཊ༔ ཅེས་དང་། དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བ་ལས། བླ་མའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་དེའི་ཐུགས་ཀ་ནས་སྔགས་ཕྲེང་ཞལ་ནས་ཐོན་པ། སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་ཞིང་། སྲོག་སྔགས་རྗེས་ཟློས་ཀྱི་བཟླས་ལུང་ཡང་བྱ། གསུང་གི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དམ་ཅན་གྱི་སྙིང་གའི་ཏྲི་ཡིག་དེ་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་བཞིན་ཕྲོགས་པ་སློབ་མའི་སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། ཕྱག་མཚན་གཉིས་ལག་གཡས་གཡོན་དུ་གཏད་དེ། ཧཱུྃ༔ པདྨ་ཧེ་རུ་ཀཿཡི་སྤྲུལ་པ་སྟེ༔ བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ རྡོ་རྗེས་ཕོ་རྒྱུད་ཕོ་ཉར་འགྱེད༔ ཙིཏྟས་མོ་རྒྱུད་ལས་ལ་འཛུད༔ རྡོ་རྗེ་ལེགས་པའི་དབང་ཐོབ་ཤོག༔ ཙ་ཏྲི་ཤཱུ་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨཱོྃ་ཨཱཿཧཱུྃ༔ ཞེས་པ་ཐུགས་ཀྱི་རྗེས་གནང་ངོ་། །མཐར་གཏོར་མ་ལ་བདུད་རྩིས་བྲན་འབྲུ་གསུམ་གྱི་བྱིན་གྱིས་བརླབས། དེ་ལས་ཅུང་ཟད་བླངས་ཏེ་སློབ་མ་ལ་སྟེར། སློབ་མའི་དེ་ལས་སླར་ཡང་གཏོར་མར་བྲན་པའི་ཚུལ་ཙམ་བྱས་ཏེ་དམ་བསྲེའོ། །དམ་ཚིག་བླ་མ་ལ་གུས་ཤིང་མཆོད་གཏོར་ལ་བརྩོན་པར་སྒྲག་པ་སོགས་སློབ་མ་དང་། མདུན་བསྐྱེད་ཀྱི་རྗེས་ཀྱི་བྱ་བ་རྣམས་ནི་སྤྱི་དང་འདྲའོ། །འ༵གྱུར་མེ༵ད་དམ་བཅས་རྡོ༵་རྗེ༵འི་ཐེག །སྐྱོང་མཛད་སྒྲུབ་ཐབས་མཐའ་ཡས་ལས། །ཉེར་མཁོའི་སྙིང་པོ་རྗེས་གནང་ཁྲིགས། །གཏེར་ཁ་གཉིས་དང་མཐུན་པར་སྤེལ། །སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས་ (Volume 62, Text 54)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་བཞུགས་སོ༔ ྈྈྈྈྈྈྈྈ ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་ནི༔ སྔོན་དུ་མངོན་རྫོགས་རྒྱལ་པོ་ཡི༔ ཀུན་དྲིལ་ཟབ་པའི་དབང་བཞི་བསྐུར༔ དེ་ཡི་རྗེས་སུ་སློབ་དཔོན་ཉིད༔ གང་ལ་མོས་པའི་རིག་འཛིན་གསལ༔ ནམ་མཁར་དུས་གསུམ་སངས་རྒྱས་དང༔ རྫོགས་པ་ཆེན་པོའི་རིག་འཛིན་རྣམས༔ བར་དུ་ཡི་དམ་མཁའ་འགྲོའི་ཚོགས༔ མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ༔ སྙན་བརྒྱུད་གདམས་པ་གསུང་བར་སྒོམས༔ སློབ་དཔོན་རང་གི་ཆ་ལུགས་གཟབ༔ ཁྲི་ཡི་སྟེང་བཞེངས་སློབ་མ་ཡི༔ སྤྲོ་བསྐྱེད་གལ་ཆེན་བར་རྣམས་སྦྱར༔ ཕྱག་ནི་སྤྱི་བོའི་གཙུག་བཞག་སྟེ༔ ཨ་ཧ་ཡི་ཧོ༔ ཨ་ནི་སྐྱེ་མེད་གསལ་བ་འོ༔ ཧ་ནི་མ་བཅོས་ཐད་ཀར་འཇོག༔ ཡི་ནི་བདེ་བ་ཆེན་པོ་ལ༔ ཧོ་ནི་དབྱེ་བ་མེད་པ་འོ༔ ཨ་ཧ་ཡི་ཧོ༔ ལག་པས་བྱིན་རླབས་ནམ་མཁར་བལྟ༔ སེམས་དང་ནམ་མཁའ་གཉིས་སུ་མེད༔ ནམ་མཁར་དངོས་པོ་ཡོད་མེད་བརྟག༔ སེམས་ལ་གཏད་སོ་ཡོད་མེད་བརྟག༔ དེ་གཉིས་མེད་པས་དམིགས་པ་མེད༔ འོན་ཀྱང་ངོ་བོ་གསལ་བ་འོ༔ སྒོམ་ཤིང་ཨོག་འཁར་བཙུགས་བྱས་ནས༔ ལུས་བསྲངས་དབང་པོ་ཐད་ཀར་གཞག༔ ལུས་དང་སེམས་གཉིས་ཐ་དད་དམ༔ ལུས་ཀྱི་དབང་པོ་གང་ནས་བྱུང༔ སེམས་ཀྱིས་ཡུལ་ལ་གང་ནས་ཁྲིད༔ དེ་གཉིས་དབྱེར་མེད་ཇི་ལྟ་བུ༔ སེམས་ནི་དམིགས་པ་མེད་པ་སྟེ༔ གང་ཡང་གནས་པ་མ་ཡིན་ནོ༔ མི་རྟོག་པ་སྟེ་ངོ་མཚར་ཆེ༔ སྒོམ་ཐག་ལུས་ལ་བསྐོན་བྱས་ཏེ༔ འོག་རླུང་ཡིད་ཙམ་འཐེན་བྱས་ལ༔ བདེ་བ་ཆེན་པོའི་རང་བཞིན་ལས༔ སེམས་འདི་འདས་པར་མ་གྱུར་ཏེ༔ འོན་ཀྱང་དམིགས་སུ་མེད་པས་ན༔ བདེ་བ་དེ་ལ་འཛིན་པ་བྲལ༔ རང་བྱུང་བདེ་ཆེན་ངོ་མཚར་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ ལྕེ་ནི་གང་དུའང་མ་རེག་བྱ༔ ཕྱི་ནང་འཁོར་འདས་ཆོས་ཐམས་ཅད༔ གསལ་ལ་དམིགས་མེད་བདེ་བ་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ དེ་གསུམ་དབྱེར་མེད་ངོ་བོ་ཉིད༔ འཁོར་འདས་ཐམས་ཅད་ཀློང་དུ་ཆུབ༔ མན་ངག་ཀློང་ཆུབ་གདམས་ངག་བསྒོམ༔ དེ་ནས་མངོན་རྫོགས་ཚེ་དབང་བསྐུར༔ ནང་སྐོར་ཁྲིད་ཀྱི་བྱིན་རླབས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
ཟ་ཡིག་ནོར་བུའི་བང་མཛོད་ཀྱི་ཞལ་ཤེས་ (Volume 42, Text 54)
ཟ་ཡིག་ནོར་བུའི་བང་མཛོད་ཀྱི་ཞལ་ཤེས་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི། ཟ་ཡིག་ནོར་བུའི་བང་མཛོད་ལས། ཞལ་ཤེས་ཀྱི་རིམ་པ་གུད་དུ་སྦས་པ་ནི། ༼༡༽ཚེ་དང་བསོད་ནམས་རྒྱས་པར་འདོད་ན། མདུན་མཁར་ཚེ་དཔག་མེད་སྤྱི་ལྟར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བཅུད་དང་། སྐྱེ་འགྲོའི་ཚེ་བསོད་ཐམས་ཅད་བསྡུས། ཚེ་དཔག་མེད་པའི་སྐུ་ལ་ཐིམ། སྐུ་འོད་དུ་ཞུ་ཟ་ཡིག་ལ་ཐིམ། དེ་ཟོས་པས་ཚེ་དང་བསོད་ནམས་རྒྱས་པར་བསམ་ཞིང་། ཨོཾ་བཛྲ་ཨཱ་ཡུ་ཥེ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་སྭཱ་ཧཱ། ཞེས་པའི་སྔགས་འདི་བརྒྱའམ་ཉི་ཤུ་རྩ་གཅིག་ལས་མི་ཉུང་བར་བཟླའོ། ༼༢༽ཤེས་རབ་སྐྱེད་པར་འདོད་ན། ཟ་ཡིག་དེ་དྷཱིཿདམར་སེར་འོད་འབར་བར་གྱུར་པ་ལས་འོད་འཕྲོས་རྒྱལ་བའི་མཁྱེན་རབ་མ་ལུས་པའི་བཅུད་བསྡུས་དྷཱིཿལ་ཐིམ། དེ་འོད་དུ་ཞུ་ནས་རང་ལ་ཐིམ། རང་མཁས་པའི་དབང་ཕྱུག་ཏུ་གྱུར་པར་བསམ་ལ། ཨོཾ་ཝཱ་གཱི་ཤྭ་རི་མུཾ་པྲ་ཛྙཱ་སིདྡྷི་ཕ་ལ་ཧཱུྃ། ཞེས་པའི་སྔགས་འདི་བརྒྱ་རྩ་སོགས་བཟླའོ། ༼༣༽།རྩོད་པ་ལས་རྒྱལ་བར་འདོད་ན། ཟ་ཡིག་སྔགས་འགྱུར་གྱི་སྐབས་ལྟར་དམིགས་ལ་བཟའ། ཕ་རོལ་པོ་དེའི་མགྲིན་པའི་ནང་གསེར་གྱི་མཆོད་རྟེན་གྱིས་ཁེངས་པས་ངག་མནན་པར་བསམ་ལ། ཨོཾ་པུཎྱེ་མ་ཧཱ་པུཎྱེ་སྭཱ་ཧཱ། ཞེས་པའི་སྔགས་འདི་བརྒྱ་རྩ་བཟླའོ། །ཕ་རོལ་པོའི་དྲི་རྫས་གང་རྙེད་དང་སྦྱར་བའི་ལིངྒ་མིང་རུས་ལྡན་པ་རང་གི་སྟན་འོག་ཏུ་བཅུག ༼༤༽།དབང་སྡུད་སྐབས། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་རྣམ་པར་འཕྲོས། སྤྱི་དང་སྒོས་གང་རུང་ལ་ཕོག །སྙིང་ནས་བསྡུས། རང་ལ་ཐིམ། དབང་དུ་གྱུར་པར་བསམ་མོ། ༼༥༽གཏད་དང་བྱད་ཁ་ཞི་བའི་སྐབས། རང་བླ་མ་ཡི་དམ་གང་རུང་དུ་བསྒོམས་ནས་ཟོས་པས། སྔགས་ཀྱི་མཐུས་བྱད་མ་མཁན་རང་དབང་མེད་པར་ཕར་ཟློག་པར་བསྒོམ། ༼༦༽ས་བདག་གི་ནད་ཞི་བའི་སྐབས། རང་ཁྱུང་ངམ་གསང་བདག་ཏུ་བསྒོམ། རྫས་ལ་བོང་ང་དམར་པོ་བསྣན། ༼༧༽ ༼༨༽ངག་འགྲོལ་གྱི་སྐབས། ཕ་རོལ་གནོད་བྱེད་བྱད་མ་སོགས་སཏྭམྦྷ་ཡ་ནན་ཞེས་པ་བྲིས་ལ་རང་འོག་ཏུ་བཅུག །ཟ་ཡིག་ཟོས་པས་ལྕེ་རལ་གྲི་འབར་བར་གྱུར་ཏེ། མི་མཐུན་པའི་ཕྱོགས་ཐམས་ཅད་བསྲེགས་ཤིང་གཅོད་པར་བསམ། ༼༩༽ ༼༡༠༽གཟེར་དང་སྨྱོ་འབོག་ཞི་བྱེད་ཀྱི་སྐབས། ཟ་ཡིག་བརྟེན་རྗེས་རླུང་ཕྱིར་འབུད་ཅིང་། དམིགས་པ་བ་སྤུའི་བུ་ག་ནས་ནད་ཕྱིར་བུན་བུན་སོང་བར་བསམ། ༼༡༡༽ནད་རིམས་ཞི་བའི་སྐབས། རང་ལུས་ཡི་གེ་ཨ་དཀར་པོས་གང་བར་བསམ། སྒོ་དགུ་ལ་མཆིལ་མ་བྱུག ༼༡༢༽།རྨི་ངན་ཞི་བའི་སྐབས། ཟ་ཡིག་ཟོས་པས་རང་ལུས་ཧཱུྃ་འོད་ཟེར་འཕྲོ་བར་གྱུར་པར་བསམ། ༼༡༣༽མཚོན་སྲུང་སྐབས། ཨོཾ་ཏདྱ་ཐཱ་ཟི་ཟེ་ཕཊཿ ཨོཾ་ཙི་ཙི་དྲུཾ་དྲུཾ་གྲིལ་གྲིལ་ལཾ་ལཾ་སོད་སྭཱ་ཧཱཿ ཞེས་བཟླ། ༼༡༤༽ ༼༡༥༽ས་གཉན་བརྐོས་པ་སོགས་ཀྱི་གནོད་པ་ཞི་བའི་སྐབས། ཟ་ཡིག་བརྟེན་པས་རང་ལུས་ཕྱག་རྡོར་གྱི་ངོ་བོ་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་མེ་འབར་བར་གྱུར་པར་བསམ། ༼༡༦༽ ༼༡༧༽ཆུང་སྲི་ཕོ་མོའི་བར་ཆད་སྲུང་བའི་སྐབས། ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ། ཅེས་པའི་སྔགས་ཀྱིས་རབ་གནས་བྱེད། ཟ་ཡིག་བརྟེན་པས་བསྒྲུབ་བྱའི་ལུས་རྡོ་རྗེར་གྱུར་པར་བསམ། ༼༡༨༽སྔགས་ནུས་རྒྱས་བྱེད་སྐབས། ཟ་ཡིག་བརྟེན་པས་རང་གི་ཡ་སོ་དཔའ་བོ་དང་། མ་སོ་དཔའ་མོར་གྱུར། སྔགས་བཟླས་པ་ཙམ་གྱིས་སྐུ་ཡིས་གར་མཛད། གསུང་གིས་སྔགས་སྒྲ་སྒྲོག་པས་ཞི་རྒྱས་དབང་དྲག་གི་ལས་གང་ཡིན་ཐམས་ཅད་འགྲུབ་པར་བསམ། ༼༡༩༽ ༼༢༠༽རྩོད་པ་རྒྱལ་བ་གོང་གི་རྩོད་རྒྱལ་དང་མཚུངས། ༼༢༡༽གཉན་དང་ཁོང་ལྷོག་སྲུང་སྐབས། ཟ་ཡིག་ཟོས་པས་ཁོ་རང་གི་ཁོང་པའི་ནང་ཁྱུང་གིས་གང་སྟེ་ཏིལ་གྱི་གོང་བུ་ལྟར་གྱུར་པར་བསྒོམ། ༼༢༢༽གྲིབ་སེལ་གྱི་སྐབས། རྫས་ལ་ཨ་མྲྀཏ་སེལ་མེད་བསྣན། ཟོས་རྗེས། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ལཾ་བཾ་ཧོཿ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་སརྦ་པཱ་པཾ་ཤུདྡྷེ་ཨ་ཨ་ཨཿ ཞེས་བཟླའོ། ༼༢༣༽།ཤུ་ཐོར་སྲུང་བའི་སྐབས། རྫས་ལ་གླ་རྩི་བསྣན། ཨོཾ་ག་རུ་ཌ་སྭཱ་ཧཱ། ནཱ་ག་རཱ་ཛ་སོད། ཅེས་པས་རབ་གནས་བྱ། ༼༢༤༽ལོངས་སྤྱོད་འཕེལ་བའི་ཟ་ཡིག་ལ། རྫས་རིན་པོ་ཆེ་ལྔ། སྙིང་པོ་ལྔ། དྲི་ལྔ། སྨན་ལྔ། འབྲུ་ལྔ་རྣམས་བྱུག །རང་ཚེ་དཔག་མེད་དུ་བསྒོམས་ལ་ཟའོ། །ཡིག་ཆུང་འདི་ཅུང་འདྲ་མིན་གཉིས་ལས་བཏུས་ཏེ་བྲིས་པ་དགེ །མངྒ་ལཾ།། །།
ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་རྒྱས་པའི་ལས་ལས་ལྷ་མོ་ཆེན་མོ་བརྟན་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ (Volume 51, Text 54)
༁ྃ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱི་རྒྱས་པའི་ལས་ལས་ལྷ་མོ་ཆེན་མོ་བརྟན་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བཞུགས་སོ༔ རྒྱས་པའི་ལས་ྀཨཚ༔ ྈྈྈྈྈྈྈྈྈྈྈྈ བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་རྒྱས་ཤིང༔ འབྲས་བུ་ལོ་ཕྱུགས་ཀུན་ལ་བདེ་ལེགས་རྒྱས་ཤིང་ཡུལ་ཕྱོགས་བཀྲ་ཤིས་པའི་ཕྱིར༔ ས་ཡི་ལྷ་མོ་བརྟན་མ་སྒྲུབ་ཅིང་ལས་ཚོགས་དང་བཅས་པ་བསྟན་པ་ནི༔ དང་པོ་སྦྱོར་བ་དགོས་ཆེད་ལ༔ དགོས་དོན་ནི༔ རྣལ་འབྱོར་པས་ཡུལ་གསར་གཟུང་བ༔ ཡུལ་རྙིང་ཉམས་པ་གསོ་བ༔ གཏེར་བུམ་སྦ་བ༔ ཆར་ཆུ་འབེབ་པ༔ ནོར་སྒྲུབ་པ༔ སད་སེར་བཀག་པ༔ འབུ་བཙའ་སྲུང་བ༔ ནོར་ཕྱུགས་སྤེལ་བ༔ གོད་ཁ་སྲུང་བ་སོགས་བསོད་ནམས་སྤེལ་བའི་ལས་གང་བྱེད་ཀྱང༔ སྔོན་དུ་ས་ཡི་ལྷ་མོའི་སྒྲུབ་པ་བྱེད་པ་གལ་ཆེ་འོ༔ དེ་ཡང་སྒྲུབ་པའི་ཐབས་ཀྱི་བཅས་ཀྱི་རིམ་པ་ནི༔ གར་འདུག་དབེན་པའི་གནས་སུ་ས་སྟེགས་གྲུ་བཞིའི་སྟེང་དུ་པདྨ་དཀར་པོ་འདབ་བརྒྱད་བྲིས་ལ༔ ལྟེ་བ་ལ་བུམ་པ་ཆས་ལྡན་ཉེར་ལྔ་ཁྲོལ་བུར་བླུགས་པའི་དཀྱིལ་དུ་ས་ཡི་ལྷ་མོའི་སྙིང་པོ་གསེར་གྱིས་བྲིས་པ་བཅུག༔ དར་སྣས་དྲིལ༔ དེའི་སྟེང་དུ་བུམ་གཏོར་ཟན་ལ་སྨན་སྣ་རིན་ཆེན་གྱིས་སྦྲུས་པ་བཞག༔ དེ་ས་ཡི་ལྷ་མོར་བསམ༔ པདྨ་འདབ་བརྒྱད་ལ་བཤོས་བུ་བཞི་དང༔ དགོས་ཤིང་གྲུབ་ན་བུམ་པ་བཞི་བཞག༔ ལྷ་མོ་བཞི་དང་ཀླུ་བཞིར་བསམ༔ དེ་རྒྱབ་ཡུལ་ཁམས་དེའི་གཞི་བདག་ལ་བཤོས་བུ་པད་འདབ་ཅན་བརྒྱད་ཀྱིས་བསྐོར༔ དེ་རྒྱབ་འབྲང་རྒྱས༔ གཡག་ལུག་ར་གསུམ༔ ཕྱི་བ༔ དཀར་གསུམ་མངར་གསུམ༔ ཕྱེ་མར༔ དཀར་ཐུད༔ འབྲུ་ཟས༔ སྨན་སྣ༔ དར་ཟབ༔ རིན་ཆེན་སྣ་ཚོགས་ཀྱིས་བསྐོར་ནས་བཤམ༔ དར་དཀར་པོ་ལ་ར་དཀར་མོའམ༔ བའི་འོ་མ་དང་མཚལ་གྱིས་སྙིང་པོ་བྲིས་ལ༔ མེ་ལོང་དང་བཅས་ཏེ་མདའ་ལ་བཏགས་ནས་གཟུག༔ དེ་རྒྱབ་རྩི་ཤིང་སྣ་ཚོགས་ཀྱིས་བསྐོར་ནས༔ བྱ་རི་དྭགས་ཀྱི་སྤུ་དང་ཚོན་སྣ་ཚོགས་ཀྱིས་བརྒྱན༔ གཙང་སྦྲ་བྱ་ཞིང་ཐབ་གཞོབ་རིགས་དང་སྤུ་གཞོབ་ལ་འཛེམ་པ་གལ་ཆེ༔ གཉིས་པ་དངོས་གཞི་སྒྲུབ་པའི་རིམ་པ་ནི༔ དེ་ནས་སྟན་བདེ་བ་ལ་སྡོད༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཡི་ལྷ་མོ་བསྒྲུབས་ནས་སེམས་ཅན་ཐམས་ཅད་བདེ་ལེགས་ཕུན་སུམ་ཚོགས་པར་བྱའོ་སྙམ་པས་སེམས་བསྐྱེད་སྔོན་དུ་བཏང་ནས་ཡུལ་ལྷ་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ༔ བགེགས་བསྐྲད་ནས་གཟུང་ལས་བྱང་རྒྱས་བསྡུས་གང་རིགས་གཞུང་བསྲང༔ བདག་ཉིད་མཁའ་འགྲོ་སེང་གདོང་མངོན་རྟོགས་ལྟར་གསལ་བར་བསྐྱེད་པའི་སྤྱི་བོར༔ གུ་རུ་པདྨ་སྐུ་མདོག་དཀར་དམར་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྤྱན་གསུམ་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྒྱ་སྟོང་གང་ལྕོགས་དང༔ བདག་སེང་གདོང་མར་གསལ་ལ་རྩ་བའི་བསྙེན་པ་འདི་ཁྲི་ཚོ་བྱ༔ ཨཿཀཿསཿམཿརཿཙཿཕཊ༔ ཅེས་ཡི་གེ་བདུན་པོ་བཟླ༔ དེ་ནས་མདུན་བསྐྱེད་ནི༔ སྟོང་པར་སྦྱང༔ སྟོང་པའི་ངང་ལས་མདུན་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཉམས་དགའ་བ༔ རྩི་ཤིང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྗོན་ཤིང་ལ༔ རིན་པོ་ཆེའི་དགོས་འདོད་འཕྲོ་བའི་གསེབ་ནས་བྱ་རིགས་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་ཅིང་རི་དྭགས་རྩེད་འཇོ་བྱེད་པ༔ དེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་པོ་འོད་ཟེར་འཕྲོ་བ༔ རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་ཅིང་མཛེས་པའི་གཟུགས་ཅན༔ ཕྱག་གཡས་རྒྱལ་མཚན་གཡོན་བུམ་པ༔ ཞབས་གཉིས་བཞེངས་པར་བསམ༔ དེའི་མདུན་ནས་བརྩམ་ཤར་དུ་སའི་ལྷ་མོ་སྐུ་མདོག་དཀར་མོ༔ གཡས་རྒྱལ་མཚན༔ གཡོན་བུམ་པ༔ ལྷོར་ཆུའི་ལྷ་མོ་སྔོན་མོ་གཡས་རྒྱལ་མཚན༔ གཡོན་བུམ་པ༔ ནུབ་ཏུ་མེའི་ལྷ་མོ་དམར་མོ་གཡས་རྒྱལ་མཚན་གཡོན་བུམ་པ༔ བྱང་དུ་རླུང་གི་ལྷ་མོ་ལྗང་གུ་གཡས་རྒྱལ་མཚན༔ གཡོན་བུམ་པ༔ མཚམས་བཞིར་ཀླུ་རིགས་བཞི༔ དེ་རྒྱབ་གཉན་ཆེན་དང་ས་བདག༔ དེ་རྒྱབ་བརྟན་མ་བཅུ་གཉིས་ཀྱིས་བསྐོར་བ༔ དེ་རྒྱབ་ཡུལ་དེའི་གཞི་བདག་རྣམས་ཀྱིས་བསྐོར་བར་བསམ༔ དེ་ཐམས་ཅད་བདག་ཉིད་བླ་མ་མཁའ་འགྲོའི་བཀའ་ཉན་གསུང་སྡོད་དུ་བསམས་ལ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ས་འོག༔ ས་སྟེང༔ ས་བླ་ཀུན་ནས་བསྒོམས་པའི་ལྷ་དངོས་རྣམས་བཀུག་ནས་གཉིས་མེད་དུ་ཐིམ་པར་ཡང་ཡང་གསལ་ལ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཨོཾ་བཛྲ་ཨ་ཀ་ཙི་ཤ་ར༔ ཌཱ་ཀི་ནཱི་སརྦ་དྷེ་ག་ཡ་རི་ཡ་རི་བཾ་གད་ཛ༔ ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལེ༔ དུམ་པ་ལེ་ལེ༔ ནཱ་ག་རཱ་ཙ་སིདྡྷི་ས་མ་ཡ་ཧཱུྃ་ཛ༔ ཞེས་ཞག་བདུན་བཟླས་ན༔ རྟགས་ནི་བུད་མེད་མཛེས་མ་རྒྱན་ཅན་གྱིས་ཟས་ནོར་ལ་སོགས་སྟེར་བ༔ བོན་པོ་སྔོན་པོ་དང༔ སྐྱེས་པ་ཆས་བཟང་དར་མ་ཟུང་གིས་ཟས་ནོར་སྟེར་བ་འོང༔ ངོ་ཤེས་མི་ཤེས་གང་ཡང་སྐྱེས་པ་བུད་མེད་སོགས་ཀྱིས་ཚིག་བཟང་པོ་སྨྲ་བ་འོང༔ རྟགས་མ་བྱུང་བར་ནན་ཏན་དུ་བསྒྲུབ་ཅིང༔ རྟགས་བྱུང་ནས་ཤིང་སྣའི་མེ་འབུད་ནས་བསང་བྱ༔ བུམ་པ་བུམ་གཏེར་གང་དགོས་ལས་ལ་འཇུག༔ ལས་སྦྱོར་གང་བྱེད་ཕྲིན་ལས་བཅོལ་ལོ༔ གསེར་སྐྱེམས་དཀར་གཏོར་གསར་པ་དང༔ ཕྱེ་མར་འོ་ཕུད་སོགས་འབྱོར་ཚད་བསང་ནང་དུ་མཆོད་ནས་འདི་སྐད་བརྗོད༔ ཀྱེ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ གཙོ་བོ་ལྷ་མོ་བརྟན་མ་དང༔ གནས་འདིར་བརྟེན་བཅས་ས་བདག་ཀླུ༔ གཞན་ཡང་ས་འོག་ས་སྟེང་དང༔ ས་བླ་ཆེན་པོའི་ས་བདག་དང༔ ཡུལ་ལྷ་ཀླུ་གཉན་མ་ལུས་རྣམས༔ སྒྲུབ་པ་པོ་ཡིས་སྤྱན་འདྲེན་ནོ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ པདྨའི་གདན་ལ་བཞུགས་སུ་གསོལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཁྱེད་ནི་རྫུ་འཕྲུལ་སྟོབས་དང་ལྡན༔ རྒྱ་མཚོ་ཆུ་ཀླུང་རི་བྲག་ནགས༔ བར་སྣང་ས་གཞི་ཀུན་གྱི་བདག༔ བཟང་ངན་གཉིས་ཀྱི་ཤན་ཐང་འབྱེད༔ སངས་རྒྱས་རྣམས་ཀྱི་བསྟན་པ་སྐྱོང༔ འགྲོ་བ་མི་དང་ལྷན་ཅིག་གནས༔ འདིར་བྱོན་དཀར་མངར་མཆོད་པ་བཞེས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཁྱད་པར་ས་ཕྱོགས་འདིར་གནས་པའི༔ ས་བདག་ཀླུ་གཉན་འཁོར་བཅས་རྣམས༔ འདིར་བྱོན་དཀར་གསུམ་མཆོད་པ་བཞེས༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ སྲིད་གསུམ་འགྲོ་བའི་མགོན་གྱུར་པ༔ འཛམ་གླིང་གླིང་བཞིའི་ས་བདག་ཀླུ༔ རྒྱ་གར་རྒྱ་ནག་ཧོར་དང་འཇང༔ བལ་ཡུལ་ལི་ཡུལ་བོད་ཁམས་ཡུལ༔ ས་ཡི་ལྷ་མོ་བརྟན་མ་དང༔ ས་བདག་ས་འཛིན་ཀླུ་ཆེན་བརྒྱད༔ འབྱུང་ལྔའི་ལྷ་མོ་སྨན་མོའི་ཚོགས༔ མ་མོ་བརྟན་མ་བཅུ་གཉིས་དང༔ འཁོར་གྱི་མ་ཡམས་བརྟན་མའི་ཚོགས༔ བོད་ཀྱི་མགུར་ལྷ་བཅུ་གསུམ་དང༔ ཕོ་ལྷ་དགྲ་བླ་གཉན་པོ་དང༔ ཡུལ་འདིའི་གཞི་བདག་བཅས་པ་ལ༔ འབྲས་དཀར་གཡག་ལུག་ར་གསུམ་འབུལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ སྨྱུག་རྒོད་དར་སྣའི་མཆོད་པ་འབུལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཕྱེ་མར་གསེར་གཡུའི་མཆོད་པ་འབུལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ མདའ་དར་བལ་ཚོན་མཆོད་པ་འབུལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ འབྲང་རྒྱས་ཆང་ཕུད་འོ་མ་འབུལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཤུག་པ་མཁན་དཀར་སུར་དཀར་གྱི༔ བསང་ཆེན་དུད་པའི་མཆོད་པ་འབུལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ གཞི་བདག་ཁྱེད་རྣམས་སྤྱན་ལམ་དུ༔ མཁོ་དགུ་ཅི་འདོད་ལྡན་གྱུར་ཅིག༔ ཁྱེད་རྣམས་ཅི་འདོད་ཚིམས་གྱུར་ཅིག༔ སྔོན་ཚེ་གཞི་བདག་ཁྱེད་རྣམས་ཀྱིས༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ བསམ་པ་ཡིད་བཞིན་མྱུར་དུ་སྒྲུབས༔ འདོད་པའི་དངོས་གྲུབ་མྱུར་དུ་སྩོལ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་འདོད་པའི་དོོན་ལ་གསོལ་བ་བཏབ༔ ནངས་མོ་རྟག་ཏུ་བསང་མཆོད་འདི་བཏང་བས༔ འདོད་དོན་ལྷུན་གྱིས་གྲུབ་ཅིང་ཡུལ་ཕྱོགས་བཀྲ་ཤིས་ལ་བདེ་ལེགས་སུ་འགྱུར་རོ༔ ྀཨཚ༔ གསུམ་པ་ལས་ལ་སྦྱར་བ་ནི༔ བུམ་གཏེར་སྦ་བ༔ ལས་ཕྲན་བསྒྲུབ་པའོ༔ དང་པོ་བུམ་གཏེར་སྦ་བ་ནི༔ སྤྱིར་ས་སློང་བ༔ དགོན་གསར་འདེབས་པ༔ དཀྱིལ་འཁོར་བཅའ་བ༔ ཡུལ་ཕྱོགས་སྲུང་བ༔ སད་སེར་སྲུང་བ༔ ཡུལ་དང་གཡང་ཉམས་པ་གསོ་བ་སོགས་དོན་ཆེན་ཐམས་ཅད་ལ་ས་ཡི་བུམ་པ་ལྔ་བྱས༔ ནང་དུ་སྙིང་པོ་ལྔ༔ ས་ཡི་ལྷ་མོ་སོགས་ཡིག་ཆུང་ལྟར་སྔགས་དང༔ ཀླུ་བརྒྱད་བ་རུ་ཎཱའི་སྙིང་པོ༔ རྟེན་འབྲེལ་སྙིང་པོ་བཅུག༔ དེ་ལ་སྦྲང་རྩི་སོགས་སྙིང་པོ་ལྔ༔ དར་ཟབ་སྣ་ཚོགས༔ སྨན་སྣ་ཚོགས༔ འབྲུ་སྣ་ཚོགས༔ རིན་པོ་ཆེ་སྣ་ཚོགས༔ རི་བཟང་གི་ས་རྡོ་ཤིང་གསུམ༔ རྒྱུན་ཆད་མེད་པའི་ཆུ་སྣ༔ སྒྲུབ་གཏོར་གྱི་ཕུད་ཆ་གཅིག༔ ས་གཡང་ཅན་མདོ་ཆེན༔ གནས་གྲགས་གང་ཆེའི་ས་སྣ་བཅས་བླུག༔ ཚོན་གྱིས་ཁ་དོག་ལྔར་བསྒྱུར༔ མགུལ་ཆིངས་བྱ༔ མར་མེ་གཅིག་ཀྱང་བཅུག༔ དེ་སྒྲུབ་པ་དང༔ ཁ་གསོ་བསྙེན་པ་བརྒྱ་རྩ་བྱས་ནས་ལག་ཏུ་བླངས་ཏེ༔ རྡོ་རྗེའི་རལ༔ གསེར་གྱི་འཇོར༔ དངུལ་གྱི་ཁེམ༔ གསེར་གཡུའི་སྐྱེམས་ཐོགས་ལ༔ དཀྱིལ་འཁོར་རམ༔ ཡུལ་ཞིང༔ སླས་ས༔ ཁང་ས༔ གཙུག་ལག་ཁང་སོགས་གང་ཡིན་ཡང་ཕྱོགས་བཞི་དབུས་ལྔའམ༔ གང་རུང་དུ་སྦ་སྟེ༔ དབུས་དང་ལྔར་གཏེར་ཁུང་བྲུས་ཤིང༔ ས་ཡི་ལྷ་མོས་གཏེར་ཁུང་གི་སྒོ་ཕྱེས་པར་བསྒོམ༔ དུང་གཅིག་ཀྱང་འབུད༔ དཔོན་སློབ་ཐམས་ཅད་ཀྱིས་དཀྱིལ་འཁོར་བསྐོར་ནས་ཞྭ་དང་ཕྱི་ནང་གི་གོས་རྙིང་ཕུད༔ དབང་གོས་གསར་བ་གྱོན༔ དབུ་རྒྱན་ཅོད་པན་གྱིས་བརྒྱན༔ ལག་གཡས་པས་བུམ་པ་བཟུང༔ ལག་གཡོན་པས་མེ་ཏོག་འཐོར་ཞིང་ཤར་ནས་རིམ་བཞིན་འདི་སྐད་དོ༔ ཧཱུྃ༔ སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས༔ ས་ཡི་ལྷ་མོ་མཁའ་ཕྱེས་ནས༔ ས་ཡི་ལྷ་མོའི་མཁའ་དབྱིངས་སུ༔ སྒྲུབ་པ་ལས་ཀྱི་གཏེེར་སྦ་འོ༔ ཧཱུྃ༔ རྡོ་རྗེ་སེམས་དཔའི་གཏེར་སྦ་འོ༔ རིན་ཆེན་བུམ་པའི་གཏེར་སྦ་འོ༔ སྙིང་པོ་ལྔ་ཡི་གཏེར་སྦ་འོ༔ དར་སྣ་ལྔ་ཡི་གཏེར་སྦ་འོ༔ སྨན་སྣ་ལྔ་ཡི་གཏེར་སྦ་འོ༔ འབྲུ་སྣ་ལྔ་ཡི་གཏེར་སྦ་འོ༔ རིན་ཆེན་ལྔ་ཡི་གཏེར་སྦ་འོ༔ དམ་རྫས་གཏོར་མའི་གཏེར་སྦ་འོ༔ ཆུ་བོ་བཞི་ཡི་གཏེར་སྦ་འོ༔ རི་རྒྱལ་ལྷུན་པོའི་གཏེར་སྦ་འོ༔ ཧཱུྃ༔ ཡིད་བཞིན་གཏེར་ཆེན་འདི་སྦས་པས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས༔ ནམ་ཞིག་སྐྱེ་འཆིའི་དུས་བྱུང་ཚེ༔་་་ཚིག་བསྒྱུར་ན་ཡུལ་ཕྱོགས་ས་ཕྱོགས་རྒྱལ་ཁམས་སུ། གཏེར་ཁྱེད་སྦས་པའི་བྱིན་རླབས་ཀྱིས༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག༔ སྙིང་པོ་ལྔ་ཡི་གཏེར་སྦས་པས༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག༔ དར་སྣ་ལྔ་ཡི་གཏེར་སྦས་པས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ སྨན་སྣ་ལྔ་ཡི་གཏེར་སྦས་པས༔ ནད་ཀྱི་བསྐལ་པ་ཞི་བར་ཤོག༔ འབྲུ་སྣ་ལྔ་ཡི་གཏེར་སྦས་པས༔ མུ་གེའི་བསྐལ་པ་ཞི་བར་ཤོག༔ རིན་ཆེན་ལྔ་ཡི་གཏེར་སྦས་པས༔ རིན་ཆེན་གཏེར་ལ་ལོངས་སྤྱོད་ཤོག༔ ལྕགས་སོགས་མཚོན་གྱི་གཏེར་སྦས་པས༔ མཚོན་གྱི་བསྐལ་པ་ཞི་བར་ཤོག༔ དམ་རྫས་གཏོར་མའི་གཏེར་སྦས་པས༔ མི་ཟད་ཟས་ནོར་འཕེལ་བར་ཤོག༔ ཆུ་བོ་བཞི་ཡི་གཏེར་སྦས་པས༔ ཆར་ཆུ་དུས་སུ་འབབ་པ་དང༔ ལོ་ཕྱུགས་རྟག་ཏུ་འཕེལ་བར་ཤོག༔ རི་རྒྱལ་ལྷུན་པོའི་གཏེར་སྦས་པས༔ ཡིད་བཞིན་རེ་བ་སྐོང་བ་དང༔ བསམ་པ་ཐམས་ཅད་འགྲུབ་གྱུར་ཅིག༔ རྡོ་རྗེ་རིན་ཆེན་པདྨ་ལས༔ ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ༔ སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་བོ༔ བཛྲ་ཨཱ་ཡུཿསིདྡྷི་བྷྲཱུྃ༔ དེ་བཞིན་རིམ་པར་གོང་གི་འགྲེས་ཀྱིས་ཚིག་ཁ་བསྒྱུར་ཏེ༔ ཧཱུྃ༔ སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས༔ ཞེས་པ་ནས། ཧཱུྃ༔ རིན་ཆེན་འབྱུང་ལྡན་གཏེར་སྦ་འོ༔ ཞེས་སོགས། ཧཱུྃ༔ སྣང་བ་མཐའ་ཡས་གཏེར་སྦ་འོ༔ ཞེས་སོགས། ཧཱུྃ༔ དོན་ཡོད་གྲུབ་པའི་གཏེར་སྦ་འོ༔ ཧཱུྃ༔ རྣམ་པར་སྣང་མཛད་གཏེར་སྦ་འོ༔ ཀུན་གྱི་རྗེས་སུ་སྦས་ཚར་ནས་རབ་གནས་བྱ་སྟེ༔ རྡོ་རྗེ་དྲིལ་བུ་དང་བཅས་ནས་མེ་ཏོག་འཐོར་ཏེ༔ ཧཱུྃ༔ རིན་ཆེན་བུམ་པའི་གཏེར་སྦས་པས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ ཡེ་ཤེས་ཐུགས་ཀྱི་དབང་ཐོབ་ཤོག༔ ཚེ་དབང་ཕུན་སུམ་ཚོགས་པར་ཤོག༔ བསོད་ནམས་དམ་པ་ཐོབ་གྱུར་ཅིག༔ སྭསྟི་བྷྲཱུྃ་མངྒ་ལཾ༔ ཞེས་སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གང་ཤེས་བྱ༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ༔ ྀཨཚ༔ དེས་ཡུལ་ཕྱོགས་ཐམས་ཅད་བཀྲ་ཤིས་པར་འགྱུར་རོ༔ དེ་ནས་ལས་སྦྱོར་གྱི་རིམ་པ་ནི༔ ཆར་འབེབ་པ་ནི༔ ཆུ་སྣ་བསྡུ་བའམ༔ ཆུ་མིག་ལ་ཀླུ་སྨན་བཏབ༔ བག་ཟན་ཀླུ་སྨན༔ ག་པུར་གུར་གུམ་བསྲེས་ནས་རིལ་བུ་བརྒྱ་རྩ་བརྒྱད་བུམ་པར་བླུགས་ནས༔ རིལ་བུ་རེ་ལ་སྔགས་བརྒྱ་རྩ་བརྒྱད་རེ་བཏབ་ནས་ཆུ་མིག་ཏུ་བླུགས་པས་ཆར་འབབ་ངེས་སོ༔ གོང་སྒྲུབ་སྔགས་ཀྱི་ཤམ་དུ༔ ནཱ་ག་རཱ་ཙ་བྷ་རི་ཤ་ཡ་ཆར་ཕོབ་ཕོབ༔ ཅེས་སྔགས་གྲངས་ཐེམས་ནས་འབེབ་པར་འགྱུར་རོ༔ ྀཨཚ༔ སད་སྲུང་འདོད་ན༔ བཅའ་གཞི་གོང་ལྟར་བྱས་ལ་དཀྱིལ་འཁོར་གྱི་འོག་ཏུ་ཟངས་བུག་མེད་ནང་དུ་ཡུལ་གང་བསྲུང་གི་ཆུ་སྣ་བླུགས་ནས༔ ཀླུ་སྨན་བཏབ་ལ་གོང་གི་སྔགས་ཤམ་དུ༔ ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་སྭཱ་ཧཱ༔ ཞེས་བཟླས་ཏེ༔ གཞི་བདག་ལ་བསང་གིས་མཆོད༔ ཀླུ་ལ་ཀླུ་སྨན་གྱི་མཆོད་པས་མཆོད་ནས་བཀའ་བསྒོ་བྱ༔ བདེན་པ་བརྡར་བས་ཐུབ་བོ༔ ྀཨཚ༔ ཁ་ཆར་གཅད་པར་འདོད་ན༔ གོང་གི་སྔགས་ཤམ་དུ༔ ནཱ་ག་རཱ་ཙ་ཆར་ཆོད༔ ཅེས་བཟླ༔ ཚྭ་དང་རྩམ་པ་ལ་སྔགས་བཏབ་ནས་མེ་ནང་དུ་དུད་པ་བདུག༔ གཞི་བདག་ལ་བཀའ་བསྒོ་བྱེད་ཅིང་ཆར་མ་གཏོང་ཞིག་བྱས་པས་ཆོད་པར་འགྱུར་རོ༔ ྀཨཚ༔ སེར་བ་སྲུང་ན༔ ཤིང་སྐྱེར་པའི་ཕུར་པ་ལ་ཁྲོཾ་ཧྲཱིཿཧཱུྃ་བྲིས་པའི་གཤམ་དུ༔ སེར་བ་སེར་བྱེད་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བྲི༔ རྡོ་འཁོར་ལ་གོང་གི་ཁྲོཾ་ཧྲཱིཿཧཱུྃ་དབུས་སུ་བྱས་པའི་མཐའ་མར་གོང་གི་གཤམ་དུ་ ས་ཕྱོགས་འདི་ཞེས་བྱ་བ་ལ་སེར་བ་མ་གཏང་ཞིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ༔ ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵ་རཀྵ༔ ཞེས་བྲིས་པ་གཞུང་གི་རྫས་སྲུང་ཐུམ་བུ་རེ་དང་བཅས་པ་གང་བསྲུང་བའི་ཕྱོགས་བཞི་དབུས་ལྔའམ༔ སེར་ལམ་ལ་བཞག་པས་ཐུབ་བོ༔ སྒྲུབ་སྔགས་བརྒྱ་རྩས་རབ་གནས་བྱའོ༔ ྀཨཚ༔ ཡང་བཙའ་སྲུང་བ་ནི༔ མི་ཁྱི་ར་གསུམ་གྱིས་མ་འགོང་བའི་ས༔ གངས་ཞབས་ཀྱི་ས༔ རི་རྩེའི་ས༔ ཆུ་ཆེན་བྱེ་མ༔ ཆུ་རྒྱུན་འབབ་དང་ཆུ་མིག་ཁ་ཤར་བལྟས་ཀྱི་ཆུ་བཅས་ལ་རིན་ཆེན་ལྔ༔ མུ་ཏིག་དུང་གསུམ་གྱི་ཕྱེ་མ་བསྲེས་ལ་ཡི་གེ་བཅུ་བཞི་པའམ༔ གོང་གི་སྔགས་ཤམ་དུ་ སརྦ་ཁཾ་ཡེར་ཁཾ་ཡེར་བྱི་ལ་སྭཱ་ཧཱ༔ ཞེས་ཁྲི་ཕྲག་ཙམ་བཟླས་ནས་ཁྱེའུ་གཙང་མས་སྔགས་ཆུ་དང༔ བྱེ་མ་གཏོར་བས་ཐུབ་བོ༔ ྀཨཚ༔ ཞིང་གི་འབུ་སྲུང་བ་ནི༔ དེ་ཡང་བྱེ་མ་གཙང་མ་དང༔ གཙང་ཆེན་གྱི་ཆབ་ཀྱིས་བུམ་པ་བཀང་བ་དེ་ནང་བུ་རམ་ཞད་ཙམ་བཏབ་སྟེ༔ ཡི་གེ་བཅུ་བཞིའམ༔ གོང་གི་སྔགས་ཤམ་དུ༔ ནཱ་ག་ཛ་ཛ༔ མ་ནུ་ཛ་ཛ༔ འབུ་སྲིན་ཛ་ཛ༔ ཞེས་ཁྲི་ཕྲག་གམ༔ གང་མང་བཟླས་ནས་ལྷ་ཐམས་ཅད་བུམ་པ་དང་བྱེ་མ་ལ་བསྟིམ༔ ཁྱེའུ་ཕོས་བྱེ་མ་གཏོར༔ མོས་ཆུ་གཏོར༔ གར་བསྲུང་ཁྱབ་པར་བྱས་པས་ཐུབ་ངེས་སོ༔ དེ་ཐམས་ཅད་ལ་བསང་བཏང་ནས་དུད་པས་ཁྱབ་པ་གལ་ཆེའོ༔ ྀཨཚ༔ ཡང་རྣལ་འབྱོར་པས་ནོར་དང་ལོངས་སྤྱོད་རྒྱས་པར་འདོད་ན༔ རིན་པོ་ཆེ་སྣ་ཚོགས་གཞུག་ལ་གོང་གི་དཀྱིལ་འཁོར་དུ་བཞག་ནས༔ དེ་མཁའ་འགྲོ་ནོར་སྦྱིན་མར་བསམ་ལ་གོང་གི་སྔགས་ཤམ་དུ༔ པ་ཡཾ་མ་ས་ཀེཾ་ཛཿབཱ་སུ་ནཱ་ནཱ་ཁ་དྷེ་སིདྡྷི་སྡུས་སྡུས༔ ཞེས་བཟླས་པས་ཟས་ནོར་འཕྲལ་དུ་འཕེལ་ཞིང༔ གཞན་གྱི་ལག་བསྒུལ་ནས་ཟས་འདོད་ཚད་དུ་འབྱུང་ངོ༔ ས་མ་ཡ༔ ྀཨཚ༔ གོད་ཁ་གཅོད་འདོད་ན༔ གོང་གི་སྔགས་ཤམ་དུ༔ མཱ་ར་ཡ་གོད་ཁ་གོད་འདྲེ་མཱ་ར་ཡ་ནན་སྭཱ་ཧཱ་རྦད༔ ཅེས་རང་སྔགས་བརྒྱ་རྩས་རབ་གནས་དང་བཅས་ཏེ༔ ཡི་གེ་གོད་རུས་ལ་བྲིས་ནས་ལྷ་ཁང་སོགས་ལ་བོར་རོ༔ ྀཨཚ༔ ཞེས་པ་འདི་སྒྲུབ་པ་ལན་གཅིག་ཚུགས་པའི་མི་དེ་གར་འགྲོ་གར་འདུག་ཀྱང༔ ཡུལ་ལྷ་ཀུན་དང་ས་བདག་གིས་གྲོགས་བྱེད་ནས་གང་འདོད་ཀྱི་ལས་སྒྲུབ༔ ཡུལ་ཕྱོགས་དེའི་དྲག་ཞན་སྐྱ་སེར་ཕོ་མོ་ཐམས་ཅད་དབང་དུ་འདུ༔ ཁ་དྲོ༔ བཀྲ་ཤིས༔ བཟའ་བ་ལོངས་སྤྱོད་ཤུགས་ཀྱིས་འདུ་ཞིང་བསྟན་པ་དར༔ སེམས་ཅན་ཐམས་ཅད་ལ་ཕན་ཐོགས༔ གཞི་བདག་ཐམས་ཅད་ཀྱིས་སྣ་ལེན༔ སྙན་པ་སྒྲོག༔ གང་འདོད་འགྲུབ་བོ༔ དེ་ཕྱིར་ལས་འདི་གལ་ཆེ་འོ༔ གཞི་བདག་དང་མ་མཐུན་ན་གང་བསམ་འགྲུབ་མི་སྲིད་པས༔ དེ་ཕྱིར་ཆེད་དུ་འདིའི་སྒྲུབ་པ་ཙམ་མ་ཐུབ་ཀྱང་བསང་གསོལ་མ་ཆག་པར་བྱས་པས༔ བཀྲ་ཤིས་ཤིང་གང་བསམ་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ གཉན་རྒྱ༔ ྀཨཚ༔ རྒྱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈ བདག་སྟག་ཤམ་ནུས་ལྡན་པའི་གཏེར་མ་ལགས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །ཕན་པར་གྱུར་ཅིག །འགྲུབ་པར་གྱུར་ཅིག །མངྒ་ལཾ།། །། ༁ྃ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ བདུད་འདུལ་དྲག་མོ་སེང་གའི་གདོང་པ་ཅན་གྱི་རྒྱས་པའི་ལས༔ ས་ཡི་ལྷ་མོ་བརྟན་མ་སྒྲུབ་པའི་ཡིག་ཆུང་གསེར་གྱི་ལྡེའུ་མིག་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གདོང་མ་ལ་ཕྱག་འཚལ་ལོ༔ ཌཱ་ཀིའི་སྙན་བརྒྱུད་ཟབ་མོ་ལས༔ ལྷ་མོ་བརྟན་མ་སྒྲུབ་པའི་ཡིག་ཆུང་གསེར་གྱི་ལྡེའུ་མིག་བསྟན་པ་ནི༔ འདི་ལ་གཉིས་ཏེ༔ སྒྲུབ་རྟེན་གསོག་པའི་སྙིང་པོ་བརྟན་མའི་སྐུ་བཅའ་བ༔ ཕྲིན་ལས་རིན་པོ་ཆེའི་སྙིང་པོ་བུམ་གཏེར་གྱི་རིམ་པ་འོ༔ དེ་ཡང་དང་པོ་རྫས་གསག་པ༔ གཉིས་པ་སྐུ་རྟེན་བཞེངས་བའོ༔ ཤར་ལྷོ་ནུབ་བྱང་མཚོ་རྫིང་དང༔ ཤིན་ཏུ་རྒྱས་པའི་ཆུ་མིག་ས༔ ཆུ་ཤིང་རྡོ་ཡི་ཕྱེ་མ་དང༔ གསེར་དངུལ་རིན་ཆེན་སྣ་ལྔ་དང༔ ཀླུ་སྨན་སྣ་ཚོགས་གི་ཝཾ་དང༔ དཀར་གསུམ་མངར་གསུམ་འབྲུ་སྣ་འབྲས༔ དར་སྣ་ལྔ་ཡི་ས་ཞག་སྤྱིན༔ འདེ་གུ་བྱེད་དེ་ལེགས་པར་བཞེངས༔ ས་ཡི་ལྷ་མོའི་སྐུ་གཟུགས་རྟེན༔ སྙིང་པོ་གསེར་གྱིས་བྲིས་པ་བཅུག༔ སོར་བཞི་སོར་བརྒྱད་ཚད་ཙམ་ལ༔ སྐྱིལ་ཀྲུང་མཉམ་གཞག་བུམ་པ་ཅན༔ ཡང་ན་གཡས་གཡོན་རིན་ཆེན་བུམ༔ མཛེས་ལྡན་ རིན་ཆེན་སྣ་ཚོགས་བརྒྱན༔ དབུ་ཡི་གཙུག་ཏུ་རིང་བསྲེལ་བཞུགས༔ བུམ་པར་སྔགས་དང་རིན་ཆེན་བཀང༔ ལྷ་མོའི་ཐུགས་ཀར་སྔགས་འདི་གཞུག༔ ཨོཾ་ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཀུ་རུ་ཀུ་རུ༔ དོ་ཙུ་དོ་ཙུ༔ སྭཱ་ཧཱ་སྭཱ་ཧཱ༔ བྷ་ཤ་བྷ་ཤ་སྭཱ་ཧཱ༔ ཞེས་པ་གསེར་གྱིས་བྲིས་ལ་བཅུག༔ བཟླས་པས་ལྷ་མོ་དབང་མེད་དུ་འདུ་བར་འགྱུར་རོ༔ ལྟོ་བ་ལ༔ ས་ཡི་ལྷ་མོ་བརྟན་མས་བདག་པདྨ་ལ་དངོས་སུ་གསུངས་པའི་ཚིགས་བཅད་འདི་དངུལ་གྱིས་བྲིས་ལ་བཅུག༔ ཨོཾ༔ ལྷ་མིའི་ཕན་བདེ་ལོངས་སྤྱོད་རྒྱས༔ ནོར་ཟས་སྟེར་དང་བདུད་རྩི་འབྱུང༔ ཚེ་རིང་ནད་མེད་དགྲ་རྒོལ་གཞོམ༔ ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར༔ གནས་གཙང་དཀྱིལ་འཁོར་བྱ་བ་དང༔ ཁྲུས་གཙང་གོས་གསར་གྱོན་བྱས་ནས༔ སྐུ་གསུང་རྣམ་དག་རྟེན་དྲུང་འདུག༔ སྤོས་དང་མེ་ཏོག་ཁ་ཟས་མཆོད༔ རྣལ་འབྱོར་དམ་ཚིག་གཙང་ན་འགྲུབ༔ ཅེས་བྲིས་ལ་བཅུག༔ འདི་ནི་ས་ཡི་ལྷ་མོས་བདག་པདྨ་ལ་དངོས་སུ་གསུངས་པས་བྱིན་རླབས་ཆེ་འོ༔ མཆོད་གསོལ་སྒྲུབ་པའི་སྐབས་སུའང་བརྗོད་དོ༔ དེ་ནས་ཚོན་རྩི་ལེགས་པར་བྱས་ནས༔ རབ་གནས་སྤྱན་འདྲེན་བསྟིམ་ཤིས་བརྗོད༔ རིན་ཆེན་གྭའུར་བཅུག་ལ་དར་སྣས་དྲིལ༔ སྒྲུབ་དུས་དཀྱིལ་འཁོར་དབུས་སུ་གཞུག༔ འགྲོ་བའི་དུས་སུ་ལུས་ལ་བཅང༔ ཀླུ་སྨན་སྣ་ཚོགས་རཏྣ་དང༔ དཀར་གསུམ་འབྲས་དང་སྤོས་ཀྱི་དྲི༔ སྒྲུབ་དུས་དུས་གསུམ་བསང་མཆོད་འབུལ༔ སྒྲུབ་ཁང་གཙང་མའི་ཕུགས་སུ་བཞག༔ ནོར་མཛོད་ཕུགས་སོགས་སླས་སུ་བཞག༔ ས་གནད་ཀུན་ལ་བཞག་པ་དང༔ ཕྲིན་ལས་གང་བྱེད་གསོལ་བཏབ་འགྲུབ༔ རྒྱས་པར་བུམ་པའི་སྐབས་སུ་ཤེས༔ ྀཨཚ༔ གུཧྱ༔ གཉིས་པ་གཏེར་བུམ་ཡིག་ཆུང་ནི༔ རྣལ་འབྱོར་བསྟན་པ་རྒྱས་པའི་ཕྱིར༔ རྫ་ཡི་བུམ་པ་བྲེ་ཤོང་ལྔ༔ གོང་གི་སྨན་རྫས་ཐམས་ཅད་དང༔ མོ་གསར་རིགས་བཟང་ནུ་ཞོ་དང༔ བ་དཀར་དམར་ཟལ་འོ་མ་དང༔ བུམ་རྫས་རྩ་བའི་རྫས་རྣམས་ཀྱིས༔ རིལ་བུ་བརྒྱ་དང་རྩ་བརྒྱད་བྱ༔ ལྷ་མོ་ལྔ་ཡི་གཟུགས་ཀྱང་བྱ༔ རིན་ཆེན་དར་སྣ་འབྲུ་སྣ་དང༔ སྨན་དང་བྱིན་རྟེན་རིང་བསྲེལ་དང༔ འོག་གི་ཀླུ་ཡི་སྔགས་དང་གཟུགས༔ བུམ་པ་ལྔ་ཡི་ནང་དུ་བཀང༔ རབ་གནས་སྤྱན་འདྲེན་དགུག་བསྟིམ་བྱ༔ འདོད་དགུའི་བང་མཛོད་བྱིན་གྱིས་བརླབས༔ གནས་ཁང་ཕྱོགས་བཞི་དབུས་ལྔར་སྦས༔ དབུས་སུ་གོང་གི་ལྷ་མོའང་བཞག༔ རབ་གནས་ཤིས་བརྗོད་བདེན་སྟོབས་བྱ༔ ནོར་གྱི་ལྷ་མོའི་ཕོ་བྲང་འགྱུར༔ ཁྱད་པར་བུམ་པའི་སྙིང་པོ་རུ༔ ནོར་ལྷའི་གསང་སྔགས་རིགས་གྱུར་དང༔ ཛཾ་བྷ་ལ་ཡི་སྔགས་ཀྱི་རིགས༔ རྒྱལ་ཆེན་བཞི་ཡི་སྙིང་པོ་དང༔ ཁྱད་པར་གནམ་ས་སྣང་བརྒྱད་དང༔ བཀྲ་ཤིས་བརྩེགས་པའི་མདོ་གཟུངས་རྣམས༔ གསེར་གྱིས་བྲིས་ལ་གཞུག་པར་བྱ༔ དེ་ཡིས་ནོར་འཕེལ་བར་ཆད་སེལ༔ དགོན་གནས་མཁར་ཁྱིམ་རྒྱས་བྱའི་ཕྱིར༔ གྲོང་ཁྱེར་ཡུལ་ཁམས་གང་ཡང་རུང༔ ཕྱོགས་བཞིར་མཆོད་རྟེན་ཁྲི་འཕང་བཞི༔ རྒྱལ་ཆེན་སྡེ་བཞིར་མངའ་གསོལ་ནས༔ བུམ་པ་ལྷ་མོའི་རྟེན་ཉིད་གཞུག༔ དེས་ནི་བསོད་ནམས་ལོངས་སྤྱོད་རྒྱས༔ མི་མཐུན་ཞི་ བར་ཐེ་ཚོམ་མེད༔ ཁྱད་པར་བུམ་གཏེར་ཕྲིན་ལས་ནི༔ གནས་དང་དགོན་པ་གྲོང་ཁྱེར་དང༔ ཡུལ་ཁམས་བརྟན་ཅིང་མངའ་ཐང་རྒྱས༔ ནོར་དང་ལོངས་སྤྱོད་འཕེལ་བ་དང༔ ལོ་ཕྱུགས་མི་དཔུང་བསྐྱེད་པ་དང༔ སད་སེར་ནད་མུག་མཚོན་རྣམས་བཀག༔ ཆར་འབེབ་ལ་སོགས་དགོས་འདོད་ཚོགས༔ སྤེལ་ཞིང་ཕན་བྱའི་རིགས་ཐ་དག༔ བསྒྲུབ་པར་འདོད་པའི་རྣལ་འབྱོར་པས༔ བུམ་པ་བྲེ་ཤོང་རྫ་སོ་བཏང༔ དེ་ནང་གོང་གི་རྫས་དང་ནི༔ སྤྲ་ཚིལ་དག་ལ་ཀླུ་རྒྱལ་གཟུགས༔ སྐུ་མདོག་སེར་པོ་འཁོར་སྒྱུར་ཚུལ༔ གདེངས་ཀ་བདུན་ལྡན་ཕྱག་ན་ནོར་བུ་འཛིན༔ སྐུ་སྨད་སྦྲུལ་འཁྱིལ་རིན་ཆེན་རྒྱན་ལྡན་ནི༔ སོར་བརྒྱད་བཟོས་ལ་ནོར་རྒྱས་དངོས་སུ་གསལ༔ ཡུམ་ཡང་སྦྲུལ་མགོ་ལྔ་པ་ཡབ་ལྟར་བཅོས༔ གི་ཝཾ་ཀླུ་སྨན་བ་བྱུང་ཡབ་ཡུམ་བྱུག༔ ཡབ་ཡུམ་སྙིང་གར་སྙིང་པོ་འདི་དག་རྣམས༔ གསེར་དངུལ་རིན་ཆེན་ཁུ་བས་ཚེག་མེད་བྲི༔ ཨོཾ་ནཱ་ག་རཱ་ཛ་བཱ་སུ་ཀཱི་མཾ་སིདྡྷི་ཧཱུྃ་ཛ༔ ནཱ་ག་རཱ་ཙ་བུདྡྷ་བྷ་ག་ཝཱན༔ ནཱ་ག་རཱ་ཛ་སརྦ་ཧེ་ལ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ག་རཱ་ཛ་སརྦ་ཨཱ་ཡུར་རཏྣ་སིདྡྷི་ཧཱུྃ༔ རཏྣ་དྷེ་ཝ་ཨཱ་ཡུར་རཏྣ་སིདྡྷི་སིདྡྷི་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛ༔ ཞེས་འདོད་གསོལ་དང་བཅས་གསེར་གྱིས་བྲིས་ལ་བཅུག་གོ༔ ཡབ་ཡུམ་ཞལ་སྦྱོར་གཉིས་མེད་བུམ་པར་བཅུག༔ བཙན་ཕྱུག་འཕན་པོ་སྡེ་དགོན་རྫོང་ཆེན་དང༔ བཀྲ་ཤིས་རིགས་རྒྱུད་འཕེལ་བའི་ལག་ནས་བྱུང་བ་ཡི༔ ས་དང་འབྲུ་དང་རིན་ཆེན་སྨན་སྣ་དང༔ བ་དཀར་འོ་མ་མོ་གསར་སྡུག་བསྔལ་མེད༔ དེ་ཡི་ནུ་ཞོ་ར་དཀར་འོ་མ་བླུག༔ བུམ་པ་བཀང་ནས་ར་བ་བཞི་ཡི་དུས༔ ཡར་ཚེས་གཟའ་སྐར་བཟང་ཞིང་ཀླུ་ཐེབས་དུས༔ དཀོན་མཆོག་མཆོད་ཅིང་བརྟན་མའི་གསོལ་ཁ་གཏང༔ བུམ་པ་ནོར་རྒྱས་ཡབ་ཡུམ་ཕོ་བྲང་བསྐྱེད༔ སྤྱན་འདྲེན་མཆོད་བསྟོད་རབ་གནས་རབ་ཏུ་བསྟིམ༔ ཁྱིམ་རྒྱས་པར་འདོད་ན་མཛོད་ཕུགས་སུ་སྦ༔ གྲོང་ཁྱེར་རྒྱས་པར་འདོད་ན་གྲོང་ཁྱེར་དབུས་སུ་སྦ༔ སད་སེར་བསྲུང་ན་ས་མདོ་གཉན་མིག་རྣམས་སུ་སྦ༔ ཆར་ཆུ་འབེབ་ན་ཆུ་མིག་ཏུ་སྦ༔ སྤྱིར་འཛམ་གླིང་རི་དང་ཀླུང་དང་ས་ཡུལ་གྲགས་ཆེ་བ༔ གཉན་ས༔ གཙུག་ལག་ཁང་དང་མཆོད་རྟེན་སོགས་ཀྱི་ས་གནད་ཀུན་ཏུ་སྦས་ན་གོང་དུ་སྨྲོས་པ་བཞིན་འགྲུབ་པར་འགྱུར་རོ༔ བཀྲ་ཤིས་ཤིང་བསམ་པ་ཐམས་ཅད་འགྲུབ་ཅིང་ནོར་དང་ལོངས་སྤྱོད་འཕེལ་བར་གདོན་མི་ཟའོ༔ གནས་དགོན་གྲོང་ཁྱེར༔ ཁྱིམ་པ༔ སྡེ་པ༔ དགོན་སྡེ་སོགས་ཉམས་པ་གསོ་བར་འདོད་ན༔ གང་གསོ་བ་དེའི་ཕྱོགས་བཞི་དབུས་དང་ལྔ་ལ་སྦས་པས་སྔར་ལྟར་སོར་ཆུད་པར་འགྱུར་རོ༔ ལོངས་སྤྱོད་ནོར་དང་བསོད་ནམས་ཤིན་ཏུ་རྒྱས་པར་འགྱུར་རོ༔ གནས་དགོན་གྲོང་ཁྱེར་གང་ཡང་རུང་བའི་འཐུང་ཆུ་དེ་ཆུ་མིག་ཁ་ཤར་བལྟས་ཡོད་ན་དེར་རྫ་ཡི་བུམ་པ་ཕུལ་གང་ཤོང་བ་རིན་ཆེན་བརྡར་ལ་བཟོ༔ གོང་གི་ཀླུ་སྨན་རྫས་སྣ་དང་ཚྭ་དཀར་པོས་བཀང་ལ༔ གོང་གི་ཀླུ་ཡབ་ཡུམ་བྲིས་ལ་སྙིང་པོ་ཡང་བྲིས་ནས་བཅུག༔ གཟུགས་ཀྱི་སྙིང་གར་ཕུཿབྲི༔ གོང་ལྟར་དགུག་བསྟིམ་བྱས་ནས་ཆུ་མིག་བུམ་པ་གཞལ་ཡས་ཁང་དུ་གསལ༔ གནས་དགོན་གྲོང་ཁྱེར་ཆེ་གེ་འདི་ལ་མི་ནོར་ཡུལ་དང་འབྲུ་ལོངས་སྤྱོད་ནོར་རྣམས་རྒྱས་པར་མཛོད་ཅིག༔ ཅེས་བཀའ་བསྒོ་བྱས་པས་དེ་ལྟར་མྱུར་དུ་འབྱུང་བར་འགྱུར་རོ༔ གཞན་ཆུ་མིག་ལྐུགས་པ་དང༔ ཆུ་མིག་བསྐམས་པ༔ ཉམས་པ་ཐམས་ཅད་ལ་དེ་ལྟར་བྱས་པས་ཆུ་འབྱུང་ཞིང་རྒྱས་པར་འགྱུར་རོ༔ ྀཨཚ༔ གུ་ཧྱ༔ འདི་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་སའི་ལྷ་མོ་འདི་དཔང་དུ་བཙུགས་པས་བདུད་ཐུལ་ཅིང་བཀྲ་ཤིས་ལ་བསྟན་པ་རྒྱས་པར་བྱུང༔ དེ་ཕྱིར་མི་ཐམས་ཅད་ས་ཡི་ལྷ་མོ་དང་ཀླུ་ལ་བསྟེན་པས་ལོངས་སྤྱོད་མངའ་ཐང་སྲིད་ནོར་སོགས་ལེགས་པ་ཐམས་ཅད་འབྱུང་བ་རྟེན་འབྲེལ་གྱིས་ཆེ་བས༔ དེ་ལ་འདི་ལྟ་བུ་བྱ་བ་གལ་ཆེའོ༔ ས་ཡི་ལྷ་མོ་ས་བདག་ཀླུ་བཅས་ཀྱིས་དུས་རྟག་ཏུ་སྲུང་ཞིང་བུ་ལྟར་བརྩེ་ཞིང་མགོན་ནས་གྲོགས་བྱེད་དེ༔ ཡོན་ཏན་དུ་རིགས་རྒྱུད་ཆོས་བརྒྱུད་ཐམས་ཅད་འཕེལ་ཞིང་དར་བ་དང༔ མངའ་ཐང་དང་བསོད་ནམས་ཀྱི་ནོར་དང་ལོངས་སྤྱོད་འཕེལ་ཞིང་རྒྱས་པ་དང༔ ལོ་ལེགས་ཤིང་འབྲུ་འཕེལ་བ་དང༔ རྩི་ཤིང་ནགས་ཚལ་ཀྱང་རྒྱས་ཤིང་ཡུལ་གཟི་འོད་དཔལ་དུ་འབར་ཅིང་མི་མཐུན་པ་ཐམས་ཅད་རང་སར་ཞི་ནས་བཀྲ་ཤིས་པར་འགྱུར་རོ༔ གདུལ་བྱ་ལོངས་སྤྱོད་རྒྱས༔ ཟས་སྐོམ་འཕེལ༔ རིན་ཆེན་ཕྱུག༔ རྫས་ཚོགས་མོད༔ གྲགས་པ་དང་སྙན་པ་འབྱུང༔ ནོར་སྒབ་འཕེལ༔ རྨ་གཡང་འདུས་པས་བསམ་ཚད་འགྲུབ་པ་ཡིད་བཞིན་ནོར་བུ་དང་གཉིས་སུ་མེད་དོ༔ སྱ་མྱ་ཡྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཙིཏྟ་བུ་བྷྲཱུྃ་སདྷྱི༔ རྒྱ་རྒྱ་རྒྱ༔ བདག་སྟག་ཤམ་ནུས་ལྡན་རྡོ་རྗེས་མདོ་ཁམས་རྡོ་རྗེ་གྲོ་ལོད་ཀྱི་གསང་བ་བདེ་ཆེན་ཕུག་ནས་གདན་དྲངས་པའོ། །དགེ་བར་གྱུར་ཅིག། །།
འབྱུང་ལྔའི་སྐོང་བའི་འགྲེས་བྱང (Volume 34, Text 54)
འབྱུང་ལྔའི་སྐོང་བའི་འགྲེས་བྱང་ནི། འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ནད་རིམས་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ ཚེ་བསོད་འཁོར་སློབ་བརྒྱུད་འཛིན་སྤེལ༔ དགྲ་བགེགས་འབྱུང་པོའི་འཚེ་བ་ཆོད༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ༈ སྔགས་ནི། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པའི་གཤམ་དུ་སོ་སོའི་སྔགས་གདགས། ༈ འབྱུང་ལྔའི་སྐོང་བའི་འགྲེས་བྱང་ནི། འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ནད་རིམས་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ ཚེ་བསོད་འཁོར་སློབ་བརྒྱུད་འཛིན་སྤེལ༔ དགྲ་བགེགས་འབྱུང་པོའི་འཚེ་བ་ཆོད༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ༈ སྔགས་ནི། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་པའི་གཤམ་དུ་སོ་སོའི་སྔགས་གདགས།
བླ་མ་དགོངས་པ་འདུས་པ་ལས༔ སྡེ་བརྒྱད་ཀྱི་གདོང་གཏད་སྲུང་བ་ (Volume 44, Text 54)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ སྡེ་བརྒྱད་ཀྱི་གདོང་གཏད་སྲུང་བ་བཞུགས་སོ༔ སྐྱོབ་བྱེད་སྲུང་བའི་འཁོར་ལོ་དྲུག་གོ ། སྡེ་བརྒྱད་ཀྱི་གདོང་གཏད་སྲུང་བར་འདོད་པས༔ གཟའ་སྐར་བཟང་པོ་ལ་བབ་ཚེ༔ གྲོ་ཤོག་ལ་སྔགས་པ་ནུས་པ་ཅན་གྱི་ཁྲག་སྣག་ཚྭར་བསྲེས་པས༔ ཙཀྲ་དཔེའུ་ཆུང་ལྟར་ལྷག་ཆད་མེད་པར་ཡི་གེ་དབུ་ཅན་དུ་བྲིས་ལ༔ རྣལ་འབྱོར་པ་ཡི་དམ་གྱི་ང་རྒྱལ་དང་ལྡན་པས༔ ཙཀྲ་སྭ་བྷཱ་བས་སྟོང་པར་སྦྱངས་པའི་ངང་ལས༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར༔ བླ་མ་ཡི་དམ་མཁའ་འགྲོའི་ཕོ་བྲང་དུ་དམིགས་པའི་དཀྱིལ་དུ་བསྲུང་བྱ་ཚུད་ནས༔ ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་བསམ་ལ༔ ཙཀྲ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་འགྲུབ་བཟླས་རབ་ཏུ་གནས་པ་བྱ༔ མེ་ཏོག་གཏོར༔ ཤིས་པ་བརྗོད༔ ལྷ་དང་ཡིག་འབྲུ་གྲངས་མེད་པ་སྤྱན་དྲངས་ཤིང་ཙཀྲ་ལ་བསྟིམ༔ དེ་ནས་ཙཀྲ་ཞིང་ལྤགས་ཀྱིས་དྲིལ་ནས་བསྲུང་བྱའི་ལུས་ལ་གདགས་པའོ༔ དེས་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་བསྲུང་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ ལུས་ཕྱི་ནང་གི་སྲོག་ཆགས་སྲུང་བ་བཞུགས་སོ༔ ལུས་ཕྱི་ནང་གི་སྲོག་ཆགས་བསྲུང་བར་འདོད་པས༔ སྤྱང་ཀི་དང་འུག་པ་བྱི་ལའི་ཁྲག་དང་སྡིག་པ་ནག་པོའི་ཤ་སྣག་ཚྭར་བསྲེས་པས་ཙཀྲ་དཔེའུ་ཆུང་ལྟར་བྲིས་པས༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་རྩ་བ་གསུམ་བསྐྱེད་ཅིང་ཙཀྲའི་སྔགས་ཅི་མང་བཟླས་པས་རབ་གནས་བྱ༔ དེ་སྦྲུལ་ལྤགས་སམ་སྦལ་པའི་ཤུན་པས་དྲིལ་ནས་བསྲུང་བྱའི་ལུས་ལ་བཏགས་པ་ཙམ་གྱིས༔ བསྲུང་བྱའི་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་འབར་བ་ཚྭ་ཚྭ་འཕྲོ་བ་གཅིག་ཏུ་བསམ་པས་ཙཀྲ་ལུས་ལ་གནས་ཀྱི་བར་དུ༔ ལྗི་ཤིག་འབུ་སྲིན་ལ་སོགས་པ་རྣམས་ཀྱིས་གནོད་ཅིང་འཚེ་བ་ལས་སྐྱོབ་པར་འགྱུར་རོ༔ ཅིས་ཀྱང་ཐུ་ན༔ དངུལ་ཐལ༔ གླ་རྩི༔ ཧ་ལོའི་མེ་ཏོག་རྣམས་སྦྲང་སྨྱོན་དང་སྦྱར་ནས་ལུས་ལ་བྱུགས་པས་ཀྱང་ཐུབ་པར་འགྱུར་རོ༔ གུ་གུལ༔ ཤུ་དག་ནག་པོ༔ གླ་རྩི༔ བྱི་ཏང་ཀ༔ མ་རུ་ཙེ༔ ལང་ཏོང་ཙེ༔ སོམ་ནག་གི་མར་ཁུ་སྦྱར་ནས༔ ཨ་རུ་ར་གསེར་མདོག་བཙོས་པའི་ཁུ་བར་ཞག་གསུམ་བསྙལ་ཅིང༔ རང་གི་རྣམ་སྣང་སྐམ་པའི་ཕྱེར་བསྲེས་པ་མི་བསྐྱོད་པས་སྦྲུས་པའི་རིལ་བུ་སྲན་མ་རློན་པ་ཙམ་བྱ༔ དེ་ནས་ནངས་རེ་ལྟོ་སྟོང་ལ་གསུམ་གསུམ་དུ་བཏང་བས༔ ལུས་ཀྱི་ནང་ནས་འབྱུང་བའི་སྲིན་གྱི་གནོད་པ་ཞི་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ རྟ་ཕྱུགས་ལ་གནོད་འཚེ་བསྲུང་བ་བཞུགས་སོ༔ རྟ་ཕྱུགས་ལ་འཚེ་བ་སྲུང་བར་འདོད་པས༔ ཙཀྲ་དཔེའུ་ཆུང་ལྟར་བྲིས་པའི་ལྟེ་བར༔ རྟ་ཕྱུགས་གང་བསྲུང་བར་འདོད་པའི་གཟུགས་དང་མིང་སྤེལ་སྲུང་ཚིག་དང་བཅས་པ་བྲིས་ཏེ༔ ཙཀྲ་རྡོ་རྗེ་གནོད་སྦྱིན་རབ་ཏུ་ཁྲོས་པར་བསྐྱེད༔ དེའི་ཐུགས་ཀར་བསྲུང་བྱ་བསྒོམ་ཞིང༔ ཙཀྲའི་སྔགས་རྣམས་མང་དུ་བཟླས་ཤིང་རབ་གནས་བྱ༔ དེ་ནས་ཙཀྲ་རོ་རས་ཀྱིས་གཏུམས་ནས་བསྲུང་བྱའི་ལུས་ལ་བཏགས་པས༔ ཙཀྲ་དང་མ་བྲལ་གྱི་བར་དུ༔ རྟ་ཕྱུགས་དུད་འགྲོ་གང་ཡིན་དེ་ལ་མི་དང་མི་མ་ཡིན་པ་ཆོམ་རྐུན་གཅན་གཟན་ལ་སོགས་གང་གིས་ཀྱང་གནོད་པར་མི་འགྱུར་ཞིང་བསྲུང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ གཡུལ་ངོའི་མཚོན་ཆ་སྲུང་བའོ༔ གཡུལ་ངོའི་མཚོན་ཆ་བསྲུང་བར་འདོད་པས༔ དར་དམར་པོ་ལ་མགར་བ་གྲིར་ཤི་བའི་ཁྲག་གིས་ཙཀྲ་དཔེའུ་ཆུང་ལྟར་ཡི་གེ་དབུ་ཅན་དུ་བྲིས་ནས་མཚོན་རྩེས་བྲི་སུབ་མ་སོང་བ་བྱ༔ དེ་གསེར་གྱི་རྡོ་རྗེ་རབ་ཏུ་འབར་བར་བསྒོམས་པའི་ལྟེ་བར་དམིགས་ལ་ཙཀྲའི་སྔགས་རྣམས་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ མི་ལག་མ་བརྒྱུད་པར༔ རང་བསྲུང་བྱའི་ལུས་རང་གི་དྲི་ཆུས་ཁྲུས་བྱ༔ གུ་གུལ་དུད་པས་བདུག་ཅིང་ཙཀྲ་དར་དམར་པོ་མཚོན་མ་ཕོག་པ་དྲི་མས་མ་གོས་པས་དྲིལ་ཏེ་བསྲུང་བྱ་ལ་གདག༔ བསྲུང་བྱ་ལྕགས་ཀྱི་རྡོ་རྗེ་མེར་བསྲེག་ཅིང་ཚྭ་ཚྭ་འཕྲོ་འཕྲོ་བྱེད་པ་ལ༔ ཙཀྲ་གངས་ཆུ་ག་པུར་གྱི་ཁ་ཚར་ཅན་གྱིས་ངར་བླུད་ནས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བྱིན་གྱིས་བརླབས་པར་བསམ་ལ༔ སྤྱི་མཐུན་གྱི་གཏོར་དབང་ཞིག་བསྐུར་ཏེ༔ དེས་བསྲུང་བྱའི་ལུས་ལ་མཚོན་ཆའི་རིགས་གང་གིས་ཀྱང་མི་ཚུགས་པར་བསམ༔ དམ་ཚིག་ཏུ་ཙཀྲ་བུད་མེད་དང་མགར་བས་མ་མཐོང་ཞིང༔ མ་རེག་པ་གལ་ཆེ༔ དེས་མཚོན་གྱི་གནོད་པ་ལས་སྐྱོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ འཇིགས་པ་བརྒྱད་ཀྱི་སྲུང་བ་བཞུགས་སོ༔ འཇིགས་པ་བརྒྱད་ལས་སྐྱོབ་པར་འདོད་པས༔ ག་པུར༔ གྷི་ཧཾ༔ གླ་རྩི༔ ཤིང་ཀུན་གྱི་ཆུ་སྣག་ཚར་བསྲེས་ཏེ༔ ཙཀྲ་དཔེའུ་ཆུང་ལྟར་བྲིས་ཤིང༔ གུ་གུལ་གྱི་དུད་པས་བདུག་ལ༔ ཙཀྲ་དཔལ་ལག་ན་རྡོ་རྗེར་བསྐྱེད་པའི་ཐུགས་ཀར་བླ་མ་ཡི་དམ་མཁའ་འགྲོའི་ཕོ་བྲང་གསལ་བའི་དབུས་སུ༔ བསྲུང་བྱ་གཟི་བརྗིད་དང་ལྡན་པར་བསམ་ལ༔ ཙཀྲའི་རང་སྔགས་དང་བཅས་པས་རབ་གནས་སྤྱི་མཐུན་དུ་བྱ་ཞིང༔ ཙཀྲ་དར་སྣ་ལྔའམ་ཚོན་སྐུད་སྣ་ལྔས་དྲིལ་ནས་བསྲུང་བྱའི་ལུས་ལ་གདགས༔ ཤིས་པ་བརྗོད༔ དེས་ཙཀྲ་དང་མ་བྲལ་གྱི་བར་དུ༔ ཆུའི་འཇིགས་པ་དང༔ ཐོག་ཀྱང་ཐུབ༔ མེའི་འཇིགས་པ༔ གཅན་ཟན་གྱི་འཇིགས་པ༔ དུག་སྦྲུལ་གྱི་འཇིགས་པ༔ རྒྱལ་པོའི་ཆད་པའི་འཇིགས་པ༔ དུག་གི་འཇིགས་པ༔ མཁའ་འགྲོ་ལ་སོགས་ཤ་ཟའི་འཇིགས་པ༔ མི་རྒོད་དགྲ་ཇག་གི་འཇིགས་པ་རྣམས་ལས་སྐྱོབ་པར་འགྱུར་རོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ བླ་མ་དགོངས་པ་འདུས་པ་ལས༔ གནོད་བྱེད་གོད་ཁ་སྲུང་བའོ༔ གནོད་བྱེད་གོད་ཁ་བསྲུང་བར་འདོད་པས༔ ཙཀྲ་དཔེའུ་ཆུང་བྲིས་པ་སྤྱི་དང་མཐུན་པའི་རབ་གནས་བྱ་ཞིང༔ ཙཀྲ་ལ་གནོད་བྱེད༔ གོད་འདྲེ་ཐམས་ཅད་བཀུག་ལ་བསྟིམ༔ གནོད་བྱེད་གོད་འདྲེ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གནམ་ལྕགས་འབར་བའི་ལྕགས་སྒྲོག་གིས་བཅིངས་ནས་འགུལ་མི་ནུས་པར་བསམ་ལ༔ ཙཀྲ་ཡུགས་ས་མོའི་སྐྲ་སྐུད་ཀྱིས་བཅིངས་ནས་བསྲུང་བྱའི་ལུས་ལ་བཏགས༔ ཙཀྲ་དང་མ་བྲལ་གྱི་བར་དུ༔ གོད་འདྲེའི་གནོད་པས་མི་ཚུགས༔ ཁྱིམ་གྱི་སྒོ་ཐོག་དང༔ བང་བའི་མཛོད་ཕུག་ཏུ་སྦས་པས་ཀྱང་བསྲུང་བར་འགྱུར་རོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ྀཨཚ༔ སངས་རྒྱས་གླིང་པའི་གཏེར་མའོ།། །། དཔེའུ་རིས་ཁུངས་ཐུབ་མ་རྙེད་པས་འཇོག་ཐབས་མ་བྱུང་། ཞེ་ཆེན་པར་ལས་པས་ཞུ།།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རཀྴ་ཐོད་ཕྲེང་གི་སྲུང་ཟློག་ལས་རིམ་ཁྱེར་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་གོ་མཚོན་ (Volume 45, Text 54)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིག་འཛིན་རཀྴ་ཐོད་ཕྲེང་གི་སྲུང་ཟློག་ལས་རིམ་ཁྱེར་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་གོ་མཚོན་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་རཀྴ་ཀྲོ་དྷཱ་ཡ། རྟག་ཏུ་ཞི་ཡང་ངར་འཛིན་གྱི། །བདུད་འདུལ་འབར་བའི་གར་མཁན་ཆེ། ཁྲག་འཐུང་ཁྲོས་པས་བདག་སྐྱོང་ནས། །ཕྱོགས་ལས་རྣམ་རྒྱལ་མཐུ་བྱིན་སྩོལ། །གང་ཞིག་རིག་འཛིན་རཀྴ་ཐོད་ཕྲེང་རྩལ་གྱི་རྩ་བའི་བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས་གློ་བུར་སྲི་ཀེག་གི་གཡུལ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་སྦྱོར་བ་བརྩམ་པ་ལ། གཞུང་ལས། སྲུང་དང་སྲེག་མནན་འཕང་བ་དང༔ ལས་ཀྱི་མཐའ་རྒྱས་བསྟན་པ་འོ༔ ཞེས་གསུངས་པ་ལས། འདིར་དེ་དག་གི་གཙོ་བོར་གྱུར་ཅིང་ཉེ་བར་མཁོ་བ་སྲུང་ཟློག་གཉིས་ཀྱི་ལག་ལེན་བཤད་པ་ལ། ཐོག་མར་སྲུང་བ་ལའང་རྣམ་གྲངས་མང་དུ་འབྱུང་བ་ལས་གཙོ་བོ་མཆོད་རྟེན་གྱི་བཅས་ནི། རྒྱུ་ས་ཤིང་རིན་པོ་ཆེ་སོགས་ཇི་ལྟར་འབྱོར་པ་བྱིན་གྱིས་བརླབས་པ་ལས་བདུད་འདུལ་མཆོད་རྟེན་ཕྱག་ཚད་དང་ལྡན་པ་ཆེ་ཆུང་གང་འོས་བཞེངས། ས་ཤིང་ཡིན་ན་ཚོན་དཀར་པོ་གསོལ། བུམ་སྒོར་ལོཀྟྲིའི་སྔགས་རྒོད་འབྲི། ས་འཛིན་ནང་དུ་རྒྱས་པར་མནན་པའི་སྐབས་སུ་བསྟན་པ་ཇི་ལྟ་བའམ། བསྡུ་ན་བགེགས་ལིང་སྤྱི་ལྟར་བྲིས་པའི་སྙིང་གར་ཏྲི་ཡིག་ཛཿས་སྟེམ་པའི་མཐར། བར་དུ་གཅོད་པའི་གནོད་བྱེད་སྲི་ངན་བཅུ་གསུམ་ཁུག་ཛཿམཱ་ར་ཡ་རྦད་ནན། ཅེས་དང་། མཐའ་སྐོར་མགོ་ནས་བརྩམ་སྟེ། བར་གཅོད་གློ་བུར་དུ་རྩོམ་པའི་དམ་སྲི་འབྱུང་པོ་སྤྱི་དང་ཁྱད་པར་དུ་ལོ་ཟླ་ཞག་དུས་ལ་འཆར་བའི་ཆེ་སྲི་ཆུང་སྲི་དར་སྲི་ཕོ་སྲི་མོ་སྲི་རྒན་སྲི་གཞོན་སྲི་ནད་སྲི་དུར་སྲི་དགྲ་སྲི་མཚོན་སྲི་གྲི་སྲི་གོད་སྲི་བྱུར་སྲི་ཕུང་སྲི་ལ་སོགས་པ་ཀེག་སྲིའི་རིགས་སུ་གྱུར་པ་ཐམས་ཅད་ཁུག་ཛཿ ཨེ་ཡཾ་རཾ་བཾ་ལཾ་བྷྲཱུྃ་སཏྭཾ་བྷ་ཡ་ཏྲིག་ནན༔ ཅེས་པའི་རྒྱབ་ཏུ་ཛཿཁྲམ་གྱིས་བསྐོར། འབྱུང་བས་སྦྱང་། དུག་ཁྲག་གིས་བྱུག །དགུག་བསྟིམ་ནན་དུ་བྱས་ལ་ཤི་བལྟེབས་ཚོན་སྐུད་སྔོ་དམར་གྱིས་བཅིངས་པ་བཞག་ལ་ཐུན་རྡོ་བཀོད། སེང་ཁྲིར་ཆོས་སྐྱོང་སྤྱི་དང་བྱེ་བྲག་པ་རྣམས་ཀྱི་སྔགས། ཚད་མེད་ནང་དུ། ཙཀྲ་བཅུ་གསུམ་འབུམ་ཕྲག་ཕྱིན་ནས་བརྒྱ་ཕྲག་ཡན་དང་ལོཀྟྲིའི་སྔགས་རྒོད། བུམ་པའི་དབུས་སུ་བསྲུང་བྱའི་གཟུགས་སྐྱེ་མཆེད་དོད་ཅིང་སྙིང་གར་ཐལ་མོ་སྦྱར་བ་བཟོས་པའི་སྙིང་གར་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་ནྲི་ཡིག་དང་མིང་འདི་ཞེས་བྱ་བ་ལ་སྲུངས་ཤིག་རཀྵ་ཀུ་རུ་བྷྲཱུྃ། བྲིས་པ་གཞུག་པ་ཉིད་གཡོ་འགུལ་མེད་པར་བརྟན་པར་བཞག་པའི་སྟེང་དུ་འཁོར་ལོ་བསྡུས་པ་ཙམ་དབུབ། མཐའ་སྐོར་དུ་རྟེན་འབྲེལ་སྙིང་པོ་གང་ཤོང་གིས་གཏམས། བྲེ་ནང་ཡི་དམ་རྒྱུད་སྡེ་ཞི་ཁྲོའི་སྔགས་རྣམས་དང་། ཆོས་འཁོར་དང་གདུགས་ལ་ཐུབ་པའི་མཚན་སྔགས། རྟེན་སྙིང་། དཀོན་མཆོག་རྗེས་དྲན། བདུད་ཚར་གཅོད་པའི་གཟུངས། ཏོག་ལ་བརྒྱུད་པ་དྲུག་གི་བླ་མའི་མཚན་སྔགས། དེ་ཐམས་ཅད་ལའང་སྲུང་བའི་སྤེལ་ཚིག་སྦྱར་ཞིང་དྲི་བཟང་དང་སྨན་གྱིས་བྱུགས་པའི་ཤོག་དྲིལ་དར་སེར་པོའི་ན་བཟའ་བཅས་དབུ་ཞབས་མ་ལོག་པར་བཅུག །གཞན་ཡང་རིང་བསྲེལ་རྣམ་བཞི། བཟང་ཤིང་སྨན་གྱི་ཕུར་མ་སོགས་ཀྱིས་གསེང་མེད་པར་གཏམས་པས་མཚོན་ལག་ལེན་སྤྱི་ལྟར་བྱའོ། །སྲུང་འཁོར་རྒྱས་པ་ནི། དར་རས་ཤོག་གུ་དཀར་པོ་དྲི་མ་མེད་པ་ལ། གུར་གུམ་དང་གི་ཝང་རྒྱ་མཚལ་རྣམས་སྦྱར་བའི་ཁུ་བས་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་དབུས་སུ་བདུད་འདུལ་མཆོད་རྟེན་གྱི་བུམ་པར་བསྲུང་བྱའི་གཟུགས་ཐལ་མོ་སྦྱར་བའི་སྙིང་གར་རྟེན་འབྲེལ་སྙིང་པོ་ཕྲེང་དུ་བཀོད་པའམ་ཤོང་ན་ཟླུམ་པོར་བྲིས་པའི་ལྟེ་བར་ནྲྀ་ཡིག་བྲི། དེ་རྒྱབ་གོང་རས་ལ་གཙོ་བོ་དང་ཁྲོ་བཅུའི་སྔགས་སོ་སོ་ཡོངས་གྲགས་ལྟར་བཀོད། དེ་རྒྱབ་འཁོར་ལོ་རྩིབས་བཅུ་གསུམ་ལ་ཙཀྲ་བཅུ་གསུམ་སྔགས་ཚན་རེ་རེ་བཞིན་བྲི། རྩིབས་མཆན་ལ། ན་མོ༔དཀོན་མཆོག་གསུམ་གྱི་བདེན་པ་སོགས་ནས། མི་མཐུན་གནོད་པའི་བགེགས་སྲི་ལས༔ སྲུངས་ཤིག་སྐྱོབས་ཤིག་རཀྵནྟུཿ ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་པས་འཁོར་བར་བྲི། དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་དང་ཡེ་དྷར། དེ་རྒྱབ་རྡོར་ར། དེ་རྒྱབ་མེ་རི། ཐམས་ཅད་མགོ་ཕྱིར་བསྟན་གཡས་སྐོར་དུ་བྲི། བསྡུས་པ་གཞི་དང་རྫས་འདྲ་བ་ལས། མུ་ཁྱུད་རིམ་པ་བདུན་བསྐོར་བའི་ལྟེ་བར་ཧཱུྃ་གི་མཐར། བསྲུང་བྱའི་མིང་མཐར་སྲུང་བའི་སྤེལ་ཚིག་སྦྱར་བས་བསྐོར། གོང་རས་མུ་ཁྱུད་ལ་རྩ་སྔགས་སྤེལ་ཚིག་བཅས། དེ་རྒྱབ་རྩིབས་བཅུ་ལ་ཧཱུྃ་ཡིག་བཅུ་དང་། རྩིབས་མཆན་ལ་རྟེན་སྙིང་། དེ་རྒྱབ་རྩིབས་བཅུ་གསུམ་ལ་ལས་སྔགས་ཚན་བཅུ་གསུམ། དེ་རྒྱབ་དབྱངས་གསལ་རྟེན་སྙིང་གི་མཐར་སྤེལ་ཚིག་སྦྱར། དེ་རྒྱབ་རྡོར་ར་དང་མེ་རི་གཡས་སྐོར་བྱ། རྒྱས་བསྡུས་གཉིས་ཀར་གུ་གུལ་ཤུ་དག་སྤོས་དཀར་ཁུ་བས་བྱུགས། མཆོད་རྟེན་དང་འཁོར་ལོ་སྔགས་བཅས་ཀྱི་དབུས་སུ་གཙོ་འཁོར་ཡོངས་རྫོགས་བསྐྱེད་བསྟིམས་བཟླས་པ་མང་དུ་བྱས་ལ་སྤྱི་ལྟར་བལྟབས་ཏེ་མགུལ་དུ་གདགས་སོ། །གོང་སྨྲོས་མཆོད་རྟེན་བཅའ་གཞི་ཟིན་ནས་སྟེགས་གཙང་མར་བཀོད་ལ་གཟུངས་ཐག་བཏགས། ཕྱི་ནང་མཆོད་པ་རྒྱས་པར་བཤམ། བདག་བསྐྱེད་བཟླས་པ་བདེན་སྟོབས་ཤིས་བརྗོད་ཀྱི་བར་གྲུབ་ནས། སླར་མདུན་བསྐྱེད་མཆོད་རྟེན་གྱི་བསྐྱེད་བཟླས་ནི། མཆོད་པ་བྱིན་བརླབས་ལ། ཧཱུྃ༔ དམིགས་མེད་དེ་བཞིན་ཉིད་ཀྱི་དབྱིངས༔ ཞེས་པ་ནས་བརྩམ། ཕྲིན་ལས་ཚང་བར་བཏང་ལ། བཟླས་པ་བསྙེན་སྒྲུབ་ཁྱུག་ཙམ་དང་། ལས་སྦྱོར་སྔགས་གཙོ་བོར་བུངས་བསྐྱེད་ལ་འབུམ་ཐེར་ཡན་གང་འགྲུབ་བཟླ། ཐུན་མཐར་ཐལ་རྡེབ། དབྱངས་གསལ་རྟེན་སྙིང་ལན་གསུམ་གྲུབ་ནས། མཆོད་བསྟོད་དང་། མཎྜལ་རྒྱས་བསྡུས་གང་ལྕོགས་ལན་གསུམ་ཙམ་ཕུལ་ནས་ཐལ་མོ་སྦྱར་ཏེ། ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་གསུམ་ལྷ་ཡི་བྱིན་རླབས་དང༔ ཆོས་སྐྱོང་སྲུང་མའི་མཐུ་རྩལ་དང༔ སྔགས་རྒོད་དམོད་པའི་མཚོན་ཆའི་མཐུས༔ ལོ་ཟླ་ཞག་དུས་ལ་འཆར་བའི༔ ཆེ་ཆུང་ཕོ་མོ་རྒན་གཞོན་དར༔ ནད་སྲི་དུར་གྱི་སྲི་ངན་སོགས༔ མི་མཐུན་གནོད་པའི་བགེགས་སྲི་ཀུན༔ མྱུར་དུ་ཞི་ཞིང་མེད་པ་དང༔ རབ་ཏུ་ཞི་ཞིང་ཟློག་པར་མཛོད༔ བསྲུང་བྱ་མི་ནོར་འཁོར་དང་བཅས༔ བར་གཅོད་ཀེག་སྲིའི་གནོད་པ་ལས༔ རྟག་ཏུ་རྣམ་པར་རྒྱལ་བ་དང༔ སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ། བདེན་སྟོབས་དང་ཤིས་བརྗོད་བྱ། སྤྲོ་ཞིང་ནུས་ན་གསོལ་འདེབས་བར་ཆད་ལམ་སེལ་ཡང་བྱའོ། །ཐུན་རྗེས་མ་རྣམས་ལ་བདག་བསྐྱེད་བསྐྱར་མི་དགོས་པས་མཆོད་ཁ་གསོས་ལ། མཆོད་པ་བྱིན་བརླབ་ནས་བསྐྱེད་བཟླས་ཤིས་བརྗོད་ཀྱི་བར་ཐུན་གཉིས་སམ་གསུམ་སོགས་བྱས་ལ། ཐུན་རྗེས་མའི་མཐར་ཆོས་སྐྱོང་གཏོར་འབུལ། ཚོགས་སྐོང་རྒྱས་པར་གལ་ཆེ་ཞིང་། རྗེས་ཆོག་གཤེགས་གསོལ་མི་བྱ་བར་མདུན་བསྐྱེད་མཆོད་རྟེན་ལ་བརྟན་བཞུགས་བྱ། རྟེན་སྙིང་དང་རབ་གནས་སྔགས་ཀྱིས་མེ་ཏོག་འཐོར། བདག་བསྐྱེད་བསྡུ་ལྡང་སོགས་དཀྱུས་ལྟར་བྱ། རྟགས་ཐོན་ནས་ཇི་ལྟར་བྱ་བའང་། གཞུང་ལས། བཙན་པོའི་མཁར་ཞུགས་དགྲ་ལས་རྒྱལ༔ ཉམ་ངའི་འཕྲང་ལས་ཐར་བ་སོགས༔ རྟགས་ཀྱི་རིམ་པ་བྱུང་བ་ན༔ མཆོད་རྟེན་དབེན་པའི་གནས་སུ་བཞག༔ སྐབས་སུ་ཕྱག་མཆོད་གསོལ་བ་གདབ༔ སྲི་ཁ་བྱེ་བའི་རྟགས་བྱུང་ན༔ སྒྲུབ་པ་བསྐྱར་བས་མྱུར་དུ་ཞི༔ མན་ངག་ཀུན་གྱི་སྙིང་པོ་འོ༔ ཞེས་པ་ལྟར་རོ། །དེ་ལྟར་སྒྲུབ་པའི་ཞར་བྱུང་ངམ། གཞན་དུའང་རུང་། མར་ལ་བསྔགས་ནས་ལུས་ལ་བྱུགས་པ་དང་། ཡུངས་དཀར་ལ་བསྔགས་ཏེ་མགུལ་དུ་ཐུམ་པོར་གདགས་པ་དང་། ཚོན་སྐུད་སྣ་ལྔ་ལ་བསྔགས་ཏེ་ལག་པའི་མཁྲིག་མར་བཅིང་བ་དང་། སྤོས་དཀར་གླ་རྩི་ཤུ་དག་ནག་པོ། །མཚལ། ཡུང་བ། སྡོང་རོས། སྤང་སྤོས་རྣམས་ཀྱི་ཕྱེ་མ་ལ་བསྔགས་ཏེ་དུད་པས་བདུག་པ་དང་། ཤུ་དག་དཀར་པོ་དང་སྦྱར་བའི་ཆུ་ལ་བསྔགས་པ་ཁོང་དུ་བཏུང་བ་དང་ཁྲུས་བྱས་པས་སྲི་ངན་གྱི་གནོད་པ་ཀུན་ལས་ཐར་བར་གསུངས་སོ། ༈ །གཉིས་པ་ཟློག་པའི་ལས་རིམ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། དམར་ཕྱོགས་གཟའ་སྐར་རྩུབ་ཅིང་དྲག་པོའི་ལས་ལ་ཤིས་པའི་དུས་སུ། ཕུགས་ལོགས་སུ་རྟེན་དང་བདག་བསྐྱེད་ཀྱི་མཆོད་གཏོར་བཤམས་པའི་མདུན་དུ་མཎྜལ་རོ་སོལ་གྱིས་གྲུ་གསུམ་མཐིང་ནག་བྱས་པའི་དབུས་སུ་བྲུབ་ཁུང་དུ་སྲི་ཀེག་གི་ལིངྒ་གོང་དུ་སྨྲོས་པ་ལྟར་བྲིས་པ་བཅུག །ཤམ་བུ་ནན་ཅེས་པ་དང་། ཨེ་ཡཾ་སོགས་མི་སྦྱར། དེ་སྟེང་ལྕགས་སྣོད་དུ་འབྲུ་ནག་ཕྱེ་མ་ཁྲག་ཆང་གིས་སྦྲུས་པ་ལ་གཏོར་མ་ཟུར་གསུམ་ཐོག་མདེལ་གྱི་དབྱིབས་ཅན་སྲིན་ཞལ་ཕྱུང་བ་ལ། དམར་གཏོར་ཟུར་གསུམ་བཅུ་དང་མཐེབ་ཀྱུས་བསྐོར་བ་མེ་རི་སོགས་དྲག་རྒྱན་རྔམ་བརྗིད་ཅན། དར་ནག་གི་འཕུར་ལྡིང་རྡོ་རྗེ་རྭ་གདེངས་པ་དང་ཐོད་སྐམ་གྱི་ཏོག་གིས་སྤྲས་པ། རྩང་དམར། མཚེ་ཡུངས། ཤ་དར། རྒྱུ་རློན་རྣམས་ཀྱིས་བརྒྱན་པ་བཀོད། མཐའ་སྐོར་དུ། ཡུངས་དཀར། རྦབ་རྡོ། དུག་ཁྲག །ཐོད་པ། མཚེ། ཁྲམ་བྱང་། དུག་སྣ། ཁྲག་རུལ་རྣམས་བླུགས་པ་དང་བཙུགས་པའི་ཀོང་ཟོར་ཟུར་གསུམ་རྣམས་དང་། མདའ་གཞུ་བཅས་ཀྱིས་བསྐོར། གཞན་ཡང་ཚོགས་གཏོར་མཆོད་པའི་ཡོ་བྱད། གསེར་སྐྱེམས། བསྒྲལ་ཆས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་བཟླས་ཀྱི་རྫོང་བཅའ་བ། ལས་སྦྱོར་གྱི་དཔུང་བསྡུ་བའོ། །དང་པོ་ནི། གསོལ་འདེབས་ནས་བརྩམ་སྔོན་འགྲོ་རྣམས་དང་ལྷ་བསྐྱེད་སོགས་ཕྲིན་ལས་ཚང་བར་བཏང་ལ། བསྙེན་སྒྲུབ་དང་ལས་སྦྱོར་གྱི་དམིགས་བཟླས་ཅི་འགྲུབ་མཐར་སྟོང་ཚིགས་མཆོད་བསྟོད་འབུལ། ཐལ་རྡེབ་སྐབས་འདིར་མི་དགོས། གལ་ཏེ་མཆོད་རྟེན་སྒྲུབ་པ་དང་སྦྲེལ་ན་གོང་སྨྲོས་ལྟར་ཕྲིན་ལས་བཏང་། བཟླས་པ་སོགས་ནས་བདེན་སྟོབས་བརྗོད་པའི་བར། ཉི་མ་ཕྱེད་ཡན་ལ་སྲུང་བའི་ལས་བྱ། ཕྱི་དྲོ་ཟློག་པ་ལ་འཇུག །མཆོད་རྟེན་སྦྲེལ་མ་དགོས་ན་བདག་བསྐྱེད་ཉིད་སྲུང་བ་མཆོག་ཡིན་པས་གོང་སྨྲོས་ལྟར་གྲུབ་པ་དང་། མདུན་གྱི་ཟློག་གཏོར་ལ་དམིགས་ཏེ། ཧཱུྃ༔ དམིགས་མེད་དེ་བཞིན་ཉིད་ཀྱི་དབྱིངས༔ ལྷུན་གྱིས་གྲུབ་པའི་རིག་རྩལ་ལས༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ནག༔ མཁའ་ལ་ཉི་མ་བཞིན་དུ་ཤར༔ འབར་བ་ཆེན་པོའི་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཕྱི་སྣོད་དུར་ཁྲོད་རོལ་པའི་ཞིང༔ ཁྲག་འཐུང་ཕོ་བྲང་ཆེན་པོར་གསལ༔ དེ་ཕྱིར་འཁོར་ལོ་རྩིབས་བཅུ་གསུམ༔ ལྟེ་བ་མི་གཡོ་རྩིབས་རྣམས་ཀུན༔ ཤུགས་དྲག་འཁོར་བའི་ཁོང་གསེང་དུ༔ རྡོ་རྗེའི་སྔགས་ཀྱི་ཡི་གེས་མཚན༔ དེ་ལས་རྡོ་རྗེའི་ཚྭ་ཚྭ་དང༔ མེ་འོད་འཕྲོས་པས་ཕྱོགས་ཀུན་ཁྱབ༔ ཕོ་བྲང་ཡངས་ཤིང་རྒྱ་ཆེའི་དབུས༔ སྟེང་འོག་འཁོར་ལོ་རྩིབས་དྲུག་པའི༔ ལྟེ་བར་པད་ཉི་དམ་སྲིའི་སྟེང༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ དྲག་ཏུ་ཁྲོས་པ་སེང་གེའི་སྒྲ༔ དཔལ་ཆེན་རཀྴ་ཐོད་ཕྲེང་རྩལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ཆེ་ཡན་ལག་ཤིན་ཏུ་རགས༔ ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྟག་ཤམ་རུས་པའི་ཕྱག་རྒྱས་སྤྲས༔ ཐོད་པའི་ཕྲེང་བ་ག་ཤལ་མཛད༔ མཐིང་འོད་འབར་མ་ནམ་མཁའི་མདོག༔ གྲི་ཐོད་འཛིན་པས་ཡབ་ལ་འཁྱུད༔ ཞབས་ཟུང་བརྐྱང་བསྐུམ་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འབར་བའི་དབུས༔ རབ་ཁྲོས་གར་དགུའི་ཉམས་ཀྱིས་རོལ༔ སྟེང་འོག་ཕྱོགས་མཚམས་མེ་ཕུང་ཀློང༔ བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ༔ སྐུ་མདོག་དུས་མཐའི་མེ་ལྟར་འབར༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ སྲི་ངན་འབྱུང་པོ་སྲུང་ཞིང་ཟློག༔ གཡོན་པས་གནམ་ལྕགས་ཕུར་པ་འདྲིལ༔ དམ་སྲི་གདུག་པ་གཟིར་ཞིང་གསོད༔ སྐུ་སྨད་ཕུར་པའི་དབལ་རྣོན་པོས༔ ཕྱོགས་བཅུའི་དགྲ་སྲིའི་སྙིང་ལ་འབིགས༔ ཞལ་ནས་ཧཱུྃ་ཆེན་སྔགས་ཀྱི་སྒྲས༔ ཁམས་གསུམ་འབྱུང་པོ་འདར་ཞིང་འདུད༔ ཁྲོ་བོ་ཆེན་པོའི་ཆས་ཀུན་རྫོགས༔ འཁོར་ལོ་གཉིས་ཀྱི་བར་སྣང་དང༔ སྟེང་འོག་རྩིབས་ལ་སྔགས་བཅུ་གསུམ༔ མེ་དཔུང་འབར་ཞིང་རང་སྒྲ་སྒྲོག༔ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ འབྲུག་སྟོང་ལྡིར་བ་ལྟ་བུར་བསམ༔ དེ་ཡི་ཕྱི་རོལ་ཕྱོགས་མཚམས་སུ༔ ཆོས་སྲུང་ཕོ་མོ་མ་ནིང་སྡེ༔ ཅི་བགྱིའི་བཀའ་ཉན་ལས་བྱེད་ཕྱིར༔ སྐར་ལྟར་འཁྲུགས་ཤིང་སེར་ལྟར་འདྲིལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་གྱི༔ ཡི་གེ་གསུམ་ལས་འོད་འཕྲོས་པས༔ རབ་འབྱམས་དག་པའི་ཞིང་ཁམས་ནས༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ ཆར་ལྟར་བབ་ནས་གཉིས་མེད་ཐིམ༔ ཡེ་ཤེས་གཟི་བྱིན་ཆེར་འབར་གྱུར༔ ཅེས་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་སྤྱན་འདྲེན་པ་ནས་མཆོད་བསྟོད་ཀྱི་བར་ལས་བྱང་ལྟར་གཏང་། རིག་འཛིན་རཀྴ་ཐོད་ཕྲེང་ཐུགས་ཀ་རུ༔ སོགས་ཀྱི་དམིགས་པ་གསལ་བཏབ་ལ་རྩ་བསྙེན་བཟླ། དེ་ནས་ཆོས་གཏེར་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་བཤགས་པའི་བར་གཏང་ངོ་། །གཉིས་པ་ལས་སྦྱོར་གྱི་དཔུང་བསྡུ་བ་ལ་གཉིས། གདབ་པའི་འབེན་གཟུག་པ། ཟློག་པའི་གཡུལ་གཤོམ་པའོ། །དང་པོ་གདབ་ལས་ལ་དགུ་ཡོད་པའི། ཐོག་མར་ཐུགས་དམ་བསྐུལ་བ་ནི། རྔ་ཆེན་རྐང་གླིང་བཤུགས་པའི་བརྡས་བསྐུལ་ཏེ། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་ཚོགས༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བར་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རིག་འཛིན་ཁྲག་འཐུང་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གཉིས་པ་གསེར་སྐྱེམས་གཏོང་བ་ལ་ཕུད་སྣོད་སྐྱེམས་ཀྱིས་བཀང་ལ། རཾ་ཡཾ་ཁཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་གསེར་སྐྱེམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་རིག་འཛིན་ཁྲག་འཐུང་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ གསུམ་པ་དཔང་གཟུག་པ་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ རིག་འཛིན་ཁྲག་འཐུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རྒྱུད་གསུམ་དྲེགས་པའི་དཔུང་དང་བཅས་པ་རྣམས༔ མ་གཡེལ་མ་གཡེལ་གཟུ་དང་དཔང་མཛོད་ཅིག༔ བདག་གིས་བྱང་ཆུབ་ལམ་ལ་རབ་ཞུགས་ཏེ༔ སངས་རྒྱས་བསྟན་པ་རིན་ཆེན་སྤེལ་བ་དང༔ འགྲོ་ལ་ཕན་བདེ་བགྱིད་པར་དམ་བཅས་ཀྱང༔ དམ་ཉམས་དགྲ་དང་བགེགས་ཀྱིས་བར་ཆོད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་སམ༔ སྔོན་གྱི་ཐུགས་དམ་ཆེན་པོ་དགྱེས་དགོངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་བརླག་པའི་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བཞི་པ་ཧོམ་དང་དམིགས་བྱ་བསྐྱེད་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ། བཀའ་སྲུང་དྲེགས་པའི་དམག་ཚོགས་ལས་ལ་རྔམས་པ། དེའི་འོག་ཏུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན་ནག་ལ་ཧམ་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་ཐམས་ཅད་ནས་ཁྲག་འཛག་པ། ཁ་ངུ་བ། མིག་ཤི་མིག །འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར། ལྔ་པ་བདེན་སྟོབས་བརྗོད་ཅིང་བཀུག་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་རིག་འཛིན་རཀྴ་ཐོད་ཕྲེང་རྩལ་ཁྲག་འཐུང་ཁྲོ་བཅུའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་པ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔ་པའི་མཐར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་འགུགས་གཞུག་བྱས་ལ། དྲུག་པ་གདབ་པའི་ཁ་ཚར་ནི། ཧཱུྃ༔ རིག་འཛིན་རཀྴ་ཐོད་ཕྲེང་རྩལ༔ ཁྲག་འཐུང་སྒྱུ་འཕྲུལ་དྲྭ་བའི་ལྷ༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བཅས༔ འོད་གསལ་དབྱིངས་ཀྱི་ངང་ཉིད་ལས༔ ཡེ་ཤེས་གར་དགུའི་ཕྱག་རྒྱར་བཞེངས༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མ་ལྟ་བུའི་ངང༔ གནས་འདིར་མངོན་སྤྱོད་ལས་ལ་དགོངས༔ འབར་བ་ཆེན་པོའི་ཆོ་འཕྲུལ་ལས༔ སྤྲུལ་པའི་ཕོ་ཉས་སྟོང་གསུམ་ཁེངས༔ ཡིད་ལ་བརྣགས་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་རྐེ་ནས་ཁྲིད༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུས་ལུས་སེམས་མྱོས་སུ་ཆུགས༔ མིང་བྱང་འདི་ལ་མྱུར་དུ་ཕོབ༔ མགོན་སྐྱབས་བྱེད་པའི་ལྷ་དང་ཕྱེས༔ མཐུ་དང་རྫུ་འཕྲུལ་རྩད་ནས་ཆོད༔ ཕོབ་ཅིག་དྲག་ཏུ་རྣམ་པར་གཟིར༔ གཏད་དོ་གཉེར་རོ་བྱད་དུ་ཆུགས༔ རེངས་པར་གྱིས་ལ་སྨྱོར་ཆུགས་ཤིག༔ དྲག་སྔགས་སོ་ལྔའི་མཐར། དགྲ་བགེགས་འབྱུང་པོ་ཐམས་ཅད་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷཎྜེ་ཧོ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ནཱ་ཤ་ཡ་བྷནྡྷ་ཡ་སཏྭཾ་བྷ་ཡ་མོ་ཧ་ཡ་ཕཊ༔ ཅེས་བཟླ། ཕྱག་རྒྱ་བཞི་བྱ་རོག་འུག་པའི་དང་རུ་དུག་གི་འབྲས་བུ་ཡུངས་དཀར་བྱད་ཐག་སྨྱོ་ཁྲག་རྣམས་བརྡེག་ལ་སོ་སོའི་ཕྱག་རྒྱས་ཀྱང་བསྣུན་ནོ། །བདུན་པ་གདབ་པ་ནི། ཕུར་བུ་ལ་ཡུངས་དཀར་བྲབ། གུ་གུལ་བདུག །རཀྟས་བྱུག །དྲག་སྔགས་སོ་ལྔའི་དབྱངས་ཀྱིས་གཟི་བྱིན་བསྐྱེད། ཧཱུྃ༔ བདག་ཉིད་རིག་འཛིན་དཔལ་ཆེན་པོ༔ གསང་བདག་རབ་ཁྲོས་སེང་གེའི་སྒྲ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ འབར་བ་ཆེན་པོའི་གར་གྱིས་རོལ༔ ལྟ་བ་བློ་འདས་རྫོང་ལ་གནས༔ སྒོམ་པ་འོད་གསལ་འཕྲང་ལ་འཇུག༔ ཡེ་ཤེས་སྙིང་པོའི་སྲོག་དང་ལྡན༔ ལག་གཉིས་རིགས་ལྔ་ཡབ་ཡུམ་སྦྱོར༔ མཐིང་ནག་ཧཱུྃ་ལས་སྐྱེས་པ་ཡི༔ སྲས་མཆོག་ཡཀྴ་ཀྲོ་དྷ་ནི༔ སྐུ་སྟོད་ཁྲོ་བོ་འཇིགས་པ་ལ༔ སྐུ་སྨད་ཕུར་པའི་དབལ་དང་ལྡན༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན༔ འཕྱར་བ་ཙམ་གྱིས་སྲིད་གསུམ་འདར༔ བསྒྲིལ་བ་ཙམ་གྱིས་ཁམས་གསུམ་བརླག༔ ཀླད་ལ་བསྐོར་བས་བདག་འཁོར་སྲུང༔ རྐེད་ལ་བསྐོར་བས་ཕྱིར་མི་ལྡོག༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་འདུལ༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདུལ༔ བཏབ་པས་ལྷ་ཡང་འཇིག་འགྱུར་ན༔ དགྲ་དང་བགེགས་ལ་སྨྲོས་ཅི་དགོས༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ ཉམས་པའི་སྙིང་གི་དཀྱིལ་དུ་བཏབ༔ དྭངས་མ་དྲུག་པོ་ཉམས་པར་བྱས༔ ཚེ་བསོད་སླར་འདུས་བདག་ལ་ཐིམ༔ དགྲ་བགེགས་དུག་ལྔ་ཀུན་སྦྱངས་ཏེ༔ རྣམ་ཤེས་ཕུར་པའི་ཁོང་ནས་བརྒྱུད༔ བདེ་བར་གཤེགས་པའི་སྲས་སུ་གྱུར༔ འོད་གསལ་དབྱིངས་ཀྱི་ཕྱག་རྒྱར་རྫོགས༔ དྲག་སྔགས་སོ་ལྔ་པའི་མཐར། ཨ་ནྲྀ་སུ་ཏྲི་པྲེ་དུ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ༔ ནྲྀ་བྷྲཱུྃ་ཧཱུྃ་ཛ༔ ཨ་སྥ་ར་ཎ་ཕཊ༔ ཕུར་པ་གདབ་ཅིང་ཐུན་རྫས་བཏབ། བརྒྱད་པ་སླར་ཡང་རྟེན་གཞི་བསྒྲལ་བ་ནི། ཧཱུྃ༔ ཡེ་ཤེས་འབར་བའི་རལ་གྲི་འདིས༔ དམ་ཉམས་དགྲ་བགེགས་ལྔ་ཕུང་ཡང༔ ཕྱེ་མ་དུམ་བུར་གཏུབས་ནས་ཀྱང༔ ཤ་ཁྲག་དམར་ཆེན་རྒྱ་མཚོར་འཁྱིལ༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཙྪིནྡྷ་ཙྪིནྡྷ་བྷིནྡྷ་བྷིནྡྷ་རྦད་རྦད༔ རལ་གྲིས་གཏུབས། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ ཁྲོ་མོ་ཨེ་ཡི་དབྱིངས་ཉིད་དུ༔ རྡོ་རྗེ་ཁྲོ་བོའི་གཏུན་གྱིས་བརྡུངས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཐོ་བས་བརྡུང་ངོ་། །དགུ་པ་ཞལ་དུ་བསྟབ་པ་ནི། ཧཱུྃ༔ རིག་འཛིན་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་བསྒྲལ་པའི་ཤ་ཁྲག་རུས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་ལམ་གྱི་བར་ཆད་དབྱིངས་སུ་སྒྲོལ༔ བསྟན་པ་བཤིགས་པའི་དགྲ་བགེགས་དཔུང་བཅས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ འདིར་ཚོགས་ལ་རོལ་ཞིང་ལྷག་མ་གཏང་ངོ་། །གཉིས་པ་གཏོར་མའི་ཟློག་པའི་གཡུལ་གཤོམ་པ་ལ་བཞི། དང་པོ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་ཏེ་འབུལ་ཞིང་། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང༔ ཙཀྲ་འབར་བའི་གཞལ་ཡས་ནས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ རཀྴ་ཐོད་ཕྲེང་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གནམ་ལྕགས་ཙཀྲ་འབར་བ་ཡི༔ སྟེང་འོག་ཕྱོགས་མཚམས་ཨེ་ཀློང་ནས༔ དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་བཅུ༔ སྙིང་རྗེ་ཁྲོས་པའི་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གཞན་ཡང་དཔལ་གྱི་རྣམ་འཕྲུལ་ནི༔ དྲག་ཏུ་ཁྲོས་པ་སྲིན་པོའི་གཟུགས༔ འཇིགས་པའི་སྐུར་སྟོན་རྔམ་པའི་གསུང༔ དབང་དྲག་འབར་བའི་ཡེ་ཤེས་ཅན༔ འཁོར་དང་བཅས་པ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ འདི་ནི་ཅུང་ཟད་རྒྱས་པའི་དབང་དུ་བྱས་ཏེ་གྲོ་ལོད་ལྟར་བཀོད་པ་ཡིན་ལ། རྩ་བའི་གཏེར་གཞུང་དངོས་ནི། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང༔ ཙཀྲ་འབར་བའི་གཞལ་ཡས་ནས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ རཀྴ་ཐོད་ཕྲེང་དབྱིངས་ནས་བཞེངས༔ སྤྲུལ་པའི་ཁྲོ་བཅུ་ལས་ལ་ཆོས༔ ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང༔ དྲང་སྲོང་དམོད་པའི་མཚོན་འཆང་བ༔ ལོཀྟྲི་པཱ་ལས་སྟོང་ཁམས་ཁེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་པ་སྟེ་འདི་ཚར་གྲངས་གང་དགོས་གསག །གཉིས་པ་ཟ་ལམ་བསྟན་པ་ནི། ཧཱུྃ་བྷྱོ༔ རིག་འཛིན་ཁྲག་འཐུང་བཀའ་ཉན་པའི༔ སྣང་སྲིད་ལྷ་འདྲེའི་དམག་ཚོགས་ཀུན༔ ལ་ལས་དམག་གི་རུ་དར་ཕྱར༔ ལ་ལས་གསོད་པའི་མཚོན་རྣོན་ཐོགས༔ ལ་ལས་ནད་ཀྱི་རྐྱལ་པ་ཕྱེ༔ ལ་ལས་ཚོན་གྱི་གྲུ་གུ་འདྲིལ༔ ལ་ལས་བདུད་ཀྱི་ཞགས་པ་འདེབས༔ ལ་ལས་ཤོ་རྡེལ་དཀར་ནག་འཕེན༔ ལ་ལས་སེང་གེ་གླང་ཆེན་ཞོན༔ ལ་ལས་འབྲུག་དང་གློག་ལ་ཞོན༔ ལ་ལས་འབྲོང་ཆེན་དར་མ་ཞོན༔ ལ་ལས་སྟག་གཟིག་དོམ་དྲེད་ཞོན༔ ལ་ལས་བྱ་རྒྱལ་ཁྱུང་ལ་ཞོན༔ ལ་ལ་ནམ་མཁའི་ཁམས་ནས་འཕྱོ༔ ལ་ལ་ས་གཞི་ཁྱབ་པར་ཉུལ༔ ལ་ལ་ཆུ་བོའི་གཞུང་ལ་རྒྱུག༔ ལ་ལ་རི་བོའི་རྩེ་ནས་འགྲིམ༔ ལ་ལས་དུང་ཆེན་ངར་སྐད་སྒྲོག༔ ལ་ལས་ཀུ་ཅོ་བཤུག་གླུ་ལེན༔ ལ་ལས་རྐན་སྒྲ་དྲག་པོ་གཏོག༔ ལ་ལས་རླུང་ནག་འཚུབ་མ་འདྲེན༔ ལ་ལས་འབྲུག་སྒྲ་དྲག་པོ་ལྡིར༔ ལ་ལས་ཐོག་དང་སེར་ཆེན་འབེབ༔ ཤིན་ཏུ་འཇིགས་ཤིང་གཏུམ་པའི་གཟུགས༔ དཔལ་ཆེན་འཁོར་ཚོགས་ཁྱེད་རྣམས་ཀྱིས༔ ཟ་ལམ་དགྲ་དང་བགེགས་ལ་ཕྱེས༔ ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ ཆག་ཆེ་ཉམ་ང་བྱད་ཕུར་སོགས༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློགས༔ ལོག་པར་འདྲེན་པའི་བགེགས་ལ་སྒྱུར༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ གསུམ་པ་བྷྱོས་གདབ་པ་ནི། ཧཱུྃ་བྷྱོ༔ ད་ནི་འཁོར་འདས་ཀུན་གྱིས་བྷྱོ་ཡིས་ཐོབས༔ ཆག་ཆེན་ཉམ་ང་ཐམས་ཅད་དགྲ་ལ་བྷྱོ༔ ལོ་སྐག་ཟླ་སྐག་ཐམས་ཅད་དགྲ་ལ་བྷྱོ༔ ཟ་མའི་བདུན་ཟུར་ཐམས་ཅད་དགྲ་ལ་བྷྱོ༔ རྦོད་གཏོང་རྦད་འདྲེ་ཐམས་ཅད་དགྲ་ལ༴ འབྱུང་བའི་གཙུག་ལག་རྩུབ་པ་དགྲ་ལ༴ རྟགས་དང་རྟེན་འབྲེལ་ངན་པ་དགྲ་ལ༴ རྨིས་ལྟས་མཚན་ངན་ཐམས་ཅད་དགྲ༴ ཡས་ཀྱི་བདུད་དུ་གཡོས་པ་དགྲ༴ མས་ཀྱི་སྲི་རུ་ལངས་པ་དགྲ༴ བར་གྱི་བཙན་ཐབས་འཁྲུགས་པ་དགྲ༴ ཕ་ཚན་བརྒྱ་འདྲེ་ལངས་པ་དགྲ༴ དར་ཚན་སྟོང་འདྲེ་གཡོ་བ་དགྲ༴ མ་བུའི་བྱུར་འདྲེ་འཁོར་བ་དགྲ༴ ཕུ་ནུའི་རུས་འདྲེ་གཟིངས་པ་དགྲ༴ ལྟག་པའི་བདུད་དུ་བབས་པ་དགྲ༴ དཔྲལ་བའི་གཤེད་དུ་འཁོར་བ་དགྲ༴ རྒྱལ་པོའི་བཀའ་ཆད་འབེབས་པ་དགྲ༴ ཡུལ་གྱི་ཁ་མཆུ་གླེང་བ་དགྲ༴ སྔགས་པའི་ཕུར་ཟོར་བསྒྲིལ་པ་དགྲ༴ བོན་པོའི་ཛོ་ཟོར་འཕེན་པ་དགྲ༴ ཕྱི་པའི་ངན་སྔགས་ཐམས་ཅད་དགྲ༴ ནང་པའི་བདེན་ཚིག་ཐམས་ཅད་དགྲ༴ མཐའ་མིའི་འཕྲུལ་འཁོར་ཐམས་ཅད་དགྲ༴ དྲང་སྲོང་དམོད་པའི་མཚོན་ཆ་དགྲ༴ རང་གཤེད་རང་ལ་ཆགས་པ་དགྲ༴ ལྷ་སྲུང་བདུད་དུ་བབས་པ་དགྲ༴ མ་མོའི་དལ་ཡམས་ངན་པ་དགྲ༴ ལུས་ཀྱི་ན་ཚ་ཐམས་ཅད་དགྲ༴ སེམས་ཀྱི་སྡུག་བསྔལ་ཟུག་རྔུ་དགྲ༴ རྟ་ཕྱུགས་གོད་ཁ་ལྡངས་པ་དགྲ༴ ཞིང་གི་བཙའ་སད་སེར་གསུམ་དགྲ༴ བྱུར་དང་ཕུང་བཤིག་ངན་པ་དགྲ༴ དུས་འཁྲུགས་གཡུལ་བཤམས་ངན་པ་དགྲ༴ མཐའ་ཡི་དམག་དཔུང་གཡོ་བ་དགྲ༴ ཕོ་བདུད་དལ་ཁ་ཐམས་ཅད་གཡས་སུ་བྷྱོ༔ མོ་བདུད་དལ་ཁ་ཐམས་ཅད་གཡོན་དུ་བྷྱོ༔ སྤྱི་བདུད་མི་མཐུན་ཕྱོགས་ཀུན་མཁའ་ལ་བྷྱོ༔ ཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློགས༔ སྒྱུར་རོ་ལྟས་ངན་ཐམས་ཅད་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བཞི་པ་དྲག་པོའི་སྔགས་རྒོད་ཀྱིས་ཟློག་པ་ནི། གཙོ་བོའི་ཐུགས་སྲོག་སྔགས་ཕྲེང་ལས༔ ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ༔ ལྕགས་ཀྱུ་ཐོགས་པ་དཔག་མེད་འཕྲོས༔ སྲི་རྣམས་དབང་མེད་བཀུག་བྱས་ཏེ༔ ཕྱི་རོལ་འཁོར་ལོའི་རྩིབས་བར་ཚུད༔ ནམ་ཡང་འཆོར་བ་མེད་པར་གྱུར༔ ཅེས་དམིགས་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔ ཛ་ཡ་ཛ་ཡ་ཙཀྲ༔ ཧ་ན་ཧ་ན་ཙཀྲ༔ བྷུ་རུ་བྷུ་རུ་ཙཀྲ༔ སྨ་ར་སྨ་ར་ཙཀྲ༔ བྷི་དུ་མ་ནི་ཙཀྲ༔ ཛྭ་ལ་ཛྭ་ལ་ཙཀྲ༔ སཾ་བྷ་བེ་ག་ཎ་ནཱ་ཡ་སཱ་ར་ཙཀྲ༔ སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔ ནཱ་ཤ་ཡ་ནཱ་ཤ་ཡ་ཙཀྲ༔ བཾ་བཾ་ཙཀྲ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ས་མནྟ་གཱི་ར་ཙཀྲ༔ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ༔ ཅེས་བཟླ། འཁོར་གྱི་ཁྲོ་བཅུ་ཞལ་ཕྱིར་གཟིགས༔ དྲག་སྔགས་འབྲུག་སྒྲ་ལྟར་སྒྲོག་པས༔ འཁོར་ལོ་སྟེང་།་་་གཡས་འོག།་་་གཡོན་ཤུགས་དྲག་འཁོར༔ སྲི་རྣམས་ཐམས་ཅད་ཕྱེ་མར་བརླག༔ རང་གི་ཡ་རྐན་མ་རྐན་ནི༔ གནམ་ས་ལྟ་བུར་གདངས་པའི་བར༔ ལྕེ་ནི་རྡོ་རྗེ་རྩེ་བཅུ་གསུམ༔ སྔགས་ཀྱིས་མཚན་པའི་རང་སྒྲ་ཡིས༔ ཕྱེ་མའང་དམིགས་མེད་དབྱིངས་སུ་ཐིམ༔ ཞེས་དམིགས་ལ་སྔགས་སྔ་མའི་མཐར། གློ་བུར་བར་ཆད་ཀེག་སྲི་ངན་པ་ཐམས་ཅད་མ་ཧཱ་ཤ་རི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བཏགས་པ་ཅི་འགྲུབ་བཟླས་པའི་མཐར་ལས་བྱང་ལྟར། ཐུགས་ནས་ལོཀྟྲི་པཱ་ལ་སོགས་ཀྱི་སྔགས་རྒོད་དམོད་མོ་ཐལ་རྡེབ་བདེན་བརྗོད་བཅས་བྱ། དགོང་མོར་ཆོས་སྲུང་གཏོར་སྐྱོང་དང་ཆད་བརྟན་ནས་ཤིས་བརྗོད་བར་ཕྲིན་ལས་རྫོགས་པར་གཏང་བ་ནི་སྒྲུབ་པའི་ཞག་གྲངས་དུ་བྱེད་ལ་འགྲེས་སོ། །གསུམ་པ་རྗེས་དྲག་པོའི་གཡུལ་འགྱེད་པ་ལ་གསུམ། ཟ་ལམ་བསྟན་པ། གཏོར་ཟོར་འཕེན་པ། མཇུག་བསྡུ་བའོ། །དང་པོ་ལ་དྲུག་གི །དང་པོ་སྒྲུབ་ཞག་རྫོགས་པའི་ཉིན་སྔ་དྲོའི་ཆར་ཁང་སྟེང་ནས་བསང་དང་གསེར་སྐྱེམས་བརྔན་རྣམས་བྱ། ཞལ་བསྟབ་ཀྱི་རྗེས་སུ་དཀར་བྱང་མེ་ལ་སྲེགས། སྔགས་ཟློག་ཚར་བའི་རྗེས་སུ་སློབ་དཔོན་ཆས་སུ་ཞུགས་ལ། ཧཱུྃ་ཕཊ་ཛཿ ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁར་བཞུགས་པར་གྱུར། ཅེས་སྔགས་རྒྱས་བཏེགས། གཉིས་པ་རིག་འཛིན་བསྐུལ་བ་ནི། འཆམ་སྟབས་ཀྱིས་བསྐོར་ཞིང་། ཧཱུྃ༔ སྔོན་ཚེ་རྒྱ་གར་རྡོ་རྗེ་གདན༔ གནྡྷོ་ལ་ཡི་ཕོ་བྲང་དུ༔ པན་ཆེན་ལྔ་བརྒྱ་ཚོགས་ནས་སུ༔ སངས་རྒྱས་བསྟན་པ་སྤེལ་བ་ན༔ མུ་སྟེགས་ནག་པོས་གཡུལ་བཤམས་ཚེ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་སྒྲིལ༔ བསྒྲིལ་ཅིང་ཙན་དན་ནགས་སུ་འཕངས༔ མེ་འབར་འཁྲུགས་ཤིང་མཚོ་ཡང་བསྐམས༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྴ་ནག་པོ་རྡུལ་དུ་བརླགས༔ དེ་བཞིན་བདག་གིས་དེང་བསྐུལ་གྱིས༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ བདུད་སྡེ་འདུལ་བའི་གྲོགས་མཛོད་ཅིག༔ གསུམ་པ་ཆད་མདོ་ལས་བྱང་ལྟར་བསྒྲག །བཞི་པ་ཟོར་བསྐུལ་ནི། ཧཱུྃ༔ དྲག་པོ་ཟོར་གྱི་དཔུང་ཚོགས་དབྱིངས་ནས་བཞེངས༔ རིག་འཛིན་རྩ་བརྒྱུད་བླ་མས་རྒྱབ་རྟེན་མཛོད༔ ཡི་དམ་ལྷ་ཚོགས་མངོན་སྤྱོད་ལས་ལ་དགོངས༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་དམག་ལ་ཆོས༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་ན༔ མ་གཡེལ་མ་གཡེལ་ཟོར་གྱི་དཔུང་ལ་གཤེགས༔ ལྔ་པ་ཕུར་ཁ་བསྒྱུར་ཞིང་ཟོར་ལམ་བསལ་བ་དངོས་ལ། ཕུར་པ་བསྒྲིལ་ལ། ཧཱུྃ༔ ང་ནི་རཀྴ་ཐོད་ཕྲེང་རྩལ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ དཔལ་ཆེན་པོ་དང་གཉིས་སུ་མེད༔ དེ་རིང་གདུག་པའི་ཟོར་འཕེན་གྱིས༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ ཀླུ་གཤེགས་རྒྱ་མཚོའི་གཏིང་ལ་གཤེགས༔ བཙན་གཤེགས་བྲག་དམར་ལོགས་ལ་གཤེགས༔ གདོང་དུ་སུ་ཡང་མ་སྡོད་ཅིག༔ དེ་རིང་ཐམས་ཅད་ལས་ལ་ཆོས༔ བྱ་ཁྱུང་རྒྱལ་པོས་དམག་སྣ་དྲོངས༔ རྒྱལ་ཆེན་བཞི་ཡིས་ཤུལ་མཚོན་ཏེ༔ མགོན་པོའི་ཚོགས་ཀྱིས་དམག་དཔོན་གྱིས༔ སྣང་སྲིད་ལྷ་འདྲེ་དམག་ལ་འུར༔ ཕྱོགས་སྐྱོང་བཅུ་ཡིས་རུ་མཚོན་ཕྱོར༔ སྡེ་དཔོན་སུམ་ཅུ་ཇག་པར་རྒྱུགས༔ བརྟན་མ་རྣམས་ཀྱིས་སོ་ཁ་སྲུངས༔ རཱ་ཧུ་ལ་ཡིས་དཀྱིལ་ནས་འཁྱུགས༔ དབང་ཕྱུག་རྣམས་ཀྱིས་མཐའ་ནས་སྡུས༔ ཁྲོ་བོའི་ཚོགས་ཀྱིས་རྟིང་མནན་ཏེ༔ ཕ་རོལ་བདུད་དང་དགྲ་བགེགས་ལ༔ མངོན་སྤྱོད་ལས་ཀྱི་གཡུལ་ངོ་སྤྲོད༔ བདུད་ཀྱི་རུ་དར་བསྙིལ་བར་གྱིས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློགས༔ དྲུག་པ་གཡུལ་དུ་ཞུགས་པ་ནི། གཏོར་མ་ཕྱིར་དཔག་ལ། ཧཱུྃ་བྷྱོ༔ ཟོར་གྱི་དཔུང་ཚོགས་ཆས་པ་ནི༔ སྲིན་པོ་ཆས་པའི་ཆོ་འདྲ་སྟེ༔ སྲིན་ཞལ་དམར་པོ་ཡ་ལ་ལ༔ འབྲོང་དར་ཆས་པའི་ཆོ་འདྲ་སྟེ༔ རྩང་རྣོན་རུ་ཐུར་ཟངས་སེ་ཟང༔ བདུད་རྒྱལ་ཆས་པའི་ཆོ་འདྲ་སྟེ༔ དར་མདུང་དམར་པོ་ཕྱ་ར་ར༔ མ་མོ་ཆས་པའི་ཆོ་འདྲ་སྟེ༔ དུག་མཚོ་མང་པོ་ཉི་ལི་ལི༔ ཀུ་བསྭོ་ཆ་སྒྲ་དི་རི་རི༔ སྤྱི་ཆག་ཐམས་ཅད་གཏོར་མས་ཟློགས༔ སྒོས་ཆག་ཐམས་ཅད་ཁྱུང་གིས་སྒྱུར༔ ཟོར་གྱི་དམག་དཔུང་མཁའ་ལ་གཤེགས༔ མི་མཐུན་ཐམས་ཅད་ཟློག་པ་དང༔ དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་ལྟ་བའི་གདིང་། སྒོམ་པའི་གཟེངས་བསྟོད། རིག་པ་ངར་ཕྱུང་ཞིང་། གིང་དཀར་ནག་གིས་རུ་དར་ཕྱར་བས་སྣ་དྲངས་པའི་ཟོར་རྣམས་རིམ་པར་བཏེགས་པའི་ཕྱིར་འབྲང་ཞིང་། རིག་འཛིན་གྱི་ལྷ་ཚོགས་དམག་དཔུང་འུར་དིར་གྱིས་ཆས་པར་བསམ་ལ། ཁྱམས་སུ་སླེབ་པ་དང་གཏོར་མ་ཕྱིར་བཞག་ལ། གསེར་སྐྱེམས། གཟུ་དཔང་། ཕུར་སྒྱུར། ཟློག་པ། ཟ་ལམ་བསྟན་པ། བྷྱོ་གདབ་རྣམས་བྱ། གང་དུ་འཕང་བའི་གནས་གཟའ་རྒོད་རྒྱུ་བའི་ཕྱོགས་སུ་ཟློག་སྔགས་བཟླ་བཞིན་ཕྱིན་ནས། གཉིས་པ་ཟོར་འཕེན་པ་ལ་ལྔ། གསེར་སྐྱེམས། གཟུ་དཔང་། ཕུར་བསྒྱུར་རྣམས་སྔར་ལྟར་དང་། གཉིས་པ་དམིགས་བྱ་འབེན་དུ་བྱས་ལ་འགུགས་གཞུག་བྱ། གསུམ་པ་ཟོར་ནི། ཧཱུྃ་བྷྱོ༔ དཔལ་ཆེན་ཁྲག་འཐུང་བཀའ་ཉན་པའི༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ སྟོང་གསུམ་གངས་རིས་བསྐོར་བ་ནས༔ གནོད་སྦྱིན་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཟངས་རིས་བསྐོར་བ་ནས༔ བཙན་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ལྕགས་རིས་བསྐོར་བ་ནས༔ བདུད་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་བྲག་རིས་བསྐོར་བ་ནས༔ སྲིན་པོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གཡུ་རིས་བསྐོར་བ་ནས༔ སྨན་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གསེར་རིས་བསྐོར་བ་ནས༔ གཤིན་རྗེ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་དུག་མཚོ་འཁྱིལ་བ་ནས༔ ཀླུ་བདུད་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཁྲག་མཚོ་འཁྲུགས་པ་ནས༔ མ་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་འདི་ན་ཆེ་བ་ཡི༔ རྒྱལ་ཆེན་ཕྱོགས་སྐྱོང་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ རྒྱལ་ཆེན་བཞི་ཡིས་ཡུངས་ཟོར་རྒྱོབ༔ གནོད་སྦྱིན་རྣམས་ཀྱིས་རྡོ་ཟོར་རྒྱོབ༔ བཙན་དམག་རྣམས་ཀྱིས་མདའ་ཟོར་རྒྱོབ༔ བདུད་རྒྱལ་རྣམས་ཀྱིས་ཀོང་ཟོར་རྒྱོབ༔ སྲིན་པོ་རྣམས་ཀྱིས་ཐོད་ཟོར་རྒྱོབ༔ སྨན་མོ་རྣམས་ཀྱིས་མཚེ་ཟོར་རྒྱོབ༔ གཤིན་རྗེ་རྣམས་ཀྱིས་ཁྲམ་ཟོར་རྒྱོབ༔ ཀླུ་བདུད་རྣམས་ཀྱིས་དུག་ཟོར་རྒྱོབ༔ མ་མོ་རྣམས་ཀྱིས་ཁྲག་ཟོར་རྒྱོབ༔ ལུས་ངག་ཐལ་བའི་རྡུལ་བཞིན་རློགས༔ མིང་ཙམ་མེད་པར་ཚར་ཆོད་ཅིག༔ དྲག་སྔགས་བཟླ་ཞིང་ཟོར་རྣམས་རོལ་མོའི་འོག་ཏུ་འཕེན་པའམ། དེ་ལས་ཀྱང་སྤྲོས་པ་ཆེ་བར་བྱེད་ན་ཚིགས་གཅད་ཁ་ཕྲལ་ཏེ། ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ ༼རྒྱལ་ཆེན་བཞི་ཡིས་ཡུངས་ཟོར་རྒྱོབ༔༽ ལུས་ངག་ཐལ་བའི་རྡུལ་བཞིན་རློགས༔ མིང་ཙམ་མེད་པར་ཚར་ཆོད་ཅིིིག༔ ཅེས་དྲག་སྔགས་བརྗོད་ཅིང་ཡུངས་ཟོར་འཕེན་པ་སོགས་རེ་རེ་བཞིན་བྱའོ། །བཞི་པ་གཏོར་ཆེན་འཕེན་པ་ནི། གཏོར་མའི་དམ་ཚིག་པ་རྣམས་མདུན་གྱི་ནམ་མཁར་བཞུགས། གཏོར་མ་ལ་ཆག་སྒོ་རྐྱེན་བགེགས་བསྟིམས་པས་ནད་མཚོན་དུག་གི་རང་བཞིན་དུ་གྱུར་པར་བསམ་ནས། ཧོ༔ དགོངས་སུ་གསོལ་ལོ་རྒྱལ་བ་རྣམས༔ མཆོག་གསུམ་ཐུགས་དམ་མ་གཡེལ་ཅིག༔ རིག་འཛིན་བྱིན་རླབས་དཔུང་སྐྱེད་ཅིག༔ ཡི་དམ་ལྷ་ཚོགས་མཐུ་མ་ཆུང༔ མཁའ་འགྲོའི་ཚོགས་རྣམས་རྩལ་མ་ཞན༔ ཆོས་སྐྱོང་སྲུང་མ་བང་མ་བུལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འདུས༔ གུམ་གུམ་ཆུམ་ཆུམ་དུས་ལ་བབ༔ གཏོར་ཆེན་ལག་ཏུ་ཐོགས་ནས། ཧཱུྃ༔ ང་ནི་དུས་གསུམ་རྒྱལ་བ་ཡི༔ མཐུ་སྟོབས་ནུས་པའི་ཡེ་ཤེས་སྐུ༔ དབང་དྲག་རིག་འཛིན་རྩལ་འཆང་བའི༔ དཔལ་ཆེན་ཁྲག་འཐུང་བདུད་འདུལ་ཡིན༔ དེ་རིང་གདུག་པའི་གཏོར་ཟོར་འདི༔ ཕས་རྒོལ་དམག་ཚོགས་གཞོམ་ཕྱིར་འཕེན༔ སངས་རྒྱས་བསྟན་བཤིག་སྟེང་དུ་འཕེན༔ བླ་མའི་སྐུ་དགྲ་རྩོམ་ལ་འཕེན༔ དགེ་འདུན་འདུ་སྒོ་འཕྲོག་ལ་འཕེན༔ སེམས་ཅན་སྡུག་ཏུ་གཏད་ལ་འཕེན༔ ཞིང་བཅུ་ཚང་བའི་དགྲ་བོ་ཡི༔ གནམ་གྱི་འཇུ་ཐག་གཅོད་ཕྱིར་འཕེན༔ ས་ཡི་རྟེན་ཕུར་ཕུད་ཕྱིར་འཕེན༔ བར་གྱི་དགྲ་བགེགས་འཁོར་བཅས་ཀྱི༔ བདུན་རྒྱུད་རྩད་ནས་བརླག་ཕྱིར་འཕེན༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ སྡང་དགྲ་གནོད་བྱེད་བགེགས་ལ་ཟློགས༔ མིང་ཙམ་མེད་པར་ཕུང་དུ་ཆུགས༔ ཐལ་བའི་རྡུལ་བཞིན་བརླག་པར་གྱིས༔ དྲག་སྔགས་བཟླ་ཞིང་གཏོར་ཟོར་རྣམས་འཕང་། དགྲ་བགེགས་དམ་སྲི་ཐམས་ཅད་རྩ་ཕུང་ལ་མེ་བརྒྱབ་པ་ལྟར་ཤུལ་མེད་དུ་བརླག་པར་བསམ་ལ། ངུལ་མོ་ལ་རྡབ་ཅིང་དམོད་མོ་འུར། ནམ་མཁར་བཞུགས་པའི་ལྷ་རང་ལ་བསྟིམ། ལྔ་པ་ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་གིས་མཚམས་བཅད་པར་བསམ་ལ། ཧཱུྃ་ཁྲོཾ་བཛྲ་ག་རུ་ཌ་བྷྱོ་ཟློག༔ ཅེས་བརྗོད་ལ་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག །རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་ལས་བྱང་བཞིན་སྲུང་འཁོར་གསལ་བཏབ། དེ་ནས་ཕྱིར་སྙེག་གཅོད་ཕྱིར་གདོང་ཕྱིར་བསྟན་ཏེ། ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཞེས་ཉེར་གཅིག་བཟླའོ། །གསུམ་པ་མཇུག་བསྡུ་བ་ལ་གསུམ། དང་པོ་བརྟན་མ་སྐྱོང་བ་ནི། གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མ་བྲན་ལ་བྱིན་གྱིས་བརླབས་ཏེ་ལས་བྱང་བཞིན་འབུལ་ལོ། །གཉིས་པ་གཏོར་མནན་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་དོང་བྲུས་པང་སྔར་གྱི་ལིངྒ་བསྲེགས་པའི་ཐལ་བ་བླུགས། དོང་བཅད་པའི་ཁར་གཏོར་གཞོང་ཁ་སྦུབས་ལ་བྲོ་ར་བསྐོར་ཏེ། ཨེ་གྲུ་གསུམ་པར་དགྲ་བགེགས་དམ་སྲི་བཀུག་པར་བསམ་ཞིང་། དགུག་གཞུག་དང་བྲོ་བརྡུང་བར་བྱའོ། །གསུམ་པ་ནི། ནང་དུ་ལོག་ལ་ཚེ་འགུགས། སྔར་བཏེགས་པའི་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་ནས་རང་ལ་བསྟིམ། ཆད་ལྷག་ཁ་བསྐང་དཀྱིལ་འཁོར་བསྡུ་ཞིང་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །འདི་ནི་གཏེར་ཆེན་ཉིད་ཀྱིས་བསྒྲིགས་པའི་གྲོ་ལོད་གཏོར་ཟློག་སོར་བཞག་ཏུ་བཀོད་ཀྱང་གཏོར་ཟློག་གི་གཞུང་ཤིན་ཏུ་བསྡུས་པ་ལ། རྗེས་ཀྱི་སྤྲོས་བཅས་རྒྱས་ཆེས་པས་ལག་ལེན་ཅུང་ཟད་དཀའ་བར་སྣང་བས། སྔགས་པ་དཀྱུས་མས་རྒྱབ་སྐྱེལ་མི་བྱེད་ན་ཆས་ཞུགས་གར་འཆམ་སྐོར་མི་འགྲུབ་པ་གཞིར་བྱས། སྔགས་ཟློག་ཚར་བའི་རྗེས་སྔགས་རྒྱས་བཏེགས་ལ། གསེར་སྐྱེམས་ཙམ་གཏང་སྟེ། ཟ་ལམ་བསྟན་པའི་ས་བཅད་གཉིས་པ་རིག་འཛིན་བསྐུལ་བ་སོགས་ནས་དྲུག་པ་གཡུལ་ཞུགས་ཀྱི་འཕྲོས་སུ། ཧཱུྃ་བྷྱོ༔ དཔལ་ཆེན་ཁྲག་འཐུང་སོགས་ཟོར་འཕེན་པ་ཕྱིན་ཆད་དམ། ཟོར་མ་བྱས་ནའང་རུང་བས། ཧོ༔ དགོངས་སུ་གསོལ་ལོ་ཕྱིན་ཆད་ཀྱིས་འཐུས་ཤིང་དེ་ལྟར་ན་བཅའ་གཞིའི་སྐབས་སུ་ཟོར་ཆས་བསྒྲིག་པའང་མི་དགོས་པ་བཅས་དབྱེ་བསྡུའི་སྐབས་ཕྱེད་པར་བྱའོ། །དེས་སྲུང་ཟློག་གི་རིམ་པ་སོང་། སྲེག་མནན་གཉིས་ཀྱང་ཉེར་མཁོ་གལ་ཆེ་བར་སྣང་རུང་། སྐབས་འདིར་ཁྲིགས་བཀོད་མ་ལྕོགས་མོད། གཏེར་གཞུང་ནི་འདི་ལྟ་སྟེ། སྲི་ངན་མེ་ལ་བསྲེག་པ་ནི༔ སེང་ལྡེང་ངམ་ནི་སྐྱེར་པའི་མེར༔ རཀྴ་ཐོད་ཕྲེང་འཁོར་བཅས་བསྐྱེད༔ བཅུ་གསུམ་སྲི་ཡི་ལིངྒ་ལ༔ དགུག་བསྟིམ་བསྒྲལ་ཞིང་དུམ་བུར་གཏུབ༔ དུག་ཁྲག་ཀེ་ཤང་ལན་ཚྭར་བཅས༔ རྩ་བའི་སྔགས་དང་ལས་སྔགས་མཐར༔ གནོད་བྱེད་དགྲ་བགེགས་བྱད་ཕུར་རྦོད་གཏོང་ལ་བརྟེན་པའི་ཀེག་སྲི་ངན་པ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ༔ ད་ཧ་ད་ཧ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་སོགས་གང་རིགས་འབུལ༔ ལས་ཀྱི་སྦྱོར་རྗེས་སྤྱི་ལྟར་བྱ༔ ས་མ་ཡ༔ ཀེག་སྲི་ས་ལ་མནན་པ་ནི༔ དུག་ཤོག་ངོས་ལ་གྲི་ཁྲག་གིས༔ འཁོར་ལོ་ཕྱི་ནང་རྩིབས་དྲུག་དྲུག༔ དབུས་དང་རྩིབས་བར་སྲི་ཡི་མིང༔ བཅུ་གསུམ་སོ་སོའི་ཐ་མ་རུ༔ ཨེ་ཡཾ་རཾ་བཾ་ལཾ་བྷྲཱུྃ་སཏྭཾ་བྷ་ཡ་ཏྲིག་ནན༔ ལྟེ་བར་རྡོ་རྗེ་རྒྱ་གྲམ་གྱིས༔ མཚན་པའི་དབུས་དང་རྩིབས་རྣམས་ལ༔ སྔགས་ཚན་བཅུ་གསུམ་དགོད་པར་བྱ༔ ཕྱི་རོལ་བགེགས་ལིང་སྤྱི་ལྟར་བྲི༔ དགུག་གཞུག་གསད་པའི་སྦྱོར་བ་བརྩམ༔ ཕུང་ཤུལ་རི་རུད་གཡང་སའི་་་མི་ལྷུང་བའི།ས༔ འདྲེ་ཅན་མི་མང་ཁྱེར་བའི།་་་ཆུ་དང་རྦབ་་་མི་བསད་པའི།རྡོའི་དུམ༔ གཞན་ཡང་ཕུང་རྫས་གང་འབྱོར་བཅས༔ སོ་སོར་འོས་པའི་ཐོད་པ་འམ༔ ཁྱི་སྤྱང་ཐོད་པའི་ནང་དུ་བཅུག༔ མཆོད་རྟེན་ཞབས་སམ་ལམ་གྱི་དཀྱིལ༔ གནམ་ས་དྲག་པོའི་གནས་སུ་སྦ༔ རྡོ་རྗེའི་བྲོ་བརྡུང་ཕྱག་རྒྱས་གདབ༔ ས་མ་ཡ༔ ཞེས་འབྱུང་བ་ཉིད་རྩ་བར་གཟུང་ནས་སྨིན་གླིང་དྲེགས་འཇོམས་སམ། ཆོས་གླིང་གུར་དྲག་གི་ཆ་ལག་ལྟ་བུའི་མནན་པ་དང་སྲེག་པའི་ལས་རིམ་གྱིས་ཁོག་དབུབ་ན་འཇུག་བདེ་བར་སྣང་ངོ་། །སྲི་ལས་རྐྱེན་ཆེ་མེད་པར་གྲགས་མོད་ཀྱང་། །མནན་པ་ཙམ་ལས་ཟློག་པའི་ལས་རིམ་དཀོན། །ཟབ་ཅིང་སྟབས་བདེ་འདི་ཉིད་གསལ་བྱས་དགེས། །རང་གཞན་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཤོག །ཅེས་པ་འདིའང་ལག་ལེན་བྱེད་པ་རྣམས་ལ་ཤིན་ཏུ་ཕན་ཐོགས་ཆེ་བར་གྲགས་པ་དང་གཞན་ལ་མེད་པའི་ཁྱད་ཆོས་ཤིན་ཏུ་ཉེ་བར་མཁོ་བ་མཐོང་ནས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
དཔལ་མངོན་རྫོགས་རྒྱལ་པོ་ལས། བརྒྱུད་པའི་གསོལ་འདེབས་རྟག་པའི་རྒྱལ་མོའི་དགྱེས་གླུ་ (Volume 32, Text 54)
དཔལ་མངོན་རྫོགས་རྒྱལ་པོ་ལས། བརྒྱུད་པའི་གསོལ་འདེབས་རྟག་པའི་རྒྱལ་མོའི་དགྱེས་གླུ་ཞེས་བྱ་བ་བཞུགས་སོ། །ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །ལོངས་སྐུ་རྣམ་སྣང་སྤྲུལ་སྐུ་རྡོ་རྗེ་སེམས།། ངོ་མཚར་རྫོགས་ཆེན་སྟོན་པ་བཅུ་གཉིས་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ །མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ་བ་མོ། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །གྲུབ་པའི་སློབ་དཔོན་དྷ་ན་སཾསྐྲྀཏ། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །མ་མོ་མངོན་ཁོལ་འབྲོག་མི་དཔལ་ཡེའི་ཞབས། །དམ་འཛིན་ཆོས་བློ་མཆོག་གྱུར་བདེ་ཆེན་གླིང་། །རིགས་ཀུན་ཁྱབ་བདག་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །རིགས་འདུས་རྒྱལ་བའི་དཀྱིལ་འཁོར་རྡོ་རྗེ་དབྱིངས། །འཁོར་འདས་དབང་སྒྱུར་ཁྲག་འཐུང་སྤྲུལ་པར་བཅས། །ཡེ་ཤེས་ལས་གྲུབ་འཁོར་ལོའི་དབང་མོ་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །སྲོག་གི་རང་བཞིན་བདེ་ཀློང་ཀུན་བཟང་མོ། །དྭངས་མ་རྣམ་བཞིའི་ངོ་བོ་གསང་བའི་མ། །རྩ་རླུང་བཞི་བདག་ཡང་གབ་སྤྲུལ་པར་བཅས། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །གནས་པ་རྩ་ལ་བརྟེན་པ་བྱང་ཆུབ་སེམས། །བྱེད་ལས་རྩ་ལག་རླུང་གི་རང་བཞིན་ཅན། །སྣང་སྲིད་ཡུམ་གྱི་བྷ་གའི་རང་བཞིན་ལ། །གསོལ་བ་འདེབས་སོ་བྱིན་རླབས་མཐུ་དབང་སྩོལ། །རྩ་ཐིག་གཞལ་ཡས་ཁང་དུ་བསྙེན་པ་རྫོགས། །དགོངས་པ་རྣམ་བཞིས་དངོས་སུ་སྒྲུབ་མཐར་ཕྱིན། །རོལ་པའི་ཕྲིན་ལས་མངོན་དུ་དབྱུང་བ་ཡིས། །སྲིད་པ་མ་མོའི་དཀྱིལ་འཁོར་ཡོངས་འགྲུབ་ཤོག །ཡེ་ཤེས་ལས་དང་སྤྲུལ་པས་བསྡུས་པ་རྣམས། །རྒྱལ་བློན་བྲན་མོ་ལྟ་བུའི་རྩ་དང་རླུང་། །བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་པར། །རྟོགས་པའི་གདིང་ཐོབ་དབང་དུ་བྱེད་པར་ཤོག །འཕྲུལ་འཁོར་མདོས་ཀྱི་གནད་ལ་བྱང་ཆུབ་པས། །འཕྲལ་གྱི་རྐྱེན་ཟློག་ཡུན་གྱི་ཉམས་ཆག་སྦྱོང་། །སྣང་སྲིད་གཡོ་འཁྲུགས་རང་སོར་གཞུག་པ་སོགས། །ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར་བར་ཤོག །སྲིད་རྒྱལ་དམག་དྲངས་རིགས་དྲུག་འགྲོ་རྒྱུན་བཅད། །ཐར་ལམ་སྟེགས་འཛུགས་མི་གནས་དབྱིངས་སུ་བསྒྲལ། །བཟང་མོའི་མཁར་ཐེབས་དབྱིངས་དང་ཡེ་ཤེས་དོན། །ཟུང་འཇུག་མ་མོ་རོལ་པའི་མཆོག་ཐོབ་ཤོག །ཅེས་པའང་ཡར་སྟོད་ཤམ་པོ་གངས་ཀྱི་རྭ་བའི་མདུན་ཞོལ་དུ་གཞུང་ས་ཆེན་པོའི་བཀའ་བཞིན། གངས་ཅན་བསྟན་འགྲོ་སྤྱིའི་སྐུ་རིམ་དུ་གཏེར་གསར་མ་མོའི་སྒྲུབ་མདོས་གཏོང་བའི་ཐོག་མར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ།། །།
རབ་ཏུ་གནས་པར་བྱེད་པའི་ཆོ་གའི་ལག་ལེན་གསལ་བར་བྱེད་པ་ལེགས་པར་བཤད་པའི་རོལ་མཚོ་ (Volume 41, Text 54)
༄༅། །རབ་ཏུ་གནས་པར་བྱེད་པའི་ཆོ་གའི་ལག་ལེན་གསལ་བར་བྱེད་པ་ལེགས་པར་བཤད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་འཁོར་ལོ་ཀུན། །སྤྲོ་དང་བསྡུ་བའི་བྱེད་པོར་ཆུ་ཟླ་བཞིན། །དངོས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང། །དབྱེར་མེད་རོ་མཉམ་དྲིན་ཅན་བླ་མར་འདུད། །གང་གི་གསུང་ངག་ལེགས་བཤད་བདུད་རྩིའི་དཔྱིད། །དངོས་གྲུབ་རིན་ཆེན་འབྱུང་གནས་རོལ་པའི་མཚོར། །ཡོང་བསྐྱིལ་རང་དང་སྐལ་མཉམ་ཐོས་པ་ཡིས། །དུབ་པ་དེ་དག་ངལ་བསོའི་སྐྱེས་སུ་སྦྱིན། །དེ་ཡང་འདི་ལྟར་ངེས་པ་བྱ་བ་ཡིན་ཏེ་སྔོན་དུ་ཤེས་དབྱེ་བཤད་པ། བཤད་འབྲས་ཀྱི་ཆོ་ག་ལག་ཏུ་བླང་བ། ཞར་བྱུང་ཡན་ལག་གཞན་སྤྲོས་པའི་ཚུལ་ལོ། །དང་པོ་ལ། རབ་གནས་ཀྱི་རང་བཞིན། གང་ལ་གནས་བྱའི་རྟེན། དེ་ལ་རབ་གནས་མ་བྱས་པའི་ཉེས་པ། བྱས་པའི་ཕན་ཡོན། བྱེད་པ་པོའི་སློབ་དཔོན། གང་དུ་བྱ་བའི་གནས། གང་གི་ཚེ་བྱ་བའི་དུས་དང་བདུན། དང་པོ་ནི། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གཟོད་མ་ཉིད་ནས་འོད་གསལ་བའི་ངོ་བོར་སོན་པས་གཞན་གྱིས་འདུ་མ་བྱས་པའི་ཡེ་ཤེས་སེམས་དཔའ་ཏིལ་ལ་མར་བཞིན་ཁྱབ་པར་གནས་པ་ནི་ལྷུན་གྱིས་གྲུབ་པའི་རབ་གནས་ཏེ། དགྱེས་རྡོར་རྒྱུད་དུ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བར་ཁྱབ་ནས་གནས། །ཞེས་གསུངས་པས་སོ། །དེ་ལྟར་གནས་པའི་ཡེ་ཤེས་དེ་མངོན་དུ་མ་གྱུར་པ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པར་བརྟེན་ནས་དམ་ཚིག་པ་བསྐྱེད་ཅིང་དེ་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བཅིང་མཉེས་དབང་བསྐུར་བའི་སྦྱོར་བ་སོགས་ཀྱིས་ལྷའི་ངོ་བོར་སྒྲུབ་པ་འདི་ནི། འགྲོ་བ་རྣམས་བསོད་ནམས་ཀྱི་དངོས་པོ་ཉེ་བར་བསྒྲུབས་ཏེ་ངེས་པའི་དོན་ཟབ་མོ་ལ་དཀྲི་བའི་དོན་ཅན་དུ་ཤེས་པར་བྱ་སྟེ། དེ་ལྟར་ཡང་རབ་གནས་རྒྱུད་དུ། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཅེས་དང་། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །ཞེས་དྲང་བ་དང་ངེས་པའི་དོན་གྱིས་གསུངས་པའི་ཚུལ་ལོ། །གཉིས་པ་གང་ལ་གནས་བྱའི་རྟེན་ནི། རྒྱུད་ལས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པ་ཞེས་གསུངས་པའི་སྐུ་གཟུགས་ཀྱིས་མཚོན་ནས། གླེགས་བམ་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། ཕྱག་མཚན་དང་། རྒྱན་ཆ་དང་། མཚོ་རྫིང་དང་ཚལ་ལ་སོགས་པ་རྣམས་སོ། །ཇི་སྐད་དུ། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་དང་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་སྣང་བརྙན་སོ་སོའི་མངོན་པར་རྟོགས་པའི་མཚན་ཉིད་དང་ལྡན་པ། རོ་ཞེས་པ་ཉམས་ཏེ་ཞི་བ་ལ་སོགས་པའི་ཉམས་དང་འགྱུར་བག་ཆགས་པ། མདོ་དང་རྒྱུད་སྡེའི་ཆག་ཚད་ལ་ཕེབས་པས་བཟང་ཞིང་མཛེས་པ་ཀུན་གྱི་ཡི་གར་འོང་བ་དེས་མཚོན་ནས། མཆོད་རྟེན་སོགས་རབ་ཏུ་གནས་བྱར་གྱུར་པ་ཐམས་ཅད་སོ་སོའི་བཤད་ཚོད་ལས་འབྱུང་བའི་ཚད་དང་མཚན་ཉིད་ཐམས་ཅད་ཚང་ཞིང་ཕུན་སུམ་ཚོགས་པར་བྱའོ། །སྐུ་གཟུགས་སོགས་ཀྱི་ནང་དུ་བཞུགས་པའི་རིང་བསྲེལ་བཞི་ནི། གཟུངས་སྔགས་རྣམས་ཆོས་སྐུའི་རིང་བསྲེལ། གདུང་རུས་སོགས་སྐུ་གདུང་གི་རིང་བསྲེལ། དབུ་ལོ་སེན་མོ་སོགས་སྐུ་བལ་གྱི་རིང་བསྲེལ། ཤ་རཱི་རཾ་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལོ། །དེ་དག་བཞུགས་ཚུལ་ནི། གཙུག་ཏོར་དང་དབུའི་ནང་དུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་བྱིན་རྟེན་དང་བླ་བརྒྱུད་ཀྱི་མཚན་སྔགས་དང་སྐུ་གཟུགས་ཨུཥྞི་ཥའི་གཟུངས་་་གཙུག་ཏོར་རྣམ་རྒྱལ་དང་དྲི་མེད་སོགས།རྣམས་བཞུགས།་་་བྱ་རྒྱུད་ཡིན་ཡང་འདིར་འཇུག་པ་དམིགས་བསལ་ལོ། །མགུལ་དུ་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་སོགས་བྱིན་རླབས་ཀྱི་ཚོགས། སྐུའི་སྟོད་ཟོམ་ལ་རྣལ་འབྱོར་ཆེན་པོ་སྡེ་གསུམ་གྱི་གཟུངས་རྣམས་དང་། དེ་དག་གི་སྐུ་གཟུངས་བཞི་རྣམས། ཐུགས་ཀར་རིག་པ་ཕུག་རོན། ཁྱད་པར་ལྷ་གང་ཡིན་གྱི་རྩ་སྔགས། འཁོར་ལོ་སོགས། དེའི་འོག་ཏུ་ཡོ་ག་དང་། རྐེད་པར་སྤྱོད་རྒྱུད། ལྟེ་བར་བྱ་རྒྱུད་ཀྱི་གཟུངས་རྣམས་དང་དེ་དག་གི་སྐུ་རྟེན་དང་། སྨད་དུ་སངས་རྒྱས་རབས་བདུན་གྱི་གསོ་སྦྱོང་སོགས་མདོ་སྡེའི་གཟུངས་རྣམས་གཞུག་ཅིང་། གཞན་ཡང་གནས་ཡིག་དང་སྐྱེ་མཆེད་བྱིན་རླབས་རྣམས་སོ་སོའི་གཞུང་བཞིན་དགོད། མ་ཁེངས་ན་སྐུའི་སྟོད་སྨད་ཐམས་ཅད་དུ་སྔར་གྱི་རིམ་པ་བཞིན་མ་ནོར་བར་མདོ་རྒྱུད་ཀྱི་གླེགས་བམ་སོགས་གཞུག །པད་གདན་ལ་ཆོས་སྐྱོང་ནོར་ལྷའི་སྔགས་དང་སྲོག་འཁོར་བླ་རྡོ། ཁྱད་པར་ཚུལ་བཞིན་བསྒྲུབས་པའི་གནོད་སྦྱིན་འཁོར་ལོ་རིན་ཆེན་འབྲུ་སྨན་དར་ཟབ་དྲི་བཟང་སོགས་ཡོ་བྱད་ཇི་སྙེད་པ་དང་བཅས་གཞུག །གཟུངས་འཁྲུགས་པ་སོགས་ཀྱི་ཉེས་པ་ཞི་ཕྱིར།་་་རིག་པ་ཕུག་རོན་དང་རྟེན་འབྲེལ་སྙིང་པོ་ནི་སྟོད་སྨད་ཐམས་ཅད་དུ་གཞུག་ཅིང་འབུལ་བའི་ཚེ་ངག་ཏུའང་བཟླའོ། །མཆོད་རྟེན་གྱི་ཚེ་གཙུག་ཏོར་དང་དབུའི་རྣམས་འཁོར་ལོ་དང་བྲེ་ཡན། སྐུ་ངོ་བོའི་རྣམས་བུམ་པ་ནས་བང་རིམ་འོག་མ་ཡན་དང་། པདྨའི་རྣམས་གདན་ཁྲིར་གཞུག་ཅིང་། བྲིས་སྐུ་རྣམས་ལ་ཇི་ལྟར་རིགས་པ་རྒྱབ་ཏུ་བྲིའོ། །སྲོག་ཤིང་མེད་པ་དང་གོ་རིམ་འཁྲུགས་པ་སོགས་ལ་རྣམ་སྨིན་མི་བཟད་པ་བསྐྱེད་པར་གསུངས་པས་དཔྱོད་པ་དང་ལྡན་པ་རྣམས་ཀྱིས་སྒྲིན་པོའི་བློས་རྟོག་པར་བྱའོ། །གསུམ་པ་རབ་གནས་མ་བྱས་པའི་ཉེས་པ་ནི། རབ་གནས་མ་བྱས་པའི་ལྷ་ནི་རོ་དང་འདྲ་བས་མཆོད་པར་མི་འོས། མཆོད་ཀྱང་བསོད་ནམས་ཀྱི་འབྲས་བུ་མི་འབྱིན་ཞིང་གང་དུ་བཞག་པའི་ཕྱོགས་དེར་ཡང་བཀྲ་མི་ཤེས་པ་སྐྱེད་པར་གསུངས་ཤིང་སྔོན་གྱི་གཏམ་རྒྱུད་ལས་ཀྱང་འབྱུང་བ་སྟེ། རྒྱུད་དུ། གང་དུ་སྐུ་གཟུགས་རབ་རྫོགས་པ། །བྱིན་མ་བརླབ་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་པ་འབྱུང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་སོགས་དང་། ཆོ་ག་ཡང་རྒྱུད་དང་རྟོག་པ་ལས་གསུངས་པ་མ་གཏོགས་དམན་པའི་ཆོ་གས་ཀྱང་ཉེས་པ་བསྐྱེད་དེ། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་གསུངས་པས་སོ། །བཞི་པ་རབ་གནས་བྱས་པའི་ཕན་ཡོན་ནི། སྤྱིར་སྨྲོས་པའི་སྐྱོན་བཟློག་པ་དེ་ཡང་ཕན་ཡོན་ཡིན་ཅིང་། ཁྱད་པར་ཆོ་ག་མཚན་ཉིད་དང་ལྡན་པས་རབ་གནས་བྱས་པ་དང་། བྱས་པའི་རྟེན་དེ་ལ་མཆོད་ཅིང་བཀུར་སྟི་བགྱིས་པའི་བསོད་ནམས་ནི། རྒྱལ་བ་སྲས་དང་བཅས་པས་རྟག་ཏུ་བསྲུང་ཞིང་བྱིན་གྱིས་རློབ། ཚེ་འདིར་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་ཐོབ་ཅིང་ཕྱི་མ་བླ་ན་མེད་པའི་བྱང་ཆུབ་ཀྱི་བདེ་བ་མཆོག་ལ་རེག་པར་གདོན་མི་ཟ་སྟེ། དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་བྱུང་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་བྱེད་པར་འགྱུར། །ཞེས་གསུངས་སོ། །ལྔ་པ་བྱེད་པ་པོའི་སློབ་དཔོན་ནི། ཐེག་པ་གསུམ་གྱི་བསླབ་པ་མཐའ་དག་དང་ཁྱད་པར་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོར་ཡོངས་སུ་སྨིན་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་ལ་གནས་པས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས་མཆོག་གི་ངེས་པས་རྒྱུད་བལྟམས་ཤིང་དེ་ཉིད་བཅུ་སོགས་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་འབྱོར་བ། མཐོང་བརྒྱུད་ཀྱི་སྒོ་ནས་རབ་གནས་ཀྱི་ཆོ་ག་ལ་མཁས་ཤིང་བྱང་ཆུབ་པ་སྟེ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་འོ། །ཞེས་གསུངས་ཤིང་། ཕྱིའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་གདན་དང་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་ལ་སྦྱར། །སླར་བསྡུ་བ་དང་རྣམ་པ་བཅུ། །ནང་གི་བཅུ་ནི། སྲུང་བ་དབང་བསྐུར་གཏོར་བཟླས་དགར། །ཕྱིར་བཟློག་དཀྱིལ་འཁོར་སྒྲུབ་སྡིགས་གཤེགས། །ཞེས་པས། སྲུང་བ་ནི་བཀའི་འཁོར་ལོས་སོ། །དབང་ནི་གཉིས་པ་དང་གསུམ་པའོ། །གཏོར་མ་ནི་ཤ་ལྔ་སོགས་ནང་གིའོ། །འདིར་བཟླས་ཞེས་པའི་དོན་མ་ཚང་།མཆན། དགར་བ་ནི་དྲག་ལས་ཀྱིས་ཆོས་དབྱིངས་སུ་བསྒྲལ་བའོ། །ཕྱིར་བཟློག་ནི་ཟློག་པ་དང་བྲིས་པའི་ཟློག་པ་སྟེ་སོ་སོར་རྩིའོ། །སྒྲུབ་པ་ནི་ཡེ་ཤེས་སེམས་དཔའ་མངལ་འབྱིན་སོགས་ཐུན་མོང་མ་ཡིན་པའོ། །སྡིགས་པ་ནི་མ་གྲུབ་ན་སྤོག་པའི་ཆོ་གས་གནད་ལ་དབབ་པའོ། །གཤེགས་པ་ནི། སྙིང་གའི་ཟླ་བ་རྡོ་རྗེ་ལ་བསྡུ་བ་ལྟ་བུ་མཚོན་པ་སྟེ་མི་འདྲ་བའི་བཤད་པ་གཞན་འབྱུང་བ་དེ་དག་ཏུ་ཤེས་པར་བྱའོ། །ཆོས་དེ་དག་དང་ལྡན་པའི་སློབ་དཔོན་ཡང་དགེ་སློང་རབ། དགེ་ཚུལ་འབྲིང་། ཁྱིམ་པ་ཐ་མ་སྟེ། དུས་འཁོར་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་ཉིད་ལས། ཁྱིམ་ན་གནས་པ་ཐ་མ་འོ། །ཞེས་གསུངས། ས་ཐོབ་མ་གཏོགས་པའི་ཁྱིམ་པས་རྟགས་ཅན་ཡོད་བཞིན་དུ་རབ་གནས་ཀྱི་སློབ་དཔོན་དང་། རྒྱལ་པོའི་བླ་མ་བྱས་ན་བསྟན་པ་ལ་མི་རུང་བར་གསུངས་སོ། །དྲུག་པ་གང་དུ་བྱ་བའི་གནས་ནི། སྤྱིར་སའི་ཕྱོགས་རྣམས་མདངས་སྣུམ་ཞིང་ཁོད་སྙོམས་པ་ལྗོན་ཤིང་དང་མཚོ་རྫིང་མེ་ཏོག་གི་ཚལ་སོགས་ཀྱིས་རྣམ་པར་བརྒྱན་པས་བཀྲ་ཤིས་ཤིང་། ཞི་རྒྱས་ཀྱི་ལས་ལ་མངོན་པར་བསྔགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བྱ་ཞིང་། ཁྱད་པར་རྟེན་ཆེན་པོ་སྤྱན་དྲང་དུ་མི་རུང་བ་ཡིན་ན་དེའི་དབང་ལྡན་གྱི་ཕྱོགས་སམ་གར་བདེ་བའི་སར་བྱ་སྟེ། རྒྱུད་དུ། ཡང་ཐོག་མཆོད་རྟེན་ལ་སོགས་དང་། ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དབང་དང་ལྡན་པར་བྱ། །ཞེས་དང་། ཁྲག་འཐུང་གལ་པོར། བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །ཞེས་གསུངས་པ་ལྟར་རོ། །བདུན་པ་གང་གི་ཚེ་བྱ་བའི་དུས་ནི། ངེས་པའི་དུས་ཟླ་བ་དྲུག །གཟའ་བཞི། རྒྱུ་སྐར་བཅུ་བཞི། ཚེས་གྲངས་བདུན་ཞེས་པ་ལ། ཟླ་བ་ནི། མགོ་མཆུ་དབོ་ས་ག་ཆུ་སྟོད་ནག་པའི་ཟླ་བ་རྣམས་སོ། །གཟའ་ཕུར་བུ་ལག་པ་ཝ་སངས་ཟླ་བ་རྣམས་སོ། །རྒྱུ་སྐར་རྒྱལ་མེ་བཞི་ལྷ་མཚམས་དབོ་སྣར་མ་བྱི་བཞིན་མགོ་ལག་སྣྲོན་སྣུབས་ཆུ་སྟོད་ཆུ་སྨད་ཁྲུམས་སྟོད་ཁྲུམས་སྨད་རྣམས་སོ། །ཚེས་གྲངས་གཉིས་གསུམ་ལྔ་བདུན་བཅུ་གསུམ་བཅོ་ལྔ་རྣམས་སོ།་་་འདིར་གཅིག་མ་ཚང་།མཆན། དེ་ལྟར་ཡང་། དཀྱིལ་འཁོར་དང་ནི་རབ་གནས་པ། །ཡར་གྱི་ངོ་ལ་བརྟག་པར་བྱ། །ཞེས་གསུངས་པས་སོ། །འོན་ཏེ་ཉི་ཤུ་དགུ་དང་སྟོང་སྤངས་པའི་མར་ངོ་ལ་ཡང་གཟའ་སྐར་འཕྲོད་སྦྱོར་དགེ་ན་བྱར་རུང་སྟེ། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་པས། དུས་ངེས་པ་དེ་དག་ལ་འཆི་སྦྱོར་སྲེག་ཚེས་བིཥྚི་རྣམས་སྤངས་པའི་གཟའ་སྐར་འཕྲོད་སྦྱོར་ཡུད་ཙམ་བཟང་པོ་དག་ལེགས་པར་བརྟགས་ནས་བྱའོ། །གཞུང་འགར། དུས་ཐམས་ཅད་དུ་རབ་གནས་བྱ་རུང་བར་གསུངས་པ་ནི་སློབ་དཔོན་མི་མཐུན་ཕྱོགས་ཟིལ་གྱིས་གནོན་ནུས་པའི་ཏིང་ངེ་འཛིན་དང་ལྡན་པ་ལ་དགོངས་པ་ཡིན་ནོ།། ༈ །།གཉིས་པ་བཤད་འབྲས་ལག་ཏུ་བླང་བ་ལ་བསྙེན་པ་དང་ཆོ་ག་གཉིས་ལས། །དང་པོ་ནི། གཙུག་ལག་ཁང་སོགས་རབ་ཏུ་གནས་པ་ཁོ་ནའི་ཆེད་དམ་རང་དང་གཞན་གྱི་དོན་བླ་ན་མེད་པའི་དངོས་གྲུབ་དོན་དུ་གཉེར་བའི་སློབ་མས་གསོལ་བ་བཏབ་པའམ། དོན་དེ་དག་རང་གི་ཡིད་ལ་བརྣགས་པས་ཀྱང་རུང་སྟེ། ཡིད་དང་མཐུན་པའི་གནས་སུ་ཟབ་མོའི་རྣལ་འབྱོར་ལས་མི་གཡོ་བས་དཀྱིལ་འཁོར་གྱི་འཁོར་ལོའི་བསྙེན་པ་སོ་སོའི་སྒྲུབ་ཐབས་བཞིན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་པའོ། །ཉེ་བའི་བསྙེན་པ་ནི། རབ་གནས་གང་བྱ་བ་དེའི་སྔོན་དུ་བསྙེན་པ་ཁ་གསོ་བ་སྟེ། རིམ་གསུམ་རྩ་བར། ལན་གསུམ་གཞན་གྱིས་གསོལ་བཏབ་པས། །ཡིད་འོང་གནས་སུ་འདུག་ནས་ནི། །བསྙེན་པ་རྣམ་གཉིས་མཐར་ཕྱིན་པས། །ཞེས་གསུངས་པས་སོ། །གཉིས་པ་ཆོ་ག་དངོས་ནི་རྒྱས་པའི་རིམ་པ་དང་སྦྱར་བ་ལས། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་བསྡོམ་ནི། ས་ཆོག་སྟ་གོན་བྲི་ཞིང་བཤམ། །སྒྲུབ་མཆོད་བུམ་བཟླ་སྦྱང་བཀྲུ་ཕྱི། །རྟེན་བསྐྱེད་སྤྱན་དྲངས་མཆོད་དགུག་གཞུག །རྒྱས་བཏབ་དབང་བསྐུར་མཆོད་བསྟོད་སྔགས། །གཏོར་མ་སྙན་གསན་མཆོད་བསྟོད་དང་། །བཟོད་གཤེགས་རྟེན་དགབ་བདག་ཉིད་བསྲུང་། །ཞེས་འབྱུང་བ་ལས། དང་པོ་ས་ཆོག་ནི། བརྟག་སློང་སྦྱང་གཟུང་་་རྒྱས་པའི་ཚེ་གར་རྩ་འཆམས་ཀྱང་ཆོ་ག་གང་ཡིན་དང་བསྟུན་ནས་བྱེད།བསྲུང་བ་རྣམས་སོ། །གཉིས་པ་སྟ་གོན་ནི། ས་ལྷ་དཀྱིལ་འཁོར་པ་བུམ་པའི་ལྷག་གནས་གསུམ་མམ་སློབ་མ་ཡོད་ན་དེ་ཉིད་དང་། གཞུང་འགར་རྟེན་གྱི་སྟ་གོན་འདིར་སྦྲེལ་ཀྱང་། རིམ་པ་གསུམ་པར། དཀྱིལ་འཁོར་བྲིས་སྒྲུབ་སྟ་གོན་བྱ། །ཞེས་པ་དང་བླ་མའི་ཕྱག་ལེན་མཐུན་པར་འབྱུང་བ་བཞིན་ནོ། །གསུམ་པ་དཀྱིལ་འཁོར་བྲི་ཞིང་རྫས་བཤམ་པ་ནི། སྒྲུབ་པའི་དཀྱིལ་འཁོར་འདུ་བྱ་བ་་་རྒྱས་པའི་ཚེ་ཕྱི་ནང་གི་མཚམས་གཅོད་མ་ཊཾ་བསྒྲལ་བ་སོགས་ཀྱང་བྱེད།དང་བུམ་པ་འགོད་པ་སོགས་གཞུང་བཞིན་ལས། ཁྱད་པར་གྱི་ཡོ་བྱད་ནི། རིམ་གསུམ་དུ། རྫས་རྣམས་ཐམས་ཅད་ཚོགས་བྱས་ནས། །ལྷོ་ཡི་ཕྱོགས་སུ་སྟེགས་བུ་བརྩིག །བ་ཡི་རྣམ་ལྔས་བྱུགས་ནས་ཀྱང་། །བུམ་པ་ལ་སོགས་བཀྲམ་པར་བྱ། །ཞེས་པས། བ་བྱུང་དང་ཙན་དན་ལ་སོགས་པའི་ཆུས་བྱུགས་ཤིང་བླ་རེ་དང་བ་དན་རྒྱལ་མཚན་རྣམས་ཀྱིས་མཛེས་པར་བརྒྱན་པའི་གཞི་དེར། གནས་བྱའི་རྟེན་རྣམས་གོས་གསར་པ་དམར་སེར་གྱིས་གཡོགས་པ་བཀོད་དེ། གོས་དམར་ཅན་དག་མཐོང་གྱུར་ན། །ཀླ་ཀློ་ལ་སོགས་འབྲོས་པར་འགྱུར། །ཞེས་འབྱུང་བས་སོ། །རྟེན་གྱི་མདུན་ངོས་དང་སྒྲུབ་པའི།་་་དཀྱིལ་འཁོར་གྱི་ཤར་རམ་ལྷོའི་ཕྱོགས་སུ་ཁྲུས་སྟེགས་དང་། བུམ་སྟན་དང་ཐུན་མོང་དུ། ངོས་རེར་ཁྲུ་བཞི་དཔངས་སུ་ཁྲུ་གང་གྲུ་བཞིར་བརྩིགས་པའམ་ཚད་དེ་དང་མཉམ་པ་ཐིག་གིས་བཅད་པའི་གཞིར་བདུད་རྩི་ལྔ་དང་། བ་བྱུང་གིས་བྱུག་ཅིང་རེ་ཁཱ་་་དཀར་པོ།གྲུ་བཞི་པ་གཅིག་གིས་བསྐོར་བའི་་་གྲུ་ཆད་སེར་པོ།སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་ཕྱོགས་མཚམས་སུ་རིགས་ལྔ་ཡུམ་བཞིའི་མཚན་མ་བྲི།་་་གཞན་དུ་བཀྲ་ཤིས་རྫས་བརྒྱད་བྲི་བར་བཞེད་ཀྱང་གལ་པོར་གསུངས་པ་བཞིན་འདིའོ། །དེའི་དབུས་སུ་པདྨ་འདབ་མ་བྲིས་པའི་ཤིང་སྟན་སོགས་ཀྱི་ཁར་ཁྲུས་གཞོང་བཞག །འདབ་མ་བརྒྱད་ལ་ཆས་སུ་བཅུག་པའི་་་ལྷ་མི་སྐྱེད་ན་མཚན་མ་མི་དགོས།ཁྲུས་བུམ་དྲིའི་ཆུས་་་སུག་སྨེལ་ཤིང་ཚ་སྤང་སྤོས་བཱ་ལ་ཀ་ཙན་དན་རྣམས་ཞོ་གཉིས་རེ་ཐུམ་བྱས་པ་ཆུ་བྲེ་བརྒྱད་ལ་བཅུག་ནས་བཞི་གསུམ་མ་བྲི་བར་བསྐོལ་པའི་ལྷག་མ་ཡིན་ནོ།སུམ་གཉིས་བཀང་བ་བརྒྱད་ཀྱི། མདུན་ནས་གཡས་སྐོར།་་་དང་པོར་ག་པུར་གུར་གུམ་ཙན་དན་དཀར་དམར་གླ་རྩིའམ་ཛཱ་ཏི་སྟེ་དྲི་སྣ་ཚོགས། གཉིས་པར་ཀ་ར་སྦྲང་རྩི་བུ་རམ་སྟེ་མངར། གསུམ་པར་ཞོ་གསར། བཞི་པར་སྟར་ག་སོགས་འབྲས་བུ། ལྔ་པར་ནས་འབྲས་གྲོ་སྲན་མ་ཏིལ་སོགས་འབྲུ། དྲུག་པར་འབྲས་ཡོས། བདུན་པར་བྲྀ་ཧཏཱི།་་་སླེ་ཏྲེས། ཀཎྜ་ཀཱ་རི།་་་གོ་སླའོ། །ཤྭ་ཏ་པ་རཱ་ཛི་ཏོ།་་་ཤུ་དག་དཀར་པོ། དཎྜོཏྤ་ལ།་་ཨུཏྤལ་སྔོན་པོ། ས་ཧ་དེ་ཝ་་་ཅོ་ག་ཀླད་སྨན།སོགས་སྨན། བརྒྱད་པར་གསེར་དངུལ་མུ་ཏིག་བྱུ་རུ་མུ་མེན་སོགས་རིན་པོ་ཆེ་སྣ་ཚོགས་བླུག །དེ་རྣམས་ཀྱི་མདུན་དུ་རིམ་པ་བཞིན་དང་པོར་་་མཁར་སྣོད་དུ།ནྱ་གྲོ་དྷ་ཨུ་དུམ་བ་ར་པླཀྴ་པིྥྣལྱ་གནྡྷ་མུཎྜ་སྟེ་ཤིང་ཤུན་ལྔ།་་་བོད་དུ་རྙེད་དཀའ་བས་རུང་མཐུན་བལ་བུ་འོམ་བུ་ཁམ་བུ་ལྕང་སྐྱ་ཤུག་པ་ཐང་ཤིང་སོགས་འོ་མ་ཅན་ཆ་འདྲ་བས་བྱེད། གཉིས་པར་་་ཟངས་སྣོད་དུ།བདུད་རྩི་ལྔ་སྟེ་འདིར་འོ་མ་ཞོ་མར་སྦྲང་རྩི་ཀ་ར་རྣམས་སོ། །གསུམ་པར་་་ཟངས་སྣོད།བ་བྱུང་ལྔ་ནི།་་་བྱ་རྒྱུད་ལེགས་གྲུབ་ཏུ། དམར་སེར་བ་ཡི་འོ་མ་དང་། །བ་ཡི་ཞོ་དང་བ་ཡི་མར། །བ་གཅིན་བ་ཡི་ལྕི་བ་དང་། །བ་དམར་སེར་ཟས་གཙང་མས་གསོས་པའི་འོ་མ་ཞོ་མར་ལྕི་བ་ཆུ་དང་ལྔའོ། །བཞི་པར་་་ཟངས་སྣོད་།དྲི་བཟང་ལྔ་སོགས། ལྔ་པར་་་འཁར་སྣོད།ཤིང་ཤུན་ལྔ།་་་གོང་བཞིན། དྲུག་པར་་་འཁར་སྣོད།སྐྱུ་རུའི་ཕྱེ་མ། བདུན་པར་་་འཁར་སྣོད།ཡུང་བའི་ཕྱེ་མ། བརྒྱད་པར་་་ཟངས་སྣོད།དྲི་བཟང་རྣམས་ཟངས་དང་འཁར་བ་སོགས་ཀྱི་སྣོད་སོ་སོར་བླུག་པའོ། །མ་འབྱོར་ན་སུག་པ་ཉེ་ཤིང་མཱ་ཤ་་་སྲན་དཀར།རྣམས་ཀྱི་ཕྱེ་མ་སྣོད་གཅིག་ཏུ་བཀོད་པ་བཞག །དེ་བཞིན་དུ་བསྐུ་མཉེའི་འབྲུ་མར་་་རིན་པོ་ཆེའི་སྣོད། ཏིལ་ལམ་ཡུངས་དཀར་གྱི་མར།དྲི་ཞིམ་པོས་བསྒོས་པ་དང་། དེ་དག་བྱུག་པའི་དཱུར་སྔོན་གྱི་པིར་དང་བཅས་པ། དེ་རྣམས་ཀྱི་སྟེང་ནས་གདུགས་དཀར་པོས་དབུབ་ཅིང་མཐའ་མཆོད་པས་བསྐོར། གཞན་ཡང་མེ་ལོང་དང་ཁ་ཚར་མ་ཉམས་པའི་ཁྲུས་རས་དཀར་པོར་དྲི་བཟང་གིས་རིགས་ལྔའི་ས་བོན་བྲིས་པ་དང་། གོས་ཟུང་། སྦྱོང་ཆས་ཀྱི་གཏོར་མ་ཏིང་ལོ་གུ་གུལ་ཡུངས་ཆུ་ཁམ་ཕོར་དུར་ལྕི་ཟན་ཆངས་སེང་རས་རྣམས་དང་ཏིལ་ལ་སོགས་པ་ཡང་ཇི་ལྟར་བདེ་བར་བཀོད། ངོས་གཅིག་ཏུ་མངའ་དབུལ་གྱི་མཎྜལ་ཐིག་ཆེན་བརྒྱད་བཏབ་པའི་དབུས་ནས་ཕྱོགས་རེར་ཆ་མཉམ་ལྔ་ལྔ་བྱས་པའི་ཟུར་ན་ཟླུམ་སྐོར་ཉིས་རིམ་དང་ལྟེ་བའི་ཆ་གཉིས་ཟླུམ་པོར་བསྐོར་བ་ལ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ཕྱིའི་ཆ་བཞི་རི་རབ་ཀྱི་བང་རིམ་སྟེ་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བའི་ཟུར་གྱི་གྲ་མིག་རྣམས་ནག་པོ། ཁྱམ་གཞི་སྔོན་པོ་ཆུ་རིས་ཅན་གྱི་ཤར་དུ་ལུས་འཕགས་གླིང་ཟླ་གམ་དཀར་པོ། ལྷོར་འཛམ་གླིང་སོག་ཁ་སྔོན་པོ། ནུབ་ཏུ་བ་གླང་སྤྱོད་ཟླུམ་པོ་དམར་པོ། བྱང་དུ་སྒྲ་མི་སྙན་གྲུ་བཞི་སེར་པོ། རེ་རེ་ཡང་རང་འདྲའི་གླིང་ཕྲན་གཉིས་གཉིས་ཀྱིས་རྟེན་པའི་ཤར་ནུབ་ཀྱི་གླིང་དང་རི་རབ་ཀྱི་བར་ཟླ་བ་དང་ཉི་མ། གླིང་ཆེ་ཆུང་གི་མཚམས་བརྒྱད་དུ་ཤར་སྟོད་ནས་རིམ་བཞིན་དཔལ་བེའུ་དང་འཁོར་ལོ།་་་ཤར། པདྨ་དང་རྒྱལ་མཚན།་་་ལྷོར། གདུགས་དང་བུམ་པ།་་་ནུབ་ཏུ། དུང་དང་གསེར་ཉ་རྣམས་སོ།་་་བྱང་དུ། ཕྱིའི་ཟླུམ་སྐོར་ནི་ལྕགས་རི་སྟེ་ནག་པོར་བྱའོ། །དབུས་དང་ཕྱོགས་བཞིར་མེ་ཏོག་གི་ཚོམ་བུ་བཀོད་ཅིང་མཐའ་མཆོད་པས་བསྐོར། དེ་དང་ཉེ་བར་རིན་པོ་ཆེའི་སྣོད་མེ་ཏོག་དཀར་པོས་བཀང་བའི་དབུས་སུ་གཟུངས་ཆུའི་བུམ་པའི་ཁར། མེ་ལོང་ལ་ཙནྡན་དཀར་པོ་གུར་གུམ་འགིའུ་ཝང་གསུམ་གྱིས་རྟེན་འབྲེལ་སྙིང་པོ་ཚར་བདུན་་་ཡིག་མགོ་ཕྱིར་བསྟན་འཁོར་སྟབས་སུ།བྲིས་པ་དང་། བཟའ་བཅའ་ཇི་སྙེད་པས་བསྐོར་བའི་ཙཱ་རུའི་ཞལ་ཟས།་་་རྒྱན་གྱིས་བརྒྱན། གཞན་ཡང་ཕྱི་ནང་གི་མཆོད་ཚོགས་བཟང་ཞིང་རྒྱ་ཆེ་བ་དང་། སྤྱི་དང་བྱེ་བྲག་གི་མངའ་དབུལ་གྱི་ཡོ་བྱད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ། རོལ་མོའི་ཁྱད་པར་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ནས། མཛེས་པའི་གོས་རྒྱན་དང་ལྡན་པས་འདུག་པར་བྱའོ། །བཞི་པ་དཀྱིལ་འཁོར་སྒྲུབ་མཆོད་ནི། བདག་མདུན་དབང་ལེན་པ་རྣམས་སོ་སོའི་ངེས་པ་བཞིན་ནོ། །ལྔ་པ་བུམ་སྒྲུབ་ནི། ལྷ་བུམ་གོང་དུ་བསྒྲུབས་ཟིན་ནས། འདིར་ཁྲུས་བུམ་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་ནས་གང་བར་གྱུར་གྱི་བར་ཏེ། བཟླས་པའི་ཚེ་སློབ་དཔོན་གྱིས་གཟུངས་ཐག་ལ་འཇུ་ཞིང་། གལ་པོར། མེ་ལོང་ངོས་ལ་ཙན་དན་ཆུས། །རྟེན་འབྲེལ་ཡི་གེ་བྲིས་ནས་ནི། །བརྒྱ་བརྒྱ་བཟླས་ཏེ་བུམ་པར་བླུག །ཅེས་པའི་དོན་ནི་གཟུངས་བུམ་གྱི་མེ་ལོང་ཁར་རྡོ་རྗེ་བཞག་པའི་སྲད་བུ་ནས་གཟུངས་བུམ་གྱི་སྟེང་དུ་ཟླ་བ་ལ་གནས་པའི་སོགས་ནས་རོ་གཅིག་ཏུ་འདྲེས་པར་བསམ་ཞིང་་་རྟེན་སྙིང་བཟླ་བ་དང་། ཁྲུས་བུམ་སྒྲུབ་ཅིང་། ལས་ཐོག་མེད་དུ་འགྲུབ་ཆེད།མཆན།རྟེན་འབྲེལ་སྙིང་པོ་བཟླ་བའི་བར་རོ།་་་ཨོཾ་ཛཱི་ན་ཛིཀ྄་སོགས་རིགས་ལྔའི་སྙིང་པོ་རྣམས་ཕྱོགས་དང་མཚུངས་པར་བཟླ་བར་ཡང་བཤད་དོ། །གཞན་ཡང་ཡུངས་དཀར་དང་གུ་གུལ་སོགས་ལས་སྔགས་དང་ཧཱུྃ་བཞི་པས་སྔགས་པ་ནི་ཕྱག་ལེན་ནོ། །དྲུག་པ་སྦྱང་བ་ནི། བགེགས་མི་ཤིས་པ་སྡིག་པ་སྦྱང་བ་གསུམ་གྱི་དང་པོ་ལ། ཞི་བ་ཕྱེད་མ་དྲག་པོས་སྦྱོང་བ་གསུམ་ལས། དང་པོ་ནི།་་་འདི་ནས་ཞྭ་རྣམས་བཞེས་ཏེ་འཁོད། རྟེན་ལ་གཡས་སྐོར་གསུམ།་་་རྫས་དང་སྔགས་གཉིས་ཀ་འཇམ་པོ་སྟེ་ཞི་བའོ། །གཉིས་པ་ནི། རྟེན་ལ་གཡོན་སྐོར།་་་ཏིང་ལོ་དང་ཆངས་བུ་རྫས་ཞི་བ། རྡོ་རྗེ་གསོར་དྲིལ་བུ་གསིལ་ལ།་་་སུམྦྷའི་སྔགས་ནི་དྲག་པོ་སྟེ་ཕྱེད་མའོ། །གསུམ་པ་ནི། རང་ཉིད་ཧཱུྃ་མཛད་དུ་བསྐྱེད་ནས་ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་བཀའ་བསྒོ་སྤོས་རོལ་ཐུན་བྲབ་པ་སོགས་རྫས་སྔགས་ཏིང་ངེ་འཛིན་ཐམས་ཅད་དྲག་པོའོ། །ཚུལ་འདི་ལག་ལེན་གྱི་རྒྱུན་ལས་གཞུང་གི་ཁུངས་མེད་ཅེས་སྔ་རབས་པ་ཁ་ཅིག་གསུངས་མོད། དེ་ལྟར་ན། གསང་བ་ཐམས་ཅད་གཅོད་པའི་རྒྱུད་དུ། བགེགས་རྣམས་ཚིམས་བྱས་རྔན་ཞིང་གཟིར། །ཤིན་ཏུ་གཟིར་ཞིང་སྡིགས་ཏེ་བསྐྲད། །ཅེས་པ་དང་། དཱ་རི་ཀ་པས་ཀྱང་། དེ་དང་མཚུངས་པར་བཤད་པའི་ཕྱིར་རོ། །གཉིས་པ་མི་ཤིས་པ་སྦྱང་བ་ནི། ནིར་མཉྩ་ཞེས་པ་བྱུར་བསལ་བ་སྟེ། རིམ་པ་གསུམ་པར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡུངས་དཀར་ལ་སྔགས་ཏེ། སྐུ་ལ་བསྐོར་ཞིང་མེར་བསྲེག །ཆུས་ཀྱང་དེ་བཞིན་ནོ། །ཞེས་སོགས་དང་། དཱ་རི་ཀ་པས། ལན་མང་དུ་ནི་བྱུར་བསལ་བ། །རབ་གནས་ལ་ནི་ཡོངས་སུ་བསྔགས། །ཞེས་པའི་རིམ་པ་ནི་སརྦ་པཱ་པཾ་སོགས་ཀྱིས་ཡུངས་ཆུ་གཡོན་གཡས་སུ་སོ་སོར་གཉིས་བསྐོར་ཞིང་མེར་དོར། ཁམ་ཕོར་སོགས་ཧཱུྃ་དང་ལས་སྔགས་ཀྱིས་སྔར་བཞིན་བསྐོར་ནས་བཟེད་ཞལ་དུ་དོར་བ་ལས་མེར་མི་འདོར་རོ། །གསུམ་པ་སྡིག་པ་སྦྱང་བ་ནི། རྡོ་རྗེ་མཁའ་འགྲོར། པཾ་གྱུར་སྡིག་པ་མི་བཟད་པ། །སྣ་ཡི་སྒོ་ནས་ཕྱུངས་ནས་ནི། །དེ་ནས་མཁའ་འགྲོའི་གཟུགས་བསྒོམས་ལ། །ཀུན་ཏུ་ཟོས་པར་བསྒོམ་པར་བྱ། །ཞེས་དང་། ཁ་ཅིག་གཡས་གཡོན་དུ་མེ་ཆུ་འགོད་པར་བཤད་ཁུངས་མེད་གསུངས་ཀྱང་། དཱ་རི་ཀ་པས། གཡས་གཡོན་དུ་ནི་ཡོངས་བསྐོར་ནས། །མེ་དང་ཆུ་ལ་བླུག་པར་བྱ། །ཞེས་པ་དང་། མཁའ་འགྲོ་སྙིང་ཐིག་དུའང་བཤད་པ་མཐུན་པར་འབྱུང་ངོ་། །དེས་ན་བདག་དང་སྦྱིན་པའི་བདག་པོ་སོགས་ནས་ཁྲོ་བོ་བསྡུ་ཞིང་ཐལ་བ་དེ།་་་མེ་ཆུར་དོར་བའི་བར་རོ། །བདུན་པ་བཀྲུ་ཞིང་ཕྱི་བ་ནི། རྒྱུད་ལས། སློབ་མའི་ཚོགས་དང་བཅས་པ་ཡིས། །སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ། །ཞེས་གསུངས་པས། སྦྱང་གཞི་བཟོ་བོ་ལ་སོགས་པའི་མི་གཙང་བས་སྦགས་པའི་དྲི་མ་སྦྱོང་བྱེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྲུབས་པའི་ཁྲུས་ཆུ། སྦྱོང་བ་པོ་རྡོ་རྗེ་སློབ་དཔོན་རྗེས་སུ་སྤྱོད་པ་དང་བཅས་པ། སྦྱངས་འབྲས་རྟེན་ཡེ་ཤེས་སེམས་དཔའི་ངོ་བོར་བསྒྲུབ་རུང་དུ་འགྱུར་བའོ། །ཇི་ལྟར་སྦྱོང་བའི་ཚུལ་ནི། རྒྱུད་དུ། ལུགས་མ་རྣམས་ནི་དངོས་སུ་བཀྲུ །རི་མོ་རྣམས་ནི་མེ་ལོང་ལའོ། །ཞེས་པས་རྟེན་སྤྱན་དྲང་དུ་རུང་བ་རྣམས་ཁྲུས་སྟེགས་ཁར་སྤྱན་འདྲེན། མི་རུང་བ་རྣམས་དེའི་གཟུགས་བརྙན་ཤར་བའི་མེ་ལོང་ཁྲུས་གཞོང་གི་ཁར་བཟུང་ལ།་་་ཁྲུས་དཀྱིལ་གྱི་རྩར་སློབ་དཔོན་རྒྱལ་ཐེབ་ལག་གཡས་སུ་ཁྲུས་བུམ་དང་པོ་ཐོགས་པའི་ཕྲག་གཡོན་པར་ཁྲུས་རས་དཔྱངས། དེའི་གཡོན་དུ་ཏིལ་མར་དང་མེ་ལོང་འཛིན་པ་དང་། གཡས་སུ་དག་བྱེད་དང་ཁྲུས་བུམ་གཉིས་པ་བཟུང་བའི་ཕྲག་གཡོན་པར་གོས་ཟུང་བཀལ་བ་རྣམས་འཁོད་པས། གང་འདིར་བཅོམ་ལྡན་འདས་སོགས་སྙན་མནན་པའི་རྗེས་སུ་དཱུརྦའི་པིར་གྱིས་ཏིལ་མར་དྲི་ལྡན་མེ་ལོང་ལ་ཁྱབ་པར་བྱུགས་ནས་ཨོཾ་སརྦ་སོགས་བརྗོད་པས་དྲུད་ཅིང་མཉེ་ཞིང་། པིར་དེས་ཤིང་ཤུན་ལྔའི་ཕྱེ་མ་བྱུགས་ནས་སརྦ་སོགས་བརྗོད་པས་དྲུད་ཅིང་མཉེས་ལ་ཁྲུས་བུམ་དང་པོར། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཞེས་པ་སྔགས་བཅས་ཀྱིས་སྣུམ་བག་སོགས་དག་པར་བཀྲུས་ནས། དེ་དག་སྐུ་ལ་སོགས་ཀྱིས་སྐུ་དབྱིའོ། །དེས་མཚོན་ནས་ཁྲུས་བུམ་བརྒྱད་པའི་བར་བསྒྲེ་ཞིང། དེ་ནས་བྱུག་མཉེའི་རྫས་རྣམས་བཞག་ལ། ཁྲུས་བུམ་དང་པོ་ཁོ་ནས་བཀྲུ་ཞིང་སྐུ་དབྱི་བ། དྲི་བྱུག་ཅིང་གོས་ཟུང་དབུལ་བའི་བར་རོ། །དེ་དག་གི་ཚེ་བདུག་སྤོས་འཐུལ་བ་དང་མེ་ཏོག་གི་ཆར་དབབ་ཅིང་རོལ་མོ་འཁྲོལ་བ་སོགས་རྣམ་པ་དུ་མ་དང་ལྡན་པར་བྱའོ། ཁྲུས་རིམ་འདི་ལ་དམན་མཆོག་གི་གཉིས་སུ་དབྱེ་བའི་རྒྱུ་མཚན་གཞན་དུ་འབྱུང་བ། ས་བཅད་ཁོངས་གཅིག་ཏུ་མ་སྨྲོས་ཀྱང་དོན་ལ་གནས་ཏེ་ངེས་པ་སྐྱེད་པའི་ཁུངས་དུ་མ་ཡོད་པས་སོ། །དེས་ན་བརྗོད་མ་ཐག་པ་ནི་དམན་ཁྲུས་ཏེ། མཆོག་ཁྲུས་ནི་ས་བཅད་བཅུ་པར་འཆད་འགྱུར་ལས་ཤེས་སོ། །བརྒྱད་པ་རྟེན་སྐྱེད་པ་ནི། ལྷག་གནས་ཀྱི་ངོ་བོ་ཡིན་ཅིང་། དེ་ཡང་དམ་ཚིག་སེམས་དཔའི་སྦྱོར་བ་སྟེ་ས་མ་ཡ་ཞེས་པ་དམ་ཚིག་ལ་འཇུག་པས་ས་མཱ་ཏིའི་ངེས་ཚིག་གིས་བཤད་ན་འགྲོ་བ་དང་འདུ་བ་ལ་ཡང་སྦྱར་དུ་ཡོད་པས། ལྷ་ཡེ་ཤེས་པ་རྣམས་གང་དུ་འགྲོ་ཞིང་འདུ་བའི་གཞི་ཡིན་པས་སོ། །དེའི་ཚུལ་ནི། བསང་སྦྱང་སྟོང་པའི་ངང་ལས་ལྷར་བསྐྱེད་པ་དཀྱུས་བཞིན་ནོ། །དགུ་པ་ཡེ་ཤེས་པ་སྤྱན་དྲང་ཞིང་མཆོད་པ་སོགས་ནི། བདག་དང་རྟེན་གྱི་སྙིང་གའི་སོགས་ནས་རོ་གཅིག་ཏུ་དགྱེས་པར་བསམ་པའི་བར་རོ། །བཅུ་པ་རྒྱས་གདབ་ཅིང་དབང་བསྐུར་བ་ནི། ལྷ་སོ་སོའི་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་མི་ནུས་ན་དཀྱུས་སུ་བཀོད་པ་བཞིན་བྱ། དབང་ནི། སྦྱང་གཞི་ལྷའི་རྒྱུད་ཉེས་པས་རྙོག་པ་ཅན་དུ་བྱས་པའི་དྲི་མ། སྦྱོང་བྱེད་ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བའི་བྱང་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན། སྦྱོང་བ་པོ་ནམ་མཁར་སྤྱན་དྲངས་པའི་གདན་ཚང་བའི་ལྷ་རྣམས། སྦྱངས་འབྲས་དམིགས་མེད་ཀྱི་རྒྱུད་དག་པས་ཡེ་ཤེས་ལྷའི་ངོ་བོ་ཁྱད་པར་ཅན་དུ་སྒྲུབ་པ་དབང་བསྐུར་བའི་བྱེད་པ་ཅན་ཏེ། ངེས་ཚིག་དྲི་མ་བཀྲུ་བ་དང་ནུས་པ་འཇོག་པས་འབྲེལ་བས་སོ། །རིམ་པ་གསུམ་པར། དབང་བསྐུར་བུམ་པ་ཐོགས་བྱས་ནས། །གདུགས་དང་བ་དན་བསྐྱེད་སོགས་བྱ། །བཀྲ་ཤིས་འདོན་ཅིང་རོལ་མོར་བཅས། །རབ་གནས་ལྷ་ལ་དབང་བསྐུར་རོ། །ཞེས་འབྱུང་བས་ན་དབང་ལྷ་སྤྱན་འདྲེན་པ་ནས་མཉེས་པར་བྱ་བའི་བར་རོ། །བཅུ་གཅིག་པ་མཆོད་བསྟོད་སྔགས་བཟླས་གཏོར་མ་གཏང་བ་ནི། རིམ་པ་གསུམ་པར་ལྷག་གནས་ཀྱི་དབང་གི་རྗེས་ཁོ་ནར། དེ་ནས་རབ་གནས་ལྷ་ལ་ནི། །མཆོད་དང་བསྟོད་ནས་དཀྱིལ་འཁོར་ལྷའི། །བཟླས་པ་བརྒྱ་དང་རྩ་བརྒྱད་དང་། །རྟེན་འབྲེལ་སྔགས་ཀྱང་དེ་བཞིན་བཟླ། །ཞེས་གསུངས་པའི་རིམ་པ་བཞིན་དུ་དང་ཡི་དམ་ཆོས་སྐྱོང་གི་གཏོར་མ་རྣམས་སོང་ནས། ཕྱི་རོལ་དུ་ཕྱོགས་སྐྱོང་སོགས་འཇིག་རྟེན་པའི་གཏོར་མ་རྣམས་འབུལ་ཏེ།་་་ཕུལ་ལ་དཀྱིལ་འཁོར་ཁང་པའི་སྒོར་ལས་བུམ་གྱི་ཆུས་བསང་ཞིང་སྤོས་ཀྱིས་བདུག་ནས་ནང་དུ་འཇུག་གོ །རྒྱུད་དུ། མེ་ཏོག་ལ་སོགས་སྔོན་འགྲོ་བས། །ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ། །ཞེས་པའི་ཚུལ་གྱིས་སོ། །བཅུ་གཉིས་པ་སྙན་གསན་དབབ་པ་ནི། རབ་གནས་ཀྱི་ཆོ་གའི་ལས་ལ་གནང་བ་ཞུ་བ་དང་། རྟེན་དེ་ལ་ཉེ་བར་གནས་པའི་གསོལ་བ་གདབ་པ་སྟེ། ཞུ་བའི་ཡུལ་ནི། སྔར་དམ་ཚིག་པ་ལ་དབབ་པ་དེ་ལའོ། །ཇི་ལྟར་ན་་་ཞྭ་ཕུད་པུས་གཙུགས་རྡོར་དྲིལ་སྤོས་དང་བཅས་པས།ཨོཾ་བཛྲ་ཛི་ཧཱ་སོགས་ནས་གནང་བ་སྦྱིན་ཏེ་མཆོད་ཅིང་བསྟོད་པའི་བར་བྱའོ། །བཅུ་གསུམ་པ་ནོངས་པ་འཆགས་ཤིང་གཤེགས་སུ་གསོལ་བ་ནི། ཡི་གེ་བརྒྱ་པ་གསུམ་གྱི་རྗེས་སུ་མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱིས་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ་མུཿཞེས་རྟེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས་སུ་གསོལ་ཏེ་མཆོད་ཅིང་བསྟོད་པ་རྣམས་སོ། །འདིར་ཡེ་ཤེས་པ་གཤེགས་པ་དང་དམ་ཚིག་པ་གནས་སུ་འཇུག་པ་སོགས་མི་འདྲ་བའི་ཁྱད་པར་ཅི་རིགས་སྣང་མོད། འོན་ཀྱང་དཀྱིལ་ཆོག་གི་ལྷ་ལྷག་གནས་དང་དགོས་པ་མཚུངས་པས། བརྗོད་མ་ཐག་པ་བཞིན་བཟུང་ངོ་། །བཅུ་བཞི་པ་རྟེན་བསྲུང་ཞིང་དགབ་པ་ནི། རྟེན་དམ་ཚིག་པར་གསལ་བའི་གནས་ལྔར་དྲིས་བྱུག་ཅིང་མཆོད། རྡོ་རྗེ་དང་བཅས་པའི་ལག་གིས་རེག་སྟེ་གོ་བསྒོས་པའི་རྗེས་སུ། རྒྱུད་ལས། ན་བཟའ་སེར་པོས་གཡོགས་པར་བྱ། །ཞེས་པའི་དོན། དཔེར་ན་རྒྱལ་རིགས་རྒྱལ་སར་མངའ་དབང་མ་བསྐུར་བ་དང་འདྲ་བས། རབ་གནས་མ་ཟིན་པའི་ལྷ་ནི་མཆོད་པའི་འོས་སུ་མི་འགྱུར་བའི་ཕྱིར་ཏེ་ཨོཾ་བཛྲ་ཝསཏྲཾ་སོགས་སོ། །བཅོ་ལྔ་པ་བདག་ལ་བསྲུང་བ་ནི། གནས་གསུམ་དུ་ཡི་གེ་གསུམ་འགོད་སོགས་དཀྱུས་བཞིན། དེ་ནས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཤེགས་གསོལ་མ་གཏོགས་བཀྲ་ཤིས་ཀྱི་བར་སོ་སོའི་ངེས་པ་བཞིན་ནོ། །དེ་ལྟར་བཤད་པ་ནི་སྔོན་དུ་ལྷག་པར་གནས་པའི་ཆོ་གའོ།། ༈ །།གཉིས་པ་ཆོ་ག་དངོས་གཞིའི་སྡོམ་ནི། བདག་མདུན་སྒྲུབ་མཆོད་སྦྱང་བཀྲུ་ཕྱི། །གསོལ་གདབ་རྟེན་བསྐྱེད་སྤྱན་དྲངས་ལ། །དགུག་ཅིང་རྒྱས་གདབ་དབང་བསྐུར་བྱ། །མཆོད་བསྟོད་སྤྱན་སོགས་དབྱེ་རྟེན་བསྒྱུར། །མངའ་དབུལ་རྣམ་བཞི་བརྟན་བཞུགས་སོ། །ཞེས་འབྱུང་བ་ན། ནངས་པར་སྔ་བར་ལངས་ཏེ་སྔར་འདུ་བྱས་པའི་ཡོ་བྱད་རྣམས་ཚང་ཞིང་བཀོད་ལེགས་པར་བཤམས་ལ་ཁྲུས་བྱས་རྒྱན་དང་ལྡན་པས། དང་པོ་བདག་གི་རྣལ་འབྱོར་རྫོགས་པར་བསྒོམ་ཞིང་མདུན་གྱི་དཀྱིལ་འཁོར་གསལ་བཏབ་ལ། དེ་དང་འབྲེལ་བའི་མཆོད་གཏོར་སོགས་སྔོན་དུ་འགྲོ་བས་་་རིམ་པ་གསུམ་པར་གཏོར་མ་བཏང་ལ་ཉི་མ་འཆར་ཀར་ནི་ཞེས་འབྱུང་བས་ཕྱི་རོལ་གཏོར་མ་ནམ་ལངས་ལ་གྲུབ་པར་བྱའོ།སྦྱང་ཁྲུས་ལ་འཇུག་པའམ། སྐབས་ཡོད་ན་དབང་ནོད་པ་དང་། ཁྲུས་བུམ་གྱི་བསྐྱེད་བཟླས་སོགས་ཀྱང་བྱ་ཞིང་། དེ་ནས་གཉིས་པ་དང་གསུམ་པ་སྦྱང་ཁྲུས་ཏེ་གོས་ཟུང་དབུལ་བའི་བར་སྔར་བཞིན་ནོ། །གཞུང་གཞན་ལས་འདིར་རིང་བསྲེལ་འཇུག་པར་བཤད་ཀྱང་ཆོ་གའི་དཀྱུས་སུ་མི་བདེ་བས་སྔོན་དུ་བརྗོད་པའི་སྐབས་དེ་ཉིད་དུ་བྱ་བ་ལེགས་སོ། །བཞི་པ་གསོལ་གདབ་སེམས་བསྐྱེད་ནི། སྣམ་སྦྱར་སོགས་གྱོན་ནས་ལངས་ཏེ་མེ་ཏོག་དང་རྡོར་དྲིལ་བཟུང་།་་་གང་འདིར་མ་དང་ཙོག་པུར་འདུག།་་་ངོ་མཚར་ཆེན་པོ་སོགས་ཏེ་གུས་ཤིང་འདུད་པའི་སྟོབས་ཀྱིས་སྤོས་རོལ་མེ་ཏོག་གིས་འཐོར་བ་རྣམས་སོ། །ལྔ་པ་རྟེན་བསྐྱེད་པ་དང་། དྲུག་པ་ཡེ་ཤེས་པ་སྤྱན་དྲང་བ་ཕྱི་འབྲང་གི་བགེགས་བསལ་བའི་བར་སྔར་བཞིན་ལས། ཁྱད་པར་དེའི་ཚེ་བྱོན་པའི་ཡེ་ཤེས་པ་རྣམས་སྟ་གོན་གྱི་དུས་སྟེགས་བུ་དང་གཉིས་མེད་དུ་གྱུར་པ་ལ་བྱོན་ལེགས་བཞུགས་གསོལ། མཆོད་ཅིང་དགུག་གཞུག་བཅིང་མཉེས་རོ་གཅིག་ཏུ་གྱུར་པའི་བར་ཏེ། བརྟག་གཉིས་ལས། ནམ་མཁར་བཞུགས་པའི་སངས་རྒྱས་ཀུན། །སྐུ་གཟུགས་སྙིང་གར་རབ་ཏུ་གཞུག །ཅེས་པའི་དོན་ཡིན། བདུན་པ་རྒྱས་གདབ་སྔར་བཞིན། བརྒྱད་པ་དབང་བསྐུར་བ་ནི་རྒྱུད་ལས། ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ལ། །ཇི་ལྟར་འོས་པས་མངོན་དབང་བསྐུར། །ཞེས་གསུངས་པས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བསྐུར་ཏེ། ཕྱག་རྡོར་དབང་བསྐུར་ལས། ཇི་ལྟར་གླིང་བཞིའི་དབང་ཕྱུག་གིས། །འཁོར་ལོ་སྒྱུར་བ་དབང་བསྐུར་བ། །དེ་བཞིན་བསྔགས་པའི་ངོ་མཚར་དང་། །བཀྲ་ཤིས་ཀུན་གྱིས་དབང་བསྐུར་རོ། །ཞེས་ཏེ། དེ་ཡང་ཆུ་དབང་ནི་དངོས་སམ་མེ་ལོང་གི་གཟུགས་བརྙན་དང། དེ་བཞིན་དུ་དབུ་རྒྱན་སོགས་ཀྱང་བཅིངས་པའམ་ལྷག་པར་མོས་པ་དག་གིས་བྱ་བ་ལས། ཆོ་ག་ནི་རང་གཞུང་སོ་སོར་འབྱུང་བ་ལྟར་རམ། སྙིང་གའི་ས་བོན་གྱིས་དབང་ལྷ་སྤྱན་དྲངས་མཆོད་བསྟོད་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཆུ་དབང་སོགས་ལྔ་རིགས་བདག་གིས་དབུ་བརྒྱན་པའི་བར་དང་། སློབ་དཔོན་དང་བུམ་དབང་སོགས་བཞི་དཀྱུས་བཞིན་ནོ། །དེ་ལྟ་བུའི་ཚུལ་གྱིས་དབང་བསྐུར་པས། སྔ་མ་ལྔས་ཕུང་ཁམས་ཡེ་ཤེས་ལྔ་དང་། ཕྱི་མ་བཞིས་སྒོ་གསུམ་ཡེ་ཤེས་སེམས་དཔའི་ངོ་བོར་བྱས་པས་སློབ་དཔོན་སྦྱིན་པོར་བཅས་པའི་རྒྱུད་དག་ནས་སྦྱངས་འབྲས་མྱུར་དུ་ཐོབ་པའི་དོན་ཅན་དེ་སྔར་བཤད་པའི་རྒྱུ་མཚན་ཀྱང་འབྲེལ་ལོ། །དགུ་པ་མཆོད་བསྟོད་བྱ་བ་ནི། དབང་བསྐུར་བའི་རྗེས་སུ་སློབ་མ་མཆོད་པ་གཞུང་དུ་མར་བཤད་པ་བཞིན་དབང་གི་རྗེས་འབྲང་སྟེ། ཕྱོགས་བཅུ་རབ་འབྱམས་མས་མཆོད་ཅིང་འགྲོ་བ་རྒྱུད་ལྔ་སོགས་ཀྱིས་བསྟོད་པར་བྱའོ། །བཅུ་པ་སྤྱན་སོགས་དབྱེ་བ་ནི། རྒྱུད་ལས། དེར་ནི་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བྱ། །ཞེས་སྐྱེ་མཆེད་ཀྱི་ཐོག་མ་སྨྲོས་པས་སྙན་སོགས་དབྱེ་བར་མཚོན་པ་སྟེ། རིམ་པ་གསུམ་པ་སོགས་ཚད་ལྡན་གྱི་གཞུང་དུ་མར་བཤད་ཅིང་། རྟེན་ཡེ་ཤེས་ཀྱི་ལྷ་དང་བསྐལ་པ་མཉམ་པར་བྱེད་པ་ཡང་སྐྱེ་མཆེད་དེ་དག་ལས་ཏེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ལོངས་སྤྱོད་ཐམས་ཅད་མཚུངས་པར་སྤྱོད་དགོས་པས་སོ། །གང་གིས་དབྱེ་ན་སྐུ་གཟུགས་སོགས་ཆེ་ཆུང་དང་ཡོན་བདག་གི་བསམ་པ་དང་བསྟུན་ནས་དྲུག་ནམ་ལས་་་མཐོ་གང་གི་དྲུག་ཆའོ།མི་ཆུང་བའི་གསེར་གྱི་ཐུར་མ་དང་། སྙན་བྲུད་རྨངས་ཚེར་ཞལ་ཐུར་ཚེམས་ཤིང་རྣམས་ཀྱིས་སོ། །ཇི་ལྟར་ན། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །ཞེས་སོགས་ཀྱིས་རིམ་པ་བཞིན་དབྱེའོ། །གླེགས་བམ་མཆོད་རྟེན་སོགས་ལ་ཇི་ལྟར་ཞེ་ན། འདིར་རྟེན་བསྒྱུར་མ་ཟིན་པས་བདེ་མོད། གཞན་དུ་པུསྟི་ལ་སོགས་པའི་ལྷ་ནི་མེ་ལོང་ལ་དེའི་གཟུགས་བརྙན་སྒོམ་པ་ལའོ། །ཞེས་བཤད་པས་ཀྱང་ཤེས་སོ། །རིམ་པ་གསུམ་པར། གལ་ཏེ་གླེགས་བམ་ཡིན་ན་ཡང་། །སྔོན་བཞིན་ཡིག་འབྲུར་བསྒྱུར་བ་དང་། །དེ་ཡང་སྤྱན་དབྱེ་མཆོད་སོགས་བྱ། །ཞེས་གསུངས་པ་དང་། སྔོན་དུ་རྟེན་བསྒྱུར་འབྱུང་བ་ལྟར་ན་དབྱེ་ཡུལ་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས་སྐྱེ་མཆེད་ཀྱི་རྣམ་པར་མི་དགོས་པ་འདྲ་སྟེ། དཔེར་ན་མཆོད་རྟེན་དང་གླེགས་བམ་སོགས་མཆོད་པའི་ཚེ་ཡང་ཞལ་ཕྱག་གི་རྣམ་པ་ཅན་དུ་ཡོད་དགོས་པར་འགྱུར་བ་དང་མཚུངས་པ་ཉིད་དོ། །འོན་ཀྱང་པྲ་ཛྙཱ་བས། མཆོད་རྟེན་གླེགས་བམ་ལ་སོགས་ལ། །དབང་པོ་སྐྱེ་མཆེད་མེད་པའི་ཕྱིར། །སྤྱན་དབྱེ་ལ་སོགས་བྱ་མི་དགོས། །ཞེས་རྣམ་དབྱེ་ཕྱེ་ནས་སོ་སོར་བཤད་མོད་ཀྱང་སྔ་མ་ཉིད་བཙན་པར་ཟུངས་ཤིག །བཅུ་གཅིག་པ་རྟེན་བསྒྱུར་བ་ནི། རིམ་པ་གསུམ་པར། སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ལྷ་དེ་དེར་བསྒྱུར་བསམ། །ཞེས་གསུངས་པས་སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་ལག་གིས་རྟེན་གྱི་གནས་གསུམ་དུ་རེག་ཅིང་། རང་སྔགས་ལན་གསུམ་བརྗོད་པས་དེར་བསྒྱུར་བ་སྟེ་སྟོན་པའི་སྐུ་སྔར་རྣམ་སྣང་དུ་བསྐྱེད་པ་ལྟ་བུ་ལ་མཚོན་ན། མུ་ནེ་སོགས་གསུམ་གྱི་མཐར། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། ཕྱག་གཉིས་ས་གནོན་དང་མཉམ་གཞག་མཛད་པ་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནས་མཐུ་བྱིན་དང་ལྡན་པར་གྱུར་གྱི་བར་རོ། །གཞུང་ལ་ལར་བརྟན་བཞུགས་ཀྱི་གསོལ་བཏབ་ཚར་བའི་རྗེས་སུ་རྟེན་བསྒྱུར་ནི་ངེས་པའི་བཤད་ཁུངས་མ་མཐོང་ཞིང་། འཐད་པར་ཡང་མི་སེམས་སོ། །བཅུ་གཉིས་པ་མངའ་དབུལ་བ་ནི། དཔེར་ན་རྒྱལ་རིགས་རྒྱལ་སར་བཀོད་པ་ན་ཞང་བློན་དང་རྒྱལ་ཕྲན་རྣམས་ཀྱིས་སྐྱེས་ཀྱི་རྣམ་པ་ཆེ་ཐང་ཕུལ་བས་མངའ་གསོལ་བའམ་མངའ་བཀུར་བར་འགྱུར་བ་བཞིན་འདི་ཡང་དེ་ལྟར་ཏེ། རྟེན་དེ་ལྷ་ཡེ་ཤེས་པའི་ངོ་བོར་གསར་དུ་བསྒྲུབས་པ་ལ་དགྱེས་པ་སྒྲོན་པའི་དགའ་སྟོན་གྱི་སྐྱེས་སུ་མངའ་གསོལ་བའི་དོན་གྱིས་སོ། །དེ་ལྟར་ཡང། རྟ་མཆོག་རོལ་པའི་རྒྱུད་དུ། བཀྲ་ཤིས་མངའ་གསོལ་དབང་བསྐུར་ནས། །སྐུ་གཟུགས་མཆོད་པའི་རྟེན་བྱ་འོ། །ཞེས་གསུངས་པས་སོ། །དགོངས་འདུས་རབ་གནས་བཀྲ་ཤིས་བརྩེགས་པ་དང་བོད།་་་སྔ་རབས་པའི་ཕྱག་བཞེས་བཞིན། མཆོད་བསྟོད་རྒྱས་པས་མངའ་དབུལ་བ། ཉེར་མཁོའི་ཡོ་བྱད་ཀྱིས་མངའ་དབུལ་བ། སྦྱིན་སྲེག་གམ་ཙཱ་རུའི་བཟའ་བས་མངའ་དབུལ་བ། རབ་གནས་ཀྱི་སྔགས་དང་བཀྲ་ཤིས་ཀྱིས་མངའ་དབུལ་བའོ། །དང་པོ་ནི། རབ་གནས་བྱས་པའི་ལྷ་དེའི་མཆོད་བསྟོད་རང་གཞུང་བཞིན་ནོ། །ཆུ་གཉིས་ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ། རིག་མ་བཅུ་དྲུག །ནང་གི་དམ་ཚིག་རྣམས་ཀྱིས་མཆོད་ཅིང་འགྲོ་བ་རྒྱུད་ལྔ་སོགས་ཀྱིས་བསྟོད་པར་བྱའོ། །གཉིས་པ་ཉེར་མཁོའི་ཡོ་བྱད་ཀྱིས་མངའ་འབུལ་ནི། སྐུ་གསུང་ཐུགས་རྟེན་སྤྱི་དང་བྱེ་བྲག་གི་ཉེར་མཁོའི་ཡོ་བྱད་རྣམས་དངོས་སམ། བྲིས་པ་རྟེན་སོ་སོར་འབུལ་བའི་ཚུལ་གྱིས་མངའ་དབུལ་གྱི་མཎྜལ་མཐར་རིམ་པ་བཞིན་འགོད། གསུམ་པ་སྦྱིན་སྲེག་གམ་ཙཱ་རུས་མངའ་འབུལ་ནི། རྒྱས་པར་མཆོད་གར་ཀྱང་བྱེད།་་་རབ་གནས་བྱས་པའི་ལྷ་རྣམས་ལ་མེ་ཏོག་གིས་མཚོན་པར་ཐབ་ཏུ་སྤྱན་དྲངས་རྒྱས་པའི་སྲེག་བླུགས་ཆོ་ག་བཞིན་དུ་ཕུལ་བའི་མཐར་ཡོན་བདག་ཀྱང་དབུལ་དུ་གཞུག་ཅིང་། དེའི་རྗེས་སུ་འོ་མ་དང་། འབྲས་མ་གྲུག་པ། མར་སྦྲང་རྩི་ཀ་ར་རྣམས་རང་གི་འདོད་ལྷའི་ས་བོན་ལས་བྱུང་བར་བསམ་ལ་ནག་པོ་མ་ཡིན་པའི་སྣོད་གཙང་མ་དྲིས་བྱུགས་ཤིང་མེ་ཏོག་གི་ཕྲེང་བ་བཅིངས་པའི་ནང་དུ། དགང་བླུག་གི་གཟར་བུས་བླུགས་ལ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ནས་སྦྱིན་སྲེག་གི་ཐབ་ཏུ་བཞག །རང་ལྷའི་རྣལ་འབྱོར་གྱིས་རྫས་ལྔ་པོ་བདུད་རྩིའི་རང་བཞིན་དུ་བལྟས་ལ། ཨོཾ་དཱི་བྱ་ཨནྣཾ་ས་མཱ་དྷི་དྷྱཱ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བཟླ་ཞིང་བསྐོལ་ནས། རྟེན་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ། ཞལ་ཟས་རོ་བརྒྱ་་་འདིར་བགྲང་ཚུལ་ནི། གསོ་རིག་མཁས་པ་དག །རང་གི་ངོ་བོའི་སྒོ་ནས་རྩ་བའི་རོ། མངར། སྐྱུར། ལན་ཚྭ། ཚ་བ། ཁ་བ། བསྐ་བ་དྲུག་ལ་རེ་རེ་བཞིན། མངར་བའི་མངར་བ་སོགས་དྲུག་ཏུ་དབྱེ་ཞིང་། དེ་བཞིན་དུ་སྐྱུར་བ་སོགས་ལ་ཡང་མཚོན་ནས་སོ་དྲུག །དེ་དག་སོ་སོའི་རང་བཞིན་ལྕེའི་ཡུལ་དུ་གསལ་བར་མྱོང་བས་སོ་དྲུག །ལྟོ་བའི་གནས་སུ་ནུས་སྨིན་པ་སོ་དྲུག་སྟེ་བརྒྱ་དང་བརྒྱད་ཡིན་ཡང་བརྗོད་པའི་ཕྱིར་བརྒྱ་ཞེས་སྨྲོས་པའོ།སོགས་ཀྱིས་འབུལ། དེ་ལྟར་མ་གྲུབ་ན་དཀྱུས་བཞིན་དང་། ཚོགས་ཀྱི་འཁོར་ལོས་ཀྱང་དགྱེས་པ་སྒྲོན་ནོ། །བཞི་པ་སྔགས་དང་བཀྲ་ཤིས་ཀྱིས་མངའ་འབུལ་ནི། རྟེན་གྱི་ཐུགས་ཀར་གཟུངས་ཐག་གཏད་པ་ནས། ཡེ་དྷརྨཱ་ཅི་མང་བཟླས་པའི་བར་དང་། སྔར་འདུ་བྱས་པའི་མེ་ལོང་མེ་ཏོག་གི་ཁའི་གཟུངས་བུམ་ཁར་བཞག །དེའི་རྟེན་འབྲེལ་སྙིང་པོ་རེ་རེ་བཞིན་ཚར་བདུན་བདུན་བཟླས་པ་བུམ་ཆུས་སྦྱངས་ནས་་་ལག་གཡས་པས།མེ་ཏོག་ལ་སྦྲན་པའི་ཆར་དབབ་ཅིང་། བཀྲ་ཤིས་གང་ཞིག་དང་། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིག་རྒྱ་ཆེར་བརྗོད་ཅིང་སྙན་པའི་རོལ་མོའི་ཚོགས་ཀྱང་འཁྲོལ་བར་བྱའོ། །བཅུ་གསུམ་པ་བརྟན་བཞུགས་ནི། རྒྱུད་ལས། ཁྲི་ཡི་སྟེང་དུ་བཞུགས་པར་བྱ། །སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆ། །ཚད་ཙམ་དུ་ནི་རབ་ཏུ་བསྒྲིགས། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། མེ་ཏོག་ལ་སོགས་སྔོན་འགྲོ་བས། །ཞེས་དང་། བཞུགས་ཚུལ་ཡང་། མདུན་ཕྱོགས་སུ་ནི་མ་བུག་ཅིང་། །ཡོ་བ་མེད་ཅིང་དྲང་བ་ཡིས། །དེ་ལྟར་སྐུ་གཟུགས་མཛེས་པར་དགོད། །ཞེས་གསུངས་པས་ན་སྐུའི་སུམ་ཆའི་ཚད་ཙམ་གྱི་ཁྲི་ལ་སྤྱན་དྲངས་ཏེ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་དྲང་ཞིང་བརྟན་པར་བཞུགས་སུ་གསོལ། ཉེར་སྤྱོད་ལྔས་མཆོད་ཅིང་རྟེན་གྱི་ཁྲིའམ་དེ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་ཡོན་མཆོད་ཐམས་ཅད་ཀྱིས་བཟུང་ལ་རབ་གནས་ཀྱི་སྔགས་རྣམས་སྐབས་དང་མཚུངས་པར་བཟླས་ལ། སླར་ཡང་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། ཞེས་སོགས་ནས། དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པའི་བར་ལན་གསུམ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །དེ་ཉིད་བརྟན་པར་བྱིན་གྱིས་བརླབས་ནས་སླར་ཡང་མཆོད་ཅིང་བསྟོད་ནས་ཤིས་པར་བྱའོ། །དེ་ལྟར་ཡེ་ཤེས་པ་གཞུག་ནས་བརྟན་བཞུགས་ཡན་ལག་བཅས་ཀྱི་བར་འདི་དག་ནི་རབ་གནས་ཀྱི་ཆོ་ག་དངོས་ཏེ། ངོ་བོའི་གཞུང་ལས། དམ་ཚིག་སེམས་དཔའ་སྦྱངས་བསྐྱེད་ལ། །ཡེ་ཤེས་སེམས་དཔའ་ཡུན་རིང་དུ། །གནས་པའི་ཕྱིར་ན་རབ་ཏུ་གནས། །ཞེས་པ་ལྟར་རོ།། ༈ །།གསུམ་པ་ཆོ་གའི་མཇུག་གི་སྡོམ་པ་ནི། གཏོར་མ་སྲུང་བསྒོ་མཆོད་བསྟོད་གསོལ། །ནོངས་བཤགས་གཤེགས་གསོལ་ཡོན་བདག་བསྒོ། །ཤིས་བརྗོད་རྟེན་མཆོད་དགའ་སྟོན་ཡོན། །བསྔོ་ཤིས་རྗེས་བསྡུ་སྦྱིན་སྲེག་གོ །ཞེས་འབྱུང་བའི་དང་པོ་གཏོར་མ་གཏང་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་སོ་སོའི་གཞུང་བཞིན་གཏང་ངོ་། །གཉིས་པ་སྲུང་མ་བསྒོ་བ་ནི། སློབ་དཔོན་མི་བསྐྱོད་རྡོ་རྗེས། དེ་ནས་སྲུང་མ་བསྒོ་བ་ནི། རང་ཉིད་ལྷག་པའི་ལྷར་སྦྱོར་བས། །ནག་པོ་ཆེན་པོ་དགུག་པ་དང་། །གཞུག་དང་བཅིང་དང་དབང་དུ་བྱ། །དེ་ལ་མཆོད་དང་གཏོར་མ་སྦྱིན། །དེ་ལ་བཀའ་ལུང་བསྒོ་བྱ་བ། །ཞེས་སོགས་གསུངས་པའི་ཚུལ་གྱིས་གཙུག་ལག་ཁང་སོགས་རབ་གནས་བྱས་པའི་རྟེན་དེའི་སྲུང་མར་འོས་པ་རྣམས་ལ་སླར་ཡང་མཆོད་གཏོར་འབུལ་བ་དང་བསྟོད་པ་སོགས་་་སོ་སོའི་ཆོ་གའི་གཞུང་བཞིན་དུ་ཕྲིན་བཅོལ་གཉེར་གཏད་ཀྱི་བར།བྱས་དམ་མནན་དང་བཀའ་བསྒོའི་བསྲུང་ཞིང་ལེགས་པར་སྐྱོང་བར་མཛོད། །ཅེས་པའི་རྗེས་སུ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་འདི་དག་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྲུང་ཞིང་སྐྱོང་བ་དང་མཆོད་པར་གྱིས་ཤིག །བདག་དང་ཡོན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་ལ་ཡང་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་བ་དང་། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བསྒོས་ལ་སྲུང་མའི་་་གཏོར་སྐྱོང་དང་།བརྟན་བཞུགས་སོགས་རྗེས་ཀྱི་ཆོ་ག་རྣམས་བྱའོ། །གསུམ་པ་མཆོད་ཅིང་བསྟོད་ནས་གསོལ་བ་གདབ་པ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཏང་རག་གི་དོན་དུ་གསར་དུ་བཤམས་པའི་ཁ་གསོས་པའི་མཆོད་པ་རྣམས་་་བྱིན་གྱིས་བརླབས་ནས།ཕུལ་ཏེ་བསྟོད། ས་དང་ཆུ་དང་མེ་རླུང་ལས། །སོགས་ཀྱིས་འདོད་དོན་གསོལ་བ་གདབ། བཞི་པ་བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ་ནི། དཀྱིལ་འཁོར་ལ་ལན་གསུམ་་་གཡས་སྐོར།བསྐོར་ནས་ཤར་སྒོར་སྔོན་དུ་ཕྱོགས་པས་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ཉིད་ལ་བསྡུ་ཞིང་། ཕྱོགས་བཅིངས་པ་སོགས་རང་གཞུང་བཞིན་ནོ། །ལྔ་པ་ཡོན་བདག་བསྒོ་བ་ནི། སྟན་བཟང་པོ་་་འབྲུའི་གཡུང་དྲུང་བྲིས་པ།ལ་ཡོན་བདག་འཁོད་པའི་མདུན་དུ་དེའི་གཡས་ནས་འགོ་གཟུང་བའི་ཉེར་སྤྱོད་ལྔ་ཚར་གཅིག་བཤམས་ལ། སློབ་དཔོན་གྱིས་རབ་རྒྱུད་ཚིག་དང་མདོ་སྔགས་ཀྱི་ལུང་རིགས་སྦྱར་བའི་བཤད་པ་རྒྱས་པའམ། མི་ནུས་ན་ཁྱོད་ཀྱིས་ང་ལ་ནས། མཆོད་པར་གྱིས། ཞེས་ཁྱེད་ཀྱིས་ང་ལ་གསོལ་བ་བཏབ་པ་བཞིན་དུ་རབ་ཏུ་གནས་པ་ལེགས་པར་གྲུབ་པར་བྱས་ཀྱིས་ཁྱེད་ཀྱིས་རྟེན་འདི་ལ་ཞག་བདུན་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག་ཅེས་བསྒོས་ལ། སྔར་བཤམས་པའི་མཆོད་པ་རྣམས་ཡོན་བདག་ལ་འབུལ་དུ་གཞུག་པའམ་མི་ཤེས་ན་དེས་ཕུལ་བར་མོས་ལ་ཚོགས་པ་ཐམས་ཅད་ཀྱིས་་་རབ་འབྱམས་རྒྱ་མཚོ་སོགས་ཀྱིས་ཡོན་བདག་གི་ལག་ཏུ་རིམ་པ་བཞིན་ཐོགས་ཚིག་དང་བསྟུན་ནས་ལས་ཀྱི་རྡོ་རྗེས་རྟེན་གྱི་དྲུང་དུ།འབུལ་ཅིང་བསྐོར་བ་་་གསུམ།དང་ཕྱག་་་གསུམ།བྱེད་དུ་གཞུག་གོ །དྲུག་པ་དེ་ཉིད་བཀྲ་ཤིས་པར་བྱ་བ་ནི། སླར་ཡང་ཡོན་བདག་སྟན་ལ་འཁོད་པ་ལས་ཐམས་ཅད་པའི་སྔགས་དང་བུམ་ཆུས།བསང་གཏོར་བྱས། སྟོང་པའི་ངང་ལས།་་་དེ་ཡི་དམ་གྱི་ལྷར་བསྐྱེད་པའི་ལག་ཏུ་མེ་ཏོག་གཏད་ལ་ཕྱག་བྱེད་དུ་གཞུག་གོ །དེ་ནས་བཀྲ་ཤིས་ལ་བར་དུ་གཅོད་པའི་བགེགས་སྦྱང་བའི། བདེན་པའི་སྟོབས་བརྗོད་དེ། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་དང་སྦྱིན་པའི་བདག་པོ་འཁོར་བཅས་བཀྲ་ཤིས་པར་བྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཚོགས་ཐམས་ཅད་འདིར་མ་གནས་པར་སོགས་དང་སྤོས་རོལ་དྲག་སྔགས་ཡུངས་ཐུན་དང་བཅས་པས་ཚམ་རྔམ་བྱ། བཀྲ་ཤིས་ཀྱི་རྫས་རྣམས་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ཁར་བཞག་པ་སློབ་དཔོན་གྱི་མདུན་དུ་བཀོད། དེ་ཉིད་བསང་སྦྱང་སྟོང་པའི་ངང་ལས་མཾ་ལས་བྱུང་བའི་གྲུབ་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་རང་རང་གི་ཕུན་སུམ་ཚོགས་པའི་དངོས་པོ་ཐམས་ཅད་སྒྲུབ་པའི་མཐུ་དང་ལྡན་པར་བསམ་ལ་རིམ་པ་བཞིན་ཐོགས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པར་བྱས་པའི་རྟེན་དང་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་སོགས་བརྗོད། དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གྷི་ཝང་ཕུལ་བས། གྷི་ཝང་དུག་གསུམ་འཇོམས་པ་སོགས། ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས། ཞོ་ནི་ཀུན་གྱི་སྙིང་པོར་སོགས། བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦ་ཕུལ་བས། དཱུརྦས་ཚེ་ནི་སོགས། ཤིང་གི་ལྷ་མོས་ཤིང་ཏོག་བིལྦ་ཕུལ་བས། བིལྦ་རྒྱུ་རྐྱེན་སོགས། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས། དུང་ནི་ཆོས་ཀྱི་སྒྲ་སོགས། སའི་ལྷ་མོ་བསྟན་མས་ལི་ཁྲི་ཕུལ་བས། ལི་ཁྲི་དམར་པོ་སོགས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས། ཡུངས་དཀར་རྡོ་རྗེའི་རིགས་སོགས། རེ་རེ་བཞིན་ཚིགས་བཅད་རྫོགས་པ་དང་ལས་ཀྱི་རྡོ་རྗེས་རྟེན་དང་དེར་འཁོད་པ་ཐམས་ཅད་ལ་འབུལ་ཚུལ་བྱས་རྗེས་ཡོན་བདག་ལ་གཏད་དོ། །ལ་ལ་དག་དཱུརྦ་་་རྩ་ཚོང་པ་བཀྲ་ཤིས་ལྡན།བིལྦ་་་ལྷ་ཚངས་པ།ལི་ཁྲི་་་བྲམ་ཟེ་དཀར་རྒྱལ།རྣམས་གཞན་བརྗོད་པ་ནི་ངེས་པའི་ཁུངས་མ་མཐོང་ཞིང་འཐད་པར་མི་སེམས། འདིར་ནི་མདོ་དབང་དང་བུ་སྟོན་གྱི་གསུང་མཐུན་པར་འབྱུང་བ་བཞིན་བྱས་སོ། །གཞན་ཡང་བཀྲ་ཤིས་རྒྱ་ཆེར་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་གི་ཆར་དབབ་བོ། །བདུན་པ་རྟེན་མཆོད་པ་ནི། རྟེན་ཉེར་སྤྱོད་ལྔས་མཆོད་ཅིང་བསྟོད་ནས་སྨོན་ལམ་ཨོཾ། སངས་རྒྱས་ཆོས་དང་སོགས་གདབ་ཅིང་བསྐོར་བ་བྱ་བ་རྣམས་སོ། །བརྒྱད་པ་དགའ་སྟོན་བྱ་བ་ནི། སྡོམ་པ་འབྱུང་བར། རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང་། །བྲོ་དང་གར་སོགས་སིལ་སྙན་སྒྲ། །ཇི་ལྟར་རྙེད་པས་རབ་ཏུ་མཆོད། །ཅེས་པས་སློབ་དཔོན་དང་བཟོ་བོ་གྲོགས་བྱེད་དང་བཅས་པ་མཐའ་དག་ལ་བཟའ་བཏུང་དང་གོས་རྒྱན་གླུ་གར་ལ་སོགས་པའི་བསྙེན་བཀུར་རྒྱས་པར་བྱ་ཞིང་། ལས་ཀྱི་རྡོ་རྗེས་སྔར་ཕུལ་བའི་ཙཱ་རུའི་ལྷག་མ་རྣམས། བདེ་གཤེགས་ལྷག་མས་ཁྱབ་པར་བྲིམས། །དགུ་པ་ཡོན་འབུལ་བ་ནི། རྒྱུད་དུ། གླང་པོ་རྟ་དང་ཤིང་རྟ་ནོར། །ཡོན་གྱི་དམ་པ་དབུལ་བར་བྱ། །དེ་བས་དེ་ལ་ནན་ཏན་གྱིས། །ལོངས་སྤྱོད་གསོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །བླ་མ་གུས་པས་དགྱེས་བྱ་ཞིང་། །ཞེས་སོགས་དང་། རྒྱུད་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པས་སློབ་དཔོན་དང་དེའི་རྗེས་སུ་འབྲང་བ་རྣམས་དང་། བཟོ་བོ་གྲོགས་བྱེད་སོགས་ཅི་འབྱོར་པའི་ཡོན་གྱིས་མཉེས་པར་བྱའོ། །བཅུ་པ་བསྔོ་བ་ནི། ལས་བྱས་དོན་ཡོད་པར་བྱ་བའི་ཕྱིར་བསྔོ་བས་རྒྱས་གདབ་པར་བྱའོ། །བཅུ་གཅིག་པ་སླར་ཡང་ཤིས་པར་བྱ་བ་ནི། ཡོན་བདག་ཡུལ་གཉན་ན་དཔོན་སློབ་ཐམས་ཅད་བཞེངས། འབྲིང་ལ་གྲྭ་རྣམས་བཞེངས། དཀྱུས་མ་ལ་ཐམས་ཅད་མི་བཞེངས།་་་བཀྲ་ཤིས་ཀྱི་ཚིག་མང་པོ་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་མེ་ཏོག་གི་ཆར་དབབ་བོ། །བཅུ་གཉིས་པ་བཀྲ་ཤིས་ཀྱི་རྗེས་བསྡུ་བ་ནི། རང་ལྷའི་ང་རྒྱལ་གྱིས་་་ཨ་ཀཱ་རོ་བརྗོད་པ་དང་དྲིལ་བུ་གསིལ་ལ།རྡུལ་ཚོན་བསྡུ་བ་ཕུར་བུ་ཕྱུང་བ་སོགས་ནས་བཀྲ་ཤིས་ཀྱི་བར་ཆོ་ག་སོ་སོའི་གཞུང་བཞིན་ནོ། །དེ་ནས་དཀྱིལ་འཁོར་གྱི་ཡོ་བྱད་ནི། རྒྱུད་ལས། དེ་ལྟར་ཐམས་ཅད་བྱས་ཟིན་ནས། །གང་རུང་མཆོད་སྦྱིན་དཀྱིལ་འཁོར་ལ། །ཕུལ་ལམ་དབུལ་བ་བྱེད་པ་རྣམས། །སློབ་དཔོན་ལ་ནི་དབུལ་བྱ་ཡི། །ཞེས་སོགས་གསུངས་པ་ལྟར་བྱས་་་དང་དེས་ཀྱང་ཇི་ལྟར་འོས་པའི་མཆོད་སྤྱིན་དུ་སྤེལ་བར་གསུངས།པའི་རྗེས་སུ། བ་ཡི་ལྕི་བས་བྱུག་བྱ་ཞིང་། །རྡུལ་ཚོན་ཆུ་བོར་དོར་བར་བྱ། །ཞེས་གསུངས་པས་རྡུལ་ཚོན་རྣམས་བཀུར་བསྟི་ཆེན་པོས་ཆུ་བོར་དོར་ཞིང་། གཞི་དེ་ཡང་བའི་ལྕ་བས་་་ལག་ལེན་ཁྲུས་ཀྱི་བ་བྱུང་ལགས།བྱུག་པར་བྱ། བཅུ་གསུམ་པ་སྦྱིན་སྲེག་བྱ་བ་ནི། དབང་ཆེན་རྒྱུད་དུ། ལྷ་ཚིམས་བར་གཅོད་བགེགས་ལ་སོགས། །ཞི་ཕྱིར་སྦྱིན་སྲེག་ཆོ་ག་བྱ། །གང་འདོད་དངོས་གྲུབ་སྦྱིན་བྱེད་ཅིང་། །རྟོག་སྒྲིབ་ལ་སོགས་སྲེག་པར་བྱེད། །ཅེས་པས་ཆོ་གའི་ཆད་ལྷག་གི་ཉེས་པ་རྣམས་ཁ་གསོ་བའི་ཕྱིར་ཞི་བའི་སྦྱིན་སྲེག་ཆོ་ག་བཞིན་དུ་བྱ་ཞིང་། མ་གྲུབ་ན་ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ཁ་སྐོང་ངོ་།། ༈ །།དེ་ལྟར་ཆོ་ག་རྒྱས་པའི་རིམ་པ་དང་སྦྱར་བའི་ལག་ལེན་བསྟན་ནས། ད་ནི་ཆོ་ག་འབྲིང་པོ་དང་། ཅུང་ཟད་བསྡུས་པ། ཤས་ཆེར་བསྡུས་པ་རྣམས་ཀྱི་ཚེ་གཞུང་དུ་བསྟན་པའི་ས་དཔྱད་སོ་སོའི་སྟེང་དུ་བརྗོད་མ་ཐག་པའི་ལག་ལེན་རིམ་པ་བཞིན་སྦྱར་བས་ཤེས་པ་ཡོད་དོ།། ༈ །།དགོས་པའི་དབང་གིས་ཤིན་ཏུ་བསྡུས་པར་བྱེད་ན་བདག་གི་རྣལ་འབྱོར་དང་ལྡན་པས། གནས་བྱ་སྟོང་པའི་ངང་ལས་རང་རང་གི་དམ་ཚིག་པར་བསྐྱེད། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཀྱིས་དེའི་ཡེ་ཤེས་པ་སྤྱན་དྲངས་ནས་གཞུག་ཅིང་རྒྱས་གདབ། སླར་ཡང་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར། མཆོད་ཅིང་བསྟོད་ནས་སྤྱན་དབྱེ། ལྷ་དེའི་སྔགས་དང་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་བཟླས་ཏེ་མེ་ཏོག་གི་ཆར་དབབ་ཅིང་བརྟན་བཞུགས་དང་བཀྲ་ཤིས་བྱའོ། །དེ་ལྟར་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པའི་ལག་ལེན་བཤད་ཟིན་ཏོ།། ༈ །།གསུམ་པ་ཆོ་གའི་ཡན་ལག་གཞན་བཤད་པ་ལ། རིག་པ་སོགས་ཀྱི་རབ་གནས་དང་། ཨརྐའི་ཆོ་གའོ། །དང་པོ་ནི། སྲུང་འཁོར་རབ་གནས་བྱེད་ན། དེའི་གེགས་སྦྱང་སྟོང་པའི་ངང་ལས་འཁོར་ལོ་པདྨ་རྡོ་ར་མེ་སོགས་གང་ཡིན་དེར་བསྐྱེད། ཡིག་འབྲུ་རྣམས་ལྷ་གང་གི་སྡེར་ཡིན་པ་དེའི་འོད་དཔག་མེད་དུ་བསྒོམ། མིང་སྤེལ་རྣམས་བསྲུང་བྱ་གང་ཡིན་དེར་བལྟས་ལ་དགུག་ཅིང་བསྟིམ། ཕྱག་རྒྱ་བཞིས་རྒྱས་གདབ། དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བརྒྱ་རྩ་བཟླས། དེ་ཞུ་བའི་་་ནད་གདོན་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི།སྲུང་འཁོར་དུ་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། ཞར་ལ་སྲུང་མདུད་ཅེས་པ་དར་རམ་སྲད་བུ་གཡོན་གྱི་སོར་མོ་ལ་ལན་གཉིས་སུ་དཀྲིས་པའི་བར་དུ་སྣེ་གཅིག་བཅུག་ནས་འཐེན་པས་མདུད་པ་རྡོ་རྗེ་རྩེ་གསུམ་པ་ལྟ་བུ་འབྱུང་། དེ་ལྟར་བསྐྱེད་ལ་རང་སྔགས་ཀྱིས་གདབ་ཅིང་་་ཞུ་བའི་མདུད་པར་བསམ་ནས།བསྲུང་བྱར་གདགས། ཁུངས་ནི་སློབ་མ་ལྷག་གནས་ཀྱི་སྐབས་དང་གཞན་ཡང་མང་ངོ་། ༈ །རྡོར་དྲིལ་རབ་གནས་ནི། རིགས་ལྔ་པོ་གང་གི་རྡོར་དྲིལ་ཡིན་ཡང་། རྡོ་རྗེ་ནི་རྣམ་སྣང་སོགས་ལྔ་དང་། དྲིལ་བུ་རྣམས་སྤྱན་མ་སོགས་ལྔ་སྟེ་རང་རིགས་ཀྱི་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བཟླ། དེ་ཞུ་བའི་རྡོར་དྲིལ་དུ་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ བགྲང་ཕྲེང་རབ་གནས་ནི། བོ་དེ་ཙི་རུ་རཀྴ་རུས་པ་ལ་སོགས་རང་རིགས་དང་མཐུན་པར་བསང་སྦྱང་། སྟོང་པའི་ངང་ལས་མདུད་འཛིན་སོ་སོའི་འཁོར་ལོས་བསྒྱུར་བ་དང་གཞན་རྣམས་རང་རང་གི་སྙིང་པོ་ལས་ལྷ་དེར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་ནས་མཆོད་བསྟོད་བྱས་ལ། རང་སྔགས་དང་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧ་དྷརྨཱ་སུ་སྨྲྀ་ཏེ་སུ་པྲ་ཏིཥྛ་ས་མ་ཡེ་ཧཱུྃ་ཞེས་བཟླ་ཞིང་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ རིགས་ལྔའི་ཅོད་པན་སོགས་རིན་པོ་ཆེའི་རྒྱན་རབ་གནས་ནི། བསང་སྦྱང་སྟོང་པའི་ངང་ལས་རིན་འབྱུང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བཟླ། དེ་ཞུ་བའི་རྒྱན་ཆར་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ རྫིང་དང་ཁྲོན་པ་སོགས་ཀྱི་རབ་གནས་ནི། དེའི་འགྲམ་དུ་རྣམ་སྣང་གི་དཀྱིལ་འཁོར་བྱས་ལ་གཏོར་མ་བཏང་། ཆུ་བསང་སྦྱང་སྟོང་པའི་ངང་ལས་རྣམ་སྣང་དུ་བསྐྱེད། དེ་ཞུ་བའི་ཆུ་ལྷ་དཀར་པོ་སྟོད་ལྷའི་རྣམ་པ་སྦྲུལ་མགོའི་གདེངས་ཀ་ཅན། ཨུཏྤ་ལ་དང་སྦྲུལ་ཞགས་འཛིན་པ་རོ་སྨད་སྦྲུལ་དུ་འཁྱིལ་བ་དམ་ཚིག་པར་བལྟས་ལ། རྣམ་སྣང་ཡེ་ཤེས་པར་བཅུག་ནས་ས་མ་ཡ་སཏྭམ་ཞེས་རྒྱས་གདབ། དབང་བསྐུར་མཆོད་བསྟོད་ཞུ་བ་ལ་ཡན་ལག་བརྒྱད་་་དྲི་བཟང་བ། རོ་ཞིམ། ཡང་བ། དང་བ། འཇམ་པ། བསིལ་བ། མགྲིན་པ་དང་ལྟོ་བ་ལ་མི་གནོད་པའོ།ལྡན་གྱི་ཆུ་གསེར་གྱི་ས་གཞིའི་བར་ཁྱབ་ཅིང་ཀླུ་རྣམས་ཀྱི་རྟེན་གནས་སུ་གྱུར་པར་བསམ་ལ། དེར་མཆོད་སྡོང་གི་ཤིང་བཙུགས་པའམ། མ་འབྱོར་ན་དབུས་སུ་ཆུ་ལྷ་ཕྱོགས་མཚམས་སུ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བར་བསམ་ལ། ཡེ་ཤེས་པ་དགུག་གཞུག་སོགས་སྔར་བཞིན་བྱས་ནས་འོ་མ་ལ་སོགས་པའི་གཏོར་མ་ཕུལ་ཏེ་ཡུན་དུ་བཞུགས་པར་གསོལ་བ་གདབ་བོ། ༈ །སྐྱེད་མོས་ཚལ་སོགས་རབ་གནས་བྱེད་ན། ཕྱོགས་གཏོར་བྱིན་ལ། ཤིང་རྣམས་བསང་སྦྱང་གཙོ་བོ་བཞིན་རྣམ་སྣང་དུ་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་མཆོད་བསྟོད་བྱས་ནས། དེ་ཞུ་བའི་ཤིང་གི་ཚོགས་སུ་བསམ་ལ་མེ་ཏོག་འཐོར། འབྲས་བུ་ལ་སོགས་པས་ཕན་འདོགས་པའི་ཕྱིར་བརྟན་བཞུགས་དང་བཀྲ་ཤིས་བརྗོད། ༈ གཞན་ཡང་གྲུ་སོགས་ལས་རིགས་ཀྱི་ཁྲོ་བོ་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་གྲུར་བསམ་ལ་བཀྲ་ཤིས་བརྗོད། ༈ གོ་ཁྲབ་སོགས་ཧཱུྃ་མཛད་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་རྡོ་རྗེའི་གོ་ཁྲབ་ཏུ་བསམ་ལ་བཀྲ་ཤིས་བརྗོད། ༈ ནོར་བུའི་རིགས་རྣམས་རྣམ་སྲས་སོགས་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་ནོར་བུར་བསམ་ལ་བཀྲ་ཤིས་བརྗོད། ༈ རྒྱལ་མཚན་ནི་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་སོགས་བྱས་ནས་ཞུ་བའི་རྒྱལ་མཚན་དུ་བསམ་ལ་བཀྲ་ཤིས་བརྗོད། ༈ གདུགས་སོགས་མཆོད་པའི་ཡོ་བྱད་མང་པོ་ཞིག་རང་རང་གི་གཟུགས་ཀྱིས་དགོས་པ་སྒྲུབ་ནུས་སུ་ཡུན་རིང་པོར་བྱིན་གྱིས་བརླབས་པའི་བསམ་པས་རབ་གནས་ཀྱི་སྔགས་མང་དུ་བཟླས་ནས་བཀྲ་ཤིས་བརྗོད་པ་ཡིན། དེ་ཐམས་ཅད་ལ་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པ་ནི་ངེས་པར་དགོས་སོ།། ༈ །།གཉིས་པ་་་བུ་སྟོན་གྱིས་མཆོད་ཡོན་གྱི་ཆོ་ག་ཞེས་བཤད་པ་ལྟར་ན་ཨརྒ་ཡིན་ནམ་རྟག་ཏུ་བསྐྱེད་པར་བཤད།ཨརྐའི་་་ཞེས་པ་རིན་ཐང་ལ་འཇུག་པས་རྒྱུ་ངན་པ་བཟང་པོར་བྱེད་པར་བཤད་སྣང་།ཆོ་ག་ལ་བརྟེན་གསར་པ་བཞེང་བ་དང་རྙིང་པ་གསོ་བའི་རིམ་པ་གཉིས་ལས། དང་པོ་ནི། དུས་ཚེས་དགེ་བ་ལ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྐུ་གཟུགས་ཀྱི་རྒྱུ་དང་བཟོ་བོ་་་གཞན་དུ་རྟེན་གྱི་རྒྱུ་བྱེད་པར་འགྱུར་བའི་ལྷའི་གཟུགས་དང་བཟོ་བོ་རིགས་བདག།བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་མི་བསྐྱོད་པར་བསྐྱེད། དེ་བཞིན་དུ་ཤོག་བུ་དང་་་དྷཱིཿཡིག་སོགས་འོག་ཏུ་བཀོད་པ་ཁོ་ནས་ཀྱང་ངོ་།ཡིག་མཁན་ཧྲཱིཿལས་འོད་དཔག་མེད་དུ་བསྐྱེད། མཆོད་རྟེན་གྱི་རྒྱུ་དང་བཟོ་བོ་ཨོཾ་ལས་རྣམ་སྣང་དུ་བསྐྱེད། དེ་ཐམས་ཅད་ལ་སྙིང་གའི་ས་བོན་གྱིས་ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་ནས་མཆོད་བསྟོད་བྱས་ལ། རིགས་གསུམ་གྱི་སྙིང་པོ་རྟེན་དང་མཚུངས་པར་བཟླས་ནས། རང་གི་ལྕེ་་་ཨོཾ་བཛྲ་ཛི་ཧཱ་སོགས།བྱིན་གྱིས་བརླབས་ནས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །ཞེས་སོགས་དཀྱུས་བཞིན་ལས། ཐུགས་རྗེའི་བདག་ཉིད་ཅན་རབ་གནས། ཞེས་པའི་རབ་གནས་སྐུ་རྟེན་ཐུགས་རྟེན་སོགས་ཅི་རིགས་པར་བསྒྱུར་བས་སྙན་གསན་ཕབ་པས་གནང་བ་བྱིན་པར་བསམ་ལ། སླར་མཆོད་ཅིང་བསྟོད་ནས་ཡིག་བརྒྱས་བརྟན་པར་བྱས། བཛྲ་མུཿ རྒྱུ་དང་བཟོ་བོའི་ཡེ་ཤེས་པ་གཤེགས།་་་རང་བཞིན་གྱི་གནས་སུ། དམ་ཚིག་པ་ཞུ་བ་ལས་དེ་ཉིད་དུ་གྱུར། དེ་ནས་བཟོ་བོའི་ལག་གཉིས་སུ་་་ཨཱཿལས།ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་རེ་རེ། དེ་ཞུ་བ་ལས་རྡོ་རྗེའི་ལག་པ། སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པ་རེ་རེར་གྱུར། སླར་ཡང་དེའི་སྤྱི་བོར་འཁོར་ལོ་ཨོཾ། མགྲིན་པར་པདྨ་ཨཱཿ སྙིང་གར་རྡོ་རྗེ་ཧཱུྃ་གིས་མཚན་པར་བལྟས་ལ་གནས་གསུམ་དུ་རྡོ་རྗེ་རེག་ཅིང་། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། ཤོག་བུ་རྣམས་དྷཱིཿཡིག་ཏུ་གྱུར་པ་ལས་བྱུང་བའི་འོད་ཟེར་གྱིས་གསུང་རྡོ་རྗེ་ཡི་གེའི་རྣམ་པར་སྤྱན་དྲངས་ནས་ཤོག་བུ་ལ་ཐིམ་པར་བསམ། པིར་དང་སྙུ་གུ་ཚོན་རྩི་སྣག་ཚ་སོགས་ལ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་འཁོར་ལོས་བསྒྱུར་བའི་སྔགས་དང་ལས་ཐམས་ཅད་པ་ཉི་ཤུ་རྩ་གཅིག་བཟླས་ལ། པིར་སོགས་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད། ཚོན་དང་སྣག་ཚ་སོགས་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡ་སརྦ་ཨ་ཛྙཱ་ན་ཕ་ཊ་ལ་ཨ་ས་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ། ཞེས་པས་སྔགས་པའི་ལག་ཆ་དེ་རྣམས་ལ་གཏད་ནས་ཡིག་བརྒྱས་བརྟན་པར་བྱའོ། །གཉིས་པ་རྙིང་པ་གསོ་བའི་རིམ་པ་ནི། གང་དུ་སྐུ་གཟུགས་དང་མཆོད་རྟེན་སོགས་རྙིང་ཞིང་ཞིག་རལ་དུ་གྱུར་པ་་་ཡུལ་འཇིག་པ་དང་འཁྲུག་པ་མུ་གེ་སོགས་མི་དགེ་བར་འབྱུང་བར་བཤད་དོ།གསོ་བ་དང་། འོ་རྒྱལ་བའི་ས་ལས།་་་ཡུལ་བཟང་པོར་སྤོ་བ་དང་། རྒྱུ་དམན་པ་ལས་བཟང་པོར་སྒྲུབ་པ་སོགས་ལ་ཨརྐའི་ཆོ་ག་བྱ་ཡི། རྟེན་དེ་རང་ལ་མི་མཁོ་བར་ཤེས་པ་དང་རྒྱུ་དང་ནང་བཞུགས་ལ་རྔམས་པ་སོགས་ཀྱིས་བྱས་ན་ཉེ་བའི་མཚམས་མེད་དུ་འགྱུར་བ་ཡིན་ནོ། །ལག་ལེན་ནི། རྟེན་གྱི་མདུན་དུ་མཆོད་བསྟོད་རྒྱས་པར་བཤམ། བདག་གི་རྣལ་འབྱོར་དང་ལྡན་པས་རྟེན་ལ་མཆོད་པས་མཆོད། སྤྱི་སྒོས་ཀྱི་སྲུང་མ་དང་གཞི་བདག་ལ་གཏོར་མ་ཕུལ་ནས་བཀའ་བསྒོ། བདག་གིས་སེམས་ཅན་གྱི་དོན་དུ་བདེ་བར་གཤེགས་པའི་རྟེན་ཞིག་པ་གསོ་བའམ། སྤོ་བའམ། དམན་པ་ལས་བཟང་པོར་བགྱིད་པ་སོགས་ཀྱི་དོན་དུ་ནངས་པར་རབ་གནས་སྤོ་བར་བྱའོ་སྙམ་དུ་བསམ་ལ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། སོགས་དཀྱུས་བཞིན་ལས་བགྱི་བར་འཚལ། ཞེས་པ་སྤོ་བར་འཚལ་དུ་བསྒྱུར་བ་གསུམ་གྱིས་སྙན་གསན་ཕབ། ནངས་པར་རྟེན་གྱི་དྲུང་དུ་མཆོད་གཏོར་གསར་པ་རྒྱ་ཆེན་པོ་བཤམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་རྟེན་རྙིང་པར་མཆོད་ཅིང་བསྟོད། སྔར་བཞིན་སྙན་གསན་ཕབ་ནས། དེའི་མདུན་དུ་མེ་ལོང་གཡའ་དག་པ་བཞག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག །དེ་ནས་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་རྟེན་གྱི་ལྷ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་མེ་ལོང་གི་གཟུགས་ལ་ཐིམ་པར་བསམ་ལ། ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བཅིང་མཉེས། རྟེན་གྱི་ལྷ་མེ་ལོང་གི་གཟུགས་བརྙན་དང་གཉིས་མེད་དུ་གྱུར་པ་ཡིག་བརྒྱས་བརྟན་པར་བྱས་ལ་མཆོད་བསྟོད་དང་བཀྲ་ཤིས་གསོལ་ཏེ། དར་སེར་པོས་དྲིལ་ལ་རྒྱབ་ཕྱོགས་སུ་མདུད་ཅིང་རྒྱས་གདབ་དབུ་ཞབས་མི་ལོག་པའི་མཚན་མ་བྱས་ནས་མཆོད་གྲལ་དུ་བཞུགས་སུ་གསོལ་ཏེ་བཀུར་བསྟི་བྱའོ། །རྟེན་གསར་པ་གྲུབ་ནས་རབ་གནས་དངོས་གཞིའི་རྟེན་བསྐྱེད་ཀྱི་རྗེས་སུ་སྔར་གྱི་མེ་ལོང་དེའི་མདུན་དུ་ཁ་ཕྱེ་ལ་རྟེན་རྙིང་པའི་དམ་ཡེས་གསར་པའི་དམ་ཚིག་པ་ལ་སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་མཉེས་བྱས། སླར་ཡེ་ཤེས་པ་སྤྱན་འདྲེན་ཆོ་གའི་དཀྱུས་བཞིན་ནོ། །སྔར་གྱི་རྟེན་རྙིང་པ་རྡོའི་རིགས་ཡིན་ན་ཆུ་བོར་སྤྱན་འདྲེན། མི་ནུས་ན་རི་མཐོན་པོར་ཁུང་བུ་བརྐོས་ལ་གཞུག །ཤིང་ཡིན་ན་མར་གྱིས་བརླན་པའི་རས་ཀྱིས་དཀྲིས་ལ་སྦྱིན་སྲེག་གི་མེར་བསྲེག །ཟངས་དང་མཁར་བ་སོགས་ནི་རྟེན་གསར་པའི་རྒྱུར་བཞུ་བ་ཡིན་ན་གསར་བའི་རྒྱུར་བསྲེ། ཐག་རིང་བ་སོགས་ཀྱིས་མི་ནུས་ན་ཆུར་འདྲེན་པའམ་དེ་ཉིད་དུ་མཆོད་རྟེན་བརྩིགས་ལ་རབ་གནས་བྱ། རྟེན་འདྲེ་ཅན་གྱི་རྒྱུ་ནི་གསར་པར་མི་བསྲེ་བར་དྲག་པོའི་སྲེག་བླུགས་ཀྱིས་སྦྱང་བར་བྱའོ། །སློབ་དཔོན་ཨ་བྷཱ་ཡས་ནི། རྟེན་རྙིང་པའི་ཡེ་ཤེས་པར་མཆོད་བསྟོད་དང་ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་བཏང་ནས་རང་བཞིན་གྱི་གནས་སུ་གཤེགས་པར་བཞེད་དོ། །དེ་ལྟར་རྒྱུད་དང་འགྲེལ་བྱེད་ཀྱི་གཞུང་ལུགས་རྣམས་ལས་ཇི་ལྟར་བཤད་པ་བཞིན་དུ་རྟེན་གསར་དུ་བཞེངས་པ། རྙིང་པ་གསོ་བ། དེ་ལ་རབ་ཏུ་གནས་པ་རྣམས་ལེགས་པར་བྱས་ན་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་དཀའ་བ་མེད་པར་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །སྨྲས་པ། གདོད་ནས་མུན་བྲལ་བདེ་ཆེན་ཡེ་ཤེས་རོས། །བརྟན་གཡོའི་དངོས་ཀུན་ཁྱབ་པར་རབ་གནས་ཀྱང་། །འགྲོ་བའི་བསམ་པ་ཇི་བཞིན་སྣང་བརྙན་རྟེན། །རབ་ཏུ་གནས་པའི་ཆོ་ག་འགྲེལ་བྱེད་གཞུང་། །མཁས་མང་གསུང་ངག་ལེགས་བཤད་གངྒཱའི་ཀླུང་། །རྣམ་དཔྱོད་འཛིན་མའི་ལྟོར་བསྐྱིལ་རོལ་པའི་མཚོ། །འཁྲུལ་མེད་ཟབ་དོན་རིན་ཆེན་འབྱུང་བའི་གནས། །འདི་ཀོ་བཀའ་དྲིན་རྗེས་དྲན་མཆོད་པའི་ཡོན། །འཁྲུལ་མེད་ལག་ལེན་གནད་ཀྱི་ནོར་བུའི་དཔྱིད། །དོན་གཉེར་མཆིས་ན་རེ་བ་འབྲས་ལྡན་འགྱུར། །ཕྱོགས་ལྷུང་ལོག་པར་རྟོག་པར་འདིས་ཅི་བྱ། །དེ་བས་རིགས་མཐུན་གཞུང་ལུགས་བརྟེན་པ་ཟབ། །དེང་དུས་གཟུ་བོར་དཔྱོད་མིན་ཆེན་པོ་འགའ། །རྣམ་དག་གཞུང་གི་ལག་ལེན་གསལ་བྱས་ན། །གསར་མའི་རིང་ལུགས་གཟུང་ཞེས་དམོད་ཆར་འབེབས། །དེ་ཕྱིར་འདི་བརྗོད་འབྲས་བུ་གང་དུ་འཚལ། །འོན་ཏེ་རྒྱལ་གསུང་རྒྱུད་དང་དེ་འབྲེལ་གཞུང་།་་་རབ་གནས་རྩ་བའི་རྒྱུད།གལ་པོའི་རབ་གནས་ཀྱི་རྟོག་པ།ཟླ་གསང་འདུས་པའི་རྒྱུད།རིམ་པ་གསུམ་པ་རྩ་འགྲེལ་སོགས། ཚད་མར་གྱུར་པ་དེ་དག་དཔང་པོར་བྱས། །གཟུ་བོའི་བློ་ལྡན་ཡོད་ན་བརྟགས་པས་ཤེས། །རྟོག་པ་མེད་ན་མུ་ཅོར་ཅི་ཕྱིར་སྨྲ། །གང་ཞིག་ཤེས་བྱའི་ཀུན་གསལ་ཁྱོན་དག་ཀྱང་། །ལྷག་བསམ་ཆུ་སྒྲོག་ཅི་དགར་ཆགས་པ་ལས། །ངག་ཚིག་ཆུ་ཆར་ཕབ་འདིས་ཉལ་འགྲོའི་དཔལ། །སྤེལ་མོད་ནོངས་གྱུར་ཅི་མཆིས་བཟོད་མཛད་རིགས། །དེ་ལྟར་ཚིག་དོན་ལེགས་བཤད་ཡར་ངོའི་མཐུས། །མཁས་མང་དགོངས་པའི་ཆ་རྫོགས་ཐུབ་བསྟན་གྱི། །ཟླ་རྒྱས་དཀར་པོའི་འོད་སྣང་མཐའ་ཡས་པས། །ཟུང་འཇུག་ཕན་བདེའི་ཀུ་མུད་བཞད་བྱེད་ཤོག །སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པའི་ཆོ་ག་རྒྱུད་དང་མན་ངག་གི་དོན་རབ་ཏུ་གསལ་བར་བྱེད་པའི་འགྲེལ་བྱེད་ལེགས་པར་བཤད་པའི་རོལ་མཚོ་ཞེས་བྱ་བ་འདི་ནི། བདག་ཉིད་ལ་མཆོག་ཏུ་གུས་པའི་སྲི་ཞུ་ལྷུར་བྱེད་པ་མཆོད་དཔོན་ངག་དབང་ཚུལ་ཁྲིམས་ཀྱིས་རིང་མོ་ནས་འབད་པས་བསྐུལ་བ་ལས། ༧ཀུན་མཁྱེན་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་དང་། ༧རྡོ་རྗེ་འཆང་ཕྲིན་ལས་ལྷུན་གྲུབ་ཀྱི་བཀའ་དྲིན་ལས། རྡོ་རྗེ་ཐེག་པའི་ཆོས་ཚུལ་རབ་འབྱམས་ལ་མངའ་འབྱོར་པའི་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྲིན་པོའི་ལོ་དབོས་ཉ་བའི་ཡར་ངོའི་ཚེས་བཅུ་ལ། གངས་ཅན་གྱི་སའི་ཐིག་ལེ་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་དཔལ་ལོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།
གྲུབ་ཐོབ་ཆེན་པོའི་ཐུག་ཏིག་ལས༔ ཕྲིན་ལས་ཡེ་ཤེས་སྙིང་པོ་ (Volume 11, Text 54)
གྲུབ་ཐོབ་ཆེན་པོའི་ཐུག་ཏིག་ལས༔ ཕྲིན་ལས་ཡེ་ཤེས་སྙིང་པོ་བཞུགས༔ ༔ སྣང་བའི་ཆོས་རྣམས་མ་ལུས་ཀུན༔ བདེ་ཆེན་དབྱིངས་སུ་ཐིམ་པ་ལས༔ ཟུང་འཇུག་གྲུབ་པའི་འཁོར་ལོས་སྒྱུར༔ ཐང་སྟོང་རྒྱལ་པོར་ངེས་པས་འདུད༔ ཀུན་བརྟགས་ཟད་པའི་བུམ་སྐུའི་སྦུབས༔ གཞན་དབང་རླུང་སེམས་ཕྱག་བྱས་པས༔ ཡོངས་གྲུབ་ཀློང་ལྔའི་མཛོད་ཁང་ནས༔ ཟབ་མོའི་སྙིང་ཏིག་དུས་འདིར་དབྱེ༔ ས་མ་ཡ༔ དབེན་ཞིང་ཉམས་དགའི་ས་ཕྱོགས་སུ༔ འབབ་ཆུ་རྩི་སྨན་རྒྱས་པའི་ཞོལ༔ བཀྲ་ཤིས་བྱིན་ཆགས་སྒྲུབ་གནས་དེར༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༔ བྷནྡྷ་འབྲུ་བཅུད་ཀྱིས་བཀང་བར༔ ཨ་མྲི་ཏ་དང་སྐྱེ་བདུན་ཤ༔ སྣ་ཚོགས་སྨན་གྱིས་གཏམས་བྱས་ཏེ༔ དར་དམར་ཁ་བཅད་དེ་ཡི་སྟེང༔ ཤེལ་དང་མེ་ལོང་མཚན་ལྡན་བཤམ༔ དེ་ནས་ཟབ་མོའི་རྣལ་འབྱོར་གྱི༔ སྔོན་འགྲོའི་དང་པོ་སྐྱབས་སེམས་ནི༔ ཨ༔ རང་རིག་ཐང་སྟོང་རྒྱལ་པོ་ལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ འཁོར་འདས་རྟོག་ཚོགས་མ་ལུས་ཀུན༔ འོད་གསལ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ་གཉིས་པ་མཚམས་བཅད་ནི༔ ཨ༔ ལྷ་དང་འདྲེ་རུ་འཛིན་པའི་སེམས༔ གདོད་ནས་རང་གྲོལ་སྟོང་པ་ཉིད༔ གཟུང་འཛིན་བྲལ་བའི་དཀྱིལ་འཁོར་འདིར༔ སྐྱེ་འགག་མེད་པར་མཚམས་བཅད་དོ༔ ཛྙཱ་ན་བཛྲ་ཨཿ གསུམ་པ་དབྱིངས་རིག་བྱིན་འབེབ་ནི༔ ཨ༔ འོད་གསལ་དབུ་མའི་ཕོ་བྲང་ནས༔ ཤེས་རིག་ཐང་སྟོང་རྒྱལ་པོ་ལ༔ ཤར་གྲོལ་དུས་མཉམ་འཁོར་གྱིས་བསྐོར༔ མཉམ་ཉིད་ངང་ནས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཞི་པ་བདེ་སྟོང་མཆོད་པ་བརླབ༔ ཨ༔ ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་ཀུན༔ ས་བཅུའི་དབྱིངས་སུ་ཕྱག་བྱས་པས༔ འབར་འཛག་བདེ་སྟོང་མཆོད་པའི་སྤྲིན༔ དཀྱིལ་འཁོར་དགྱེས་པའི་རྫས་སུ་ཤར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ ས་མ་ཡ༔ དངོས་གཞི་ཡོངས་གྲུབ་བསྐྱེད་པ་ནི༔ ཨ༔ ཆོས་ཅན་སྤྲོས་པའི་མཚན་མ་ཀུན༔ ཉེར་ཞིའི་དབྱིངས་སུ་ཐིམ་པ་ལས༔ འོད་གསལ་ཟུང་འཇུག་སྤྲུལ་པའི་གར༔ རིག་གདངས་རྡོ་རྗེ་ལུ་གུ་རྒྱུད༔ འཇའ་ཟེར་ཐིག་ལེས་སྤྲས་པའི་དབུས༔ སྒྲོན་དྲུག་ཀློང་ནས་མཚན་དཔེའི་སྐུ༔ ཞལ་ཕྱག་སྤྲོས་པ་ཕྱིར་གསལ་གདངས༔ འགྱུར་མེད་ཐང་སྟོང་རྒྱལ་པོ་ནི༔ བདེ་སྟོང་དབུ་མར་སྦྱོར་བ་ལས༔ དཀར་ལ་དམར་བའི་མདངས་དང་ལྡན༔ ས་བཅུ་འཁོར་ལོར་རྫོགས་པ་ལས༔ ལྕང་ལོའི་ཟར་བུའི་ཐོར་ཚུགས་བརྗིད༔ ཡེ་ཤེས་ཡོན་ཏན་ཚད་མེད་ཕྱིར༔ རས་དཀར་ན་བཟའ་སླེ་བེར་གསོལ༔ སྐུ་གསུམ་གོ་འཕང་བརྙེས་པའི་བརྡར༔ ཕྱག་གཡས་རིག་སྟོང་རྡོ་རྗེ་འཛིན༔ རྟོག་ཚོགས་ཟད་སར་མྱོས་པའི་ཕྱིར༔ ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང༔ འཆི་མེད་རིག་འཛིན་བརྙེས་པ་ལས༔ གཞོན་ཚུལ་མཚན་དཔེའི་ཡོན་ཏན་རྫོགས༔ དོན་གཉིས་ལྷུན་གྲུབ་སྩོལ་བའི་བརྡར༔ ཆུ་སྐྱེས་ཉི་ཟླའི་དབུས་ན་བཞུགས༔ སྤྱི་བོར་རིགས་བདག་འོད་དཔག་མེད༔ ཆོས་ཉིད་ཡེ་ནས་འགྱུར་མེད་ངང༔ མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས༔ སྟོང་དང་སྙིང་རྗེ་ཟུང་དུ་འཇུག༔ ཐུགས་ཀར་དབང་ཆེན་ཁྲོ་བོའི་རྒྱལ༔ གང་འདུལ་སྒྱུ་མར་རོལ་པའི་གར༔ འཁོར་དུ་ཡེ་ཤེས་ལྔ་ཡི་རྩལ༔ ཤེས་རབ་ཌཱ་ཀི་སྡེ་ལྔ་དང༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས༔ སྲོག་རྩོལ་རླུང་གི་རྒྱུ་བ་ཀུན༔ ཡང་དག་དབུ་མར་རོལ་པ་ལས༔ ཟུང་འཇུག་བདེ་བའི་གར་སྟབས་བསྒྱུར༔ འབར་འཛག་རྡོ་རྗེའི་གླུ་དབྱངས་སྒྲོག༔ སྐུ་གསུང་ཐུགས་ལས་འོད་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ གཉིས་པ་སྤྱན་འདྲེན་གདུང་དབྱངས་བཅས༔ ཨ༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ནས༔ སྣང་སྟོང་བུམ་པའི་དབང་བསྐུར་ཕྱིར༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ མཚན་དཔེའི་ངང་ནས་གཤེགས་སུ་གསོལ༔ ཨེ་ཝཾ་མཉམ་སྦྱོར་དཀྱིལ་འཁོར་ནས༔ གསལ་སྟོང་གསང་བའི་དབང་བསྐུར་ཕྱིར༔ བདེ་ཆེན་དྲྭ་བར་རོལ་པའི་གར༔ སོར་རྟོག་ངང་ནས་གཤེགས་སུ་གསོལ༔ རྣམ་ཐར་གསུམ་ལྡན་དཀྱིལ་འཁོར་ནས༔ བདེ་སྟོང་ཤེས་རབ་དབང་བསྐུར་ཕྱིར༔ ཡེ་ཤེས་དྲྭ་བར་རོལ་པའི་གར༔ དགའ་བཞིའི་ངང་ནས་གཤེགས་སུ་གསོལ༔ སྤྲོས་པ་བྲལ་བའི་དཀྱིལ་འཁོར་ནས༔ རིག་སྟོང་གཉུག་མའི་དབང་བསྐུར་ཕྱིར༔ འོད་གསལ་དྲྭ་བར་རོལ་པའི་གར༔ བློ་བྲལ་ངང་ནས་གཤེགས་སུ་གསོལ༔ མངོན་སུམ་རིག་པའི་དཀྱིལ་འཁོར་ནས༔ ཚོར་སྟོང་ངོ་བོའི་དབང་བསྐུར་ཕྱིར༔ ཟུང་འཇུག་དྲྭ་བར་རོལ་པའི་གར༔ སྣང་བཞིའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཨ༔ རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་དུ༔ རང་བྱུང་གསང་བའི་ཕོ་བྲང་ཆེར༔ སྣང་བཞི་དོན་གྱི་ལྷ་ཚོགས་ཀུན༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ བཛྲ་ཛྙཱ་ན་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བཞི་པ་གཉིས་མེད་ཕྱག་འཚལ་ནི༔ ཨ༔ རང་ལས་ཤར་བའི་དཀྱིལ་འཁོར་ལྷར༔ གཉིས་སུ་འཛིན་པ་རྣམ་དག་ཕྱིར༔ ཟུང་འཇུག་ཡེ་ཤེས་ཆེན་པོའི་ངང༔ རང་ཞལ་མཇལ་བའི་ཕྱག་གིས་འདུད༔ ན་མོ་ན་མ་ཧོ༔ ལྔ་པ་ཕྱི་མཆོད་འབུལ་བ་ནི༔ ཨ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ སྣང་ཡང་དེར་འཛིན་མ་གྲུབ་པའི༔ ཡེ་གྲོལ་གདོད་མའི་མཆོད་སྤྲིན་འབུལ༔ བཞེས་ནས་དོན་གཉིས་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཛྙཱ་ན་བཛྲ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཧོ༔ དྲུག་པ་ནང་མཆོད་འབུལ་བ་ནི༔ ཨ༔ ཚོགས་དྲུག་སྣང་བའི་རྟོག་ཚོགས་ཀུན༔ འོད་གསལ་དབུ་མར་སྦྱར་བ་ལས༔ བྱུང་བའི་གཟུགས་སྒྲ་དྲི་རོ་རེག༔ རྣམ་ཀུན་མཆོག་ལྡན་ཆེན་པོར་བཞེས༔ ཨོཾ་གུ་རུ་ཛྙཱ་ན་བཛྲ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བདུན་པ་གསང་མཆོད་འབུལ་བ་ནི༔ ཨ༔ ཐབས་ཤེས་གཉིས་མེད་བདེ་བའི་རྒྱུན༔ ཟུང་འཇུག་འཁོར་ལོར་བསྐྱིལ་བ་ལས༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ སྦྱོར་སྒྲོལ་ཆེན་པོའི་མཆོད་པ་འབུལ༔ མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ བརྒྱད་པ་ཡང་གསང་མཆོད་པ་ནི༔ ཨ༔ བློ་དང་བྲལ་བའི་ཡེ་ཤེས་ལ༔ བློས་བྱས་གཟུང་འཛིན་རྣམ་པར་དག༔ རང་བཞིན་འོད་གསལ་བདེ་གཤེགས་སྙིང༔ ཀ་དག་གཞི་སྣང་མཆོད་པར་འབུལ༔ མ་ཧཱ་ཛྙཱ་ན་པཱུ་ཛ་ཧོ༔ དགུ་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཨ༔ གདོད་ནས་འཁྲུལ་པའི་རྟོག་ཚོགས་ཀུན༔ སྣང་སེམས་ཟུང་འཇུག་ཀློང་དུ་རོལ༔ བདེ་སྟོང་གཉིས་མེད་རྡོ་རྗེའི་སྐུ༔ གཞི་གྲོལ་ཕྱག་རྒྱ་ཆེན་པོར་བསྟོད༔ སྤྲོས་པའི་མཐའ་བརྒྱད་མ་ལུས་ཀུན༔ ཟབ་ཞི་སྤྲོས་བྲལ་ངང་དུ་ཐིམ༔ འཁོར་འདས་ཆོས་ཀུན་རྣམ་དག་གསུང༔ འོད་གསལ་དབུ་མ་ཆེན་པོར་བསྟོད༔ ས་ལམ་རྟོག་པའི་འཁོར་ལོ་ཀུན༔ ཆོས་ཟད་བློ་འདས་དབྱིངས་སུ་རོལ༔ གཞི་འབྲས་དབྱེར་མེད་ངོ་བོའི་ཐུགས༔ བློ་བྲལ་རྫོགས་པ་ཆེན་པོར་བསྟོད༔ སྣང་བ་སྒྱུ་མར་རོལ་པ་ལས༔ འགྲོ་འདུལ་གྲུབ་པའི་འཁོར་ལོས་སྒྱུར༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི༔ ཐང་སྟོང་རྒྱལ་པོར་ཕྱག་འཚལ་བསྟོད༔ བཅུ་པ་རྡོ་རྗེའི་བཟླས་པ་ནི༔ ཨ༔ ཐུགས་ཀར་འཆི་མེད་པདྨ་འབྱུང༔ རྡོ་རྗེ་བྷནྡྷ་བསྣམས་པ་ཡི༔ སྙིང་དབུས་དབུ་མའི་སྦུ་གུ་རུ༔ གསང་སྔགས་འབྲུ་གསུམ་བརྩེགས་མར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ ཉི་ཁྲི་ཆིག་སྟོང་སྲོག་རྩོལ་རླུང༔ ཡི་གེ་གསུམ་དང་སྦྱར་ལ་བཟླ༔ འགྲོ་འོང་དབུ་མར་རོལ་པ་ལས༔ ཕུང་པོ་འོད་ཀྱི་སྐུ་རུ་དེངས༔ གཟུང་འཛིན་འཁྲུལ་པ་ཅི་ཤར་ཡང༔ རིག་སྟོང་བརྗོད་མེད་ངང་དུ་བཞག༔ རྟོག་ཚོགས་རང་སར་གྲོལ་བ་ལས༔ ཁྱད་ཆོས་དྲུག་ལྡན་གོ་འཕང་འགྲུབ༔ ས་མ་ཡ༔ ཐུན་མཚམས་ཀུན་ཏུ་གསོལ་འདེབས་ཀྱི༔ བསྙེན་པ་འདི་ལ་འབད་པར་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་བདུན་སུས་བཟླས་པར༔ གྲུབ་ཐོབ་ཆེན་པོས་རྗེས་སུ་འཛིན༔ རིག་འཛིན་མཁའ་འགྲོས་བྱིན་གྱིས་རློབ༔ ལུས་སྣང་ཡེ་ཤེས་སྒྱུ་མར་གྲོལ༔ ཐུན་མོང་ལམ་རྟགས་དཔག་ཏུ་མེད༔ ཚེ་འདིའི་སྣང་བ་བྲལ་མ་ཐག༔ རྔ་ཡབ་དཔལ་གྱི་རི་བོ་རུ༔ མི་འགྱུར་མངོན་པར་བྱང་ཆུབ་འགྱུར༔ རྗེས་སུ་མཆོད་བསྟོད་དངོས་གྲུབ་བླང༔ གཏུམ་མོ་སྦར་ཞིང་བདེ་སྟོང་སྦྱང༔ ཁྲེགས་ཆོད་བསྒོམ་ཞིང་ཐོད་རྒལ་བལྟ༔ ལམ་ཁྱེར་གསུམ་དང་འབྲལ་མི་བྱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་འདོད་ཡོན་སྣ་ཚོགས་བཤམ༔ ཨ༔ རྡོ་རྗེ་ཕུང་པོའི་ཀ་པཱ་ལར༔ གདན་གསུམ་ལྷ་སྐུའི་ཚོགས་གཏོར་བཤམས༔ སྣང་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང༔ སྤྲུལ་པའི་སྐུ་ཡི་དངོས་གྲུབ་སྩོལ༔ འགྲོ་འོང་རླུང་གི་ཀ་པཱ་ལར༔ ཁ་སྦྱོར་རྡོ་རྗེའི་ཚོགས་གཏོར་བཤམས༔ གསལ་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང༔ ལོངས་སྤྱོད་རྫོགས་སྐུའི་དངོས་གྲུབ་སྩོལ༔ རྩ་གསུམ་འཁོར་ལོའི་ཀ་པཱ་ལར༔ འབར་འཛག་དགའ་བཞིའི་ཚོགས་གཏོར་བཤམས༔ བདེ་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང༔ ཆོས་ཀྱི་སྐུ་ཡི་དངོས་གྲུབ་སྩོལ༔ ཆོས་ཉིད་གཉུག་མའི་ཀ་པཱ་ལར༔ བློ་བྲལ་ངང་བཞག་ཚོགས་གཏོར་བཤམས༔ ཤར་གྲོལ་དུས་མཉམ་མཆོད་སྤྲིན་འདིས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང༔ མངོན་པར་བྱང་ཆུབ་དངོས་གྲུབ་སྩོལ༔ སྒྲོན་མ་དྲུག་གི་ཀ་པཱ་ལར༔ འོད་གསལ་སྣང་བཞིའི་ཚོགས་གཏོར་བཤམས༔ དབྱིངས་རིག་དབྱེར་མེད་མཆོད་སྤྲིན་འདིས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང༔ མི་འགྱུར་རྡོ་རྗེའི་དངོས་གྲུབ་སྩོལ༔ གཟུང་བ་རྣམ་དག་ཀ་པཱ་ལར༔ འཛིན་པ་རང་གྲོལ་ཚོགས་གཏོར་བཤམས༔ འདོད་ཡོན་སྣ་ཚོགས་མཆོད་སྤྲིན་འདིས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཡི་གེ་བརྒྱ་པ་བརྗོད༔ གཉིས་པ་གཟུང་འཛིན་ལྷག་མ་ནི༔ ཨ༔ སྣང་སེམས་དངོས་འཛིན་ལྷག་མ་འདི༔ ཁྲེགས་ཆོད་ཀ་དག་ཀློང་དུ་འབུལ༔ རང་བཞིན་ཡིད་བྱེད་བྲལ་བའི་ངང༔ གཉིས་འཛིན་འཁྲུལ་པ་ཟད་པར་མཛོད༔ རྩ་རླུང་ཐིག་ལེའི་ལྷག་མ་འདི༔ འོད་གསལ་དབུ་མའི་ཀློང་དུ་འབུལ༔ ཐབས་ཤེས་མཚན་དཔེའི་སྐུར་སྨིན་ནས༔ བདེ་སྟོང་རྟོག་པ་བྲལ་བར་མཛོད༔ ཕྱི་ནང་འབྱུང་བའི་ལྷག་མ་འདི༔ ཆོས་ཟད་བློ་འདས་ཀློང་དུ་འབུལ༔ རགས་ལུས་འོད་སྐུར་དག་ནས་ཀྱང༔ འཁོར་འདས་རང་སར་གྲོལ་བར་མཛོད༔ ལོངས་སྤྱོད་བཟའ་བཏུང་ཚོགས་ལྷག་འདི༔ དཀྱིལ་འཁོར་སྐྱོང་མའི་ཚོགས་ལ་འབུལ༔ ས་ལམ་བར་ཆད་བསྒྲལ་ནས་ཀྱང༔ སྐྱེ་འཆི་བྲལ་བའི་ཕྲིན་ལས་མཛོད༔ ག་ཎ་ཙཀྲ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ གསུམ་པ་ཐུགས་དམ་བསྐུལ་བ་ནི༔ ཨཿ སྤྲོས་བྲལ་ཀ་དག་དཀྱིལ་འཁོར་ནས༔ ཆོས་སྐུའི་བླ་མའི་ཐུགས་དམ་བསྐུལ༔ དག་པ་གཉིས་ལྡན་ཆེན་པོའི་ཀློང༔ རྟོག་ཚོགས་ཟད་པའི་ཕྲིན་ལས་མཛོད༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་ནས༔ ལོངས་སྐུའི་བླ་མའི་ཐུགས་དམ་བསྐུལ༔ ཁ་སྦྱོར་ཡན་ལག་བདུན་གྱི་ཀློང༔ གཟུང་འཛིན་དག་པའི་ཕྲིན་ལས་མཛོད༔ འགྲོ་འདུལ་རྡོ་རྗེའི་དཀྱིལ་འཁོར་ནས༔ སྤྲུལ་སྐུའི་བླ་མའི་ཐུགས་དམ་བསྐུལ༔ གང་འདུལ་སྒྱུ་འཕྲུལ་རོལ་པའི་ཀློང༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཛོད༔ སྐུ་གསུམ་དབྱེར་མེད་དཀྱིལ་འཁོར་ནས༔ གྲུབ་ཐོབ་ཆེན་པོའི་ཐུགས་དམ་བསྐུལ༔ མཐའ་ལ་མི་གནས་དབུ་མའི་དོན༔ མངོན་སུམ་གནད་ལ་འབེབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཨ༔ བཞི་པ་ཆད་ཐོ་བསྒྲག་པ་ནི༔ ཨ༔ དུས་གསུམ་རྣམ་དག་བདེ་བ་ཆེ༔ རང་རིག་གདོད་མའི་དཀྱིལ་འཁོར་དུ༔ འཆི་མེད་གྲུབ་པའི་ཧེ་རུ་ཀས༔ རྟོག་ཚོགས་འཁྲུལ་པ་དབང་སྡུད་ཚེ༔ སྣང་སྟོང་དྲེགས་པའི་ཚོགས་རྣམས་ཀྱིས༔ རང་ཤར་ཆེན་པོར་ཁས་བླངས་བཞིན༔ སེམས་བྱུང་གཏོར་མ་འདི་བཞེས་ལ༔ ཡིད་བྱེད་དགྲ་བགེགས་དབྱིངས་སུ་སྒྲོལ༔ སརྦ་དྷརྨ་པཱ་ལ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་བ་ལིཾ་ཏ་བྷཱུཉྫ་ཧོ༔ ལྔ་པ་བརྟན་མ་སྐྱོང་བ་ནི༔ ཨ༔ དུས་སྦྱོར་བཅུ་གཉིས་གནས་དག་པའི༔ འཇིག་རྟེན་བརྟན་མའི་སྣང་ཆ་ཀུན༔ ལུགས་འབྱུང་གཏོར་མ་འདི་ལོངས་ལ༔ ལུགས་ལྡོག་རང་ངོར་གྲོལ་བར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་མནན་པ་བྱ་བ་ནི༔ ཨ༔ རྣམ་ཀུན་མཆོག་ལྡན་ཆོས་སྐུའི་ཀློང༔ འཁོར་འདས་སྤང་བླང་འབྱུང་པོ་མནན༔ རེ་དོགས་གཉིས་འཛིན་མ་ཟད་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ དྷརྨ་དྷཱ་ཏུ་སཏྭཾ་བྷ་ཡ་ནན༔ བདུན་པ་དངོས་གྲུབ་བླང་བ་ནི༔ ཨ༔ དོན་དམ་ཆོས་ཉིད་སྟོང་པའི་རྩལ༔ འཇའ་ཟེར་ཐིག་ལེའི་གཞལ་ཡས་སུ༔ ཟུང་འཇུག་གྲུབ་པའི་ཧེ་རུ་ཀ༔ འགྱུར་མེད་ཐང་སྟོང་རྒྱལ་པོར་ཤར༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཆེ༔ བདེ་ཆེན་སྐུ་གསུང་ཐུགས་ཀྱི་དབྱིངས༔ མཉམ་པར་སྦྱོར་བའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ཛྙཱ་ན་སིདྡྷི་ཕ་ལ་ཧོ༔ བརྒྱད་པ་བཤགས་པ་བྱ་བ་ནི༔ ཨ༔ གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ༔ ཡོངས་གྲུབ་བདེ་གཤེགས་སྙིང་པོ་ལ༔ གཟུང་འཛིན་འཁྲུལ་པས་བཅིངས་པའི་སྒྲིབ༔ བློ་བྲལ་གཉུག་མའི་ངང་དུ་བཤགས༔ ས་མ་ཡ་ཨ་ཨ་ཨ༔ དགུ་པ་བསྔོ་སྨོན་བྱ་བ་ནི༔ ཨ༔ བདེ་སྟོང་ཟུང་འཇུག་དཀྱིལ་འཁོར་དུ༔ འཁོར་གསུམ་རྣམ་དག་དགེ་བའི་འབྲས༔ སྲིད་ཞིར་མི་གནས་ཆོས་སྐུའི་དབྱིངས༔ རྡོ་རྗེ་སྙིང་པོའི་ཀློང་དུ་བསྔོ༔ ཨ༔ འཁྲུལ་པར་སྤྱོད་པའི་འགྲོ་བ་ཀུན༔ རང་རིག་ཐང་སྟོང་རྒྱལ་པོའི་ཞལ༔ འདུ་འབྲལ་མེད་པར་མཐོང་གྱུར་ཏེ༔ གདོད་མའི་དབྱིངས་སུ་གྲོལ་བར་ཤོག༔ བཅུ་པ་མཐའ་གཉིས་བསལ་བ་ནི༔ ཨ༔ རིག་རྩལ་ལས་བྱུང་དཀྱིལ་འཁོར་ལྷ༔ ནང་གསལ་ཆེན་པོའི་དབྱིངས་སུ་ཐིམ༔ སླར་ཡང་ཕྱིར་གསལ་སྤྲུལ་པའི་གར༔ གང་འདུལ་འགྲོ་བའི་དོན་ལ་སྤྱོད༔ ཨོཾ་ཨཱཿཧཱུྃ༔ བཅུ་གཅིག་ཤིས་པ་བརྗོད་པ་ནི༔ ཨ༔ མཚན་དཔེའི་དཔལ་འབར་རྗེས་ཆགས་སྐུ༔ གདན་གསུམ་ཡོངས་རྫོགས་ངོ་བོ་ཉིད༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ གྲགས་སྟོང་རང་གྲོལ་དྲུག་ཅུའི་དབྱངས༔ སྒྲ་ཚིག་ལས་འདས་ཟབ་དོན་མཛོད༔ ཞུ་བདེ་སྟོང་པ་ཉིད་ཀྱི་དངོས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ རྩ་གསུམ་འཁོར་ལོ་ལྔ་ཡི་སྦུབས༔ ཡས་བབས་མས་བརྟན་བདུད་རྩིའི་རོས༔ དགའ་བཞིའི་ཡེ་ཤེས་མངོན་གྱུར་པའི༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ ཡོད་མེད་རྟག་ཆད་ལས་འདས་པ༔ བསམ་གྱིས་མི་ཁྱབ་གཉུག་མའི་ངང༔ བློ་དང་བྲལ་བའི་དེ་ཉིད་དོན༔ རང་རིག་ཟང་ཐལ་བཀྲ་ཤིས་ཤོག༔ སྣང་བ་བཞི་ཡི་ཆོས་ཉིད་ཀློང༔ དབྱིངས་རིག་དབྱེར་མེད་བསྐྱལ་བ་ཡིས༔ གཟུང་འཛིན་རྟོག་པ་རང་སར་གྲོལ༔ ཆོས་ཟད་བློ་འདས་བཀྲ་ཤིས་ཤོག༔ ཅེས་བརྗོད་གནད་གསུམ་བསྟུན་ནས་སུ༔ འོད་གསལ་སྦུབས་འཇུག་ངང་དུ་བཞག༔ ས་མ་ཡ༔ ཨེ་མ་ཟབ་ལམ་གསང་བའི་བཅུད༔ འོད་གསལ་དྲྭ་བའི་སྒྲུབ་པ་འདི༔ སྙིང་དབུས་གཞོན་ནུ་བུམ་སྐུ་ནས༔ རང་བྱུང་གསལ་བའི་བརྡའ་རིས་ཤར༔ གྲུབ་པའི་དབང་ཕྱུག་ཐང་སྟོང་པས༔ བྱིན་རླབས་ཉེ་བརྒྱུད་མངོན་སུམ་བསྩལ༔ གདམས་ངག་རྗེས་སུ་བསྟན་པ་ལས༔ དག་པའི་སྣང་བར་འབྱམས་ཀླས་ཚེ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཡིས༔ ཚིག་དོན་གབ་སྦས་མེད་པར་བཀོད༔ ལས་ཅན་རྗེས་འཇུག་མ་ལུས་ཀུན༔ རང་རིག་ཀློང་དུ་བྱང་ཆུབ་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རྗེ་གྲུབ་ཐོབ་ཆེན་པོའི་གསང་བ་གསུམ་གྱི་བྱིན་རླབས་དངོས་སུ་ཐོབ་པ་ལ་བརྟེན་ནས་འོད་གསལ་སྤྲུལ་པའི་རྡོ་རྗེས་རང་ལོ་བཅོ་ལྔ་པ་རབ་ཡིད་ཤིང་ཕོ་རྟའི་ལོའི་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔར་ཡི་གེར་བཀོད་ཅིང་རང་ཉམས་སུ་བླངས་ཏེ། ཕྱིས་རང་ལོ་ཞེ་བདུན་པར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་འཆི་མེད་གྲུབ་པའི་གནས་མཆོག་བཀྲ་ཤིས་ཟླ་གམ་དབང་གི་ཕུག་པར། འཇམ་མགོན་གྲུབ་པའི་དཔའ་བོ་བློ་གྲོས་མཐའ་ཡས་པའི་སྡེ། སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་ཞབས། སྡོམ་བརྩོན་སྡེ་སྣོད་འཛིན་པའི་ཁྱུ་མཆོག་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་སོགས་ལ་སྨིན་གྲོལ་ཚང་སྤྲུགས་སུ་ཕུལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།
ཁྲག་འཐུང་པདྨ་དྲག་པོའི་བསྙེན་ཡིག་བྱིན་རླབས་བུམ་བཟང་དངོས་གྲུབ་མཆོག་གི་འདོད་འཇོ་ (Volume 13, Text 54)
༄༅། ཁྲག་འཐུང་པདྨ་དྲག་པོའི་བསྙེན་ཡིག་བྱིན་རླབས་བུམ་བཟང་དངོས་གྲུབ་མཆོག་གི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། ། རིགས་བརྒྱའི་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ། །སྙིང་རྗེས་རབ་ཁྲོས་དཔལ་ཆེན་ཧེ་རུ་ཀ །གུས་པས་བཏུད་ནས་གང་གི་གསང་གསུམ་པོར། །བསྙེན་ཅིང་སྒྲུབ་པའི་ཐབས་ཚུལ་འདི་ན་སྤེལ། །དེ་ཡང་ཇི་སྐད་དུ། མ་འོངས་བསྐལ་པའི་ཐ་མ་ལ༔ མཐའ་ཡི་འདྲེ་རྒོད་དབུས་སུ་ཤོར༔ བོད་མི་བསོད་ནམས་དབུལ་བ་ཡིས༔ པེ་ཧར་རྒྱ་འདྲེའི་བར་ཆད་ལྡང༔ དེ་ཚེ་སྐྱེ་འགྲོ་མཆོག་དམན་ཀུན༔ ནད་དུ་སྨྱོ་ནད་བརྒྱལ་ནད་འབྱུང༔ འགོང་པོའི་འཕྲུལ་གྱིས་ཉེ་འབྱེད་བྱེད༔ ཅེས་པ་ལ་སོགས་པའི་སྙིགས་མར་སྤྱོད་པའི་གདུང་བ་ཆེས་ཆེར་འཕེལ་བའི་དུས་འདིར། དེ་ཉིད་ལས། དེ་ཚེ་ཁྲོ་རྒྱལ་ཐམས་ཅད་དང༔ ཁྱད་པར་ང་ཉིད་དྲག་པོ་རྩལ༔ བདུད་འདུལ་པདྨ་ཧེ་རུ་ཀ༔ རྡོ་རྗེ་དྲག་རྩལ་གྲོ་ལོད་ཀྱི༔ གསང་མཚན་ཐུགས་ཀྱི་ཉམས་ལེན་གྱིས༔ བར་ཆད་ཐམས་ཅད་དེ་ཡིས་སེལ༔ ཅེས་སོགས་ནས། དངོས་གྲུབ་ཅི་འདོད་ལྷུན་གྱིས་གྲུབ༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ཞེས་གནས་སྐབས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། ལས་རབ་འབྱམས་ལྷུན་གྱིས་གྲུབ་ཅིང་ཚེ་གཅིག་ལ་རིགས་བརྒྱའི་ཁྱབ་བདག་པདྨ་ཐོད་ཕྲེང་རྩལ་ཀྱི་གོ་འཕང་མཆོག་ལ་རེག་པར་འདོད་པ། དབང་ལུང་མན་ངག་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས། བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ཉམས་སུ་ལེན་པའི་རིམ་པ་ནི། ཇི་སྐད་དུ། དང་པོ་བསྒྲུབ་པའི་གནས་ཀྱི་གཞི༔ དུར་ཁྲོད་གནས་སམ་རང་བཞིན་པའམ༔ གཙང་ལྡན་བཀྲ་ཤིས་དབེན་པའི་སར༔ ཞེས་པས། བསྙེན་སྒྲུབ་ལས་རབ་འབྱམས་སོ་སོར་བྱེ་བྲག་གི་གནས་ཀྱི་རིམ་པ་མང་ཡང་འདི་སྤྱི་ཙམ་དུ་བསྙེན་སྒྲུབ་གཙོ་ཆེ་བའི་དབང་དུ་བྱས་ཏེ། དུར་ཁྲོད་དང་ཉེ་བའི་གནས་སམ་རང་བཞིན་གྱིས་ས་ཕྱོགས་གཙང་ཞིང་། བཀྲ་ཤིས་པ་འདུ་འཛི་སོགས་པས་དབེན་པའི་སར། མཎྜལ་སྟེགས་བུ་མདའ་གང་པ༔ རྣམ་ལྔ་བདུད་རྩིས་ཆག་ཆག་འདེབས༔ ཞེས་པས་སྟེགས་བུ་གྲུ་བཞི་པ་རྣམས་དང་། བདུད་རྩི་ལྔས་ཆག་ཆག་བཏབ་པའམ། ཤིང་གི་སྟེགས་བུས་ཀྱང་རུང་སྟེ། ཁེབས་ཀྱིས་བཀབ་པའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་རམ། མ་འབྱོར་ན་ནས་ནག་ཛ་གད་ཀྱིས་བརླན་པའི་ཚོམ་བུ་ལྷ་གནས་རྣམས་སུ་ཚང་བར་བཀོད་པའི་སྟེང་དུ་མཉྫིའི་ཁར། བྷནྡྷ་དུམ་བུ་གཅིག་པའི་ནང་དུ་རིན་ཆེན་འབྲུ་སྨན་བཟའ་བས་བཀང་ཞིང་། ཁྱད་པར་གུར་དྲག་གི་སྐུ་རྟེན་ཙཀླི། སེལ་མེད་རིག་འཛིན་གོང་མའི་དབུ་སྐྲ །སྐུ་གདུང་། ཆོས་སྨན། རིང་བསྲེལ་སོགས་གཞུག་པ་སེང་ལྡེང་གི་སྒྲུབ་ཕུར་མཐོ་གང་བ་རྒྱ་མདུད་ཅན་དར་སྣས་བརྒྱན་པ་བཙུགས། གཡས་སུ་རིན་པོ་ཆེའི་བུམ་པ་རྒྱུན་འབབ་ཀྱི་ཆུས་སུམ་གཉིས་བཀང་བ། ཁ་རྒྱན་མགུལ་ཆིངས་བུམ་མཚན་གཟུངས་རྡོར་དང་བཅས་པ། གཡོན་དུ་དཔལ་གཏོར་རྒྱན་ལྡན་དར་དམར་མཐིང་གི་གདུགས་ཆུང་བཙུགས་པ། མདུན་དུ་སྨན་རག་གཏོར་གསུམ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །མདུན་ནས་གཡས་སྐོར་གྱིས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་སྒེར་མཆོད་དུ་བསྐོར། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གཏོར་མ་ཙཀླི་དང་བཅས་པ་དཀྱིལ་འཁོར་རྒྱབ་ཕྱོགས་སུ་བཀོད། སྒྲུབ་པ་པོ་སྟེགས་བུ་ལ་ཕྱོགས་པའི་གདན་ནང་ཚང་ཅན་རྡོ་རྗེ་གཡུང་དྲུང་གི་མཚན་མ་བྲིས་པའི་ཁར་འདུག་ཅིང་། མདུན་དུ་གཡོན་ནས་བརྩམ་པའི་ནང་མཆོད་ཀ་པཱ་ལ། ཌཱ་རུ་རྡོར་དྲིལ། སྤོས་ཐུན་འཐོར་ནས་སོགས་བཀོད། ཐུན་རེ་བཞིན་གྱི་མཆོད་ཁ་གསོ་རྒྱུ་དང་། ཚོགས་མཆོད་ཆད་ཐོ་སོགས་ཀྱང་ཇི་ལྟར་འོས་པ་ཚགས་སུ་བཙུད། ཐུན་བཞིར་བཅད་དེ་ཉམས་སུ་ལེན་པའི་དབང་དུ་བྱས་ཏེ། དང་པོ་ཟླ་བ་གང་ཡང་རུང་བའི་གཟའ་ཚེས་བཟང་པོའི་དགོང་ཐུན་གྱི་ཆ་ཉི་མའི་ཕྱི་དྲོར་བབས་པ་ན་མཚམས་ལ་འཇུག་པར་བྱ་ཞིང་། སྒྲུབ་པའི་ཕྲིན་ལས་རྣལ་འབྱོར་ལྷན་ཐབས་དང་སྦྱར་བའི་ནང་བཞིན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས་བར་གཅོད་ཀྱི་བགེགས་ལ་གཏོར་མ་སྦྱིན་ཞིང་དྲག་པོའི་སྔགས་དང་སྤོས་ཐུན་ཚམ་རྔམ་གྱིས་རྒྱ་མཚོའི་བར་དུ་བསྐྲད། སྲུང་བའི་འཁོར་ལོ་རིམ་པ་གསུམ་གྱི་ས་ཕྱོགས་ཀུན་བཅིངས་པར་བསྒོམ། ཕྱི་རོལ་དུ་ཐོ་བརྩིག །འདི་ནས་བཟུང་ཇི་སྲིད་མ་གྲོལ་གྱི་བར་དུ་ཕྱི་ནང་གི་འགྲུལ་གཅོད། དངོས་སྤྱད་གསར་རྙིང་གི་ལེན་སྐྱེལ་མི་བྱ། དེ་ནས་མཆོད་པ་སྨན་རཀ་གཏོར་མ་རྣམས་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་བསྒྲུབ་རྫས་མཚན་མའི་དཀྱིལ་འཁོར་ལ་ཐིམ་པར་མོས། གཡབ་དར་གཡབ་ཅིང་ཌཱ་དྲིལ་དང་གདུང་བའི་དབྱངས་ཀྱིས་བྱིན་ནན་ཏན་དུ་ཕབ། ལས་བྱང་ལྷན་ཐབས་སུ་དྲངས་པ་ལྟར། སེམས་ཀྱི་རང་གདངས་མཚན་མའི་རྟེན༔ ཞེས་སོགས་པས་རྟག་འཛིན་གྱི་སེམས་གཅིག་ལས་མེད་ཅིང་། གཅིག་པོ་དེ་ཉིད་ལྷ་ཡི་རྣམ་རོལ་དུ་ཤར་ཚེ། བསྒྲུབ་རྫས་སོགས་སུ་མ་ཟད། སྲིད་བཅུད་གུད་ན་འཛིན་པོ་ཞིག་མེད་ཅིང་། དེ་ཕྱིར་བདག་མདུན་ཐ་མི་དད་ཟུང་དུ་འཇུག་པའི་ཨ་ཏིའི་རྣལ་འབྱོར་བློར་ཤོང་བའི་རྣམ་པ་རང་སེམས་ལྷའི་འཁོར་ལོར་འཆར་བར་གཙོ་ཆེ་བས། ཧཱུྃ༔ ཀུན་གཞི་མ་བཅོས་ཀློང་ཡངས་ལས༔ ཞེས་སོགས་པའི་བསྐྱེད་རིམ་ཕྲ་མོའི་རྣལ་འབྱོར་གྱི་བར་དུ་གསལ་གདབ་ཅིང་། སྤྱན་འདྲེན་ཕྱག་འཚལ། མཆོད་བསྟོད་སོགས་བྱ་ཞིང་། དངོས་གཞི་ཞི་བར་བསྙེན་པ། ཁྲོ་བོར་བསྒྲུབ་པ། ཤམ་བུ་གདགས་པ། ལས་ལ་སྦྱར་བ་བཞི་ལས། ཟླ་གཅིག་ཙམ་གྱི་ཁོངས་སུ་དེ་རྣམས་ཐར་ཆགས་སུ་འགྲོ་བའི་དབང་དུ་བྱས་ན། བདུན་དང་པོར། ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་མཐར༔ ཞེས་སོགས་པའི་འཕྲོ་འདུའི་དམིགས་པ་དང་། བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཞི་བསྙེན་ཁོ་ན་བཟླ། དེས་བྱིན་གྱིས་བརླབས་པའི་རྟགས་མཐོང་བའམ། མིན་ཀྱང་རུང་སྟེ་གོང་བསྙེན་ཙམ་སོང་བས་དྲག་སྒྲུབ་ལ་འཇུག་ཏུ་རུང་བས། བདུན་གཉིས་པར་ཞི་བསྙེན་གྱིས་ཅུང་ཟད་འགོ་དྲངས་པའི། ཧཱུྃ་ཡིག་མེ་ཡི་མདོག་ཅན་གསལ༔ ཞེས་སོགས་པའི་དམིགས་པ་དང། ཨརྩིག་ནིརྩིག་སྔགས་གཙོ་བོར་བཟླ། བདུན་གསུམ་པར་ཐུན་སོ་སོའི་མཇུག་ཏུ་འཁོར་སྔགས་ཀྱང་ཆ་ཤས་ནས་བཟླ་ཞིང་དམིགས་པ་ནི། རང་རང་གི་ཐུགས་ཀར་ཉི་ཟླ་ལ་སྔགས་ཕྲེང་བཀོད། དྲག་སྒྲུབ་ཀྱི་རྩ་སྔགས་ཤམ་བུར། ཨ་ཡ་མ་དུ་རུ་དང་། སརྦ་དུཥྚན་གྱི་སྔགས་ཅུང་ཟད་གདགས། བདག་དང་མེ་དབལ་ཐུགས་ཀ་ནས༔ ཞེས་སོགས་པའི་དམིགས་པ་དང་སྤུ་གྲི་མཚོན་ཆའི་དྲག་སྔགས་ཀྱང་སྦྲེལ། བདུན་བཞི་པར་སྲུང་ཟློག་བསད་མནན་སོགས་བྱེ་བྲག་པའི་སྐོར་ཟུར་དུ་ཕྱུངས་པའི་ལག་ལེན་གྱི་ཡི་གེ་བཞིན་དུ་བྱ་དགོས་ལ། འདིར་བསྙེན་སྒྲུབ་ལས་གསུམ་དཀྱུས་ཀྱི་ཁ་སྐོང་ཆེད་དུ་མཚན་མེད་དུ་སྦྱར་བ། ཐོར་ཐུན་ལ་ཞི་དྲག་གི་བསྙེན་པ་ཤམ་བུ་དང་བཅས། སྔ་ཐུན་ལ་ཤམ་བུའི་མཇུག་ཏུ། བདག་གི་ཐུགས་ཀའི་ཆ་སྨད་དུ༔ ཞེས་སོགས་པའི་དམིགས་པ་དང་སྲུང་སྔགས་གཙོ་བོར་བཟླ། དགོང་ཐུན་ལ། ཕྱི་རོལ་སྲུང་བའི་འཁོར་ལོ་དང༔ ཞེས་སོགས་པའི་དམིགས་པ་དང་། རྩ་སྔགས་ཤམ་བུར་ཟློག་སྔགས་སྦྲེལ་བ་བཟླ། མཐར་བདེན་སྟོབས་དང་ཐལ་རྡེབ་དང་། ལོཀྟྲིའི་སྔགས་རྒོད་དམོད་པ་དང་ཆེ་བ་དྲན་པའང་བརྗོད། སྲོད་ཐུན་ལ། བདག་ཉིད་ཧཱུྃ་ལས་ལྕགས་སྡིག་ནི༔ ཞེས་སོགས་པའི་སྡིག་པ་སྙིང་འཛིན་གྱི་དམིགས་པ་དང་། བཛྲ་ཡཀྵ་ཏྲིག་ནན་གྱི་སྔགས་རྒོད་གཙོ་བོར་བཟླ་ཞིང་མཐར། དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང༔ ཞེས་སོགས་ཀྱིས་བསྐུལ། གང་གི་ཚེའང་ཐུན་ཐམས་ཅད་ཀྱི་མཇུག་ཏུ་ཨཱ་ལི་ཀཱ་ལི་ཡིག་བརྒྱ་སྦྲེལ་བ་ལན་གསུམ་བཟླས་པས་བསྐྱེད་བཟླས་ཏིང་འཛིན་ཉམས་པ་བསྐང་། སྣང་བའི་དཀྱིལ་འཁོར་བརྟེན་པར་བཅས་པ་ཀུན༔ ཞེས་པས་བསྐྱེད་རིམ་ལྷའི་འཁོར་ལོ་གཟོད་མའི་ཀློང་དུ་བསྡུ་བའི་རྫོགས་རིམ་དང་རྗེས་ཐོབ། རིག་འཛིན་ཐོད་ཕྲེང་རྩལ་གྱི་ངོ་བོར་ལྡང༔ ཞེས་པས་ཐུན་མཚམས་ཀུན་ཏུ་ལྷ་ཡི་རྣལ་འབྱོར་དང་ལྡན་པར་བྱ་ཞིང་། །སྲོད་ཐུན་གྱི་རྗེས་སུ་ཚོགས་མཆོད། ཐུགས་དམ་བསྐུལ་བ། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་གསོལ་ཀ །ཆད་ཐོ་བརྟན་སྐྱོང་སོགས་དངོས་གྲུབ་ལེན་པ་གཅིག་པུ་མ་གཏོགས་རྗེས་ཆོག་མཐའ་དག་བྱ་ཞིང་ཐུན་མཚམས་ལྷ་ཡི་སྣང་བ་དེ་ཉིད་ཀྱི་ཕྲ་མོའི་ཏིང་འཛིན་གྱི་བར་དུ་བསྡུས་ལ་སེམས་འོད་གསལ་དུ་བཅུག་སྟེ་མཚན་མོའི་རྣལ་འབྱོར་ལ་འཇུག །ཐོ་རངས་སྔགས་ཀྱི་སྒྲས་སད་པར་མོས་ལ། སྐྱབས་སེམས་མཚམས་གཅོད་ནས་བཟུང་། སྔོན་འགྲོ་རྣམས་ཐར་ཆགས་བཟླས་པའི་བར་བྱ་ཞིང་། རྫོགས་རིམ་གྱི་འཇུག་ལྡང་དང་། སྔ་ཐུན་གྱི་ཕྱི་ཐུན་ལའང་དེས་ཤེས་ཤིང་། རྒྱུན་གྱི་ཐུན་མགོ་ཐོར་ཐུན་ཡིན་པས་སྔོན་འགྲོ་རྣམས་རྒྱས་པ་དང་། སྲོད་ཐུན་འདི་ཐུན་མཇུག་ཡིན་པས་ཚོགས་མཆོད་སོགས་རྗེས་ཆོག་རྣམས་སྦྲེལ་བ་དེ་ཡིན་ལ། ཐུན་རེ་རེ་བཞིན་དུ་གཏོར་ཁ་གསོ་བ་དང་། མཆོད་པ་རྣམས་གསར་དུ་བརྗེ། དེ་ལྟ་བུའི་ཁྲིད་རིམ་གྱིས་ཉམས་སུ་བླངས་ནས་མཐར་མཚམས་གྲོལ་རྒྱུའི་སྔ་ཐུན་གྱི་ཞོགས་པར་ཚོགས་མཆོད་ཆད་ཐོ་བརྟན་སྐྱོང་སོགས་རྗེས་ཆོག་རྣམས་ཀྱང་རྒྱས་པར་བྱ། བསྒྲུབ་རྫས་རྣམས་གནས་གསུམ་དུ་བཞག་ཅིང་། ཧཱུྃ༔ བདེ་གཤེགས་འདུས་པ་རྡོ་རྗེ་དྲག་པོ་རྩལ༔ ཞེས་སོགས་པས་དངོས་གྲུབ་བླང་། བུམ་ཆུས་ཁྲུས་བྱ་འཐུང་། གཏོར་མའི་རས་མ་དང་། བདུད་རྩི་བསྲེས་པ་དངོས་གྲུབ་ཏུ་མྱང་། བཟོད་གསོལ་བསྔོ་སྨོན། །གཤེགས་བསྡུ་སོགས་རྗེས་ཆོག་མཐའ་དག་སྲོད་ཐུན་ལྟར་བྱའོ། །བསྙེན་པའི་ཁ་སྐོང་རྒྱས་པར་སྤྲོ་ན། སྐབས་འདིར་ཞི་བའི་སྦྱིན་སྲེག་བཅུ་ཆའམ། བརྒྱད་ཆ་སོགས་བྱའོ། །འདིར་གཞན་དུ་ཁ་འཕངས་པའི་དམིགས་པ་དང་འདོན་ཆ་མཐའ་དག་བསྒྲུབ་པའི་ཕྲིན་ལས་རང་གཞུང་ལྷན་ཐབས་ཀྱི་ནང་ནས་ཤེས་ཤིང་། མཐོང་བ་བརྒྱུད་པའི་ལག་ལེན་དང་། སློབ་དཔོན་གྱི་གསུང་ལས་ཀྱང་ཅུང་ཟད་རྟོགས་པར་བྱའོ། ཁྲག་འཐུང་པདྨ་དྲག་པོའི་བསྙེན་ཡིག་བྱིན་རླབས་ཀྱི་བུམ་བཟང་དངོས་གྲུབ་མཆོག་གི་འདོད་འཇོ་འདི་ནི། སྒ་ཆག་ནས། མི་དབང་རབ་བརྟན་ཕུན་ཚོགས་ཀྱིས་སྔོན་ནས་བསྐུལ་ཞིང་། བྱེ་བྲག་བསོད་ནམས་ཀྱི་བྱིན་དང་མ་ཉམས་པའི་དད་པ་དང་གཏོང་བའི་ཐུགས་ཅན་ཆོས་བདག་རིག་པ་འཛིན་པ་བསོད་ནམས་རྣམ་པར་རྒྱལ་བའི་སྡེ་དོན་ཀུན་ཡོངས་སུ་གྲུབ་པའི་གསུང་གིས་ཀྱང་བསྐུལ་བ་དང་། ཉེ་ལམ་སྡེ་པ་ཆོས་མཛད་ངག་དབང་མཁྱེན་བརྩེས་བསྙེན་སྒྲུབ་ཀྱི་སྐབས་འཕྲལ་དུ་གྲུབ་པ་ཞིག་དགོས་ཚུལ་ལྟར། དྷརྨ་སྭཱ་མཱིས་ཟིན་བྲིས་སུ་བཀོད་པའི་ཡི་གེ་པ་ནི་རྭ་སྟོན་རྡོ་རྗེས་བགྱིས་པའོ། །དགེའོ། །མངྒ་ལཾ།། །།
ཀློང་གསལ་རྡོར་སྙིང་ལས། འཕགས་པ་ཛམ་བྷ་ལ་སེར་པོའི་བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ་ (Volume 50, Text 54)
༄༅། །ཀློང་གསལ་རྡོར་སྙིང་ལས། འཕགས་པ་ཛམ་བྷ་ལ་སེར་པོའི་བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཛམྦྷ་ལ་ཡ། འདིར་རིག་འཛིན་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེའི་སྙིང་པོའི་ཆོས་སྡེ། འཕགས་པ་ཛམ་བྷ་ལ་སེར་པོའི་རྣལ་འབྱོར་ལ་བརྟེན་ནས་འདོད་རྒུའི་འབྱོར་པ་ཡིད་བཞིན་དུ་འཇོ་བར་བྱེད་པའི་བསྙེན་སྒྲུབ་ཉམས་སུ་བླང་བའི་ཚུལ་ལ་གཉིས། བསྙེན་པ་དང་། སྒྲུབ་པའོ། །དང་པོ་ནི། འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་ཁྲུས་དང་གཙང་སྦྲ་དང་བཅས་གོས་དང་རྒྱན་བཟང་པོས་བརྒྱན་ལ་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། ན་མོ༔ རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་ལྡན༔ འདོད་ཆགས་དང་བྲལ་ཞི་གྱུར་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། མ་གྱུར་འགྲོ་བ་མཁའ་ཁྱབ་སེམས་ཅན་རྣམས༔ དབུལ་ཞིང་ཕོངས་པའི་རྒུད་པ་ཞི་བ་དང༔ འདོད་རྒུའི་འབྱོར་པ་ཡོངས་སུ་རྒྱས་པའི་ཕྱིར༔ བདག་ནི་ཛམ་ལྷ་བསྒྲུབ་པར་སེམས་བསྐྱེད་དོ༔ བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང༔ གསང་སྔགས་བལྟ་བར་མི་དབང་བའི༔ ལོག་པར་བལྟ་བ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ དང་ཨོཾ་སུམྦྷ་སོགས་བརྗོད། མཚམས་གཅད་པ་ནི། ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གྭ་འུ་དང༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བདག་བསྐྱེད་ནི། པད་ཉིའི་སྟེང་དུ་བདག་སྣང་ཛཾ་ཡིག་ལས༔ ཛཾ་ལྷ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲས་བུའི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་རུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུམ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛཾ་མཐར་སྔགས་ཀྱིས་བསྐོར༔ འཕྲོ་འདུའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛཾ་ཡིག་གཟི་མདངས་རྒྱས་པར་གྱུར༔ ཅེས་དམིགས་ལ། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླས། ཐུན་བསྡུ་བའི་ཚེ་འོག་ནས་འབྱུང་བ་ལྟར་བསྔོ་སྨོན་བཀྲ་ཤིས་བྱ། དེ་ལྟ་བུའི་རིམ་པས་སྔགས་འབུམ་ཕྲག་བཞི་སོགས་བཟླ་བ་ནི་བསྙེན་པའོ། །གཉིས་པ་སྒྲུབ་པ་ལ་གཉིས། དངོས་བསྟན་ཐོད་པ་ལ་བརྟེན་ནས་སྒྲུབ་པ་དང་། ཞར་བྱུང་གཏེར་བུམ་གྱི་ཆོ་གའོ། །དང་པོ་ནི། ཕྱི་ནང་གི་མཚན་ཉིད་ལེགས་ཤིང་རྟེན་འབྲེལ་དགེ་བའི་དཔལ་ཅན་གྱི་ཐོད་པ་དྲི་བཟང་པོའི་ཆུས་བཀྲུ། ནང་དུ་ག་པུར་གུར་གུམ་སོགས་སྨན་སྣ་དྲི་ཞིམ་ཅན་བྱུགས་ཤིང་། རིན་པོ་ཆེ། འབྲུ། གོས་དང་། ཤིང་ཏོག་སོགས་དཔལ་དང་གཡང་ཅན་གྱི་རྫས་སེལ་མེད་པས་ཕྱུར་བུར་བཀང་བའི་དབུས་སུ་འབྱོར་ན་ཛམ་བྷ་ལའི་སྐུ་བྲིས་འབུར་གང་རིགས། མ་འབྱོར་ན་ཨ་རུ་གསེར་མདོག་ཟུར་མ་ཉམས་པ། དར་དམར་ལ་གསེར་གྱིས་བྲིས་པའི་སྔགས་བྱང་གིས་དྲིལ་བ་སྟེགས་བུའི་དབུས་སུ་མེ་ཏོག་སིལ་མར་བཀྲམ་པ་ལ་བཞག །དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཁ་ཟས་བཟང་རྒུས་བསྐོར་བ་དང་། མཆོད་པའི་བྱེ་བྲག་བཀོད་པས་མཛེས་པར་བཤམ། མཚམས་དམ་པར་བཅད། སྐྱབས་སེམས་ནས་གཟུང་བཟླས་པའི་བར་གོང་ལྟར་སོང་ནས་མཆོད་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཀྱིས་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁཾ་གིས་རྒྱས་པར་སྤེལ། མདུན་གྱི་རྟེན། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་ཕུན་སུམ་ཚོགས། །སྲིད་དང་ཞི་བའི་འདོད་རྒུའི་འབྱོར་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བའི་དབུས། །པད་ཉིའི་སྟེང་དུ་ཛཾ་ཡིག་གསེར་མདོག་ལས། །ཛཾ་ལྷ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲས་བུའི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་རུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུམ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛཾ་མཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །སྤྱན་འདྲེན་པ་ནི། ཛཾ༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ འབྱོར་པ་བསྐྱེད་པའི་དཔལ་འབར་བ༔ རིན་འབྱུང་གནོད་སྦྱིན་ཚུལ་འཆང་བའི༔ མགོན་པོ་འདིར་གཤེགས་གདན་ལ་བཞུགས༔ ས་མ་ཡ་ཛཿཛ༔ བཞུགས་གསོལ་ཕྱག་འཚལ་ནི། ལྷུན་གྲུབ་འདོད་དགུའི་རྟེན་མཆོག་ལ༔ བཞུགས་ནས་འབྲས་བུ་མཆིས་པར་མཛོད༔ མོས་གུས་དད་པས་ཕྱག་བགྱིད་ན༔ རྟག་ཏུ་མི་འབྲལ་གྲོགས་མཛོད་ཅིག༔ མཆོད་པ་འབུལ་བ་ནི། ཛཾ༔ མཆོད་ཡོན་བདུན་དང་རྒྱལ་སྲིད་བཀྲ་ཤིས་བརྒྱད༔ ཀུན་བཟང་རྣམ་ཐར་སྤྲིན་གྱི་ཕུང་པོ་འདི༔ འཕགས་པ་ཐུགས་རྗེའི་རང་བཞིན་ཅན་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨོཾ་ཛམ་བྷ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱ་ཧཱུྃ་སྭཱ་ཧཱ༔ ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། བསྟོད་པ་ནི། ཛཾ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་བཅོམ་ལྡན་འདས༔ གང་འདུལ་མཛད་པ་སྐྱོང་བའི་ཛམ་བྷ་ལ༔ རྒྱལ་བའི་མཛད་པས་འགྲོ་ལ་རྟག་སྐྱོང་བ༔ གནོད་སྦྱིན་ནོར་བདག་གཙོ་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི། རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས། །མདུན་བསྐྱེད་གནོད་སྦྱིན་དབང་པོའི་ཐུགས་རྒྱུད་བསྐུལ། །དེ་ཡི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས། །འཕྲོ་འདུའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛཾ་ཡིག་གཟི་མདངས་རྒྱས་པར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་རྟགས་མཐོང་བའི་བར་དུ་བཟླ། རྟགས་ནི་གཞུང་ལས། དངོས་སམ་ཉམས་རྨི་ལམ་དུ་ཞལ་མཇལ་གསུང་ཐོས༔ འབྲུ་དང་རིན་པོ་ཆེའི་གཏེར་རྙེད༔ ལོ་ཏོག་དང་རྩྭ་དང་འབྲས་བུ་ལེགས་པ༔ དར་ཕྱར་དུང་འབུད་པ་དང༔ རོལ་མོ་སྒྲོག་པ་ཁྲོམ་འདུ་བ་སོགས་དངོས་གྲུབ་ཀྱི་ལྟས་སྤྱི་དང་མཐུན་པ་འབྱུང་ངོ༔ ཞེས་གསུངས། ཐུན་བསྡུ་བ་ན་ཡིག་བརྒྱ་དང་དབྱངས་གསལ་རྟེན་སྙིང་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་སྤེལ། མཆོད་བསྟོད་གོང་ལྟར་དང་། ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚངས་དང་། །གཙོ་བོ་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་། ཡི་གེ་བརྒྱ་པ་བརྗོད། བརྟན་བཞུགས་ནི། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བསྔོ་སྨོན་ནི། ཧྲཱི༔ སེམས་བསྐྱེད་དག་པའི་བསྙེན་སྒྲུབ་ཏིང་འཛིན་གྱིས༔ འབྲས་བུ་མཁའ་མཉམ་ཐར་བདེའི་ས་བོན་མཆོག༔ ཀུན་ཀྱང་རྡོ་རྗེ་འཛིན་པའི་ཆོས་སྤྱོད་ནས༔ དབྱེར་མེད་རང་གྲོལ་ཀུན་ཏུ་བཟང་པོར་ཤོག༔ བཀྲ་ཤིས་ནི། ཧྲཱི༔ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དང༔ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱི༔ བཀྲ་ཤིས་མི་ཟད་ནམ་མཁའི་ཆར་རྒྱུན་གྱིས༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་ཤོག༔ ཅེས་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གཉིས་པ་ཞར་བྱུང་གཏེར་བུམ་ནི། རིན་པོ་ཆེའམ་རྫའི་བུམ་པ་གཙང་མ་ལི་ཁྲིའམ་ས་དཀར་གྱིས་བྱུགས། མདུན་རྟགས་ནོར་བུ་འབར་བ་བྲིས་པའི་ནང་དུ་རིན་ཆེན་འབྲུ་སྨན་དར་ཟབ་སོགས་དཔལ་ཅན་གྱི་རྫས་བཟང་པོས་ཕྱུར་བུར་གཏམས། དེའི་དབུས་སུ་ཛམ་བྷ་ལའི་སྐུའམ། ཨ་རུ་ར་གསེར་མདོག་སྔགས་བྱང་གིས་དྲིལ་བ་བཅུག །དར་རས་དཀར་སེར་གང་རུང་གིས་ཁ་བཅད་ཅིང་ཚོན་སྐུད་སྣ་ལྔས་མགུལ་པ་དཀྲིས་པ་སྟེགས་བུའི་དབུས་སུ་བཞག །མཆོད་གཏོར་དང་། ཆོ་ག་གཞན་གོང་དང་འདྲ་བ་ལ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །བྷྲཱུྃ་ལས་བྱུང་བའི་གཏེར་གྱི་བུམ་པ་བཟང་། །རིན་ཆེན་ལས་གྲུབ་མཚན་ཉིད་ཕུན་སུམ་ཚོགས། །ཡངས་ཤིང་རྒྱ་ཆེ་འདོད་རྒུས་གཏམ་པའི་དབུས། །པད་ཉིའི་སྟེང་དུ་ཛཾ་ཡིག་གསེར་མདོག་ལས། །ཞེས་སོགས་གོང་བཞིན་སྦྲེལ་ལོ། །གལ་སྲིད་བཅའ་གཞི་དེ་དག་མ་གྲུབ་ན། སྒྲུབ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གྱི་ནང་དུ་ཨ་རུ་ར་གསེར་མདོག་སྔགས་བྱང་གིས་དྲིལ་བ་བཅུག །དར་གདུགས་སེར་པོས་བརྒྱན། སྐུ་ཙཀ་ཡོད་ན་བཙུགས་པ་སྟེགས་བུའི་དབུས་སུ་བཤམ། དེའི་མདུན་དུ་འབུལ་གཏོར་དང་། མཆོད་པ་སོགས་འདྲ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་རིན་ཆེན་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་སོགས་མན་ཐོད་སྒྲུབ་ཀྱི་སྐབས་ལྟར་སྦྲེལ་བས་གྲུབ་བོ། །དེ་ལྟའི་བུའི་ཐོད་པ་དང་། གཏོར་མ་གང་ཡིན་ཡང་རུང་སྟེ། རྟགས་མཐོང་བའི་བར་དུ་རྩེ་གཅིག་གིས་བསྒྲུབས་ལ། རྟགས་མཚན་དགེ་བ་རྙེད་པའི་དུས་སུ། མཛོད་ཀྱི་ཕུགས་སོགས་གནས་གཙང་ཞིང་དབེན་པར་བཀུར་སྟི་དང་བཅས་པས་བཞུགས་སུ་གསོལ། དུས་དུས་སུ་མཆོད་བསྟོད་གསོལ་གདབ་སོགས་བགྱིས་པས་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པ་ལྟར་འདོད་རྒུའི་འབྱོར་པ་མཆོག་ཏུ་རྒྱས་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་བཀླགས་པས་གྲུབ་པར་བསྡེབས་པ་དགེ་ལེགས་ཀྱི་འབྱོར་པས་འཇིག་རྟེན་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག། །།
ལམ་ཟབ་ལེའུ་བདུན་མ་ (Volume 5, Text 54)
༁ྃ༔ ལམ་ཟབ་ལེའུ་བདུན་མ་བཞུགས་སོ༔ ༔ རང་རིག་རྩ་གསུམ་ལྷ་ལ་འདུད༔ མ་འོངས་པདྨ་བདག་ཉིད་ལ༔ དད་ཅིང་མོས་པའི་གང་ཟག་རྣམས༔ སྐྱབས་གནས་གཞན་དུ་ཚོལ་མི་དགོས༔ ང་ནི་དཀོན་མཆོག་ཀུན་འདུས་ཡིན༔ སྒྲུབ་ཐབས་མང་པོར་འཇུག་མི་དགོས༔ ང་ཉིད་རྩ་གསུམ་ཀུན་འདུས་ཡིན༔ བོད་འབངས་ཡོངས་ལ་བུ་བཞིན་དགོངས༔ ལྷག་པར་སྙིགས་དུས་ཐུགས་རྗེ་མྱུར༔ མོས་ཤིང་གུས་པའི་བློ་ཡོད་ན༔ ཉེ་རིང་མེད་པར་སྤྱན་གྱིས་གཟིགས༔ རྒྱུན་ཆད་མེད་པར་བྱིན་རླབས་འབྱུང༔ དེ་བས་དབང་པོ་མཆོག་དམན་ཀུན༔ ལམ་ཟབ་འདི་ཉིད་ཉམས་སུ་ལོངས༔ འགལ་རྐྱེན་ཞི་ཞིང་ལེགས་ཚོགས་འགྲུབ༔ ཚེ་གཅིག་རིག་འཛིན་ས་ཐོབ་འགྱུར༔ ས་མ་ཡ༔ གང་ལ་མོས་པ་དེར་སྣང་བས༔ བསྐྱེད་སོགས་རྩོལ་བཅས་མི་དགོས་ཀྱང༔ རང་སྣང་གཞན་དུ་འཛིན་པའི་བློ༔ ཐབས་ཀྱི་ཁྱད་པར་འདི་ཡིས་སྦྱང༔ གཟུང་བའི་ཡུལ་སྣང་རྣམ་དག་བདེ་ཆེན་ཞིང༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་གང་བའི་དབུས༔ འཛིན་པ་རྣམ་དག་རང་སེམས་ཡི་དམ་ལྷ༔ སྣང་སྟོང་སྒྱུ་མའི་སྐུར་གསལ་མདུན་གྱི་མཁར༔ ངོ་མཚར་པད་སྡོང་གསེར་གྱི་པ་ཏྲ་འཁྱིལ༔ ཡལ་ག་རབ་རྒྱས་ཟེའུ་འབྲུར་ཟླ་གདན་ལ༔ སངས་རྒྱས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང༔ དཀར་དམར་མདངས་ལྡན་ཡེ་ཤེས་འོད་ལྔ་འཕྲོ༔ པད་ཞྭ་གསང་ཕོད་ཆོས་གོས་བེར་ཕྱམ་གསོལ༔ རྡོ་རྗེ་ཐོད་བསྣམས་ཁ་ཊྭཱཾ་མཆན་གཡོན་བརྟེན༔ འཇའ་ཟེར་ཀློང་དུ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྐུ་ཡི་རང་བཞིན་སངས་རྒྱས་ཞིང་ཀུན་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས༔ རེ་ལྟོས་སྐྱབས་ཀུན་འདུས་པའི་བདག་ཉིད་བསམ༔ དད་མོས་གདུང་བའི་ཤུགས་སྐྱེད་ལ༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧྲཱི༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ རྫུ་འཕྲུལ་སྤྲུལ་པའི་སྐུ་སྐྱོད་ལ༔ རིག་འཛིན་ཚོགས་དང་བཅས་ཏེ་བྱོན༔ མཁའ་འགྲོའི་འཁོར་དང་བཅས་ཏེ་བྱོན༔ བགེགས་དང་ལོག་འདྲེན་འདུལ་ཞིང་བྱོན༔ བདུད་དང་བར་གཅོད་སེལ་ཞིང་བྱོན༔ མཆོག་ཐུན་དངོས་གྲུབ་འབེབས་ཤིང་བྱོན༔ ལེགས་ཉེས་སྐྱིད་སྡུག་མཐོ་དམན་དང༔ ཤི་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ བདག་ལ་རེ་ལྟོས་གཞན་མེད་པས༔ ཨོ་རྒྱན་མ་ཧཱ་གུ་རུ་མཁྱེན༔ སྐུ་ཡི་བྱིན་རླབས་ལུས་ལ་ཕོབ༔ འབྱུང་བཞིའི་ནད་གདོན་བསལ་དུ་གསོལ༔ ལུས་ལ་བདེ་ཆེན་སྦར་དུ་གསོལ༔ སྐུ་ཡི་དམ་ཚིག་བསྐང་དུ་གསོལ༔ མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ གསུང་གི་བྱིན་རླབས་ངག་ལ་ཕོབ༔ ངག་སྒྲིབ་ངག་སྐྱོན་སྦྱང་དུ་གསོལ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ གསུང་གི་དམ་ཚིག་བསྐང་དུ་གསོལ༔ སྙིང་པོ་ལུང་གི་དངོས་གྲུབ་སྩོལ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཕོབ༔ ཡིད་ཀྱི་རྟོག་སྒྲིབ་སྦྱང་དུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཐུགས་ཀྱི་དམ་ཚིག་བསྐང་དུ་གསོལ༔ སྐྱེ་མེད་དོན་གྱི་དངོས་གྲུབ་སྩོལ༔ མོས་པའི་སློབ་མ་ཐུགས་རྗེས་ཟུངས༔ འགྲོ་དོན་རྗེས་སུ་མ་འདོར་ཅིག༔ དགྱེས་ཤིང་བྱིན་གྱིས་བརླབ་ཕྱིར་བཞུགས༔ མི་མཐུན་རྐྱེན་དང་བར་ཆད་སོལ༔ མཐུན་པའི་ལམ་སྣ་དབྱིངས་སུ་དྲོངས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ དམ་ཡེ་དབྱེར་མེད་བཞུགས་ནས་ཀྱང༔ མཁྱེན་བརྩེའི་ཐུགས་ཀྱིས་དགོངས་པར་བསམ༔ རྟེན་སྒྲུབ་ལེ་འུ་དང་པོ་འོ༔ ཞིང་རྡུལ་གྲངས་སྙེད་ལུས་བཏུད་ནས༔ སྒོ་གསུམ་གུས་པས་ཕྱག་འཚལ་བསམ༔ ཨེ་མ་ཧོ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ལུང་རྟོགས་དམ་པའི་ཆོས་སྒོ་འབྱུང་བའི་གནས༔ དགེ་འདུན་ཀུན་གཙོ་ཨོ་རྒྱན་རིན་པོ་ཆེ༔ མ་ཧཱ་གུ་རུའི་ཞབས་ལ་ཕྱག་འཚལ་ལོ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡོངས་ཀྱི་དངོས༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ མཁའ་འགྲོའི་ཚོགས་རྗེ་ཨོ་རྒྱན་རིན་པོ་ཆེ༔ པདྨ་འབྱུང་གནས་ཞབས་ལ་ཕྱག་འཚལ་ལོ༔ ཐུབ་པའི་རྒྱལ་ཚབ་གསང་བ་སྔགས་ཀྱི་མཛོད༔ སྣང་བ་མཐའ་ཡས་མི་ཡི་གཟུགས་སུ་བྱོན༔ སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེ༔ པདྨ་སཾ་བྷའི་ཞབས་ལ་ཕྱག་འཚལ་ལོ༔ མཁྱེན་པའི་ཡེ་ཤེས་ནམ་མཁའི་མཐའ་དང་མཉམ༔ བརྩེ་བའི་ཐུགས་རྗེས་འགྲོ་དྲུག་བུ་བཞིན་སྐྱོབ༔ ནུས་མཐུ་ཚད་མེད་ཨོ་རྒྱན་རིན་པོ་ཆེ༔ བློ་ལྡན་མཆོག་སྲེད་ཞབས་ལ་ཕྱག་འཚལ་ལོ༔ སིནྡྷཱུ་རྒྱ་མཚོར་པད་སྡོང་རྩེ་ལས་འཁྲུངས༔ མཐོང་ཐོས་དྲན་རེག་འགྲོ་ཀུན་སྨིན་གྲོལ་མཛད༔ སྣང་སྲིད་ཟིལ་གནོན་ཨོ་རྒྱན་རིན་པོ་ཆེ༔ པདྨ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ༔ བརྟུལ་ཞུགས་སྤྱོད་པས་ལྷ་སྲིན་འབྱུང་པོ་བཏུལ༔ རྫུ་འཕྲུལ་སྟོབས་ཀྱིས་གཞན་སྣང་དབང་དུ་མཛད༔ དངོས་གྲུབ་ཀུན་བདག་ཨོ་རྒྱན་རིན་པོ་ཆེ༔ ཉི་མ་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ༔ བདུད་བཞིའི་དཔུང་བཅོམ་རྡོ་རྗེའི་སྐུ་མཆོག་བརྙེས༔ འཁོར་བ་མ་སྟོངས་བར་དུ་ཆོས་འཁོར་བསྐོར༔ ལྷུན་གྲུབ་རིག་འཛིན་ཨོ་རྒྱན་རིན་པོ་ཆེ༔ ཤཱཀྱ་སེང་གེའི་ཞབས་ལ་ཕྱག་འཚལ་ལོ༔ ཞི་ལས་མི་གཡོ་འབར་བའི་ཕྱག་རྒྱར་བཞེངས༔ གསོལ་བཏབ་དྲན་པས་བདུད་དང་བར་ཆད་འཇོམས༔ ཧེ་རུ་ཀ་དཔལ་ཨོ་རྒྱན་རིན་པོ་ཆེ༔ སེང་གེ་སྒྲ་སྒྲོག་ཞབས་ལ་ཕྱག་འཚལ་ལོ༔ བོད་ཁམས་འགྲོ་ལ་ཐུགས་རྗེས་ལྷག་པར་དགོངས༔ དངོས་དང་བརྒྱུད་ནས་གདུལ་བྱ་ཐར་པར་འདྲེན༔ འགྲན་གྱིས་དོ་མེད་ཨོ་རྒྱན་རིན་པོ་ཆེ༔ རྡོ་རྗེ་གྲོ་ལོད་ཞབས་ལ་ཕྱག་འཚལ་ལོ༔ སྐུ་ཚབ་དངོས་དང་གསུང་ཚབ་གཏེར་དུ་སྦས༔ དགོངས་པས་ལས་ཅན་སྐྱེས་བུར་བྱིན་གྱིས་བརླབས༔ བཀའ་དྲིན་མཉམ་མེད་ཨོ་རྒྱན་རིན་པོ་ཆེ༔ པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྐྱེ་འཆི་གཉིས་སྤངས་རྡོ་རྗེ་ལྟ་བུའི་སྐུ༔ ཚངས་པའི་གསུང་ནི་ཐེག་ཆེན་ཆོས་སྒྲ་སྒྲོག༔ དོན་གྱི་དགོངས་པ་སངས་རྒྱས་ཀུན་དང་མཉམ༔ གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཞིང་རྡུལ་གྲངས་སྙེད་ལུས་ཀྱིས་གུས་ཕྱག་འཚལ༔ དབྱངས་སྙན་ཡན་ལག་རྒྱ་མཚོས་བསྟོད་ཕྱག་འཚལ༔ རྩེ་གཅིག་དད་མོས་གདུང་བས་ཡིད་ཕྱག་འཚལ༔ སྒོ་གསུམ་སྒྲིབ་བྱང་ཉིད་དང་དབྱེར་མེད་ཤོག༔ གནོང་འགྱོད་ཡིད་ཀྱིས་སྡིག་སྒྲིབ་བཤགས༔ ཕྱིན་ཆད་སྡོམ་སེམས་བརྟན་པོར་བཅས༔ ན་མོ༔ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བར༔ མ་རིག་དབང་གྱུར་ལུས་ངག་ཡིད་གསུམ་གྱིས༔ སྡིག་པ་མི་དགེ་བགྱིས་དང་བགྱིད་དུ་བསྩལ༔ དེ་ལ་ཡི་རང་བྱས་རྣམས་མཐོལ་ལོ་བཤགས༔ གཏི་མུག་དབང་གིས་བླང་དོར་ངོ་མ་ཤེས༔ འདོད་ཆགས་དབང་གིས་རྒྱུ་འབྲས་འཇོལ་ཉོག་སྤྱད༔ ཞེ་སྡང་དབང་གིས་བྱང་ཆུབ་ས་བོན་བཅོམ༔ ངན་སོང་འཁོར་བའི་རྒྱུ་བསགས་མཐོལ་ལོ་བཤགས༔ ང་རྒྱལ་དབང་གིས་བདག་བསྟོད་གཞན་ལ་སྨད༔ ཕྲག་དོག་དབང་གིས་ཕ་རོལ་ཁྱད་དུ་བསད༔ ཐེ་ཚོམ་དབང་གིས་ཡང་དག་དོན་ལ་བསྒྲིབས༔ གནས་ལུགས་རྒྱབ་ཀྱིས་ཕྱོགས་པ་མཐོལ་ལོ་བཤགས༔ མི་དགེའི་ལས་ལམ་བཅུ་དང་མཚམས་མེད་ལྔ༔ བཅས་དང་རང་བཞིན་ཁ་ན་མ་ཐོ་བ༔ ཡང་དག་ཐར་པའི་ལམ་མཆོག་སྒྲིབ་པའི་རྒྱུ༔ གང་བསགས་སྙིང་ནས་འགྱོད་པས་མཐོལ་ལོ་བཤགས༔ བུ་སྨད་གཉེན་བཤེས་ཚོང་དང་དམག་ལ་སོགས༔ ཚེ་འདིའི་ཆེ་ཐབས་རང་འདོད་གཡོ་སྒྱུ་ཡིས༔ མཆོག་དམན་བར་མ་ལ་བརྟེན་སྡིག་པའི་ལས༔ ཆེད་དང་ཞོར་དུ་བགྱིས་པ་མཐོལ་ལོ་བཤགས༔ འདིར་སྣང་ངོ་ཚ་བོར་ནས་མནའ་ཁྲིམས་འགལ༔ ཕྱི་མ་བདེན་པར་མི་འཛིན་མི་དགེ་སྤྱོད༔ རྟག་ཆད་མཐར་ལྷུང་ཕྱི་རོལ་མུ་སྟེགས་དང༔ ཆ་མཚུངས་ལོག་ལྟས་བཅིངས་པ་མཐོལ་ལོ་བཤགས༔ ལེ་ལོ་རྣམ་གཡེངས་འཁྲུལ་པའི་གཞན་དབང་གིས༔ བཀའ་ལ་ཞུགས་ཀྱང་བཀའ་བཞིན་བསྒྲུབ་མ་ནུས༔ འདི་དང་གཏན་ཏུ་སྒྲིབ་པའི་ནོངས་པ་ཀུན༔ སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ སོ་སོ་ཐར་པའི་སྡོམ་པ་ཉམས་པ་དང༔ སྨོན་འཇུག་བྱང་ཆུབ་སེམས་ཀྱི་བསླབ་བྱར་འགལ༔ ཁྱད་པར་མི་འདའ་རྡོ་རྗེའི་དམ་ཚིག་ལ༔ འགལ་ཉམས་རལ་བར་གྱུར་ཀུན་མཐོལ་ལོ་བཤགས༔ དཀོན་མཆོག་དཀོར་ཟོས་ལྷ་དང་བླ་མར་སྨད༔ དག་སྣང་ཆུང་ཞིང་བྱང་ཆུབ་སེམས་མ་འབྱོངས༔ ཕ་མར་བརྙས་ཤིང་འགྲོ་ལ་ངན་སེམས་འཆང༔ ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས༔ རང་ཉིད་མ་སྨིན་རློམས་པས་གཞན་དོན་བརྩམས༔ གསང་བ་གཡེལ་ཞིང་དམ་མེད་ཚོགས་སུ་འདྲེས༔ གནས་ལུགས་མ་རྟོགས་འཁྲུལ་སྣང་བདེན་པར་བཟུང༔ ཡང་དག་དོན་ལས་གོལ་བ་མཐོལ་ལོ་བཤགས༔ བཀའ་ལ་རས་ཆོད་བགྱིས་པ་མཐོལ་ལོ་བཤགས༔ མན་ངག་ཟོང་དུ་བཙོངས་པ་མཐོལ་ལོ་བཤགས༔ གསང་སྔགས་ཁྲོམ་དུ་བསྒྲགས་པ་མཐོལ་ལོ་བཤགས༔ བཀའ་གཞུང་སྤྱི་དང་བྱེ་བྲག་ཁས་བླངས་པའི༔ ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་སེམས་དྲག་པོས་བཤགས་ཤིང་བསྡམ༔ སྐྱབས་སུ་མཆི་འོ་གུ་རུ་རིན་པོ་ཆེ༔ པདྨ་སེམས་དཔའི་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ ལུས་ངག་ཡིད་གསུམ་གུ་རུའི་བྲན་དུ་འབུལ༔ བློ་སྙིང་བྲང་གསུམ་ཨོ་རྒྱན་རྗེ་ལ་གཏད༔ བདག་དང་མཁའ་མཉམ་ཕ་མ་སེམས་ཅན་རྣམས༔ འཁོར་བ་ངན་སོང་གསུམ་དུ་མ་གཏང་ཞིག༔ བླ་མེད་ཐར་པའི་གནས་སུ་ལམ་སྣ་དྲོངས༔ དགོངས་པས་བྱིན་རློབས་ཡེ་ཤེས་དབང་ཆེན་སྐུར༔ ཚེ་གཅིག་སངས་རྒྱས་ས་ལ་འགོད་དུ་གསོལ༔ སྒྲིབ་སྦྱོང་ལེ་འུ་གཉིས་པ་འོ༔ དངོས་འབྱོར་གཙང་ཞིང་དག་པར་འབུལ༔ མ་འབྱོར་ཡིད་ཀྱིས་སྤྲུལ་བྱས་ཏེ༔ ན་མོ༔ ཕྱོགས་བཅུ་རབ་འབྱམས་ཞིང་ན་མཆོད་པའི་རྫས༔ རྒྱལ་བ་སྲས་བཅས་སྨོན་ལམ་ལས་གྲུབ་པ༔ བླ་མེད་ཀུན་བཟང་བཀོད་པའི་སྤྲིན་ཆེན་པོས༔ ཆོས་ཀྱི་དབྱིངས་ཀུན་རྒྱས་པར་བཀང་སྟེ་འབུལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས་ཀྱི་དྲི༔ སྣང་གསལ་དྲི་ཆབ་ཞལ་ཟས་རོ་བརྒྱ་པ༔ སྙན་འཇེབས་རོལ་མོ་བསྟོད་པའི་སྒྲ་དབྱངས་ཀྱིས༔ རིགས་འདུས་རྗེ་བཙུན་མ་ཧཱ་གུ་རུ་མཆོད༔ དགེ་ལེགས་བྱེད་པའི་བཀྲ་ཤིས་རྫས་རྟགས་བརྒྱད༔ ཕུན་ཚོགས་དཔལ་འབར་རྒྱལ་སྲིད་རིན་ཆེན་བདུན༔ ལྷབ་ལྷུབ་དར་གོས་ཡིད་འཕྲོག་མཛེས་པའི་རྒྱན༔ ནོར་བུའི་ཕྲེང་བ་དོ་ཤལ་རྣམས་ཀྱིས་མཆོད༔ རིན་ཆེན་ཁང་བཟང་གསེར་གྱི་བ་གམ་ཅན༔ སེང་གེའི་ཁྲི་སྟེགས་ལྷ་རྫས་གོས་ཀྱིས་བཀབ༔ ཡངས་པའི་གདུགས་བཟང་རྣམ་རྒྱལ་མཚན་མ་དང༔ སྣ་ཚོགས་བ་དན་རྔ་ཡབ་གཡོབ་པས་མཆོད༔ ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་འཁྱིལ༔ ཆུ་སྐྱེས་དཀར་དམར་མཛེས་པའི་ཟེའུ་འབྲུ་བཞད༔ ལྗོན་བཟང་སྐྱེད་ཚལ་མེ་ཏོག་ལྡིང་ཁང་བཀྲ༔ ཡིད་འཕྲོག་བུང་བའི་གླུ་སྙན་ལེན་པས་མཆོད༔ སྨན་གྱི་ནགས་ཚལ་རྩི་བཅུད་འབྲས་བུས་གཏམས༔ བཅུད་ལྡན་ལོ་ཏོག་འབྲུ་རིགས་ཕུང་པོར་སྤུངས༔ རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང༔ འདོད་འབྱུང་གཏེར་གྱི་བུམ་པ་བཟང་པོས་མཆོད༔ རང་བྱུང་ཉི་ཟླའི་སྒྲོན་མེས་སྣང་བྱས་པའི༔ རི་རབ་གླིང་བཞི་གླིང་ཕྲན་ཁོར་ཡུག་བཅས༔ བྱེ་བ་ཕྲག་བརྒྱ་རབ་འབྱམས་རྒྱ་མཚོའི་ཞིང༔ ངོ་མཚར་མཆོད་པའི་རྫས་ཀྱིས་བཀང་སྟེ་འབུལ༔ ལྷ་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་ནི༔ སྲིད་ན་མཆོད་པར་འོས་པ་ཅི་མཆིས་དང༔ བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ བློ་ཡིས་བླངས་ཏེ་སེམས་ཅན་དོན་དུ་འབུལ༔ གཟུངས་དང་ཏིང་འཛིན་དཀྱིལ་འཁོར་བཀོད་པ་ལས༔ མོས་པའི་སྟོབས་ཀྱིས་རྨད་བྱུང་མཆོད་པའི་ཆར༔ རྒྱལ་བ་དགྱེས་བྱེད་ནམ་མཁའི་ཁམས་གང་བས༔ དུས་གསུམ་རྒྱུན་ཆད་མེད་པར་མཆོད་པར་བགྱི༔ ཟག་བཅས་ཟག་མེད་ཕུང་པོས་བསྡུས་པའི་ཆོས༔ དབང་པོ་ཚིམས་བྱེད་འདོད་པའི་ཡོན་ཏན་ལྔ༔ ཉོན་མོངས་མ་སྤངས་ཡེ་ཤེས་ཆེན་པོའི་ངང༔ རྡོ་རྗེ་བདེ་བ་དམ་པའི་ཕྱག་རྒྱར་འབུལ༔ བདེ་ཆེན་སྐྱེད་པའི་བདུད་རྩིའི་རོ་མཆོག་དང༔ དགའ་བཞིའི་ཉམས་སྤོར་ཡིད་འཕྲོག་རིག་མའི་ཚོགས༔ མདངས་ཆེན་བྱང་ཆུབ་སེམས་དང་འོད་གསལ་དབྱིངས༔ མཉམ་སྦྱོར་བདེ་མཆོག་བདེ་བའི་རོལ་མོས་མཆོད༔ སྤང་བླང་རིས་མེད་སྲིད་ཞི་མཉམ་པ་ཉིད༔ མ་བཅོས་ལྷུན་གྲུབ་གདོད་ནས་འདུས་མ་བྱས༔ དོན་གྱི་གནས་ལུགས་ཀུན་བཟང་དགོངས་པའི་ཀློང༔ མཆོད་བྱ་མཆོད་བྱེད་གཉིས་སུ་མེད་པར་མཆོད༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ འདོད་རྒུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན༔ ནམ་མཁའ་གང་བར་དམིགས་ཏེ་འབུལ་བ་ཡིས༔ ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང༔ སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཚོགས་གསག་ལེ་འུ་གསུམ་པ་འོ༔ ཆེ་བའི་ཡོན་ཏན་རྗེས་དྲན་ཏེ༔ བསྟོད་པའི་གླུ་ཡིས་བསྙེན་བཀུར་བྱ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་དབང་སྒྱུར་པདྨ་རྒྱལ་བའི་སྲས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་སྐུ་ལ་བསྟོད༔ ཆོས་སྐུ་ནམ་མཁའ་ལྟ་བུའི་དགོངས་པ་རྟོགས༔ ལོངས་སྐུ་ཉི་ཟླ་བཞིན་དུ་དགོས་འདོད་འབྱུང༔ སྤྲུལ་སྐུའི་ཐུགས་རྗེས་འགྲོ་དྲུག་བུ་ལྟར་སྐྱོབ༔ སྐུ་གསུམ་དབྱེར་མེད་གུ་རུའི་སྐུ་ལ་བསྟོད༔ དྲི་མེད་པདྨ་གེ་སར་སྡོང་པོ་ལ༔ རང་བྱུང་སྤྲུལ་སྐུ་མཚན་དང་དཔེ་བྱད་རྫོགས༔ སྐྱེ་འཆི་མི་མངའ་ཚེ་ཡི་རིག་འཛིན་བརྙེས༔ མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ་ལ་བསྟོད༔ པདྨ་ཟླ་གམ་ལེ་བརྒན་ལྗགས་ཀྱི་ཀློང༔ བརྒྱད་ཁྲི་བཞི་སྟོང་གསང་སྔགས་ཟབ་མོའི་སྒྲ༔ རྒྱུན་ཆད་མེད་པས་སྐལ་ལྡན་སྨིན་གྲོལ་མཛད༔ ཚངས་དབྱངས་འགག་པ་མེད་པའི་གསུང་ལ་བསྟོད༔ འོད་གསལ་ཀུན་ཁྱབ་ཡེ་ཤེས་ཟང་ཐལ་ངང༔ འཁོར་འདས་མཉམ་ཉིད་ཐིག་ལེ་ཆེན་པོར་རྫོགས༔ མངོན་ཤེས་དྲུག་ཅུས་གཞན་སྣང་ཐབས་ཀྱིས་འདུལ༔ གསང་བ་བསམ་མི་ཁྱབ་པའི་ཐུགས་ལ་བསྟོད༔ ནམ་མཁའ་བཞིན་དུ་རྫུ་འཕྲུལ་ཐོགས་པ་མེད༔ ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ༔ དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོ་སྟེ༔ ཡོན་ཏན་མཐའ་ཡས་འགྲོ་བའི་མགོན་ལ་བསྟོད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་མནན༔ དྲག་སྔགས་མཐུ་ཡིས་མ་རུངས་གདུག་པ་འདུལ༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛད་ལ་བསྟོད༔ བྱ་རྩོལ་ངང་ནས་ཆོ་འཕྲུལ་ཅིར་ཡང་སྟོན༔ བྱར་མེད་ཐག་ཆོད་རིག་པ་རང་ས་ཟིན༔ དམིགས་མེད་ཐུགས་རྗེས་འགྲོ་བ་ཡོངས་ལ་དགོངས༔ རིགས་གསུམ་ཡོངས་འདུས་པདྨའི་སྐུ་ལ་བསྟོད༔ མ་རིག་གཉིད་སངས་མཁྱེན་པའི་དཀྱིལ་འཁོར་རྒྱས༔ སྡེ་སྣོད་རྒྱུད་སྡེ་ཐེག་པ་རིམ་དགུའི་མཛོད༔ རྒྱལ་བའི་གདུང་འཛིན་ཡོངས་ཀྱི་ཡབ་གཅིག་པོ༔ དཀོན་མཆོག་ཀུན་འདུས་པདྨའི་སྐུ་ལ་བསྟོད༔ སྦྱིན་པ་མཐར་ཕྱིན་དགོས་འདོད་ཆར་བཞིན་འབེབ༔ ཚུལ་ཁྲིམས་མཐར་ཕྱིན་འགྱུར་མེད་བདེ་ཆེན་བརྙེས༔ བཟོད་པ་མཐར་ཕྱིན་མཚན་དང་དཔེ་བྱད་ལྡན༔ བསོད་ནམས་ཚོགས་རྫོགས་པདྨའི་སྐུ་ལ་བསྟོད༔ བརྩོན་འགྲུས་མཐར་ཕྱིན་འཁོར་བ་ཇི་སྲིད་བཞུགས༔ བསམ་གཏན་མཐར་ཕྱིན་ཏིང་འཛིན་སྒོ་བརྒྱར་འཇུག༔ ཤེས་རབ་མཐར་ཕྱིན་རྣམ་ཐར་གསུམ་གྱི་ངང༔ ཡེ་ཤེས་ཚོགས་རྫོགས་པདྨའི་སྐུ་ལ་བསྟོད༔ ཚེ་ལ་དབང་ཐོབ་འགྲོ་ལ་འཆི་མེད་སྩོལ༔ རྫུ་འཕྲུལ་བསམ་ཡས་ཆོས་སྒོ་རབ་འབྱམས་སྟོན༔ དགོས་འདོད་ཆར་འབེབ་ལས་དང་སྨོན་ལམ་སོགས༔ དབང་བཅུའི་བདག་ཉིད་པདྨའི་སྐུ་ལ་བསྟོད༔ དུག་ལྔའི་རྒྱུ་ཟད་ཅི་སྣང་ཡེ་ཤེས་དབྱིངས༔ འབྱུང་ལྔའི་རྐྱེན་ཟད་རིག་པ་འོད་སྐུར་སྨིན༔ ཟག་པ་གསུམ་ཟད་མི་འགྱུར་རྡོ་རྗེའི་ཀློང༔ མངོན་པར་བྱང་ཆུབ་པདྨའི་སྐུ་ལ་བསྟོད༔ དུས་གསུམ་སངས་རྒྱས་ཀུན་གྱི་རྣམ་ཐར་འཆང༔ རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་མཛད༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོར་མངའ་དབང་སྒྱུར༔ རིགས་བརྒྱའི་ཁྱབ་བདག་པདྨའི་སྐུ་ལ་བསྟོད༔ མོས་ཤིང་གུས་པས་བསྟོད་པའི་བྱིན་རླབས་ཀྱིས༔ གུ་རུའི་གསང་གསུམ་ཡོན་ཏན་ཕྲིན་ལས་ཀྱི༔ རྣམ་ཐར་མ་ལུས་བདག་གིས་མྱུར་འགྲུབ་སྟེ༔ ཀུན་བཟང་འོད་མི་འགྱུར་བའི་གནས་ཐོབ་ཤོག༔ བསྟོད་པའི་ལེ་འུ་བཞི་པ་འོ༔ མོས་གུས་ཁ་ཙམ་མ་ཡིན་པས༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ ཨེ་མ་ཧོ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔའི་རྒྱལ༔ སྟོན་པ་བཅུ་གཉིས་བསྐལ་མགོན་དྲུག་ཅུ་བཞི༔ བཅོམ་ལྡན་རྡོར་སེམས་སྤྲུལ་སྐུ་ཐུབ་པ་དྲུག༔ དུས་གསུམ་རྒྱལ་བ་དགོངས་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རིགས་གསུམ་མགོན་པོ་རིགས་ཅན་དྲྭ་མ་ལྔ༔ དགའ་རབ་ཤྲཱི་སིཾ་སྐལ་ལྡན་རྒྱལ་པོ་ཛ༔ དཔལ་ཆེན་མངོན་གྲུབ་སློབ་དཔོན་ཆེ་བརྒྱད་སོགས༔ དུས་གསུམ་རིག་འཛིན་བརྡ་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང༔ མངའ་བདག་ཡབ་སྲས་བཀའ་བབ་གྲུབ་ཐོབ་བརྒྱད༔ འབངས་རིགས་ལོ་ཙཱ་རྣལ་འབྱོར་དབང་ཕྱུག་སོགས༔ དུས་གསུམ་གང་ཟག་སྙན་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་འཕྲོས་གཏེར་རྙེད་མཁའ་འགྲོས་གཏད་རྒྱ་བཀྲོལ༔ སྨོན་ལམ་དབང་ཐོབ་ལས་ཅན་རྗེས་སུ་བཟུང༔ གསང་ཆེན་ངེས་པའི་བཀའ་གཞུང་ཚུལ་བཞིན་སྤྱོད༔ དུས་གསུམ་རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་གངས་ཆེན་མཚོར༔ པདྨ་རྣམ་སྣང་མཛད་སོགས་རིགས་ལྔའི་ཞིང༔ མི་མཇེད་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང༔ ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ་པ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཕྱོགས་བཅུའི་འཇིག་རྟེན་བཀོད་པ་རབ་འབྱམས་སུ༔ མཆོག་གི་སྤྲུལ་སྐུ་ཐུབ་པའི་དབང་པོ་དང༔ གསང་སྔགས་སྟོན་པ་པདྨའི་རྣམ་རོལ་གྱིས༔ མདོ་རྒྱུད་བསྟན་པ་བསམ་ཡས་སྒྱུ་འཕྲུལ་ཀུན༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུག་ལྔ་རང་གྲོལ་རིགས་ལྔའི་སྐུ་རུ་བཞེངས༔ བདེ་ཆེན་ཡེ་ཤེས་རྣམ་ལྔའི་ལོངས་སྤྱོད་རྫོགས༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་མཛད༔ འགྲོ་ལྔ་སྒྲོལ་མཛད་ཐོད་ཕྲེང་རྩལ་འཆང་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གནས་དང་དུར་ཁྲོད་འཇིག་རྟེན་ཕྱོགས་མཚམས་སུ༔ ཚོགས་བརྒྱད་རྣམ་དག་སྒྱུ་འཕྲུལ་དྲྭ་བའི་སྐུ༔ རང་རིགས་ཚོམ་བུ་འབུམ་སྡེས་འགྲོ་བ་འདུལ༔ སྤྲུལ་པའི་གུ་རུ་མཚན་མཆོག་བརྒྱད་པོ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཕ་རོལ་ཕྱིན་དྲུག་སྤྲུལ་པའི་སྐུ་རུ་ཤར༔ སོ་སོའི་སྐད་དུ་གང་འདུལ་ཆོས་སྒོ་སྟོན༔ རིགས་དྲུག་སོ་སོའི་སྡུག་བསྔལ་ཐབས་ཀྱིས་སེལ༔ འགྲོ་དྲུག་འདྲེན་མཛད་གུ་རུ་དྲུག་ལ་སོགས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ པདྨ་ས་ར་ཧ་དང་བིརཝ་པ༔ ཌོམྦི་པ་དང་རིགས་ལྡན་པདྨ་དཀར༔ མཚོ་སྐྱེས་ནག་པོ་ཆགས་མཆོག་རྩལ་ལ་སོགས༔ འཕྲུལ་མཚན་ཉི་ཤུ་ཕྲག་གཉིས་རོལ་པའི་གར༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན༴ ཕྱི་ནང་གསང་བའི༴ བསམ་པ་ལྷུན་གྱིས་འགྲུབ་པར༴ དཔལ་ཆེན་ཆེ་མཆོག་ཡང་དག་གཤིན་རྗེའི་གཤེད༔ དབང་ཆེན་རྡོ་རྗེ་གཞོན་ནུ་མངོན་རྫོགས་རྒྱལ༔ གསང་བདག་མེ་ཕྲེང་ཞི་བ་རྡོ་རྗེ་དབྱིངས༔ ཐེག་པ་རིམ་དགུའི་དཀྱིལ་འཁོར་རབ་འབྱམས་ལྷ༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན༴ ཕྱི་ནང་གསང་བའི༴ བསམ་པ་ལྷུན་གྱིས་འགྲུབ་པར༴ གསང་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ༔ མྱུར་མཛད་དཔའ་མོ་སེང་གེའི་གདོང་པ་ཅན༔ དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ཚོམ་བུ་སོགས༔ འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོ་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན༴ ཕྱི་ནང་གསང་བའི༴ བསམ་པ་ལྷུན་གྱིས་འགྲུབ་པར༴ རང་བཞིན་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ འབར་བའི་ཆོ་འཕྲུལ་གར་དགུའི་རོལ་པ་ཡི༔ རྣམ་འཕྲུལ་དུ་མས་སངས་རྒྱས་བསྟན་པ་སྲུང༔ མ་མགོན་ལྕམ་དྲལ་དམ་པའི་ཆོས་སྐྱོང་རྣམས༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན༴ ཕྱི་ནང་གསང་བའི༴ བསམ་པ་ལྷུན་གྱིས་འགྲུབ་པར༴ བརྒྱུད་པ་དྲུག་ལྡན་རིག་འཛིན་བླ་མའི་ཚོགས༔ སྲིད་ཞིའི་མགོན་གྱུར་བླ་མེད་དཀོན་མཆོག་གསུམ༔ ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་སོགས༔ ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་མ་ལུས་པའི༔ ངོ་བོ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡང་སྙིང་འདི་བཟླས་བདེ་གཤེགས་ཀྱི༔ གསུང་རབ་ཐམས་ཅད་བཀླགས་དང་མཚུངས༔ གསོལ་འདེབས་ལེ་འུ་ལྔ་པ་འོ༔ ཐལ་མོ་སྙིང་ཁར་སྦྱར་བྱས་ནས༔ འདོད་དོན་སྨོན་ལམ་རྩེ་གཅིག་གསོལ༔ ཀྱེ་ཧོ༔ དཀོན་མཆོག་ཀུན་འདུས་གུ་རུ་རིན་པོ་ཆེ༔ མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་བྱིན་རླབས་དང༔ སྙིང་ནས་བློ་གཏད་མོས་པའི་རྟེན་འབྲེལ་མཐུས༔ སྨོན་པའི་འབྲས་བུ་འགྲུབ་པར་བྱིན་གྱིས་རློབས༔ སྙིང་པོ་མེད་པ་འཁོར་བའི་ཆོས་རྣམས་ལ༔ ངེས་འབྱུང་དྲག་པོས་ཐར་པའི་ལམ་ལ་ཞུགས༔ རང་ཉིད་ཞི་བདེ་དོན་དུ་མི་གཉེར་བར༔ རྒྱལ་སྲས་སྤྱོད་ལ་འཇུག་པར་བྱིན་གྱིས་རློབས༔ མི་དགེའི་བཤེས་དང་ནམ་ཡང་མི་འཕྲད་ཅིང༔ མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་གྱིས༔ རྗེས་བཟུང་དམ་ཚིག་ཚུལ་བཞིན་བསྲུང་བ་དང༔ སྨིན་གྲོལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ སྐྱེ་ཀུན་ལོག་པའི་ལམ་དུ་མི་གོལ་བར༔ ཐེག་དགུའི་སྙིང་པོ་འོད་གསལ་རྫོགས་པ་ཆེའི༔ གདམས་པའི་བཅུད་ཐོབ་ཉམས་ལེན་མཐར་ཕྱིན་ནས༔ གདོད་མའི་ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ ཁྱད་པར་གུ་རུ་པདྨ་འབྱུང་གནས་ཀྱིས༔ ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ནས་ཀྱང༔ དགྱེས་པའི་ཞལ་བསྟན་གསུང་གི་བདུད་རྩི་ཐོབ༔ ཡེ་ཤེས་རྒྱུད་ལ་ཞུགས་པར་བྱིན་གྱིས་རློབས༔ ལྟེམ་རྐྱང་མེད་པའི་མོས་གུས་རྒྱུད་ལ་སྐྱེ༔ གསང་བ་གསུམ་གྱི་བྱིན་རླབས་རྫོགས་པར་ཞུགས༔ འབྲེལ་ཚད་དོན་ལྡན་བསྡུ་བཞིའི་སྤྱོད་པ་ཡིས༔ མཁའ་མཉམ་འགྲོ་ཀུན་སྒྲོལ་བར་བྱིན་གྱིས་རློབས༔ ལས་དང་ཉོན་མོངས་འཁྲུལ་འཁོར་རྒྱུན་ཆད་ཅིང༔ ནད་གདོན་འཇིགས་ཚོགས་མ་ལུས་དབྱིངས་སུ་ཞི༔ བརྒལ་དཀའ་མཐའ་མེད་འཁོར་བའི་རྒྱ་མཚོ་དང༔ ངན་འགྲོའི་གྲོང་ཁྱེར་སྟོངས་པར་བྱིན་གྱིས་རློབས༔ རྨད་བྱུང་བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ བདག་གཞན་རྒྱུད་ལ་རྩོལ་བ་མེད་པར་སྐྱེ༔ ནམ་ཡང་མི་འབྲལ་གོང་དུ་འཕེལ་ནས་ཀྱང༔ ས་ལམ་མྱུར་དུ་རྫོགས་པར་བྱིན་གྱིས་རློབས༔ ཚེ་ལ་དབང་ཐོབ་སྒྲུབ་པ་མཐའ་རུ་ཕྱིན༔ གེགས་དང་བར་ཆད་ནམ་ཡང་མི་འབྱུང་བར༔ ཡིད་ལ་བསམ་པ་ཐམས་ཅད་ལྷུན་གྱིས་འགྲུབ༔ རང་གཞན་དོན་གཉིས་མཐར་ཕྱིན་བྱིན་གྱིས་རློབས༔ བསྟན་པའི་ཤིང་རྟ་རང་དབང་ཉིད་དུ་འདྲེན༔ ཐུབ་བསྟན་སྒྲོན་མེ་འཇིག་རྟེན་ཡོངས་ལ་སྤར༔ གསང་ཆེན་བསྟན་པའི་རྒྱལ་མཚན་ཀུན་ཏུ་སྒྲེང༔ བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས༔ བླ་མས་བྱིན་རློབ་ཡི་དམ་དངོས་གྲུབ་སྩོལ༔ མཁའ་འགྲོས་གྲོགས་མཛད་དམ་ཅན་བྲན་ཏུ་འཁོལ༔ བཀའ་བཙན་བྱིན་ཆེ་ཉམས་རྟོགས་རྩལ་རྫོགས་ནས༔ རིག་འཛིན་རྣམ་བཞིའི་འབྲས་ཐོབ་བྱིན་གྱིས་རློབས༔ རྒྱལ་བ་སྲས་བཅས་དགོངས་པ་སྐོང་བ་དང༔ མཁའ་མཉམ་འགྲོ་ཀུན་བླ་མེད་གནས་སུ་བསྒྲལ༔ གདུལ་དཀའ་དྲག་པོའི་སྟོབས་ཀྱིས་འདུལ་བ་ལ༔ གུ་རུ་ཉིད་དང་མཉམ་པར་བྱིན་གྱིས་རློབས༔ གཟུངས་དང་བློ་གྲོས་སྤོབས་པའི་གཏེར་ཆེན་རྡོལ༔ ཏིང་འཛིན་སྒོ་མོ་བྱེ་བ་བསམ་ཡས་ཐོབ༔ ཟག་མེད་མངོན་ཤེས་རྫུ་འཕྲུལ་སྟོབས་ཆེན་པོས༔ འགྲོ་དོན་ཕྱོགས་མེད་འགྲུབ་པར་བྱིན་གྱིས་རློབས༔ བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་ཀུན༔ ལོག་པར་མི་ལྟུང་འདི་ནས་འཕོས་མ་ཐག༔ སྣང་བ་མཐའ་ཡས་ཞིང་མཆོག་བདེ་ཅན་དུ༔ འདྲེན་པའི་ནུས་པ་ཐོབ་པར་བྱིན་གྱིས་རློབས༔ རྒྱལ་བསྟན་དར་ཞིང་ཡུན་རིང་གནས་པ་དང༔ འགྲོ་ཀུན་བདེ་སྐྱིད་དམ་པའི་ཆོས་ལ་སྤྱོད༔ ལྟ་བ་ངན་དང་ནད་མུག་འཁྲུགས་རྩོད་ཞི༔ དགེ་དགུ་སྨོན་བཅུའི་དཔལ་འབྱོར་རབ་རྒྱས་ཤོག༔ སྨོན་ལམ་ལེ་འུ་དྲུག་པ་འོ༔ བྱིན་རླབས་དབང་བཞི་ཞུ་བའི་ཕྱིར༔ ཕུར་ཚུགས་གསོལ་བཏབ་ཐུགས་རྒྱུད་བསྐུལ༔ ཀྱེ་ཀྱེ༔ བླ་མ་ཨོ་རྒྱན་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་གྱི་གཉེན་གཅིག་པོ༔ མགོན་མེད་བདག་ལ་ཐུགས་རྗེས་ཟུངས༔ བླ་མ་ཀུན་བཟང་པདྨ་འབྱུང༔ རེ་ཞིང་ལྟོས་པའི་གཉེན་གཅིག་པོ༔ བདག་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་འདམ་ནས་དྲང་དུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལ་བདག་ཉིད་བྲན་དུ་འབུལ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པས༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ བླ་མ་སངས་རྒྱས་ཕྲིན་ལས་མཛད༔ བདག་ལ་དབང་སྐུར་བྱིན་རློབས་ལ༔ མཐའ་ཡས་སེམས་ཅན་མ་ལུས་ཀུན༔ འདྲེན་པའི་བླ་མར་བདག་གྱུར་མཛོད༔ དབང་བཞིས་སྨིན་པར་བྱིན་གྱིས་རློབས༔ རྒྱུད་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོངས་པར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རང་གནས་ཡེ་ཤེས་ས་བོན་ཉིད༔ གཞི་དུས་དབང་གིས་གསོས་བཏབ་ནས༔ ལམ་དབང་ཆུ་རྒྱུན་གཅིག་མ་ཡིས༔ རྟོགས་པ་གསོ་ཞིང་ཉམས་ཆག་སྦྱོང༔ རྗེ་བཙུན་གུ་རུ་ཐུགས་རྗེ་སྤྲུལ་པའི་སྐུ༔ བདག་གི་སྤྱི་བོར་ལུས་ཀྱི་ཐིག་ལེ་ལ༔ དབང་སྐུར་བྱིན་རློབས་སད་པའི་སྒྲིབ་པ་སོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དཔྲལ་བའི་ཨོཾ་དཀར་སྐུ་ཡི་རྡོ་རྗེ་ལས༔ ཟླ་ཞུན་བདུད་རྩི་བདག་གི་སྨིན་མཚམས་ཞུགས༔ རྩ་ཡི་སྒྲིབ་དག་སྣང་སྟོང་ལྷ་སྐུར་སྨིན༔ བུམ་དབང་མཐར་ཕྱིན་སྤྲུལ་སྐུའི་གསོས་ཐེབས་གྱུར༔ ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ རྗེ་བཙུན་གུ་རུ་རང་བཞིན་ལོངས་སྤྱོད་རྫོགས༔ བདག་གི་མགྲིན་པར་ངག་གི་ཐིག་ལེ་ལ༔ དབང་སྐུར་བྱིན་རློབས་རྨི་ལམ་སྒྲིབ་པ་སོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ མགྲིན་པའི་ཨཱཿདམར་གསུང་གི་རྡོ་རྗེ་ལས༔ ཉི་ཟེར་བདུད་རྩི་བདག་གི་མགྲིན་པར་ཞུགས༔ རླུང་གི་སྒྲིབ་དག་གྲགས་སྟོང་སྔགས་སུ་སྨིན༔ གསང་དབང་མཐར་ཕྱིན་ལོངས་སྐུའི་གསོས་ཐེབས་གྱུར༔ ཝཱ་ཀ་སིདྡྷི་ཨབྷི་ཥིཉྩ་ཨཱ༔ རྗེ་བཙུན་གུ་རུ་ངོ་བོ་ཆོས་ཀྱི་སྐུ༔ བདག་གི་སྙིང་ཁར་ཡིད་ཀྱི་ཐིག་ལེ་ལ༔ དབང་སྐུར་བྱིན་རློབས་གཉིད་མཐུག་སྒྲིབ་པ་སོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཐུགས་ཀའི་ཧཱུྃ་སྔོན་ཐུགས་ཀྱི་རྡོ་རྗེ་ལས༔ མཐིང་གསལ་བདུད་རྩི་བདག་གི་སྙིང་ཁར་ཞུགས༔ ཐིག་ལེའི་སྒྲིབ་དག་རིག་སྟོང་འོད་གསལ་སྨིན༔ ཤེར་དབང་མཐར་ཕྱིན་ཆོས་སྐུའི་གསོས་ཐེབས་གྱུར༔ ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ རྗེ་བཙུན་གུ་རུ་བདེ་ཆེན་རྡོ་རྗེའི་སྐུ༔ བདག་གི་ལྟེ་བར་ལྷན་སྐྱེས་ཐིག་ལེ་ལ༔ དབང་སྐུར་བྱིན་རློབས་ཆགས་རྟོག་སྒྲིབ་པ་སོལ༔ སྐུ་ལྔ་ཡོངས་རྫོགས་དངོས་གྲུབ་བསྩལ་དུ་གསོལ༔ ལྟེ་བའི་ཧྲཱིཿཡིག་ཡེ་ཤེས་རྡོ་རྗེ་ལས༔ གསེར་མདོག་བདུད་རྩི་བདག་གི་ལྟེ་བར་ཞུགས༔ འཕོ་བའི་སྒྲིབ་དག་བདེ་སྟོང་ཆེན་པོར་སྨིན༔ དབང་བཞི་མཐར་ཕྱིན་སྐུ་བཞིའི་གསོས་ཐེབས་གྱུར༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱི༔ རྩ་བརྒྱུད་བླ་མ་ཀུན་འདུས༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག༔ དཀོན་མཆོག་གསུམ་གྱི་རྩ་བ༔ དཔའ་བོ་མཁའ་འགྲོའི་དབང་ཕྱུག༔ འགྲོ་དྲུག་ཡོངས་ཀྱི་འདྲེན་པ༔ བོད་འབངས་སྐྱོབ་པའི་མགོན་པོ༔ བྱིན་རླབས་ཐུགས་རྗེའི་གཏེར་ཆེན༔ བཀའ་དྲིན་གཞལ་དུ་མེད་པ༔ གུ་རུ་པདྨ་མཁྱེན་ནོ༔ རྡོ་རྗེའི་ཡེ་ཤེས་ཆེན་པོ༔ སྙིང་ནས་གསོལ་འདེབས་བུ་ཡི༔ རྒྱུད་ལ་མྱུར་དུ་ཞུགས་ནས༔ ཉིད་དང་རྣམ་དབྱེར་མེད་པའི༔ བྱིན་རླབས་དངོས་གྲུབ་སྩོལ་ཅིག༔ གུ་རུ་དགྱེས་པས་འོད་ཞུ་རང་ལ་ཐིམ༔ དབྱེར་མེད་རང་བྱུང་འོད་གསལ་ཆོས་ཀྱི་སྐུ༔ རྩོལ་བྲལ་བློ་ལས་འདས་པ་གདོད་མའི་གཤིས༔ ཆོས་ཀུན་ཡེ་རྫོགས་ཆེན་པོའི་དགོངས་པ་བསྐྱང༔ དགེ་འདིས་ཕྱོགས་བཅུ་དུས་གསུམ་གྱི༔ བླ་མའི་ཐུགས་དགོངས་རྫོགས་པ་དང༔ དུས་གསུམ་ཕ་མས་ཐོག་དྲངས་པའི༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ གུ་རུ་མཆོག་གིས་རྗེས་བཟུང་སྟེ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་བརྗོད་གནས་ལུགས་ངང་ལ་བཞག༔ དབང་ལེན་ལེ་འུ་བདུན་པ་འོ༔ ས་མ་ཡ༔ དབྱིངས་ལས་སྐུར་བཞེངས་ལོངས་སྤྱོད་རྫོགས༔ མ་འགག་སྤྲུལ་སྐུ་པདྨ་འབྱུང༔ ཕྱི་ལྟར་མཚོ་སྐྱེས་རྡོ་རྗེ་འཆང༔ ནང་ལྟར་འཕགས་པ་སྤྱན་རས་གཟིགས༔ གསང་བ་མགོན་པོ་ཚེ་དཔག་མེད༔ ཟུང་འཇུག་ཀུན་བཟང་འོད་མི་འགྱུར༔ ཐབས་ཀྱི་ཆོ་འཕྲུལ་ཅིར་ཡང་སྟོན༔ འགྲོ་འདུལ་ཐུགས་རྗེ་རྒྱུན་ཆད་མེད༔ ཞིང་ཁམས་ཀུན་ཏུ་སྤྲུལ་པས་ཁྱབ༔ ཁྱད་པར་བོད་ལ་བརྩེ་བས་དགོངས༔ དེ་ཕྱིར་ཕྱི་རབས་གདུལ་བྱའི་དོན༔ གདམས་ངག་ཆེ་ཆུང་དཔག་མེད་བཞག༔ ས་འོག་ཐམས་ཅད་གཏེར་གྱིས་བཀང༔ འཇུག་བདེ་ཁ་ཚང་དོན་འདྲིལ་བའི༔ ལམ་ཟབ་སྙིང་པོ་འདི་ཉིད་ཀྱང༔ མངའ་བདག་རྗེ་འབངས་ཡོངས་ལ་གདམས༔ ལོ་ཙཱ་ཆེན་པོར་གཉེར་དུ་གཏད༔ ཉམས་ལེན་ཚར་གཅིག་བགྱིས་པས་ཀྱང༔ གུ་རུའི་ཞལ་མཐོང་སྐལ་ལྡན་འགྱུར༔ རྟག་ཏུ་བརྩོན་ན་སྒྲིབ་ཀུན་བྱང༔ ཚོགས་ཆེན་རྫོགས་ཤིང་བདག་ལ་སོགས༔ རྩ་གསུམ་རྒྱལ་བས་བྱིན་གྱིས་རློབ༔ པདྨ་འོད་ཀྱི་གཞལ་མེད་དུ༔ འབྲེལ་བར་བཅས་ཏེ་མངོན་བྱང་ཆུབ༔ མཚོ་རྒྱལ་བརྡ་ཡི་རི་མོར་བྲིས༔ ཕྱི་རབས་དོན་དུ་གཏེར་རྒྱས་ཐོབ༔ བཻ་རོས་བྱིན་བརླབས་རིག་པ་འཛིན༔ མ་ངེས་སྤྱོད་པ་སྐྱོང་བ་དང༔ འཕྲད་ནས་གནས་དུས་སྨོན་ལམ་མཐུས༔ གཏེར་ཁ་མ་བུ་ཞལ་འཛོམ་ན༔ འབྲེལ་ཚད་དོན་ལྡན་བཙས་སུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱཿ ཁོ་བོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའོ།། །།
ཟབ་བདུན་རྩ་གསུམ་གདམས་སྐོར་ལས༔ འཆི་མེད་ཚེ་ཡི་ལས་བྱང་པདྨའི་ཕྲེང་བ་ (Volume 20, Text 54)
༁ྃ༔ ཟབ་བདུན་རྩ་གསུམ་གདམས་སྐོར་ལས༔ འཆི་མེད་ཚེ་ཡི་ལས་བྱང་པདྨའི་ཕྲེང་བ་བཞུགས་སོ༔ ྈྈྈ མགོན་པོ་ཚེ་དཔག་མེད་ལ་བདུད༔ ཟབ་པ་སྐུ་གསུམ་རྒྱན་ལྡན་ལས༔ ལོངས་སྤྱོད་ཚེ་ཡི་སྒྲུབ་པའི་ཐབས༔ ཕྱི་རབས་སྐལ་ལྡན་དོན་ཕྱིར་བསྟན༔ ས་མ་ཡ༔ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བ་དབེན་པའི་གནས་དག་ཏུ༔ མཐུན་རྐྱེན་ཚོགས་བྱས་བདེ་བར་འཁོད༔ བྱ་བ་ཀུན་གྱི་འཕྲོ་བཅད་ལ༔ གནས་ཁང་ཕྱག་དར་ལེགས་པར་བསྟར༔ བཀྲ་ཤིས་ས་ལ་སྟེགས་བྱས་སྟེང༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ ཧྲཱི༔ བཀྲ་ཤིས་ཚེ་མཆོག་བསྒྲུབ་པའི་ཕྱིར༔ ཆོས་དབྱིངས་ཡུམ་གྱི་ས་གཞི་ལ༔ བདེ་ཆེན་ཡབ་ཀྱི་བདུད་རྩི་ཡིས༔ དངོས་གྲུབ་བསྒྲུབ་ཕྱིར་གཉིས་མེད་བྱུགས༔ མ་ཧཱ་སུ་ཁ་མཎྜ་ལ་ཧཱུྃ༔ དེ་ནས་ཐིག་ཚོན་བྱིན་བརླབས་ལ༔ དཀྱིལ་འཁོར་སྒོ་རྫོགས་པད་འདབ་བརྒྱད༔ ཕྱག་རྒྱ་ཕྱག་མཚན་ས་བོན་དགོད༔ ཁྲི་འུ་ལྔ་སྟེང་ཚེ་བུམ་ནི༔ སྙིང་པོའི་བཅུད་བཀང་རྒྱན་གྱིས་སྤྲས༔ ཁ་རྒྱན་གཟུངས་ཐག་ལྡན་པ་བཤམ༔ ཚེ་ཡི་འབྲང་རྒྱས་ཚེ་མདའ་ནི༔ གསེར་གཡུ་དུང་ཤྭ་མུ་མན་གཟི༔ དངུལ་གྱི་མེ་ལོང་དར་སྣ་ལྔ༔ བརྒྱན་ཅིང་ཚེ་གལ་རྒྱན་ལྡན་བྱ༔ སྤོད་ཀྱིས་བྲན་པའི་དཔལ་གཏོར་དང༔ བདུད་རྩི་རཀྟ་ལོངས་སྤྱོད་ཚོགས༔ ཕྱི་ནང་གསང་བའི་མཆོད་པས་བསྐོར༔ རྒྱན་གྱི་རྣམ་པ་དུ་མ་དང༔ རོལ་མོའི་ཚོགས་རྣམས་འདུ་བྱས་ལ༔ སྔོན་དུ་འགྲོ་བ་རྣམ་བཅུ་ལས༔ དང་པོ་རྒྱུད་སྦྱང་ཚོགས་གསག་ཕྱིར༔ རྩ་གསུམ་ལྷ་ཚོགས་མདུན་མཁར་གསལ༔ རྩེ་གཅིག་མོས་ཤིང་གདུང་བའི་བློས༔ ན་མོ༔ བླ་མ་རིག་འཛིན་པདྨ་ཚེ་དཔག་མེད༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་འཁོར་དང་བཅས༔ ཆོས་ཀྱི་དབྱིངས་ནས་འདིར་གཤེགས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ སྡིག་སྒྲིབ་ཉེས་ལྟུང་ཚོགས་རྣམས་མཐོལ་ཞིང་བཤགས༔ བསོད་ནམས་ཀུན་ལ་ཡི་རང་ཆོས་འཁོར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་དགེ་བ་ཀུན༔ མཐའ་ཡས་འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོ༔ བདག་གིས་འཆི་མེད་གོ་འཕང་མཆོག་བསྒྲུབས་ནས༔ འགྲོ་ཀུན་བདེ་ལ་འགོད་པར་སེམས་བསྐྱེད་ན༔ ཁམས་གསུམ་ཐམས་ཅད་སངས་རྒྱས་སར་འཁོད་པར༔ ཚེ་དཔག་མེད་པས་བྱིན་གྱིས་བརླབ་ཏུ་གསོལ༔ གཉིས་པ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་སངས་རྒྱས་དཔལ་ཆེན་ཁྲོ་བོའི་བཀའ༔ ཉོན་ཅིག་ཚེ་ལ་བར་གཅོད་འཆི་བདག་བདུད༔ སྟེང་འོག་བར་གསུམ་ཕོ་མོ་མ་ནིང་གདོན༔ མ་ལུས་འཁོར་བཅས་གཏོར་མ་འདི་ལོངས་ལ༔ ཞི་བ་བྱང་ཆུབ་སེམས་ཀྱིས་གཞན་དུ་དེངས༔ གལ་ཏེ་མི་འགྲོ་གནོད་ཅིང་འཚེ་བྱེད་ན༔ རྟ་སྐད་རྔམ་འཚེར་མཚོན་ཆའི་ཆར་འབེབ་པས༔ ལུས་སྲོག་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ གསུམ་པ་སྲུང་བས་མཚམས་གཅོད་ནི༔ ཧཱུྃ༔ འབར་བའི་དབྱིངས་ལས་ཁྲོ་བོའི་འོད་ཟེར་དང༔ ཕྱག་མཚན་རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་གུར་ཁང་ཟླུམ་པོར་འཁྱིལ༔ ཡེ་ཤེས་མེ་ལྔའི་དུམ་བུ་གཅིག་ཏུ་འབར༔ ཅིས་ཀྱང་མི་འགྱུར་མི་ཤིགས་སྲུང་བའི་གུར༔ མི་ཕྱེད་རྡོ་རྗེའི་རང་བཞིན་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཙཀྲ་བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཀྵ་ཀུ་རུ་ཧཱུྃ༔ བཞི་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་ཐམས་ཅད་བདེ་བ་ཅན་གྱི་ཞིང༔ ཡེ་ནས་ལྷུན་རྫོགས་འོད་གསལ་སྙིང་པོའི་ལྷ༔ གློ་བུར་འཁྲུལ་པའི་དྲི་མས་བསྒྲིབས་ལགས་ན༔ རང་གསལ་རིག་པ་ཡེ་ཤེས་སྒོ་དབྱེ་འཚལ༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་པྲ་ཝེ་ཤ་ཡ་ཕཊ༔ ལྔ་པ་རང་རིག་མཇལ་ཕྱག་ནི༔ ཧཱུྃ་ཧྲཱི༔ སྔོན་ནས་མ་རིག་སྒྲིབ་པས་བར་བཅད་པའི༔ རང་བྱུང་རང་ཤར་ཚེ་ཡི་དཀྱིལ་འཁོར་ལྷ༔ འཁྲུལ་པའི་དྲི་བྲལ་ལྷན་སྐྱེས་རྫོགས་པར་མཇལ༔ སྐུ་དང་ཞིང་ཁམས་དབྱེར་མེད་ངང་དུ་འདུད༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དྲུག་པ་མ་རིག་ཉེས་བཤགས་ནི༔ ཧཱུྃ་ཧྲཱི༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ༔ རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆེ༔ ཚུལ་བཞིན་མ་རྟོགས་ཉེས་འགལ་གང་བགྱིས་པ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ བྱང་ཞིང་དག་ནས་ཚངས་པར་གནས་གྱུར་ཅིག༔ ས་མ་ཡ་ཤུདྡྷེ་ཨ༔ བདུན་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ༔ བསྐལ་པ་གོང་ནས་ཚེ་བདག་རིགས་ལྔའི་ཚོགས༔ རང་རིག་དབྱིངས་སུ་སྒྲིབ་མེད་བཞུགས་གྱུར་ཀྱང༔ རང་ངོ་མ་ཤེས་འཁོར་བར་གཏན་འཁྱམས་པ༔ དེང་འདིར་རང་སེམས་ཚེ་དཔག་མེད་མགོན་དུ༔ དབྱེར་མེད་ངོ་འཕྲོད་གཉིས་སུ་མེད་པ་འདི༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་པར་བགྱི༔ ས་མ་ཡ་བོ་དྷི་ཙིཏྟ་ཧཱུྃ༔ བརྒྱད་པ་དཀྱིལ་འཁོར་རྒྱན་དགོད་པ༔ ཧཱུྃ༔ རང་བྱུང་ཚེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ མི་འདའ་བཅོམ་ལྡན་འཁོར་བཅས་སྒྲུབ་པའི་ཕྱིར༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ སྣོད་བཅུད་ཡོངས་རྫོགས་ཡེ་ཤེས་རྒྱན་དང་ལྡན༔ བཀྲ་ཤིས་བྷནྡྷ་བདུད་རྩིའི་བཅུད་ཀྱིས་བཀང༔ མི་འགྱུར་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ རིན་ཆེན་དབུ་རྒྱན་གདུལ་བྱ་དང་བ་འདྲེན༔ རྡོ་རྗེ་དྲིལ་བུ་ཐབས་དང་ཤེས་རབ་སྦྱོར༔ འཆི་མེད་རྫས་མཆོག་ཚེ་ཡི་བཟའ་བཏུང་དང༔ ཕོ་ཉའི་ཚོགས་སྤྲོ་ཚེ་རྟེན་མདའ་དར་ཆེ༔ འདོད་ཡོན་མ་སྤངས་མཆོད་པའི་སྤྲིན་ཕུང་འཕྲོ༔ མདའ་དར་མེ་ལོང་དྲྭ་བས་ཡེ་ཤེས་སྐྱེད༔ ཕུར་པ་རལ་གྲིས་བར་ཆད་བགེགས་དཔུང་འཇོམས༔ ཞིང་ཁམས་ཡོངས་རྫོགས་འཕན་གདུགས་བླ་བྲེ་འཕྱར༔ བདེ་ཆེན་ཡེ་ཤེས་སྐྱེད་པ་བཀྲ་ཤིས་ཡུམ༔ སྣ་ཚོགས་ཐབས་མཁས་འདུས་པ་རྣམ་གཉིས་སོགས༔ ཕོ་བྲང་རྒྱན་དང་ལྡན་པར་བཞུགས་སུ་གསོལ༔ སརྦ་ཛྙཱ་ན་མཎྜ་ལ་ཏིཥྛ་ཧཱུྃ༔ དགུ་པ་བྱིན་ཆེན་དབབ་པ་ནི༔ སྤོས་བསྲེགས་རོལ་མོའི་སྒྲ་དང་བཅས༔ གདུང་བའི་དབྱངས་ཀྱི་སྒྲས་བསྐུལ་ཏེ༔ ཉམས་རྟོགས་སྤར་ལ་གཟི་བྱིན་བསྐྱེད༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་མ་ལུས་ཀུན༔ རང་བཞིན་འོད་གསལ་ཀློང་ནས་སྐུར་བཞེངས་ལ༔ ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་སྤྲིན་ཕུང་གཏིབས༔ སྐུ་ཡིས་གར་སྒྱུར་གསུང་གིས་ཛཔ྄་སྒྲ་སྒྲོགས༔ ཐུགས་ཀྱིས་བརྩེ་བར་དགོངས་ལ་བྱིན་གྱིས་རློབས༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ འཆི་མེད་སྒྲུབ་པའི་རྫས་ལ་བཅུད་མཆོག་སྩོལ༔ འདིར་ཚོགས་རྣལ་འབྱོར་ཕོ་མོའི་བར་ཆད་སོལ༔ འཆི་མེད་ཚེ་དང་ཡེ་ཤེས་ཉམས་རྟོགས་སྤོར༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཅུ་པ་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་མ་ཧཱ་མུ་དྲ་ཨཱཿཧཱུྃ༔ ཨོཾ་བཛྲ་པདྨ་སུ་ཁ་ཨཱཿཧཱུྃ༔ ཨོཾ་ཨཱ་ཡུརྫྙཱ་ན་སུ་ར་ཨཱཿཧཱུྃ༔ སྔགས་རྣམས་བཟླས་ཤིང་བྱིན་གྱིས་བརླབ༔ དེ་ཡིས་སྔོན་འགྲོའི་ལས་རིམ་རྫོགས༔ ས་མ་ཡ༔ གཉིས་པ་དངོས་གཞིའི་ཆོས་བཅུ་ལས༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་ཡེ་ནས་སྟོང་པའི་ངང༔ འོད་གསལ་རང་གདངས་སྙིང་རྗེར་ཀུན་ཏུ་སྣང༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྒྱུ་ཡི་ཧཱུྃ༔ འབར་བའི་འོད་ཀྱིས་སྣོད་བཅུད་དག་པར་སྦྱངས༔ དྷརྨ་དྷཱ་ཏུ་ཤུདྡྷེ་ཨ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ བོ་དྷི་ཙིཏྟ་ཧཱུྃ༔ གཉིས་པ་གཞི་དང་རྟེན་བསྐྱེད་པ༔ ཧཱུྃ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ ནམ་མཁའ་འབྱམས་ཀླས་སྟོང་ཆེན་རླུང་གི་དལ༔ རཀྟའི་རྦ་ཀློང་ཞིང་ཆེན་བརྡལ་བའི་ས༔ ཀེང་རུས་རི་རབ་བསྐལ་པའི་མེ་ཆེན་འབར༔ སླར་ཡང་ཧཱུྃ་ལས་པཾ་བྷྲཱུྃ་ཧཱུྃ་འཕྲོས་པས༔ པདྨ་འདབ་སྟོང་རྡོ་རྗེའི་ས་གཞིའི་དབུས༔ རིན་ཆེན་གཞལ་ཡས་སྒོ་དང་གྲུ་ཆད་རྫོགས༔ རྩིག་པ་རིམ་ལྔ་ཕ་གུ་འདོད་སྣམ་དང༔ མུན་པ་ཤར་བུ་མདའ་ཡབ་རེ་རེ་བཞིན༔ པདྨ་རིན་ཆེན་རྡོ་རྗེའི་ཕྲེང་བས་མཛེས༔ སྣམ་བུ་བརྒྱད་ལྡན་བུམ་པ་ཆོས་འཁོར་ལོ༔ རི་དྭགས་ཚེ་བུམ་ནོར་བུ་གདུགས་དང་འཕན༔ དར་དཔྱང་རྔ་ཡབ་ཕྱེ་འཕུར་རྣམས་ཀྱིས་བརྒྱན༔ དབུས་ཀྱི་ཆོས་འཁོར་རྡོ་རྗེ་ནོར་བུས་སྤྲས༔ ཕྱི་ནང་བར་ཁྱམས་མཆོད་པའི་ལྷ་མོ་འཁྲིགས༔ ནང་དུ་པདྨ་འདབ་བརྒྱད་རིན་ཆེན་སྤེལ༔ འཇའ་ཚོན་འོད་ལྔར་འབར་བའི་ཀློང་དཀྱིལ་དུ༔ དབུས་དང་ཕྱོགས་བཞིར་སེང་གེ་གླང་ཆེན་རྟ༔ རྨ་བྱ་ཤང་ཤང་རྣམས་ཀྱིས་བཏེགས་པ་ཡི༔ རིན་ཆེན་མཛེས་ཁྲིར་མ་ཆགས་པདྨ་དང༔ ཐབས་ཤེས་ཉི་ཟླ་དར་ཟབ་ལྷོད་འབོལ་བརྩེགས༔ གཞལ་ཡས་གདན་བཅས་སྣང་སྟོང་འོད་དུ་འབར༔ ཕྱི་ནང་སྒྲིབ་མེད་ཟང་ཐལ་ཆེན་པོར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ རཏྣ་པདྨ་སཱུརྻ་ཙནྡྲ་མཎྜ་ལ་བྷྲཱུྃ༔ གསུམ་པ་བརྟེན་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རྒྱུ་ཡི་ཧཱུྃ་ཡིག་དབུས་ཀྱི་ཁྲི་ལ་བབས༔ འོད་འཕྲོས་དོན་གཉིས་བྱས་འདུས་ཞུ་བ་ལས༔ ཉི་ཟླའི་བར་དུ་འཁོར་ལོ་ཨོཾ་གྱིས་མཚན༔ རྗེས་ཆགས་འོད་ཞུ་བདེ་སྟོང་ཟུང་འཇུག་སྐུ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ དཀར་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་པའི་ཚུལ༔ ཞི་འཛུམ་དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན༔ དར་གྱི་སྟོད་གཡོགས་སྨད་ཤམ་དར་དཔྱང་དང༔ ཟི་ལྡིར་གསེར་གྱི་ཧ་རིས་བཀྲ་བས་མཛེས༔ མཉམ་གཞག་ཕྱག་ན་ཚེ་བུམ་འཁོར་ལོ་འཛིན༔་་་རིགས་ལྔ་ཐམས་ཅད་ཕྱག་མཉམ་གཞག་སྟེང་ན་ཚེ་བུམ་སོ་སོའི་རིགས་ཀྱི་ཕྱག་མཚན་གྱིས་ཁ་བརྒྱན་པ་བསྣམས་པའོ། །མཆན། མགུལ་རྒྱན་སེ་མོ་དོ་ཤལ་སྐུ་རེགས་ལ༔ རིན་ཆེན་དྲྭ་ཕྱེད་གཡེར་ཁས་མཛེས་པར་བྱས༔ སྙན་ཆ་གདུ་བུ་འོད་འབར་རྣམས་ཀྱིས་སྤྲས༔ རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པ་དེ་ཡི་པང༔ ཚེ་ཡི་བདག་མོ་དབྱིངས་ཕྱུག་དཀར་མོ་ནི༔ གཅེར་བུ་གཞོན་ཚུལ་ནུ་འབུར་བྷ་ག་རྒྱས༔ མཛེས་པའི་ཕུལ་ཕྱིན་དབུ་སྐྲ་ཐུར་དུ་འཕྱང༔ རིན་ཆེན་རྒྱན་ལྡན་མདའ་དར་ཚེ་བུམ་བསྣམས༔ ཞབས་ཟུང་ཡབ་ལ་འཁྲིལ་ནས་བདེ་ཆེན་སྦྱོར༔ སྙོམས་འཇུག་བདེ་རོལ་བྱང་སེམས་འཕྲོ་འདུ་ལས༔ རིགས་བཞིའི་ཕྱག་མཚན་ས་བོན་དང་བཅས་པ༔ ཡོངས་གྱུར་ཕྱོགས་བཞིའི་ཁྲི་སྟེང་སྲས་ཀྱི་ཚུལ༔ ཤར་དུ་མི་བསྐྱོད་ཚེ་དཔག་མེད་མགོན་མཐིང༔ ལོངས་སྐུའི་རྒྱན་རྫོགས་ཚེ་བུམ་རྡོ་རྗེ་འཛིན༔ ཡུམ་མཆོག་མཱ་ཀཱི་སྔོན་མོར་དགྱེས་པར་རོལ༔ ལྷོ་རུ་རིན་འབྱུང་ཚེ་དཔག་མེད་མགོན་སེར༔ ལོངས་སྐུའི་རྒྱན་རྫོགས་ཚེ་བུམ་རིན་ཆེན་བསྣམས༔ ཡུམ་མཆོག་སྤྱན་མ་སེར་མོར་གཉིས་མེད་འཁྲིལ༔ ནུབ་ཏུ་སྣང་མཐའ་ཚེ་དཔག་མེད་མགོན་དམར༔ ལོངས་སྐུའི་རྒྱན་རྫོགས་ཚེ་བུམ་པདྨ་འཛིན༔ ཡུམ་མཆོག་གོས་དཀར་དམར་མོར་མཉམ་པར་སྦྱོར༔ བྱང་དུ་དོན་གྲུབ་ཚེ་དཔག་མེད་མགོན་ལྗང༔ ལོངས་སྐུའི་རྒྱན་རྫོགས་ཚེ་བུམ་རྒྱ་གྲམ་བསྣམས༔ ཡུམ་མཆོག་དོན་གྲུབ་སྒྲོལ་མ་ལྗང་གསལ་འཁྲིལ༔ ཤར་སྒོར་མགྱོགས་མ་དཀར་མོ་གཡས་ལྕགས་ཀྱུ༔ ལྷོ་སྒོར་མགྱོགས་མ་སྔོན་མོ་གཡས་ཞགས་པ༔ ནུབ་སྒོར་མགྱོགས་མ་དམར་མོ་གཡས་ལྕགས་སྒྲོག༔ བྱང་སྒོར་མགྱོགས་མ་ལྗང་གུ་གཡས་དྲིལ་བུ༔ ཀུན་ཀྱང་གཡོན་པས་བདུད་རྩིའི་ཚེ་བུམ་བསྣམས༔ རིགས་ཀྱི་ཁ་དོག་དར་དང་རིན་ཆེན་བརྒྱན༔ གཞན་ཡང་རབ་འབྱམས་ཚེ་ལྷ་འཁོར་དང་བཅས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་རུ་གསལ༔ བཞི་པ་དབང་བསྐུར་བྱིན་བརླབ་ནི༔ ཧཱུྃ༔ རང་བྱུང་ལྷ་ལ་རང་གསལ་ཡེ་ཤེས་ལྔ༔ ཉོན་མོངས་ཡེ་དག་དབང་ཆེན་ཡོངས་སུ་རྫོགས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ རྒྱལ་བ་ཀུན་དང་གོ་འཕང་གདོད་ནས་མཉམ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ལྔ་པ་ཡེ་ཤེས་དགུག་བསྟིམ་ནི༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་ལྔ་ལྡན་ཞིང་ཁམས་ནས༔ བདེ་གཤེགས་ཚེ་བདག་རིགས་ལྔ་སྐུར་བཞེངས་ཤིག༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མའི་ཚོགས༔ རིག་འཛིན་དཔའ་བོ་མཁའ་འགྲོ་འཁོར་དང་བཅས༔ མོས་པའི་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར༔ རབ་འབྱམས་དག་པའི་ཞིང་ནས་གནས་འདིར་བྱོན༔ དགྱེས་པའི་སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་དབྱངས་ཛཔ྄་ཀྱི་སྔགས་སྒྲ་འུ་རུ་རུ༔ ཐུགས་རྗེ་རང་བྱུང་དགོངས་པ་ཤ་ར་ར༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་སྤུངས་སེ་སྤུང༔ ལྷ་རྫས་དར་གྱི་ན་བཟའ་ལྷུབས་སེ་ལྷུབ༔ རིན་ཆེན་རུས་པའི་རྒྱན་ཆ་སི་ལི་ལི༔ དར་གདུགས་ཅོད་པན་མང་པོ་པུ་རུ་རུ༔ གླུ་དབྱངས་རོལ་མོའི་སྒྲ་སྐད་དི་རི་རི༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཛཔ྄་དབྱངས་བྱ་ཞིང་རོལ་མོ་འཁྲོལ༔ ཧཱུྃ་ཧྲཱི༔ ཡེ་ནས་དམ་ཚིག་ཡེ་ཤེས་གཉིས་མེད་ཀྱང༔ གློ་བུར་གཉིས་སྣང་བག་ཆགས་སྦྱོང་སླད་དུ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་ངང༔ འགྲོ་བའི་དོན་ཕྱིར་དགྱེས་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ དྲུག་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱི༔ བཅོམ་ལྡན་ཚེ་བདག་རྒྱལ་བ་རིགས་ལྔའི་ལྷ༔ རང་བྱུང་སྐུ་གསུང་ཐུགས་དང་ཡོན་ཏན་ལྡན༔ ཕྲིན་ལས་མཛད་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བདུན་པ་མཆོད་པ་འབུལ་བ་ལ༔ ཉེར་སྤྱོད་ཕྱི་ཡི་མཆོད་པ་ནི༔ ཧཱུྃ་ཧྲཱི༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ མཆོད་ཡོན་ལྷ་མོ་དཀར་མོས་ཁྲུས་ཆབ་སྦྲེང༔ ཞབས་བསིལ་ལྷ་མོ་སྔོན་མོས་ཞབས་བསིལ་ཐོགས༔ མེ་ཏོག་ལྷ་མོས་མེ་ཏོག་ཆར་ཆེན་འབེབ༔ བདུག་སྤོས་ལྷ་མོ་སྔོན་མོས་ཞིང་ཀུན་ཁྱབ༔ སྣང་གསལ་ལྷ་མོ་མར་མེ་མཛེས་པའི་གཟུགས༔ དྲི་ཆབ་ལྷ་མོ་ལྗང་གུས་བདེ་ཆེན་སྐྱེད༔ ཞལ་ཟས་ལྷ་མོས་ཞལ་ཟས་སྣ་ཚོགས་ཐོགས༔ བསམ་གྱིས་མི་ཁྱབ་རོལ་མོའི་ལྷ་མོ་རྣམས༔ དཀྱིལ་འཁོར་བར་ཁྱམས་ཡོངས་བཀང་མཆོད་པར་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་གནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་ནཻ་བིདྱཱ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་ནི༔ ཨོཾ༔ ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི༔ རིན་ཆེན་སྣ་ཚོགས་ལས་གྲུབ་འཁོར་ལོ་འབར༔ འདོད་དགུའི་ཆར་འབེབ་ཡིད་བཞིན་དབང་གི་རྒྱལ༔ མཛངས་ཤིང་མཛེས་པའི་ཕུལ་བྱུང་བཙུན་མོ་དང༔ ཤེས་རབ་ཐབས་དང་ལྡན་པའི་བློན་པོ་མཆོག༔ ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ༔ རྫུ་འཕྲུལ་ཤུགས་ཀྱིས་བགྲོད་པའི་རྟ་མཆོག་དཔལ༔ ཕ་རོལ་རྒོལ་བ་འཇོམས་པའི་དམག་དཔོན་སོགས༔ མི་དབང་འབྱོར་པའི་ཁྱད་པར་ཇི་སྙེད་ཀུན༔ སྲིད་ཞིའི་རྒྱལ་སྲིད་མ་ལུས་འཐོབ་བྱའི་ཕྱིར༔ ཚེ་བདག་རིགས་ལྔ་སྤྲུལ་པར་བཅས་པ་ཡི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ བཀྲ་ཤིས་གསེར་ཉ་པདྨ་དུང་དཔལ་བེ༔ བུམ་བཟང་གདུགས་དང་རྒྱལ་མཚན་འཁོར་ལོ་སྟེ༔ རྣམ་པར་རྒྱལ་བའི་བཀྲ་ཤིས་རྟགས་བརྒྱད་ཀྱང༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ བཀྲ་ཤིས་ཞོ་དང་གི་ཝང་སིནྡྷུ་ར༔ རྩྭ་མཆོག་མེ་ལོང་བིལ་བ་ཡུངས་དཀར་དང༔ ཆོས་ཀྱི་དུང་བཅས་ཤིས་པའི་རྫས་བརྒྱད་ཀྱང༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ འདོད་ཡོན་ནང་གི་མཆོད་པ་ནི༔ ཧཱུྃ༔ འདི་ན་སྣ་ཚོགས་གཟུགས་མཆིས་ཀྱི༔ གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན༔ རྒྱལ་བའི་ཚོགས་རྣམས་འདི་ལ་དགྱེས༔ གཟུགས་མཛེས་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་རཱུ་པ་ཨོཾ༔ འདི་ན་སྣ་ཚོགས་སྒྲ་མཆིས་ཀྱི༔ སྒྲ་ཡི་ལྷ་མོས་པི་ཝཾ་འཛིན༔ རྒྱལ་བའི་ཚོགས་རྣམས་འདི་ལ་དགྱེས༔ སྒྲ་སྙན་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་ཤབྡ་ཧཱུྃ༔ འདི་ན་སྣ་ཚོགས་དྲི་མཆིས་ཀྱི༔ དྲི་ཡི་ལྷ་མོས་དུང་ཕོར་འཛིན༔ རྒྱལ་བའི་ཚོགས་རྣམས་འདི་ལ་དགྱེས༔ དྲི་བཟང་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་གནྡྷེ་ཨཱ༔ འདི་ན་སྣ་ཚོགས་རོ་མཆིས་ཀྱི༔ རོ་ཡི་ལྷ་མོས་ཞལ་ཟས་འཛིན༔ རྒྱལ་བའི་ཚོགས་རྣམས་འདི་ལ་དགྱེས༔ རོ་མཆོག་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་ར་ས་ཧྲཱི༔ འདི་ན་སྣ་ཚོགས་རེག་མཆིས་ཀྱི༔ རེག་བྱའི་ལྷ་མོས་ན་བཟའ་འཛིན༔ རྒྱལ་བའི་ཚོགས་རྣམས་འདི་ལ་དགྱེས༔ ན་བཟའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་སྤརྴེ་ཏྲཱཾ༔ བདེ་ཆེན་གསང་བའི་མཆོད་པ་ནི༔ ཧཱུྃ༔ གཟུགས་མཛེས་ཡིད་འོང་ལྷ་མོ་ནི༔ པདྨ་དུང་ཅན་རི་དྭགས་མ༔ གླང་སྣ་ཅན་མའི་ཕྱག་རྒྱའི་ཚོགས༔ གླུ་ལེན་གར་བསྒྱུར་སྒེག་པ་མ༔ ཕྲེང་བ་ཐོགས་པ་རྣམ་པ་བཞི༔ གཞན་ཡང་རོལ་མོ་ཐོགས་པ་ཡི༔ བདེ་སྐྱེད་ལྷ་མོ་གྲངས་མེད་པས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ གུ་ཧྱ་མུ་དྲ་པཱུ་ཛ་ཧོ༔ བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ དུག་ལྔ་གནས་གྱུར་ཡེ་ཤེས་རྫས༔ ཛ་གད་དཔའ་བོའི་ཕུད་ཀྱིས་མཆོད༔ སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མཚན་དོན་སྦྱར་ཞིང་དངོས་གྲུབ་བླང༔ དམར་ཆེན་རཀྟའི་མཆོད་པ་ནི༔ ཧཱུྃ༔ ཉོན་མོངས་རྩ་བ་འཁོར་བའི་ཁྲག༔ ཁམས་གསུམ་ཐམས་ཅད་སྟོང་བྱའི་ཕྱིར༔ ཁྲག་ཆེན་རྒྱ་མཚོ་རྦ་ཀློང་འཁྲུགས༔ ཆགས་མེད་རཀྟའི་མཆོད་པ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ འདོད་ཡོན་གཏོར་མའི་མཆོད་པ་ནི༔ ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ ཆོས་དབྱིངས་སྐྱེ་མེད་ཀློང་ལས་སྤྲུལ༔ འདོད་ཡོན་མཆོད་སྤྲིན་མཁའ་ལ་འཕྲོ༔ འཆི་མེད་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ བརྒྱད་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ མཁའ་ཁམས་རྣམ་དག་དབྱིངས་ཕྱུག་ཡུམ་དང་སྦྱོར༔ དེ་བཞིན་རིགས་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་མི་བསྐྱོད་ཚེ་དཔག་མེད༔ ཆུ་ཁམས་རྣམ་དག་མཱ་ཀཱི་ཡུམ་དང་སྦྱོར༔ རྡོ་རྗེའི་རིགས་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད༔ མཉམ་ཉིད་ཡེ་ཤེས་ཀློང་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་རིན་འབྱུང་ཚེ་དཔག་མེད༔ ས་ཁམས་རྣམ་དག་སྤྱན་མ་ཡུམ་དང་སྦྱོར༔ རིན་ཆེན་རིགས་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད༔ སོར་རྟོག་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད༔ མེ་ཁམས་རྣམ་དག་གོས་དཀར་ཡུམ་དང་སྦྱོར༔ པདྨའི་རིགས་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད༔ བྱ་གྲུབ་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་དོན་གྲུབ་ཚེ་དཔག་མེད༔ རླུང་ཁམས་རྣམ་དག་སྒྲོལ་མ་ཡུམ་དང་སྦྱོར༔ ལས་ཀྱི་རིགས་མཆོག་རྒྱལ་ལ་ཕྱག་འཚལ་བསྟོད༔ ཚད་མེད་བཞི་ཡི་དབྱིངས་ལས་སྐུར་བཞེངས་པ༔ དཀར་མོ་ཞི་མཛད་སྔོན་མོ་འཕེལ་མཛད་མ༔ དམར་མོ་སྡུད་མཛད་ལྗང་མོ་བརྟན་མཛད་མ༔ ལྷ་མོ་མགྱོགས་མ་བཞི་ལ་ཕྱག་འཚལ་བསྟོད༔ དགུ་པ་ཛཔ྄་ལ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཚེ་དང་ཡེ་ཤེས་སྣང་བའི་དཀྱིལ་འཁོར་འདིར༔ སེང་གེ་ལ་སོགས་རིན་ཆེན་ཁྲི་ལྔ་དང༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང༔ བཅོམ་ལྡན་མགོན་པོ་ཚེ་བདག་རིགས་ལྔ་དང༔ རིགས་ཀྱི་ཡུམ་གྱུར་སྤྲུལ་པ་ཕྱག་བརྙན་བཅས༔ མཛེས་པའི་སྐུ་ནི་མཚན་དང་དཔེ་བྱད་རྫོགས༔ གསུང་དབྱངས་ཛཔ྄་ཀྱི་སྔགས་སྒྲས་ཞིང་ཀུན་ཁྱབ༔ ཐུགས་ནི་རང་བྱུང་ཡེ་ཤེས་དགོངས་པར་ལྡན༔ ཨོཾ་གྱིས་སྤྲོས་པས་སྟོང་གསུམ་འཇིག་རྟེན་གང༔ སངས་རྒྱས་སྲས་དང་བཅས་པའི་ཡེ་ཤེས་ཚེ༔ ལྷ་དང་དྲང་སྲོང་རིག་པ་འཛིན་པ་དང༔ འཁོར་ལོས་སྒྱུར་རྒྱལ་དྲེགས་པའི་གཙོ་བོར་བཅས༔ མ་ལུས་ཀུན་གྱི་ཚེ་དང་བསོད་ནམས་དང༔ འབྱུང་བའི་བཅུད་རྣམས་ཨོཾ་གྱི་རྣམ་པར་སྡུས༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ མི་འགྱུར་མི་ཤིགས་ཚེ་ཡི་དངོས་གྲུབ་ཐོབ༔ ཨཱཿཡིས་བསྐུལ་བས་ཛཔ྄་དབྱངས་རང་སྒྲ་སྒྲོགས༔ ཧཱུྃ་གི་དགོངས་པས་བདེ་སྟོང་ཏིང་འཛིན་བརྟན༔ མ་གསལ་བར་དུ་ཕྱག་རྒྱ་བསྐྱེད་ཅིང་བསྒོམ༔ མ་གྲུབ་བར་དུ་སྙིང་པོ་མི་གཏང་ངོ༔ ཞེས་བསྐུལ་བཟླས་པ་བྱ་བ་ནི༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ སྤྲོ་བསྡུའི་དམིགས་པ་རྩེ་གཅིག་གསལ༔ ཚེ་གཟུངས་བཟླ་ཞིང་གར་ཐབས་བསྒྱུར༔ ཉམས་རྟོགས་སྦར་ཞིང་རིག་རྩལ་འདོན༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ རབ་ལ་བུམ་ཆུ་ཁོལ་བ་དང༔ དངོས་སུ་ཡི་དམ་ལྷ་ཞལ་མཐོང༔ འབྲིང་ལ་རྟེན་འབྲེལ་བཟང་རྟགས་དང༔ ཉམས་ལ་དེ་རྣམས་འབྱུང་བར་འགྱུར༔ ཐ་མ་རྨི་ལམ་ཉི་ཟླ་ཤར༔ ཤིང་ཏོག་ལ་ནི་ལོངས་སྤྱོད་སོགས༔ དེ་དག་ཚེ་ཡི་ལྟས་སུ་ཤེས༔ ཐུན་མཚམས་ཚེ་འགུགས་ཡང་ཡང་བྱ༔ བཅུ་པ་མཆོད་བསྟོད་དབང་བླང་ནི༔ ཧཱུྃ་ཧྲཱི༔ རང་སྣང་རྣམ་པར་དག་པའི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་སྤྱན་འདྲེན་གཤེགས༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི༔ ཕྱི་ནང་གསང་མཆོད་ཛཔ྄་བསྙེན་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསྟོད༔ བག་མེད་འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ རྡོ་རྗེ་མི་ཕྱེད་གསུམ་གྱི་དབང་མཆོག་སྐུར༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཚེ་གཟུངས་བཟླ་ཞིང་རོལ་མོའི་ཚོགས༔ བསྒྲགས་ནས་འཆམ་སྟབས་དཀྱིལ་འཁོར་བསྐོར༔ དེ་ཡིས་དངོས་གཞིའི་ལས་རིམ་རྫོགས༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ཆོས་བཅུ་ལས༔ དང་པོ་འདོད་ཡོན་ཚོགས་འཁོར་ནི༔ ཚེ་གལ་མཱཾ་ས་ཟླ་རྒྱས་དང༔ ཟླ་ཁྲོམ་ཁུར་བ་བཙོང་སྒོག་སོགས༔ ཟས་སྣ་འབྱོར་ཚད་གཙང་དག་ཏུ༔ ཞིང་གི་པགས་པའི་ཁ་རུ་བཤམས༔ རྣལ་འབྱོར་ཐབས་ཤེས་རིམ་འཁོད་ནས༔ ལས་ཀྱི་རྡོ་རྗེས་འདི་སྐད་གསོལ༔ ཧོ༔ རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་འདིར་རྡོ་རྗེ་སློབ་དཔོན་གྱིས་དབུ་བཟུང་འདུས་པ་ཐམས་ཅད་དགོངས་སུ་གསོལ༔ དེང་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་བར་འཚལ་ན་ཐུགས་རྗེས་དགོངས་ཏེ་བཞེས་པར་གསོལ་ཞིང་གནང་བ་བསྩལ་དུ་གསོལ༔ གནང་བ་སྦྱིན་ཕྱིར་སློབ་དཔོན་གྱིས༔ ཧོ༔ བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང༔ འདིར་ཚོགས་པ་རྣམས་ཀྱི་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་ཚོགས་ཀྱི་འཁོར་ལོ་བདེ་བ་ཆེན་པོ་བླ་ན་མེད་པ་བསྐོར་བ་ནི་ངོ་མཚར་ཆེ་སྟེ༔ རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་བསྐང་བ་དང༔ ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཆེན་པོའི་སླད་དུ་བཞེས་པར་གནང་གིས་ཆོ་ག་ཚུལ་བཞིན་དུ་གྱིས་ཤིག༔ དེ་ནས་རྫས་ལ་བསང་ཆུ་འཐོར༔ ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ན་ཧཱུྃ་ཕཊ༔ རཾ་སྥ་ར་ཎ་ཕཊ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་སྥ་ར་ཎ་ཕཊ༔ སྟོང་པའི་ངང་ལས་ཚོགས་ཁང་རྣམ་པར་དག་པ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས༔ འདུས་པ་རྣམས་ལྷ་དང་ལྷ་མོའི་རོལ་པ༔ ཚོགས་གཏོར་ཡཾ་ལས་རླུང༔ རཾ་ལས་མེ༔ ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ༔ ཚོགས་གཞོང་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་ཙམ་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཕྱག་མཚན་ལྔ་དྲིལ་བུ་ལྔ་སྙིང་པོ་བཅུ་རྣམས་ཀྱིས་མཚན་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡཾ་ལས་རླུང་གཡོས༔ རཾ་ལས་མེ་འབར༔ རྫས་རྣམས་ཞུ་ཞིང་འདྲེས་པ་ཁ་དོག་དམར་སེར་དུ་གྱུར༔ སླར་ཡང་འོད་ཟེར་སྣ་ལྔ་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འཁོར་འདས་ཀྱི་བདུད་རྩི་དང་ཚེ་ཡི་བཅུད་ཐམས་ཅད་བསྡུས་ཏེ་སྟེང་གི་ནམ་མཁའ་ལ་རིགས་ལྔ་ཡབ་ཡུམ་བཅུར་གྱུར༔ སྦྱོར་བ་མཛད་པས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་སྟེ་རྫས་ལ་ཐིམ་པ་ལས་དམ་ཚིག་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་འཆི་མེད་ཀྱི་བདུད་རྩི་འདོད་ཡོན་སྣ་ཚོགས་པའི་སྤྲིན་རབ་འབྱམས་སུ་འཕྲོ་བའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་བྱིན་གྱིས་བརླབས་བྱས་ཏེ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ འོག་མིན་བདེ་ལྡན་རིགས་ལྔའི་ཞིང་ཁམས་ནས༔ རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་ཡེ་ཤེས་གཞལ་ཡས་ཁང་དུ་སྒྱུར༔ འདིར་ཚོགས་སྐལ་ལྡན་རྣལ་འབྱོར་ཕོ་མོ་རྣམས༔ ཐབས་ཤེས་ལྷ་དང་ལྷ་མོར་བྱིན་རློབས་ལ༔ གཉིས་མེད་སྦྱོར་བའི་འདོད་ཡོན་རྣམ་པ་ལྔ༔ བདེ་ཆེན་ཡེ་ཤེས་རོལ་པའི་བྱིན་ཆེན་ཕོབ༔ འཆི་མེད་ཚེ་ཡི་ཚོགས་ཀྱི་ལོངས་སྤྱོད་རྫས༔ བསམ་གྱིས་མི་ཁྱབ་མཆོད་པའི་སྤྲིན་ཕུང་ཆེ༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་རློབས༔ བཛྲ་ས་མ་ཡ་ཛཿཛ༔ ཚོགས་ཁང་བདེ་ཆེན་ཕོ་བྲང་ཉམས་རེ་དགའ༔ འདིར་ཚོགས་རྣལ་འབྱོར་ཕོ་མོ་དམ་ཚིག་གཙང༔ བདེ་ཆེན་ཡེ་ཤེས་སྦྱོར་བ་ཐབས་དང་ལྡན༔ ལོངས་སྤྱོད་འདོད་ཡོན་ཚོགས་འཁོར་བཅུད་རེ་ཆེ༔ བླ་མ་ཡི་དམ་སྒྱུ་འཕྲུལ་ཚེ་ཡི་ལྷ༔ དཔའ་བོ་མཁའ་འགྲོ་ཕྱི་ནང་དམ་ཅན་རྣམས༔ ཚོགས་རྟེན་ཉི་ཟླ་པདྨའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་པ་འབུལ༔ ཉམས་ཆག་བཤགས་ཤིང་དགེ་ལ་ཡི་རང་ངོ༔ ཆོས་འཁོར་བསྐོར་བཞིན་མྱ་ངན་མི་འདའ་བཞུགས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ལ་བརྟེན་ནས༔ ཚེ་འདིར་སངས་རྒྱས་ཐོབ་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་པཱུ་ཛ་ཧོ༔ ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ༔ དང་པོ་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་ནས་ཀྱང༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ་བ་དང༔ དཔལ་དང་སྙན་གྲགས་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པ་དང༔ འབྲས་བུ་སྐུ་གསུམ་ཐོབ་པར་བྱིན་གྱིས་རློབས༔ མ་ཧཱ་གྷ་ཎ་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་བསྐང་བཤགས་བྱ་བ་ནི༔ ཧཱུྃ་ཧྲཱི༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་པོ༔ བག་མེད་དབང་གྱུར་ཉམས་ཆག་འགལ་འཁྲུལ་རྣམས༔ ཐུན་མོང་ཕྱི་ཡི་མཆོད་པས་བསྐང་ཞིང་བཤགས༔ སྐུ་མཆོག་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་པོ༔ བག་མེད་དབང་གྱུར་ཉམས་ཆག་འགལ་འཁྲུལ་རྣམས༔ འདོད་ཡོན་ནང་གི་མཆོད་པས་བསྐང་ཞིང་བཤགས༔ གསུང་མཆོག་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་པོ༔ བག་མེད་དབང་གྱུར་ཉམས་ཆག་འགལ་འཁྲུལ་རྣམས༔ བདེ་ཆེན་གསང་བའི་མཆོད་པས་བསྐང་ཞིང་བཤགས༔ ཐུགས་མཆོག་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་པོ༔ བག་མེད་དབང་གྱུར་ཉམས་ཆག་འགལ་འཁྲུལ་རྣམས༔ བླ་མེད་མཆོག་གི་མཆོད་པས་བསྐང་ཞིང་བཤགས༔ ཡེ་ཤེས་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཐ་མས་བསྒྲལ་མཆོད་ནི༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ གསང་སྔགས་རིག་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ ཆོས་ཉིད་གདོད་ནས་དག་པའི་བདེན་པ་དང༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༔ བླ་མ་བསྟན་གཉིས་སྐོར་གསུམ༔ ཡི་དམ་ཞི་ཁྲོ་རབ་འབྱམས༔ འཆི་མེད་ཚེ་ཡི་ལྷ་ཚོགས༔ མཁའ་འགྲོ་དགོངས་པ་འདུས་པའི་དཀྱིལ་འཁོར༔ དཔལ་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག་པོ་བཀའ་སྡོད་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས༔ འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ་དང༔ ཡུན་གྱི་བྱང་ཆུབ་ལ་བར་དུ་གཅོད་པ༔ མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག༔ ནྲྀ་ཏྲི་ཨཾ་ཀུ་ཤ་ཛཿཛ༔ ཧཱུྃ༔ སྟོང་གསུམ་ཨེ་ཡི་དབྱིངས་ཉིད་དུ༔ ཁམས་གསུམ་པོ་རྣམས་ཁྲོ་བོར་བཞེངས༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབས༔ ཨེ་ཡི་དཀྱིལ་འཁོར་ཆེན་པོ་འདིར༔ འབར་བ་གཏུམ་ཆེན་རྔམས་པའི་ཚོགས༔ ཁྲོས་པའི་ཡིད་ཀྱིས་རབ་བསྐུལ་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ བདུད་རྩི་ལྔ་འམ་ཟས་ལྔ་ལ༔ མཚན་མ་མིང་དང་གཟུགས་སུ་བྱས༔ ཚེ་བདུད་ཕོ་མོའི་ཚོགས་རྣམས་ཀུན༔ བཀུག་སྟེ་རྡོ་རྗེ་ཕུར་བུས་བསྒྲལ༔ རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ཚེ་བདག་རིགས་ལྔ་ཁྲོ་བོའི་སྐུ་རུ་བཞེངས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་ཕྱག་བརྙན་བཅས༔ སྒྱུ་འཕྲུལ་ཚེ་ལྷ་ཁྲག་འཐུང་དཀྱིལ་འཁོར་ཆེར༔ ཁམས་གསུམ་ཕུང་བྱེད་རུ་དྲ་བསྒྲལ་པ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་མཆོད་པར་འབུལ༔ སྲིད་གསུམ་འཁོར་བ་སྟོངས་ནས་ཞལ་དུ་བསྟབ༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་སྟིམས༔ མི་གནས་ཡེ་ཤེས་དབྱིངས་སུ་མཉམ་པར་སྦྱོར༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ བར་དུ་རྣལ་འབྱོར་འདུས་པ་རྣམས༔ བདེ་བའི་ཚོགས་ལ་རོལ་པ་ནི༔ ཁྱེ་འུ་ཕོ་མོས་ལོངས་སྤྱོད་རྣམས༔ བཏེགས་ལ་སྙན་པའི་དབྱངས་དང་བཅས༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་ཁྱི་དང་གདོལ་པ་རྣམས༔ རོ་མཉམ་ཆེན་པོར་བཞེས་སུ་གསོལ༔ འདི་ན་ངོ་མཚར་གཟུགས་སྒྲ་དྲི༔ རོ་མཆོག་རེག་བྱའི་ཚོགས་མཆིས་པས༔ ཡེ་ཤེས་རོལ་པར་བཞེས་ནས་ཀྱང༔ བདེ་བ་ཆེན་པོར་དགྱེས་པར་མཛོད༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ འདུས་པས་པདྨའི་ཕྱག་རྒྱས་བླང༔ ཧོ༔ རིན་ཐང་མེད་ལས་ལེགས་པར་འོངས༔ འདོད་ཆགས་ལ་སོགས་དྲི་མ་བྲལ༔ གཟུང་དང་འཛིན་པ་རྣམ་པར་དག༔ ཡེ་ཤེས་རོལ་པའི་ཚོགས་མཆོད་ལ༔ ངོ་མཚར་ཆེན་པོས་རོལ་པར་བྱ༔ ཨ་ལ་ལ་ཧོ༔ ཐ་མ་ལྷག་མ་གཏང་བ་ནི༔ སྟེགས་བུར་དྲི་ཡིས་ཆག་ཆག་གདབ༔ རཀྟས་ཆོས་འབྱུང་བྲིས་པའི་ཁར༔ གཙང་རྨེའི་ལྷག་གཏོར་སྟེང་འོག་བཞག༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ ཚེ་ཡི་ལྷ་ཚོགས་ཕུད་ཀྱི་བདག༔ བར་དུ་ལོངས་སུ་མི་སྤྱོད་དུ༔ རྣལ་འབྱོར་ཕོ་མོ་དམ་ཚིག་གཙང༔ ཐ་མ་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང༔ ཞལ་ཆབ་བདུད་རྩིས་མི་བྲན་དུ༔ ཁྱོད་དང་ངེད་གཉིས་དམ་ཚིག་གཅིག༔ ཆོས་ཀྱི་དབྱིངས་སུ་གཉིས་མེད་པས༔ འདུས་ལ་ལས་རྣམས་ཀུན་བྱོས་ཤིག༔ ཚོགས་ལྷག་བདུད་རྩིར་བྱིན་གྱིས་བརླབ༔ གཙང་རྨེ་བསྲེ་ཞིང་ཞལ་ཆབ་བྲན༔ རྐང་གླིང་བཤུགས་པའི་བརྡས་མཚོན་ཏེ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་འདིར༔ རྡོ་རྗེ་ཕག་མོ་ལ་སོགས་པའི༔ མ་མོ་མཁའ་འགྲོ་ཁྲོམ་ལྟར་ཚོགས༔ ཕོ་ཉ་ལས་མཁན་སྐར་ལྟར་འཁྲུགས༔ འདུས་པར་མ་གྱུར་ཐམས་ཅད་ཀྱང༔ ད་ལྟ་ཉིད་དུ་འདིར་བྱོན་ཅིག༔ ཨེ་ཧྱེ་ཧི་ཕེཾ་ཕེཾ༔ འདུས་པ་ཆེན་པོ་འཁོར་བཅས་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་བཟའ་བཏུང་དང༔ རོལ་མོའི་ཚོགས་ཀྱིས་མཆོད་པར་བགྱི༔ གཞན་ཡང་གཟུགས་སྒྲ་དྲི་རོ་རེག༔ བླ་ན་མེད་པའི་འདོད་ཡོན་ལྔ༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ལྷག་སྡུད་ཚོགས་རྣམས་དགྱེས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨོཾ་བཛྲ་ཝཱ་ར་ཧཱི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱ་ཀ་ཌཱ་ཀི་ནཱི་ཛྙཱ་ན་ཌཱ་ཀི་ལོ་ཀ་ཌཱ་ཀི་སརྦ་དུཥྚཱན་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཧཱུྃ༔ དཔལ་གྱི་ལྷག་སྡུད་ཕོ་ཉའི་ཚོགས༔ འཇིགས་པའི་སྐུར་སྟོན་ཚངས་དབྱངས་གསུང༔ མཛེས་པའི་གཟུགས་ལ་དྲག་པོའི་སྐད༔ རྣམ་པ་ཅིར་ཡང་འགྱུར་བ་ཅན༔ ཧེ་རུ་ཀ་དཔལ་ཕོ་ཉ་རྣམས༔ ཚོགས་ལྷག་མཆོད་པ་འདི་བཞེས་ཤིག༔ དཔལ་གྱི་ཕམ་ཕབ་འདི་བཞེས་ཤིག༔ སྨན་གཏོར་རཀྟ་འདི་བཞེས་ཤིག༔ ཚེ་ཡི་བར་ཆད་ཞི་བ་དང༔ དཔལ་དང་ལོངས་སྤྱོད་རྒྱས་པར་མཛོད༔ ཁམས་གསུམ་དབང་དུ་བསྡུ་བ་སོགས༔ ལས་རྣམས་མྱུར་དུ་འགྲུབ་པར་མཛོད༔ བྷྱོ༔ མ་མོ་མཁའ་འགྲོ་དམ་ཅན་རྣམས༔ དགོངས་ཤིག་དྲག་པོའི་ལས་ལ་དགོངས༔ སྔོན་ཚེ་དཔལ་གྱི་སྤྱན་སྔ་རུ༔ འདུས་པའི་དཀྱིལ་འཁོར་ཆེན་པོ་ཡི༔ མིང་ཙམ་འཛིན་པར་བྱེད་པ་ཡང༔ གཡོ་སྒྱུ་མེད་པར་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཀུར་བར་བྱ་འོ་ཞེས༔ དེ་སྐད་ཁྱོད་ཀྱིས་བྲོ་བོར་བས༔ ད་ནི་མངོན་སྤྱོད་དུས་ལ་བབས༔ ཚེ་བདུད་འདུལ་བའི་དུས་ལ་བབས༔ རྐྱེན་ངན་ཟློག་པའི་དུས་ལ་བབས༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ མ་གཡེལ་མ་གཡེལ་ཕྲིན་ལས་མཛོད༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ དེ་ལྟར་ཚོགས་ཀྱི་སྤྱོད་པ་ཡིས༔ ཕྱི་ནང་དཀྱིལ་འཁོར་ལྷ་ཚོགས་དང༔ མཁའ་འགྲོ་དམ་ཅན་ཚིམས་བྱས་ནས༔ གཉིས་པ་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པ་དང་པོ་འདས་པའི་དུས༔ འོག་མིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དུ༔ ཐོག་མའི་སྟོན་པ་བདེ་ཆེན་རྒྱལ་པོ་ཡིས༔ འོད་གསལ་སྙིང་པོའི་ཆོས་འཁོར་བསྐོར་བའི་ཚེ༔ དབྱིངས་ཀྱི་སྲུང་མ་ཨེ་ཀ་ཛཱ་ཊི་སོགས༔ རིག་རྩལ་མཁའ་འགྲོ་དམ་ཅན་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་མཆོག་རྣམས་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་འདི་བཞེས་ཕྱི་ནང་བར་ཆད་སོལ༔ ཚེ་དཔལ་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དང་པོ་ལ༔ འོག་མིན་པདྨ་དྲྭ་བའི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཚེ་དཔག་མེད་མགོན་གྱིས༔ པདྨ་གསུང་གི་རྒྱུད་རྣམས་གསུངས་པའི་ཚེ༔ ཡེ་ཤེས་མགོན་པོ་ཨ་གྷོ་ར་ལ་སོགས༔ ཡེ་ཤེས་ལས་གྲུབ་དམ་ཅན་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག་སོགས་གོང་གིས་འགྲེའོ། །དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ དག་པའི་ཞིང་མཆོག་རི་བོ་ཏ་ལ་རུ༔ གར་གྱི་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཡིས༔ གསང་བ་འདུས་པའི་རྒྱུད་རྣམས་གསུངས་པའི་ཚེ༔ ཡེ་ཤེས་མགོན་པོ་མྱུར་མཛད་ཕྱག་དྲུག་སོགས༔ མ་མགོན་ལྕམ་དྲལ་བསྟན་སྲུང་རྒྱ་མཚོ་ཡིས༔ སོ་སོའི་གཟུགས་མཆོག༴ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ ཨོ་རྒྱན་ཡུལ་དབུས་ཆོས་ཀྱི་མཛོད་ཆེན་པོར༔ རིག་འཛིན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡིས༔ གསང་སྔགས་རྒྱུད་ལུང་གཏན་ལ་ཕབ་པའི་ཚེ༔ གནས་དང་ཡུལ་གྱི་དཔའ་བོ་ཌཱ་ཀི་སོགས༔ མ་མོ་མཁའ་འགྲོ་ཤུགས་འགྲོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག༴ དེ་འོག་བསྐལ་པ་ཕྱི་མའི་དུས་ཀྱི་ཚེ༔ རྒྱ་གར་དུར་ཁྲོད་ཆེན་པོའི་གནས་རྣམས་སུ༔ དགའ་རབ་རྡོ་རྗེ་ཤྲཱི་སིཾ་ཧ་དང༔ ཧཱུྃ་ཆེན་ཀཱ་ར་བི་མ་ལ་མི་ཏྲ༔ པྲ་ཆེན་ཧསྟི་ལས་ཀྱི་དབང་མོ་སོགས༔ རིག་འཛིན་དུ་མས་ཆོས་འཁོར་བསྐོར་པའི་ཚེ༔ དྲེགས་པ་ཅན་གྱི་འཇིག་རྟེན་སྐྱོང་བ་སོགས༔ འདས་དང་མ་འདས་སྲུང་མ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག༴ དེ་འོག་གདུལ་དཀའི་འགྲོ་དོན་དུས་བབས་ཚེ༔ བྲག་ཕུག་ཆེན་པོ་མཱ་ར་ཏཱི་ཀ་རུ༔ ཨོ་རྒྱན་སློབ་དཔོན་པདྨ་སཾ་བྷ་དང༔ ཡེ་ཤེས་མཁའ་འགྲོ་མནྡཱ་ར་བ་ཡིས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབང་གི་མ་མོ་ཆེན་མོ་མཆེད་བདུན་སོགས༔ པདྨ་གསུང་གི་བཀའ་སྲུང་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག༴ དེ་འོག་བོད་ཡུལ་བསྟན་པ་དར་བའི་ཚེ༔ བསམ་ཡས་བར་ཁང་གཡུ་ཞལ་འབར་བ་རུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སློབ་མ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༔ སྲས་མཆོག་རྣམ་གསུམ་སོ་སོའི་གཟུང་མར་བཅས༔ ཡེ་ཤེས་མཚོ་རྒྱལ་བཻ་རོ་ཙ་ན་དང༔ གཉགས་ཆེན་ཛྙཱ་ན་དཔལ་གྱི་དབང་ཕྱུག་དང༔ ལང་གྲོ་ལོ་ཙཱ་བདུད་འཇོམས་རྡོ་རྗེ་སོགས༔ རིག་འཛིན་དུ་མར་ཚེ་དབང་བསྐུར་བའི་ཚེ༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་སོགས༔ བོད་ཡུལ་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག༴ མ་འོངས་བསྐལ་པ་དུས་ཀྱི་ཐ་མ་རུ༔ ལྷ་སྲས་སྐྱེ་མཐའ་ལས་ཅན་སྐྱེས་བུ་ཡིས༔ མདོ་ཁམས་ནམ་མཁའ་མཛོད་ཀྱི་གནས་མཆོག་ནས༔ ཟབ་གཏེར་སྤྱན་དྲངས་གཏན་ལ་འབེབ་པའི་ཚེ༔ མཐུན་རྐྱེན་སྒྲུབ་པའི་སྲུང་མ་དམ་ཅན་སོགས༔ དཀར་ཕྱོགས་སྐྱོང་བའི་ལྷ་ཀླུའི་ཚོགས་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག་དམ་པ་བསྟན་ནས་ཀྱང༔ སྒྲུབ་མཆོག་རྣམས་ལ་དངོས་གྲུབ་སྩོལ་བ་དང༔ བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ བཅོལ་པའི་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་སྲོག་སྲིང་བར་མ་ཆད་དམ༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་འདི་བཞེས་ཕྱི་ནང་བར་ཆད་སོལ༔ ཚེ་དཔལ་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ གསུམ་པ་ཟོར་དུ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ མི་མངོན་དབྱིངས་བཞུགས་རིག་འཛིན་བླ་མའི་ཚོགས༔ མ་ལུས་འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཡི་དམ་ལྷ་ཚོགས་སྐུར་བཞེངས་དངོས་གྲུབ་སྩོལ༔ དུར་ཁྲོད་དྲག་པོའི་གནས་མཆོག་ཆེན་པོ་ནས༔ མཁའ་འགྲོ་དམ་ཅན་ཚོགས་རྣམས་ཕྲིན་ལས་མཛོད༔ ཀུན་ཀྱང་རྣལ་འབྱོར་བདག་གི་གྲོགས་མཛོད་ལ༔ མཐུ་དང་དཔུང་སྐྱེད་ཐུགས་དམ་མ་གཡེལ་ཅིག༔ ཧཱུྃ་བྷྱོ༔ བཀའ་ཡི་ཕོ་ཉ་ལས་བྱེད་གཏུམ་ཆེན་ཚོགས༔ རྔམས་པའི་སྐུར་བཞེངས་གཏོར་ཟོར་དགྲ་ལ་ཡ༔ མཚན་འཛིན་རྣམ་རྟོག་དགྲ་བགེགས་དབྱིངས་སུ་སྒྲོལ༔ རྐྱེན་དང་བར་ཆད་ཀ་དག་ཆེན་པོར་ཟློག༔ དུག་ལྔ་དུག་གསུམ་རང་སར་ཞི་བ་དང༔ བདག་འཛིན་རུ་དྲ་སྐྱེ་མེད་ཀློང་དུ་སྟིམས༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ ཆད་ཐོའི་གཏོར་མ་ཟོར་དུ་འཕང༔ དྲག་སྔགས་བརྗོད་ཅིང་དུལ་མོ་བརྡབ༔ བཞི་པ་བརྟན་མ་སྐྱོང་བ་ནི༔ བཤལ་ཆུ་བདུད་རྩིར་བྱིན་བརླབས་ལ༔ ཧཱུྃ་བྷྱོ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་དང༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཞིང་ཆེན་བརྡལ་བའི་གདན་སྟེང་དུ༔ བརྟན་མ་ཆེན་མོ་བཅུ་གཉིས་རྣམས༔ བཀུག་སྟེ་དམ་ལ་བཞག་པ་བཞིན༔ ཕྲིན་ལས་མཛད་ཕྱིར་གནས་འདིར་གཤེགས༔ རྒྱ་གར་བལ་བོད་ས་མཚམས་ཀྱི༔ སོ་ཁ་སྲུང་བའི་བརྟན་མ་ཆེ༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་པོ་འཁོར་དང་བཅས༔ བདུད་རྩི་བཤལ་ཆུའི་གཏོར་མ་ལོངས༔ སྨན་དང་རཀྟའི་མཆོད་པ་བཞེས༔ སྔོན་གྱི་ཁས་བླངས་ཇི་བཞིན་དུ༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ བོད་ཡུལ་རུ་བཞིའི་སོ་ཁ་སྲུངས༔ དུས་འཁྲུགས་མཐའ་དམག་ཕྱི་རུ་ཟློག༔ ནང་དུ་བསྟན་འགྲོའི་བདེ་སྐྱིད་སྤེལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་པདྨ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྔ་པ་རྗེས་སུ་རྟ་བྲོ་ནི༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམ་པའི་སྐུར་བཞེངས་ཏེ༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་དམ་སྲི་རྡུལ་དུ་རློགས༔ བསྐལ་པའི་བར་དུ་དབྱིངས་སུ་ནོན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ སྒྱུ་འཕྲུལ་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ དེང་འདིར་མོས་པའི་གདུང་བས་གསོལ་འདེབས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་ལྷུན་གྲུབ་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་བསྩལ་དུ་གསོལ༔ ཐུན་མོང་ལས་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་དགུ་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ལོངས་སྤྱོད་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡིད་མཐུན་འཁོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ སྙན་གྲགས་དཔལ་གྱི་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ བདུན་པ་མཆོད་བསྟོད་བཟོད་གསོལ་ནི༔ ཧཱུྃ་ཧྲཱི༔ བླ་མེད་མཆོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན༔ ཐུགས་རྗེའི་བརྩེ་བས་དགྱེས་པར་བཞེས་ནས་ཀྱང༔ མི་འགྱུར་མི་ཤིགས་ཚེ་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ ཧཱུྃ༔ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མ་འབྱོར་མ་རྙེད་ཕྲིན་ལས་གོང་འོག་ནོར༔ ཚོར་དང་མ་ཚོར་དམ་ཚིག་ཉམས་ཆག་རྣམས༔ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ བརྒྱད་པ་དཀྱིལ་འཁོར་གཤེགས་བསྡུ་ནི༔ ཨོཾ༔ ཡེ་ཤེས་པ་རྣམས་རང་བཞིན་དབྱིངས་སུ་གཤེགས༔ སླར་ཡང་ཐུགས་རྗེས་གནས་འདིར་འབྱོན་པར་འཚལ༔ དམ་ཚིག་པ་རྣམས་རྟེན་དང་དབྱེར་མེད་ཐིམ༔ རྟག་པར་སྲུང་སྐྱོབ་ཚེ་དབང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཐམས་ཅད་འོད་ཞུ་རང་ལ་ཐིམ༔ རང་ཡང་རིམ་བཞིན་སྙིང་པོའི་སྲོག་ཏུ་གྱུར༔ མི་དམིགས་ཀ་དག་ཀློང་དུ་ཚེ་སྦས་པས༔ རང་བྱུང་ཡེ་ཤེས་འགྱུར་མེད་ལྷུན་གྱིས་གྲུབ༔ ཕཊ་ཕཊ་ཕཊ༔ སླར་ཡང་བདག་ཉིད་ཟུང་འཇུག་སྒྱུ་མའི་སྐུ༔ རྟ་མགྲིན་དམར་པོ་པདྨ་བྷཉྫའི་ཕྱག༔ ཐུགས་ཀར་ཚེ་དཔག་མེད་བཞུགས་མི་འགྱུར་སྲོག༔ ཨ་ཡིག་ལྡན་པའི་འོད་ཟེར་རྡོ་རྗེའི་སྒོ༔ རྡོ་རྗེ་གསུམ་གྱི་རང་བཞིན་གཅིག་ཏུ་གྱུར༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ དགུ་པ་བསྔོ་སྨོན་བྱ་བ་ནི༔ སྒྱུ་འཕྲུལ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ༔ བླ་ན་མེད་པའི་དགེ་བ་གང་བསགས་པ༔ མཁའ་ཁྱབ་འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ འཆི་མེད་ཚེ་ཡི་གོ་འཕང་ཐོབ་ཕྱིར་བསྔོ༔ བདག་གིས་ཚེ་ཡི་ཕྲིན་ལས་ཆོ་ག་རྣམས༔ བསྒོམས་བསྒྲུབས་འཆད་དང་བྲིས་འཆང་ཀུན་ཆུབ་པའི༔ བསོད་ནམས་གང་མཆིས་དུས་འདིར་སྨིན་གྱུར་ནས༔ མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་ཤོག༔ བཅུ་པ་བཀྲ་ཤིས་གླུ་བླང་ནི༔ ཧཱུྃ་ཧྲཱི༔ སྟོན་པ་བླ་མེད་སངས་རྒྱས་བཅོམ་ལྡན་འདས༔ དེས་གསུང་དམ་པའི་ཆོས་མཆོག་རྫུན་མེད་ཅིང༔ འཕགས་པའི་དགེ་འདུན་ཚོགས་ཀྱི་ཞིང་གྱུར་པའི༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བྱིན་རླབས་གཏེར་ཆེན་རིག་འཛིན་བླ་མའི་ཚོགས༔ ཚེ་དང་ཡེ་ཤེས་དཔག་མེད་ཡི་དམ་ལྷ༔ ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྲུང་སྟེ༔ རབ་འབྱམས་རྩ་གསུམ་འཁོར་ལོའི་བཀྲ་ཤིས་ཤོག༔ ངོ་བོ་འོད་གསལ་ཀ་དག་ཆོས་ཀྱི་སྐུ༔ རང་བཞིན་གསལ་མདངས་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མ་འགགས་འགྲོ་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་རྣམས་ཀྱི་བཀྲ་ཤིས་ཤོག༔ ལུས་ནི་སྒྲིབ་བྲལ་འགྱུར་མེད་རྟག་པའི་སྐུ༔ ངག་ནི་ཚངས་དབྱངས་རང་བྱུང་ཆོས་སྒྲ་སྒྲོག༔ ཡིད་ནི་བདེ་ཆེན་ཐུགས་དང་འདུ་འབྲལ་མེད༔ འཆི་མེད་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ གནས་སྐབས་བདག་གཞན་འགྲོ་བ་ཀུན་དོན་དུ༔ ཕྲིན་ལས་གང་བརྩམ་མྱུར་དུ་འགྲུབ་པ་དང༔ མཐར་ཐུག་པདྨ་དྲྭ་བའི་ཞིང་ཁམས་སུ༔ མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་རོལ་མོ་སྒྲོག༔ རྒྱུན་གྱི་སྤྱོད་ལམ་ཐམས་ཅད་ཀྱང༔ ཐབས་ཤེས་ཟུང་འཇུག་ཚུལ་བཞིན་སྤྱད༔ དེ་ཡིས་རྗེས་ཀྱི་ལས་རིམ་རྫོགས༔ ས་མ་ཡ༔ ཨེ་མ་བདག་ཉིད་པདྨ་འབྱུང་གནས་ཀྱིས༔ མཱ་ར་ཏཱི་ཀར་འཆི་མེད་བསྒྲུབས་པའི་དུས༔ ཚེ་དཔག་མེད་མཇལ་སྒྲུབ་ཐབས་བརྒྱ་རྩ་ཞུས༔ ཀུན་གྱི་སྤྱི་སྒྲུབ་ཡང་དྲིལ་འདི་ལས་མེད༔ ད་ལྟ་སྤེལ་ཕངས་རིན་ཆེན་གཏེར་དུ་སྦོས༔ མ་འོངས་མཆོག་གི་མིང་གྱུར་དེ་དང་སྤྲོད༔ འགྲོ་བ་ཐམས་ཅད་ཚེ་དང་ཡེ་ཤེས་ཀྱི༔ གོ་འཕང་བླ་མེད་འགྲུབ་པའི་རྒྱུར་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈ ལྷ་སྲས་རྒྱལ་པོའི་རྣམ་པར་འཕྲུལ་པ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས། དགུང་ལོ་ཉེར་བརྒྱད་པ་མེ་ཕོ་འབྲུག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉི་ཤར་ལ། མདོ་ཁམས་ལྷོ་ཟླ་ཟལ་མོ་སྒང་གི་སའི་ཐིག་ལེ། དུས་གསུམ་མཁྱེན་པ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཡེལ་བྲག་ནམ་མཁའ་མཛོད་ཀྱི་སྒྲུབ་ཕུག་གོང་མ་ནས་ལས་ལྡན་གྱི་གྲོགས་བདུན་གྱིས་མཐོང་བར་སྤྱན་དྲངས་པའི་ཟངས་ཤོག་དམར་པོའི་ངོས་ལས། ལོ་དེ་ཉིད་ཀྱི་མགོ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྫོགས་པར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྗེ་ཉིད་ཀྱི་གསུང་གི་བདུད་རྩིས་སྐལ་བཟང་དུ་གྱུར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཟབ་གཏེར་གྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།
གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་ (Volume 36, Text 54)
༄༅། །གཅོད་ཡུལ་གྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་ཝེ། འགྲན་ཟླ་ཀུན་བྲལ་རིན་པོ་ཆེ། །དུས་གསུམ་རྒྱལ་བའི་དགོངས་པ་ཅན། །ཐུགས་རྗེས་འགྲོ་ཀུན་སྒྲོལ་མཛད་པ། །དྲིན་ཅན་གཏེར་བདག་གླིང་པས་སྐྱོངས། །མི་སྐྱེ་མི་འགག་བསམ་བརྗོད་བྲལ། །ཡུལ་འདས་དམིགས་མེད་ཤེར་ཕྱིན་ཡུམ། །དབྱེར་མེད་མ་གཅིག་སྤྲུལ་སྐུ་ལ། །བཏུད་ནས་བདུད་གཅོད་ཟབ་མོ་བྲི། །འདིར་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱིས་བརྣག་པ། བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་གསང་སྔགས་དང་རྗེས་སུ་མཐུན་པའི་ཉེ་ལམ། བདུད་བཞི་དབྱིངས་སུ་གཅོད་ཅིང་འགལ་རྐྱེན་ལམ་དུ་སློང་བའི་མན་ངག་ཟབ་ལམ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་དོ། །དང་པོ་སྔོན་འགྲོ་ཐེག་པ་ཆེན་པོའི་སྒོར་འཇུག་པ། ཚོགས་གསག་པ། ཡུམ་ཆེན་མོའི་སྒོམ་བཟླས། བྱིན་རླབས་གནད་འབེབ་ཆེན་མོའོ། །དང་པོ་ལ་གཉིས་ཏེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའོ། །དང་པོ་ནི། རང་རེ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ། དབང་པོ་སྒོ་ལྔ་ཚང་། རྒྱལ་བའི་བསྟན་པ་དང་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར་ནམ་ཞག་གཏན་གྱི་འདུན་མ་དམ་པའི་ཆོས་གཤའ་མ་ཞིག་བྱ་དགོས་ཤིང་། དེའང་ཐོག་མར་རྩིག་པའི་རྨིང་གཞི་ལྟ་བུ་དེ་སྐྱབས་འགྲོ་ཡིན་ལ། དེའི་རྒྱུ་ངེས་འབྱུང་ཡིན་པས་འདི་ལྟར་བསམ་པར་བྱ་སྟེ། རང་ཅག་རྣམས་ཀྱི་ཚེ་འདིའི་བྱ་བ་མཐོ་དམན་ལེགས་ཉེས་ཐམས་ཅད་ཡུན་རིང་རྟག་མི་ཐུབ་པ་ནམ་གཞུག་གི་བུང་བ་ལྟ་བུ། ལེགས་ཀྱང་སྙིང་པོ་མེད་པ་བྱིས་པའི་ཁང་པ་ལྟ་བུ། རང་ཐོག་ཏུ་ཡོང་ངེས་ཅན་འཆི་བ་ལས་ནམ་ཡང་བཟློག་ཏུ་མེད་པ་རི་གཟར་གྱི་རྦབ་དང་འདྲ་བར་ཤེས་པས། ཚེ་འདིའི་བདེ་སྐྱིད་གཏམ་གསུམ་དགྲ་གཉེན་ཆགས་སྡང་སོགས་ཐམས་ཅད་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་ལྟ་བུའི་འདུ་ཤེས་ཀྱིས་ཞེན་ལོག་དྲག་པོ་བསྒོམས་ཏེ། འཆི་ཆོས་གཤའ་མ་ཞིག་མི་བྱེད་རེ་ཤི་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་དྲག་ཏུ་བསམ་ལ། སོ་སོ་རང་རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་དབུས་སུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་གཅིག་ལབ་སྒྲོན་ཡུམ་ཆེན་མོའི་རྣམ་པར་བཞུགས་པ་ལ་བཀའ་བརྒྱུད་ཀྱི་བླ་མ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སོགས་སྐྱབས་གནས་ཀུན་གྱིས་བསྐོར་བ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་གསལ་བཏབ་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་དུ་བློ་སྙིང་བྲང་གསུམ་ལིང་གིས་བཀལ་ཏེ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མ་ལ་སྐྱབས་སུ་མཆིའོ། །རང་རིག་ཡེ་ཤེས་སྟོན་མཛད་པ། །བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྤངས་རྟོགས་ཕུན་སུམ་ཚོགས་པ་ཡི། སངས་རྒྱས་རྣམས་ལ་སྐྱབས་སུ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་པའི་ཆོས་ལ་སྐྱབས་སུ༴ གང་ལ་ཕུལ་ན་དོན་ཆེ་བ། །དགེ་འདུན་རྣམས་ལ་སྐྱབས་སུ༴ གཞོན་ནུའི་ཚུལ་འཛིན་ཡོན་ཏན་ལྡན། །འཇམ་དཔལ་དབྱངས་ལ་སྐྱབས་སུ༴ སྙིང་རྗེས་ངེས་པར་རྒྱུད་གང་བ། །སྤྱན་རས་གཟིགས་ལ་སྐྱབས་སུ༴ མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། ཁྱེད་རྣམས་ལ་ནི་གསོལ་བ་འདེབས། ཁྱེད་རྣམས་ལ་ནི་རྟེན་བཅའ་འོ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཕུང་པོ་ལྔ་པོ་མཆོད་པར་བཞེས། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདར་གསོལ་བ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་བསྡུས་པ་ལ་དགའ་ན། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ཉིད་གུས་པས་སྐྱབས་སུ་མཆི། །ཞེས་ཅི་ནུས་བཟླས་པའི་རྗེས་སུ། བདག་གི་རྒྱུད་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཕ་རོལ་ཏུ་ཕྱིན་པ་སྐྱེ་མེད་ཆིག་ཆོད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་སྟེ། སྐྱབས་འགྲོ་ཁོ་ན་སྒོམ་པའི་དུས་ཡིན་ན་འདིར་སྐྱབས་ཡུལ་རྣམས་རང་ལ་བསྟིམ། སྔོན་འགྲོ་འོག་མ་རྣམས་སྦྲེལ་ནས་སྒོམ་པའི་ཚེ་འོག་ཏུ་ཚོགས་གསོག་གི་རྟེན་དང་གོ་ཆུ་རུབ་ཏུ་བྱས་ན་བདེ་བས་མི་བསྡུ་བར་འཇོག །གཉིས་པ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་འདི་ཐམས་ཅད་རང་གི་ཚེ་རབས་གཏན་གྱི་ཕ་མའི་འཁོར་ལོ་ཡིན་ཡང་ཐམས་ཅད་སྡུག་བསྔལ་གྱི་མེ་དོང་དུ་ཚུད་ནས་ཐོན་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེ་ཡང་སྙིང་རྗེ་བའི་སར་མི་བཞག་པར་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པར་བྱ། དེའི་ཆེད་དུ་གཅོད་ཁྲིད་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་དུ་བསམ་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་མང་དུ་བརྗོད་ཅིང་རྒྱུད་དང་བསྲེའོ། །གཉིས་པ་ཚོགས་གསག་པ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་བ་ནི། ཚོགས་གསོག་པའི་ཡུལ་སྔར་ལྟར་གསལ་བཏབ་ལ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་སྙེད་ལྟར་སྤྲུལ་ནས་ཕྱག་འཚལ་བ་དང་། དངོས་སུ་ཅི་ནུས་བཤམ་ཞིང་ཡིད་སྤྲུལ་ཀྱི་མཆོད་རྫས་དཔག་ཏུ་མེད་པར་སྤྲོས་ཏེ་མཆོད་པ་འབུལ་བ་དང་། སྡིག་སྒྲིབ་ཉེས་ལྟུང་རྣམས་ལ་འགྱོད་སྡོམ་གྱི་བསམ་པ་དྲགས་པོས་བཤགས་པ་དང་། རང་གཞན་གྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བར་བསྐུལ་བ་དང་། འཁོར་བ་མ་སྟོངས་ཀྱི་བར་དུ་གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་སྙམ་དུ་བསམ་ལ། བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་ཅི་ནུས་འདོན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཚོགས་གསག་ནི། བདག་གི་ལུས་འདོད་དགུ་འབྱུང་བའི་རིན་པོ་ཆེ་གཅེས་ཤིང་ཕངས་པར་མོས་ཏེ། དེ་ཉིད་བླ་མ་དཀོན་མཆོག་ལ་ཕུལ་བར་བསམ་ལ། ཕཊ྄ཿ ཅེས་བརྗོད་པས་རང་གི་པགས་པ་ཧག་གིས་བཤུས་ཏེ་དམར་ཆམ་གྱིས་བཏིང་བ་དབང་ཆེན་གསེར་གྱི་ས་གཞིར་གྱུར། ཕཊ྄ཿ ཁྲག་ཆིལ་གྱིས་བྱུང་བ་དྲི་བཟང་གིས་ཆག་ཆག་གདབ་པ། ཕཊ྄ཿ ཤ་ཐམས་ཅད་མེ་ཏོག་གི་ཚོམ་བུ། ཕཊ྄ཿ ཡན་ལག་བཞི་གླིང་བཞི། ཕཊ྄ཿ ཉིང་ལག་རྣམས་གླིང་ཕྲན། ཕཊ྄ཿ ཟོམ་ཁོག་རིའི་རྒྱལ་པོ་རི་རབ། ཕཊ྄ཿ མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། ཕཊ྄ཿ མིག་གཉིས་ཉི་མ་དང་ཟླ་བ། ཕཊ྄ཿ སྙིང་ཡིད་བཞིན་གྱི་ནོར་བུ་དགོས་འདོད་མ་ལུས་འབྱུང་བའི་གཏེར་དུ་གྱུར་པ་བླ་མ་དཀོན་མཆོག་ལ་ཕུལ་བས་མཉེས་པར་བསམ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་ཞེས་སོགས་ཀྱི་མཐར། མ་ཧཱ་གུ་རུ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མཎྜལ་པཱུ་ཛ་ཨཱཿཧཱུྃ། ཞེས་ཅི་ནུས་བརྗོད་ཅིང་དབུལ་ལོ། །གསུམ་པ་ཡུམ་ཆེན་མོའི་སྒོམ་བཟླས་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་སྟོང་པའི་ངང་ལས་པད་ཉི་ཟླ་བའི་གདན་སྟེང་ཨ་ཡིག་ཡོངས་སུ་གྱུར་པ་ལས། བདག་ཉིད་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། ཕྱག་གཡས་དང་པོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གཡོན་དང་པོ་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ། ཕྱག་འོག་མ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་པད་ཟླའི་སྟེང་ལ་ཨ་ཡིག་གནས་པའི་མདུན་དུ་ཧཱུྃ། ཐུགས་ཀའི་ཡི་གེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམ། སླར་ཡང་ནམ་མཁར་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལྔས་བུམ་པའི་ཆུས་དབང་བསྐུར། རིགས་ལྔས་དབུ་བརྒྱན་པར་བསམ། དེ་ནས་ཐུགས་ཀའི་ས་བོན་གཉིས་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། ཕྱི་ནང་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཕོག་པས་སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་མོས་ལ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་བཟླས་ལ་མཐར་སྣང་བ་ཐམས་ཅད་ཡུམ་གྱི་སྐུ་དང་། དེ་ཡང་ཨ་ཡིག་བར་རིམ་གྱིས་བསྡུ། ཨ་ཡང་འཇའ་ཡལ་བ་ལྟར་དམིགས་མེད་བསམ་བརྗོད་བྲལ་བའི་ངང་ལ་བཞག་ཅིང་བསྔོ་བ་བྱའོ། །བཞི་པ་བྱིན་རླབས་གནད་འབེབ་ཆེན་མོ་ནི། སྐྱབས་སེམས་སྔར་ལྟར་གྱི་རྗེས་སུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཞེས་སོགས་ཚད་མེད་བཞི་བསྒོམ། དེ་ནས་སྭ་བྷཱ་ཝས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པདྨའི་སྡོང་པོ་ཡལ་ག་ལོ་འདབ་ཕྱོགས་བཅུར་རྒྱས་པའི་ལྟེ་བར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ་རྒྱ་ཆེ་བའི་སྟེང་དུ་པད་ཟླའི་གདན་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་གླེགས་བམ། འོག་མ་གཉིས་མཉམ་གཞག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་དར་དང་རིན་པོ་ཆེས་བརྒྱན་པ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོན་མོ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ །ལྔ་ཀའང་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་ཌཱ་མ་རུ་དང་གཡོན་དངུལ་དཀར་གྱི་དྲིལ་བུ་འཁྲོལ་བ། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་ཕྱེད་སྐྱིལ་གྱིས་གར་སྟབས་ལིང་ལིང་བསྒྱུར་བ། སྐུ་ལས་མུ་མེད་པའི་འོད་ཟེར་འཕྲོ་བ། ཡུམ་ཆེན་མོའི་སྐུའི་མཐའ་སྐོར་དུ་པད་ཟླའི་གདན་རེ་རེ་ལ་གཡས་སུ་མར་མེ་མཛད། མདུན་དུ་ཐུབ་དབང་། གཡོན་དུ་བྱམས་པ་རྣམས་ལ། འདས་པ་དང་བཞུགས་པ་དང་འབྱོན་འགྱུར་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ། རྒྱབ་ཏུ་དམ་ཆོས་གླེགས་བམ་བརྩེགས་པའི་རྣམ་པ་ཅན། ཡུམ་གྱི་ཐུགས་ཀའི་ཐད་ཀྱི་བར་སྣང་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། ཡུམ་གྱི་གདན་ཁྲིའི་མཐའ་སྐོར་དུ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པར་བསམ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་ཡུམ་ཆེན་མོ་འཁོར་དང་བཅས་པ་བཛྲ་ས་མཱཿཛཿ ཞེས་དང་། མ་ལུས་སེམས་ཅན་མཐར་མ་ཧཱ་གུ་རུ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་བྱིན་ཐིབ་ཀྱིས་བྱོན་ནས། ཛཿཧཱུྃ་བཾ་ཧོཿས་གཉིས་མེད་དུ་བསྟིམས་པ་ལ་མཆོད་སྤྲིན་དཔག་མེད་སྤྲོས་ཏེ་ཕུལ་བར་བསམ་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་ཇི་སྙེད་ཡོད་པ་ཀུན། །བླ་མ་ཡུམ་ཆེན་རྣམས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤབྡའི་བར་དང་། སྤྲོ་ན་སྔར་གྱི་མཎྜལ་ཡང་འབུལ། གང་དྲིན་མ་དང་། སྨྲ་བསམ་བརྗོད་མེད་སོགས་ཀྱིས་བསྟོད། དེ་ནས་རང་ལ་གནོད་བྱེད་ཀྱི་གདོན་དང་གཞི་བདག་གི་གཙོ་བྱས་བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་དྲགས་པོས་གསོལ་བ་འདེབས་པར་བསམ་ལ་ཅང་ཏེའུ་འཁྲོལ་བཞིན་དུ། འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཡུམ་ཆེན་ཤེར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །བྱ་རྒོད་ཕུང་པོའི་རི་བོ་རུ། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། །སེང་ཆེན་བསྣོལ་བའི་ཁྲི་སྟེང་དུ། །འཇམ་དཔལ་སྨྲ་སེང་བྱིན་རླབས་ཅན། །གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་སྒྲོལ་མ་བྱིན་རླབས་ཅན། །འཇའ་འོད་འཁྱིལ་བའི་གཞལ་ཡས་སུ། །སུ་ཁ་སིདྡྷི་བྱིན་རླབས་ཅན། །རྒྱ་གར་འཇག་མའི་སྤྱིལ་པོ་རུ། །ཨཱརྻ་དེ་ཝ་བྱིན་རླབས་ཅན། །ལ་སྟོད་དིང་རི་གླང་འཁོར་དུ། །དམ་པ་སངས་རྒྱས་བྱིན་རླབས་ཅན། །ར་ས་སྤང་ལུང་དགོན་པ་རུ། །སྐྱོ་སྟོན་ཁུ་དབོན་བྱིན་རླབས་ཅན། །ཟངས་རི་མཁར་དམར་གནས་མཆོག་ཏུ། །མ་གཅིག་ལབ་སྒྲོན་བྱིན་རླབས་ཅན། །ཨེ་ཆུང་གླང་ལུང་དགོན་པ་རུ། །རྒྱལ་བ་དོན་གྲུབ་བྱིན་རླབས་ཅན། །སྙེ་མོ་ཁུ་ཡི་རྭ་བ་རུ། ཁུ་སྒོམ་ཆོས་སེང་བྱིན་རླབས༴ ལུང་སྨད་ལྕང་གསར་དགོན་པ་རུ། །དོལ་པ་ཟང་ཐལ་བྱིན་རླབས༴ ཆུ་བོ་རི་ཡི་གནས་མཆོག་ཏུ། །རྒྱ་ནག་གཅེར་བུ་བྱིན་རླབས་ཅན། །རབ་གྲོང་སེ་བའི་གླིང་གསེབ་ཏུ། །སངས་རྒྱས་རབ་སྟོན་བྱིན་རླབས་ཅན། །ཟལ་མོ་བྲག་གི་མཐའ་རྩ་རུ། །རྟོགས་ལྡན་དགེ་སློང་བྱིན་རླབས་ཅན། ཁ་རག་མུན་ཁུང་གཞལ་ཡས་སུ། །ཞེན་མེད་རས་པ་བྱིན་རླབས༴ རི་གོང་དཔལ་གྱི་གནས་མཆོག་ཏུ། །སངས་རྒྱས་སྟོན་པ་བྱིན་རླབས༴ ཉང་སྟོད་བསམ་གླིང་དགོན་པ་རུ། །མཁས་གྲུབ་ཆོས་རྗེ་བྱིན་རླབས༴ གནས་མཆོག་གསེར་གླིང་དགོན་པ་རུ། །བཀྲ་ཤིས་མཚན་ཅན་བྱིན་རླབས༴ གནས་མཆོག་བྲག་ཆེན་དགོན་པ་རུ། །རྡོ་རྗེའི་མཚན་ཅན་བྱིན་རླབས༴ གར་བཞུགས་དག་པའི་ཞིང་ཁམས་སུ། །ཀུན་དགའི་མཚན་ཅན་བྱིན་རླབས༴ ཕག་གྲུ་དཔལ་གྱི་མཐའ་རྩ་རུ། །ཆོས་ཀྱི་རྒྱ་མཚོ་བྱིན་རླབས༴ འོན་ཕུ་ཆོས་ལྡིང་རི་ཁྲོད་དུ། །རྒོད་ཕྲུག་རས་པ་བྱིན་རླབས༴ ཡར་ལུང་ཤེལ་བྲག་དགོན་པ་རུ། །དུར་ཁྲོད་རས་ཆེན་བྱིན་རླབས༴ མངོན་པར་དགའ་བའི་ཞིང་ཁམས་སུ། །སངས་རྒྱས་བློ་གྲོས་བྱིན་རླབས༴ མོན་མཁར་ཁྱུང་ཚང་གནས་མཆོག་ཏུ། །ཆོས་ཀྱི་བློ་གྲོས་བྱིན་རླབས༴ དར་རྒྱས་ཆོས་གླིང་རི་ཁྲོད་དུ། །སྣ་ཚོགས་རང་གྲོལ་བྱིན་རླབས༴ མཁའ་སྤྱོད་དཔལ་གྱི་རི་བོ་རུ། །བསྟན་འཛིན་གྲགས་པ་བྱིན་རླབས༴ ཐ་ཕུག་རྒྱལ་བའི་རི་ཁྲོད་དུ། །མདོ་སྔགས་བསྟན་འཛིན་བྱིན་རླབས༴ བྱང་ཆུབ་གླིང་གི་དགོན་པ་རུ། །ཕྲིན་ལས་ལྷུན་གྲུབ་བྱིན་རླབས༴ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ། །འགྱུར་མེད་རྡོ་རྗེ་བྱིན་རླབས་ཅན།། ༼བརྒྱུད་པའི་ཁ་སྐོང་ནི། སྒྲ་བསྒྱུར་ལུང་གི་ཕོ་བྲང་དུ། །ཆོས་དཔལ་རྒྱ་མཚོ་བྱིན་རླབས་ཅན། །ས་སྤྱོད་འོག་མིན་ཆོས་གྲྭ་རུ། །རིན་ཆེན་རྣམ་རྒྱལ་བྱིན་རླབས་ཅན། །ཟབ་མོ་གསང་སྔགས་ཕོ་བྲང་དུ། །པདྨ་བསྟན་འཛིན་བྱིན་རླབས་ཅན། །ཨོ་རྒྱན་གླིང་གི་གཞལ་ཡས་སུ། །ཕྲིན་ལས་རྣམ་རྒྱལ་བྱིན་རླབས་ཅན། །བདེ་ཆེན་གླིང་གི་རི་ཁྲོད་དུ། །ཕྲིན་ལས་ཆོས་སྒྲོན་བྱིན་རླབས་ཅན། །བཀའ་བབས་བདུན་གྱི་མཛོད་ཁང་དུ། །འཇམ་དབྱངས་མཁྱེན་བརྩེ་བྱིན་རླབས་ཅན། །མཁའ་སྤྱོད་ཀུན་བཟང་བདེ་གླིང་དུ། །བློ་གྲོས་མཐའ་ཡས་བྱིན་རླབས་ཅན། །རང་སྣང་དག་པའི་ཞིང་ཁམས་སུ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་དབང་ཟིན་ལས་སོ།།༽ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་བྱིན་རླབས་ཅན། །སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །ཡི་དམ་ལྷ་ཚོགས་བྱིན་རླབས་ཅན། །དག་པ་མཁའ་སྤྱོད་ཞིང་ཁམས་སུ། །མ་དང་མཁའ་འགྲོ་བྱིན་རླབས་ཅན། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །མ་མགོན་ལྕམ་དྲལ་བྱིན་རླབས་ཅན། །ཞེས་པ་རེ་རེའི་མཚན་མཐར་ཡང་། །བྱིན་རླབས་ཅན་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །མ་གཅིག་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །ཞེས་ཤོ་ལོ་ཀ་གཅིག་པོ་འདི་སྦྱར་རོ། །བཀའ་བརྒྱུད་བླ་མ་དམ་པ་རྣམས། །ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ངག་ལ་གསུང་གི་བྱིན་གྱིས་རློབས། །སེམས་ལ་ཐུགས་ཀྱི་བྱིན་གྱིས་རློབས། །སྙེམས་ཐག་ཆོད་པར་བྱིན་གྱིས་རློབས། །གཉིས་འཛིན་འཇིག་པར་བྱིན་གྱིས་རློབས། །སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །རང་ངོ་ཤེས་པར་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་ཟིན་པ་དང་། །ཕུང་པོ་གཟན་དུ་ཐོང་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཅོད་ཡུལ་མཐའ་རུ་ཕྱིན་པ་དང་། །ལྷ་འདྲེའི་འགྲོ་དོན་ནུས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་འཛིན་རྩད་ནས་ཐོན་པ་དང་། །བདག་མེད་ཤེས་རབ་རྟོགས་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བ་དང་། །འཆི་བ་སྙིང་ནས་དྲན་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྐྱེན་ངན་ལམ་དུ་ལོང་པ་དང་། །འགལ་རྐྱེན་གྲོགས་སུ་འཆར་བ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟོང་ཉིད་སྙིང་རྗེ་འབྱོངས་པ་དང་། །རང་གཞན་དོན་གཉིས་འགྲུབ་པ་རུ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མྱུར་བ་ཉིད་དུ་བྱིན་གྱིས་རློབས། །འདུག་ས་འདི་རུ་བྱིན་གྱིས་རློབས། །སྟན་ཐོག་འདི་རུ་བྱིན་གྱིས་རློབས། །ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་མཇུག་ཏུ་མཐའ་སྐོར་གྱི་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་དམ་ཆོས་ཐམས་ཅད་གཙོ་བོ་ཡུམ་ཆེན་མོ་ལ་བསྡུས། དེ་ཉིད་སྐྱབས་གནས་ཀུན་འདུས་སུ་བསམ་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་རྣམས་གསལ་བཏབ་ལ། ཕཊ྄ཿ ཅེས་བརྗོད་པས་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་བྱུང་རང་དང་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས་པར་བསམ། དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་མགྲིན་པར་ཐིམ། ངག་གི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པར་བསམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་སྙིང་གར་ཐིམ། ཡིད་ཀྱི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། དེ་ནས་ཡུམ་ཆེན་མོ་རང་གི་སྤྱི་བོའི་ཐད་དུ་བྱོན་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་མོས་ཏེ་ཡིད་ལ་མི་བྱེད་པའི་ངང་ལ་དར་གཅིག་ཀློད་ལ་བཞག་བསྔོ་བ་བྱས་ཏེ་ཅུང་ཟད་ངལ་གསོ། དེ་ལྟར་ཡང་ཡང་བསྐྱར་ཞིང་བསྒོམ་མོ། །དེའང་སྔོན་འགྲོ་དམིགས་ཐུན་བཞི་པོ་དེ་ལ་དང་པོ་དམིགས་པ་རེ་རེ་ནས་ཞིབ་ཏུ་བཅད་དེ་རིམ་པར་བསྒོམ། ཅུང་ཟད་འབྱོངས་ནས་སྔ་དྲོ་སྐྱབས་སེམས། ཉིན་གུང་སྒོམ་བཟླས། ཕྱི་དྲོ་ཚོགས་གསོག །སྲོད་ལ་བླ་མའི་རྣལ་འབྱོར་སྒོམ་པའི་རིམ་པ་མྱོང་བ་ཅི་རིགས་ཐོན་ཐོན་གྱི་བར་དུ་བསླབ་བོ། །གཞན་ཡང་བདུད་ཀྱི་བར་གཅོད་ཞི་བ། ཚེ་དང་ལོངས་སྤྱོད་སྤེལ་བ། འཁོར་དང་ལོངས་སྤྱོད་བསྡུ་བ། སྟོང་ཉིད་རྟོགས་ཤིང་སྙེམས་གཅོད་པར་འདོད་པ་རྣམས་ལ་མ་གཅིག་ལས་བཞིའི་སྐུ་མདོག་དང་མཐུན་པར་བསྒོམས་ལ་གསོལ་བ་འདེབས་པའི་མན་ངག་ཁ་བསྒྱུར་རྣམས་ནི་གཞན་ལས་ཤེས་པར་བྱའོ། ༈ །གཉིས་པ་དངོས་གཞི་ནི། ཁྲིད་ཡིག་སྔ་མ་རྣམས་སུ་ས་བཅད་དགུར་མཛད་ནའང་། བླ་མས་འཆད་བདེ་ཞིང་སློབ་མའི་བློ་ལ་འཆར་སླ་བའི་ཆེད་དུ་འདིར་གཉིས་སུ་བསྡུ་སྟེ། ཡུམ་དོན་ངོ་སྤྲོད་པ་དང་། བདུད་བཞི་དབྱིངས་སུ་གཅོད་པའོ། །དང་པོ་ཡུམ་དོན་ངོ་སྤྲོད་པ་ལ་གསུམ་སྟེ། རིག་པ་རྐྱང་དེད་ལ་བརྟེན་ནས་སེམས་བཙལ་བ། ཁྲིད་ཚུད་ནས་བཞག་ཐབས་བསྟན་པ། ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ངོ་སྤྲད་པའོ། །དང་པོ་ནི། སྔོན་ཆད་འཁོར་བའི་གནས་སུ་འཁྱམས་ནས་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་འདི་གང་གིས་ལན་ན། རང་སེམས་འཁྲུལ་པས་ལན་པ་ཡིན་ཏེ། འཁྲུལ་པའི་སེམས་གྱ་གྱུ་སྤྲ་སྤྲོ་ཐལ་ཐོལ་མི་དྲན་དགུ་དྲན་རྣམ་རྟོག་སྣ་ཚོགས་འཆར་ཞིང་མྱོང་བ་འདིའི་རྩ་གདར་མ་ཆོད་པའི་ཐབས་མེད་པས་གཅད་དགོས། དེའི་རྒྱུ་མཚན་བཟོ་བོ་ཇི་ལྟར་མཁས་ཀྱང་བཟོ་རྒྱུ་མེད་ན་བཟོ་མི་ཤེས་པ་ལྟར། བླ་མ་ཆོས་མཁས་གདམས་ངག་ཟབ་ངོ་སྤྲོད་པ་བཟོ་ཡང་སློབ་མས་སེམས་མ་བཙལ་བར་བླ་མས་ངོ་སྤྲོད་མི་ཤེས་པས་སེམས་འཚོལ་དགོས། འཚོལ་ལུགས་དོ་ནུབ་ནས་གཟུང་སེམས་ཀྱི་གནས་ལུགས་མ་རྟོགས་ཀྱི་བར་དུ་རྩབ་རྩུབ་མང་པོ་མ་བྱེད་པར་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་ཞོག །སེམས་གནད་ཚིག་གསུམ་པོ་འདི་ཁོ་ན་ལ་དྲིལ་ཏེ་ཉམས་སུ་ལོངས་ཤིག །སེམས་གང་ན་གནས་བལྟ་བ་དང་གཅིག །གཟུགས་ཇི་ལྟར་འདུག་བལྟ་བ་དང་གཉིས། ཁ་དོག་ཇི་འདྲ་འདུག་བལྟ་བ་དང་གསུམ་མོ། །དང་པོ་ནི། སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཆར་བ་འདི་ཡ་ཀི་སྤྱི་གཙུག་ནས་མ་ཀི་རྐང་མཐིལ་གྱི་བར་ལུས་ཀྱི་ཆ་ཤས་གང་ན་འདུག་ཚོལ། ཐོལ་གྱིས་སྐྱེས་པ་དེ་ཀ་གང་ནས་སྐྱེས། ད་ལྟ་གར་གནས། ཐ་མ་གང་དུ་ཐིམ་རྐྱང་འདེད་ཀྱིས་ལྟོས། གཉིས་པ་གཟུགས་ཇི་ལྟར་འདུག་བལྟ་བ་ནི། དགའ་མི་དགའ་བདེ་སྡུག་སོགས་ཐམས་ཅད་ཀྱི་བྱེད་པ་པོ་སེམས་ཁོ་རང་དུ་འདུག་པ་ལ་ཁོའི་གཟུགས་དེ་གྲུ་བཞི་ཟླུམ་པོ་སོགས་དབྱིབས་ཅི་འདྲ་འདུག་ལྟོས། གསུམ་པ་ཁ་དོག་ལ་བལྟ་བ་ནི། དྲན་རྟོག་སྣ་ཚོགས་སུ་འཆར་ཞིང་འཕྲོ་བ་འདི་སེམས་ལ་དངོས་པོ་ཡོད་པའི་རྟགས་ཡིན། དངོས་མེད་ཡིན་ན་འདི་ཚོ་མི་འཆར་ཐང་བས་ཁ་དོག་དཀར་དམར་སོགས་ཇི་འདྲ་འདུག་ལྟོས། དེ་ཡང་ཡར་བལྟ་མར་བལྟ་གྱིས། ཕུ་འདེད་མདའ་འདེད་གྱིས། རིག་པ་རྐྱང་འདེད་ཀྱིས་ལྟོས། དེ་ལྟར་བལྟས་པས་སེམས་མ་མཐོང་ན་གྱ་གྱུ་ཐལ་ཐོལ་བྱུང་རེས་བཞིན་མ་ཡེངས་པར་ལྟོས། འགྱུ་མཁན་དེ་ཀ་གང་ན་འདུག་ཅི་འདྲ་འདུག་ལྟོས། ཁྱེད་རྣམས་ཀྱིས་སེམས་ལ་བལྟས་པས་མ་མཐོང་། བཙལ་བས་མ་རྙེད། བཟུང་བས་མ་ཟིན་སྙམ་ན། མ་མཐོང་མ་རྙེད་མ་ཟིན་པའི་ངང་དེ་ཉིད་ལ་ཅི་ཡང་མི་སེམས། ཅི་ཡང་མི་རྟོག །བཅས་བཅོས་གང་ཡང་མ་བྱེད་པར་ཆད་པ་ངལ་གསོ་བ་ལྟར་ལྷོད་དེ་ཤིག་གེ་ཞོག །ཡང་རྣམ་རྟོག་ཐོལ་ཐོལ་སྐྱེ་ན་སྐྱེས་རེས་བཞིན་ལྟ་གཞག་བྱ་སྟེ། ད་རེས་འཁོར་འདས་འཁྲུགས་ཤན་འབྱེད་དུས་སོས་དལ་དུ་སྡོད་པ་ཅི་ལ་ཁོམ་སྙམ་དུ་བརྩོན་འགྲུས་དྲགས་པོས་སེམས་འཚོལ་ལ་འབད། བླ་མས་རྙེད་དམ་མ་རྙེད་ཇི་ལྟར་འདུག་ཅེས་ཡང་ཡང་བསྐྱར་ནས་འདྲི། དངོས་པོ་འདི་འདྲ་བ་ཞིག་འདུག་ཅེས་བདེན་འཛིན་ཨ་འཐས་དང་། ཅང་མེད་སྟོང་པར་འདུག་ཅེས་ཚོད་དཔོགས་དང་། མ་རྙེད་པས་ཡེ་ནས་མེད་པ་ཞིག་གམ་ཡོད་པ་རང་ནི་ཡོད་ལས་ཆེ་སྟེ་མ་རྙེད་པ་ཞིག་ཡིན་ནམ། ཞེས་བློ་ཐག་མ་ཆོད་པ་ད་དུང་བསྐྱར་ནས་རྩ་བ་གཅོད་དུ་བཅུག་ཅིང་འདྲི། བལྟས་པས་མ་མཐོང་བཙལ་བས་མ་རྙེད་པས་དོན་ལ་གང་དུའང་མ་གྲུབ་པ་ཞིག་ཡིན་ནམ་ཟེར་ན་ཁྲིད་ཚུད་པ་ཡིན་པས་བཞག་ཐབས་བསྟན་པར་བྱའོ། །གཉིས་པ་ཁྲིད་ཚུད་ནས་བཞག་ཐབས་བསྟན་པ་ནི། དེ་ལྟར་བཙལ་བས་མ་རྙེད། བཟུང་བས་མ་ཟིན། བལྟས་པས་ཅི་ཡང་མ་མཐོང་། ཅི་ཡང་མ་ཡིན་ཞིང་ངོས་གཟུང་རྒྱུ་མེད་པའི་གཤིས་ལུགས་དེ་ཀའི་ངང་ལ་གློད་དེ། འབོལ་ལེ། ཤིག་གེ །སལ་ལེ། སེང་ངེ་མ་བཅོས་པར་གཞག །རྣམ་རྟོག་གི་ཡིད་བྱེད་གང་གིས་ཀྱང་མ་བསླད་པར་ཧད་དེ་གཞག །ཡུལ་བཟང་ངན་གྱིས་མ་བསྒྱུར་བར་གང་ཤར་གྱི་སྟེང་དུ་རྗེན་ནེ་གཞག །བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་ཅིང་ཡེངས་སུ་སྐད་ཅིག་ཀྱང་མེད་པའི་ངང་ལ་སོ་ཁད་དེ་གཞག་གོ །གསུམ་པ་ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ངོ་སྤྲད་པ་ནི། དོན་ཁྲིད་དུ་སྒོམ་ངོ་སྤྲད་པ་དང་། ཚིག་ཁྲིད་དུ་སྒོམ་གཏན་ལ་དབབ་པ་དང་། ཉམས་ཁྲིད་དུ་སྒོམ་བསྐྱང་བར་བྱ་བའོ། །དང་པོ་ནི། ཁྱེད་རང་རྣམས་ལུས་གནད་ཆོས་བདུན་བཅའ། རླུང་རང་སོར་ཞོག །མིག་བར་སྣང་ལ་ཆེར་གྱིས་ལྟོས། སེམས་བཟོ་བཅོས་མེད་པར་ཧད་དེ་ཞོག །དེ་ཁའི་ངང་ལས་མིག་སྣ་རྩེར་ཞོལ་གྱིས་ཕབ་ལ་ཁ་ནང་ལོག་གི་ཤེས་པས་སེམས་རང་གི་ངོ་བོ་ལ་ཆེར་རེ་ལྟོས་དང་། བལྟས་པས་གང་དུའང་མ་མཐོང་ཞིང་ཅི་ཡང་མ་ཡིན་པ་སྟོང་གསལ་ཡུལ་མེད་དུ་ལྷག་གེ་བ། ངོས་གཟུང་ཐམས་ཅད་དང་བྲལ་ཞིང་རང་སྣང་ས་ལེ་བ་ཅིར་ཡང་འཆར་དུ་གཏུབ་པ་འདི་ཀ་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གནས་ཐོག་ནས་ངོ་སྤྲད། ཡང་ཁྱེད་རང་རྣམས་རྣམ་རྟོག་ཞིག་ཐོལ་གྱིས་སྐྱེར་ཆུག་ལ་དེ་ཀ་ལ་ཆེད་ཀྱིས་ལྟོས་དང་སེམས་གནས་པའི་ངང་ནས་རྣམ་རྟོག་སྐྱེས་པའི་ཚེ་ནའང་སྐྱེ་བཞིན་པའི་དུས་དེ་ཀ་ལ་བལྟས་པས་ངོས་གཟུང་མེད། རྣམ་རྟོག་ཤར་ནས་རུ་མ་མ་འགགས་པར་ཡོད་པའི་སྐབས་དེ་ཉིད་ནའང་འདི་ལྟ་བུ་ཞེས་གང་དུའང་མ་གྲུབ་པས་ངོས་གཟུང་མེད། རྣམ་རྟོག་ཡལ་བའི་ཚེ་ནའང་འདི་ལྟ་བུ་ཞིག་ཏུ་ཐིམ་འདི་ལྟར་ཡལ་ཞེས་དམིགས་སུ་མེད། དེ་བས་ན་སྐྱེ་འགག་གནས་གསུམ་གྱི་སྣང་བ་འདི་ཐམས་ཅད་འཆར་སྒོ་མ་འགགས་པ་ཙམ་མ་གཏོགས། གང་དུའང་ངོས་གཟུང་མེད་པ་ཡུལ་ཡུལ་ཅན་བསམ་མེད་བརྗོད་མེད་དམིགས་མེད་ཕྱལ་བ་དེ་ཁའི་ངང་ལ་ཙེན་གྱིས་ཞོག །ལྷོད་ཀྱིས་ཀློད། ཁྲེས་སེ་བོར། རྒྱང་གིས་སྐྱུར་ལ་སྒོམ་པའི་བློ་དང་ཕྲོལ་ལ་ཞོག་དང་། འདི་ཀ་གདོད་མའི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་དགོངས་པ་སྤྲོས་བྲལ་དོན་དམ་པ་སོགས་ཐ་སྙད་ཀྱི་སྒོ་ནས་མིང་ཇི་སྙེད་ཅིག་བཏགས་ཀྱང་། དོན་རང་སེམས་སྐད་ཅིག་མ་བསམ་བརྗོད་བྲལ་བ་འདི་ཀ་ལགས་པས། དེ་ཀ་རང་ངོ་ཤེས་ཙམ་གྱི་དྲན་པ་ལ་བརྟེན་ནས་གང་ཤར་གྱི་རང་ངོ་ལ་བསལ་བཞག་མེད་པར་གློད་ནས་འཇོག་པ་སྟེ། མ་གཅིག་གི་ཞལ་ནས། གྲིམ་གྱིས་སྒྲིམས་ལ་ལྷོད་ཀྱིས་ཀློད། །སྒོམ་པའི་གནད་ཅིག་དེ་ན་གདའ། །ཞེས་གསུངས། མདོར་ན་སྣང་བ་ཐམས་ཅད་སེམས་ཀྱི་འཁྲུལ་པ་ཙམ་སྟེ། རང་སྣང་རིས་མེད་སེམས་ཉིད་ཅིར་ཡང་མ་གྲུབ་པས་སྟོང་པ་ཉིད། སྟོང་པའི་རང་མདངས་ཅིར་ཡང་སྣང་ཞིང་སྣང་དུས་ཉིད་ནས་སྟོང་པས་སྣང་སྟོང་ཟུང་འཇུག་དེ་ཀ་རང་གི་ཁ་ནང་དུ་ཕྱོགས་ཏེ་རིག་པར་བྱ་བ་ལས་གཞན་མ་ཡིན་ཏེ། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཚིག་ཁྲིད་དུ་སྒོམ་གཏན་ལ་དབབ་པ་ནི། སློབ་དཔོན་གསུམ་ལ་བསྟེན་ནས་ངོ་སྤྲོད་པ་སྟེ། དང་པོ་གསུང་རབ་ལུང་གི་སློབ་དཔོན་ནི། དེ་ལྟར་ངོ་སྤྲད་པས་སེམས་ཉིད་སྟོང་པ་ཉིད་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ་བ་དེ་ཀ་གཤིས་ཀྱི་གནས་ལུགས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟེ། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། གཟུགས་ཀྱང་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་ཀྱང་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡོད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། མྱང་འདས་ལས། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་དོན་དམ་སྟོང་པ་ཉིད་དེ། དོན་དམ་པ་ནི་ཡེ་ཤེས་སོ། །སྟོང་པ་ཞེས་བྱ་བ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀ་མཐོང་བའོ། །སངས་རྒྱས་ཀྱི་རང་བཞིན་ནི་དབུ་མ་མཐའ་གཉིས་དང་བྲལ་བ་རིག་པར་བྱའོ། །ཞེས་སོགས་མདོ་རྒྱུད་ཀྱི་བཀའ་ལུང་མང་པོ་དཔུང་གཉེན་དུ་དྲངས་ཏེ་ངེས་ཤེས་བསྐྱེད་པར་བྱའོ། །གཉིས་པ་གསུང་སྒྲོས་མན་ངག་གི་སློབ་དཔོན་ནི། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་ཞལ་ནས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་ཆེ་རྩིས་པོ་ཆེ་དེ་ཡང་ཡེ་གདོད་མ་ནས་ང་དང་བདག་མེད། ཕྱོགས་དང་རིས་མེད། གཟུང་བ་དང་འཛིན་པ་མེད། བཟུང་བས་མ་ཟིན། བཏང་བས་མ་ཐོང་། བཞག་པས་མ་ཞོག །བཤིགས་པས་མ་གཞིག །ཕྲལ་བས་མ་ཕྲོལ་བ་དེ་ཁྱེད་རང་གི་གན་ན་འདུག་པའི་ཤེས་པ་ཝལ་ལེ་ཁྱུག་གེ་བ་འདི་རང་ཡིན་ནོ། །ཞེས་གསུངས། མ་གཅིག་སྤྲུལ་སྐུའི་ཞལ་ནས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་འབྱུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་དང་། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་དུ་བལྟ། བལྟས་པས་རང་གི་སེམས་མི་མཐོང་། །མཐོང་བས་ཆོས་ཉིད་དོན་མ་རིག །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་ཡོད་པ་མ་ཡིན་ནོ། །ཞེས་དང་། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་གསུངས་སོ། །གསུམ་པ་ཉམས་མྱོང་ཡིད་ཆེས་སློབ་དཔོན་ནི། དེ་ལྟར་ལུང་དང་མན་ངག་ཐམས་ཅད་ནས་སེམས་ཉིད་སྟོང་གསལ་དམིགས་མེད་ཉིད་གཤིས་ཀྱི་གནས་ལུགས་ཡིན་པར་གསུངས་ཤིང་། བླ་མས་ཀྱང་དེ་ལྟར་ངོ་སྤྲད། རང་གིས་བལྟས་པས་ཀྱང་ཅི་ཡང་མ་ཡིན་ལ་ཅི་ཡང་འཆར་དུ་རུང་བས་ངོས་གཟུང་མེད་པ་བསམ་མེད་བརྗོད་མེད་དུ་ཉམས་སུ་མྱོང་བའི་ཕྱིར། དེ་ཀ་གསར་བྱུང་གློ་བུར་གྱི་ཆོས་མ་ཡིན། གདོད་མའི་གནས་ལུགས་མ་ནོར་མ་འཁྲུལ་བ་ཡིན་པར་ཐག་ཆོད་པའོ། །དེ་སྐད་དུའང་མཚན་བརྗོད་ལས། ནོར་བ་ཐམས་ཅད་རྣམ་པར་སྤང་། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཉམས་ཁྲིད་དུ་སྒོམ་བསྐྱང་བ་ལ་གསུམ་ལས། དང་པོ་མཉམ་གཞག་ཏུ་ཉམས་སུ་བླང་བ་ནི། སྔར་རང་གིས་ཉམས་སུ་མྱང་ཞིང་བླ་མས་དེ་དོན་ངོ་སྤྲད་པ་དེ་གོ་ཙམ་མྱོང་ཙམ་གྱིས་མི་ཆོག་སྟེ་ཉམས་སུ་བླངས་པས་གོམས་འདྲིས་བརྟན་པ་ཐོབ་པར་བྱས་ལ། དེའི་ངང་ལས་རྩོལ་མེད་ཀྱི་དྲན་པ་ཉམས་སུ་བླང་དགོས་ཏེ། དབེན་པའི་གནས་སུ་དྲན་བསམ་འཕྲོ་འདུའི་རྟོག་པ་མེད་པའི་ངང་ལས་མ་བཅོས་མ་བསླད་པར་སྟོང་གསལ་ཡུལ་མེད་དུ་བཞག །དེའི་ངང་ལས་རྟོག་པ་འགྱུ་ན་གང་ཤར་ལ་ཆེར་གྱིས་བལྟས་ལ་རྗེས་མེད་རང་གྲོལ་དུ་བསྐྱངས་ཏེ་ཡུལ་མི་དམིགས་པ་ལ་བློས་ཅིར་ཡང་མི་འཛིན་པར་གཞག་པར་བྱའོ། །གཉིས་པ་རྗེས་ཐོབ་ཏུ་ཉམས་སུ་བླང་བ་ནི། ཆོས་ཐམས་ཅད་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་ཐུན་མཚམས་སུའང་སེམས་དྲན་འཛིན་དང་མ་བྲལ་བས་བལྟ་ཞིང་བདུད་བཞི་གཅོད་པ་དང་། དབྱིངས་རིག་བསྲེ་ཞིང་ཕུང་པོ་གཟན་སྐྱུར་གྱི་དམིགས་པ་སོགས་འོག་ནས་འབྱུང་བ་ལྟར་ཡང་ཡང་སྦྱང་ངོ་། །གསུམ་པ་ཟུང་འཇུག་ཏུ་ཉམས་སུ་བླང་བ་ནི། རིག་པ་སྤྲོས་བྲལ་ངོས་གཟུང་མེད་པ་དེ་ཀ་འཆར་སྒོ་མ་འགགས་པའི་རྩལ་སྣང་སྒྱུ་མ་ལྟ་བུར་ཤར་བ་མཉམ་གཞག་དང་རྗེས་ཐོབ་དབྱེར་མེད་ཟུང་འཇུག་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ལ་ཟློ་བར་བྱས་ཏེ་ཉམས་སུ་བླང་ངོ་། །གཉིས་པ་བདུད་བཞི་དབྱིངས་སུ་གཅོད་པ་ནི། ཐོགས་བཅས་ཡུལ་གྱི་འཁྲི་བ་གཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་གཅད། །དགའ་བྲོད་ཞེན་པའི་འཁྲི་བ་གཅད། །སྙེམས་བྱེད་བདག་གི་འཁྲི་བ་གཅད། །ཅེས་གསུངས་པ་ལྟར་ཉམས་སུ་བླངས་ཏེ། དེ་ལ་དང་པོ་ཐོགས་བཅས་བདུད་ནི་གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་ཕྱིའི་དངོས་པོ་ལ་བརྟེན་པས་རྣམ་རྟོག་ཐོལ་གྱིས་ཤར་བ་དེ་ལྷོངས་པ་ཡིན། དེ་ལ་རྣམ་རྟོག་གི་ཞེན་འཛིན་སྐྱེས་ན་ཐོགས་བཅས་ཀྱི་བདུད་ཡིན་པས་དེ་གཅོད་པ་ནི། དགྲ་གཉེན་སོགས་ཡུལ་གང་རིགས་བསམ་ལ་ཆགས་སྡང་དང་སྐྱོ་འཇིགས་ལ་སོགས་པའི་བློ་རུམ་མེ་སྐྱེས་པའི་ཚེ། དེའི་དབང་དུ་མི་བཏང་བར་ཕཊ྄ཿཅེས་འཕྲོ་རྦད་ཀྱིས་བཅད་ལ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཆམ་གྱིས་གློད་ལ་བཞག་པས་ཆོད་དོ། །གཉིས་པ་ཐོགས་མེད་བདུད་ནི་ཕྱི་ནང་གི་རྐྱེན་ལ་རག་མ་ལས་པར་སེམས་ལ་དགའ་མི་དགའ་སྐྱེ། འཇིགས་སྣང་སྤྲོ་སྣང་སུན་པ་ཚིག་པ་ཟ་བ་སོགས་ཡིད་ཡུལ་གྱི་མྱོང་ཚོར་ཐ་མལ་གྱི་རྣམ་རྟོག་གང་ཤར་ཡང་ལྷོང་། དེ་ལ་རེ་དོགས་སྐྱེས་ན་ཐོགས་མེད་ཀྱི་བདུད། དེ་གཅོད་པ་ནི་ཕཊ྄ཿཅེས་སྔར་བཞིན་འཛིན་མེད་ཀྱི་ངང་དུ་བཞག་པས་ཆོད་དོ། །གསུམ་པ་དགའ་བྲོད་བདུད་ནི་བླ་མ་དང་ཆོས་བརྒྱུད་བཟང་། རང་དགེ་སྦྱོར་འཕེལ། གནས་ཁང་དང་ལོངས་སྤྱོད་སྙན་གྲགས་སོགས་མཐུན་རྐྱེན་ཚོགས་པ་ལ་བརྟེན་ནས་གཟུང་འཛིན་གྱི་བློ་སྐྱེས་པ་དེ་ལྷོང་། དེ་ལ་དགའ་བྲོད་དང་སྐྱིད་སྣང་འཆར་ན་དགའ་བྲོད་ཀྱི་བདུད། དེ་གཅོད་པ་ནི་ཕཊ྄ཿཅེས་འཛིན་མེད་དུ་བཞག་པས་ཆོད་དོ། །བཞི་པ་སྙེམས་བྱེད་བདུད་ནི་རྣམ་རྟོག་གི་འགྱུ་བ་གང་སྐྱེས་པ་དེ་ལྷོང་། དེ་ལ་ཞེན་ན་སྙེམས་བྱེད་ཀྱི་བདུད། དེ་གཅོད་པ་ནི་ཕཊ྄ཿཅེས་གང་ཤར་འཛིན་མེད་དུ་ཁྲོལ་ལེ་བཞག་པས་ཆོད་དོ། །ཐོགས་བཅས་ཐོགས་མེད་དགའ་བྲོད་གསུམ་ཡང་འདིར་འདུས་ཏེ། བཀའ་ཚོམས་ལས། བདུད་ལ་རྣམ་པ་བཞི་རུ་དབྱེ། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཞེས་གསུངས། མདོར་ན་ཟ་ཉལ་འགྲོ་འཆག་སོགས་སྤྱོད་ལམ་ཀུན་ཏུ་འཛིན་ཞེན་གང་སྐྱེས་དེ་ཀ་ལ་ཕཊ྄ཿཅེས་སྒྲ་དང་བཅས་པའམ། མི་མང་ཁྲོད་ལྟ་བུར་ཤུབ་བུར་བརྗོད་དེ། གང་ཤར་ལ་སྐྱོན་ཡོན་དུ་མི་བལྟ་བར་རང་སར་རྦད་ཀྱིས་བཅད་ནས་སྔར་གྱི་ཡུམ་དོན་སྤྲོས་བྲལ་གྱི་དབྱིངས་དེར་ཆམ་མེ་ཤིག་གེ་བག་དྲོ་འུར་རེ། གཅེར་བུ་ལྷིང་པ་རྗེན་ནེ་ཁྲེས་སེ་སྒོམ་པའི་བློ་དང་ཕྲལ་ལ་འཇོག་སྟེ། ལེ་ལག་ལས། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ། །ཞེས་གསུངས་སོ། །དེ་ལྟར་རྟག་ཏུ་བསྐྱངས་པས་སྔར་གྱི་སྒོམ་ལ་བོགས་ཐོན་པར་བྱུང་ན་ཚར་ཚད་ཡིན་ནོ། ༈ །གསུམ་པ་རྗེས་ཀྱི་ཁྲིད་ནི། ལེ་ལག་ལས། གཉན་སར་སོང་ལ་རིག་པ་ཀློད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །གཞན་ནས་འབྲས་བུ་ཕྱི་དུས་འདེབས། །འདིར་ནི་མངོན་སུམ་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར། རྐྱེན་ངན་པ་བྱུང་རེས་བཞིན་ཐོག་རྫིས་ཀྱིས་བཅད་ནས་རོ་སྙོམས་ཤིང་ལམ་དུ་ཁྱེར་བས་ཉམས་རྟོགས་ཁྱད་པར་ཅན་བཙན་ཐབས་སུ་སྐྱེད་པར་བྱེད་པ་ཉམས་སྣང་བསྐྱང་བ་བོགས་འདོན་གྱི་ཁྲིད་ནི། འདི་ལ་གསུམ། གང་དུ་གང་གི་ཚེ་འགྲོ་ལུགས། ཕྱིན་ནས་ཇི་ལྟར་ཉམས་སུ་བླང་ཐབས། མཇུག་ཚར་ཚད་མཐའ་གཏད་དང་བཅས་པའོ། །དང་པོ་ལ་གསུམ་སྟེ། གང་དུ་འགྲོ་བ་གནས་ཀྱི་མཚན་ཉིད། ནམ་འགྲོ་དུས་ཀྱི་བྱེ་བྲག །རྣལ་འབྱོར་འགྲོ་ལུགས་རྣམ་བཞིའོ། །དང་པོ་ནི། ས་དཔྱད་འཕྲུལ་གྱི་མེ་ལོང་དུ་རྫས་དང་གཟུགས་དང་མ་ངེས་པ་གསུམ་དུ་གསུངས་ཏེ། རྫས་ནི་ས་ཕྱོགས་དེ་རིན་པོ་ཆེ་འབར་བ་ལྟ་བུར་འདུག་ན་དེའི་དཀྱིལ་དུ་ཉལ་བ་སོགས་དང་། གཟུགས་ནི་སེང་གེ་འདྲ་ན་སྡེར་མོར་ཉལ་བ་སོགས་དང་། མ་ངེས་པ་ནི། ནགས་སྲབ་་་འཐུགས།ན་རྩུབ་པའི་འཇམ་པ་སོགས་འཆོལ་བ་མ་ངེས་པ་སྟེ། ལེགས་པར་བརྟགས་ལ་མ་ནོར་བ་ཤེས་པར་བྱ་ཞིང་། དེར་མ་ཟད་གཞན་གྱིས་གཉན་ཟེར་བ་དང་། ཁྱད་པར་རང་གིས་བལྟས་ཀྱང་རང་བཞིན་གྱིས་འཇིགས་ཤིང་སྐྱི་གཡའ་བ། བྲེད་ཅིང་ཉམ་ང་བ། ཐེ་ཚོམ་དང་རྣམ་རྟོག་འཁུལ་ནུས་པ་ཞིག་དགོས་ཏེ། དེ་མེད་ན་གཅད་བྱ་མེད་པའི་ཕྱིར་རོ། །དེས་ན་དུར་ཁྲོད་དང་ལྷ་ཁང་གོག་པོ་དང་། རི་རུལ་རྙིང་པ་སོགས་སླེབ་པ་ཙམ་གྱིས་སྐྱི་བུང་བྱེད་པ་ཞིག་དུ་འགྲོ་བར་བྱ་སྟེ། ཟབ་དོན་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནམ་འགྲོ་དུས་ཀྱི་བྱེ་བྲག་ནི། སྤྱིར་འཇིགས་ཤིང་སྐྲག་པ་དང་། ཉམ་ང་ཞིང་བག་ཚ་བ་དང་། ནད་དང་སྡུག་བསྔལ་བྱུང་དུས་ཉམས་སུ་ལེན་ལ། ཁྱད་པར་དུ་མཚན་མོ་མུན་པའི་དུས་སུ་ཟླ་གྲོགས་དང་ལག་ཆ་སོགས་ཀྱི་སྙེམས་མེད་པར་འགྲོ་སྟེ། ཉིན་མོ་གང་དུ་ཕྱིན་ཀྱང་མི་འཇིགས་ཤིང་ཟླ་གྲོགས་ཡོད་ན་དུས་ནམ་ཕྱིན་ཀྱང་རུང་། གནས་གང་དུ་ཕྱིན་ཀྱང་རུང་སྟེ་འཇིགས་པ་མི་འབྱུང་བས་གཅད་ཡུལ་མེད་པའི་ཕྱིར་རོ། །མཚན་མོ་ཉམ་ང་བའི་དུས་ལྷ་འདྲེ་རྣམས་འདུ་ཞིང་རྣམ་རྟོག་འཁུལ་ནུས་པས་འགྲོ་བར་བྱ་སྟེ། ཟབ་དོན་ལས། མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ། །ཞེས་སོ། །གནས་དེར་ཇི་ལྟར་འགྲོ་བའི་ཚུལ་ཡང་ཞེ་སྡང་འགྲན་སེམས་རྒན་ཉམས་དང་ཕོ་ཚོད་ཕོ་རུས་དང་ཁེངས་དྲེགས། གྲགས་པ་དང་ལོ་འདོད་རྙེད་པ་དང་བཀུར་སྟིའི་ཆེད་དུ་མི་འགྲོ་བར་ངེས་འབྱུང་གི་དད་པ་ཆེན་པོས་ཀུན་ནས་བསླངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་འཁྲུལ་རྟོག་གཅད་པའི་ཕྱིར་འགྲོ་བར་བྱ་སྙམ་དུ་བསམ་ཞིང་། འགྲོ་བའི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་གསོལ་བ་དྲག་ཏུ་བཏབ་སྟེ་འགྲོ་བར་བྱའོ། །གསུམ་པ་རྣལ་འབྱོར་འགྲོ་ལུགས་རྣམ་བཞི་ནི། དཔའ་བོའི་སྟོབས་འགྲོས། མཁའ་འགྲོ་མའི་གར་འགྲོས། སྦྲུལ་ནག་གི་འཁྱིལ་འགྲོས། རྣལ་འབྱོར་པའི་ལྡིང་འགྲོས་སོ། །དང་པོ་ནི། མིག་གི་མཐོང་ཚད་ཀྱི་ལྷ་འདྲེ་དེད་པར་བསམས་ནས་དཔའ་བོའི་འགྱིང་སྟབས་ཀྱིས་འགྲོ །གཉིས་པ་མཁའ་འགྲོ་མའི་གར་འགྲོས་ནི། རང་ལུས་ལ་ལྷ་འདྲེ་ཐམས་ཅད་ཡང་ཡང་བསྟིམས་ནས་འགྲོ །གསུམ་པ་སྦྲུལ་ནག་འཁྱིལ་འགྲོས་ནི། ས་བདག་ཀླུ་གཉན་ཐམས་ཅད་གནས་མལ་དང་བཅས་པ་གཉན་ཁྲོད་དུ་ཁྱེར་ནས་འགྲོ་བར་བསམ། བཞི་པ་རྣལ་འབྱོར་ལྡིང་འགྲོས་ནི། ལམ་གྱི་སྟེང་འོག་ཐམས་ཅད་དུ་ལྷ་འདྲེ་རྣམས་ལྟ་སྟངས་ཀྱིས་གཟིར་ཞིང་འགྲོ་བའོ། །དེ་ཡང་རིན་ཆེན་ཕྲེང་བ་ལས། སྔ་མ་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །བར་མ་བར་དུ་མ་ནོན་ན། །དཔའ་བོའི་ལག་གི་མཚོན་ཤོར་འདྲ། །ཕྱི་མ་ཕྱི་རུ་མ་ནོན་ན། །ནོར་ངན་ཕྱི་ཡི་རྗེས་སྙེག་འདྲ། །ཞེས་འབྱུང་བས་གཉན་ཁྲོད་དུ་འགྲོ་བའི་ཚེ་གནས་དེར་འདུན་པ་གཏད་ནས་ཟིལ་གནོན་གྱི་དམིགས་པ་གཏད་དེ་འགྲོ་བ་ནི་སྔ་གནོན། གཉན་ཁྲོད་དུ་སླེབས་ནས་དེ་ཉིད་དུ་ཟིལ་གནོན་གྱི་དམིགས་པ་བྱེད་པ་ནི་བར་གནོན། གནས་གཞན་དུ་སྤོ་དུས་སྔར་ལྟར་ཟིལ་གནོན་གྱི་དམིགས་པ་གཏོད་ལ་འགྲོ་བ་ནི་ཕྱི་གནོན་ཞེས་བྱའོ། །གཉིས་པ་ཕྱིན་ནས་ཇི་ལྟར་ཉམས་སུ་བླང་བའི་ཐབས་ལ་གསུམ་སྟེ། ཟིལ་གནོན་གྱི་དམིགས་པ་སྐོར་གསུམ། ཕྱི་ནང་ལྷོང་ཚད་བརྟག་ཐབས། ཉམས་ལེན་ཕུང་པོ་གཟན་སྐྱུར་རོ། །དང་པོ་ལ་གསུམ། གནས་ལྷ་འདྲེ་བདག་ཟིལ་གྱིས་གནོན་པའོ། །དང་པོ་ནི། དབྱིངས་རིག་བསྲེས་ལ་རང་ལུས་ཤིན་ཏུ་ཆེ་བ་མགོ་བོས་ལུང་པའི་ཕུ། རྐང་པས་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱིས་ལུང་པའི་གཡས་གཡོན་ཁེབས་པས་ལུང་པ་ཐམས་ཅད་ནོན་པར་བསམ་ལ། འཁོར་བ་མ་སྟོངས་ཀྱི་བར་དུ་འདུག་ས་འདི་ལས་གཡོ་བར་མི་བྱའོ་སྙམ་དུ་བསམ་ལ་དེའི་ངང་ལ་ཅི་གནས་བཞག་གོ །གཉིས་པ་ལྷ་འདྲེ་ཟིལ་གྱིས་གནོན་པ་ནི། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སེམས་གསོལ་འདེབས་སྔོན་དུ་འགྲོ་བས། བདག་ལ་གནོད་བྱེད་ཀྱི་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་འབྱུང་པོ་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་ཕ་མ་མ་བྱས་པ་གཅིག་ཀྱང་མེད། འདི་རྣམས་མ་རིག་པའི་དབང་གིས་འཁོར་བར་དབང་མེད་དུ་འཁྱམས་ཤིང་སྡུག་བསྔལ་གྱིས་མནར་བ་འདི་རྣམས་སྙིང་རེ་རྗེ་ཞེས་བརྗོད་ཅིང་དྲག་ཏུ་བསམ། འདི་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་ཆེད་དུ་བདག་ཉིད་ས་ཕྱོགས་འདི་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་གཡོ་བར་མི་བྱ་འགུལ་བར་མི་བྱ་སྙམ་དུ་ཞེ་དམ་བཅའ། དེའི་ངང་ནས་རང་གི་སྣ་བུག་གཉིས་ནས་རླུང་སངས་ཀྱིས་བུས་པས་རླུང་དེས་ཕྱོགས་ཐམས་ཅད་ཁྱབ་པར་སོང་། དེས་འཇིག་རྟེན་ཁམས་ཀྱི་འབྱུང་པོ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་རླུང་ནང་དུ་འཇུག་པ་དང་བསྟུན་རང་གི་མལ་འོག་ཏུ་ཧྲིལ་གྱིས་ཚུད་པས་ལྡང་མི་ནུས་པར་བསམས་པའི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་རྣམས་གོ་མཚམས་མེད་པར་བཞུགས་པའི་ཕྱི་རོལ་དུ་རྡོ་རྗེའི་མཚོན་ཆ་དང་ཡེ་ཤེས་ཀྱི་མེ་དཔུང་འཕྲོ་བས་བཅིངས་ཏེ་ཐར་པའི་སྐབས་མེད་པར་བསམ་ལ་ཕཊ྄ཿབརྗོད། དེས་ཚར་ཚད་མ་བྱུང་ན། གསུམ་པ་བདག་ཟིལ་གྱིས་གནོན་པ་ནི། རང་གི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལ་དེ་ལྟར་མ་རྟོགས་པས་སེམས་འཁྲུལ་ཕྱིར་འབྲེང་བ་འདི་གཡས་རེ་ཆུང་སྙམ་དུ་བསམ་ལ་དེའི་ངང་ནས་ཕཊ྄ཿཅེས་སེམས་ཉིད་བློ་བྲལ་གྱི་ངང་ལ་ཆམ་མེ་བཞག །དེ་ལས་རྣམ་རྟོག་ཐོལ་གྱིས་འཕྲོ་ན་ཡང་ཟིལ་གནོན་གྱི་ཏིང་འཛིན་གསུམ་པོ་རེ་མོས་སུ་བསྒོམ། དམིགས་པ་གསུམ་པོ་འདི་ལ་འབད་པས་ཐ་མལ་གྱི་ཞེན་རྟོག་མི་འཇུག །ལྷ་འདྲེ་ལྷོང་ཞིང་དབང་དུ་འདུ། སྣང་བ་བདེན་མེད་དུ་བུན་ལོང་ངེར་འགྲོ །ལྷ་འདྲེ་འབྲོས་པ་དང་མགོ་སྐོར་གྱི་ཚར་ཚད་སད་སུད་དེ་འདྲ་མི་འབྱུང་བ་ཡིན་གསུང་། གཉིས་པ་ཕྱི་ནང་ལྷོང་ཚད་བརྟག་ཐབས་ནི། དེ་ལྟར་ཟིལ་གནོན་གསུམ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ལྷོང་གསུམ་འབྱུང་བ་ལས་དང་པོ་ཕྱི་ལྷ་འདྲེ་ལྷོངས་པའི་རྟགས་ནི། ས་གཡོ་བ་དང་རི་འུར་བ་དང་། གཟུགས་མི་སྡུག་པའི་མཐོང་སྣང་དང་སྒྲ་མི་སྡུག་པའི་ཐོས་སྣང་སོགས་འཇིགས་པའི་ཆོ་འཕྲུལ་འདི་མི་འབྱུང་བ་ཅི་ཡང་མེད་དེ་དངོས་ཉམས་རྨི་ལམ་གང་རུང་ལ་འབྱུང་ངོ་། །དེའང་རབ་ཞག་གསུམ་འབྲིང་ཞག་ལྔའམ་བདུན། ཐ་མའང་ཉིན་ཞག་བཅུ་ལས་མི་འགྱང་པར་ལྷོང། འོན་ཀྱང་གདོན་བྱིངས་ཆུང་། རྣལ་འབྱོར་པ་ནུས་པ་ཆེས་པས་ལྡང་མི་ནུས་པ་དང་། གདོན་བྱིངས་ཆེ་རྣལ་འབྱོར་པ་ནུས་པ་ཆུང་བས་མ་ལྷོང་པ་སོགས་ལུགས་མང་བས་གང་ཡིན་ཤེས་པར་བྱ་གསུངས། གཉིས་པ་བར་ན་ཚ་ལྷོངས་པའི་རྟགས་ནི། སྙིང་རླུང་གཟེར་སོགས་ན་ཚ་དྲག་པོ་གློ་བུར་དུ་འབྱུང་བའོ། །གསུམ་པ་ནང་རྣམ་རྟོག་ལྷོངས་པའི་རྟགས་ནི། རང་གི་རྒྱུད་ལ་སྡུག་སྣང་། སྐྱོ་འཇིགས་མི་ཚུགས་པ་ལྟ་བུ་དང་འགྲོ་སྙིང་འདོད་པ་ཚིག་པ་ཟ་བ། ཆོས་བརྒྱད་འདོད་ཡོན་གྱི་ཡུལ་ཕྱིར་འཕྲོ་བའི་རྟོག་པ་མི་ནོན་པ་འདྲ་བ་འབྱུང་བ་སོགས་སེམས་ཐོག་ཏུ་རེ་དོགས་ཀྱི་འཆར་སྒོ་སྣ་ཚོགས་པ་འཆར་རོ། །དེ་ལྟར་ཕྱི་ནང་བར་གསུམ་གྱི་ལྷོང་རྟགས་དེ་འདྲ་བའི་རིགས་གང་བྱུང་ཡང་དགའ་སྡུག་དང་ཉམ་ང་བག་ཚ་རྡུལ་ཙམ་ཡང་མི་བྱ་བར། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ནམ་མཁའི་རི་མོ་ལྟ་བུར་ཐག་བཅད་ལ་ཕཊ྄ཿཅེས་དབྱིངས་རིག་བསྲེས་ཏེ་སེམས་གཞི་མེད་རྩ་བྲལ་གྱི་ངང་ལ་ཁྲེས་སེ་བོར། ཅི་འོང་བ་ཤོག །ཅི་དགའ་བ་གྱིས། གར་འགྲོ་བར་སོང་སྙམ་དུ་བློའི་སྙེམ་ཐག་བཅད་ལ་བཞག་གོ །གསུམ་པ་ཉམས་ལེན་ཕུང་པོ་གཟན་སྐྱུར་ནི། ཟིལ་གནོན་གྱི་དམིགས་པ་ལ་བརྟེན་ནས་ལྷོང་ཚད་བྱུང་བའི་ཚེ་བྱ་བ་སྟེ། དེའང་མ་གཅིག་གི་ཞལ་ནས། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་ཅི་གནས་གཞག །ཉམས་ལེན་ཕུང་པོ་གཟན་དུ་སྐྱུར། །ཞེས་གསུངས་པས། བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་བཅའ། མིག་བར་སྣང་ལ་ཧར་རེ་གཏད་དེ་རང་གི་རྐང་མཐིལ་གཉིས་སུ་ངོ་བོ་རིག་པ་བྱང་ཆུབ་ཀྱི་སེམས་རྣམ་པ་ཐིག་ལེ་དཀར་པོ་བྱ་མ་གསར་གྱི་སྒོ་ང་ཙམ་པ་གསལ་ཞིང་འཚེར་བ་ཞིག་བསམ། དེ་གཉིས་ངར་གདོང་གི་དཀྱིལ་རྐང་པའི་ཁོང་ནས་ཡར་བྱུང་སྟེ་པུས་མོ་གཉིས་སུ་སླེབ། དེ་ནས་བརླ་གཉིས་ནས་ཡར་ཧྲི་ལི་ལི་སོང་བ་སུམ་མདོར་གཅིག་ཏུ་འདྲིལ་བ་དེ་ཕཊ྄ཿཅེས་ལྟེ་བ། ཕཊ྄ཿཅེས་སྙིང་ག །ཕཊ྄ཿཅེས་མགྲིན་པ། ཕཊ྄ཿཅེས་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་རྒྱང་གིས་ཐོན། ཕཊ྄ཿཅེས་པས་ཐིག་ལེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ནས་དབྱིངས་རིག་བསྲེས་པའི་ངང་ལ་གཞག །དེའང་ནམ་མཁས་གར་ཁྱབ་རིག་པས་ཁྱབ་པས་ཡངས་ཆ་ལེ་བ་ལ་ངོས་གཟུང་མེད་པའི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལ་རྗེས་མེད་སང་ངེ་སྐྱུར་ཏེ་ཅི་གནས་མཉམ་པར་གཞག །དེ་ལ་མི་གནས་ན་ཕུང་པོ་གཟན་སྐྱུར་བྱ་སྟེ། དེ་ལ་ཐོག་མར་དཀར་འགྱེད་ནི། རང་གི་ལུས་འདི་གཞོན་ཞིང་དར་ལ་བབས་པ་མཛེས་ཤིང་ཡིད་དུ་འོང་བར་བསྐྱེད་ལ། ཕཊ྄ཿ ཅེས་པས་རང་གི་སྙིང་ག་ནས་རང་སེམས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་གུག་དང་ཐོད་པ་བསྣམས་པ་ཞབས་གཡོན་བརྐྱང་བའི་གར་སྟབས་གཅེར་བུ་སྐྲ་གྲོལ་བ། མཛེས་ཤིང་ཡིད་དུ་འོང་བ་ཞིག་རྒྱང་གིས་ཐོན་ཏེ་མདུན་གྱི་ནམ་མཁའ་ལ་བྱོན་ནས། ཕཊ྄ཿ ཅེས་པས་ཕྱག་གཡས་ཀྱི་གྲི་གུག་གིས་རང་ལུས་སེམས་མེད་དེའི་ཐོད་པ་སྨིན་མཚམས་ནས་ཧག་གིས་བྲེགས་ཏེ། མདུན་དུ་མི་མགོའི་སྒྱེད་པུ་རི་བོ་ཙམ་པ་གསུམ་རང་བྱུང་དུ་བྱུང་བའི་སྟེང་དུ་ཀ་པཱ་ལ་བཞག་པ་ནམ་མཁའ་དང་མཉམ་པར་གྱུར། རང་ལུས་ལྷག་མ་རྣམས་ཕྱག་གི་གྲི་གུག་གིས་བཤས་ཏེ་དུམ་བུར་བཏང་བ་ཐོད་པའི་ནང་དུ་བླུགས་པས། ཕཊ྄ཿཤའི་རི་བོ་ཆེན་པོ། ཕཊ྄ཿཁྲག་གི་རྒྱ་མཚོ་ཆེན་པོ། ཕཊ྄ཿརུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བའི་ཕུང་པོར་གྱུར། རྡོ་རྗེ་རྣལ་འབྱོར་མས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་མ་དག་པ་སྦྱངས་ཏེ་ཐམས་ཅད་འོད་དུ་ལྟེམ་གྱིས་ཞུ་བས་ཟག་མེད་ཀྱི་བདུད་རྩི་རོ་བརྒྱ་པ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པའི་སྤྲིན་འཕྲོ་བར་བསམ་ཞིང་། འཁོར་འདས་ཀྱིས་བསྡུས་པའི་ཡར་མགྲོན་དང་མར་མགྲོན་ཐམས་ཅད་སྤྲིན་འཐིབས་པ་བཞིན་དུ་བྱོན་ནས་ས་གཞི་ནམ་མཁའ་བར་སྣང་ཐམས་ཅད་ཁེངས་པར་གྱུར་པ་ལ། རྣལ་འབྱོར་མ་དཔག་ཏུ་མེད་པ་སྤྲོས་ཏེ་ཐོད་པས་བདུད་རྩི་བཅུས་ནས་དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ། མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་སྤྲོས་ཏེ་ཕུལ་བས་མཉེས་ཤིང་ཚིམས་ནས་འགལ་རྐྱེན་ལམ་དུ་ལོངས་ཤིང་གཅོད་ཡུལ་མཐར་ཕྱིན་པར་བྱིན་གྱིས་བརླབ་པར་བསམ། སྙིང་རྗེ་དང་བུ་ལོན་ལན་ཆགས་ཀྱི་མགྲོན་རྣམས་ལ་ཐོད་པས་བདུད་རྩི་བཅུས་ནས་ཆིལ་ཆིལ་སྟོར་བས་སོ་སོའི་ནད་དང་སྡུག་བསྔལ་ཞི། བཀྲག་དང་གཟི་མདངས་རྒྱས། ཅི་འདོད་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ལ། ངག་ཏུ། ཕ་དྲིན་ཅན་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་དང་། ཕ་རྒྱུད་དཔའ་བོའི་ལྷ་ཚོགས། མ་རྒྱུད་དཔའ་མོའི་ལྷ་ཚོགས། སྲས་རྒྱུད་ཉམས་མྱོང་གི་ལྷ་ཚོགས་ཏེ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་བཀའ་བརྒྱུད། སྒྲུབ་བརྒྱུད། དབང་བསྐུར། ཞལ་མཇལ། གསུང་ཐོས་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད། དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །མཉེས་ཤིང་ཚིམས་པར་གྱུར་ཅིག །དཔལ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བཅུ། རྒྱལ་པོ་ཆེན་པོ་བཞི། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་ལ་སོགས་པ་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །གནས་པོ་ཆེན་པོ་འདིས་ཐོག་དྲངས་གཞི་བདག་གི་མགྲོན་དུ་གྱུར་པ་དང་། དུས་གསུམ་གྱི་ཕ་མ། ཁམས་གསུམ་གྱི་སེམས་ཅན་རིགས་དྲུག་ནམ་མཁའ་དང་མཉམ་པ་སྙིང་རྗེའི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །ལན་གྱི་གླུད་དུ་རེ་བ། བུ་ལོན་མ་འཁོར་བ། ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ། །ལན་ཆགས་ཤ་མཁོན་ཐམས་ཅད་བྱང་བར་གྱུར་ཅིག །བདག་གི་ཤ་ཁྲག་ལས་གྲུབ་པའི་བདུད་རྩི་ཆེན་པོ་འདི་དག་མཐོང་བ་ཐོས་པ་འཐུངས་པ་ལོངས་སྤྱད་པ་ཙམ་གྱིས་བླ་མ་དང་འཕགས་པ་རྣམས་མཉེས་ཤིང་། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བྱང་། ཚོགས་གཉིས་རྫོགས་པར་བསམ། དེ་ལྟར་ལན་བརྒྱའམ་ཉེར་གཅིག་སོགས་གང་ལྕོགས་བསྔོ། ལྷག་མ་ཤལ་ཤོལ་རྣམས་ཁས་ཉེན་པ། དབང་ཆུང་བ། གློ་བུར་དུ་ལྷགས་པ་རྣམས་ལ་བྱིན་ནས། ཕཊ྄ཿཅེས་སྦྱིན་པའི་ཡུལ། ཕཊ྄ཿཅེས་སྦྱིན་པའི་དངོས་པོ། ཕཊ྄ཿཅེས་སྦྱིན་ཡུལ་མི་དམིགས་ཤིང་། ཡང་ཕཊ྄ཿཅེས་པས་སེམས་ཉིད་ཀྱི་ངོ་བོ་རྣལ་འབྱོར་མའང་ནམ་མཁའ་ལ་འཇའ་ཡལ་བ་ལྟ་བུར་གྱུར་ནས་དབྱིངས་རིག་བསྲེས་པའི་ངང་ལ་ཅི་གནས་གཞག །དེ་ལས་གཟུང་འཛིན་གྱི་རྟོག་པ་ཐོལ་གྱིས་སྐྱེས་ན། ཕཊ྄ཿཅེས་པས་འཐོར་བ་སྡུད། བྱིང་བ་སངས། ཐམས་ཅད་སེམས་སུ་ཤེས་པས་སེམས་གང་ཤར་གྱི་ངོ་བོ་དེ་ཀ་ལ་ཆེར་གྱིས་བལྟས་ལ། རིག་པ་རྟེན་མེད་ལས་མེད་གཏད་མེད་ཀྱི་ངང་ལ་སྐྱུར་ཏེ་གཞག་གོ །དེ་ནས་དམར་འགྱེད་ནི། རང་ལུས་མཛེས་ཤིང་ཡིད་དུ་འོང་བར་བསྐྱེད་ལ་རང་སེམས་རྣལ་འབྱོར་མའི་རྣམ་པར་སྔར་བཞིན་བཏོན་ནས། རང་ལུས་དེ་སྟོང་གསུམ་ཁྱབ་པའི་མི་རོ་ཚོ་བཅུད་སྣུམ་བག་དང་ལྡན་པ་ཞིག་ཏུ་གྱུར་པ། རང་སེམས་རྣལ་འབྱོར་མའི་ཕྱག་གི་གྲི་གུག་གིས་པགས་པ་ཧག་གིས་བཤུས་པ་དམར་ཆམ་གྱིས་བཏིང་ཞིང་། ཉྭ་བཞི་ཐང་གིས་བརྒྱངས། དེའི་སྟེང་དུ་མགོ་དང་ཡན་ལག་ལྷུ་གཟུགས་ཐམས་ཅད་དུམ་བུར་གཏུབས། ནང་རོལ་བཏོན་ནས་སྤུངས་ཏེ། ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། རྐང་དང་ལྷ་ང་ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་བསམ་ལ། སྐད་ཆེན་པོས་ངག་ཏུ། འེ་འེ། གཙོ་བོ་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདོན་སྲིན་མོ། གཟའ་གདོན་རྒྱུ་སྐར། ཀླུ་གདོན་ས་བདག །བཙན་གདོན་གཤིན་རྗེ། འགོང་པོ། ཐེའུ་བྲང་། གྲི་ཕོ་གྲི་མོ། མཐོ་བ་སྲིད་པའི་རྩེ་མོ་མན་ཆད། དམའ་བ་ན་རག་དམྱལ་ཁམས་ཡན་ཆད། མཐོ་བ་ནམ་མཁའི་ལྷ་ཚོགས་མན་ཆད། དམའ་བ་ས་འོག་ལྟོ་འཕྱེ་ཡན་ཆད། མཐོ་བ་པེ་ཧར་རྒྱལ་པོ་མན་ཆད། དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད་ཀྱི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །འེ་འེ། ཁྱད་པར་དུ་གཉན་ཁྲོད་འདི་ན་གནས་པའི་དཀར་པོ་ལྷའི་སྡེ་ཚན། ནག་པོ་བདུད་ཀྱི་སྡེ་ཚན། དམར་པོ་བཙན་གྱི་སྡེ་ཚན། ཁྲ་བོ་གཟའི་སྡེ་ཚན། འཕན་པོ་གཉན་གྱི་སྡེ་ཚན། ཕྱུག་པོ་ཀླུའི་སྡེ་ཚན། རཀྴ་སྲིན་པོའི་སྡེ་ཚན། ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པ་ཐམས་ཅད་འདིར་འདུས་ཤིག །ཁྱད་པར་དུའང་བདག་མིང་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་ལ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མར་ནད་ལ་མི་ཕན་པར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་སྲིན་མོ། གྲི་ཕོ་གྲི་མོ་སོགས་སྔ་འདྲེ་རྙིང་པ། ད་འདྲེ་སོ་མ། ཡུལ་འདྲེ་འཁྱམ་པོ། ཟ་འདྲེ་ཤི་གཤེད། ཁའི་དབུགས་འཕྲོག་པ། ཁོང་པའི་སྲོག་གཅོད་པར་འདོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་འདིར་འདུས་ཤིག །ཅེས་བོས་པས་ལྷ་འདྲེ་ཐམས་ཅད་སྐད་ཅིག་ལ་འུབ་ཀྱིས་འདུས་ཏེ། ས་དང་ནམ་མཁའ་བར་སྣང་ཐམས་ཅད་གང་བར་བསམ་ལ། དེ་རྣམས་ལ་ལུས་སྟོན་མོར་བཀྱེ་བ་ནི། འོ་འོ། བདག་གི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད། དབང་པོ་རྣམ་པ་ལྔ། ནང་རོལ་རྣམ་པ་ལྔ། ཤ་དང་རུས་པ། ཁྲག་དང་ཆུ་སེར། སོ་དང་སེན་མོ། སྐྲ་དང་བ་སྤུ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁོང་ཁྲག །ཚེ་དང་སྲོག །མདངས་དང་བཀྲག །ཁམས་སུམ་ཅུ་སོ་གཉིས་ལ་སོགས་པ་ཐམས་ཅད་ཁྱེད་རྣམས་ལ་སྟེར་བ་ཡིན་པས། ཟོ་ཞིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །འདི་སྤྱིར་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་བསྔོ། སྒོས་དྲིན་ཅན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་ལྷ་འདྲེ་ཁྱེད་རྣམས་ལ་གཟན་དུ་སྟེར། ཆེད་དུ་བསྔོ་བ་ཡིན་པས་ཟོ་ཞིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཤིག །འདི་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ཏུ་བྱིན་གྱིས་བརླབས་པ་ཡིན་པས་ཟོས་པ་ཙམ་གྱིས་ཁྱེད་རྣམས་ཁམས་གསུམ་འཁོར་བ་ལས་ཐར་ནས་རིགས་དྲུག་གི་སྡུག་བསྔལ་དང་བྲལ་ཞིང་། མྱུར་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། སེམས་ཅན་མ་སྒྲོལ་བ་རྣམས་སྒྲོལ་བ་ཡིན། མ་གྲོལ་བ་རྣམས་གྲོལ་བ་ཡིན། དབུགས་མ་ཕྱིན་པ་རྣམས་དབུགས་ཕྱིན་པ་ཡིན། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཡིན་པས། ཟོ་ཞིག །གསོལ་ཅིག །རོལ་ཅིག །སྣོམས་ཤིག །དགྱེས་པར་མཛོད་ཅིག །ཞེས་བརྗོད་པས་མགྲོན་རྣམས་སོ་སོའི་བསམ་པ་དང་མཐུན་པར་ཤ་ཁྲག་རུས་པ་ནང་རོལ་ཡན་ལག་སོགས་ཧབ་དིར་གྱིས་ཟོས་འཐུངས་ཁྱེར་པས་གནས་སྐབས་སུ་ཚིམས་ཤིང་དགའ་མགུ་ཡི་རང་། མཐར་ཐུག་ཉོན་མོངས་པ་ཞི་བར་བསམ། དེ་ལྟར་ལན་བརྒྱའམ་ཉེར་གཅིག་སོགས་ཀྱིས་བསྔོས་ལ། ལྷག་མ་ཁས་ཞན་དབང་ཆུང་བ་གློ་བུར་དུ་ལྷགས་པ་རྣམས་ལ་སྦྱིན་ནས། ཕཊ྄ཿཅེས་དབྱིངས་རིག་བསྲེས་ཏེ་སྟོང་ཉིད་ཀྱི་ངང་ལ་ཅི་གནས་གཞག །དེ་ལྟར་དཀར་འགྱེད་དམར་འགྱེད་ཀྱི་དམིགས་པ་འདི་གཉིས་གཟན་སྐྱུར་གྱི་དམིགས་པའི་གཙོ་བོ་ཡིན། གཞན་དུ་དཀར་འགྱེད་ལས་འཕྲོས་པ་ལུས་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་དུ་བསམས་ནས་བསྔོ་བ་སོགས་ལ་སྤྱིར་གཟན་དུ་སྐྱུར་བ་ཟེར། བྱེ་བྲག་ཏུ་གཟན་དུ་སྐྱུར་བ་ནི། རང་ལུས་ཀྱི་བྱེ་བྲག་གང་ན་ས་དེ་ལག་གཡས་ཀྱི་རལ་གྲིས་ཧག་གིས་བཀོག་ནས་གནོད་བྱེད་ཀྱི་གཙོ་བྱས་པའི་གདོན་རྣམས་ལ་སྦྱིན་པས་ཧབ་དིར་གྱིས་ཟོས་པར་བསམ་ལ་ངག་ཏུ། འཁོར་བ་ཐོག་མ་མེད་པ་ནས་བདག་ལུས་ངག་ཡིད་གསུམ་ལ་བདག་ཏུ་བཟུང་། གཅེས་འཛིན་བྱས་པས་གནས་སྐབས་སུ་འདྲེ་དང་གདོན་བགེགས་ཀྱིས་གནོད། ན་ཚ་དང་སྡུག་བསྔལ་བྱུང་། མཐར་ཐུག་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་དེ་བདག་འཛིན་གྱིས་ལན་པ་ཡིན་པས། ད་ངའི་ལུས་མཛེས་ཤིང་གཙང་ལ་ཡིད་དུ་འོང་བ་གཅེས་ཤིང་ཕངས་པ་དགོས་ཤིང་མཁོ་བ་འདི། སྤྱིར་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་གླུད་དུ་བསྔོ། སྒོས་དྲིན་ཆེན་ཕ་མའི་གླུད་དུ་བསྔོ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་བསྔོ། ཁྱད་པར་ལྷ་འདྲེ་ཁྱེད་རྣམས་ཀྱི་གཟན་དུ་གཏོང་བས། རིངས་ན་དྲོན་མོར་ཟོ། མི་རིངས་ན་ཚོས་ལ་ཟོ། ཞེན་པ་ཏིལ་འབྲུ་ཙམ་ཡང་མི་བྱེད་དོ། །སུ་འདོད་པ་ཁྱེར་ཅིག །ཅེས་བློས་ལིང་གིས་བཏང་སྟེ་སྦྱིན། ཕཊ྄ཿཅེས་དབྱིངས་རིག་བསྲེ། ཐོད་རྒལ་དུ་གཟན་དུ་སྐྱུར་བ་ནི། གནོད་བྱེད་ཀྱི་གཙོ་བྱས་ཐམས་ཅད་སློང་མོ་བའི་ཚུལ་དུ་འདུས་པ་ལ། རང་ལུས་རིལ་པོ་ལྟོས་མེད་དུ་བྱིན་པས་མི་རོ་ལ་བྱ་རྒོད་རུབ་པ་ལྟར་ཧབ་དིར་གྱིས་ལྷག་མེད་དུ་ཟོས་པར་བསམ་ཞིང་དབྱིངས་རིག་བསྲེ། སྔར་གྱི་དམར་འགྱེད་ཀྱང་ཐོད་རྒལ་དུ་སྐྱུར་བའི་རིགས་སུ་འདུ་བ་ཡིན། མདོར་ན་འཇིགས་སྐྲག་དང་ཉམ་ང་བ་སོགས་ཅི་བྱུང་ཡང་། ད་ནི་ལུས་འདི་ཁྱེད་རྣམས་ལ་སྦྱིན་ཚར་བས་ཆགས་ཞེན་བྱ་རྒྱུ་རྡུལ་ཙམ་ཡང་མེད། ང་ལ་དབང་བ་ནི་སྤུ་ཉག་གཅིག་ཙམ་ཡང་མེད། ངའི་ནི་མིན། ལྷ་འདྲེ་ཁྱེད་རང་རྣམས་དབང་བ་ཡིན་པས་ཅི་དགའ་གྱིས་བྱས་ལ་བློས་ལིང་གིས་བཏང་། རྗེས་ལ་བདག་དང་ལྷ་འདྲེ་དང་གཅོད་གང་ཡང་ཡིད་ལ་མི་བྱ་བར་ཕཊ྄ཿཅེས་དབྱིངས་རིག་བསྲེས་ཏེ་སྟོང་ཉིད་ཀྱི་ངང་ལ་སྐྱུར་ཏེ་བཞག་གོ། །གང་ལྟར་ཡང་མཐར་གནོད་བྱེད་ཀྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་དགེ་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་ལ། སེམས་ཅན་སྡུག་བསྔལ་བདག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བསྔོ་བ་བྱའོ། །གསུམ་པ་མཇུག་ཚར་ཚད་མཐའ་གཏད་དང་བཅས་པ་ལ་གསུམ་སྟེ། ཚར་ཆོད་པའི་ཚད། མཐའ་གཏད་ཀྱི་དམིགས་པ། བོགས་དབྱུང་བའི་མན་ངག་གོ །དང་པོ་ལའང་། དུས་ཀྱི། རྟགས་ཀྱི། མཐར་ཐུག་གི་ཚར་ཚད་དང་གསུམ། དང་པོ་ནི། ཞག་གསུམ་མམ་བདུན་ནམ་བཅུ་ཚུན་ལ་བར་མ་ཆད་དུ་བྱས་ན་ཡོང་བར་བཤད་ཅིང་། རྣལ་འབྱོར་པ་རབ་ལ་ལྷོང་གཅོད་ཚར་གསུམ་ཞག་གཅིག་ལ་འོང་བའང་ཡོད་གསུངས། གཉིས་པ་རྟགས་ཀྱི་ཚར་ཚད་ནི། དངོས་ཉམས་རྨི་ལམ་གང་རུང་དུ་ཁྲོམ་མང་པོས་རང་ལ་བསྙེན་བཀུར་བྱེད་པ་སོགས་ལྷ་འདྲེ་དབང་དུ་འདུས་པའི་ཚར་ཚད། རང་ཉིད་དཔོན་དུ་གྱུར་ནས་ཁྲིམས་བསྒྱུར་བ་སོགས་ཟིལ་གྱིས་གནོན་པའི་ཚར་ཚད། རང་གི་ལས་གང་བཅོལ་བྱེད་པ་སོགས་བྲན་དུ་འཁོལ་བའི་ཚར་ཚད། ཐོག་མར་ཆོ་འཕྲུལ་མང་པོ་བྱུང་རྗེས་མཐར་རང་སར་ཉལ་གྱིས་ཞི་ནས་བློ་བདེ་འབོལ་ལེ། ཉམས་དགའ་ཡལ་ལེ། བག་དྲོ་འུ་རེ། རིག་པ་དྭངས་སལ་ལེ། ཉོན་མོངས་པའི་རྟོག་པ་ཉལ་གྱིས་འགག །བདག་དང་ལྷ་འདྲེ་ཆོ་འཕྲུལ་གསུམ་དུ་མ་རོ་གཅིག་ཏུ་རྟོགས། སྒོ་གསུམ་དགེ་སྦྱོར་ལ་བསྐུལ་བར་སྤྲོ་བ་རྣམས་ནི་ལམ་དུ་ལོངས་པའི་ཚར་ཚད་དེ། དེའང་ཚར་ཚད་བྱུང་མ་བྱུང་ལ་དགའ་མི་དགའི་འདོད་ཞེན་དང་རེ་དོགས་གང་ཡང་མི་བྱ་བར་ཐམས་ཅད་མཉམ་ཉིད་དུ་སྐྱེལ་བ་གནད་དོ། །གསུམ་པ་མཐར་ཐུག་མཆོག་གི་ཚར་ཚད་ནི། རང་ཉིད་ཁྲུས་བྱེད་པ་རྨི་བ་སོགས་སྤྱིར་སྡིག་སྒྲིབ་དག་པའི་རྟགས་དང་། བྱེ་བྲག་ཏུ་ནམ་མཁའ་གཡའ་དག་པ་རྨི་བ་སོགས་བཟང་རྟགས་མང་པོ་འབྱུང་ཞིང་། ཁྱད་པར་དུ་རང་རྒྱུད་ལ་སྔར་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་དང་། སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་མཐའ་ཡས་པ་དང་། གཞན་ཡང་ལུས་ཉམས་དང་ངག་ཉམས་དང་མངོན་ཤེས་དང་རྫུ་འཕྲུལ་སོགས་ཡོན་ཏན་དཔག་མེད་འཆར། ཕྲིན་ལས་བཞི་ཐོགས་པ་མེད་པར་སྒྲུབ་ནུས་པ་སོགས་འབྱུང་བར་འགྱུར་ཞིང་། དེ་ལྟར་མཆོག་དང་ཐུན་མོང་གི་ཚར་ཚད་ཅི་བྱུང་ཡང་རློམ་སེམས་དགའ་བྲོད་མི་བྱ་བར་ཡུམ་དོན་གྱི་ངང་ལ་མཉམ་པར་གཞག་པར་བྱའོ། །གཉིས་པ་མཐའ་གཏད་ཀྱི་དམིགས་པ་ནི། གཉན་ཁྲོད་དུ་སྔར་གྱི་ཉམས་ལེན་རྣམས་ལ་འབད་པར་བྱས་ཀྱང་ཚར་ཚད་མི་འབྱུང་ཞིང་ཆོ་འཕྲུལ་དང་ལྷོང་ཤིན་ཏུ་ཆེ་བ་བྱུང་ན་མཐའ་གཏད་བྱ་བ་ལ་གསུམ་ལས། དང་པོ་ཕྱི་ལྷ་འདྲེ་མཐའ་ལ་གཏད་པ་ནི། སྔར་ནས་གནོད་པའི་ལྷ་འདྲེ་ལ་གཅོད་བྱས་ནས་མ་ཆོད་པའམ། ཅིས་ཀྱང་མ་ལྷོང་པ་སོགས་ལ་བྱ་སྟེ། གཉན་ཐོག་ཏུ་གཉན་དབབ་པ་བྱ་བ་ཤིན་ཏུ་གཉན་པའི་ས་ཆོ་འཕྲུལ་དང་གདུག་རྩུབ་ཆེ་བར་གང་གཅད་པར་དཀའ་བའི་ས་དེར་ཕྱིན་ཏེ་བསྡད་པས། ལྷ་འདྲེས་མ་བཟོད་པར་ཟིང་གིས་ལངས་འོང་། དེ་དུས་ཉམས་ལེན་གྱི་གདིངས་ཚན་བསྐྱེད། རྟོགས་པའི་ལྟག་ཚན་བསྐྱེད། སྙིང་རུས་ཀྱི་སྡེ་ཚན་བསྐྱེད་ནས་བསྡད་པས་གླགས་མ་རྙེད་པར་ཁོ་རང་བྲེད་དེ་བྲོས་འགྲོའོ། །གཉིས་པ་བར་ཕུང་པོ་མཐའ་ལ་གཏད་པ་ནི། ཆོ་འཕྲུལ་ཆེ་ས་གཅད་པར་དཀའ་བ་དེར་ཕྱིན་ནས་རང་ཉིད་ཀྱི་སྐེ་ལ་ཐག་པ་བཏགས་པའི་སྣེ་མོ་གང་གནས་ཀྱི་རྟེན་ལ་གཏད་དེ་བཞག་གོ །གསུམ་པ་ནང་བདག་འཛིན་མཁའ་ལ་གཏད་པ་ནི། འདི་ལྟར་བསམ་སྟེ་ལུས་བཞི་བསྡུས་ཀྱི་ཕུང་པོ་འདི་ཇི་ཚུགས་བྱས་ཀྱང་འཆི་བ་ལས་མ་འདས། ས་སྟེང་འདིར་རྟག་ཏུ་ནི་མི་སྡོད། ཚེ་ཐར་དུ་ལུས་པ་ནི་སུ་ལའང་མེད་པས་ནམ་ཡང་གཏང་བ་མཉམ་པོ་ལ། དུས་ད་ལྟ་ལྷ་འདྲེ་རྣམས་འདོད་ཅིང་རང་ལ་སྦྱིན་དབང་ཡོད་དུས་འདིར་ཅིས་མི་གཏོང་། སྤྱིར་འགྲོ་དྲུག་ཡོངས་དང་སྒོས་དྲིན་ཅན་ཕ་མ། ཡང་སྒོས་རྩ་བའི་བླ་མའི་གླུད་དུ་གཏོང་། ཁྱད་པར་ལྷ་འདྲེ་ཁྱེད་རྣམས་ཀྱི་དོན་དུ་གཏོང་བས། མཐོ་བ་སྲིད་པའི་རྩེ་མོ་ནས་དམའ་བ་དམྱལ་ཁམས་ཡན་ཆད་ཀྱི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །བདག་ཆེ་གེ་མོའི་བཞི་བསྡུས་ཀྱི་ཕུང་པོ་འདི་ཁྱེད་ཚོ་གང་འདོད་ལ་གང་འདོད་དུ་སྟེར་བས། གསོལ་ཅིག །ཁྱེར་ཅིག །མཉེས་པར་དགོངས་ཤིག །སྟེར་མ་ནུས་ན་ང་ངན་། ཟ་མ་ནུས་ན་ཁྱེད་ངན་ནོ། །རབ་ལྷ་འདྲེ་ཁྱེད་རྣམས་ཀྱིས་ང་དམྱལ་བར་སྐྱུར་ཅིག །འབྲིང་དོ་ནུབ་ཟོ་ལ་ནངས་པར་ང་ལ་ལྡོག་རྒྱུ་མེད་པར་ཐོངས་ཤིག །ཐ་ནའང་ནད་སྣ་དགུ་ཐོངས། ཤི་ཡང་མ་ཤི། གསོན་ཡང་མ་གསོན་པ་ཞིག་གྱིས་ཤིག །ཅེས་བརྗོད་ཅིང་བསམ། ཕཊ྄ཿཅེས་རིག་པ་སྟོང་གསལ་འཛིན་མེད་ཀྱི་ངང་ལ་འཇོག །དེ་ལྟར་ཞེ་ནས་རྒྱུད་ལ་སྐྱེས་ན་ནད་གདོན་བར་གཅོད་གང་གིས་ཀྱང་མི་ཚུགས། ལྷ་འདྲེའི་རིགས་ཚན་གཅིག་མ་བཟོད་ནས་བཏུད་དུ་འོང་། ཡང་ན་ཆོ་འཕྲུལ་སྟོན་དུ་འོང་སྟེ་ཅི་བྱུང་ནའང་ཉམ་ང་བག་ཚ་མེད་པའི་ངང་དུ་འབོལ་ལེ་ཤིག་གེ་ཡུམ་དོན་ལ་ཞོག་དང་། གནོད་པ་བྱེད་མཁན་མི་ཡོང་གིས། ལར་ཆོ་འཕྲུལ་དང་བར་གཅོད་ཅི་བྱུང་ཡང་བསྲུང་དུ་གསོལ་བརྒྱ་ལས་ཟོ་ཞིག་ཟེར་བ་གཅིག་དགའ། ལྷ་སྲུང་བརྒྱ་ར་མདར་སྦྲན་པ་ལས་ལྷ་འདྲེ་སྟོང་ཟ་རུ་འཇུག་པ་དགའ། བསྲུང་བ་བརྒྱ་འདོགས་པ་ལས་ན་དགའ་ཤི་སྐྱིད་གཅིག་དགའ་བ་ཡིན་གསུང་ངོ་། །གསུམ་པ་བོགས་དབྱུང་བའི་མན་ངག་ནི། དེ་ལྟར་ཉམས་སུ་བླངས་ཀྱང་ཡོན་ཏན་མ་སྐྱེས་ན། ཡར་བླ་མ་ལ་གསོལ་བ་བཏབ་སྟེ་བོགས་དབྱུང་། མར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམས་ཏེ་བོགས་དབྱུང་། བར་དུ་འགལ་རྐྱེན་ཅི་བྱུང་ཡང་ཐོག་རྫིས་བྱས་ལ་བོགས་དབྱུང་བར་བྱ་སྟེ། ཁ་འཐོར་ལས། གང་ལ་གཅད་པར་དཀའ་བ་ལ། །ཉམ་ང་མེད་པར་ཐོག་རྫིས་གྱིས། །ཉམས་མྱོང་རྟོགས་པའི་བོགས་ཐོན་ནས། །རྩལ་དང་ཡོན་ཏན་རྫོགས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་དུར་ཁྲོད་དང་གཉན་ཁྲོད་དུ་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་འབད་པར་བྱས་པས་དང་པོར་ལྷོང་ཚད། བར་དུ་ཉམས་ལེན། ཐ་མར་ཚར་ཚད་རྣམས་ཡིད་ཆེས་ཐག་ཆོད་པ་བྱུང་བ་དང་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། ༈ །ད་ནི་གཅོད་ཀྱི་ལག་ལེན་ལ་ཉེ་བར་མཁོ་བའི་གནད་ཀྱི་སྒོ་ཅུང་ཟད་བསྟན་པར་བྱ་སྟེ། ཐོག་མར་སྔོན་འགྲོ་སྐབས་སུ་སྐྱབས་ཡུལ། ཚོགས་ཞིང་བླ་མའི་རྣལ་འབྱོར་གྱི་རྟེན་རྣམས་དམིགས་པ་རྒྱས་པ་གསལ་མི་ཐེབས་པའི་རིགས་ལ། པད་ཉི་ཟླ་བའི་གདན་སྟེང་དུ་བླ་མ་དང་མ་གཅིག་ལབ་ཀྱི་སྒྲོན་མ་དབྱེར་མེད་དུ་བསྒོམས་ལ་སྐྱབས་གནས་ཀུན་འདུས་སུ་བློ་ཐག་གཅོད། སྔོན་འགྲོའི་རྐང་གྲངས་ཀྱང་བསྡུས་པ་ལ་དགའ་ན་སྐྱབས་སེམས་མཎྜལ་གསོལ་འདེབས་ཙམ་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་། དངོས་གཞི་ཉམས་རྟོགས་སྐྱེ་བའི་སྒོ་ཡིན་པས་རྒྱས་བསྡུས་གང་ལྟར་ཉམས་སུ་ལེན་ཡང་མྱོང་བ་ཐོན་ཙམ་རེ་བསླབ་དགོས་སོ། །དངོས་གཞིའི་སྐབས་སུ་མཉམ་གཞག་གི་རྣལ་འབྱོར་ཡུམ་དོན་ལ་མཉམ་པར་འཇོག་པ་འདི་དམིགས་པའི་མཐིལ་ཡིན། དེའི་རྗེས་ཐོབ་ཀྱི་རྣལ་འབྱོར་གང་ཤར་རྟོག་པའི་བདུད་དབྱིངས་སུ་གཅོད་པ་དེ་ཡིན་ཞིང་། འདི་ཐུན་མཚམས་ཀུན་ཏུ་སེམས་དྲན་འཛིན་དང་མ་བྲལ་བར་བྱས་ཏེ་ཉམས་སུ་ལེན་པ་ཡིན་མོད། ཐོག་མའི་དུས་སུ་མཉམ་གཞག་དང་སྦྲེལ་ནས་འཇུར་སྒོམ་དང་། རྣམ་རྟོག་དེའི་གཉེན་པོར་ཡང་དམིགས་པ་ཐུན་ཆུང་ལ་གྲང་མང་བ་བཏུད་མར་ལམ་དུ་ཁྱེར་བ་བྱ། དེ་ལྟར་དངོས་གཞིའི་དམིགས་པ་གཉིས་པོ་འདི་ཉམས་ལེན་གྱི་འགག་ཡིན་པས་ཉམས་ལེན་གྱི་རྐང་ཚུགས་པ་ལ་འབད། རྗེས་བོགས་འདོན་གཉན་ཁྲོད་འགྲིམ་པའི་སྐབས་སུ་ཐོག་མར་ཡུམ་དོན་སྒོམ་པ་དང་བདུད་བཞི་གཅོད་པའི་དམིགས་པ་གཉིས་པོ་དེའི་ཐུན་མཚམས་སུ་ལན་རེ་ཙམ་དང་། དེ་གཉིས་ལ་ཉམས་མྱོང་སྐྱེས་མཚམས་ནས་རང་གི་ཁྱིམ་དུ་ཐུན་བཞིར་ཟིལ་གནོན་གྱི་དམིགས་པའི་ནང་ནས་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམ་པ་གཅིག་པོ་ལ་བསྒྲིལ། ཐུན་འཇོག་ཁར་དཀར་འགྱེད་ཚར་རེ་བྱས་ལ་དབྱིངས་རིག་བསྲེ། དེ་ནས་དམིགས་པ་ཅུང་ཟད་འབྱོངས་པ་ན། རང་ཉིད་གང་དུ་འགྲོ་བའི་གཉན་ཁྲོད་དེར་འདུན་པ་གཏད་ལ་ཟིལ་གནོན་གྱི་དམིགས་པ་དང་། ཞི་གཅོད་དྲག་གཅོད་སྐབས་དང་བསྟུན་པའི་གཟན་སྐྱུར་གྱི་དམིགས་པ་དཀར་འགྱེད་དང་དམར་འགྱེད་གང་རིགས་ཡང་ཡང་སྒོམ་པ་ཞག་གཉིས་གསུམ་ཙམ་བྱས་རྗེས་གཉན་ཁྲོད་ལ་དངོས་སུ་འགྲོ་བ་ཡིན། དེ་ཡང་ལམ་དུ་འཇུག་ཁར་སྐྱབས་སེམས་དང་གསོལ་འདེབས་སྔོན་དུ་འགྲོ་བས་སྔ་ནོན་གྱི་ཟིལ་གནོན་དམིགས་པ་སྙིང་ཚིམས་པ་གཅིག་བཏང་ལ་དམིགས་པའི་སྟངས་མ་ཤོར་བར་རྣལ་འབྱོར་པའི་ལྡིང་འགྲོས་ལྟ་བུས་ཐོལ་གྱིས་འགྲོ། དེར་སླེབ་མ་ཐག་ཟིལ་གནོན་གྱི་དམིགས་པ་གང་རུང་ཞིག་སྒོམ་ཞིང་། རང་ཁྲོས་མ་ནག་མོར་སྒོམ་ལ་དབང་སྡུད་ཀྱི་དམིགས་པ་དང་བཅས་སྟན་ཞིང་ལྤགས་སུ་མོས་པས་ཕྱོགས་བཞིར་གཡོབ་ཅིང་། ས་གནད་ཆེ་བ་ཞིག་ཏུ་འདིང་། གལ་ཏེ་ལྕོག་པུ་ཕུབ་ཡོད་ན་གུར་མཁའ་འགྲོ་མའི་གཞལ་ཡས་ཁང་དུ་བསྐྱེད། སྟན་ལ་ལུས་གནད་དང་བཅས་པས་འདུག་ཏེ་སྐྱབས་སེམས་གསོལ་འདེབས་སྔོན་དུ་འགྲོ་བས་ཟིལ་གནོན་གྱི་དམིགས་པ་ཁོ་ན་ལ་ཐུན་བཞིར་འབད། ཐུན་བཞི་ནི། ཐོར་ཐུན་སྐྱ་རེངས་དང་པོའི་དུས་དང་། སྔ་ཐུན་རི་མགོར་ཉི་མ་ཤར་ཙམ་དང་། དགོང་ཐུན་གྲིབ་སོ་འབབ་པ་ཙམ་དང་། སྲོད་ཐུན་སྲོད་གདོང་ནག་གི་དུས་སོ། །དེ་ལྟར་འབད་པས་ལྷོངས་རྟགས་བྱུང་བ་དང་ཉམས་མྱོང་གི་རྩལ་དང་སྦྱར་ཏེ་དཀར་འགྱེད་དམར་འགྱེད་དུ་གྲགས་པའི་གཟན་སྐྱུར་སོ་སོ་གང་རིགས་སམ། སྤེལ་མ་སྟེ་ཞི་དྲག་ཕྱེད་མ་གསུམ་པོ་སྐབས་དང་སྦྱར་ནས་ཉམས་སུ་བླང་ཞིང་། ཆོ་འཕྲུལ་དང་ཉམ་ང་ཇི་ལྟར་ཆེ་ནའང་དགེ་སྦྱོར་གྱི་སྟངས་མ་ཤོར་བ་གལ་ཆེ། དེ་ལྟར་ས་རྡེ་བཙུགས་པས་མཐར་གནས་བག་ཆགས་ཤིང་དགེ་སྦྱོར་ལ་བོགས་ཐོན་ན་ཚར་ཚད་ལྷོང་ཚད་ཀྱི་ཚད་གཉིས་འགྲིགས་པ་ཡིན་པས་གཏང་རག་ཏུ་དཀར་འགྱེད་མང་དུ་གཏོང་ཞིང་ཆོས་སྦྱིན་དང་སྨོན་ལམ་གདབ། དེ་ནས་གཉན་ཁྲོད་གཞན་དུ་འདེགས་ཀར་ཡང་སྔར་བཞིན་ཟིལ་གནོན་གྱི་དམིགས་པ་གཏོང་། སྡོད་ཤུལ་དུ་ཐོ་བརྩིགས་པ་ཐུགས་རྗེ་ཆེན་པོར་བསྐྱེད་ཅིང་། དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་གཉན་ཁྲོད་དེའི་གཞི་བདག་དང་གནོད་བྱེད་ཀྱི་ལྷ་འདྲེས་གཙོས་སེམས་ཅན་ཐམས་ཅད་ཚིམས་པར་བསམ་ལ། སྔར་བཞིན་འགྲོ་ལུགས་རྣམ་བཞི་གང་རུང་གིས་འགྲོ་བ་སོགས་ཤེས་པར་བྱ། དེ་ཡང་གཉན་སར་རྐང་རྗེན་གྱིས་མི་འགྲོ་བ་དང། མཚན་མོ་མེ་མི་གཏོང་བ་དང་། བཤང་གཅི་ཕྱོགས་གཅིག་ཏུ་དོར་བ་དང་། གཉན་ས་གཅིག་ཏུ་ཡང་ཡང་མི་འགྲོ་བ། ཚར་ཚད་བྱུང་ནས་དེར་མི་སྡོད་པ། ཚར་ཚད་མ་བྱུང་བར་གཞན་དུ་མི་སྤོ་བ་སོགས་དམ་ཚིག་རྣམས་ཀྱང་ངེས་པར་བྱ། འོན་ཀྱང་ཉམས་ཁྲིད་ཞག་བདུན་མ་ལྟ་བུ་ལ་གཉན་ས་མི་གཅིག་པ་བདུན་དུ་འགྲོ་བའི་ཕྱག་ལེན་སྣང་བས་ཚར་ཚད་མ་བྱུང་བར་གནས་སྤོ་མི་རུང་བའང་མཐའ་གཅིག་ཏུ་མ་ངེས་པ་ཡིན། དེ་ཡང་ཐོག་མར་གཉན་ཁྲོད་བཀྲ་ཤིས་པ་གཞི་བདག་འཇམ་ཞིང་ཆོས་ལ་དཀར་བ་ཞིག་ཏུ་འགྲོ་ཞིང་གཟན་སྐྱུར་ཀྱང་དཀར་འགྱེད་ཤིས། དང་པོ་ནས་གཉན་ཁྲོད་རྩུབ་པ་དང་དམར་འགྱེད་སོགས་ལམ་དུ་ལོང་དཀའ་གསུང་ནའང་ཉམས་མྱོང་དང་བསྟུན་ནས་གནད་ཤེས་པར་བྱ་ཞིང་། སྤྱིར་དཀར་འགྱེད་ལ་ཞི་གཅོད། དམར་འགྱེད་ལ་དྲག་གཅོད། ཐུན་བཞི་པོ་སྔ་ཐུན་གཉིས་དང་ཕྱི་ཐུན་གཉིས་སུ་ཕྱེད་དེ་ཞི་དྲག་སྤེལ་མར་ཉམས་སུ་ལེན་པ་ལ་ཕྱེད་མ་ཞེས་གྲགས། དྲག་གཅོད་ཀྱི་དུས་སུ་རང་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མར་བསམ་ལ་ཆོས་ཐམས་ཅད་རང་སྣང་སྒྱུ་མ་ལྟར་ཤེས་པས། འཕྱོང་རྒྱུག་དང་དྲག་སྔགས་བཟླ་བ་སོགས་ལྷོང་སློང་བའི་སྤྲོས་བཅས་ཀྱི་སྤྱོད་པའང་ལྷོང་པ་ཤིན་ཏུ་འགོར་ན་བྱ་བར་གསུངས་པ་ལས་གཞན་དུ་བྱར་མི་རུང་། སྤྲོས་བཅས་ཀྱི་སྤྱོད་པ་འདི་ལ་ལྟོས་ནས་སྔར་གྱི་ཟིལ་གནོན་དང་གཟན་སྐྱུར་དབྱིངས་རིག་བསྲེ་བ་གསུམ་སྤེལ་མར་ཉམས་སུ་ལེན་པ་དེ་སྤྲོས་མེད། ཡུམ་དོན་སྤྲོས་བྲལ་ཁོ་ན་ལ་མཉམ་པར་འཇོག་པ་དེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པར་འགྱུར་ཞིང་། ཡང་དངོས་གཞི་ཡུམ་དོན་ལ་ངོ་སྤྲོད་ཐེམས་ནས། བོགས་འདོན་རྗེས་ཀྱི་ཁྲིད་ལ་ཉམས་ཁྲིད་ཞག་བདུན་མ་ཉམས་སུ་ལེན་པར་འདོད་ནའང་འཇམ་དབྱངས་མགོན་པོའི་ཁྲིད་ཡིག་བཞིན་སྦྱར་དུ་རུང་མོད། ཁོ་བོས་ནི་བྱ་རྒོད་མཁས་གྲུབ་ལས་ཞག་བདུན་མའི་དཔེ་ལུང་ཙམ་ཞིག་མ་གཏོགས་ཉམས་ཁྲིད་མ་ཐོབ་པས་བྲི་བར་མ་ནུས་ལ། ཁྲིད་ཚུལ་འདི་ནི་རྗེ་བླ་མ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་ནས་དམིགས་པའི་ངོ་བོ་ཙམ་ཁྲིད་དུ་ནོད་ཅིང་གཉན་ཁྲོད་འགྲིམ་པ་སོགས་མ་གྲུབ་ཀྱང་། ཟབ་མོའི་གདམས་པ་འདི་ལ་ངེས་ཤེས་ཀྱི་དད་པ་ཅུང་ཟད་ཙམ་སྐྱེས་པ་དང་། ཉམས་མྱོང་གིས་རང་སེམས་ལ་སིམ་པ་ཐོབ་པ་མེད་ཀྱང་སྐྱུད་བྱང་མདོར་བསྡུས་པ་འདི་ཙམ་བླ་མ་དམ་པའི་ཕྱག་བཞེས་མི་ཉམས་པའི་ཕྱིར་སྤེལ་བ་ལ་འགལ་བ་མེད་དོ། །འདིར་སྨྲས་པ། འཆི་བ་སྙིང་ཟུག་བཅོས་མིན་ངེས་འབྱུང་གིས། །ཚེ་འདིའི་བདེ་སྐྱིད་གཏམ་ལ་མ་ཆགས་པར། །རང་སེམས་གཉུག་མའི་རང་ཞལ་རྗེན་གཅེར་རེ། །མཐོང་བའི་མེ་ལོང་འདི་འདྲ་བལྟ་བར་མཛོད། །སྣང་གྲགས་འགྱུ་བར་འཛིན་ཞེན་བདུད་ཀྱི་དཔུང་། །ཉམས་ལེན་ཞེན་མེད་མཚོན་ཆའི་འཕྲུལ་འཁོར་གྱིས། །བཅོམ་ནས་བྱར་མེད་བློ་བྲལ་ངང་བསྐྱངས་ཏེ། །རང་རིག་ཆོས་སྐུའི་རྒྱལ་ས་ཟིན་པར་མཛོད། །དེ་ལྟར་གཅོད་ཡུལ་མན་ངག་ཟབ་མོའི་དོན། །སྙིང་པོར་དྲིལ་བའི་དགེ་འདིས་འགྲོ་བ་ཀུན། །འགལ་རྐྱེན་ལམ་ལོངས་བདུད་བཞི་དབྱིངས་བཅོམ་ནས། །ཆོས་དབྱིངས་རྣམ་དག་ཡུམ་དོན་རྟོགས་པར་ཤོག །ཞེས་པ་འདིའང་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་མཆོག་གིས་སྐལ་ལྡན་འདུས་པའི་ཚོགས་ལ་ངེས་དོན་སྙིང་པོའི་ཆོས་འཁོར་རྒྱུན་མི་འཆད་དུ་བསྐོར་བའི་ཁྲིད་གཉེར་བ་དགེ་སློང་སྒྲུབ་ཆེན་བློ་ལྡན་ལྷུན་གྲུབ་དང་། ཆབ་མདོ་དགེ་སློང་སྤོང་བ་པ་ངག་དབང་བློ་བཟང་གཉིས་ཀྱིས་བསྐུལ་ངོར་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །དགེའོ། །མངྒ་ལཾ།། །།
ཚེ་ཐར་གཏང་ཐབས་ཕན་བདེའི་སྙིང་པོ་ (Volume 49, Text 54)
༄༅། །ཚེ་ཐར་གཏང་ཐབས་ཕན་བདེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཡཻ། འདུས་བྱས་ཀྱི་དགེ་རྩ་མཆིས་སོ་ཅོག་ལས་ཕན་ཡོན་ཁྱད་པར་དུ་ཆེ་བ། སེམས་ཅན་གྱི་སྲོག་བསླུ་ཞིང་སྐྱོབ་པ་ཉིད་ཡིན་ལ། དེའི་བྱེ་བྲག་ནོར་ཕྱུགས་སོགས་ཚེ་ཐར་བཏང་བས་དུད་འགྲོ་དེ་ཉིད་འཕྲལ་དུ་སྲོག་གི་འཇིགས་པ་ལས་གྲོལ་ཅིང་། དཀོན་མཆོག་ལ་ཕུལ་པ་དང་མཚན་དང་གཟུངས་སྔགས་ཐོས་པའི་བྱིན་རླབས་ཀྱིས་མཐར་ཐུག་ངན་འགྲོའི་སྐྱེ་གནས་ལས་ཐར་བར་འགྱུར་བ་དང་། དེའི་མཐུ་དང་རྒྱུ་མཐུན་གྱི་འབྲས་བུས་བྱེད་པ་པོ་རང་ཉིད་ཚེ་རིང་དུ་འཕེལ་བ་སོགས། ཕན་ཡོན་ཆེན་པོ་ཐོབ་པ་ཐེ་ཚོམ་མེད་ལ། དེའང་ཆོ་ག་དང་འབྲེལ་ན་འགྱུར་སྟོབས་ལྷག་པར་ཆེ་བས། སྐབས་འདིར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི། བླ་མ་ཆོས་སྐུའི་ལས་ཚོགས་ལས་འབྱུང་བ་ལྟར་བཀོད་ན། ཚེ་ཐར་གང་ཡོད་ཀྱི་རྣ་བ་ལ་སོགས་པར་དར་རས་ཀྱིས་བརྒྱན། སངས་རྒྱས་ཆོས་ཚོགས་སོགས་ཀྱིས་སྐྱབས་སེམས་སྔོན་དུ་འགྲོ་བས། སྲོག་ཆགས་རྣམས་ལ་ཆུ་གཙང་འཐོར། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཆོས་རྣམས་མི་དམིགས་སྟོང་པའི་ངང༔ ཤ་ཁྲག་དྲོད་དབུགས་སེམས་དང་བཅས༔ ཡོངས་སུ་རྫོགས་པའི་སྲོག་ཆགས་རྣམས༔ ངོ་བོ་གདོད་ནས་ཡུམ་ལྔའི་དངོས༔ རྣམ་པ་རིགས་ལྔའི་ཕུང་པོ་ནི༔ རང་རང་བྱད་གཟུགས་ཡོངས་རྫོགས་པ༔ འདོད་ཡོན་དཔག་མེད་འཕྲོ་བ་ཡི༔ མདུན་གྱི་ནམ་མཁར་གཞལ་ཡས་ཁང༔ མཚན་རྫོགས་རྒྱན་གྱིས་སྤྲས་པའི་ནང༔ སྣ་ཚོགས་པདྨ་འདབ་བཞིའི་སྟེང༔ གླང་ཆེན་སེང་གེ་རྟ་མཆོག་དང༔ རྨ་བྱ་ཤང་ཤང་གིས་བཏེགས་པའི༔ རིན་ཆེན་ཁྲི་རྐང་པདྨ་དང༔ ཉི་མ་ཟླ་བའི་གདན་གྱི་དབུས༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ དཀར་མཐིང་སེར་དམར་ལྗང་བའི་མདོག༔ ཞལ་གཅིག་ཕྱག་གཉིས་མཉམ་གཞག་གིས༔ འཆི་མེད་ཚེ་ཡི་བུམ་པ་འཛིན༔ རང་འོད་ཡུམ་མཆོག་དབྱིངས་ཕྱུག་ལྔ༔ རང་རྟགས་ཚེ་བུམ་བསྣམས་པས་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ འོད་ཟེར་འཁྲུགས་པའི་ཀློང་ན་བཞུགས༔ ཕྱི་རོལ་པདྨ་འདབ་བརྒྱད་ལ༔ སྒེག་སོགས་མཆོད་པའི་ལྷ་མོ་དང༔ སྒོ་བཞིར་རྡོ་རྗེའི་མགྱོགས་མ་བཞི༔ བར་མཚམས་རྩ་གསུམ་ཚེ་ཡི་ལྷ༔ བྱིན་རླབས་གཟི་བྱིན་འབར་བ་ཡི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ མ་ལུས་སེམས་ཅན་ཀུན་གྱི་སོགས་མཐར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ འཆི་མེད་ཚེ་ཡི་ལྷ་ཚོགས་མཆོད༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ཨོཾ་ཨཱཿཧཱུྃ༔ ཤ་ཁྲག་དྲོད་དབུགས་སེམས་དང་བཅས༔ ཡོངས་སུ་རྫོགས་པའི་སྲོག་ཆགས་རྣམས༔ ངོ་བོ་གདོད་ནས་ཡུམ་ལྔའི་དངོས༔ རྣམ་པ་རིགས་ལྔའི་ཕུང་པོ་ནི༔ རང་རང་བྱད་གཟུགས་ཡོངས་རྫོགས་པ༔ འདོད་ཡོན་དཔག་མེད་འཕྲོ་བ་རྣམས༔ རིགས་ལྔ་ཚེ་ཡི་དཀྱིལ་འཁོར་ལྷར༔ གུས་པའི་ཚུལ་གྱིས་འབུལ་ལགས་ན༔ དགྱེས་པ་ཆེན་པོས་རབ་བཞེས་ནས༔ གནས་སྐབས་འཆི་བའི་འཇིགས་པ་དང༔ མཐར་ཐུག་འཁོར་བ་ངན་སོང་གི༔ སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ༔ ཞེས་དང་། ཚེ་དཔག་མེད་རིགས་ལྔའི་སྔགས། ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཞེས་དང་ཚེ་གཟུངས་ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛྭ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾསྐཱར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་བཟླ། བདག་གི་ཐུགས་ནས་འོད་འཕྲོས་པས༔ མདུན་བསྐྱེད་རྒྱུད་བསྐུལ་འོད་ཟེར་གྱིས༔ སྲིད་ཞིའི་ཁམས་ཀྱི་ཚེ་བཅུད་དང༔ ཁྱད་པར་འབྱུང་ལྔའི་དྭངས་བཅུད་ཀུན༔ བསྡུས་ཏེ་བདག་དང་བསྒྲུབ་བྱར་ཐིམ༔ ཁམས་ལྔ་ཉམས་པ་སོར་ཆུད་ནས༔ རིགས་ལྔའི་ཚེ་དབང་ཐོབ་པར་གྱུར༔ ཞེས་བརྗོད་ཅིང་བསམ། མཐར། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད༔ བཅོམ་ལྡན་རིགས་ལྔ་ཚེ་དཔག་མེད༔ ཁམས་ལྔ་རྣམ་དག་ཡུམ་དང་སྦྱོར༔ ཚེ་བདག་རིགས་ལྔའི་ཚོགས་ལ་བསྟོད༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་ཀྱིས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཚེ་བསོད་ཉམས་པ་སོར་ཆུད་ནས༔ རིགས་ལྔའི་ཚེ་དབང་དངོས་གྲུབ་སྩོལ༔ ཅེས་བསྟོད་ཅིང་གསོལ་བ་གདབ་མཐར། མདུན་གྱི་ནམ་མཁར་བཞུགས་པའི་འཆི་མེད་ཚེ་ཡི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ། རང་དང་བསྒྲུབ་བྱ་ལ་ཐིམ་པས་ཁམས་ལྔ་ཉམས་པ་སོར་ཆུད། རིགས་ལྔའི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར། ཅེས་བརྗོད་ཅིང་ངེས་ཤེས་བསྐྱེད། འདི་ནི་གང་ཟག་གང་ཞིག་ཁམས་ལྔའི་སྒོ་ནས་ཚེ་ཉམས་པ་གཅིག་ཅར་དུ་གསོ་བའི་ཐབས་ཁྱད་པར་དུ་འཕགས་པ་ཡིན་ལ། དེའང་བསྒྲུབ་བྱ་དུས་མིན་གྱི་འཆི་བ་ཟློག་ཅིང་ཚེའི་རིམ་གྲོ་གཙོར་བྱེད་ན། དུད་འགྲོ་གསོད་དུ་ཉེ་བའམ་གསོད་པར་འོས་པ་ལོ་གྲངས་སམ་དེའི་སུམ་འགྱུར་ལ་སོགས་པ་ཆོ་ག་འདི་ཉིད་ཀྱིས་ཚར་གྲངས་གང་འགྲུབ་འབུལ་ལ་དམིགས་བཟླས་ནན་ཏན་བྱ། དཔྲལ་བར་མར་གྱི་ཉི་ཟླས་བརྒྱན། མཐར་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་སྤེལ་ལ་མེ་ཏོག་འཐོར་རོ།། ༈ །།ཡང་ཁྱིམ་ལྷ་དང་དགྲ་བླ་རི་འབུལ་ལ་སོགས་པ་དང་འབྲེལ་བའི་ཚེ་ཐར་གཏང་ན། རྒྱན་གྱིས་བརྒྱན་ལ་བསང་སྦྱང་། སྟོང་པའི་ངང་ལས་ཏི་ཡིག་ལས་བྱུང་བའི་སྲོག་ཆགས་སྐྱེ་མཆེད་གཟུགས་བྱད་མཛེས་ཤིང་ཡིད་དུ་འོང་ལ་ཉམས་སྟོབས་དང་ལྡན་པ། ཁ་རླངས་དང་སྤུ་ལས་འདོད་ཡོན་སྣ་ཚོགས་ཀྱི་སྤྲིན་འཕྲོ་བ། གཅིག་ལས་བརྒྱ་སྟོང་དུ་མ་འཕེལ་བས་ཀུན་ཏུ་ཁྱབ་པ། ལྷ་སྲུང་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་དགྱེས་རྒུའི་ལོངས་སྤྱོད་ཀྱིས་མཉེས་པར་བྱེད་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་བརླབས་ལ། ཀྱེ༔ མི་ཡི་ནོར་མཆོག་རྐང་བཞི་པ༔ འཕྲལ་དང་ཡུན་གྱི་བདེ་འཐོབ་ཕྱིར༔ དཀོན་མཆོག་གསུམ་ལ་སྐྱབས་བཙལ་ལོ༔ མཆོག་གསུམ་ཐུགས་རྗེས་སྐྱོབ་པར་མཛོད༔ རྩ་བ་གསུམ་ལ་གུས་མཆོད་འབུལ༔ རྩ་གསུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཆོས་སྐྱོང་ནོར་ལྷའི་རྟེན་དུ་འཛུག༔ སྲུང་མ་ནོར་ལྷས་དགྱེས་པར་བཞེས༔ ཚེ་དང་ལྡན་པའི་ཆེ་གེ་་་རྟ་སོགས་ཁ་སྒྱུར།འདི་ནི༔ ལེ་འུའི་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ དཔལ་གྱི་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ བསོད་ནམས་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ འགོ་བའི་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ དབང་ཐང་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ མགོན་པའི་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ སྐྱོབ་པའི་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ ལོངས་སྤྱོད་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཚེ་དང་ལྡན་པའི་ཆེ་གེ་འདི་ནི༔ ཡུལ་གྱི་ལྷ་ལ་འབུལ་བ་ཡིན༔ ཚེ་ཡི་དམུ་ཐག་ཡར་ལ་དྲོངས༔ ཚེ་དང་བསོད་ནམས་འཕེལ་བར་མཛོད༔ རྟག་ཏུ་ཚེ་ཡི་རྫི་འུ་མཛོད༔ ཤ་འདི་ས་ཡི་ལྷ་ཡིས་སྲུངས༔ སྲུང་མ་དེ་ལ་སྲུང་དུ་བཙུག༔ ཁྲག་འདི་ཆུ་ཡི་ལྷ་ཡིས་སྲུངས༔ སྲུང་མ་དེ་ལ་སྲུང་དུ་བཙུག༔ དྲོད་འདི་མེ་ཡི་ལྷ་ཡིས་སྲུངས༔ སྲུང་མ་དེ་ལ་སྲུང་དུ་བཙུག༔ དབུགས་འདི་རླུང་གི་ལྷ་ཡིས་སྲུངས༔ སྲུང་མ་དེ་ལ་སྲུང་དུ་བཙུག༔ སེམས་འདི་ནམ་མཁའི་ལྷ་ཡིས་སྲུངས༔ སྲུང་མ་དེ་ལ་སྲུང་དུ་བཙུག༔ དབྱེར་མེད་ཚེ་ཡི་ལྷ་ཡིས་སྲུངས༔ སྲུང་མ་དེ་ལ་སྲུང་དུ་བཙུག༔ མི་ལ་ཚེ་སྩོལ་ཚེ་ཡི་རྟེན༔ ཚེ་ཡི་རྟེན་དུ་བཙུག་ཏུ་གསོལ༔ ནོར་ལ་གཡང་སྩོལ་གཡང་གི་རྟེན༔ གཡང་གི་རྟེན་དུ་བཙུག་ཏུ་གསོལ༔ ཟས་ལ་བཅུད་སྩོལ་བཅུད་ཀྱི་རྟེན༔ བཅུད་ཀྱི་རྟེན་ཏུ་བཙུག་ཏུ་གསོལ༔ ལྷ་སྲུང་དགྱེས་པའི་མཐུ་དཔལ་གྱིས། །མི་མཐུན་གནོད་པ་ཀུན་ཞི་ཞིང་། །དགེ་ལེགས་ཡར་ངོའི་ཟླ་ལྟར་རྒྱས། །བཀྲ་ཤིས་སྣང་བས་ཁྱབ་པར་མཛོད། །སྲོག་ལ་ཆགས་པའི་ལུས་ཅན་ཀུན། །གནས་སྐབས་འཆི་བདག་འཇིགས་ལས་གྲོལ། །མཐར་ཐུག་ཚེ་དང་ཡེ་ཤེས་འོད། །དཔག་ཏུ་མེད་པའི་དཔལ་ཐོབ་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་བྱས་ལ་མེ་ཏོག་འཐོར། སྤྱིར་ཚེ་ཐར་གྱི་རིགས་ཐམས་ཅད་ལ་མཐོང་གྲོལ་ཙཀྲ་མིག་ལམ་དུ་བསྟན། ཚོར་གྲོལ་སྤོས་དུད་སྣར་བདུག །རེག་གྲོལ་བྱེ་མ་འཐོར། རྟེན་བྱིན་རླབས་ཅན་དང་བཏགས་གྲོལ་མགོར་བཞག །མྱང་གྲོལ་དམ་རྫས་ཆུར་སྦྱངས་ནས་བླུད། ཐོས་གྲོལ་ཞི་ཁྲོ་དང་བཏགས་གྲོལ་སྙིང་པོ། ཡིག་བརྒྱ། ཤོ་དྷ་ནི། ཀཾ་ཀ་ནི། པདྨ་གཙུག་ཏོར་སོགས་གསར་རྙིང་གི་གཟུངས་སྔགས་རྣམས་དང་། རྡོར་སེམས། འོད་དཔག་མེད། མི་འཁྲུག་པ། རིན་ཆེན་གཙུག་ཏོར་ལ་སོགས་པ་སངས་རྒྱས་ཀྱི་མཚན་རྣམས་རྣ་བར་ཐོས་ངེས་སུ་བརྗོད་ལ་སྨོན་ལམ་འདེབས་པ་ཤིན་ཏུ་གལ་ཆེ། དུད་འགྲོ་དེའང་ཕྱིན་ཆད་ཅི་བདེར་འཇོག་པ་དང་ཁྱད་པར་གསོད་གཅོད་བྱས་ན་ཉེས་པ་བརྒྱ་འགྱུར་དུ་ཆེ་བས་ཚེ་ཐར་ངེས་བྱའོ། །ལུགས་སྲོལ་ཕྱི་མ་འདི་ནི་ཀློང་གསལ་ཚེ་སྒྲུབ་ཡང་གསང་བླ་མེད་ནས་བྱུང་བ་སྟེ་མགོ་གཤམ་ཕྲན་བུ་རུང་མཐུན་ནས་ཁ་སྐོང་དུ་བགྱིས་པའོ། །འདིའང་ཉེ་བར་མཁོ་བ་རྣམས་ལ་ཕན་པར་བསམས་ནས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེར་འདུས་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ། །སརྦ་ད་ཱམངྒ་ལཾ།། །།
ཟབ་པ་སྐོར་བདུན་ལས༔ ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་ (Volume 40, Text 54)
༁ྃ༔ ཟབ་པ་སྐོར་བདུན་ལས༔ ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་བཞུགས་སོ༔ ྈྈྈྈྈ དུས་གསུམ་རྒྱལ་ཀུན་སྤྱི་གཟུགས་འགྲོ་བའི་མགོན༔ འཁོར་འདས་ཀུན་ཁྱབ་ཆོས་སྐུ་ཀུན་ཏུ་བཟང༔ དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང༔ སྐུ་གསུམ་བདག་ཉིད་རྣམས་ལ་ཕྱག་བགྱི་འོ༔ ཨོ་རྒྱན་ཐོར་ཅོག་རྒྱལ་པོ་པདྨ་བདག༔ ཨོ་རྒྱན་ཡུལ་དུ་རྒྱལ་སྲིད་ཆོས་ཀྱིས་སྐྱོང༔ ཟབ་པ་སྐོར་བདུན་གདམས་ངག་ལ་བརྟེན་ཏེ༔ ཨོ་རྒྱན་རྒྱལ་ཁམས་བདེ་ཆེན་ས་ལ་བཀོད༔ གཅིག་ཀྱང་མ་ལུས་ཚོམ་བུར་མངོན་སངས་རྒྱས༔ རྒྱ་གར་ཡུལ་འོང་མུ་སྟེགས་ཐལ་བར་བརླགས༔ ཆོས་ལ་བཀོད་ནས་སྨོོན་ལམ་ལས་དབང་གིས༔ བོད་ཀྱི་རྒྱལ་པོས་སྤྱན་དྲངས་ལྷ་སྲིན་བཏུལ༔ གཙུག་ལག་ཁང་བཞེངས་རྗེ་འབངས་བདེ་ལ་བཀོད༔ མ་འོངས་དོན་དུ་རིན་ཆེན་གཏེར་མང་སྦས༔ ཁྱད་པར་ཟབ་པ་སྐོར་བདུན་ཡན་ལག་བཅས༔ ཐུགས་ཀྱི་སྙིང་པོ་མ་འོངས་དོན་དུ་བཞག༔ དེ་ཡང་རྒྱུད་རྣམས་ཐམས་ཅད་ལུང་དང་བསྡེབས༔ ལུང་རྣམས་མན་ངག་དང་བསྡེབས་སྒྲུབ་ཐབས་བསྟན༔ སྒྲུབ་ཐབས་ཕྲིན་ལས་དང་བསྡེབས་དེ་ལག་ལེན༔ མ་བུར་བསྡེབས་ཏེ་འདི་ནི་ལག་ལེན་གྱི༔ ཕྲིན་ལས་སྔོན་འགྲོའི་སྤྱི་ཆིངས་འདིར་བསྟན་པ༔ སྔོན་འགྲོའི་སྦྱོར་བ་རང་རང་གཞུང་ལྟར་ཤེས༔ སྔོན་འགྲོ་ཆོ་གའི་ས་བཅད་རྣམ་པ་བཅུ༔ སྔོན་གཏོར་སྐྱབས་སེམས་ཚོགས་གསག་གཞན་དུ་བལྟ༔ མཚམས་གཅད་བརྡ་སྒོ་ཕྱག་འཚལ་བཤགས་པ་བྱ༔ དམ་བཅའ་བྱིན་དབབ་མཆོད་བྱིན་བརླབ་པ་སོགས༔ དེ་དག་སྔོན་འགྲོའི་ས་བཅད་རྣམ་བཅུ་འོ༔ ས་མ་ཡ་རྒྱ༔ མཚམས་གཅོད་ལ་ཡང་རྣམ་པ་གཉིས་ཏེ༔ དང་པོ་བགེགས་གཏོར་བྱིན་གྱིས་བརླབས་ལ་བགེགས་བཀུག༔ ལྷ་གང་ཡིན་གྱི་ལས་ཀྱི་ཧེ་རུ་ཀར་བསྒོམས་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར༔ ལྷ་དང་མཁའ་འགྲོ་འབྱུང་པོའི་ཚོགས༔ ཐམས་ཅད་ཐུགས་དམ་བསྐངས་ཟིན་པས༔ འདུ་བའི་ལྷ་ནི་མ་གཏོགས་པ༔ དམ་མེད་བདུད་རིགས་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་སྲིད་ན༔ ཧེ་རུ་ཀ་དཔལ་ཐུགས་ཁྲོས་ནས༔ སྤྲུལ་པའི་ཁྲོ་ཚོགས་མང་པོ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཞེས་དྲག་ཏུ་བཟླས་ཤིང་ཡུངས་དཀར་གྱིས་བྲབ༔ གུ་གུལ་གྱིས་འཚུབས་ཆིལ་དུ་བདུག༔ མཚམས་གཅད་པ་དངོས་ནི༔ ཧཱུྃ༔ ང་ནི་ལས་ཀྱི་ཧེ་རུ་ཀ༔ ཁྲོས་པའི་སྟངས་སྟབས་ཕྱོགས་བཅུར་བསྒྱུར༔ ཧཱུྃ་ལས་ཕྱོགས་བཅུའི་ཁྲོ་བོ་ཡིས༔ ཕྱོགས་བཅུའི་གདོན་ཚོགས་སྙིང་ལ་གཟིར༔ ཁྲོ་བོའི་སྤྲིན་ཆེན་རྣམ་པར་འཁྲིགས༔ ཕྱག་མཚན་ལྔ་ཡི་གུར་དུ་ཕུབ༔ མཚོན་ཆ་ཁྲོ་ཆུང་སྐར་ལྟར་འཁྲུགས༔ ཡེ་ཤེས་མེ་ལྔ་ཕྱོགས་བཅུར་འབར༔ མ་བཅོས་ཆོས་དབྱིངས་ཀློང་ཡངས་ན༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཨོཾ་ཀརྨ་ཧེ་རུ་ཀ་སཱུརྻ་ཙནྡྲ་ཛྭ་ལ་རཾ༔ སརྦ་མ་ཧཱ་ཀྲོ་དྷ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཏཱིཀྵྞ་ཀརྨ་ཀྲོ་དྷ་ཛྙཱ་ན་ཛྭ་ལ་པཉྩ་རཾ་རཾ་རཾ༔ རཀྵ་རཀྵ་ཀུ་རུ་ཧཱུྃ༔ བརྡ་སྒོ་དབྱེ་བ་ནི༔ སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་བལྟ་ཞིང༔ ཧཱུྃ༔ ཆོས་ཀུན་གདོད་ནས་དག་པ་ལ༔ སྣང་སྲིད་དཀྱིལ་འཁོར་ཡེ་ནས་རྫོགས༔ མ་རིག་འཁྲུལ་པའི་སྒྲིབ་གཡོགས་སྒོ༔ རང་རིག་བརྡ་ཡིས་དབྱེ་བར་བྱ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དེ་ཉིད་རང་གི་རིག་པའི་ཡེ་ཤེས་དང་གཉིས་སུ་མེད་པར་བལྟས་ལ་ཕྱག་འཚལ་བ་ནི༔ ཧཱུྃ༔ དབྱིངས་རིག་གཉིས་སུ་མེད་པ་ལ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་རྫོགས༔ ཁྱབ་གདལ་ཆོས་དབྱིངས་ཆེན་པོ་ལ༔ གཉིས་སུ་མེད་པར་བརྡ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ལྟར་སྔོན་ནས་མ་རྟོགས་པའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་པ་ནི༔ ཧཱུྃ༔ སྣང་སྲིད་གདོད་ནས་དག་པའི་དཀྱིལ་འཁོར་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཡེ་ནས་མ་རིག་འཁྲུལ་པས་བསྒྲིབས་པ་ཡི༔ རྣམ་རྟོག་ཀུན་བརྟགས་བློ་ཡིས་སྒྲོ་བཏགས་པས༔ རང་རིག་ཡེ་ཤེས་དོན་ལ་རྨོངས་པ་ཡིས༔ བསྲུང་མཚམས་མེད་པའི་དམ་ལས་འགལ་བ་དང༔ བླ་མར་སྨོད་ཅིང་ཡི་དམ་སྤངས་པ་དང༔ བསྙེན་སྒྲུབ་ཛཔ྄་བཟླས་ཚད་དུ་མ་འཁྱོལ་དང༔ ཏིང་འཛིན་ལྟ་བ་ཀློང་དུ་མ་གྱུར་ཅིང༔ གསང་བཅུ་གཞན་ལ་བསྒྲགས་སོགས་མཐོལ་ལོ་བཤགས༔ གཞན་ཡང་མི་སྤང་དང་དུ་བླང་བྱ་དང༔ སྤྱད་པར་བྱ་དང་བསྒྲུབ་པར་བྱ་བ་དང༔ ཤེས་བྱ་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ དམ་ལས་འགལ་བར་གྱུར་པ་མཐོལ་ལོ་བཤགས༔ ཉ་སྟོང་དུས་བཞིའི་མཆོད་པ་ཆག་པ་དང༔ སྡིག་ཅན་རྣམས་ལ་རྟག་ཏུ་བྱམས་བྱས་ཤིང༔ མཁའ་འགྲོ་རྣམས་ལ་ཤ་ཁྲག་གཏོར་མ་ཆག༔ སྦྱོར་སྒྲོལ་མཆོད་པ་དུས་ལས་གཡེལ་བ་དང༔ རྩ་ལྟུང་བཅུ་བཞི་དང་འགལ་མཐོལ་ཞིང་བཤགས༔ གཞན་ཡང་སྦོམ་པོ་ཡན་ལག་ཕྲ་ཞིབ་ཀྱི༔ དམ་ཚིག་བྱེ་བ་ས་ཡ་གྲངས་མེད་པ༔ དེ་ལས་འགལ་བར་གྱུར་པའི་རྣལ་འབྱོར་གྱིས༔ འགྱོད་ཚངས་གདུང་བའི་སྨྲེ་ངག་འདི་འདོན་པས༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་སྤྱན་རས་ཀྱིས༔ ཡུད་ཙམ་གཟིགས་ཏེ་ཐུགས་རྗེས་བཟོད་བཞེས་གསོལ༔ ཚངས་པར་བསྩལ་ནས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཀའ་བ་མེད་པར་འགྲུབ་པ་དང༔ རྫོགས་པ་ཆེན་པོའི་བསྟན་པ་མཐར་བགྱིས་ཤིང༔ ཀུན་ཏུ་བཟང་པོའི་རྒྱལ་ས་ཟིན་པར་ཤོག༔ སྙིང་པོའི་དམ་ཚིག་དེ་ཉིད་ལས་ནམ་ཡང་མི་འདའ་བར་དམ་བཅའ་བ་ནི༔ ཧཱུྃ༔ རང་རིག་ཡེ་ཤེས་དཀྱིལ་འཁོར་འདི༔ དེང་ཕྱིན་བདག་གིས་མི་གཏང་ཞིང༔ འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཡེ་ནས་བདེ་གཤེགས་སྙིང་པོ་སྟེ༔ གློ་བུར་སྒྲོ་བཏགས་མ་རིག་འཁྲུལ༔ བདེ་ཆེན་ས་ལ་བཀོད་པའི་ཕྱིར༔ སྙིང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ༔ ས་མ་ཡ་བོ་དྷི་ཙིཏྟ་ཧཱུྃ༔ རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ་བའི་གདུང་ཤུགས་དྲག་པོའི་མཐུས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ༔ སྤོས་བསྲེག༔ རོལ་མོ་སྣ་ཚོགས་ཀྱི་སྒྲ་བསྒྲག༔ ཞིང་དང་གཡབ་དར་གྱིས་གཡབ༔ དབྱངས་སྙན་པོས༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ནས༔ དུས་གསུམ་བདེེ་གཤེགས་སྲས་དང་བཅས༔ ཐུགས་རྗེའི་ཐུགས་དམ་གནད་ནས་བསྐུལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ བྱིན་གྱིས་བརླབ་པའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས༔ དབང་ཆེན་དབང་སྐུར་བཅོམ་ལྡན་འདས༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་ཨཱ་བེ་ཤ་ཡ་ཨཱ༔ མཆོད་པ་བྱིན་གྱིས་བརླབ་པ་ལ༔ དང་པོ་མཆོད་རྫས་ཀྱི་དྲི་མ་རང་ཁ་བ་རྣམས་སྦྱོང་བ་ནི༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ༔ སྥ་ར་ཎ་ཕཊ༔ ཕྱི་མཆོད་བྱིན་གྱིས་བརླབ་པ་ནི༔ ཏྲཱྃཿལས་བདེ་བ་ཆེན་པོའི་ཞིང་ཁམས་དབུས༔ བྷྲཱུྃ་ལས་རིན་པོ་ཆེ་ཡི་གཞལ་ཡས་སུ༔ རིན་ཆེན་སྣོད་དུ་ཧཱུྃ་ལས་མཆོད་ཡོན་དང༔ ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་ཀུན་བཟང་མཆོད་སྤྲིན་འཕྲོ༔ ཧྲཱིཿལས་རོལ་མོའི་གཞལ་ཡས་ཁང་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ་ཨཱཿཧཱུྃ༔ ནང་མཆོད་བྱིན་གྱིས་བརླབ་པ་ནི༔ ཨཱ་ལས་ཐོད་མཆོག་ཧཱུྃ་ལས་ཁྲག་ཆེན་དང༔ དབང་པོའི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང༔ ཞུན་ཆེན་མར་མེ་མཁྲིས་ཆེན་དྲི་ཆབ་དང༔ ཤ་ཁྲག་ཞལ་ཟས་ཨཱཿལས་རོལ་མོའི་སྒྲ༔ ཧྲཱིཿལས་རིག་མ་བཅུ་དྲུག་འདོད་ཡོན་འཕྲོ༔ ཡེ་ཤེས་རོལ་པའི་མཆོད་སྤྲིན་བསམ་མི་ཁྱབ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་བོ་དྷི་ཙིཏྟ་མ་ཧཱ་པཉྩ་ཨོཾ་ཨཱཿཧཱུྃ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨོཾ་ཨཱཿཧཱུྃ༔ གསང་མཆོད་བྱིན་གྱིས་བརླབ་པ་ནི༔ ཡིག་འབྲུ་གསུམ་ལས་རླུང་མེ་ཐོད་སྒྱེད་སྟེང༔ ཨཱ་ལས་ཐབས་ཤེས་ཟུང་འཇུག་སྣོད་ཡངས་པར༔ ཤ་ལྔའི་མཚོ་འཁྱིལ་བདུད་རྩིའི་རི་བོ་བརྩེགས༔ ཨོཾ་ཧཱུྃ་ཏྲཱཾཿཧྲཱིཿཨཱཿམཱུཾཿལཱཾ་མཱཾ་པཱཾ་ཏཱཾ༔ ཏྲཱྃཿཡིག་མཚན་པའི་ཁ་ཆོད་ཉི་མ་དང༔ ཟླ་བ་རྡོ་རྗེ་འབྲུ་གསུམ་དབྱངས་གསལ་མཚན༔ མེ་རླུང་སྦྱོར་བས་ཞུ་ཁོལ་རླངས་པ་ཡིས༔ འཁོར་འདས་བདུད་རྩིར་བཀུག་ནས་རིགས་ལྔར་གྱུར༔ རྗེས་ཆགས་ཞུ་བའི་བྱང་སེམས་བདུད་རྩིར་ཐིམ༔ དུག་ལྔ་རྣམ་དག་ཡེ་ཤེས་སྒྲུབ་པའི་རྫས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས༔ ཨཱ་ལས་ལྕང་ལོར་བཅས་པའི་བྷནྡྷ་རུ༔ གདུག་ཅན་བཀུག་ནས་གཏུམ་པོ་དྲག་པོས་བསྒྲལ༔ རླངས་པས་ཉོན་མོངས་རཀྟ་བཀུག་སྟེ་བསྒྲལ༔ རྟེན་འབྲེལ་བཅུ་གཉིས་བསྒྲལ་བའི་རཀྟ་དང༔ གཱིརྟཱིའི་གསང་བ་ནས་བབས་རཀྟ་དང༔ ཐམས་ཅད་འདྲེས་པའི་ཆགས་བྲལ་རཀྟའི་མཚོ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས༔ བྷྲཱུྃ་ལས་གཏོར་སྣོད་རིན་ཆེན་གཞལ་ཡས་ཁང༔ ཤ་ལྔ་བདུད་རྩི་སྙིང་པོ་རྣམ་པ་བཅུ༔ བཟའ་བཅའ་བཏུང་བའི་ཚོགས་རྣམས་འོད་ཞུ་ནས༔ བདུད་རྩིའི་རྒྱ་མཚོར་གྱུར་པའི་ཟེགས་མ་ལས༔ འདོད་ཡོན་ཕུང་པོ་མཁའ་ལ་འཕྲོ་བར་གྱུར༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བཱ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཟླས་ཤིང་བྱིན་གྱིས་བརླབ༔ སྔོན་འགྲོའི་སྤྱི་ཆིངས་བཅུ་རྣམས་རྫོགས་སོ༔ ས་མ་ཡ་རྒྱ༔ དེ་ནས་དངོས་གཞིའི་ཕྲིན་ལས་གང་ཡིན་པ་ལ་འཇུག་སྟེ༔ དེའང་དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པ་ནི༔ ཧཱུྃ༔ ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ༔ ཡེ་ནས་མ་སྐྱེས་མི་འགགས་ཤིང༔ ཀ་ནས་དག་པའི་དེ་བཞིན་ཉིད༔ མ་བསྒོམ་འཛིན་མེད་རང་གསལ་གདབ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཀུན་སྣང་གི་ཏིང་ངེ་འཛིན་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོ་ཅན༔ དམིགས་གཏད་མཚན་འཛིན་བྲལ་བ་ལས༔ འགྲོ་ཀུན་ཐུགས་རྗེས་འདྲེན་པའི་ཕྱིར༔ ཆགས་མེད་སྙིང་རྗེས་ཀུན་ལ་ཁྱབ༔ ཧྲཱིཿདྷརྨ་དྷཱ་ཏུ་བོ་དྷི་ཙིཏྟ་ཧོ༔ རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ འགྲོ་རྣམས་མ་ལུས་སངས་རྒྱས་སར༔ བསྒྲལ་ཕྱིར་རང་བྱུང་སྙིང་པོ་ལས༔ ཡེ་ཤེས་རྒྱུ་ཡི་ཡི་གེ་ཤར༔ ཐམས་ཅད་སྐྱེད་བྱེད་ཆེན་པོར་བསྒོམ༔ ཧཱུྃ་བཛྲ་ཙིཏྟ་ཧཱུྃ༔ སྣོད་བཅུད་སྦྱོང་བ་ནི༔ ཧཱུྃ༔ རང་བྱུང་སྙིང་པོའི་ཆོ་འཕྲུལ་ལས༔ སྐུ་གསུང་ཐུགས་ཀྱི་རཾ་ཡཾ་ཁཾ༔ འཕྲོས་པས་སྣོད་བཅུད་སྟོང་པར་སྦྱངས༔ སླར་འདུས་རྒྱུ་ཡི་ཡི་གེར་ཐིམ༔ རྒྱུའི་ཧེ་རུ་ཀ་ཡོད་པ་རྣམས་ལ༔ ཧཱུྃ༔ རང་བྱུང་སྙིང་པོ་ཧེ་རུ་ཀ༔ ཡུམ་བཅས་ལྷན་སྐྱེས་མཁའ་ལ་གསལ༔ དེ་ནས་ཕྲིན་ལས་ལ་འཇུག་པར་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈྈྈ གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའི་གནམ་ལྕགས་ཕུར་སྒྲོམ་ཆེན་མོའི་རྒྱ་མདུད་ནང་གི་བྱང་བུ་གྲུ་བཞི་གུ་རུའི་ཕྱག་བྲིས་ཇི་ལྟ་བ་ལས་འོག་མིན་ཀརྨའི་གདན་སར་ཕབ་པའོ།། །།
རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཕྱི་ནང་གསང་སྒྲུབ་ཇི་ལྟར་བྱ་བའི་ཚུལ་པདྨ་རཱ་གའི་ཆུན་པོ་ (Volume 52, Text 54)
༄༅། །རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོའི་ཕྱི་ནང་གསང་སྒྲུབ་ཇི་ལྟར་བྱ་བའི་ཚུལ་པདྨ་རཱ་གའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཌཱ་ཀི་ནཱི་ཡཻ། ཟག་མེད་དགའ་བའི་ལང་ཚོ་ཅན། །ལྷན་སྐྱེས་མཛེས་མ་ལ་བཏུད་དེ། །དེ་ཉིད་རྣལ་འབྱོར་བྱ་བའི་ཚུལ། །ནམ་མཁའ་མཛོད་ལས་བྱུང་དེ་འཆད། །ཤིན་ཏུ་ཟབ་པའི་མན་ངག་བསྟན་པ་ལ་ཕན་པའི་ཕྱིར་དུ་རྒྱུན་མ་ཆད་པ་གལ་ཆེ་བར་དགོངས་ཏེ་བཀའ་དྲིན་མཚུངས་མེད་གཏེར་ཆེན་བླ་མ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོའི་རང་བཞིན་དུ་བསྩལ་པ་གང་ཡིན་པ་དེ་དོན་ཡོད་པར་བྱ་བའི་ཕྱིར། གབ་རྒྱ་ཅན་གྱི་མན་ངག་མ་གཏོགས་པ་དངོས་ཤུགས་ཀྱིས་བསྟན་པ་རྣམས་ལག་ལེན་ཇི་ལྟར་བྱ་བའི་ཚུལ་གོ་གསལ་དུ་འགོད་པ་ལ་བཞི། སྔོན་འགྲོ་ཉེར་བསྡོག །དངོས་གཞི་བསྙེན་སྒྲུབ། རྣོ་འདོན་བཀའ་སྲུང་། མཐའ་རྒྱས་ལས་ཚོགས་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ལ་གསུམ། སྒྲུབ་པ་པོ། སྒྲུབ་པའི་ཚུལ། བསྒྲུབ་རྫས་ཀྱི་ཉེར་བསྡོག་དངོས་སོ། །དང་པོ་སྒྲུབ་པའི་གང་ཟག་ནི། སྤྱིར་རྩ་བ་གསུམ་དང་བྱེ་བྲག་འདི་ཉིད་ཀྱི་དབང་དང་བྱིན་རླབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནོས་ཤིང་དམ་ཚིག་ལ་གནས་པ། རྩ་གསུམ་གྱི་བསྙེན་སྒྲུབ་སྔོན་དུ་སོང་བའོ། །དེ་ལ་འདི་སྒྲུབ་པའི་དམ་ཚིག་ནི་དགེ་བསྙེན་ཡན་ཆད་ཀྱི་སྡོམ་པ་དང་ལྡན་པ། ཁྱད་པར་སྲོག་གཅོད་སྤངས་ཤིང་དགེ་བ་ལ་བརྩོན་པ། བསྡུ་དངོས་བཞི་དང་སྦྱིན་པ་རྣམ་བཞི་དངོས་སམ་ཡིད་ཀྱིས་སྦྱིན་པ། བུད་མེད་ཐམས་ཅད་ལ་ཡིད་ཀྱིས་གུས་ཤིང་ཁྱད་པར་སྒྲོལ་མའི་མིང་ཅན་གྲོགས་འཁོར་དུ་མི་བཀོལ་བ། ཁ་དོག་དམར་པོའི་རིགས་ཀྱི་མེ་ཏོག་མི་འགོངས་ཤིང་སྒྲོལ་མ་བཞུགས་པའི་གནས་རྣམས་སུ་ཕྱག་མཆོད་བསྟོད་པ་ལ་བརྩོན་དགོས་པ་སོགས་རྟོག་པ་ལས་གསུངས་ཤིང་། གནད་ཀྱི་དམ་ཚིག་ནི་འདི་སྒྲུབ་པ་སུས་ཀྱང་མི་ཤེས་ཤིང་བསྒྲུབ་རྫས་བཅའ་གཞི་ལས་སྦྱོར་རྫས་སོགས་སུས་ཀྱང་མ་མཐོང་བ། སྔགས་པ་ཡིན་ན་སྒྲུབ་པའི་སྐབས་སུ་བུད་མེད་མི་བསྟེན་ཅིང་། ཐུན་དང་སྨྲ་གཅད་ཀྱི་རིམ་པ་ངེས་ཅན་དུ་བྱ་བ་དང་ཆགས་སྲེད་ཀྱི་དབང་དུ་མ་ཤོར་བ་ཅིས་ཀྱང་གལ་ཆེ་བར་བཤད་དོ། །གཉིས་པ་སྒྲུབ་པའི་ཚུལ་ལ་ལྔ། སེམས་བསྐྱེད། དུས། གནས། གྲོགས། སྤྱོད་ལམ་མོ། །དང་པོ་ནི། རང་འདོད་དང་དེའང་དོན་ཆུང་ཉི་ཚེ་བ་ལ་དམིགས་ཏེ་དབང་གི་ཕྲིན་ལས་བསྒྲུབས་ཀྱང་རང་སེམས་སྣང་བའི་དབང་དུ་ཕར་ཤོར་བའི་གནད་ཀྱིས་ལས་མི་འགྲུབ་ཅིང་ལྟར་སྣང་ཕྲ་མོ་ཙམ་འགྲུབ་ཏུ་སྲིད་ཀྱང་། ཡེ་ཤེས་ཀྱི་ལྷ་སྔགས་བསྒྲུབས་པའི་འབྲས་བུ་དོན་ཆུང་ངུ་ལ་ཟད་པས་ཙནྡན་སོལ་བར་བསྒྱུར་པ་དང་མཚུངས་པ་གོ་བར་བྱས་ཏེ། ལས་འགྲུབ་མི་འགྲུབ་ལ་རྩིས་གདབ་མེད་པར་བྱང་ཆུབ་བསྒྲུབ་པའི་བསམ་པ་ཁོ་ནས་བསྙེན་ཅིང་། བསྒྲུབས་པའི་དྲོད་རྟགས་ལ་བརྟན་པ་མ་ཐོབ་བར་དུ་ལས་སྦྱོར་ལ་བརྐམ་ཆགས་ཀྱིས་མི་རྔམས་པ་དང་། ལས་སྦྱོར་གྱི་དུས་ལ་བབས་པའི་ཚེ་ནའང་བླ་མའམ་བསྟན་པའི་དོན་ལས་རང་འདོད་ཀྱི་འཁྲིས་མེད་པ་བྱས་ན་གང་བརྩམས་པ་དེ་མྱུར་དུ་འགྲུབ་ཅིང་། བྱ་བ་དེ་དག་ཀྱང་བྱང་ཆུབ་ཐོབ་པའི་ཚོགས་སུ་འགྱུར་བས་རང་དོན་ཞར་ལ་འོངས་པ་ཡིན་ཀྱང་། དེང་སང་དུས་དབང་གིས་ནོར་སྒྲུབ། དབང་སྡུད། མཐུ་གཏད་སོགས་རྣ་སྙན་གྱིས་ཁྱེར་ཏེ་དེ་རིགས་ཐོས་ཚད་སྙིང་གི་ནོར་བུར་བཅང་ཞིང་དགེ་སྦྱོར་གྱི་མཐིལ་དུ་བྱེད་པ་མང་ཡང་། རང་གཞན་གཉིས་དོན་ལྟ་ཅི། དེ་དག་ལ་བརྟེན་ནས་ལྟོ་རྒྱབ་ཀྱང་བདེ་བླགས་སུ་འབྱོར་དཀའ་བ་ཁོ་ནར་མཐོང་བས། ལྟར་སྣང་གི་དགེ་སྦྱོར་གྱིས་སྒོ་གསུམ་ཆུད་མ་ཟོས་པར་བྱ་བ་གནད་རྣམས་ཀྱི་ཐོག་མ་ཡིན་ནོ། །གཉིས་པ་དུས་ནི། ཁྱད་པར་གྱི་དུས་ཚེས་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་དམ། ཚེས་བརྒྱད་རྒྱལ་འཛོམ། གཞན་ཡང་རྒྱལ་ཕུར་འཛོམ་པ་ནི་མཆོག་ཡིན་ལ། ར་བ་བཞི་གཙོ་བོར་གྱུར་པའི་ཚེས་བརྒྱད་བྱུང་ངོ་ཅོག་ཀྱང་གནད་ཀྱི་དུས་སུ་གསུངས་པས་དེ་དག་ལ་ཐོག་མར་བསྒྲུབ་པའི་དབུ་བརྩམ་པར་བྱའོ། །གསུམ་པ་གནས་ནི། ས་མདོག་དམར་ཞིང་རི་བྲག་རྩེ་མོ་རྣོ་བ་དང་། རྟོག་པ་ལས་མྱ་ངན་མེད་པའི་ཤིང་གི་དྲུང་དུ་འདུག་པར་གསུངས་པ་དངོས་སུ་མ་གྲུབ་ཀྱང་ཡིད་ཀྱིས་ཨ་ཤོ་ཀའི་ལྗོན་ཤིང་རབ་ཏུ་རྒྱས་པའི་རྩ་བར་འདུག་པ་ཐོག་མར་མོས་པ་བྱ་དགོས་ཤིང་། གསང་བའི་གནས་ནི་ཞལ་ལས་ཤེས་སོ། །བཞི་པ་གྲོགས་ནི། སྤྱིར་ཡིད་དང་མཐུན་ཞིང་དབང་གི་མཚན་དང་ལྡན་ལ་གསང་ཐུབ་པ་བསྟེན་ལ། ཁྱད་པར་བ་ནི་ཞལ་ལས་བླང་ངོ་། །ལྔ་པ་སྤྱོད་ལམ་ནི། ཞྭ་གོས་གདན་སོགས་དམར་པོ་དང་། རྒྱ་སྐྱེགས་ཀྱི་ཉིང་ཁུས་དཔྲལ་བར་ཐིག་ལེ་ཟླ་གམ་བྱ། མྱོས་བྱེད་ཀྱི་འབྲས་བུ་པོ་སོ་ཆར་གྲགས་པ་ཁར་འཆའ་ཞིང་ཁ་ནུབ་ཏུ་ཕྱོགས་པས་པདྨའི་སྐྱིལ་ཀྲུང་གིས་འཁོད་པ་རྣམས་རྒྱ་གཞུང་ནས་བཤད་ཅིང་། གནད་ཀྱི་སྤྱོད་ལམ་ཞལ་ལས་ཤེས་པར་བྱའོ། །གསུམ་པ་སྒྲུབ་རྫས་ཉེ་བར་བསྡོག་པ་དངོས་ལ། ཐོག་མར་དམ་ཚིག་གི་བྲིས་སྐུ་རྒྱུད་དང་མན་ངག་ལས་བཤད་པ་ལྟར་འགྲུབ་ན་ཤིན་ཏུ་གལ་ཆེ་ཞིང་ཕྱི་ནང་གསང་གསུམ་ཀར་རྩ་བའི་རྟེན་ཡིན་པས་མདུན་ནས་ཤར་དུ་ཞལ་ཕྱོགས་པར་བཀྲམ་པའི་མདུན་དུ། སྟེགས་བུ་དམར་པོ་ཟླ་གམ་གྱི་སྟེང་དུ་དཀྱིལ་འཁོར་སྒོ་རྫོགས་རྟ་བབས་རྣམ་བཞི་མ་པདྨ་རྡོ་རྗེ་མེ་རིས་བསྐོར་བའི་ནང་དུ། པདྨ་དམར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་མཚམས་རྣམས་སུ་ཨུཏྤལ་དམར་པོའི་ལྕགས་ཀྱུས་མཚན་པ་རེ་རེ། གཞུང་ནས་དངོས་སུ་མ་གསུངས་ཀྱང་སྒོ་བཞིར་ཡང་ལྷ་མཚན་ལྕགས་ཀྱུ་དང་ཞགས་པ་རེ་རེ་དོན་གྱིས་ཐོབ་པས་དེ་ལྟར་ཚད་ལྡན་དུ་བྲིས་པའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་གང་རུང་བཀོད་པའི་དབུས། རྐང་གསུམ་གྱི་ཁར་ཟངས་བུམ་མགུལ་ཆིངས་དམར་པོ་ཆང་དང་ཉེར་ལྔ་དབང་གི་རྫས་གསུམ་གྱིས་བཀང་ཞིང་སེ་བ་དང་རྨ་བྱའི་མདོངས་མེ་ཏོག་དམར་པོས་ཁ་བརྒྱན་པ་བཞག །འདིར་འབྱོར་པ་དམན་པས་དཀྱིལ་འཁོར་མ་འཛོམ་ན་ཟངས་ལ་སོགས་པའི་མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་ལྷ་གྲངས་བཀོད་ཀྱང་རུང་། རྒྱབ་ཕྱོགས་སུ་སྟེགས་དམར་པོ་ཅུང་མཐོ་བའི་དབུས་སུ་རྩ་གསུམ་གཏོར་མ་རིན་ཆེན་འབར་བ་དར་གདུགས་དམར་པོ་བཅས་སྤྱི་ལྟར་བཀོད་པའི། གཡས་སུ་ཟངས་སྣོད་ཟླ་གམ་དམར་པོའི་ནང་འབྲུ་སྣའི་ཕྱེ་མ་ཆང་དང་མངར་གསུམ་གྱིས་སྦྲུས་པ་ལ་དབང་བཤོས་ཟླ་གམ་དམར་པོ་འཁོར་རང་འདྲ་བརྒྱད། ཕྱི་རོལ་དུ་ཕྱོགས་བཞིར་མཐེབ་ཀྱུ་གཉིས་གཉིས་ཀྱིས་བསྐོར་བ། མཛེས་མའི་ལག་ནས་བླངས་པའི་མར་ལས་མེ་ཏོག་དམར་པོའི་ལྕགས་ཀྱུས་སྤྲས་པའི་གཟུགས་བྱས་པ་སོགས་རྒྱན་སྤྲོས་མཛེས་པས་བརྒྱན་ཅིང་དར་གདུགས་དམར་པོ་ཕུབ། འབྱོར་པ་དམན་རུང་དར་གདུགས་བཅས་ཁྲུ་གང་ལས་མི་དམའ་ཞིང་མི་ཆུང་བ་ལ་ཟས་སྣ་དང་སྤོད་ཀྱི་རིགས་བྱེད་ཤིང་ཏོག་མེ་ཏོག་དམར་པོ་སོགས་ཀྱིས་གཏམས། དེའི་གཡས་ནས་གཡས་སུ་དམ་ཅན་སྤྱི་གཏོར་དང་བཀའ་སྲུང་ལྷ་ཆེན་ལ་ཟངས་གཞོང་དུ་གཏོར་མ་འབྲས་སྙེའམ་ཤིང་ཏོག་བིལྦཱའི་དབྱིབས་དམར་པོ། གཡོན་དུ་རང་འདྲ་གཅིག །འཁོར་དབང་བཤོས་བཞིས་བསྐོར་བ་རྒྱན་སྤྲོས་དར་གདུགས་དམར་པོ་ཅན། སྨན་ཐོད། གཡོན་ནས་གཡོན་དུ་ལེགས་ལྡན་ལ། གཏོར་མ་དཔུང་རོང་གཅིག །གཡོན་དུ་གཏོར་མ་ཅུང་ཟད་ཆུང་བ། འཁོར་རང་འདྲ་བཞིས་བསྐོར་བ། དར་གདུགས་སྔོན་པོ་ཅན། ཀུན་འཁྱིལ་མཆེད་གསུམ་ལ་པདྨའི་ཀོང་བུ་ཡས་ཕྱིར་ལྟ་བའི་སྟེང་འབྲང་རྒྱས་ནོར་གཟུགས་མས་མཚན་པ། དེ་འདྲ་སུམ་བསྒྲིགས་ལ་དར་གདུགས། རཀྟའི་སྣོད་བཅས་བཤམ། བསྡུ་ན་དབུས་རྩ་གསུམ། གཡས་དབང་གི་ལྷ་མོ། གཡོན་དམ་ཅན་སྤྱི་གཏོར་སྨན་རཀ་ཙམ་གྱིས་འཐུས་པར་བྱ་ཆོག་གོ །དཀྱིལ་འཁོར་མཐའ་སྐོར་དུ་མདུན་ནས་གཡོན་སྐོར་གྱིས་ཟངས་སྣོད་ལ་སོགས་པར་གུར་གུམ་འབྲས་ཡོས་མེ་ཏོག་དམར་པོ་བཅུག་པའི་མཆོད་ཡོན། ཆུ་གཙང་གི་ཞབས་བསིལ། གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། གུར་གུམ་རྒྱ་སྐྱེགས་སྤོས་དཀར་སིཧླ་གཙོ་བོར་སྦྱར་བའི་སྤོས། ཏིལ་མར་གྱི་མར་མེ། གུར་གུམ་གི་ཝང་ཙནྡན་དམར་པོ་བཏབ་པའི་དྲི་ཆབ། ཟས་སྣ་ཆང་དང་མངར་གསུམ་གྱིས་སྦྲུས་པའི་ཞལ་ཟས། མཚམས་འཛིན་མེ་ཏོག་བཅས་བཤམ། སྐྱུ་རུ་ར་སེ་འབྲུ་རྒུན་འབྲུམ་སོགས་ཤིང་ཏོག་དམར་པོའི་རིགས། ན་བཟའ་ལེ་བརྒན། འབྱོར་དུ་རུང་ན་རྟགས་བརྒྱད་རྫས་བརྒྱད་སྣ་བདུན་སོགས་ཀྱི་གཟུགས་བརྙན་ཡང་ཅི་བདེར་བཀྲམ། དེ་མདུན་རྒྱུན་དུ་ཁ་གསོ་རྒྱུའི་མཆོད་པ་རྣམ་ལྔ་བྲེང་ཚར། གཞན་ཡང་སྔོན་གཏོར་དཀར་བགེགས། ཟས་དང་ཚོགས་ཀྱི་ཡོ་བྱད། བཀའ་སྲུང་འབུལ་གཏོར་ཆད་བརྟན། ཡུངས་གུལ་མེ་ཏོག་སྦྱར་སྤོས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱའོ།། །།རྩ་བའི་གཉིས་པ་དངོས་གཞི་བསྙེན་སྒྲུབ་ཀྱི་ལག་ལེན་འཆད་པ་ལ་གསུམ། ཕྱི་སྒྲུབ་ཀྱིས་བསྙེན་པ། ནང་སྒྲུབ་ཀྱིས་ཉེ་བར་བསྙེན་པ། གསང་སྒྲུབ་ཀྱིས་སྒྲུབ་པ་ཆེན་པོ་ལ་སྦྱར་བའོ། །དང་པོ་ནི། གོང་དུ་སྨྲོས་པའི་གནད་རྣམས་དང་ལྡན་པས་དགོང་མོ་དབང་གི་དུས་སུ་མགོ་བརྩམ་སྟེ་ཁྲུས་དང་དམ་ཚིག་གསོ་བ་སོགས་བསྙེན་སྒྲུབ་སྤྱིའི་གནད་དང་ལྡན་པས། ཚིག་བདུན་དང་གསོལ་འདེབས་རྒྱས་བསྡུས། རང་ཉིད་རྟ་མཆོག་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས། སྒྲུབ་ཁོག་སྤྱི་ཆིངས་ལྟར་དཀར་གཏོར་ཕུལ། རང་གཞུང་སྐྱབས་སེམས་ནན་ཏན་མཚམས། བགེགས་གཏོར་བསྔོ་ཞིང་སྔོན་འགྲོ་སྤྱི་ཆིངས་ལྟར་བཀའ་བསྒོ་ཞིང་བགེགས་བསྐྲད་ལ་སྲུང་འཁོར་བརྟན་པོར་བསྒོམ། སྒྲུབ་པ་ནམ་གྲོལ་གྱི་བར་དུ་སྲུང་འཁོར་མི་བསྡུ་བར་ཐུན་མགོ་རྣམས་སུ་གསལ་འདེབས་བསྐྱར་ལ་བྱ། བརྡ་སྒོ་དབྱེ་བ་ནས་བྱིན་འབེབ་འཕྲོས་མཆོད་རླབས་རྣམས་གྲུབ་མཚམས། རྩ་གསུམ་ལས་བྱང་ཏིང་འཛིན་གསུམ་ནས་གཏང་། ཛཔ྄་རྣམས་ཁྱུག་ཙམ་གཏང་། དེ་ནས་པདྨ་མཁའ་འགྲོའི་རང་གཞུང་ལྟར་གསང་སྒྲུབ་ཀྱི་མཆོད་པ་བྱིན་རླབས། ཕྱི་སྒྲུབ་ཀྱི་མངོན་རྟོགས་ནས་བསྟོད་པའི་བར་བཏང་ཞིང་དཀྱིལ་འཁོར་སྒྲུབ་རྫས་ལ་དམིགས་ཏེ་མདུན་བསྐྱེད་བྱ། བཟླས་དམིགས་གཞུང་གསལ་ལྟར་ཐུགས་སྲོག་མཐར་སྔགས་ཕྲེང་གཡོན་སྐོར་དུ་འཁོར་མི་དགོས། ཐོག་མར་ནན་ཏན་དུ་བསྐྱེད་ཅིང་གསལ། བསྒྲུབ་བྱ་བྱང་ཆུབ་ཀྱི་ལམ་ལ་འགོད་པ་དང་རང་ཉིད་བྱང་ཆུབ་སྒྲུབ་པའི་སེམས་བསྐྱེད་ཡང་ཡང་གསལ་འདེབས་ཤིང་ཐམས་ཅད་ལ་མ་ཆགས་མ་ཞེན་པར་རང་རིག་གི་ངོ་བོ་བསྐྱང་བ་ལ་ནན་ཏན་བྱ། གསལ་ཐེབས་ནས་བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས་དབང་སྡུད་ཀྱི་སྤྲོ་བསྡུ་གཞུང་ལྟར་བྱ། ཐུན་མཐར་ཁ་སྐོང་སྟོང་ཚིགས་ཕུལ། གཏོར་མ་མཐེབ་ཀྱུ་སོགས་ཀྱིས་ཁ་གསོས་ཏེ་བདུད་རྩིས་བྲན་ལ་གཏོར་འབུལ་དང་ཕྲིན་བཅོལ་མཐར། ཨོཾ་པདྨ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ༔ བདུན་ཙམ་བརྗོད་ཅིང་མདུན་བསྐྱེད་མི་བསྡུ་བར། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་དང་བཀྲ་ཤིས་བརྗོད། ཐུན་ཕྱི་མ་རྣམས་སུ། གསོལ་འདེབས། སྐྱབས་སེམས། སྲུང་འཁོར། སྤྲོ་ན་བརྡ་སྒོ་མན་ཆད་སྔར་བཞིན་ལ་འདོན་བྱ་མང་པོ་མི་ནུས་ཚེ། སྲུང་འཁོར་ནི་ཡིད་ཀྱིས་གསལ་འདེབས་པས་ཆོག་ཕྱིར། སྐྱབས་སེམས་འཕྲོས་སུ་རྩ་གསུམ་ལས་བྱང་ལ་འཇུག་ཅིང་དེ་མན་ཆད་སྔར་ལྟར་རོ། །དགོང་ཐུན་མཐར་དམ་ཅན་སྤྱི་གཏོར། ལྷ་ཆེན་ལས་བྱང་གཏོར་འབུལ་བཅས། རྩ་གསུམ་སྤྱིའི་ཆ་ལག་ཡིན་པས་ནུས་ན་ཀུན་འཁྱིལ་མཆེད་གསུམ་གཏོར་འབུལ། གཏེར་གཞི་མན་ཆད། རྒྱུན་དུ་ལྕོགས་ན་ལེགས་ཤིང་མ་ལྕོགས་ན་དང་པོ་དང་། དུས་བཟང་རྣམས་སུ་ཚོགས་ཀྱི་མཆོད་པའང་བྱ། དེ་ལྟ་བུའི་ཚུལ་གྱིས་ཐུན་གསུམ་མམ་བཞི་ལ་སོགས་པར་བསྙེན་གྲངས་གཞུང་གསལ་འབུམ་ཕྲག་གཅིག་གམ་བཞི། དམིགས་ཕུག་ན་བཞི་བཞི་འགྱུར་འབུམ་ཕྲག་བཅུ་གཉིས་བཟླས་པས་འབྲུ་འབུམ་ཡང་དེ་ནང་དུ་འདུས་པས་ལེགས་ཤིང་གང་ལྟར་བསྙེན་པ་གྲུབ་པའི་ནངས་མོར་མཆོད་ཚོགས་གསར་དུ་བཤམ་ཞིང་རྒྱས་པར་བྱ། དངོས་གྲུབ་ལེན་ཆོག་སྐབས་བུམ་ཆུ་འཐུང་། རྗེས་སྣོད་བཅུད་བསྡུ་རིམ་རང་གཞུང་ལས་གསལ་བ་ལྟར་ལ། མདུན་བསྐྱེད་གཙོ་མོའི་ཐུགས་སྲོག་འོད་ཟེར་དམར་པོས་སྣོད་བཅུད་ཐམས་ཅད་ལ་ཁྱབ། ཐམས་ཅད་ཀྱང་འོད་དམར་པོའི་རྣམ་པར་ཞུ་ནས་མདུན་བསྐྱེད་ལ་ཐིམ། དེ་དག་འོད་ཞུ་སོགས་བསྒོམ་པ་གནད་ཡིན། དོན་བསྡུ་རིམ་མཇུག་ཏུ་ཨོཾ་པདྨ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ༔སྟོང་རྩ་ཙམ་བཟླ། བདག་བསྐྱེད་བསྡུ་ལྡང་དགེ་བསྔོ་སོགས་བྱ། སྤྲོ་ཞིང་ནུས་ན་ཁ་སྐོང་སྦྱིན་སྲེག་བཟླས་པའི་བཅུ་ཆའང་བྱའོ།། །།གཉིས་པ་ནང་སྒྲུབ་ནི། སྒྲུབ་རྫས་དཀྱིལ་འཁོར་གོང་ལྟར་ལ། ཁྱད་པར་རང་གཞུང་ནས་བཤད་པའི་སྐུ་ཙཀ་དར་དམར་གྱིས་དྲིལ་བ་བུམ་པའི་ཁ་རྒྱན་གསེབ་ཏུ་བཞག་པའམ། བུམ་པའི་མལ་དུ་སྐུ་གཟུགས་བཞུགས་སུ་གསོལ་ཡང་ཆོག །འདི་ཉིད་རྩ་གསུམ་གྱི་ཆ་ལག་ཡིན་པའི་ཕྱིར་སྔ་ཐུན་མགོ་ལྟ་བུར་རྩ་གསུམ་ཚར་རེ་གཏང་ནའང་ཆོག །བདག་བསྐྱེད་མི་དགོས་པའི་ཕྱིར་ཅིས་ཀྱང་གཏང་དགོས་པའི་ངེས་པ་མེད། གང་ལྟར་སྔོན་འགྲོའི་བྱ་བ་སྔ་ཐུན་གཅད་ལུགས། འདོན་པའི་ཁྲིགས་སོགས་ཕྱི་སྒྲུབ་ཇི་ལྟ་བ་ལ། སྤྱི་ཆིངས་སྦྱར་ན་བྱིན་འབེབ་འཕྲོས་སུ་གསང་སྒྲུབ་མཆོད་པ་བྱིན་རླབས། ལས་བྱང་ཕྱི་སྒྲུབ་ལྟར་འདོན་སྐབས་བདག་ཉིད་པདྨ་མཁའ་འགྲོའི་རྟེན་བརྟེན་པར་བསྐྱེད། ཛཔ྄་ལ་སླེབ་པ་དང་སྙིང་པོ་ལ་ཕཊ་ཛཿབཏགས་པས། མདུན་དཀྱིལ་སྒྲུབ་རྫས་ཀྱི་གོ་སར་སྐད་ཅིག་གིས་དབྱེ་གཞིའི་དཀྱིལ་འཁོར་གསལ་བར་རང་ལས་མར་མེ་གཅིག་ལས་གཉིས་མཆེད་ཚུལ་གྱི་དཀྱིལ་འཁོར་སྤྲོས་ཏེ་དེ་དང་གཉིས་སུ་མེད་པར་མོས་ཏེ་ཐུགས་སྲོག་སྔགས་ཕྲེང་སྔར་ལྟར་གསལ་གདབ་ལ། སྤྲོ་ན་རིགས་མཐུན་གྱི་ཛཔ྄་སྐུལ་ཡང་བྱ། ཐོག་མར་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའམ་ནང་རྟགས་མ་བྱུང་བར་ལྷ་སྔགས་དཀྱིལ་འཁོར་གསལ་ཡང་ཡང་གདབ་སྟེ་དོན་གཉིས་སྒྲུབ་ཅིང་བྱིན་རླབས་བསྡུ་བའི་སྤྲོ་བསྡུ་གསང་བ་སྤྱི་ལྟར་བྱ། མཐར་བདག་གི་ཐུགས་སྲོག་འོད་ཟེར་དམར་པོས་མདུན་བསྐྱེད་བསྐུལ། དེའི་ཐུགས་ཀའི་ཧྲཱིཿལས་ཧྲཱིཿའཕྲོས། བསྒྲུབ་བྱའི་སྙིང་གར་ཞུགས་པས་དེའི་སྒོ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས། སླར་ཡང་སྤྲོ་བསྡུ་སོགས་གཞུང་གསལ་ལྟར་བྱ་ཞིང་། ཐུན་མཚམས་ཀྱི་བྱ་བ་གཏོར་འབུལ་ཚོགས་སྐོང་བསྙེན་ཚད་རྣམས་ཀྱང་སྔར་ལྟར་རོ། །གྲོལ་ཉིན་དངོས་གྲུབ་ལེན་ཆོག་སྐབས་བྲིས་སྐུ་གནས་གསུམ་དུ་གཏུགས། ཛཔ྄་ཁང་དབྱེ་བའི་རིགས་རྣམས་བསྙེན་པའི་སྐབས་ཐུན་མཚམས་སྟོང་ཚིགས་ཚར་སྐབས་བདག་ཉིད་དང་དབྱེར་མེད་དུ་བྱ་བ་ཡིན་ཞིང་། སྒྲུབ་པ་ཆེན་པོ་ལ་ནི་ནམ་གྲོལ་དུས་བར་ཚུར་ལ་མི་བསྡུ་བར་སྤྲོ་གཞི་གསལ་བཏབ་ནས་དབྱེ་སྐྱོར་རེ་རེ་བྱ་བ་ཡིན་པའང་ཤེས་དགོས་སོ། །འདིར་ཁ་སྐོང་སྦྱིན་སྲེག་སྒེར་པ་གྲུབ་ནའང་གྲངས་གོང་སྨྲོས་ལྟར་རོ།། །།གསུམ་པ་གསང་སྒྲུབ་ནི། དཀྱིལ་འཁོར་སྒྲུབ་རྫས་གོང་ལྟར་ལ། ཁྱད་པར་ནི་དཀྱིལ་འཁོར་དབུས་སུ་འཕྲུལ་སྟེགས་ལ་དབང་གི་མཚན་དང་ལྡན་པའི་ཐོད་པ་སྐྱོན་མེད་པར་ཆང་དང་མངར་གསུམ་སྦྱར་བས་བཀང་བ་བཞག་པའི་ཁར། མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཟངས་ཀྱི་སྨྱུ་གུས་ཧྲིཾ་ཡིག་སྙིང་པོས་གཡོན་དུ་བསྐོར་བ་བྲིས་པས་བཀབ་ཅིང་དར་དམར་གྱི་གུར་ཕུབ། མེ་ཏོག་དམར་པོ་གཅལ་དུ་བཀྲམ། ནང་སྒྲུབ་ཀྱི་འཕྲོས་སུ་བྱེད་ན་མཆོད་གཏོར་རྣམས་ཀྱང་བརྗེ་བའམ་ཁ་གསོས་ལ་བག་དྲོ་བར་བྱ། འདོན་བྱ་སོགས་ནང་སྒྲུབ་ལྟར་ལ་ཁྱད་པར་ལྷ་བསྐྱེད་གསང་སྒྲུབ་དང་གཞུང་ལྟར་བདག་མདུན་དབྱེར་མེད་བསྐྱེད་ཅིང་། སྤྱན་འདྲེན་སོགས་ལས་བྱང་གི་ཁོག་དབུབ། བཟླས་པའི་སྐབས་སྤྲོ་བསྡུའི་གཞི་ནང་སྒྲུབ་ལྟར་བྱ། མཐར་ལས་སྦྱོར་དམིགས་པ་གསང་སྒྲུབ་གཞུང་གསལ་ལྟས་མཐོང་བར་དུ་བརྩོན་ཞིང་། སྒྲུབ་པ་ཚར་ནས་དངོས་གྲུབ་ལེན་སྐབས་ཐོད་པའི་རྫས་ལ་རོལ་ཞིང་མེ་ལོང་གི་སིནྡྷུ་རས་དཔྲལ་བར་ཐིག་ལེ་བྱ། རྫས་ཀྱི་ལྷག་མ་དངོས་གྲུབ་ཀྱི་རྟེན་དང་ལས་ལ་སྦྱོར་བའི་རྫས་སུ་བཅང་། གོང་དུ་སྦྱིན་སྲེག་སོ་སོར་གྲུབ་ན་འདིར་ཁ་སྐོང་གི་སྲེག་བླུག་བྱ་ཞིང་། གོང་མ་གཉིས་ལ་མ་གྲུབ་ན་སྐབས་འདིར་ངེས་པར་སྦྱིན་སྲེག་ལ་ཕྱི་ནང་གསང་སྡོམ་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆ་འགྲུབ་དགོས་སོ།། །།གསུམ་པ་རྣོ་འདོན་བཀའ་སྲུང་ནི། པདྨ་མཁའ་འགྲོའི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་སྔོན་དུ་སོང་བའི་སྒྲུབ་པ་པོས་དབང་གི་ལས་ཀྱི་རྣོ་འདོན་དུ་བཀའ་སྲུང་ལྷ་ཆེན་ཡབ་ཡུམ་གྱི་བསྙེན་སྒྲུབ་རྐང་ཚུགས་བྱ་བར་སྤྲོ་ན། ཐོག་མར་འདི་ཉིད་ཀྱི་སྲོག་གཏད་མན་ངག་གི་གནད་བཅས་བླ་མ་ལས་ཐོབ་པར་བྱ་ཞིང་། བཅའ་གཞི་གཞུང་གསལ་འཛོམ་ནས། བདག་བསྐྱེད་མཁའ་འགྲོའི་ལས་བྱང་ཐོག་མཐའ་བཅས་ཚང་བར་གཏང་། མདུན་བསྐྱེད་ལྷ་ཆེན་གཙོ་འཁོར་ལས་བྱང་སྒེར་པའི་ཁོག་ཏུ་ཕྱི་ནང་གསང་སྒྲུབ་སོ་སོའི་བཟླས་པ་དང་ཏིང་ངེ་འཛིན་གྱི་གནད་འཕྲུལ་ཏེ་བཅུག་ནས་གྲུབ་པའི་མཐར་དབང་གི་སྦྱིན་སྲེག་ཀྱང་ནུས་ན་ལས་ཤིན་ཏུ་མྱུར་ཞིང་སྟོབས་དང་ལྡན་པར་འགྱུར་རོ།། །།བཞི་པ་ལས་སྦྱོར་ནི། བསྙེན་སྒྲུབ་ལ་དྲོད་ཚད་ཐོབ་པའི་རྣལ་འབྱོར་པས། བླ་མ་དང་བསྟན་པའི་ཞབས་འདེགས། ཕ་རོལ་པོ་ཆོས་ལ་གཞུག་པའམ་འབྱོར་པ་དགེ་ཕྱོགས་སུ་བསྒྱུར་བ་སོགས་རང་འདོད་མ་ཡིན་པའི་དོན་ཆེན་པོ་དང་ལྡན་པར་མཐོང་ན། གང་ཟག་རེ་རེའི་ཡིད་སྡུད་པ་རྫས་ཀྱི་རིལ་བུ། ཡུལ་ཁམས་སྤྱི་སྡུད་པ་སཱཙྪ་དམར་པོ། སྤྱི་དང་བྱེ་བྲག་གཉིས་ཀར་ལས་མྱུར་ཞིང་སྟོབས་དང་ལྡན་པ་མེ་དང་རླུང་གི་སྦྱོར་བ་བརྩམ་པར་བྱ་ཞིང་། ཁྱད་པར་མེ་ཡི་མཆོད་པ་ནི་དུས་དང་དགོས་པའི་སྐབས་སུ་ཡང་ཡང་བྱ་བ་ཉིད་ལག་ཏུ་ལེན་བདེ་ཞིང་དབང་གི་ཕྲིན་ལས་ཙམ་དུ་མ་ཟད་ལས་སྤྱི་ལ་གཅེས་པ་ཡིན། དེ་དག་ལས་མེ་མཆོད་ཡི་གེ་ལོགས་སུ་གསལ་བ་ལས་ཤེས་པར་བྱ་ཞིང་། གཞན་རྣམས་ནི་གཏེར་གཞུང་ཉིད་དུ་གསལ་བར་བཞུགས་པ་ལས་རྟོགས་པར་བྱ་བ་ཁོ་ནའོ། །དབང་སྡུད་ལས་ཚོགས་མཐའ་ཡས་ཀྱང་། །མཆོག་ཐུན་གཅིག་ཆར་སྒྲུབ་པའི་ཐབས། །ཚན་ཆེ་རྣོ་མྱུར་བཀའ་གཏེར་གྱི། ཁུངས་ལྡན་ལྷག་པའི་ལྷ་འདི་མཆོག །སྔགས་འདི་སྒྲུབ་ཅིང་ལམ་འདི་ལས། །དམུ་རྒོད་སྙིགས་མའི་སྐྱེ་བོ་ཀུན། ཁ་ལོ་ཐར་པར་སྒྱུར་ནུས་པའི། །མཆོག་རྣམས་སྙིང་གི་བཅུད་དུ་ཤོག །ཅེས་པའང་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་འཛིན་པའི་སྐྱེས་ཆེན་གཙོ་བོར་གྱུར་པའི་གཞན་ཕན་ལྷག་བསམ་ཅན་རྣམས་ཀྱི་ཕྲིན་ལས་རྒྱས་པའི་ཞབས་འདེགས་སུ་དམིགས་ནས། མན་ངག་འདིའི་གནད་གསང་ཐུན་མོང་དང་ཐུན་མོང་མ་ཡིན་པ་མང་དུ་ཐོས་པའི་སྤོང་བ་པ་སྔགས་རིག་འཆང་བ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་མགུལ་ལྷན་ཅིག་སྐྱེས་མའི་ཕོ་བྲང་དང་ཉེ་བའི་ནགས་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། སྣོད་མིན་ལས་དཔེ་ཙམ་ཡང་མི་མཐོང་བར་བཀའ་སྲུང་ལྷ་ཆེན་ལྕམ་དྲལ་ལ་གཉེར་དུ་གཏད་དོ། །ས་མ་ཡ། སྦས་རྒྱ།། །།
མཁའ་འགྲོ་མའི་བྱས་པ་བཤིག་པའི་འཁོར་ལོ་མཆོག་ཏུ་ཟབ་པ་ (Volume 47, Text 54)
༄༅། །མཁའ་འགྲོ་མའི་བྱས་པ་བཤིག་པའི་འཁོར་ལོ་མཆོག་ཏུ་ཟབ་པ་བཞུགས་སོ། །བཀའ་གཏེར་ཟུང་འཇུག་གི་ཨུ་པ་དེ་ཤའོ། ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གསང་བའི་མན་ངག་རྨད་དུ་བྱུང་བ་མཁའ་འགྲོ་མའི་བྱས་པ་ཐམས་ཅད་བཤིག་པའི་འཁོར་ལོ་རང་ལ་བསྐལ་པ་སྟོང་གི་བར་དུ་གསང་སྔགས་ཀྱི་ནུས་པ་མེད་པར་བྱས་པ་དེ་འགྲོལ་བའི་ཐབས་ལ། སྒྲུབ་པའི་དུས་ནི་རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉི་མ་ཤར་བའི་ཚེ་ལག་པ་དག་པར་བྱས་ལ། གི་ཝཾ་དང་། གུར་གུམ་དང་། ཙནྡན་དཀར་དམར། རྒྱ་སྐྱེགས་དང་སྦྱར་བའི་སྣག་ཚས། ཤོག་བུའམ་རས་དྲི་མ་མེད་པ་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་རིམ་པ་བཞི་དང་བཅས་བྲི། འཁོར་ལོའི་ལྟེ་བ་ལ་ལུས་ངག་ཡིད་གསུམ་ཐམས་ཅད་བཅིངས་པ་ལས་གྲོལ་བར་བྱ་བའི་སྔགས་འགོད་པ་ནི། ཨོཾ་ཧྲཱིཿབཛྲ་བུདྡྷ་དྷརྨཱ་སངྒྷ་ཀཱིརྟི་ཛྭ་ལ་སརྦ་ཀརྨ་བདག་གི་ལུས་ངག་ཡིད་གསུམ་གཞན་གྱིས་བྱད་དུ་བཅུག་པ་ཐམས་ཅད་དང་། བཅིངས་པ་དང་། ནུས་པ་བཤིག་པ་དང་། རྦོད་གཏོང་དང་། གཏད་ཁྲམ་བྱས་པ་ཐམས་ཅད་ཁྲོལ་བར་གྱུར་ཅིག །ཅེས་བྲིའོ། །རྩིབས་བརྒྱད་ལ། ཨོཾ་བཛྲ་བིནྡྷ་ཡ་སྭཱ་ཧཱ་ཧཱུྃ་ཕཊཿ ཅེས་པ་འབྲུ་རེ་རེ་བྲིའོ། །མུ་ཁྱུད་ནང་མ་ལ་དགོད་པའི་སྔགས་ནི། ཨོཾ་མ་མ་སརྦ་བྷིནྡྷ་ཡ་བྷིནྡྷ་ཡ་ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ། ཨ་པ་ར་ཙི་ཏེ། མ་རི་བྱེར་བྱེར། པྲ་མརྟ་ཡེ་མ་མ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྲིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཤེས་པ་རིན་ཏ་ཧོ། ཧི་སི་ཏི་ས་མ་ཡ་དུ་ཤེས་པྲ་ཏི་ར་ཨ་ཝ་ལོ་ཀི་ཏེ་སྭཱ་ཧཱ། ཞེས་པ་བྲིའོ། །གཞན་གྱི་རིག་སྔགས་ལས་རྒྱལ་བར་བྱེད་པའི་སྔགས་སོ། །མུ་ཁྱུད་ཕྱི་མ་ལ་བྲི་བའི་སྔགས་ནི། ཨོཾ་ཤཱནྟིཾ་ཀ་རི་ནི་ཡེ། བྲུམ་མ་མ་བཛྲ་ཛྙཱ་ན་པྲ་བ་ཡཙྪ་མ་མ་བི་དྷ་ར་ཡེ། ཧ་ཧ་ཧེ་ཧེ་ཧི་ཧི་ཧཱུྃ་ཧཱུྃ་པྲ་ཀ་ར་ན་པན་ཙ་ལ། སརྦ་ཀརྨ་བཛྲ་རཀྵ་རཀྵ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྲིའོ། །དེ་ལྟར་བྲིས་པའི་འཁོར་ལོ་དེ་རིན་པོ་ཆེའི་སྣོད་དུ་བཅུག་སྟེ། ཁྲིའུ་འམ་མཉྫིའི་སྟེང་བཞུགས་ལ། བདག་ཡི་དམ་བདེ་མཆོག་ཏུ་བསྐྱེད་པའི་མདུན་དུ་མཆོད་པ་སྣ་ལྔ་བཤམས་ལ། སྐད་ཅིག་གིས་འཁོར་ལོ་མི་དམིགས་པའི་ངང་ལས་བྷྲཱུྃ་ལས་དམ་ཚིག་གི་འཁོར་ལོར་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་བསྟིམ། འཁོར་ལོ་གཞལ་ཡས་ཁང་དུ་བསྒོམ། མེ་ཏོག་ལ་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་ལ་གཏོར། བཀྲ་ཤིས་བརྗོད། དེ་ནས་རང་གནས་པའི་ནམ་མཁའ་ལ་ཡིག་འབྲུ་རྣམས་རང་ལ་བལྟ་བར་བྱས་ལ་གདགས། བདག་ཉིད་འཁོར་ལོའི་འོག་ཏུ་གནས་པའམ་དེ་ལ་འཛུལ་བར་གྱུར་ན་གསང་སྔགས་ཀྱི་ནུས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱེད་དོ། །ཕ་རོལ་པོ་གང་གིས་བསྐལ་པ་སྟོང་གི་བར་དུ་བྱས་པའི་སྔགས་ཀྱི་ནུས་པ་མེད་པར་བྱས་པ་ཡང་སྐད་ཅིག་དེ་ཉིད་ལ་གྲོལ་བར་འགྱུར་རོ། །གཞན་གྱིས་རང་གི་ནུས་པ་བཤིག་པ་ཐམས་ཅད་གྲོལ་བར་བྱེད་པའི་མཆོག་ཏུ་འགྱུར་རོ། །གསང་སྔགས་ཐམས་ཅད་ལ་ཐོགས་པ་མེད་ཅིང་མི་ཕམ་པའི་ནུས་པ་དང་ལྡན་པར་འགྱུར་རོ། །འདི་དང་ལྡན་ན་གསང་སྔགས་ཀྱི་ནུས་པ་ཐམས་ཅད་མཆོག་ཏུ་འགྱུར་རོ། །མདོར་ན་འཁོར་ལོ་དེ་ལ་གང་གིས་རེག་པ་དང་། འཁོར་ལོའི་འོག་ཏུ་འཛུལ་བ་དང་། དེའི་འོག་ཏུ་བསྡད་པ་དེ་དག་ཐམས་ཅད་ནུས་པ་མཆོག་དང་ལྡན་པར་འགྱུར་རོ། །ཕ་རོལ་གང་གིས་རང་གི་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དང་བསད་པའི་ལས་བྱས་པ་དང་། རྦོད་གཏོང་བཏང་བ་དང་། དམོད་ངན་འདོར་བ་དང་། བྱད་ཁ་དང་ངན་སྔགས་ཀྱི་སྦྱོར་བ་དང་། ཕྲ་མེན་གྱི་སྦྱོར་བ་བྱས་པ་དང་། བྱད་དུ་བཅུག་པ་དང་། ནུས་པ་བཤིག་པ་དང་། རང་ལ་གནོད་པ་བྱས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཕ་རོལ་གྱི་རྦོད་གཏོང་ཟློག་པ་དང་། གྲོལ་བ་དང་། རང་སྲུང་བ་རྣམས་ཀྱི་མཆོག་ཏུ་འགྱུར་བ་ཡིན་ནོ། །དེ་བས་ན་འཁོར་ལོ་མེད་ན་རང་གི་ནུས་པ་ཐམས་ཅད་གཞན་གྱིས་འཇིག་པར་བྱེད་པས། འཁོར་ལོ་རབ་ཏུ་གཅེས་པས་བཅང་བར་བྱའོ། །འཁོར་ལོ་བྲིས་པ་ཙམ་གྱིས་ནུས་པ་མཆོག་ཏུ་བྱེད་དོ། །ཨ་སེང་གེ་ཕྲ་མེན་འཛུལ་ཆོག་གི་མན་ངག་ཟབ་མོ་ལོ་ཙཱ་བའི་གསུང་ཇི་ལྟ་བ་ཡི་གེར་བཀོད་པ་ལེགས་པར་གྲུབ་པའོ། །སརྦ་མངྒ་ལཾ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་ཟུར་བཀོལ་གནམ་ལྕགས་ཞུན་ཐིགས་ (Volume 53, Text 54)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་ཟུར་བཀོལ་གནམ་ལྕགས་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། བླ་མ་དཔའ་བོ་དུས་ཀྱི་དགྲ། །སྤྱི་བོར་བཀོད་ནས་གཏོར་མའི་དབང་། །བྱིན་རླབས་སྙིང་པོའི་བཅུད་འདི་ཡང་། །ཉེར་མཁོའི་ཕྱིར་དུ་དབྱེ་བར་སྤྲོ། །བླ་མ་སྨྲ་བའི་སེང་གེ་དྲག་པོར་ཁྲོས་པའི་ཚུལ་བསྟན་པ་འདིའི་གཏོར་དབང་བླ་མ་ཞི་བའི་དབང་གི་མཇུག་ཏུ། དཔོན་སློབ་གཉིས་ཀ་འཇམ་དཔལ་ཁྲོ་བོར་གནས་བསྒྱུར་ཏེ་གཏོར་དབང་བཟླས་ལུང་ངོ་སྤྲོད་རྣམས་བྱ་བ་གཞུང་དོན་དངོས་ཡིན་ཀྱང་། འདི་ཉིད་ཁོལ་འདོན་དུ་དགོས་པ་བྱུང་ན་འཇམ་དཔལ་ཞི་བ་གང་རུང་གི་དབང་ཐོབ་པའམ་རྐྱེན་སེལ་ལྟ་བུ་ལ་མ་ཐོབ་ཀྱང་རུང་སྟེ་འདིའི་བྱིན་རླབས་བྱེད་ན། སྟེགས་བུར་མཎྜལ་སྟེང་འབྲུ་ནག་ཁྲག་ཆང་གིས་གཤེར་བའི་ཚོམ་བུ་གཅིག་བཀོད། དེ་སྟེང་ཁྲིའུར་བནྡྷའམ་ཟངས་ལྕགས་ཀྱི་སྣོད་དུ་དཔལ་གཏོར་གྲུ་གསུམ་དམར་ནག་མེ་རི་སྐུ་ཙཀ་དར་གདུགས་མཐིང་ནག་གིས་སྤྲས་པ་བཀོད། དབང་ཕྲེང་ཐོད་པའམ་རཀྴ། མེ་ལོང་དང་། མཆོད་གཏོར་བཤམ། ཀུན་གཟིགས་བླ་མས་མཛད་པའི་རྒྱུན་གྱི་རྣལ་འབྱོར་ཉིད་མང་ཉུང་འཚམ་པས་མཆོད་བརླབ་སྔོན་དུ་འགྲོ་བས་དེའི་སྒོ་ནས་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པ་ཅི་ནུས་བྱས་ལ་མཆོད་བསྟོད་འབུལ། སྤྲོ་ན་ཏིང་ངེ་འཛིན་གྱིས་དབང་བླང་། སློབ་མ་ལ་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སྤྱི་འགྲོ་བྱས་ལ། སེམས་བསྐྱེད་གསལ་གདབ། དེའང་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ཞི་བས་མ་དུལ་བའི་གདུག་ཅན་མི་བསྲུན་པ་འཆི་བདག་གཤིན་གྱི་རྗེ་ལ་སོགས་པའི་གཤེད་དུ་ཤིན་ཏུ་དྲག་པོར་ཁྲོས་པའི་ཚུལ་བསྟན་པ་འཇིགས་བྱེད་གཤིན་རྗེའི་གཤེད་པོ་ཉིད་ནི། དཔལ་ཧེ་རུ་ཀ་གང་གིས་ཀྱང་འགྲན་གྱི་ཟླ་དང་བྲལ་བའི་མཐུ་སྟོབས་གཟི་བརྗིད་ཁྱད་པར་དུ་འཕགས་ཤིང་། ལྷག་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྙིགས་མའི་མཐའ་ལ་ཇི་ཙམ་ཐུག་པ་བཞིན་དུ་འཇམ་དཔལ་དཔའ་བོའི་བྱིན་རླབས་ཇེ་མྱུར་དང་ནུས་པ་ཇེ་ཆེར་འགྲོ་བ་ཐུགས་བསྐྱེད་ཟབ་མོའི་སྟོབས་ཡིན་པར་གསུངས་ཤིང་། དེ་ལྟ་བུའི་འཇམ་དཔལ་དྲག་པོའི་མཚན་དང་སྐུའི་རྣམ་འགྱུར་གདུལ་བྱ་གང་འདུལ་དང་འཚམ་པར་མཐའ་ཡས་པ་འབྱུང་བ་ལས། དཔལ་ཆེན་ཧེ་རུ་ཀ་ཕ་རོལ་རྒོལ་འཇོམས་འདི་ཉིད་བྱད་ཕུར་རྦོད་གཏོང་མི་ཁ་གླེང་གཞི་ལ་སོགས་པ་སྲུང་བ་དང་ཟློག་པའི་མཆོག་ཡིན་ལ། དེའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་རྣམས་ལས་སྐབས་སུ་བབས་པ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་འབྱུང་བ་འདིའང་། སྙིགས་མའི་དུས་ཀྱི་སེམས་ཅན་ཉོན་མོངས་པ་རགས་ཤིང་རྨུ་རྒོད་ལས་ངན་པའི་དབང་གིས་བསྟན་པ་ལ་ཕན་པའི་གང་ཟག་རྣམས་ལ་བྱད་ཕུར་དང་མི་ཁས་ལྷག་པར་སྡང་། དེའི་རྒྱུས་གློ་བུར་དུ་ཚེ་དང་ཕྲིན་ལས་ལ་བར་དུ་གཅོད་པ་འབྱུང་བས་དེ་ཉིད་ཟློག་པའི་གཉེན་པོར་ཆེད་དུ་བསྔགས་པ་མ་ཟད། རྐྱེན་ངན་བར་གཅོད་མཐའ་དག་འཇམ་དཔལ་གཤིན་རྗེའི་གཤེད་པོས་མི་ཟློག་པ་གང་ཡང་མེད་པའི་ཕྱིར། དེའི་བྱིན་རླབས་ཀྱི་སྙིང་པོ་གཏོར་མ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་འཇམ་དཔལ་ཁྲག་འཐུང་དབྱེར་མེད་པ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུར༔ འཇམ་དཔལ་ཁྲག་འཐུང་ཆེན་པོ་ཡི༔ བྱིན་རླབས་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་འཇམ་དཔལ་ཧེ་རུ་ཀ་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས་པ་ལ། དེང་ནས་བྱང་ཆུབ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བའི་འདུན་པས་རྗེས་ཟློས། ན་མོ༔ རིགས་ཀུན་ཁྱབ་བདག་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ གསུམ། གཞན་དོན་དུ་བླ་མེད་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ཅིང་སྤྱོད་པ་མཐའ་དག་སྤྱད་པར་བགྱིའོ་སྙམ་པས་རྗེས་ཟློས། མ་གྱུར་སེམས་ཅན་མཐའ་དག་ཀུན༔ སངས་རྒྱས་གོ་འཕང་འཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྤང་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ གསུམ། བྱིན་རླབས་ཀྱི་གཞི་བསྒྲུབ་པ་ལ་དམིགས་པ་འདི་ལྟར་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་ཀ་དག་སྤྲོས་བྲལ་ཆེན་པོའི་ངང་ལས། སྐད་ཅིག་རྫུས་སྐྱེས་ཀྱི་ཚུལ་དུ་དྲེགས་པ་ཆུ་གླང་བསྣོལ་བ་དང་པདྨ་ཉི་མའི་གདན་ལ་ཁྱེད་རང་དཔལ་ཆེན་གཤིན་རྗེའི་གཤེད་ཕ་རོལ་རྒོལ་འཇོམས་མཐིང་ནག་མུན་པའི་མདངས་ཅན། ཞལ་གསུམ་གཡས་དཀར་གཡོན་དམར། ཕྱག་དྲུག་གཡས་གསུམ་རྡོ་རྗེ་འཁོར་ལོ་རལ་གྲི། གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་དགྲ་སཏྭ་བསྣམས་པ། དུར་ཁྲོད་ཆས་བརྒྱད་དང་གར་དགུའི་ཉམས་རྫོགས་པ། ཡུམ་གཏུམ་མོ་དུག་ཧྲུལ་མ་དམར་ནག་བེ་ཅོན་དང་ཐོད་ཁྲག་ཐོགས་པས་འཁྱུད་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་ཡང་འཇམ་དཔལ་ཁྲག་འཐུང་ཆེན་པོར་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པའི་རྣམ་པར་བྱོན་ནས་རང་ལ་ཐིམ་པར་མོས་ཤིག །རོལ་མོ་གུ་གུལ་དུད་པ་སྦྱར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ལ་བྱིན་དབབ། མགོ་བོར་རྒྱ་གྲམ་བཞག །ཏིཥྛ་བཛྲས་བརྟན་པར་བྱ། དངོས་གཞིའི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་འདུན་འདི་བཞིན་དུ་མཛོད། གཏོར་སྣོད་མཐིང་ནག་གྲུ་གསུམ་འབར་བའི་གཞལ་མེད་ཁང་ཆེན་པོར། གཏོར་མ་འཇམ་དཔལ་ཁྲག་འཐུང་ཕ་རོལ་རྒོལ་འཇོམས་ཡབ་ཡུམ་སྤྲུལ་པ་དང་འཁོར་གྱི་དམག་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མངོན་སུམ་དུ་བཞུགས་པའི་དཔྲལ་བ་ནས་འོད་ཟེར་མེ་ཕུང་ཁྲོ་ཆུང་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་བར་གཅོད་ཐམས་ཅད་བསལ། སྐུའི་དབང་དང་བྱིན་རླབས་ཐོབ། གཤིན་རྗེའི་གཤེད་པོའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །དཔལ་གཏོར་དཔྲལ་བར་བཞག་ལ། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་དམ་རྫས་བ་ལིཾ་ཏ༔ འཇམ་དཔལ་ཁྲག་འཐུང་ངོ་བོར་གཉིས་སུ་མེད༔ སྒེག་དཔའ་འཇིགས་རུང་སྐུ་ཡི་དབང་བསྐུར་བས༔ དཔལ་ཆེན་གཤིན་རྗེ་གཤེད་པོའི་སྐུ་འགྲུབ་ཤོག༔ སྙིང་པོའི་མཐར། ཨོཾ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཡང་འཇམ་དཔལ་གཤིན་རྗེའི་གཤེད་པོའི་མགྲིན་པ་ནས་འོད་ཟེར་མེ་ཕུང་ཁྲོ་ཆུང་དམར་པོའི་སོགས། དཔྲལ་བར་སོགས་ཀྱི་མལ་དུ། མགྲིན་པར་ ངག་གི་ནད་ གསུང་གི་དབང་ གསུང་མི་ཟད་པ། ཞེས་དང་། དབང་ཚིག་རྐང་པ་གསུམ་པར། རྒོད་གཤེ་དྲག་ཤུལ་གསུང་གི་ གསུང་འགྲུབ་ ཨཱཿབ་ལིཾ་ཏ་ཨ་བྷི་སོགས་ཀྱིས་གཏོར་མ་མགྲིན་པར་བཞག །ཡང་འཇམ་དཔལ་གཤིན་རྗེའི་གཤེད་པོའི་ཐུགས་ཀ་ནས་སོགས་གོང་ལྟར་ལ། སྔོན་པོའི་ཚོགས་ སྙིང་གར་ ཡིད་ཀྱི་ནད་ ཐུགས་ཀྱི་དབང་ ཐུགས་མི་ཟད་པ་ཞེས་དང་། དབང་ཚིག་ལ། སྙིང་རྗེ་རྔམས་ཞི་ཐུགས་ཀྱི་ ཐུགས་འགྲུབ་ ཧཱུྃ་བ་ལིཾ་ཏ་ཨ་བྷི་སོགས་ཀྱིས་གཏོར་མ་སྙིང་གར་བཞག །ཡང་འཇམ་དཔལ་གཤིན་རྗེ་གཤེད་པོའི་ལྟེ་བ་ནས་ སེར་པོའི་ཚོགས་ ལྟེ་བར་ སྒོ་གསུམ་ཆ་མཉམ་གྱི་ནད་ ཡོན་ཏན་གྱི་དབང་ ཡོན་ཏན་མི་ཟད་པ་སོགས་དང་། དབང་ཚིག་ལ། ཆེ་བཙན་ཟླ་བྲལ་ཡོན་ཏན་དབང་བསྐུར་བས༔ གཤིན་རྗེའི་གཤེད་པོའི་ཡོན་ཏན་འགྲུབ་པར་ཤོག༔ སྭཱ་བ་ལིཾ་ཏ་སོགས་ཀྱིས་གཏོར་མ་ལྟེ་བར་བཞག །ཡང་འཇམ་དཔལ་གཤིན་རྗེའི་གཤེད་པོའི་གསང་བ་ནས་ ལྗང་གུའི་ཚོགས་ གསང་བར་ བྱ་བྱེད་ལ་བརྟེན་པའི་ནད་ ཕྲིན་ལས་ཀྱི་དབང་ ཕྲིན་ལས་མི་ཟད་པ་སོགས་དང་། དབང་ཚིག་ལ། བདུད་དགྲ་བདུད་འདུལ་ཕྲིན་ལས་དབང་བསྐུར་བས༔ གཤིན་རྗེའི་གཤེད་པོའི་ཕྲིན་ལས་འགྲུབ་པར་ཤོག༔ ཧཱ་བ་ལིཾ་ཏ་སོགས་ཀྱིས་གཏོར་མ་གསང་བར་བཞག་གོ །ཡང་གྲངས་གསོག་དགོས་པའམ་གཞུང་གི་དངོས་བསྟན་ལྟར་བསྡུ་བར་འདོད་ན། གཏོར་སྣོད་མཐིང་ནག་གྲུ་གསུམ་སོགས་ནས། མངོན་སུམ་དུ་བཞུགས་པའི་གནས་ལྔ་ནས་འོད་ཟེར་མེ་ཕུང་ཁྲོ་ཆུང་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་གི་གནས་ལྔར་ཞུགས། ནད་གདོན་སྡིག་སྒྲིབ་བར་གཅོད་ཐམས་ཅད་བསལ། དབང་དང་བྱིན་རླབས་ཡོངས་སུ་རྫོགས་པར་ཐོབ། གཤིན་རྗེའི་གཤེད་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པར་མོས་ཤིག །ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་དམ་རྫས་བ་ལིཾ་ཏ༔ འཇམ་དཔལ་ཁྲག་འཐུང་ངོ་བོར་གཉིས་སུ་མེད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་བསྐུར་བས༔ དཔལ་ཆེན་གཤིན་རྗེའི་གཤེད་པོ་འགྲུབ་པར་ཤོག༔ སྔགས་མཐར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་ལྔར་བཞག །རྒྱས་བསྡུས་གཉིས་ཀར་གཏོར་མའི་བཀའ་བསྒོ་སྤྲོ་ན་སྤྱི་མཐུན་བྱ། མཐར། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་བ་ཁྱེད་རང་ལ་ཐིམ་པར་མོས་ཤིག །དེའི་རྗེས་འབྲེལ་དུ་གསུང་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་མདུན་བསྐྱེད་གཉིས་སུ་མེད་པ་བཅོམ་ལྡན་འདས་འཇམ་དཔལ་ཕ་རོལ་རྒོལ་འཇོམས་སུ་གསལ་བའི་ཐུགས་ཀར་ཉི་ཟླའི་གྭ་འུའི་དབུས་སུ་ཡཿཡིག་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་ཟླའི་གྭ་འུར་ཡཿམཐིང་ནག་གི་མཐར་འཁོད་པ་ལས་འོད་ཟེར་མཐིང་ནག་ཕྱོགས་བཅུར་འཕྲོས། རྒྱལ་བ་སྲས་བཅས་མཆོད། རིགས་དྲུག་གི་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས། གཤིན་རྗེའི་གཤེད་པོའི་སྐུར་གྱུར། སྡེ་བརྒྱད་འབྱུང་པོ་ཐམས་ཅད་དམ་ལ་གཟིར། བྱད་ཕུར་རྦོད་གཏོང་དུས་མ་ཡིན་པའི་འཆི་བ། མི་ཁ་གླེང་གཞི་ངན་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྔགས་ཀྱི་མེ་འོད་འབར་བས་བསྲེགས་ཏེ་འོད་གསལ་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམ་ལ་སྔགས་འདིའི་རྗེས་ཟློས། ཐོད་པའམ་རཀྴའི་ཕྲེང་བ་གཏད་ལ། ཨོཾ་ཡ་མ་རཱ་ཛ་སོགས་སྙིང་པོ་རྗེས་ཟློས་ལན་གསུམ་བྱར་གཞུག །ཕྲེང་བ་མགྲིན་པར་བཞག་པས་གསང་སྔགས་ཀྱི་ནུས་པ་བརྟན་པར་བྱས་པར་མོས་ཤིག །ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པ༔ ངག་ལ་རྡོ་རྗེ་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་རང་རིག་ཀ་དག་གི་རྩལ་ལས་རང་ཤར་ཡང་། སྐྱེ་འགག་གནས་གསུམ་དང་བྲལ་བའི་དཔེ་མེ་ལོང་དུ་གཟུགས་བརྙན་འཆར་བས་མཚོན་པར་གྱིས་ལ་འོད་གསལ་གྱི་དབྱིངས་སུ་མཉམ་པར་ཞོག་ཅིག །མེ་ལོང་བསྟན་ཞིང་སྙིང་གར་བཞག་ལ། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འདིའི་ལས་ཚོགས་མགོ་གསུམ་དང་འཆི་བདག་གཏོར་ཆེན་གྱི་བཀའ་གཏད་དགོས་ན་སོ་སོའི་གཞུང་ལྟར་སྐབས་འདིར་སྦྱར་ཏེ་ཐུན་མོང་མ་ཡིན་པའི་དམ་ལྡན་ལས་གང་བྱུང་ལ་སྤེལ་ན་རང་ལ་གནོད་དོ། །མཐར་ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེ་རྣམས་ཀྱིས་རིག་འཛིན་སྨྲ་བའི་སེང་གེ་དྲག་པོའི་སྐུར་བཞེངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་བྱིན་རླབས་དབང་བསྐུར་རྒྱས་པར་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་བསྒྲག་གཟུང་ཕྱིན་ཆད་སྤྱི་ལྟར་བྱ། སྤྲོ་ན་གཏོར་མ་སླར་སྐད་ཅིག་གིས་ལྷར་གསལ་བ་ལ་མཆོད་བསྟོད་དང་ནོངས་བཤགས། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བྱས་པས་འགྲུབ་བོ། །འཇམ་དཔལ་ཁྲོས་པའི་ཞལ་གྱི་ཨེ་དབྱིངས་སུ། །སྲིད་གསུམ་གདུག་ཅན་ལྷག་མ་མེད་པར་བསྟིམ། །སུས་ཀྱང་མི་བརྫི་ཅིས་ཀྱང་མི་འཕྲོག་པ། །གཤིན་རྗེ་གཤེད་པོའི་དབང་ཆེན་བརྙེས་གྱུར་ཅིག །འདིའང་ཉེ་བར་མཁོ་བའི་དཔྱིད་དུ་གྱུར་པས་གཏེར་ཆེན་རིག་འཛིན་ཆེན་པོ་ཟུང་གིས་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ཡང་ཡང་ཐོབ་པའི་པྲ་འཆལ་རྩིས་མེད་ཀྱི་རྣལ་འབྱོར་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བསྡེབས་པ་དགེ་ལེགས་འཕེལ།། །།
འཇམ་དཔལ་གྱི་སྒོས་སྒྲུབ་ (Volume 49, Text 55)
༄༅༔ འཇམ་དཔལ་གྱི་སྒོས་སྒྲུབ་བཞུགས་སོ༔ ཉང་གཏེར་དྲག་དམར། བླ་མ་དྲག་པོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ བླ་མ་དྲག་པོའི་རྣལ་འབྱོར་པས༔ ཤེས་རབ་བློ་གྲོས་འཕེལ་བའི་ཕྱིར༔ འཇམ་དཔལ་སྒོས་སྒྲུབ་བྱ་འདོད་ན༔ དབེན་པར་ཕྱི་ནང་མཚམས་ཀྱང་བཅད༔ ཚོགས་གཏོར་མཆོད་པ་སྣ་ཚོགས་བཤམ༔ མདུན་དུ་མཚན་ལྡན་ཐོད་པའི་ནང༔ ཡུང་བ་དབང་ལག་གླ་རྩི་དང༔ སྤང་རྒྱན་རྒྱ་སྐྱེགས་ཀ་ར་རྣམས༔ རིལ་བུ་བྱས་ཏེ་རབ་གནས་བྱ༔ སྐད་ཅིག་རང་ཉིད་འཇམ་དཔལ་སྐུ༔ ཞལ་གཅིག་ཕྱག་གཉིས་གསེར་གྱི་མདོག༔ ཕྱག་གཡས་རལ་གྲི་གཡོན་པུསྟི༔ རིན་ཆེན་རྒྱན་འཆང་མཛེས་ཚུལ་ཅན༔ ཐུགས་ཀར་མུཾ་ལ་སྔགས་ཀྱིས་བསྐོར༔ འོད་ཟེར་སྤྲོ་བསྡུས་བདེ་གཤེགས་མཆོད༔ སྐུ་གསུང་ཐུགས་ཀྱི་བཅུད་བསྡུས་བསམ༔ ཨོཾ་མུཾ་ཝཱ་གི་ཤྭ་རི་པྲ་ཛྙཱ་དྷཱ་ཏུ་ཧྲཱིཿསྭཱ་ཧཱ༔ ཉིན་ཁྲི་མཚན་ཁྲི་ཞག་བདུན་བཟླས༔ རིལ་བུ་བྲ་བའི་རིལ་མ་ཙམ༔ ཟླ་གསུམ་ཞག་རེར་རེ་རེ་ཟོས༔ ཟ་དུས་སྔགས་ནི་བརྒྱ་རྩ་བཟླ༔ དེ་ཡིས་ཤེས་རབ་ཕྱོགས་མེད་འཆར༔ མཁས་པ་པཎྜི་ཏ་རུ་འགྱུར༔ མ་བསླབ་ཆོས་རྣམས་ཀུན་ལ་མཁས༔ ལས་ཅན་རྣམས་ཀྱིས་ཉམས་སུ་ལོངས༔ བསྟོད་པ་འདི་ཡིས་རྒྱུན་དུ་བསྟོད༔ ཨོཾ༔ སྐུ་ཡི་སྤྲུལ་པ་འཕགས་པ་འཇམ་དཔལ་ནི༔ གསེར་མདོག་ཕྱག་གཉིས་རལ་གྲི་པུསྟི་བསྣམས༔ ཞི་ཚུལ་དགུ་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ འཕགས་པ་འཇམ་དཔལ་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་རབ་བློ་གྲོས་འཕེལ་བའི་དངོས་གྲུབ་སྩོལ༔ ཅེས་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་ཉང་རིན་པོ་ཆེའི་ཟབ་གཏེར་གུ་རུ་དྲག་པོའི་ཆ་ལག་གོ། །།
ཟབ་པ་སྐོར་བདུན་ལས༔ ཕྲིན་ལས་མཇུག་གི་སྤྱི་ཆིངས་ (Volume 40, Text 55)
༁ྃ༔ ཟབ་པ་སྐོར་བདུན་ལས༔ ཕྲིན་ལས་མཇུག་གི་སྤྱི་ཆིངས་བཞུགས་སོ༔ ྈྈྈྈྈ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཕྲིན་ལས་རྗེས་ཀྱི་བྱ་བ་རྣམ་པ་བདུན༔ ཚོགས་འཁོར་བྱིན་རླབས་མཆོད་བཤགས་བསྒྲལ་བ་དང༔ ལྷག་མ་གཏོར་སྐྱོང་དཀྱིལ་འཁོར་བསྡུ་བ་འོ༔ དང་པོ་ཚོགས་བྱིན་རླབས་ལ༔ བཤམ་པ་དང༔ སྦྱང་བ་དང༔ བྱིན་གྱིས་བརླབ་པ་གསུམ་ལས༔ དང་པོ་ཞིང་ལྤགས་ཀྱི་སྟེང་དུ་བཟའ་བཏུང་གི་བྱེ་བྲག༔ ཚེ་གལ༔ ཟླ་རྒྱས༔ ཟླ་ཕྲོམ༔ མཱཾ་ས༔ སྤོད་ཀྱི་བྱེ་བྲག་ཅི་ཙམ་འབྱོར་པར་བཤམ༔ བསང་ཆུ་འཐོར་ཞིང༔ ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར༔ རིག་པའི་ཡེ་ཤེས་རཾ་ཡཾ་ཁཾ༔ རཾ་ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཚོགས་ཀྱི་དངོས་འཛིན་རྣམ་རྟོག་ཀུན༔ རྣམ་དག་ཆོས་དབྱིངས་སྤྲོས་དང་བྲལ༔ རཾ་ཡཾ་ཁཾ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཡི་གེ་གསུམ་གྱི་འཕྲོ་འདུ་ལས༔ རླུང་མེ་ཐོད་པའི་སྒྱེད་བུའི་སྟེང༔ ཚོགས་གཞོང་བྷནྡྷའི་སྣོད་ནང་དུ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ རླུང་མེའི་སྦྱོར་བས་ཞུ་ཞིང་ཁོལ༔ འོད་ཟེར་ལྔ་ཡི་ཕུང་པོ་འབར༔ འཁོར་འདས་གཉིས་ཀྱི་བདུད་རྩི་བཀུག༔ རིགས་ལྔ་ཡབ་ཡུམ་ངོ་བོར་གྱུར༔ བདེ་ཆེན་སྦྱོར་བས་འོད་དུ་ཞུ༔ གཉིས་སུ་མེད་པར་འདྲེས་གྱུར་ནས༔ ཏྲཱཾ་གི་ཚོགས་མཆོད་ཆེན་པོ་ནི༔ འདོད་ཡོན་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཏྲཱཾ་རཏྣ་བྷྲཱུྃ༔ པཉྩ་ཀཱ་མ་གུ་ཎ་ཨོཾ་ཨཱཿཧཱུྃ༔ མཆོད་པ་ལ༔ ཚོགས་ཞིང་སྤྱན་དྲང་བ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་ལྟར་དག་པའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས༔ འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷ༔ ཡང་དག་ཐུགས་དང་བདུད་རྩི་ཡོན་ཏན་དང༔ ཕྲིན་ལས་ཕུར་པ་སྲིད་པ་མ་མོ་དང༔ ཡེ་ཤེས་ལས་གྲུབ་དམ་ཅན་རྒྱ་མཚོའི་ཚོགས༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་རྣམས༔ འོག་མིན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ མཆོད་པ་དངོས་ནི༔ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ༔ དང་པོ་ནི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཚོགས་ཀྱི་མཆོད་པ་དམ་པ་ཡར་བཞེས་ལ༔ ཚེ་དབང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ བར་པས་བསྐང་བ་ནི༔ ཧཱུྃ༔ རང་བྱུང་བདེ་ཆེན་བྷནྡྷ་ལྕང་ལོར་བཅས༔ ཡེ་ཤེས་ལྔ་ཡི་བདུད་རྩིས་བཀང་བ་འདིས༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང༔ གདོད་མའི་དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ ཡེ་ཤེས་རིག་པའི་བདུད་རྩིས་བཀང་བ་འདིས༔ སྒྱུ་འཕྲུལ་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང༔ འབྱུང་ལྔ་རྣམ་དག་ཕུང་པོའི་བྷནྡྷ་ཆེ༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་བ་འདིས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང༔ ཐབས་དང་ཤེས་རབ་དབྱེར་མེད་བྷནྡྷ་རུ༔ བདེ་ཆེན་ཡེ་ཤེས་བདུད་རྩིས་བཀང་བ་འདིས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགས༴ དབྱིངས་ཡེ་ཟུང་འཇུག་ཡངས་པའི་བྷནྡྷ་ཆེ༔ བྱ་རྩོལ་བྲལ་བའི་བདུད་རྩིས་བཀང་བ་འདིས༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ཐུགས༴ སྲིད་པ་མ་མོའི་ལྷ་ཚོགས་ཐུགས༴ སྟོང་གསུམ་འཇིག་རྟེན་ཡངས་པའི་བྷནྡྷ་ཆེ༔ འདོད་ཡོན་རྣམ་ལྔའི་བདུད་རྩིས་བཀང་བ་འདིས༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས༴ ལས་བྱེད་དྲེགས་པ་ཕོ་མོའི་ཐུགས༴ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ སྙིང་པོ་ཚོགས་ཀྱི་མཆོད་པ་བླ་མེད་བཤམས༔ སྒྲུབ་རྫས་གཉན་པོ་གཞུང་བཞིན་བཀྲམ་ལགས་ན༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྣམས༔ ཐུགས་རྗེའི་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་ནི་མ་རིག་འཁྲུལ་པས་བསྒྲིབས་པ་ཡིས༔ རྡོ་རྗེ་སློབ་དཔོན་ཐུགས་དང་འགལ་བ་དང༔ མཆེད་དང་ལྕམ་དྲལ་རྣམས་ལ་བྱམས་བརྩེ་ཆུང༔ བསྙེན་སྒྲུབ་ཟབ་མོ་ལོ་ཟླའི་དུས་ལས་འདས༔ གསང་བ་བཅུ་རྣམས་དམ་མེད་རྣམས་ལ་བསྒྲགས༔ སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་པ་རྣམས༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཉན་ཐོས་བསྲུང་མཚམས་རྣམས་ལ་ལྟ་བ་གོལ༔ སྤྱད་པར་བྱ་བའི་དམ་ཚིག་རྣམས་མ་ཕོད༔ དང་དུ་བླང་བྱ་རྣམ་ལྔ་སྤངས་པ་དང༔ བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ལས་འདས༔ ཤེས་པར་བྱ་བའི་དམ་ཚིག་ལྔ་ལ་རྨོངས༔ མི་སྤངས་དམ་ཚིག་ལྔ་པོ་སྤངས་པ་དང༔ ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ལས༔ འགལ་ཞིང་ཉམས་པར་གྱུར་པ་འདི་དག་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཡི་གེ་བརྒྱ་པ་བཟླ༔ ཐ་མ་བསྒྲལ་བ་ནི༔ བདེན་སྟོབས་བརྗོད་ཅིང་འགུགས་བསྟིམ་བྱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་འཁོར་བཅས་དྲག་པོའི་ཕྲིན་ལས་མཛོད༔ ཕུར་པ་བསྒྲིལ་ཞིང༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ འདུས་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ རྡུལ་ཕྲན་བཞིན་དུ་བཤིག་པར་མཛོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ དྲག་སྔགས་ཀྱི་མཐར༔ ནྲྀ་ཏྲི་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ ཤ་ཁྲག་བདུད་རྩིར་བརླབས་ཏེ་བསྟབ་པ་ནི༔ ཧཱུྃ༔ དཔལ་ཆེན་འཁོར་བཅས་སྐུ་ནི་རི་རབ་ཙམ༔ ཞལ་ནི་གནམ་ས་མཆེ་བ་གངས་རི་ལྟར༔ གཙིགས་ཤིང་ལྗགས་ནི་གློག་དམར་ལྟར་འཁྱུགས་པར༔ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་ཞལ་དུ་བསྟབ༔ འཁོར་བ་དབྱིངས་སུ་བསྒྲལ་བའི་ཕྲིན་ལས་མཛོད༔ མ་ཧཱ་མཾཱ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཁཱ་ཧི༔ ཞེས་བསྟབ༔ ལས་ཀྱི་རྡོ་རྗེས་ཚོགས་བཏེགས་ལ་པདྨའི་ཕྱག་རྒྱ་དང་བཅས་ཏེ༔ ཧོ༔ གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ སློབ་དཔོན་གྱིས༔ པདྨའི་ཕྱག་རྒྱས་བླང་སྟེ༔ ཧོ༔ བདེ་གཤེགས་ཆོས་ལ་རིན་ཐང་མེད༔ འདོད་ཆགས་དྲི་མ་དང་བྲལ་ཞིང༔ གཟུང་དང་འཛིན་པ་རྣམ་པར་སྤང༔ དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཡེ་ཤེས་ཀྱི་རོལ་པར་བསམ་ཞིང་ལོངས་སྤྱད༔ ལྷག་མ་བསྡུས་ཤིང༔ ཡར་གནས་མར་གནས་བསྲེས་ལ་ཁ་ཕྲུ་བཏབ་ཅིང༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཀྱིལ་འཁོར་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ལོངས་སུ་མི་སྤྱོད་རྒྱུ༔ རྣལ་འབྱོར་དབང་ཕྱུག་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ མ་མོ་མཁའ་འགྲོ་ལྷག་ལ་དགྱེས༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་བདག་གཉིས་གཡར་དམ་གཅིག༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ གཉིས་མེད་ཆོས་སྐུ་གཅིག་ལས་བྱུང༔ ལྷག་མ་བྱིན་གྱིས་བརླབས་ལ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་མཐའ་སྐྱོང་བའི༔ རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས༔ གིང་དང་ལངྐ་ཤ་ཟ་མོ༔ འབར་མ་ཤུགས་འགྲོ་དུར་ཁྲོད་བདག༔ དབང་ཕྱུག་དྲེགས་པ་བརྟན་མ་སོགས༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ལྷག་མའི་བདག་པོ་ཕོ་ཉའི་ཚོགས༔ ལྷག་མའི་མཆོད་པ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་པ་དང༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཌཱ་ཀ་ཌཱ་ཀི་ལོ་ཀ་པཱ་ལ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྡོ་རྗེའི་འགྲོས་ཀྱིས་ཕྱི་ནུད་དུ་བླངས་ལ་གཙང་སར་བསྐྱལ་ལོ༔ གཏོར་མ་སྐྱོང་བ་ལ༔ དང་པོ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་གཞལ་ཡས་ནས༔ བླ་མ་རིག་འཛིན་སྐུར་བཞེངས་ཤིག༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སྒྱུ་འཕྲུལ་ཞི་བ་སྐུར་བཞེངས་ཤིག༔ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ནས༔ དཔལ་ཆེན་ལྷ་ཚོགས་སྐུར་བཞེངས་ཤིག༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་ལྷ་ཚོགས་སྐུར་བཞེངས་ཤིག༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་ལྷ་ཚོགས་སྐུར་བཞེངས་ཤིག༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡང་དག་ལྷ་ཚོགས་སྐུར་བཞེངས་ཤིག༔ བདུད་རྩི་ཡོན་ཏན་དཀྱིལ་འཁོར་ནས༔ ཆེ་མཆོག་ལྷ་ཚོགས་སྐུར་བཞེངས་ཤིག༔ ཕྲིན་ལས་ཐོགས་མེད་དཀྱིལ་འཁོར་ནས༔ ཕུར་པའི་ལྷ་ཚོགས་སྐུར་བཞེངས་ཤིག༔ སྲིད་པ་མ་མོའི་དཀྱིལ་འཁོར་ནས༔ རྦོད་གཏོང་ལྷ་ཚོགས་སྐུར་བཞེངས་ཤིག༔ མཐུ་དང་དྲག་རྩལ་ཕོ་བྲང་ནས༔ ཆོས་སྐྱོང་སྲུང་མ་སྐུར་བཞེངས་ཤིག༔ བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ༔ མཛོད་ཅིག་ཕྲིན་ལས་རྣམ་བཞི་མཛོད༔ མ་གཡེལ་མ་གཡེལ་ཐུགས་དམ་ཅན༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱོད་ཀྱིས་སྒྲོལ༔ བླ་མའི་སྐུ་ཚེ་ཁྱོད་ཀྱིས་སྲིངས༔ གདུལ་བྱ་ལོངས་སྤྱོད་ཁྱོད་ཀྱིས་སྡུས༔ འགྲོ་དོན་ཕྲིན་ལས་རྒྱས་པར་མཛོད༔ ཆད་མདོ་བྱ་བ་ནི༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཀུན་བཟང་རྡོར་སེམས་རིགས་ལྔ་ལ་སོགས་ཀྱིས༔ གསང་སྔགས་རྒྱུད་ལུང་མན་ངག་བཤད་པའི་ཚེ༔ འཁོར་གྱི་འདུས་པ་ཕྱི་ནང་གསང་གསུམ་གྱིས༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ལྷ་གནས་ཨོ་རྒྱན་རྒྱ་གར་དུར་ཁྲོད་དུ༔ ལྷ་ཀླུ་མི་ཡི་རིག་འཛིན་ཐམས་ཅད་ཀྱིས༔ གསང་སྔགས་བཀའ་ཡི་བསྡུ་བ་མཛད་པའི་ཚེ༔ མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་ཡིས༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཁྱད་པར་རྒྱ་གར་དུར་ཁྲོད་བསིལ་ཚལ་དུ༔ གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་བརྒྱད་ཀྱིས༔ གསང་སྔགས་བསྟན་པ་སྤེལ་བར་བཀའ་བགྲོས་ཚེ༔ མ་མགོན་ལྕམ་དྲལ་དྲེགས་པའི་ཚོགས་རྣམས་ཀྱིས༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ འཕགས་བོད་བལ་ཡུལ་ཆོས་འཁོར་བསྐོར་བའི་ཚེ༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས་པ་རྣམས༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་དུས་འདིར༔ འདུས་པའི་དཀྱིལ་འཁོར་མཆོག་འདི་ཞལ་ཕྱེས་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་ཐམས་ཅད་ཀྱིས༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མ་ཟོར་དུ་འཕང་བ་ནི༔ ཧཱུྃ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་ཟློག༔ གཏོར་ཟོར་འབར་བའི་མཚོན་ཆ་ཡིས༔ ཕས་ཀྱི་མི་མཐུན་གནོད་པའི་རྐྱེན༔ ཐམས་ཅད་མ་ལུས་ཟློག་ཏུ་གསོལ༔ ཞེས་ཟོར་དུ་འཕང་ཞིང་བརྟན་མ་སྐྱོང་བ་ནི༔ གཏོར་གཞོང་བདུད་རྩིས་བཤལ་ལ་གཏོར་མའི་ནང་དུ་བླུགས་ལ༔ ཧཱུྃ༔ བརྟན་མ་སྐྱོང་མཛད་མ་དང་སྲིང༔ བདུད་མོ་གནོད་སྦྱིན་སྨན་མོའི་ཚོགས༔ འཁོར་དང་ཡང་འཁོར་བཅས་པ་རྣམས༔ སིལ་སྙན་མང་པོའི་སྒྲ་དང་བཅས༔ ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན༔ འདིར་བྱོན་བཀའ་ཡི་གཏོར་མ་ལོངས༔ བོད་ཁམས་ཆོས་བཞིན་སྐྱོང་བ་དང༔ དུས་འཁྲུགས་མཐའ་དམག་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མཱ་ལ་ལཱ་ལི་ལཱི་ཁ་ཁཱ་ཁི་ཁཱི་ཏ་ཏཱ་ཏི་ཏཱི་ཏཾ་ཏཱཾ༔ ཁ་རག་མ་མ་སྲིང་འགྲོ་མ་བྷྱོ༔ བ་ལིཾ་ཏ་ཁཱ་ཧི༔ གཏོར་གཞོང་རི་རབ་འབར་བའི་འོག་ཏུ་དགྲ་བགེགས་བཀུག་ལ༔ ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུང༔ ཤར་དུ་ཞི་བའི་བྲོ་བརྡུངས་པས༔ ཉོན་མོངས་དགྲ་བགེགས་རྣམ་རྟོག་ཞི༔ ཞི་བར་མ་གྱུར་གང་ཡང་མེད༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱིས༔ ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས༔ རྒྱས་པར་མ་གྱུར་གང་ཡང་མེད༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱིས༔ ནུབ་ཏུ་དབང་གི་བྲོ་བརྡུངས་པས༔ རྒྱལ་བློན་ཁྱེ་འུ་ཕོ་མོ་དང༔ འབྲུ་ནོར་ཐེག་ཆེན་དགེ་འདུན་བསྡུས༔ དབང་དུ་མ་འདུས་གང་ཡང་མེད༔ བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ཀྱིས༔ བྱང་དུ་དྲག་པོའི་བྲོ་བརྡུངས་པས༔ དགྲ་བགེགས་ཐམས་ཅད་བརླག་པར་མཛད༔ བརླགས་པར་མ་གྱུར་གང་ཡང་མེད༔ མཱ་ར་ཡ་ཕཊ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དཀྱིལ་འཁོར་གཤེགས་བསྡུ་ལ༔ དང་པོ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ སྔོན་ནས་བསྙེན་ཅིང་བསྒྲུབས་པའི་ལྷ༔ ད་ལྟ་བདག་དང་གཉིས་སུ་མེད༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབ༔ དེང་དུས་སྒྲུབ་པ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ འགྱུར་མེད་སྐུ་ཡི་སྒོ་ཕྱེས་ལ༔ མཚན་དང་དཔེ་བྱད་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་སྒོ་ཕྱེས་ལ༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་བྲལ་ཐུགས་ཀྱི་སྒོ་ཕྱེས་ལ༔ བདེ་ཆེན་ཡེ་ཤེས་དངོས་གྲུབ་སྩོལ༔ ཡོན་ཏན་ལྷུན་གྲུབ་སྒོ་ཕྱེས་ལ༔ བསམ་གྱིས་མི་ཁྱབ་དངོས་གྲུབ་སྩོལ༔ ཕྲིན་ལས་ཐོགས་མེད་སྒོ་ཕྱེས་ལ༔ འགྲོ་བ་འདུལ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ མཐུ་རྩལ་ནུས་པའི་དངོས་གྲུབ་སྩོལ༔ ལོངས་སྤྱོད་ཟས་ཀྱི་དངོས་གྲུབ་སྩོལ༔ ཡིད་མཐུན་འཁོར་གྱི་དངོས་གྲུབ་སྩོལ༔ ཡིད་ལ་བསམ་ཚད་འགྲུབ་པ་ཡི༔ བུམ་པ་བཟང་དང་དཔག་བསམ་ནོར༔ ཡིད་བཞིན་འདོད་དགུའི་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ བཤགས་པ་བྱ་བ་ནི༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ བདག་གིས་ཕྲིན་ལས་ཆོ་ག་འདི་བརྩམས་པས༔ མཆོད་པའི་རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས༔ ལྷ་སྔགས་ཕྱག་རྒྱ་ཕྲིན་ལས་གོང་འོག་ནོར༔ དེ་དག་ཐམས་ཅད་བདག་གིས་འགྱོད་པས་བཤགས༔ ཚངས་ནས་ཚེ་འདིའི་རྐྱེན་དུ་མི་འགྱུར་ཞིང༔ ཕྱི་མར་སྒྲིབ་པའི་རྒྱུ་རྣམས་བྱང་བ་དང༔ གྲུབ་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཡིག་བརྒྱ་བཟླ༔ དཀྱིལ་འཁོར་གཤེགས་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་སྟོན་པ༔ ཡེ་ཤེས་པ་རྣམས་རང་བཞིན་གནས་སུ་གཤེགས༔ སླར་ཡང་འགྲོ་བའི་དོན་ལ་འབྱོན་པར་མཛོད༔ དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ༔ བཛྲ་མུ༔ སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་དུ་བསྡུ༔ དེ་ཡང་འཇའ་བཞིན་འཁོར་གྱི་ལྷ་ལ་ཐིམ༔ ཉི་མའི་འོད་བཞིན་གཙོ་བོ་ཉིད་ལ་བསྡུ༔ དེ་ཡང་ཧཱུྃ་ལ་ཧཱུྃ་ཡང་མི་དམིགས་པ༔ མཁའ་ལ་སྤྲིན་དེངས་བཞིན་དུ་བལྟ་བྱ་བྲལ༔ ཤར་གྲོལ་འཛིན་མེད་མ་བཅོས་ཟང་ཐལ་ལེ༔ ཀ་དག་ལྷུན་གྲུབ་ངང་དུ་དབྱེར་མེད་བཞག༔ སླར་ལྡང་བ་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་རྡོ་རྗེའི་སྐུ༔ སྒྱུ་མ་ལྟར་སྣང་ལྷན་སྐྱེས་ཧེ་རུ་ཀ༔ གནས་གསུམ་རྡོ་རྗེ་གསུམ་མཚན་ཨོཾ་ཨཱཿཧཱུྃ༔ རྡོ་རྗེའི་གོ་བགོས་སྲུང་བའི་མཁར་དུ་ཚུད༔ སྣང་སྲིད་སྣོད་བཅུད་ལྷ་དང་གཞལ་ཡས་ཁང༔ སྒྲ་གྲགས་གསུང་དང་དྲན་རྟོག་ཡེ་ཤེས་ཐུགས༔ བཟའ་བཏུང་ཚོགས་མཆོད་སྤྱོད་ལམ་གང་བྱེད་པ༔ ཡེ་ཤེས་རོལ་པས་འགྲོ་དོན་བྱེད་པར་བསྒོམ༔ ཕཊ་ཕཊ་ཕཊ༔ བཛྲ་ཀཱ་བཱ་ཙི་རཀྵ་རཀྵ་ཧཱུྃ༔ བསྔོ་བ་དང་སྨོན་ལམ་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དགོངས༔ བདག་གིས་དེང་བསགས་དགེ་བ་འདི་དག་ཀུན༔ བླ་མེད་འཁོར་གསུམ་ཡོངས་སུ་དག་པ་ཡི༔ དམིགས་པའི་ཡུལ་བྲལ་བདེ་བ་ཆེན་པོར་བསྔོ༔ དེ་ལྟ་བུ་ཡི་བདེན་ཚིག་བྱིན་རླབས་ཀྱིས༔ གསང་སྔགས་སྟོན་པ་ཐམས་ཅད་ཞབས་བརྟན་ཅིང༔ སྐུ་ཚེ་མཛད་པ་ཕྲིན་ལས་མཐར་ཕྱིན་ནས༔ བསྟན་པ་འདི་ཉིད་རྒྱས་པའི་བྱེད་པོར་ཤོག༔ འཇིག་རྟེན་ཁམས་འདིའི་ནད་མུག་འཁྲུག་རྩོད་ཞི༔ བདེ་སྐྱིད་ལྡན་ཞིང་ཆོས་ལ་སྤྱོད་པར་ཤོག༔ ལམ་ལ་གནས་པའི་རྣལ་འབྱོར་བདག་ཅག་ཀྱང༔ དམ་ཚིག་མི་ཉམས་སྒོམ་སྒྲུབ་མཐར་ཕྱིན་ཞིང༔ བྱང་ཆུབ་མཆོག་ལ་བར་ཆད་མེད་པར་ཤོག༔ སེམས་ཉིད་ངོ་བོ་རང་བཞིན་ངོ་འཕྲོད་དེ༔ སྣང་བཞི་མཐར་ཕྱིན་ཆོས་ཉིད་ཟད་སར་འཁྱོལ༔ རིག་འཛིན་བཞི་ཡི་གོ་འཕང་ཉེར་བགྲོད་དེ༔ མི་ཟད་རྒྱན་འཁོར་ལྔ་ཕྲག་ལྔ་འགྲུབ་ནས༔ ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔ བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང་རོལ་མོ་དང་བཅས་པས༔ ཧཱུྃ༔ འཁོར་འདས་ཀུན་ཁྱབ་བྱ་རྩོལ་བྲལ་བའི་དབྱིངས༔ ཀུན་བཟང་ཆོས་རྗེ་བླ་མའི་བཀྲ་ཤིས་ཤོག༔ ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ གང་འདུལ་དེར་སྣང་སྤྲུལ་པའི་སྐུར་སྟོན་པ༔ རྒྱལ་སྲས་སེམས་དཔའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ སྐུ་མཆོག་འགྱུར་བ་མེད་པའི་ངོ་བོ་ཉིད༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བཀྲ་ཤིས་ཤོག༔ གསུང་མཆོག་འགག་པ་མེད་པའི་ངོ་བོ་ཉིད༔ རྟ་ཕག་ཡབ་ཡུམ་གཉིས་ཀྱི་བཀྲ་ཤིས་ཤོག༔ ཐུགས་མཆོག་བདེ་བ་ཆེན་པོའི་ངོ་བོ་ཉིད༔ ཡང་དག་ཧེ་རུ་ཀ་ཡི་བཀྲ་ཤིས་ཤོག༔ བདུད་རྩི་དངོས་གྲུབ་འབྱུང་བའི་ངོ་བོ་ཉིད༔ ཆེ་མཆོག་ཧེ་རུ་ཀ་ཡི་བཀྲ་ཤིས་ཤོག༔ ཕྲིན་ལས་ཐོགས་པ་མེད་པའི་ངོ་བོ་ཉིད༔ རྡོ་རྗེ་གཞོན་ནུ་མཆོག་གི་བཀྲ་ཤིས་ཤོག༔ དབྱིངས་དང་ཡེ་ཤེས་གཉིས་ཀྱི་ངོ་བོ་ཉིད༔ སྲིད་པ་མ་མོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ མཐུ་དང་དྲག་རྩལ་བསམ་མི་ཁྱབ་པ་སྟེ༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ གསང་སྔགས་འཛིན་ལ་ཕན་པའི་ཕྱིར༔ རྒྱུད་ལས་བཀྲལ་ཞིང་ཕྲིན་ལས་ཆིངས༔ སྐལ་ལྡན་རྣམས་ལ་མན་ངག་འདི༔ པདྨ་བདག་གིས་ལེགས་པར་བཀོད༔ ཐུགས་སྲས་གཅིག་དང་འཕྲད་གྱུར་ཏེ༔ གསང་སྔགས་བསྟན་ལ་ཕན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། །།
རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོ་དབང་གི་ལྷ་མོའི་དབང་བསྐུར་བའི་ཆོ་གའི་ལྷ་ཐབས་ཁྲིགས་སུ་བསྡེབས་པ་པདྨ་རཱ་གའི་བུམ་པ་ (Volume 52, Text 55)
༄༅། །རྩ་གསུམ་ཚེའི་ཟབ་པ་ལས། པདྨ་མཁའ་འགྲོ་དབང་གི་ལྷ་མོའི་དབང་བསྐུར་བའི་ཆོ་གའི་ལྷ་ཐབས་ཁྲིགས་སུ་བསྡེབས་པ་པདྨ་རཱ་གའི་བུམ་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཌཱ་ཀི་ནཱི་ཡཻ། སོར་རྟོག་ཡེ་ཤེས་ཆགས་པའི་མདངས། །སྲིད་གསུམ་སྐད་ཅིག་འགུགས་པའི་ཉམས། །རབ་རྒྱས་དཔའ་བོ་ཧེ་རུ་ཀར། །མཉམ་སྦྱོར་དེ་ལ་གུས་བཏུད་དེ། །སྙིང་པོའི་བསྟན་པ་རྒྱས་པ་དང་། །བསྟན་འཛིན་ཐུགས་བཞེད་ནོར་བུའི་ཆར། །འབེབ་བྱེད་རྫོགས་ལྡན་སྤྲིན་གྱི་གདུགས། །དབང་གི་མཁའ་འགྲོའི་དབང་བསྐུར་བྲི། །བསྙེན་སྒྲུབ་སྔོན་དུ་སོང་བའི་རྣལ་འབྱོར་པས། སྣོད་ལྡན་གྱི་སློབ་མ་རྩ་བ་གསུམ་གྱི་སྨིན་བྱེད་ཐོབ་པ་ལ་ཟབ་པའི་དབང་སྦྱིན་པར་འདོད་ན། ཡིད་དུ་འོང་བའི་གནས་རྒྱན་གྱིས་སྤྲས་པར་སྟེགས་བུ་དམར་པོ་ལ་རས་བྲིས་ཀྱི་དཀྱིལ་འཁོར་རམ། མ་འབྱོར་ན་མེ་ཏོག་དམར་པོའི་ཚོམ་བུ་དབུས་དང་ཕྱོགས་མཚམས་བརྒྱད་དུ་དགུ། ཕྱི་རོལ་ཕྱོགས་བཞིར་བཞི་སྟེ་བཅུ་གསུམ་བཀོད་པའི་ཁར་འཕྲུལ་སྟེགས་ལ། ཟངས་བུམ་ཆང་དང་ཐུན་མོང་ཁྱད་པར་གྱི་རྫས་ལྡན་མགུལ་ཆིངས་དམར་པོ་བྱས་པའི་སྟེང་དུ། ཐོད་པ་མཚན་ལྡན་བུར་སྦྲང་མྱོས་བྱེད་ཀྱིས་གཏམས་པའི་ཁ་མེ་ལོང་ལ་སིནྡྷུ་ར་བརྡལ་བར་ཧྲིཾ་ཡིག་སྙིང་པོས་གཡོན་དུ་བསྐོར་བ་བྲིས་པས་བཅད་པའི་སྟེང་དུ། ཁྱད་པར་གྱི་བྲིས་སྐུ་སྔགས་བྱང་ལྡན་པ་བཞུགས་སུ་གསོལ་ལ་དར་དམར་གྱི་གུར་ཕུབ། རྒྱབ་ཏུ་ཟས་སྣ་ཆང་དང་སྤོད་ཀྱིས་སྦྲུས་པའི་དབང་གཏོར་འཁོར་བཅུ་གཉིས་ལ་རང་འདྲའམ་མཐེབ་ཀྱུ་བཀོད་པ་མེ་ཏོག་དམར་པོའི་ལྕགས་ཀྱུས་སྤྲས་ཤིང་དར་གདུགས་དམར་པོ་ཅན་གྱི་གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་གཡོན་སྐོར་དུ་བཤམ། དམ་ཅན་སྤྱི་དང་བཀའ་སྲུང་ལྷ་ཆེན་ལྕམ་དྲལ་གྱི་གཏོར་འབུལ། ལས་བུམ། ཚོགས་ཀྱི་ཡོ་བྱད། ཆད་བརྟན། བགེགས་གཏོར་གཉིས་སོགས་ཅི་བདེ་བར་བཀོད། གཞན་ཡང་མཁོ་བའི་ཡོ་བྱད་རྣམས་ཉེར་བསྡོག་བྱའོ། །དེ་ནས་སློབ་མ་ཐུན་མོང་བ་ལ་དབང་བསྐུར་དངོས་བསྟན་ཙམ་གྱིས་རྗེས་སུ་འཛིན་ན་བདག་བསྐྱེད་རྩ་གསུམ། མདུན་བསྐྱེད་ཕྱི་སྒྲུབ་ཡུམ་རྐྱང་གཙོ་འཁོར་བསྐྱེད་བཟླས་བྱས་པས་ཆོག་ཅིང་། ཐུན་མོང་མ་ཡིན་པ་ལ་གསང་བའི་བྱིན་རླབས་ཀྱང་སྦྲེལ་བའམ་ཟབ་པའི་ལུགས་སུ་བྱེད་ན། བརྒྱུད་འདེབས། རང་གཞུང་སྐྱབས་སེམས། བགེགས་གཏོར་གཏང་། ཕྲིན་ལས་སྤྱི་ཆིངས་ལྟར་བགེགས་བསྐྲད་སྲུང་འཁོར་ནས་བྱིན་འབེབ་ཀྱི་བར། གསང་སྒྲུབ་རང་གཞུང་ལྟར་མཆོད་པ་བྱིན་རླབས་བྱ། གསང་སྒྲུབ་ལྟར་བདག་མདུན་ཐ་མི་དད་དུ་བསྐྱེད་ནས། ལས་བྱང་བསྟོད་པ་ཡན་གཏང་། ཛཔ྄་ཁང་ཕྱེས་ལ་བཟླས་པའི་ཞར་བྱུང་བུམ་ཐོད་རྣམས་ལའང་བྱིན་རླབས་སྤྲོ་བསྡུའི་དམིགས་པ་གཏང་། མཐར་སྟོང་ཚིགས་བྱ། ལས་བུམ་གྱི་ནང་དུ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་ངོ་བོ་རྟ་མགྲིན་ལ་རྣམ་པ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་ལྗང་ལ་དམར་བའི་མདངས་ཅན། ཕྱག་གཉིས་ཐལ་སྦྱར་བདུད་རྩིའི་བུམ་པ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མེ་འབར་བའི་ཀློང་ན་གསལ་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བཟླས་མཐར། ཁྲོ་བོའི་དབང་པོ་འོད་དུ་ཞུ་ནས་ཆུར་ཐིམ་པས་བགེགས་སྐྲོད་ཅིང་བར་ཆད་སྲུང་བའི་རྡོ་རྗེའི་རྡུལ་གྱི་རང་བཞིན་དུ་གྱུར། སྐབས་འདིར་དམ་ཅན་སྤྱི་དང་སྒེར་སྲུང་ལྷ་ཆེན་གཏོར་ཆོག །ཚོགས་མཆོད་བསྒྲལ་སྟོབ་ཡན་གྲུབ་པ་དང་སྤྲོ་ན་བདག་འཇུག་བླང་། བསྡུ་ན་རིག་པའི་མེ་ཏོག་དོར་བས་བདག་ཉིད་ཀྱི་བྱ་བ་རྣམས་གྲུབ་བོ། །དེ་ནས་སློབ་མ་ཁྲུས་བྱས་ཏེ་མདུན་དུ་འཁོད། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵཱ་ཡ་ཛཿས་འགུགས། སརྦ་བིགྷྣཱན་ན་མཿསརྦ་ནས། བ་ལྱཱ་དི་སྭཱ་ཧཱ། གསུམ་གྱིས་བསྔོ། ན་མོ། དཀོན་མཆོག་རྩ་བ་གསུམ་གྱི་བདེན་པ་དང་། ལྷ་སྔགས་ཏིང་ངེ་འཛིན་རྟེན་འབྲེལ་བསླུ་བ་མེད་པའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མ་འདི་ཉིད་བྱིན་རླབས་དབང་བསྐུར་ཟབ་མོས་རྗེས་སུ་འཛིན་པ་ལ། བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་མྱུར་དུ་དེངས་ཤིག །ལས་སྔགས་ཧཱུྃ་བཞིའི་སྔགས་དྲག་ཏུ་བརྗོད་ཅིང་ཡུངས་ཐུན་གུ་གུལ་དུད་པས་བསྐྲད། ཨོཾ་ཛྙཱ་ན་བཛྲ་རཀྵ་རཀྵ་ཀུ་རུ་བྷྲཱུྃ། ཞེས་རྡོ་རྗེའི་སྲུང་བའི་གུར་གྱིས་བཅིངས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་པདྨ་དབང་གི་གོ་འཕང་ལ་བཞག་པར་བྱ། དེའི་ཆེད་དུ་པདྨ་མཁའ་འགྲོའི་དཀྱིལ་འཁོར་དུ་འཇུག་ཅིང་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་འཚལ། དེའང་དཔལ་ཆེན་པདྨ་གར་གྱི་དབང་ཕྱུག་ཉིད་གདུལ་བྱ་བློ་དམན་རྣམས་ཀྱི་ངོར་གྲུབ་པའི་སློབ་དཔོན་ཆེན་པོའི་སྐུར་བཞེངས་པ་བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་ཕྱི་རབས་བོད་འབངས་རྣམས་ལ་བརྩེ་བ་ཆེན་པོས་དགོངས་ཏེ། ཐུགས་གསང་ཡེ་ཤེས་ཀྱི་མཛོད་སྒོ་ཕྱེ་ནས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་མཐའ་ཡས་པ་ཞིག་བསྩལ་པ་ལས། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་སྡེ་རྣམས་དཔལ་ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་ལ་གཉེར་དུ་གཏད་ནས་གཏེར་གནས་སོ་སོར་རྒྱས་བཏབ་པ་ལས། ལས་དང་སྨོན་ལམ་གྱི་དུས་སུ་སོན་པ་ན་ལྷ་སྲས་ཉིད་ཀྱི་སྐྱེ་མཐའ་གཏེར་འབྱིན་ཀུན་གྱི་རྒྱལ་པོ་༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། བཀའ་འདུས་སྙིང་པོར་དྲིལ་བའི་ཟབ་པ་སྐོར་བདུན་གྱི་གདམས་ཟབ་རྩ་བ་ཡན་ལག་དང་བཅས་པ་གནས་མཆོག་ཐ་དད་ནས་སྤྱན་དྲངས་པའི་ནང་ཚན། རྩ་གསུམ་ཚེའི་ཟབ་པའི་ཡན་ལག་མཐའ་རྒྱས་ལས་བཞི་མཁའ་འགྲོའི་སྒོས་སྒྲུབ་ཀྱི་བྱེ་བྲག་དབང་བྱེད་པདྨ་མཁའ་འགྲོའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བགྱིད་པ་སྟེ། ལྷ་མོ་འདི་ནི་ངོ་བོ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་སོར་རྟོག་ཡེ་ཤེས་སྟོབས་སུ་གྱུར་པའི་རང་གཟུགས་གོས་དཀར་མོ་སོགས་སུ་སྣང་ཞིང་། རྣམ་པ་རྗེ་བཙུན་འཕགས་མ་སྒྲོལ་མ་ཉིད་གཞན་དོན་ལ་རྗེས་སུ་ཆགས་པས་ལྷོ་ཕྱོགས་རིག་བྱེད་ཀྱི་ཕུག་ན་དབང་གི་ལྷ་མོའི་ཚུལ་སྟོན་པ་འདིའི་ལྷ་སྔགས་ཕྱག་རྒྱ་རྒྱུད་སྡེ་ཆེན་པོ་རྣམས་ནས་ཀྱང་རྒྱས་པར་གསུངས་ཤིང་། བྱིན་རླབས་ནུས་པའི་མཐུ་དབང་གློག་ལྟར་མྱུར་བ་འདི་ཉིད་ཀྱི་བྱིན་རླབས་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ། ཐོག་མར་གསེར་སོགས་རིན་པོ་ཆེས་ཕྱུར་བུར་བཀང་བའི་ཞིང་ཁམས་འབུལ་བའི་བློས་མཎྜལ་བགྱིད་པར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་སངས་རྒྱས་སོགས་གསུམ། རྒྱུད་རྣམ་པར་དག་ཅིང་ཚོགས་སྤེལ་བའི་སླད་དུ་བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་ལ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛད་འཚལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ་གྱིས་རྒྱུད་སྦྱང་། དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་སྤྱན་དམིགས་འདི་བཞིན་དུ་མཛོད་ཅིག །ལས་བུམ་གྱི་ཆུ་དང་། ཨ་མྲྀཏས་བགེགས་བསང་། ཨོཾ་ཤཱུནྱ་ཏཱ་སོགས་ཀྱིས་སྦྱང་། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་པདྨ་བདེ་བ་ཅན་གྱི་ཞིང་། བཅུད་རྣམ་པར་དག་པ་ཟླ་གམ་དབང་གི་གཞལ་ཡས་ཁང་གི་དབུས་སུ་རབ་ཏུ་རྒྱས་པའི་པདྨ་དམར་པོ་འཆར་ཁའི་ཟེར་ཐག་འབར་བའི་ཉི་མའི་དཀྱིལ་འཁོར་གྱིས་སྤྲས་པའི་གདན་ལ། ཁྱེད་རང་གི་སེམས་ཉིད་སོ་སོར་ཀུན་ཏུ་རྟོག་པའི་རང་མདངས་དབང་བྱེད་པདྨ་མཁའ་འགྲོ་སིནྡྷུ་རའི་ལྷུན་པོ་ལ་ཐུན་མཚམས་འོད་མདངས་ཀྱིས་འཁྱུད་པ་ལྟ་བུ། འཛུམ་ཞིང་ཆགས་པའི་མདངས་ཅན། ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ལྕགས་ཀྱུ་དང་ཞགས་པ། འོག་མ་གཉིས་ཨུཏྤལ་དམར་པོའི་མདའ་གཞུ་འགེངས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཞབས་བརྐྱང་བསྐུམ་གར་སྟབས་ཀྱི་རོལ་པ་ཅན། འོད་ཟེར་དམར་པོའི་དྲྭ་བ་མཁའ་ཁྱབ་ཏུ་འབར་བའི་ཀློང་ན་མཛེས་ཤིང་བརྗིད་པས་བརྟན་གཡོའི་བཅུད་འཕྲོག་པ། ࿊ ཟབ་པའི་ལུགས་སུ་བྱེད་པའམ། ཐུན་མོང་མ་ཡིན་པའི་བྱིན་རླབས་བྱེད་པའི་སྐབས་ན། དེ་ལ་འཁྱུད་པའི་ཡབ་དཔའ་བོ་འཇིག་རྟེན་དབང་ཕྱུག་པདྨ་དམར་པོའི་མདངས་དང་ལྡན་ཅིང་ཤིན་ཏུ་ཆགས་པའི་ཉམས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྕགས་ཀྱུ་དང་ཞགས་པ་ཐོགས་ཏེ་ཡུམ་ལ་དགྱེས་པར་སྦྱོར་བ། ཡབ་ཡུམ་གཉིས་ཀའང་ཨ་ཧཾ་ཧྲིཾ་གི་སྒྲ་སྒྲོག་བཞིན་པས་འཁོར་འདས་གཉིས་ཀ་དབང་དུ་མཛད་པའི་སྐུར་གསལ་ཐོབས། ཞེས་བསྣན།༽ དེ་ལྟར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཉི་སྟེང་ཧྲཱིཿཡིག་དམར་པོ་འོད་འབར་བ། བླ་མ་དཀྱིལ་འཁོར་གྱི་དབང་མོ་དང་ཐ་དད་མེད་པའང་དེ་ལྟར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཉི་མའི་ཟེར་ཐག་ལྟ་བུར་ཕྱོགས་བཅུར་ཁྱབ་པ་འཕྲོས། ཡེ་ཤེས་པའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ལྷ་སྔགས་ཕྱག་རྒྱའི་རྣམ་པ་ཆར་བབས་པ་ལྟ་བུར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་པདྨ་གར་གྱི་དབང་མོ་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་རྩེ་གཅིག་མཛོད། སྤོས་དུད་རོལ་མོའི་སྒྲས་བསྐུལ། སྤྲོ་ན་སྤྱན་འདྲེན་ཚིགས་གཅད་བརྗོད། ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨཱ་བེ་ཤ་ཡ་ཨཿཨཱཿ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དེ་ལྟར་ཡེ་ཤེས་པ་དངོས་སུ་བཞུགས་པའི་རྒྱུན་དེ་ཉིད་བརྟན་ཅིང་ལམ་ནུས་ལྡན་དུ་བྱ་བ་དང་འབྲས་བུའི་རྟེན་འབྲེལ་བསྒྲིག་པའི་སླད་དུ་སྐུ་གསུང་ཐུགས་ཡོངས་རྫོགས་དང་བཅས་པའི་བྱིན་རླབས་བྱ་བ་ལ། བུམ་པ་ཟླ་གམ་དབང་གི་གཞལ་ཡས་ཁང་དུ་སྐུ་འབག་ཡེ་ཤེས་མཁའ་འགྲོ་གཙོ་འཁོར་དངོས་སུ་བཞུགས་པའི་སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་སྒྲིབ་པ་དག །ལུས་སྣང་ལྷ་སྐུར་འཆར་ཞིང་ལུས་གཟི་བརྗིད་དང་ལྡན་པར་མོས་མཛོད། ཧྲཱི༔ དོན་དམ་མི་གཡོ་སོགས་སྔགས་བཅས་བརྗོད། བུམ་པ་སྐུ་འབག་སྤྱི་བོར་བཞག་ལ་བུམ་ཆུ་བླུད། བྷནྡྷ་རང་བྱུང་ཟླ་གམ་དབང་གི་ཕོ་བྲང་དུ་པདྨ་མཁའ་འགྲོ་ཡབ་ཡུམ་བདེ་བ་ཆེན་པོར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་གི་སྒྲིབ་པ་དག །སྒྲ་སྐད་སྔགས་སུ་གྲོལ་ཞིང་ངག་ནུས་པ་དང་ལྡན་པར་མོས་མཛོད། ཧྲཱི༔ དོན་དམ་མི་གཡོ་སོགས་ཚིགས་གཅད་སྔགས་དང་བཅས་པས་ཐོད་ཆང་ཁར་སྦྱིན། རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་གཉིས་སུ་མེད་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོ་ལས་སྔགས་ཀྱི་ཕྲེང་བ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་དམར་པོ་ལ་ཐིམ་པར་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། ཡི་གེ་བརྒྱད་པ་ལན་གསུམ་རྗེས་ཟློས་བྱར་གཞུག །མེ་ལོང་དབྱིངས་སྤྲོས་བྲལ་སྟོང་པ་ཉིད། སིནྡྷུ་རའི་ཡིག་འབྲུ་རིག་པ་བདེ་ཆེན་འགྱུར་བ་མེད་པའི་བརྡས་མཚོན་ཏེ་བདེ་སྟོང་ཟུང་འཇུག་གི་རང་ངོར་མཉམ་པར་བཞག་པ་ལ་བརྟེན་ནས། ཡིད་ཀྱི་སྒྲིབ་པ་དག །ཀུན་རྟོག་ཡེ་ཤེས་སུ་ཐིམ་ཞིང་ཡིད་ཏིང་ངེ་འཛིན་གྱི་རོལ་མོར་འཆར་བར་མོས་མཛོད། ཧྲཱི༔ དོན་དམ་མི་གཡོ་སོགས་ཚིགས་གཅད་སྔགས་དང་བཅས་པ་བརྗོད་ལ་མེ་ལོང་སྙིང་གར་བཞག །གཏོར་མ་བདེ་ཆེན་དབང་གི་ལྷ་མོ་གཙོ་འཁོར་རྟེན་དང་བརྟེན་པར་བཅས་པ་བྱིན་རླབས་ཀྱི་གཟི་བརྗིད་མཚུངས་པ་མེད་པ་དང་བཅས་པ་ཁྱེད་རང་གི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་སྣ་ལྔའི་རྒྱུན་བྱུང་། ལུས་ངག་ཡིད་གསུམ་ལ་ཐིམ་པས། སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཞུ་བདེ་འགྱུར་མེད་དུ་བརྟན་ཅིང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རང་དབང་ཐོབ་པར་མོས་མཛོད། ཧྲཱི༔ དོན་དམ་མི་གཡོ་སོགས་ཚིགས་གཅད་སྔགས་དང་བཅས་པ་བརྗོད་ལ་གཏོར་མ་སྤྱི་བོར་བཞག་པས་དབང་གི་དངོས་གཞི་འགྲུབ་བོ།། ࿊ དེ་ནས་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱེད་ན། ཐོད་པའི་བདུད་རྩི་ཁ་གསོས་ལ་སྤྲོ་ན་ཐོད་པར་དམིགས་ཏེ་གསང་སྒྲུབ་ཀྱི་བསྐྱེད་ཆོག་ནས་བརྩམ་ཕྲིན་ལས་ཚང་བར་བཏང་ལ་བཟླས་པ་བྱ། བསྡུ་ན། སྟོང་པའི་ངང་ལས། པདྨ་བྷཉྫ་རང་བྱུང་ཟླ་གམ་དབང་གི་ཕོ་བྲང་། བཅུད་ཡེ་ཤེས་བདུད་རྩི་མཆོད་པའི་སྤྲིན་ཆེན་རབ་ཏུ་འཕྲོ་བའི་དབུས་སུ་དབང་མཛད་པདྨ་མཁའ་འགྲོ། སྤྲུལ་པའི་ལྷ་མོ་བརྒྱད། སྒོ་སྲུང་ཕོ་ཉ་མོ་རྣམ་པ་བཞི། ཐམས་ཅད་ཀྱང་གསང་བའི་ཡབ་ལ་དགྱེས་པར་སྦྱོར་ཞིང་རྒྱན་ཆ་ལུགས་ཡོངས་རྫོགས་སུ་གསལ་བར་གྱུར། ཐུགས་སྲོག་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ལ་བཟླས་པ་བྱ། རྒྱས་བསྡུས་གང་བྱེད་ཀྱང་ཁྱད་པར་གྱི་ཚོགས་མཆོད་རྒྱས་པར་བྱས་ཏེ་ཚོགས་ལ་རོལ་པའི་གོང་དུ། དབང་བྱེད་པདྨ་ཌཱ་ཀིའི་ཁྱད་པར་གྱི་བྱིན་རླབས་ཟབ་མོ་གསན་པའི་སླད་དུ་མཎྜལ་འབུལ་བར་ཞུ། ངེས་པར་གསེར་གྱི་མཎྜལ་འབུལ། བླ་མ་པདྨ་མཁའ་འགྲོ་ཡབ་ཡུམ་དུ་གསལ་བ་ལ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་མཁའ་འགྲོ་སོགས་ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་འགོད་ཅིང་ཡེ་ཤེས་པ་སོགས་མཚམས་སྦྱར་ནས་དམིགས་པ་ཕོག་སྟེ་གོང་ལྟར་ཡེ་ཤེས་པ་ནན་ཏན་ཏུ་དབབ་ཅིང་བརྟན་པར་བྱ། བདུད་རྩིའི་ཕོ་བྲང་གི་དབུས་སུ་བཞུགས་པའི་པདྨ་མཁའ་འགྲོ་གཙོ་འཁོར་འོད་ཟེར་དམར་པོའི་རྣམ་པར་ལྟེམ་ལྟེམ་ཞུ། ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་དེ་ཉིད་ཁྱེད་རང་ལ་བྱིན་པར་མོས་མཛོད། སྙིང་པོ་བཟླ་བཞིན་དུ་ཐོད་ཆང་ལྷག་མེད་དུ་སྦྱིན་ལ། རྩ་ཁམས་ཐམས་ཅད་བདུད་རྩིའི་དྭངས་མས་གང་། ལུས་པདྨ་མཁའ་འགྲོར་གནས་གྱུར། ངག་རིག་སྔགས་ཀྱི་རང་སྒྲར་སྨིན། སེམས་བདེ་སྟོང་ཡེ་ཤེས་ཆེན་པོ་ལ་མངའ་བརྙེས་པས་འཁོར་འདས་དབང་དུ་བྱེད་པའི་ནུས་མཐུ་རྩལ་རྫོགས་སུ་གྲུབ་པར་མོས་ཏེ་སྣང་རིག་ཟུང་འཇུག་གི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། ཞེས་གནས་ལུགས་ཀྱི་ལྟ་བ་བསྐྱང་དུ་གཞུག །འདི་ནི་བརྒྱུད་པ་འཛིན་ངེས་ཐུན་མོང་མ་ཡིན་པ་རེ་རེ་ཙམ་ལས་སྟེར་བར་མི་བྱའོ།།༽ དེ་ལྟར་དབང་དུས་སུ་ཐོབ་པའི་དམ་ཚིག་སྤྱི་དང་བྱེ་བྲག་པདྨ་མཁའ་འགྲོའི་དམ་ཚིག་ཐུན་མོང་མ་ཡིན་པ་མཐའ་དག་ཇི་སྐད་བཤད་པ་བཞིན་ལེགས་པར་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱ། ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་སོགས་ཕྲིན་ལས་ཀྱི་མཇུག་བསྡུ་བ་རྣམས་མཐར་ཆགས་སུ་གཏང་ངོ་། །ལས་ཀྱི་འཁོར་ལོ་བསྐོར་བ་ཡི། །སྲོག་ཤིང་སྨིན་བྱེད་ཟབ་མོ་སྟེ། །ཉུང་ཡང་མན་ངག་གནད་ལྡན་པ། །བཤད་འདི་དགོས་པའི་དབང་གིས་སོ། །ཆོས་བཞིན་སྤྱོད་རྣམས་ཁས་དྲགས་ནས། །བསྟན་པ་རབ་ཏུ་རྒྱས་གྱུར་ཏེ། །གང་དང་འབྲེལ་བའི་སྐྱེ་རྒུ་ཡོངས། །པདྨ་དབང་གི་སྐུ་འགྲུབ་ཤོག །ཅེས་པ་འདིའང་གཏེར་ཆེན་བླ་མ་ཉིད་ནས་སྤྱིར་གཏེར་གསར་ཀུན་དང་ཁྱད་པར་འདི་དག་གི་ཆོག་སྒྲིག་ཇི་ལྟར་འོས་པ་བགྱིད་དགོས་པའི་ཐོག་མའི་རྟེན་འབྲེལ་དུ། འདིའི་དབང་བསྐུར་གྱི་མཚམས་སྦྱོར་རྒྱམ་རྒྱལ་གནོད་སྦྱིན་ཆེན་པོའི་གངས་ཞོལ་འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ནས་གསང་གཏེར་སྤྱན་འདྲེན་པར་མཛད་པའི་ཚོགས་འཁོར་གྱི་དུས་སྐབས་དེ་ཉིད་དུ་འབྲི་དགོས་པའི་བཀའ་ནན་ཕེབས་པ་ལྟར། དབུ་བརྩམས་ཏེ་གཤམ་ཚང་བར་བགྱིད་པ་པོ་ནི་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་ཏེ་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། སྣོད་མིན་ནས་དཔེ་ཙམ་ཡང་མི་མཐོང་བ་བཀའ་སྲུང་ལྕམ་དྲལ་ལ་གཉེར་དུ་གཏད་དོ། །ས་མ་ཡ། སྦས་རྒྱ།།
མཁའ་འགྲོ་མ་ཐུགས་རྗེ་ཀུན་སྒྲོལ་གྱི་ཡིག་རྒོད་ (Volume 47, Text 55)
༄༅། །མཁའ་འགྲོ་མ་ཐུགས་རྗེ་ཀུན་སྒྲོལ་གྱི་ཡིག་རྒོད་བཞུགས་སོ། །བྱད་འགྲོལ་ཡིག་རྒོད་ཆང་ཁྲུས་སུ་གྲགས་པ། མཁའ་འགྲོ་མ་ཐུགས་རྗེ་བྱམས་མ་ལ་ཕྱག་འཚལ་ལོ། །ཞང་ཞུང་སྐད་དུ། བྱད་འཇོམས་ཆེན་མོ། རྒྱ་གར་སྐད་དུ། སྐེག་སྲུང་ཆེན་མོ། རྒྱ་ནག་སྐད་དུ། མནའ་སྲུང་ཆེན་མོ། སུམ་པའི་སྐད་དུ། ཚེ་སྲིང་ནད་སེལ་ཆེན་མོ། བྲུ་ཤའི་སྐད་དུ། གཏད་ཟློག་ཆེན་པོ། བལ་པོའི་སྐད་དུ། བདག་སྲུང་ཆེན་པོ། ཟ་ཧོར་སྐད་དུ། གྲིབ་སྲུང་ཆེན་པོ། ཨོ་རྒྱན་ཡུལ་དུ། ལྷ་འདྲེ་ཆེན་པོ། ཁ་ཆེའི་ཡུལ་དུ། ལྷ་འདྲེ་སྟོང་གི་སྒྲིབ་ཤིང་། གཏད་ཟློག་སྒྲིབ་ཤིང་ཆེན་མོ་འདིའི་བྱུང་ཁུངས་ནི། བླ་ཆེན་དྲན་པ་ནམ་མཁའ་ཁྱུང་ལུང་དངུལ་མཁར་ཕུག་ཏུ། ཐམས་ཅད་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་བཞུགས་ཙ་ན། ཡུལ་དེར་ཨ་ཙ་ར་ནག་པོ་འབྲས་བརླགས་བྱ་བ་གཅིག་གིས། རང་རེ་གཉིས་ཡུལ་འདིར་རྒྱལ་ས་རྩོད་དགོས་པར་འདུག་པས། ཞག་བདུན་ལ་ཚད་དོ་ཟེར། བླ་ཆེན་གྱིས་ཁོ་ལ་གསེར་སྲང་སྟོང་བྱིན། ཡུལ་འདིར་ཁྱོད་རང་སྡོད། བདག་གང་དབེན་དུ་བསྡད་པས་ཆོག་གསུངས་པས། གསེར་མ་ཁྱེར་བར་བཞག་སོང་། ཁྱོད་རང་ཏིང་ངེ་འཛིན་ལ་འབོད་ཅིག་ཟེར། བླ་ཆེན་ཐུགས་ལ་འཕྲིགས་པ་སྐྱེས་ནས་མཁའ་འགྲོ་མ་ལ་དཀར་གཏོར་གཅིག་ཕུལ་བས། དེ་ནུབ་རྨི་ལམ་དུ་མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་མ་ནམ་མཁའ་ལ་བྱོན་ནས། བླ་ཆེན་ཁྱོད་མ་འཇིགས་ཤིག །ངས་ཁྱོད་ལ་མཁའ་འགྲོ་མའི་མན་ངག་སྙིང་ཁྲག་ཡིག་རྒོད་ནག་སྒྱུར་འདི་བསྟན་གྱིས་ལག་ཏུ་ལོངས་ཤིག །འདིས་མི་ཐུབ་པ་གཅིག་ཀྱང་མེད། ནད་རིགས་བརྒྱ་རྩ་བཞི་ཐུབ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐུབ། མནའ་ཆད་སྟོང་གིས་མི་འཇིགས་ཏེ། བན་བོན་འབུམ་གྱི་བྱད་ཁ་དང་གཅིག །མ་མོ་འབུམ་གྱི་དལ་ཁ་དང་གཉིས། སྡེ་བརྒྱད་སྟོང་གི་ཆད་པ་དང་གསུམ། གཤིན་རྗེ་ནག་པོ་སྟོང་གི་ཁྲམ་བཏབ་དང་བཞི། བཙན་བདུད་གདུག་པའི་རྩིས་འདེབས་དང་ལྔ། མུ་སྟེགས་ངན་པའི་སྦྱོར་བ་དང་དྲུག །ཨ་ཙ་རའི་ངན་སྔགས་དང་བདུན། ནུས་པ་ཅན་གྱི་བསམ་ངན་དང་བརྒྱད། མཁའ་འགྲོ་འབུམ་གྱི་སུན་མ་དང་དགུ། སྦྱོར་ངན་གང་གིས་ཀྱང་མི་ཚུགས་ངེས་སོ། །ནུས་པ་ཅན་སུ་དང་འགྲས་ཀྱང་ཁོའི་ནུས་པ་ཁོ་རང་གཤེད་དུ་ཡོང་བས། ཁོ་ཡིས་ལོ་བརྒྱར་བསྒྲུབས་པ་ཞག་གཅིག་གིས་བཤིག་པ་ཡིན་གསུངས་ནས། ནམ་མཁར་ཡལ་ནས་བྱ་ཐབས་ལག་ལེན་དང་བཅས་དངུལ་དཀར་ལ་བྲིས་ནས་གནང་ངོ་།། འདིའི་བྱ་ཐབས་ལ་ཉེར་དགུ་ནམ་བྱུང་ལ་ཡིག་རྒོད་མེ་ལོང་ལ་བསྟན་ནས་ཆང་བཟང་པོས་ཁྲུས་བྱས་ནས་དཀར་ཡོལ་མེར་ཁེངས་པ་དགུ་འཐུང་བས་ཁོ་ཞག་གསུམ་ནས་ཁྲག་སྐྱུགས་ནས་ཤི་འདུག །འདི་གོང་བཞིན་ཁྲུས་བྱས་ནས་འཕྲལ་ལ་འཐུང་ན་གོང་གི་ཕན་ཡོན་རྣམས་འབྱུང་ངོ་། །རྫས་རྒྱ་སྣག །གསེར་མདོག །ཁ་ཆེ་གསུམ་མོ། །སྲུང་བ་འདི་ཉེར་དགུ་ལ་ཆང་གི་ཁྲུས་བྱས་ནས་ བཏུང་ན་བྱད་ཁ་ཕུར་ཁ་སོགས་འདི་ཡིས་མི་ཐུབ་པ་གང་ཡང་མེད། རིག་འཛིན་མཁའ་འགྲོ་ཀུན་གྱི་ཐུགས་བཅུད་སྙིགས་དུས་འགྲོ་བ་རྣམས་ཀྱི་དཔལ་དུ་ཤར། འདིའི་ཞལ་ཤེས་སྐོར་ལ་ཉེར་ དགུ་གང་ཡིན་གཅིག་གྲབ་ཡུལ་བྱས་ལ་་་བྱད་ཁ་ཚབས་ཆེ་ན་ཟླ་བ་བྱུང་ངོ་ཅོག་གི་ཉེར་དགུ་ལ་མ་ཆག་པར་བྱ། དེ་མིན་ལོ་མཚམས་སོགས་གང་བདེར་བྱའོ།མཆན།ཆང་གཙང་མས་་་བཟང་དྲུག་དང་བླ་མ་ཡབ་ཡུམ་བྱང་སེམས།བཀང་ བའི་སྣོད་གས་ཆག་མེད་པ་གཅིག་ཏུ་ཁེངས་པར་བྱས། དཀར་ཡོལ་དཀར་སང་ཆུང་ངུ་དང་། གདན་སྟེང་འབྲུ་ཕུང་ཁར་ཟངས་གཞོང་གཞག་ལ་དབུས་སུ་དཀར་ཡོལ་བྱས། རྙིང་མ་སྤྱི་གང་ རུང་གི་ཡི་དམ་་་ཕག་མོའམ་བདག་མེད་མ།གྱི་ང་རྒྱལ་བཟུང་། མདུན་དུ་སྟེགས་ཁར་རྡོར་དྲིལ་བགེགས་གཏོར། ཉེ་ལོགས་སུ་བསྲུང་བྱ་སོགས་བཀོད་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བསང་སྦྱང་བྱས་ལ་བགེགས་རྣམས་གཏོར་མས་བརྔན་ལ་བསྐྲད། སྲུང་འཁོར་བྱ། གུ་གུལ། ཡུངས་དཀར་གཏོར། མདུན་གྱི་ནམ་མཁར་མཁའ་འགྲོ་ཐུགས་རྗེ་ཀུན་བྱམས་སྐུ་མདོག་དམར་མོ་གཡས་བསྐུམ་གཡོན་བརྐྱང་གིས་པད་ཉིའི་གདན་ལ་བཞེངས་པ། ཕྱག་གཡས་རིན་པོ་ཆེ་སྣ་ལྔ་ལས་ཡུ་བ་བྱས་པའི་ལྕགས་ཀྱུ་འོད་ཁ་དོག་ལྔ་འཕྲོ་བ་ཐོགས་པ་ནམ་མཁར་འཕྱར་བ། གཡོན་ལྕགས་ཀྱི་པར་བུ་ཐུགས་ཀར་བསྣམས་པ། སྐྲ་སིལ་བུར་གྲོལ་ཞིང་ནུ་འབུར་དང་བྷ་ག་རྒྱས་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ་ཞིག་བཞུགས་ནས་བྱིན་གྱིས་བརླབས་པར་བསམ། ཡང་ཟློག་སོགས་དྲག་སྔགས་ཀྱི་རིགས་བཟླས་ཀྱང་རུང་། གང་ལྟར་ཡང་མེ་ལོང་ལ་སྔགས་ཁྲུས་བྱས་ལ་དཀར་ཡོལ་དགུ་རེ་འཐུང་ན་ཚར་རེ་ཚར། དེ་ནས་གང་དཔོག་བྱ། དམིགས་པ་མཁའ་འགྲོའི་ཕྱག་གི་ལྕགས་ཀྱུ་ལས་མཁའ་འགྲོ་མ་གྲངས་མེད་པ་སྤྲོས་ནས་བྱད་མ་ལྷ་སྲུང་དང་བཅས་པའི་ཕོ་ཡི་སྙིང་ག །མོའི་གསང་བ་ནས་བཀུག་ནས་པར་བུའི་ནང་དུ་ཞུགས་ནས་མི་ཐར་བར་དམིགས། བདེན་སྟོབས་ཇི་ལྟར་རིགས་པ་བརྗོད། ཚར་བའི་དུས་མཁའ་འགྲོ་ལས་འཕྲོས་པའི་མཁའ་འགྲོ་མ་རྣམས་དམ་ཡེ་གཉིས་མེད་རང་གི་དཔྲལ་བར་བསྟིམས་ལ་གནས་ལུགས་ཀྱི་ཤེས་པ་ཅུང་ཞིག་བསྐྱངས་ལ་བཀྲ་ཤིས་བྱའོ། །བྱང་བུའི་ཤིང་ནི་འབྲས་ཅན་ཀུ་ཤུ་སྟར་ག་རྒྱ་ལྕང་སོགས་ལ་བྱ། བྲི་རྫས་ནི། རྒྱ་སྣག་ཨ་རུ་ར་གསེར་མདོག་དང་ཁ་ཆེ་བཏབ་པས་བྱའོ། །དེ་ཡང་རྫས་དེ་གསུམ་གྱིས་ཤིང་བྱང་ལ་ཡི་གེ་དག་པར་བྲིས་ལ་སྲ་རྩིས་མནན། དེའི་གཟུགས་བརྙན་མེ་ལོང་དུ་འཆར་བ་ཆང་གིས་བཀྲུས་ལ་བཏུང་། བྱད་ཁ་ཚབས་ཆེ་ན་མེ་ལོང་ལ་རྫས་ཀྱིས་འཁོར་ལོ་བྲིས་པ་བཀྲུ་འཐུང་བྱ། ཡང་ལག་ལེན་ཁ་ཅིག་ལ་ཡིག་རྒོད་ཤིང་ལ་བརྐོས་པ་ལ་རྫས་བྱུགས་ནས་བཀྲུ་འཐུང་བྱེད་སྲོལ་ཡང་སྣང་ངོ་། །སརྦ་མངྒ་ལཾ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འཇམ་དཔལ་དྲག་པོའི་ལས་ཚོགས་འཆི་བསླུ་བགྱིད་པ་ལ་བཀའ་གཏད་ (Volume 53, Text 55)
ན་མོ་གུ་རུ་ཡ་མཱ་རི། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་འཇམ་དཔལ་དྲག་པོའི་ལས་ཚོགས་འཆི་བསླུ་བགྱིད་པ་ལ་བཀའ་གཏད་མ་ཐོབ་ན་འཁུ་ལྡོག་ཆེ་ཞིང་རང་སྲོག་ལ་གཟན་པར་གསུང་པས། དེ་ཕ་རོལ་རྒོལ་འཇོམས་ཀྱི་གཏོར་དབང་མཐར་སྦྲེལ་བ་ཡིན་ལ། དེའི་བཤམ་བཀོད་བྱས་པའི་མདུན་སྟེགས་དམའ་བར་ལྕགས་སྣོད་དུ་འབྲུ་ནག་གི་ཕྱེ་ལ་གཏོར་མ་ཟུར་གསུམ་སྲིན་ཞལ་ཕྱུང་པ། དེའི་གཡས་གཡོན་མདུན་གསུམ་དེ་ལས་ཆུང་བའི་དམར་གཏོར་གསུམ། དེ་རྒྱབ་འཆི་བདག་བཅུ་གཉིས། དེ་རྒྱབ་ཕྱོགས་སྐྱོང་བཅུ་རྣམས་ལ་དམར་གཏོར་སྔ་མ་རྣམས་ལས་ཆུང་བས་བསྐོར། འཛོམ་ན་སྐུ་ཙཀ་བཙུག །དར་གདུགས་མཐིང་ནག་དང་ཤ་ཁྲག་གིས་བརྒྱན་ལ་བཞག །ཁྲོ་བོའི་དབང་གྲུབ་པའི་རྗེས་སུ། དེ་ནས་དཔལ་ཆེན་པོ་ཡ་མཱནྟ་ཀའི་བཀའ་སྡོད་སྲིད་པ་གསུམ་ལ་དབང་སྒྱུར་བ་འཆི་བདག་ལས་ཀྱི་གཤིན་རྗེའི་བཀའ་གཏད་གཉན་པོ་བགྱི་བ་ལ། ཁྱེད་རང་དཔལ་ཆེན་པོ་འཇིགས་བྱེད་ཁྲག་འཐུང་གཤིན་རྗེའི་གཤེད་ཕ་རོལ་རྒོལ་འཇོམས་ཀྱི་གསལ་སྣང་དང་ང་རྒྱལ་བརྟན་པོ་ལ་རྩེ་གཅིག་ཏུ་གནས་པའི་ངང་ནས་དམིགས་པ་འདི་རྣམས་མཛོད་ཅིག །མདུན་དུ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ཆེན་པོར་གསལ་བའི་སོགས་འཆི་བསླུའི་གཞུང་ལྟར་བསྐྱེད་ཆོག །སྤྱན་འདྲེན་བཞུགས་གསོལ་གྱི་བར་དུ་བཏང་། གཏོར་མ་སློབ་དཔོན་གྱི་མདུན་དུ་བཞག་ལ། སློབ་དཔོན་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་པོ་དངོས་སུ་གསལ་བ་དང་། ནམ་མཁར་རིག་འཛིན་བརྒྱུད་པའི་ཚོགས་སྤྲིན་གཏིབས་པ་ལྟར་བཞུགས་པ་རྣམས་ཀྱིས་བཀའ་བསྒོས་ཤིང་དམ་ལ་བཞག་སྟེ། ཁྱེད་རང་འཇམ་དཔལ་དྲག་ཏུ་ཁྲོས་པའི་བྲན་དང་འབངས་སུ་གཏད་པར་མོས་ཤིག །རྡོ་རྗེ་གདེངས་ཤིང་བདུད་རྩིས་བྲན་ལ། ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད༔ སོགས་ནས། སྨ་ར་རཀྵནྟུ༔འི་བར་དམ་བཞག་ལན་གསུམ་བརྗོད། གཏོར་མ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ༔ སྲིད་གསུམ་ཀུན་གྱི་སྲོག་གི་བདག༔ ཡ་མ་རཱ་ཛ་འཁོར་དང་བཅས༔ སློབ་མ་འཇམ་དཔལ་ཧེ་རུ་ཀའི༔ འབངས་དང་བྲན་དུ་བདག་གཏད་ན༔ ཡ་མཱནྟ་ཀའི་བཀའ་མ་བཅག༔ རིག་འཛིན་བརྒྱུད་པའི་དམ་མ་དྲལ༔ མི་འབྲལ་སྲུང་ཞིང་བསྐྱང་བ་དང༔ བཅོལ་བའི་ལས་ཀུན་སྒྲུབ་པར་གྱིས༔ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ༔ ཅེས་དང་། ཁྱེད་རང་འཇམ་དཔལ་ཧེ་རུ་ཀར་གསལ་བའི་ཐུགས་སྲོག་ཡཿམཐིང་ནག་ལས་བྱུང་བའི་འོད་ཟེར་གྱིས་ལས་གཤིན་གཙོ་འཁོར་རྣམས་གཟིར་བས་མི་འདའ་བའི་དམ་ཚིག་ལ་གནས་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། གོང་གི་སྔགས་ལན་གསུམ་ཟློས་སུ་གཞུག །གཏོར་མ་ལ་བདུད་རྩི་བླུགས་པའི་ཞམ་ཆུ་སློབ་མ་ལ་སྦྱིན། སློབ་མས་ཀྱང་གཏོར་མ་ལ་ནང་མཆོད་གཏོར། དེང་ཕྱིན་ཆད་དམ་ཚིག་གཅིག་ཏུ་བསྲེས་པ་ཡིན་པས་ཆོས་སྐྱོང་གི་དམ་ཚིག་སྤྱི་ལ་གནས་པ་དང་། ཁྱད་པར་འདི་ཉིད་སྲུང་མའི་དབང་པོར་བཟུང་ནས་མཆོད་བསྟོད་ལ་བརྩོན་པར་བྱ་དགོས་སོ། །ཞེས་གདམས་ལ་གཏོར་མ་རང་གནས་སུ་བཀོད། མཆོད་གཏོར་རྣམས་ཁ་གསོས་ལ་འཆི་བསླུའི་གཞུང་ལྟར་མཆོད་པ་དང་བསྟོད་པ་ཕྲིན་བཅོལ་ཚང་བར་བྱས་ལ་གཤེགས་སུ་གསོལ། གཏོར་མ་གཙང་སར་བསྐྱལ། བླ་མ་དྲག་པོའི་དབང་དང་ལས་བྱང་གི་རྗེས་རིམ་རྣམས་བྱའོ། །ཞེས་པའང་ལུགས་འདིའི་འཆི་བསླུའི་ཆ་ལག་མེད་དུ་མི་རུང་བས་གུད་དུ་བཀོལ་བ་པོ་པདྨ་གར་དབང་རྩལ་ཏེ། དམ་ཚིག་ཐུབ་ངེས་ཀྱི་སློབ་མ་རེ་རེ་ཙམ་ལས་ཁྱབ་བདལ་དུ་སྤེལ་ན་རང་ལ་ལྡོག་པས་སྲོག་བཞིན་བཙའ་བར་གསུངས་པ་ལྟར་ཅིས་ཀྱང་བྱ་དགོས་སོ། །དགེ་ལེགས་འཕེལ། །མངྒ་ལཾ།། །།
སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་སྐོར་རྣམས་ (Volume 48, Text 55)
༄༅། །སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་སྐོར་རྣམས་བཞུགས་སོ། །ཉེ་བརྒྱུད་དག་སྣང་། དེ་ཡང་ཆུ་མོ་གླང་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ནུབ་བྱང་གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་གནས་ཞག་བགྱིས་ཏེ་ཡོད་པའི་སྐབས་ཤིག་གཉིད་དུ་སོང་བའི་ཉམས་སྣང་དུ། བུ་མོ་རས་གོས་གྱོན་པ་མདའ་དར་དང་ལྕགས་ཀྱུ་ཐོགས་པ་ཞིག་བྱུང་སྟེ། ང་ནི་གྲོང་ཁྱེར་སེར་སྐྱ་ནས་འོངས་པ་ཡིན། རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀས་དོ་ནུབ་ཚོགས་ཀྱི་འཁོར་ལོ་ཞིག་དང་ཚེའི་དབང་བསྐུར་ཟབ་མོ་ཞིག་བྱེད་དགོས་པ་སྔོན་གྱི་སྨོན་ལམ་མཐུ་བཙན་པ་ཡིན་ཞེས་ཟེར་བས་དེ་དང་བསྡེབས་ནས་ཕྱིན་པ་ལས། གྲོང་ཁྱེར་ཆེན་པོ་ཞིག་གི་དབུས་སུ་སྔགས་འཆང་ཆེན་པོ་ཞིག་ཨ་རུའི་སྡོང་པོ་ལ་སྐུ་རྒྱབ་གཏད་དེ་བཞུགས་འདུག་པ་དང་མཇལ་ཞིང་། དེར་བསྡད་དེ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མོད་ལ་སྔགས་འཆང་དེས་ཚེ་དབང་འདི་ཡོངས་སུ་རྫོགས་པར་བསྐུར་ཏེ། ཁྱོད་ཀྱིས་ཚེ་དབང་འདི་སྔོན་ཆད་དྷ་ན་ཤྲཱིས་གནང་བ་ལས་ཅུང་ཟད་རྒྱས་པར་ཡོད་ཅིང་། འདི་དངོས་གཞི་སྟ་གོན་དང་འབྲེལ་བ་རྟེན་འབྲེལ་རྨད་དུ་བྱུང་བ་ཡིན་པས་བོད་དུ་སྤེལ་བར་གྱིས་ཤིག །སྔོན་དུས་རྫོགས་ལྡན་བསྐལ་པ་བཟང་ལགས་ཀྱང་། །ད་ལྟ་དུས་ངན་སྙིགས་མ་ལྔ་བདོ་ལ། །བོད་དུ་མི་བཟད་མཚན་ལྟས་སྣ་ཚོགས་འབྱུང་། ཁྱད་པར་ལྕགས་ཁྱིའི་གནམ་ལོ་ཤར་བའི་དུས། །བོད་ཁམས་ཨ་ཊོ་ཏ་ཡི་དམག་གིས་འཇོམས། །མཐའ་དཀྱིལ་ལོག་པས་སངས་རྒྱས་བསྟན་པ་ཉམས། ཁྱད་པར་ཨཱ་མིང་ཁྱི་ལོ་པ་ཞིག་འབྱུང་། །དེས་ནི་བོད་ཀུན་སྡུག་ལ་གཏོད་པར་བྱེད། །ནམ་ཞིག་རིགས་ཡལ་བརྒྱུད་ཉམས་ཆོས་ཀྱང་ཉམས། །ནམ་མཁའི་མཚན་ཉིད་དེ་དག་གསལ་བར་འབྱུང་། །མ་རན་བར་དུ་མ་སྟོན་རྒྱ་ཡིས་བཏབ། །ཆོས་འདི་སྤེལ་ལ་ཚིག་འདི་དམ་དུ་ཆོངས། །ཞེས་གསུངས་ཏེ་བདག་ཀྱང་ཚུར་ལ་ལོག་ཡོང་བའི་སྣང་བ་བྱུང་བ་དང་ནམ་ལངས་འདུག་གོ །ཞེས་པ་འདི་ཡང་ཉམས་སྣང་བྱུང་ཚུལ་ལོ་རྒྱུས་སུ་བཀོད་པའོ། །གཞན་བདག་རང་གི་ཚེ་ཚད། མཐའ་དམག་དབུས་སུ་ཡོང་མི་ཡོང་། བྱང་བོད་རྣམས་ཀྱི་སྐྱིད་སྡུག་ལེགས་ཉེས་ཇི་ལྟར་ཡོང་སོགས་མང་དུ་ལུང་བསྟན་པའི་སྣང་བ་བྱུང་ཡང་ཟོག་བརྫུའི་རྒྱུར་འགྲོ་ཞིང་། བཀའ་རྒྱ་དམ་པར་འདུག་པས་རེ་ཞིག་མ་བྲིས་པ་ཆོས་བདག་རྣམས་ཀྱིས་བཟོད་པར་མཛོད་ཅིག། །། ༄༅། །བླ་མ་དང་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྒྲ་མི་སྙན་གྱི་ཚེ་དབང་གི་སྒྲུབ་ཐབས་ནི། བགེགས་ལ་གཏོར་མས་བརྔན་ཏེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་ཡོངས་སུ་གང་བའི་སྟེང་དུ་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་ཚེའི་བར་ཆད་བསལ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་ཅིང་། སྣང་བ་མཐའ་ཡས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་མདོག་ཅན་ཞི་ཞིང་འཛུམ་པའི་ངང་ཚུལ་དང་ལྡན་ཞིང་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེ་མརྒད་མཆོག་གི་ལྷུང་བཟེད་འཆི་མེད་ཚེའི་བདུད་རྩིས་གང་བ་བསྣམས་ཤིང་། དབུ་སྐྲ་བུང་བ་ལྟར་གནག་པའི་ཐོར་ཚུགས་ལས་ཕྱེད་རྒྱབ་ཏུ་འཕྱང་བ། རིན་པོ་ཆེ་དུ་མའི་དབུ་རྒྱན། སྙན་རྒྱན། ཕྱག་གདུབ། ཞབས་གདུབ། མགུལ་རྒྱན། དཔུང་རྒྱན། སེ་མོ་དོ། སྐ་རགས། དོ་ཤལ་གྱིས་མཛེས་པ། དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། མེ་ཏོག་དམར་པོའི་རྒྱན་གྱིས་ཀུན་ནས་བརྒྱན་པ། ཤིན་ཏུ་བཟང་པོའི་ངང་ཚུལ་དང་ལྡན་པའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པ་དམིགས་ལ། ཨོཾ་ན་མོ་བྷ་ག་བ་ཏེ་ཨཱ་ཡུརྫྙཱ་ན་སྱ་དེ་བ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ནས། ཤབྡའི་བར་གྱིས་མཆོད། ཧྲཱིཿ འོད་མཚན་རབ་འབར་པདྨ་རཱ་གའི་མདོག །འཛུམ་ཞིང་བཟང་པོའི་ངང་ཚུལ་འཇོ་སྒེག་ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །མཉམ་པར་བཞེངས་ཤིང་རལ་པའི་ཐོར་ཚུགས་ཅན། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་བར་དག་ཏུ། །མརྒད་མཆོག་གི་ལྷུང་བཟེད་འཆི་མེད་ཀྱི། །བདུད་རྩིས་གང་བས་ཚེ་ཡི་དངོས་གྲུབ་སྩོལ། །བརྒྱད་གཉིས་ན་ཚོད་མཚན་དཔེའི་དྲྭ་བས་བརྒྱན། །འོད་དཔག་མེད་པའི་བཀའ་རྟགས་ཅོད་པན་ཅན། །བཅོམ་ལྡན་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀར་ཉི་མའི་གདན་ལ་ཧྲཱིཿཡིག་དམར་པོའི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དང་། ཚེ་ལ་དབང་བ་ཐམས་ཅད་ཀྱི་ཚེ་དང་། ལྷ་མིའི་སྣོད་བཅུད་ཐམས་ཅད་ཀྱི་དཔལ་འབྱོར་བསོད་ནམས་ཐམས་ཅད་བསྡུས་ཏེ། རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་མོས་ཏེ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོཿསངྒྷཱ་ཡ། ཏདྱ་ཐཱ། ཨོཾ་ཨཏྟེ། བཏྟེ། ཀུ་ནཏྟེ། ཏ་ཀེ །ཐ་ཀེ །ཋ་རཀྐེ །ཧི་ལི་མི་ལི། སམྦྷཀྵ། བི་བྷཀྵུ། སི་སནྡྷུ། ན་མོ་བྷ་ག་བ་ཏེ་ཡེ་སྭཱ་ཧཱ། ཞེས་བཟླ་འོ། །དེ་དག་ནི་བདག་གི་རྣལ་འབྱོར་རོ། །མདུན་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་དཀྱིལ་འཁོར་གྱི་དབུས་ཀྱི་ཐོད་པའི་བདུད་རྩིའི་ནང་དུ་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ཞེས་པ་ནས། ཕྱག་འཚལ་བསྟོད། བར་བདག་བསྐྱེད་ལྟར་བསྒོམས་ལ། རང་དང་མདུན་བསྐྱེད་ཚེ་དཔག་མེད་ཀྱི་ཐུགས་ཀ་ནས་འོད་འཕྲོས། སྟོང་གསུམ་གླིང་བཞི་གླིང་ཕྲན་ཐམས་ཅད་ཀྱི་བཅུད་དང་། སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་དཔལ་མ་ལུས་པ་དང་། དུས་གསུམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཀྱི་ལྷུང་བཟེད་ནང་དུ་བྱུང་བས་གང་ཞིང་ལྷུད་ཀྱིས་ལུད་པ། ཐོད་པའི་ཚེ་ཆང་དང་། རིལ་བུ་དང་། གཞན་ཡང་ཚེའི་ཡོ་བྱད་ཐམས་ཅད་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་སྐད་ཅིག་ཉིད་ལ་སྩོལ་ནུས་པའི་མཐུ་སྟོབས་དང་ལྡན་པར་གྱུར། ཅེས་དམིགས་ཏེ་བཟླས་པ་བྱ། སྐབས་སུ་མཆོད་ཅིང་བསྟོད་ལ་བཟླས་པ་ལ་འབད། ཐུན་བསྡུ་བའི་ཚེ་མཆོད་ཅིང་བསྟོད་ལ། རྒྱ་གར་ནས་བྱོན་པའི་བླ་མ་དྷ་ན་ཤྲཱིས་གནང་བའི་ཚེ་སྒྲུབ་གཟུངས་སྔགས་བྱིན་རླབས་ཅན་འདིས། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་ལན་གསུམ་གྱིས་སྨོན་ལམ་བཏབ། ཆོ་ག་ལྷག་ཆད་བྱུང་བ་དང་སོགས་ཤླཽ་ཀ་དང་ཡིག་བརྒྱས་ལྷག་ཆད་བསྐང་། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ལ་ཕོག་སྟེ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་ཀྱང་ལུས་སྟོད་སྨད་ནས་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་ཐིམ་ཞིང་། ཧྲཱིཿཡིག་ཀྱང་འོད་ཀྱི་གོང་བུར་གྱུར་ཏེ་མི་དམིགས་པར་གྱུར་པའི་ངང་དུ་བཞག་སྟེ། ཤིས་པ་རྒྱས་པར་བརྗོད་ཅིང་། བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །ཞེས་སྒྲ་མི་སྙན་པའི་ཚེ་སྒྲུབ་འདི་ཡང་དབང་གི་ཉེར་མཁོར་བླ་མ་དྲོ་སྐྱིད་ཀྱིས་བསྐུལ་བར་དབུ་རུ་སྟོད་ཀྱི་དགེ་སློང་དྷརྨ་ཀཱིརྟིས་སྤྲོ་ལུང་གི་ལྕང་ལོ་ཅན་དུ་བྲིས་པའོ།། །། ༈ བླ་མ་དང་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིའི་བྱིན་རླབས་བྱ་བར་འདོད་ན། གནས་དབེན་པར་རྡུལ་ཚོན་དམར་པོའི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་མཉྫིའི་ཁར་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་ནང་དུ་ཚེ་རིལ་སློབ་མའི་གྲངས་ཅན་བླུགས་པའི་ཁ་མེ་ལོང་དང་དར་དམར་གྱིས་བཀབ། སྟེང་དུ་གཟུངས་ཐག་བཏགས་ལ་བཞག །དེའི་ཤར་དུ་ཚེ་གཏོར་ཟླུམ་པོ་བྲིས་སྐུས་བརྒྱན་པ་དང་ཤེལ་རྡོ། ལྷོར་གཙོ་བུམ་དང་མདའ་དར། ནུབ་ཏུ་ཆང་ཕུད་དང་དྲིའི་ཆུ། བྱང་དུ་སློབ་དཔོན་གྱི་ཡོ་བྱད་རྡོ་རྗེ་དྲིལ་བུ་དང་ལས་བུམ་རྣམས་བཀོད། མཐར་མཆོད་པས་བསྐོར། བདག་བསྐྱེད་དང་མདུན་བསྐྱེད་གཞུང་ལྟར་བསྒྲུབ་ཅིང་བསྙེན་ཛཔ྄་ལ་འབད། དེ་ནས་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་བསྐྲད་ཅིང་གྲལ་དུ་འཁོད་ལ་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཐུན་མོང་དང་ནི་ཁྱད་པར་གྱི། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་རྒྱུན་བཤགས་ལན་གསུམ་བྱ། དེ་ནས་ཐོག་མར་བྱང་སྒོའི་ལས་བུམ་གྱིས་ཁྲུས་བྱ་ཞིང་། ཧཱུྃ། དྲི་མ་རྣམ་དྲུག་སྦྱོང་བའི་ཕྱིར། །ཡན་ལག་བརྒྱད་ལྡན་ལྷ་ཡི་ཆུ། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །སྡིག་སྒྲིབ་བག་ཆགས་ངན་པ་ཀུན། །བྱང་ཞིང་དག་པའི་རྒྱུར་གྱུར་ཅིག །ཅེས་སྦྱིན་ནོ། །ལས་གཞུང་ལྟར་མངོན་རྟོགས་ཀྱི་དམིགས་པ་དཔོད་ལ་རོལ་མོ་བྱ་ཞིང་བྱིན་དབབ། དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་ནུབ་སྒོའི་དྲི་ཆུས་ཡི་གེ་གསུམ་བཟླ་ཞིང་གནས་གསུམ་དུ་ཐིག་ལེ་བྱ། དེ་ནས་དབང་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་ནི། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ཅེས་གསོལ་བ་བཏབ། ལྷོ་སྒོའི་བུམ་པས་དབང་བསྐུར་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ཚེ་དཔག་མེད་ཀྱི་སྐུ་བསྒོམ་པ་ལ་དབང་ངོ་། །ཞེས་དོན་བཤད། ནུབ་སྒོའི་ཆང་ཕུད་སྦྱིན་ཞིང་། དུས་གསུམ་སངས་རྒྱས་ཀུན་གྱི་ནི། །མི་ཟད་གསུང་དབྱངས་མངའ་བ་རྣམས། །མ་ལུས་ངོ་བོ་ཨ་མྲྀ་ཏ། །སྐལ་ལྡན་བུ་ལ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །ཚེ་དཔག་མེད་ཀྱི་གཟུངས་སྔགས་བཟླ་བ་ལ་དབང་ངོ་། །ཞེས་དོན་བཤད། ཤར་སྒོའི་ཤེལ་རྡོའི་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་ཐུགས་ནི་དྲི་མ་མེད། །སྒྲིབ་བྲལ་གསལ་དྭངས་མཉམ་ཉིད་སྤྲོས་དང་བྲལ། །ཕྱི་ནང་གཉིས་མེད་དོན་དམ་ཐིག་ལེའི་དབང་། །སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་རྟོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཚེ་དཔག་མེད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང་ངོ་། །ཞེས་དོན་བཤད། ཤར་སྒོའི་ཚེ་གཏོར་མགོ་བོར་བཞག །བྷྲཱུྃ། ཚེ་ཟན་དངོས་གྲུབ་སྣ་ཚོགས་འདོད་རྒུའི་གཏེར། །མི་ཟད་ལོངས་སྤྱོད་ལྡན་པའི་བང་མཛོད་དེ། །སྤྱད་ན་བསྐལ་པ་སྟོང་གི་ཚེ་ཡང་སྲིང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པར་བྱ། །ཞེས་དང་། གཟུངས་སྔགས་བརྗོད། དེ་ནས་ཚེ་དབང་དངོས་ནི། སློབ་མ་རྣམས་ཀྱིས་སློབ་དཔོན་དང་དཀྱིལ་འཁོར་ལ་གཡས་སྐོར་གསུམ་དང་ཕྱག་གསུམ་འཚལ་དུ་བཅུག་ལ། སྔགས་ཀྱིས་གསོལ་བ་འདེབས་པ་ནི། ན་མོ་བུདྡྷཱ་ཡ། སོགས་གཞུང་ལྟར་རྗེས་ཟློས་བྱ། དམིགས་པ་འབོགས་པ་ནི། སློབ་དཔོན་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་ཚེ་དཔག་མེད་ཚོན་གང་པ་རེ་རྒྱང་གིས་ཐོན། མདུན་གྱི་ཚེ་ཆང་ཚེ་རིལ་དང་བཅས་པ་ལ་ཐིམ་ཞིང་། དེ་དག་ལྕེ་ཐོག་ཏུ་སླེབ་པ་ཙམ་གྱིས། ཁྱེད་རང་གི་ཚེ་ཉམས་པ། བརྐུས་པ། ཡར་པ། གས་པ། འཁྱམས་པ། ཞིག་པ། རལ་པ། འཐོར་པ། ཆག་པ་རྣམས་དང་། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ཚེ་ཐུང་བའི་མཚན་མ་ཡོད་པ་དེ་དག་རབ་ཏུ་ཞི་ནས། ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་སྙམ་དུ་མོས་པ་མཛོད། །ཅེས་བརྡ་སྤྲད། དཀྱིལ་འཁོར་གྱི་སྟེང་གི་ཐོད་ནང་གི་ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ནས་རྒྱ་གར་ནས་བྱོན་པའི་བླ་མ་དྷ་ན་ཤྲཱིས་གནང་བའི་ཚེ་སྒྲུབ་གཟུངས་སྔགས་བྱིན་རླབས་ཅན་འདིས། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་གཞུང་ལྟར་སྨོན་ལམ་ཚར་གསུམ་བརྗོད་དུ་བཅུག་གོ །དེ་ནས་དེ་དག་མི་ཉམས་པའི་ཕྱིར་རྒྱས་གདབ་པ་ནི། ལྷོ་སྒོའི་ཚེ་མདའ་ཐོགས་ཏེ་སློབ་མའི་སྤྱི་བོར་རྒྱ་གྲམ་དུ་རེག་ཅིང་། བྷྲཱུྃ། ཨཱ་ཡུཿའཆི་མེད་སྣང་མཐའ་ཚེ་ཡི་བདག །རྡོ་རྗེའི་སློབ་མའི་ལུས་ངག་ཡིད་གསུམ་ལ། །ཚེ་ཡི་དངོས་གྲུབ་རྒྱ་ཆེར་བསྩལ་པ་འདི། །མི་འགྱུར་མི་ཤིགས་སྲ་བརྟན་རྡོ་རྗེ་ལྟར། །འཇིགས་མེད་མདའ་དར་རྒྱ་གྲམ་རྒྱ་ཡིས་ཐོབས། །ཚེ་ལ་བར་ཆད་མེད་པར་མཛད་དུ་གསོལ། །ཞེས་བརྗོད། དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པར་མནོས་པའི་དམ་ཚིག་ཏུ་ལུས་ཀྱི་སྒོ་ནས་ཁམས་དྲུག་ལྡན་གྱི་མི་ནས། མདོར་ན་སྲོག་ཆགས་གྲོག་སྦུར་ཙམ་གྱི་སྲོག་ཀྱང་མི་གཅད་པ་དང་། ངག་གི་སྒོ་ནས་གཞན་གྱི་སྲོག་ཆོད་ཅིག་ཅེས་བསྒོ་བ་དང་། སྲོག་གཅོད་པ་ལ་ལེགས་སོ་སྦྱིན་པ་དང་། ཡིད་ཀྱི་སྒོ་ནས་གཞན་གྱི་སྲོག་གཅོད་པ་ལ་རྗེས་སུ་ཡི་རང་བ་དང་། འདི་དག་གི་སྲོག་གཅད་དོ་སྙམ་པའི་འདུན་པ་སྤང་ཞིང་། ཚེ་དཔག་མེད་འདི་ཉིད་ཀྱི་གཟུངས་སྔགས་ལ་འབད་ན་ཚེའི་དངོས་གྲུབ་ཐོབ་པར་འགྱུར་ཞིང་། གནས་སྐབས་སུ་ཚེའི་བར་ཆད་ཞི་ཞིང་བསམ་པ་འགྲུབ། མཐར་ཐུག་མགོན་པོ་ཚེ་དཔག་མེད་པའི་གོ་འཕང་ཐོབ་པར་ངེས་པས་ན། དེ་ལྟར་ཁྱད་པར་གྱི་དམ་ཚིག་རྣམས་དང་། གཞན་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་སྲོག་ལ་བབ་ཀྱང་བསྲུང་སྙམ་དུ་བསམ་ལ། གཙོ་བོས་ཇི་ལྟར་བཀའ་བསྩལ་སོགས། གཏང་རག་གི་མཎྜལ་འབུལ། རྗེས་སུ་ཚེ་ལྷ་ལ་མཆོད་ཅིང་བསྟོད་ལ་ཡིག་བརྒྱས་ལྷག་ཆད་ཁ་བསྐངས་ནས་གཤེགས་གསོལ་སོགས་སྒྲུབ་ཐབས་ལྟར་བྱ། གཏོར་མ་སོགས་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་དངོས་གྲུབ་ཏུ་རོལ་ཞིང་། བྱ་ཁྱི་ལ་སྦྱིན་པར་མི་བྱའོ། །ཞེས་ཚེ་དབང་ཟབ་ཁྱད་ཅན་འདི་ཉིད་ཀྱང་གནམ་མཚོའི་བཀྲ་ཤིས་དོ་བོ་ཆེར་འཁྲུལ་སྣང་དུ་བྱུང་བ་ཅུང་ཟད་ཟིན་བྲིས་སུ་བགྱིས་ཀྱང་། རྒྱུ་དལ་གྱི་དབང་དུ་ལུས་པ་ལ། སླར་ཡང་བླ་མ་དྲོ་སྐྱིད་ཀྱིས་ནན་ཆེར་བསྐུལ་བའི་ངོར། དབུར་སྟོད་ཀྱི་དགེ་སློང་དྷརྨཱ་ཀཱིརྟིས་གཞུ་སྤྲོ་ལུང་གི་ལྕང་ལོ་ཅན་དུ་བྲིས་པའོ། །ཚེ་དབང་བརྒྱ་རྩ་བསྡུས་པ་ལྟ་བུར་ཕྱག་ལེན་རྙིང་པ་ལྟར་བྱེད་ན། མཎྜལ་དང་། དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཀྱིས་རྒྱུན་བཤགས་སྡོམ་པ་གཟུང་། ལྷ་བསྐྱེད་ནས་བྱིན་དབབ། བརྟན་པར་བྱས། སླར་ཡང་སྔགས་ཀྱིས་གསོལ་བ་བཏབ། དམིགས་པ་དཔོད། ཚེ་རིལ་དང་ཚེ་ཆང་སྔགས་ཀྱིས་སྦྱིན། སྨོན་ལམ་ཚར་གསུམ་མམ་གཅིག་བརྗོད་དུ་གཞུག །དེ་ལས་ཀྱང་བསྡུ་ན་ཚར་རྗེས་མ་རྣམས་ལ་སྔགས་ཀྱིས་གསོལ་བ་གདབ་པ་མན་ཆད་ཀྱིས་གྲངས་གསོག་པ་ཕྱག་ལེན་ཡིན་ལ། མཇུག་ཏུ་རྒྱས་གདབ་སོགས་དཀྱུས་བཞིན་ནོ།། །། ༄། སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོ་ཉེ་བརྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འཆི་མེད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །སྣང་མཐའ་ཚེ་དཔག་མེད་མགོན་སྤྱན་རས་གཟིགས། །པདྨ་འབྱུང་གནས་བརྒྱུད་སྲོལ་ཀུན་འདུས་པ། །ཆོས་ཀྱི་གྲགས་པ་དཀོན་མཆོག་ལྷུན་གྲུབ་དང་། །དཀོན་མཆོག་ཕྲིན་ལས་བཟང་པོར་གསོལ་བ་འདེབས། །དོན་གྲུབ་ཆོས་རྒྱལ་དཀོན་མཆོག་བསྟན་འཛིན་དང་། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་ཉི་མའི་ཞབས། །པདྨའི་རྒྱལ་མཚན་འཆི་མེད་གྲུབ་པའི་དཔལ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ། །གུས་པས་གསོལ་བཏབ་བསྒོམ་བཟླས་རྣལ་འབྱོར་མཐུས། །དུས་མིན་འཆི་དང་བར་ཆད་ཀུན་ཞི་ཞིང་། །དབང་བཅུའི་ཡེ་ཤེས་བརྙེས་པར་བྱིན་གྱིས་རློབས། །ཞེས་མགོན་པོ་འབྲི་གུང་པ་རིག་འཛིན་ཆོས་ཀྱི་གྲགས་པའི་དག་སྣང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཟབ་མོའི་བརྒྱུད་འདེབས་འདིའང་། དཔལ་སྟག་ལུང་ཐང་པ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ་ལས་ཆོས་ཚུལ་འདི་ཉིད་ཀྱི་བཀའ་དྲིན་ཐོབ་པའི་སྐབས་སུ་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།
ཁ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཏོར་མའི་ཆོ་ག་ཀུན་ཕན་ནོར་བུ་ (Volume 43, Text 55)
༄༅། ཁ་འབར་མ་དཀར་ནག་ཁྲ་གསུམ་གྱི་གཏོར་མའི་ཆོ་ག་ཀུན་ཕན་ནོར་བུ་ཞེས་བྱ་བ་བཞུགས་སོ། ། ཆོས་ཀྱི་དབང་ཕྱུག་བླ་མ་རྗེར། །བཏུད་ནས་འབར་མ་དཀར་ནག་དང་། ཁྲ་བོ་ལ་བསྟེན་ཕན་བྱེད་ཀྱི། །ལས་རིམ་ལག་ཏུ་ཁྱེར་བདེར་བཀོད། །གཏེར་ཁ་འོག་མ་དང་གྲུབ་ཆེན་སངས་རྒྱས་དབོན་གྱི་ཟབ་གཏེར་ལས་བྱོན་པ་འབར་མ་དཀར་ནག་ཁྲ་གསུམ་གྱི་ཆོ་གའི་ལས་ཁྲིགས་རྒྱས་བསྡུས་ཅི་རིགས་སྣང་བ་ལས། འདིར་གཙོ་བོར་བྱང་བདག་གི་རྗེས་སུ་འབྲང་སྟེ་བླ་མ་མཁས་པ་དག་གིས་དོན་བསྡུས་ཁྱེར་བདེར་བཀོད་པ་ལྟར་ལག་ཏུ་བླང་བ་ལ་གསུམ། འབར་མ་དཀར་མོ་ལ་བསྟེན་ནས་འཆི་བ་བསླུ་བ། ནག་མོ་ལ་བསྟེན་ནས་བྱད་ཕུར་རྦོད་གཏོང་རྨི་ལྟས་མཚན་ངན་སོགས་དགྲ་བགེགས་ཀྱི་གནོད་པ་ཟློག་པ། ཁྲ་མོ་ལ་བསྟེན་ནས་མི་ཁ་དང་ཁ་མཆུ་ཟློག་པའོ། །དང་པོ་ནི་སྟེགས་བུ་ཁེབས་ལྡན་གྱི་ཁར་རིན་པོ་ཆེའི་སྣོད་དུ་ཟན་གཙང་མ་ལ་ངར་གླུད་སྐྱེ་མཆེད་དོད་པ་མཐེབ་ཀྱུ་རིལ་བུ་ཆངས་བུ་དང་བཅས་པ་བཤམས། གྲངས་གསོག་ན་ལོ་གྲངས་སམ་བརྒྱ་རྩ་སོགས་བཀོད་ལ། སངས་རྒྱས་ཆོས་ཚོགས་སོགས་ཀྱི་སྐྱབས་སེམས་ལན་གསུམ། སྔོན་གཅུང་དགའ་བོས་གཏོར་མ་ལ་བརྟེན་ནས་ཚེ་རིང་བ་དང་ནད་མེད་པ་དང་བར་ཆད་ཞི་བར་མཛད་པ་བཞིན་དུ། བདག་གིས་ཀྱང་ཚེ་རིང་བ་དང་ནད་མེད་པ་དང་བར་ཆད་ཐམས་ཅད་ཞི་བའི་ཕྱིར་དུ་ཁ་འབར་མ་དཀར་མོའི་གཏོར་མའི་ཆོ་ག་ལ་འཇུག་པར་བགྱི་འོ་སྙམ་དུ་བསམ། རང་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཆོས་གོས་ངུར་སྨྲིག་གསུམ་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་འདོམ་གང་བ། འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་འོད་ཟེར་འབར་བས་བསྐོར་བར་གྱུར་པར་བསམ་ལ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་གང་འགྲུབ་བཟླ། ཨོཾ་ཤཱཀྱ་མུ་ན་ཡེ་ཨརྒྷཾ་སོགས་ཀྱིས་མཆོད། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་ཀྱིས་བསྟོད། དེ་ནས་གླུད་བྱིན་གྱིས་བརླབ་པ་ནི། ཆབ་བྲན་ལ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་དཔའ་བོ་འབྲུ་ལྔའི་ཡིག་འབྲུ་འཕྲོས་པས་ངར་གླུད་ལ་ཐིམ་པས་འོད་ཟེར་སྣ་ལྔའི་ཕུང་པོར་གྱུར་ཅིང་བདུད་རྩིའི་རང་བཞིན་དུ་བསྒྱུར། དེ་ལས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་མཆོད། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་ལྔ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་གླུད་བཟང་ཕུང་པོ་ལྔ་དང་། ཁམས་བཞི་སྐྱེ་མཆེད་དྲུག་སོགས་ཚང་བ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་གསུམ་མམ་བདུན་ཉེར་གཅིག་སོགས་བརྗོད། ཆངས་བུ་མཐེབ་རིལ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་དཀར་པོས་མཚན་པར་གྱུར། རང་ཉིད་ཤཱཀྱ་ཐུབ་པར་གསལ་བའི་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་དཀར་པོས་མཚན་པ་ལས་འོད་ཟེར་འཕྲོས། གཏོར་མའི་ཨ་ལ་ཕོག་པས་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པར་གྱུར་པར་བསམ། སྦྱིན་ཡུལ་འགུགས་པ་ནི། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། མཆོད་སྦྱིན་གྱི་ཡུལ་དུ་གྱུར་པའི་མགྲོན་སྤྱི་དང་ཁྱད་པར་ཡི་དྭགས་ཀྱི་ཚོགས་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག་བཛྲ་ཨ་ཀརྵཱ་ཡ་ཛཿ ཞེས་ལན་གསུམ་མམ་གཅིག་གིས་མགྲོན་དགུག །ན་མཿས་མནྟ་བུདྡྷ་ནཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདག་ཆེ་གེ་མོའི་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་བདུན་གྱིས་གཏོར་མ་དང་གླུད་བསྔོས་པས། མགྲོན་རྣམས་ཀྱིས་རྒྱ་ཆེན་ཐོབ་ཅིང་ཚིམས་པར་བསམ། གཞན་དོན་དུ་ཡིན་ན། དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་སྐུ་ཚེའི་བར་ཆད་ཅེས་སམ། སྦྱིན་པའི་བདག་པོ་ཆེ་གེ་མོའི་ཞེས་སོགས་སྦྱར། སྐབས་འདིར་མ་མོའི་རྒྱུད་ལས་འབྱུང་བའི་གླུད་བསྔོའི་ཚིགས་བཅད་སྦྱོར་བ་འགའ་ཞིག་གི་ཕྱག་ལེན་དུ་མཛད་པ་ལྟར་སྤྲོ་ན། ཧཱུྃ། ངར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཕུང་པོ་རྣམ་ལྔ་འདི་ལ་ཚང་། །རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །བཟའ་བས་ཁ་དྲོ་ཐིབས་སེ་ཐིབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་སྲོག་གླུད་དུ་འདི་འབུལ་གྱིས། །བཟུང་པ་དང་ནི་བཅིངས་པ་དང་། །བསྡམས་པ་རྣམས་ནི་གྲོལ་བར་མཛོད། །ཚེ་སྲོག་བར་ཆད་མ་མཛད་ཅིག །གནོད་ཅིང་འགལ་བར་མ་བྱེད་པར། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་གླུད་གཏོར་བསྔོ། །དེ་ནས་གཞུང་དངོས་ནི། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། སྔོན་བྱུང་བ་འདས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོའི་གཅུང་དགའ་བོ་འཆི་ལྟས་ཀྱིས་ཟིན་པར། ཆོ་ག་འདི་ཉིད་བསྟན་ཅིང་བསྒྲུབས་པས་ཚེ་བསྲིངས་ཤིང་བདེ་བར་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་ཆོ་ག་འདི་ཉིད་སྒྲུབ་པའི་མཐུ་ལ་བརྟེན་ནས། དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་སྐུ་ཚེ་མཛད་པ་ཕྲིན་ལས་ལ་གནོད་པའི་གདོན་གྱི་རིགས་སུ་གྱུར་པ་ཞེས་སོགས་སམ། བདག་ཅག་དཔོན་སློབ་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བའི་གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག །ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག །བགེགས་ཀྱི་རིགས་སུ་གྱུར་པ་བདུད་དང་། བཙན་དང་། རྒྱལ་པོ་དང་། ཀླུ་དང་། མ་མོ་དང་། གཤིན་རྗེ་དང་། པེ་དཀར་དང་། དམ་སྲི་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ངར་གླུད་གཏོར་མ་དང་བཅས་བསྒྲུབ་བྱ་ཕོ་ཡིན་ན་གཡས། མོ་ཡིན་ན་གཡོན་དུ་བསྐོར་ཏེ་སྣོད་གཞན་དུ་བླུགས། གྲངས་གསོག་སྐབས་སླར་སམྦྷ་རའི་སྔགས་དང་། བདེན་སྟོབས་ཚིགས་ལྷུག་གཉིས་བསྐྱར་ནས་མཐར་རྒྱང་རིང་པོར་དོར་བ་ནི་རྒྱས་པ་ཡིན་ལ། འབྲིང་པོ་གླུད་གཏོར་ཁ་གསོ་ཞིང་སྔགས་བརྒྱ་རྩས་བསྔོ། ཐ་མས་གླུད་གཏོར་གཅིག་པུ་ལ་སྔགས་གྲངས་བསགས་ཀྱང་རུང་བ་ཙམ་ཡིན་ལ། དེ་དག་གང་ལའང་ཐམས་ཅད་ཚར་སྐབས་བསྐོར་བ་ལན་གསུམ་བྱས་པས་ཀྱང་ཆོག་གོ །མཐར་ཡི་དྭགས་ཀྱི་གཙོ་མོ་ཁ་འབར་མ་ལ་སོགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་ཡི་དྭགས་རྣམས་ཀྱི་ལག་པ་གཡས་པར་ཚེའི་མདའ་དར། གཡོན་པར་ཚེའི་བུམ་པ་ཐོགས་ནས་བསྒྲུབ་བྱའི་ཚེ་སྲོག་འཐོར་པ་དང་། འཁྱམས་པ་དང་། ཡར་པ་ཀུན་མདའ་དར་གྱིས་བཀུག་བུམ་པ་གང་བར་བྱས་ནས། ཚེའི་མདའ་དར་དང་། བུམ་པ་གཉིས་རང་ཉིད་དང་བསྒྲུབ་བྱ་རྣམས་ལ་སོ་སོར་གཏད་ནས་སྒྲ་མི་སྙན་གྱི་ཚེའི་གཟུངས་དི་རི་རི་བཟླ་ཞིང་ཕྱིར་སོང་བར་བསམ། གཟུངས་ནི། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོཿསཾ་གྷཱ་ཡ། ཏདྱ་ཐཱ། ཨིཊྚེ། བཊྚེ། ནཊྚེ། ཀུ་ནཊྚེ། ཊཀྐེ། ཋཀྐེ། ཋ་རཀྐེ། ཨུ་རུ་མ་ཏི། རུ་རུ་མ་ཏི། རུ་རུ་ཧིལླི་མིལླི། སབྦ་ཛྙཱ། དུ་པ་དགྒ། ན་མཿསབྦ། སམྨ་སཾ་མུཛྫྙཱ་ནི། སི་ཛྫྙཱནྟུ་མེ་མནྟྲ་པཱ་དཱཿསྭཱ་ཧཱ། ཞེས་པ་ནི་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་མན་ངག་ལྟར་ཡིན་ལ། མཐར་བསྔོ་སྨོན་བྱའོ།། ༈ །།གཉིས་པ་ནག་མོ་ལ་བསྟེན་ནས་བྱད་ཕུར་རྦོད་གཏོང་རྨིས་ལྟས་མཚན་ངན་སོགས་དགྲ་བགེགས་ཀྱི་གནོད་པ་ཟློག་པ་ནི། ཟངས་ལྕགས་སམ་ཐོད་པའི་སྣོད་དུ་དམར་གཏོར་ཟུར་གསུམ། སྤྲོ་ན་མཚེ་དང་ཡུངས་དཀར་གྱི་གོང་བུ། སྐྱེར་པའི་རྩང་སོགས་བཙུགས་པ་ལ་ཆངས་བུ་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་གམ། བདུན་སོགས་ཅི་རིགས་ཀྱིས་བསྐོར་བ་བཤམས། སྐྱབས་སེམས་བྱས་ལ། རང་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་མུན་པ་ལྟར་གནག་ཅིང་། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཆོས་གོས་ངུར་སྨྲིག་གསུམ་གསོལ་ཞིང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་འདོམ་གང་བ། འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དལ་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་འོད་ཟེར་འབར་བས་བསྐོར་བར་གྱུར་པར་བསམ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་གང་འགྲུབ་དང་། ཨོཾ་ཤཱཀྱ་མུ་ན་ཡེ་ཨརྒྷཾ་སོགས་ཀྱིས་མཆོད། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་ཨ་ཡིག་ནག་པོས་མཚན་པར་གྱུར། རང་ཉིད་ཤཱཀྱ་ཐུབ་པར་གསལ་བའི་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་དུ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་ཨ་ཡིག་ནག་པོས་མཚན་པ་ལས་འོད་ཟེར་འཕྲོས། དགྲ་བགེགས་བྱད་མའི་ཚེ་སྲོག་རྨི་ལམ་མཚན་ལྟས་ངན་པ་སྐེག་དང་ཕུང་སྲི། ཆག་ཆེ་ཉམ་ང་ཐམས་ཅད་བཀུག་ནས་གཏོར་མའི་ཨ་ལ་ཐིམ་པ་འོད་དུ་ཞུ་ནས་དགྲ་བགེགས་ཀྱི་ཤ་ཁྲག་གི་རྣམ་པར་གྱུར་པར་བསམ། སྦྱིན་ཡུལ་འགུགས་པ་ནི། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པའི་མགྲོན་སྤྱི་དང་། ཁྱད་པར་ཡི་དྭགས་ཀྱི་ཚོགས་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །བཛྲ་ཨ་ཀརྵཱ་ཡ་ཛཿ ཞེས་ལན་གསུམ་མམ་གཅིག་གིས་མགྲོན་བཀུག །ན་མཿས་མནྟ་བུདྡྷ་ནཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་སྐུ་ལ་སྡང་བའི་དགྲ་བགེགས་ཐམས་ཅད་བརླག་པར་གྱུར་ཅིག་མཱ་ར་ཡ་ཕཊ། ཅེས་སམ། བདག་ལ་སྡང་བའི་དགྲ་བགེགས་ཐམས་ཅད་བརླག་པར་གྱུར་ཅིག་མཱ་ར་ཡ་ཕཊ། ཅེས་ལན་བདུན་གྱིས་བསྔོ། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་སྐུ་ཚེ་མཛད་པ་ཕྲིན་ལས་ལ་གནོད་པའི་ཕ་རོལ་མི་དང་མི་མ་ཡིན་པའི་རྦད་འདྲེ་སོགས་སམ། བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བའི་ཕ་རོལ་མི་དང་མི་མ་ཡིན་པའི་རྦད་འདྲེ། རྦོད་གཏོང་བསམ་ངན་སྦྱོར་རྩུབ་ཤོམ་པའི་གནོད་པ་ཐམས་ཅད་བརླག་པར་གྱུར་ཅིག །གཞན་ཡང་མ་མོའི་རྦོད་གཏོང་དང་། གཤིན་རྗེའི་ཁྲམ་ཁ་དང་། ཕུར་པའི་དབལ་ཁ་དང་། གཟའི་བྱད་སྟེམས་དང་། བདུད་ཀྱི་ཁྲམ་ཁ་དང་། བཙན་གྱི་ཤྭ་རྡེའུ་དང་། རྒྱལ་པོའི་གཟེར་ནད་དང་། གནོད་སྦྱིན་གྱི་ཁྲམ་ཁ་དང་། ཡམ་ཤུད་ཀྱི་རྦོད་གཏོང་ལ་སོགས་པ་ཐམས་ཅད་བྱད་མ་ཁོ་རང་གི་སྟེང་དུ་ཟློག་པར་གྱུར་ཅིག །གཞན་ཡང་མོ་ངན་པ། རྨི་ལམ་ངན་པ། ལྟས་ངན་པ། སྲི་ངན་པ། ཡས་ཀྱི་བདུད་གཡོས་པ། མས་ཀྱི་སྲི་ལངས་པ། རྦོད་གཏོང་དང་དམོད་མོ་ངན་པ་ཆག་ཆེ་བ་ཐམས་ཅད་བརླག་པར་གྱུར་ཅིག་མཱ་ར་ཡ་ཕཊ། ཅེས་གཏོར་མ་དགྲ་ཕྱོགས་སུ་འཕང་། གྲངས་གསོག་ན་སྔར་དང་འདྲའོ།། ༈ །།གསུམ་པ་ཁ་འབར་མ་ཁྲ་མོ་ལ་བསྟེན་ནས་མི་ཁ་ཁ་མཆུ་ཟློག་པ་ནི། ངར་གླུད། བཤོས་བུ། ཆངས་བུ། མཐེབ་ཀྱུ་དང་བཅས་པའི་མཐར་ཡོས། པད་ཁ། བྲའོ། ཟྭ། སྒོག་པ། ལོ་མ། སྲན་མ། སྦང་མ། གྲོད་བུ་ལ་སོགས་པ་མི་ཁའི་རྫས་གང་འཛོམ་བླུགས་པ་བཤམས་ལ། སྐྱབས་སེམས་གཏང་། རང་ཉིད་སྐད་ཅིག་གིས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་ལྗང་གུ་རི་རྒྱལ་ལྷུན་པོ་ཙམ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཆོས་གོས་ངུར་སྨྲིག་གསུམ་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་འདོམ་གང་བ། འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་བཟླ་བྱའི་སྔགས་ཕྲེང་འོད་ཟེར་འབར་བས་བསྐོར་བར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླ། ཨོཾ་ཤཱཀྱ་མུ་ན་ཡེ་ཨརྒྷཾ་སོགས་ཀྱིས་མཆོད། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་ཀྱིས་བསྟོད། གླུད་བྱིན་གྱིས་བརླབ་པ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་དཔའ་བོ་འབྲུ་ལྔའི་ཡིག་འབྲུ་འཕྲོས་པས་ངར་གླུད་ལ་ཐིམ་པས་འོད་ཟེར་སྣ་ལྔའི་ཕུང་པོར་གྱུར་ཅིང་བདུད་རྩིའི་རང་བཞིན་དུ་བསྒྱུར། དེ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་ལྔ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། གླུད་བཟང་ཕུང་པོ་ལྔ་དང་། ཁམས་བཞི། སྐྱེ་མཆེད་དྲུག་སོགས་ཚང་བ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གསུམ་མམ་ཉེར་གཅིག་སོགས་བརྗོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་ཨ་ཡིག་ལྗང་གུས་མཚན་པར་གྱུར། རང་ཉིད་ཤཱཀྱ་ཐུབ་པར་གསལ་བའི་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་ལྗང་གུས་མཚན་པ་ལས་འོད་ཟེར་འཕྲོས། གཏོར་མའི་ཨ་ལ་ཕོག་པས་འོད་དུ་ཞུ་ནས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཟད་མི་ཤེས་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ལན་གསུམ་སོགས་ཀྱིས་བྱིན་གྱིས་བརླབ། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། མཆོད་སྦྱིན་གྱི་ཡུལ་དུ་གྱུར་པའི་མགྲོན་སྤྱི་དང་ཁྱད་པར་ཡི་དྭགས་ཀྱི་ཚོགས་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །བཛྲ་ཨ་ཀརྵཱ་ཡ་ཛཿ ཞེས་པས་སྦྱིན་ཡུལ་བཀུག །ཧཱུྃ། ངར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །དབང་པོ་སྒོ་ལྔ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཕུང་པོ་རྣམ་ལྔ་འདི་ལ་ཚང་། །རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །བཟའ་བས་ཁ་དྲོ་ཐིབས་སེ་ཐིབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་སྲོག་གླུད་དུ་འདི་འབུལ་གྱིས། །བཟུང་པ་དང་ནི་བཅིངས་པ་དང་། །བསྡམས་པ་རྣམས་ནི་གྲོལ་བར་མཛོད། །ཚེ་སྲོག་བར་ཆད་མ་མཛད་ཅིག །གནོད་ཅིང་འགལ་བར་མ་མཛད་པར། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་པའི་མཇུག་ཏུ། ན་མཿས་མནྟ་བུདྡྷ་ནཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། ཅེས་ལན་བདུན་གྱིས་བསྔོས་ལ། རང་ཉིད་ཐུབ་པའི་དབང་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མ་ལ་ཕོག་པས་ཐུབ་པའི་དབང་པོ་དཀར་སེར་དམར་ལྗང་སྔོན་པོ་ནག་པོ་རྣམས་འཁར་གསིལ་དང་། དུང་དང་། ཆ་ལང་སོགས་ཐོགས་པ་དཔག་ཏུ་མེད་པར་བྱུང་ནས་སྐད་ཅིག་ཉིད་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དགྲ་བོའི་ཡུལ་གྱི་རི་ཀླུངས་མེད་པར་ཁེངས། དེ་དག་གི་སྐུ་ལས་མཚོན་ཆ་སྣ་ཚོགས་འཕྲོས། བསམ་སྦྱོར་ངན་པའི་ཁ་སྨྲ་གླེང་གཞི་རྩོམ་པའི་དགྲ་བགེགས་ཐམས་ཅད་ཀྱི་མིག་དང་། རྣ་བ་དང་། སྣ་དང་། སྤྱི་བོ་དང་། མགྲིན་པ་དང་སྙིང་ག་རྣམས་སུ་ཕོག་པས་ཐལ་བའི་རྡུལ་ཕྲན་བཞིན་དུ་བཅོམ་སྟེ། མིང་ཙམ་ཡང་རྗེས་ཤུལ་མེད་པར་བརླག་པར་གྱུར་པར་བསམས་ལ། ན་མོ། རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་ཀུན་རྫོབ་ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དཔལ་ལྡན་བླ་མ་དམ་པ་ཆེ་གེ་མོའི་སྐུ་ཚེ་མཛད་པ་ཕྲིན་ལས་ལ་གནོད་པའི་སྔ་དགྲ་དར་བ་ཐམས་ཅད་དགྲ་ལ་བྷྱོ་ཟློག །ཅེས་སོགས་སམ། བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་གནོད་པའི་སྔ་དགྲ་དར་བ་ཐམས་ཅད་དགྲ་ལ་བྷྱོ་ཟློག །ཕྱི་དགྲ་སེམས་པ་ཐམས་ཅད་དགྲ་ལ༴ དགྲ་དང་ཆོམ་རྐུན་གྱི་འཇིགས་པ་ཐམས་ཅད་དགྲ་ལ༴ ཁ་སྨྲ་གླེང་གཞི་ཐམས་ཅད་དགྲ་ལ༴ མི་ཁ་དང་ཁ་མཆུ་ཟུག་པ་ཐམས་ཅད་དགྲ་ལ༴ བསམ་པ་ངན་པ་ཐམས་ཅད་དགྲ་ལ༴ སྦྱོར་བ་རྩུབ་པ་ཐམས་ཅད་དགྲ་ལ༴ མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་དགྲ་ལ་བྷྱོ་ཟློགས་མཱ་ར་ཡ་ཕཊ། ཅེས་བརྗོད་ཅིང་ཟློག་ཅེས་པའི་ཚིག་བྱུང་རེས་ཀྱི་ཐལ་མོ་བརྡབ། གྲངས་གསོག་ན་སྔ་མས་འགྲེ། མཐར་གཏོར་མ་མི་ཁའི་རྫས་དང་བཅས་པ་དགྲ་ཕྱོགས་སུ་འཕང་། ཡི་དམ་གང་ཡིན་ལྟར་སྲུང་འཁོར་བསྒོམས་ལ། བསྔོ་སྨོན་དང་ཤིས་བརྗོད་བྱའོ། །དེས་ནི་དུས་མིན་གྱི་འཆི་བ་དང་བྱད་ཁ་རྦོད་གཏོང་ཁ་སྨྲས་མི་ཁ་ལ་སོགས་པ་ཟློག་པར་ཐེ་ཚོམ་མེད་དོ། །རྩ་བའི་ཡིག་རྙིང་དུ་ནག་མོའི་སྐབས་ལྷ་དང་ཡིག་འབྲུ་བདུད་རྩི་ནག་པོ་བསྒོམ་པར་བཤད་ཅིང་། གཞན་གཉིས་ཀྱི་ཁ་དོག་མ་བཤད། སྔགས་འཆང་དབང་པོའི་སྡེས་དཀར་མོའི་སྐབས་རང་ཤཱཀྱ་ཐུབ་པ་དཀར་པོ་བསྒོམ་པར་བཤད། ཡིག་ཆ་གཞན་འགར་འདིར་བཀོད་པ་བཞིན་འབྱུང་སྟེ་བླ་མ་བརྒྱུད་པའི་མན་ངག་ཏུ་ཡིད་ཆེས་པར་བྱའོ། །འདིས་ཀྱང་འཁོར་བའི་རྒྱ་མཚོ་ལ། །སྡུག་བསྔལ་གྱིས་གཡེངས་འགྲོ་རྣམས་ཀྱི། །སྔོན་ལས་འཕྲལ་རྐྱེན་ཀུན་ཞི་ཞིང་། །ལུས་སེམས་བདེ་བའི་དཔལ་དུ་ཤོག །ཅེས་ཟབ་ཅིང་ཉེར་མཁོ་ཁྱེར་བདེ་འདི་ཉིད་རང་གཞན་ལ་ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ་པདྨ་གར་དབང་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།
བདུད་མགོན་སེང་གདོང་ཅན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 55)
ཨོཾ་སྭསྟི། རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པ། །བདུད་དཔུང་མཐར་མཛད་བདུད་ཀྱི་མགོན། །ཞིང་སྐྱོང་ཆེན་པོ་ལ་བཏུད་ནས། །སྒྲུབ་ཐབས་རྗེས་གནང་ཆོ་ག་བཤད། །འདིར་ཞིང་སྐྱོང་སེང་གདོང་ཅན་གྱི་སྒྲུབ་ཐབས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། དབང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ། སྟེགས་བུ་གྲུ་བཞི་པ་ཁྲག་གིས་བྱུགས་པ་ལ་མཎྜལ་གྲུ་གསུམ་ཉིས་རིམ་ཕྱི་ནས་ཐོད་ར་མེ་རི་དང་བཅས་པས་ཟླུམ་པོར་བསྐོར་བར་ལྷ་གྲངས་ཀྱི་ཚོམ་བུ་བཀོད། དབུས་སུ་མཉྫི་ལ་བཤོས་བུ་གྲུ་གསུམ་འཁོར་བཅུ་གཅིག་གིས་བསྐོར་བ་ཤ་ཁྲག་གིས་བརྒྱན་པ་ལ་མདའ་དར་ནག་པོ་སྐུ་རྟེན་དང་བཅས་པ་བཙུགས། དེའི་མདུན་དུ་སྐུ་རྟེན། གཡས་སུ་སྒྲུབ་ཡིག་གམ་སྔགས་བྱང་། གཡོན་དུ་བདུད་རྩིའི་ཐོད་པ། མཐར་སྨན་རཀ་དང་ཉེར་སྤྱོད་ལྔ་སོགས་མཆོད་པ་རྣམས་དང་། འོག་ཏུ་དགོས་པའི་དབང་རྫས་རྣམས་ཕྱོགས་ཅི་བདེ་བར་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་ཕྱག་རྡོར་སོགས་ཡི་དམ་ཁྲོ་བོ་གང་རུང་ཞིག་གི་སྒོམ་བཟླས་སྔོན་དུ་འགྲོ་བས། ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། རང་གི་མདུན་དུ་མེ་རླུང་དམར་ནག་འཚུབས་པའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་སྟེང་དུ་ཧཱུྃ་ལས་བདུད་མགོན་སེང་གེའི་གདོང་པ་ཅན་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། རལ་པ་ཁམ་ནག་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་སྤྲོ་བ། གཡས་དར་ནག་གི་བ་དན་འཕྱར་ཞིང་གཡོན་ཐོད་པར་དམར་གཏོར་ཁྱེར་བ། ཤིན་ཏུ་མི་བསྲུན་པ། དར་ནག་གི་བེར་ཅན་བདུད་རྟ་ནག་པོ་ལ་ཞོན་པ། གཡོན་དུ་ཏྲི་ལས་བདུད་མོ་སེང་གདོང་མ་དམར་མོ་ཤིན་ཏུ་ཁྲོས་པ། ཁྲག་གི་རལ་པ་ཅན། རལ་པའི་གསེབ་ནས་སེང་ཆུང་དང་མེ་སྟག་འཕྲོ་བ། གཅེར་བུ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། གཡས་ཁ་ཊྭཱཾ་རྩེ་གསུམ་དང་གཡོན་ན་སྙིང་བསྣམས་པ་རྟ་དམར་ལ་འཆིབ་པ། དེ་གཉིས་ཀྱི་མདུན་དུ་བམ་རོ་ཕོ་མོ་སྤྲེའུའི་གཟུགས་ཅན་སྤྱི་ཚུགས་སུ་ལག་གཉིས་ས་ལ་བཙུགས་ནས་རྒྱུག་ཅིང་། རྐང་པས་དམར་གཏོར་འཕེན་པ་སྲིད་པའི་རླུང་ལས་མགྱོགས་པ། གཞན་ཡང་ལས་བྱེད་ཤ་ཟ་སྡེ་བརྒྱད་སོགས་སྣང་སྲིད་ཀྱི་ལྷ་མ་སྲིན་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་གྱི་ཙ་རི་ཏྲ་སོགས་གར་བཞུགས་ཀྱི་གནས་ནས་བདུད་མགོན་འཁོར་བཅས་སྤྱན་དྲངས་པར་བསམ་ལ། གུ་གུལ། གྲིར་བསད་པའི་ཤ་ཁྲག་ཀླད་པ་སྤང་སྤོས་སྒོག་གཅིག་བུ་རམ་རྣམས་སྦྱར་བའི་སྤོས་བསྲེག་ཅིང་། ཧཱུྃ་བྷྱོཿ ཕོ་བྲང་མཁའ་སྤྱོད་ཙ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་དང་། །མི་བསྲུན་གྲོགས་བམ་འཁོར་དང་བཅས། །སྔོན་གྱི་ཁས་བླངས་དམ་ལ་འདུ། །བདུད་ཀྱི་དམག་ཚོགས་སྐུ་སྐྱོད་ལ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ་ཏྲི་ཧྲིཾ་ཛཿ སི་ན་ར་མ་ཧཱུྃ་ཕཊ་ཏྲི་ཧྲིཾ་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཨཱ་ཀརྵཱ་ཡ་ཛཿཛཿ ཞེས་པས་སྤྱན་དྲངས། ཧཱུྃ༔ རྡོ་རྗེ་འཆང་གི་བཀའ་མ་བཅག༔ དཀོན་མཆོག་གསུམ་གྱི་དམ་མ་འདྲལ༔ གལ་ཏེ་དམ་ལས་འདས་གྱུར་ན༔ འཁོར་བཅས་བརླག་པར་གདོན་མི་ཟ༔ ས་མ་ཡ་རཀྵནྟུ༔ ཞེས་པས་དམ་ལ་བཞག །ཧཱུྃ་བྷྱོ༔ ཞིང་སྐྱོང་སེང་གདོང་འཁོར་བཅས་ལ༔ གདུག་པའི་དགྲ་བགེགས་བསྒྲལ་པ་ཡི༔ མཐུན་པའི་དམ་རྫས་སྣ་ཚོགས་པ༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས༔ ནམ་མཁའ་གང་བར་སྤེལ་ཏེ་མཆོད༔ དམ་ཚིག་དབང་གིས་བཞེས་སུ་གསོལ༔ ཨརྒྷཾ་ནས་ཤབྡའི་བར་དང་མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་གཏོར་མ་ཕུལ་ལ་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ༔ ཕོ་བྲང་མཁའ་སྤྱོད་ཙ་རི་ཏྲའི༔ ཞིང་སྐྱོང་བདུད་ཀྱི་མགོན་པོ་ཆེ༔ མདོག་ནག་འཇིགས་གཟུགས་སེང་གེའི་གདོང༔ ཞལ་གདངས་མཆེ་གཙིགས་སྤྱན་རྩ་དམར༔ གཡུ་རལ་སེང་ཆུང་སྐར་ལྟར་འཁྲུགས༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཕྱག་གཉིས་རུ་དར་དམར་གཏོར་བསྣམས༔ བདུད་དམག་གཡབ་ཅིང་དམ་ཅན་སྡུད༔ བདུད་རྟ་ནག་པོ་རླུང་གཤོག་འཆིབ༔ སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད༔ གུང་གཉིས་རྒྱུ་ཞིང་མེ་རླུང་འཚུབས༔ ཡུམ་ཆེན་བདུད་མོ་སེང་གེའི་གདོང༔ རབ་འཇིགས་དམར་ནག་ཁྲག་རལ་ཅན༔ ཕྱག་གཉིས་ཁ་ཊྭཱཾ་དགྲ་སྙིང་བསྣམས༔ བདུད་རྟ་དམར་ནག་རླུང་གཤོག་འཆིབ༔ བམ་རོ་ཕོ་མོ་སྤྱི་ཚུགས་འགྲོ༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ བདུད་མགོན་ཡབ་ཡུམ་བཀའ་འཁོར་ན༔ ལས་བྱེད་ཤ་ཟ་སྡེ་བརྒྱད་ཚོགས༔ མི་བསྲུན་ཁྲོ་གཏུམ་དྲག་རྩལ་ཅན༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་པས་བསྟོད། བཟླས་པ་ནི། བདུད་མགོན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ནས། ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིཾ་ཛ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ༔ ཅེས་བཟླས་ནས་མཆོད་ཅིང་འདོད་དོན་གསོལ། སྐོང་བཤགས་དང་རྦད་བསྐུལ་སོགས་བྱེད་ནའང་སྐབས་འདི་ཉིད་དུའོ། །ཐུན་མཐར་གཏོར་མ་བསྟབ་པ་དང་གཤེགས་བསྡུ་སོགས་སྤྱི་དང་འདྲའོ།། ༈ །།གསུམ་པ་དབང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་བྱས། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་རྣམས་སོང་ནས། མཚམས་སྦྱོར་གྱི་ཁྱད་པར། འདིར་རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་ནུས་ལྷག་པར་ཆེ་ཞིང་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད། ངེས་པའི་དོན་དུ་དཔལ་ཆེན་པོ་ཧེ་རུ་ཀཿཉིད་རྣམ་པ་བསྟན་པ་སྲུང་ཞིང་གདུག་པ་ཅན་རྣམས་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་པའི་ཆེད་དུ་བདུད་མགོན་སེངྒེའི་གདོང་པ་ཅན་གྱི་སྐུར་བཞེངས་ནས་དཔལ་གྱི་ཙ་རི་ཏྲའི་ཞིང་སྐྱོང་བར་མཛད་པ་སྟེ། དེ་ཡང་སྔོན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདིའི་རྒྱུད་གསུངས་ཏེ་རྡོ་རྗེ་ཐེག་པའི་བསྟན་པ་བསྲུང་བར་གཉེར་གཏད་པ་ལྟར་བདུད་མགོན་ཉིད་ཀྱིས་ཁས་བླངས་ཤིང་དམ་བཅས། དེ་ནས་སློབ་དཔོན་ཆེན་པོ་དྷ་ན་སཾསྐྲྀཏ་ལ་བཀའ་བབས། སློབ་དཔོན་དེས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་བསྩལ་ནས་རྒྱུད་དང་སྒྲུབ་སྐོར་ཨུ་ཙ་ལའི་དུར་ཁྲོད་ཀྱི་ཕ་ཝང་སྤྲེའུ་འདྲ་བར་ཡོད་པར་ལུང་བསྟན་པ་བཞིན་སྤྱན་དྲངས། མགོན་པོ་ཉིད་ཀྱིས་གཟུགས་དངོས་སུ་བསྟན་ནས་སྲོག་སྙིང་ཕུལ་དམ་ལ་ཞུགས་ཤིང་ཕྲིན་ལས་སྒྲུབ་པའི་ཐ་ཚིག་བཅས་པ་ལ་བརྟེན་ནས། འདི་ཉིད་ཀྱི་རྒྱུད་དང་སྒྲུབ་ཐབས་དུ་མ་གངས་ཅན་གྱི་ལྗོངས་འདིར་ཕྱི་རབས་བསྟན་པ་སྲུང་བའི་ཆེད་དུ་གཏེར་ཁ་དུ་མར་སྦས་པ་ལས། འདིར་ལས་འབྲེལ་རྩལ་དང་རྒྱལ་སྲས་ལེགས་ལྡན་པའི་ཟབ་གཏེར་ལས་བྱོན་པ་དང་རྗེས་སུ་འབྲེལ་བའི་སྲོག་དབང་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། སངས་རྒྱས་བསྟན་པ་སྲུང་བ་དང༔ དགྲ་བགེགས་དཔུང་ཚོགས་གཞོམ་པའི་ཕྱིར༔ སེང་གེའི་གདོང་ཅན་རྗེས་གནང་ནི༔ དཔའ་ཆེན་ཁྱོད་ཀྱིས་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ། བསྟན་དང་འགྲོ་ལ་བརྩེ་བ་དང༔ རྟག་ཏུ་སེང་གདོང་སྒྲུབ་ཅིང་མཆོད༔ དེ་ལྟར་ནུས་པར་དམ་འཆའ་ན༔ བུ་ཁྱོད་ལ་ནི་སྦྱིན་པར་བྱ༔ ཞེས་ལན་བྱིན། ཚོགས་གསག་རྒྱུན་བཤགས་གང་འོས་བྱ། སློབ་དཔོན་དང་སློབ་མ་ཕྱག་རྡོར་དུ་བསྐྱེད་ནས། གཏོར་མ་མདུན་བསྐྱེད་བཞིན་གསལ་འདེབས་པའི་དམིགས་པ་ཕོག་ལ། སློབ་དཔོན་ལ་མོས་གུས་དུང་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་མགོན་པོ་གཙོ་འཁོར་བསམ་གྱིས་མི་ཁྱབ་པ་བྱུང་བ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པར་མོས་ཤིག་བྱས་ལ། སྤོས་དང་རོལ་མོའི་སྒྲ་བྱ། སྐུ་རྟེན་སྤྱི་བོར་བཞག་སྟེ། ཧཱུྃ༔ ཕྲིན་ལས་མཐའ་དག་སྒྲུབ་བྱེད་ཅིང༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ མགོན་པོ་སེང་གདོང་ཡབ་ཡུམ་གྱི༔ སྐུ་ཡིས་མངོན་པར་དབང་བསྐུར་རོ༔ གཟི་བརྗིད་མཐུ་ཡི་དབང་ཐོབ་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་པ་སྐུའི་དབང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་རྩ་སྔགས་དང་དབྱངས་གསལ་གྱི་ཡི་གེ་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་ཞེས་བརྗོད་ལ། སྔགས་བྱང་སྒྲུབ་པོད་གཏད་ལ། ཧཱུྃ༔ ཕྲིན་ལས་མཐའ་དག་སྒྲུབ་བྱེད་ཅིང༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ མགོན་པོ་སེང་གདོང་ཡབ་ཡུམ་གྱི༔ གསུང་གིས་མངོན་པར་དབང་བསྐུར་རོ༔ དྲག་སྔགས་ནུས་པའི་དབང་ཐོབ་ཤོག༔ ཅེས་དང་སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ནས་སྔགས་ཀྱི་བཟླས་ལུང་བྱ་སྟེ། སློབ་དཔོན་དང་ཁྱེད་རང་གཉིས་ཀ་གསང་བའི་བདག་པོར་གསལ་བའི་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ། ཐུགས་ཀ་ནས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག་བྱས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །གསུང་གི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྲོག་གི་སྙིང་པོ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ་ཁྱེད་རང་གི་སྙིང་གའི་ས་བོན་ལ་ཐིམ་ཞེས་བརྗོད་ལ། བདུད་རྩིའི་ཀ་པཱ་ལ་སྙིང་གར་བཞག་སྟེ། ཧཱུྃ༔ ཕྲིན་ལས་མཐའ་དག་སྒྲུབ་བྱེད་ཅིང༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ མགོན་པོ་སེང་གདོང་ཡབ་ཡུམ་གྱི༔ ཐུགས་ཀྱིས་མངོན་པར་དབང་བསྐུར་རོ༔ སྟོང་ཉིད་སྙིང་རྗེའི་དབང་ཐོབ་ཤོག༔ སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཐུགས་ཀྱི་རྗེས་གནང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་རྒྱན་དང་ཆས་གོས་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་རྣམས་ལ་མངའ་གསོལ་བར་གྱུར། ཅེས་བརྗོད་ལ། དར་བེར་སྟག་ཤམ་མི་ལྤགས་མགོ་ཕྲེང་ཁྲག་ཞག་ཐལ་བ་རུ་མཚོན་ཁ་ཊྭཱཾ་སོགས་ཀྱི་ཙཀླི་གཏད་ལ། ཧཱུྃ༔ ཕྲིན་ལས་མཐའ་དག་སྒྲུབ་བྱེད་ཅིང༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ མགོན་པོ་སེང་གདོང་ཡབ་ཡུམ་གྱི༔ ཡོན་ཏན་དཔའ་ཆས་དབང་བསྐུར་རོ༔ ཆེ་བཙན་དྲག་པོའི་དབང་ཐོབ་ཤོག༔ སྔགས་མཐར་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཡོན་ཏན་གྱི་དབང་ངོ་། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྤྲོས། ཕྱོགས་བཅུར་གནས་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་བཀུག་ཅིང་ཚར་བཅད་པར་བསམ་ལ། ལིངྒ་གསུམ་བཅས་པར་དམིགས་བྱ་དགུག་བསྟིམ་བྱས་པ་ལག་ཏུ་གཏད་ལ། ཧཱུྃ༔ ཕྲིན་ལས་མཐའ་དག་སྒྲུབ་བྱེད་ཅིང༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ མགོན་པོ་སེང་གདོང་ཡབ་ཡུམ་གྱི༔ ཕྲིན་ལས་བརྟུལ་བཞུགས་དབང་བསྐུར་རོ༔ ལས་རྣམས་ཐོགས་མེད་འགྲུབ་པར་ཤོག༔ སྔགས་མཐར་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ལྟར་གཏད་པའི་ལིངྒ་གཅིག་བསྒྲལ། གཅིག་སློབ་མར་སྟོབ། གཅིག་གདན་དུ་བཏིང་ནས་ཆེ་བའི་ང་རྒྱལ་བསྐྱེད་དུ་བཅུག་ལ། ཞི་དང་རྒྱས་དང་དབང་དང་དགུག༔ གདུག་པ་བསྒྲལ་དང་ཆོ་འཕྲུལ་སྟོན༔ གནན་དང་བསྐྲད་པ་ལ་སོགས་པ༔ ལས་དེ་རྣམས་ཀྱང་སྒྲུབ་པར་གྱིས༔ ཞེས་པ་སྟེ་ཕྲིན་ལས་ཀྱི་རྗེས་གནང་ངོ་། །དེ་ནས་གཏོར་མ་ལག་ཏུ་གཏད་ལ། བླ་མ་བརྒྱུད་པའི་བཤར་འདེབས་སྔོན་དུ་འགྲོ་བས་བཀའ་ཉན་དུ་བཀའ་བསྒོ་དྲག་ཏུ་བྱས་ཏེ་གཏོར་མའི་མཐེབ་ཀྱུ་ནས་ཅུང་ཟད་བླངས་པ་བདུད་རྩི་དང་སྦྱར་བ་དངོས་གྲུབ་ཀྱི་དོན་དུ་བྱིན། ཕྱིན་ཆད་བླ་མ་ལ་མི་དམོད་ཅིང་། ཆོས་སྐྱོང་མི་སྤོང་བ། སྒྲུབ་པ་ལ་ཞུགས་ནས་བླ་རྡོ་མི་འདོར་བ་སྟེ་མི་སྤོང་བའི་དམ་ཚིག་གསུམ། བྱ་ནག་དང་ཁྱི་ནག་ལ་མི་འཚེ། ཆོས་བཞིན་སྤྱོད་པ་ལ་མི་རྦད། རང་དོན་གཅིག་པུ་ལ་ལས་སྦྱོར་མི་བྱེད། ཉེས་པ་ཕྲ་མོ་ལ་མི་བསྐུལ་བ་སྟེ་སྲུང་བའི་དམ་ཚིག་བཞི། ཞག་རེའི་རྒྱུན་གཏོར་མ་ཆག་པ། དགུ་སྟོང་གི་དུས་གཏོར་འཛིན་པ། གཙང་སྦྲ་དང་ལྡན་པ་སྟེ་སྤྱད་པའི་དམ་ཚིག་གསུམ་མོ། །དེ་ལྟར་དམ་ཚིག་བཅུ་པོ་བསྲུང་བར་བསྒྲག་ཅིང་། ཁས་བླང་བ་སོགས་རྗེས་སྤྱི་དང་འདྲ། མཐར་གཏང་རག་གི་མཆོད་བསྟོད་བཟོད་གསོལ། མདུན་བསྐྱེད་གཤེགས་གསོལ་རྗེས་ཀྱི་བྱ་བ་རྣམས་གོང་བཞིན་ནོ།། །། ༄། རྗེས་གནང་འབྲིང་པོའི་ལུགས་སུ་བྱེད་ན། བཅས་གཤོམ་ཚོམ་བུ་དང་གཏོར་མ་ཙམ་ལ་བརྟེན་ཅིང་། རྗེས་གནང་དངོས་གཞིའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་དམིགས་པ་ལ་བརྟེན་པ་ལས་དབང་རྫས་དང་ཚིགས་གཅད་མེད་པ་བྱེད། ཡོན་ཏན་གྱི་རྗེས་གནང་ལ། མགུལ་རྒྱན་སྲོག་ཞུ་བེར་ནག་སྐ་རགས་ཕྱག་མཚན་རྣམས་དངོས་སམ་ཙཀླི་གཏད་ལ། དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡི༔ རིན་ཆེན་ལས་གྲུབ་སྲོག་ཞུ་དང༔ ཀླུ་རིགས་ལྔ་ཡིས་ཡན་ལག་བརྒྱན༔ མཛེས་པའི་གསེར་རྐེད་བེར་ཆེན་དང༔ ཕྱག་རྒྱ་བཅས་པ་འདི་དག་ནི༔ ཁྱོད་རྣམས་ལ་ནི་སྦྱིན་པར་བྱ༔ ཞེས་པ་དང་། ཕྲིན་ལས་ཀྱི་རྗེས་གནང་ལ་ལིང་ག་གཏད་ནས། ཞི་དང་རྒྱས་དང་སོགས་སྔར་ལྟར་གྱི་མཐར། གཏོར་མའི་བཀའ་བསྒོ་བྱ་ཞིང་། ༧ བསྡུས་པ་ནི། སྐུ་གསུང་ཐུགས་ཀྱི་རྗེས་གནང་བཤད་མ་ཐག་པ་ལྟར་བྱས་པའི་རྗེས་སུ་གཏོར་མའི་བཀའ་བསྒོ་བྱས་པས་ཀྱང་འགྲུབ་བོ། །འདིའི་ཕྱག་མཚན་གཡོན་པ་ད་ལྟའི་ལག་ལེན་ལྟར་ཟན་གཏོར་གྱི་དབྱིབས་སུ་བྱེད་པ་ཕྱོགས་འདིར་མི་འགལ་མོད། ངོ་བོ་ནི་གློ་སྙིང་སོགས་ཤ་ཁྲག་གི་གཏོར་མའོ། །རྣམ་འ༵གྱུར་མི་བཟད་ཐོགས་མེ༵ད་མཐུ། །རྣོ་མྱུར་རྡོ༵་རྗེ༵་ཐེག་པ་ཡི། །བསྟན་སྲུང་ཞིང་སྐྱོང་ཆེན་པོ་ཡི། །སྒྲུབ་ཐབས་རྒྱ་མཚོའི་བཅུད་དུ་དྲིལ། །བདུད་མགོན་སེང་གདོང་ཅན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་དང་པོ་དངོས་གཞི་ (Volume 62, Text 55)
༁ྃ༔ རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་དང་པོ་དངོས་གཞི་བཞུགས༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་ལ༔ གཞི་དང་ལམ་དང་འབྲས་བུ་འོ༔ གཞི་ནི་ཀུན་གཞི་ངོ་བོ་སྟེ༔ རིག་ན་བདེ་བར་གཤེགས་པའི་སྐུ༔ མ་རིག་མ་དག་ཀུན་གྱི་གཞི༔ རང་བཞིན་འོད་གསལ་རང་བྱུང་སྟེ༔ རིག་ན་ཡེ་ཤེས་ཆ་ཡིན་ལ༔ མ་རིག་རྣམ་ཤེས་ཞེས་བྱ་འོ༔ ཐུགས་རྗེ་ཅིར་ཡང་སྣང་བ་ལ༔ དེ་ཡང་རྣམ་ཤེས་དེ་ཉིད་ལས༔ དབང་པོས་མཚམས་སྦྱར་ཕྱི་ཡི་ཡུལ༔ ཡུལ་དབང་ཤེས་གསུམ་དེ་ཉིད་ལས༔ སྣ་ཚོགས་ཅིར་ཡང་སྣང་བ་འོ༔ རིག་ན་ཐུགས་རྗེ་སྤྲུལ་སྐུ་སྟེ༔ མ་རིག་འཁོར་བ་འཁྲུལ་འབྱམས་སོ༔ དེ་ཉིད་ཉམས་སུ་ལེན་པའི་ཚུལ༔ དང་པོ་འགྱུ་བྱེད་ཤེས་པར་བྱ༔ འགྱུ་བ་ཏོལ་རྩེར་ཤར་བ་ན༔ འགྱུ་བྱེད་དེ་ཉིད་ཤེས་པར་བྱ༔ འགྱུ་བྱེད་ཤེས་ན་དུག་ལྔ་དག༔ འགྱུ་བ་དེ་ཡི་རྗེས་བཅད་པས༔ ཅིར་ཡང་དམིགས་པ་མེད་པ་སྟེ༔ དངོས་མེད་ཟང་ཐལ་ཅིར་ཡང་སྣང༔ དངོས་ཀྱི་རིག་པ་ཟང་ཐལ་ཏེ༔ དངོས་མེད་ཉིད་དུ་ཤར་བ་གང༔ རང་བཞིན་འོད་གསལ་ཉིད་དུ་འོ༔ སངས་པ་སྣང་བ་ཡུལ་ངོ་མེད༔ མ་འདྲེས་ཡོངས་གསལ་ངོ་མཚར་ཆེ༔ གྲོལ་བ་ཟང་ཐལ་ཡུལ་མེད་དུ༔ གྲོལ་བས་བློ་འདས་བྱ་རྩོལ་བྲལ༔ དེ་ཉིད་སྐྱོང་ཚུལ་བརྡ་བཞི་སྟེ༔ དབང་པོ་ཧད་དེ་རང་སར་གཞག༔ ཡུལ་སྣང་དབྱེར་མེད་ས་ལེར་གསལ༔ ལུས་བསྲང་ཅོག་གཞག་གང་བདེ་ལས༔ ཕྱི་ནང་འགྲོ་འོང་མི་རྟོག་པ༔ པུས་འཁྱུད་འོག་རླུང་སོར་ཕྱེད་འཐེན༔ ཆོས་རྣམས་བདེ་བ་ཆེན་པོར་བལྟ༔ ལྕེ་ནི་ཡ་རྐན་ལ་ཕྱོགས་པས༔ གང་དུ་མ་རེག་རླུང་རང་སར༔ ཕྱི་ནང་ཆོས་ཀུན་ལྟ་སྒོམ་རྣམས༔ ཡེ་ནས་དབྱེ་བ་མེད་པར་མཐོང༔ མ་ནོར་མ་བཅོས་བསམ་ལས་འདས༔ བརྗོད་པ་མེད་པའི་ཚུལ་འདི་ནི༔ གཞི་ཉིད་འཁྲུལ་མ་མྱོང་བ་ཡི༔ བྱ་རྩོལ་བློས་བྱས་རྟོག་པ་སྤངས༔ བསམ་པའི་རང་འོད་བྲལ་བར་སྤྱོད༔ བརྗོད་དུ་མེད་པའི་འབྲས་བུ་ཐོབ༔ མ་བཅོས་ཡིན་མིན་བྲལ་བ་ཡི༔ སྤང་བླང་རྩིས་གདབ་བྲལ་བར་བསྐྱང༔ གསལ་བའི་ཆ་ཡིས་ཆོས་ཐམས་ཅད༔ མི་རྟོག་ངང་དུ་ཆོས་ཀྱི་སྐུ༔ བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས༔ དབྱེར་མེད་སྤྲུལ་སྐུ་ཅིར་ཡང་སྟོན༔ ལམ་རྟགས་ཡོན་ཏན་ཁྱད་པར་འཕགས༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། ༁ྃ༔ རྫོགས་ཆེན་སྡེ་གསུམ་ལས༔ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་བཞུགས༔ ྈྈྈ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ ཀུན་རྫོབ་ཆོས་རྣམས་མ་ལུས་པ༔ དོན་དམ་ཉིད་ལ་མི་རྟོགས་སོ༔ ཡེ་ནས་གང་ནས་བྱུང་ཞེ་ན༔ མཚན་མ་ཙམ་དུ་ངེས་པས་ན༔ མཚན་མའི་རང་བཞིན་ཟུར་དུ་ཆད༔ ཀུན་རྫོབ་དོན་གྱི་ཕྱོགས་མི་རྟོགས༔ དོན་དམ་བློ་ཡི་ཡུལ་འདས་པས༔ ཀུན་རྫོབ་ཕྱོགས་སུ་ཅི་ལ་ལྟོས༔ གཞན་ཞིག་དག་ནས་བྱུང་ངམ་ཞེས༔ དོན་དམ་འཁྲུལ་མ་མྱོང་བ་ཡི༔ ཀུན་རྫོབ་བདེན་མེད་རང་བཞིན་ལ༔ དོན་དམ་བདེན་པའི་རང་བཞིན་ཡིན༔ བདེན་འཛིན་གཉིས་ཀྱི་ཤན་འབྱེད་ཡོད༔ ཟླ་བ་ལ་ནི་དངོས་པོ་སྲིད༔ ཆུ་ཟླ་ལ་ནི་དངོས་པོ་མེད༔ འཆར་ཚུལ་འབྲེལ་བ་ལྟོས་ཆོས་ཙམ༔ དེ་བས་ཀུན་རྫོབ་དོན་དམ་གཉིས༔ སོ་སོ་ཉིད་དུ་ཤན་འབྱེད་བྱ༔ དེ་ཕྱིར་སེམས་ནི་རྫུན་དུ་ཐལ༔ རིག་པ་བདེན་པའི་དབྱིངས་སུ་ངེས༔ སེམས་དང་རིག་པ་གཅིག་མི་གཅིག༔ རིག་པ་རིག་པའི་དབྱིངས་སུ་རྫོགས༔ སེམས་ནི་འཁྲུལ་ངོར་གཉིས་སུ་འཛིན༔ འཁྲུལ་དང་མ་འཁྲུལ་ཁྱད་ཡོད་དམ༔ ཡོད་ན་འཁྲུལ་པ་གང་ནས་བྱུང༔ མེད་ན་དབྱེ་བ་གང་གིས་འབྱེད༔ སེམས་དང་རིག་པ་ཁྱད་ཆེ་སྟེ༔ རིག་དང་མ་རིག་ངོ་བོས་སྟོང༔ ལྟོས་ཆོས་ཙམ་དུ་གཅིག་ན་ཡང༔ འཕྲོ་གཞི་ཞེས་པའི་དབྱིངས་གཅིག་ཀྱང༔ འོད་དང་མུན་པ་ག་ལ་གཅིག༔ འོད་ཀྱི་ཚེ་ན་མུན་པ་ཅི༔ མུན་པའི་ཚེ་ན་འོད་གང་ཐལ༔ དེ་གཉིས་རྣམ་པའི་ཚུལ་དུ་དབྱེ༔ རིག་པ་ནམ་མཁའི་དཀྱིལ་ལྟར་དྭངས༔ སེམས་ནི་ཁུ་རླངས་ལྟ་བུ་འོ༔ དེ་བས་ནམ་མཁའ་ཁུ་རླངས་གཉིས༔ དབྱེ་བ་ཡོད་པ་སུས་ཀྱང་ངེས༔ དེ་ཕྱིར་སེམས་རིག་སོ་སོར་དབྱེ༔ རིག་པ་ཀུན་གཞི་དྭངས་གསལ་ལ༔ སེམས་ནི་མ་རིག་དབྱིངས་སུ་འཐུམ༔ མ་ཡེངས་ཚེ་ན་རིག་པ་ཡིན༔ ཡེངས་པ་དག་ནི་སེམས་ཡིན་ནོ༔ དེ་བས་ཤིན་ཏུ་ཤན་འབྱེད་གཅེས༔ ད་ནི་རྗེས་མེད་ལ་བཟླ་སྟེ༔ ཀུན་རྫོབ་དོན་དམ་གཉིས་པོ་ནི༔ དོན་དམ་བདེན་པ་མཐོང་བའི་ཕྱིར༔ ཀུན་རྫོབ་འཁྲུལ་པའི་ལས་སྒྲིབ་རྣམས༔ ཀུན་རྫོབ་བྱ་བའི་ཆོས་ཀྱིས་བཀྲུ༔ ནོར་བུ་འདམ་གྱིས་གོས་པ་དག༔ འདམ་ནི་ཆུ་ཡིས་སྦྱངས་བཞིན་ནོ༔ དོན་དམ་ཀུན་རྫོབ་བློའི་སྒྲིབ་པ༔ ཀུན་རྫོབ་མཚན་ཉིད་དུ་མས་བརྟག༔ དོན་དུ་ཀུན་རྫོབ་ཐམས་ཅད་ཀྱང༔ དོན་དམ་དབྱིངས་ལས་གཞན་མེད་ཅིང༔ དེ་བས་སེམས་དང་རིག་པ་གཉིས༔ ཏིལ་དང་ཁུ་བ་ཇི་བཞིན་ནོ༔ རིག་དང་མ་རིག་ཁྱད་པར་ཅེས༔ རྣམ་པའི་ཆ་ལ་སོ་སོ་ཙམ༔ ངོ་བོའི་ཆ་ལ་དབྱེ་བ་མེད༔ རིག་ན་སེམས་དེ་རིག་པར་འདུ༔ རིག་པ་ཡེ་ཤེས་གཅིག་པུ་འོ༔ ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཤན་འབྱེད་ཅིང་ལ་བཟླའོ༔ ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས་སོ༔ ས་མ་ཡ་རྒྱ་རྒྱ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞུས་སོ།། །།
སློབ་དཔོན་པདྨའི་ཕྱོགས་བཅུའི་ཟ་ཡིག་ཤིན་ཏུ་ཟབ་པའི་ཡིག་ཆུང་ (Volume 42, Text 55)
༄༅༔ སློབ་དཔོན་པདྨའི་ཕྱོགས་བཅུའི་ཟ་ཡིག་ཤིན་ཏུ་ཟབ་པའི་ཡིག་ཆུང་བཞུགས་སོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྟེང་འོག་ཕྱོགས་མཚམས་བཅུ་ནས་ནི༔ བྱུང་བའི་ཟ་ཡིག་ཤར་ནས་བྱུང་བའི་ཡི་གེ་བྷ༔ འདི་ཡིས་ཞི་རྒྱས་འགྲུབ་པར་འགྱུར༔ ལྷོ་ནས་བྱུང་བའི་ཡི་གེ་ན༔ འདི་ཡིས་ཚེ་ཡི་བར་ཆད་ཟློག༔ འོག་ནས་བྱུང་བའི་ཡི་གེ་དྷ༔ འདི་ཡིས་རང་གི་ནུས་སྟོབས་སྐྱེད་པར་བྱེད༔ ཤར་ལྷོ་ནས་བྱུང་བའི་ཡི་གེ་ན༔ འདི་ཡིས་སྡེ་བརྒྱད་སྲུང་བར་བྱེད༔ ནུབ་བྱང་ནས་བྱུང་བའི་ཡི་གེ་ཀུ༔ འདི་ཡིས་དབང་གི་ལས་རྣམས་འགྲུབ༔ སྟེང་ནས་བྱུང་བའི་ཡི་གེ་དྷ༔ འདི་ཡིས་སྔགས་ཀྱི་ནུས་པ་མེ་ལྟར་འབར༔ བྱང་ཤར་ནས་བྱུང་བའི་ཡི་གེ་ན༔ འདི་ཡིས་བྱ་བའི་ལས་རྣམས་འགྲུབ་པར་འགྱུར༔ ལྷོ་ནུབ་ནས་བྱུང་བའི་ཡི་གེ་ཡ༔ འདི་ཡིས་བྱད་སྟེམས་ཐམས་ཅད་ཟློག་པར་བྱེད༔ བྱང་ནས་བྱུང་བའི་ཡི་གེ་དྷ༔ འདི་ཡིས་རྒྱལ་འགོང་ཐམས་ཅད་སྲུང་བར་བྱེད༔ ནུབ་ནས་བྱུང་བའི་ཡི་གེ་ན༔ འདི་ཡིས་ཚེ་ཡི་བར་ཆད་ཟློག༔ ཟ་ཡིག་འདི་རྒྱ་ཤོག་ལ་རྒྱ་སྣག་གིས་བྲི༔ ཨོ་རྒྱན་གྱི་གཏེར་མ་ཡིག་འབྲུ་བཅུ་ནི༔ ཤིན་ཏུ་ཟབ་པའི་ལོ་རྒྱུས་མང་དུ་ཡོད་ཀྱང༔ ཟ་ཡིག་ཟ་བའི་དུས་སུ༔ མདུན་གྱི་ནམ་མཁར་ཨོ་རྒྱན་པདྨ་བསྒོམས་པའི་གནས་གསུམ་དུ་ཡི་གེ་གསུམ་ལས་འོད་ཟེར་རབ་ཏུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་ཨོ་རྒྱན་ལ་བསྟིམ༔ ཨོ་རྒྱན་པདྨ་འོད་དུ་ཞུ་ནས་ཟ་ཡིག་ལ་ཐིམ་པར་བསམ༔ ཡི་གེ་ཕྱིར་མཇུག་ནང་དུ་བསྟན་ལ་ཟའོ༔ ཟ་ཡིག་ཡང་ཟབ་མཐར་ཐུག་འདི་ཡིན་ནོ༔ ༔བྷཿནཿདྷཿནཿཀུཿདྷཿནཿཡཿདྷཿནཿ རྫས་ལ༔ ཨ་རུ་ར༔ གླ་རྩི༔ ཤ་ཕོ་རུ་རྟ༔ ཤུ་དག༔ བཙན་དུག༔ ཡུང་བ་རྣམས་ཆ་སྙོམས་ནས་བྱུག་གོ༔ ྀཨཚ༔ ༈ གསང་ཆེན་དཔའ་བོ་འབྲུ་ལྔ།་་་་་་་་་་་་་་ སྤར་ལ་འགོད་རྒྱུའི་དཔེའུ་རིས། ༄༅༔ ྈྈྈྈྈྈྈ གསང་ཆེན་བླ་མེད་སྐུ་ལྔའི་འབྲས་བུ་མཁའ་འགྲོ་མ་གསང་བའི་ཡི་གེ་དཔའ་བོ་འབྲུ་ལྔའི་གདམས་པ་འདི་ལ་དོན་གསུམ་སྟེ༔ རྫས་དང༔ སྔགས་དང༔ ཏིང་ངེ་འཛིན་ནོ༔ དང་པོ་རྫས་ནི༔ ཐལ་དཀར་རྡོ་རྗེ༔ ཀླུ་བདུད་རྡོ་རྗེ༔ གཟའ་བདུད་རྡོ་རྗེ༔ གུ་གུལ་དཀར་ནག༔ གླ་རྩི༔ གཟུག་མོ་བྱི་ཐུར༔ སིནྡྷུ་ར༔ སྨན་ཆེན༔ ར་ཁྲག༔ ཨ་རུ་ནག་ཆུང༔ བདུད་རྩི་ལོ་མ༔ དེ་རྣམས་ཀ་རས་ཁ་བསྒྱུར་རྒྱ་སྣག་དང་བསྲེས་ལ་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་ཏུ་ བཏབ་ལ་ནད་དམིགས་ཀྱི་སྟེར་དུ་སྤར་བཏབ་བོ༔ གཉིས་པ་སྔགས་ནི༔ གཟའ་ལ༔ ན་མ་ཏ་པ་ཤ༔ ཀླུ་དང་ས་བདག་ལ༔ མ་ཏ་པ་ཤ་ན༔ གཉན་དང་གག་ལྷོག་ལ༔ ཏ་པ་ཤ་ན་མ༔ དུག་སྲུང་བ་ལ༔ པ་ཤ་ན་མ་ཏ༔ བྱད་ཕུར་རྦོད་གཏོང་ཟློག་པ་ལ༔ ཤ་ན་མ་ཏ་པ༔ ཞེས་སོ་སོར་བཟླས་ལ༔ ཤམ་བུར་གང་བསྲུང་བའི་གནོད་པས་མི་ཚུགས་པར་སྲུངས་ཤིག་ཅེས་བརྗོད་ལ་བཏབ༔ གསུམ་པ་ཏིང་འཛིན་ནི༔ རང་སྐད་ཅིག་གིས་གནམ་ལྕགས་ཀྱི་སྡིག་པ་འཇིགས་སུ་རུང་བའམ༔ སྤྲུལ་པའི་སྐུའི་བྱ་ཁྱུང་གནམ་ས་ཁྱབ་པའི་སྐུར་གསལ་ལ་སྔགས་རྒོད་མང་དུ་བཟླས་ལ་གདབ་བོ༔ དེ་ལྟར་བྱས་པས་གཟའ་ཀླུ་ས་བདག༔ གཉན་དང་གག་ལྷོག༔ དུག་དང་རིམས༔ བྱད་ཁ་ཕུར་ཁ༔ ལྟས་ངན་ཟློག་པ་སོགས་ལ་མཆོག་ཏུ་བསྔགས༔ ཁྱད་པར༔ རུས་ཆག༔ གྲིབ་གཟེར༔ སྐྲངས་པ༔ལྦ་བ༔ མཛེ་འབྲས༔ ཆུ་འཐོར༔ རྨ་རེབ༔ རྨ་སྐམ༔ མེས་ཚིག༔ ཤུ་ཐོར་སོགས་ལ་ལྷག་པར་ཕན་ནོ༔ གདམས་པ་ཟབ་མོ་ཉམས་མྱོང་ལག་ལེན་བདེ་བ་གཞན་ལས་འཕགས་པའི་ཁྱད་ཆོས་ཅན་ཟབ་རྒྱ༔ ྀཨཚ༔ ས་མ་ཡ༔ འདི་ལག་ལེན་བྱེད་དུས་གུར་དྲག་གམ༔ ཁྱུང་གི་སྒོམ་བཟླས་བྱེད༔ ཡི་དམ་གྱི་སྔགས་ཤམ་དུ་གོང་གི་སྔགས་ཚན་ལྔ་སྦྲེལ་བའི་མཐར༔ ནད་གདོན་བར་ཆད་གྲིབ་གཟེར་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ ཞེས་བཟླས་པའི་སྔགས་མཆིལ་མ་གདབ༔ དེའི་སྟེང་དུ་སྔགས་བཟླ་བཞིན་པས་སྤར་བཏབ་པས༔ གོང་དུ་གསུངས་པའི་ནད་གདོན་སྤྱི་དང༔ ཁྱད་པར་ཁྲག་གཟེར་དང་གྲིབ་གཟེར༔ སྐྲངས་རྒོད་སོགས་ལ་ཤིན་ཏུ་ཕན་ནོ༔
སྟག་ཤམ་བདུད་འདུལ་དྲག་མོའི་ལས་ཚོགས་ས་ལྷའི་གཏེར་བུམ་སྒྲུབ་པའི་གསལ་བྱེད་ནོར་བུའི་སྒྲོན་མེ་ (Volume 51, Text 55)
༄༅། །སྟག་ཤམ་བདུད་འདུལ་དྲག་མོའི་ལས་ཚོགས་ས་ལྷའི་གཏེར་བུམ་སྒྲུབ་པའི་གསལ་བྱེད་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། འདི་གཏན་རྒུད་པ་ཀུན་སེལ་ཞིང་། །འདོད་རྒུ་ནོར་བུའི་གྲུ་ཆར་གྱིས། །གངས་ཅན་མཐའ་དབུས་སྐྱོང་མཛད་པ། །པད་འབྱུང་ཡབ་ཡུམ་ཞབས་ལ་འདུད། །གསུང་གསང་བདུད་རྩིའི་ཟེགས་མ་རེས། །སྐྱེ་དགུ་བདེ་བའི་གསོས་སྦྱིན་པས། །བདེར་གནས་འདོད་རྣམས་ཐབས་མང་གི །ངལ་བ་སྤོང་ལ་འདི་བརྟེན་འཚལ། །མཁའ་འགྲོའི་སྙན་བརྒྱུད་བདུད་འདུལ་དྲག་མོའི་རྒྱས་པའི་ལས་ཚོགས་ལས་བྱུང་བའི་སའི་ལྷ་མོ་བརྟན་མ་སྒྲུབ་པའི་ཐབས་འདིའི་དགོས་ཆེད་རྣམས་གཏེར་གཞུང་དུ་གསལ་བ་ལྟར་ལ། དགོས་པ་ཆེན་པོ་དེ་ལྡན་གྱི་གདམས་ངག་ལག་ཏུ་ལེན་པ་པོའང་རབ་བདུད་འདུལ་དྲག་མོའི་བསྙེན་པ་ཐེམས་པ། ཡང་ན་རྩ་གསུམ་གྱི་བསྙེན་པ་ཐེམས་ཤིང་གཞན་ཕན་གྱི་ལྷག་བསམ་གཡོ་མེད་པ་དང་ལྡན་པས་ལག་ལེན་དངོས་ལ་གསུམ། སའི་ལྷ་མོའི་སྐུ་གཟུགས་ལ་བསྟེན་པ་དང་། དེའི་གཏེར་བུམ་ལ་བསྟེན་པ། ཀླུ་ནོར་རྒྱས་ཀྱི་བུམ་པ་ལ་བསྟེན་པའོ། །དང་པོ་ནི། བཀྲ་ཤིས་ཤིང་ཡོངས་སུ་གྲགས་པའི་གནས་ཆེན་རྣམས་ཀྱི་ས་རྡོ་ཤིང་གི་ཕྱེ་མ། མཚོ་དང་ཆུ་ཆེན་རྣམས་ཀྱི་ཆུ་སྣ། རིན་ཆེན་ཕྱེ་མ། ཀླུ་སྨན་ཚད་ལྡན། གི་ཝཾ། དཀར་གསུམ། མངར་གསུམ། འབྲུ་སྣའི་ཕྱེ་མ། དར་སྣ་ཚོགས་ཀྱི་ཕྱེ་མ་བསྲེས་པའི་འདག་པ་ལ་སྐུ་བརྙན་ཆེ་ན་སོར་བརྒྱད། ཆུང་ན་སོར་བཞི་པ་ལྷ་མོའི་གཟུགས་ཞི་འཛུམ་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་མཉམ་གཞག་བུམ་པ་བསྣམས་པའམ། ཕྱག་གཡས་པ་ཐུགས་ཀ་དང་གཡོན་པ་ཕྱར་སྟབས་ཀྱིས་བུམ་པ་རེ་རེ་འཛིན་པ། ཞབས་སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས་པ། སྐུ་མདོག་སེར་པོ་སོགས་ཚོན་རྩི་ལེགས་པར་བཏང་བའི་དབུ་གཙུག་ཏུ་རིང་བསྲེལ། མ་རྙེད་ན་གངས་ཏིག་གམ་ཡེ་དྷར་ཙམ་དང་། ཐུགས་ཀར་ཨོཾ་ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཀུ་རུ་ཀུ་རུ༔ དོ་ཙུ་དོ་ཙུ༔ སྭཱ་ཧཱ་སྭཱ་ཧཱ༔ བྷ་ཤ་བྷ་ཤ་སྭཱ་ཧཱ༔ ཞེས་གསེར་གྱིས་བྲིས་པ། ལྟེ་བར་ཨོཾ་ལྷ་མིའི་ཕན་བདེ་སོགས་དངུལ་གྱིས་བྲིས་པ་བཅུག །ནང་དུ་ཀླུ་སྨན། རིན་ཕྱེ། དཀར་གསུམ། སྤོས་གཙང་། འབྲུ་སྣ། དར་སྣས་བཀང་། ཕྱག་གི་བུམ་པར་ཡང་སྔགས་སྔ་མ་དང་རིན་པོ་ཆེས་བཀང་བར་གསུངས་ཀྱང་མ་ཤོང་ན་བྷྲཱུྃ་ཡིག་ཙམ་དང་རིན་ཆེན་ཕྱེ་མ་བླུགས། རབ་གནས་དང་བསྐྱེད་བསྟིམས་བཟླས་པ་ཅི་འགྲུབ་དང་ཤིས་བརྗོད་བྱས་ལ་དར་སྣས་དྲིལ་ཏེ་རིན་པོ་ཆེའི་གྭའུར་བཅུག་ལ་སྒྲུབ་དུས་དཀྱིལ་འཁོར་གྱི་དབུས་སུ་བཞག །འགྲོ་དུས་ལུས་ལ་བཅང་། སྒྲུབ་ཁང་བང་མཛོད་ནོར་སླས་ཞིང་སོགས་གནད་གང་ཆེར་བཞག་པས་ཅི་འདོད་ཐམས་ཅད་འགྲུབ། དགོན་གནས་ཡུལ་ཁམས་གྲོང་ཁྱེར་རྣམས་ཀྱི་ཕྱོགས་བཞིར་མཆོད་རྟེན་ཁྲི་འཕང་བཞི་པ་རེ་རེ་བཞེངས་པ་རྒྱལ་ཆེན་སྡེ་བཞིར་མངའ་གསོལ་བའི་བུམ་པར་ལྷ་མོའི་རྟེན་འདི་བཞུགས་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བསོད་ནམས་མངའ་ཐང་ལོངས་སྤྱོད་རྒྱས་པར་གསུངས་སོ།། ༈ །།གཉིས་པ་གཏེར་བུམ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་གཙུག་ལག་ཁང་། རྒྱལ་པོའི་ཕོ་བྲང་། འབྱོར་ལྡན་གྱི་ཁང་ཁྱིམ་སོགས་ལ་རྫའི་བུམ་པ་བྲེ་གང་ཤོང་བ་ལྔའི་ནང་དུ། དབུས་སུ་ས་ལྷའི་སྐུ་ནང་གཞུག་བཅས་ཕྱོགས་བཞིར་འབྱུང་བཞིའི་ལྷ་མོ་བཞིའི་སྐུ་གཟུགས་བཅུག །ས་ལྷའི་སྙིང་པོ་དང་ཚིགས་བཅད་གསེར་གྱིས་བྲིས་པ། ཀླུ་ཆེན་བརྒྱད། བ་རུ་ཎཱ་རྣམས་ཀྱི་སྔགས། ནོར་རྒྱས་ཀྱི་སྙིང་པོ་འོག་ཏུ་ གསལ་བ། ནོར་ལྷ་ཛམ་ལྷ་ཐམས་ཅད་ཀྱི་སྔགས་གསལ་བ། རྒྱལ་ཆེན་སྡེ་བཞིའི་སྙིང་པོ། གནམ་ས་སྣང་བརྒྱད་དང་བཀྲ་ཤིས་བརྩེགས་པའི་མདོ་གཟུངས། རྟེན་འབྲེལ་སྙིང་པོ་རྣམས་གསེར་གྱིས་བྲིས་ལ་གཞུག་པར་གསུངས་ཀྱང་མ་འབྱོར་ན་མཚལ་ལ་རིན་ཆེན་ཕྱེ་མ་བཏབ་པས་བྲིས་པའི་ཤོག་དྲིལ་མགོ་མཇུག་མ་ལོག་པར་བཞག །གོང་དུ་སྨྲོས་པའི་རྫས་ཐམས་ཅད་དང་བུམ་རྫས་ཉེར་ལྔའི་ཕྱེ་མ་རྣམས་མོ་གསར་རིགས་བཟང་གི་ནུ་ཞོ་དང་བ་དཀར་མོ་དང་དམར་ཟལ་གྱི་འོ་མས་སྦྲུས་ལ་རིལ་བུ་བརྒྱ་དང་རྩ་བརྒྱད་བྱས་པ་དང་། ཆོས་སྨན་སོགས་བྱིན་རྟེན། སྒྲུབ་གཏོར་གྱི་དུམ་བུ་རྣམས་བཅུག །གོང་གི་རྫས་ཁྲོལ་བུར་བྱས་པ་དང་འབྲུ་སྣ། དྲི་བཟང་གི་ཤིང་ཕྱེ་རྣམས་ཀྱིས་ལག་ཚགས་དམ་པར་བཀང་ལ་དབུས་སེར་པོ་དང་། ཕྱོགས་མདོག་གི་རས་ཀྱིས་ཁ་བཅད། བུམ་པའི་ཁ་དོག་ཀྱང་དེ་མཚུངས་ཚོན་གྱིས་བསྒྱུར། མདུན་རྟགས་ས་བོན་ནམ་ཕྱག་མཚན་ཅི་བདེར་བྲིའོ།། །།བསྡུས་པ་གང་དུའང་གྲངས་མང་འཇོག་རྒྱུ་ནི། ནང་གཞུག་གཙོ་བོ་ས་ལྷའི་སྐུ་དགོས་པས་བུམ་པ་གྲངས་མང་བཅའ་སྒྲུབ་བྱེད་སྐབས་སྐུ་སྤར་མང་དུ་གདབ། དེའང་བརླན་རྩེག་དང་ཐིག་པའི་དོགས་པ་ཡོད་ན་ཞིག་རལ་སོགས་ཆེར་མི་ལེགས་པས་རྫ་ས་ལ་བཏབ་ནས་སོ་བཏང་བ་བྱུང་ན་ལེགས་ཤིང། སྐུ་རྒྱབ་ཁོག་སྟོང་བྱས་པའི་ནང་དུ་གཟུངས་གཞུག་གསེར་དངུལ་གྱིས་བྲིས་པའམ། མ་འཛོམ་ན་མཚལ་ལ་རིན་ཆེན་ཕྱེ་མ་བསྲེས་པས་བྲིས་པ་གཞུག །དེ་ལྟར་མི་འགྲུབ་པས་ཤུག་པ་སོགས་བཟང་ཤིང་གི་བྱང་བུ་རྩ་རྩེ་མ་ནོར་བའི་མདུན་ངོས་སུ་བརྟན་མའི་སྐུ་དང་རྒྱབ་ངོས་སུ་གཟུངས་སྔགས་བྲི་བ་དང་། ཅིས་ཀྱང་མི་འགྲུབ་པའི་འབྱོར་པ་དམན་པས་གཟུངས་སྔགས་སོགས་ཀྱི་ཤོག་དྲིལ་གཞུག་པར་བྱེད་པ་ནི་རྩ་གཞུང་ལས་སྙིང་པོ་གསེར་གྱིས་བྲིས་ལ་གཞུག་པར་གསུངས་པའི་དོན་དུ་འགྱུར་བར་སྣང་ཞིང་། དེ་དག་རྒྱས་བསྡུས་གང་བྱེད་ཀྱང་བུམ་པ་བྲེ་ཤོང་ནང་སྐུ་དང་གཟུངས་བསྒྲིལ་དར་སྣས་དྲིལ་བ་གཞུག །དེའང་བརྟན་མའི་གཟུངས་རིང་ཐུང་ཚིགས་བཅད་རྣམས་གཙོ་བོ་ཡིན་པས་ཐམས་ཅད་ལ་མེད་ཐབས་མེད་ཅིང་། ས་བདག་གཞི་བདག་ཀླུ་བུམ་ཡིན་ན་དེ་དག་གི་སྙིང་པོ་རྣམས། ནོར་བུམ་ཡིན་ན་ནོར་ལྷའི་སྙིང་པོ་མང་དུ་གཞུག་པ་ཁྱད་པར་ཡིན། རྫས་གཞན་གོང་སྨྲོས་རྣམས་ཀྱིས་བཀང་ལ། ས་ཀླུ་ལ་རས་དཀར་པོ་ནོར་བུམ་ལ་སེར་པོས་ཁ་བཅད་ཅིང་བུམ་མདོག་དེ་མཚུངས། མདུན་རྟགས་ནོར་བུ་སོགས་བྲི། བཅས་གྲུབ་ནས་སྦྱང་ཁྲུས་བྱ། དེ་ནས་སྒྲུབ་པ་བྱ་བ་ལ། སྟེགས་གཙང་མ་གྲུ་བཞི་ཆེ་ཆུང་སྐུའམ་བུམ་པ་མང་ཉུང་དང་བསྟུན་པར་བྱས་པའི་སྟེང་དུ་པདྨ་དཀར་པོ་འདབ་བརྒྱད་བྲིས་པའི་ལྟེ་བར་སྐུའམ་བུམ་པ་བཀོད། དེ་སྟེང་ཁྲིའུར་སྨན་སྣ་རིན་པོ་ཆེ་བསྲེས་པའི་ཟན་ལ་ཟླུམ་གཏོར་དཀར་པོ་རྒྱན་ལྡན་ས་ལྷའི་རྟེན་དང་། པདྨ་འདབ་མ་བཞི་ལ་ཟླུམ་གཏོར་བཞི་འབྱུང་བཞིའི་ལྷ་མོ་དང་ཀླུ་རིགས་བཞི། དེ་རྒྱབ་དཀར་གཏོར་པད་འདབ་ཅན་བརྒྱད་ཀྱིས་བསྐོར་བ་གཞི་བདག་རྟེན་ཡིན་ལ། དེ་རྒྱབ་མཆོད་རྫས་འབྲང་རྒྱས་གཡག་ལུག་དང་ཕྱི་བ་སྤར་བཏབ། དཀར་གསུམ་མངར་གསུམ། ཕྱེ་མར། འབྲུ་སྨན་རིན་ཆེན་ཕྱེ་མ། ཇ་ཆང་འོ་ཕུད་རྣམས་དང་མཐའ་སྐོར་དུ་སྨྱུག་རྒོད་སོགས་ཤིང་རྩི་སྣ་ཚོགས་ལ་དར་ཚོན་བལ་ཚོན་བྱ་སྤུ་སྣ་ ཚོགས་ཀྱིས་བརྒྱན་པ། དབུས་སུ་མདའ་དར་མེ་ལོང་བཏགས་པ་ཅན་གྱི་དར་དཀར་ལ་བ་ར་དཀར་མོའི་འོ་མ་དང་སྦྱར་བའི་མཚལ་གྱིས་བརྟན་མའི་སྙིང་པོ། ཨོཾ་བཛྲ་ཨ་ཀ་ཙི་ཤ་ར་སོགས་བྲིས་པ་རྣམས་གཟུག །གཙང་སྦྲ་ཤིན་ཏུ་ཆེ་བ་བྱ། སྒྲུབ་པའི་སྐབས་སུའང་ཐབ་གཞོབ་སོགས་གཏན་ནས་མ་ཤོར་བར་དགོས། དེ་ལྟར་བཅའ་གཞི་གྲུབ་ནས་སྒྲུབ་པ་དངོས་ལ། ཐོག་མར་སེམས་ཅན་ཐམས་ཅད་འདི་ཕྱི་ཀུན་ཏུ་བདེ་ལེགས་ཕུན་སུམ་ཚོགས་པར་བྱ་བའི་དོན་དུ་སའི་ལྷ་མོ་བསྒྲུབ་པར་བྱའོ་སྙམ་པའི་སེམས་བསྐྱེད་བྱས་ལ་གཞི་བདག་དཀར་གཏོར་གཏང་ཞིང་ཕྲིན་ལས་བཅོལ། བདག་བསྐྱེད་བདུད་འདུལ་དྲག་མོའི་ལས་བྱང་རྒྱས་བསྡུས་གང་ལྕོགས་གཏང་། བསྟོད་པ་གྲུབ་ནས་བཟླས་པ་འདིར་གསལ་ལྟར་བྱ་དགོས་པ་ཡིན་ཡང་། དཔེ་ལུང་སོགས་མི་འཛོམ་ན་གཏེར་ཁ་འདི་དང་འབྲེལ་ཆེ་ཞིང་རྩ་གསུམ་ཡོངས་རྫོགས་དཀོན་མཆོག་སྤྱི་འདུས་ཉིད་གཏང་ན་ལེགས་པས། བགེགས་བསྐྲད་ནས་གཟུང་ཞི་དྲག་སེང་གསུམ་བཟླས་པ་ཡན་ཁྱུགས་ཙམ་གྲུབ་པར་བྱ། དེ་ནས། བདག་ཉིད་མཁའ་འགྲོ་སེང་གདོང་དམར་མོ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི། སྤྱི་བོར་གུ་རུ་པདྨ་སྐུ་མདོག་དཀར་དམར་མདངས་དང་ལྡན་པ༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྤྱན་གསུམ་གཟི་བརྗིད་དང་ལྡན་པར་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྒྱ་སྟོང་གང་ལྕོགས་དང་། སེང་གདོང་མའི་རྩ་བའི་བསྙེན་པ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཅེས་པ་ཁྲི་ཕྲག་ཚད་དུ་གསུངས་ཀྱང་སྐབས་བསྟུན་བྱས་ལ། མདུན་བསྐྱེད་ནི༔ ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཉམས་དགའ་བ༔ སོགས་གཞུང་བཞིན་ནས། ས་བླ་ཀུན་ནས་བསྒོམས་པའི་ལྷ་དངོས་རྣམས་བཀུག་ནས་གཉིས་མེད་དུ་ཐིམ་པར་གྱུར། ཅེས་པའི་བར་དེ་ཁོ་ན་གསལ་ཡང་ནས་ཡང་དུ་གདབ་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ ཨོཾ་བཛྲ་ཨ་ཀ་ཙི་ཤ་ར༔ ཌཱ་ཀི་ནཱི་སརྦ་དྷེ་ག་ཡ་རི་ཡ་རི་བཾ་གད་ཛ༔ ནཱ་ག་ཀཱ་ལ་ཧཱུྃ༔ ནཱ་ག་ལེ་ལེ༔ དུམ་པ་ལེ་ལེ༔ ནཱ་ག་རཱ་ཙ་སིདྡྷི་ས་མ་ཡ་ཧཱུྃ་ཛ༔ ཞེས་སྒྲུབ་སྔགས་ཉིད་རྩེ་གཅིག་བཟླ། ཐུན་མཐར་བསང་གཏང་། དཀར་གཏོར། ཕྱེ་མར། གསེར་སྐྱེམས། འོ་ཕུད་སོགས་བཤམས་ཤིང་བསང་ནང་དུ་མཆོད་ལ། ཀྱེ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ སོགས་གཞུང་ལྟར་ནས། བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པའི་བར་གྱིས་འདོད་པའི་དོན་ལ་གསོལ་བ་བཏབ། ལྷ་རྣམས་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ལ། འདིར་ནི་རྟེན་དང་སོགས་དང་ཡེ་དྷར་བརྗོད་ལ་བརྟན་བཞུགས་དང་ཤིས་བརྗོད་བྱ། སླར་ཐུན་ལ་འཇུག་པ་ན་སེང་གདོང་མ་བསྐྱེད་ཅིང་བཟླས་པ་བྱ་བ་ནས་བསྐྱར་ལ་ཐུན་གསུམ་སོགས་གང་འགྲུབ་བྱ། དགོང་མོ་ཆོས་སྐྱོང་གཏོར་འབུལ་དང་ཚོགས་སྐོང་སོགས་ལས་བྱང་གི་རྗེས་ཆོག་རྣམས་བྱའོ། །དེ་ལྟ་བུའི་སྒྲུབ་པ་ཞག་བདུན་ནི་དུས་ཀྱི་ཚད་ཡིན་ལ། རྟགས་ནི་གཞུང་ནས་འབྱུང་བ་ལྟར་རོ། །སྒྲུབ་པ་ཐོན་ནས་གཏེར་སྦ་བའི་ཚུལ་ནི་མཐོང་བརྒྱུད་དང་གཞུང་ནས་གསལ་བས་མ་སྨྲོས་སོ།། །། ༈ གསུམ་པ་ཀླུ་བུམ་སྒེར་དུ་སྒྲུབ་ན། སྔར་སྨྲོས་པའི་རྫས་རྣམས་སྤྲ་ཚིལ་འཛོམ་ན་རབ། མེད་ན་ས་སྤྱིན་གཙང་མ་ལ་བསྲེས་པས་ཀླུ་ནོར་རྒྱས་ཡབ་ཡུམ་གཉིས་ཀྱི་གཟུགས་གསེར་མདོག་སྐུ་སྟོད་མི་ཡི་ལུས་ཞི་འཛུམ། སྐུ་སྨད་སྦྲུལ་མཇུག་འཁྱིལ་ཞིང་ཕྱག་ན་ནོར་བུ་བསྣམས་པ། ཡབ་ལ་སྦྲུལ་མགོ་བདུན་དང་ཡུམ་ལ་སྦྲུལ་མགོ་ལྔའི་གདེངས་ཀ་ཡོད་པ་སོར་བརྒྱད་པ་བཞེངས་ལ་གི་ཝཾ་ཀླུ་སྨན་བ་བྱུང་རྣམས་བྱུག །ཡབ་ཡུམ་གཉིས་ཀའི་ནང་གཞུག་མཐིང་ཤོག་ལ་གསེར་དངུལ་གྱིས། ཨོཾ་ནཱ་ག་རཱ་ཛ་བཱ་སུ་ཀཱི་མཾ་སིདྡྷི་ཧཱུྃ་ཛ༔ ནཱ་ག་རཱ་ཙ་བུདྡྷ་བྷ་ག་ཝཱན༔ ནཱ་ག་རཱ་ཛ་སརྦ་ཧེ་ལ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ག་རཱ་ཛ་སརྦ་ཨཱ་ཡུར་རཏྣ་སིདྡྷི་ཧཱུྃ༔ རཏྣ་དྷེ་ཝ་ཨཱ་ཡུར་རཏྣ་སིདྡྷི་སིདྡྷི་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛ༔ དགོན་གནས་སམ། ཡུལ་ཕྱོགས། གྲོང་ཁྱེར་རམ། ཁྱིམ་བདག་ཆེ་གེ་མོ་འདི་ལ་མི་ནོར་འབྲུ་དང་ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད་ཅིག །ཅེས་བྲིས་པ་བཅུག་པའི་ཡབ་ཡུམ་གཉིས་ཞལ་སྦྱོར་ལ་དར་སེར་པོས་དཀྲིས་པ་རྫ་བུམ་བྲེ་ཤོང་གི་དབུས་སུ་བཞག །སྡེ་དགོན་གྲགས་ཆེན། བཙན་ཕྱུག་འཕན་དར་འཛོམ་པ། བཀྲ་ཤིས་རིགས་རྒྱུད་འཕེལ་བའི་ཁང་ཞིང་ནོར་སླས་ཀྱི་ས། དེ་དག་གི་ལག་ནས་བྱུང་བའི་འབྲུ་དར་རིན་པོ་ཆེ་སོགས་དང་། ཀླུ་སྨན། བ་ར་དཀར་མོ། མོ་གསར་རིགས་བཟང་གི་ནུ་ཞོ་རིལ་བུར་བྱས་པ། འབྲུ་སྣ་དང་བཟང་ཤིང་གི་ཕྱེ་མས་བཀང་བའི་བུམ་གཏེར་བཅས་ལ་སྦྱོང་ཁྲུས་བྱ། ར་བ་བཞིའི་ཡར་ཚེས་ཀླུ་ཐེབས་ཡོད་པའི་དུས་སུ་དཀོན་མཆོག་མཆོད་པ་དང་བརྟན་མའི་མཆོད་གསོལ་སྔོན་དུ་འགྲོ་བས། བུམ་པ་ཀླུའི་ཕོ་བྲང་དུ་སྐུ་གཟུགས་ནོར་རྒྱས་ཡབ་ཡུམ་གསལ་བར་བསྐྱེད། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རྒྱ་མཚོ་ཆེན་པོ་ནས་བསྒོམ་པ་དང་འདྲ་བ་སྤྱན་དྲངས་ལ་གཉིས་མེད་དུ་བསྟིམ། ཆུ་གཉིས་ཉེར་སྤྱོད་སོགས་ཀྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་པ་ལྟ་བུས་བསྟོད། གོང་གི་སྔགས་བརྒྱ་སྟོང་བཟླས་མཐར་འདོད་གསོལ་དང་བརྟན་བཞུགས་ཤིས་བརྗོད་བྱ། འདི་ཉིད་རཏྣའི་ཕུར་པའི་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་བུམ་པ་དང་གཅིག་པར་སྣང་བས་སྒྲུབ་ཚུལ་སོགས་རྒྱས་པ་དེའི་ལག་ལེན་དུ་བྲིས་ཟིན་པ་ལྟར་གྲུབ་ན་ལེགས་པ་ཡོད་དོ། །དེ་ལྟར་སྒྲུབ་པའི་བུམ་པ་དེ་ཉིད་སྤྱིར་ས་གནད་གྲགས་ཆེན་བཀྲ་ཤིས་ཤིང་གཉན་ས་ཀུན་དང་། གཙུག་ལག་ཁང་། མཆོད་རྟེན་སོགས་ལ་སྦས་ན་བཀྲ་ཤིས་ཤིང་བསམ་དོན་མཐའ་དག་འགྲུབ། མངའ་ཐང་ལོངས་སྤྱོད་རྒྱས་པ་སོགས་ཕན་ཡོན་ཤིན་ཏུ་ཆེ། བྱེ་བྲག་རང་གི་ཁྱིམ་རྒྱས་པར་འདོད་ན་མཛོད་ཕུགས། གྲོང་ཁྱེར་རྒྱས་པར་འདོད་ན་གྲོང་ཁྱེར་དབུས། སད་སེར་བསྲུང་ན་ས་མདོ་གཉན་ས། ཆར་པ་འབེབ་པར་འདོད་ན་ཆུ་མིག་རྣམས་སུ་སྦས་པས་དོན་འགྲུབ། གནས་དགོན། གདན་ས། གྲོང་ཁྱེར། སྡེ་དཔོན། ཁྱིམ་གཞིས་སོགས་ཉམས་གུད་གསོ་བར་འདོད་ན་གནས་དེའི་ཕྱོགས་བཞི་དབུས་དང་ལྔ་ལ་སྦས་ན་ཉམས་པ་སོར་ཆུད་ཅིང་སྔར་ལས་ཀྱང་བསོད་ནམས་ལོངས་སྤྱོད་རྒྱས་པར་འགྱུར་བར་གསུངས། གནས་དགོན་གྲོང་ཁྱེར་སོགས་ཀྱི་ཆུ་མིག་ཁ་ཤར་བལྟ་ཡོད་ན་རིན་ཆེན་ཕྱེ་མ་བསྲེས་ པའི་རྫས་བུམ་ནང་ཀླུ་ཆེན་ཡབ་ཡུམ་གཟུགས་ཀྱི་སྙིང་གར་ཕུཿབྲིས་པ། སྙིང་པོ་འདོད་གསོལ་བྲིས་པ་གཞུག །ཀླུ་སྨན་གཙོས་བུམ་པའི་རྫས་རྣམས་དང་བྱང་ཚྭ་དཀར་པོ་བསླད་མེད་ཀྱིས་བཀང་། སྒྲུབ་པ་ཚུལ་བཞིན་བྱས་པ་དེ་ཆུ་མིག་ཀླུའི་ཕོ་བྲང་དུ་གསལ་ནས་སྦས་ན་ཅི་འདོད་པའི་དངོས་གྲུབ་འབྱུང་། ཆུ་མིག་ལྐུགས་པ་ལ་སྦས་ན་ཆུ་རྒྱས། ཆུ་བསྐམས་པ་དང་ཉམས་པ་རྣམས་ཀྱང་འདི་བཞིན་བྱས་ན་ཆུ་རྒྱས་ཤིང་ལེགས་ཚོགས་འཕེལ་བར་གསུངས་སོ། །དུས་ཀྱི་དབང་གིས་ཉམས་གུད་ཆེ། །ཅི་དྲག་གང་དྲག་བསམ་མནོ་མང་། །ལས་ལ་བཅོས་སུ་མེད་མོད་ཀྱང་། །རྫས་སྔགས་རྟེན་འབྲེལ་མོས་པའི་མཐུ། །བསམ་མི་ཁྱབ་པར་གསུངས་དེའི་ཕྱིར། །བསླུ་མེད་བཀའ་ལ་ཡིད་ཆེས་པས། །བྱ་སླ་དོན་ཆེ་འདི་ཙམ་ཡང་། །འབད་ན་ཅི་མ་རུང་སྙམས་བྲིས། །དགེ་ལེགས་བདུད་རྩིའི་ཀླུང་རྒྱུན་གྱིས། །རྒྱལ་ཁམས་སྐྱེ་དགུ་མ་ལུས་པ། །རྒུད་པའི་གདུང་བ་ཀུན་བསལ་ནས། །བདེ་སྐྱིད་ལང་ཚོ་དར་བར་ཤོག །ཅེས་གཏེར་གཞུང་ཉིད་ལག་ཏུ་བླངས་བདེ་བའི་གསལ་བྱེད་དང་། བུམ་གཏེར་སྒྲུབ་པ་པོ་ཕལ་ཆེར་གྱིས་རྣམ་དབྱེ་མ་ཕྱེད་པའི་གཟུ་ལུམ་དང་སླ་ཆོས་ཁོ་ནས་གཞན་མགོ་བསྐོར་བྱེད་ཙམ་དུ་མཐོང་ནས་ཅུང་ཟད་ཕན་པར་རེ་བའི་ལྷག་བློས་དྲངས་ཏེ་བློ་གྲོས་མཐའ་ཡས་ཀྱིས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེར་བགྱིས་པ་དགེ་ལེགས་འཕེལ།། །།
འབྱུང་སྐོང་གི་ལས་བྱེ་བྲག་པའི་འདོད་གསོལ (Volume 34, Text 55)
འབྱུང་ལྔའི་སྐོང་བའི་ལས་བྱེ་བྲག་པ་རྣམས་ལ་འདོད་གསོལ་རྒྱས་པར་བྱ་བར་སྤྲོ་ན། ཆུ་སྐོང་ལས། ཡམས་རིམས་ཞི་བར། ལྷ་སྲིན་མ་མོའི་ཁ་རླངས་སོགས་ཕྱི་ནང་འབྱུང་འཁྲུགས་ཀྱི་ཡམས་དང་རིམས་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དུས་འཁྲུགས་ཞི་བར། ཀླ་ཀློའི་འཚུབ་འགྱུར་སོགས་སྐལ་ངན་དུས་ཀྱི་འཁྲུགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་སྤེལ་བར། བདག་ཅག་རྣལ་འབྱོར་པའི་ཚེ་མི་མཉམ་ཤིང་གོང་ནས་གོང་དུ་འཕེལ་བ་དང་ཚེ་སྲོག་རྡོ་རྗེ་ལྟར་སྲ་ཞིང་བརྟན་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། ཡེ་ཤེས་རྒྱས་འདོད། བདག་ཅག་རྣལ་འབྱོར་པའི་ཉམས་རྟོགས་བདེ་སྟོང་གི་ཡེ་ཤེས་ཆེན་པོ་པུཥྚིཾ་ཀུ་རུ་ཨོཾ། ༈ ས་སྐོང་ལས། ཚེ་བསྲིང་བར། བདག་ཅག་རྣལ་འབྱོར་པའི་ཚེ་མི་མཉམ་ཤིང་གོང་ནས་གོང་དུ་འཕེལ་བ་དང་ཚེ་སྲོག་རྡོ་རྗེ་ལྟར་སྲ་ཞིང་བརྟན་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། དགེ་འདུན་སོགས་དབང་སྡུད། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་ཆེན་པོ་སོགས་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྗེ་བློན་བཙུན་མོ་མངའ་འབངས་སྡེ་རིས། ཟས་ནོར་ལོངས་སྤྱོད་དཔལ་འབྱོར་མངའ་ཐང་སྟོབས་རྩལ་གཟི་བརྗིད་ཐམས་ཅད་རང་དབང་མེད་པར་བདག་སྒྲུབ་པ་པོར་མོས་པ་རྣམ་བཞིའི་ཚུལ་དུ་མ་མ་ཝཱ་ཤཾ་ཀུ་རུ་ཧོཿ དགྲ་བགེགས་ཚར་གཅོད། བསྟན་དང་འགྲོ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་ཕཊ། མཆོག་གི་དོན། རྣལ་འབྱོར་པ་བདག་གིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་ཤིང་། ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ཏེ་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག་མ་ཧཱ་ཛྙཱ་ན་རཏྣ་སིདྡྷི་ཕ་ལ་ཧོཿ ༈ མེ་སྐོང་ལས། བགེགས་ཞི་བར། སྟོང་ཕྲག་བརྒྱད་ཅུའི་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱིས་བདག་འཁོར་དང་བཅས་པ་ལ་སྡང་བ་དང་སྡང་བའི་སེམས་དང་། གདུག་པ་དང་གདུག་པའི་སེམས་དང་། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་ལས་གྱུར་པའི་གནོད་ཅིང་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཞི་བར། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་སྔོན་ལས་འཕྲལ་རྐྱེན་གྱི་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚེ་རྒྱས་པར། བདག་ཅག་རྣལ་འབྱོར་པའི་ཚེ་མི་མཉམ་ཤིང་གོང་ནས་གོང་དུ་འཕེལ་བ་དང་ཚེ་སྲོག་རྡོ་རྗེ་ལྟར་སྲ་ཞིང་བརྟན་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། བསོད་ནམས་རྒྱས་པར། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཟག་བཅས་དང་ཟག་མེད་ཀྱི་བསོད་ནམས་དགེ་ཚོགས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཡེ་ཤེས་དབང་སྡུད། གང་དག་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་རྩ་གསུམ་ཆོས་སྲུང་རྒྱ་མཚོ་མ་ལུས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕུན་སུམ་ཚོགས་པ་ཐམས་ཅད་མ་མ་ཝཱ་ཤཾ་ཀུ་རུ་ཧོཿ འཇིག་རྟེན་དབང་སྡུད། འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྗེ་བློན་བཙུན་མོ་མངའ་འབངས་སྡེ་རིས། ཟས་ནོར་ལོངས་སྤྱོད་དཔལ་འབྱོར་མངའ་ཐང་སྟོབས་རྩལ་གཟི་བརྗིད་ཐམས་ཅད་རང་དབང་མེད་པར་བདག་སྒྲུབ་པ་པོར་མོས་པ་རྣམ་བཞིའི་ཚུལ་དུ་ཝཱ་ཤཾ་ཀུ་རུ་ཧོཿ དགྲ་ཚར་གཅོད་པར། བསྒྲལ་བའི་ཞིང་བཅུ་ཚང་ཞིང་ཉམས་པ་བདུན་དང་ལྡན་པའི་དགྲ་བོ་བྱད་མ་ཐམས་ཅད་མཱ་ར་ཡ་རྦད་ཕཊ། བགེགས་ཚར་གཅོད་པར། བསྟན་དང་བསྟན་འཛིན་ཡོངས་ལ་སྐབས་བལྟ་ཞིང་གླགས་ཚོལ་བ། རྣལ་འབྱོར་པ་བདག་གི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པའི་ནག་ཕྱོགས་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཨུ་ཙཊྚ་ཡ་མཱ་ར་ཡ་ཕཊ། མཆོག་གྲུབ་ཆེད། རྣལ་འབྱོར་པ་བདག་གིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་ཤིང་། ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ཏེ་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག། ༈ མར་མེའི་སྐབས་ལ་འདི་སྦྱར་ཤེས་དགོས།་་་རྣལ་འབྱོར་པ་བདག་གིས་གནས་ལུགས་ཕྱག་རྒྱ་ཆེན་པོ་མཆོག་གི་དགོངས་པ་ཟབ་མོ་མངོན་དུ་འགྱུར་བ་དང་། དེའི་བྱིན་རླབས་ཀྱིས། ཞེས་པ་ཡན་ཆོད་མར་མེའི་མཆོག་གི་སྐོང་བའི་སྐབས། ལས་བྱེ་བྲག་པ་ལྔ་ཡི་འདོད་གསོལ་ཐམས་ཅད་ཀྱི་དབུར་སྦྱར། རླུང་སྐོང་སྐབས་ལ་མི་དགོས། ༼སྤོས་དང་མར་མེ་གཉིས་ཀ་ལ། ཞི་བ་ཤར་ལ། བདག་ཅག་གི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་མ་དང་མཁའ་འགྲོའི་བཀའ་ཆད་ལ་སོགས་ཏེ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལྷོ་ལ། བདག་ཅག་གི་ཚེ་བསོད་དཔལ་འབྱོར་སྟོབས་རྩལ་གཟི་བྱིན་ཉམས་རྟོགས་ཏིང་འཛིན་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དབང་ནུབ་ལ། འཁོར་བ་དང་མྱ་ངན་ལས་འདས་པའི་སྣོད་བཅུད་ཀྱི་དགེ་མཚན་ཡིད་དུ་འོང་བའི་དངོས་པོ་མ་ལུས་པ་ཐམས་ཅད་བདག་ལ་མོས་པ་རྣམ་བཞིའི་ཚུལ་དུ་ཝཱ་ཤཾ་ཀུ་རུ་ཧོཿ དྲག་པོ་བྱང་ལ། བསྟན་དང་འགྲོ་ལ་འཚེ་བའི་འབྱུང་པོ་མི་དང་མི་མིན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ཕཊ། ༈ རླུང་སྐོང་གི་མཆོག་ལ། བདག་ཅག་གིས་གནས་ལུགས་ཕྱག་རྒྱ་ཆེན་པོ་མཆོག་གི་དགོངས་པ་ཟབ་མོ་མངོན་དུ་འགྱུར་བ་དང་། ཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་བར་གྱུར་ཅིག །མ་ཧཱ་སིདྡྷི་ས་མ་ཡ་ཧོཿ ༈ མར་མེའི་མཆོག་གི་དབུས་ལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆེན་པོ་མ་ནོར་བ་སྟོན་ཅིང་རྒྱས་པར་བྱེད་པའི་ལས་ཀྱི་ནུས་མཐུ་ཕུན་སུམ་ཚོགས་པ་ལ་མངའ་དབང་འབྱོར་བར་གྱུར་ཅིག །མ་ཧཱ་ཛྙཱ་ན་སརྦ་ཀརྨ་ཀུ་རུ་ཧོཿ ༈ མར་མེའི་མཆོག་གི་ལས་བཞི་ནི་གོང་ལྟར་རམ། ཡང་ན་དུག་ལྔའི་རྣམ་རྟོག་ཞི་བ། རིག་རྩལ་ཡེ་ཤེས་རྒྱས་པ། རླུང་སེམས་དབང་དུ་འདུ་བ། མ་རིག་བདག་འཛིན་ཚར་གཅོད་པ། གཟུང་འཛིན་ཆ་དང་བཅས་པ་དབྱིངས་སུ་སངས་ཤིང་། ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་སོགས་ཀྱི་སྒོ་ནས་བཞག་ཀྱང་ཆོག་གསུངས། །ལས་རབ་གླིང་པས་གཏེར་ཆེན་བླ་མའི་གསུང་ཉམས་མེད་དུ་བྲིས་པའོ། །མངྒ་ལཾ།། །།སླར་ཡང་མཆོད་སྐོང་གཞུང་དང་བསྟུན་ནས་སྦྱོར་བདེའི་ཡིག་ཆུང་དང་། དཀྱུས་ལྟར་མ་ཚང་བ་འགའ་ཤས་གོང་འོག་རྡོ་རྗེའི་གསུང་དོན་མཐུན་གསོལ་འོས་ཁོ་ན་བསྡེབས་ཏེ་རང་འདྲའི་བློ་དམན་འཇུག་བདེར་བྱས་པ་ཙམ་ལ་ནོངས་ན་ཞུ་དག་པ་པད་བཀོད་སྒམ་སྤྲུལ་པས་སྙིང་ནས་བཤགས་སོ།།
བླ་མ་དྲག་པོའི་ལས་ཚོགས་ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་ (Volume 44, Text 55)
<!TCC Tibetan character 3,182 undefined in unicode!>༔ བླ་མ་དྲག་པོའི་ལས་ཚོགས་ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་བཞུགས་སོ༔ ྈྈྈྈྈྈ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྲ་མེན་རྒྱ་མཚོའི་རྒྱུད་ནས་བཏུས༔ དུས་ཀྱི་ཐ་མར་གྱུར་པ་ན༔ སྔགས་ནག་ཞེ་སྡང་སྣ་ཚོགས་ཀྱིས༔ གཉིས་ཕུང་སྦྱོར་བའི་དུས་བྱུང་ཚེ༔ མན་ངག་གནད་ཀྱི་སྦྱོར་བ་བསྟན༔ ཉེས་པ་ཀུན་སྒྲོལ་འདི་ལ་གཉིས་ཏེ༔ ངན་སྦྱོར་བྱུང་བའི་རྟགས་དང༔ གྲོལ་བའི་ཐབས་ལས༔ དང་པོ་ལུས་ངག་ཡིད་གསུམ་མནན་པ་དང༔ བཅིངས་པའི་རྟགས་ནི༔ ལུས་གཅུ༔ སྒྱིད་སྐྱུར༔ དཔའ་ཆག༔ ཉལ་སྙིང་འདོད༔ ཟུངས་ཟད༔ མིག་འགྲིབ༔ ངག་དིག༔ ལྕེ་མི་བདེ༔ རྣ་བ་འགག༔ སྒྲ་མི་འགྱུར༔ སོ་ན༔ རྩེ་ཆུང་སྐྲངས༔ གདོང་ལྦོས༔ བཟླས་པ་བྱེད་སྙིང་མི་འདོད༔ རིག་པ་མྱོས༔ ཏིང་འཛིན་མི་གསལ༔ སྙིང་མི་དགའ༔ ཚིག་པ་ཟ༔ འཁོར་ལ་རྒོལ༔ རྨི་ལམ་དུ་རི་རོང་དོག་པོ༔ ས་འོག༔ ཕུག་པ༔ རྫིང༔ ཁྲོན་པ་ལ་སོགས་ཞུགས་པ༔ ལམ་མདོར་ཉལ་བ༔ རི་ཕུག་དོག་པོར་མི་ཤོང་བཞིན་དུ་འཛུལ་བ༔ སྒོ་ཐེམ་ཕྱིར་བྲོས་པས་མི་ཐར་བ༔ མཛེ་ཅན་དང་དམེ་ཕོ་ཤི་བའི་ཁྱིམ་དུ་ཕྱིན་པ༔ མི་གཙང་བའི་ཟས་ལ་སྤྱོད་པར་རྨི༔ སྣོད་ངན་ཐོད་པར་གཏད་བཅུག་ན་ཁང་སྟོང་སྒོ་མེད་དུ་ཞུགས་པ༔ རུ་བར་བཅུག་ན་རི་རོང་དོག་པོ༔ ཚོན་སྐུད་ཀྱིས་བཅིངས་ན་འཇས་བསྐོར་བ༔ ལྭ་བས་བཏུམས་ན་གོས་མི་གཙང་བ་གྱོན་པ༔ དམེ་རྫས་བྱུགས་ན་མི་གཙང་བའི་འདམ་རྫབ་ཀྱིས་གོས་པ་རྨི༔ <!TCC Tibetan character 4,35 undefined in unicode!> རང་གི་ནུས་པ་ཉམས་པའི་རྟགས་སུ༔ མེ་སྤུར་བ་མི་ཕེར་བ༔ རྔ་དུང་རོལ་མོ་ལ་སྒྲ་མེད་པ༔ རྔ་དང་ཌཱ་དྲིལ་གས་ཆག་པ༔ གྲི་མཚོན་རྩེ་ཆག་པ༔ རྟུལ་པ་མདའ་མདེལ་མེད་པ༔ རྩང་ཕུར་དབལ་མེད་པ༔ མདའ་རྡོ་འཕེན་པར་ཤེད་མེད་པ༔ ཁུས་ཀུས་བཏབ་པས་ར་མདའ་རོགས་མེད་ཅིང་ཅི་བྱས་མ་འགྲུབ་པ་རྨིས་པའོ༔ མྱུར་དུ་རེངས་ཀྱང་རྐང་པ་འཁྲིས་པའོ༔ གན་རྐྱལ་ཉལ་ནས་ལང་མི་ཐུབ་པ་ལ་སོགས་པ་རྨིའོ༔ <!TCC Tibetan character 3,182 undefined in unicode!>༔ གཏད་ཁྲོམ་དུ་བཅུག་པའི་རྟགས་ལ༔ མཚོ་རྫིང་ཆུ་མིག་ཏུ་ཞུགས་པ༔ སྤྲིན་གྱིས་བསྒྲིབས་པ༔ མུན་པ་འཐིབས་པ༔ ཉ་སྦལ་ལུས་ལ་འབྱར་བ༔ ཕྱིར་འབྲང་བ༔ ཆུ་གྱེན་ལ་ལོག་པ་ལ་སོགས་རྨིའོ༔ ཕུང་སེལ་ཚུད་ན་ཁང་པའི་བྱང་ཕྱོགས་དམའ་བ༔ ས་གཡོ་བ༔ གྱང་ཁང་འགུལ་བ༔ བྱིས་པ་སྤྲང་པོའི་དམག་ཁྱིམ་དུ་ཞུགས་པ༔ སྒོ་སྤྲ་ནག་པ༔ བྲོ་ཤོན་པས་སློང་བྱེད་པ༔ སྤྲེའུ་ཁྲིད་དུ་འོང་བ༔ མི་ཁའི་རྫས་ཁྱིམ་དུ་ཡོད་པ༔ ཚྭ་ཕུང་བལ་གྱིས་གང་བ༔ ཤ་རུལ་འབུས་གང་བ༔ ཞིང་ལུད་བསྐྱེད་པ༔ བྲ་བོ༔ སྒོག་ཙོང་གིས་ཁྱིམ་གང་བ༔ ཁྱི་སྤྱང་བོང་བུ་སྒོར་འཚང་བ་རྨིས༔ རང་གི་ལུས་ངག་ཡིད་གསུམ་ལ་ཐེ་ཚོམ་དང་ངན་རྟོག་མང་པོ་འབྱུང་ངོ༔ <!TCC Tibetan character 4,35 undefined in unicode!> གཉིས་པ་སྦྱོར་བ་ངན་པ་དེ་དག་འགྲོལ་བའི་ཐབས་ནི༔ ས་ནག་ལ་གྲུ་གསུམ་བྲིས་ལ༔ དེའི་སྟེང་དུ་གྲུ་གསུམ་བརྩེགས་པའི་ཙནྡན་ནམ་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལ༔ རང་གི་ལུས་སྔོན་དམར་གྱི་སྐུད་པས་དཀྲིས་ལ༔ གྲིས་གཏུབ་ཅིང་མེ་ལ་བསྲེག༔ རང་གཅེར་བུ་བྱས་ལ་མེ་ལ་བསྒང༔ བདག་གི་ལུས་ངག་ཡིད་གསུམ་ཕ་རོལ་གྱིས་མནན་པ་དང༔ བཅིངས་པ༔ གཏད་སེལ་དུ་བཅུག་པ་ཐམས་ཅད་ཁྲོལ་ཅིག༔ ཅེས་བརྗོད༔ སྐུ་གསུང་ཐུགས་ཀྱི་སྔགས་བཟླའོ༔ སླ་ངའི་ནང་དུ༔ རིན་པོ་ཆེ་རྣམས་བདར་བའི་ཕྱེ་ལ༔ བྱ་རོག་འུག་པའི་སྒྲོ་གཞོབ་གཞུག༔ འོག་ནས་མེ་སྦར༔ སྒྲོ་གཞོབ་དང་རིན་པོ་ཆེ་བདར་བའི་ཆུས་བྲན༔ དེ་ལ་གྲོལ་སྔགས་བརྒྱ་རྩ་བརྒྱད་བཏབ་ལ༔ ལུས་ངག་ཁྲུས་བྱས༔ གོང་ལྟར་ཁྲོལ་ཅེས་བྱའོ༔ དེ་ནས་ལུས་མ་སོས་བར་དུ་སྔགས་རྒྱུན་དུ་བཟླའོ༔ དུས་བཞིར་ཉི་ཤུ་རེ་བཟླས་ཁྲུས་བྱ༔ ཡི་དམ་ལ་གསོལ་བ་གདབ༔ མཁའ་འགྲོ་ལ་ཚོགས༔ སྲུང་མ་ལ་སྐོང་བཤགས་འབད་དོ༔ འདི་ལྟར་འབད་ན་ཉེས་པ་ཅི་ལྟ་བུ་ཡང་འཁྲོལ་བར་འགྱུར་རོ༔ སྔགས་ལ་སྐུའི་སྔགས་ནི༔ ཨོཾ་ཀཱ་ཡ་ཀྵ་ཡ༔ བཛྲ་ཙྪིནྡྷ་ཙྪིནྡྷ་ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ མོ་ཧཱ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ ཡ་ཟློག་བྷྱོ༔ <!TCC Tibetan character 4,35 undefined in unicode!> གསུང་གི་སྔགས་ནི༔ ཨོཾ་བཱ་ཀ་ཀྵ་ཡ༔ བཛྲ་ཙྪིནྡྷ་ཙྪིནྡྷ་ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ མོ་ཧཱ་ཡ་བྱེར༔ ཛཾ་བྷཱ་ཡ་བྱེར༔ ཡ་ཟློག་བྷྱོ༔ <!TCC Tibetan character 4,35 undefined in unicode!> ཐུགས་ཀྱི་སྔགས་ནི༔ ཨོཾ་ཙིཏྟ་ཀྵ་ཡ༔ བཛྲ་ཙྪིནྡྷ་ཙྪིནྡྷ་ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ མོ་ཧཱ་ཡ་བྱེར༔ ཛཾ་བྷཱ་ཡ་བྱེར༔ ཡ་ཟློག་བྷྱོ༔ རྒྱུན་དུ་སྤོས་ཆུ༔ ཚན་ཆུ༔ མཁན་པ༔ ཙནྡན་ཆུ་ལ་གདབ༔ རང་གཞན་གང་དགོས་ཁྲུས་ལ་འབད་དོ༔ དེས་ལུས་ངག་ཡིད་གསུམ་གྱི་ཉེས་པ་གྲོལ་བར་འགྱུར་རོ༔ གཤིན་རྗེ་ནག་པོའི་སྦྱོར་བ་ཡང་འཇིག་ན༔ བན་དགྲ་ལ་སྨྲོས་ཅི་དགོས༔ ྈྈྈ <!TCC Tibetan character 3,182 undefined in unicode!>༔ ད་ནི་གཏད་ཀྱི་ཉེས་པ་ཁྲོལ་བ་ནི༔ ཀླུ་གཉན་གནས་ནས་འབྲོས་པའི་ཐབས་ནི༔ བདག་ཉིད་ཀླུ་བདུད་མགོ་དགུ་པ༔ གཡས་སྦྲུལ་ཞགས་དང༔ གཡོན་ནད་རྐྱལ་ཐོགས་པ་བསྒོམ༔ ཨོཾ་ཕེ་ལཾ་ཧཱུྃ༔ འབྲུ་གསུམ་བཟླས་པས༔ ཀླུ་ཐུལ་བའི་རྟགས་རྣམས་འབྱུང༔ དེས་མ་གྲོལ་ན༔ བདག་ཉིད་ཀླུ་བདུད་མགོ་དགུ་པ༔ ནག་པོ་ལྕགས་མདོག་ཅན༔ ཕྱག་གཡས་བརྒྱ་ནི་གྲི་གུག༔ གཡོན་བརྒྱ་ནི་སྦྲུལ་ཞགས༔ སྦྲུལ་ཞགས་ནག་པོས་མགོ་ལུས་བརྒྱན་པ༔ ཞལ་ནས་ཨིྑླའི་སྒྲ་སྒྲོག་པ༔ སྦྲུལ་ནག་གི་རལ་པ་སྤྲུགས་པ༔ སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ་བ༔ སྐུ་སྨད་སྦྲུལ་མཇུག་འཁྱིལ་པར་བསྒོམས་ལ༔ ཨོཾ་ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཕེ་ལཾ་ཧཱུྃ༔ ཞེས་བཟླས་པས༔ རྟགས་སུ་རྒྱ་མཚོ་སྐམ་པ་དང༔ ཉ་སྦྲུལ་སྦལ་སྲམ་བསད་པ་དང༔ ཟོས་པ༔ བ་དམར་གླང་དམར་བརྡབ་པ༔ བསད་པ་མང་དུ་འབྱུང་ངོ༔ དེ་ཚེ་རང་ཉིད་ཉེས་པ་ལས་གྲོལ་བར་འགྱུར་རོ༔ <!TCC Tibetan character 4,35 undefined in unicode!> ྈྈྈྈྈ ཡང་རང་ལ་ངན་སྦྱོར་ཕུང་སེལ་གྱི་རིགས་བྱུང་ན༔ བདག་ཧཱུྃ་མཐིང་ནག་ལས་སྟོབས་ལྡན་ནག་པོ་ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམས་ཤིང་འཇིགས་པ༔ རལ་པ་ཁམ་ནག་གྱེན་དུ་བརྫེས་པ༔ མིག་བསྒྲད་པ༔ ཞལ་གདངས༔ མཆེ་བ་གཙིགས་པ༔ བ་སྤུ་གྱེན་དུ་ལངས་པ༔ ཕྱག་གཡས་དབྱུག་ཏོ་ཕྱར་ཏེ་ཀླད་ལ་བསྐོར་བ༔ གཡོན་སྡིགས་མཛུབ་བགེགས་ལ་གཟིར་བ༔ མེ་དཔུང་འབར་བའི་ཀློང་ནས༔ ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ཙམ་ལྡི་རི་རི་སྒྲོག་པར་བསྒོམ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཾ་ཤཾ་ཏྲི་ཙིཏྟ་རྦད་ནན་ཤ་ཏྲཱུཾ་མཱ་ར་ཡ་རྦད་རྦད༔ ཅེས་དུས་བཞིར་བཟླས་ཏེ༔ ཉུངས་དཀར་ནག་ལ་སྔགས་ཏེ༔ ཁྱིམ་ནང་ཐམས་ཅད་བྲབ་བོ༔ འགོང་པོའི་ལིངྒ་བྲིས་ནས༔ བྲུབ་ཁུང་དུ་བཅུག་ལ༔ སྲོད་ལ་འགུགས་འདྲེན་ཛ་བརྡུང་བྱའོ༔ ལིངྒ་བང་རྐང་གཞུག་ལ་ཆུ་བོའི་གཞུང་ལ་བསྐྱུར་བར་བྱའོ༔ ཁང་པའི་བང་སྒོ་ཐད༔ སྒོའི་གླད་ནོན༔ ཐེམ་འོག་མཛོད་ཕུག་ལ་སོགས་དྭོགས་པའི་ས་རྣམས་སུ་ལེགས་པ་བཙལ་ལོ༔ སེལ་རྫས་རྙེད་ན་མིང་བསྒྱུར་ལ༔ དགྲ་ཡི་ཁང་རྨང་རྩིག་རྨང་དུ་མནན༔ འགོང་པོ་ཁ་བསྒྱུར༔ སྐྱས་འདེབས་ཆོ་ག་བྱའོ༔ དེ་ནི་མྱུར་ཏེ་དགྲ་ཁོ་རང་ཕུང་བར་འགྱུར་རོ༔ རང་གཤེད་དུ་དབབ་པའོ༔ འདིའི་ཕུང་སེལ་འགོང་པོའི་སེལ༔ ཧལ་ཁྱི་ལྟོ་འཕྱེ༔ གནམ་ཁྱི་ཐེ་སེ༔ ཐེ་ཁྱིམ་སྤར་ཁ༔ ལོ་ཁྱིམ་ལ་སོགས༔ གང་ཡང་འཇོམས་ཤིང་བཟློག་སྟེ༔ ཡང་ཟབ་གནད་ཀྱི་མན་ངག༔ གསང་བའི་ཡང་གསང་འདི་ཁོ་ནའོ༔ ཤིན་ཏུ་ཟབ་ཕྱིར་ཐུགས་སྒྲུབ་དྲག་པོའི་ལས་ཚོགས་སུ་མཁར་ཆུ་དཔལ་གྱི་ཕུག་རིང་བྲག་ལ་སྦས་སོ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ྈྈྈྈྈྈ སྤྲུལ་སྐུ་རཏྣ་གླིང་པས་བྱི་བའི་ལོ་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ༔ <!TCC Tibetan character 3,182 undefined in unicode!>༔ འཛུལ་ཆོག་རྡོ་རྗེའི་གོ་ཆ་བཞུགས་པའི་དབུ་ཕྱོགས་ལགས་སོ༔ ྈྈྈྈྈ དམར་ནག་མེ་ཕྲེང་ཅན་ལ་ཕྱག་འཚལ་ལོ༔ ཉེས་པ་གྲོལ་བྱེད་ཀྱི་མན་ངག་འཛུལ་ཆོག་རྡོ་རྗེའི་གོ་ཆ་ནི༔ འདིའི་ལོ་རྒྱུས་ནི༔ མཁའ་འགྲོ་མ་རྡོ་རྗེ་གོ་ཆས༔ གསང་བའི་བདག་པོ་ལ་ཞུས་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ༔ གཡུའི་མཆོད་རྟེན་སྔོན་པོའི་བང་རིམ་གོང་མ་ལ་སྦས༔ མཆོད་རྟེན་དབུས་ནས་སློབ་དཔོན་ཁྲག་འཐུང་ནག་པོས་གཏེར་ནས་ཕྱུངས༔ ཨོ་རྒྱན་ཆེན་པོ་བོད་དུ་བྱོན་ཁར་སྐྱེས་སུ་ཕུལ་ལོ༔ གཞན་ཡང་ཕྲིན་ལས་རྒྱ་མཚོ་ལ་སོགས༔ གུ་རུ་ལ་ཕུལ་ནས་བོད་དུ་བྱོན༔ མངའ་བདག་རྒྱལ་པོ་ལ་གདམས༔ དུས་ཕྱི་མ་མ་འོངས་པའི་དུས༔ སྔགས་ནག་སྦྱོར་བས་རང་གཞན་ཐམས་ཅད་ཕུང་བ་འབྱུང་བས༔ མ་འོངས་པའི་དོན་ལ་དགོངས་ནས༔ བླ་མ་དྲག་པོའི་གཏེར་དུ་ཐེམ་ཡིག་མེད་པར་སྦས་སོ༔ འདིའི་མན་ངག་བསྟན་པ་ལ་བཞི་སྟེ༔ བྲི་བའི་དུས་ཚོད༔ སྣག་ཚས་ཙཀྲ་བྲི་བ་དང༔ སྔགས་རྒོད་ལག་ལེན་བྱ་བའོ༔ དང་པོ་སྐར་མ་རྒྱལ་དང༔ གཟའ་ཕུར་བུ་དར་བ་དང༔ ཡང་ན་འགྲུབ་པའི་གཟའ་སྐར་བཟང་པོ་ལ༔ ཉི་མ་ཤར་རིའི་རྩེར་བྱུང་དུས༔ ཁ་ལག་བཀྲུས་ཏེ༔ གིའུ་ཝཾ་ཙནྡན་དཀར་དམར༔ རྒྱ་ཚོས་ཁུ་བར་སྦྱར་ཏེ་བྲི༔ ཤོག་བུའམ༔ རས་གཙང་མ་ལ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཞི་པ༔ ལྟེ་བ་ལ༔ ཨོཾ་ཧྲཱིཿབཛྲ་བུདྡྷ་དྷརྨ་སཾ་གྷ་ཀཱིརྟི་སརྦ་ཀརྨ༔ བདག་གི་ལུས་ངག་ཡིད་གསུམ་གཞན་གྱིས་བྱད་དུ་བཅུག་པ་དང༔ བཅིངས་པ་དང༔ ནུས་པ་བཤིག་པ༔ རྦོད་གཏོང་ངན་སྦྱོར་བྱས་པ་ཐམས་ཅད་གྲོལ་བར་གྱུར་ཅིག༔ ཅེས་བྲིའོ༔ དེའི་ཕྱི་ཡི་མུ་ཁྱུད་ལ༔ ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ༔ ཤེས་པ་རིན་ཏ་ཧོ༔ ཧཱི་བི་ཏི༔ ས་མ་ཡ༔ དུར་ཤེ་པྲེ་ཏ་བྷྱཿབ་ལོ་ཀི་ཏི་སྭཱ་ཧཱ༔ ཞེས་པ་བྲི༔ རྩིབས་བརྒྱད་ལ༔ ཨོཾ་བཛྲ་བྷནྡྷ་ཡ་ཧཱུྃ་ཧཱུྃ་ཕཊ༔ འབྲུ་རེ་རེ་བྲི༔ རྩིབས་མཆན་ལ༔ ཧཱུྃ་བརྒྱད་བྲི༔ ཕྱིའི་མུ་ཁྱུད་ལ༔ ཨཱ་དི་ཀཱ་དི་ལྔ་བཅུ་ཚང་མ་བྲི༔ ཟུར་བཞི་ལ་རྡོ་རྗེའི་རྭ་དང༔ ཕྱི་ལ་མེ་རི་གཡས་སྐོར་དུ་བྲི༔ དེ་ལྟར་བྲིས་ནས་རབ་གནས་བྱ་བ་ནི༔ འཁོར་ལོ་ལ་དྲི་བཟང་ཆུས་མེ་ལོང་ལ་ཁྲུས་བྱས༔ གུ་གུལ་བདུག༔ རཏྣའི་སྣོད་དུ༔ འབྲུའི་གདན་ལ་གཞུག༔ རང་ཉིད་བླ་མ་ཡི་དམ་གསལ་བར་བསྒོམ༔ སྭ་བྷཱ་བས་སྟོང་པར་སྦྱངས༔ འཁོར་ལོ་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཡི་དམ་གང་མོས་པའམ༔ ཁྲོ་བོ་རྟ་མགྲིན་དྲག་པོ་མེ་ཕྲེང་ཅན་བསྒོམ༔ དེ་ལ་ཡེ་ཤེས་ཀྱི་ལྷ་ཐམས་ཅད་འཁོར་ལོར་གྱུར་པ་ལ་ཡང་བསྟིམ༔ ལས་བྱང་གིས་མཆོད་བསྟོད་བྱ༔ ཡི་དམ་ཁྲོ་བོའི་བསྙེན་པ་བརྒྱ་རྩ་སོགས་གང་འགྲུབ་བྱ༔ དབང་བསྐུར་བྱིན་བརླབས་མངའ་གསོལ༔ མེ་ཏོག་དཀར་པོ་རྟེན་འབྲེལ་སྙིང་པོ་བརྒྱད་ཀྱིས་རབ་གནས་བྱའོ༔ འཆང་བའི་མིང་རུས་དང་བཅས༔ ཙཀྲའི་དབུས་སུ་བསྟིམ༔ ནུས་མཐུ་བསམ་གྱིས་མི་ཁྱབ་པར་མོས་པར་བྱའོ༔ <!TCC Tibetan character 4,35 undefined in unicode!> བཞི་པ་ལག་ལེན་ནི༔ འཁོར་ལོ་དེ་རང་གནས་པའི་ནམ་མཁའ་འམ༔ མལ་གྱི་སྟེང་དུ༔ ཡིག་འབྲུ་རྣམས་རང་ལ་བལྟ་བར་བཏགས་ཏེ༔ རང་ཉིད་དེ་འོག་ཏུ་གནས་པར་བྱའོ༔ འདིའི་ཡོན་ཏན་དཔག་ཏུ་མེད་དེ༔ འོག་ཏུ་གནས་སམ༔ འཛུལ་བར་གྱུར་པ་ཐམས་ཅད་ལ༔ རིག་སྔགས་གཟུངས་སྔགས་ནུས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་རོ༔ ཐམས་ཅད་ལ་ཐོགས་པ་མེད་པར་ནུས་པ་དང་ལྡན་པར་འགྱུར་རོ༔ དེ་ལ་རེག་པ༔ འོག་ཏུ་འཛུལ་བ་ཐམས་ཅད་བསོད་ནམས་དང་ནུས་པ་མཆོག་ཏུ་བྱེད་པའོ༔ ནུས་པ་བཤིག་པ་ཐམས་ཅད་སོར་ཆུད་པར་འགྱུར༔ ཕ་རོལ་གྱིས་བདག་ལ་སྦྱོར་བ་ངན་པ་ཅི་བྱས་པ༔ ལུས་ངག་ཡིད་གསུམ་ནུས་པ་བཅིངས་པ་དང༔ མནན་པ་དང༔ བསད་པའི་ལས་སྦྱོར་གང་བྱས་པ༔ ཕྲ་མེན་གྱི་གཏད་ཁྲོམ་རླུང་འཁོར་རྦོད་གཏོང༔ བྱད་ཟོར་ཕུང་བཤིག༔ མདོར་ན་གང་བྱས་པ་ཐམས་ཅད༔ ཟླ་བ་གཟའ་ལས་གྲོལ་བ་ལྟར་འགྱུར་རོ༔ བྱང་བ་དང༔ དག་པ་དང༔ ཐར་བར་འགྱུར་རོ༔ སྐྱེ་བ་གསུམ་གྱི་ལུས་ངག་གི་ཉེས་པ་དང༔ སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་རོ༔ འདི་ནི་མཁའ་འགྲོ་མའི་སྙིང་ཏིག་གོ༔ ཟབ་ཅིང་རྒྱས་བཏབ་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ྈྈྈྈ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ། །བྷ་ཝནྟུ།། །།
བཟློག་པའི་ཕྲིན་ལས་བཅོལ་བ་རྒྱས་པ་ (Volume 45, Text 55)
བཟློག་པའི་ཕྲིན་ལས་བཅོལ་བ་རྒྱས་པར་འདོད་ན། ལིང་རོ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་འབུལ་ཞིང་། ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་གཞལ་ཡས་ནས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ རཀྴ་ཐོད་ཕྲེང་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་ཚངས་པའི་གདན་སྟེང་ནས༔ ཧཱུྃ་ཆེན་ཀཱ་ར་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས་འགྲེ། ཧཱུྃ་བྷྱོ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་ནས༔ རྣམ་པར་རྒྱལ་བ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ ཤར་ལྷོ་མེ་ལྷའི་གདན་སྟེང་ནས༔ དབྱུག་པ་སྔོན་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་ནས༔ གཤིན་རྗེའི་གཤེད་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ ལྷོ་ནུབ་སྲིན་པོའི་གདན་སྟེང་ནས༔ མི་གཡོ་མགོན་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་ཀླུ་དབང་གདན་སྟེང་ནས༔ རྟ་མགྲིན་རྒྱལ་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ ནུབ་བྱང་རླུང་ལྷའི་གདན་སྟེང་ནས༔ འདོད་པའི་རྒྱལ་པོ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་ནས༔ བདུད་རྩི་འཁྱིལ་པ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ བྱང་ཤར་དབང་ལྡན་གདན་སྟེང་ནས༔ ཁམས་གསུམ་རྣམ་རྒྱལ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ འོག་ཕྱོགས་ས་བདག་གདན་སྟེང་ནས༔ མ་ཧཱ་བ་ལ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ནས༔ རིགས་ཀྱི་ཚོམ་བུ་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ ཡང་སྤྲུལ་ཁྲོ་བོ་ཁྲོ་མོ་དང༔ ཟ་གསོད་ཕྲ་མེན་དབྱིངས་ནས་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དྲང་སྲོང་དམོད་པའི་མཚོན་འཆང་བ༔ ལོཀྟྲི་པཱ་ལས་སྟོང་ཁམས་ཁེངས༔ དགྲ་བགེགས་དམ་སྲི་སོགས། ཧཱུྃ་བྷྱོ༔ དྲེགས་འདུལ་དྲག་པོའི་དཀྱིལ་འཁོར་ནས༔ རྒྱུད་གསུམ་དྲེགས་པ་ལས་ལ་བཞེངས༔ དགྲ་བགེགས་དམ་སྲི་བསྒྲལ་པ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང༔ གློ་བུར་རྩུབ་པའི་ཀེག་རིགས་ཀུན༔ ཟློག་གོ་དམར་ཆེན་གཏོར་མས་ཟློགས༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློགས༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་སྒྱུར༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཅེས་བཅོལ་ལོ།། ༈ །།ཐུན་ལ་བརྟེན་ནས་གསད་པ་ལ། ལྕགས་ཕྱེ༔ ཟངས་ཕྱེ༔ ཡུངས་དཀར༔ ཡུངས་ནག༔ ཀེ་མཚེ༔ ཤང་མཚེ༔ ཟི་ར་ནག་པོ༔ རྡོ་ཕྱེ༔ ཕུང་ས༔ ལན་ཚྭ༔ ཚ་བ་གསུམ༔ ཐང་ཕྲོམ༔ གཞན་ཡང་དུག་སྣ་དང་ཁྲག་སྣ་བཅས་རང་གི་དྲི་མས་མ་ཕོག་པར་བྱས་ལ༔ ལྕགས་ཧོམ་དུ་བླུགས་ལ༔ ཐུན་སྣོད་ཨེ་སྒྲོམ་མེ་འབར་བའི་དབུས་སུ་ཐུན་རྫས་ནད་མཚོན་དུག་གི་དངོས་པོ་རླངས་པ་སྔོ་དམར་འཚུབས་པས་དགྲ་བགེགས་ཁ་ཕུང་རྗེས་མེད་དུ་གཏོང་བའི་ནུས་པ་དང་ལྡན་པར་བསམ་ལ༔ སྔགས་མཐར། གློ་བུར་བར་ཆད་ཀེག་སྲི་ངན་པ་ཐམས་ཅད་ཏྲིག་ནན་ཨེ་ཧུར་ཐུམས་ཛ༔ གཟིར་ནན་ཀཱ་ཝཱ་ཙི་ཁཾ་ཤག་ལིང་མྱོག་རྦད་རྦད༔ ཅེས་པས་བསྒྲུབས་ཏེ་གསད་ལས་ཀྱི་དུས་སུ་བརྡེག་གོ༔ ༈ དམིགས་གནད་ཁྱད་པར་ནི། དམིགས་པའི་གནས་ལྔར་གནམ་ལྕགས་ཀྱི་ཙཀྲ་རྩིབས་བཞི་སྲ་ཞིང་འཐས་པ་དང་མཆོད་རྟེན་ནག་པོས་མནན་པས་བསྐལ་པའི་བར་དུ་གཡོ་འགུལ་མེད་པར་གྱུར་པར་བསམ་ཞིང་། སྔགས་མཐར། གློ་བུར་བར་ཆད་ཀེག་སྲི་ངན་པ་ཐམས་ཅད་ཨེ་ཡཾ་རཾ་བཾ་ལཾ་བྷྲཱུྃ་སཏྭཾ་བྷ་ཡ་ཏྲིག་ནན༔ ཞེས་རྟགས་མ་བྱུང་གི་བར་དུ་བཟླའོ།། །།
མངོན་རྫོགས་རྒྱལ་པོ་ལས༔ ཀལྤ་དུམ་བུའི་རྒྱུད་ (Volume 32, Text 55)
༁ྃ༔ མངོན་རྫོགས་རྒྱལ་པོ་ལས༔ ཀལྤ་དུམ་བུའི་རྒྱུད་བཞུགས་སོ༔ ྈྈྈ ཡང་དག་པའི་སྐད་དུ༔ ཤྲཱི་ཧེ་རུ་ཀ༔ བོད་སྐད་དུ༔ དཔལ་ཁྲག་འཐུང༔ དེས་མ་མོ་རྣམས་དབང་དུ་བསྡུས་ནས་འདི་སྐད་ཅེས་གསུངས་སོ༔ ཧཱུྃ༔ སྣང་སྲིད་ཡུམ་གྱི་མཁའ་དབྱིངས་སུ༔ བདེ་བ་ཆེན་པོའི་ཧེ་རུ་ཀ༔ རྩ་དང་རླུང་དང་ཐིག་ལེ་ཀུན༔ མ་མོ་མཁའ་འགྲོ་ཤར་བ་ལས༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ༔ རིག་ན་དངོས་གྲུབ་གྲོགས་སུ་འཆར༔ མ་རིག་བར་ཆད་རླུང་ལྟར་འཚུབས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ གསང་བ་མ་རིག་འཁོར་བའི་རྒྱུ༔ ནང་དུ་མ་རིག་འཁྲུལ་པས་བསྒྲིབས༔ རྣལ་འབྱོར་པ་ལ་ཉམས་རྟོགས་མེད༔ ཕྱི་ནས་སྐྱེ་བོ་འཁྲུལ་པ་ཡིས༔ སྙིགས་མའི་སྤྱོད་པ་ངན་དུ་འགྲོ༔ དེ་ཚེ་འཇིག་རྟེན་མ་མོ་འཁྲུགས༔ འཇིག་རྟེན་ཐམས་ཅད་ཕུང་བར་འགྱུར༔ དེ་ལ་ཟློག་པའི་ཐབས་བསྟན་ཏེ༔ རིན་ཆེན་འབྲུ་སྨན་སྣ་ཚོགས་ལ༔ རིམ་པ་བཅུ་གསུམ་དཔལ་གཏོར་བྱ༔ སྲིད་ཞིའི་འབྱོར་ཚོགས་ཀུན་གྱིས་སྤྲས༔ ང་ཡི་སྐུ་རུ་བསྒོམས་བྱས་ཏེ༔ སྲིད་པའི་མ་མོའི་ཕྱག་ཏུ་འབུལ༔ མདོས་ཀྱི་ཆོ་ག་ཚུལ་བཞིན་བྱས༔ དེས་ནི་རྣལ་འབྱོར་ཡེ་ཤེས་བསྐྱེད༔ མ་རིག་འཁྲུལ་པ་ལས་བཟློག་སྟེ༔ ལུས་ནི་རྡོ་རྗེའི་སྐུ་འགྲུབ་འགྱུར༔ སྒྲུབ་པའི་བར་ཆད་ཐམས་ཅད་སེལ༔ འཇིག་རྟེན་གཡོ་འཁྲུགས་ཐམས་ཅད་ཞི༔ སྲིད་ཞིའི་དཔལ་ཀུན་འདི་ལས་འབྱུང༔ དེ་ཕྱིར་དཔལ་གྱི་མདོས་ཆེན་བརྩམ༔ ལས་ནི་ཆེ་ཕྲ་གང་བརྩམ་ཡང༔ མདོས་འདི་སྔོན་དུ་བརྩམ་པར་བྱ༔ བསྙེན་སྒྲུབ་སྔོན་དུ་འགྲོ་མི་དགོས༔ དཔལ་ཆེན་སྐུ་རུ་བསྒོམ་བྱས་ཏེ༔ མདོས་ནི་མ་མོ་རྣམས་ལ་འབུལ༔ བསྐང་ཞིང་ཉམས་ཆག་བཤགས་པར་བྱ༔ རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ༔ མི་དང་མི་མིན་བར་གཅོད་ན༔ དེ་དུས་མདོས་ཀྱི་ཆོ་ག་བྱ༔ ཁ་བསྒྱུར་བཟློག་ཅིང་ཟོར་དུ་འཕང༔ དེ་ནི་ལས་ཀྱི་སྦྱོར་བ་ཡིན༔ གཞན་ཡང་ཞི་རྒྱས་དབང་དྲག་སོགས༔ ལས་ཀྱི་ཁ་བསྒྱུར་ཅི་འདོད་བྱ༔ དེ་ལ་བསྙེན་སྒྲུབ་སྔོན་དུ་བཏང༔ སྲིད་པ་མ་མོའི་ལྷ་ཚོགས་རྣམས༔ བསྐང་དང་ཟློག་དང་ལས་རྣམས་ཀུན༔ སྲིད་པ་མདོས་ཀྱི་ལས་ལ་ཐུག༔ སྣང་སྲིད་ཡེ་གྲོལ་ཆེན་པོ་འདི༔ དོན་གྱི་མདོས་ནི་འདིི་ཡིན་པས༔ རྣལ་འབྱོར་མདོས་ཀྱི་སྲོག་ཏུ་ཟུངས༔ རིག་འཛིན་རྒྱལ་བའི་གདུང་འཛིན་རྣམས༔ མདོས་ཀྱི་ཆོ་ག་ཡང་ཡང་བྱ༔ རྣལ་འབྱོར་ལྟ་བའི་གདིང་ཆེན་བསྐྱེད༔ ཅེས་པ་ལ་སོགས་པ་གསུངས་སོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། ༁ྃཿ དཔལ་མངོན་རྫོགས་རྒྱལ་པོ་ལས༔ རྩ་བའི་སྒྲུབ་པ་བཞུགས་སོ༔ ྈྈྈྈ ན་མོ་ཤྲཱི་ཧེ་རུ་ཀ་ཡེ༔ རྩ་སྒྲུབ་ནི་གནས་དབེན་པར་ངེས་འབྱུང་གི་བསམ་པ་བརྟན་པོས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་བས༔ ཆོས་ཐམས་ཅད་སྟོང་ཉིད་བདེ་བ་ཆེན་པོར་བསྒོམས་ལ༔ ཧཱུྃ༔ ཆོས་ཉིད་བདེ་ཆེན་དག་པའི་ངང་ཉིད་ལས༔ ཧཱུྃ་ལས་མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ སྨུག་ནག་དབུ་ནི་བརྒྱ་དང་རྩ་བརྒྱད་དང༔ ཕྱག་ནི་ཉིས་བརྒྱ་བཅུ་དྲུག་ཐམས་ཅད་ཀྱིས༔ གཡས་པས་རྡོ་རྗེ་གཡོན་པས་དུང་ཁྲག་བསྣམས༔ ཞབས་ནི་ཉི་ཤུ་རྩ་གཅིག་ཐུར་དུ་བསྒྲད༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་འཇིགས་པར་བརྒྱན༔ ཡུམ་མཆོག་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ ཐམས་ཅད་ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་འཁྱུད༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས༔ ཐུགས་ཀར་ཀུན་བཟང་ཡབ་ཡུམ་ཐུགས་ཀ་རུ༔ ཉི་ཟླའི་སྟེང་དུ་རྡོ་རྗེ་ཧཱུྃ་གིས་མཚན༔ ཐ་མར་སྔགས་ཀྱི་ཕྲེང་བ་གཡས་སུ་བཀོད༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ སྒྲུབ་པའི་དུས་སུ་མདུན་གྱི་སྟེགས་བུར་ཐོད་བྱང་ལ་མངོན་རྫོགས་རྒྱལ་པོའི་སྐུ་བྲིས་ལ༔ དེ་ཉིད་དམ་ཚིག་གི་རྟེན་དུ་བྱས་ལ་ཕྲིན་ལས་ཚུལ་བཞིན་ལུས་ལ་བསྒོམ༔ བསྙེན་པ་འབུམ་ཕྲག་གསུམ་བྱ་ཞིང་སྔགས་ཕྲེང་ཡབ་ཡུམ་ཞལ་བརྒྱུད་དུ་བསྐོར༔ སྒྲུབ་པ་ཆེན་པོ་ནི་མདུན་དུ་དཀྱིལ་འཁོར་རྒྱས་བསྡུས་གང་རུང་བྲིས་ལ༔ དབུས་སུ་ཐོད་སྐུ་དངོས་གྲུབ་ཀྱི་རྫས་རྣམས་བཤམ༔ ཕྲིན་ལས་བཏང་ཞིང་ཛཔ྄་ཁང་དབྱེ༔ འོད་ཟེར་ཕྱོགས་བཅུར་སྤྲོས་པས་རྒྱལ་བ་མཆོད་ཅིང་དངོས་གྲུབ་ཐམས་ཅད་བསྡུས༔ བདག་དང་རྫས་རྣམས་ལ་ཐིམ༔ དངོས་གྲུབ་ཀྱི་བདུད་རྩིར་འཁྱིལ་ཞིང་སྣང་སྲིད་མ་མོའི་དཀྱིལ་འཁོར་དུ་གསལ་བས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོག་པས་དངོས་གྲུབ་ཐམས་ཅད་སྩལ་བར་བསམ༔ སྔགས་འབུམ་ཕྲག་གཅིག་བཟླས་ལ་དངོས་གྲུབ་ཀྱི་ཕུད་ཀྱིས་ལྷ་མཆོད་མཉེས་ནས་དངོས་གྲུབ་ཀྱི་རྒྱུན་བདག་གིས་ཐོབ་པར་བསམ་ལ་རང་གིས་ལོངས་སྤྱད༔ དཀྱིལ་འཁོར་གཤེགས་བསྡུ་གཞུང་བཞིན་བྱའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། ༁ྃ༔ དཔལ་མངོན་རྫོགས་རྒྱལ་པོ་ལས༔ མ་མོ་རོལ་པའི་དཀྱིལ་འཁོར་དུ་འཇུག་པའི་སྨིན་བྱེད་བཞུགས༔ ྈྈྈ ཤྲཱི་ཧེ་རུ་ཀ་ན་མོ༔ མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་འཇུག་པར་འདོད་པའི་སློབ་མ་རྗེས་སུ་འཛིན་པར་འདོད་ན༔ དུས་དང་གནས་བཟང་པོར་དཀྱིལ་འཁོར་དང་དབང་རྫས་རྣམས་ཚུལ་བཞིན་བཤམ༔ སྒྲུབ་མཆོད་སྤྱི་ལྟར་དང༔ སྤྱི་འཇུག་དང༔ རིག་པའི་དབང་ལྔ་སྒྱུ་འཕྲུལ་ཁྲོ་བོའི་སྐབས་ལྟར་བྱ༔ མངོན་རྫོགས་རྒྱལ་པོའི་སྐུ་ཐོགས་ལ༔ ཧཱུྃ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ ཡུམ་མཆོག་མོ་རྒྱུད་ལྷ་མོ་ཡོངས་ཀྱི་གཙོ༔ བདེ་སྟོང་གཉིས་མེད་ཡབ་ཡུམ་དབང་བསྐུར་བས༔ ཡེ་ཤེས་ལས་ཀྱི་མ་མོ་དབང་སྡུད་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ནས་བཛྲ་ཧེ་རུ་ཀ་ཡབ་ཡུམ༔ ལྷོ་ནས་རཏྣ་ཧེ་རུ་ཀ་ཡབ་ཡུམ༔ ནུབ་ནས་པདྨ་ཧེ་རུ་ཀ་ཡབ་ཡུམ༔ བྱང་ནས་ཀརྨ་ཧེ་རུ་ཀ་ཡབ་ཡུམ༔ ཤར་ལྷོར་རཀྴ་ཧེ་རུ་ཀ་ཡབ་ཡུམ༔ ལྷོ་ནུབ་ས་ནུ་ཧེ་རུ་ཀ་ཡབ་ཡུམ༔ ནུབ་བྱང་གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ༔ བྱང་ཤར་ཡཀྴ་ཧེ་རུ་ཀ་ཡབ་ཡུམ༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་འཕྲོ་འདུ་ལས༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་ཚོགས་སྤྲུལ་ཞིང༔ སྲིད་པའི་མ་མོ་མཁའ་འགྲོ་ལས་ལ་འགྱེད༔ བདེ་སྟོང་གཉིས་མེད་ཡབ་ཡུམ་དབང་བསྐུར་བས༔ ཡེ་ཤེས་ལས་ཀྱི་མ་མོ་དབང་སྡུད་ཤོག༔ ཀཱ་ཡ༴ རིགས་ལྔའི་ཕྱག་མཚན་གཏད་ཅིང་། ཧཱུྃ༔ ཤར་གྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ ཐམས་ཅད་རྡོ་རྗེའི་རིགས་སུ་འདུས་གྱུར་པའི༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོ་ནི༔ ཡབ་ཡུམ་སྲས་དང་སྤྲུལ་པ་ཕྱག་བརྙན་གྱི༔ སྲོག་མཆོག་རྡོ་རྗེའི་དབང་ནི་ཐོབ་པར་ཤོག༔ བཛྲ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃཿ ལྷོ་ཕྱོགས་དཀྱིལ་འཁོར༴ ཐམས་ཅད་རིན་ཆེན་རིགས་སུ༴ ཡེ་ཤེས་ལས༴ ཡབ་ཡུམ་སྲས༴ སྲོག་མཆོག་རིན་ཆེན་དབང་ནི༴ རཏྣ་སརྦ༴ ཧཱུྃ༔ ནུབ་ཕྱོགས༴ ཐམས་ཅད་པདྨའི་རིགས་སུ༴ ཡེ་ཤེས་ལས༴ ཡབ་ཡུམ་སྲས༴ སྲོག་མཆོག་པདྨའི༴ པདྨ་སརྦ༴ ཧཱུྃ༔ བྱང་ཕྱོགས༴ ཐམས་ཅད་ལས་ཀྱི་རིགས་སུ༴ ཡེ་ཤེས་ལས༴ ཡབ་ཡུམ་སྲས༴ སྲོག་མཆོག་དྲིལ་བུའི་དབང་ནི་ཐོབ་པར་ཤོག༔ ཀརྨ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་སྦྱིན༔ མདོས་ལག་ཏུ་གཏད་ལ༔ ཧཱུྃ༔ སྣང་སྲིད་གཞིར་བཞེངས་མདོས་སུ་བྱས་ནས་ཀྱང༔ སྲིད་པ་མ་མོའི་ཕོ་བྲང་ཆེན་པོར་མཚོན༔ སྲིད་དང་ཞི་བའི་འདོད་ཡོན་རྣམས་ཀྱིས་སྤྲས༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོའི་ཚོགས༔ ཐུགས་དམ་བསྐང་ཕྱིར་མདོས་ཀྱི་མཆོད་པ་རྩོམས༔ སྲིད་གསུམ་མདོས་སུ་བྱས་པའི་དབང་བསྐུར་རོ༔ ཞེས་ཐོད་རྔ་འཁྲོལ་ཞིང་ཚོགས་འཁོར་སྦྱིན༔ དབང་གི་མཇུག་སྒྱུ་འཕྲུལ་ཁྲོ་བོ་ལྟར་བྱ༔ དེའང་ཆས་དབང་ནས་བསྐུར་རོ༔ འདི་ལུང་ཨ་ནུ་ཡོ་གའི་ལུགས་ཡིན་པས་སྔོན་དུ་ཐེག་རིམ་ཀྱི་དབང་ཐུགས་རྗེ་ཆེན་པོ་ལྟར་བསྐུར༔ དེའང་སྔགས་ཕྱི་པ་གསུམ༔ ཕྱག་རྒྱ་རྐྱང་པ་དང༔ རིགས་ལྔ་རྡོར་དབྱིངས་རྣམས་བྱ༔ མ་ཧཱ་ཡོ་ག་སྒྱུ་འཕྲུལ་ཞི་ཁྲོ་ལྟར་བསྐུར༔ དེ་ནས་འདི་ཉིད་བསྐུར་བར་བྱ༔ དེ་སྔོན་དུ་ཐེག་དགུའི་དབང་ཐོབ་པ་ཡིན་ན་འདིར་མདོར་བསྡུས་ཙམ་བྱས་པས་ཆོག༔ འདི་ལྟ་བུའི་དབང་ཐོབ་པ་ཤིན་ཏུ་གལ་ཆེ་ཞིང༔ ཁྱད་པར་མདོས་ཀྱི་དབང་བསྐུར་བ་མ་ཐོབ་ན༔ མདོས་ཀུན་ལ་དབང་དང་མི་ལྡན་པར་འགྱུར་རོ༔ དེ་བས་ན་གལ་ཆེན་དུ་བླང་བར་བྱའོ༔ ས་མ་ཡ༔ རྒྱ༔རྒྱ༔རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། ༁ྃ༔ དཔལ་མངོན་རྫོགས་རྒྱལ་པོ་ལས༔ ཕྲིན་ལས་མ་མོ་རོལ་པ་བཞུགས༔ ྈྈྈ ཤྲཱི་ཧེ་རུ་ཀ་ན་མོ༔ མངོན་རྫོགས་རྒྱལ་པོའི་མདོ་ལས་གསུངས་པ་ཡི༔ མ་མོ་རོལ་པའི་ཕྲིན་ལས་བརྩམ་པ་ནི༔ རྒྱུད་ནི་ལུང་དང་ལུང་གི་མན་ངག་ལ༔ མ་རྒྱུད་ཀུན་འདུས་ལ་ནི་མདོ་ཞེས་གསུངས༔ དེ་ཡི་ཕྲིན་ལས་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ཡོ་བྱད་བཤམ་དང་སྔོན་འགྲོ་བ༔ དབེན་པའི་གནས་སུ་སྐུ་གསུང་ཐུགས་རྟེན་དང༔ སྒྲུབ་ཆེན་སྒྲུབ་ཕྲན་ལས་སྦྱོར་གང་ཡིན་པའི༔ དཀྱིལ་འཁོར་སྒྲུབ་རྟེན་མཆོད་རྫས་གཞུང་བཞིན་བཤམ༔ སྔོན་འགྲོ་གཏོར་བསྔོ་བཀའ་བསྒོ་མཚམས་གཅད་དང༔ སྣང་སྲིད་བརྡ་ཡི་དཀྱིལ་འཁོར་དབྱེ་ཞིང་ཕྱག༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་འབུལ༔ སྡིག་བཤགས་དམ་བཅའ་བྱིན་དབབ་མཆོད་བྱིན་བརླབ༔ དེ་དག་ཕྲིན་ལས་སྤྱི་ཆིངས་བཞིན་དུ་བལྟ༔ སྤྱི་དོན་གསུམ་པ་དངོས་གཞི་ཏིང་གསུམ་ནི༔ སྤྱི་ཆིངས་བཞིན་བྱ་ཁྱད་པར་འདི་ལྟ་སྟེ༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་ཤར་བའི་རྒྱུ་ཡི་ཧཱུྃ༔ ཧེ་རུ་ཀ་དཔལ་གྱུར་པའི་ཐུགས་ཀ་ནས༔ འབྱུང་བའི་སྲོག་འཕྲོས་ཨེ་ལས་ནམ་མཁའི་དཀྱིལ༔ ཡཾཿརཾཿསུཾཿཀེཾཿརྣམས་ལས་རླུང་ཆེན་དང༔ ཁྲག་མཚོ་ཞིང་གི་ས་གཞི་ཀེང་རུས་རི༔ དེ་སྟེང་བྷྲཱུྃ་ཡིག་བབས་པས་གཞལ་ཡས་ཁང༔ རིམ་དགུ་དབུས་མ་སུམ་བརྩེགས་རྒྱན་གྱིས་སྤྲས༔ འོག་མའི་ལྟེ་བར་བྱོལ་སོང་ཁྲི་ཡི་སྟེང༔ རྒྱུ་ཡི་ཧེ་རུ་བབས་པ་སྙོམས་ཞུགས་ཞུ༔ དོན་གཉིས་བྱས་ནས་ཚོགས་གཉིས་རྫོགས་པའི་སྐུ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་ནི་བརྒྱ་དང་རྩ་བརྒྱད་དང༔ ཕྱག་ནི་ཉིས་བརྒྱ་བཅུ་དྲུག་ཐམས་ཅད་ཀྱིས༔ གཡས་པས་རྡོ་རྗེ་གཡོན་པས་དུང་ཁྲག་བསྣམས༔ ཞབས་ནི་ཉི་ཤུ་རྩ་བརྒྱད་ཐུར་དུ་བསྒྲད༔ གཤོག་བརྒྱངས་དུར་ཁྲོད་ཆས་ཀྱིས་འཇིགས་པར་བརྒྱན༔ ཡུམ་མཆོག་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་དེ༔ ཐམས་ཅད་ཁ་ཊྭཱཾ་ཐོད་ཁྲག་འཛིན་པས་འཁྱུད༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས༔ བར་ཁང་ནང་དུ་རྡོ་རྗེ་དབྱིངས་ལྷ་ཚོགས༔ སྟེང་ཁང་ནང་དུ་རིག་འཛིན་བརྒྱུད་པར་བཅས༔ གཙོ་བོ་ཡབ་ཡུམ་སྦྱོར་བའི་འཕྲོ་འདུ་ལས༔ ཤར་དུ་བཛྲ་ལྷོ་རུ་རཏྣ་དང༔ ནུབ་ཏུ་པདྨ་བྱང་དུ་ཀརྨ་སྟེ༔ ཤར་ལྷོར་རཀྴ་ལྷོ་ནུབ་ས་ནུ་དང༔ ནུབ་བྱང་གུ་ཧྱ་བྱང་ཤར་ཡཀྴ་སྟེ༔ ཧེ་རུ་ཀ་བརྒྱད་ཞལ་དགུ་ཕྱག་བཅོ་བརྒྱད༔ གཡས་རྣམས་རང་རྟགས་གཡོན་རྣམས་ཐོད་ཁྲག་འཛིན༔ ཀྲོ་དྷཱི་ཤྭ་རཱི་བརྒྱད་རྣམས་ཞལ་གསུམ་པ༔ ཕྱག་དྲུག་རང་རྟགས་འཛིན་པས་ཡབ་ལ་འཁྲིལ༔ གཞལ་ཡས་གཉིས་པའི་ནང་གི་གྲྭ་རྣམས་ལ༔ སྤོར་བྱེད་བརྒྱད་དང་ཅེ་སྤྱང་མ་བརྒྱད་དང༔ ཕྱི་ལ་རིགས་བཞིའི་ཁྲོ་ཆེན་ཡབ་ཡུམ་ནི༔ བརྒྱད་ཅུ་མཚམས་བཞིར་དེ་བཞིན་ཁྲོ་བོ་ནི༔ ཡབ་ཡུམ་བརྒྱད་ཅུ་གསུམ་པའི་གྲྭ་ནང་ན༔ སྟེང་འོག་ཁྲོ་བོ་ཡབ་ཡུམ་བཞི་བཅུ་གསལ༔ ཕྱི་ལ་ཕྱོགས་བརྒྱད་སྲུང་བའི་ཁྲོ་བོ་ནི༔ ཡབ་ཡུམ་བརྒྱ་དང་དྲུག་ཅུ་བཞི་པ་ལ༔ ཤར་དུ་ཀཻ་རཱི་སིཾ་ཧ་བཅུ་དྲུག་དང༔ ལྷོ་རུ་ཨེ་ཀ་ཛཱ་ཊི་ལ་སོགས་པ༔ འཇམ་དཔལ་སྐུ་ཡི་ཡུམ་གྱུར་མ་མོའི་ཚོགས༔ ནུབ་ཕྱོགས་གསེར་གྱི་དབང་ཕྱུག་ཁམས་བརྒྱ་སོགས༔ པདྨ་གསུང་གི་ཡུམ་གྱུར་ཐམས་ཅད་དང༔ བྱང་ཕྱོགས་དམ་ཅན་བཅུ་གཉིས་ལ་སོགས་པའི༔ རྡོ་རྗེ་ཕུར་པའི་ལས་མཁན་མ་མོའི་ཚོགས༔ ལྔ་པར་ཤར་དུ་རྟག་པའི་རྒྱལ་མོ་དང༔ ཡེ་ཤེས་རྗེ་མོ་ལྷོ་རུ་མཁའ་འགྲོའི་ཚོགས༔ ནུབ་ཏུ་འདོད་ཁམས་མཆོད་བསྟོད་མ་མོའི་ཚོགས༔ བྱང་དུ་སྲིད་པའི་བདག་མོ་དྲག་སྔགས་ཡུམ༔ དྲུག་པར་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ ཞིང་སྐྱོང་སོ་གཉིས་རྡོ་རྗེ་ཕོ་ཉ་མོ༔ དྲུག་ཅུ་རྩ་བཞི་གཞལ་ཡས་བདུན་པ་ན༔ ཕྱོགས་མཚམས་རྣམས་སུ་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མ་མོ་སུམ་བརྒྱ་དྲུག་ཅུ་དང༔ བརྒྱད་པར་རྡོ་རྗེ་རིན་ཆེན་པདྨ་ལས༔ དེ་བཞིན་མཁའ་འགྲོ་སུམ་བརྒྱ་དྲུག་ཅུར་གསལ༔ དགུ་པར་ཡེ་ཤེས་འཇིག་རྟེན་ལས་སྣ་ཚོགས༔ ཤ་ཟ་ཤུགས་འགྲོ་དབང་དང་སྒྲུབ་པ་མོ༔ མ་མོ་མཁའ་འགྲོ་ཤུགས་འགྲོ་འབུམ་ཕྲག་དང༔ ཁྱམས་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ དུར་ཁྲོད་ནང་དུ་དུར་ཁྲོད་མ་མོའི་ཚོགས༔ ཐམས་ཅད་ཉི་དང་འོད་བཞིན་གསལ་བར་གྱུར༔ སྒྱུ་འཕྲུལ་ལྟར་གནས་གསུམ་བྱིན་རླབས་དབང་བསྐུར་རྣམས་བྱ༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ ཡེ་ཤེས་ཆེན་མོའི་སྐུ་མངའ་བ༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྩ་རླུང་ཐིག་ལེ་རྣམ་དག་པའི༔ མ་མོ་མཁའ་འགྲོ་གཤེགས་སུ་གསོལ༔ མ་རྒྱུད་འདུས་པའི་ཞིང་ཁམས་ནས༔ སྲིད་པ་མ་མོ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ༴ མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ རྒྱས་པར་གཤིན་རྗེ་ལྟར་བྱའོ༔ ཧཱུྃ༔ མཁའ་དང་མཉམ་པའི་སྐུ་ནི་གར་དགུར་ལྡན༔ གྲགས་སྟོང་གསུང་སྒྲས་འཇིག་རྟེན་གསུམ་པོ་གཡོ༔ སྤྲོས་བྲལ་ཐུགས་ནི་མཁའ་ལྟར་དག་པའི་དབྱིངས༔ མངོན་རྫོགས་རྒྱལ་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་བརྒྱད་བཞེངས་ཧེ་རུ་ཀ་ཡབ་ཡུམ༔ དུག་ལྔ་འཇོམས་མཛད་རིགས་ལྔ་ཁྲོ་བོའི་ཚོགས༔ ཕར་ཕྱིན་བཅུ་ལས་བཞེངས་པའི་ཁྲོ་བཅུ་སོགས༔ ཡེ་ཤེས་ཁྲོ་བོ་མ་མོའི་ཚོགས་ལ་བསྟོད༔ གཞན་ཡང་སྲིད་པའི་མ་མོ་མཁའ་འགྲོ་རྣམས༔ ཆོས་དབྱིངས་ཡུམ་གྱི་མཁའ་ལས་ཡེ་ཤེས་ཀྱི༔ རྣམ་རོལ་སྤྲུལ་པ་ཅི་ཡང་སྟོན་མཛད་པ༔ ལེགས་ཉེས་སྟངས་འཛིན་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ ཅེས་བཟླ༔ མཇུག་གི་བྱ་བ་ཚོགས་སྐོང་གཏོར་མ་བསྐྱང༔ བྲོ་བརྡུང་དཀྱིལ་བསྡུ་བཀྲ་ཤིས་སྨོན་ལམ་བྱ༔ ཕྲིན་ལས་མཇུག་གི་སྤྱི་ཆིངས་བཞིན་དུ་བྱ༔ པྲ་ཁྲིད་རྒྱས་པ་ལྷོ་བྲག་ཕྱོགས་སུ་ཡོད༔ རྗེས་འཇུག་སྐལ་པ་བཟང་རྣམས་ཐོབ་ཀྱང་སྲིད༔ བསྙེན་སྒྲུབ་རྟེན་འབྲེལ་བརྩོན་འགྲུས་བསྐྱེད་ལ་རེམ༔ ས་མ་ཡ༔ རྒྱཿརྒྱཿརྒྱཿ ྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། ༁ྃ༔ དཔལ་མངོན་རྫོགས་རྒྱལ་པོ་ལས༔ སྲིད་པ་མ་མོའི་གསོལ་ཁ་བཞུགས༔ ྈྈྈྈ དཔལ་མངོན་རྫོགས་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སྲིད་པའི་མ་མོ་ལ་སྐོང་གསོལ་བྱ་ན༔ དཔལ་གྱི་གཏོར་མ་ལ་བཤོས་ཕྲན་གྲངས་མེད་བསྐོར༔ གཡས་སུ་སྨན་གཡོན་དུ་རཀྟ༔ ཁྲག་དང་ཆང་འོ་མའི་ཕུད་མ་ཉམས་པར་བཤམས་ལ་བྱིན་གྱིས་བརླབས་ལ༔ སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས༔ བདེ་ཆེན་ཡུམ་གྱི་མཁའ་ཀློང་ནས༔ དཔལ་ཆེན་མངོན་རྫོགས་རྒྱལ་པོ་དང༔ ཡུམ་མཆོག་མ་རྒྱུད་ཀུན་གྱི་གཙོ༔ ཁྲག་འཐུང་ཡབ་ཡུམ་བཅུ་དྲུག་སྟེ༔ སྲིད་པའི་མ་མོ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ དགྱེས་པ་ཆེན་པོར་བཞེས་ནས་ཀྱང༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ བརྩེ་བས་བུ་བཞིན་སྐྱོང་བར་གསོལ༔ མ་མོའི་གཡོ་འཁྲུགས་ཞི་བར་མཛོད༔ ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ རིགས་ལྔའི་ཁྲོ་བོ་ཡབ་དང་ཡུམ༔ ཆིག་བརྒྱ་དྲུག་ཅུ་སྤྲུལ་པར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ དགྱེས་པ་ཆེན་པོར་བཞེས་ནས་ཀྱང༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ བརྩེ་བས་བུ་བཞིན་སྐྱོང་བར་གསོལ༔ མ་མོའི་གཡོ་འཁྲུགས་ཞི་བར་མཛོད༔ ཕྱོགས་བཅུའི་གདོན་གྱི་གདན་སྟེང་ནས༔ ཕྱོགས་བཅུའི་གདོན་འདུལ་ཁྲོ་བོ་ནི༔ ཡབ་ཡུམ་ཉིས་བརྒྱ་སྤྲུལ་པར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ དགྱེས་པ་ཆེན་པོར་བཞེས་ནས་ཀྱང༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ བརྩེ་བས་བུ་བཞིན་སྐྱོང་བར་གསོལ༔ མ་མོའི་གཡོ་འཁྲུགས་ཞི་བར་མཛོད༔ སྤོར་བྱེད་བརྒྱད་དང་ཅེ་སྤྱང་བརྒྱད༔ ཀཻ་སིཾ་གཤིན་རྗེའི་ཡུམ་གྱུར་ཚོགས༔ སྲུང་དང་ཕྲིན་ལས་བཀའ་ཉན་མ༔ རྟག་རྒྱལ་རྗེ་མོ་འདོད་ཁམས་དབང༔ སྲིད་བདག་དབང་ཕྱུག་ཞིང་སྐྱོང་མ༔ ཕོ་ཉ་སྐུ་ལྔ་རིགས་ལྔ་སྟེ༔ ཡེ་ཤེས་འཇིག་རྟེན་ལས་སྣ་ཚོགས༔ ཤ་ཟ་ཤུགས་འགྲོ་དབང་སྒྲུབ་མོ༔ མ་ཡམས་བརྟན་མ་དུར་ཁྲོད་བདག༔ ནད་བདག་ཡམས་བདག་འདྲེ་མོའི་ཚོགས༔ སྲིད་པ་མ་མོ་ཆེ་ཕྲ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ ཆགས་བྲལ་རཀྟའི་མཆོད་པ་འབུལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ༔ དགྱེས་པ་ཆེན་པོར་བཞེས་ནས་ཀྱང༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ བརྩེ་བས་བུ་བཞིན་སྐྱོང་བར་གསོལ༔ མ་མོའི་གཡོ་འཁྲུགས་ཞི་བར་མཛོད༔ གཏོར་མ་གཙང་སར་འབུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈ གཏེར་ཆེན་མཆོག་གྱུར་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། ༁ྃ༔ དཔལ་མངོན་རྫོགས་རྒྱལ་པོ་ལས༔ མ་མོའི་སྤྱི་སྐོང་བཞུགས༔ ྈྈྈྈ ན་མོ་ཤྲཱི་ཧེ་རུ་ཀ་ཡེ༔ མ་མོའི་སྐོང་བ་ནི༔ རིན་པོ་ཆེའི་སྣོད་དུ་འབྲུ་སྣའི་ཕྱེ་གཙང་མར་བང་རིམ་བཅུ་གསུམ་རྩེར་དཔལ་གྱི་གཏོར་མ་གཙོ་འཁོར་དགུ༔ བང་རིམ་རྣམས་སུ་གཏོར་མ་རེ་དང་མར་མེ་རེ་གྲངས་མེད་པར་བཞག༔ གཞན་ཡང་ཉེར་སྤྱོད་ཕྱག་མཚན་སྲིད་པའི་གཟུགས་འགྲོས་སྣ་ཚོགས་བཙུགས༔ དར་ཟབ་ཟས་སྣ་སྨན་སྣ་རིན་པོ་ཆེ་སྟག་གཟིག་ཞིང་གི་རྒྱལ་མཚན་རྣམས་ཀྱིས་བརྒྱན༔ ཆོས་ཉིད་རྣམ་དག་གི་སྔགས་ཀྱིས་སྦྱངས་ཤིང༔ ནམ་མཁའ་མཛོད་ཀྱིས་སྤེལ༔ སྤོས་བསྲེག༔ གཡབ་དར་སྣ་ཚོགས་གཡབ་ཅིང་རོལ་མོའི་སྒྲ་དང་བཅས་པས༔ ཧཱུྃ༔ ཆོས་དབྱིངས་བདེ་ཆེན་ཡུམ་གྱི་མཁའ་ཀློང་ནས༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མའི་ཚོགས༔ ཁྱད་པར་སྲིད་པ་མ་རྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་བསྩལ་དུ་གསོལ༔ རིག་འཛིན་བླ་མ་བརྒྱུད་པས་བྱིན་གྱིས་རློབས༔ སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ ཧཱུྃ༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་མ་ལུས་པ༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་བསྩལ་དུ་གསོལ༔ རྡོར་དབྱིངས་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས༔ ཕུང་པོ་འཇའ་ལུས་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ སྲིད་པ་མ་མོ་བསྣོལ་བའི་ཁྲི་སྟེང་ནས༔ བཅོམ་ལྡན་དཔལ་ཆེན་མངོན་རྫོགས་རྒྱལ་པོ་དང༔ ཡུམ་མཆོག་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ བཛྲ་རཏྣ་པདྨ་ཀརྨ་དང༔ རཀྴ་ས་ནུ་གུ་ཧྱ་ཡཀྴ་སྟེ༔ ཧེ་རུ་ཀ་བརྒྱད་ཡུམ་དང་བཅས་པ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ་བ་དང༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས༔ ཧཱུྃ༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཁྲོ་བོ་དང༔ ཡུམ་མཆོག་ཁྲོ་མོ་སྤོར་བྱེད་མ་བརྒྱད་དང༔ ཅེ་སྤྱང་མ་བརྒྱད་དཀྱིལ་འཁོར་གཉིས་པ་ཡི༔ སྲིད་པའི་མ་མོའི་ལྷ་ཚོགས་ཡབ་ཡུམ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཞི་རྒྱས་དབང་དྲག་ལྷུན་གྲུབ་ཕྲིན་ལས་འགྲུབ༔ དུག་ལྔ་རང་གྲོལ་རྟོགས་པར་མཛད་དུ་གསོལ༔ ཧཱུྃ༔ སྟེང་འོག་བདུད་འདུལ་ཁྲོ་བོ་ཡབ་ཡུམ་ཚོགས༔ ཕྱོགས་བཞི་མཚམས་བརྒྱད་བདུད་འདུལ་ཁྲོ་བོ་ནི༔ ཡབ་ཡུམ་སྤྲུལ་པ་ཕྱག་བརྙན་བཅས་པ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དངོས་གྲུབ་བསྩལ་དུ་གསོལ༔ ཡང་དག་ཐུགས་ཀྱི་ཡུམ་གྱུར་མ་མོ་དང༔ འཇམ་དཔལ་གཤིན་རྗེའི་ཕོ་ཉ་ཡུམ་གྱི་ཚོགས༔ པདྨ་གསུང་གི་བཀའ་སྡོད་དམ་ཅན་རྣམས༔ ཕུར་པའི་སྲུང་མ་དམ་ཅན་བཅུ་གཉིས་ཚོགས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་བར་ཆད་བསལ་དུ་གསོལ༔ བྷྱོ༔ རྟག་པའི་རྒྱལ་མོ་ལྔ་དང་རྗེ་མོའི་ཚོགས༔ མཁའ་འགྲོ་སྡེ་ལྔ་ལ་སོགས་མཁའ་འགྲོ་མ༔ འདོད་ཁམས་དབང་མོ་དཔོན་གཡོག་བཅོ་ལྔ་དང༔ མཆོད་ཅིང་བསྟོད་ནས་གྲུབ་པ་མ་མོའི་ཚོགས༔ དགྲ་ལ་ཁྲག་ནད་གཏོང་བྱེད་སྲིད་པའི་བདག༔ དྲག་སྔགས་དམོད་པ་ལས་བསྔགས་མ་མོའི་ཚོགས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་བར་ཆད་བསལ་དུ་གསོལ༔ བྷྱོ༔ དཔལ་གྱི་བཀའ་ཉན་དབང་ཕྱུག་ཉི་ཤུ་བརྒྱད༔ ཞིང་སྐྱོང་སོ་གཉིས་རྡོ་རྗེ་ཕོ་ཉ་མོ༔ དྲུག་ཅུ་རྩ་བཞི་སྣང་སྲིད་མ་མོ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་བར་ཆད་བསལ་དུ་གསོལ༔ བྷྱོ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དང༔ མ་མོ་སུམ་བརྒྱ་དྲུག་ཅུ་འཁོར་བཅས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དགྲ་བགེགས་བསྒྲལ་དུ་གསོལ༔ བྷྱོ༔ རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན༔ མཁའ་འགྲོ་སུམ་བརྒྱ་དྲུག་ཅུར་བཅས་པ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དགྲ་བགེགས་བསྒྲལ་དུ་གསོལ༔ བྷྱོ༔ ཡེ་ཤེས་འཇིག་རྟེན་ལས་དང་སྣ་ཚོགས་ཏེ༔ ཤ་ཟ་ཤུགས་འགྲོ་དབང་དང་སྒྲུབ་པ་མོ༔ མ་མོ་མཁའ་འགྲོ་ཤུགས་འགྲོ་འབུམ་ཕྲག་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ གཉིས་སུ་མེད་པའི་ཕྱག་བགྱི་བཞེས་སུ་གསོལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ ཕྱི་ཡི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ བདུད་རྩི་སྨན་མཆོད་རཀྟ་གཏོར་མ་དང༔ ནང་གི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་དང༔ བདེ་སྟོང་གཉིས་མེད་སྦྱོར་བའི་མཆོད་པ་དང༔ ཉོན་མོངས་རྣམ་རྟོག་བསྒྲལ་བའི་མཆོད་པ་དང༔ ཏིང་འཛིན་མཉམ་ཉིད་ལྟ་བའི་མཆོད་པ་སོགས༔ གསང་བའི་མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ སྣང་སྲིད་གཞིར་བཞེངས་མཆོད་པ་འདི་བཞེས་ལ༔ བདག་གི་ཉམས་ཆག་བཤགས་ལ་བརྩེ་བར་དགོངས༔ ཐུགས་དམ་སྐོངས་ལ་དགྲ་བགེགས་བསྒྲལ་དུ་གསོལ༔ མ་ཡམས་བརྟན་མ་ནད་བདག་ཡམས་བདག་རྣམས༔ འཇིག་རྟེན་དམན་མོ་གྲངས་མེད་བསམ་མི་ཁྱབ༔ གྲོང་སྲིན་འདྲེ་མོ་གློ་བུར་ལྷགས་པ་རྣམས༔ ཤ་ཁྲག་གཏོར་མ་མ་ཉམས་ཕུད་ཀྱི་ཚོགས༔ ཤ་དང་ཟན་གྱི་མཐེབ་ཀྱུ་གྲངས་མེད་པ༔ མཐུན་རྫས་དཀོར་ཆ་མཁོ་དགུའི་ཡོ་བྱད་ཀྱིས༔ འཇིག་རྟེན་མ་མོའི་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་དམ་སྐོངས་ལ་བར་ཆད་ཟློག་ཏུ་གསོལ༔ འཇིག་རྟེན་མ་མོའི་གཡོ་འཁྲུགས་ཟློག་ཏུ་གསོལ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ ཡེ་ཤེས་མ་མོ་དགོངས་སུ་གསོལ༔ འཇིག་རྟེན་མ་མོ་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པ་ཡིས༔ སྡོམ་པ་གསུམ་ལས་འགལ་བ་ཡི༔ རྐྱེན་གྱིས་མ་མོ་འཁྲུགས་པ་རྣམས༔ དེ་དག་ཐམས་ཅད་བཤགས་པར་བགྱི༔ བླ་མའི་སྐུ་ལ་བསྡོ་བ་དང༔ སེམས་ཅན་ཡོངས་ལ་འཚེ་བྱེད་པའི༔ དམ་ཉམས་རུ་དྲས་རྐྱེན་བྱས་ནས༔ མ་མོ་འཁྲུགས་པར་གྱུར་པ་ན༔ རུ་དྲ་ཐམས་ཅད་ངས་བསྒྲལ་ཏེ༔ འཇིག་རྟེན་མ་མོ་བསྐང་བར་བགྱི༔ དེ་ཕྱིར་མ་མོ་བརྩེ་བར་མཛོད༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ ལས་ངན་ཅི་བསགས་ཐམས་ཅད་བསྐངས༔ མ་མོ་འཁོན་པ་ཐམས་ཅད་སྦྱངས༔ འཇིག་རྟེན་གཡོ་འཁྲུགས་མ་མཛད་ཅིག༔ ཞི་བ་བྱང་སེམས་བསྐྱེད་དུ་གསོལ༔ འཇིག་རྟེན་བདེ་ལེགས་མཛད་དུ་གསོལ༔ རྣལ་འབྱོར་མཐུ་དཔུང་བསྐྱེད་དུ་གསོལ༔ བསྟན་པའི་དགྲ་བགེགས་བསྒྲལ་དུ་གསོལ༔ དངོས་གྲུབ་སྒྲུབ་པའི་སྡོངས་གྲོགས་མཛོད༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ ཡིག་བརྒྱ་བཟླས་ཤིང༔ ཡེ་ཤེས་དང་ལས་ཀྱི་མ་མོ་རྣམས་ཀྱིས་བཟོད་པར་བཞེས་ལ་འདོད་པའི་དོན་ཐམས་ཅད་གྲུབ་པར་མཛད་དུ་གསོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་ནས་སྤྱན་དྲངས་པའོ།། ༁ྃ༔ དཔལ་མངོན་རྫོགས་རྒྱལ་པོ་ལས༔ སྲིད་པ་མ་མོའི་མདོས་ཀྱི་ཆོ་ག་བཞུགས༔ ྈྈྈྈ ན་མོ་ཤྲཱི་ཧེ་རུ་ཀཱ་ཡ༔ སྲིད་པའི་མ་མོ་འཁྲུགས་པ་ན༔ དེ་ཚེ་མདོས་ཀྱི་ཆོ་ག་བརྩམ༔ དེ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ནི༔ སྔོན་འགྲོ་སྦྱོར་བ་དང༔ ཆོ་ག་གཉིས་ལས༔ སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི༔ འབྲུ་སྣ་གཙང་མའི་ཕྱེ་ལ་རི་རབ་བང་རིམ་བཅུ་གསུམ༔ སྟེང་དུ་དཔལ་གྱི་གཏོར་མ༔ གཡས་སུ་སྨན༔ གཡོན་དུ་རཀྟ༔ མདུན་དུ་ཁྲག་ཀོང༔ རྒྱབ་ཏུ་མར་མེ༔ དེ་ལྟ་བུས་བང་རིམ་རྣམས་ལ་ལྔ་ཚོམ་གྲངས་མེད་དུ་བཀོད༔ གཏོར་མ་རྣམས་ཀྱི་རྩེ་ལ་སྐུ་གཟུགས་བཙུགས༔ གཞན་ཡང་ཕྱག་མཚན་རྒྱལ་སྲིད་སྣ་བདུན༔ བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད༔ ཕྱི་མཆོད་རྣམ་བརྒྱད༔ འདོད་ཡོན་དྲུག༔ གཟུགས་འགྲོས་སྲིད་པ་ལ་ཡོད་ཚད༔ ནམ་མཁའ་མདའ་འཕང་རྒྱང་བུ༔ ཕོ་གདོང་མོ་གདོང༔ སྐུ་གླུད༔ བལ་ཏི་ཤུག་ཏི་རྣམས་ཤིན་ཏུ་རྒྱས་ན་ལྷ་གྲངས་དང༔ དེ་ལྟར་མ་འབྱོར་ན་རབ་བརྒྱ༔ འབྲིང་སུམ་ཅུ༔ ཐ་མ་བཅུ་གསུམ༔ ཤིན་ཏུ་བསྡུ་ན་ཕྱོགས་རེར་རེ་རེ༔ འཁོར་ལོ་རྩིབས་བརྒྱད་ཀྱི་ནམ་མཁའ་གདུགས་ལྟར་བཀོད༔ རིན་པོ་ཆེ་ཙིཏྟ་ཐུགས་ཀྱི་ནམ་མཁའ་སྙིང་པོར་བྱས་པ་སུམ་བརྩེགས༔ དེའི་སྟེང་དུ་ཁྱུང་ཚང་གི་ནམ་མཁའ་དང༔ ཡེ་ཤེས་དཔལ་བེའུ༔ ཐབས་ཤེས་ཟུང་འཇུག་ཉི་ཟླ་ནོར་བུའི་ཏོག་དང་བཅས་པ་བྱས༔ གཞན་ཡང་ཞིང་གི་རྒྱལ་མཚན༔ དར་སྣ་ཚོགས་ཀྱི་འཕན་དང་ཅོད་པན༔ རིན་པོ་ཆེའི་དྲྭ་ཕྱེད༔ ཟས་སྣ་དང་སྨན་སྣ་འབྲུ་སྣ་རྣམས་ཀྱིས་མཐའ་བསྐོར༔ མདོས་དེ་ལ་ལྟ་བའི་མིག་བཞི༔ བསྙབ་པའི་ལག་པ་བཞི༔ འགྲོ་བའི་རྐང་པ་བཞི་རྣམས་དང་ལྡན་པར་བྱ༔ དེའི་མདུན་དུ་སྐུ་གླུད་ཆེ་བ་ཞིག་བྱས༔ གཡུ་སྐྱེམས༔ དཀར་སྐྱེམས༔ དམར་སྐྱེམས་རྣམས་ཚང་བར་བཤམ༔ སྔོན་འགྲོ་ཆོ་ག་ནི་ཕྲིན་ལས་གཞུང་བཞིན་བྱ༔ ཚོགས་དང་སྐོང་བ་གསོལ་ཁ་གཞུང་བཞིན་བྱ༔ དེ་ནས་མདོས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ ཐམས་ཀྱི་རང་བཞིན་བཟང་ཤིང་བཀུག༔ ཤེས་རབ་རང་བཞིན་ཞིང་གིས་གཡོགས༔ ཐབས་ཤེས་དབྱེར་མེད་དབྱུག་པས་རྡུང༔ བདེ་ཆེན་ཆོས་སྒྲ་ནམ་མཁའ་སྒྲོག༔ རྔ་ཡི་སྒྲ་ཆེན་འབྱུང་ཡུལ་བྲལ༔ ཤིང་ཞིང་དབྱུག་པ་རྣམ་གསུམ་ལས༔ འདི་ཞེས་གཅིག་ལའང་སྒྲ་མ་བྱུང༔ རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་གྱིས༔ ཆོས་ཉིད་སྟོང་སྒྲ་ངོ་མཚར་ཆེ༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད༔ ཆོས་ཉིད་གདོད་ནས་བདེན་པ་ཡི༔ རྔ་ཆེན་སྒྲ་ཡིས་མཚོན་ནས་ཀྱང༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཧཱུྃ༔ འབྱུང་བ་ཆེན་པོ་རྣམ་པར་དག༔ སྐྱེ་བའི་ཡུལ་ནི་འདི་ཞེས་མེད༔ རང་བཞིན་རྟེན་འབྲེལ་རྒྱུ་ལས་བྱུང༔ འབྱུང་ལྔ་མཚོ་གླིང་རི་རབ་སྟེང༔ སྐྱེ་འགག་གནས་གསུམ་བྲལ་བ་ལས༔ རིན་ཆེན་གཞལ་ཡས་བཅུ་གཉིས་ལ༔ ཁོར་ཡུག་བཅས་པའི་བཅུ་གསུམ་སྟེང༔ སྲིད་པའི་འདོད་ཡོན་རྣམས་ཀྱིས་བརྒྱན༔ རིན་ཆེན་ཁྲི་བཟང་མཛེས་པའི་སྟེང༔ དཔལ་ཆེན་ཡབ་ཀྱི་ཚོགས་བཅས་དང༔ སྲིད་པའི་མ་མོ་འཁོར་བཅས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཆང་ལས་དེ་ནི་ངོ་ཆེ་མེད༔ གཡུ་འོད་འབར་བ་བཞེས་སུ་གསོལ༔ གསེར་ལས་དེ་ནི་རིན་ཆེ་མེད༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ཤིག༔ ཕྱི་ཨརྒྷཾ་དཀར་ལ་མཉེས་པ་རྣམས༔ ཨརྒྷཾ་དཀར་པོའི་མཆོད་པ་འབུལ༔ ནང་ཨརྒྷཾ་དམར་ལ་དགྱེས་པ་རྣམས༔ ཨརྒྷཾ་དམར་པོའི་མཆོད་པ་བཞེས༔ ཆེ་དགུ་ཡུལ་དུ་བྱོན་པ་རྣམས༔ ངོ་ཆེན་སྐྱེམས་ཤིག་འདྲེན་པའི་ཕྱིར༔ སྲིད་པ་ལུགས་ཀྱི་དཔེ་བཞིན་དུ༔ དེ་བཞིན་མ་མོ་འཁོར་བཅས་ལ༔ ངོ་ཆེན་བྱོན་སྐྱེམས་འདི་འབུལ་གྱིས༔ དགྱེས་པར་དགོངས་ལ་དར་གཅིག་གསོན༔ ཀྱེ༔ གསོན་ཅིག་དགོངས་ཤིག་མཁྱེན་ལྡན་རྣམས༔ ཆོས་ཉིད་རྣམ་པར་དག་པ་ལ༔ སྐྱེ་འགག་གནས་གསུམ་བྲལ་བ་ཡི༔ མཐོ་ལ་དགུང་སྔོན་སྟེང་ཤེད་ནས༔ འཇའ་ཚོན་སྣ་ལྔའི་དྲྭ་བ་ལ༔ ཕྱོགས་ལྷུང་བྲལ་བའི་གདུགས་ཤིག་ཕུབ༔ རིག་པ་ལུག་རྒྱུད་དྲྭ་ཕྱེད་མཛེས༔ རྣམ་ཐར་བརྒྱད་ཀྱི་རྩིབས་སུ་བྱས༔ སྙིང་པོ་ཡེ་ཤེས་ཙིཏྟ་ལ༔ ཡེ་ཤེས་དཔག་མེད་དཔལ་བེའུས་བརྒྱན༔ ཐབས་ཀྱི་ཟླ་བ་ཏ་ལ་ལ༔ ཤེས་རབ་ཉི་མ་ཀྱི་ལི་ལི༔ ཟུང་འཇུག་ནོར་བུ་འོད་དུ་འབར༔ ཡེ་ཤེས་ལྔ་ཡི་འཕན་འཕྱང་ཞིང༔ ཐབས་ཀྱི་རྒྱལ་མཚན་འོད་དུ་འབར༔ ཤེས་རབ་འཕན་ཕྲན་འཇའ་ལྟར་བཀྲག༔ ཐབས་ཀྱི་མདའ་ནི་རྣམ་པར་བཀྲག༔ ཤེས་རབ་འཕང་བཀྲ་འཇའ་ལྟར་ཤར༔ ཟུང་འཇུག་རྒྱང་བུ་འོད་དུ་འབར༔ ཐབས་ཀྱི་རང་བཞིན་ཕོ་གདོང་ལ༔ ཤེས་རབ་རང་བཞིན་མོ་གདོང་ལ༔ ཐབས་ཤེས་དབྱེར་མེད་ནམ་ཕྲན་བཙུག༔ སྣ་ཚོགས་བལ་ཏི་ཤུག་ཏི་སོགས༔ སྣང་སྲིད་མདོས་སུ་བྱས་པ་འདི༔ ཆོས་ཉིད་རྣམ་པར་དག་པ་དང༔ རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས༔ ཡེ་ཤེས་ལས་ལས་གྲུབ་པ་ཡི༔ སྲིད་པའི་མ་མོ་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་བཅས་པ་ཡི༔ ཕྱག་ཏུ་འབུལ་ལོ་བཞེས་སུ་གསོལ༔ ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ན༔ ཡེ་ཤེས་གཞལ་ཡས་དགུ་རིམ་དབུས༔ སུམ་བརྩེགས་སྟེང་གི་གཞལ་ཡས་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་དང༔ དྲུག་པ་རྒྱལ་བ་རྡོ་རྗེ་འཆང༔ སྟོན་པ་རྡོ་རྗེ་སེམས་དཔའ་དང༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་སོགས༔ རྫོགས་ཆེན་སྟོན་པ་བཅུ་གཉིས་དང༔ ཁྱད་པར་མངོན་རྫོགས་རྒྱལ་པོ་དང༔ མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ༔ རྡོ་རྗེ་ཆོས་དང་ལས་དབང་མོ༔ དྷ་ན་སཾསྐྲྀ་པདྨ་འབྱུང༔ སྲིད་པ་མ་རྒྱུད་བླ་མ་དང༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་ཚོགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བརྗིད་ཅིང་མཛེས་པའི་ཁྲི་ལ་བཞུགས༔ ཞལ་ཟས་གཏོར་མའི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཕྱག་མཚན་ལྔ་ནི་འོད་དུ་འབར༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས༔ བཀྲ་ཤིས་རྟགས་བརྒྱད་འདོད་ཡོན་ལྔ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་དང༔ སིལ་སྙན་དྲིལ་བུ་ཏིང་ཏིང་ཤག༔ རྐང་གླིང་ཐོད་རྔ་དུང་གི་སྒྲ༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ སྲ་བའི་གོ་དང་རྣོ་བའི་མཚོན༔ སྣ་ཚོགས་དར་གྱི་ཅོད་པན་ཅན༔ རྟ་ནག་གཡག་ནག་དར་གྱིས་བརྒྱན༔ ལུག་ནག་སྤྱི་དཀར་ལྕགས་རྭ་ཅན༔ ར་ནག་མཆོང་གི་རྭ་ཅོ་ཅན༔ ཁྱི་ནག་དུང་གི་མཆེ་བ་ཅན༔ ལྕགས་ཀྱི་བྱ་ནག་ལ་སོགས་པ༔ སྲིད་པའི་གཟུགས་འགྲོས་སྣ་ཚོགས་པ༔ སྣང་སྲིད་མདོས་སུ་བྱིན་བརླབས་པའི༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཆོས་དབྱིངས་སྤྲིན་ཆེན་གདུགས་སུ་ཕུབ༔ ཐབས་ཤེས་རྒྱལ་མཚན་འཕན་དར་ཕྱར༔ སྲིད་པའི་འབྱོར་ཚོགས་མ་ལུས་པ༔ ཁམས་གསུམ་མདོས་སུ་བྱིན་བརླབས་ཏེ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ སྣང་སྲིད་མཆོད་པའི་བྱེ་བྲག་རྣམས༔ བདག་གི་ལུས་དང་ལོངས་སྤྱོད་བཅས༔ མཆོད་རྫས་མདོས་སུ་བྱིན་བརླབས་ཏེ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ སློབ་དཔོན་ཐུགས་དཀྲུགས་དམ་འགལ་བཤགས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ དབང་བཞིས་རྒྱུད་སྨིན་གྲོལ་བ་དང༔ འགྲོ་དྲུག་ཐུགས་རྗེས་འཛིན་པ་དང༔ རྡོ་རྗེ་ཐེག་པའི་བསྟན་པ་མཆོག༔ ཡུན་དུ་གནས་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བར་ཁང་རྡོ་རྗེ་དབྱིངས་ཀྱི་ཞིང༔ ཡེ་ཤེས་སྐུ་བརྙེས་སངས་རྒྱས་ཚོགས༔ རིགས་ལྔ་རིགས་བཞི་ཡབ་ཡུམ་དང༔ སེམས་དཔའ་ལྕམ་དྲལ་སྒོ་སྐྱོང་ཚོགས༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་སོགས་འགྲེས་བྱང་ཟུར་ལྡེབ་རྒྱུག་དགོས། ཧཱུྃ༔ ཕོ་བྲང་ཆེན་པོའི་དབུས་ཕྱོགས་ནས༔ བཅོམ་ལྡན་མངོན་རྫོགས་རྒྱལ་པོ་དང༔ ཡུམ་མཆོག་མ་རྒྱུད་ཀུན་གྱི་གཙོ༔ བཛྲ་ཤྲཱི་ཧེ་རུ་ཀ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་མ༔ རཏྣ་ཤྲཱི་ཧེ་རུ་ཀ༔ རཏྣ་ཀྲོ་དྷཱི་ཤྭ་རཱི་མ༔ པདྨ་ཤྲཱི་ཧེ་རུ་ཀ༔ པདྨ་ཀྲོ་དྷཱི་ཤྭ་རཱི་མ༔ ཀརྨ་ཤྲཱི་ཧེ་རུ་ཀ༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་མ༔ རཀྴ་ཤྲཱི་ཧེ་རུ་ཀ༔ རཀྴ་ཀྲོ་དྷཱི་ཤྭ་རཱི་མ༔ ས་ནུ་ཤྲཱི་ཧེ་རུ་ཀ༔ ས་ནུ་ཀྲོ་དྷཱི་ཤྭ་རཱི་མ༔ གུ་ཧྱ་ཤྲཱི་ཧེ་རུ་ཀ༔ གུ་ཧྱ་ཀྲོ་དྷཱི་ཤྭ་རཱི་མ༔ ཡཀྴ་ཤྲཱི་ཧེ་རུ་ཀ༔ ཡཀྴ་ཀྲོ་དྷཱི་ཤྭ་རཱི་མ༔ མ་མོ་ཀུན་ལ་དབང་བསྒྱུར་བའི༔ ཁྲག་འཐུང་ཡབ་ཡུམ་བཅོ་བརྒྱད་རྣམས༔ གནས་འདིར་སྤྱན་འདྲེན༴ ཧཱུྃ༔ དེ་བཞིན་གཤེགས་དང་རྡོ་རྗེའི་རིགས༔ རིན་པོ་ཆེ་དང་པདྨ་ལས༔ རིགས་ལྔའི་ཁྲོ་བོ་ཡབ་ཡུམ་བརྒྱ་དྲུག་ཅུ༔ ཉི་མའི་ཞགས་འཕེན་ལ་སོགས་སྤོར་བྱེད་བརྒྱད༔ ཤེལ་གྱི་སྤྱང་མོ་ལ་སོགས་ཅེ་སྤྱང་བརྒྱད༔ ཕོ་བྲང་གཉིས་པའི་ཡེ་ཤེས་ལས་གྲུབ་པའི༔ མ་མོ་ཡབ་ཡུམ་སྲས་འཁོར་སྤྲུལ་པར་བཅས༔ ཆོས་ཀྱི་དབྱིངས་ནས་སྐུ་མཆོག་ད་བཞེངས་ལ༔ གནས་འདིར་སྤྱན་འདྲེན༴ ཧཱུྃ༔ སྟེང་ཕྱོགས་ཚངས་པ་འདུལ་བའི་ཁྲོ་བོ་བཅུ༔ འོག་འོག་ས་བདག་འདུལ་བའི་ཁྲོ་བོ་བཅུ༔ སྟེང་འོག་གདོན་འདུལ་དཔལ་ཆེན་ཁྲོ་རྒྱལ་ནི༔ ཡབ་ཡུམ་བཞི་བཅུ་སྤྲུལ་པ་ཕྱག་བརྙན་བཅས༔ ཕྱོགས་བཞི་མཚམས་བརྒྱད་གདོན་ཚོགས་འདུལ་མཛད་པའི༔ སྤྲུལ་པའི་ཁྲོ་རྒྱལ་ཡབ་ཡུམ་འཇིགས་ཚུལ་ཅན༔ བརྒྱ་དང་དྲུག་ཅུ་སྤྲུལ་པ་ཕོ་ཉར་བཅས༔ ཆོས་ཀྱི་དབྱིངས་ནས་སྐུ་མཆོག་ད་བཞེངས་ལ༔ གནས་འདིར་སྤྱན་འདྲེན༴ ཧཱུྃ༔ གཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ དབྱིངས་ལ་དབང་སྒྱུར་ཨེ་ཀ་ཛཱ་ཊི་མ༔ གཤེད་ཆེན་ཡུམ་གྱུར་མ་མོ་ཆེན་མོ་བཞི༔ བདུད་ཀྱི་ཡུམ་གྱུར་མ་མོ་ཆེན་མོ་བཞི༔ མོན་མོ་དྲག་བྱེད་མ་མོ་ཆེན་མོ་བཞི༔ དུས་བཞིའི་གཤིན་རྗེའི་ཡུམ་གྱུར་བཅུ་དང་གཉིས༔ འཇམ་དཔལ་སྐུ་ཡི་ཡུམ་གྱུར་མ་མོའི་ཚོགས༔ དབང་ཕྱུག་གསེར་གྱི་སེང་མོ་ཉི་ཤུ་བརྒྱད༔ དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད་དམུས་ལོང་ཚོགས༔ མེ་འབྲུག་རླུང་འབྲུག་མཆེ་གཤོག་ཕོ་ཉའི་ཚོགས༔ པདྨ་གསུང་གི་ཡུམ་གྱུར་མ་མོ་དང༔ བདག་ཉིད་ཆེན་པོ་ཤྭ་ན་མ་བཞི་དང༔ ས་བདག་མ་བཞི་ཕུར་པའི་བཀའ་སྲུང་ཚོགས༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུ་མཆོག་ད་བཞེངས་ལ༔ གནས་འདིར་སྤྱན་འདྲེན༴ སྣང་སྲིད་མཆོད་པའི་བྱེ་བྲག་རྣམས༔ མཆོད་རྫས་མདོས་སུ་བྱིན་བརླབས་ཏེ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ གསང་སྔགས་དམ་ལས་འགལ་བ་བཤགས༔ འཇིག་རྟེན་གཡོ་འཁྲུགས་ཟློག་ཏུ་གསོལ༔ བྷྱོ༔ བཀྲག་གསལ་མ་དང་ཉི་ཟླ་ཐོད་ཕྲེང་ཅན༔ སྣང་གསལ་མཉེན་གསལ་ཡང་གསལ་ལ་སོགས་པའི༔ རྟག་པའི་རྒྱལ་མོ་རྣམས་དང་སྤྲུལ་པར་བཅས༔ ནམ་མཁའི་རྒྱལ་མོ་སྤུན་གཉིས་འདོད་ཁམས་མ༔ དཀར་མོ་སྤྱན་གཅིག་སེར་མོ་རལ་པ་ཅན༔ དེ་སོགས་ཡེ་ཤེས་རྗེ་མོ་བཅུ་བཞི་རྣམས༔ སྤྲུལ་པའི་དམན་མོ་ལྔ་བཅུ་རྩ་གཅིག་དང༔ རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང༔ པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང༔ དེ་བཞིན་རིགས་ཀྱི་མཁའ་འགྲོ་ཆེན་མོ་དང༔ འདོད་ཁམས་དབང་མོ་གཡོག་མོ་དུང་སྐྱོང་མ༔ སྐུ་གསུང་ཐུགས་སྤྲུལ་རེ་མ་ཏི་བཞི་དང༔ གདོང་ཅན་བརྒྱད་དང་སྒོ་མ་ཆེན་མོ་བཞི༔ སྲིད་པའི་རྒྱལ་མོ་བདུད་ཀྱི་ཡུམ་གྱུར་བརྒྱད༔ བཀའ་ཡི་སྲུང་མ་མ་མོ་རྦོད་གཏོང་ཚོགས༔ གནས་འདིར་སྤྱན་འདྲེན༴ སྣང་སྲིད༴ སོགས་གོང་ལྟར་འགྲེ། བྷྱོ༔ རྡོ་རྗེ་མཁའ་འགྲོ་བདུན་ཅུ་རྩ་གཉིས་དང༔ རིན་ཆེན་མཁའ་འགྲོ་བདུན་ཅུ་རྩ་གཉིས་དང༔ པདྨ་མཁའ་འགྲོ་བདུན་ཅུ་རྩ་གཉིས་དང༔ ལས་ཀྱི་མཁའ་འགྲོ་བདུན་ཅུ་རྩ་གཉིས་དང༔ དེ་བཞིན་མཁའ་འགྲོ་བདུན་ཅུ་རྩ་གཉིས་དང༔ མཁའ་འགྲོ་སུམ་བརྒྱ་དྲུག་ཅུ་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན༴ ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་ཡེ་ཤེས་སྐྱེད་མཛད་མ༔ འཇིག་རྟེན་མཁའ་འགྲོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་འཇིག་རྟེན་རབ་སྐྱོང་ཞིང༔ ལས་ཀྱི་མཁའ་འགྲོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུའི་སྣ་ཚོགས་ལས་རྣམས་མཛད༔ སྣ་ཚོགས་མཁའ་འགྲོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་ཅིར་ཡང་སྣང་བའི་སྐུ༔ ཤ་ཟ་མཁའ་འགྲོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་དགྲ་བགེགས་ཤ་ལ་ཟ༔ ཤུགས་འགྲོ་མ་མོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་སྲོག་ལ་རྔམས་མཛད་མ༔ དབང་མཛད་མ་མོ་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་ལས་ལ་དབང་མཛད་མ༔ སྒྲུབ་པའི་གྲོགས་མཛད་ཆིག་ཁྲི་ཉིས་སྟོང་དང༔ ཉིས་བརྒྱ་ལྔ་བཅུ་སྒྲུབ་པའི་ཕྲིན་ལས་མཛད༔ མ་མོ་མཁའ་འགྲོ་འབུམ་ཕྲག་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན༴ གཞན་ཡང་མཁའ་འགྲོ་འབུམ་ཕྲག་དང༔ མཁའ་འགྲོ་བྱེ་བ་ས་ཡ་དང༔ འཇིག་རྟེན་མ་མོ་འབུམ་ཕྲག་དང༔ མ་མོ་བྱེ་བ་ས་ཡ་དང༔ བརྟན་མ་བཅུ་གཉིས་ལ་སོགས་པའི༔ སྨན་མོ་གྲངས་ལས་འདས་པ་དང༔ དུར་ཁྲོད་མ་མོ་ལ་སོགས་པའི༔ འཇིགས་རུང་མཁའ་འགྲོ་གྲངས་མེད་དང༔ སྲང་རྒྱུག་འདྲེ་མོ་ལ་སོགས་པའི༔ འདྲེ་མོ་བསམ་གྱིས་མི་ཁྱབ་དང༔ ནད་དང་ཡམས་དང་རིམས་ཀྱི་བདག༔ སྲིད་པའི་མ་མོ་ཐམས་ཅད་ཀུན༔ གནས་འདིར་སྤྱན་འདྲེན༴ འཇིག་རྟེན་གཡོ་འཁྲུགས་ཟློག་ཏུ་གསོལ༔ དེ་ནས་སྐུ་གླུད་འབུལ་བ་ནིཿ ཧཱུྃ༔ ཁམས་ལྔའི་རང་བཞིན་ལས་གྲུབ་པའི༔ གཟུགས་འགྲོས་སྒེག་ལྡེམ་ལམས་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ མཚར་སྡུག་རྒྱན་ཆ་སྤུངས་སེ་སྤུང༔ འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ སྤྱན་གཟིགས་དཀོར་ཆ་སྣ་ཚོགས་པ༔ འདི་འདྲའི་གླུད་བཟང་ཡ་མཚན་ཅན༔ མི་བས་གླུད་དགའ་རིན་ཐང་ཆེས་ཆེ་བ༔ བསམ་མི་ཁྱབ་པར་སྔགས་དང་ཕྱག་རྒྱ་དང༔ ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས༔ སྲིད་གསུམ་མ་མོའི་ཚོགས་ལ་འབུལ༔ མདའ་བཀྲ་སྐྱེས་པ་སྟག་ཆས་བརྒྱན༔ གོ་མཚོན་དེ་ནི་ཤ་ར་ར༔ འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན༔ འོད་ཟེར་དེ་ནི་ཤ་ར་ར༔ རྒྱང་བུ་སྐུ་མཁར་ལམས་སེ་ལམ༔ བལ་ཏི་ཤུག་ཏི་དཀོར་ཆའི་ཚོགས༔ སྐུ་གླུད་མཆོད་པ་འདི་བཞེས་ལ༔ སྣང་སྲིད་གཡོ་འཁྲུགས་ཟློག་ཏུ་གསོལ༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང༔ རྐྱེན་དང་བར་ཆད་ཞི་བར་མཛོད༔ ནད་ཡམས་འཁྲུག་རྩོད་ཞི་བར་མཛོད༔ བཙའ་སད་སེར་གསུམ་ཞི་བར་མཛོད༔ སྒྲུབ་པའི་བར་ཆད་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པ་དང༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་ཐམས་ཅད་ཟློག་པར་མཛོད༔ ཅི་བསམ་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ ཅེས་མདོས་བཏང་ཞིང་སྒོ་དབྱེ་བ་ནི༔ ཧཱུྃ༔ ཤར་གྱི་དབྱིངས་ནས་སྒོ་དབྱེ་མ༔ ནམ་མཁའི་རྒྱལ་མོ་སྤུན་གཉིས་ཀྱིས༔ ཤར་གྱི་མདོས་ཀྱི་སྒོ་དབྱེ་འཚལ༔ ལྷོ་ཡི་དབྱིངས་ནས་སྒོ་དབྱེ་མ༔ ཨེ་ཀ་ཛཱ་ཊི་དབྱིངས་ཀྱི་རྒྱལ༔ སེར་མོ་མཆུ་འཇིབ་ལ་སོགས་པས༔ ལྷོ་ཕྱོགས་མདོས་ཀྱི་སྒོ་དབྱེ་འཚལ༔ ནུབ་ཀྱི་དབྱིངས་ནས་སྒོ་དབྱེ་མ༔ འདོད་ཁམས་རྒྱལ་མོ་སྤུན་གཉིས་ཀྱིས༔ ནུབ་ཕྱོགས་མདོས་ཀྱི་སྒོ་དབྱེ་འཚལ༔ བྱང་གི་དབྱིངས་ནས་སྒོ་དབྱེ་མ༔ སྲོག་བདག་རྒྱལ་མོ་སྤུན་གཉིས་ཀྱིས༔ བྱང་ཕྱོགས་མདོས་ཀྱི་སྒོ་དབྱེ་འཚལ༔ དེ་ནས་མདོས་ཀྱི་ལམ་བསྟན་པ་ནི༔ ཧཱུྃ༔ ད་ནི་མདོས་ཀྱི་ལམ་བསྟན་འཚལ༔ མདོས་འགྲོས་དེ་ནི་ཤ་ར་ར༔ གླུད་འགྲོས་དེ་ནི་ལྡེམས་སེ་ལྡེམ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ས་མཐའ་ནས༔ མངོན་རྫོགས་རྒྱལ་པོ་དབྱིངས་ནས་བཞེངས༔ ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ ཡེ་ཤེས་མ་མོ་དབྱིངས་ནས་བཞེངས༔ སྲིད་གསུམ་འཇིག་རྟེན་གནས་རྣམས་ནས༔ སྲིད་པ་མ་མོ་དབྱིངས་ནས་བཞེངས༔ དུར་ཁྲོད་འཇིགས་རུང་གནས་རྣམས་ནས༔ འཇིག་རྟེན་མ་མོ་དབྱིངས་ནས་བཞེངས༔ ཐམས་ཅད་ལས་ལ་ད་བསྐུལ་གྱིས༔ འཇིག་རྟེན་གཡོ་འཁྲུག་ཟློག་ཏུ་གསོལ༔ མདོས་ཕྱིར་སྤགས་ལ་ཤི་ས་བསྟན་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ནི༔ གདོད་མ་ཉིད་ནས་ཀ་ནས་དག༔ གཟུང་དང་འཛིན་པ་ཡོད་མ་ཡིན༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང༔ མངོན་རྫོགས་རྒྱལ་པོ་མན་ཆད་ནས༔ གྲོང་སྲིན་ཐེའུ་རང་ཡན་ཆད་ཀྱི༔ སྣང་སྲིད་མ་མོའི་ཡབ་གྱུར་རྣམས༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ༔ ད་ནི་ཀ་དག་རང་བཞིན་ཡིན༔ ཡེ་ཤེས་མཁའ་འགྲོ་མན་ཆད་ནས༔ གྲོང་སྲིན་འདྲེ་མོ་ཡན་ཆད་ཀྱི༔ སྣང་སྲིད་མ་མོ་ཐམས་ཅད་ཀུན༔ ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ༔ འཁྲུགས་ཞེས་བྱ་བ་ག་ལ་སྲིད༔ ཐམས་ཅད་རྣམ་རྟོག་རང་བཞིན་ཏེ༔ རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན༔ སེམས་ནི་ནམ་མཁའ་སྟོང་པ་འདྲ༔ དག་ཅིང་གསལ་ལ་རྙོགས་པ་མེད༔ སྐྱེ་དང་གནས་དང་འགག་པ་མེད༔ དེ་ཕྱིར་ཐམས་ཅད་རྟེན་འབྲེལ་ཙམ༔ རི་རྩེ་ཆུ་གཞུང་དུར་ཁྲོད་གནས༔ ལམ་མདོ་གྲོང་གི་སྲང་མདོ་སོགས༔ གང་དུ་བསྐྱལ་ཡང་རྣམ་རྟོག་མེད༔ གནོད་པར་བསྐྱལ་ན་གནོད་པ་ཟློག༔ ཕན་པར་བསྐྱལ་ན་ཕན་པ་སྒྲུབས༔ སེམས་ཀྱི་འདུན་པ་གང་གཏད་པ༔ སྲིད་པའི་མ་མོ་ཁྱེད་ཀྱིས་ཤེས༔ དེ་ནི་ཁྱོད་ཀྱིས་འགྲུབ་པར་མཛོད༔ སྲིད་པའི་མ་མོ་འཁོར་བཅས་ཀྱིས༔ དཔལ་ཆེན་བཀའ་ལས་མ་འདའ་བར༔ ཀོ་ལོང་དམ་ན་གཞན་དུ་གཤེགས༔ ཕན་པར་མཛད་ན་གནས་འདིར་བཞུགས༔ དམ་ལས་མ་འདའ་ས་མ་ཡ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབས༔ ཞེས་རོལ་མོ་དང་བཅས་པས་ལྟ་བའི་གདིང་བསྐྱེད་ལ༔ གང་དུ་བསྐྱལ་བའི་ས་དེར་འབུལ་ལོ༔ དེ་ཡང་ཚེ་བསོད་རྒྱས་པར་འདོད་ན་མ་མོའི་སྤྱི་སྔགས་ཀྱི་མཐར༔ པུཥྚིཾ་ཀུ་རུ་ཧོ༔ བཟླ་ཞིང་འབུལ༔ དབང་དུ་བསྡུ་བར་འདོད་ན༔ ཝཱ་ཤཾ་ཀུ་རུ་ཧོ༔ དགྲ་བགེགས་ཚར་གཅད་པར་འདོད་ན༔ མཱ་ར་ཡ་ཕཊ༔ མི་མཐུན་པ་ཞི་བར་འདོད་ན༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེ་ནས་དཀྱིལ་འཁོར་གྱི་མཇུག་བསྒྲུབ་གཞུང་བཞིན་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱཿ ྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཀརྨའི་དམ་ཅན་བྲག་ནས་གནམ་ལྕགས་ཕུར་སྒྲོམ་ཆེན་པོ་གདན་དྲངས་པའི་དབལ་ནང་ནས་བྱང་བུ་འཁོར་ལོའི་དབྱིབས་ཅན་ལ་གུ་རུའི་ཕྱག་བྲིས་ལས་འོག་མིན་ཀརྨའི་གདན་སར་དག་པར་ཕབ་པའོ།། །།
རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ་ (Volume 41, Text 55)
༄༅། །རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་སྙིང་པོར་དྲིལ་བ་དགེ་ལེགས་ཆར་འབེབ་ཅེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་གུ་ར་བེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན། །བརྟན་གཡོ་ཀུན་ལ་ཁྱབ་པའི་ཧེ་རུ་ཀ །དཔལ་ལྡན་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། །དེ་ལ་འདིར་སུ་པྲ་ཏིཥྛའི་སྒྲ་ལས་དྲངས་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཚད་མེད་པའི་ཕྲིན་ལས་ཀྱིས་སྤྲུལ་པའི་གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་པའི་རྣམ་པར་ཤར་བ་ལ། ཡེ་ཤེས་པ་ལེགས་པར་རབ་ཏུ་གནས་པའི་ཆོ་ག་ནི་རྡོ་རྗེ་འཆང་ཆེན་པོས་རྒྱུད་སྡེ་རྒྱ་མཚོ་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་ཚུལ། དཔལ་གསང་བ་སྙིང་པོ་རྩ་བའི་རྒྱུད་ལས། །ས་ལ་སོགས་ལས་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨྲོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་པ་ལ་སོགས་པས་མཚོན་ཏེ་རྒྱ་ཆེར་གསུངས་པའི་དགོངས་དོན་དང་འབྲེལ་བར། གྲུབ་པའི་སློབ་དཔོན་རྣམས་ཀྱིས་ལེགས་པར་བཀྲལ་པའི་ཚུལ་ལས་མདོར་བསྡུས་པ་ཙམ་ཇི་ལྟར་བྱ་བ་ལའང་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་རྟེན་གྱི་མདུན་སོགས་སྐབས་ཕྱེད་པར། གང་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཡོ་བྱད་དང་། བུམ་པ་གཉིས། བྱེ་བྲག་ཏུ་རབ་གནས་ལ་དགོས་པའི་མངའ་དབུལ་གྱི་མཎྜལ། ཙཱ་རུའི་བཟའ་བ། མཆོད་པའི་བྱེ་བྲག་སོགས་འོག་ཏུ་ཉེ་བར་མཁོ་བ་རྣམས་མ་ཚང་མེད་པར་འདུ་བྱ་ཞིང་བཀོད་པས་མཛེས་པར་བཤམས་ནས། དཀྱིལ་འཁོར་གང་ལ་བརྟེན་པའི་ལས་གཞུང་བསྲངས་རྗེས་བཟླས་པའི་མཐར། རྣམ་བུམ་དུ་ལྷ་ཚོགས་རྣམས་ལྷག་པར་གསལ་བས་གཟུངས་ཐག་ལ་འཇུས་ཏེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སྤྲོ་བསྡུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་རྟེན་སྙིང་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།རྣམས་སྦྲེལ་བ་ཅི་ནུས་བཟླ། དེ་བཞིན་དུ། ལས་ཐམས་ཅད་ཀྱི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐད་ཅིག་གིས་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། དང་ཁྲུས་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བཟླ། མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསམ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པའང་བྱའོ། །གཉིས་པ་རབ་གནས་དངོས་ཀྱི་ཆོ་ག་ལ་རྣམ་གྲངས་བཅུ་གཅིག་ལས། ཐོག་མར་བགེགས་སྦྱོང་བ་ནི། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆངས་བུས་བསྐོར་ཞིང་། སུམྦྷ་གསུམ་གྱིས་ཕྱེད་མ། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ཁྲོ་བོའི་རྒྱལ་པོ་འཇིགས་སུ་རུང་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྲོ་བོའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་དེ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་། གླགས་བལྟ་བའི་གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི། ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་སུམྦྷ་སོགས་བརྗོད་ཅིང་། ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོའི་ཚམ་རྔམ་དང་བཅས་པས་ཕྱི་རོལ་དུ་བསྐྲད་པ་ནི་དྲག་པོས་སྦྱོང་བའོ། །གཉིས་པ་ཁྲུས་ཀྱི་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ། བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱི་འོ། །ཞེས་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། ཁྲུས་རས་ཀྱིས་ཕྱི་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་ལ། རྟེན་གསར་པ་རྣམས་དངོས་སམ་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་བཞིན་དུ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུས། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྔགས་དང་བཅས་པས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སྐུ་ཕྱི་བ་རྣམས་བྱ། མཐར་དྲི་ལྔས་ཐུགས་ཀར་བྱུགས་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་གྱུར་པའི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་འབུལ་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་འབུལ་བར་བགྱི། །ཨོཾ་བཛྲ་ཝསཏྲཾ་ཡེ་པྲ་ཏཱིཙྪ་སྭཱ་ཧཱ། སྤོས་མེར་བདུག་ཅིང་སྤྲོ་ན་རྗེས་འབྲེལ་དུ་ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། །གསུམ་པ་རྟེན་བསྐྱེད་པ་ནི། སྒྲུབ་དཀྱིལ་གང་ལ་རྟེན་པའི་མདུན་བསྐྱེད་ལྟར་རམ། བྱེ་བྲག་ཏུ་བསྐྱེད་ན། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐུ་རྟེན་དང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་པ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་དང་གཡོན་དྲིལ་བུ་འཛིན་པ། སྤྱན་མ་དཀར་མོ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་སྟེང་དུ། ཨཱཾཿལས་པདྨ་ཨཱཾཿགིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་གཡས་པདྨ་དང་གཡོན་དྲིལ་བུ་འཛིན་པ། གོས་དཀར་མོ་དམར་མོ་གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཕྱག་མཚན་རྣམས་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ། དབྱིངས་ཕྱུག་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། གཞན་ཡང་རིན་པོ་ཆེའི་བྱེ་བྲག་དང་བང་མཛོད་སོགས་་་རྟ་མཆོག་སྟེང་སྭཱ།རིན་དབྱུང་།་་་སེར་པོ།་་་་་རིན་པ་ཆེ།་་་་་ཡུམ་མཱ་མ་ཀཱི། གོ་ཆ་རོལ་མོ་སྲུང་བའི་རིགས་སོགས་་་ཤང་ཤང་སྟེང་ཧཱ།དོན་གྲུབ་་་ལྗང་གུ།་་་་་རལ་གྲི།་་་་་ཡུམ་དམ་ཚིག་སྒྲོལ་མ།ཏུ་བསྐྱེད་པར་བཤད་དོ། །གང་ལྟར་ཡང་མཐར། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་ཟེར་མཐའ་ཡས་པར་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསམ་མོ། །བདག་དང་རྟེན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ བཞི་པ་སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མ་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་སྟབས་གཤེགས་ལྷུམས་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་བྱོན་པར་མཛད་དུ་གསོལ། །ཞེས་པས་སྤྱན་དྲངས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སཏྭཾ་གྱིས་གདན་འབུལ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ལྔ་པ་དགུག་གཞུག་སོགས་བྱ་བ་ནི། ཨོཾ་བཛྲ་ཨཾ་གུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཧོཿ ཞེས་པས་དགུག་གཞུག་བཅིང་མཉེས་དགྱེས་པ་བསྐྱེད། དྲུག་པ་རྒྱས་གདབ་པ་ནི། ཨོཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཨཱཿ དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཧཱུྃ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །དེང་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དབྱིག་ཏུ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་རྒྱས་གདབ་བོ། །བདུན་པ་དབང་བསྐུར་བ་ནི། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ལྷ་མོ་རྣམས་ཀྱིས་གདུགས་དང་བ་དན་ལ་སོགས་པ་བསྒྲེང་ཞིང་རོལ་མོའི་སྒྲ་དང་བཅས་པས་མཆོད་རྫས་ཀྱི་ཆར་འབེབ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པའི་ལས་མཛད་པར་བསམ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རྣམ་སྣང་སོགས་བདག་པོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་བསམ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཔཉྩ་ཀུ་ལ་མུ་ཀུཊ་ཨ་བྷི་ཥིཉྩ་མཱཾ། ཞེས་དབུ་རྒྱན་གྱིས་དབང་བསྐུར། ཨོཾ་ཏྲུཾ། ཞེས་གོ་བགོས། ཨོཾ་བཛྲ་ཏུཥྱ་ཧོ། ཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱའོ། །སྤྲོ་ན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། བརྒྱད་པ་སྤྱན་དབྱེ་བ་ནི། གསེར་ཐུར་གྱིས་དབྱེ་བའི་ཚུལ་དང་བཅས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཨོཾ་ཙཀྵུཿཙཀྵུཿས་མནྟ་ཙཀྵུཿབི་ཤོ་དྷ་ནེ་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཅིང་སེམས་ཅན་གྱི་དོན་ལ་གཟིགས་པ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །དགུ་པ་རྟེན་བསྒྱུར་བ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་གྱི་གཟུགས་བརྙན་མེ་ལོང་གི་ངོས་སུ་ཤར་བ་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ལན་གསུམ་བརྗོད་པས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་སྐུ་གསུང་ཐུགས་སོ་སོའི་སྣང་བརྙན་གསལ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་མཐུ་བྱིན་དང་ལྡན་པར་བསམ། བཅུ་པ་མངའ་དབུལ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་ཀྱིས་སྤྱིར་མངའ་དབུལ་བ་ནི། མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། ཉེར་སྤྱོད། རིན་ཆེན་བདུན། འདོད་ཡོན་ལྔ། ལྷ་མོ་བཅུ་དྲུག་རྣམས་སྤྱི་ལྟར་འབུལ། དེ་ཙམ་མི་ནུས་ན། ཕྱོགས་བཅུ་རབ་འབྱམས་ནམ་མཁའི་ཁམས་གང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཀུན་བཟང་རྣམ་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཤབྡའི་བར་སྦྱར་བས་ཉེར་སྤྱོད། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་རིན་ཆེན་བདུན། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་གིས་འདོད་ཡོན་ལྔ་རྣམས་ཀྱིས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། མཉམ་ཉིད་མི་གཡོ་སོགས་སངས་རྒྱས་སྤྱི་ཡི་བསྟོད་པའམ། བསྡུ་ན། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་བས་མངའ་དབུལ་བ་ནི། མཎྜལ་གྱི་བཀོད་པ་འབུལ་ཞིང་། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་ཨཱཿཧཱུྃ། དྲིའི་བྱུག་པ་ཕུལ་ལ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གྷནྡྷེ་སྭཱ་ཧཱ། ན་བཟའ་ཕུལ་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསཏྲཾ་ཡེ་སྭཱ་ཧཱ། རྒྱན་སྣ་ཚོགས་ཕུལ་ལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་བཛྲ་བི་ཤྭ་རཏྣ་ཨ་ལཾ་ཀཱ་རཿཡེ་སྭཱ་ཧཱ། གསུམ་པ་ཙཱ་རུའི་བཟའ་བ་ཞལ་ཟས་ཀྱིས་མངའ་དབུལ་ནི། ལྷ་བཤོས་གཙང་མ་ཉིད་ཆབ་ཀྱིས་བྲན་ལ། ན་མསྶརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་པས། རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ཀྱི་ཞལ་ཟས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་པས་འབུལ། བཞི་པ་སྔགས་དང་ཤིས་བརྗོད་ཀྱིས་མངའ་འབུལ་བ་ནི། རྟེན་རྣམས་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་ནས་སློབ་དཔོན་གྱིས་བཟུང་ཞིང་། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། བདག་བསྐྱེད་ཀྱི་སྙིང་པོའི་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷཱུ་ཁཾ་བཛྲཱི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། དང་། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་རྟེན་འབྲེལ་སྙིང་པོ་རྣམས་ཅི་ནུས་བཟླ། རྗེས་འབྲེལ་དུ། ཡེ་དྷརྨཱ་སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ལ་སོགས་པའི་ཤིས་པ་རྒྱ་ཆེར་བརྗོད་པས་མངའ་གསོལ་ཞིང་མེ་ཏོག་གི་ཆར་ཕབ། བཅུ་གཅིག་པ་གསོལ་བ་གདབ་པ་ནི། ཡི་གེ་བརྒྱ་པ་ལན་གསུམ་སྔོན་དུ་འགྲོ་བས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སོགས་ཤོ་ལོ་ཀ་གཉིས་ཀྱིས་མཆོད། དེ་དག་བསྔགས་པ་སོགས་ཀྱིས་བསྟོད། རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་ནས་བཟུང་། ཐལ་མོ་སྦྱར་བས་བཏུད་དེ། ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཞེས་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་གདབ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ལ། སླར་ཡང་མཆོད་བསྟོད་ཀྱང་བྱའོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་དྲུག་ལས། དང་པོ་གཏོར་མ་གཏང་བ་ནི། ནང་དུ་རྡོ་རྗེའི་ཆོས་སྲུང་རྣམས་དང་། ཕྱི་རོལ་དུ་ཕྱོགས་སྐྱོང་འབྱུང་པོ་རྣམས་ལ་གཏོར་མའི་ཆོ་ག་ཇི་ལྟར་རིགས་པས་འབུལ་ལོ། །གཉིས་པ་སྲུང་མ་བསྒོ་བ་ནི། གནས་དང་རྟེན་གང་ལ་གཉེར་གཏད་པར་འདོད་པ་དེ་ཉིད་ཀྱི་གཏོར་མ་ཟུར་དུ་བཤམས་ནས་ཕུལ། རྡོ་རྗེ་བཀའ་ནན་གྱི་རྒྱ་བཅིངས་ཏེ། ཨོཾ་བཛྲ་རཀྵཱ་ཧཾ། ཞེས་དང་། རྡོ་རྗེ་རྩེ་ལྔ་པའི་རྒྱ་སྤྱི་བོར་རེག་པར་མོས་ལ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ལ་བཞག །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་ཀྱིས། གནས་དང་རྟེན་འདི་རྣམས་སྲུང་ཞིང་སྐྱོང་བ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གསུམ་པ་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི་ལས་གཞུང་ལྟར་བྱའོ། །བཞི་པ་ཡོན་བདག་བསྒོ་བ་ནི། བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཡོན་བདག་ཉེ་ལོགས་སུ་སྟན་བཟང་པོ་ལ་འཁོད་པར། བདེར་གཤེགས་ལྷག་མ་འདི་དག་ནི། །གསོལ་ཅིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་ཅིང་དཔོན་སློབ་ཐམས་ཅད་ལ་ཙཱ་རུའི་བཟའ་བ་འགྲིམ། སློབ་དཔོན་གྱིས་སྤྲོ་ན་སྤྱི་དང་བྱེ་བྲག་གི་ལུང་གིས་རྒྱབ་སྐྱོར་ཏེ་སྐབས་སུ་བབ་པའི་བཤད་པས་མཚམས་སྦྱར་བའམ། གང་ལྟར་ཡང་། ཁྱོད་ཀྱིས་ང་ལ་གང་གསོལ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་ཇི་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། ཁྱོད་ཀྱིས་ང་ལ་གང་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱིས། ཁྱོད་ཀྱིས་འདི་རྣམས་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་འཆད་པར་གྱིས་ཤིག །ཅེས་གདམས་པ་དང་དེས་ཀྱང་མཆོད་པའི་བྱེ་བྲག་རྣམས་ལག་གིས་བསྟར་ཏེ་རྟེན་གྱི་དྲུང་དུ་བཀོད་པས་མཛེས་པར་བཤམས་ལ། དཔོན་སློབ་རྣམས་མགྲིན་གཅིག་པར་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། རབ་འབྱམས་རྒྱ་མཚོ་སོགས་ཚིགས་གཅད་སྔགས་དང་བཅས་པ་ཇི་ལྟར་རིགས་པས་དབུལ། ལྔ་པ་ཤིས་པར་བྱ་བ་ནི། བགེགས་བསལ་བའི་སླད་དུ་སྦྱོང་བ་གསུམ་སྔར་བཞིན་ལ། བདེན་བརྗོད་སྐབས། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཞེས་པའི་མཚམས། དེང་འདིར་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་བཀྲ་ཤིས་པ་དང་། མཐུན་རྐྱེན་བསོད་ནམས་ཀྱི་ལེགས་ཚོགས་སྤེལ་བ་ལ་བར་དུ་གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་གདོན་བགེགས་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག་སོགས་དྲག་སྔགས་སྤོས་རོལ་ཚམ་རྔམ་གྱིས་བསྐྲད་པ་སྔོན་དུ་འགྲོ་བས། རྫས་དང་སྦྱིན་བདག་རྣམས། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྦྱིན་པའི་བདག་པོ་སྐད་ཅིག་གིས་གནོད་སྦྱིན་བྱེ་བའི་སྡེ་དཔོན་ཆེན་པོ་ཛམྦྷ་ལའི་སྐུར་གྱུར་པའི་མདུན་དུ། མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་བརླབས་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ། ཞེས་སོགས་ཀྱིས་རྫས་རྣམས་རེ་རེ་བཞིན་དུ་ཡོན་བདག་ལ་གཏད་ཅིང་། དེས་ཀྱང་རྟེན་ལ་འབུལ་བའི་ཚུལ་བྱ། སླར་ཡང་མདུན་གྱི་ནམ་མཁར་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་། མེ་ཏོག་མན་དཱ་རའི་ཆར་ཆེན་པོ་ཕབ་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་དུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་ཀྱིས་ཤིས་བརྗོད་དང་དགའ་སྟོན་རྒྱ་ཆེར་བྱ། དྲུག་པ་དགེ་བ་བསྔོ་བ་ནི། དེ་ལྟར་བསྒྲུབས་པའི་ལེགས་བྱས་ཀྱིས་མཚོན་ཏེ་དུས་གསུམ་བསགས་པའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་བཟང་པོ་བཞི་ལྡན་གྱི་ཡོངས་སུ་བསྔོ་བས་རྒྱས་གདབ་པ་དང་། སྨོན་ལམ་གྱི་མཐུན་འགྱུར་ཀྱང་ཇི་ལྟར་རིགས་པ་རྒྱས་པར་བྱའོ།། ༈ །།གལ་ཏེ་དེ་ལས་བསྡུས་པར་འདོད་ན། བདག་བསྐྱེད་སྔོན་དུ་འགྲོ་བས་ལས་བུམ་བསྒྲུབ། སྦྱོང་བ་ནས་བརྩམ་སྟེ་རྟེན་བསྒྱུར་བའི་བར་སྔར་བཞིན་ལ། མཆོད་བསྟོད་དང་སྔགས་ཀྱིས་མངའ་དབུལ་གསོལ་གདབ་བཅས་ཀྱི་མཐར། བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱའོ།། ༈ །།ཤིན་ཏུ་བསྡུས་པ་ནི། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་དུ་གསལ་ཞིང་བདེན་སྟོབས་བརྗོད་པས་བགེགས་སྦྱང་། གྲུབ་ན་རྟེན་རྙིང་པ་ལ་ལྷ་ཁྲུས་གསོལ་བའི་བུམ་པའི་ཆུས་ཁྲུས་ཀྱི་བྱ་བ་མདོར་བསྡུས་བྱ། རྟེན་བསྐྱེད་ནས་དབང་བསྐུར་ཡན་སྔར་ལྟར་ལ། དེ་ནས་སྤྱན་དབྱེ། ཞལ་བསྒྱུར། མཆོད་བསྟོད། གསོལ་གདབ་བཅས་ཀྱི་མཐར། བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བས་གྲུབ་པ་ཡིན་ནོ། །དམ་ཚིག་གཟུགས་བརྙན་སྤྲུལ་པའི་དཀྱིལ་འཁོར་དུ། ཡེ་ཤེས་ལྷག་པར་གནས་པའི་ཆོ་ག་ནི། །སྙིང་པོར་དྲིལ་ཏེ་ལེགས་པར་སྦྱར་བའི་དགེས། །འགྲོ་ཀུན་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་པའི་གཞུང་རྒྱ་ཆེན་པོ་ལས། གནས་སྐབས་འགའ་ཞིག་ཏུ་མདོར་བསྡུས་པའི་ཚུལ་གྱི་ཆོ་གའི་ཡན་ལག་མ་ཉམས་པར་བསྒྲུབ་པར་འདོད་པ་རྣམས་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། ཤཱཀྱའི་དགེ་སློང་རིག་པ་འཛིན་པ་མཉྫུ་གྷོ་ཥས་ལེགས་པར་སྦྱར་བའི་དགེ་བས་འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ ཚེ་སྒྲུབ་འཆི་མེད་སྙིང་པོ་ (Volume 11, Text 55)
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ ཚེ་སྒྲུབ་འཆི་མེད་སྙིང་པོ་བཞུགས༔ སྐྱེ་འཆིའི་འཛིན་པ་རྣམ་དག་པའི༔ འཆི་མེད་རིག་འཛིན་ཆེན་པོར་འདུད༔ གང་དེའི་གོ་འཕང་བསྙེན་འདོད་ན༔ དབེན་པའི་གནས་སུ་སྟེགས་བུའི་ཁར༔ ཚེ་དར་བུམ་པ་རིལ་བུ་དང༔ ཚེ་ཆང་མཆོད་གཏོར་བཅས་པ་བཤམ༔ སྔོན་འགྲོ་ཕྲིན་ལས་གཞུང་བསྲངས་ནས༔ བསྟོད་པའི་མཇུག་ཏུ་ཛཔ྄་ཁང་དབྱེ༔ ཨ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་པདྨ་འབྱུང༔ དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་བུམ་བསྣམས༔ དེ་ཡི་ཐུགས་དབུས་འོད་ལྔའི་དྲྭ་བའི་ཀློང༔ ཉི་ཟླ་ཁ་སྦྱོར་དབུས་སུ་ཡི་གེ་ཧྲཱི༔ མཐའ་མར་རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོ་འདུས་སྲིད་ཞིའི་ཚེ་བཅུད་བསྡུས༔ ཟུང་འཇུག་དབུ་མའི་མཁའ་རུ་ཐིམ་པ་ལས༔ འཆི་མེད་ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་གྱུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ སྐབས་སུ་ཡང་གསང་ཧྲཱིཿགཅིག་བཟླ༔ ཐུན་མཚམས་ཚེ་བཅུད་བསྡུ་བའི་སླད༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ ཏིང་འཛིན་དམིགས་པའི་འཕྲོ་འདུ་དང༔ གདུང་བ་དྲག་པོའི་དབྱངས་ཀྱིས་བསྙེན༔ བདུན་ཕྲག་གསུམ་དུ་འབད་གྱུར་ན༔ བར་ཆད་སེལ་ཞིང་བྱིན་གྱིས་བརླབ༔ དངོས་གྲུབ་མ་ལུས་ཐོབ་པར་འགྱུར༔ ས་མ་ཡ༔ ཐུན་མཐར་ཚེ་འགུགས་བསྐུལ་བ་ནི༔ ཨ༔ ཀ་དག་འགྱུར་མེད་ཕོ་བྲང་ནས༔ ཐོག་མའི་མགོན་པོའི་ཐུགས་དམ་བསྐུལ༔ གཞོན་ནུ་བུམ་སྐུའི་ཚེ་བཅུད་སྡུས༔ འཕོ་འགྱུར་མེད་པའི་དངོས་གྲུབ་སྩོལ༔ རང་ཤར་ལྷུན་གྲུབ་ཕོ་བྲང་ནས༔ ཚེ་བདག་རིགས་ལྔའི་ཐུགས་དམ་བསྐུལ༔ ཡེ་ཤེས་ལྔ་ཡི་ཚེ་བཅུད་སྡུས༔ བདེ་ཆེན་རྡོ་རྗེའི་དངོས་གྲུབ་སྩོལ༔ མ་ངེས་འགྲོ་འདུལ་ཕོ་བྲང་ནས༔ ཚེ་དབང་རིག་འཛིན་ཐུགས་དམ་བསྐུལ༔ སྲིད་དང་ཞི་བའི་ཚེ་བཅུད་སྡུས༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ སྐུ་གསུམ་ཀུན་འདུས་ཕོ་བྲང་ནས༔ ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐུལ༔ འོད་གསལ་ཆེན་པོའི་ཚེ་བཅུད་སྡུས༔ འཇའ་ལུས་རྡོ་རྗེའི་དངོས་གྲུབ་སྩོལ༔ རྣམ་ཀུན་མཆོག་ལྡན་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐུལ༔ བརྟན་གཡོ་འབྱུང་བཞིའི་ཚེ་བཅུད་སྡུས༔ སྒོ་གསུམ་དྭངས་མར་སྨིན་པར་མཛོད༔ གསང་ཆེན་རྡོ་རྗེའི་དཀྱིལ་འཁོར་འདིར༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་ཡེ་ཤེས་བདུད་རྩིར་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ ཨ༔ སྤྲོས་པས་སྣང་སྲིད་གང་བའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་གདབ་བོ༔ རྣམ་ཀུན་མཆོག་ལྡན་དབྱིངས་སུ་ཨ༔ རྗེས་སུ་མཆོད་བསྟོད་ནོངས་པ་བཤགས༔ ས་མ་ཡ༔ གྲུབ་ནས་དངོས་གྲུབ་བླང་བའི་ཕྱིར༔ བདག་ཉིད་འཇུག་པའི་ཕྲིན་ལས་ནི༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་ནས༔ སྐྱེ་འཆི་མེད་པའི་ཚེ་ཡི་དབང༔ སྒོ་གསུམ་རྡོ་རྗེར་སྨིན་བྱའི་ཕྱིར༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ མདུན་བསྐྱེད་བླ་མ་དབྱེར་མེད་པས༔ དབང་གི་བྱ་བ་མཛད་པར་མོས༔ ཐོག་མར་བུམ་པ་སྤྱི་བོར་བླང༔ ཨ༔ བློ་བྲལ་བུམ་པའི་དཀྱིལ་འཁོར་དུ༔ ཟུང་འཇུག་འཆི་མེད་མགོན་པོ་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བྷནྡྷའི་བདུད་རྩི་མགྲིན་པར་བཞག༔ ཨ༔ དབྱིངས་རིག་དབྱེར་མེད་ཀ་པཱ་ལར༔ བདེ་ཆེན་ཡུམ་ལྔའི་བདུད་རྩི་བསྐྱིལ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྲོག་རྩོལ་དབུ་མར་ཐིམ་པར་ཤོག༔ མ་ཧཱ་སུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཚེ་ཡི་རིལ་བུ་སྙིང་གར་བཞག༔ ཨ༔ སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ སྣང་སྟོང་ཟུང་འཇུག་བདེ་བ་ཆེ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྐྱེ་འཆིའི་འཛིན་པ་རང་གྲོལ་ཤོག༔ ཛྙཱ་ན་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་དང་མེ་ལོང་བརྡས་མཚོན་ཏེ༔ ཨ༔ ཀ་དག་གཞི་ཡི་ཡེ་ཤེས་ལ༔ ལྷུན་གྲུབ་ལམ་གྱི་སྣང་བ་ཤར༔ ཟུང་འཇུག་བློ་བྲལ་ཆེན་པོའི་ངང༔ འཕོ་འགྱུར་མེད་པའི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ ཞེས་བརྗོད་བློ་འདས་ངང་དུ་བཞག༔ རྗེས་ལ་ཚེ་འགུགས་རྒྱ་ཡིས་གདབ༔ དམ་ཚིག་ཁས་བླང་མཎྜལ་འབུལ༔ ཟབ་མོའི་ལམ་འདིར་བརྩོན་པ་ཀུན༔ འཆི་མེད་རིག་འཛིན་ཚེ་འདིར་ཐོབ༔ དཔའ་བོ་ཌཱ་ཀིས་བྱིན་བརླབས་ཤིང༔ ཡུལ་སྣང་སྐུ་གསུམ་རོལ་པར་སད༔ ས་མ་ཡ༔ དགོངས་བརྡ་སྙན་བརྒྱུད་གསུམ་རྫོགས་པའི༔ རང་བྱུང་གསང་བའི་བརྡ་རིས་ལས༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཡིས༔ བརྡ་དོན་གབ་སྦས་མེད་པར་བཀོད༔ གྲུབ་ཐོབ་ཆེན་པོའི་བྱིན་རླབས་དང༔ ཆོས་ཉིད་བསམ་མི་ཁྱབ་པའི་མཐུས༔ འགྲོ་ཀུན་འཆི་མེད་གཉུག་མའི་ཀློང༔ གདོད་མའི་གཏན་སྲིད་ཟིན་པར་ཤོག༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པའང་རྗེ་གྲུབ་ཐོབ་ཆེན་པོའི་གསང་བ་གསུམ་གྱི་བྱིན་རླབས་དངོས་སུ་ཐོབ་པ་ལ་བརྟེན་ནས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྐད་ཅིག་གིས་གཏན་ལ་ཕབ་པ་དགེ། །།
བདུད་འདུལ་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཞལ་ཤེས་བཀའ་རྒྱ་མ་ (Volume 13, Text 55)
༄༅། །བདུད་འདུལ་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་ཞལ་ཤེས་བཀའ་རྒྱ་མ་བཞུགས་སོ། ། དབང་ལུང་མན་ངག་མ་ཐོབ་པས་བལྟས་ན་སྲོག་དབུགས་བདུད་བཙན་ཀླུ་གསུམ་གྱི་ཞལ་དུ་ཐོབ་ཅིག་ས་མ་ཡ་དཱ་ན་རཀྵ། ཚད་མེད་ཐུགས་རྗེའི་ཉི་འོད་འབུམ་བརྡལ་བས། །མ་རིག་མུན་ཚོགས་བསལ་དང་ཆབས་ཅིག་པར། །ཡེ་ཤེས་མཆོག་གི་སྣང་བ་རྒྱས་མཛད་པའི། །བླ་མ་ཁྲག་འཐུང་ཧེ་རུ་ཀ་དཔལ་རྒྱལ། །འདིར་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་གཏེར་བྱོན་མ་ཧཱ་གུ་རུ་དྲག་པོ་རྩལ་གྱི་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་པ་གཞུང་ཉིད་དུ་གསལ་བ་ལས་ཞལ་ཤེས་ཀྱི་རིམ་པ་བླ་མའི་གསུང་ལས་ཇི་ལྟར་རྟོགས་པ་རྣམས་རང་བཟོ་མེད་པར་ཟིན་ཐོར་བཀོད་པ་ལ། དང་པོ་བསྐྱེད་རིམ་གྱེར་གཞུང་བཞིན་གསལ་བའི་ངང་ནས། བསྙེན་པའི་སྐབས་སུ། ཐུགས་ཀར་ཡེ་ཤེས་སེམས་དཔའ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་ཧཱུྃ་མཐིང་ག་ཡུངས་འབྲུ་ཙམ་པའི་མཐའ་སྐོར་དུ། མདུན་ནས་གཡས་སུ་བཀོད་པའི་པདྨ་ཐོད་ཕྲེང་རྩལ་གྱིས་སྔགས་ཕྲེང་སྤུས་བྲིས་པ་ལྟ་བུའི་ཡིག་འབྲུ་རྣམས་མར་མེ་ལྟར་གསལ་ཞིང་འབར་བ་ལ་དམིགས་ནས་བཟླ། སྔགས་ཕྲེང་འཁོར་མི་དགོས་ཤིང་སྤྲོ་བསྡུའི་དམིགས་པ་བྱའོ། །དྲག་པོའི་སྐབས་སུ་ཟླ་གདན་ཉི་མར་བསྒྱུར། ཧཱུྃ་སྔོན་མེའི་མདོག་ཅན་དུ་བསྒྱུར་བའི་མཐར་སྔགས་ཕྲེང་མེའི་མདོག་ཅན་མདུན་ནས་གཡོན་དུ་བཀོད་པ་འགལ་མེ་བསྐོར་བ་ལྟ་བུ་དམར་ཀྱི་ལི་ལི་འཁོར་བ་དེ་ལས་འོད་ཟེར་རྡོ་རྗེ་མེའི་ཚྭ་ཚྭ་འཕྲོས་པས། གནོད་བྱེད་ལོག་འདྲེན་ཐམས་ཅད་གཞོབ་ཐུལ་ཚིག་པར་བསམ་སྟེ་དྲག་པོའི་སྔགས་ལ་མ་ཡེངས་པར་བཟླའོ། །ཤམ་བུར་སྡེ་བརྒྱད་ཀྱི་སྲོག་ཡིག་བཟླས་པ་ཙམ་གྱིས་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། སྡེ་བརྒྱད་རྣམས་རང་དབང་མེད་པར་སྐྲག་ཅིང་སྲོག་སྙིང་། རྒྱལ་པོར་ཨ། གཞན་གཤིན་རྗེར་ཡ། མ་མོ་མ། བདུད་དུ། གཟའ་རུ། བཙན་ཙ། སྲིན་པོ་ཤ །ཀླུ་ན་རྣམས་སོ་སོའི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཏབ་ནས་ཚུར་དྲངས་ཏེ་ཧཱུྃ་གི་ཞབས་སུ་ཐིམ་པར་མོས་ལ་སྔགས་ཤམ་བུར་སྡེ་བརྒྱད་སྲོག་སྔགས་བཟླ། བདག་ཉིད་དྲག་པོའི་ང་རྒྱལ་དང་སྟངས་སྟབས་ཀྱིས་སྡེ་བརྒྱད་ཐམས་ཅད་སྔངས་སྐྲགས་ནས་འདར་ཕྲི་ལི་ལི་འདུད་ཅིང་ཅི་བསྒོ་བའི་བཀའ་ལ་ཉན་པར་བསམ་ཞིང་རྩ་སྔགས་ཤམ་བུར་གཟིར་སྔགས་བཟླ། སྤུ་གྲི་མཚོན་ཆའི་དམིགས་པ་ནི། གཞལ་ཡས་ཁང་གི་ཕྱི་སྒོའི་བར་ཁྱམས་སུ་ཁྲོ་བོ་ཡཀྴ་མེ་དབལ་ཞལ་ཚུར་གཟིགས་པའི་ཁྲུ་དོ་ཙམ་གྱི་བར་སྣང་ཁམས་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བརྒྱད་སྡིག་པས་མཚན་པ་ཁ་ཕྱིར་བསྟན་པ། རྩིབས་བརྒྱད་རྩེ་ནང་དུ་བསྟན་པ། མཐའ་དང་དབུས་སུ་མེ་རླུང་འཁྲུགས་པའི་འཁོར་ལོ་གཉིས། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་ལོ་ནང་མ་ལ་ཕོག་གཡས་སུ་འཁོར། མེ་དབལ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་ལོ་ཕྱི་མ་ལ་ཕོག་སྟེ་གཡོན་དུ་འཁོར་བ་སོ་འཐབ་པའི་བར་དུ་གནོད་བྱེད་དགྲ་བགེགས་ཐམས་ཅད་ཕྱེ་མ་ལེབ་མེ་ལ་ལྕེབ་པ་ལྟར་འཐིབ་འཐིབ་པོར་འཕྱོང་བ་ཐམས་ཅད་སྤུ་གྲི་སོ་འཐབ་པའི་བར་དུ་དུམ་བུར་གཏུབ་པའི་རོ་ཐམས་ཅད་སྡིག་པ་རྣམས་ཀྱིས་རུབ་སྟེ་ཟོས་པའི་ལྷག་མ་ཐམས་ཅད་མེ་རླུང་རབ་ཏུ་འཁྲུགས་པ་གཡས་གཡོན་དུ་འཁོར་བས་་གཞོབ་ཐུལ་བསྲེགས་ཏེ་ལྷག་མ་ཙམ་ཡང་མེད་པར་བསམས་ལ་སྤུ་གྲིའི་སྔགས་རྒོད་དྲག་ཏུ་བཟླའོ། །དེ་ཡན་བསྙེན་སྔགས་བཟླས་སོ་ཅོག་ལ་དགོས་པའོ། །ཡང་དྲག་པོའི་བསྙེན་པ་དངོས་གཞིའི་སྐབས་སུ། ཞི་བར་བསྙེན་པ། དྲག་པོར་བསྒྲུབ་པ། ཤམ་བུར་བཏགས་པ། ལས་ལ་སྦྱར་བ། སྲུང་ཟློག་བསད་པ་སོགས་མཐར་ཆགས་གོ་བབས་ཀྱི་འགྲོས་དང་བསྟུན་ལ་གྲངས་ནི་རབ་འབྲིང་ཐ་མ་དངོས་ཉམས་རྨི་ལམ་དུ་ལྷས་བྱིན་གྱིས་བརླབས་པའི་མཚན་མ་མཐོང་བར་བསྙེན་ནས། འཁོར་སྔགས་སྐབས་རྒྱས་པར་ན། དང་པོ་དངོས་གཞིའི་བསྙེན་པ་རྣམས་ཀྱིས་སྣ་དྲངས་པའི་རྗེས་ཐོག་ཏུ་རང་དྲག་པོར་གསལ་བའི་དང་པོར་ཕྱག་རྡོར་དུ་ལམ་གྱིས་གནས་འགྱུར་བའི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཐུགས་སྲོག་ཧཱུྃ་མཐར། ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ཀྱིས་བསྐོར་བར་དམིགས་ནས་དེ་ཉིད་བཟླ། དེ་བཞིན་དུ་གཤིན་རྗེ་རྟ་མགྲིན་མེ་དབལ་སོ་སོར་གནས་འགྱུར་བའི་ཐུགས་སྲོག་ཡཿཧྲཱིཿཀྵཿསོགས་ཀྱི་མཐར་སོ་སོའི་སྔགས་ཀྱིས་བསྐོར་བར་བསམ་སྟེ་བཟླ་བ། མཁའ་འགྲོ་སྡེ་བཞི། གིང་བཞི། ཁྱུང་། འོད་དཔག་མེད་རྣམས་རང་ཉིད་དྲག་པོར་གསལ་བའི་ངང་ནས་སོ་སོའི་ཐུགས་ཀར་སྲོག་སྔགས་ལ་དམིགས་ནས་བཟླ་བས་ཕྲིན་ལས་སྒྲུབ་ཅིང་མཆོག་གི་དངོས་གྲུབ་སྩོལ་བར་བསམ་པའོ། །གྲངས་ནི་ཁྲོ་བོ་བཞི་དང་འཁོར་གཞན་རྣམས་བཅས་ལ་བདུན་རེ་སོགས་གཙོ་བོ་ལ་ཆ་ཤས་པའོ། །གཞན་ཡང་རང་ཉིད་གཙོ་བོར་གསལ་བས་འཁོར་སོ་སོ་ལ་དམིགས་པ་ཉིད་ཀྱིས་འཐུས་སོ། །བསྙེན་སྒྲུབ་དངོས་གཞིའི་ཚུལ་མཐའ་དག་ནི་བསྙེན་ཡིག་བྱིན་རླབས་མཆོག་གི་བུམ་བཟང་དུ་གསུངས་པས་དེར་བལྟས་པས་ཤེས་པར་འགྱུར་ལ། འོན་ཀྱང་དམིགས་པའི་རིམ་པ་རྣམས་དེར་མི་གསལ་བས་འདིར་བཀོད་པ་སྟེ། དེ་ལ་ལས་སྦྱོར་སྲུང་ཟློག་བསད་གསུམ་ལས། དང་པོ་སྲུང་བའི་དམིགས་པ་ནི། བདག་གི་ཐུགས་ཀའི་ཆ་སྨད་དུ༔ ཞེས་པས་རང་དྲག་པོར་གསལ་བའི་ལྟོ་བར་གསེར་གྱི་བྱང་ཆུབ་མཆོད་རྟེན་གྱི་ཉི་ཟླ་པདྨ་ཐོད་ཕྲེང་ལ་ཐུག་ཙམ་བུམ་པའི་ནང་དུ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་ཡིག་མཐིང་ཀའི་ཀླད་སྐོར་ནང་དུ་བླ་མ། ཧའི་ཁོག་པ་གོང་མར་སློབ་དཔོན་སོགས་ཆེ་བ་རང་དྲག་པོར་གསལ་བ་ཡིན་མོད་ཀྱང་། སྲུང་བའི་སྐབས་སུ་ཧའི་ཁོག་པར་རང་གི་གཟུགས་ཇི་ལྟ་བ་བསྒོམ་དགོས་ཏེ། དེའི་གཡས་གཡོན་མདུན་རྒྱབ་རྣམས་སུ། ཕོ་ཉེ་མོ་ཉེ་ཡོན་བདག་མཆེད་གྲོགས་འཁོར་གཡོག་ནོར་རྫས་སོགས་བསྲུང་བྱ་གང་དགོས་དང་། འ་དང་ཞབས་ཀྱུའི་ནང་ཁུག་ཏུ་རྟ་ཕྱུགས་སོགས་བསྒོམ་ཞིང་། ཧཱུྃ་གི་ཕྱི་མ་ལ་འོད་དམར་པོའི་གུར་དང་། དེའི་ཕྱི་མ་འོད་དཀར་པོའི་གུར་གཉིས་སྦྲགས་ཀྱིས་བསྟུམས་པས་ཕྱི་མ་ལྷན་ཅིག་སྐྱེས་པའི་འདྲེ་དང་ནང་མ་ལྷས་ཀྱང་མི་རིག་པའི་གུར་རོ། །ཧཱུྃ་ལས་འོད་འཕྲོས་རྒྱལ་བ་མཆོད་ཐུགས་རྗེ་བྱིན་རླབས་འོད་ཟེར་གྱིས་རྣམ་པར་ཚུར་བསྡུས་བདག་དང་བསྲུང་བྱ་རྣམས་ལ་ཐིམ་པས་ལུས་རྡོ་རྗེའི་གོ་ཁྲབ་རྡོ་རྗེ་རྒྱ་གྲམ་སྣེ་སྦྲེལ་བ་འབའ་ཞིག་གི་བར་སྟོང་རྣམས་ལྕགས་སྡིག་དང་ཁྱུང་གིས་བཀབ་པ་ལྟ་བུའི་གོ་མཚམས་མེད་པར་གཏམས་པར་གྱུར་པར་བསམས་ལ། རྩ་སྔགས་ལ་སྲུང་སྔགས་བཏགས་པ་བཟླའོ། །གཉིས་པ་བསད་པའི་དམིགས་པ་ནི། རང་དྲག་པོ་འཁོར་གཞལ་ཡས་ཁང་དང་བཅས་པའི་སྣང་ཆ་དེ་ཉིད་སྐད་ཅིག་གིས་གནས་འགྱུར་ཏེ་ལྕགས་སྡིག་མགོ་དགུ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་ཤིན་ཏུ་འཇིགས་པ་སྟོང་གསུམ་ཁེངས་པ་གཅིག་ཏུ་བསྒོམས་ནས་བཛྲ་རཱ་ཙའི་ཙིཏྟ་ཞེས་ཉེར་ཅིག་བཟླས་ནས། སྡིག་པའི་ཐུགས་སྲོག་ཡི་གེ་ཛཿདམར་ནག་ལས་ཛཿཡིག་དཔག་ཏུ་མེད་པ་སྤྲོས་པ་རྣམས་སྡིག་པར་གྱུར་ཏེ་སྡིག་པ་རང་འདྲ་བ་དཔག་ཏུ་མེད་པས། འཇིག་རྟེན་ཐམས་ཅད་མེར་གྱིས་ཁེངས་ཏེ་གནོད་བྱེད་རྒྱལ་བསེན་ཐམས་ཅད་ཤ་ལ་སྦྲང་མ་རུབ་པ་དང་འབུས་ཟོས་པ་ལྟར་ཕྱི་ནང་ཐམས་ཅད་ཟོས་པས་ལྷག་མ་རྡུལ་ཙམ་མེད་པར་བསམས་ལ། འདི་དྲག་པོ་སྡིག་པར་གནས་འགྱུར་བ་ཡིན་པས་དྲག་བསྒྲུབ་ཀྱི་སྔགས་མི་དགོས། བཛྲ་ཡཀྵ་ཏྲིག་ནན༔གྱི་སྔགས་བརྒྱ་རྩ་བཟླས་རྗེས་སྡིག་པའི་བསྐུལ་བྱས་ནས་གསལ་ཆ་དེ་ཉིད་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་བའི་ངང་ལ་དར་གཅིག་བཞག །སླར་ཆུ་བུར་རྡོལ་བ་ལྟར་ཕོ་བྲང་རྟེན་བརྟེན་པར་བཅས་པའི་སྣང་ཆ་ལམ་གྱིས་གསལ་ནས་འཁོར་སྔགས་སོགས་བཟླའོ། །སྡིག་པ་སྙིང་འཛིན་གྱི་དམིགས་པ་འདི་རྩུབ་པས་འདྲེ་སྲིན་ཚ་ངར་ཆེ་བ་དང་དམིགས་བསལ་མ་གཏོགས་རྒྱུན་ལྡན་དཀྱུས་སུ་བྱ་མི་རུང་། གསུམ་པ་ཟློག་པའི་དམིགས་པ་ནི། རང་ཉིད་དྲག་པོ་རྩལ་དུ་གསལ་བའི་སྐུའི་ཆ་ལས་ཁྲོ་ཆུང་། ཕྱག་གཡས་པའི་རྡོ་རྗེ་ནས་ཁྱུང་། གཡོན་པའི་ཕུར་རྩེ་ནས་ལྕགས་སྡིག་སོགས་དཔག་མེད་འཕྲོས། འཁོར་རྣམས་ཀྱང་ཞལ་ཕྱིར་གཟིགས་ཤིང་། སྐུ་ལས་རང་འདྲ་བའི་སྤྲུལ་པ་དང་། ཕྱི་རོལ་གྱི་སྲུང་འཁོར་ལས་ཀྱང་སྤྲུལ་པ་གོང་མཚུངས་མང་པོ་སྤྲོས་པས་དགྲ་བགེགས་བྱད་མ་གནོད་བྱེད་ཐམས་ཅད་བསད་གཏུབ་ཟོས། རྡུལ་ཆ་ཡང་མེད་པར་བསམས་ལ། ཟློག་སྔགས་ཉེར་གཅིག་སོགས་བཟླས་རྗེས་བདེན་སྟོབས་བརྗོད་པས་ཐལ་མོ་ལན་གསུམ་བརྡེབ། ལོཀྟྲིའི་སྔགས་རྒོད་ཉེར་གཅིག་སོགས་བཟླས་རྗེས། བཀའ་ལྟར་མི་བྱེད་ཅིང་ཞེས་པའི་ཚིག་མཚམས་རེ་བཞིན་ཐལ་རྡེབ་བྱ། སེང་གདོང་མའི་སྐབས་ཀྱི་ཉི་ཟླའི་བར་དུ་བཅར་བ་ལྟ་བུའི་དམིགས་པ་མི་དགོས། རྗེས་ཆེ་བ་དྲན་པ་ཡན་བྱས་རྗེས་དར་གཅིག་དམིགས་མེད་དུ་བཞག་པ་ནི་སྲུང་ཟློག་བསད་གསུམ་ཐམས་ཅད་ཀྱི་སྙིང་པོའོ། །སླར་འཁོར་རྣམས་ཞལ་ནང་དུ་གཟིགས་པར་བསམ་ཞིང་འཁོར་སྔགས་སོགས་བཟླ། དབྱངས་གསལ་ཡིག་བརྒྱ་བཟླ་ནས་ཁ་བསྐང་ངོ་། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་རིམ་རིག་འཛིན་ཆེན་པོའི་ཞལ་ལས་ཇི་ལྟར་བྱུང་བ་ལྟར། དམ་པ་གང་གི་ལས་ཀྱི་རྒྱལ་ཐེབས་དང་ཡི་གེ་པ་རྭ་ཡི་སྟོན་པས་ཚིགས་བཅད་དུ་བསྡེབས་པ་ཐོག་མཐར་རིག་འཛིན་ཆེན་པོའི་ཕྱག་རྗེས་ཕེབས་པ་ལྟར་ལ་ཚིག་ལྷུག་ཏུ་རྒྱས་པར་བཀྲལ་ཏེ་མཚུར་ཕུར་རྒྱལ་བ་ཡབ་སྲས་ཀྱི་སྤྱན་སྔར་འབུལ་སྐབས་ཚེ་རིང་སྨོན་སྐྱིད་དུ་བྲིས་པའོ། །ཀྱེ་མ་དུས་མཐར་སྐྱེས་པའི་སྔགས་གཟུགས་པ། །རིགས་རུས་སྐྱེ་བའི་མིང་གིས་ཡར་ལ་འཐེན། །དངོས་ནས་བསགས་རྒྱབ་མེད་པས་མར་ལ་འཐེན། །རེས་འགའ་མི་ཆེན་མཁས་དབང་བླ་མའི་དྲུང་། །རིག་སྔགས་འཆང་བའི་ཁྱུ་མཆོག་ཅེས་སུ་བསྔགས། །གཟིམ་ཆུང་འབོལ་སྟན་ཁྲི་ལ་རྣམ་པར་འགྱིང་། །མ་རབས་ཕལ་པས་མཐོང་ན་མར་ལ་སྨད། །སྤུ་མི་སྐྱ་སེར་ཁྲོད་དུ་ཁྱི་ལྟར་འཁྱམས། །སྦྱངས་གོམས་ཤེས་རབ་མིག་དང་མི་ལྡན་ཡང་། །རྗེ་བཙུན་བླ་མའི་ཐུགས་ཀྱི་གསང་མཛོད་འཛིན། །སྒྲ་སྙན་སྡེབ་སྦྱོར་ཚིག་ལ་མ་སྦྱངས་ཀྱང་། །ཟིན་བྲིས་ལྷན་ཐབས་བརྩམས་ཉོག་ཡི་གེ་མང་། །གང་དུའང་འཐེན་ཆོག་སུ་ལའང་མི་བྲིན་པའི། །རྒྱལ་ཁམས་འགྲིམ་པ་དཱ་རི་དྲ་པས་སྦྱར། །བླ་མ་མཁའ་འགྲོའི་གསང་བའི་ཞལ་ཤེས་འདི། །གཟུར་གནས་དད་ལྡན་རྣམས་ཀྱི་སྙིང་ལ་འཆོངས། །སྐལ་མེད་ལོག་པར་ལྟ་བས་འདི་བལྟ་ན། །དེ་ཡི་སྲོག་དབུགས་བདུད་བཙན་ཀླུ་ཡིས་སྡུས། །བདུད་ཏྲི་ཤུ་ལ་ནཱ་ག་ཕུ་ས་མཱ་ཡ་དཱ་ན་རཀྵ་རཀྵ། བཀྲ་ཤིས་སོ།། །།
གནམ་ཆོས་ཐུགས་གཏེར་ལས། ཛཾ་ལྷ་རིགས་དགུ་སོ་སོ་དང་། རིགས་དགུ་འཁོར་མང་བཅས་ (Volume 50, Text 55)
༄༅། །གནམ་ཆོས་ཐུགས་གཏེར་ལས། ཛཾ་ལྷ་རིགས་དགུ་སོ་སོ་དང་། རིགས་དགུ་འཁོར་མང་བཅས་བཞུགས་སོ། ། གནམ་ཆོས་ཐུགས་གཏེར་ལས་ཛམ་ལྷ་དཀར་པོའི་སྒྲུབ་པ་བཞུགས་སོ༔ ྈྈྈྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛམ་ལྷ་དཀར་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དཔེའུ་རིས་ལྟར་བྲིས༔ དེ་སྟེང་གཏོར་མ་དེ་ཉིད་ནི༔ དཔེའུ་རིས་ལྟར་བཅས་བྱས་ཏེ༔ ལུས་ལ་བླ་རྡོ་འཁོར་ལོ་འཆང༔ དམིགས་པ་ཛཾ་དཀར་ཞལ་གསུམ་པ༔ གཡས་ཞལ་དམར་ལ་གཡོན་ཞལ་སྔོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་ཞགས༔ དེ་འོག་གཉིས་ཀྱིས་ནོར་བུ་དང༔ ནེ་འུ་ལེ་ནི་འཛིན་པ་འོ༔ ཐ་མ་གཉིས་ཀྱི་ཕྱག་ན་ནི༔ བྷནྡྷ་དང་ནི་ནོར་བུ་འཛིན༔ ཞབས་བཞི་པད་ཟླའི་གདན་ལ་བགྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སིདྡྷི་ཧཱུྃ༔ དེ་ཡིས་ཛཾ་ལྷ་དཀར་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾ༔ གུཧྱ༔ ྈྈྈ འདིའི་ཞལ་གདམས་ལ༔ བདག་བསྐྱེད་མདུན་བསྐྱེད་གང་འདོད་བྱ༔ ཐུགས་ཀར་ཟླ་བའི་གདན་ལ་ཛཾ་དཀར་པོ་ལ་སྔགས་ཀྱིས་བསྐོར༔ དར་དང་རིན་པོ་ཆེའི་རྒྱན་ཅན༔ ནེའུ་ལེ་ནས་རིན་ཆེན་འཛག་པར་བསྒོམ༔ ཆུ་སྦྱིན་བྱས་ཀྱང་ལེགས༔ མ་གྲུབ་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་གདོང་ངན་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་བདུན་ནུབ་ཛཾ་བྷ་ལ་དཀར་པོ་མངོན་རྟོགས་དང་མཐུན་པ་གཅིག་གིས་དངོས་སུ་གསུངས་སོ།། །། ༁ྃ༔ གནམ་ཆོས་ཐུགས་གཏེར་ལས་ཛཾ་དམར་སྒྲུབ་པ་བི་ཧཱ་རའོ༔ ྈྈྈ མགོན་པོ་ནམ་མཁའི་མཛོད་ལ་འདུད༔ ཛཾ་ལྷ་དམར་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ དམིགས་པ་ཛཾ་དམར་ཞལ་གསུམ་པ༔ གཡས་ཞལ་དེ་ནི་དཀར་པོ་ལ༔ གཡོན་ཞལ་དེ་ནི་ནག་པོ་འོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ བྷནྡྷ་དང་ནི་ནེ་འུ་ལེ༔ དེ་འོག་གི་ནི་ཕྱག་གཉིས་ན༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ དེ་འོག་གཉིས་ན་ནོར་བུ་དང༔ ནེ་འུ་ལེ་ནི་འཛིན་པ་འོ༔ ཞབས་བཞི་དེ་ནི་བགྲད་པ་འོ༔ དེ་ཡི་ངང་ལ་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་སརྦ་སིདྡྷི་ཧཱུྃ༔ དེ་ཡིས་ཛཾ་ལྷ་དམར་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾ༔ གུཧྱ༔ ྈྈྈ འདིའི་ཞལ་གདམས་ལ༔ སྐད་ཅིག་དྲན་རྫོགས་ཡིན་པས་སྤྱན་འདྲེན་མེད༔ ཕྱག་ཐོད་པའི་ནང་ན་རིན་པོ་ཆེའོ༔ ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ལ་སྔགས་ཀྱིས་བསྐོར༔ ནེའུ་ལེ་གཉིས་ནས་རིན་པོ་ཆེ་སྐྱུག་པར་བསྒོམ༔ གདན་པད་ཉི་རྐྱང་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་གདོང་ངན་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་དྲུག་གི་ཐོ་རངས་ཛཾ་བྷ་ལ་དམར་པོ་མངོན་རྟོགས་དེ་དང་མཚུངས་པ་གཅིག་ཞལ་གཟིགས་ནས་སྒྲུབ་ཐབས་འདི་ཡང་དངོས་སུ་གསུངས་སོ།། །། ༁ྃ༔ གནམ་ཆོས་ལས་ཛཾ་ལྷ་སྔོན་པོའི་སྒྲུབ་པ་བཞུགས་སོ༔ ྈྈྈ འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་སྔོན་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དཔེའུ་རིས་ལྟར་བྲིས༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ དེ་ནས་དམིགས་པ་བྱ་བ་ནི༔ ཛཾ་ལྷ་སྔོན་པོ་ཞལ་གསུམ་པ༔ གཡས་ཞལ་དེ་ནི་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང༔ ནེ་འུ་ལེ་ནི་འཛིན་པ་འོ༔ དེ་འོག་ལྕགས་ཀྱུ་ཞགས་པ་དང༔ ཐ་གཉིས་ནེའུ་ལེ་རབ་ཏུ་འཛིན༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞབས་བཞི་དེ་ནི་བགྲད་པ་འོ༔ དེ་ལྟར་དམིགས་ལ་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧཱུྃ་ཧྲཱི༔ སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ དེ་ཡིས་ཛཾ་ལྷ་སྔོན་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾ༔ གུཧྱ༔ ྈྈྈ འདིའི་ཞལ་གདམས་ལ༔ བདག་མདུན་གང་རུང་བསྒོམ༔ ཐུགས་ཀར་ཟླ་བའི་གདན་ལ་ཛཾ་སྔོན་པོ་སྔགས་ཀྱིས་བསྐོར་བ༔ ཕྱག་མཚན་ནེའུ་ལེ་ནས་རིན་པོ་ཆེ་སྐྱུག་པ༔ ཞབས་པད་ཟླ་ལ་བཞུགས་པའོ༔ སྲོག་འཁོར་རང་ལ་འདོགས་པར་བྱའོ༔ ཆུ་སྦྱིན་བྱས་ན་ལེགས༔ མ་གྲུབ་ཀྱང་འགལ་བ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་གདོང་ངན་ཞེས་བྱ་མེ་ཕོ་སྤྲེལ་ གྱི་ལོ། སྨིན་དྲུག་ཟླ་བའི་ཡར་ཚེས་བདུན་གྱི་ནུབ། མངོན་རྟོགས་དང་མཐུན་པ་ཛཾ་ལྷ་སྔོན་པོ་ཞིག་མངོན་སུམ་ཞལ་གཟིགས་སྒྲུབ་ཐབས་ཞལ་གདམས་དང་བཅས་པ། དངོས་སུ་གསུངས་ཤིང་དཔེའུ་རིས་ལྟར་དཔེ་ཡང་བསྟན། མངྒ་ལཾ་བྷ་ཝནྟུ།། །། ༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཛཾ་ལྷ་སེར་པོའི་སྒྲུབ་པའོ༔ ྈྈྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་སེར་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དཔེའུ་རིས་ལྟར་བྲིས༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ བཅས་བཞག་བླ་རྡོ་འཁོར་ལོ་བཅང༔ གཏོར་མ་དེ་ལ་ཙཀ་ལི་གཟུག༔ དེ་ནས་དམིགས་པ་ཛཾ་སེར་ནི༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ ལྕགས་ཀྱུ་ཞགས་པ་དེ་འོག་གཉིས༔ ནོར་བུ་ནེའུ་ལེ་ཐ་མ་གཉིས༔ ནོར་བུ་བབ་ལེ་པང་པ་འོ༔ ཞབས་བཞི་པད་ཉིའི་གདན་ལ་བགྲད༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཨོཾ་ཛཾ་བྷ་ལ་མ་མ་སརྦ་སིདྡྷི་ཧཱུྃ༔ དེ་ཡིས་ཛཾ་ལྷ་སེར་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ྈྈྈ འདིའི་ཞལ་གདམས་ལ༔ བདག་མདུན་གང་བསྒོམ་རུང༔ དྲན་རྫོགས་ཡིན་པས་སྤྱན་འདྲེན་མི་དགོས༔ ནེའུ་ལེ་ནས་རིན་པོ་ཆེ་འབེབ་པའོ༔ ཆུ་སྦྱིན་བྱས་ན་ལེགས༔ མ་གྲུབ་ཀྱང་རུང༔ ཐུགས་ཀར་ཟླ་བའི་གདན་ལ་ཛཾ་སེར་པོ་ལ་སྔགས་ཀྱིས་བསྐོར་བར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ། མེ་སྤྲེལ་གྱི་ལོ། སྨིན་དྲུག་ཟླ་བའི་ཚེས་བདུན་ནུབ། ཛཾ་བྷ་ལ་སེར་པོ་ཆ་ལུགས་མངོན་རྟོགས་དང་མཐུན་པ་གཅིག་ཞལ་གཟིགས་ཏེ་སྒྲུབ་ཐབས་དང་ཞལ་གདམས་དངོས་སུ་གསུངས། དཔེ་རིས་དང་རྒྱ་ཡིག་དཔེ་བསྟན་པའོ།། །། ༁ྃ༔ གནམ་ཆོས་ལས་ཛཾ་ལྷ་ལྗང་གུའི་སྒྲུབ་པ་བཞུགས་སོ༔ ྈྈྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་ལྗང་གུའི་སྒྲུབ་པ་ནི༔ དཀྱིལ་འཁོར་དེ་ནི་དཔེའུ་རིས་ལྟར༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ བླ་རྡོ་འཁོར་ལོ་ལུས་ལ་འཆང༔ གཏོར་མ་དེ་ལ་སྐུ་གཟུགས་འཛུག༔ དེ་ནས་དམིགས་པ་འདི་ལྟར་བྱ༔ ཛཾ་བྷ་ལ་ནི་སྐུ་མདོག་ལྗང༔ ཞལ་གསུམ་ཕྱག་དྲུག་གཡས་ཞལ་དཀར༔ གཡོན་ཞལ་དེ་ནི་སྔོན་པོ་འོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་བབ་ལེ་དང༔ ནེའུ་ལེ་ནི་བཙིར་བ་འོ༔ བར་མ་གཉིས་ཀྱི་ཕྱག་ན་ནི༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ དེ་འོག་གཉིས་ཀྱི་ཕྱག་ན་ནི༔ རིན་ཆེན་ཞགས་པ་ཁྱུང་རྐྱལ་འཛིན༔ ཞབས་བཞི་དེ་ནི་ཟླ་སྟེང་བགྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ དེ་ལྟར་དམིགས་ལ་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་ཡ་སྭཱ་ཧཱ༔ དེ་ཡིས་ཛཾ་ལྷ་ལྗང་གུ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾ༔ གུཧྱ༔ ྈྈྈ འདིའི་ཞལ་གདམས་ལ༔ ཁྱུང་རྐྱལ་ནི་ཁྱུང་གི་ཤུན་པ་ནོར་བུས་བཀང་བའོ༔ ཐུགས་ཀར་ཟླ་སྟེང་བཾ་ལྗང་གུ་སྔགས་ཀྱིས་བསྐོར་བའོ༔ ཆུ་སྦྱིན་ཐོན་ན་ལེགས༔ མ་གྲུབ་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་གདོང་ངན་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་དགུ་ནུབ། ཛཾ་ལྷ་ལྗང་གུ་མངོན་རྟོགས་དང་མཐུན་པ་གཅིག་དངོས་སུ་ཞལ་གཟིགས་ཏེ། གདམས་པ་འདི་ དངོས་སུ་གསུངས། དཔེའུ་རིས་རྒྱ་ཡིག་རྣམས་དཔེ་བསྟན་པའོ།། །། ༁ྃ༔ གནམ་ཆོས་ལས་ཛཾ་ནག་སྒྲུབ་པ་ཡོད༔ ྈྈྈ ྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་ནག་པོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དེ་ནི་དཔེའུ་རིས་ལྟར༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ དེ་ལ་ཙཀ་ལི་གཟུག་པར་བྱ༔ ཁྲ་ཞོན་ལ་སོགས་འདབ་དགུ་རྣམས༔ དཔེའུ་རིས་ལྟར་བྲི་བར་བྱ༔ བླ་རྡོ་འཁོར་ལོ་ལུས་ལ་འཆང༔ དེ་ནས་དམིགས་པ་འདི་ལྟར་བྱ༔ ཛཾ་བྷ་ལ་ནི་སྐུ་མདོག་ནག༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་གཡས་གཡོན་དང་པོ་ན༔ ལྕགས་ཀྱུ་ནེའུ་ལེ་དེ་འོག་ན༔ ནོར་བུ་ཞགས་པ་འཛིན་པ་འོ༔ ཐ་གཉིས་འབྲང་རྒྱས་བྷནྡྷ་འཛིན༔ ཞབས་བཞི་པད་ཟླའི་གདན་ལ་བགྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དེ་ལྟར་དམིགས་ལ་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ཡིས་ཛཾ་ལྷ་ནག་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ྈྈྈ འདིའི་ཞལ་གདམས་ལ༔ དར་དང་རིན་པོ་ཆེའི་རྒྱན་ཅན༔ ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ སྐད་ཅིག་དྲན་རྫོགས་བསྐྱེད་པས་སྤྱན་འདྲེན་མེད༔ ཆུ་སྦྱིན་སོགས་འགྲུབ་ན་ལེགས༔ མ་གྲུབ་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ། གདོང་ངན་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ནུབ། ཛཾ་ནག་མངོན་རྟོགས་དང་མཐུན་པ་གཅིག་ཞལ་དངོས་སུ་གཟིགས་ཏེ་སྒྲུབ་ཐབས་འདི་དངོས་སུ་གསུངས་པའོ།། །། ༁ྃ༔ གནམ་ཆོས་ཐུགས་གཏེར་ལས་ཛཾ་ཁྲའི་སྒྲུབ་པ་དང་པོའོ༔ ྈྈྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་ཁྲ་བོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དཔེའུ་རིས་ལྟར་བྲིས༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ བླ་རྡོ་འཁོར་ལོ་དཔེའུ་རིས་ལྟར༔ གཏོར་མ་དེ་ལ་ཙཀ་ལི་འཛུག༔ དེ་ནས་དམིགས་པ་འདི་ལྟར་བྱ༔ ཛཾ་ཁྲ་སྐུ་མདོག་འདི་ལྟ་སྟེ༔ སྐུ་ལུས་ཕྱེད་གཡས་དཀར་པོ་ལ༔ སྐུ་ལུས་ཕྱེད་གཡོན་དམར་པོ་འོ༔ ཞལ་གསུམ་གཡས་ཞལ་དམར་པོ་སྟེ༔ གཡོན་ཞལ་དེ་ནི་ལྗང་གུ་འོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ ནེ་འུ་ལེ་ཡི་རྐྱལ་པ་འཛིན༔ བར་གཉིས་ནོར་སྐྱུག་ཕོ་མོ་བཙིར༔ ཐ་མ་གཡས་ཀྱིས་ཚོགས་བདག་བཙིར༔ ཐ་མ་གཡོན་གྱི་ཕྱག་ན་ནི༔ གནོད་སྦྱིན་ནོར་སྐྱོང་བཙིར་བ་འོ༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ ཞབས་བཞི་དེ་ནི་བགྲད་པ་འོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ དེ་ལྟར་བསྒོམས་ལ་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧཱུྃ༔ དེ་ཡིས་ཛཾ་ལྷ་ཁྲ་བོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ྈྈྈ ཞབས་པད་ཟླའི་གདན༔ ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ཁྲ་བོ་ལ་སྔགས་ཀྱིས་བསྐོར་བ༔ ཆུ་སྦྱིན་གྲུབ་ན་ལེགས༔ མ་གྲུབ་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་སྨིན་དྲུག་གི་ཟླ་བའི་ཚེས་དགུ་ནུབ་ཛཾ་བྷ་ལ་ཁྲ་བོ་མངོན་རྟོགས་དང་མཐུན་པ་གཅིག་གིས་དངོས་སུ་གསུངས་ནས་དཔེ་རིས་སོགས་དཔེ་བསྟན་པའོ།། །། ༁ྃ༔ གནམ་ཆོས་ལས་ཛཾ་ཁྲའི་སྒྲུབ་པ་གཉིས་པའོ༔ ྈྈ ྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་ཁྲ་བོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དེ་ནི་དཔེའུ་རིས་ལྟར༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ དེ་ལ་སྐུ་གཟུགས་ཙཀ་ལི་འཛུག༔ དེ་ནས་དམིགས་པ་འདི་ལྟར་བྱ༔ ཛཾ་བྷ་ལ་ནི་སྐུ་མདོག་ནི༔ དབུ་དང་ཕྱག་གཡས་དཀར་པོ་འོ༔ ཞབས་དང་ཕྱག་གཡོན་དམར་པོ་འོ༔ དེ་མིན་སྐུ་མདོག་སེར་པོ་འོ༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་ཞགས༔ དེ་འོག་གཉིས་ཀྱིས་ནེ་འུ་ལེ༔ ཐ་མ་གཉིས་ཀྱིས་ཞགས་པ་དང༔ ནོར་བུ་དེ་ནི་འཛིན་པ་འོ༔ ཞབས་བཞི་དེ་ནི་བགྲད་པ་འོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ དེ་ལྟར་དམིགས་ལ་སྔགས་འདི་བཟླ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་སྭཱ་ཧཱ༔ དེ་ཡིས་ཛཾ་ལྷ་ཁྲ་བོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ྈྈྈ ྈ འདིའི་ཞལ་གདམས་ལ༔ གདན་པད་ཟླ༔ ཐུགས་ཀར་པད་ཟླ་ལ་ཛཾ་ཁྲ་བོ༔ ཆུ་སྦྱིན་བྱས་ན་ལེགས༔ མ་གྲུབ་ཀྱང་རུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་སྨིན་དྲུག་གི་ཟླ་བའི་ཚེས་དགུ་ནུབ་ཛཾ་བྷ་ལ་ཁྲ་བོ་མངོན་རྟོགས་དང་མཚུངས་པ་གཅིག་ཞལ་གཟིགས་ཏེ་སྒྲུབ་ཐབས་དངོས་སུ་གསུངས། དཔེའུ་རིས་དང་རྒྱ་ཡིག་གཏོར་མ་དང་བཅས་པའི་དཔེ་བསྟན་པའོ།། །། ༁ྃ༔ གནམ་ཆོས་ལས་ཛཾ་ཁྲའི་སྒྲུབ་པ་ཡོད༔་་་གསུམ་པ། ྈྈྈ ྈ འཕགས་པ་ནོར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཛཾ་ལྷ་ཁྲ་བོའི་སྒྲུབ་པ་ནི༔ དཀྱིལ་འཁོར་དེ་ནི་དཔེའུ་རིས་ལྟར༔ དེ་སྟེང་གཏོར་མ་དཔེའུ་རིས་ལྟར༔ གཏོར་མ་དེ་ལ་སྐུ་གཟུགས་འཛུག༔ བླ་རྡོ་འཁོར་ལོ་ལུས་ལ་འཆང༔ དེ་ནས་དམིགས་པ་འདི་ལྟར་བྱ༔ ཛཾ་ཁྲའི་སྐུ་མདོག་འདི་ལྟར་རོ༔ དབུ་ནི་དཀར་པོ་ཞབས་གཡོན་དཀར༔ ལྟོ་བ་སེར་པོ་ཞབས་གཡས་ལྗང༔ དེ་མིན་ལུས་དང་གྲུ་མོ་དམར༔ གྲུ་མོ་ཕན་གྱི་ཕྱག་བཅས་རྣམས༔ ལྗང་གུ་ཡིན་པ་ཛཾ་ཁྲའི་ལུགས༔ ཞལ་གསུམ་གཡས་ཞལ་སྔོན་པོ་འོ༔ གཡོན་ཞལ་དེ་ནི་སྨུག་པོ་ཡིན༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ རྡོ་རྗེ་དང་ནི་ནེ་འུ་ལེ༔ བེ་ཅོན་དང་ནི་རལ་གྲི་དང༔ རིན་ཆེན་ནེའུ་ལེ་འཛིན་པ་འོ༔ ཞབས་བཞི་དེ་ནི་པད་སྟེང་བགྲད༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཡུམ་ནི་སེར་མོས་འཁྱུད་བསྒོམ་ན༔ མི་རུང་བ་ནི་ཅི་ཡང་མེད༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ྈྈྈ ྈ འདིའི་ཞལ་གདམས་ལ༔ ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ཁྲ་བོ་སྔགས་ཀྱིས་བསྐོར༔ ཆུ་སྦྱིན་འགྲུབ་ན་ལེགས༔ མ་གྲུབ་ཀྱང་རུང༔ བསྙེན་ཚད་སྒྲུབ་པའི་དུས་གྲངས་མེད་པས་རྒྱུན་དུ་བསྙེན་པ་ལེགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་གདོང་ངན་གྱི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅུ་ནུབ་ཛཾ་བྷ་ལ་ཁྲ་བོ་མངོན་རྟོགས་དང་མཐུན་པ་གཅིག་གིས་དངོས་སུ་གསུངས་སོ།། །། ༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་རྒྱུད་ཟབ་མོའི་སྐོར་ཐུན་མོང་མ་ཡིན་པ་ལས་ཛཾ་ལྷ་རིགས་དགུའི་སྒྲུབ་ཐབས་སོ༔ ན་མོ་ཨཱརྻ་ཛཾ་བྷ་ལ་ཡ༔ མགོན་པོ་ཛཾ་བྷ་ལ་རིགས་དགུ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལ་རིགས་དགུ་སྒྲུབ་པ་ནི༔ ས་ཕག་ཆེ་ཆུང་རན་པ་ལ༔ དཔེའུ་རིས་ལྟར་དཀྱིལ་འཁོར་བཟོ༔ དམིགས་པའང་དེ་དང་བསྟུན་ལ་བསྐྱེད༔ དབུས་སུ་ཛཾ་ལྷ་སྐུ་མདོག་སྔོ༔ གཡས་གཡོན་འཁོར་ལོ་ནོར་བུ་འཛིན༔ པདྨ་ཉི་སྟེང་བཞེངས་ཏེ་བཞུགས༔ ཤར་འཁོར་སྐུ་མདོག་དཀར་པོ་སྟེ༔ ལག་གཉིས་རྡོ་རྗེའི་ཕྱག་རྒྱ་མཛད༔ ལྷོ་འཁོར་སྐུ་མདོག་སེར་པོ་སྟེ༔ ལག་གཉིས་ནོར་བུའི་ཕྱག་རྒྱ་མཛད༔ ནུབ་འཁོར་སྐུ་མདོག་དམར་པོ་སྟེ༔ ལག་གཉིས་པདྨའི་ཕྱག་རྒྱ་མཛད༔ བྱང་འཁོར་སྐུ་མདོག་ལྗང་གུ་སྟེ༔ ལག་གཉིས་རལ་གྲིའི་ཕྱག་རྒྱ་མཛད༔ ཤར་ལྷོའི་འཁོར་ནི་སྐུ་མདོག་སེར༔ ལག་གཉིས་མེ་ལྕེའི་ཕྱག་རྒྱ་མཛད༔ ལྷོ་ནུབ་འཁོར་ནི་སྐུ་མདོག་དཀར༔ ལག་གཉིས་ཆུ་ཡི་ཕྱག་རྒྱ་མཛད༔ ནུབ་བྱང་འཁོར་ནི་སྐུ་མདོག་དམར༔ ལག་གཉིས་ས་ཡི་ཕྱག་རྒྱ་མཛད༔ བྱང་ཤར་འཁོར་ནི་སྐུ་མདོག་ལྗང༔ ལག་གཉིས་ཤིང་གི་ཕྱག་རྒྱ་མཛད༔ ཤར་དབུས་ཛཾ་བྷ་ལ་དཀར་པོ༔ ལག་ན་རྡོ་རྗེ་ནེའུ་ལེ་འཛིན༔ ཤར་འཁོར་དཀར་པོ་རྡོ་རྗེ་འཛིན༔ ལྷོ་འཁོར་སེར་པོ་རིན་ཆེན་འཛིན༔ ནུབ་འཁོར་དམར་པོ་པདྨ་འཛིན༔ བྱང་འཁོར་ལྗང་གུ་རྒྱ་གྲམ་འཛིན༔ ཤར་ལྷོ་དཀར་པོ་པི་ཝཾ་འཛིན༔ ལྷོ་ནུབ་སྔོན་པོ་རལ་གྲི་འཛིན༔ ནུབ་བྱང་དམར་པོ་སྦྲུལ་ཞགས་འཛིན༔ བྱང་ཤར་སེར་པོ་ནོར་བུ་འཛིན༔ ལྷོ་དབུས་ཛཾ་བྷ་ལ་སེར་པོ༔ ནོར་བུ་ཟངས་གཞོང་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་དར་དཀར་འཛིན༔ ལྷོ་འཁོར་སེར་པོ་དར་སེར་འཛིན༔ ནུབ་འཁོར་དམར་པོ་དར་དམར་འཛིན༔ བྱང་འཁོར་ལྗང་གུ་དར་ལྗང་འཛིན༔ ཤར་ལྷོ་དཀར་པོ་དར་དཀར་འཛིན༔ ལྷོ་ནུབ་དམར་པོ་དར་དམར་འཛིན༔ ནུབ་བྱང་སེར་པོ་དར་སེར་འཛིན༔ བྱང་ཤར་སྔོན་པོ་དར་སྔོན་འཛིན༔ ནུབ་དབུས་ཛཾ་ལྷ་སྐུ་མདོག་དམར༔ པདྨ་བྷནྡྷ་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་ནོར་བུ་དཀར༔ ལྷོ་འཁོར་སེར་པོ་ནོར་བུ་སེར༔ ནུབ་འཁོར་དམར་པོ་ནོར་བུ་དམར༔ བྱང་འཁོར་ལྗང་གུ་ནོར་བུ་ལྗང༔ ཤར་ལྷོ་སྔོན་པོ་ནོར་བུ་སྔོ༔ ལྷོ་ནུབ་སེར་པོ་ནོར་བུ་སེར༔ ནུབ་བྱང་དམར་པོ་ནོར་བུ་དམར༔ བྱང་ཤར་དཀར་པོ་ནོར་བུ་དཀར༔ བྱང་དབུས་ཛཾ་ལྷ་སྐུ་མདོག་ལྗང༔ རྒྱ་གྲམ་རལ་གྲི་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་རལ་གྲི་འཛིན༔ ལྷོ་འཁོར་སེར་པོ་རལ་གྲི་འཛིན༔ ནུབ་འཁོར་དམར་པོ་རལ་གྲི་འཛིན༔ བྱང་འཁོར་ལྗང་གུ་རལ་གྲི་འཛིན༔ ཤར་ལྷོ་སེར་སྐྱ་རལ་གྲི་འཛིན༔ ལྷོ་ནུབ་སེར་སྐྱ་རལ་གྲི་འཛིན༔ ནུབ་བྱང་དུད་ཁ་རལ་གྲི་འཛིན༔ བྱང་ཤར་ལྗང་སྐྱ་རལ་གྲི་འཛིན༔ ཤར་ལྷོའི་གཙོ་བོ་སྐུ་མདོག་དཀར༔ རྡོ་རྗེ་རིན་ཆེན་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་མེ་ཏོག་དཀར༔ ལྷོ་འཁོར་སེར་པོ་མེ་ཏོག་སེར༔ ནུབ་འཁོར་དམར་པོ་མེ་ཏོག་དམར༔ བྱང་འཁོར་ལྗང་གུ་མེ་ཏོག་ལྗང༔ ཤར་ལྷོ་ཁྲ་བོ་མེ་ཏོག་ཁྲ༔ ལྷོ་ནུབ་ཁྲ་བོ་མེ་ཏོག་ཁྲ༔ ནུབ་བྱང་ཁྲ་བོ་མེ་ཏོག་ཁྲ༔ བྱང་ཤར་ཁྲ་བོ་མེ་ཏོག་ཁྲ༔ ལྷོ་ནུབ་གཙོ་བོ་སྐུ་མདོག་དམར༔ ཕྱག་ན་ནོར་བུ་པདྨ་འཛིན༔ ཤར་འཁོར་དཀར་པོ་འཇའ་དཀར་འཛིན༔ ལྷོ་འཁོར་སེར་པོ་འཇའ་སེར་འཛིན༔ ནུབ་འཁོར་དམར་པོ་འཇའ་དམར་འཛིན༔ བྱང་འཁོར་ལྗང་གུ་འཇའ་ལྗང་འཛིན༔ ཤར་ལྷོ་ཁྲ་བོ་འཇའ་ཁྲ་འཛིན༔ ལྷོ་ནུབ་ཁྲ་བོ་འཇའ་ཁྲ་འཛིན༔ ནུབ་བྱང་ཁྲ་བོ་འཇའ་ཁྲ་འཛིན༔ བྱང་ཤར་ཁྲ་བོ་འཇའ་ཁྲ་འཛིན༔ ནུབ་བྱང་གཙོ་བོ་སྐུ་མདོག་སེར༔ ཕྱག་ན་པདྨ་རྒྱ་གྲམ་འཛིན༔ ཤར་འཁོར་དཀར་པོ་ཁ་ཊྭཱཾ་དཀར༔ ལྷོ་འཁོར་སེར་པོ་ཁ་ཊྭཱཾ་སེར༔ ནུབ་འཁོར་དམར་པོ་ཁ་ཊྭཱཾ་དམར༔ བྱང་འཁོར་ལྗང་གུ་ཁ་ཊྭཱཾ་ལྗང༔ ཤར་ལྷོ་ཁྲ་བོ་ཁ་ཊྭཱཾ་ཁྲ༔ ལྷོ་ནུབ་ཁྲ་བོ་ཁ་ཊྭཱཾ་ཁྲ༔ ནུབ་བྱང་ཁྲ་བོ་ཁ་ཊྭཱཾ་ཁྲ༔ བྱང་ཤར་ཁྲ་བོ་ཁ་ཊྭཱཾ་ཁྲ༔ བྱང་ཤར་གཙོ་བོ་སྐུ་མདོག་ནག༔ ལག་ན་རལ་གྲི་རྡོ་རྗེ་འཛིན༔ ཤར་འཁོར་དཀར་པོ་ཟླ་བ་འཛིན༔ ལྷོ་འཁོར་སེར་པོ་ཉི་མ་འཛིན༔ ནུབ་འཁོར་དམར་པོ་ཟླ་བ་འཛིན༔ བྱང་འཁོར་ལྗང་གུ་ཉི་མ་འཛིན༔ ཤར་ལྷོ་ཁྲ་བོ་ཟླ་བ་འཛིན༔ ལྷོ་ནུབ་ཁྲ་བོ་ཉི་མ་འཛིན༔ ནུབ་བྱང་ཁྲ་བོ་ཟླ་བ་འཛིན༔ བྱང་ཤར་ཁྲ་བོ་ཉི་མ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾགུཧྱ༔ ཞེས་པ་སྤྲུལ་སྐུ་རིག་འཛིན་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་ཕོ་སྤྲེའུའི་ལོ་གྲོ་བཞིན་ཟླ་བའི་ཉི་ཤུ་གཅིག་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ། །མངྒ་ལཾ།། །། ༁ྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ཐུགས་རྗེ་ཆེན་པོ་རིགས་ལྔའི་སྐོར་ལས་ཛཾ་སེར་སྒྲུབ་ཐབས་ཡོད༔ ྈྈྈྈྈྈྈྈ ཛཾ་བྷ་ལ་སྒྲུབ་པ་ནི༔ མདུན་དུ་ཛཾ་བྷ་ལ་སེར་པོ་གཡས་ཤིང་ཐོག་པཱུ་ར་སེར་པོ༔ གཡོན་ནེའུ་ལེ་མ་ཎི་རཏྣ་སྐྱུག་པ༔ ནོར་བུའི་དབྱིབས་འདྲ་བ༔ ཁོག་སྟོད་དར་དམར་གྱིས་བརྒྱན་པ༔ ཁོག་སྨད་དར་ལྗང་གིས་བརྒྱན་པ༔ དེའི་སྤྱི་བོར་རང་ཉིད་ཨོ་རྒྱན་དུ་བསམ་སྟེ༔ རྒྱན་ཆ་ལུགས་གཞུང་དང་མཐུན་པ༔ ཁོའི་ཁོག་སྨད་དར་དེ་ལས་ཡཾ་གཅིག་མཆེད་པས་རླུང་དུ་གྱུར༔ ཁོག་སྟོད་ཀྱི་དར་དེ་ལས་རཾ་གཅིག་མཆེད་པས་མེ་ཆུང་དུ་གྱུར༔ རླུང་དེ་ཇེ་ཆེ་ལ་བྱུང༔ མེ་ལ་བརྒྱབ་མེ་དེ་ཆེ་ནས་ཁོག་ཏུ་རྒྱུག་པས་ཁོ་སྐོམ་པས་རང་གི་ལུས་ལས་ཆུ་བབས་ནས་མེ་བསད་པས༔ ཁོ་མགུ་ནས་དངོས་གྲུབ་ཅི་དགོས་ལགས་དང་སྦྱིན་ཟེར་ཏེ༔ ནོར་གྱི་དངོས་གྲུབ་དང་གང་འདོད་བརྗོད་པས་ཁོས་བྱིན་པར་བསམ་མོ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་བརྗོད། ཅེས་པ་སྤྲུལ་སྐུ་རིན་པོ་ཆེ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ནག་པ་ཟླ་བའི་ཚེས་བཅུ་དགུ་ལ་ཛཾ་བྷ་ལ་སེར་པོས་དངོས་སུ་གསུངས་སོ། །མངྒ་ལཾ།། །།
ཟབ་བདུན་ཚེ་དཀར་སྨན་མཆོད་ (Volume 20, Text 55)
ཟབ་བདུན་ཚེ་དཀར་སྨན་མཆོད་ནི། ཆོས་སྐུ་ཀུན་བཟང་ལོངས་སྐུ་ཚེ་དཔག་མེད། །རྡོ་རྗེ་སེམས་དཔའ་འཇིག་རྟེན་དབང་ཕྱུག་དང་། །དབང་གི་ལྷ་མོ་ཨིནྡྲ་བྷཱུ་ཏི་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །དགའ་རབ་རྡོ་རྗེ་ཤྲཱི་སིཾ་ཧ་དང་། །ནཱ་གཱརྫུ་ན་ཧཱུྃ་མཛད་བི་མ་ལ། །ཚེ་མཆོག་གྲུབ་པའི་རིག་འཛིན་རྒྱ་མཚོ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །མཚོ་སྐྱེས་རྡོ་རྗེ་ལྷ་ལྕམ་མནྡཱ་ར། །ཡེ་ཤེས་མཚོ་རྒྱལ་མངའ་བདག་ཡབ་སྲས་དང་། །ལོ་ཆེན་བཻ་རོ་གཉགས་ཆེན་ཛྙཱ་ན་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །དཔལ་གྱི་དབང་ཕྱུག་ལང་གྲོ་དཀོན་མཆོག་འབྱུང་། །བདུད་འཇོམས་རྡོ་རྗེ་མཆོག་གྱུར་བདེ་ཆེན་གླིང་། །ཆོས་བདག་སྐྱེས་མཆོག་བརྒྱུད་པར་བཅས་རྣམས་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །ཚེ་བདག་རིགས་ལྔ་ཕོ་ཉ་མགྱོགས་མ་བཞི། །ཌཱ་ཀི་དམ་ཅན་དྲང་སྲོང་རིག་པ་འཛིན། །གཏེར་བདག་ཞིང་སྐྱོང་སྣང་སྲིད་ཀ་དག་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །དངོས་གྲུབ་བླང་བ་ནི། གནས་གསུམ་དུ་ཐིག་ལེ་བྱས་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ། ལྕེར་མྱང་ལ། བཛྲ་ཨ་མྲྀཏ་སྭ་དཾ་ཀུ་རུ་ཥཱ་མེ། ཞེས་པའང་ཉེར་མཁོའི་དབང་གིས་བྲག་དམར་གཡའ་མ་ལུང་འཆི་མེད་ཚེའི་ཀེའུ་ཚང་དུ་གུ་ཎས་སོ།། །།
མཁའ་འགྲོ་སྙིང་གི་ཐིག་ལེའི་ཡབ་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་རྡོ་རྗེའི་འགྱིང་གླུ་བར་ཆད་ཀུན་སེལ་ (Volume 13, Text 56)
མཁའ་འགྲོ་སྙིང་གི་ཐིག་ལེའི་ཡབ་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་རྡོ་རྗེའི་འགྱིང་གླུ་བར་ཆད་ཀུན་སེལ་བཞུགས། བསྙེན་སྒྲུབ་དུས་དང་བྱིན་འབེབ་དུས། །འདི་ལྟར་རྡོ་རྗེའི་འགྱིང་གླུ་བྱ། །ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་ཀུན་འདུས་ཀྱི་ངོ་བོ་གུ་རུ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་བྱིན་རླབས་ཆར་ཆེན་ཕོབ་ཅིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། རབ་འབྱམས་དཀྱིལ་འཁོར་གྱི་གཙོ་མཆོག་ཡི་དམ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་དངོས་གྲུབ་རྣམ་གཉིས་སྩོལ་ཅིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། མཁའ་འགྲོ་འབུམ་གྱི་ཡབ་གཅིག་དཔའ་བོ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་རྣམ་བཞིའི་ཕྲིན་ལས་སྒྲུབས་ཤིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཆོས་སྐྱོང་ཐམས་ཅད་ཀྱི་རྗེ་དཔོན་ཆེ་མཆོག་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་འགལ་རྐྱེན་བར་ཆད་སོལ་ཅིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ནོར་ལྷ་གཏེར་བདག་གི་སྤྲུལ་བསྒྱུར་དགོས་འབྱུང་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་ཆོས་བཞིན་མཐུན་རྐྱེན་སྒྲུབས་ཤིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དམ་ཅན་བསྟན་སྲུང་གི་ལས་དཔོན་བདུད་འདུལ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་དགྲ་གདོན་དམ་སྲི་ཐུལ་ཅིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། འཁོར་འདས་གཉིས་མེད་ཀྱི་སྤྱི་དཔལ་ཆེན་པོ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབས་སོ། །བདག་ལ་དབང་སྐུར་ཡེ་ཤེས་དབྱེར་མེད་སྲེས་ཤིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཁྱེད་ལ་གསོལ་འདེབས་ཀྱི་བུ་ལ་དུས་རྣམས་ཀུན་ཏུ་འབྲལ་མེད་དུ་ཐུགས་རྗེས་གཟིགས་ལ། ཁྱེད་རང་ལྟ་བུར་ད་ལྟ་ཉིད་ནས་བྱིན་གྱིས་རློབས་ཤིག །ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་མཁའ་འགྲོ་སྙིང་གི་ཐིག་ལེའི་ཡབ་རྡོ་རྗེ་གྲོ་ལོད་ཧཱུྃ་སྒྲུབ་ཀྱི་ཆ་རྐྱེན་དུ་བདག་འདྲ་བདུད་འཇོམས་རྡོ་རྗེས་བྲག་དམར་དབང་ཆེན་གླིང་ནས་སྦྱར་བའི་ཡི་གེའི་རིས་བྱེད་ཀུན་བཟང་དབང་ལྡན་གྱིས་བགྱིས་སོ།། །།
ཛམ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ་ (Volume 50, Text 56)
ཛམ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ་བཞུགས་སོ༔ ཧཱུྃ༔ ཧཱུྃ་ལས་ཛམྦྷ་ལ་ནག་པོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁྲག་གིས་བཀང་བའི་ཐོད་པ་དང༔ གཡོན་པས་ནེའུ་ལེ་རབ་ཏུ་འཛིན༔ སྤྱན་གསུམ་དམར་ཟླུམ་ཅུང་ཟད་ཁྲོ༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔ སྐུ་ལ་རིན་ཆེན་རྒྱན་ཆ་གསོལ༔ གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་རྗེས་ནོར་གྱི་ཆར་པ་འབེབ༔ ཨཱརྻ་ཛམ་ལྷ་ནག་པོ་ཁྱེད༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱྭ་དང་གཡང་གི་དངོས་གྲུབ་ནི༔ རི་རབ་ལྟ་བུར་སྤུང་ཞིང་བྱོན༔ རྒྱ་མཚོ་ལྟ་བུར་སྐྱིལ་ཞིང་བྱོན༔ བར་སྣང་ཆར་བཞིན་འབེབ་ཅིང་བྱོན༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ སྙིང་རྗེའི་ཤུགས་ཀྱིས་མྱུར་དུ་བྱོན༔ སྦྲ་ཁྱིམ་གཡང་རྟེན་འདི་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མ་བྱིན་བླངས་དང་སེར་སྣ་བཤགས༔ རི་རབ་གླིང་བཞིའི་ཕྱྭ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་རྟེན་ཆོས་ཤིག༔ ཨཱརྻ་ཛམ་ལྷ་ནག་པོ་ལ༔ གཡང་བཤོས་བ་ལིཾ་མཆོད་པ་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་རྣམས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུགས་འཕེན་དར་དངོས་གྲུབ་སྩོལ༔ ཨོཾ་ཨཱརྻ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྔགས་བརྗོད། རི་རབ་གླིང་བཞིའི་དངོས་གྲུབ་བདག༔ ཛམ་ལྷ་ནག་པོའི་བཀྲ་ཤིས་ཤོག༔ ཅེས་པའི་ཛམ་ལྷ་ནག་པོ་འདི་བཀའ་གཏད་ཡོད་པས། ཛམ་ལྷ་ཉེར་གཅིག་གི་གཞུང་དུ་གསང་བར་བྱས་ནས་ལས་ཀྱི་བྱང་གཅིག་བྱས་པ་འདི་ནི་ཨ་རཱ་གས་བྲིས་པ། འདི་ཁོ་ན་ལ་བརྒྱ་ཚར་བཏོན་ན་དངོས་གྲུབ་ཆར་ལྟར་འབེབ་པ་ནི་གར་མཁན་མཆོག་གི་རྒྱུད་ལས་གསུངས་སོ། །ལས་བྱ་དུས་བཏོན་ན་བཟང་བར་བཤད་དོ། །བཀའ་རྒྱ་ཡོད་པས་གཞན་ལ་མང་དུ་མ་སྤེལ་ཅིག། །།
ཟབ་བདུན་རྩ་གསུམ་ཚེ་ཡི་ཟབ་པ་ལས༔ ཚེ་འགུགས་པདྨའི་ཞགས་པ་ (Volume 20, Text 56)
༁ྃ༔ ཟབ་བདུན་རྩ་གསུམ་ཚེ་ཡི་ཟབ་པ་ལས༔ ཚེ་འགུགས་པདྨའི་ཞགས་པ་ཞེས་བྱ་བ་བཞུགས་སོ༔ ༔ ྈྈ རྩ་གསུམ་ཚེ་ཡི་ལྷ་ལ་འདུད༔ འཆི་མེད་པདྨ་བདག་ཉིད་ཀྱིས༔ ཟབ་བདུན་རྩ་གསུམ་ཚེ་སྒྲུབ་ཀྱི༔ སྐུལ་ཞིང་ཕོ་ཉ་བསྐུལ་ཐབས་བྲི༔ དང་པོ་གསོལ་བ་གདབ་པ་ནི༔ ཧཱུྃ༔ དབུས་ཀྱི་ཕྱོགས་ནས་ཚེ་མཆོག་སྐུལ་བའི་ལྷ༔ བཅོམ་ལྡན་རྣམ་པར་སྣང་མཛད་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་བཅས་པ་དགོངས་སུ་གསོལ༔ བདག་ཉིད་ཚེ་དང་སྒྲུབ་པ་མཐར་ཕྱིན་ཕྱིར༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཚེ་མཆོག་སྐུལ་བའི་ལྷ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་བཅས་པ་དགོངས་སུ་གསོལ༔ བདག་ཉིད་ཚེ་དང་སྒྲུབ་པ་མཐར་ཕྱིན་ཕྱིར༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ནས་ཚེ་མཆོག་སྐུལ་བའི་ལྷ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་བཅས་པ་དགོངས་སུ་གསོལ༔ བདག་ཉིད་ཚེ་དང་སྒྲུབ་པ་མཐར་ཕྱིན་ཕྱིར༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཚེ་མཆོག་སྐུལ་བའི་ལྷ༔ བཅོམ་ལྡན་པདྨ་རྒྱལ་པོ་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་བཅས་པ་དགོངས་སུ་གསོལ༔ བདག་ཉིད་ཚེ་དང་སྒྲུབ་པ་མཐར་ཕྱིན་ཕྱིར༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཚེ་མཆོག་སྐུལ་བའི་ལྷ༔ བཅོམ་ལྡན་དོན་ཡོད་གྲུབ་པ་ཡབ་ཡུམ་དང༔ སྤྲུལ་པ་ཕྱག་བརྙན་བཅས་པ་དགོངས་སུ་གསོལ༔ བདག་ཉིད་ཚེ་དང་སྒྲུབ་པ་མཐར་ཕྱིན་ཕྱིར༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ གཉིས་པ་ཚེ་འགུགས་བྱ་བ་ནི༔ སྤོས་བསྲེག་རོལ་མོ་སྣ་ཚོགས་བསྒྲག༔ མདའ་དར་གཡབ་ཅིང་དབྱངས་སྙན་པོས༔ ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རིན་ཆེན་སེང་གེ་བསྣོལ་བའི་ཁྲི་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་དབུས༔ བུདྡྷ་རིགས་ཀྱི་ཚེ་བདག་ཡབ་ཡུམ་རྣམས༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དབུས་ཀྱི་སྣོད་བཅུད་ཡོངས་རྫོགས་བུམ་པ་ནི༔ ཆོས་དབྱིངས་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་བྲལ༔ བུམ་པའི་རང་བཞིན་ཡེ་ཤེས་གཞལ་ཡས་ཁང༔ གཞལ་ཡས་ཁང་ནི་ཕྱི་ནང་ཟང་ཐལ་གསལ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལ་བྱས༔ ལེ་བརྒན་དར་གྱིས་ཡེ་ཤེས་རྣམ་པར་གསལ༔ བུམ་པའི་ཁ་རྒྱན་རིན་ཆེན་དཔག་བསམ་ཤིང༔ དཔག་བསམ་ཤིང་ལས་དགོས་འདོད་འབྲས་བུ་འབྱུང༔ བུམ་པའི་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་ཚེ་ཡི་རྒྱུན་དང་ལྡན༔ བུམ་པའི་ཁ་དོག་དཀར་ལ་འཚེར་བའི་མདངས༔ དཀར་པོའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ༔ བུམ་པའི་བདུད་རྩི་འཆི་མེད་ཚེ་ཡི་བཅུད༔ ཚེ་ཡི་བཅུད་ནི་ནུས་པའི་ཕུལ་དུ་གྱུར༔ ནང་དུ་སངས་རྒྱས་རིགས་ཀྱི་ལྷ་ཚོགས་བཞུགས༔ སངས་རྒྱས་རིགས་ཀྱི་ཚེ་ཡི་བདག་ཉིད་ཀྱི༔ སྤྲུལ་པ་ཕྱག་བརྙན་ཕོ་ཉ་འཁོར་བཅས་ཀྱིས༔ སྟོང་གསུམ་འཇིག་རྟེན་མ་ལུས་ཕོ་ཉས་ཁེངས༔ ཀུན་ལ་ཁྱབ་པའི་ནམ་མཁའི་བཅུད་སྡུས་ཤིག༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ སྐུ་ཡི་རིགས་ཀྱི་ཚེ་མཆོག་མ་ལུས་དང༔ འཇིག་རྟེན་ཁམས་ཀྱི་རྒྱལ་རིགས་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་སྟོབས་དང་ལོངས་སྤྱོད་རྣམས༔ འོད་ཟེར་དཀར་པོ་འཁོར་ལོའི་རྣམ་པ་རུ༔ བསྡུས་ཏེ་སྙིང་པོ་ཨོཾ་ཡིག་རྣམ་པར་གསལ༔ དཀྱིལ་འཁོར་འདི་རུ་ཆར་ལྟར་བབས་ནས་ཀྱང༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ་དུ་གསོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རིན་ཆེན་གླང་ཆེན་བསྣོལ་བའི་ཁྲི་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་དབུས༔ བཛྲ་རིགས་ཀྱི་ཚེ་བདག་ཡབ་ཡུམ་རྣམས༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ཤར་གྱི་སྣོད་བཅུད་ཡོངས་རྫོགས་བུམ་པ་ནི༔ མེ་ལོང་ཡེ་ཤེས་དྭངས་ཤིང་རྙོག་པ་བྲལ༔ བུམ་པའི་རང་བཞིན་ཡེ་ཤེས་གཞལ་ཡས་ཁང༔ གཞལ་ཡས་ཁང་ནི་ཕྱི་ནང་ཟང་ཐལ་གསལ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལ་བྱས༔ ལེ་བརྒན་དར་གྱིས་ཡེ་ཤེས་རྣམ་པར་གསལ༔ བུམ་པའི་ཁ་རྒྱན་རིན་ཆེན་དཔག་བསམ་ཤིང༔ དཔག་བསམ་ཤིང་ལས་དགོས་འདོད་འབྲས་བུ་འབྱུང༔ བུམ་པའི་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་ཚེ་ཡི་རྒྱུན་དང་ལྡན༔ བུམ་པའི་ཁ་དོག་མཐིང་ལ་འཚེར་བའི་མདངས༔ མཐིང་གའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ༔ བུམ་པའི་བདུད་རྩི་འཆི་མེད་ཚེ་ཡི་བཅུད༔ ཚེ་ཡི་བཅུད་ནི་ནུས་པའི་ཕུལ་དུ་གྱུར༔ ནང་དུ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་བཞུགས༔ རྡོ་རྗེ་རིགས་ཀྱི་ཚེ་ཡི་བདག་ཉིད་ཀྱི༔ སྤྲུལ་པ་ཕྱག་བརྙན་ཕོ་ཉ་འཁོར་བཅས་ཀྱིས༔ སྟོང་གསུམ་འཇིག་རྟེན་མ་ལུས་ཕོ་ཉས་ཁེངས༔ རྒྱུན་ཆད་མེད་པ་ཆུ་ཡི་བཅུད་སྡུས་ཤིག༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཀྱི་རིགས་ཀྱི་ཚེ་མཆོག་མ་ལུས་དང༔ འཇིག་རྟེན་ཁམས་ཀྱི་རྗེའུ་རིགས་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་སྟོབས་དང་ལོངས་སྤྱོད་རྣམས༔ འོད་ཟེར་སྔོན་པོ་རྡོ་རྗེའི་རྣམ་པ་རུ༔ བསྡུས་ཏེ་སྙིང་པོ་ཧཱུྃ་ཡིག་རྣམ་པར་གསལ༔ དཀྱིལ་འཁོར་འདི་རུ་ཆར་ལྟར་བབས་ནས་ཀྱང༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ་དུ་གསོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རིན་ཆེན་རྟ་མཆོག་བསྣོལ་བའི་ཁྲི་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་དབུས༔ རིན་ཆེན་རིགས་ཀྱི་ཚེ་བདག་ཡབ་ཡུམ་ནི༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ལྷོ་ཡི་སྣོད་བཅུད་ཡོངས་རྫོགས་བུམ་པ་ནི༔ མཉམ་ཉིད་ཡེ་ཤེས་སོ་སོར་ཐ་མི་དད༔ བུམ་པའི་རང་བཞིན་ཡེ་ཤེས་གཞལ་ཡས་ཁང༔ གཞལ་ཡས་ཁང་ནི་ཕྱི་ནང་ཟང་ཐལ་གསལ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལ་བྱས༔ ལེ་བརྒན་དར་གྱིས་ཡེ་ཤེས་རྣམ་པར་གསལ༔ བུམ་པའི་ཁ་རྒྱན་རིན་ཆེན་དཔག་བསམ་ཤིང༔ དཔག་བསམ་ཤིང་ལས་དགོས་འདོད་འབྲས་བུ་འབྱུང༔ བུམ་པའི་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་ཚེ་ཡི་རྒྱུན་དང་ལྡན༔ བུམ་པའི་ཁ་དོག་སེར་ལ་འཚེར་བའི་མདངས༔ སེར་པོའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ༔ བུམ་པའི་བདུད་རྩི་འཆི་མེད་ཚེ་ཡི་བཅུད༔ ཚེ་ཡི་བཅུད་ནི་ནུས་པའི་ཕུལ་དུ་གྱུར༔ ནང་དུ་རིན་ཆེན་རིགས་ཀྱི་ལྷ་ཚོགས་བཞུགས༔ རིན་ཆེན་རིགས་ཀྱི་ཚེ་ཡི་བདག་ཉིད་ཀྱི༔ སྤྲུལ་པ་ཕྱག་བརྙན་ཕོ་ཉ་འཁོར་བཅས་ཀྱིས༔ སྟོང་གསུམ་འཇིག་རྟེན་མ་ལུས་ཕོ་ཉས་ཁེངས༔ རབ་ཏུ་བརྟན་པ་ས་ཡི་བཅུད་སྡུས་ཤིག༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཡོན་ཏན་རིགས་ཀྱི་ཚེ་མཆོག་མ་ལུས་དང༔ འཇིག་རྟེན་ཁམས་ཀྱི་བྲམ་ཟེ་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་སྟོབས་དང་ལོངས་སྤྱོད་ཀུན༔ འོད་ཟེར་སེར་པོ་རིན་ཆེན་རྣམ་པ་རུ༔ བསྡུས་ཏེ་སྙིང་པོ་ཏྲཱཾ་ཡིག་རྣམ་པར་གསལ༔ དཀྱིལ་འཁོར་འདི་རུ་ཆར་ལྟར་བབས་ནས་ཀྱང༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ་དུ་གསོལ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རིན་ཆེན་རྨ་བྱ་བསྣོལ་བའི་ཁྲི་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་དབུས༔ པདྨ་རིགས་ཀྱི་ཚེ་བདག་ཡབ་ཡུམ་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ ནུབ་ཀྱི་སྣོད་བཅུད་ཡོངས་རྫོགས་བུམ་པ་ནི༔ སོར་རྟོག་ཡེ་ཤེས་མ་འདྲེས་བདེ་བ་ཆེ༔ བུམ་པའི་རང་བཞིན་ཡེ་ཤེས་གཞལ་ཡས་ཁང༔ གཞལ་ཡས་ཁང་ནི་ཕྱི་ནང་ཟང་ཐལ་གསལ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལ་བྱས༔ ལེ་བརྒན་དར་གྱིས་ཡེ་ཤེས་རྣམ་པར་གསལ༔ བུམ་པའི་ཁ་རྒྱན་རིན་ཆེན་དཔག་བསམ་ཤིང༔ དཔག་བསམ་ཤིང་ལས་དགོས་འདོད་འབྲས་བུ་འབྱུང༔ བུམ་པའི་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་ཚེ་ཡི་རྒྱུན་དང་ལྡན༔ བུམ་པའི་ཁ་དོག་དམར་ལ་འཚེར་བའི་མདངས༔ དམར་པོའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ༔ བུམ་པའི་བདུད་རྩི་འཆི་མེད་ཚེ་ཡི་བཅུད༔ ཚེ་ཡི་བཅུད་ནི་ནུས་པའི་ཕུལ་དུ་གྱུར༔ ནང་དུ་པདྨ་རིགས་ཀྱི་ལྷ་ཚོགས་བཞུགས༔ པདྨ་རིགས་ཀྱི་ཚེ་ཡི་བདག་ཉིད་ཀྱི༔ སྤྲུལ་པ་ཕྱག་བརྙན་ཕོ་ཉ་འཁོར་བཅས་ཀྱིས༔ སྟོང་གསུམ་འཇིག་རྟེན་མ་ལུས་ཕོ་ཉས་ཁེངས༔ ཤིན་ཏུ་འབར་བ་མེ་ཡི་བཅུད་སྡུས་ཤིག༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ གསུང་གི་རིགས་ཀྱི་ཚེ་མཆོག་མ་ལུས་དང༔ འཇིག་རྟེན་ཁམས་ཀྱི་དམངས་རིགས་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་སྟོབས་དང་ལོངས་སྤྱོད་རྣམས༔ འོད་ཟེར་དམར་པོ་པདྨའི་རྣམ་པ་རུ༔ བསྡུས་ཏེ་སྙིང་པོ་ཧྲཱིཿཡིག་རྣམ་པར་གསལ༔ དཀྱིལ་འཁོར་འདི་རུ་ཆར་ལྟར་བབས་ནས་ཀྱང༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ་དུ་གསོལ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རིན་ཆེན་ཤང་ཤང་བསྣོལ་བའི་ཁྲི་སྟེང་དུ༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་དབུས༔ ཀརྨ་རིགས་ཀྱི་ཚེ་བདག་ཡབ་ཡུམ་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ བྱང་གི་སྣོད་བཅུད་ཡོངས་རྫོགས་བུམ་པ་ནི༔ བྱ་གྲུབ་ཡེ་ཤེས་རྩོལ་མེད་ལྷུན་གྱིས་གྲུབ༔ བུམ་པའི་རང་བཞིན་ཡེ་ཤེས་གཞལ་ཡས་ཁང༔ གཞལ་ཡས་ཁང་ནི་ཕྱི་ནང་ཟང་ཐལ་གསལ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལ་བྱས༔ ལེ་བརྒན་དར་གྱིས་ཡེ་ཤེས་རྣམ་པར་གསལ༔ བུམ་པའི་ཁ་རྒྱན་རིན་ཆེན་དཔག་བསམ་ཤིང༔ དཔག་བསམ་ཤིང་ལས་དགོས་འདོད་འབྲས་བུ་འབྱུང༔ བུམ་པའི་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་ཚེ་ཡི་རྒྱུན་དང་ལྡན༔ བུམ་པའི་ཁ་དོག་ལྗང་ལ་འཚེར་བའི་མདངས༔ ལྗང་གུའི་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་ཁྱབ༔ བུམ་པའི་བདུད་རྩི་འཆི་མེད་ཚེ་ཡི་བཅུད༔ ཚེ་ཡི་བཅུད་ནི་ནུས་པའི་ཕུལ་དུ་གྱུར༔ ནང་དུ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་བཞུགས༔ ལས་ཀྱི་རིགས་ཀྱི་ཚེ་ཡི་བདག་ཉིད་ཀྱི༔ སྤྲུལ་པ་ཕྱག་བརྙན་ཕོ་ཉ་འཁོར་བཅས་ཀྱིས༔ སྟོང་གསུམ་འཇིག་རྟེན་མ་ལུས་ཕོ་ཉས་ཁེངས༔ སྟོབས་ཆེན་རབ་འཕེལ་རླུང་གི་བཅུད་སྡུས་ཤིག༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཕྲིན་ལས་རིགས་ཀྱི་ཚེ་མཆོག་མ་ལུས་དང༔ འཇིག་རྟེན་ཁམས་ཀྱི་གདོལ་པའི་རིགས་རྣམས་ཀྱི༔ ཚེ་དང་བསོད་ནམས་སྟོབས་དང་ལོངས་སྤྱོད་རྣམས༔ འོད་ཟེར་ལྗང་གུ་རྒྱ་གྲམ་རྣམ་པ་རུ༔ བསྡུས་ཏེ་སྙིང་པོ་ཨཱཿཡིག་རྣམ་པར་གསལ༔ དཀྱིལ་འཁོར་འདི་རུ་ཆར་ལྟར་བབས་ནས་ཀྱང༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ་དུ་གསོལ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ གསུམ་པ་མགྱོགས་མ་བསྐུལ་བ་ནི༔ ཧཱུྃ༔ ཤར་ཕྱོགས་དཀར་མོ་ཤེལ་གྱི་གཞལ་ཡས་ནས༔ དཀར་མོ་མགྱོགས་མ་ཚེ་ཡི་བདག་མོ་ནི༔ ཐུགས་རྗེའི་རང་བཞིན་འགུགས་བྱེད་ལྕགས་ཀྱུ་འཛིན༔ ཚེ་ཡི་བཅུད་ལྡན་ཤེལ་གྱི་བུམ་པ་བསྣམས༔ རྫུ་འཕྲུལ་ཤུགས་ཀྱིས་གླིང་བཞིའི་མཐའ་བསྐོར་ལ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ ཨཱ་ཡུཿཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ ཧཱུྃ༔ ལྷོ་ཕྱོགས་སྔོན་མོ་བཻཌཱུའི་གཞལ་ཡས་ནས༔ སྔོན་མོ་མགྱོགས་མ་ཚེ་ཡི་བདག་མོ་ནི༔ ཐུགས་རྗེས་འཆིང་བྱེད་རྡོ་རྗེའི་ཞགས་པ་འཛིན༔ ཚེ་ཡི་བཅུད་ལྡན་བཻཌཱུའི་བུམ་པ་བསྣམས༔ རྫུ་འཕྲུལ་ཤུགས་ཀྱིས་གླིང་བཞིའི་མཐའ་བསྐོར་ལ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ ཨཱ་ཡུཿཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ ཧཱུྃ༔ ནུབ་ཕྱོགས་དམར་མོ་རཱ་གའི་གཞལ་ཡས་ནས༔ དམར་མོ་མགྱོགས་མ་ཚེ་ཡི་བདག་མོ་ནི༔ ཐུགས་རྗེས་སྡོམ་བྱེད་རྡོ་རྗེའི་ལྕགས་སྒྲོག་འཛིན༔ ཚེ་ཡི་བཅུད་ལྡན་བྱེ་རུའི་བུམ་པ་བསྣམས༔ རྫུ་འཕྲུལ་ཤུགས་ཀྱིས་གླིང་བཞིའི་མཐའ་བསྐོར་ལ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ ཨཱ་ཡུཿཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ ཧཱུྃ༔ བྱང་ཕྱོགས་ལྗང་མོ་གཡུ་ཡི་གཞལ་ཡས་ནས༔ ལྗང་མོ་མགྱོགས་མ་ཚེ་ཡི་བདག་མོ་ནི༔ ཐུགས་རྗེས་རྒྱས་འདེབས་རྡོ་རྗེའི་དྲིལ་བུ་འཛིན༔ ཚེ་ཡི་བཅུད་ལྡན་གསེར་གྱི་བུམ་པ་བསྣམས༔ རྫུ་འཕྲུལ་ཤུགས་ཀྱིས་གླིང་བཞིའི་མཐའ་བསྐོར་ལ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ ཨཱ་ཡུཿཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ དེ་ལྟར་ཡང་ཡང་བཀུག་ཅིང་བསྟིམ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈ ལྷ་སྲས་རྣམ་རོལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་ཡེལ་ཕུག་ནམ་མཁའ་མཛོད་ནས་སྤྱན་དྲངས་པའི་ཟངས་ཤོག་གུ་རུའི་ཕྱག་བྲིས་ལས་ཕབ་རིམ་བཞིན་དུ། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་ཐུགས་ཀྱི་གནས་མཆོག་དེ་ཝཱི་ཀོ་ཊི་ཙ་འདྲ་རིན་ཆེན་བྲག་གི་མགུལ། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་པ་སངས་ནམ་གྲུའི་འགྲུབ་སྦྱོར་ལ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས་ཤིང་རྟེན་འབྲེལ་ལེགས་ཚོགས་རབ་ཏུ་དགེ་བར་གྱུར་པས། བསྟན་འཛིན་སྐྱེས་ཆེན་རྣམས་ཞབས་པད་བརྟན་ཅིང་བདག་གཞན་ཐམས་ཅད་བར་ཆད་ཀྱི་གཡུལ་ལས་རྒྱལ་ཏེ་རྡོ་རྗེ་ཚེ་དཔག་མེད་ཀྱི་གོ་འཕང་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ཤུ་བྷ་ཙི་ཏཾ་ཛཱི་བནྟུ།། །།
འཇམ་དབྱངས་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་ (Volume 49, Text 56)
༄༅༔ འཇམ་དབྱངས་བློ་ལྡན་མཆོག་སྲེད་སྒོས་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈ མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཤེས་རབ་བློ་དང་ལྡན་བྱའི་ཕྱིར༔ གུ་རུ་སྒྲུབ་པའི་ཐབས་ལ་གསུམ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ སྦྱོར་རྗེས་གཉིས་པོ་སྔར་དང་འདྲ༔ དངོས་གཞི་ལ་གསུམ་བསྐྱེད་རིམ་དང༔ སྔགས་བཟླས་རྫོགས་པའི་རིམ་པ་འོ༔ བསྐྱེད་རིམ་དང་པོར་མ་བཅོས་གནས༔ སྟོང་ཉིད་སྙིང་རྗེའི་རང་བཞིན་ལས༔ པདྨ་དཀར་སེར་སྡོང་པོའི་སྟེང༔ རང་ཉིད་བློ་ལྡན་མཆོག་སྲེད་རྩལ༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་མདོག་དཀར་པོ་དར་ཐོད་ཅན༔ སྐུ་ལ་དར་དཀར་གོ་ཟུ་གསོལ༔ རིན་ཆེན་ཨུཏྤལ་སྤེལ་མས་བརྒྱན༔ ཕྱག་གཡས་ཐོད་པའི་རྔ་སྒྲ་སྒྲོག༔ ཕྱག་གཡོན་པད་ཕོར་བདུད་རྩིས་བཀང༔ འཛུམ་པའི་མདངས་ལྡན་ཞི་ཚུལ་ཅན༔ འཇའ་ཚོན་འོད་ལྔའི་དཀྱིལ་ན་བཞུགས༔ ཀུན་ལ་བདུད་རྩི་འགྱེད་པར་བསམ༔ ཐུགས་དཀྱིལ་པད་དཀར་འདབ་བཞིའི་དབུས༔ ཧྲཱིཿདཀར་འོད་འཕྲོས་ཕྱོགས་བཅུར་ཁྱབ༔ ཆོས་ཀྱི་བདུད་རྩིའི་ཆར་བབ་བསམ༔ དེ་ནས་གསང་བའི་སྙིང་པོ་བཟླས༔་་་བདུན་འབུམ་ཙམ་བཟླ། ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ་ཧྲཱི༔ ཅུ་གང་རྒུན་འབྲུམ་ཆུ་དག་དཀར༔ ནངས་མ་རིགས་ལ།་་་བ་དམར་འོ་མར་སྦྱར་ཏེ་བཏུང༔ རྫོགས་རིམ་བདག་ཉིད་ཧྲཱིཿལ་འདུས༔ ཧྲཱིཿཡང་གི་གུ་དག་ལ་འདུས༔ གི་གུ་ནང་འཕྲད་་་སྣ་འཕྲད་ཟེར།ཁོག་སྟོང་ནང༔ འོད་དཀར་རང་བཞིན་ཝ་ལ་ལ༔ མཁའ་མཉམ་བསྐྱེད་ལ་རྩོལ་བྲལ་གནས༔ བློ་ལྡན་ཤེས་བྱ་ཀུན་མཁྱེན་འགྱུར༔ གུ་རུ་མཆོག་སྲེད་གསང་སྒྲུབ་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ ྈྈྈྈྈ གུ་རུ་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་བླ་སྒྲུབ་གསང་འདུས་ཆ་ལག་གོ། །། ༄༅། །བླ་མ་གསང་བ་འདུས་པ་ལས། བློ་ལྡན་མཆོག་སྲེད་སྒོས་སྒྲུབ་ཁོལ་ཕྱུང་བཞུགས་སོ། །མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཤེས་རབ་བློ་དང་ལྡན་བྱའི་ཕྱིར༔ གུ་རུ་སྒྲུབ་པའི་ཐབས་ལ་གསུམ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ སྦྱོར་བ་ལ་གསུམ་སྐྱབས་འགྲོ་དང༔ སེམས་བསྐྱེད་གསོལ་བ་གདབ་པ་འོ༔ སྐྱབས་འགྲོ་སྒོ་གསུམ་ཡིད་དང་བས༔ ན་མོ༔ བདེ་གཤེགས་ཐམས་ཅད་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མའི་རྣལ་འབྱོར་བརྩོན་བྱ་བསམ༔ གསོལ་འདེབས་སྤྱི་གཙུག་བླ་མ་བསྒོམ༔ ཀྱེ་ཀྱེ་གུ་རུ་ཆེན་པོ་ལ༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ དངོས་གཞི་ལ་གསུམ་བསྐྱེད་རིམ་དང༔ སྔགས་བཟླས་རྫོགས་པའི་རིམ་པ་འོ༔ བསྐྱེད་རིམ་དང་པོར་མ་བཅོས་གནས༔ སྟོང་ཉིད་སྙིང་རྗེའི་རང་བཞིན་ལས༔ པདྨ་དཀར་སེར་སྡོང་པོའི་སྟེང༔ རང་ཉིད་བློ་ལྡན་མཆོག་སྲེད་རྩལ༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་མདོག་དཀར་པོ་དར་ཐོད་ཅན༔ སྐུ་ལ་དར་དཀར་གོ་ཟུ་གསོལ༔ རིན་ཆེན་ཨུཏྤལ་སྤེལ་མས་བརྒྱན༔ ཕྱག་གཡས་ཐོད་པའི་རྔ་སྒྲ་སྒྲོག༔ ཕྱག་གཡོན་པད་ཕོར་བདུད་རྩིས་བཀང༔ འཛུམ་པའི་མདངས་ལྡན་ཞི་ཚུལ་ཅན༔ འཇའ་ཚོན་འོད་ལྔའི་དཀྱིལ་ན་བཞུགས༔ ཀུན་ལ་བདུད་རྩི་འགྱེད་པར་བསམ༔ ཐུགས་དཀྱིལ་པད་དཀར་འདབ་བཞིའི་དབུས༔ ཧྲཱིཿདཀར་འོད་འཕྲོས་ཕྱོགས་བཅུར་ཁྱབ༔ ཆོས་ཀྱི་བདུད་རྩིའི་ཆར་བབ་བསམ༔ དེ་ནས་གསང་བའི་སྙིང་པོ་བཟླ༔་་་བདུན་འབུམ་ཙམ། ཨོཾ་བཛྲ་གུ་རུ་ཛྙཱ་ན་པྲ་ཛྙཱ་སིདྡྷི་ཧཱུྃ་ཧྲཱི༔ ཅུ་གང་རྒུན་འབྲུམ་ཤུ་དག་དཀར༔ ནངས་མ་རིགས་ལ།་་་བ་དམར་འོ་མར་སྦྱར་ཏེ་བཏུང༔ རྫོགས་རིམ་བདག་ཉིད་ཧྲཱིཿལ་འདུས༔ ཧྲཱིཿཡང་གི་གུ་དག་ལ་འདུས༔ གི་གུ་ནང་འཕྲད་་་སྣ་འཕྲད་ཟེར།ཁོང་སྟོང་ནང༔ འོད་དཀར་རང་བཞིན་ཝ་ལ་ལ༔ མཁའ་མཉམ་བསྐྱེད་ལ་རྩོལ་བྲལ་གནས༔ བློ་ལྡན་ཤེས་བྱ་ཀུན་མཁྱེན་འགྱུར༔ རྗེས་ལ་གསུམ་སྟེ་སྨོན་ལམ་དང༔ རྒྱུན་སྤྱོད་སྒྲུབ་པའི་འབྲས་བུ་འོ༔ སྨོན་ལམ་འདི་ལྟར་བསྐྱར་ཞིང་གདབ༔ ན་མོ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་བདག་གིས་ཚོགས་བསགས་མཐུས༔ ཕྲིན་ལས་གང་བརྩམ་མྱུར་འགྲུབ་ཅིང༔ བདག་སོགས་བླ་མེད་འབྲས་ཐོབ་ཤོག༔ རྒྱུན་སྤྱོད་བླ་མའི་ང་རྒྱལ་གྱིས༔ གཞན་དོན་དམིགས་པའི་གསག་སྦྱང་བྱ༔ འབྲས་བུ་བླ་མའི་ས་ནོན་ཅིང༔ གང་ལྟར་བསམ་པའི་དངོས་གྲུབ་ཐོབ༔ གུ་རུ་མཆོག་སྲེད་གསང་སྒྲུབ་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ཞེས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་གྱི་གཙོ་བོ་བླ་མ་གསང་འདུས་ལས་ཁོལ་དུ་ཕྱུང་བའོ།། །།
སྤྱི་འགྲོ་བཀའ་མའི་མཆོད་པ་བཅུ་བཞི་ (Volume 40, Text 56)
སྔ་འགྱུར་བཀའ་མ་ལས་འབྱུང་བའི་མཆོད་ཕྲེང་རྣམ་དབྱེ་བཅུ་དྲུག་ཡོད་པ་ལས། སྐབས་འདིར་ཉེ་བར་མཁོ་བའི་ཡན་ལག་འགའ་ཞིག་ཟུར་དུ་བཀོལ་བ་ལས། ཀུན་བཟང་ནི། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་ཧཱུྃ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞབས་བསིལ་ནི། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱཾ་དྷཱ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུདྡྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བཞི་བསྣོལ་ནི། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་ཧཱུྃ། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། བཛྲ་དྷཱུ་པེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ཧུ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧུ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་དྷཱུ། ཨུཏྤལ་མཐིང་ག་མེ་ཏོག་འཐོར། སྣ་ཚོགས་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོྎ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། དབང་གི་ཕྱག་ན་སྒྲོན་མ་བསྣམས། །ཆོས་ཀྱི་རྒྱལ་པོ་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོྎ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཙནྡན་བདུད་རྩིའི་ཆར་འབེབ་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབ། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གྷནྡྷེའི་མཆོད་པར་རོལ། ཨོཾ་པ་ན་པེཾ་པེ་ནུ་སུ་ར་ཏོྎ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ལྷ་མོ་རྣམས་ཀྱིས་དཀྱིལ་འཁོར་པ་རྣམས་མཆོད་ནས་ཤངས་ལ་སོགས་པའི་དབང་པོ་སོ་སོ་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ༔ རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །མཆོད་ཆེན་ཐམས་ཅད་དག་ཅིང་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པས་ལྷ་རྣམས་མཉེས། ལྷ་མོ་རྣམས་སླར་བྱུང་སྟེ། རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ་མོ། །སྨན་མཆོད་ནི། ཨོཾ་ཧཱུྃ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བ། །དུག་ལྔ་སེལ་བའི་བདུད་རྩི་སྨན། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་ཆེ། །བདེ་གཤེགས་ཞི་བའི་ཐུགས་དམ་ཉིད། ཁྲོ་བོ་རྒྱ་མཚོའི་དངོས་གྲུབ་མཆོག །ཞི་ཁྲོ་རོལ་པའི་དཀྱིལ་འཁོར་འདིར། །བདག་ཅག་དད་པས་འབུལ་གྱིས་བཞེས། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་དང་། བརྒྱུད་མཆོད་ནི་གསོལ་འདེབས་ཀྱི་ཚིག་རྐང་བཞི་པ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཞེས་བསྒྱུར་བ་སོགས་ཇི་ལྟར་རིགས་པས་ཕུལ་ལ། གུ་ཡ་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེགས་མའི་སྤྲིན་ལས་བདུད་རྩིའི་ཆར་བབས་པས་དཀྱིལ་འཁོར་པ་ཐམས་ཅད་མཉེས་ཤིང་ཚིམས་པར་བསམ། མཐར་དངོས་གྲུབ་བླང་བ་ནི། རང་གི་ལྕེ་ལ་ཧཱུྃ་ཡིག་དང་། སྨན་གྱི་སྟེང་དུ་འབྲུ་གསུམ་བསྒོམས་ཏེ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱིས་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱང་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་རིམ་པར་བླངས་ཏེ་ལྕེ་ལ་བཞག་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། བདུད་རྩིའི་རྒྱུན་བྷཉྫར་ལན་གསུམ་དུ་སྦྲེང་ཞིང་། ཨོཾ་ཨཱཿཧཱུྃ། མི་བསྐྱོད་ཡེ་ཤེས་བདེ་བའི་མཆོག་དང་ལྡན་པའི་རོ་ལ་བསྣམ་དུ་གསོལ། །ཨ་ལ་ལ་ཧོཿ བྱང་ཆུབ་སེམས་དཔའི་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་བསྣམ་དུ་གསོལ། །ཨོཾ་ཨཱཿཧཱུྃ། མཆོག་ཏུ་གསང་བའི་བདེ་ལ་རོལ་ཞིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོཿ ཞེན་ཅིང་ཆགས་པའི་མཐའ་ལ་ཉོན་མོངས་རྣོ་བརྐམ་གཟིར་བ་ཡི། །མྱོང་བྱེད་བདེ་མཆོག་བརྒྱད་དང་ལྡན་པས་ཐབས་ཀྱི་སྐུ་ལ་སྨྲེ་བར་མཛོད། །འགྲོ་ཀུན་ཚངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོཿ ཞེས་པས་དང་པོས་ལྷ་རྣམས་དགྱེས་པ་བསྐྱེད། གཉིས་པས་ཉན་ཐོས་རྣམས་འགོག་པ་ལས་བསླང། གསུམ་པས་རྒྱལ་སྲས་རྣམས་གཞན་དོན་ལ་བསྐུལ་བར་བསམ་མོ། །རཀྟའི་མཆོད་པ་ནི། ཨོཾ་ཧཱུྃ། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །མཁའ་དབྱིངས་རྣམ་དག་ཡུམ་གྱི་རང་བཞིན་དུ། ཁམས་གསུམ་དུག་གསུམ་བསྒྲལ་པའི་རཀྟ་མཆོག །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། ཁམས་གསུམ་ཟིལ་གནོན་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཨོཾ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཨོཾ་ཧཱུྃ། ཆོས་དབྱིངས་རྣམ་དག་གཏོར་གཞོང་རྒྱ་ཆེན་དུ། །གཏོར་མ་ཡེ་ཤེས་སྣང་བ་རྒྱ་མཚོར་འཁྱིལ། །དཀར་དམར་ཐིག་ལེ་བདུད་རྩིའི་རོལ་མཚོར་སྤེལ། །འདོད་ཡོན་ལྷ་མོའི་སྤྲིན་གྱིས་བརྒྱན་པ་འདི། །ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ཨོཾ་ཨཱཿཧཱུྃ་སུ་ར་ཏ་ཨུ་པེ་བྷྱཿཀ་མ་ལ་མཱ་ལ་བཛྲ་ཨ་མྲྀཏ་ཀ་ར་ཎ་པྲ་ཏཱིཙྪ་བྷ་ག་ཝཱན་ཛཿཧཱུྃ་བཾ་ཧོཿ ཨ་ལ་ལ་ཧོཿ ཞེས་དང་། ཨོཾ་བཛྲ་ཀྲོ་དྷ་མཎྜ་ལ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་འདོད་ཡོན་དྲུག་གི་ལྷ་མོ་མཁའ་ཁྱབ་ཏུ་སྤྲོས་པ་དཀྱིལ་འཁོར་པ་རྣམས་ཀྱི་དབང་པོ་དྲུག་གི་གནས་སུ་ཐིམ་པས་དགྱེས་ཤིང་ཚིམས་པར་བྱས་ནས་གཉིས་མེད་དུ་གྱུར་པར་བསམ་མོ། །ཡིད་བྱུང་གི་མཆོད་པ་ནི། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱི། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་གཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམས། ཞེས་པའི་ཚིག་གིས་ཇི་ལྟར་སྟོན་པའི་མཆོད་པ་རྣམས་མཁའ་ཁྱབ་ཏུ་སྤྲུལ་ཏེ་འབུལ་ལོ། །བསྒྲལ་མཆོད་ནི། བདག་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་རཾ་དཔག་ཏུ་མེད་པ་མཆེད། རཾ་བཛྲ་ཛྭ་ལ་རཾ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་ན་གནས་པའི་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར་བར་བསམ་ཞིང་། ཧཱུྃ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །སྦྱོར་མཆོད་ནི། རང་དང་དཀྱིལ་འཁོར་པའི་ལྷ་ཡབ་ཡུམ་ཐམས་ཅད་ཀྱི་མཁའ་གསང་། ཧཱུྃ་ཨ། བཛྲ་པདྨ། ས་མ་ཡ་སཏྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ་ཧཾ། ཨ་ནུ་རཱ་ག་ཡཱ་མྱེ། ཛཿཧཱུྃ་བཾ་ཧོཿ བོ་དྷི་ཙིཏྟ་སྥ་ར་ཎ་སཾ། རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སྤྲིན་སྤྲོ་བསྡུའི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་རྒྱས་པ་ལ་བློ་བཞག་ནས། ཨོཾ་ཧཱུྃ། འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱའོ། །འདོད་ཡོན་རོ་མཉམ་གྱི་མཆོད་པ་ནི། ཨོཾ་ཧཱུྃ། བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ཡང་ཆོས་ཉིད་རོལ། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་དག་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བདེ་བ་ཆེན་པོར་རོ་གཅིག་ཏུ་གྱུར་པར་བསམ་མོ། །རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ་ཧཱུྃ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཞེས་པས་མཆོད་པའི་རོལ་མོ་ཇི་སྙེད་པ་ཐམས་ཅད་ཀྱིས་འཁོར་གསུམ་ཡེ་ཤེས་སུ་དག་པ་མངོན་དུ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། ཞེས་ང་རྒྱལ་བྱ་ཞིང་རོལ་མོ་ཡེ་ཤེས་ཀྱི་སྒྲས་བསྐུལ་ལོ། །གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ཨོཾ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ཨོཾ། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེའི་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ཨོཾ། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ཨོཾ། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་སྤྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ཨོཾ། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ ཨོཾ། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ ཞེས་པས་ཞི་བ་དང་། ཧཱུྃ། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཆེ་ཧོཿ ཧཱུྃ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ལ་ཧ་ལའི་གད་རྒྱངས་ཆེ། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ཧཱུྃ། ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ཧཱུྃ། ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །འཕྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཧཱུྃ། བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོའི་ཐིག་ལེ་ཆེ་ཧོཿ ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་པོ། །རྡོ་རྗེ་ཆུ་སྟེ་སྡུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ཞེས་བསྟོད་པར་བྱའོ།། །།
གནོད་སྦྱིན་ཛམྦྷ་ལ་དམར་པོའི་ཆོས་སྐོར་ལས༔ ཁ་བྱང་ལོ་རྒྱུས་དང་བཅས་པ་ (Volume 52, Text 56)
༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་ཆོས་སྐོར་ལས༔ ཁ་བྱང་ལོ་རྒྱུས་དང་བཅས་པ་བཞུགས༔ ྈྈྈྈྈྈྈྈྈྈྈྈྈྈྈ དེ་ནས་ཡང་དག་བཤད་བྱ་བ༔ ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིས༔ བཞེངས་པའི་ལྷ་ཁང་ཡ་མཚན་ཅན༔ ཁམས་ཀྱི་སྤུ་བོ་གདུང་ཆུ་ཡི༔ རྣམ་སྣང་བྱམས་པའི་ལྷ་ཁང་དུ༔ ཆོས་གཏེར་ནོར་གཏེར་བླ་གཏེར་སྦས༔ དེ་ཡང་ཁམས་ཀྱི་སྤུ་བོ་གདུང་ཆུ་ཀླུ་བདུད་ནག་པོའི་སྙིང་གསང་ཆུ་མིག་མགོ་དགུ་པ་དང༔ རླུང་གི་ཁ་གནོན་དུ་མེས་སྲོང་གི་སྐུ་རིང་ལ་ལྷ་ཁང་བྲེ་ཞབས་ཙམ་ཞིག་བརྩིགས༔ སླར་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་ཉམས་པ་གསོས༔ ཨོ་རྒྱན་གྱི་མཁན་པོས་གཏེར་ཁ་མང་དུ་སྦས་སོ༔ ྈྈྈ ྈྈ གཙོ་བོ་རྣམ་པར་སྣང་མཛད་བྱམས་པའི་ཐུགས་ཀ་ནས་སྤྱན་རས་གཟིགས་མི་ཏྲའི་སྐོར་དང༔ དོན་ཡོད་ཞགས་པའི་མདོ་སྐོར༔ སྒྲུབ་སྐོར་ཡང་གསང་བླ་ན་མེད་པའི་སྐོར་ཉུང་ངུ་རྣམས་ཡོད་དོ༔ བསྐོས་པའི་རྒྱལ་པོ་ཆེན་པོ་སྡེ་བཞིའི་ཐོད་པ་རེ་རེ་རིན་པོ་ཆེ་ས་ལེ་སྦྲམ་དང་གཡུ་སྦྱང་གིས་གང་བ་ཡོད༔ ཁྱད་པར་དུ་སྟག་གཟིག་གི་རྒྱལ་པོས་བདག་ལ་གཏད་པའི་གནོད་སྦྱིན་གྱི་ནོར་བུ་བཱི་ཛ་པཱུ་རཿའམ་ལྷ་མ་ཡིན་གྱི་ནོར་བུ་གཡུལ་འཇོམས་སུ་གྲགས་པ་བྱ་ངང་པའི་སྒོ་ང་ཙམ་ཆུ་དར་གྱིས་དྲིལ་ནས་ཡོད༔ གཏེར་བདག་གི་བླ་རྡོ་དུང་གི་གཟུགས་དང་པདྨའི་གཟུགས་རེ་རེ་ཡོད༔ ས་ལེ་སྦྲམ་སྲོག་ཆགས་ཀྱི་མཚན་མ་ཅན་ཁ་ཅིག་ཀྱང་ཡོད་དོ༔ གནོད་སྦྱིན་ཛམྦྷ་ལ་དམར་པོ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ༔ ནང་གནོད་གནས་ཕོ་དགུ་མོ་དགུ་ལྷ་མང་དུ་སྒྲུབ་པ༔ གསང་བ་ཛམྦྷ་ལ་དང་ཀུ་རུ་ཀུལླེ་སྦྲགས་ཏེ་སྒྲུབ་པ༔ ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་མན་ངག་རླུང་ཞགས་དང་གང་བ་བཟང་པོ་ཕག་གདོང་མ་ལ་སོགས་ལ་བསྟེན་པའི་མན་ངག་གི་ཤོག་དྲིལ་སྦྲམ་ཆེ་བ་ཡོད་དོ༔ རྒྱལ་པོའི་ཕྱག་པར་གྱི་ནང་ན་རོ་མྱང་རྫས་ཀྱིས་འདུལ་བ་མ་བསྒོམ་པར་འཚང་རྒྱ་བ་མྱང་གྲོལ་ཨ་དང་མས་མཚན་པའི་རིལ་བུ་བཅུ་དགུ་ཡོད་དོ༔ རྒྱལ་སྲས་ཀྱི་སྐྱེ་བརྒྱུད་ཆོས་ཀྱི་མཇུག་དོན་གཏད་རྒྱ་དང་བཅས་པ་ཡོད་དོ༔ སྤྲེལ་གཟུགས་ཀྱི་ནང་དུ་ཚོགས་ཀྱི་བདག་པོའི་བྱེ་བྲག་གི་ཆོས་བཀའ་དང༔ སྟ་ཟུར་ན་ཡིད་བཞིན་གྱི་ནོར་བུ་སྟག་ཤ་དེ་ཝ་ལི་ཡུལ་གྱི་རྒྱལ་པོའི་དཀོར་ཆ་རིན་པོ་ཆེའི་གཙོ་བོ་ལོ་རྒྱུས་དང་བཅས་པ༔ ཚོགས་ཀྱི་བདག་པོའི་ཐུན་མོང་མ་ཡིན་པ་གསང་བ་ཆགས་པ་རྡོ་རྗེའི་སྐོར་གྱི་ལས་ཁ་ཚར་དང་བཅས་པའི་ཤོག་དྲིལ་ཆུང་ངུ་བརྒྱད་ཡོད༔ མི་འབྲལ་བར་འགྲོགས་པར་བྱེད་པ་སྲོག་གི་འཁོར་ལོ་ཡང་ཡོད༔ བྱང་ཆུབ་ཀྱི་ཤིང་ལས་གྲུབ་པའི་བླའི་ཕུར་པ་རིན་པོ་ཆེས་བརྒྱན་པ་ཡོད་དོ༔ འདི་དག་ནི་འདོན་པར་རུང་བ་མི་རུང་བ་སྣ་ཚོགས་ཡོད་པས་ཚོད་ཤེས་ཆ་ཙམ་འབྱིན་པར་རུང་ལ༔ གཞན་གཙུག་ལག་ཁང་གི་བླ་གཏེར་ཡིན་པས་ཐམས་ཅད་འདོན་པར་མ་གནང་ངོ༔ མ་མགོན་སོགས་གཙུག་ལག་ཁང་གི་སྲུང་མ་རྣམས་མཆོད༔ ཁྱད་པར་དུ་ཡང་རྡོ་རྗེ་ལེགས་པ་དང་པེ་ཧར་ལ་རའི་ཤ་གསུར་དང་བྱ་དཀར་དར་སྣས་བརྒྱན་པ༔ ཀླུ་བདུད་ལ་དཀར་གསུམ་མངར་གསུམ་གྱིས་སྦྲན་པའི་གཏོར་མས་མཆོད་ལ་ཐོན༔ ྈྈྈ ྈྈྈ ྈྈྈྈ ྈྈ ྈྈྈྈྈྈྈྈ ྈྈ ཚངས་པ་རླུང་གནོན་རྣམ་པར་སྣང་མཛད་བྱམས་པའི་ལྷ་ཁང་གི་ལོ་རྒྱུས་ཇི་ལྟ་བ་བཞིན། བདག་འདྲ་ཆོས་རྗེ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས། བྱི་ལོ་དཔྱིད་ཟླ་ར་བའི་ཚེས་གཅིག་གི་ཉི་ཤར་ལ་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་ཆོས་སྐོར་ལས༔ ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པའི་མན་ངག་བཞུགས༔ ྈྈྈྈྈྈྈྈྈ ཨཱརྱ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་ཛམྦྷ་ལ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པའི་ཐབས་ནི༔ ཟངས་གཞོང་དུ་གནོད་སྦྱིན་སྐུ་རླན་གྱིས་མི་འཇིག་པ་མེ་ཏོག་དང་ལྡན་པ་བཤམ༔ ཆུ་གཙང་མ་དང་དཀར་གསུམ་མངར་གསུམ་སྨན་ལྔས་སྦྲུས་པའི་གཏོར་བཤོས་དང་རིལ་བུ་རིན་པོ་ཆེའི་སྣོད་དུ་བཀོད༔ རང་ཉིད་འཕགས་པ་མ་ཧཱ་གུ་རུར་བསྒོམ༔ མདུན་གྱི་ཟངས་གཞོང་གི་སྐུ་ཨཱརྱ་ཛམྦྷ་ལ་སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟར་འབར་བ་ཞལ་གཅིག་ཕྱག་གཉིས་གཡས་བཱི་ཛ་པཱུ་རཿའཆི་མེད་ཀྱི་སྨན་ཆེན་པོ་དང༔ གཡོན་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་པའི་ནེའུ་ལེའི་རྐྱལ་པ་འཛིན་པ༔ མཆན་ཁུང་གཡོན་དུ་གཏེར་གྱིས་གཏམས་པའི་བུམ་པ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོས་མཚན་པ༔ རཏྣ་དམར་པོ་དང་དར་ལེ་བརྒན་གྱི་ན་བཟའ་དང་རྒྱན་ཕྲེང་བསྣམས་པ༔ ཞབས་གཡས་ཅུང་ཟད་བརྐྱང་བའི་རོལ་པའི་སྐྱིལ་མོ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ༔ དུང་དང་པདྨས་མཚན་པའི་གཏེར་བདག་ཟུང་གཏེར་གྱི་བུམ་པ་སྟོབ་པར་བསྒོམ༔ ལྟོ་བར་རཾ་དམར་པོ་ཚ་ཞིང་འབར་བའི་འོད་ཀྱིས་གདུངས་པས་ཤིན་ཏུ་སྐོམ་པའི་རྣམ་པ་ཅན་དུ་བལྟས་ལ༔ ཆུ་གཙང་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་ཞལ་དུ་རྒྱུན་མ་ཆད་པར་སྦྲེངས་པས་སྐོམ་པའི་གདུང་བ་ཞི་སྟེ་ཐུགས་དགྱེས་པ་བསྐྱེད་ནས༔ ཞལ་དང་སྐུའི་ཆ་གཏེར་གྱི་བུམ་པ་དང་ནེའུ་ལེ་ལས་རིན་པོ་ཆེའི་ཆར་འབེབ་པས་དབུལ་བ་སེལ་བར་བསྒོམ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཧྲཱིཿསྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་འབུལ༔ གཏོར་བཤོས་དང་རིལ་བུ་དྷ་ན་མེ་དྷཱིའི་གཤམ་དུ་ཨི་དམ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་ནམ༔ ལྔའམ༔ གསུམ་གྱིས་ཕུལ༔ བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལ་འཁོར་དང་བཅས་པས་བདག་སོགས་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཞེས་པ་ལ་སོགས་པས་འདོད་པའི་དོན་ལ་གསོལ་བ་གདབ་ཅིང་དངོས་གྲུབ་བླང༔ ནོངས་པ་འཆགས༔ ཡེ་ཤེས་པ་སྐུ་གཟུགས་ལ་བསྟིམས་པའམ་གཤེགས༔ དམ་ཚིག་པ་རང་དང་དབྱེར་མེད་དུ་བྱའོ༔ ྈྈྈ ྈྈྈ ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པའི་མན་ངག་རྩྱཽ༔ གདུང་ཆུ་རྣམ་སྣང་བྱམས་པའི་ལྷ་ཁང་ནས་ཆོས་རྗེ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་ཆོས་སྐོར་ལས༔ ནང་གནོད་གནས་ཕོ་དགུ་མོ་དགུ་ལྷ་མང་གི་སྒྲུབ་ཐབས་བཞུགས༔ ྈྈྈྈྈྈྈྈྈྈ ཨཱརྱ་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ ནང་གནོད་གནས་ཕོ་དགུ་མོ་དགུ་ལྷ་མང་དུ་སྒྲུབ་པ་ནི༔ མ་དྷལ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་གཞལ་ཡས་ཁང་སྒོ་རྫོགས་པདྨ་འདབ་བརྒྱད་དང་བཅས་པ་བྲི༔ དཀར་གསུམ་དང་མངར་གསུམ་གྱིས་སྦྲུས་པའི་གཏོར་མ་རིན་པོ་ཆེའི་སྙེ་མ་ལྟ་བུ་ལྷ་གྲངས་དང་མཉམ་པ༔ མཆོད་ཡོན་མེ་ཏོག་ལ་སོགས་པ་རྒྱ་ཆེན་བཤམ༔ རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་བསྒོམ༔ མདུན་གྱི་མ་དྷལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་བཾ་ལས་ལྷ་མོ་ནོར་རྒྱུན་མ༔ ཤར་ནས་བརྩམ་པའི་འདབ་མ་རྣམས་ལ་ཕྱོགས་བཞིར་བཟང་མོ༔ རབ་ཏུ་བཟང་མོ༔ སྦས་མ༔ རབ་ཏུ་སྦས་མ༔ མཚམས་བཞིར་ལྷ་མོ༔ དབྱངས་ཅན་མ༔ འཕགས་མ༔ ཟླ་ཤེལ་ཅན་དེ་ཐམས་ཅད་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་རྣམས་གཏེར་གྱི་བུམ་པ་དང༔ གཡོན་ཐམས་ཅད་རིན་པོ་ཆེ་དམར་པོའི་སྙེ་མ་བསྣམས་པ་རཏྣ་མེ་ཏོག་དར་དམར་པོའི་ན་བཟའ་ཅན་ཕྱེད་སྐྱིལ་གྱིས་བཞུགས་པ༔ གཙོ་མོའི་བྷ་གའི་ནང་དུ་གཞལ་ཡས་ཁང་སྒོ་རྫོགས་ཀྱི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མགོན་པོ་ཛམྦྷ་ལ༔ ཤར་ནས་བརྩམ་པའི་ཕྱོགས་བཞིར་གང་བ་བཟང་པོ༔ རྣམ་ཐོས་སྲས༔ ནོར་སྦྱིན༔ ནོར་བུ་བཟང་པོ༔ མེ་ནས་བརྩམ་པའི་མཚམས་བཞིར་པི་ཙུ་ཀུན་ཌ་ལཱི༔ ཕུར་བུ་ཀུན་བྱེད༔ སྤྱོད་པའི་དབང་པོ༔ སྒོ་ཡི་དབང་པོ༔ ཤར་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ་གཉིས༔ ལྷོ་སྒོར་པདྨ་དང་པདྨ་ཆེན་པོ་གཉིས༔ ནུབ་སྒོར་ཀཱི་ལི་དང་ཀཱི་ལི་ཆེན་པོ་གཉིས༔ བྱང་སྒོར་གང་བ་དང་གང་བ་བཟང་པོ་སྟེ༔ དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་དབང་པོ་འཕྱང་བ་ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་ནེའུ་ལེའི་མགུལ་པ་བཙིར་བ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབ་པ༔ རཏྣ་དམར་པོའི་དོ་ཤལ་དར་དམར་པོའི་ན་བཟའ་གསོལ་བ་རོལ་པའི་སྟབས་ཀྱིས་བཞུགས་པར་བསྒོམ༔ གནས་གསུམ་བྱིན་གྱིས་བརླབས་དེ་ལས་འོད་ཟེར་འཕྲོས༔ བདག་ལྷར་གསལ་བའི་ཐུགས་ཀ་ནས་ཀྱང་སྤྲོས་ཏེ་མགོན་པོ་འཁོར་དང་བཅས་པ་བྱོན་ནས་དམ་ཚིག་པ་ལ་ཐིམ་པར་བསྒོམ༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཐུགས་དམ་ཅན༔ ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང༔ སེམས་ཅན་དབུལ་བ་སེལ་མཛད་པའི༔ སྟོན་པའི་སྤྱན་སྔར་དམ་བཅས་དགོངས༔ བདག་ཅག་འབྱོར་པ་ཉམས་དམའ་བས༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ ཐུགས་དམ་ཐུགས་རྗེ་ཆེ་དགོངས་ལ༔ སྒྲུབ་ལ་དངོས་གྲུབ་སྩོལ་ཕྱིར་གཤེགས༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ ཧཱུྃ༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ ནོར་བདག་འཁོར་དང་བཅས་རྣམས་ལ༔ དངོས་གྲུབ་བསྐུལ་ཕྱིར་མཆོད་པ་ནི༔ མེ་ཏོག་བདུག་པ་མར་མེ་དང༔ མཆོད་ཡོན་ཞལ་ཟས་རོལ་མོ་རྣམས༔ མགོན་པོའི་སྐུ་གསུང་ཐུགས་ལ་འབུལ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཨཱཿཧཱུྃ༔ ཐུགས་ཀའི་ས་བོན་ལ་སྔགས་ཀྱིས་བསྐོར་བ་བདག་ལྷར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ༔ ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་སྟེ་ཐུགས་ཀ་དང་ཞལ་ནེའུ་ལེའི་ཁ་སོགས་སྐུའི་ཆ་ཐམས་ཅད་ནས་རིན་པོ་ཆེའི་ཆར་འབེབ་པར་བསྒོམས་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཧྲཱིཿསྭཱ་ཧཱ༔ ཨོཾ་བཱ་སུ་དྷཱ་རི་ཎྱཻ་སྭཱ་ཧཱ༔ རྒྱས་པར་སྤྲོ་ན་ཧི་ལི་མ་ཎི་བྷ་དྲ་ལ་སོགས་པ་ནོར་སྦྱིན་བརྒྱད་ཆུང་མ་དང་བཅས་པའི་སྔགས་ཀྱང་བཟླ་འོ༔ ཐུན་མཚམས་སུ་གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་བརླབས་པ་དྷ་ན་མེ་དྷཱི་དང་ཧི་ལི་མ་ཎི་བྷ་དྲ་ལ་སོགས་པའི་སྔགས་ཀྱི་མཐར་བ་ལིཾ་ཏ་ཁཱ་ཧི་བཏགས་པས་འབུལ༔ བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ན༔ གནོད་སྦྱིན་ཚོགས་ཀྱི་ཞིང་ཁམས་སུ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལ༔ ཤར་དུ་གང་བ་བཟང་པོ་དང༔ ལྷོ་རུ་རྒྱལ་པོ་རྣམ་ཐོས་སྲས༔ ནུབ་ཏུ་ནོར་སྦྱིན་དམར་པོ་སྟེ༔ བྱང་དུ་ནོར་བུ་བཟང་པོ་དང༔ ཤར་ལྷོར་གནོད་སྦྱིན་འཁྱིལ་པ་དམར༔ ལྷོ་ནུབ་ཕུར་བུ་ཀུན་ཏུ་བྱེད༔ ནུབ་བྱང་སྤྱོད་པའི་དབང་པོ་དང༔ བྱང་ཤར་སྒོ་ཡི་དབང་ཕྱུག་སྟེ༔ ཁྱོད་ཀྱི་ཉེར་གནས་གནོད་སྦྱིན་མོ༔ བཟང་མོ་དང་ནི་རབ་ཏུ་བཟང༔ སྦས་མ་དང་ནི་རབ་ཏུ་སྦས༔ ལྷ་མོ་དང་ནི་དབྱངས་ཅན་མ༔ འཕགས་མ་དང་ནི་ཟླ་ཤེལ་ཅན༔ སྒོ་བཞིའི་ཕྱི་ནས་སྲུང་མཛད་པ༔ ནོར་སྦྱིན་ནོར་སྦྱིན་ཆེན་པོ་གཉིས༔ པདྨ་པདྨ་ཆེན་པོ་གཉིས༔ ཕུར་བུ་ཕུར་བུ་ཆེན་པོ་གཉིས༔ གང་བ་དང་ནི་གང་བཟང་པོ༔ ཀུན་ཀྱང་སྦོམ་ལ་གེལ་བག་ཆགས༔ པདྨ་རཱ་ག་ལྟ་བུར་དམར༔ གནོད་སྦྱིན་ཚོགས་དང་བཅས་ལ་བསྟོད༔ ཧཱུྃ༔ སྔོན་འདས་བསྐལ་པའི་དང་པོ་ལ༔ སྦྱིན་པའི་འབྲས་བུ་ཡོངས་སྨིན་པའི༔ ནོར་རྫས་ལོངས་སྤྱོད་གཏེར་གྱི་བདག༔ ལོངས་སྤྱོད་གཏེར་གྱི་སྒོ་ཕྱེས་ལ༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ལ༔ དངོས་གྲུབ་ལོངས་སྤྱོད་དུས་འདིར་སྩོལ༔ གདུག་པའི་དགྲ་དང་བགེགས་རྣམས་ནི༔ རྡུལ་ཆ་ཙམ་ཡང་མེད་པར་མཛོད༔ ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་བསྐང༔ རྟེན་ལ་བཞུགས་པའམ་རང་བཞིན་དུ་གཤེགས༔ དམ་ཚིག་པ་རང་ཉིད་ལ་བསྡུ་བ་སོགས་མཐའ་རྗེས་སྤྱི་འགྲེར་སྤྱད་དོ༔ ྈྈྈ ྈྈྈ ྈྈྈྈ ནང་གནོད་གནས་ཕོ་དགུ་མོ་དགུ་ལྷ་མང་དུ་སྒྲུབ་པའི་མན་ངག་རྫོགས་སོ༔ གདུང་ཆུ་རྣམ་སྣང་བྱམས་པའི་ལྷ་ཁང་ནས་ཆོས་རྗེ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་ཆོས་སྐོར་ལས༔ གསང་བ་ཛམྦྷ་ལ་ཡབ་ཡུམ་སྦྲགས་སྒྲུབ་བཞུགས་སོ༔ ྈྈྈྈྈྈྈ་ྈྈྈྈྈྈ རྒྱ་གར་སྐད་དུ༔ ཡཀྴ་ཛམྦྷ་ལ་ཀུ་རུ་ཀུལླེ་གུ་ཧྱ་ཙིཏྟ་སཱ་དྷ་ཏནྟྲ་ནཱ་མ༔ བོད་སྐད་དུ༔ གནོད་སྦྱིན་ཛམྦྷ་ལ་ཀུ་རུ་ཀུལླེ་གསང་བ་སྲོག་སྒྲུབ་ཀྱི་རྒྱུད་ཅེས་བྱ་བ༔ གར་གྱི་དབང་ཕྱུག་ནོར་བདག་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ དེ་ལ་དང་པོ་སྒྲུབ་པའི་གནས་ཀྱི་གཞི་ནི་ནུབ་ཕྱོགས་ཀྱི་རི་བོའི་ཕུག་གམ༔ ཚོང་འདུས་ཆེན་པོའི་སའམ༔ སྨད་འཚོང་མ་དང་གཞོན་ནུ་ཆགས་པ་སྤྱད་པའི་མལ་ལམ༔ ཡང་ན་ཕྱུག་པོ་དཔལ་པོ་ཆེའི་ཁྱིམ་དང༔ ཞིང་ལྷས་བཟང་པོ༔ དབང་གི་སྦྱིན་སྲེག་བྱས་པའི་ས་ཕྱོགས་དེ་རུ་བྱ་བའམ༔ རང་གི་སྒྲུབ་ཁང་དུ་གོང་དུ་བཤད་པའི་ས་དེ་དག་ལས་གྲུབ་པའི་སྟེགས་བུ་གྲུ་བཞི་པ་བརྩིགས༔ རཏྣ་བརྡར་བའི་ཁུ་བ་དང་བ་ལང་གི་ལྕི་བ་མངལ་ནས་ལྷུང་བའི་ཁུ་བ་མྱོས་བྱེད་དང་རྒྱ་སྐྱེགས་ཀྱི་ཆུས་སྦྱར་བའི་ཆག་ཆག་དང་ཞལ་ཞལ་བྱ༔ འོག་ཏུ་གང་དབང་དུ་བྱ་བའི་རཱུ་པ་མན་ངག་དང་ལྡན་པ་གཞུག༔ ས་ཚོན་དམར་པོ་བཀྱེ་བའམ་རས་ལ་བྲིས་པའི་མ་དྷལ་བཤམ༔ དེའི་ཁར་ལྡིང་ཁྲི་བཀོད་པའི་སྟེང་བྷནྡྷ་དུམ་བུ་གསུམ་པ་ཐོད་པ་མན་ངག་གི་བཅས་དང་ལྡན་པའི་ཁར་རིན་པོ་ཆེའི་གྭའུའི་སྒྲུབ་པ་བཞིན་དུ་བསྒྲུབས་པའི་རཏྣའི་གྭའུ་དང༔ ཀུ་རུ་ཀུལླེའི་སྣང་བ་དབང་སྡུད་མེ་ལོང་སིནྡྷུ་རའི་འཁོར་ལོ༔ མན་ངག་བཞིན་གྱི་སྲོག་འཁོར་དང་སྐུ་རྟེན་བཤམ༔ ཕྱག་མཚན་གྱི་ལས་སྦྱོར་དང་མཐུན་པའི་བཅའ་གཞི་ཡང་བཀོད༔ དེ་ཐམས་ཅད་ཀྱི་སྟེང་དུ་དར་དམར་པོའི་གུར་དང་མཐའ་སྐོར་དུ་གཏོར་མའི་མན་ངག་དང་མཐུན་པའི་ལྷ་བཤོས༔ ཙནྡན་དང་རྒྱ་སྐྱེགས་གུར་གུམ་སོགས་ཀྱིས་བསྒྱུར་པའི་དྲི་ཆབ༔ མེ་ཏོག་དམར་པོ༔ ཏང་ཀུན་དང་སིཧླ༔ ཛཱ་ཏི་སོགས་སྦྱར་བའི་སྤོས༔ རྩི་དམར་དང་ཤིང་འབྲས་ལས་བསྐྲུན་པའི་མར་ཁུའི་མར་མེ༔ སིནྡྷུ་ར་མྱོས་བྱེད་དང་སྦྱར་བའི་མཆོད་ཡོན༔ གཞན་ཡང་འབྲས་རྒུན་ནས་གྲོ་སོགས་ཀྱི་སུ་རའི་སྐྱེམས༔ འབྲས་དམར་ཁྲེ་དམར་སོགས་བཙོས་པའི་མཆན༔ ཤིང་ཏོག་དམར་པོ་དང་གྲོ་མ་ཉུང་མ་སོགས་འབྲས་བུའི་ཐུད༔ བུ་རམ་དང་རམ་བུའི་ཕྱེ་འབྲི་མར་དང་སྦྱར་བའི་གལ་ཕྱེ༔ དཀར་མོ་ལག་གཡས་སོགས་མཆོད་པ་རྒྱ་ཆེན་པོ་བཤམ༔ རང་ཉིད་ཐུགས་རྗེ་ཆེན་པོའམ་རྟ་མགྲིན་དུ་གསལ་ཞིང་མདུན་གྱི་མ་དྷལ་སྒྲུབ་རྫས་ཐམས་ཅད་མི་དམིགས་པའི་སྟོང་པར་སྦྱང༔ དེའི་ངང་ལས་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་དང་ལྡན་པ་འོད་ཟེར་དམར་པོའི་ཕུང་པོ་ཆེར་འབར་བའི་ལྟེ་བར་པདྨ་དམར་པོ་དང་ཉི་མའི་སྟེང་དུ་དུང་དང་པདྨས་མཚན་པའི་གཏེར་བདག་དམར་པོ་ཟུང་རཏྣ་དང་དར་གྱི་རྒྱན་ཅན་གཏེར་གྱི་བུམ་པ་འཛིན་པ་ཁ་བུབ་ཏུ་བསྒྱེལ་བའི་སྟེང་དུ་ཡི་གེ་ཛཾ་དང་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་འགྲོ་དོན་བྱས་ཁམས་གསུམ་གྱི་སྲིད་བཅུད་བརྟན་གཡོའི་དྭངས་བཅུད་ཐམས་ཅད་འུབས་ཀྱིས་བསྡུས་འོད་ཕུང་དམར་པོའི་རྣམ་པར་ཧྲིལ་གྱིས་འདུས༔ དེ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཛམྦྷ་ལ་ལོ་བརྒྱད་ལོན་པའི་གཞོན་ནུ་རབ་ཏུ་ཆགས་ཁྲོ་སྒེག་པའི་ཞལ་ཡུམ་གྱི་མ་མཆུ་ཚེམས་ཀྱིས་བཙིར་བ༔ དམར་ཞིང་ཟླུམ་པའི་སྤྱན་གསུམ་ཟུར་གྱིས་གཟིགས་པ་ཞལ་གཅིག་ཕྱག་གཉིས་གཡས་ཁམས་གསུམ་ཐམས་ཅད་སྐད་ཅིག་གིས་འགུགས་པའི་དབང་གི་ལྕགས་ཀྱུ་དང༔ གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ་རིན་པོ་ཆེའི་ཆར་འབེབ་པ༔ ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ༔ པང་ན་ཡུམ་ཀུ་རུ་ཀུལླེ་ཁྲོ་ཆགས་ལང་ཚོ་རྒྱས་པ་གཅེར་བུ་ཆུ་སྐྱེས་དང་འོ་འཛིན་སྨིན་པ༔ སྤྱན་གསུམ་སྐྲ་གྲོལ་བ་གཡས་ཨུཏྤལ་དམར་པོའི་ལྕགས་ཀྱུ་དང་གཡོན་གཏེར་གྱི་བུམ་པ་འཛིན་པས་མགུལ་ནས་འཁྱུད་པ༔ ཞབས་གཡོན་ཡབ་ལ་འཁྲིལ་བའི་སྟབས་ཀྱིས་སྦྱོར་བ༔ གཉིས་ཀའང་དར་སྣ་ཚོགས་དང་རཏྣ་དམར་པོའི་དོ་ཤལ་དང་རྒྱན་ཕྲེང་ཅན་འོད་ཟེར་དམར་པོའི་ཀློང་ན་བཞུགས་པར་བསྒོམ༔ དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་དང་ཛཾ༔ ཡུམ་གྱི་ཐུགས་ཀར་ཧྲཱི༔ དེ་ལས་འོད་ཟེར་འཕྲོས་བསྒོམས་པ་ཅི་ལྟ་བའི་བཅོམ་ལྡན་འདས་སྤྱན་དྲངས་མདུན་གྱི་མ་དྷལ་རྟེན་རྫས་ལ་ཐིམ་པར་བསྒོམ༔ མ་དྷལ་གྱི་ལྷ་དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི་ཐུགས་ཀར་ཉི་མ་ལ་ཛཾ་དང་ཧྲཱིཿཡིག་གི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་པདྨ་རཱ་གའི་སྐུད་པ་ལྟ་བུ་ཀྱི་ལི་ལི་འཁོར་བ་བདག་ཐུགས་རྗེ་ཆེན་པོའི་ཐུགས་སྲོག་གི་འོད་ཀྱིས་བསྐུལ་བས་སྐུའི་ཆ་ཐམས་ཅད་དང་ཁྱད་པར་དུ་ནེའུ་ལེ་གཏེར་གྱི་བུམ་པ་གཏེར་བདག་གི་བུམ་པ་ཁ་དང་བཤང་ལམ་ཐམས་ཅད་ནས་རིན་པོ་ཆེའི་ཆར་འབེབ་པར་བསྒོམས་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བཱ་སུ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ཞེས་པ་བཟླ༔ ཐུན་མཚམས་སུ་གཏོར་མ་དང་མཆོད་པ་རྣམས་ནང་སྒྲུབ་བཞིན་དུ་འབུལ༔ གྲུབ་པའི་རྟགས་ནི་དངོས་སམ་ཉམས་དང་ཐ་མའང་རྨི་ལམ་དུ་གནོད་སྦྱིན་དང་གནོད་སྦྱིན་མོའི་ཚོགས་འདུ་བ༔ རཏྣའི་ཆར་འབེབ་པ༔ གོས་དམར་པོ་གྱོན་པ༔ རཏྣ་དམར་པོ་དང་མེ་ཏོག་དམར་པོའི་ཕྲེང་བ་ཐོགས་པ༔ གཏེར་ཆེན་པོའི་བུམ་པ་རྙེད་པ་ལ་སོགས་པ་ནི་དངོས་གྲུབ་ཐོབ་པའི་རྟགས་དང༔ སྐྱེ་འགྲོ་མང་པོ་འདུ་བ༔ ཁྲི་གདན་བཟང་པོའི་སྟེང་དུ་འདུག་པ༔ ཤིང་འབྲས་སོགས་ཟ་བ༔ བུད་མེད་མང་པོས་བསྐོར་བ་སོགས་ནི་ལས་སྦྱོར་གྲུབ་པའི་རྟགས་དང༔ དེ་ལས་ཟློག་པ་མངོན་སུམ་བྱིང་རྨུགས་འཐིབས་པ༔ མ་དྷལ་གྱི་བཀྲག་མདངས་ཉམས་པ༔ རྨི་ལམ་དུ་ཡི་དྭགས་དང་བྱིས་པ་ཡུགས་ས་མཛེ་དང་གདོན་ཅན་སོགས་རྨིས་ན་བསེ་རག་གིས་སྒྲུབ་པ་ལ་ཞུད་པ་ཡིན་པས་ཡི་དམ་གྱི་དམིགས་པས་གཟིར༔ སྒྲུབ་པའི་གོང་དུ་བསེ་རག་གནོན་པ་གལ་ཆེ་འོ༔ སྒྲུབ་པའི་དུས་ར་བ་བཞིའི་བརྒྱད་སྐར་མ་རྒྱལ་དང་གཟའ་ཕུར་བུ་དར་བ་ལའོ༔ སྒྲུབ་པ་ཐོན་ནས་སྒྲུབ་རྫས་ནི་མི་ལ་མི་བསྟན་མི་སྟེར༔ མན་ངག་གི་མདའ་དང་བསྟུན་ཏེ་ལས་ལ་སྦྱར་རོ༔ བདག་འདྲ་པདྨས་གནོད་སྦྱིན་དང༔ གུ་ལང་རླུང་ཞགས་མཁའ་འགྲོ་མའི༔ སྤྱི་གཅེས་གསང་བའི་གལ་མདོ་ནས༔ བཏོན་པའི་སྙིང་དྲིལ་མན་ངག་འདི༔ ལས་འཕྲོ་བཟང་གིས་རྙེད་གྱུར་ཅིག༔ ྈྈྈ ྈྈྈྈྈྈྈྈྈྈྈྈྈྈ གདུང་ཆུ་རྣམ་སྣང་བྱམས་པའི་ལྷ་ཁང་ནས་ཆོས་རྗེ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཐོད་པའི་མན་ངག་དགོས་འདོད་རེ་སྐོང་བཞུགས༔ ྈྈྈྈྈྈྈྈ གནོད་སྦྱིན་ཛམྦྷ་ལའི་ཐོད་པའི་མན་ངག་ནི༔ བྷནྡྷ་དུམ་བུ་གསུམ་པ་གསེར་མདོག་ཅན་འདོད་འཇོའི་བ་དང་གླང་པོའི་མཆེ་བ་ཤིང་འབྲས་སོགས་ཕུན་སུམ་ཚོགས་པའི་མཚན་མ་དང་ལྡན་པའི་ནང་དུ༔ དར་རས་ཤོག་བུ་སེར་པོ་ལ་ཙཀྲ་རྩིབས་བཞི་མུ་ཁྱུད་དང་ལྡན་པའི་དབུས་སུ་ཛཾ་དང་ཧྲཱི༔ རྩིབས་བཞི་ལ་ཛམྦྷ་ལ་དྷ་ན་མེ་དྷཱི་ཧྲཱིཿཀུ་རུ་ཀུལླེ་སྭཱ་ཧཱ༔ རྩིབས་མཆན་ལ་རཏྣ་ཀ་པཱ་ལ་བཱ་སུ་སིདྡྷི་ནཱ་ནཱ་ཁ་དྷེ་སིདྡྷི་སརྦ་ཧོ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྲིས་པ་དང་མུ་ཁྱུད་ལ་ནོར་རྫས་སྤེལ་བའི་སྤེལ་ཚིག་རྣམས་རཏྣ་བརྡར་བའི་ཁུ་བའམ་གསེར་གྱིས་བྲིས་པ་གཞུག༔ རཏྣ་འབྲུ་སྨན་ཁ་ཟས་དར་ཟབ་ཟ་འོག་སོགས་དང༔ ཕྱུག་པོ་དགུའི་བང་མཛོད་ཀྱི་ནས་དང་ཐབ་ཀྱི་དྲེག་པ༔ ཞིང་བཟང་པོ་དང་འབྲོག་བཟང་པོའི་གནག་ལྷས་ཀྱི་ས༔ དགེ་བའི་བཤེས་གཉེན་དང་མི་ལོ་བརྒྱད་ཅུ་པ་དང་བསོད་ནམས་ཅན་ཁས་དྲགས་པོའི་སྐྲ་དང་ཁ་སྤུ་ཟས་སྣ་བུད་མེད་དཔལ་ཆེན་མོའི་གོང་བའི་དྲེག་པ་དང་འཕང་གི་དུམ་བུ་སོགས་མདོར་ན་བཀྲ་ཤིས་ཤིང་བྱིན་ཆེ་བའི་རྫས་སྣ་ཅི་འཛོམ་ཡང་གཞུག༔ ཙཀྲ་གསང་སྒྲུབ་ཀྱི་གནོད་སྦྱིན་ཡབ་ཡུམ་དུ་བསྐྱེད་ཅིང་བསྟིམ༔ སྔགས་ཀྱི་ཤམ་བུར་རཏྣ་ཀ་པཱ་ལ་བཱ་སུ་སིདྡྷི་ནཱ་ནཱ་ཁ་དྷེ་སིདྡྷི་སརྦ་ཧོ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་བཟླ༔ མཐར་མཆོད་ཅིང་བསྟོད་ལ་ལྷ་ཡབ་ཡུམ་འོད་དུ་ཞུ་བ་སྒྲུབ་རྫས་སུ་བསྒོམས་ལ་དཀྱིལ་འཁོར་གྱི་དབུས་སུ་བཀོད་དོ༔ ྈྈྈ ྈྈྈ གུད་དུ་སྦས་པའི་མན་ངག་གི་ཡི་གེ་འོ༔ ཆོས་རྗེ་གླིང་པས་གདུང་ཆུ་ནས་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལའི་སྲོག་འཁོར་སྐུ་རྟེན་བཅའ་ལུགས་བཞུགས༔ ྈྈྈྈྈྈྈ གནོད་སྦྱིན་ཛམྦྷ་ལ་ཡབ་ཡུམ་གྱི་གསང་བའི་སྲོག་འཁོར་ནི༔ དར་རམ་རྒྱ་ཤོག་དམར་པོ་ལ་རཏྣ་དང་སྨན་སྣ་ཚོགས་གཞོན་ནུ་མའི་སྐེའི་རིལ་བུ་ཁུ་ཁྲག་དང་བདུད་རྩི་ལྔ་སྦྱར་བའི་ཡབ་ཡུམ་གྱི་སྐུ་བྲིས་པའི་ཐུགས་ཀར་ཙཀྲ་རྩིབས་བཞི་མུ་ཁྱུད་དང་བཅས་པ་བཀོད་པའི་ལྟེ་བར་ས་བོན༔ རྩིབས་བཞི་ལ་སྙིང་པོ༔ རྩིབས་མཆན་ལ་ཕོ་བརྒྱད་མོ་བརྒྱད་ཀྱི་སྔགས༔ མུ་ཁྱུད་ལ་མི་འབྲལ་བར་འགྲོགས་ཤིང་དངོས་གྲུབ་སྩོལ་བའི་སྤེལ་ཚིག་བྲི༔ མཆོད་པ་དང་གཏོར་མ་བཤམ༔ གསང་སྒྲུབ་ནས་འབྱུང་བ་ལྟར་ལས་ཡབ་ཡུམ་སོ་སོར་བསྐྱེད༔ ཡེ་ཤེས་པ་དགུག་བསྟིམ་བཅིང་མཉེས་བྱ༔ ཐུགས་ཀར་སྲོག་འཁོར་བཀོད༔ བདག་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་ཐུགས་རྒྱུད་བསྐུལ་ཞིང་ཁམས་གསུམ་སྲིད་བཅུད་ཐམས་ཅད་དབང་དུ་བསྡུས་རཏྣའི་ཆར་འབེབ་པར་བསམ་ལ་སྙིང་པོ་དང་སྤེལ་ཚིག་བཟླ༔ ཐུན་མཚམས་སུ་མཆོད་ཅིང་གསོལ་བ་གདབ༔ ལྷ་འོད་དུ་ཞུ་བས་སྲོག་གི་འཁོར་ལོར་གྱུར་པར་སྒོམས༔ ཁ་སྦྱོར་གྱི་ལྟེ་བར་སྐེའི་རིལ་བུ་དང་བྱང་སེམས་ཀྱིས་བླན༔ སྦྲང་རྩིས་སྦྱར༔ རཏྣ་འབྲུ་སྨན་གྱི་ཕྱེ་མས་ལྟེམས་ཟ་འོག་གི་སྐུད་པས་བཅིངས་ལ་མ་དྷལ་གྱི་སྒྲུབ་རྫས་དང་ལྷན་ཅིག་ཏུ་བཞག་གོ༔ སྐུ་རྟེན་ནི་སྨད་འཚོང་མའམ་གཞོན་ནུ་དཔལ་ཅན་གྱི་ལག་ནས་བྱུང་བའི་རས་ལ༔ ཁྱད་པར་གྱི་རྫས་ཀྱིས་བྱུགས་པར་ཡབ་ཡུམ་ཞལ་སྦྱོར་གྱི་སྐུ་རྒྱལ་གྱི་ཉིན་མོ་ལ་བཟོ་བོ་དམ་ཚིག་དང་ལྡན་པས་བྲིས་པ་གནས་ཡིག་དང་བཅས་པ་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་རབ་ཏུ་གནས་པ་ཞལ་གསོ་བའི་དབང་གི་སྦྱིན་སྲེག་དང་བཅས་པ་ཚར་བར་བྱས་པ་དེ་ཉིད་སྒྲུབ་པའི་དལ་གྱི་སྟེང་ངམ་རྒྱབ་ཏུ་བཀྲམ་མོ༔ ྈྈྈ ྈྈྈ གུད་དུ་སྦས་པའི་མན་ངག་གི་ཡི་གེའོ༔ ཆོས་རྗེ་གླིང་པས་གདུང་ཆུ་ནས་བཏོན་པའོ།། །།རྒྱལ་ཕུར་འཛོམ་པའི་ཉིན་དམ་ཚིག་བྲིས་སྐུ་རབ་གནས་སྦྱིན་སྲེག་ཟིན་པ་རྟེན་དང་དངོས་གཞི་ཚུགས་པ་རྣམས་གྲུབ་དགོས། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀུ་རུ་ཀུལླེའི་སྣང་བ་དབང་སྡུད་མེ་ལོང་སིནྡྷུ་རའི་འཁོར་ལོ་བཞུགས༔ ྈྈྈྈྈྈྈྈྈ ཀུ་རུ་ཀུལླེའི་སྣང་བ་དབང་སྡུད་མེ་ལོང་སིནྡྷུ་རའི་འཁོར་ལོ་ནི༔ གཞོན་ནུ་འཕྱོན་མའི་གོང་བ་ལ་བཏགས་པའི་མེ་ལོང་ཆ་ག་ཅན་ལ་ཁྱེའུ་དང་བུ་མོ་གཙང་མའི་ཁུ་རྡུལ་གྱིས་ཆག་ཆག་བཏབ་པ་སེང་རས་བརྡལ་བར༔ སྲིན་ལག་གཡོན་པས་སྣང་བ་དབང་སྡུད་ཀྱི་ཙཀྲ་ཆོས་འབྱུང་བསྣོལ་མ་ཧྲཱིཿཡིག་དང་སྙིང་པོའི་མཐར་སྣང་བ་དང་མི་སྣང་བའི་སྲིད་བཅུད་ཐམས་ཅད་པཱ་ཤཾ་ཀུ་རུ་ཧཱུྃ་གི་སྤེལ་ཚིག་བྲིས་པ་དར་དམར་གྱི་གུར་དང༔ གཏོར་མ་དམར་པོ་ཤ་ཆང་སྐྱུར་པོའི་འབྲས་བུ་ལ་སོགས་མཆོད་པ་བཤམ༔ མེ་ལོང་ཀུ་རུ་ཀུལླེ་ཡུམ་རྐྱང་ཕྱག་གཉིས་ཨུཏྤལའི་མདའ་གཞུ་རྣ་བའི་དྲུང་ནས་འཕེན་པས་བརྟན་གཡོའི་དངོས་པོ་གང་ལ་ཕོག་པ་དེ་ཉིད་རང་དབང་མེད་པར་དབང་དུ་སྡུད་པར་མོས་ལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཁམས་གསུམ་པོ་པཱ་ཤཾ་ཀུ་རུ་ཧཱུྃ༔ ཞེས་པ་བཟླ༔ ཐུན་མཐར་གཏོར་མ་དང་མཆོད་པ་འབུལ༔ ཧྲཱིཿཡིག་ལས་བྱུང་རིག་བྱེད་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་ཁྲོ་ཆགས་ཡིད་འོང་སྐུ༔ ཨུཏྤལ་མདའ་གཞུས་ཁམས་གསུམ་ཅིག་ཆར་འགུགས༔ འདོད་རྒུའི་རེ་སྐོང་མ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད༔ ལྷ་མོ་རིག་བྱེད་མས་སྒྲུབ་པ་པོའི་སྣང་བ་དང་མི་སྣང་བའི་བརྟན་གཡོའི་དངོས་པོ་ཕྱི་སྲིད་བཅུད་ནང་རྩ་ཐིག་རླུང་གསུམ་གསང་བ་རང་སེམས་དང་བཅས་པ་དབང་དུ་འདུ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ༔ ལྷ་འོད་དུ་ཞུ་བ་སྣང་བ་དབང་སྡུད་ཀྱི་ཙཀྲར་མོས་ལ་སྒྲུབ་པའི་མ་དྷལ་གྱི་སྟེང་དུ་བཞག་པར་བྱའོ༔ གསེར་གྱི་སྙིང་ཐག་ཅན་གྱི་སྒྲུབ་པའི་མན་ངག་གུད་དུ་སྦས་པའི་ཡི་གེ་འོ༔ ཆོས་རྗེ་གླིང་པས་གདུང་ཆུ་ནས་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་རིན་ཆེན་གྭའུའི་སྒྲུབ་པ་ཡིད་བཞིན་གཏེར་མཛོད་བཞུགས༔ ྈྈྈྈྈྈྈྈྈྈ གནོད་སྦྱིན་ཛམྦྷ་ལ་དམར་པོའི་རིན་ཆེན་གྭའུའི་མན་ངག་ཡིད་བཞིན་གཏེར་མཛོད་ནི༔ རབ་གསེར་འབྲིང་དངུལ་ཐ་མ་ཟངས་ཀྱི་གྭའུ་རིན་པོ་ཆེ་འབར་བས་མཚན་པ་གྲུ་བཞི་པའི་ནང་དུ༔ གོས་དར་རྒྱ་ཤོག་ལ་རཏྣ་བརྡར་བའི་ཁུ་བའམ་གསེར་གྱིས་བྲིས་པའི་ནང་སྒྲུབ་ལྟར་གྱི་གནོད་གནས་ཕོ་དགུ་མོ་དགུའི་ཙཀྲ༔ པད་འདབ་བརྒྱད་པ་རེ་རེ་བྱས་པའི་གཅིག་ལ་གནོད་སྦྱིན་ཛམྦྷ་ལ་ཕོ་བརྒྱད་དང༔ གཅིག་ཤོས་ལ་མོ་བརྒྱད་ཀྱི་སྐུ་གཟུགས་ལྟེ་བར་སྙིང་པོའམ་ས་བོན་བྲིས་པ༔ མཐའ་སྐོར་དུ་ཚེ་དབང་བསོད་ནམས་ལོངས་སྤྱོད་འཁོར་སློབ་སྙན་གྲགས་སྤེལ་བའི་འདོད་གསོལ་སྤེལ་ཚིག་བྲིས་པ༔ དབུ་ཞབས་དང་ཕྱོགས་མ་འཁྲུལ་བ་ཞལ་སྦྱར་བའི་ལྟེ་བ་དྲི་སྨན་རཏྣ་སྦྲང་རྩིས་སྦྱར་ཞིང་ལྟེམས༔ ཟས་སྣ་འབྲུ་སྣ་སྨན་སྣ་རཏྣའི་རིགས་དར་ཟབ་ཟ་འོག་གི་དུམ་བུ་སོགས་འདོད་ཡོན་མ་ཚང་མེད་པ་བཅུག༔ མཐའ་སྐོར་དུ་གཏོར་བཤོས་མཆོད་པ་སོགས་རྒྱས་པར་བཤམ༔ ནང་སྒྲུབ་བཞིན་དུ་ཙཀྲ་ལྷར་བསྐྱེད་ཡེ་ཤེས་པ་དགུག་བསྟིམ་བྱ༔ གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་འཁོར་སྔགས་ཀྱང་བཟླ༔ ཐུན་མཚམས་སུ་གཏོར་མ་འབུལ༔ མཐར་ལྷ་འོད་དུ་ཞུ་བ་སྒྲུབ་པའི་རྫས་རིན་པོ་ཆེའི་གཏེར་གྱི་ཟ་མ་ཏོག་ཏུ་གྱུར་པར་མོས་ལ་སྒྲུབ་པའི་དལ་གྱི་ཐོད་པའི་དབུས་སུ་བཞག་གོ༔ ྈྈྈ ྈྈྈ གུད་དུ་སྦས་པའི་ཡི་གེ་འོ༔ ཆོས་རྗེ་གླིང་པས་གདུང་ཆུ་ནས་བཏོན་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོ་ལས༔ དམིགས་བྱ་དབང་སྡུད་རླུང་གི་ཞགས་པ་ཕོ་ཉ་མྱུར་མགྱོགས་ྀཨཚའི་རྒྱ་ཅན་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈ་ྈྈྈྈྈྈྈ གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལ༔ ཁམས་གསུམ་ཀུན་ནས་དབང་ཕྱུག་སྐུ་ལ་འདུད༔ བདག་འདྲ་རྒྱ་གར་མཁས་པ་པད་འབྱུང་གིས༔ ལྷོ་ཕྱོགས་གྱད་ཡུལ་ཙནྡན་ནགས་ཚལ་དུ༔ ཕྱི་རོལ་རིག་བྱེད་དངོས་གྲུབ་ཐོབ་པའི་ཚེ༔ དབང་ཕྱུག་དམར་པོ་གསང་བའི་ལས་མཐའ་ལས༔ ཤིན་ཏུ་རྣོ་མྱུར་རླུང་ཞགས་མན་ངག་ཕྱུང༔ ཟབ་པའི་ཡང་ཟབ་གུད་དུ་སྦས་པ་འདི༔ བཻ་རོ་ལ་སོགས་ཞལ་ངོ་ཆེས་པ་དང༔ ད་ལྟའི་དུས་དང་མ་འོངས་དུས་ཀུན་དུ༔ ཞི་དང་དྲག་པོའི་ལས་ཀྱིས་མི་ཐུལ་བའི༔ གདུལ་བྱ་འདུལ་ཕྱིར་བརྩེ་བས་རྗེས་དགོངས་ཏེ༔ འཇིག་རྟེན་དབང་ཕྱུག་ནོར་བུའི་ཆོས་དང་བསྡེབས༔ ཚངས་པ་རླུང་འཁོར་སྙིང་མཛོད་དཀྱིལ་དུ་རྒྱ༔ སྐལ་ལྡན་ཤེས་རབ་བརྩོན་དང་འཕྲད་གྱུར་ཅིག༔ ྈྈྈ ྈྈྈ གནོད་སྦྱིན་ཡབ་ཡུམ་གྱི་བསྙེན་པ་ཚད་དུ་ཐེམས་ནས་ལས་སྦྱོར་གྱི་རིམ་པ་ལས༔ དམིགས་བྱ་དབང་དུ་སྡུད་ཐབས་རླུང་གི་ཞགས་པ་ཕོ་ཉ་མྱུར་མགྱོགས་ནི༔ རང་ཉིད་ཀྱི་བང་མཛོད་ལ་སོགས་པའི་དབེན་པར་རྒྱལ་ཕུར་འཛོམ་པའི་ཉིན་ས་སྤྱིན་དམར་པོ་ལ་རཏྣ་སྣ་ཚོགས་པ་བསྲེས་པའི་དབང་རྟེན་ཁྲུ་གང་པ་ཕྱི་ནང་ཐམས་ཅད་རྒྱ་སྐྱེགས་དང་མཚལ་གྱིས་དམར་པོར་བྱས་པ༔ མཐིང་ཤོག་ལ་ཟངས་ཆུས་བྲིས་པའི་གནོད་སྦྱིན་ཡབ་ཡུམ་དབང་ཕྱུག་ཁྱོ་ཤུག་གི་རྩ་སྔགས་སྤེལ་ཚིག་དང་བཅས་པ་བྲིས་པ་བཅུག་ཅིང༔ རཏྣ་འབྲུ་སྨན་ཟས་སྣ་སོགས་ཀྱིས་ཞབས་བསྡམས་པ་མགུལ་དུ་དར་སྣའི་ཅོད་པན་དང་རིན་པོ་ཆེའི་ཕྲེང་བས་བརྒྱན་པ་དབང་དོང་དམར་པོ་ཁྲུ་གང་ལས་མི་ཆུང་བ་ཟབས་སུ་མཐོ་གང་པའི་ནང་འབྲུ་དམར་པོས་བཀང་བའི་དབུས་སུ་བཅུག༔ མདུན་དུ་དོང་ཆུང་ཟླ་གམ་མཐོ་སྐོར་རྒྱ་སྐྱེགས་ལ་སོགས་པས་དམར་པོར་བྱུགས་པའི་ནང་དུ་གང་ལ་བྱ་བའི་རཱུ་པ་གྲོ་ཤོག་ལ་བྲིས་པ་ལྟོ་བར་ས་བོན་དང་རྩ་སྔགས་མིང༔ ཕྱི་སྐོར་དུ་འདོད་གསོལ་གྱི་སྤེལ་ཚིག་བྲིས་པ༔ དམིགས་བྱའི་ཟག་རྫས་དགུ་སོགས་གང་རྙེད་བྱུགས་པ་སྤྲ་ཚིལ་གྱི་རཱུ་པའི་སྙིང་གར་བཅུག་པ༔ དབང་དོང་དུ་གན་རྐྱལ་དུ་བཞག་པའི་སྐེ་ལ་ཐག་པ་དམར་པོས་བཅིངས་པ་དབང་རྟེན་ལ་གཏོད༔ ཁ་ཁྱེར་ལ་ལྕགས་ཀྱུ་དམར་པོ་གསུམ་བཙུགས་ཤིང་དབང་ཞགས་དམར་པོས་སྦྲེལ༔ རང་ཉིད་གནོད་སྦྱིན་ཡབ་ཡུམ་དུ་གསལ་བ་སྐད་ཅིག་གིས་གནས་འགྱུར་ཏེ་མདུན་གྱི་དབང་རྟེན་དང་བཅས་པ་གུ་ལང་དབང་ཕྱུག་ཆེན་པོ་བསྐལ་པའི་མེ་ལྟར་འབར་བ་གཡས་དབང་གི་ལྕགས་ཀྱུ་དང༔ གཡོན་འོད་དང་བཅས་པའི་སྲིད་མེས་བསྣམས་པ༔ ལིངྒ་དམར་པོ་གྱེན་དུ་སྒྲེང་བ༔ གཡོན་ལོགས་སུ་ཨུ་མཱཿདཀར་མོ་མེ་ལོང་དང་བུམ་པ་བསྣམས་པ་ཡབ་ཀྱི་སྐུའི་མཆན་དུ་བཞུགས་པ་བསྒོམ༔ ཨོཾ་མ་ཧཱ་དེ་ཝ་ཧཱུྃ༔ ཨུ་མཱཿདེ་ཝཱི་ཧྲཱིང༔ ཨེ་མཉྫུ་ཀུཀྟ་ཧཱུྃ༔ ཞེས་པའི་འབྲུ་བཅུ་བདུན་པ་དང༔ ཧྲཱིང་ཧ་ཏི་ཕ་ལ་རཏྣ་སིདྡྷི་ཕ་ལ་བཱ་སུ་ན་དྷྱ་པུཥྚིཾ་ཀུ་རུ་བུདྡྷ་སི་ན་ཀ་པ་ལ་ཧྲཱིང་ཧྲཱིང་མ་ཧཱ་དེ་ཝ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་པའི་གོང་བསྙེན་བདུན་ཕྲག་གཅིག་བཟླའོ༔ ཐུན་བར་དུ་རིན་པོ་ཆེའི་པཱུ་ཛ་ཏིང་ལོ་ཆངས་ཟན་སོགས་འབུལ་ཞིང་དབང་ཕྱུག་ཆེན་པོའི་དོན་ལ་གསོལ་བ་གདབ༔ རང་དབང་ཕྱུག་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ལྕགས་ཀྱུས་དམིགས་བྱ་ཡེངས་པའི་བར་ལ་རྣམ་པར་ཤེས་པ་རང་དབང་མེད་པར་བཀུག་ཅིང༔ འགུགས་བྱེད་མ་འཆིང་བྱེད་མ་སྡོམ་བྱེད་མ་མྱོས་བྱེད་མ་སྟེ་ལས་ཀྱི་མ་བཞིས་ཀྱང་དམིགས་བྱ་རང་དབང་མེད་པར་བཀུག་ནས་མདུན་དུ་ལིང་ག་དང་དབྱེར་མེད་འདར་ཕྲི་ལི་ལི་བརྟན་པ་དང་བྲལ་བར་བསྒོམས་ལ༔ འབྲུ་བཅུ་བདུན་པའི་གཤམ་དུ༔ ཀ་བྷི་ར༔ ཀོ་བྷི་ར༔ བྷ་ཤན་བྷ་ཤན་ཨ་མུ་ཀ་ལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཡེ་ཛ༔ ཨཱ་ཀརྵཱ་ཡ་ཛཿཧྲཱིང་ཧྲཱིང༔ འབུམ་ཕྲག་གཅིག་ཏུ་བཟླའོ༔ དེ་ནས་ལས་སྦྱོར་སྨྱུག་དོང་དུ་ཡུངས་དཀར་ནག༔ ཐང་ཕྲོམ་པ༔ ཟངས་ཕྱེ་ར་གན་གྱི་ཕྱེ་ལ་སྔགས་འདི་བཟླས་ཤིང་དང་པོ་ལ་འབུམ་ཚོ་གཅིག་སོང་ནས་སྔགས་ཐུན་གྱིས་བྲབ༔ དེ་ནས་ཁྲི༔ དེ་ནས་སྟོང༔ མཐའ་མར་བརྒྱ་རྩ་རེ་བཞིན་སྔགས་ལ་བྲབ༔ རབ་ཞག་བདུན༔ འབྲིང་དེའི་གཉིས་འགྱུར༔ མཐའ་མ་སུམ་འགྱུར་ན་བླ་ཁུག་པའི་རྟགས་འབྱུང་ངོ༔ མངོན་སུམ་མ་བྱུང་གི་བར་ལ་བཅས་མི་བཤིག༔ འབྲུ་བཅུ་བདུན་པའི་གཤམ་དུ༔ སྐྱེས་པ་ལ་བྱེད་ན༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་བྷ་ཤན༔ ཨ་མུ་ཀ་ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཡེ་ཛ༔ ཨཱ་ཀརྵཱ་ཡ་ཛཿཧྲཱིང་ཧྲཱིང༔ བུད་མེད་ལ༔ ཀ་བྷི་ར་ཀོ་བྷི་ར༔ བྷ་ཤན་བྷ་ཤན༔ ཨ་མུ་ཀ་ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཡེ་ཛ༔ ཨཱ་ཀརྵཱ་ཡ་ཧྲཱིང་ཧྲཱིང༔ རྒྱལ་པོ་ལ་བདུན་འབུམ༔ བློན་པོ་ལ་ལྔ་འབུམ༔ རྗེ་དང་བཙུན་པ་ལ་བཞི་འབུམ༔ བན་དྷེ་ལ་དྲུག་འབུམ༔ བོན་དང་ཡོན་ཏན་མཁན་པོ་ཕྱུག་པོ་ལ་སོགས་པར་གསུམ་འབུམ༔ དམངས་རིགས་དང་བུད་མེད་ལ་གཉིས་འབུམ་མོ༔ ཐུན་གྱིས་བྲབ་པ་ཐམས་ཅད་ཀྱི་མཇུག་ཏུ་གཏོར་མ་དང་པཱུ་ཙ་སོགས་དབུལ་ཞིང་གང་ལ་དམིགས་པའི་འདོད་པའི་དོན་ལ་གསོལ་བ་གདབ་བོ༔ གྲུབ་པའི་རྟགས་ནི་མངོན་སུམ་དུ་ཟས་ནོར་ལོངས་སྤྱོད་སོགས་འབད་མེད་དུ་འབྱུང་བ༔ སྡུག་པའི་གྲོགས་དང་ཕྲད་པ༔ གཏེར་རྙེད་པ༔ ཡམས་ཤིང༔ ལྕི་ལུད༔ ཟས་ཀྱི་རྣམ་པ་སྟེར་བ་སོགས་གྲོགས་རྨིས་དང༔ གཞན་ཡང་བུད་མེད་བཙད་པོ་བཙུན་པ༔ བནྡྷེ་ཨ་ཙརྱ་བོན་པོ་མོན་པ་སོགས་མི་རིགས་མི་གཅིག་པ་མང་པོ་ཚོགས་པའམ༔ ནོར་དབང་བ༔ སྤེའུ་མཐོན་པོ་དང༔ གོས་བཟང་པོ་གྱོན་པའམ༔ གཅན་གཟན་དང༔ ཕྱུགས་ལུག་མང་པོ་འཚོ་བ་སོགས་རྨིས་ན་གྲུབ་པའི་རྟགས་སོ༔ ལས་གྲུབ་པ་དང་ལིངྒ་སྤོས་ཆུས་བཀྲུས་ལ་དབང་རྟེན་ལ་བྱུག་ཅིང༔ ལྷག་མ་དབང་གི་སྦྱིན་སྲེག་བྱ་ཞིང་ལས་ཀྱི་ངར་འདོགས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ ྀཨཚ༔ ཆོས་རྗེ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས། གདུང་ཆུ་རླུང་གི་འཁོར་ལོ་བྱམས་པའི་སྙིང་མཛོད་ནས་ཕྱུང་པའོ། །གཏེར་གཞུང་ལས་གབ་དཀྲུགས་རྣམས་ཕལ་ཆེར་བསལ་ཡོད་དོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་བཞུགས༔ ྈྈྈྈྈྈྈྈྈྈ གར་གྱི་དབང་ཕྱུག་ནོར་བདག་ཛམྦྷ་ལ་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་གྱི་རྗེས་གནང་སྲོག་གཏད་བྱ་བར་འདོད་ན༔ དམ་ཚིག་ལ་གནས་ཤིང་གཏོང་ཕོད་ཁོག་ཡངས་པ༔ ངེས་པའི་སློབ་མ་ཇི་ལྟར་འོས་པ་ཁྲུས་དང་གཙང་སྦྲར་ལྡན་པས་མ་དྷལ་རཏྣ་དམར་པོའི་མེ་ཏོག་དང་ལྡན་པས༔ གསོལ་བ་གདབ་པ་ནི༔ གར་གྱི་དབང་ཕྱུག་བཅོམ་ལྡན་འདས༔ ཁམས་གསུམ་དབང་དུ་སྡུད་པ་དང༔ ལོངས་སྤྱོད་འབྱོར་པ་རྒྱས་པའི་ཕྱིར༔ ནོར་གྱི་དབང་ཕྱུག་བསྩལ་དུ་གསོལ༔ སློབ་མ་གསང་སྒྲུབ་བཞིན་དུ་གནོད་སྦྱིན་ཡབ་ཡུམ་དུ་བསྐྱེད༔ སྤྱན་འདྲེན་བརྟན་གཞུག་བཅིང་མཉེས་བྱ༔ ནོར་བདག་དངོས་སུ་གསལ་བར་སྒྲུབ་རྫས་རྣམས་གཏད་པར་མོས་ལ༔ ཐོད་པ་རཀྟས་བཀང་བ་གཏད་ལ༔ ཧཱུྃ༔ ཁམས་གསུམ་སྣང་བ་དབང་སྡུད་པའི༔ བདེ་ཡངས་སྣོད་དུ་རཀྟར་འཁྱིལ༔ སྣང་སྲིད་ལྦུ་བ་འཐོར་བས་སྡུད༔ དབང་ཕྱུག་ཆེན་པོ་ཐོབ་པར་ཤོག༔ རིན་པོ་ཆེའི་གྭའུ་གཏད་ལ༔ ཧཱུྃ༔ རིན་ཆེན་གྭའུ་གྲུ་བཞིའི་ནང༔ འཛད་མེད་འབྱོར་པས་ཕྱུར་བུར་གཏམས༔ རིགས་ཀྱི་བུ་ལ་དབང་བསྐུར་པས༔ མི་ཟད་གཏེར་དང་ལྡན་པར་ཤོག༔ མེ་ལོང་སིནྡྷུ་ར་གཏད་ཅིང་གནས་གསུམ་དུ་ཐིག་ལེ་བྱ༔ ཧཱུྃ༔ སྣང་སྲིད་བརྟན་གཡོའི་སྲིད་བཅུད་ཀུན༔ དབང་དུ་སྡུད་པའི་ཨཱ་དརྴ༔ རིགས་ཀྱི་བུ་ལ་དབང་བསྐུར་པས༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ འོད་ཀྱིས་སྲིད་བཅུད་ཐམས་ཅད་སྡུས༔ སྣང་བ་དབང་སྡུད་དབང་ཐོབ་ཤོག༔ དེ་ནས་དམ་ཚིག་བྲིས་སྐུ་དཔྲལ་བ༔ སྒྲུབ་ཡིག་ཤོག་སེར་མགྲིན་པ༔ སྲོག་འཁོར་ཙིཏྟ༔ ལག་པ་གཡས་སུ་གཏོར་མ་དང་གཡོན་དུ་དགུག་པའི་རཱུ་པ་གཏད༔ བཀའ་བསྒོ་བྱ༔ གཞན་ཡང༔ ཧཱུྃ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ འདོད་དགུའི་འབྱོར་པ་འབད་མེད་ཆར་དུ་དབབ༔ བསམ་པ་ཙམ་གྱིས་དོན་ཀུན་ལྷུན་གྲུབ་པའི༔ གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལ༔ ཡབ་ཡུམ་སྲས་བཅས་ཐུགས་དམ་དེང་དགོངས་ལ༔ སྐལ་ལྡན་བུ་འདི་བླ་མེད་བྱང་ཆུབ་བར༔ འགལ་རྐྱེན་ཀུན་ཞི་ཁམས་གསུམ་དབང་ཕྱུག་ཐོབ༔ ཅི་འདོད་རེ་བ་སྐོང་བའི་ཕྲིན་ལས་མཛོད༔ ཅེས་བསྒྲག༔ གཏོར་བཤོས་དང་རིལ་བུ་དགུག་པའི་རཱུ་པ་མདུན་དུ་ཙནྡན་གྱི་ཧོམ་སྦར་བར་ནོར་ལྷ་ཡབ་ཡུམ་བསྐྱེད་ཅིང་དབང་དུ་གྱུར་ཅིག་པཱ་ཤཾ་ཀུ་རུའི་སྤེལ་ཚིག་དང༔ བསྲེག་རྫས་གཞན་ཡང་ཏིལ་མར༔ སིནྡྷུ་ར༔ ཟླ་མཚན༔ མེ་ཏོག་དམར་པོ་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་རིགས་མཐའ་དག་དབུལ༔ འཇིག་རྟེན་པ་ལའང་བསྔོ༔ དབང་དང་སྒྲུབ་པ་ལས་སྦྱོར་ཐམས་ཅད་ཀྱི་མྱུར་བའི་ལས་དང་ངར་འདོགས་ནི་མེ་མཆོད་ཡིན་པས་ལས་ཆེན་པོ་ཐམས་ཅད་ཀྱི་གཤམ་དུ་བྱའོ༔ ནོར་ལྷ་རང་སྔགས་དང་མེ་ལྷ་ལ་ནི་ཨགྣི་དེ་ཝའི་སྔགས་སོ༔ ལས་དང་མཐུན་པའི་ལྷ་ནི་རབ་དམར་མེ་ལྷའོ༔ ྈྈྈ ྈྈྈ ཟབ་རྒྱ༔ གསང་རྒྱ་དམ་པར་བྱའོ༔ ཆོས་རྗེ་གླིང་པ་གར་གྱི་དབང་ཕྱུག་རྩལ་གྱིས། གདུང་ཆུ་རྣམ་སྣང་བྱམས་པའི་ལྷ་ཁང་ནས་སྤྱན་དྲངས་པའོ།། །། ༁ྃ༔ གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་སྒབ་འདྲེ་མནན་ཐབས་བཞུགས༔ ྈྈྈྈྈྈྈྈྈ གནོད་སྦྱིན་གྱི་སྒབ་འདྲེ་མནན་པ་ནི༔ ཤོག་བུ་ལ་གནོད་སྦྱིན་བུམ་ལྟོའི་གཟུགས༔ མགོ་དང་ལྟོ་བ་ཆེ་བ༔ ཡན་ལག་ཕྲ་བ༔ ཁ་ནས་མེ་འབར་ཞིང་སྐྲ་ཡེངས་པ་མདོག་སྔོ་སྐྱ་ལྕགས་སྒྲོག་གིས་བཅིངས་པའི་སྙིང་ཁར་ཏྲི་དང་ཛ༔ མཐའ་སྐོར་དུ་སཏྭཾ་བྷ་ཡ་ནན༔ དུ་དུ་གནོད་སྦྱིན་བུམ་ལྟོ་ཅན་ནན༔ ཏྲི་ཛཿནན༔ གཟུགས་ཀྱི་ཕྱི་རོལ་དུ༔ དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་སྒབ་འདྲེ་བསེ་རག་ཐམས་ཅད་མཱ་ར་ཡ་ཛཿཛ༔ སཏྭཾ་བྷ་ཡ་ནན་ནན༔ ཞེས་པ་དང༔ ཛཿཁྲམ་གྱིས་སྐོར་བ་བྲི༔ ཡི་དམ་གྱི་ལྷའི་བསྐྱེད་རིམ་དང་ལྡན་པས་བདེན་བརྡར་དགུག་གཞུག་བྱ་ཞིང༔ ཕྱག་རྒྱ་བཞིས་བཅིངས་པར་བསྒོམས་ལ་བསྟིམ༔ རྭའམ་དབུལ་པོ་རབས་ཆད་སོགས་ཀྱི་སྣོད་དུ་འབྲུ་ནག་སྦང་སྐམ་ལན་ཚྭ་སྒོག་པ་སོགས་དང་ལྷན་ཅིག་བཙུག་སྟེ་ལྷ་ཁང་ངམ་མཆོད་རྟེན་གྱི་འོག་ཏུ་མནན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆོས་རྗེ་གླིང་པས་གདུང་ཆུ་ནས་བཏོན་པའོ།། །།
རྡོ་རྗེའི་སྙིང་པོ་ལས། འཕགས་མ་གདུགས་དཀར་མོ་གཙོ་རྐྱང་གི་སྒྲུབ་ཕྲིན་དབང་བསྐུར་དང་བཅས་པ་རབ་བརྟན་རྡོ་རྗེའི་གོ་ཆ་ (Volume 47, Text 56)
༄༅། །རྡོ་རྗེའི་སྙིང་པོ་ལས། འཕགས་མ་གདུགས་དཀར་མོ་གཙོ་རྐྱང་གི་སྒྲུབ་ཕྲིན་དབང་བསྐུར་དང་བཅས་པ་རབ་བརྟན་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བཞུགས་སོ།། གཙུག་ཏོར་ནོར་བུའི་དཔྱིད་དུ་འཁྱིལ་བའི་ལྷ། །གཞན་གྱིས་མི་ཐུབ་གྲུབ་གཉིས་མཛོད་དེ་དང་། །དེ་སྟོན་བླ་མའི་ཞབས་ལ་ཕྱག་བྱས་ཏེ། །ཡིད་ཀྱི་གདུང་སེལ་མཆོག་གཅིག་འདིར་དབྱེ་འོ། །ཞལ་ནས་གསུངས་པའི་གཟུངས་མདོ་ཀུན་ལས་ཀྱང་བྱིན་རླབས་ཀྱི་གཟི་བྱིན་མ་འགྲིབས་པའི་རིག་སྔགས་རྒྱལ་མོ་འདིའི་སྒྲུབ་ཐབས་སངས་རྒྱས་པདྨའི་ཞལ་ལུང་ཤིན་ཏུ་སྙིང་པོར་བསྡུས་པས་ཟབ་ཅིང་ཁྱེར་བདེ་བ་འདི་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་མཆོད། བྱིན་རླབས་རྗེས་གནང་གི་ཆོ་གའོ། །དང་པོ་ནི། ཡོད་ན་རྟེན་བཀྲམ་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་དཀར་ཟླུམ་བཟའ་བཅའ་གཙང་མས་བསྐོར་བ་བཤམས་ལ། སྔོན་འགྲོ་སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ །བླ་མེད་བྱང་ཆུབ་འཐོབ་བྱའི་ཕྱིར། །རིག་པའི་རྒྱལ་མོ་བསྒོམ་པར་བགྱི། །ལན་གསུམ། ཚོགས་གསག་ནི། རང་ཉིད་སྐད་ཅིག་གིས་གཙུག་ཏོར་གདུགས་དཀར་མོར་གསལ་བའི་ཐུགས་ཀའི་ས་བོན་ཨཱོྃ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གཙུག་ཏོར་གདུགས་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ལ། ཨཱོྃ་ན་མོ་གུ་རུ་བྷྱཿ ན་མ་ཨུྴྡྷཱི་ཥ་སི་ཏཱ་ཏ་པ་ཏྲེ་བྷྱཿ ཞེས་ཕྱག་བྱ། ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱས་མཆོད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱས་རྗེས། ཚོགས་ཞིང་རྣམས་བཛྲ་མུཿས་རང་གནས་སུ་གཤེགས་པར་མོས། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཆོད་བརླབ་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ། །ཨཱོྃ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར་བརྗོད། དངོས་གཞི་བསྐྱེད་བཟླས་གཉིས་ལས། དང་པོ་ནི། ཨཱོྃ་སྭ་བྷཱ་བས་བསང་། ཤཱུནྱ་ཏཱས་སྦྱང་། པད་ཟླའི་སྟེང་དུ་ཨཱོྃ་དཀར་ལས་བྱུང་བའི། །འཕགས་མ་གཙུག་ཏོར་ལྷ་མོ་སྐུ་མདོག་དཀར༔ གཡས་སྔོ་གཡོན་དམར་ཞལ་གསུམ་ཕྱག་དྲུག་མ༔ ཞལ་རེར་སྤྱན་ནི་གསུམ་གསུམ་ལྟ་སྟངས་གཟིགས༔ འཁོར་ལོ་མདའ་དང་ལྕགས་ཀྱུ་གཡས་ན་འཛིན༔ རྡོ་རྗེ་གཞུ་དང་ཞགས་པ་གཡོན་ན་བསྣམས༔ དབུ་ཡི་སྟེང་དུ་གདུགས་དཀར་བརྩེགས་མར་འཁོར༔ དར་དང་རིན་ཆེན་རྒྱན་མཛེས་སེམས་སྐྱིལ་བཞུགས༔ ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ༔ ཏདྱ་ཐཱ༔ ཨཱོྃ་ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་རི་ཎི༔ བྷནྡྷ་བྷནྡྷ་ནི༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ༼གཏེར་གཞུང་ལ་སྔགས་འདི་ལྟར་འདུག་་་ཨཱོྃ་སི་ཏཱ་ཏ་པ་ཏྲེ༔ ཨ་པ་ར་ཛི་ཏ་སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཏྲཱ་ས་ཡ༔ ཧ་ན་ཧ་ན༔ དྲཱུཾ་དྲཱུཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔་་་མཆན།༽ ཞེས་སྔགས་བརྗོད་པས་དམ་ཚིག་པའི་གསལ་སྣང་བརྟན་པར་བྱ། ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཨཱོྃ༔ བདག་སོགས་མ་རིག་ལས་དང་རྐྱེན་དབང་གིས༔ རྣམ་པར་འཚེ་བ་སྐྱོབ་མཛད་ལྷ་མིའི་མགོན༔ དེ་བཞིན་གཤེགས་པའི་དབུ་ལས་བྱུང་བ་ཡི༔ འཕགས་མ་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ དབང་བསྐུར་རྒྱས་གདབ་ནི། སླར་ཡང་ཐུགས་སྲོག་འོད་འཕྲོས་ཕྱོགས་བཅུ་ཡི། །དབང་ལྷ་སྤྱན་དྲངས་གསོལ་བཏབ་དབང་བསྐུར་བས། །དྲི་མ་ཀུན་སྦྱངས་ཆུ་ལྷག་གྱེན་ཕྱུར་ལས། །བཅོམ་ལྡན་རྣམ་སྣང་མཛད་ཀྱིས་དབུ་བརྒྱན་གྱུར། །བཞུགས་གསོལ་ནི། ཨཱོྃ༔ རྒྱལ་བའི་དབུ་ལས་བྱོན་པའི་བཅོམ་ལྡན་མ༔ མཁྱེན་དང་ཡེ་ཤེས་བརྩེ་བའི་བདག་ཉིད་ཅན༔ སྐྱོང་བར་འོས་པ་དད་པའི་འབྲས་བུའི་ཡུལ༔ དེ་ལ་ཐུགས་རྗེ་རོལ་པའི་གཟི་མདངས་ཕོབ༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་འབུལ་ནི། ཨཱོྃ༔ དད་པའི་བློ་ཡིས་མངོན་པར་སྤྲུལ་པ་ཡི༔ རྒྱལ་ཡུམ་གང་ལ་དགྱེས་ཤིང་གཟིགས་པ་ཡི༔ འདོད་འབྱུང་ནོར་བུའི་མཆོད་སྤྲིན་འབུལ་ལགས་ན༔ འགྲོ་ཀུན་བསོད་ནམས་ལོ་འབྲས་རྒྱས་པར་ཤོག༔ ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གྷནྡྷེ་ར་ས་སྥརྴེ་ཨཱཿཧཱུྃ༔ བསྟོད་པ་ནི། ཨཱོྃ༔ འཕགས་མ་གཙུག་ཏོར་ལྷ་མོ་བཅོམ་ལྡན་མ༔ རྒྱལ་བའི་དབུ་ལས་སྤྲུལ་པའི་ཡ་མཚན་ཅན༔ རྣམ་པར་འཚེ་དང་རིག་སྔགས་ཀུན་ཟློག་མ༔ དུས་གསུམ་རྒྱལ་བའི་འབྱུང་གནས་ཁྱོད་ཕྱག་འཚལ༔ རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་བསྟོད། །གཉིས་པ་བཟླས་པ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་ཨཱོྃ་ཡིག་གི་མཐའ་སྐོར་དུ་བཟླ་བྱའི་སྔགས་ཀྱིས་བསྐོར་བར་མོས་ཤིང་། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ནད་གདོན་བར་ཆད་ཐམས་ཅད་སྦྱངས། བཅོམ་ལྡན་འདས་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པར་བསམ་ལ་ཡིད་གཞན་དུ་མ་ཡེངས་པར། ཨཱོྃ་ཨུྴྡྷཱི་ཥ་སི་ཏཱ་ཏ་པ་ཏྲེ༔ ཏདྱ་ཐཱ༔ ཨཱོྃ་ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་རི་ཎི༔ བྷནྡྷ་བྷནྡྷ་ནི༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཅི་ནུས་བཟླ། ༼གཏེར་གཞུང་ལ་སྔགས་འདི་ལྟར་འདུག་་་ཨཱོྃ་སི་ཏཱ་ཏ་པ་ཏྲེ༔ ཨ་པ་ར་ཛི་ཏ་སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཏྲཱ་ས་ཡ༔ ཧ་ན་ཧ་ན༔ དྲཱུཾ་དྲཱུཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔་་་མཆན།༽ འབུམ་ཕྲག་གྲུབ་ན་འཁོར་ལོ་སྲུང་ཟློག་སོགས་སྒྲུབ་པ་ལ་ལས་རུང་དུ་འགྱུར་རོ། །ཐུན་མཐར་གཟུངས་རིང་ཐུང་གཞན་རྣམས་ཀྱང་བཟླ་གྲུབ་ན་ལེགས། ཐུན་བསྡུ་བ་ན། ཨཱོྃ། བདག་དང་དམ་ཚིག་ཡེ་ཤེས་གཉིས་མེད་ལྷ། །ནམ་ཡང་མི་གཏང་ཡུན་དུ་བརྟན་པར་བགྱིའོ། །ཨཱོྃ་ཡིག་ཡེ་ཤེས་ལྔ་ཡི་དོན་ལ་བལྟ། །སྟོང་གསལ་བརྗོད་བྲལ་རིག་སྐུ་མངོན་སུམ་མཐོང་། །ཏིཥྛ་བཛྲ་ས་མ་ཡ་ཧཱུྃ། ཞེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་གནས་ལུགས་ཀྱི་རང་ངོར་མཉམ་པར་གཞག །སླར་ཡང་སྒྱུ་མ་ལྟ་བུའི་སྐུར་གསལ་བའི། །གནས་གསུམ་འབྲུ་གསུམ་གོ་ཆས་གཏམས་པར་གྱུར། །ཅེས་ཐུན་མཚམས་ཀྱི་ལྷར་ལྡངས་ལ་དགེ་བ་བསྔོ། གཏོར་འབུལ་སྤྲོ་ན། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་ཨཱོྃ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨཱོྃ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་གྱིས་གཙོ་མོ། ཨ་ཀཱ་རོ་གསུམ་གྱིས་འཁོར་རྣམས་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཨཱོྃ༔ འཕགས་མ་གཙུག་ཏོར་ལྷ་མོ་བཅོམ་ལྡན་མ༔ རྒྱལ་བའི་དབུ་ལས་སྤྲུལ་པའི་ཡ་མཚན་ཅན༔ རྣམ་པར་འཚེ་དང་རིག་སྔགས་ཀུན་ཟློག་མ༔ དུས་གསུམ་རྒྱལ་བའི་འབྱུང་གནས་ཁྱོད་ཕྱག་འཚལ༔ ཞེས་ཤླཽ་ཀ་གཅིག་གིས་བསྟོད། འཕགས་མ་གདུགས་དཀར་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་བཤགས། རྟེན་ཡོད་ན་བསྟིམ། མེད་ན་གཤེགས་ལ་ཤིས་བརྗོད་བྱའོ།། །།གཉིས་པ་བདུན་བསྐྱེད་སྒྲུབ་མཆོད་ནི། མཎྜལ་ལ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པའི་ཁར་བུམ་པ་མགུལ་ཆིངས་དཀར་པོ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་བཅས་བཤམ། འཁོར་ལོ་སྒྲུབ་ན་དེའི་ཚབ་འཁོར་ལོ་བཞག །དབང་དང་འབྲེལ་སྐབས་ཤེལ་ཕྲེང་། ཤེལ་རྡོ། མེ་ལོང་། དབང་གཏོར། རྫས་རྟགས། མདུན་ངོས་གཙང་གཏོར། ཕྱི་མཆོད་རྣམས་བཤམས་ལ། བདག་བསྐྱེད་བཟླས་པའི་བར་སོང་ནས། མཆོད་པ་བྱིན་བརླབ་གོང་སྨྲོས་ལྟར་བྱ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་དཀྱིལ་སངས་རྒྱས་ཞིང་། །ཐར་པ་ཆེན་པོའི་གཞལ་མེད་ཁང་གི་དབུས། །པད་ཟླའི་སྟེང་དུ་ཨཱོྃ་དཀར་ལས་བྱུང་བའི༔ འཕགས་མ་གཙུག་ཏོར་ལྷ་མོ་སྐུ་མདོག་དཀར༔ གཡས་སྔོ་གཡོན་དམར་ཞལ་གསུམ་ཕྱག་དྲུག་མ༔ ཞལ་རེར་སྤྱན་ནི་གསུམ་གསུམ་ལྟ་སྟངས་གཟིགས༔ འཁོར་ལོ་མདའ་དང་ལྕགས་ཀྱུ་གཡས་ན་འཛིན༔ རྡོ་རྗེ་གཞུ་དང་ཞགས་པ་གཡོན་ན་བསྣམས༔ དབུ་ཡི་སྟེང་དུ་གདུགས་དཀར་བརྩེགས་མར་འཁོར༔ དར་དང་རིན་ཆེན་རྒྱན་མཛེས་སེམས་སྐྱིལ་བཞུགས༔ གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་འཁོར་ལོ་སྤྱན་དྲངས་གྱུར། །ཅེས་དང་། ཡེ་ཤེས་པ་སྤྱན་འདྲེན་པ་ནི། ཨཱོྃ༔ བདག་སོགས་མ་རིག་ལས་དང་རྐྱེན་དབང་གིས༔ རྣམ་པར་འཚེ་བ་སྐྱོབ་མཛད་ལྷ་མིའི་མགོན༔ དེ་བཞིན་གཤེགས་པའི་དབུ་ལས་བྱུང་བ་ཡི༔ འཕགས་མ་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ དབང་བསྐུར་རྒྱས་གདབ་ནི། སླར་ཡང་ཐུགས་སྲོག་འོད་འཕྲོས་ཕྱོགས་བཅུ་ཡི། །དབང་ལྷ་སྤྱན་དྲངས་གསོལ་བཏབ་དབང་བསྐུར་བས། །དྲི་མ་ཀུན་སྦྱངས་ཆུ་ལྷག་གྱེན་ཕྱུར་ལས། །བཅོམ་ལྡན་རྣམ་སྣང་མཛད་ཀྱིས་དབུ་བརྒྱན་གྱུར། །བཞུགས་གསོལ་ནི། ཨཱོྃ༔ རྒྱལ་བའི་དབུ་ལས་བྱོན་པའི་བཅོམ་ལྡན་མ༔ མཁྱེན་དང་ཡེ་ཤེས་བརྩེ་བའི་བདག་ཉིད་ཅན༔ སྐྱོང་བར་འོས་པ་དད་པའི་འབྲས་བུའི་ཡུལ༔ དེ་ལ་ཐུགས་རྗེ་རོལ་པའི་གཟི་མདངས་ཕོབ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ་ནས། མཆོད་བསྟོད་ཅུང་ཟད་རྒྱས་པར་སྤྲོ་ན། ཆུ་གཉིས་ཉེར་སྤྱོད་ནི། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆབ། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆར་རྒྱུན་གྱིས། །རྒྱལ་བའི་མདུན་དུ་མཆོད་ཡོན་འདི་འབུལ་བས། །འགྲོ་ཀུན་ཞི་ཞིང་ཕུན་སུམ་ཚོགས་གྱུར་ཅིག །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྤོས་དང་ཙནྡན་ལ་སོགས་སྦྱར་པ་ཡི། །ལས་ཀུན་གྲུབ་བྱེད་ཆུ་གཙང་རྙོག་བྲལ་འདིས། །འཕགས་མའི་སྐུ་ལ་ཞབས་བསིལ་གུས་འབུལ་བས། །འགྲོ་ཀུན་གློ་བུར་དྲི་མ་དག་གྱུར་ཅིག །ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་པྲ་ཝ་ར་སཏྐ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་བ་ཡི། །བྱང་ཆུབ་ཡན་ལག་མེ་ཏོག་མཛེས་པ་འདི། །བསམ་གཏན་རང་བཞིན་འཕགས་མའི་དབུ་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་ཡོངས་རྫོགས་ཤོག །སྔགས་ཐོག་མཐའ་སྔར་ལྟར་ལ། པྲ་ཝ་ར་སཏྐ་རའི་གནས་སུ། པུཥྤེ་བཅུག་པ་སོགས་འགྲེ། ལྷན་ཅིག་སྐྱེས་སྦྱར་ཡོངས་སུ་གྱུར་པ་ཡི། །རབ་ཏུ་ཚིམས་ལྡན་དགྱེས་པའི་བདུག་སྤོས་འདི། །ཤེས་རབ་རང་བཞིན་འཕགས་མའི་ཤངས་ལ་འབུལ། །འགྲོ་ཀུན་ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །དྷཱུ་པེ༴ དམར་གསལ་དག་ལ་གཙང་ཞིང་མཛེས་པ་ཡི། །མི་སྣང་གསལ་བྱེད་ཡེ་ཤེས་སྒྲོན་མེ་འདི། །སྨོན་ལམ་རང་བཞིན་འཕགས་མའི་སྤྱན་ལ་འབུལ། །འགྲོ་ཀུན་སྤྱན་ལྔ་ཡོངས་སུ་དག་གྱུར་ཅིག །ཨཱ་ལོ་ཀེ༴ ཙནྡན་ག་པུར་ཨ་ག་རུ་ལ་སོགས། །དྲི་ལྔ་རྣམ་བཞི་བསུང་ཞིམ་བྱུག་པ་འདི། །ཐབས་ཀྱི་རང་བཞིན་འཕགས་མའི་ཐུགས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག །གནྡྷེ༴ ཁ་དོག་དྲི་དང་རོ་བཅུད་ལྡན་པའི་ཟས། །ལྷ་ཡི་བདུད་རྩི་རོ་བརྒྱར་བྱིན་བརླབས་ཏེ། །སྟོབས་ཀྱི་རང་བཞིན་འཕགས་མའི་ལྗགས་ལ་འབུལ། །འགྲོ་ཀུན་སྲེད་མེད་བུ་ཡི་སྟོབས་ཐོབ་ཤོག །ནཻ་བིདྱ༴ པི་ཝཾ་གླིང་བུ་ཅང་ཏེའུ་ཀར་ཀོ་ཊ། །དྲིལ་བུ་སིལ་སྙན་ཆ་ལང་རོལ་མོ་རྣམས། །གླུ་གར་དབྱངས་ཀྱི་མཆོད་པ་ཇི་སྙེད་པ། །ཚངས་པའི་དབྱངས་བཞིན་འཕགས་མའི་སྙན་ལ་འབུལ། །འགྲོ་ཀུན་དམ་པའི་ཆོས་སྒྲས་ཚིམས་པར་ཤོག །ཤབྡ༴ འདོད་ཡོན་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བཅོམ་ལྡན་འདས་མ་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨཱོྃ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། རྒྱལ་སྲིད་ནི། འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་པོ་རྟ་མཆོག་དམག་དཔོན་རིན་པོ་ཆེ། །མི་དབང་འབྱོར་པའི་ཁྱད་པར་ཇི་སྙེད་ཀུན། །བཅོམ་ལྡན་གཙུག་ཏོར་ལྷ་མོར་འབུལ་བར་བགྱི། །ཨཱོྃ་སཔྟ་མ་ཧཱ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། རྟགས་བརྒྱད་ནི། བཀྲ་ཤིས་གསེར་ཉ་པདྨ་དུང་དཔལ་བེའུ། །བུམ་བཟང་གདུགས་དང་རྒྱལ་མཚན་འཁོར་ལོ་སྟེ། །རྣམ་པར་རྒྱལ་བའི་བཀྲ་ཤིས་རྟགས་བརྒྱད་ཀྱང་། །བཅོམ་ལྡན་གཙུག་ཏོར་ལྷ་མོར་འབུལ་བར་བགྱི། །ཨཱོྃ་ཨཥྚ་མངྒ་ལཾ་ཙིཧྞ་པྲ་ཏཱིཙྪ་སྭཱ་ཧཱ། རྫས་བརྒྱད་ནི། བཀྲ་ཤིས་ཞོ་དང་གི་ཝཾ་སིནྡྷུ་ར། །རྩྭ་མཆོག་དཱུརྦ་མེ་ལོང་ཡུངས་དཀར་དང་། །ཆོས་ཀྱི་དུང་བཅས་ཤིས་པའི་རྫས་བརྒྱད་ཀྱང་། །བཅོམ་ལྡན་གཙུག་ཏོར་ལྷ་མོར་འབུལ་བར་བགྱི། །ཨཱོྃ་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པ་ནི། ཨཱོྃ༔ འཕགས་མ་གཙུག་ཏོར་ལྷ་མོ་བཅོམ་ལྡན་མ༔ རྒྱལ་བའི་དབུ་ལས་སྤྲུལ་པའི་ཡ་མཚན་ཅན༔ རྣམ་པར་འཚེ་དང་རིག་སྔགས་ཀུན་ཟློག་མ༔ དུས་གསུམ་རྒྱལ་བའི་འབྱུང་གནས་ཁྱོད་ཕྱག་འཚལ༔ རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་བསྟོད། །ཞེས་ཤླཽ་ཀ་གཉིས་དང་། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ༔ སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོར་གཟིགས་ནས༔ ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་མ༔ ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་བསྟོད༔ སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར༔ སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༔ ཆགས་པས་མ་གོས་པདྨ་ལྟར་དག་པ༔ འདོད་ཆགས་དག་པའི་བདག་ཉིད་ཁྱོད་ལ་འདུད༔ སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ༔ མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས༔ འཕགས་པའི་ནོར་བདུན་དག་གིས་ཚིམས་མཛད་མ༔ ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་བསྟོད༔ སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས༔ ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཅུག་སྟེ༔ ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་མ༔ ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད༔ སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས༔ དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༔ འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་མ༔ གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་བསྟོད༔ ཅེས་སྦྱར། བཟླས་པ་ནི། བཅོམ་ལྡན་འདས་མའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨཱོྃ་ཡིག་གི་མཐའ་སྐོར་དུ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་སྦྱངས་པར་གྱུར། ཅེས་དམིགས་ལ་སྔགས་ཅི་ནུས་བཟླ། ནུས་ཤིང་ལྕོགས་ན་མཆོག་གྲུབ་ཀྱི་གཟུངས་མདོ་ཉིད་ཀྱང་བཀླག་གོ། །།བུམ་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས་བུམ་པ་གནས་པའི་གདན༔ དེ་སྟེང་བྷྲཱུྃ་ཡིག་མུ་ཏིག་ལྟར་དཀར་བ༔ དེ་ཉིད་འོད་དུ་ཞུ་བ་ལས་བྱུང་བའི༔ རིན་ཆེན་ལྔ་ལྡན་བུམ་པ་ཟླུམ་ཞིང་འཁྱིལ༔ ལྟོ་བ་ཡངས་ཤིང་མཆུ་འཕྱང་པད་སྟེགས་གདན༔ ཁ་ཁྱེར་མགུལ་ཆིངས་དཔག་བསམ་སྡོང་པོས་བརྒྱན༔ དུང་ཞལ་རྡོ་རྗེའི་གཟུངས་ཐག་ཡེ་ཤེས་ལྡན༔ བུམ་ནང་མཚན་རྫོགས་ལྷ་ཡི་གཞལ་ཡས་ཁང༔ དབུས་སུ་ཨ་དཀར་འོད་དུ་ཞུ་བ་ལས༔ རྣམ་པ་བདུད་རྩིའི་རྒྱ་མཚོ་དྭངས་པ་ལ༔ ངོ་བོ་ཡེ་ཤེས་ལྔ་ཡི་བཅུད་དང་ལྡན༔ དེ་སྟེང་གཙུག་ཏོར་ལྷ་མོ་སྐུ་མདོག་དཀར༔ གཡས་སྔོ་གཡོན་དམར་སོགས་ནས་བཞུགས་གསོལ་བར་མདུན་བསྐྱེད་སྐབས་སུ་སྨྲོས་པ་ལྟར་བྱས་ལ། མཆོད་བསྟོད་བདག་བསྐྱེད་ལྟར་མདོར་བསྡུས་བྱ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་ཀྱིས་གཟུངས་ཐག་བླངས་ལ་བཟླས་པ་བྱ། མཐར་མཆོད་བསྟོད་མདོར་བསྡུས་དང་། ཨཱོྃ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། བུམ་ལྷ་འོད་དུ་ཞུ་བ་ཆུ་དང་གཉིས་མེད་དུ་གྱུར་པར་བསམ་མོ། །རྗེས་ཀྱི་རིམ་པ་ནི། གཏོར་འབུལ་བདག་བསྐྱེད་ལྟར་བྱ་བ་ལ་ལྷ་སྤྱན་འདྲེན་མི་དགོས། མཆོད་པ་ཁ་གསོ། བྱིན་བརླབས་ལ་བདག་བསྐྱེད་སྐབས་ལྟར་མཆོད་བསྟོད་དང་། ནོངས་བཤགས། གཤེགས་བསྟིམ། བསྡུ་ལྡང་སོགས་ཀྱང་དེར་བཤད་པ་ལྟར་བྱའོ།། །།གསུམ་པ་རྗེས་གནང་བྱ་བ་ནི། བདག་མདུན་བུམ་པ་སྒྲུབ་པ་ཟིན་ནས། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་བྱ། སློབ་མ་ལ་ཁྲུས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་རྣམས་བྱས་ལ། དེ་ལ་སྐབས་སུ་བབས་པ། བཅོམ་ལྡན་འདས་ཀྱི་མཚན་བཟང་མཐར་ཐུག་དབུའི་གཙུག་ཏོར་ལས་སྤྲུལ་པའི་རིག་སྔགས་ཀྱི་རྒྱལ་མོ་གདུགས་དཀར་མོ་འདིའི་ཕྱག་རྒྱ་དང་རིག་པའི་ཚོགས་གང་གིས་འཆང་བ་ཙམ་གྱིས། དེ་ལ་མེ་ཆུ་དུག་མཚོན་བྱད་ཕུར་རྦོད་གཏོང་ཅིས་ཀྱང་མི་ཚུགས་ཤིང་དུས་མ་ཡིན་པའི་འཆི་བ་མི་འབྱུང་བ་དང་། སངས་རྒྱས་བྱང་སེམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། རྡོ་རྗེའི་རིགས་དང་གྲུབ་པའི་ལྷ་མོ་རྣམས་ཐུགས་དགྱེས་པས་རྟག་ཏུ་སྲུང་སྐྱོབ་མཛད་པ་དང་། གདོན་བགེགས་ལོག་འདྲེན་རྣམས་ཀྱང་དགའ་བས་བྱམས་པར་འགྱུར་ཞིང་། ངན་འགྲོའི་སྐྱེ་གནས་དང་ལོག་པར་ལྟུང་བ་རྣམས་སུ་ནམ་དུའང་མི་སྐྱེ་བ་དང་། སྔོན་གྱི་ལས་སྒྲིབ་ཐམས་ཅད་ཟད་ཅིང་མཚམས་མེད་པ་ལྔ་བྱས་པའང་ཡོངས་སུ་བྱང་བར་འགྱུར་བ་དང་། ཚེ་དང་བསོད་ནམས་རིགས་རྒྱུད་མཐུ་སྟོབས་སོགས་ལེགས་པའི་ཡོན་ཏན་ཇི་འདོད་ཐམས་ཅད་ཡིད་བཞིན་དུ་འཐོབ་པར་འགྱུར་བ་དང་། འཆི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བ་སོགས་ཕན་ཡོན་མཐའ་ཡས་པ་དང་ལྡན་པ་འདིའི་གཟུངས་མདོ་རྩ་བའི་ཁུངས་བྱ་རྒྱུད་གཤེགས་རིགས་ཀྱི་གཙུག་ཏོར་ཡིན་ཡང་། གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་བྱ་སྤྱོད་ནས་བླ་མེད་ཀྱི་བར་དུ་བཀྲལ་པའི་བཀའ་སྲོལ་རྒྱས་བསྡུས་ཅི་རིགས་པ་མཆིས་པ་ལས། འདིར་སངས་རྒྱས་གཉིས་པ་པདྨཱཀ་རའི་ཞལ་ལུང་རྒྱུད་སྡེ་གོང་འོག་གང་གི་ལུགས་སུ་སྦྱོར་ཡང་འགལ་བ་མེད་པ་འདི་ནི། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་སྤྱི་ཕུད་དཔལ་ཀཿཐོག་པ་ཆེན་པོ་ཧཱུྃ་ནག་ནམ་མཁའི་རྡོ་རྗེས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པའི་ཀློང་གསལ་རྡོར་སྙིང་གི་ཆོས་སྡེ་ལས་བྱོན་པ་སྟེ། དེའི་ལུགས་ཀྱི་རྗེས་གནང་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མོ་སྦྱོར་ལ་གསོལ་འདེབས་འདིའི་རྗེས་ཟློས། ཨེ་མ་འདྲེན་པ་བཀའ་དྲིན་ཅན༔ རྒྱལ་བའི་ཡོན་ཏན་ཐུགས་མཛོད་ནས༔ བཅོམ་ལྡན་འཕགས་མ་གདུགས་དཀར་མོའི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ གསུམ། ལན་དུ། ཚུར་ཤོག་དད་ལྡན་སྐལ་པ་བཟང༔ བཅོམ་ལྡན་འཕགས་མ་གདུགས་དཀར་མོའི༔ བླ་ན་མེད་པའི་དཀྱིལ་འཁོར་འདིར༔ སྒྲུབ་པའི་འབྲས་བུ་འབྱིན་པར་བྱོས༔ ཞེས་གནང་བ་སྦྱིན། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་འཕགས་མ་གཙུག་ཏོར་གདུགས་དཀར་མོ་ལ་སངས་རྒྱས་སྲས་དང་བཅས་པས་ཁྲོམ་ཚོགས་སུ་བསྐོར་ནས་བཞུགས་པའི་སྤྱན་སྔར། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ནས་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པ་དང་། དགེ་ལ་ཡི་རང་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་ཀྱི་ཚིག་དོན་གསལ་ཐོབས་ལ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་ལྟར་དུ་མཛོད། བསང་སྦྱང་། ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་གྱི་ངང་ལས། ས་ཕྱོགས་དག་པའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཟླ་བའི་གདན་ལ་རང་སེམས་ཨཱོྃ་དཀར་པོ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་འཕགས་མ་གཙུག་ཏོར་ལྷ་མོ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་དྲུག །ཞལ་གཡས་སྔོ་གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་གྱི་ལྟ་སྟངས་ཅན། ཕྱག་གཡས་གསུམ་འཁོར་ལོ་མདའ་ལྕགས་ཀྱུ། གཡོན་གསུམ་རྡོ་རྗེ་གཞུ་ཞགས་པ་བསྣམས་པ། དབུའི་སྟེང་དུ་གདུགས་དཀར་པོ་བརྩེགས་མར་འཁོར་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་བའི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། མཁའ་ཁྱབ་ཀྱི་ཞིང་ཁམས་རྒྱ་མཚོར་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ཐམས་ཅད་འཕགས་མ་གཙུག་ཏོར་དཀར་མོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །སྤོས་རོལ་བཅས་སྤྱན་འདྲེན་གོང་ལྟར་དང་། ཨཱོྃ༔ སངས་རྒྱས་ཐམས་ཅད་ཡུམ་ལས་བསྐྱེད་པ་ཡི༔ རྒྱལ་བའི་དབུ་ལས་སྤྲུལ་པའི་བཅོམ་ལྡན་མ༔ ཡེ་ཤེས་དབྱིངས་ཀྱི་གཙོ་མོ་འཁོར་དང་བཅས༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དབབ། ཏིཥྛ་བཛྲ་ཧཱུྃ་མགོ་བོར་རྡོ་རྗེ་བཞག་ལ་བརྟན་པར་བྱ། དེ་ནས་དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་མཐའ་རྟེན་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་སྐུའི་རྗེས་གནང་གི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་ལྷ་མོ་དབྱེར་མ་མཆིས་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་གཏོར་བླུག་གི་ཆོ་ག་བསྩལ་བར་མོས་ཤིག །བུམ་དབང་བསྐུར་ལ། ཨཱོྃ༔ བརྟེན་པ་ལྷ་ཡི་ཡེ་ཤེས་ཐུགས་རྗེའི་ཆུས༔ རྟེན་གྱི་ཕུང་པོར་ཡེ་ཤེས་ས་བོན་ཐེབས༔ བཅོམ་ལྡན་སྐུ་ཡི་འབྲས་བུའི་སྙིང་པོ་འདིས༔ སྐལ་ལྡན་ལུས་ཀྱི་ཞིང་ས་སྨིན་པར་གྱིས༔ ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བུམ་ཆུ་འཐོར་བ་ཙམ་བྱ། བུམ་པའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་། སྒྲིབ་པ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པའི་མོས་པ་མཛོད། དེས་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་ལྷ་བསྒོམ་པ་ལ་དབང་། ཡི་དམ་ལྷའི་སྐུ་དང་གཉིས་མེད་དུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀར་པད་ཟླར་ས་བོན་སྔགས་ཕྲེང་དང་བཅས་པ། ཁྱེད་རང་གི་སྙིང་གར་པད་ཟླ་ལ་ཨཱོྃ་དཀར་པོ་གསལ་ཐོབས། སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་མཆེད། ཞལ་ནས་ཐོན་ཁྱོད་རང་གི་ཞལ་དུ་ཞུགས། སྙིང་གའི་ས་བོན་གྱི་མཐར་འཁོད་པའི་མོས་པ་མཛོད་ལ་འདིའི་རྗེས་ཟློས། ཕྲེང་བ་གཏད་ལ་སྙིང་པོའི་རྗེས་ཟློས་ལན་གསུམ་བྱར་གཞུག །རིག་སྔགས་ཀྱི་ནུས་པ་རྒྱུད་ལ་བརྟན་པར་བྱས་པའི་མོས་པ་མཛོད། བུམ་ཆུ་སྦྱིན་ལ། ཨཱོྃ༔ གསུང་མཆོག་གསང་སྔགས་ཡེ་ཤེས་ཐུགས་རྗེའི་ཆུས༔ ལྷ་ཡི་ས་བོན་སྔགས་ཀྱི་ངར་བསྐྱེད་དེ༔ ངག་གི་ནུས་པ་ལོངས་སྐུར་གྲོལ་བའི་རྒྱུན༔ སྐལ་ལྡན་རྩ་ཁམས་ཞིང་ས་སྨིན་པར་གྱིས༔ ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་རྗེས་སུ་གནང་བ་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་སྦྱངས། ངག་སྔགས་བཟླ་བ་ལ་དབང་། ཡི་དམ་ལྷའི་གསུང་དང་དབྱེར་མེད་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ། སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། སྙིང་གའི་ས་བོན་ལ་ཐིམ་པར་མོས་མཛོད། མེ་ལོང་དང་ཤེལ་རྡོ་སྙིང་གར་བཞག་ལ། ཨཱོྃ༔ བསྐྱེད་པའི་ཡེ་ཤེས་བཟླས་པས་ནུས་བསྐྱེད་དེ༔ བསྙེན་དང་བསྒྲུབ་པར་བརྩོན་པ་པོ་རྣམས་ཀྱིས༔ གྲོལ་བ་མཆོག་གི་འབྲས་བུ་སྨིན་པའི་རྒྱུ༔ སྐལ་ལྡན་དབང་པོའི་ཡིད་ལ་སྨིན་པར་གྱིས༔ ཨཱོྃ་ཨུཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་བསྐྱེད་བཟླས་སོགས་འཁོར་འདས་ཀྱི་སྣང་ཆ་འགག་མེད་ཇི་ལྟར་ཤར་ཡང་ངོ་བོ་སྟོང་པ་འཛིན་མེད་བརྗོད་བྲལ་གྱི་ངང་ལ་མཉམ་པར་ཞོག་མཛོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཡིད་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་དབང་། ཡི་དམ་ལྷའི་ཐུགས་དང་དབྱེར་མེད་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་སོ། །བཞི་པ་མཐའ་རྟེན་སྦྱིན་པ་ལ། གཏོར་མ་འདི་ཉིད་འཕགས་མ་གཙུག་ཏོར་ལྷ་མོ་སངས་རྒྱས་བྱང་སེམས་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པར་མོས་ཤིག །གཏོར་མ་མགོར་བཞག །བརྒྱུད་པའི་གཤར་འདེབས་དང་བཀའ་བསྒོ་བྱ། གཟུངས་སྔགས་ཀྱི་མཐར། རཀྵ་རཀྵ་བཏགས་པས་བསྲུང་། གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ་པར་མོས་ཤིག །དེ་ནས་རྫས་རྟགས་ཤླཽ་ཀ་རེ་རེ་ཙམ་གྱིས་སྦྱིན། ཡེ་དྷར་དང་ཤིས་པ་བརྗོད་ལ་མེ་ཏོག་འཐོར། དམ་ཚིག་ཁས་བླང་། མཎྜལ་སོགས་རྗེས་སྤྱི་ལྟར་དང་། སློབ་དཔོན་གྱིས་དཀྱིལ་འཁོར་ལྷ་ལ་གཏོར་འབུལ་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གོང་དུ་སྨྲོས་པ་བཞིན་བྱས་ལ་མཐར་དབྱུང་ངོ་། །རིག་སྔགས་རྒྱལ་མོར་རྩེ་གཅིག་གུས་པའི་མཐུས། །བདེན་པར་གསུངས་པའི་ཡོན་ཏན་ཀུན་ཐོབ་སྟེ། །འཇིགས་ཆེན་ཆད་པས་ཉེན་རྣམས་བྱིན་རླབས་ཀྱི། །གདུགས་དཀར་གྲིབ་མར་ངལ་འཚོ་སྟེར་ནུས་ཤོག །ཅེས་པ་འདིའང་ཁྱེད་བདེ་ཉེར་མཁོ་བྱིན་རླབས་ཀྱི་ཚན་ཁ་དང་བཅས་པའི་སླད་དུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། རྒྱལ་ཡུམ་རྣམ་པར་རྒྱལ་མའི་ཕྲིན་ལས་དང་རྗེས་གནང་། ཚེ་དབང་དང་བཅས་པ་ཁྲིགས་བཀོད་འཆི་བདག་གཡུལ་རྒྱལ་ (Volume 48, Text 56)
༄༅། །ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། རྒྱལ་ཡུམ་རྣམ་པར་རྒྱལ་མའི་ཕྲིན་ལས་དང་རྗེས་གནང་། ཚེ་དབང་དང་བཅས་པ་ཁྲིགས་བཀོད་འཆི་བདག་གཡུལ་རྒྱལ་ཞེས་བྱ་བ་བཞུགས་སོ། ། ཤྲཱི་གུ་རུ་ནཱ་མཱ་མི། ཚེ་དཔག་མེད་མགོན་གཙུག་ཏོར་ནོར་བུའི་དབྱིག །འགྲོ་ལ་འཆི་མེད་སྩོལ་ཕྱིར་མངོན་ཕྱུང་པ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་མཛད་མས། །སྐྱེ་འཆི་བགྲེས་རྒུད་བྲལ་བའི་ཚེ་དབང་སྩོལ། །རྡོ་རྗེ་སྙིང་པོའི་མཛོད་ཁང་ལས། །སྒྲུབ་ཐབས་རཏྣའི་གྲམ་བུ་བརྡལ། །དཀོན་ལ་རིན་ཐང་ཆེ་བའི་ནོར། །འདི་ཡང་རྙིང་བསྟན་འཛིན་པའི་དཔྱིད། །དེ་ལ་གཙུག་ཏོར་རྣམ་པར་རྒྱལ་མ་འདི་ཉིད་གསུང་རབ་ལས་བྱ་རྒྱུད་གཙུག་ཏོར་རིགས་སུ་ཡོངས་གྲགས་ཡིན་ཡང་བྱ་རྒྱུད་དངོས་ལ་ནི་བདག་བསྐྱེད་མེད་ཅིང་། དེའི་ལུགས་ཀྱི་ཁྱད་ཆོས་གཞན་རྣམས་ཚང་དགོས་པས། བདག་བསྐྱེད་སོགས་སྤྱི་འགྲོ་བྱེད་པ་འདི་རིགས་བྱ་རྒྱུད་བླ་མེད་ལྟར་བསྒོམ་པ་སློབ་དཔོན་ཨ་བྷ་ཡ་སོགས་བཞེད་ཅིང་ཁ་ཅིག་གིས་བླ་མེད་ཀྱི་བྱ་རྒྱུད་དུ་བརྡ་ཁྱད་བྱས་པའང་དོན་གཅིག་ལ། བོད་ཡུལ་དུ་གུ་རུ་རིན་པོ་ཆེས་གསང་སྔགས་གནང་བ་ཐམས་ཅད་ཡུལ་དུས་ལ་དགོངས་པས་བླ་མེད་གཞིར་གཞག་པ་ཤ་སྟག་ཏུ་སྣང་བའི་ཕྱིར། འདིར་ཡང་ལྷ་སྔགས་ཀྱི་ཁུངས་བྱ་རྒྱུད་ཡིན་ཡང་དེ་ཁོ་ནར་བཀྲལ་བར་ཡང་མ་ངེས་པས་གཏེར་གཞུང་ལས་བདག་བསྐྱེད་ཡོད་མེད་ཁ་གསལ་མ་གསུངས་ཀྱང་སྤྱི་འགྲོའི་དབང་དུ་བྱས་ཏེ་འགོད་པ་ལ་གསུམ། སྦྱོར་བ་གཤོམ་བཀོད། བདག་མདུན་སྒྲུབ་མཆོད། རྗེས་གནང་ཚེ་དབང་དང་བཅས་པའོ། །དང་པོ་ནི། བསྙེན་རྐྱང་། སྒྲུབ་མཆོད། སྐུ་དང་ཐུགས་རྟེན་གྱི་ལས་མཇུག་སོགས་ལ་སྐབས་སོ་སོ་དང་བསྟུན་པའི་བཅས་གཤོམ་དགོས་ཀྱང་། འདིར་རྗེས་གནང་གི་དབང་དུ་བྱས་ཏེ་སྟེགས་གཙང་མར་མཎྜལ་དྲིས་བྱུགས་པའི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད། དེ་སྟེང་ཁྲི་འུར་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་བཅས་པ། མདུན་དུ་ཚེ་འབྲང་གི་ཁར་ཚེ་དཔག་མེད་པའི་སྐུ་གཟུགས་ཡོད་པ། གཡས་གཡོན་རྒྱབ་ངོས་རྣམས་སུ་ཤེལ་དཀར་ཕྲེང་བ། སྣ་ཚོགས་རྡོ་རྗེ་དང་མདའ་གཞུའི་ཙཀླི། ཚེ་རིལ། རྣམ་རྒྱལ་མཆོད་རྟེན་རྣམས་བཀོད། ཆུ་གཉིས་ཉེར་སྤྱོད་གཙང་ཞིང་དག་པ་བཤམ། གཏོར་འབུལ་སྤྱི་ལྟར་སྤྲོ་ན། མདུན་དུ་དཀར་ཟླུམ་ལ་དཀར་མངར་ཟས་སྣ་བླུགས་པ་དང་། ལས་བུམ་སོགས་ཚོགས་པར་བྱའོ། །གཉིས་པ་བདག་མདུན་སྒྲུབ་མཆོད་ནི། འདི་ཉིད་ཀྱི་བསྙེན་སྒྲུབ་དང་སྐུ་རྟེན་སྒྲུབ་པའི་མཚོན་ཆེད་དུ་བྱེད་ན། ནངས་སྔ་བར་ཁྲུས་དང་གཙང་སྦྲ་བྱས་ཏེ། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་གཏེར་གཞུང་ལས་འབྱུང་བ་ལྟར་བླང་དགོས། འདིར་རྗེས་གནང་དཀྱུས་མ་ཙམ་ལ་སློབ་དཔོན་སྡོམ་ལྡན་ཡིན་པ་གཞིར་བཞག་སྟེ་ཆོ་ག་དངོས་བཤད་པ་ལ་གཉིས། བདག་བསྐྱེད་དང་མདུན་བསྐྱེད་དོ། །དང་པོ་ལ་སྔོན་འགྲོ་སྐྱབས་སེམས་ནི། ན་མོ༔ ཕྱོགས་བཅུའི་རྫོགས་སངས་རྒྱས་དང་དོན་དམ་ཆོས༔ ཕྱོགས་དུས་ཞིང་གི་དགེ་འདུན་མ་ལུས་པ༔ བླ་མ་ལྷར་བཅས་རྣམ་པར་རྒྱལ་མ་ལ༔ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་བའི་སྡུག་བསྔལ་མ་ལུས་ཞི་བ་དང༔ བདེ་སྐྱིད་ཕུན་ཚོགས་སྒྲུབ་པའི་ཡི་དམ་ལྷ༔ རྣམ་པར་རྒྱལ་མ་སྒྲུབ་པའི་ཀློང་གྱུར་དུ༔ མི་འདའ་རྡོ་རྗེའི་དམ་ཚིག་གཟུང་བར་བྱ༔ ལན་གསུམ། འདིར་ཚོགས་ཞིང་དང་ཚོགས་གསོག །ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་སྤྲོས་ཀྱང་ཆོག །མཆོད་པ་བྱིན་རླབས་ནི། ཨཱོྃ་བཛྲ་ཡཀྵ་ཧཱུྃ༔གིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་དབུས་སུ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཱོྃ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པ་ཉེར་སྤྱོད་བདུན། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་རིན་ཆེན་བདུན་ལ་སོགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོས་མཁའ་དབྱིངས་ཀུན་ཏུ་ཡོངས་སུ་གང་བར་གྱུར། ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཨཱོྃ་བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབ། དངོས་གཞི་ལྷ་བསྐྱེད་ཡན་ལག་དང་བཅས་པ་ནི། བྷྲཱུྃ་ལས་གཞལ་ཡས་ཁང་ཆེན་མཚན་ཉིད་ལྡན༔ དབུས་སུ་པདྨ་ཟླ་བའི་གདན་སྟེང་དུ༔ བྷྲཱུྃ་ལས་བསྐྱེད་པའི་ལྷ་མོ་སྐུ་མདོག་དཀར༔ སྐུ་གསུམ་མཚོན་བྱེད་དཀར་དམར་ལྗང་བའི་ཞལ༔ རྩ་ཕྱག་ཐུགས་ཀར་རབ་བརྟན་ཕྱག་རྒྱའི་དབུས༔ སྣ་ཚོགས་རྡོ་རྗེ་གཏོད་པའི་ཚུལ་དུ་འཛིན༔ དེ་འོག་གཉིས་ཀྱིས་མཉམ་གཞག་ཕྱག་རྒྱའི་དབུས༔ འཆི་མེད་ཚེ་བུམ་བདུད་རྩིས་གཏམས་པ་འཛིན༔ ཚེ་བུམ་ཁ་ནས་འདབ་བརྒྱད་ཟླ་བའི་སྟེང༔ མི་འགྱུར་ཚེ་ཡི་དབང་ཕྱུག་སྣང་མཐའ་ཡས༔ ཞལ་འཛུམ་ཕྱག་གཉིས་མཉམ་གཞག་དང་བཅས་བཞུགས༔ ཐུགས་ཀར་སྔགས་ཀྱི་ཕྲེང་བའི་འཕྲོ་འདུ་སྒོམས༔ ཨཱོྃ་ཨ་མྲྀཏ་ཨཱ་ཡུར་ད་དེ་སྭཱ་ཧཱ༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ དཀར་དམར་མཐིང་གི་ཟེར་འཕྲོས་པས༔ རང་བཞིན་གནས་ནས་སྤྱན་འདྲེན་ནོ༔ ཨེ་མ་ཧོ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཡུམ་གྱུར་མཆོག༔ རྒྱལ་བའི་དབུ་ཡི་གཙུག་ནས་རྣམ་འཕྲུལ་མ༔ བརྩེ་ལྡན་བདག་སོགས་འགྲོ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ བཅོམ་ལྡན་འདིར་ནི་བྱོན་པ་ལེགས༔ བདག་ཅག་བསོད་ནམ་སྐལ་བར་ལྡན༔ བདག་གི་བསོད་ནམས་སྤེལ་ཕྱིར་དུ༔ རྟེན་མཆོག་འདི་ལ་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ མཆོད་ཡོན་བརྒྱད་དང་རྒྱལ་སྲིད་རྣམ་པ་བདུན༔ རབ་འབྱམས་ཞིང་གི་མཆོད་ཚོགས་མ་ལུས་ཀུན༔ རྣམ་པར་རྒྱལ་མའི་ལྷ་ལ་མཆོད་འབུལ་ན༔ འགྲོ་ཀུན་བསོད་ནམས་སྤེལ་ཕྱིར་བཞེས་སུ་གསོལ༔ ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ རྒྱལ་བའི་ཡུམ་གྱུར་རྣམ་པར་རྒྱལ་མ་ནི༔ དྲི་མེད་རབ་དཀར་གངས་རི་ལྟ་བུའི་སྐུ༔ ཚངས་པའི་གསུང་དབྱངས་འགྲོ་ལ་ཆོས་ཆར་འབེབ༔ བརྩེ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཐུགས་ཀར་ཟླ་བ་ལ་གནས་པའི་བྷྲཱུྃ་ཡིག་སྔགས་ཕྲེང་དཀར་པོས་གཡོན་དུ་བསྐོར་བ་ལས་འོད་ཟེར་འཕྲོས། སྡིག་སྒྲིབ་ནད་གདོན་འཆི་བའི་འཇིགས་པ་བག་ཆགས་བཅས་སྦྱང་། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། བྱིན་རླབས་དངོས་གྲུབ་ཁྱད་པར་འཆི་མེད་ཚེའི་བཅུད་ཐམས་ཅད་བསྡུས་ཏེ་སྙིང་གར་ཐིམ་པར་མོས་ལ་གོང་གི་སྙིང་པོ་བཟླ། དེའང་འདི་ལ་བསྙེན་པ་ཆེད་དུ་གསག་ན་སྙིང་པོ་དེ་ཉིད་འབུམ་ཕྲག་བཅུ་ཚད་ཡིན་པས་བཟླ་དགོས་ལ། གཟུངས་རིང་ཡང་སྙིང་སོགས་ཀྱང་ཇི་ལྟར་ནུས་པ་བཟླ། ཐུན་མཐར་ཁ་སྐོང་ནོངས་བཤགས། བསྡུ་ལྡང་། ཐུན་མཚམས་གཏོར་འབུལ། བསྔོ་སྨོན་སྤྱིའི་འགྲེས་ཀྱིས་རྟོགས་པར་བྱ། འདིར་རྗེས་གནང་ཙམ་ཡིན་ན། བཟླས་པ་ཅི་འགྲུབ་སོང་ནས། གཉིས་པ་མདུན་སྐྱེད་ལ་མདུན་བུམ་གཉིས་མཉམ་དུ་བསྐྱེད་པའི་དབང་དུ་བྱས་ཏེ། བསང་སྦྱང་། སྟོང་པའི་ངང་ལས་སའི་ཕྱོགས་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་དབུས་སུ། བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་ཤིང་རྒྱན་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་བྷྲཱུྃ་དཀར་པོ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཟླ་བ་ཆུ་ཤེལ་གྱི་མདངས་ཅན་ཞལ་གསུམ་ཕྱག་བརྒྱད་པ། གཡས་ཞལ་སེར་ལ་གཡོན་ཞལ་སྔོ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་ཅུང་ཟད་ཁྲོས་པའི་ཉམས་ཅན། རྩ་ཕྱག་དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང་ཞགས་པ་ཐུགས་ཀར་འཛིན་པ། གཡས་འོག་མ་གསུམ་གྱིས་རིགས་བདག་འོད་དཔག་མེད་བཞུགས་པའི་པད་སྡོང་དང་མདའ་འཛིན་ཅིང་མཆོག་སྦྱིན་པུས་མོར་བརྐྱང་བ། གཡོན་འོག་མ་གསུམ་གྱིས་གཞུ་དང་མི་འཇིགས་པའི་རྒྱ་དང་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་འཛིན་པ། ལང་ཚོ་ཤིན་ཏུ་རྒྱས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རྣམ་རྒྱལ་བུམ་པར་པད་ཟླའི་སྟེང་དུ་བྷྲཱུྃ༔ ལས་གྱུར་རྒྱལ་ཡུམ་རྣམ་པར་རྒྱལ་མ་དཀར༔ དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ༔ ཞལ་རེར་ཞི་བའི་སྤྱན་གསུམ་ཅུང་ཟད་ཁྲོ༔ རྒྱ་གྲམ་རིགས་བདག་མདའ་དང་མཆོག་སྦྱིན་གཡས༔ ཞགས་པ་གཞུ་དང་མི་འཇིགས་ཕྱག་རྒྱ་མཛད༔ བདུད་རྩི་བུམ་པ་མཉམ་གཞག་ལྟེ་བར་འཛིན༔ ལང་ཚོ་རིན་ཆེན་དར་རྒྱན་སྐྱིལ་ཀྲུང་བཞུགས༔ དེ་ལྟར་གསལ་བའི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པར་གྱུར། སྤྱན་འདྲེན་ནི། ཨེ་མ་ཧོ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཡུམ་གྱུར་མཆོག༔ རྒྱལ་བའི་དབུ་ཡི་གཙུག་ནས་རྣམ་འཕྲུལ་མ༔ བརྩེ་ལྡན་བདག་སོགས་འགྲོ་ལ་རབ་དགོངས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཞེས་དང་། སྤྲོ་ན། མ་ལུས་སེམས་མགོན་ཡང་བརྗོད། བྷ་ག་བ་ཏེ་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿཨེ་ཧྱེ་ཧི། བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་བར་ལྡན༔ བདག་གི་བསོད་ནམས་སྤེལ་ཕྱིར་དུ༔ རྟེན་མཆོག་འདི་ལ་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ལས་མཇུག་སྐབས་སོགས་འདིར་ཁྲུས་གསོལ་ན་བཟའ་འབུལ་བ་སྤྱི་ལྟར་བྱས་ན་ལེགས། ཕྱག་འཚལ་བ་ནི། ན་མོ༔ རྒྱལ་བའི་ཡུམ་གྱུར་རྣམ་པར་རྒྱལ་མ་ནི༔ དྲི་མེད་རབ་དཀར་གངས་རི་ལྟ་བུའི་སྐུ༔ ཚངས་པའི་གསུང་དབྱངས་འགྲོ་ལ་ཆོས་ཆར་འབེབ༔ བརྩེ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ རྒྱལ་བ་རྣམས་ཀྱི་ཕྲིན་ལས་རྣམ་རྒྱལ་མ༔ དྲི་མེད་རབ་དཀར་ཞལ་གསུམ་ཕྱག་བརྒྱད་མ༔ གཞོན་ནུའི་ཚུལ་འཆང་དར་དང་རིན་ཆེན་བརྒྱན༔ ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་ལོ༔ དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་ཚུལ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །མཆོད་པ་ནི། གསར་དུ་གཤམ་པའམ་ཁ་གསོས་ལ། བསང་སྦྱང་བྱིན་རླབས་གོང་བཞིན་བྱས་ཏེ། ཧཱུྃ༔ ལྟེང་ཀ་ཆུ་བོ་ལུ་མའི་འབབ་ཆུ་སོགས༔ རབ་འབྱམས་ཞིང་གི་མཆོད་ཡོན་མཚོ་ལྟར་འཁྱིལ༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་ཨརྒྷཾ་པཱུ་ཛ་ཧོ༔ པདྨ་པདྨ་ཆེན་པོ་ཀུ་མུད་ད༔ རབ་འབྱམས་ཞིང་གི་མེ་ཏོག་སྤྲིན་ལྟར་འཁྲིགས༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་པུཥྤེ་པཱུ་ཛ་ཧོ༔ ཙནྡན་དཀར་དམར་ཨ་གར་དུ་རུ་ཀ༔ རབ་འབྱམས་ཞིང་གི་བདུག་སྤོས་སྤྲིན་ལྟར་འཁྲིགས༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་དྷཱུ་པེ་པཱུ་ཛ་ཧོ༔ འབྲུ་མར་རྩི་མར་ཤེས་རབ་རྒྱན་སྦྱར་བའི༔ རབ་འབྱམས་མར་མེ་མདངས་གསལ་ཉི་ཟླ་བཞིན༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་ཧོ༔ ག་པུར་གུར་གུམ་སྨན་གྱིས་སྦགས་པ་ཡི༔ རབ་འབྱམས་ཞིང་གི་དྲི་ཆབ་མཚོ་ལྟར་འཁྱིལ༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་གནྡྷེ་པཱུ་ཛ་ཧོ༔ གྲོ་འབྲས་ཁྲེ་ནས་འབྲུ་ལ་སྨན་སྦྱར་བའི༔ རབ་འབྱམས་ཞིང་གི་ཞལ་ཟས་རི་ལྟར་སྤུངས༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་ནཻ་བིདྱཱ་པཱུ་ཛ་ཧོ༔ དྲིལ་བུ་རྫ་རྔ་གླིང་བུ་པི་ཝང་སོགས༔ རབ་འབྱམས་རོལ་མོའི་སྒྲ་སྙན་འབྲུག་ལྟར་གྲགས༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨཱོྃ་བཛྲ་ཤབྡ་པཱུ་ཛ་ཧོ༔ གདུགས་དང་རྒྱལ་མཚན་བླ་བྲེ་འཕན་གདུགས་དང༔ རིན་ཆེན་བདུན་དང་བཀྲ་ཤིས་རྟགས་རྫས་བརྒྱད༔ རྒྱལ་སྲིད་བདུན་དང་འདོད་འབྱུང་དཔག་བསམ་ཤིང༔ སྣ་ཚོགས་མཆོད་པའི་སྤྲིན་ཆེན་འཁྲིགས་པ་འབུལ༔ ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། རྒྱས་པར་སྤྲོ་སྐབས། འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་རྟགས་རྣམས་མཆོད་ཚིག་རིགས་མཐུན་ནས་བླངས་ཏེ་སྦྱར་རོ། །བསྟོད་པ་ནི། ཧཱུྃ༔ དེ་ལྟར་མཆོད་ཅིང་བསྟོད་པའི་དཔལ་གྱུར་ནི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་མ༔ རྒྱལ་བའི་དབུ་ཡི་གཙུག་ནས་སྤྲུལ་གྱུར་པའི༔ གང་ཞིག་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱལ་ཡུམ་སྐུ་མདོག་དཀར་གསལ་གངས་རི་ལྟར༔ མདངས་ལྡན་དྲི་མེད་འཛུམ་མདངས་ཆགས་པ་མོ༔ འཇིགས་པ་བརྒྱད་སོགས་བར་ཆད་ཞི་བར་མཛད༔ ཞི་མཛད་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཛུམ་མདངས་སྐུ་གསུམ་ཞལ་གྱི་དུག་གསུམ་ཞི༔ མཁྱེན་ལྡན་ཡེ་ཤེས་སྤྱན་གྱིས་ཕྱོགས་བཅུར་གཟིགས༔ ལྷར་བཅས་འགྲོ་བའི་དུག་གསུམ་ཞི་བར་མཛད༔ ཞི་མཛད་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་འདོད་དགུ་རྒྱས༔ རྣམ་ལྔའི་དར་སྣའི་རྒྱན་གྱིས་དཔའ་འབྱོར་རྒྱས༔ དབང་རྒྱལ་རལ་པའི་རྒྱན་གྱིས་ཡིད་བཞིན་རྒྱས༔ རྒྱས་མཛད་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་སྣ་ཚོགས་རྡོ་རྗེས་འཁོར་འདབས་རྒྱས༔ དབུས་སུ་འཁོར་ལོ་འབར་བས་གཟི་མདངས་རྒྱས༔ ཕྱག་མཚན་རིགས་བདག་འཛིན་པས་ཚེ་དཔལ་རྒྱས༔ རྒྱས་མཛད་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ བུམ་པའི་ཟེར་གྱིས་ཁམས་གསུམ་དབང་དུ་སྡུད༔ དར་ཟབ་དཔག་བསམ་ལྗོན་པས་མཛེས་པར་བརྒྱན༔ བཅུད་དང་དོན་དམ་རྫོགས་པར་རབ་ཏུ་བསྟིམས༔ ཁམས་གསུམ་དབང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད༔ རིགས་ཀྱི་བདག་པོས་དབུ་ཡི་གཙུག་ན་བརྒྱན༔ ཁམས་གསུམ་འགྲོ་བའི་སྐྱབས་མགོན་མཛད་པ་པོ༔ སངས་རྒྱས་ཐམས་ཅད་ཐུགས་རྗེའི་ཀློང་དུ་ཟླུམ༔ དབང་མཛད་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱག་མཚན་ཐབས་ཤེས་མདའ་གཞུ་བསྣམས་པ་ཡིས༔ ཕ་རོལ་གཡུལ་དང་དལ་ཡམས་ཟློག་པར་མཛད༔ མི་མཐུན་ཕྱོགས་རྣམས་ཐུགས་རྗེའི་ངང་གིས་ཞི༔ རྣམ་པར་རྒྱལ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ རིག་སྔགས་རྦོད་གཏོང་བསམ་སྦྱོར་ངན་པའི་བགེགས༔ དལ་ཡམས་ནད་དང་མཚོན་འཁྲུག་མུ་གེ་དང༔ མི་ནད་ཕྱུགས་ནད་ཐམས་ཅད་རབ་ཏུ་ཞི༔ དགྲ་བགེགས་ཟ་འདྲེ་མི་མཐུན་ཕྱོགས་རྣམས་ཞི༔ རྨི་ལམ་མཚན་ལྟས་ལ་ཉེ་ངན་པ་ཞི༔ འབྱུང་བའི་བྱེ་བྲག་དགྲ་གཤེད་ངང་གིས་ཞི༔ རྣམ་རྒྱལ་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་ནི། ཐུགས་ཀར་ཟླ་བའི་སྟེང་དུ་བྷྲཱུྃ་དཀར་གསལ༔ ཨཱོྃ་བྷྲཱུྃ་སྭཱ་ཧཱ༔ ཨཱོྃ་ཨ་མྲྀ་ཏ་ཨཱ་ཡུར་ད་དེ་སྭཱ་ཧཱ༔ ཨཱོྃ་ཨ་མི་ཏེ༔ ཨ་མི་ཏོད་བྷ་ཝེ༔ ཨ་མི་ཏ་བི་ཀྲཱནྟེ༔ ཨ་མི་ཏ་ག་ཏེ༔ ཨ་མི་ཏ་གཱ་མི་ནི༔ ཨ་མི་ཏ་ཨཱ་ཡུར་ད་དེ༔ ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་ཡེ་སྭཱ་ཧཱ༔ སྙིང་གར་ཐབས་ཀྱི་ཟླ་བའི་དབུས་སུ་བྷྲཱུྃ༔ ངོ་བོ་ཤེས་རབ་རྣམ་པ་ཡི་གེའི་ཚུལ༔ ཚེ་དཔལ་སྒྲུབ་པའི་སྙིང་པོ་འཁོར་དང་བཅས༔ འཕྲོ་འདུའི་ཡེ་ཤེས་བསྐུལ་བས་རྣམ་པར་གྲོལ༔ རིག་མདངས་ཟླ་བར་ཚེ་ཡི་སྙིང་པོ་འཁོར༔ བསྐྱེད་དང་བཟླས་པའི་ཏིང་ངེ་འཛིན་གྱིས་བསྒྲུབ༔ གྲུབ་པའི་འབྲས་བུ་མངོན་དུ་འབྱིན་པར་བྱོས༔ ཞེས་དང་། ཨཱོྃ་བྷྲཱུྃ་སྭཱ་ཧཱ༔ ཡང་སྙིང་འབྲུ་བཞི། ཨཱོྃ་ཨ་མྲྀ་ཏ་ཨཱ་ཡུར་ད་དེ་སྭཱ་ཧཱ༔ སྙིང་པོ་འབྲུ་བཅུ། ཨཱོྃ་ཨ་མི་ཏེ༔ ཨ་མི་ཏོད་བྷ་ཝེ༔ ཨ་མི་ཏ་བི་ཀྲཱནྟེ༔ ཨ་མི་ཏ་ག་ཏེ༔ ཨ་མི་ཏ་གཱ་མི་ནི༔ ཨ་མི་ཏ་ཨཱ་ཡུར་ད་དེ༔ ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་ཡེ་སྭཱ་ཧཱ༔ གཟུངས་ཐུང་རྣམས་རིམ་པ་གསུམ་དུ་བཀོད་པ་ལས་འོད་ཟེར་སྤྲོ་བསྡུའི་དམིགས་པ་གོང་སྨྲོས་ལྟར་གསལ་བཏབ་ལ་དེ་གསུམ་པོ་ཅི་ལྕོགས་དང་། ནུས་ན་གཟུངས་རིང་ཡང་བཟླ། དེ་ནས་གཟུངས་ཐག་བླངས་ལ་བུམ་པའི་བཟླས་དམིགས་སྤྱི་ལྟར་གསལ་བཏབ་ལ་སྔགས་གསུམ་པོ་དང་། གཟུངས་རིང་ཚར་གཅིག་ཙམ་བཟླ། དེ་ནས་གཏོར་འབུལ་བྱེད་ན། བསང་སྦྱང་། སྟོང་པའི་ངང་ལས་ཨཱོྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨཱོྃ་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨཱོྃ་ཨཱཿཧཱུྃ། ལན་གསུམ། ལྷ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་གྱུར། སྙིང་པོའི་གཤམ་དུ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། སྔགས་ཙམ་གྱིས་མཆོད། རྒྱལ་བ་རྣམས་ཀྱི་ཕྲིན་ལས་རྣམ་རྒྱལ་མ༔ དྲི་མེད་རབ་དཀར་ཞལ་གསུམ་ཕྱག་བརྒྱད་མ༔ གཞོན་ནུའི་ཚུལ་འཆང་དར་དང་རིན་ཆེན་བརྒྱན༔ ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་། མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་ཞུ། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་བས། རྣམ་རྒྱལ་བུམ་པའི་ལྷ་བདེ་བ་ཆེན་པོའི་ངོ་བོར་ཞུ་སྟེ་བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཕྱི་གཏོར་གཏང་ན་ལུགས་འདིའི་མི་འཁྲུགས་པའི་སྐབས་སུ་སྨྲོས་པ་ཙམ་བྱ། ཏིང་ངེ་འཛིན་གྱི་དབང་བླང་། སློབ་མ་གཞུག་པར་གནང་བ་ནོད། ལས་བུམ་བསྐྱེད་བཟླས་རྟ་མགྲིན་སོགས་གང་བདེ་བྱའོ། །གསུམ་པ་ལ་རྗེས་གནང་དང་ཚེ་དབང་གཉིས་ཡོད་པ་སྐབས་སོ་སོར་བསྐུར་ཆོག་ཀྱང་འདིར་སྦྲེལ་བའི་དབང་དུ་བྱས་ཏེ། སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་སྲུང་འཁོར་སེམས་བསྐྱེད་གསལ་བཏབ་རྣམས་བྱས་ལ། དེ་ལ་འདིར་སྐབས་སུ་བབས་པ་གཙུག་ཏོར་རྣམ་པར་རྒྱལ་མ་འདི་ནི། ངོ་བོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ཡིན་ཡང་སྒྲུབ་པར་སླ་ཞིང་དངོས་གྲུབ་མྱུར་བའི་ཕྱིར་རྒྱལ་བ་ཉིད་ཀྱི་གཙུག་ཏོར་ནས་རིག་སྔགས་ཀྱི་ལྷ་མོའི་ཚུལ་དུ་ཕྱུང་པ་ཡིན་ལ། དེ་ཉིད་ཀྱི་གཟུངས་མདོ་བདག་ཅག་གི་སྟོན་པས་གསུངས་པ་བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ། ངན་འགྲོ་ཡོངས་སྦྱོང་གི་གཙུག་ཏོར་རྣམ་རྒྱལ། འཆི་བདག་དབྱུག་འཛིན་གྱི་གཙུག་ཏོར་རྣམ་རྒྱལ་གསུམ་ད་ལྟ་དངོས་སུ་བཞུགས་ཤིང་། ལྷའི་མཚན་དང་གཟུངས་སྔགས་བཅངས་པ་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་གཅོད་ཅིང་ཚེ་རིང་དུ་འཚོ་བ་དང་། བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པའི་གཟུངས་མདོ་དང་པོའི་དགོངས་དོན་ཙནྡྲ་གོ་མཱིའི་རྒྱ་གཞུང་གི་རྗེས་འབྲང་རྗེས་གནང་དང་སྟོང་མཆོད་སོགས་ཀྱི་སྲོལ་ཁ་སྔགས་གསར་མའི་སྐོར་ལ་དར་རྒྱས་ཆེ་ཞིང་། སྔ་འགྱུར་གྱི་ཕྱོགས་སུ་ཕྱག་རྒྱུན་ཕྲའང་། འདིར་སངས་རྒྱས་གཉིས་པ་པདྨཱཀ་རས་ཟབ་ཅིང་ཉེ་བར་མཁོ་བ་ཇི་སྙེད་པ་ལང་གྲོ་ལོ་ཙཱ་བ་ལ་བསྩལ་པ་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་གཏེར་ཆེན་གྲུབ་པའི་དབང་ཕྱུག་ཧཱུྃ་ནག་ནམ་མཁའི་རྣལ་འབྱོར་གྱིས་སྤྱན་དྲངས་པ་སྟེ། འདི་ལ་སྨིན་བྱེད་དབང་གི་རྗེས་གནང་། ཁྱད་པར་ཚེ་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་སྐྱབས་མཆོག་རིན་པོ་ཆེ༔ ཐུགས་ཀློང་རྒྱལ་བའི་ཆུ་གཏེར་ལས༔ རྒྱལ་ཡུམ་རྣམ་པར་རྒྱལ་མ་ཡི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མ་ལ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པ་ལ་བདག་གཞན་སེམས་ཅན་མཐའ་དག་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་རྗེས་ཟློས། ན་མོ༔ ཕྱོགས་བཅུའི་རྫོགས་སངས་རྒྱས་སོགས་སྒྲུབ་ཐབས་ལྟར་ལན་གསུམ། མ་གྱུར་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྨིན་གྲོལ་ལ་འཇུག་པར་བྱའོ་སྙམ་པས་སེམས་བསྐྱེད་པར་དམ་བཅའ་བའི་རྗེས་ཟློས། འགྲོ་བའི་སྡུག་བསྔལ་སོགས་གསུམ། ཚོགས་གསག་ཡན་ལག་བདུན་པ་སྤྲོ་ན་བཟང་སྤྱོད་ནས་འབྱུང་བའམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ལྟ་བུ་བྱའོ། །དེ་ནས་རྗེས་གནང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། བསང་སྦྱང་། གོང་གི་མདུན་བསྐྱེད་སྐབས་ལྟར། སྟོང་པའི་ངང་ལས་སའི་ཕྱོགས་སོགས་ནས། ཁྱེད་རང་རྣམས་བཅོམ་ལྡན་འདས་མ་གཙུག་ཏོར་སོགས་སྦྱར་ལ། སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་བའི་སྤྱི་བོར་ཨཱོྃ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་དང་མདུན་བསྐྱེད་གཙུག་ཏོར་རྣམ་པར་རྒྱལ་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །སྤོས་རོལ་དབྱངས་བཅས་སྤྱན་འདྲེན་ཤླཽ་ཀ་གཅིག་དང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །སློབ་དཔོན་དང་དབང་གི་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་དཀྱིལ་འཁོར་གྱི་རང་བཞིན་ཅན་གྱིས་སྤྱི་བོ་ནས་དབང་བསྐུར་བར་མོས་ཤིག །བུམ་དབང་བསྐུར་ལ། བསྐྱེད་པ་བུམ་པའི་ཀློང་ཡངས་ན༔ རྣམ་པར་རྒྱལ་མའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རྣམ་རྒྱལ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་སྐུའི་དབང་དང་རྗེས་གནང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལུས་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལ་དབང་བ་ཡིན་པས་བསྐྱེད་པའི་རིམ་པ་ལ་བརྩོན་པར་གྱིས་ཤིག །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་དཀར་པོ་ཏལ་གྱིས་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་ཐིམ་པར་མོས་ཤིག །ཤེལ་ཕྲེང་མགྲིན་པར་བཞག་ལ། རིན་ཆེན་ཤེལ་གྱི་ཕྲེང་བ་འདི༔ རྣམ་རྒྱལ་སྙིང་པོ་གསུང་གི་རྟེན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འཇིགས་བརྒྱད་ཞི་བའི་དབང་ཐོབ་ཤོག༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་དང་ཞི་བའི་རྗེས་གནང་ཐོབ། ངག་གི་སྒྲིབ་པ་དག །ངག་སྔགས་ཀྱི་དཀྱིལ་འཁོར་དུ་བསྒོམ་པ་ལ་དབང་བ་ཡིན་པས་བཟླས་བརྗོད་ལ་བརྩོན་ཞིང་ཞི་བའི་ཕྲིན་ལས་བསྒྲུབ་པར་གྱིས་ཤིག །བཅོམ་ལྡན་འདས་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་བཞིན་སྣ་ཚོགས་རྡོ་རྗེ་འཕྲོས་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག །རྒྱ་གྲམ་སྙིང་གར་བཞག་ལ། རབ་བརྟན་སྣ་ཚོགས་རྡོ་རྗེ་འདི༔ རྒྱལ་ཡུམ་རྣམ་རྒྱལ་ཐུགས་ཀྱི་རྟེན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་དང་རྒྱས་པའི་རྗེས་གནང་ཐོབ། ཡིད་ཀྱི་སྒྲིབ་པ་དག །སེམས་ཆོས་ཉིད་ཀྱི་འཁོར་ལོར་བསྒོམ་པ་ལ་དབང་བ་ཡིན་པས་ཏིང་ངེ་འཛིན་སྒོམ་པ་དང་རྒྱས་པའི་ཕྲིན་ལས་བསྒྲུབ་པར་གྱིས་ཤིག །ཕྱག་མཚན་འཆི་མེད་བདུད་རྩིས་བཀང་བའི་བུམ་པར་ཚེ་དཔག་ཏུ་མེད་པ་བཞུགས་པ་ཕྱག་ཏུ་གཏད་པར་མོས་ཤིག །ཚེ་བུམ་གཏད་ལ། རིན་ཆེན་བུམ་པར་ཚེ་དཔག་མེད༔ རྒྱལ་ཡུམ་ཡོན་ཏན་སྐྱེད་བྱེད་དེ༔ ཁྱོད་ལ་སྦྱིན་པས་ཚེ་འཕེལ་ཞིང༔ མོས་པ་དབང་དུ་འདུ་བར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡོན་ཏན་གྱི་དབང་དང་དབང་གི་རྗེས་གནང་ཐོབ། ཆ་མཉམ་གྱི་སྒྲིབ་པ་དག །དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པ་ལ་བརྩོན་པ་དང་དབང་གི་ཕྲིན་ལས་བསྒྲུབ་པར་གྱིས་ཤིག །ཐབས་ཤེས་ཟུང་དུ་འཇུག་པར་མཚོན་པའི་མདའ་གཞུ་གཏད་པར་མོས། མདའ་གཞུ་གཏད་ལ། ཐབས་ཤེས་སྐྱེད་པའི་མདའ་གཞུ་འདི༔ རྒྱལ་བའི་ཡུམ་གྱི་ཕྲིན་ལས་རྟེན༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བདུད་ལས་རྒྱལ་བའི་དབང་ཐོབ་ཤོག༔ དེས་ཕྲིན་ལས་ཀྱི་དབང་དང་དྲག་པོའི་རྗེས་གནང་ཐོབ། བྱ་བྱེད་ཀྱི་སྒྲིབ་པ་དག །ཕྲིན་ལས་མཐའ་དག་སྒྲུབ་པ་དང་ཁྱད་པར་མི་མཐུན་པའི་ཕྱོགས་ཚར་གཅོད་པའི་བརྟུལ་ཞུགས་ལ་བརྩོན་པར་གྱིས་ཤིག །ཅེས་དང་ཡེ་དྷར་ཤིས་བརྗོད་བྱའོ།། །། ༈ དེ་ནས་ཁྱད་པར་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་མགོན་པོ་དགོངས་སུ་གསོལ༔ མཁྱེན་བརྩེ་རྒྱལ་བའི་ཐུགས་ཀློང་དུ༔ རྣམ་པར་རྒྱལ་མ་ལ་བསྟེན་པའི༔ ཚེ་ཡི་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། གནང་བ་སྦྱིན་པ། ཧོ༔ འཇིགས་བརྒྱད་ཚེ་ཡི་གེགས་སེལ་ཞིང༔ ཡེ་ཤེས་ཚེ་ཡི་དངོས་གྲུབ་བདག༔ བཅུད་ཀྱི་རྒྱ་མཚོ་རྣམ་རྒྱལ་མའི༔ འཆི་མེད་བདུད་རྩིའི་ཆུ་ལ་རོལ༔ ཅེས་སྤྲོ་བ་བསྐྱེད། ཚེ་དབང་ཁོ་ན་བསྐུར་བའི་ཚེ། འདིར་སྐྱབས་སེམས་ཡན་ལག་བདུན་པ། བྱིན་འབེབ་བསྐྱེད་བསྟིམ་གོང་སྨྲོས་ལྟར་སྦྱར། སྔར་གྱི་རྗེས་སྦྲེལ་ན་མི་དགོས་པས། ཚེའི་བུམ་པར་རྒྱལ་ཡུམ་རྣམ་པར་རྒྱལ་མ་འོད་དུ་ཞུ་བའི་ཆུ་རྒྱུན་གྱིས་དབང་བསྐུར་བས། སྤྱི་གཙུག་ནས་རྐང་མཐིལ་ཡན་གྱི་ལུས་ཐམས་ཅད་འཆི་མེད་བདུད་རྩིས་ལྟེམས་ཀྱིས་གང་། མི་ཤིགས་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པར་མོས་ཤིག །རྣམ་བུམ་གྱིས་དབང་བསྐུར་ལ། ཧྲཱི༔ ཡངས་པའི་སྣོད་ཀྱི་དཀྱིལ་འཁོར་དུ༔ རིག་མདངས་ལྷ་ཚོགས་ཐུགས་རྗེའི་བཅུད༔ འཆི་མེད་ཚེ་ཡི་བདུད་རྩི་འདིས༔ ཕུང་ཁམས་ཚེ་རྒྱས་དབང་ཐོབ་ཤོག༔ ཨཱོྃ་བྷྲཱུྃ་སྭཱ་ཧཱ༔ ཨཱོྃ་ཨ་མྲྀ་ཏ་ཨཱ་ཡུར་ད་དེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་ལུས་འཆི་བའི་འཇིགས་པ་བཅོམ། ཚེ་དཔག་ཏུ་མེད་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཟླས་ལུང་སྦྱིན་པ་ནི། བྷྲཱུྃ༔ བསྐྱེད་རིམ་ལྷ་ཡི་གེགས་སེལ་ཞིང༔ ཚེ་ཡི་དངོས་གྲུབ་ཐོབ་པ་དང༔ བཟླས་པ་སྔགས་ཀྱི་བཅུད་དབབ་པས༔ ཚེ་ཡི་དངོས་གྲུབ་རྒྱས་པ་དང༔ རྟོགས་པའི་ཏིང་འཛིན་རང་གྲོལ་གྱིས༔ སྐྱེ་འཆི་གཉིས་མེད་དོན་རྟོགས་པའི༔ ངོ་བོ་སྒྲུབས་ཤིག་གྲུབ་པར་བྱོས༔ སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་ཐུགས་ཀར་ཟླ་བའི་སྟེང་དུ་བྷྲཱུྃ་ཡིག་གི་མཐར་སྔགས་ཕྲེང་དཀར་པོས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་རྣམས་བཅོམ་ལྡན་འདས་མར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཟླ་སྟེང་བྷྲཱུྃ་ཡིག་གི་མཐར་འཁོད་པའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས། གཞོམ་མེད་རྡོ་རྗེའི་གསུང་དུ་བྱིན་གྱིས་བརླབས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཤེལ་ཕྲེང་སྦྲེལ་ལ། ཡང་སྙིང་། སྙིང་པོ། གཟུངས་ཐུང་རྣམས་ལན་གསུམ་རེ། སྤྲོ་ན་གཟུངས་རིང་ཡང་བརྗོད། མེ་ཏོག་འབུལ་སྟེར་སྤྱི་མཐུན་བྱས་ཀྱང་ཆོག །གང་ལྟར་ཕྲེང་བ་མགྲིན་པར་བཞག་ལ་ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར། དེས་ངག་འཕོ་བའི་འཇིགས་པ་བཅོམ། ཆོས་སྒོ་མཐའ་ཡས་པའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །འཁོར་འདས་ཀྱི་བཅུད་དང་བརྟན་གཡོའི་དྭངས་མ་གཅིག་ཏུ་བསྡུས་པའི་བདུད་རྩི་སྨན་གྱི་རིལ་བུ་མྱང་བས་སྒྲིབ་མེད་རྡོ་རྗེའི་ཐུགས་སུ་བྱིན་གྱིས་བརླབས་པར་མོས་ཤིག །ཚེ་རིལ་སྦྱིན་ལ། ཧོ༔ རྟེན་ཅིང་འབྲེལ་འབྱུང་རྩི་ཡི་བཅུད༔ ཕུང་ཁམས་ཚེ་དཔལ་རྒྱས་པའི་སྨན༔ རྣམ་པར་རྒྱལ་མ་ལས་བྱུང་འདིས༔ ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨཱོྃ་ཨ་མྲྀ་ཏ་ཨཱ་ཡུར་ད་དེ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་འཁྲུལ་རྟོག་གི་འཇིགས་པ་བཅོམ། མཁྱེན་རབ་དཔག་ཏུ་མེད་པའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །རྒྱལ་ཡུམ་རྣམ་པར་རྒྱལ་མའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རང་བཞིན་རྣམ་རྒྱལ་མཆོད་རྟེན་གཏད་པས་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པའི་དབང་ཐོབ་པར་མོས་ཤིག །རྣམ་རྒྱལ་མཆོད་རྟེན་གཏད་ལ། ཧཱུྃ༔ རྡོ་རྗེའི་སྙིང་པོ་ལས་བྱུང་བའི༔ རྣམ་པར་རྒྱལ་མའི་ལམ་འདི་ནི༔ ཉན་ཐོས་རང་རྒྱལ་བྱང་སེམས་ལ༔ ལས་བརྟེན་ཀྲི་ཡའི་དཀྱིལ་འཁོར་ཏེ༔ བུམ་པའི་གཞལ་ཡས་ཁང་གི་དབུས༔ རྒྱལ་དང་བླ་མའི་ཆོས་འཁོར་ལོ༔ ཡོངས་རྫོགས་བཀའ་དབང་གཏད་པ་ཡིས༔ རིམ་པས་གནད་དོན་ལོན་པར་གྱིས༔ དེས་ཡོངས་རྫོགས་བཀའི་དབང་ཐོབ། འདི་ཉིད་ཀྱི་སྒོ་ནས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་པས་རང་དང་གཞན་གྱི་དོན་ཕྱོགས་མེད་དུ་བསྒྲུབ་པར་གྱིས་ཤིག །སྤྲོ་ན་རྫས་རྟགས་རྒྱལ་སྲིད་སྦྱར། ཡེ་དྷར་ཤིས་པ་བརྗོད་ལ་མེ་ཏོག་འཐོར། རྗེས་དམ་ཚིག་བསྒྲག་གཟུང་། མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མདུན་བསྐྱེད་མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་བདག་བསྐྱེད་སྐབས་ལྟར་དང་། ནོངས་བཤགས། རྟེན་དང་བསྟུན་པའི་གཤེགས་བསྟིམ་བྱ། བདག་བསྐྱེད་སྟོང་པར་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་ཤིས་བརྗོད་རྒྱས་བསྡུས་གང་འགྲུབ་བྱའོ། །འདི་གྲས་ཀྱི་ཆོག་ཁྲིགས་རྣམས་སུ་མདུན་བསྐྱེད་མེད་པར་གཞལ་ཡས་ཁང་དབུས་བུམ་པ་ལ་ལྷ་བསྐྱེད་ཁོ་ན་བྱས་འདུག་ཀྱང་བུམ་ལྷ་འོད་ཞུ་ཟིན་ནས་གཞལ་ཡས་ཁང་སྟོང་པ་ལས་དབང་ཞུ་ཡུལ་མེད་ཅིང་། སློབ་དཔོན་ལས་ལེན་ནའང་བྱ་རྒྱུད་དུ་ཁས་བླངས་པས་ལུགས་དེར་བདག་བསྐྱེད་མེད་པས་དེ་ལས་དབང་ལེན་པ་མེད་པའི་ཕྱིར། གོང་འོག་གང་དང་བསྟུན་ཀྱང་ཚུལ་འདི་ལྟར་འཐད་པར་ངེས་སོ། །ངན་འགྲོའི་སྒོ་བཅད་ཐར་པའི་ལམ་ཆེན་འབྱེད། །འཆི་བདག་འཇིགས་བཅོམ་འཆི་མེད་ཚེ་དབང་བརྙེས། །བདེ་ཆེན་ཞིང་དུ་རྣམ་པར་རྒྱལ་མ་ཡི། །གསང་གསུམ་སྣང་བའི་དགའ་སྟོན་རྟག་རོལ་ཤོག །འདི་ལ་བརྟེན་ནས་སྟོང་མཆོད་ཀྱི་ལག་ལེན་སྤྲོས་ཀྱང་ཆོག་ལ། ལས་མཇུག་སོགས་ལ་ཉེ་བར་མཁོ་བས་རྒྱལ་དབང་པདྨའི་གསུང་འཛིན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
ཞིང་སྐྱོང་དབང་མོ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 56)
ཨཱོྃ་སྭསྟི། དབྱིངས་ཀྱི་ཡུམ་ཆེན་བྷ་ར་ཧེ། །དུར་ཁྲོད་མ་མོའི་ཚུལ་བཟུང་ནས། །གདུག་པ་འདུལ་མཛད་ཞིང་སྐྱོང་མར། །བཏུད་ནས་སྒྲུབ་ཐབས་རྗེས་གནང་བཤད། །འདིར་དུར་ཁྲོད་ཀྱི་མ་མོ་ཞིང་སྐྱོང་དབང་མོའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ་སྟེགས་བུའི་ཁར་མེ་ལོང་ལ་སོགས་པའི་གཞི་ཁྲག་ཆང་གིས་བྱུགས་པ་ལ་སིནྡྷུ་རས་ཆོས་འབྱུང་བརྩེགས་མ་བྲིས་པ་ལ་ས་བོན་ནམ་ཚོམ་བུ་བཀོད། དེར་མཉྫི་ལ་གཏོར་མ་གྲུ་གསུམ་འཁོར་བཞིས་བསྐོར་བ་ཤ་ཁྲག་གིས་བརྒྱན་པ་ལ་མདའ་དར་ནག་པོ་དང་ཙཀླི་བཙུགས། དེའི་མདུན་དུ་མར་ཟན་གྱི་གཏོར་མ་དང་། ར་དཀར་མོའི་འོ་ཕུད། སྨན་དང་རཀྟ། མཐའ་མཆོད་པས་བསྐོར། གཡབ་དར། གླ་རྩི་དང་སྤོས་དཀར་སྦྱར་བའི་བདུག་སྤོས་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་ཁྲོས་ནག་སོགས་རྣལ་འབྱོར་མའི་རིགས་གང་འོས་ཤིག་གི་སྒོམ་བཟླས་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་འཇིགས་སུ་རུང་བའི་དུར་ཁྲོད་ཆེན་པོའི་དབུས་སུ་པདྨ་དང་ཉི་མ་ལ་གནས་པའི་བྷྱོ་ཡོངས་སུ་གྱུར་པ་ལས་མ་གཅིག་སྲིད་གསུམ་བདག་མོ་སྐུ་མདོག་སྨུག་ནག་རྔམ་ཞིང་ཁྲོས་པའི་ཉམས་ཅན་ཧཱུྃ་དང་བྷྱོའི་ང་རོ་དྲག་པོར་རྒོད་པ། ཞལ་གཅིག་ཕྱག་གཉིས་པ་གཡས་ཁྲག་འཛག་པའི་དགྲ་སྙིང་དྲོན་མོ་ཟ་ཞིང་གཡོན་སྲིད་གསུམ་གསལ་བའི་མེ་ལོང་འཛིན་པ། དར་དཀར་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན་མི་ལྤགས་ཀྱི་གཡང་གཞི་རློན་པ་ལྡིང་སྟབས་སུ་གྱོན་པ། རལ་པ་ཁམ་ནག་ཐུར་དུ་འཕྱང་ཞིང་རྣ་བ་ལ་དུང་ལོང་ཁྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་མགོ་བོ་རློན་པའི་དོ་ཤལ་ཅན། རུས་པའི་ཕྲེང་བ་དང་སེ་རལ་ཁ་འཕྱང་ཞིང་གཡོན་བརྐྱང་གིས་རོའི་གདན་ལ་འགྱིང་བ། འཁོར་གྱི་མ་མོ་དཀར་སེར་དམར་ལྗང་བཞི་སྙིང་དང་མེ་ལོང་འཛིན་པ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཏེ་གར་མཛད་པ། གཞན་ཡང་གནས་གསུམ་གྱི་མ་མོ་མཁའ་འགྲོ། དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ། ལས་བྱེད་ཤ་ཟ་འབུམ་སྡེ། སྤྲུལ་པའི་ཤྭ་ན་ཝ་དང་སྤྱང་ཀི་དྲེད་མོ་སོགས་མ་རུངས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་ཝཱི་ཀོ་ཊ་ལ་སོགས་པ་ཉེ་བའི་ཞིང་ཐམས་ཅད་ནས་བསྟན་སྲུང་མ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། བྷྱོཿ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད། །དུར་ཁྲོད་གནས་ནས་སྐུ་བཞེངས་ཤིག །བརྩེ་བའི་ཐུགས་ཀྱིས་གནས་འདིར་བྱོན། །རྣལ་འབྱོར་གདུང་བས་གསོལ་བ་འདེབས། །བརྗོད་བྲལ་འགྱུར་མེད་ཀློང་ཡངས་ནས། །ཡེ་ཤེས་རང་སྣང་རོལ་པའི་ཡུམ། །དུར་ཁྲོད་ལྷ་མོ་སྐུ་བཞེངས་ཤིག །དུས་ལ་བབ་ཀྱིས་ད་ཚུར་བྱོན། །ཨཱོྃ་ཤྨ་ཤཱ་ན་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿཔདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་པས་བཞུགས་སུ་གསོལ། ཨཱོྃ་ན་མོ་ན་མཱ་མི། ཞེས་པས་ཕྱག་བྱ། ཧཱུྃ། དམར་ཆེན་མཆོད་ཡོན་དབང་པོའི་མེ་ཏོག་བཞད། །སྣ་ཚོགས་གསུར་དུད་ཞུན་ཆེན་སྦར་བའི་མེ། །མཁྲིས་ཆེན་བྱུགས་པ་ཤ་རུས་བཟའ་བའི་ཚོགས། །མི་བཟད་སྒྲ་དབྱངས་མྱོས་བྱེད་དཔའ་བོའི་བཅུད། །ལྦུ་ཕྲེང་དོ་ཤལ་གཡོ་བའི་རཀྟའི་སྐྱེམས། །འདོད་ཡོན་ཚོགས་དང་གཏོར་མའི་ལོངས་སྤྱོད་སོགས། །རབ་འབྱམས་ནམ་མཁའ་གང་བའི་མཆོད་པའི་སྤྲིན། །དུར་ཁྲོད་མ་མོ་འཁོར་དང་བཅས་ལ་འབུལ། །ཨཱོྃ་ཤྨ་ཤཱ་ན་པ་ཏི་ས་པ་རི་བཱ་རེ་བྷྱཿཨརྒྷཾ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སྨན་རཀ་སྟོབ། རྩ་སྔགས་ཀྱི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་གྱིས་གཏོར་མ་ཕུལ་ནས་འདོད་དོན་གསོལ། བསྟོད་པ་ནི། ཧཱུྃ༔ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད༔ སྐུ་ནི་མི་རྫུ་དགུ་རུ་རྫུ༔ ཆིབས་སུ་དྲེད་མོ་ཁམ་ནག་འཆིབ༔ མདོག་ནག་ཞལ་གདངས་སྤྱན་བགྲད་མ༔ རལ་པ་བསིགས་པས་ས་གཞི་ཁེབས༔ ཕྱག་གཡས་ཞིང་ཆེན་རྒྱལ་མཚན་འཕྱར༔ གཡོན་པས་ནལ་བུའི་དོན་སྙིང་ཟ༔ གནད་ནས་དྲག་ཏུ་བསྐུལ་བའི་ཚེ༔ གཅན་གཟན་བཞི་པོ་ཕོ་ཉར་འགྱེད༔ ནོར་ལ་ངན་ཞིང་དཀོར་ལ་དད༔ ལས་ལ་མྱུར་བའི་མ་མོ་ཁྱོད༔ དུར་ཁྲོད་རྒྱུ་བ་མི་བསྲུན་གཟུགས༔ སྲིད་པའི་མ་མོ་ཆོ་འཕྲུལ་ཅན༔ གླིང་བཞི་སྐོར་ཞིང་མི་ལྤགས་གྱོན༔ དམ་ཉམས་དགྲ་ཡི་སྲོག་གཅོད་མ༔ དཀོར་ནོར་ཁབ་དང་སྐུད་པ་ཙམ༔ མ་བཞག་དྲག་པོའི་ཡུས་ཀྱིས་ལོངས༔ རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས༔ གར་བཞུགས་གནས་དང་དགོན་པའི་རིགས༔ བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས༔ སྔ་དགྲ་བྱས་པའི་རྩ་བ་ཆོད༔ ཕྱི་དགྲ་སེམས་པ་དྲུངས་ནས་ཕྱུངས༔ ད་ལྟའི་དགྲ་བོ་རྡུལ་དུ་རློགས༔ རྡོ་རྗེ་མཐུ་ཡི་ཞགས་ནག་དེ༔ བསྟན་པ་བཤིག་པའི་སྐེ་ལ་ཐོབས༔ དགྲ་བྱེད་ཕ་ཁུ་ཡིན་ཡང་སྒྲོལ༔ དམ་ཉམས་སློབ་མ་ཡིན་ཡང་སོད༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ སྣང་སྲིད་དབང་དུ་སྡུས་མཛོད་ལ༔ བདག་ཅག་ཆོས་མཛད་སྒྲུབ་པ་པོའི༔ ཆོས་ཀྱི་མཐུན་རྐྱེན་རྟག་ཏུ་སྦྱོར༔ མི་མཐུན་བདུད་ཀྱི་ཟང་ཟིང་རྣམས༔ སྐད་ཅིག་མ་གཏང་ཐུགས་རྗེ་ཅན༔ དཀོར་བདག་ཆེན་མོ་ཁྱོད་ཉིད་ཀྱིས༔ བཅོལ་བའི་ཕྲིན་ལས་སྒྲུབ་པའི་དུས༔ དགྲ་བོའི་ཡུལ་དང་སྒོ་དྲུང་དུ༔ ཀུན་གྱིས་ཐོས་པའི་འོ་དོད་བོས༔ ལྟས་ངན་ཟད་མི་ཤེས་པ་སྟོན༔ དགྲ་བོའི་ཡུལ་ཁམས་སྟོངས་སུ་ཆུགས༔ རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར༔ རྣལ་འབྱོར་ཆེ་བ་ཐོན་པར་མཛོད༔ ཅེས་གཏེར་གཞུང་ལས་བྱུང་བའི་བསྟོད་བསྐུལ་དང་། བསྟོད་པ་གཞན་ཤེས་ན་དེ་ལྟར་བྱས་པས་ཀྱང་རུང་ངོ་། །བཟླས་པ་ནི། མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨཱོྃ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛ༔ ཞེས་འབོད་སྔགས་ཅི་ནུས་བཟླ་ཞིང་། དེ་ལས་གཞན་དུ་རྦད་གསད་ལ་སོགས་པ་ནི་སྐབས་འདིར་བཟླ་བ་གཉན་ཆ་ཆེ་ཞིང་རྒྱུ་མཚན་མེད་པས་དེ་ཙམ་མོ། །གང་ལྟར་བཟླས་པའི་མཐར་མར་ཟན་གྱི་གཏོར་མ་དང་འོ་ཕུད་ཀྱིས་མཆོད་ཅིང་འདོད་དོན་གསོལ། སྐོང་བཤགས་སོགས་བྱེད་ནའང་སྐབས་འདི་ཉིད་དུའོ། །མཐར་གཏོར་མ་བསྟབ་པ་དང་གཤེགས་བསྡུ་སོགས་སྤྱི་དང་འདྲའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་བྱས་ནས། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་པ་རྣམས་སྔོན་དུ་འགྲོ་བས། མཚམས་སྦྱོར་གྱི་ཁྱད་པར། འདིར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་ཕྲིན་ལས་ཀྱི་ཕོ་ཉ་མོ་དུར་ཁྲོད་བདག་མོ་ཞིང་སྐྱོང་ངན་ནེ་མ་ཞེས་བྱ་བ་དྲག་རྩལ་མྱུར་མགྱོགས་ཀྱི་མཐུ་སྟོབས་དང་ལྡན་པའི་བསྟན་སྲུང་དབང་མོ་འདི་ཉིད། ངེས་པའི་དོན་དུ་རྒྱལ་ཡུམ་ལྷན་ཅིག་སྐྱེས་མ་དང་རྣམ་དབྱེར་མེད་ཅིང་རྣལ་འབྱོར་གསང་མཐའི་རྒྱུད་ལས་གསུངས་པའི་ཡུལ་ཉེར་བཞིའི་ནང་ཚན་དེ་ཝཱི་ཀོ་ཊིའི་ཞིང་སྐྱོང་ཡུམ་ལངྐའི་དབང་ཕྱུག་མའང་འདི་ལས་གཞན་དུ་མེད་ཅིང་། གནས་སྐབས་བསྟན་པ་སྐྱོང་ཞིང་དགྲ་བགེགས་འདུལ་བ་དང་རྣལ་འབྱོར་པ་རྣམས་ཀྱི་དཀོར་ནོར་སྲུང་བའི་ཆེད་དུ་ཤ་ཟའི་མ་མོ་ཆེན་མོའི་སྐུར་བཞེངས་པ་སྟེ། དེ་ཡང་སྔོན་མེ་རི་འབར་བའི་དུར་ཁྲོད་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བསྟན་པ་སྲུང་བར་དབང་བསྐུར་ནས་འདིའི་རྒྱུད་གསུངས་ཤིང་། དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་རྗེ་རྣལ་འབྱོར་མས་སྐྱེ་རྒྱུད་སྒྲུབ་ཐབས་དང་བཅས་པ་གསུངས་ནས་ཕྲིན་ལས་ཀྱི་གཉེར་གཏད། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དམ་ཚིག་གི་གསོས་བཏབ་ནས་བཀའ་བསྒོས་པ་ལྟར་རང་གིས་ཁས་བླངས་ཤིང་དམ་བཅས་པ་ལ་བརྟེན་ནས། བསྟན་པ་བསྟན་འཛིན་དཀོར་ནོར་དང་བཅས་པ་སྐྱོང་བ་ལ་གཡེལ་བ་མེད་པའི་མཐུ་སྟོབས་ཅན། ནང་དུ་སྙིང་ཉེ་ལ་བཀྲ་ཤིས། ཕྱི་རུ་རྣོ་མྱུར་ཚན་ཆེ་བ། ཁྱད་པར་རང་རེའི་བརྒྱུད་པ་འདི་ལ་འགོ་ཞིང་ཕྲིན་ལས་མཛད་པ་ལ་ནམ་ཡང་མི་གཡེལ་བའི་སྲུང་མ་འདི་ཉིད་ཀྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་རྣམས་སྙིགས་མའི་དོན་དུ་གཏེར་ཁ་དུ་མར་སྦ་བར་མཛད་པ། གཏེར་སྟོན་སོ་སོས་སྤྱན་དྲངས་པའི་མན་ངག་གི་ཟབ་གནད་ཐམས་ཅད་ཀྱང་འདུས་ཤིང་། ཁྱད་པར་མངའ་བདག་ཉང་རལ་པ་ཅན་གྱིས་བསམ་ཡས་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་སྒྲུབ་སྐོར་དང་འབྲེལ་བའི་སྲོག་དབང་ཟབ་མོ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་ལ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། བཅོམ་ལྡན་རྡོ་རྗེ་ཁྲོས་མ་གཙོ༔ བསྐྱེད་བྱ་སྐྱེད་བྱེད་བྲལ་བའི་ཡུམ༔ སྣང་སྟོང་དབྱེར་མེད་ལྷག་པའི་ལྷ༔ བརྩེ་བར་དགོངས་ཤིག་དེང་ནས་གཟུང༔ ཁྱེད་ལ་བདག་ནི་སྐྱབས་སུ་མཆི༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ། སློབ་དཔོན་རྡོ་རྗེ་ཁྲོས་མ་དང་། མདུན་བསྐྱེད་མ་མོ་འཁོར་བཅས་མངོན་རྟོགས་ལྟར་གསལ་འདེབས་སུ་བཅུག་ལ། ཡན་ལག་བདུན་པ་གང་འོས་ཀྱིས་རྒྱུན་བཤགས་དང་། བཅོམ་ལྡན་རིགས་ལྔ་རྒྱལ་བའི་ཡུམ༔ རིགས་ལྔའི་སྡོམ་པ་བདག་གིས་གཟུང༔ དམ་ཚིག་སྡོམ་པ་མ་ལུས་པ༔ བདག་གིས་ཡོངས་སུ་གཟུང་བར་བགྱི༔ ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། བཅོམ་ལྡན་འདས་མ་རྒྱལ་བའི་ཡུམ༔ སྐུ་ཡི་རྗེས་སུ་གནང་བ་དང༔ ལྷ་མོ་ཁྱོད་ཀྱི་སྐུ་ཡི་བྱིན༔ བརྩེ་བའི་ཐུགས་ཀྱིས་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མ་མོའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་དུར་ཁྲོད་མ་མོའི་སྐུ་བསམ་གྱིས་མི་ཁྱབ་པ་བྱུང་བ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པར་གྱུར་སྙམ་པ་མཛོད་བྱས་ལ། ཨཱོྃ་བཛྲ་བྷ་ར་ཧེ་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ཞེས་པ་དང་། མ་མོའི་སྔགས་དྲག་ཏུ་བཟླ་ཞིང་རོལ་མོའི་སྒྲ་བྱ། སྦྱར་སྤོས་ཀྱིས་བདུག །སློབ་མའི་ལུས་གནས་གྱུར་མ་མོའི་སྐུ་དང་གཉིས་མེད་དུ་གྱུར་པར་སྒོམས། མཎྜལ་གྱི་སིནྡྷུ་ར་མཐེབ་སྲིན་གྱིས་བླངས་པས་དཔྲལ་བར་ཐིག་ལེ་བྱས་ལ། སྙིང་པོའི་མཐར་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ་བརྟན་པར་བྱ། སྐུའི་རྗེས་གནང་ངོ་། །བཅོམ་ལྡན་འདས་མ་རྒྱལ་བའི་ཡུམ༔ གསུང་གི་རྗེས་སུ་གནང་བ་དང༔ ལྷ་མོ་ཁྱོད་ཀྱི་གསུང་གི་སྒྲ༔ བརྩེ་བའི་ཐུགས་ཀྱིས་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མ་མོའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་དམར་ནག་བུང་བ་ཚང་ཞིག་པ་ལྟར་གྲགས་སྟོང་སྐྱེ་མེད་ཀྱི་རང་སྒྲ་སྒྲོག་བཞིན་པར་བྱུང་བ་ཁྱེད་རང་རྣམས་ཀྱི་ངག་ལ་ཐིམ་པར་གྱུར། སྔགས་དང་སྤོས་རོལ་བྱ། ངག་གནས་གྱུར་ལྷ་མོའི་གསུང་དང་གཉིས་མེད་དུ་གྱུར། ཐིག་ལེ་མགྲིན་པར་བཀོད་ལ། སྙིང་པོའི་མཐར་ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ་བརྟན་པར་བྱ། གསུང་གི་རྗེས་གནང་ངོ་། །བཅོམ་ལྡན་འདས་མ་རྒྱལ་བའི་ཡུམ༔ ཐུགས་ཀྱི་རྗེས་སུ་གནང་བ་དང༔ ཕོ་ཉའི་ལམ་གྱིས་ས་བགྲོད་ཅིང༔ བདེ་སྟོང་ཡེ་ཤེས་བདག་ལ་སྩོལ༔ ཅེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་མ་མོའི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་གྲི་གུག་ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་སོགས་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་བྱུང་བ་ཁྱེད་རང་རྣམས་ཀྱི་ཡིད་ལ་ཐིམ། སྔགས་དང་སྤོས་རོལ་བྱ། ཡིད་གནས་གྱུར་ལྷ་མོའི་ཐུགས་དང་གཉིས་མེད་དུ་གྱུར། ཐིག་ལེ་སྙིང་གར་བཀོད་ལ། སྙིང་པོའི་མཐར་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ་བརྟན་པར་བྱ། ཐུགས་ཀྱི་རྗེས་གནང་ངོ་། །བཅོམ་ལྡན་འདས་མ་རྒྱལ་བའི་ཡུམ༔ ཁྱོད་ཀྱི་སྐུ་གསུང་ཐུགས་དང་ནི༔ ཕྲིན་ལས་རྣམ་བཞིའི་དངོས་གྲུབ་རྣམས༔ མྱུར་དུ་སྩོལ་ཅིག་ཕྱག་རྒྱ་ཆེ༔ ཞེས་གསོལ་བ་བཏབ། ནང་མཆོད་ཀྱི་བདུད་རྩི་བྱིན་ལ། ལུས་དྲང་པོར་བསྲང་རླུང་རང་སོར་གཞག །སེམས་རྟོག་མེད་ཀྱི་རང་རྩལ་ལྷ་སྐུའི་སྣང་ཆ་ཤེལ་ལྟར་དྭངས་པ་ལ་ཅུང་ཟང་གཞག་ནས། སྙིང་གའི་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་འདུས་ནས་རང་ཉིད་ལ་ཐིམ། དེ་ཡང་སྙིང་གའི་ཧཱུྃ་ལ་ཐིམ། དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་པ་ལས་མཐར་དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་མཉམ་པར་འཇོག །སླར་ཡང་ལྷ་སྐུར་ལངས་པའི་སྙིང་གར་བྷྱོ་ཡིག་བཀོད། སྔགས་ཕྲེང་སྤྲོ་བསྡུའི་དམིགས་པ་ཕོག་ནས་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་བས་དེའི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན། སློབ་མའི་ཁར་ཞུགས་ཏེ་སྙིང་གར་ཐིམ་པར་མོས་ལ་སྙིང་པོའི་རྗེས་ཟློས་ལན་གསུམ། འདིར་གནད་གཅིག་ཞལ་ལས་ཤེས། མཐར་གཏོར་མ་ལག་ཏུ་གཏད་ནས་བརྒྱུད་པའི་བཤར་འདེབས་སྔོན་དུ་འགྲོ་བས་བཀའ་བསྒོ་སྤྱི་ལྟར་བྱས་པའི་མཐར། བཅོམ་ལྡན་འདི་ལ་འགོ་བ་དང༔ འདི་ལ་བསྲུང་ཞིང་བསྐྱབ་ཏུ་གསོལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ གཞུ་གང་ཙམ་ལས་རྒྱང་མ་རིང༔ ཞྭ་གང་ཙམ་ལས་དཔངས་མ་མཐོ༔ རྗེ་བོར་བསྟེན་ན་དབང་མ་ཆེ༔ གྲོགས་པོར་བསྟེན་ན་གཞུང་མ་ངན༔ བྲན་ལྟར་བསྟེན་ན་སྒབ་མ་ལྗི༔ དམ་པ་རྣམས་ཀྱི་བཀའ་མ་བཅག༔ བཅོལ་བའི་ལས་རྣམས་གྲུབ་པར་མཛོད༔ ཅེས་བཀའ་བསྒོས། མཐར་གཏོར་མ་ལ་ནང་མཆོད་རྡོ་རྗེས་བྲན་ལ། ཨཱོྃ་བཛྲ་ས་མ་ཡ་ཨ་མྲྀཏ་ཧཱུྃ༔ ཧཱུྃ་ཧ་རི་ནི་ས་སིདྡྷི་ཛ༔ ཨཱོྃ་ར་ལི་པྲ་མ་ཡ་ཛཿཛཿཧོ༔ ཞེས་ལྷ་མོ་དམ་ལ་བཞག །གཏོར་མ་དང་ནང་མཆོད་ནས་ཅུང་ཟད་ཅིག་སློབ་མ་ལ་སྦྱིན་ཏེ་སྔགས་སྔར་ལྟར་བརྗོད་པས་དམ་བསྲེའོ། །མཆོད་གཏོར་ལ་བརྩོན་པ་སོགས་དམ་ལ་གནས་པར་གདམས། ཁས་བླང་བ་སོགས་སློབ་མ་དང་། མདུན་བསྐྱེད་རྗེས་ཆོག་རྣམས་ཀྱང་སྔར་བཞིན་བྱའོ།། ༧ །།ཐུན་མོང་ནི་བཅའ་གཞི་གཏོར་མ་ཙམ་ལ་བརྟེན་ནས། དངོས་གཞི་ལྷ་སྔགས་ཕྱག་མཚན་སྤྲོ་བསྟིམ་དང་གཏོར་མའི་བཀའ་བསྒོ་ཙམ་གྱིས་འགྲུབ་ཅིང་། སློབ་མ་ཐུན་མོང་བ་ལ་ཐུན་མོང་གི་བཀའ་དང་ཐུན་མོང་མིན་པ་ལའང་དེ་བཞིན་ཏེ། དེ་ལས་བཟློག་ན་བཀའ་ཆད་ཀྱི་ཉེས་དམིགས་ཡོད་པས་གོང་དུ་བཤད་པ་དེ་ལ་བཀའ་དོག་པར་བྱའོ། །འ༵གྱུར་བ་མེ༵ད་པར་དུས་ཀུན་ཏུ། །ལས་མཛད་རྡོ༵་རྗེ༵འི་སྲུང་མ་ཆེའི། །སྒྲུབ་ཐབས་ཚིག་གིས་མ་རྙོགས་པའི། །སྙིང་པོའི་བདུད་རྩི་འདི་རྨད་བྱུང་། །ཞིང་སྐྱོང་དབང་མོ་དུར་ཁྲོད་བདག་མོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་ (Volume 62, Text 56)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་བཞུགས་སོ༔ སྡེ་གསུམ་ནང་སྐོར་ཀློང་སྡེ། ྈྈྈྈྈྈྈ ན་མོ་གུ་རུ་དྷཱ་ཀི་ནཱི་ཡེ༔ ནང་སྐོར་མཁའ་འགྲོའི་སྒྲུབ་ཐབས་ནི༔ རང་བྱུང་ཡེ་ཤེས་ཕོ་བྲང་དུ༔ མཁའ་འགྲོ་ཆོས་འབྱུང་འབར་བའི་དཀྱིལ༔ དམིགས་པ་མེད་པའི་ལྟ་བའི་ཀློང༔ རང་བཞིན་གསལ་དྭངས་སྒོམ་པར་ཤར༔ བདེ་བ་ཆེན་པོའི་སྤྱོད་པའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ རོལ་པ་བདེ་བའི་སྟོབས་ལྡན་མ༔ འབུམ་ཕྲག་མཁའ་འགྲོ་ཀུན་གྱི་གཙོ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ༔ ཕྱག་གཡས་ཐོད་པའི་ཅང་ཏེའུ་འཁྲོལ༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ ཞི་ཆགས་ཁྲོས་པའི་ཉམས་འགྱུར་རྫོགས༔ སྐྲ་གྲོལ་ཐོར་གཙུག་ནོར་བུ་དང༔ རིན་ཆེན་རུས་པ་དར་སྣས་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི༔ བདེ་བ་ཆེན་པོའི་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་འཇའ་འོད་ཀློང༔ པད་ཉི་བམ་རོའི་སྙིང་གར་བརྫིས༔ ཁ་ཊྭཱཾ་ག་ནི་མཆན་གཡོན་བརྟེན༔ ཕྱི་རོལ་ཆོས་འབྱུང་ཟུར་དྲུག་ལ༔ མདུན་ནས་བརྩམ་སྟེ་གཡས་སྐོར་དུ༔ རྡོ་རྗེ་ཕག་མོ་ནམ་མཁའི་མདངས༔ གཤིན་རྗེ་བརྟན་མ་གསེར་འོད་འཚེར༔ རྨོངས་པར་བྱེད་མ་ཟླ་ལྟར་དཀར༔ སྐྱེད་པར་བྱེད་མ་སྐུ་མདོག་སེར༔ སྒྲོལ་བར་བྱེད་མ་མརྒད་མདོག༔ གཏུམ་མོ་དུ་བའི་མདོག་ཅན་རྣམས༔ རྒྱན་དང་ཕྱག་མཚན་གཙོ་མོའི་ཚུལ༔ ཚོགས་དྲུག་རྟོག་པ་དབྱིངས་ཐིམ་པའི༔ ཡེ་ཤེས་དྲུག་གི་སྐུ་རུ་བཞེངས༔ གཞན་ཡང་རིག་འཛིན་བླ་མ་དང༔ ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ ཆོས་སྲུང་དྲེགས་པ་སྤྲིན་ལྟར་གཏིབས༔ ཆུ་ཟླ་འཇའ་ཚོན་ཇི་བཞིན་དུ༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ བྱིན་རླབས་དབང་བསྐུར་སྤྱན་འདྲེན་སོགས༔ དོན་གྱི་ཕྲིན་ལས་ཅི་རིགས་དང༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་གྱི༔ ཏིང་འཛིན་གསལ་བརྟན་མཐར་ཕྱིན་བྱ༔ ཡང་དག་ཛཔ྄་ཀྱི་དགོངས་པ་ནི༔ རང་ཉིད་བདེ་བའི་སྟོབས་ལྡན་མའི༔ ཐུགས་ཀར་ཙིཏྟ་རིན་པོ་ཆེ༔ ཟུར་དྲུག་མཆོང་གུར་ལྟ་བུའི་དབུས༔ ཉི་ཟླའི་གྭ་འུ་ཁ་སྦྱོར་ནང༔ བཾ་ཡིག་མར་མེ་ལྟར་འབར་བའི༔ ནཱ་ད་ལས་ཀྱི་སྔགས་ཀྱི་ཕྲེང༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་རྩོལ་མེད་སྐྱེ་བར་བསམ༔ ཨཱོྃ་བཾ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ བསྙེན་པ་ཐོན་ནས་སྒྲུབ་པ་ནི༔ ཙིཏྟ་རིན་ཆེན་འབར་བའི་དབུས༔ ཨེ་བསྣོལ་ཟུར་དྲུག་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་བཾ་གྱིས་མཚན༔ རྩིབས་ལ་ཡི་གེ་འབྲུ་དྲུག་ཤར༔ ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ༔ ཨེ་ནི་རྡོ་རྗེ་ཕག་མོ་སྟེ༔ ཡཾ་ནི་གཤིན་རྗེ་བརྟན་མ་སེར༔ ཧཾ་ནི་རྨོངས་པར་བྱེད་མ་དཀར༔ ལཾ་ནི་སྐྱེད་པར་བྱེད་མ་སེར༔ རཾ་ནི་སྒྲོལ་བར་བྱེད་མ་ལྗང༔ ཧཱུྃ་ནི་གཏུམ་མོ་དུ་བའི་མདོག༔ ངོ་བོ་ལྷ་ལ་རྣམ་པ་སྔགས༔ རྣམ་ཤེས་ཚོགས་དྲུག་རྣམ་དག་པའི༔ ཡེ་ཤེས་དྲུག་གི་ངོ་བོར་ལྟ༔ རྡོ་རྗེའི་སྔགས་ཀྱི་སྒྲས་བསྐུལ་བས༔ རབ་འབྱམས་ཞིང་གི་དྷཱ་ཀི་ནཱི༔ ཐམས་ཅད་བདེ་བ་ཆེན་པོས་བརྙེས༔ བདེ་ཆེན་ཡེ་ཤེས་རྩོལ་མེད་འབར༔ བདེ་བའི་བདུད་རྩིར་ཞུ་བ་ཉིད༔ བདག་ཐིམ་བྱིན་རླབས་འབར་བར་བསམ༔ ཨཱོྃ་བཾ་ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ་མ་ཧཱ་སུ་ཁ་སིདྡྷི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཐུན་མཚམས་སིནྡྷུ་ཆང་སྦྱར་བའི༔ བདུད་རྩིའི་སྙིང་གའི་ཐིག་ལེ་མཆོད༔ དེ་ལྟར་རྩེ་གཅིག་ཁྲི་ཕྲག་བཞི༔ བཟླས་པས་བདེ་ཆེན་ཡེ་ཤེས་སྐྱེ༔ གསལ་ཞིང་མི་རྟོག་དབྱེར་མེད་པའི༔ དོན་གྱི་མཁའ་འགྲོ་དངོས་སུ་འགྲུབ༔ ལས་སྦྱོར་མདུན་དུ་ཀ་པཱ་ལ༔ མཚན་ལྡན་བདུད་རྩི་རིལ་བུ་དང༔ དར་སྣ་རིན་ཆེན་འབྲུ་སྨན་བཀང༔ རང་གི་མདུན་དུ་བཤམས་ནས་ཀྱང༔ རང་མདུན་དུར་ཁྲོད་འཇིགས་པའི་དབུས༔ ཀེང་རུས་བརྩེགས་པའི་རི་བྲག་སྟེང༔ ཡི་གེ་ཛ་དྷཱ་ད་གསུམ་ལས༔ ལས་བྱེད་མཁའ་འགྲོ་རྣམ་པ་གསུམ༔ དམར་མཐིང་དཀར་བའི་མདངས་དང་ལྡན༔ ཞལ་གསུམ་ཕྱག་བཞིའི་དང་པོ་གཉིས༔ རྡོ་རྗེ་སྡིགས་མཛུབ་ཁ་ཊྭཱཾ་གསོར༔ ཐ་མ་ཌཱ་རུ་ཐོད་ཆང་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ པདྨ་ཉི་མ་བཾ་རོའི་སྟེང༔ རོལ་པའི་སྟབས་ཀྱིས་བཞུགས་པར་བསམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསྒོམ༔ བདག་ཉིད་མཁའ་འགྲོ་སྟོབས་ལྡན་མའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ མཁའ་འགྲོ་གསུམ་གྱི་རྒྱུད་བསྐུལ་ཞིང༔ དེ་ལས་རང་འདྲ་མཁའ་ཁྱབ་འཕྲོས༔ རྒྱལ་བ་སྲས་བཅས་རྩ་གསུམ་ལྷ༔ མཁའ་འགྲོ་དམ་ཅན་ཚོགས་བཅས་ལ༔ བདེ་ཆེན་ཡེ་ཤེས་མཆོད་པར་འབུལ༔ བདེ་བ་ཆེན་པོའི་དངོས་གྲུབ་བཅུད༔ མདུན་གྱི་སྒྲུབ་པའི་རྫས་ལ་ཐིམ༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨཱོྃ་ཛ་ཧ་ན་དྷ་ཧ་ན་ད་ཧ་ན་སིདྡྷི་ཧཱུྃ༔ ཁྲི་ཕྲག་གཅིག་གིས་མཚན་མ་ཐོབ༔ རྟགས་མཚན་འགྱངས་ན་སྔགས་ཤམ་གདགས༔ སརྦ་སིདྡྷི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཛཿཧཱུྃ་བཾ་ཧོ༔ འོད་དང་སྒྲ་སོགས་རྟགས་མཐོང་ཚེ༔ དངོས་གྲུབ་བླང་ཞིང་གསང་སྟེ་བཅང༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ སིདྡྷི་ཐམས་ཅད་བརྟན་པར་འགྱུར༔ ཁྱད་པར་བདེ་ཆེན་འབར་གཡོ་བརྟན༔ མངོན་སུམ་ཡེ་ཤེས་སྣང་བ་འཆར༔ དེ་ལྟ་བུ་ཡི་གསང་སྒྲུབ་འདི༔ བཻ་རོ་བདག་གི་ཐུགས་ཁྲག་སྟེ༔ དཔེ་རྒྱུད་འཆོལ་བར་བསྟན་པ་ལས༔ སྙན་བརྒྱུད་མན་ངག་ཉམས་པའི་ཚེ༔ ཡེ་ཤེས་སྙིང་པོ་ཚིག་གི་རྒྱུད༔ མངའ་བདག་ཡབ་སྲས་རྣམ་འཕྲུལ་སོགས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ ཤིན་ཏུ་གསང་བ་དམ་ཚིག་གོ༔ ས་མ་ཡ་རྒྱ་རྒྱ༔ དེ་ལྟ་བུ་ཡི་བསྙེན་སྒྲུབ་དང༔ ལས་སྦྱོར་ཚུལ་བཞིན་ཉམས་ལེན་ཚེ༔ ཕྱི་དཀྱིལ་ཕྱི་རུ་བཀོད་པ་ནི༔ མདུན་དུ་ཟངས་ཀྱི་མཎྜལ་དབུས༔ ཆོས་འབྱུང་བསྣོལ་མའི་ལྟེ་བ་རུ༔ མེ་ཏོག་དམར་པོའི་ཚོམ་བུ་དགོད༔ དེ་སྟེང་བདུད་རྩིའི་ཐོད་པ་དང༔ མེ་ལོང་སིནྡྷུའི་ཆོས་འབྱུང་དཀྱིལ༔ བཾ་དང་རྩིབས་དྲུག་ཨེ་ཡཾ་སོགས།སྔགས་བཅས་བྲི༔ ཕྱི་ནང་ཚོགས་མཆོད་ཅི་འབྱོར་བཤམས༔ ལས་གཞུང་བསྲང་ལ་བསྙེན་སྔགས་བཟླ༔ ༈ ནང་དཀྱིལ་ལུས་ལ་དགོད་པ་ནི༔ དར་རས་གྲོ་ཤོག་དམར་པོ་ལ༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ རང་བྱུང་ཅུ་གང་སིནྡྷུ་ར༔ མཚལ་དང་སྦྱར་ནས་ཆོས་འབྱུང་ནི༔ ཟུར་དྲུག་མུ་ཁྱུད་དང་བཅས་པའི༔ ལྟེ་བ་རྩིབས་ལ་ས་བོན་དང༔ མུ་ཁྱུད་དང་པོར་བསྙེན་སྒྲུབ་ཀྱི༔ སྔགས་མཐར་ཤམ་བུ་འདི་སྤེལ་བྲི༔ སརྦ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ གཉིས་པར་དབྱངས་གསལ་རྟེན་སྙིང་དང༔ གསུམ་པ་རྡོར་ར་མེ་རིས་བརྒྱན༔ འབྲི་བའི་རྫས་ཀྱིས་བྱུག་ནས་ཀྱང༔ རབ་གནས་མི་ལག་མ་བརྒྱུད་པར༔ ལུས་ཀྱི་དྲོད་དང་མ་བྲལ་བཅང༔ ལས་ཀྱི་གཞུང་བསྲང་སྒྲུབ་པའི་སྔགས༔ གཙོ་བོར་བྱས་ནས་བཟླས་པར་བྱ༔ ༈ གསང་དཀྱིལ་སེམས་ལ་དགོད་པ་ནི༔ མཚན་མེད་ཟབ་མོའི་རྫོགས་རིམ་སྟེ༔ ཐུན་དང་ཐུན་མཚམས་ཐམས་ཅད་དུ༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ཏེ༔ བདེ་བའི་སྟན་ལ་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་འོག་གི་རླུང༔ ཡིད་ཙམ་འཐེན་ལ་ལྟེ་བར་བསྐྱིལ༔ ལུས་སེམས་བདེ་བས་ཁྱབ་པར་བསམ༔ དབང་པོའི་སྒོ་རྣམས་མ་བཀག་ཅིང༔ ཁྱད་པར་མིག་འབྲས་མི་གཡོ་བར༔ ནམ་མཁའི་དབྱིངས་སུ་ཧ་རེ་གཏོད༔ གསལ་སྟོང་བརྗོད་མེད་ལམ་དུ་ཁྱེར༔ མཐར་ཐུག་རང་སེམས་མ་བཅོས་པ༔ དུས་གསུམ་སྤྲོས་ལས་འདས་པའི་ཀློང༔ མི་རྟོག་བསམ་འདས་བརྗོད་མེད་ངང༔ ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བསྐྱངས༔ བདེ་གསལ་མི་རྟོག་དབྱེར་མེད་པ༔ དོན་གྱི་བཛྲ་ཌཱ་ཀི་ནཱིའི༔ དཀྱིལ་འཁོར་མངོན་སུམ་མཐོང་བ་སྟེ༔ མཉམ་རྗེས་ཀུན་ཏུ་རང་ངོ་སྐྱོངས༔ དེ་ནི་མཆོག་གི་ལས་སྦྱོར་ཏེ༔ ཐུན་མོང་ལས་སྦྱོར་གཞུང་ལྟར་བྱ༔ འདི་ལྟར་སྒོམ་པའི་རྣལ་འབྱོར་པས༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འཐོབ༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ས་མ་ཡ་རྒྱ་རྒྱ༔ སློབ་མ་རྗེས་གཟུང་དབང་བསྐུར་ནི༔ དཀྱིལ་འཁོར་གསུམ་དང་མཆོད་གཏོར་བཤམས༔ བདག་མདུན་བུམ་པ་དབྱེར་མེད་པའི༔ དོན་གྱི་ཕྲིན་ལས་གཞུང་བསྲང་བཟླ༔ སྣོད་ལྡན་ཁྲུས་བྱ་བགེགས་ཕྲལ་བསྲུང༔ མཎྜལ་ཕུལ་ནས་གསོལ་གདབ་ནི༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ བླ་མ་རྡོ་རྗེ་བཙུན་མོ་ཡིས༔ ཐུགས་རྗེ་བརྩེ་བས་ཉེར་དགོངས་ནས༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ་སྐྱབས་སེམས་ཚོགས་གསག་དང༔ སྡོམ་གཟུང་ཡེ་ཤེས་དབབ་བརྟན་བྱ༔ གསང་བའི་བུམ་པ་སྤྱི་བོར་བཞག༔ ཨཱོྃ༔ བདེ་ཆེན་བདུད་རྩིའི་ཐོད་པ་ལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་བདེ་མཆོག་མངོན་གྱུར་ཤོག༔ སྔགས་མཐར༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ལྷ་ཚོགས་འོད་ཞུ་བདུད་རྩི་སྦྱིན༔ ཨཱ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འོད་ཞུ་བྱང་སེམས་བདུད་རྩིའི་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གསལ་སྟོང་དགོངས་པ་མངོན་གྱུར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་མྲྀཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མཐའ་རྟེན་བཟླས་པའི་ལུང་ཡང་འབོགས༔ སིནྡྷུའི་མཎྜལ་ལག་ཏུ་གཏད༔ སྔགས་ཀྱི་ཐིག་ལེ་སྙིང་གར་དགོད༔ ཧཱུྃ༔ རྣམ་ཐར་གསུམ་ལྡན་དགའ་བ་བཞི༔ མཚོན་བྱེད་རྟགས་ཀྱི་མཎྜལ་ལ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ མི་རྟོག་ཡེ་ཤེས་ཉམས་མྱོང་ཤོག༔ སིནྡྷུ་ར་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དབྱེར་མེད་ངང་དུ་མཉམ་པར་བཞག༔ ཧོ༔ བདེ་གསལ་མི་རྟོག་དབྱེར་མེད་པ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ངང༔ རིགས་ཀྱི་བུ་ལ་བྱིན་བརླབས་པས༔ ཀློང་ལྔའི་ཡེ་ཤེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ དེ་ལྟ་བུ་ཡི་དབང་མཆོག་འདི༔ དགོངས་པ་མངོན་གྱུར་སློབ་དཔོན་གྱིས༔ སྣོད་དང་སྐལ་ལྡན་སློབ་མ་ལ༔ ཚུལ་བཞིན་སྨིན་པའི་དབང་བསྐུར་བས༔ རྩ་ཁམས་རླུང་ལ་བྱིན་ཕེབས་ནས༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ ཀློང་ཆེན་ཀུན་ཏུ་བཟང་མོའི་དབྱིངས༔ སྐུ་དང་ཡེ་ཤེས་མྱུར་འགྲུབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ས་མ་ཡ་རྒྱ་རྒྱ༔ ཨ་ཏི་གུ་ཧྱ་ས་མ་ཡ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
ཡེ་ཤེས་རབ་འབར་ལས༔ གོས་སྔོན་ཅན་གྱི་ཟ་ཡིག་ (Volume 42, Text 56)
ཡེ་ཤེས་རབ་འབར་ལས༔ གོས་སྔོན་ཅན་གྱི་ཟ་ཡིག༔ ྈྈྈྈྈ ཡེ་ཤེས་རབ་འབར་གཙོ་བོར་ཕྱག་འཚལ་བསྟོད༔ ཆེ་བཙན་འགྲན་བྲལ་དམར་ནག་ཧེ་རུ་ཀའི༔ ཐུགས་ཀློང་གསང་བའི་བདག་པོ་མངོན་པར་འཁྲུངས༔ བཞད་པའི་སྙིང་རྗེས་འགྲོ་ལ་ཆགས་པའི་ཕྱིར༔ འགྲོ་བའི་ཟུག་རྔུ་འབྱིན་ཕྱིར་ཡི་གེ་འདི༔ རྫས་སྔགས་མི་དགོས་ཟ་བ་ཁོ་ནས་ཆོག༔ ཐོག་མར་གནམ་ལྕགས་ཐོག་གི་སྲུང་བ་བསྟན༔ ྈྈྈྈྈྈྈ ཟོས་ན་ ཐོག་གི་འཇིགས་པ་སྲུང་བར་བྱེད༔ བཞག་ན་ཐོག་གི་འཇིགས་པ་སྲུང་བར་བྱེད༔ ྈྈྈ འདོགས་ན་ཐོག་གི་འཇིགས་པ་སྲུང་བར་བྱེད༔ ཐོག་ཟེར་ཕོག་པས་སླར་ཟོས་འཚོ་བར་འགྱུར༔ སྐར་མདའ་ལྟུང་བ་འཚོ་བར་བྱེད༔ སྐར་མདའ་ལྟུང་ བ་སྲུང་བར་བྱེད༔ སྡེ་བརྒྱད་གདོང་ཐུག་གི་དུག་སྲུང་བར་བྱེད༔ བཙན་གྱིས་གཟེར་བ་འཚོ་བར་བྱེད༔ དེ་བཞིན་སྲུང་བར་བྱེད༔ གུ་གུལ་ གླ་རྩི་རྟ་བོན་བྱུག༔ གཟེར་ཐབས་མ་རུངས་ པའི་འཇིགས་པ་སྲུང་བར་བྱེད༔ ཐར་ནུ་ཆུ་རྩ་བྱུག༔ ྈྈྈ སྐུ་གསུམ་གྱི་ཟ་ཡིག་སྟེ༔ ཐོ་རངས་ནམ་ལང་དགོང་མོ་གསུམ་ལ་ཟོས་ན་བྱད་དང་རིག་སྔགས་གཏད་དང་འཕྲུལ་འཁོར་ངན་པ་ཕྱིར་ཟློག་པར་འགྱུར་རོ༔ ྈྈྈྈྈྈྈ སྒྲ་གཅན་ འཛིན་ཉི་མ་ནས་རིམ་བཞིན་ཟོ༔ ཡེ་ཤེས་རབ་འབར་ཐུགས་རྗེ་གཡོས་པའི་ཟེར༔ གསང་བའི་བདག་པོ་གོས་སྔོན་ཅན་དུ་ཤར༔ འགྲོ་བའི་སྡུག་ བསྔལ་གྲོལ་ ཕྱིར་འོད་ཟེར་འདི༔ ལས་ཅན་གང་དེས་འགྲོ་ལ་ཕན་དོན་གྱིས༔ ཞི་བདེ་ཐར་པའི་ལམ་ལ་འགོད་པར་ཤོག༔ དྲག་པོ་གསུམ་དང་སྲོག་བདག་ གསུམ་གྱིས་ ཟུངས༔ བདག་པོ་ནོར་འཁྲུལ་མེད་དང་འཕྲད་པར་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ནས་སྣང་བར་བྱས་པ་སྟེ། རྒྱ་ཆེན་བཀའི་བསྡུ་བས་བསྐུལ་ཕྱིར་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།
བཀའ་གཏེར་ཟུང་འཇུག་གི་མན་ངག་སྙིང་པོ་འཕགས་མཆོག་སེང་གེ་སྒྲ་ཡི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ (Volume 51, Text 56)
༄༅༔ བཀའ་གཏེར་ཟུང་འཇུག་གི་མན་ངག་སྙིང་པོ་འཕགས་མཆོག་སེང་གེ་སྒྲ་ཡི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགས་སོ༔ ཀུན་ཁྱབ་འཁོར་འདས་ཀུན་བྱེད་རྒྱལ༔ གཟུགས་ཀྱི་སྐུར་སྣང་སྙིང་པོའི་གཏེར༔ བྱང་ཆུབ་སེམས་དཔའ་ཀླུ་འདུལ་མཛད༔ སེང་གེ་སྒྲ་ལ་ཕྱག་བགྱི་འོ༔ འདིར་ཟབ་མོ་བཀའ་གཏེར་ཟུང་འཇུག་གི་སེངྒེ་སྒྲ་ཡི་སྒྲུབ་ཐབས་བྲི་བ་ལ༔ བླ་མ་དང་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བཀའ་ཡིས་གནང་བ་བསྩལ་དུ་གསོལ༔ གཙང་སྦྲ་སྔོན་དུ་འགྲོ་བས་སྒྲུབ་པ་པོ་སྟན་ལ་འཁོད་དེ༔ སྐྱབས་ཡུལ་གསལ་བཏབ་ལ༔ ཡན་ལག་བདུན་པ་བརྗོད༔ ཧྲཱི༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་ལ༔ སྙིང་ནས་བདག་སོགས་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་འཕགས་པ་བསྒྲུབ་པར་བགྱི༔ སྐྱབས་འགྲོ་སེམས་བསྐྱེད་འདི་ལན་གསུམ༔ ཨོཾ་ཤཱུནྱ་ཏཱ་སོགས། རང་ལུས་འཛིན་མེད་སྣང་བའི་ཆ༔ མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པདྨ་དང༔ ཟླ་སྟེང་ཧྲཱིཿདཀར་དེའི་འོད་ཀྱིས༔ རྒྱལ་མཆོད་སེམས་ཅན་བདེ་ལ་བཀོད༔ ཚུར་འདུས་ཧྲཱིཿར་ཐིམ་ཡོངས་གྱུར་ལས༔ བདག་ཉིད་འཕགས་མཆོག་སེངྒེ་སྒྲ༔ ཆུ་ཤེལ་མདངས་འཛིན་མཛེས་པའི་སྐུ༔ མཚན་དཔེ་དཔལ་དུ་འབར་བ་ཅན༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་དང༔ གཡོན་པས་སྐུ་རྒྱབ་གདན་ལ་བརྟེན༔ གཡས་ལོགས་རྩེ་གསུམ་སྦྲུལ་གྱིས་དཀྲིས༔ གཡོན་ལོགས་རལ་གྲི་མེ་འབར་བའི༔ མདུན་དུ་ཐོད་སྣོད་མེ་ཏོག་བཀང༔ རལ་པའི་ཟུར་ཕུད་ནོར་བུས་སྤྲས༔ རིན་ཆེན་རྒྱན་གསོལ་ཚངས་སྐུད་མཛེས༔ རི་དྭགས་ལྤགས་པས་ནུ་གཡོན་བཀབ༔ སྟག་ཤམ་དར་གྱི་ཅོད་པན་བརྗིད༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་ཀྱིས༔ སེང་གེ་དཀར་མོའི་ཁྲིར་བཞུགས་པ༔ རྒྱལ་བ་རིགས་ལྔའི་སྤྲིན་སྤྲོ་གྱུར༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཧྲཱིཿལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ ཧྲཱི༔ སྙིང་རྗེའི་དབང་གིས་འགྲོ་ལ་རྗེས་བརྩེ་ཞིང༔ ཐབས་མཁས་ཐུགས་རྗེས་ཀླུ་ཡི་སྡེ་དཔོན་ཚུལ༔ འཇིག་རྟེན་ཁམས་ཀྱི་དུཿཁ་སེལ་མཛད་པ༔ བྱང་ཆུབ་སེམས་དཔའ་རྗེ་བཙུན་སེངྒེ་སྒྲ༔ བདག་གིས་ཁ་ཙམ་མིན་པར་སྙིང་ཐག་པས༔ གསོལ་འདེབས་མཆོད་པའི་གནས་འདིར་སྤྱན་འདྲེན་ན༔ ཁྱེད་ཞལ་གེགས་མེད་བལྟ་བའི་རེ་བ་གང༔ འབྲས་ལྡན་མཛད་ཕྱིར་དེང་འདིར་གཤེགས་སུ་གསོལ༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ས་མ་ཡ་ཛ༔ ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་གཉིས་མེད་གྱུར་པར་དམིགས༔ དམ་ཡེ་དབྱེར་མེད་ཐུགས་ཀའི་འོད་ཟེར་གྱིས༔ གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་ནས༔ དབང་བསྐུར་སྐུ་གང་དྲི་དག་ཆུའི་ལྷག་མ༔ ཡར་ལུད་དབང་རྟགས་སྣང་མཐས་དབུ་བརྒྱན་གྱུར༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿདཀར་པོ༔ དེའི་མཐའ་མར་སྙིང་པོ་གཟུངས་རིང་བཅས་ཤེལ་གྱི་ཕྲེང་བ་ལྟར་ཧྲམ་མེར་འཁོར་བ་དེ་ལས་འོད་འཕྲོས༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀར་ཕོག༔ བྱིན་རླབས་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས༔ སྔགས་ཕྲེང་ལ་ཐིམ་སླར་ཡང་འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ངན་སྡིག་སྒྲིབ་བསལ༔ བར་ཆད་ཐམས་ཅད་སེལ༔ བདེ་བ་དང་ལྡན་པར་བྱས༔ འཕགས་པའི་སྐུར་ལམ་ལམ་གྱུར་པར་བསམ༔ ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ༔ ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྱ་ཨ་བ་ལོ་ཀེ་ཤྭ་ར་ཡ༔ བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ཨ་ཀ་ཏེ༔ བི་ཀ་ཊེ༔ ནི་ཀ་ཊེ༔ ཀ་ཊཾ་ཀ་ཊེ༔ ཀ་རོ་ཊེ༔ ཀ་རོ་ཊེ༔ བིདྱཱ་སྭཱ་ཧཱ༔ ཞེས་སྙིང་པོ་གཟུངས་བཅས་བཟླ༔ བདག་གི་ཡེ་ཤེས་པ་མདུན་དུ་བྱོན་པར་བསམ་ལ༔ ཧྲཱི༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་ཁྱེད༔ ཟག་མེད་བདེ་བ་མཆོག་ལ་དབང་བསྒྱུར་ཀྱང༔ བདག་གཞན་བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར༔ མཆོད་པའི་ཡོ་བྱད་འདི་དག་བཞེས་སུ་གསོལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་སོགས༔ སྲིད་ཞིའི་དངོས་ཀུན་མཆོད་པའི་རྫས་སུ་འབུལ༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ནས༔ ཤབྡའི་བར༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་རཏྣ་སཔྟ་ཨཥྚ་མངྒ་ལཾ་དྲ་བྱ་ཧེ་ཏུ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་མཆོད༔ ཧྲཱི༔ རྒྱལ་རྣམས་སྙིང་རྗེ་ཆེན་པོའི་གཞན་དབང་གིས༔ འགྲོ་བའི་དོན་མཛད་གཟུགས་སྐུ་སྤྱན་རས་གཟིགས༔ ཀླུ་དབང་རྒྱལ་པོ་ནད་ཀུན་འཇོམས་མཛད་པའི༔ འཕགས་མཆོག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ༔ ༈ མདུན་བསྐྱེད་ནི་འཕགས་པའི་སྐུ་བྲིས་འབུར་གང་རིགས་དང༔ མཎྜལ་རྡུལ་ཚོན་གྱིས་པདྨ་དཀར་པོ་འདབ་བརྒྱད་བྲིས་པའི་དབུས་སུ་ཚོམ་བུ་དཀར་པོ་དང་སྐུ་བཀོད༔ དེའི་མདུན་དུ་ཉེར་སྤྱོད་བདུན༔ འབྱོར་ན་བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད༔ རྒྱལ་སྲིད་སྣ་བདུན་སོགས་མཆོད་པའི་ཡོ་བྱད་གང་འབྱོར་བཤམ༔ ཐུན་མཚམས་སུ་འབུལ་རྒྱུའི་མཆོད་གཏོར་ཟླུམ་པོ་རྒྱན་བཟང་པོས་སྤྲས་པ་དཀར་མངར་གྱིས་སྦགས་པ་དང༔ ཕྱོགས་སྐྱོང་ཡུལ་ལྷ་ལ་དཀར་གཏོར་འབུལ་རྒྱུ་དང༔ ཀླུ་བརྒྱད་ཀྱི་གཏོར་མ་ཀླུ་སྨན་གྱིས་བྲན་པ་སོགས་འདུ་བྱས་ལ༔ སྐྱབས་སེམས་ནས་གཟུང་བདག་བསྐྱེད་གོང་བཞིན་གྱི་བསྙེན་པ་གཟུངས་བཟླས་བཅས་ཀྱིས་བསྒྲུབས་ནས༔ མདུན་རྟེན་བསང༔ ཨོཾ་ཤཱུནྱ་ཏཱ་སོགས། མདུན་བསྐྱེད་གཉིས་འཛིན་སྣང་བའི་ཆ༔ མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པདྨ་དང༔ ཟླ་སྟེང་ཧྲཱིཿདཀར་དེའི་འོད་ཀྱིས༔ རྒྱལ་མཆོད་སེམས་ཅན་བདེ་ལ་བཀོད༔ ཚུར་འདུས་ཧྲཱིཿར་ཐིམ་ཡོངས་གྱུར་ལས༔ མདུན་བསྐྱེད་འཕགས་པ་སེང་གེ་སྒྲ༔ ཆུ་ཤེལ་མདངས་འཛིན་སོགས་བསྒྱུར་ལ་སྤྱན་དྲངས་དམ་ཡེ་བསྲེ་ཞིང་དབང་སྐུར་གྲུབ་པའི་མཐར༔ མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ་གྱིས་མཆོད་པ་བྱིན་གྱིས་བརླབས་ལ༔ མཆོད་པ་ནི༔ ཧྲཱི༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དབང་ཁྱེད༔ ཟག་མེད་བདེ་བ་མཆོག་ལ་དབང་བསྒྱུར་ཀྱང༔ བདག་གཞན་བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར༔ མཆོད་པའི་ཡོ་བྱད་འདི་དག་འབུལ་གྱིས་བཞེས༔ གཙང་ཞིང་ཡིད་འོང་ཡན་ལག་བརྒྱད་ལྡན་ཞིང༔ དབང་སྔོན་མདངས་འཛིན་རྦ་རླབས་ཕྲེང་གཡོ་བའི༔ དངོས་འབྱོར་ཡིད་སྤྲུལ་མཆོད་ཡོན་དམ་པ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ལྷ་ཡི་རྫིང་རིང་ཞུད་འདྲའི་དལ་འགྲོ་མ༔ སིམ་བྱེད་ལྦུ་བའི་འཛུམ་དཀར་གཡོ་བ་ཡི༔ དངོས་འབྱོར་ཡིད་སྤྲུལ་ཞབས་བསིལ་དམ་པ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨརྒྷཾ་ཚབ་ཏུ། པཱ་དྱཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཐོག་མཐའ་འདྲ། པུཎྜ་རཱི་ཀ་ཀུ་མུད་མནྡཱ་ར༔ དབང་པོའི་མཚོ་ལྟར་རབ་བཀྲ་དབྱིབས་ལེགས་པ༔ དངོས་འབྱོར་ཡིད་སྤྲུལ་མེ་ཏོག་སྣ་ཚོགས་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ པུཥྤེ༴ ལྷན་སྐྱེས་ངད་ལྡང་སྣ་ཚོགས་དྲི་སྦྱར་བའི༔ བསུང་ཞིམ་དུད་སྤྲིན་ནམ་མཁའི་མཐའ་འཆིང་བའི༔ དངོས་འབྱོར་ཡིད་སྤྲུལ་བདུག་སྤོས་དམ་པ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ དྷཱུ་པེ༴ རྨོངས་པའི་སྨག་འཕྲོག་ཡེ་ཤེས་སྣང་བའི་གཏེར༔ ཉི་མའི་སྙིང་པོ་ལྟ་བུར་འོད་འབར་བའི༔ དངོས་འབྱོར་ཡིད་སྤྲུལ་མར་མེ་སྣ་ཚོགས་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨཱ་ལོ་ཀེ༴ ཧ་རི་ཏ་དང་ག་པུར་དྲི་བཟང་ངད༔ ཆལ་ཆིལ་གཡོ་བས་ཚ་བའི་གདུང་སེལ་བའི༔ དངོས་འབྱོར་ཡིད་སྤྲུལ་དྲི་ཆབ་བྱུགས་པ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ གནྡྷེ༴ རོ་མཆོག་བརྒྱ་ལྡན་འཆི་མེད་དབང་པོ་ཡི༔ བཏུང་བའི་དཔལ་འགོགས་སྣ་ཚོགས་འབྲུ་ཡི་བཤོས༔ དངོས་འབྱོར་ཡིད་སྤྲུལ་ཞལ་ཟས་དམ་པ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ནཻ་བིདྱཱ༴ སྙན་འགྱུར་ཡན་ལག་འབུམ་ལྡན་དྲི་ཟ་ཡི༔ རྒྱུད་སྟོང་ལྡན་པའི་སྒྲ་བཞིན་ཐོས་འཛིན་དཔྱིད༔ དངོས་འབྱོར་ཡིད་སྤྲུལ་རོལ་མོའི་བྱེ་བྲག་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རྒྱལ་སྲིད་སྣ་བདུན་འབུལ་བ་ནི༔ མི་མཆོག་བསོད་ནམས་བཟང་གིས་ལེགས་བསྐྲུན་པའི༔ གསེར་སྦྱངས་ལས་གྲུབ་རྩིབས་སྟོང་གིས་མཛེས་པ༔ གླིང་བཞིར་དབང་བྱེད་འཁོར་ལོ་རིན་ཆེན་འདི༔ འཕག་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཙཀྲ་རཏྣ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཕུན་ཚོགས་ཡིད་འོང་འདོད་དགུའི་ཆར་འབེབ་ཅིང༔ སྐྱེ་དགུ་ཕོངས་པའི་སྡུག་བསྔལ་སེལ་བ་ཡི༔ བསམ་འཕེལ་ནོར་བུ་དབང་གི་རྒྱལ་པོ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཐོག་མཐའ་འདྲ། མ་ཎི་རཏྣ༴ ཀུན་གྱི་སྙིང་སྡུག་མཛེས་པ་ཕུལ་བྱུང་བའི༔ ཟག་མེད་བདེ་བའི་མཆོག་སྦྱིན་རབ་སྟེར་མ༔ མ་སྨད་བྱམས་ལྡན་བཙུན་མོ་རིན་ཆེན་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ སཏྲཱི་རཏྣ༴ སྙིང་སྟོབས་ཆེན་པོ་གཞལ་དུ་མེད་པ་ཅན༔ བློ་གྲོས་མཐུ་ལྡན་ཕུར་བུའི་རྗེས་འགྲོ་བ༔ ས་གཞི་སྐྱོང་བའི་བློན་པོ་རིན་ཆེན་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ པུ་རུ་ཥ༴ དཀར་མཛེས་ཀེ་ལ་ཤ་ལྟར་མཛེས་པའི་ལུས༔ གཞན་ཡང་མདངས་འཕྲོག་རིན་ཆེན་རྒྱན་སྤུད་པ༔ མཆེ་བ་དྲུག་ལྡན་གླང་པོ་རིན་ཆེན་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཧསྟི་རཏྣ༴ རྨ་བྱའི་མདོངས་འདྲ་སྤུ་སྡུག་ཡིད་འོང་ཞིང༔ རྫུ་འཕྲུལ་རླུང་ཤུགས་སྟོང་གསུམ་སྐད་ཅིག་བགྲོད༔ དར་ཟབ་ཀྱིས་སྤུད་རྟ་མཆོག་རིན་ཆེན་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨ་ཤྭ་རཏྣ༴ ཕ་རོལ་གཞན་རྒོལ་རྣམ་པར་གནོན་པ་ལ༔ དཔའ་འཛངས་རྟུལ་ཕོད་ཁྱབ་འཇུག་ཁྲོས་པ་བཞིན༔ སྟོབས་རྩལ་ཕུལ་བྱུང་དམག་དཔོན་རིན་ཆེན་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཁཌྒ་རཏྣ༴ བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི༔ རྙོག་བྲལ་མེ་ལོང་ནད་སེལ་གི་ཝཾ་སྨན༔ རྩི་བཅུད་ཞོ་མཆོག་ཚེ་སྤེལ་དཱུརྦའི་རྩྭ༔ འདོད་འབྱུང་བིལ་བ་ཆོས་དུང་གཡས་སུ་འཁྱིལ༔ དབང་བྱེད་ལི་ཁྲི་བགེགས་འཇོམས་ཡུངས་དཀར་འབྲུ༔ སྲིད་དང་ཞི་བའི་དཔལ་ཡོན་མི་ཟད་པའི༔ བཀྲ་ཤིས་ཀུན་གྱི་འབྱུང་གནས་རྫས་མཆོག་བརྒྱད༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ བཀྲ་ཤིས་རྟགས་བརྒྱད་འབུལ་བ་ནི༔ རིན་ཆེན་གདུགས་དཀར་རྩལ་འགྱུར་གསེར་ཉ་ཟུང༔ སྨོན་གྲུབ་བུམ་བཟང་པདྨ་འདབ་བརྒྱད་པ༔ སྐྱེ་བ་ལྔ་པའི་དུང་དང་དཔལ་བེ་འུ༔ མཆོག་གི་འཁོར་ལོ་ཟ་འོག་རྒྱལ་མཚན་ཆེ༔ འཇིག་རྟེན་ཕན་དང་བདེ་བའི་དངོས་པོ་ཀུན༔ གཞལ་ཡས་ནུས་པ་མེད་པ་སྦྱིན་བྱེད་པའི༔ ངོ་མཚར་བཀྲ་ཤིས་རྟགས་བརྒྱད་མཆོད་པ་འདི༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨོཾ་སིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨཥྚ་མང་ག་ལཾ་ཧེ་ཏུ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མཎྜལ༔ རིན་ཆེན་ལས་གྲུབ་རི་དབང་ལྷུན་སྡུག་པ༔ གླིང་བཞི་གླིང་གཡོག་གསེར་རི་རོལ་མཚོས་བསྐོར༔ ཉི་ཟླའི་རྒྱན་སྤུད་སྲིད་ཞིའི་དཔལ་ཡོན་བཀོད༔ འཕགས་མཆོག་སེང་གེ་སྒྲ་ལ་འབུལ་གྱིས་བཞེས༔ ཨོཾ་སིཾ་ཧ་ནཱ་ད་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱ༔ རཏྣ་མཎྜལ་ཁཾ་ནིར་ཡཱ་ཏ་ཡ་མི༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ རྒྱལ་ཀུན་སྙིང་རྗེ་ཆེན་པོའི་གཞན་དབང་གིས༔ འགྲོ་བའི་དོན་མཛད་གཟུགས་སྐུ་སྤྱན་རས་གཟིགས༔ ཀླུ་དབང་རྒྱལ་པོ་ནད་ཀུན་འཇོམས་མཛད་པའི༔ འཕགས་མཆོག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ༔ ཞེས་དང༔ མི་འཇིགས་ཐོགས་མེད་སེང་གེའི་ཁྲི་སྟེང་དུ༔ རྣམ་དག་འོད་གསལ་ཟླ་བའི་དཀྱིལ་འཁོར་མཛེས༔ སྐུ་མདོག་དཀར་གསལ་གངས་རིའི་ཕུང་པོ་འདྲ༔ རྗེ་བཙུན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ༔ བདུད་ཀྱི་གཡུལ་ཟློག་སྤྱན་དམར་མཚན་དཔེས་སྤྲས༔ ཆོས་སྐུ་སྟོང་ཉིད་ནམ་མཁའ་ལྟ་བུ་ལ༔ གཟུགས་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྤྲུལ༔ དཔའ་བོ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ༔ ཕྱག་གཡས་རྩེ་གསུམ་རྒྱལ་རིགས་སྦྲུལ་གྱིས་དཀྲིས༔ གཡོན་ན་ཐོད་པ་རལ་གྲི་འབར་བ་ཡིས༔ སྒྲུབ་པ་པོ་ལ་དངོས་གྲུབ་བློ་སྩོལ་བའི༔ དམ་པ་སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ༔ སྐུ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་ཞིང༔ སློབ་དཔོན་འོད་དཔག་མེད་པས་དབུ་ལ་བརྒྱན༔ སྤྱན་གསུམ་གཟིགས་པས་སྡུག་བསྔལ་ཞི་བར་མཛད༔ རྗེ་བཙུན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ༔ གྲོང་གི་ཆ་དང་ཡུལ་ལྗོངས་སྤང་བའི་སར༔ བག་མེད་ཉལ་དང་སྤྱོད་ལམ་ཐམས་ཅད་དུ༔ རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེས་གཟུང་དུ་གསོལ༔ རྒྱས་པར་བསྟོད་པ་གང་ཤེས་འདོན༔ སྔར་ལྟར་སྤྲོ་བསྡུའི་དམིགས་པ་བཅས།་་་སྙིང་པོ་བརྒྱ་སྟོང་སོགས་གང་འགྲུབ་དང་གཟུངས་རིང་ཡང་ཇི་ལྟར་ནུས་པ་བཟླ༔ གཏོར་མ་བསང༔ ཨོཾ་སྭ་བྷཱ་ཝས་སྦྱང༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་གཏོར་རྫས་དཀར་གསུམ་མངར་གསུམ་ལས་གྲུབ་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨོཾ་སརྦ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱ༔ བྷཊྚ་ར་ཀཿསིཾ་ཧ་ནཱ་ད་ས་པ་རི་ཝཱ་ར་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་ཕུལ༔ འཕགས་མཆོག་འཁོར་དང་བཅས་པས་གནས་སྐབས་འགལ་རྐྱེན་ཞི་བ་དང༔ གྲུབ་པ་བརྒྱད་དང༔ ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་སོགས་དངོས་གྲུབ་དམ་པ་སྩོལ་བ་དང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཞེས་འདོད་དོན་གསོལ༔ ཀླུ་བརྒྱད་ལ༔ སརྦ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་མ་ཡ་ཛ༔ མདུན་དུ་བྱོན་པ་བསམ༔ ཨོཾ་ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨི་དཾ་པཱུ་ཛ་ཁཱ་ཧི༔ ལན་གསུམ༔ ཐུབ་པའི་སྤྱན་སྔར་བསྟན་པ་བསྲུང་བ་དང༔ འགྲོ་བའི་ཕན་བདེ་སྤེལ་བའི་གཡར་དམ་ཅན༔ དམ་ལྡན་བུ་བཞིན་སྐྱོང་བའི་ཀླུ་ཆེན་བརྒྱད༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ཀྱིས་ཕུལ༔ ཕྱོགས་སྐྱོང་ཡུལ་ལྷ་ལ༔ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཛ༔ ཞེས་འབོད༔ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཕྱོགས་སྐྱོང་འཇིག་རྟེན་གནས་པ་བཅུ༔ ས་ཡི་བདག་པོ་ཡུལ་ལྷ་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་གི་བསམ་པ་འགྲུབ་པར་མཛོད༔ ཀླུ་ཆེན་བརྒྱད་དང་ཕྱོགས་སྐྱོང་ཡུལ་ལྷ་གཙྪས་གཤེགས༔ མཐར་བདག་བསྐྱེད་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་དབུ་ཞབས་ནས་འོད་དུ་ཞུ་ནས་ཐུགས་ཀའི་ཧྲཱིཿལ་འདུས༔ དེ་ཡང་གྱེན་རྫོགས་སུ་ཡལ་བར་བསམ་མཉམ་པར་འཇོག༔ མདུན་བསྐྱེད༔ འདིར་ནི་གཟུགས་དང་ལྷན་ཅིག་སོགས་ཀྱིས་རྟེན་ལ་བསྟིམ༔ ཐུན་མཚམས་སུ་སཱཙྪ་གདབ༔ སྤྱན་རས་གཟིགས་ཀྱི་མཚན་བརྒྱ་ཀློག༔ དགེ་བ་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ༔ དེ་ལྟར་འཕགས་མཆོག་སེང་གེ་སྒྲ་ཡི་སྒྲུབ་ཐབས་བཀའ་མ་དང་། ཐུགས་ཀྱི་གཏེར་ཁ་ཟུང་འཇུག་བརྒྱུད་པ་ཆུ་བོ་གཅིག་དྲིལ་བྱིན་རླབས་ཤིན་ཏུ་ཆེ་བ་འདི་བཞིན་ཐུགས་གཏེར་ཡང་དུས་ལ་བབས་པའི་རྟེན་འབྱུང་ཤར་བ་ལྟར། འཕགས་མཆོག་རང་གི་བྱིན་རླབས་ཅུང་ཟད་ཞུགས་པའི་རིག་པ་འཛིན་པ་ཐུགས་ཀྱི་རྡོ་རྗེའམ་མིང་གཞན་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་དབེན་གནས་གྲུ་འཛིན་པདྨ་འོད་ཕུང་འཁྱིལ་བར་བགྱིས་པ་ནོངས་པ་མཆིས་ན་སྡིག་སྒྲིབ་རྣམས་དང་ཆབས་ཅིག་འཕགས་པའི་སྤྱན་སྔར་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་པར་གྱུར་ཅིག །མངྒ་ལཾ།། །། ༄༅༔ དགོངས་གཏེར་སེང་གེ་སྒྲ་ཡི་རྗེས་གནང་བྱིན་རླབས་གཏེར་ཆེན་ཞེས་བྱ་བ་བཞུགས་སོ༔ ྈྈྈ རྩ་གསུམ་དོན་གྱི་ལྷ་ལ་འདུད༔ སེང་གེ་སྒྲ་ཡི་རྗེས་གནང་ལ༔ མཎྜལ་འདབ་བརྒྱད་ཚོམ་བུ་བཀོད༔ བུམ་པ་སྔགས་བྱང་སྔགས་ཕྲེང་དང༔ སྐུ་དང་ཤེལ་རྡོ་གཏོར་མ་ཟླུམ༔ མཆོད་པ་གཏོར་མ་ཡོ་བྱད་བཤམ༔ སློབ་མས་ཁྲུས་བྱ་བགེགས་བསྐྲད་ལ༔ སྲུང་འཁོར་བསྒོམས་ལ་འདི་སྐད་དོ༔ ཀུན་མཁྱེན་ཡེ་ཤེས་མཛོད་འཆང་བ༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ འཕགས་པ་ཐུགས་རྗེའི་གཏེར་གྱུར་པའི༔ རྗེས་སུ་གནང་བ་བཀའ་དྲིན་སྩོལ༔ ལན་གསུམ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སོགས་ལན་གསུམ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་རྗེ་བཙུན་སེང་གེ་སྒྲའི༔ སྐུ་ཡི་བྱིན་རླབས་དབང་བསྐུར་སྩོལ༔ ལྷ་བསྐྱེད་བསྟིམ༔ བཀྲ་ཤིས་བུམ་པའི་ཕོ་བྲང་དུ༔ སེང་གེ་སྒྲ་ཡི་ལྷ་ཚོགས་བཞུགས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཕགས་པའི་སྐུ་རུ་འགྲུབ་པར་ཤོག༔ རྩ་སྔགས་དང༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་ཟློས༔ སངས་རྒྱས་ཀུན་གྱི་རང་བཞིན་གསུང༔ གསུང་གི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་རྗེ་བཙུན་སེང་གེ་སྒྲའི༔ གསུང་གི་བྱིན་རླབས་དབང་བསྐུར་སྩོལ༔ རྒྱལ་ཀུན་གྱི་ནི་གསང་བ་འཛིན༔ ཡིག་མཆོག་དགུ་རུ་ཡོངས་ཤར་བ༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ འཕགས་པའི་གསུང་དུ་འགྱུར་བར་ཤོག༔ རྩ་སྔགས་དང༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བཟླས་ལུང་དང་ཕྲེང་བ༔ རིན་ཆེན་ཤེལ་གྱི་ཕྲེང་བ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བསྐྱེད་སྔགས་ཏིང་འཛིན་མི་འབྲལ་བར༔ ཐུགས་རྗེ་ཆེན་པོ་ཡི་དམ་ཟུངས༔ རྩ་སྔགས་དང༔ བཛྲ་ས་མ་ཡ་ཏིཥྛ་ཨ་བྷི་ཥིཉྩ་ཧྲཱི༔ རྗེས་ཟློས༔ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས༔ ཐུགས་ཀྱི་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་རྗེ་བཙུན་སེང་གེ་སྒྲའི༔ ཐུགས་ཀྱི་བྱིན་རླབས་དབང་བསྐུར་སྩོལ༔ སྐུ་སྤྱི་བོར་བཞག༔ འགྲོ་འདུལ་རྗེ་བཙུན་སེང་གེ་སྒྲའི༔ ལྷ་སྐུ་ཕྱག་རྒྱས་དབང་བསྐུར་བས༔ ནམ་མཁའི་རྒྱལ་པོའི་སྐུ་གསུང་ཐུགས༔ བྱིན་རླབས་ནུས་པ་ཡོངས་རྫོགས་ཤོག༔ རྩ་སྔགས་དང༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ༔ དྲི་མེད་ཤེལ་ལྟར་སེམས་ཉིད་སྟོང༔ སྣང་བ་སྣ་ཚོགས་འཇའ་ཚོན་བཞིན༔ སྣང་སྟོང་དབྱེར་མེད་དོན་གྱི་དབང༔ སྐལ་ལྡན་ཁྱོད་ལ་དབང་ཐོབ་ཤོག༔ རྩ་སྔགས་དང༔ དྷརྨ་དྷཱ་ཏུ་ཨ༔ བཀའ་བསྒོ་དང་གཏོར་མ༔ གཏོར་མ་ལྷ་དང་གཉིས་སུ་མེད༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ཐོགས་པ་མེད་པ་ཐོབ་པར་ཤོག༔ རྩ་སྔགས་དང༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཙ་ཏུར་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཚིག་ཁས་བླང་མཎྜལ་ཕུལ༔ རྟ་མགྲིན་དབང་གི་རྒྱལ་པོའི་དགོངས་པའི་གཏེར་ལས་ཕྱུང་བ་འོ། །སརྦ་མངྒ་ལཾ།། །། ༄༅༔ ཆར་འབེབ་ཤིན་ཏུ་ཉུང་ངུ་ལས༔ ཟབ་པའི་མཐར་ཐུག་ལག་ལེན་ཡོད༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་ལ༔ སྙིང་ནས་བདག་སོགས་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ བདག་གིས་འཕགས་པ་བསྒྲུབ་པར་བགྱི༔ ལན་གསུམ། ཨོཾ་སྭཱ་བྷཱ་ཝས་སྦྱང༔ ཆོས་རྣམས་མི་དམིགས་སྟོང་པ་ཉིད༔ སྟོང་པའི་ངང་ལས་པད་ཟླར་ཧྲཱི༔ ཡོངས་གྱུར་བདག་ཉིད་སེང་གེ་སྒྲ༔ སྐུ་མདོག་དཀར་པོ་ལོངས་སྐུའི་ཆས༔ ཕྱག་གཡས་རྩེ་གསུམ་སྦྲུལ་གྱིས་དཀྲིས༔ གཡོན་པས་མཆོག་སྦྱིན་རལ་གྲི་དང༔ ཐོད་སྣོད་བཅས་ཤིང་སྟག་ཤམ་ཅན༔ རོལ་སྟབས་སེང་གེ་དཀར་མོའི་སྟེང༔ རྒྱལ་བ་རིགས་ལྔའི་སྤྲིན་སྤྲོ་གྱུར༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ ཡེ་ཤེས་དབང་ལྷ་བཅས་པ་རྣམས༔ སྤྱན་དྲངས་ཐིམ་ཞིང་དབང་བསྐུར་ནས༔ འོད་དཔག་མེད་ཀྱིས་དབུར་བརྒྱན་གྱུར༔ ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ༔ མདུན་བསྐྱེད་ནི༔ ཨོཾ་སྭ་བྷཱ་ཝས་སྦྱང༔ མདུན་བསྐྱེད་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་རྒྱ་མཚོའི་དབུས༔ རིན་ཆེན་ཁང་བཟང་དབུས་སུ་ནི༔ པདྨ་འདབ་བརྒྱད་ལྟེ་བར་ཕུ༔ དེ་ལས་ཆུ་བདག་བ་རུ་ཎཱ༔ ཤར་དུ་མཐའ་ཡས་ལྷོར་འཇོག་པོ༔ ནུབ་ཏུ་སྟོབས་རྒྱུ་བྱང་རིགས་ལྡན༔ ཤར་ལྷོར་ནོར་རྒྱས་སྲིན་དུང་སྐྱོང༔ ནུབ་བྱང་པདྨ་བྱང་པད་ཆེན༔ ཀུན་ཀྱང་མདོག་སྔོ་སྟོད་མི་ལུས༔ སྐུ་སྨད་སྦྲུལ་འཁྱིལ་བུམ་པ་བསྣམས༔ དར་དང་རིན་ཆེན་དུ་མས་བརྒྱན༔ སྦྲུལ་མགོའི་གདེངས་ཀ་ཆར་སྤྲིན་དབུས༔ ཀླུ་རིགས་དུ་མས་བསྐོར་བ་འོ༔ རང་དང་མདུན་གྱི་ཐུགས་འོད་ཀྱིས༔ ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་ཐིམ༔ ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཀླུ་རྒྱལ་འཁོར་དང་བཅས་པ་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ རིན་ཆེན་འབྲུ་དང་དར་ཟབ་མཛོད༔ སྐྱེད་ཚལ་ཁང་བཟང་ཆུ་མཚོ་དང༔ ཉ་སྦལ་སྦྲུལ་ལྕོང་དཀོར་ནོར་རིགས༔ ནད་སེལ་ཀླུ་སྨན་སྣ་ཚོགས་དང༔ དཀར་གསུམ་མངར་གསུམ་མཆོད་པ་འབུལ༔ འཛམ་གླིང་སྤྱི་དང་ཁྱད་པར་དུ༔ ས་ཕྱོགས་འདི་རུ་ཆར་གྱི་རྒྱུན༔ ཕོབ་ལ་བཀྲེས་ཕོངས་ཞི་བར་མཛོད༔ སརྦ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨརྒྷཾ་ནས༔ ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ སརྦ་པཱུ་ཛ་ཨཱཿཧཱུྃ༔ བསྟོད་པ་ནི༔ ཐུབ་པའི་སྤྱན་སྔར་བསྟན་པ་བསྲུང་བ་དང༔ འགྲོ་བའི་ཕན་བདེ་སྤེལ་བའི་གཡར་དམ་ཅན༔ དམ་ལྡན་བུ་བཞིན་སྐྱོང་བའི་ཀླུ་ཆེན་དགུ༔ ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ བསྙེན་པ་ནི༔ ཕུཿནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ནི་སྭཱ་ཧཱ༔ ཅི་ནུས་བཟླ༔ སྤྲིན་སྡུད་དང་ཆར་འབེབ་པའི་སྔགས་ནི༔ སརྦ་མ་ཧཱ་མེ་གྷ་ཐིབ་ཐིབ༔ བྷ་རི་ཤ་ཡ་ཕོབ་ཕོབ༔ ཤར་ཤར༔ ཟིལ་ཟིལ༔ ཕྲོམ་ཕྲོམ༔ སྤྲིན་གཏིབ་གཏིབ༔ ཆར་ཕོབ་ཕོབ༔ ཕུཿནཱ་ག་རཱ་ཛ་ནཱ་ག་ནཱ་གི་ནི་ས་པ་རི་ཛ་ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་ཕོབ་ཡ༔ ཞེས་དྲག་ཏུ་བཟླ་འོ༔ གཏོར་མ་ནི༔ ཨོཾ་སྭ་བྷཱ་ཝས་སྦྱང་། ཨོཾ་ལས་རིན་ཆེན་སྣོད་དུ་ནི༔ ཁཾ་ཞུ་གཏོར་མ་བདུད་རྩིར་གྱུར༔ འདོད་ཡོན་ལྔ་ལྡན་གཏོར་མ་ནི༔ ཀླུ་རྒྱལ་འཁོར་བཅས་དགྱེས་པར་རོལ༔ ཨོཾ་སརྦ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན༔ ཀླུ་རྒྱལ་འཁོར་བཅས་གཏོར་མ་འདི༔ བཞེས་ལ་འཛམ་གླིང་ནམ་མཁའ་ལ༔ སྤྲིན་སྡུད་ཆར་གྱི་རྒྱུན་ཕོབ་ལ༔ མུ་གེ་ཞི་དང་འབྲུ་འཕེལ་མཛོད༔ ཅེས་ཟངས་ཀྱི་སྣོད་དུ་ཀླུ་སྨན་སྦྱར་བའི་ཆུ་སྦྱིན་ཞིང༔ ཨོཾ་བཱ་སུ་ཀཱི་མཾ་སྭཱ་ཧཱ༔ བརྒྱ་རྩ་བཟླས་ལ་ཆུ་རྒྱུན་མང་སར་བླུག༔ རླུང་གིས་སྤྲིན་གཏོར་ན་རླུང་གནོན་སྔགས་ནི༔ ཨོཾ་ཡཾ་ཡཾ་བཱ་ཡུ་དེ་བ་ཆར་ཡ་ཆུར་ཡ་སཏྭཾ་བྷ་ཡ་ནན༔ ཆར་ཡ་ནན༔ ཆུར་ཡ་ནན༔ བཱ་ཡུ་ནན་སྭཱ་ཧཱ༔ ཨོཾ་བཱ་ཡུ་དེ་ཝ་ཡཾ་ཡཾ༔ བྷནྡྷ་བྷནྡྷ༔ རླུང་མཱ་ར་ཡ་མཱ་ར་ཡ༔ ཆར་བབ་པའི་བར་དུ་གཅོད་པ་ཐམས་ཅད་བྷནྡྷ་བྷནྡྷ་ནན༔ སྔགས་ཕྱི་མ་འདི་བརྒྱ་རེ་རྡོ་དཀར་ནག་ལ་སྔགས་ལ་རླུང་གང་བྱུང་ལ་གཏོར༔ རྗེས་ཆོག་ནི༔ ཨོཾ་སིཾ་ཧ་ནཱ་ད་ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ཨརྒྷཾ་ནས༔ ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རྗེ་བཙུན་སྤྱན་རས་གཟིགས་དབང་དང༔ ཀླུ་རྒྱལ་འཁོར་བཅས་ཕྱག་འཚལ་བསྟོད༔ ཆོ་ག་ལྷག་ཆད་ཉམས་པ་དང༔ ཐུགས་འགལ་ཉེས་རྣམས་བཟོད་པར་གསོལ༔ བཀྲ་ཤིས་བརྗོད༔ ཆར་བབས་ནས་ཀླུ་མཆོད་བྱ། ཆར་ཆོག་འདི་ཚིག་ཉུང་ལ་དོན་འདུས་པ་ཞིག་ཡོད་དོ༔ སརྦ་མངྒ་ལཾ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས། མཁའ་འགྲོ་ཡོངས་རྫོགས་མཆོད་ཅིང་ཐུགས་དམ་བསྐང་བའི་མདོས་ཀྱི་ཆོ་ག་མཁའ་དབྱིངས་རོལ་པའི་རྒྱན (Volume 34, Text 56)
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། མཁའ་འགྲོ་ཡོངས་རྫོགས་མཆོད་ཅིང་ཐུགས་དམ་བསྐང་བའི་མདོས་ཀྱི་ཆོ་ག་མཁའ་དབྱིངས་རོལ་པའི་རྒྱན་ཞེས་བྱ་བ་བཞུགས། ། ན་མོ་ཤྲཱི་ཛྙཱ་ན་ཌཱ་ཀི་ནཱི་གུ་ར་ཝེ། བདེ་ཆེན་ལྷན་སྐྱེས་ཀུན་ཏུ་ཞལ། །མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཆེ། །ཡོངས་རྫོགས་ཐུགས་དམ་བསྐང་བའི་མདོས། །མཁའ་དབྱིངས་རོལ་པའི་རྒྱན་འདི་བཤད། །དེ་ཡང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། རིན་པོ་ཆེའི་སྣོད་དུ་ཕྱེ་གཙང་ཆང་གིས་སྦྲུས་པ་ལ་རི་རབ་བང་རིམ་བཞི་དང་བཅས་པ། ཕྱི་རོལ་ལྕགས་རིའི་ཁོར་ཡུག་གིས་བསྐོར་བའི་ལྷུན་པོའི་དབུས་སུ། དཔལ་བཤོས་ཟླ་གམ་པད་འདབ་དང་མཚམས་སུ་མཐེབ་ཀྱུ་བརྩེགས་པས་བརྒྱན་པའི་ཕྱོགས་བཞིར་རང་འདྲ་བཞི་རྣམས་ལ། ལྷ་མདོག་དང་མཐུན་པའི་ནམ་མཁའ་རེ་གཙུག །མཚམས་བཞིར། ཤར་ལྷོར་བུམ་པ་སྤྱི་ཙམ་དུ་ལྔ་ཕྲག་ལྔའི་རྫས་དང་། བྱེ་བྲག་པ་དགོས་ན་རྡོ་རྗེ་མཁའ་འགྲོའི་ཆུ་སྐོང་གི་སྐབས་སུ་གསུངས་པའི་རྫས་རྣམས་དང་དྲི་བཟང་འོ་ཆབ་ཀྱིས་བཀང་བ་ཁ་རྒྱན་ཅན་དང་། ལྷོ་ནུབ་ཏུ་སཱཙྪ་ལྔའམ་གཅིག་ལ་མཚོན་ལྔ་སོ་སོར་བཏང་པ་གཟུངས་ལྡན། ནུབ་བྱང་དུ་ཏིང་ལོ་དམར་པོར་ཞུན་མར་གྱི་རྫས་ལ་བདུད་རྩི་ཆོས་སྨན་ནམ་བྱེ་བྲག་གི་རྫས་གོང་བཞིན་བསྲེས་པས་བཀང་བ། བྱང་ཤར་དུ་སྣོད་གཅིག་གི་ནང་དུ་སྤོས་ལྔ་ཚོམ་བུར་བཀོད་པ་དང་། རླུང་གཡབ། མཐའ་སྐོར་གྱི་ཤར་དུ་མར་མེ། ལྷོར་སྨན་ཐོད། ནུབ་ཏུ་བམ། བྱང་དུ་རཀྟ་རྣམས་ལྔ་རེ་ལས་མི་ཉུང་བ་ཕྲེང་ཚར་དུ་བཀོད། དེ་འོག་བང་རིམ་དང་པོའི་ཕྱོགས་མཚམས་བརྒྱད་དུ་དཔལ་གཏོར་བརྒྱད། དེ་འོག་གཉིས་པ་ལ་དམར་གཏོར་བརྒྱད། དེ་འོག་གསུམ་པ་ལ་བཀྲ་ཤིས་རྫས་རྟགས། སྣ་བདུན། ཕྱག་མཚན་སོགས་དཀོར་ཆའི་རིགས། དེ་འོག་བཞི་པ་ལ་གཟུགས་འགྲོས་ཐམས་ཅད། དེ་འོག་གི་འཁོར་ཡུག་ལ་བཤོས་ཕྲན། ངར་མི། ཟས་སྣ། སྨན་འབྲུ། རིན་ཆེན། དར་རས། སྣམ་ཕྲུག །གཅན་གཟན་ཤུན་གྱི་རས་མ་སྣ་ཚོགས། མཐའ་སྐོར་གྱི་ལྕགས་རི་ལ་ཕྱོགས་མདོག་གི་ནམ་མཁའ། རྒྱང་བུ། ཤིང་རིས། མདའ་འཕང་། ཕོ་གདོང་། མོ་གདོང་། རྒྱལ་མཚན་ནམ་དར་སྣ་ཚོགས་ཀྱི་བ་དན་རྣམས་རབ་ཉེར་གཅིག །འབྲིང་བཅུ་གསུམ། ཐ་མ་བདུན་རེ་བཙུགས་པའི་སྟེང་དུ་འབྱོར་ན་འགེབས་ནས་ནོར་བུའི་བར་གྱི་ནམ་མཁའ་དང་། གཏོར་མ་སོ་སོའི་སྐུ་ཙག་ལ་རྒྱབ་ཏུ་སྔགས་བྱང་ངམ་ས་བོན་ཕྱག་མཚན་བཅས་བྲིས་པའང་བཙུག །མདུན་དུ་ཞི་དྲག་གི་ཉེར་སྤྱོད། ཇ་ཆང་འོ་མ་རྣམས་ཀྱི་ཕུད་སྐྱེམས། བདུག་སྤོས། ཕྱེ་མར། ཞི་བའི་རྫས་དུག་རིགས་མིན་པའི་སྨན་སྣ་གཙོ་བོར་བྱས་པ་དང་། རྒྱས་པའི་རྫས་རིན་ཆེན་དང་འབྲུ་སྣ། ཟས་སྣ། དར་ཟབ་རྣམས། དབང་གི་རྫས་མེ་ཏོག་དམར་པོ་དང་། ཆང་གླུམ། ལན་ཚྭ། ལི་ཁྲིའམ་སིནྡྷུ་ར་རྣམས། དྲག་པོའི་རྫས་ཤ་ཁྲག་རུས་ཕྱེ། ལྕགས་ཟངས་ཀྱི་ཕྱེ། དུག་རིགས་རྣམས། མཆོག་གི་ལས་ལ་བདུད་རྩི་ཆེན་པོ་གཙོ་བོར་བྱས་པ་ལ། འབྲུ་སྨན། དར་ཟབ་ཟས་ཕུད་ཀྱིས་བུངས་བསྐྱེད་པ་རྣམས། སོ་སོར་ལས་མཐུན་གྱི་སྣོད་དམ་གས་ཆག་མེད་པའི་སྡེར་གཙང་དུ་བླུག་པ་ལ་སོགས་པ་ཉེར་མཁོའི་ཡོ་བྱད་རྣམས་བཀོད་པར་བྱའོ། །གཉིས་པ་དངོས་གཞི་ནི། མཁའ་འགྲོ་ཆེན་མོའི་གཞུང་མཆོད་སྐོང་རྣམས་ཡོངས་རྫོགས་བཏང་ཞིང་། མར་མེའི་སྐོང་བ་གྲུབ་པ་དང་། རཾ་ཡཾ་ཁཾ་གིས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡོངས་རྫོགས་མདོས། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་སོ་སོའི་མཚན་ཉིད་རྫོགས། །བྱེད་ལས་ལྷ་ཚོགས་དགྱེས་སྐོང་གྱུར། །ཨོཾ་ཨཱཿཧཱུྃ། ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་རེས་བྱིན་གྱིས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྦར་ལ། ཧཱུྃ། སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་དུ། །རིག་པ་རྡོ་རྗེའི་ཞིང་ཁམས་རྫོགས། །དེ་དབུས་རྡོ་རྗེ་ཁྲོས་མ་ནག །རིགས་བཞིའི་དཔའ་བོ་ཡབ་ཡུམ་དང་། །ལས་དང་དམ་ཚིག་དྷཱ་ཀི་ནཱི། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །བདེ་ཆེན་ཡེ་ཤེས་རྩལ་རྫོགས་པའི། །དགྱེས་པ་ཆེན་པོའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །སྤྱན་འདྲེན་མཆོད་བསྟོད་སོགས་བྱས་མཐར། མདོས་འབུལ་བ་ནི། ཧཱུྃ། ང་ནི་རྡོ་རྗེ་ཁྲོས་མ་སྟེ། །ཡེ་ཤེས་ཆེན་པོའི་སྲོག་དང་ལྡན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མ་སྲིང་མཁའ་འགྲོའི་ཚོགས་ཀྱི་བདག །འཁོར་འདས་སྟོང་སྲོག་དབང་དུ་འདུས། །དེ་ཕྱིར་རང་རིག་བདེ་ཆེན་ངང་། །མཁའ་ཀློང་དབྱིངས་གསུམ་རོ་གཅིག་པས། །ཀུན་འབྱུང་ཐུགས་རྗེ་སྒྱུ་མའི་རྩལ། །ཕྱི་ནང་གཞན་གསུམ་འཁོར་ལོར་ཤར། །མ་སྲིང་མཁའ་འགྲོ་ཁྱེད་རྣམས་ཀྱིས། །ཧེ་རུ་ཀ་ཡི་དམ་ཚིག་དགོངས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས། ཁྱབ་གདལ་ཆེན་པོའི་ཟིལ་འོག་ཏུ། །འདུས་ལ་མཆོད་བཞེས་དམ་སྐོང་སྩོལ། །བཛྲ་ཀྲོ་དྷཱི་ཀཱ་ལི་སརྦ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཛཿ ཞེས་བཀུག་ཏིང་འཛིན་རྩེ་གཅིག་པས༔ ངག་གིས་གྱེར་ཞིང་དོན་ལ་བསྒོམ༔ སྨྲེང་གིས་བཀྲོལ་ཞིང་ཕྲིན་ལས་གསོལ༔ ཧཱུྃ༔ དང་པོ་ཅིར་ཡང་མ་སྲིད་པ༔ ཆོས་ཉིད་བརྡལ་བ་ཆེན་པོ་ལས༔ རང་བྱུང་ལྷུན་གྲུབ་འོད་ལྔར་ཤར༔ དེ་ལ་གཟུང་འཛིན་མཐུས་བརྟས་པས༔ སྣོད་དང་བཅུད་ཀྱི་དངོས་པོར་ཤར༔ བཀོད་པ་ཚད་མེད་སྒྱུ་འཕྲུལ་སྤྲིན༔ ཅིར་ཡང་འཆར་ཞིང་འབྱུང་བ་ཉིད༔ རྟེན་འབྲེལ་རྫས་ཀྱི་དངོས་པོར་བཤམས༔ ཏིང་འཛིན་ཟབ་མོའི་གདེངས་བསྐྱེད་དེ༔ སྔགས་ཀྱི་མཐུ་ཡིས་རྒྱས་པར་སྤེལ༔ ཕྱག་རྒྱས་འདོད་རྒུར་བསྒྱུར་དང་བཅས༔ མཆོད་ཡུལ་རྣམས་ཀྱི་ཐུགས་དམ་བསྐང༔ ལས་ཀྱི་བརྔན་པར་ཡོངས་སུ་སྦྱིན༔ འཇིག་རྟེན་པ་རྣམས་ཐམས་ཅད་ལ༔ སྲིད་པར་ཁྱབ་པའི་འདོད་ཡོན་བསྔོ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེའི་ཉམས་ཆག་གསོས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ རང་བཞིན་དབྱིངས་ལས་མ་གཡོས་ཀྱང༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག །ལྷན་སྐྱེས་རིགས་བཞིའི་དྷཱ་ཀི་ནཱི། །གནས་གསུམ་དཔའ་བོ་རྣལ་འབྱོར་མ། །ཕྲན་མེན་དམ་ཚིག་མཁའ་འགྲོ་མ། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །ཐུགས་དམ་བསྐང་བའི་དམ་ཚིག་རྫས། །སྣོད་ནི་འབྱུང་བ་ཡུམ་གྱི་མཁར། །རི་རབ་གླིང་བཞི་གླིང་ཕྲན་བཅས༔ ལྕགས་རི་མུ་ཁྱུད་མཛེས་པས་བསྐོར༔ སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག༔ སྤྲུལ་པ་སྐུ་ཡི་ཞིང་ཁམས་ནི༔ རྡུལ་གཅིག་སྟེང་ན་རྡུལ་རྙེད་གྲངས༔ ཕྱི་ནང་ཉེ་བར་སྤྱོད་པ་དང༔ འདོད་རྒུའི་ལོངས་སྤྱོད་སྤྲིན་བཞིན་འཐིབས༔ ཕོ་གདོང་ཐབས་ཀྱི་ཕྱག་རྒྱ་ནི༔ རྔམ་པའི་གཟི་བརྗིད་ལམས་སེ་ལམ༔ མོ་གདོང་ཤེས་རབ་ཡུམ་གྱི་གཟུགས༔ སྒེག་ཆགས་དགྱེས་པའི་འཛུམ་མདངས་བཞད༔ ནམ་མཁའ་ཐབས་ཤེས་གཉིས་སུ་མེད༔ འོད་ལྔ་ཐགས་སུ་བཏགས་པའི་གཟུགས༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ གཅིག་ཉིད་དུ་མར་འཆར་བའི་ཚུལ༔ མདའ་བཀྲ་རིག་གདངས་རྣོ་བའི་མཚོན༔ སྲིད་ཞི་ཀུན་ཏུ་ཐལ་འབྱིན་འབིགས༔ འཕང་བཀྲ་དབྱིངས་ཉིད་འཁྱིལ་བ་ཆེ༔ འཁོར་དང་འདས་པའི་སྲོག་ཏུ་བསྐོར༔ རྒྱང་བུ་དབྱིངས་རིག་ཟུང་དུ་འཇུག༔ ལྷུན་གྲུབ་འོད་ཀྱི་དྲྭ་བ་འཛིང༔ ཁྱད་པར་རྨད་དུ་བྱུང་བ་ཡི༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ འཆི་མེད་བདུད་རྩི་རྟག་པའི་ཆུ༔ ཉོན་མོངས་གདུང་བ་སེལ་བའི་བཅུད༔ དམར་ཆེན་རཀྟ་རྦ་ཀློང་འཁྲུགས༔ འབར་དང་ཆགས་པའི་བརྟུལ་ཞུགས་རྫོགས༔ དམ་ཚིག་གསང་བའི་དངོས་གྲུབ་བམ། །བླ་མེད་བཅུད་ཀྱི་ཐིག་ལེར་འཁྱིལ། །བྱེ་བྲག་རྣམ་དག་ཡུམ་ལྔའི་མཁའ། །དྲི་མེད་ཤེལ་གྱི་བུམ་པ་ནས། །ཞི་བྱེད་བདུད་རྩིའི་ཆར་རྒྱུན་འབེབ། །རིན་ཆེན་ཕུང་པོའི་མཆོད་སྡོང་ལས། །རྒྱས་བྱེད་འོད་ཟེར་སྤྲིན་ཕུང་གཏིབས། །དབང་བྱེད་མེ་ཡི་དཀྱིལ་འཁོར་དུ། །སྲིད་ཞིའི་སྙིང་པོ་འོད་ཀྱིས་འགུགས། །ལས་བྱེད་རླུང་གི་དྲི་བསུང་འཁྱིལ། །རྒྱལ་བ་མཆོད་ཅིང་འབྱུང་པོ་བརླག །མཆོག་གི་འོད་གསལ་ཀོང་བུ་རུ། །རང་བྱུང་ཡེ་ཤེས་སྒྲོན་མེ་སྦར། །མཁའ་འགྲོའི་དགྱེས་མཆོད་བླ་ན་མེད། །ཐུགས་དམ་ཡོངས་སུ་སྐོང་བའི་རྫས། །བླ་མེད་དམ་ཚིག་མདོས་སུ་བཤམས། །ཐུན་རྫས་ནད་མཚོན་དུག་གི་དངོས༔ དྲག་ཤུལ་ཆེན་པོའི་ཆོ་འཕྲུལ་གཡོ༔ མདོར་ན་སྲིད་དང་ཞི་བའི་ཁམས༔ ཇི་ལྟར་སྣང་ཞིང་གྲུབ་པ་ཡི༔ སྤྱན་གཟིགས་དཀོར་ཆ་བསམ་མི་ཁྱབ༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ བསྐང་ངོ་མཆོད་དོ་དགྱེས་པར་བཞེས༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་པ་དང༔ ཉམས་དང་འདྲེས་ཤིང་བསྐངས་པ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ལོ་གཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིག༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པས་མ་གཏང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐང༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་སྤྱོད་པ་གཡེལ་བ་དང༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་དུག་ལྔ་དང༔ འབྱུང་བ་རྣམས་ལས་གྱུར་པ་ཡི༔ མཁའ་འགྲོ་འཁྲུགས་པའི་རྒྱུ་རྐྱེན་དང༔ འབྲས་བུ་མི་འདོད་ཉེར་འཚེའི་ཚོགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང་། །ཕུན་ཚོགས་ལྔ་དང་འབྱོར་པ་དྲུག །བརྟན་པ་ཆོས་སྲིད་མངའ་ཐང་དང་། །ཡེ་ཤེས་ཡོན་ཏན་བསོད་ནམས་རྒྱས། ཁམས་གསུམ་སྣོད་བཅུད་ཐམས་ཅད་དང་། །མཁས་བཙུན་དགེ་འདུན་བུ་སློབ་ཚོགས། །ཐིག་རླུང་སེམས་སྣང་ཡེ་ཤེས་མཆོག །རྩ་གསུམ་བྱིན་རླབས་དབང་དུ་སྡུས། །ལྟ་ལོག་ཀླ་ཀློ་དམ་སྲིའི་སྡེ། །བྱད་ཕུར་རྦོད་གཏོང་གདོན་རིགས་གསུམ། །ཞིང་བཅུ་དྲག་ཤུལ་སྟོབས་ཀྱིས་ཆོམས། །ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས། །ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད། །ཀ་དག་གཏིང་གསལ་རྡོ་རྗེའི་སྦུབས། །འཕོ་ཆེན་མཆོག་གི་དངོས་གྲུབ་སྩོལ། །རྣལ་འབྱོར་བུ་བཞིན་རྟག་ཏུ་སྐྱོངས། །ལས་ཀྱི་འབྲས་བུ་མྱུར་དུ་སྩོལ། །སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ར་སཿཡོ་ནི་ཀཿཨུཏྤནྣ་མཎྜ་ལ་པཱུ་ཛ་ས་མ་ཡ་ཧོཿ ཞེས་དང་། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟུང་འཛིན་བག་ཆགས་ལས་གྱུར་པའི་ཉེས་ལྟུང་གི་ཕྱོགས་ཐམས་ཅད་ནཱ་ཌ་ཀཾ་བི་ཤུདྡྷེ་ཤྭ་དྷཱ་ཡ་སྭཱ་ཧཱ། བདེ་བ་ཆེན་པོ་མཆོག་གི་ཡེ་ཤེས་ཐམས་ཅད་ནཱ་ཌ་ཀཾ་བྷནྡྷ་ནི་ཀུ་རུ་ཨོཾ། ཞེས་སྤེལ་ཚིག་སྦྱར་བ་བཟླ། དེ་བཞིན་དུ་དམིགས་གསལ་ཞི་བ་ལ་ཞི་རྫས་མདོས་སུ་འབུལ་ཞིང་། སརྦ་པཱ་པཾ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟུང་འཛིན་འཁྲུལ་རྟོག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པའི་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པའི་ལས་ལ་རྒྱས་པའི་རྫས་མདོས་སུ་འབུལ་ཞིང་། སརྦ་ཨཱ་ཡུར་པུཎྱེ་བརྡྷ་ནཾ་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཡེ་ཤེས་ཀྱི་སྣང་བ་ལས་གྱུར་པའི་ལེགས་པའི་དཔལ་འབྱོར་ཚེ་དང་བསོད་ནམས་བསྟན་པ་ཆོས་རྒྱུད་དང་བཅས་པ་པུཥྚིཾ་ཀུ་རུ་བྷྲཱུྃ། དབང་གི་དོན་ལ་དབང་གི་རྫས་མདོས་སུ་འབུལ་ཞིང་། སརྦ་ཛྙཱ་ན་ལོ་ཀ་ཝཱ་ཤཾ་མཱ་ན་ཡ་ཨོཾ། ཞེས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཡུལ་སྣང་རྟོག་ཚོགས་ཁམས་གསུམ་བརྟན་གཡོ་རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿ དྲག་པོར་དྲག་པོའི་རྫས་མདོས་སུ་འབུལ་ཞིང་། སརྦ་ཤཱ་ཏྲཱུན་བིགྷྣཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཕཊཿ ཅེས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟུང་འཛིན་སྣང་བ་ལོག་པའི་རྟོག་འཁྲུལ་དགྲ་གདོན་བྱད་ཕུར་རྦོད་གཏོང་ཐམས་ཅད་མཱ་ར་ཡ་ཕཊ་བྷྱོ་ཟློག །མཆོག་གི་དངོས་གྲུབ་ཀྱི་དོན་དུ་མཆོག་གི་རྫས་མདོས་སུ་འབུལ་ཞིང་། སརྦ་མ་ཧཱ་སུ་ཁ་ཛྙཱ་ན་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾཿ ཞེས་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་བདེ་སྟོང་ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་གི་སྐལ་པ་བདེ་བར་གཤེགས་པ་རྣམས་ལ་ཅི་མངའ་བ་ཐམས་ཅད་སིདྡྷི་ཕ་ལ་ཨོཾ། ཞེས་ཕུལ་པས་ལས་སོ་སོ་འགྲུབ་ཅིང་མཁའ་འགྲོའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་མཆོག་གི་དངོས་གྲུབ་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་རྣམས་ཀྱི་ཏིང་འཛིན་ནི། སྣོད་བཅུད་མདོས་ཀྱི་མཆོད་རྫས་རྣམས། །ཧེ་རུ་ཀ་ཡི་ཏིང་འཛིན་འཕྲུལ། །བསམ་ཡས་བདེ་ཆེན་མཆོད་པའི་སྤྲིན། །ཀུན་བཟང་ཞིང་གི་མཁའ་ལ་ཁྱབ། །རྒྱལ་བ་རྩ་གསུམ་ཆོས་སྐྱོང་དང་། ཁྱད་པར་མཁའ་འགྲོའི་དཀྱིལ་འཁོར་པའི། །དབང་པོའི་ལོངས་སྤྱོད་དགྱེས་རྒུར་ཚིམས། །ཕྲིན་ལས་གང་འདོད་ཡིད་བཞིན་མཛད། །བདེ་ཆེན་དངོས་གྲུབ་ཡེ་ཤེས་ཀྱི། །སྙིང་པོའི་དྭངས་མ་བྱང་ཆུབ་སེམས། །མཁའ་ཀློང་སྐུ་ཡི་དབྱིངས་ནས་བབས། །བདག་ཐིམ་བྱིན་དབང་དངོས་གྲུབ་ཐོབ། །སྣོད་བཅུད་ཡེ་ཤེས་འཁོར་ལོར་རྫོགས། །ཕྲིན་ལས་རྒྱ་མཚོ་ལྷུན་གྲུབ་བསམ། །སྤྲོ་ན་མཁའ་འགྲོའི་སྨྲེ་བཤགས་ཀྱང་བྱའོ། །སླར་མཆོད་བསྟོད་བྱས་མཐར། མཁའ་འགྲོ་མའི་དཀྱིལ་འཁོར་ལས་གཉིས་པ་མཆེད། བདག་གི་སྤྱི་བོར་བྱོན། སྙིང་གར་ཐིམ་པས་ཆུ་ལ་ཆུ་ཐིམ་པ་ལྟར་ལྷ་དང་བདག་གཉིས་མེད་བདེ་ཆེན་དགོངས་པའི་བྱིན་དབང་ཐོབ་པར་བསམ་ལ། མདོས་དཀྱིལ་སྤྱི་བོར་བཞག་ཅིང་ཡིག་བརྒྱ་བཟླས་པས། དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་། རང་གི་སྤྱི་བོ་ནས་ཞུགས་པས་གཟུང་བ་དང་འཛིན་པའི་བག་ཆགས་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ལྷག་མེད་དུ་བྱང་ནས། ཕྲིན་ལས་རྒྱ་མཚོ་སྒྲུབ་ཅིང་འོད་གསལ་ཡེ་ཤེས་མངོན་དུ་བྱས་པར་བསམ་ལ། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་ར་སཿཡོ་ནི་ཀཿཨུཏྤནྣ་མཎྜ་ལ་ཀཱ་ཡ་སརྦ་ཛྙཱ་ན་བཛྲ་ས་མ་ཡ་སིདྡྷི་སིདྡྷི་ཧཱུྃ། རྗེས་རིམ་ནི། ལྷ་རང་ལ་བསྟིམས་པས་མཆོད་སྐོང་རྣམས་དཀྱུས་གཅིག་ཏུ་བྱེད་པ་དང་དབང་གི་སྐབས་སུའང་དེས་འཐུས་པར་སེམས། དམིགས་གསལ་མདོས་འབུལ་བར་སྤྲོ་ན། མཆོད་སྐོང་གཞུང་གི་སྨྲེ་བཤགས་ནས་གཟུང་། བསྟོད་བསྐུལ་མཐའ་བར་རྫོགས་པར་བཏང་མཐར། མདོས་དཀྱིལ་དམ་ཡེ་དབྱེར་མེད་ཀྱི་འཁོར་ལོ་འོད་ཀྱི་གོང་བུར་གྱུར་པ་རང་གི་སྙིང་གར་བསྡུས། མཚན་མའི་མདོས་གཏོར་མཁའ་ཁྱབ་ཀྱི་མཆོད་སྤྲིན་འོད་ཟེར་འབར་བར་བསམ་ལ། འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབས། ཧཱུྃ། ཀུན་གཞི་མཁའ་ཀློང་འཁྱིལ་བའི་ཞིང། །ལྷུན་འབྱམས་ཁྱབ་གདལ་དཀྱིལ་འཁོར་ལ། །ལྷ་བདག་གཉིས་སུ་བྱར་མེད་ཀྱང་། །མ་འགགས་ཐུགས་རྗེ་གཡོས་པའི་རྩལ། །མཁའ་འགྲོ་རྒྱ་མཚོའི་མཎྜ་ལ། །མཆོད་སྐོང་བརྔན་པའི་ཆོ་ག་རྫོགས། །མདོས་གཏོར་རྒྱན་མཆོད་ནམ་མཁའི་མཛོད། །ཅི་འདོད་འབྱུང་བའི་ཡིད་བཞིན་ནོར། །འདོད་པའི་ཡོན་ཏན་ཐམས་ཅད་ལྡན། །ཐུགས་དམ་དགྱེས་པ་སྐོང་བའི་ཕུལ། །བསྔོ་འོ་མཆོད་དོ་འབུལ་ལོ་བཞེས། །སྒོ་མ་རྣམས་ཀྱིས་སྒོ་ཕྱེས་ལ། །མཚམས་མ་རྣམས་ཀྱིས་མཚམས་སོལ་ཅིག །ལས་དང་འཇིག་རྟེན་མཁའ་འགྲོ་རྣམས། །གནམ་ས་བར་སྣང་ཆུ་བོའི་ལམ། །རྟ་རུ་ཆིབས་ལ་རང་གནས་གཤེགས། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། ཁྲམ་ཁ་ཕྱིས་ལ་ནད་ཁ་ཆོད། །སུན་མ་སྡུས་ལ་རྦོད་གཏོང་ཟློག །ཆག་ཆེ་ཉམས་ང་དགྲ་ལ་ཐོངས། ཁྲོས་འཁྲུགས་དྲག་ཤུལ་བགེགས་ལ་མཛོད། །བསྟན་འགྲོར་འཚེ་བའི་དགྲ་བགེགས་རྣམས། རྗེས་ཤུལ་མེད་པར་རྡུལ་དུ་རློགས། །རྣལ་འབྱོར་འཁོར་བཅས་བཀྲ་ཤིས་ཤིང་། །བསམ་རྒུ་འགྲུབ་ཅིང་འདོད་རྒུ་འཇོ། །མཐར་ཐུག་མི་ཕྱེད་སྐུ་གསུང་ཐུགས། །རྡོ་རྗེ་བཙུན་མོའི་གནས་ཐོབ་པའི། །མཆོག་ཐུན་ལས་ཀྱི་དངོས་གྲུབ་སྩོལ། །ཅེས་བརྗོད་ཅིང་མདོས་གཏོར་ཡང་སྟེང་ངམ་མཁའ་འགྲོ་འདུ་བའི་གནས་སུ་གཤེགས། བརྟན་མ་སྐྱོང་བ་ཕྱིན་རྗེས་ཀྱི་བྱ་བ་རྣམས་མཆོད་སྐོང་ཕྲིན་ལས་ཀྱི་རིམ་པ་བཞིན་མཐར་དབྱུང་བས་འགྲུབ་བོ། །ཡང་འདི་མཁའ་འགྲོ་གང་ཡང་རུང་བའི་ཕྲིན་ལས་ལ་སྦྱོར་བར་འདོད་ན། སྤྱན་འདྲེན་མཆོད་བསྟོད་ཙམ་སོ་སོའི་གཞུང་བཞིན་སྦྱོར་ཞིང་། དབང་ལེན་པ་མཁའ་འགྲོ་གསང་འདུས་ཀྱི་སྒེར་ཆོས་ཡིན་པས་གཞན་ལ་སྦྱོར་མི་དགོས་ཤིང་། སྦྱར་ནའང་ཉེས་པར་འགྱུར་བ་ནི་མེད་སྙམ་མོ། །བདེ་སྟོང་ཡུམ་གྱི་མཁའ་ཀློང་དུ། །སྲིད་པ་ཞི་ལ་མདོས་ཤིང་དག །སྣ་ཚོགས་ཕྲིན་ལས་ཉི་མའི་གཟིས། །དོན་གཉིས་གསལ་བའི་ཆོ་ག་འོ། །ཞེས་པའང་ཉེར་མཁོའི་ཆེད་བདེ་གླིང་ཀློང་གསལ་མཁའ་འགྲོའི་སྤྱི་མདོས་སོགས་ཀྱི་དོན་བསྡུས། འདོན་ཆ་ཕལ་ཆེར་གཏེར་ཁ་རང་མཐུན་གྱི་གཏེར་གཞུང་ཁག་ནས་བཏུས་ཤིང་། བསྒྱུར་ཁ་ཕྲན་བུས་བརྒྱན་ནས་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མཆོད་སྐོང་རྣམས་ཀྱི་འགྲོས་བསྟུན་ཏེ། ༧འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གི་འབངས་ཐ་རང་བྱུང་མཁའ་ཁྱབ་བདེ་བའི་རྡོ་རྗེར་འབོད་པའི་བན་སྔགས་ཧྲལ་པོས་བྲིས་པས་ཉེས་ཚོགས་མ་སྲིང་མཁའ་འགྲོར་བཤགས་ཤིང་དགེ་བས་འབྲེལ་ཚད་དོན་ལྡན་དུ་གྱུར་ཅིག། །།
ཡིག་སྣ་དང་ཐོད་པ་ངན་སྔགས་འཁོར་ལོ་རྫས་ངན་ལ་སོགས་ཀུན་ཐུབ་རྟ་མགྲིན་ནག་པོའི་ལས་ཚོགས་གནམ་སྐས་མ་ (Volume 44, Text 56)
ྈ ཡིག་སྣ་དང་ཐོད་པ་ངན་སྔགས་འཁོར་ལོ་རྫས་ངན་ལ་སོགས་ཀུན་ཐུབ་རྟ་མགྲིན་ནག་པོའི་ལས་ཚོགས་གནམ་སྐས་མའོ༔ ྈྈྈྈྈྈྈྈ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རང་དང་བསྟན་པའི་ཆེད་དུ་ཡང༔ ཕྲིན་ལས་སྣ་ཚོགས་བསྒྲུབ་པ་ལ༔ རྫས་དང་མན་ངག་སྣ་ཚོགས་དགོས༔ དེ་ཚེ་བཅང་ན་ངན་པའི་རྫས༔ བསགས་ཀྱང་མི་གནོད་བསྲུང་བ་བསྟན༔ དང་པོ་ངན་སྔགས་ཡིག་སྣའི་ཚོགས༔ ཐམས་ཅད་ཀུན་ཐུབ་བསྟན་པ་ནི༔ དང་པོ་གཟའ་སྐར་བཟང་བ་ལ༔ སྨན་དང་དྲི་བཟང་སྣག་ཚྭ་ཡིས༔ ཙཀྲ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བར་ལིང་རྩེ་དགུ་བཅད་ལ་དབུས་སུ་ཧྲཱི༔ ཕྱོགས་མཚམས་བརྒྱད་ལ་ཏྲཱཾ་བརྒྱད་་་ཡིག་མགོ་ནང་བསྟན།བྲིའོ༔ དེའི་ཕྱི་མུ་ཁྱུད་ལ༔ ཕྱིར་བསྟན།་་་ཨོཾ་བུདྡྷ་ལོ་ཀ་ལོ་ཀི་ཏ་ར་ཏི་ར་ཏ་ཀ་ཧྱ༔ ཙཀྲ་སརྦ་གྷ་ན་གུ་ཧྱ་གྷུ་ཐཱ་ཧྲཱི༔ ཡ་ཤ་ས་ས་ཤི་ནན་ནན༔ དུ་རི་དུ་རི༔ པྲ་ར་པྲ་ར་སྭཱ་ཧཱ༔ བདག་ལ་ངན་སྔགས་ཕྲ་མེན་རླུང་འཁོར་སེལ་ནག་ལ་སོགས་ཡིག་སྣ་ངན་པ་འཆང་བའི་སྐྱོན་ཐམས་ཅད་རཀྵ་རཀྵ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་རྩིབས་བཅུ་ལ་ཧཱུྃ་བཅུ༔་་་ནང་བསྟན། རྩིབས་མཆན་ལ་མཾ་བཅུ་་་ཕྱིར་བསྟན།བྲིའོ༔ དེའི་ཕྱིའི་མུ་ཁྱུད་ལ༔ ཨོཾ་ནི་ར་ཤ་པ་ཡཱ༔ པར་ཤ༔ ནེར་ཨཱ༔ ཏྲིན་ཏྲིན༔ ཨ་ནི་ཨ་ནི༔ ཤ་མ་ར༔ ཤ་མ་ར༔ ས་ར་ས་ར༔ བྷནྡྷ་བྷནྡྷ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ བཱ་ར་སིལ་ཀུ་ཏ་ཡ་ཧཱུྃ་བྷྱོ༔ ཡ་མ་དུ༔ འཁོར་ལོ་དང་ཡིག་སྣ་ངན་པའི་ཉེས་སྐྱོན་སརྦ་ཤཱན་ཏིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་བྲིས་ལ་དྲི་བཟང་བྱུགས༔ རབ་གནས་བྱས་ཏེ་ལུས་སམ༔ ཡང་ན་རྟེན་སྒྲོམ་ནང་ངམ༔ ཁྱིམ་དུ་ཡོད་པས་ཆོག་སྟེ༔ ཉེས་པ་ཐམས་ཅད་ཐུབ་སྟེ་ཡིད་བཞིན་ནོར་བུ་འདྲའོ༔ ྈ ྈྈྈ ྈྈ ྈྈྈ ཡང་རྣལ་འབྱོར་པས་ངན་སྔགས་རིགས་ཐམས་ཅད༔ རླུང་འཁོར༔ སེལ༔ ཕྲ་མེན༔ འགོང་ཆོག་ལ་སོགས་ངན་སྔགས་འཁོར་ལོ་ངན་པ་ཀུན་ཐུབ་ནི༔ རྒྱུ་རྣམས་གོང་ལྟ་བུ་ལ༔ ཙཀྲ་མུ་ཁྱུད་ལྔ་རུ་བསྐོར་ཏེ༔ ལིང་ཙེ་དགུ་བཅད།་་་ལྟེ་བར་ལིང་ཙེ་རེ་རེར་ཡང་ཨེ་གྲུ་གསུམ་རེ་བྲི༔ ལྟེ་བར་ཕཊ༔ ཕྱོགས་བཞིར་ཟློག་རེ༔་་་ཡིག་མགོ་ནང་དུ་བསྟན། མཚམས་བཞིར་བྷྱོ་རེ་བྲི༔་་་ཡིག་མགོ་ནང་དུ་བསྟན། དེའི་ཕྱིར་རྩིབས་བཞི་ལ༔ ཡིག་མགོ་ཐམས་ཅད་ནང་དུ་བསྟན།་་་ཨོཾ་ཧེ་ཏ་ཧ་ར་བྷྱོ་བྷྱོ་ཟློག་ཟློག༔ ཨོཾ་བྷེ་ཀུཾ་ཛ་ཝ་ནི་བྷྱོ་བྷྱོ་ཟློག་ཟློག༔ ཨོཾ་ཏིར་ཏ་ཀ་ཧྱ་དུ་ར་བྷྱོ་བྷྱོ་ཟློག་ཟློག༔ གཏད་ཁྲོམ་ཐམས་ཅད་སརྦ་བྷ་སཏྭཾ་ར་ལ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བྲིའོ༔ རྩིབས་མཆན་དུ༔ མི་དང་མི་མ་ཡིན་པའི་གདུག་རྩུབ་ཟློག༔ གནོད་བྱེད་ངན་སྦྱོར་ཐམས་ཅད་ཟློག༔ ཕ་རོལ་གྱི་བསམ་སྦྱོར་ངན་པ་ཟློག༔ ངན་སྔགས་ཀྱི་སྦྱོར་བ་ངན་པ་ཐམས་ཅད་ཟློག༔ དེའི་ཕྱིའི་མུ་ཁྱུད་ལ༔ ཏདྱ་ཐཱ༔་་་ཡིག་མགོ་ཐམས་ཅད་ནང་བསྟན། ཨོཾ་གྷ་ཏེ་གྷ་ཏེ་པ་ར་གྷ་ཏེ་པ་ར་སམ་གྷ་ཏེ་བྷོ་དྷི་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ཁྲོཾ་ག་རུ་ཊ་ཧཱུྃ་ཕཊ༔ ཀ་ཡ་གླིང་ཟློག༔ སརྦ་ཙ་བྷྱོ་ཟློག༔ ཅེས་བྲིའོ༔ དེའི་ཕྱི་རིམ་ལ༔ ཨོཾ་བུདྡྷ་ཨ་དྷི་ཏ་ཏེ༔་་་ཡིག་མགོ་ནང་བསྟན། བྷ་ར་བྷ་ར༔ བྷེ་ར་བྷེ་ར༔ ཧུ་ཡ་ཧུ་ཡ༔ པྲ་ཏྱཾ་གི་ར༔ ས་ར་ས་ར༔ ས་རཱ་ཡ་ས་རཱ་ཡ་ཧཱུྃ་ཕཊ༔ བདག་མི་ཕྱུགས་འཁོར་དང་བཅས་པ་ལ་ངན་སྔགས་འཁོར་ལོ་ངན་པ་འཆང་བ་དང༔ གཞན་གྱི་སྦྱོར་བ་ངན་པ་སྲུངས་ཤིག༔ ངན་སྔགས་ཐམས་ཅད་ཀྱིས་བདག་ལ་གནོད་པར་མ་གྱུར་ཅིག༔ དྲག་སྔགས་ཐམས་ཅད་དགྲ་དང་བགེགས་ཀྱི་སྟེང་དུ་ཆོ་ཆོ་བྷྱོ་བྷྱོ་ཟློག༔ ཅེས་བྲིའོ༔ དེའི་ཕྱི་ལ༔ ཡིག་མགོ་ནང་དུ་བསྟན།་་་ལྷ་ཡི་དམོད་པ་དགྲ་ལ་ཕོབ༔ གནོད་སྦྱིན་དྲི་ཟ་སྲིན་པོ་བདུད་ཕོ་བདུད་མོ་རྒྱལ་པོ་ཐེའུ་རང་བཙན་དམུ་མུ་སྟེགས་རུ་དྲ་ཤ་ཟ་འཕྲོག་མ་ཤི་འདྲེ་ཕོ་མོ་ས་བདག་རྒྱལ་འགོང་གནོད་བྱེད་ཐམས་ཅད་ཀྱི་དམོད་པ་དགྲ་ལ་ཕོབ༔ བྷྱོ་ཟློག༔ བདག་ལ་ཡིག་སྣ་ངན་པ་དང༔ འཁོར་ལོ་རྫས་ངན་པའི་གནོད་པ་ཐམས་ཅད་སྲུངས་ཤིག༔ སརྦ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་བྲིས་ལ་རབ་གནས་ལེགས་པར་བྱས་ཏེ༔ ལུས་ལ་བཏགས་ན་སྔགས་ནག་སྟོང་གི་ནུས་པས་མི་ཚུག་གོ༔ ཁྱིམ་དུ་བཅང་ན་ཉེས་པ་ཀུན་ཐུབ་བོ༔ ལོ་དུས་སུ་རབ་གནས་བསྐྱར་ན་བྱིན་རླབས་ཆེའོ༔ ཁྱིམ་དུ་བཅང་ན་ཐོད་པ་བཟང་པོའི་ནང་དུ་བཅུག་གོ༔ ཤིན་ཏུ་ཟབ་བོ༔ ྈྈྈྈྈ ྈྈྈ ཡང་རྣལ་འབྱོར་པའི་ཁྱིམ་དུ་ཐོད་ངན་ཀུན་ཐུབ་ནི༔ ཙཀྲ་མུ་ཁྱུད་ལྔ་རུ་བསྐོར་སྟེ༔ ལྟེ་བར་ལིང་ཚེ་དགུ་བྱས་ཏེ༔ ཧཱུྃ་དགུ་བྲིའོ༔་་་ཡིག་མགོ་ཕྱིར་བསྟན། དེའི་ཕྱི་རིམ་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་བཛྲ་བྷ་རཱ་ཧཱི་ཀྲོ་ཏི་ཀཱ་ལི་ཧཱུྃ་ཕཊ༔ དེའི་ཕྱི་རིམ་རྩིབས་བཅུ་ལ༔ མགོ་ཕྱིར་བསྟན།་་་ཨོཾ་ཨཱཿརཀྵ་ཀ་པཱ་ལ་ཧ་ལ་སྭཱ་ཧཱ༔ མི་ཡི་ཐོད་པའི་ཉེས་པ་ཀུན་ཐུབ་པར་གྱུར་ཅིག༔ ཨོཾ་ཨ་ཀྲ་ཀ་ཀ་པཱ་ལ་ཧ་ལ་སྭཱ་ཧཱ༔ གཅན་གཟན་གྱི་ཐོད་པའི་ཉེས་པ་ཀུན་ཐུབ་པར་གྱུར་ཅིག་སྭཱ་ཧཱ༔ ཨོཾ་ཨ་ཀྲ་ཀ་པཱ་ལ་ཧ་ལ་སྭཱ་ཧཱ༔ བྱ་ཡི་ཐོད་པའི་ཉེས་པ་ཀུན་ཐུབ་པར་གྱུར་ཅིག་སྭཱ་ཧཱ༔ ཨོཾ་ཨ་ཀྲ་ཀ་ཀ་པཱ་ལ་ཧ་ལ་ཧ་ལ་སྭཱ་ཧཱ༔ རི་དྭགས་དང་མི་རྒོད་ཀྱི་ཐོད་པའི་ཉེས་པ་ཀུན་ཐུབ་པར་གྱུར་ཅིག་སྭཱ་ཧཱ༔ ཨོཾ་ཨ་ཀྲ་ཀ་ཀ་པཱ་ལ་ཧ་ལ་སྭཱ་ཧཱ༔ ས་ལ་འཛུལ་ཆུ་ལ་འཛུལ་བྱོལ་སོང་གི་ཐོད་པའི་ཉེས་པ་ཀུན་ཐུབ་པར་གྱུར་ཅིག་སྭཱ་ཧཱ༔ རྩིབས་མཆན་རྣམས་སུ༔ ཀཾ་ཅེས་པ་བཅུ་བྲིའོ༔ དེའི་ཕྱིར༔ ཡུམ་ཆེན༔ ཤཱཀྱ་ཐུབ་པ༔ རིགས་གསུམ་མགོན་པོ༔ སྒྲོལ་མ༔ གཙུག་ཏོར་ཡང་སྙིང༔ ཚེ་དཔག་མེད་ཀྱི་གཟུངས་རྣམས་བྲིའོ༔ དེའི་ཕྱི་ལ་ཡེ་དྷརྨཱ་བྲི༔ དྲི་བཟང་བྱུག་ལ་རབ་གནས་ལེགས་པར་བྱས་ལ༔ ཐོད་པ་བཟང་པོར་བཞག་ལ་ཁྱིམ་དུ་བཅངས་པས་བཟང་ངན་གང་བརྟེན་ཀྱང་ཉེས་པ་ཀུན་ཐུབ་བོ༔ ཟབ༔ ས་མ་ཡ༔ ཁ་ཐམ༔ རྒྱ་རྒྱ་རྒྱ༔ དེ་ནས་སྣ་ཚོགས་རྫས་ངན་ཀུན་ཐུབ་ནི༔ གོང་ལྟར་རྫས་ཀྱིས་ཙཀྲ་མུ་ཁྱུད་གོང་ལྟར་བསྐོར་ཏེ༔ དབུས་སུ་ལིང་ཚེ་དགུའི་ལྟེ་བར་ཧ༔ ཕྱོགས་མཚམས་བརྒྱད་དུ་མ་བརྒྱད་བྲིའོ༔ དེའི་ཕྱིའི་མུ་ཁྱུད་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་རཀྵ་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཧཱུྃ་སྭཱ་ཨཱ༔ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་ནཱི་ལམ་བྷ་ར་དྷ་ར་རཀྵ་ཧཱུྃ༔ བདག་ལ་སྣ་ཚོགས་རྫས་ངན་འཆང་བའི་ཉེས་པ་ཐམས་ཅད་སྲུངས་ཤིག༔ སརྦ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱིར་རྩིབས་བཅུ་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གྷརྫ་གྷརྫ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་ཙི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུནྡྷ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ༔ ཅེས་བྲི༔ རྩིབས་མཆན་ལ༔ རྫས་ངན་པ་སརྦ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་མཆན་དུ་བྲི༔ དེའི་ཕྱི་ལ་གཙུག་ཏོར་ཡང་སྙིང་དང༔ ཁྲོ་འདུས་སོ་ལྔ་པ་བྲི༔ དེའི་ཕྱི་ལ་ཨཀྵ་ལྔ་བཅུ་དང༔ རྟེན་འབྲེལ་སྙིང་པོ་བྲི༔ ཤམ་བུ་འདོད་གསོལ་གང་འདོད་བྲིའོ༔ རབ་གནས་གཞུང་བཞིན་བྱས་ལ༔ རྣལ་འབྱོར་པའི་རྫས་ཁྲོད་དམ་ཐོད་པ་བསྭེ་སྒྲོམ་དུ་གཞུག༔ མདོར་ན་ཙཀྲ་འདི་རྣམས་གོང་གི་ཡིག་སྣ་རྫས་གང་ཡོད་ཀྱི་སྟེང་དུ་འཇོག་པ་གནད་ཡིན༔ ཡིག་སྣ་འཁོར་ལོ་རྫས་རྣམས་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་གྱི་མདུན་ནམ༔ འོག་ཏུ་བཞག་ན་ངན་པའི་ཉེས་པ་ཐུབ་བོ༔ མདོར་ན་རྣལ་འབྱོར་པས་ངན་ཐབས་ཀྱི་ཡིག་སྣ༔ རྫས་ངན་ཐོད་པ་གང་བྱེད་ཀྱི་བཅའ་གཞི་མ་རྫོགས་ན༔ ལྕགས་ཡོད་ཀྱང་མཚོན་མ་བརྡུང་བའམ༔ མེ་ཆུ་འཛོམ་ཡང་མེ་མ་གཏང་པའམ༔ ས་རྡོ་འཛོམ་ཡང་མཁར་མ་བརྩིག་པ་ལྟར་དུ་ཉེས་པ་ཆུང་ངོ༔ སྦྱོར་བ་ཚར་བའི་རྫས་སམ་སྔགས་ཀྱི་ནུས་པ་ལ་སོགས་པ་གཟབ་པ་གལ་ཆེ་བས་སྲུང་བ་འདི་དག་གཅེས་པ་ཡིན་ནོ༔ ཐོད་པ་ངན་པ་ལ་དང་པོ་ནས་ཁྱད་དུ་མི་གསོད་ཅིང་ཞིབ་ཏུ་བྱའོ༔ འདི་ནི་གཤིན་རྗེའི་གསལ་ཤིང་ལས་ཕྱུང་བ༔ ཨོ་རྒྱན་བདག་གིས་ཕྱི་རབས་དུས་ངན་གྱི་ཐ་མར་སྦྱོར་བ་རྩུབ་མོ་བྱེད་པ་ལ་སྔགས་དང་རྫས་གང་ཡང་འཛིན་དགོས་པས་དེའི་ཕྱིར་བཀོད་དོ༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ྈྈྈྈ ྈྈ སྤྲུལ་སྐུ་རཏྣ་གླིང་པས་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས་པའོ།། །།
རྡོ་རྗེ་སྲིན་པོ་ཁྲག་འཐུང་རཀྴ་ཐོད་ཕྲེང་རྩལ་གྱི་རྒྱལ་དབྱངས་གཡུལ་རྒྱལ་ལྷ་ཡི་རྔ་ཆེན་ (Volume 45, Text 56)
རྡོ་རྗེ་སྲིན་པོ་ཁྲག་འཐུང་རཀྴ་ཐོད་ཕྲེང་རྩལ་གྱི་རྒྱལ་དབྱངས་གཡུལ་རྒྱལ་ལྷ་ཡི་རྔ་ཆེན་ཞེས་བྱ་བ་བི་ཛ་ཧ་རཾ། ཧཱུྃ་ཧྲཱིཿ འོད་གསལ་ཀུན་ཁྱབ་ཡེ་ཤེས་ཆོས་སྐུའི་དབྱིངས། །ཟག་མེད་རྣམ་བྱང་ཡོན་ཏན་བཀོད་མཛེས་པ། །སངས་རྒྱས་ཀུན་གྱི་སྤྲོས་བྲལ་ཐུགས་ཀྱི་གཟུགས། །རྒྱལ་ལོ་བདུད་འདུལ་ཕྲིན་ལས་རྒྱལ་གྱུར་ཅིག །བལྟར་མི་མངོན་པ་འོད་ཀྱི་གཙུག་ཏོར་ཚུལ། །ཡེ་ཤེས་ནོར་བུའི་གཟི་བྱིན་འབར་བའི་ཀློང་། །བརྒྱུད་གསུམ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །རྒྱལ་ལོ་སྲིད་ཞིའི་བླ་ན་རྒྱལ་གྱུར་ཅིག །རིམ་པ་བཅུ་གསུམ་ཆོས་ཀྱི་འཁོར་ལོ་རུ། །བདུད་འདུལ་ཤཱཀྱ་སེང་གེ་ཕྱོགས་དུས་ཀྱི། སངས་རྒྱས་བྱང་སེམས་བསམ་མི་ཁྱབ་པ་རྣམས། །རྒྱལ་ལོ་འཇིག་རྟེན་གསུམ་ན་རྒྱལ་གྱུར་ཅིག །དཔལ་གྱི་མགུལ་མཚོན་བྲེ་ཡི་དཀྱིལ་འཁོར་ཀློང་། །སྒྱུ་འཕྲུལ་དྲ་བ་རྒྱུད་སྡེ་རྣམ་བཞིའི་ལྷ། །བསམ་ཡས་རྡོ་རྗེ་དབྱིངས་ཀྱི་ཡི་དམ་ལྷ། །རྒྱལ་ལོ་བདུད་བཞིའི་དཔུང་ལས་རྒྱལ་གྱུར་ཅིག །གཞོན་ནུ་བུམ་པ་སྐུ་ཡི་དབྱིངས་ཀྱི་སྲོག །སྤྱི་དཔལ་ཆེན་པོ་རཀྴ་ཐོད་ཕྲེང་རྩལ། །སངས་རྒྱས་འདུས་པའི་ཕྲིན་ལས་སྲིན་པོའི་རྒྱལ། །རྒྱལ་ལོ་ནག་ཕྱོགས་ཀུན་ལས་རྒྱལ་གྱུར་ཅིག །སྟོབས་བཅུའི་ཡེ་ཤེས་ཁྲོ་རྒྱལ་འབར་བའི་ཚུལ། །དབང་བཅུའི་ཕྲིན་ལས་མཁའ་ཁྱབ་འགྲོ་ལ་འཇུག །ཕྱིན་བཅུ་མཐར་ཕྱིན་ཁྲོ་རྒྱལ་ཆེན་པོ་བཅུ། །རྒྱལ་ལོ་གདོན་བཅུའི་དཔུང་ལས་རྒྱལ་གྱུར་ཅིག །ཁྲག་འཐུང་ཀུན་གྱི་མངོན་སྤྱོད་ཕོ་ཉ་བ། །དྲན་པ་ཙམ་གྱིས་བདུད་དགྲ་དམ་སྲིའི་དཔུང་། །འགུགས་མཛད་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ། །རྒྱལ་ལོ་ཡིད་སྲུབ་དཔུང་ལས་རྒྱལ་གྱུར་ཅིག །རྒྱལ་ཀུན་ཡེ་ཤེས་རིགས་སྔགས་དམོད་པའི་གཟུགས། །དྲང་སྲོང་ཁྲོས་པ་མཐུ་སྟོབས་རྡོ་རྗེའི་མཚོན། །མཐར་བྱེད་དམོད་གྲུབ་ལོཀྟྲི་པཱ་ལ་ཆེ། །རྒྱལ་ལོ་བྱད་ཕུར་ཀུན་ལས་རྒྱལ་གྱུར་ཅིག །ཚད་མེད་ཕྲིན་ལས་རྣམ་བཞིའི་བང་རིམ་དུ། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཐོགས་པ་མེད། །བརྒྱུད་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། །རྒྱལ་ལོ་ནག་ཕྱོགས་གཡུལ་ལས་རྒྱལ་གྱུར་ཅིག །སྣང་སྲིད་ཟིལ་གནོན་རིན་ཆེན་སེང་གེའི་ཁྲིར། །བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་དཀར་ཕྱོགས་དཔུང་། །རྒྱལ་བའི་བཀའ་དང་ཐ་ཚིག་ལ་གནས་ཀུན། །རྒྱལ་ལོ་ཕྲིན་ལས་ཐོགས་མེད་རྒྱལ་གྱུར་ཅིག །ངོ་བོ་ཆོས་ཉིད་གཅིག་ལས་གཞན་མིན་ཡང་། །རྣམ་པ་དཀོན་མཆོག་རྩ་གསུམ་སྐུ་བཞིའི་བདག །དོན་གཉིས་ལྷུན་གྲུབ་བསྟན་འགྲོའི་ཕན་བདེའི་དཔལ། །རྒྱལ་ལོ་དགེ་ལེགས་རྣམ་པར་རྒྱལ་གྱུར་ཅིག །ཁྱེད་རྣམས་རྣམ་ཀུན་མཆོག་ལྡན་ཆོས་སྐུའི་དབྱིངས། །མི་འཇིགས་རྣམ་བཞི་དབང་དང་སྟོབས་བཅུའི་དཔལ། །མཁྱེན་བརྩེ་ནུས་པའི་བྱིན་རླབས་རྨད་བྱུང་བས། །རྒྱལ་ལོ་བདག་ཅག་ཕྲིན་ལས་རྒྱལ་གྱུར་ཅིག །ཕྱི་རོལ་ལོ་ཟླ་ཞག་དུས་ལ་འཆར་བའི། །བཅུ་གསུམ་བར་ཆོད་ཀེག་སྲི་སྡེར་བཅས་ལས། །འཆོལ་བའི་ཁྲོ་རྒྱལ་འཁོར་བཅས་ནུས་སྟོབས་ཀྱིས། །རྒྱལ་ལོ་སྲི་ཀེག་ཀུན་ལས་རྒྱལ་གྱུར་ཅིག །ནང་དུ་རྡོ་རྗེ་ཕུང་པོའི་རྩ་ཐིག་རླུང་། །འཕེལ་འགྲིབ་འཕོ་འགྱུར་ཉེར་ལེན་ལས་བྱུང་བའི། །ནད་མུག་མཚོན་རྒུད་སྐལ་པ་ངན་པ་ལས། །རྒྱལ་ལོ་ཚེ་བསོད་དཔལ་ཀུན་རྒྱས་གྱུར་ཅིག །གསང་བ་གཟུང་འཛིན་ཀུན་རྟོག་འཁྲུལ་པ་ཡིས། །མེད་བཞིན་སྣང་བའི་ཀུན་འབྱུང་ལས་ཉོན་སྲི། །ཡེ་ཤེས་རྡོ་རྗེའི་དབྱིངས་སུ་མཐར་བྱས་ཏེ། །རྒྱལ་ལོ་བདུད་བཞིའི་དཔུང་ལས་རྒྱལ་གྱུར་ཅིག །ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་ཀློང་། །བགེགས་དང་བར་ཆད་མི་མཐུན་མིང་ཡང་མེད། །རང་བྱུང་ཡེ་ཤེས་འཕེལ་འགྲིབ་བྲལ་བ་ཡིས། །རྒྱལ་ལོ་ཕྱོགས་དུས་ཀུན་ཏུ་རྒྱལ་གྱུར་ཅིག །ཅེས་པའང་མེ་འབྲུག་ཆུ་སྟོད་ཟླ་བའི་སྟོང་གི་ཉི་མར་ལྷོ་འབྲུག་ཐིམ་ཡུལ་བཀྲ་ཤིས་ཆོས་རྫོང་དུ་གཏོར་ཟློག་སྐབས་པདྨ་གར་དབང་མདོ་སྔགས་གླིང་པས་སྤེལ་བ་དཀར་ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་གྱུར་ཅིག །ཛ་ཡནྟུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཟབ་བདུན་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་ཀྱི་ཁ་འཕང་། གནས་གསུམ་བྱིན་རླབས་དང་དབང་བསྐུར་ (Volume 32, Text 56)
ཟབ་བདུན་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་ཀྱི་ཁ་འཕང་། གནས་གསུམ་བྱིན་རླབས་དང་དབང་བསྐུར་ནི། གནས་གསུམ་ཟླ་བ་པདྨ་དང༔ ཉི་མར་ཨོཾ་ཨཱཿཧཱུྃ་རྣམས་ལས༔ འོད་ཟེར་རྒྱལ་བ་ཐམས་ཅད་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ རྣམ་པར་སྣང་མཛད་འོད་དཔག་མེད༔ མི་བསྐྱོད་ཡབ་ཡུམ་སྐུ་རུ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ སྤྱི་བོར་རིགས་ལྔ་ཡབ་ཡུམ་སྦྱོར༔ ཆུ་ཡིས་སྒྲིབ་སྦྱངས་དབང་བསྐུར་ནས༔ ཡབ་ཡུམ་རིགས་ལྔས་དབུ་ཡང་བརྒྱན༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ཎ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ༈ བཞུགས་གསོལ་ཕྱག་འཚལ་མཆོད་པ་རྣམས་ནི། ཧཱུྃ༔ སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ན༔ བྱོལ་སོང་གཙོ་བརྒྱད་དྲེགས་པ་དང༔ དགྲ་བགེགས་བསྣོལ་བའི་གདན་སྟེང་ན༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་བཞེངས་པ་ཡི༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡེ་ཤེས་རྣམ་རོལ་ལྷ་ཚོགས་ལ༔ གཉིས་མེད་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་པཱུ་ཧོ༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་ཐམས་ཅད་བསྒྲལ་པ་ཡི༔ དབང་པོ་ནང་ཁྲོལ་དྲི་ང་བ༔ རྣམ་ཤེས་ཁྲག་དང་ཤ་རུས་ཟས༔ རྐང་གླིང་ཐོད་རྔའི་སྒྲ་རྣམས་ནི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནི་བིདྱཱ༔ ཤབྡ་པཱུ་ཛ་ཧོ༔ ཧཱུྃཿ དུག་ལྔ་རྣམ་དག་སྨན་ཆེན་པོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ རྨད་བྱུང་བདུད་རྩིའི་མཆོད་པ་འདི༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ མཚན་དོན་སྦྱར་ཞིང་དངོས་གྲུབ་བླང་། ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་། །ལོངས་སྐུ་རྣམ་སྣང་སྤྲུལ་སྐུ་རྡོ་རྗེ་སེམས། །ཤཱཀྱ་ཐུབ་སོགས་སྟོན་པ་བཅུ་གཉིས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། མངོན་རྫོགས་རྒྱལ་པོ་ཡོངས་འཁྱུད་བདེ་མ་ཡུམ། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །དྷ་ན་སཾསྐྲྀ་པདྨ་ཐོད་ཕྲེང་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། མཁར་ཆེན་མཚོ་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞབས། །དཔལ་གྱི་ཡེ་ཤེས་ཆོས་ཀྱི་བློ་གྲོས་རྗེ། །མཆོག་གྱུར་གླིང་པ་རྩ་བརྒྱུད་བླ་མ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ཞི་བ་རྡོར་དབྱིངས་འབར་བ་ཧེ་རུ་ཀ །ཀློང་དགུའི་དབྱིངས་ཀྱི་དབང་ཕྱུག་གཙོ་དང་འཁོར། །མ་མོ་རྦོད་གཏོང་དཀྱིལ་འཁོར་རབ་འབྱམས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། ཀུན་ཁྱབ་རྟག་པའི་རྒྱལ་མོ་མུ་ཁ་ལེ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་གནས་པའི། སྣང་སྲིད་མ་མོ་རོལ་པའི་ལྷ་ཚོགས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ། བདུད་རྩིའི་ལྷག་མའི་ཐིག་ལེ་གནས་གསུམ་བཀོད། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་མྨེ་པྲ་ཡཙྪ༔ ལྕེར་མྱང་ལ། བཛྲ་ཨ་མྲྀཏཾ་སིདྡྷི་ཀུ་རུ་ཥྭ་མེ། ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དགྲ་བགེགས་བསྒྲལ་པའི་དོན་སྙིང་ཁྲག༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་གཏོར་མར་སྦྱར༔ འདོད་ཡོན་རྣམ་ལྔས་རབ་སྤྲས་པ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ ཧཱུྃ༔ བདེ་སྟོང་གཉིས་མེད་རབ་སྦྱོར་ཞིང༔ གདུག་པའི་དགྲ་བགེགས་བསྒྲལ་པའི་ཚོགས༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ གཉིས་སུ་མེད་པར་ཐིམ་གྱུར་ནས༔ ཀ་དག་ཀློང་དུ་གྲོལ་བར་ཤོག༔ ཏ་ན་ག་ཎ་ཏི་ར་སིདྡྷི་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཞེས་པའང་ཡར་སྟོད་ཤམ་པོ་གངས་རར་མ་མོའི་སྒྲུབ་མདོས་གཏང་བའི་ཚེ་གུ་ཎས་ཞབས་ཏོག་ཏུ་སྤེལ།། །།
བདེ་གཤེགས་སྤྱི་བསྟོད་ (Volume 41, Text 56)
མཉམ་མེད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་འགྲན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགོག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་བའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དཔལ་ཡང་དག་ཧེ་རུ་ཀ་གལྤོའི་རྒྱུད་སོགས་ལས་གསུངས་པའི་སངས་རྒྱས་སྤྱིའི་བསྟོད་པའོ། །མངྒ་ལཾ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྨིན་བྱེད་བྱིན་རླབས་སྙིང་པོ་ (Volume 11, Text 56)
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ སྨིན་བྱེད་བྱིན་རླབས་སྙིང་པོ་བཞུགས་སོ༔ ཁྱབ་བདག་གྲུབ་པའི་འཁོར་ལོས་བསྒྱུར༔ འགྱུར་མེད་ཐང་སྟོང་རྒྱལ་པོར་འདུད༔ གང་དེའི་རྡོ་རྗེའི་རྣལ་འབྱོར་དང༔ འབྲེལ་བའི་སྨིན་པར་བྱེད་པ་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་དབུས༔ ཕྱི་ནང་གསང་བའི་ཡོ་བྱད་བཤམ༔ བསྒྲུབ་ཅིང་བཟླས་ལ་ཚོགས་གཏོར་འབུལ༔ བདག་ཉིད་འཇུག་པ་སྔོན་འགྲོ་བས༔ སློབ་མ་ཁྲུས་བྱས་གྲལ་ལ་འཁོད༔ བགེགས་ཕྲལ་སྲུང་བའི་འཁོར་ལོས་བཅིངས༔ ལོ་རྒྱུས་མཚམས་སྦྱར་མཎྜལ་ཕུལ༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་དང༔ དབྱེར་མེད་དཔལ་ལྡན་བླ་མ་དགོངས༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ཞེས་པས་གསོལ་གདབ་སྡོམ་གསུམ་སྦྱིན༔ དེ་ནས་སྐུ་ཡི་ལྷར་བསྐྱེད་ལ༔ སྤོས་རོལ་དང་བཅས་ཡེ་ཤེས་དབབ༔ ཨོཾ༔ ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེས་སྤྲུལ་སྐུ་ཐོད་ཕྲེང་རྩལ༔ དབྱེར་མེད་གྲུབ་པའི་ཧེ་རུ་ཀ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དབའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ནས༔ སྣང་སྟོང་བུམ་པའི་དབང་བསྐུར་ཕྱིར༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ མཚན་དཔེའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྣང་གྲགས་རིགས་གསུམ་ལྷ་སྔགས་དང༔ ཆོས་སྐུའི་ཡེ་ཤེས་ཆེན་པོར་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀཱ་ཡ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྟན་པར་བྱས་རྗེས་བུམ་དབང་ནི༔ ཨོཾ༔ ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ༔ ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིའི་དབང་བསྐུར་བས༔ ལུས་སྣང་སྤྲུལ་པའི་སྐུ་རུ་གནས་འགྱུར་ཤོག༔ རྩ་སྔགས་དང་། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ རྗེས་འབྲེལ་མཚན་དཔེའི་ཞལ་སྐྱིན་ནི༔ སྤྱི་བོར་བཀོད་ལ་བྱིན་གྱིས་བརླབ༔ ཨ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ ཉེ་རྒྱུའི་བདེ་སྟེར་ཌཱ་ཀི་བཅུ་དྲུག་རོལ༔ རྩ་ཁམས་དྭངས་མའི་གཟུགས་སུ་མངོན་གྱུར་ནས༔ འཆི་མེད་རིག་འཛིན་གྲུབ་པའི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྣང་སྟོང་བསྐྱེད་པའི་རིམ་པ་ལ༔ སེམས་འཛིན་བསྒོམ་ཞིང་དག་པ་བརྗོད༔ ཨོཾ༔ སྣང་སྲིད་སྣོད་བཅུད་འཁྲུལ་པ་དབྱིངས་སུ་དག༔ ཆོས་ཀུན་ཆོས་ཉིད་གཅིག་གི་རོལ་པར་སྨིན༔ ཕྱི་ནང་གཞན་གསུམ་དབྱེར་མེད་ཧེ་རུ་ཀ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་པས་མངའ་གསོལ་མེ་ཏོག་འཐོར༔ གཉིས་པ་གསང་བའི་དབང་བསྐུར་ནི༔ གསུང་གི་ལྷར་བསྐྱེད་ཡེ་ཤེས་དབབ༔ ཨཱ༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ཀྱི་རྒྱུན༔ ཐབས་ཤེས་གཉིས་མེད་བདེ་བའི་དབང་བསྐུར་བས༔ རླུང་སྔགས་ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་ཨཱ་དི་ཀཱ་དི་ཡི༔ ཡི་གེའི་ཕྲེང་བ་མགྲིན་པར་དགོད༔ ཨཱ༔ གྲུབ་ཐོབ་ཆེན་པོའི་གསུང་གི་དཀྱིལ་འཁོར་ནས༔ ཨེ་ཝཾ་ཟུང་འཇུག་རྡོ་རྗེའི་གླུ་བླངས་པས༔ ལས་རླུང་དབུ་མའི་གྲོང་དུ་ཕྱག་བྱས་ནས༔ གྲགས་སྟོང་བརྗོད་པ་བྲལ་བའི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུན་མོང་བཟླས་པའི་ལུང་ཕོག་ཅིང༔ ཁྱད་པར་རྡོ་རྗེའི་བཟླས་པ་དང༔ རླུང་དང་གཏུམ་མོའི་རྣལ་འབྱོར་བསྒོམ༔ གསུམ་པ་ཤེར་དབང་བསྐུར་བ་ནི༔ ཐུགས་ཀྱི་ལྷར་བསྐྱེད་ཡེ་ཤེས་དབབ༔ མཚན་ལྡན་རིག་མའི་བྱིན་རླབས་སྦྱིན༔ ཧཱུྃ༔ རྣམ་ཀུན་མཆོག་ལྡན་སྣ་ཚོགས་གཟུགས་འཆང་མ༔ ཡིད་འོང་ལས་ཀྱི་ཕྱག་རྒྱ་འདི་གཏད་ཅིང༔ བདེ་སྟོང་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཐིག་ལེ་ཆོས་ཀྱི་སྐུ་རུ་གནས་འགྱུར་ཤོག༔ ཀརྨ་མུ་དྲ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་ཌཱ་ཀི་སྡེ་ལྔ་ཡི༔ སྐུ་བརྙན་གཡོན་གྱི་ལག་པར་སྦྱིན༔ ཧཱུྃ༔ གྲུབ་ཐོབ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་བཙུན་མོའི་སྒྱུ་མ་ལ་རོལ་པས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རུ༔ འཁོར་འདས་གཉིས་སུ་མེད་པའི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལུགས་འབྱུང་ལུགས་ལྡོག་དགའ་བ་བཞིའི༔ ཡེ་ཤེས་སྤེལ་ཞིང་དག་པ་བརྗོད༔ བཞི་པ་ཚིག་གི་དབང་བསྐུར་ནི༔ ཡེ་ཤེས་ལྷར་བསྐྱེད་བྱིན་ཆེན་དབབ༔ ལུས་གནད་དང་བཅས་མཉམ་པར་བཞག༔ ཨ༔ ཆོས་ཀུན་ངོ་བོ་རིག་སྟོང་ནམ་མཁའི་དབྱིངས༔ གང་ཤར་རང་གྲོལ་མ་བཅོས་ལྷུག་པའི་ངང༔ སྤང་བླང་བྲལ་ཐོབ་མེད་པར་དབང་བསྐུར་བས༔ ཀུན་གཞི་ཡེ་ཤེས་ཆེན་པོར་གནས་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ རྗེས་འབྲེལ་རྡོ་རྗེ་དྲིལ་བུ་ནི༔ གཡས་གཡོན་གཏད་ལ་འཁྱུད་རྒྱ་བྱ༔ ཨཿ གྲུབ་ཐོབ་ཆེན་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ ཐབས་ཤེས་ཟུང་འཇུག་ཀ་དག་གཉུག་མའི་ངང༔ འགྲོ་ཀུན་གདོད་མའི་དབྱིངས་སུ་དབུགས་དབྱུང་བའི༔ སྲིད་ཞིའི་མཐའ་ལས་འདས་པའི་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ སྤྲོ་ན་རྡོ་རྗེའི་གླུ་དང་བཅས༔ ལྟ་སྒོམ་སྤྱོད་འབྲས་ངོ་སྤྲོད་ཅིང༔ ཐམས་ཅད་དབྱེར་མེད་གཉུག་མའི་ངང༔ ལ་བཟླ་མ་བཅོས་ལྷུག་པར་བཞག༔ ལྔ་པ་རིག་རྩལ་ཐོད་རྒལ་དབང༔ དབྱེར་མེད་ལྷར་བསྐྱེད་ཡེ་ཤེས་དབབ༔ ཤེལ་དང་འཇའ་ཚོན་བརྡས་མཚོན་ཏེ༔ ཧོ༔ ནང་གསལ་ཐིམ་ལ་མ་རྨུགས་ཤེལ་གོང་ལས༔ ཕྱིར་གསལ་རྡོ་རྗེ་ལུག་རྒྱུད་འཇའ་ཚོན་ཤར༔ དབྱིངས་རིག་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཅིར་སྣང་ཡེ་ཤེས་གཅིག་ཏུ་གནས་འགྱུར་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ རྗེས་འབྲེལ་ཁ་ཊྭཱཾ་མཆན་དུ་བཅུག༔ གཡས་གཡོན་ཌཱ་རུ་བདེ་སྐྱོང་སྦྱིན༔ ཧོ༔ གྲུབ་ཐོབ་ཆེན་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ བརྟུལ་ཞུགས་སྤྱོད་པས་གནས་ཡུལ་ཀུན་ཉུལ་ཏེ༔ འབུམ་ཕྲག་དབའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཡིད་ཀྱི་བརྟན་པ་འཕྲོག་པའི་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ བཞུགས་སྟངས་གཟིགས་སྟངས་སྒོ་ཡུལ་དང༔ རླུང་རིག་གནད་ཀྱི་དོན་ངོ་སྤྲད༔ རྗེས་སུ་གཏོར་མ་ལྷར་བསྐྱེད་ལ༔ བརྒྱུད་པའི་བྱིན་རླབས་དབུགས་དབྱུང་བྱ༔ དམ་ཚིག་ཁས་བླངས་མཎྜལ་འབུལ༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོར་རོལ༔ རྡོ་རྗེའི་གླུ་གར་དག་ཀྱང་བྱ༔ ས་མ་ཡ༔ ཆོས་རྣམས་ཀུན་གྱི་དེ་ཁོ་ན༔ གནས་སྐབས་མཐར་ཐུག་མི་ཕྱེད་པ༔ རྡོ་རྗེ་ཐེག་པའི་གྲུབ་པའི་མཐའ༔ གཞི་ལམ་འབྲས་བུའི་རྒྱུད་དུ་བཤད༔ གཞི་ནི་ཀུན་ཁྱབ་བདེ་གཤེགས་སྙིང༔ ཟབ་གསལ་གཉིས་སུ་མེད་པའི་དབང༔ བསྐུར་ཐོབ་བྲལ་བའི་ཆོས་ཉིད་ནི༔ སེམས་ཅན་ཀུན་ལ་ཁྱབ་པར་གནས༔ ལམ་དུས་དྲྭ་བ་རྣམ་པ་བཞིས༔ ཉོན་མོངས་རྟོག་ཚོགས་བསྡམས་པ་ལས༔ དཔའ་བོ་དང་ནི་རྣལ་འབྱོར་མས༔ དབང་བསྐུར་ཧེ་རུ་ཀ་དཔལ་འགྱུར༔ འབྲས་བུ་ལྷན་སྐྱེས་ཉེ་རྒྱུ་ལས༔ མས་བརྟན་དགའ་བཞིའི་བདུད་རྩི་ཡིས༔ འཁོར་ལོ་བཞི་པོ་གང་བའི་ཚེ༔ དབང་བཞིའི་ཡོན་ཏན་རང་ལ་ཤར༔ མཐར་ཐུག་གཙུག་ཏོར་ནོར་བུའི་རྩེར༔ ཟག་མེད་དྭངས་མས་སྨིན་པ་ན༔ རྡུལ་བྲལ་ཞི་བ་དམ་པའི་དབང༔ འོད་ཟེར་ཆེན་པོའི་ཐབས་ཀྱིས་ཕྱེ༔ འདི་ནི་གྲངས་མེད་ཁྱབ་བདག་ཆེ༔ ཐམས་ཅད་ཀུན་གྱི་གཤེགས་ཤུལ་ཏེ༔ དེ་སླད་དུས་གསུམ་དུས་མེད་དུ༔ ལམ་གྱི་དབང་ལ་བརྩོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ དྷ་ཐིམ༔ ཞེས་པའང་རྗེ་གྲུབ་ཐོབ་ཆེན་པོའི་གསང་བ་གསུམ་གྱི་བྱིན་རླབས་དངོས་སུ་ཐོབ་པ་ལ་བརྟེན་ནས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྐད་ཅིག་གིས་གཏན་ལ་ཕབ་པ་ཤིན་ཏུ་གསང་བའི་ཐུགས་ཏིག་གོ །སརྦ་མངྒ་ལཾ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པ་དགེ། །།
གུ་རུའི་རྟེན་འབྲེལ་ཡང་སྙིང་འདུས་པ་ (Volume 42, Text 57)
༄༅༔ གུ་རུའི་རྟེན་འབྲེལ་ཡང་སྙིང་འདུས་པ་བཞུགས་སོ༔ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མན་ངག་རྒྱ་མཚོའི་ཀློང་ནས་ལེགས་བསྡུས་པ༔ སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད་པའི་ཕྱིར༔ རང་རང་འདོད་པ་ཀུན་ཏུ་ཚིམ་པ་ཡི༔ རྟེན་འབྲེལ་ཡང་སྙིང་འདུས་པའི་ཕྲིན་ལས་གདམས་པ་བསྟན༔ ལས་ཅན་ཀུན་གྱི་སྤྱོད་ཡུལ་འདི་ལྟར་རོ༔ ༈ ཨེ་མ་ཧོ༔ རྣལ་འབྱོར་པ་རི་ཁྲོད་འགྲིམ་པའི་དུས་སུ༔ རང་གཟུང་འཛིན་གྱི་སྣང་བ་ལ་ཞེན་ནས་ཚེ་འདི་བློས་མ་ཐོང་པར་ཏིང་ངེ་འཛིན་གྱི་ཉམས་མ་འཕེལ་ན༔ དབྱུག་པ་གྲུ་བཞི་པ་འདོམ་གང་བ་གཅིག་ལ་བླ་མ་བརྒྱུད་པ་དང་བཅས་པའི་མཚན་བྲི༔ དེ་ལ་གྲོ་གས་བསྒྲིལ་ལ་བླ་མ་ལ་གསོལ་བ་གདབ༔ དབྱུག་པའི་སྣེ་གཅིག་ལ་བྲེ་བཏགས་ལ་ཉིན་མོ་ནམ་མཁའ་ལ་སྟེང་དུ་འཕྱར༔ སྣེ་གཅིག་སྲང་བཏགས་ལ་མཚན་མོ་འོག་ཏུ་ལིང་དུ་གཞུག༔ རང་ཉིན་རེ་མཚན་རེ་དེའི་འོག་ཏུ་འཛུལ་འགྲོ༔ སྤང་བྱའི་་་སྲེག་པ།སྒྲོ་གཡུག་ཅིང་དེ་ལ་བསྐོར་བར་བྱའོ༔ དེས་ཚེ་འདི་ལ་བློ་སྣ་ཐུང་སྦུད་དེ་འགྲོ༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་དབེན་པ་བསྟེན་པའི་དུས་སུ༔ ཤེས་པ་བྱིང༔ སྙིང་མི་དགའ༔ ཚིག་པ་ཟ༔ གྲོང་མཐའ་སྐོར་འདོད༔ དགེ་སྦྱོར་བྱེད་པ་ལ་འཚེར་ན༔ བླ་མ་ལ་གསོལ་བ་གདབ༔ ཐབ་ལ་བསྐོར་བ་ལན་གསུམ་བྱས་ལ་མགོ་ལ་ཁོག་མ་གྱོན༔ སྲེ་མོས་དཔྲལ་བར་ཨོཾ༔ མགྲིན་པར་ཨཱཿ སྙིང་གར་ཧཱུྃ་བྲི༔ ཡི་གེ་འབྲུ་གསུམ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཁ་བྱང་དུ་བལྟས་ལ་ཉལ་ལོ༔ དེས་ཏིང་ངེ་འཛིན་རྣལ་དུ་ཕེབས༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་དུར་ཁྲོད་ལ་སོགས་པ་གཟི་བརྗིད་ཅན་གྱི་གནས་སུ་སྡོད་པའི་དུས་སུ༔ ཤེས་པ་འཁུ་འཁྲིག་ཟོས་ནས་འཇིགས་ཤིང་གཡེལ་ཉམ་ང་བག་ཚ་ནས་ནུབ་མོ་སྡོད་མ་ནུས་ན༔ བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་གདབ༔ ཐོད་པར་དྲི་ཆེན་དྲི་ཆུ་བླུགས་ལ་དཔྲལ་བར་བྱུག༔ གཅེར་བུར་བྱས་ལ་ཐོད་པ་ལག་པ་གཡོན་དུ་ཁྱེར༔ ཌཱ་མ་རུ་གཡས་སུ་ཁྱེར་ལ་དཀྲོལ༔ ཡིད་ལ་དྲན་ཚད་ཁ་རུ་འབར༔ དེ་ནས་ཁ་ཤར་དུ་བསྟན་ལ་ཉལ་བར་བྱའོ༔ དེས་འཇིགས་པ་མེད༔ རིག་པ་ངར་བསྐྱེད་དོ༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་བས་མཐར་སྡོད་པའི་དུས་སུ༔ དཀའ་ཐུབ་ཀྱི་དམ་བཅའ་གཏོང་སྙིང་འདོད༔ ཟས་དང་ཁར་མི་འགྲོ༔ བག་ཆགས་ངན་པའི་ནད་རོ་ལྡང༔ མིའི་ཟླ་ལ་འགྲོ་སྙིང་འདོད་ན༔ བླ་མ་ལ་གསོལ་བ་གདབ༔ རའི་སོག་པ་གཅིག་ལ་སིནྡྷུ་རས་གཡུང་དྲུང་རིས་བྲི༔ དེ་ལ་སེ་གོལ་བརྒྱ་རྩ་བརྒྱད་གཏོགས་ལ་ཀླད་ལ་ལན་གསུམ་བསྐོར༔ སོག་པ་ནུབ་མོ་སྔས་སུ་འཇུག༔ ཉིན་མོ་ཉི་མ་ལ་བསྲེག་གོ༔ དེས་ཤེས་པ་རྣལ་དུ་ཕེབས༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་རི་ཁྲོད་ལ་སོགས་པ་མེ་ཤིང་མེད་པའི་སར༔ ཤ་དང་ཐུག་པ་སྔགས་ཀྱིས་བཙོ་བ་ནི༔ བླ་མ་ལ་གསོལ་བ་བཏབ༔ ཨོཾ་སརྦ་ཏད་རྦ་ཏྲི་ཛྭ་ལ་རཾ་སྭཱ་ཧཱ༔ ཞེས་ཉི་ཤུ་རྩ་གཅིག་བཟླས་ཏེ་ཆུ་ལ་བཏབ༔ སྣོད་ཀྱི་ཁ་རེ་བ་ནག་པོས་བཅད༔ དེའི་སྟེང་དུ་དྷེའུ་གསུམ་སྒྱེད་པུ་ཁར་བཞག༔ སྔགས་བཟླས་ལ་ཁ་གཅོད༔ དེ་མ་བསྒུལ་བར་ཉི་མ་ལ་བསྲོས་པས་མྱུར་དུ་ཚོས་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་དགེ་སྦྱོར་བྱེད་པའི་དུས་སུ༔ གཉིད་མི་ཡོང་བར་བྱ་བ་ནི༔ གྲོ་ག་ཁོང་ལྡན༔ ཟར་མ༔ ཉུངས་དཀར༔ རྟའི་སྤྱི་གཙུག་གི་རུས་པ་རྣམས་བཏགས་ལ་བླ་མ་ལ་གསོལ་བ་གདབ༔ ལག་མཐིལ་དུ་ཆུ་དང་སྦྱར་ལ་སྣ་སྒོ་གཉིས་སུ་བྱུག༔ ལ་ཆ་ལ་སྦལ་པའི་གཟུགས་ཡན་ལག་བཞི་ཚང་བ་གཅིག་བྱས་ལ༔ བུ་མོ་སྟག་ལོ་མ་འདོད་པའི་མཚོན་གྱིས་མ་གོས་པའི་ཡན་ལག་བཞིའི་སེན་མོ་བྲེགས་ལ་སྦལ་པའི་ཡན་ལག་བཞི་ལ་མ་ནོར་བར་བསྐྱོན༔ དེའི་ལྟོ་བར་གྲོ་གའམ་ཤོག་བུ་ལ་སྔ་དྲོ་ཉི་མ་ལྷན་ཕེབས་པ་ལ༔ ཨོཾ་པད་ཌ་ལ་གྷུ༔ སྦྲིད་ལ་བེར་མོ་མུ་ཁ་ལེན་ལ༔ ཆོ་ཆོ༔ ཞེས་ག་པུར་གྱིས་བྲིས་ལ་བཅུག་ལ༔ སྔས་ཀྱི་ཁ་ཕར་བསྟན་ལ་བཞག་གོ༔ དེས་གཉིད་བྱ་ཡར་ནས་མི་ཡོང་ངོ༔ འོང་བར་འདོད་ན་ཁ་ཚུར་བསྟན་ཏེ་སྣ་སྒོའི་རྫས་ཕྱིས་པས་འོང་བར་འགྱུར་རོ༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་ལ་ཟས་ཀྱི་འདུ་བ་ཆད་ན༔ བླ་མ་ལ་གསོལ་བ་གདབ༔ ཟས་ཟ་བའི་དུས་སུ་ཟན་ལ་ཆངས་བུ་གཅིག་བཅད་ལ༔ ཨི་ལི་མི་ལི་སི་ལི་ཀི་སྭཱ་ཧཱ༔ ཞེས་ལན་བདུན་བཟླས་ལ་བླ་མ་ཕུལ༔ ཕྱེད་ཟོས་ཟིན་པའི་རྗེས་ལ་ཆངས་བུ་གཅིག་བཅད་ལ༔ ཨ་ན་ལེ་པི་ཤ་ཙི་ཨི་དམ་པཱུ་ཛ་ཡེ་སྭཱ་ཧཱ༔ ཞེས་ལན་བདུན་བཟླས་ལ་ཕྱིར་འབྲང་བའི་གནོད་སྦྱིན་མ་ལ་བྱིན༔ མོ་ལྷག་མ་ལ་དབང་བར་བསམ༔ ན་མ་ཤ་ཤག་མུ་ཤ་མུ་ཧེ་པི་ཤཱ་ཙི་སྭཱ་ཧཱ༔ ཞེས་ལན་བདུན་བཟླས་ལ་ལྷག་མ་དབང་བ་རྣམས་ལ་བྱིན༔ དེ་ལྟར་ཞག་གསུམ་སྟེ་གཅིག་ཏུ་མ་ཆད་པར་བྱས་ན༔ ཟས་གོས་ཚེགས་མེད་འབྱུང་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་ཚེ་ལ་བར་ཆད་བྱུང་ན༔ ཟློག་པ་བྱ་བ་ནི༔ རི་མཐོན་པའི་རྩེའམ་མཁར་མཐོན་པོའི་རྩེར་ཕྱིན་ལ༔ བླ་མ་ལ་གསོལ་བ་གདབ༔ ལུས་སྐྱིལ་ཀྲུང་བྱས༔ ལག་པ་ཁུ་ཚུར་སྙིང་གར་སྦྱར་ལ་མིག་མི་འཛུམ་པར་ནམ་མཁའ་ལ་བལྟ༔ མིག་གིས་མཐོང་ཚད་ཀྱི་ནམ་མཁའ་ལ་ཧུབ་བྱས་ལ་མིད༔ དེ་ལྟར་བྱས་ན་ནམ་མཁའ་ལྟ་བུར་འགྱུར་ཏེ༔ བར་ཆད་བཟློག་ནས་འཆི་བ་བསླུ་བ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་ནགས་ཁྲོད་དུ་སྡོད་པའི་དུས་སུ༔ ཤིང་སྤྲེའི་དུག་བྱུང་ན་སྦྲུལ་གྱི་པགས་པ་བླན༔ པད་པས་སོ་བཏབ་ན་ལན་ཚྭ་བྱུག༔ ཁྱི་སྨྱོན་གྱིས་སོ་བཏབ་ན་ཕག་རྒོད་ཀྱི་མཆེ་བས་ཕྱི༔ སྦྲང་བུས་སོ་བཏབ་ན་བཙན་དུག་གི་ཆུས་བཀྲུ༔ ཁྱིས་སོ་བཏབ་ན་འབྲུག་རུས་ཀྱི་ཐལ་བ་བྱུག༔ དེ་ལྟར་བྱས་པས་སོས་པར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་མིའི་ཚོགས་འདུ་བར་འདོད་ན༔ སྐྱེས་པ་ལོ་ཉི་ཤུ་རྩ་ལྔ་ལོན་པའི་ཐོད་པར་ཁྱིའུ་ཁ་ན་སོ་བཞི་ཡོད་པའི་རྡོ་རྗེ་བཅུག་སྟེ༔ དུས་གཉན་ལ་ནང་དུ་བསྐོར་ན་སྐྱེས་པ་འདུ༔ བུ་མོ་རྗེ་རིགས་མ་ལོ་བཅུ་དྲུག་ལོན་པའི་ཐོད་པར་སྐྱེས་པ་དང་མ་འཕྲད་པའི་རཀྟ༔ རྨ་བྱའི་མདོངས༔ ཁུག་ཆོས་མེ་ཏོག་རྣམས་བཅུག་ལ་དར་དཀར་པོས་དྲིལ་ཏེ་བཅངས་ན་བུད་མེད་འདུ༔ སྨྱོན་པའི་ཐོད་པར་སྤྲེའུའི་སྣ་བཅུག་ལ་དར་ཚོན་གྱིས་དྲིལ་ཏེ་མཆན་ཁུང་གཡོན་དུ་བཅངས་ལ་མིག་བར་སྣང་ལ་བལྟས་ནས་བསྐོར་ན་ཁྲོམ་འདུའོ༔ ཁྱིའི་ཐོད་པར་གསེར་བཅུག་ནས་སྐར་མ་རྒྱལ་གྱི་ཉིན་པར་བླ་མའི་སྐུ་འབག་ལ་ཕུལ་ན་རྒྱལ་པོ་དབང་དུ་འདུའོ༔ བྲམ་ཟེའི་ཐོད་པར་དངུལ་བཅུག་ནས་ཚེས་བཅོ་ལྔའི་ཉིན་པར་མིང་ནས་སྟོན་ནས་སྐུ་འབག་ལ་ཕུལ་ན༔ བཙུན་མོ་དབང་དུ་འདུའོ༔ དམེ་ཤ་ཅན་གྱི་ཐོད་པར་སྟག་གི་སྙིང་བཅུག་ནས་སྐར་མ་བྲ་ཉེའི་ཉིན་པར་སྐུ་འབག་ལ་ཕུལ་ན་དམངས་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ༔ དེ་རྣམས་ཀྱིས་མི་རྣམས་དབང་དུ་འདུ་བ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་འགྲོ་ལ་ཕན་གདགས་པར་འདོད་པས༔ བུ་ཆུང་ན་བ་ལ༔ སྤྱི་གཙུག་ཏུ་མགྲོན་བུ་བཏགས༔ སྐེ་ལ་ལུང་ཐང་བཏགས༔ རྐེད་པ་གཡས་གཡོན་དུ་སྐུད་པ་དམར་པོ་གདགས་སོ༔ སྐྱེས་དར་མ་ན་ན༔ ཟོ་ར་དང༔ ལྕགས་ཐག་སྦྲེལ་ལ༔ ཁོ་རང་ཡིད་དུ་འོང་བའི་མི་གཅིག་གིས་ན་སར་བླན༔ མོ་ཆགས་ན་ན༔ འཕང་ལ་སྐུད་པ་སྔོ་དམར་བཏགས་ལ་ཞང་པོའི་ཡུལ་ཕྱོགས་སུ་འཕང་ངོ༔ རྒན་ཁོག་ན་ན༔ རང་འཐག་ཁར་སྒྱེད་པུ་གཅིག་བཞག་ལ་ཕྱིར་ལོག་ཏུ་ལན་གསུམ་བསྐོར་དུ་གཞུག༔ དེ་ལྟར་བྱས་པས་ནད་སོས་སོ༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྣལ་འབྱོར་པ་ལྡོམ་བུ་ལ་འགྲོ་བའི་ཚེ༔ བླ་མ་ལ་གསོལ་བ་གདབ༔ ཀ་པཱ་ལ་དུམ་བུ་གཅིག་པ་ལ༔ ཨོཾ་ཀ་པཱ་ལ་མུ་དྲ་ཟོ་ཏྲི་སྭཱ་ཧཱ༔ ཞེས་པ་ལན་སྟོང་བཟླས་ལ་བྱིན་གྱིས་བརླབས་པས་ཟས་འདུའོ༔ ཀ་པཱ་ལས་བྲང་ཕྱིས་པས་འཐབ་མོ་མི་ཡོང་ངོ༔ ཀ་པཱ་ལ་རང་འཐག་ལ་བསྐོར་ན་ཆུས་མི་ཁྱེར༔ ཀ་པཱ་ལ་ཐེག་པ་ལ་བསྐོར་ནས་ཕྱིན་ན་དགྲ་མི་ཡོང་ངོ༔ ཀ་པཱ་ལ་ཕྲུ་བ་ལ་བསྐོར་ནས་ཕྱིན་ན་ཁྱི་མི་ཡོང༔ ཀ་པཱ་ལ་སྲིན་ལག་ལ་བསྐོར་ནས་ཕྱིན་ན་གཏོར་རླག་མི་ཡོང་ངོ༔ ཀ་པཱ་ལ་གུར་གུམ་གྱི་ཆུས་བཀྲུས་ནས་ཕྱིན་ན་ཅི་སྨྲས་ཉན༔ ཀ་པཱ་ལ་སེར་བ་འབབ་དུས་བཅུག་ནས་ཕྱིན་ན་གྲོགས་དང་མི་འབྲལ་ལོ༔ དེ་ལྟར་བྱས་པས་ཉེས་སྐྱོན་མེད་དོ༔ བསམ་པ་ཐམས་ཅད་འགྲུབ་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྣལ་འབྱོར་པ་ལ་མི་ངན་གྱིས་བར་ཆད་བྱེད་ན༔ བྱ་རོག་དང་འུག་པའི་དང་རུ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ༔ ཙ་ལ་པྲ་ཙ་མ་ཤི་གི་གྷ་མི་ནི་སྭཱ་ཧཱ༔ ཞེས་ལན་སྟོང་བཟླས་ལ་གང་ལ་བྱ་བའི་མིང་ནས་སྨྲོས་ཏེ་སྒོར་སྦས་ན་སྨྱོ་བར་འགྱུར་རོ༔ དོ་བ།་་་སྔོ་ཐུབ་པ་ཐེམ་པའི་འོག་ཏུ་སྦས་ན་ཁྱིམ་དེའི་བུ་ཚ་བརླག་པར་འགྱུར་རོ༔ ༈ རྣལ་འབྱོར་པ་ལུས་གཙང་བར་འདོད་ན༔ མཐིང་རིལ་གྱི་ཤ་རྐང་ལག་ལ་བྱུགས་ན་སེར་ཀ་མི་ཡོང༔ ཞུན་མར་དང་དྭ་བའི་འབྲུ༔ ཡུངས་དཀར༔ ཁ་རུ་ཚ་རྣམས་བྱུགས་ན་ལུས་ལ་དྲི་མི་ཡོང༔ སྔོ་སེ་བའི་ཁུ་བ་བྱུགས་ན་ལུས་ལ་སྲོག་ཆགས་མི་ཡོང༔ ག་པུར༔ གོ་སྙོད༔ ཡ་བཀྵ་ར༔ བཙན་དུག༔ ལྡོང་རོས༔ བ་བླ༔ མར་ནག་ལོ་གསུམ་ལོན་པའི་ནང་དུ་བཀོལ་ནས་བྱུགས་ན་སྤུ་འབྱི་བར་འགྱུར་རོ༔ རྒྱ་ཚྭ༔ སེ་འབྲུ༔ ཡུངས་དཀར༔ ཤུ་དག་རྣམས་བཏགས་ཏེ་མར་གྱི་ལྡེ་གུ་གདོང་པ་ལ་བྱུགས་ན༔ འབྲུམ་བུ་ངོ་ཁབ་དང༔ ངོ་ཤིག་སྦྲེ་དང་རེངས་པ་སེལ་ལོ༔ དེ་ལྟར་བྱས་པས་ལུས་ལ་སྐྱོན་མེད་གཞོན་ཤ་ཆགས་པར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་གཉན་ཁྲོད་དུ་སྡོད་པའི་དུས་སུ༔ ལྷ་འདྲེ་དབང་དུ་འདུ་བར་འདོད་ན༔ ཕོ་མོ་གཉིས་སྤྱོད་པའི་ཁམས་དཀར་དམར་འདྲེས་པ་ལུག་ཐུག་དང༔ ཙནྡན༔ ག་པུར༔ གུར་གུམ༔ པདྨ་རཀྟ་རྣམས་བསྲེས་ལ༔ ཨོཾ་སེ་ཐ་གྷ་ན་ཡེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ཐིག་ལེ་བྱས་པས་ཁམས་གསུམ་གྱི་ལྷ་འདྲེ་དབང་དུ་འདུ་བའོ༔ ཡིད་ལ་ཅི་འདོད་པ་འོང་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྟེན་འབྲེལ་འདི་རྣལ་འབྱོར་པ་སྒྲུབ་པ་བྱེད་པའི་དུས་སུ་བར་ཆད་ཀྱིས་ཐིག་ལེ་འཆོར་ན་གཅོད་པར་འདོད་པས༔ ཐི་གུ་དཀར་པོ་མཐོ་གསུམ་པ་གཅིག་གིས་རྡོ་རྗེའི་སྐེ་བཅིངས་ཏེ་རྐེད་པ་ལ་བཅིང༔ རྡོ་རྗེ་ཁ་གྱེན་ལ་བསྟན་ན་སྤྱིར་གདོན་ཐམས་ཅད་དང་ཁྱད་པར་རྒྱལ་འགོང་ཐུབ་བོ༔ མགྲོན་བུ།་་་ཀརྴ་པ་ཎའི་ནང་དུ་དངུལ་ཆུས་བཀང་ལ་སེར་ཀ་སྤྲ་ཚིལ་གྱིས་བཀག་ལ་འབུར་ཕྱོགས་ལྕེའི་རྩེ་མོར་བླན་ན་འཆོར་བ་ཐུབ་བོ༔ མཚལ་བཟང་པོ་དང་གུར་གུམ་བཟང་པོ་ཞོ་གཉིས་ཆང་ཞིམ་པོ་བྲེ་ཕྱེད་དུ་བླུག༔ ཞག་གཅིག་རས་ཀྱིས་གྲིལ་ལ་མནན༔ དེ་ནས་བཏང་ན་ཐིག་ལེ་འཆོར་བ་ཐམས་ཅད་ཐུབ་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ རྒྱ་རྒྱ་རྒྱ༔ ༈ རྟེན་འབྲེལ་འདི་རྣལ་འབྱོར་པ་ལྷ་འདྲེའི་བར་ཆད་བྱེད་ན་སེལ་བར་འདོད་པས༔ ཀ་པཱ་ལ་གཅིག་ཉལ་བའི་ཐད་ཀར་བཏགས་ལ༔ ཐོད་པ་ཁ་སྦྱོར་གྱི་ནང་ན་རང་ཉིད་ཉལ་བར་བསམ་སྟེ་གཉིད་ལོག་གོ༔ ལྷ་འདྲེའི་གནོད་པ་ཐམས་ཅད་ཟློག་སྟེ་ཁྱད་པར་ཀླུས་མི་ཚུགས་སོ༔ ༈ རྣལ་འབྱོར་པ་མཚན་མོ་དུར་ཁྲོད་དུ་འགྲོ་བར་འདོད་པ་ལ༔ འབྱུང་པོའི་བར་ཆད་བསྲུང་བར་འདོད་ན༔ རང་གི་དྲི་ཆུ་དྲི་ཆེན་གཉིས་ལག་པ་གཡས་པའི་མཐིལ་དུ་གཡོན་པའི་སྲིན་མཛུབ་ཀྱིས་མཉེས་ལ་དཔྲལ་བར་ལན་གསུམ་བསྐོར་ལ་ཐིག་ལེ་གསུམ་བྱས་ན་འབྱུང་པོ་ཀུན་འབྲོས་པར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་ལམ་དུ་བགྲོད་པའི་དུས་སུ༔ ཇག་པ་འཆིང་བར་འདོད་ན༔ ནངས་པར་འགྲོ་བའི་ཐོ་རངས་བླ་མ་ལ་གསོལ་བ་གདབ༔ རང་ལུས་ཡི་དམ་གྱི་ལྷར་བསྒོམས་ལ་འགྲམ་པ་གཡས་སུ་དྷེའུ་དཀར་པོ་བཅུག་གཡོན་དུ་དྷེའུ་ནག་པོ་གཅིག་བཅུག་ལ་ངག་བཅད་དེ༔ ཨོཾ་ཏྲི་པ་ཏྲི་པ་ཡེ་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་བཟླས་ལ་འགྲོ་བའི་དུས་སུ་རླུང་བཟུང་ལ་བསྐོར་བ་ལན་བདུན་རྒྱབ་ཀྱིས་བྱས་ལ༔ ལག་པ་རྡོ་རྗེ་ཁུ་ཚུར་བསྡམས་པས་ཇག་པ་བཅིངས་ལ་འགྲོ༔ དེས་ཇག་པ་བཅིངས་ནས་འགྲོ་མི་ནུས་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་རྣལ་འབྱོར་པ་ཉམས་གྲིབ་སེལ་བར་འདོད་ན༔ སྣོད་གཙང་མར་ཆུ་བླུགས་ལ་ཙནྡན་བརྡར༔ ཆུའི་ནང་དུ་ཟླ་བའི་སྟེང་དུ་ཧ་དཀར་པོ་བསམ་ལ༔ ཨོཾ་ཤུདྡྷེ་ནེ་ཏྲ་ཡེ་སྭཱ་ཧཱ༔ ཉེར་གཅིག་བཟླས་ལ་བཏབ་པས་ཉམས་གྲིབ་ཐམས་ཅད་འདུས་ནས་ཧ་ནག་པོར་ཧྲིལ་སོང་བར་བསམ༔ ཡང་སྔགས་ཉེར་གཅིག་བཏབ་པས་ཧ་དེ་ཡང་དཀར་སངས་སོང་བར་བསམ་ལ་ཁྲུས་བྱའོ༔ དེ་ལྟར་བྱས་པས་ཉམས་གྲིབ་ཐམས་ཅད་སེལ་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདི་གྲོང་ཡུལ་དུ་ནད་ཡམས་བྱུང་བའི་དུས་སུ༔ ནད་ཡམས་གཅོད་པར་འདོད་ན༔ བླ་མ་ལ་གསོལ་བ་གདབ༔ རི་མཐོན་པོའི་རྩེ་ནས་དྷེའུ་དཀར་ནག་གཉིས་བླངས་ལ༔ སྨྱུག་མའི་ཕྱགས་མའི་དཀྱིལ་དུ་གཞུག༔ མི་ཕྱུགས་ཆུ་འཐུང་ཁའམ༔ ཁྲོན་པ་ལ་ཕྱགས་ཏེ་ཆུ་ལ་ཕྱགས་མ་སྟེང་དུ་འཕྱར་ལ་བཞག་གོ༔ དེས་ནད་ཡམས་ཐམས་ཅད་ཆད་པར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྣལ་འབྱོར་པ་གྲོང་ཡུལ་དུ་སྡོད་པའི་དུས་སུ༔ ཟས་ཀྱི་འདུ་བ་ཆད་ན༔ བླ་མ་ལ་གསོལ་བ་གདབ༔ ཁང་པ་ཕྱགས་དར་བྱས་ལ་ཕྱོགས་བཞི་དབུས་དང་ལྔར་མེའི་ཕུང་པོ་ལྔ་བཏང༔ ཤར་ཕྱོགས་ཀྱི་མེ་ལ་ཕྱེ་དང་ལན་ཚྭ་བསྲེག༔ ལྷོ་ཕྱོགས་སུ་ཨ་ག་རུ་དང་གོས་བསྲེག༔ ནུབ་ཕྱོགས་སུ་རིན་པོ་ཆེ་བསྲེག༔ བྱང་ཕྱོགས་སུ་ཀརྴ་པ་ཎ་དང་རང་གི་སྐྲ་བསྲེག༔ དབུས་ཕྱོགས་སུ་ཁྱེའུའི་ཕྱྭ་ཚན་དར་དུ་བསྟུམས་ལ་བསྲེག༔ རྫས་གང་ལ་ཡང་ཆགས་སེམས་མི་བྱའོ༔ གཅེར་བུ་བྱས་ལ་བྲོ་བརྡུང་ཞིང་མེའི་མཐའ་ལ་བསྐོར༔ མེ་ཤི་བ་དང༔ ཤར་ཕྱོགས་ཀྱི་ཐལ་བ་ཁ་ཊྭཱཾ་གས་འཕྱག༔ ལྷོ་ཕྱོགས་ཀྱི་ཐལ་བ་གླིང་བུས་འཕྱག༔ ནུབ་ཕྱོགས་ཀྱི་ཐལ་བ་ཌཱ་མ་རུས་འཕྱག༔ བྱང་ཕྱོགས་ཀྱི་ཐལ་བ་ཏིང་ཤག་གིས་འཕྱག༔ དབུས་ཕྱོགས་ཀྱི་ཐལ་བ་ཀ་པཱ་ལིས་འཕྱག༔ རྒྱལ་པོའི་ཕོ་བྲང་ལ་གདབ༔ གཙུག་ལག་ཁང་གི་སྒོ་ལ་གདབ༔ མི་ཕྱུགས་ཐམས་ཅད་འཐུང་བའི་ཆུ་མིག་གམ་ཁྲོན་པ་ལ་གདབ༔ གྲོང་གི་གསེབ་ཏུ་གདབ༔ ཡུལ་གྱི་མདོ་ནས་རླུང་ཕྱོགས་སུ་བསྐུར༔ དེས་ཟས་ནོར་ཐམས་ཅད་འདུ་བར་འགྱུར་ཏེ༔ རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྣལ་འབྱོར་པས་ལམ་གཅོད་པར་འདོད་པས༔ བྱ་གང་རུང་བའི་གཤོག་པ་གཡས་ཀྱི་ཤ་དང༔ རྟ་དཀར་པོའི་ལག་པ་གཡས་པའི་འཚེར་འོག་གི་ས་དང༔ སྦྲང་རྩི་གཡུང་དང་བསྲེས་ལ་རིལ་བུ་སྲན་མ་ཙམ་གང་མང་བྱས་ལ༔ དེ་རྫའི་ཟ་མ་ཏོག་ཏུ་བཅུག་ལ༔ སི་པ་སྐམ་པ་དང༔ རང་མཁའ་ལྡིང་བྱར་བསམ༔ རིལ་བུ་མཚོ་ཀླུང་དུ་བསམ་ལ༔ ཨོཾ་རུ་ཙེ་རུ་ཙེ་མ་རུ་ཙེ་ཕ་ལ་སྭཱ་ཧཱ༔ ཞེས་ཞག་བདུན་རིལ་བུ་ལ་བཟླ༔ དེ་ནས་ཉི་མ་རྩེ་ཤར་ལ་ཤར་ཕྱོགས་སུ་རྐང་མགྱོགས་གྱི་ལྷ་མོ་ལ་དཀར་གཏོར་གཅིག་བཏང༔ ལག་པ་གཡོན་པའི་མཐིལ་དུ་རིལ་བུ་ཆུ་དང་བསྲེས་ལ་གཡས་པའི་སྲིན་ལག་གིས་མཉེས་ལ༔ སྣ་བུག་གཡས་སུ་རྔུབས་ལ་རླུང་བག་ཙམ་བཟུང་ནས་རང་མཁའ་ལྡིང་བྱར་བསམ༔ ལུས་པོ་རླུང་གིས་བསྐྱོད་པར་བསམ༔ རྒྱངས་གྲགས་ཙམ་མགྱོགས་པར་འགྲོ༔ དེ་ནས་རྩལ་ཆེར་འགྲོ་སྟེ་ངལ་དུབ་མེད༔ མཐར་ལུས་ཤིང་བལ་ལྟར་ཡང་བར་སོང་ནས་རྐང་མགྱོགས་ཀྱིས་གང་བསམ་པའི་སར་མྱུར་དུ་སླེབ་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ ཨེ་མ་ཧོ༔ རྟེན་འབྲེལ་འདིས་ལུང་པའི་ཆུ་ཆུང་བ་ཆེར་གཏོང་བར་འདོད་ན༔ རྫའི་གྭའུ་སོ་མ་ཕུལ་གང་ཤོང་བའི་ནང་དུ༔ འབྲུ་སྣ་ལྔ་དང༔ ཚྭ་དང་བུ་རམ་རིན་ཆེན་སྣ་ལྔ་ཀླུ་སྨན་སྣ་ཚོགས་བླུགས་ལ༔ རིན་པོ་ཆེའི་ཁང་པའམ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ལ༔ ཆུ་མིག་གི་གཏིང་དུ་སྦའོ༔ གྲོ་ག་ལ་ཀླུ་ཕོ་མོ་གཉིས་ཀྱི་གཟུགས་བྱས་ལ༔ སྙིང་གར་ཡི་གེ་ཕུ་རེ་རེ་བྲི༔ སྐེ་ཤིང་ལ་བཏགས་ཆུ་མིག་རྫིང་དུ་བསྐྱིལ་ལ༔ ཀླུའི་ཕོ་བྲང་དུ་བྱིན་གྱིས་བརླབ༔ ཀླུ་ཕོ་མོ་གཉིས་སྤྱན་དྲངས་བཞུགས་སུ་གསོལ༔ ཆུ་ཆེ་བ་དང་ཕྱུགས་དང་འབྲུ་ནོར་རྒྱས་པར་གསོལ་བ་བཏབ༔ དེས་ནི་ཆུ་ཆེ་བ་དང་བཀྲ་ཤིས་ཉམས་དགའ་བར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་ཁ་ཆར་གཅོད་པར་འདོད་ན་མར་ལ་བྱ་ཁྱུང་གི་གཟུགས་བྱས་ལ༔ སྙིང་གར་ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀླུ་ཐམས་ཅད་དབང་དུ་སྡུས་ལ་ཁ་ཆར་ཆོད་ཅེས་པ་བྲིས་ལ་གཞུག༔ བག་ཟན་ལ་སྦལ་པའི་གཟུགས་བྱས་ལ་སྙིང་གར་ཨོཾ་ནཱ་ག་རཱ་ཛ་མཱ་ར་ཡ་ནན༔ བྲིས་ལ་གཞུག༔ རང་བྱ་ཁྱུང་དུ་བསྒོམ་ཡེ་ཤེས་པ་གཞུག༔ སྦལ་པ་དེ་ཡང་དམ་ཚིག་པར་བསྐྱེད༔ ཡེ་ཤེས་པ་བཀུག་ལ་གཞུག༔ སྐྱེར་པའི་རྩང་ལ་བྱ་ཁྱུང་བསྐྱོན༔ སྦལ་པ་ཕྱིར་སྒྱེལ་བའི་སྙིང་གར་གཟུག༔ བཙན་དུག༔ མུ་ཟི༔ ཁྱི་ལུད་རྣམས་བསྲེག་པའི་དུད་པ་བཏང༔ ཀླུ་ཐམས་ཅད་ཁྱུང་གིས་དབང་དུ་སྡུད་པར་བསམ་ལ༔ ནཱ་ག་རཱ་ཙ་མཱ་ར་ཡ་ཤིག་ཐིག་ནིག་རྦད་ཆོད་ཡཱ༔ ཞེས་བཟླས་པས་ཁ་ཆར་མྱུར་དུ་འཆད་པར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་རྒྱལ་ཁམས་བསྐོར་བའི་དུས་སུ༔ ཁྱིས་མི་ཚུགས་པར་འདོད་ན༔ སྤྱང་ཀིའི་མཆེ་བ༔ ཁྱིའི་མཆེ་བ༔ གུ་གུལ་གསུམ་སྦྱར་ལ་རས་ཀྱི་ཁུག་མར་བླུགས་ལ༔ ཞག་བདུན་ཤ་ཆང་བཅད་ལ༔ ཀུ་ཀུ་རཱ་ཛ་ཁ་ཐམ༔ ཀུ་ཀུ་རཱ་ཛ་ཤིག༔ ཀུ་ཀུ་རཱ་ཛ་སྦོས༔ ཞེས་བཟླས་བརླ་གཡས་པ་ལ་གདགས༔ ཁྱི་གཅིག་བྱུང་ན་མཆིལ་མ་རྡོ་ལ་བཏབ་སྟེ་བྱིན༔ ཁྱི་མང་པོ་བྱུང་ན་བྱེ་མ་ལ་བཏབ་སྟེ་བྱིན་ནོ༔ དེས་ན་ཁྱིས་མི་ཚུགས་ཏེ་སླར་ཇོ་ཇོ་མཐོང་བ་བཞིན་འོང་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་གོས་མེད་གཅེར་བུ་བྱེད་པར་འདོད་པས་བླ་མ་ལ་གསོལ་བ་གདབ༔ བདུད་རྩི་བཟང་དྲུག་གི་ཆུས་རང་གི་ལུས་དག་པར་བཀྲུས་ལ༔ གཡག་དང་ཁྱི་ནག་པོའི་མཁྲིས་པ་ན་ལེ་ཤམ་དྲོད་སྨན་ཧྲིལ་མོ་བསྲེགས་ལ་བྱུགས་པ་བྱ༔ བྱེ་རུའི་སྨྱི་གུས་ཡན་ལག་བཞིའི་མཐིལ་ལ་མཚལ་གྱིས་རཾ་རེ་བྲི༔ གསང་གནས་སུ་ཆུ་རྩིའི་མེ་རྡོག་པོ་གཅིག་བཞག༔ རྐང་ལག་གི་ཉྭ་བཞི་དང་རྒྱུད་པའི་ནང་ལྔར་མེ་སྦ་ལྕག་ཙམ་རེ་བསམ༔ རྡོ་རྗེ་སྐྱིལ་ཀྲུང་བྱ༔ ན་ལེ་ཤམ་དང་བྱ་ངང་པའི་སྒོ་ང་ཆང་དང་སྦྱར་ལ་འཐུང༔ རྣལ་འབྱོར་པ་ལུས་མེ་དང་འདྲ་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་བཟའ་བཏུང་གི་ཞེན་པ་གཅོད་པར་འདོད་ན༔ བླ་མ་ལ་གསོལ་བ་གདབ༔ བུ་ཆུང་ཕོ་མཚན༔ དོམ་དང་གྲུམ་པ་ཕྱི་བ་སོགས་ཀླུང་དུ་ཉལ་བའི་སེམས་ཅན་རྣམས་ཀྱི་མཁྲིས་པ༔ གཞན་ཡང་དུད་འགྲོའི་མཁྲིས་པ་རྙེད་ཚད༔ རི་དྭགས་ཕྲུ་གུའི་ཁོང་བའི་ནང་གི་མར༔ བྱ་ངང་བའི་སྒོ་ང་རྣམས་རང་གི་དྲི་ཆུ་དང་སྦྱར་ནས་འཐུངས་ན༔ ཟླ་བ་དྲུག་གི་བར་དུ་ཟས་མི་དགོས་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་ཕྱག་རྒྱ་འགུགས་པར་འདོད་ན༔ ཁྱིའི་མོ་མཚན་གྱི་ཤ་དང༔ བསྒྲུབ་བྱའི་རྐང་རྗེས་ཀྱི་ས༔ ཆུ་ཤུལ་གྱི་ས༔ བྱི་ཁུང་བྱང་ལྟའི་རྩྭ་གྲུ་གསུམ༔ རའི་ཚིལ་བུ་རྣམས་བསྲེས་ལ་ལག་མཐིལ་དུ་མཉེས་ཤིང༔ ཨོཾ་ཛབ་ཛབ༔ ཛུབ་ཛུབ༔ ཡེམ་ཡེམ༔ ཁམ་ཁམ༔ ཙག་ཙག༔ དྲུང་དྲུང༔ ཨོཾ་གྷུ་ཤ་ཛ་ཛ༔ ཞེས་བརྗོད་ནས་ལག་མཐིལ་ཟ་ཙེག་བྱུང་ན་འགྲུབ་པ་ཡིན་པས༔ བསྒྲུབ་བྱའི་མགོ་ལུས་ལ་བཀུས་པས་བྲན་བཞིན་དུ་ཁུག༔ ཅི་བྱས་ལ་ཉན་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་ལ་ན་ཚ་བྱུང་ན་གསོ་བར་འདོད་པས༔ རྨ་བྱུང་ན༔ བླ་མ་ལ་གསོལ་བ་བཏབ༔ རང་འཐག་གི་ཁའི་ས༔ སཱཙྪའི་ཞབས་ཀྱི་ས༔ ཚར་པའི་བར་ཤུན༔ བདུད་རྩི་དང་བཅས་པའི་འདག་ས་བྱུག༔ སྨན་པའི་ལག་མི་རེག༔ གཏམ་མི་སྨྲ༔ དེ་ལྟར་བྱས་ན་ཡན་ལག་བྲེགས་ཀྱང་སོས་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣ་བ་ན་བ་ལ༔ ལ་ཕུག་དང་རུ་རྟའི་ཁུ་བ་རྣ་བར་བླུག༔ རྡེའུ་ནག་པོས་ནེམ་ནེམ་བྱས་པས་སོས་སོ༔ ༈ མིག་ན་བ་ལ༔ རྐང་པ་བཀྲུས་ལ་ཚིལ་ཆེན་བྱུག༔ ན་ག་པ་ནི་སྐེ་ལ་བཏགས༔ ཉའི་ཚེ་ཟླ་བ་ལ་མིག་བལྟའོ༔ ༈ སྣ་ཁྲག་མ་ཆོད་ན༔ ཀརྴ་པ་ཎི་བསྲེགས་པའི་ཐལ་བ་སྣ་ལ་བླུག་གོ༔ ༈ སོ་ན་ན༔ ཚ་རྡོག་པོ་སོ་ཕྲག་ཏུ་བཅིར༔ ཤ་བའི་མཆེ་བས་སོ་མནན༔ དེས་ཕན་ནོ༔ ༈ ཨི་གུ་མ་ཆོད་ན༔ མཐེབ་སྲིན་བར་དུ་ཉུངས་དཀར་བཙིར་དེས་ཆད་ངེས་སོ༔ ༈ བྲང་རྒྱབ་གཟེར་ཏེ་ན་ན༔ རྒྱབ་ཏུ་སླང་ང་བཀབ༔ བུ་མོ་ན་ཆུང་མས་མཉེའོ༔ ༈ མ་ཞུ་བས་ན་ན༔ བྱིའུ་མཆིལ་པའི་ཤའི་ཐང་བཏང༔ གསུས་པའི་ཁར་བྲེ་བཞག༔ དེའི་སྟེང་མེ་གཏོང༔ ༈ འཁྲུ་བ་མ་ཆོད་ན༔ བོང་བུའི་ལྕེ་སྐམ་པོ་བཏགས་པའི་ཁུ་བ་བཏང༔ སྐེ་ལ་གཏེར་སྨན་འདོགས༔ ༈ གླང་ཐབས་སུ་ན་ན༔ སྟག་ཁུང་ལ་ལྷམ་བཀབ༔ གསུས་པའི་མཐིལ་སྐམ་པས་སྒྲིལ༔ ན་སར་དབྱུག་པས་ལན་བདུན་བརྡེག་གོ༔ ༈ མགོ་ན་ན༔ མེ་ལོང་གི་ནང་དུ་མགོའི་གཟུགས་བརྙན་འཆར་དུ་བཅུག་ལ་མེ་བཙའ་བསྲེག་ཐལ་བ་རྨ་བྱའི་སྒྲོས་ཕྱགས་པས་ཕན་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ བྱི་བའི་གནོད་པ་བསྲུང་བར་འདོད་པས༔ བྱི་ལའི་བྲུན་དང་བ་བླ༔ ལྡོང་རོས༔ ཏིལ་དཀར་པོ་རྣམས་བཏགས་ལ་རའི་ཆུ་དང་སྦྱར་ནས་བྱི་བ་ལ་བྱུགས་ན༔ བྱི་བ་དེ་ཐམས་ཅད་དེ་མཐོང་ཙམ་གྱིས་འབྲོས་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་ཆུ་འདོད་པས་རླན་ཡོད་པའི་སར་ཕྱིན་ལ༔ ཁུང་བུ་བྲུ༔ དེའི་ནང་དུ་ཆུ་བླུག་ལ་སྒྲོམ་བྱ༔ དེའི་སྟེང་དུ་མཎྜལ་བྱས་ལ་མཆོད་པ་རྣམ་པ་ལྔ་དང༔ ཀླུ་གཏོར་རྩི་སྨན་སྣ་ཚོགས་བཤམ༔ ཆུ་མིག་ཏུ་བླུག༔ ཆུ་མིག་དེ་བྃ་ལས་ཆུའི་གཞལ་ཡས་ཁང་གི་ནང་ན་ཀླུའི་རྒྱལ་པོའི་སྤྲུལ་པ་སྦྲུལ་མགོ་གསུམ་པ་ཕྱག་གཉིས་ཐུགས་ཀར་བུམ་པ་བསྣམས་པ་གཅིག་ཀླུ་མང་པོས་བསྐོར་ནས་ཅི་བགྱི་ཟེར་བར་བསམ་ལ༔ ནཱ་ག་རཱ་ཙ་མ་ཀེ་ཤི་ཕུད་པ་དེ་མ་མ་པྲ་མར་དྷ་ན་ཡེ་སྭཱ་ཧཱ༔ ཞེས་ཁྲི་ཕྲག་གཅིག་བཟླས་ལ་གཏོར་མ་བཏང༔ ནཱ་ག་བདག་ལ་ཆུ་སློངས་ཞེས་བརྗོད་པས་ཕྱག་གི་བུམ་པ་ནས་ཆུ་བྱུང་སྟེ་ཆུ་མིག་རྒྱ་མཚོར་ཁེངས་པར་བསམ༔ དེས་ཆུ་སྐྱེ་བར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་རླུང་མནན་པར་འདོད་ན༔ བ་དམར་གྱི་ཀོ་བ་ལ༔ རླུང་ལྷ་ཤ་བ་ལ་ཞོན་པའི་གཟུགས་བྲིས་ཏེ་རྫའི་བུམ་པར་བཅུག་ལ༔ ནངས་པར་བྱ་སྐད་མ་གྲགས་པའི་དུས་ལ་ནུབ་བྱང་མཚམས་ཀྱི་ལམ་རྒྱ་གྲམ་དུ་ཁྲོན་པ་བྲུས་ལ་གཞུག༔ དེའི་སྟེང་དུ་རྒྱ་གྲམ་བྲིས་པས་མནན་ནོ༔ དེས་ནི་རླུང་མི་འབྱུང་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་བསམ་གཏན་བསྒོམ་པའི་དུས་སུ༔ ལུས་ལ་ཤིག་མི་ཡོང་བར་འདོད་ན༔ ལག་མཐིལ་གཡོན་པར་མར་དང་བྱ་རྒོད་སྤོས་བསྲེས་པ་གཡས་པའི་སྲིན་ལག་གིས་མཉེ༔ ཨོཾ་བཛྲ་ཌ་རུ་རྦ་སད་རི་དུམ་པ་སྭཱ་ཧཱ༔ ཞེས་སྟོང་བཟླས་ལ༔ མཆན་ཁུང་གཉིས༔ ལྟེ་བ་རྣམས་སུ་ཐིག་ལེ་བྱ༔ དེ་ལྟར་ཟླ་བ་རེ་ལ་ཐེངས་རེ་བྱས་པས་ཤིག་མི་ཡོངས་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་ལ་མཐུའི་གནོད་པ་བྱུང་ནས་ཟློག་པར་འདོད་ན༔ ཆུ་མིག་ཏུ་རྡོ་ནག་པོ་ལེབ་མོ་གཅིག་བཅུག་ལ་བཞག༔ བྱད་བྱེད་པ་བྱུང་དུས་གྲོད་པ་ལག་མགོ་ལ་གོན་ལ་རྡོ་ལེབ་དེ་བླངས་ལ་མེ་ལ་བསྲོས་ལ་རང་གི་དྲི་མ་མ་ཤོར་བར་མཚལ་གྱིས༔ ྈྈྈྈ ཆེ་གེ་མོའི་ངག་སཏྭམྦྷ་ཡ་ནན༔ རང་མཐུ་རང་ལ་ཟློག་ཅིག་ནན༔ ཅེས་བྲིས་ལ་ཆུ་མིག་དེར་སྐྱུར་རོ༔ དེས་མཐུ་དང་གནོད་པ་ཐམས་ཅད་ཁོ་རང་ལ་ཟློག་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་འཆི་ལྟས་བྱུང་ན་ཟློག་པ་ནི༔ རང་གི་ཤ་དང་པགས་པ་ནང་ཁྲོལ་རྩ་རྒྱུས་ཐམས་ཅད་སངས་ཀྱིས་སོང་སྟེ་ཀེང་རུས་ཀྱི་ཁྲི་རུ་ཀྲོང་སོང་ནས་ཉི་ཟླའི་བར་ན་འདུག་པར་བསམ་ལ་ གཅེར་རྒྱུག་བྱས་པས་འཆི་བ་ཟློག་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ རྒྱ་རྒྱ་རྒྱ༔ ༈ ལུས་ལ་སྲོག་ཆགས་བསྲུང་བར་འདོད་ན༔ བླ་མ་ལ་གསོལ་བ་བཏབ་ནས༔ རང་གི་དྲི་ཆུས་ལུས་དག་པར་བཀྲུས་ལ་མར་དང༔ གླ་རྩི་དྲི་ཆུས་བསྲེས་ལ༔ ཨོཾ་ཚ་རི་ནི་བྷ་རུ་སྭཱ་ཧཱ༔ ཞེས་སྟོང་བཟླས་ལ་ལུས་ཐམས་ཅད་ལ་ཁྱབ་པར་བྱུག༔ དེ་ནས་ཞག་བཅུ་ན་བྱུག༔ དེ་ནས་ཟླ་བ་གཅིག་ན་བྱུག༔ དེས་ལུས་ལ་འཇུ་ཤིག་འབུ་སྲིན་མི་འབྱུང་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ མེ་ལྕགས་བྱར་འདོད་ན༔ རྭའི་གཞོབ༔ རྣ་བའི་ར་གཞོབ༔ ར་སྤུ་ཁྱི་སྤུ༔ ཚྭ་བཟང་པོ༔ ལག་ངར་གྱི་དྲི་མ་རྣམས་ལྕགས་ལ་བྱུག་གོ༔ དེ་ནས་བལ་གྱིས་བསྒྲིལ་ཏེ་ཁམ་ས་གཉན་པའི་འཇིམ་པས་བསྒྲིལ་ལ༔ ཐབ་ཏུ་སོལ་མེ་ལ་བསྲེགས་ནས་སྐར་ཆུ་ལ་བོར༔ དེས་མེ་ཐོན་པར་འགྱུར་རོ༔ ཡང་ན་རྭའི་གཞོབ༔ ཚྭ༔ ཆུ་ངན༔ ཁྱི་སྤུ་བསྲེགས་པའི་གཞོབ༔ ལག་ངར་གྱི་དྲི་མ་རྣམས་བསྲེས་ལ་བྱུག༔ དེ་སོལ་མེ་ལ་དཀར་པོས་བསྲེགས་ལ་ཆུ་ལ་བོར་བས་ཀྱང་སྐད་འོང༔ དེ་གྲིབ་སྐམ་བྱས་ནས་རྡོ་ལ་བྲད་ན་མེ་འབྱུང་སྟེ་མཚོན་ཆ་བྱས་ན་ལྕགས་ཀྱི་གོ་ཆས་མི་ཐུབ་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ སེར་བ་བསྲུང་བར་འདོད་ན་རྫ་ལ་སྦལ་པའི་གཟུགས་དོད་པ་གཉིས་བྱས་ལ༔ དེའི་ལྟོ་བར་གྲོ་ག་ལ༔ ཨོཾ་རུ་རུ་གླི་གླི་པྲ་མ་ནི་ཁ་རུ་པ་ཏ་དུར་ཏི་ནི་སེར་བ་ཐམས་ཅད་ཁ་ཐམ༔ ཞེས་པའི་སྔགས་དེ་ཉེར་གཅིག་བྲིས་ལ་གཞུག་གོ༔ དེ་ནས་སྦལ་པའི་རྒྱབ་ཏུ་སྔགས་འདི་གདབ༔ ཨོཾ་ནང་ར་སིད་ཐི་ར་རྡ་ར་བྷ་ས་མ་ཡ་གུ་ཏྲི་ར་ཛོ་གི་ནི་ཙ་ཀ་ར་བྷི་བྷུད་བྷུད་བྷནྡྷ་བྷནྡྷ་ད་ཧི་བྷནྡྷ་ཨུད་ཐ་ར་བྷནྡྷ་ན་ར་སེང་ཀ་ན་ཙ་ཀོ་རི་སྥོ་ཊི་མོ་ཧི་ཧ་ཡ་སྥོ་ཊི་སེར་བ་ཐམས་ཅད་ཁ་ཐམ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སུམ་བརྒྱ་བཟླས་པས་ཟླ་བ་གཅིག་ཐུབ༔ མི་ལག་མི་བརྒྱུད༔ རྟེན་གསུམ་གྱི་འོག་ཏུ་མི་གཞུག༔ གཅིག་གནམ་མཐོང་བའི་སར་སེར་བ་འོང་ཕྱོགས་ལ་ཁ་བསྟན་ཏེ་བཞག༔ གཅིག་སེར་བ་འོང་ཕྱོགས་སུ་ཁ་བསྟན་ཅིང་བཟུང་བས་བཟློག་པར་འགྱུར་ཏེ་རྟེན་འབྲེལ་སྔགས་ཀྱི་ཆེ་བའོ༔ ༈ མི་མ་ཡིན་དྲག་པོ་བསྲུང་ན༔ དུར་ཁྲོད་ཀྱི་ཐལ་ཆེན༔ ཡུངས་དཀར༔ ཕག་རྒོད་མཆེ་བ་རྣམས་མི་གྲིར་ཤི་བའི་སྙིང་ཤུན་གྱིས་བསྟུམས་ནས་དྲག་སྔགས་མང་དུ་བཏབ་ལ་མགུལ་ལམ་སྤྱི་གཙུག་ཏུ་འཆང་བས་ཐུབ་བོ༔ ༈ རྨི་ལམ་རྣོ་མཐོང་མངོན་ཤེས་དང་འདྲ་བར་འདོད་ན༔ ཟླ་བ་ཉ་གསུམ་ལ་རིན་པོ་ཆེའི་སྣོད་ཆུ་གཙང་མས་བཀང་བ་ལ༔ ཨོཾ་ཙནྡྲ་དྷཱེ་བ་སུ་དྷཱི་ཕུ་ར་མི་ཡ་སྭཱ་ཧཱ༔ མང་དུ་བཟླས་ཏེ་ཁྲུས་བྱ་ཞིང་བཏུང༔ རུ་རྟའི་ཕྱེ་མ་མིག་ལ་བྱུག་ཅིང་དུད་པས་བདུག༔ དབེན་པའི་གནས་གཙང་མར་ཅི་ཡང་མི་སྨྲ་བར་ཉལ་ན་སེམས་ལ་གང་སྤོད་པའི་ལྟས་གསལ་བར་འགྱུར་རོ༔ ༈ རྣལ་འབྱོར་པ་བློ་རྣོ་བར་འདོད་ན༔ ན་མོ་བི་ཤྭ་པྲཛྙ་སྭཱ་ཧཱ༔ ཟླ་བ་གཟས་ཟིན་པའི་དུས་སུ་རིན་པོ་ཆེའི་སྣོད་གས་ཆག་མེད་པར་ཆུ་གཙང་མ་བླུག༔ དེའི་ནང་དུ་ཤུ་དག་དཀར་པོ་མཐེ་བོང་ཙམ་བཅུག༔ སྔགས་བརྒྱ་རྩ་བཏབ་ནས་ཐེངས་རེ་བཏུང༔ དེ་འདྲ་གཟས་བཟུང་བ་མ་གྲོལ་གྱི་བར་དུ་བྱས་པས་བློ་རྣོ་ཞིང་ཤེས་རབ་ཐོགས་པ་མེད་པར་འགྱུར་ཏེ་རྟེན་འབྲེལ་གྱི་ཆེ་བའོ༔ ༈ རྣལ་འབྱོར་པ་གང་ཞིག་ཚངས་པའི་དབྱངས་ཀྱིས་འགྲོ་བའི་ཡིད་འཕྲོག་པར་འདོད་ན༔ ཞུན་མར་གྱིས་བཀུ་མཉེ་བྱ༔ ཤིང་མངར་གྱི་ཁུ་བ་གྲོ་ཆང་དང་སྦྱར་ལ་བཏུང༔ སྤང་རྒྱན་དཀར་པོ༔ ཤུ་དག་དཀར་པོ༔ ཙནྡན་དཀར་པོ་གསུམ་རྒྱུན་འབབས་ཀྱི་ཆུ་གཙང་མ་ལ་སྦང༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཤུ་ཏི་སྨྲི་ཏི༔ བ་ལ་བ་ཏི༔ པ་ར་མ་སིདྷ་སྭཱ་ཧཱ༔ ཞག་བདུན་བཟླས་ནས་བཏུང་བས་དབྱངས་སྙན་པོ་ཕུན་སུམ་ཚོགས་པ་འབྱུང༔ དེས་འགྲོ་བ་ཐམས་ཅད་དབང་དུ་འདུ་སྟེ་རྟེན་འབྲེལ་གྱི་ཆེ་བའོ༔ ཨེ་མ་ཧོ༔ བདག་འདྲ་ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས༔ ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་འབྱུང་བ༔ རྟེན་འབྲེལ་མན་ངག་ཡང་སྙིང་འདུས་པ་འདི༔ སྤེལ་བར་ཕངས་ནས་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་ཅན་དང་འཕྲད་འདི་སྤྱོད་ནས༔ རྟེན་འབྲེལ་འགྲོ་བ་འདྲེན་པའི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་ཨོ་རྒྱན་གླིང་པས་གྲྭ་ཟངས་མཚོའི་བྲག་རི་རིན་ཆེན་གཏེར་སྒྲོམ་ནས་སྤྱན་དྲངས་པའོ།། །།
ལོ་གླུད་གཏོང་ཐབས་འགོང་པོ་གྲུ་འདེད་ (Volume 51, Text 57)
ལོ་གླུད་གཏོང་ཐབས་འགོང་པོ་གྲུ་འདེད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། འགོང་པོ་གྲུ་འདེད་ནི། གནམ་ས་བར་གྱི་འགོང་པོའི་གཟུགས་འོག་གི་འདོན་ཚིག་ལྟར་གྲུ་ནང་བཅས་ལ། འདོད་ཡོན་བསྔོ་ཚིག་གཞུང་ལྟར་གཏོང་སྟེ། རང་ཉིད་ལྷའི་ང་རྒྱལ་གྱིས་མདོས་གླུད་བྱིན་རླབས་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་ཆེན་སྣོད། །དེ་ནང་ཨོཾ་ཨཱཿཧཱུྃ་ལས་གླུད་གཏོར་རྫས། །འདོད་པའི་ཡོན་ཏན་ལྔ་དང་རབ་ལྡན་ཞིང་། །མགྲོན་རྣམས་ལོངས་སྤྱོད་ཅི་འདོད་ཟད་མེད་གྱུར། །ཀྱེ། གནམ་ས་བར་སྣང་རྒྱུ་བ་ཡི། །འགོང་པོའི་འཁོར་དུ་གཏོགས་སོ་འཚལ། །དཀོན་མཆོག་བདེན་པའི་བཀའ་ཉོན་ལ། །ཡས་གླུད་རང་གཟུགས་འདི་ལ་ཁུག །དོན་དམ་སྐྱེ་མེད་སྟོང་པ་ལ། །སེམས་ཅན་ལས་ཀྱི་སྣང་བ་ལས། །ཅིར་ཡང་སྣང་ཞིང་ཅིར་ཡང་སྲིད། །ལྷ་འདྲེ་གཉིས་སུ་འཛིན་པ་ལས། །གདོན་བགེགས་འབྱུང་པོ་འཁོར་བཅས་བྱུང་། །རྒྱུ་ནི་དུག་གསུམ་མ་རིག་པ། །རྐྱེན་ནི་མི་དགེ་བ་ལས་གྲུབ། །གནམ་གྱི་འགོང་པོ་བྱ་ཡི་མགོ །བར་སྣང་འགོང་པོ་བྱི་བའི་མགོ །ས་གཞིའི་འགོང་པོ་ཕག་གི་མགོ །ཀུན་ཀྱང་མི་ལུས་རལ་གུ་གྱོན། །ལག་ན་བ་དན་རེ་རེ་འཕྱར། །རང་གཟུགས་གླུད་དང་གཏོར་མ་དང་། །མར་མེ་ནམ་མཁའ་དར་ཚོན་རིགས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་སོགས། །དཀོན་མཆོག་བདེན་པའི་སྟོབས་དང་ནི། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་མཆོག །བསླུ་མེད་བདེན་པའི་མཐུ་ནུས་ཀྱིས། །བསྔོས་པ་བཞིན་དུ་ཇི་བཞིན་ཐོབ། །དགའ་མགུ་ཡི་རང་ཚིམས་གྱུར་ནས། །གནོད་པའི་སེམས་དང་བྲལ་བར་ཤོག །དུས་ཀྱི་ཆར་པ་མ་བཀག་ཅིག །ལོ་ཏོག་འབྲུ་ལ་མ་གནོད་ཅིག །མི་ཕྱུགས་གང་ལའང་མ་འཚེ་བར། །ཡུལ་ཕྱོགས་འདི་རུ་མ་འདུག་སོང་། །གྲུ་ཆེན་འདི་ལ་རབ་ཞུགས་ནས། །ཆུ་བོ་འདི་ལ་ལམ་ཚོལ་ལ། །རྒྱ་མཚོའི་མཐའ་རུ་འགྲོ་བར་གྱིས། །ཕྱི་མིག་བལྟ་བར་མ་བྱེད་པར། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །དྲགས་སྔགས་བརྗོད་ནས་ཆུ་གཞུང་དུ་གཏོང་ངོ་། །རིག་སྔགས་འཆང་བ་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ་གྱིས་ལོ་ཏོག་ལ་ཕན་ཕྱིར་སེང་གེ་སྒྲའི་ཆར་ཆོག་གི་ཆ་རྐྱེན་དུ་བྲིས་པ་དགེ་ལེགས་ཆར་བཞིན་འབབ་པར་ཤོག །སརྦ་མངྒ་ལཾ། །ཤུ་བྷཾ།། །།
མཁའ་འགྲོའི་སྨྲེ་བཤགས (Volume 34, Text 57)
མཁའ་འགྲོའི་སྨྲེ་བཤགས་བཞུགས་སོ། །ཨོཾ། ཡེ་ཤེས་མཁའ་འགྲོ་དབང་ཕྱུག་ཁྲོ་རྒྱལ་གཙོ། །བདེ་ཆེན་གཉིས་མེད་ཡུམ་གྱི་དབྱིངས་སུ་སྦྱོར། །བདག་ཏུ་ལྟ་བའི་ང་རྒྱལ་འཇོམས་མཛད་པའི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཏ་ནའི་གནས་མཆོག་སྒྲོལ་བ་གནས་མ་བསྟབས། །ག་ཎའི་གནས་མཆོག་སྦྱོར་བ་བྱིན་མ་བརླབས། །དཔལ་ཆེན་ཁྲོ་རྒྱལ་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །རྨད་དུ་བྱུང་བའི་མཆོད་པ་ཏན་གཎ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །དབང་པོ་དྲུག་གི་ལོངས་སྤྱོད་མཁོ་དགུར་ལྡན། །འདོད་པ་ལྔ་ཡི་ཡོན་ཏན་བསམ་ཡས་ཀྱིས། །ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་རྗེ་ཡིས། །རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ལ། །བར་གཅོད་བྱེད་པའི་དགྲ་བགེགས་རྡུལ་དུ་རློགས། །བསྒྲུབས་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ། །ཧཱུྃ། རྡོ་རྗེ་མཁའ་འགྲོ་དབང་ཕྱུག་གཽ་རཱི་བརྒྱད། །སིཾ་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད། །རྟ་གདོང་ལ་སོགས་འབར་མ་ཁྲོ་མོ་བཞི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཨོཾ། སྒོམ་སྒྲུབ་དུས་ལས་གཡེལ་བར་གྱུར་པ་ཡིས། །སྒྲུབ་པའི་རྫས་མཆོག་བདུད་རྩི་ཨ་མྲྀཏ། །དུས་དྲུག་མཆོད་པའི་ཚུལ་དུ་མ་སྦྱར་བ། །བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་དྲི་ཆུ་གོ་ཀུ་ད་ཧ་ན། །གཉིས་མེད་སྦྱར་བའི་སྨན་མཆོག་ཨ་མྲྀཏ། །ཤ་ཁྲག་དམར་གྱི་མཆོད་པ་ཆེན་པོ་འདིས། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །འབར་བའི་སྐུ་མཆོག་རྫོགས་པའི་དཀྱིལ་འཁོར་འདིར། །བདུད་དང་སྲིན་པོ་མ་ལུས་འདུལ་བའི་ཕྱིར། །རྩེ་གཅིག་སྒྲུབ་པ་པོ་ལ་ཞལ་སྟོན་ལ། །བར་ཆད་བྱེད་པའི་དགྲ་བགེགས་རྡུལ་དུ་རློགས། །ཨོཾ། ཤ་ཟ་མཁའ་འགྲོ་དབང་ཕྱུག་ཉི་ཤུ་བརྒྱད། །སྲིད་གསུམ་རྒྱལ་མོ་དུར་ཁྲོད་བརྒྱད་ཀྱི་ཡུམ། །གཙོ་མོ་མངོན་སྤྱོད་མ་བདུན་འཁོར་དང་བཅས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །མཆོད་པ་ལོ་ཟླའི་དུས་ལས་འདས་པ་དང་། །རྫས་དང་ཕྱག་རྒྱ་དུས་འདིར་མ་རྫོགས་ཤིང་། །ཤ་ཁྲག་དམར་གྱི་དམ་ལས་གཡེལ་གྱུར་པས། །ཤ་ཟ་མཁའ་འགྲོའི་ཐུགས་དང་ཅི་འགལ་བ། །བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ། །དུར་ཁྲོད་རྫས་མཆོག་ཐལ་ཆེན་བ་སུ་ཏ། །ཤ་ཁྲག་དམར་གྱི་མཆོད་པ་རབ་སྦྱར་ཏེ། །བྷནྡྷའི་སྣོད་དུ་དམར་ཆེན་བསྐྱིལ་པ་འདིས། །ཤ་ཟ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ། སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་སྤྱན་སྔ་རུ། །སུས་ཀྱང་མ་བཅོལ་ཉིད་ཀྱིས་ཞལ་འཆེས་ཏེ། །རྩེ་གཅིག་སྒྲུབ་པ་པོ་ཡི་གྲོགས་མཛོད་ལ། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་འཁོར་སྲུངས་ཤིག །ཨོཾ། ལས་ཀྱི་མཁའ་འགྲོ་ཕྱི་ཡི་རྣལ་འབྱོར་བཞི། །བདག་ཉིད་ཆེན་མོ་ལ་སོགས་མ་མོའི་ཚོགས། །ལྷ་དང་ལྷ་མིན་ཕྱོགས་བཅུའི་མཁའ་འགྲོ་མ། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ལྟ་བ་མཐོས་པས་སྤྱོད་ལམ་རྩིང་བ་དང་། །ཉ་སྟོང་གསོ་སྦྱོང་དུས་ལས་གཡེལ་གྱུར་ཅིང་། །གཉིད་ཆང་རྨོངས་པས་ཕྱིན་ཆད་མ་བསྐངས་པ། །བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ། །དམ་ཚིག་ལྷག་མ་ཁ་ཆུའི་འོད་ཟེར་འཕྲོ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཨ་མྲྀཏ། །ཤ་ཁྲག་བདུད་རྩིའི་མཆོད་པ་ཆེན་པོ་འདིས། །ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ཨོཾ། སྟོང་ཁམས་ཡོངས་སུ་འཆོལ་བར་གྱུར་མོད་ཀྱང་། །བདག་ནི་རྡོ་རྗེའི་དམ་ལས་མི་འདའ་ཞིང་། །དཔལ་ཆེན་སྒོམ་སྒྲུབ་ལས་ལ་བརྩོན་ལགས་ན། །སྐྱེས་ཆེན་ཁྱེད་ཀྱི་ཐུགས་དམ་མཉེས་གྱུར་ཅིག །དུར་ཁྲོད་ཀློང་དགུའི་མཁའ་འགྲོ་རྣམ་བཞིའི་ཚོགས། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བ། །བྱམས་མགོན་ཁྱེད་ཀྱི་ཐུགས་ལ་དེ་ལྟར་མངའ། །དམྱལ་ཚོགས་མེ་ལྟར་འབར་བ་ཞི་བར་མཛོད། །ཐུགས་རྗེའི་གདུང་འཚོབ་རིག་འཛིན་བདག་གིས་ནི། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འདའ་ཀ་རྡོ་རྗེ་དམ་ཚིག་མཆོག་གསུམ་པོ། །རྒྱལ་བའི་བཀའ་ལས་འདའ་བར་མི་བགྱིད་པ། །གསང་སྔགས་འཆོལ་བར་གྱུར་པས་བསལ་དཀའ་མོད། །ཉམས་དང་ཚོགས་འདྲེས་ཉམས་གྱུར་བསྐངས་སོ་འཚལ། །བློ་སེམས་བརྟུལ་བས་སྐྱོན་ཅན་མ་རྟོགས་ཏེ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན། །གྲོགས་ངན་ཉམས་གྲིབ་སྐྱོན་གྱིས་མ་གོས་ཤིང་། །ཉམས་པ་རྣམས་ལ་ཆད་པ་སྒོར་བཅད་དེ། །ཚེ་འདིའི་རྐྱེན་དང་ཡུན་སྒྲིབ་མི་འགྱུར་བར། །ཕྲ་མེན་སྤྲུལ་ཚོགས་ཁྱེད་ཀྱིས་དབྱེ་བསལ་མཛད་དུ་གསོལ། །ཞེས་གསུངས་སོ།། །།
ཡེ་ཤེས་རབ་འབར་ལས། སྡེ་བརྒྱད་སྲུང་བ་རྡོ་རྗེའི་གུར་ཁང་ (Volume 44, Text 57)
༁ྃ༔ ཡེ་ཤེས་རབ་འབར་ལས། སྡེ་བརྒྱད་སྲུང་བ་རྡོ་རྗེའི་གུར་ཁང་བཞུགས་སོ། ། ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་སྲུང་བ་རྡོ་རྗེའི་གུར་ཁང་ནི༔ ཆེ་མཆོག་རིགས་འདུས་གཙོ་ལ་ཕྱག་འཚལ་ལོ༔ ྈྈྈྈྈྈ སྣང་སྲིད་ལྷ་འདྲེའི་གཙོ་གྱུར་སྡེ་བརྒྱད་པོ༔ ལས་སུ་བསྐུལ་དང་འདི་ལ་མ་འཐུས་མེད༔ ནུས་ཅན་ཏིང་འཛིན་ལྟ་བ་མངོན་གྱུར་གྱིས༔ ཕྱི་བཤོལ་ཕལ་པས་བསྲུང་བའི་གནད་འདི་ཟུངས༔ སྲུང་ཟློག་བླ་རྡོར་འདོད་པའི་ཚིག་སྤེལ་ཏེ༔ རྣལ་འབྱོར་གང་འདོད་ཁ་བསྒྱུར་ཤེས་པར་གྱིས༔ ས་མ་ཡ༔ རྒྱ་སྣག་དྲི་བཟང་མུ་ཁྱུད་ལྔ་དབུས་སུ༔ རིགས་ལྔའི་ས་བོན་ཤམ་བུར་འདོད་གསོལ་བཅས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མུ་ཁྱུད་དང་པོར་རྩ་སྔགས་སྤེལ༔ གཉིས་པར་རྩིབས་བརྒྱད་སྡིག་མཚོན་མེ་དབལ་སྙིང༔ ཤམ་བུ་སྙིང་པོ་འདོད་སྤེལ་བཅས༔ དྷེ་བ་ལ་ལྷའི་གནོད་པ་སྲུངས་ཤིག༔ ཡ་མ་ཡཱ་ལ་གཤིན་རྗེའི་གཤེད་ཀྱི་གནོད་པ་སྲུངས་ཤིག༔ དུན་ཏི་མ་ལ་མ་མོའི༴ དུ་ཁྲག་དུ་ལ་བདུད་ཀྱི༴ ཤུ་ལ་རཱ་ཙ་ལ་བཙན༴ རཱ་ཙ་ཛ་ལ་རྒྱལ་པོའི༴ ཡཀྵ་རཀྴ་ལ་གནོད་སྦྱིན་གྱི༴ ནཱ་ག་ཕུ་ལ་ཀླུའི༴ དེའི་ཕྱི་རིམ༴ ཨོཾ་བ་ར་ཙ་རཀྵ་ཐུམ༔ རཱ་ཙ་ཤག་ཐུམ་ཁ་ཏྲི་རྦད༔ ཙིཏྟ་གཏུབ་གཏུབ༔ ར་ཙ་ཧ༔ པྲ་ཏི་བུ་ཏི་ཧྲི་ནན༔ སོད་ཨ་དུ་མུག་ཐུམ་ཛ་ལ་རྦད༔ སྙིང་ལ་ལིང་མོ་དུ་ཏྲི་རྦད༔ སྲོག་དྲིལ༔ མུ་ཙ་མུ་ཙ་སྙིང་ལ་གཟེར་ཐུམ༔ ཨ་ཏི་རྦད༔ སུམ་ཏྲི་ཤག་རྦད་ཡ༔ རཱ་ཙ་ཏྲི་ཧུར་ཐུམས་ཛྭ་ལ་ས་མ་ཡ་རྦད༔ དེ་ཕྱིར་རྡོར་ར་ལོག་ཏྲི་པཱ་ལས་བསྐོར༔ རྟེན་འབྲེལ་སྙིང་པོ་སྣ་ཚོགས་རྡོ་རྗེ་དང༔ ཕྱི་རིམ་མེ་རི་རབ་གནས་ལས་དང་མཐུན༔ དམ་ཚིག་མི་ལག་མི་བརྒྱུད་ལས་ལ་སྦྱར༔ དགོས་པའི་འདོད་དོན་འགྲུབ་པའི་ནོར་སྐལ་ཏེ༔ སྐལ་ལྡན་རྗེས་འཇུག་རྣམས་ཀྱི་སྤྱོད་ཡུལ་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་ཀློང་གསལ་སྙིང་པོས་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་བཀྲ་ཤིས་བློ་གྲོས་ཀྱིས་སོ། །ཡེ་ཤེས་རབ་འབར་ལས་རྒྱལ་བསེན་འདུལ་བ་རིག་སྔགས་ཐོག་འབེབས་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ རྒྱལ་བསེན་འདུལ་བ་རིག་སྔགས་ཐོག་འབེབ་ནི༔ ྈྈྈྈྈ སྣང་མཐའ་རབ་ཁྲོས་ཧེ་རུ་ཀར་ཕྱག་འཚལ༔ མ་འོངས་ཕྱི་མའི་འགྲོ་བ་ལ༔ རྒྱལ་བསེན་གཉིས་ཀྱིས་མཚམས་སྦྱར་བའི༔ རང་འཁྲུལ་དེ་བཞིན་གྱུར་པའི་འདྲེ༔ གནོད་པའི་སྡུག་བསྔལ་གཞོམ་པའི་ཕྱིར༔ འཁྲུལ་འཁོར་རིག་སྔགས་ཐོག་འབེབ་བསྟན༔ ས་མ་ཡཱ༔ དུག་ཤོག་དག་ལ་རྒྱལ་བསེན་རཱུ་པ་ནི༔ སྤྱང་ཀི་བྱ་ཡི་མགོ་ཅན་མགོ་བམ་བསྣོལ༔ དར་མ།་་་སྤྱང་ཀི་བྱ་མོ་་་ནག་མོ།ཡི་ཁྲག་སོ་སོར་བྱུག༔ གསད་སྔགས་མཐའ་བསྐོར་བྲུབ་ཁུང་ནང་དུ་གཞུག༔ ཐུལ་རྟགས་བྱུང་ཚེ་ལྷ་ཁང་ཐེམ་འོག་མནན༔ ས་མ་ཡ༔ དེ་ལྟར་བྱུང་བའམ༔ ཡོང་གིས་དོགས་པའི་དོགས་པ་སྲུང་བ༔ ཙཀྲ་མུ་ཁྱུད་དྲུག་ཏུ་བསྐོར་བའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་དང༔ ཨོཾ་སྭཱ་ཨཱཾ་ཧཱ༔ དེ་མཐར་རྒྱལ་བསེན་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་བསྲུང་དུ་གསོལ༔ དེའི་ཕྱི་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདོད་སྤེལ༔ དེའི་ཕྱི་ལ༔ སྲོག་བདག་སྙིང་ལ་ས་མ་ཡ་ཕྱེས༔ དམ་ཚིག་སྲོག་ལ་ས་མ་ཡཱ་ཕྱེས༔ ཨོཾ་ཧཱུྃ་བཛྲ་དུན་ཏི་བྷྱོ༔ དུན་ཏིང་ཏིང་ནན༔ ཛ་ཛ༔ རུ་ལུ་ཨུ་ཙ་ཏ་ཡ་རྦད༔ ཁ་ན་ལིང༔ ཚད་མཱ་ར་ཡ་རྦད་རྦུད་སོད༔ དེ་རྒྱབ་མུ་ཁྱུད་ཆེ་བར་ཕྱི་ནང་རྩིབས་བརྒྱད་བསྣོལ་མར༔ ནང་གི་རྩིབས་བརྒྱད་ཡིག་མགོ་ཕྱིར་བསྟན༔ རྩ་སྙིང་དང༔ ཕྱི་མའི་རྩིབས་རྩེ་དང་ཡིག་མགོ་ནང་དུ་བསྟན༔ བཛྲ་ཧཱུྃ༔ རཀྵ་ཧཱུྃ༔ ཡཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་རཀ་མོ་སྙིང་ལ་མཱ་ར་ཡ་རྦད་སོད༔ རཀྵ༔ ཞེས་བྲི༔ རྩིབས་རྩེ་བསྣོལ་མའི་བར་དུ་རྒྱལ་བསེན་བག་གཞི་ཉམས་པ་རེ་སྡིག་པ་གཉིས་ཀྱིས་ཟ་བ་བྲི༔ ཕོའི་སྙིང་གར་རཱ་ཙ་ཛ༔ མོའི་སྙིང་གར་རག་མོ་ཛ༔ དེའི་ཕྱིའི་མུ་ཁྱུད་ལ༔ ཨོཾ་བཛྲ་རཀྵ༔ རཱ་ཙ་ཐུཾ༔ ཨ་ཏི་རྦད༔ རཱ་ཙ་ཤག༔ དུན་འཁོར་ཏྲི་རྦད༔ ཙ་ཏི་གཏུབ༔ རཱ་ཙ་ཏྲི༔ སུ་ཏི་ནན་སོད༔ ཨེ་དུག་མུག༔ ཐུམ་ཛ་ལ་རྦད༔ སྙིང་ལ་ལིང༔ མོ་དུ་ཏྲི་མ་ཤད༔ སྲོག་དྲིལ༔ མུ་ཙ་མུ་ཙ་སྙིང་ལ་གཟེར་ཐུམ༔ ཨ་ཏི་རྦད༔ སུམ་ཏྲི་ཤག་རྦད༔ ཧཱུྃ་རཱ་ཙ་འདིར་ཤོག༔ རཱ་ཙ་མཱ་ར་ཡ༔ ཁྲག་ཏི་རྒྱལ་འགོང་གནོད་བྱེད་སྙིང་ལ་བམ་བྷྱོ༔ མཱ་ར་ཡ་ཐུམ་སྭཱ་ཧཱ༔ ཏྲི་མཱ་ར་ཡ༔ དམ་ཚིག་སྲོག་ལ་མཱ་ར་ཡ་ས་མ་ཡ༔ སྲོག་བདག་སྙིང་ལ་ས་མ་ཡ༔ བསེན་མོའི་སྙིང་རྩ་ལ་ས་མ་ཡ༔ གནོད་བྱེད་སྙིང་ལ་ས་མ་ཡཱ༔ ཕྱིར་ཟློག་བྱད་མ་མ་རུ་ཏྲི་པུར་ནན་ཛ་ཛ༔ ཅེས་བྲི༔ དེའི་ཕྱི་ལ༔ ཨོཾ་བཛྲ་རཀྵ༔ རཱ་ཙའི་སྙིང་ལ་མཱ་ར་ཡ་ཧཱུྃ༔ རུ་ཏྲི་ཙིཏྟ་ཧཱུྃ་ཕཊ༔ ཨ་ཧབ་ཧབ་ཨ་ཧབ་ཧབ༔ རཱ་ཙ་དཀར་ཏྲི་ཏྲི་སོད་སོད༔ ཨོཾ་བཛྲ་ཧཱུྃ་ཧཱུྃ༔ རཱ་ཙ་ཏྲི་བཛྲ་རཾ་རཾ༔ བེ་ཐེའུ་སོད་སོད༔ ཨོཾ་བཛྲ་རཀྵ་རཱ་ཙ་ཙིཏྟ་རྦད་རྦད༔ རཱ་ཙ་ཁ་འདར་འདར༔ སྲོག་འདར༔ སྙིང་འདར༔ ཞེ་སྡང་སྙིང་ལ་རྔམ་རྔམ༔ འདོད་ཆགས་ཁྲག་ལ་རྦུད་རྦུད༔ གཏི་མུག་ཤ་ལ་རྦད་རྦད༔ ང་རྒྱལ་རུས་ལ་ཧབ་ཧབ་རཱ་ཙ་རྦད༔ ཙིཏྟ་གཏུབ༔ འཆང་བ་ལ་རྒྱལ་བསེན་སྡེ་བརྒྱད་ཀྱི་གནོད་པ་བསྲུང་དུ་གསོལ༔ ཞེས་འདོད་པའི་གསོལ་ཚིག་གིས་སྤེལ༔ ཕྱི་རིམ་མེ་རི་དམར་ནག་འཁྲུགས་པ་བྲི༔ ཆུ་དག༔ རྟ་བོན༔ གུ་གུལ༔ གླ་རྩི༔ ལྡོང་རོས༔ བཙན་དུག༔ ཤིང་ཀུན༔ རེ་ལྕག༔ མུ་ཟི་དགུ་པོས་བྱུག༔ རབ་གནས་ནི༔ བགེགས་བཀུག་བསྟིམ༔ འཆིངས་མནན་བསད་ལ་མ་བཟོད་ཅིང་གནོད་སེམས་ཞི་སྟེ་བདེ་སྟོང་རྒྱུད་ལ་སྐྱེས་པར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་རྡེག་པའི་སྐབས་སུ༔ ཧཱུྃ་ཧཱུྃ༔ དྲག་པོའི་སྔགས་ཀྱི་ཐུན་རྫས་འདིར༔ གནམ་ལྕགས་སྡིག་པའི་ཚྭ་ཚྭ་འཕྲོ༔ མཚོན་ཆ་སྣ་ཚོགས་སྐར་ལྟར་འཁྲུག༔ གསང་སྔགས་དབལ་གྱིས་སྲེག་བྱེད་འདི༔ འགོང་པོ་ཕོ་མོའི་སྙིང་ལ་བྷྱོ༔ དམ་སྲི་ཕོ་མོའི་སྲོག་ལ་གཟིར༔ བར་ཆད་ཐལ་བ་རྡུལ་དུ་རློགས༔ ཐུན་བྷྱོ་ཐུན་བྷྱོ་མཱ་ར་ཡ༔ ཞེས་བརྡེག་གོ༔ ས་མ་ཡ༔ རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩིགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་བཤུས་ཏེ་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ། །༁ྃ༔ ཡེ་ཤེས་རབ་འབར་ལས། གཟའ་སྲུང་ཡེ་ཤེས་མེ་དཔུང་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ གཟའ་སྲུང་ཡེ་ཤེས་མེ་དཔུང་ནི༔ ྈྈྈྈྈྈྈ བདེ་ཆེན་ཡེ་ཤེས་རབ་འབར་བའི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཐབས་ཀྱིས་གང་འདུལ་ཆ་རྐྱེན་དུ༔ གཟའ་སྲུང་ཟབ་པའི་མཐར་ཐུག་འདི༔ རབ་ཏུ་གཅེས་ཕྱིར་གཏེར་དུ་བསྐུང༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ གཤིན་རྗེའི་ལྟེ་བ་ཅི་བཞིན་པའི༔ ཁྱབ་འཇུག་ཆེན་པོའི་ཁ་རླངས་ཀྱིས༔ དུག་དེ་གང་ལ་ཕོག་པ་འམ༔ ཕོག་གི་དོགས་པ་གང་ཡང་རུང༔ སྔོན་ཚགས་གདམས་པ་ལག་ཏུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གང་གི་དུག་བསྲུང་བ༔ རང་ཉིད་ལྕགས་སྡིག་ནག་པོར་བསྒོམ༔ ཨཱོཾ་ས་བྷེ་ར་ཏ་ན་ཡེ་སྭཱ་ཧཱ༔ བདུན་ནམ་བཅུ་བཞི་ཉེར་གཅིག་བཟླ༔ ཡང་ན་གོང་ལྟར་བསྒོམས་པ་ཡིས༔ ཨོཾ་སུ་རི་ཏ་ན་མེ་སྭཱ་ཧཱ༔ ནངས་རེ་བརྒྱ་ཕྲག་བཟླས་པས་ཆོག༔ ས་མ་ཡཱ༔ ཡང་ན་བདག་ཉིད་རཱ་ཧུ་ལ༔ སྐུ་མདོག་ཕྱག་མཚན་ཚུལ་བཞིན་བསྒོམ༔ ཨཱོཾ་བཱེ་སྣུ་མ་པུ་རུ་གཙུག་ཏོར་རཱ་ཧུ་ལ་ར་མ་འདྲིག༔ ཛེ་ཤུ་ལ་ཚར་མ་ཁུག༔ ཐང་ཐང་མ་མ་བྷྱོ༔ ས་སྨེ་སུ་ནི་སུ་ན་ཚར་བ་བྷྱོ༔ འཆང་བ་པོ་ལ་སྲུངས་ཤིག༔ ཡང་ན་བདག་ཉིད་རྡོ་རྗེ་འཛིན༔ རྡོ་རྗེ་གཏུམ་པོའི་ཏིང་འཛིན་གྱིས༔ དྲང་སྲོང་སྙིང་པོ་སྔགས་རིང་བཟླ༔ ཙཀྲ་མུ་ཁྱུད་བཞི་བསྐོར་ལ༔ དབུས་ཀྱི་ལྟེ་བར་ཨོཾ་ཨཱཿཧཱུྃ༔ གོང་འོག་ཡན་མན་སྤེལ་བའི་མཐར༔ འདོད་པ་སྤེལ་ཚིག་ཤམ་ཅན་བྲི༔ དེ་ཡི་ཕྱི་རིམ་སྔགས་རིང་བྲི༔ ཕྱི་རིམ་མུ་ཁྱུད་རྩིབས་ལྔ་ནང༔ ཨོཾ་སཏྭཾ་པོ་ལེ་སཏྭཾ་པོ་ལེ་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ༔ རྩིབས་མཆན་དྲུག་ལ་རིམ་པ་བཞིན༔ ཨ་ཡ་མ་སྲི་རུ་ནི་ན་ཤ་ཨཱ༔ དེའི་ཕྱིར་ཡིག་མགོ་ནང་བསྟན་གྱིས༔ ན་མོ་ཙན་དྷ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀཏེ་ཧཱུྃ་ཕཊ༔ ཨོཾ་ལོག་ཏྲི་པཱ་ལ་སོགས་བྲི༔ རྟ་མགྲིན་ཕྱག་རྡོར་ཁྱུང་སྙིང་བྲི༔ དེའི་ཕྱིར་རྡོར་ར་མེ་རི་དང༔ གསང་བདག་རྡོ་རྗེ་གཏུམ་པོ་བྲི༔ ཁྱུང་གི་ལག་ངར་གཡས་གཡོན་ལ༔ ཨོཾ་བཛྲ་བཛྲ་པུ་ཙ་པུ་ཙ་དུ་ན་དུ་ན་ཡེ་སྭཱ་ཧཱ༔ དེ་བཞིན་དཔུང་པ་གཡས་གཡོན་ལ༔ གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ༔ དེ་བཞིན་ཞབས་ནི་གཡས་པ་ལ༔ ཨོཾ་བཛྲ་གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ༔ སརྦ་དུ་ཧ་ནན༔ སུ་མཱ་ར་ཡ་ཕཊ༔ དེ་བཞིན་ཞབས་ནི་གཡོན་པ་ལ༔ ཨོཾ་བཛྲ་བཛྲ་གཟའ་ཁ་ཏྲ་རུ་ཏྲ་ཡེ་སརྦ་དུཥྚཱན་རྦད་ནན་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ རྩ་སྔགས་བཟང་དྲུག་དྲི་བཟང་བྱུགས༔ སྔགས་ལ་མུ་ཟི་གུ་གུལ་ཏིལ༔ ཏེ་ལོའི་ཤ་རྣམས་བྱུག་པར་བྱ༔ ཚད་ལྡན་རབ་གནས་རྟེན་བཞུགས་ཀྱིས༔ གཟའ་ཡིས་ཡེ་ཤེས་མེར་མཐོང་བའི༔ ནུས་པའི་རྟགས་ལྡན་སྲུང་བ་འདི༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡ༔ ཨཊལཧུ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ། །༁ྃ༔ ཡེ་ཤེས་རབ་འབར་ལས། ཀླུ་བསྲུང་ཡེ་ཤེས་ཁྱུང་དམར་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ ཀླུ་སྲུང་ཡེ་ཤེས་ཁྱུང་དམར་ནི༔ ྈྈྈྈ རིགས་འདུས་ཧེ་རུ་ཀ་ལ་ཕྱག་འཚལ་འདུད༔ བདག་འདྲ་རྡོ་རྗེ་པདྨ་འབྱུང་གནས་ཀྱིས༔ མ་འོངས་རྗེས་འཇུག་འགྲོ་ལ་ཕན་པའི་ཕྱིར༔ གང་འདུལ་གདམས་པ་ཡིད་བཞིན་མང་བསྟན་ཅིང༔ ཁྱད་པར་ཀླུ་འདུལ་ཁྱུང་གི་གདམས་པ་འདི༔ སྙིགས་མའི་དུས་སུ་མེད་ཐབས་མེད་ཕྱིར་བསྟན༔ མ་འོངས་འགྲོ་རྣམས་ལོག་དགུའི་སྤྱོད་ཉེས་ཀྱིས༔ ས་བདག་ཀླུ་གཉན་འཁྲུགས་པའི་རྒྱུ་རྐྱེན་གྱིས༔ གདོལ་པ་འཛིན་ཤེས་གཏོང་མི་ཤེས་པའི་ཀླུས༔ སྡེ་བརྒྱད་སྣ་དྲངས་ཀུན་དང་གདུང་གྱུར་ཅིང༔ མི་རུང་སྣ་ཚོགས་མཛེ་རིགས་བཅོ་བརྒྱད་དར༔ མ་འོངས་སྡུག་བསྔལ་ནད་ཀྱིས་གཟིར་བའི་ཚེ༔ གདམས་པ་རིན་ཆེན་སྨན་གྱི་དགའ་སྟོན་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་གམ་ཀུན་ལ་སྲུང་བ་འདོགས་ཀྱང་རུང༔ ཀླུ་དང་ས་བདག་གནོད་པས་མི་ཚུགས་པའི༔ ཐོག་མར་བདག་ཉིད་རྡོ་རྗེའི་མཁར་བཞིན་གྱིས༔ ཧཱུྃ་ཧྲཱི༔་་་རྒྱུ་རྐྱེན། བདག་ཉིད་ཡེ་ཤེས་རབ་འབར་སྐུ༔ རྒྱན་རྫོགས་ཚུལ་བཞིན་བསྒོམས་པ་ཡི༔ དབུ་ལ་ཁྱུང་ཆེན་རིགས་ལྔས་བརྒྱན༔ སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལ༔ རིགས་ལྔའི་ཁྱུང་གིས་སོ་སོར་བརྒྱན༔ དེ་ནས་གསང་སྔགས་རིམ་པ་ནི༔ ཨཱོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་དུ་ན་ཙན་དྷི་ཙན་དྷི༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ ནཱ་ག་རཱ་ཙ་མཱ་ར་ཡ༔ ན་ཤ་ཡཱ༔ སཏྭཾ་བྷ་ཡཱ༔ བྷནྡྷཱ་ཡཱ༔ ཧཱུྃ་ཧཱུྃ༔ ཕཊ་ཕཊ༔ བཟླས་པ་རྟགས་བསྟུན་ཁྱུང་མཆོད་པའི་ཚོགས་ཀྱིས་མཆོད༔ བསྲུང་བའི་རིམ་པ་ནི༔ ནའམ་ན་ཡི་དོགས་པ་ལ༔ ཁྱུང་ལྔ་ཚད་ལྡན་རིལ་བུ་ལ༔ བསྐྱེད་པའི་རིམ་པ་ཅི་བཞིན་དང༔ བཟླས་པ་རྩ་སྙིང་ཀླུ་འདུལ་སྦྲེལ༔ མང་ཉུང་ནད་ཀྱི་ཚབ་དང་བསྟུན༔ ཟའམ་བྱུག་གམ་གང་ལ་བྱུག༔ ཡང་ན་ཁྱུང་ལྔ་ཚད་ལྡན་ལ༔ ཁྲོཾ་བཛྲ་ག་རུ་ཎ་ཀཱ་ལ་ཧཱུྃ་ཕཊ༔ ཏ་ན་མ་ཤ་པ་ནཱ་ག་སྡེ་བརྒྱད་ཀྱི་སྲོག་རྩ་གཏུབ་ལིང་ཐོབ་སོད་ཡ༔ ཟའམ་བྱུག་པ་གོང་དང་མཚུངས༔ སྲུང་འཁོར་མུ་ཁྱུད་ལྔ་ལྡན་གྱི༔ དབུས་སུ་ཁྲོཾ་མཐར་འདོད་གསོལ་དང༔ དེ་ཡི་ཕྱི་རིམ་རྩ་བའི་སྙིང་པོ་བྲི༔ དེའི་ཕྱི་རིམ་རྩིབས་བཞི་ལ་ཡཀྴ་མེ་དབལ་བྲི༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཀླུ་འདུལ་ཁྱུང་གི་སྔགས་རྣམས་བཀོད༔ དེ་ཕྱིར་ཡིག་མགོ་ནང་བསྟན་གྱི༔ ལོག་ཏྲི་པཱ་ལ་བྲི་བར་བྱ༔ དེ་ཡི་ཕྱི་རིམ་རྟེན་འབྲེལ་སྙིང་པོ་བྲི༔ ཕྱི་རིམ་རྡོ་རྗེ་ཁྱུང་སྐུ་བྲི༔ ཁྱུང་ལ་ཁྱུང་ལྡེར་ཁུ་བས་བྱུགས༔ རབ་གནས་རྟེན་བསྐྱེད་ཡེ་ཤེས་བསྟིམ༔ མི་ལག་མི་བརྒྱུད་མགུལ་དུ་བཏགས༔ དུག་ཅན་ཀླུ་ཡི་ནད་ལས་གྲོལ༔ ས་མ་ཡཱ༔ དུག་ཅན་གདུག་པ་ཅན་གྱི་ཀླུའི༔ འཛིན་ཤེས་གཏོང་མི་ཤེས་པའི་ནད༔ གདུལ་དཀའ་འདུལ་ཞིང་མི་འབྱུང་བའི༔ གདམས་པ་རིན་ཆེན་ནུབ་མེད་ཕྱིར༔ རིན་ཆེན་གཏེར་གྱི་རྒྱ་རུ་བསྐུང༔ དུས་སུ་འབྲས་བུ་འབྱུང་འགྱུར་གྱི༔ བཅུད་འདི་སྐལ་ལྡན་རྣམས་ཀྱིས་ཟོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་ཀྱིས་བགྱིས་པའོ། །༁ྃ༔ ཡེ་ཤེས་རབ་འབར་ལས། རྡོ་རྗེ་ཁྱུང་གི་ལས་མཐའ་སྲུང་བའི་རིམ་པ་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ རྡོ་རྗེ་ཁྱུང་གི་ལས་མཐའ་སྲུང་བའི་རིམ་པ་ནི༔ དམར་ནག་ཁྲོས་པའི་ལྷ་ལ་ཕྱག་འཚལ་ལོ༔ ྈྈྈ ཡེ་ཤེས་རབ་འབར་དྲག་པོ་བསྒྲུབ་པའི་བུ༔ རང་ངམ་གཞན་གྱི་དོན་རབ་བརྩོན་པ་ལ༔ ཡེ་ཤེས་ཁྱུང་གིས་སྲུང་བའི་འཁོར་ལོ་སོགས༔ ཕན་བྱའི་ཐབས་ཀྱི་མན་ངག་སྙིང་འདྲ་འདི༔ ཕྱི་རབས་དད་ལྡན་རྗེས་འཇུག་བཙས་སམ་ནོར༔ གནམ་ཆེན་བྲག་དཀར་དལ་དུ་ས་མ་ཡ༔ སྦས་པས་རྗེས་འཇུག་བུ་ཡི་ནོར་སྐལ་འདི༔ གང་ལ་གཏད་པའི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ ཙཀྲ་འདི་སྤྱང་ཁྱིའི་བྲུན་བྱ་བལ་མ་དང༔ ལྡོང་རོས་ཕ་ཝཾ་དྲེག་པ་སྦྱར་ནས་དར་ཚོན་ལྔ་དང་བཅས་པ་རབ་གནས་དང་ལྡན་པས་རྒྱལ་པོའི་གནོད་པ་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་རྒྱལ་པོའི་གནོད་པ་ལས་སྲུངས་ཤིག་ཅེས་བྲི༔ ྈ ཙཀྲ་འདི་སྟག་གི་སྡེར་མོ་བྱ་རོག་སྡེར་མོ༔ རྟ་བོན༔ ཕ་ཝང་ལོང་བུ་དམར་པོ༔ ཤེར་ཤིང་དང་སྦྱར་བས་བཙན་གྱི་གནོད་པ་ལས་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་བཙན་གྱི་གནོད་པ་ལས་སྲུངས་ཤིག༔ ཅེས་བྲིའོ༔ ྈ ཙཀྲ་འདི་མུ་ཟི་ལྡོང་རོས་བ་བླ་ཆུ་དག་དང་སྦྱར་བའོ༔ མོ་འདྲེའི་གནོད་པ་ལས་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་མོ་འདྲེའི་གནོད་པ་ལས་སྲུངས་ཤིག་བྲི༔ ྈ ཙཀྲ་འདི་རྨ་བྱའི་མདོངས༔ ཤ་ཆེན༔ ལ་ཆ༔ གུ་གུལ་དང་སྦྱར༔ རབ་གནས་དང་ལྡན་པས་དྲང་སྲོང་གཟའི་གནོད་པ་ལས་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་དྲང་སྲོང་གཟའི་གནོད་པ་སྲུངས་ཤིག་རཀྵ་རཀྵ༔ ྈ ཙཀྲ་འདི་ལ་ཀེ་ཚེ་ཤང་ཚེ་སྔགས་པ་ནུས་པ་ཅན་གྱི་ཆུ་དང་སྦྱར་བས་ཐེའུ་རང་གི་གནོད་པ་ལས་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་ཐེའུ་རང་གི་གནོད་པ་ལས་སྲུངས་ཤིག་རཀྵ་རཀྵ་རཀྵ༔ ཞེས་བྲི༔ ྈ ཙཀྲ་འདི་ལ་རྡོ་དྲེག་དམར་པོ་རྒྱ་དང་ར་དང་གཙོད་ཀྱི་རྭ་གཞོབ་དང་སྦྱར་བས་རབ་གནས་ལྡན་པས་འགོང་པོའི་གནོད་པ་ལས་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་འགོང་པོའི་གནོད་པ་སྲུངས་ཤིག་རཀྵ་རཀྵ༔ ཞེས་བྲི༔ ྈ ཙཀྲ་འདི་ལ་གླ་རྩི་ཤིང་ཀུན་མུ་ཟི་རིན་པོ་ཆེ་དང་སྦྱར་བས་ཀླུ་གཉན་ས་བདག་གི་གནོད་པ་ལས་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་ཀླུ་གཉན་ས་བདག་གི་གནོད་པ་ལས་སྲུངས་ཤིག༔ རཀྵ་རཀྵ༔ ཞེས་བྲི༔ ྈ ཙཀྲ་འདི་ཀེ་ཚེ་ཤང་ཚེ༔ ལྕགས་ཕྱེ་ཟངས་ཕྱེ་ཉུངས་དཀར་ནག་དང་སྦྱར་རབ་གནས་དང་ལྡན་པས་ཡུལ་འདྲེའི་གནོད་པ་ལས་བསྲུང་བར་འགྱུར༔ རྩིབས་མཆན་ལ་ཡུལ་འདྲེའི་གནོད་པ་སྲུངས་ཤིག༔ ཅེས་བྲི༔ ྈ ཙཀྲ་འདི་ཁྱུང་སེན་གཅན་གཟན་མཆུ་སྡེར༔ སྐྱེར་ཚེར༔ སྔགས་པ་ནུས་པ་དང་དམ་ཚིག་དང་ནུས་པ་ཅན་གྱི་རྟེན་གཏོར་སེང་ལྡེང་ངམ་སྐྱེར་ཕུར་དང་བཅས་པས་བྱད་ཁ་བསྲུང་བར་འགྱུར་རོ༔ རྩིབས་མཆན་ལ་བྱད་ཁའི་གནོད་པ་ལས་སྲུངས་ཤིག༔ ཅེས་བྲི༔ ཡེ་ཤེས་རབ་འབར་ཡོན་ཏན་ལས་སྤྲུལ་པའི༔ ཁྲོ་རྒྱལ་ཁྱུང་གི་སྲུང་བའི་འཁོར་ལོ་འདི༔ ཕྱི་མའི་དུས་སུ་གནམ་ལྕགས་ཐོག་དང་འདྲ༔ ལྔ་བརྒྱ་ཐ་མའི་ལྷ་འདྲེ་མི་གསུམ་གྱི༔ གདུབ་རྩུབ་ཞི་མཛད་སྲུང་བའི་འཁོར་ལོ་འདི༔ ལང་གྲོའི་སྤྲུལ་པ་དབང་གིས་གཏད་རྒྱར་བཅས༔ གནམ་ཆེན་བྲག་དཀར་ཟླ་གམ་དབང་གི་དལ༔ དབུས་སུ་སྲུང་མས་གཉེར་མཛད་བུ་ལ་སྤྲོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་གསུམ་དང་སྲོག་བདག་གསུམ་གྱིས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་གྱི་དལ་ནས། ཡེ་ཤེས་མཁའ་འགྲོས་སྣ་དྲང་བར་བྱེད་ཅིང་སྤྱན་འདྲེན་པ་སྟེ། རྒྱ་ཆེན་བཀའི་བསྡུ་བ་པོ། གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བའི་དཔལ་ལས་ལྷ་དང་བླ་མས་བྱིན་གྱིས་བརླབས་པའི་ཁང་བཟང་ཡངས་པའི་དཀྱིལ་འཁོར་ནས། རྫོགས་ཆེན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ། །༁ྃ༔ ཡེ་ཤེས་རབ་འབར་ལས། བཙན་སྲུང་རྡོ་རྗེ་ཕ་ལམ་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ བཙན་སྲུང་རྡོ་རྗེའི་ཕ་ལམ་ནི༔ ྈྈྈྈྈྈ བདེ་ཆེན་རྒྱལ་པོ་རབ་ཁྲོས་པའི༔ ཡེ་ཤེས་རབ་འབར་ལ་ཕྱག་འཚལ༔ བདེ་ཆེན་རྒྱལ་པོ་ཧེ་རུ་ཀ༔ གང་འདུལ་ཐབས་ཀྱི་སྐུར་བཞེངས་པའི༔ པདྨ་འབྱུང་གནས་ཐུགས་རྗེ་ཡིས༔ འགྲོ་ལ་ཕན་ཕྱིར་གདམས་པའི་གཏེར༔ གདུལ་བྱ་རེ་ལ་གཉེན་པོ་རེ༔ གང་དགོས་སྐབས་ཀྱི་གནད་དུ་བསྟན༔ ཁྱད་པར་དུས་དང་གནས་སྐབས་སུ༔ སྡེ་བརྒྱད་ནང་ནས་མྱུར་མགྱོགས་ཅན༔ ཡམ་ཤུད་དམར་པོ་བཙན་གྱི་རིགས༔ གནོད་དམ་ཕ་རོལ་སྦྱོར་བར་རུང༔ གནོད་པ་ཡོང་གི་དོགས་པ་སོགས༔ གང་ལ་དགོས་པའི་ཆ་རྐྱེན་དུ༔ སྤྱི་དང་བྱེ་བྲག་སྲུང་བ་བསྟན༔ མ་འོངས་རྗེས་འཇུག་དམ་ལྡན་གྱི༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་གྱིས༔ ས་མ་ཡཱ༔ གདམས་པ་ལག་ཏུ་བླང་བ་ནི༔ གྲོ་ཤོག་ལ་མུ་ཁྱུད་དྲུག༔ དབུས་སུ་ཧཱུྃ་ཧྲཱིཿམཐར་འདོད་སྤེལ་དང༔ དེའི་ཕྱི་རིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿདང༔ དེའི་ཕྱི་རིམ་རྩ་སྔགས་དང༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་མེ་དབལ་དང༔ རྩིབས་མཆན་ལྷ་ལྔ་ཁྱུང་དང་བཅས་བྲི༔ དེའི་ཕྱི་རིམ་ཨོཾ་ཐིག་ལེ་ཤི་ཚང་མ་དང༔ དེའི་ཕྱི་རིམ་ཡིག་མགོ་ནང་བསྟན་གྱིས་ལོག་ཏྲི་པཱ་ལ་བྲི༔ དེའི་ཕྱི་རིམ་ཡིག་མགོ་ཕྱིར་བསྟན༔ རྟེན་འབྲེལ་སྙིང་པོ་བྲི༔ དེའི་ཕྱི་རིམ་རྡོར་ར་མེ་རིའི་ཕྲེང་བ་བྲི༔ ས་མ་ཡཱ༔ རིགས་འདུས་རྩ་བའི་སྤྱི་ཆིངས་འདི༔ སྲུང་དང་ཟློག་པ་གང་ལའང་བསྔགས༔ བཙན་དུག་ཆུ་དག་རྟ་བོན་དང༔ ཤིང་ཀུན་སྒོག་གཅིག་སྒོང་ཐུར་དང༔ ར་དཀར་ཁྲག་ཆེན་གུ་གུལ་བྱུགས༔ ཡང་ན་ཕུར་པའི་གཟུགས་བྱས་ནང༔ རྩ་སྙིང་སྔགས་རིང་ཤམ་ཅན་བྲི༔ གོང་རྫས་བྱུག་སྔགས་སྲུང་བའི་མཆོག༔ ཡང་ན་དཔེ་འུ་ཆུང་ལྟར་ལ༔ གོང་རྫས་བྱུག་སྔགས་སྲུང་བའི་མཆོག༔ ཡང་ན་ཉུངས་དཀར་སྔགས་ལ་འདོག༔ ཡང་ན་སྒོག་གཅིག་སྔགས་ལ་བྱུག༔ ཡང་ན་ནས་ཆུ་སྔགས་ལ་སྦྱིན༔ ཡང་ན་སེང་སྡེང་རྭ་ཆུ་ཤིང༔ ཕུར་པ་དཔེ་ཆུང་སྔགས་བྲིས་འདོག༔ མི་འམ་དུད་འགྲོ་ཡིན་ཀྱང་རུང༔ བཙན་གྱི་གནོད་པ་བསྲུང་བར་འགྱུར༔ ཕ་རོལ་རྦད་པའི་སྦྱོར་བ་ཡི༔ གནོད་པ་འདི་ཡིས་ཟློག་པར་འགྱུར༔ རང་གིས་རྦད་པའི་ལས་སྦྱོར་ཀུན༔ ནུས་པའི་ངར་བསྐྱེད་རང་སྲུང་འདི༔ རྗེས་འཇུག་ཕྱི་རབས་སྐལ་ལྡན་ལ༔ རབ་ཏུ་གཅེས་ཕྱིར་གཏེར་དུ་བསྐུང༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་གིས་སྲུངས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས༔ སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་བཤུས་ཏེ་དག་པར་ཕབ་པའོ། །ཡི་གེ་པ་ནི་སྐལ་ལྡན་བཀྲ་ཤིས་བློ་གྲོས་ཀྱིས་བྱས་སོ། །༁ྃ༔ ཡེ་ཤེས་རབ་འབར་ལས། བསེན་མོ་ཁ་འཆིང་རྡོ་རྗེའི་རྒྱ་ཅན་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ བསེན་མོ་ཁ་ཆིངས༔ རྡོ་རྗེའི་རྒྱ་ཅན་ནི༔ ྈྈྈྈྈྈ བདེ་ཆེན་རིགས་འདུས་རབ་ཁྲོས་པའི༔ ཡེ་ཤེས་རབ་འབར་ལ་ཕྱག་འཚལ༔ ཡེ་ཤེས་རབ་འབར་ལས་བྱུང་ཞིང༔ ཕན་བདེ་ལྷུན་གྲུབ་ཟབ་གཏེར་ལས༔ མ་འོངས་འགྲོ་ལ་ཕན་པའི་ཐབས༔ གང་ལ་གང་འདུལ་ཅིར་ཡང་སྣང༔ ཁྱད་པར་ཤ་ཟ་མཁའ་འགྲོའི་རིགས༔ ཕོ་ཉ་མོ་ཡི་རྗེས་འབྲངས་པའི༔ དམན་མོ་ཡང་ན་དམ་སྲི་མོས༔ འགྲོ་བའི་དངོས་སུ་སྲོག་ལེན་ཅིང༔ རྗེས་འབྲངས་མོ་འདྲེ་སྲིན་མོ་ཡིས༔ ཉིན་མཚན་མེད་པར་དབུགས་བསྡུ་བའི༔ འཆི་ཚད་ཁྲོས་ཏེ་འཁོར་གྱུར་ཏེ༔ ཡུལ་ཁམས་ཁོལ་བུར་བརླག་བྱེད་པས༔ དེ་ཕྱིར་བསེན་མོའི་ཁ་འཆིང་བའི༔ ཁ་ལ་རྡོ་རྗེའི་རྒྱས་འདེབས་བསྟན༔ ྈྈྈྈ ཅི་ལྟར་བྲིས་པ་མུ་ཁྱུད་དྲུག་བསྐོར་ཏེ༔ ལྟེ་བར་ཧཱུྃ་དང་གང་འདོད་སྤེལ༔ དེའི་ཕྱི་རིམ༔ བཛྲ་ཧཱུྃ༔ རཀྴ་ཧཱུྃ༔ ཡཀྴ་ཧཱུྃ༔ ཡ་ཏྲི་མ་ཏྲི༔ མ་ཞུ་ཏྲི་ཡ༔ མཱ་ར་ཡ་སོད༔ ཅེས་བྲི༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ མ་མོ་ཙ་མུན་ཏྲི་ཡ་སོད༔ འཆང་བའི་ལུས་ངག་ཡིད་གསུམ་ལ་གསོན་འདྲེ་མོ༔ བསེན་མོ༔ རྣོལ་འདྲེ་མོ༔ ཤི་འདྲེ་ཕོ་མོའི་སྲོག་ལ་འུབ་འུབ་མཱ་ར་ཡཱ་རྦད་རྦད༔ ཅེས་སྤྱི་སྙོམ་དུ་བྲི༔ རྩིབས་མཆན་ལ༔ གནོད་སྦྱིན་མོ༔ བསེན་མོ༔ གསོན་འདྲེ་མོ༔ ཁ་ལ་ཁ་ཚེ༔ མཱ་ར་ཡ་རྦད་རྦད་སོད་སོད༔ ཅེས་བྲི༔ དེའི་ཕྱི་རིམ༔ ཨོཾ་སྨན་མོ་ཁ་ཐུམ༔ རྨིག་མོ་ཙིག་ཤུས༔ བཛྲ་ཧ་ཧ་ཏྲི་ཏྲི་ན་ཧ་ས༔ དམན་མོ་ཤི་འདྲེ་མོ་ཁ་ཆིངས་ཤིག༔ ཡེ་མུ་སུ་བ་ཏྲི༔ མ་མ་ཁ་ཁ་ཐུམ་པ༔ ཏྲི་ཏྲ༔ བྷི་མ་ཏྲུ་པ་ཏྲི༔ ཨོཾ་སརྦ་གོར་ཀོ་མཱ་ར་ཡ་ཧཱུྃ་ཕཊ༔ དེའི་ཕྱི་རིམ༔ ཛ་འདྲེ་ཤོ་ནག་མོ་ཁ་ལ་དུ་རྩེ་རྦད༔ དེའི་ཕྱི་རིམ་རྡོར་ར་དང་མེ་རིས་བསྐོར༔ འཁོར་ལོ་ལ་དུག་ཁྲག་གིས་བྱུགས༔ རབ་གནས་ནི་ཡཀྵ་མེ་དབལ་གྱི་བསྐྱེད་བསྟིམ་དྲག་ཏུ་བྱ་ཞིང༔ ཨོཾ་བཛྲ་ཡཀ་ཤ་ཧཱུྃ༔ རཀྵ་ཧཱུྃ༔ གནོད་བྱེད་འདྲེ་མོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླས་ཤིང༔ ཡཀྴ་མེ་དབལ་འཁོར་ལོར་བསྟིམ༔ ཡེ་དྷརྨཱའི་མེ་ཏོག་འཐོར་རོ༔ ས་མ་ཡཱ༔ ཡང་ན་ཕྱག་མཚན་རྡོ་རྗེ་ཡི༔ ལྟེ་བར་མུ་ཁྱུད་གཅིག་བསྐོར་ཏེ༔ ལྟེ་བར་འདྲེ་ཤོ་ནག་མོ་བྲི༔ ཕྱི་རིམ་རྩིབས་བརྒྱད་ཧཱུྃ་བརྒྱད་བྲི༔ རྭ་ལ་ཐོད་སྐམ་ཧཱུྃ་བྲིས་ཏེ༔ མེ་དབལ་ཤམ་ཅན་སྙིང་པོ་བསྔགས༔ ཡང་ན་ཕྱག་མཚན་ལྕགས་སྡིག་བྲི༔ དབུས་སུ་ཛ་འདྲེ་ཤོ་ནག་མོ་ཁ་ལ༔ སྡིག་པའི་གཉེར་མ་ཧཱུྃ་གིས་གང༔ རྭ་ལ་མེ་དཔུང་འབར་བ་བྲི༔ བོང་ང་ཐར་ནུ་ཐང་ཕྲོམ་དང༔ རེ་ལྕག་ཆུ་རྩ་ར་དུག་དང༔ ཐལ་ཆེན་ཐོག་ལྕགས་ཡུངས་དཀར་བྱུགས༔ ནུས་པ་ཅན་གྱིས་ཉུངས་དཀར་ལ༔ ྈྈྈྈ སྙིང་པོ་ཤམ་ཅན་བསྔགས་པས་བསྲུང༔ གང་ཡང་ནུས་པའི་རྟགས་ཐོན་གཅེས༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་ཀྱིས་བྱས་སོ། །༁ྃ༔ ཡེ་ཤེས་རབ་འབར་ལས། རྡོ་རྗེ་ཐོ་ལུམ་ལྷ་འདྲེ་སྤྱི་འདུལ་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ རྡོ་རྗེ་ཐོ་ལུམ་ལྷ་འདྲེ་སྤྱི་འདུལ་ནི༔ ྈྈྈྈྈ བདེ་ཆེན་རྒྱལ་པོ་དྲག་པོའི་སྐུར༔ མཐུ་རྩལ་ཡོངས་རྫོགས་ལ་ཕྱག་འཚལ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ མདོག་དམར་མེ་ཡི་ཕྲེང་བ་ཡི༔ ཕྱག་མཚན་རྡོ་རྗེའི་ཐོ་ལུམ་སྟེ༔ སྒྲུབ་པ་པོ་ཡི་སྒྲུབ་རྟེན་དང༔ སྤྱི་འདུལ་ལས་ཀྱི་རྫས་སྦྱོར་བསྟན༔ ལས་ཀྱི་བྱ་ཐབས་བསྟན་པ་ནི༔ ཕོ་ཤིང་སྟག་པ་གྲུ་གང་ལ༔ བརྒྱད་གཞོག་རྩེ་ལ་རྡོ་རྗེའི་མཚོན༔ དུར་ཁྲོད་ཤིང་གི་ཐོ་བ་སྦྱར༔ འཁོར་ལོ་དཔེའུ་ཆུང་ལྟར་བྲིས་ལ༔ མགོ་མཇུག་མ་ནོར་ཐོ་བར་བཅུག༔ སྟག་དང་དར་དཔྱང་གཅན་གཟན་གྱི༔ མཆེ་བ་སྡེར་མོས་བརྒྱན་ནས་ནི༔ མདུན་དུ་མཎྜལ་སྟེང་དུ་བཞག༔ མཆོད་གཏོར་རྒྱས་པར་བཤམས་ནས་ཀྱང༔ བདག་ཉིད་གུ་རུར་གསལ་བ་ཡིས༔ ཐོ་བ་དུར་ཁྲོད་ཕོ་བྲང་དུ༔ འཁོར་ལོ་དབང་དྲག་པདྨར་བསྒོམ༔ སྤྱན་དྲངས་བསྟིམས་ལ་མཆོད་བསྟོད་བྱ༔ དེ་ནས་དྲག་སྔགས་འདི་བཟླ་འོ༔ རྩ་སྔགས༔ ཨོཾ་བཛྲ་ཨ་ཀྲོ་ཏེ་ཀ༔ ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཏྲི་རཱ་ཙ་རྒྱལ་པོའི་སྲོག་ལ་ཧུར་ཐུམས༔ གནོད་བྱེད་ཆེ་གེ་མོའི་སྲོག་ལ་མྱོག་རྦད༔ མྱོག་རྦད༔ ཧེ་དུན་ཏྲི་རྦད༔ དྷར་ཧབ་ཆོད༔ ལུས་ཆིངས༔ ངག་ནོན༔ ཡིད་རྨུགས༔ གནོད་བྱེད་ཀཱ་ཡ་ཝཱ་ཀ་ཙིཏྟ༔ ཏིག་སྣ་བྷན་བྷ་ཧ་ན༔ ད་ཧ་པ་ཙ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁྲི་ཕྲག་བདུན་དུ་ཡུངས་ཀར་ལ་སྔགས་ཏེ་འཁོར་ལོའི་ནང་དུ་བཏུམ༔ གོང་ལྟར་བསྐྱེད་བཟླས་གསལ་དག་གིས༔ ནུས་པའི་རྟགས་མཚན་སྤྱི་མཐུན་འབྱུང༔ དེ་ནས་གང་ལ་དགོས་པའི་དུས༔ གནད་འདིས་ལས་ལ་སྦྱོར་བ་ནི༔ རྨི་ལམ་དག་ཏུ་གང་སྤྲུལ་གཟུགས༔ མིང་རུས་དང་བཅས་གསལ་བཀོད་དེ༔ བྲུབ་ཁུང་ཡང་ན་གཏོར་མའི་དབལ༔ གར་ཡང་དགུག་གཞུག་ཁུག་བྱས་ལ༔ བདག་ཉིད་ཡི་དམ་ཧེ་རུ་ཀའི༔ སྤྱི་བོའམ་ཐུགས་ཀ།་་་གུ་རུ་པདྨའི་ང་རྒྱལ་གྱིས༔ ཐོ་བས་གནོད་བྱེད་རྡུལ་བརླགས་བསམ༔ རྟ་བོན་གུ་གུལ་རྒྱ་སྐག་ར་གཞོབ་དང༔ རྒྱ་ཚིལ་ཁྱི་རའི་སྤུ་དང་ནི༔ ཡུགས་སའི་དོར་རྟ་མི་ཡི་ཚིལ༔ དྲི་ཆེན་དྲི་ཆུ་མུ་ཟི་དང༔ བོང་ང་ཐང་ཁྲོམ་ཤ་བའི་བྲུན༔ སྤྱང་དང་སྦྲེ་བྲུན་ར་ཐུག་རྨངས༔ སྲེ་མོང་ཤ་རྣམས་ལྷན་ཅིག་བཏུལ༔ ཐོ་བས་རྡེག་དུས་དུད་པ་བཏང༔ ཐོ་བ་ཕྱར་དུས་འདི་སྐད་བརྗོད༔ ཧཱུྃ་ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ང་ནི་ཡེ་ཤེས་ཁྲོས་པའི་སྐུ༔ འབར་བ་ཆེན་པོའི་ཕྱག་རྒྱ་ཡིས༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བརླག་པར་བྱེད༔ ཧཱུྃ་ཧཱུྃ༔ ལྷའམ་འདྲེ་ཡང་རུང་བའི་མགོ་ལ་ཡ༔ དཀོར་བདག་རྒྱལ་པོ་འདི་ཡི་མགོ་ལ་ཡ༔ བཙུན་པ་ཁྲིམས་ཉམས་འདི་ཡི་མགོ་ལ་ཡ༔ མི་བརྫུ་དགུ་བརྫུ་འདི་ཡི་མགོ་ལ་ཡ༔ ཆེ་གེ་འདི་རུ་བརྫུ་བའི་མགོ་ལ་ཡ༔ ཅེས་བརྗོད་ཅིང་བརྡུང་ངོ༔ དངོས་སུ་ནད་པས་སྐད་ངན་ཤོར༔ བགེགས་རྣམས་སྔངས་སྐྲག་བརྒྱལ་བར་འགྱུར༔ རྟགས་བྱུང་ལིངྒ་ཐེམ་འོག་མནན༔ ལས་འདིས་ཕྱིན་ཆད་ལོག་མི་སྲིད༔ དེ་ཕྱིར་ལས་སྦྱོར་མཐར་ཐུག་འདི༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལྔ་བརྒྱའི་ཐ་མའི་ཚེ༔ འདྲེ་རྒོད་དངོས་སུ་འུར་རྒྱུག་གིས༔ གསོ་རུ་མི་གཏུབ་ནད་མང་བས༔ དེ་རྣམས་གཉེན་པོའི་མཚོན་ཆར་ཤོག༔ ས་མ་ཡ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེ་དྲག་རྩལ་གདུག་རྩུབ་ཅན་རྣམས་ཀྱིས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་སྐལ་ལྡན་བཀྲ་ཤིས་བློ་གྲོས་ཀྱིས་སོ། །༁ྃ༔ ཡེ་ཤེས་རབ་འབར་ལས། དབྱུག་ཆོས་གནམ་ལྕགས་ཕུར་པ་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ དབྱུག་ཆོས་གནམ་ལྕགས་ཕུར་པ་ནི༔ ྈྈྈྈྈྈྈ སྣང་མཐའ་རྔམ་པའི་ཧེ་རུ་ཀ༔ མདོག་དམར་མེ་ཕྲེང་ལ་ཕྱག་འཚལ༔ སྲོག་བདག་གསུམ་སོགས་སྡེ་བརྒྱད་རྣམས༔ གོང་མ་ཆུན་པ་གཅུན་བྱེད་ཅིང༔ འཁུ་ཞིང་འདའ་བར་མི་ནུས་པའི༔ རྡོ་རྗེ་ཕུར་པའི་ལས་སྦྱོར་བསྟན༔ ས་མ་ཡཱ༔ ནུས་ཅན་ལྟ་བའི་ཕུག་ལྡན་གྱིས༔ ཡེ་ཤེས་ཕུར་པ་དབྱིངས་སུ་ཐེབས༔ དོན་གྱི་ཕུར་པ་མཆོག་གྱུར་ཀྱང༔ དེ་ལྟར་མ་ཡིན་སྒྲུབ་པ་པོས༔ གནད་ཀྱི་སྤྱི་ཆིངས་གལ་མདོ་གཅེས༔ རྒྱུ་རྐྱེན་འདུས་པའི་ནུས་པ་རྣམས༔ གཅིག་ཏུ་འདུས་པའི་ཆོས་ཉིད་ཡིན༔ དབེན་སར་མཆོད་གཏོར་བསྙེན་སྒྲུབ་གཅེས༔ སེང་ལྡེང་ཕུར་པ་གྲུ་གང་ལ༔ སྟེང་དུ་ཁྲོ་བོ་ཞལ་གསུམ་མམ༔ གསང་བའི།་་་སྲོག་ཕུར་གསང་བདག་ཐོད་སྐམ་མཚོན༔ མགུལ་དུ་བླ་མ་ཡི་དམ་གྱི༔ འཁོར་ལོ་རྟེན་དང་བཅས་པ་གཞུག༔ ཆངས་ཟུང་ལས་བཞིའི་འདོད་གསོལ་དང༔ རྒྱ་མདུད་འོག་མའི་དབལ་སྟེང་དུ༔ ཆོས་སྐྱོང་ལས་ཀྱི་འཁོར་ལོ་དང༔ དབལ་ལ་སྡེ་བརྒྱད་ཁ་ཆུ་བྲི༔ རྩེ་མོ་མི་མགོའི་གཟུགས་བྱད་ཀྱི༔ ནང་དུ་ཁོང་སེང་གྲུ་གསུམ་བྱ༔ དེ་ནས་མི་ཡི་ཀླད་ཞུན་ལ༔ འབྱུང་པོ་ཀུས་འདེབས་འཁོར་ལོ་བྲི༔ བདག་ཉིད་ཡི་དམ་ཏིང་འཛིན་གྱི༔ ཐུགས་ཀའི་ས་བོན་འོད་ཟེར་ལས༔ ཡཀྴ་མེ་དབལ་གྲངས་མེད་འཕྲོས༔ དེ་དག་རབ་ཏུ་ཁྲོས་པ་ཡི༔ ལྕགས་སྲེག་སྡིག་པའི་ཚྭ་ཚྭ་འཕྲོས༔ འབྱུང་པོ་རྡུལ་དུ་བརླག་པར་བསམ༔ ཨོཾ་ཨཱཿཧཱུྃ་ཙནྡྷ་ཡཀྴ་ཀྲོ་དྷ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཐུམ་རིལ་རྦད་ཛ༔ འབྱུང་པོའི་ཙིཏྟ་རྦད༔ སྲོག་རྩ་ཆོད༔ དབུགས་ལ་རྔུབས༔ རྩ་ལ་སྲིང༔ དབང་པོ་རྨུག༔ གནོད་བྱེད་འབྱུང་པོ་ཁུག་ཡ༔ སྙིང་ཁ་ལ་རཀྴ་ཐུན་བྷྱོ༔ མཱ་ར་ཡ༔ ཛ་ཛ༔ ཡུངས་དཀར་ཡུངས་ནག་ཀེ་ཚེ་ཤང་ཚེ་དང༔ ཟངས་ཕྱེ་ལྕགས་ཕྱེ་སྔགས་པའི་ཐལ་ཆེན་དང༔ དུག་སྣ་ཁྲག་སྣ་ཐུན་རྫས་སྣ་ཚོགས་ལ༔ རྩ་སྔགས་ཤམ་ཅན་ཁྲི་ཚོ་གསུམ་བཟླས་ལ༔ ཐུན་བརྡེག་སྤྲུལ་པ་སྡིག་པའི་འཁོར་ལོར་བསྟིམ༔ ཐུན་རྫས་འཁོར་ལོ་བསྟུམ་ལ་དབལ་རྩེ་ཡི༔ མི་མགོའི་ནང་དུ་གཞུག་སྟེ་རྩི་ཡིས་བྱུགས༔ ཕུར་པ་རབ་གནས་མངའ་གསོལ་རྟེན་དུ་བཅང༔ སྒྲུབ་པའི་གསང་ཕུར་གང་གིས་མཐོང་མི་རུང༔ སྒྲུབ་པའི་ལས་ཕུར་ལས་ལ་སྦྱར་བ་ནི༔ གཟའ་དང་རྒྱལ་བསེན་བགེགས་ཀྱི་སྦྱོར་བའི་ནད༔ སྟོད་འཚང་སྨྱོ་འབོག་རླུང་དང་མ་འཇུ་སྲིན༔ གསང་ནི་རང་རང་ཟུག་དང་མེ་བཞིན་གྱིས༔ ཤེད་ནི་ཤ་ལ་དཀྲུགས་ཙམ་རིམ་བཞིན་བསྣུན༔ དལ་མགྱོགས་འབྲུ་གསུམ་སྙིང་པོས་ཐིམས་སུ་བཞུགས༔ བསྐྱེད་རིམ་རང་ཉིད་ཡི་དམ་སྐུར་བསྒོམས་ལ༔ ནད་ཀྱི་ངོ་བོ་གདོན་གྱི་ཟུག་རྔུའི་ཚོགས༔ རྡོ་རྗེ་ཕུར་བས་ཕྱེ་མར་བརླག་པར་བསྒོམ༔ བཟླས་པ་ཨོཾ་ནས་ཕྲེང་བ་ཨཱཿའཕྲོས་པས༔ བསྣུན་པའི་རེག་བྱ་ཧཱུྃ་ནི་འཇུག་པར་གྱུར༔ རྫོགས་རིམ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱིས༔ གནོད་བྱའི་ནད་དང་གནོད་བྱེད་གདོན་གྱི་ཚོགས༔ གདུལ་བྱའི་ཡུལ་དང་འདུལ་ཐབས་མན་ངག་ཀུན༔ དབྱེར་མེད་རོ་སྙོམས་བདེ་བ་ཆེན་པོར་བསྲེ༔ བདེ་ཀློང་རང་གྲོལ་རོལ་པ་ཆེན་པོར་འཕོ༔ ཡེ་འབྱམས་རྨད་བྱུང་རྟོགས་པའི་གཟེར་ཐེབས་ནས༔ ཆོས་ཉིད་ཕུར་པས་རྣམ་རྟོག་འདྲེ་ཐུལ་ན༔ ཕུར་བུ་བསྣུན་པའི་ཚད་ཀྱི་བཞག་སོ་ཡིན༔ ས་མ་ཡཱ༔ ྈྈྈྈ དྲག་པོ་སྲོག་བདག་གིས་སྲུང་བའི་གནད་ཀྱི་འབྲས་བུ་དུས་སུ་སྣུན་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྣང་བའི་རིན་པོ་ཆེའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེ་ཡིས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་ཀྱིས་སོ།། །།
སྲི་ཟློག་བཀྲ་ཤིས་བཅུ་གསུམ་རྡོ་རྗེའི་སྒྲ་དབྱངས་ (Volume 45, Text 57)
སྲི་ཟློག་བཀྲ་ཤིས་བཅུ་གསུམ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །རྒྱལ་བའི་ཐུགས་རྗེས་འཛིན་ཅིང་འཛིན་པའི་འཁོར་ལོ་ཡིས། །ཆེ་སྲི་ལས་རྒྱལ་རྗེས་སུ་འཛིན་པའི་བཀྲ་ཤིས་ཤོག །ཉོན་མོངས་གཡུལ་རྒྱལ་རྒྱལ་ཞིང་རྒྱལ་བའི་འཁོར་ལོ་ཡིས། །ཆུང་སྲི་བྱིས་པའི་གདོན་ལས་རྒྱལ་བའི་བཀྲ་ཤིས་ཤོག །སྣ་ཚོགས་ཕྱག་མཚན་བསྣུན་ཅིང་བསྣུན་པའི་འཁོར་ལོ་ཡིས། །ཕོ་སྲི་གདོན་བགེགས་དུམ་བུར་གཏུབ་པའི་བཀྲ་ཤིས་ཤོག །བྱིན་རླབས་སྤྲིན་ཕུང་འགེབ་ཅིང་འགེབ་པའི་འཁོར་ལོ་ཡིས། །མོ་སྲི་འདོད་སྲིའི་ཚ་གདུང་ཞི་བའི་བཀྲ་ཤིས་ཤོག །མི་བརྗེད་གཟུངས་ཐོབ་དྲན་ཅིང་དྲན་པའི་འཁོར་ལོ་ཡིས། །རྒན་སྲི་ལས་གྲོལ་རྗེས་དྲན་དྲུག་གི་བཀྲ་ཤིས་ཤོག །འཇིགས་པར་སེམས་པ་མངོན་སྤྱོད་དྲག་པོའི་འཁོར་ལོ་ཡིས། །གཞོན་སྲི་བར་ཆད་རྡུལ་དུ་བརླག་པའི་བཀྲ་ཤིས་ཤོག །དྲག་པོའི་སྔགས་རྒོད་འབར་ཞིང་འབར་བའི་འཁོར་ལོ་ཡིས། །ནད་སྲི་འགོ་ནད་གཞོབ་ཐུལ་སྲེག་པའི་བཀྲ་ཤིས་ཤོག །འབྱུང་གནས་ཚོགས་ཀྱི་འདྲེན་པ་སྙིང་པོའི་འཁོར་ལོ་ཡིས། །དུར་སྲི་སྒོ་ཆོད་ཚོགས་གཉིས་སྙིང་པོའི་བཀྲ་ཤིས་ཤོག །ས་ལམ་གོང་འཕེལ་འཕར་ཞིང་འཕར་བའི་འཁོར་ལོ་ཡིས། །བགེགས་རྐྱེན་སྲི་ཟློག་ལམ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ལྟར་མི་མངོན་པ་ཕྲ་ཞིང་ཕྲ་བའི་འཁོར་ལོ་ཡིས། །ལོ་སྲི་རྒྱལ་པོའི་བཀའ་ཆད་ཟློག་པའི་བཀྲ་ཤིས་ཤོག །སྙིང་རྗེ་ཆེན་པོས་འཆིང་ཞིང་འཆིང་བའི་འཁོར་ལོ་ཡིས། །ཟླ་སྲི་བློན་པོའི་གྲོས་ངན་གཞིག་པའི་བཀྲ་ཤིས་ཤོག །འགྱུར་བ་མེད་པར་ཀུན་ཏུ་གནོན་པའི་འཁོར་ལོ་ཡིས། །ཞག་སྲིའི་དམག་དཔུང་གཡོ་བ་མེད་པའི་བཀྲ་ཤིས་ཤོག །རྡོ་རྗེ་ཕ་ལམ་མཚོན་ཆ་འབར་བའི་འཁོར་ལོ་ཡིས། །དུས་སྲིའི་རྣོ་ངར་ཐལ་བར་རློག་པའི་བཀྲ་ཤིས་ཤོག །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་རོལ་མོ་སྙན་པར་ལྡིར་རོ། །ཙཀྲ་བཅུ་གསུམ་གྱི་སྔགས་དང་འབྲེལ་བའི་བཀྲ་ཤིས་ཀྱང་། རི་ཆེ་རྗེ་དྲུང་མཻ་ཏྲིའི་མཚན་ཅན་གྱི་ཞབས་བརྟན་སྐབས། མཁན་པོ་ཀརྨ་རཏྣས་བྲིས་པ་མི་མཐུན་བདུད་དང་དམ་སྲིའི་གཡུལ་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཟབ་བདུན་མངོན་རྫོགས་རྒྱལ་པོའི་མདོས་ཀྱི་འགྲེས་བྱ་ (Volume 32, Text 57)
ཟབ་བདུན་མངོན་རྫོགས་རྒྱལ་པོའི་མདོས་ཀྱི་འགྲེས་བྱ་ནི། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བརྗིད་ཅིང་མཛེས་པའི་ཁྲི་ལ་བཞུགས༔ ཞལ་ཟས་གཏོར་མའི་མཆོད་པ་འབུལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ༔ རཀྟ་དམར་གྱི་མཆོད་པ་འབུལ༔ ཕྱག་མཚན་ལྔ་ནི་འོད་དུ་འབར༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས༔ བཀྲ་ཤིས་རྟགས་བརྒྱད་འདོད་ཡོན་ལྔ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་དང༔ སིལ་སྙན་དྲིལ་བུ་ཏིང་ཏིང་ཤག༔ རྐང་གླིང་ཐོད་རྔ་དུང་གི་སྒྲ༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ སྲ་བའི་གོ་དང་རྣོ་བའི་མཚོན༔ སྣ་ཚོགས་དར་གྱི་ཅོད་པན་ཅན༔ རྟ་ནག་གཡག་ནག་དར་གྱིས་བརྒྱན༔ ལུག་ནག་སྤྱི་དཀར་ལྕགས་རྭ་ཅན༔ ར་ནག་མཆོང་གི་རྭ་ཅོ་ཅན༔ ཁྱི་ནག་དུང་གི་མཆེ་བ་ཅན༔ ལྕགས་ཀྱི་བྱ་ནག་ལ་སོགས་པ༔ སྲིད་པའི་གཟུགས་འགྲོས་སྣ་ཚོགས་པ༔ སྣང་སྲིད་མདོས་སུ་བྱིན་བརླབས་པའི༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཆོས་དབྱིངས་སྤྲིན་ཆེན་གདུགས་སུ་ཕུབ༔ ཐབས་ཤེས་རྒྱལ་མཚན་འཕན་དར་ཕྱར༔ སྲིད་པའི་འབྱོར་ཚོགས་མ་ལུས་པ༔ ཁམས་གསུམ་མདོས་སུ་བྱིན་བརླབས་ཏེ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ སྣང་སྲིད་མཆོད་པའི་བྱེ་བྲག་རྣམས༔ བདག་གི་ལུས་དང་ལོངས་སྤྱོད་བཅས༔ མཆོད་རྫས་མདོས་སུ་བྱིན་བརླབས་ཏེ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ སློབ་དཔོན་ཐུགས་དཀྲུགས་དམ་འགལ་བཤགས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ དབང་བཞིས་རྒྱུད་སྨིན་གྲོལ་བ་དང༔ འགྲོ་དྲུག་ཐུགས་རྗེས་འཛིན་པ་དང༔ རྡོ་རྗེ་ཐེག་པའི་བསྟན་པ་མཆོག༔ ཡུན་དུ་གནས་པར་མཛད་དུ་གསོལ༔ ༈ གཞལ་ཡས་རིམ་པ་བཞི་པ་ཀཻ་སེང་མན་ལ་འགྲེས་བྱང་རྟགས་མཚམས་མན་འདི་ལྟརའགྲེས་སྒྱུར། སྣང་སྲིད་མཆོད་པའི་བྱེ་བྲག་རྣམས༔ མཆོད་རྫས་མདོས་སུ་བྱིན་བརླབས་ཏེ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ གསང་སྔགས་དམ་ལས་འགལ་བ་བཤགས༔ འཇིག་རྟེན་གཡོ་འཁྲུགས་ཟློག་ཏུ་གསོལ༔
རྫས་བརྒྱད་བཀྲ་ཤིས་ (Volume 41, Text 57)
སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རབ་ཏུ་གནས་པར་བྱས་པའི་རྟེན་རྣམས་དང་། བདག་དང་སྦྱིན་པའི་བདག་པོས་གཙོ་བྱས། སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གྷི་ཝཾ་ཕུལ་བས༴ གྷི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས༴ ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །བྲམ་ཟེ་ཀུཎྜ་ལཱིས་རྩ་དཱུརྦ་ཕུལ་བས༴ དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བས༴ བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས༴ ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བས༴ ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻ་དཱུརྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་པ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་ལག་ལེན་ཁྲིགས་སུ་བསྡེབས་པ་ལེགས་བཤད་སྙིང་པོ་ (Volume 11, Text 57)
༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། སྨིན་བྱེད་ཀྱི་ལག་ལེན་ཁྲིགས་སུ་བསྡེབས་པ་ལེགས་བཤད་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། སྲིད་ཞིའི་དབྱིངས་ན་མི་འཇིགས་པའི། །རྡོ་རྗེ་ནཱ་དའི་གད་རྒྱངས་ཅན། །ཆོ་འཕྲུལ་མཐའ་ཡས་དེར་བཏུད་ནས། །བྱིན་རླབས་སྙིང་པོའི་ལག་ལེན་དགོད། །དག་སྣང་གྲུབ་ཐོབ་ཐུགས་ཏིག་གི་སྒོ་ནས་སྐལ་ལྡན་རྗེས་སུ་འཛིན་པའི་རིམ་པ་ལ་དོན་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། བྱིན་རླབས་དང་ལྡན་པའི་གནས་སུ་སྟེགས་བཟང་པོར་མཎྜལ་པདྨ་འདབ་བཞིའི་དབུས་དང་ཕྱོགས་བཞིར་ཚོམ་བུ་བཀོད་པའི་སྟེང་དུ་ཁྲིའུའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་དང་བཅས་པ། མདུན་དུ་གྲུབ་ཐོབ་ཆེན་པོའི་སྐུ་བརྙན། རྡོ་རྗེ་དྲིལ་བུ། ཤེལ་རྡོ་དང་འཇའ་ཚོན་རི་མོ། གཡས་སུ་ཐོད་པའི་བདུད་རྩི་དང་དབྱངས་གསལ་སྔགས་བྱང་། གཡོན་དུ་རིག་མ་དང་མཁའ་འགྲོ་སྡེ་ལྔའི་ཙཀླི། ཁ་ཊྭཱཾ་ཌཱ་རུ་ཐོད་པ། རྒྱབ་ཏུ་གཏོར་ཆེན་དར་གདུགས་ཀྱིས་སྤྲས་པ་རྣམས་དང་། ཚེ་དབང་སྦྲེལ་ན་ཚེ་རིལ་དང་ཚེ་ཆང་ཡང་བཀོད། ཕྱི་ནང་གི་མཆོད་པ་ལག་ལེན་ལྟར་བཤམ། ཚོགས་གཏོར་དང་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ལེགས་པར་བསྡོག་གོ །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བརྩམ་ཕྲིན་ལས་མཐར་ཆགས་སུ་བཏང་། སྣང་སྲིད་གཞིར་རྫོགས་ཀྱི་གོ་རྟོགས་མེད་ན་བཟླས་པའི་སྐབས་སུ་ཛཔ྄་ཁང་ཕྱེས་ཀྱང་ཆོག་ལ་རྡོར་བཟླས་དང་། སྔགས་འཁོར་སྤྲོ་བསྡུའི་དམིགས་པ་སྤྱི་མཐུན་སྦྱར་ལ་བསྙེན་པ་ཅི་འགྲུབ་བཟླ། བུམ་བསྐྱེད་ཟུར་དུ་སྤྲོ་ན་གསལ་གདབ་ཚིག་སྤྱི་འགྲོ་བཅས་བསྙེན་པའི་སྔགས་བརྒྱ་རྩ་ཙམ་བཟླས་ལ། ཚེ་དབང་སྦྲེལ་སྐབས་ཚེ་སྒྲུབ་འཆི་མེད་སྙིང་པོ་ལྟར་དམིགས་གནད་དང་ལྡན་པས། རྩ་སྔགས་གཉིས་པོ་ཅི་འགྲུབ་དང་ལས་སྦྱོར་བཟླས་པའང་ཅི་རིགས་བྱས་ལ་ཚེ་འགུགས་བཏང་། མཐར་མཆོད་བསྟོད་འབུལ། བུམ་ལྷ་འོད་ཞུ་དང་ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་ཀྱིས་བྱིན་བརླབས། ཚོགས་རྫས་རིགས་མཐུན་གྱི་བྱིན་རླབས་སྦྱར་ཞིང་འབུལ་ཚིག་གཞུང་གསལ་ཡིག་བརྒྱ་བརྗོད་པའི་བར་གྲུབ་ནས། ཏིང་ངེ་འཛིན་གྱི་དབང་བླང་བའམ་རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་དབང་དངོས་ལ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་གཏོར་བཏང་ཞིང་བདེན་སྟོབས་བརྗོད་པས་བསྐྲད། སྲུང་འཁོར་གསལ་བཏབ་ལ་མཚམས་བཅད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། ཆོས་བཤད་ཀྱི་ཁྱད་པར། དེ་ལ་འདིར་འཆད་པར་བྱ་བ། གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབས་སོ་ཆེན་པོ་གསུམ་དུ་གྲགས་པ་ལས་འདིར་ཟབ་མོ་དག་སྣང་གི་ཆོས་སྡེ་ཡིན། དེ་ལའང་དངོས་གྲུབ་བརྙེས་པའི་རིག་འཛིན་རྩལ་འཆང་རྣམས་ལས་སྔ་ཕྱིར་བྱོན་པ་རྩ་བ་གསུམ་གྱི་སྨིན་གྲོལ་ལས་ཚོགས་མཐའ་ཡས་པ་མཆིས་པ་ལས། འདིར་བྱིན་རླབས་ཀྱི་རྩ་བ་ལམ་ཟབ་མོ་བླ་མའི་སྒྲུབ་ཐབས་ཀྱི་བྱེ་བྲག །རྒྱལ་དབང་པདྨ་འབྱུང་གནས་ཉིད་སླར་ཡང་རྩོད་དུས་སྐྱེ་དགུའི་མགོན་དུ་བྱོན་པ། འཕགས་པའི་ཡུལ་གྱི་མཆོག་གི་གྲུབ་པ་ཆེན་པོ་རྣམས་དང་གོ་འཕང་རྣམ་དབྱེར་མེད་པ་མཚན་མཆོག་ལྔ་ལྡན་འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་སྒྲུབ་ཐབས་ཚིག་ཉུང་དོན་ཟབ་བྱིན་རླབས་ཁྱད་པར་དུ་འཕགས་ཤིང། གྲུབ་ཆེན་ཉིད་ཀྱི་བཀའ་བབས་ཆེན་པོ་ལྔའི་གདམས་ངག་གི་སྙིང་པོ་ཡང་བཅུད་དུ་ཕྱུང་བ་འདིའང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྱུ་འཕྲུལ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་པཎ་ཆེན་བི་མ་ལ་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་སྣང་བ་བཀའ་བབས་བདུན་གྱི་མངའ་བདག་ཐམས་ཅད་མཁྱེན་ཅིང་གཟིགས་པ་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་གསང་མཚན་འོད་གསལ་སྤྲུལ་པའི་རྡོ་རྗེ་གང་ཉིད།དགུང་ལོ་བཅོ་ལྔ་པ་རབ་ཡིད་ཤིང་ཕོ་རྟ་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་ཐོར་རངས་ལ་མནལ་ལམ་དུ་ས་ཆ་འདི་ཡིན་ངོ་མ་འཚལ་བའི་ཁང་བཟང་བཀོད་ལེགས་པའི་ནང་དུ། མཎྜལ་དམར་ཟླུམ་ཆེན་པོ་ཞིག་གི་སྟེང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་དབུས་གྲུབ་ཆེན་ཐང་རྒྱལ་མཁའ་འགྲོ་སྡེ་ལྔ་བཅས་པའི་མདུན་དུ་དབང་རྫས་རྣམས་བཀོད་པས་དབང་བསྐུར་ཅིང་གདམས་པ་བསྩལ། མནལ་ལས་སད་པ་ན་གྲུབ་ཆེན་ཉིད་མངོན་སུམ་དུ་མཇལ་ཞིང་གདམས་པ་ངོ་སྤྲོད་ཤློ་ཀ་གཅིག་བསྩལ་ནས་ཉིད་ལ་ཐིམ་པས་སྨིན་གྲོལ་གདམས་པའི་སྐོར་ཐུགས་ལ་ལམ་མེར་གསལ་བས་བཅོ་ལྔའི་ཉིན་གྲུབ་ཐོབ་ཐུགས་ཐིག་གི་ལས་བྱང་སོགས་གཏན་ལ་ཕབ་པར་མཛད། སླད་ནས་ཀྱང་བྱིན་རླབས་ཀྱི་ལྟས་ཡང་ཡང་དུ་བྱུང་བ་དང་། ལྟ་སྒོམ་སྤྱོད་པ་བོགས་འདོན་འབྲས་བུ་སྟེ་བཀའ་བབས་ལྔའི་གདམས་ངག་རིང་བརྒྱུད་བར་མ་ཆད་པ་གསན་ཅིང་ཉེ་བརྒྱུད་ཆུ་བོ་གཅིག་འདྲེས་སུ་གྱུར་པ་ཉིད། དགུང་གྲངས་ཞེ་བདུན་བཞེས་པའི་ཚེ་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བརྟེན་འཆི་མེད་གྲུབ་པའི་གནས་མཆོག་བཀྲ་ཤིས་ཟླ་གམ་དབང་གི་ཕུག་པར་བདག་ཅག་སྐལ་ལྡན་མཆོག་གི་འདུས་པ་གསུམ་ལ་སྨིན་གྲོལ་བདུད་རྩི་ཐོག་མར་བསྩལ། རིམ་གྱིས་སྣོད་ལྡན་ཡོངས་ལ་སྤེལ་བར་མཛད་པའི་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་གི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་ཉིད་ཁྱབ་བདག་གྲུབ་པའི་དབང་ཕྱུག་ཆེན་པོར་དངོས་སུ་གསལ་བ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱབ་བདག་རྡོ་རྗེ་སེམས་དཔའ་དང༔ དབྱེར་མེད་དཔལ་ལྡན་བླ་མ་དགོངས༔ ཐར་པ་ཆེན་པོའི་གྲོང་མཆོག་ཏུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་རྗེ་གྲུབ་ཐོབ་ཆེན་པོ་ཐ་དད་མེད་པ་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་མི་དགེ་བའི་ལས་མཐའ་དག་བཤགས་པ་དང་། གཞན་དོན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་སྡོམ་པ་བླངས་ཏེ་གསང་བ་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱོད་པར་དམ་བཅའ་བ་དང་། དེ་ཐམས་ཅད་ཀྱང་འཁོར་གསུམ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ལ་བཟླ་བ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་ལ་བུམ་གསང་ཤེར་ཡེ་ཚིག་དབང་རིག་པ་རྩལ་གྱི་དབང་བཅས་རྣམ་པ་ལྔར་ཡོད་པ་ལས། དང་པོ་བུམ་པའི་དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་བཅུན་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཟླ་བ་རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་གྱི་སྟེང་དུ། རང་རང་གི་ཤེས་རིག་མ་བཅོས་པའི་རང་མདངས་གྲུབ་པའི་དབང་ཕྱུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཞལ་རས་དཀར་ལ་སྣུམ་ཞིང་དབུ་སྐྲ་སིལ་བུར་ཡོད་པ། སྤྱན་དཀྱུས་རིང་ལ་ཞི་བ་སྙིང་རྗེའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་སྐྱབས་སྦྱིན་ལས་མཐེབ་མཛུབ་སྦྱར་བ་ཆོས་འཆད་ཀྱི་རྣམ་པ། གཡོན་མཉམ་གཞག་མཛད་ཅིང་ན་བཟའ་རས་དཀར་གྱི་སླེ་བེར་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་མཉམ་གཞག་ལྷུང་བཟེད་འཛིན་ཅིང་ཞབས་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པ། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས་དཀར་པོ་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཞལ་གཅིག་ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པད་དཀར་བསྣམས་ཤིང་ཞབས་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པ། ཐུགས་ཀར་རྟ་མགྲིན་དབང་ཆེན་དམར་གསལ་ཁྲོ་བོའི་ཆ་ལུགས་ཅན་ཞལ་གཅིག་ཕྱག་གཉིས་པས་དབྱུག་ཏོ་དང་སྡིག་མཛུབ་མཛད་པ། ཞབས་བརྐྱང་བསྐུམ་པད་ཉི་ལ་རོལ་པ། འཁོར་དུ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ་དང་རིག་འཛིན་མཁའ་འགྲོ་རྒྱ་མཚོས་བསྐོར་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་སྐུ་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། འབེབ་པའི་རྫས་དང་ཌཱ་དྲིལ་དབྱངས་དང་བཅས་ཏེ། ཨོཾ༔ ངོ་བོ་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་སྤྱན་རས་གཟིགས༔ ཐུགས་རྗེས་སྤྲུལ་སྐུ་ཐོད་ཕྲེང་རྩལ༔ དབྱེར་མེད་གྲུབ་པའི་ཧེ་རུ་ཀ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ནས༔ སྣང་སྟོང་བུམ་པའི་དབང་བསྐུར་ཕྱིར༔ སྒྱུ་འཕྲུལ་དྲྭ་བར་རོལ་པའི་གར༔ མཚན་དཔེའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྣང་གྲགས་རིག་གསུམ་ལྷ་སྔགས་དང༔ ཆོས་སྐུའི་ཡེ་ཤེས་ཆེན་པོར་སྒྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀཱ་ཡ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབབ། དེ་ལྟར་དབང་གི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་གཉུག་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མགོར་བཞག །སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་དང་སློབ་དཔོན་ལྷན་གཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་ཆོ་ག་སྩོལ་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཨོཾ༔ ཀ་དག་གཞོན་ནུ་བུམ་སྐུའི་གྲོང་ཁྱེར་དུ༔ ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་དཀྱིལ་འཁོར་ཤར༔ ཟུང་འཇུག་ཐུགས་རྗེ་བདུད་རྩིའི་དབང་བསྐུར་བས༔ ལུས་སྣང་སྤྲུལ་པའི་སྐུ་རུ་གནས་འགྱུར་ཤོག༔ རྩ་སྔགས་དང་། ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་སྦྱིན། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་མོས་ཤིག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བརྟན་པར་བྱ། དེའི་རྗེས་སུ་འབྲེལ་པ་སྐུའི་བྱིན་རླབས་བྱ་བའི་སླད་དུ། མདུན་གྱི་གྲུབ་ཐོབ་ཆེན་པོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས་ཏེ་ལུས་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྐུ་རྟེན་སྤྱི་བོར་བཀོད་ལ། ཨ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ ཉེ་རྒྱུའི་བདེ་སྟེར་ཌཱ་ཀི་བཅུ་དྲུག་རོལ༔ རྩ་ཁམས་དྭངས་མའི་གཟུགས་སུ་མངོན་གྱུར་ནས༔ འཆི་མེད་རིག་འཛིན་གྲུབ་པའི་དབང་བསྐུར་རོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྐབས་འདིར་བསྐྱེད་རིམ་བཤད་ཅིང་སེམས་འཛིན་པར་གསུངས་པས། འདི་ལྟར་བུམ་པའི་དབང་དང་སྐུའི་བྱིན་རླབས་ཐོབ་ཕྱིན་ཆད་སྣོད་བཅུད་ཐ་མལ་དུ་ལྟ་བའི་འཛིན་ཞེན་སྤངས་ཏེ་ཅིར་སྣང་ལྷའི་འཁོར་ལོར་ཤེས་པས་སྣང་སྟོང་བསྐྱེད་པའི་རིམ་པའི་ལམ་ཁྱེར་ལ་བརྩོན་དགོས། དེའང་སྐབས་འདིར་ནི་དབང་རབ་ཨ་ཏི་ཡོ་ག་དང་མཐུན་པའི་བསྐྱེད་ཚུལ་གསུངས་པས་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། ཆོས་ཅན་སྤྲོས་པའི་མཚན་མ་མཐའ་དག་ཀ་དག་སྤྲོས་བྲལ་གྱི་དབྱིངས་སུ་ཐིམ། དེའི་ངང་ལས་ལྷུན་གྲུབ་འོད་གསལ་གྱི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་འཇའ་ཟེར་ཐིག་ལེ་འཁྲིགས་པའི་དབུས་སུ་ཟུང་འཇུག་རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། བདེ་སྟོང་དབུ་མའི་དབྱིངས་སུ་སྦྱོར་བའི་བརྡར་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ས་བཅུ་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པས་དབུ་སྐྲ་ལྕང་ལོ་ཐོར་ཚུགས་སུ་བཅིངས་པ། ཡེ་ཤེས་དང་ཡོན་ཏན་ཚད་མེད་པའི་བརྡར་ན་བཟའ་རས་དཀར་གྱི་སླེ་བེར་གསོལ་བ། སྐུ་གསུམ་གྱི་གོ་འཕང་བརྙེས་པས་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། རྟོག་ཚོགས་ཟད་སར་འཁྱོལ་བས་གཡོན་པས་མཉམ་གཞག་ཀ་པཱ་ལ་བདུད་རྩིས་བཀང་བ་བསྣམས་པ། འཆི་མེད་ཚེ་དབང་རིག་འཛིན་བརྙེས་པས་གཞོན་ནུ་བཅུ་དྲུག་གི་ལང་ཚོ་ཅན་མཚན་དང་དཔེ་བྱད་རྫོགས་པ། དོན་གཉིས་ལྷུན་གྲུབ་ཏུ་སྩོལ་བས་ཞབས་སྐྱིལ་ཀྲུང་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་སྤྱི་བོར་རིགས་བདག་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས་འགྲོ་འདུལ། ཐུགས་ཀར་རྟ་མགྲིན་དབང་ཆེན་ཁྲོ་ཆས་པད་དབྱུག་བསྣམས་པ། འཁོར་དུ་ཌཱ་ཀི་སྡེ་ལྔ་དང་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་སྤྲིན་འཁྲིགས་པ་ལྟ་བུས་བསྐོར་ནས་བཞུགས་པར་གསལ་ཐོབ་ལ་སེམས་འཛིན་པར་ཞུ། ཞེས་དར་གཅིག་སེམས་བཟུང་དུ་གཞུག །དེ་ལྟ་བུའི་བསྐྱེད་རིམ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའི་ཁྱད་པར་དང་ལྡན་པས་རིམ་པ་དང་པོའི་ཏིང་ངེ་འཛིན་མཐར་ཕྱིན་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་ཐུན་མོང་བསྐྱེད་པའི་རིམ་པ་དང་ཁྱད་པར་སྣང་སྟོང་སྤྲོས་བྲལ་ལྟ་བ་བློ་འདས་དབུ་མ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དག་པ་བརྗོད། ཨོཾ༔ སྣང་སྲིད་སྣོད་བཅུད་འཁྲུལ་པ་དབྱིངས་སུ་དག༔ ཆོས་ཀུན་ཆོས་ཉིད་གཅིག་གི་རོལ་པར་སྨིན༔ ཕྱི་ནང་གཞན་གསུམ་དབྱེར་མེད་ཧེ་རུ་ཀ༔ གྲུབ་ཐོབ་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ ཅེས་པས་མངའ་གསོལ་ཞིང་མེ་ཏོག་འཐོར་བ་ཕྱི་མ་རྣམས་ལའང་འགྲེ །གཉིས་པ་གསང་བའི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་བྱེ་རུ་ལྟར་དམར་ལ་དྭངས་པ། དབུ་སྐྲ་དམར་ནག་ལི་བ། སྤྱན་རྩ་དམར་ཟླུམ་ངར་གཟིགས་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བདུད་རྩིས་གང་བ་འཛིན་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་གསུང་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག །ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ ཨེ་ཝཾ་མཉམ་སྦྱོར་དཀྱིལ་འཁོར་ནས༔ གསལ་སྟོང་གསང་བའི་དབང་བསྐུར་ཕྱིར༔ བདེ་ཆེན་དྲྭ་བར་རོལ་པའི་གར༔ སོར་རྟོག་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་ཀཱ་ཡའི་མལ་དུ། ཝཱ་ཀ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། སློབ་དཔོན་གྲུབ་ཐོབ་ཆེན་པོ་རང་འོད་ཡེ་ཤེས་ཀྱི་མཁའ་འགྲོ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་དཀར་དམར་འདྲེས་པའི་རྒྱུན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ཀྱིས་མྱོང་བ་ཙམ་གྱིས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ཐིམ། གསལ་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །བྷནྡྷའི་བདུད་རྩི་སྦྱིན་ལ། ཨཱ༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་བྷནྡྷ་རུ༔ ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ཀྱི་རྒྱུན༔ ཐབས་ཤེས་གཉིས་མེད་བདེ་བའི་དབང་བསྐུར་བས། རླུང་སྔགས་ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་གསུང་གི་བྱིན་རླབས་བྱ་བའི་སླད་དུ། གྲུབ་ཐོབ་ཆེན་པོའི་མགྲིན་པ་ནས་གསུང་གི་བྱིན་རླབས་འདུས་པའི་ངོ་བོ་ཨཱ་དི་ཀཱ་དིའི་སྔགས་ཀྱི་ཡིག་འབྲུ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས་གཞོམ་མེད་རྡོ་རྗེའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །དབྱངས་གསལ་ཡིག་འབྲུ་མགྲིན་པར་བཞག་ལ། ཨཱ༔ གྲུབ་ཐོབ་ཆེན་པོའི་གསུང་གི་དཀྱིལ་འཁོར་ནས༔ ཨེ་ཝཾ་ཟུང་འཇུག་རྡོ་རྗེའི་གླུ་བླངས་པས༔ ལས་རླུང་དབུ་མའི་གྲོང་དུ་ཕྱག་བྱས་ནས༔ གྲགས་སྟོང་བརྗོད་པ་བྲལ་བའི་དབང་བསྐུར་རོ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཐུན་མོང་བཟླས་པའི་ལུང་བླང་བའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། སློབ་དཔོན་དང་ཁྱེད་རང་གཉིས་ཀའི་ཐུགས་ཀར་པད་ཟླ་ལ་འཆི་མེད་པདྨ་འབྱུང་གནས་དཀར་དམར་མདངས་ལྡན་པད་ཞྭ་ཆོས་གོས་བེར་ཕྱམ་སོགས་རྒྱན་ཆ་ལུགས་རྫོགས་ཤིང་རྡོ་རྗེ་དང་བནྡྷ་བསྣམས་པའི་སྐུར་གསལ་བའི་ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་ཧྲཱིཿཡིག་དཀར་ལ་དམར་བའི་མདངས་ལྡན་རེ་རེ་གསལ་ཐོབ། སློབ་དཔོན་གྱི་ཐུགས་སྲོག་ཧྲཱིཿཡིག་གི་མཐའ་སྐོར་དུ་སྔགས་ཕྲེང་གཡས་སུ་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་རིམ་པར་བརྒྱུད་དེ་ཐུགས་ཀའི་ཧྲཱིཿཡིག་གི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་རྣམས་ཀྱི་སྒྲིབ་གཉིས་སྦྱངས། ཚུར་འདུས་པས་བྱིན་རླབས་དང་དངོས་གྲུབ་མཐའ་དག་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། ཁྱད་པར་གྱི་བཟླས་པའི་ལུང་གི་སླད་དུ། ཐུགས་ཀའི་པདྨ་འབྱུང་གནས་ཀྱི་སྐུའི་དབུས་སུ་རྩ་དབུ་མ་མཚན་ཉིད་དང་ལྡན་པ། དེའི་ནང་དུ་རྡོ་རྗེའི་འབྲུ་གསུམ་དཀར་དམར་མཐིང་བའི་མདོག་ཅན་བརྩེགས་མར་གནས་པ་ལ་སེམས་གཏོད་ལ། རླུང་རང་བབ་ཀྱི་འཇུག་པ་ཨོཾ། གནས་པ་ཨཱཿ འབྱིན་པ་ཧཱུྃ་དང་སྦྱར་བའི་རྡོ་རྗེའི་བཟླས་པ་མཛོད་ཅིག །ཅེས་བྱས་ལ་རྡོར་བཟླས་ཉེར་གཅིག་གམ་བདུན་ཙམ་བྱར་གཞུག །འདི་ལྟར་གསང་བའི་དབང་དང་གསུང་གི་བྱིན་རླབས་ཐོབ་ཕྱིན་ཆད་སྤྱིར་རྡོ་རྗེའི་བཟླས་པ་ལ་བརྩོན་པ་དང་། ཁྱད་པར་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་འབད་དགོས་པས་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། ཐོག་མར་ལུས་གནད་ཙོག་པུ་རྐང་མཐིལ་སྟན་ལ་གཏད། ལག་པ་གཉིས་བསྣོལ་བས་དཔུང་པའི་བར་ལྷུ་ལ་འཇུས། གྲུ་མོ་པུས་མོ་ལ་བཀལ། མགྲིན་པ་ཅུང་ཟད་དགྱེ་བའི་མེ་ཐབ་དྲུག་འཆིང་བཅའ། དམིགས་པའི་གནད་རང་ལུས་རྡོ་རྗེ་རྣལ་འབྱོར་མར་བསྒོམས་པའི་ནང་སྟོང་སང་ངེ་བའི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་དམར་པོ་མཚན་ཉིད་བཞི་ལྡན་སྤྱི་གཙུག་ནས་གསང་གནས་ཀྱི་བར་ཟུག་པ། གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀྱི་མར་སྣེ་དབུ་མར་ཚུད་པ། གནས་བཞིར་འཁྲིལ་བའི་རྩ་མདུད་ཀྱི་རྣམ་པ་ལ་ཡར་སྣེ་སྤྱི་བོ་ནས་རྩ་ཕྲན་བཞི་བཞིར་གྱེས་ཏེ་ཐུར་དུ་གུག་པའི་རྩེ་ཁའི་གཡས་གཡོན་གཉིས། སྣ་བུག་དང་མིག་དང་རྣ་བ་གཉིས་རྣམས་སུ་ཟུག་པ། བཤང་སྒོར་རླུང་གི་མདའ་གཞུ་སྔོན་པོ་མདེལ་རྩེ་དབུ་མར་ཚུད་པའི་རྩེ་མོར་རཾ་ལས་གཏུམ་མོའི་མེ་རྩ་རྩེ་ཕྲ་བ། རྐེད་པ་ལྡིར་བ། ཁ་དོག་དམར་བ། རེག་བྱ་ཚ་བ་སྟེ་ཆོས་བཞི་ལྡན། སྤྱི་གཙུག་གི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་རྣམས་གསལ་ཐོབ། དེ་ནས་རླུང་རོ་དལ་བུས་ལན་གསུམ་བསལ། སྟེང་རླུང་དལ་བུས་དྲངས། འོག་རླུང་ཡར་འཐེན་ནས་ལྟེ་འོག་ཏུ་ཁ་སྦྱར་བའི་རྐྱེན་གྱིས་བཤང་སྒོའི་རླུང་གཡོས་གཏུམ་མོ་སྦར། གཟུག་མོ་བྱི་ཐུར་གྱི་དབྱིབས་འདྲ་བའི་མེ་ལྟེ་འོག་ཏུ་འབར། ཡང་རླུང་རིམ་པར་བཟུང་བས་ལྟེ་བ་དང་། སྙིང་གར་འབར་བའི་དྲོད་ཀྱིས་སྤྱི་བོའི་ཧཾ་གཡོས་ཏེ་ཐིག་ལེའི་རྒྱུན་མུ་ཏིག་གི་ཕྲེང་བ་ལྟ་བུ་བབ། སྙིང་གའི་མེ་ལ་ཕོག་པས་སོར་སྒྲ་དང་བཅས་པར་གྱུར་ཏེ་བདེ་དྲོད་མཐར་ཐུག་སྐྱེས་པར་མོས་ཤིག་བྱས་ལ་རླུང་འཛིན་ཏུ་གཞུག །རྩ་བའི་ཉམས་ལེན་དེ་འབྱོངས་ནས་གཏུམ་མོ་གོས་སུ་གྱོན་པ། ཟས་སུ་ཟ་བ། གདན་དུ་འདིང་བའི་ཡན་ལག་རྣམས་ཀྱང་གོམ་པར་བྱ་དགོས་ཤིང་། གཞན་ཡང་སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་སངས། འོད་གསལ་གཏི་མུག་རང་སངས་ཏེ་རྩ་བའི་ཆོས་བཞི་དང་། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་སྟེ་ཡན་ལག་གི་ཆོས་གཉིས་དང་བཅས་བོགས་འདོན་ཐབས་ལམ་ཆེན་པོའི་རྣལ་འབྱོར་རྣམས་གཞུང་ནས་ཇི་སྐད་གསུངས་པ་ལྟར་ཉམས་སུ་ལེན་པར་བྱ་དགོས་སོ། །དེ་ལྟར་ན་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རླུང་དང་གཏུམ་མོའི་རྣལ་འབྱོར་སོགས་ཐབས་ལམ་ཟབ་མོས་བོགས་འདོན་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་བརྗོད་གོང་བཞིན་ལ་སྐུའི་མལ་དུ་གསུང་ཞེས་བསྒྱུར། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཨིནྡྲ་ནཱི་ལའི་མདོག་ཅན། དབུ་སྐྲ་དམར་ལྗང་སྤྱི་བོར་འཁྱིལ་པ། སྤྱན་རྡོ་རྗེའི་ལྟ་སྟངས་ནམ་མཁར་གཟིགས་པ། ཕྱག་གཉིས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་ཐུགས་རྡོ་རྗེའི་རྣམ་པར་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ རྣམ་ཐར་གསུམ་ལྡན་དཀྱིལ་འཁོར་ནས༔ བདེ་སྟོང་ཤེས་རབ་དབང་བསྐུར་ཕྱིར༔ ཡེ་ཤེས་དྲྭ་བར་རོལ་པའི་གར༔ དགའ་བཞིའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་ཙིཏྟ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིགས་ལྡན་མ་རྡོ་རྗེ་སྙེམས་མའི་ངོ་བོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་བྱུང་བ་བརྟུལ་ཞུགས་ཀྱི་དོན་དུ་སྦྱིན་པར་མོས་ཤིག །རིག་ཙག་གཏད་ལ། ཧཱུྃ༔ རྣམ་ཀུན་མཆོག་ལྡན་སྣ་ཚོགས་གཟུགས་འཆང་མ༔ ཡིད་འོང་ལས་ཀྱི་ཕྱག་རྒྱ་འདི་གཏད་ཅིང༔ བདེ་སྟོང་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཐིག་ལེ་ཆོས་ཀྱི་སྐུ་རུ་གནས་འགྱུར་ཤོག༔ ཀརྨ་མུ་དྲ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་འབྲེལ་ཐུགས་ཀྱི་བྱིན་རླབས་བྱ་བའི་སླད་དུ་གྲུབ་ཐོབ་ཆེན་པོའི་ཐུགས་ཀ་ནས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་མཁའ་འགྲོ་སྡེ་ལྔ་སྤྲོས་ཏེ་སྔར་བྱིན་པའི་རིག་མ་ལ་ཐིམ་པ་ཉིད་པང་དུ་འཁོད་པར་མོས་ཤིག །མཁའ་འགྲོ་སྡེ་ལྔའི་སྐུ་བརྙན་ལག་གཡོན་དུ་སྦྱིན་ལ། ཧཱུྃ༔ གྲུབ་ཐོབ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་བཙུན་མོའི་སྒྱུ་མ་ལ་རོལ་པས༔ ཡེ་ཤེས་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རུ༔ འཁོར་འདས་གཉིས་སུ་མེད་པའི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱེད་རང་རྣམས་ཐུགས་རྡོ་རྗེ་དང་རིག་མ་རྡོ་རྗེ་སྙེམས་མར་གསལ་བ་སོགས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས། འདོད་ཆགས་ཆེན་པོའི་འགྲོས་ལས་སྐྱེས་པའི་ཡས་བབས་རྒྱུ་དང་མས་བརྟན་འབྲས་བུ་སྟེ་ལུགས་འབྱུང་ལུགས་ལྡོག་གི་དགའ་བ་བཅུ་དྲུག་ཉམས་སུ་མྱོང་། ལྷན་ཅིག་སྐྱེས་པ་འཕོ་མེད་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ་རང་ངོ་སྐྱོངས་ཤིག །ཅེས་ཅུང་ཟད་འཇོག །དེ་ལྟར་ན་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་འོག་སྒོ་བདེ་བ་ཆེན་པོ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་པ་བརྗོད་ལ། ཐུགས་ཞེས་བསྒྱུར། བཞི་པ་ཚིག་དབང་རིན་པོ་ཆེའི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཡོན་ཏན་རྡོ་རྗེ་མི་འགྱུར་རྡོ་རྗེའི་སྐུ་བཙོ་སྦྱངས་གསེར་གྱི་མདོག་ལྟ་བུ། དབུ་སྐྲ་སེར་ལ་འཇམ་པ། སྤྱན་གཉིས་ཐད་ཀར་གཟིགས་པ་ཤིན་ཏུ་དགྱེས་པའི་ཚུལ་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་ནོར་བུ་དགའ་བ་འཁྱིལ་པ་བསྣམས་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་ཡོན་ཏན་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ སྤྲོས་པ་བྲལ་བའི་དཀྱིལ་འཁོར་ནས༔ རིག་སྟོང་གཉུག་མའི་དབང་བསྐུར་ཕྱིར༔ འོད་གསལ་དྲྭ་བར་རོལ་པའི་གར༔ བློ་བྲལ་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་གུ་ཎ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས། རང་གི་རིག་པ་སྐད་ཅིག་མའི་རང་ངོ་ཤེས་པ་ཙམ་ལས་བཅོས་བསྒྱུར་གྱིས་མ་བསླད་པར། གདོད་མ་ཉིད་ནས་ཀ་དག་ཆོས་སྐུ་ཁྱབ་བདལ་ཆེན་པོ་ཡིན་པ་ལ་ཡིན་པའི་ངེས་ཤེས་བསྐྱེད་ལ་མཉམ་པར་ཞོག་ཅིག །ཅེས་བརྡ་སྤྲད་ཅིང་སློབ་དཔོན་གྱིས་ཀྱང་དེ་ལྟར་བྱས་ལ། ཨ༔ ཆོས་ཀུན་ངོ་བོ་རིག་སྟོང་ནམ་མཁའི་དབྱིངས༔ གང་ཤར་རང་གྲོལ་མ་བཅོས་ལྷུག་པའི་ངང༔ སྤང་བླང་བྲལ་ཐོབ་མེད་པར་དབང་བསྐུར་བས༔ ཀུན་གཞི་ཡེ་ཤེས་ཆེན་པོར་གནས་འགྱུར་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ ཞེས་ཅུང་ཟད་མཉམ་པར་བཞག །དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་དུ་གཞན་དོན་རབ་འབྱམས་ལ་དབང་བསྒྱུར་བའི་ཕྱིར། ལག་གཡས་སུ་ཐབས་ཀྱི་རང་བཞིན་རྡོ་རྗེ་གཡོན་དུ་ཤེས་རབ་ཀྱི་རང་བཞིན་དྲིལ་བུ་བྱིན་པ་དོན་དྲན་བཞིན་པས་བླངས་ཏེ་ཟུང་འཇུག་མཚོན་པའི་འཁྱུད་རྒྱ་བྱས་པས། ཁ་སྦྱོར་གྱི་ཡན་ལག་ཡོངས་སུ་རྫོགས་ཏེ་རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་དུ་མངའ་གསོལ་བར་མོས་ཤིག །རྡོར་དྲིལ་གཏད་ཅིང་འཁྱུད་རྒྱ་བྱར་གཞུག་ལ། ཨ༔ གྲུབ་ཐོབ་ཆེན་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ ཐབས་ཤེས་ཟུང་འཇུག་ཀ་དག་གཉུག་མའི་ངང༔ འགྲོ་ཀུན་གདོད་མའི་དབྱིངས་སུ་དབུགས་དབྱུང་བའི༔ སྲིད་ཞིའི་མཐའ་ལས་འདས་པའི་དབང་བསྐུར་རོ༔ གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ དེ་ནས་ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་འབྲས་བཞི་པོའི་ངོ་སྤྲོད་གདབ་པ་ཡིན་པས་རྡོ་རྗེའི་ཚིག་རྐང་འདི་ལ་གསན་འཚལ༔ ཨ༔ ལྟ་བ་བློ་འདས་གདོད་མའི་བབས༔ སྒོམ་པ་མ་བཅོས་ལྷུག་པར་བཞག༔ སྤྱོད་པ་རང་གྲོལ་གཉུག་མའི་ངང༔ འབྲས་བུ་གཞི་སྣང་ཆེན་པོར་རྫོགས༔ གཟུང་བའི་ཡུལ་ལ་མི་རྟོག་ཅིང༔ འཛིན་བྲལ་རིག་པ་རྗེན་པའི་ངང༔ སྤང་བླང་བསལ་བཞག་བྲལ་བ་ནི༔ སངས་རྒྱས་ཀུན་གྱི་གསང་བ་འོ༔ ཨ་ཨ་ཨ༔ ཞེས་རྡོ་རྗེའི་མགུར་གྱི་ཚུལ་དུ་དལ་བུར་ལན་གསུམ་སོགས་ངོ་སྤྲོད་ཐེབ་པར་གདབ་དགོས་པས། དེའི་དོན་རྒྱས་པར་བཀྲོལ་བའམ། མདོར་བསྡུས་ན། དེའང་དབང་གི་དོན་བསྒོམ་པས་ཉམས་སུ་བླངས་ཏེ་ལམ་གྱི་བགྲོད་པ་མཐར་ཕྱིན་དགོས་པ་ཡིན་པས། བསྒོམ་པར་བྱ་བའི་ཡུལ་ལྟ་བ་ནི། རྟོག་གེ་དང་སོ་སོ་སྐྱེ་བོའི་བློ་རྟོག་ཡིད་དཔྱོད་ཀྱི་ཡུལ་ལས་འདས་པ་ཆོས་ཐམས་ཅད་ཀྱི་གཤིས་ལུགས་གདོད་མའི་རང་བབས་སྤྲོས་པ་ཀུན་དང་བྲལ་བའི་དབྱིངས་རང་བྱུང་གི་རིག་པ་དང་ཟུང་དུ་འཇུག་པ་ཡིན་ལ། དེ་ཉིད་སྒོམ་པའི་ཚུལ་དབྱིངས་རིག་སྟོང་གསལ་དེ་ཉིད་རང་ངོ་ཤེས་པའི་དྲན་པས་གསལ་འདེབས་ཙམ་གྱིས་བསྐྱང་བ་ལས་སྒོམ་འདོད་ཀྱི་བློ་ཡིས་བཟོ་བཅོས་དང་བྲལ་བར་གཤིས་ལུགས་རང་བབས་ཀྱི་ངང་དུ་ལྷུག་པར་བཞག །སྒོམ་པའི་གྲོགས་སྤྱོད་པ་ཚོགས་དྲུག་གི་ཡུལ་སྣང་གང་ཤར་ལ་འཛིན་ཞེན་གྱིས་མ་བསླད་པས་ངོ་བོའི་དབྱིངས་སུ་རང་གྲོལ་བ་ཆུ་ལ་རི་མོ་བྲིས་པ་བཞིན་དུ་གདོད་ནས་མ་སྐྱེས་པ་གཉུག་མའི་ངང་དུ་ཁྱེར་བས། བསྒོམས་པའི་འབྲས་བུ་གདོད་མའི་གྲོལ་གཞི་དབྱིངས་སྣང་ལྷུན་འབྱམས་ཆེན་པོར་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་རྫོགས་ཏེ་མངོན་པར་བྱང་ཆུབ་པར་འགྱུར་བ་ཡིན་ལ། མདོར་ན་མཐར་ཐུག་གི་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་པ་ན། ཕྱི་གཟུང་བའི་ཡུལ་སྣང་ལ་མི་རྟོག །ནང་འཛིན་ཞེན་གྱི་རྟོག་པ་དང་བྲལ་བའི་རང་བྱུང་གི་རིག་པ་རྗེན་པ་ཁ་ཡན་དུ་བསྐྱངས་པས། རྒྱ་འབྱམས་ཆེན་པོའི་ལྷུམས་སུ་ཚུད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སྤང་བླང་དང་བསལ་བཞག་མེད་པའི་མཉམ་པ་ཉིད་ཀ་དག་ཆེན་པོའི་དབྱིངས་སུ་ལ་བཟླ་བ་ནི། དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་གསང་བ་མཐར་ཐུག་པ་ལགས་པས་དེ་ལྟ་བུའི་དོན་ལ་ཉམས་ལེན་སྙིང་པོར་དྲིལ་དགོས་པས། ད་ལྟའི་སྐབས་འདིར་ཡང་ལྟ་སྒོམ་སྤྱོད་འབྲས་དབྱེར་མེད་རིག་པ་མ་བཅོས་གཉུག་མའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དཔོན་སློབ་གཉིས་ཀས་དར་གཅིག་མཉམ་པར་བཞག །དེ་ལྟར་ཚིག་གིས་མཚོན་ཏེ་དོན་གྱི་དགོངས་པ་ངོ་སྤྲོད་པ་ལ་བརྟེན་ནས་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག །ལམ་ཀ་དག་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསྒོམ་པ་ལ་དབང་། འབྲས་བུ་མི་འགྱུར་རྡོ་རྗེའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་པ་བརྗོད་ལ། ཡོན་ཏན་ཅེས་བསྒྱུར། ལྔ་པ་རིག་རྩལ་ཐོད་རྒལ་གྱི་དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་གོ་སར་པད་ཟླ་རི་དྭགས་ཀྱི་པགས་པའི་གདན་གྱི་སྟེང་དུ། རང་རིག་གི་ངོ་བོ་གྲུབ་པའི་དབང་ཕྱུག་ཕྲིན་ལས་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུ་ལྗང་སེར་གྱི་མདོག་ཅན་གཞོན་ཞིང་རྒྱས་པ། དབུ་སྐྲ་ཁམས་སྔོན་ཐུར་དུ་འཕྱངས་པ། སྤྱན་གཉིས་ཞི་དྲག་ཕྱེད་མའི་ཚུལ་གྱིས་ཅུང་ཟད་ཁྲོ་བ་བཞད་ཞལ་ཤིན་ཏུ་མཛེས་པ། ཕྱག་གཡས་སྐྱབས་སྦྱིན་གྱིས་རྡོ་རྗེ་ཐུགས་ཀར་བསྣམས་ཤིང་། གཡོན་མཉམ་གཞག་དྲིལ་བུ་འཛིན་པ། ན་བཟའ་རས་དཀར་གྱི་སླེ་བེར་གསོལ་ཞིང་ཞབས་སྐྱིལ་ཀྲུང་འཇའ་ཟེར་གྱི་ཀློང་ན་བཞུགས་པའི་སྤྱི་བོར་ཆོས་སྐུ་མགྲིན་པར་ལོངས་སྐུ་ཐུགས་སྟོད་དུ་རྟ་མགྲིན་རྣམས་བཞུགས་པ། འཁོར་དུ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོར་ཁྱབ་ཅིང་ཐུགས་དམ་བསྐུལ་བས་ཐམས་ཅད་ཀྱང་གྲུབ་ཐོབ་ཆེན་པོའི་ཕྲིན་ལས་རྡོ་རྗེའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད་ཅིག །ཨོཾ༔ ངོ་བོ་ཆོས་སྐུ་སོགས་གོང་ལྟར་ལ། ཚོགས་དང་བཅས༔ མངོན་སུམ་རིག་པའི་དཀྱིལ་འཁོར་ནས༔ ཚོར་སྟོང་ངོ་བོའི་དབང་བསྐུར་ཕྱིར༔ ཟུང་འཇུག་དྲྭ་བར་རོལ་པའི་གར༔ སྣང་བཞིའི་ངང་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་སོགས་དང་། སྔགས་ཀརྨ་ཛྙཱ་ན་སོགས་སྦྱར་ལ་དབབ། སྔགས་ཀྱིས་བརྟན། ཤེལ་དང་འཇའ་ཚོན་བསྟན་ལ། རྡོ་རྗེ་སེམས་དཔའི་མེ་ལོང་དང་ཁ་དོག་ལྔ་ལྡན་འཇའ་རིས་ཀྱི་བརྡས་མཚོན་ཏེ་གཞི་དབྱིངས་ཀ་དག་ཆེན་པོ་ལས་འོད་གསལ་ལྷུན་གྲུབ་ཀྱི་སྣང་བ་ཚད་མེད་པར་འཆར་བའི་དོན་གོ་བར་གྱིས་ཤིག༔ ཧོ༔ ནང་གསལ་ཐིམ་ལ་མ་རྨུགས་ཤེལ་གོང་ལས༔ ཕྱིར་གསལ་རྡོ་རྗེ་ལུག་རྒྱུད་འཇའ་ཚོན་ཤར༔ དབྱིངས་རིག་ཟུང་འཇུག་ཆེན་པོར་དབང་བསྐུར་བས༔ ཅིར་སྣང་ཡེ་ཤེས་གཅིག་ཏུ་གནས་འགྱུར་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཀ་དག་གི་གཞི་དབྱིངས་ནང་གསལ་ཐིམ་ལ་མ་རྨུགས་པ་ཤེལ་འོད་ནང་དུ་བསྡུས་པ་ལྟ་བུ་ལས། ཡེ་ཤེས་ཀྱི་རང་རྩལ་ཕྱིར་གསལ་དུ་སྣང་བ། ཤེལ་འོད་ཉི་མའི་རྐྱེན་ལས་ཁ་དོག་སྣ་ཚོགས་སུ་འཆར་བ་ལྟར་འཁོར་འདས་ཀྱི་སྣང་ཆ་རྣམ་པ་ཅིར་ཡང་ཤར་བ་སྟེ། ཤར་ཙམ་ཉིད་ནས་རང་བཞིན་མེད་པར་གཞི་ཀ་དག་དང་ལམ་ཐོད་རྒལ་ཟུང་འཇུག་གིས་ལམ་དུ་བྱས་པས་གདོད་མའི་གྲོལ་ས་ཡེ་ཤེས་ཟང་ཐལ་ཆེན་པོའི་སྦུབས་སུ་བཙན་ས་ཟིན་པར་འགྱུར་རོ། །རྗེས་འབྲེལ་དུ་སྟོང་ཉིད་ཆོས་སྒྲ་སྒྲོག་པའི་ཌཱ་མ་རུ། ཟག་མེད་བདེ་བ་སྐྱོང་བའི་ཀ་པཱ་ལ། སྐུ་གསུམ་མཛད་པ་བཅས་མཚོན་པའི་ཁ་ཊྭཱཾ་ག་གཏད་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའི་བརྟུལ་ཞུགས་ལ་དབང་བརྙེས་པར་མོས་ཤིག །ལག་གཡས་གཡོན་དུ་ཌཱ་རུ་དང་ཐོད་པ། མཆན་གཡོན་དུ་ཁ་ཊྭཱཾ་གཏད་ལ། ཧོ༔ གྲུབ་ཐོབ་ཆེན་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ བརྟུལ་ཞུགས་སྤྱོད་པས་གནས་ཡུལ་ཀུན་ཉུལ་ཏེ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱི༔ ཡིད་ཀྱི་བརྟན་པ་འཕྲོག་པའི་དབང་བསྐུར་རོ༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ལྟར་རིག་པ་རྩལ་གྱི་དབང་ཐོབ་པ་དེ་ཉིད་་ཉམས་སུ་ལེན་པ་ན། འདུ་འཛིས་དབེན་པའི་གནས་སུ་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ། བཞུགས་སྟངས་གསུམ་ལ་གཞི་བཅའ། ལྟ་སྟངས་གསུམ་གྱིས་གནད་གཅུན་ནས་གཏོད་པའི་འབེན་ལ་གཟིར། རླུང་སེམས་དབྱིངས་སུ་ཟད་པའི་གནད་ལ་བསླབ། ཀ་ཏི་ཤེལ་གྱི་སྦུ་གུར་གནས་པའི་རིག་གདངས་རྒྱང་ཞགས་ཆུའི་སྒྲོན་མའི་ལམ་ནས་ཐོན་ཏེ། ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་འཇའ་ཐིག་གི་གཟུགས་བརྙན་སྣ་ཚོགས་པ་ཡུལ་ཅན་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་འཆར་བ་ཉིད་བརྩོན་པས་གནད་ལ་གཟིར་བས། ཉམས་སྣང་གོང་དུ་འཕེལ། རིག་པ་ཚད་ལ་ཕེབས། ཆོས་ཉིད་ཟད་སར་འཁྱོལ་ཏེ་རིང་པོར་མི་ཐོགས་པར་ཁམས་གསུམ་གྱི་འཁྲུལ་པ་རུ་ལྡོག་པར་འགྱུར་རོ། །དེ་ལྟར་ན་དབྱིངས་རིག་ཟུང་འཇུག་མཚོན་པར་བྱེད་པ་བརྡའི་དཀྱིལ་འཁོར་ལ་བརྟེན་ནས་རིག་རྩལ་ཐོད་རྒལ་གྱི་དབང་ཐོབ། ཤེས་ཉམས་ཡིད་དཔྱོད་ཀྱི་དྲི་མ་དག །ལམ་ལྷུན་གྲུབ་སྣང་བ་བཞིའི་ཡེ་ཤེས་ཉམས་སུ་ལེན་པ་ལ་དབང་། འབྲས་བུ་མངོན་པར་བྱང་ཆུབ་པའི་སྐུ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཨོཾ༔ སྣང་སྲིད་སྣོད་བཅུད་སོགས་ཤིས་པ་བརྗོད་ལ། ཕྲིན་ལས་ཞེས་བསྒྱུར། དེ་ལྟར་རྩ་བའི་དབང་བསྐུར་རྒྱས་པ་གྲུབ་པའི་དབང་དོན་རྒྱུད་ལ་བརྟན་པར་བྱེད་པ་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་ལྟར་དུ་མཛོད། གཏོར་སྣོད་དབྱིངས་ཀྱི་རང་བཞིན་འཇའ་ཟེར་ཐིག་ལེ་ལུག་རྒྱུད་འཁྲིགས་པའི་དབུས་སུ་གཏོར་མ་རང་གྲོལ་རིག་པ་དང་པོའི་སངས་རྒྱས་གྲུབ་པའི་དབང་ཕྱུག་ཆེན་པོ་གཞོན་ཚུལ་དཀར་དམར་མདངས་ལྡན་མཚན་དཔེ་ཡོངས་རྫོགས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་བདུད་རྩིས་བཀང་བའི་བནྡྷ་བསྣམས་ཤིང་རས་དཀར་གྱི་སླེ་བེར་གསོལ་བ། ཞབས་སྐྱིལ་ཀྲུང་པད་ཉི་ཟླ་བའི་གདན་ལ་བཞུགས་པའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས། ཐུགས་ཀར་དབང་ཆེན་རྟ་མཆོག་རྒྱལ་པོ། འཁོར་དུ་ཡེ་ཤེས་ཀྱི་ཌཱ་ཀི་སྡེ་ལྔ། དཔའ་བོ་མཁའ་འགྲོ་རིག་འཛིན་བརྒྱུད་པའི་ཚོགས་དང་བཅས་པ་ཞལ་མངོན་སུམ་དུ་བཞུགས་པའི་སྐུའི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་བར་མ་ཆད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆེན་པོའི་བྱིན་རླབས་གཅིག་ཅར་དུ་ཞུགས་པའི་སྟོབས་ཀྱིས་དབང་ལྔའི་ཡེ་ཤེས་འཕེལ་ཞིང་བརྟན་པར་གྱུར་པའི་མོས་པ་མཛོད་ཅིག །དབང་གཏོར་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱི༔ ངོ་བོ་ཀུན་བཟང་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་ལོངས་སྐུ་འཆི་མེད་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུ་རྟ་མགྲིན་དབང་གི་རྒྱལ༔ སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ དབྱེར་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་པ༔ བཀའ་བབས་བརྒྱུད་ལྡན་རིག་འཛིན་ཚོགས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ སྐལ་ལྡན་སློབ་མ་རྣམས་ལ་བྱིན་གྱིས་རློབས༔ དབང་ལྔའི་ཡེ་ཤེས་སྨིན་ཅིང་ལམ་ལྔ་འབྱོངས༔ སྐུ་ལྔའི་འབྲས་བུ་མྱུར་དུ་ཐོབ་ནས་ཀྱང༔ རང་གཞན་དོན་གཉིས་མཐར་ཕྱིན་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་གྲུབ་ཐོབ་ཆེན་པོའི་གསང་གསུམ་ཕྲིན་ལས་དང་བཅས་པའི་ཡོན་ཏན་རྒྱུད་ལ་རྫོགས། གཏོར་རྫས་དངོས་གྲུབ་ཀྱི་བགོ་སྐལ་དུ་བྱིན་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ཤིག་བྱས་ལ་གཏོར་མའི་ཆ་ཤས་དང་བདུད་རྩི་སྦྱིན། ཚེ་དབང་སྦྲེལ་ན་སྐབས་འདིར་མཎྜལ་གསོལ་གདབ་ནས་བརྩམ་རྒྱས་གདབ་བར་ཟུར་དུ་འབྱུང་བ་ལྟར་མཐར་ཆགས་སུ་བསྐུར། དེས་སྨིན་བྱེད་དབང་གི་རིམ་པ་གྲུབ་ནས་གྲོལ་བྱེད་ཁྲིད་ཀྱི་རིམ་པ་གདམས་ངག་འབོགས་པ་ནི་རྡོ་རྗེའི་ཚིག་རྐང་འདི་ལ་གསན་པར་ཞུ། ཐུབ་དབང་རྡོར་འཆང་སོགས་དལ་བུར་བརྗོད་ཅིང་སྤྲོ་ན་མཇུག་ཏུ་བསྒོམ་དོན་ཙམ་མདོར་བསྡུས་བརྗོད་ཀྱང་ལེགས། དེ་ལྟར་སྨིན་གྲོལ་གྱི་གདམས་པ་ཆིག་རྫོགས་སུ་གྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་བས་ཤིས་བརྗོད་ཅི་རིགས་པ་བྱས་ལ་མེ་ཏོག་དང་རོལ་མོའི་སྒྲ་སྦྱར། རྗེས་དམ་ཚིག་བསྒྲག་པ་ནས་བཟུང་། གཏོང་རག །མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་པ་བརྗོད་པའི་བར་ཡང་ལས་བྱང་ལྟར་བགྱིས་པས་ལེགས་པར་འགྲུབ་བོ། །ཡེ་ཤེས་མཆོག་ཏུ་མི་འགྱུར་བས། །རྟོག་པའི་དྲྭ་བ་ཀུན་བསྡོམས་ཏེ། །གྲུབ་ཐོབ་ཆེན་པོའི་གསང་གསུམ་དང་། །དབྱེར་མེད་སྨིན་གྲོལ་མཐར་ཕྱིན་ཤོག །འདི་ཉིད་རྩ་གཞུང་རྡོ་རྗེའི་ཚིག་རྐང་དུ་གྱུར་པས་གནད་དོན་ཤིན་ཏུ་ཁྲོལ་བར་དཀའ་རུང་ཁྱབ་བདག་གཏེར་ཆེན་བླ་མ་ཉིད་ལ་གསོལ་བ་བཏབ་ཅིང་ཞལ་ལུང་ཞིབ་མོར་ཞུས་པའི་དོན་ལེགས་པར་བཀོད་པ་པོ་ནི། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་ཏེ་རྫོང་སར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་ལེགས་འཕེལ།། །།
གསང་བ་ཡེ་ཤེས་མཁའ་འགྲོ་སྙིང་གི་ཐིག་ལེ་ལས༔ གསང་བ་རྡོ་རྗེ་གྲོ་ལོད་ཧཱུྃ་སྒྲུབ་ཟབ་མོ་བར་ཆད་ཀུན་སེལ་ (Volume 13, Text 57)
གསང་བ་ཡེ་ཤེས་མཁའ་འགྲོ་སྙིང་གི་ཐིག་ལེ་ལས༔ གསང་བ་རྡོ་རྗེ་གྲོ་ལོད་ཧཱུྃ་སྒྲུབ་ཟབ་མོ་བར་ཆད་ཀུན་སེལ་བཞུགས་སོ༔ ྈྈྈྈྈྈྈྈྈྈ དཔལ་རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་མཁའ་འགྲོ་སྙིང་གི་ཐིག་ལེ་ལས༔ རྡོ་རྗེ་གྲོ་ལོད་ཧཱུྃ་སྒྲུབ་ཟབ་མོ་ནི༔ སྐད་ཅིག་ཙམ་གྱིས་དྲན་རྫོགས་གསལ་བར་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་གཞི་སེམས་ཉིད་མ་བཅོས་ལྷུག་པའི་ངང༔ འོད་གསལ་ལྷུན་གྲུབ་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་དམར་སྨུག་ཞལ་ནས་མཚོན་འབྲུམ་འཐོར༔ སྤྱན་གསུམ་སྡང་མིག་ནམ་མཁའི་དབྱིངས་ལ་གཟིགས༔ ཞལ་གདངས་གངས་རིའི་ཚེམས་གཏམས་བཞད་པའི་ཉམས༔ ལྗགས་འདྲིལ་ཨཱ་རལླི་ཡི་ཧཱུྃ་སྒྲ་སྒྲོག༔ ཨག་ཚོམ་སྨིན་མ་མེ་དཔུང་ལྟར་མཆེད་འབར༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་རུས་རྒྱན་སྤྲས༔ ཟ་འོག་བེར་ཕོད་ཆོས་གོས་སྐུ་ལ་གསོལ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ༔ རཾ་དགུ་དང་ནི་ཧཱུྃ་དགུས་མཚན་པ་ཡིས༔ དངོས་པོ་ཐམས་ཅད་སྐད་ཅིག་ཙམ་གྱིས་འཇོམས༔ གཡོན་པས་ལྕགས་ཕུར་སྐུ་གསུམ་ངོ་བོ་སྟེ༔ གང་ལ་གསོར་ཀྱང་གཉིས་མེད་རང་བཞིན་འདུལ༔ ཐབས་ཤེས་དབྱེར་མེད་ཞབས་གཉིས་བརྐྱང་བསྐུམ་ཚུལ༔ འགྱིང་བག་རོལ་པའི་གར་སྟབས་ལིང་ལིང་མཛད༔ བདུད་དང་བར་ཆད་མ་ལུས་ཟིལ་གྱིས་གནོན༔ རྔམ་བརྗིད་རབ་ཁྲོས་སྐུ་ལས་ཡེ་ཤེས་མེའི༔ ཚྭ་ཚྭ་འཁྱུག་ཅིང་འུར་ཆེམ་ཧཱུྃ་སྒྲ་སྒྲོག༔ ཁམས་གསུམ་འཇིག་རྟེན་དབང་མེད་གཡོ་ཞིང་འདར༔ སྣང་བ་ཐམས་ཅད་རང་འོད་ལས་གྲུབ་པའི༔ འཇའ་ཟེར་རྡོ་རྗེ་གྲོ་ལོད་རང་བཞིན་ལ༔ འོད་གང་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་གྱུར༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་དམར་པོ་ལས༔ ཧཱུྃ་དམར་དཔག་ཏུ་མེད་པར་ནམ་མཁར་འཕྲོས༔ བར་སྣང་ས་གཞི་ཕྱོགས་མཚམས་རིས་མེད་པ༔ སྟོང་གསུམ་འཇིག་རྟེན་མ་ལུས་ཧཱུྃ་གིས་ཁེངས༔ ࿋ དེ་ལ་ཧྲཱིཿབརྗོད་དཔག་མེད་ཧཱུྃ་རྣམས་ཀུན༔ མཁའ་འགྲོར་གྱུར་ནས་ཀུན་ཀྱང་ཧཱུྃ་སྒྲ་སྒྲོག༔ ཕྱི་ནང་གསང་བའི་བདེ་གཤེགས་བྱང་སེམས་དང༔ སྐྱེ་འགྲོ་ཕོ་མོ་རྩི་ཤིང་ནགས་ཚལ་དང༔ སྣང་སྲིད་ལྷ་འདྲེ་གནོད་བྱེད་གདུག་སེམས་ཅན༔ ཚེ་དང་སྲོག་གི་བར་གཅོད་ཐམས་ཅད་ཀྱང༔ དྷཱ་ཀིར་གྱུར་ནས་ཀུན་ཀྱང་ཧཱུྃ་སྒྲ་ལྡིར༔ དེ་ནས་བདག་གི་མགྲིན་པའི་འཁོར་ལོའི་དབུས༔ ཧཱུྃ་དམར་གསལ་ལ་ཧཱུྃ་ཧཱུྃ་དྲག་པོ་ཡིས༔ དྷཱ་ཀི་མ་ཀུན་བྲོ་བརྡུང་གར་སྟབས་ཤིག༔ སྟོང་གསུམ་རི་རབ་དང་བཅས་འུར་ཆེམ་འདེགས༔ མ་ལུས་བདག་གི་དབང་དུ་འདུས་པར་བསམ༔ ࿋ ཚོགས་དྲུག་གཟུགས་སྣང་གང་ཤར་ཐམས་ཅད་ཀུན༔ ཤར་གྲོལ་ཆོས་ཉིད་རོལ་པའི་དཀྱིལ་འཁོར་དུ༔ ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་སུམ་བསྒྲིལ་དང་ནི་བདུན་བསྒྲིལ་སྦྱར༔ བརྟུལ་ཞུགས་དྲག་པོ་སྲིན་པོའི་ངར་དབྱངས་དང༔ གཏུམ་སྒྲ་རྡོ་རྗེ་དྲག་པོའི་འགྱིང་གླུར་བཅས༔ ཧཱུྃ་སྒྲ་བརྩེགས་མ་ངར་ལྡན་ཐོག་ལྟར་བཟླ༔ དལ་བུས་བཟླ་ན་འབྲུག་དབྱངས་ལྡིར་བ་ལྟར༔ དལ་ཁུག་ངུར་སྒྲ་དཀྱུས་སུ་ཕབ་ལ་བཟླ༔ རང་བཞིན་རྫོགས་པ་ཆེན་པོའི་ཀློང་ཡངས་ནས༔ བྱིན་འབེབས་གར་དབྱངས་གསོལ་འདེབས་དང་བཅས་པ༔ འདི་ལྟར་བྱས་པས་ཡ་ཀི་ཀུན་བཟང་ནས༔ མ་ཀི་འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ བར་ཆད་ཀུན་ཞི་གང་དང་གང་གནས་ཁང༔ བཀྲ་ཤིས་བྱིན་ཆགས་ཟིལ་འོད་སྣུམ་ཞག་ལྡན༔ ལས་ངན་སྒྲིབ་པ་ཀུན་བྱང་ཚེ་བསོད་རྒྱས༔ དངོས་སམ་ཉམས་སུ་ཡེ་ཤེས་དྷཱ་ཀི་འདུ༔ ཡིད་བཞིན་ནོར་ལྟར་མཆོད་ཅིང་བཀུར་བར་བྱེད༔ སྣང་སྲིད་བཀའ་ཉན་ལྷ་འདྲེས་སྲོག་སྙིང་ཕུལ༔ ཁྱད་པར་དགྲ་བགེགས་འབྱུང་པོ་བརླག་པར་འགྱུར༔ བག་དྲོ་ཉམས་འབར་ལུས་ནི་རྔུལ་ཞིང་འདར༔ སཾསྐྲྀའི་སྐད་འདོན་རྫུ་འཕྲུལ་ཡ་ཟུང་སྟོན༔ ཡི་དམ་ཞལ་མཐོང་མཁའ་འགྲོས་ལུང་སྟོན་འགྱུར༔ ཆོས་ཉིད་སྐྱེ་མེད་ལྷག་མཐོང་རྒྱུད་ལ་འཆར༔ ཉམས་མྱོང་དམ་ཆོས་ཀུན་ལ་རང་བྱན་ཚུད༔ ཚེ་རབས་དྲན་དང་ཤེས་རབ་སྤོབས་པ་སྐྱེ༔ ཆོས་རྣམས་མ་བསླབས་རང་བཞིན་ཤེས་པར་འགྱུར༔ མདོར་ན་ལས་བཞི་གང་ལ་འཇུག་ཀྱང་རུང༔ ཉིན་ཞག་རེ་ལ་ཐུགས་ཀྱི་སྙིང་པོ་འདི༔ ཉིས་ཁྲི་གཅིག་སྟོང་ཞག་གཅིག་བསྙེན་གྲངས་རྫོགས༔ ངལ་བསོའི་དུས་སུ་རྩོལ་བྲལ་ངང་དུ་བཞག༔ རྟགས་རྣམས་རྫོགས་ནས་དངོས་གྲུབ་བླང་བ་ནི༔ དངོས་པོ་ནོར་རྫས་ཚོགས་ཀྱི་མཆོད་པར་བཤམ༔ ཞལ་ཟས་ཕུན་ཚོགས་སྤྱན་གཟིགས་ཞིམ་པོ་རྣམས༔ མདུན་དུ་བཀྲམ་པའི་གཏོར་མ་ཆེན་པོ་ནི༔ རཏྣ་འབར་བའི་དབྱིབས་ལ་ཚོགས་ཀྱིས་བསྐོར༔ དར་ཟབ་འཕན་གདུགས་བླ་རེས་རྒྱན་དུ་བྲེས༔ རྡོ་རྗེ་སློབ་དཔོན་ཡི་དམ་དྷཱ་ཀི་ལ༔ སེར་སྣ་མེད་པའི་ཚོགས་མཆོད་དུས་བཞིར་ཕུལ༔ དངོས་གྲུབ་བླང་བའི་སྙིང་པོ་བཟླས་པ་དང༔ གུས་པས་བསྟོད་ཅིང་གང་འདོད་གསོལ་བ་གདབ༔ ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ བ་སུ་ནཱ་ནཱ་ཁ་དྷེ་སིདྡྷི་སརྦ་སིདྡྷི་དྷ་ན་མེ་དྷི་ཧྲཱི༔ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས༔ བཟླས་ཤིང་འཇིག་རྟེན་ཁམས་ཀྱི་འདོད་ཡོན་ལྔ༔ འོད་ཀྱིས་བསྡུས་ནས་ཚོགས་རྫས་རྣམས་ལ་བསྟིམ༔ འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕོ་བྲང་དང༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད༔ རྩི་དང་འབྲུ་སྨན་རིན་ཆེན་བདུད་རྩིའི་བཅུད༔ ཐམས་ཅད་མ་ལུས་བསྡུས་ཤིང་བསྟིམ་པར་དམིགས༔ རྒྱལ་བ་རྣམས་དང་རིག་འཛིན་སློབ་དཔོན་གྱིས༔ ཚེ་ཡི་དངོས་གྲུབ་བདུད་རྩིར་བྱིན་གྱིས་རློབས༔ གསོལ་བ་གདབ་ཅིང་འཆི་མེད་བདུད་རྩིར་བསམ༔ ཕུད་ལ་རོལ་པས་དངོས་གྲུབ་ཚེ་ལ་དབང༔ ལན་གཅིག་བསྒྲུབས་ན་སིདྡྷི་རྣམ་གཉིས་ཐོབ༔ འཆི་མེད་རིག་འཛིན་གོ་འཕང་ཐེ་ཚོམ་མེད༔ ཁྱད་ཆོས་བླ་མེད་འདི་འདྲ་ངོ་མཚར་ཆེ༔ སྐལ་ལྡན་སྙིང་ལ་ཆོངས་ཤིག་ས་མ་ཡཱ༔ ཁཐཾ༔ ཡང་གསང་ཧཱུྃ་གི་རྟགས་རྫོགས་ནས༔ གཞན་ལ་བྱིན་རླབས་བྱེད་འདོད་པས༔ གནས་གཙང་མཎྜལ་དྲི་ཆུས་བྱུག༔ ཚོམ་བུ་བཞི་དང་མཆོད་གཏོར་བཤམ༔ ལས་གཞུང་བཟླས་པ་དང་བཅས་བྱ༔ དེ་ནས་བུམ་ཆུས་སློབ་མ་བཀྲུ༔ བགེགས་བསྐྲད་སྲུང་འཁོར་མཎྜལ་ཕུལ༔ གསོལ་བ་འདི་སྐད་ལན་གསུམ་གདབ༔ ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ངོ་བོ་རྡོ་རྗེ་གྲོ་ལོད་རྩལ༔ བདག་ཅག་འདིར་འདུས་དད་ལྡན་ལ༔ བྱིན་རླབས་དངོས་གྲུབ་རྣམ་གཉིས་སྩོལ༔ བརྒྱུད་ཁུངས་ཟབ་པའི་ལོ་རྒྱུས་བཤད༔ དེ་ནས་སྐྱབས་སྡོམ་གནང་བ་ནི༔ ཧོ༔ སྐལ་ལྡན་སྐྱེས་བུ་ཁྱེད་རྣམས་ཀུན༔ དལ་འབྱོར་ཐོབ་པ་གྲངས་མང་ཡང༔ གསང་སྔགས་ཟབ་མོའི་སྒོར་ཞུགས་དཀོན༔ དེ་ཉིད་བསོད་ནམས་ཚོགས་ལས་བྱུང༔ སླར་ཡང་ཟབ་མོའི་གདམས་ངག་ཉོན༔ བླ་མ་ལྷ་ལ་གསོལ་བཏབ་ནི༔ ན་མོ་བདེ་གཤེགས་སྤྱན་སྔ་རུ༔ སྔོན་ཆད་བག་མེད་ལས་སྨིན་རྣམས༔ དེང་ནས་བྱང་བར་མཛད་དུ་གསོལ༔ ཕྱིན་ཆད་སྒོ་གསུམ་ཉིད་ལ་འབུལ༔ ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས༔ སློབ་མ་ལྷར་གསལ་ཡེ་ཤེས་བསྟིམ༔ སྤོས་རོལ་དབྱངས་བཅས་འདི་སྐད་བསྐུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་མོས་པའི་བུ་རྣམས་ལ༔ བྱིན་རླབས་འབེབ་ཕྱིར་གནས་འདིར་བྱོན༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ༔ ཁྱད་པར་ཐུགས་རྗེས་བོད་ལ་དགོངས༔ ལས་ངན་རྣམ་སྨིན་མནར་བ་ཡི༔ བདག་ཅག་རྗེས་འཇུག་བུ་སློབ་རྣམས༔ ཐུགས་ཀྱིས་འདོར་རམ་གུ་རུ་རྗེ༔ ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་ན༔ ཡང་སངས་རྒྱས་པའི་དགོས་པ་ཅི༔ བདག་ཅག་གདུང་བའི་མཆི་མ་འཁྲུགས༔ གསོལ་འདེབས་སྙིང་ནས་འོ་དོད་འབོད༔ ཕ་མཆོག་ཁྱོད་ཀྱི་ཡོན་ཏན་དྲན༔ བུ་ལ་གཟིགས་ཤིག་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་སྐུ་ཡི་བྱིན་ཕོབ་ཅིག༔ བདེ་བ་སྤོར་ཅིག་དྷཱ་ཀིའི་ཚོགས༔ ངག་ལ་གསུང་གི་བྱིན་ཕོབ་ཅིག༔ ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་ཐུགས་ཀྱི་བྱིན་ཕོབ་ཅིག༔ རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་མོས་པའི་བུ་རྣམས་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཕོབ་ཅིག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོངས༔ རྩ་གསུམ་དམ་ཚིག་ཉམས་པ་སྐོངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་ཐོགས༔ མི་མཐུན་རྐྱེན་སོལ་མཐུན་པ་སྒྲུབས༔ མཆོག་དང་ཐུན་མོང་བྱིན་ཕོབ་ཅིག༔ ཅེས་དང་ཧཱུྃ་གསུམ་ཧཱུྃ་བདུན་བསྒྲིལ༔ མང་བར་བརྗོད་ཅིང་ལུས་གར་བསྒྱུར༔ མངོན་སུམ་བྱིན་ཕེབ་རྟགས་བྱུང་ནས༔ སུ་པྲ་ཏིཥྛས་མེ་ཏོག་འཐོར༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བརྡ་དོན་བུམ་པའི་དཀྱིལ་འཁོར་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་དྲི་མ་བག་ཆགས་དག༔ གྲོ་ལོད་རྩལ་དང་དབྱེར་མེད་ཤོག༔ སྐབས་འདིར་ཧཱུྃ་གསུམ་ཧཱུྃ་བདུན་བརྩེགས༔ གཏོར་མ་ཙཀ་ལི་སྤྱི་བོར་བཞག༔ ཧཱུྃ༔ སྒྱུ་འཕྲུལ་སྐུ་གཟུགས་བ་ལིཾ་དབང༔ རིགས་ཀྱི་བུ་ལ་བྱིན་འབེབ་ན༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ནས༔ ཀུན་ཁྱབ་ཀུན་བྱེད་དབང་ཐོབ་ཤོག༔ ཧཱུྃ་བསྒྲིལ་བཟླ་བ་གོང་བཞིན་འགྲེ༔ བགྲང་ཕྲེང་ལག་གཏད་ཧཱུྃ་བཟླས་ནས༔ ཧཱུྃ༔ བརྗོད་བྱའི་ཚིག་དབང་ཧཱུྃ་འདི་ཡིན༔ བདེ་གཤེགས་ཀུན་གྱི་ཡང་སྙིང་ཧཱུྃ༔ རིགས་ཀྱི་བུ་ལ་ཧཱུྃ་བསྟིམས་པས༔ གྲགས་སྟོང་གསུང་དབྱངས་དབང་ཐོབ་ཤོག༔ ཧཱུྃ་འགྲེས༔ སྣ་ཚོགས་རྡོ་རྗེ་སྙིང་གར་བཞག༔ ཧཱུྃ༔ ཕྲིན་ལས་བཞི་སྒྲུབ་རྒྱ་གྲམ་དབང༔ རིགས་ཀྱི་བུ་ལ་འདི་གཏད་པས༔ རིག་པ་རྩལ་དབང་ཐོབ་གྱུར་ནས༔ གྲོ་ལོད་རྩལ་དང་དབྱེར་མེད་ཤོག༔ ཧཱུྃ་འགྲེས༔ གསེར་གྱི་རྡོ་རྗེ་ལག་གཡས་གཏད༔ ཧཱུྃ༔ གསེར་གྱི་རྡོ་རྗེ་རྩེ་དགུ་འདི༔ ནམ་ཡང་འབྲལ་མེད་འཆང་བར་བྱ༔ དོན་ལ་རང་རིག་རང་གསལ་བརྡ༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ ཧཱུྃ་བཟླ༔ ལྕགས་ཀྱི་ཕུར་པ་ལག་གཡོན་གཏད༔ ཧཱུྃ༔ སྐུ་གསུམ་རང་བཞིན་ལྕགས་ཕུར་འདི༔ རིགས་ཀྱི་བུ་ལ་འདི་གཏད་པས༔ ཕྱི་ནང་བར་ཆད་རྡུལ་དུ་རློག༔ དུག་གསུམ་བསྒྲལ་བའི་དབང་ཐོབ་ཤོག༔ ཧཱུྃ་བཟླ༔ དེ་ནས་ཚོགས་དང་མཎྜལ་ཕུལ༔ རྗེས་ཀྱི་བྱ་བ་སྤྱི་ལྟར་བྱ༔ ས་མ་ཡ༔ ཁཾཐ༔ ཡང་གསང་ཧཱུྃ་གི་རྟགས་རྫོགས་ནས༔ ལས་ཚོགས་རིམ་པ་བྱ་འདོད་ན༔ གནས་ལྔར་རང་མདོག་ཧཱུྃ་ཡིག་གསལ༔ དེ་ནས་སྣང་སྲིད་ཡིད་ཡུལ་ཀུན༔ བདེ་ཆེན་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་དཀར་དྲི་མེད་རྡོ་རྗེ་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ནད་གདོན་སྡིག་སྒྲིབ་ཞི༔ ལོངས་སྤྱོད་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་དམར་དྲི་མེད་ལྕགས་ཀྱུ་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ལྷ་འདྲེ་མི་གསུམ་སྡུད༔ ཆོས་ཀྱི་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་སྔོན་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ལས་ཀུན་ལྷུན་གྱིས་གྲུབ༔ སྤྲུལ་པའི་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་སེར་དྲི་མེད་རིན་ཆེན་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ཚེ་བསོད་དཔལ་འབྱོར་རྒྱས༔ བདེ་སྐྱོང་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་ལྗང་དྲི་མེད་མཚོན་མེ་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་དགྲ་བགེགས་གདུག་པ་ཐུལ༔ ནུས་ཐོན་ཧཱུྃ་བསྒྲག་གར་དབྱངས་བཅས༔ དབང་བསྐུར་རྒྱུན་ཁྱེར་ཉེར་གཅིག་རེ༔ གཞན་ཡང་ཡིད་ལ་ཅི་འདོད་པ༔ ཡི་གེ་ཧཱུྃ་གི་འཕྲོ་འདུ་བྱ༔ ཧཱུྃ་སྒྲ་སྒྲོག་ཅིང་དམིགས་པ་དང༔ བྱམས་དང་སྙིང་རྗེའི་ནུས་པས་བསྒྱུར༔ ཅི་འདོད་འབྲས་བུ་འཕྲལ་དུ་འགྲུབ༔ དེས་ན་ཧཱུྃ་ཡིག་གྲངས་མེད་སྤྲོས༔ ཤར་ལྷོ་དང་ནི་ནུབ་བྱང་དབུས༔ ཕྱོགས་མཚམས་ཐམས་ཅད་ཧཱུྃ་སྒྲས་བཀང༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་འབྲུག་ལྟར་སྒྲོག༔ རང་སེམས་ཧཱུྃ་དང་དབྱེར་མེད་བསྲེས༔ བསྐྱེད་རྫོགས་གཉིས་མེད་ཀློང་ཡངས་ངང༔ མ་བཅོས་ལྷུག་པའི་ཡི་གེ་ཧཱུྃ༔ འདི་ཉིད་ཁོ་ན་བསྙེན་སྒྲུབ་མཆོག༔ བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ༔ འབྲུ་གཅིག་ཨ་ཏིའི་ཁྱད་ཆོས་ཡིན༔ འདི་ལ་དམིགས་པ་འཁྲུལ་འཁོར་དང༔ གར་དབྱངས་ཕྱག་རྒྱའི་ཆོས་སྐོར་རྣམས༔ སྒྲུབ་དུས་དྷཱ་ཀིས་དངོས་སུ་སྟོན༔ མ་འོངས་སྐལ་ལྡན་བུ་རྣམས་ཀྱིས༔ བླ་མ་རྣམས་ལ་གསོལ་འདེབས་དང༔ ཧཱུྃ་སྒྲ་གསུམ་བསྒྲིལ་བདུན་བསྒྲིལ་སྤྲད༔ དེ་བཞིན་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་རྣམས་ལ་གསོལ་འདེབས་དང༔ ཧཱུྃ་སྒྲ་གསུམ་བསྒྲིལ་བདུན་བསྒྲིལ་སྤྲད༔ བྱིན་འབེབ་སྨོན་ལམ་བཟང་པོ་དང༔ བཀྲ་ཤིས་བདེ་ལེགས་གསོལ་འདེབས་དང༔ ཧཱུྃ་སྒྲ་གསུམ་བསྒྲིལ་བདུན་བསྒྲིལ་སྤྲད༔ རྒྱ་ཆེ་གྲངས་མང་བཀའ་ལུང་དོན༔ བླ་མའི་མན་ངག་དག་ལ་འདུས༔ དེ་ཡང་ཟབ་གཏེར་དཔག་མེད་ཀྱང༔ གསང་བའི་ཡང་གསང་འབྲུ་གཅིག་འདི༔ བདག་འདྲ་པདྨའི་སྲོག་སྒྲུབ་ཡིན༔ ཨོ་རྒྱན་ང་ཡི་ཡོན་ཏན་ཀུན༔ འབྲུ་གཅིག་འདི་ལ་བརྟེན་ནས་བྱུང༔ ཕྱི་རབས་རྗེས་འཇུག་སྐལ་ལྡན་རྣམས༔ འབྲུ་གཅིག་འདི་ལ་ནན་གྱིས་སྒྲུབས༔ འདི་ཡིས་མི་བསླུ་ཅི་བསམ་འགྲུབ༔ དུ་མ་རོ་གཅིག་སྙིང་ཐིག་འདི༔ མ་འོངས་ལས་ཅན་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཾཐ་གུ་ཧྱ༔ ཞེས་བདག་འདྲ་པདྨ་བདེ་ཆེན་གླིང་པས་དྲེ་ཕུ་བྲག་རི་ཞུན་མཁར་ནས་གདན་དྲངས་པའོ།། །།
གནམ་ཆོས་ཐུགས་གཏེར་ལས་ཛཾ་ལྷ་སྤྱིའི་ལས་བྱང་འདོད་དགུའི་ཆར་འབེབ་ (Volume 50, Text 57)
གནམ་ཆོས་ཐུགས་གཏེར་ལས་ཛཾ་ལྷ་སྤྱིའི་ལས་བྱང་འདོད་དགུའི་ཆར་འབེབ་བཞུགས་སོ༔ ༁ྃ༔ ྈྈྈ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཧཱུྃ༔ ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ ནོར་གྱི་དབང་ཕྱུག་ཛཾ་བྷ་ལ༔ ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ༔ ཇི་སྲིད་བར་དུ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཛཿཛ༔ ཏིཥྛ་ལྷན༔ སྟོང་གསུམ་འདི་འམ་གཞན་དག་གི༔ དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ༔ ཡིད་སྤྲུལ་རྟགས་བརྒྱད་རྒྱལ་སྲིད་བདུན༔ དངོས་འབྱོར་མཆོད་གཏོར་འདི་འབུལ་བཞེས༔ རྩ་སྔགས། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། ཧཱུྃ༔ བདེར་གཤེགས་སྦྱིན་པའི་ཕ་རོལ་ཕྱིན༔ གཟུགས་ཀྱི་སྐུར་སྤྲུལ་ཛཾ་བྷ་ལ༔ དྲན་པ་ཙམ་གྱིས་དབུལ་ཕོངས་སེལ༔ ཛཾ་ལྷ་ཆེ་གེར་ཕྱག་འཚལ་བསྟོད༔ ཐོག་མེད་སེར་སྣའི་ལས་བསགས་རྣམས༔ མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག༔ དབུལ་ཕོངས་ཐམས་ཅད་ཞི་བ་དང༔ དཔལ་འབྱོར་ནོར་དབྱིག་འཕེལ་ཞིང་རྒྱས༔ འདོད་དགུ་སྣང་སྲིད་དབང་དུ་སྡུས༔ སྙིགས་དུས་མུ་གེའི་བསྐལ་པ་ཟློགས༔ ཐུགས་དམ་དུས་བབས་ས་མ་ཡ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ྈྈ ཅེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རང་ལོ་བཅུ་གསུམ་བྱ་ལོ་སྣྲོན་ཟླ་བའི་ཉེར་བཞི་ལ་ཛཾ་དམར་ཞལ་གསུམ་ཕྱག་དྲུག་པས་དངོས་སུ་གསུངས་སོ།། །།
ཟབ་བདུན་རྩ་གསུམ་གདམས་སྐོར་ལས། འཆི་མེད་ཚེའི་ཕྲིན་ལས་རྒྱུན་ཁྱེར་པདྨའི་སྙིང་པོ་ (Volume 20, Text 57)
༄༅། །ཟབ་བདུན་རྩ་གསུམ་གདམས་སྐོར་ལས། འཆི་མེད་ཚེའི་ཕྲིན་ལས་རྒྱུན་ཁྱེར་པདྨའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། བླ་མ་རྣམ་སྣང་ཚེ་དཔག་མེད། རིག་རྩལ་སྤྲུལ་འཁོར་བཅས་ལ་འདུད། །སྔོན་མེད་ཟབ་གསང་ངོ་མཚར་ཡང་། །སྤྲོས་ཕྱིར་རྒྱུན་དུ་ཁྱེར་བདེར་བཀོད། །འཆི་མེད་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་ལས་བྱང་ཆེན་མོར་སྔོན་འགྲོ་དངོས་གཞི་རྗེས་གསུམ། དེ་རེ་རེ་ལ་ས་བཅད་བཅུ་རེས་བསྟན་པ་ལས། ཐོག་མར་སྔོན་འགྲོའི་ས་ཁོང་རྒྱུད་སྦྱང་བ་ནི། ན་མོ། བླ་མ་ཚེ་དཔག་མེད་པ་འཁོར་དང་བཅས། །ཆོས་ཀྱི་དབྱིངས་ནས་འདིར་གཤེགས་གདན་ལ་བཞུགས། །ཕྱག་འཚལ་སྐྱབས་མཆི་མཆོད་འབུལ་ཉེས་ལྟུང་བཤགས། །ཡི་རང་ཆོས་འཁོར་བསྐུལ་ཅིང་རྟག་བཞུགས་གསོལ། །དགེ་བ་འགྲོར་བསྔོ་བདག་གིས་འཆི་མེད་མཆོག །བསྒྲུབས་ནས་གཞན་དོན་བྱེད་པར་སེམས་བསྐྱེད་དོ། །བགེགས་གཏོར་གཏང་ན། བྱིན་བརླབ་སྔགས་བསྔོས་སྤྱི་འགྲེ་བྱས་ལ། ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་སངས་རྒྱས་དཔལ་ཆེན་ཁྲོ་བོའི་བཀའ༔ ཉོན་ཅིག་ཚེ་ལ་བར་གཅོད་འཆི་བདག་བདུད༔ མ་ལུས་འཁོར་བཅས་གཏོར་མ་འདི་ལོངས་ལ༔ ཞི་བ་བྱང་ཆུབ་སེམས་ཀྱིས་གཞན་དུ་དེངས༔ ཞེས་དང་དྲག་སྔགས་ཀྱིས་བསྐྲད། སྲུང་འཁོར་ནི། ཧཱུྃ༔ འབར་བའི་དབྱིངས་ལས་ཁྲོ་བོའི་འོད་ཟེར་དང༔ ཕྱག་མཚན་རྣམ་ལྔའི་གུར་ཁང་མེ་ཕུང་འབར། །ཅིས་ཀྱང་མི་འགྱུར་མི་ཤིགས་སྲུང་བའི་གུར༔ མི་ཕྱེད་རྡོ་རྗེའི་རང་བཞིན་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཀྲོ་དྷ་ཙཀྲ་བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཀྵ་ཀུ་རུ་ཧཱུྃ༔ བརྡ་སྒོ་ཕྱག་བཤགས་པ་དམ་བཅའ་རྣམས་ནི། ཧཱུྃ་ཧྲཱི༔ རང་གསལ་རིག་པ་ཡེ་ཤེས་སྒོ་དབྱེ་འཚལ༔ སྐུ་དང་ཞིང་ཁམས་དབྱེར་མེད་ངང་དུ་འདུད༔ ཚུལ་བཞིན་མ་རྟོགས་ཉེས་འགལ་གང་བགྱིས་བཤགས༔ སྲོག་གི་ཕྱིར་ཡང་མི་གཏང་བསྒྲུབ་པར་བགྱི༔ ས་མ་ཡ་བོ་དྷི་ཙིཏྟ་ཧཱུྃ༔ བྱིན་དབབ་པ་ནི། ཧཱུྃ་ཧྲཱི༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་མ་ལུས་ཀུན༔ རང་བཞིན་འོད་གསལ་ཀློང་ནས་སྐུར་བཞེངས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ། །ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། ཨོཾ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་རཀྟ་མ་ཧཱ་བ་ལིན་ཏ་ཨཱཿཧཱུྃ། གཉིས་པ་དངོས་གཞི་ལ། དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ སྣང་སྲིད་ཐམས་ཅད་ཡེ་ནས་སྟོང་པའི་ངང༔ འོད་གསལ་རང་གདངས་སྙིང་རྗེར་ཀུན་ཏུ་སྣང༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྒྱུ་ཡི་ཧཱུྃ༔ འབར་བའི་འོད་ཀྱིས་སྣོད་བཅུད་དག་པར་སྦྱངས༔ དྷརྨཱ་དྷཱ་ཏུ་ཤུདྡྷེ་ཨ༔ བོ་དྷི་ཙིཏྟ་ཧཱུྃ༔ ཧཱུྃ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་འཕྲོས༔ འབྱུང་བ་རིམ་བརྩེགས་རི་རབ་མེ་དཔུང་ཀློང་། །སླར་ཡང་ཧཱུྃ་ལས་པཾ་བྷྲཱུྃ་ཧཱུྃ་འཕྲོས་པས༔ པདྨ་འདབ་སྟོང་རྡོ་རྗེའི་ས་གཞིའི་དབུས༔ རིན་ཆེན་གཞལ་ཡས་མཚན་ཉིད་ཡོངས་སུ་རྫོགས། །ནང་དུ་པདྨ་རིན་ཆེན་འཇའ་འོད་འཁྲིགས། །སེང་གེ་གླང་རྟ་རྨ་བྱ་ཤང་ཤང་ཁྲིར། །པདྨ་ཉི་ཟླ་དར་ཟབ་ལྷོད་འབོལ་བརྩེགས། །གཞལ་ཡས་གདན་བཅས་སྣང་སྟོང་འོད་དུ་འབར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ རཏྣ་པདྨ་སཱུརྱ་ཙནྡྲ་མཎྜ་ལ་བྷྲཱུྃ༔ ཧཱུྃ༔ རྒྱུ་ཡི་ཧཱུྃ་ཡིག་དབུས་ཀྱི་ཁྲི་ལ་བབས༔ འོད་འཕྲོས་དོན་གཉིས་བྱས་འདུས་ཞུ་བ་ལས༔ ཉི་ཟླའི་བར་དུ་འཁོར་ལོ་ཨོཾ་གྱིས་མཚན༔ རྗེས་ཆགས་འོད་ཞུ་བདེ་སྟོང་ཟུང་འཇུག་སྐུ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔དཀར་གསལ་ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱིས་སྤྲས། །མཉམ་གཞག་ཕྱག་ན་ཚེ་བུམ་འཁོར་ལོ་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པ་དེ་ཡི་པང༔ ཚེ་ཡི་བདག་མོ་དབྱིངས་ཕྱུག་དཀར་མོས་འཁྱུད༔ རིན་ཆེན་རྒྱན་ལྡན་མདའ་དར་ཚེ་བུམ་བསྣམས༔ སྙོམས་འཇུག་བདེ་རོལ་བྱང་སེམས་འཕྲོ་འདུ་ལས༔ རིགས་བཞིའི་ཕྱག་མཚན་ས་བོན་དང་བཅས་པ༔ ཡོངས་གྱུར་ཕྱོགས་བཞིའི་ཁྲི་སྟེང་སྲས་ཀྱི་ཚུལ༔ ཤར་དུ་མི་བསྐྱོད་མཱ་ཀཱི་ཡབ་ཡུམ་མཐིང་། །ལྷོ་རུ་རིན་འབྱུང་སྤྱན་མ་ཡབ་ཡུམ་སེར། །ནུབ་ཏུ་སྣང་མཐའ་གོས་དཀར་ཡབ་ཡུམ་དམར། །བྱང་དུ་དོན་གྲུབ་སྒྲོལ་མ་ཡབ་ཡུམ་ལྗང་། །ཀུན་ཀྱང་ལོངས་སྐུའི་རྒྱན་རྫོགས་མཉམ་གཞག་སྟེང་། །ཚེ་བུམ་རིགས་ཀྱི་ཕྱག་རྒྱས་སྤྲས་པ་འཛིན། །སྒོ་བཞིར་མགྱོགས་མ་དཀར་སྔོ་དམར་ལྗང་རྣམས། །རང་རྟགས་ཚེ་བུམ་དར་དང་རིན་ཆེན་བརྒྱན། །གཞན་ཡང་རབ་འབྱམས་ཚེ་ལྷ་འཁོར་དང་བཅས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་རུ་གསལ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་པ་འགུགས་བསྟིམ་ནི། ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་ལྔ་ལྡན་ཞིང་ཁམས་ནས༔ བདེ་གཤེགས་ཚེ་བདག་རིགས་ལྔ་འཁོར་དང་བཅས༔ མོས་པའི་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་བ་དང༔ འགྲོ་བའི་དོན་ཕྱིར་དགྱེས་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ བཅོམ་ལྡན་ཚེ་བདག་རྒྱལ་བ་རིགས་ལྔའི་ལྷ༔ རང་བྱུང་སྐུ་གསུང་ཐུགས་དང་ཡོན་ཏན་ལྡན༔ ཕྲིན་ལས་མཛད་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་ནི། ཧཱུྃ་ཧྲཱི༔ བླ་མེད་མཆོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན༔ ཐུགས་རྗེའི་བརྩེ་བས་དགྱེས་པར་བཞེས་ནས་ཀྱང༔ མི་འགྱུར་མི་ཤིགས་ཚེ་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྡ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ ཛཔ྄་ཟླ་བ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་དགྱེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བསྐུལ། ཐུགས་ཀར་རྒྱ་གྲམ་ཉི་ཟླའི་གྭ་འུའི་ནང། །ཕྱག་མཚན་དཔའ་བོ་འབྲུ་ལྔས་མཚན་པའི་མཐར། །སྔགས་ཕྲེང་གཡས་སུ་བསྐོར་བའི་འོད་ཟེར་གྱིས། །བླ་ཚེ་ཡར་ཉམས་འཁོར་འདས་དྭངས་བཅུད་བསྡུས། །དུག་ལྔའི་དབང་གིས་ཚེ་ཉམས་ལས་སྒྲིབ་དག །སྐུ་ལྔ་ཡེ་ཤེས་ཚེ་དབང་ཐོབ་པར་གྱུར། །ཅེས་པའི་དམིགས་གནད་བཅས། ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཞེས་དང་། ཐུན་མཐར་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱང་བཟླ། རྒྱུན་ཁྱེར་ལྟ་བུའི་དཀྱུས་ལ་མི་དགོས་ཀྱང་བསྙེན་སྒྲུབ་དང་དབང་བསྐུར་སྐབས་སུ་ཚེ་འགུགས་མདོར་བསྡུ་ན། ཧཱུྃ༔ ཕྱོགས་བཞི་དབུས་ནས་ཚེ་མཆོག་སྐུལ་བའི་ལྷ། །བཅོམ་ལྡན་རིགས་ལྔའི་རྒྱལ་བ་ཡབ་ཡུམ་དང་། །སྤྲུལ་པ་ཕྱག་བརྙན་བཅས་པ་དགོངས་སུ་གསོལ༔ བདག་ཉིད་ཚེ་དང་སྒྲུབ་པ་མཐར་ཕྱིན་ཕྱིར༔ ཚེ་དང་ཡེ་ཤེས་མྱུར་བར་བསྩལ་དུ་གསོལ༔ ཞེས་གསོལ་བ་གདབ། མདའ་དར་གཡབ་ལ། ཧཱུྃ༔ ཕྱོགས་བཞི་དབུས་ལྔའི་དཀྱིལ་འཁོར་ཆེན་པོ་ནས། །རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་དབུས། །བཅོམ་ལྡན་རིགས་ལྔ་ཚེ་བདག་ཡབ་ཡུམ་རྣམས། །ཐུགས་དམ་དབྱིངས་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ རིགས་ལྔའི་སྣོད་བཅུད་ཡོངས་རྫོགས་བུམ་པ་ནི། །ཡེ་ཤེས་རྣམ་ལྔའི་ངོ་བོར་ལྷུན་གྱིས་གྲུབ༔ བུམ་པའི་རང་བཞིན་ཡེ་ཤེས་གཞལ་ཡས་ཁང༔ གཞལ་ཡས་ཁང་ནི་ཕྱི་ནང་ཟང་ཐལ་གསལ༔ བུམ་པའི་མགུལ་ཆིངས་ལེ་བརྒན་དར་ལ་བྱས༔ ལེ་བརྒན་དར་གྱིས་ཡེ་ཤེས་རྣམ་པར་གསལ༔ བུམ་པའི་ཁ་རྒྱན་རིན་ཆེན་དཔག་བསམ་ཤིང༔ དཔག་བསམ་ཤིང་ལས་དགོས་འདོད་འབྲས་བུ་འབྱུང༔ བུམ་པའི་གཟུངས་ཐག་རྡོ་རྗེ་ལུ་གུ་རྒྱུད༔ ལུ་གུ་རྒྱུད་ནི་ཚེ་ཡི་རྒྱུན་དང་ལྡན༔ བུམ་པའི་ཁ་དོག་དཀར་སྔོ་སེར་དམར་ལྗང་། །འོད་ཟེར་རྣམ་ལྔ་ཕྱོགས་བཅུ་ཀུན་ཏུ་ཁྱབ། །བུམ་པའི་བདུད་རྩི་འཆི་མེད་ཚེ་ཡི་བཅུད༔ ཚེ་ཡི་བཅུད་ནི་ནུས་པའི་ཕུལ་དུ་གྱུར༔ ནང་དུ་བདེ་གཤེགས་རིགས་ལྔའི་ལྷ་ཚོགས་བཞུགས། །བཅོམ་ལྡན་རིགས་ལྔ་ཚེ་ཡི་བདག་ཉིད་ཀྱི། །སྤྲུལ་པ་ཕྱག་བརྙན་ཕོ་ཉ་འཁོར་བཅས་ཀྱིས༔ སྟོང་གསུམ་འཇིག་རྟེན་མ་ལུས་ཕོ་ཉས་ཁེངས༔ ནམ་མཁའ་ས་ཆུ་མེ་རླུང་བཅུད་སྡུས་ཤིག །ཕྱོགས་དུས་རྒྱལ་བ་སྲས་བཅས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཚེ་མཆོག་མ་ལུས་དང་། །འཇིག་རྟེན་སྐྱེ་འགྲོ་རིགས་ལྔ་ཐམས་ཅད་ཀྱི། །ཚེ་དང་བསོད་ནམས་སྟོབས་དང་ལོངས་སྤྱོད་རྣམས༔ འོད་ཟེར་སྣ་ལྔ་ཕྱག་མཚན་ལྔ་ཡི་གཟུགས། །བསྡུས་ཏེ་སྙིང་པོ་འབྲུ་ལྔའི་རྣམ་པར་གསལ། །དཀྱིལ་འཁོར་འདི་རུ་ཆར་ལྟར་བབས་ནས་ཀྱང༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ་དུ་གསོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཛ༔ ཧཱུྃ༔ ཕྱོགས་བཞི་དཀར་སྔོ་དམར་ལྗང་གཞལ་ཡས་ནས། །རིགས་བཞིའི་མགྱོགས་མ་ཚེ་ཡི་བདག་མོ་ནི། །ཐུགས་རྗེས་ལས་བྱེད་ཕྱག་རྒྱ་རྣམ་བཞི་འཛིན། །ཚེ་ཡི་བཅུད་ལྡན་རིན་ཆེན་བུམ་པ་འཛིན། །རྫུ་འཕྲུལ་ཤུགས་ཀྱིས་གླིང་བཞིའི་མཐའ་བསྐོར་ལ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་འཇིག་རྟེན་ཁེངས༔ ཨཱཿཡུ་ཚེ་ཡི་དངོས་གྲུབ་འདིར་སྡུས་ཤིག༔ ཅེས་བཀུག་ལ། ལུས་ནང་ཚེ་བཅུད་གང་བའི་དྭངས་མ་རྣམས། །གྭ་འུའི་བར་དུ་ཐུགས་སྲོག་ཉིད་ལ་ཐིམ། །བཀྲག་མདངས་འོད་འབར་ཚེ་དབང་རིག་འཛིན་བརྙེས། །གྭ་འུ་ཁ་འགྲིགས་རྒྱ་གྲམ་རྭ་བསྣོལ་མས། །རྒྱས་བཏབ་གཟུངས་སྔགས་ཕྲེང་བས་བཅིངས་པར་གྱུར། །ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོ༔ ཏིཥྛ་ལྷན༔ ཞེས་རྒྱས་གདབ་ལ་ཁ་སྐོང་སྟོང་ཚིགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ཚོགས་མཆོད་བཤམས་ལ། བྱིན་རླབས་ནི། རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ། ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྒྱེད་སྟེང། །བནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །ཕྱག་མཚན་ཡི་གེ་རྣམས་ཀྱིས་མཚན་པར་གྱུར། །ཧཱུྃ་ཧཱུྃ་ཧཱུྃ༔ རླུང་གིས་མེ་སྦར་རྫས་ཞུ་འཆར་ཁའི་མདོག །འོད་ཟེར་རབ་འཕྲོས་འཁོར་འདས་དྭངས་བཅུད་བསྡུས། །རིགས་ལྔ་ཡབ་ཡུམ་བཅུར་གྱུར་སྙོམས་ཞུགས་ཞུ། །དམ་ཡེ་དབྱེར་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ༔ གསུམ། སྤྱན་འདྲེན་ནི། ཧཱུྃ་ཧྲཱི༔ འོག་མིན་བདེ་ལྡན་རིགས་ལྔའི་ཞིང་ཁམས་ནས༔ རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ལ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་པཱུ་ཛ་ཧོ༔ དང་པོ་མཆོད་པ་ནི༔ ཧཱུྃ་ཧྲཱི༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་ནས་ཀྱང༔ ཚེ་དང་ཡེ་ཤེས་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧཱུྃ་ཧྲཱི༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་པོ༔ བག་མེད་དབང་གྱུར་ཉམས་ཆག་འགལ་འཁྲུལ་རྣམས༔ ཕྱི་ནང་གསང་བའི་མཆོད་པས་བསྐང་ཞིང་བཤགས། །སྐུ་གསུང་ཐུགས་དང་ཡེ་ཤེས་ཚེ་དབང་སྩོལ། །ཨོཾ་བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་བསྟབ་ནི༔ ནྲྀ་ཏྲི་ཨངྐུ་ཤ་ཛཿཛ༔ ཧཱུྃ༔ ཚེ་བདག་རིགས་ལྔ་ཁྲོ་བོའི་སྐུ་རུ་བཞེངས༔ ཡུམ་ཆེན་ཀྲོ་དྷཱི་ཤྭ་རི་ཕྱག་བརྙན་བཅས༔ ཁྲག་འཐུང་ལྷ་ཚོགས་ཐུགས་དམ་དུས་ལ་བབས། །ཚེ་བདུད་ཁུག་ལ་རྡོ་རྗེ་ཕུར་བུས་སྒྲོལ། །དུག་གསུམ་ཤ་ཁྲག་རུས་པ་མཆོད་པར་འབུལ༔ སྲིད་གསུམ་འཁོར་བ་སྟོངས་ནས་ཞལ་དུ་བསྟབ༔ མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ དེ་ནས་ནང་གི་སྦྱིན་སྲེག་གིས་རོལ་པའི་ལྷག་མ་རྣམས། པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབས། ཧཱུྃ༔ དཔལ་གྱི་ལྷག་སྡུད་ཕོ་ཉའི་ཚོགས༔ ཚོགས་ལྷག་མཆོད་པ་འདི་བཞེས་ཤིག༔ ཚེ་ཡི་བར་ཆད་ཞི་བ་དང༔ ལས་རྣམས་མྱུར་དུ་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ། ཆད་མདོ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་རུ། །རྒྱུད་གསུངས་གཏེར་སྦས་དེ་ཉིད་བཏོན་པའི་ཚེ། ཁས་བླངས་དམ་བཅས་མཁའ་འགྲོ་ཆོས་སྐྱོང་རྣམས། །སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་འདི་བཞེས་ཕྱི་ནང་བར་ཆད་སོལ༔ ཚེ་དཔལ་ཡེ་ཤེས་རྒྱས་པའི་ཕྲིན་ལས་མཛོད༔ བརྟན་སྐྱོང་ནི། ཧཱུྃ་བྷྱོ༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་མོ་བཞི་པོ་འཁོར་དང་བཅས༔ བདུད་རྩི་བཤལ་ཆུའི་གཏོར་མ་ལོངས༔ སྨན་དང་རཀྟའི་མཆོད་པ་བཞེས༔ སྔོན་གྱི་ཁས་བླངས་ཇི་བཞིན་དུ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་པདྨ་ཌཱ་ཀི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྲོ་ནི། ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སཏྭཾ་བྷ་ཡ་ནན༔ དངོས་གྲུབ་བླང་བ་ནི། ཧཱུྃ༔ སྒྱུ་འཕྲུལ་ཚེ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ དེང་འདིར་མོས་པའི་གདུང་བས་གསོལ་འདེབས་ན༔ རིག་འཛིན་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་དང་། །ཐུན་མོང་བླ་མེད་མཆོག་གི་དངོས་གྲུབ་སྩོལ། །སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་གཏང་རག་མཆོད་བསྟོད་མདོར་བསྡུས་དང་། ནོངས་བཤགས་སྤྱི་འགྲེ་ཡིག་བརྒྱ་བཅས་བརྗོད། བསྡུ་ལྡང་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཐམས་ཅད་འོད་ཞུ་རང་ལ་ཐིམ༔ རང་ཡང་རིམ་བཞིན་སྙིང་པོའི་སྲོག་ཏུ་གྱུར༔ མི་དམིགས་ཀ་དག་ཀློང་དུ་ཚེ་སྦས་པས༔ རང་བྱུང་ཡེ་ཤེས་འགྱུར་མེད་ལྷུན་གྱིས་གྲུབ༔ ཕཊ་ཕཊ་ཕཊ༔ སླར་ཡང་བདག་ཉིད་ཟུང་འཇུག་སྒྱུ་མའི་སྐུ༔ རྟ་མགྲིན་དམར་པོ་པདྨ་བྷཉྫའི་ཕྱག༔ ཐུགས་ཀར་ཚེ་དཔག་མེད་བཞུགས་མི་འགྱུར་སྲོག༔ ཨ་ཡིག་ལྡན་པའི་འོད་ཟེར་རྡོ་རྗེའི་སྒོ༔ རྡོ་རྗེ་གསུམ་གྱི་རང་བཞིན་གཅིག་ཏུ་གྱུར༔ བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧཾ༔ བསྔོ་སྨོན་ནི། སྒྱུ་འཕྲུལ་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ༔ བླ་ན་མེད་པའི་དགེ་བ་གང་བསགས་པ༔ མཁའ་ཁྱབ་འགྲོ་དྲུག་སེམས་ཅན་མ་ལུས་ཀུན༔ འཆི་མེད་ཚེ་ཡི་གོ་འཕང་ཐོབ་ཕྱིར་བསྔོ༔ བདག་གིས་ཚེ་ཡི་ཕྲིན་ལས་ཆོ་ག་རྣམས༔ བསྒོམས་བསྒྲུབས་འཆད་དང་བྲིས་འཆང་ཀུན་ཆུབ་པའི༔ བསོད་ནམས་གང་མཆིས་དུས་འདིར་སྨིན་གྱུར་ནས༔ མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་ཤོག༔ ཤིས་བརྗོད་ནི། ཧཱུྃ་ཧྲཱི༔ བྱིན་རླབས་གཏེར་ཆེན་རིག་འཛིན་བླ་མའི་ཚོགས༔ ཚེ་དང་ཡེ་ཤེས་དཔག་མེད་ཡི་དམ་ལྷ༔ ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྲུང་སྟེ༔ རབ་འབྱམས་རྩ་གསུམ་འཁོར་ལོའི་བཀྲ་ཤིས་ཤོག༔ གནས་སྐབས་བདག་གཞན་འགྲོ་བ་ཀུན་དོན་དུ༔ ཕྲིན་ལས་གང་བརྩམ་མྱུར་དུ་འགྲུབ་པ་དང༔ མཐར་ཐུག་པདྨ་དྲྭ་བའི་ཞིང་ཁམས་སུ༔ མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག་གོ །ནོངས་པ་བླ་མ་ལྷར་བཅས་སྤྱན་སྔར་བཤགས། །འདིས་ཀྱང་བདག་གཞན་འཆི་བདག་གཡུལ་ལས་རྒྱལ། །རྟག་བརྟན་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ། །ཚེ་དཔག་མེད་བཞིན་འགྲོ་ཀུན་དཔལ་གྱུར་ཅིག །ཟབ་གཏེར་གཉན་པོ་ལ་གཟུ་ལུམ་རས་ཆོད་མ་ཡིན་ཀྱང་གཏེར་གཞུང་ཕྲིན་ལས་བསྙེན་སྒྲུབ་ཀྱི་ཐུན་དང་རྒྱུན་ཁྱེར་ལྟ་བུར་ལྕོགས་དཀའ་བས། བླ་མ་ལྷ་ལ་གསོལ་བཏབ་གནང་བ་ཞུས་ཏེ་ས་ག་ཟླ་བའི་ཚེས་བཅུར་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་བྱེ་བྲག་གསུང་མཆོག་པདྨའི་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།། །།
ཟབ་མོ་ལྟ་བ་ཀློང་ཡངས་ཆ་ལག་འཇམ་དབྱངས་བློའི་མུན་སེལ་གྱི་སྒྲུབ་ཐབས་ཡབ་ཡུམ་སྤྱིར་སྒྲུབ་པ་དང་སྒོས་སུ་སྒྲུབ་པ་བླ་རྡོ་སྲོག་འཁོར་རྣམས་ (Volume 49, Text 57)
༄༅༔ ཟབ་མོ་ལྟ་བ་ཀློང་ཡངས་ཆ་ལག་འཇམ་དབྱངས་བློའི་མུན་སེལ་གྱི་སྒྲུབ་ཐབས་ཡབ་ཡུམ་སྤྱིར་སྒྲུབ་པ་དང་སྒོས་སུ་སྒྲུབ་པ་བླ་རྡོ་སྲོག་འཁོར་རྣམས་བཞུགས་སོ༔ འཁོར་འདས་ཀུན་མཁྱེན་རིག་པའི་ངང་དུ་ཕྱག་འཚལ་ལོ༔ ཤེས་རབ་རང་བྱུང་ཆེན་པོ་ཉིད༔ འཁོར་འདས་སྐད་ཅིག་རིག་པའི་ཐབས༔ རྒྱུད་ཀྱི་ཁ་སྐོང་ཉིད་དུ་བསྟན༔ འདི་ལ་རྣམ་པ་གསུམ་ཡིན་ཏེ༔ སྤྱི་སྒྲུབ་སྒོས་སྒྲུབ་རྫོགས་རིམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ལ་ཐོག་མར་ལོ་རྒྱུས་ནི༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དེ་ཉིད༔ དུར་ཁྲོད་སོ་ས་གླིང་ན་སྒྲ་དོན་སློབ་ཅིང་བཞུགས་པའི་ཚེ༔ ལོ་གསུམ་སོང་ཡང་ཤོ་ལོ་ཀ་དྲུག་ལས་ཐུགས་ལ་མ་ཟིན་ཏེ༔ ཐུགས་མུག་ནས༔ རང་གི་ལྕེ་འདི་སྤུ་གྲིས་བཅད༔ སློབ་པའི་པོ་ཏི་འདི་བྲག་ལ་སྦེད༔ བདག་ལ་གསང་སྔགས་བླ་མེད་ཀྱི་ལས་འཕྲོ་མེད་པ་ཡིན་ཏེ་ཡོང་བསམ་གཟིམས་བཞུགས་པའི་ནུབ་གཅིག་གི་ཐོ་རངས་མནལ་ལམ་དུ༔ འཇམ་དབྱངས་བློ་ཡི་མུན་སེལ་འདི་སེང་གེའི་ཁར་འཆིབས་ནས༔ སྒྲུབ་ཐབས་ལག་ལེན་རྣམས་གནང་ནས༔ བསྒྲུབས་པས་སྤྱིར་ཆོས་སྒོ་ཀུན་ལ་མཁས་ཤིང༔ ཁྱད་པར་ཨ་ཏི་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་མཁས༔ དེའི་ནང་ནས་ཀྱང་ཀློང་ཡངས༔ ཕ་རྒྱུད༔ མ་རྒྱུད༔ བུ་རྒྱུད་བཅས་པ་ལ་མཁས་པར་གྱུར་ཏོ༔ དེ་ལ་ཨོ་རྒྱན་པདྨ་ཉིད་ཀྱིས་ཞུས་ཏེ༔ དུར་ཁྲོད་ཧེ་ཆེན་བརྡལ་བར་བསྒྲུབས་པས་གྲུབ་པ་ཐོབ་བོ༔ དེ་ཉིད་ལ་བཻ་རོ་བདག་གིས་ཞུས་ཏེ༔ ཡང་ལེ་ཤོད་དུ་བསྒྲུབས་པས་ཞལ་མཇལ་ཏེ༔ འཁོར་འདས་ཀྱི་ཆོས་ཀུན་ལ་མཁས་པར་གྱུར་ཏེ༔ བདག་ཉིད་ཀྱིས་སྤེལ་བའི་གནས་མ་རྙེད་དེ༔ སའི་བཅུད་དུ་གཏམས་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱི་སྒྲུབ་ལ༔ སྔོན་འགྲོ་དང་དངོས་གཞི་རྗེས་དང་གསུམ་ལས༔ དང་པོ་འདི་ལྟ་བུ་སྒྲུབ་པའི་གནས་ནི༔ ལུང་པ་མེ་ཏོག་ཨུཏྤལ་ཁ་ཕྱེ་བ་འདྲ་བ༔ རི་བོ་རལ་གྲི་ཕྱར་བ་འདྲ་བ༔ བྲག་པོ་ཏི་བརྩེགས་པ་འདྲ་བ༔ ཁ་ལྷོར་བསྟན་པ་ཚ་གྲང་སྙོམ་ཞིང༔ བློ་ཕེབ་ལ༔ ཡང་ན་རྒྱུད་ལས་བྱུང་བ་ལྟ་བུ་གཅིག་ཏུ་སྒྲུབ་ཁང་བཅའ༔ སྒྲུབ་རྒྱགས་ཉེར་གཅིག་ཐུབ་པ་བསགས༔ དུས་ཚོད་ནི་ཚེས་བརྒྱད༔ སྐར་མ་རྒྱལ་འཛོམ་པའི་ཚེ་ནའོ༔ ཐོག་མར་ཕྱི་ནང་གི་མཚམས་ལེགས་པར་བཅད༔ ད་ལ་པདྨ་དཀར་པོ་འདབ་བཞི་པ་གཅིག་བྲི༔ རྫས་ནི་མཚལ་དཀར༔ གླ་རྩི༔ དབང་ལག༔ ཡུང་བ༔ ཅུ་གང༔ སྤང་རྒྱན་དཀར་པོ༔ པད་རཱག༔ རྡོ་རྗེ་སྐྱུགས་པ་རྣམས་བ་དམར་མོའི་འོ་མ་དང༔ ཁྱེའུའི་ཆུས་སྦྲུས་ལ༔ རིལ་བུ་སྲན་ཆུང་ཙམ༔ ཅི་མང་དུ་བྱས་ལ༔ ཨཀྵ་ལྔ་བཅུ་དང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པ་ལ༔ དར་དཀར་གྱིས་དྲིལ༔ ལྷུང་བཟེད་དུ་བཅུག་ལ༔ དལ་གྱི་ལྟེ་བ་ལ་བཞག༔ དར་དཀར་པོ་གཅིག་ལ༔ བླ་རྡོ་གོང་གི་རྫས་དང༔ རྒྱ་སྐྱེགས་ཀྱིས་བྲིས་ལ༔ རབ་ཏུ་གནས་ཏེ༔ ལྷུང་བཟེད་ཁ་བཅད༔ རལ་གྲི་སོར་བཞི་པ་མགར་བའི་ལག་ནས་མི་ལག་མ་བརྒྱུད་པ་གཅིག་ལ༔ ཧྲཱིཿདྷཱིཿབྲིས་ལ་བཞག་གོ༔ གཉིས་པ་དངོས་གཞི་ནི༔ སྐད་ཅིག་གིས་རང་ཉིད་མེ་ཏོག་ཨུཏྤལ་འདབ་མ་བརྒྱད་པའི་དབུས་སུ༔ ཟླ་བའི་རྒྱབ་ཡོལ་ལ༔ རང་གི་ལུས་ཡེ་ཤེས་ཀྱི་མེས་ཚིག་པས༔ འཇམ་དབྱངས་བློ་ཡི་མུན་སེལ༔ སྐུ་མདོག་དཀར་སེར༔ ཞལ་ལྔ་ཕྱག་བཅུ་པ༔ དབུས་ཞལ་དམར་སེར༔ གཡས་དཀར་བ༔ རྒྱབ་དམར་བ༔ གཡོན་ལྗང་ཁུ༔ སྟེང་ཞལ་མཐིང་ཁ༔ རིན་པོ་ཆེས་བརྒྱན་པ༔ བཅུ་དྲུག་ལོན་པའི་ན་ཚོད༔ ཕྱག་གཡས་གཡོན་དང་པོ་གཉིས་ཨུཏྤལ་སྟེང་ན་རལ་གྲི་དང༔ པོ་ཏི་བསྣམས་པ་ཡུ་བ་ནས་བཟུང་ཞིང་ཡུམ་དང་འཁྲིལ་བ༔ གཡས་པ་ན་མེ་ལོང་དང༔ མདའ་དང༔ ཞགས་པ་དང༔ རྡོ་རྗེ་བསྣམས་པ༔ གཡོན་པ་ན་བུམ་པ་དང༔ གཞུ་དང༔ ཨུཏྤལ་དང༔ ནོར་བུ་བསྣམས་པ༔ དར་སྔོན་དམར་གྱི་སྨད་དཀྲིས་ཅན༔ སྐྱིལ་ཀྲུང་དུ་བཞུགས་པའོ༔ ཡུམ་དབྱངས་ཅན་མ་སྐུ་མདོག་སྔོན་མོ༔ ཞལ་གཅིག༔ ཕྱག་གཉིས་མ༔ རིན་པོ་ཆེས་བརྒྱན་ཅིང༔ རལ་གྲི་དང་ཨུཏྤལ་པོ་ཏི་བསྣམས་པས་ཡབ་ལ་འཁྱུད་པ༔ ཐུགས་ཀར་ཟླ་བའི་སྟེང་ན་་་ཡབ།རལ་གྲི་དང༔ ཡུམ།་་་པོ་ཏི་སེན་གང་བ༔ དེའི་སྟེང་དུ་དྷཱིཿདང་ཧྲཱིཿས་མཚན་པ་ལས་འོད་ཟེར་འཕྲོས་པས༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད༔ རིག་གནས་ཐམས་ཅད་པོ་ཏིའི་ཚུལ་དུ་བཀུག༔ མདུན་གྱི་རྫས་ལ་ཐིམ༔ རང་གི་སྙིང་གར་བྱུང༔ ཡབ་ཡུམ་སྦྱོར་བ་བྱས་པའི་བདུད་རྩིས་གང༔ འོད་ཟེར་ཕར་འཕྲོས་པས༔ དུས་གསུམ་སངས་རྒྱས་མཆོད༔ མགལ་མེ་འཁོར་བ་ལྟ་བུ་ལ་རིག་པ་གཏད་ལ་རླུང་ཐུབ་ཐང་དུ་བཟུང་ངོ༔ དེ་ནི་བསྐྱེད་རིམ་ལྷ་བསྒོམ་པའི་རིམ་པ་འོ༔ སྔགས་བཟླ་བའི་རིམ་པ་ནི༔ རང་གི་ལྕེ་རལ་གྲིར་བསམས་ལ༔ ཡ་རྐན་ལ་ཀཱ་ལི༔ མ་རྐན་ལ་ཨཱ་ལི་གསལ་བཏབ་སྟེ། སརྦ་ཏ་ཐཱ་ག་ཏ་ཧྲཱིཿདྷཱིཿམ་མེ་དྷཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་སིདྡྷི་ཕ་ལ་ཧྲཱིཿདྷཱ་ཏུ་ཧྲཱིཿསྭཱ་ཧཱ༔ ཞེས་འབུམ་ཕྲག་གསུམ་དུ་བཟླ་འོ༔ ཞག་གི་གྲངས་ནི་ཉི་ཤུ་རྩ་གཅིག་ཡིན་ཏེ༔ ཁྲི་ཕྲག་རེའི་ཚེ་ན་རིལ་བུ་ལ་ལན་རེ་མཆིལ་མ་གདབ་བོ༔ མི་དང་མི་འཕྲད་ཅིང༔ མི་གཙང་བ་ལ་འཛེམ་པ་ནི་གནད་དམ་པའོ༔ དེ་ལྟར་སྒྲུབ་པའི་རྟགས་ནི༔ ཉམས་སམ༔ དངོས་སུ༔ མགོན་པོ་ཡབ་ཡུམ་དང་མཇལ་བ་དང༔ ཐོད་རྒལ་གྱི་ཐིག་ལེར་སྐུ་གསལ་བ་དང༔ རྨི་ལམ་ཡི་གེ་དང༔ པོ་ཏིའི་ཚོགས་མང་པོ་བསྡུས་པ་དང༔ རྡོ་རྗེ་དང་དྲིལ་བུ་རྙེད་པ་དང༔ རྔ་དུང༔ རོལ་མོ་སྦིར་བ་དང༔ ཉི་ཟླ་ཤར་བ་དང༔ བུད་མེད་གཞོན་པས་དཀར་གསུམ་དང༔ མངར་གསུམ་གྱི་ཟས་བྱིན་པ་དང༔ མཁའ་ལ་འཕུར་བ་དང༔ རལ་གྲི་དང༔ མཚོན་རྣོན་པོ་ཐོགས་པ་དང༔ མགུར་དང༔ ཚིགས་བཅད་དང༔ བསྟན་བཅོས་བརྩམ་སྙིང་འདོད་པ་རྣམས་འབྱུང་ངོ༔ རྫོགས་རིམ་རྗེས་ཀྱི་རིམ་པ་ནི༔ རྒྱུད་ལས༔ རང་སར་གྲོལ་ལོ་ངེས་མེད་ཀློང་དུ་གྲོལ༔ གཟུགས་སོགས་སྣང་བ་སྣང་ཐོག་རང་དུ་གྲོལ༔ དབྱེ་བསལ་མེད་དོ་ལྷུན་གྲུབ་ཀློང་དུ་གྲོལ༔ འདུ་འབྲལ་མེད་དོ་ཐིག་ལེའི་ཀློང་དུ་གྲོལ༔ ཅེས་པ་དང༔ རང་ཞལ་རང་གིས་མཐོང་བས་ཡུལ་གཞན་མེད༔ ཅེས་པས༔ གང་སྣང་ཤེས་རབ་ཐོགས་མེད་སྟོང་པའི་དབྱིངས་སུ་རྫོགས་པ་འོ༔ དེ་ལྟར་མ་ཤེས་པར༔ ཀུན་རྫོབ་རགས་པ་ཐེར་ཟུག་པར་འཛིན་པ་ནི༔ འགྲུབ་པར་དཀའ་བས་རྒྱུད་ལས༔ ཀྲི་ཡོག་སྡེ་གསུམ་ཨུ་པ་ཕྱི་རྒྱུད་ཀྱིས༔ མི་ཚེ་བགྲངས་ནས་སངས་རྒྱས་པར་འདོད་དེ༔ ལུས་ངག་ཡིད་གསུམ་བྱ་བྱེད་རྩོལ་བས་བཅིངས༔ ཡང་དག་དོན་ལས་རྒྱང་རིང་མཐར་མི་ཕྱིན༔ ང་ནི་ཡེ་ཀློང་ཉེ་འདུག་རིང་དུ་ཕྱིན༔ མདུན་དུ་བཞག་ནས་རྒྱབ་ཏུ་ཚོལ་བྱེད་ན༔ བྱ་བྲལ་ངང་ལ་རིང་ཞིང་དོན་མི་འགྲུབ༔ དུས་དང་གྲངས་ལས་ལྟོས་པའི་ཐེག་དམན་རྣམས༔ མཁའ་ལ་ཤར་བའི་འཇའ་ཚོན་འཛིན་པ་ལྟར༔ གྲུབ་པའི་མཐའ་མེད་ཟིན་པའི་དུས་མེད་དོ༔ ཅེས་གསུངས་པས༔ རེ་དོགས་ཀྱི་མདུད་པ་གྲོལ་ཏེ༔ ལྟ་བ་ནམ་མཁའི་མདུང་སྐོར་ལྟར་གྱུར་པའི་ཚེ༔ ཤེས་རབ་ཀྱི་ཚད་དུ་ལོངས་ཏེ༔ སྨྲ་བའི་སེང་གེ་དང་དབྱེར་མེད་པ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ཐོ་རངས་ཉི་མ་ཤར་བའི་ཚེ༔ ཚོགས་ཀྱི་དགའ་སྟོན་བྱ༔ རིན་པོ་ཆེའི་གྭ་འུར་རིལ་བུ་གཞུག་རལ་གྲི་འཁོར་ལོས་དྲིལ་ལ་མཆན་ཁུང་དུ་བཅང༔ བསྔོ་བས་རྒྱས་གདབ་བོ༔ དེ་ནས་ཟླ་བ་ངོ་རེའི་ཚེས་བཅོ་ལྔ་ལ་རིལ་བུ་རེ་མིད་ལ༔ སྔགས་སྟོང་ཕྲག་རེ་བཟླ་འོ༔ དེས་པཎྜི་ཏའི་དབང་ཕྱུག་ཆེན་པོར་འགྱུར་རོ༔ འདི་ལ་བགེགས་དང་བར་ཆད་འབྱུང་བས་ཐོག་མར་སྨྲ་བ་བཅད་ལ༔ མི་དང་མི་འཕྲད་པ་གནད་ཟབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒོས་སུ་བསྒྲུབ་པར་འདོད་ན༔ སྔོན་འགྲོ་གོང་དང་འདྲ་བ་ལ༔ རྫས་ནི་བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ལོན་པ༔ དད་པ་དང་ཤེས་རབ་ཆེ་བ་གཅིག་བཙལ་ལ༔་་་མ་རྙེད་ན་རང་གི་རིག་མ་ཡང་རུང་། ཁྲུས་བྱས་རྒྱན་གྱིས་སྤྲས་ལ༔ ཚེས་གྲངས་གཅིག་གམ་བརྒྱད་དམ༔ བཅོ་ལྔ་ནས་གཟུང་སྟེ་རང་གིས་ཡབ་བསྐྱེད་དེ༔ དྷཱིཿགྲངས་མེད་དུ་བརྗོད༔ བུ་མོ་ཡུམ་དུ་བསྐྱེད་ལ༔ ཧྲཱིཿགྲངས་མེད་བརྗོད༔ ཞག་རེའི་ཚེ་བ་དམར་མོའི་འོ་མ་དང་རིལ་བུ་གཉིས་སྦྱར་ལ༔ བུ་མོའི་ཁར་གཞུག༔ མུན་སེལ་ཡབ་ཡུམ་བསྐྱེད་ལ༔ འཁྲིལ་སྦྱོར་ཚུལ་དུ་འདུག་སྟེ༔ བུ་མོའི་ཁར་སྙུག་སྦུབས་བཅུག༔ ཨཱ་ལི་ཀ་ལཱི་བདུད་རྩིའི་ཚུལ་དུ་དབྱངས་ཅན་གྱི་ཡོན་ཏན་བདག་ལ་འདུས་པར་བསམ་ལ༔ རྫས་དབུགས་ཀྱིས་དྲངས་ལ་མིད༔ བསྙེན་སྔགས་སྟོང་ཕྲག་གཅིག་བཟླ༔ ཡེ་དྷརྨཱས་རབ་ཏུ་གནས༔ མེ་ཏོག་གཏོར་རོ༔ དེ་ལྟར་ཞག་ཉི་ཤུ་རྩ་གཅིག་སོང་བ་དང༔ སྨྲ་བའི་སེང་གེ་དང་དབྱེར་མི་ཕྱེད་པའི་གཟུངས་ཐོབ་པར་འགྱུར་རོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ དུས་རྟག་ཏུ་འཁོར་ལོ་དང་མ་བྲལ་བར་བྱ༔ མི་གཙང་བ་ལ་འཛེམ༔ ལྟོ་སྟོང་ལ་གསེར་ཐང་གཏང༔ ཆང་དང༔ བུད་མེད་རྒན་པ༔ ཚྭ་དང་སྒོག་ཙོང་སྤང༔ དུས་རྟག་ཏུ་ཧྲཱིཿདྷཱིཿརྒྱུན་མི་གཅད༔ རྩོད་པའི་ཚེ་རལ་གྲི་འབར་བས༔ ཕ་རོལ་གྱི་ལྕེ་བཅད་པར་བསམ༔ དེས་རྒྱལ་བར་འགྱུར་བ་ཡིན༔ ཚེས་བརྒྱད་རྒྱལ་འཛོམ་བུ་མོ་རིགས་ལྡན་གྱིས༔ ཤེས་རབ་མངའ་གསོལ་ན༔ དབྱངས་ཅན་མ་དང་དབྱེར་མེད་དོ༔ ཨེ་མ་ཕྱི་རབས་སྐྱེས་བུ་རྣམས༔ ཤེས་རབ་ཆེན་པོས་ཆོས་རྣམས་ཀུན༔ སྐད་ཅིག་ཁོང་དུ་ཆུད་པའི་ཐབས༔ སྨྲ་སེང་ཡབ་ཡུམ་སྒྲུབ་པ་བསྟན༔ འདི་ལ་ནན་ཆགས་ཉམས་བླང་ན༔ མ་བསླབ་ཆོས་ཀུན་རང་བརྡོལ་ཏེ༔ རྩ་མདུད་ཐམས་ཅད་རང་གྲོལ་ནས༔ རིག་པའི་གནས་ལྔ་ཀུན་ལ་མཁས༔ བདེ་གཤེགས་ཞལ་ནས་གསུངས་པ་ཡི༔ ཆོས་སྡེ་ཐམས་ཅད་དྲིལ་བ་བས༔ སྒྲུབ་པ་འདི་ཉིད་གཅིག་པུ་མཆོག༔ ཅི་ཕྱིར་འདི་སྒྲུབ་གཞན་ཀུན་ཤེས༔ ཤེས་རབ་གོ་བློ་མ་བྱེ་བར༔ ལག་ལེན་བརྩམ་པར་འདོད་པ་རྣམས༔ མུན་ཁུང་ནང་གི་མཛུབ་ཚུགས་སམ༔ ཆོས་ཀྱི་ཡི་དྭགས་ཆེན་པོ་ཡིན༔ འདི་ཉིད་མ་རིག་མུན་པ་སངས༔ ཀུན་གྱིས་བཀུར་ཞིང་གྲགས་པས་ཁྱབ༔ འབྱོར་བ་ལྡན་ཞིང་རྩོད་པ་རྒྱལ༔ རྨོངས་པ་འཇོམས་ཤིང་མཁས་པ་གནོན༔ དགོས་འདོད་འགྲུབ་ཅིང་གང་དགོས་འགྲུབ༔ བསྟན་པའི་སྒྲོན་མེ་འགྲོ་བའི་སྐྱབས༔ ཤེས་རྒྱུད་འགྲོལ་བ་ཐར་ལམ་གྲུ༔ ཀུན་བཟང་སྨྲ་མཆོག་དབྱེར་མེད་ཅིང༔ མཆོག་ཐུན་གཉིས་མེད་འདི་ལ་འབོད༔ ཟབ་ཕྱིར་རིན་ཆེན་ས་ལ་སྦས༔ མ་འོངས་དུས་ན་རིགས་ཀྱི་བུ༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱལ་བའི་རྒྱུད་འཛིན་རྡོ་རྗེ་གླིང་པ་ངས། །ཟབ་མོའི་གདམས་པ་རྣམ་མང་གཏེར་ནས་རྙེད། །ཨུ་རྒྱན་བླ་དཔེ་སེར་པོའི་ནང་ནས་ཕབ། །ལས་འཕྲོ་ལྡན་པའི་བུ་སློབ་རྣམས་ལ་སྟེར། །མངྒ་ལཾ།། །།
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ཕྱི་ནང་གསང་བའི་མཆོད་ཕྲེང་ཞེས་བྱ་བ་རཏྣ་གླིང་པའི་ཁྱད་ཆོས་ (Volume 40, Text 57)
ྈ ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ཕྱི་ནང་གསང་བའི་མཆོད་ཕྲེང་ཞེས་བྱ་བ་རཏྣ་གླིང་པའི་ཁྱད་ཆོས་བཞུགས་སོ༔ ྈྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ གུ་རུ་ཨུ་པ་བྷ་ཧེ་བྷི་ཏ་གྷུ་ཡ་པུ་ཙ་ཛ་ས་མཱ་ལི་ནཱ་མ༔ བོད་སྐད་དུ༔ བླ་མའི་སྒྲུབ་པ་ཕྱི་ནང་གསང་བའི་མཆོད་ཕྲེང་ཞེས་བྱ་བ༔ རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ སྒྲུབ་པ་མཆོག་ལ་ཉེ་བར་བརྩོན་པ་དང༔ བདག་གཞན་དོན་གཉིས་རབ་ཏུ་བསྒྲུབ་པའི་ཕྱིར༔ ཕྱི་ནང་གསང་བའི་མཆོད་ཕྲེང་བསྟན་པར་བྱ༔ འདི་ལ་རིམ་པ་བཅུ་གསུམ་དག་གིས་བསྟན༔ བཀའ་བསྒོ་མཚམས་གཅད་མཆོད་གཏོར་བྱིན་གྱིས་བརླབ༔ ལྷ་བསྐྱེད་སྤྱན་དྲངས་བཞུགས་སུ་གསོལ་བ་དང༔ ཕྱག་འཚལ་ཕྱི་ནང་གསང་མཆོད་སྨན་རཀ་འབུལ༔ བསྟོད་བཤགས་སྨོན་ལམ་གདབ་ཅིང་བཀྲ་ཤིས་བརྗོད༔ དེ་ཡི་ལས་རིམ་དང་པོ་འདི་ཉིད་དེ༔ བདག་ཉིད་ཡི་དམ་ལྷ་ཡི་ཏིང་འཛིན་གྱིས༔ བགེགས་གཏོར་བྱིན་གྱིས་བརླབས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ཐམས་ཅད་ཡེ་ནས་ཆོས་སྐུའི་དཀྱིལ་འཁོར་དུ༔ གཉིས་འཛིན་རྟོག་པའི་བགེགས་ཚོགས་མི་དམིགས་ཀྱང༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པའི་བགེགས༔ བདུད་དང་ལོག་འདྲེན་ཐམས་ཅད་ཕྱིར་དེངས་ཤིག༔ ཨཱོྃ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྷྲྀཧྞཱ་གྷྲྀཧྞཱ་ཧཱུྃ༔ གྷྲྀཧྞཱ་པ་ཡ་གྷྲྀཧྞཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན༔ བིདྱཱ་རཱ་ཛཱ་ཡ་ཧཱུྃ་ཕཊ༔ མཚམས་གཅོད་བྱ་བ་ནི༔ ཧཱུྃ༔ བདག་ནི་དབང་ཆེན་ཁྲོས་པའི་ཧེ་རུ་ཀ༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་མེ་རི་འབར༔ ཁྲོ་ཆུང་ཡཀྴ་མང་པོ་སྐར་ལྟར་འཁྲུགས༔ བཀའ་འདས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཨཱོྃ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཨུ་ཙ་ཏ་ཡ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ མཆོད་གཏོར་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ སྣོད་བཅུད་ཐམས་ཅད་ཕྱི་ནང་མཆོད་པའི་སྤྲིན༔ སྣང་སྲིད་གཞིར་བཞེངས་མཉམ་རྫོགས་ཆེན་པོའི་ཀློང༔ ཕྱི་ནང་གསང་གསུམ་དཔག་མེད་ཇི་སྙེད་རྣམས༔ དུས་གསུམ་རྒྱལ་བ་མཉེས་པའི་སྤྲིན་དུ་གསལ༔ ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐཱ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ཧྲཱི་ཤྭ་ས་མ་ཡེ་ཧཱུྃ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ༔ ཨཱོྃ་ཨཱཿཧཱུྃ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྡ་སརྦ་པཱུ་ཙ་ཨཱོྃ་ཨཱཿཧཱུྃ༔ གཞལ་ཡས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་གཞལ་ཡས་སྒོ་གྲུ་རྟ་བབས་བཞི༔ ཆོས་འཁོར་གདུགས་ཏོག་པད་རྡོར་མེ་རིས་བསྐོར༔ མ་འདྲེས་པདྨ་ཉི་ཟླ་བམ་གྱི་གདན༔ ཕྱི་ནང་དག་པ་ཡེ་ཤེས་འོད་ལྔའི་དཀྱིལ༔ ྈ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དང༔ ཕྱོགས་བཅུའི་བྱང་སེམས་རྒྱལ་བ་སྲས་བཅས་རྣམས༔ མ་འདྲེས་རང་གསལ་གཙོ་དང་འཁོར་དུ་བཅས༔ སྒྱུ་མ་ཆུ་ཟླ་མེ་ལོང་བཞིན་དུ་བསྐྱེད༔ བྷྲཱུྃ་བི་ཤྭ་བྷི་ཤུདྡྷེ༔ པདྨ་སཱུརྱ་ཙནྡྲ་ཏི་ར་བཾ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཛ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་གསལ་མདངས་དཀྱིལ་འཁོར་ནས༔ སྐུ་གསུམ་བཀའ་རྒྱུད་བླ་མ་གཤེགས་སུ་གསོལ༔ རང་བཞིན་སྐུ་དང་ཞིང་ཁམས་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་མ་ལུས་གཤེགས་སུ་གསོལ༔ སྣང་སྟོང་ཐིག་ལེ་བདེ་ཆེན་གཞལ་ཡས་ནས༔ དབང་ཆེན་ཡབ་ཡུམ་གཙོ་འཁོར་གཤེགས་སུ་གསོལ༔ བདེ་ཆེན་འཁོར་ལོ་ལྔ་ཡི་གཞལ་ཡས་ནས༔ རིགས་ཀྱི་དྷཱ་ཀི་ཡབ་ཡུམ་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གསང་བའི་གཞལ་ཡས་ནས༔ བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་དམ་པ་འདིར༔ སྒྱུ་མ་ཆུ་ཟླ་མཁའ་དང་འཇའ་ཚོན་ལྟར༔ དམ་ཚིག་ཡེ་ཤེས་གཉིས་མེད་རོ་གཅིག་ངང༔ རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྣང་སྟོང་གཉིས་མེད་ངང་དུ་རབ་གུས་པས༔ རྩེ་གཅིག་དད་པའི་བློ་ཡིས་གུས་བཏུད་ནས༔ དོན་དམ་གཉིས་མེད་ངང་དུ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ དེ་ནས་ཕྱི་ནང་གསང་བའི་མཆོད་པ་འབུལ་ཏེ༔ ཕྱི་ཐུན་མོང་གི་མཆོད་པ་ནི༔ ཧཱུྃ༔ སྟོང་གསུམ་འདིའམ་འཇིག་རྟེན་གཞན་དག་ན༔ ཕྱི་ནང་སྣོད་བཅུད་དབང་པོ་ཚིམ་བྱེད་པའི༔ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་མེད་རྣམས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨཱོྃ་སརྦ་པཱུ་ཙ་མ་ཧཱ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ ལྷ་མོ་དཀར་མོ་རབ་མཛེས་ངང་ཚུལ་ཅན༔ དཀར་སེར་དམར་ལྗང་མཐིང་བའི་མདངས་ལྡན་པའི༔ སྒེག་མོའི་ཕྱག་ན་མེ་ཏོག་སྣ་ཚོགས་བསྣམས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿཧཱུྃ་བཛྲ་པུཥྤེ་ཧཱུྃ༔ ཧཱུྃ༔ ལྷ་མོ་སེར་མོ་རབ་མཛེས་ངང་ཚུལ་ཅན༔ ག་པུར་ཙནྡན་རྒྱ་ཤུག་ལ་སོགས་པའི༔ སྒེག་མོའི་ཕྱག་ན་བདུག་སྤོས་དཔག་མེད་བསྣམས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿཧཱུྃ་བཛྲ་དྷཱུ་པེ་ཧཱུྃ༔ ཧཱུྃ༔ ལྷ་མོ་དམར་མོ་རབ་མཛེས་ངང་ཚུལ་ཅན༔ འབྲུ་མར་ཞུན་མར་སྣང་གསལ་འོད་ཀྱི་ཚོགས༔ སྒེག་མོའི་ཕྱག་ན་སྣང་གསལ་དཔག་མེད་བསྣམས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿཧཱུྃ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཧཱུྃ༔ ལྷ་མོ་ལྗང་གུ་རབ་མཛེས་ངང་ཚུལ་ཅན༔ ཙནྡན་གུར་གུམ་རྩི་ཆེན་སི་ཧླ་སོགས༔ སྒེག་མོའི་ཕྱག་ན་དྲི་ཆབ་དཔག་མེད་བསྣམས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿཧཱུྃ་བཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ ལྷ་མོ་དཀར་མོ་རབ་མཛེས་ངང་ཚུལ་ཅན༔ རང་བྱུང་ལྷན་སྐྱེས་སྦྱར་བའི་ཟས་ལ་སོགས༔ སྒེག་མོའི་ཕྱག་ན་ཞལ་ཟས་དཔག་མེད་བསྣམས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿཧཱུྃ་བཛྲ་ནཻ་ཝིདྱ་ཧཱུྃ༔ ཧཱུྃ༔ ལྷ་མོ་སྔོན་མོ་རབ་མཛེས་ངང་ཚུལ་ཅན༔ རྔ་དུང་དྲིལ་བུ་པི་ཝཾ་འབྱུང་བའི་སྒྲ༔ སྒེག་མོའི་ཕྱག་ན་སིལ་སྙན་དཔག་མེད་བསྣམས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿཧཱུྃ་བཛྲ་ཤབྡ་ཧཱུྃ༔ དེ་ནས་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ གཟུགས་མཆོག་རབ་མཛེས་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་གཟུགས་མའི་ཚོགས་སུ་ཀུན་སྤྲུལ་ནས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿབཛྲ་རཱུ་པ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ སྒྲ་མཆོག་སྐད་སྙན་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་སྒྲ་མའི་ཚོགས་སུ་ཀུན་སྤྲུལ་ནས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿབཛྲ་ཤབྡ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ དྲི་མཆོག་བཟང་པོ་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་དྲི་མའི་ཚོགས་སུ་ཀུན་སྤྲུལ་ནས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿབཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ ལོངས་སྤྱོད་རོ་མཆོག་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་རོ་མའི་ཚོགས་སུ་ཀུན་སྤྲུལ་ནས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿབཛྲ་ར་ས་ཧཱུྃ༔ ཧཱུྃ༔ སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན༔ རབ་མཛེས་ན་བཟའ་ཇི་སྙེད་ཡོད་པ་ཀུན༔ རྡོ་རྗེ་རེག་མའི་ཚོགས་སུ་ཀུན་སྤྲུལ་ནས༔ བླ་མ་ཡི་དམྎ ཨཱོྃ་ཨཱཿབཛྲ་སྤརྴེ་ཧཱུྃ༔ དེ་ནས་གསང་མཆོད་རིག་མ་འབུལ་བ་ནི༔ ཧཱུྃ༔ གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དཀར་མཛེས་མེ་ལོང་པདྨ་བསྣམས༔ བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨཱོྃ་བཛྲ་ཨཱ་དརྴ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་གསུང་གི་བདེ་ཆེན་རིག་མ་ནི༔ སྐུ་མདོག་དམར་མཛེས་རྔ་ཟླུམ་སྒྲ་སྒྲོག་མ༔ བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨཱོྃ་བཛྲ་མུ་རཉྫེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཐུགས་ཀྱི་བདེ་ཆེན་རིག་མ་ནི༔ སྐུ་མདོག་མཐིང་མཛེས་པི་ཝཾ་སྒྲ་སྒྲོག་མ༔ བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨཱོྃ་བཛྲ་ཝཱི་ཎི་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཡོན་ཏན་བདེ་ཆེན་རིག་མ་ཡིན༔ སྐུ་མདོག་སེར་མཛེས་གླིང་བུའི་སྒྲ་སྒྲོག་མ༔ བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨཱོྃ་བཛྲ་ཝཾ་སེ་ཨཱཿཧཱུྃ༔ ཧཱུྃ༔ གསང་མཆོག་ཕྲིན་ལས་བདེ་ཆེན་རིག་མ་ནི༔ སྐུ་མདོག་ལྗང་མཛེས་རྫ་རྔའི་སྒྲ་སྒྲོག་མ༔ བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད༔ གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཨཱོྃ་བཛྲ་དྷརྨེ་ཨཱཿཧཱུྃ༔ དེ་ནས་སྨན་གཏོར་རཀྟའི་མཆོད་པ་ནི༔ ཧཱུྃ༔ རང་བྱུང་རྣམ་དག་ཡེ་ཤེས་སྒྲུབ་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀཏ༔ བླ་མེད་ཡེ་ཤེས་ལྔ་རྫོགས་སྒྲུབ་པའི་རྫས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཧཱུྃ༔ སྣོད་བཅུད་སྣང་སྲིད་དམ་རྫས་གཏོར་ཆེན་པོ༔ འདོད་ཡོན་རྒྱན་དང་ལོངས་སྤྱོད་སྤྲིན་དུ་གཏིབས༔ རོ་མཆོག་ཡོན་ཏན་བརྒྱ་དང་ལྡན་པ་འདི༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨཱོྃ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ འཁོར་བ་རྒྱུ་ལས་བསྒྲལ་པའི་རཀྟ་མཆོག༔ ཐབས་ཤེས་འཁོར་འདས་གཉིས་སུ་མེད་པར་བསྐྱིལ༔ གཟུང་འཛིན་རུ་ཏྲ་དབྱིངས་སུ་དག་བྱའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ༔ ཨཱོྃ་མ་ཧཱ་རཀྟ་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་བྲལ་ངང་ཉིད་ལས༔ འགྲོ་དོན་བསྒྲུབ་ཕྱིར་ཞི་ཁྲོ་གཙོ་དང་འཁོར༔ ཐུགས་རྗེའི་ངང་ལས་སྒྱུ་མའི་སྐུར་བཞེངས་པ༔ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐབས་ཤེས་བདེ་ཆེན་གཉིས་སུ་མེད་པ་ལས༔ མ་འགགས་རང་གསལ་ཡེ་ཤེས་ལས་གྲུབ་ཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ དམ་ཅན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ རྡོ་རྗེ་སློབ་དཔོན་རྒྱལ་བ་ཞི་ཁྲོའི་ལྷ༔ དུས་གསུམ་བདེ་གཤེགས་བསྒྲུབ་པའི་དམ་ཚིག་ཅན༔ སྐུ་གསུམ་གདུང་སོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ སློབ་དཔོན་མཆེད་སོགས་སྐུ་སྨད་ངན་སྨྲས་ཤིང༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲང༔ ལོག་སྤྱོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྡོམ་གསུམ་ཐུན་མོང་དམ་ཚིག་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབ༔ བློ་ཡི་སྟོབས་ཆུང་སྤྱོད་པས་བོགས་མ་ཐོན༔ ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་གྱུར༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ཞིང་བཤགས༔ ཞེས་བཤགས་ཤིང་འདི་ནི་རྒྱུན་བཤགས་ནར་མར་ཡང་ཤིན་ཏུ་ཟབ་བོ༔ སྨོན་ལམ་བཏབ་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་མཆེད་ལ་སོགས༔ སྤྱད་དང་བསྐུལ་བཏབ་ཡི་རངས་ལས་བྱུང་བའི༔ བསོད་ནམས་དཔག་མེད་དགེ་ཚོགས་དེ་དག་གིས༔ ཚེ་འདིར་བླ་མེད་བྱང་ཆུབ་འབྲས་ཐོབ་ནས༔ སྐུ་གསུམ་བདེ་ཆེན་ཞིང་དུ་སྤྱོད་བྱེད་ཅིང༔ གཟུགས་སྐུས་འགྲོ་དོན་རླབས་ཆེན་སྤྱོད་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅན༔ དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོག༔ ཐབས་ཤེས་ཟུང་འཇུག་སྣང་སྟོང་ཡི་དམ་ལྷ༔ དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ འཁོར་འདས་ཆོས་ལ་དབང་བསྒྱུར་མཁའ་འགྲོའི་ཚོགས༔ ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད༔ རྫོགས་རིམ་བསྒོམ༔ རྒྱུན་སྤྱོད་ལ་འཇུག་པར་བྱའོ༔ ཀྱེ་ཧོ་བདག་འདྲ་གནུབས་བན་ནམ་མཁའི་སྙིང་པོ་ཡིས༔ ཡང་གསང་སྙིང་པོ་བླ་མའི་ཐུགས་སྒྲུབ་ལས༔ སྒྲུབ་ཆེན་དབང་དང་སྐུ་གསུམ་སྒྲུབ་པ་དང༔ རྟེན་གསུམ་རབ་གནས་གཤིན་དོན་བདུན་ཚིགས་སོགས༔ དེ་དག་རྣམས་ཀྱི་ཁ་སྐོང་ཆ་རྐྱེན་དང༔ རྣལ་འབྱོར་སྒྲུབ་མཆོད་ནར་མར་བྱ་བའི་ཕྱིར༔ གུ་རུ་ཉིད་ལ་བཀའ་ལུང་ཞུས་ནས་ཀྱང༔ མ་འོངས་དོན་དུ་གསལ་བྱེད་ཡི་གེར་བཀོད༔ ད་ལྟ་མི་སྤེལ་གཏེར་དུ་སྦ་བར་བསམ༔ མ་འོངས་རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ སྐལ་ལྡན་སྐྱེས་བུ་གཅིག་དང་འདི་འཕྲད་ནས༔ རང་གཞན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ བླ་མའི་སྒྲུབ་པ་ཕྱི་ནང་གསང་བའི་མཆོད་ཕྲེང་ཞེས་བྱ་བ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ མ་ནིང་སྲོག་བདུད་བཀའ་འདི་ཆེད་དུ་སྲུང༔ དགེ་རི་མ་ཡིས་ཕྱི་ཡི་བྱ་ར་མཛོད༔ ས་མ་ཡ༔ ཁ་ཐཾ༔ གུ་ཧྱ༔ ྈྈྈྈྈ ས་རྟ་ལུག་ཟླའི་ཚེས་བརྒྱད་ལ། རྫུན་རྐྱལ་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་གདན་དྲངས་པའོ། །ཤོག་སེར་ངོས་ལས་ཆོས་རྫོང་དགོན་པར་བཤུས་པ་ཡིན།།
གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་མཆོད་ཕྲིན་ཁམས་གསུམ་མྱུར་འགུགས་ (Volume 52, Text 57)
༄༅། །གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་མཆོད་ཕྲིན་ཁམས་གསུམ་མྱུར་འགུགས་ཞེས་བྱ་བ་བཞུགས་སོ། ། ན་མཿཨཱརྻ་ཛམྦྷ་ལ་སིདྡྷི་པྲ་ཡཙྪ་བྷྱཿ གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལར། །གུས་པས་བཏུད་ནས་དེ་ཉིད་མཆོད་པའི་ཐབས། ཁམས་གསུམ་དབང་ཕྱུག་ཆེན་པོ་ཉེར་འཐོབ་ཕྱིར། །རྒྱུན་ཁྱེར་ཉུང་ངུར་བསྡུས་ཏེ་འདི་ན་སྤེལ། །དེ་ལ་གནོད་སྦྱིན་ཛམྦྷ་ལའི་གསང་སྒྲུབ་ཡབ་ཡུམ་སྦྲགས་མའི་མཆོད་ཕྲིན་རྒྱུན་ཁྱེར་བྱ་བར་འདོད་ན། དམ་ཚིག་གི་བྲིས་སྐུ་སོགས་སྐུ་གཟུགས་ཀྱི་མདུན་དུ་ཟངས་གཞོང་ལ་སོགས་པའི་སྣོད་གས་ཆག་མེད་པར། འབྲུ་དམར་གྱི་ཕྱེ་མ་ཆང་གར་མས་སྦྲུས་པའི་གཏོར་གཟུགས་བང་རིམ་གཉིས་པའི་སྟེང་དུ་གཙོ་བོ་ནོར་བུ་སུམ་སྒྲོམ་གྱི་སྟེང་དུ་ཛམ་བཤོས་ལྟོ་བ་བིལ་བའི་འབྲས་བུ་ལྟ་བུ་ལ་མགུལ་བ་དང་ལྡན་ཞིང་རྩེ་མོ་ཟླུམ་ཅོག་ཅན། བང་རིམ་འོག་མར་པད་འདབ་བརྒྱད་ཀྱི་སྟེང་ཛཾ་བཤོས་རེ་རེ་བཀོད། རྩི་དམར་དང་ལི་ཁྲིས་ཁ་བསྒྱུར། མར་ཚོན་གྱི་མེ་ཏོག་དང་ཕྱག་མཚན་པ་ཊ་ལ་སོགས་པས་མཛེས་པར་བརྒྱན་ཞིང་། སྣོད་ཀྱི་མཐའ་སྐོར་དུ་ཤ་མར་སོགས་ཟས་སྣ་གཙང་ཞིང་དག་པ་རྒྱ་ཆེར་བཀོད། གསང་སྒྲུབ་ཀྱི་གཞུང་ནས་འབྱུང་བ་བཞིན་གྱི་མཆོད་པ་འབྱོར་ན་དང་མ་གྲུབ་ན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་སོགས་ཁ་དོག་དམར་པོར་བསྒྱུར་བ་ཇི་ལྟར་འཚོགས་པ་བཤམ། དེ་ནས་རང་ཉིད། ཧྲཱིཿཞེས་བརྗོད་པས་སྐད་ཅིག་ལ། །རྟ་མགྲིན་དམར་གསལ་ཁྲོ་བོའི་ཆས། །པད་དབྱུག་ཐོད་པ་ཁྲག་བཀང་འཛིན། །མེ་དཔུང་ཀློང་ན་རྔམ་བརྗིད་གསལ། །ཐུགས་ཀར་ཉི་སྟེང་ཧྲཱིཿདམར་མཐར། །སྔགས་ཕྲེང་གཡས་སུ་མགལ་མེ་འཁོར། །འོད་འཕྲོས་ཁམས་གསུམ་དབང་དུ་བསྡུས། །སྲིད་གསུམ་ཟིལ་གནོན་ཆེན་པོར་གྱུར། །ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊཿ ཅི་ནུས་བཟླ་བ་བདག་བསྐྱེད་དང་། མཆོད་གཏོར་རྣམས། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་པདྨ་རཱ་གའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཧྲཱིཿཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་གཏེར་ཆེན་ཀུན་ཏུ་ཟད་མི་ཤེས་པ་ནམ་མཁའི་མཐའ་ཀླས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱི་སྔགས་དང་ཕྱག་རྒྱའི་མཐར། བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྲིས་སྐུ་སོགས་མདུན་བསྐྱེད་ཀྱི་རྟེན་ཡོད་ན་དང་། མེད་ཀྱང་། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་ལྷར་གསལ་བའི་མདུན་དུ། པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་དང་ལྡན་པ་འོད་ཟེར་དམར་པོའི་ཕུང་པོ་ཆེར་འབར་བའི་ལྟེ་བར་པདྨ་དམར་པོ་དང་ཉི་མའི་སྟེང་དུ་དུང་དང་པདྨས་མཚན་པའི་གཏེར་བདག་དམར་པོ་ཟུང་རཏྣ་དང་དར་གྱི་རྒྱན་ཅན་གཏེར་གྱི་བུམ་པ་འཛིན་པ་ཁ་བུབ་ཏུ་འགྱེལ་བའི་སྟེང་དུ་ཡི་གེ་ཛཾ་དང་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད་ འགྲོ་དོན་བྱས་ ཁམས་གསུམ་གྱི་སྲིད་བཅུད་བརྟན་གཡོའི་དྭངས་བཅུད་ཐམས་ཅད་འུབས་ཀྱིས་བསྡུས་ འོད་ཕུང་དམར་པོའི་རྣམ་པར་ཧྲིལ་གྱིས་འདུས༔ དེ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཛམྦྷ་ལ་ལོ་བརྒྱད་ལོན་པའི་གཞོན་ནུ་རབ་ཏུ་ཆགས་ཁྲོ་སྒེག་པའི་ཞལ་ཡུམ་གྱི་མ་མཆུ་ཚེམས་ཀྱིས་བཙིར་བ༔ དམར་ཞིང་ཟླུམ་པའི་སྤྱན་གསུམ་ཟུར་གྱིས་གཟིགས་པ་ ཞལ་གཅིག་ཕྱག་གཉིས་གཡས་ཁམས་གསུམ་ཐམས་ཅད་སྐད་ཅིག་གིས་འགུགས་པའི་དབང་གི་ལྕགས་ཀྱུ་དང༔ གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ་རིན་པོ་ཆེའི་ཆར་འབེབ་པ༔ ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ༔ པང་ན་ཡུམ་ཀུ་རུ་ཀུལླེ་ཁྲོ་ཆགས་ལང་ཚོ་རྒྱས་པ་གཅེར་བུ་ཆུ་སྐྱེས་དང་འོ་འཛིན་སྨིན་པ༔ སྤྱན་གསུམ་སྐྲ་གྲོལ་བ་གཡས་ཨུཏྤལ་དམར་པོའི་ལྕགས་ཀྱུ་དང་གཡོན་གཏེར་གྱི་བུམ་པ་འཛིན་པས་མགུལ་ནས་འཁྱུད་པ༔ ཞབས་གཡོན་ཡབ་ལ་འཁྲིལ་བའི་སྟབས་ཀྱིས་སྦྱོར་བ༔ གཉིས་ཀའང་དར་སྣ་ཚོགས་དང་རཏྣ་དམར་པོའི་དོ་ཤལ་དང་རྒྱན་ཕྲེང་ཅན་འོད་ཟེར་དམར་པོའི་ཀློང་ན་བཞུགས་པར་གྱུར༔ དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་དང་ཛཾ༔ ཡུམ་གྱི་ཐུགས་ཀར་ཧྲཱི༔ དེ་ལས་འོད་ཟེར་འཕྲོས་བསྒོམས་པ་ཅི་ལྟ་བའི་བཅོམ་ལྡན་འདས་སྤྱན་དྲང༔ ཧཱུྃ༔ མགོན་པོ་ཀུན་གཤེགས་ཐུགས་དམ་ཅན༔ ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང༔ སེམས་ཅན་དབུལ་བ་སེལ་མཛད་པའི༔ སྟོན་པའི་སྤྱན་སྔར་དམ་བཅས་དགོངས༔ བདག་ཅག་འབྱོར་པ་ཉམས་དམའ་བས༔ གཤེགས་ཤིང་བཞུགས་པའི་གནས་ངན་ཡང༔ ཐུགས་དམ་ཐུགས་རྗེ་ཆེ་དགོངས་ལ༔ སྒྲུབ་ལ་དངོས་གྲུབ་སྩོལ་ཕྱིར་གཤེགས༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་དབང་གི་ལྷ་ཚོགས་སྤྱན་དྲངས། རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ཞབས་གྱེན་དུ་འཁྱིལ་བ་འོད་དཔག་ཏུ་མེད་པས་མཚན་པར་གྱུར། ཧཱུྃ༔ པདྨའི་རིགས་མཆོག་བཅོམ་ལྡན་འདས༔ ནོར་བདག་འཁོར་དང་བཅས་རྣམས་ལ༔ དངོས་གྲུབ་བསྐུལ་ཕྱིར་མཆོད་པ་ནི༔ མེ་ཏོག་བདུག་པ་མར་མེ་དང༔ མཆོད་ཡོན་ཞལ་ཟས་རོལ་མོ་རྣམས༔ མགོན་པོའི་སྐུ་གསུང་ཐུགས་ལ་འབུལ༔ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ མདུན་བསྐྱེད་ཀྱི་ལྷ་དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི་ཐུགས་ཀར་ཉི་མ་ལ་ཛཾ་དང་ཧྲཱིཿཡིག་གི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་པདྨ་རཱ་གའི་སྐུད་པ་ལྟ་བུ་དམར་ཀྱི་ལི་ལི་འཁོར་བ༔ བདག་རྟ་མགྲིན་གྱི་ཐུགས་སྲོག་གི་འོད་ཀྱིས་བསྐུལ་བས་སྐུའི་ཆ་ཐམས་ཅད་དང་ཁྱད་པར་ནེའུ་ལེ་གཏེར་གྱི་བུམ་པ་གཏེར་བདག་གི་བུམ་པ་ཁ་དང་བཤང་ལམ་ཐམས་ཅད་ནས་རིན་པོ་ཆེའི་ཆར་འབེབ་པར་གྱུར༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བཱ་སུ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བརྒྱ་རྩ་སོགས་ཇི་ལྟར་ནུས་པ་བཟླ། ཐུན་མཚམས་སུ་གཏོར་མ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་མམ་བདུན་གྱིས་ཕུལ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ན༔ གནོད་སྦྱིན་ཚོགས་ཀྱི་ཞིང་ཁམས་སུ༔ བཅོམ་ལྡན་མགོན་པོ་ཛམྦྷ་ལ༔ ཤར་དུ་གང་བ་བཟང་པོ་དང༔ ལྷོ་རུ་རྒྱལ་པོ་རྣམ་ཐོས་སྲས༔ ནུབ་ཏུ་གནོད་སྦྱིན་དམར་པོ་སྟེ༔ བྱང་དུ་ནོར་བུ་བཟང་པོ་དང༔ ཤར་ལྷོར་གནོད་སྦྱིན་འཁྱིལ་པ་དམར༔ ལྷོ་ནུབ་ཕུར་བུ་ཀུན་ཏུ་བྱེད༔ ནུབ་བྱང་སྤྱོད་པའི་དབང་པོ་དང༔ བྱང་ཤར་སྒོ་ཡི་དབང་ཕྱུག་སྟེ༔ ཁྱོད་ཀྱི་ཉེར་གནས་གནོད་སྦྱིན་མོ༔ བཟང་མོ་དང་ནི་རབ་ཏུ་བཟང༔ སྦས་མ་དང་ནི་རབ་ཏུ་སྦས༔ ལྷ་མོ་དང་ནི་དབྱངས་ཅན་མ༔ འཕགས་མ་དང་ནི་ཟླ་ཤེལ་ཅན༔ སྒོ་བཞི་ཕྱི་ནས་སྲུང་མཛད་པ༔ ནོར་སྦྱིན་ནོར་སྦྱིན་ཆེན་པོ་གཉིས༔ པདྨ་པདྨ་ཆེན་པོ་གཉིས༔ ཕུར་བུ་ཕུར་བུ་ཆེན་པོ་གཉིས༔ གང་བ་དང་ནི་གང་བཟང་པོ༔ ཀུན་ཀྱང་སྦོམ་ལ་གེལ་བག་ཆགས༔ པདྨ་རཱ་ག་ལྟ་བུར་དམར༔ གནོད་སྦྱིན་ཚོགས་དང་བཅས་ལ་བསྟོད༔ ཧཱུྃ༔ སྔོན་འདས་བསྐལ་པའི་དང་པོ་ལ༔ སྦྱིན་པའི་འབྲས་བུ་ཡོངས་སྨིན་པའི༔ ནོར་རྫས་ལོངས་སྤྱོད་གཏེར་གྱི་བདག༔ ལོངས་སྤྱོད་གཏེར་གྱི་སྒོ་ཕྱེས་ལ༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ལ༔ དངོས་གྲུབ་ལོངས་སྤྱོད་དུས་འདིར་སྩོལ༔ གདུག་པའི་དགྲ་དང་བགེགས་རྣམས་ནི༔ རྡུལ་ཆ་ཙམ་ཡང་མེད་པར་མཛོད༔ ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་སོགས་ཤྭ་ལོ་ཀ་གཉིས་ཀྱིས་ནོངས་པ་བཤགས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ།སོགས་ཤྭ་ལོ་ཀ་གཅིག་དང་། སུ་པྲ་ཏིཥྛས་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་དང་། རྟེན་མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།སོགས་དང་། བཛྲ་མུཿས་གཤེགས། དམ་ཚིག་པ་བདག་བསྐྱེད་ལ་བསྟིམ། ཧཱུྃ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ འདོད་དགུའི་འབྱོར་པ་འབད་མེད་ཆར་དུ་དབབ༔ བསམ་པ་ཙམ་གྱིས་དོན་ཀུན་ལྷུན་གྲུབ་པའི༔ གར་གྱི་དབང་ཕྱུག་ཆེན་པོའི་བཀྲ་ཤིས་ཤོག༔ ཁྱེད་ཉིད་བསྒྲུབས་དང་མཆོད་པའི་བསོད་ནམས་ཀྱིས། །མི་ཟད་ནམ་མཁའ་མཛོད་ལ་མངའ་བསྒྱུར་ནས། །མཁའ་ཁྱབ་སྐྱེ་འགྲོ་ཕོངས་པ་ཀུན་བསྒྲལ་ཏེ། །རྒྱ་ཆེན་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །གཏེར་གསར་ཛམྦྷ་ལའི་གསང་སྒྲུབ་ཀྱི་མཆོད་ཕྲིན་རྒྱུན་ཁྱེར་འདི། རྒྱལ་བའི་སྲས་པོ་དོན་ཐམས་ཅད་གྲུབ་པའི་གསུང་གིས་བསྐུལ་ངོར། དྷརྨ་སྭཱ་མཱིས་གཏེར་གཞུང་ནང་གསང་གི་སྒྲུབ་ཡིག་གཙོ་བོར་བྱས། ཟིན་བྲིས་ཁ་ཅིག་གིས་བརྒྱན་ཏེ་དྭགས་ལྷ་སྒམ་པོའི་ཡང་དབེན་བདེ་ཆེན་སྟེང་དུ་སྦྱར་པའི་ཡི་གེ་པ་ནི་ལྷ་བཙུན་བསམ་གཏན་དཔལ་འབྱོར་རོ།། །།
ཐུགས་དམ་ཟབ་པ་སྐོར་བདུན་ལས༔ རྡོ་རྗེ་མཁའ་འགྲོ་གདུགས་དཀར་གྱི་སྒྲུབ་ཐབས་ (Volume 47, Text 57)
༁ྃ༔ ཐུགས་དམ་ཟབ་པ་སྐོར་བདུན་ལས༔ རྡོ་རྗེ་མཁའ་འགྲོ་གདུགས་དཀར་གྱི་སྒྲུབ་ཐབས་བཞུགས་སོ༔ རྩ་གསུམ་ལ་ཕྱག་འཚལ་ལོ༔ རྩ་གསུམ་ཚེ་ཡི་ཟབ་པ་ལས༔ རྡོ་རྗེ་མཁའ་འགྲོ་གདུགས་དཀར་གྱི༔ སྒྲུབ་ཐབས་སྙིང་པོར་དྲིལ་བ་བསྟན༔ དཀྱིལ་འཁོར་པདྨ་འདབ་བཞིའི་སྟེང༔ བུམ་པ་ཆས་དང་ལྡན་པའི་ནང༔ བདུད་རྩི་ལྔ་དང་ཉེར་ལྔའི་རྫས༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་བཀང༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསགས་ནས༔ བགེགས་བསྐྲད་མཚམས་བཅད་མཆོད་བྱིན་རླབས༔ ཆོས་རྣམས་མི་དམིགས་སྟོང་པའི་ངང༔ རྡོ་རྗེ་སྲུང་བའི་འཁོར་ལོའི་ནང༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༔ མཚན་ཉིད་ཡོངས་རྫོགས་ལྟེ་བ་ལ༔ པདྨ་ཟླ་བའི་སྟེང་དུ་ཨོཾ༔ ཡོངས་གྱུར་རྡོ་རྗེ་གདུགས་དཀར་མོ༔ གཡས་པས་རྡོ་རྗེའི་དབྱུག་པ་དང༔ གཡོན་པས་ཞགས་པ་གདུགས་དཀར་བརྟེན༔ ཤར་དུ་དེ་བཞིན་གདུགས་སྨུག་མོ༔ ལྷོ་རུ་རིན་ཆེན་གདུགས་སེར་མོ༔ ནུབ་ཏུ་པདྨ་གདུགས་དམར་མོ༔ བྱང་དུ་ལས་ཀྱི་གདུགས་ནག་མོ༔ རང་རྟགས་དབྱུག་པ་འཛིན་པ་སོགས༔ ཁྲོ་མོའི་ཆས་ཅན་གཙོ་དང་མཚུངས༔ སངས་རྒྱས་རིགས་ལྔས་དབུ་བརྒྱན་ཅིང༔ སྒོ་བཞིར་རྒྱལ་ཆེན་སྡེ་བཞི་དང༔ ཁྱམས་ལ་གཙང་རིས་དཔལ་མགོན་བཅས༔ ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ ཐུགས་སྲོག་ལས་ནི་འོད་འཕྲོས་པས༔ ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར༔ ཧཱུྃ༔ རང་བཞིན་གནས་མཆོག་དམ་པ་དང༔ འོག་མིན་གནས་དང་དགའ་ལྡན་ནས༔ རྡོ་རྗེ་ལྷ་མོ་འཁོར་དང་བཅས༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ པདྨ་ཉི་མའི་གདན་སྟེང་དུ༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ དེ་བཞིན་གཤེགས་མ་གདུགས་དཀར་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ན་མོ་ན་མཱ་མི༔ ཧཱུྃ༔ རྣམ་ལྔ་ལ་སོགས་ཕྱི་ཡི་མཆོད་པ་དང༔ སྨན་རཀ་གཏོར་གསུམ་ནང་གི་མཆོད་པ་དང༔ ཡེ་ཤེས་སྦྱོར་སྒྲོལ་གསང་བའི་མཆོད་པ་རྣམས༔ རྡོ་རྗེ་གདུགས་དཀར་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཀཱ་མ་གུ་ཎ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་གྷ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ དེ་བཞིན་གཤེགས་པའི་གཙུག་ཏོར་ལས་འཁྲུངས་ཤིང༔ ཕྱིར་ཟློག་ཆེན་མོ་བཅོམ་ལྡན་རིག་སྔགས་རྒྱལ༔ འཇིག་རྟེན་དབང་ཕྱུག་གཙུག་གིས་ཞབས་ལ་གཏུགས༔ རིགས་ལྔ་མཁའ་འགྲོ་འཁོར་དང་བཅས་ལ་བསྟོད༔ ཐུགས་ཀར་ཉི་སྟེང་ཨོཾ་གྱི་མཐར༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ རྒྱལ་མཆོད་བྱིན་རླབས་ཐམས་ཅད་བསྡུས༔ འགྲོ་སྒྲིབ་སྦྱངས་ནས་སངས་རྒྱས་ཀྱི༔ ས་ལ་བཀོད་ནས་སྣང་སྲིད་ཀུན༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་ཧཱུྃ་ཕཊ༔ འབུམ་ཕྲག་བདུན་བཟླས་ལས་ཀུན་འགྲུབ༔ སླར་ཡང་ཐུགས་ཀའི་འོད་ཟེར་ལས༔ མཚོན་ཆ་རྣམ་ལྔ་སྤྲོས་ནས་སུ༔ འཁོར་ལོ་རིམ་པ་དྲུག་གིས་གཏམས༔ ཁྲོ་མོའི་སྤྲུལ་པ་ནམ་མཁའ་གང༔ སྲུང་བའི་ཕྲིན་ལས་མཛད་པར་བསམ༔ ཨོཾ་སི་ཏཱ་ཏ་པ་ཏྲེ་སརྦ་གྲ་ཧ་ན་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུཾ་དྲཱུཾ་ཧཱུྃ་ཕཊ༔ འབུམ་བཟླས་སྲུང་བའི་ལས་ཀུན་འགྲུབ༔ སླར་ཡང་ཁྲོ་མོའི་སྤྲུལ་པ་ཡིས༔ བྱད་མ་ལྷ་སྲུང་བཅས་པ་རྣམས༔ རྡོ་རྗེའི་ཞགས་པས་བཅིངས་ནས་སུ༔ རྡོ་རྗེ་ཐོ་བས་བརྡུང་བ་དང༔ ཕུར་བུས་བཏབ་ཅིང་ཕྱག་རྒྱས་མནན༔ གཟུངས་སྔགས་བཟླས་ཤིང་དམོད་པ་བྱ༔ མཐར་ནི་མཆོད་བསྟོད་གསོལ་བ་བཏབ༔ སྣང་སྲིད་འོད་ཞུ་རང་ལ་བསྟིམ༔ རང་ཡང་དམིགས་མེད་ངང་དུ་བཞག༔ སླར་ཡང་ལྷ་ཡི་ང་རྒྱལ་བྱ༔ དགེ་བ་བསྔོ་ཞིང་སྤྱོད་ལམ་བསྐྱང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སློབ་མ་རྗེས་སུ་འཛིན་པ་ནི༔ དཀྱིལ་འཁོར་བཤམ་ཞིང་མཆོད་བསྟོད་བྱ༔ སློབ་མས་ཡོན་ཕུལ་གསོལ་བ་བཏབ༔ རྒྱུད་སྦྱང་བྱིན་དབབ་བརྟན་པར་བྱ༔ ཨོཾ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་གདུགས་དཀར་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སློབ་མར་ཁྲུས་བྱས་དབང་བསྐུར་རོ༔ སྔགས་མཐར༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱ༔ བླ་མ་རྡོ་རྗེ་མཁའ་འགྲོ་མར༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ སློབ་མ་རྡོ་རྗེ་དཔའ་བོ་ཡིས༔ རྡོ་རྗེ་མཁའ་འགྲོ་ལ་སྦྱོར་བས༔ དགའ་བཞིའི་ཡེ་ཤེས་རྟོགས་ནས་སུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པར༔ ཟུང་དུ་འཇུག་པའི་ཡེ་ཤེས་ནི༔ རྡུལ་བྲལ་མཁའ་ལྟར་རྣམ་པར་དག༔ མཁའ་ལྟར་མཉམ་པའི་དབང་ཐོབ་ཤོག༔ སྔགས་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མས་དམ་ཚིག་ཁས་བླང་ཞིང༔ ཡོན་ཕུལ་དགེ་བ་བསྔོ་བར་བྱ༔ ས་མ་ཡ༔ བྱད་དང་རྦོད་གཏོང་བཀྲོལ་བ་ནི༔ སློབ་མ་རེ་བའི་གདན་ལ་བཞག༔ བྱད་ཐག་གིས་བཅིངས་སཱཙྪས་མནན༔ གཏོར་མ་ཆངས་བུ་བརྒྱ་རྩ་བརྒྱད༔ སམྦྷ་ར་ཡིས་གླུད་ཀྱིས་བསྔོ༔ ཧཱུྃ༔ བྱད་དང་རྦོད་གཏོང་གཏོང་བའི་བདག༔ ལྷ་དང་མཁའ་འགྲོ་འབྱུང་པོའི་ཚོགས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བྱད་དང་རྦོད་གཏོང་བཀྲོལ་ནས་ཀྱང༔ ཞི་བའི་སེམས་དང་ལྡན་པར་གྱིས༔ གཟུངས་སྔགས་བཟླ་ཞིང་ཐུན་གྱིས་བསྐྲད༔ འབུམ་གྱིས་བསྒྲུབས་པའི་ཆུ་ཡིས་བཀྲུ༔ ཧཱུྃ༔ སངས་རྒྱས་རྣམས་ཀྱི་བྱིན་རླབས་དང༔ དམ་ཆོས་རྣམས་ཀྱི་བདེན་པ་དང༔ དགེ་འདུན་རྣམས་ཀྱི་བདེན་ཚིག་དང༔ བཅོམ་ལྡན་རྡོ་རྗེ་གདུགས་དཀར་གྱི༔ རིག་སྔགས་ཟབ་མོའི་མཐུ་སྟོབས་ཀྱིས༔ བྱད་དང་རྦོད་གཏོང་དག་གྱུར་ཅིག༔ སྔགས་ཀྱི་མཐར། ལུས་ངག་ཡིད་གསུམ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ བཅིངས་པ་དང་མནན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སཱཙྪ་བཤིག་ཅིང་རལ་གྲི་ནི༔ སྔགས་དང་མེ་ཆུས་ངར་བཏབ་པས༔ བདེན་སྟོབས་གཟུངས་སྔགས་བཟླས་པའི་མཐར། ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པས་བྱད་ཐག་རེ་གདན་གཏུབས༔ དགྲ་གཟུགས་བཅས་པ་ཧོམ་དུ་བཅུག༔ བདེན་སྟོབས་གཟུངས་སྔགས་ཤམ་བུ་སྒྱུར༔ བྱད་དང་རྦོད་གཏོང་ཐམས་ཅད་ཕུར་བུས་བཏབ་བོ༔ ཐོ་བས་བརྡུང་ངོ༔ ཕྱག་རྒྱས་མནན་ནོ༔ ཞེས་བརྗོད་དྲག་པོའི་མེ་ཧོམ་དུ༔ ཁྲོ་མོ་ཤིན་ཏུ་ཁྲོས་པར་བསྐྱེད༔ བྱད་གཏད་ཞལ་དུ་བསྟབ་པ་ཡིས༔ དམིགས་མེད་ཀློང་དུ་བསྲེགས་པར་བསམ༔ བདེན་སྟོབས་སྔགས་མཐར་ཛྭ་ལ་རཾ༔ ཞེས་པས་ཐུན་རྫས་དང་བཅས་བསྲེག༔ ཁྲོ་མོ་འབར་བའི་རྣམ་པར་བསམ༔ བསྒྲུབ་བྱས་མེ་ལ་ལན་བདུན་འགོམས༔ ཁྲུས་ཆུའི་གཟུགས་ལ་སྤོ་བའི་ཚུལ༔ ཀུ་ཤ་རྨ་བྱའི་སྒྲོ་ཡིས་གཡབ༔ ཨ་པ་ན་ཡེ་སོགས་ཀྱིས་བྱབ༔ ཐལ་བ་ཁྲུས་ཆུ་འབབ་ཆུར་དོར༔ གནས་རྣམས་རཀྵས་རྡོ་རྗེས་གཏམས༔ བྱད་གཏད་རྣམས་ལས་གྲོལ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱད་དང་རྦོད་གཏོང་བཟློག་པའི་ཕྱིར༔ འབྲུ་ནག་ཁྲག་སྦྲུས་བཤོས་བུ་ནི༔ ཟུར་གསུམ་ལྷ་གྲངས་མཉམ་པ་བཤམ༔ ཐུན་རྫས་དར་ནག་མཚོན་ཆས་བརྒྱན༔ བྱིན་རླབས་གཏོར་མ་ལྷ་རུ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པ་བྱ༔ དགྲ་བགེགས་བསྒྲལ་ཞིང་ཞལ་དུ་བསྟབ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་ཏུ་བསྡུས་པའི་སྐུ༔ རྡོ་རྗེ་ཁྲོ་མོ་གདུགས་དཀར་མོ༔ རྡོ་རྗེའི་རིགས་ཀྱི་དམོད་པ་ཟློགས༔ དེ་བཞིན་ཁྲོ་མོ་གདུགས་སྔོན་མོ༔ སངས་རྒྱས་རིགས་ཀྱི་དམོད་པ་ཟློགས༔ རིན་ཆེན་ཁྲོ་མོ་གདུགས་སེར་མོ༔ རིན་ཆེན་རིགས་ཀྱི་དམོད་པ་ཟློགས༔ པདྨ་ཁྲོ་མོ་གདུགས་དམར་མོ༔ པདྨའི་རིགས་ཀྱི་དམོད་པ་ཟློགས༔ ཀརྨ་ཁྲོ་མོ་གདུགས་ནག་མོ༔ ལས་ཀྱི་རིགས་ཀྱི་དམོད་པ་ཟློགས༔ རྒྱལ་ཆེན་གཙང་རིགས་ཐམས་ཅད་ཀྱིས༔ འཇིག་རྟེན་དམོད་པ་ཐམས་ཅད་ཟློགས༔ གཞན་ཡང་དམོད་པ་གང་ཤེས་བྱ༔ ལྷ་རྣམས་རང་ལ་བསྟིམས་ནས་སུ༔ གཏོར་མ་ཁྲོ་མོའི་དམག་ཚོགས་སུ༔ བསྒྱུར་ནས་དགྲ་བོའི་ཕྱོགས་སུ་འཕང༔ བྱད་མ་རྦོད་གཏོང་བཟློགས་པར་བསམ༔ དཀྱིལ་འཁོར་རྗེས་བསྡུ་གཞུང་བཞིན་བྱ༔ བྱད་ཁ་རྦོད་གཏོང་བཟློག་པར་འགྱུར༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བོད་ལ་རུ་བཞིའི་དགྲ་དར་ནས༔ ངན་སྔགས་བྱད་གཏད་བྱུང་བའི་ཚེ༔ མན་ངག་འདི་བསྟན་བཟློགས་པར་བྱས༔ འདིར་ནི་སྙིང་པོ་བསྡུས་ཏེ་བཀོད༔ མ་འོངས་ཆོས་བྱེད་ཡོན་མཆོད་ལ༔ བྱད་རྦོད་ཟློག་པའི་ཐབས་སུ་བཞག༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ རྒྱལ་ཡུམ་རྣམ་པར་རྒྱལ་མའི་སྒྲུབ་པའི་ཐོག་མར་གསོ་སྦྱོང་གི་ཆོ་ག་ (Volume 48, Text 57)
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ རྒྱལ་ཡུམ་རྣམ་པར་རྒྱལ་མའི་སྒྲུབ་པའི་ཐོག་མར་གསོ་སྦྱོང་གི་ཆོ་ག་བཞུགས་སོ༔ ༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཡན་ལག་ཏུ་རྒྱལ་ཡུམ་རྣམ་པར་རྒྱལ་མའི་དཀྱིལ་འཁོར་གྱི་ཐོག་མར་གསོ་སྦྱོང་བླང་བ་ནི༔ ཐོ་རངས་ཀྱི་ཆ་ལ་ཆོ་ག་བ་རྣམས་ཀྱི་ཁྲུས་བྱ༔ སློབ་དཔོན་ལ་ཕྱག་འཚལ་སྤྱི་གཙུག་ཐལ་མོ་སྦྱར་ལ་ཐོག་མར༔ མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི༔ རྩལ་ཆེན་སེང་གེས་བཏེགས་པའི་སྟེང་དུ༔ ངོ་བོ་བླ་མ་ལ་རྣམ་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདངས་ལྟར་ཞལ་གཅིག་ཕྱག་གཉིས༔ གཡས་ས་གནོན་གཡོན་མཉམ་གཞག་ཅན༔ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་བསྒོམ༔ ཐལ་མོ་སྦྱར་ལ་ནི༔ སྟོན་པ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བྱ་བ༔ སྟོན་པ་སངས་རྒྱས་ཀྱི་འཁོར་དུ་བྱིན་གྱིས་བརླབ་ཏུ་གསོལ༔ སྐྱོབ་པ་དམ་ཆོས་ཀྱི་སྣོད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ འཕགས་པའི་དགེ་འདུན་གྱི་མཆོག་ཏུ་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་པས༔ སློབ་དཔོན་གྱིས༔ འོ་ཁྱེད་རྣམས་ཐབས་མཁས་སྐལ་བར་ལྡན༔ སངས་རྒྱས་འདྲ་བའི་སྟོན་པ་མེད༔ ཆོས་དང་འདྲ་བའི་སྐྱོབ་པ་མེད༔ དགེ་འདུན་འདྲ་བའི་ཞིང་ས་མེད༔ སྐལ་ལྡན་འཇུག་པའི་མཆོག་ཡིན་ནོ༔ གསུང་ངོ༔ ཡང་ཞུས་པ༔ དེ་ལྟར་འཇུག་པའི་ཆོས་སྤྱོད་རྣམས༔ མགོན་པོས་བདག་ལ་བསྩལ་དུ་གསོལ༔ ཞུས་པས༔ གསུང་པ༔ བསྟན་པའི་གཞི་མ་སྐྱབས་འགྲོ་ནི༔ ཡང་གཟུང་ཐར་པའི་ཐེམ་སྐས་ལ༔ མགོན་པོས་ཁྲིད་ཀྱིས་གསོལ་བ་ཐོབས༔ ཕྱི་ནང་ཕྱེད་མཛད་སྐྱབས་འགྲོ་ཞུས༔ གསུངས༔ ཡང་ཞུས་པ༔ སྟོན་པ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བས༔ དུས་འདི་ནས་གཟུང་སྟེ༔ ཇི་སྲིད་འཚོ་བའི་བར་དུ༔ རྫོགས་སངས་རྒྱས་པ་ཡི༔ སངས་རྒྱས་ལ་སྐྱབས་སུ་མཆི་འོ༔ ཡང་ཞུས་པ༔ སྟོན་པ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བས༔ དུས་འདི་ནས་གཟུང་སྟེ༔ ཇི་སྲིད་འཚོ་བའི་བར་དུ༔ ཡོངས་སུ་རྫོགས་པའི་དམ་ཆོས་ལ་སྐྱབས་སུ་མཆི་འོ༔ ཡང་ཞུས་པ༔ སྟོན་པ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བས༔ དུས་འདི་ནས་གཟུང་སྟེ༔ ཇི་སྲིད་འཚོ་བའི་བར་དུ༔ ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆི་འོ༔ སློབ་དཔོན་གྱིས་ཐབས་ཡིན་ནོ༔ སློབ་མས་ལེགས་སོ་བརྗོད༔ ཡང་ཞུས་པ༔ སློབ་དཔོན་གྱིས༔ སངས་རྒྱས་གཙོ་ལ་ཕྱག་འཚལ་སྐྱབས་སོང་ནས༔ སྟོན་པའི་འཁོར་དུ་མོས་པ་ཟུངས༔ འདོད་ཆགས་ལས་གྱུར་རྟོག་པ་སྤོངས༔ སྐྱབས་འགྲོ་སོགས་ཀྱི་བཟླས་པར་བརྩོན༔ འདིར་ཆོས་ཀྱི་བསླབ་བྱ་འཆད་དོ༔ དགེ་འདུན་ལ་ཡང་སྐྱབས་སོང་ན༔ ཕྱི་རོལ་གྲུབ་མཐའི་ཚུལ་ཆོས་དང༔ ཞེ་སྡང་ལས་གྱུར་རྟོག་པ་སྤོངས༔ དགེ་འདུན་བྱ་བའི་སྤྱོད་པ་སྤྱད༔ ཅེས་བསླབ་པ་བསྒོ་འོ༔ སློབ་དཔོན་གྱིས་མེ་ཏོག་འཐོར་ལ༔ དེང་འདིར་ཕྱིན་ཆད་བུ་ཁྱོད་ཀྱིས༔ སངས་རྒྱས་འཁོར་ལ་སྨོན་ལམ་ཐོབས༔ དམ་པའི་ཆོས་ཀྱི་སྣོད་དུ་གྱུར༔ དགེ་འདུན་འབྲས་བུའི་ས་བོན་འགྲུབ༔ དེ་བཞིན་མཆོག་ཏུ་སྐལ་པ་བཟང༔ ཞེས་མེ་ཏོག་འཐོར༔ ཡང་གསོལ་བ༔ སྔོན་ཚེ་བཅོམ་ལྡན་འདས་ཀྱི་འཁོར༔ འཕགས་པ་དགྲ་བཅོམ་ཚོགས་རྣམས་ཀྱིས༔ སྤྱོད་པའི་ཚུལ་ལ་ཇི་ལྟར་བསླབས༔ སྟོན་པས་བདག་ལ་བསྩལ་དུ་གསོལ༔ ཞེས་ཞུས་པས༔ སློབ་དཔོན་གྱིས༔ དེ་རིང་སྟོན་པ་རིན་ཆེན་ཆོས༔ ལུས་ཅན་ཀུན་གྱི་སྐྱབས་མཆོག་སྟེ༔ འདི་ཡི་སྣོད་དུ་མ་གྱུར་མེད༔ དགྲ་བཅོམ་ཚུལ་དེས་དེ་ལྟར་མིན༔ ཅེས་གསུངས་པས༔ ཇི་ལྟར་འཕགས་པ་དགྲ་བཅོམ་གྱིས༔ ཚུལ་གྱིས་སྤྱོད་པ་གང་ཡིན་པ༔ སྟོན་པས་བདག་ལ་གསུང་དུ་གསོལ༔ མཁན་པོས་བདག་ལ་གསུང་དུ་གསོལ༔ ཞུས་པས༔ གསུང་པ༔ སྔོན་ཚེ་དགྲ་བཅོམ་འབྲས་བུའི་ཆོས༔ སྤྱོད་པའི་ཚུལ་ལ་བརྟེན་བཅས་ནས༔ དགྲ་བཅོམ་འབྲས་བུ་གྲུབ་ན་འང༔ འཇུག་སྒོ་དམ་པས་སྤྱད་པར་དཀའ༔ འོན་ཀྱང་སྟོན་པ་ཐབས་མཁས་ཀྱིས༔ ཉིན་གཅིག་ཙམ་གྱི་སྡོམ་པ་དང༔ སྣ་རེ་ཙམ་གྱི་བསྲུང་སྡོམ་བསྟན༔ དེ་བཞིན་དོན་ལ་གསོལ་བ་ཐོབས༔ སྨྲས་པས༔ ཡང་གསོལ་བ་བཏབ་པ་ནི༔ སྟོན་པ་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བས༔ དེ་རིང་གི་ཚེ་ན༔ འཕགས་པ་དགྲ་བཅོམ་པའི་སྤྱོད་པ་ལ་འཇུག་གིས༔ མགོན་པོས་རྗེས་སུ་ཟུངས་ཤིག༔ ཅེས་ཞུས་པས༔ གསུང་པ༔ སྔོན་ཚེ་འཕགས་པ་དགྲ་བཅོམ་གྱིས༔ སྲོག་གཅོད་མ་བྱིན་ལེན་པ་དང༔ འདོད་ལོག་མི་གཙང་སྤྱོད་སྤངས་པས༔ དེ་རིང་ཚེ་ན་དེ་བཞིན་སྲུང༔ ཤ་ཆང་སྒོག་ཙོང་དུས་མིན་ཟས༔ རྫུན་དང་གླུ་གར་ཚུལ་མིན་སྤོངས༔ མཁན་པོར་གསོལ་བ་བཏབ་པ་དང༔ ཚུལ་ལ་གནས་པའི་སྤྱོད་པ་གྱིས༔ གསུང་པས༔ དམ་དུ་བཅའ་བ་ནི༔ སློབ་དཔོན་དགོངས་སུ་གསོལ༔ དེ་རིང་གི་ཚེ་ན༔ སྟོན་པས་གནང་བའི༔ སྡོམ་པ་ལ་གནས་པར་བགྱི་འོ༔ བསླབ་པར་བགྱི་འོ༔ འཇུག་པར་བགྱི་འོ༔ སློབ་དཔོན་གྱིས་ཐབས་ཡིན་ནོ༔ གསུངས་པས༔ ལེགས་སོ་བརྗོད༔ གཅིག་བཞི་བརྒྱད་དང་བཅུ་བཞི་ལྔ༔ ཉེར་གཉིས་ཉེར་ལྔ་གནམ་གང་ལ༔ ཉིས་གཅིག་གམ་ནི་སྣ་གཅིག་སྲུང༔ ཡོངས་རྫོགས་སྲུང་སོགས་འགྲུབ་གྱུར་ན༔ སངས་རྒྱས་སྨོན་ལམ་ཐོབས་ཤིག་གྲོལ༔ དགྲ་བཅོམ་འབྲས་བུའི་ས་བོན་འཇོག༔ བླ་མེད་མཆོག་ལ་རེག་པར་འགྱུར༔ ཞེས་གསུངས༔ དེང་ནས་ཁྱེད་རྣམས་སྐལ་པ་བཟང༔ དགའ་དང་ལྡན་པས་ཆོས་སྤྱོད་ཅིག༔ ཅེས་མེ་ཏོག་འཐོར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ཅེས་བརྩེ་བའི་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བའི་དཔལ་ལས། ལྷ་དང་བླ་མས་བྱིན་གྱིས་བརླབས་ཤིང་རྟག་ཏུ་སྐྱོང་བའི་ཕོ་བྲང་ཉམས་དགའ་བའི་དཀྱིལ་རྫོགས་ཆེན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །། ༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ གཙུག་ཏོར་རྣམ་པར་རྒྱལ་མའི་སྔགས་བྱང་བཞུགས་སོ༔ ༁ྃ༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ སརྦ་ཏྲཻ་ལོཀྱ་པྲ་ཏི་བི་ཤིཥྚཱ་ཡ༔ བྷུདྡྷཱ་ཡ་ཏེ་ན་མ༔ ཏདྱ་ཐཱ༔ ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཤྭ་དྷ་ཡ་ཤྭ་དྷ་ཡ༔ བི་ཤྭ་དྷ་ཡ་བི་ཤྭ་དྷ་ཡ༔ ཨ་ས་མ་ས་མནྟ་ཏ༔ ཨ་ཝ་བྷ་ས༔ སྥ་ར་ཎ་ག་ཏེ༔ ག་ག་ན་སྭ་བྷཱ་ཝ༔ བྷི་ཤུདྡྷེ༔ ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ༔ ཨ་བྷི་ཥིཉྩ་ཏུ་མཱཾ༔ སརྦ་ཏ་ཐཱ་ག་ཏཱ༔ སུ་ག་ཏ་ཝ་ར་ཝ་ཙ་ན༔ ཨ་མྲྀཏ་ཨ་བྷི་ཥེ་ཀེ་ར་མ་ཧཱ་མུ་དྲཱ༔ མནྟྲ་པ་དཻ༔ ཨཱ་ཧ་ར་ཨཱ་ཧ་ར༔ མ་མ་ཨཱ་ཡུ་སན་དྷཱ་ར་ཎི༔ ཤྭ་དྷ་ཡ་ཤྭ་དྷ་ཡ༔ བྷི་ཤྭ་དྷ་ཡ་བྷི་ཤྭ་དྷ་ཡ༔ ག་ག་ན་སྭ་བྷཱ་ཝ་བྷི་ཤུདྡྷེ༔ ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ༔ ས་ཧ་སྲ་རསྨི་སཉྩོ་དི་ཏེ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཥྚ་པཱ་ར་མི་ཏཱ་པ་རི་པུ་ར་ཎི༔ སརྦ་ཏ་ཐཱ་ག་ཏ་མཱ་ཏེ༔ ད་ཤ་བྷཱུ་མི་པྲ་ཏིཥྛི་ཏི༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ ཨ་དྷིཥྛཱ་ན༔ ཨ་དྷིཥྛི་ཏེ༔ མུ་དྲེ་མུ་དྲེ༔ མ་ཧཱ་མུ་དྲེ༔ བཛྲ་ཀ་ཡ༔ སཾ་ཧ་ཏ་ན༔ པ་རི་ཤུདྡྷེ༔ སརྦ་ཀརྨ་ཨཱ་ཝ་ར་ཎ་བྷི་ཤུདྡྷེ༔ པྲ་ཏི་ནི་ཝརྡྷ་ཡ༔ མ་མ་ཨཱ་ཡུཿབྷི་ཤུདྡྷེ༔ སརྦ་ཏ་ཐཱ་ག་ཏ་ས་མ་ཡཱ༔ ཨ་དྷིཥྛཱ་ན༔ ཨ་དྷིཥྛི་ཏེ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི༔ བི་མུ་ནི་བི་མུ་ནི༔ མ་ཧཱ་བི་མུ་ནི༔ མ་ཏི་མ་ཏི༔ མ་ཧཱ་མ་ཏི༔ མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ༔ བྷཱུ་ཏ་ཀོ་ཏྲི་པ་རི་ཤུདྡྷེ༔ བྷི་སྥུ་ཊ༔ ཤུདྡྷེ་ཤུདྡྷེ༔ ཧེ་ཧེ༔ ཛ་ཡ་ཛ་ཡ༔ བི་ཛ་ཡ་བི་ཛ་ཡ༔ སྨ་ར་སྨ་ར༔ སྨཱ་ར་ཡ་སྨཱ་ར་ཡ༔ སྥ་ར་སྥ་ར༔ སྥཱ་ར་ཡ་སྥཱ་ར་ཡ༔ སརྦ་བྷུདྡྷ༔ ཨ་དྷིཥྛཱ་ན༔ ཨ་དྷིཥྛི་ཏེ༔ ཤུདྡྷེ་ཤུདྡྷེ༔ བྷུདྡྷེ་བྷུདྡྷེ༔ བཛྲེ་བཛྲེ༔ མ་ཧཱ་བཛྲེ༔ སུ་བཛྲེ༔ བཛྲ་གརྦྷེ༔ ཛ་ཡ་གརྦྷེ༔ བྷི་ཛ་ཡ་གརྦྷེ༔ བཛྲ་ཛྭཱ་ལཱ་གརྦྷེ༔ བཛྲོད་བྷ་ཝེ༔ བཛྲ་སཾ་བྷ་ཝེ༔ བཛྲེ་བཛྲེ་ནི༔ བཛྲམ་བྷ་ཥིཉྩ་ཏུ༔ མ་མ་ཤཱ་རཱི་རམ༔ སརྦ་སཏྭཱ་ནཱཉྩ་ཀཱ་ཡ༔ པ་རི་ཤུདྡྷེ་བྷག་ཝནྟུ༔ མེ་ས་ད་སརྦ་ག་ཏེ༔ པ་རི་ཤུདྡྷེཉྩ༔ སརྦ་ཏ་ཐཱ་ག་ཏྴྨ་མཱཾ༔ ས་མཱ་ཤྭཱ་ས་ཡནྟུ༔ བུད་དྷྱ་བུད་དྷྱེ༔ སིདྡྷེ་སིདྡྷེ༔ བོདྡྷ་བོདྡྷ༔ བི་བོ་དྷྱ་བི་བོ་དྷྱ༔ མོ་ཙ་ཡ་མོ་ཙ་ཡ༔ བི་མོ་ཙ་ཡ་བི་མོ་ཙ་ཡ༔ ཤྭ་དྷ་ཡ༔ ཤྭ་དྷ་ཡ༔ བྷི་ཤྭ་དྷ་ཡ་བྷི་ཤྭ་དྷ་ཡ༔ ས་མནྟཱོ༔ མོ་ཙ་ཡ་མོ་ཙ་ཡ༔ ས་མནྟ་རསྨི་པ་རི་ཤུདྡྷེ༔ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ ཨ་དྷིཥྛཱ་ན༔ ཨ་དྷིཥྛི་ཏེ༔ མུ་དྲེ་མུ་དྲེ༔ མ་ཧཱ་མུ་དྲེ༔ མ་ཧཱ་མུ་དྲཱ་མན་ཏྲ༔ པཱ་དཻཿསྭཱ་ཧཱ༔ ཉེ་སྔགས་སྙིང་པོ་ནི༔ ཨོཾ་ཨ་མྲ་ྀཏེ་ཨཱ་ཡུར་ད་དེ་སྭཱ་ཧཱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཡིད་ཀྱི་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བའི་དཔལ་ལས་རྫོགས་ཆེན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །། ༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ རྒྱལ་ཡུམ་རྣམ་པར་རྒྱལ་མའི་ལས་མཇུག་ནོར་བུའི་ཕྲེང་བ་བཞུགས་སོ༔ ༁ྃ༔ ྈྈྈྈྈྈྈ ཨེ་མ་ཧོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འགྲོ་ལ་བདེ་སྐྱིད་འབྱུང་དོན་དུ༔ ཕྱོགས་ལས་རྣམ་པར་རྒྱལ་མ་ཡི༔ སྐུ་རྟེན་ལས་མཇུག་འདི་བཞིན་ནོ༔ མ་འོང་བཞི་བཅུ་ཁར་ལ་སུམ་ཅུ་ཉེ་བའི་ དུས༔ འགྲོ་བ་ཡོངས་ལ་ཕྱི་ནང་གི་འཚེ་བ་གང་དག་སྲུང་བའི་ཐབས༔ རིན་པོ་ཆེ་སྣ་ཚོགས༔ འབྲུ་སྣ་ཚོགས༔ དར་ཟབ༔ གནས་ཆེན་དང་ས་དཔྱད་བཟང་བའི་ས་སྣ༔ རི་བོ་འཕན་བཟང་མིང་ཆེན་སྙན་གྲགས་ཅན་གྱི་རྩ་དང་འབྲས་སྣ༔ བྱིན་རླབས་ཅན་གྱི་རྫས་གང་འཛོམས་ཀྱིས་ལྷ་མོའི་སྐུ་གཟུགས་རབ་སྡེ་དཔོན་གྱི་འདོམ་གང༔ འབྲིང་གྲུ་གང༔ ཐ་མ་མཐོ་གང་བ་ལེག་པར་བཞེངས་པའི་ཐུགས་དཔལ་གྱི་བེའུར་བཀྲ་ཤིས་པའི་གཟུངས་སྔགས་དང༔ ལྷ་དང་སྲུང་མ་ཆགས་པའི་རྫས་སྣ་བཅོ་བརྒྱད་ནི༔ ག་པུར་ གུར་གུམ་ གྷི་ཧཾ་ སུག་སྨེལ་ ལི་ཤི་ ཅུ་གང་ ཨ་ཀ་རུ་ ཨ་རུ་ར་རྣམ་རྒྱལ་ལམ་གསེར་མདོག༔ ཨ་མྲྀཏ༔ ཛཱ་ཏི༔ ཙནྡན་དཀར་པོ་ ཙནྡན་དམར་པོ་ སྤོས་དཀར་ སྤང་སྤོས་ ཟི་ལ་རྣམས་སོ༔ ལྟེ་བ་ན་སྲིད་པ་འཁོར་ལོ་འདོད་གསོལ་སྤེལ་ཚིག་དང་བཅས་པ་རིན་པོ་ཆེ༔ ཡུལ་གྲུ་མང་པོའི་འབྲུ་སྣ༔ དར་ཟབ་རྣམས་སོ༔ ཐུགས་ཀའི་ཐད་དུ་འབྱོར་པ་དྲུག་སྤེལ་བའི་གཟུངས་འདོད་གསོལ་དང་བཅས་པ༔ ཐད་ཀྱི་སྣ་ཚོགས་རྡོ་རྗེའི་ཁོང་སེང་ནང་དུ་བརྟན་བྱེད་ཀྱི་སྤེལ་ཚིག་དང་རྡོ་རྗེ་ཕ་ལམ༔ མེད་ན་གསེར་གྱི་ཡེ་དྷརྨཱ་གཞུག༔ མཉམ་གཞག་གི་མཐིལ་བུམ་པའི་ནང་དུ་ཚེ་དཔག་མེད་ཀྱི་གཟུངས་སྔགས་དང་གངས་རི་འགྱུར་མེད་ཀྱི་ས་རྡོ་གཡུ་མཚོ་གཏན་འཁྱིལ་གྱི་ཆུས་སྦྲུས་པའི་རིལ་བུའི་ཁེངས༔ བུམ་པའི་ཁ་རྒྱན་དུ་སངས་རྒྱས་ཨ་མི་དྷེ་ཝའམ་ཚེ་དཔག་མེད་ཀྱི་སྐུ་བཞུགས་པའི་ཐུགས་ཀར་ཨཱ་ཡུ་དམར་པོའི་སྔགས་དང༔ གྲུབ་པ་ཐོབ་པ་ངེས་ཅན་གྱི་རིང་བསྲེལ་གཞུག༔ གཡས་ཀྱི་མདའ་ཁོང་སེང་གི་ནང་དུ་དལ་ཡམས་གཡུལ་ཟློག་གི་སྔགས་དང༔ བགེགས་དང་ལོག་འདྲེན་བསྐྲད་པའི་རྫས་སྣ་བཅོ་བརྒྱད་ནི༔ གུ་གུལ༔ གླ་རྩི་ ཤིང་ཀུན་ ཆུ་དག་ནག་པོ་ སྒོག་གཅིག་ བྱ་རྒོད་སྤུ་ བ་བླ་ སྡོང་རོས་ མུ་ཟི་སེར་པོ་ ནག་པོ་ སྤྲུ་བ་ མཁན་དམར་ མཁན་ནག་རྩ་བ་ རྒྱ་ཤོག་ ཕུར་མོའི་ལོ་མའོ༔ གཡོན་གྱི་གཞུ་ཡི་འཆང་གཟུང་ཁོང་སེང་གི་ནང་དུ་ཕྱོགས་ནོན་གྱི་སྔགས་ལ་ངར་འདོག་གི་རྫས་དགུ་ནི༔ བཙན་དུག་ རྒྱ་ཐང་ཁྲོམ་ ཐར་ནུ་ རེ་ལྕག་ བོང་དུག་ སྤྲུ་བ་ སྤྱང་ཚེར་ ཚེར་ནག་གོ༔ སྐུ་ཡི་བྱིན་ལ་སོ་སོར་གཟུངས་གཞུག་རིན་པོ་ཆེས་བྲིས་པ་ནོར་འཁྲུལ་མེད་པ་གཞུག༔ རལ་པའི་དབུས་སུ་ལྷ་མོ་གཙུག་རྒྱན་གྱི་གཟུགས་ལ་སོགས་གཞུག་ནས་ཚོན་རྩིས་བསྒྱུར་ལ་མཛོད་དུ་ཕ་རོལ་གང་གིས་མ་རིག་པར་རབ་གནས་མཆོད་འབུལ་ལ་བརྩོན་པས་སྡེ་དགོན་གང་ལ་བདེ་སྐྱིད་ལ་རྐེད་ཆད་མི་འབྱུང་བ་དང་མི་ཉམས་པའི་ནུས་པ་ལྡན་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག༔ ཞེས་གྲོགས་ཀྱི་དམ་པ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་པའི་དཔལ་ལས་གུ་རུ་རིན་པོ་ཆེའི་ཤོག་སེར་ལས་བདག་ཉིད་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །། ༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ རྣམ་རྒྱལ་མའི་ལས་མཇུག་གི་ངར་འདོག་སྲུང་ཟློག་གི་གནད་འཇུག་བཞུགས་སོ༔ ༁ྃ༔ ྈྈྈྈྈ སྲུང་ཟློག་ལས་ཀྱི་གནད་འཇུག༔ ྀཨཚ ྈྈྈ ལྷ་མོ་རྣམ་རྒྱལ་གྱི་གཟུངས་ཀྱི་མཐར་བཀྲ་ཤིས་པའི་ལས་མཐའ་རིན་པོ་ཆེས་བྲིས༔ ན་མོ་བྷུདྡྷ་ཡ་གུ་རུ་བྷཻ༔ ཨཱརྻ་པི་པ་བྷ་ག་ཝན༔ ཏ་ཐཱ་ག་ཏོ་ཨར་ཧ་ཏེ༔ སམ་མྱག་སམ་བྷུདྡྷོ༔ བཱིཏྱ་ཙ་ར་ན་ས་མ༔ པ་ཎ་ན་སུ་ག་ཏེ༔ ལོ་ཀ་བཱིཏྱ་མུད་ཏཱ་ར༔ པུ་ཏུ་ར་ཤཱ་ད་མྱ་ས་ར་ཐི༔ ཤསྟ་དྷི་ཝ་ར་ཙ་མ་ཎུ་ཎུ་ཤ༔ ཙ་ཤུདྡྷོ་བྷ་ག་ཝན་ནི་ཎྱན་ཏ༔ ཏ་ཐཱ་ག་ཏ་བྷྱ་ནཾ༔ ཨོཾ་བྷྱ་པྲ་ཎ་ཤ༔ ཀུ་ཤ་ལ༔ མུ་ལན་མ༔ ཨ་བྷི་ལཾ་ཀྲི་ཏྱ་ལྡན་ཏྱ་ཨཱ་ག་མ་པུཎྱཻ་བྲི་དྷཱ་ནཱ༔ ནི་ཙི་ཏྲི་ཏཱོ༔ ཨ་ཎུ་ནྱཉྩ་བྷེ༔ ཀུ་སུ་མེ་ཏ་ལི༔ ཀི་ཎ་པྲ་ཏི་སྦུ་སྨུ་གོ་ཙ་རན་ཨ་པྲ་ཏི་ཀུ་ལོ་དར་ཤ་ནེ་ན༔ ཨ་ཏི་བྷི་ར་ཏི་ཤྲ༔ དྷ་དྷི་མུ་ག་ཏོག་ནམ༔ ཨ་ན་བི་སུ་ཏོ་བྷི་མུ་ཀ༔ ཏད་པ་རང་ཀཱ་དྷེ༔ པ་རེ་མུ་ཀ་ཏ་སཏྲི་ནཱ་ཡཱ༔ པ་རེ་རུ་ྲྜྷ་ཛྙཱ་ན་ཎི་ཤི་ན༔ པྲ་ཏིཥྛ་ཏོ་ཨ་ཌི་སྭཱ་ཧཱ༔ ནཱ་ག་ཏ་པྲ་དྷུ་ཏ་པནྣ་ནཾ་བུདྡྷ་ནཾ༔ བྷ་ག་བྷ་རེ་ཛྙཱ་ནེ་ན༔ ཨ་པྲ་ཏིཥྛ་ཏི་བྷིད་བྷ་ནིླྟ་བྷུདྡྷེ་ཀནྱོཥྛི་ཏ༔ སཱོ་ཏ་ལཾ་ཀ་ནི༔ ཡ་བྷཱ་མཱ༔ བུདྡྷ་ཨ་ནུ་སྨྲ་ཏོ་ས་མ་ཡ་སྭཱ་ཧཱ༔ བཀྲ་ཤིས་རྫས་བརྒྱད་ཡང་གཞུག༔ ན་མ་ས་མནྟ་བྷུདྡྷ་ན༔ ཨ་པྲ་ཏི་ཧ༔ ཤ་ས་ནན་ཎ༔ ཨོཾ་ཀ་ཎི་ཀ་ཎི༔ ཏ་ཐཱ་ག་ཏོ༔ ད་པ་ཤ་ན༔ ཧེ་བ་ར་ཏི༔ ཨཱུ་ཏ་མ་ཏ་ཏ༔ སུ་ག་ཏོ་ཏ་བྷ་ཝ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ན་མོ་བྷུདྡྷ་ཡ༔ ཨོཾ་དྷུ་ན་དྷུ་ན༔ མ་ཧཱ་བྷི་རེ་ཧཱུྃ་ཕཊ༔ མཾ་ག་ས་བྷ་ཝན་ཏུ་པ་རི་ཤུ་བྷུཾ་ནི་དྷ་ཛྭ་ལ་ཛྭ་ལ་བྷི་ཛ་བྷི་ཛྭོ་པུཥྚཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ འབྱོར་དྲུག་རྒྱས་པའི་འདོད་གསོལ་སྤེལ་ཚིག་དང་བཅས་པ་གཞུག༔ ཐད་ཀྱི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ྈྈ རིག་པ་རང་གནས་འབྲས་བུ་བརྒྱད་ཀྱི་ཤམ་བུ༔ ཚེ་དང་བསོད་ནམས་རྒྱས་པར་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཧཱུྃ༔ དེ་བཞིན་དུ་ཤར་དུ༔ ྈྈྈྈྈ འཁོར་དང་མངའ་ཐང་རྒྱས་པ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཧཱུྃ༔ ལྷོར༔ ྈྈྈྈྈ ཡིད་བཞིན་དཔལ་འབྱོར་རྒྱས་པར་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཧཱུྃ༔ ནུབ་ཏུ༔ ྈྈྈྈྈ མགོན་ཞིང་འགོ་བའི་ལྷ་དང་སྲུང་མ་རྒྱས་པ་བརྟན་པར་གྱིས་ཤིག༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ བྱང་དུ༔ ྈྈྈྈྈ བཀྲག་དང་གཟི་བརྗིད་རྒྱས་པ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་ཧཱུྃ༔ ཅེས་སོ༔ ཚེ་གཟུངས་ནི་གཞུང་བཞིན་ནོ༔ ཨཱ་ཡུ་དམར་པོའི་བསྙེན་སྒྲུབ་ལས་གསུམ་གྱི་སྙིང་པོ་ནི༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུ་སིདྡྷི་ཨ་མཱ་ར་ཎི་ཛི་བནྟི་སྭཱ་ཧཱ༔ ཨོཾ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ༔ པདྨ་སིདྡྷི་ཨཱ་ཡུ་ཤྲཱི་ཧཱུྃ་རྣྲྀ་ཛ༔ ཊ་ཊ་ཤ་མུ་ཏྲ་ཧོ་ཏིཥྛ་ལྷན༔ ཅེས་སོ༔ ཟློག་སྔགས་ནི༔ ཨོཾབྷམཱནཱཤྣཏྲིསནྶསརྦྵརྨརཔརྒྱརྒྱཨེཀེཅིཧཱུྃཐམསགིརུསརྐུརྦབིཧརྒནཔརྒྱརྒརནིབདུཧཱུྃཕཊབདྷཀསྱགབྷབེཧཧཧེབཟློགཡཏེབཟློགཡམརཙམརཡརབཟློགསདུཏྲིཕུཏྲིས་མཡབཟློག༔ ཅེས་པ་གསལ་བར་བྲིས་པའི་ཤོག་དྲིལ་མདའ་ནང་དུ་གཞུག༔ གཡོན་གྱི་འཆང་གཟུང་ལ༔ ཨོཾ་བཛྲལོགཏྲིཔཱལནན༔ སགཔཤནན༔ ནཱགདུདུནན༔ མམཾམམཾཅིཙརཅིཙར༔ བཾརུལུབཾརུལུ༔ རྦདཏྲཀོཤཡ༔ ཧོརཧོརགནོདབྱེདཙིདུནནཙིདུནན༔ ཧལཔཏྲིནན༔ པརཡཤུདྷྲིཐུནབྷྱོ༔ ཤཤརལམེཏོགབཤུཙེསརྦནནནན༔ ཞེས་གཞུག་གོ༔ གཞན་ཡང༔ ན་མོ་བྷུདྡྷེ་བྱེ༔ ཨོཾ་ན་མོ་ས་མནྟ་བྷུདྡྷ་ནཾ༔ གཙུག་གཏོར་ལའོ༔ བཛྲ་ཧ་ཧོ་ཧཱུྃ་ཕཊ༔ དབུ་སྐྲ་ལའོ༔ ཨོཾ་ཏྲི་ཡད་དྷི་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ༔ གརྦྷེ་ཛྭ་ལ་དྷརྨཱ་དྷརྡྷུ་གརྦྷེ་སཾ་ཧ་ར་ཨཱ་ཡུ་སཾ་ཤྭ་དྷ་ཡ༔ པཱ་པཾ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ས་མནྟ་ཏ་ཐཱ་ག་ཥིཉྩ་བི་མ་བི་ཤུདྡྷེ་སྭཱ་ཧཱ༔ ཀླད་པ་དུང་ཁང་ལའོ༔ ཨོཾ་རུ་རུ་ཏེ་ས་ཏ་སིདྡྷི་ལོ་ཙ་ན་སརྦ་ཨ་དྷ་ས་དྷ་ནཾ་སྭཱ་ཧཱ༔ སྤྱན་གཉིས་ལའོ༔ བཛྲ་ཧོ་ཧཱུྃ་ཕཊ༔ མཛོད་སྤུ་ལའོ༔ བཛྲ་ཧ་རེ་སྭཱ་ཧཱ༔ སྨིན་མ་ལའོ༔ བཛྲ་དྷེ་ཧོ་དྷ་སྭཱ་ཧཱ༔ རྣ་བ་ལའོ༔ བཛྲ་ཏེ་བ་བྱེ་ཏེ་སྭཱ་ཧཱ༔ སྣ་ལའོ༔ བཛྲ་ཧོ་ཧཱུྃ་སྭཱ་ཧཱ༔ མཆུ་ལའོ༔ བཛྲ་ཧེ་ཏེ་སྭཱ་ཧཱ༔ ལྕེ་ལའོ༔ བཛྲ་ཧ་རེ་ར་སྭཱ་ཧཱ༔ ཕྱག་གཉིས་ལའོ༔ སརྦ་ཧོ་ཨ་བཾ་སྭཱ་ཧཱ༔ གསང་བ་ལའོ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བཛྲ་གརྦྷེ་སྭཱ་ཧཱ༔ ཨོཾ་བཛྲ་བཱིྒྷརྻ་སྭཱ་ཧཱ༔ སྐུ་བྱིང་ལ་མང་བྲིས་སོ༔ ལྷ་མོ་གཙུག་རྒྱན་མའི་གཟུངས་སྙན་བརྒྱུད་ནོར་བུ་ལས་ཁོལ་དུ་ཕྱུང་བ་ཡང་ཤེས་པར་བྱའོ༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ༁ྃ༔ ྈྈ དུས་ཀྱི་སྙིགས་མར་མ་རུངས་པའི༔ བྱད་ཁ་རྦོད་གཏོང་ལྷ་འདྲེའི་ཟུག༔ མི་མཐུན་ཐ་དག་ཟློག་མཛད་པའི༔ རྣམ་པར་རྒྱལ་མའི་མཆོད་རྟེན་བཞེངས༔ ྈྈ ཆེ་ཆུང་མ་ངེས་ཅི་ཡང་རུང༔ ཆ་གཉིས་ལྡན་པའི་ས་ཡི་སྟེགས༔ ཆ་གཉིས་ལ་ལྡན་པདྨ་སྟེ༔ ཆ་ཕྲན་དེ་ཡི་བང་རིམ་བཞི༔ ཞི་བའི་ཚུལ་གྱིས་ཟླུམ་པོ་བསྐོར༔ ཆ་བདུན་ལྡན་པས་བུམ་པ་དང༔ གཉིས་ཀྱི་བྲེ་སྐེའི་བྲེ་ལ་གཉིས༔ པདྨ་གཉིས་དང་ཆོས་འཁོར་དྲུག༔ གདུག་གཅིག་ཉི་ཟླ་ནོར་བུ་གཉིས༔ ཡས་རིམ་ཚུལ་དུ་མངོན་པར་འཕགས༔ ས་གཞི་ཆ་ཕྲན་བཅུ་དགུ་ཡི༔ ཡས་རིམ་ཕན་ཚུན་རེ་རེ་བཞག༔ དེ་བཞིན་རིགས་པའི་འགྲོས་བཞིན་བཞེངས༔ བཟང་དྲུག་ཨུཏྤལ་ཙནྡན་གཉིས༔ ཞོ་ཤ་གསུམ་དང་འབྲས་བུ་གསུམ༔ དབང་ལག་ཆུ་སྲིན་སྡེར་མོ་སོགས༔ ཀླུ་ལ་འབྱོར་བའི་སྨན་རྣམས་བསྲེས༔ རིན་ཆེན་ལྔ་དང་འབྲུ་དང་དར༔ ཤིང་སྣ་ཆུ་སྣའི་ཚོགས་ཀྱིས་བཞེངས༔ རྟེན་ལ་འཚམ་པའི་བརྟན་བཞུགས་དང༔ རབ་གནས་བརྟན་བཞུགས་མེ་ཏོག་ཕུལ༔ འབྱུང་བ་མི་མཐུན་དགྲར་གྱུར་དང༔ ལྷ་འདྲེའི་འཚེ་བ་རྦོད་གཏོང་དང༔ དུས་འཁོར་ས་བདག་མ་རུངས་སོགས༔ ཞི་གྱུར་མཆོག་ལ་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀློང་གསལ་སྙིང་པོའི་ཟབ་གཏེར་ལགས་སོ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ (Volume 61, Text 57)
ཨཱོྃ་སྭསྟི། རྒྱལ་ཀུན་གསུང་གི་གསང་བ་ནི། །རྡོ་རྗེའི་སློབ་དཔོན་གཟུགས་ཤར་བ། །དེ་ལ་བཏུད་ནས་དམ་ཚིག་ཅན། །བརྟན་མའི་སྒྲུབ་ཐབས་མདོ་ཙམ་བཤད། །འདིར་ཆོས་དབང་གི་གཏེར་བྱོན་བོད་སྐྱོང་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་དང་འབྲེལ་བར་སྲོག་གཏད་སྒྲུབ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་བཞི་སྒྲུབ་པའི་ཐབས་དང་། སྲོག་གཏད་ཀྱི་རིམ་པའོ། །དང་པོ་གཤོམ་ནི། དུས་ཁྱད་པར་ཅན་ལ་དབེན་པའི་གནས་སུ་ཡི་དམ་དང་འདིའི་བྲིས་སྐུ་ཡོད་ན་བཀྲམ། དེའི་མདུན་དུ་སྟེགས་བུ་ཇི་ལྟར་འོས་པ་ལ་མཎྜལ་པདྨ་འདབ་མ་བཅུ་གཉིས་པ་མུ་ཁྱུད་དང་བཅས་བྲིས་པའམ་རས་དཀར་པོའི་གཞི་ལ་འབྲས་དཀར་གྱི་ཚོམ་བུ་ལྷ་གནས་སོ་སོར་བཀོད་ཀྱང་རུང་། དབུས་སུ་མཉྫི་ལ་གུ་རུ་ཞི་དྲག་སོགས་གོང་གནོན་ཡི་དམ་གྱི་གཏོར་མ་སྐུ་གཟུགས་ཀྱི་ཙཀླི་དང་མདའ་དར་གྱིས་བརྒྱན་པ་བཞག །པད་འདབ་བཅུ་གཉིས་ལ་ཤར་སྟོད་ནས་བརྩམ་སྟེ་བདུད་མོ་བཞི་ལ་གྲུ་གསུམ་ནག་པོ་བཞི། གནོད་སྦྱིན་བཞི་ལ་གྲུ་བཞི་རྩེ་ཟླུམ་དམར་པོ་བཞི། སྨན་བཙུན་བཞི་ལ་ཟླུམ་གཏོར་དཀར་པོ་བཞི་རྣམས་སོ་སོའི་སྐུ་གཟུགས་ཀྱི་ཙཀླི་དར་འཕན་གྱིས་བརྒྱན་པ་རིམ་པ་བཞིན་བཀོད། དེ་རྣམས་ཀྱི་མདུན་དུ་ཞིང་ངམ་གཅན་གཟན་ལྤགས་པའི་ཁར་མཆོད་གཏོར་པདྨ་སྤུངས་པའམ་ལྕོག་ཟླུམ་བཅུ་གཉིས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བརྒྱན་པ་དང་། གཡས་སུ་སྨན་ཕུད། གཡོན་དུ་རཀྟ། རྒྱ་ཕོར་དང་དངུལ་ཕོར་ལ་སོགས་པར་ཕྱེ་མར་ཕུད་སྐྱེམས་འབྲུ་དང་གསེར་གཡུས་བྲན་པ། དཀར་སྐྱེམས་འོ་ཆོལ་སྨན་སྣས་གཏམས་པ། མངར་སྐྱེམས་སྦྲང་ཆང་བུ་རམ་དང་བཅས་པ་རྣམས་དང་། ཉེར་སྤྱོད་རྣམ་པ་ལྔ། སྨན་ཤིང་སྤོས་དཀར་སོགས་ཀྱི་དུད་སྤྲིན། མདའ་དར་སོགས་སྤྱན་གཟིགས་སྣ་ཚོགས་དང་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། གོང་གནོན་ལྷའི་བདག་བསྐྱེད་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་མཆོད་པ་རྣམས་བྱིན་གྱིས་བརླབ་ཅིང་། ཁྱད་པར་གཏོར་མ་སྨན་ཕུད་ཀྱིས་བྲན་ལ། ཨཱོྃ་ཨཱཿཧཱུྃ། ཏྲཱཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། ཏྲཱཾ་རཏྣ་ཏྲཻ་ལོཀྱ་ཕཊ། ཅེས་བརྗོད་པས། གཏོར་མའི་རྡུལ་ཕྲ་རབ་རེ་རེ་ཞིང་རིན་པོ་ཆེའི་གུར་ཁང་ལོངས་སྤྱོད་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམ་ལ། འབྲུ་གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབ། མདུན་བསྐྱེད་བསྒོམས་པའམ་མ་བསྒོམ་ཡང་རུང་སྟེ། རང་གི་སྙིང་གའི་འོད་ཟེར་གྱིས་དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ཞིང་། དུང་དམར་གྱི་ཕྱག་རྒྱ་བཅིངས་ཏེ་འབྲས་དཀར་ཙནྡན་དཀར་པོ། ཨ་ག་རུ། སྤོས་དཀར་མར་གསར་དང་སྦྱར་བའི་སྤོས་དང་རོལ་མོར་བཅས་པས། ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ། ཧོཿ ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང་། དཀར་ཤམ་བཞིན་བཟང་མ་ཡི་བུ་མོ་སྨན་བཙུན་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དཔལ་ཆེན་པོའི་ཕམ་ཕབ་ལེན་པ་དང་སྒྲུབ་པ་པོའི་སྟོངས་གྲོགས་ལ་འདིར་གཤེགས་ཤིག །ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཧྲིཾ། ཧཱུྃ༔ ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས༔ འདིར་སྤྱོན་དམ་སྐོངས་ཕྲིན་ལས་མཛོད༔ ཧཱུྃ༔ སྔོན་ཚེ་དུར་ཁྲོད་བསིལ་བའི་ཚལ་དུ་ནི༔ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་དང༔ བར་དུ་བལ་བོད་ཁ་ལ་རོང་སྒོ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཐུགས་དམ་ཞལ་བཞེས་དམ་བཅས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས་གནས་འདིར་གཤེགས༔ རང་རང་སྡེ་བརྒྱད་དུ་མའི་འཁོར་དང་བཅས༔ བདག་ཅག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ ཐུགས་ཉིད་བརྩེ་བ་ཆེན་པོས་ཉེར་དགོངས་ལ༔ སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཨཱོྃ་ཨེ་ཧྱེ་ཧི་ཌཱ་ཀི་ནཱི་ས་པ་རི་བཱ་ར་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་དྲངས་པས་སོ་སོའི་རྟེན་ལ་གཉིས་མེད་དུ་ཐིམ་སྟེ་བཞུགས་པར་བསམ་ཞིང་། ཁྱུང་གཤོག་གི་ཕྱག་རྒྱས་ཟིལ་གྱིས་མནན། ཨཱོྃ་མ་མ། ཁ་ཁ། ལ་ལ། ལེ་ལེ། ཏཱ་ཏཱ། ཏེ་ཏེ། ཁ་རགྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་སྨན་རཀ་ཀྱང་སྦྲེང་ངོ་། །བྷྱོ༔ བདག་ཉིད་ཆེན་མོ་ལ་སོགས་བདུད་མོ་བཞི༔ གངས་དཀར་ཤ་མེད་ལ་སོགས་གནོད་སྦྱིན་བཞི༔ ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སོ་སོར་མཚན་བཏགས་རྒྱན་དང་ཆ་ལུགས་དང༔ བཞོན་པར་བཅས་ཏེ་བསྟན་པའི་བྱ་ར་མཛད༔ སྔོན་གྱི་ཐུགས་དམ་དམ་ཚིག་བརྩེར་དགོངས་ལ༔ བྲན་དང་གཡོག་འཁོར་མང་པོའི་ཚོགས་དང་བཅས༔ ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས༔ འདིར་གཤེགས་དམ་སྐོངས་མཆོད་སྦྱིན་གཏོར་མ་བཞེས༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས༔ སྔོན་གྱི་དམ་ཚིག་དེ་ལྟར་དྲན་གྱིས་ལ༔ སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ནས༔ སངས་རྒྱས་བསྟན་པ་མཐའ་དག་རྒྱས་པར་མཛོད༔ རྣལ་འབྱོར་བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ ཞེས་གསོལ་ནས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དམ་ཅན་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། བཛྲ་ཨཱ་ར་ལི་ཛ༔ བཛྲ་ཨཱ་ར་ལི་ཧཱུྃ༔ བཛྲ་ཏི་ཏི་དྷེ༔ བཛྲ་བྷ་ར་དྷ༔ བཛྲ་ས་བྱཱ་ཧཱུྃ༔ བཛྲ་ཏི་ཏི་ཧཱུྃ༔ བཛྲ་མ་ཏི་ཧཱུྃ༔ བཛྲ་ཏིང་ས་ཧཱུྃ༔ བཛྲ་ཁ་ར་ལི་ཧཱུྃ༔ བཛྲ་སིང་སོ་ཧཱུྃ༔ བཛྲ་ཡཀྴ་ཕྱིར༔ བཛྲ་དུ་ཕྱི་ས་ར་ན་ཕཊ༔ མ་དུང་བྷྱོ་མ་དུང་བྷྱོ༔ ཧཱུྃ་ཧཱུྃ་ཛཿཛ༔ ཞེས་བཟླ་ཞིང་དངོས་གྲུབ་ཞུ་བ་དང་རྦད་གསད་ལ་སོགས་པའི་སྔགས་ཀྱི་མཐའ་བསྒྱུར་མང་དུ་གསུངས་ཀྱང་སྐབས་འདིར་གོང་དུ་བཤད་པ་ཉིད་ཅི་རིགས་བཟླས་པའི་མཐར། གཏོར་མ་ཤ་མར་ཆང་དང་བདུད་རྩིས་བྲན་ནས། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། ཨཱོྃ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ། མ་མ། ཁ་ཁ། ལ་ལ། ལེ་ལེ། ཏཱ་ཏཱ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ། བརྟན་མ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་ལན་གསུམ་བསྔོས་ལ། ཧཱུྃ༔ ང་ནི་པདྨ་འབྱུང་གནས་ཡིན༔ དཔལ་མོ་དཔལ་ཐང་གཙང་གི་སྟོད༔ ལྷ་མཚོ་སྲིན་མཚོའི་རྩ་བ་རུ༔ དམ་ལ་བཏགས་པ་བརྟན་མའི་ཚོགས༔ ལ་ལ་ནག་མོ་སྲིན་མོའི་ཚོགས༔ ལ་ལ་དམར་མོ་གནོད་སྦྱིན་ཚོགས༔ ལ་ལ་དཀར་མོ་མཛེས་མའི་གཟུགས༔ ལ་ལ་སྔོན་མོ་ནམ་མཁའི་གཟུགས༔ མ་མོ་ཆེན་མོ་བཅུ་གཉིས་པོ༔ བོད་ཀྱི་ཡུལ་བདག་ཆེན་མོ་ཡིན༔ དམ་ལ་བཏགས་པ་བརྟན་མའི་ཚོགས༔ བོད་དུ་མུ་སྟེགས་རྟག་ཆད་ཀྱི༔ ཆོས་ལོག་མ་གཏང་ཁྱེད་ཀྱིས་སྲུངས༔ གསང་སྔགས་སྒྲུབ་པའི་རྣལ་འབྱོར་ལ༔ བར་ཆད་མ་གཏང་ཁྱོད་ཀྱིས་སྲུངས༔ གནས་ཆེན་བྱིན་གྱིས་བརླབས་པའི་གཏེར༔ མ་ཉམས་སྨོན་ལམ་བཙན་པར་གྱིས༔ དམག་དང་འཁྲུགས་པ་ཞི་བར་མཛོད༔ ནད་དང་མུ་གེ་མ་གཏང་ཞིག༔ སད་སེར་བཙའ་དང་འབུ་སྲིན་སྲུངས༔ གཙུག་ལག་ཁང་དང་མཆོད་པའི་རྫས༔ དབེན་པའི་གནས་དང་སྒྲུབ་པ་པོ༔ མ་ལུས་བུ་བཞིན་སྐྱོང་བ་དང༔ དགྲ་བགེགས་གནོད་པ་ཟློག་ཏུ་གསོལ༔ ཞེས་དང་སྤྲོ་ན། ཧཱུྃ༔ མ་མོ་རྡོ་རྗེ་བརྟན་མའི་ཚོགས༔ མ་རྟོགས་རྟེན་འབྲེལ་བཅུ་གཉིས་པོ༔ རྣམ་དག་སྐྱེ་མཆེད་མཁའ་འགྲོ་མ༔ ཚོགས་དྲུག་ཡུལ་དྲུག་རབ་རྒྱས་ནས༔ དགེ་ལེགས་བསམ་པ་ཀུན་འགྲུབ་ཅིང༔ བདེ་ཆེན་ཡེ་ཤེས་འབར་བར་མཛོད༔ འཇིག་རྟེན་འདས་ཀྱང་འཁོར་བ་མོ༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་གཉེར༔ རྫུ་འཕྲུལ་ཐོགས་མེད་སྙིང་ཉེའི་གྲོགས༔ སྔོན་ཚེ་རྡོ་རྗེ་སྲིན་པོའི་བཀའ༔ བར་དུ་པདྨ་ཐོད་ཕྲེང་ལུང༔ དེ་ནས་རིག་འཛིན་བླ་མའི་མཆིད༔ ད་ལྟ་བདག་གི་རེ་བ་སྐོངས༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་དང་། ཧཱུྃ༔ དཔལ་ཆེན་ཁྲག་འཐུང་སྤྲུལ་པ་མོ༔ ཡེ་ཤེས་དབྱིངས་ལས་རྟེན་འབྲེལ་ཚུལ༔ ཕྱོགས་མ་བཞི་དང་མཚམས་མ་བཞི༔ སྙིང་པོའི་མ་མོ་ཆེན་མོ་བཞི༔ མ་རྟོགས་སྐྱེ་མཆེད་བཅུ་གཉིས་ཏེ༔ ཕྱི་རོལ་བརྟན་མ་བཅུ་གཉིས་པོ༔ ཀུན་ཀྱང་ཐུགས་ཀྱི་དབྱིངས་སུ་གཅིག༔ བཅུ་གསུམ་ས་དང་ལམ་གྱི་དངོས༔ ཕྱི་ནང་གསང་བའི་དགའ་བ་བཞི༔ དབྱེར་མེད་ཡེ་ཤེས་བཞི་དང་བཅས༔ བཅུ་དྲུག་བདག་ཉིད་ཆེན་མོ་མ༔ སྣང་སྲིད་ཐམས་ཅད་མཆོད་དོ་བཞེས༔ ལུགས་འབྱུང་ལུགས་ལྡོག་རྟེན་འབྲེལ་རྣམས༔ དགའ་བཞིའི་ངོ་བོར་རྣམ་དག་ནས༔ མཐར་ཐུག་རྡོ་རྗེ་འཆང་གི་ས༔ སྐུ་གསུང་ཐུགས་དང་ཡེ་ཤེས་སུ༔ མངོན་དུ་གྱུར་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་དེ། མཆོད་བསྟོད་ཕྲིན་བཅོལ་ཐུགས་དམ་བསྐུལ་བ་རྣམས་དེ་དག་ལ་ཚང་བ་ཡིན་ནོ། །གལ་ཏེ་སྐོང་བཤགས་ཕུད་སྐོང་སོགས་སྤྲོ་ན་འང་འདིར་སྦྱར་ཞིང་། ཐུན་མཐར་བརྟན་སྐྱོང་གང་འོས་ཀྱིས་གཏོར་མ་འབུལ་བ་དང་གཏང་རག་བཟོད་གསོལ་སོགས་ཀྱང་སྤྱི་དང་འདྲའོ།། ༈ །།གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་བྱས་ནས། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲོད་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས། འདིར་ངོ་བོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ། རྣམ་པ་དམ་ཚིག་གི་མ་མོ། ཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉར་གྲུབ་པ་དམ་ཅན་བརྟན་མ་བཅུ་གཉིས་སུ་གྲགས་པ་འདི་ཉིད། ངེས་པའི་དོན་དུ་དཔལ་ཆེན་པོ་ཧེ་རུ་ཀའི་བཀའ་འཁོར་དུ་གནས་ཤིང་དཀྱིལ་འཁོར་ཡོངས་ཀྱི་སྲུང་མ། ཁྱད་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱིས་བསྟན་པ་བསྲུང་བར་དབང་བསྐུར་ཞིང་ཕྲིན་ལས་ཀྱི་གཉེར་གཏད། སླར་ཡང་བལ་བོད་ཀྱི་སོ་མཚམས་ཁ་ལ་རོང་སྒོ་ལ་སོགས་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་དམ་ལ་བཏགས་ཤིང་ལྟ་ལོག་མུ་སྟེགས་ཀྱི་རྒོལ་བ་སྲུང་བ་སོགས། བོད་ཁམས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པས་སྐྱོང་བར་བཀའ་བསྒོས་ཤིང་རང་གིས་ཁས་བླངས་དམ་བཅས་པ་ལྟར། སྤྱིར་བོད་ཁམས་སྡེ་དང་བཅས་པ་མཐའ་དག་དང་། ཁྱད་པར་གསང་ཆེན་བསྟན་པའི་སྙིང་པོ་དེ་འཛིན་དང་བཅས་པ་གཅེས་པའི་བུ་བཞིན་དུ་སྐྱོང་ཞིང་ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པའི་མཐུ་ཅན། ནང་དུ་སྙིང་ཉེ་ལ་བཀྲ་ཤིས་པ། ཕྱི་རུ་རྣོ་མྱུར་ཚན་ཆེ་བ། རིག་འཛིན་སྒྲུབ་པ་པོ་རྣམས་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བའི་དབང་གི་རྒྱལ་པོ་ལྟ་བུ་འདི་ལ། བརྟན་མ་ལས་རྒྱ་མཚོའི་རྒྱུད་དང་བསྙེན་སྒྲུབ་མཆོད་སྐོང་ལས་ཕྲན་སོགས་གདམས་པའི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། གཙོ་བོར་གྱུར་པ་ནི་བླ་མ་མངའ་བདག་ཆེན་པོ་དང་ཆོས་དབང་རིན་པོ་ཆེས་གཏེར་ནས་སྤྱན་དྲངས་པ་ལས་སྲོག་གཏད་ཀྱི་བཀའ་ནི་གཏེར་ཁ་འོག་མ་ལས་བྱུང་བ་ཡིན་ཅིང་། དེ་ཉིད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། ཨེ་མ་ཧོ༔ མ་ཧཱ་གུ་རུ་རྡོ་རྗེ་འཛིན༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ མཁའ་འགྲོ་མ་མོ་བརྟན་མའི་ཚོགས༔ སྙིང་ཉེའི་གྲོགས་སུ་བདག་ལ་སྩོལ༔ ཅེས་ལན་གསུམ། སློབ་དཔོན་གྱིས། ཨེ་མ་ཧོ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ འཇིགས་བྱེད་རྡོ་རྗེ་སྲིན་པོ་ཡིས༔ བཀའ་བསྩལ་ཇི་བཞིན་གཉེར་བླངས་ནས༔ བསྟན་པ་སྲུང་བ་བརྟན་མའི་ཚོགས༔ སྙིང་ཉེ་སྒྲུབ་སླ་གྲོགས་ཀྱི་མཆོག༔ རྗེ་མོ་གྲོགས་དང་འབངས་སུ་བསྟེན༔ དམ་ཚིག་གཞུང་སྲོངས་མཆོད་བསྟོད་མཛོད༔ ས་མ་ཡ་རཀྵནྟུ་ཧཱུྃ་ཛ༔ ཞེས་གནང་བ་སྦྱིན་ནས་བདུད་རྩི་བྱིན། བླ་མ་བདེ་གཤེགས་འདུས་པའི་སྐུ༔ ཞེས་སོགས་ཀྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། སྡོམ་གཟུང་རྣམས་བྱས་ལ། དོན་དམ་བྱང་ཆུབ་སེམས་ཀྱི་རང་གདངས་ཤཱུནྱ་ཏཱའི་སྔགས་བརྗོད་པའི་རྐྱེན་གྱིས་གནས་ཁང་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ། ཟག་པ་མེད་པའི་ཡེ་ཤེས་ཀྱི་འབྱོར་པ་རྒྱ་མཚོས་ཁྱད་པར་དུ་བྱས་པའི་སྙིང་པོར་སློབ་དཔོན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བཞུགས་པའི་མདུན་དུ། སློབ་བུ་གུ་རུ་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་ཁྲོ་འཛུམ་ཆགས་པའི་ཉམས་ཅན་གཡས་རྡོ་རྗེ་གསོར་ཞིང་གཡོན་ཕུར་པ་གདེངས་ཐབས་སུ་འཛིན་པ། སྙན་ཞུ་ཆོས་གོས་གསང་ཕོད་སོགས་རྒྱན་དང་ཆ་ལུགས་རྫོགས་པ། གཟི་བརྗིད་ཉི་མ་འབུམ་གྱི་རང་བཞིན་ལྟར་འབར་བར་གསལ་བཏབ། སློབ་དཔོན་ལ་མོས་གུས་དུང་དུང་བ་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཞིང་ཁམས་ནས་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་འཁོར་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས། སྐུ་དགྱེས་པའི་འཛུམ་མདངས་ཤིག་ཤིག །གསུང་སྙན་པའི་བཞད་སྒྲ་དིར་དིར། ཐུགས་བརྩེ་བའི་དུང་སེམས་དང་བཅས་ཏེ་བྱིན་རླབས་དངོས་གྲུབ་ཀྱི་ཆར་རྒྱུན་འབེབ་བཞིན་དུ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་གི་སྤྱི་བོ་ནས་སིབ་སིབ་ཐིམ་པར་བསམ་ཞིང་། ཧྲཱི༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སོགས་ཚིག་བདུན་མའི་མཐར་གུ་རུའི་བསྙེན་སྒྲུབ་ཀྱི་ཛཔ྄་བཏགས་པ་སྤོས་དང་རོལ་མོར་བཅས་པས་བྱིན་ཕབ་ལ། དབུས་ཀྱི་རྟེན་གཏོར་ལྷར་གསལ་བ་དེ་ཉིད་སྤྱི་བོར་བཞག་སྟེ། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ སོགས་ཤློ་ཀ་གཅིག་གི་མཐར། ཧཱུྃ༔ གཏོར་མ་རྣམ་དག་ཆེ་བའི་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྐུ་ལྔ་ཡེ་ཤེས་ལྔར་གྱུར་ནས༔ ལྷ་མཆོག་ཡི་དམ་སྐུར་གྱུར་ཅིག༔ སྙིང་པོའི་མཐར་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མའི་ལྷ་ཡང་སློབ་མ་ལ་ཐིམ་པས་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ་བཙན་འགྲན་ཟླ་མེད་པའི་ང་རྒྱལ་འཛིན་དུ་གཞུག་པ་ནི་གཉེན་པོའི་དབང་ངོ་། །དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་བརྟན་མ་རྣམས་ལ་རེག་པས་སྙིང་གཡོས་ཏེ། རྡོ་རྗེའི་སློབ་མ་རྣམས་ཀྱི་འདོད་དོན་སྒྲུབ་པའི་སླད་དུ་སྦྲན་པར་རིག་ནས། མ་བུ་གཅིག་པུ་ལ་བརྩེ་ཞིང་དུང་བ་ལྟ་བུའི་དགོངས་པས་མ་མོ་སོ་སོ་རིམ་པ་བཞིན་བྱོན་ནས། ཁྱེད་རང་ལ་གུས་པ་ཆེན་པོས་འདུན་ཅིང་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་གཡར་དམ་བཅས་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། བདུད་མོ་བཞི་ནས་གཟུང་སོ་སོའི་གཏོར་མ་ཙཀ་ལི་དང་བཅས་པ་གཏད་ལ། བྷྱོ༔ བྱང་གི་གནམ་མཚོ་ཕྱུག་མོ་གསང་བའི་མཚན༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་བདུད་ཀྱི་བེར་ནག་གསོལ༔ ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་འཛིན༔ འབྲོང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་བཛྲ་ལི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ མགོ་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚན༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང༔ སྐུ་མདོག་སྔོ་ལྗང་དར་གྱི་ན་བཟའ་གསོལ༔ ཤང་ལང་དང་ནི་ཞགས་པ་བསྣམས་ནས་སུ༔ རྐྱང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་གཱིརྟི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ བྲིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༔ སྐུ་མདོག་དཀར་མོ་དར་གྱི་ན་བཟའ་གསོལ༔ རྡོ་རྗེ་རྩེ་ལྔ་ཚེ་བུམ་བསྣམས་ནས་ནི༔ སེང་གེ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ར་སི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བྷྱོ༔ ཡར་འབྲོག་མཚོ་བདག་ཆེན་མོ་གསང་བའི་མཚན༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ སྐུ་མདོག་ལྗང་ནག་དར་གྱི་ན་བཟའ་གསོལ༔ རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས༔ དྲེལ་རྟ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་མ་མ་ཧཱུྃ་ཨ་བྷི༴ གནོད་སྦྱིན་བཞི་ནི། བྷྱོ༔ ལྷ་ཕུ་གངས་དཀར་མ་ནི་གསང་བའི་མཚན༔ གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ༔ ཟོར་བ་དང་ནི་ཞགས་པ་ཐོགས་ནས་སུ༔ ཤ་བ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ལཱ་སྱ་ཧཱུྃ་ཨ་བྷི༴ བྷྱོ༔ རོང་གི་ཇོ་མོ་ཁ་རག་གསང་བའི་མཚན༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དམར་སེར་དར་གྱི་ན་བཟའ་གསོལ༔ ཌཱ་མ་རུ་དང་མེ་ལོང་བསྣམས་ནས་ནི༔ ཁྱུང་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་མ་ཏི་ཧཱུྃ་ཨ་བྷི༴ བྷྱོ༔ རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དཀར་གསལ་དར་ཟབ་ན་བཟའ་གསོལ༔ བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན༔ འཕར་བ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་པྲ་ཀ་མ་ཏི་ཧཱུྃ་ཨ་བྷི༴ བྷྱོ༔ བྱང་སྟོད་དམར་གྱི་མཚོ་བདག་གསང་བའི་མཚན༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་ནི༔ སྐུ་མདོག་སེར་མོ་དར་གྱི་ན་བཟའ་གསོལ༔ བེ་ཅོན་དང་ནི་འཁར་གཞོང་བསྣམས་ནས་ནི༔ རྟ་མཆོག་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ཏིང་བྷ་རི་ཧཱུྃ་ཨ་བྷི༴ སྨན་བཙུན་བཞི་ནི། བྷྱོ༔ ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ༔ མདའ་དར་དང་ནི་རིན་ཆེན་སྒྲོམ་བུ་འཛིན༔ རྟ་མཆོག་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་སིང་ཨ་བི་ཧཱུྃ་ཨ་བྷི༴ བྷྱོ༔ ཨེ་གཉལ་ར་མདོའི་སྤོ་ན་གསང་བའི་མཚན༔ བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ༔ ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས༔ མཛོ་མོ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ལི་ལི་པཱ་ཏ་ཡ་ཧཱུྃ་ཨ་བྷི༴ བྷྱོ༔ གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྐུ་མདོག་དམར་སེར་དར་གྱི་ན་བཟའ་གསོལ༔ རིན་ཆེན་འབར་བ་སྒྲ་སྙན་ཏིང་ཤགས་བསྣམས༔ ཤ་ཡུ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་ཏི་ཧཱ་ཏ་ཧཱུྃ་ཨ་བྷི༴ བྷྱོ༔ བུད་ཀྱི་ཇོ་མོ་གཡུ་ཏིང་གསང་བའི་མཚན༔ གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ༔ སྐུ་མདོག་ལྗང་སེར་དར་གྱི་ན་བཟའ་གསོལ༔ སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས༔ སྟག་ལ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨཱོྃ་བཛྲ་པྲེ་ཏ་ཡ་ཏི་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། བཟླས་ལུང་ནི། སློབ་དཔོན་ལ་གུས་འདུད་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་སྲོག་སྙིང་དམར་ནར་གྱིས་བྱུང་བ་སློབ་མའི་ཞལ་དུ་ཞུགས་སྙིང་གར་ཐིམ་པས་མ་མོ་རྣམས་དབང་དུ་འདུས། གསུང་གི་བྱིན་རླབས་ཞུགས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ་ལ། གོང་གནོན་གྱི་སྙིང་པོས་སྣ་དྲངས་ཏེ་བཛྲ་ཨཱ་ར་ལི་ཛ༔སོགས་སྲོག་སྙིང་རྣམས་རྗེས་ཟློས་བྱར་གཞུག །དེ་ནས་གཏོར་མ་ཐམས་ཅད་གཅིག་ཏུ་བཀོད་པ་སློབ་མའི་ལག་ཏུ་གཏད་ལ། ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མངག་གཞུག་ཆེན་མོ། དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སོགས་ཕྲིན་ལས་གཉེར་གཏོད་པའི་བཀའ་བསྒོ་ཅི་རིགས་བྱས་པའི་མཐར། སླར་ཡང་། ཧཱུྃ༔ སྔོན་ཚེ་དཔལ་ཆེན་པདྨ་འབྱུང༔ རིག་འཛིན་སྒྲུབ་པ་པོ་རྣམས་ཀྱིས༔ ཇི་ལྟར་མཆོད་ཅིང་བསྟེན་པ་ནས༔ ད་ལྟ་བུ་མཆོག་སློབ་མ་ལ༔ བདག་དང་འདྲ་བར་གྲོགས་སུ་བསྒོ༔ ཇི་སྲིད་ཡུན་གྱིས་སྐྱོང་མཛོད་ཅིག༔ ས་མ་ཡ་རཀྵན་ཧཱུྃ་ཛ༔ ཞེས་གཏོར་མ་ལག་ཏུ་གཏད་བཞིན་པར། གྲོགས་པོར་གཏད་པ་ཡིན་ནོ་གཞུང་མ་ངན་ཅིག༔ འཕང་དུ་བཞག་ལ། མཛའ་བོར་གཏད་པ་ཡིན་ནོ་ཁྲེལ་མ་ཤོར་ཅིག༔ རྐང་པའི་ཐད་དུ་རེག་ལ། བྲན་དུ་གཏད་པ་ཡིན་ནོ་རྐང་མ་ངན་ཅིག༔ མ་མོ་མཐུ་མ་ཆུང་ཞིག༔ དམ་ཅན་རྩལ་མ་ཞན་ཅིག༔ ཡིད་ལ་བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་སྒྲུབས་ཤིག༔ ཅེས་བཀའ་བསྒོས་པས་དེ་དག་རེ་རེ་ནས་དེ་བཞིན་དུ་བགྱིའོ། །ཞེས་སྤྲོ་བ་དང་བཅས་ཁས་བླངས་པར་མོས་སུ་བཅུག་ནས། རྟེན་གཏོར་རྣམས་ཀྱི་མཐེབ་ཀྱུ་ནས་ཆ་ཤས་རེ་དང་ནང་མཆོད་ཅུང་ཟད་རེ་བླུད་པ་སློབ་བུ་དང་བརྟན་མ་རྣམས་དམ་ཚིག་མཚུངས་པར་སྤྱོད་པའི་བསམ་པས་ལོངས་སྤྱོད་དུ་བཅུག་ནས་ལྷ་མི་གཉིས་ཀ་ལ་བཀའ་བསྒོ་བའི་ཚུལ་དུ། ཧཱུྃ༔ རྡོ་རྗེ་འཛིན་པ་འཁོར་དང་བཅས༔ མཁའ་འགྲོ་བརྟན་མ་སྡེ་དཔུང་རྣམས༔ རྟག་ཏུ་མཆོད་སྒྲུབ་དམ་ཚིག་སྲུངས༔ ཇི་ལྟར་བཀའ་བསྩལ་བསྒྲུབ་པར་མཛོད༔ ཅེས་བསྒྲགས་པས་དམ་ཚིག་གི་བཀའ་ནོད་དེ་མ་མོ་འཁོར་བཅས་དགྱེས་ཤིང་བརྩེ་གདུང་ཆེན་པོས་འོད་དམར་པོར་ལྟེམ་གྱི་ཞུ། སློབ་མའི་ལྟེ་བ་ནས་ཐིམ་པ་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་འདྲེས་པས་གདོད་ནས་རོ་གཅིག་པའི་རང་བཞིན་དབྱིངས་ཀྱི་མ་མོའི་ངང་དུ་རྩོལ་བྲལ་མཉམ་ཉིད་ཀྱི་ངང་བསྐྱང་དུ་བཅུག་ལ། ཤིས་པ་བརྗོད་ཅིང་མེ་ཏོག་དོར། རྗེས་དམ་ཚིག་ཁས་བླང་བ་སོགས་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་རྗེས་སུ་གནང་བ་ནོད་ནས་ཚུལ་བཞིན་དུ་མཆོད་ཅིང་བསྙེན་ན། སྙིགས་མའི་དུས་སུ་བོད་ཡུལ་གྱི་ལྗོངས་འདིར་ཐུབ་བསྟན་སྤྱི་དང་ཁྱད་པར་ཨོ་རྒྱན་ཆེན་པོའི་སྒྲུབ་བརྒྱུད་འཛིན་པ་རྣམས་གཅེས་པར་སྐྱོང་བ་དང་། ཆོས་བཞིན་སྤྱོད་པ་རྣམས་ཀྱི་འདོད་པའི་ཕྲིན་ལས་སྒྲུབ་པ་ལ་རང་གི་དམ་ཚིག་སྲོག་ཏུ་གྱུར་པ་ཉིད་ཀྱིས། མཐུ་དང་བྱིན་རླབས་གཞན་ལས་མྱུར་བའི་ཕྱིར་ནན་ཏན་དུ་བསླབ་བོ། །འདི་ལ་བརྟན་མ་རྣམས་ཀྱི་མངོན་རྟོགས་བསྒྲག་ཚིག་དང་བཅས་པ་ཉང་གཏེར་གཡུལ་ཟློག་ལས་འབྱུང་བ་བཞིན་བྱེད་པའང་ཡོད་པ་ནི་མཁྱེན་བརྩེ་ཁུ་དབོན་གྱི་ཆོག་ཁྲིགས་ལས་ཤེས་པར་འགྱུར་ཞིང་། འདིར་ནི་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་ཆོག་ཁྲིགས་ལ་གཙོ་བོར་བརྟེན་པ་ཡིན་ནོ། །འདི་ལ་གཏེར་ཁ་སོ་སོ་ལས་བྱུང་བའི་སྤྱི་དང་བྱེ་བྲག་གི་སྒྲུབ་ཐབས་མཆོད་ཕྲིན་ལས་ཚོགས་དང་བཅས་པ་མང་དུ་ཡོད་པ་དོན་དུ་གཉེར་ན་དེ་དག་ལས་ཤེས་པར་བྱ་ཞིང་། རྒྱུན་གྱི་མཆོད་པའི་ཕྲིན་ལས་དང་སྲོག་གཏད་ཀྱི་ཆོ་ག་ནི་འདི་ཙམ་གྱིས་ཆོག་ཤེས་པར་བྱའོ། །མི་འ༵གྱུར་དབྱིངས་ལས་ཐོགས་མེ༵ད་དུ། །ཡོངས་ཤར་རྡོ༵་རྗེ༵་འཛིན་པའི་བྲན། །དམ་ཅན་བརྟན་མ་བཅུ་གཉིས་ཀྱི། །སྒྲུབ་ཐབས་སྲོག་གཏད་སྙིང་པོར་དྲིལ། །བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པའི་ལེའུ་ཚན་ནོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མའི་སྒྲུབ་ཐབས་ (Volume 62, Text 57)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མའི་སྒྲུབ་ཐབས་བཞུགས༔ སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈྈ ན་མསྶརྦ་གུ་རུ་ཡེ༔ གསང་སྐོར་བླ་མའི་སྒྲུབ་ཐབས་ནི༔ ཧཱུྃ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ ཨཱ༔ ཡེ་ཤེས་རིག་རྩལ་ཀུན་ལ་ཁྱབ༔ ཨཱོྃ༔ ཟུང་འཇུག་འདུས་མ་བྱས་པའི་ཀློང༔ འཁོར་འདས་སྣོད་བཅུད་སྟོང་པར་ཐིམ༔ སྟོང་པའི་རང་མདངས་འགགས་མེད་ལས༔ དབྱིངས་ཕྱུག་ཡུམ་ལྔའི་འབྱུང་རིམ་དང༔ རི་རབ་ལྷུན་པོ་བརྗིད་པའི་རྩེར༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་དང༔ ཡེ་ཤེས་རང་སྣང་ཕོ་བྲང་དབུས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ གང་འདུལ་ཐུགས་རྗེའི་རོལ་པའི་རྩལ༔ གཟུགས་ཀྱི་སྐུར་བཞེངས་ཤྲཱི་སིཾ༔ དམར་སྨུག་ཤིན་ཏུ་བརྗིད་པའི་སྐུ༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཁྲོ་འཛུམ་གཟི་བྱིན་རབ་ཏུ་འབར༔ ཡེ་ཤེས་ལྟ་སྟངས་དབྱིངས་ལ་གཟིར༔ ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ འཁོར་འདས་ཀུན་གྱི་དྭངས་མ་བསྡུས༔ གཡོན་པའི་བདེ་སྐྱོང་སྣོད་དུ་བསྐྱིལ༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ ཐོད་སྐམ་ཅོད་པན་འཁོར་ལོ་སོགས༔ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ དར་གྱི་ན་བཟའ་སྟག་ཤམ་གསོལ༔ ཞབས་ཟུང་གཡོན་བརྐྱང་ཕྱེད་སྐྱིལ་བཞུགས༔ སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་གཞག་ཡུམ་དང་འཁྲིལ༔ མགྲིན་པར་རྡོར་སེམས་ཡབ་ཡུམ་དཀར༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ མཉམ་གཞག་སྐྱིལ་ཀྲུང་མཚན་དཔེ་འབར༔ ཕྱི་རོལ་པདྨ་འདབ་བཞི་ལ༔ ཤར་དུ་ཨིནྡྲ་བྷཱུ་ཏི་མཆོག༔ དཀར་གསལ་ཆོས་འཆད་གླེགས་བམ་འཛིན༔ རྒྱལ་པོའི་ཆ་ལུགས་གཟི་བརྗིད་འབར༔ ལྷོ་རུ་འཆི་མེད་པདྨ་འབྱུང༔ གསེར་མདོག་རྡོ་རྗེ་བྷནྡྷ་བསྣམས༔ ཞི་འཛུམ་གསང་ཕོད་ཆོས་གོས་གསོལ༔ ནུབ་ཏུ་འོད་གསལ་བི་མ་ལ༔ དམར་གསལ་མཉམ་གཞག་ཚེ་བུམ་ཅན༔ ཐོར་ཚུགས་རས་གཟན་དྲང་སྲོང་ཚུལ༔ བྱང་དུ་དམ་པ་ཡེ་ཤེས་མདོ༔ དཀར་ལྗང་ཆོས་འཆད་གླེགས་བམ་འཆང༔ པཎྜི་ཏ་ཡི་ཆ་བྱད་ཅན༔ དེ་ཕྱིར་རིན་ཆེན་ཟུར་བརྒྱད་ལ༔ ཤར་དུ་བཛྲ་ཧཱུྃ་ཀཱ་ར༔ རྡོ་རྗེ་རྩེ་དགུ་ཐོད་ཁྲག་འཛིན༔ རྣལ་འབྱོར་སྤྱོད་པའི་ཆས་སུ་བཞུགས༔ ལྷོ་རུ་ཁྲག་འཐུང་ནག་པོ་ནི༔ སྨུག་ནག་བེར་ཕྱམ་ཐོད་ཁྲག་འཛིན༔ རྣལ་འབྱོར་རུས་པའི་རྒྱན་ཅན་བསྒོམ༔ ནུབ་ཏུ་སློབ་དཔོན་ཀླུ་སྒྲུབ་སྙིང༔ དཀར་སྨུག་སྤྲུལ་སྐུའི་ཆ་ལུགས་ཅན༔ ཕྱག་གཉིས་དབང་གི་པད་དབྱུག་དང༔ བྷནྡྷ་བདུད་རྩིས་གང་བ་བསྣམས༔ བྱང་དུ་པྲ་ཆེན་ཧསྟི་ནི༔ ལྗང་གསལ་རྡོ་རྗེ་ཕུར་བུ་འཛིན༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཤར་ལྷོར་དྷ་ན་སཾསྐྲྀཏ༔ དཀར་སྨུག་གྲི་གུག་ཐོད་ཁྲག་བསྣམས༔ རྣལ་འབྱོར་རུས་རྒྱན་སྟག་ཤམ་འཕྱང༔ ལྷོ་ནུབ་ལས་ཀྱི་དབང་མོ་ཆེ༔ དཀར་སྨུག་རྣལ་འབྱོར་མ་ཡི་ཚུལ༔ ཌཱ་རུ་ཐོད་ཁྲག་ཁ་ཊྭཱཾ་འཆང༔ བདེ་བ་ཆེན་པོའི་གར་སྟབས་བསྒྱུར༔ ནུབ་བྱང་རམྦི་གུ་ཧྱ་ནི༔ སྨུག་ནག་ལྕགས་ཀྱུ་ཐོད་ཁྲག་འཛིན༔ ཐོད་སྐམ་དར་དང་སྟག་ཤམ་རྒྱན༔ བྱང་ཤར་ཤཱནྟིཾ་གརྦྷ་ནི༔ ནག་པོ་ཁྲོ་ཚུལ་ཐོད་རྒྱན་ཅན༔ ཐོ་བ་ཐོད་པ་ཁྲག་བཀང་བསྣམས༔ རུས་རྒྱན་སྟག་ཤམ་དར་དཔྱང་འཕུར༔ ཀུན་ཀྱང་ཡེ་ཤེས་འོད་ཀྱི་ཀློང༔ པད་ཉི་ཟླ་བའི་གདན་སྟེང་དུ༔ གཡོན་བརྐྱང་ཚུལ་གྱིས་འགྱིངས་ཏེ་བཞེངས༔ གསང་ཡུམ་འཁོར་སློབ་དཔའ་བོ་ཐབས༔ མཁའ་འགྲོ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ གཞན་ཡང་རྩ་གསུམ་རབ་འབྱམས་ལྷ༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ ཆུ་ཟླ་འཇའ་ཚོན་བཞིན་དུ་ཤར༔ སྣང་སྲིད་གཞིར་བཞེངས་ཕྱག་རྒྱར་རྫོགས༔ བྱིན་རླབས་དབང་བསྐུར་སྤྱན་དྲང་སོགས༔ དོན་གྱི་ཕྲིན་ལས་ཅི་རིགས་བྱ༔ དག་པ་རབ་འབྱམས་བསྐྱེད་རིམ་ལ༔ གསལ་བརྟན་དག་དྲན་མཐར་ཕྱིན་བསླབ༔ ཡན་ལག་བཟླས་པའི་རྣལ་འབྱོར་ནི༔ ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཙིཏྟ་མཆོང་གུར་སྨུག་པོའི་ཀློང༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧྲཱི༔ དེ་མཐར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ རྩེ་གཅིག་སེམས་བཟུང་བཟླས་པ་ཡིས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔ རིན་འཛིན་བླ་མའི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབྱིག༔ ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི༔ རྣམ་པར་སྤྱན་དྲངས་ཧྲཱིཿལ་ཐིམ༔ བྱིན་རླབས་དབང་དང་དངོས་གྲུབ་ཐོབ༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིཾ་ཧ་སརྦ་སིདྡྷི་ཧཱུྃ༔ བསྙེན་པའི་སྔགས་འདི་འབུམ་ཕྲག་གསུམ༔ བཟླས་ཤིང་སྒྲུབ་པའི་སྐལ་ལྡན་དེ༔ རིག་འཛིན་མཆོག་དང་སྐལ་པ་མཉམ༔ དེ་ནས་སྒྲུབ་པའི་ཛཔ྄་དགོངས་ནི༔ སླར་ཡང་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་འཕྲོས་སྐུ་གསུམ་སྟོན་པ་དང༔ འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐུལ༔ དེ་རྣམས་གསང་གསུམ་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་གཟུང་འཛིན་སྦྱངས༔ ལྷ་སྔགས་ཡེ་ཤེས་ཕྱག་རྒྱར་སད༔ ཚུར་འདུས་དངོས་གྲུབ་རྣམ་གཉིས་ཐོབ༔ བྱིན་རླབས་བརྟན་ཅིང་ནུས་ལྡན་བསམ༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར༔ ལས་སྦྱོར་ཐུན་མོང་རྡོ་རྗེའི་ཚེ༔ སྒྲུབ་ཅིང་བཟླས་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་ལྕགས་ཀྱུ་མཁའ་ཁྱབ་འཕྲོས༔ རང་གཞན་བླ་ཚེ་ཡར་ཉམས་དང༔ འཁོར་འདས་སྲོག་གི་དྭངས་མའི་བཅུད༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ ཐུགས་སྲོག་ལ་ཐིམ་གཟི་བྱིན་འབར༔ སྒྲིབ་དག་ཚེ་དང་བསོད་ནམས་རྒྱས༔ ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨཱོྃ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཟླས་པས་འཆི་མེད་འགྲུབ༔ ཁྱད་པར་མཆོག་གི་ལས་སྦྱོར་ནི༔ དབྱིངས་ཀྱི་རང་ངོ་རྗེན་པར་བསྐྱང༔ རིག་གདངས་ལུ་གུ་རྒྱུད་ལ་གཟིར༔ ཉིན་མཚན་མུན་པའི་རྣལ་འབྱོར་གྱིས༔ སྣང་བཞི་མཐར་ཕྱིན་ཚེ་འདིར་འགྲུབ༔ ས་མ་ཡ༔ མན་ངག་སྙིང་གི་ཐིག་ལེ་ཡི༔ རིག་འཛིན་ཡོངས་རྫོགས་སྒྲུབ་པའི་ལུང༔ ཤིན་ཏུ་ཡང་ཟབ་གསང་སྐོར་བཅུད༔ སྐལ་ལྡན་མཆོག་གི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ་ས་མ་ཡ༔ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའོ།། །།
ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ (Volume 61, Text 58)
ཨཱོྃ་སྭསྟི། དཔལ་ཆེན་གསང་བདག་ཧེ་རུ་ཀར། །བཏུད་ནས་རྒྱལ་ཆེན་པེ་ཧ་རའི། །སྒྲུབ་ཐབས་སྲོག་གཏད་ཆོ་གའི་ཁྲིགས། །མདོ་ཙམ་འདིར་ནི་གསལ་བར་བྱ། །འདིར་དཀོར་བདག་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་དང་འབྲེལ་བར་སྲོག་གཏད་ཀྱི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། སྲོག་གཏད་ཀྱི་ཆོ་གའོ། །དང་པོ་ནི། ཡར་ངོའི་དུས་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ། སྟེགས་བུ་ཁེབས་ལྡན་འབྲུ་སྣ་སིལ་མར་བཀྲམ་པའི་ཁར། མཉྫི་ལ་ཟངས་གཞོང་དུ་ངར་ཕྱེ་ལས་བཤོས་བུ་རི་རབ་བང་རིམ་གསུམ་པའི་སྟེང་དུ་གསང་ཕྱི་ལྔ་སྒྲོམ་དང་ཏིང་ལོ་མར་མེ་ཅན་ལྔ། སྐུ་རྟེན་ཙཀླི་མདའ་དར་རྒྱལ་མཚན་ལྔ་དང་བཅས་པས་བརྒྱན། མཐར་འཁོར་མང་གི་བཤོས་བུ་བཀོས་ཅན་དུ་བྱ་བའམ། མ་འབྱོར་ན་གཡས་སུ་བདུད་བཤོས། གཡོན་དུ་འབྲང་རྒྱས། མདུན་དུ་བཙན་བཤོས། རྒྱབ་ཏུ་ཕྱི་བ་མཁར་ཐབས། བུམ་པ་རྣམས་དང་བཤོས་ཕྲན་བརྒྱད་དང་བཅས་པ། བསྡུ་ན་བཤོས་ཕྲན་བརྒྱད་དང་མཐེབ་ཀྱུས་བསྐོར་བས་ཀྱང་ཆོག །གང་ལྟར་ནའང་བ་ལང་གི་ཤ་སོགས་ཤ་ཁྲག་མར་ཐུད་བུ་རམ་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བརྒྱན། གཞན་ཡང་སྟེགས་མཐོ་བ་ལ་གོང་གནོན་ཡི་དམ་གྱི་གཏོར་མ་དང་། མཆོད་སྐོང་གི་གསང་ཕྱི་ལྔ་ཚོམ། སྨན་ཕུད་རཀྟ། རྒྱ་ཕོར་ལ་སོགས་པར་ཕྱེ་མར། གསེར་སྐྱེམས། དཀར་སྐྱེམས། མངར་སྐྱེམས། ཉེར་སྤྱོད། ལུག་དཀར་ལག་གཡས། སྤོས་དཀར། སྨན་ཤིང་གི་བསང་དུད། སྨྱུག་རྒོད་མདའ་དར་སོགས་སྤྱན་གཟིགས་སྣ་ཚོགས་དང་། རིགས་ལྔའི་ཕྱག་མཚན། དམ་ཤིང་། རྒྱལ་མཚན་ལྔ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། གོང་གནོན་གྱི་ལྷ་རྟ་མགྲིན་དང་ཕྱག་རྡོར་གཉིས་དམིགས་སུ་བསལ་བས་དེ་གཉིས་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་རླབས་སྤྱི་དང་མཐུན་པར་བྱའོ། །འདིའི་ཆོ་ག་སྔ་མ་རྣམས་སུ་མདུན་བསྐྱེད་མ་གསུངས་པས་སྤྱན་དྲངས་ནས་རྟེན་ལ་བཞུགས་པའི་ཚུལ་གྱིས་གསལ་འདེབས་པ་ཡིན་ཀྱང་། སྲོག་དབང་གི་ཚེ་སློབ་མ་ལ་བརྡ་སྤྲོད་པ་ལ་མཁོ་བའི་ཕྱིར། མདུན་གྱི་རྟེན་སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་རྒྱུ་རྐྱེན་བཀོད་པ་ངོ་མཚར་དུ་མས་ཁྱད་པར་དུ་བྱས་པའི་ནང་དུ་མ་ཊཾ་བསྣོལ་བའི་གཞིའི་དབུས་སུ། ཐུགས་ཀྱི་རྒྱལ་པོ་མཐིང་ནག་དར་ནག་གི་བེར་དང་དོམ་གྱི་སློག་པ་ཅན་དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ་བདུད་ཞགས་དང་སྤུ་གྲི་ཐོགས་པ་བ་གླང་སྣ་རིང་བཅིབས་ནས་རོལ་དུ་གློག་དམར་ཁྲིད་པ། ཤར་དུ་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ་མཐིང་ནག་མན་ཏྲི་ནག་པོའི་གོས་ཅན་དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ་རྡོ་རྗེ་དང་ཤེར་ཤིང་གི་གསེག་ཤང་ཐོགས་པ་སེང་གེ་ལ་བཅིབས་ནས་རོལ་དུ་དོམ་ནག་ཁྲིད་པ། ལྷོར་ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན་མཐིང་ནག་སྦྲུལ་དང་སྟག་གི་གོས་ཅན་དབུ་ལ་ཐང་ཐེབས་ཁྱུང་མགོ་ཅན་གསོལ་བ་དགྲ་སཏྭ་དང་བདུད་ཞགས་ཐོགས་པ་བདུད་རྟ་རྟིང་དཀར་བཅིབས་ནས་རོལ་དུ་གཡུ་འབྲུག་ཁྲིད་པ། ནུབ་ཏུ་གསུང་གི་རྒྱལ་པོ་དགྲ་བླ་སྐྱེས་གཅིག་དམར་པོ་དར་ནག་གི་བེར་ཅན་དབུ་ལ་སྨྱུག་ཞུ་གསོལ་བ་སྦའི་འགྱིང་འཁར་དང་ཙནྡན་གྱི་བེང་ཆེན་ཐོགས་པ་དྲེལ་ནག་རྐང་དཀར་ལ་བཅིབས་ནས་རོལ་དུ་སྤྱང་མོ་ཁྲིད་པ། བྱང་དུ་ཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ་དར་དཀར་གྱི་རལ་ག་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་དབུ་ལ་ཚག་ཞུ་གསོལ་བ། གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི། གཡོན་གསུམ་སྤུ་གྲི་གཞུ་དང་བེར་ཀ་ཐོགས་པ་སེང་གེ་དཀར་མོ་བཅིབས་ནས་རོལ་དུ་འཚུབས་མ་ཁྲིད་པ། ལྔ་ཀའང་ཕྲིན་ལས་བཞིའི་རྣམ་རོལ་ཅིར་ཡངའཆར་ཞིང་རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས་པའི་གཟི་བརྗིད་ཚད་མེད་པ། སོ་སོའི་སྤྲུལ་པ་དང་ཡུམ་དང་བློན་པོ་ཕོ་ཉ་རུ་འདྲེན་གར་མཁན་སྐྱོ་སངས་འབག་ལ་སོགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དགུང་སྔོན་མཐོན་པོའི་ཡང་སྟེང་བྷ་ཏ་ཧོར་གྱི་སྒོམ་གྲྭ་ཟན་ཡངས་ཆོས་འཁོར་ཆེན་པོ་སོགས་གར་བཞུགས་ཀྱི་གནས་ནས་རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཏིང་ངེ་འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི༔ གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས༔ དམ་ཚིག་གཞུང་བཞིན་སྲུང་བའི་སྐྱེས་མཆོག་རྣམས༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨ་ལ་ལ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་ཨཾ་ཀུ་ཤ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲང་། ཧཱུྃ༔ རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་འདིར༔ ཉི་ཟླ་པདྨ་གདན་ཁྲི་མཛེས་པ་ལ༔ སྤྲུལ་པའི་རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཉིས་མེད་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་སཏྭཾ༔ ཞེས་བཞུགས་སུ་གསོལ། ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བདུད་རྩི་ལ་བཟླས་ནས། བཛྲ་ཏྲི་དུ་རཀྴ་ཡཀྴ་ཧཱུྃ་མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཞེས་རང་གིས་མྱང་ཞིང་རྒྱལ་པོ་ལ་ཡང་མཆོད་པས་དམ་བསྲེ། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ བསྟན་པ་བསྲུང་ཕྱིར་འབར་བའི་སྐུར་སྤྲུལ་པ༔ རྒྱུད་དྲུག་སྒྲོལ་མཛད་རིག་འཛིན་སྒྲུབ་མཆོག་ལ༔ རྒྱ་ཆེན་ཡིད་འཕྲོག་མཆོད་པ་རྒྱ་མཚོས་མཆོད། །ཆོས་འཁོར་བཀའ་དང་བསྟན་པ་གཉན་པོ་སྲུངས། །དགྲ་བགེགས་ཚར་ཆོད་བདག་དོན་ཡོངས་རྫོགས་མཛོད། །ར་ཛཱ་སིདྡྷི་ས་མ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང་། མ་ཧཱ་ཨ་མྲྀཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། རཱ་ཛ་སིདྡྷི་ས་མ་ཡ་ཛཿབ་ལིནྟ་ཁ་ཁ་ཁཱ་ཧི། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །ཧཱུྃ༔ སྒྲུབ་མཆོག་བདུད་འདུལ་ཡེ་ནས་ཐུགས་དམ་ཅན༔ འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ༔ དམ་ཉམས་གདུག་པའི་དགྲ་བགེགས་ཀུན་སྒྲོལ་བའི༔ ཐུགས་རྗེ་སྙོམས་མཛད་ཁྱོད་ལ་བདག་བསྟོད་དོ༔ འགྱུར་མེད་དབྱིངས་ལས་འབར་བའི་སྐུར་བཞེངས་པ༔ སྐྱེ་མེད་ཆོས་ཀྱི་དོན་རྟོགས་སྒྲུབ་མཆོག་ཁྱོད༔ སྐྱེ་ཤི་རྩད་གཅོད་ལེགས་ཉེས་སྟངས་འཛིན་པའི༔ ཐོགས་མེད་འཇིགས་བྱེད་ཁྱོད་ལ་བདག་བསྟོད་དོ༔ སྐུ་གསུང་ཐུགས་ནི་ཆོས་ཀྱི་དབྱིངས་དང་མཉམ༔ ཕྲིན་ལས་མཐར་ཕྱིན་ཁྱུང་ཆེན་ཀླུ་འབྲུག་འདུལ༔ དྲག་ཏུ་བསྐུལ་ན་དགྲ་བགེགས་དབང་དུ་སྡུད༔ རྒྱལ་པོ་སྡེ་ལྔ་འཁོར་དང་བཅས་ལ་བསྟོད༔ ཅེས་པ་ཙམ་གྱིས་བསྟོད་ནས། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རྒྱལ་པོ་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། ཨཱོྃ་རཱ་ཛ་ཨ་ཧོ་བྷྲཱུྃ་རྦད༔ ཙིཏྟ་ཐིབས་ཐིབས་ཛ༔ ཤ་མ་རུ་ཏྲི་མ་ཧོ་ཛ༔ སརྦ་རཱ་ཛ་ས་མ་ཡ་ཐིབས་ཐིབས་ཛ༔ ཞེས་ཅི་ནུས་བཟླ་ཞིང་། འཁུ་ལྡོག་བཅིང་པ་སོགས་གནད་འབོར་གྱི་སྔགས་རྣམས་འདིར་བཟླ་དགོས་པའི་རྒྱུ་མཚན་མེད་ཅིང་གཉན་ཆ་དང་མི་ཤིས་པར་འགྱུར་བས་དེ་ཙམ་མོ། །འདི་དག་གསོལ་ཁས་འགྲུབ་པའི་ཕྱིར་ཕྲིན་ལས་དོན་བཅུ་མ་སོགས་རིག་འཛིན་བརྒྱུད་པ་རྣམས་ཀྱི་གསུང་མང་དུ་སྣང་བ་གང་མོས་བཞིན་སྦྱར་ཀྱང་ལེགས་ཤིང་། སྲོག་དབང་གི་ལས་ལ་གོང་དུ་བཤད་པ་ཙམ་གྱིས་ཀྱང་དགོས་དོན་འགྲུབ་ཅིང་། མཐར་གཏོར་སྐྱོང་གཏང་རག་གཟོད་གསོལ་སོགས་སྤྱི་དང་འདྲའོ།། ༈ །།གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བཤད་མ་ཐག་པའི་སྒྲུབ་མཆོད་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲད་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་པེ་ཧར་ཞེས་གྲགས་པ་འདི་ཉིད། ངེས་པའི་དོན་དུ་དེ་བཞིན་གཤེགས་པ་རྒྱལ་བ་རིགས་ལྔའི་ངོ་བོར་བཞུགས་ཀྱང་། སྣང་ཚུལ་གདུལ་བྱའི་བློ་ངོར་དཀོར་བདག་རྒྱལ་པོ་ཆེན་པོ་སྐུ་ལྔའི་རྣམ་འགྱུར་དུ་བཞེངས་ཤིང་ཕྲིན་ལས་རྣམ་བཞིའི་ལས་ལ་ཐོགས་མེད་མྱུར་མགྱོགས་ཀྱི་མཐུ་རྩལ་ཕུལ་དུ་བྱུང་བའི་དམ་ཚིག་ཅན་གྱི་ཕོ་ཉ་འདི་ཉིད། སྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་རྒྱལ་རིགས་དྷརྨ་ཛྭ་ལ་ཞེས་བྱ་བ་དང་། སློབ་དཔོན་ཉིད་བློན་པོའི་བུར་གྱུར་པ་ལས། དེ་གཉིས་ཤིན་ཏུ་མཛའ་བས་རབ་ཏུ་བྱུང་བར་ཆད་བྱས། མཁན་པོ་ཟླ་འོད་ཞེས་བྱ་བ་ལས་ཚངས་སྤྱོད་ཀྱི་སྡོམ་པ་བླངས་ཏེ་ལྷན་ཅིག་ཏུ་གནས་པ་ན། རྒྱལ་པོའི་བུ་ནི་བཤད་པ་དང་། བློན་པོའི་བུ་ནི་སྒོམ་པ་ལ་དགའ་བས་མ་མཐུན་ནོ། །ཇི་ཞིག་ན་རྒྱལ་བུ་ཉིད་བྲམ་ཟེ་མོ་མཛེས་ལྡན་མ་དང་འདུས་པས་ཚངས་སྤྱོད་ལས་ཉམས་པ་ན། གནས་བརྟན་དང་བློན་པོའི་བུས་དེ་ལས་ལྡོག་པར་སྨྲས་པ་ལ་ཁྲོས་ཏེ་སླར་ཡང་རྒོལ་ཞིང་སྡིགས་པའི་ལས་ཀྱིས་མི་བསྲུན་པའི་སྐྱེ་བ་ཇི་སྙེད་བརྒྱུད་པའི་མཐར་གནོད་སྦྱིན་གདུག་པའི་རིགས་སུ་སྐྱེས། བློན་པོའི་བུ་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་དགྲ་བཅོམ་པ་ལེགས་ལྡན་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་སྔོན་གྱི་བག་ཆགས་ཀྱིས་དགེ་སློང་དེ་ལ་གནོད་ཅིང་འཚེ་བར་བྱེད་པ་ན། གསང་བའི་བདག་པོ་དང་དགེ་སློང་ཉིད་ཀྱིས་གནད་ལ་ཕབ་སྟེ་གཟིར་ཞིང་དམ་ལ་བཏགས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་དུས་ཕྱིས་བོད་ཡུལ་གྱི་རྒྱལ་ཁམས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་ཁྱད་པར་ཅན་རྣམས་སྤྱན་དྲངས། དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པར་མཛད་པའི་ཚེ་སློབ་དཔོན་ཆེན་པོས་གནོད་སྦྱིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ཁྱད་པར་རྒྱལ་པོ་འདིས་ཐོ་བཙམས་ཤིང་དགོངས་ཉམས་སད་པར་བྱས་པ་ལས། ཕྱག་རྒྱ་གཉན་པོས་ཟིལ་གྱིས་མནན་ནས་གཙིགས་ལ་ཕབ། སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བ་ལས། དྲེགས་པ་ཡོངས་ཀྱི་རྗེ་བོར་དབང་བསྐུར་ནས་དམ་ཚིག་གི་གཉེར་གཏད། ཁྱད་པར་བསམ་ཡས་ཆོས་འཁོར་ཆེན་པོའི་སྲུང་མ་མཁན་སློབ་བཀའ་བགྲོས་པ་ན་དྲེགས་པ་གཞན་ལས་འདི་ཉིད་ཁྱད་པར་དུ་འགྱུར་བར་དགོངས་པ་མཐུན་ནས། ལྷ་སྲས་ཀྱིས་ཞང་གི་བུ་བསད་པའི་ཉེས་པ་ལོ་གསུམ་མཐའི་སོ་ཁ་སྲུང་བར་མངགས་པའི་ཚེ། སློབ་དཔོན་གྱིས་རྒྱལ་ཆེན་རྣམ་ཐོས་སྲས་འཁོར་བཅས་མདུན་གྱི་ནམ་མཁར་རྗེ་འབངས་ཐམས་ཅད་ཀྱིས་མཐོང་བར་བཀུག་ནས་ལས་ཀྱི་གཉེར་གཏད་པ་བཞིན་གྲུ་གུ་དང་རྒྱའི་དཔུང་བཏུལ། ཧོར་གྱི་སྒོམ་གྲྭ་བར་པ་བཅོམ་སྟེ་དཀོར་ཆ་རྣམས་ཁྱེར་བའི་རྗེས་སུ་པེ་ཧར་འཁོར་བཅས་བྱོན་པ་པེ་ཧར་གླིང་དུ་རྟེན་བཙུགས། གཙུག་ལག་ཆོས་འཁོར་དཀོར་ནོར་དང་བཅས་པ་གཉེར་གཏད། རྒྱུད་སྒྲུབ་ཐབས་མན་ངག་ལས་ཚོགས་དང་བཅས་པ་ཟབ་མོའི་གནད་དུ་དྲིལ་ནས་བསྟན་པའི་སྲུང་མར་བསྐོས་པའི་ཆོས་སྐྱོང་རྒྱལ་པོ་ཆེན་པོ་པེ་ཧར་ཞེས་བྱ་བ་ནང་དུ་བཀྲ་ཤིས་ལ་སྙིང་ཉེ། ཕྱི་རུ་དཔའ་ཞིང་གཏུམ་ལ་མཐུ་ཆེ་བ། དམ་ལ་གནས་ཤིང་ཕྲིན་ལས་བཞི་ལ་ཐོགས་པ་མེད་པའི་རང་གཟུགས་ཀུན་གྱིས་མངོན་གྱུར་དུ་གསལ་བར་གྱུར་པ་དེ་ཉིད་ཀྱི་ཆོས་སྐོར་རྣམས། བླ་མ་མངའ་བདག་ཆེན་པོ་ཉང་རལ་པ་ཅན་གྱི་གཏེར་ཁ་ལས་བྱུང་བའི་སྲོག་དབང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། ཧོ༔ བླ་མ་དཔལ་ཆེན་རྡོ་རྗེ་གཏུམ་པོ་ལགས༔ བདག་ཅག་དགེ་སྡིག་རྒྱུ་འབྲས་དོན་མ་རྟོགས༔ ཆོས་ཀྱི་དབྱིངས་དང་ཡེ་ཤེས་སྦྱོང་བའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་བཞེས་ནས་ཀྱང༔ དྲེགས་པ་སྲོག་གི་དབང་ཆེན་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། ཚོགས་གསག་རྒྱུན་བཤགས་གང་འོས་བྱ། སློབ་དཔོན་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་སློབ་མ་སྦྱངས་པ་འོད་ཀྱི་ཐིག་ལེ་དང་དེའང་ཧཱུྃ་སྔོན་པོར་གྱུར། ཧཱུྃ་ཡོངས་སུ་གྱུར་པ་ལས་གསང་བའི་བདག་པོ་དང་། མདུན་གྱི་གཏོར་མ་རྒྱལ་ཆེན་འཁོར་བཅས་སུ་སྔར་ལྟར་བསྐྱེད། སྤོས་དང་རོལ་མོར་བཅས་པས་སྤྱན་དྲངས། བཞུགས་གསོལ་དམ་གཞག་མཆོད་བསྟོད་རྣམས་བྱས་ལ། སློབ་མའི་སྙིང་གར་པད་ཉི་ལ་ཧཱུྃ་ཡིག་འབར་བ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་བྱུང་། འཇིག་རྟེན་ཐམས་ཅད་ཁྱབ། འདོད་པའི་ཕྲིན་ལས་མཛད། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་པ་ལས། འཁོར་བཅས་གུས་ཤིང་དགྱེས་པའི་བརྩེ་གདུང་ཆེན་པོས་བྲན་ལྟར་འདུད་པའི་ཞལ་ནས་སྲོག་གི་སྔགས་ཕྲེང་ཐོན་པ་སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་ཞིང་། གོང་གནོན་གྱི་སྔགས་ཀྱིས་མགོ་དྲངས་ཏེ། ཨཱོྃ་རཱ་ཛ་ཨ་ཧོ་བྷྲཱུྃ་རྦད༔སོགས་སྔར་གྱི་སྲོག་སྔགས་ལན་གསུམ་རྗེས་ཟློས་བྱ། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་བཅིངས་ཏེ། འཁོར་ལོའི་ཕྱག་རྒྱ་སྤྱི་བོར་བཞག་ལ། དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ ཆོས་ཀྱི་ཕྱག་རྒྱ་ཆེན་པོས་དབང་བསྐུར་བས༔ ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ཤོག༔ ཨཱོྃ་ཙཀྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཞེས་དབང་བསྐུར། དེ་བཞིན་དུ་རྡོ་རྗེའི་ཕྱག་རྒྱ་སོགས་སྤྱི་བོར་བཞག་ནས། དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ རྡོ་རྗེ་རིགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་དོན་རྟོགས་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ རིན་ཆེན་རིགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་རྟོགས་ཤོག༔ ཏྲཱཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ པདྨ་རིགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ སོ་སོར་རྟོག་པའི་ཡེ་ཤེས་དོན་རྟོགས་ཤོག༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཾ༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ ལས་ཀྱི་རིགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ བྱ་བ་ནན་ཏན་ཡེ་ཤེས་དོན་རྟོགས་ཤོག༔ ཨཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ སྐྱབས་སྦྱིན་གྱི་ཕྱག་རྒྱ་སྤྱི་བོར་བཞག་ལ། དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ ཐུགས་རྗེ་སྐྱབས་སྦྱིན་ཕྱག་རྒྱས་དབང་བསྐུར་བས༔ ཕྲིན་ལས་རྒྱ་མཚོས་སྒྲོལ་བའི་དབང་ཐོབ་ཤོག༔ ཀརྨ་ཏཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་རིགས་ལྔའི་ཕྱག་རྒྱ་དང་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཁྱེད་རང་རྣམས་ལ་དབང་བསྐུར་པས་དྲེགས་པ་མཐའ་དག་དབང་དུ་འདུས་པའི་ནུས་པ་ཐོབ། མདུན་བསྐྱེད་རྒྱལ་པོ་ཉིད་ལ་དབང་བསྐུར་པས་དམ་ལ་གནས་ཤིང་ཁྱེད་རང་རྣམས་ལ་ཐུགས་ཤིན་ཏུ་འདུན་པར་གྱུར་སྙམ་པ་མཛོད། དེ་ནས་རྟེན་རྫས་དམ་ཤིང་གཏད་ལ། ཧཱུྃ༔ དམ་ཅན་ལས་ལ་འཛུད་བྱེད་པའི༔ རྟེན་རྫས་དམ་ཤིང་འདི་གཏད་པས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང༔ རྒྱལ་པོ་བྲན་བཞིན་འཁོལ་གྱུར་ཅིག༔ ཅེས་དང་སྲོག་སྔགས་བརྗོད་པས། རྒྱལ་ཆེན་འཁོར་བཅས་ཁྱེད་རང་ལ་གུས་པ་ཆེན་པོས་རང་རྟགས་རྒྱལ་མཚན་ལྔ་པོ་དངོས་གྲུབ་ཏུ་ཕུལ་བར་མོས་སུ་བཅུག་ནས་རིམ་བཞིན་གཏད་ལ། དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ སྟག་གི་རྒྱལ་མཚན་ཆེན་པོས་དབང་བསྐུར་བས༔ སྟག་གིས་གཅན་གཟན་ཐམས་ཅད་ཟིལ་གནོན་ལྟར༔ ཁྱོད་ཀྱིས་དགྲ་རྣམས་ཟིལ་གནོན་དབང་ཐོབ་ཤོག༔ དེ་བཞིན་དུ། དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ སྤྲེ་འུའི་རྒྱལ་མཚན་ཆེན་པོས་དབང་བསྐུར་བས༔ ཧ་ལུ་མན་དྷས་སྤྲེལ་རྣམས་འདུལ་བ་ལྟར༔ ཁྱོད་ཀྱིས་དགྲ་རྣམས་འདུལ་བའི་དབང་ཐོབ་ཤོག༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ བྱ་རྒོད་རྒྱལ་མཚན་ཆེན་པོས་དབང་བསྐུར་བས༔ རྒོད་ཀྱིས་འདབ་ཆགས་ཐམས་ཅད་ཕམ་བྱེད་ལྟར༔ ཁྱོད་ཀྱིས་དགྲ་རྣམས་ཕམ་པའི་དབང་ཐོབ་ཤོག༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ སྤྱང་ཀིའི་རྒྱལ་མཚན་ཆེན་པོས་དབང་བསྐུར་བས༔ སྤྱང་ཀི་གཅན་གཟན་ཀུན་ལས་རྒྱལ་བ་ལྟར༔ ཁྱོད་ཀྱིས་དགྲ་ལས་རྒྱལ་བའི་དབང་ཐོབ་ཤོག༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ ཟ་འོག་རྒྱལ་མཚན་ཆེན་པོས་དབང་བསྐུར་བས༔ ཟ་འོག་འདོད་པའི་ཁ་དོག་ཕུན་ཚོགས་ལྟར༔ ལོངས་སྤྱོད་སྙན་གྲགས་ཕུན་ཚོགས་དབང་ཐོབ་ཤོག༔ ཅེས་གཏད་པས་ལས་དེ་དང་དེ་གྲུབ་པར་བསམ། གཏོར་མ་སྨན་རཀ་བཅས་པ་ལག་ཏུ་གཏད་ལ། ཧཱུྃ༔ ཞི་རྒྱས་དབང་དྲག་ལས་ཀུན་སྒྲུབ་བྱེད་ཅིང༔ ཕྲིན་ལས་བཞི་ལ་མངའ་དབང་སྒྱུར་བའི་ཕྱིར༔ སྨན་རཀ་གཏོར་ཚོགས་འདོད་ཡོན་འདི་གཏད་པས༔ དངོས་གྲུབ་ཐམས་ཅད་ཐོགས་མེད་གྲུབ་པར་ཤོག༔ སྲོག་སྔགས་ཀྱི་མཐར་བ་ལིནྟ་མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་བཀའ་བསྒོ་དྲག་ཏུ་བྱས་པས། དེ་རྣམས་སྤྲོ་བ་དང་བཅས་པས་སྒྲུབ་པར་ཁས་བླངས་པར་བསམ་མོ། །མཐར་དུས་ཀྱི་མཆོད་གཏོར་འབུལ་བ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་བསྲུང་བར་བསྒྲག་ཅིང་ཁས་བླང་སྤྱི་དང་མཚུངས་པར་བྱའོ། །འདིའི་དམ་ཤིང་ནི། སྟོད་དབུ་གསུམ་རྒྱ་མདུད་ཉིས་རིམ་ཆངས་གཟུང་དབལ་ཟུར་གསུམ་པ་སྦྲུལ་ཆུན་འཕྱང་བའི་ཕུར་བུ་ཉིད་ཡིན་པས་སྦ་འཁར་སྨྱུག་རྒོད་སོགས་དང་འཁྲུལ་པར་མི་བྱའོ། །དྲེགས་པ་འདི་དག་འཁོར་བའི་ཚུལ་ནི། དམ་ཚིག་ཟོལ་མེད་དུ་བསྲུངས་ན་ལུས་དང་གྲིབ་མ་བཞིན་འཁོར། བླ་རྡོ་བཅང་མཁས་ན་འདབ་ཆགས་སྙིས་བཟུང་བ་བཞིན་འཁོར། མཆོད་གཏོར་ལ་བརྩོན་ན་དབུལ་པོ་ནོར་ལ་རུབ་པ་བཞིན་འཁོར། གདུང་བའི་དབྱངས་ལ་བརྩོན་ན་བུང་བ་མེ་ཏོག་ལ་ལྡིང་བ་བཞིན་འཁོར་བས་ན། སྲུང་མ་འཁོར་བ་ཙམ་གྱིས་འགལ་རྐྱེན་བར་ཆད་ཞི། མཐུན་རྐྱེན་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པར་འགྱུར་བས་ཚུལ་དེ་དག་གི་གནད་ཤེས་པར་བྱའོ། །ད་ལྟ་རྒྱུན་ཡོད་ཀྱི་སྲོག་གཏད་འདི་ཉིད་བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་ཤེལ་ཕྲེང་དཀར་པོའི་རྒྱུད་ལས་བྱུང་བ་དེ་ཡིན་ཡང་། ལག་ལེན་འདྲ་མིན་ཅི་རིགས་འདུག་པ་ལས། འདི་ནི་ཉང་གི་དངོས་སློབ་བཀའ་བབས་བརྒྱུད་འཛིན་གྱི་གཙོ་བོ་ཚད་མར་གྱུར་པའི་སྔགས་འཆང་སྨྱོས་པ་ཡབ་སྲས་ཀྱི་གསུང་རྒྱུན་བཞིན་བཀོད་པ་ཡིན་ནོ། །ལས་འབྲེལ་གྱི་གཏེར་མའི་སྒྲུབ་ཐབས་སྲོག་དབང་སོགས་དཔེ་རྒྱུན་ཡོད་ཀྱང་དབང་ལུང་གི་བཀའ་ཆད་པར་སྣང་ངོ་།། །།མི་འ༵གྱུར་ཟན་ཡང་ཆོས་འཁོར་སོགས། །གཡེལ་མེ༵ད་སྐྱོང་བའི་དཀོར་སྲུང་ཆེའི། །སྒྲུབ་ཐབས་མཚོ་སྐྱེས་རྡོ༵་རྗེ༵་ཡི། །གསུང་བཞིན་འཇུག་བདེར་སྤེལ་བའོ། །ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པའི་ལེའུ་ཚན་ནོ།། །།
གསང་སྐོར་བླ་མའི་སྐྱེད་བྱང་བསྡུས་པ་དང་མཚན་སྔགས་ (Volume 62, Text 58)
གསང་སྐོར་བླ་མའི་སྐྱེད་བྱང་བསྡུས་པ་དང་མཚན་སྔགས་བཞུགས། །དོན་དམ་སྐྱབས་སེམས་ཡན་བདུན་འབུལ༔་་་མན་ངག་སྡེ་ལྟར་སྦྱར།མཆན། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་ལས༔ འབྱུང་བཞི་གཞལ་ཡས་ཁྲི་གདན་བསྐྱེད༔ ཤྲཱི་སིཾ་ཧ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ སྤྱི་བོར་ཀུན་བཟང་ཡབ་ཡུམ་མཐིང༔ མགྲིན་པར་རྡོར་སེམས་ཡབ་ཡུམ་དཀར༔ ཐུགས་ཀར་དགའ་རབ་སྤྲུལ་སྐུའི་ཚུལ༔ ཕྱི་རོལ་པདྨ་འདབ་བཞི་ལ༔ ཤར་དུ་ཨིནྡྲ་བྷཱུ་ཏི་རྒྱལ༔ ལྷོ་རུ་པདྨ་འབྱུང་གནས་རྩལ༔ ནུབ་ཏུ་བི་མ་ལ་མི་ཏྲ༔ བྱང་དུ་ཛྙཱ་ན་སཱུ་ཏྲ་མཆོག༔ དེ་ཕྱིར་པདྨ་འདབ་བརྒྱད་ལ༔ ཤར་དུ་སློབ་དཔོན་ཧཱུྃ་ཀཱ་ར༔ ལྷོ་རུ་ཁྲག་འཐུང་ནག་པོ་འབར༔ ནུབ་ཏུ་ནཱ་ག་ཨརྫུ་ན༔ བྱང་དུ་པྲ་ཆེན་ཧསྟི་རྩལ༔ ཤར་ལྷོར་ངྷ་ན་སཾསྐྲྀཏ༔ ལྷོ་ནུབ་མཁའ་འགྲོ་ལས་དབང་མོ༔ ནུབ་བྱང་རམྦི་གུ་ཧྱ་ཟླ༔ བྱང་ཤར་ཤཱནྟིཾ་གརྦྷ་གསལ༔ དབང་བསྐུར་འགུགས་བསྟིམ་བཞུགས་ཕྱག་མཆོད༔ བསྟོད་ལ་ཐུགས་དབུས་ཟླ་ཧྲཱིཿའི་མཐར༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་སིཾ་ཧ་སིདྡྷི་ཧཱུྃ༔ སྤྱི་བོར་ཀུན་བཟང་ཡབ་ཡུམ་ལ་དམིགས་ཏེ། ཨཱོྃ་ཨཱཿགུ་རུ་ས་མནྟ་བྷ་དྲ་ཧཱུྃ༔ མགྲིན་པར་རྡོར་སེམས་ཡབ་ཡུམ་ལ་དམིགས་ཏེ། ཨཱོྃ་ཨཱཿགུ་རུ་བཛྲ་སཏྭ་ཧཱུྃ༔ སྙིང་གའི་དགའ་རབ་ལ་དམིགས་ཏེ། ཨཱོྃ་ཨཱཿགུ་རུ་པྲ་ཧེ་བཛྲ་ཧཱུྃ༔ སྤྲོ་ན་འཁོར་གྱི་རིག་འཛིན་རྣམས་ལ་དམིགས་ཏེ་དབང་གི་གཞུང་བཞིན་བཟླ། ཚོགས་འཁོར་རྗེས་བསྡུ་རྒྱུན་སྤྱོད་བྱ༔ འདི་ནི་མན་ངག་སྤྱི་ལ་གཅེས༔ ཀུན་གྱི་སྤྱི་དྲིལ་ཆེན་པོ་འོ༔ བྱང་བུ་རྣམས་ཀྱིས་བརྒྱན་བྱས་ཏེ༔ ཕྲིན་ལས་ནར་མར་བརྩོན་པར་བྱ༔ བསྐྱེད་རིམ་སྤྱི་ལ་གཅེས་པ་འོ༔ སམཔྟསྷྱ༔ ཤྲཱི་སིཾ་ཧའི་སྙིང་ཐིག་འདི༔ གུ་རུ་རྗེ་ལ་ལུང་ཞུས་ཏེ༔ ལས་ཅན་དོན་དུ་ཁོ་མོས་བརྗོད༔ ཟུར་མཁར་མེ་ཏོག་སྒྲོན་གྱིས་བྲིས༔ ལ་བསྭེའི་སྒྲོམ་དུ་བཞག་ནས་སུ༔ བོད་ཀྱི་ཤོད་བཞིའི་ཡ་གྱལ་སྟོད༔ གུ་རུ་པདྨའི་སྒྲུབ་གནས་མཆོག༔ འཛོམ་གྱི་བྲག་ལ་ཨ་ཐམ་རྒྱ༔ ལྷ་སྲས་ཡེ་ཤེས་རྩལ་ལ་སྤྲོད༔ ྈྈྈྈ ཅེས་པ་འདིའང་སྤྱི་ལ་གཅེས་པའི་བྱང་བུ་ཡི་གེའི་བར་ནས་རྙེད་དེ། གཏེར་སྤྲུལ་རཏྣ་ཨཀྵརཤཱསནདྷྭཛ་ལ་བཀའ་དབང་འབུལ་སྐབས་བན་རྒན་རཏྣས་བྲིས་པའི་ཡི་གེ་པ་ཞུ་བ་པོ་ཉིད་དོ། །དགེའོ།། །། ࿊ ཨིནྡྲ་བྷཱུ་ཏི། ཨཱོྃ་ཨཱཿགུ་རུ་ཨིནྡྲ་བྷཱུ་ཏི་ཧཱུྃ༔ པདྨ་འབྱུང་གནས། ཨཱོྃ་ཨཱཿགུ་རུ་པདྨ་སཾ་བྷ་ཝ་ཧཱུྃ༔ བི་མ་མི་ཏྲ། ཨཱོྃ་ཨཱཿགུ་རུ་བི་མ་ལ་མི་ཏྲ་ཧཱུྃ༔ པན་ཆེན་ཛྙཱ་ན་སཱུ་ཏྲ། ཨཱོྃ་ཨཱཿགུ་རུ་ཛྙཱ་ན་སཱུ་ཏྲ་ཧཱུྃ༔ སློབ་དཔོན་ཧཱུྃ་ཀཱ་ར། ཨཱོྃ་ཨཱཿགུ་རུ་ཧཱུྃ་ཀཱ་ར་ཧཱུྃ༔ ཁྲག་འཐུང་ནག་པོ། ཨཱོྃ་ཨཱཿགུ་རུ་ཧེ་རུ་ཀཿཀཱ་ལ་ཧཱུྃ༔ ཀླུ་སྒྲུབ། ཨཱོྃ་ཨཱཿགུ་རུ་ནཱ་གཱརྫུ་ན་ཧཱུྃ༔ པྲ་བྷ་ཧསྟི། ཨཱོྃ་ཨཱཿགུ་རུ་པྲ་བྷཱ་ཧསྟི་ཧཱུྃ༔ ངྷ་ན་སཾསྐྲྀཏ། ཨཱོྃ་ཨཱཿགུ་རུ་ངྷ་ན་སཾསྐྲྀཏ་ཧཱུྃ༔ མཁའ་འགྲོ་ལས་ཀྱི་དབང་མོ། ཨཱོྃ་ཨཱཿགུ་རུ་ཀརྨ་ཨིནྡྲ་ཎཱི་ཧཱུྃ༔ རམྦི་གུ་ཧྱ། ཨཱོྃ་ཨཱཿརམྦི་གུ་ཧྱ་ཧཱུྃ༔ ཤཱནྟིཾ་གརྦྷ། ཨཱོྃ་ཨཱཿགུ་རུ་ཤཱནྟིཾ་གརྦྷ་ཧཱུྃ༔
སྲིད་པ་གསལ་བྱེད་པྲ་སེ་ན་དབབ་པའི་མན་ངག་གཞུང་གསལ་བྱེད་ལག་ལེན་དང་བཅས་པའི་སྐོར་རྣམས་ (Volume 42, Text 58)
༄༅། །སྲིད་པ་གསལ་བྱེད་པྲ་སེ་ན་དབབ་པའི་མན་ངག་གཞུང་གསལ་བྱེད་ལག་ལེན་དང་བཅས་པའི་སྐོར་རྣམས་བཞུགས་སོ། ། བདག་འདྲ་སྲིད་གསུམ་རྣམ་རྒྱལ་གྱིས༔ ཕྱི་རབས་རྣལ་འབྱོར་དོན་ཉིད་དུ༔ ལེགས་ཉེས་བལྟ་ཕྱིར་མངོན་ཤེས་བཤད༔ སྙིང་འདྲའི་བུ་ལ་མ་གཏོགས་པ༔ གཞན་ནི་སུ་ལའང་མ་སྤེལ་ཅིག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྨྲ་བྱེད་འདི་ཡི་བཅའ་གཞི་ནི༔ སྒྲུབ་གནས་དབེན་ས་མི་ཁྱིའི་སྐད་མེད་སར་ཆག་ཆག་བཏབ་སྟེ་སྣམ་དཀར་སྟེང་དུ། ལྷ་གཡག་དཀར་པོ་མཛུབ་གང་གཅིག༔ འབྲང་རྒྱས་ལེགས་པོ་དཔལ་བཤོས་དང༔ གསང་ཕྱེ་ཁག་གསུམ་བཞག་པར་བྱ༔ ནས་དཀར་བྲེ་གང་སྟེང་དུ་ནི༔ མདའ་དར་དཀར་པོ་་་མེ་ལོང་བཏགས་ཏེ་མདུན་ནས།འཛུག་པར་བྱ༔ སྟན་གཙང་སྟེང་དུ་གྲོང་པའི་ཆོས་ཀྱིས་མ་གོས་པའི།་་་པྲ་བྱིས་ཁྲུས་བྱས་ལྷ་གཡག་བསྒོམ༔་་་དུ་བཅུག །རང་གི་ལག་པར་ནས་ཐོགས་ལ།་་་སྔགས་བཟླས་སྐབས་སུ་པྲ་བྱིས་དེ་ལ་གཏོར༔ ནུས་ལྡན་གཅིག་གིས་བགེགས་རྣམས་བསྲུང༔ པྲ་འབེབ་སྔགས་འབྲུ་རྩ་བདུན་པ༔ མཐོང་བྱེད་སྔགས་འབྲུ་དྲུག་་་ཆུ་བུར་མིག་གི་སྒོ་ཕྱེས། ཞེས་བཟླ།བཏབ་ལ༔ བྱིས་པས་སྨྲས་པ་དང་།་་་འབྲང་རྒྱས་ལ་སོགས་ཡིད་ཀྱིས་འབུལ༔ འགྲུབ་མི་འགྲུབ། ཆག་ཆེ་ཆུང་། གདོན་གང་གནོད། འདོད་དོན་ལ་སོགས།་་་གང་འདོད་དྲིས་པས་སྨྲ་བར་འགྱུར༔ པྲ་ཕྱི་བར་འདོད་ན། སྤྱི་བོར་སེ་གོལ་ལམ་ཐུབས་བཏབ་པས་བྲོས་པར་འགྱུར།་་་རང་གི་གནས་སུ་གཤེགས་སུ་གསོལ༔ སྲིད་པ་གསལ་བྱེད་པྲ་འདི་ནི༔ གཞན་ལས་ཁྱད་འཕགས་མ་ནོར་བར༔ མན་ངག་ཉམས་ལེན་ཆ་རྐྱེན་དུ༔ ཀླུ་བཙན་དྲག་པོ་ཁྱོད་ལ་གཏད༔ མ་འོངས་ལས་འཕྲོ་ཅན་ལ་གཏོད༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བྱང་སྟོད་རྡོ་རྗེ་བྲག་ནས་རྒྱལ་སྲས་ལེགས་པས་ཤོག་སེར་གདན་དྲངས་ཏེ་དེ་ཉིད་ཀྱི་གཏེར་ཁ་དྲུག་གི་གདམས་པ་རྒྱ་མཁས་བཙུན་གྲགས་པ་དཔལ་ལ་དགྱེས་བཞིན་དུ་གནང་། ཁོ་བས་བདག་ཧཱུྃ་དབང་ཕྱུག་ལ་གཏད་རྒྱ་དང་བཅས་གནང་བ་ལགས་སོ།། ༈ །།འདིའི་ལག་ལེན་བཅས་ཀྱི་རིམ་པ་ནི། ཕྱེ་ཕུད་གཙང་མ་ཆུ་གཙང་གིས་སྦྲུས་པས་ལྷ་གཡག་མཛུབ་གང་པ་གཅིག །འབྲང་རྒྱས། ཕྱེ་མར། ཆང་ཕུད། ལུག་ཤ་དཀར་མོ་ལག་གཡས། ལྷ་བཤོས་རྒྱབ་ཡོལ་མ་རྣམས་བཅོས་ལ་སྟེགས་བུ་ཁྲུ་གང་གི་སྟེང་དུ་རས་བཏིང་ལ། སྤོས་བཟང་པོ་ཙནྡན་ལ་སོགས་ཆག་ཆག་བཏབ་ལ་དེའི་ཁར་རིམ་བཞིན་བཞག །གཏེར་བདག་ཀླུ་བཙན་དྲག་རྩལ་ལ་གཏོར་མ་ཟུར་གསུམ་གཅིག་བཤམ། གཏོར་མ་ཐམས་ཅད་སྭ་བྷཱ་བ་དང་བདུད་རྩི་འཁྱིལ་པས་བསང་སྦྱང་གི་འབྲུ་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། གཏོར་མའི་མདུན་དུ་ནས་བྲེ་གང་བཞག་པའི་སྟེང་དུ་མདའ་དར་དཀར་པོ་ལ་མེ་ལོང་བཏགས་ཏེ་དྲི་བཟང་གིས་བྱུག བྱིས་པ་སྨྲ་བདེ་བ་རིགས་གཙང་བ། ལོ་བཅུ་གཉིས་ནས་བཅུ་དྲུག་གི་བར་གང་རིགས་ཁྲུས་བྱས། དེ་ལ་རྡོ་གང་རིགས་ཤིག་ལོངས་ཤོག་བྱས་ལ། ཁོས་བླངས་པའི་རྡོ་དེ་རས་གཙང་མའི་ནང་དུ་བསྟུམ། པྲ་མཁན་རང་གི་པུས་མོ་གཡས་པའི་འོག་ཏུ་བཅུག །དེ་ནས་བྱིས་པ་གོས་གཙང་མ་བཀོན་ཏེ་གདན་ལ་བཞག །བགེགས་བསྐྲད། སྲུང་འཁོར་བསྒོམ། རང་ཐུགས་རྗེ་ཆེན་པོར་བསྐྱེད། པྲ་རྟེན་དང་བྱིས་པ་གཉིས་བསང་སྦྱང་བྱས་ལ། སྨྲ་བྱེད་བུ་ཆུང་དཀར་པོ་རིན་པོ་ཆེས་བརྒྱན་པར་སྐྱེད། རང་གི་ཐུགས་ཀ་ནས་འོད་འཕྲོས། ནམ་མཁའི་མཐོངས་དང་གཙང་མའི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམས། མཆོད་པ་འབུལ། སྣང་གསལ་པྲའི་དངོས་གྲུབ་བསྩལ་དུ་གསོལ། སྨྲ་བྱེད་བུ་ཆུང་དཀར་པོ་འདི་རྣམས་ཀྱི་སེམས་ལ་འཇུག་པར་མཛད་དུ་གསོལ། མཇུག་ཏུ་སྔགས་སྟོང་ཕྲག་ལས་མི་ཉུང་བའི་བཤགས་པ་བྱ། བྱིས་པས་ལྷ་གཡག་དཀར་པོ་གཟི་བརྗིད་ཅན་བསྒོམས་ལ་མེ་ལོང་བལྟ་བཅུག །སྐབས་སུ་ནས་ལ་སྔགས་ཀྱི་ནུས་པ་བསྟིམས་པ་པྲ་རྟེན་དང་བྱིས་པ་ལ་གཏོར་བས་སྨྲ་བར་འོང་། ཡང་ཆང་ལ་སིནྡྷུ་ར་དང་མཚལ་བཏབ་པ་ཕོར་གང་སྦྱིན། སྔགས་གདབ། གཏོར་མ་བཏང་། སྤོས་དཀར་བདུག །དེ་ལ་གང་འདོད་དྲིས་པས་འོང་། དེ་ལྟར་མ་བྱུང་ན་བྱིས་པས་མེ་ལོང་དུ་ལྷ་འདྲེ་མི་གསུམ་དང་། དུད་འགྲོ་ལ་སོགས་པའི་གཟུགས་མང་དུ་མཐོང་། སྐྱོབ་པའི་ལྷ་ཡིན་ན་གཟི་བརྗིད་ཆེ། རྒྱན་ཚང་བ་མཐོང་། གནོད་པའི་འདྲེ་ཡིན་ན། རང་འདོད་པའི་མདོས་དང་གཏོར་མ་སོགས་སྟོན་མོ་བྱས་པས་འོང་། དེ་རྣམས་ལབ་ལབ་བྱེད་པ་བྱིས་པས་ཚོར་བ་འོང་། གལ་ཏེ་གྲོས་ཀྱི་རྣམ་པས་བྱིས་པས་ལབ་ལབ་མ་ཚོར་ན། གསལ་བར་སྟོན་བྱས་ནས་ཡང་ནས་གཏོར་བས་ལབ་ཀྱིས་ཟེར། ཉོན་བྱས་པས་གསལ་བོར་ཚོར་ཡོང་། གཞན་ཡང་སྔར་མེད་པའི་བྲག །མཚོ། ཆུ་ཀླུང་། མཆོད་རྟེན། ཤིང་། དགོན་པ། གྲོར་ཁྱེར། སྲོག་ཆགས་ཀྱི་གཟུགས་རྣམས་ཤར། དོན་འདི་འགྲུབ་ན་དང་། དཔྱད་འདི་ལེགས་ན་འདི་ལྟ་བུ་ལ་སོགས་པ་བཟང་ལྟས་རྒྱ་དཔངས་མཐོ་ཆེར་འགྲོ་བ་དང་། མཆོད་རྟེན་ལ་གདུགས་དང་རྒྱལ་མཚན། ཁང་པ་ལ་མདངས་དང་མདའ་དར་མདུང་དར་གསར་དུ་འཛུག་པ། རི་ཐམས་ཅད་ཀྱང་རྐེད་པ་ལ་གངས་རི་དང་འཁྱགས་པ་ཆེ་ཞིང་རྒྱས་པ་བྱུང་ན་བཟང་པོའི་རྟགས་ཡིན། ངན་པ་དང་ནི་མི་འགྲུབ་ན། དེ་ཐམས་ཅད་ཇེ་ལོད་དུ་མཐོང་། འཇིགས་པ་དང་མདོག་ངན་པ་དང་། ཇེ་ཆུང་དུ་འགྲོ་བའོ། །བར་སྐབས་སུ་ཐམས་ཅད་ཉུང་དུ་འགྲོ་བ་བྱུང་ན། གཞན་གྱི་གྲིབ་ལ་བརྟེན་ནས་པྲ་ཡི་ལྷ་མོ་བྲོས་པ་ཡིན་པས་སླར་སྤོས་བཏང་། བྱིས་པས་ཁྲུས་བྱས་བསྐྱེད་རིམ་ཡང་ཡང་གསལ་བར་བྱས་པས་མཐོང་། དེ་ལྟར་གོང་བཞིན་བརྟགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟ་གསུམ་ཀའི་བཟང་ངན་ལུང་བསྟན་དངོས་སུ་ཡོང་། གདམས་པ་གསང་ནས་སྒྲུབ་པ་གལ་ཆེའོ། །བསྙེན་ཚད་ནི། བདུན་ནམ་བཅུ་ལ་སོགས་པས་འགྲུབ་ངེས་སོ། །འགྲུབ་ན་གོང་སྔགས་ཉེར་བདུན་པ་ལ་མཇུག་ཏུ་བཏགས་ལ་རང་གནས་སུ་གཤེགས། མ་འབྱོར་པ་སོགས་ནོངས་བཤགས་དང་། སླར་འབྱོན་པའི་འདོད་དོན་གསོལ། མངྒ་ལཾ།། ༈ །།ཤེལ་ལ་འདེབས་པའི་སྔགས་ནི། ཨོཾ་བྷི་ལུ་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱ་ཧཱ། ལྟག་ཁུང་ལ་རྒྱག་པའི་སྔགས་ནི། ཨོཾ་བྷི་ལི་བྷི་ལི་ཀྵི་ལི་ཀྵི་ལི་ཨ་ལོ་ཀྵ་ཡེ་སྭཱ་ཧཱ། མིག་ལ་རྒྱག་པའི་སྔགས་ནི། ཨོཾ་ཀ་ར་ཀ་ར་དྭངས་ར་དྭངས་ར་ཐེ་སེ་ཐེ་སེ་སྭཱ་ཧཱ། སིནྡྷུ་ར་ལ་འདེབས་པའི་སྔགས་ནི། ཨོཾ་འཕང་གྭ་པ་ཡེ་སྭཱ་ཧཱ། བཅིངས་པའི་སྔགས་ནི། ཨོཾ་བྲུཾ་བྲུཾ་བཅིང་བཅིང་ན་ག་ཕོབ། སྤྱན་རས་གཟིགས་ཀྱིས་མོ་སྟོན། སིན་འདུར་ཕང་སྭཱ་ཧཱ། པྲ་མོ་ཆུ་བུར་མིག་གི་སྒོ་སོལ། རྣོ་བའི་ཕྱོགས་སྟོན་མཛོད་ཅིག །རང་ཉིད་འབབས་པའི་དུས་སུ་སྒྲ་ཇེ་ཞན་དུ་བཟླས་ཤིང་། གཞན་སྒོ་བཅད་འབྱེད་རྣམས་ལ་སྔགས་ཕུལ་བ་དེས་བཤད། སྔགས་སྒྲ་ཇི་བཞིན་པ་དང་འདྲ་བས་གཞན་ལ་གསང་ངོ་། །བཅའ་གཞི་སྒྲིག་ལུགས་སྔར་ལྟར་ཡིན་ཞིང་། ལག་ལེན་ལྟར་ཡིན་ནོ།། ༈ །།པྲ་ཕེབས་པའི་རྟགས་པྲ་མཁན་རྟེན་བཅས་པ་སེམས་བདེ། ངེས་ཤེས་སྐྱེ། པྲ་ཆས་ཐམས་ཅད་བྱིན་ཆགས་པ་བྱུང་ན་ལེགས་པའི་རྟགས། པྲ་མཁན་ཤེས་པ་འཚུབ་ཅིང་པྲ་ཆས་མདངས་ཆུང་བ། ངོམ་ནག་ལ་ཧཾ་ཞིང་འབབ་འགོར་ན་མི་ལེགས་པའི་རྟགས་སོ། ཁྱིམ་ཕྱྭ་ལ། ར་བ་མ་ཞིག་པ་དང་སྒོ་གསར་དུ་མ་དོད་པ་དཀར་ཞིང་གསལ་བ་བྱུང་ན་ལེགས། དེ་ལས་བཟློག་པ་བྱུང་ན་ངན་ནོ། །ངན་པ་ལ་བཅོས་ཐབས་འདྲིའོ། །སྲོག་ཕྱྭ་ལ་སྲོག་མྱུར་དུ་གསལ་ཞིང་། ལོ་བདག་ལ་ནག་པོས་མ་གོས་ཤིང་དཀར་པོ་དབང་པོ་རྣམས་སྐྱོན་མེད་པ་བྱུང་ན་བཟང་། དེ་ལས་བཟློག་པའི་སྐྱོན་བྱུང་ན་ངན་པས་ཐབས་དང་བཅོས་དྲིའོ། ཁྱིམས་ལ་མདའ་སྒྲོ་མ་ཉམས་པ་དང་། གྲི་བཟང་པོ་དང་། དཔལ་གྱི་ལྷ་བཤོས་དང་། མདའ་དར་དཀར་པོ། བན་བཙུན་ལ་རྡོ་རྗེ་དྲིལ་བུ། ཆོས་པུསྟི་རིགས་ལྔ། དུང་དཀར་ཆོས་གོས་རྣམས་བྱུང་ན་བཟང་། སྔགས་པ་ལ་ཕུར་བུ་བྷནྡྷ་ཞྭ་ནག་བྱུང་ན་བཟང་། དར་ཡུག་སྔོན་པོ་སྔོ་ནར་བྱུང་ན་མི་ཁ་དང་ཁ་མཆུའི་ངོ་ཡིན། གྲི་མདུང་སྔོ་ཟིང་ཟིང་ཕུབ་བཅས་བྱུང་ན་ཁ་མཆུའི་ངོ་ཡིན། ཁྱིམ་ཕྱྭ་ལ་སྔར་མེད་པའི་སྒོ་གསར་དུ་དོད་བྱུང་ན་ཆག་སྒོའི་ངོ་ཡིན། ལར་བྱའི་རིགས་ལོ་བདག་མིན་པའི་ཐོག་ཁར་བབས་པ་མཐོང་ན་རིམ་གྲོ་འབུམ་ཚར་དང་། ཁམས་དང་མི་མཐུན་པའི་མེ་ཆུ་རླུང་གསུམ་གྱིས་ཁྱིམ་དང་ནོར་འཇིག་ན། བྱད་ཡིན་པས་འབུམ་འུར་འདོན་དང་། ཁྲོ་བོ་རོལ་པའི་གཏོར་ཟློག་བྱེད་དགོས། མི་མ་ཡིན་གྱིས་ཕྱུགས་ལ་གནོད་པའི་ལྟས་བྱུང་ན། གང་ལ་གནས་དང་གང་ཡིན་སྨྲོས། ཅིས་ལེན་དང་སེལ་བའི་ཐབས་དང་གདམས་པ་བཅོས་ཀ་དྲི། ནད་པ་ལ་ཉ་བྱུང་ན་ཤི་བའི་ངོ་ཡིན། སྡིག་པ་དང་སྦྲུལ་དང་། སྦལ་པ་ལྕོང་མོ་བྱུང་ན་ཀླུ་ཡི་རྟགས་ཡིན་པས་ཀླུ་བཅོས་བྱའོ། །མི་ནག་ཁྱི་ནག་བྱ་ནག་བྱུང་ན་བདུད་ཡིན་པས་བདུད་བཅོས་བྱའོ། །མི་དམར་རྟ་དམར་བྱ་དམར་བྱུང་ན་བཙན་ཡིན་པས་བཙན་བཅོས་བྱའོ། །སྔགས་པ་ཕུར་ཐོགས་དང་བན་བཙུན་བྱུང་ན་རྒྱལ་པོ་ཡིན་པས་རྒྱལ་མདོས་བྱའོ། །སྲིད་ཕྱྭ་ལ་ལུ་གུ་དཀར་པོ་ཕུར་ཆུང་བྱུང་ན་བུ་འབྱུང་། དྲེའུ་ཆུང་དང་འཕང་བྱུང་ན་བུ་མོ་འབྱུང་བའི་ངོ་ཡིན། ལར་གནོད་པའི་རིགས་ཐམས་ཅད་རྡོ་རྗེ་གཡུ་སྒྲོན་མའི་ལེགས་ཉེས་ལ་བརྟག་གོ །གཟུགས་དང་མདོག་དཀར་བའི་རིགས་རྣམས་བཟང་། ཁྲ་བའི་རིགས་རྣམས་འབྲིང་། ནག་པོའི་རིགས་རྣམས་ངན་ནོ། །ནད་པ་ལ་མིའི་མགོ་བོ་དང་སྐྲ་མེད་ན་འཚོ་དཀའ་འོ། །སྲིན་ལག་གཉིས་མ་ཚང་ན་འཚོ་ཐུབ་ཙམ་འོང་། མི་རུང་བའི་ལྟས་ནི། ཐང་ཆེན་པོའི་དཀྱིལ་ན་བྲ་བོ་སྐྱེ་ཞིང་། དེའི་དཀྱིལ་ན་ཤིང་སྡོང་པོ་མི་རོ་རེངས་པ་འདྲ་བའི་ཁར་དུར་བྱ་བབས་པ་བྱུང་བ་དང་། ཤིང་ཐམས་ཅད་སྡིག་པ་ནག་པོས་ཁེངས་ཤིང་། ལྷག་པར་སྡིག་པ་ནག་པོ་ཤིན་ཏུ་ཆེ་བ་གཅིག་གིས་མི་རོ་ཟ་བ་བྱུང་ན། པྲ་མཁན་རང་ལ་མི་རུང་བས་པྲ་ཆས་ཐམས་ཅད་ཡོན་བདག་ལ་གཏད་ནས་པྲ་མཁན་རང་གི་ནང་དུ་འོང་། རིམ་གྲོ་ཆེར་བྱའོ།། ༈ །།པྲ་གཙང་ཞིང་གསལ་བ་མ་འདྲེས་པར་བབས་པའི་གནད་ནི། ཕོ་བྲང་གཡུང་དྲུང་གཡོན་སྐོར། རས་དཀར་ཁ་གྲུ་མ་ཉམས་པ་དང་། པྲ་རྟེན་བླ་རྡོ་རྣམས་འཇུག་པ་གལ་ཆེ། ཁྱེའུ་ལ་སིནྡྷུ་ར་དང་མཚལ་ཆུང་རྣམས་གལ་ཆེའོ། །སྤྱན་བྱེ་དུས་ཐུགས་རྗེ་ཆེན་པོ་བསྒོམ། སྤོས་དཀར་དུད་པ་གཏོང་བ་གལ་ཆེའོ། །པྲ་དྲི་དུས་ཁ་མང་ལག་མང་མི་བྱ། བློ་རྩེ་གཉིས་མི་བྱ། བརྙས་ཆོས་དོན་དུ་ཅལ་ཅོལ་མི་བྱ།ྀཨཚ། ༈ པྲ་མོ་བབས་ནས་བཅིང་པའི་སྔགས་ནི། ཨོཾ་པྲ་མོ་ཚག་ཚག་ཡེར་ཡེར་འདུས་འདུས་སྭཱ་ཧཱ། པྲ་ལེགས་པར་མ་གསལ་ན་གནད་འབེབ་ནི། རང་ཉིད་སྐད་ཅིག་གིས་ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཞགས་པ་དང་། གཡོན་རལ་གྲི་ལྕགས་ཀྱུ་འཛིན་པའི་ཐུགས་ཀ་ནས་འོད་འཕྲོས་པས། དོན་གང་ཡིན་ཁུག་ཅིག་བྱས་ལ་ནས་བསྔགས་ནས་གཏོར། ཆང་ལ་འདེབས་པའི་སྔགས་ནི། ཨོཾ་སེ་འདུར་ནས་ཡེ་པང་སྭཱ་ཧཱ། བུའམ་བུ་མོ་ལ་སྦྱིན། ྀཨཚ། ཁྲག་སྔགས་ནི། ཨོཾ་ཀཾ་ཁོ་ལེ་ཀཾ་ཁོ་ལེ་ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ། ཁེ་ས་དྷ་ར་ཁེ་ས་དྷ་ར། ཤ་ས་ཧཾ་ཨ། ཞེས་སོ། །༁ྭི༁ྭིཿ ༈ ཀུན་བཟང་དགོངས་པ་ཀུན་འདུས་ལས༔ རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་བཞུགས་སོ༔ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་གཡུ་སྒྲོན་མ་བསྒྲུབ་པར་འདོད་པས༔ གཡའ་སྤང་མཚམས་ལ་སོགས་པའི་གནས་གཙང་མར་མཎྜལ་གྲུ་བཞིར་དྲི་བཟང་བྱུགས་ལ༔ པདྨ་འདབ་བརྒྱད་མཛེས་ཚོན་དུ་བྱས་པའི་སྟེང་དུ༔ སྨན་བཤོས་མཐེབ་ཀྱུས་བསྐོར་བ༔ ཆང་དང་འོ་མས་བྲན་ལ་བཤམ༔ དེའི་རྩར་མདའ་ལ་དར་སྣ་ལྔ་བཏགས་པའི་མདུན་དུ༔ སྟག་རས༔ གཟིག་རས༔ གཡུ་ཆུང༔ དུང་ཆུང༔ མགྲོན་བུ༔ གསེར་མེས་མ་ཚིག་པ་རྣམས་དང༔ མེ་ལོང་ལ་དྲི་བཟང་གིས་ཐིག་ལེ་བྱས་པ་བཏགས་ལ་གཟུག་པ་ཡིན༔ བླ་རྟེན་བཅའ་བའི་གནད་ཡིག་གོ༔ དངོས་གཞི་སྒྲུབ་པ་ལ༔ རང་ཉིད་གུ་རུའམ༔ ཐུགས་རྗེ་ཆེན་པོར་བསྐྱེད་ལ༔ མ་ཎི་བརྒྱ་རྩ་བརྒྱད་བཟླ༔ དེ་ནས་སྟོང་པའི་ངང་ལས༔ བྷྲཱུྃ་ལས་བླ་རྡོ་རྣམས་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་ན༔ དར་ཟབ་བརྩེགས་པའི་ཁྲི་ལ༔ ཧྲཱིཿལས་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་དཀར་མོ་དར་གྱི་ན་བཟའ་གསོལ་བ༔ ཞལ་གཅིག་ཕྱག་གཉིས༔ གཡས་རིན་པོ་ཆེའི་སྒྲོམ་བུ༔ གཡོན་དངུལ་དཀར་གྱི་དྲིལ་བུ་འཛིན་པ༔ ཞབས་ཕྱེད་སྐྱིལ་དུ་བཞུགས་པ༔ རིན་པོ་ཆེའི་མཆིལ་ལྷྭམ་གསོལ་བ༔ རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ ཁྱད་པར་དུ་གཡུའི་ཐོར་ཚུགས་དང༔ ཐོད་དང་སྙན་ཆ་དང༔ མགུལ་རྒྱན་དང༔ གཟི་མཆོང་སྤེལ་མའི་དོ་ཤལ་བྱས་པ་ཞིག་བསམ༔ དེའི་གཡས་གཡོན་གཉིས་སུ་རྡོ་རྗེ་གཡུ་བུན་མ་དང༔ དབྱིངས་ཕྱུག་གཉིས་ཀྱང་གཙོ་མོ་དང་འདྲ་བར་བསམ༔ དེའི་གཡས་གཡོན་རྣམས་སུ་སྲིད་པ་ཆགས་འཇིག་སྨན་མོ་ཆེན་མོ་བདུན༔ སྐུ་མདོག་རྒྱན་ཆ་སྣ་ཚོགས་སུ་ཡོད་པ་དང༔ དར་གྱི་ལྷབ་ལྷུབ་ཡོད་པར་བསམ༔ དེའི་ཕྱི་རོལ་དུ་གཡོག་མོའི་ཚོགས་དཔག་ཏུ་མེད་པར་བསམ༔ དེ་ནས་ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛ༔ ཞེས་བརྗོད་པས༔ སྤྲིན་དཀར་བརྩེགས་པའི་སྟེང་ནས༔ གངས་རི་འཚེར་བའི་རྩེ་ནས༔ དེ་ཁོ་ན་འདྲ་བའི་རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པ་བྱོན་ཏེ༔ སྔར་བསྒོམས་པའི་རྟེན་ལ་ཐིམ་པར་བསམ་ལ་ཡིད་ཀྱིས་མཆོད༔ དེ་ནས་སྔགས་དེ་སྨྲ་བཅད་བྱས་ནས༔ ཐུན་བཅད་དེ་མ་ཡེངས་པར་བཟླ༔ སྨན་མོའི་ཚོགས་དཔག་ཏུ་མེད་པ་འདུ་ཞིང༔ གནས་དེར་ཟས་ནོར་གྱི་ཆར་འབེབ་པར་བསམ་མོ༔ དམིགས་པ་དང་དངོས་གཞིའོ༔ ཨོཾ་ཨཱཿཧཱུྃ་གིས་གཏོར་མ་ལྷའི་ཞལ་ཟས་སུ་དམིགས་ལ༔ རྩ་བའི་སྔགས་དེའི་གཤམ་དུ༔ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ བདག་ཅག་གི་འདོད་པ་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཞེས་པ་ལྔའམ་བདུན་བརྗོད་ནས༔ ཧཱུྃ༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ཁང༔ རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས༔ རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས་སུ་གསོལ༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལ་སྤྲོས་པ་མི་མངའ་ཡང༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུ་སྨན་མོས་འགྲོ་དོན་མཛད་ལ་འདུད༔ ཧཱུྃ༔ སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཏེ༔ རི་དང་ཤིང་དང་ནགས་ཚལ་མཚོ་གླིང་དང༔ ལྷོ་བོད་མོན་དང་རྒྱ་གར་ལ་སོགས་ཀྱི༔ ཡུལ་རྣམས་ཀུན་ལ་དངོས་གྲུབ་སྟེར་ལ་བསྟོད༔ ཅེས་བརྗོད་པས༔ གཏོར་མ་གསོལ་ཏེ༔ ཤིན་ཏུ་མཉེས་པར་བསམ་མོ༔ དགེ་བ་བསྔོ༔ བཀྲ་ཤིས་བརྗོད་དོ༔ དེ་ལྟར་ཞག་བདུན་ནས་བཅུ་བཞིའི་བར་དུ་བུད་མེད་ཆས་བཟང་ཟས་ནོར་སྟེར་བ་དང༔ དཔག་ཏུ་མེད་པའི་རྨི་ལྟས་འབྱུང༔ དེ་ནས་རྩ་བའི་སྔགས་ཀྱི་གཤམ་དུ༔ མ་མཱ༔ ལ་ལཱ༔ ལི་ལཱི༔ སྲིང་འགྲོ་མ་ཧཱུྃ༔ སིདྡྷི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་ནོར་ཟས་གསུམ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་སྔགས་ཤམ་བུ་དང་བཅས་པ་འདི༔ ཟླ་བ་ཕྱེད་དུ་བཟླས་པས་དངོས་སུ་ཉམས་དང་བྱིན་འཐིབས༔ རྨི་ལམ་དུ་སྔར་བས་ཆེ་ཞིང་གཏེར་རྙེད་པ་དང༔ ཟས་ནོར་གྱི་ཆར་འབབས་པ་དང༔ ཁྲོམ་འདུ་བ་དང༔ གངས་དཀར་གྱི་རྩེ་ལ་ཕྱིན་པ་དང༔ དར་ཕྱར་བ་ལ་སོགས་པ་རྨིའོ༔ དེ་ནས་འགྲུབ་པ་ཡིན་པས༔ ཕྱི་མའི་ཚེས་གཅིག་ལ་དངོས་གྲུབ་བླང་བ་ཡིན་ཏེ༔ དཀར་གསུམ་མངར་གསུམ་གྱི་ཟས་སྣ་དང༔ གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ཏེ༔ སྔར་བཞིན་ཕུད་ཕུལ༔ དེ་ནས་དངོས་གྲུབ་ཏུ་ཤེས་པས་བཟའ་བར་བྱའོ༔ མེ་ལོང་དར་གསེར་གཡུ་ལ་སོགས་པའི་རྟེན་དེ༔ དར་དཀར་གྱིས་དྲིལ་ལ་མིས་མི་མཐོང་བར་བཅང་ངོ༔ དེ་ནི་རྟག་ཏུ་མི་འབྲལ་བའི་རྟེན་གྱི་བླ་རྡོ་ཡིན་ནོ༔ ཀུན་བཟང་དགོངས་པ་ཀུན་འདུས་ཀྱི༔ གཏེར་བདག་རྡོ་རྗེ་གཡུ་སྒྲོན་མའི་སྒྲུབ་ཐབས་རྫོགས་སོ༔ པདྨ་གླིང་པའི་གསང་སྔགས་སྒྲུབ་པའི་གྲོགས༔ ས་མ་ཡ༔ སྨན་བཤོས་རྩེ་ལྔ་ལ་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར༔ མར་དང་ཆང་ཕུད་འོ་མས་བརྒྱན་ནོ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་རྒྱ༔ མནཏམྱཐ༔ ཨི་ཐི༔ ཐཐི༔ ༈ སྨན་བཙུན་མའི་གསེར་སྐྱེམས་བཞུགས་སོ། །ཨོཾ་མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་། ཁྱད་པར་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ཡེ་ཤེས་ཀྱི་ཌཱ་ཀི་ལྔར་སྣང་བ་ལས་སྤྲུལ་པའི་སྨན་མོ་རྡོ་རྗེ་གཡུའི་སྒྲོན་མ་འཁོར་དང་བཅས་པ་རྣམས་ལ། ཕྱི་འདོད་ཡོན་ལྔ་དང་ལྡན་པའི་གསེར་སྐྱེམས་གཙང་མའི་མཆོད་པ་མཐུན་པའི་དམ་རྫས་སྣ་ཚོགས་ཀྱིས་མཛེས་ཤིང་དགྱེས་པའི་གསོལ་སྨན་དུ་སྦྱར་བ། ནང་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་བཞེད་དགུར་སྤེལ་བ། གསང་བ་འཁོར་གསུམ་ཡོངས་སུ་དག་པ་བདེ་བ་ཆེན་པོའི་རོལ་མོར་སྤེལ་བ་འདི། གཉིས་སུ་མེད་པར་ཚིམ་ཞིང་དགྱེས་པར་གྱུར་ཅིག །ཟད་མི་ཤེས་པའི་རོ་མཆོག་དམ་པ་འདིས་ལྗགས་ཀྱི་པདྨར་བསྟིམས་མགུལ་གྱི་བུམ་པ་བརླན། ཐུགས་ཀྱི་དཔལ་བེའུར་དགྱེས་པ་རབ་ཀྱི་མཐར་ཕྱིན། མཉེས་པ་རབ་ཀྱི་ཕུལ་དུ་གྱུར་ཏེ། ཀུན་བཟང་རྡོ་རྗེ་སེམས་དཔའ། ཨོ་རྒྱན་པདྨ་འབྱུང་གནས། ཉང་བན་ཏིང་འཛིན་བཟང་པོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། རིག་འཛིན་པདྨ་གླིང་པ། ཆོས་རྒྱལ་གཏེར་བདག་གླིང་པ་རྣམས་ཀྱི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པའི་གཡར་དམ་གཉན་པོ་རྗེས་སུ་དགོངས་ལ་བདག་ཅག་འཁོར་དང་བཅས་པ་རྣམས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཡིད་ལ་བསམ་ཞིང་དོན་དུ་གཉེར་བ་ཐམས་ཅད་འགྲུབ། གནས་སྐབས་སུ་ཚེ་སྲིངས། དཔལ་སྐྱེད། འབྱོར་པ་སྤེལ། འདོད་དགུ་སྒྲུབས། ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ། མདུན་ནས་བསུ་བ། ཕྱི་ལ་སྐྱེལ་མ་མཛོད་ཅིག ནད་གདོན་བར་ཆད་སོལ། འགྲོ་ན་ལམ་སྣ་དྲོངས། སྡོད་ན་གྲོགས་གྱིས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། བླ་མའི་དགོངས་པ་སྒྲུབས། བསྟན་པ་སྤྱི་དང་བྱེ་བྲག་གི་གཉེར་ཁ་སྤེལ། བཅོལ་བའི་ཕྲིན་ལས་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག །ཨོཾ་ཀཾ་ཁོ་ལེ་ཀཾ་ཁོ་ལེ། ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ། ཁེ་ས་དྷ་རེ་ཁེ་ས་དྷ་རེ། ཤ་ས་ཧཾ་ཨཿ རྩ་སྔགས་ཉེར་བདུན། རྩ་བསྙེན་ལ་ཁྲི་ཚོ་གཉིས་མེད་ཐབས་མེད། ཤེལ་དང་མིག་དང་ལྟག་ཁུང་། སིནྡྷུ་ར་དང་། པྲ་བཅིང་བའི་སྔགས་རྣམས་ཀྱང་ཕྲན་བུ་འདྲེན། ཆུ་བུར་མིག་གི་སྒོ་སོལ། མདེའུ་འབྲུ་དྲུག་པ་བསྙེན་པ་བརྒྱ་བརྒྱའི་མཚམས་སུ་བཏགས། ༈ ཨོཾ་ཀ་ཀ་མུ་ཀ་ཀཾ །ཛ་ན་མུ་ཁ་ཛི། ཤྭ་ན་མུ་ཁ་ཤྭ་རཾ། ཨོཾ་མུ་ཁེ་སེ་སྭཱ་ཧཱ། མུ་ཁེ་ནི་སྭཱ་ཧཱ། དཾ་སེར་སྭཱ་ཧཱ། ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཛ། མདེའུ་དང་བགེགས་སྐྲོད་སྒྲིབ་སེལ་གྱི་སྔགས་ཞལ་ལས་དྲིས་ཤིག། ༈ །།ཨོ་རྒྱན་གུ་རུའི་གདམས་པ་པྲ་མཐོང་འདི་ལ་སྦྱོར་དངོས་རྗེས་གསུམ་ལས། ཁྱི་སྒྲ་སོགས་ཀྱིས་དབེན་ས་རུ་འབྲང་རྒྱས་དཔལ་བཤོས་ཕྱེ་མར་དཀར་མོ་ལག་གཡས། གྲོ་ཡོས། སྤོས་དཀར། མདའ་དར་སོགས་མཁོ་བའི་ཡོ་བྱད་བསགས། གྲོང་པའི་ཆོས་ཀྱིས་མ་གོས་པའི་བུ་མོ་གཙང་མ་གཉིས་ཁྲུས་བྱས་ཏེ་སྟན་ལ་བཞག །རང་ཉིད་ྈྈྈྈྈ་བསྒོམས་པ་ནི། ྈྈྈྈྈྈྈ་ཁ་ཞི་དྲག་གི་དཀྱིལ་དུ་མཆོད་རྟེན་དཀར་པོ་ཆོས་འཁོར་བཅུ་གསུམ་དང་ལྡན་པ་བསམ་ྈྈ་ཨ་ཙ་ར་འབོག་ཁྲེས་དཀར་པོ་ཁུར་བ་བཅུ་གསུམ་དང་། གཞོན་ནུ་མ་བཅུ་གསུམ་ཚབས་ཏེ་བསྐོར་བ་བྱེད་པར་མོས་ལ། རང་ཡང་ཨ་ཙ་རའི་ཆ་བྱད་ཀྱིས་དེའི་ཁྲོད་དུ་བསྒོམ་སྟེ་ཇེ་མཐོ་ཇེ་མཐོ་བསྐོར་བ་བྱས་པས་ཆོས་འཁོར་བཅུ་གསུམ་དུ་སླེབ་པ་དང་། ལྷུང་ལ་ཁད་བྱུང་བར་བསམ་ཞིང་། ཨ་ཐ་རྒྱ་ཁྲོ་ལོ་ཞིང་གསང་སྔགས་བརྒྱ་སྟོང་སོགས་བགྲང་ཁྱེའུའི་ལྟག་པར་རྒྱག་དེས་མཐོང་ངོ་། །གལ་ཏེ་མ་མཐོང་ན་ཐང་དེའི་དཀྱིལ་དུ་ཙནྡན་གྱི་ཤིང་ཡལ་ག་གསུམ་གྱེས་པའི་དབུས་མར་རང་ཉིད་ལྷ་མོའི་ཆ་བྱད་ཀྱིས་བསྡད། གཡས་གཡོན་གྱི་ཡལ་ག་གཉིས་སུའང་ལྷ་མོ་རེ་རེ་བསྒོམ་ཞིང་གསུམ་ཀས་སྦ་གླིང་འབུད་པར་བསྒོམས་ནས་གོང་ལྟར་རྩ་སྔགས་བཟླ་ཞིང་རྒྱག་དེས་ཀྱང་མ་མཐོང་ན། ཐང་ཆེན་པོའི་དབུས་སུ་མཚོ་ཤིན་ཏུ་དྭངས་པ་ཞིག་བསམ། མཚོ་དེའི་དཀྱིལ་དུ་གཞུའི་མཆོག་མའི་སྟེང་དུ་རང་ཉིད་བསྡད་གཞུ་རྒྱུད་ལ་འཆང་། མཆོག་མ་རླུང་གིས་བསྐྱོད་པས་རང་ཉིད་མཚོར་ལྷུང་ལ་ཁད་ཁད་ཡོད་པར་བསམ་ཞིང་། སྔགས་གོང་བཞིན་བཟླ་བར་ལྟག་པར་རྒྱག་ངེས་པར་དེས་མཐོང་ངེས། བར་བར་དུ་ཕྱེ་ཕུད་གཏོར། སྤོས་དཀར་གྱི་དུད་པ་གཏོང་ཞིང་འདི་སྐད་དོ། །ཀྱེ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ཤར་ཕྱོགས་ཕ་གི་ན། །དུང་རི་དཀར་པོའི་རྩེ་མོ་ན། །དུང་གི་མཚོ་མོ་འཁྱིལ་ལི་ལི། །ཤེལ་གུར་དཀར་པོ་ཟངས་སེ་ཟང་། །ཤེལ་གུར་དེ་ཡི་ནང་ཤེད་ན། །རྫུ་འཕྲུལ་སྲིད་པའི་ཕྱྭ་རུ་ནི། །སྐུ་མདོག་དཀར་པོ་འོད་དུ་འབར། །སྐུ་ལ་རལ་གུ་དཀར་པོ་གསོལ། །ཕྱག་ན་སྦ་མཁར་གླིང་བུ་བསྣམས། །སྲིད་གསུམ་སྟོན་ཆེད་ད་ཚུར་བྱོན། །གོང་བུ་མདའ་ལྟོང་ཙམ་ཞིག་ལ། །ངལ་གསོ་མི་དགོས་ད་ཚུར་བྱོན། །ལུང་པ་ཕུ་དུང་ཙམ་ཞིག་ལ། །སྙེལ་བསོ་མི་དགོས་ད་ཚུར་བྱོན། །ཤིང་བདུད་རྩི་ཅན་གྱི་དུད་པས་བསང་། །སྲིད་པ་གསུམ་གྱི་གནས་ཀྱང་སྟོན། །གདོན་དང་རྐུན་མའི་མིང་ཡང་ཤོད། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །མ་དལ་དྲག་ཏུ་ད་ཚུར་བྱོན། །གཞན་ཡང་གང་ཤེས་རིག་པས་བརྟག་པར་བྱའོ། ༈ །དུས་མཚུངས་ཤན་པ་སྔགས་ཟོར་གྱི་ཞལ་ཤེས་ཟུར་དུ་བཀོད་པ་ནི། རས་དཀར་གྱི་སྟེང་དུ་འབྲས་སམ་ནས་དཀར་གྱིས་གཡུང་དྲུང་བྲི། དེའི་སྟེང་དུ་མེ་ལོང་གསལ་བ་ཞིག་བཤམ། དེའི་མདུན་དུ་ཤེལ་གས་ཆག་མེད་པ་ཞིག་བཤམ། རྒྱབ་མདུན་གང་རིགས་སུ་འབྲང་རྒྱས་སོགས་དང་། གཡག་ར་ལུག་གསུམ་གྱི་མགོ་ཅན་གྱི་བ་ལིཾ་བཤམ། མེ་ལོང་ལག་པ་མ་རེག་ལྟར་ཆུག་ཟེར་ཡང་། ལག་ལེན་ལ་ལག་ཏུ་བླངས་ཀྱང་འགལ་བ་མ་མཐོང་ངོ་། །སྨོན་ལམ་དང་བཀྲ་ཤིས་རྒྱས་པར་བརྗོད། ཤུ་བྷཾ།། །། ༈ པྲ་མོ་མངོན་ཤེས་མཛུབ་ཚུགས་ཀྱི་ལག་ལེན་དམར་ཁྲིད་དུ་བཀོད་པ་བཞུགས་སོ། །ཤྭ་རྒྱལ་སྲས་ལེགས་པའི་གཏེར་བྱོན་གྱི་ལྷན་ཐབས་སོ། །ཨོཾ་སྭསྟི། ཀ་དག་གདོད་མའི་མགོན་པོ་སྣང་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་སྤྲུལ་སྐུའི་རྣམ་རོལ་པདྨ་འབྱུང་། །བྱང་ཆུབ་བར་དུ་སྤྱི་གཙུག་རྒྱན་མཆོད་ནས། །ལེགས་ཉེས་ལྐོག་གྱུར་གསལ་བར་སྟོན་བྱེད་པའི། །སྣང་གསལ་པྲ་ཡི་ཆོ་ག་ཨཱ་དརྴ། །གབ་སྦས་འཁྲུགས་བསྡེབས་དྲི་མས་ནོག་གྱུར་པ། །བདག་བློའི་ཀཱ་ཤི་ཀ་ཡིས་ཕྱི་བར་སྤྲོ། །ཞེས་མཆོད་བརྗོད་དམ་བཅའི་ཚིགས་བཅད་ཉུང་ངུས་སྔོན་ལམ་ཡངས་པར་བྱས་ཏེ། ཨཽ་ཌཱི་ཡ་ནའི་སློབ་དཔོན་ཆེན་པོའི་ཐུགས་རྗེའི་ཟློས་གར་རྒྱལ་སྲས་ལེགས་པས་བྱང་རྡོ་རྗེའི་བྲག་གི་ཀླུ་བཙན་རྡོ་རྗེ་དྲག་པོའི་སྙིང་ག་ནས་ཟབ་གཏེར་གྱི་ཆ་རྐྱེན་དུ་གདན་དྲངས་ཏེ་མཁས་བཙུན་གྲགས་པ་དཔལ་ལ་བསྩལ། དེས་སྔགས་འཆང་ཧཱུྃ་བྱང་ཆུབ་སོགས་དམ་ཚིག་གཙང་བའི་བརྒྱུད་པ་ཟམ་མ་ཆད་པར་སྡེ་པ་གྲི་མཛོད་པ་རིག་འཛིན་སྔགས་འཆང་གི་བར་བརྒྱུད་དེ། ཁོང་གིས་བདག་ལ་བཀའ་དྲིན་དུ་བསྩལ་པ་འདི་ཉིད་སྔ་སོར་འཁྲུགས་བསྡེབས་ལས་གསལ་པོར་མ་གསུངས་འདུག་ཀྱང་བདག་ལྟའི་རྨོངས་བརྟུལ་འདྲའི་སློབ་མར་ཕན་རེའི་བསམ་པས་ཀུན་ནས་བསླངས་ཏེ། ཞལ་ཤེས་ཕྲན་བུ་མ་གཏོགས་གོ་བདེར་བཀོད་པར་རྩ་གསུམ་ལྷ་ཚོགས་ཀྱིས་གནང་བ་བསྩལ་དུ་གསོལ། དེ་ཡང་གཡའ་རི་གངས་རི་སོགས་མཁས་གྲུབ་དམ་པས་བྱིན་གྱིས་བརླབས་པའི་སྒྲུབ་གནས་དབེན་ཞིང་ཉམས་དགའ་བར་སྟེགས་བུ་ཁྲུ་གང་སྟེང་དུ་རས་དཀར་བཏིང་བར་སྤོས་དཀར་ཙནྡན་སོགས་ཀྱིས་ཆག་ཆག་གདབ། མེ་ཏོག་བཀྲམ་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་མི་ཁྱིའི་སྐད་མེད་པའི་སར་དམ་ཚིག་དང་ལྡན་པའི་ཕྱེ་ཕུད་ལ་རིན་པོ་ཆེ་སོགས་བཏབ་སྟེ་ཆུ་གཙང་གིས་བརྫིས་ལ། ལྷ་གཡག་དཀར་པོ་མཛུབ་གང་བ་གཅིག །ལྷ་བཤོས་རྒྱབ་ཡོལ་མ་གཅིག །འབྲང་རྒྱས་གཅིག །གཏེར་བདག་ལ་ཟུར་གསུམ་སྦྲུལ་འཁྱུད་གཅིག་དང་། བགེགས་གཏོར་གཅིག །ཕྱེ་མར། ཆང་ཕུད། དཀར་མོ་ལག་གཡས། ཕྱི་ནང་གི་མཆོད་པ་སོགས་བཤམ། ལས་སྦྱོར་དུས་གཏོར་མའི་མདུན་དུ་ནས་བྲེ་གང་སྟེང་དུ་མདའ་རྒོད་སྒྲོ་མ་དར་དཀར་དང་མེ་ལོང་གསལ་དྭངས་བཏགས་པ་བཙུགས། དེ་དང་ཁ་སྤྲོད་དུ་ཕྱིང་དཀར་སྟེང་མེ་ཏོག་གིས་གཡུང་དྲུང་བྲིས་པའི་སྟེང་དུ་པྲ་བྱིས་རིགས་གཙང་སྨྲ་བདེ་བ་ལོ་བརྒྱད་ནས་བཅུ་དྲུག་བར་འགྲོ་བ། གྲོང་པའི་ཆོས་ཀྱིས་མ་གོས་པར་ཁྲུས་བྱས། རས་དཀར་སོགས་བསྐོན་ནས་བཞག །སྔོན་ནས་པྲ་བྱིས་དེས་གང་རྙེད་ཀྱི་རྡེའུ་མིས་མ་མཐོང་ཞིང་ལག་མ་བརྒྱུད་པ་དེ་པྲ་མཁན་གྱིས་བླངས་ཏེ་རས་དཀར་དམར་གང་བདེ་ཁ་གང་གིས་བསྟུམས་ཏེ་རང་གི་པུས་འོག་ཏུ་འཇུག་པའམ། བླ་རྡོར་མར་བྱུགས་ཏེ་མཆོད་གྲལ་དུ་བསྒྲིགས། ཕྱོགས་བཞིར་མདའ་དར་རེ་ཡང་གཟུག །པྲ་བྱིས་ལ་སྟེར་རྒྱུའི་ཆང་ཕུད་གཙང་མར་སིནྡྷུ་ར་དང་མཚལ་བཏབ་པ་སྤོས་དཀར་གྱི་དུད་པ་ཆད་མེད་སོགས་ཡོ་བྱད་རྣམས་འདུ་བགྱིས་ཏེ། པྲ་མཁན་སྟན་བདེ་བར་འཁོད་དེ། སྐྱབས་འགྲོ་ནི། ན་མོ། རྩ་གསུམ་ལྷ་ཚོགས་འདུས་པའི་སྐུ །མཆོག་གསུམ་རང་བཞིན་ལྷ་ཚོགས་ལ། །བདག་སོགས་འགྲོ་བ་མ་ལུས་ཀུན། །བྱང་ཆེན་བར་དུ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། སྨོན་པའི་སེམས་མཆོག་བསྐྱེད་བགྱིས་ནས། །འགྲོ་ཀུན་བླང་དོར་གསལ་སྟོན་པའི། །མོ་སྟོན་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ཕན་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། བགེགས་གཏོར་ལ་ཆབ་བྲན། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཟག་མེད་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། ཧཱུྃ། བགེགས་རྒྱལ་བི་ན་ཡ་ཀ་ནས། །བདུད་འདུས་དགའ་རབ་དབང་ཕྱུག་སོགས། །བགེགས་རིགས་འབྱུང་པོའི་ཚོགས་ཀུན་དང་། ཁྱད་པར་མོ་འདིར་གནོད་པའི་བགེགས། །མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་འདུག་གྱུར་ན། ཁྲོ་རྒྱལ་ཆད་པས་ཚར་གཅོད་འགྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུྃ་བཞིའི་སྔགས་བརྗོད་དགེགས་གཏོར་ཕྱིར་འཕང་། ཧཱུྃ། ང་ནི་ཁྲོ་རྒྱལ་རྟ་མཆོག་དཔལ། །མཚམས་གཅོད་ཁྲོ་བོས་ས་གཞི་གང་། །དམ་ཅན་སྲུང་མའི་རོལ་མཚམས་ལས། །ནམ་ཡང་འདའ་བར་མ་བྱེད་ཅིག །བདག་བསྐྱེད་ནི། ཀ་དག་ཆོས་ཀུན་སྤྲོས་བྲལ་ལས། །བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ། །སྣ་ཚོགས་པདྨ་ཟླ་བའི་སྟེང་། །རང་རིག་ཧྲཱིཿཡིག་དཀར་པོར་གསལ། །འོད་འཕྲོས་དོན་བྱས་ཚུར་འདུས་པས། །བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུ། །སྐུ་མདོག་དཀར་གསལ་འཛུམ་བག་ཅན། །ལོངས་སྤྱོད་རྫོགས་སྐུའི་རྒྱན་གོས་འཆང་། །སྣང་མཐའ་ཡས་ཀྱིས་དབུར་བརྒྱན་ཅིང་། །རྩ་ཕྱག་ཐལ་སྦྱར་གཡས་འོག་མས། །ཤེལ་ཕྲེང་གཡོན་འོག་པད་དཀར་འཛིན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །སྣང་གསལ་རང་བཞིན་བྲལ་བ་དེའི། །ཐུགས་ནས་འོད་འཕྲོས་རང་འདྲ་ཡི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། ཁྱེར་སོ་གསུམ་ལྡན་ཏིང་འཛིན་བསྒོམ། །ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་སོགས། རྗེས་པྲ་འབེབ་སྔགས་འབྲུ་ཉེར་བདུན་དང་། གསལ་བྱེད་འབྲུ་དྲུག་སྦྲེལ་བ་ཞག་གསུམ་ལྔ་བདུན་གྱི་བར་སྔོན་སོང་ནས། སྐབས་འདིར་བརྒྱ་རྩ་བཟླས་ཏེ་པྲ་བྱིས་བསང་སྦྱང་ནི། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པྲ་བྱིས་དེ་ཉིད་སྣང་གསལ་པྲ་ཡི་ལྷ་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་ཤིན་ཏུ་མཛེས་པ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། ཕྱག་ན་སྣང་སྲིད་ཀྱི་ལེགས་ཉེས་འཆར་བའི་མེ་ལོང་བསྣམས་པ་གཅིག་ཏུ་གྱུར་པར་བསམ། གོང་སྔགས་པྲ་བྱིས་ལ་གདབ། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། གཙང་མའི་གནས་ནས་སྣང་གསལ་པྲ་ཡི་ལྷ་མོ་སྤྱན་དྲངས་པར་གྱུར། མི་མངོན་དབྱིངས་དང་གཙང་མའི་གནས་མཆོག་ནས། །སྣང་གསལ་པྲ་ཡི་ལྷ་མོ་བརྟན་མ་ཆེ། །ལེགས་ཉེས་ལྐོག་གྱུར་རྨོངས་པའི་འགྲོ་དོན་དུ། །འདིར་བྱོན་པྲ་རྟེན་འདི་ལ་བརྟན་པར་བཞུགས། །ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར། མཆོད་པ་ནི། སྣང་སྲིད་འདི་དང་གཞན་དག་ཏུ། །ཡིད་འོང་རྣམ་བཀྲའི་མཆོད་ཚོགས་ཅི་མཆིས་ཀུན། །སྣང་གསལ་ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལེགས་ཉེས་ལྐོག་གྱུར་གསལ་བར་སྟོན། །ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རོ་བརྒྱའི་དཔལ་མངའ་འདོད་ཡོན་བསམ་མི་ཁྱབ། །སྐབས་གསུམ་ཟས་ལ་འཁུ་བའི་མཆོད་གཏོར་འདི། །སྣང་གསལ་ལྷ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་རྣོ་མཐོང་མོ་ཡི་དངོས་གྲུབ་སྩོལ། །དེ་བི་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། ཀཻ་ལ་ཤ་ཡི་རི་བོར་དབང་པོའི་གཞུས། །ལེགས་འཁྱུད་མདོག་འདྲའི་ལྷ་མོ་ཡིད་འོང་མཆོག །སྣ་ཚོགས་རིན་ཆེན་རྒྱན་དང་གོས་ཀྱིས་བཀླུབས། །སྣང་གསལ་ལྷ་མོ་མཆོག་ལ་བསྟོད་པར་བགྱི། །མེ་ལོང་ལ་འདེབས་པའི་སྔགས། ཨོཾ་བྷི་ལུག་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱ་ཧཱ། པྲ་བྱིས་མིག་ལ་རྒྱག་སྔགས། ཨོཾ་ཀ་ར་ཀ་ར་དྭངས་ར་དྭངས་ར་ཐེ་སེ་ཐེ་སེ་སྭཱ་ཧཱ། ལྟག་ཁུང་ལ་རྒྱག་སྔགས། ཨོཾ་བྷི་ལི་བྷི་ལི་ཀྵི་ལི་ཀྵི་ལི་ཨ་ལོ་ཀྵ་ཡེ་སྭཱ་ཧཱ། སིནྡྷུ་རར་འདེབས་སྔགས། ཨོཾ་འཕང་གྭ་པ་ཡེ་སྭཱ་ཧཱ། ཞེས་སོ་སོར་གདབ། སྣང་གསལ་པྲ་ཡི་ལྷ་མོས་བདག་ལ་སྲིད་པ་གསུམ་གསལ་བར་སྨྲོས་ཤིག་སོགས་འདོད་དོན་གསོལ། བཅིང་པའི་སྔགས་ནི། ཨོཾ་བྲུཾ་བྲུཾ་བཅིང་བཅིང་ན་ག་ཕོབ་སྤྱན་རས་གཟིགས་ཀྱིས་མོ་སྟོན་སིན་འདུར་ཕང་སྭཱ་ཧཱ། པྲ་མོ་ཆུ་བུར་མིག་གི་སྒོ་སོལ། རྣོ་བའི་ཕྱོགས་སྟོན་མཛོད་ཅིག །བྱིས་པ་ཡང་ལྷ་གཡག་གཅིག་བསྒོམ་དུ་བཅུག་འདོད་དོན་གསོལ་ལ་ནས་གཏོར་བས་རེག་བྱས་པས་སྨྲ་བ་འབྱུང་ཞིང་། གང་འདོད་དྲིས་པས་གསལ་བར་བཤད་པར་འགྱུར། མཐར་བྱིས་པས་མེ་ལོང་ལ་བལྟས་པས་གསལ་ཞིང་མེ་ལོང་དུ་གསལ་བའི་ལྷ་འདྲེར་བྱིས་པར་འདྲིར་བཅུག་ནས། དེ་ལན་བྱིས་པས་ཚོར་བར་འགྱུར་རོ། །གལ་ཏེ་གྲིབ་དང་མི་གཙང་བ་སོགས་ཀྱིས་མ་གསལ་བར་ཤར་ན། སྐད་ཅིག་ལ་རང་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་དབུ་སྐྲ་ཁམ་ནག་ནམ་མཁར་འཁྱིལ་བ། ཕྱག་གཡས་ཞགས་པ་དམར་པོ་འཛིན་ཅིང་། གཡོན་ལྕགས་ཀྱུ་དང་རལ་གྲི་འཛིན་པས་ལྷ་འདྲེ་དགྲ་བགེགས་ཆོམ་རྐུན་སོགས་གང་ཡིན་ཐམས་ཅད་པྲ་མོའི་མེ་ལོང་འདིར་བཀུག་པར་བསམ་ལ། ཨོཾ་པྲ་མོ་ཚག་ཚག་ཡེར་ཡེར་འདུས་འདུས་སྭཱ་ཧཱ། ཞེས་བཟླས་ཏེ་ཕྱོགས་བཞིར་མདའ་དར་ལ་བཏབ་པས་གསལ་བར་འགྱུར་རོ། །པྲ་བརྟག་རྣམས་ཟུར་དུ་གསལ་བ་བལྟ་བར་བྱའོ། །དེ་ནས་འདོད་དོན་འགྲུབ་ནས་གཏང་རག་ཏུ་མཆོད་པ་འབུལ། །གཏེར་བདག་ལའང་སྐབས་འདིར་གཏོར་མ་བསྔོ། ཡིག་བརྒྱ་བརྗོད་དེ་ནོངས་པ་བཟོད་པར་གསོལ། གོང་སྔགས་ཉིས་སྟོང་བདུན་བརྒྱ་ལྔ་བཅུ་ང་བརྒྱད་ལ་བཛྲ་མུཿབཏགས་ཏེ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་གསོལ་བྱ། མཇུག་བཀྲ་ཤིས་བརྗོད་པར་བྱའོ། །དེ་ལྟར་རྣོ་མཐོང་མངོན་ཤེས་གསལ་སྟོན་པའི། །པྲ་མོའི་སྒྲུབ་ཐབས་ཡིད་ཆེས་ཁྱད་འཕགས་འདི། །ཆེས་ཆེར་གསལ་བར་བཀོད་འདིར་ནོངས་གྱུར་ཆ། །མཆིས་ཚེ་དྲན་དབང་ཚོགས་ཀྱི་སྤྱན་སྔར་བཤགས། །འདིར་འབད་རྣམ་དཀར་དགེ་ཚོགས་ཅི་མཆིས་ཀུན། །འགྲོ་ཀུན་རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་སྙོམ་ལས་པས་ཟིན་བྲིས་སུ་བཀོད་པའོ།། ༈ །།པྲ་མོ་མངོན་ཤེས་མཛུབ་ཚུགས་ཀྱི་པྲ་བརྟགས་གསལ་བའི་མེ་ལོང་བཞུགས་སོ། །པྲ་འབེབ་ཀྱི་བརྟག་པར་པྲ་ཕེབས་ཤིང་ལེགས་པའི་ལྟས་སུ། པྲ་མཁན་སེམས་བདེ་ཞིང་། སྤྲོ་བ་འཕེལ་བ། ཉམས་དགའ་བ། པྲ་ཆས་བྱིན་ཆགས་ཤིང་ཡིད་དུ་འོང་བ་སོགས་འབྱུང་། མི་དགེ་བའི་རྟགས་སུ་པྲ་མཁན་ཤེས་པ་འཁྲུགས་ཤིང་མི་བདེ་བ། པྲ་ཆས་མདངས་ཞན་ཅིང་ཧམ་པ། པྲ་ཕེབ་པ་འགོར་ན་ངན་རྟགས་སོ། །མེ་ལོང་དུ་གཟུགས་བརྙན་འཆར་བའི་བརྟག་པར། ཁྱིམ་ཕྱ་ཡིན་ན་ཁྱིམ་གསར་ཞིག་རལ་དང་ཡོ་འཁྱོགས་མེད་པ་སྣུམ་བག་དང་ལྡན་པའི་ནང་དུ། སྐྱེས་པར་མདའ་སྒྲོ་ལེགས་པ། གྲི་བཟང་པོ། དཔལ་བཤོས། མདའ་དར། བཙུན་པར་རྡོར་དྲིལ་པུསྟི། སྐུ་རྟེན། དུང་། ཆོས་གོས། སྔགས་པར་ཕུར་བུ། བྷནྡྷ། ཞྭ་ནག་པོ་བྱུང་ན་ལེགས། སྲོག་ཕྱྭ་ལ་བསྒྲུབ་བྱའི་ལུས་གསལ་ཞིང་སྐྱེ་མཆེད་དོད་པ། རྒྱན་གོས་བཟང་ཞིང་དབང་པོ་ཚང་བ་ཤར་བའམ། ཡང་ན་ལོ་རྟགས་གསལ་བར་མདངས་ལེགས་ཤིང་དྲིས་མ་གོས་པར་གསལ་ལོ། །སྐྱོབ་པའི་ལྷ་ཡིན་ན་ཐམས་ཅད་གཟི་བརྗིད་ཆེ་བ་རྒྱན་ཚང་བ་མཐོང་། གནོད་པའི་འདྲེ་ཡིན་ན་རང་རང་འདོད་པའི་མདོས་དང་གཏོར་མ་སོགས་སྟོན་པར་བྱེད་པ་ཡོང་ངོ་། །གཞན་ཡང་སྔར་མེད་པའི་བྲག མཚོ། རླུང་། མཆོད་རྟེན། ཤིང་། དགོན་པ། གྲོང་ཁྱེར། སྲོག་ཆགས་ཀྱི་གཟུགས་ལ་སོགས་པ་ཤར་བ་རྣམས། དོན་འདི་འགྲུབ་ན། དཔྱད་འདི་ལེགས་ན། འདི་ལྟ་བུ་ལ་སོགས་པ་བཟང་ན་རྒྱ་དཔངས་མཐོ་ཆེར་འགྲོ་བ། མཆོད་རྟེན་ལ་གདུགས་དང་། ཁང་པ་ལ་མདངས་དང་། མདའ་དར་མདུང་དར་གསར་དུ་འཛུགས། རི་ཐམས་ཅད་ཀྱང་ཆེ། གངས་རི་ཆགས་པ་ལ་སོགས་པ་ཐམས་ཅད་འཕེལ་བའི་རྟགས་ཡོང་ངོ་། །ངན་པ་ནི། མི་འགྲུབ་ན་དེ་དག་ཐམས་ཅད་ཕྱེད་ལོངས་སུ་མཐོང་། འཇིག་པ་དང་། མདངས་ངན་པ་དང་། ཇེ་ཆུང་འགྲོ་བ་དང་། བར་སྐབས་སུ་ཐམས་ཅད་ཉུང་དུ་འགྲོ་བ་བྱུང་ན་གཞན་གྱི་གྲིབ་ལ་བརྟེན་ནས་པྲ་ཡི་ལྷ་མོ་བྲོས་པ་ཡིན་པས། སླར་སྤོས་བཏང་། དར་ཡུག་སྔོན་པོ་སྔོ་ནར་བྱུང་ན་མི་ཁ། བྲ་བོ་དང་སྦང་མ་ཡོས་བྱུང་ན་མི་ཁའི་ངོ་། གྲི་མདུད་སྔོ་ཟིང་ཟིང་ཕུབ་བཅས་བྱུང་ན་ཁ་མཆུའི་ངོ་། ཁྱིམ་ཕྱྭ་ལ། སྔར་མེད་པའི་སྒོ་གསར་དུ་དོད་བྱུང་ན་ཆག་སྒོའི་ངོ་། ལར་བྱ་ཡི་རིགས་ལོ་བདག་མིན་པའི་ཐོག་རྩར་བབ་བྱུང་ན་བྱད་ཡིན་པས་རིམ་གྲོ་ལ་འབུངས། ཁམས་དང་མི་མཐུན་པའི་མེ་ཆུ་རླུང་གསུམ་གྱིས་ཁྱིམ་དང་ནོར་འཇིག་ན་བྱད་ཡིན་པས་ཆོས་འུར་འདོན་བྱེད་དགོས། ཁྲོ་བོའི་གཏོར་ཟློག་བྱེད་དགོས། མི་མ་ཡིན་རྣམས་ཀྱིས་ཕྱུགས་ལ་གནོད་པའི་ལྟས་བྱུང་ན། གང་ལ་གནས་དང་གང་སྦྲན་དང་། ཅིས་ལེན་དང་སེལ་བའི་ཐབས་དང་། གདམས་པ་བཅོས་ཀ་དྲིའོ། །ནད་པ་ཉ་བྱུང་ན་མྱ་ངན་གྱི་ངོ་ཡིན། སྡིག་པ་དང་། སྦྲུལ། སྦལ་པ། ལྕོང་མོ་སོགས་བྱུང་ན་ཀླུའི་རྟགས་ཡིན་པས་ཀླུ་བཅོས་དགོས། མི་ནག་ཁྱི་ནག་བྱ་ནག་བདུད་ཡིན་པས་བདུད་བཅོས་བྱའོ། །མི་དམར་རྟ་དམར་བྱ་དམར་བྱུང་ན་བཙན་ཡིན་པས་བཙན་བཅོས་བྱའོ། །སྔགས་པ་ཕུར་ཐོག་དང་བན་བཙུན་བྱུང་ན་རྒྱལ་པོ་ཡིན་པས་རྒྱལ་མདོས་བྱའོ། །སྲིད་ཕྱྭ་ལ། ལུ་གུ་དཀར་པོ་དང་། ཕུབ་ཆུང་བྱུང་ན་བུ་འབྱུང་བའི་ངོ་ཡིན། དྲེའུ་ཆུང་དང་། འཕང་བྱུང་ན་བུ་མོ་འབྱུང་བའི་ངོ་། ལར་གནོད་པའི་རིགས་ཐམས་ཅད་རྡོ་རྗེ་གཡུ་སྒྲོན་མའི་ལེགས་ཉེས་ལ་བརྟག་གོ །གཟུགས་དང་མདོག་དཀར་བའི་རིགས་རྣམས་བཟང་ངོ་། ཁྲ་བོའི་རིགས་རྣམས་འབྲིང་། ནག་པོའི་རིགས་རྣམས་ངན་ནོ། །ནད་པ་ལ་མི་ཡི་མགོ་མེད་ན་འཚོ་དཀའོ། །སྲིན་ལག་གཉིས་མ་ཚང་ན་གསོ་ཐུབ་ཙམ་ཡོང་། ཡན་ལག་མ་ཚང་ན་གོང་དང་འདྲའོ། །མི་རུང་བའི་ལྟས་ནི། ཐང་ཆེན་པོ་ལ་བྲ་བོ་སྐྱེས་ཤིང་དེའི་དཀྱིལ་དུ་ཤིང་སྡོང་མི་རོ་རེངས་པ་འདྲ་བའི་ཁར་དུར་བྱ་བབ་པ་བྱུང་བ་དང་། ཤིང་གི་ནང་ཐམས་ཅད་སྡིག་པ་ནག་པོས་ཁེངས་པ། ལྷག་པར་སྡིག་པ་ནག་པོ་ཤིན་ཏུ་ཆེ་བ་གཅིག་གིས་མི་རོ་ཟ་བ་བྱུང་ན་པྲ་མཁན་རང་ལ་མི་ལེགས་པས་པྲ་ཆས་ཐམས་ཅད་ཡོན་བདག་རང་ལ་གཏད་ནས་རང་ནང་དུ་སོང་སྟེ་རིམ་གྲོ་ལ་འབུངས། མན་ཁྲ་བོ་མགོད་སེབ། །སྔགས་བྱང་ལ། ཨོཾ་བྷི་ལུག་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱ་ཧཱ། བེ་རོག་ལ་འདེབས། ཨོཾ་ཀ་ར་ཀ་ར་དྭངས་ར་དྭངས་ར་ཐེ་སེ་ཐེ་སེ་སྭཱ་ཧཱ། བེད་ལ་རྒྱབ། ཨོཾ་བྷི་ལི་བྷི་ལི་ཀྵི་ལི་ཀྵི་ལི་ཨ་ལོ་ཀྵ་ཡེ་སྭཱ་ཧཱ། བྱ་ཀུག་ལ་འདེབས། བཅིངས་པའི་སྔགས་ལ། ཨོཾ་བྷྲཱུྃ་བྷྲཱུྃ་བཅིང་བཅིང་ནཱ་ག་ཕོབ་སྤྱན་རས་གཟིགས་ཀྱིས་མོ་སྟོན་སེ་འདུར་ཕང་སྭཱ་ཧཱ། པྲ་མོ་ཆུ་བུར་མིག་གི་སྒོ་སྟོན། རྣོ་བའི་ཕྱོགས་སྟོན་མཛོད་ཅིག །ཨོཾ་ཀཾ་ཁོ་ལེ་ཀཾ་ཁོ་ལེ་ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ་ཁེ་སེ་སྡེ་རེ་ཁེ་སེ་སྡེ་རེ་ཤ་ས་ཧཾ་ཨ་ཆུ་བུར་མིག་གི་སྒོ་སོལ། ༈ པྲ་སེ་ན་དབབ་པའི་ལག་ལེན་མྱོང་གྲུབ་བཞུགས་སོ། །ན་མོ་ཀྵ་ར་བཛྲ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་གཟུགས། །རྡོ་རྗེ་སློབ་དཔོན་མཆོག་གི་སྐུར། །ཡོངས་ཤར་འགྱུར་མེད་རྡོ་རྗེ་ལ། །དངོས་པོ་ཀུན་གྱིས་ཕྱག་བགྱིད་དོ། །འཁོར་འདས་ཆོས་ཀུན་གདོད་མ་ནས། །ཡང་དག་རང་བཞིན་མ་འགགས་པའི། །རྣམ་འགྱུར་རྟེན་འབྲེལ་འཆར་སྒོ་གང་། །ལེགས་ཉེས་གསལ་པོར་འཆར་བའི་ཐབས། །གྲུབ་པའི་ལུང་དང་མན་ངག་གི །གནད་ལ་བརྟེན་པའི་བཅུད་ཕྱུངས་ནས། །ལག་ལེན་ཉེར་མཁོ་དམ་པ་ཡི། །བཞེད་སྐོང་སླད་དུ་ཡི་གེར་སྤེལ། །ལག་ལེན་མྱོང་གྲུབ་ཏུ་བཀོད་པ་ལ། གནས་གཙང་ཞིང་ཡིད་དུ་འོང་བ་སྔར་མངོན་སྤྱོད་ཀྱི་ལས་སྒྲུབ་པའི་ཤུལ་མིན་པར། ཕྱགས་དར་དང་བསང་ཁྲུས་ཀྱིས་དག་པར་བསལ། སྟེགས་གཙང་མར་གཡུ་སྒྲོན་མའི་བཤོས་བུ་དཀར་ཟླུམ་ལ་བཤོས་བུ་བཞིས་བསྐོར་བ། ཀླུ་བཙན་རྡོ་རྗེ་ཁྱུང་གྲགས་ལ་བཤོས་བུ་གྲུ་གསུམ་སྦྲུལ་འཁྱུད་ཅན། ཡུལ་ལྷ་གཞི་བདག་ལ་སྤྱི་གཏོར་དཀར་ཟླུམ། བསང་གཡག་དཀར་པོ། ཞལ་ཟས་བགེགས་གཏོར་རྣམས་དང་། གང་ལྟར་ཡང་གཏོར་མ་གསུམ་པོའི་གཡས་གཡོན་དུ་སྨན་རཀ་ཆུ་གཉིས་ཉེར་སྤྱོད་ལྔ། དཀར་མོ་ལག་གཡས། གསེར་སྐྱེམས། ཕྱེ་མར། ཤིང་སྣའི་དུད་པ། སྤོས་དཀར། ཨ་ཀ་རུ་སོགས་སྟ་གོན་བྱ། སྟེགས་ཀྱི་མདུན་དུ། མདའ་རྒོད་སྒྲོ་མ་དར་ཚོན་སྣ་ལྔའམ་དཀར་པོས་བརྒྱན་པ་བཙུག །ནས་དཀར་མོ་ལ་མེ་ལོང་གས་ཆག་མེད་པ་ལ་སིནྡྷུ་ར་ཆང་གིས་སྦགས་པའི་མཁའ་འགྲོ་ལྔར་མོས་ལ་ཐིག་ལེ་ལྔ་ཚོམ་བྱས་པ་བཀོད། དེའི་མདུན་དུ་ཕྱིང་དཀར་རམ་རས་དཀར་ལ་གཡུང་དྲུང་བྲིས་པའི་ཁར། ཁྱེའུ་བྱང་སེམས་མ་ཉམས་པ་རིགས་གཙང་བ། བུ་མོ་ཡིན་ན་གྲོང་པའི་ཆོས་ཀྱིས་མ་གོས་པ་གང་རུང་ཁྲུས་དང་བསང་གིས་བདུག །གོས་དཀར་པོ་གྱོན། སིནྡྷུ་རས་ཞུར་འཐེན་པ་བཀོད། བྱིས་པ་རང་གི་ཡིད་ལ་འཐད་པས་རྡོ་གང་རུང་བཙལ་བ་དར་དམར་སེར་གྱིས་གྲིལ་ལ་པྲ་མཁན་གྱི་པུས་མོའི་འོག་ཏུ་བཅུག །ཡང་ན་མར་གྱིས་གྲིལ་ལ་མཆོད་གྲལ་དུ་འཇོག་པའང་བཤད། པྲ་མཁན་ལྷག་པའི་ལྷ་གང་རུང་གི་བཟླས་སྒོམ་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་སོང་ནས་བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། མཆོད་རྫས་ཕྱི་ནང་བརླབ། བྱིས་པ་ལྷ་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ། མེ་ལོང་རྒྱ་མཚོར་འཁྱིལ་བར་དམིགས་ནས་ལྟོས་ཤིག་བྱ། མདའ་དར་མེ་ལོང་གི་རྟེན་དང་བྱིས་པ་གཡུ་སྒྲོན་མ་སྐུ་མདོག་དཀར་སྔོ་གང་གནང་ཡང་ཁྱད་མེད། རིན་པོ་ཆེ་དང་མེ་ལོང་ངམ་མདའ་དར་འཛིན་པར་བསྒོམས་ལ་གནས་གསུམ་བརླབ། རང་དང་མདུན་རྟེན་གྱི་ཐུགས་ཀ་ནས་འོད་འཕྲོས། གཡུ་སྒྲོན་མ་ཡེ་ཤེས་པ་འཁོར་བཅས་རང་བཞིན་གྱི་གནས་ནས་རང་དབང་མེད་པར། མདུན་གྱི་ནམ་མཁར་བསམ་གྱིས་མི་ཁྱབ་པར་བྱོན་པར་བསམ་ནས་སྤྱན་འདྲེན་གྱི་ཚིག་གང་འོས་གྱེར་ཞིང་སྤོས་དཀར་དང་ཤིང་སྣའི་དུད་པ་བཏང་། དམིགས་པ་མ་ཡེངས་པས་གཡུ་སྒྲོན་མ་མང་པོ་ནམ་མཁའ་ནས་ཆར་བབས་པ་བཞིན་བྱོན་ནས་རྟེན་དང་བྱིས་པ་གཉིས་ལ་སིབ་སིབ་ཐིམ་པས་གཡུ་སྒྲོན་མར་དངོས་སུ་སོང་སྙམ་པ་བྱ་ཞིང་། ཀཾ་ཁོ་ལེ་དང་། མདེའུ་འབྲུ་དྲུག་པ་སྟེ་ཆུ་བུར་མིག་གི་སྒོ་སོལ་བཏགས་པ་དང་། ཡང་། ཟླ་བ་འདོད་འཇོའི་ཕྱི་སྒྲུབ་ཡིན།་་་ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། ཞེས་པ་ལའང་འབྲུ་དྲུག་པ་བཏགས་པ་ཉིས་བརྒྱ་རེ་ཙམ་མེ་ཏོག་ལ་སྔགས་ནས་བྱིས་པ་དང་རྟེན་ལ་གཏོར། བྷི་ལུག་ཟློས་ལ་མེ་ལོང་དང་མདའ་དར་ལ་གཏོར། ཀ་ར་མིག་ལ་བཏབ། བྷི་ལི་ལྟག་ཁུང་ལ་བཏབ། འཕང་གྭ་པ་སིནྡྷུ་ར་བཏབ་པའི་ཆང་ལ་བསྔགས་ནས་བྱིས་པ་ལ་བླུད། སེམས་མ་ཡེངས་པར་ལྟོས་ཤིག་བྱ། ཤེས་པ་འགྱུར་བྱུང་བ་དང་དམ་ཡེ་བརྟན་བཞུགས་བྱ། ཚིག་གང་འོས་ཀྱི་མཆོད་བསྟོད་དམ་སྔགས་འབུལ་ཡིད་ངོ་ཙམ་གྱིས་ཀྱང་ཆོག །ཀླུ་བཙན་དང་ཡུལ་བདག་ལའང་དེ་ལྟར་རོ། །དེ་ནས་པྲ་འཆིང་བའི་སྔགས་མེ་ཏོག་ལ་བཏབ་ནས་རྟེན་དང་བྱིས་པ་ལ་གཏོར་ཞིང་། རང་གི་སྔགས་རྣམས་བཟླས་པ་བྱིས་པས་མ་གོ་བ་དགོས་གསུངས། སྤྱན་འདྲེན་གྱི་དམིགས་པ་ཡང་ཡང་བསྒྱུར་ཞིང་། ཀཾ་ཁོ་ལེ་དང་པྲ་མོ་ཧ་གཉིས་བཟླས་ནས་ལྟག་ཁུང་ལ་ཡང་ཡང་བཏབ་པས་ཡོང་གི་འདུག །དོན་ཆ་མང་པོ་སྡེབ་རྨེད་མི་བྱེད་པར་རེ་རེ་ནས་དམོད་བོར་ལ་ནས་གཏོར་བས་བཤད་འོང་། དེ་བཞིན་དུ་དོན་ཚན་རེ་རེ་ཚར་བ་དང་ཁ་སྤོ་བ་ཡིན། གང་ལའང་འོད་དང་ལྡན་པ་བྱུང་ན་བཟང་། འོད་མེད་པ་བྱུང་ན་ཕལ་ཆེར་འདྲེ་དང་གནོད་བྱེད་ཡིན་པར་བཤད། ཁྱིམ་ཕྱྭ་ལ་སྒོ་གསར་དུ་གཏོད་པ། ཞིག་རལ་དང་མདོག་ནག་པ་བྱུང་ན་ངན། སྲོག་ཕྱྭ་ལ་སྐྱེས་བུ་མགོ་དང་ཡན་ལག་མེད་པ། འོད་མེད་པ་སོགས་བྱུང་ན་ངན། སྐྱེས་པ་ལ་མདའ་མདུང་གོ་མཚོན་སོགས་བྱུང་ན་བཟང་། བུད་མེད་ལ་རྒྱན་ཆ་འཕང་སོགས། ཀུན་ལ་རྒྱལ་མཚན། གདུགས། མདུང་དར་སོགས། དགེ་བའི་བཤེས་གཉེན་ལ་མཆོད་ཆ་དང་། མཆོད་རྟེན་ཁྲི་སོགས། ཕོ་ལྷའི་ཕྱག་མཚན་རྟེན་རྫས་སོགས། གངས་རི་བྲག་རི་ལྷུན་ཆགས་པ། ལྗོན་ཤིང་འབྲས་བུ་ཅན་རྣམས་བཟང་རྟགས། མི་ཁའི་རྫས། སྡོང་རྒན་སྐམ་པོ་ལ་བྱའི་ཚང་ཆགས་པ། ཐང་ལ་བྲ་བོ་དང་། སྒོག་ཙོང་། སྦལ་པ། སྦྲུལ་སོགས་བྱུང་ན་ངན། གང་ལྟར་ཡང་ལེགས་ཉེས་རིག་པས་འཕྲུལ་ཤེས་པར་བྱའོ། །རང་གཞན་གནས་རྟེན་ཐམས་ཅད་གྲིབ་དང་མཁོན་གྱིས་མ་སྦགས་པ་གལ་ཆེ་ངེས་སུ་འདུག །མཇུག་ཏུ་གཏོར་མ་བསྔོ་བ་སོགས་རྗེས་སྤྱི་དང་འདྲ། གྲོག་པོ་ཁ་ལྷོ་བསྟན། མགྲོན་ཁང་། མི་གཙང་བའི་ཁང་པ། ལམ་རྒྱ་གྲམ་སོགས་སུ་མི་རུང་། བྱུང་ན་གཡའ་སྤང་མཚམས་སུ་ལེགས་པར་འདུག །སྐྱེ་བོའི་རྒྱུ་འགྲུལ་དང་། གླག་ཅོར་གྱི་སྐད་སོགས་ཀྱིས་དབེན་པ་གལ་ཆེ་བ་འདུག་ལགས། དེ་སྐད་མདོ་མེད་བློ་གསལ་གྱིས། །རང་ཉམས་བླངས་པའི་ཟིན་བྲིས་འདི། །རྨ་དང་ཁྱི་ཚིལ་ཇི་བཞིན་གྱི། །དཔེ་ལྟར་བྲིས་པ་འདི་ཡང་ནི། །ལྷ་རྫས་ཆུང་ཡང་མེ་ཏོག་ལྟར། །རྒྱལ་བ་དགྱེས་པའི་མཆོད་རྫས་སུ། །འབུལ་ན་བརྩེ་བ་ཆེན་པོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཞུ། །སརྦ་མངྒ་ལཾ།། །། ༈ འདིའི་བརྒྱུད་པ་ནི། རིག་འཛིན་གཏེར་བདག་གླིང་པ། དགེ་སྦྱོང་བློ་གསལ་རྒྱ་མཚོ། རྣལ་འབྱོར་མ་ཀུན་གསལ་དབང་མོ། རྗེ་ཀུན་དགའ་རྡོ་རྗེ། སྔགས་འཆང་ཚེ་བརྟན་རྒྱལ་པོ། ཀུན་མཁྱེན་རིག་པའི་རྡོ་རྗེ། དེ་ནས་རིམ་པར་བརྒྱུད་པའོ།། །།
དགོངས་གཏེར་ལས་ལོ་ཏོག་ལ་ཕན་པའི་རྟ་མགྲིན་གྱི་ལས་ཚོགས་བཙའ་འདེད་མཚོན་ཆའི་འཁོར་ལོ་ (Volume 51, Text 58)
༁ྃ༔ དགོངས་གཏེར་ལས་ལོ་ཏོག་ལ་ཕན་པའི་རྟ་མགྲིན་གྱི་ལས་ཚོགས་བཙའ་འདེད་མཚོན་ཆའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ༔ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ བཙའ་གཏོ་ལ༔ གོང་དུ་བླ་མ་ཡི་དམ་ཆོས་སྐྱོང་གི་གཏོར་མ༔ མཆོད་རྫས་མཐོང་བརྒྱུད་ལྟར་བཤམ༔ དཔལ་མགོན་བདུན་ཅུ་ལ་དཀར་གཏོར༔ དྲེགས་པའི་སྡེ་དཔོན་དང་སྡེ་བརྒྱད་ལ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ༔ ཡུལ་ལྷར་དཀར་གཏོར་དེ་དག་ལ་འབྲུ་སྣ་རིན་ཆེན་དར་སྣས་བརྒྱན༔ མདོས་དངོས་རི་རབ་བང་རིམ་བཞིའི་སྟེང་མ་མོ་ནག་མོ་འཇིགས་པའི་གཟུགས་ཟོར་བ་དང་ནད་རྐྱལ་ཐོགས་པ༔ མི་ལྤགས་ཀྱི་གཡང་གཞི་རེ་ལྡེའི་ཤམ་བུ་མགོ་ཕྲེང་གིས་བརྒྱན་པ༔ ཞབས་བཙན་འཁྱིལ༔ ཕྱོགས་བཞིར་དྲི་ཟ༔ གྲུལ་བུམ༔ ལྟོ་འཕྱེ༔ ལུས་ངན་ཏེ་མི་གཟུགས་དཀར་སེར་དམར་ལྗང༔ མཚམས་བཞིར་བདུད༔ བཙན༔ རྒྱལ་པོ༔ འགོང་པོའི་གཟུགས༔ བང་རིམ་ལ་གཏོར་མ་ནག་པོ་བརྒྱད༔ དམར་པོ་བརྒྱད༔ ཟླུམ་པོ་དཀར་པོ་བརྒྱད༔ མར་མེ་བཞི༔ གླུད་གཟུགས་བརྒྱད༔ ཆངས་བུ༔ ཤ་ཁྲག༔ འབྲུ་སྣས་བཀང༔ ནམ་མཁའ་དབུས་སུ་ཆེ་བ་དང་ཕྱོགས་བཞིར་རང་མདོག་འཛུག༔ མར་མེ་ལྔ༔ ཤེལ་ཚིགས་གླུད་རྫས་ཅི་འབྱོར་བཞག༔ ཤིང་རིས་ལ་ཡུལ་མཁར་ཞིང་གི་བཀོད་པ་ཡོད་པ་ཉི་ཤུ༔ མདའ་འཕང་བཀོད༔ མི་ཕྱུགས་ལོ་གླུད་འབྲུ་སྣ་ཡོས་བཀྲ་ཤིང་རིས་ནམ་རྒྱང་གིས་བརྒྱན་པ་རྣམས་བཤམ༔ ཡི་དམ་གྱི་ཕྲིན་ལས་སྔོན་དུ་བཏང་བྱིན་རླབས་ཚུལ་ལྡན་བྱས་ལ༔ ཧཱུྃ་མ་བྷྱོ༔ གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས༔ སྤྲོས་པའི་མཚན་མས་མ་གོས་པ༔ ཤེས་རབ་ཕ་རོལ་ཕྱིན་མ་ཡི༔ རང་གཟུགས་བཅོམ་ལྡན་འདས་མ་ནི༔ འདོད་པའི་ཁམས་དང་གཟུགས་ཀྱི་ཁམས༔ གཟུགས་མེད་ཁམས་ཀྱི་འཇིག་རྟེན་ན༔ དབང་སྒྱུར་ཡེ་ཤེས་ལྷ་མོ་ནི༔ མཚན་དུ་དུད་པའི་སོལ་བ་མོ༔ ཐུགས་ལས་སྤྲུལ་པའི་ཁོལ་མོ་ནི༔ རེ་མ་ཏི་དང་རེ་མ་ཏྲི༔ རེ་མ་ཛ་དང་རེ་མ་ཛུ༔ འབྱུང་བ་བཞི་ཡི་བདག་མོ་ཡིན༔ ཡང་སྤྲུལ་དུས་བཞིའི་རྒྱལ་མོ་དང༔ ཉིང་སྤྲུལ་དམག་གི་རྒྱལ་མོ་བཞི༔ འཇིག་རྟེན་ཁམས་ཀྱི་མ་མོ་དང༔ སྲིན་མོ་ཤ་ཟ་ནམ་གྲུ་མ༔ ནད་དང་ཡམས་ཀྱི་བདག་མོའི་ཚོགས༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ བདུད་བཙན་རྒྱལ་པོ་འགོང་པོ་དང༔ ལྷ་སྲིན་སྡེ་བརྒྱད་མ་ལུས་དང༔ ལན་ཆགས་གླུད་ཀྱིས་མཆོད་འོས་པ༔ དེ་རིང་མདོས་ལ་སྤྱན་འདྲེན་ན༔ རྒྱལ་བ་ཤཱཀྱའི་དབང་པོ་དང༔ པདྨ་འབྱུང་གནས་བཀའ་ཡིན་པས༔ མ་ཐོགས་མྱུར་དུ་ཡས་ལ་བྱོན༔ ཀྱེ༔ རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ གསང་སྔགས་རབ་ཏུ་དར་གྱུར་ཀྱང༔ འཆོལ་བར་སྤྱོད་ཅིང་མ་སྨིན་པས༔ དམ་ཚིག་ཉམས་པའི་རྒྱུ་དང་ནི༔ རྐྱེན་ནི་མ་མོ་མཁའ་འགྲོ་འཁྲུགས༔ ཁ་རླངས་ནད་སྤྲིན་སྔོ་དམར་ནི༔ བར་སྣང་ཁམས་སུ་ཆགས་པ་ལས༔ ཚ་གྲང་ནད་ཀྱི་ན་བུན་འཐིབས༔ རྐང་གཉིས་རྐང་བཞི་ཀུན་ལ་འཚེ༔ ཞིང་ལ་བཙའ་སད་སེར་བ་གཏོང༔ ནད་ཀྱང་མ་མོ་འཁྲུགས་པའི་འཕྲུལ༔ གདོན་ཡང་མ་མོའི་ཆོ་འཕྲུལ་ཡིན༔ ས་གཡོ་རི་ཉིལ་ཆུ་ཐན་དང༔ རི་ཁྱིམ་མེ་ཡིས་གནོད་པ་དང༔ ཐོག་དང་རླུང་གི་འཇིགས་པ་འབྱུང༔ དེ་དག་མ་མོ་འཁྲུགས་པའི་འཕྲུལ༔ བརྡ་ཐན་མཚོན་འཁྲུག་དབུལ་ཕོངས་ཀྱང༔ མ་མོ་མཁའ་འགྲོའི་ཆོ་འཕྲུལ་ཡིན༔ དེ་ཕྱིར་མ་མོའི་ཐུགས་དམ་བསྐང༔ གནོད་བྱེད་ཡས་དང་གླུད་ཀྱིས་བརྔན༔ ཕྱི་ནི་ལྕགས་རི་ནག་པོའི་ནང༔ གླིང་བཞི་གླིང་ཕྲན་ཚོམ་བུ་བཀོད༔ གསེར་གྱི་རི་བདུན་རོལ་མཚོ་གླིང༔ དེ་དབུས་རི་རྒྱལ་ལྷུན་པོ་ནི༔ ཨིནྡྲ་ནཱི་ལ་པད་རཱག་དང༔ ཆུ་ཤེལ་ཀརྐེ་ཏ་མརྒད༔ རིན་ཆེན་ལྔ་ལས་གྲུབ་པའི་སྟེང༔ རང་གཟུགས་ནམ་མཁའ་དར་ཚོན་དང༔ དཔལ་གྱི་གཏོར་མ་ཆེན་པོ་ལ༔ ཤ་སྣའི་བ་དན་བརྒྱན་པ་དང༔ གསེར་དངུལ་རིན་ཆེན་ཕྱེ་མ་དང༔ སྐུ་གླུད་འདོད་ཡོན་རྒྱན་དང་ལྡན༔ ལོ་གླུད་འབྲུ་སྣ་སྣ་ཚོགས་དང༔ རྐང་བཞི་གཟུགས་འགྲོས་བགྲང་ཡས་པ༔ ཤིང་རིས་ཡུལ་མཁར་ཞིང་གི་ཚུལ༔ ཕོ་ཏང་མོ་ཏང་མདའ་འཕང་བཀྲ༔ ཤེལ་ཚིགས་ཟས་སྣ་དངོས་འབྱོར་དང༔ ཡིད་ལས་བྱུང་བའི་མཁོ་དགུའི་རྫས༔ དཔལ་ལྡན་རེ་མ་ཏི་འཁོར་བཅས༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང༔ དྲི་ཟ་གཤིན་རྗེ་ཆུ་བདག་དང༔ གནོད་སྦྱིན་འཁོར་དང་བཅས་པ་ལ༔ རང་རང་གཟུགས་དང་གཏོར་མ་དང༔ ནམ་མཁའ་རྒྱང་བུ་ཤིང་རིས་དང༔ མདའ་འཕང་འབྲུ་སྣ་རིན་པོ་ཆེ༔ དར་ཟབ་ངར་མི་ཆངས་བུ་འབུལ༔ ལོ་ནད་བཙའ་ཡི་གནོད་པ་སོལ༔ བདུད་བཙན་རྒྱལ་པོ་འགོང་པོ་སྟེ༔ རང་རང་འཁོར་དང་བཅས་རྣམས་ལ༔ རང་གཟུགས་གླུད་གཏོར་ནམ་མཁའ་དང༔ སྲིད་པ་སྤྱི་རིས་མདའ་འཕང་དང༔ རྒྱང་བུ་འབྲུ་སྣ་རིན་ཆེན་བདུན༔ ངར་མི་ཆངས་བུ་དར་ཚོན་བསྔོ༔ ལོ་ཡི་བཙའ་དང་ནད་སོལ་ཅིག༔ གཞན་ཡང་ལན་ཆགས་བདག་པོ་དང༔ བགེགས་རིགས་གློ་བུར་ཡེ་འདྲོག་བདག༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གླུད་གཟུགས་ཆངས་བུ་གླུད་གཏོར་འབུལ༔ ལོ་ལ་བཙའ་ཡི་གནོད་པ་སྤོངས༔ དཔལ་ལྡན་རེ་མ་ཏི་འཁོར་བཅས༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ མི་ཕྱུགས་ལོ་ཐོག་འབྲུ་རྣམས་ཀྱི༔ ནད་ཡམས་བཙའ་སད་གནོད་པ་སྒྱུར༔ སྣོད་གཙང་དུ་དམར་གཏོར། སྦར་བཅང་། ཟན་ཆང་། ཤ་དུམ། འབྲུ་ནས་ཁྲག་གིས་སྦགས་པ་ཇི་ལྟར་བྱ་བའི་གྲངས་བཤམ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཁ་འབར་མའི་སྔགས་ཀྱི་བརྒྱ། ལྔ་བཅུ། ཉེར་གཅིག །བདུན་སོགས་ཇི་ལྟར་འོས་པས་འབུལ། དེ་བཞིན། གླུད། ཆངས་བུ། འབྲུ་སྣ། ཤ་ཁྲག་རྣམས་ཀྱང་ཁ་འབར་མའི་སྔགས་ཀྱིས་བསྔོས་ནས། བྷྱོ༔ ལས་ཀྱི་མཁའ་འགྲོ་རེ་མ་ཏི༔ འཇིག་རྟེན་ཁམས་ལ་དབང་ཡང་སྒྱུར༔ ནད་ཡམས་བཙའ་སད་སེར་བའི་བདག༔ སྐུ་མདོག་ཆ་ལུགས་ཡ་མ་ཟུང༔ ནམ་མཁའ་མཐིང་གི་བླ་རེ་སྤྲས༔ རླུང་ནག་འཚུབས་མའི་གུར་ཁང་ནང༔ འཇིགས་པའི་མ་མོ་ཆར་སྤྲིན་མདོག༔ སྤྱན་གསུམ་དམར་པོ་ཁྲག་ལྟར་གཡོ༔ ཁྲོ་གཉེར་ཤངས་ནས་དུད་སྤྲིན་གཏིབས༔ ཁ་གདངས་མཆེ་གཙིགས་མི་རོ་ཟ༔ རལ་དམར་ལན་བུ་གཡོན་དུ་འཁྱིལ༔ སྐྲ་མཚམས་ཐོད་སྐམ་ལྔ་ཡིས་བརྒྱན༔ གསེར་དང་རོ་ཉེའི་རྣ་ཆ་གཡོ༔ ཕྱག་གཡས་གསེར་གྱི་ཟོར་བ་དང༔ གཡོན་པས་ནད་ཀྱི་རྐྱལ་པ་ཐོགས༔ མི་ལྤགས་གཡང་གཞི་སྟོད་དུ་གྱོན༔ རེ་ལྡེ་སེར་པོའི་ཤམ་ཐབས་ཅན༔ མི་མགོ་རློན་པའི་ཕྲེང་བས་བརྒྱན༔ སྦྲུལ་གྱི་སྐ་རགས་ཡན་ལག་སྤྲས༔ ཞབས་གཉིས་བཙན་སྟབས་འཁྱིལ་བའི་སྟབས༔ རི་རབ་ཟོམ་ལ་སྟེགས་བཅས་ཏེ༔ སྟེང་གི་ལྷ་ཁམས་དབང་སྒྱུར་ཚེ༔ ཨུ་མའི་སྲས་མོ་དུང་སྐྱོང་མ༔ འོག་གི་ཀླུ་ཁམས་མངའ་སྒྱུར་ཚེ༔ ཙུ་ཏིའི་བུ་མོ་ནོར་འཛིན་མ༔ བར་སྣང་ཁམས་སུ་རྒྱུ་བའི་ཚེ༔ ནད་ཀྱི་བདག་མོ་གློག་མ་སྤྲིན༔ འཇིག་རྟེན་ཁམས་ན་དབང་མོ་ཆེ༔ འཁོར་བཅས་ཡས་དང་གླུད་བཞེས་ལ༔ ལོ་ནད་བཙའ་སད་སེར་བ་ཟློགས༔ དྲི་ཟ་འཆི་བདག་ལྟོ་འཕྱེ་དང༔ གནོད་སྦྱིན་རང་རང་ཡས་གླུད་ལོངས༔ ལོ་ནད་རྣམ་པ་སྣ་ཚོགས་དང༔ བཙའ་ཡི་གནོད་པ་ཟློག་ཅིང་སྒྱུར༔ བཙན་བདུད་རྒྱལ་པོ་འགོང་པོའི་ཚོགས༔ ལན་ཆགས་བགེགས་རིགས་ཐམས་ཅད་ཀྱང༔ སོ་སོའི་ལོ་གླུད་གཏོར་མ་ལོངས༔ བཙའ་ཡི་གནོད་པ་ཟློག་ཅིང་སྒྱུར༔ བཙའ་དམར་མེ་ལྟར་འབར་བ་དང༔ བཙའ་ནག་མུན་ལྟར་གཏིབས་པ་དང༔ བཙའ་སྐྱ་བལ་ལྟར་གཡེང་བ་དང༔ བཙའ་ཁྲ་རླུང་ལྟར་འཚུབས་པ་སྒྱུར༔ མ་མོ་ནག་མོ་དབང་མོ་ཆེ༔ འཁོར་བཅས་མཐུ་དང་རྩལ་ཕྱུངས་ལ༔ གདོན་དང་འགོང་པོའི་གནོད་པ་ཟློགས༔ ལྷ་འདྲེའི་ཟ་ཁ་དགྲ་ལ་ཟློགས༔ བཙའ་དང་ལོ་ནད་གཞན་ལ་སྒྱུར༔ དེ་ནས་དཀར་གཏོར་དེ་བྲན་ལ༔ ཨོཾ་ཨཱཿཧཱུྃ་ལན་གསུམ༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་དང༔ འཇིགས་བྱེད་དགུ་དང་ཕྱོགས་སྐྱོང་བཅུ༔ རྒྱལ་ཆེན་བཞི་སྟེ་དཀར་ཕྱོགས་སྐྱོང༔ དཔལ་མགོན་བདུན་ཅུ་གཏོར་མ་བཞེས༔ གཏོར་མ་ཤ་ཁྲག་གིས་བརྒྱན་པ་བྲན༔ ལྷ་དང་གཤིན་རྗེ་མ་མོ་དང༔ བདུད་བཙན་རྒྱལ་པོ་གནོད་སྦྱིན་ཀླུ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཤ་ཁྲག་བརྒྱན་པའི་གཏོར་མ་འབུལ༔ དཀར་གཏོར་བྲན་ལ༔ མགུར་ལྷ་བརྟན་མ་བོད་ཁམས་སྐྱོང༔ ཡུལ་ལྷ་གཞི་བདག་འཁོར་བཅས་ལ༔ དཀར་གསུམ་བརྒྱན་པའི་གཏོར་མ་དང༔ བདུད་རྩི་གསེར་སྐྱེམས་དམ་པ་འབུལ༔ གཏོར་མ་གསུམ་བཏེགས༔ དམ་ཅན་མཐུ་ཆེན་ཁྱེད་རྣམས་ཀྱིས༔ མཆོད་སྦྱིན་དམ་པ་འདི་བཞེས་ལ༔ མི་ནད་ཕྱུགས་ནད་ཞི་བ་དང༔ བཙའ་སད་ལོ་ཡི་འཚེ་བ་སོལ༔ འབྲུ་དང་རྐང་བཞི་འཕེལ་བ་དང༔ སྐྱེ་འགྲོ་བདེ་སྐྱིད་ལྡན་པར་མཛོད༔ སངས་རྒྱས་བསྟན་པ་དར་བ་དང༔ དགེ་དང་བཀྲ་ཤིས་བདེ་ལེགས་མཛོད༔ ཅེས་གཙང་སར་འབུལ༔ དེ་ནས་བཙའ་གཏོའི་གླུད་སྤགས༔ དེ་རྒྱབ་མདོས་ཞལ་བསྒྱུར་ཏེ༔ ཧཱུྃ༔ གནམ་ས་བར་སྣང་རྒྱུ་བ་ཡི༔ བདུད་བཙན་རྒྱལ་པོ་འགོང་པོ་དང༔ བཙའ་བདག་ཞིང་འདྲེ་ལོ་སྲི་རྣམས༔ ལོ་གླུད་གཙང་མ་འདི་ཁྱེར་ལ༔ ཕྱིན་ཆད་ཡུལ་འདིར་མ་འདུག་སོང་༔ བཀའ་དང་དམ་ལས་འདས་པ་ན༔ བདག་ཉིད་དབང་ཆེན་རྟ་མཆོག་དཔལ༔ སྙིང་རྗེ་དྲག་པོར་ཁྲོས་པ་ཡི༔ སྤྲུལ་པའི་ཁྲོ་བོ་ཁྲོ་མོ་ནི༔ མཚོན་ཆ་སྣ་ཚོགས་ཐོགས་པ་ཡིས༔ རབ་ཏུ་བརླག་ཅིང་འཇོམས་པར་བྱེད༔ བསྐལ་པའི་མེ་ཡིས་གཞོབ་ཏུ་བསྲེག༔ དྲག་སྔགས་ཐུན་གྱི་སེར་བས་བཅོམ༔ རྡུལ་ཕྲན་བཞིན་དུ་མེད་པར་བྱེད༔ ཅེས་གླུད་ཁྱེར་ལ་སྐྱེས་བུ་གོ་མཚོན་ཅན་གྱིས་དེད༔ དེ་ནས་མ་མོའི་མདོས་ཁྱེར་ཏེ༔ སྣང་སྲིད་འཇིག་རྟེན་ཁམས་འདི་ན༔ མཐུ་དང་རྫུ་འཕྲུལ་དབང་ཆེ་བའི༔ ལྷ་མོ་ནག་མོ་འཁོར་བཅས་ཀྱིས༔ ནད་ཁ་ཆོད་ལ་ཡམས་ཁ་སྒྱུར༔ ལོ་ནད་བཙའ་སད་ཟློག་ཏུ་གསོལ༔ བདུད་བཙན་རྒྱལ་འགོང་གནོད་པ་སོལ༔ སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་སྒྱུར༔ མ་མོ་འཁྲུགས་པའི་ཁ་རླངས་སྒྱུར༔ ནད་རིགས་རྣམ་པ་སྣ་ཚོགས་ཟློགས༔ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཟློགས༔ ལྷོ་ཕྱོགས་གཤིན་རྗེའི་གདོན་རྣམས་ཟློགས༔ ནུབ་ཕྱོགས་ཆུ་བདག་གདོན་རྣམས་ཟློགས༔ བྱང་ཕྱོགས་ལུས་ངན་གདོན་རྣམས༴ དུས་ཀྱི་མཚོན་འཁྲུག་ངན་པ༴ ཡུལ་ཕྱོགས་འདི་ཡི་ཆག་ཆེ༴ རྣལ་འབྱོར་བར་ཆད་གནོད་པ༴ ཡེ་ཤེས་ལྷ་མོའི་བཀའ་ཆད༴ འཇིག་རྟེན་མཁའ་འགྲོའི་གནོད་པ༴ ལས་ཀྱི་མ་མོའི་བར་ཆད༴ ཟློག་ཅིག་ལྷ་མོ་ནག་མོས་ཟློགས༔ སྒྱུར་རོ་མདོས་ཟོར་གཏོར་མས་སྒྱུར༔ རྣམ་དག་ཆོས་དབྱིངས་ཡུམ་གྱི་མཁའ༔ བྱང་ཤར་མུ་ལེ་མཐིང་གི་མཚོ༔ ཡོངས་འདུའི་ནགས་དང་དགའ་བའི་ཚལ༔ ཡེ་ཤེས་ལྷ་མོ་དེ་རུ་གཤེགས༔ འཇིག་རྟེན་མ་མོའི་ཚོགས་རྣམས་ནི༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ༔ ཡུལ་ཆེན་སོ་གཉིས་ལ་སོགས་ཀྱི༔ རང་རང་གནས་སུ་མྱུར་དུ་གཤེགས༔ ཞེས་མདོས་བསྐྱལ༔ དེ་ནས་སྲུང་འཁོར་བསྒོམ༔ དེ་ལྟར་བཙའ་གཏོ་སྔར་ནས་ཕྱོགས་འདིར་ཁུངས་ཐུབ་མ་མཆིས་ཤིང་། དེ་ཕྱིར་གཞན་ལ་ཕན་སེམས་དང་། རྟོགས་ལྡན་ལྷ་མགོན། མགོན་པོ་ཚེ་རིང་། ཨ་བཀྲ། འགོར་ཕུའི་སྔགས་པ་ཚེ་རིང་འཕེལ། སྒོམ་ཐོག་པི་ཚི་སོགས་འགའ་ཡིས་བསྐུལ་ལྟར་རྡོ་རྗེ་དྲག་པོས་དགོངས་པའི་གཏེར་ལས་ཡི་གེར་བྲིས་པ་དགེ་འོ།། །།
རྡོ་རྗེ་ཕག་མོ་གསང་བ་ཀུན་འདུས་ཀྱི་ཚོགས་མཆོད་ཉེར་བསྡུས (Volume 34, Text 58)
རྡོ་རྗེ་ཕག་མོ་གསང་བ་ཀུན་འདུས་ཀྱི་ཚོགས་མཆོད་ཉེར་བསྡུས་བཞུགས་སོ༔ ཚོགས་ཀྱི་ཡོ་བྱད་བསང་ཆུ་དང་བདུད་རྩིས་བྲན་ལ༔ རཾ་ཡཾ་ཁཾ༔ རང་བྱུང་བདེ་སྐྱོང་ཀ་པཱ་ལར༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་ལྔ་ལྡན་བཅུད་དུ་འཁྱིལ༔ འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ༔ འོག་མིན་ཞིང་དང་ཉེར་བཞིའི་ཡུལ༔ དུར་ཁྲོད་བརྒྱད་སོགས་གནས་མཆོག་ནས༔ རབ་འབྱམས་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་དྷཱ་ཀ་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཨོཾ་ཨཱཿཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ དགྱེས་བཞེས་དམ་སྐོངས་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧོ༔ བདག་གི་ཚེ་རབས་ཐོག་མེད་ནས༔ བསགས་པའི་སྡིག་ལྟུང་ཉམས་ཆག་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ ཕྱི་ནང་བར་ཆད་དགྲ་དང་བགེགས༔ མཚན་མ་ཚོགས་ཀྱི་རྫས་ལ་སྟིམས༔ རྣམ་ཤེས་འོད་གསལ་དབྱིངས་སུ་སྤོར༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་བཞེས༔ སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཕེཾ་ཕེཾ༔ ལྷག་ལ་དབང་བའི་མཁའ་འགྲོ་གིང༔ ཕོ་ཉ་མགྱོགས་མ་གནས་ཉུལ་ཚོགས༔ དཔལ་གྱི་ཕམ་ཕབ་འདི་ལོངས་ལ༔ མི་མཐུན་ཀུན་སོལ་ཕྲིན་ལས་སྒྲུབས༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་པ་འདིའང་ཨ་འཛོམས་འབྲུག་སྤྲུལ་རིན་པོ་ཆེ་ནས་གསོལ་བ་བཏབ་པའི་ངོར། ༧ཀུན་མཁྱེན་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་བསྩལ་པ། ཆོས་ཚན་མི་འཐོར་བའི་ཆེད་རིན་ཆེན་གཏེར་གྱི་མཛོད་ཆེན་མོར་བཞུགས་སུ་གསོལ་བ་པོ་ནི་མཁའ་ཁྱབ་རྡོ་རྗེའོ།། ༈ །།མཁའ་འགྲོ་གསང་འདུས་ཀྱི་ཚོགས་ཤིན་ཏུ་བསྡུས་པ་འབུམ་ཐེར་གསག་སྐབས་ལྟ་བུར་གྲངས་གསོག་བཞུགས་སོ། །རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དབྱིངས་དང་ཡེ་ཤེས་གནས་ཡུལ་དུར་ཁྲོད་ནས། །རྡོ་རྗེ་ཕག་མོ་མཁའ་འགྲོ་རབ་འབྱམས་ཚོགས། །དུར་ཁྲོད་མ་མོ་སྤྱང་ཞོན་མཆེད་སྡེ་འབུམ། །འདིར་གཤེགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ། །ཉམས་ཆག་མཐོལ་བཤགས་གཟུང་འཛིན་དབྱིངས་སུ་སྒྲོལ། །ལྷག་གཏོར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿ སརྦ་དྷཱ་ཀི་ནཱི་མ་མ་བ་ལིཾ་ཏ་ཁཱ་ཧི། ཞེས་པའང་ཉེ་བར་མཁོ་ཕྱིར་ཆོས་ཀྱི་བློ་གྲོས་པས་སོ།། །།
ཡེ་ཤེས་རབ་འབར་ལས༔ ལྷ་འདྲེ་སྤྱི་འདུལ་སྲུང་བའི་འཁོར་ལོ (Volume 44, Text 58)
ཡེ་ཤེས་རབ་འབར་ལས༔ ལྷ་འདྲེ་སྤྱི་འདུལ་སྲུང་བའི་འཁོར་ལོ་ནི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈ དུས་ཀྱི་སྙིགས་མར་གྱུར་པ་ན༔ ལྷ་འདྲེ་མ་རུངས་ཀུན་འཁྲུགས་ཤིང༔ འཚེ་འགྱུར་བྱེ་བྲག་མི་ཕྱེད་པར༔ སྤྱི་འདུལ་སྲུང་བའི་འཁོར་ལོ་བསྟན༔ དར་རམ་ཤིང་ཤུན་ཡང་ན་ཤོག་གུ་ལ༔ མུ་ཁྱུད་ལྔ་པའི་དབུ་མར་བཅུ་གཉིས་རྩིབས༔ ལྟེ་བར་སྐུ་གསུང་ཐུགས་སྙིང་ཧྲཱིཿསྭཱ་ཧཱ༔ མུ་ཁྱུད་གཉིས་ལ་ཞི་དྲག་འདོད་གསོལ་སྤེལ༔ བཅུ་གཉིས་རྩིབས་ལ་འཕྲུལ་ཡིག་བཅུ་གཉིས་ནི༔ ྈྈ ྈྈ ྈྈ ྈྈ ྈྈ ྈྈ ྈྈ ྈྈ ྈྈ ྈྈ ྈྈ ྈྈ རེ་རེའི་ཕྱི་རིམ་རིགས་གསུམ་མགོན་པོ་དང༔ ཕྱི་རིམ་ཡེ་དྷར་དབྱངས་གསལ་འདོད་སྤེལ་བཅས༔ ཐ་མ་ལྕགས་སྡིག་གཟུགས་ཀྱིས་འཁོར་བར་འབྲི༔ མུ་ཁྱུད་བཟང་དྲུག་སྨན་དང་བདུད་རྩི་བྱུག༔ འཕྲུལ་ཡིག་གུ་གུལ་སྨན་ཆེན་མུ་ཟི་དང༔ སྤྲུ་བ་གླ་རྩི་ཆུ་དག་ཡུང་བ་དང༔ ཨ་རུ་མཁན་དམར་སྒོག་གཅིག་ཤིང་ཀུན་དང༔ གཟུག་མོ་བྱི་ཐུར་ཕག་མཆུ་སྒྲོ་མདོངས་བྱུག༔ རབ་གནས་རྩ་བའི་བསྙེན་པས་ངར་བླུད་དེ༔ གང་ལ་དགོས་པ་དེ་བཞིན་གང་འདུལ་གྱིས༔ རྗེས་འཇུག་ནུས་ལ་བྱིན་ཏེ་ལོངས་སྤྱོད་གྱིས༔ གང་ཡང་སེམས་བསྐྱེད་སྨོན་ལམ་མཆོག་ཏུ་གཅེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་བྱུང་བ་སྟེ། ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་ཀློང་གསལ་སྙིང་པོས་བཤུས་སོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཟིལ་གནོན་ (Volume 45, Text 58)
ྈ བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཟིལ་གནོན་བཞུགས་སོ༔ ནང་བདུད་བཞིའི་བར་ཆད་སེལ་བ། ྈྈྈ མི་གཡོ་ཁྲོ་རྒྱལ་ཆེན་པོ་ནི༔ འཇིགས་པའི་བདུད་བཞིའི་གཉེན་པོ་སྟེ༔ དཀྱིལ་འཁོར་གཙོ་མཆོག་བདག་ཉིད་ཀྱི༔ ཕྱག་གཡོན་བྷནྡྷའི་ཆོ་འཕྲུལ་ལས༔ གཏུམ་ཆེན་དུས་མཐའི་མེ་ལྟར་ཤར༔ གང་འདུལ་སྒྱུ་མའི་རྣམ་རོལ་གྱིས༔ གདུལ་དཀའི་ཚོགས་རྣམས་འདུལ་བར་མཛད༔ ཕྱི་ལྟར་འཆི་མེད་ཁྲོ་རྒྱལ་དཀར༔ ནང་ལྟར་སྣང་སྟོང་གཏུམ་པོ་སེར༔ གསང་བ་བདེ་ཆེན་ཁྲག་འཐུང་དམར༔ ཡང་གསང་ཙཎྜ་མཐིང་ནག་འབར༔ ནམ་མཁའི་དབྱིངས་ལས་འཇའ་ཚོན་བཞིན༔ ཕྱག་རྒྱ་སྔགས་དང་ཡེ་ཤེས་ཀྱི༔ རྣམ་རོལ་བསམ་གྱིས་མི་ཁྱབ་པས༔ འཆི་བདག་ཕུང་པོ་ཉོན་མོངས་དང༔ ལྷ་བུའི་བདུད་ཀྱི་སྡེ་བཅོམ་ནས༔ རྣལ་འབྱོར་ཟབ་མོའི་དངོས་གྲུབ་ཐོབ༔ ས་མ་ཡ༔ དེ་ལ་དང་པོར་རྩ་བའི་ལྷ༔ གཏུམ་པོ་དཀར་པོའི་རྣལ་འབྱོར་གྱིས༔ འཆི་བདག་བདུད་ཚོགས་གཞོམ་པ་ནི༔ སྐྱབས་སེམས་ཚོགས་གསག་སྔོན་འགྲོ་བས༔ ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རིག་པའི་ཡེ་ཤེས་ཧཱུྃ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས༔ པད་ཉི་འཆི་བདག་བདུད་ཀྱི་སྟེང༔ རང་ཉིད་ཟུང་འཇུག་སྒྱུ་མའི་ལྷ༔ གཏུམ་པོ་ཁྲོ་རྒྱལ་ཆེན་པོར་བཞེངས༔ དཀར་གསལ་ཁྲོ་ཞིང་བརྗིད་པའི་ཉམས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར༔ གཡོན་པས་རྡོ་རྗེའི་ཞགས་པ་བསྣམས༔ ཞབས་གཉིས་གཡས་བརྐྱང་དོར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་དབུས་ན་རོལ༔ སྟག་ཤམ་རིན་ཆེན་སྦྲུལ་གྱིས་བརྒྱན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ་དང་དབྱེར་མེད་བསམ༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་རིག་པའི་སྐུ༔ གཏུམ་པོ་ཁྲོ་རྒྱལ་འཁོར་བཅས་ཀུན༔ འཆི་བདག་བདུད་ཚོགས་ཟིལ་གནོན་ཕྱིར༔ དྲག་པོའི་སྟབས་ཀྱིས་གཤེགས་སུ་གསོལ༔ ཨོཾ་ཙནྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧི༔ ཛཿཧཱུྃ་བཾ་ཧོ༔ སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ དབང་བསྐུར་རིགས་བདག་དབུ་བརྒྱན་བསམ༔ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ གཏུམ་པོ་ཁྲོ་རྒྱལ་འཁོར་བཅས་མཆོད༔ ཨོཾ་བཛྲ་ཨརྒྷཾ་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བདུད་ཚོགས་འདུལ་བར་དབང་བསྐུར་བའི༔ གཏུམ་པོ་ཁྲོ་རྒྱལ་འཁོར་བཅས་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཅེས་བསྟོད་བསྙེན་པའི་དགོངས་པ་ནི༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་བྱིན་གྱིས་བརླབ་པར་བསམ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སྒྲུབ་པའི་སྐབས་སུ་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་གཏུམ་པོའི་ཞིང་དང་སྐུ༔ སྔགས་ཀྱི་རང་སྒྲར་སད་པར་བསམ༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་དམིགས༔ ལས་སྦྱོར་རང་གི་ཐུགས་ཀ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་དབུས༔ རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན༔ དེ་ཡི་ཁོག་པར་ནྲྀ་ཨས་མཚན༔ ཧཱུྃ་གི་འོད་ཀྱིས་ལུས་ཁྱབ་སྟེ༔ ནད་གདོན་སྡིག་སྒྲིབ་འཆི་རྐྱེན་སྦྱངས༔ སླར་ཡང་ཕྱིར་འཕྲོས་འཁོར་འདས་ཀྱི༔ ཚེ་བཅུད་བསྡུས་ནས་ནྲི་ཨར་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་ཨཱཿཧཱུྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ་ནྲྀཿཛ་ཏིཥྛ་ཧཱུྃ༔ དེ་ལྟར་བསྙེན་སྒྲུབ་ལས་གསུམ་ལ༔ བདུན་ཕྲག་གསུམ་དུ་བརྩོན་པ་ན༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཟླ་དྲུག་རྩེ་གཅིག་ཡིད་ཀྱིས་བསྒོམ༔ དུས་ཀྱི་འཆི་བ་དག་ཀྱང་བཟློག༔ ཐུན་མཐར་མཆོད་བསྟོད་རིག་པའི་ལྷ༔ དབྱིངས་སུ་བསྟིམ་ནས་ཟུང་འཇུག་སྐུ༔ ཆུ་ཟླ་འཇའ་ཚོན་ལྟ་བུར་ལྡང༔ ཐུན་མཚམས་ཅི་འབྱོར་གཏོར་མ་ནི༔ འབྲུ་གསུམ་བྱིན་རླབས་རྩ་སྔགས་མཐར༔ ཨི་དཾ་བ་ལིཾ་ཏ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཕཊ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་ལན་བདུན་ལ་སོགས་ཕུལ༔ ཧཱུྃ༔ རྡོ་རྗེ་སྙིང་པོ་མཁའ་འདྲ་བ༔ མི་གཡོ་རལ་པ་གཅིག་གིས་བསྒྱིངས༔ དྲག་ཤུལ་ཆེན་པོའི་བྱིན་འཆང་བ༔ ཁྲོ་རྒྱལ་གཏུམ་པོ་འཁོར་དང་བཅས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདུད་སྡེའི་དཔུང་ཚོགས་ཇི་སྙེད་ཀུན༔ སྲུང་དང་ཞི་དང་ཟློག་པ་དང༔ ཚར་གཅོད་ཕྲིན་ལས་བརྟུལ་ཞུགས་ཀྱིས༔ དམ་ཆོས་སྒྲུབ་པའི་བར་ཆད་རྣམས༔ མིང་གི་ལྷག་མ་མེད་པར་མཛོད༔ འཆི་མེད་ཚེ་དང་ཡེ་ཤེས་སོགས༔ དབང་བཅུའི་ཡོན་ཏན་གྲུབ་པ་དང༔ མདོར་ན་རྣམ་བཞིའི་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་གསོལ་བས་གཏོར་མ་བཞེས་ཤིང་དགྱེས་ཏེ་ཧ་ཧ་ཧི་ཧི་ཧེ་ཧེ་ཧཾ་ཧཾ་ཕཊ་ཅེས་དགྱེས་པའི་གད་མོ་དང་བཅས་ཏེ་ལས་ཐམས་ཅད་མཛད་པར་བསམ་མོ༔ ས་མ་ཡ༔ ཕུང་པོའི་བདུད་རྣམས་འཇོམས་པའི་ཕྱིར༔ གཏུམ་པོ་སེར་པོའི་ཏིང་འཛིན་ནི༔ རང་ཉིད་སྣང་སྟོང་མི་གཡོ་བ༔ གསེར་མདོག་ཁྲོ་གཏུམ་བརྗིད་པའི་ཉམས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འོད་ཟེར་རབ་འབར་སྤྱན་གསུམ་པ༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ སྣང་བཞིན་སྟོང་ལ་སྟོང་བཞིན་སྣང༔ མེ་ལོང་དྭངས་པར་གཟུགས་བརྙན་བཞིན༔ ཆུ་ཟླ་དང་ནི་འཇའ་ཚོན་ལྟར༔ རང་བཞིན་མ་གྲུབ་ཅིར་ཡང་གསལ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ གསལ་འགྲིབ་བྲལ་བའི་ཕྱག་རྒྱར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ དམ་ཚིག་ཡེ་ཤེས་གདོད་མ་ནས༔ རྣམ་དབྱེར་མེད་པའི་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་སྒྲིབ་གཉིས་ཡོངས་སུ་སྦྱངས༔ ཚུར་འདུས་སྣང་སྟོང་དབྱེར་མེད་པའི༔ ཏིང་འཛིན་མཆོག་ཏུ་བརྟན་པར་བསམ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཧཱུྃ༔ རང་དང་སྣང་བ་ཐམས་ཅད་ཀུན༔ ལྷར་སྣང་སྒྱུ་མ་ཆུ་ཟླ་དང༔ འཇའ་ཚོན་སྨིག་རྒྱུ་ལྟ་བུར་བལྟ༔ ཁྱད་པར་རང་གི་ཕུང་པོ་ལ༔ བདེན་འཛིན་ཞེན་པ་གཞིག་པའི་སླད༔ རེས་འགའ་སྣང་བཅས་སྟོང་པར་བསྒོམ༔ རེས་འགའ་སྣང་མེད་སྟོང་པར་བཞག༔ རེས་འགའ་བདག་དང་ལྷ་དང་ནི༔ ཕུང་པོ་གཅིག་དང་ཐ་དད་བརྟག༔ དེ་བཞིན་སྐྱེ་འགག་གནས་གསུམ་དཔྱད༔ བདེན་མེད་སྒྱུ་མ་དངོས་སྣང་བའི༔ རྟེན་འབྲེལ་ཙམ་དུ་ཐག་ཆོད་ན༔ ངལ་གསོ་ཤེས་པ་རྣལ་དུ་དབབ༔ དེ་བཞིན་ཆོས་རྣམས་ཀུན་ལ་སྦྱང༔ ཁྱད་པར་ན་ཚ་སྡུག་བསྔལ་སོགས༔ རྐྱེན་སྣང་ཐམས་ཅད་ཐོག་བརྫིས་བྱ༔ གེགས་སེལ་བོགས་འདོན་ཤུགས་ཀྱིས་འབྱུང༔ སློང་ཚར་རྟེན་འབྲེལ་ཐམས་ཅད་འགྲིགས༔ སྣང་བ་ཟིལ་གནོན་སྣང་སེམས་འདྲེས༔ དངོས་སུ་འབྱུང་བཞིའི་འཇིགས་པ་བྲལ༔ ཏིང་འཛིན་རྫུ་འཕྲུལ་མངོན་ཤེས་འཆར༔ ཡན་ལག་མཚན་མོའི་རྣལ་འབྱོར་ནི༔ ཉལ་དུས་སྒྱུ་མའི་ལྷ་སྐུར་གསལ༔ སྙིང་ཉིད་མཆོང་གུར་སྨུག་པོའི་དབུས༔ ཨ་ཡིག་འོད་ལྔ་འབར་བ་ལ༔ ཡིད་གཏད་སྒྱུ་མའི་ངང་དུ་མནལ༔ འོད་གསལ་ཟིན་ཞིང་རྨི་ལམ་འབྱོངས༔ སྒྱུ་མའི་ཕུང་པོ་འདོར་བའི་ཚེ༔ ཨ་ལ་སེམས་གཏད་ཟིན་པ་ན༔ ཕཊ་ཀྱི་སྒྲ་ཡིས་དབྱིངས་སུ་འཕོ༔ སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན༔ འཇའ་ཚོན་བྲག་ཆ་སྒྱུ་མ་ལྟར༔ ངོ་ཤེས་ཐག་ཆོད་གདིང་ཐོབ་ན༔ བར་དོ་སྒྱུ་མའི་ལྷ་སྐུར་ཤར༔ ཁྱད་པར་ཡང་ཟབ་དམིགས་པ་ནི༔ སྒྱུ་མ་ལྟ་བུར་འབྱོངས་པའི་རྗེས༔ རང་ལུས་ཕྱི་དབྱིབས་གཏུམ་པོའི་ལྷ༔ སྣང་སྟོང་གཞའ་ཚོན་ཕྱག་རྒྱའི་དབུས༔ རྩ་གསུམ་འཁོར་ལོ་ལྔ་དང་བཅས༔ རྙོག་མེད་དྭངས་ཤིང་ཆེས་གསལ་བསྒོམ༔ ལུས་གནད་བཅས་ཏེ་རླུང་རོ་བསལ༔ ངལ་གསོ་རླུང་རིག་དལ་བ་དང༔ དལ་བུས་རྔུབ་ནས་འཇམ་རླུང་གཟུང༔ འཁོར་ལོ་ལྔ་རུ་ཐིག་ལེ་ནི༔ དཀར་དམར་མཐིང་སེར་ལྗང་གུ་བསྒོམ༔ རླུང་གནས་ཚེ་ན་ཐིག་ལེ་ལས༔ རང་རང་འོད་བྱུང་རྩ་འཁོར་གང༔ ལྡང་ཚེ་ཕྱིར་འཕྲོས་ལུས་རྣམས་ཀུན༔ ལྔ་ལྡན་འཇའ་ཚོན་ལྟ་བུར་བལྟ༔ སླར་ཡང་རླུང་ནི་ཁ་དོག་ལྔ༔ སོར་བཞིའི་ཚོད་རེ་རྔུབ་དགང་གཞིལ༔ རླུང་སེམས་དབྱེར་མེད་ཐུབ་ཚོད་གཟུང༔ མི་ཐུབ་དལ་བུས་བཏང་བྱས་པས༔ ལུས་ནི་མཁའ་ལ་སྤྲིན་དེངས་ལྟར༔ འོད་གསལ་དབྱིངས་སུ་ཡལ་བར་བསམ༔ གེགས་སེལ་ལུས་སྦྱང་ཧ་སྤྲུག་དང༔ བོགས་འདོན་བར་རླུང་རྒྱུན་དུ་བརྟེན༔ འདི་ལྟ་བུ་ཡི་ཐབས་མཁས་ཀྱིས༔ རླུང་སེམས་སྒྱུ་མའི་ལྷ་སྐུ་འགྲུབ༔ རྣམ་སྨིན་རིག་འཛིན་མྱུར་ཐོབ་འགྱུར༔ ཉམས་ལེན་ཀུན་གྱི་སྤྱི་ཆིངས་སུ༔ བླ་མར་བཟོད་མེད་མོས་གུས་བསྐྱེད༔ སྣང་ཡུལ་སྒྱུ་མ་ལྟ་བུར་བལྟ༔ སེམས་ཉིད་སྤྲོས་བྲལ་དབྱིངས་སུ་ཀློད༔ སྐབས་སུ་སྟོང་པར་ཕྱམ་ཕྱམ་གཞག༔ རེས་འགའ་གསལ་བའི་ངར་བསྐྱེད་ཅིང༔ སེམས་ཅན་རྣམས་ལ་སྙིང་རྗེ་བྱ༔ ཀུན་ཀྱང་བདེན་ཞེན་རྣམ་དག་པས༔ ཕུང་པོ་བདག་ཏུ་འཛིན་པའི་བདུད༔ རང་གྲོལ་དོན་གྱི་གཏུམ་པོ་ཆེའི༔ ཡེ་ཤེས་ཕྱག་རྒྱ་མངོན་དུ་ཐོབ༔ ས་མ་ཡ༔ ཉོན་མོངས་བདུད་རྣམས་འཇོམས་པའི་ཕྱིར༔ གཏུམ་པོ་དམར་པོའི་ཏིང་འཛིན་ནི༔ རང་ཉིད་བདེ་ཆེན་མི་གཡོ་བ༔ སྐུ་མདོག་དམར་གསལ་ཆགས་པའི་ཉམས༔ ཕྱག་གཡས་དབང་སྡུད་ཕྱག་རྒྱ་ཡིས༔ རྡོ་རྗེའི་གྲི་གུག་ནམ་མཁར་གདེངས༔ གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས༔ ཞབས་ཟུང་པུས་གཡོན་གདན་ལ་བཙུགས༔ གཡས་པ་བཞེངས་ཚུལ་སྟབས་ཀྱིས་བཞུགས༔ དར་དང་རིན་ཆེན་སྦྲུལ་རྒྱན་བཅས༔ ཡེ་ཤེས་མེ་ཕུང་དབུས་ན་རོལ༔ སྣང་སྟོང་སྒྱུ་མའི་སྐུར་གསལ་ཞིང༔ འབྱུང་འཇུག་གནས་གསུམ་སྔགས་དང་སྦྱར༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླས་རླུང་ལམ་འབྱོངས་པ་ན༔ ལུས་གནད་དང་བཅས་ལུས་ཀྱི་དབུས༔ རྩ་གསུམ་འཁོར་ལོ་བཞི་ལྡན་པའི༔ གསུམ་ཀ་འདུས་མདོར་ཨ་ཤད་བསྒོམ༔ རླུང་རོ་བསལ་ཞིང་འོག་རླུང་བསྐུམ༔ སྟེང་རླུང་མནན་པས་ཨ་ཤད་ལས༔ མེ་ལྕེ་ཤིན་ཏུ་ཕྲ་བ་བྱུང༔ དབུ་མའི་ནང་ནས་ཐལ་གྱིས་སོང༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ ཧཱུྃ་ཡིག་མཐའ་སྐོར་ཐིག་ལེ་ནི༔ བཅུ་དྲུག་ཉུངས་དཀར་འབྲུ་ཚད་ཙམ༔ དེ་ལ་ཕོག་པས་འོད་དུ་ཞུ༔ དབུ་མའི་ནང་བརྒྱུད་ཨ་ཤད་ལ༔ ཐིམ་པས་མེ་ལ་ཏིལ་མར་གྱིས༔ གསོས་བཏབ་བཞིན་དུ་ཆེར་འབར་ནས༔ འབར་འཛག་དཀར་དམར་སྣང་བས་གང༔ བདེ་བ་ལྷང་གིས་ཤར་བའི་ཚེ༔ དེ་ལ་མ་ཡེངས་ཅེར་གྱིས་བལྟ༔ རང་གྲོལ་སྐྱེ་མེད་ངང་དུ་བཞག༔ སྟོང་ཉིད་ངང་དུ་ལྷན་གནས་ཚེ༔ སྔར་ལྟར་བདེ་བའི་ཡེ་ཤེས་སྤེལ༔ བདེ་བ་ཆེ་ནས་མི་བཟོད་ན༔ ཐིག་ལེ་སྤྱི་བོའི་ཧཾ་ལ་བསྟིམ༔ བསམ་བརྗོད་བྲལ་བའི་དབྱིངས་སུ་ཀློད༔ དེ་ལ་ཅི་རིགས་གོམས་པ་ན༔ ཡེ་ཤེས་ཕྱག་རྒྱར་སྙོམས་ཞུགས་པས༔ བདེ་ཆེན་སྤེལ་ཞིང་བརྟན་པ་དང༔ གཉིས་མེད་ཀ་དག་ཕྱག་རྒྱས་གདབ༔ ཐིག་ལེ་འཛིན་འདྲེན་དབང་ཐོབ་ནས༔ པདྨ་ཅན་སོགས་མཚན་ལྡན་པའི༔ ལས་ཀྱི་ཕྱག་རྒྱ་དགུག་བྱས་ལ༔ དྲང་ངེས་ཆོས་བཤད་བློ་སྦྱངས་ཏེ༔ དབང་བསྐུར་རྡོ་རྗེའི་དམ་ཚིག་འབོགས༔ རྩ་རླུང་འཕྲུལ་འཁོར་ལེགས་པར་བསྟན༔ དེ་ནས་ཤིན་ཏུ་དབེན་པའི་གནས༔ བདེ་བའི་འབོལ་ལ་རང་ཉིད་དང༔ མདུན་དུ་ཕྱག་རྒྱ་ཆས་ལྡན་འདུག༔ རང་ལུས་གཏུམ་པོ་དམར་པོ་ལ༔ ཡུམ་ནི་གཏུམ་མོ་རང་འདྲ་བ༔ མཚར་སྡུག་ཡིད་འོང་དྲན་པའི་མོད༔ བདེ་ཆེན་ཡེ་ཤེས་སྐྱེ་བར་བསྒོམ༔ ཟུར་གྱིས་བལྟ་ཞིང་ཆགས་གཏམ་བརྗོད༔ འོ་བྱ་ལུས་སེམས་བདེ་བ་བསྐྱེད༔ བདེ་བ་ཁྲིལ་གྱིས་སྐྱེས་པའི་ཚེ༔ དེ་ཡི་ངང་ལ་ལྷོད་ཀྱིས་ཀློད༔ དེ་ནས་གཉིས་ཀའི་གནས་གསུམ་དུ༔ རྡོ་རྗེ་གསུམ་དངོས་ཨོཾ་ཨཱཿཧཱུྃ༔ གསང་བ་རྡོ་རྗེ་པདྨ་ལ༔ བུ་ག་ཧཱུྃ་དང་ཕཊ་ཀྱིས་དགག༔ འདོད་པའི་སྒྱུ་རྩལ་དང་བཅས་ཏེ༔ དམ་འཁྱུད་མཁའ་གསང་དལ་བུས་བསྐྱོད༔ དེ་ཚེ་ཐིག་ལེ་སྤྱི་བོ་ནས༔ མགྲིན་པའི་བར་སོན་དགའ་བ་སྟེ༔ སྙིང་གར་བབས་པས་མཆོག་དགའ་དང༔ ལྟེ་བར་སོན་པ་ཁྱད་པར་དགའ༔ གསང་བ་ནོར་བུའི་རྩེར་བབས་པ༔ ལྷན་ཅིག་སྐྱེས་པའི་དགའ་བ་ཉིད༔ དང་པོར་རྡོ་རྗེའི་དབུས་གནས་ཚེ༔ བདེ་ལ་སེམས་བཟུང་ངང་དུ་བཞག༔ བདེ་བ་ཆེ་ནས་འཆོར་འདྲ་ན༔ མིག་ནི་ནམ་མཁའི་ཁམས་སུ་བགྲད༔ ལྕེ་རྩ་རྐན་ལ་སྦྱར་ནས་ཀྱང༔ རྒྱུ་ཞབས་བརྒལ་བར་བཅང་བ་དང༔ ལྷན་ཅིག་ཧཱུྃ་ཞེས་རླུང་གདངས་བཅས༔ བུམ་ཅན་སྟོད་དུ་འཆིང་བས་དྲང༔ ཐིག་ལེ་མས་བརྟན་དགའ་བཞི་འཆར༔ ཅུང་ཟད་གོམས་པར་གྱུར་པ་ན༔ ནོར་བུའི་རྩེར་ཕབ་སྔར་བཞིན་དྲང༔ ཤིན་ཏུ་གོམས་པ་བརྟན་པའི་ཚེ༔ ཡུམ་གྱི་མཁར་ཕབ་བྱང་སེམས་བསྲེ༔ བདེ་བ་ངོས་གཟུང་སྟོང་ཉིད་བཞག༔ ཡུམ་ནི་བདེ་བས་མ་བཟོད་དེ༔ བརྟན་གཡོའི་དྭངས་བཅུད་ཐམས་ཅད་དང༔ དབྱེར་མེད་ཐིག་ལེ་དམར་པོར་ཞུ༔ རང་གི་ཁམས་དང་ལྷན་ཅིག་ཏུ༔ རྡོ་རྗེའི་ལམ་ནས་རང་དྲངས་ཏེ༔ སྔར་བཞིན་མས་བརྟན་དགའ་བཞི་སྤེལ༔ སྟོང་པ་གཞི་ཡི་འོད་གསལ་དང༔ རོ་མཉམ་ཟུང་འཇུག་ཆེན་པོར་བཞག༔ སྐབས་སུ་མཚན་ལྡན་ཕྱག་རྒྱའི་གཟུགས༔ མེ་ལོང་ནང་དུ་འཆར་གཞུག་ལ༔ དེ་དང་ཡིད་ཀྱིས་སྙོམས་འཇུག་བྱ༔ བདེ་བ་སྐྱེས་ཚེ་སྒྱུ་མར་བལྟ༔ གེགས་སེལ་དང་ནི་དབང་བསྐུར་ལ༔ ཡུམ་གྱི་མཁའ་རུ་དཀྱིལ་འཁོར་བསྒོམ༔ དེ་ལ་མཆོད་ཕྱིར་བདུད་རྩི་སྤྲོ༔ བྱང་སེམས་འདྲེས་པ་ལྕེས་བླངས་ཏེ༔ ལུས་སྤྲུགས་རླུང་གཟུང་འཕྲུལ་འཁོར་བྱ༔ ཁྱད་པར་ཐིག་ལེ་འདྲེན་པའི་ཚེ༔ རླུང་གི་སྦྱོར་བས་དགྲམ་པ་དང༔ སྲིན་ལག་ལ་བཀལ་ལུས་སྤྲུག་བྱ༔ རྩ་གནས་བདེ་བས་ཁྱབ་པའི་ཉམས༔ ཤར་ཚེ་སྟོང་ཉིད་ངང་དུ་ཀློད༔ དེ་ལྟ་བུ་ཡི་རྣལ་འབྱོར་གྱིས༔ ཉོན་མོངས་འདོད་ལ་ཆགས་པའི་བདུད༔ བདེ་བ་ཆེན་པོར་ལམ་ལོངས་པས༔ ལྷན་སྐྱེས་ཡེ་ཤེས་མྱུར་དུ་འདྲེན༔ ལྷན་སྐྱེས་དེ་ཉིད་མཚོན་ཙམ་གྱིས༔ ཞེ་སྡང་གསལ་སྟོང་ཆེན་པོར་དག༔ གཏི་མུག་མི་རྟོག་ཡེ་ཤེས་འགྱུར༔ ང་རྒྱལ་བདེན་མེད་སྒྱུ་མར་གྲོལ༔ ཕྲག་དོག་སྦྲུལ་གྱི་མདུད་པ་ཞིག༔ ཉོན་མོངས་བདུད་ཚོགས་རྩད་ནས་འཇོམས༔ དེ་ལྟར་གྲུབ་པའི་སྐལ་མེད་ན༔ རང་ལུས་ལྷ་སྐུ་སྒྱུ་མ་དང༔ སེམས་ཉིད་རིག་སྟོང་གཉུག་མའི་ངང༔ སྤྲོ་བསྡུ་མེད་པར་བཞག་པ་ཡིས༔ དུག་ལྔ་སྐྱེས་གྲོལ་དུས་མཉམ་པས༔ ལས་མེད་འཁོར་བར་འཆིང་མི་ནུས༔ རྩལ་རྫོགས་ཡེ་ཤེས་རོལ་པར་འཆར༔ མཐར་ཕྱིན་ཀུན་ཏུ་བཟང་པོ་ཡི༔ དགོངས་པ་མཚོན་པར་ནུས་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ལྷ་བུའི་བདུད་ཚོགས་འཇོམས་པའི་ཕྱིར༔ གཏུམ་པོ་མཐིང་གའི་ཏིང་འཛིན་བསྒོམ༔ རང་ཉིད་འོད་གསལ་མི་གཡོ་བ༔ ཨིནྡྲ་ནཱི་ལ་དྭངས་པའི་མདོག༔ ཞབས་གཡས་པུས་བཙུགས་གདན་ལ་རོལ༔ གཡོན་པ་བཞེངས་མ་སྟབས་སུ་བཞུགས༔ ཕྱག་གཉིས་རལ་གྲི་སྡིགས་མཛུབ་ལས༔ ཡེ་ཤེས་མེ་ལྕེ་དུམ་བུར་འཕྲོ༔ ཁྲོ་གཏུམ་བཟོད་དཀའི་གཟི་བྱིན་ཅན༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསྒོམ༔ བྲག་ཅ་དང་ནི་སྒྲ་བརྙན་བཞིན༔ གྲགས་སྟོང་རྡོ་རྗེའི་སྔགས་འདི་བཟླ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་མ་དེ་བ་མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཕཊ༔ བདེན་མེད་སྒྱུ་མ་རྨི་ལམ་བཞིན༔ རིག་སྟོང་དགོངས་པའི་གཟེར་ཆེན་གདབ༔ འདི་ཙམ་ཁོ་ནར་བརྩོན་པས་ཀྱང༔ རྣམ་གཡེང་སླུ་བྲིད་ལྷ་བུའི་བདུད༔ བྱེ་བས་ཀྱང་ནི་ཚུགས་མི་འགྱུར༔ ཁྱད་པར་གོས་ཀྱི་ཞེན་གཅོད་ཕྱིར༔ ཙཎྜ་ལཱི་ཡི་རྣལ་འབྱོར་ནི༔ ལུས་གནད་དང་བཅས་སྟོང་ར་བསྒོམ༔ རྩ་གསུམ་འདུས་མདོར་ཨ་ཤད་ནི༔ མེ་ལྕེ་འབར་ལ་ཁད་པ་གསལ༔ འཇམ་རླུང་དལ་བུས་བསྐུལ་བ་ཡིས༔ མེ་ལྕེ་སོར་བཞི་ཙམ་དུ་འབར༔ སྙིང་གར་བླ་མའི་ངོ་བོ་ཧཱུྃ༔ མེ་ཡི་རང་བཞིན་བསྲོས་བྱས་པས༔ དབུ་མའི་ནང་ཀུན་ཚ་བའི་དྲོད༔ ཤུགས་དྲག་རིམ་གྱིས་སྐྱེས་པར་བསམ༔ ཐུན་རེར་བརྒྱ་ལས་མི་ཉུང་བའི༔ རླུང་ཁུག་གཟུང་ཞིང་འཕྲུལ་འཁོར་བྱ༔ དེ་ཡིས་ལྟེ་འོག་དྲོས་པ་ན༔ རིམ་བཞིན་ལྟེ་བ་སྙིང་ག་དང༔ མགྲིན་པའི་བར་དུ་བསྲིངས་ལ་སྦར༔ དེ་ནས་རོ་རྐྱང་ལམ་དུ་གཞུག༔ ལུས་ཀྱི་གཡས་གཡོན་དྲོས་པ་ན༔ རྩ་འདབ་ཐམས་ཅད་མེ་ལྕེས་བཀང༔ དེ་བཞིན་རྐང་ལག་བཞི་པོ་དང༔ མགོ་བོའི་ནང་ཀུན་གང་བར་དམིགས༔ ལུས་ནི་མཐིང་ལ་དམར་འོད་ཅན༔ ལྕགས་བསྲེགས་ལྟ་བུར་ཚ་བར་བསམ༔ དེ་ནས་སྒོ་དགུ་བ་སྤུ་ཡི༔ ཁུང་བུ་ཀུན་ནས་མེ་འབར་བས༔ མེ་ཡི་གོང་བུར་ཚུད་པར་དམིགས༔ མཐར་ནི་དཔག་ཚད་ཙམ་དུ་སྦར༔ དེ་ཡང་སྔ་མར་དྲོད་སྐྱེས་ན༔ ཕྱི་མར་རིམ་བཞིན་འཇུག་པ་ཡིས༔ དབང་པོ་ཇི་ལྟར་རྒུད་གྱུར་ཀྱང༔ རྩེ་གཅིག་ཟླ་བ་གསུམ་བསྒོམས་ན༔ གོས་མེད་ཏི་སེའི་རྩེ་ཡང་ཟིན༔ རབ་ཀྱིས་ཞག་གསུམ་བདུན་ན་འགྲུབ༔ ཐུན་མོང་རྫས་ཀྱི་གཏུམ་མོ་ནི༔ གཡག་རྒོད་མཁྲིས་པ་དྲོན་མོའི་ནང༔ ཚ་བ་གསུམ་དང་ཚྭ་སྣ་གསུམ༔ ཟི་ར་ནག་པོ་ཤིང་ཀུན་དང༔ འགྲོན་བུའི་ཐལ་བ་བཏབ་ལ་བསྐམ༔ ཞིབ་བཏགས་གར་ཆང་ཉིང་ཁུ་ཡིས༔ རིལ་བུ་སྲན་མ་ཙམ་དུ་དྲིལ༔ ལྔ་བདུན་དགུ་སོགས་ཉམ་དཔགས་ནས༔ ཆང་བཟང་གིས་ཕུལ་ཕྱི་རུ་བྱུགས༔ གློ་བུར་གཏུམ་མོ་འབར་བར་འགྱུར༔ ཟས་ཀྱི་ཞེན་པ་གཅོད་པའི་ཕྱིར༔ ནམ་མཁའི་བཅུད་ཀྱིས་འཚོ་བ་ནི༔ ནམ་མཁའ་རྒྱ་ཆེར་མཐོང་བའི་སར༔ བླ་མར་གསོལ་གདབ་མོས་གུས་བསྐྱེད༔ ལུས་གནད་དྲང་པོར་བསྲང་བྱས་ཏེ༔ རླུང་རོ་བསལ་ཞིང་ཧ་སྤྲུག་བྱ༔ ངལ་གསོ་ལུས་གནད་ཅི་བདེར་འདུག༔ ཁམས་གསུམ་ནམ་མཁའི་བཅུད་ཐམས་ཅད༔ བསྡུས་ནས་བདུད་རྩི་སྔོན་པོར་ཞུ༔ ཁ་ནས་ཧུབ་ཅེས་ཁོང་པར་མིད༔ ལུས་ཁེངས་མཐིང་ཞུན་ལྟ་བུར་བསམ༔ ཐུབ་ཚད་བཟུང་ལ་རྔུབ་ཆུང་བྱ༔ མ་ཐུབ་ཕྱིར་འཕང་སླར་ཡང་བསྐྱར༔ ཤེས་པ་ནམ་མཁའི་ཁམས་སུ་གཏད༔ དབྱིངས་རིག་བསྲེས་ཏེ་མཉམ་པར་གཞག༔ སྐོམ་ན་ནམ་མཁར་བཾ་དཀར་པོ༔ དངུལ་ཆུ་དྭངས་པ་ལྟ་བུ་ལས༔ འོད་འཕྲོས་འཁོར་འདས་བདུད་རྩི་བསྡུ༔ དེ་ལ་བདུད་རྩིའི་རྒྱུན་བྱུང་བ༔ སོ་བར་ནས་དྲངས་མཆིལ་མ་བཅས༔ ཁོང་དུ་མིད་ཅིང་རླུང་མནན་པས༔ ལུས་ཀུན་བདུད་རྩིས་ལྟེམ་གང་བསམ༔ དེ་ལྟར་རགས་པའི་ཟས་སྤངས་ཏེ༔ བདུན་ཕྲག་བདུན་དུ་སྤེལ་ཏེ་སྦྱང༔ གོམས་པ་སྟོབས་སུ་གྱུར་པ་ན༔ ཟས་མེད་རི་ལ་ལོར་སྒྲུབ་ཀྱང༔ ལུས་སྟོབས་རྒྱས་ཤིང་འཆི་བ་མེད༔ ཐུན་མོང་རྫས་ཀྱི་བཅུད་ལེན་ནི༔ ཅོང་ཞི་ནས་ཙམ་ཁྲུཾ་ཁྲུཾ་བརྡུང༔ གངས་ཆུས་ཡང་ཡང་བཤལ་བྱས་ཏེ༔ ཞིབ་པར་བཏགས་ལ་ཚགས་སུ་བཙག༔ འབྲི་ཡི་འོ་མས་འདམ་བྱས་པར༔ དབང་ལག་པི་ལིང་ཤིང་ཚ་བཅས༔ ཅུང་ཟད་བཏབ་ལ་རིལ་བུར་དྲིལ༔ ཨོཾ་ཐུད་དེ་ཐུད་དེ་མ་ཧཱ་ཐུད་དེ་ཕཊ༔ སྟོང་ཕྲག་བཟླས་པས་རྡོ་དུག་བསལ༔ ཨཱཿཧྲཱིཿཁ་ཊཱྀ་བྷྲཱུྃ༔ མང་དུ་བཟླས་པས་བྱིན་བརླབས་ལ༔ ཐོར་རངས་དང་ནི་སྲོད་ཀྱི་དུས༔ ཆུ་བསྐོལ་ཚ་མོས་ཕུལ་ལ་བཏང༔ རླུང་སྐྱོར་འཕྲུལ་འཁོར་རྒྱུན་མི་གཅད༔ རགས་པའི་ཟས་ཀྱི་ཞེན་པ་བྲལ༔ ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ༔ དེ་ལྟར་ཟས་གོས་གདམས་པ་འདིས༔ འཇིག་རྟེན་ཟས་གོས་ཡེ་མི་དགོས༔ ལོ་དགུར་རི་ཁྲོད་འགྲིམ་གྱུར་ཀྱང༔ ཉམ་ང་བག་ཚ་མི་འཚལ་བས༔ ངོ་སྲུང་མཐུན་འཇུག་སླུ་བྲིད་བྲལ༔ གཏམ་གྱི་ཞེན་པ་གཅོད་པ་ནི༔ གེགས་སེལ་ཀུན་གྱི་རྒྱལ་པོ་སྟེ༔ འཇིག་རྟེན་ཆོས་བརྒྱད་གང་ལ་ཡང༔ བཟློག་བསྒོམ་ཁོ་ནའི་སྦྱོར་བ་ཡིས༔ རོ་སྙོམས་བྱ་ཞིང་ཐོག་བརྫིས་གཏང༔ མི་དང་མི་བསྟུན་རང་ཚུགས་གཟུང༔ ཡུལ་རྐྱེན་སྤང་དཀའ་ཐམས་ཅད་ལ༔ སྒྱུ་མ་ལྟ་བུའི་ངང་ནས་སྤྱད༔ རྣལ་འབྱོར་དབང་ཕྱུག་བླ་ན་མེད༔ གནས་དང་གྲོགས་ཀྱི་ཞེན་སྤོང་ཞིང༔ ཉམས་རྟོགས་བོགས་ཆེན་འབྱིན་པའི་ཕྱིར༔ ཐ་མལ་སྐྱེ་བོས་བགྲོད་དཀའ་བའི༔ གངས་ཁྲོད་རི་རྩེ་དུར་ཁྲོད་སོགས༔ འཇིགས་ཤིང་ཉམ་ངའི་ཕྱོགས་སུ་རྒྱུ༔ ས་གཅིག་མི་སྡོད་ཀུན་ལ་སྤོ༔ སུ་དང་འགྲས་འདྲིས་མེད་པར་བྱ༔ དུས་ཀུན་རིག་པ་རང་ལུགས་བཞག༔ སྐབས་སུ་ཐོགས་བཅས་ཐོགས་མེད་དང༔ དགའ་བྲོད་སྙེམས་བྱེད་བདུད་ལ་གཅོད༔ རྣམ་ཤེས་སྤར་ནས་ཕུང་པོ་ནི༔ ཞེན་མེད་ཚོགས་ཀྱི་མཆོད་པར་གཏང༔ རྣམ་རྟོག་རགས་པ་གང་ཤར་ཡང༔ ཕཊ་ཅེས་བརྗོད་ལ་དབྱིངས་སུ་བསྐྱལ༔ བཟའ་གཏད་མེད་པ་སྨྱོན་པའི་ཚུལ༔ རྟོག་དཔྱོད་མེད་པ་བུ་ཆུང་ཚུལ༔ རྩིས་གདབ་མེད་པ་གར་ཆང་གིས༔ མྱོས་པ་བཞིན་དུ་སྤྱོད་པ་སྤྱད༔ དེ་ལྟར་ཆོས་བརྒྱད་རླུང་བསྐུར་བའི༔ བརྟུལ་ཞུགས་ལམ་དུ་ལོངས་པ་ན༔ ཧེ་རུ་ཀ་ཡི་གདུང་འཛིན་ཕྱིར༔ ལྷ་བུའི་བདུད་ཀྱི་གཡུལ་ལས་རྒྱལ༔ ས་མ་ཡ༔ དེ་ལྟ་བུ་ཡི་རྣལ་འབྱོར་གྱིས༔ ཤིན་ཏུ་འཇིགས་པའི་བདུད་བཞི་ལས༔ རྣམ་པར་རྒྱལ་བའི་རིག་འཛིན་མཆོག༔ གང་གིས་འཇིགས་པར་བྱར་མེད་ཀྱང༔ བདུད་བཞིའི་རྐྱེན་བྱས་དུས་འཁྲུགས་མང༔ དེ་དུས་རྣལ་འབྱོར་འཁོར་སྲུང་ན༔ ཙཀྲ་རྩིབས་བཞིའི་དབུས་སུ་ནི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ མི་གཡོ་མགོན་པོའི་སྐུ་གཟུགས་འབྲི༔ ཐུགས་ཀར་སྙིང་པོའི་ཐ་མ་རུ༔ བསྒྲུབ་བྱའི་མིང་སྤེལ་རཀྵ་སྦྱར༔ རྩིབས་བཞིར་སྙིང་པོའི་ཤམ་བུ་རུ༔ རླུང་ཁམས་མདའ་ཡི་གནོད་པ་ཟློག༔ མཚོན་ཆ་མདའ་ཟློག༔ ས་ཁམས་རྡོ་ཡི་གནོད་པ་ཟློག༔ རྡོ་དབལ་ཟློག༔ ཆུ་ཁམས་གྲི་ཡི་གནོད་པ་ཟློག༔ སྔོན་མོ་གྲི་ཟློག༔ མེ་ཁམས་མདུང་གི་གནོད་པ་ཟློག༔ དམར་མོ་མདུང་ཟློག༔ རྩིབས་མཆན་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་བྷྲཱུྃ་མཚན་བྲི༔ མུ་ཁྱུད་དང་པོར་མགོ་ཕྱིར་བསྟན༔ ཨོཾ་ཨཱཿཧཱུྃ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡེ༔ མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཨཱརྻ་ཨ་ཙ་ལེ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ འཆང་བ་པོ་ལ་འབྱུང་ལྔ་འདུས་པའི་མཚོན་ཆའི་གནོད་པ་ཐམས་ཅད་ཕྱིར་ཟློག༔ མེ་ལྕགས་སྦྱོར་བ་ངན་པའི་མཚོན་ཆ་གཡས་སུ་བྷྱོ༔ མེ་ལྕགས་སྦྱོར་བ་ངན་པའི་མཚོན་ཆ་གཡོན་དུ་བྷྱོ༔ ཞེས་བྲི་དེ་རྒྱབ་མུ་ཁྱུད་ལ༔ རིམ་བཞིན་དབྱངས་གསལ་རྟེན་སྙིང་དང༔ རྡོར་ར་མེ་རི་མཛེས་པས་བསྐོར༔ སངས་རྒྱས་བྱང་སེམས་མཆོག་གྲུབ་པའི༔ གདུང་དང་བདུད་རྩི་ཨ་མྲྀཏ༔ རྨ་བྱའི་མདོངས་དང་ཡུངས་དཀར་ནག༔ པདྨ་རཀྟ་དང་བཅས་ཏེ༔ རབ་གནས་ལྟེ་བ་མ་ཉམས་བལྟབ༔ ཚོན་སྐུད་སྣ་ལྔས་ལེགས་པར་དཀྲི༔ ལུས་ལ་དྲོད་དང་མ་བྲལ་འཆང༔ དམ་ཚིག་ཁྱི་དང་བུད་མེད་ཀྱིས༔ མི་རེག་མཚོན་རྩེ་གཏོད་པ་སྤང༔ སྲུང་བ་འདི་དང་མ་བྲལ་ན༔ མཚོན་ཆ་སྣ་ཚོགས་ཆར་བབ་ཀྱང༔ རིན་ཆེན་སྲོག་དང་བྲལ་མི་སྲིད༔ ཁྱད་པར་གསང་བའི་དམ་ཚིག་ནི༔ སློབ་དཔོན་ཡོན་གྱིས་མཉེས་པ་དང༔ སྲུང་བར་ཐེ་ཚོམ་སྤང་བ་གཅེས༔ ས་མ་ཡ༔ བདུད་བཞིའི་སྒྱུ་ཐབས་ལ་བརྟེན་ནས༔ དམ་སྲི་འགོང་པོས་རྒྱུད་བསྐུལ་ཏེ༔ སྒྲུབ་མཆོག་རྣམས་ལ་འགབ་འདྲེར་ལྡང༔ དེ་ཕྱིར་དེ་ཉིད་གནོན་པ་ནི༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ རྩིབས་བཞིར་བདུད་བཞི་དབུས་དམ་སྲི༔ རྩིབས་མཆན་བཞི་ལ་སྒབ་འདྲེ་བཞིའི༔ ལིངྒའི་མིང་མཐར་ཏྲི་ཛཿརྦད༔ སཏྭཾ་བྷ་ཡ་ལཾ་ནན་དང༔ ཐ་མར་སརྦ་ཛཿཏྲི་བྲི༔ དེ་མཐར་མཚོན་ཆ་སྣ་ཚོགས་བསྐོར༔ བཀུག་བསྟིམ་བྱས་ཏེ་ཐོད་པར་བཅུག༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་བདུད་བཞི་སྒབ་འདྲེ་དམ་སྲི་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ སྟོང་བཟླས་གནམ་ལྕགས་ཁང་སྒྲོམ་ཆེ༔ མཚོན་ཆ་འབྱུང་རིམ་དགུས་གཡོགས་བསམ༔ མཆོད་རྟེན་གཙུག་ལག་སྒྲུབ་ཁང་འོག༔ གཏིང་རིང་དོང་དུ་བཅུག་བྱས་ལ༔ སྐྱེར་པའི་ཕུར་པ་སོར་བཞིའི་མགུལ༔ གོང་གི་སྔགས་བྲིས་དར་ནག་བཏགས༔ ཧཱུྃ༔ བཅོམ་ལྡན་ཁྲོ་རྒྱལ་མི་གཡོ་མགོན༔ མཐིང་ནག་ལྕགས་ཀྱི་རལ་པ་ཅན༔ སྐུ་སྟོད་ཁྲོ་ཆེན་འབར་བའི་གཟུགས༔ རལ་གྲི་དང་ནི་ཞགས་པ་བསྣམས༔ དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔ དུམ་བུར་གཅོད་ཅིང་ཐར་མེད་འཆིངས༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ ཡེ་ཤེས་མེ་ཡི་ཚྭ་ཚྭ་འཕྲོ༔ གང་ལ་གཟིར་ཞིང་བཏབ་པའི་མོད༔ ལྷ་ཡང་རུང་སྟེ་བརླག་པར་བྱེད༔ ཞལ་ནས་སྔགས་ཀྱི་རང་སྒྲ་སྒྲོག༔ གདོན་བགེགས་འབྱུང་པོ་རྡུལ་དུ་རློག༔ ཐུགས་ནི་བདེ་ཆེན་ཡེ་ཤེས་འབར༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་དངོས༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ དཔལ་ཆེན་ཨཱརྻ་ཨ་ཙ་ལ༔ གང་གིས་བསྐྱོད་པར་མི་ནུས་པའི༔ ཐུགས་རྗེ་ཐུགས་དམ་དེང་བསྐུལ་ན༔ བདུད་བཞི་དམ་སྲི་སྒབ་འདྲེའི་ཚོགས༔ ཐམས་ཅད་འདུལ་བའི་དུས་ལ་བབ༔ དྲག་ཤུལ་ཁྲོས་པའི་ཤུགས་སྐྱེད་ལ༔ ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ དམིགས་པའི་བདུད་དང་དམ་སྲིའི་ཚོགས༔ ནམ་ཡང་སྟེང་དུ་མ་གཏང་ཞིག༔ ཅེས་བརྗོད་བསམ་ཞིང་ཕུར་པས་བཏབ༔ དེ་སྟེང་རྡོ་རྗེ་རྒྱ་གྲམ་མནན༔ ས་ཆུ་མེ་ཡིས་ཁ་བཅད་ལ༔ ཕྱོགས་མཚམས་བསྐོར་ནས་རྟ་བྲོ་བརྡུང༔ གལ་ཆེན་དེ་སྟེང་མཆོད་རྟེན་བཞེངས༔ སྒབ་འདྲེ་དམ་སྲི་མནན་པའི་ཐབས༔ ཀུན་གྱི་ནང་ནས་ཡང་ཟབ་བོ༔ ས་མ་ཡ༔ བདུད་བཞི་སྙིང་ལ་ཞུགས་པ་ལས༔ རྒྱལ་བློན་ལ་སོགས་དབང་པོ་ཆེས༔ དམ་ཆོས་སྒྲུབ་ལ་བར་གཅོད་པའི༔ ཚིག་གི་མཚོན་ཆ་གཅོག་པ་ལ༔ དམིགས་བྱ་དེ་ཡི་ལིངྒ་ནི༔ རི་རུད་དང་ནི་ཕུང་ཤུལ་ས༔ ཆུ་མིག་ལྐུགས་པའི་ཆུས་སྦྲུས་ཏེ༔ སོར་བརྒྱད་སྐྱེ་མཆེད་དོད་པའི་ཁོང༔ དུག་ཤོག་ཆུང་ངུར་དུག་ཁྲག་གིས༔ ནྲྀ་ཡིག་ཐ་མར་སྔགས་བཞིས་བསྐོར༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་དམ་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་སྨྲ་བ་ངན་པ་ཐམས་ཅད་ཧཱུྃ་ཕཊ༔ སརྦ་ཤ་ཏྲཱུན་ཝཱ་ཀ་བྷིནྡྷ་བྷིནྡྷ་ཙྪིནྡྷ་ཙྪིནྡྷ་ཧ་ན་ཧ་ན་ཧཱུྃ༔ ཙིཏྟ་མོ་ཧ་ཡ་བཾ༔ ཧ་ཧ་ཧེ་ཧེ་ཧོ་ཧོ་ཧཾ་ཧཾ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བྲིས་གཞུག་ཅིང་དགུག་གཞུག་བྱ༔ སྐྱེར་པའི་ཕུར་པ་སོར་བརྒྱད་པ༔ མི་གཡོ་ཕུར་པའི་དབལ་ཅན་བསྐྱེད༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་དང་ལས་སྔགས་སྟོང་གིས་གདབ༔ ལིངྒའི་ཡས་མས་མཆུ་ལ་བཙུག༔ བར་ཆད་གྲོལ་བའི་གནས་སྐབས་སུ༔ ཕུར་པ་བླངས་ནས་འོ་མ་ལ༔ སྔགས་མཐར་ཤཱནྟིཾ་གདགས་པས་བཀྲུ༔ ཅིས་ཀྱང་གལ་ཆེན་གནད་ཐུག་ན༔ མཆོད་རྟེན་ནག་པོའི་འོག་ཏུ་མནན༔ ཚངས་པ་ལྟ་བུའི་བཙན་ཚིག་ཀྱང༔ བྲག་ཅ་བཞིན་དུ་རང་ཡལ་འགྱུར༔ ས་མ་ཡ༔ བདུད་བཞི་འཇོམས་མཛད་གཏུམ་པོ་ཆེའི༔ རྡོ་རྗེའི་གཏོར་བླུག་ཆོ་ག་ནི༔ སྒྲུབ་པའི་དཀྱིལ་འཁོར་དབང་རྫས་བཤམ༔ བསྙེན་སྒྲུབ་བདག་ཉིད་ནུས་ལྡན་བྱ༔ དམ་ཚིག་ངེས་པར་བསྲུང་ནུས་པའི༔ སློབ་མ་ཁྲུས་བྱས་བགེགས་ཕྲལ་ལ༔ སྲུང་འཁོར་གསལ་བཏབ་མཎྜལ་ཕུལ༔ མེ་ཏོག་དང་བཅས་གསོལ་འདེབས་གཞུག༔ རྒྱུད་སྦྱང་བུམ་པའི་ཆུ་ཡིས་བཀྲུ༔ ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་ལྷ༔ གཏུམ་པོ་ཁྲོ་ཆེན་ཞུ་བའི་ཆུ༔ རྒྱལ་བས་བཟུང་ནས་དབང་བསྐུར་བས༔ བདུད་བཞིའི་དཔུང་ལས་རྣམ་རྒྱལ་ཤོག༔ རྩ་སྔགས་མཐར༔ ཛ་ཡ་ཛ་ཡ་སུ་ཛ་ཡ་མཱ་ར་སེ་ན་པྲ་མརྡྷ་ན་སྭཱ་ཧཱ༔ ཞེས་པས་མི་མཐུན་བདུད་བཞི་ལས༔ རྣམ་རྒྱལ་བདུད་རྩིས་ལུས་གང་བས༔ ཁྲོ་བོའི་རྒྱལ་པོར་ལམ་གྱིས་གྱུར༔ དེ་ལ་མཐུན་རྐྱེན་སྐུ་གསུང་ཐུགས༔ ཡོངས་སུ་རྫོགས་པའི་དབང་བསྐུར་སྦྱིན༔ ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་སྐུ་འགྲུབ་ཤོག༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཟླས་པའི་ལུང་ནི་ལན་གསུམ་བྱ༔ ཨཱ༔ སངས་རྒྱས་ཀུན་གྱི་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ རྡོ་རྗེའི་གསུང་གི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་གསུང་འགྲུབ་ཤོག༔ རྩ་སྔགས་དང་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཕྱག་མཚན་རལ་གྲི་སྙིང་གར་བཞག།་་་སངས་རྒྱས་ཀུན་གྱི་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་ཐུགས་འགྲུབ་ཤོག༔ རྩ་སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ༔ གཏོར་མ་སྤྱི་བོར་བཞག།་་་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ རྡོ་རྗེ་མི་ཕྱེད་གསུམ་དང་ལྡན༔ མི་གཡོ་མགོན་པོའི་དབང་བསྐུར་བས༔ རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་སརྦ་ཨ་བྷི་ཥིཉྩ་ཨ་ཨཱ༔ གཏོར་མའི་ལྷ་བསྟིམ་ཤིས་པ་བརྗོད༔ རྗེས་ཀྱི་བྱ་བ་སྤྱི་ལྟར་སྤྱད༔ ས་མ་ཡ༔ འདི་ཡི་སྲུང་མ་ཁྱད་པར་ཅན༔ མགོན་པོ་དཀར་པོ་མཆོད་པ་ནི༔ གཏོར་མ་རྒྱན་ལྡན་མཛེས་པ་ལ༔ གཙང་མའི་ཟས་སྣ་ཕུད་ཀྱིས་བྲན༔ ཐུགས་ཀའི་འོད་ཀྱིས་དུར་ཁྲོད་བདག༔ ཡབ་ཡུམ་འཁོར་བཅས་སྤྱན་དྲངས་ཏེ༔ གཏོར་མ་བྱིན་བརླབས་སྔགས་འདིས་ཕུལ༔ ཨོཾ་ཀུ་མ་ཀུ་མ་ཁུས་ཐིས་སྭཱ་ཧཱ༔ མ་ཧཱ་ཤྨ་ཤཱ་ན་ཨ་དྷི་པ་ཏི་ཨི་དཾ་བ་ལིཾ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་ཀརྨ་ཀུ་རུ་ཀུ་རུ་ཧོ༔ མཆོད་ཅིང་རྔ་བརྡུང་དབྱངས་སྙན་པོས༔ ཧཱུྃ༔ ཧ་ཧར་དགོད་པའི་དུར་ཁྲོད་ནས༔ དཔལ་ཆེན་སྤྲུལ་པ་ཀིངྐ་ར༔ དངོས་གྲུབ་རྣམ་གཉིས་གཏེར་གྱི་བདག༔ ཟླ་བའི་མདོག་ཅན་ཀེང་རུས་གཟུགས༔ རིན་ཆེན་ཐོད་པའི་རྒྱན་ཆ་ཅན༔ གཡས་པས་རྡོ་རྗེའི་དབྱུག་པ་འཕྱར༔ གཡོན་པས་བྷནྡྷ་ཁྲག་བཀང་བསྣམས༔ དར་གྱི་སྟོད་གཡོགས་སྟགས་ཤམ་ཅན༔ རོ་ཡི་སྟེང་ན་གར་བྱེད་པ༔ ཤིན་ཏུ་བརྗིད་ཅིང་འཇིགས་པའི་ཚུལ༔ སྤྲུལ་པས་ས་གཞི་བར་སྣང་གང༔ མེ་ཕུང་འབར་ཞིང་རླུང་ནག་འཚུབས༔ གསོལ་བ་བཏབ་ན་དངོས་གྲུབ་སྩོལ༔ ཕྲིན་ལས་བཅོལ་ན་ཡིད་བཞིན་སྒྲུབ༔ རྦད་ན་དགྲ་དང་ཆོམ་རྐུན་བརླག༔ རྣལ་འབྱོར་བདག་གིས་རྩེ་གཅིག་ཏུ༔ མཆོད་ཅིང་བསྟོད་དོ་ལས་ལ་བཞེངས༔ རི་ལྟར་སྤུངས་པའི་དམར་གཏོར་དང༔ སྤྲིན་ལྟར་གཏིབས་པའི་འདོད་ཡོན་ཚོགས༔ མཚོ་ལྟར་འཁྱིལ་པའི་རཀྟར་བཅས༔ ཧེ་རུ་ཀ་དཔལ་དམ་ཚིག་འདི༔ དུར་ཁྲོད་བདག་པོས་དགྱེས་པར་བཞེས༔ དཀོར་ཆ་སྲུངས་ལ་ཇག་རྐུན་སྒྲོལ༔ ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ཡི་ཡུམ་མཆོག་མ་མོ་ནི༔ ཀེང་རུས་ལུས་ལ་ཁྲག་གི་མིག༔ རིན་ཆེན་ཐོད་པའི་རྒྱན་གྱིས་བརྒྱན༔ གཡས་པས་རྡོ་རྗེའི་དབྱུག་པ་འཕྱར༔ གཡོན་པས་ཁྲག་སྐྱོགས་ཡབ་ལ་སྟོབས༔ དར་གྱི་སྟོད་གཡོགས་གཟིག་ཤམ་ཅན༔ རོ་ཡི་སྟེང་ན་གར་བྱེད་ཅིང༔ སྤྲུལ་པས་ས་གཞི་སོགས༔ ཡབ་ཡུམ་ཐུགས་ཀར་ཀྵིཾ་ཡིག་བསྒོམ༔ བདག་གི་ཐུགས་ནས་འབར་བའི་འོད༔ འཕྲོས་ཏེ་སྲོག་གི་སྙིང་པོར་རེག༔ ཇི་ལྟར་བཀའ་བསྒོས་བསྒྲུབ་པར་བསམ༔ ཀྵཱིཾ་ཞེས་དྲག་ཏུ་བཟླས་ལ་བསྙེན༔ སྒྲུབ་པའི་སྙིང་པོ་འདི་ཡང་བཟླ༔ ཨོཾ་ཀུ་མ་ཀུ་མ་ཁུས་ཐིས་སྭཱ་ཧཱ༔ ཨོཾ་མ་མ་ར་ལི་པྲ་མ་ཡེ་ཛ་ཛ༔ ལས་སྦྱོར་ཇག་རྐུན་འཆིང་འདོད་ན༔ སརྦ་ཤཱ་ཏྲཱུན་ཙཽ་ར་ཙཀྵུཿམུ་ཁཾ་བྷནྡྷ་བྷནྡྷ་ཕཊ༔ ནོར་དང་ལོངས་སྤྱོད་འཕེལ་འདོད་ན༔ སརྦ་བཱ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་ཧོ༔ དྲག་ཏུ་བསྐུལ་ན་དམིགས་བྱ་ནི༔ ལིངྒར་དགུག་གཞུག་བསྒྲལ་ཅིང་བསྔོ༔ ཐུན་གཏོར་འཕང་ལ་བསྟོད་བསྐུལ་མཐར༔ བྷྱོ༔ དྲག་ཏུ་བསྐུལ་ཚེ་ཀེང་རུས་ལུས༔ ནམ་མཁའ་ཁྱབ་པར་གར་བྱེད་ཅིང༔ ཁྲོ་གཏུམ་འབར་འཁྲུགས་གསོད་ལ་དགའ༔ ནད་རིགས་བཞི་བརྒྱ་རྩ་བཞི་འགྱེད༔ དོ་ནུབ་དགྲ་བོའི་སྟེང་དུ་ཆོས༔ དགྲ་དཔུང་ཁ་ཕུང་རྗེས་མེད་ཐོངས༔ བགེགས་དཔུང་རྡུལ་ཕྲན་བཞིན་དུ་རློགས༔ དུས་ལ་བབ་པོ་ས་མ་ཡ༔ སྔགས་མཐར༔ ཨེ་ཧུར་ཐུམས་བྲེང་ཤག་བྲེང་ཤག་རྒྱུག་རྒྱུག་ཡཱ་ཡཱ༔ ཅེས་བསྐུལ་མེ་ཐུན་དང་བཅས་འཕང༔ དགྲ་ཇག་རྐུན་གསུམ་འཆིང་བྱེད་ཀྱི༔ རིག་པ་ཆུང་ངུའི་ཙཀྲ་ནི༔ འཁོར་ལོ་རྩིབས་བཞིའི་ལྟེ་བར་མིང༔ རྩིབས་ལ་ཀྵཱིཾ་བཞི་མུ་ཁྱུད་ལ༔ སྔགས་མཐར་སྤེལ་ཚིག་དེ་ཡི་ཕྱིར༔ མདའ་གཞུ་བྲི་ཞིང་རཀྟས་བྱུགས༔ རི་བོང་གསོན་པོའི་སྙིང་སྤུ་བཅས༔ དུར་ཁྲོད་བདག་པོར་བསྐྱེད་བསྟིམ་བྱ༔ དར་རམ་རས་ནག་ཁུད་དུ་དྲིལ༔ དྲོད་དང་མ་བྲལ་བཏགས་པ་ཡིས༔ དགྲ་ཇག་རྐུན་གསུམ་རིང་དུ་འཆིང༔ དེ་ལྟར་བསྙེན་སྒྲུབ་ལས་ཀྱི་ཚེ༔ མི་འབྲལ་འགྲོགས་པའི་བླ་རྡོ་ནི༔ དུང་དང་འགྲོན་བུར་ཀྵཱིཾ་ཡིག་ཁོང༔ ཧཱུྃ་དང་ཨ་བྲི་ཞིང་ལྤགས་དྲིལ༔ ཟངས་ཀྱི་སྒྲོམ་བུ་ཟླ་གམ་ནང༔ ནོར་སྣའི་ཕུད་དང་བཅས་ཏེ་བཅུག༔ མགོན་པོ་ཡབ་ཡུམ་དངོས་སུ་གསལ༔ དར་དམར་གྱིས་དྲིལ་ལུས་ལ་བཅང༔ མ་སྒྲུབ་པར་ཡང་ངང་གིས་འཁོར༔ སྲོག་གཏད་བྱ་ན་གཏོར་མ་ནི༔ ལྷར་གསལ་སློབ་མའི་ལག་ཏུ་གཏད༔ བསྟོད་བསྐུལ་ཐ་མར་ཚིག་འདི་གསོལ༔ ཁྱད་པར་རྡོ་རྗེའི་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རིག་འཛིན་བརྒྱུད་པས་བཀའ་བསྒོས་ལྟར༔ ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས༔ ས་མ་ཡ་སྨ་ར་རཀྵནྟུ༔ སྔགས་ཀྱི་ལུང་སྦྱིན་གཉིས་མེད་བསྟིམ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ དེས་ནི་བཀྲ་ཤིས་སྙིང་ཉེ་ཞིང༔ དངོས་གྲུབ་ཕྲིན་ལས་ཡིད་བཞིན་འགྲུབ༔ ས་མ་ཡ༔ དེ་ལྟར་མི་གཡོ་མགོན་པོ་ཡི༔ སྒྲུབ་པའི་ཐབས་དང་ཕྲིན་ལས་བཅས༔ སྔོན་ཆད་ས་སྟེང་མ་གྲགས་པ༔ བདུད་བཞིའི་དཔུང་ཚོགས་ཟིལ་གནོན་འདི༔ རང་བྱུང་པདྨའི་ཐུགས་ལས་ཤར༔ མངའ་བདག་རྗེ་འབངས་འཁོར་བཅས་ཀྱི༔ མི་མཐུན་འགལ་རྐྱེན་ཞི་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ རྣམ་གཡེང་བདུད་ཚོགས་འདུལ་བ་དང༔ ལས་ཅན་རྗེས་འཇུག་ཐམས་ཅད་ཀྱི༔ དངོས་གྲུབ་རྣམ་གཉིས་མཐར་ཕྱིན་ཕྱིར༔ གསང་བ་ཆེན་པོའི་ཚིག་ཏུ་བསྟན༔ མི་བརྗེད་གཟུངས་ཐོབ་དྷཱ་ཀི་ནཱིས༔ ངོ་མཚར་མཁའ་འགྲོའི་ཡི་གེར་ཐོབས༔ རིན་ཆེན་ས་ཡི་གཏེར་དུ་སྦོས༔ གཞན་དོན་ཕྲིན་ལས་ཀུན་ཁྱབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈ ཁ་ཐཾ༔ མནྟྲ་གུ་ཧྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ཤར་ཕྱོགས་ཀྱི་སྦས་གནས་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི་ཤོག་སེར་གྱི་བུ་དཔེ་ཕྱག་བྲིས་དངོས་ལས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཞལ་བཤུས་པ་ཛ་ཡནྟུ།། །།
ཟབ་པ་སྐོར་བདུན་ལས། དཔལ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོག་བསྒྲིག་རིག་འཛིན་རོལ་པའི་དགའ་སྟོན་ (Volume 32, Text 58)
༄༅། །ཟབ་པ་སྐོར་བདུན་ལས། དཔལ་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོག་བསྒྲིག་རིག་འཛིན་རོལ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་ཧེ་རུ་ཀ་བྷ་ས་མཱཔྟ་རཱ་ཛ་ཡ། ཀུན་རྫོབ་རིགས་ལྔའི་རྒྱལ་བ་ཟིལ་གནོན་ཅིང་། །ངེས་དོན་ཡེ་ཤེས་སྟོབས་གྱུར་མངོན་རྫོགས་རྒྱལ། །དཔལ་ཆེན་བླ་མའི་སྐུར་བསྟན་ཞབས་ཆུ་སྐྱེས། །ཚངས་གནས་ཅོད་པན་མཛེས་པའི་རྒྱན་དུ་བཅིང་། །ཐུན་མོང་རྐྱེན་ཟློག་ཀུན་ལས་ཟབ། ཁྱད་པར་སྙིགས་མའི་དལ་ཡམས་རྒྱུ། །བཅོས་ཐབས་འཕྲད་ཆོག་འདིར་འཇུག་པའི། །སྒོ་འཕར་སྨིན་བྱེད་ལག་ལེན་དབྱེ། །དེའང་སྔོན་ཆད་ཐེག་པ་རིམ་འཇུག་གི་དབང་གིས་མ་སྨིན་པ་ཡིན་ན་གཏེར་གཞུང་ནས་གསུངས་པ་ལྟར། ཡོ་ག་ཕྱི་ནང་། མ་ཧཱའི་དབང་རྣམས་སྔོན་དུ་འགྲོ་དགོས་ཀྱང་། དཀྱིལ་འཁོར་གཞན་དུ་ཞུགས་ཟིན་པ་ལ་དེ་དག་མི་དགོས་ཤིང་། འདི་ཉིད་སྒེར་དུ་བསྐུར་བའི་ཚེ་རྒྱས་པར་སྤྲོ་ན་ཟབ་བདུན་སྤྱི་འགྲོ་ལྟར་སྒྱུ་འཕྲུལ་ལྕགས་བྱང་མ་ལས་གསུང་པའི་ས་ཆོག་སྟ་གོན་རྣམས་ཀྱང་བྱས་ན་ལེགས་ལ། དཀྱུས་ཙམ་ལ་མ་བྱས་ཀྱང་རུང་བར་གསུངས་པས་ལག་ལེན་མདོར་བསྡུས་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། གནས་ཁང་གཙང་མར་རྟེན་བཀྲམ་པའི་མདུན་དུ་སྟེགས་བུར་དཀྱིལ་འཁོར་གཞུང་མཐུན་རས་བྲིས་ལྟ་བུ་བཀྲམ་པའི་དབུས་སུ་འཕྲུལ་སྟེགས་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་སྨུག་ཁ་རྒྱན་གཟུངས་རྡོར་གྱིས་སྤྲས་པ་བཀོད། ཕྱོགས་བཞིར་གཙོ་འཁོར་གྱི་སྐུ་ཙཀ །རིགས་བཞིའི་ཕྱག་མཚན་སོ་སོ་བ། དབུ་རྒྱན། རྡོ་རྗེ། དྲིལ་བུ། རཀྴའི་ཕྲེང་བ། སྔགས་བྱང་། བྱོལ་སོང་ཁྲི་གདན་དང་དུར་ཁྲོད་དཔལ་ཆས་ཀྱི་ཙཀླི། ཤ་སོགས་བཟའ་བ། ཁྲག་ཆང་བཏུང་བ་སྣོད་དུ་བཤམས་པ། གསང་དབང་ཐོད་ཆང་། རིག་ཙཀ །རལ་གྲི་སོགས་མཚོན་ཆ་རྣམས་དང་། མདུན་ངོས་སུ་སྣོད་གཙང་མར་རི་རབ་བང་རིམ་བཅུ་གསུམ་པའི་སྟེང་དུ་དཔལ་གཏོར། དེའི་གཡས་གཡོན་སྨན་རཀ །མདུན་རྒྱབ་ཏུ་ཁྲག་ཀོང་དང་མར་མེ་བཞག །བང་རིམ་རྣམས་ལ་མཆོད་རྫས་ཕྱག་མཚན་གཟུགས་འགྲོས་སོགས་པར་བཏབ་པས་བསྐོར། རྒྱན་ཅི་མཛེས་དང་ནམ་མཁའ་གཟུག །མདའ་འཕང་སོགས་ཀྱང་མཚོན་བྱེད་གྲུབ་ན་ལེགས་པས་གང་འབྱོར་བྱས་པ་བཞག །རྒྱབ་ངོས་སུ་སྨན་རཀ་གཏོར་གསུམ་ཕྱི་མཆོད་བསྐོར་བཤམ་བྱ། གཞན་ཡང་ལས་བུམ། མིག་དར་མེ་ཏོག །བསང་ཆུ། སྔོན་གཏོར་ཚོགས་ཀྱི་ཡོ་བྱད། གཏེར་སྲུང་གཏོར་འབུལ་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །དབང་དོན་སྒྲུབ་མཆོད་ནི། ཚིག་བདུན་སྔོན་དུ་འགྲོ་བས་བརྒྱུད་འདེབས་དང་དཀར་གཏོར་སྐྱབས་སེམས་བགེགས་གཏོར་གཏང་བ་རྣམས་སོང་ནས། ཟབ་བདུན་སྤྱི་ཆིངས་ཀྱི་བགེགས་བསྐྲད་ནས་བརྩམ་ཏིང་འཛིན་རྣམ་གསུམ་ཡན་སོང་ནས། གཏེར་གཞུང་གི་ཕྲིན་ལས་མ་མོ་རོལ་པ་ལྟར་བདག་མདུན་ཆིག་རྫོགས་སུ་བསྐྱེད་ལ་ཁ་སྐོང་རྣམས་སྦྱར་ཏེ་ལས་གཞུང་ཆ་ཚང་བསྟོད་པའི་བར་བཏང་། ཛཔ྄་ཁང་ཕྱེས་ལ་རྩ་བའི་སྒྲུབ་ཐབས་ནང་ལྟར་བཟླས་པའི་འཕྲོ་འདུ་གསལ་བཏབ་སྟེ་སྙིང་པོ་ཅི་ནུས་བཟླ། བུམ་དཀྱིལ་གསལ་འདེབས་དང་། འཕྲོ་འདུ་སྤྱི་ལྟར་བྱས་ལ་གཟུངས་ཐག་བླངས་ཏེ་བུམ་བཟླས་མཐར་སྟོང་ཚིགས་མཆོད་བསྟོད་ཕུལ། དུང་ཆུ་འབྲུ་གསུམ་གྱིས་བུམ་པར་བླུགས་ལ་ལྷ་འོད་ཞུ་བྱ། ལས་བུམ་དུ་ཁྲོ་མོ་དབྱིངས་ཕྱུག་མའི་བསྐྱེད་བཟླས་ཀྱིས་བྱིན་བརླབ། གཏོར་མ་གསེར་སྐྱེམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ་མ་མོའི་གསོལ་ཁ་གཏང་། བཀའ་སྲུང་གཏོར་འབུལ་དང་། ཕྲིན་ལས་མཇུག་གི་སྤྱི་ཆིངས་ལྟར་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་ཀྱི་བར་དུ་སོང་ནས་རིག་པའི་མེ་ཏོག་དོར་བས་བདག་ཉིད་ཞུགས་ཏེ་གནང་བ་ནོད་དོ། །གཉིས་པ་དངོས་གཞི་ལ་གཉིས། འཇུག་པའི་ཆོས་དང་། དངོས་སོ། །དང་པོ་ནི། སློབ་མ་རྣམས་སྒོར་ལས་ཆུས་ཁྲུས་བྱ། བགེགས་གཏོར་གཏང་ཞིང་བཀའ་བསྒོས་ཏེ་སྲུང་འཁོར་བསྒོམས་ལ་མཚམས་བཅད། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ་ཆོས་བཤད་དང་མཚམས་སྦྱོར་ཁྱད་པར། དེ་ལ་འདིར་གསང་སྔགས་སྔ་འགྱུར་བའི་ཕྱོགས་སུ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་དབྱེ་བའི་ཕྱི་མ་ལ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་དང་། དེ་རེ་རེ་ལའང་རྒྱུད་ལུང་མན་ངག་གི་རིམ་པ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པའི་ནང་ཚན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐུན་མོང་གི་དཀྱིལ་འཁོར་སྟོན་པ་མ་མོ་རྦོད་གཏོང་ལ། སྤྱི་རྒྱུད་མ་མོ་འབུམ་ཏིག་རྩ་བའི་རྒྱུད་ཕྱི་མ་དང་བཅས་པའི་མ་མོ་སྲིད་པ་བེམ་ཆེན། གསང་བ་གཏན་ཚིགས་ལེའུ་འབུམ་པ་ལ་སོགས་པ་དང་། བྱེ་བྲག་སྐུ་རྒྱུད་འབུམ་ཏིག །གསུང་རྒྱུད་ལམ་དང་ལས་རྒྱུད། ཐུགས་རྒྱུད་མ་མོ་གསང་མཛོད་ལ་སོགས་པ་དང་། སྒོས་རྒྱུད་དཀར་མོ་སྐུའི་རྒྱུད་དགུ །སྨུག་མོ་གསུང་གི་རྒྱུད་ལྔ། དམར་མོ་ཐུགས་ཀྱི་རྒྱུད་བདུན། སེར་མོ་ཡོན་ཏན་དང་ལྗང་མོ་ཕྲིན་ལས་ཀྱི་རྒྱུད་མཐའ་ཡས་པ་དང་། མངོན་རྫོགས་རྒྱལ་པོ་མདོའི་ལུང་ཆེ་ཆུང་དཔག་ཏུ་མེད་པ་བཞུགས་པ་རྣམས་དབྱིངས་ཀྱི་རིག་འཛིན་དྷ་ན་སཾསྐྲྀཏ་ལ་བཀའ་བབས་པས་གསང་སྔགས་ཀྱི་ལམ་ཐམས་ཅད་རྩ་རླུང་རྣམ་དག་གི་དགོངས་པར་གཏན་ལ་ཕབ། དེ་ལས་ཀུན་འདུས་རིག་འཛིན་ཆེན་པོ་མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་གྱིས་གསན་པའི་ཚུལ་བསྟན་ཏེ་གངས་ཅན་གྱི་ལྗོངས་སུ་མངའ་བདག་ཡབ་སྲས་སོགས་སྐལ་ལྡན་རྗེ་འབངས་སྤྱི་དང་། ཁྱད་པར་བཀའ་བབས་སྙིང་གི་བུ་དགུ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྨིན་གྲོལ་སྤྱི་དང་བྱེ་བྲག་རྣམས་བསྩལ་པའི་སྐབས། མ་མོའི་རྒྱུད་ལུང་ལ་བརྟེན་པའི་གདམས་སྐོར་རྣམས་གཙོ་བོར་འབྲོག་མི་དཔལ་གྱི་ཡེ་ཤེས་ལ་གནང་བས་དེ་ཉིད་ཀྱི་སྒོ་ནས་དངོས་གྲུབ་བརྙེས་ཏེ་ཏིང་འཛིན་གཅིག་གིས་ཉིན་ཞག་མང་པོ་འདའ་བ་དང་སྣང་སྲིད་ཀྱི་མ་མོ་བྲན་དུ་ཁོལ། གདམས་པའི་སྐོར་རྣམས་ཕྱི་རབས་གདུལ་བྱའི་དོན་དུ་ཟབ་མོའི་གཏེར་དུ་སྦ་བར་རྗེས་སུ་གནང་བ་བཞིན་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་གྱིས་བརྡའི་ཡི་གེར་བཀོད་ནས་རྗེ་འབངས་སོ་སོའི་དབང་སྐལ་དང་མཐུན་པར་བོད་ཡུལ་གྱི་མཐའ་དབུས་ཀུན་ཏུ་རྒྱས་བཏབ། ཡར་འབྲོག་གཉན་གྱི་གཏེར་སྟོན་ར་ཤག་བསོད་ནམས་རྡོ་རྗེས་མ་མོ་སྒང་ཤར་སྤྱན་དྲངས་པས་མཚོན་ལས་འཕྲོ་ལྡན་པ་རྣམས་ཀྱིས་གནས་དུས་དང་འཚམ་པར་འགྲོ་དོན་མཛད་པ་ལས། སྐབས་སུ་བབས་པ་འདི་ནི། ལྷ་སྲས་མུ་རུབ་བཙད་པོའི་ཡང་སྲིད་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་འོག་མིན་ཀརྨའི་དམ་ཅན་བྲག་གི་གཡས་ངོས་ནས། གནམ་ལྕགས་ཀྱི་ཕུར་སྒྲོམ་སྤྱན་དྲངས་པ་ལས་ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་གཏན་ལ་ཕབ་པའི་གསང་ཆེན་ཟབ་པ་སྐོར་བདུན་གྱི་ནང་ཚན། ཐུན་མོང་རྐྱེན་ཟློག་པ་ལ་ཟབ་པར་བསྔགས་པ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་མདོའི་དགོངས་དོན་སྲིད་པ་མ་མོ་རོལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ཞེས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །འདི་ལྟར་མ་དག་པའི་དངོས་པོར་འཛིན་པ་ལ་གསང་སྔགས་ཟབ་མོ་འཆད་པའི་སྣོད་དུ་རུང་བ་མ་ཡིན་པས། ས་ཕྱོགས་འདི་དག་འོག་མིན་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོར་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་སྐུར་གསལ་བ་དང་། ཁྱེད་རང་རྣམས་ཀྱང་དཔལ་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་རྣམ་པས་འཁོད་པར་མོས་ཤིག །སྔོན་ཆད་མ་རིག་པའི་སྒྲིབ་པས་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་རས་ཡུག་དམར་པོས་གདོང་གཡོགས་པར་མོས་ཤིག །ཨོཾ་ཙཀྵུརྦནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ། ཞེས་པས་མིག་དར་དང་། སླད་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་པ་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་ཐོགས་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ། ཞེས་མེ་ཏོག་སྦྱིན། གསོལ་བ་གདབ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པ་ལ་མོས་གུས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། མགོན་པོ་སངས་རྒྱས་ཀུན་བདག་ཉིད༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ཕྱིར༔ གསང་སྔགས་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་གསུམ། དྲིས་ལན་ནི། སློབ་དཔོན་གྱིས། གསང་སྔགས་དོན་དུ་གཉེར་བ་ཡི༔ སྐལ་བཟང་ཁྱོད་ནི་ཅི་ལ་དགའ༔ ཞེས་དྲིས་པ་ལ་ལན་བཏབ་པ་འདིའི་རྗེས་ཟློས། སྐལ་པ་བཟང་པོ་བདག་ཉིད་ནི༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དཀྱིལ་འཁོར་ཆེན་པོ་དག་ལ་དགའ༔ སྙིང་པོའི་ཡེ་ཤེས་མྱུར་གནང་གསོལ༔ ལུས་དབུལ་བ་ནི། ཁྱེད་རང་རྣམས་ལོངས་ལ་ཐལ་མོ་སྤྱི་བོར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མངོན་དུ་ཐོབ་པ་དང་། ཐོབ་པའི་སྣོད་དུ་རུང་བ་དང་། སེམས་ཅན་གྱི་དོན་མཐར་ཕྱིན་པའི་སླད་དུ་འདས་པའི་སངས་རྒྱས་རྟོགས་པ་མངོན་གྱུར་རྣམས་དང་། ད་ལྟའི་སངས་རྒྱས་བླ་མ་དང། མ་འོངས་པའི་སངས་རྒྱས་སེམས་ཅན་ཏེ་དུས་གསུམ་གྱི་རྒྱལ་བ་ལ་ལུས་དབུལ་བའི་མོས་པ་འདིའི་རྗེས་ཟློས། ན་མ་སཏྲེ་ཀཱ་ཡ་དྷཱི་ཀཱ་ནཱཾ༔ སརྦ་ཏ་ཐཱ་ག་ཏ་མ་མ་ཀཱ་ཡ་པཱུ་ཛ་ཧོ༔ བགེགས་བསྐྲད་པའི་སྔོན་འགྲོ་ཚེ་སྲུང་བ་ནི། སློབ་བུའི་དུང་ཁང་ཟླ་གམ་སྒོ་གཅིག་པའི་ནང་དུ་ཚེ་མི་འགྱུར་བར་བྷྲཱུྃ་ཧཱུྃ་ཡིག་གིས་རྒྱས་བཏབ་པར་གྱུར༔ བྷྲཱུྃ་ཧཱུྃ་ཏྲུཾ༔ ལག་གཉིས་ཁུ་ཚུར་མཛུབ་མོ་བརྐྱང་པ་བསྣོལ་ཏེ་སྤྱི་བོར་སྟེང་འོག་རེས་མོས་སུ་བཞག །སློབ་དཔོན་ཞེ་སྡང་རྡོ་རྗེར་གསལ་བའི་སྐུ་ལས་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་འཕྲོས་པས་སློབ་བུའི་ལུས་ཟང་ཐལ་དུ་འབིགས་ཤིང་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ༔ གུ་གུལ་ཡུངས་ཐུན་སོགས་ཀྱིས་བསྐྲད། སྒྲིབ་པ་སྦྱོང་བ་ནི། སློབ་དཔོན་གྱི་ཐལ་མོ་གཡས་པ་ཉི་མ་གཡོན་པ་ཟླ་བའི་དཀྱིལ་འཁོར་དུ་གསལ་བའི་གཡས་པར་ཡབ་ལྔའི་ས་བོན། གཡོན་པར་ཡུམ་ལྔའི་ས་བོན་ཏེ་ཡིག་འབྲུ་བཅུ་པོས་མཚན་པ་རྣམས་ལས་འོད་ཟེར་འཕྲོས་པས། སློབ་བུའི་སྡིག་སྒྲིབ་དབང་གི་གེགས་རྣམས་སྦྱང་བར་གྱུར། ཐལ་མོ་སྦྱར་ཞིང་སྤྲུགས་ལ། ཨེ་ཝཾ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ༔ ཏིལ་སྦྱོང་ནི། མེ་ལོང་ཏིལ་ནག་ལ་རླུང་འབུད། མེ་ཆུ་འདུ་བྱས་ལ། ཁྱེད་རང་རྣམས་ཀྱི་ལྟེ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་རཾ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ། སྙིང་གར་ཀཾ་ཡིག་ནག་པོ་ལ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འདུས་པས་སྡིག་པའི་གཟུགས་སུ་གྱུར་པ་བར་རླུང་དགང་བའི་རྐྱེན་གྱིས་རླུང་གཡོས། གཏུམ་མོ་སྦར། སྡིག་པ་དེ་དག་སྣ་སྒོ་ནས་ཐོན། མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ཏིལ་ནག་མཐེབ་སྲིན་གྱིས་བླང་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར་ནས་མེ་ཆུར་སྦྱངས་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡེ་སྭཱ་ཧཱ། གཡས་སུ་ཡེ་ཤེས་ཀྱི་མེར་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བས་བྱང་ཞིང་དག་པར་གྱུར། གོ་བགོ་བ་ནི། སློབ་བུ་སྒྲིབ་པ་དང་བྲལ་བའི་ལུས་འོད་ཀྱི་གོང་བུ་ལས་དཔལ་ཧེ་རུ་ཀའི་སྐུར་གྱུར་པའི་གནས་དྲུག་དང་། དཔྲལ་བ་ལ་སོགས་པའི་གནས་ལྔར་ཕྱག་མཚན་རྣམས་ཀྱི་གོ་དང་ལྡན་པར་གྱུར། སྤྱི་བོར། ཀྲིཾ་ཏྲུཾ༔ ལྟག་པར། ཧཱུྃ་ཏྲུཾ༔ སྙིང་གར། སྲུཾ་ཏྲུཾ༔ ལྟེ་བར། པྲཾ་ཏྲུཾ༔ གསང་བར། ཀྵཾ་ཏྲུཾ༔ རྐང་མཐིལ་དུ། ཡེ་ཏྲུཾ༔ དཔྲལ་མགྲིན་སོགས་སུ། ཨོཾ་ཏྲུཾ༔ ཧཱུྃ་ཏྲུཾ༔ ཏྲཱཾ་ཏྲུཾ༔ ཧྲཱིཿཏྲུཾ༔ ཨཱཿཏྲུཾ༔ ཞེས་བརྗོད་ལ་སྔར་བཤད་ཕྱག་རྒྱས་རིམ་པར་དགྲམ། དཀྱིལ་འཁོར་གྱི་ལྷ་ལ་གསོལ་ཞིང་ཞུ་བ་ནི། སློབ་དཔོན་བཞེངས་ལ། ཧཱུྃ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་པ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ སྙིང་པོའི་དཀྱིལ་འཁོར་འཇུག་འདོད་ཅིང༔ བདེ་བ་ཆེན་པོར་མོས་པ་དང༔ གདུག་པ་ཅན་རྣམས་བསྒྲལ་འདོད་པའི༔ སྐལ་བར་ལྡན་པའི་སློབ་མ་ལ༔ སྔར་གྱི་ཁྱོད་ཀྱི་མཐུ་བཞིན་དུ༔ ཁྲག་འཐུང་འཁོར་ལོ་བསྐྱེད་ལྟར་སྩོལ༔ ཞེས་གསོལ་བ་ལ་གཙོ་བོའི་ཞལ་ནས། རྡོ་རྗེ་རྒྱལ་པོ་དགོངས་སུ་གསོལ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་འདིར༔ འབར་བ་གཏུམ་ཆེན་རྔམ་པའི་ཚོགས༔ ཁྲོས་པའི་ཚུལ་དུ་སྐུར་སྟོན་པ༔ ཞེ་སྡང་ཅན་རྣམས་འདི་ལ་སྤྲོ༔ ཞེ་སྡང་རྡོ་རྗེ་འདིར་བོས་ཤིག༔ ཅེས་གནང་བ་བསྩལ་པར་གྱུར། དམ་ཚིག་འབོགས་པ་ནི། གཏུམ་ཆེན་འབར་བའི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་དམ་ཚིག་མ་བསྲུང་ན༔ ན་རཀ་གནས་ནས་ཐར་དུས་མེད༔ སྒྱུ་འཕྲུལ་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང༔ དེ་ཡི་དངོས་གྲུབ་ཁྱད་པར་ཉེ༔ སྐབས་འདིར་ཤེས་ཤིང་སྤྲོ་ན་དམ་ཚིག་ཉེར་བརྒྱད་རྒྱས་པར་བཤད། རྒྱུད་ལས་ཇི་སྐད་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ལྷ་དང་སློབ་དཔོན་དགོངས་སུ་གསོལ༔ དེ་རིང་བུ་ཡི་དཔང་པོ་མཛོད༔ མི་སྤང་དང་ལེན་ཤེས་བྱ་དང་། བསྒྲུབ་པར་བྱ་དང་སྤྱད་པར་བྱ༔ ཉི་ཤུ་ལྔ་དང་ཁྱད་པར་དུ༔ སྐུ་ལྔ་གསུང་གསུམ་ཐུགས་བཅུ་དང༔ མི་བསྲུང་སྲུང་བ་ཆེན་པོ་རྣམས༔ ཆོས་སྐུའི་རྒྱལ་སྲིད་མ་ཐོབ་བར༔ བདག་གིས་ཡོངས་སུ་བཟུང་བར་བགྱི༔ སློབ་དཔོན་གྱིས་བཀའ་བསྒོ་བ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་གཞུག་ཅིང་སྨིན་པར་བྱ༔ རྡོ་རྗེ་གསོར་ཞིང་སྤྱི་བོར་བཞག་ལ། ཨོཾ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ལ་བརྙས་པར་མ་བྱེད་ཅིག༔ ཉམས་ན་དམྱལ་བར་ལྟུང་འགྱུར་བས༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨོཾ་བཛྲ་ས་མ་ཡ་ཏིཥྛ་ལྷན༔ རྡོ་རྗེ་མགྲིན་པར་བཞག་ལ། ཨཱ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ཡིས་བསྒོ་བའི་བཀའ་ལ་ཉོན༔ བླ་མེད་ཡང་གསང་དཀྱིལ་འཁོར་འདི༔ དེ་རིང་ཕྱིན་ཆད་དམ་མེད་ལ༔ རླུང་ཕྱོགས་ཙམ་ཡང་སྨྲ་མི་རུང༔ ཉམས་ན་དམྱལ་བར་ལྟུང་བར་འགྱུར༔ ང་ལ་གུས་པ་ཚུལ་བཞིན་གྱིས༔ ཨཱཿབཛྲ་ས་མ་ཡ་ཏིཥྛ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ང་ནི་ཧེ་རུ་ཀ་དཔལ་ཡིན༔ ང་ལ་ལོག་པར་ལྟ་བ་ནི༔ སྐད་ཅིག་ཙམ་ཡང་བྱ་མི་རུང༔ ཉམས་ན་དམྱལ་བའི་གནས་སུ་ལྟུང༔ ང་ཡི་ཡོན་ཏན་དྲན་པར་གྱིས༔ ཧཱུྃ་བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཕྲེང་བ་བཅས་པའི་རྡོ་རྗེ་མགོར་བཞག་ལ། དམ་ཚིག་ཆེན་པོ་འདི་བསྲུང་གཅེས༔ མ་བསྲུང་ན་རཀ་གནས་སུ་ལྟུང༔ ཁྲི་དྲུག་སྡུག་བསྔལ་མྱོང་བར་འགྱུར༔ དེ་བས་དམ་ཚིག་ཐུབ་པར་བསྲུང༔ ཚུལ་བཞིན་བསྲུང་བར་ནུས་པ་ཡིས༔ བསྒོམ་དང་སྒྲུབ་པར་མ་བྱས་ཀྱང༔ འཆི་བའི་དུས་བྱེད་གྱུར་པ་ན༔ ཆོས་སྐུའི་རྒྱལ་སྲིད་ཐོབ་པར་འགྱུར༔ ཨེ་མ་སྐལ་ལྡན་དམ་ཚིག་སྲུངས༔ ས་མ་ཡ་ན་ར་ཀན༔ སྔར་བྱིན་གྱིས་བརླབས་པའི་ཐོད་ཆུ་བྱིན་ལ་ཆུ་ནན་བྱ་བ་ནི། ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ གལ་ཏེ་དམ་ཚིག་ཉམས་གྱུར་ན༔ རཀྴ་ལྕགས་སྡིག་མགོ་དགུ་པས༔ ཁྱོད་ཀྱི་སྙིང་ནི་འཇིབ་པར་འགྱུར༔ སྲོག་གཅོད་དམྱལ་བའི་གནས་སུ་ཁྲིད༔ དམ་ཚིག་མཆོག་ཏུ་བསྲུངས་བ་ན། ཡེ་ཤེས་སེམས་དཔའ་ཚོན་གང་བ༔ སྙིང་ལ་ཡང་དག་གནས་ནས་ཀྱང༔ ཐར་པའི་གནས་སུ་ཁྲིད་པར་བྱེད༔ དེ་བས་མཆོག་ཏུ་འདི་ཐུངས་ཤིག༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་བཛྲ་པཉྩ་ཨ་མྲྀཏ་ཋཿཋཿཋ༔ དེ་ལྟར་དམ་ཚིག་རྡོ་རྗེའི་ཆུ་འདི་སྙིང་གི་དབུས་སུ་བབས་ནས་དམ་ཚིག་མ་བསྲུང་ན་ལྕགས་སྡིག་མགོ་དགུ་པར་གྱུར་ནས་འདི་ཕྱིར་སྡུག་བསྔལ་མྱོང་བར་བྱེད་ལ། དམ་ཚིག་བསྲུངས་ན་རྡོ་རྗེ་སེམས་དཔར་གྱུར་ནས་བྱིན་གྱིས་བརླབ་ཅིང་དགེ་དགུ་དང་སྨོན་བརྒྱད་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་མཆོག་ཏུ་མི་བསྲུང་ན༔ ད་ལྟ་ཉིད་དུ་དྲལ་ཏེ་གཤེགས༔ དེ་བས་དམ་ཚིག་བསྲུང་བ་ལ༔ བུ་ཁྱོད་སྙིང་ནས་བྲོ་བོར་ཅིག༔ དེ་ལྟར་བསྒོས་པའི་བཀའ་ལས་མི་འདའ་བའི་བློས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། རྡོ་རྗེ་འཇུར་བཅུག་ལ། ཧེ་རུ་ཀ་དཔལ་བཤད་པ་ཡི༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང༔ གལ་ཏེ་བདག་གིས་ཉམས་གྱུར་ན༔ དུས་གསུམ་རྒྱལ་བའི་རྡོ་རྗེ་ཡིས༔ བདག་གི་མགོ་བོ་འགེམ་པར་ཤོག༔ བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ མེ་ཏོག་དོར་བ་ནི། རིགས་ལྔའི་ཕྱག་མཚན་བྲིས་པའི་དཀྱིལ་འཁོར་འདུ་བྱས་ལ། ངས་ནི་ཧེ་རུ་ཀ་དཔལ་གྱིས༔ གསང་སྔགས་གསུངས་པ་ཚུལ་བཞིན་བཤད༔ ཁྱོད་ཀྱིས་རིགས་ནི་བརྟགས་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ དཀྱིལ་འཁོར་ལ་གཡས་སུ་བསྐོར་ཏེ་མེ་ཏོག་ཤར་སྒོ་ནས་དོར་བའི་མོས་པ་དང་། དངོས་སུ་མཎྜལ་གྱི་རྭ་བར་དཔལ་ཆེན་ཁྲག་འཐུང་རིགས་ལྔའི་ལྷ་ཚོགས་ཚོམ་བུ་དང་བཅས་པ་གསལ་བར་བཞུགས་པ་ལ། སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་ལ་ཕོག་པར་ཤོག་ཅིག་པའི་འདུན་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་བར་ཞུ། བསྐལ་པ་སྔོན་ནས་གང་འབྲེལ་བའི༔ རིགས་ཀྱི་དཀྱིལ་འཁོར་དེ་ཉིད་ལ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ ཡི་དམ་ལྷ་དང་འཕྲད་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར་བས་དབུས་སུ་བབས་ན་རྡོ་རྗེ་དྲག་པོ་རྩལ། ཤར་དུ་ཡེ་ཤེས་དྲག་པོ་རྩལ། ལྷོ་རུ་རཏྣ་དྲག་པོ་རྩལ། ནུབ་ཏུ་པདྨ་དྲག་པོ་རྩལ། བྱང་དུ་ཀརྨ་དྲག་པོ་རྩལ། མོ་ལ་རྡོ་རྗེ་དྲག་མོ་རྩལ་སོགས་རིག་པས་འཕྲུལ་ལ་བཏགས་ཏེ། རང་རིགས་ཀྱི་ལྷས་བཞེས་ཏེ་སླར་ཡང་དབང་རྟགས་ཀྱི་ཚུལ་དུ་ཅོད་པན་སྤྱི་བོར་བཅིངས་པར་མོས་ཤིག །ཧེ་རུ་ཀ་ཡི་དཀྱིལ་འཁོར་འདིར༔ མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ལྷ་རུ་ངོ་འཕྲོད་དེ༔ རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ གུ་ཧྱ་ཛྙཱ་ནའི་མཐར། བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སརྦ་སིདྡྷི་སཏྭཾ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ ཞེས་ཅོད་པན་སྤྱི་བོར་བཞག །ལྷ་དབབ་པ་ནི། ཁྱེད་རང་ལུས་གནད་དྲང་པོར་བསྲང་། རླུང་རང་བབས་སུ་ཞོག་ལ་དམིགས་པ་འདི་ལྟར་དུ་མཛོད་ཅིག །སྙིང་གི་ནང་དུ་སྔར་དམ་ཚིག་གི་ཆུ་ནན་བྱས་པ་དེ་ཉིད་ཡེ་ཤེས་པ་ཧེ་རུ་ཀ་མཐིང་ནག་ཚོན་གང་བ་ཞལ་ཕྱག་ཕྱག་མཚན་ཡོངས་སུ་རྫོགས་པར་འབར་ཞིང་གསལ་བ་ལ་རིག་པ་གཏད་དེ་སྐད་ཅིག་ཀྱང་མ་ཡེངས་པ་གྱིས་ཤིག། སློབ་དཔོན་ལ་མོས་གུས་དུང་བྱས་པའི་རྐྱེན་གྱིས་ལྷ་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་རྣམས་ཁ་ཆར་བབས་པ་ལྟར་བྱོན། སློབ་བུའི་སྙིང་ཁ་ཕྱེས་པའི་སྒོ་ནས་ཞུགས། ཡེ་ཤེས་སེམས་དཔའ་ལ་ཐིམ་ཞིང་ལུས་ཀྱི་ནང་ཐམས་ཅད་མེར་ཁྲིག་གེར་གང་བར་གྱུར། སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤཱ་ཨཱ་བེ་ཤ༔ ཞེས་བརྗོད། རོལ་མོ་དྲག་ཏུ་དཀྲོལ། ཤ་ཆེན་དང་གུ་གུལ་སྦྱར་བ་བདུག་པས་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པ་ཕེབས་པའི་རྟགས་འབྱུང་ངོ་། །དབྱེ་བ་གཉིས་ལས་མིག་དབྱེ་བ་ནི། མ་རིག་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཐབས་མཁས་རྒྱལ་པོ་དགོངས་སུ་གསོལ༔ ཧེ་རུ་ཀ་དཔལ་བལྟ་བྱའི་ཕྱིར༔ སྔོན་གྱི་རྒྱལ་བས་མཛད་པ་བཞིན༔ མ་རིག་མིག་ནི་དབྱེ་རུ་གསོལ༔ ཞེས་ཞུ། དབང་ཕྱུག་གི་ཐུགས་ཀ་ནས་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་ཏེ། བུའི་མ་རིག་པའི་ལིང་ཏོག་བསལ་བས་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པར་མོས་ཤིག །ཐུར་མ་ཐོགས་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས༔ མིག་འབྱེད་པར་ནི་བརྩོན་པར་མཛད༔ ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ༔ ཡེ་ཤེས་མིག་དང་ལྡན་པར་འགྱུར༔ ཛྙཱ་ན་བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་བསལ། སྒོ་དབྱེ་བ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་སོང་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་ལ་འཇུག་པའི་ཕྱིར་སྒོ་དབྱེ་བ་ནི། དབང་ཕྱུག་གི་ཐུགས་ཀ་ནས་ལས་ཀྱི་ཧེ་རུ་ཀ་འཕྲོས་ཏེ་སྒོ་སྲུང་ལ་བསྐུལ་ནས་ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེས་པར་མོས་ཤིག །ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ རྡོ་རྗེའི་སློབ་མ་གཞུག་བྱའི་ཕྱིར༔ ཡེ་ཤེས་སྐུ་མངའ་སྒོ་བ་ཡིས༔ རྣམ་ཐར་ཐུགས་རྗེའི་སྒོ་དབྱེ་འཚལ༔ བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བསྟན་ནས་ངོ་སྤྲད་པ་ནི། རྡོ་རྗེའི་ཕྱག་ཤིང་གིས་མཚོན་ཏེ། འདི་ན་སྙིང་པོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་འདི་རྣམས་ཡེ་ནས་རང་བཞིན་རྣམ་པར་དག་པ་དྭངས་གསལ་སྒྲིབ་མེད་དུ་བཞུགས་ཤིང༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕོ་བྲང༔ ཡུམ་གྱི་མཁའ༔ བླ་ན་མེད་པ་བདེ་བའི་ཡེ་ཤེས་ཀྱི་རྒྱན་ཐམས་ཅད་ཀྱིས་འཐུག་པོར་བརྒྱན་པ༔ གཞི་ལྷུན་གྱིས་གྲུབ་པ༔ ལམ་རྣམ་པར་སྦྱང་བའི་གདན་ཁྲི་རྣམས་ཀྱི་སྟེང་དུ༔ གཞི་ལ་འབྲས་བུ་སྨིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ༔ རབ་ཏུ་ཤེས་པ་དང༔ རྟོགས་པ་ཙམ་གྱིས་འབྲས་བུ་བླ་ན་མེད་པ་སྐྱེད་པར་བྱེད་པ་ལགས་པས་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་དང་ལྡན་པར་གྱིས་ཤིག༔ བསྐྱེད་རིམ་འབོགས་པ་ནི། ཁྱོད་ཀྱིས་དཔལ་ཆེན་ཧེ་རུ་ཀ་དཀྱིལ་འཁོར་དབུས་ནས་མཐོང་བ་འདི་ལྟ་བུ་སྣང་སྟོང་སྒྱུ་མ་ཙམ་དུ་བསྒོམ་པ་དང༔ གཞན་ཡང་འཁོར་གྱི་ལྷ་རྣམས་དང་ཕོ་བྲང་འདི་ལྟ་བུ་བསྒོམ་པས་ཁྱོད་དུས་འདི་ཉིད་དུ་སྙིང་པོའི་དཀྱིལ་འཁོར་ལྟ་བུར་ལྷུན་གྱིས་གྲུབ་པར་གདོན་མི་ཟའོ༔ ཞེས་གདམས། ཕྱག་བྱ་བ་ནི། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཕྱག་བྱས་པས་ཕྱོགས་རེ་རེ་བཞིན་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་ལ་ཐལ་མོ་གནས་གསུམ་དུ་སྦྱོར་ལ་འདིའི་རྗེས་ཟློས། ཨོཾ་ན་མ་སྟེ་ཧཱུྃ༔ ན་མཱ་མི་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ ལན་བཞི་བརྗོད། དེ་རྣམས་ཀྱིས་སྔོན་འགྲོ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་པ་ལགས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ༔ བདག་ལ་ཐུགས་རྗེས་བརྩེ་བར་དགོངས༔ ཉོན་དག་ཡེ་ཤེས་བསྐྱེད་པ་ཡི༔ དབང་བསྐུར་བ་ནི་བསྩལ་དུ་གསོལ༔ ལན་གསུམ། གཉིས་པ་དབང་དངོས་ལ་གསུམ། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་བསྐུར་བའོ། །དང་པོ་ལ་རིག་པའི་དབང་ལྔ་སྟེ། དབང་དངོས་ལ་ཕན་ནུས་ཟབ་མོའི་རིམ་པ་གསུམ་དུ་ཡོད་པའི་ཐོག་མར་ཕྱི་ཕན་པའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་དང་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ། དབང་རྫས་ཀྱི་ལྷ་འོད་དུ་ཞུ་ནས་བུམ་ཆུར་གྱུར་པ་དབང་ལྷ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་ཐོགས་ཏེ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འབྱམས་ཀླས་པ་དང་བཅས་ཏེ་དབང་བསྐུར་བར་གྱུར། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ སྤྲོས་མེད་ཆོས་དབྱིངས་བུམ་པ་རུ༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་བཞུགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན༔ རྒྱལ་བའི་དབང་བསྐུར་རྨད་བྱུང་བས༔ ཉོན་མོངས་ཐམས་ཅད་བཀྲུ་བ་དང༔ ཡེ་ཤེས་གོང་འཕེལ་བལྟམ་པར་མཛོད༔ སྙིང་པོའི་དབང་བསྐུར་བླ་ན་མེད༔ ཉོན་མོངས་ཞེ་སྡང་ཐམས་ཅད་སྦྱངས༔ མེ་ལོང་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟ་བུའི་བཛྲ་ཧེ་རུ་ཀ་ཡབ་ཡུམ་ཆུ་ཡིས་དབང་བསྐུར་པས་སྐལ་ལྡན་སློབ་མའི་རྒྱུད་ལ་ཡོད་པའི་ཞེ་སྡང་དག༔ མེ་ལོང་ཡེ་ཤེས་མངོན་པར་རྟོགས་ཏེ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར་བ་འགྲེ །དེ་ལྟར་བཛྲ་ཧེ་རུ་ཀ་ཡབ་ཡུམ་ཆུའི་དབང་བསྐུར་པས་ཉོན་མོངས་པ་ཞེ་སྡང་དག་ནས་མེ་ལོང་ཡེ་ཤེས་རྟོགས། བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ། །སློབ་མ་དང་དབང་རྫས་དབུ་རྒྱན་རཏྣ་ཧེ་རུ་ཀ་ཡབ་ཡུམ་དམ་ཡེ་དབྱེར་མེད་དུ་གསལ། དབང་རྫས་ཀྱི་ལྷ་འོད་དུ་ཞུ་ནས་དབུ་རྒྱན་དུ་གྱུར་པ་དབང་ལྷ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་ཐོགས་ཏེ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འབྱམས་ཀླས་པ་དང་བཅས་ཏེ་དབང་བསྐུར་བར་གྱུར། དབུ་རྒྱན་བཅིངས་ལ། མཉམ་པ་ཉིད་དུ་གནས་གྱུར་ཀྱང༔ མི་ཟད་ལོངས་སྤྱོད་རྫོགས་སྐུར་བསྟན༔ སྙིང་པོ་ལྔ་དང་ཕྱག་མཚན་ལས༔ རིན་པོ་ཆེ་ཡི་པྲོག་ཞུར་འབར༔ རྒྱལ་བའི་དབང་བསྐུར་རྨད་བྱུང་བ༔ དེ་བཞིན་དེ་རིང་བསྐུར་ལགས་ན༔ ཉོན་མོངས་ང་རྒྱལ་དག་གྱུར་ནས༔ མཉམ་ཉིད་ཡེ་ཤེས་དོན་རྟོགས་ཤོག༔ ཨོཾ་རཏྣ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ རཏྣ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཏྲཱཾ༔ ཁྲག་འཐུང་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་བདུད་རྩིས་ལུས་གང་གྱེན་དུ་འཁྱིལ་བས་དར་དཔྱང་སྔོ་དམར་གྱི་རང་བཞིན་དུ་གྱུར། དར་དཔྱང་སྔོ་དམར་མགོའི་གཡས་གཡོན་བཀོད་ལ། ཧཱུྃ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད༔ བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ བདེན་གཉིས་ཟུང་འཇུག་རྟོགས་གྱུར་ནས༔ ཡེ་ཤེས་མངའ་དབང་བསྒྱུར་བར་ཤོག༔ ཏྲཱཾ་བྷ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་གཉིས་རོ་མ་དང་རྐྱང་མ་ལ་ཐིམ་པར་མོས༔ དེ་ལྟར་རཏྣ་ཧེ་རུ་ཀ་ཡབ་ཡུམ་དབུ་རྒྱན་གྱི་དབང་བསྐུར་པས་སྐལ་ལྡན་སློབ་མའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ང་རྒྱལ་དག༔ མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་ཏེ་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཐོབ་པར་གྱུར་ཅིག༔ དེ་ལྟར་རཏྣ་ཧེ་རུ་ཀ་ཡབ་ཡུམ་དབུ་རྒྱན་གྱི་དབང་བསྐུར་པས་ཉོན་མོངས་པ་ང་རྒྱལ་དག་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་ནས་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ། །སློབ་མ་དང་དབང་རྫས་རྡོ་རྗེ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམ་ཡེ་དབྱེར་མེད་དུ་གསལ། དབང་རྫས་ཀྱི་ལྷ་འོད་དུ་ཞུ་ནས་རྡོ་རྗེར་གྱུར་པ་དབང་ལྷ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་ཐོགས་ཏེ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འབྱམས་ཀླས་པ་དང་བཅས་ཏེ་དབང་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་སུ་གཏད་ལ། སྙིང་པོ་ཡེ་ཤེས་ལྔ་དང་ལྡན༔ རིག་པ་སྣ་ཚོགས་ཚད་ལས་འདས༔ རྡོ་རྗེའི་དབང་ནི་བླ་ན་མེད༔ རྒྱལ་བའི་དབང་བསྐུར་རྨད་བྱུང་བ༔ དེ་བཞིན་དེ་རིང་བསྐུར་ལགས་ན༔ ཉོན་མོངས་འདོད་ཆགས་དག་གྱུར་ནས༔ སོར་རྟོག་ཡེ་ཤེས་དོན་རྟོགས་ཤོག༔ ཨོཾ་པདྨ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ བཛྲ་དྷཱ་ར་ཡ་མི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་པདྨ་ཧེ་རུ་ཀ་ཡབ་ཡུམ་རྡོ་རྗེའི་དབང་བསྐུར་པས་ཉོན་མོངས་པ་འདོད་ཆགས་དག་ནས་སོར་རྟོག་ཡེ་ཤེས་ཀྱི་དོན་རྟོགས༔ པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་པར་གྱུར་ཅིག༔ དེ་ལྟར་པདྨ་ཧེ་རུ་ཀ་ཡབ་ཡུམ་རྡོ་རྗེའི་དབང་བསྐུར་པས་ཉོན་མོངས་པ་འདོད་ཆགས་དག །སོར་རྟོག་ཡེ་ཤེས་ཀྱི་དོན་རྟོགས༔ པདྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ། །སློབ་མ་དང་དབང་རྫས་དྲིལ་བུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་དམ་ཡེ་དབྱེར་མེད་དུ་གསལ། དབང་རྫས་ཀྱི་ལྷ་འོད་དུ་ཞུ་ནས་དྲིལ་བུར་གྱུར་པ་དབང་ལྷ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་ཐོགས་ཏེ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འབྱམས་ཀླས་པ་དང་བཅས་ཏེ་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན་དུ་གཏད་ལ། ཆོས་ཀྱི་དབྱིངས་ནི་ཤེས་རབ་ཆེ༔ སངས་རྒྱས་ཀུན་གྱི་རྗེས་འགྲོ་དྲིལ༔ དྲིལ་བུའི་དབང་ནི་བླ་ན་མེད༔ རྒྱལ་བའི་དབང་བསྐུར་རྨད་བྱུང་བ༔ དེ་བཞིན་དེ་རིང་བསྐུར་ལགས་ན༔ ཉོན་མོངས་ཕྲག་དོག་དག་གྱུར་ནས༔ བྱ་གྲུབ་ཡེ་ཤེས་དོན་རྟོགས་ཤོག༔ ཨོཾ་ཀརྨ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ བཛྲ་གཱཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཀརྨ་ཧེ་རུ་ཀ་ཡབ་ཡུམ་དྲིལ་བུའི་དབང་བསྐུར་པས༔ སྐལ་ལྡན་སློབ་མའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་ཕྲག་དོག་དག་ནས་བྱ་གྲུབ་ཡེ་ཤེས་ཀྱི་དོན་རྟོགས༔ ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་པར་གྱུར་ཅིག༔ དེ་ལྟར་ཀརྨ་ཧེ་རུ་ཀ་ཡབ་ཡུམ་དྲིལ་བུས་དབང་བསྐུར་པས་ཉོན་མོངས་པ་ཕྲག་དོག་དག །ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ། །སློབ་མ་དང་དབང་རྫས་རྡོར་དྲིལ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དམ་ཡེ་དབྱེར་མེད་དུ་གསལ། དབང་རྫས་ཀྱི་ལྷ་འོད་དུ་ཞུ་ནས་རྡོ་རྗེའི་མིང་དུ་གྱུར་པ་དབང་ལྷ་ནམ་མཁའ་གང་བར་བཞུགས་པ་རྣམས་ཀྱིས་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་འབྱམས་ཀླས་པ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་སྤྲོས་དང་བྲལ༔ མིང་ཚིག་བརྗོད་པའི་མཐའ་ལས་འདས༔ མིང་གི་དབང་ནི་བླ་ན་མེད༔ རྒྱལ་བའི་དབང་བསྐུར་རྨད་བྱུང་བ༔ དེ་བཞིན་དེ་རིང་བསྐུར་ལགས་ན༔ ཉོན་མོངས་གཏི་མུག་དག་གྱུར་ནས༔ ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག༔ ཨོཾ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ༔ དཔལ་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་པས་སྐལ་ལྡན་སློབ་མའི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་གཏི་མུག་དག༔ ཆོས་དབྱིངས་ཡེ་ཤེས་རྟོགས་ཏེ་རྣམ་སྣང་ཡབ་ཡུམ་གྱི་སྐུ་ཐོབ་པར་གྱུར་ཅིག༔ དེ་ལྟར་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་མིང་གི་དབང་བསྐུར་པས་ཉོན་མོངས་པ་གཏི་མུག་དག །ཆོས་དབྱིངས་ཡེ་ཤེས་ཀྱི་དོན་རྟོགས་ནས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ཐོབ་པའི་རྟེན་འབྲེལ་བསྒྲིགས་པའོ། །དེ་ལྟར་ཕྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཕན་པའི་དབང་ལྔ་བསྐུར་པས་འདི་ཕྱིར་ཕན་པའི་ས་བོན་ཙམ་འཇོག་ཅིང་། ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གཉིས་པ་ནང་ནུས་དབང་ལ་ལྷ་སྔགས་མདོས་གཏད་ཆས་དབང་ལ་སོགས་པ་སྟེ། གཉིས་པ་ནང་ནུས་པའི་དབང་རྣམས་རིམ་པར་བསྒྲུབ་པའི་ཐོག་མར་ལུས་ལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ཡིན་པས་འདུན་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་དུ་གསལ་བ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ལས་ལྷ་སྐུ་གཉིས་པ་རེ་ཞལ་ཐལ་ལེར་བྱོན་ནས་ཐིམ་པར་མོས་ཤིག །གཙོ་འཁོར་རྣམས་ཀྱི་སྐུ་རིམ་པར་སྤྱི་བོར་བཞག་ལ། ཧཱུྃ༔ མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔ ཡུམ་མཆོག་མོ་རྒྱུད་ལྷ་མོ་ཡོངས་ཀྱི་གཙོ༔ བདེ་སྟོང་གཉིས་མེད་ཡབ་ཡུམ་དབང་བསྐུར་བས༔ ཡེ་ཤེས་ལས་ཀྱི་མ་མོ་དབང་སྡུད་ཤོག༔ སྙིང་པོའི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤར་ནས་བཛྲ་ཧེ་རུ་ཀ་ཡབ་ཡུམ༔ ལྷོ་ནས་རཏྣ་ཧེ་རུ་ཀ་ཡབ་ཡུམ༔ ནུབ་ནས་པདྨ་ཧེ་རུ་ཀ་ཡབ་ཡུམ༔ བྱང་ནས་ཀརྨ་ཧེ་རུ་ཀ་ཡབ་ཡུམ༔ ཤར་ལྷོར་རཀྴ་ཧེ་རུ་ཀ་ཡབ་ཡུམ༔ ལྷོ་ནུབ་ས་ནུ་ཧེ་རུ་ཀ་ཡབ་ཡུམ༔ ནུབ་བྱང་གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ༔ བྱང་ཤར་ཡཀྴ་ཧེ་རུ་ཀ་ཡབ་ཡུམ༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་འཕྲོ་འདུ་ལས༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་ཚོགས་སྤྲུལ་ཞིང༔ སྲིད་པའི་མ་མོ་མཁའ་འགྲོ་ལས་ལ་འགྱེད༔ བདེ་སྟོང་གཉིས་མེད་ཡབ་ཡུམ་དབང་བསྐུར་བས༔ ཡེ་ཤེས་ལས་ཀྱི་མ་མོ་དབང་སྡུད་ཤོག༔ སྔགས་གོང་ལྟར་བརྗོད། རྒྱས་པར་སྤྲོ་ན་ཧེ་རུ་ཀ་བརྒྱད་རེ་རེ་བཞིན་ཕྲལ། དེས་ལུས་སྣང་སྟོང་ལྷ་སྐུར་བྱིན་གྱིས་བརླབས་པས། སྣང་སྲིད་མ་མོ་རོལ་པའི་དཀྱིལ་འཁོར་བསྒོམ་པ་ལ་དབང་བ་ཡིན་ནོ། །དེ་ནས་ངག་ལ་སྔགས་ཀྱི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དང་མདུན་བསྐྱེད་དཔལ་ཆེན་མངོན་རྫོགས་རྒྱལ་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ། དེའི་ཐུགས་ཀར་ཉི་ཟླའི་སྟེང་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐའ་སྐོར་སྔགས་ཕྲེང་གཡས་སུ་བཀོད་པ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླའི་སྟེང་དུ་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐར་འཁོད་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་གུ་ཧྱ་ཛྙཱ་ན་སོགས་ལན་གསུམ། སྔགས་བྱང་མགྲིན་པར་བཞག་ལ། ཧོ༔ རྡོ་རྗེའི་གསུང་ནི་མཁའ་དང་མཉམ༔ འཇིག་རྟེན་གསུམ་པོ་ཀུན་གཡོ་ཞིང༔ མངོན་རྫོགས་ཧེ་རུ་ཀ་ཡི་སྒྲ༔ ཐབས་ཀྱི་སྙིང་པོས་དབང་བསྐུར་བས༔ རྩ་རླུང་ཡེ་ཤེས་རྟོགས་པར་ཤོག༔ སྙིང་པོའི་མཐར། ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངག་རྡོ་རྗེའི་སྔགས་སུ་བྱིན་གྱིས་བརླབས་པས། རླུང་སྔགས་དབྱེར་མི་ཕྱེད་པའི་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་ནོ། །དེ་ནས་ཡིད་ལ་རིག་པ་གཏད་པའི་སླད་དུ། དཀྱིལ་འཁོར་པའི་ཐུགས་ཀ་ནས་ཕྱག་མཚན་རིགས་བཞི་ཆར་བབས་པ་ལྟར་བྱོན་ནས་གནས་རྣམས་སུ་ཐིམ་པར་མོས་ཤིག །ཕྱག་མཚན་བཞི་རིམ་པར་གཏད་ལ། ཧཱུྃ༔ ཤར་གྱི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ ཐམས་ཅད་རྡོ་རྗེའི་རིགས་སུ་འདུས་གྱུར་པའི༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོ་ནི༔ ཡབ་ཡུམ་སྲས་དང་སྤྲུལ་པ་ཕྱག་བརྙན་གྱི༔ སྲོག་མཆོག་རྡོ་རྗེའི་དབང་ནི་ཐོབ་པར་ཤོག༔ བཛྲ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ ཐམས་ཅད་རིན་ཆེན་རིགས་སུ་འདུས་གྱུར་པའི༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོ་ནི༔ ཡབ་ཡུམ་སྲས་དང་སྤྲུལ་པ་ཕྱག་བརྙན་གྱི༔ སྲོག་མཆོག་རིན་ཆེན་དབང་ནི་ཐོབ་པར་ཤོག༔ རཏྣ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནུབ་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ ཐམས་ཅད་པདྨའི་རིགས་སུ་འདུས་གྱུར་པའི༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོ་ནི༔ ཡབ་ཡུམ་སྲས་དང་སྤྲུལ་པ་ཕྱག་བརྙན་གྱི༔ སྲོག་མཆོག་པདྨའི་དབང་ནི་ཐོབ་པར་ཤོག༔ པདྨ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱང་ཕྱོགས་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས༔ ཐམས་ཅད་ལས་ཀྱི་རིགས་སུ་འདུས་གྱུར་པའི༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོ་ནི༔ ཡབ་ཡུམ་སྲས་དང་སྤྲུལ་པ་ཕྱག་བརྙན་གྱི༔ སྲོག་མཆོག་དྲིལ་བུའི་དབང་ནི་ཐོབ་པར་ཤོག༔ ཀརྨ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་འོད་གསལ་ཡེ་ཤེས་སུ་བྱིན་གྱིས་བརླབས་པས། སྟོང་སྲོག་ཆོས་ཉིད་དུ་འཕྲོག་པའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བ་ཡིན་ནོ། །མདོས་ཆེན་སྣང་སྲིད་གཞིར་བཞེངས་སྲིད་པ་མ་མོའི་དཀྱིལ་འཁོར་ཆེན་པོ་ཕྱག་ཏུ་གཏད་པས་སྤྱི་དང་བྱེ་བྲག་ཏུ་གྱུར་པའི་མདོས་ཀྱི་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པར་མོས་ཤིག །མདོས་གཏོར་ལག་ཏུ་གཏད་ལ། ཧཱུྃ༔ སྣང་སྲིད་གཞིར་བཞེངས་མདོས་སུ་བྱས་ནས་ཀྱང༔ སྲིད་པ་མ་མོའི་ཕོ་བྲང་ཆེན་པོར་མཚོན༔ སྲིད་དང་ཞི་བའི་འདོད་ཡོན་རྣམས་ཀྱིས་སྤྲས༔ དཔལ་ཆེན་ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ ཡེ་ཤེས་ལས་ལས་གྲུབ་པའི་མ་མོའི་ཚོགས༔ ཐུགས་དམ་བསྐང་ཕྱིར་མདོས་ཀྱི་མཆོད་པ་རྩོམས༔ སྲིད་གསུམ་མདོས་སུ་བྱས་པའི་དབང་བསྐུར་རོ༔ སྔགས་བརྗོད་ཅིང་ཐོད་རྔ་འཁྲོལ། དེང་ཕྱིན་ཆད་རྟེན་སྒྲུབ་མཆོད་སྐོང་མདོས་ཀྱིས་སྲིད་པ་མ་མོའི་ལྷ་ཚོགས་མཉེས་པར་བྱེད་པ་དང་། ཟློག་བསད་མདོས་ཀྱིས་བར་ཆད་རྐྱེན་ངན་འཇོམས་པ་སོགས་དང་འཕྲུལ་འཁོར་མདོས་ཀྱི་ལས་རབ་འབྱམས་སྒྲུབ་ནུས་པའི་དབང་ཐོབ་པ་ཡིན་ནོ། ཁྱེད་རང་དཔལ་ཆེན་ཧེ་རུ་ཀར་གསལ་བའི་ཞབས་འོག་ཏུ་གདན་དང་སྐུ་ལ་དཔལ་དང་དུར་ཁྲོད་རོལ་པའི་ཆས་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཙཀ་ལི་རྣམས་རིམ་པ་ཐོགས་ལ། ཧཱུྃ༔ གདན་ཁྲི་ཧེ་བརྒྱད་ཡོངས་སུ་གྱུར༔ མ་མོའི་ཚོགས་བསྐྱེད་བྱིན་རླབས་དྲངས༔ འཕྲོ་འདུས་འོད་ཞུ་བྱོལ་སོང་ཁྲི༔ དཔལ་གྱི་ཆེ་བ་རབ་བསྐྱེད་པའི༔ མ་མོ་དབང་སྡུད་དབང་བསྐུར་རོ༔ ཧེཿཧེཿཧེཿཧེཿཧེཿཧེཿཧེཿཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་སྐམ་ཧཱུྃ་ཡིག་ཡོངས་གྱུར་ལས༔ བཛྲ་ཧེ་རུ་འོད་དུ་ཞུ༔ ཐོད་པའི་སྒྲོམ་བུ་རྣམ་པ་ལྔ༔ དཔལ་གྱི་དབུ་རྒྱན་བཅོ་ལྔ་འདིས༔ ཞེ་སྡང་དག་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ གླང་ཀོ་ཧཱུྃ་ཡིག་ཡོངས་གྱུར་ལས༔ བུདྡྷ་ཧེ་རུ་འོད་དུ་ཞུ༔ གླང་པོ་ཆེ་ཡི་ཀོ་རློན་འདི༔ དཔལ་གྱི་གོས་ནི་གླང་ཆེན་ཞིང༔ གཏི་མུག་དག་ཕྱིར་དབང་བསྐུར་རོ༔ ཨོཾ་བུདྡྷ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི༴ སྟག་ལྤགས་ཧཱུྃ་ཡིག་ཡོངས་གྱུར་ལས༔ རཏྣ་ཧེ་རུ་འོད་དུ་ཞུ༔ གཏུམ་ཆེན་སྟག་གི་ཤམ་ཐབས་འདི༔ དཔལ་གྱི་གོས་ནི་སྟག་གི་ཞིང༔ ང་རྒྱལ་དག་ཕྱིར་དབང་བསྐུར་རོ༔ ཨོཾ་རཏྣ་ཙཎྜ་མ་ཧཱ་ཤྲཱི༴ ཨ་བྷི༴ ཞིང་ཆེན་ཧཱུྃ་ཡིག་ཡོངས་གྱུར་ལས༔ པདྨ་ཧེ་རུ་འོད་དུ་ཞུ༔ རུ་དྲ་རྣམས་ཀྱི་ཞིང་ཆེན་ཏེ༔ དཔལ་གྱི་གོས་ནི་རུ་དྲའི་ཞིང༔ འདོད་ཆགས་དག་ཕྱིར་དབང༴ ཨོཾ་པདྨ་ཙཎྜ་མ་ཧཱ་ཤྲཱི༴ ཨ་བྷི༴ ཚར་གསུམ་ཐོད་ཕྲེང་ཧཱུྃ་ཡིག་ལས༔ ཀརྨ་ཧེ་རུ་འོད་དུ་ཞུ༔ སྐམ་རློན་རྙིད་གསུམ་ཐོད་ཕྲེང་འདི༔ དཔལ་གྱི་ཆས་འདི་ཐོད་པའི་ཕྲེང༔ ཕྲག་དོག་དག་ཕྱིར་དབང༴ ཨོཾ་ཀརྨ་ཙཎྜ༴ ཨ་བྷི༴ ཧཱུྃ༔ ཚངས་སྐུད་འཁོར་ལོ་ཧཱུྃ་ཡིག་ལས༔ བུདྡྷ་ཀྲོ་དྷཱི་འོད་དུ་ཞུ༔ ཚངས་སྐུད་བརྒྱན་པའི་འཁོར་ལོ་འདིས༔ ཤེས་རབ་ཕར་ཕྱིན་དབང་བསྐུར་རོ༔ ཨོཾ་བུདྡྷ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨ་བྷི༴ རུས་པའི་རྣ་ཆ་ཧཱུྃ་ཡིག་ལས༔ རཏྣ་ཀྲོ་དྷཱི་འོད་དུ་ཞུ༔ སྙན་གཉིས་བརྒྱན་པའི་འཁོར་ལོ་འདིས༔ ཚུལ་ཁྲིམས་ཕར་ཕྱིན་དབང་བསྐུར་རོ༔ ཨོཾ་རཏྣ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨ་བྷི༴ རུས་པའི་སེ་རལ་ཧཱུྃ་ཡིག་ལས༔ བཛྲ་ཀྲོ་དྷཱི་འོད་དུ་ཞུ༔ ཐུགས་ཀ་བརྒྱན་པའི་སེ་རལ་འདིས༔ བསམ་གཏན་ཕར་ཕྱིན་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨ་བྷི༴ རུས་པའི་སྐ་རགས་ཧཱུྃ་ཡིག་ལས༔ པདྨ་ཀྲོ་དྷཱི་འོད་དུ་ཞུ༔ སྐུ་ལུས་བརྒྱན་པའི་སྐ་རགས་འདིས༔ བརྩོན་འགྲུས་ཕར་ཕྱིན༴ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨ་བྷི༴ རུས་པའི་དྲ་ཕྱེད་ཧཱུྃ་ཡིག་ལས༔ ཀརྨ་ཀྲོ་དྷཱི་འོད་དུ་ཞུ༔ རུས་པའི་ཕྲེང་བ་མིག་མང་རིས༔ སྦྱིན་པའི་ཕར་ཕྱིན་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨ་བྷི༴ གདུ་བུ་རྣམ་བཞི་ཧ་ཡིག་རེ༔ ཀཻ་རི་མ་སོགས་འོད་དུ་ཞུ༔ རུས་པའི་གདུ་བུ་འོད་འབར་བས༔ བཟོད་པའི་ཕར་ཕྱིན་དབང་ཐོབ་ཤོག༔ ཧཿཧཿཧཿཧ༔ ཨ་བྷི༴ ཐལ་བ་ཧ་བཞི་ཡོངས་གྱུར་ལས༔ ཙཎྜ་ལཱི་སོགས་འོད་དུ་ཞུ༔ རྟོག་མེད་ཐལ་ཆེན་ཚོམ་བུ་འདིས༔ སྨོན་ལམ་ཕར་ཕྱིན་དབང་ཐོབ་ཤོག༔ ཧཿཧཿཧཿཧ༔ ཨ་བྷི༴ ཁྲག་ཆེན་འབྲུ་བཞི་ཡོངས་གྱུར་ལས༔ རྟ་གདོང་མ་སོགས་འོད་དུ་ཞུ༔ ཆགས་པ་རཀྟའི་ཐིག་ལེ་འདིས༔ ཐབས་ཀྱི་ཕར་ཕྱིན་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི༴ ཞག་གི་ཟོ་རིས་ཧེ་བཞི་ལས༔ མཆེ་ཅན་རྣམ་བཞི་འོད་དུ་ཞུ༔ ཟླ་ཚེས་ཞག་གི་ཟོ་རིས་འདིས༔ ཡེ་ཤེས་ཕར་ཕྱིན་དབང༴ ཧེཿཧེཿཧེཿཧེ༔ ཨ་བྷི༴ ཐབས་ཤེས་གཤོག་པ་ཧེ་བཞི་ལས༔ གཤོག་ཅན་རྣམ་བཞི་འོད་དུ་ཞུ༔ རྡོ་རྗེ་རིན་ཆེན་གཤོག་པ་འདིས༔ སྟོབས་ཀྱི་ཕར་ཕྱིན་དབང༴ ཧེཿཧེཿཧེཿཧེ༔ ཨ་བྷི༴ ཧཱུྃ༔ རྡོ་རྗེའི་གོ་ཁྲབ་ཧཱུྃ་ཡིག་ལས༔ དཔལ་ཆེན་ཆེ་མཆོག་འོད་དུ་ཞུ༔ རྡོ་རྗེའི་གོ་ཁྲབ་མི་ཤིགས་པ༔ ཆོས་བདུན་ལྡན་པའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི༴ མེ་དཔུང་ཧྲཱིཾ་བརྒྱད་ཡོངས་གྱུར་ལས༔ སྤོར་བྱེད་བརྒྱད་རྣམས་འོད་དུ་ཞུ༔ ཡེ་ཤེས་མེ་དཔུང་འོད་རབ་འདིས༔ ཉོན་མོངས་སྲེག་པའི་དབང་བསྐུར་རོ༔ ཀྲོ་དྷཱི་ཛྭ་ལི་ནི་བྷྱོ༔ ཨ་བྷི༴ སྦྲུལ་ཆུན་འབྲུ་བཞི་ཡོངས་གྱུར་ལས༔ ཁུ་བྱུག་གདོང་སོགས་འོད་དུ་ཞུ༔ གདུག་པ་སྦྲུལ་ནི་སྣ་ཚོགས་འདིས༔ འཆིང་གྲོལ་མེད་པའི་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི༴ དུར་ཁྲོད་གཞལ་ཡས་ཧཱུྃ་ཡིག་ལས༔ གནམ་ཞལ་དབྱིངས་ཕྱུག་འོད་དུ་ཞུ༔ དུར་ཁྲོད་རིན་ཆེན་གཞལ་ཡས་ཁང༔ འོག་གཞི་བཅས་པའི་དབང་བསྐུར་རོ༔ མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སཏྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ བཟའ་བའི་དབང་ཤ་དང་ཟན་སོགས་གཏད་ལ། ཧཱུྃ༔ དབང་ཕྱུག་ཐམས་ཅད་བྲན་དུ་མངག༔ ཞི་མཛད་དབང་ཕྱུག་དྲུག་རྣམས་ཀྱིས༔ དུར་ཁྲོད་ཚོགས་ཀྱི་འཁོར་ལོ་རྣམས༔ གནས་འདི་ཉིད་དུ་བསྡུས་ནས་ཀྱང༔ བཅུད་ལྡན་བདུད་རྩིའི་ཟས་རྣམས་དང༔ ཤ་རུས་དོན་སྙིང་བཟའ་བར་བྱ༔ སརྦ་ཁ་རཾ་ཁ་རཾ་ཁཱ་ཧི༔ ཨ་བྷི༴ བཏུང་བའི་དབང་ཁྲག་ཆང་གཏད་ལ། ཧཱུྃ༔ རྒྱས་མཛད་དབང་ཕྱུག་དྲུག་རྣམས་ཀྱིས༔ བཏུང་བའི་ཚོགས་རྣམས་བསྡུས་ནས་ཀྱང༔ ཁྲག་ཞག་མྱོས་བྱེད་ཀླད་པ་སོགས༔ བཏུང་བའི་ཚོགས་ལ་རྔམས་པར་གྱིས༔ སརྦ་ཁ་རཾ་ཁཱ་ཧི་ཨ་བྷི་ཥིཉྩ་ཧཱུྃ༔ སྦྱོར་བའི་དབང་རིག་ཙག་གཏད་ལ། ཧཱུྃ༔ དབང་མཛད་དབང་ཕྱུག་དྲུག་རྣམས་ཀྱིས༔ འཇིག་རྟེན་མོ་ཚོགས་དབང་དུ་བསྡུས༔ འདུ་ཤེས་གསུམ་ལྡན་དགའ་བ་བཞིའི༔ བདེ་བ་ཚོགས་ཀྱི་འཁོར་ལོ་རོལ༔ སརྦ་མ་ཧཱ་སུ་ཁ་ཧོ༔ ཨ་བྷི༴ སྒྲོལ་བའི་དབང་མཚོན་ཆ་གཏད་ལ། ཧཱུྃ༔ བརླག་མཛད་དབང་ཕྱུག་དྲུག་རྣམས་ཀྱིས༔ བདུད་བགེགས་འབྱུང་པོ་གནས་འདིར་བཀུག༔ གཏུམ་པའི་ཚུལ་གྱིས་བསྒྲལ་ནས་ཀྱང༔ ཤ་རུས་ཐམས་ཅད་ཞལ་དུ་བསྟབ༔ དགྲ་བགེགས་མཱ་ར་ཡ་ཕཊ་ཁ་རཾ་ཁ་ཧི༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་པའི་དབང་རྣམས་བསྐུར་པས་རང་གཞན་གྱི་དོན་དངོས་སུ་བྱེད་པ་ལ་དབང་ཞིང་། ཁྱད་པར་གྱི་བསྐྱེད་རིམ་དང་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་སྒོམ་འཆད་པར་ནུས་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུམ་པ་མཆོག་དབང་གསུམ་ནི། གསུམ་པ་གསང་བ་ཟབ་མོའི་དབང་གསུམ་རིམ་པར་བསྐུར་བའི་ཐོག་མར་གསང་བའི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ རྡོ་རྗེ་སློབ་དཔོན་བདེ་བའི་རྒྱལ༔ བདག་ལ་བརྩེ་བར་དགོངས་སུ་གསོལ༔ ཚེ་གཅིག་སངས་རྒྱས་བསྒྲུབ་བྱའི་ཕྱིར༔ གསང་བའི་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཧོ༔ སྐལ་ལྡན་བུ་ཁྱོད་འདིར་ཤོག་ལ༔ གསང་བའི་དབང་བསྐུར་ཁྱད་པར་སྦྱིན༔ འདི་ནི་ཤིན་ཏུ་ཉེ་བའི་ལམ༔ ཁྱོད་ནི་སྤྲོ་བ་ཁྱད་པར་སྐྱེད༔ ལུས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། སྔགས་བཅས་མིག་དར་སྦྱིན། སློབ་དཔོན་དཔལ་ཆེན་མངོན་རྫོགས་རྒྱལ་པོ་ཡུམ་མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མར་གསལ་བའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་རྩ་ཁམས་བདེ་བ་ཆེན་པོས་གང་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ལྗགས་ལ་བྱིན་པར་མོས་ཤིག །ཐོད་ཆང་སྦྱིན་ལ། ཧཱུྃ༔ བཅུ་དྲུག་མཉམ་སྦྱོར་བདེ་བ་ཆེ༔ བྱང་སེམས་བདུད་རྩིས་དབང་བསྐུར་བས༔ རྩ་ཁམས་བདེ་བས་གང་གྱུར་ནས༔ བདེ་ཆེན་ཡེ་ཤེས་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སློབ་དཔོན་སྐུ་ཡི་དཀྱིལ་འཁོར་མཐོང་བའི་ཕྱིར་གདོང་གཡོགས་བཀྲོལ་མཛོད། བྱང་ཆུབ་སེམས་ཀྱིས་རྩ་གནས་ཐམས་ཅད་ལ་ཁྱབ། བདེ་ཆེན་རྣམ་པར་མི་རྟོག་པའི་དབྱིངས་སུ་གཉིས་སྣང་གི་རྟོག་པ་ཐམས་ཅད་ཐིམ་པར་མོས་ཤིག །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་ཆེན་ཡེ་ཤེས་བསྐྱེད་བྱའི་ཕྱིར༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ མཁའ་གསང་སྦྱར་བས་སྐད་ཅིག་ཏུ༔ བདེ་ཆེན་ཡེ་ཤེས་རྟོགས་པར་མཛོད༔ ལན་གསུམ། བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས༔ འདི་དང་བྲལ་ན་སངས་རྒྱས་ནི༔ ཐོབ་འདོད་དེ་ནི་རྨོངས་པ་ཡིན༔ འདི་ཕན་དགེ་སློང་མ་ལགས་ཏེ༔ ད་ནི་ཡང་དག་དགེ་སློང་འགྱུར༔ ལམ་གྱི་མཆོག་ཏུ་འདི་གསུངས་པས༔ ཁྱོད་ཉིད་སྤྲོ་བ་མ་ཆུང་ཞིག༔ ཅེས་རྟོགས་པ་གསལ་ལ་སྤྲོ་བ་བསྐྱེད། དེ་ནས་ཐུན་མོང་མ་ཡིན་པའི་བྱིན་རླབས་དབབ་པའི་སླད་དུ་ཁྱེད་རང་རྐང་པའི་ལོང་བུ་གཤིབ། ལུས་ལི་གྲི་ལྟར་བསྒྲིམ། ངག་སྨྲ་མེད་དུ་སྤྱི་བོར་ཐལ་མོ་སྦྱར་ལ། སྙིང་གར་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྦྱོར་བའི་སྒྲས་སངས་རྒྱས་ཐམས་ཅད་ཆགས་པ་ཆེན་པོས་ནམ་མཁའ་གང་བར་བྱོན། སློབ་མའི་ལུས་ལ་ཐིམ་པས་བདེ་བའི་ཡེ་ཤེས་སྐྱེས་པར་གྱུར་པའི་མོས་པ་མཛོད། རོལ་མོ་བསྒྲག་ཅིང་སྤོས་དུད་བྱ། རིག་ཙཀ་གཏད་ལ། ཧོ༔ བདེ་ཆེན་དགའ་བ་བཞི་དང་ལྡན༔ བདེ་ལ་མ་ཆགས་འཛིན་པ་སྤོངས༔ མཉེན་ལྕུགས་འཁྲིལ་བར་ལྡན་པ་ཡི༔ བདེ་ཆེན་གཟུངས་མ་འདི་ལ་སྦྱོར༔ དགའ་བ་ཆེན་པོ་དབྱེར་མི་ཕྱེད༔ དགའ་ཆེན་ཆགས་བྲལ་འདི་སྒོམས་ཤིག༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ་ཧོ༔ ཁྱེད་རང་དང་རིག་མ་དཔལ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ། ལུས་ཀྱི་གནས་རྣམས་སུ་ལྷ་ཡབ་ཡུམ་སོ་སོར་གསལ་བའི་ཡབ་ཀྱི་གསང་བ་ཟླ་བ་ལ་གནས་པའི་རྡོ་རྗེ་བུ་ག་ཧཱུྃ་གིས་བཀག་པ། ཡུམ་གྱི་མཁའ་ཉི་མ་ལ་གནས་པའི་པདྨ་ཟེའུ་འབྲུར་ཕཊ་ཀྱིས་མཚན་པ། སྦྱོར་བ་ཚུལ་བརྒྱད་ཀྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་རིམ་པར་སྐྱེས་པའི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྐྱེས་པར་མོས་ཤིག །གསང་བའི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་ཕྲོལ། གསུམ་པ་ཚིག་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་འདེབས་རྗེས་ཟློས། ཆོས་སྐུའི་བདག་ཉིད་བླ་མ་རྗེ༔ ཀ་དག་དོན་ཆེན་རྟོགས་པའི་ཕྱིར༔ བདག་ལ་བརྩེ་བར་དགོངས་ནས་ཀྱང༔ ཆོས་སྐུའི་རང་ངོ་སྤྲད་དུ་གསོལ༔ ལན་གསུམ། དོན་གྱི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང་། སངས་རྒྱས་ཀུན་གྱིས་གསུངས་པ་ཡི༔ ཆོས་ཀུན་ཀ་དག་དོན་ལ་དགོངས༔ འདི་ལ་འཇུག་པར་བརྩམ་པས་ཀྱང༔ བསྐལ་པ་སྟོང་དུ་བསགས་པའི་སྡིག༔ མུན་ནང་སྒྲོན་མེ་ཇི་བཞིན་ཏེ༔ སློབ་བུ་ཁྱོད་ཀྱང་སྤྲོ་བས་ཞུགས༔ སློབ་མ་ལྷར་གསལ་བ་མེར་གྱིས་ཞུ་ནས་ནམ་མཁའ་ལ་ཐིམ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་དང་སྙོམས་པར་ཞུགས་པས་རྒྱུད་བྱིན་གྱིས་བརླབ་པར་གྱུར༔ རོལ་མོ་བསྒྲག་ཅིང་མཉམ་པར་བཞག༔ སློབ་དཔོན་གྱིས་རྡོ་རྗེ་ནམ་མཁར་གསོར་ཞིང༔ མན་ཤེལ་སློབ་མའི་མིག་ཏུ་བཟུང་ལ༔ ཧོ༔ ཀ་དག་ཟང་ཐལ་སྤྲོས་པའི་མཐའ་བྲལ་ཡང༔ ལྷུན་གྲུབ་ཡེ་ཤེས་མ་འདྲེས་མདངས་གསལ་བ༔ རིག་པ་ཡེ་ཤེས་ཅིར་སྣང་ལུ་གུ་རྒྱུད༔ ཅིར་ཡང་མ་ཡིན་ཅིར་ཡང་གསལ་བ་ལས༔ མེད་པ་མ་ཡིན་རང་གི་རིག་པས་མྱོང༔ ཡོད་པ་མ་ཡིན་འདི་ཞེས་ངོས་འཛིན་བྲལ༔ བརྗོད་བྲལ་ཀ་དག་ཟང་ཐལ་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ༔ དེ་ལྟར་ངོ་སྤྲད་པའི་དོན་ཀ་དག་དབྱིངས་ཀྱི་དགོངས་པ་བརྗོད་བྲལ་ནམ་མཁའ་ལྟ་བུའི་རང་ངོ་ལ་མཉམ་པར་ཞོག་ཅིག །ཅེས་ཅུང་ཟད་བསྐྱང་། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་མཐོང་བའི་བརྡར་གདོང་གཡོགས་ཕྲོལ་ཅིག །མཐའ་རྟེན་དུ་བརྡ་འདི་དག་གིས་མཚོན་ཏེ་ལམ་ཐོད་རྒལ་སྣང་བ་བཞིའི་འཆར་ཚུལ་རྣམས་ངོ་ཤེས་པར་གྱིས་ཤིག །མེ་ལོང་རྨ་བྱའི་སྒྲོ་ཤེལ་ཕྲེང་རྣམས་བསྟན་ལ། དབྱིངས་ཀྱི་རང་མདངས་ཐིག་ལེ་བཞུགས་པའི་གནས༔ ཙིཏྟ་ཤ་ཡི་སྒྲོན་མེ་སྙིང་ནང་ན༔ རྡོར་སེམས་གསེང་ལམ་དཀར་འཇམ་རྩ་ཡི་སྒྲོན༔ རྣམ་ཐར་སྒོ་གསུམ་རྒྱང་ཞགས་ཆུ་ཡི་སྒྲོན༔ དབྱིངས་ཀྱི་རང་བཞིན་སྒྲིབ་མེད་མེ་ལོང་འདྲ༔ རང་མདངས་ཐིག་ལེ་རྨ་བྱའི་སྒྲོ་ཆུན་བཞིན༔ རིག་པ་རྡོ་རྗེ་ཤེལ་གྱི་ཕྲེང་བ་ལྟར༔ གཞན་ནས་ཚོལ་བར་བྱ་བ་མ་ལགས་ཀྱང༔ ཉི་མའི་རྐྱེན་ལ་བསྟན་ཏེ་རྫོགས་པར་འགྱུར༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་བརྡ་སྤྲད། དེ་ལྟར་གསང་བ་བྷ་གའི་དཀྱིལ་འཁོར་དང་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་ཟབ་མོའི་དབང་གསུམ་བསྐུར་པས་ཐུན་མོང་མ་ཡིན་པའི་རྫོགས་རིམ་རྣམས་ཉན་སྒོམ་ནུས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །སློབ་དཔོན་དཀྱིལ་འཁོར་པའི་ལྷ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་ཕང་ཕུང་དུ་བསྙིལ་བར་མོས་ཤིག །མེ་ཏོག་འཐོར་ལ་ཤིས་བརྗོད་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་ཟབ་པ་སྐོར་བདུན་གྱི་ནང་ཚན་དཔལ་ཆེན་མངོན་རྫོགས་རྒྱལ་པོ་མ་མོ་རོལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྒྱས་པར་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་མཚུངས་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་ལྷག་ཆོག་སོགས་སྤྱི་ཆིངས་ལྟར་ལ་རྗེས་ཆོག་སྐབས་མཆོད་བསྟོད་མདོར་བསྡུས་དང་། ཡེ་ཤེས་པ་དཀྱིལ་འཁོར་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་རྒྱས་པར་བྱའོ། །ཀུན་བརྟགས་སྲིད་པ་མ་མོར་རྟོག་པའི་ཚོགས། གཞན་དབང་རྩ་དང་རླུང་གི་དྲྭ་བར་སྡོམ། །ཡོངས་གྲུབ་མངོན་རྫོགས་དཔལ་གྱི་ཐིག་ལེ་ཆེར། །རྣམ་དག་ཡུམ་གྱི་བྷ་གར་བྱང་ཆུབ་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱི་བཀའ་ཡིས་རྗེས་སུ་གནང་ཞིང་། སྲས་ཡུམ་ཟུང་གི་དགོངས་བཞེད་སྒྲུབ་པ་དང་རང་གཞན་ལ་ཕན་པར་འདོད་པའི་བསམ་པས་ཀུན་ནས་བསླངས་ཏེ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་བྷ་ཊའི་ལྗོན་ཤིང་ལྷན་ཅིག་སྐྱེས་མའི་མ་མོ་སྤྲུལ་འཁོར་བཅས་པ་བསྟི་བའི་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།
ཡེ་ཤེས་རབ་འབར་ལས༔ ཨརྒྷའི་ཆོ་ག་ཀློང་ཡངས་མཐའ་གྲོལ་ (Volume 41, Text 58)
ཡེ་ཤེས་རབ་འབར་ལས༔ ཨརྒྷའི་ཆོ་ག་ཀློང་ཡངས་མཐའ་གྲོལ་བཞུགས་སོ༔ ྈྈྈྈྈ ཧེ་རུ་ཀ་དཔལ་གང་འདུལ་གྱི༔ མཛད་པའི་གར་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རབ་འབར་ལས་བྱུང་ཞིང༔ རབ་གནས་གཞུང་ལས་མ་གསལ་བ༔ སྤོ་ཆོག་ཨརྒྷའི་ཆོ་ག་ནི༔ དམ་མེད་འདོད་བློ་ཅན་ལ་གསང༔ ས་མ་ཡ༔ ཤེས་མེད་ཕལ་གྱིས་རང་རང་འདོད་བློ་ཡིས༔ ཡེ་ཤེས་བགེགས་ཀྱི་བདག་བྱེད་མ་རིག་པར༔ བགེགས་ཀྱི་མངའ་དབང་ཨརྒ་སྤོ་གྱུར་ན༔ མི་རུང་འགྱུར་བྱེད་ཐུགས་རྗེས་ཡུལ་ལ་གསང༔ གང་ལ་ཡེ་ཤེས་གནས་པ་འདྲ་བའི་སྐུ༔ ཚུལ་མིན་གསང་བཅོས་དགོས་པ་གང་ཡང་རུང༔ ཨརྒྷའི་ཆོ་ག་འདི་ཡིས་བཅོས་གྱུར་ན༔ ལེགས་པའི་བྱ་བ་བདེ་ལེགས་འཕེལ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དང་པོ་རྟེན་ལ་ཡེ་ཤེས་པ་དེ་ཚུར་སྤོ་བ་ནི༔ བྱ་སྤྱོད་བུམ་པའམ་དཀྱིལ་འཁོར་ལ་གཞུག་པ་དང༔ རྣལ་འབྱོར་རྡོ་རྗེ་དྲིལ་བུ་ལ་གཞུག་པ་དང༔ བླ་མེད་མེ་ལོང་ལ་གཞུག་པ་འོ༔ འདིར་བླ་མེད་ཀྱི་དབང་དུ་བྱ་བ་ནི༔ དང་པོ་རྟེན་དེ་ལ་སྙན་གསན་དབབ་པ་ནི༔ མགོན་པོ་ཐུགས་རྗེ་དང་ལྡན་པ་བདག་ལ་དགོངས་སུ་གསོལ༔ དེང་བཞུགས་པའི་རྟེན་འདི་ཉིད་སྐྱོན་གྱི་རྣམ་པ་དེ་བསལ་ནས༔ སྐྱོན་མེད་དུ་བསྒྲུབ་པ་དེ་སྲིད་དུ་མེ་ལོང་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བཞུགས་སུ་གསོལ༔ བཞུགས་ནས་དེ་སྲིད་དུའང་འགྲོ་བའི་དོན་རྣམས་མཛད་དུ་གསོལ༔ ཞེས་གསུམ་གྱིས་གསོལ་བ་གདབ༔ དེ་ནས་མེ་ལོང་ལ་རྟེན་གྱི་གཟུགས་བརྙན་འཆར་བར་བྱེད་ལ༔ ཨོཾ༔ མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཡེ་ཤེས་ཀྱི་གཟུགས་བརྙན་ལས་བྱུང་བའི་རྟེན་མི་དམིགས་པ་སྟོང་པའི་ངང་ལས༔ ཡེ་ཤེས་སྒྱུ་མར་བཞེངས་པའི་གཟུགས་ཀྱི་སྐུ་ཡི་རྣམ་པར་གྱུར༔ ཅེས་བསྐྱེད་པའི་ལྷ་རྒྱས་གདབ་ཅིང་སྤྱན་དྲངས་ལ་བསྟིམ་པ་ནི༔ ཨེ་མ་ཧོ་མགོན་པོ་དགོངས་སུ་གསོལ༔ བཅོམ་ལྡན་དམ་ཚིག་ཉེ་བར་དགོངས༔ ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་ལ༔ ཡེ་ཤེས་ཆེན་པོ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ མེ་ལོང་གི་དཀྱིལ་འཁོར་དེ་ལ་མཆོད་པ་འབུལ་བ་ནི༔ བཅོམ་ལྡན་འདིར་ནི་བྱོན་པ་ལེགས༔ བདག་ཅག་བསོད་ནམས་སྐལ་བར་ལྡན༔ བདག་གི་མཆོད་ཡོན་བཞེས་ནས་ཀྱང༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ ཨརྒྷཾ་པཱ་དྱཾ་སོགས་ཀྱིས་མཆོད༔ འདིར་ནི་གཟུགས་དང་ལྷན་ཅིག་ཏུ༔ འགྲོ་བའི་དོན་དུ་བཞུགས་ནས་ཀྱང༔ ནད་མེད་ཚེ་དང་དབང་ཕྱུག་གི༔ མཆོག་རྣམས་ལེགས་པར་བསྩལ་དུ་གསོལ༔ ཞེས་གསོལ་བ་གདབ༔ སླར་གསོལ་བ་གདབ་པ་ནི༔ མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ༔ ཇི་སྲིད་རྟེན་ཉེ་བར་བསྒྲུབ་པ་མ་ཟིན་བར༔ དེ་སྲིད་དུ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟན་པར་བཞུགས་སུ་གསོལ༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏཱ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ མེ་ཏོག་འཐོར༔ དེ་ནས་རྟེན་འགྲུབ་ནས༔ སླར་ཡང་ཚུར་སྤོ་བ་ནི༔ མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ༔ དེང་གི་རྟེན་བསྒྲུབ་པ་ལེགས་པར་ཟིན་པས༔ ད་ནི་ཇི་སྲིད་འབྱུང་བའི་གནོད་པས་མ་ཞིག་གི་བར་དུ་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ༔ སྤྱན་འདྲེན་བཞུགས་གསོལ༔ རྒྱས་འདེབས་རྣམས་རབ་གནས་ཚུལ་བཞིན་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས༔ ཀློང་གསལ་སྙིང་པོས་དག་པར་ཕབ་པའོ༔ མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། ཚེ་སྒྲུབ་འཆི་མེད་སྙིང་པོའི་མཚམས་སྦྱོར་བདུད་རྩིའི་སྙིང་པོ་ (Volume 11, Text 58)
༄༅། །གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། ཚེ་སྒྲུབ་འཆི་མེད་སྙིང་པོའི་མཚམས་སྦྱོར་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། འཆི་མེད་བདེ་ཆེན་རྡོ་རྗེའི་སྐུ །དངོས་གྲུབ་འདོད་རྒུའི་ཆར་འབེབ་ལ། །གུས་པས་གསོལ་བཏབ་ཚེ་སྒྲུབ་ཀྱི། །སྨིན་བྱེད་མཚམས་སྦྱོར་ཁྱེར་བདེར་དགོད། །འཆི་མེད་གྲུབ་པའི་དབང་ཕྱུག་ཆེན་པོའི་ཞལ་ལུང་གང་ཟག་ཕྲེང་བས་བར་མ་ཆད་པའི་ཟབ་གསང་དང་འབྲེལ་བར་འཆི་མེད་ཚེའི་དབང་བསྐུར་བསྒྲུབ་པ་ལ། སྟེགས་གཙང་མའི་དབུས་སུ་མཎྜལ་པདྨ་འདབ་བརྒྱད་དབུས་དང་ཕྱོགས་བཞིར་ཚོམ་བུས་སྤྲས་པའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་ལྡན་པ། གཡས་སུ་ཐོད་པ་མཚན་ལྡན་དུ་ཆང་རྒོད་མངར་གསུམ་སྦྱར་བས་བཀང་བ། གཡོན་དུ་རིན་པོ་ཆེའི་སྣོད་དུ་ཚེའི་རིལ་བུ། མདུན་དུ་ཤེལ་རྡོ་མེ་ལོང་། རྒྱབ་ཏུ་ཚེ་མདའ་རྒྱན་ལྡན་རྣམས་བཀོད། ཕྱི་ནང་གི་མཆོད་གཏོར། ཚོགས་ཀྱི་ཡོ་བྱད་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཀྱང་བཀོད་མཛེས་སུ་བཤམས་ཞིང་ཉེར་བསྡོག་བྱའོ། །དེ་ནས་ཐོག་མར་གསོལ་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་ཡེ་ཤེས་སྙིང་པོའི་སྐྱབས་སེམས་ནས་བསྟོད་པའི་བར་བདག་མདུན་ཆིག་རྫོགས་སུ་བཏང་། བསྟོད་པའི་རྗེས་སུ་ཛཔ྄་ཁང་ཕྱེས་ཏེ་ཚེ་སྒྲུབ་འཆི་མེད་སྙིང་པོ་ལྟར་དམིགས་གནད་དང་ལྡན་པས་རྩ་བསྙེན་དང་ཧྲཱིཿབཟླས་ཅི་འགྲུབ་བྱ། མཐར་ཚེ་བཅུད་བསྡུ་བའི་བཟླས་པའང་བརྒྱ་རྩ་ལས་མི་ཉུང་བ་བཟླས་ཏེ་ཚེ་འགུགས་གཏང་། མཆོད་བསྟོད་དང་ཡིག་བརྒྱས་ནོངས་པ་བཤགས། ལས་བུམ་དུ་འཁྱིལ་པའི་བསྐྱེད་བཟླས་བྱ། ཚོགས་བྱིན་བརླབས་ལ་གཞུང་ལྟར་འབུལ། བདག་འཇུག་སྤྲོ་ན་དབང་ཆོག་ལྟར་བླང་། མི་ལྕོགས་ན་ཏིང་ངེ་འཛིན་གྱི་དབང་བླང་བ་སོགས་སྤྱི་འགྲེ་བྱའོ། །དབང་དངོས་ལ་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ་སྤྱི་བཤད་ཅི་རིགས་དང་ཁྱད་པར། དེ་ལ་འདིར་སྐབས་སུ་བབས་པ། སངས་རྒྱས་ཚེ་དཔག་མེད་པ་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དབྱེར་མེད་པ་སྙིགས་དུས་གདུལ་བྱའི་མགོན་དུ་སྤྲུལ་པའི་སྐུར་བཞེངས་པ། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞེས་འཇིག་རྟེན་གསུམ་ན་ཉི་ཟླ་ལྟར་གྲགས་ཤིང་གྲུབ་པའི་ཆོ་འཕྲུལ་ཆེན་པོ་ཛམ་བུ་གླིང་ཁྱབ་པར་བསྟན་པས་གཞན་གྱིས་མ་དུལ་བའི་གདུལ་དཀའི་མི་དང་མི་མ་ཡིན་རྣམས་བཏུལ་པར་མཛད་པ། ཁྱད་པར་འཆི་མེད་ཚེ་ལ་དབང་བརྙེས་པའི་རིག་པ་འཛིན་པར་གྲུབ་པས་ལས་དག་པ་རྣམས་ཀྱི་སྣང་ངོར་ད་ལྟའང་མངོན་སུམ་དུ་བཞུགས་ནས་སྐལ་ལྡན་རྣམས་རྗེས་སུ་འཛིན་ཅིང་དངོས་གྲུབ་རྣམ་པ་གཉིས་སྩོལ་བར་མཛད་པ་དེ་ཉིད་ཀྱིས། འཇམ་མགོན་ཁྲི་ལྡེའི་རྣམ་རོལ་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་འོད་གསལ་སྤྲུལ་པའི་རྡོ་རྗེ་དགུང་གྲངས་བཅོ་ལྔ་པར་མངོན་སུམ་དུ་བསྩལ་པ། གཞན་ལས་ཁྱད་པར་དུ་འཕགས་པའི་ཟབ་ཆོས་ཐུན་མོང་མ་ཡིན་པ་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་གི་ཆ་ལག་ཚེ་སྒྲུབ་འཆི་མེད་སྙིང་པོའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་གྲུབ་ཐོབ་ཆེན་པོ་ཐ་དད་མེད་པ་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་ནས༔ སྐྱེ་འཆི་མེད་པའི་ཚེ་ཡི་དབང༔ སྒོ་གསུམ་རྡོ་རྗེར་སྨིན་བྱའི་ཕྱིར༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་རྗེ་གྲུབ་ཐོབ་ཆེན་པོ་ཐ་དད་མེད་པ་ལ་རྩ་གསུམ་ཆོས་སྲུང་རྒྱ་མཚོས་སྤྲིན་གཏིབས་པ་ལྟར་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སྡིག་པ་མི་དགེ་བའི་ལས་མཐའ་དག་བཤགས་པ་དང་། གཞན་དོན་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་སྡོམ་པ་བླངས་ཏེ་གསང་བ་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་པར་དམ་བཅའ་བ་དང་། དེ་ཐམས་ཅད་ཀྱང་འཁོར་གསུམ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ལ་བཟླ་བ་དོན་དམ་བྱང་ཆུབ་ཀྱི་སེམས་རྣམས་གསལ་ཐོབ་ལ་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ རང་ལས་ཡེ་ཤེས་ཤར་བའི་སྐུ༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ཞེས་ལན་གསུམ། དེ་དག་གིས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་ལ་ཐོག་མར་དབང་གི་གཞི་དགོད་པའི་སླད་དུ། ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་དུ་སྒོམས་ཤིག །ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ། རང་གི་ཤེས་རིག་མ་བཅོས་པའི་རང་མདངས་གྲུབ་པའི་དབང་ཕྱུག་འཆི་མེད་ཐང་སྟོང་རྒྱལ་པོ་གཞོན་ཚུལ་དཀར་དམར་མདངས་ལྡན་མཚན་དཔེ་ཡོངས་རྫོགས་དབུ་སྐྲ་ཐོར་ཚུགས་སུ་བཅིངས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་ཤིང་ན་བཟའ་རས་དཀར་སླེ་བེར་གསོལ་བ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས། མགྲིན་པར་ལོངས་སྐུ་སྤྱན་རས་གཟིགས། ཐུགས་སྟོད་དུ་དབང་ཆེན་རྟ་མཆོག་རྒྱལ་པོ། ཐུགས་ཀའི་དབུས་སུ་སློབ་དཔོན་པདྨ་འབྱུང་གནས་དཀར་དམར་མདངས་ལྡན་རྡོ་རྗེ་ཐོད་པ་ཚེ་བུམ་གྱིས་མཚན་པ་བསྣམས་ཤིང་རྒྱན་ཆས་ཡོངས་སུ་རྫོགས་པའི་ཐུགས་ཀར་འོད་ལྔའི་དྲྭ་བའི་ཀློང་དུ་ཉི་ཟླའི་གྭའུའི་དབུས་སུ་ཡི་གེ་ཧྲཱིཿདཀར་པོ་འོད་ཟེར་འབར་བ། མཐའ་སྐོར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ། རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གཙོ་བོའི་གནས་གསུམ་དུ་འབྲུ་གསུམ་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་འཕྲོས་པས། བླ་མ་སྐུ་གསུམ་གྱི་ཞིང་རབ་འབྱམས་རྒྱ་མཚོ་ན་བཞུགས་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་འཆི་མེད་གྲུབ་པའི་དབང་ཕྱུག་ཆེན་པོའི་གསང་བ་གསུམ་གྱི་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་ཅིག །སྤོས་དུད་རོལ་མོ་དབྱངས་བཅས། ཨ༔ འོད་གསལ་དབུ་མའི་ཕོ་བྲང་ནས༔ ཤེས་རིག་ཐང་སྟོང་རྒྱལ་པོ་ལ༔ ཤར་གྲོལ་དུས་མཉམ་འཁོར་གྱིས་བསྐོར༔ མཉམ་ཉིད་ངང་ནས་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ལས་བྱང་ལྟར་བརྗོད་ལ་བྱིན་རླབས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་མི་ཉམས་བརྟན་པར་གྱུར་པར་མོས། ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དེ་ནས་ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། བདག་མདུན་འཆི་མེད་གྲུབ་པའི་དབང་ཕྱུག་གཙོ་དང་འཁོར་དུ་བཅས་པའི་སྐུ་ལས་ལྕགས་ཀྱུ་ལྟ་བུའི་འོད་ཟེར་དང་ཕོ་ཉ་མགྱོགས་མ་ཉི་ཟེར་གྱི་རྡུལ་ལྟ་བུ་སྟེང་འོག་ཕྱོགས་མཚམས་ཁྱབ་པར་འཕྲོས། རང་རང་གི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་དང་། འབྱུང་བ་བཞིའི་དྭངས་བཅུད། འཇིག་རྟེན་ན་མངོན་པར་མཐོ་བ་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་དགེ་ལེགས་ཀྱི་ཡོན་ཏན། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས། ཁྱད་པར་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཁ་དོག་སྣ་ལྔ་པའི་འཇའ་འོད་ཐིག་ལེ་ཟེར་ཐག་ཡིག་འབྲུའི་རྣམ་པར་བསྡུས་ཏེ་རང་རང་གི་བ་སྤུའི་བུ་ག་ནས་སིབ་སིབ་བྱུང་། སྙིང་གའི་ཚེ་རྟེན་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། མདའ་དར་གཡབ་ལ། ཨ༔ ཀ་དག་འགྱུར་མེད་ཕོ་བྲང་སོགས་ནས་སྔགས་བཅས་བརྗོད་ལ་ཚེ་འགུགས་བྱ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པས་འཆི་མེད་ཚེའི་དབང་བཞི་རིམ་པར་བསྐུར་བའི་ཐོག་མར་བུམ་པའི་དབང་སྤྱི་བོར་བསྐུར་བས། གདོས་བཅས་རྩ་ཁམས་ཀྱི་སྒྲིབ་པ་བྲལ། འཕོ་འགྱུར་མེད་པ་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཨ༔ བློ་བྲལ་བུམ་པའི་དཀྱིལ་འཁོར་དུ༔ ཟུང་འཇུག་འཆི་མེད་མགོན་པོ་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧྲཱིཿབཛྲ་གུ་རུ་པདྨ་སིདྡྷི་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཛ༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྦྱིན། སྐུ་སྐྱེ་འཆི་མེད་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །བདུད་རྩིའི་དབང་མགྲིན་པར་བསྐུར་བས་སྲོག་རྩོལ་གྱི་བགྲོད་པ་དབུ་མའི་དབྱིངས་སུ་ཐིམ། གཞོམ་དུ་མེད་པ་རང་བྱུང་ནཱ་དའི་གསུང་ཐོབ་པར་མོས་ཤིག །བྷནྡྷའི་བདུད་རྩི་མགྲིན་པར་བཞག་ལ། ཨ༔ དབྱིངས་རིག་དབྱེར་མེད་ཀ་པཱ་ལར༔ བདེ་ཆེན་ཡུམ་ལྔའི་བདུད་རྩི་བསྐྱིལ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྲོག་རྩོལ་དབུ་མར་ཐིམ་པར་ཤོག༔ མ་ཧཱ་སུ་ཁ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ བདུད་རྩི་སྦྱིན། གསུང་འགག་པ་མེད་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཚེའི་རིལ་བུའི་དབང་སྙིང་གར་བསྐུར་བས་སྐྱེ་འཆིའི་འཛིན་རྟོག་ཀ་དག་གི་དབྱིངས་སུ་གྲོལ། རང་བཞིན་རྟག་པ་དམ་པ་རྡོ་རྗེའི་ཐུགས་ཐོབ་པར་མོས་ཤིག །ཚེ་རིལ་སྙིང་གར་བཞག་ལ། ཨ༔ སྲིད་ཞིའི་དྭངས་མ་འདུས་པའི་བཅུད༔ སྣང་སྟོང་ཟུང་འཇུག་བདེ་བ་ཆེ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྐྱེ་འཆིིའི་འཛིན་པ་རང་གྲོལ་ཤོག༔ ཛྙཱ་ན་བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་ཚེ་རིལ་སྦྱིན། ཐུགས་གཡོ་བ་མེད་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །ཤེལ་དང་མེ་ལོང་གི་བརྡས་མཚོན་ཏེ་གཞི་ཀ་དག་གི་དབྱིངས་ལས་ལམ་ལྷུན་གྲུབ་ཀྱི་སྣང་བ་ཅིར་ཡང་འཆར་བ་ཉིད་ཟུང་འཇུག་ཡེ་ཤེས་ཆེན་པོར་ལམ་དུ་བྱས་པས་ཆོས་ཅན་སྤྲོས་པའི་མཚན་མ་ཆོས་ཉིད་འགྱུར་བ་མེད་པའི་ཀློང་དུ་ཐིམ་ནས་ནམ་ཡང་འཕོ་འགྱུར་དང་བྲལ་བ་འཆི་མེད་རྡོ་རྗེའི་སྐུའི་བཙན་ས་ཟིན་པའི་དོན་རྟོགས་པར་གྱིས་ཤིག །ཤེལ་རྡོ་མེ་ལོང་བསྟན་ལ། ཨ༔ ཀ་དག་གཞི་ཡི་ཡེ་ཤེས་ལ༔ ལྷུན་གྲུབ་ལམ་གྱི་སྣང་བ་ཤར༔ ཟུང་འཇུག་བློ་བྲལ་ཆེན་པོའི་ངང༔ འཕོ་འགྱུར་མེད་པའི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ དབྱིངས་རིག་ཟུང་འཇུག་གཤིས་ལུགས་མ་བཅོས་གཉུག་མ་བློ་འདས་ཆེན་པོའི་ངང་དུ་མཉམ་པར་འཇོག་འཚལ། ཅེས་དར་གཅིག་བཞག །ཡོན་ཏན་དང་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ་པ་རྡོ་རྗེ་ཚེའི་དབང་མཆོག་དམ་པ་ལྷ་དང་གཉིས་སུ་མེད་པ་ཐོབ་པར་གྱུར་ཅིག །དེ་ལྟར་འཆི་མེད་དོན་གྱི་དབང་བཞི་བསྐུར་པས། སྒྲིབ་པ་བཞི་དག །ལམ་བཞི་བསྒོམ་པ་ལ་དབང་། རྡོ་རྗེ་བཞི་ཡི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ཉིད་མི་ཉམས་ཤིང་བརྟན་པར་རྒྱས་འདེབས་པ་ལ། ལུས་ཀྱི་ནང་གང་བའི་ཚེའི་བཅུད་དང་དྭངས་མ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་སྙིང་གའི་ཉི་ཟླའི་གའུའི་ནང་དུ་ཞུགས། དྭངས་སྲོག་ཧྲཱིཿཡིག་ལ་ཐིམ་པས་བཀྲག་མདངས་འོད་དུ་འབར། སྐྱེ་འཆི་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ཚེའི་རིག་འཛིན་ཐོབ་པར་མོས་ལ་ཆོས་ཉིད་འཕོ་འགྱུར་མེད་པའི་ངང་དུ་མཉམ་གཞག་གི་ཕྱག་རྒྱའི་རྒྱས་ཐོབ་ཅིག ཨ༔ སྤྲོས་པས་སྣང་སྲིད་གང་བའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་གདབ་བོ༔ རྣམ་ཀུན་མཆོག་ལྡན་དབྱིངས་སུ་ཨ༔ ཞེས་རྒྱས་གདབ་ལ་ཤིས་བརྗོད་རྒྱས་པར་སྤེལ་ཅིང་མེ་ཏོག་གི་ཆར་དབབ། དབང་གི་རྗེས་རིམ་དམ་ཚིག་བསྒྲག་བཟུང་སོགས་དང་། ཚོགས་ལ་རོལ་བ་ཕྱིན་གྱི་ཕྲིན་ལས་རྗེས་ཀྱི་བྱ་བ་རྣམས་ཀྱང་དེ་ཉིད་ལས་འབྱུང་བ་ལྟར་བྱས་པས་གྲུབ་བོ། །ཚེ་དབང་གྲུབ་པའི་དབང་ཕྱུག་དང་། །དབྱེར་མེད་རྡོ་རྗེའི་རིག་འཛིན་བརྙེས། །གང་འདུལ་ཕྲིན་ལས་མཐའ་ཡས་པས། ཁམས་གསུམ་སྐྱེ་དགུ་དབུགས་འབྱིན་ཤོག །ཅེས་པའང་ཟབ་ཆོས་འདིའི་ཐོག་མའི་སྣོད་ལྡན་བློ་གྲོས་མཐའ་ཡས་པའི་སྡེས་༧ཁྱབ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེའི་གསང་བ་གསུམ་གྱི་སྣང་བས་བྱིན་གྱིས་བརླབས་པའི་གདན་ས་ཆེན་པོ་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་སྤེལ་བ་དགེ་ལེགས་འཕེལ།། །།
གསང་བ་ཡེ་ཤེས་མཁའ་འགྲོ་སྙིང་གི་ཐིག་ལེ་ལས། གྲོ་ལོད་ཧཱུྃ་སྒྲུབ་ཀྱི་དབང་བསྐུར་དངོས་གྲུབ་ལག་སྩོལ་ (Volume 13, Text 58)
༄༅། །གསང་བ་ཡེ་ཤེས་མཁའ་འགྲོ་སྙིང་གི་ཐིག་ལེ་ལས། གྲོ་ལོད་ཧཱུྃ་སྒྲུབ་ཀྱི་དབང་བསྐུར་དངོས་གྲུབ་ལག་སྩོལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཀྲོ་དྷ་ལོ་ཀོཏྟ་རཱ་ཡ། མ་ངེས་གདུག་པ་འདུལ་བའི་ཕྱིར། །འཆོལ་བའི་ཆས་རྫོགས་ཧེ་རུ་ཀར། །གུས་པས་ཕྱག་འཚལ་དེ་སྒྲུབ་ཀྱི། །སྙིང་པོ་ཧཱུྃ་གི་བྱིན་རླབས་དགོད། །དབེན་པའི་གནས་སུ་ཚེས་བཅུའི་དུས་ཆེན་བཟང་པོར་སྟེགས་བུའི་སྟེང་མཎྜལ་དྲི་བཟང་གིས་བྱུགས་པ་ལ་མེ་ཏོག་དམར་པོའི་ཚོམ་བུ་བཀོད། དེ་སྟེང་ཁྲིའུ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ་བཀོད་པའི་མདུན་ཕྱོགས་སུ་དཔལ་གཏོར་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། རྒྱབ་ངོས་སུ་རཀྴའི་ཕྲེང་བ་དང་སྣ་ཚོགས་རྡོ་རྗེ། གཡས་སུ་གསེར་གྱི་རྡོ་རྗེ། གཡོན་དུ་ལྕགས་ཕུར་རྣམས་བཀོད། མཐའ་སྐོར་དུ་ཕྱི་མཆོད་དང་སྤྲོ་ན་ཚོགས་ཀྱི་ཡོ་བྱད་སོགས་ཀྱང་འདུ་བྱས་ལ། ཐོག་མར་དབང་དོན་སྒྲུབ་མཆོད་སྤྲོས་བཅས་གཞན་ལུགས་ལྟ་བུ་བྱ་བའི་སྐབས་མ་ཡིན་ཏེ། ཐེག་རྩེ་ཨ་ཏི་རྡོ་རྗེའི་སྙིང་པོ་ཀ་དག་གི་དགོངས་པ་ཟང་ཐལ་ཆེན་པོར་དབང་འབྱོར་ཅིང་། ལྷུན་གྲུབ་འོད་གསལ་གྱི་སྣང་བ་གོང་འཕེལ་ལ་ལོངས་སྤྱོད་པ་རྣམས་ཀྱིས་སྐད་ཅིག་རིག་པའི་རང་རྩལ་བསྐྱེད་བཟླས་ཏིང་ངེ་འཛིན་དང་བཅས་པས་སློབ་མ་རྗེས་སུ་བཟུང་བར་བྱ་བ་ཡིན་ལ། གནས་ལུགས་ལྷོངས་སུ་མ་གྱུར་པའི་སློབ་དཔོན་རྣམས་ཀྱིས་ཀྱང་རང་གི་ཉམས་ལེན་རྟགས་ཐོན་བྱ་དགོས་པར་གསུངས་པས་དེ་ལྟར་གྲུབ་ནས་དབང་བསྐུར་སྐབས་སུ་བབས་པའི་ཚེ་ཇི་ལྟར་བྱ་བའི་ཚུལ་ཡང་གོང་མ་དང་མཚུངས་སོ། །དེས་ན་སྐབས་འདིར་གུ་རུ་རིན་པོ་ཆེར་མོས་གུས་དྲག་པོས་གསོལ་འདེབས་རྒྱུད་བསྐུལ་སྔོན་དུ་འགྲོ་བས་སྐྱབས་འགྲོ་དང་སེམས་བསྐྱེད་བྱ། འཁོར་འདས་མཉམ་ཉིད་ཀྱི་ལྟ་བ་དང་སྣང་སྲིད་གཞིར་བཞེངས་ཀྱི་སྒོམ་པ་ཟུང་དུ་འཇུག་པས་བདག་མདུན་སོགས་མཚན་བཅས་རྟོག་པའི་རི་མོ་གདོད་ནས་ཡེ་དག་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རིག་སྟོང་ཁྱབ་གདལ་གྱི་ངོ་བོར་རྫོགས་པར་ཤེས་པའི་རྣལ་འབྱོར་གྱིས་གཏེར་གཞུང་ལྟར། ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་གཞི་སེམས་ཉིད་མ་བཅོས་ལྷུག་པའི་ངང༔ ཞེས་པ་ནས། སྟོང་གསུམ་འཇིགས་རྟེན་མ་ལུས་ཧཱུྃ་གིས་ཁེངས༔ ཞེས་པའི་བར་གྱིས་ལྷར་སྣང་དང་བཟླས་པའི་གཞི་གསལ་བཏབ་ལ་གསོལ་འདེབས་རྡོ་རྗེའི་འགྱིང་གླུ་དང་སྦྱར་ཏེ། ཧཱུྃ་སྒྲ་གསུམ་བདུན་བསྒྲིལ་བའི་ཉེར་གཅིག་པ་དབྱངས་ཀྱི་རྟ་ལ་སྦྱར་བ་དང་། ངར་ལྡན་དྲག་པོའི་ཤུགས་ཀྱིས་བཟླ། དེ་ལ་ཧྲཱིཿབརྗོད་ཅེས་པ་ནས། དབང་དུ་འདུས་པར་བསམ༔ བར་བརྗོད་ལ་གསོལ་འདེབས་དང་ཧཱུྃ་དབྱངས་བྱ། མཐར། ཚོགས་དྲུག་གཟུགས་སྣང་སོགས་ཀྱིས་གསལ་གདབ་ལ་གསོལ་འདེབས་ཧཱུྃ་དབྱངས་དང་བཅས་པས་དབང་རྫས་རྣམས་ཀྱང་བྱིན་གྱིས་བརླབ་བོ། །དེ་ནས་དམ་ཚིག་ལ་གནས་པ་སོགས་སྣོད་དང་ལྡན་ངེས་པའི་སློབ་མ་རྣམས་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བཏང་། བགེགས་བསྐྲད་མཚམས་གཅོད་བཅས་མཁའ་འགྲོ་སྙིང་ཐིག་གི་ཆོས་བཀའ་གཞན་རྣམས་དང་འབྲེལ་མཚུངས་སམ་སྤྱི་ལྟར་བྱས་ཀྱང་ཆོག །སེམས་བསྐྱེད་གསལ་བཏབ་ལ། དེ་ལ་འདིར་སྐབས་སུ་བབས་པ་གསང་བ་ཡེ་ཤེས་མཁའ་འགྲོ་སྙིང་གི་ཐིག་ལེའི་ཡབ་བཀའ་རྡོ་རྗེ་གྲོ་ལོད་ཧཱུྃ་གི་སྒྲུབ་པ་བར་ཆད་ཀུན་སེལ་གྱི་བྱིན་རླབས་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་ཉིད་སངས་རྒྱས་ཀུན་འདུས་དཔལ་ཆེན་རྡོ་རྗེ་གྲོ་ལོད་དངོས་སུ་གསལ་བ་ལ་མི་ཕྱེད་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ངོ་བོ་རྡོ་རྗེ་གྲོ་ལོད་རྩལ༔ བདག་ཅག་འདིར་འདུས་དད་ལྡན་ལ༔ བྱིན་རླབས་དངོས་གྲུབ་རྣམ་གཉིས་སྩོལ༔ ལན་གསུམ། ཧོ༔ སྐལ་ལྡན་སྐྱེས་བུ་ཁྱེད་རྣམས་ཀུན༔ དལ་འབྱོར་ཐོབ་པ་གྲངས་མང་ཡང༔ གསང་སྔགས་ཟབ་མོའི་སྒོར་ཞུགས་དཀོན༔ དེ་ཉིད་བསོད་ནམས་ཚོགས་ལས་བྱུང༔ སླར་ཡང་ཟབ་མོའི་གདམས་ངག་ཉོན༔ འོ་ན་ཟབ་ཆོས་འདི་དང་འབྲེལ་བའི་ལོ་རྒྱུས་མདོ་ཙམ་བརྗོད་པ་ཡིན་པས་སྐལ་ལྡན་རྣམས་སྙན་གཏོད་པར་ཞུ། དེའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ཀྱང་ཐུགས་བསྐྱེད་རྣམ་ཐར་ཕྲིན་ལས་རྨད་དུ་བྱུང་བས། རྒྱལ་བ་སྲས་དང་བཅས་པས་མ་དུལ་བའི་གདུལ་བྱ་ཤིན་ཏུ་མི་སྲུན་ཅིང་རྒྱུད་མ་རུངས་པའི་གདུག་པ་ཅན་མཐའ་དག་འདུལ་བའི་ཐབས་ལ་མཁས་པའི་ཆོ་འཕྲུལ་བླ་ན་མེད་པ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་སྟོན་པར་མཛད་པ། དཀྱིལ་འཁོར་ཀུན་གྱི་མངའ་བདག་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་ཉིད་ཡེ་ཤེས་འདོད་རྒུར་སྒྱུར་བའི་མཚན་དང་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས་ཁྱད་པར་དུ་གྱུར་པ། གདོང་དམར་བོད་ཀྱི་ཡུལ་དུ་ལྷ་སྲིན་གདུག་པ་ཅན་རིགས་དང་རྣམ་འགྱུར་མ་ངེས་པ་རྣམས་ཀྱི་གཉེན་པོར་འབར་བ་ཆེན་པོ་རྟགས་ཀྱི་ཕྱག་རྒྱ་འཆོལ་བའི་ཁྲོ་རྒྱལ་འཇིག་རྟེན་གསུམ་ན་ཆེ་བའི་མཆོག་གི་རྣམ་འགྱུར་ཤས་་་ཆེར་བསྟན་པ་རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ་གྱི་སྒྲུབ་ཐབས་རྒྱས་བསྡུས་མང་པོ་གུ་རུ་ཉིད་ཀྱིས་མཛད་ནས། སྙིགས་མ་ལྔ་ཤས་ཆེར་བདོ་བའི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་ཟབ་མོའི་གཏེར་ཁ་དུ་མར་སྦ་བར་མཛད་པ་ལས། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་པ་གོར་བཻ་རོ་ཙཱ་ན་ལ་གཉེར་གཏད་པའི་མཁའ་འགྲོ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་བཅུད་མཁའ་འགྲོ་སྙིང་གི་ཐིག་ལེའི་ཆ་ལག་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཆོས་སྐོར་རྣམས། ཏྲེ་ཤོད་པདྨ་བརྩེགས་པའི་གནས་ཀྱི་ཆ་བྲག་རི་ཞུན་མཁར་དུ་ཟབ་མོའི་རྒྱས་བཏབ་པ། ཕྱིས་ལོ་ཆེན་ཉིད་ཀྱི་ཐུགས་ཀྱི་སྤྲུལ་པ་པདྨ་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ཆོས་སྡེ་ལས་བྱོན་པ་མཁའ་འགྲོའི་ཡབ་བཀའ་རྡོ་རྗེ་གྲོ་ལོད་ཀྱི་ཧཱུྃ་སྒྲུབ་འདི་ནི་སྒྲུབ་ཐབས་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སྟེ། འདི་ཉིད་ཀྱི་གཞུང་ལས། རྒྱ་ཆེ་གྲངས་མང་བཀའ་ལུང་དོན༔ བླ་མའི་མན་ངག་དག་ལ་འདུས༔ དེ་ཡང་ཟབ་གཏེར་དཔག་མེད་ཀྱང༔ གསང་བའི་ཡང་གསང་འབྲུ་གཅིག་འདི༔ བདག་འདྲ་པདྨའི་སྲོག་སྒྲུབ་ཡིན༔ ཨོ་རྒྱན་ང་ཡི་ཡོན་ཏན་ཀུན༔ འབྲུ་གཅིག་འདི་ལ་བརྟེན་ནས་བྱུང༔ ཕྱི་རབས་རྗེས་འཇུག་སྐལ་ལྡན་རྣམས༔ འབྲུ་གཅིག་འདི་ལ་ནན་གྱིས་སྒྲུབས༔ འདི་ཡིས་མི་བསླུ་ཅི་བསམ་འགྲུབ༔ ཅེས་གསུངས་པ་དང་། ཡང་ཟབ་ཧཱུྃ་སྒྲུབ་གཞུང་ལས། བདག་ཉིད་པདྨ་འབྱུང་གནས་ཀྱིས༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀུན༔ ཁ་ཚང་དོན་འདྲིལ་མང་སྦས་ཀྱང༔ ཡང་གསང་སྙིང་པོའི་ཧཱུྃ་སྒྲུབ་འདི༔ ཀུན་གྱི་སྙིང་པོ་ཡིན་ནོ་བུ༔ ཞེས་དང་། ཚེ་གཅིག་བྱང་ཆུབ་སྙིང་པོ་བསྒྲུབ་པ་ལ༔ མདོ་རྒྱུད་བསྟན་བཅོས་ཉན་བཤད་འཁྲི་བ་ཆོད༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ ལན་གཅིག་ཙམ་གྱིས་ཆོས་ཉིད་རང་རྒྱུད་རྟོགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་སོགས་ངེས་དོན་ལ་བརྟེན་ཅིང་དགོངས་པ་ཅན་མ་ཡིན་པའི་བསྔགས་བརྗོད་ཕན་ཡོན་རྒྱ་ཆེར་གསུངས་པའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པའི་ཐོག་མར་ཐེག་པ་རིམ་འཇུག་གི་ཚུལ་དང་མཐུན་པར་སྐྱབས་སུ་འགྲོ་བ་ལ་འདུན་པ་འདི་བཞིན་དུ་མཛོད། བླ་མ་ཉིད་རྩ་གསུམ་ཀུན་འདུས་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དངོས་སུ་སྣང་བ་ལ་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། ཕ་མ་དྲིན་ཅན་ཤ་སྟག་ཏུ་གྱུར་པའི་མཁའ་ཁྱབ་འགྲོ་བ་མ་ལུས་པའི་དོན་དུ། དཀོན་མཆོག་ཀུན་འདུས་བླ་མ་རྡོ་རྗེ་གྲོ་ལོད་བསྒྲུབས་ནས་གང་ལ་གང་འདུལ་གྱི་ཕྲིན་ལས་རྣམ་པ་བཞིས་མ་བསྒྲལ་བ་ཐམས་ཅད་ཡང་དག་པའི་མཐའ་ལ་བསྒྲལ་བར་བྱ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་བླ་མ་རྩ་གསུམ་ཀུན་འདུས་ཀྱི་སྤྱན་སྔར་སྙིང་ཐག་པ་ནས་བཤགས་ཤིང་། སྒོ་གསུམ་ལོངས་སྤྱོད་དང་བཅས་པ་བྲན་དུ་འབུལ་ན་ཅི་མཛད་ཁྱེད་རང་མཁྱེན་ནོ་སྙམ་པ་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་སྤྱན་སྔ་རུ༔ སྔོན་ཆད་བག་མེད་ལས་སྨིན་རྣམས༔ དེང་ནས་བྱང་བར་མཛད་དུ་གསོལ༔ ཕྱིན་ཆད་སྒོ་གསུམ་ཉིད་ལ་འབུལ༔ ལེགས་ཉེས་ཐམས་ཅད་ཁྱེད་རང་མཁྱེན༔ ཅེས་བརྗོད། དེ་ནས་བྱིན་རླབས་ཀྱི་གཞི་དགོད་པ་ཡེ་ཤེས་དབབ་ཅིང་བསྟིམ་པ་ཡིན་པས་སྒོ་གསུམ་གྱི་གནད་ལེགས་པར་བཅུན་ལ། ཁྱེད་རང་བླ་མ་རྡོ་རྗེ་གྲོ་ལོད་ཀྱི་སྐུ་འདི་བཞིན་དུ་སྒོམས་ཤིག །ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་གཞི་སེམས་ཉིད་མ་བཅོས་ལྷུག་པའི་ངང༔ ཞེས་པ་ནས། འོད་གང་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་གྱུར༔ ཅེས་པའི་བར་གཞུང་ལྟར་བརྗོད། དེ་ལྟར་གསལ་བའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོ་འོད་འབར་བ་ཞིག་གསལ་ཐོབ། སློབ་དཔོན་ཀྱང་དཔལ་ཆེན་རྡོ་རྗེ་གྲོ་ལོད་དངོས་སུ་གསལ་བ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཐུགས་སྲོག་ཧཱུྃ་ཡིག་ལས་འོད་ཟེར་ཉི་མ་བྱེ་བའི་གཟི་མདངས་ལྟ་བུ་འཕྲོས། བླ་མ་སྐུ་གསུམ་གྱི་ཞིང་ཁམས་རྣམས་སུ་བཞུགས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས།ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས་གུ་རུ་པདྨ་ཐོད་ཕྲེང་རྩལ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། ཐམས་ཅད་ཀྱང་ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ཏེ་ནམ་མཁའ་བར་སྣང་ས་གཞིའི་ཁྱོན་ཁེངས་པར་སྐད་ཅིག་ལ་བྱོན་ཏེ། ཁྱེད་རང་ལ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་རྩེ་གཅིག་ཏུ་མཛོད། འབེབ་པའི་སྦྱར་སྤོས་བདུག །ཌཱ་དྲིལ་དབྱངས་དང་བཅས་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་མོས་པའི་བུ་རྣམས་ལ༔ བྱིན་རླབས་འབེབ་ཕྱིར་གནས་འདིར་བྱོན༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ༔ ཁྱད་པར་ཐུགས་རྗེས་བོད་ལ་དགོངས༔ ལས་ངན་རྣམ་སྨིན་མནར་བ་ཡི༔ བདག་ཅག་རྗེས་འཇུག་བུ་སློབ་རྣམས༔ ཐུགས་ཀྱིས་འདོར་རམ་གུ་རུ་རྗེ༔ ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་ན༔ ཡང་སངས་རྒྱས་པའི་དགོས་པ་ཅི༔ བདག་ཅག་གདུང་བའི་མཆི་མ་འཁྲུགས༔ གསོལ་འདེབས་སྙིང་ནས་འོ་དོད་འབོད༔ ཕ་མཆོག་ཁྱོད་ཀྱི་ཡོན་ཏན་དྲན༔ བུ་ལ་གཟིགས་ཤིག་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་སྐུ་ཡི་བྱིན་ཕོབ་ཅིག༔ བདེ་བ་སྤོར་ཅིག་དྷཱ་ཀིའི་ཚོགས༔ ངག་ལ་གསུང་གི་བྱིན་ཕོབ་ཅིག༔ ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་ཐུགས་ཀྱི་བྱིན་ཕོབ་ཅིག༔ རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་མོས་པའི་བུ་རྣམས་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཕོབ་ཅིག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོངས༔ རྩ་གསུམ་དམ་ཚིག་ཉམས་པ་སྐོངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་ཐོགས༔ མི་མཐུན་རྐྱེན་སོལ་མཐུན་པ་སྒྲུབས༔ མཆོག་དང་ཐུན་མོང་བྱིན་ཕོབ་ཅིག༔ ཅེས་དང་སུམ་བསྒྲིལ་བདུན་བསྒྲིལ་སྤེལ་བའི་ཧཱུྃ་དབྱངས་མང་དུ་བརྗོད་ཅིང་འགྲུབ་ན་གར་གྱི་སྟངས་སྟབས་བསྒྱུར་བར་ཡང་གསུངས་སོ། །ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་འབྲལ་མེད་བརྟན་པར་བྱས་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་མེ་ཏོག་སྤྱི་བོར་བཞག །དེ་ལྟར་ཁྱེད་རང་གི་རྒྱུད་ལ་རང་བྱུང་གདོད་མའི་ཡེ་ཤེས་མ་སྐྱེས་པ་བསྐྱེད་ནས། དེ་ཉིད་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱ་བའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཐའ་རྟེན་དང་བཅས་པའི་དབང་བསྐུར་རིམ་པར་བསྒྲུབ་པ་ལགས་པས་མོས་པ་འདི་ལྟར་དུ་མཛད་འཚལ། བུམ་པ་ཐོགས་ལ། དོན་དམ་དབྱིངས་སྟོང་པ་ཉིད་དང་རིག་པ་འོད་གསལ་ཟུང་འཇུག་ཐིག་ལེ་འགྱུར་བ་མེད་པ་ཉིད་འཁོར་འདས་སྤྱི་དཔལ་རང་བྱུང་ཧེ་རུ་ཀ་གྲོ་བོ་ལོད་ཀྱི་ཕྱག་རྒྱ་རྟགས་ཀྱི་ཆོ་འཕྲུལ་དུ་ཤར་བ། བུམ་པ་ཟླུམ་པོ་བདུད་རྩིས་བཅུད་ཀྱིས་བཀང་བའི་བརྡས་མཚོན་བྱེད་ཀྱི་དབང་བསྐུར་བས། སྒོ་གསུམ་གློ་བུར་འཁྲུལ་པའི་དྲི་མ་སྦྱངས། མཚོན་བྱ་དོན་དམ་གདོད་མའི་གནས་ལུགས་རང་གསལ་དུ་གྱུར་པར་མོས་ཤིག །ཧཱུྃ༔ བརྡ་དོན་བུམ་པའི་དཀྱིལ་འཁོར་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་དྲི་མ་བག་ཆགས་དག༔ གྲོ་ལོད་རྩལ་དང་དབྱེར་མེད་ཤོག༔ བུམ་པ་མགོར་བཞག་བུམ་ཆུ་སྦྱིན། སྐུར་ཚིག་སོ་སོའི་བར་མཚམས་རྣམས་སུ་ཧཱུྃ་སྒྲ་གསུམ་བསྒྲིལ་བདུན་བསྒྲིལ་བརྗོད་པ་འོག་མ་རྣམས་ལ་འགྲེའོ། །གཏོར་མ་ཐོགས་ལ། དཔལ་གྱི་གཏོར་མ་འཆོལ་བའི་ཁྲོ་རྒྱལ་ཆེན་པོའི་སྐུ་དངོས་སུ་གསལ་བ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་ལ་ཐིམ་པས་རྣམ་སྨིན་གྱི་ལུས་ཡེ་ཤེས་ལྷའི་སྐུར་གྱུར་པར་མོས། ཧཱུྃ༔ སྒྱུ་འཕྲུལ་སྐུ་གཟུགས་བ་ལིཾ་དབང༔ རིགས་ཀྱི་བུ་ལ་བྱིན་འབེབ་ན༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ནས༔ ཀུན་ཁྱབ་ཀུན་བྱེད་དབང་ཐོབ་ཤོག༔ གཏོར་མ་མགོར་བཞག་ཧཱུྃ་དབྱངས་བྱ། བགྲང་ཕྲེང་ཐོགས་ལ། སློབ་དཔོན་རྡོ་རྗེ་གྲོ་བོ་ལོད་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་ཧཱུྃ་ཡིག་བར་མ་ཆད་པར་བྱོན། མགྲིན་པའི་ལམ་བརྒྱུད། ཁྱེད་རང་གི་ཞལ་ནས་ཞུགས་ཏེ་ཐུགས་ཀར་ཐིམ་པས་ཐ་མལ་གྱི་སྒྲ་སྐད་ཧཱུྃ་ཆེན་རྡོ་རྗེའི་རང་སྒྲར་བྱིན་གྱིས་བརླབས་པར་མོས་ལ་ཧཱུྃ་བཟླ་བར་ཞུ། ཕྲེང་བ་སྦྲེལ་ལ་ཧཱུྃ་བསྒྲིལ་མ་ཉེར་གཅིག་བརྗོད། ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ༔ བརྗོད་བྱའི་ཚིག་དབང་ཧཱུྃ་འདི་ཡིན༔ བདེ་གཤེགས་ཀུན་གྱི་ཡང་སྙིང་ཧཱུྃ༔ རིགས་ཀྱི་བུ་ལ་ཧཱུྃ་བསྟིམས་པས༔ གྲགས་སྟོང་གསུང་དབྱངས་དབང་ཐོབ་ཤོག༔ ཧཱུྃ་དབྱངས་བྱ། སྣ་ཚོགས་རྡོ་རྗེ་ཐོགས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་རང་གཟུགས་སྣ་ཚོགས་རྡོ་རྗེ་འོད་ཟེར་དང་བཅས་པ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས། རྟོག་ཚོགས་འོད་གསལ་དུ་དག །རིག་པ་རྩལ་གྱི་དབང་ཐོབ་པར་མོས། ཧཱུྃ༔ ཕྲིན་ལས་བཞི་སྒྲུབ་རྒྱ་གྲམ་དབང༔ རིགས་ཀྱི་བུ་ལ་འདི་གཏད་པས༔ རིག་པ་རྩལ་དབང་ཐོབ་གྱུར་ནས༔ གྲོ་ལོད་རྩལ་དང་དབྱེར་མེད་ཤོག༔ རྡོ་རྗེ་སྙིང་གར་བཞག་ལ་ཧཱུྃ་དབྱངས་བྱ། གསེར་གྱི་རྡོ་རྗེ་རྩེ་དགུ་ལག་གཡས་སུ་གཏད་པས་བྲལ་སྨིན་ཡོན་ཏན་གྱི་རང་རྩལ་རྫོགས་ནས་ཐབས་ཤེས་ཟུང་འཇུག་གི་དབང་ཐོབ་པར་མོས། རྡོ་རྗེ་ལག་གཡས་སུ་གཏད་ལ། ཧཱུྃ༔ གསེར་གྱི་རྡོ་རྗེ་རྩེ་དགུ་འདི༔ ནམ་ཡང་འབྲལ་མེད་འཆང་བར་བྱ༔ དོན་ལ་རང་རིག་རང་གསལ་བརྡ༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ ཧཱུྃ་དབྱངས་བྱ། གནམ་ལྕགས་ཕུར་བུ་ལག་གཡོན་དུ་གཏད་པས་དུག་གསུམ་དབྱིངས་སུ་སྒྲོལ་བ་སོགས་ལས་བཞིའི་ཕྲིན་ལས་ལ་དབང་བསྒྱུར་བར་མོས་ཤིག །ལྕགས་ཕུར་ལག་གཡོན་དུ་གཏད་ལ། ཧཱུྃ༔ སྐུ་གསུམ་རང་བཞིན་ལྕགས་ཕུར་འདི༔ རིགས་ཀྱི་བུ་ལ་འདི་གཏད་པས༔ ཕྱི་ནང་བར་ཆད་རྡུལ་དུ་རློག༔ དུག་གསུམ་བསྒྲལ་བའི་དབང་ཐོབ་ཤོག༔ ཧཱུྃ་དབྱངས་བྱ། དེས་དབང་གི་དངོས་གཞི་སོང་ནས་ཁྱད་པར་ཧཱུྃ་གི་བྱིན་རླབས་བྱ་བ་ལགས་པས་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱེད་རང་རྣམས་ཀྱི་དཔྲལ་བར་ཧཱུྃ་དཀར་པོ། མགྲིན་པར་ཧཱུྃ་དམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སེར་པོ། གསང་བར་ཧཱུྃ་ལྗང་གུ་འོད་འབར་བ་རེ་རེས་མཚན་པར་སྒོམས། བླ་མའི་དཔྲལ་བ་ནས་ཧཱུྃ་ཡིག་དཀར་གསལ་རྡོ་རྗེའི་རང་ཟེར་འཕྲོ་བ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་དཔྲལ་བར་ཐིམ། དེ་ལས་ཀྱང་དེ་འདྲ་བ་ནམ་མཁའ་གང་བ་འཕྲོས་པས་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མོས་ཤིག །སྤྲོ་ན་ཧཱུྃ་དཀར་ཙཀླི་དཔྲལ་བར་བཞག་པ་སོགས་གནས་ལྔ་ཀར་རིགས་འགྲེ །བདེ་ཆེན་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་དཀར་དྲི་མེད་རྡོ་རྗེ་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ནད་གདོན་སྡིག་སྒྲིབ་ཞི༔ ཏིང་ངེ་འཛིན་དེ་ལྟར་བསྒོམས་ལ་ཧཱུྃ་དབྱངས་ལྷན་ཅིག་མཛད་པར་ཞུ། ཧཱུྃ་སུམ་བདུན་བསྒྲིལ་བའི་ཧཱུྃ་དབྱངས་ཉེར་གཅིག་རེ་འོག་མ་ཀུན་ལ་བྱའོ། །བླ་མའི་མགྲིན་པ་ནས་ཧཱུྃ་ཡིག་དམར་འཚེར་ལྕགས་ཀྱུའི་རང་ཟེར་འཕྲོ་བ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་མགྲིན་པའི་ཧཱུྃ་དམར་པོ་ལ་ཐིམ། དེ་ལས་ཀྱང་དེ་འདྲ་བ་ནམ་མཁའ་གང་བ་འཕྲོས་པས་འཁོར་འདས་སྣང་སྲིད་ལྷ་འདྲེ་མི་གསུམ་དབང་དུ་སྡུད་པའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མོས་ཤིག །ལོངས་སྤྱོད་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་དམར་དྲི་མེད་ལྕགས་ཀྱུ་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ལྷ་འདྲེ་མི་གསུམ་སྡུད༔ ཧཱུྃ་དབྱངས་བྱ། བླ་མའི་ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་སྔོན་འོད་ལྔའི་ཟེར་མདངས་འཕྲོ་བ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་སྙིང་གའི་ཧཱུྃ་སྔོན་པོ་ལ་ཐིམ། དེ་ལས་ཀྱང་དེ་འདྲ་བ་ནམ་མཁའ་གང་བ་འཕྲོས་པས་མཆོག་ཐུན་མོང་གི་ཕྲིན་ལས་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་མོས་ཤིག །ཆོས་ཀྱི་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་སྔོན་དྲི་མེད་འོད་ཟེར་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ལས་ཀུན་ལྷུན་གྱིས་གྲུབ༔ ཧཱུྃ་དབྱངས་བྱ། བླ་མའི་ལྟེ་བ་ནས་ཧཱུྃ་ཡིག་སེར་གསལ་རིན་པོ་ཆེའི་རང་ཟེར་འཕྲོ་བ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་ལྟེ་བའི་ཧཱུྃ་ཡིག་སེར་པོ་ལ་ཐིམ། དེ་ལས་ཀྱང་དེ་འདྲ་བ་ནམ་མཁའ་གང་བ་འཕྲོས་པས་ཚེ་བསོད་དཔལ་འབྱོར་སྤང་རྟོགས་ཡོན་ཏན་སོགས་འདོད་རྒུའི་མཐུན་རྐྱེན་རྒྱས་པའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མོས་ཤིག།སྤྲུལ་པའི་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་སེར་དྲི་མེད་རིན་ཆེན་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་ཚེ་བསོད་དཔལ་འབྱོར་རྒྱས༔ ཧཱུྃ་དབྱངས་བྱ། བླ་མའི་གསང་བ་ནས་ཧཱུྃ་ཡིག་ལྗང་གུ་མཚོན་ཆའི་རང་ཟེར་འཕྲོ་བ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་གསང་བའི་ཧཱུྃ་ལྗང་གུ་ལ་ཐིམ། དེ་ལས་ཀྱང་དེ་འདྲ་བ་ནམ་མཁའ་གང་བ་འཕྲོས། བྱང་ཆུབ་སྒྲུབ་པའི་བར་གཅོད་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་མོས་ཤིག །བདེ་སྐྱོང་འཁོར་ལོར་རང་རིག་ཧཱུྃ༔ ཧཱུྃ་ལྗང་དྲི་མེད་མཚོན་མེ་འབར༔ ཧཱུྃ་ལས་ཧཱུྃ་འཕྲོས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་གིས་དགྲ་བགེགས་གདུག་པ་ཐུལ༔ ཧཱུྃ་དབྱངས་བྱ། རྩ་གསུམ་རྒྱལ་བ་བཀའ་སྡོད་ཆོས་སྲུང་དང་བཅས་པ་ཐམས་ཅད་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གསང་གསུམ་ཕྱག་རྒྱའི་རོལ་པར་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་ཤེས་པས་མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་དང་ཧཱུྃ་དབྱངས་བྱས་པ་ཙམ་གྱིས་གནས་ལྔའི་ཧཱུྃ་ལས་འོད་ཟེར་ལྔ་ལྡན་གྱི་ཧཱུྃ་ཡིག་གྲངས་མེད་པ་འཕྲོས། འཁོར་འདས་བརྟན་གཡོ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་གྱུར་ནས་རང་སྒྲ་ལྡིར་བས་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་སྒྲ་དབྱངས་ཀྱིས་གང་། རང་མདངས་གསལ་བ་བསྐྱེད་རིམ། རང་བཞིན་སྟོང་པ་རྫོགས་རིམ། རང་རིག་འོད་གསལ་ཧཱུྃ་གི་ངོ་བོར་གདོད་ནས་ཟུང་འཇུག་མ་བཅོས་ལྷུག་པའི་རང་བབ་སྐྱོངས་ལ་གསོལ་འདེབས་དང་ཧཱུྃ་སྒྲ་བསྒྲིལ་མ་ཉེར་གཅིག་གི་གླུ་དབྱངས་ལྷན་ཅིག་ཏུ་མཛད་པར་ཞུ། ཞེས་གསལ་གདབ་ལ་གསོལ་འདེབས་རྡོ་རྗེའི་འགྱིངས་གླུ་ཧཱུྃ་དབྱངས་དང་བཅས་པ་ཀུ་རེ་ཀྱལ་ཀ་རྩེ་མོའི་ཚུལ་དུ་མ་སོང་བར། མོས་གུས་རིག་རྩལ་བརྟུལ་ཞུགས་ཀྱི་གསལ་ངར་དང་ལྡན་པས་དཔོན་སློབ་ལྷན་ཅིག་པར་བརྗོད། དེ་ནས་ཤིས་བརྗོད་ཅི་རིགས་པ་བྱ་ཞིང་མེ་ཏོག་འཐོར་རྗེས་གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་ཁས་བླང་། གཏང་རག་མཎྜལ་ཕྱིན་སྤྱི་ལྟར་བྱ། ཚོགས་མཆོད་གྲུབ་ན་འདིར་འབྲེལ་གསང་ཡེ་དང་མཁའ་འགྲོ་སྙིང་ཐིག་ལྟ་བུའམ། དཀོན་སྤྱི་སོགས་སྤྱི་ཞིག་གི་ཆོ་གས་ཚོགས་བྱིན་རླབས་ནས་ལྷག་མའི་བར་དུ་བཏང་ཞིང་། ཚོགས་མགྲོན་ལ་རྗེས་ཆོག་སྤྱི་འགྲེ་བྱ། ཚོགས་ཡོད་མེད་གང་ལྟར་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཡེ་ཤེས་ཕྱག་རྒྱ་ཧཱུྃ་སྒྲ་འོད་གསལ་ངང་། །སྣང་གྲགས་རྟོག་ཚོགས་ཀ་དག་ཆེན་པོར་འབྱམས། །བྱང་ཆུབ་སྒྲུབ་པའི་བར་ཆད་རྩ་བ་སྟོང་། །ལྷུན་གྲུབ་རིག་འཛིན་ཆེ་བའི་མཆོག་འགྲུབ་ཤོག །ཅེས་ཟབ་འདྲིལ་བྱིན་རླབས་ཁྱད་པར་ཅན་དང་ལྡན་པའི་ཆོས་འདིའི་ཞབས་ཏོག་ཁོ་ནར་དམིགས་ནས་པདྨའི་རྗེས་འཇུག་རྡོ་རྗེའི་རིག་འཛིན་གྱི་རྟགས་ཙམ་འཆང་བ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ།། །།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུད་དུ་ཕྱུང་བ་ཛཾ་བྷ་ལ་ཉི་ཤུ་རྩ་གཅིག་གི་གཡང་སྐྱབས་ཡིད་བཞིན་ནོར་བུ་ (Volume 50, Text 58)
༄༅། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུད་དུ་ཕྱུང་བ་ཛཾ་བྷ་ལ་ཉི་ཤུ་རྩ་གཅིག་གི་གཡང་སྐྱབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། ། འདི་ནི་རྒྱུན་དུ་ནོར་ལྷའི་གཏོར་མ་ལ་བརྟེན་ནས་བཏོན་ཡང་རུང་། བསྐང་བའི་གྲལ་བཏོན་ཡང་རུང་། དོན་ལ་ལས་བྱང་གསོལ་ཀ་སྐོང་བཤགས་ཐམས་ཅད་ཚང་བར་ཡོད། ཚར་ལྔ་བཏོན་ན་གཡང་སྐྱབས་བརྒྱ་ཚར་གྱི་གོ་ཆོད་པར་འགྱུར་རོ། ། ན་མོ་རཏྣ་གུ་རུ་ཨཱརྱ་ཛཾ་བྷ་ལ་ཡེ། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྙིགས་དུས་ལོ་ཉེས་ཕྱུགས་ནད་གོད་ཁ་སོགས། །ལྷ་སྲིན་འཁྲུགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། །མི་གཡང་ལོ་གཡང་ས་ཡི་བཅུད་ཉམས་དུས། །འགྲོ་ལ་ཕན་ཕྱིར་གཡང་སྐྱབས་ཁྱེར་བདེ་བ། །གནམ་ཆོས་ལས་བྱུང་ཛམ་ལྷའི་སྒྲུབ་པ་རྣམས། །ངག་འདོན་འབྲི་ལ་སྲུང་མས་བཀའ་གནང་སྩོལ། །བཅའ་ཐབས་རྒྱས་པར་གཡང་སྐྱབས་གཞན་དང་མཐུན། །བསྡུ་ན་གཞི་དཀར་ནས་ཀྱི་འདབ་བརྒྱད་སྟེང་། །གཏོར་མ་ནོར་བུའི་དབྱིབས་ལ་པད་འདབ་བསྐོར། །མར་གྱི་མེ་ཏོག་ཐུད་ཀྱི་རིལ་བུས་བརྒྱན། །ལྷ་མདའ་ལེབ་མར་རྒོད་སྒྲོ་དར་སྣ་བཏགས། །གཡང་སྒྱེ་གེ་ལུ་དཀར་པོའི་ནང་དུ་ནི། །ཕྱུག་པོའི་འབྲུ་དང་གཡང་སྤུ་ཅི་འཛོམ་བསགས། །ཕྱེ་མར་ལ་སོགས་ཟས་སྣ་གང་འཛོམ་བཤམས། །བདག་སྐྱེད་ཡི་དམ་གང་རུང་གཞུང་བསྲངས་ནས། །རྒྱས་པར་བྱེད་ན་ཛཾ་ལྷའི་ལས་བྱང་ནི། །གནམ་ཆོས་གཞུང་ལས་བྱུང་བ་བཏང་ནས་ཀྱང་། །གཡང་གླུད་གླུད་གཏོར་ལན་ཆགས་ཚིམ་བྱེད་གཏང་། །དེ་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས། །ལྕང་ལོ་ཅན་ནས་ཛཾ་ལྷ་སོ་སོ་རྣམས། །སྤྱན་དྲངས་གནས་འདིར་རྟག་ཏུ་བཞུགས་ནས་ཀྱང་། །རང་ངམ་སྦྱིན་བདག་དེ་ལ་ཕྱྭ་གཡང་གི །དངོས་གྲུབ་སྣ་ཚོགས་ཆར་དུ་འབེབ་པར་བསམ། །མཆོད་པ་བྲན་ལ་བསང་སྦྱང་བྱིན་བརླབས་ནས། །གྱེར་བསྒོམ་སྦྲགས་ཏེ་རྔ་སོགས་རོལ་མོར་བཅས། །ཨོཾ་ཨ་མྲྀཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་མཆོད་རྫས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃ༔ བཅོམ་ལྡན་ཛཾ་དཀར་ཞལ་གསུམ་པ༔ གཡས་ཞལ་དམར་ལ་གཡོན་ཞལ་སྔོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་ཞགས༔ དེ་འོག་གཉིས་ཀྱིས་ནོར་བུ་དང༔ ནེ་འུ་ལེ་ནི་འཛིན་པ་འོ༔ ཐ་མ་གཉིས་ཀྱི་ཕྱག་ན་ནི༔ བྷནྡྷ་དང་ནི་ནོར་བུ་འཛིན༔ ཞབས་བཞི་པད་ཟླའི་གདན་ལ་བགྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སངས་རྒྱས་ཀུན་གྱི་དཔྲལ་བ་དང་། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །འདིར་གཤེགས་གནས་འདིར་བརྟན་པར་བཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ཡིག་དཀར། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་རིན་ཆེན་ནེའུ་ལེ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །འགྱུར་མེད་སྐུ་ཡི་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ བཅོམ་ལྡན་ཛཾ་དམར་ཞལ་གསུམ་པ༔ གཡས་ཞལ་དེ་ནི་དཀར་པོ་ལ༔ གཡོན་ཞལ་དེ་ནི་ནག་པོ་འོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ བྷནྡྷ་དང་ནི་ནེ་འུ་ལེ༔ དེ་འོག་གི་ནི་ཕྱག་གཉིས་ན༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ དེ་འོག་གཉིས་ན་ནོར་བུ་དང༔ ནེ་འུ་ལེ་ནི་འཛིན་པ་འོ༔ ཞབས་བཞི་དེ་ནི་བགྲད་པ་འོ༔ པདྨ་ཉི་མའི་གདན་ལ་བཞུགས། །སངས་རྒྱས་ཀུན་གྱི་མགྲིན་པ་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །འདིར་གཤེགས་གནས་འདིར་བརྟན་པར་གཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ཡིག་དམར། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ཐོད་ནང་རིན་ཆེན་དང་། །ནེ་འུ་ལེ་གཉིས་སྐྱུགས་པ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །འགག་མེད་གསུང་གི་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ ཛཾ་ལྷ་སྔོན་པོ་ཞལ་གསུམ་པ༔ གཡས་ཞལ་དེ་ནི་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང༔ ནེ་འུ་ལེ་ནི་འཛིན་པ་འོ༔ དེ་འོག་ལྕགས་ཀྱུ་ཞགས་པ་དང༔ ཐ་གཉིས་ནེའུ་ལེ་རབ་ཏུ་འཛིན༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞབས་བཞི་དེ་ནི་བགྲད་པ་འོ༔ པདྨ་ཟླ་བའི་གདན་ལ་བཞུགས། །སངས་རྒྱས་ཀུན་གྱི་ཐུགས་ཀ་དང་། །ལྕང་ལོ་ཅན་ནས་འདིར་བྱོན་ལ། །གནས་འདིར་བརྟན་པར་བཞུགས་སུ་གསོལ། །ཐུགས་ཀར་ཟླ་སྟེང་ཛཾ་ཡིག་སྔོ། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ནེའུ་ལེ་སྐྱུགས་པ་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །འཁྲུལ་མེད་ཐུགས་ཀྱི་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ བཅོམ་ལྡན་འཕགས་པ་ཛཾ་སེར་ནི༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ ལྕགས་ཀྱུ་ཞགས་པ་དེ་འོག་གཉིས༔ ནོར་བུ་ནེའུ་ལེ་ཐ་མ་གཉིས༔ ནོར་བུ་བབ་ལེ་པང་པ་འོ༔ ཞབས་བཞི་པད་ཉིའི་གདན་ལ་བགྲད༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ སངས་རྒྱས་ཀུན་གྱི་ལྟེ་བ་དང་། །རྣམ་ཐོས་བུ་ཡི་ཕོ་བྲང་ནས། །འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །ཐུགས་ཀར་ཟླ་སྟེང་ཛཾ་ཡིག་སེར། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ནོར་བུ་ནེའུ་ལེ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །ཡོན་ཏན་རེ་སྐོང་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ ཛཾ་བྷ་ལ་ནི་སྐུ་མདོག་ལྗང༔ ཞལ་གསུམ་ཕྱག་དྲུག་གཡས་ཞལ་དཀར༔ གཡོན་ཞལ་དེ་ནི་སྔོན་པོ་འོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་བབ་ལེ་དང༔ ནེ་འུ་ལེ་ནི་བཙིར་བ་འོ༔ བར་མ་གཉིས་ཀྱི་ཕྱག་ན་ནི༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ དེ་འོག་གཉིས་ཀྱི་ཕྱག་ན་ནི༔ རིན་ཆེན་ཞགས་པ་ཁྱུང་རྐྱལ་འཛིན༔ ཁྱུང་ཤུན་ནོར་བུས་བཀང་བ་འོ། །ཞབས་བཞི་དེ་ནི་ཟླ་སྟེང་བགྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ སངས་རྒྱས་ཀུན་གྱི་གསང་གནས་དང་། །བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས། །འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །ཐུགས་ཀར་ཟླ་སྟེང་བཾ་ཡིག་ལྗང་། །སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ནེའུ་ལེ་ཁྱུང་རྐྱལ་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །ཕྲིན་ལས་འགྲོ་འདུལ་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ ཛམ་བྷ་ལ་ནི་སྐུ་མདོག་ནག༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་གཡས་གཡོན་དང་པོ་ན༔ ལྕགས་ཀྱུ་ནེའུ་ལེ་དེ་འོག་ན༔ ནོར་བུ་ཞགས་པ་འཛིན་པ་འོ༔ ཐ་གཉིས་འབྲང་རྒྱས་བྷནྡྷ་འཛིན༔ ཞབས་བཞི་པད་ཟླའི་གདན་ལ་བགྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་ཆེན་རྒྱན་ཆ་ཅན༔ རྡོ་རྗེ་སེམས་དཔའི་ཐུགས་ཀ་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ནོར་བུ་ནེའུ་ལེ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །བླ་མེད་མཆོག་གི་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ ཛམ་ཁྲ་སྐུ་མདོག་འདི་ལྟ་སྟེ༔ སྐུ་ལུས་ཕྱེད་གཡས་དཀར་པོ་ལ༔ སྐུ་ལུས་ཕྱེད་གཡོན་དམར་པོ་འོ༔ ཞལ་གསུམ་གཡས་ཞལ་དམར་པོ་སྟེ༔ གཡོན་ཞལ་དེ་ནི་ལྗང་གུ་འོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ ནེ་འུ་ལེ་ཡི་རྐྱལ་པ་འཛིན༔ བར་གཉིས་ནོར་སྐྱུག་ཕོ་མོ་བཙིར༔ ཐ་མ་གཡས་ཀྱིས་ཚོགས་བདག་བཙིར༔ ཐ་མ་གཡོན་གྱི་ཕྱག་ན་ནི༔ གནོད་སྦྱིན་ནོར་སྐྱོང་བཙིར་བ་འོ༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ ཞབས་བཞི་དེ་ནི་བགྲད་པ་འོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞབས་བཞི་པད་ཟླའི་གདན་ལ་བཞུགས༔ ཆོས་སྐུ་ཀུན་བཟང་མཁའ་ཀློང་དང་། །བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས། །འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །ཐུགས་དབུས་ཟླ་སྟེང་ཛཾ་ཡིག་ཁྲ། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ནེའུ་ལེ་ཚོགས་བདག་དང་། །ནོར་སྐྱུག་ཕོ་མོ་བཙིར་བ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །དགོས་འདོད་ཡིད་བཞིན་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ ཛཾ་བྷ་ལ་ནི་སྐུ་མདོག་ནི༔ དབུ་དང་ཕྱག་གཡས་དཀར་པོ་འོ༔ ཞབས་དང་ཕྱག་གཡོན་དམར་པོ་འོ༔ དེ་མིན་སྐུ་མདོག་སེར་པོ་འོ༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོ་འོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་ཞགས༔ དེ་འོག་གཉིས་ཀྱིས་ནེ་འུ་ལེ༔ ཐ་མ་གཉིས་ཀྱིས་ཞགས་པ་དང༔ ནོར་བུ་དེ་ནི་འཛིན་པ་འོ༔ ཞབས་བཞི་དེ་ནི་བགྲད་པ་འོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ པདྨ་ཟླ་བའི་གདན་ལ་བཞུགས༔ ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས། །འདིར་གཤེགས་བརྟན་པར་བཞུགས་སུ་གསོལ། །ཐུགས་ཀར་པད་ཟླར་ཛཾ་ཡིག་ཁྲ། །དེ་ལས་འོད་ཟེར་རབ་འཕྲོས་པས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་ནོར་བུ་ནེའུ་ལེ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །འཛད་མེད་གཏེར་གྱི་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ ཛཾ་ཁྲའི་སྐུ་མདོག་འདི་ལྟ་སྟེ༔ དབུ་ནི་དཀར་པོ་ཞབས་གཡོན་དཀར༔ ལྟོ་བ་སེར་པོ་ཞབས་གཡས་ལྗང༔ དེ་མིན་ལུས་དང་གྲུ་མོ་དམར༔ གྲུ་མོ་ཕན་གྱི་ཕྱག་བཅས་རྣམས༔ ལྗང་གུ་ཡིན་པ་ཛཾ་ཁྲའི་ལུགས༔ ཞལ་གསུམ་གཡས་ཞལ་སྔོན་པོ་འོ༔ གཡོན་ཞལ་དེ་ནི་སྨུག་པོ་ཡིན༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ རྡོ་རྗེ་དང་ནི་ནེ་འུ་ལེ༔ བེ་ཅོན་དང་ནི་རལ་གྲི་དང༔ རིན་ཆེན་ནེའུ་ལེ་འཛིན་པ་འོ༔ ཞབས་བཞི་དེ་ནི་པད་སྟེང་བགྲད༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཡུམ་ནི་སེར་མོས་སྐུ་ལ་འཁྱུད༔ ལྷ་མི་བདེ་སྐྱིད་ཞིང་ཁམས་དང་། །རིན་ཆེན་བརྩེགས་པའི་གཞལ་ཡས་ནས། །འདིར་གཤེགས་གནས་འདིར་བརྟན་པར་བཞུགས། །ཐུགས་ཀར་ཟླ་སྟེང་ཛཾ་ཡིག་ཁྲ། །སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག །ད་ལྟ་མྱུར་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཕྱག་མཚན་རིན་ཆེན་ནེའུ་ལེ་ལས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་ལྟ་བུར་སྐྱིལ་དུ་གསོལ། །བར་སྣང་ཆར་བཞིན་འབེབ་ཏུ་གསོལ། །བཀྲ་ཤིས་བདེ་སྐྱིད་ཕྱྭ་གཡང་སྩོལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས། །ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །མ་བྱིན་ལེན་དང་སེར་སྣ་བཤགས། །རྟག་ཏུ་འབྱོར་པ་ཕུན་ཚོགས་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད། །ཧཱུྃ༔ དབུས་སུ་ཛམ་ལྷ་སྐུ་མདོག་སྔོ༔ གཡས་གཡོན་འཁོར་ལོ་ནོར་བུ་འཛིན༔ པདྨ་ཉི་སྟེང་བཞེངས་ཏེ་བཞུགས༔ ཤར་འཁོར་སྐུ་མདོག་དཀར་པོ་སྟེ༔ ལག་གཉིས་རྡོ་རྗེའི་ཕྱག་རྒྱ་མཛད༔ ལྷོ་འཁོར་སྐུ་མདོག་སེར་པོ་སྟེ༔ ལག་གཉིས་ནོར་བུའི་ཕྱག་རྒྱ་མཛད༔ ནུབ་འཁོར་སྐུ་མདོག་དམར་པོ་སྟེ༔ ལག་གཉིས་པདྨའི་ཕྱག་རྒྱ་མཛད༔ བྱང་འཁོར་སྐུ་མདོག་ལྗང་གུ་སྟེ༔ ལག་གཉིས་རལ་གྲིའི་ཕྱག་རྒྱ་མཛད༔ ཤར་ལྷོའི་འཁོར་ནི་སྐུ་མདོག་སེར༔ ལག་གཉིས་མེ་ལྕེའི་ཕྱག་རྒྱ་མཛད༔ ལྷོ་ནུབ་འཁོར་ནི་སྐུ་མདོག་དཀར༔ ལག་གཉིས་ཆུ་ཡི་ཕྱག་རྒྱ་མཛད༔ ནུབ་བྱང་འཁོར་ནི་སྐུ་མདོག་དམར༔ ལག་གཉིས་ས་ཡི་ཕྱག་རྒྱ་མཛད༔ བྱང་ཤར་འཁོར་ནི་སྐུ་མདོག་ལྗང༔ ལག་གཉིས་ཤིང་གི་ཕྱག་རྒྱ་མཛད༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ དབུས་ཀྱི་ཛཾ་ལྷ་གཙོ་འཁོར་དགུ། །དབུས་ཕྱོགས་འོག་མིན་གནས་ནས་བྱོན། །སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་། །སྦྲང་ཆར་བཞིན་དུ་འབེབ་ཅིང་བྱོན། །ཚངས་པ་ལྷ་ཡི་ཕྱྭ་གཡང་ཁུག །རི་བོའི་རྩེ་ནས་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཅིག་ཕོབ༔ མདའ་དར་འདི་ལ་འོད་ཟུག་ཅིག༔ དབུས་ཀྱི་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཤར་དབུས་ཛཾ་བྷ་ལ་དཀར་པོ༔ ལག་ན་རྡོ་རྗེ་ནེའུ་ལེ་འཛིན༔ ཤར་འཁོར་དཀར་པོ་རྡོ་རྗེ་འཛིན༔ ལྷོ་འཁོར་སེར་པོ་རིན་ཆེན་འཛིན༔ ནུབ་འཁོར་དམར་པོ་པདྨ་འཛིན༔ བྱང་འཁོར་ལྗང་གུ་རྒྱ་གྲམ་འཛིན༔ ཤར་ལྷོ་དཀར་པོ་པི་ཝཾ་འཛིན༔ ལྷོ་ནུབ་སྔོན་པོ་རལ་གྲི་འཛིན༔ ནུབ་བྱང་དམར་པོ་སྦྲུལ་ཞགས་འཛིན༔ བྱང་ཤར་སེར་པོ་ནོར་བུ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཤར་གྱི་ཛཾ་ལྷ་གཙོ་འཁོར་དགུ། །ཤར་གྱི་ཕྱོགས་ནས་གནས་འདིར་བྱོན། །ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་། །ཉི་ཟླ་བཞིན་དུ་ཤར་ཞིང་བྱོན། །ཤར་ཕྱོགས་དྲི་ཟའི་ཕྱྭ་གཡང་ཁུག །ལུས་འཕགས་གླིང་ནས་ཕྱྭ་གཡང་ཁུག །ནག་པོ་རྒྱ་ཡི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ཤར་གྱི་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ལྷོ་དབུས་ཛཾ་བྷ་ལ་སེར་པོ༔ ནོར་བུ་ཟངས་གཞོང་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་དར་དཀར་འཛིན༔ ལྷོ་འཁོར་སེར་པོ་དར་སེར་འཛིན༔ ནུབ་འཁོར་དམར་པོ་དར་དམར་འཛིན༔ བྱང་འཁོར་ལྗང་གུ་དར་ལྗང་འཛིན༔ ཤར་ལྷོ་དཀར་པོ་དར་དཀར་འཛིན༔ ལྷོ་ནུབ་དམར་པོ་དར་དམར་འཛིན༔ ནུབ་བྱང་སེར་པོ་དར་སེར་འཛིན༔ བྱང་ཤར་སྔོན་པོ་དར་སྔོན་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ལྷོ་ཡི་ཛཾ་ལྷ་གཙོ་འཁོར་དགུ། །ལྷོ་ཡི་ཕྱོགས་ནས་གནས་འདིར་བྱོན། །ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་། །ལྷོ་སྤྲིན་བཞིན་དུ་འཐིབས་ཤིང་བྱོན། །ལྷོ་ཕྱོགས་གཤིན་རྗེའི་ཕྱྭ་གཡང་ཁུག །འཛམ་བུ་གླིང་གི་ཕྱྭ་གཡང་ཁུག །རྒྱ་གར་ཡུལ་གྱི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ལྷོ་ཡི་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་ཕན་དར་དངོས་གྲུབ་སྩོལ༔ ནུབ་དབུས་ཛཾ་ལྷ་སྐུ་མདོག་དམར༔ པདྨ་བྷནྡྷ་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་ནོར་བུ་དཀར༔ ལྷོ་འཁོར་སེར་པོ་ནོར་བུ་སེར༔ ནུབ་འཁོར་དམར་པོ་ནོར་བུ་དམར༔ བྱང་འཁོར་ལྗང་གུ་ནོར་བུ་ལྗང༔ ཤར་ལྷོ་སྔོན་པོ་ནོར་བུ་སྔོ༔ ལྷོ་ནུབ་སེར་པོ་ནོར་བུ་སེར༔ ནུབ་བྱང་དམར་པོ་ནོར་བུ་དམར༔ བྱང་ཤར་དཀར་པོ་ནོར་བུ་དཀར༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ནུབ་ཀྱི་ཛཾ་ལྷ་གཙོ་འཁོར་དགུ། །ནུབ་ཀྱི་ཕྱོགས་ནས་གནས་འདིར་བྱོན། །ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་། །ཆུ་བོ་བཞིན་དུ་འབེབ་ཅིང་བྱོན། །ནུབ་ཕྱོགས་ཀླུ་ཡི་ཕྱྭ་གཡང་ཁུག །བ་ལང་སྤྱོད་ཀྱི་ཕྱྭ་གཡང་ཁུག །ཨོ་རྒྱན་ཡུལ་གྱི་ཕྱྭ་གཡང་ཁུག །མངའ་རིས་སྐོར་གསུམ་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ནུབ་ཀྱི་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ བྱང་དབུས་ཛཾ་ལྷ་སྐུ་མདོག་ལྗང༔ རྒྱ་གྲམ་རལ་གྲི་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་རལ་གྲི་འཛིན༔ ལྷོ་འཁོར་སེར་པོ་རལ་གྲི་འཛིན༔ ནུབ་འཁོར་དམར་པོ་རལ་གྲི་འཛིན༔ བྱང་འཁོར་ལྗང་གུ་རལ་གྲི་འཛིན༔ ཤར་ལྷོ་སེར་སྐྱ་རལ་གྲི་འཛིན༔ ལྷོ་ནུབ་སེར་སྐྱ་རལ་གྲི་འཛིན༔ ནུབ་བྱང་དུད་ཁ་རལ་གྲི་འཛིན༔ བྱང་ཤར་ལྗང་སྐྱ་རལ་གྲི་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ བྱང་གི་ཛཾ་ལྷ་གཙོ་འཁོར་དགུ། །བྱང་གི་ཕྱོགས་ནས་གནས་འདིར་བྱོན། །བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་། །སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན། །བྱང་ཕྱོགས་གནོད་སྦྱིན་ཕྱྭ་གཡང་ཁུག །སྒྲ་མི་སྙན་གྱི་ཕྱྭ་གཡང་ཁུག །ཧོར་སོག་ཡུལ་གྱི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བྱང་གི་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཤར་ལྷོའི་གཙོ་བོ་སྐུ་མདོག་དཀར༔ རྡོ་རྗེ་རིན་ཆེན་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་མེ་ཏོག་དཀར༔ ལྷོ་འཁོར་སེར་པོ་མེ་ཏོག་སེར༔ ནུབ་འཁོར་དམར་པོ་མེ་ཏོག་དམར༔ བྱང་འཁོར་ལྗང་གུ་མེ་ཏོག་ལྗང༔ ཤར་ལྷོ་ཁྲ་བོ་མེ་ཏོག་ཁྲ༔ ལྷོ་ནུབ་ཁྲ་བོ་མེ་ཏོག་ཁྲ༔ ནུབ་བྱང་ཁྲ་བོ་མེ་ཏོག་ཁྲ༔ བྱང་ཤར་ཁྲ་བོ་མེ་ཏོག་ཁྲ༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཤར་ལྷོའི་ཛཾ་ལྷ་གཙོ་འཁོར་དགུ། །ཤར་ལྷོའི་ཕྱོགས་ནས་གནས་འདིར་བྱོན། །ཤར་ལྷོའི་ཕྱོགས་ནས་ཕྱྭ་དང་གཡང་། །མེ་དཔུང་བཞིན་དུ་འབར་ཞིང་བྱོན། །ཤར་ལྷོ་མེ་ལྷའི་ཕྱྭ་གཡང་ཁུག །འཇང་གི་ཡུལ་གྱི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ཤར་ལྷོའི་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ལྷོ་ནུབ་གཙོ་བོ་སྐུ་མདོག་དམར༔ ཕྱག་ན་ནོར་བུ་པདྨ་འཛིན༔ ཤར་འཁོར་དཀར་པོ་འཇའ་དཀར་འཛིན༔ ལྷོ་འཁོར་སེར་པོ་འཇའ་སེར་འཛིན༔ ནུབ་འཁོར་དམར་པོ་འཇའ་དམར་འཛིན༔ བྱང་འཁོར་ལྗང་གུ་འཇའ་ལྗང་འཛིན༔ ཤར་ལྷོ་ཁྲ་བོ་འཇའ་ཁྲ་འཛིན༔ ལྷོ་ནུབ་ཁྲ་བོ་འཇའ་ཁྲ་འཛིན༔ ནུབ་བྱང་ཁྲ་བོ་འཇའ་ཁྲ་འཛིན༔ བྱང་ཤར་ཁྲ་བོ་འཇའ་ཁྲ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ལྷོ་ནུབ་ཛཾ་ལྷ་གཙོ་འཁོར་དགུ། །ལྷོ་ནུབ་ཕྱོགས་ནས་གནས་འདིར་བྱོན། །ལྷོ་ནུབ་ཕྱོགས་ནས་ཕྱྭ་དང་གཡང་། །འབྲས་དྲུག་བཞིན་དུ་སྨིན་ཞིང་བྱོན། །ལྷོ་ནུབ་བདེན་བྲལ་ཕྱྭ་གཡང་ཁུག །རྔ་ཡབ་གླིང་གི་ཕྱྭ་གཡང་ཁུག །བལ་ཡུལ་མཐིལ་ནས་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ལྷོ་ནུབ་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ནུབ་བྱང་གཙོ་བོ་སྐུ་མདོག་སེར༔ ཕྱག་ན་པདྨ་རྒྱ་གྲམ་འཛིན༔ ཤར་འཁོར་དཀར་པོ་ཁ་ཊྭཱཾ་དཀར༔ ལྷོ་འཁོར་སེར་པོ་ཁ་ཊྭཱཾ་སེར༔ ནུབ་འཁོར་དམར་པོ་ཁ་ཊྭཱཾ་དམར༔ བྱང་འཁོར་ལྗང་གུ་ཁ་ཊྭཱཾ་ལྗང༔ ཤར་ལྷོ་ཁྲ་བོ་ཁ་ཊྭཱཾ་ཁྲ༔ ལྷོ་ནུབ་ཁྲ་བོ་ཁ་ཊྭཱཾ་ཁྲ༔ ནུབ་བྱང་ཁྲ་བོ་ཁ་ཊྭཱཾ་ཁྲ༔ བྱང་ཤར་ཁྲ་བོ་ཁ་ཊྭཱཾ་ཁྲ༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ནུབ་བྱང་ཛཾ་ལྷ་གཙོ་འཁོར་དགུ། །ནུབ་བྱང་ཕྱོགས་ནས་གནས་འདིར་བྱོན། །ནུབ་བྱང་ཕྱོགས་ནས་ཕྱྭ་དང་གཡང་། །བུ་ཡུག་བཞིན་དུ་འཚུབས་ཤིང་བྱོན། །ནུབ་བྱང་རླུང་ལྷའི་ཕྱྭ་གཡང་ཁུག །ཞང་ཞུང་ཡུལ་གྱི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ནུབ་བྱང་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ བྱང་ཤར་གཙོ་བོ་སྐུ་མདོག་ནག༔ ལག་ན་རལ་གྲི་རྡོ་རྗེ་འཛིན༔ ཤར་འཁོར་དཀར་པོ་ཟླ་བ་འཛིན༔ ལྷོ་འཁོར་སེར་པོ་ཉི་མ་འཛིན༔ ནུབ་འཁོར་དམར་པོ་ཟླ་བ་འཛིན༔ བྱང་འཁོར་ལྗང་གུ་ཉི་མ་འཛིན༔ ཤར་ལྷོ་ཁྲ་བོ་ཟླ་བ་འཛིན༔ ལྷོ་ནུབ་ཁྲ་བོ་ཉི་མ་འཛིན༔ ནུབ་བྱང་ཁྲ་བོ་ཟླ་བ་འཛིན༔ བྱང་ཤར་ཁྲ་བོ་ཉི་མ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ བྱང་ཤར་ཛཾ་ལྷ་གཙོ་འཁོར་དགུ། །བྱང་ཤར་ཕྱོགས་ནས་གནས་འདིར་བྱོན། །བྱང་ཤར་ཕྱོགས་ནས་ཕྱྭ་དང་གཡང་། ཁ་བ་བཞིན་དུ་འབབ་ཅིང་བྱོན། །བྱང་ཤར་དབང་ལྡན་ཕྱྭ་གཡང་ཁུག །ཤཾ་བྷ་ལ་ཡི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བྱང་ཤར་ནོར་ལྷ་མཆེད་དགུ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཧཱུྃ། ཛམ་ལྷ་སྐུ་མདོག་སེར་པོ་ལ། །གཡས་པས་ཤིང་ཐོག་པཱུ་ར་སེར། །གཡོན་པས་ནེའུ་ལེ་རཏྣ་སྐྱུག །ནོར་བུའི་དབྱིབས་འདྲ་སྐུ་ལུས་རྒྱས། །སྐུ་སྟོད་དར་དམར་སྟོད་གཡོགས་དང་། །སྐུ་སྨད་དར་ལྗང་སྨད་དཀྲིས་ཅན། །རིགས་བདག་པད་འབྱུང་དབུ་ལ་བཞུགས། །གཏེར་བདག་གནོད་སྦྱིན་ཛཾ་བྷ་ལ། །བྱང་ཕྱོགས་གསེར་རིའི་རྩེ་ནས་བྱོན། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རླུང་དམར་བཞིན་དུ་འཚུབས་ཤིང་བྱོན། །ལྕང་ལོ་ཅན་གྱི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ གཏེར་བདག་ཛཾ་ལྷ་སེར་པོ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཧཱུྃ༔ ནོར་ལྷ་འཕགས་པ་རྨུགས་འཛིན་ནི༔ སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ༔ གཡོན་པས་ནེའུ་ལེ་འཛིན་ནས་ནི༔ ནོར་བདག་པོ་ལ་འཆིབས་ནས་རྒྱུག༔ ཨཱརྱ་ཛཾ་ལྷ་དམར་པོ་ཁྱོད། །ཕོ་བྲང་ལྕང་ལོ་ཅན་ནས་བྱོན། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །གློག་དམར་བཞིན་དུ་འཁྱུག་ཅིང་བྱོན། །འདོད་ཁམས་གནས་ཀྱི་ཕྱྭ་གཡང་ཁུག །དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕན་པོའི་འཕན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ འཕགས་པ་རྨུགས་འཛིན་དམར་པོ་ལ། །གཡང་བཤོས་ཟས་ཕུད་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་སརྦ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་སོགས། པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སིདྡྷི་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧཱུྃ་ཧྲཱི༔ སིདྡྷི་ཕ་ལ་ཧཱུྃ་ཧྲཱི༔ ཨོཾ་ཛཾ་བྷ་ལ་མ་མ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཡ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་ཧྲཱིཿདྷ་ན་མེ་དྷི་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་ལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ བདག་ཅག་འཁོར་དང་བཅས་པ་ཡིས༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང༔ ཧཱུྃ༔ བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་ལ༔ འཁོར་བའི་མ་རིག་འཁྲུལ་པ་ཡིས༔ མ་ཤེས་ཐུགས་དང་འགལ་གྱུར་ཏོ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ནས། སཏྭ་ཨཱཿ འདི་ཡན་ཚར་དུ་ཐོན་བྱས་ལ། གཡང་རྫས་རྣམས་སྦྱིན་བདག་གིས་བཀྱགས་བཅུག་པ་མདུན་དུ་འཁོད་ལ། ཧཱུྃ། སྐུ་ཡི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་དཀར་པོའི་བཀྲ་ཤིས་ཤོག །གསུང་གི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་དམར་པོའི་བཀྲ་ཤིས་ཤོག །ཐུགས་ཀྱི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་སྔོན་པོའི་བཀྲ་ཤིས་ཤོག །ཡོན་ཏན་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་སེར་པོའི་བཀྲ་ཤིས་ཤོག །ཕྲིན་ལས་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ལྗང་གུའི་བཀྲ་ཤིས་ཤོག །མཆོག་གི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ནག་པོའི་བཀྲ་ཤིས་ཤོག །ཐུན་མོང་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ཁྲ་བོའི་བཀྲ་ཤིས་ཤོག །སྣ་ཚོགས་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ཁྲ་བོའི་བཀྲ་ཤིས་ཤོག །དཔལ་དང་འབྱོར་པའི་དངོས་གྲུབ་བདག །ཛཾ་ལྷ་ཁྲ་བོའི་བཀྲ་ཤིས་ཤོག །དེ་བཞིན་རིགས་ཀྱི་དངོས་གྲུབ་བདག །དབུས་ཀྱི་ཛཾ་ལྷའི་བཀྲ་ཤིས་ཤོག །རྡོ་རྗེ་རིགས་ཀྱི་དངོས་གྲུབ་བདག །ཤར་གྱི་ཛཾ་ལྷའི་བཀྲ་ཤིས་ཤོག །རིན་ཆེན་རིགས་ཀྱི་དངོས་གྲུབ་བདག །ལྷོ་ཡི་ཛཾ་ལྷའི་བཀྲ་ཤིས་ཤོག །པདྨ་རིགས་ཀྱི་དངོས་གྲུབ་བདག །ནུབ་ཀྱི་ཛཾ་ལྷའི་བཀྲ་ཤིས་ཤོག །ལས་ཀྱི་རིགས་ཀྱི་དངོས་གྲུབ་བདག །བྱང་གི་ཛཾ་ལྷའི་བཀྲ་ཤིས་ཤོག །དམ་ཚིག་རིགས་ཀྱི་དངོས་གྲུབ་བདག །ཤར་ལྷོའི་ཛཾ་ལྷའི་བཀྲ་ཤིས་ཤོག །སྣ་ཚོགས་རིགས་ཀྱི་དངོས་གྲུབ་བདག །ལྷོ་ནུབ་ཛཾ་ལྷའི་བཀྲ་ཤིས་ཤོག །ཐམས་ཅད་རིགས་ཀྱི་དངོས་གྲུབ་བདག །ནུབ་བྱང་ཛཾ་ལྷའི་བཀྲ་ཤིས་ཤོག །འཇིག་རྟེན་རིགས་ཀྱི་དངོས་གྲུབ་བདག །བྱང་ཤར་ཛཾ་ལྷའི་བཀྲ་ཤིས་ཤོག །འཛད་མེད་གཏེར་གྱི་དངོས་གྲུབ་བདག །ཛཾ་ལྷ་སེར་པོའི་བཀྲ་ཤིས་ཤོག །ཅི་བསམ་འགྲུབ་པའི་དངོས་གྲུབ་བདག །ཛཾ་ལྷ་དམར་པོའི་བཀྲ་ཤིས་ཤོག །རི་རབ་གླིང་བཞིའི་དངོས་གྲུབ་བདག༔ ཛམ་ལྷ་ནག་པོའི་བཀྲ་ཤིས་ཤོག༔ ཨོཾ་ཡེ་དྷརྨཱ་སོགས། གཡང་རྫས་རྣམས་ནི་མཛོད་དམ་བང་བར་སྦ། །འབྲོག་པ་ཡིན་ན་བྲུངས་ཀྱི་སྣོད་དུ་སྦ། །མཆོད་པ་རྣམས་ནི་ཕྱི་ལ་མི་ཁྱེར་བར། །ནང་མི་རྣམས་ཀྱིས་དངོས་གྲུབ་བྱ་བ་དང་། །རྟ་ཕྱུགས་གལ་ཆེན་རྣམས་ལ་སྦྱིན་རུང་ངོ་། །ཞག་བདུན་ལྔ་དང་ཞག་གསུམ་ལ་སོགས་པར། །འདི་ཉིད་བརྒྱ་ཚར་ལ་སོགས་བྱས་པ་ན། །རྨི་ལམ་ལོ་ལེགས་འབྲུ་ལ་ལོངས་སྤྱོད་དང་། །ནོར་ཕྱུགས་འདུ་དང་དུང་འབུད་ཉི་ཟླ་ཤར། །དཀར་གསུམ་ཤིང་ཏོག་འབྲུ་སྣ་རིན་པོ་ཆེ། །སྐྱེས་པ་བུད་མེད་ཆས་བཟང་དག་གིས་སྟེར། །དེ་སོགས་རྟགས་མཚན་ངོ་མཚར་འབྱུང་བར་འགྱུར། །ཕན་ཡོན་མི་གཡང་ནོར་གཡང་ཉམས་པ་སོས། །ཤི་ཆད་གོད་ཁ་ཉུང་ཞིང་ལོ་ཕྱུགས་ལེགས། །སྒབ་འཕེལ་སྲིས་སྨེ་སྙིང་སྟོང་གོད་ངོ་ཞི། །བག་མ་གཏོང་ལེན་གཡང་འགུགས་གཡང་སྐྱབས་དང་། །སྤྲ་རྒན་ཤི་དང་གཡང་སྐར་ལ་སོང་དང་། །དབང་ཐང་གུད་དང་སྐམ་འགོང་སྒབ་མི་སོས། །དེ་དག་ཀུན་ལ་འདི་ཉིད་ཕན་ངེས་སོ། །པདྨ་གཡང་སྐྱབས་གསེར་འོད་གཡང་སྐྱབས་སོགས། །ལུང་རྒྱུན་ཆད་ཅིང་བྱིན་རླབས་དྲོད་དང་བྲལ། །འདི་ནི་གནམ་ཆོས་མཁའ་འགྲོའི་ཁ་རླངས་ཅན། །སྙིགས་དུས་འགྲོ་བ་བསོད་ནམས་མར་འགྲིབ་དུས། །ཕན་ཕྱིར་གུ་རུ་པདྨ་འབྱུང་གནས་ཉིད། །ཛཾ་ལྷ་སོ་སོའི་སྐུ་རུ་སྤྲུལ་ནས་ཀྱང་། །སྤྲུལ་པའི་སྐུ་མཆོག་མི་འགྱུར་རྡོ་རྗེ་ལ། །ཛཾ་ལྷའི་སྒྲུབ་ཐབས་མང་དུ་གནང་བ་རྣམས། །ཕྱོགས་གཅིག་ངག་འདོན་འགྲིགས་ཆགས་བསྡེབས་པ་འདི། །སྤྲུལ་སྐུ་ཉིད་ཀྱི་བཀའ་ཡིས་གནང་བའི་ཕྱིར། །ཡུལ་ ཕྱོགས་ནོར་ནད་འཇིགས་པ་ཆེ་བའི་སྐབས། །འདི་ཉིད་བསྒྲིག་པར་བྱ་འོ་སེམས་པའི་ཚེ། །ནོར་ནད་མི་འབྱུང་ནོར་ནད་ཀྱིས་མི་གནོད། །ཅེས་པའི་སྒྲ་ཞིག་ཉམས་ཀྱི་སྐབས་སུ་གྲགས། །དེ་ཕྱིར་རྟེན་འབྲེལ་ལེགས་སྙམ་བསྒྲིགས་པ་ཡིན། །འགལ་བ་མཆིས་ན་ནོར་ལྷའི་ཚོགས་ལ་བཤགས། །དགེ་བས་འགྲོ་ཀུན་བཀྲ་ཤིས་བདེ་ལེགས་འཕེལ། །བདེ་གཤེགས་རིན་ཆེན་མང་གི་སྐུ་འགྲུབ་ཤོག །ཅེས་པ་རཱ་ག་ཨ་སྱེས་བསྒྲིགས་པ་འོ། །སརྦ་དཱ་མངྒ་ལཾ་ཤུ་བྷཾ་བྷ་ཝན་ཏུ།། །། ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་དབང་སྐུར་མཚམས་སྦྱོར་བདུད་རྩིའི་ཆུ་རྒྱུན་ (Volume 20, Text 58)
༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས། ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་དབང་སྐུར་མཚམས་སྦྱོར་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཡ། ཡེ་ཤེས་བཅུད་དུ་བལྟམས་པའི་རྡོ་རྗེའི་སྐུ །དུག་ལྔའི་དྲི་བཀྲུ་དབང་མཆོག་ལྔ་སྩོལ་ལ། །རིགས་ལྔ་ཚེ་དཔག་མེད་པའི་དགེ་ལེགས་ཀྱིས། །འགྱུར་མེད་རྟག་པ་དམ་པའི་རིང་འཚོ་སྩོལ། །འཆི་མེད་རྡོ་རྗེའི་སྐུ་ཅན་པདྨ་སྐྱེས། །ཕྲིན་ལས་ཤིང་རྟ་སྤྲུལ་པའི་གཏེར་ཆེན་རྗེ། །བདག་བློའི་པད་མཚོར་གསང་གསུམ་ཉིན་བྱེད་འོད། །འབྲལ་མེད་ཡེ་ཤེས་འདབ་བརྒྱ་བཞད་མཛད་གསོལ། །ཟུར་ཁྱད་ཙམ་མིན་སྔོན་ཆད་མ་བྱུང་བ། །སྔགས་གཞུང་ཀུན་ལ་གྲགས་པས་གདམས་པའི་མཆོག །རིགས་ལྔ་གཅིག་བསྡུས་སྐུ་ལྔའི་ཚེ་སྒྲུབ་པ། །ངོ་མཚར་གང་དེའི་སྨིན་བྱེད་བྱ་བ་འཆད། །དེ་ལ་འདིར་པདྨ་སཾ་བྷ་བ་ཉིད་འཆི་མེད་རྡོ་རྗེའི་རྒྱལ་སར་ཐབས་གང་གིས་འཛེགས་པའི་ཟབ་གསང་རྨད་དུ་བྱུང་བ་རིགས་ལྔ་སྤྱི་བསྡུས་ཚེའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་གཞུག་པར་འདོད་པས་ལག་ཏུ་བླང་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཡོ་བྱད་ཉེ་བར་བསྡོག་པ་དང་། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའོ། །དང་པོ་ནི། བསྙེན་སོགས་ལས་སུ་རུང་བའི་རྣལ་འབྱོར་པས་བཀྲ་ཤིས་དགེ་བའི་གནས་སུ་ཡར་ངོའི་ཚེ་གཟའ་སྐར་སྦྱོར་བྱེད་དགེ་བའི་སྔ་དྲོའི་དུས་སུ་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དེའང་རྒྱས་པར་འགྲུབ་ན་སྒྲུབ་ཆེན་གྱི་སྒྲོམ་དུ་གཞུག་དགོས་པས་དེ་ལྟ་ན་གཞན་དོན་ཚོམ་བུ་ཚོགས་སྒྲུབ་ཀྱི་འཆིང་གིས་བཅིངས་པ་ལས། ཆག་ཆག་གདབ་པ་དང་རྒྱན་འགོད་པའི་ཚིགས་བཅད་འདི་ཉིད་ལྟར་སྦྱར། རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་ཞིང་སྟ་གོན་དངོས་གཞི་རྗེས་ཀྱི་རིམ་པ་ཚང་ལ་མ་འཁྲུག་པ་བྱ་ཞིང་། སྐབས་དེར་སློབ་མ་སྟ་གོན་ཡང་སྒྱུ་འཕྲུལ་གྱིས་འགྲེ་དགོས་པ་ཡིན་ཡང་། འདིར་རས་བྲིས་ལ་བརྟེན་པའི་དབང་བསྐུར་དཀྱུས་འགྲེ་ཙམ་གྱི་དབང་དུ་བྱས་ནས། སྟེགས་བུ་གྲུ་བཞི་ཁེབས་ལྡན་སྟེང་། དཀྱིལ་འཁོར་སྒོ་རྫོགས་རྟ་བབས་སྣམ་བུ་བརྒྱད་མ་ཆོས་འཁོར་སྟེང་ཚེ་བུམ་གདུགས་དང་བཅས་པ། ཕྱི་རོལ་རྡོར་ར་མེ་འོད་ལྔའི་པ་ཏྲས་བསྐོར་བ། ལྷ་གནས་སུ་པདྨ་འདབ་བརྒྱད་རིན་ཆེན་སྤེལ་མའི་དབུས་སུ་འཁོར་ལོ་དཀར་པོ། ཕྱོགས་བཞིར་རིགས་རྟགས་བཞི་ཕྱོགས་མདོག །མཚམས་བཞིར་ཚེ་བུམ་རྒྱན་ལྡན། སྒོ་བཞིར་ཕྱག་རྒྱ་བཞི། མུན་ཁྱམས་ཤར་བུ་མདའ་ཡབ་གསུམ་ལ་རིམ་བཞིན་པདྨ་རིན་ཆེན་རྡོ་རྗེའི་ཕྲེང་བས་མཛེས་པ་སོགས་སྤྱི་མཐུན་ལ་གཞུང་གསལ་ཁྱད་ཆོས་ཀྱིས་བརྒྱན་པ་བཀྲམ་པའི་ཁར། ཁྲིའུ་ལྔ་ཚོམ་གྱི་དབུས་དང་ཕྱོགས་བཞིར་རྣམ་རྒྱལ་ཆེན་པོ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་རིགས་ལྔའི་རང་མདོག་ཁ་རྒྱན་གཟུངས་རྡོར་བཅས་པ་རྣམས།་་་གལ་ཏེ་མ་འཛོམ་ན་རིགས་ལྔའི་བུམ་པ་གཅིག་ལ་བསྡུས་ཀྱང་རུང་ཙམ་མོ། །མཆན། ཀྱི་ཤར་དུ་རྣམ་རྒྱལ་ཆུང་བ་མགུལ་ཆིངས་སྔོན་པོ་ཅན། ལྷོར་རིན་པོ་ཆེའི་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། དབུས་སུ་མིང་དབང་ཅོད་པན་ཁ་དོག་ལྔ་པ་འཛོམ་ན་སློབ་མའི་གྲངས་མཉམ། དེ་དག་གི་རྒྱབ་ངོས་སུ་ཚེའི་འབྲང་རྒྱས་བུམ་གཟུགས་རྒྱུ་དང་རྒྱན་སོགས་གཟབ་སྤྲོས་ཅན། གཡས་སུ་རིན་པོ་ཆེའི་སྣོད་གས་ཆག་མེད་པ་མར་གྱི་ཟེའུ་པྲོག་ཅན་གྱི་ནང་དུ་ཚེ་ཆང་མངར་གསུམ་སྦྱར་བ། གཡོན་དུ་ཚེ་རིལ། དེ་གཉིས་ཀའང་གོང་མས་བསྒྲུབས་པའི་ཕབས་རྒྱུན་བཏབ་པ། སྐབས་གང་བདེར་ཚེ་མདའ་རྒྱན་ལྡན། གསང་དབང་ཐོད་པའི་བདུད་རྩི། ཤེར་དབང་རིག་ཙཀ་གམ་སིནྡྷུ་རའི་མེ་ལོང་མཱུཾ་ཡིག་བྲིས་པ། ཚིག་དབང་ཤེལ་རྡོ། སྐུ་བརྙན་ཙཀ་ལི། སྔགས་ཕྲེང་། མེ་ལོང་། རྗེས་གནང་ཆས་གདུགས་དུང་དཀར་འཁོར་ལོ་ཕྱག་ཤིང་སོགས། ལས་བུམ་མགུལ་ཆིངས་ལྗང་གུ་ཅན་རྣམས་བཞག །མདུན་ངོས་སུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་བཤམ། གཞན་ཡང་གཏེར་སྲུང་སོགས་ཀྱི་གཏོར་འབུལ། བགེགས་གཏོར་གཉིས། ཚོགས་ཀྱི་ཡོ་བྱད། ཆད་བརྟན། མིག་དར། མེ་ཏོག །མཎྜལ། གུ་གུལ། ཡུངས་ཐུན། སྤོས་རོལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་གྲབས་སུ་ཚུད་པར་བྱའོ། །གཉིས་པ་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ནི། ཚིག་བདུན་དང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། ཚོགས་གསག་ལན་གསུམ། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་མཐུན་མཐར། བཀའ་བསྒོ་བ་ནས་བརྩམ་ཚེའི་ལས་བྱང་པདྨའི་ཕྲེང་བ་མཐར་ཆགས་སུ་གཏང་བ་ལས། བདག་མདུན་དབྱེར་མེད་དུ་བསྐྱེད་བསྟིམས་མཆོད་བསྟོད་རྒྱས་པར་སྒྲུབ་ནས། བསྒྲུབ་གཞིའི་དཀྱིལ་འཁོར་གྱི་གོ་སར་བཞིན་དང་མེ་ལོང་གི་སྣང་ཆ་ལྟར་ཡེ་ཤེས་དཀྱིལ་འཁོར་ཛཔ྄་ཁང་དུ་ཕྱེས་ཏེ་ཚེ་བཅུད་སྤྲོ་བསྡུའི་ཏིང་ངེ་འཛིན་གྱིས་རིགས་ལྔའི་བཟླས་པ་ཆ་སྙོམས་པ་ཅི་ནུས་མཐར། བུམ་པ་འཆི་མེད་རྡོ་རྗེའི་གཞལ་ཡས་ཁང་གི་ནང་དུ་རིགས་ལྔ་ཚེ་དཔག་མེད་མགྱོགས་མ་བཞི་དང་བཅས་པ་མཁའ་ལ་འཇའ་སྤྲིན་ལྡངས་པ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་མོས་ལ་གཟུངས་ཐག་ནས་འཇུས་ཏེ་རིགས་ལྔའི་བཟླས་པ་བྱ། མཐར་མདའ་དར་གཡབ་ཅིང་སྤོས་དང་དྲིལ་གསིལ་བཅས་ཚེ་འགུགས་པདྨའི་ཞགས་པ་ཚང་བར་བཏང་ལ། འཁོར་འདས་བརྟན་གཡོའི་ཚེ་བཅུད་དཀྱིལ་འཁོར་བུམ་པ་སྒྲུབ་པའི་རྫས་རྣམས་ལ་བསྡུས་ཏེ། གཞུང་གསལ་མཆོད་བསྟོད་དངོས་གྲུབ་བླང་། ལས་ཀྱི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་བདུད་རྩིའི་རྒྱ་མཚོའི་དབུས་སུ་པད་ཉིའི་གདན་ལ། ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་སྡིགས་མཛུབ་ཅན་དུར་ཁྲོད་ཀྱི་ཆས་རྣམས་དང་ལྡན་པའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ། བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཐུགས་དམ་གྱི་རྒྱུད་བསྐུལ་བར་གྱུར། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླ། ཆུའི་རྡུལ་ཕྲ་རབ་དང་མཉམ་པའི་ཁྲོ་ཆུང་གི་རྡུལ་ཕྲན་དུ་གྱུར་པས་བགེགས་བསྐྲད་པ་སོགས་ཕྲིན་ལས་ཐམས་ཅད་སྒྲུབ་པའི་ནུས་ལྡན་དུ་གྱུར་པར་མོས། དམ་ཅན་དང་གཏེར་སྲུང་གི་གཏོར་འབུལ། ཚོགས་ཀྱི་ཕྲིན་ལས་བསྒྲལ་བསྟབ་ཡན་ཚང་བར་གཏང་། བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་རིག་པའི་མེ་ཏོག་དོར་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་ལ་སློབ་མ་རྗེས་སུ་བཟུང་བར་དམ་བཅའ་འོ། །གཉིས་པ་དབང་བསྐུར་བ་དངོས་གཞིའི་རིམ་པ་ལའང་གཉིས། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་། དབང་བསྐུར་བ་དངོས་སོ། །དང་པོ་ལའང་གཉིས། ཕྱི་འཇུག་དང་ནང་འཇུག་གོ །དང་པོ་ནི། དཀྱིལ་འཁོར་དར་གྱི་ཡོལ་བས་བསྒྲིབས་ཏེ། འདུ་བར་འོས་པའི་སློབ་མ་རྣམས་ཕྱི་རོལ་གྱི་སྒོ་དྲུང་དུ་དར་ཡུག་དམར་པོ་ཁ་ཚར་ཅན་གྱིས་གདོང་གཡོགས། ལག་ཏུ་མེ་ཏོག་བྱིན་ཏེ་ལས་ཀྱི་རྡོ་རྗེས་འདི་ལྟར་བསྒོའོ། ཁྱེད་རང་རྣམས་སྔོན་ཆད་སྒྱུ་འཕྲུལ་ཚེ་དཔག་མེད་པའི་དཀྱིལ་འཁོར་མ་མཇལ་བའི་མཚོན་བྱེད་དུ་དར་ཡུག་དམར་པོས་གདོང་གཡོགས་ཤིང་། ལྷ་དང་མཇལ་བའི་ཕྱག་རྟེན་རིན་ཆེན་མེ་ཏོག་གི་ཆུན་པོ་ཐོགས་ཏེ་ཐལ་མོ་སྦྱར་བས་དཀྱིལ་འཁོར་ཆེན་པོའི་སྒོ་དྲུང་དུ་འཁོད་དེ་མགྱོགས་མ་ཆེན་མོ་བཞི་ལ་སྒོ་དབྱེ་བར་གསོལ་བ་གདབ་པའི་མོས་པས་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་བར་གཤེགས་པའི་དཀྱིལ་འཁོར་གྱི༔ རང་གསང་སྒོ་བཅད་མཁའ་འགྲོ་རྣམས༔ རང་རིག་རང་གསལ་ཆེན་པོ་རུ༔ དབྱེར་མེད་ཆེན་པོར་སྒོ་དབྱེ་འཚལ༔ ཞེས་གསོལ་བས་སྒོ་སྲུང་ལྷ་མོ་བཞི་པོས་བཀའ་ལན་སྦྱིན་པར་མོས་ཤིག །ཧོ༔ བདེ་བར་གཤེགས་པའི་གྲོང་ཁྱེར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ ཞུགས་ཀྱང་དམ་ཚིག་ཐུབ་པ་ནི༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ དེ་བས་ཁྱེད་རྣམས་འདིར་འཇུག་པ༔ དམ་ཚིག་ཤིན་ཏུ་ཐུབ་པར་གྱིས༔ རང་རིག་ཡེ་ཤེས་དཀྱིལ་འཁོར་དུ༔ མྱུར་བ་ཉིད་དུ་ཁྱོད་ཞུགས་ཤིག༔ ཅེས་གནང་བ་བསྩལ་ཏེ་ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེས་པར་མོས། ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་རྒྱ་དང་བཅས་པས་བྱིན་བརླབ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་བགེགས་བཀུག །སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ལས་བྱང་ལྟར། ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་སངས་རྒྱས་སོགས་ཀྱིས་བཀའ་བསྒོ །དྲག་སྔགས་རོལ་མོ་སྤོས་ཐུན་གྱི་སྦྱོར་བས་བསྐྲད། ཧཱུྃ༔ འབར་བའི་དབྱིངས་ལས་སོགས་ཀྱིས་སྲུང་འཁོར་བརྟན་པོར་བསྒོམ་མོ། །གཉིས་པ་ནང་འཇུག་ནི། སློབ་དཔོན་གྱི་དྲུང་དུ་པུས་བཙུགས་ཐལ་སྦྱར་བཅས་འཁོད་པ་ལ་འདི་སྐད་ཅེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་འཆི་བདག་གི་འཇིགས་པ་ལས་སྐྱོབ་ཅིང་། མཐར་ཐུག་ཚེ་བདག་རིགས་ལྔའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྒྱུ་འཕྲུལ་ཚེའི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་བྱེད་ཀྱི་དབང་ནོད་ལ། གྲོལ་བྱེད་ལམ་གྱི་རིམ་པ་ཉམས་སུ་ལེན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་པ་གསལ་བཏབ་ཅིང་། ཆོས་གསན་པའི་ཀུན་སྤྱོད་མ་འཁྲུལ་བ་དང་ལྡན་པས་གསན་པར་ཞུ། དེའང་སློབ་དཔོན་ཆེན་པོ་ཙནྡྲ་གོ་མཱིའི་ཞལ་ནས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་པའི། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པ་ལྟར། ཐར་པ་སྒྲུབ་པའི་རྒྱུའི་རྐྱེན་ནམ་རྩ་བའི་སྟོབས་ཕུན་སུམ་ཚོགས་པ་ནི་བསོད་ནམས་རྒྱ་ཆེན་པོ་ལས་གྲུབ་པའི་མི་ལུས་རིན་པོ་ཆེ་ཁམས་དྲུག་དང་ལྡན་པ་འདི་ཉིད་ཡིན་ཡང་། སྤྱིར་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་ཅིང་། ཁྱད་པར་ལས་ངན་གྱི་སྐལ་པ་མཐུན་པས་སྙིགས་མ་ལྔ་བདོ་བའི་སྐབས་འདིར་ཚེ་ཐུང་ཞིང་དེ་ལའང་གློ་བུར་གྱི་བར་དུ་གཅོད་པ་མང་པོ་དང་ལྡན་པས། རིང་དུ་འཚོ་བ་དང་བར་དུ་གཅོད་པ་ལས་རྣམ་པར་རྒྱལ་བའི་ཐབས་ལ་གཅིག་ཏུ་བརྩོན་དགོས་པ་ཡིན། དེ་ཡང་ཇི་སྐ་དུ། མཐོ་རིས་ཀྱི་ཡོན་ཏན་བདུན་ལས་ཀྱང་། ཚེ་རིང་བ་ནི་གཙོ་བོ་སྟེ། ཞེས་པ་ལྟར་དལ་འབྱོར་ཆོས་ལྡན་རིང་དུ་འཚོ་བ་ཁོ་ན་ལ་བརྟེན་ནས་མངོན་མཐོ་ངེས་པར་ལེགས་པའི་དོན་ཐམས་ཅད་བསྒྲུབ་ཏུ་རུང་བ་ཡིན། རིང་འཚོའི་ཁོག་དོན་རྣམ་པར་གཞག་པའང་བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་རྒྱུད་ལས་རྣམ་པ་བཞིར་བསྡུས་ནས་གསུངས་ཏེ། གང་ཞིག་གསོ་བར་བྱ་བ་ཚེ་ཉམས་པའི་རྐྱེན་ནི། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། །ཞེ་སྡང་དྲག་པོས་རྦོད་གཏོང་ཚར་གཅོད་དང། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དངངས་དང་བགེགས་ཀྱི་དབང་དུ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་པ་དང་། །སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་གསུངས་སོ། །གང་གིས་གསོ་བར་བྱེད་པ་སློབ་དཔོན་གྱི་མཚན་ཉིད་ཀྱང་། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་སྟེ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཅེས་གསུངས་སོ། །ཐབས་ཇི་ལྟ་བུས་གསོ་བའི་ཚུལ་ལའང་། མཆོད་སྦྱིན་སོགས་ལ་བརྟེན་ཏེ་ཚེ་བསོད་སྤེལ་བར་འདོད་པ་ཕྱི་རོལ་པའི་ལུགས་ནི་འཕྲལ་ཡུན་ཉེས་པ་དུ་མའི་གཞིར་གྱུར་པས་དོར་བར་བྱ་བ་ཡིན་ཞིང་། སྨན་དང་བཅུད་ལེན་གྱི་སྦྱོར་བས་ཚེ་རིང་པོར་སྲིང་བ་ཕྱི་ནང་ཐུན་མོང་གི་ལུགས་ཀྱང་བྱ་དཀའ་ལ་དོན་ཆུང་ཞིང་། དེ་དག་ལས་ཁྱད་པར་དུ་མས་འཕགས་པ་རྒྱལ་བ་ཐམས་ཅད་མཁྱེན་པས་རྗེས་སུ་བསྟན་པའི་ལམ་སྲོལ་འདིར། སྲོག་གཅོད་པ་སྤངས་ཤིང་མི་འཇིགས་པ་སྲོག་གི་སྦྱིན་པ་གཏོང་བ་སོགས་རྣམ་པར་དཀར་བའི་ལས་ལ་བརྩོན་པ་རྒྱུའི་སྒོ་ནས་ཚེ་སྲིང་བ་མདོ་སྔགས་ཐུན་མོང་གི་ལུགས་དང་། ཏིང་ངེ་འཛིན་དང་རིག་སྔགས་ཀྱི་སྦྱོར་བ་སོགས་ཐབས་ཟབ་མོའི་རྟེན་འབྲེལ་གྱི་སྒོ་ནས་ཚེ་སྲིང་བ་སྔགས་ལུགས་ཐུན་མོང་མ་ཡིན་པའི་ལུགས་གཉིས་སུ་ཡོད་པ་ལས། བྱ་སླ་ལ་དོན་ཆེ་ཞིང་དངོས་གྲུབ་གཉིས་ཀ་གཅིག་ཅར་དུ་ཐོབ་པ་ནི་ཕྱི་མ་ཉིད་ཡིན། སྔགས་དང་རྒྱུད་ཀྱི་སྦྱོར་བ་ནམ་མཁའ་ལྟར་རྒྱ་ཆེ་བ་ལས་སྐབས་སུ་བབ་པ་འདི་ནི་གངས་ཅན་བོད་ཀྱི་ཡུལ་འདིར་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་ཡ་གྱལ། སྔ་འགྱུར་རྙིང་མ་ལ་བཀའ་གཏེར་དག་སྣང་གི་བབ་སོ་གསུམ་དུ་བཞུགས་པའི་ནང་ཚན་ཟབ་མོ་གཏེར་གྱི་ཆོས་ཡིན། དེའང་སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེ་ཉིད། དོན་དམ་དུ་ཚེ་འོད་སྣང་བ་མཐའ་ཡས་དང་གཉིས་སུ་མེད་ཀྱང་། རྣམ་པ་གདུལ་བྱ་འདུལ་ཚུལ་ལ་ལྟོས་ནས་འདུལ་བཞིའི་ཆོ་འཕྲུལ་མཐའ་ཡས་པ་སྒྱུར་བའི་སྐབས་ཤིག །གདོད་གནས་གསུང་གི་རིག་འཛིན་ནཱ་གཱརྫུ་ན་ལས་རིགས་ལྔ་ཚེ་དཔག་མེད་སྤྱིར་སྒྲུབ་པའི་གདམས་ཟབ་འདི་ཉིད་གསན་པའི་ཚུལ་བསྟན་ཏེ། བྲག་ཕུག་མཱ་ར་ཏཱི་ཀར་ཚེ་ལམ་གྱི་ཕྱག་རྒྱ་མནྡཱ་ར་བ་དང་ལྷན་ཅིག་སྒྲུབ་པ་མཛད་པས། མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་འཁོར་བ་མ་སྟོངས་བར་དུ་སྐྱེ་འཆི་བགྲེས་རྒུད་མི་མངའ་བའི་རྡོ་རྗེའི་སྐུར་བྱིན་གྱིས་བརླབས། ཚེའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་གནང་བས་འཆི་མེད་ཚེའི་བདག་པོ་ཆེན་པོར་གྱུར། སྨོན་ལམ་གྱི་མཐུས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་སྤྱན་དྲངས་ཏེ། ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། དམ་པ་ཆོས་ཀྱི་སྒྲོན་མེ་སྦར། མཐའ་དབུས་ཀུན་ཏུ་རྫུ་འཕྲུལ་གྱི་ཞབས་ཀྱིས་གཅགས། རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། མིང་ཅན་དང་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། དངོས་བརྒྱུད་ཀྱི་སྤྲུལ་པ་རྒྱུན་ཆད་མེད་པར་བྱོན་ནས་འགྲོ་བའི་དོན་རྟག་ཏུ་མཛད་པ་སོགས་གངས་ཅན་མུན་པ་སེལ་བའི་ཉིན་བྱེད་གཅིག་པུ་པར་ཡོངས་སུ་གྲགས་པ་ལྟར་ལས། གང་གི་ཚེ། བོད་ཡུལ་ཕན་བདེའི་འབྱུང་ཁུངས་མངའ་བདག་ལ་རགས་ལས་པར་དགོངས་ཏེ་མི་ལོ་སུམ་སྟོང་དྲུག་བརྒྱའི་བར་དུ་འཚོ་ཞིང་གཞེས་པའི་སླད། བྲག་དམར་གཡའ་མ་ལུང་དུ་འཆི་མེད་ཚེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གྲུབ་པའི་རྟགས་མཚན་མཐའ་ཡས་པ་མངོན་དུ་གྱུར། རྒྱལ་པོ་དབང་ཞུར་འབྱོན་པ་བདུད་བློན་རྣམས་ཀྱིས་བཤོལ་བཏབ་པས་རྟེན་འབྲེལ་འཆུགས་པ་ལ། སླར་ཡང་སྒྱུ་འཕྲུལ་རིགས་ལྔའི་ཚེ་སྒྲུབ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་པས་ཆོས་རྒྱལ་ཉིད་དགུང་ལོ་བཅུ་གསུམ་གྱི་བར་དུ་བསྲིངས། སླད་ནས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་རི་བོ་དུང་སེང་འགྱིང་འདྲའི་མགུལ། བསྐལ་བཟང་སངས་རྒྱས་སྟོང་རྩ་རང་བྱོན་དུ་གསལ་བའི་གནས་མཆོག་ནམ་མཁའ་མཛོད་དུ་ལས་ཅན་དག་པའི་འཁོར་རྣམས་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་བའི་སྐབས་སུའང་འདིའི་སྨིན་གྲོལ་གདམས་སྐོར་རྒྱས་པར་གནང་ནས། ཟབ་པ་སྐོར་བདུན་གྱི་ནང་ཚན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག་གི་ཚུལ་དུ་གནས་ཆེན་དེ་ཉིད་དུ་བཀའ་ཤོག་གཏེར་དུ་སྦས་ཏེ་ཟབ་མོའི་རྒྱས་བཏབ་པ། དེང་སང་སུམ་ཅུ་ཁ་རལ་གྱི་མཇུག་མཐའ་དབུས་འཁྲུགས་པས་གཟེངས་ཤིང་ཡམས་ནད་ཆུ་ལྟར་ཁོལ་བ་སོགས་དུས་ཀྱི་རྟགས་རྣམས་མངོན་དུ་གྱུར་པ་ན། ལྷ་སྲས་དམ་འཛིན་ཡེ་ཤེས་རོལ་པ་རྩལ་གྱི་ཡང་སྲིད་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། འོག་མིན་ཀརྨའི་དམ་ཅན་བྲག་ནས་ཟབ་པའི་སྐོར་ཆེན་བདུན་གྱི་གཞུང་ཤིང་དང་། ཡེལ་ཕུག་ནམ་མཁའ་མཛོད་ཀྱི་གསང་ཕུག་ཆེན་མོའི་སྒོ་གོང་བྲག་སྦྱར་གྱི་ཁྲོའི་སྒྲོམ་བུ་ཕྱུང་དུ་མི་བཏུབ་པ་ཞིག་ནས། གུ་རུའི་སྐུ་ཚབ་རྣམ་གཉིས། གསང་མགོན་གྱི་སྐུ་དང་དམ་རྫས་རོལ་པ་ཆེན་པོ། ཟབ་བདུན་གྱི་ཁ་སྐོང་ཡོངས་རྫོགས། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་བོད་ཁམས་སྐྱོབ་བྱེད་ཀྱི་ཆོས་སྡེ་དགུ་ལ་སོགས་སྐལ་ལྡན་འདུས་པའི་དབུས་སུ། ངོ་མཚར་བའི་ཆོ་འཕྲུལ་དང་བཅས་ཏེ་སྤྱན་དྲངས་པའི་བསྡེབས་སུ་བྱོན་ཅིང་གདུལ་བྱ་མཆོག་དམན་བར་མ་མཐའ་དག་དུས་མིན་འཆི་བའི་གཡུལ་ངོ་ལས་ཟློག་ཅིང་། འཆི་མེད་རྟག་པ་དམ་པའི་སྲོག་མཁར་དུ་དབུགས་དབྱུང་བར་མཛད་པའི་ཟབ་ཆོས་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བགྱིད་པ་ལ། སློབ་དཔོན་གྱི་བྱ་བའི་རིམ་པ་སྔོན་དུ་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱིས་བགྱི་བར་འོས་པ་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ། ཞེས་མཚམས་སྦྱོར་ལ་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཐལ་མོ་མེ་ཏོག་དང་བཅས་ཏེ་གུས་པའི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་དངོས༔ བདེར་གཤེགས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ༔ རབ་ཏུ་འཆང་བ་འདྲེན་པའི་གཙོ་བོ་མཆོག༔ བདེ་བར་གཤེགས་པའི་སྲས་སུ་བདག་མཛོད་ཅིག༔ དེ་ལྟར་གསོལ་བ་བཏབ་པས་སྣོད་ལྡན་དུ་གཟིགས་ནས་བཀའི་གནང་བ་བྱིན་པའི་མོས་པ་མཛོད། ཧོ༔ བདེ་བར་གཤེགས་པ་ཚེ་བདག་རིགས་ལྔ་ཡི༔ དཀྱིལ་འཁོར་འདི་རུ་འཇུག་པ་ཤིན་ཏུ་དཀའ༔ དད་པས་འཇུག་པ་རྣམས་ལ་བདག་གིས་གནང༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཐུབ་པར་གྱིས༔ སྨིན་བྱེད་ཟབ་མོའི་བཅུད་སེང་གེའི་འོ་མ་བླུགས་པ་ལ། རྒྱུད་གསག་སྦྱོང་ཟབ་མོས་གསེར་གྱི་སྣོད་དག་པ་དགོས་པས། མདུན་བསྐྱེད་སྒྱུ་འཕྲུལ་རྡོ་རྗེ་ཚེ་བདག་རིགས་ལྔ་རྩ་གསུམ་རྒྱལ་བ་རྒྱ་མཚོ་རང་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་རྒྱས་པར་གཏམས་པའི་དྲུང་དུ། ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་དུ་བྱ་བའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་རིག་འཛིན་པདྨ་ཚེ་དཔག་མེད༔ ནས། བྱིན་གྱིས་བརླབ་ཏུ་གསོལ༔ བར་ལས་བྱང་ལྟར་ལན་གསུམ། སྣོད་དུ་རུང་ཞིང་རྒྱུད་དག་པའི་གང་ཟག་ནི་དབང་གི་ཡེ་ཤེས་སྐྱེ་བ་ལ་བར་ཆད་དང་བྲལ་བ་ཡིན་ཡང་དེའི་སྲོག་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་ལ་རབ་ཏུ་གནས་དགོས་པས་གསོལ་བ་གདབ་པའི་ཚུལ་གྱིས་ཁས་ལེན་པ་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་གཤེགས་བླ་མ་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དེང་ནས་བཟུང་སྟེ་བྱང་ཆུབ་བར༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ སྤྱད་བྱ་མི་སྤང་དང་ལེན་ཤེས་བྱ་ལྔ༔ བསྒྲུབ་བྱའི་དམ་ཚིག་མི་སྤང་སྲོག་བཞིན་བསྲུང༔ བདེ་གཤེགས་རིགས་མཆོག་བདག་ལ་བསྩལ་དུ་གསོལ༔ ཡེ་ཤེས་པ་དབབ་པའི་སྔོན་འགྲོར་དམ་ལ་བཞག་པས་གསང་བ་འཛིན་པར་སྒྲུབ་པ་ལ། རྡོ་རྗེ་སློབ་དཔོན་བཀའ་གཉན་པ་དང་། གསུང་ཚུལ་བཞིན་དུ་སྒྲུབ་པར་གདམས་པ་དང་། ཁེ་ཉེན་གཉིས་ཀའི་གནད་བཀྲོལ་ཏེ་དམ་ཚིག་ལ་བཀར་བའི་ཚིག་ལ་སྙན་གཏོད་ཅིང་དོན་ཟུངས་སུ་འཛིན་པར་ཞུ། ཨེ་མ་ཧོ༔ དེ་ལྟར་ཡིན་ན་ཚེ་ལྷ་རིགས་ལྔ་ཡི༔ བདག་ཉིད་ཆེན་པོ་རྡོ་རྗེ་སློབ་དཔོན་བདག༔ དེང་ནས་བརྩམ་སྟེ་ཁྱོད་ཀྱི་ཚེ་དཔག་མེད༔ བདག་ཉིད་ཡིན་གྱིས་བརྙས་པར་མ་བྱེད་ཅིག༔ བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་ཕྲེང་བ་མགོར་བཞག་ལ། ཧོ༔ ངས་ནི་བདེ་བར་གཤེགས་པའི་བཀའ་འཛིན་གྱི༔ དེ་བས་ཁྱོད་ཀྱིས་བདག་གི་བཀའ་མ་བཅག༔ རྣལ་འབྱོར་རྒྱུད་དུ་གང་གསུང་ཁྱོད་ཀྱིས་བྱོས༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ འདི་ནི་རྡོ་རྗེའི་དམ་ཚིག་ཆེ་ཡིན་པས༔ དམ་ཚིག་བསྲུང་ན་ཡེ་ཤེས་སྐྱེད་པའི་རྒྱུ༔ མ་བསྲུང་ལྕགས་ཀྱི་སྡིག་པ་ནག་པོར་འགྱུར༔ སྙིང་སྲོག་ཐར་པའི་སྲོག་རྩ་ངེས་པར་གཅོད༔ དེ་བས་དམ་ཚིག་ཚུལ་བཞིན་ཐུབ་པར་གྱིས༔ རྡོ་རྗེའི་ཆུ་ཐུངས་སྙིང་ནས་བྲོ་བོར་ཅིག༔ བདུད་རྩི་ཁར་སྦྱིན་ལ། དམ་ཚིག་གཉན་པོའི་རྒྱ་ལས་མི་འདའ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་འཚལ། ཨོཾ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དབང་གི་གཞི་འགོད་པའི་ཕྱིར་འཆི་མེད་རྡོ་རྗེའི་ཡེ་ཤེས་དབབ་པ་ཡིན་པས། ཁྱེད་རང་རྣམས་ལུས་ཀྱི་གནད་དྲང་པོར་བསྲང་། ངག་གི་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། ཡིད་ཀྱི་གནད་ཚོགས་དྲུག་གི་རྒྱུ་བ་བཅད་པས་དབང་པོའི་སྒོ་རང་བཞིན་གྱིས་དགག་སྟེ། རྩེ་གཅིག་ཏུ་དམིགས་པའི་རིམ་པ་འདི་དག་ལ་སེམས་འཛིན་པར་ཞུ། ལས་སྔགས་དང་ཆུས་བསང་། སྭ་བྷཱ་ཝས་སྦྱང་། སྣང་ཞིང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་ཉིད་ཀྱི་ངང་ལས། ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་དར་ཟབ་ལྷོད་འབོལ་རྣམས་བརྩེགས་པའི་གདན་ལ། ཁྱེད་རང་རྣམས་ཀྱི་རང་བྱུང་རིག་པའི་ཡེ་ཤེས་རིགས་ཐམས་ཅད་པའི་འཁོར་ལོའི་བདག་པོའི་སྐུར་ཤར་བ་བཅོམ་ལྡན་འདས་རྣམ་སྣང་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་གསལ་སྟོན་ཀའི་ཟླ་བ་རྒྱས་པ་ལྟ་བུ། ཞལ་གཅིག་ཤིན་ཏུ་ཞི་ཞིང་འཛུམ་པ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ཚེ་བུམ་འཁོར་ལོས་ཁ་བརྒྱན་པ་བསྣམས་པ། དབུ་སྐྲ་ཐོར་ཚུགས་དར་གྱི་ཆས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་ཚུལ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ། ཡུམ་ཚེ་བདག་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་གཅེར་བུ་གཞོན་མཛེས་དབུ་སྐྲ་གྲོལ་ཞིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཕྱག་གཉིས་མདའ་དར་དང་ཚེ་བུམ་བསྣམས་ཤིང་ཞབས་གཉིས་ཡབ་ལ་འཁྲིལ་ཏེ་མི་འགྱུར་བའི་བདེ་ཆེན་སྐུལ་བ། འཇའ་ཚོན་འོད་ལྔ་འབར་བའི་ཀློང་ན་སྣང་སྟོང་སྒྱུ་མའི་སྐུ་ཅན་དུ་བཞུགས་པའི་སྙིང་གར་གཡུང་དྲུང་དམར་པོ་ལེབ་ཆགས་སུ་གནས་པའི་ཡན་ལག་བཞི་ལ་ཧ་རི་ནི་ས། དབུས་སུ་ཧྲཱིཿཡིག་དམར་པོ་མར་མེ་ལྟར་གསལ་ཞིང་འབར་བ་ལ་སེམས་རྩེ་གཅིག་ཏུ་ཟུངས་མཛོད། དེའི་ཚེ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པ་ལ་མོས་གུས་དྲགས་པོའི་རྐྱེན་གྱིས་བསྐུལ་ཏེ་དེ་དག་གི་སྐུ་གསུང་ཐུགས་ལས་གསང་བ་གསུམ་གྱི་བྱིན་རླབས། ཚེ་དང་ཡེ་ཤེས་ཀྱི་བཅུད་ཐིག །བདེ་ཆེན་རྡོ་རྗེའི་དབང་དང་དངོས་གྲུབ་ཐམས་ཅད་ཡེ་ཤེས་པའི་རྣམ་པ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་མཛོད། འབེབ་པའི་རྫས་དང་རོལ་མོའི་སྒྲས་བསྐུལ་ཏེ། སྤྲོ་ན་ལས་བྱང་གི་བྱིན་འབེབ་གཏང་། རིགས་ལྔའི་སྔགས་མཐར། ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བཟླ། དེས་མ་ཕེབས་ན། སླར་ཡང་སྤོགས་པའི་སྦྱོར་བས་ཡེ་ཤེས་པ་དབབ་པ་ལ་དམིགས་པའི་གཞི་སྔར་ལས་མ་གཡོས་པར། བདག་མདུན་ཐུགས་སྲོག་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་པས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་རིགས་ལྔ་སྟེ། གསང་གསུམ་ཡེ་ཤེས་རྡོ་རྗེ་གཟུགས་སོ་སོར་གྲུབ་པའི་རྣམ་པས་ས་བླ་ས་སྟེང་གི་ཁྱོན་གོ་མཚམས་མེད་པར་མེར་མེར་ཤིག་ཤིག་ཏུ་གཏམས་ཤིང་གཡོ་བར་བྱོན་པ་དེ་དག་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་ཡེ་ཤེས་བཟོད་མེད་དུ་འབར་བར་གྱུར་པར་མོས་ཤིག །སྤྲོ་ན་ལས་བྱང་གི་སྤྱན་འདྲེན་དང་། མི་སྤྲོ་ན་གོང་ལྟར་སྔགས་དང་རོལ་མོའི་སྒྲས་བྱིན་དབབ་ལ་མཐར། རྫས་སྔགས་ཏིང་འཛིན་རྟེན་འབྲེལ་གྱི་ནུས་པས་རང་བྱུང་ཡེ་ཤེས་རྒྱུད་ལ་རྩོལ་མེད་དུ་ཞུགས་པ་དེ་ཉིད་མི་འགྱུར་རྡོ་རྗེའི་སྐུ་མངོན་དུ་འགྱུར་བ་དེ་སྲིད་དུ་དམ་ཚིག་པ་དང་དབྱེར་མེད་དུ་འདྲེས་ཤིང་འཕོ་མེད་དུ་བརྟན་པར་གྱུར། རྡོ་རྗེ་རྒྱ་གྲམ་མགོར་བཀོད་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། རིག་མེ་དོར་བར་བསྐུལ་བ་ནི་རིགས་ལྔའི་ཕྱག་མཚན་གྱི་དཀྱིལ་འཁོར་བཀྲམ་ལ། ཧོ༔ ཡེ་ཤེས་ལྔ་ཡི་ཕོ་བྲང་ཆེན་པོ་འདིར༔ ཀ་ནས་དག་པའི་བདེ་བར་གཤེགས་པ་བཞུགས༔ ཁྱེད་ཀྱི་འབྲེལ་བ་གང་ཡོད་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་དད་པས་ཕུལ༔ ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་པ་ལ་མཆོག་དམན་རང་རྒྱུད་དུ་ཕྱེ་བ་མ་མཆིས་ཀྱང་། རང་རང་གི་གཞི་སྣང་རིག་པ་ཐོག་མར་སད་པའི་རིགས་དང་མཐུན་པ་གང་ཡིན་པའི་བདེ་བར་གཤེགས་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཕྱག་རྒྱའི་དཀྱིལ་འཁོར་དུ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ དབྱིངས་ནི་རྣམ་པར་དག་པ་གཅིག་ཡིན་ལ༔ གང་དུ་མི་གནས་སོ་སོར་མ་མཆིས་ཀྱང༔ སྣང་བའི་ཆ་ལས་ཡེ་ཤེས་ལྔར་སྟོན་པའི༔ བདག་ཉིད་གང་ལ་འབྲེལ་བ་དེར་འབབ་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ དབུས་སུ་བབ་ན། སྣང་མཛད་ཚེ་མཆོག་གྲུབ་པའི་རྡོ་རྗེ་སོགས་རིགས་འགྲེས་ཏེ་གསང་མཚན་ཤོག་གུར་བྲིས་ལ་མ་ནོར་བ་བྱས་ཏེ་རེ་ཞིག་དེར་བཞག །མེ་ཏོག་སླར་སྤྱི་བོར་བཀོད་ལ། མེ་ཏོག་རང་རིགས་ཀྱི་ལྷ་ལ་ཕོག་པ་དེ་ཉིད་རྡོ་རྗེའི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སླར་སྤྱི་བོར་བཅིངས་པས་བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་རྗེས་སུ་འཛིན་པའི་མོས་པ་མཛོད། ཧོ༔ བསྐལ་པ་སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ ཡེ་ཤེས་རིག་པའི་མེ་ཏོག་འདི་ཕུལ་བས༔ རང་རིག་ལྷ་དང་དབྱེར་མེད་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ མིག་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་སྒྲོ་བཏགས་འཐུག་པོའི་སྒྲིབ་གཡོགས་འདི༔ རིག་པ་ཡེ་ཤེས་ངང་དུ་དབྱེ་རུ་གསོལ༔ མི་འགྱུར་ཚེ་ཡི་དཀྱིལ་འཁོར་མཐོང་བར་མཛོད༔ མ་རིག་པའི་སྒྲིབ་གཡོགས་སྐད་ཅིག་ལ་བསལ་ཏེ་རིག་པ་ཡེ་ཤེས་ཀྱི་མིག་རྡུལ་ཐམས་ཅད་དང་བྲལ་བ་ཐོབ་པར་མོས་མཛོད། གསེར་གྱི་ཐུར་མས་དབྱེ་ཚུལ་བཅས། ཧོ༔ དཔལ་ཆེན་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི༔ མ་རིག་འཐུག་པོའི་ལིང་ཏོག་དབྱེ་བར་མཛད༔ སྔོན་གྱི་རྒྱལ་བས་སེམས་དཔའི་མིག་ཕྱེས་ལྟར༔ རིག་པ་ཡེ་ཤེས་ངང་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བཀྲོལ་ལ་ཡོལ་བ་བསལ། རང་བྱུང་གསང་བའི་སྙིང་པོ་སྐུ་དང་ཡེ་ཤེས་ཟུང་འཇུག་གི་རོལ་མོར་ཤར་བ་གདོད་གནས་དཀྱིལ་འཁོར་གྱི་རྒྱལ་པོ་རིགས་ལྔ་ཚེ་དཔག་མེད་སྒྱུ་འཕྲུལ་དྲྭ་བ་རྟེན་དང་བརྟེན་པར་བཅས་པ། ལྷུན་གྲུབ་སྟུག་པོ་བཀོད་པ་རྡུལ་ཕྲ་རབ་ཀྱི་རྗེས་སུ་འགྲོ་བ་མཐའ་དག་རྡོ་རྗེའི་ལྟ་བས་མངོན་སུམ་ཉིད་དུ་མཐོང་བར་མོས་ཤིག །དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ཡིན་ནོ། །གཉིས་པ་དབང་བསྐུར་བ་དངོས་ལའང་གཉིས། ཐུན་མོང་དུ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། བྱེ་བྲག་དབང་སོ་སོར་བསྐུར་བའོ། །དང་པོ་ནི། ཞུགས་ནས་མངོན་པར་དབང་སྐུར་བ་ལ་ཐོག་མར་སྐུ་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་གཙོ་བོ་བླ་མ་དགོངས་སུ་གསོལ༔ བདག་ཉིད་ཡེ་ཤེས་དཀྱིལ་འཁོར་འདིར་ཞུགས་ཤིང༔ བདེ་བར་གཤེགས་པ་ཡུམ་དང་བཅས་པ་ཡི༔ གོ་འཕང་བླ་ན་མེད་པ་འཐོབ་བྱའི་ཕྱིར༔ རྡོ་རྗེའི་དབང་བསྐུར་དམ་པ་བསྩལ་དུ་གསོལ༔ གཉིས་པ་ལ་གཉིས། དབང་གི་དངོས་གཞི་དང་། མཐའ་རྟེན་ནོ། །དང་པོ་ལ་བཞི། བུམ་པ། གསང་བ། ཤེར་ཡེ། ཚིག་གི་དབང་བསྐུར་བའོ། །དང་པོ་ལའང་གཉིས། རྡོ་རྗེ་སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དང་པོ་སློབ་མའི་དབང་ལ་རིགས་ལྔའི་བུམ་དབང་དངོས་གཞིར་བསྐུར་བ། རིག་པའི་དབང་ལྔ་རྗེས་འབྲེལ་དུ་བསྐུར་བ། མཐའ་རྟེན་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གསུམ་གྱི་དང་པོ་ནི། དེ་ལྟར་མོས་གུས་དྲགས་པོས་གསོལ་བ་བཏབ་པས་ཐུགས་དམ་བསྐུལ་བའི་བླ་མ་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་ཀའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་གང་བར་སད་པ་རྣམས་དང་། སློབ་དཔོན་དཀྱིལ་འཁོར་པའི་ཚོགས་དང་བཅས་པས། ཁྱེད་རང་རྣམས་ཀྱི་གཞི་རྒྱུད་ཀུན་རྫོབ་འགྱུར་བའི་ཆས་བསྡུས་པའི་འཕོ་ཅན་དྲི་མའི་ཚོགས་རྣམས་གཏོར་ཞིང་། དོན་དམ་འགྱུར་མེད་རྟག་པའི་ཡེ་ཤེས་རང་གསལ་དུ་བླུགས་པས། རང་རིག་བྱང་ཆུབ་ཀྱི་སེམས་ཡུལ་དུ་བྱས་པའི་ཡུལ་ཅན་གཉུག་མ་མི་ཤིགས་པའི་ཐིག་ལེ་རྡོ་རྗེའི་སྲོག་པ་རྩར་གྲུབ་ཅིང་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྩལ་རབ་ཏུ་རྫོགས་པའི་དབང་ཆེན་རབ་འབྱམས་བསྐུར་བའི་ཐོག་མར། དཀྱིལ་འཁོར་ཤར་གྱི་བུམ་པའི་དབུས་སུ་་་གལ་ཏེ་རིགས་ལྔའི་བུམ་པ་གཅིག་ལས་མེད་ན། བུམ་པའི་ཤར་ཕྱོགས་སུ་མི་བསྐྱོད་སོགས་ཁ་བསྒྱུར་ཤེས་པར་བྱའོ། །མཆན། མི་བསྐྱོད་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། འཆི་མེད་བདུད་རྩིའི་ཆུ་རྒྱུན་བབ། བུམ་པའི་མཆུ་ནས་ལུད། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མ་མེད་པ་ནས་ཞེ་སྡང་གི་སྒོ་ནས་གཞན་གྱི་སྲོག་བཅད་པས་ཚེ་ཐུང་བར་འགྱུར་བ་སོགས་ལས་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག །མི་འགྱུར་བ་རྡོ་རྗེའི་རིགས་ཀྱི་ཚེ་དང་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ ཆུ་ཁམས་རྣམ་པར་དག་པའི་བུམ་པ་རུ༔ རྣམ་ཤེས་རྣམ་པར་དག་པའི་ཆུ་ཡིས་བཀང༔ ཞེ་སྡང་རྣམ་དག་ཟུང་འཇུག་ཁྲི་སྟེང་དུ༔ མེ་ལོང་ཡེ་ཤེས་བཅོམ་ལྡན་མི་བསྐྱོད་པ༔ བདེ་བའི་རང་བཞིན་ཡུམ་མཆོག་མཱ་མ་ཀཱི༔ གཉིས་མེད་མཉམ་སྦྱོར་ཚེ་ཡི་བདུད་རྩིས་གང༔ མ་རིག་དྲི་མའི་ཚོགས་རྣམས་དག་པ་དང༔ ཡེ་ཤེས་དཔག་ཏུ་མེད་པ་འཕེལ་བའི་ཕྱིར༔ རང་རིག་བྱང་ཆུབ་སེམས་ལ་དབང་བསྐུར་བས༔ རྡོ་རྗེ་རིགས་ཀྱི་ཚེ་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ལྷོའི་བུམ་པའི་དབུས་སུ་རིན་འབྱུང་ཚེ་དཔག་མེད་སོགས་གོང་ལྟར་ལ། ཁ་བསྒྱུར་གྱི་ཁྱད་པར། ཐོག་མ་མེད་པ་ནས་སེར་སྣ་དང་ང་རྒྱལ་གྱི་སྒོ་ནས་སོགས་དང་། མི་ཟད་པ་རིན་ཆེན་རིགས་ཀྱི་ཞེས་སོགས་བསྒྱུར་ལ། ཧཱུྃ༔ ས་ཁམས་རྣམ་པར་དག་པའི་བུམ་པ་རུ༔ ཚོར་བ་རྣམ་པར་དག་པའི་ཆུ་ཡིས་བཀང༔ ང་རྒྱལ་རྣམ་དག་ཟུང་འཇུག་ཁྲི་སྟེང་དུ༔ མཉམ་ཉིད་ཡེ་ཤེས་བཅོམ་ལྡན་རིན་ཆེན་འབྱུང༔ བདེ་བའི་རང་བཞིན་ཡུམ་མཆོག་སངས་རྒྱས་སྤྱན༔ གཉིས་མེད་མཉམ་སྦྱོར་ཚེ་ཡི་བདུད་རྩིས་གང༔ མ་རིག་དྲི་མའི་ཚོགས་རྣམས་དག་པ་དང༔ ཡེ་ཤེས་དཔག་ཏུ་མེད་པ་འཕེལ་བའི་ཕྱིར༔ རང་རིག་བྱང་ཆུབ་སེམས་ལ་དབང་བསྐུར་བས༔ རིན་ཆེན་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ནུབ་ཀྱི་བུམ་པའི་དབུས་སུ་སྣང་བ་མཐའ་ཡས་ཚེ་དཔག་མེད༴ ཐོག་མ་མེད་པ་ནས་འདོད་ཆགས་ཀྱི་སྒོ་ནས༴ མ་ཆགས་པ་པདྨའི་རིགས་ཀྱི༴ ཧཱུྃ༔ མེ་ཁམས་རྣམ་པར་དག་པའི་བུམ་པ་རུ༔ འདུ་ཤེས་རྣམ་པར་དག་པའི་ཆུ་ཡིས་བཀང༔ འདོད་ཆགས་རྣམ་དག་ཟུང་འཇུག་ཁྲི་སྟེང་དུ༔ སོར་རྟོག་ཡེ་ཤེས་བཅོམ་ལྡན་སྣང་མཐའ་ཡས༔ བདེ་བའི་རང་བཞིན་ཡུམ་མཆོག་གོས་དཀར་མོ༔ གཉིས་མེད་མཉམ་སྦྱོར་ཚེ་ཡི་བདུད་རྩིས་བཀང༔ མ་རིག་དྲི་མའི་ཚོགས་རྣམས་དག་པ་དང༔ ཡེ་ཤེས་དཔག་ཏུ་མེད་པ་འཕེལ་བའི་ཕྱིར༔ རང་རིག་བྱང་ཆུབ་སེམས་ལ་དབང་བསྐུར་བས༔ པདྨ་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་བྱང་གི་བུམ་པའི་དབུས་སུ་དོན་གྲུབ་ཚེ་དཔག་མེད༴ ཐོག་མ་མེད་པ་ནས་ཕྲག་དོག་གི་སྒོ་ནས༴ མ་ཐོགས་པ་ལས་ཀྱི་རིགས་ཀྱི༴ ཧཱུྃ༔ རླུང་ཁམས་རྣམ་པར་དག་པའི་བུམ་པ་རུ༔ འདུ་བྱེད་རྣམ་པར་དག་པའི་ཆུ་ཡིས་བཀང༔ ཕྲག་དོག་རྣམ་དག་ཟུང་འཇུག་ཁྲི་སྟེང་དུ༔ ནན་ཏན་ཡེ་ཤེས་བཅོམ་ལྡན་དོན་ཡོད་གྲུབ༔ བདེ་བའི་རང་བཞིན་ཡུམ་མཆོག་དམ་ཚིག་སྒྲོལ༔ གཉིས་མེད་མཉམ་སྦྱོར་ཚེ་ཡི་བདུད་རྩིས་གང༔ མ་རིག་དྲི་མའི་ཚོགས་རྣམས་དག་པ་དང༔ ཡེ་ཤེས་དཔག་ཏུ་མེད་པ་འཕེལ་བའི་ཕྱིར༔ རང་རིག་བྱང་ཆུབ་སེམས་ལ་དབང་བསྐུར་བས༔ ལས་ཀྱི་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་དབུས་ཀྱི་བུམ་པའི་ནང་དུ་རྣམ་སྣང་ཚེ་དཔག་མེད༴ ཐོག་མ་མེད་པ་ནས་གཏི་མུག་གི་སྒོ་ནས༴ མི་ཕྱེད་པ་བདེ་གཤེགས་རིགས་ཀྱི༴ ཧཱུྃ༔ མཁའ་ཁམས་རྣམ་པར་དག་པའི་བུམ་པ་རུ༔ གཟུགས་ཕུང་རྣམ་པར་དག་པའི་ཆུ་ཡིས་བཀང༔ གཏི་མུག་རྣམ་དག་ཟུང་འཇུག་ཁྲི་སྟེང་དུ༔ ཆོས་དབྱིངས་ཡེ་ཤེས་བཅོམ་ལྡན་རྣམ་སྣང་མཛད༔ བདེ་བའི་རང་བཞིན་ཡུམ་མཆོག་དབྱིངས་ཕྱུག་མ༔ གཉིས་མེད་མཉམ་སྦྱོར་ཚེ་ཡི་བདུད་རྩིས་གང༔ མ་རིག་དྲི་མའི་ཚོགས་རྣམས་དག་པ་དང༔ ཡེ་ཤེས་དཔག་ཏུ་མེད་པ་འཕེལ་བའི་ཕྱིར༔ རང་རིག་བྱང་ཆུབ་སེམས་ལ་དབང་བསྐུར་བས༔ དེ་བཞིན་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ནི། དེ་ལྟར་རིགས་ལྔའི་བུམ་པའི་དབང་གིས་གཏོར་བླུགས་མཐར་ཕྱིན་པའི་སྨིན་བྱེད་དངོས་གཞི་སོང་ནས། རིགས་ལྔ་སོ་སོའི་རྗེས་འབྲེལ་གྱི་དབང་ལ་ཐོག་མར་མི་བསྐྱོད་པའི་ངོ་བོར་གྱུར་པའི་བུམ་པའི་ཆུས་སྤྱི་བོ་ནས་བཀྲུས་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་མེ་ལོང་ཡེ་ཤེས་ལས༔ རྣམ་པར་རྒྱལ་བའི་རང་བྱུང་བུམ་པ་འདི༔ མ་རིག་དྲི་མའི་ཚོགས་གཏོར་མི་བསྐྱོད་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཨཀྵོ་བྷྱ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པའི་རིན་པོ་ཆེའི་པྲོག་ཞུ་དབུ་ལ་བཅིངས་པའི་མོས་པ་མཛོད། ཏྲཱཾ༔ རྒྱལ་བ་ཀུན་གྱི་མཉམ་ཉིད་ཡེ་ཤེས་ལས༔ ཀུན་ལས་ཁྱད་འཕགས་རིན་ཆེན་པྲོག་ཞུ་འབར༔ ང་རྒྱལ་དྲི་མའི་ཚོགས་དག་ཅོད་པན་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ རཏྣ་སཾ་བྷ་ཝ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ འོད་དཔག་མེད་ཀྱི་ངོ་བོར་གྱུར་པའི་ཐབས་ཀྱི་རྡོ་རྗེ་ཕྱག་གཡས་སུ་གཏད་པའི་མོས་པ་མཛོད། ཧྲཱི༔ རྒྱལ་བ་ཀུན་གྱི་སོར་རྟོག་ཡེ་ཤེས་ལས༔ མི་འགྱུར་མི་ཤིགས་ཐབས་ཀྱི་རང་བཞིན་ཏེ༔ འདོད་ཆགས་དྲི་མའི་ཚོགས་དག་རྡོ་རྗེ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ པདྨ་དྷ་ར་བཛྲ་དྷ་ར་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ དོན་ཡོད་གྲུབ་པའི་ངོ་བོར་གྱུར་པའི་ཤེས་རབ་ཀྱི་དྲིལ་བུ་ཕྱག་གཡོན་དུ་གཏད་པའི་མོས་པ་མཛོད། ཨཱ༔ རྒྱལ་བ་ཀུན་གྱི་བྱ་གྲུབ་ཡེ་ཤེས་ལས༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་ཤེས་རབ་སྟེ༔ ཕྲག་དོག་དྲི་མའི་ཚོགས་དག་དྲིལ་བུ་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣམ་པར་སྣང་མཛད་ཀྱི་ངོ་བོར་གྱུར་པའི་རྡོ་རྗེའི་མིང་གིས་མངོན་པར་དབང་སྐུར་ཞིང་རིགས་ཀྱི་ཅོད་པན་སྤྱི་གཙུག་ཏུ་གདགས་པའི་མོས་པ་མཛོད། སྔར་བྲིས་པའི་གསང་མཚན་སྦྱིན་ཞིང་ཅོད་པན་གཙུག་ཏུ་གདགས་ལ། ཨོཾ༔ རྒྱལ་བ་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་ལས༔ ཡེ་ཤེས་རྡོ་རྗེའི་མིང་ནི་བླ་ན་མེད༔ གཏི་མུག་ལ་སོགས་དྲི་མའི་ཚོགས་དག་པའི༔ ས་གསུམ་ཀུན་ཏུ་གྲགས་པ་རྡོ་རྗེའི་མིང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ བུདྡྷ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་དྷཱ་ར་མི་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་པས། ཉོན་མོངས་མ་རིག་པའི་དྲི་མ་ལྔ་དག །ཕུང་པོའི་ཚོགས་ལྔ་པོ་གནས་འགྱུར། ཡེ་ཤེས་ཆེན་པོ་ལྔ་མངོན་དུ་བྱས། རིགས་ལྔ་ཚེ་དཔག་མེད་པའི་གོ་འཕང་མྱུར་དུ་འཐོབ་པའི་ས་བོན་དང་ནུས་མཐུ་ཅན་དུ་བྱས་པ་ཡིན་ནོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་པ་ཐ་མི་དད་པ་སོ་སོའི་སྐུ་ལས་རང་འདྲ་བའི་ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ཀྱི་གནས་ལྔའི་རྩ་འཁོར་ལོ་ལྔ་དང་ཡན་ལག་གི་རྩ་གནས་བཞི་སོ་སོར་ཐིམ་པས། ལུས་སྒྲིབ་བྲལ་དུ་དག་པ་འགྱུར་མེད་རྡོ་རྗེའི་སྐུར་བྱིན་གྱིས་བརླབ་པར་མོས་མཛོད། གཙོ་འཁོར་གྱི་ལྷ་ཙཀ་རྣམས་ཀྱིས་གནས་སོ་སོར་རིམ་བཞིན་དབང་བསྐུར་ལ། ཧཱུྃ་ཧྲཱི༔ ཆོས་དབྱིངས་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ མཁའ་ཁམས་རྣམ་དག་དབྱིངས་ཕྱུག་ཡུམ་དང་སྦྱོར༔ དེ་བཞིན་རིགས་མཆོག་རྒྱལ་པོའི་དབང་བསྐུར་རོ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ མེ་ལོང་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་མི་བསྐྱོད་ཚེ་དཔག་མེད༔ ཆུ་ཁམས་རྣམ་དག་མཱ་ཀཱི་ཡུམ་དང་སྦྱོར༔ རྡོ་རྗེ་རིགས་མཆོག་རྒྱལ་པོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ མཉམ་ཉིད་ཡེ་ཤེས་ཀློང་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་རིན་འབྱུང་ཚེ་དཔག་མེད༔ ས་ཁམས་རྣམ་དག་སྤྱན་མ་ཡུམ་དང་སྦྱོར༔ རིན་ཆེན་རིགས་མཆོག་རྒྱལ་པོའི་དབང་བསྐུར་རོ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ སོར་རྟོག་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད༔ མེ་ཁམས་རྣམ་དག་གོས་དཀར་ཡུམ་དང་སྦྱོར༔ པདྨའི་རིགས་མཆོག་རྒྱལ་པོའི་དབང་བསྐུར་རོ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ བྱ་གྲུབ་ཡེ་ཤེས་དབྱིངས་ལས་སྐུར་བཞེངས་པ༔ བཅོམ་ལྡན་མགོན་པོ་དོན་གྲུབ་ཚེ་དཔག་མེད༔ རླུང་ཁམས་རྣམ་དག་སྒྲོལ་མ་ཡུམ་དང་སྦྱོར༔ ལས་ཀྱི་རིགས་མཆོག་རྒྱལ་པོའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱི༔ ཚད་མེད་བཞི་ཡི་དབྱིངས་ལས་སྐུར་བཞེངས་པ༔ དཀར་མོ་ཞི་མཛད་སྔོན་མོ་འཕེལ་མཛད་མ༔ དམར་མོ་སྡུད་མཛད་ལྗང་མོ་བརྟན་མཛད་མ༔ ལྷ་མོ་མགྱོགས་མ་བཞི་ཡི་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿཨཱ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་བྱུང་གསལ་རྫོགས་འཆི་མེད་རྡོ་རྗེ་ཚེ་ལྷའི་དཀྱིལ་འཁོར་ཆེན་པོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པའི་སླད་དུ། སློབ་དཔོན་དང་དཀྱིལ་འཁོར་པ་ཐ་མི་དད་པའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཀྱི་ཕྲེང་བ་གཉིས་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས་ཏེ་ཐུགས་སྲོག་ཧྲཱིཿཡིག་གི་མཐར་འཁོད་པས། ངག་སྒྲིབ་བྲལ་དུ་དག་པ་གཞོམ་མེད་རྡོ་རྗེའི་གསུང་དུ་བྱིན་གྱིས་བརླབས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྡ་སྦྱར་ལ་རིགས་ལྔའི་སྙིང་པོ་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེང་ཕྱིན་ཆད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་རྩོལ་མེད་ལྷུན་གྲུབ་མི་ཤིགས་པའི་རང་སྒྲ་སྔགས་ཀྱི་འཁོར་ལོ་ཆེན་པོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ངོ་བོ་སྟོང་པ་ཉིད་ཆོས་ཀྱི་སྐུ །རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས་པ། ཐུགས་རྗེའི་རྩལ་མ་འགགས་པར་ཤར་བ་སྤྲུལ་པའི་སྐུ །དེ་གསུམ་རང་རིག་གི་ཀློང་དུ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་སྟེ་ལྷག་པའི་བདེན་པ་གཉིས་དབྱེར་མེད་མེ་ལོང་དང་གཟུགས་བརྙན་གྱི་དཔེས་མཚོན་ནས་རིག་པའི་རང་ངོ་ལ་མཉམ་པར་བཞག་པས། ཡིད་སྒྲིབ་བྲལ་དུ་དག་པ་རྟག་བརྟན་རྡོ་རྗེའི་ཐུགས་སུ་བྱིན་གྱིས་བརླབ་པར་མོས་མཛོད། མེ་ལོང་བསྟན་ཏེ། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུརྫྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་ཡེ་གྲོལ་ཀ་དག་འོད་གསལ་ཆོས་སྐུ་ལྷུན་འབྱམས་ཆེན་པོའི་རང་བཞིན་དུ་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དོ། །གཉིས་པ་སློབ་དཔོན་གྱི་དབང་ནི། ཁྱེད་རང་རྣམས་ཁམས་ལྔ་དག་པའི་འོད་ལྔའི་ཞིང་ཁམས་རྒྱན་སྟུག་པོ་བཀོད་པའི་དབུས་སུ་སེང་ཁྲི་པད་ཟླ་དར་ཟབ་ལྷོད་འབོལ་གྱི་གདན་ལ། ཕུང་ལྔ་དག་པའི་སྐུ་དཀྱིལ་འཁོར་བདག་པོ་རྣམ་པར་སྣང་མཛད་ཚེ་དཔག་མེད་མཚན་དཔེ་གསལ་རྫོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ། ཡེ་ཤེས་རྣམ་ལྔའི་རང་མདངས་འཁོར་ཚོགས་རྒྱ་མཚོས་བསྐོར་བའི་སྟེང་གི་ནམ་མཁར་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དབུབ། གཡས་གཡོན་རྣམས་སུ་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་བ་དན་བསྒྲེང་། མཐའ་སྐོར་དུ་བཀྲ་ཤིས་པའི་རྫས་དང་མཆོད་པའི་ཡོ་བྱད་དུ་མས་མདུན་བདར་ཏེ་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོའི་གོ་འཕང་དུ་མངའ་ཆེན་གསོལ་བའི་ཐུགས་མོས་མཛོད། གདུགས་དབུབ་ཅིང་རྒྱལ་མཚན་སྒྲེང་བའི་ཚུལ་དུ། དུང་ཕྱག་ཤིང་གླེགས་བམ་ལག་པར་བཞག །འཁོར་ལོ་རྐང་འོག་ཏུ་བསྒྲིལ་གཞུག་ལ། ཧཱུྃ༔ ཕུང་ལྔ་དག་པའི་སྐུ་ནི་མཚན་དཔེ་རྫོགས༔ ཁམས་ལྔ་དག་པའི་འོད་ཟེར་ཞིང་ཁམས་ཆེ༔ ཡེ་ཤེས་ལྔ་ཡི་འཁོར་ཚོགས་དཔག་ཏུ་མེད༔ དཀྱིལ་འཁོར་གཙོ་བོ་བདག་པོའི་དབང་བསྐུར་རོ༔ ནམ་མཁའ་གང་བར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མཐར་དེ་དག་ཐམས་ཅད་འོད་དུ་ལྷགས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །མེ་ཏོག་འཐོར་ཞིང་ལས་བྱང་གི་བཀྲ་ཤིས་དང་རྟེན་སྙིང་བརྗོད་ལ་རོལ་མོ་ལྡིར་རོ། །དེ་རྣམས་ཀྱིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཐ་མལ་དུ་འཛིན་པའི་དྲི་མ་དག །མཚན་བཅས་དབྱིབས་ཀྱི་ལམ་བསྒོམ་པ་ལ་དབང་། འགྱུར་མེད་སྐུའི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ནི། བླ་མ་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་འཁོར་འདས་གཉིས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་བདུད་རྩིའི་རྣམ་པར་ཞུ་བ་བསྡུས་ཏེ་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། མཁའ་གསང་ནས་བབས་པ་ཀ་པཱ་ལའི་བཅུད་དང་རོ་གཅིག་ཏུ་འདྲེས་པ་ཟག་མེད་རྡོ་རྗེ་བདུད་རྩིའི་རྒྱུན་ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་བརྒྱུད། ལུས་ཐམས་ཅད་གང་བས་བདེ་དྲོད་རང་འབར། དབུ་མའི་དབྱིངས་སུ་འཕོ་བའི་རྟོག་པ་འགག་པར་མོས་མཛོད། བྷནྡྷའི་བདུད་རྩི་སྦྱིན་ལ། ཧཱུྃ༔ རྒྱལ་ཀུན་འདུས་པ་མཉམ་སྦྱོར་བདེ་བའི་བཅུད༔ དཀར་དམར་བྱང་ཆུབ་སེམས་ཀྱི་བདུད་རྩི་འདིས༔ བུ་ཡི་རྩ་ཁམས་རྣམས་སུ་དབང་བསྐུར་བས༔ རྩ་རླུང་བདེ་དྲོད་རང་འབར་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་རྩོལ་བ་དང་བཅས་པའི་དྲི་མ་དག །རང་བྱིན་རླབས་ཀྱི་ལམ་བསྒོམ་པ་ལ་དབང་། འགག་མེད་གསུང་གི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེར་དབང་ནི། རིགས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་ཤིང་ལང་ཚོའི་མཛེས་སྡུག་ཕུལ་དུ་བྱུང་བའི་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་སྤྲད་པ་དང་། ལྷ་སྔགས་ཆོས་ཀྱི་འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ཡས་བབ་དང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་རིམ་པ་ལས་སྐྱེས་པའི་བརྗོད་བྲལ་དཔེའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དངོས་སམ་གཟུགས་བརྙན་ནམ་བརྡའི་ཕྱག་རྒྱ་གཏད་ལ། ཧོ༔ འདི་ནི་བདེ་ཆེན་གསང་བའི་ལམ་ཤུགས་མྱུར༔ འདི་སྤངས་འབྲས་བུ་བླ་མེད་ཐོབ་འདོད་མིན༔ ཚངས་པར་སྤྱོད་པ་མཐའ་རུ་ཕྱིན་པའི་ཕྱིར༔ འདོད་ཆགས་རྣམ་དག་བདེ་སྟོང་འཛིན་པ་བྲལ༔ བདེ་ཆེན་ནམ་མཁའ་གང་བ་འཕེལ་འགྱུར་བའི༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ དེ་ལྟར་བདེ་ཆེན་བྷ་གའི་དཀྱིལ་འཁོར་དུ་གསུམ་པའི་དབང་བསྐུར་བ་ཐོབ། ཡིད་འཁྲུལ་རྟོག་རང་ག་མའི་དྲི་མ་དག །གཞན་ལུས་བདེ་བ་ཆེན་པོའི་ལམ་བསྒོམ་པ་ལ་དབང་། འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་གི་དབང་ནི། སྐལ་ལྡན་གྱི་བུ་རྣམས་ལུས་མི་གཡོ་བ་རི་བོ་ཅོག་གཞག །མིག་མི་འགུལ་བ་རྒྱ་མཚོ་ཅོག་གཞག །སེམས་མི་རྟོག་པ་ནམ་མཁའ་ཅོག་གཞག་གི་ངང་དུ་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ལ་མཉམ་པར་འཇོག་པར་ཞུ། ཧཱུྃ༔ ཕྱི་དང་ནང་མེད་ཟང་ཐལ་གསལ༔ གཞི་ནི་ངོ་བོ་ཀ་ནས་དག༔ རང་བཞིན་གསལ་བ་ལྷུན་གྱིས་གྲུབ༔ ཐུགས་རྗེ་གསལ་བ་ཅི་ཡང་སྣང༔ བྱར་མེད་ངང་དུ་མཉམ་གཞག་ཚེ༔ ཅིར་ཡང་མི་སེམས་སྟོང་ངེ་བ༔ འདི་ནི་ངོ་བོ་སྟོང་པ་ཡིན༔ གསལ་རིག་མྱོང་བ་བརྗོད་མི་ཤེས༔ འདི་ནི་རང་བཞིན་གསལ་བ་ཡིན༔ ཡུལ་ལ་དབང་པོས་མཚམས་སྦྱར་ཏེ༔ སྣ་ཚོགས་ཅིར་ཡང་སྣང་བ་ནི༔ ཐུགས་རྗེ་སྤྲུལ་པ་སྣ་ཚོགས་ཡིན༔ འདི་ནི་སྐུ་གསུམ་ལ་ཟླ་སྟེ༔ ད་ནི་ཤན་འབྱེད་བརྟན་པར་བྱ༔ རང་རིག་མཉམ་པར་བཞག་པའི་ཚེ༔ གཡོ་མེད་གང་གིས་མི་སྒྲིབ་པའི༔ དྭངས་གསལ་བདེ་བའི་རང་བཞིན་འདི༔ རང་རིག་རིག་པ་འདི་ལ་ཟེར༔ རྣམ་རྟོག་ཡུལ་གྱི་དབང་དུ་སོང༔ ཡུལ་དབང་རྣམ་ཤེས་འདྲེས་པ་ལ༔ འདི་ལ་སེམས་ཀྱི་མིང་དུ་བཏགས༔ ད་ནི་སེམས་རིག་གཉིས་པོ་ཡང༔ ངོ་བོའི་ཆ་ལ་གཅིག་མི་གཅིག༔ རྣམ་པ་ཐ་དད་ཡིན་མིན་བརྟག༔ རིག་གཅིག་ངོ་བོ་རྣམ་པ་ནི༔ སྐུ་དང་ཡེ་ཤེས་ངང་དུ་གཅིག༔ མ་རིག་གློ་བུར་སྒྲོ་བཏགས་ཚེ༔ ངོ་བོ་རྣམ་པ་གཉིས་ཀ་ནི༔ སེམས་དང་རིག་པ་རྒྱབ་གྱེས་ཡིན༔ ད་ནི་རིག་པ་ཅོག་གཞག་བྲལ༔ སེམས་ནི་དེ་ཡི་མདངས་རྩལ་ཡིན༔ དཔེར་ན་རིག་པ་དྲི་བྲལ་བ༔ ནམ་མཁའ་རྣམ་པར་དག་པ་ལྟར༔ སེམས་ནི་གློ་བུར་སྣང་བ་སྟེ༔ དཔེར་ན་ཁུ་རླངས་སྤྲིན་དང་འཇའ༔ སེར་བུ་ལྟ་བུ་ལ་མཚོན་ཏེ༔ བྱུང་ཡུལ་ཐིམ་ཡུལ་ངོས་བཟུང་མེད༔ དེ་ཡི་མཚན་ཉིད་ཤེས་པར་གྱིས༔ ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ སྨིན་སློབ་ཏུ་བྱེད་ན་འདིར་ལྟ་བའི་ཚེ་ཁྲིད་ཞིབ་ཏུ་གདབ་པར་གསུངས་སོ། །དེ་ལྟར་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་བ་ཐོབ། གཉིས་སུ་འཛིན་པའི་དྲི་མ་དག །ཀ་དག་བྱ་རྩོལ་བྲལ་བའི་ལམ་བསྒོམ་པ་ལ་དབང་། འཕོ་ཆེན་གཞོན་ནུ་བུམ་པའི་སྐུ་མངོན་དུ་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་མཐའ་རྟེན་ལའང་གསུམ། སྐུ་ཚེ་འབྲང་། གསུང་ཚེ་ཆང་། ཐུགས་ཚེའི་རིལ་བུས་ལུས་ངག་ཡིད་ལ་རྒྱས་གདབ་པའོ། །དང་པོ། ཚེ་འབྲང་རྡོ་རྗེའི་གཞལ་མེད་ཁང་རིན་ཆེན་ཟ་མ་ཏོག་གི་རང་བཞིན་གྱི་སྙིང་པོར་ཚེ་ལྷ་སངས་རྒྱས་རིགས་ལྔ་རང་བྱུང་ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་ཕྱག་བརྙན་ཡང་སྤྲུལ་རིག་མའི་ཚོགས་དང་བཅས་པ། འོད་ལུས་ཟང་ཐལ་ཡེ་ཤེས་རིག་པའི་སྙིང་པོ་ཅན་དུ་བཞུགས་པའི་སྐུ་ལས་འཆི་མེད་བདུད་རྩི་བདེ་བ་ཆེན་པོའི་རྒྱུན། ཁྱེད་རང་རྣམས་ཀྱི་འཁོར་ལོ་ལྔའི་ཐིག་ལེར་ཞུགས་པས་ལུས་མི་ཤིགས་འཇའ་ལུས་རྡོ་རྗེའི་སྐུར་རྒྱས་གདབ་པར་མོས་ཤིག །ཨོཾ༔ མི་འགྱུར་ཚེ་ཡི་གཞལ་ཡས་ཕྱི་ནང་མེད༔ མི་ཤིགས་ཚེ་ཡི་ལྷ་ཚོགས་བགྲེས་རྒུད་བྲལ༔ རྟག་བརྟན་ཚེ་ཡི་བདུད་རྩི་བདེ་བའི་རྒྱུན༔ གཞོམ་མེད་རྡོ་རྗེའི་ལུས་ལ་དབང་བསྐུར་རོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་འབྲང་སྤྱི་བོར་བཞག །གཉིས་པ་ནི། བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་བཅུད་དུ་འཁྱིལ་བ་ཐབས་ཤེས་མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རང་བཞིན་འཆི་མེད་རྡོ་རྗེ་བདུད་རྩིའི་རྒྱུན་རྩ་རླུང་ཐིག་ལེའི་ཁམས་ཁྱབ་པར་ཞུགས་པས་ངག་གཞོམ་མེད་ནཱ་དའི་སྒྲ་རུ་རྒྱས་གདབ་པར་མོས་ཤིག །ཨཱ༔ ཡེ་ནས་འགྱུར་བ་མེད་པ་ཚེ་ཡི་གལ༔ ཐབས་ཤེས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས༔ རྩ་རླུང་ཐིག་ལེ་རྣམས་ལ་རྒྱས་གདབ་པས༔ བདེ་ཆེན་ཡེ་ཤེས་ཚེ་ལ་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱཿཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་ཆང་ཁར་བླུད། གསུམ་པ་ནི། ཚེའི་རིལ་བུ་ཉི་ཟླའི་གའུ་ཁ་སྦྱོར་སྲན་མ་ཙམ་གྱི་དབུས་སུ་ཡེ་ཤེས་སེམས་དཔའ་དཀར་གསལ་ཉུངས་དཀར་གྱི་འབྲུ་ཙམ་གསལ་བ་དེ་ཉིད་སྙིང་གར་ཞུགས་ཤིང་། འོད་གསལ་སེམས་ཉིད་ཀྱི་ངོ་བོར་འདུ་འབྲལ་མེད་པར་བཞུགས་པས། འཁོར་བ་མ་སྟོངས་ཀྱི་བར་དུ་སྐྱེ་འཆི་བགྲེས་རྒུད་དང་བྲལ་བར་བྱིན་གྱིས་བརླབས་ཏེ་ཡིད་འོད་གསལ་ཡེ་ཤེས་འཁོར་ལོར་རྒྱས་གདབ་པར་མོས་ཤིག །ཧཱུྃ༔ ཚེ་ཡི་རིལ་བུ་ཉི་ཟླའི་གྭ་འུ་རུ༔ མི་འགྱུར་ཡེ་ཤེས་སེམས་དཔའ་ཉུངས་འབྲུ་ཙམ༔ རྟག་པ་རྒྱུན་དུ་སེམས་ཀྱི་ཁམས་སུ་བཞུགས༔ འཁོར་བ་མ་སྟོངས་བར་དུ་རྒྱས་གདབ་བོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཚེ་རིལ་སྙིང་གར་གཏུགས་ཤིང་ཁར་སྦྱིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དབང་དང་དཀྱིལ་འཁོར་གྱི་རྗེས་ཆོག་གོ །དང་པོ་ནི། ནམ་མཁའི་ཁྱོན་ཏིལ་གང་ལྟར་གཏམས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བདེན་པའི་ཚིག་དབྱངས་སུ་ལྡིར་བ་དང་ལྷན་ཅིག །ཚེ་དབང་ཡེ་ཤེས་ཀྱི་མེ་ཏོག་རྡོ་རྗེའི་དབྱིབས་ཅན་ཆར་དུ་བསྙིལ་བ་ལུས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་པས་ཅིས་ཀྱང་གཞོམ་གཞིག་དང་བྲལ་བར་མོས་མཛོད། བྷྲཱུྃ༔ རང་རིག་དབང་གྱུར་ཚེ་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་ལྔ་ཡི་སྣང་བ་ནུབ་པ་མེད༔ མི་འགྱུར་སྐུ་དང་འགག་མེད་ཚངས་པའི་དབྱངས༔ མི་ཤིགས་ཐུགས་རྗེའི་ཚེ་དང་ལྡན་པར་ཤོག༔ གང་ལ་བསམ་པ་དེ་བཞིན་མྱུར་འགྲུབ་ཅིང༔ ཡབ་ཡུམ་སློབ་དཔོན་རྟག་ཏུ་མི་འབྲལ་ཞིང༔ ལོངས་སྤྱོད་ཚེ་དང་བསོད་ནམས་སྙན་གྲགས་རྒྱས༔ འཇིག་རྟེན་ཀུན་ལས་འཕགས་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་འཐོར་ཞིང་རོལ་མོའི་སྒྲ་བསྒྲགས་ལ་རྡོ་རྗེའི་ཚིག་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ལྟར་དབང་སྐུར་ཟབ་མོ་ལ་བརྟེན་ནས་རིག་འཛིན་སྔགས་ཀྱི་དམ་ཚིག་རྫོགས་པར་ཐོབ་པ་ཡིན་པས། རྡོ་རྗེ་ཐེག་པའི་རྒྱུད་ནས་གསུངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་། ཁྱད་པར་འཆི་བར་ངེས་པའི་སྲོག་བསྐྱབ་ཅིང་འཆི་འགྱུར་གྱི་སྲོག་བསླུ་བ་དང་། མཆོད་སྦྱིན་རྒྱ་ཆེར་སྤེལ་ཞིང་ཚེ་དཔག་མེད་པའི་གཟུངས་དང་སྙིང་པོ་རབ་ཏུ་སྒྲོག་པ་དང་། གཏེར་གཞུང་རྡོ་རྗེའི་གསུང་ལས། གཞི་དེར་རྟེན་གསུམ་བྱིན་ཅན་ལ༔ ཞག་བདུན་མཆོད་པ་རྒྱུན་མི་བཅད༔ བར་མ་ཆད་པའི་མར་མེ་འབུལ༔ དེ་རྫོགས་སྟོན་མོ་རིགས་བཞི་བྱ༔ ཞེས་རྟེན་འབྲེལ་གནད་ཀྱི་དམ་ཚིག་ཏུ་གསུངས་པ་དེ་དག་ཐམས་ཅད་རྗེས་སུ་བསྒྲུབ་ཅིང་ཐེ་ཚོམ་མེད་པར་བསླབ་པར་བགྱིའོ་སྙམ་པས་འདི་རྗེས་ཟློས་མཛད་འཚལ། གཙོ་བོས་ཇི་ལྟར་སོགས་ལན་གསུམ། འཆི་མེད་ཚེའི་དབང་བཞི་མཐའ་རྟེན་དང་བཅས་རྫོགས་པར་གསན་གྲུབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། ཞེས་འབུལ་དུ་གཞུག །ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲོས་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ལས་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་ལྔའི་དཀྱིལ་འཁོར་དུ་དབང་སྐུར་རྫོགས་པར་གསན་གྲུབ་པ་ཡིན་པས་དེའི་དགོས་པ་དང་ཕན་ཡོན་གནས་སྐབས་མཐར་ཐུག་ཀུན་ཏུ་བསམ་གྱིས་མི་ཁྱབ་ཅིང་། དབང་འབྲེལ་ཙམ་ཐོབ་པས་ཀྱང་། ཇི་སྐད་དུ། འདིས་ནི་འཆི་ངེས་གང་ཟག་ཀྱང༔ ལོ་གསུམ་བར་དུ་ངེས་པར་བསྲིང༔ ཡང་ཡང་བསྐྱར་ན་བཅུ་གསུམ་བར༔ བསྲིང་བར་འགྱུར་བ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར་ཟབ་ཁྱད་བྱིན་རླབས་ཀྱི་ངད་པ་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་སྨིན་བྱེད་རྒྱུད་ལ་ཐེབས་པ་ལ་དགའ་བ་དང་སྤྲོ་བ་རྒྱ་ཆེན་པོ་དང་ལྡན་པས། འདིའི་སྒོ་ནས་རང་གཞན་གྱི་དོན་མཐའ་ཡས་པ་སྒྲུབ་ཅིང་། དགེ་རྩ་ཁྱབ་བདག་ཚེའི་དབང་ཕྱུག་གི་གོ་འཕང་རྟག་བརྟན་གཡུང་དྲུང་འདུས་མ་བྱས་པར་མི་རྟོག་པའི་རྣམ་པ་ཅན་གྱི་བསྔོ་བས་རྒྱས་འདེབས་པར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བསྔོ་བྱས་ལ་སློབ་མ་གྱེས་སོ། །གཉིས་པ་དཀྱིལ་འཁོར་གྱི་རྗེས་ཆོག་ནི། ཚོགས་ལ་ལོངས་སྤྱོད། ལྷག་མའི་དཀྱིལ་འཁོར་བཤམས་ལ་གཙང་དམེའི་ལྷག་ཆོག་གཏང་། དམ་ཅན་གཏོར་མ་བསྐྱང་། ཆད་བརྟན་རྟ་བྲོ། དངོས་གྲུབ་བླང་བ། མཆོད་བསྟོད་ནོངས་བཤགས་ཡིག་བརྒྱ་དང་དཀྱིལ་འཁོར་གཤེགས་བསྡུ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་ལྟར་ཆད་ལྷག་གི་སྐྱོན་དང་བྲལ་བར་མཐར་ཆགས་སུ་དབྱུང་བར་བྱས་པས་ལེགས་པར་འགྲུབ་བོ། །འཆི་མེད་རིག་པ་འཛིན་པའི་ཚེ་སྒྲུབ་ཅིང་། །རྡོར་སེམས་སྲོག་གི་ཐིག་ལེར་གཞུག་པ་ལ། །འཆི་མེད་རྒྱལ་པོ་པདྨས་བསྩལ་པའི་ཆོས། །འདི་སྤྱོད་སྙིགས་འགྲོ་རྫོགས་ལྡན་སྐྱེ་བོ་བཞིན། །ནོར་བུ་བུམ་བཟང་དཔག་བསམ་ཤིང་གིས་ཀྱང་། །མི་བསྒྲུན་འཕྲལ་ཡུན་འདོད་རྒུ་ལྷུན་སྟེར་བ། །མཆོག་གྱུར་གླིང་པ་ཆོས་བདག་སྐྱེས་མཆོག་བཅས། །ཚེ་དབང་རིག་འཛིན་མཁའ་ཁྱབ་འགྲོ་འདུལ་ཤོག །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །ཚེ་དཔག་མེད་པའི་ལུས་བཟུང་ནས། །འགྲོ་ཀུན་འཆི་བདག་འཇིགས་བཅོམ་པ། །བདག་ཀྱང་ཁྱོད་དང་མཚུངས་གྱུར་ཅིག །ཅེས་པ་འདིའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་དང་། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་བཀའ་ལུང་གསེར་གྱི་ཅོད་པན་ཐོད་དུ་བཅིངས་ཤིང་། གནམ་སའི་དབང་ཕྱུག་སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སྲས་ཡུམ་ཟུང་གི་དགོངས་པ་རྗེས་སུ་བསྒྲུབ་སླད། པདྨའི་རྒྱལ་ཚབ་ཏཱའི་སི་ཏུའི་བཀའ་འབངས་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་རྩལ་གྱིས། བྲག་དམར་གཡའ་མ་ལུང་འཆི་མེད་ཚེའི་ཀེའུ་ཚང་དུ་སྨིན་བྱེད་ཀྱི་ཆོས་སྒོ་ཐོག་མར་ཕྱེས་ཤིང་། རིམ་བཞིན་གངས་ཅན་མགོན་པོ་ཀར་འབྲུག་སི་ཏུ་དཔའ་བོ་ཡབ་སྲས། སྨིན་གླིང་ཁྲི་ཆེན་རིན་པོ་ཆེ། ལྷ་ལྡན་མིའི་དབང་པོ་གཙོ་བོར་གྱུར་པའི་སྐྱེས་ཆེན་ཆེ་ཕྲ་དུ་མ་ལ། སྨིན་བྱེད་ཀྱི་ཆོ་ག་མཚམས་སྦྱོར་བཅས་འདི་ལྟར་སྤེལ་བ་ལ་བར་ཆད་མེད་ཅིང་ཕྲིན་ལས་གོང་འཕེལ་མཁའ་ཁྱབ་ཏུ་གྱུར་པའི་རྟེན་འབྲེལ་བཟང་པོར་རང་གཙིགས་སུ་བཟུང་སྟེ་མཱ་ར་ཏཱི་ཀ་གཉིས་པ་གཡའ་མ་ལུང་རྡོ་རྗེའི་ཀེའུ་ཚང་དུ་དབུ་བཟུང་། བཀྲ་ཤིས་དབུ་མའི་ཐང་ཆེན་པོར་མཇུག་རྫོགས་པར་བྲིས་པ་དགེ་ལེགས་འཕེལ།། །།
བླ་མ་དགོངས་པ་འདུས་པ་ལས༔ བློ་འཕེལ་ཤེས་རབ་རལ་གྲི་ (Volume 49, Text 58)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ བློ་འཕེལ་ཤེས་རབ་རལ་གྲི་ཞེས་བྱ་བ་བཞུགས་སོ༔ རྣོ་སོ་ངར་འདོགས་ཀྱི་ཡིག་ཆུང་དྲུག་གི་སྡེའོ། ། ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ མ་རིག་ལ་སོགས་འཐིབ་པོ་ཡི༔ རྨོངས་པའི་མུན་པ་སེལ་མཛད་ཅིང༔ ཡེ་ཤེས་སྣང་བ་ལམ་མེ་བ༔ སྒྲོན་མེ་མཆོག་ལ་ཕྱག་འཚལ་ལོ༔ གང་ཞིག་བློ་རྨོངས་ཤིང་ཤེས་རབ་བརྟུལ་བའི་རྣལ་འབྱོར་པས༔ བློ་དང་ཤེས་རབ་འཕེལ་བར་བྱེད་པའི་གདམས་པ་ཉམས་སུ་བླང་བར་བྱ་སྟེ༔ འདི་ལ་གསུམ་སྟེ༔ བསྙེན་པ༔ སྒྲུབ་པ༔ ལས་ལ་སྦྱར་བའོ༔ དང་པོ་ནི༔ གཟའ་དར་ཞིང་སྐར་མ་རྒྱལ་ལ་བབས་པའི་དུས་ཀྱི་སྔ་དྲོ་ཁ་ཤར་ཕྱོགས་སུ་བལྟས་ཏེ༔ བདེ་བའི་གདན་ལ་གནས་པས༔ རྒྱུན་འབབ་ཀྱི་ཆུ་སྲོག་ཆགས་མེད་པ་སྡེར་གང་གི་ནང་དུ༔ ཙནྡན་དཀར་པོ་དང༔ རུ་རྟའི་ཕྱེ་མ་བཏབ་པ་མདུན་དུ་བཞག་པའི་ནང་དུ༔ ཟླ་བའི་གདན་ལ་ཨཱོྃ་དཀར་པོ་འཕྲོ་བ་གཅིག་གསལ་བའི་འོད་ཀྱིས༔ རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་འཁོད་པ་ལ༔ སྐྱབས་སུ་འགྲོ་ཞིང་གཞན་དོན་གྱི་བསམ་པ་ནས་བརྩམ་སྟེ༔ བསྔོ་བའི་མཐར་ཐུག་པ་ཆོས་སྤྱོད་སྤྱི་མཐུན་དང༔ ཨརྒྷཾ་ལ་སོགས་པས་མཆོད་དོ༔ ཨཱོྃ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སེ་གོལ་གྱི་སྒྲ་དང་བཅས་པས༔ རྩ་བ་གསུམ་སོགས་འོད་ཟེར་གྱི་རང་བཞིན་དུ་གྱུར་ནས་མདུན་གྱི་ཆུ་ལ་བསྟིམ་ཞིང༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ པྲ་ཛྙཱ་ཧྲཱིཿདྷཱིཿསྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་དེས༔ གཙང་མའི་སྟེགས་ཁར་ཁ་ལག་པ་གདོང་སོགས་དག་པར་བཀྲུ༔ སླར་སྣམ་རས་དྲི་མ་མེད་པས་ཀྱང་ཕྱི༔ ལུས་གོས༔ གདན༔ ཕྲེང་བ་དང་བཅས་པར་ཡང་ཆུའི་ཟེགས་མ་འཐོར་ཞིང་སྤོས་བཟང་པོས་བདུག་གོ༔ དེ་ནས་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས༔ ཤེས་རབ་ཀྱི་སྣང་བ་ལ་འགོད་པའི་སླད་དུ༔ འཇམ་དཔལ་ཡབ་ཡུམ་བསྒོམ་ཞིང་བསྒྲུབ་སྙམ་དུ་སེམས་བསྐྱེད༔ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཞེས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་བལྟས་པའི་ངང་ལས༔ སེཾ་ལས་སེངྒེ་སྔོན་པོ་གཉིས་བསྣོལ་བའི་སྟེང་དུ༔ པདྨ་དང་ཟླ་བའི་གདན་ལ་དྷཱིཿདམར་པོ་ཚེག་དྲག་ཅན་ལས་འོད་ཟེར་དམར་པོ་འཕྲོས་པས༔ འཕགས་པའི་ཚོགས་ཀྱི་ཐུགས་དམ་བསྐུལ་བའི་ཐུགས་རྗེས༔ སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས༔ འཕགས་པ་འཇམ་དཔལ་གྱི་གོ་འཕང་ལ་བཀོད༔ སླར་ཡང་འོད་ཟེར་དམར་པོ་ཚུར་འདུས་ནས་དྷཱིཿལ་ཐིམ༔ དེ་ལས་བདག་ཉིད་འཇམ་དཔལ་དམར་པོ་ལི་ཁྲིའི་མདོག་ཅན༔ ཞལ་གཅིག་ཕྱག་གཉིས་གཡས་པས་ཤེས་རབ་ཀྱི་རལ་གྲི་ཕྱར་ཞིང༔ གཡོན་ཨུཏྤ་ལའི་སྟེང་ན༔ སྟོང་ཕྲག་བརྒྱ་པའི་པོ་ཏིས་མཚན་པ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ རལ་པའི་ཐོར་ཚུགས་གྱེན་དུ་འགྲེང་བའི་གཙུག་ཏུ་རིན་པོ་ཆེ་འབར་བས་མཚན་ཅིང༔ སྐུའི་ཆ་ཐམས་ཅད་ལ་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་སྟེ༔ སྐུ་ལང་ཚོ་དང་ལྡན་ཞིང་འོད་ཟེར་དམར་པོའི་འཕྲོ་འདུ་བྱེད་པ་ཅན་གྱི་ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་དམར་པོ་རྩིབས་བཞི་མུ་ཁྱུད་མེད་པའི་ལྟེ་བར་འོད་ཀྱི་རལ་གྲི་སོར་བཞི་རྩེ་མོ་གྱེན་དུ་ཕྱོགས་པ༔ འཆང་གཟུང་གི་དྷཱིཿདམར་པོ་ལ༔ ཨཱོྃ་ཧྲཱིཿདྷཱིཿམ་མེ་དི་པཾ་མཉྫུ་ཤྲཱི་མུཾ་ཧྲཱི༔ པྲ་ཛྙཱ་བར་དྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ ཞེས་པས་བསྐོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྟིམས་པའི་མདུན་དུ་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་དབྱངས་ཅན་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་བཞེངས་ཏེ་འགྱིང་བ་ལ་རིན་པོ་ཆེའི་རྒྱན་དང་དར་གྱི་ཅོད་པན་གྱིས་མཛེས་པ༔ དབུ་སྐྲ་མཐོན་མཐིང་དུ་འཁྱིལ་བའི་རྩེ་མོ་ནོར་བུས་བརྒྱན་པ༔ ཕྱག་གཡས་རལ་གྲི་གཡོན་ཨུཏྤ་ལའི་སྟེང་དུ་བརྒྱད་སྟོང་པའི་པོ་ཏིས་མཚན་པ་བསྣམས་པ་བསྐྱེད་པའི༔ ཐུགས་ཀར་ཟླ་བ་རྒྱས་པའི་གདན་ལ་རལ་གྲི་སོར་བཞི་འཆང་གཟུང་ཧྲཱིཿསྔོན་པོས་མཚན་པ་ལ་སྔགས་ཀྱིས་བསྐོར་བར་བསམ༔ དངོས་འདྲ་བའི་ཡེ་ཤེས་པ་སྤྱན་དྲང་བ་སོགས་ཀྱང་སྔར་བཞིན་ནོ༔ དེ་ནས་བདག་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་གཞལ་ཡས་ཁང༔ ནང་བཅུད་འཇམ་དཔལ་དུ་གྱུར་ཅིང༔ བདག་ཉིད་འཇམ་དཔལ་གྱི་ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས་པས༔ སྣ་བུག་གཡས་སུ་བྱུང༔ ཡུམ་གྱི་སྣ་བུག་གཡོན་དུ་ཞུགས༔ ཐུགས་ཀའི་ཧྲཱིཿལ་བསྐོར༔ ཧྲཱིཿལས་གྲོལ་བའི་ཚུལ་དུ་སྔགས་ཀྱི་ཕྲེང་བ་ཡུམ་གྱི་སྣ་བུག་གཡས་ནས་བྱུང༔ རང་གི་སྣ་བུག་གཡོན་དུ་ཐིམ༔ ཐུགས་ཀའི་དྷཱིཿལ་གཡས་སྐོར་དུ་བསྐོར༔ དེ་གཉིས་ཀྱི་འཕྲོ་འདུ་ལས་ཤེས་རབ་ཀྱི་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་བྱིན་རླབས༔ ཉན་ཐོས་རང་རྒྱལ་རྣམས་ཀྱི་ཤེས་རབ༔ སོ་སོའི་སྐྱེ་བོའི་ནུས་པ་རྣམས་བསྡུས་ནས་རང་གི་སྤྱི་བོར་ཐིམ་པ་ཙམ་གྱིས་ལུས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ༔ ཡང་ཤེས་རབ་ཀྱི་འོད་ཟེར་འཕྲོས་བཀའ་སྡེ་སྣོད་ཐམས་ཅད་ཀྱི་ལུང༔ རིན་པོ་ཆེ་ཐམས་ཅད་ཀྱི་བཅུད༔ གནས་ལྔ་རིག་པའི་པཎྜི་ཏ་ཐམས་ཅད་ཀྱི་ཤེས་རབ་དང༔ མཁས་པ་དགེ་བའི་བཤེས་གཉེན་གྱི་ནུས་པ་དང་བཅས་པ་ཐམས་ཅད་བསྡུས་ནས་རང་གི་ལྗགས་ལ་བསྟིམ་པས་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་བསམ༔ ཡང་ཤེས་རབ་ཀྱི་འོད་ཚོགས་འཕྲོས་པས༔ རྩི་ཤིང་ནགས་ཚལ་གྱི་བཅུད༔ ཉི་ཟླའི་འོད་ཟེར༔ རྒྱ་མཚོའི་ནང་གི་ནོར་བུ་རིན་པོ་ཆེའི་འོད༔ ལྷ་ཀླུ་གནོད་སྦྱིན་རྣམས་ཀྱི་ཤེས་རབ་དང་ནུས་སྟོབས༔ རྒྱལ་པོ་དང་བློན་པོ་རྣམས་ཀྱི་སེམས་ལ་སོགས་པ་རྣམས་བསྡུས་ནས༔ རང་གི་ཐུགས་ཀར་ཐིམ་པས༔ སེམས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དང་ལྡན་པར་བསམ་པའི་ངང་ནས༔ ཧྲཱིཿདྷཱིའི་བཟླས་པ་བྱ་བ་ནི༔ འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་པས༔ རྟགས་ནི་རབ་མངོན་སུམ་དུ་ཡི་དམ་འཇམ་དཔལ་ཡབ་ཡུམ་གྱིས་ཞལ་སྟོན་པ་དང༔ གསུང་སྒྲོག་པ་དང༔ རྗེས་སུ་འཛིན་པའི་ལྟས་འོད་ཟེར་གྱི་སྣང་བ་འགྱེད་པ་ལ་སོགས་པ་འབྱུང༔ འབྲིང་ཉམས་ཀྱི་སྣང་བར་དེ་རྣམས་འབྱུང༔ ཐ་མ་རྨི་ལམ་དུ་ཉི་ཟླ་ཤར་བ་ལ་སོགས་པའི་རྟགས་འབྱུང་བ་ནི༔ རྒྱས་པར་འོག་ནས་གསལ་ལོ༔ ཐུན་མཚམས་ཀྱི་རྣལ་འབྱོར་ནི་སྤྱི་མཐུན་དུ་བྱ༔ དེ་ལྟ་བུའི་ཚུལ་གྱིས་རྟགས་མ་བྱུང་གི་ བར་དུ་བསྙེན༔ རྟགས་བྱུང་ན་རབ༔ གལ་ཏེ་མ་བྱུང་ཡང་གྲངས་བསྙེན་ཐེམས་ནས༔ ༈ གཉིས་པ་སྒྲུབ་པ་བྱ་བ་ལ་དྲུག༔ རྫས་གསག་ཅིང་དཀྱིལ་འཁོར་ལ་སོགས་པ་བཅའ་བ༔ ལྷ་བསྐྱེད་ཅིང་བཟླས་པ་བྱ་བ༔ ཐུན་མཚམས་སུ་མཆོད་གཏོར་འབུལ་ཞིང་བསྟོད་པ་བྱ་བ༔ རྟགས་ཚད་གཟུང་བ༔ ཞར་ལ་དམ་ཚིག་བསྟན་པ༔ རྫོགས་རིམ་གྱི་རྣལ་འབྱོར་བསྒོམ་པ་དང་དྲུག་གོ༔ རྫས་གསག་པ་ནི༔ དབང་པོ་ལག་པ༔ ཆུ་དག་དཀར་པོ༔ སྤང་སྤོས༔ ཨ་རུ་གསེར་མདོག༔ རྒྱ་སྐག༔ ཤིང་མངར༔ སྤང་རྒྱན་དཀར་པོ༔ གླ་རྩི༔ མཚལ་དཀར༔ ཡུང་བ་སེར་པོ༔ ཙན་དན་དཀར་པོ༔ རུ་རྟ་དང་བཅུ་གཉིས་ཏེ༔ གཞན་རྣམས་ཐུན་རེ་རེ༔ དེ་རྣམས་ཀྱི་བུངས་དང་མཉམ་པའི་དབང་པོ་ལག་པ་རྣམས༔ ཁྱེའུ་གྲོང་པའི་ཆོས་ཀྱིས་མ་གོས་ཤིང་དབང་པོ་ཚང་བའམ༔ དགེ་སློང་ཚུལ་ཁྲིམས་དང་ལྡན་པས་ཞིབ་པར་བཏགས་ཏེ་སྦྲང་རྩི་དང༔ བ་དམར་མོའི་འོ་མས་སྦྲུས་ལ༔ རིལ་བུ་སྲན་ཆུང་གི་དབྱིབས་བརྒྱ་རྩ་བརྒྱད་སྙོམས་པའི་ངོས་སུ༔ མཚལ་གྱིས་ཧྲཱིཿདྷཱིཿབྲིས་པ་རྣམས་དར་དམར་པོའི་ཁུག་མར་བླུག༔ དེ་དཔེའུ་རིས་ལྟར་ཙཀྲ་ཞལ་སྦྱོར་གྱི་བར་དུ་གཏེམས་ནས་དར་སྣ་ལྔས་དྲིལ་ཞིང༔ རིན་པོ་ཆེའི་གྭ་འུར་གཞུག་གོ༔ དེ་ནས་གནས་ཁང་གཙང་ཞིང་ཡིད་དུ་འོང་བར་སྐར་མ་རྒྱལ་ལ་བབ་པའི་ཚེ༔ ས་སེར་པོའི་དལ་སྟེགས་མདའ་གང་གྲུ་བཞི་པའི་ངོས་བ་བྱུང་དང་དྲི་བཟང་པོས་བྱུགས་པ་ལ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ༔ དབུས་སུ་ཁྲིའུའི་ཁར་རྫས་ཀྱི་གྭའུ་འབྲས་སམ་ནས་དཀར་མོ་རིན་པོ་ཆེའི་སྣོད་དུ་བླུགས་པར་བཞུགས་སུ་གསོལ་བའི་སྟེང་དར་དམར་པོས་བཀབ༔ ཕྱི་སྐོར་དུ་ཕྱི་མཆོད་རྣམ་ལྔ་དང་དཀར་གསུམ་མངར་གསུམ་གྱི་གཏོར་མ་བཤམ༔ དེ་ལྟར་བཅས་རྣམས་ཡོལ་བ་དང་བླ་རེས་བསྒྲིབས་ལ་སྦས་ཤིང་མིས་མི་མཐོང་བར་བྱའོ༔ ༈ ལྷ་བསྐྱེད་ཅིང་བཟླས་པ་བྱ་བ་ནི༔ ཁྲུས་ནས་གཟུང་སྟེ་བདག་བསྐྱེད་ཀྱི་རྣལ་འབྱོར་བསྙེན་པའི་སྐབས་ནས་འབྱུང་བ་ལྟར༔ སྔགས་ཀྱི་འཕྲུལ་འཁོར་དང་བཅས་པ་བསྒོམ་པར་བྱའོ༔ མདུན་བསྐྱེད་ནི༔ རིལ་བུ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས༔ ཧྲཱིཿདྷཱིཿལས་དབྱངས་ཅན་མ་དང་འཇམ་དཔལ་བདག་བསྐྱེད་ལྟར་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ༔ དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་དམིགས་ཤིང་བཟླས་པ་ཞག་གསུམ་བྱ༔ དེ་ནས་རང་ཉིད་སྔར་ལྟར་འཇམ་དཔལ༔ རིལ་བུ་དབྱངས་ཅན་མར་བསྐྱེད་ཅིང༔ སྔར་ལྟར་སྔགས་ཀྱི་འཕྲུལ་འཁོར་འཕྲོ་འདུའི་དམིགས་པ་དང༔ ཁྱད་པར་དུ་བདག་ཉིད་འཇམ་དཔལ་གྱི་ཐུགས་ཀར་རལ་གྲི་ལས་ཤེས་རབ་ཡེ་ཤེས་ཀྱི་མེ་ཁ་དོག་དམར་ལ་རེག་བྱ་ཚ་བ་འབར་བས་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་དང༔ ཤེས་རབ་ཀྱི་འགལ་རྐྱེན་རྣམས་བསྲེགས་ཤིང༔ མ་རིག་པའི་མུན་འཐིབ་སངས་ནས༔ ཤེས་རབ་ཀྱི་སྣང་བ་ཕྱོགས་མེད་དུ་རྒྱས་པར་བསམ་ཞིང༔ གི་ཝཾ་དང་ག་པུར་གྱི་ཕྱེ་ཆུ་གཙང་དུ་བླུགས་ལ་མིག་ལ་བྱུགས་ལ༔ རྩ་སྔགས་ཀྱི་ཤམ་དུ༔ ན་མོ་མཉྫུ་ཤྲཱི་སིཾ་ཧ་ནི༔ ཡ་མཱནྟ་ཀ་ནི་ཧཱུྃ་ཕཊ༔ མ་མ་པྲ་ཛྙཱ་སརྦ་སིདྡྷི་སྭཱ་ཧཱ༔ ཞེས་བཟླས་ཤིང་སྔགས་ཀྱི་འཕྲུལ་འཁོར་དྲག་ཏུ་བསྐོར༔ དེ་ལྟར་སྒྲུབ་པ་ལ་ཞུགས་ནས་མ་ཚར་གྱི་བར་དུ་མཚམས་དམ་པར་བཅད་དེ༔ གཞན་དང་གདོང་ཚིག་མ་འདྲེས་པར་བསྒྲུབ་པར་བྱའོ༔ ༈ ཐུན་མཚམས་ནངས་ནུབ་ཏུ་གཏོར་མཆོད་འབུལ་ཞིང་བསྟོད་པ་བྱ་བ་ནི༔ གཏོར་མ་གསུམ་པོ་ལ་ཆུ་གཙང་ངམ་འོ་མས་བྲན་ཅིང༔ སྐད་ཅིག་གིས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ གཏོར་མའི་ངོ་བོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ༔ ཨཱོྃ་དཀར་པོ༔ ཨཱཿདམར་པོ༔ ཧཱུྃ་སྔོན་པོ་བསམ་ཞིང་ངག་ཏུ་ཨཱོྃ་ཨཱཿཧཱུྃ་ཞེས་ལན་གསུམ་གྱི་བརྗོད་པ་དང་པོས༔ ཧཱུྃ་ལས་མེ་འབར་ཞིང༔ གཏོར་མ་ཞུ་ནས་སྙིགས་མ་ལྦུ་བའི་ཚུལ་དུ་ཕྱིར་ལུད༔ དྭངས་མ་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ བརྗོད་པ་གཉིས་པས་ཨཱཿལས་འོད་འཕྲོས་གཏོར་མ་ལ་ཕོག་པ་ཙམ་གྱིས་སྣོད་དང་བཅས་པ་ཆོས་ཀྱི་དབྱིངས་དང་མཉམ་པར་འཕེལ་ཞིང་རྒྱ་ཆེན་པོར་གྱུར༔ བརྗོད་པ་གསུམ་པས༔ ཨཱོྃ་ལས་འོད་འཕྲོས་ཏེ་གཏོར་མའི་མགྲོན་འཇམ་དཔལ་དང་དབྱངས་ཅན་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ཤིང༔ མདུན་དུ་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་པའི་ལྗགས་འོད་ཟེར་གྱི་སྦུ་གུ་ཅན་གཏོར་མ་ལ་ཟུག་ནས་གསོལ་བས་དགྱེས་པར་དམིགས་ལ༔ རྩ་སྔགས་ཁཱ་ཧིའི་ཤམ་ཅན་བདུན་སོགས་ཀྱིས་གཏོར་མ་དང་པོ་དེ་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ༔ གཉིས་པ་དེ་འཇམ་དཔལ་དང་དབྱངས་ཅན་མ་ལ་འབུལ༔ གསུམ་པ་དེ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ལ་འབུལ༔ མཐར་ཨརྒྷཾ་ལ་སོགས་པས་མཆོད་ཅིང༔ བསྟོད་པ་ནི་གཞན་རྣམས་རྒྱས་བསྡུས་གང་བྱེད་རང་རང་ལྟར་ལས༔ འདིར་ནི་སྙན་པའི་དབྱངས་སམ༔ ཡང་ན་སིལ་སྙན་འཁྲོལ་ཞིང༔ ཨཱོྃ༔ རང་བཞིན་དག་པའི་གཞལ་ཡས་ནས༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་འཇམ་དབྱངས་མགོན་པོ་མཆོག༔ སྤྲུལ་པས་འགྲོ་བའི་དོན་མཛད་ཅིང༔ སྐུ་ཡི་ཡེ་ཤེས་གཟི་བརྗིད་ཆེ༔ སྣང་སྟོང་དྲྭ་བར་ཕྱག་འཚལ་བསྟོད༔ ཞལ་གཅིག་ཕྱག་གཉིས་དམར་འོད་འབར༔ སྣ་ཚོགས་དར་དང་རིན་ཆེན་བརྒྱན༔ རལ་པ་སྤྱིར་བཅིངས་ཟུག་རྔུ་བྲལ༔ དགོས་འདོད་སྦྱིན་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་ཤེས་རབ་རལ་གྲི་ཡིས༔ ཉོན་མོངས་ལོག་རྟོག་འཆིང་བ་གཅོད༔ གཡོན་པས་ཨུཏྤལ་པོ་ཏིའི་ཕྱག༔ ཡེ་ཤེས་སྣང་བ་སྟོན་ཕྱག་འཚལ༔ ལང་ཚོ་དར་ལ་བབ་པའི་སྐུ༔ མཚན་དང་དཔེ་བྱད་ཀུན་གྱིས་སྤྲས༔ སེང་སྔོན་པད་ཉིའི་ཁྲི་ལ་བཞུགས༔ འགྱིང་བག་ལྡན་ལ་ཕྱག་འཚལ་བསྟོད༔ ཨཱ༔ གསུང་དབྱངས་འགག་མེད་གྲགས་སྟོང་གིས༔ མ་ལུས་ཆོས་ཀྱི་འབྲུག་སྒྲ་སྒྲོག༔ ཉོན་མོངས་གཉིད་སློང་མུན་པ་སེལ༔ རྒོལ་བ་འཇོམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཅན༔ འགྲོ་བློའི་སྡུག་བསྔལ་མ་ལུས་སེལ༔ མུ་སྟེགས་ལོག་རྟོག་གཡུལ་ལས་རྒྱལ༔ ཡེ་ཤེས་རབ་གསལ་ཁྱོད་ཕྱག་འཚལ༔ ཧྲཱི༔ འཕགས་པ་འཇམ་དབྱངས་འགྲོ་བའི་མགོན༔ སྤྲུལ་པའི་འོད་ཟེར་དཔག་མེད་འགྱེད༔ སངས་རྒྱས་ཀུན་གྱིས་རབ་བསྔགས་པ༔ བདུད་འདུལ་རྒྱལ་ལ་ཕྱག་འཚལ་བསྟོད༔ ཁྱེད་ཀྱི་མཁྱེན་བརྩེ་ཡེ་ཤེས་ཀྱིས༔ བདག་སོགས་འགྲོ་བ་མ་ལུས་པའི༔ བློ་ཡི་མུན་པ་རབ་བསལ་ནས༔ ཤེས་རབ་སྣང་བ་རྒྱས་པར་མཛོད༔ ཨཱོྃ༔ དུག་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རིགས་ཀྱི་ཡུམ་མཆོག་དབྱངས་ཅན་མ༔ སྔོ་སངས་རལ་པའི་ཅོད་པན་ཅན༔ གཞོན་ཚུལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རལ་གྲི་ཨུཏྤལ་པོ་ཏིའི་ཕྱག༔ དུག་གསུམ་འཇོམས་མཛད་རྗེ་བཙུན་མ༔ བློ་དང་ཚེ་འཕེལ་མཛད་པ་མོ༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་མྱུར་དུ་སྦྱིན་བྱེད་མ༔ ཤེས་རབ་ཆེན་པོའི་རང་བཞིན་མ༔ གཟི་བརྗིད་ཆེན་མོའི་དཔལ་འབར་མ༔ འགྲོ་བ་ཀུན་གྱི་མགོན་གཅིག་མ༔ མཉམ་ཉིད་ཡངས་པའི་ཐུགས་མངའ་མ༔ ཕ་རོལ་བདུད་དཔུང་འཇོམས་བྱེད་མ༔ ཡེ་ཤེས་ཆེན་པོའི་སྤྱན་མངའ་མ༔ མ་རིག་མུན་པ་སེལ་མཛད་མ༔ པདྨ་ཟླ་བའི་གདན་སྟེང་དུ༔ འགྱིང་བག་ཚུལ་གྱིས་བཞེངས་མཛད་མ༔ ཐུགས་རྗེ་བརྩེ་བ་ཆེན་པོ་ཡིས༔ ལོག་པའི་ལམ་ལས་སྐྱོབ་མཛད་མ༔ དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད༔ སྐུ་མཆོག་མཛེས་ལ་ཕྱག་འཚལ་བསྟོད༔ ཆོས་གསུང་སྒྲོག་ལ་ཕྱག་འཚལ་བསྟོད༔ ཡིད་བཞིན་མ་ལ་ཕྱག་འཚལ་བསྟོད༔ ཁྱོད་ལ་གསོལ་བ་བཏབ་པའི་མཐུས༔ བདག་གཞན་འགྲོ་བློའི་མུན་བསལ་ནས༔ ཤེས་རབ་ཉི་མ་ལྟར་གསལ་བའི༔ དངོས་གྲུབ་མྱུར་དུ་བསྩལ་དུ་གསོལ༔ ཞེས་བསྟོད་པ་ཙམ་གྱིས་བསྟོད་ཚིག་དང་མཐུན་པའི་དངོས་གྲུབ་ཇི་ལྟར་སེམས་པ་སྩོལ་བར་བསམ་མོ༔ དེ་ལྟ་བུའི་ཚུལ་གྱིས་ཞག་བཅོ་ལྔ་ལ་སོགས་པར་བསྒྲུབས་པས༔ ༈ རྟགས་དང་མཚན་མ་ནི༔ རབ་མངོན་སུམ་དུ་རིལ་བུ་རྒྱལ་ཆེན་བཞིར་མཐོང་བའམ༔་་་ཤེས་རབ་འཇམ་དབྱངས་དང་མཉམ་པར་འགྱུར། དབྱངས་ཅན་མར་མཐོང་བའམ༔་་་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་། ཉི་ཟླའི་རང་བཞིན་དུ་མཐོང་བ་དང༔་་་ཚེ་སྔ་ཕྱིའི་སྐྱེ་བ་དྲན་པར་འགྱུར། རིལ་བུ་ལས་འོད་འཕྲོ་བ་རྣམས་འབྱུང༔་་་སྒྲ་སྐད་བཞི་ལ་མཁས་པར་འགྱུར། འབྲིང་ཉམས་སྣང་དུ༔ སྒྲུབ་ཁང་གི་ནང་འོད་ཀྱིས་ཁེངས་པ་དང༔་་་འཆད་པར་མཁས་པར་འགྱུར། རོལ་མོའི་སྒྲ་དི་རི་རི་བ་དང་༔་་་རྩོད་པ་ལ་མཁས་པར་འགྱུར། དྲི་བཟང་པོའི་ངད་པ་ཆིལ་ཆིལ་བ་དང༔་་་རྟེན་འབྲེལ་གྱི་གནད་ལ་མཁས་པརའགྱུར། རང་ལུས་ལ་ཡང་འོད་འཕྲོ་བ་དང༔་་་རྩོམ་པ་ལ་མཁས་པར་འགྱུར། ལུང་སྟོན་པ་དང༔་་་འདི་ཉིད་འདྲ་མིན་དུ་མ་སོང་ན། རྗེས་གནང་སྦྱིན་པ་དང༔་་་གང་ལ་ཡང་བྱན་ཚུད་པར་འགྱུར། ལུས་མི་སྣང་བ་སྙམ་བྱེད་པ་དང༔་་་རྫུ་འཕྲུལ་ལ་མཁས་པར་འགྱུར། ཤེས་བྱ་གང་ལ་ཡང་ཐོགས་པ་མེད་པར་ཤེས་སྙམ་པ་་་རིག་པའི་གནས་ལྔ་ལ་མཁས་པར་འགྱུར།ལ་སོགས་པ་བཟང་ཉམས་མང་དུ་འབྱུང༔ ཐ་མ་རྨི་ལམ་དུ་ས་དང་བར་སྣང་འོད་ཀྱིས་ཁེངས་པ་དང༔ རྔ་བརྡུང་བ་དང༔ དུང་འབུད་པ་ལ་སོགས་རོལ་མོ་བསྒྲག་པ་དང༔ གདུགས་ཕུབ་པ་དང༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ ཉི་ཟླ་ཤར་བ་དང༔ མེ་ཏོག་སྣ་ཚོགས་འཐུ་བ་དང༔ སྤོས་བལྟམས་པ་དང༔ མར་མེ་སྤར་བ་དང༔ མཚོན་རྣོན་པོ་ལག་ཏུ་བླངས་པ་དང༔ ཞིང་རྨོ་བ་དང༔ ཁྲུས་བྱས་པ་དང༔ གོས་གསར་པ་དྲི་མེད་པ་གོན་པ་དང༔ སྣག་ཚ་འཐུང་བ་དང༔ མར་མེ་ཟོས་པ་དང༔ ལུས་ལ་ཡིག་འབྲུ་མང་པོ་ཤར་བ་དང༔ བྲིས་ཆ་བྱིན་པ་དང༔ ཤེལ་དང་བུམ་གཏེར་རྙེད་པ་དང༔ ས་མཐོན་པོ་ལ་དར་ཕྱར་བ་ལ་སོགས་པའི་ལྟས་བཟང་དཔག་ཏུ་མེད་པ་རྨི་བར་འགྱུར་རོ༔ འཕྲལ་དུ་ཡང་ཉམས་དགའ༔ བག་དྲོ༔ བྱིན་ཕེབས༔ རིག་པ་དྭངས༔ སྒྲུབ་པ་འཕེལ་ཞིང་སྤྲོ་བ་ལ་སོགས་པའི་ལྟས་མང་པོ་འབྱུང་བར་འགྱུར་རོ༔ དེ་ལྟར་སྒྲུབ་པའི་དྲོད་རྟགས་ཆིལ་གྱིས་མ་བྱུང་བར་དུ་བསྒྲུབ་པར་བྱ་སྟེ༔ ཞག་ཉེར་གཅིག་ལས་ཕྱིར་འགྱང་མི་སྲིད་དེ༔ རྣལ་འབྱོར་པ་རབ་ཀྱིས་ཞག་བདུན༔ འབྲིང་གིས་བཅུ་བཞི༔ ཐ་མས་ཉེར་གཅིག་ལ་རྟགས་ཐོན་པར་འགྱུར་རོ༔ དེ་ལྟར་སྒྲུབ་པའི་དུས་ལ་སོགས་པ་རྣམ་པ་ཐམས་ཅད་དུ་དམ་ཚིག་འདི་རྣམས་ལ་གནས་པར་བྱེད་པ་གལ་ཆེ་འོ༔ ༧ ཞར་ལ་དམ་ཚིག་བསྟན་པ་ནི༔ གཞི་ལ་དད་པ་བརྩོན་འགྲུས་བསྐྱེད༔ སྒྲུབ་ཚེ་ཐེ་ཚོམ་སོམ་ཉི་སྤང༔ འཇུག་དུས་རྒྱལ་ཉ་འཛོམ་པ་དང༔ མ་འཛོམ་ཡར་ཚེས་རྒྱལ་ལ་གཏད༔ རང་འདོད་སྤངས་ཤིང་གཞན་དོན་དུ༔ སེམས་བསྐྱེད་ལྡན་པའི་ངང་ནས་བསྒྲུབ༔ དེ་ཚེ་ཤ་ཆང་སྒོག་གསུམ་དང༔ སྔོ་ངད་ལ་སོགས་སྤང་བར་བྱ༔ བསྒྲུབ་རྫས་བཅའ་ཀ་དུད་འགྲོའི་རིགས༔ གང་གིས་ཀྱང་ནི་མ་མཐོང་གཅེས༔ མཁོན་རྩོད་ཞེ་སྡང་དྲག་པོ་དང༔ མྱ་ངན་སྡུག་བསྐྱེད་གྲོགས་ངན་སྤངས༔ རྫུན་དང་ཕྲ་མ་ཚིག་རྩུབ་དང༔ གཞན་ལ་གནོད་པའི་ལས་མི་བྱ༔ སེམས་གཡེང་འཇིག་རྟེན་ཚེ་འདི་ཡི༔ བྱ་མང་འཁྲུལ་ཕྱིར་འབྲང་མི་བྱ༔ བྲིས་ཆ་མཚོན་ཆ་ལ་སོགས་པ༔ ལྷ་རྫས་རྣམས་ལ་བརྙས་པ་སྤང༔ རང་གཞན་གོས་གདན་དྲེག་པ་ཅན༔ བགྲང་ཕྲེང་ལ་སོགས་མི་བརྗེ་གནད༔ དུས་དང་རྣམ་པ་ཐམས་ཅད་དུ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ འཇམ་དཔལ་དབྱངས་ཅན་ལྷ་མོ་མཆོད༔ སླར་ཡང་ལྷ་ཡི་ང་རྒྱལ་དང༔ བརྒྱ་རྩ་བཟླས་པའི་ཐུན་མི་བཅག༔ ཁྲུས་དང་གཙང་སྦྲ་རྒྱུན་དུ་འོ༔ ཁྱད་པར་གྲིབ་ལ་ཤིན་ཏུ་འཛེམ༔ སྒྲུབ་ཚེ་བྱང་སེམས་ཉམས་གྱུར་ན༔ ཚངས་སྤྱོད་མི་བརྟན་ཉེས་པ་འགོ༔ ཤེས་རབ་སྟོབས་ཀྱང་ཉམས་པར་འགྱུར༔ དེ་ཕྱིར་ཁམས་བརྟན་དམ་ཚིག་ཡིན༔ གཞན་ཡང་སྤྱི་དང་བྱེ་བྲག་གི༔ རྩ་བ་ཡན་ལག་སྐུ་གསུང་ཐུགས༔ དམ་ཚིག་སྡོམ་པ་ལ་སོགས་པ༔ མ་ཉམས་བསྲུང་བ་ཤིན་ཏུ་གཅེས༔ ས་མ་ཡ༔ ༈ དེ་ནས་རྫོགས་རིམ་རྣལ་འབྱོར་བསྒོམ་པ་ནི༔ སྒྲུབ་པ་ཚར་བའི་རྗེས་སམ༔ ཐུན་གྱི་བར་སྐབས་སམ༔ ཐུན་འཇོག་པའི་ཚེ༔ རང་ཉིད་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀ་ནས༔ འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རལ་གྲིའི་ཡུ་བ་ལ་དྷཱིཿདམར་པོས་མཚན་པ་ལས་འོད་ཟེར་དམར་པོ་འཕྲོས་པས༔ ཕྱི་སྣོད་ཀྱི་འཇིག་རྟེན་འོད་དུ་ལྟེམས་ཀྱིས་ཞུ་ནས༔ ནང་བཅུད་ཀྱི་སེམས་ཅན་ལ་ཐིམ༔ དེ་རྣམས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ལ་ཐིམ༔ དེ་དག་ཐམས་ཅད་མདུན་གྱི་དབྱངས་ཅན་མ་ལ་ཐིམ༔ དབྱངས་ཅན་མ་འཇམ་དཔལ་གྱི་ཐུགས་ཀར་ཐིམ༔ འཇམ་དཔལ་ཐུགས་ཀའི་སྔགས་འཁོར་ལ་ཐིམ༔ དེ་རལ་གྲི་ལ༔ དེ་དྷཱིཿལ༔ དྷཱི་འོད་དུ་ཞུ་ནས་ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པ་ལ་ཐིམ༔ དེ་ལ་སེམས་མ་ཡེངས་པར་གཏད་ཅིང་མཉམ་པར་གཞག༔ དེ་ནས་ཐིག་ལེ་སྔོན་པོ་གཅིག་སྤྲོས་ནས༔ གཉིས་སུ་གྱུར་པ་ལ་དར་ཅིག་སེམས་གཏད༔ སླར་ཐིག་ལེ་གཉིས་ཅུང་ཟད་འགུལ་བར་བསམ་ཞིང༔ ངག་ཏུ་ཧྲཱིཿདྷཱིཿཞེས་བརྗོད་ཅིང༔ དེ་གཉིས་ནམ་མཁར་ཡར་འགྲོ་མར་འགྲོ་རེས་མོས་བྱེད་ཅིང་རང་སྒྲ་དང་བཅས་པའི་འོད་ཟེར་གྱིས་སྟོང་ཁམས་གང་བ་ལ་ཤེས་པ་གཏད་དེ༔ ཧྲཱིཿདྷཱིཿམང་དུ་བརྗོད༔ དེས་བདེ་སྟོང་ཟག་མེད་ཀྱི་ཡེ་ཤེས་སྐྱེ་ཞིང༔ ཤེས་རབ་ཀྱི་རྩལ་འབར་བར་འགྱུར་རོ༔ ཉལ་བའི་ཚེ་ཐིག་ལེ་གཉིས་པོ་ཡང་འོད་དུ་ཞུ་ནས་སྣང་བ་ཐམས་ཅད་དམར་ལམ་གྱིས་སོང་བར་བསམ་ཞིང་སྟོང་པའི་ངང་ལ་ཉལ༔ ཡང་ནངས་པར་ལ་སོགས་སུ་སྟོང་པའི་ངང་ལས༔ ཧྲཱིཿདྷཱིཿསྒྲས་བསྐུལ་ཏེ༔ ལྷའི་ང་རྒྱལ་གྱིས་ལངས་ལ་སྔར་ལྟར་རོ༔ ནངས་པར་གངས་ལ་ཉི་མ་ཕོག་པའི་ཚོད་ལ༔ དབྱངས་ཅན་མ་ལ་འཕགས་པའི་ཚོགས་ཀྱིས་བསྐོར་བ་གྲངས་མེད་པ་མཚོ་ལ་ཁ་བ་བབ་པ་བཞིན་དུ་རིལ་བུ་ལ་ཐིམ་པར་དམིགས་པ་ས་གཞི་ལ་ཉི་མ་མ་ཕེབ་ཀྱི་བར་དུ་བྱ་ཞིང་བཟླས་པ་དྲག་ཏུ་བཟླ་བར་བྱའོ༔ དེ་ལྟར་བསྒྲུབས་ནས་རྟགས་ཀྱིས་གཏན་ལ་ཕེབས་པ་དང༔ ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས་སོ༔ དམ་ཚིག་པ་རིལ་བུ་དང་འཁོར་ལོ་ལ་བསྟིམ་ཞིང༔ ཉེས་བྱས་བཟོད་པར་གསོལ༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ རིལ་བུ་འཁོར་ལོ་དང་བཅས་པ་དར་དམར་པོས་དྲིལ་ནས་ལུས་དྲོད་དང་མ་བྲལ་བར་འཆང་བར་བྱའོ༔ གཏོར་མ་གཙང་སར་འབུལ༔ དལ་བསྡུ༔ བསྔོ་བ་དང་སྨོན་ལམ་གདབ༔ ཤིས་པ་བརྗོད༔ མི་དམིགས་པའི་རྒྱས་གདབ་པར་བྱའོ༔ ༈ གསུམ་པ་ལས་ལ་སྦྱར་བ་ནི་བཞི་སྟེ༔ སྒྲུབ་རྗེས་ཀྱི་ལས་སྦྱོར་དང༔ དུས་གནད་ཀྱི་ལས་སྦྱོར་དང༔ རྒྱུན་ཁྱེར་གྱི་ལས་སྦྱོར་དང༔ འཆད་རྩོད་རྩོམ་པའི་ལས་སྦྱོར་རོ༔ དང་པོ་ནི༔ སྒྲུབ་ཚར་བའི་ནངས་པར༔ སྐྱེས་བུ་རིགས་དང༔ རུས་དང༔ ཆོ་འབྲང་གིས་མངོན་པར་མཐོ་ཞིང༔ ཤེས་རབ་དང་ལྡན་པ་བཞི་ལ་དགའ་སྟོན༔ དཀར་གསུམ་མངར་གསུམ་གྱི་བཟང་མགྲོན་བཀྱེ་སྟེ༔ གྱ་ནོམ་པར་བྱའོ༔ དེ་ཚེ་རང་གིས་བཟའ་བཏུང་གང་ཡང་མ་ཟོས་པའི་གོང་དུ་གཞན་གྱིས་མ་མཐོང་བར༔ སྐད་ཅིག་གིས་རང་ཉིད་འཇམ་དཔལ་དུ་བསྒོམས་པའི་ཐུགས་ཀར་པདྨ་འདབ་བརྒྱད་དྷཱིཿས་མཚན་པ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་ཏེ༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་འདྲེ་མི་ལ་སོགས་པ་རྣམས་ཀྱི་བློ་དང་ཤེས་རབ་ཐམས་ཅད་རང་དབང་མེད་པར་བསྡུས་ནས་རང་གི་ཐུགས་ཀའི་དྷཱིཿལ་ཐིམ༔ ལྷ་དང་དྲང་སྲོང་གི་མངོན་པར་ཤེས་པ་ཐམས་ཅད་བསྡུས་ནས་ཀྱང་དྷཱིཿལ་བསྟིམ་ཞིང༔ རིལ་བུ་དར་དམར་པོའི་ལྕིབས་ཀྱིས་བླངས་ནས་དབྱངས་ཅན་མར་མོས་ལ༔ བསྟོད་པ་ཚར་གཅིག་བརྗོད་དེ༔ ལྕེའི་སྟེང་དུ་བཞག་ལ་སོས་མ་རེག་པར་མིད་པ་ཙམ་གྱིས༔ བདག་དང་དབྱངས་ཅན་མ་གཉིས་མེད་དུ་གྱུར་པར་བསྒོམ་མོ༔ མོས་གུས་བྱ༔ སྔགས་ཀྱང་ཉེར་གཅིག་ལ་སོགས་པ་བཟླའོ༔ དེ་ནས་གཟུང་སྟེ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་གོང་གི་དམ་ཚིག་དང་ལྡན་པར་བྱས་ལ༔ རིལ་བུ་རེ་རེ་གངས་ལ་ཉི་མ་ཤར་བ་ལ་མིད༔ མིད་ཚུལ་གོང་བཞིན་ནོ༔ རིལ་བུ་ཙཀྲ་ལག་པ་རྗེན་པས་མ་རེག་པ་གལ་ཆེ་འོ༔ གཉིས་པ་དུས་གནད་ཀྱི་ལས་སྦྱོར་ནི༔ ཉི་ཟླ་སྒྲ་གཅན་གྱིས་ཟིན་པའི་ཚེ༔ མདུན་དུ་སྒྲུབ་པའི་དུས་ཀྱི་བཅས་ལྟར་གྲུབ་ནའང་ལེགས༔ མ་གྲུབ་ཀྱང་ཅི་འབྱོར་པའི་མཆོད་པ་བཤམ༔ བདག་ཉིད་འཇམ་དཔལ་དུ་བསྐྱེད༔ མདུན་གྱི་ནམ་མཁར་དབྱངས་ཅན་མ་འཁོར་བཅས་ལ་མཆོད་བསྟོད་ཕུལ་ནས༔ རིལ་བུ་སྲན་མ་ཙམ་གཅིག་དར་དམར་པོའི་ལྕིབས་སུ་བཅུག་ནས་རང་གི་སྙིང་གར་བཞག་པས༔ དེ་ཉིད་འཁོར་ལོ་དམར་པོ་རྩིབས་བཞིའི་ལྟེ་བར་རལ་གྲི་མེ་འབར་བ་སོར་བཞི་འཆང་གཟུང་དྷཱིཿས་མཚན་པ་དམིགས་པ་ལས་འོད་ཟེར་འཕྲོས་པས་ཉི་ཟླ་སྒྲ་གཅན་གྱིས་འཚེ་བ་བསལ་ནས་ཡེ་ཤེས་ཀྱི་ལྷ་མོ་དབྱངས་ཅན་མར་གྱུར་པའི་ཐུགས་རྗེས༔ ཉི་ཟླས་ཁྱབ་ཚད་ཀྱི་འགྲོ་བ་མ་ལུས་པའི་མ་རིག་པའི་མུན་པ་བསལ་ནས་ཤེས་རབ་ཆེན་པོའི་བློ་དང་ལྡན་ཞིང༔ སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྐྱེས་པར་བསམ་ལ༔ མ་གྲོལ་གྱི་བར་དུ་བཟླས་པ་བྱ༔ གྲོལ་བ་དང་སྔར་བཞིན་རིལ་བུ་ལྕེའི་སྟེང་དུ་བཞག་ལ་མིད༔ སྔར་བསྒྲུབས་པ་ལ་རྟགས་ཐོན་ཅིང་རིལ་བུ་མ་ཞུད་རྣལ་འབྱོར་པ་དམ་ཚིག་དང་ལྡན་ན༔ དེ་ཉིད་དུ་རིལ་བུ་ལ་འོད་འབར་བ་ལ་སོགས་པའི་མཚན་མ་མངོན་སུམ་དུ་འབྱུང་བ་ལ་གདོན་མི་ཟ་འོ༔ ཉམས་རྟགས་གང་བྱུང་གསང་བ་གནད་དམ་པ་འོ༔ མཆོད་པ་དང་ཆོས་སྟོན་གྲུབ་ན་ཡང་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་ཡོད་པ་འོ༔ དེ་ཡང་འགོལ་ཞིང་གཙང་ལ་བླ་གབ་མེད་པའི་སར་ཕྱིན་ལ་ཟ་འོ༔ གསུམ་པ་རྒྱུན་ཁྱེར་གྱི་ལས་སྦྱོར་ནི༔ ཚེས་གཅིག༔ བརྒྱད༔ བཅོ་ལྔ་ལ་བབ་པའི་དུས་ཐམས་ཅད་དུ༔ དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པས་འཇམ་དཔལ་དང་དབྱངས་ཅན་མ་ལ་མཆོད་དེ་བསྟོད་པ་བྱ༔ གྲུབ་ན་རྟག་ཏུ་མཆོད་པ་དང་གཏོར་མ་འབུལ་ཞིང་བསྟོད་པས་བསྟོད༔ རང་གིས་ཀྱང་བསྟོད་པའི་རྣམ་གྲངས་མང་པོ་བརྩམས་ཏེ་བསྟོད་པས༔ ཞལ་སྟོན་ཅིང་བློ་གྲོས་ལྷ་ཉིད་དང་མཉམ་པར་འཕེལ་བར་འགྱུར་རོ༔ ཡིད་ཀྱི་འདུན་པ་ལྷ་ཡབ་ཡུམ་གཉིས་ལ་རྩེ་གཅིག་ཏུ་གཏད༔ སྐབས་སུ་སྒྲུབ་པ་བསྐྱར༔ རིལ་བུ་སྤེལ་ཞིང་རྒྱུན་དུ་བརྟེན༔ སྤེལ་དུས་སྔར་ནས་རྫས་བསྡུས་པའི་ནང་དུ་སྔར་གྱི་རིལ་བུ་རེ་རེ་བ་དམར་མོའི་འོ་མར་སྦངས་ལ་བསྲེས་ཏེ་སྔར་ལྟར་བྱ༔ མིས་མ་མཐོང་བ་གྲུབ་ན་ལེགས༔ དུད་འགྲོའི་རིགས་གང་གིས་ཀྱང་རིལ་བུ་བསྒྲིལ་ནས་བཟུང་མ་མཐོང་བར་བྱེད་པ་གནད་ཆེའོ༔ བཞི་པ་འཆད་རྩོད་རྩོམ་པའི་ལས་སྦྱོར་ནི༔ ཆོས་འཆད་པའི་ཚེ༔ རང་ཉིད་འཇམ་དཔལ་དུ་བསྐྱེད༔ སྨིན་མཚམས་སུ་དབྱངས་ཅན་མ་བསྐྱེད༔ ལྕེ་ཨུཏྤ་ལའི་སྟེང་དུ་སྟོང་ཕྲག་བརྒྱ་པའི་གླེགས་བམ་བཞུགས་པར་བསམ༔ བཟླས་པ་ཚར་བདུན་སོགས་གྲུབ་ནས་དབྱངས་ཅན་མ་མཛོད་སྤུར་ཐིམ༔ གླེགས་བམ་ཨུཏྤལ་དང་བཅས་པ་ལྕེ་ལ་ཐིམ་པར་དམིགས་ཏེ༔ ཆོས་བཤད་ན་བྱམས་པ་དང་མཚུངས་པར་འགྱུར་རོ༔ རྩོད་པའི་ཚེ༔ རང་ཉིད་འཇམ་དཔལ་དུ་གསལ་གདབ༔ ལག་པ་གཡས་སྡིགས་མཛུབ་དང་བཅས་པའི་རྩེ་ལ་དབྱངས་ཅན་མ་བསྐྱེད༔ ལྕེ་རལ་གྲི་འོད་འབར་བར་བསྐྱེད༔ བདག་ཉིད་འཇམ་དཔལ་གྱི་ཐུགས་རྗེས་དབྱངས་ཅན་མའི་རྒྱུད་བསྐུལ་ནས༔ དབྱངས་ཅན་མས་ཕ་རོལ་གྱི་བློ་དང༔ ཤེས་རབ་ཀྱི་ངོ་བོ་ལྷ་དང་བཅས་པ་དབང་དུ་བསྡུས་ཏེ༔ རང་གི་ཐུགས་ཀའི་དྷཱིཿལ་བསྟིམ༔ ཁོའི་ཤེས་རབ་ཀྱི་དབང་པོ་ནག་མོག་གིས་ཉམས་པར་བསམ་ལ་རིག་པའི་ངར་བསྐྱེད༔ ཁོའི་སྙིང་ཁར་སྡིགས་མཛུབ་གཏད༔ རང་རྒྱལ་བ་དང་ལྷ་ཡབ་ཡུམ་མཆོད༔ ལྕེ་ཤེས་རབ་ཀྱི་རལ་གྲིས་ཁོའི་ཤེས་རབ་ཀྱི་རྩོད་པ་ཟློག་པར་བསམ་མོ༔ དེ་ནི་རང་གི་བླ་མ་ལ་མི་བྱ༔ ལྷ་མཐུན་པ་ལ་མི་བྱའོ༔ དེས་རྩོད་པ་ལས་རྒྱལ་བར་འགྱུར་རོ༔ རྩོམ་པ་ལ་བློ་འཇུག་པའི་ཚེ༔ རང་གི་ལུས་འཇམ་དཔལ་དུ་བྱིན་གྱིས་བརླབ༔ ངག་དབྱངས་ཅན་མར་བྱིན་གྱིས་བརླབ༔ ཡིད་སྔགས་ཀྱི་འཁོར་ལོ་རལ་གྲི་ས་བོན་དང་བཅས་པར་བྱིན་གྱིས་བརླབས་ལ༔ རྩོམ་པ་མཐར་ཕྱིན་ཅིང་འགྲོ་བ་ལ་ཕན་ཐོགས་པ་དང༔ རྩོམ་པའི་བློ་གྲོས་རབ་ཏུ་འཕེལ་བར་མཛད་དུ་གསོལ༔ སྙམ་པའི་མོས་པ་དུང་དུང་བྱ་ཞིང༔ རྩོམ་པའི་ཐོག་མར་ལྷ་ཡབ་ཡུམ་ལ་བསྟོད་པས་བསྟོད༔ ཚར་རྗེས་ཀྱང་བྱའོ༔ དེས་ནི་རྩོམ་པའི་བློ་གྲོས་འཕེལ་བར་འགྱུར་རོ༔ གཞན་ཡང་འཛིན་པ་ལ་སོགས་གང་ལ་འཇུག་ཀྱང་ལྷ་ཡབ་ཡུམ་ལ་མོས་གུས་བྱ་ཞིང༔ གསོལ་བ་བཏབ་པས་གང་ལ་འཇུག་པ་དེ་ཉིད་ལ་ཤེས་རབ་སྐྱེ་ཞིང་ཤིན་ཏུ་མཁས་པར་འགྱུར་རོ༔ ས་མ་ཡ༔ ྀཨཚ༔ རྒྱ་རྒྱ་རྒྱ༔ ༈ འདིའི་སྒོ་ནས་རང་གཞན་གྱི་རྒྱུད་བྱིན་གྱིས་བརླབ་ཅིང་རྗེས་སུ་གནང་བ་བྱེད་པ་ནི༔ སྐར་མ་རྒྱལ་ལ་བབ་པའི་ཚེ༔ གཙང་མའི་གནས་སུ་རྡོ་ལེབ་བམ༔ ཤིང་ལེབ་གཙང་མའི་ཁར༔ རེ་ཁཱ་དཀར་པོས་ཨཱ་ལི་ཀཱ་ལི་གཡས་གཡོན་དུ་བྲིས་པར༔ མི་གྲངས་དང་མཉམ་པའི་སྣང་གསལ་མར་མེ༔ ཞུན་ཟན་གྱི་ཀོང་བུ་བྱས་པ་དང༔ བཤོས་གཙང་དཀར་གསུམ་གྱིས་བྲན་པ་མཐེབ་ཆེན་དང་མཉམ་པར་བཞག༔ དེ་གཉིས་ལྷ་ཡབ་ཡུམ་དུ་བསྐྱེད་པ་ལ༔ མཆོད་བསྟོད་གཏོར་མ་དང་བཅས་པ་ཕུལ་ནས༔ བཟླས་པ་ཡང་བྱའོ༔ དེ་རྣམས་སྒྲུབ་པའི་སྐབས་ལྟར་རོ༔ དེ་ནས་རང་གིས་བླང་བ་ནི༔ བླ་མ་འཇམ་དཔལ་གྱིས་གནང་བར་དམིགས་ཏེ༔ གཞན་ལ་བྱེད་པ་ལྟར་རང་གིས་གོ་རིམ་ལྟར་བླང༔ གཞན་ལ་བྱེད་པ་ནི༔ བསྙེན་པ་ཐེམས་པས་བྱའོ༔ དེ་ཡང་སློབ་དཔོན་ཉིད་འཇམ་དཔལ་དུ་མོས་ལ་ཕྱག་དང་མཎྜལ་ཕུལ་ཞིང༔ བླ་མ་ལྷར་བཅས་དགོངས་སུ་གསོལ༔ བློ་གྲོས་ཤེས་རབ་བསྐྱེད་པའི་ཕྱིར༔ བྱིན་རླབས་རྗེས་སུ་གནང་བ་ནི༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་པའི་རྗེས་ལ༔ བླ་མས་སློབ་མ་ལ་ལག་པ་གཡས་སུ་ཞལ་ཟས་གཏད་དེ༔ འཇམ་དཔལ་གྱི་མངོན་རྟོགས་ཕོགས༔ ལག་པ་གཡོན་དུ་སྣང་གསལ་དབྱངས་ཅན་མར་བསྒོམ་དུ་གཞུག་ལ་གཏད་ཅིང༔ འཇམ་དབྱངས་མགོན་དང་དབྱངས་ཅན་མ༔ བདག་ལ་བརྩེ་བར་ཉེར་དགོངས་ནས༔ མྱུར་དུ་འགོ་བར་མཛད་དུ་གསོལ༔ ཤེས་རབ་ཡེ་ཤེས་འཕེལ་བར་མཛོད༔ ཅེས་ལན་གསུམ་སློབ་མས་བརྗོད༔ སློབ་དཔོན་གྱིས༔ ཨེ་མ་ཧོ༔ བཅོམ་ལྡན་འཇམ་དཔལ་རྡོ་རྗེ་དང༔ ཡུམ་ཆེན་ལྷ་མོ་དབྱངས་ཅན་མ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ མྱུར་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ཉེ་བར་འགོ་བར་མཛད་དུ་གསོལ༔ མ་རིག་མུན་པ་བསལ་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དངོས་གྲུབ་དང༔ མཆོག་དང་ཐུན་མོང་ལ་སོགས་པའི༔ དངོས་གྲུབ་མ་ལུས་ད་སྩོལ་ཅིག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར༔ དེ་ནས་ཞལ་ཟས་དང་སྣང་གསལ་གྱི་ལྷ་ཡེ་ཤེས་པ་བུའི་སྙིང་གར་བསྟིམ༔ དམ་ཚིག་པ་འོད་དུ་ཞུ་བས་དངོས་གྲུབ་ཀྱི་རྫས་དང༔ མ་རིག་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྣང་གསལ་དུ་གྱུར་ནས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས༔ འཐིབས་པོའི་སྒྲིབ་གཡོགས་བསལ་ནས་གང་ལའང་བློ་གྲོས་ཐོགས་པ་མེད་པར་དཔོན་སློབ་གཉིས་ཀས་བསམ་ཞིང༔ རྫས་ཀྱི་གཉིས་པོ་ཟར་བཅུག༔ ཡང་ཕྲེང་བའི་ཕྱེད་སློབ་མའི་ལག་ཏུ་གཏད་དེ༔ ཨཱ་ལ་ཀཱ་ལི་དང་རྩ་བའི་སྔགས་བཟླར་གཞུག༔ སློབ་དཔོན་གྱིས་སྔགས་བཟླས་པས་ཕྲེང་བ་རེ་རེ་སྦྱིན་ལ༔ སློབ་དཔོན་འཇམ་དཔལ་གྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཕྲེང་བ་ལ་བརྒྱུད་དེ་སློབ་མ་དབྱངས་ཅན་མར་གསལ་བའི་ཐུགས་ཀར་ཐིམ་པར་བསམ་ལ༔ སློབ་མས་ཕྲེང་བ་བགྲང་བར་བྱ༔ དེ་ནས་དཔོན་སློབ་ཐམས་ཅད་ཀྱིས་རང་བཞིན་གྱི་གནས་ནས་ལྷ་ཡབ་ཡུམ་གཉིས་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་ནས་བྱོན་ཅིང་སློབ་མ་ལྷར་གསལ་བའི་ཐུགས་ཀ་ནས་སིབ་སིབ་ཐིམ་པས་སློབ་མ་དམ་ཚིག་པ་དང༔ བྱོན་པའི་ལྷ་ཡེ་ཤེས་པ་གཉིས་དབྱེར་མེད་དུ་གྱུར་པར་བསམ་ལ༔ རོལ་མོ་བསྒྲག༔ སྤོས་བསྲེག༔ མོས་གུས་ཀྱི་གདུང་བ་བསྐྱེད་དེ་དེ་ཉིད་དུ་སློབ་དཔོན་གྱིས༔ རྡོ་རྗེ་གནས་གསུམ་དུ་བཞག་ལ༔ ཛྙཱ་ན་སཏྭ་ཏིཥྛ་བཛྲ་ཧཱུྃ༔ ཞེས་བརྟན་པར་བྱའོ༔ དེ་ལྟར་སྐུ་རྫས༔ གསུང་ཡིག་འབྲུ༔ ཐུགས་ཡེ་ཤེས་དབབ་པ་གསུམ་གྱིས༔ བྱིན་རླབས་རྗེས་སུ་གནང་བ་ཐོབ་པ་འོ༔ མཎྜལ་ཕུལ༔ བཀྲ་ཤིས་ལ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན་པར་བྱའོ༔ ྀཨཚ༔ རྗེས་གནང་ཐོབ་ཕྱིན་ཆད་ལྷ་ཉེ་བར་འགོ་ཞིང༔ འདི་ཉིད་ཀྱི་སྒོ་ནས་རང་གཞན་ལ་ཕན་ཐོགས་པར་འགྱུར་རོ༔ འདིའི་མན་ངག་ལ་སྔགས་གཞན་གྱིས་མ་ཐོས་པ་དང༔ སྒྲུབ་པ་གཞན་གྱིས་མི་རིག་ཅིང༔ ལྷ་ཡབ་ཡུམ་ཡོད་པ་གསང་ཐུབ་ན་ཕུལ་དུ་ཕྱིན་པའི་བློ་འཕེལ་ཞིང་གང་ལ་ཡང་མ་རྨོངས་པར་འགྱུར༔ གཡེམ་ལ་ཤེས་རབ་མེ་ལྕེ་རིས་སུ་འགྱུར༔ གྲུབ་ནས་དམ་ཚིག་ཉམས་ན་ཤེས་རབ་ལོག་པར་འཆོར༔ སྒྲུབ་ཚེ་གང་ལ་སྣང་བ་བཅུག་པ་དེ་ལ་མཁས་པར་འགྱུར༔ ཁ་ཡན་དུ་བསྒྲུབས་ན་ཤེས་རབ་མྱོས་པར་འཆོར་རོ༔ སྒྲུབ་དུས་འདོད་ལོག་གི་སྣང་བ་ཤར་ན་ཚུལ་ཁྲིམས་འཆལ༔ དེ་ཤར་ན་མི་སྡུག་པ་ཐུན་རེ་བསྒོམ༔ ཆགས་ལམ་པ་ཡིན་ན་ལྷ་ཡབ་ཡུམ་ལ་སེམས་གཏད་ཅིང་མོས་གུས་བྱ༔ བདེ་སྟོང་གི་ཉམས་སྤར་བར་བྱའོ༔ ས་མ་ཡ༔ བློ་དང་ཤེས་རབ་འཕེལ་བར་བྱེད་པའི་མན་ངག་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ དྷ་ཐིམ༔ བུདྡྷ་བཛྲ་གྱི་གཏེར་མའོ།། །།
རཏ་གླིང་ཐུགས་སྒྲུབ་མཆོད་ཕྲེང་ཉེར་བསྡུས་ (Volume 40, Text 58)
རཏ་གླིང་ཐུགས་སྒྲུབ་མཆོད་ཕྲེང་སྐབས་མེ་ཏོག་མ་ནས་རྫ་རྔ་མ་རྫོགས་ཀྱི་བར་གྱི་ཚིག་དེ་དག་བསྡུས་པ་ལ་དགའ་ན་འདི་ལྟར་སྦྱར་ཏེ། ཧཱུྃ། ལྷ་མོ་སྣ་ཚོགས་རབ་མཛེས་ངང་ཚུལ་ཅན། །མེ་ཏོག་སྤོས་ཆབ་ཞལ་ཟས་རོལ་མོའི་སྒྲ། །སྒེག་མོའི་ཕྱག་ན་ཉེར་སྤྱོད་དཔག་མེད་བསྣམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཨཱོྃ་ཨཱཿཧཱུྃ་བཛྲ་པུཥྤེ་ཧཱུྃ། དེ་བཞིན་དུ། དྷཱུ་པེ་ནས་ཤབྡའི་བར་སྦྱར། ཧཱུྃ། སྲིད་པར་གཏོགས་པའི་འཇིག་རྟེན་རབ་འབྱམས་ན། །གཟུགས་སྒྲ་དྲི་རོ་རེག་བྱ་ཇི་སྙེད་ཀུན། །རྡོ་རྗེ་འདོད་མའི་ཚོགས་སུ་ཀུན་སྤྲུལ་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །ཨཱོྃ་ཨཱཿབཛྲ་རཱུ་པ་ཧཱུྃ། དེ་བཞིན་དུ། ཤབྡ་ གནྡྷེ་ ར་ས་ སྤརྴེ་སྦྱར། ཧཱུྃ། གསང་མཆོག་བདེ་ཆེན་རྣམ་ལྔའི་རིག་མ་ནི། །སྐུ་མདོག་རབ་མཛེས་རང་རྟགས་ཕྱག་རྒྱ་བསྣམས། །བདེ་བ་མཆོག་གིས་རྒྱལ་བ་མཉེས་པར་མཛད། །གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ། །ཨཱོྃ་བཛྲ་ཨཱ་དརྴ་ཨཱཿཧཱུྃ། དེ་བཞིན་དུ། མུ་རཉྫེ་ ཝཱི་ཎི་ ཝཾ་སེ་ དྷརྨེ་སྦྱར་ལ་ཕྱི་ནང་གསང་མཆོད་འབུལ་ལོ། །གཏེར་གཞུང་རྒྱས་པ་མི་ལྕོགས་དུས་བསྡུས་པ་འདིའང་གུ་ཎས་བཏུས་པའོ།། །།
གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་སྲོག་གཏད་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཡི་གེ་ཁམས་གསུམ་དབང་ (Volume 52, Text 58)
༄༅། །གནོད་སྦྱིན་ཛམྦྷ་ལ་དམར་པོའི་གསང་སྒྲུབ་ཀྱི་རྗེས་གནང་སྲོག་གཏད་ཐུན་མོང་མ་ཡིན་པ་ཇི་ལྟར་བྱ་བའི་ཡི་གེ་ཁམས་གསུམ་དབང་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་རཱ་ག་ཡ། ཡེ་ཤེས་གཅིག་ཉིད་སྣ་ཚོགས་ནོར་བུ་བཞིན། །དབང་བྱེད་ཚོན་རིས་འཆར་ཁའི་གཟི་འབར་བས། །སྒྲུབ་པོའི་རེ་སྐོང་དངོས་གྲུབ་ཀུན་གྱི་གཏེར། །སྣང་མཐའ་ཡས་པའི་མགོན་པོ་དེས་སྐྱོངས་ཤིག །གང་གི་སྒྲུབ་ཐབས་ས་སྟེང་ན། །རྙེད་དཀའ་བྱིན་རླབས་ངོ་མཚར་གྱི། །དཔལ་འབར་ཉམས་སུ་ལེན་འདོད་རྣམས། །འཇུག་སྒོའི་ལས་ཁྲིགས་འདིར་གསལ་བྱ། །དེའང་སློབ་དཔོན་དང་སློབ་མ་གཉིས་ཀ་ཚེ་འདིའི་འདོད་པས་གདུང་བ་མ་ཡིན་པ་བསྟན་པ་དང་གཞན་ཕན་གྱི་སེམས་དང་ལྡན་ཞིང་། སློབ་མ་དམ་ཚིག་ལ་གནས་ཤིང་གཏོང་ཕོད་ཁོག་ཡངས་གསང་ཐུབ་པ་ལ་སྲོག་གཏད་འདི་སྦྱིན་པར་བྱ་སྟེ། དེ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི། དམ་ཚིག་གི་བྲིས་སྐུ་ཡོད་ན་བཀྲམ་པའི་མདུན་དུ། རྒྱས་པར་སྤྲོ་ན་ཁྱད་པར་གྱི་དམ་རྫས་བྱུགས་པའི་སྟེགས་བུར་དཀྱིལ་འཁོར་སྒོ་རྫོགས་བྲིས་པའམ། དཀྱུས་སུ་མཎྜལ་ལ་ཆང་དང་སིནྡྷུ་ར་དྲི་བཟང་གིས་བྱུགས་པར་མེ་ཏོག་གམ་འབྲུ་དམར་གྱིས་པདྨ་འདབ་བརྒྱད་ལྟེ་བར་ཚོམ་བུ་གཅིག་བཀོད། དེའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གསེབ་ཏུ་སྐུ་ཙཀ་དང་གཟུངས་རྡོར་ཆས་ལྡན། རྒྱབ་ཏུ་རིན་པོ་ཆེའི་གྭའུ་འབྲུ་སྨན་རིན་ཆེན་དར་ཟབ་ཟས་སྣས་བཀང་བ་དང་གཞུང་མཐུན་སྲོག་འཁོར། གཡས་སུ་ཐོད་པ་མཚན་ལྡན་ནང་ཆང་དང་རཀྟ་སིནྡྷུ་ར་རྒྱ་སྐྱེགས་པད་རཱག་མངར་གསུམ་སྦྱར་བ། གཡོན་དུ་མེ་ལོང་སིནྡྷུ་ར་བརྡལ་བ་ལ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿདེ་མཐར་སྙིང་པོའི་གཤམ་དུ། སྣང་བ་དང་མི་སྣང་བའི་སྲིད་བཅུད་ཐམས་ཅད་པཱ་ཤཾ་ཀུ་རུ་ཧཱུྃ༔ བྲིས་པ་དང་། སྒྲུབ་དཔེ་དར་དམར་གྱིས་དྲིལ་བ། མདུན་དུ་གསང་སྒྲུབ་ལས་བྱང་ལྟར་སྒྲུབ་གཏོར་དང་དེའི་གཡས་གཡོན་སྨན་རཀ །མཐའ་སྐོར་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྟེང་དུ་དར་དམར་གྱི་གདུགས་དབུབ། སློབ་མ་ཁྱད་པར་བ་ཡིན་ན་དབང་འགུགས་ཕྲིན་ལས་བཀའ་གཏད་ཀྱི་རྫས་དམིགས་བྱ་སོ་སོའི་རཱུ་པ་ཟན་ནམ་ཤོག་ལིང་ཚོན་རྩིས་བསྒྱུར་ཞིང་ཉམས་དོད་པ། ཙནྡན་དང་མཛོ་མོ་ཤིང་སོགས་ཀྱི་བུད་ཤིང་ཟླ་གམ་དུ་བརྩིགས་པའི་མེ་ཐབ། ཏིལ་གྱི་མར་ཁུ། འབྲུ་མར། ཤིང་ཐོག །སྨན་སྣ། དར་སྣ། རིན་ཆེན་ལྔ་སོགས་ཀྱི་བསྲེག་རྫས་ཅི་འབྱོར་དང་། ཁྱད་པར་མེ་ཏོག་དམར་པོ། །སིནྡྷུ་ར། གཞོན་ནུ་མའི་ཟླ་མཚན་རྣམས་ཀྱང་འབྱོར་ན་གསག །དགང་གཟར་བླུག་སོགས་དགོས་པའི་ཡོ་བྱད་སྤྱི་དང་། རང་གི་མདུན་དུ་རྡོར་དྲིལ་ཐོད་རྔ་བསང་ཆུ། གུ་གུལ། ཡུངས་དཀར་འཐོར་ནས་སོགས་ཉེར་མཁོའི་མཆོད་རྫས་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། སྐྱབས་སེམས་ཚད་མེད་བཞི་སྤྱི་འགྲོ་དང་། གསང་སྒྲུབ་མཆོད་ཕྲིན་ལྟར་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། མཆོད་བརླབ། མདུན་བསྐྱེད་བསྐྱེད་བསྟིམ་མཆོད་པ་ཡན་གྲུབ་ནས་བཟླས་པ་ཅི་འགྲུབ་མཐར། གཏོར་འབུལ་དང་བསྟོད་པ་ཕྲིན་ལས་བཅོལ་བ་དང་། སློབ་མ་རྗེས་སུ་འཛིན་པའི་གནང་བ་གསོལ། ལས་བུམ་མམ་བསང་ཆུའི་ནང་དུ་བདག་བསྐྱེད་སྐབས་སུ་བཤད་པའི་རྟ་མགྲིན་སྐད་ཅིག་གིས་གསལ་བཏབ་ལ་དེའི་སྔགས་བཟླས་པས་བྱིན་བརླབ། དེ་ནས་སློབ་མ་གཅིག་གམ་གསུམ་ལས་མི་མང་བ་ལས་ཆུས་ཁྲུས་དང་། བགེགས་གཏོར་བཏང་ཞིང་མཚམས་གཅོད་སྲུང་འཁོར་སྤྱི་འགྲོ་བྱ། བྱང་སེམས་དཀར་དམར་དངོས་སམ། ཅུ་གང་དང་སིནྡྷུ་ར་ཆང་དང་སྦྱར་བས་གནས་གསུམ་ཐིག་ལེ་བཀོད། དར་གོས་རཏྣ་དམར་པོའི་ཕྱག་རྟེན་ཉེ་བར་བསྡོགས་ཏེ་འཁོད་པ་ལ། སློབ་དཔོན་གྱིས། འོ། མཁའ་ཁྱབ་མ་གྱུར་གྱི་འགྲོ་བ་མཐའ་དག་གནས་སྐབས་འདོད་སྲེད་ཀྱི་འཆིང་བ་ལས་བསྒྲལ་ཏེ། མཐར་ཐུག་སྤངས་རྟོགས་མཐར་ཕྱིན་བླ་མེད་རྫོགས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་བའི་སླད་དུ། ཁམས་གསུམ་ཀུན་གྱི་དབང་ཕྱུག་གཏེར་བདག་གནོད་སྦྱིན་ཛམྦྷ་ལ་དམར་པོའི་རྗེས་གནང་བཀའ་གཏད་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་དད་མོས་བསམ་པའི་ཁྱད་པར་རྒྱ་ཆེན་པོ་དང་ལྡན་པས་གསན་འཚལ། དེ་ལ་འདིར་རང་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་དེ་ཉིད་སླར་ཡང་གསང་སྔགས་འབྲས་བུའི་བསྟན་པ་སྤེལ་ཕྱིར་དྷ་ན་ཀོ་ཤའི་མཚོ་གླིང་དུ། རང་བྱུང་མེ་ཏོག་པདྨའི་སྙིང་པོར་འཁྲུངས་པའི་ཚུལ་བསྟན་ཅིང་། རྒྱལ་བ་ཉིད་ལས་ཀྱང་ཁྱད་པར་འཕགས་པའི་ཕྲིན་ལས་མཛད་པ་མ་ཧཱ་གུ་རུ་པདྨ་འབྱུང་གནས་དེ་ཉིད། གངས་ཅན་འཕགས་པའི་འདུལ་ཞིང་འདིར་ཆོས་རྒྱལ་མངའ་བདག་ཆེན་པོའི་ཐུགས་བསྐྱེད་དང་། སྨོན་ལམ་གྱི་འཕེན་པས་ཞབས་ཀྱིས་བཅགས། ཞི་རྒྱས་དབང་དྲག་གི་མཛད་འཕྲིན་དུ་མས་གཟུགས་མེད་ཀྱི་སྐྱེ་འགྲོ་མ་རུངས་པ་ཐམས་ཅད་བཏུལ། ཐུན་མོང་རྒྱུ་ཡི་ཐེག་པ་དང་། ཐུན་མོང་མ་ཡིན་པ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་ཁམས་གསུམ་རྡོ་རྗེ་གསུམ་དུ་སྦྱོར་ཅིང་སྒྲོལ་བར་མཛད། བརྩེ་བ་ཆེན་པོའི་ཐུགས་རྗེས་དུས་སྙིགས་མའི་སེམས་ཅན་མགོན་མེད་པ་དག་གི་དོན་དུ་ཆོས་ནོར་དྲག་སྔགས་རྫས་གཏེར་སོགས་གང་འདུལ་ཟབ་མོའི་གཏེར་ཁ་དཔག་མེད་སྦས་ཤིང་། འདོན་ཞིང་སྤེལ་བའི་སྐྱེས་བུ་སོ་སོ་ལུང་བསྟན་པ་ལས། འདིར་ནི་ཇི་སྐད་དུ། དེ་ཚེ་རྒྱལ་སྲས་སྐུ་ཡི་སྤྲུལ་པ་ཞིག༔ བདག་ཉིད་ཆེན་པོ་པདྨའི་གསུང་ལས་སྤྲུལ༔ རྣམ་གསུམ་གཏེར་གྱི་བཀའ་བབས་སྤྲུལ་པའི་སྐུ༔ ཆོས་རྗེ་གླིང་པ་ཞེས་བྱས་འབྱིན་པར་འགྱུར༔ ད་ལྟ་ཡིད་བཞིན་འོད་མཆོག་དཀྱིལ་འཁོར་དུ༔ རྒྱལ་སྲས་དབང་བསྐུར་གསང་བའི་མཚན་བཏགས་པ༔ བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ༔ མ་འོངས་སྐྱེས་བུའི་མཚན་ཡང་དེ་འདྲ་འོ༔ ཞེས་ལུང་བསྟན་པ་ལྟར། ཨོ་རྒྱན་གསུང་གི་འོད་ཟེར་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་རྩོད་པ་དང་བྲལ་བ་འཛམ་གླིང་ནམ་མཁར་སྤྱོད་པའམ་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་ཞེས་གྲགས་པ་དེ་ཉིད་ཀྱིས། སྦས་ཡུལ་ཆེན་པོ་པདྨོ་བཀོད་པའི་གླིང་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་སྐུའི་རྣམ་པ་བཞུགས་པའི་ཕྱག་གཡོན་སྦས་པའི་རྣམ་པ་ནི་པདྨ་སྦས་པའི་ཚལ་ཡིན་ལ། དེའི་ལག་པའི་མེ་བཙའ་ཀླུ་བདུད་ནག་པོའི་སྙིང་སྲང་རླུང་གི་ཁ་གནོན་དུ་བཞེངས་པའི་རླུང་གནོན་ནམ། གདུང་ཆུ་མི་ཏྲའི་གཙུག་ལག་ཁང་དུ་གྲགས་པའི་བྱམས་སྐུའི་སྟ་ཟུར་གཡས་པ་ནས་སྤྱན་དྲངས་པ། ཡིད་བཞིན་ནོར་བུ་ལྟ་བུའི་ཆོས་བཀའི་སྡེ་ཚན་ཏེ། བསླབ་བྱ་ཐ་ཚིག་གསེར་ཕྲེང་ལས། ཁམས་གསུམ་དབང་ཕྱུག་བགེགས་རྒྱལ་ཚོགས་བདག་དང༔ ཛཾ་དམར་གསང་བ་སྲོག་གི་སྒྲུབ་ཐབས་རྣམས༔ དགོས་འདོད་ཀུན་འབྱུང་དབང་གི་ལྕགས་ཀྱུ་སྟེ༔ ཅི་འདོད་དངོས་གྲུབ་འབྱུང་ངོ་གསུང་གི་སྲས༔ ཞེས་བསྔགས་པར་མཛད་པ་ལས་ཛཾ་དམར་གསང་བ་སྲོག་གི་སྒྲུབ་ཐབས་ཀྱི་གདམས་པ་ཟབ་མོ་ལས། གསང་སྒྲུབ་དང་རྗེས་སུ་འབྲེལ་བའི་རྗེས་གནང་སྲོག་གཏད་ཟབ་མོ་བསྒྲུབ་པར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ཏེ། མཎྜལ་འབུལ་དུ་གཞུག །སློབ་དཔོན་ལྷག་པའི་ལྷ་མཆོག་དྲེགས་པ་ཟིལ་གནོན་རྟ་མཆོག་དབང་གི་རྒྱལ་པོའི་སྐུར་གསལ་བའི་སྤྱན་སྔར་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདི་བཞིན་རྗེས་ཟློས་མཛོད། གར་གྱི་དབང་ཕྱུག་བཅོམ་ལྡན་འདས༔ ཁམས་གསུམ་དབང་དུ་སྡུད་པ་དང༔ ལོངས་སྤྱོད་འབྱོར་པ་རྒྱས་པའི་ཕྱིར༔ ནོར་གྱི་དབང་ཕྱུག་བསྩལ་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་ཀྱི་རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་རྩ་གསུམ་རྒྱལ་བ་ཞི་ཁྲོ་ནོར་བདག་གནོད་སྦྱིན་ཡབ་ཡུམ་སྲས་དང་བཅས་པའི་སྤྱན་སྔར། བླ་མ་དཀོན་མཆོག་གསུམ་ལ་བདག་སོགས་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆི་འོ་སྙམ་པའི་བློས་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་རིན་པོ་ཆེ་བསྐྱེད་པའི་འདུན་པས་འདིའི་རྗེས་ཟློས། མཁའ་མཉམ་འགྲོ་བ་ཀུན་དོན་དུ༔ ནོར་བདག་གནོད་སྦྱིན་བསྒྲུབས་ནས་ནི༔ གང་ལ་གང་འདུལ་འཕྲིན་ལས་ཀྱིས༔ འགྲོ་དོན་བྱ་བར་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རང་སེམས་འདོད་ཆགས་བདེ་བ་ཆེན་པོའི་མདངས་སུ་ཤར་བའི་སྣང་ཆ། པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་དང་ལྡན་པ། འོད་ཟེར་དམར་པོའི་ཕུང་པོ་ཆེར་འབར་བའི་ལྟེ་བར་སོགས་མདུན་བསྐྱེད་བཞིན་ལ། ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཛཾ་དང་ཧྲཱིཿདམར་པོ་ཞེས་འདོན་པ་ཅུང་ཟད་བསྒྱུར་ལ། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཡབ་ཀྱི་ཐུགས་ཀར་ཉི་མ་ལ་ཛཾ་དང་། ཡུམ་གྱི་ཐུགས་ཀར་ཧྲཱིཿདམར་པོ་རེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས། ཕྱོགས་དུས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ནོར་བདག་གནོད་སྦྱིན་ལྕམ་དྲལ་སྤྲུལ་འཁོར་དང་བཅས་པའི་རྣམ་པ་ཁ་བ་བུ་ཡུག་འཚུབ་པ་བཞིན་བྱོན་ཏེ། ཁྱེད་རང་རྣམས་དམ་ཚིག་སེམས་དཔར་གསལ་བ་ལ་གཉིས་མེད་དུ་ཐིམ་པས་ཁམས་གསུམ་དབང་མཛད་ཆེན་པོའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། སྦྱར་བའི་སྤོས་བསྲེག་རོལ་མོའི་སྒྲ་དང་བཅས་ཏེ། ཧཱུྃ༔ མགོན་པོ་ཀུན་གཤེགས་ཐུགས་དམ་ཅན༔ སོགས་སྤྱན་འདྲེན་སྔགས་བཅས་བརྗོད་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿ སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་ཞིང་བརྟན་པར་བྱ། དེ་ནས་བུམ་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ཡི་དམ་དབང་ཆེན་གསང་བའི་ལྷར་གསལ་བ་ལ་མོས་གུས་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས་འོག་མིན་ནས་རྒྱལ་བ་སྲས་དང་བཅས་པ་དབང་ལྷ་རིགས་ལྔའི་རྣམ་པར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བདེ་བར་གཤེགས་པ་རིགས་ལྔའི་ལྷ་ཚོགས་རྣམས་ཀྱིས་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོ་ནས་མངོན་པར་དབང་བསྐུར་བས་རྒྱུད་བྱིན་གྱིས་བརླབས་ཏེ། ཕུང་ཁམས་སྐྱེ་མཆེད་དག་པ་ལྷའི་རང་བཞིན་དུ་རྒྱས་བཏབ་པའི་མོས་པ་མཛོད། བུམ་པ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྤྱི་བོར་དབང་བསྐུར་ཞིང་བུམ་ཆུ་སྦྱིན། དེ་ལྟར་ཁྱེད་རང་རྣམས་ལྷག་པའི་ལྷ་དང་གཉིས་སུ་མེད་པའི་རང་བཞིན་ཆེན་པོར་གྱུར་པ་ལ་སྒྲུབ་རྟེན་དམ་ཚིག་གི་རྫས་ཁྱད་པར་འཕགས་པ་འདི་དག་ལག་ཏུ་གཏད་པས། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གནོན་གྱི་མཐུ་དང་དབང་ཐོབ་པའི་མོས་པ་མཛོད། ཐོད་པ་རཀྟས་བཀང་བ་གཏད་ལ༔ ཧཱུྃ༔ ཁམས་གསུམ་སྣང་བ་དབང་སྡུད་པའི༔ བདེ་ཡངས་སྣོད་དུ་རཀྟ་འཁྱིལ༔ སྣད་སྲིད་ལྦུ་བ་འཐོར་བས་སྡུད༔ དབང་ཕྱུག་ཆེན་པོ་ཐོབ་པར་ཤོག༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཁམས་གསུམ་སྲིད་བཅུད་པཱ་ཤཾ་ཀུ་རུ་ཧོཿ རིན་པོ་ཆེའི་གྭའུ་གཏད་ལ༔ ཧཱུྃ༔ རིན་ཆེན་གྭ་འུ་གྲུ་བཞིའི་ནང༔ འཛད་མེད་འབྱོར་པས་ཕྱུར་བུར་གཏམས༔ རིགས་ཀྱི་བུ་ལ་དབང་བསྐུར་པས༔ མི་ཟད་གཏེར་དང་ལྡན་པར་ཤོག༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བཱ་སུ་སིདྡྷི་པཱ་ཤཾ་ཀུ་རུ་ཧོཿ མེ་ལོང་སིནྡྷུ་ར་ཡི་དཀྱིལ་འཁོར་སྙིང་གར་གཏད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ། ཧཱུྃ༔ སྣང་སྲིད་བརྟན་གཡོ་སྲིད་བཅུད་ཀུན༔ དབང་དུ་སྡུད་པའི་ཨཱ་དརྴ༔ རིགས་ཀྱི་བུ་ལ་དབང་བསྐུར་པས༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ འོད་ཀྱིས་སྲིད་བཅུད་ཐམས་ཅད་བསྡུས༔ སྣང་བ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཁམས་གསུམ་སྣང་བ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ༔ དེ་ནས་གསུང་བཟླས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་མགོན་པོ་ཛམྦྷ་ལ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ། དེའི་རྐྱེན་གྱིས་ཐུགས་ཀའི་ས་བོན་ཛཾ་ཡིག་ལས་སྔགས་ཕྲེང་པདྨ་རཱ་གའི་ཕྲེང་བ་ལྟར་གསལ་ཞིང་དམར་བ་རང་སྒྲ་སྒྲོག་བཞིན་པར་ཞལ་ནས་ཐོན། ཁྱེད་རང་རྣམས་ནོར་བདག་གནོད་སྦྱིན་ཆེན་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐའ་མར་འཁོར་བར་མོས་ལ། རིག་སྔགས་འདི་ཡི་རྗེས་ཟློས་མཛོད། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བཱ་སུ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ལན་གསུམ་བྱར་གཞུག །དེ་ནས་ཐུགས་ཀྱི་རྗེས་གནང་སྦྱིན་པའི་སླད་དུ་སློབ་དཔོན་དབང་ཆེན་པདྨ་ཧེ་རུ་ཀ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གནོད་སྦྱིན་ལྕམ་དྲལ་གྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་འོད་དམར་ལྕགས་ཀྱུའི་རྣམ་པ་ཅན་སྤྲོས་ཏེ། རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཁམས་གསུམ་བརྟན་གཡོའི་དྭངས་བཅུད་འཇིག་རྟེན་ཁམས་ཀྱི་དཔལ་དང་ཕུན་སུམ་ཚོགས་པའི་ཡོན་ཏན། སྲིད་པ་ན་འཁོད་པའི་ཆེ་བཙན་དྲེགས་པ་ཅན་ཐམས་ཅད་དབང་མེད་དུ་བཀུག །འོད་དམར་ཐིག་ལེའི་རྣམ་པ་ཅན་དུ་གྱུར་པ་ཁྱེད་རང་རྣམས་དབང་ཆེན་ནོར་བདག་གནོད་སྦྱིན་ཡབ་ཡུམ་དུ་གསལ་བའི་ཐུགས་སྲོག་ས་བོན་གྱི་ཞབས་སུ་བསྟིམས་པས། ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར་ཏེ་ཆེ་བཙན་འགྲན་ཟླ་མེད་པའི་བདག་ཉིད་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད་ལ་དམ་ཚིག་གི་བྲིས་སྐུའམ་ཙཀླི་དཔྲལ་བར། སྒྲུབ་དཔེ་མགྲིན་པར། སྲོག་འཁོར་སྙིང་གར། གཏོར་མ་ལག་གཡས། འགུགས་པའི་རཱུ་པ་གཡོན་དུ་གཏད། སྦྱར་སྤོས་བསྲེག །རོལ་མོའི་སྒྲ་དང་བཅས་ཏེ་བཀའ་བསྒོ་བ་ནི། ཧོ། བཅོམ་ལྡན་འདས་གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལ་འཁོར་དང་བཅས་པ་རྣམས་ཀྱིས། བདེ་གཤེགས་ཐུབ་པའི་དབང་པོ། མགོན་པོ་འོད་དཔག་མེད། དཔལ་རྟ་མགྲིན་དབང་ཆེན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། རྒྱལ་སྲས་ལྷ་རྗེ། རིག་འཛིན་ཆོས་རྗེ་གླིང་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉན་པོ་རྗེས་སུ་དགོངས་ལ། རྡོ་རྗེའི་སློབ་བུ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏེ། བྱང་ཆུབ་སྒྲུབ་པའི་ལམ་གྱི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་མ་ལུས་པ་དབྱར་མཚོ་ལྟར་འཕེལ་ཞིང་། ཁམས་གསུམ་སྲིད་པ་གསུམ་ན་འཁོད་པའི་རྒྱལ་བློན་ཆེ་བཙུན་ཕོ་མོ་སོགས་གཟུགས་ཅན་དང་། གཟུགས་མེད་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་ཀྱི་བླ་ཡིད་སྲོག་གསུམ་མཐུ་སྟོབས་ནུས་པའི་གཟི་བརྗིད་ཆེན་པོས་དབང་དུ་སྡུད་ཅིང་བྲན་དུ་ཁོལ་བར་མཛད་དུ་གསོལ། ཞེས་དང་། ཧཱུྃ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ འདོད་དགུའི་འབྱོར་པ་འབད་མེད་ཆར་དུ་དབབ༔ བསམ་པ་ཙམ་གྱིས་དོན་ཀུན་ལྷུན་གྲུབ་པའི༔ གར་གྱི་དབང་ཕྱུག་མགོན་པོ་ཛམྦྷ་ལ༔ ཡབ་ཡུམ་སྲས་བཅས་ཐུགས་དམ་དེང་དགོངས་ལ༔ སྐལ་ལྡན་བུ་འདི་བླ་མེད་བྱང་ཆུབ་བར༔ འགལ་རྐྱེན་ཀུན་ཞི་ཁམས་གསུམ་དབང་ཕྱུག་ཐོབ༔ ཅི་འདོད་རེ་བ་བསྐང་བའི་འཕྲིན་ལས་མཛོད༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་དྷ་ན་མེ་དྷཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧོཿ ཞེས་གཏོར་ཟན་དུམ་བུ་བདུད་རྩི་བསྲེས་ལ་སྦྱིན་ནོ། །སློབ་མ་སྤྱི་ལ་འདི་ཡན་གྱིས་ཆོག ༈ །ཁྱད་པར་དུ་གྱུར་པ་ལ་ཕྲིན་ལས་ཀྱི་བཀའ་གཏད་ལས་མཐའི་དངོས་གྲུབ་སྦྱིན་པ་ནི། དཔོན་སློབ་གཉིས་ཀའི་བར་མེ་ཐབ་དང་བསྲེག་རྫས་རྣམས་བཤམ། ཁྱད་པར་འཕྲིན་ལས་ཀྱི་གནང་བ་སྦྱིན་པ་ལ་ངེད་ཀྱིས་བརྗོད་པའི་ཚིག་རིས་དང་མཐུན་པར་དམིགས་པ་ལྷན་ཅིག་ཏུ་མཛོད། བསྲེག་རྫས་བསང་སྦྱང་། སྟོང་པའི་ངང་ལས་བསྲེག་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དབང་གི་ལས་འགྲུབ་པའི་མཐུ་ལྡན་དུ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྨད་འཚོང་མ་སོགས་ཀྱི་ལག་ནས་བྱུང་བའི་མེ་སྦར་ལ། རཾ་ཛྭ་ལ་རཾ། ཐབ་བསང་སྦྱང་། སྟོང་པའི་ངང་ལས་དབང་གི་ཐབ། །དམར་པོ་ཟླ་གམ་རྒྱ་ཕྱེད་དབང་། །རབ་གསལ་དྭངས་ཤིང་འོད་ཟེར་འཕྲོ། །ལྕགས་ཀྱུ་པདྨའི་རྣམ་པས་མཚན། །དེ་དབུས་ཡེ་ཤེས་མེ་དཔུང་ཀློང་། ཁམས་གསུམ་དབང་མཛད་ཛམྦྷ་ལ། །ནོར་བདག་གནོད་སྦྱིན་ལྕམ་དྲལ་ཆེ། །རྒྱན་དང་ཆ་བྱད་ཡོངས་རྫོགས་ལ། །ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་བསྟིམ། །སྒོ་གསུམ་དང་བས་ཕྱག་འཚལ་ཞིང་། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཆོད། །དབང་མཛད་དབང་གི་དངོས་གྲུབ་སྩོལ། །བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི། ཞེས་སྨན་གཏོར་རཀྟ་འབུལ། དེ་ནས་ཏིལ་མར་དང་བསྲེག་རྫས་རྣམས་སྙིང་པོའི་མཐར། ཨ་ནྲྀ་པཱ་ཤཾ་ཀུ་རུ་ཧོཿ ཞེས་བཏགས་པ་ཉེར་གཅིག་སོགས་སློབ་དཔོན་དང་ལྷན་ཅིག་པས་ཕུལ། མཐར་དམིགས་བྱའི་རཱུ་པ་ལ་བདེན་སྟོབས་བརྗོད་ཅིང་ནན་གྱིས་བཀུགས་ལ། ཁམས་གསུམ་འགྲོ་བ་ཀུན་གྱི་བླ་ཡིད་སྲོག་གསུམ་དཔལ་འབྱོར་ལོངས་སྤྱོད་དང་བཅས་པ་དམིགས་བྱའི་རཱུ་པ་ལ་བསྟིམས་པས། དྭངས་མ་བདེ་ཆེན་བདུད་རྩི་དམར་པོའི་རང་བཞིན་དུ་ལྟེམ་གྱིས་ཞུ་བ་མེ་དཀྱིལ་ལྷ་ལ་ཕུལ་བས་མཉེས་ཤིང་ཚིམས། དེའི་ཐུགས་ཀ་ནས་འོད་དམར་ལྕགས་ཀྱུའི་རྣམ་པ་སྐར་མདའ་ལྷུང་བ་ལྟར་འཇིག་རྟེན་ཐམས་ཅད་དུ་སོང་བས། སྲིད་པ་གསུམ་གྱི་འགྲོ་བ་ཕོ་མོ་འདོད་པའི་གནས་ཡུལ་ལོངས་སྤྱོད་དང་བཅས་པ་དུང་ཞིང་ཆགས་ཏེ་རང་དབང་བརྟན་པ་དང་བྲལ་ནས་བདག་དང་སློབ་མར་བཅས་པའི་མདུན་དུ་བཀུག་པ་དང་། སྐུའི་ཆ་ཤས་ཐམས་ཅད་ནས་ཀྱང་རིན་པོ་ཆེའི་ཆར་འཛད་མེད་དུ་ཕབ་ནས་བདག་ལ་བསྩལ་བས་ཁམས་གསུམ་སྲིད་པ་གསུམ་ལ་མངའ་དབང་སྒྱུར་ཅིང་འདོད་རྒུའི་དངོས་གྲུབ་ཀྱི་གཏེར་ཆེན་པོ་ལ་ལོངས་སྤྱོད་པའི་མོས་པ་མཛོད། ཅེས་བརྗོད་ལ་གོང་གི་སྔགས་ཀྱིས་གཟུགས་ལིང་དང་། ཁྱད་པར་གྱི་བསྲེག་རྫས་སོགས་ཀྱང་གང་འཛོམ་དབུལ། དབང་མཛད་ཆེན་པོ་འཁོར་དང་བཅས་པས་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ལོངས་སྤྱོད་སྐྱེ་དགུ་མཆོག་དམན་བར་མ་ཐམས་ཅད་བདག་ལ་ཡིད་རབ་ཏུ་ཆགས་པར་མཛོད་ཅིག །ཡིད་རབ་ཏུ་བསྒྱུར་བར་མཛད་དུ་གསོལ། པཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་འདོད་དོན་གསོལ། ཡིག་བརྒྱ་དང་ནོངས་བཤགས་བརྗོད། བཛྲ་མུཿས། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་རླུང་དང་བསྡོངས་ཏེ་རང་རང་གི་སྣ་བུག་གཡོན་ནས་ཞུགས། ལྟེ་འོག་འདུས་མདོའི་ཙཎྜ་ལཱིར་ཐིམ་པས་དངོས་གྲུབ་ཐོབ་པར་གྱུར་པར་མོས་ཤིག །ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དེས་སྤྲུལ་པའི་གཏེར་ཆེན་ཆོས་རྗེ་གླིང་པའི་ཟབ་གཏེར་ཛམ་དམར་གསང་སྒྲུབ་ཀྱི་བཀའ་གཏད་རྗེས་གནང་ཐུན་མོང་དང་། ཐུན་མོང་མ་ཡིན་པ། ལེགས་པར་ཐོབ་པ་ཡིན་པས། རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། བྱེ་བྲག་ཏུ་དངོས་གྲུབ་ལས་ཐོབ་པའི་ནོར་རྫས་གང་བྱུང་སེར་སྣས་མ་བཅིངས་པར་ཆ་གཅིག་བླ་མ་དང་དཀོན་མཆོག་ལ་ཕུལ། ཆ་གཅིག་དབུལ་ཕོངས་གཙོ་བོར་གྱུར་པའི་འགྲོ་བ་ལ་སྦྱིན། ཆ་གཅིག་སྡིག་དང་མ་འདྲེས་པར་རང་གིས་ལོངས་སྤྱད་ཅིང་། ཉ་སྟོང་ལ་སོགས་པའི་དུས་གཉན་ཁྱད་པར་ཅན་དང་། རྒྱལ་ཕུར་འཛོམ་པའི་དུས་ལ་ནོར་ལྷ་འདི་ཉིད་ཀྱི་གཏོར་མཆོད་བཟང་པོ་ཆག་མེད་དུ་དབུལ་བ་སོགས་གནད་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སོགས་སྤྱི་ལྟར་བྱའོ། །གསུམ་པ་རྗེས་ནི། དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་པ་དང་གཏོར་མ་འབུལ་ཞིང་བསྟོད་པ་དང་ཕྲིན་ལས་བཅོལ། ཡིག་བརྒྱ་ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས། མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། ཤིས་བརྗོད་སྨོན་ལམ་མཆོད་ཕྲིན་ལྟར་བྱས་པས་འགྲུབ་བོ། །སྙིང་པོའི་བསྟན་འཛིན་ཆོས་ལྡན་སྐྱེ་བོ་རྣམས། །དཔལ་འབྱོར་ནམ་མཁའི་མཛོད་ལ་དབང་བསྒྱུར་བའི། །ཆ་རྐྱེན་ཉིད་གྱུར་སྦྱིན་སོགས་ཕ་རོལ་ཕྱིན། །འགྲོ་ཀུན་འཕྲལ་དང་ཡུན་གྱི་དབུལ་སེལ་ཤོག །ཅེས་པ་འདིའང་གཏེར་གཞུང་ཕྱག་ལེན་འདེབས་དཀའ་བས་བརྒྱུད་པ་གོང་མའི་མན་ངག་མ་ནོར་བའི་རྗེས་སུ་འབྲངས་ཏེ། ཤྲཱི་དེ་བཱི་ཀོ་ཊིའི་དགའ་ཚལ་དུ་པདྨ་གར་དབང་བསྟན་གཉིས་གླིང་པ་རྩལ་གྱིས་འདུས་གསལ་དུ་བསྡེབས་པ་དགེ་ལེགས་འཕེལ།། །།
རྩ་གསུམ་ཚེའི་ཟབ་པའི་ཆ་ལག་རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་གཏོར་ཟློག་འགལ་རྐྱེན་ཀུན་སེལ་ (Volume 47, Text 58)
༄༅། །རྩ་གསུམ་ཚེའི་ཟབ་པའི་ཆ་ལག་རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་གཏོར་ཟློག་འགལ་རྐྱེན་ཀུན་སེལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཏྲི་མཱུ་ལ་ཡ། རྒྱལ་བའི་གཙུག་ཏོར་ལས་འཁྲུངས་པའི། །རིག་སྔགས་རྒྱལ་མོར་གུས་བཏུད་དེ། །བྱད་སྟེམས་ལ་སོགས་མི་མཐུན་ཕྱོགས། །ཟློག་བྱེད་ཟབ་མོའི་ལས་འདི་བརྩམ། །བྱད་ཕུར་རྦོད་གཏོང་གཙོ་བོར་གྱུར་པའི་འགལ་རྐྱེན་ཟློག་པ་ལ་ཤིན་ཏུ་ཟབ་པ་གཙུག་ཏོར་གདུགས་དཀར་མོའི་གཟུངས་མདོའི་འབྱུང་ཁུངས་བྱ་རྒྱུད་ཡིན་ཡང་། འདིར་སྔགས་ཀྱི་སྟོན་པ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་བཀའ་གསང་བླ་མེད་ལུགས་སུ་བཀྲལ་པའི་གཏོར་ཟློག་བྱ་བའི་རིམ་པ་ལ་དོན་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི་ཚེས་གྲངས་གཟའ་སྐར་དྲག་པོའི་ལས་ལ་བསྔགས་པའི་དུས་སུ། གོང་དུ་རྩ་བ་གསུམ་གྱི་མཆོད་གཏོར་བཤམ། མདུན་དུ་ལས་དཀྱིལ་གྲུ་གསུམ་མཐིང་ནག་བྲིས་པའི་སྟེང་ཧོམ་ཁུང་དུ་དགྲ་བགེགས་ལིངྒ་བཅུག །དེ་སྟེང་ལྕགས་སྣོད་དུ་འབྲུ་ནག་གི་ཕྱེ་ལ་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་ཁྲུ་གང་པ་ལ་འཁོར་ཟུར་གསུམ་བཞིས་བསྐོར་བ་ལ་མེ་རི་དང་དར་ནག་གི་འཕུར་ལྡིང་སོགས་དྲག་རྒྱན་རྔམ་བརྗིད་ལྡན་པ་བྱ། གཏོར་ཆུང་ངམ་མཐེབ་ཀྱུ་གྲངས་ངེས་མེད་པས་མཐའ་བསྐོར་ཅིང་རྩང་དང་མཚེ་ཡུངས་གཟུག །ཟོར་ཀོང་གྲུ་གསུམ་དགུའི་ནང་དུ་ཡུངས་དཀར། དུར་རྡོ། མདའ། རྩང་། ཐོད་སྐམ། མཚེ། ཁྲོམ། དུག་སྣ། ཁྲག་སྣ་རྣམས་སོ་སོར་བླུགས་པ་སྣོད་གཅིག་ཏུ་བཞག །ཟློག་པའི་མདུན་དུ་སྨན་རཀ་དང་དྲག་པོའི་མཆོད་པ་བཤམ། ཚོགས་གཏོར་སོགས་ཕྲིན་ལས་ལ་དགོས་པ་རྣམས་ཀྱང་ཚོགས་པར་བྱའོ། །དེ་ནས་ཐོག་མར་བདག་བསྐྱེད་ནི། ཚིག་བདུན་དང་བརྒྱུད་འདེབས་གཏང་། དཀར་གཏོར་འབུལ། སྐྱབས་སེམས་ཡན་ལག་བདུན་པ་བྱ། བགེགས་གཏོར་བསྔོས་ལ་སྤྱི་ཆིངས་ལྟར་མཚམས་གཅོད་ནས་མཆོད་པ་བྱིན་རླབས་གྲུབ་མཚམས། རྩ་གསུམ་ཚེ་ཟབ་ཀྱི་ལས་བྱང་གཏང་། བསྙེན་པ་ཅི་འགྲུབ་མཐར་སྟོང་ཚིགས་ཕུལ། སླར་དཀྱིལ་འཁོར་དེ་ཉིད་གནས་འགྱུར་བའི་ཚུལ་གྱིས་བདག་བསྐྱེད་འདི་ཉིད་ཀྱི་སྒྲུབ་ཐབས་མངོན་རྟོགས་ནས་བསྟོད་པའི་བར་གཏང་། བསྙེན་དམིགས་གསལ་གདབ་ལ་བཟླས་པ་ཅི་འགྲུབ་དང་། སྲུང་བའི་དམིགས་བཟླས་བྱས་ལ། མདུན་བསྐྱེད་གསལ་གདབ་པ་ནི། རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རླུང་ཆུ་འཕྲོས། གཏོར་མའི་དངོས་འཛིན་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་གཏོར་སྣོད་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་ཤིང་འཇིགས་སུ་རུང་བའི་རྒྱན་དང་བཀོད་པས་སྤྲས་པའི་དབུས་སུ། པདྨ་དང་ཉི་མའི་གདན་ལྔ་ཚོམ་གྱི་དབུས་སུ་ཨོཾ་ལས་རྡོ་རྗེ་ཁྲོ་མོ་དཀར་མོ་ཕྱག་གཡས་པས་རྡོ་རྗེས་མཚན་པའི་དབྱུག་པ་ཕྱར་ཅིང་། གཡོན་པས་ཞགས་པ་དང་གདུགས་དཀར་པོ་དཀུར་བརྟེན་པའི་ཚུལ་གྱིས་འཛིན་པ། ཤར་དུ་བདེ་གཤེགས་ཁྲོ་མོ་སྨུག་ནག་གཡས་པས་འཁོར་ལོས་མཚན་པའི་དབྱུག་པ། གཡོན་པས་ཞགས་པ་དང་གདུགས་སྨུག་ནག་འཛིན་པ། ལྷོར་རིན་ཆེན་ཁྲོ་མོ་སེར་མོ་གཡས་པས་རིན་པོ་ཆེས་མཚན་པའི་དབྱུག་པ། གཡོན་པས་ཞགས་པ་དང་གདུགས་སེར་པོ་འཛིན་པ། རྒྱབ་ཏུ་པདྨ་ཁྲོ་མོ་དམར་མོ་གཡས་པས་པདྨས་མཚན་པའི་དབྱུག་པ། གཡོན་པས་ཞགས་པ་དང་གདུགས་དམར་པོ་འཛིན་པ། བྱང་དུ་ལས་ཀྱི་ཁྲོ་མོ་ནག་མོ་གཡས་པས་རལ་གྲིས་མཚན་པའི་དབྱུག་པ། གཡོན་པས་ཞགས་པ་དང་གདུགས་ནག་པོ་འཛིན་པ། གཙོ་འཁོར་ཐམས་ཅད་ཁྲོ་མོའི་ཚུལ་ཅན་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པ། དེ་བཞིིན་གཤེགས་པ་རིགས་ལྔས་དབུ་བརྒྱན་ཅིང་ཞབས་གཉིས་བཞེངས་པའི་སྟབས་ཀྱིས་མེ་ཕུང་མཚོན་ཆ་འཁྲུགས་པའི་ཀློང་ན་འགྱིང་བ། སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱི་རོལ་གྱི་འཁོར་ཡུག་ཏུ་ཕྱོགས་སྐྱོང་བཅུ་སོགས་གཙང་རིས་ཀྱི་དཔལ་མགོན། གཞན་ཡང་དམ་ཚིག་ལ་གནས་ཤིང་བསྟན་པ་ལ་དགའ་བའི་འབྱུང་པོའི་ཚོགས་རྣམས་ཀྱིས་བསྐོར་བ། གཏོར་རྒྱུ་འདོད་ཡོན་ལྔའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བར་ཁྱམས་ཀུན་ཏུ་འཁྲིགས་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འོག་མིན་ཆོས་ཀྱི་དབྱིངས་དང་སྟེང་ཕྱོགས་དགའ་ལྡན་ལྷའི་ཡུལ་ནས་གཙུག་ཏོར་རྒྱལ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ནི། ཧཱུྃ༔ རང་བཞིན་གནས་མཆོག་དམ་པ་དང༔ འོག་མིན་གནས་དང་དགའ་ལྡན་ནས༔ རྡོ་རྗེ་ལྷ་མོ་འཁོར་དང་བཅས༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ སྐྱོབ་པ་ཤཱཀྱ་སེང་གེ་ཡི། །གཙུག་ཏོར་འོད་ཀྱི་འཕྲོ་འདུ་ལས། །འཁྲུངས་པའི་ལྷ་མོ་སྟོབས་ཆེན་མོ། །རིག་པའི་རྒྱལ་མོ་གཤེགས་སུ་གསོལ། །དེ་བཞིན་རིགས་ཀྱི་གདུགས་སྨུག་མོ། །ལྷ་གདོན་བཟློག་ཕྱིར་གཤེགས་སུ་གསོལ། །རྡོ་རྗེ་རིགས་ཀྱི་གདུགས་དཀར་མོ། །ཀླུ་གདོན་བཟློག་ཕྱིར་གཤེགས་སུ་གསོལ། །རིན་ཆེན་རིགས་ཀྱི་གདུགས་སེར་མོ། །གནོད་སྦྱིན་བཟློག་ཕྱིར་གཤེགས་སུ་གསོལ། །པདྨ་རིགས་ཀྱི་གདུགས་དམར་མོ། །རྒྱལ་གདོན་བཟློག་ཕྱིར་གཤེགས་སུ་གསོལ། །ལས་ཀྱི་རིགས་ཀྱི་གདུགས་ནག་མོ། །རྦོད་གཏོང་བཟློག་ཕྱིར་གཤེགས་སུ་གསོལ། །སྔོན་ཚེ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །རྒྱལ་ཆེན་དཔལ་མགོན་འབྱུང་པོའི་ཚོགས། །གདོན་བགེགས་བཟློག་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ པདྨ་ཉི་མའི་གདན་སྟེང་དུ༔ ཕྱིར་ཟློག་ཆེན་མོ་བཅོམ་ལྡན་འདས། །གཙུག་ཏོར་རིགས་ལྔ་རྒྱལ་ཆེན་སོགས། །འཁོར་དང་བཅས་པ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། རྒྱལ་བའི་གཙུག་ཏོར་ལས་འཁྲུངས་པ། །དེ་བཞིན་གཤེགས་མ་གདུགས་དཀར་མོ༔ རིགས་བཞི་འཁོར་གཡོག་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ན་མོ་ན་མཱ་མི༔ ཕྱི་མཆོད་འབུལ་བ་ནི། ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ དགྲ་བགེགས་ཐམས་ཅད་བསྒྲལ་པ་ཡི༔ དབང་པོ་ནང་རོལ་དྲི་ང་བ༔ རྣམ་ཤེས་ཁྲག་དང་ཤ་རུས་ཟས༔ རྐང་གླིང་ཐོད་རྔའི་སྒྲ་རྣམས་ནི༔ ཁྲོ་མོ་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་འབུལ་བ་ནི། ཧཱུྃ༔ དུག་ལྔ་རྣམ་དག་སྨན་ཆེན་པོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ རྨད་བྱུང་བདུད་རྩིའི་མཆོད་པ་འདི༔ ཁྲོ་མོ་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ལྕང་ལོར་བཅས་པའི་བྷནྡྷ་རུ༔ དགྲ་བགེགས་བསྒྲལ་པའི་དོན་སྙིང་ཁྲག༔ དམར་ཆེན་རྦ་རླབས་མཁའ་ལ་འཕྱོ༔ ཁྲོ་མོ་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་གཏོར་མ་སྦྱར༔ འདོད་ཡོན་རྣམ་ལྔས་རབ་སྤྲས་པ༔ ཁྲོ་མོ་འཁོར་དང་བཅས་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསང་མཆོད་འབུལ་བ་ནི། ཧཱུྃ༔ བདེ་སྟོང་གཉིས་མེད་རབ་སྦྱོར་ཞིང༔ གདུགས་པའི་དགྲ་བགེགས་སྒྲོལ་བ་ཡི༔ བླ་མེད་གསང་བའི་ཚོགས་མཆོད་འདི༔ ཁྲོ་མོ་འཁོར་དང་བཅས་ལ་འབུལ༔ གཉིས་སུ་མེད་པར་ཐིམ་གྱུར་ནས༔ ཀ་དག་ཀློང་དུ་གྲོལ་བར་ཤོག༔ ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ། གཙུག་ཏོར་ལས་འཁྲུངས་རྡོ་རྗེའི་རིགས། །ཕྱིར་ཟློག་ཆེན་མོ་རིག་སྔགས་རྒྱལ། །ཞི་བའི་ལས་མཛད་གདུགས་དཀར་མོ། །ཕྱག་རྒྱའི་ཚོགས་དང་བཅས་ལ་བསྟོད། །གཙུག་ཏོར་ལས་འཁྲུངས་བདེ་གཤེགས་རིགས། །ཕྱིར་ཟློག་ཆེན་མོ་རིག་སྔགས་རྒྱལ། །ལྷུན་གྲུབ་ལས་མཛད་གདུགས་སྨུག་མོ། །ཕྱག་རྒྱའི་ཚོགས་དང་བཅས་ལ་བསྟོད། །གཙུག་ཏོར་ལས་འཁྲུངས་རིན་ཆེན་རིགས། །ཕྱིར་ཟློག་ཆེན་མོ་རིག་སྔགས་རྒྱལ། །རྒྱས་པའི་ལས་མཛད་གདུགས་སེར་མོ། །ཕྱག་རྒྱའི་ཚོགས་དང་བཅས་ལ་བསྟོད། །གཙུག་ཏོར་ལས་འཁྲུངས་པདྨའི་རིགས། །ཕྱིར་ཟློག་ཆེན་མོ་རིག་སྔགས་རྒྱལ། །དབང་གི་ལས་མཛད་གདུགས་དམར་མོ། །ཕྱག་རྒྱའི་ཚོགས་དང་བཅས་ལ་བསྟོད། །གཙུག་ཏོར་ལས་འཁྲུངས་ལས་ཀྱི་རིགས། །ཕྱིར་ཟློག་ཆེན་མོ་རིག་སྔགས་རྒྱལ། །དྲག་པོའི་ལས་མཛད་གདུགས་ནག་མོ། །ཕྱག་རྒྱའི་ཚོགས་དང་བཅས་ལ་བསྟོད། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །གཙང་རིས་དཔལ་མགོན་འབྱུང་པོའི་ཚོགས། །བསྟན་པ་སྲུང་ཞིང་དཀར་ཕྱོགས་སྐྱོང་། །འཁོར་དང་བཅས་པ་རྣམས་ལ་བསྟོད། །བཟླས་པ་བྱ་བ་ནི། མདུན་བསྐྱེད་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོའི་མཐར་སྔགས་ཕྲེང་གཡོན་དུ་བསྐོར་པ། བདག་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འཕགས་པ་རྣམས་མཆོད་ཅིང་སེམས་ཅན་གྱི་དོན་བྱས། རྒྱལ་བ་རྣམས་ཀྱི་བྱིན་རླབས་བསྡུས་ནས་ཐིམ་པས་མཐུ་སྟོབས་གཟི་བརྗིད་རབ་ཏུ་འབར་བར་གྱུར། ཅེས་དམིགས་ལ་སྙིང་པོ་ཅི་འགྲུབ་བཟླ། སླར་ཡང་ཐུགས་ཀའི་སོགས་ཀྱིས་ཏིང་འཛིན་གསལ་གདབ་ལ་སྲུང་སྔགས་བཟླ། སླར་ཡང་མདུན་བསྐྱེད་ཀྱི་སྐུ་ལས་སྤྲུལ་པའི་ཁྲོ་མོ་དཔག་ཏུ་མེད་པ་འཕྲོས། གནོད་བྱེད་དགྲ་བགེགས་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡོ་རྗེའི་ཞགས་པས་བཅིང་། ཐོ་བས་བརྡུང་། ཕུར་བུས་བཏབ། ཕྱག་རྒྱས་ལྡང་མེད་དུ་མནན་པར་གྱུར། ཅེས་དམིགས་ལ། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀཱ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། པ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་རི་ཏཱ་ཡ་ཕཊ། ཨ་སུ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། པ་ར་བི་དྲཱ་པ་ཎ་ཀ་རཱ་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ནཱ་གེ་བྷྱཿཕཊ། སརྦ་རཱཀྴ་སི་བྷྱཿཕཊ། སརྦ་བྷཱུ་ཏེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་པི་ཤཱ་ཙེ་བྷྱཿཕཊ། སརྦ་ཀུམྦྷ་ཎྜེ་བྷྱཿཕཊ། སརྦ་པཱུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པཱུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡྷེ་བྷྱཿཕཊ། སརྦ་ཨུནྨཱ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པསྨཱ་རེ་བྷྱཿཕཊ། སརྦ་ཨོསྟཱ་ར་གེ་བྷྱཿཕཊ། སརྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦ་རེ་བ་ཏཱི་བྷྱཿཕཊ། སརྦ་ཡ་མ་ཡེ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མཱ་ཏྲྀ་ནནྡི་ཀེ་བྷྱཿཕཊ། སརྦ་སྐམྦུ་ཀི་མ་ནེ་བྷྱཿཕཊ། སརྦ་ཨ་ལམ་བ་ཀེ་བྷྱཿཕཊ། སརྦ་ཀ་ཏ་ད་ནེ་བྷྱཿཕཊ། སརྦ་གནྡྷྱྥ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་མ་རུ་ཏེ་བྷྱཿཕཊ། སརྦ་ཀིནྣ་རེ་བྷྱཿཕཊ། སརྦ་ག་རུ་ཌེཿབྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཿཕཊ། སརྦ་དུཿཔྲེཀྵི་ཏེ་བྷྱཿཕཊ། སརྦ་ཛྭ་རེ་བྷྱཿཕཊ། སརྦ་བྷ་ཡེ་བྷྱཿཕཊ། སརྦ་ཨུ་པ་དྲ་བེ་བྷྱཿཕཊ། སརྦ་ཨུ་པ་སརྒེ་བྷྱཿཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཎཱ་ཀཱ་ཁོརྡེ་བྷྱཿཕཊ། སརྦ་ཀི་ར་ཎ་བཻ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཥ་ཀ་དུཤྩྩྱྠི་ཏེ་བྷྱཿཕཊ། སརྦ་དུརྦྷུཀྟེ་བྷྱཿཕཊ། སརྦ་ཏཱིརྠི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎི་བྷྱཿཕཊ། སརྦ་པཱ་ཏ་ཀེ་བྷྱཿཕཊ། སརྦ་བིདྱཱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷུ་ཀ་ར། སརྦ་ཨརྠ་སཱ་དྷ་ཀེ་བྷྱོ། བིདྱཱ་ཙ་རེ་བྷྱཿཕཊ། ཙ་ཏུརྦྷྱོ་བྷ་གི་ནཱི་བྷྱཿཕཊ། བཛྲ་ཀཽ་མཱ་རཱི་ཡེ་བྷྱཿཕཊ། བིདྱཱ་ར་ཛྙཱི་ཡེ་བྷྱཿཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿཕཊ། བཛྲ་ཤྲྀཾ་ཁ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲྀ་ག་ཎ་ན་མསྐྲྀ་ཏཱ་ཡ་བྷྱཿཕཊ། བིཥྞ་བཱི་ཡེ་ཕཊ། བྲཧྨ་ཎཱི་ཡེ་ཕཊ། མ་ཧོ་ཤཱ་རཱི་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཙ་མུཎྜཱི་ཡེ་ཕཊ། ཀཽ་མ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཨིནྡྲཱི་ཡེ་ཕཊ། ཨགྣ་ཡེ་ཕཊ། ཡ་མཱ་ཡེ་ཕཊ། ནིྱྱི་ཏཱི་ཡེ་ཕཊ། བ་རུ་ཎཱ་ཡཻ་ཕཊ། མ་རུ་ཏཱི་ཡཻ་ཕཊ། སཽ་མཱ་ཡཻ་ཕཊ། ཨཱི་ཤཱ་ནཱི་ཡཻ་ཕཊ། ཀཱ་ལ་དཎྜཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། རཱ་ཏྲཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་བཱ་སི་ནཱི་ཡེ་ཕཊ། ལན་གསུམ་མམ་ཅི་ནུས་བཟླས་ལ་མཐར། སེམས་ཅན་གང་སུ་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང་། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང་། གཟི་བྱིན་འཕྲོག་པ་རྣམས་དང་། འབྱུང་པོ་གདོན་གྱི་རིགས་ཐམས་ཅད་ཀྱི་གནོད་པ་བཅིང་བར་བགྱི་འོ། །དེ་དག་ཐམས་ཅད་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ། འབྱུང་པོ་རོ་ལངས་མཁའ་འགྲོ་མ་ནད་གདོན་སྲོག་ཆགས་ལ་སོགས་པ་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱི་འོ། །གཟི་བརྗིད་བཅིང་བར་བགྱི་འོ། །གཞན་ཐམས་ཅད་ཀྱི་རིགས་སྔགས་བཅིང་བར་བགྱི་འོ། །མཚམས་བཅིང་བར་བགྱི་འོ། །མཱ་ར་ཡ་ཕཊ། ཅེས་དམོད་པ་བྱ། དེ་ནས་ཆོས་སྐྱོང་སྤྱི་དང་བྱེ་བྲག་སྒྱུ་འཕྲུལ་བཀའ་སྲུང་ལེགས་ལྡན་དང་དྲེགས་པ་སྡེ་ལྔའི་གཏོར་འབུལ་ཟབ་བདུན་སྤྱི་ལྟར་བྱ། ཚོགས་ཀྱི་ཡོ་བྱད་བཤམས་ལ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ༔ ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱང༔ བྷྲཱུྃ་ལས་བྷཉྫ་འབར་བའི་སྣོད་རྣམས་སུ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿལས་བདུད་རྩི་ལྔ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཤ་ལྔ་གསལ༔ རླུང་མེའི་སྦྱོར་བས་འོད་ཞུ་བདུད་རྩིར་འཁྱིལ༔ རླངས་པས་ཡེ་ཤེས་བཅུད་བསྡུས་དེ་ལ་ཐིམ༔ དམ་ཡེ་གཉིས་མེད་ཁ་དོག་དྲི་རོར་ལྡན༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་སྤྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ སྤྱན་འདྲེན་པ་ནི། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ རང་བཞིན་གནས་མཆོག་དམ་པ་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ རང་རང་གར་བཞུགས་གནས་མཆོག་ནས༔ མ་མགོན་ལྕམ་དྲལ་དམ་ཅན་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཚོགས་དང་པོ་མཆོད་པ་ནི། ཧཱུྃ༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་འདི༔ བླ་མ་ཡི་དམ་མཁའ་འགྲོ་མ༔ མ་མགོན་ལྕམ་དྲལ་ལ་སོགས་པའི༔ དམ་ཅན་རྒྱ་མཚོ་རྣམས་ལ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་སྐོང་བཤགས་ནི། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ་རྩ་གསུམ་སྤྱི་བསྐང་གང་རུང་གཏང་ཡང་ཆོག་ལ། སྤྲོས་ན་སྒེར་བསྐང་ནི། ཧཱུྃ། ཆོས་དབྱིངས་བདེར་གཤེགས་གཙུག་ཏོར་ལས། །ཐུགས་རྗེའི་དབང་གིས་སྐུར་བཞེངས་པ། །རིག་པའི་རྒྱལ་མོ་འཁོར་བཅས་རྣམས། །ཐུགས་དམ་བསྐང་ཕྱིར་གནས་འདིར་གཤེགས། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །བདུད་རྩི་སྨན་དང་རཀྟའི་མཚོ། །བཟའ་བཅའི་གཏོར་མ་ཛ་གད་ཕུད། །རྒྱན་གོས་ཡོ་བྱད་གོ་མཚོན་རིགས། །ག་ཎ་ཚོགས་ཀྱི་ལོངས་སྤྱོད་ཆེ། །བདེ་སྟོང་གཉིས་མེད་སྦྱོར་བ་དང་། །གཉིས་འཛིན་རྣམ་རྟོག་བསྒྲལ་མཆོད་སོགས། །མཉམ་ཉིད་ལྟ་བའི་དགོངས་པ་ཡིས། །འཁོར་འདས་ཀུན་ཁྱབ་མཆོད་སྤྲིན་སྤེལ། །དགྱེས་པ་མཆོག་གི་དམ་ཚིག་འདིས། །རིག་འཛིན་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོའི་ཐུགས་དམ་བསྐང་། །རིགས་སྔགས་རྒྱལ་མོ་ཕྱིར་ཟློག་ཆེ། །རྡོ་རྗེ་གཙུག་ཏོར་གདུག་དཀར་མོ། །བདེ་གཤེགས་རིན་ཆེན་པདྨ་ལས། །ཕྱག་རྒྱའི་ཚོགས་བཅས་ཐུགས་དམ་བསྐང་། །བཀའ་ཉན་ལེགས་ལྡན་མཆེད་གསུམ་དང་། །དཔལ་ལྡན་རྒྱལ་པོ་ཆེན་པོ་བཞི། །གཙང་རིས་མགོན་པོ་འབྱུང་པོའི་ཚོགས། །སྤྲུལ་འཁོར་བཅས་པའི་ཐུགས་དམ་བསྐང་། །རྡོ་རྗེ་ཡངས་པ་ཆེན་པོ་ཡི། །ས་གསུམ་དཀྱིལ་འཁོར་དབང་མཛད་མ། །གདུགས་དཀར་འཛིན་མ་ཕྱག་རྒྱའི་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ཀྱི། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས། །རྩ་བ་ཡན་ལག་དམ་ཚིག་ལ། །འགལ་འཁྲུལ་ཉམས་ཆག་གང་མཆིས་རྣམས། །སྙིང་ནས་བཤགས་སོ་ཚངས་པར་གསོལ། །ཕྱི་ནང་གསང་བའི་བར་ཆད་དང་། །བྱད་ཕུར་རྦོད་གཏོང་མི་མཐུན་ཕྱོགས། །འགལ་རྐྱེན་ཐམས་ཅད་ཟློག་ཏུ་གསོལ། །ཐུན་མོང་ལས་བཞི་གྲུབ་པ་བརྒྱད། །མཐར་ཐུག་བདེ་སྟོང་ཕྱག་རྒྱ་ཆེའི། །དངོས་གྲུབ་མྱུར་དུ་སྩོལ་བར་མཛོད། །བཤགས་པ་ནི། ཧཱུྃ༔ ཐོག་མེད་དུས་ནས་བསགས་པ་ཡི༔ མ་རིག་ཉམས་ཆག་འགལ་འཁྲུལ་རྣམས༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཡིག་བརྒྱ་བརྗོད། ༈ གཉིས་པ་དངོས་གཞི་ལས་ཀྱི་སྦྱོར་བའི་དང་པོ་གདབ་ཁའི་ལས་རིམ་ལ། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་ཚོགས༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ གསེར་སྐྱེམས་གཏོང་བ་ནི། ཕུད་སྣོད་སྐྱེམས་ཀྱིས་བཀང་ལ། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གསུམ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་གཙུག་ཏོར་གདུགས་དཀར་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ དཔང་གཟུག་པ་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་མོ༔ རྒྱུད་གསུམ་དྲེགས་པའི་དཔུང་དང་བཅས་པ་རྣམས༔ མ་གཡེལ་མ་གཡེལ་གཟུ་དང་དཔང་མཛོད་ཅིག༔ བདག་གིས་བྱང་ཆུབ་ལམ་ལ་རབ་ཞུགས་ཏེ༔ སངས་རྒྱས་བསྟན་པ་རིན་ཆེན་སྤེལ་བ་ལས༔ འགྲོ་ལ་ཕན་བདེ་བགྱིད་པར་དམ་བཅས་ཀྱང༔ དམ་ཉམས་དགྲ་དང་བགེགས་ཀྱིས་བར་ཆོད་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་མི་གཟིགས་སམ༔ སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ༔ ཞིང་བཅུ་ཚང་བའི་དགྲ་བགེགས་བརླག་པའི་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཧོམ་དང་དམིགས་བྱ་བསྐྱེད་པ་ནི། རང་གི་མདུན་དུ་བྲུབ་ཁུང་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་གཞི་གསེར་གྱི་ས་གཞི་ལ་ཐུག་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པའི་ཕྱི་རོལ་དུ་བཀའ་སྲུང་དྲེགས་པའི་དམག་ཚོགས་ལས་ལ་རྔམས་པ། དེའི་འོག་ཏུ་ནྲྀ་ཏྲི་ལས་གནོད་བྱེད་གང་ཡིན། ནག་ལ་ཧམ་པ། རྐང་ལག་ལྕགས་སྒྲོག་གིས་བསྡམས་པ། བུ་ག་ཐམས་ཅད་ནས་ཁྲག་འཛག་པ། ཁ་ངུ་བ། མིག་ཤི་མིག །འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་གྱུར། བདེན་སྟོབས་བརྗོད་ཅིང་འགུགས་པ་ནི། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུ་དང་། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་བཀའི་ཕོ་ཉ་དང་བཅས་པའི་བདེན་པ་དང་མཐུ་སྟོབས་ཀྱིས། བདག་ཅག་འཁོར་དང་བཅས་པ་ལ་སྡང་བ་དང་། གདུག་པ་དང་། དྲག་ཤུལ་གྱི་སེམས་དང་ལྡན་པའི་གནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་མྱུར་དུ་ཁུག་ཅིག །ཨོཾ་ཀརྨ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། དགྲ་བགེགས་བྱད་མ་ཨཱ་ཀརྵཱ་ཡ་ཛཿ ཧཱུྃ། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །ཐུགས་རྗེའི་སྤྲུལ་པ་གཙུག་ཏོར་ནི། །སྤྲུལ་པའི་དབུ་སྟོང་སྣ་ཚོགས་མངའ། །སྤྱན་ནི་བྱེ་བ་བརྒྱ་སྟོང་མངའ། །མི་ཕྱེད་འབར་བའི་མཚན་རྟགས་ཅན། །རྡོ་རྗེ་ཡངས་པ་ཆེན་པོ་ནི། །ས་གསུམ་དཀྱིལ་འཁོར་མངའ་མཛད་མ། །རྫུ་འཕྲུལ་ཆེན་མོས་དབང་མཛད་ཅིང་། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་མཐུ་ཡིས་མྱུར་དུ་ཁུག །ཁྱོད་ཀྱི་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ལྕགས་ཀྱུ་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །ལྕགས་ཀྱུ་འབར་བས་སྙིང་ནས་ཁུག །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། །རིན་ཆེན་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ཞགས་པ་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །ཞགས་པ་འབར་བས་དུམ་བུར་ཆིངས། །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། །པདྨ་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་ལྕགས་སྒྲོག་མ། །བར་དུ་གཅོད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། །ལས་ཀྱི་བཀའ་ཡི་ཕོ་ཉ་ནི། །རྡོ་རྗེ་ཁྲོ་མོ་དྲིལ་བུ་མ། །སྡང་བར་བྱེད་པའི་དགྲ་དང་བགེགས། །རྫུ་འཕྲུལ་ཆེན་མོས་མྱུར་དུ་ཁུག །དྲིལ་བུ་འབར་བས་མྱོས་པར་མཛོད། །མྱུར་དུ་བཅོལ་པའི་ཕྲིན་ལས་མཛོད། །ཛཿཧཱུྃ་བཾ་ཧོཿ ཨཾ་ཀུ་ཤ་ཛཿ བཛྲ་པྲ་བེ་ཤ་ཡ་ཕཊཿ ནཱ་ཤ་ཡ་བྷནྡྷ་ཡ་སཏྭམྦྷ་ཡ་མོ་ཧ་ཡ་ཕཊཿ དབྱེ་རྫས་སོགས་དང་སོ་སོའི་ཕྱག་རྒྱས་བསྣུན། ཕུར་བུ་སྟོང་པའི་ངང་ལས་ལས་ཀྱི་ཁྲོ་མོ་ནག་མོ་ཕྱག་གཉིས་ཕུར་བུ་འདྲིལ་ཞིང་སྐུ་སྨད་ཕུར་བུའི་དབལ་གྱིས་དགྲ་བགེགས་ཀྱི་སྙིང་ལ་འདེབས་པར་གྱུར། ལས་ཕུར་འདྲིལ་ཞིང་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས། ཧཱུྃ། ང་ནི་བདེར་གཤེགས་འདུས་པའི་སྐུ །འཇིག་རྟེན་དྲེགས་པ་མ་ལུས་ཀུན། ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །དབལ་དྲག་ཕུར་པ་སྙིང་ལ་ཡ། །སྲོག་རྩ་དམར་པོ་ཆོད་ལ་རེ། །བཀའ་དང་དམ་ལས་མ་འདའ་བར། །བཅོལ་བའི་ཕྲིན་ལས་མྱུར་དུ་མཛོད། །ཧཱུྃ། ཡེ་ཤེས་འཕྲོ་འདུ་དཔལ་གྱི་ཕུར་པ་འདི། །སྐུ་གསུམ་ལྷུན་འགྲུབ་དབལ་དྲག་གདུག་རྩུབ་འབར། །འཕྲོ་འདུ་བརྗིད་པས་དགྲ་བགེགས་མ་ལུས་འདུལ། །བཅངས་པ་ཙམ་གྱིས་ཁམས་གསུམ་དབང་དུ་སྡུད། །མ་བཏབ་རང་བཞིན་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་བརླག་པར་བྱེད། །གཏི་མུག་མུན་པས་གཏིབས་པའི་མགོ་ལ་རྒྱོབ། །ང་རྒྱལ་དྲེགས་པས་འགྱིངས་པའི་ཁ་ལ་རྒྱོབ། །འདོད་ཆགས་ཞེན་པས་གདུངས་པའི་ལྟོ་བར་རྒྱོབ། །ཕྲག་དོག་སེར་སྣས་བཅིངས་པའི་གསང་བར་རྒྱོབ། །དུས་གསུམ་སངས་རྒྱས་ཁྲོ་རྒྱལ་འདུས་པའི་སྐུ །དབལ་དྲག་འབར་བའི་ཕུར་པ་ཆེན་པོ་འདིས། །དགྲ་བགེགས་འབྱུང་པོ་མ་ལུས་ཐལ་བར་རློགས། །གནོད་པར་བྱེད་པ་རྡུལ་ཕྲན་བཞིན་དུ་གཏོར། །གཞན་གྱི་རྦོད་གཏོང་རིགས་སྔགས་ཐམས་ཅད་ཆོད། །ཕུར་བུ་ཡིས་ནི་འབྱུང་པོ་མཱ་ར་ཡ། །ཨོཾ་ཀརྨ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཅེས་དང་། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ། ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཨ་སྥ་ར་ཎ་ཕཊཿ ཕུར་པ་གདབ་ཅིང་ཐུན་རྫས་བཏབ། རྟེན་གཞི་བསྒྲལ་བ་ནི། རལ་གྲིས་གཏུབ་ལ། ཧཱུྃ༔ ཡེ་ཤེས་འབར་བའི་རལ་གྲི་འདིས༔ དམ་ཉམས་དགྲ་བགེགས་ལྔ་ཕུང་རྣམས༔ ཕྱེ་མ་དུམ་བུར་གཏུབས་ནས་ཀྱང༔ ཤ་ཁྲག་དམར་ཆེན་རྒྱ་མཚོར་འཁྱིལ༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཙྪིནྡྷ་ཙྪིནྡྷ་བྷིནྡྷ་བྷིནྡྷ་རྦད་རྦད༔ ཞལ་དུ་བསྟབ་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོ་མོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་དུག་ལྔ་བསྒྲལ་པའི་ཤ་ཁྲག་རུས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞེས་ནས་ཀྱང༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་ལམ་གྱི་བར་ཆད་དབྱིངས་སུ་སྒྲོལ༔ བསྟན་པ་བཤིག་པའི་དགྲ་བགེགས་དཔུང་བཅས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྐབས་འདིར་ཚོགས་ལ་རོལ། ལྷག་མ་བྱིན་རླབས་སྤྱི་ལྟར་བྱས་ལ། ཧཱུྃ༔ ལྷག་ལ་དབང་བའི་དྲེགས་པ་ནི༔ མ་མོ་ལས་བྱེད་ཚོགས་དང་བཅས༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་ཀུན་ཉུལ་ཤ་ཆེན་ཟ༔ ཞིང་ལྤགས་གྱོན་ནས་བྷཉྫ་ཐོགས༔ རལ་པ་གཏིབས་ཤིང་བཤུག་གླུ་ལེན༔ ལེགས་ཉེས་སྟངས་འཛིན་ཕྲིན་ལས་ནི༔ ཐོགས་མེད་སྒྲུབ་པའི་དམ་ཅན་རྣམས༔ ཚོགས་ལྷག་བདུད་རྩི་འདི་གསོལ་ལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྒྲུབ་པོའི་སྡོངས་གྲོགས་མཛད་པ་དང༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ལྷག་མ་རྣམས་ཕྱི་རོལ་དུ་བསྐྱལ་ལོ། །དེ་ནས་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ ཆོས་དབྱིངས་བདལ་བ་ཆེན་པོ་ལས། །ཕྱིར་ཟློག་ཁྲོ་མོའི་སྐུར་སྟོན་པ། །རིག་པའི་རྒྱལ་མོ་གདུགས་དཀར་མོ། །རིགས་ལྔ་ཕྱག་རྒྱའི་ཚོགས་དང་བཅས། །མ་ཧཱ་ཀཱ་ལ་མ་མོའི་ཚོགས། །རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་བཅུ། །འཇིག་རྟེན་ཞབས་འབྲེང་བཅས་པ་ཡིས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །མི་མཐུན་ཕྱོགས་ཀུན་ཟློག་ཏུ་གསོལ། །ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ མཐུ་སྟོབས་གཅིག་ཏུ་བསྡུས་པའི་སྐུ༔ རྡོ་རྗེ་ཁྲོ་མོ་གདུགས་དཀར་མོ༔ རྡོ་རྗེའི་རིགས་ཀྱི་དམོད་པ་ཟློགས༔ དེ་བཞིན་ཁྲོ་མོ་གདུགས་སྔོན་མོ༔ སངས་རྒྱས་རིགས་ཀྱི་དམོད་པ་ཟློགས༔ རིན་ཆེན་ཁྲོ་མོ་གདུགས་སེར་མོ༔ རིན་ཆེན་རིགས་ཀྱི་དམོད་པ་ཟློགས༔ པདྨ་ཁྲོ་མོ་གདུགས་དམར་མོ༔ པདྨའི་རིགས་ཀྱི་དམོད་པ་ཟློགས༔ ཀརྨ་ཁྲོ་མོ་གདུགས་ནག་མོ༔ ལས་ཀྱི་རིགས་ཀྱི་དམོད་པ་ཟློགས༔ རྒྱལ་ཆེན་གཙང་རིགས་ཐམས་ཅད་ཀྱིས༔ འཇིག་རྟེན་དམོད་པ་ཐམས་ཅད་ཟློགས༔ ཆག་ཆེ་ཉམས་ང་བྱད་ཕུར་སོགས། །མི་མཐུན་འགལ་རྐྱེན་བར་ཆད་ཀུན། །ཞིང་བཅུ་ཚང་བའི་དགྲ་ལ་ཟློགས། །ལོག་པར་འདྲེན་པའི་བགེགས་ལ་སྒྱུར། །ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད། །ཅེས་ཚར་མང་དུ་བྱ། སྤྲོ་ན་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པ་འདིའང་སྦྱར་ཏེ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེ་སྨོན་ལམ་མཐུ་བཙན་པས། །བདག་གིས་ཇི་ལྟར་གསོལ་བ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་དང་ལྡན་པར་མཛོད། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་ཟློག །རྟགས་དང་རྟེན་འབྲེལ་ངན་པ་ཟློག །དགྲ་འདྲེ་བསམ་སྦྱོར་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལངས་པ་ཟློག །དཔྲལ་བའི་གཤེད་དུ་བསྐོས་པ་ཟློག །ཕ་མེས་དུར་སྲི་ལངས་པ་ཟློག །མི་ལ་ནད་དུ་གཏོང་བ་ཟློག །ཕྱུགས་ལ་གོད་ཁ་བྱེད་པ་ཟློག །གནམ་གྱི་དལ་ཁ་ཐེབས་པ་ཟློག །ས་ཡི་དུག་མདའ་གཡོས་པ་ཟློག །སྨེ་བ་སྤར་ཁ་ངན་པ་ཟློག །སྐེག་དང་ཕུང་སྲི་ལངས་པ་ཟློག །མདོར་ན་མཐོ་རིས་ཐར་པ་ཡི། །བགེགས་དང་བར་ཆད་ཐམས་ཅད་ཟློག །འཁོར་བ་ངན་སོང་རྒྱུར་གྱུར་པའི། །སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་ཟློག །རིག་སྔགས་རྒྱལ་མོའི་བདེན་སྟོབས་ཀྱིས། །མི་མཐུན་ཕྱོགས་ཀུན་ཟློག་གྱུར་ཅིག །གཤམ་ཅུང་ཟད་གཞན་ལས་བསྐངས་པ་འོ། །དྲག་པོའི་སྔགས་ཀྱི་ཟློག་པ་ནི། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀཱ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་དུཥྚཱན་མཱ་ར་ཡ་བྷྱོ་ཟློག །དགྲ་བགེགས་བྱད་མ་ཐམས་ཅད་མ་ཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག །མཱ་ར་ཡ་ཕཊ། ཅེས་དྲག་ཏུ་བཟླ་འོ། །ཞག་གྲངས་མང་དུ་བྱེད་ན་འདི་མཚམས་ཆོས་སྲུང་གཏོར་སྐྱོང་དང་ཆད་བརྟན་མན་ཆད་ཕྲིན་ལས་རྗེས་ཀྱི་སྤྱི་ཆིངས་ལྟར་བྱས་ལ་མཐར་དབྱུང་ངོ་། ༈ །གསུམ་པ་རྗེས་ཀྱི་བྱ་བ་ལ་སྒྲུབ་ཞག་རྫོགས་པའི་སྐབས་སྔགས་ཟློག་གྲུབ་པ་དང་སློབ་དཔོན་དྲག་པོའི་ཆས་སུ་ཞུགས། སྙིང་པོའི་མཐར། ཧཱུྃ་ཕཊ་ཛཿ ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཅེས་མོས་ལ་ཐུགས་དམ་བསྐུལ་བ་ནི། ཧཱུྃ། ཆོས་དབྱིངས་དབང་དྲག་རོལ་པའི་ཞིང་རྣམས་ནས། །བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ལྷ། །མཁའ་འགྲོ་ཆོས་སྐྱོང་མཐུ་རྩལ་ལྡན་པ་ཀུན། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ཤིག །འོག་མིན་གནས་དང་དགའ་ལྡན་ལྷ་ཡུལ་ནས། །རྒྱལ་བའི་གཙུག་ཏོར་ལས་བྱུང་གདུགས་དཀར་མོ། །ཕྱིར་ཟློག་ཆེན་མོ་གཞན་གྱིས་མི་ཐུབ་མ། །རིགས་བཞིའི་ཁྲོས་མ་ཕྱག་རྒྱའི་ཚོགས་དང་བཅས། །རྡོ་རྗེའི་རིགས་ཀྱི་ཕོ་ཉ་བྱེ་བ་ཕྲག །ལེགས་ལྡན་མཆེད་གསུམ་རྒྱལ་ཆེན་དཔལ་མགོན་དང་། །འབྱུང་པོའི་འཁོར་ཚོགས་བཀའ་སྡོད་དམག་གི་དཔུང་། །ཐུགས་དམ་མ་གཡེལ་དྲག་པོའི་སྐུར་བཞེངས་ལ། །རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག །སྲི་སྐེག་ལྟས་ངན་བྱད་ཕུར་རྦོད་གཏོང་སོགས། །བར་ཆད་རྐྱེན་ངན་ཐམས་ཅད་ཕྱིར་ལ་ཟློགས། །དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་བཞིན་རློགས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་བསྐུལ། སྤྱི་ཆིངས་ལྟར་ཆད་མདོ་བསྒྲག །ཟོར་བསྐུལ་ནི། ཧཱུྃ༔ དྲག་པོ་ཟོར་གྱི་དཔུང་ཚོགས་དབྱིངས་ནས་བཞེངས༔ རིག་འཛིན་རྩ་བརྒྱུད་བླ་མས་རྒྱབ་རྟེན་མཛོད༔ ཡི་དམ་ལྷ་ཚོགས་མངོན་སྤྱོད་ལས་ལ་དགོངས༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་ན༔ མ་གཡེལ་མ་གཡེལ་ཟོར་གྱི་དཔུང་ལ་གཤེགས༔ ཟོར་ལམ་བསལ་བ་ནི། ཕུར་བུ་བསྒྲིལ་ལ། ཧཱུྃ༔ ང་ནི་རྡོ་རྗེ་ཁྲོས་པའི་ཡུམ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ དབྱིངས་ཕྱུག་ཡུམ་དང་གཉིས་སུ་མེད༔ དེ་རིང་གདུག་པའི་ཟོར་འཕེན་གྱིས༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ ཀླུ་གཤེགས་རྒྱ་མཚོའི་གཏིང་ལ་གཤེགས༔ བཙན་གཤེགས་བྲག་དམར་ལོགས་ལ་གཤེགས༔ གདོང་དུ་སུ་ཡང་མ་སྡོད་ཅིག༔ དེ་རིང་ཐམས་ཅད་ལས་ལ་ཆོས༔ བྱ་ཁྱུང་རྒྱལ་པོས་དམག་སྣ་དྲོངས༔ རྒྱལ་ཆེན་བཞི་ཡིས་ཤུལ་མཚོན་ཏེ༔ མགོན་པོའི་ཚོགས་ཀྱིས་དམག་དཔོན་གྱིས༔ སྣང་སྲིད་ལྷ་འདྲེ་དམག་ལ་འུར༔ ཕྱོགས་སྐྱོང་བཅུ་ཡིས་རུ་མཚོན་ཕྱོར༔ སྡེ་དཔོན་སུམ་ཅུ་ཇག་པར་རྒྱུགས༔ བརྟན་མ་རྣམས་ཀྱིས་སོ་ཁ་སྲུངས༔ རཱ་ཧུ་ལ་ཡིིས་དཀྱིལ་ནས་འཁྱུགས༔ དབང་ཕྱུག་རྣམས་ཀྱིས་མཐའ་ནས་སྡུས༔ ཁྲོ་བོའི་ཚོགས་ཀྱིས་རྟིང་མནན་ཏེ༔ ཕ་རོལ་བདུད་དང་དགྲ་བགེགས་ལ༔ མངོན་སྤྱོད་ལས་ཀྱིས་གཡུལ་ངོ་སྤྲོད༔ བདུད་ཀྱི་རུ་དར་བསྙིལ་བར་གྱིས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློགས༔ ཞེས་དང་དྲག་སྔགས་བརྗོད་བཞིན་ཟློག་གཏོར་ཟོར་རྣམས་ཕྱི་ཁྱམས་སུ་ཁྱེར། དམ་ཚིག་པའི་ཁྲོ་མོའི་དཔུང་རྣམས་འུར་དིར་གྱིས་ཆས་པར་བསམ། ཕྱི་ཁྱམས་ནས་གསེར་སྐྱེམས་གོང་བཞིན་གཏང་། ཟ་ལམ་བསྟན་པ་ནི། ཧཱུྃ་བྷྱོ༔ རྡོ་རྗེ་ཁྲོས་མའི་བཀའ་ཉན་པའི༔ སྣང་སྲིད་ལྷ་འདྲེའི་དམག་ཚོགས་ཀུན༔ ལ་ལ་དམག་གི་རུ་དར་འཕྱར༔ ལ་ལ་གསོད་པའི་མཚོན་རྣོན་ཐོགས༔ ལ་ལ་ནད་ཀྱི་རྐྱལ་པ་ཕྱེ༔ ལ་ལ་མཚོན་གྱི་གྲུ་གུ་སྒྲིལ༔ ལ་ལ་བདུད་ཀྱི་ཞགས་པ་འཕེན༔ ལ་ལ་ཤྭ་རྡེལ་དཀར་ནག་འཕེན༔ ལ་ལ་སེང་གེ་གླང་ཆེན་ཞོན༔ ལ་ལ་འབྲུག་དང་གློག་ལ་ཞོན༔ ལ་ལ་འབྲོང་ཆེན་ངར་མ་ཞོན༔ ལ་ལ་སྟག་གཟིག་དོམ་དྲེད་ཞོན༔ ལ་ལ་བྱ་རྒྱལ་ཁྱུང་ལ་ཞོན༔ ལ་ལ་ནམ་མཁའི་ཁམས་ནས་འཕྱོ༔ ལ་ལ་ས་གཞི་ཁྱབ་པར་ཉུལ༔ ལ་ལ་ཆུ་བོའི་གཞུང་ནས་རྒྱུག༔ ལ་ལ་རི་བོའི་རྩེ་ནས་འགྲིམ༔ ལ་ལ་དུང་ཆེན་ངར་སྐད་སྒྲོག༔ ལ་ལ་ཀུ་ཅོ་བཤུག་གླུ་ལེན༔ ལ་ལ་རྐན་སྒྲ་དྲག་པོ་གཏོག༔ ལ་ལས་རླུང་ནག་འཚུབ་མ་འདྲེན༔ ལ་ལས་འབྲུག་སྒྲ་དྲག་པོ་ལྡིར༔ ལ་ལས་ཐོག་དང་སེར་ཆེན་འབེབ༔ ཤིན་ཏུ་འཇིགས་ཤིང་གཏུམ་པའི་གཟུགས༔ དཔལ་ཆེན་འཁོར་ཚོགས་ཁྱེད་རྣམས་ཀྱིས༔ ཟ་ལམ་དགྲ་དང་བགེགས་ལ་ཕྱེས༔ ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ ཆག་ཆེ་ཉམས་ང་བྱད་ཕུར་སོགས༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ ཞིང་བཅུ་ཚང་བའི་དགྲ་ལ་ཟློགས༔ ལོག་པར་འདྲེན་པའི་བགེགས་ལ་སྒྱུར༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཅེས་བསྐུལ་གང་དུ་འཕེན་པའིི་སར་ཕྱིན་ལ། ལམ་སེལ་དཀར་གཏོར་བསྔོ། དམིགས་བྱ་འབེན་དུ་བཞག་ལ་འགུགས་གཞུག་བྱ། ཟོར་འཕེན་པ་ནི། ཧཱུྃ་བྷྱོ༔ རྡོ་རྗེ་ཁྲོས་མའི་བཀའ་ཉན་པའི༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ སྟོང་གསུམ་གངས་རིས་བསྐོར་བ་ནས༔ གནོད་སྦྱིན་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཟངས་རིས་བསྐོར་བ་ནས༔ བཙན་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ལྕགས་རིས་བསྐོར་བ་ནས༔ བདུད་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་བྲག་རིས་བསྐོར་བ་ནས༔ སྲིན་པོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གཡུ་རིས་བསྐོར་བ་ནས༔ སྨན་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གསེར་རིས་བསྐོར་བ་ནས༔ གཤིན་རྗེ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་དུག་མཚོ་འཁྱིལ་པ་ནས༔ ཀླུ་བདུད་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཁྲག་མཚོ་འཁྲུགས་པ་ནས༔ མ་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་འདི་ན་ཆེ་བ་ཡི༔ རྒྱལ་ཆེན་ཕྱོགས་སྐྱོང་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ རྒྱལ་ཆེན་བཞི་ཡིས་ཡུངས་ཟོར་རྒྱོབ༔ གནོད་སྦྱིན་རྣམས་ཀྱིས་རྡོ་ཟོར་རྒྱོབ༔ བཙན་དམག་རྣམས་ཀྱིས་མདའ་ཟོར་རྒྱོབ༔ བདུད་རྒྱལ་རྣམས་ཀྱིས་ཀོང་ཟོར་རྒྱོབ༔ སྲིན་པོ་རྣམས་ཀྱིས་ཐོད་ཟོར་རྒྱོབ༔ སྨན་མོ་རྣམས་ཀྱིས་མཚེ་ཟོར་རྒྱོབ༔ གཤིན་རྗེ་རྣམས་ཀྱིས་ཁྲམ་ཟོར་རྒྱོབ༔ ཀླུ་བདུད་རྣམས་ཀྱིས་དུག་ཟོར་རྒྱོབ༔ མ་མོ་རྣམས་ཀྱིས་ཁྲག་ཟོར་རྒྱོབ༔ ལུས་ངག་ཐལ་བའི་རྡུལ་བཞིན་རློགས༔ མིང་ཙམ་མེད་པར་ཚར་ཆོད་ཅིག༔ ཟློག་སྔགས་བཟླ་བཞིན་དུ་ཟོར་རྣམས་རིམ་པར་འཕེན། གཏོར་ཆེན་སྐྱོད་པ་ནི། གཏོར་མའི་དམ་ཚིག་པ་རྣམས་མདུན་གྱི་ནམ་མཁར་བཞུགས། གཏོར་མ་ལ་ཆག་སྒོ་རྐྱེན་བགེགས་བསྟིམས་པས་ནད་མཚོན་དུག་གི་རང་བཞིན་དུ་གྱུར་པར་བསམ་ནས། ཧོ༔ དགོངས་སུ་གསོལ་ལོ་རྒྱལ་བ་རྣམས༔ མཆོག་གསུམ་ཐུགས་དམ་མ་གཡེལ་ཅིག༔ རིག་འཛིན་བྱིན་རླབས་དཔུང་སྐྱེད་ཅིག༔ ཡི་དམ་ལྷ་ཚོགས་མཐུ་མ་ཆུང༔ ཁྲོ་བོའི་ཚོགས་རྣམས་རྩལ་མ་ཞན༔ ཆོས་སྐྱོང་སྲུང་མ་བང་མ་བུལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འདུས༔ གུམ་གུམ་ཆུམ་ཆུམ་དུས་ལ་བབས༔ གཏོར་ཆེན་ལག་ཏུ་ཐོགས་ནས། ཧཱུྃ༔ ང་ནི་དུས་གསུམ་རྒྱལ་བ་ཡི༔ མཐུ་སྟོབས་ནུས་པའི་ཡེ་ཤེས་སྐུ༔ རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་ཆེ༔ གཞན་གྱིས་མི་ཐུབ་ཁྲོས་མ་ཡིན༔ དེ་རིང་གདུག་པའི་གཏོར་ཟོར་འདི༔ ཕས་རྒོལ་དམག་ཚོགས་འཇོམས་ཕྱིར་འཕེན༔ སངས་རྒྱས་བསྟན་བཤིག་སྟེང་དུ་འཕེན༔ བླ་མའི་སྐུ་དགྲ་རྩོམ་ལ་འཕེན༔ དགེ་འདུན་འདུ་སྒོ་འཕྲོག་ལ་འཕེན༔ སེམས་ཅན་སྡུག་ཏུ་གཏད་ལ་འཕེན༔ ཞིང་བཅུ་ཚང་བའི་དགྲ་བོ་ཡི༔ གནམ་གྱི་འཇུ་ཐག་གཅོད་ཕྱིར་འཕེན༔ ས་ཡི་རྟེན་ཕུར་ཕུད་ཕྱིར་འཕེན༔ བར་གྱི་དགྲ་བགེགས་འཁོར་བཅས་ཀྱི༔ བདུན་རྒྱུད་རྩད་ནས་བརླག་ཕྱིར་འཕེན༔ མི་མཐུན་འགལ་རྐྱེན་བར་ཆད་ཀུན༔ སྡང་དགྲ་གནོད་བྱེད་བགེགས་ལ་ཟློགས༔ མིང་ཙམ་མེད་པར་ཕུང་དུ་ཆུགས༔ ཐལ་བའི་རྡུལ་བཞིན་བརླག་པར་གྱིས༔ ཞེས་དང་། ཟློག་བསྐུལ་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གཙུག་ཏོར་ལས་བྱུང་གདུགས་དཀར་མོ། །གཞན་གྱི་མི་ཐུབ་ཕྱིར་ཟློག་མ། ཕྱག་རྒྱའིི་ཚོགས་དང་འཇིག་རྟེན་སྐྱོང་། །དྲག་མཐུ་རྫུ་འཕྲུལ་ལྡན་པ་ཀུན། །གདོན་བགེགས་སྟེང་དུ་སྐུ་སྐྱོད་ལ། །ཟློག་སྒྱུར་དྲག་པོའི་ཕྲིན་ལས་མཛོད། །སྲིད་པའི་ཁྲོམ་ཁ་ཐམས་ཅད་ཟློགས། །ལྷ་འདྲེའི་དམག་ཚོགས་ཐམས་ཅད་ཟློག །མོ་རྩིས་ངན་པ་ཐམས་ཅད་ཟློག །རྨི་ལམ་ལྟས་ངན་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ བསམ་སྦྱོར་ངན་པ་ཐམས་ཅད༴ བྱད་ཁ་ཕུར་ཁ་ཐམས་ཅད༴ རྦོད་གཏོང་དྲག་པོ་ཐམས་ཅད༴ མཚེ་ཟོར་རྦད་འདྲེ་ཡུངས་ཟོར༴ ས་བདག་ཀླུ་ཡི་གནོད་པ༴ ཐེའུ་རང་འབྱུང་པོའི་སྲི་རྐུན༴ གཤིན་རྗེའི་འཁོར་ལོ་ཐམས་ཅད༴ བདུད་ཀྱི་ཁྲམ་འདེབས་ཐམས་ཅད༴ མུ་སྟེགས་ངན་སྔགས་ཐམས་ཅད༴ རྒྱལ་བསེན་སྨྱོ་འབོག་གཏོང་བ༴ དྲང་སྲོང་གཟའ་ཡི་གནོད་པ༴ ཞང་ཞུང་ཛོ་ཟོར་ཐམས་ཅད༴ སུམ་པའི་གླང་ཟོར་ཐམས་ཅད༴ བོན་པོའི་བརྡ་ཟོར་ཐམས་ཅད༴ བནྡྷེའི་སྔགས་ཟོར་ཐམས་ཅད༴ སྐྱེ་བོའི་མདའ་ཟོར་ཐམས་ཅད༴ བུད་མེད་དམོད་ཟོར་ཐམས་ཅད༴ བདུད་ཀྱི་གཤེད་བཞི་ཐམས་ཅད༴ རོ་ལངས་འབྱུང་པོ་ཐམས་ཅད༴ མ་མོའི་ཁྲག་ཟོར་ཐམས་ཅད༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ ནད་རིགས་བཞི་བརྒྱ་རྩ་བཞི༴ གདོན་རིགས་ཉི་ཁྲི་ཆིག་སྟོང༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ ལོ་ཟླ་ཞག་སྐག་ཟ་སྐག༴ དུས་མིན་འཆི་བའི་འཇིགས་པ༴ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློགས༔ དྲག་པོའི་སྔགས་ཟློག་ནི། ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀཱ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། ཧཱུྃ་ཧཱུྃ་ཕཊ་ཕཊ། སརྦ་དུཥྚཱན་མཱ་ར་ཡ་བྷྱོ་ཟློག །དགྲ་བགེགས་བྱད་མ་ཐམས་ཅད་མ་ཧཱ་ཤ་རི་བྷྱོ་བྷྱོ་ཟློག་ཟློག །མཱ་ར་ཡ་ཕཊ། ཅེས་ཟློག་སྔགས་ཙམ་བརྗོད་པའམ། ལྕོགས་ན། ཨོཾ་ཨ་སི་ཏཱ་ན་ལཱརྐ་སོགས་ནས། བཱ་སི་ནཱི་ཡེ་ཕཊ། བར་ཚང་བར་བརྗོད་ལ་ཟློག་པའི་སྔགས་ཤམ་བཏགས་ལ་གཏོར་མ་འཕང་། སེམས་ཅན་གང་སུ་དག་སོགས་ཀྱི་དམོད་པ་བརྗོད། དགྲ་བགེགས་དམ་སྲི་ཐམས་ཅད་རྩྭ་ཕུང་ལ་མེ་བརྒྱབ་པ་ལྟར་ཤུལ་མེད་དུ་བརླག་པར་བསམ་ལ། དུལ་མོ་བརྡབ་ཅིང་དམོད་མོ་འུར། ནམ་མཁར་བཞུགས་པའི་ལྷ་རང་ལ་བསྟིམ། ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་གིས་མཚམས་བཅད་པར་བསམ་ལ། ཧཱུྃ་ཁྲོཾ་བཛྲ་ག་རུ་ཌཿབྷྱོ་ཟློག༔ ཅེས་བརྗོད་ལ་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག །རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་ལས་བྱང་བཞིན་སྲུང་འཁོར་གསལ་བཏབ། དེ་ནས་ཕྱིར་སྙེག་གཅོད་ཕྱིར་གདོང་ཕྱིར་བསྟན་ཏེ། ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཞེས་ཉེར་གཅིག་བཟླ། ཕྱི་སྒོའི་དྲུང་དུ་ཕྱིན་ཏེ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ་བྱིན་གྱིས་བརླབ། སྤྱི་ཆིངས་ལྟར་བརྟན་མ་སྐྱོང་། གཏོར་མནན་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་དོང་བྲུས་པར་སྔར་གྱི་ལིང་ག་བསྲེགས་པའི་ཐལ་བ་བླུགས། ཨེ་གྲུ་གསུམ་པར་དགྲ་བགེགས་དམ་སྲི་བཀུག་པར་བསམ་ཞིང་། དགུག་གཞུག་དང་། དོང་ཁ་བཅད་པའི་ཁར་གཏོར་གཞོང་ཁ་སྦུབས་ལ་བྲོ་ར་བསྐོར་ཏེ་བྲོ་བརྡུང་། ཤིས་བརྗོད་མདོར་བསྡུས་བྱ། དེ་ནས་ནང་དུ་ལོག་ལ་ཚེ་འགུགས་རྩ་གསུམ་ལྟར་གཏང་། སྔར་བཏེགས་པའི་ནམ་མཁར་བཞུགས་པའི་ཡེ་ཤེས་པ་རྣམས་ལ་དམིགས་ཏེ་མཆོད་བསྟོད་འབུལ་ཞིང་དངོས་གྲུབ་བླང་། ནོངས་བཤགས་བྱ། ལྷ་རྣམས་རྟེན་ཡོད་ན་དེ་ལ་དང་མེད་ན་རང་ལ་བསྟིམ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་དགེ་བར་བྱའོ། །ཞལ་ནས་གསུངས་པས་གཞན་ཀུན་གྱིས། །འགྲན་གྱི་ཟླ་བྲལ་ཕྱིར་ཟློག་ཆེའི། །ལས་སྒྲུབ་སྟོབས་ཀྱིས་བདག་གཞན་ཀུན། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཤོག །རྙིང་ཕྱོགས་སོགས་སུ་གདུགས་དཀར་གྱི་སྲུང་ཟློག་ཁུངས་ལྡན་དཀོན་པས་འདི་ཉིད་བསྒྲིག་འདུན་ཡོད་ཀྱང་སྙོམ་ལས་སུ་གྱུར་པ། འཕྲལ་འདིར་ཉེར་མཁོའི་དབང་གིས་བསྐུལ་ཏེ་མཆོག་གླིང་གཏེར་བྱོན་སྤྱི་འགྲོའི་ལུགས་དང་བསྟུན་ནས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཙ་འདྲ་རིན་ཆེན་བྲག་གི་ཡང་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། དགེའོ།། །།
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་ (Volume 48, Text 58)
༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་བཞུགས༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་ནི༔ ྈྈྈ དཀྱིལ་འཁོར་མཆོད་ཚོགས་དཔུང་ཇི་བཞིན༔ སྤྲོས་པ་ཆེ་ཆུང་འབྱོར་པས་དཔྱད༔ སྤྲོས་པ་གང་རུང་བརྩོན་པ་དང༔ དག་སྣང་དམ་ཚིག་མཆོག་གིས་བསྒྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧྲཱི༔ བདག་དང་དཀྱིལ་འཁོར་དབང་ཆེན་ཧེ་རུ་ཀ༔ རིགས་ཀྱི་ཚེ་ཡི་གཟི་མདངས་སྐུ་མདོག་དམར༔ ལོག་ལྟའི་དྲྭ་བ་གཅོད་བྱེད་གྲི་གུག་དང༔ དུག་ལྔ་ཡེ་ཤེས་ཚེ་བཅུད་གང་བའི་ཐོད༔ མཐུ་རྩལ་དུར་ཁྲོད་དཔལ་གྱིས་མཛེས་པར་བརྒྱན༔ ཕུང་པོའི་གཞལ་ཡས་དཔའ་བོ་ཡབ་ཏུ་སྣང༔ གསང་སྔགས་ལས་བྱུང་ཡང་གསང་ཡི་གེ་གཅིག༔ སྣང་མཐའ་ལས་འཕྲོས་ལྷ་ཚོགས་ཐུགས་ཏིག་གོ༔ ཧྲཱིཿཧྲཱིཿཧྲཱི༔ ཧྲཱིཿཧྲཱིཿཧྲཱི༔ ཧྲཱིཿཧྲཱིཿཧྲཱི༔ ཐུགས་ཀར་དབྱངས་གསལ་མཚན་པའི་ཉི་ཟླའི་དབུས༔ ཐབས་ཤེས་གཉིས་མེད་ས་བོན་སྙིང་པོ་ཧྲཱི༔ ཤེས་རབ་ཆུ་ཡིས་ས་བོན་ཆེར་བསྐྱེད་ཅིང༔ ཐབས་ཀྱི་དྲོད་ཀྱིས་སྨིན་པའི་སྐུར་འགྲུབ་སྟེ༔ སྲུང་བ་ཐབས་ཤེས་ཡབ་ཡུམ་ཉི་ཟླའི་ཀློང༔ ཚེ་ཡི་བར་ཆད་ཧེ་རུ་ཀ་ཡིས་ཟློག༔ རྫོགས་རིམ་ནི༔ ཨ༔ སྟོང་པ་ཤེས་རབ་མཁའ་ཀློང་ལས༔ སྣང་བ་དབང་ཆེན་ལྷང་ངེར་བཞེངས༔ གཉིས་མེད་འཁོར་ཡུག་གསང་སྔགས་ཀྱིས༔ སྐྱེ་འཆི་མེད་པར་ལ་བཟླ་འོ༔ དོན་དམ་དབུ་མའི་དཀྱིལ་འཁོར་དབུས༔ ས་བོན་སྙིང་པོ་ཐུགས་རིག་ཚེ༔ ཐབས་ཤེས་གཉིས་སུ་མེད་པའི་མཚོ༔ སྲོག་རྩོལ་རླུང་བཞིན་རྡོ་རྗེའི་བཟླས༔ འབྱུང་ལྔའི་རྟེན་འབྲེལ་གྲོགས་བྱོས་ཤིག༔ ཨཱོྃ་ཨཱཿཧཱུྃ༔ སྤྲོས་པ་ཆོད་པའི་རྣལ་འབྱོར་ཞིག༔ གངས་ཁྲོད་འགྲིམ་པའི་ཆ་རྐྱེན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འབྱོར་པ་མཆོག་གི་རྣལ་འབྱོར་པ༔ ཚེ་རབས་གང་ཡང་མཐར་ཐུག་པར༔ ཚོགས་གཉིས་ཡེ་ཤེས་འབྲས་བུ་ཆེ༔ གཅེས་ཕྱིར་པདྨས་འདི་སྐད་སྨྲ༔ ས་མ་ཡ༔ བསོད་ནམས་ཞིང་གྱུར་སྤྱན་དྲངས་པ༔ ཚིག་གི་ལམ་ལ་རིག་པས་བསམ༔ ཧྲཱི༔ འཆི་མེད་ཚེ་ཡི་དབང་ཕྱུག་བཅོམ་ལྡན་འདས༔ གར་བསྒྱུར་ཐུགས་རྗེའི་བདག་ཉིད་རྟ་མཆོག་རོལ༔ སྲུང་ཟློག་གཉིས་མེད་ཚེ་ཡི་དཔལ་བསྐྱེད་ཕྱིར༔ འཁོར་བཅས་འགྲོ་བའི་དོན་དུ་སྤྱན་འདྲེན་ནོ༔ བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཕུང་པོར་ཧེ་རུ་ཀ་ཡི་བྱིན་ཕོབ་ཅིག༔ སྣང་བ་མཐའ་ཡས་མགོན་པོས་དཔལ་སྐྱེད་ཅིག༔ གཉིས་མེད་ཡེ་ཤེས་ཚེ་ཡི་བཅུད་སྩོལ་ཅིག༔ གསོལ་བའི་དོན་གྱི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་ཧཱུྃ༔ ཕྱག་འཚལ་བ་ནི༔ སྒོ་གསུམ་དད་པས་རྟག་ཕྱག་འཚལ༔ རོལ་པ་འགག་མེད་ཚེ་དབང་སྩོལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི༔ ཧྲཱི༔ སྣང་སྲིད་དག་པ་རབ་འབྱམས་མཆོད་པ་ཆེ༔ ཀློང་ཡངས་ལས་བྱུང་ཀུན་བཟང་མཆོད་པའི་སྤྲིན༔ བསོད་ནམས་ཡེ་ཤེས་སྤེལ་ཕྱིར་ཅིར་ཡང་སྣང༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཚེ་འཕེལ་ཤོག༔ ཨཱོྃ་བཛྲ་ཨརྒྷཾ་སོགས། ཤབྡ་རཱུ་པ་ཤབྡ་གྷནྡྷེ་ར་ས་པརྴེ་ཁཱ་ཧི༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱི༔ སྣང་མཐའ་འཆི་མེད་དཔལ་ལས་སྐུར་སྤྲུལ་པའི༔ ཞི་བས་གདུལ་དཀའ་མི་བསྲུན་དྲག་རྩལ་ཅན༔ འཆི་མེད་ཚེ་ཡི་དཔལ་འབར་ཧེ་རུ་ཀ༔ སྲུང་ཟློག་ཚེ་ཡི་ཕྲིན་ལས་མཛད་ལ་བསྟོད༔ བསྐུལ་བ་ནི༔ ཧྲཱི༔ རབ་ཁྲོས་དབང་ཆེན་འབར་བའི་དུས་ལ་བབས༔ དུས་མིན་འཆི་བའི་གནོད་པ་མྱུར་དུ་ཟློགས༔ དབང་ཆེན་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འཆི་མེད་ཚེ་དབང་མངོན་དུ་འགྱུར་བར་མཛོད༔ མཱ་ར་ཡ་ཕཊ༔ ཚོགས་མཆོད་ནི༔ རཾ་ཡཾ་ཁཾ༔ གཟུང་འཛིན་རབ་སྦྱངས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨཱོྃ་ཨཱཿཧཱུྃ༔ གཅེས་འཛིན་བདག་འཛིན་གསོད་པའི་བམ་རོའི་ཚོགས༔ བདེ་གཤེགས་ཡེ་ཤེས་མཁའ་འགྲོ་སྲུང་མས་བཞེས༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལྷག་མ་ནི༔ ཡེ་ཤེས་ལྷག་མ་འཇིག་རྟེན་སྲུང་མས་བཞེས༔ བྷྱོ་བྷྱོ་ཧཱུྃ་ཕཊ༔ སྐོང་བ་ནི༔ ཉམས་པ་བསྐང་ཕྱིར་འབྱོར་ཚོགས་མཆོད་སྤྲིན་གྱིས༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ གནས་གཏེར་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བསྐང་བྱ་སྐོང་བྱེད་དབྱེར་མེད་རང་གྲོལ་ཀློང༔ དོན་གྱི་འགྱོད་ཚངས་བཤགས་པའི་སྐུར་བལྟ་འོ༔ ས་མ་ཡ༔ ལམ་ཁྱེར་གྱི་ཛཔ྄་ཏུ༔ ལུས་ཀྱི་གཞལ་ཡས་དབང་ཆེན་ཧེ་རུ་ཀ༔ ཚེ་དང་ཡེ་ཤེས་གཉིས་མེད་སྙིང་པོའི་སྔགས༔ ཐབས་ཤེས་ཡི་དམ་མཁའ་འགྲོས་འཚོ་བར་མཛད༔ སྣང་སྟོང་མ་འགགས་རོལ་པའི་སྐུར་བལྟ་འོ༔ ཧྲཱིཿཧྲཱིཿཧྲཱི༔ ཧྲཱིཿཧྲཱིཿཧྲཱི༔ ས་མ་ཡ༔ ༁ྃ༔ རྗེས་སུ་འཇུག་ལ་ཚེ་ཡི་དབང་སྦྱིན་ནི༔ སྤྲོ་བ་བསྐྱེད་ཕྱིར་དག་སྣང་མཛེས་པར་བཤམ༔ བྱིན་རླབས་འཇུག་ཕྱིར་ཚུལ་བཞིན་ཡན་ལག་སྦྱར༔ དངོས་གྲུབ་ཐོབ་ཕྱིར་དབང་དོན་ཀློང་དུ་གཞུག༔ དམ་ཚིག་ཆུ་ཡིས་དུས་སུ་བཀྲུ་བར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཎྜལ་གསོལ་བ་འདེབས་པ་ནི༔ ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་སྐལ་ལྡན་རྣལ་འབྱོར་ལ༔ ཚེ་ཡི་དངོས་གྲུབ་ཐོབ་པའི་ཕྱིར༔ འཆི་མེད་ཚེ་ཡི་དངོས་གྲུབ་ཀྱི༔ གདམས་པ་རིན་ཆེན་བདག་ལ་སྩོལ༔ ཞུས་པས༔ སློབ་དཔོན་གྱིས༔ རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་དུ༔ རྟ་མཆོག་རོལ་པའི་བཅུད་བླངས་ནས༔ ཚེ་ཡི་གེགས་སེལ་ཚེ་སྒྲུབ་ཅིང༔ དཔག་མེད་དཀྱིལ་འཁོར་ཚེ་ལ་ཞུགས༔ ཞེས་གནང་བ་སྦྱིན་ཏེ༔ ཡེ་ཤེས་དབབ་པ་ནི༔ རང་དཔའ་བོ་རྟ་མགྲིན་དུ་བསྒོམས་པའི་ཐུགས་ཀར་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་བདེ་ཆེན་པདྨ་བཀོད་འོག་མིན་ཆོས་ཀྱི་དབྱིངས་ནས་བདེ་གཤེགས་ཀྱི་ནུས་པ་དྲངས་ནས་ཚེའི་ངོ་བོར་བདག་ལ་ཐིམ་པར་བསྒོམ༔ ཧྲཱི༔ ཆོས་དབྱིངས་དགོངས་པ་རང་གྲོལ་གྱིས༔ སྐྱེ་མེད་ཆོས་སྐུའི་ཚེ་དབང་སྩོལ༔ འགག་མེད་མཚན་དཔེའི་སྐུར་སྣང་བས༔ འགག་མེད་ལོངས་སྐུའི་ཚེ་དབང་སྩོལ༔ གང་འདུལ་མཛད་པའི་ཕྲིན་ལས་སྐུས༔ ཚད་མེད་སྤྲུལ་སྐུའི་ཚེ་དབང་སྩོལ༔ ཞི་བས་འདུལ་དཀའ་དྲག་པོའི་སྐུས༔ རྟ་མཆོག་རོལ་པའི་ཚེ་དབང་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ལྟར་ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་བྱ་བ་ནི༔ སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ བུམ་པ་ཐོགས་ལ༔ ཧྲཱི༔ རྟ་མཆོག་རྔམས་པའི་བུམ་པ་ནི༔ འཆི་མེད་ཚེ་ཡི་བཅུད་ཀྱིས་གཏམས༔ སྐལ་ལྡན་ལུས་དབང་ལྷ་ཡིས་བསྐུར༔ འཆི་མེད་ཚེ་ཡི་སྐུར་སྨིན་ནོ༔ ཨཱོྃ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཨཱོྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བྷནྡྷ་བདུད་རྩི་གཏད་ལ༔ ཧྲཱི༔ དབང་ཆེན་ཐབས་ཤེས་གསང་བའི་རྒྱུན༔ འཆི་མེད་ཚེ་ཡི་བཅུད་ཀྱིས་གཏམས༔ སྐལ་ལྡན་ངག་དབང་སྔགས་ཀྱིས་བསྐུར༔ འཆི་མེད་ཚེ་ཡི་སྐུར་སྨིན་ནོ༔ རྩ་སྔགས༔ བཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཤེས་རབ་ཡེ་ཤེས་དབང་ནི༔ ཧྲཱི༔ ཤེས་རབ་ཡེ་ཤེས་ལས་བྱུང་བའི༔ དགའ་བཞི་འཆི་མེད་བཅུད་ཀྱིས་གཏམས༔ སྐལ་ལྡན་ཡིད་དབང་ཆོས་ཀྱིས་བསྐུར༔ འཆི་མེད་ཚེ་ཡི་སྐུར་སྨིན་ནོ༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཛྙཱ་ན་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱི༔ རིག་པ་ཚིག་དབང་གི་མེ་ལོང་གཏད་ལ༔ ཧྲཱི༔ ཚིག་གི་བདུད་རྩི་རྣ་དབང་རེག་བྱས་མྱོང༔ དོན་དམ་ཚིག་གིས་མི་མཚོན་གང་ཤར་སྐྱོངས༔ སྐྱེ་མེད་ཤར་ཆ་འགག་མེད་རང་གྲོལ་སྐྱོངས༔ རྩོལ་མེད་མ་ཡེངས་ཁོར་ཡུག་ལམ་དུ་ཁྱེར༔ དོན་དམ་སྐྱེ་འཆི་གཉིས་མེད་ས་ཟུངས་ཤིག༔ མེ་ཏོག་འཐོར༔ དགའ་སྟོན་དམ་ཚིག་རྗེས་ཀྱི་བྱ་བ་སྤྱོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་བདག་དྲང་སྲོང་རྡོ་རྗེ་ལེགས༔ དགོངས་པའི་གཏད་རྒྱ་འབེན་ལ་འབིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པའི་གུ་རུ་རིན་པོ་ཆེའི་གསུང་འདི་རོལ་པ་བདེ་ཆེན་ཁང་ཞེས་དོན་གྱི་ཕོ་བྲང་དུ་ཤོག་སེར་ལས་ཞལ་བཤུས་པའི་ཡི་གེའི་བརྩོན་པ་སྐལ་ལྡན་པདྨ་སྟོབས་ཆེན་གྱིས་བགྱིས་པའོ།། །།
ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག །རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་དབང་ཆོག་གསལ་བར་བཀོད་པ་ཆུ་ཤེལ་བུམ་བཟང་ (Volume 47, Text 59)
༄༅། །ཟབ་བདུན་རྩ་གསུམ་ཚེའི་ཟབ་པའི་ཆ་ལག །རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་དབང་ཆོག་གསལ་བར་བཀོད་པ་ཆུ་ཤེལ་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། བདེ་གཤེགས་གཙུག་གི་ནོར་བུ་ལས། །རྡོ་རྗེའི་རིགས་འཁྲུངས་གདུགས་དཀར་ཅན། །བླ་མ་བཅོམ་ལྡན་འདས་མ་ལ། །གུས་བཏུད་ཞི་བའི་ལས་འགྲུབ་མཛོད། །རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་དབང་བསྒྲུབ་པ་ལ་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་ཡོད་ན་བཏིང་། མེད་ན་མཎྜལ་པདྨ་འདབ་བཞིར་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་དུ་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་ལྡན་པར་བཞག །གཡས་སུ་ཐོད་པའི་བདུད་རྩི། གཡོན་དུ་པདྨ་དམར་པོའི་ནང་རྡོ་རྗེ་ཕྱེད་པ་དཀར་པོ་བྲིས་པའི་ཙཀླི། སྨན་རག་གཏོར་གསུམ། ཕྱི་མཆོད་སྤྱི་ལྟར་བཤམ། ཕྲིན་ལས་སྤྱི་ཆིངས་ལྟར་སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་ནས་མཆོད་པ་བྱིན་བརླབ་བར་བྱ། དེ་ནས་རྒྱས་པར་སྤྲོ་ན་རྩ་གསུམ་ལས་བྱང་བཟླས་པའི་བར་བཏང་ལ་བདག་བསྐྱེད་བྱ། མདུན་བསྐྱེད་གདུགས་དཀར་རང་གཞུང་གཏང་། བསྡུ་ན་བདག་མདུན་གཉིས་ཀ་རྡོ་རྗེ་མཁའ་འགྲོར་བསྐྱེད་ཆོག་པས་རྩ་གསུམ་གཏང་མི་དགོས། དེའི་ཚེ་སྔོན་འགྲོའི་སྤྱི་ཆིངས་ཀྱང་རྒྱས་པར་སྦྱོར་མི་དགོས་པས། སྐྱབས་སེམས་བགེགས་བསྐྲད་སྲུང་འཁོར་མཆོད་པ་བྱིན་རླབས་མདོར་བསྡུས་ཙམ་གྱིས་ཆོག་གོ །གང་ལྟར་ལྷ་བསྐྱེད་ནས་བཟླས་དམིགས་བར་གྲུབ་ནས་སྙིང་པོ་ཅི་ནུས་བཟླ། བུམ་པར་དཀྱིལ་འཁོར་གསལ་བཏབ་ཅིང་གཟུངས་ཐག་བླངས་ལ་སྙིང་པོ་བརྒྱ་རྩ་བཟླས་མཐར་སྟོང་ཚིགས་སྤྱི་ལྟར་འབུལ། ལས་བུམ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར། དེ་ནས་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ་ནས། དེའང་བྱ་རྒྱུད་གཤེགས་རིགས་གཙུག་ཏོར་གྱི་རིགས་ལས་བྱུང་བའི་མདོ་གཟུངས་རྣམས་ལ་བརྟེན་ཏེ་འཕགས་ཡུལ་གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་པའི། བཅོམ་ལྡན་འདས་མ་གདུགས་དཀར་མོའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་གཙོ་རྐྱང་གི་རྗེས་སུ་གནང་བ་ཅི་རིགས་པ་བོད་དུའང་བྱུང་ཞིང་། པཎ་ཆེན་བི་མ་མི་ཏྲ་ནས་བརྒྱུད་པའི་རིག་པ་གཏད་པ་དང་ཁྲུས་དང་སྲུང་ཟློག་གི་ལས་ཚོགས་མདོར་བསྡུས་རྙིང་མ་བཀའ་མའི་ཕྱོགས་སུ་བྱོན་པ་ཙམ་ལས། གཏེར་མའི་ཕྱོགས་སུ་ལྷ་འདིའི་དབང་དང་སྒྲུབ་ཐབས་དཀོན་པ་ལ། འདིར་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་གྱི་གསང་མཛོད་ཆེན་པོ་ལས་བྱོན་པ་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་གྱི་ནང་ཚན། རྩ་གསུམ་ཚེའི་ཟབ་པའི་ཆ་ལག །མཁའ་འགྲོ་རིགས་བཞིའི་སྒྲུབ་ཐབས་ལས་ཚོགས་དང་བཅས་ཤིན་ཏུ་ཟབ་པར་བཞུགས་པའི་ཡ་གྱལ། རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ། ཐལ་མོ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དཀྱིལ་འཁོར་བདག་ཉིད་བླ་མ་མཆོག༔ མ་ལུས་རྒྱལ་བ་ཀུན་གྱི་དངོས༔ མཁའ་འགྲོའི་དབང་ཕྱུག་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ལན་གསུམ། བླ་མ་དང་བཅོམ་ལྡན་འདས་མའི་དཀྱིལ་འཁོར་གྱིི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར། རྒྱུད་རྣམ་པར་དག་པའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་འདུན་པས་བརྗོད་ཚིག་དང་མཐུན་པར་བསྒོམ་དོན་གསལ་བཏབ་སྟེ་འདིའི་རྗེས་ཟློས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་རང་སེམས་ཨོཾ་ཡིག་དཀར་པོ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་ཁྱེད་རང་རྣམས་རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོ་སྟོན་ཟླའི་མདངས་ལྟར་དཀར་ཞིང་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་དབྱུག་ཏོ། གཡོན་པས་ཞགས་པ་དང་བཅས་པའི་གདུགས་དཀར་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འོད་འབར་བའི་ཀློང་ན་བཞེངས་སྟབས་ཀྱིས་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་གྱི་གནས་དང་དགའ་ལྡན་གྱི་ཕོ་བྲང་། སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་གཙུག་ཏོར་གདུགས་དཀར་རིགས་ལྔའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད། སྙིང་པོའི་གཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད་སྤོས་རོལ་བཅས་བྱིན་དབབ། ཡེ་ཤེས་པའི་རྒྱུན་བྱང་ཆུབ་བར་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། རྡོ་རྗེ་མགོར་བཞག །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་དཀྱིལ་འཁོར་པའི་རང་བཞིན་ཅན་གྱིས་དབང་བསྐུར། བདུད་རྩིའི་ཆུ་རྒྱུན་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་གང་བར་མོས་ཤིག །བུམ་པ་ཐོགས་ལ། ཨོཾ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ ནང་དུ་གདུགས་དཀར་ལྷ་ཚོགས་བཞུགས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སློབ་མར་ཁྲུས་བྱས་དབང་བསྐུར་རོ༔ སྔགས་མཐར༔ ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་མགོར་བཞག །བུམ་ཆུ་འཐོར་འཐུང་བྱ། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་མི་བསྐྱོད་པས་གཙོར་བྱས་པའི་རིགས་ལྔས་དབུར་བརྒྱན། དེས་བུམ་པའི་དབང་ཐོབ། ལུས་སྒྲིབ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་འོ། །བླ་མ་རྡོ་རྗེ་དཔའ་བོ་དང་རྡོ་རྗེ་མཁའ་འགྲོ་མ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་རྒྱུན་ཐོད་པའི་བདུད་རྩི་དང་རོ་གཅིག་པ་ལྗགས་ལ་བྱིན་པས་རྩ་ཁམས་ཐམས་ཅད་ཁྱབ། ངག་བྱིན་གྱིས་བརླབས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ བླ་མ་རྡོ་རྗེ་མཁའ་འགྲོ་མར༔ སྙོམས་པར་ཞུགས་པའི་བྱང་ཆུབ་སེམས༔ སློབ་མའི་ལྕེ་ལ་བཞག་པ་ཡིས༔ བདེ་ཆེན་གསང་བའི་དབང་ཐོབ་ཤོག༔ སྔགས་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱ༔ དེས་གསང་བའི་དབང་ཐོབ། ངག་སྒྲིབ་དག རྩ་རླུང་བསྒོམ་པ་ལ་དབང་། ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་འོ། ཁྱེད་རང་སྐད་ཅིག་གིས་རྡོ་རྗེ་དཔའ་བོར་གསལ་བ་ལ། མཚན་ཉིད་ལྡན་པའི་རིག་མ་རྡོ་རྗེ་མཁའ་འགྲོ་པང་དུ་བྱོན་པ་དང་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་མཐར་ཐུག་པ་སྐྱེས། ཡིད་བྱིན་གྱིས་བརླབས་པར་མོས་ཤིག །རྡོར་པད་ཙཀླི་གཏད་ལ། ཧཱུྃ༔ སློབ་མ་རྡོ་རྗེ་དཔའ་བོ་ཡིས༔ རྡོ་རྗེ་མཁའ་འགྲོ་ལ་སྦྱོར་བས༔ དགའ་བཞིའི་ཡེ་ཤེས་རྟོགས་ནས་སུ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ སྔགས་མཐར༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་སྒྲིབ་དག །ཐིག་ལེ་བསྒོམ་པ་ལ་དབང་། ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་འོ། །ཕོ་ཉའི་ལམ་ལས་སྐྱེས་པའི་དཔེའི་ཡེ་ཤེས་ཀྱི་རང་ངོར་བལྟས་ཏེ་མཉམ་པར་བཞག་པས། དོན་དམ་དཔེ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་གྱུར་པ་དེ་ཉིད་བསྐྱང་བར་ཞུ། ཧཱུྃ༔ ཐབས་དང་ཤེས་རབ་དབྱེར་མེད་པར༔ ཟུང་དུ་འཇུག་པའི་ཡེ་ཤེས་ནི༔ རྡུལ་བྲལ་མཁའ་ལྟར་རྣམ་པར་དག༔ མཁའ་ལྟར་མཉམ་པའི་དབང་ཐོབ་ཤོག༔ སྔགས་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་འོ། །ཤིས་བརྗོད་བྱ། དེས་རྡོ་རྗེ་མཁའ་འགྲོ་གདུགས་དཀར་མོའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པ་ཡིན་པས་སོགས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་ཕྱིན་ཆད་སྤྱི་ལྟར་བྱ། རྩ་གསུམ་ཕྲིན་ལས་བཏང་ན་ཚོགས་མཆོད་ཕྱིན་ཆད་ཕྲིན་ལས་རྗེས་ཀྱི་སྤྱི་ཆིངས་ལྟར་བྱ་དགོས། འདི་ཉིད་ཁོ་ན་ཡིན་ན་མཆོད་པ་ཁ་གསོས་ལ་ལས་བྱང་ལྟར་མཆོད་བསྟོད་ནོང་བཤགས། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་གཤེགས་བསྟིམ། བདག་བསྐྱེད་བསྡུ་ལྡང་། དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱས་པས་ཆོག་གོ །བྱད་སྟེམས་ལ་སོགས་འཇིགས་ཀུན་ལས། །སྐྱོབ་མཛད་གཞན་གྱིས་མི་ཐུབ་མས། །བྱང་ཆུབ་བར་དུ་གེགས་ཀྱི་འཕྲང་། །སྒྲོལ་ནས་གཏན་བདེར་དབུགས་དབྱུང་ཤོག །ཅེས་པའང་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་བཀའ་ཡིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་གསུང་བསྐུལ་མཛད་པ་ལྟར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་ཆེན་པོའི་མདུན་རོལ་གྲུབ་པའི་བསྟི་གནས་བྱང་ཆུབ་ཤིང་གི་སྐྱེད་ཚལ་གྱིས་མཛེས་པའི་དབེན་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་རྗེས་གནང་དང་བཅས་པའི་ཁྲིགས་བསྡེབས་ཉི་ཟླའི་ཟེར་ཐིགས་ (Volume 48, Text 59)
༄༅། །ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། དབང་ཆེན་ཚེ་སྒྲུབ་ཉི་ཟླའི་གྭའུ་རྗེས་གནང་དང་བཅས་པའི་ཁྲིགས་བསྡེབས་ཉི་ཟླའི་ཟེར་ཐིགས་ཞེས་བྱ་བ་བཞུགས་སོ། ། རང་དབང་ཆུབ་པའི་ཡེ་ཤེས་ཀྱིས། །གཞན་སྣང་འཁོར་འདས་བཅུད་སྡུད་པ། །རྟ་སྐད་གསུམ་གྱིས་འཆི་བདག་དཔུང་། །མཐར་བསྐྲད་ཚེ་དབང་བྱིན་ཆེན་ཕོབ། །ཕྲིན་ལས་ཚེའི་གེགས་སེལ་དུ་བསྔགས་པའི་ཟབ་མོའི་གདམས་པ་འདི་ལ་གཉིས། སྒྲུབ་ཐབས་དང་སློབ་མ་རྗེས་འཛིན་ནོ། །དང་པོ་རང་དོན་ཉམས་ལེན་ཆེད་དུ་བྱེད་ན་ཕྲིན་ལས་དང་འབྲེལ་པ་ལེགས་པས། མདུན་རྟེན་ཚེ་འབྲང་ངམ་དཔལ་གཏོར་དམར་པོ་གང་རུང་གི་མདུན་དུ་ཕྱི་ནང་གི་མཆོད་གཏོར་བཤམ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ལ། ཆོ་གའི་སྔོན་འགྲོ་སྐྱབས་སེམས་ནི། ཧྲཱི༔ འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ དུས་མིན་འཆི་བའི་འཇིགས་པ་བསྐྱབ་ཏུ་གསོལ༔ འཆི་མེད་གདམས་པའི་བཅུད་ཀྱི་ཡོན་ཏན་བསྒྲུབ༔ འགྲོ་ཀུན་སྡུག་བསྔལ་ཞི་བའི་དཔལ་ཐོབ་ཤོག༔ ལན་གསུམ། བཀའ་བསྒོ་མཚམས་གཅོད་ནི། བགེགས་གཏོར་བྱིན་རླབས་བསྔོ་བ་སྤྱི་མཐུན་བྱས་ལ། ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་བར་ཆད་གང༔ གླུད་འདིས་ཚིམས་མཛོད་གཞན་དུ་འགྲོ་བར་གྱིས༔ བདག་གཞན་ཚེ་དཔག་མེད་ཀྱི་སྐྱབས་འོག་ཏུ༔ འཆི་མེད་སྲུང་བའི་དམ་ཚིག་མི་འདའ་གཟུང༔ རྩ་སྔགས་དང་། ཨཱོྃ་སུམྦྷ་ནི་སོགས་བརྗོད། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་དབབ་པ་ནི། ཧྲཱི༔ དུས་གསུམ་ཕྱོགས་བཅུའི་ཡི་དམ་ཞི་ཁྲོའི་ཚོགས༔ ཐུགས་རྗེའི་ཚེ་དབང་དངོས་གྲུབ་བྱིན་ཆེན་ཕོབ༔ རྣམ་སྨིན་ཕྱག་རྒྱ་ཚེ་དབང་ལྷུན་གྲུབ་ཏུ༔ འཕོ་འགྱུར་གཉིས་མེད་གོ་འཕང་མྱུར་ཐོབ་ཤོག༔ ཨཱོྃ་བཛྲ་ཨཱ་ཡུ་ཥེ་ས་མ་ཡ་ཕེཾ་ཕེཾ་ཛཿཛ༔ མཆོད་པ་རྣམས་བྱིན་བརླབ་པ་ནི། ཨཱོྃ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཐ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཐ༔ ཨཱོྃ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཐ༔ ཨཱོྃ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དངོས་གཞིའི་ཐོག་མར་བསྐྱེད་པའི་རྣལ་འབྱོར་ནི། ཤཱུནྱ་ཏཱས་སྦྱང་། ཧྲཱི༔ བདག་དང་དཀྱིལ་འཁོར་དབང་ཆེན་ཧེ་རུ་ཀ༔ རིགས་ཀྱི་ཚེ་ཡི་གཟི་མདངས་སྐུ་མདོག་དམར༔ ལོག་ལྟའི་དྲྭ་བ་གཅོད་པའི་གྲི་གུག་དང༔ དུག་ལྔ་ཡེ་ཤེས་ཚེ་བཅུད་གང་བའི་ཐོད༔ མཐུ་རྩལ་དུར་ཁྲོད་དཔལ་གྱིས་མཛེས་པར་བརྒྱན༔ ཕུང་པོ་གཞལ་ཡས་དཔའ་བོ་ཡབ་ཏུ་བསྒོམ༔ ཧྲཱིཿཧྲཱིཿཧྲཱི༔ གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན་པར་གྱུར༔ སྤྱན་འདྲེན་ནི། ཧྲཱི༔ འཆི་མེད་ཚེ་ཡི་དབང་ཕྱུག་བཅོམ་ལྡན་འདས༔ གར་བསྒྱུར་ཐུགས་རྗེའི་བདག་ཉིད་རྟ་མཆོག་རོལ༔ སྲུང་ཟློག་གཉིས་མེད་ཚེ་ཡི་དཔལ་བསྐྱེད་ཕྱིར༔ འཁོར་བཅས་འགྲོ་བའི་དོན་དུ་སྤྱན་འདྲེན་ནོ༔ ཨཱ་ཡུཿདེ་བ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ནི། ཧྲཱི༔ ཕུང་པོར་ཧེ་རུ་ཀ་ཡིས་བྱིན་ཕོབ་ཅིག༔ སྣང་བ་མཐའ་ཡས་མགོན་པོས་དཔལ་སྐྱེད་ཅིག༔ གཉིས་མེད་ཡེ་ཤེས་ཚེ་ཡི་བཅུད་སྩོལ་ཅིག༔ གསོལ་བའི་དོན་གྱི་འབྲས་བུ་མཆིས་པར་མཛོད༔ ས་མ་ཡ་ཧཱུྃ༔ ཕྱག་འཚལ་ནི། ཨཱ༔ སྒོ་གསུམ་དད་པས་རྟག་ཕྱག་འཚལ༔ རོལ་པ་འགག་མེད་ཚེ་དབང་སྩོལ༔ ཨཱ་ཡུཿདེ་བ་ཧྱ་གྲཱི་བ་ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་འབུལ་ནི། ཧྲཱི༔ སྣང་སྲིད་དག་པ་རབ་འབྱམས་མཆོད་པ་ཆེ༔ ཀློང་ཡངས་ལས་བྱུང་ཀུན་བཟང་མཆོད་པའི་སྤྲིན༔ བསོད་ནམས་ཡེ་ཤེས་སྤེལ་ཕྱིར་ཅིར་ཡང་སྣང༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ཚེ་འཕེལ་ཤོག༔ ཧྲཱི༔ བདག་སོགས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་བཅས༔ བཅོམ་ལྡན་གང་ལ་དགྱེས་པ་ཅི་བཞིན་འབུལ༔ འཕྲལ་རྐྱེན་དང་བྲལ་མཐུན་རྐྱེན་ལྷུན་གྲུབ་ཤོག༔ ཨཱོྃ་ཨཱ་ཡུར་དེ་བ་ཧྱ་གྲཱི་བ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨཱོྃ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ༔ མ་ཧཱ་རཀྟ༔ མ་ཧཱ་བ་ལིཾ་ཏ༔ དྷརྨ་དྷཱ་ཏུ་ཨ་ལ་ལ་ཧོ༔ བསྟོད་པ་ནི། ཧྲཱི༔ ཆོས་དབྱིངས་ཡེ་ཤེས་མཆོག་གི་ཚེ་ཡི་ལྷ༔ ཡོན་ཏན་མཚན་དཔེར་ཤར་བའི་ལོངས་སྤྱོད་རྫོགས༔ སྐྱེ་འཆིའི་འཛིན་པ་བྲལ་བའི་བཅོམ་ལྡན་འདས༔ ཐུགས་རྗེའི་མངའ་བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ སྣང་མཐའ་འཆི་མེད་དཔལ་ལས་སྐུར་སྤྲུལ་པའི༔ ཞི་བས་གདུལ་དཀའ་མི་བསྲུན་དྲག་རྩལ་ཅན༔ འཆི་མེད་ཚེ་ཡི་དཔལ་འབར་ཧེ་རུ་ཀ༔ སྲུང་ཟློག་ཚེ་ཡི་ཕྲིན་ལས་མཛད་ལ་བསྟོད༔ བཟླས་པའི་རྣལ་འབྱོར་ནི། ལུས་ཀྱི་གཞལ་ཡས་དབང་ཆེན་ཧེ་རུ་ཀ༔ ཚེ་དང་ཡེ་ཤེས་གཉིས་མེད་སྙིང་པོའི་སྔགས༔ ཐབས་ཤེས་ཡི་དམ་མཁའ་འགྲོས་འཚོ་བར་མཛོད༔ སྣང་སྟོང་མ་འགགས་རོལ་པའི་སྐུར་བལྟ་འོ༔ ཐུགས་ཀར་དབྱངས་གསལ་མཚན་པའི་ཉི་ཟླའི་དབུས༔ ཐབས་ཤེས་གཉིས་མེད་ས་བོན་སྙིང་པོ་ཧྲཱི༔ ཤེས་རབ་ཆུ་ཡིས་ས་བོན་ཆེར་སྐྱེད་ཅིང༔ ཐབས་ཀྱི་དྲོད་ཀྱིས་སྨིན་པའི་སྐུར་འགྲུབ་སྟེ༔ སྲུང་བ་ཐབས་ཤེས་ཡབ་ཡུམ་ཉི་ཟླའི་ཀློང༔ ཚེ་ཡི་བར་ཆད་ཧེ་རུ་ཀ་ཡིས་ཟློག༔ ཨཱོྃ་ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཞེས་དབྱངས་གསལ་ལན་གསུམ་སྔོན་དུ་འགྲོ་བས། ཨཱོྃ་ཨཱ་ཡུར་དེ་བ་ཧྱ་གྲཱི་བ་ཧྲཱིཿཧྲཱིཿཧྲཱི༔ ཧྲཱིཿཧྲཱིཿཧྲཱི༔ ཞེས་ཚེ་ཡི་སྙིང་པོ་ལ་བཟླས་པའི་དངོས་གཞི་བྱ། ཐུན་མཐར་རྫོགས་པའི་རྣལ་འབྱོར་ནི། ཨ༔ སྟོང་པ་ཤེས་རབ་མཁའ་ཀློང་ལས༔ སྣང་བ་དབང་ཆེན་ལྷང་ངེར་བཞེངས༔ གཉིས་མེད་འཁོར་ཡུག་གསང་སྔགས་ཀྱིས༔ སྐྱེ་འཆི་མེད་པར་ལ་བཟླ་འོ༔ དོན་དམ་དབུ་མའི་དཀྱིལ་འཁོར་དབུས༔ ས་བོན་སྙིང་པོ་ཐུགས་རིག་ཚེ༔ ཐབས་ཤེས་གཉིས་སུ་མེད་པའི་མཚོ༔ སྲོག་རྩོལ་རླུང་བཞིན་རྡོ་རྗེའི་བཟླས༔ འབྱུང་ལྔའི་རྟེན་འབྲེལ་གྲོགས་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ༔ ཞེས་པས་ལྷར་སྣང་དབྱིངས་སུ་བསྡུ། སླར་སྒྱུ་མའི་ལྷ་སྔགས་སུ་ལྡང་ལ་གནས་གསུམ་བསྲུང་། བསྔོ་སྨོན་དང་ཤིས་བརྗོད་བྱའོ། །སྐབས་སུ་ཚོགས་མཆོད་སྤྲོ་ན། དམ་ཚིག་གི་རྫས་བཤམ། གོང་གསལ་བཟླས་པ་གྲུབ་ནས་རྫོགས་རིམ་གྱི་གོང་དུ། རཾ་ཡཾ་ཁཾ༔ གཟུང་འཛིན་རབ་སྦྱངས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཨཱོྃ་ཨཱཿཧཱུྃ༔ ལན་གསུམ། འབུལ་བ་ནི། གཅེས་འཛིན་བདག་འཛིན་གསོད་པའི་བམ་རོའི་ཚོགས༔ བདེ་གཤེགས་ཡེ་ཤེས་མཁའ་འགྲོ་སྲུང་མས་བཞེས༔ ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྐོང་བ་ནི། ཧྲཱི༔ ཉམས་པ་བསྐང་ཕྱིར་འབྱོར་ཚོགས་མཆོད་སྤྲིན་གྱིས༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐང༔ གནས་གཏེར་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང༔ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བསྐང་བྱ་སྐོང་བྱེད་དབྱེར་མེད་རང་གྲོལ་ཀློང༔ དོན་གྱི་འགྱོད་ཚངས་བཤགས་པའི་སྐུར་བལྟ་འོ༔ དེ་ནས་ནང་གི་སྦྱིན་སྲེག་ཏུ་རོལ་པའི་ལྷག་མ་དང་། གཏོར་ཆུང་ཟུར་དུ་བཤམ་པ་བཅས། ཨཱོྃ་ཨཱཿཧཱུྃ་གིས་བརླབ་སྟེ། བསྐུལ་པ་ནི། ཧྲཱི༔ རབ་ཁྲོས་དབང་ཆེན་འབར་བའི་དུས་ལ་བབས༔ དུས་མིན་འཆི་བའི་གནོད་པ་མྱུར་དུ་ཟློགས༔ དབང་ཆེན་ལྷ་ཚོགས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འཆི་མེད་ཚེ་དབང་མངོན་དུ་འགྱུར་བར་མཛོད༔ མཱ་ར་ཡ་ཕཊ༔ ཅེས་དང་། ཡེ་ཤེས་ལྷག་མ་འཇིག་རྟེན་སྲུང་མས་བཞེས༔ ཨཱོྃ་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་པས་གཏོར་ལྷག་གཉིས་ཀ་ཕྱི་རོལ་དུ་འབུལ། རྗེས་ཆོག་མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་བྱས་ཀྱང་མི་འགལ། དམིགས་བསལ་མ་བཤད་པས་རྫོགས་རིམ་བསྡུ་ལྡང་ལ་འཇུག་ཀྱང་ཆོག་གོ །གཉིས་པ་སློབ་མ་རྗེས་སུ་གཟུང་ན། སྟེགས་བུར་མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་གཅིག་བཀོད་པའི་ཁར་རྣམ་བུམ་བཅུད་ལྡན་ཁ་རྒྱན་བཅས། གཡས་གཡོན་དུ་ཐོད་ཆང་། རིག་ཙཀ །ཤེལ་རྡོ་མེ་ལོང་གང་རུང་། རྒྱབ་ཏུ་དཔལ་གཏོར། མདུན་ངོས་སུ་ཕྱི་ནང་མཆོད་པ་རྣམས་བཤམ། ཕྲིན་ལས་བཟླས་པའི་བར་དུ་བྱ། དེ་ནས་ཚོགས་མཆོད་སྐོང་བ་བཅས་བཏང་། ལས་བུམ་རྟ་སྔགས་ཀྱིས་བརླབ། རིག་མེ་དོར་ལ་གནང་བ་ནོད། དེ་ནས་སློབ་མ་ལ་ཁྲུས། བགེགས་བསྐྲད་སྲུང་འཁོར། སེམས་བསྐྱེད་གསལ་བཏབ་ལ། དེའང་འཆི་མེད་ཚེའི་རིག་འཛིན་བསྒྲུབ་པ་ལ་བདུད་བཞིའི་བར་དུ་གཅོད་པ་ཤུགས་ལ་སེལ་ཅིང་ཚེ་དབང་དངོས་གྲུབ་མྱུར་དུ་སྩོལ་བ་ལ་དབང་ཆེན་རྟ་མཆོག་རྒྱལ་པོ་ཉིད་ལྷག་པར་ཟབ་ཅིང་མྱུར་བ་རྒྱུད་དང་མན་ངག་རྣམས་ལས་བསྔགས་ཤིང་། དེའི་སྒྲུབ་ཐབས་ཟབ་ལ་འདུས་པ་འདིའང་ལང་གྲོ་ལོ་ཙཱའི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོས་མདོ་ཁམས་ཀཱ་མ་རཱུ་པའི་ཤར་ཕྱོགས་གསང་བ་བདུད་རྩིའི་ཕུག་ནས་སྤྱན་དྲངས་པའི། ཀློང་གསལ་རྡོ་རྗེའི་སྙིང་པོའི་ཆོས་སྡེ་ལས་བྱོན་པ་ཕྲིན་ལས་ཚེའི་གེགས་སེལ་ཆེད་དུ་བསྔགས་པ་སྟེ། དེ་ཉིད་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་གཞུག །གསོལ་བ་འདེབས་པའི་རྗེས་ཟློས། ཨེ་མ་བླ་མ་རིན་པོ་ཆེ༔ བདག་ཅག་སྐལ་ལྡན་སློབ་མ་ལ༔ ཚེ་ཡི་དངོས་གྲུབ་ཐོབ་པའི་ཕྱིར༔ འཆི་མེད་ཚེ་ཡི་དངོས་གྲུབ་ཀྱི༔ གདམས་པ་རིན་ཆེན་བདག་ལ་སྩོལ༔ གསུམ། སློབ་དཔོན་གྱིས་ལན་དུ། རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་དུ༔ རྟ་མཆོག་རོལ་པའི་བཅུད་བླངས་ནས༔ ཚེ་ཡི་གེགས་སེལ་ཚེ་སྒྲུབ་ཅིང༔ དཔག་མེད་དཀྱིལ་འཁོར་ཚེ་ལ་ཞུགས༔ ཞེས་གནང་བ་སྦྱིན། རྒྱུད་དག་པར་བྱ་བའི་སླད་དུ་རྒྱུན་བཤགས་ཡན་ལག་བརྒྱད་པའི་བསྒོམ་དོན་གསལ་ཐོབས་ལ་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དེ་ནས་ཁྱེད་རང་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀ་དམར་པོ་གྲི་གུག་དང་བདུད་རྩིས་བཀང་བའི་ཐོད་པ་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་ལྡན་པའི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀར་ཧྲཱིཿདམར་པོས་མཚན་པ། སློབ་དཔོན་ཡང་དེ་ལྟར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རབ་འབྱམས་ཞིང་ཁམས་རྒྱ་མཚོ་ནས་སངས་རྒྱས་སྲས་དང་སློབ་མར་བཅས་པ་ཐམས་ཅད་དབང་ཆེན་ཧེ་རུ་ཀའི་རྣམ་པར་བྱོན་ཏེ་མཚོ་ལ་ཁ་བ་བབས་པ་བཞིན་དུ་ཐིམ་པ་བསྒོམ་ཞིང་། ཧྲཱི༔ འཆི་མེད་ཚེ་ཡི་དབང་ཕྱུག་བཅོམ་ལྡན་འདས༔ གར་བསྒྱུར་ཐུགས་རྗེའི་བདག་ཉིད་རྟ་མཆོག་རོལ༔ སྲུང་ཟློག་གཉིས་མེད་ཚེ་ཡི་དཔལ་བསྐྱེད་ཕྱིར༔ འཁོར་བཅས་འགྲོ་བའི་དོན་དུ་སྤྱན་འདྲེན་ནོ༔ ཨཱ་ཡུཿདེ་བ་ཧྱ་གྲཱི་ཝ་བཛྲ་ས་མ་ཡ་ཛ་ཛ༔ ཞེས་སྤྱན་འདྲེན་དང་། ཧྲཱི༔ ཆོས་དབྱིངས་དགོངས་པ་རང་གྲོལ་གྱིས༔ སྐྱེ་མེད་ཆོས་སྐུའི་ཚེ་དབང་སྩོལ༔ འགག་མེད་མཚན་དཔེའི་སྐུར་སྣང་བས༔ འགག་མེད་ལོངས་སྐུའི་ཚེ་དབང་སྩོལ༔ གང་འདུལ་མཛད་པའི་ཕྲིན་ལས་སྐུས༔ ཚད་མེད་སྤྲུལ་སྐུའི་ཚེ་དབང་སྩོལ༔ ཞི་བས་འདུལ་དཀའ་དྲག་པོའི་སྐུས༔ རྟ་མཆོག་རོལ་པའི་ཚེ་དབང་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ རྩ་སྔགས་མཐར། ཨཱ་བེ་ཤ་ཡ་བཏགས་པ་མང་དུ་བརྗོད་ཅིང་མཐར་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ས་བརྟན་པར་བྱ། བུམ་པ་ཐོགས་ལ། རྡོ་རྗེའི་བུམ་པ་རང་བྱུང་གི་ཕོ་བྲང་འཆི་མེད་བདུད་རྩིའི་བཅུད་ཀྱིས་བལྟམས་པས་ལུས་ལ་གཏོར་བླུགས་ཀྱི་དབང་བསྐུར་བསྩལ་བར་མོས་ཤིག །ཧྲཱི༔ རྟ་མཆོག་རྔམས་པའི་བུམ་པ་ནི༔ འཆི་མེད་ཚེ་ཡི་བཅུད་ཀྱིས་གཏམས༔ སྐལ་ལྡན་ལུས་དབང་ལྷ་ཡིས་བསྐུར༔ སྨིན་པར་བྱ་བའི་དབང་ཐོབ་ཤོག༔ ཨཱོྃ་ཧྱ་གྲཱི་བ་ཧཱུྃ༔ ཨཱ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ བུམ་ཆུ་བླུད། བནྡྷའི་བདུད་རྩི་ཐོགས་ལ། དབང་ཆེན་ཧེ་རུ་ཀ་རང་འོད་ཀྱི་ཤེས་རབ་མ་དང་སྦྱོར་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ངག་ལ་གསང་བའི་དབང་བསྐུར་བསྩལ་བར་མོས་ཤིག །ཧྲཱི༔ དབང་ཆེན་ཐབས་ཤེས་གསང་བའི་རྒྱུན༔ འཆི་མེད་ཚེ་ཡི་བཅུད་མཆོག་སྟེ༔ སྐལ་ལྡན་ངག་ལ་སྔགས་ཀྱིས་བསྐུར༔ ནུས་པ་འབར་བའི་དབང་ཐོབ་ཤོག༔ གོང་གསལ་སྔགས་ཤམ་དུ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་སྦྱིན། རིག་ཙཀ་གཏད་ལ། པདྨ་དབྱིངས་ཕྱུག་མའི་རང་བཞིན་ཕྱག་རྒྱ་གཏད་པ་དང་སྙོམས་པར་ཞུགས་པས་འཕོ་མེད་ལྷན་སྐྱེས་ཀྱི་དགའ་བ་བརྟན་ཏེ་ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །ཧྲཱི༔ ཤེས་རབ་ཡེ་ཤེས་ལས་བྱུང་བའི༔ དགའ་བཞིའི་འཆི་མེད་བཅུད་དུ་གྱུར༔ སྐལ་ལྡན་ཡིད་དབང་ཆོས་ཀྱིས་བསྐུར༔ རྟ་མཆོག་རོལ་པའི་དབང་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཛྙཱ་ན་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱི༔ རིག་དབང་ནི། མེ་ལོང་གཏད་ལ། རང་རིག་པའི་ངོ་བོ་སྐྱེ་འགག་སྤྲོས་པ་ཀུན་དང་བྲལ་བ་ཀ་དག་གཤིས་ཀྱི་གནས་ལུགས་ལ་མཉམ་པར་བཞག་པས་སྒོ་གསུམ་ལ་བཞི་པའི་དབང་རྫོགས་པར་མོས་ཤིག །ཧྲཱི༔ ཚིག་གི་བདུད་རྩི་རྣ་དབང་རེག་བྱས་མྱོང༔ དོན་དམ་སྨྲ་བས་མི་མཚོན་གང་ཤར་འཇོག༔ སྐྱེ་མེད་ཤར་ཆ་འགག་མེད་རང་གྲོལ་སྐྱོངས༔ རྩོལ་མེད་མ་ཡེངས་ཁོར་ཡུག་ལམ་དུ་ཁྱེར༔ དོན་དམ་སྐྱེ་འཆི་གཉིས་མེད་ས་ཟུངས་ཤིག༔ ཅེས་ངོ་སྤྲད། དེ་ལྟར་དབང་བཞི་ཐོབ། ལུས་ངག་ཡིད་གསུམ་ཆ་སྙོམས་དང་བཅས་པའི་དྲི་མ་དག །ལམ་བཞི་བསྒོམ་པ་ལ་དབང་། རྡོ་རྗེ་བཞི་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཏོར་མ་ཐོགས་ལ། དཔལ་གྱི་གཏོར་མ་འདི་ཉིད་དབང་ཆེན་རྟ་མཆོག་རྒྱལ་པོ་རྩ་གསུམ་རྒྱལ་བའི་ཚོགས་དང་བཅས་པ་མངོན་སུམ་དུ་གསལ་བའི་སྐུ་ལས་བྱིན་རླབས་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྒྱུན་བྱུང་། ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །བླ་མ་བརྒྱུད་པའི་མཚན་སྨྲོས་པའམ། བསྡུ་ན། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་རིག་འཛིན་དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་རྟ་མཆོག་དབང་གི་རྒྱལ་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་མཛད་དུ་གསོལ། འཆི་བདག་གི་འཇིགས་པ་ལ་སོགས་པ་མི་མཐུན་པའི་རྐྱེན་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། འཆི་མེད་ཚེའི་རིག་འཛིན་ལ་སོགས་པ་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་སྟན་ཐོག་འདི་ཉིད་དུ་བསྩལ་བར་མཛད་དུ་གསོལ། ཞེས་པ་ཙམ་དང་སྔགས་བརྗོད་ལ་གཏོར་མ་གནས་གསུམ་དུ་བཞག །ཆ་ཤས་དངོས་གྲུབ་ཏུ་སྦྱིན་ལ་ཤིས་པ་བརྗོད། སྤྲོ་ན་མཐའ་རྟེན་རྫས་རྟགས་སོགས་སྦྱིན་ཡང་ཆོག །དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་རོལ་ལྷག་མའི་བར་དང་། མཆོད་པ་ཁ་གསོས་ལ་གོང་གསལ་སྔགས་ཙམ་གྱིས་མཆོད། བསྟོད་པ་ཤླཽ་ཀ་གཅིག །བཟོད་གསོལ་དང་ཡིག་བརྒྱ་བརྗོད་ལ་རྫོགས་རིམ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་ཀྱིས་འགྲུབ་བོ། །ཐབས་ཤེས་ཉི་ཟླའི་གྭ་འུ་རུ། །ཟུང་འཇུག་བདེ་ཆེན་ཡེ་ཤེས་བཅུད། །འཆི་མེད་རྡོ་རྗེའི་སྐུར་སྨིན་པའི། །དབང་ཆེན་གོ་འཕང་མཆོག་འགྲུབ་ཤོག །ཅེས་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་སྲོག་ལུས་འཚོ་བའི་བཅུད་སྤེལ་ཅིང་བར་ཆད་ཟློག་པའི་སླད་དུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་རྣམ་དགུའི་བྱེ་བྲག་བདེ་ཆེན་པདྨ་རྫོང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 59)
ཨོཾ་སྭསྟི། རྒྱལ་བའི་བཀའ་ཡི་བསྟན་སྲུང་མཆོག །རིན་ཆེན་མང་སྤྲུལ་རྣམ་ཐོས་སྲས། །དེ་ལ་བཏུད་ནས་སྒྲུབ་ཐབས་དང་། །རྗེས་གནང་ཆོ་ག་མདོ་ཙམ་བཤད། །འདིར་རྣམ་ཐོས་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། གནས་ཁང་མཛེས་པར་བརྒྱན། བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ། སྟེགས་བུ་དྲི་བཟང་གིས་བྱུགས་པའི་ཁར་མཎྜལ་སྒོ་རྫོགས་ཁོར་ས་གསུམ་པ་སྒོམ་དོན་དང་མཐུན་པའམ་སྣ་ཚོགས་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པ་བྲི། དེའི་སྟེང་དུ་འབྲུ་སྣའི་ཕྱེ་ལ་རིན་པོ་ཆེ་བརྡར་བའི་རྟེན་གཏོར་ཁང་བཟང་སུམ་བརྩེགས་མའི་ཚུལ་དུ་བྱས་པ་བཀོད། དེའི་གཡས་སུ་བུམ་གདན་པདྨ་འདབ་བཞིའི་ཚོམ་བུའི་ཁར་བུམ་པ་བཅུད་ལྡན། གཡོན་དུ་མཆོད་གཏོར་ཟླུམ་པོ་གཙོ་འཁོར་དགུ་པ། རྒྱབ་ཏུ་སྟེགས་མཐོ་བར་ཡི་དམ་གྱི་འབུལ་གཏོར། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་སོགས་མཆོད་པའི་ཡོ་བྱད། ཕྱག་མཚན་དང་སྤྱན་གཟིགས་སོགས་ཉེ་བར་མཁོ་བ་ཐམས་ཅད་ཅི་བདེ་བར་བཀོད་ཅིང་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། ཁྲུས་བྱས་གོས་བཟང་པོ་གྱོན་ནས་སྟན་ལ་འདུག་སྟེ། བགེགས་གཏོར་གཏང་། མཆོད་པ་བྱིན་གྱིས་བརླབ། གསང་བའི་བདག་པོའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། ཕྱོགས་བཞིར་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེགས་པའི་ཁོར་ཡུག་གིས་བསྐོར་བའི་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག །བྱང་འཛམ་བུའི་ཆུ་བོའི་གསེར་ལས་གྲུབ་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་དབུས་སུ་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་སུམ་བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་ཤིང་། འཁོར་ས་རིམ་པ་གསུམ་གྱིས་བསྐོར་བའི་དང་པོའི་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད་ཀྱིས་མཛེས་པ། དེ་དག་གི་ཕྱི་རོལ་དུ་རིན་པོ་ཆེའི་ཕུང་པོ། དཔག་བསམ་གྱི་ལྗོན་ཤིང་། མ་རྨོས་པའི་ལོ་ཐོག །གཏེར་གྱི་བུམ་བཟང་། ཁྲུས་རྫིང་མེ་ཏོག་དང་ལྡན་པ་རྣམས་སྤེལ་མར་གནས་པའི་ཕྱི་ནས་རིན་པོ་ཆེའི་ར་བ་གྲུ་བཞི་པས་བསྐོར་བ། ཕོ་བྲང་དབུས་མའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་སེང་གེ་ལ་གནས་པའི་བཻ་སེར་པོའི་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེའི་རྒྱལ་མཚན་སྒྲེང་ཞིང་གཡོན་ནོར་བུ་སྐྱུག་པའི་ནེའུ་ལེ་འཛིན་པ། བརྗིད་བག་དང་བཅས་པའི་སྐུ་ལ་ལྷའི་དར་སྣ་ཚོགས་པའི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་ཞིང་། རིན་པོ་ཆེའི་ཐོར་ཚུགས་དབུ་རྒྱན་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་གཡོན་བརྐྱང་བའི་རོལ་པའི་སྟབས་ཀྱིས་སེང་གེ་དཀར་མོ་ཉལ་སྟབས་སུ་གནས་པའི་སྟེང་ན་བཞུགས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་སྐྱེ་རྒུ་རྣམས་ཕོངས་པ་ལས་སྒྲོལ་བ། ཕྲག་གོང་ཉི་ཟླས་བརྒྱན་པ་བཙུན་མོ་སྲས་དང་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། ཕྱོགས་མཚམས་ཀྱི་ཁང་བརྩེགས་བརྒྱད་ཀྱི་ཤར་ནས་རིམ་པ་བཞིན་ཛམ་བྷ་ལ་སེར་པོ་རིན་པོ་ཆེ་འཛིན་པ། ཡང་དག་ཤེས་སེར་པོ་གསེར་གྱི་གྲི་རིང་འཛིན་པ། གང་བ་བཟང་པོ་སེར་པོ་བུམ་པ་འཛིན་པ། འབྲོག་གནས་ནག་པོ་མདུང་འཛིན་པ། ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། ལྔས་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། འཇམ་པོ་འཁྱིལ་བ་དཀར་པོ་གྲི་ཕུབ་འཛིན་པ་སྟེ། ཐམས་ཅད་ཀྱང་གཡོན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་རང་མདོག་དང་མཚུངས་པའི་རྟ་ལ་འཆིབ་པ། བརྗིད་ཅིང་དཔའ་བ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འཁོར་ས་བར་མ་ན་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ། འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་སོགས་ཅི་བགྱིའི་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་རྣམ་འགྱུར་སྣ་ཚོགས་པའི་གཟུགས་དང་ཆ་ལུགས་ཅན། ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བས་འདོད་པའི་དངོས་གྲུབ་ཆར་བཞིན་དུ་འབེབ་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་འཁོད་པར་གྱུར། གནས་གསུམ་བྱིན་གྱིས་བརླབ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཙནྡན་དཀར་དམར་ག་པུར་སྤོས་དཀར་ཨ་ག་རུའི་ཕྱེ་རྣམས་སྦྱར་བའི་སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས་པས། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །འཁོར་གྱི་གནོད་སྦྱིན་ཚོགས་དང་བཅས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་བཱ་ར་ས་མ་ཡ་ཧྲིཾ་ཧྲིཾ་ཧྲིཾ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨཱ་ཀརྵཱ་ཡ་ཛཿ ཞེས་དང་། བཻ་རིང་པོ་མིག་འཛུམ་སོ་གཉིས་ཀྱི་ཡུན་ཚད་དུ་བརྗོད་པས་སྤྱན་དྲངས། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། ཞེས་ཅོད་པན་གྱི་དབང་བསྐུར། ཧཱུྃ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དད་པའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ན་མཿ ཞེས་པས་ཕྱག་བྱ། ཧཱུྃ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་ཆེན་བྱུག་པ་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད། བསྟོད་པ་བྱ་བ་ནི། བཻ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་མཛེས་པའི་ཕོ་བྲང་ཆེན་པོ་ནི། །ཤར་ཕྱོགས་ཤེལ་ལས་གྲུབ་པ་དཀར་ཞིང་འཚེར། །ལྷོ་ཕྱོགས་བཻ་ཌཱུརྻ་སྟེ་མཐིང་ཞིང་འཚེར། །ནུབ་ཕྱོགས་པདྨ་རཱ་ག་དམར་ཞིང་དྭངས། །བྱང་ཕྱོགས་གསེར་ལས་གྲུབ་པ་གསལ་ཞིང་མཛེས། །བླ་གོར་རྡོ་ལ་གསེར་གྱི་པ་ཏྲས་བརྒྱན། ཁང་བཟང་ལྕོག་བཞི་རིན་ཆེན་རྒྱལ་མཚན་བཙུགས། །རིན་ཆེན་ཕོ་བྲང་ལོངས་སྤྱོད་འདོད་ཡོན་ལྡན། །རིན་ཆེན་སེང་སྟེང་པཉྩ་ལི་ཀའི་གདན། །ཞེས་པ་དང་། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །སྤྲིན་བྲལ་ཉི་མའི་གཟི་མདངས་ཅན། །དར་དང་ཟ་འོག་ན་བཟའ་གསོལ། །དབུ་ལ་རིན་ཆེན་པྲོག་ཞུ་བསྣམས། །ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པ་གཏེར་གྱི་ནེའུ་ལེ་བསྣམས། །ཞལ་ནས་རིན་ཆེན་ཆར་པ་འབེབ། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །ལྷ་ཡི་སེང་གེའི་གདན་ལ་བཞུགས། །རིན་ཆེན་ཕྲེང་བས་རབ་བརྒྱན་ཅིང་། །ནམ་མཁའི་མཛོད་ལ་མངའ་བརྙེས་ཏེ། །ཡིད་བཞིན་རེ་སྐོང་རྣམ་ཐོས་བུ། །རྫུ་འཕྲུལ་ཆེ་ཞིང་འོད་དང་ལྡན། ཁ་དོག་ལྡན་ཞིང་གྲགས་དང་ལྡན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །གཞན་གྱི་དཔུང་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་མིན་གཡུལ་རྣམས་ཕམ་པར་མཛད། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མི་ནུས་ན་གོང་གི་གནས་བསྟོད་བཞག་པའི། གནོད་སྦྱིན་རྒྱལ་པོ་ཞེས་པ་མན་ཆད་ཀྱིས་ཀྱང་ཆོག །ཡང་སྤྲོ་ཞིང་ནུས་ན་འཁོར་མང་གི་སྒེར་བསྟོད་ཀྱང་བྱ་སྟེ་སྒྲུབ་ཡིག་རྩ་བ་ལས་ཤེས་སོ། །བཟླས་པ་བྱ་བ་ནི། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་བཻ་སྭཱ་ཧཱ། གཙོ་བོའི་སྙིང་པོའོ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཛམྦྷ་ལ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཱཉྩི་ཀཿཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ། འཁོར་གནོད་སྦྱིན་བརྒྱད་པོ་རྣམས་ཀྱི་སྔགས་སོ། །དེ་ལྟར་ཅི་ནུས་བཟླས་ནས། ཐུན་མཐར་གཏོར་མ་འབུལ་བ་ནི། བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་ལྔའི་སྤྲིན་ཕུང་སྤྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨ་ཀཱ་རོ་སོགས་བརྗོད་པས་བྱིན་གྱིས་བརླབས་ལ། ཨོཾ་བཻ་ཤྲ་མ་ཎ་ས་པ་རི་བཱ་ར་མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ལ། བཻ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ལ། །བུ་སྡུག་བཞིན་དུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་དང་། །ལོག་པར་ཞུགས་པའི་དགྲ་ཚོགས་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་རྣམས་གྲུབ་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་གསོལ། མཐར་གཏང་རག་གི་མཆོད་བསྟོད་དང་། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་ཤིས་བརྗོད་ཅི་རིགས་པར་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་བསྐྱེད་ཀྱི་བཟླས་པ་སོང་རྗེས་བུམ་པར་གསང་བདག་བསྐྱེད་གནས་གསུམ་བྱིན་གྱིས་བརླབས་ནས་ཡེ་ཤེས་པ་གཞུག །དབང་བསྐུར་རིགས་བདག་གི་རྒྱས་གདབ། མཆོད་ཅིང་བསྟོད་ནས། ཐུགས་ཀའི་སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ནས་བུམ་ལྷའི་རྒྱུད་བསྐུལ་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ནས། ཨོཾ་ནཱི་ལཾ་བ་ར་དྷཱ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་སོགས་བཟླས་ནས་ལྷ་བདུད་རྩིར་ཞུ། དེ་ནས་མདུན་བསྐྱེད་ཀྱི་སྒྲུབ་མཆོད་གཏོར་མ་འབུལ་བ་ཡན་ཆད་སྔར་ལྟར་བྱས། སློབ་མ་རྣམས་ཁྲུས་བྱས་གོས་གསར་པ་གྱོན། ཕྱག་བྱས་ཏེ་འཁོད་པ་ལ། ཆོས་བཤད་ཅི་རིགས་པ་ལས་ཁྱད་པར། དེ་ཡང་རྒྱལ་བ་སྟོང་གི་བཀའ་སྡོད། བསྟན་པ་རབ་འབྱམས་ཀྱི་སྲུང་མ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་སྲས་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་འདི་ཉིད་ངེས་པའི་དོན་དུ་བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་དང་རྣམ་དབྱེར་མེད་ཅིང་། གནས་སྐབས་བསྟན་པ་སྐྱོང་ཞིང་སྒྲུབ་པ་པོའི་རེ་འདོད་སྐོང་བའི་ཆེད་དུ་གནོད་སྦྱིན་དབང་པོའི་སྐུར་བཞེངས་པ་སྟེ། དེ་ཡང་སྔོན་སྟོན་པ་ལྕང་ལོ་ཅན་དུ་རྣམ་ཐོས་ཀྱི་བུའི་གནས་ན་བཞུགས་པའི་ཚེ། ངལ་གསོས་པོའི་བུ་གར་མཁན་མཆོག་སྟོན་པའི་སྤྱན་སྔར་འདུག་གོ །དེ་ནས་རྣམ་ཐོས་སྲས་སྟན་ལས་ལངས་ནས་སྟོན་པ་ལ་མཆོད་ཅིང་རིག་སྔགས་གསུང་བར་གསོལ་བ་བཏབ་པ་ལས། སྔགས་དང་སྒྲུབ་ཐབས་ལས་ཚོགས་དཀྱིལ་འཁོར་སོགས་རྒྱ་ཆེར་བསྟན་པ་ལེའུ་བཅུ་དྲུག་གི་བདག་ཉིད་ཅན་གར་མཁན་མཆོག་གི་རྟོག་པ་གསུངས་པ་སོགས། གྲུབ་པའི་སློབ་དཔོན་ཆེན་པོ་དུ་མ་ལ་བཀའ་བབས་ཤིང་བརྒྱུད་པའི་བཀའ་གཏེར་གྱི་མན་ངག་དུ་མ་ཞིག་བཞུགས་པ་ལས། འདིར་གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་མ་དང་འབྲེལ་བ། དེ་ལ་ཕྱི་ལྷ་ལྟར་སྒྲུབ་པ། ནང་མ་མོ་ལྟར་སྒྲུབ་པ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ། ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་སྟེ་བཞི་ལས། འདིར་ཕྱི་ལྷ་ལྟར་སྒྲུབ་པ་སྤྲིན་གསེབ་མའི་སྐོར་དུ་གྲགས་པ་དེ་ཡིན། དེ་ཡང་སྔོན་ཆོས་འཁོར་བསམ་ཡས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་སྲས་མུ་ཁྲི་བཙན་པོ་མཐའི་སོ་ཁ་སྲུང་བའི་དམག་དཔོན་དུ་མངགས་པའི་ཚེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་བླ་མཆོད་རྣམས་དབུ་རྩེ་བར་ཁང་དུ་སྤྱན་དྲངས་མཆོད་པ་རྒྱ་ཆེན་པོས་མཆོད་ནས། མཐའི་དཔུང་རྣམས་འཇོམས་པ་དང་། ཡབ་རྒྱལ་པོའི་བཞེད་པ་འགྲུབ་པ་དང་། བར་ཆད་མེད་ཅིང་བདེ་ལེགས་སུ་འགྱུར་བའི་རྟེན་འབྲེལ་མཛད་དུ་གསོལ། ཞེས་ལྷ་སྲས་དང་རྒྱལ་བློན་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ལས། སློབ་དཔོན་ཆེན་པོས་དེ་ལྟར་བགྱིའོ་ཞེས་གསུངས་ནས། སྐད་ཅིག་དེ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་རྟ་བདག་བརྒྱད་ལས་བྱེད་མགོ་བརྙན་གྱི་ཚོགས་དང་བཅས་པ་ནམ་མཁའ་གང་བ་མདུན་གྱི་སྤྲིན་གསེབ་ཏུ་སྤྱན་དྲངས། རྒྱལ་པོ་འཁོར་བཅས་ལ་ཞལ་དངོས་སུ་བསྟན། དེར་སློབ་དཔོན་གྱིས་བཀའ་བསྒོས་ཤིང་དམ་ལ་བཏགས་ནས་ཕྲིན་ལས་སྒྲུབ་པའི་གཉེར་གཏད། རྒྱལ་པོས་ཇི་ལྟར་གཟིགས་པའི་བཀོད་པ་རྣམས་མཐའ་མི་མགོན་བཙུན་གྱིས་རི་མོར་བཀོད་པ་ལ་རབ་གནས་དང་མངའ་གསོལ་མཛད། དེ་ནས་རྒྱལ་པོས་མཐའ་བཞིའི་དམག་དཔུང་རྣམས་དབྱར་མོ་ཐང་དུ་འཚོགས་པའི་དུས་ཚིགས་བོར་བ་ལས། དེར་གཟུགས་དང་ཆ་ལུགས་རྣམ་འགྱུར་སྣ་ཚོགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་འདུས། རྒྱལ་བུས་དེ་རྣམས་ཁྲིད་དེ་གྲུ་གུ་དང་རྒྱ་དང་ཧོར་གྱི་སྒོམ་གྲྭ་བར་པ་རྣམས་བཅོམ། དཀོར་ཆ་རྣམས་ཁྱེར་ནས་ཡབ་ལ་ཕུལ། མཐར་རྒྱལ་བུས་སློབ་དཔོན་གྱི་དྲུང་དུ་རྡོ་རྗེ་ཐེག་པའི་མན་ངག་ནོས་ནས་ཉམས་སུ་བླངས་པས་དངོས་གྲུབ་ཐོབ། དེ་ལྟ་བུའི་རྣམ་ཐོས་སྲས་ཀྱི་བསྙེན་སྒྲུབ་ལས་ཚོགས་དང་བཅས་པ་རྣམས་ཨོ་རྒྱན་ཆེན་པོས་ཟབ་མོའི་གནད་དུ་དྲིལ་བ་ཕྱི་རབས་ཀྱི་དོན་དུ་སྐུ་འབག་དང་ལྷན་ཅིག་བྱ་རྒོད་གཤོངས་སུ་གཏེར་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་བཏོན་ནས། སྣུར་ཉི་མ་འོད་ཟེར་སོགས་ལས་རིམ་བཞིན་བརྒྱུད་པའི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །གསང་བདག་འཁོར་བཅས་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག །དེ་ནས་སློབ་མ་ལ་ཕྱག་རྡོར་གྱི་མངོན་རྟོགས་ཕོག །མདུན་གྱི་གཏོར་མ་མདུན་བསྐྱེད་བཞིན་གསལ་བཏབ་གནས་གསུམ་བརླབ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་འདྲེན་ཅིང་སྤོས་སྲེག་རོལ་མོའི་སྒྲ་སྦྱར། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་ཅིང་བསྟོད་པ་བྱ། དེ་ནས་བུམ་པ་སྤྱི་བོར་བཞག །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །ཡེ་ཤེས་དམ་ཚིག་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །བདག་གིས་མངོན་པར་དབང་བསྐུར་རོ། །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་བུམ་ཆུ་ལྷའི་ངོ་བོ་ཡེ་ཤེས་བདུད་རྩིས་ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་གིས་དབུ་བརྒྱན་པར་བསམ་ཞིང་དབུ་རྒྱན་བཅིངས་ལ། སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །དབུ་རྒྱན་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་དབང་བསྐུར་རོ། །དེ་ནས་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ། བླ་མའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་རྒྱལ་པོའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་བའི་འོད་ཀྱིས་དོན་གཉིས་བྱས། འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། དེ་ཉིད་སློབ་མའི་ཁར་ཞུགས་སྙིང་གའི་ཧཱུྃ་གི་མཐར་ལན་གསུམ་དུ་འཁོད་པར་བསམ་ལ། ཕྱག་རྡོར་གྱི་སྔགས་སྔོན་དུ་འགྲོ་བས། གཙོ་བོའི་སྙིང་པོ་དང་ཉེ་སྙིང་བརྒྱ་རྩ་བརྒྱད། འཁོར་རྣམས་ཀྱི་སྔགས་གསུམ་སོགས་རྗེས་ཟློས་བྱས་ལ། སློབ་མས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་། སྔགས་བདག་བདག་ལ་བསྩལ་ལགས་ཀྱིས། །སྔགས་བདག་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཞག་ལ། སྔགས་བདག་འདི་ལ་བསྩལ་ལགས་ཀྱིས། །སྔགས་བདག་འདི་ལ་བྱིན་གྱིས་རློབས། །ལན་གསུམ་གྱིས་བྱིན་གྱིས་བརླབ། དེ་ནས་སླར་ཡང་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཞེས་གསོལ་བ་གདབ། སློབ་མ་གསང་བདག་གི་ང་རྒྱལ་བརྟན་པོ་བསྐྱེད་དུ་བཅུག་ལ། གཏོར་མ་སྙིང་གའམ་ལག་པར་གཏད་དེ། མདུན་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སྙིང་ག་ནས་སིབ་ཀྱིས་ཐིམ་པས་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་བསམ་ལ། བླ་མ་བརྒྱུད་པའི་མཚན་ནས་བརྗོད་ཅིང་བཀའ་བསྒོ་དང་སྔགས་རྣམས་དྲག་པོར་བརྗོད་ཅིང་སྦྱར་སྤོས་ཀྱི་དུད་པ་དང་རོལ་མོའི་སྒྲ་བྱའོ། །དེ་ནས་བཀའ་བསྒོ་བ་ནི། དེང་ནས་གཟུང་སྟེ་བུ་ཁྱོད་ཀྱིས་དཔལ་ཕྱག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་རྣམས་བསྒོམ་པ་དང་བཟླས་པའི་སྒོ་ནས་ཡི་དམ་ཆོས་སྐྱོང་གི་གཙོ་བོར་ཟུངས་ཤིག །ཅེས་བརྗོད། རྒྱལ་མཚན་ལག་གཡས་སུ་གཏད་ལ། རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལས་རྒྱལ་བའི་རྒྱལ་མཚན་འདི། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཏད་པར་བྱ། །མི་མཐུན་ཕྱོགས་ལས་རྒྱལ་ཕྱིར་གཟུང་བར་གྱིས། །ནེའུ་ལེ་གཡོན་དུ་གཏད་ལ། རིན་ཆེན་དུ་མའི་གཏེར་གྱི་ནེའུ་ལེ་འདི། །བསམ་འཕེལ་ཡིད་བཞིན་ནོར་བུ་དུ་མའི་གཏེར། །འགྲོ་ཀུན་ཕོངས་པའི་སྡུག་བསྔལ་བསལ་བའི་ཕྱིར། །སྐལ་ལྡན་ཁྱོད་ཀྱིས་ཟུངས་ལ་སྤྱད་པར་གྱིས། །ཞེས་ཕྱག་མཚན་གྱི་རྗེས་གནང་ངོ་། །དེང་ནས་གཟུང་སྟེ་དུས་ཐམས་ཅད་དུ་མཆོད་གཏོར་ལ་བརྩོན་པ་དང་། ཇི་ལྟར་བཤད་པའི་དམ་ཚིག་རྣམས་བསྲུང་བ་ལ་བརྩོན་པར་གྱིས་ཤིག །ཅེས་བསྒྲག །གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། མཎྜལ་ཡོན་འབུལ་རྣམས་སྤྱི་དང་འདྲ་ཞིང་། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་གོང་དུ་བསྟན་པ་བཞིན་ནོ། །བསྙེན་སྒྲུབ་དང་ལས་སྦྱོར་གྱི་མན་ངག་ཟབ་མོ་རྣམས་ནི་རྩ་བའི་གཞུང་ལས་ཤེས་པར་བྱའོ། །ཞི་སོགས་རྣམ་འ༵གྱུར་གྲངས་མེ༵ད་པས། །རྡོ༵་རྗེ༵་འཛིན་པའི་བཀའ་བཞིན་དུ། །བསྟན་སྐྱོང་རྣམ་མང་ཐོས་སྲས་ཀྱི། །སྒྲུབ་ཐབས་རྗེས་གནང་ངོ་མཚར་རྨད། །རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་དབང་ཆོག་ (Volume 62, Text 59)
༁ྃ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རིག་འཛིན་ཡོངས་རྫོགས་དབང་ཆོག་བཞུགས་སོ༔ སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈ ན་མོ་གུ་རུ་ཡེ༔ གསང་སྐོར་བླ་མའི་དབང་བསྐུར་ལ༔ སྤྱི་དང་བྱེ་བྲག་ཁྱད་པར་གསུམ༔ དེ་ལས་རིག་འཛིན་ཡོངས་རྫོགས་ཀྱི༔ སྤྱི་དབང་རྒྱས་པར་བསྐུར་བ་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་སྟེང༔ མཚན་མའི་དབང་རྫས་ཚོགས་པ་དང༔ ཕྱི་ནང་མཆོད་གཏོར་ལེགས་པར་བཤམས༔ དོན་གྱི་ཕྲིན་ལས་གཞུང་བསྲངས་ལ༔ བཟླས་པས་རྒྱུད་བསྐུལ་ནུས་ལྡན་བསྒྲུབས༔ དེ་ནས་སྣོད་ལྡན་ངེས་པ་ཡི༔ སློབ་མ་ཁྲུས་བྱས་བགེགས་བསལ་ལ༔ མཚམས་གཅོད་ཡོན་འབུལ་མིག་དགབ་ཅིང༔ མེ་ཏོག་ཐོགས་ལ་གསོལ་བ་གདབ༔ ཧོ༔ བརྒྱུད་གསུམ་རྒྱལ་བ་རིག་འཛིན་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ་གསོལ་ལ་ལན་སྦྱིན་པ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་རེ་རེ་ཙམ༔ རྒྱུད་སྦྱང་དམ་ཚིག་སྡོམ་པ་གཟུང༔ ཚུལ་བཞིན་སྒྲུབ་ལ་བརྩོན་ནུས་སམ༔ སློབ་མས་དེ་ལྟར་ཁས་བླང་ནི༔ ཇི་ལྟར་བཀའ་བསྩལ་བདག་གིས་བགྱིད༔ ངེས་པར་རྗེས་སུ་གཟུང་མཛད་གསོལ༔ སྐྱབས་སེམས་ཚོགས་གསག་སྔོན་འགྲོ་བས༔ སྡོམ་པ་ཁས་བླངས་ཇི་བཞིན་བསྲུང༔ ཧོ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རིག་འཛིན་རིག་མཆོག་བསྩལ་དུ་གསོལ༔ ཞེས་པས་ཁས་བླངས་དམ་གཞག་བྱ༔ གསང་སྐོར་ཡི་དམ་ཁྲོ་བོའི་དབང་གི་སྐབས་ལྟར་ལ་ཚིག་ཟུར་ཅུང་ཟད་བསྒྱུར་ཏེ།་་་ཤྲཱི་སིཾ་ཧ་ང་ཡིན་གྱིས༔ ང་ལ་སོགས། ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔་་་སློབ་མ་འཇིགས་མེད་ཤྲཱི་སིཾ་ཧར་གསལ་བའི༔ ཞེས་སོགས་སམ། མངོན་རྟོགས་མདོར་བསྡུས་འབོགས། ཏིཥྛ་བཛྲས་བརྟན། མེ་ཏོག་འབུལ་ཞིང་སྤྱི་བོར་འཆིང༔་་་རིག་འཛིན་ཡོངས་རྫོགས་ཕོ་བྲང་དུ༔སོགས་དང་། ཧོ༔ རིག་འཛིན་རོལ་པའི་དཀྱིལ་འཁོར་འདིར༔སོགས་ནས། མིག་དར་དགྲོལ་ཞིང་དཀྱིལ་འཁོར་བསྟན༔་་་ཐབས་མཁས་རྒྱལ་པོ་རིག་འཛིན་ཆེས༔སོགས་དང་། དེང་འདིར་རིག་པ་འཛིན་བདག་གིས༔སོགས། ཧོ༔ རིག་འཛིན་རོལ་པའི་ཕོ་བྲང་དང༔ ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་འཇིགས་མེད་ཤྲཱི་སིཾ་ཧ་དང་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་གཙོ་འཁོར་གྱི་ཚུལ་དུ་བཞུགས་པ་སོགས་ནས། སེམས་ཉིད་བརྒྱུད་གསུམ་རིག་འཛིན་བླ་མའི་བདག་ཉིད་ཆེན་པོར་རྫོགས་པའི་སོགས། དེ་ལྟར་འཇུག་པ་སྔོན་འགྲོ་བས༔ དངོས་གཞི་མཎྜལ་གསོལ་བ་གདབ༔་་་ཧོ༔ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སོགས། ཐུན་མོང་རིག་པའི་དབང་ལྔའི་་་ཧཱུྃ༔ དབྱིངས་ཀྱི་བུམ་པར་སོགས།་་་ཟུང་འཇུག་རིག་འཛིན་རོལ་པའི་ལྷ༔སོགས་རྗེས༔ ལྷ་དབང་སོ་སོར་བསྐུར་བ་ནི༔ ཧཱུྃ༔ ཆོས་སྐུའི་སྟོན་མཆོག་འོད་མི་འགྱུར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་དབྱིངས་སུ་ཐིམ་པར་ཤོག༔ ཨཱོྃ་གུ་རུ་ས་མནྟ་བྷ་དྲ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱ༔ ལོངས་སྐུའི་སྟོན་མཆོག་དཀྱིལ་འཁོར་བདག༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང༴ རིག་པའི་ཡེ་ཤེས་རང་སྣང་ཤོག༔ ཨཱོྃ་གུ་རུ་བཛྲ་སཏྭ་ཨ༴ ཨཱོྃ༔ སྤྲུལ་སྐུའི་སྟོན་པ་རིག་འཛིན་གཙོ༔ དགའ་རབ་དགྱེས་པ་རྡོ་རྗེ་ཡིས༔ རིགས་ཀྱི་བུ་ལ་དབང༴ ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་གུ་རུ་པྲ་ཧེ་བཛྲ་ཨ༴ ཧྲཱི༔ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ འཇིགས་མེད་ཤྲཱི་སིཾ་ཧ་ཡིས༔ རིགས་ཀྱི་བུ་ལ༴ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཤྲཱི་སིཾ་ཧ་ཨ༴ ཧྲཱི༔ རྒྱུད་ལུང་མན་ངག་ཀུན་གྱི་བདག༔ རྒྱལ་ཆེན་ཨིནྡྲ་བྷཱུ་ཏི་ཡིས༔ རིགས་ཀྱི་བུ་ལ༴ གླེགས་བམ་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཨིནྡྲ་བྷཱུ་ཏི་ཨ༴ ཧྲཱི༔ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ རིགས་ཀྱི་བུ་ལ༴ རབ་འབྱམས་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་པདྨ་སཾ་བྷ་བ་ཨ༴ ཧྲཱི༔ པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ རིགས་ཀྱི་བུ་ལ༴ བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་བི་མ་ལ་མི་ཏྲ་ཨ་བྷི༴ ཧྲཱི༔ སྣང་བཞི་མཐར་ཕྱིན་ཡེ་ཤེས་སྐུ༔ པཎ་ཆེན་ཛྙཱ་ན་སཱུ་ཏྲ་ཡིས༔ རིགས་ཀྱི་བུ་ལ༴ དགོངས་ཀློང་དབང་མཆོག་ཐོབ་པར་ཤོག༔ ཨཱོྃ་གུ་རུ་ཛྙཱ་ན་སཱུ་ཏྲ་ཨ༴ ཧྲཱི༔ ཡང་དག་གྲུབ་པའི་ཐིག་ལེའི་སྐུ༔ སློབ་དཔོན་རྡོ་རྗེ་ཧཱུྃ་ཀཱ་རས༔ རིགས་ཀྱི་བུ་ལ༴ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧཱུྃ་ཀཱ་ར་ཨ༴ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དངོས༔ སློབ་དཔོན་ཁྲག་འཐུང་ནག་པོ་ཡིས༔ རིགས་ཀྱི་བུ་ལ༴ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཧེ་རུ་ཀཿཀཱ་ལ་ཨ༴ ཧྲཱི༔ དབང་ཆེན་རྟ་མཆོག་རོལ་པའི་གར༔ སློབ་དཔོན་ནཱ་གཱརྫུ་ནཿཡིས༔ རིགས་ཀྱི་བུ་ལ༴ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ནཱ་གཱརྫུ་ནཿཨ༴ ཧྲཱི༔ ཕྲིན་ལས་ལྷ་དང་གཉིས་སུ་མེད༔ སློབ་དཔོན་པྲ་ཆེན་ཧསྟི་ཡིས༔ རིགས་ཀྱི་བུ་ལ༴ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་པྲ་བྷཱ་ཧསྟི་ཨ༴ ཧྲཱི༔ སྲིད་པ་མ་མོའི་འཁོར་ལོས་སྒྱུར༔ སློབ་དཔོན་དྷ་ན་སཾསྐྲྀཏས༔ རིགས་ཀྱི་བུ་ལ༴ ཀློང་གྱུར་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་དྷ་ན་སཾསྐྲྀཏ་ཨ༴ ཧྲཱི༔ རིག་འཛིན་ཌཱ་ཀིའི་འཁོར་ལོས་སྒྱུར༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ རིགས་ཀྱི་བུ་ལ༴ ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཀརྨ་ཨིནྡྲ་ཎཱི་ཨ༴ ཧྲཱི༔ དྲེགས་པ་ཟིལ་གནོན་སྟོབས་ཀྱི་བདག༔ སློབ་དཔོན་རམྦི་གུ་ཧྱ་ཡིས༔ རིགས་ཀྱི་བུ་ལ༴ དབྱིངས་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་རམྦི་གུ་ཧྱ་ཨ༴ ཧྲཱི༔ དྲག་སྔགས་དམོད་པའི་འཁོར་ལོས་སྒྱུར༔ སློབ་དཔོན་ཤཱནྟིཾ་གརྦྷ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐའ་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨཱོྃ་གུ་རུ་ཤཱནྟིཾ་གརྦྷ་ཨ་བྷི་ཥིཉྩ་ཨཱོྃ༔ ལྷ་དང་དབྱེར་མེད་རིག་འཛིན་རོལ་པའི་སྐུ་ཕྱག་རྒྱའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་ཞིང་བཏགས་པའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ གསུང་དབང་ཛཔ྄་དགོངས་གསལ་བཏབ་ནས༔ བསྙེན་སྒྲུབ་ལས་ཀྱི་བཟླས་ལུང་སྦྱིན༔ སྔགས་ཕྲེང་མགྲིན་པར་བཞག་བྱས་ལ༔ ཨཱ༔ རིག་འཛིན་རོལ་པའི་ལྷ་ཚོགས་ཀྱི༔ བསྙེན་སྒྲུབ་ལས་སྦྱོར་རྡོ་རྗེའི་སྔགས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གྲགས་སྟོང་རང་གྲོལ་དབང་ཐོབ་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔགས་དང་དབྱེར་མེད་པའི་རིག་འཛིན་རོལ་པའི་གསུང་བཟླས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྒྲར་སྣང་ཞིང་གྲགས་པའི་ཆོས་ཀུན་གསུང་རྡོ་རྗེ་གྲགས་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཐུགས་དབང་དགོངས་པ་ངོ་སྤྲད་ཅིང༔ མི་འགྱུར་གཉུག་མའི་ངང་དུ་གཞག༔ རྡོ་རྗེ་མེ་ལོང་བརྡས་མཚོན་ཏེ༔ ཧཱུྃ༔ མི་འགྱུར་སྟོང་ཉིད་རྡོ་རྗེའི་དབྱིངས༔ རིག་པ་མེ་ལོང་གཟུགས་བཞིན་སྣང༔ ཟུང་འཇུག་བརྡ་ཡི་དབང་བསྐུར་བས༔ དབྱེར་མེད་ངེས་དོན་རྟོགས་པར་ཤོག༔ ཨཱོྃ་སརྦ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཐུགས་དགོངས་པའི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་གཟུང་ཞིང་འཛིན་པའི་ཆོས་ཀུན་ཐུགས་རྡོ་རྗེ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཡོན་ཏན་ཡོངས་རྫོགས་ཆུ་བོ་བཞིན༔ རྡོ་རྗེ་སློབ་དཔོན་དབང་བསྐུར་ཕྱིར༔ སློབ་མ་སེང་གེའི་ཁྲི་ལ་བཞག༔ གདུགས་དང་རྒྱལ་མཚན་བ་དན་འཕྱར༔ མཆོད་པའི་སྤྲིན་གྱིས་མདུན་བདར་ཏེ༔ སོ་སོའི་རྫས་ཀྱིས་དབང་བསྐུར་བྱ༔ རྡོ་རྗེ་དྲིལ་བུ་ལག་ཏུ་གཏད༔ ལྷ་ཙཀ྄་སྦོམས་ཏེ་སྤྱི་བོར་བཞག༔ ཨཱོྃ༔ རང་སྣང་རྣམ་དག་ཡེ་ཤེས་ཕོ་བྲང་ཆེར༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ སློབ་མ་རིགས་འདུས་ཤྲཱི་སིཾ་ཧ་རྩལ༔ དཀྱིལ་འཁོར་རྒྱ་མཚོའི་བདག་པོར་བཞུགས་པ་ཡི༔ སྟེང་དུ་གདུགས་ཕུབ་གཡས་གཡོན་རྒྱལ་མཚན་འཕྱར༔ དམ་ཚིག་གསུམ་ལྡན་རྡོ་རྗེ་དྲིལ་བུ་འཁྱུད༔ ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡི་དམ་ལྷ་དང་དབྱེར་མེད་དབང་བསྐུར་བས༔ དགོངས་པ་མི་འགྱུར་ལྷ་ཚོགས་རང་ལ་རྫོགས༔ རིག་རྩལ་རོལ་པ་དོན་གྱི་དབང་ཐོབ་ནས༔ ཀུན་བཟང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཨཱ༔་་་ནང་རྒྱུད་ཡོ་ག་གསུམ་གྱི་གླེགས་བམ་གཅེས་བཏུས་ལག་ཏུ་བཞག །རྒྱུད་ལུང་མན་ངག་དམ་པའི་མཛོད་གསུམ་གྱི༔ ཆོས་བཀའ་གཏད་པ་གླེགས་བམ་དབང་བསྐུར་བས༔ ལུང་བསྟན་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཤར༔ རབ་འབྱམས་ཆོས་སྒོ་འབྱེད་པའི་དབང་ཐོབ་ཤོག༔ ཨཱཿསརྦ་ཏནྟྲ་དྷརྨ་ཝཱ་ཀཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཆོས་གོས་རྣམ་གསུམ་དར་དང་རིན་ཆེན་རྒྱན༔ བེར་ཕོད་པདྨའི་སྙན་ཞུས་མངའ་གསོལ་བས༔ སྡོམ་པ་གསུམ་ལྡན་སྡེ་སྣོད་རྒྱུད་སྡེའི་བདག༔ དགེ་བའི་བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ་མ་ཧཱ་ཨཱ་ཙཱརྻ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རྩ་གསུམ་འོད་ཞུ་བདེ་ཆེན་བདུད་རྩིས་བལྟམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོ༔ བྲལ་བ་དང་རྣམ་པར་སྨིན་པ་དང་དབྱེར་མེད་རིག་འཛིན་རོལ་པའི་ཡོན་ཏན་གྱི་དབང་བསྐུར་པས༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཡུལ་ཐམས་ཅད་ཡོན་ཏན་རྡོ་རྗེ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ ཕྲིན་ལས་སྒོམ་སྒྲུབ་འཆད་ཕྲིན་ཕྱིར༔ སྐུ་དང་བགྲང་ཕྲེང་གླེགས་བམ་དང༔ སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད༔ ཧཱུྃ༔ རྩ་གསུམ་ལྷ་སྒོམ་རྩེ་གཅིག་སྒྲུབ་པ་དང༔ གཞན་དོན་འཆད་ཕྲིན་རབ་འབྱམས་དབང་བསྐུར་བས༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་ཁ་ལོ་སྒྱུར༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨཱོྃ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨཱོྃ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཛད་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཕྲིན་ལས་ཀྱི་དབང་བསྐུར་པས༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་ཕྲིན་ལས་རྡོ་རྗེ་ཚོར་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་སྣང་བར་གྱུར་ཅིག༔ དེ་ལྟར་བུམ་དབང་རྫོགས་པའི་རྗེས༔ སྨོན་ལམ་གདབ་ཅིང་ཤིས་པ་བརྗོད༔ མེ་ཏོག་ཆར་ཕབ་རོལ་མོར་བཅས༔ དབང་དོན་བརྟན་ཅིང་འཕེལ་བར་བྱ༔ ཧོ༔ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ༔ སྤྲོས་བཅས་བུམ་པའི་དབང་བསྐུར་པས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་སྒོམ་པ་ལ་དབང༔ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ དེ་ནས་ཟབ་མོའི་དབང་མཆོག་གསུམ༔ ཡི་དམ་ཁྲོ་བོའི་གཞུང་བཞིན་ལ༔ སྨོན་ལམ་གོང་གི་རིགས་འགྲེ་སྦྱར༔ མཐའ་རྟེན་བཀྲ་ཤིས་ཚེ་དབང་ནི༔ ཚེ་བཅུད་འགུགས་པ་སྔོན་འགྲོ་བས༔ ཚེ་ཡི་འབྲང་རྒྱས་སྤྱི་བོར་བཞག༔ ཧྲཱི༔ ཟླ་གམ་དབང་ཆེན་གཞོན་ནུ་བུམ་སྐུའི་དབྱིངས༔ ཡེ་ཤེས་རང་སྣང་འཆི་མེད་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ལས་སྦྱོར་ཚེ་ཡི་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨཱ་ཡུཿཥེ་ཨ་བྷི་ཥིཉྩ་ཨཱོྃ༔ ཚེ་བཅུད་འདུས་པའི་བཟའ་བ་དང༔ བདུད་རྩིའི་བཏུང་བ་དག་ཀྱང་སྦྱིན༔ སྐུ་བསྟིམ་ཡེ་ཤེས་ཕྱག་རྒྱས་གདབ༔ རྡོ་རྗེ་སེམས་དཔའི་ཚེ་འཐོབ་འགྱུར༔ གཞན་ཡང་བཀྲ་ཤིས་རྫས་སྦྱིན་ཞིང༔ ཤིས་བརྗོད་མེ་ཏོག་ཆར་དུ་བསྙིལ༔ རྗེས་ལ་དམ་ཚིག་ཁས་བླང་དང༔ གཏང་རག་དགའ་སྟོན་སྤྱི་ལྟར་བྱ༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
སྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་ (Volume 42, Text 59)
༄༅། །སྣང་གསལ་པྲའི་ལག་ལེན་གསལ་བར་བྱེད་པ་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །རྒྱལ་སྲས་ལེགས་པ་དང་པད་གླིང་གཏེར་བྱོན་ཟུང་འབྲེལ། གུ་རུ་པདྨཱ་ཀ་ར་ཌཱ་ཀི་ནཱི་ཡཻ་ན་མ༔ དམིགས་མེད་གཏིང་མཐའ་བྲལ་བའི་རྒྱ་མཚོའི་ཀློང་། །ཀུན་སྣང་སྙིང་རྗེའི་རང་མདངས་འདབ་སྟོང་དབུས། །ཟུང་འཇུག་བདེ་གཤེགས་སྤྲུལ་པ་རིག་སྔགས་འཆང་། །པད་འབྱུང་འཁོར་ལོས་བསྒྱུར་དེར་སྙིང་ནས་དད། །བདེ་སྐྱོང་ལྷན་སྐྱེས་མ་དངོས་མཚོ་རྒྱལ་ཡུམ། །བདེ་སྐྱོང་བསྟན་མ་ཀུན་གྱི་དབང་མོར་ཤར། །པདྨའི་དགྱེས་སྐོང་རྣལ་འབྱོར་ཀུན་གྱི་མ། །སྨན་བཙུན་ལྷ་མོར་སྣང་བས་གྲོགས་མཛོད་ཅིག །འཁོར་འདས་ཆོས་ཀུན་གདོད་ནས་དག་པའི་གཤིས། །དག་དང་མ་དག་དུ་མར་སྣང་བའི་འཕྲུལ། །ཀུན་རྫོབ་རྟེན་འབྲེལ་མི་བསླུའི་བདེན་པ་གང་། །ལེགས་པར་འཆར་བྱེད་ཀུན་གསལ་མེ་ལོང་བྲི། །འདིར་གསལ་བྱེད་འཕྲུལ་གྱི་མེ་ལོང་། སྣང་སྲིད་ཀྱི་ལེགས་ཉེས་ཐམས་ཅད་གསལ་པོར་འཆར་བའི་མན་ངག །པྲ་སེ་ན་དབབ་པའི་གདམས་པ་ཟབ་མོ་འདི་ཉིད། ལྷག་པའི་ལྷ་སོ་སོའི་རྒྱུད་གཞུང་མན་ངག་རྣམས་ནས་ལས་ཚོགས་ཀྱི་རྣམ་གྲངས་སུ་བཤད་པ་མང་དག་ཞིག་ཡོད་པར་གོ་ཡང་། སྨན་བཙུན་ཆེན་མོ་འདི་དང་། ཚེ་རིང་མཆེད་ལྔའི་མཐིང་ཞལ་མར་བསྟེན་པ་ཉིད་དར་ཆ་ཆེ་ཞིང་ད་ལྟ་ལག་ལེན་གྱི་རྒྱུན་ཡང་ཅི་རིགས་སུ་མཆིས་པ་ལས། འདིར་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་ཉིད་ལ་བསྟེན་པ་ལ་ཡང་གཏེར་ཁ་གོང་འོག་དུ་མ་ནས་བཤད་ཀྱང་། སྐབས་སུ་བབས་པ་གཏེར་སྟོན་ཆེན་པོ་པདྨ་གླིང་པ་ནས་བརྒྱུད་པ་དང་། གཏེར་སྟོན་རྒྱལ་སྲས་ལེགས་པ་ནས་བརྒྱུད་པ་སྟེ། ཆུ་བོ་གཉིས་འདྲེས་ལ། རིག་འཛིན་བརྒྱུད་པའི་ཕྱག་བཞེས་དང་། ཉམས་མྱོང་གིས་ལེགས་པར་བརྒྱན་ཏེ་འཆད་པ་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་སོ། །དང་པོ་སྔོན་འགྲོ་གང་དུ་བྱ་བའི་གནས་ཡུལ་ཡོ་བྱད་བསྟན་པ་ལ། གནས་གཡའ་སྤང་མཚམས་དབེན་ཞིང་ཉམས་དགའ་བ། གངས་ཁྲོད། ནགས་ཚལ། སྨན་ལྗོངས། ཆུ་ཀླུང་ཆེན་པོའི་ངོགས་སོགས་བླ་གབ་མེད་པ་སྨན་མོ་དང་མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་ནམ། མིན་ཡང་གྲོག་པོ་ཁ་ལྷོར་བསྟན། ཕུང་ཤུལ། ལམ་རྒྱ་གྲམ། སྐྱེ་བོའི་འགྲིམ་ལམ། མགྲོན་ཁང་། མི་གཙང་བའི་ཁང་པ་དང་ཉེ་བ། སྔར་མངོན་སྤྱོད་སྒྲུབ་པའི་གནས་སོགས་མ་ཡིན་པ། རང་གི་ཁྱིམ་ལ་སོགས་པ་ཕྱགས་དར་བསང་ཁྲུས་ལ་སོགས་པས་དག་པར་བགྱིས། ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ། ཚེས་བཅུ་རྣམ་གཉིས་ལ་སོགས་པའི་དུས་ཚེས་དགེ་བར། སྤྲོ་ཞིང་འབྱོར་ན་མཆོག་གསུམ་གྱི་རྟེན་སྤྱི་དང་། འདི་ཉིད་ཀྱི་རྟེན་བྲིས་འབུར་ཅི་རིགས་བཤམས་པའི་མདུན། ས་སྟེགས་སམ་ཤིང་སྟེགས་གང་རུང་ལ། གྲྭ་ཕྱིང་གཙང་མ་དེ་སྔོན་ལས་མ་སོང་བ་མཐའ་གྲུ་མ་ཉམས་པས་བཀབ་པའི་ལྟེ་བར་མཉྫི་ལྟ་བུ་མཐོ་དམའ་འཚམ་པའི་ཁར་རིན་པོ་ཆེའི་སྣོད་གང་རུང་ནས་དཀར་མོ་སྡེར་གང་གིས་བཀང་བའི་དབུས་མེ་ལོང་གཡར་བྲལ་སྐྱོན་མེད། ལི་ཁྲི། སིནྡྷུ་ར་ཆང་སྦྱར་བས་རྩ་སྔགས་བཟླ་ཞིང་མཁའ་འགྲོ་ལྔར་མོས་པའི་ཐིག་ལེ་ལྔ་ཚོམ་བཀོད་པ། དེའི་མདུན་ཤེལ་དཀར་གྱི་མཆོད་རྟེན་དངོས་སམ། ཤེལ་རྡོ་དང་མར་མེ་གཙང་མ་བཀང་། རྒྱབ་ཏུ་ཚུལ་བཞིན་བཅས་སྒྲུབ་བགྱིས་པའི་རྟེན་མདའ་འམ། མེད་ན་མདའ་རྒོད་སྒྲོ་སྒྲོ་བུད་མདེལ་འཁྱོག་སོགས་ལས་སོང་མ་ཡིན་པ། དར་སྣ་ལྔའམ་དཀར་པོ། འབྱོར་ན་རིན་ཆེན་ལྔ། དུང་ཤོ །འགྲོན་བུ། མེ་ལོང་བཅས་བཏགས་པ་བཙུགས། དེ་དག་གི་མཐའ་སྐོར་གཡས་སུ་འབྲུ་ཕྱེ་ཆུ་གཙང་དཀར་གསུམ་མངར་གསུམ་སོགས་དང་སྦྱར་བས་སྦྲུས་པའི་བླ་གཏོར་དཀར་ཟླུམ་པད་འདབ་བཞི་པ། མདུན་དུ་གཡུ་སྒྲོན་མར་དཔལ་གཏོར་རམ། བསྡུ་ན་བཤོས་ཟླུམ་རང་འདྲའི་འཁོར་བཞི་དང་མཐེབ་ཀྱུས་བསྐོར་བའི་གཡས་སུ་སྨན་ལེབ་དང་། གཡོན་དུ་མངར་གསུམ་མར་ཁུ་དང་སྦྱར་བས་འབྲང་རྒྱས་རིན་པོ་ཆེ་འབར་བའམ་ཉི་ཟླའི་ཏོག་གིས་མཚན་པ། རྟེན་གྱི་རྒྱབ་ཏུ་གཞི་བདག་སྤྱིར་དཀར་གཏོར་ཟླུམ་ལྕོག་འདབ་བཞིས་བསྐོར་བ། དེ་རྣམས་གཙང་མའི་ཁ་ཟས་དཀར་གསུམ་མངར་གསུམ། ཤིང་ཏོག་བཟའ་བཅའ་བཟང་པོས་བརྒྱན་པ། གཡོན་དུ་མཁའ་འགྲོ་དང་སྲུང་མ་སྤྱིར་དམར་གཏོར་གྲུ་གསུམ་དབལ་ལྡན་ཤ་ཁྲག་གིས་སྦགས་པ། མདུན་དུ་བཟང་སྨན་གྱིས་སྦགས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཞལ་ཟས་དང་། སྨན་རག་བཅས་པ། ཞོ་འོ། རྒྱ་ཇ། ཛ་གད་བཟང་པོའི་སྐྱེམས། མཐའ་སྐོར་ཅི་རིགས་པར། ཕྱེ་མར། གྲོ་ཡོས། དཀར་མོ་ལག་གཡས་མཚལ་གྱིས་གཡུང་དྲུང་བཏབ་པ། གླ་སྒང་ཉེར་གཅིག་དང་། འགྲོན་བུ་བུ་ཅན་བཅུ་གཅིག་བཅུག་པའི་སྣོད། ཉེ་ལོགས་སུ་ཤིང་སྣ་དང་། སྤོས་དཀར་གྱི་བསང་དུད། རང་ཉིད་རྟེན་ལ་ཕྱོགས་ཏེ་འདུག་པའི་མདུན་དུ་རྡོར་དྲིལ། ཌཱ་མ་རུ། འཐོར་ནས། འབེབ་བཅིང་སོགས་སྔགས་ཀྱིས་སྒྲུབ་རྒྱུའི་ནས། ཆང་ལ་སྦྱར་བའི་སིནྡྷུ་རའི་ཀྱུ་གུ། གུལ་ཡུངས། སྤོས་སྣོད་ཨ་ག་རུ། མདའ་དར་ལྔ་ལྡན་ནམ་དཀར་པོ། བགེགས་གཏོར་བཅས་བཤམ་མོ། །གཉིས་པ་དངོས་གཞི་ལ། སྒྲུབ་པ་དང་། ལས་ལ་སྦྱོར་བ་གཉིས། དང་པོ་སྒྲུབ་པ་ལ་བདེ་བའི་སྟན་ལ་ལྷག་བསམ་གྱིས་འཁོད་ནས། བགེགས་གཏོར་བཤམས་པར་ཆབ་ཀྱིས་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་རིན་པོ་ཆེའི་སྣོད་དུ་མཁོ་རྒུའི་ལོངས་སྤྱོད་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་བདུད་རྩིའི་རང་བཞིན་དུ་གྱུར། །ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །མཆོད་སྦྱིན་གཏོར་མས་ཚིམས་བྱོས་ལ། །སྣང་གསལ་དངོས་གྲུབ་སྒྲུབ་པ་ལ། །བར་གཅོད་གདུག་པའི་བསམ་སྦྱོར་སྤོངས། །མཐུན་པའི་དམ་རྫས་འདི་ལོངས་ལ། །རང་རང་སོ་སོའི་གནས་སུ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །རྡོ་རྗེའི་མཚོན་ཆར་སྤྲོས་པ་ཡིས། །ལུས་ངག་དེ་ནི་རྡུལ་ཕྲན་བཞིན། །འཇིག་པར་འགྱུར་གྱིས་གཞན་དུ་མིན། །ཡི་དམ་ལྷའི་ལས་སྔགས་དང་། སུམ་བྷ་སོགས་བཟླ་བཞིན་གུལ་ཡུངས་ཀྱིས་བྲབ་བདུག་བྱ། གཏོར་མ་ཕྱིར་དོར་ལ་བགེགས་བསྐྲད། ཧཱུྃ། བདག་ལྷའི་ཐུགས་ལས་སྤྲོས་པའི་འོད་ཟེར་ནི། །རྡོ་རྗེའི་མཚོན་ཆ་མེ་ཕྲེང་འཁྲུགས་པ་གང་། །འཕྲོ་འདུའི་སྦྱོར་བས་ཕྱོགས་མཚམས་ཀུན་བཅིངས་པས། །མི་ཕྱེད་མི་ཤིགས་སྲུང་བའི་འཁོར་ལོར་གྱུར། །བཛྲ་རཀྵ་ཧཱུྃ། ཞེས་པས་སྲུང་འཁོར་བསྒོམ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་འམ། གུ་རུ་ཞི་དྲག །ཧེ་རུ་ཀ་དང་རྣལ་འབྱོར་མའི་རིགས་སོགས་གང་ཡང་རུང་བའི་སྐྱབས་སེམས་ནས་གཟུང་ལྷའི་རྣལ་འབྱོར་རྒྱས་བསྡུས་ཇི་ལྟར་རིགས་པ་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་སོང་ནས། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་འཕྲོས་མཆོད་རྫས་འདོན་ཡོན་ཚོགས། །མ་དག་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གིས་མཁོ་རྒུ་ཟད་མི་ཤེས། །ཡེ་ཤེས་ལྷ་ཡི་བདུད་རྩིའི་རྒྱ་མཚོར་གྱུར། །བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། མ་ཧཱ་པཉྩ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿས་བརླབས་ལ། རྟེན་བསང་སྦྱང་། མདུན་གྱི་ནམ་མཁར་འཆི་མེད་དགའ་བའི་ཚལ། །གངས་རི་མཐོ་བརྗིད་རིན་ཆེན་བྲག་རིས་གཏམས། །འཇའ་འོད་ཆུ་འཛིན་སྤྲིན་འཁྲིགས་འབྲུག་སྒྲ་སྒྲོག །གདུང་སེལ་ལྷ་ཡི་བདུད་རྩིའི་ཆར་ཟིམ་འབབ། །དཔག་བསམ་ཤིང་དང་བདུད་རྩིའི་ཆུ་ཀླུང་དང་། །ཨུཏྤལ་མནྡ་ར་སོགས་མེ་ཏོག་བཀྲ །ཡིད་འོང་ལྷ་ཀླུ་དྲི་ཟ་གནོད་སྦྱིན་དང་། །གྲུབ་དང་རིག་འཛིན་དུ་མ་ཀུན་ནས་རྩེ། །མཛེས་པའི་རི་དྭགས་སྙན་པའི་སྒྲ་འབྱིན་པའི། །བྱ་ཚོགས་འཕུར་ལྡིང་བག་ཕེབས་དལ་བུར་རྒྱུ། །བཟའ་བཏུང་གོས་རྒྱན་ལྷ་ཡི་རོལ་མོ་སོགས། །འདོད་རྒུའི་འབྱོར་པ་བསམ་མི་ཁྱབ་པའི་དབུས། །རིན་ཆེན་བདུན་གྱིས་སྤྲས་པའི་ཁང་བཟང་མཆོག །ནོར་བུའི་བ་གམ་བཀྲ་བའི་ལྟེ་བའི་ཆར། །ལྷ་མིའི་གོས་ཀྱིས་བཀླུབས་པའི་རཏྣའི་ཁྲིར། །བོད་སྐྱོང་བརྟན་མའི་གཙོ་མོ་གཡུ་ཡི་སྒྲོན། །སྔོ་བསངས་མདངས་མཚར་ལྷ་ཡི་བུ་མོའི་ཚུལ། །མཛེས་སྡུག་མཚན་དཔེའི་རི་མོ་ཅི་ཡང་འགྱེད། །ཕྱག་གཡས་ལྔ་ལྡན་མདའ་དར་ཕྱོགས་བཅུར་གཡབ། །མཁའ་འགྲོ་དམ་ཅན་བྲན་འགྱེད་སྲིད་བཅུད་སྡུད། །གཡོན་པས་དངུལ་དཀར་ལྷ་ཡི་མེ་ལོང་འཛིན། །སྲིད་གསུམ་ཀུན་སྣང་འཕྲུལ་གྱི་རིག་པ་སྟོན། །དར་ཟབ་རིན་ཆེན་སྣ་ཚོགས་རྒྱན་ཆས་སྒེག །འོད་ཕྲེང་ཀློང་ན་ཕྱེད་སྐྱིལ་རོལ་པས་བཞུགས། །འཁོར་དུ་ཡེ་ཤེས་ཌཱ་ཀི་སྡེ་ལྔ་དང་། །བསྟན་སྐྱོང་མ་མོ་སྨན་བཙུན་འབུམ་གྱིས་བསྐོར། །གནས་གསུམ་འབྲུ་གསུམ་མཚན་དང་བདག་ཉིད་ལྷའི། །ཐུགས་ཀའི་ས་བོན་འོད་ཀྱིས་དག་པའི་ཞིང་། །རྔ་ཡབ་གླིང་དང་ཨུ་རྒྱན་སྤྲུལ་པའི་གནས། །ཡོངས་འདུའི་དྲུང་དང་ཚངས་པའི་འཇིག་རྟེན་སོགས། །ངོ་མཚར་གནས་ཡུལ་མ་ངེས་ཞིང་ཁམས་ནས། །སྐད་ཅིག་མདུན་གྱི་ནམ་མཁར་གཤེགས་པར་གྱུར། །ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། པཉྩ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿ སྤོས་དཀར་ཤིང་སྣའི་བསང་དུད། ཌཱ་དྲིལ། སྙན་པའི་དབྱངས་དང་བཅས་ཏེ་མདའ་དར་གཡབ་ཅིང་། ཀྱེ༔ གླིང་མཆོག་ལྷོ་ཡི་འཛམ་བུའི་གླིང༔ འཛམ་གླིང་ཉི་མ་བྱང་ཤར་ན༔ གཡའ་དང་སྤང་གི་མཚམས་ཤེད་ན༔ སྤྲིན་དང་ན་བུན་ཐིབས་སེ་ཐིབ༔ འོད་དང་གློག་དམར་ཁྱུགས་སེ་ཁྱུག༔ འབྲུག་སྒྲ་རི་སྒྲ་དི་རི་རི༔ བདུད་རྩིའི་སྦྲང་ཆར་སི་ལི་ལི༔ ཤེལ་གྱི་མཁར་སོ་ལྡེམས་སེ་ལྡེམ༔ གཡུ་ཡི་ཁ་བད་ཐིབས་སེ་ཐིབ༔ དུང་གི་སྒོ་མོ་ཁྲིགས་སེ་ཁྲིག༔ མུ་མེན་སྒོ་ལྕགས་ཁྲོ་ལོ་ལོ༔ སྐུ་མཁར་དེ་ཡི་ནང་ཤེད་ན༔ དར་དཀར་གུར་ཆེན་ལིངས་སེ་ལིང༔ དུང་གི་ཚུགས་ཤིང་ལྡེམས་སེ་ལྡེམ༔ མུ་ཏིག་ཆོན་ཐག་རྒྱངས་སེ་རྒྱང༔ བྱུ་རུའི་ཆོན་ཕུར་ཐམས་སེ་ཐམ༔ གསེར་གྱི་གཉྫིར་ལྷག་གེ་ལྷག༔ མཁའ་འགྲོ་གསུང་སྙན་ཀྱུ་རུ་རུ༔ སྨན་མོ་བྲོ་བརྡུང་ཁྲབས་སེ་ཁྲབ༔ གནས་མཆོག་དེ་ནི་ངོ་མཚར་ཆེ༔ གཞལ་ཡས་དེ་ནི་ཉམས་རེ་དགའ༔ གུར་དཀར་དེ་ནི་བག་རེ་དྲོ༔ གུར་ཆེན་དེ་ཡི་ནང་ཤེད་ན༔ རིན་ཆེན་ཤེལ་གྱི་ཁྲི་སྟེང་ན༔ ཉི་ཟླ་པདྨའི་གདན་སྟེང་དུ༔ མ་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ སྔོ་ལྗང་མདངས་མཚར་འགྱིང་བག་ཆགས༔ ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ཅན༔ ཕྱག་གཡས་མདའ་དར་སྣ་ལྔ་བསྣམས༔ ཕྱག་གཡོན་དངུལ་དཀར་མེ་ལོང་འཛིན༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དར་ཚོན་སྣ་ལྔའི་ན་བཟའ་གསོལ༔ ཞབས་གཉིས་བརྐྱང་བསྐུམ་ཚུལ་དུ་བཞུགས༔ གཡུ་ཡི་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ཅོད་པན་པུ་རུ་རུ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ སྤྱན་རས་གཟིགས་ཀྱི་སྲིང་གཅིག་མ༔ ཆོས་མཛད་ཡོངས་ཀྱི་མ་གཅིག་མ༔ ཨོ་རྒྱན་པདྨའི་བཀའ་ཉན་མ༔ སེམས་ཅན་ཀུན་གྱི་དོན་མཛད་མ༔ འཁོར་དུ་མཁའ་འགྲོ་སྡེ་ལྔ་དང༔ སྨན་བཙུན་འབུམ་ཕྲག་གཅིག་གིས་བསྐོར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བོས་པའི་དུས་སུ་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་བརྟུལ༔ སྒྲུབ་པའི་ཚེ་ན་རྒྱང་མ་རིང༔ བསྟེན་པའི་ཚེ་ན་གཞན་མ་གཡེལ༔ འགྲོགས་པའི་ཚེ་ན་ཕྲག་མ་དོག༔ འདྲི་བའི་ཚེ་ན་རྫུན་མ་རྒྱག༔ བརྩེ་དང་དུང་བའི་སེམས་ཀྱིས་སུ༔ མིང་པོས་འབོད་དོ་གནས་འདིར་བྱོན༔ གང་བུ་དེ་ནི་མཐོ་མཐོ་ནས༔ མདའ་དར་སྣ་ལྔ་གཡབ་ཅིང་བྱོན༔ གཤོང་བུ་དེ་ནི་དམའ་དམའ་ནས༔ སྤོས་དཀར་དུད་པ་འཐུལ་ཞིང་བྱོན༔ གནས་མཆོག་དམ་པ་འདི་ན་ནི༔ ཁྱོད་ཀྱི་དམ་རྫས་ཚོགས་ལགས་ཀྱི༔ པྲ་གདན་དྲི་མེད་དཀར་པོའི་སྟེང༔ ནས་བཟང་དཀར་མོ་བྲེ་གང་འདི༔ སྨན་བཙུན་ཁྱོད་ཉིད་བཞུགས་པའི་གདན༔ དྲི་མེད་ཤེལ་གྱི་མཆོད་རྟེན་འདི༔ སྨན་བཙུན་ཁྱོད་ཉིད་དགྱེས་པའི་རྟེན༔ དངུལ་དཀར་མེ་ལོང་གཡའ་དག་འདི༔ ཁམས་གསུམ་གསལ་བའི་རྟེན་དུ་འཛུགས༔ མདའ་བཟང་དེ་ནི་བྱ་རྒོད་མ༔ མདེ་འུ་གཞུང་དང་བཅས་པ་འདི༔ སྨན་བཙུན་ཁྱོད་ཀྱི་སྲོག་གི་རྟེན༔ དཀར་གཏོར་མངར་གསུམ་བརྒྱན་པ་འདི༔ དཀོན་མཆོག་བླ་མ་ཡི་དམ་དང༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔ དམར་གཏོར་ཤ་ཁྲག་བརྒྱན་པ་འདི༔ མཁའ་འགྲོ་ཆོས་སྐྱོང་གཞི་བདག་དང༔ སྨན་བཙུན་མཉེས་པའི་རྫས་སུ་འབུལ༔ འབྲང་རྒྱས་ཞལ་དཀར་རྒྱན་ལྡན་དང༔ ཕྱེ་མར་གྲོ་ཡོས་སྡེར་གང་བཅས༔ སྨན་བཙུན་ཁྱོད་ལ་གསོས་སུ་འབུལ༔ བསེ་སྡེར་ཤ་གཟུགས་བརྒྱན་པ་འདི༔ སྨན་བཙུན་ཁྱོད་ལ་ཚོགས་སུ་འབུལ༔ འགྲོན་བུ་མོན་ལུག་གླ་སྒང་འདི༔ སྨན་བཙུན་དགྱེས་པའི་རྟེན་དུ་འབུལ༔ སྨན་ལེབ་རྒྱན་གྱིས་བརྒྱན་པ་འདི༔ སྨན་འཁོར་རྣམས་ལ་ཚོགས་སུ་འབུལ༔ དམ་རྫས་གཏོར་མ་འདི་རྣམས་ནི༔ འདིར་བྱོན་དགྱེས་པར་བཞེས་སུ་གསོལ༔ ཞེས་པས་སྤྱན་འདྲེན་བཞུགས་གསོལ་མཆོད་པ་རྣམས་སོང་ནས། བར་འདིར་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་སྨན་བཙུན་མའི་ཐུགས་རྒྱུད་བསྐུལ་ཞིང་དགྱེས་པ་བསྐྱེད། ཅི་འདོད་པའི་ཕྲིན་ལས་རྣམ་པ་བཞི་དང་། ཁྱད་པར་སྣང་སྲིད་ཀྱི་ལེགས་ཉེས་ཐམས་ཅད་གསལ་པོར་སྟོན་པའི་སྣང་གསལ་བདེན་སྟོང་གི་དངོས་གྲུབ་སྩོལ་བར་བསམ་ལ། ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། ཞེས་རྩེ་གཅིག་ཏུ་བཟླ། ཐུན་བསྡུ་བ་ན་ཡིག་བརྒྱ་ལན་གསུམ་གྱིས་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱ། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར། པཉྩ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་དང་། ཨ་ཀཱ་རོ་ལན་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཀྱཻ། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །ཅེས་པས་མཆོད་ཅིང་བསྟོད། བརྟན་བཞུགས་དང་གཤེགས་གསོལ་གང་ཡང་མི་བྱེད་པར་འོད་ཟེར་གྱི་དྲ་བས་བཅིངས་པས་དགྱེས་བཞིན་བརྟན་ཆགས་པར་བསམ། དེ་ལྟ་བུ་ཐུན་དུ་བཅད་དེ་འབུམ་ལ་སོགས་པ་གྲངས་ལོངས་པར་བཟླ། དེ་ནས་རྩ་བསྙེན་གྱིས་ཅུང་ཟད་མགོ་དྲངས་པའི་པྲ་མོ་ཧ་དང་། ཀཾ་ཁོ་ལེར། ཆུ་བུར་མིག་གི་སྒོ་སོལ་ཏེ་མདེའུ་འབྲུ་དྲུག་བཏགས་པ་དང་། བསྙེན་སྔགས་སུ་གྲགས་པ་བྷི་ལུག་དང་། སྒྲུབ་སྔགས་ཀ་ར། མདེའུ་འམ་བཅིང་སྔགས་སུ་གྲགས་པ་བྲུཾ་བཅིང་། ལས་སྦྱོར་བྷི་ལི་རྣམས་རིམ་བཞིན་བཟླས་པ་འབྲུལ་སྔགས། འཕང་གྭ་པ་སིནྡྷུ་ར་ལ་བཏབ། གྲུབ་པའི་མཚན་མ་བརྟགས་བསྙེན་སྤྱི་དང་། ཁྱད་པར་རིག་པ་དྭངས་ཤིང་རྨི་ལམ་གསལ་བ་དང་། ཉམས་སྣང་དུའང་ངོ་མཚར་གྱི་མཐོང་སྣང་སྣ་ཚོགས་འབྱུང་ངོ་། །བསྒྲུབས་ནས་གཏང་རག་གི་མཆོད་པ་དང་། གཏོར་འབུལ་རྒྱས་པར་བྱའོ། །གཉིས་པ་ལས་ལ་སྦྱར་བ་ནི། སྔར་བཤད་པའི་གནས་དང་མཐུན་པ། ཁྱད་པར་སྐྱེ་བོའི་གླགས་ཅོར་གྱིས་དབེན་པ། གཙང་ཞིང་ཉམས་དགའ་བར་སྔར་བཞིན་མཆོད་རྟེན་རྫས་ཚོགས་པ་དང་། དེ་དང་རང་གི་བར་དུ་ཕྱིར་དཀར་གཙང་མ་ནས་དཀར་མོ་བྲེ་གང་གིས་གཡུང་དྲུང་གཡོན་སྐོར་བྲིས་པ་དང་། སྨན་སྣ་དང་སྦྱར་བའི་ཤིང་སྣ་གཙང་མའི་བསང་དུད། གསེར་སྐྱེམས་ཕྱེ་མར་སོགས་ཚོགས་པར་བྱས། པྲ་རྟེན་ཁྱེའུ་དང་བུ་མོ་གང་རིགས་སྐྱོན་མེད་པ་སྟེ། ཕ་མ་མ་ཤི་བ་མཛེ་དང་རིགས་ངན་དམེ་སོགས་ཀྱི་རྒྱུད་མིན་པ། རིགས་བཟང་ཞིང་གྲོང་ཆོས་ཀྱིས་མ་གོས་པ། དབང་པོ་དྭངས་པ། མིག་ལ་དཀྲིས་གཉིས་རིམ་ཡོད་པའི་པྲ་མིག་ཅན་དག་གོས་གཙང་མ་གྱོན་ནས་བསང་ཁྲུས་ཀྱིས་དག་པར་བགྱིས། ཡིད་ལ་འཐད་པའི་རྡོ་ཞིག་ལེན་དུ་བཅུག་པ་དར་དམར་གྱིས་དྲིལ་ནས་པུས་མོའི་འོག་ཏུ་བཅུག །དེ་ནས་གཡུང་དྲུང་ཁར་རྟེན་ལ་ཕྱོགས་དེར་བཞག་ལ། སིནྡྷུ་རའམ་ལི་ཁྲིའི་ཞུར་འཐེན་ཅིང་མཁུར་ཚོས་སུ་ཐིག་ལེ་བྱ། ཆང་ཕུད་གཙང་མ་རྒྱུ་ལེགས་ལ་སྔགས་ཀྱིས་བསྒྲུབས་པའི་སིནྡྷུ་ར་བཏབ་ལ་སྦྱིན། ཁྱད་པར་བའི་སྔགས་ཀྱིས་བསྒྲུབས་པའི་འབྲུ་ཚོམ་སྤྱི་བོར་བཞག་ལ་དར་ཐོད་གཡོགས། སྟོད་གཡོགས་དཀར་པོ་བགོས། མེ་ལོང་མདུན་གྱི་མར་མེ་སྦར་ཞིང་། དེར་ཕྱོགས་པའི་མར་གྱི་བསང་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ་བཀོད། བདག་ལྷའི་རྣལ་འབྱོར་ལ་གནས་པས་སྤྲོ་ན་ཁྲུས་ལྷ་ཇི་ལྟར་རིགས་པའི་སྔགས་ཀྱིས་བསྒྲུབས་པའི་གཟུངས་ཆུས་ཁྲུས་གསོལ་བྱ། བགེགས་གཏོར་བསྔོས་ལ་སྲུང་འཁོར་ནན་ཆགས་བསྒོམ་པ་གལ་ཆེ། སྤྱི་སྒོས་ལ་དམིགས་པའི་གསེར་སྐྱེམས་རྒྱས་པར་བསྔོ། མཆོད་རྫས་བརླབས་པ་རྣམས་གྲུབ་རྗེས། རྩ་བསྙེན་དང་། ཀཾ་ཁོ་ལེར་མདེའུ་འབྲུ་དྲུག་བཏགས་པས་འབྲུ་སྔགས་ཏེ་རྟེན་དང་བྱིས་པ་ལ་གཏོར། བྷི་ལུག་བཟླས་ལ་མེ་ལོང་རྟེན་ལ་གཏོར། ཀ་ར་མིག་ལ་བཏབ། བྷི་ལི་ལྟག་ཁུང་ལ་བཏབ། པྲ་རྟེན་ལ་གཡག་དཀར་པོ་མིག་འབུར་ཚུགས་སུ་བལྟ་བ། མེ་ལོང་རྒྱ་མཚོ་ཆེན་པོར་དམིགས་ལ་ཅི་འདུག་མ་ཡེངས་པར་ལྟོས་ཤིག་བྱ། པྲ་མཁན་སྲུང་འཁོར་བརྟན་ཅིང་ལྷའི་ང་རྒྱལ་ལ་གནས་པ། མདུན་གྱི་རྟེན་དང་བྱིས་པ་སོགས་ཐམས་ཅད་སྨན་བཙུན་མའི་རོལ་པར་གསལ་ཞིང་། འོད་ཟེར་གྱི་འཕྲོ་འདུ་བསམ་གྱིས་མི་ཁྱབ་པས་རང་འདྲའི་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་སྤྱན་དྲངས་ལ་རྟེན་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་ཤིན་ཏུ་བརྟན་ཅིང་གསལ་བས་རྟེན་བསྐྱེད་སྤྱན་འདྲེན་མཆོད་པའི་བར་སྔར་བཞིན་སོང་རྗེས། བཅིང་སྔགས་བཟླས་པའི་མེ་ཏོག་གཏོར་བས་འོད་ཟེར་གྱི་དྲྭ་བས་སྦྲེལ་ཏེ་གཞན་དུ་གཡེལ་བའི་དབང་མེད་པར་བསམ། གཏོར་འབུལ་དང་། སྔགས་མཆོད་བསྟོད་པ་བྱ། དེ་ནས། ཁྱེད་ལ་དེ་རིང་ཞུ་བ་ནི༔ པྲ་གདན་དཀར་པོ་དྲི་མེད་ལ༔ འབྲུ་མཆོག་གཙང་མ་གཡུང་དྲུང་རིས༔ བཀྲ་ཤིས་་་ཁྱེའུ་འམ་བུ་མོ་་་གཙང་མ་འདི༔ རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི༔ ཡིད་ལ་བསམ་པའི་དོན་འདི་དང༔ འདས་དང་མ་འོངས་ད་ལྟ་དང༔ ཁམས་གསུམ་མ་ལུས་གསལ་པོར་སྟོན༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་བྱེད་གནོད་བྱེད་གསལ་བར་སྟོན༔ གཞན་གྱིས་མི་ཤེས་ངེད་ལ་འདྲི༔ ང་ཡིས་མི་ཤེས་ཁྱེད་ལ་དྲི༔ མ་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ གནས་མཆོག་འདི་རུ་པྲ་ཕོབ་ཅིག༔ གདན་ཁ་འདི་རུ་ཕྱྭ་གཅིག་སྟོན༔ རྫུ་འཕྲུལ་སྲིད་པའི་ཕྱྭ་རུ་མ༔ སྨྲོས་ཤིག་སྟོན་ཅིག་གསལ་བར་སྟོན༔ ཨོཾ་མ་ཎི་བཛྲ་ཙཎྜ་མ་ཧཱ་ཊ་ཐ་ག་ཡ་སྭཱ་ཧཱ༔ ཞེས་འདོད་དོན་རྩེ་གཅིག་ཏུ་གསོལ། དོན་ཆེན་སྡེབས་རྨེད་མི་བྱེད་པར། རེ་རེ་ནས་དམོད་བོར་ཞིང་དམིགས་པས་གཅུན་པས་བཤད་ཡོང་། པྲ་མོ་ཧ་དང་། ཀཾ་ཁོ་ལེར་མདེའུ་འབྲུ་དྲུག་བཏགས་པ་བཟླས་ལ་ལྟག་ཁུང་ལ་བཏབ། སྐབས་སུ། ཀ་ར་མིག་ལ་འདེབས་ཤིང་། འཕོང་གྭ་པ་བསྔགས་པའི་ཆང་ཡང་བླུད། འཁོར་མདངས་ཡལ་ཞིང་རིག་པ་ངར་ཆུང་ན་སྤྱན་འདྲེན་ཡང་ཡང་བསྐྱར། པྲ་མཁན་སྔགས་དམིགས་ལས་གཞན་དུ་མི་གཡེལ་ཞིང་སྔགས་བཟླས་པ་བྱིས་པས་མ་གོ་བ་གལ་ཆེ་བར་བཤད། བྱིས་པས་བཤད་རིམ་བཞིན་དྲི་མཁས་པ་གལ་ཆེ། གལ་ཏེ་འཁོར་རྟགས་དང་བབས་རྟགས་བྱུང་ཡང་མཐོང་སྣང་མ་གསལ་ན་གཞན་གྱིས་སྒྲིབ་པ་ཡང་སྲིད་པས་གསེར་སྐྱེམས་སོགས་ཀྱིས་བརྔན་པ་སྦྱིན། དེས་ཀྱང་མ་གསལ་ན་ལྷ་གནད་ལ་དབབ་པ་ནི། པྲ་མཁན་ལྷའི་ང་རྒྱལ་བརྟན་པས་རྟེན་སྨན་བཙུན་མར་གསལ་བ། དེ་ཏིང་འཛིན་གྱིས་གཟིར་ཞིང་གནད་ནས་བསྐུལ་བས། འདོད་དོན་གང་ཡིན་མི་སྒྲུབ་པའི་བརྟན་པ་མེད་པར་བསམ་ལ། ཁྲོ་བོའི་ལྟ་སྟངས་དང་ལྡན་པས་ནས་ལྕག་གིས་བྲབ་ཅིང་། ཀྱཻ༔ བྱང་ཤར་བུ་མོ་དམ་མེད་མ༔ མཁའ་འགྲོ་གཡུ་ཡི་རལ་པ་ཅན༔ ཡབ་ཡུམ་གཉིས་པོ་གྲོས་བྱས་ནས༔ གཡམ་པའི་སྒྲོམ་བུར་བཅུག་ནས་ནི༔ ཤེལ་སྤང་མཚམས་སུ་བོར་བའི་ཚེ༔ ཕ་བས་བྱམས་པ་ང་ཡིས་བྱས༔ མ་བས་བྱམས་པ་ང་ཡིས་བྱས༔ སྔོན་ཚེ་དེ་ཡི་དུས་ཙམ་ན༔ འོ་སྐོལ་ལྕམ་སྲིང་གཉིས་པོ་ཡིས༔ དམ་བཅས་ཁས་བླངས་མི་དྲན་ནམ༔ བོས་པའི་དུས་སུ་འོང་བ་དང༔ ཤེལ་དཀར་མཆོད་རྟེན་འདིའི་ནང་དུ༔ འདས་དང་མ་འདས་ད་ལྟ་དང༔ ཁམས་གསུམ་སྟོན་པར་མ་ཆད་དམ༔ ལྷ་དང་མི་དང་འདྲེ་ལ་སོགས༔ ཕན་གནོད་སྟོན་པར་མ་ཆད་དམ༔ མིང་པོས་དྲིས་པའི་ལན་འདི་རྣམས༔ ཁྱོད་ཀྱིས་སྨྲ་བར་མ་ཆད་དམ༔ དམ་ཚིག་མི་བསམ་དམ་ཉམས་ཡིན༔ དམ་ཚིག་གཉན་པོ་བསྲུང་ན་ནི༔ མིང་པོས་བོས་ནས་དྲི་དུས་འདིར༔ འོངས་ནས་དགོས་པའི་དོན་རྣམས་སྨྲོས༔ བལྟ་བའི་མིག་ཀྱང་ང་ལ་ཡོད༔ ཉན་པའི་རྣ་བ་ང་ལ་ཡོད༔ སྣོམ་པའི་སྣ་ཡང་ང་ལ་ཡོད༔ སྨྲ་བའི་ལྕེ་ཡང་ང་ལ་ཡོད༔ བསམ་པའི་སེམས་ཀྱང་ང་ལ་ཡོད༔ དམ་རྫས་གཏོར་མ་འདི་ལོངས་ལ༔ སྒྱུར་རོ་ཆེ་གེའི་མོ་འདི་ལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་གྱི་བཙན་དང་འདྲེ་ལ་སོགས༔ ཕན་གནོད་མ་ལུས་གསལ་བར་སྟོན༔ ཅེས་བརྗོད་པས་སྟོན་པར་ངེས་ཤིང་། མཐོང་སྣང་བཟང་ངན་ཀྱང་། གཞུང་ལས། མཐོང་བའི་སྣང་བརྙན་འདི་དག་གོ༔ ཁྱིམ་ཕྱྭར་མཆོད་རྟེན་པད་སྤུངས་དཀར༔ མཐོང་ན་བཟང་ལ་ཁྱིམ་དིབ་པ༔ ཀ་བ་འཁྱུས་འཁྱོགས་ཁ་དོག་ནག༔ མུན་པར་མཐོང་ན་ངན་པ་འོ༔ སྲོག་ཕྱྭར་ལྗོན་ཤིང་འདབ་རྒྱས་དང༔ སྐྱེས་པ་ཆས་བཟང་མཐོང་ན་བཟང༔ ཤིང་ཆག་པ་དང་འགྱེལ་བ་ངན༔ བུད་མེད་བུ་འོང་ལྷ་རྒྱངས་དང༔ ལུག་དཀར་མཐོང་ན་བུ་སྐྱེ་འོ༔ ཕག་དང་ལུག་ནག་བུ་མོར་འགྱུར༔ དེ་སོགས་ཁ་སྨྲར་འཆད་པར་བྱ༔ ས་མ་ཡ༔ ཞེས་གསུངས་པ་ལྟར་ཁྱིམ་ཕྱྭར་སྒོ་གསར་དུ་གཏོད་པ། ཞིག་རལ་དང་། མདོག་ནག་པ་སོགས་ངན། སྲོག་ཕྱྭ་ལ་སྐྱེས་བུ་མགོ་དང་ཡན་ལག་ཆག་པ། ལྗོན་ཤིང་འགྱེལ་ཆག །བཀྲག་མེད་པ་ངན། སྐྱེས་པ་ལ་མདའ་མདུང་། གོ་མཚོན། བུད་མེད་རིན་པོ་ཆེའི་རྒྱན་ཆ་དང་། འཕང་། ཀུན་ལ་རྒྱལ་མཚན་འཕན་གདུགས་སོགས་བཀྲ་ཤིས་པའི་ཡོ་བྱད། དགེ་བའི་བཤེས་གཉེན་ལ་རྟེན་མཆོད་ཆ་ཁྲི་སོགས་དང་། གཞན་ཡང་གངས་རི་བྲག་རི་ལྷུན་ཆགས་པ། ལྗོན་ཤིང་འབྲས་བུ་ཅན་རྣམས་བཟང་རྟགས། མི་ཁའི་རྫས། སྡོང་རྒན་སྐམ་པ་ལ་བྱའི་ཚང་བཅས་པ། ཐང་ལ་བྲ་བོ། སྒོག་ཙོང་། སྦལ་པ་སྦྲུལ་སོགས་སྲོག་ཆགས་དང་དམན་པའི་རྫས་རྣམས་ངན་པར་བཤད་པ་སོགས་ལེགས་ཉེས་རིག་པས་འཕྲུལ་ཤེས་པར་བྱ་ཞིང་། གང་ལྟར་ཡང་འོད་དང་བྱིན་ཆགས་པར་བྱུང་ན་བཟང་། བཀྲག་མདངས་ཆུང་ཞིང་ཉམས་མི་དགའ་ན་ངན་པར་བཤད། རང་གཞན་གནས་རྟེན་ཐམས་ཅད་གྲིབ་དང་མཁོན་གྱིས་མ་སྦགས་པ་གལ་ཆེ་ངེས་སུ་འདུག་གོ། །།དེ་ལྟར་ལག་ལེན་ཚུལ་ལྡན་བཅས་པས་དོན་གང་ཡིན་གྲུབ་པ་ན། བྱིས་པ་ལ་བབས་པའི་ཡེ་ཤེས་པ་ཡིད་ཀྱིས་གཤེགས་སུ་གསོལ་ལ་རྟེན་མདའ་སོགས་ཡོད་ན་དེར་བསྟིམ། གཏང་རག་གི་སྔགས་མཆོད་དང་། བསྟོད་པ། གཏོར་འབུལ་རྣམས་རྒྱས་པར་བཏང་ལ་གཏོར་མ་དང་སྐྱེམས་རྣམས་གཙང་སར་གཤེགས། རྟེན་མདའ་དང་བྲིས་ཐང་སོགས་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། ཤིས་བརྗོད་སོགས་རྗེས་ཀྱི་བྱ་བས་མཐའ་བརྒྱན་པ་དང་། པྲ་རྟེན་བཟའ་བཏུང་སོགས་ཀྱིས་ཚིམས་པར་བགྱིས་ལ་གནས་སུ་གཏང་ངོ་།། ༈ །།འདིར་གཞི་བདག་གཏོར་མས་སྤྱིར་འཐུས་པའི་དབང་དུ་བགྱིས་ཤིང་། ཡང་ན་གཏེར་སྟོན་རྒྱལ་སྲས་ལེགས་པའི་ལུགས་རྡོ་རྗེ་འཛིན་པ་བློ་གསལ་རྗེས་ཟིན་བྲིས་མདོར་བསྡུས་མཛད་པར་གཏེར་བདག་ཀླུ་བཙན་པར་སྒོས་སུ་བསྔོ་བར་གསུངས་པ་དེ་བཞིན་བྱེད་པ་སྤྲོ་ན། གཞི་བདག་གཏོར་མའི་གཡས་གཡོན་ཅི་རིགས་སུ་གཏོར་མ་གྲུ་གསུམ་སྦྲུལ་འཁྱུད་ཞབས་དཀྲིས་དཀར་པོ་ཡོད་པ་རྒྱན་ལྡན་བཤམ། སྒྲུབ་པའི་སྐབས་བཟླས་པའི་རྗེས་ཀྱི་གཏོར་འབུལ་མཆོད་བསྟོད་མཇུག་དང་། ལས་སྦྱོར་གྱི་ཚེ་ཡང་དེ་བཞིན་འདོད་དོན་གསོལ་བའི་མགོར་བསྔོ་དགོས་པས། གཏོར་མ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་བརླབས་ལ། ཀྱེ། པདྨའི་དགེ་བསྙེན་རྣལ་འབྱོར་དགྲ་བླ་ཆེ། །དམ་ཚིག་གཉེར་འཛིན་མཐུ་ལྡན་གཏེར་སྲུང་མཆོག །ཀླུ་བཙན་རྡོ་རྗེ་འབར་བ་འཁོར་དང་བཅས། །འབོད་དོ་དགྱེས་པའི་རྟེན་ལ་བརྟན་པར་བཞུགས། །ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་དང་། །སྣ་ཚོགས་སྤྱན་གྱི་གཟིགས་མོར་ཚར་དངར་བའི། །བཞེད་དགུའི་ལོངས་སྤྱོད་མཁའ་ལམ་ཡོངས་ཁྱབ་པས། །དམ་ཅན་གཏེར་སྲུང་འཁོར་བཅས་ཐུགས་དམ་བསྐང་། །མཐུན་པའི་རྫས་འདིས་དགྱེས་པ་རབ་བསྐྱེད་ནས། །པདྨའི་རྗེས་འཇུག་རྣལ་འབྱོར་དཔོན་སློབ་ཀྱི། །མི་མཐུན་ཕྱོགས་སྲུང་མཐུན་ཕྱོགས་སྤེལ་བ་སོགས། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་དོ།། ༈ །།གོང་དུ་དགོས་པའི་སྔགས་བྱང་ནི། ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། ཨོཾ་ཀཾ་ཁོ་ལེ་ཀཾ་ཁོ་ལེ་ཤོ་ན་ཁོ་ལེ་ཤོ་ན་ཁོ་ལེ། ཁེ་ས་དྷ་རེ་ཁེ་ས་དྷ་རེ། ཤ་ས་ཧཾ་ཨ། རྩ་སྔགས་ཉེར་བདུན་པའོ། །ཆུ་བུར་མིག་གི་སྒོ་སོལ། མདེའུ་འབྲུ་དྲུག་པའོ། །ཨོཾ་བྷི་ལུག་ཀྵ་ནི་ཨ་ལོ་ཀྵ་ཀ་ཡ་སྭཱ་ཧཱ། བསྙེན་སྔགས་སོ། །ཨོཾ་ཀ་ར་ཀ་ར་དྭངས་ར་དྭངས་ར་ཐེ་སེ་ཐེ་སེ་སྭཱ་ཧཱ། སྒྲུབ་སྔགས་སོ། །ཨོཾ་བྷི་ལི་བྷི་ལི་ཀྵི་ལི་ཀྵི་ལི་ཨ་ལོ་ཀྵ་ཡེ་སྭཱ་ཧཱ། ལས་སྦྱོར་རོ། །ཨོཾ་བྲུཾ་བྲུཾ་བཅིང་བཅིང་ན་ག་ཕོབ། སྤྱན་རས་གཟིགས་ཀྱིས་མོ་སྟོན། སིན་འདུར་ཕང་སྭཱ་ཧཱ། པྲ་མོ་ཆུ་བུར་མིག་གི་སྒོ་སོལ། རྣོ་བའི་ཕྱོགས་སྟོན་མཛོད་ཅིག །མདེའུའམ་བཅིང་སྔགས་སོ། །ཨོཾ་འཕང་གྭ་པ་ཡེ་སྭཱ་ཧཱ། ཆང་དང་སིནྡྷུ་ར་ལའོ། །འདིའི་སྔགས་རྣམས་གཏེར་ཁ་གཉིས་མི་མཐུན་པ་བག་རེ་འདུག་པ། འདི་ཕྱི་མ་ཆེ་མཆོག་འདུས་པ་རྩལ་གྱིས་ཟིན་བྲིས་མཛད་པ་ལྟར་ཡིན་ཞིང་། འོན་ཀྱང་སྔགས་འདི་རིགས་སྦས་པ་དང་། ཡིག་ནོར་རྒྱུན་འབྱམས་སོགས་མང་དག་ཡོང་རིགས་བཅས། དཔེ་རྒྱུན་ངེས་ཤེས་འདྲོང་པོ་གཞན་དག་འབྱོར་ན་པྲ་མཁན་རྣམས་ཀྱིས་དཔྱད་པར་རིགས་སོ། །དེ་སྐད་མདོ་མེད་འཆལ་པོ་བཀའ་བརྒྱུད་ཀྱི། །རྗེས་འབྲང་ཟབ་མོའི་དོན་ལ་མི་སེམས་པར། །པྲ་འཆལ་སྟོན་ཆེན་གཞན་མགོ་བསྐོར་བའི་རྗེ། །གར་༵དབ༵ང་རྒྱ༵་མཚོ༵ར་འབོད་དེའི་སུག་པའི་ལས། །འོན་ཀྱང་ཡེ་ཤེས་ནང་ནས་མ་ཤར་ཞིང་། །ཡི་དམ་ལྷ་ཡི་ལུང་བསྟན་མ་ཐོབ་པ། །གཏི་ཐུག་མགོ་བསྐོར་ཅི་དྲགས་བྱ་བ་ལ། །མི་ཤེས་དགུ་ཤེས་ལག་ལེན་འདི་དག་མཁོ། །དེ་ཕྱིར་ལྷག་བསམ་དག་པས་སྨྲས་པ་ལ། །གཞན་གྱིས་ཀླན་ཀ་བརྐོ་ཡང་ཅི་ཞིག་བྱ། །གཞན་ཕན་རྒྱལ་སྲས་སྤྱོད་ལ་འཇུག་པ་ལ། །བསླབ་ཏུ་མི་བྱའི་དངོས་པོ་འགའ་ཡང་མེད། །ཅེས་པའང་གང་ཤར་དུ་སྨྲས་པ་རང་གཞན་སྐྱེ་རྒུ་ཀུན་ལ་སྨན་པར་གྱུར་ཅིག །སརྦ་ཛ་ཡནྟུ།། །།
ཆར་འབེབ་མན་ངག་དགོས་འདོད་འབྱུང་བའི་ཆུ་གཏེར་ (Volume 51, Text 59)
༄༅། །ཆར་འབེབ་མན་ངག་དགོས་འདོད་འབྱུང་བའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལས་ཚོགས། ཨོཾ་སྭསྟི་སིདྡྷཾ། འདིར་ཆར་འབེབ་མན་ངག་དགོས་ཆེད་དང་གང་གིས་བྱ་བའི་ཚུལ་ལ། ཇི་སྐད་དུ། སྨན་དང་འབྲས་བུ་ལ་སོགས་པ༔ སྣོད་བཅུད་འབྱོར་པ་རྒྱས་པའི་ཕྱིར༔ ཆར་ཆེན་འབེབ་པའི་ཕྲིན་ལས་ནི༔ གཞན་ཕན་བྱང་སེམས་ལྡན་པས་བྱ༔ ཞེས་སོགས་གསུངས་པས་མཚོན་ཕྱིར་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། ཤར་ལ་ཁ་བལྟས་ཆུ་ཕྱུག་སར༔ སྐེད་པར་ཆུ་བསྐྱིལ་ཀླུ་ཤིང་བཙུག༔ མཐའ་སྐོར་མཆོད་གཏོར་གཙང་མ་བཤམ༔ ཞེས་པ་ལྟར་རོ། །གཉིས་པ་དངོས་གཞི་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས་བདག་བསྐྱེད་ལ་འཇུག་སྟེ། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །སྣང་སྲིད་དག་པ་རབ་འབྱམས་ཞིང་གི་དབུས། །རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ༔ སྣང་སྲིད་ཟིལ་གནོན་དཀར་དམར་ཞི་ཁྲོའི་ཉམས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་མཁའ་ལ་འཕྱར༔ གཡོན་པས་མཉམ་གཞག་བདེ་སྐྱོང་ཚེ་བུམ་འཛིན༔ གསང་ཡུམ་སྦས་ཚུལ་ཁ་ཊྭཱཾ་གཡོན་ནས་འཁྲིལ༔ པད་ཞྭ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔ ཞབས་གཉིས་རོལ་སྟབས་འཇའ་འོད་ཀློང་ན་འགྱིང༔ དཔྲལ་བར་འཇམ་དཔལ་མགྲིན་པར་སྤྱན་རས་གཟིགས། །ཐུགས་ཀར་ཕྱག་ན་རྡོ་རྗེས་མཚན་པ་ཉིད། །གདོད་ནས་དམ་ཡེ་དབྱེར་མེད་ཆེན་པོར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅི་འགྲུབ་བཟླ། མདུན་དུ་ཆུ་གཏེར་ཆེན་པོའི་དབུས། །ཀླུ་ཤིང་རྟེན་ཉིད་་་འཇིག་རྟེན་སྐྱོང་བའི་ཞེས་ཀླུ་ཤིང་མེད་ན་ཁ་སྒྱུར།མཆན།ཀླུ་ཆེན་དགུ། །ཀླུ་རིགས་གྲངས་མེད་འཁོར་གྱིས་བསྐོར། །ཞི་འཛུམ་རིན་ཆེན་རྒྱན་ལྡན་གསལ། །ཀྱེ། རྒྱ་མཚོ་ཆེ་དང་རོལ་མཚོ་བདུན། །གནམ་ས་བར་སྣང་གནས་རྣམས་ནས། །ཀླུ་རྒྱལ་འཁོར་དང་བཅས་པ་རྣམས། །གནས་འདིར་མཆོད་ཕྱིར་སྤྱན་འདྲེན་གཤེགས། །ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རྟེན་བསྐྱེད་པ་ལ་བསྟིམ། ཀླུ་ཡི་རྒྱལ་པོ་བ་རུ་ཎཱ། །མཐའ་ཡས་འཇོག་པོ་པདྨ་དང་། །དུང་སྐྱོང་ནོར་རྒྱས་སྟོབས་རྒྱུ་དང་། །པདྨ་ཆེན་པོ་རིགས་ལྡན་ཏེ། །སྐུ་སྟོད་ལྷ་བུའི་ཆ་བྱད་ཅན། །དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཡིད་བཞིན་ནོར་བུའི་དབུ་རྒྱན་འཆང་། །སྦྲུལ་མགོ་དགུ་རེའི་གདེངས་ཀ་མཐོ། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །ཀླུ་གཡང་དཔལ་འབྱོར་ཕུན་སུམ་ཚོགས། །རིགས་ལྔའི་ཀླུ་འཁོར་ཕོ་མོ་ནི། །བྱེ་བ་བསམ་ཡས་འཁོར་གྱིས་བསྐོར། །རྒྱལ་བའི་བཀའ་སྡོད་མཐུ་སྟོབས་ཅན། །འཇིག་རྟེན་སྐྱོང་བར་དམ་བཅས་པ། །རྫུ་འཕྲུལ་མངོན་ཤེས་རྒྱ་ཆེའི་བདག །ཀླུ་རྒྱལ་འཁོར་དང་བཅས་པ་ལ། །ཀླུ་སྨན་སྦྱར་བའི་ཉེར་སྤྱོད་དང་། །མཐུན་རྫས་དཀོར་ཆ་དགོས་རྒུའི་སྤྲིན། །ནམ་མཁའི་མཛོད་དུ་འབུལ་ལགས་ན། །འདོད་པའི་འབྲས་བུ་མཆིས་པར་མཛོད། །ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་ལན་གྲངས་ཅི་རིགས་དང་བཅས་འོ་ཆབ་ལ་ཀླུ་སྨན་བསྲེས་པའི་ཀླུ་གཏོར་སྤྱི་ལྟར་འབུལ། རྒྱལ་བའི་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་གཉན་ལ་རབ་དགའ་བས། །བསྟན་འཛིན་ཡོངས་ཀྱི་བཞེད་དོན་རྣམས། །སྒྲུབ་མཛད་ཀླུ་ཆེན་རྣམས་ལ་བསྟོད། །གདེངས་ཅན་གྲོང་གི་ལོངས་སྤྱོད་ཆེ། །རང་དབང་འབྱོར་བའི་མངའ་ཐང་ཅན། །མཐུ་སྟོབས་རྫུ་འཕྲུལ་དཔག་མེད་བདག །ཀླུ་དབང་འཁོར་དང་བཅས་ལ་བསྟོད། །སངས་རྒྱས་བྱང་སེམས་སྤྱན་སྔ་རུ། །དམ་བཅས་དམ་ལས་མ་འདའ་བར། །ཆར་ཆུ་འབེབ་ཅིང་ལོ་ལེགས་ཀྱི། །དུས་སྟོན་མཆོག་ཏུ་རྒྱས་པར་མཛོད། །ཅེས་བསྟོད་གསོལ་བྱ། ཨོཾ་བཱ་སུ་ཀཱི་མཾ་སྭཱ་ཧཱ༔ ཞེས་བརྒྱ་རྩ་སོགས་བཟླ། རང་གི་ཐུགས་ནས་འོད་འཕྲོས་པས༔ ཀླུ་ཆེན་འཁོར་བཅས་ཐུགས་རྒྱུད་བསྐུལ༔ སྦྲུལ་མཇུག་ཕྱོགས་བཅུར་གཡོ་བ་ཡིས༔ མཚོ་དཀྲུགས་དེ་ལས་རླངས་པ་བྱུང༔ དབང་པོའི་སྒོ་རྣམས་ཀུན་ནས་ཀྱང༔ སྤྲིན་དང་ཁུ་རླངས་དཔག་མེད་འཕྲོས༔ ནམ་མཁའི་དབྱིངས་ཀུན་རབ་ཁྱབ་སྟེ༔ ཆར་གྱི་རྒྱུན་ཆེན་འབེབ་པར་བསམ༔ ཨོཾ་ནཱ་ག་རཱ་ཛ་ཆར་ཕོབ༔ ནཱ་ག་རཱ་ཛ་ཤར་ཤར་ཕོབ་ཕོབ་སྭཱ་ཧཱ༔ ཞེས་བཟླས་རྒྱུན་རིང་བབ་འདོད་ན༔ ཨོཾ་ནཱ་ག་ཏཱ་ལི་ནན་ཧཱུྃ་ཕཊ༔ སྤྲིན་ཆེན་བསྡུ་བའི་སྔགས་འདི་འོ༔ ཧཱུྃ་སབ་སབ་ཧཱུྃ་སོབ་སོབ༔ བར་མཚམས་སྤང་སྤོས་ཤུ་དག་དཀར༔ སྤོས་དཀར་ཀླུ་ཤིང་མེ་ཏོག་དང༔ གླང་སྣའི་མེ་ཏོག་ཤང་དྲིལ་དཀར༔ ཅུ་གང་སྦྱར་བ་བག་ཕྱེ་དང༔ བ་དམར་ར་དཀར་འོ་མས་དྲིལ༔ རིལ་བུ་རེ་དང་སྔགས་རེ་སྤྲད༔ ཨོཾ་ནཱ་ག་ལེ་ལེ༔ དུམ་པ་ལེ་ལེ༔ བྷ་རི་ཤ་ཡ་ཨཱ་བེ་ཤ་ཡ་ཕྲོཾ་ཕྲོཾ་ཤར་ཤར་ཕོབ་ཕོབ༔ ཅེས་བཟླས་བརྒྱ་རྩ་རྫོགས་པར་བྱ༔ དེས་ཀྱང་འབབ་པར་དཀའ་བ་ན༔ ཅུང་ཟད་དྲག་པོའི་སྔགས་འདིས་གཟིར༔ ཨོཾ་ནཱ་ག་ཕུ༔ པྲ་ཏི་བཛྲ་དུནྟེ༔ མི་ལི་མི་ལི་སྭཱ་ཧཱ༔ ཨོཾ་ནཱ་ག་ཤུ་ལི་ནི་སྭཱ་ཧཱ༔ ཨོཾ་བྷ་རི་ཤ་ཡ་ཆར་ཕོབ་ཕོབ་སྭཱ་ཧཱ༔ ཤིན་ཏུ་དཀའ་ན་དམ་སྲི་ལ༔ མདོས་ཀྱིས་བརྔན་ཅིང་རྒྱང་རིང་བསྐྲད༔ རྫིང་དང་ཉེ་བར་ཕུར་པ་ལ༔ སྔགས་འདི་བཏབ་ཅིང་གདབ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་དུ་ཙྪནྡེ་ཙྪནྡེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་ནཱ་ག་དུ་ཧཱུྃ་ཕཊ྄༔ ཕྲོཾ་ཕྲོཾ་ཆར་ཕོབ་ཡ་བྷྱོ༔ ཆར་པ་དྲག་པོ་མྱུར་དུ་འབབ༔ གསུམ་པ་རྗེས་ནི། ལས་གྲུབ་གཏང་རག་རྒྱ་ཆེར་བྱ༔ ཞེས་གསུངས་པ་ལྟར་ཀླུ་གཏོར་དང་ཀླུ་བསང་སོགས་ཀྱིས་མཚོན་ཏེ་མཆོད་བསྟོད་རྒྱ་ཆེར་བྱ། བདུན་ཕྲག་ཚུན་ཞག་གྲངས་འགོར་ཚེ་ཆར་འབེབ་སྔགས་ལ་ཐུན་གཅད་དེ་བཟླ་ཞིང་། བར་མཚམས་རྣམས་སུ་ཀླུ་གཏོར་སོགས་ལ་འབད་པར་བྱའོ། ༈ །རླུང་ཆེན་དྲག་པོ་གནོན་པ་ནི༔ རང་ཉིད་ཁྲོ་རྒྱལ་མི་གཡོ་བ༔ མཐིང་ནག་རལ་གྲི་ཞགས་པ་བསྣམས༔ གཏུམ་ཆེན་ཁྲོ་བོའི་ཆས་ཀུན་རྫོགས༔ མེ་ཕུང་དབུས་སུ་པད་ཉིའི་སྟེང༔ དྲག་པོའི་སྟབས་ཀྱིས་བཞེངས་པའི་སྐུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གསལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ མདུན་དུ་གྲུ་གསུམ་དོང་བྲུས་ལ༔ རྫ་མ་ནག་པོ་ཟུར་གསུམ་པའི༔ ནང་དུ་རྡེའུ་ཉེར་གཅིག་བཅུག༔ དར་ལྗང་ཁ་བཅད་རླུང་ལྷ་དགུག༔ བསྟིམ་ཞིང་སྔགས་དང་ཐུན་གྱིས་གཟིར༔ སྔགས་མཐར༔ ཡཾ་བྷི་བྷ་ན་ཀྲི་ཐུཾ་ཐུཾ༔ བྷནྡྷ་ཙྪིནྡ་ཆོད༔ ཅེས་བཟླས་རི་རབ་ཕྱག་རྒྱས་མནན༔ ཕུར་པས་གཟིར་ཞིང་མནན་སྔགས་ནི༔ ཡཾ་བཱ་ཡུ་ཤེ་ཁ་འུ་ལཾ་ནན༔ རི་རབ་སྟེང་དུ་ཁྲོ་བོའི་རྒྱལ༔ མི་གཡོ་ཕུར་པའི་རྣམ་པར་བཞུགས༔ གཡོ་འགུལ་འཆོར་བ་མེད་པར་བསམ༔ ལས་གྲུབ་སྤྱན་མའི་སྔགས་དང་ནི༔ འོ་མས་གསོ་ཞིང་གཏོར་མ་སྦྱིན༔ རང་གི་གནས་སུ་གཏང་བར་བྱ༔ གློ་བུར་རླུང་ཆེན་ལྡང་བ་ལ༔ རལ་གྲི་འམ་ནི་རལ་གྲིའི་རྒྱས༔ ཨོཾ་ཡཾ་ཏི་ཏི་ལ་ནན༔ ཙཱུརྞ་ཙཱུརྞ་ནན༔ བཱ་ཡུ་སཏྭཾ་བྷ་ཡ་ནན༔ བྷནྡྷ་བྷནྡྷ་ཙྪིནྡ་ཙྪིནྡ་ཕུ་ཕཊ༔ ཅེས་བཟླས་མྱུར་དུ་གཅོད་པར་འགྱུར༔ ཞེས་གསུངས་པས་དོ་གལ་དགོས་པ་བྱུང་ན་ཇི་ལྟར་རིགས་པ་བྱ།༽ ལས་གྲུབ་ནས་གཏང་རག་མཆོད་བསྟོད་གོང་ལྟར་ཚར་བའི་རྗེས་སུ། འཇིག་རྟེན་སྐྱོང་བའི་མཐུ་བོ་ཆེ། །མགྲོན་རྣམས་མ་ལུས་ཐམས་ཅད་ཀུན། །རང་རང་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ནཱ་ག་རཱ་ཛ་ས་པ་རི་ཝ་ར་གཙྪས་རང་གནས་སུ་གཤེགས། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་རྩ་བྱང་ཆུབ་སྙིང་པོར་བསྔོ་ཞིང་སྨོན་ལམ་བཟང་པོས་རྒྱས་འདེབས་པ་དང་། བཀྲ་ཤིས་བདེ་ལེགས་སྤེལ་བའི་ཚིགས་སུ་གཅད་པ་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་མཚན་རྒྱས་པར་བྱའོ། །ཞེས་པའང་ཞལ་གདམས་སྙིང་བྱང་གི་ལས་ཚོགས་འཁོར་ལོས་སྒྱུར་བའི་བང་མཛོད་ལྟ་བུ་ལས་ཟུར་བཀོལ་ལ་གསལ་བྱེད་ཅུང་ཟད་ཀྱིས་བརྒྱན་པ་འདི་ཉིད་༧གཏེར་ཆེན་བླ་མ་རིན་པོ་ཆེའི་བཀའ་ཡིས་རྗེས་སུ་གནང་བ་ལྟར། ཆོས་བདག་ཏུ་དབུགས་དབྱུང་བ་རྡ་ོརྗེ་མཆོག་རབ་རྩལ་གྱིས་བྲིས་པ་གཞན་ཕན་རྒྱ་ཆེར་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ ན་མོ་དཀོན་མཆོག་རྩ་གསུམ་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པའི་མཐུས། ཆར་འབེབ་ཀྱི་ཕྲིན་ལས་རྩོམ་པ་ལ་བར་དུ་གཅོད་པའི་འབྱུང་པོ་རླུང་ལྷའི་ཚོགས་འཁོར་དང་བཅས་པ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ གསུམ་མམ་ཉེར་གཅིག་སོགས་ཅི་རིགས་བརྗོད་རྗེས་མནན་པའི་སྔགས་དང་མན་ངག་གཞུང་ལྟར་བྱའོ། ༈ །ཡང་ན། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ཀྱི་བཀའ༴ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ༴ ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ༴ རྣལ་འབྱོར་པ་བདག་གི་ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པའི་སྟོབས་ལ་བརྟེན་ནས། ཆར་འབེབ་ཀྱི་ཕྲིན་ལས་རྩོམ་པ་ལ་བར་དུ་གཅོད་པའི་འབྱུང་པོ་ལོག་འདྲེན་མི་དང་མི་མ་ཡིན་པ་རླུང་ལྷའི་ཚོགས་དང་བཅས་པ་ཐམས་ཅད་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་སོགས་གང་འོས་བྱའོ།། །། ༄༅། །ཆར་བསང་འདོད་རྒུ་ཆར་འབེབ་བཞུགས་སོ། །ཨོཾ་སྭསྟི། སྲས་བཅས་རྒྱལ་ལ་གུས་བཏུད་ནས། །ཆར་བསང་འདོད་རྒུ་ཆར་འབེབ་བྲི། །ས་ཕྱོགས་གཙང་མར་བཟང་ཤིང་རིགས། །ཞུགས་སུ་སྦར་བའི་ཐབ་ནང་དུ། །དཀར་མངར་ཀླུ་སྨན་འོ་སྐོལ་སོགས། །ཕུད་མཆོད་བརྔན་ཆས་གཙང་མ་བསྲེག །ཆུ་གཙང་གིས་བྲན་བྱིན་གྱིས་བརླབ། །མཆོད་སྦྱིན་ཕྱིར་དུ་འདི་ལྟར་གྱེར། །ཧྲཱིཿ ཆོས་ཀྱི་དབྱིངས་ལས་མ་འགགས་རང་ཤར་བ། །ཡེ་ཤེས་བདུད་རྩི་བསང་གི་་་མཆོད་པ་གཞན་ལ་རང་བཞིན་ཞེས་སྒྱུར་ཆོག།མཆོད་པའི་སྤྲིན། །ཀུན་བཟང་རྣམ་འཕྲུལ་རྒྱ་མཚོའི་གཏེར་གྱུར་པ། །རིན་ཆེན་འདོད་འབྱུང་ནོར་བུའི་ཁང་བཟང་དང་། །བླ་བྲེ་རྒྱལ་མཚན་བ་དན་ཁྲི་སྟན་གདུགས། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །སྣ་ཚོགས་རོལ་མོ་བཟའ་བཅའ་བཏུང་བའི་རིགས། །རྡུལ་སྙེད་ལུས་ཀྱི་ཕྱག་བཅས་བསྟོད་དབྱངས་སྒྲ། །གསེར་གྱི་སྙིང་པོའི་སྤྲིན་དང་དཔག་བསམ་ཤིང་། །འདོད་འབྱུང་བུམ་པ་ནོར་བུ་སྐྱེད་མོས་ཚལ། ཁྲུས་རྫིང་བ་མཆོག་རིན་ཆེན་རི་བོ་དང་། །བདུད་རྩིའི་ཆུ་བོ་ནད་སེལ་སྨན་གྱི་ཆར། །འཇིག་རྟེན་ལྷ་ཀླུ་མི་ཡི་འབྱོར་པ་དང་། །འཇིག་རྟེན་ལས་འདས་བླ་མེད་མཆོད་པའི་ཚོགས། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱིས། །ནམ་མཁའི་ཁམས་ཀུན་རྒྱས་པར་བཀང་ནས་སུ། །བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས། །གང་ཆེན་མཚོ་སྤྲིན་རྒྱ་མཚོར་བཞུགས་སོ་འཚལ། །དགྱེས་ཤིང་བརྩེ་བས་གནས་འདིར་གཤེགས་སུ་གསོལ། །གུས་པས་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས། །རྣམ་སྣང་སྙིང་པོ་ཅན་གྱི་སྤྲིན་ཆེན་དང་། །ཀླུ་རིགས་ལས་བྱུང་སྤྲིན་གྱིས་རྣམ་པར་མཛེས། །སྤྲིན་གྱི་ཆུ་འཛིན་དཔལ་ལྡན་སྤྲིན་གྱི་གཟི། །སྤྲིན་འབྱུང་རླུང་གི་དཀྱིལ་འཁོར་རྣམ་འཇོམས་སྤྲིན། །ནམ་མཁའ་དཔག་མེད་སྤྲིན་ཆེན་གློག་འབར་ཚོགས། །སྤྲིན་ཆེན་མཐུ་རྩལ་དཔའ་དང་སྤྲིན་མཛེས་དང་། །སྤྲིན་སྡུག་ཆེན་པོ་སྤྲིན་གྱི་དཀྱིལ་འཁོར་ཆེ། །སྤྲིན་འོད་སྤྲིན་ཆེན་སེང་གེ་སྤྲིན་ཆེན་གདུགས། །བལྟ་སྡུག་སྤྲིན་ཆེན་དང་ནི་སྤྲིན་ཆེན་ཁེབས། །སྤྲིན་ལས་བྱུང་བ་སྣང་བར་བྱེད་པའི་དལ། །ཕྱོགས་བཅུ་མཐོ་འགེབ་རྔ་དབྱངས་རབ་སྒྲོག་དང་། །སྤྲིན་བསིལ་མི་དགའ་རབ་འཇོམས་སྒྲ་ཟབ་སྒྲོག །སྤྲིན་ཆེན་བདལ་དང་གངྒཱའི་ཆུ་སྤྲིན་དང་། །རྩལ་གྱི་སྤྲིན་ལྟར་དཔའ་དང་འབྲུག་སྒྲ་བསྒྲགས། །ཀུན་ཏུ་སྤྲིན་སྟོན་རྒྱ་ཆེན་སྤྲིན་དང་ནི། །སྤྲིན་འཛག་སྤྲིན་ལྟར་རྣམ་སྒྲོག་སྤྲིན་ལྟར་འཕགས། །སྤྲིན་འདྲའི་ན་བཟའ་མནབས་དང་སྤྲིན་གནས་གནས། །སྤྲིན་གྱིས་ལོ་ཏོག་སྐྱེད་དང་ཆར་སྤྲིན་སྤྲིན། །སྤྲིན་ཕུང་རྣམ་པར་རྒྱས་དང་སྤྲིན་འདུ་མཛད། །སྤྲིན་ཆེན་ཨུཏྤལ་སྤྲིན་ཆེན་སྤོས་ཀྱི་སྐུ། །སྤྲིན་ཆེན་འཕགས་དང་སྤྲིན་ཆེན་དབང་ཕྱུག་དང་། །སྤྲིན་ཆེན་འོད་མཛད་དང་ནི་སྤྲིན་ཆེན་བྱིན། །སྤྲིན་ལྟར་རྣམ་འཇོམས་སྤྲིན་གྱི་ཆུ་བོ་དང་། །རིན་ཆེན་ནོར་བུའི་སྤྲིན་འདྲ་སྤྲིན་སྡུད་དང་། །དུས་མིན་སྤྲིན་དང་ལྕེ་འབབ་རྣམ་པར་འཇོམས། །སྤྲིན་ཆེན་ལྟ་བུར་ནམ་མཁའི་མཐོངས་ནས་བསྒྲགས། །སྤྲིན་ཆེན་སྒྲ་འབྱིན་སྤྲིན་ཆེན་ཆར་ཆུ་སྐྱེས། །སྙེམས་པའི་གཟི་བརྗིད་སྒྲུབ་པའི་སྤྲིན་དང་ནི། །རོ་བྲོ་དྲུག་དང་ལྡན་པའི་ཆུ་ཆེན་སྤྲིན། །ཆུ་འཐོར་སྤྲིན་ཆེན་སྤྲིན་ཆེན་རྒྱ་མཚོ་འགེངས། །ཆར་མེད་ཚེ་ན་སྤྲིན་གྱིས་ཀུན་ཏུ་འགེབས། །སྤྲིན་གཟུགས་མཐའ་ཡས་དང་ནི་སྤྲིན་ཆེན་པོ། །ཐམས་ཅད་རྣམ་སྒྲུབ་ཛམྦུའི་སྤྲིན་གྱི་དཔལ། །གཟི་བརྗིད་འོད་མཛད་སྤྲིན་གྱི་འོད་ཟེར་ཅན། །ཤཱཀྱ་སེང་གེ་དང་ནི་ཀླུ་དབང་རྒྱལ། །དེ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ན། །བདེ་གཤེགས་བྱམས་པ་ཆེན་པོའི་སྤྲིན་མངའ་བ། །ཐམས་ཅད་མ་ལུས་གནས་འདིར་གཤེགས་སུ་གསོལ། །གུས་པས་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །འཇམ་དཔལ་སྤྱན་རས་གཟིགས་དབང་གསང་བའི་བདག །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །རྗེ་བཙུན་སྒྲོལ་མ་ལྷ་མོ་རིག་བྱེད་མ། །གངྒཱའི་ལྷ་མོ་ནོར་རྒྱུན་དཔལ་ལྷ་མོ། །ཕྱོགས་བཅུའི་ཞིང་བཞུགས་སེམས་དཔའ་སེམས་མའི་ཚོགས། །ཐམས་ཅད་མ་ལུས་གནས་འདིར་གཤེགས་སུ་གསོལ། །གུས་པས་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས། །མགོན་མེད་འགྲོ་ལ་བྱམས་པས་ཉེར་དགོངས་ཏེ། །ཆར་པའི་བར་ཆད་ལྔ་པོ་་་ཆར་པའི་བར་ཆད་ལྔ་ནི། སྤྲིན་ཡོད་གློག་འབྱུང་འབྲུག་གྲགས་རླུང་བསིལ་ལྡང་ནས་ལྟས་མཁན་དག་གིས་ཆར་འབེབ་ཅེས་ལུང་བསྟན་ཀྱང་། ས་ཆེན་པོ་ལས་མེ་ཁམས་འཕགས་ནས་མོད་ལ་སྐམ་པ་ཐན་པའི་རྒྱུ་དང་པོ་འོ། །དེ་བཞིན་དུ་མི་མཉམ་པའི་རླུང་བྱུང་བས་ཆར་དེ་ཕྱོགས་གཞན་དགོན་པ་རྣམས་སུ་འཕེན་པ་གཉིས་པ་འོ། །ལྷའི་བུ་ཆར་གྱི་ཤུགས་ཅན་དག་མྱོས་ཤིང་བག་མེད་པས་ཆར་དུས་སུ་འབེབ་མི་སྟེར་བ་གསུམ་པ་འོ། །མི་རྣམས་འདོད་པའི་དབང་གིས་ཆོས་མིན་སྤྱོད་པ་དག་ལ་ལྷས་ཆར་འབེབ་ཏུ་མི་སྟེར་བ་བཞི་པ། ལྷ་མིན་སྒྲ་གཅན་རྒྱ་མཚོ་ནས་འཕགས་ཏེ་ལག་གཉིས་ཆར་པར་བཟེད་ནས་རྒྱ་མཚོར་སྡུག་བསྔལ་ཞེས། འདུལ་བ་ལུང་རྣམ་འབྱེད་ཀྱི་རྒྱུ་མཚན་གྱི་གླེང་གཞིའི་སྐབས་ནས་གསུངས་སོ།བསལ་བ་དང་། །ཆར་པའི་རྒྱུན་ཆེན་མྱུར་དུ་དབབ་པར་མཛོད། །འགྲོ་ཀུན་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། །ཚངས་དབང་བརྒྱ་བྱིན་རྒྱལ་ཆེན་བཞི་ལ་སོགས། །འཇིག་རྟེན་སྐྱོང་བའི་ཚོགས་དང་ཁྱད་པར་དུ། །དཔལ་ལྡན་ཀླུ་ཡི་དབང་པོ་ཆེན་པོ་རྣམས། །རྒྱལ་བའི་བཀའ་བཞིན་དེང་འདིར་སྤྱན་འདྲེན་ན། །སྤྲིན་ཆེན་བརྩེགས་པའི་བཞོན་པ་ལ་ཞོན་ནས། །སྣ་ཚོགས་གཟུགས་མངའ་ནོར་བུའི་ཅོད་པན་ཅན། །ཟབ་མོའི་འབྲུག་སྒྲ་རྣམ་འབྱིན་གློག་འོད་བཅས། །རིན་ཆེན་ཆར་གྱི་རྒྱུན་བཟང་འབེབ་ཕྱིར་དུ། །བྱམས་པའི་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཀླུ་རྒྱལ་གཡོག་མཐའ་ཡས་པ་རྒྱ་མཚོའི་སྤྲིན། །བཀོད་པའི་གཟི་བརྗིད་དཀྱིལ་འཁོར་གདུགས་འདྲའི་རྒྱལ། །དགའ་བོ་ཉེ་དགའ་རྒྱ་མཚོ་གཟི་ཅན་དང་། །ཆུ་ལྷ་དང་ནི་འཇོག་པོ་ཡུལ་འཁོར་སྲུང་། །མ་དྲོས་པ་དང་ནོར་རྒྱས་བུ་དང་ནི། །བཏང་བཟུང་ས་སྲུང་བུ་དང་ནུ་ཏ་ལ། །དཔལ་གྱི་གཟི་བརྗིད་དཔལ་བཟང་གློག་གི་ཕྲེང་། །གཙུག་ན་ནོར་བུ་སྣང་ལྡན་གཙུག་ཕུད་ཅན། །གཙུག་ན་ནོར་བུ་ཐོགས་པ་ལ་སོགས་པའི། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །གུས་པས་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སངས་རྒྱས་བདེན་པས་ཀླུ་རྣམས་རབ་བསྐུལ་ན། །དཀོན་མཆོག་གསུམ་གྱི་མཐུ་སྟོབས་དྲན་གྱིས་ལ། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས། །འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཆེན་ཕོབ། །རྩི་ཤིང་ལོ་ཏོག་འབྲས་བུ་རྒྱས་པར་མཛོད། །འཛམ་གླིང་གནས་བདག་སྡེ་བརྒྱད་འཁོར་བཅས་དང་། །ཡུལ་ཕྱོགས་འདིར་གནས་ལྷ་ཀླུ་ས་བདག་ལ། །འདོད་རྒུ་ཀུན་འབྱུང་བསང་གི་མཆོད་སྤྲིན་འབུལ། །དགྱེས་ཤིང་ཚིམས་ནས་བྱམས་སེམས་ལྡན་གྱུར་ཅིག །སྟོབས་བཅུ་མངའ་བའི་བདེ་གཤེགས་སྲས་དང་བཅས། །མངོན་སུམ་བཞིན་དུ་གསལ་བའི་སྤྱན་ལམ་དུ། །གུས་པས་ཕྱག་འཚལ་མི་དགེ་སྡིག་པ་བཤགས། །ཉམ་ཐག་འགྲོ་བ་ཀུན་ལ་རྗེས་ཆགས་པའི། །ཐུགས་བསྐྱེད་གཡར་དམ་གཉན་པོ་དུས་འདིར་དགོངས། །སངས་རྒྱས་ཆོས་དང་དགེ་འདུན་བདེན་པ་དང་། །སྙིང་པོ་སྔགས་དང་ཕྱག་རྒྱའི་ནུས་པ་དང་། །སྟོང་དང་རྟེན་འབྱུང་ཟབ་མོའི་བྱིན་རླབས་ཀྱིས། །ཀླུ་རྒྱལ་འཁོར་དང་བཅས་པ་དེང་བསྐུལ་ན། །ལྷ་ལམ་རབ་ཏུ་ཁྱབ་པའི་སྤྲིན་ཆེན་ནི། །མཐོན་མཐིང་ནོར་བུའི་ལྷུན་པོ་བརྩེགས་པའི་གཟུགས། །མཛེས་པའི་གློག་དམར་གཡོ་བའི་སྐ་རགས་ཅན། །ཡིད་འོང་འབྲུག་སྒྲ་དལ་བུའི་དབྱངས་དང་བཅས། །རྨད་བྱུང་དགའ་བདེ་སྐྱེད་པའི་ཆར་གྱི་རྒྱུན། །འཛད་མེད་འདོད་རྒུར་འབེབ་པར་མཛད་དུ་གསོལ། །བདུད་རྩིའི་བཅུད་ཀྱིས་ས་ལ་ལོ་ཏོག་འཕེལ། །རྩི་ཤིང་སྨན་རྣམས་ནུས་པ་དང་ལྡན་ཞིང་། །སྣོད་བཅུད་བཀྲག་མདངས་དཔལ་འབྱོར་གོང་དུ་འཕེལ། །མཁའ་ལ་ལྷ་རྣམས་བྱམས་པའི་ཐུགས་ཀྱིས་གནས། །བར་སྣང་ཀླུ་རྣམས་བདེ་བའི་གར་གྱིས་བྲེལ། །ས་ལ་མི་རྣམས་དགའ་བའི་སྒྲ་འབྱིན་པའི། །དགེ་མཚན་མྱུར་བ་ཉིད་དུ་མཐོང་གྱུར་ཅིག །འཇིག་རྟེན་ཁམས་སུ་ནད་མུག་མཚོན་འཁྲུག་ཞི། །རྫོགས་ལྡན་དུས་བཞིན་དགའ་བདེས་ཁྱབ་པ་དང་། །རྒྱལ་བསྟན་སྣང་བ་རྟག་ཏུ་མི་ནུབ་དར། །བྱམས་ཆེན་རྒྱལ་བའི་དགོངས་པ་འགྲུབ་གྱུར་ཅིག །ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་ནི། ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། སམ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། སཏྱ་པྲ་ཏི་ཛྙཱ་ས་ར་ཧ། ཛྙཱ་ན་བ་ཏི། ཨུད་པ་ད་ནི་བི་ནཱ་མ་ནི། ཨ་བྷི་ཥེ་ཙ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷཱ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བཱ་ལ་ན། བཱ་ཧ་ཧ་ར་ཀླེ་ཤཱ་ན། དྷུ་ན་པཱ་པཾ་ཤོ་དྷཱ་ཡ་མརྒཱ་ན། ནི་རཱ་ཧི་ཀ་དྷརྨ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མ་རི་རཱ་ཛ་ས། དུཿཁ་ཤ་མ་ན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷིཥྛི་ཏེ་པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། ཞེས་གྲངས་ཅི་རིགས་བརྗོད། གཞན་ཡང་གོས་དང་ཟས་གཙང་མར་བྱས་ལ་གཙང་མའི་མཆོད་པ་གང་ཡང་རུང་བ་སྦྱར་ཏེ་བརྗོད་པའམ། རང་བཞིན་དུ་བརྗོད་ཀྱང་ཆར་འབེབ་པར་བྱེད་དོ། །བྱམས་པའི་སེམས་ཉེ་བར་བཞག་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཀླུ་དབང་རྣམས་ཡིད་ལ་དྲན་པའི་སྒོ་ནས་ནམ་འདོད་དུ་བྱའོ། །འདི་ནི་ལོ་སྔ་ཕྱིར་ཐན་པས་ཉེན་ཚེ་བྱམས་པའི་སེམས་ཀྱིས་སྤྲིན་ཆེན་པོའི་མདོའི་དོན་བསྡུས་ཏེ་རབ་ཚེས་མི་ཟད་པའི་ཟླ་བ་བཞི་པའི་ཚེས་བཅུ་བདུན་ལ་མི་ཕམ་འཇམ་དཔལ་དགྱེས་པས་བྲིས་པ་སྟེ། སྐབས་དེར་ཡིད་དུ་འོང་བའི་སྤྲིན་གྱིས་ཕྱོགས་ཀུན་ཏུ་ཁེབས་ཤིང་ཆར་གྱི་རྒྱུན་བཟང་འབབ་པ་སོགས་དགེ་མཚན་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་གྱུར་པས་ཤིན་ཏུ་དགེ་ལེགས་སུ་གྲུབ་པའོ། །མངྒ་ལཾ།། །། འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བསྟོད་བསྐུལ་ཁོལ་དུ་ཕྱུང་བ (Volume 34, Text 59)
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱིི་བསྟོད་བསྐུལ་ཁོལ་དུ་ཕྱུང་བ་བཞུགས་སོ། །ཧཱུྃ༔ མ་བཅོས་ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རང་བྱུང་ལོངས་སྐུ་ཐུགས་རྗེ་ཁྲོས་མའི་སྐུ༔ སྐུ་མདོག་མཐིང་ནག་ཁྲོ་མོའི་ཆ་བྱད་ཅན༔ གཅེར་བུ་རྟོག་བྲལ་དབུ་སྐྲ་ཐུར་དུ་གྲོལ༔ ཁྲོ་གཉེར་སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས༔ སྤྱི་གཙུག་ཕག་ཞལ་སྲིད་གསུམ་རྩེ་ནས་གདེངས༔ ཕག་མོའི་ངུར་སྒྲས་སྟོང་གསུམ་ཟིལ་གྱིས་གནོན༔ གྲི་གུག་ཐོད་ཁྲག་གཡས་དང་གཡོན་ན་བསྣམས༔ དུར་ཁྲོད་ཆས་བརྒྱད་ཁ་ཊྭཱཾ་གྲུ་མོར་བརྟེན༔ ཕྱག་རྒྱ་ལྔ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ མེ་དཔུང་ཀློང་ན་ཞབས་གཉིས་བརྐྱང་བསྐུམ་གྱིས༔ ཉི་ཟླ་དུས་མཚན་རོ་ཡི་སྟེང་དུ་མནན༔ བདེ་སྟོང་ཉམས་ལྡན་འབར་བའི་གར་དང་ལྡན༔ ཐུགས་རྗེ་ཁྲོས་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྟོང་ཉིད་རང་སྒྲ་རྣམ་པར་དག་པ་ཡི༔ ཨཱ་ལི་ཀཱ་ལིའི་ངོ་བོར་ཡོངས་རྫོགས་པའི༔ ཨཱ་རལླི་ཞེས་བཞད་པའི་གད་རྒྱངས་སྒྲོག༔ ཕེཾ་གྱི་སྒྲ་སྒྲོག་མཁའ་འགྲོ་དབང་དུ་སྡུད༔ ཧཱུྃ་གི་ང་རོས་བདུད་དཔུང་ཟིལ་གྱིས་གནོན༔ སྟོང་ཉིད་ཆོས་སྒྲས་འཁོར་བ་དབྱིངས་སུ་སྒྲོལ༔ ཕཊཿཀྱི་འབྲུག་སྒྲས་ལོག་ལྟ་ཚར་གཅོད་མཛད༔ བདེ་བ་རྒྱས་པའི་ཧ་ཧེའི་སྒྲ་འབྱིན་ཅིང༔ གསུང་དབྱངས་དྲུག་ཅུས་འགྲོ་བ་ཐབས་ཀྱིས་འདུལ༔ ཐུགས་རྗེ་ཁྲོས་མའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དོན་དམ་སྟོང་ཉིད་བདེ་ཆེན་གསལ་དག་སྐུ༔ དབྱིབས་དང་ཁ་དོག་མཚན་མ་བརྗོད་ལས་འདས༔ ཉོན་མོངས་རྣམ་དག་ཡེ་ཤེས་ཆེན་པོ་ཉིད༔ གདོད་ནས་མ་སྐྱེས་སྤྲོས་བྲལ་དོན་སྟོན་མ༔ འཁོར་བའི་སྐྱོན་བྲལ་ཤེས་རབ་ཕ་རོལ་ཕྱིན༔ བདེ་སྟོང་གཉིས་མེད་ཟུང་འཇུག་རང་བཞིན་ཅན༔ མཐོང་ཐོས་དྲན་པས་འགྲོ་བ་ཐམས་ཅད་ལ༔ འབར་བ་གསུམ་གྱི་དངོས་གྲུབ་ཁྱབ་མཛད་ཅིང༔ དགའ་བདེ་ཡེ་ཤེས་གཉིས་མེད་འཆར་བར་མཛད༔ ཐུགས་རྗེ་ཁྲོས་མའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དོན་དམ་ཆོས་ཉིད་ངང་ལས་མ་གཡོས་ཀྱང༔ སྣ་ཚོགས་གཉིས་མེད་འཇའ་ལུས་གཟུགས་སྐུའི་ཚུལ༔ རྣམ་དག་སྐུ་ལ་ཡོན་ཏན་རབ་བརྒྱན་ཅིང༔ འགག་མེད་གསུང་གི་གདུལ་བྱའི་འགྲོ་བ་སྨིན༔ གྲོལ་མཛད་སྤྲོས་བྲལ་འཁོར་བའི་རྒྱ་མཚོ་སྐེམ༔ ཡོན་ཏན་ཕུན་ཚོགས་སྒྲུབ་ལ་དངོས་གྲུབ་སྟེར༔ ཕྲིན་ལས་ཐུགས་རྗེས་འགྲོ་བ་ཐབས་ཀྱིས་འདུལ༔ ཐུགས་རྗེ་ཁྲོས་མ་བདེ་ཆེན་རྣལ་འབྱོར་མ༔ འཁོར་ལོ་ལྔ་རྫོགས་ཕྲིན་ལས་ཀུན་གྱི་བདག༔ མཆོག་དང་ཐུན་མོང་དངོས་གྲུབ་གཏེར་འཆང་མ༔ ཡེ་ཤེས་མཁའ་འགྲོ་བདེ་གཤེགས་ཀུན་གྱི་ཡུམ༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཧ་ལས་བྱུང་བའི་བདེ་ཆེན་དཀར་མོ་ནི༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ༔ ཞི་བའི་ལས་མཛད་རྡོ་རྗེ་རྣལ་འབྱོར་མ༔ དཀར་མོ་དུང་མདོག་རྡོ་རྗེ་རིགས་ཀྱི་གཙོ༔ རྡོ་རྗེའི་རིགས་མཚོན་རྡོ་རྗེས་དབུ་ལ་བརྒྱན༔ རྡོ་རྗེ་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཞེ་སྡང་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ༔ བཅུ་དྲུག་ལོ་ལོན་ཁ་ཊྭཱཾ་གྲུ་མོར་བརྟེན༔ གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་བྱས༔ ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས༔ བཛྲ་ཌཱ་ཀི་ཧ་ཡི་སྒྲ་འབྱིན་ཅིང༔ རྡོ་རྗེ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ བདེ་ཆེན་དཀར་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ རི་ལས་བྱུང་བའི་སེར་མོ་དོན་གྲུབ་ནི༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ༔ རྒྱས་པའི་ལས་མཛད་རིན་ཆེན་རྣལ་འབྱོར་མ༔ སེར་མོ་གསེར་མདོག་རིན་ཆེན་རིགས་ཀྱི་གཙོ༔ རིན་ཆེན་རིགས་མཚོན་རིན་ཆེན་དབུ་ལ་བརྒྱན༔ རིན་ཆེན་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ང་རྒྱལ་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ༔ བཅུ་དྲུག་ལོན་ཚུལ་ཁ་ཊྭཱཾ་གྲུ་མོར་བརྟེན༔ གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཅན༔ ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས༔ རཏྣ་ཌཱ་ཀི་རི་ཡི་སྒྲ་འབྱིན་ཅིང༔ རིན་ཆེན་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ སེར་མོ་དོན་གྲུབ་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ནི་ལས་བྱུང་བའི་དམར་མོ་སྒྲ་སྒྲོག་ནི༔ འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ༔ དབང་གི་ལས་མཛད་པདྨའི་རྣལ་འབྱོར་མ༔ དམར་མོ་ཟངས་མདོག་པདྨ་རིགས་ཀྱི་གཙོ༔ པདྨའི་རིགས་མཚོན་པདྨས་དབུ་ལ་བརྒྱན༔ པདྨ་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ འདོད་ཆགས་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ༔ བཅུ་དྲུག་ལོན་ཚུལ་ཁ་ཊྭཱཾ་གྲུ་མོར་བརྟེན༔ གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཅན༔ ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས༔ པདྨ་ཌཱ་ཀི་ནི་ཡི་སྒྲ་འབྱིན་ཅིང༔ པདྨ་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ དམར་མོ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་འདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ས་ལས་བྱུང་བའི་སྣ་ཚོགས་མཐར་ཕྱིན་ནི༔ ཕྲག་དོག་རྣམ་དག་ནན་ཏན་ཡེ་ཤེས་སྐུ༔ དྲག་པོའི་ལས་མཛད་ལས་ཀྱི་རྣལ་འབྱོར་མ༔ སྔོན་མོ་གཡུ་མདོག་ལས་ཀྱི་རིགས་ཀྱི་གཙོ༔ ལས་ཀྱི་རིགས་མཚོན་རྒྱ་གྲམ་དབུ་ལ་བརྒྱན༔ རྒྱ་གྲམ་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཕྲག་དོག་རྩད་གཅོད་ཉོན་མོངས་ཞལ་དུ་གསོལ༔ བཅུ་དྲུག་ལོན་ཚུལ་ཁ་ཊྭཱཾ་གྲུ་མོར་བརྟེན༔ གཅེར་བུ་སྐྲ་གྲོལ་རུས་པའི་རྒྱན་གྱིས་བརྒྱན༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཅན༔ ཞབས་གཉིས་བརྐྱང་བསྐུམ་རོ་ཡི་གདན་ལ་བཞུགས༔ ཀརྨ་ཌཱ་ཀི་ས་ཡི་སྒྲ་འབྱིན་ཅིང༔ ལས་ཀྱི་མཁའ་འགྲོ་འབུམ་གྱི་འཁོར་དང་བཅས༔ སྣ་ཚོགས་མཐར་ཕྱིན་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོ་བསྐུལ་བ་ནི། ཧཱུྃ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ནས། པུ་ཛཱ་ཨོ་ཨ་གོ་རཱ་དང་། །དེ་མའི་ས་བོན་ལས་སྐྱེས་པའི། །དཔའ་བོ་དཔའ་མོ་ཐམས་ཅད་ཀྱང་། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་མདོག་ཨིནྡྲ་ནཱི་ལྟར་སྔོ། །དར་དང་རིན་ཆེན་རུས་པས་བརྒྱན། །སྟག་གི་པགས་པའི་ཤམ་ཐབས་གྲོལ། །ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ། །གཡས་བརྐྱང་པད་ཉི་རོ་སྟེང་བཞེངས། །ཡུམ་རྣམས་ཁ་ཊྭཱཾ་ཐོད་ཁྲག་གིས། །ཡབ་ལ་འཁྱུད་ཅིང་བརྐྱང་བསྐུམ་རོལ། །ཡེ་ཤེས་མེ་དཔུང་འཕྲོ་བའི་དབུས། ཁྲོ་འཛུམ་ཞི་ཆགས་ཉམས་འགྱུར་རྫོགས། །རང་རང་རིགས་ཀྱི་ཚོམ་བུ་འབུམ། །ཉི་དང་འོད་ཟེར་བཞིན་དུ་འཕྲོ། །ཐུགས་ཀྱིས་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ས་སྟེང་གསུང་གི་འཁོར་ལོ་ནས། །ཀཱ་ཨོ་ཏྲི་ཀོ་ཀ་ལ་དང་། །ཀ་ཧིའི་ས་བོན་ལས་སྐྱེས་པའི། །དཔའ་བོ་དཔའ་མོ་ཐམས་ཅད་ཀྱང་། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་མདོག་པད་རག་མདོག་ལྟར་དམར། །དར་དང་རིན་ཆེན་རུས་པས་བརྒྱན། །སྟག་གི་པགས་པའི་ཤམ་ཐབས་གྲོལ། །ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ། །གཡས་བརྐྱང་པད་ཉི་རོ་སྟེང་བཞེངས། །ཡུམ་རྣམས་ཁ་ཊྭཱཾ་ཐོད་ཁྲག་གིས། །ཡབ་ལ་འཁྱུད་ཅིང་བརྐྱང་བསྐུམ་རོལ། །ཡེ་ཤེས་མེ་དཔུང་འཕྲོ་བའི་དབུས། ཁྲོ་འཛུམ་ཞི་ཆགས་ཉམས་འགྱུར་རྫོགས། །རང་རང་རིགས་ཀྱི་ཚོམ་བུ་འབུམ། །ཉི་དང་འོད་ཟེར་བཞིན་དུ་འཕྲོ། །གསུང་གིས་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ས་འོག་སྐུ་ཡི་འཁོར་ལོ་ནས། །པྲེ་གྲྀ་སཽ་སུ་ན་སི་དང་། །མ་ཀུའི་ས་བོན་ལས་སྐྱེས་པའི། །དཔའ་བོ་དཔའ་མོ་ཐམས་ཅད་ཀྱང་། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་མདོག་ཟླ་བའི་འོད་ལྟར་དཀར། །དར་དང་རིན་ཆེན་རུས་པས་བརྒྱན། །སྟག་གི་པགས་པའི་ཤམ་ཐབས་གྲོལ། །ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ། །གཡས་བརྐྱང་པད་ཉི་རོ་སྟེང་བཞེངས། །ཡུམ་རྣམས་ཁ་ཊྭཱཾ་ཐོད་ཁྲག་གིས། །ཡབ་ལ་འཁྱུད་ཅིང་བརྐྱང་བསྐུམ་རོལ། །ཡེ་ཤེས་མེ་དཔུང་འཕྲོ་བའི་དབུས། ཁྲོ་འཛུམ་ཞི་ཆགས་ཉམས་འགྱུར་རྫོགས། །རང་རང་རིགས་ཀྱི་ཚོམ་བུ་འབུམ། །ཉི་དང་འོད་ཟེར་བཞིན་དུ་འཕྲོ། །སྐུ་ཡིས་དགོངས་ཏེ་གཤེགས་སུ་གསོལ། །དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དུར་ཁྲོད་ཀྱི་མཁའ་འགྲོ་སྡེ་བརྒྱད་བསྐུལ་བ་ནི༔ ཧཱུྃ༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ མི་ཕྱེད་རྡོ་རྗེ་མཁའ་འགྲོ་མ༔ གཅེར་བུའི་ལུས་ལ་དཀར་བའི་མདོག༔ རུས་པའི་འཁོར་ལོ་རྩིབས་དྲུག་ལ༔ ཟླ་ཕྱེད་རྡོ་རྗེས་མཚན་པས་བརྒྱན༔ ཐལ་བས་བྱུགས་པའི་ཞིང་དག་ལ༔ དཀར་དམར་ཐིག་ལེ་བརྩེགས་པས་སྤྲས༔ སྐྱིལ་ཀྲུང་ཕྱེད་པའི་གར་དང་ལྡན༔ འདོད་ཡོན་བྱེད་པ་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལ་འགྲུབ་པར་མཛོད༔ ཧཱུྃ༔ ལྷོ་ཕྱོགས་གད་རྒྱངས་སྒྲོག་པའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན༔ བཙོ་མ་གསེར་གྱི་མདངས་ལྡན་ཞིང༔ གཅེར་བུའི་ལུས་ལ་སྐྲ་གྲོལ་མ༔ རྩིབས་བརྒྱད་མུ་ཁྱུད་ལྡན་པ་ཡི༔ རིན་ཆེན་གསེར་གྱི་ནོར་བུ་འཛིན༔ ཐལ་བས་བྱུགས་པའི་ཞིང་དག་ཏུ༔ རྒྱན་ལྡན་རྒྱས་བྱེད་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ནུབ་ཕྱོགས་པདྨ་འཁྱིལ་པའི་དུར་ཁྲོད་ནས༔ དྲི་མེད་པདྨ་མཁའ་འགྲོ་མ༔ ཤེས་རབ་ཕ་རོལ་ཕྱིན་སྙེམས་མ༔ བདེ་བ་ངེས་པར་གྲོལ་བྱེད་མ༔ བྷ་གའི་གནས་ལ་གཅེར་བུ་སྟེ༔ སྐྲ་གྲོལ་མུ་ཏིག་ཅོད་པན་ཅན༔ པདྨ་རཱ་གས་དབུ་ལ་བརྒྱན༔ བཅུ་དྲུག་མདངས་ལྡན་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བྱང་ཕྱོགས་ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་བདེ་བ་ཅན༔ བརྩོན་འགྲུས་ཕ་རོལ་ཕྱིན་སྙེམས་ཤིང༔ ཞི་རྒྱས་དབང་དྲག་མངོན་སྤྱོད་དང༔ ཕྲིན་ལས་ཐམས་ཅད་མཐར་ཕྱིན་མཛད༔ གཅེར་བུ་སྐྲ་གྲོལ་བརྐྱང་བསྐུམ་ཚུལ༔ སྣ་ཚོགས་མཐར་ཕྱིན་དུར་ཁྲོད་ལུས༔ བཟང་པོའི་དབུ་རྒྱན་ཅོད་པན་ཅན༔ སྣ་ཚོགས་བྱིན་རླབས་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་མི་འདའ་མ༔ བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང༔ མི་རོ་ཤ་ལ་རོལ་མཛད་མ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན༔ ཧ་ཧེའི་གད་མོ་ཆེན་མོ་སྒྲོག༔ ཁྲག་དང་མཚན་མས་ལུས་ལ་བྱུག༔ སྣ་ཚོགས་རྒྱན་ལྡན་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལྷོ་ནུབ་གཏུམ་པའི་དུར་ཁྲོད་ནས༔ སྣ་ཚོགས་མཁའ་འགྲོ་མི་ཐུབ་མ༔ འོད་ཟེར་རྣམ་པ་སྟོང་འགྱེད་ཅིང༔ དུར་ཁྲོད་ཤུན་པ་གོས་སུ་གྱོན༔ མེ་ཐུལ་པདྨ་རཱ་གའི་མདོག༔ ཐལ་བས་བྱུགས་པའི་ཞིང་དག་ཏུ༔ ཁྲག་གི་ཚོམ་བུ་ཐིག་ལེས་བརྒྱན༔ ཨུཏྤལ་མདངས་ལྡན་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ནུབ་བྱང་རབ་རྒྱུའི་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མ༔ ལེགས་པར་སྟེར་བྱེད་རབ་ཏུ་རོལ༔ འབྱུང་བཞི་དབང་སྡུད་དྲི་མ་མེད༔ རུས་པའི་ཐོར་ཚུགས་ཅོད་པན་ཅན༔ གར་སྟབས་མཁའ་ལ་འགྲོ་བྱེད་མ༔ མར་གད་མདོག་ཅན་ཡིད་འོང་གཟུགས༔ དབང་མཛད་དབང་བསྒྱུར་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བྱང་ཤར་དྲག་ཤུལ་དུར་ཁྲོད་ནས༔ བརྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མ༔ ཕྲིན་ལས་ཐམས་ཅད་རྫོགས་བྱེད་ཅིང༔ དབང་དུ་སྡུད་ཅིང་དགུག་ཅིང་བསྐྲད༔ དབྱེ་དང་གསད་མནན་ལས་ཀུན་སྒྲུབ༔ སྣ་ཚོགས་མདོག་ཅན་ཁ་དོག་སྒེགས༔ གསང་བའི་རྒྱུད་རྣམས་ངེས་མཛད་མ༔ སྣ་ཚོགས་སྐྱོད་བྱེད་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་འབར་བ་འདི་གསོལ་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལ་སོགས་པ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཀུན་དགའ་འབུམ་པའི་ཟབ་གཏེར་ལས་བྱུང་བ་འདི་ཉིད་མཁའ་འགྲོ་གསང་འདུས་ལ་སྦྱར་དུ་རུང་བ་༧འཇམ་མགོན་པདྨ་གར་དབང་གི་བཀའ་ལུང་གི་ངེས་པ་ཡང་དག་པའོ། །གོང་གི་གནས་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོར་བསྟོད་བསྐུལ་ནི་རིག་སྔགས་འཛིན་པ་པདྨ་ཡེ་ཤེས་རྡོ་རྗེས་རྡོ་རྗེའི་གསུང་ལ་རིགས་མཐུན་དུ་སྦྱར་བ་བླ་མ་ཡེ་ཤེས་དྷཱ་ཀིས་བཟོད་པར་མཛོད་ཅིག །དགེའོ། །དགེའོ། །དགེའོ།། །།
ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་གདོང་ཟློག་རྟེན་འབྲེལ་སྤྱི་བཅོས་ (Volume 44, Text 59)
ཡེ་ཤེས་རབ་འབར་ལས༔ སྡེ་བརྒྱད་གདོང་ཟློག་རྟེན་འབྲེལ་སྤྱི་བཅོས་ནི༔ ྈྈྈྈྈ དྲག་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ མ་འོངས་རྗེས་འཇུག་སྒྲུབ་པ་པོ༔ གང་དུ་གནས་པའི་ས་ཆའམ༔ ཡང་ན་རང་གཞན་འདོད་པའི་ལས༔ གང་དུ་བཅོལ་བའི་ས་ཕྱོགས་སུ༔ ཀོ་ལོང་བསྡམ་པའི་སྡེ་བརྒྱད་ཀྱིས༔ རུ་ང་ཕྲག་དོག་བྱེད་གྱུར་ན༔ ལེགས་པའི་བྱ་བ་བྱེད་གྱུར་པའི༔ གཏོར་སྣ་མདོས་དང་ཡས་ཀྱི་ལམ༔ མཁར་ལས་རྨོ་རྐོ་མགྲོན་གྱི་སྣ༔ ཀུན་གྱི་རྟེན་འབྲེལ་སྤྱི་བཅོས་འདི༔ གང་དུ་ཇི་ལྟར་གནས་པ་ཡི༔ སྡེ་བརྒྱད་རང་རང་སོ་སོ་ཡི༔ སྣང་བ་ཇི་ལྟར་དགའ་མགུའི་ཆོས༔ ཡུལ་ཆེན་ཕུན་སུམ་ཚོགས་བྱེད་པའི༔ མཐུ་དང་སྒྲུབ་བྱེད་དོན་ལྡན་གྱི༔ གསང་སྔགས་ལྡན་པའི་ལོངས་སྤྱོད་འདིས༔ མ་འོངས་འགྲོ་བའི་དཔལ་གྱུར་ཅིག༔ ས་མ་ཡཱ༔ ཁམ་སའི་བུམ་པ་མཐོ་གང་ལ༔ ལེགས་པར་འཇམ་མདངས་སོ་བཏང་སྟེ༔ ས་གཞི་ནས་བཟུང་ཡས་རིམ་དུ༔ འོག་ཏུ་སྣ་ཚོགས་རྡོ་རྗེས་མཚན༔ སྟེང་དུ་པདྨའི་འདབ་མ་ལ༔ སྤར་ཁ་སྨེ་བ་ལོ་སྐོར་དང༔ གཟའ་དང་རྒྱུ་སྐར་ས་བདག་གི༔ ཕྱག་རྒྱ་སྙིང་པོས་མཚོན་བྱེད་བྲི༔ དེ་སྟེང་ལྟེ་བའི་པདྨ་ལ༔ ལྷ་སོགས་སྡེ་བརྒྱད་སྙིང་པོ་བྲི༔ དེ་སྟེང་རྟེན་འབྲེལ་སྙིང་པོ་བྲི༔ དེ་ནས་སྟེང་གི་ཁ་ཁྱེར་དུ༔ རིགས་གསུམ་མགོན་པོའི་སྙིང་པོ་དང༔ འོད་ཟེར་ཅན་དང་གཟུངས་ཆེན་ལྔའི༔ སྙིང་པོ་གསལ་དག་ཆད་མེད་བྲི༔ ཉམས་མེད་རྩི་ཡིས་ལེགས་བྱུག་པའི༔ ནང་དུ་བཟང་དྲུག་ཀླུ་སྨན་དང༔ རིན་ཆེན་འབྲུ་དང་ཟབ་དར་ཀློང༔ སྨན་བླ་རྣམ་པར་འཇོམས་པའི་གཟུངས༔ རྟེན་འབྲེལ་སྙིང་པོ་འདོད་སྤེལ་བཅས༔ བུམ་པའི་དབུས་སུ་བཞུགས་སུ་གསོལ༔ ཁ་རྒྱན་དཔག་བསམ་ཤིང་གི་རིགས༔ རྨ་བྱའི་སྒྲོ་མདོངས་དང་བཅས་བསྒྲུབ༔ སྡེ་བརྒྱད་སྔགས་ལ་བྱུག་པའི་རྫས༔ ལྷ་ལ་ཤེལ་དང་ཡུངས་དཀར་དང༔ གཤིན་རྗེར་ཐལ་ཆེན་ཐོག་ལྕགས་གཉིས༔ མ་མོ་ལ་ནི་མུ་ཟི་དང༔ བདུད་ལ་བྱ་རོག་མགོ་བོ་དང༔ བཙན་ལ་སྟག་གི་སྡེར་མོ་དང༔ གནོད་སྦྱིན་ལ་ནི་ཤིན་ཀུན་དང༔ ཀླུ་དང་ས་བདག་ཕ་ཝོང་དྲེག༔ རྒྱལ་པོ་ལ་ནི་ཟ་འོག་རྙིང༔ སྡེ་བརྒྱད་དངོས་སམ་ཆ་མཐུན་གྱི༔ རིགས་སུ་གང་གྱུར་མཐོང་བས་སྒྲིབ༔ བསམ་དང་རེག་དང་མཐོང་དུག་ཞི༔ བསམ་དང་སྦྱོར་བ་ངན་པའི་དུག༔ རབ་དགའ་མཐུན་རྐྱེན་སྨན་དུ་འགྱུར༔ གསང་སྔགས་བདེན་པ་ཆེན་པོ་ཡིས༔ རང་རང་ནུས་པས་ལྷ་འདྲེའི་དུག༔ ཞི་དང་ཟློག་ཅིང་སྤྱི་བཅོས་ཡིན༔ རྒྱལ་པོའི་ཆ་མཐུན་འགོང་པོ་ཐུབ༔ བཙན་གྱི་ཆ་མཐུན་ཐེའུ་རང་དང༔ དགེ་བསྙེན་ཆ་མཐུན་སྡ་མ་ཐུབ༔ ནུས་པ་ཆུང་ཞིང་འདུན་སྟབས་ཀྱིས༔ ནུས་ཅན་སྤྱོད་པ་རྩིང་བ་སོགས༔ མི་རྣམས་མི་རུང་འདུལ་བའི་དུས༔ ལས་སུ་རུང་བའི་སྤྱི་བཅོས་འདི༔ ཐབས་མང་དཀའ་བ་མེད་པའི་དོན༔ ཐབས་ཀྱི་འགྲོ་དོན་ཆ་རྐྱེན་ཏེ༔ སྐལ་ལྡན་ཡོངས་ཀྱིས་བཅུད་ལོངས་ཤིག༔ ས་མ་ཡཱ༔ ཡང་ན་ཐུབ་ཆེན་སྤྱན་རས་གཟིགས༔ ཡང་ན་རྡོ་རྗེ་རྣམ་པར་འཇོམས༔ འོད་ཟེར་ཅན་མ་རྨ་བྱ་མ༔ བུམ་བསྐྱེད་གཟུངས་ཀྱི་ཆུ་ཡིས་འཐོར༔ འདོད་གསོལ་ནི༔ དེ་རིང་གི་ཚེ་ན་ལོ་མི་རུང་བ་དང༔ ཟླ་བ་མི་རུང་བ་དང༔ ཞག་མི་རུང་བ་དང༔ ཟ་མ་མི་རུང་བ་དང༔ རྒྱུ་སྐར་མི་རུང་བ་དང༔ དུས་ཚོད་མི་རུང་བ་དང༔ ཚེས་གྲངས་མི་རུང་བ་དང༔ ཐེ་སེ་རྒྱལ་པོ་མི་རུང་བ་དང༔ ཐེ་ཁྱིམ་བཙུན་མོ་མི༴ བློན་པོ་ཙང་ཀུན་མི༴ སེ་བ་རང་རྟ་མི༴ སེ་བྱ་གཟིག་མཇུག་མི༴ ཧལ་ཁྱི་ལྟོ་འཕྱེ་སོགས་མི༴ ལོ་ལ་རྒྱུ་བ་མི༴ ཟླ་བ་ལ་རྒྱུ་བ་མི༴ ཞག་ལ་རྒྱུ་བ་མི༴ དུས་ཚོད་ལ་རྒྱུ་བའི་སྟེང་འོག་ཕྱོགས་མཚམས་གང་དུ་རྒྱུ་བའི་གཡས་གཡོན་གདོང་ཐུག་གི་མི་རུང་བའི་ཕྲག་དོག་གི་ངོ་བོ༔ སངས་རྒྱས་ཀྱི་མཐུ་དང༔ གསང་སྔགས་བདེན་པས་བཅོས༔ ཡེ་ཤེས་ཀྱི་བདུད་རྩིས་བུམ་བཟང་གང་འདུལ་སྨན་གྱི་ནུས་པ་མྱོངས་ལ༔ བསམ་པ་དགའ་བདེའི་སྨན་གྱིས་བདག་གི་ཞི་རྒྱས་དབང་དྲག་གི་བྱ་བ་ཐུན་དང་ཟོར་སྦྱིན་སྲེག་སོགས་གང་བརྩམས་པའི་ནུས་པའི་གྲོགས་སུ་གྱིས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་འགྲོ་རྣམས་མ་རིག་ཅིང༔ ཐོས་པ་ཆུང་བའི་གྲིབ་མ་ཡིས༔ སྡེ་བརྒྱད་ཆོ་འཕྲུལ་མ་གོ་བར༔ ཆེ་འདོད་ཐུན་དང་གཏོར་ཟོར་གྱིས༔ གཞན་སྲོག་ལས་ཀྱང་རང་སྲོག་གཉན༔ དེ་ཕྱིར་ཐུགས་རྗེའི་ཡུལ་ལ་བཞག༔ སྐལ་ལྡན་རྣམས་ཀྱིས་འཚོ་ཤེས་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི། རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་ཞལ་བཤུས་ཤིང་དག་པར་ཕབ་པའི་ཡི་གེ་པ་ནི་སྐལ་ལྡན་བཀྲ་ཤིས་བློ་གྲོས་ཀྱིས་བྱས་སོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །མི་གཡོ་བ་བདུད་བཞི་ཟིལ་གནོན་གྱི་དབང་ཆོག་བཻ་ཌཱུརྻའི་ཆུ་རྒྱུན་ (Volume 45, Text 59)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག །མི་གཡོ་བ་བདུད་བཞི་ཟིལ་གནོན་གྱི་དབང་ཆོག་བཻ་ཌཱུརྻའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། ། བཅོམ་ལྡན་ཐུགས་ཀྱི་ཐིག་ལེ་ལས། །བདུད་བཞིའི་དཔུང་འཇོམས་ཁྲོ་རྒྱལ་སྐུར། །རང་སྣང་དེར་སྟོན་བླ་མའི་ཞབས། །བསྙེན་ལ་བདུད་བགེགས་ཞི་མཛད་གསོལ། །གང་གི་སྒྲུབ་ཐབས་རྙེད་དཀའ་བ། །བླ་མེད་ལམ་མཆོག་ཡན་ལག་བཅས། །ཆ་ཚང་དོན་འདྲིལ་བྱིན་རླབས་ཀྱི། །གཟི་ལྡན་དེ་ཡི་སྨིན་བྱེད་འཆད། །ནང་བདུད་བཞིའི་བར་ཆད་སེལ་བ་གཏུམ་པོ་རིགས་བཞིའི་དབང་གི་ཆོ་ག་ལ་གསུམ། རྩ་བ་དཀར་པོའི་དབང་ཆོག །རིགས་གཞན་གསུམ་ཁ་བསྒྱུར་བའི་ཚུལ། འཕྲོས་དོན་སྲུང་མའི་བཀའ་གཏད་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྦྱོར་བ་གཤོམ་བཀོད། དངོས་གཞི་སྒྲུབ་མཆོད། བྱིན་རླབས་དབང་བསྐུར་བའོ། །དང་པོ་ནི། སྟེགས་བུར་མཎྜལ་ལ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་མེ་ཏོག་གི་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་དང་བཅས་པ་བཞག །རྒྱབ་ཏུ་དབང་གཏོར་དཔལ་བཤོས་རྒྱན་སྤྲོས་ཅན། གཡས་གཡོན་དུ་མི་གཡོ་དཀར་པོའི་སྐུ་ཙཀ །སྔགས་བྱང་སྔགས་ཕྲེང་། ཕྱག་མཚན་རལ་གྲིའི་ཙཀླི། མདུན་དུ་འབུལ་གཏོར་དབང་གཏོར་དང་འདྲ་བ་ལ་དེ་ལས་ཆུང་བ་ཟས་སྣས་བརྒྱན་པ། ཕྲིན་ལས་རྒྱས་པ་གཏང་བའི་སྐབས་དེའི་གཡས་གཡོན་སྨན་རག །བསྡུ་སྐབས་འདིར་མི་དགོས། མཐར་ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ་བྱ། ལས་བུམ་དང་། ཕྲིན་ལས་ལ་མཁོ་བའི་ཡོ་བྱད་སོགས་ཉེ་བར་བསྡོག་གོ །གཉིས་པ་དངོས་གཞི་སྒྲུབ་མཆོད་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། བདག་འཇུག་གོ །དང་པོ་ནི། སྒྲུབ་གནས་གསར་པ་དང་སྔོན་དུ་དབང་བསྐུར་སོགས་མ་བྱས་པ་ལ་དཀར་གཏོར་སྤྱི་ལྟར་གཏང་། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཁྲོ་རྒྱལ་མི་གཡོ་བ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ བླ་མ་ཡི་དམ་མི་གཡོ་བ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་འགྲོ་བྱ། ཧོ༔ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་བསྡམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ཅེས་སེམས་བསྐྱེད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཀྱིས་རྒྱུན་བཤགས་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། མཆོད་རྫས་བྱིན་བརླབ་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཡེ་ནས་དག་པ་ལ༔ ཀུན་ཏུ་བཟང་པོ་རོལ་པའི་རྒྱན༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ བདག་བསྐྱེད་བསྙེན་པའི་རྣལ་འབྱོར་ནི། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རིག་པའི་ཡེ་ཤེས་ཧཱུྃ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས༔ པད་ཉི་འཆི་བདག་བདུད་ཀྱི་སྟེང༔ རང་ཉིད་ཟུང་འཇུག་སྒྱུ་མའི་ལྷ༔ གཏུམ་པོ་ཁྲོ་རྒྱལ་ཆེན་པོར་བཞེངས༔ དཀར་གསལ་ཁྲོ་ཞིང་བརྗིད་པའི་ཉམས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཕྱག་གཡས་ཡེ་ཤེས་རལ་གྲི་ཕྱར༔ གཡོན་པས་རྡོ་རྗེའི་ཞགས་པ་བསྣམས༔ ཞབས་གཉིས་གཡས་བརྐྱང་དོར་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་དབུས་ན་རོལ༔ སྟག་ཤམ་རིན་ཆེན་སྦྲུལ་གྱིས་བརྒྱན༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ་དང་དབྱེར་མེད་བསམ༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་རིག་པའི་སྐུ༔ གཏུམ་པོ་ཁྲོ་རྒྱལ་འཁོར་བཅས་ཀུན༔ ༼འཆི་བདག་བདུད་ཚོགས་ཟིལ་གནོན་ཕྱིར༔༽ དྲག་པོའི་སྟབས་ཀྱིས་གཤེགས་སུ་གསོལ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨེ་ཧྱེ་ཧིཿ ཛཿཧཱུྃ་བཾ་ཧོ༔གཉིས་མེད་གྱུར། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ དབང་བསྐུར་རིགས་བདག་དབུ་བརྒྱན་བསམ༔ ཨོཾ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས༔ ཆོས་དབྱིངས་རྒྱས་པར་བཀང་བྱས་ཏེ༔ གཏུམ་པོ་ཁྲོ་རྒྱལ་འཁོར་བཅས་མཆོད༔ ཨོཾ་བཛྲ་ཨརྒྷཾ་སོགས༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བདུད་ཚོགས་འདུལ་བར་དབང་བསྐུར་བའི༔ གཏུམ་པོ་ཁྲོ་རྒྱལ་འཁོར་བཅས་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཅེས་ཡན་ལག་རྫོགས་པར་བྱས་ཏེ་ལྷ་སྐུ་གསལ་སྟོང་ལ་སེམས་གཟུང་། བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་བྱིན་གྱིས་བརླབ་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་ཏུ་གཏད་དེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་ཡི་གེ་བཅུ་པོ་ཅི་ནུས་བཟླས་པའི་མཐར་འོད་གསལ་གྱི་རང་ངོ་བསྐྱང་། གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་མཁར༔ རིག་པའི་ཡེ་ཤེས་ཧཱུྃ་དཀར་པོ༔ སོགས་བདག་བསྐྱེད་ལྟར་ལ། བདུད་ཀྱི་སྟེང༔ ཟུང་འཇུག་ཡེ་ཤེས་སྒྱུ་མའི་ལྷ༔ སོགས་ནས་བསྟོད་པའི་བར་སྔར་ལྟར་ལ། བཟླས་པའི་དམིགས་པ་ནི། ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ སྔགས་ཕྲེང་གཡས་སྐོར་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་གཏུམ་པོའི་ཞིང་དང་སྐུ༔ སྔགས་ཀྱི་རང་སྒྲར་སད་པར་བསམ༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ ཅེས་སྒོམ་ལ་ཡིག་བཅུ་ཅི་འགྲུབ་བཟླ། ཁྱད་པར་རྣམ་བུམ་ལ་དམིགས་ཏེ། བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ གཏུམ་པོ་ཁྲོ་རྒྱལ་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་ལ་གཟུངས་ཐག་ནས་བཟུང་སྟེ་ཡི་གེ་བཅུ་པ་ཅི་རིགས་པ་བཟླས། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་སྤྱི་འགྲོ་བྱ། མཐར་མཆོད་ཅིང་བསྟོད་ལ། ཡི་གེ་བརྒྱ་པ་ལན་གསུམ་དང་། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་ལྷ་འོད་དུ་ཞུ་བའི་བུམ་པའི་ཆུ་བདུད་རྩིར་གྱུར། འབུལ་གཏོར་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཐོད་རྒྱ་བཅས། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཕཊ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་གསུམ་གྱིས་འབུལ། ཧཱུྃ༔ རྡོ་རྗེ་སྙིང་པོ་མཁའ་འདྲ་བ༔ མི་གཡོ་རལ་པ་གཅིག་གིས་བསྒྱིངས༔ དྲག་ཤུལ་ཆེན་པོའི་བྱིན་འཆང་བ༔ ཁྲོ་རྒྱལ་གཏུམ་པོ་འཁོར་དང་བཅས༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདུད་སྡེའི་དཔུང་ཚོགས་ཇི་སྙེད་ཀུན༔ སྲུང་དང་ཞི་དང་ཟློག་པ་དང༔ ཚར་གཅོད་ཕྲིན་ལས་བརྟུལ་ཞུགས་ཀྱིས༔ དམ་ཆོས་སྒྲུབ་པའི་བར་ཆད་རྣམས༔ མིང་གི་ལྷག་མ་མེད་པར་མཛོད༔ འཆི་མེད་ཚེ་དང་ཡེ་ཤེས་སོགས༔ དབང་བཅུའི་ཡོན་ཏན་གྲུབ་པ་དང༔ མདོར་ན་རྣམ་བཞིའི་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་གསོལ་བས་གཏོར་མ་བཞེས་ཤིང་དགྱེས་ཏེ་ཧ་ཧ་ཧེ་ཧེ་ཧི་ཧི་ཧཾ་ཧཾ་ཕཊ་ཅེས་དགྱེས་པའི་གད་མོ་དང་བཅས་ཏེ་ལས་ཐམས་ཅད་མཛད་པར་བསམ་མོ༔ གསུམ་པ་བདག་འཇུག་ནི། སྤྲོ་ན་འོག་ནས་འབྱུང་བའི་སློབ་མ་ལ་དབང་བསྐུར་བའི་ཆོ་གའི་དངོས་གཞི་ཕྱག་ལེན་ལྟར་བླང་། མི་ནུས་པའམ་དཀྱུས་ཙམ་ལ་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དོ། །གསུམ་པ་དབང་གི་ཆོ་ག་ནི། སློབ་མ་ལས་བུམ་གྱི་ཆུས་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་དང་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་སྲུང་འཁོར་བཅས་ཕྲིན་ལས་འབྲིང་པོ་ལྟར་བྱ། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་གསན་པར་བྱ་བའི་ཆོས་ནི། བཅོམ་ལྡན་འདས་གཏུམ་ཆེན་ཁྲོ་བོ་མི་གཡོ་བའི་བྱིན་རླབས་དབང་བསྐུར་གྱི་རིམ་པ་བསྒྲུབ་པ་སྟེ། དེའང་ཁྲོ་བོའི་དབང་པོ་འདི་ནི། སྔོན་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ཉིད་བྱང་ཆུབ་ཀྱི་སྙིང་པོར་བདུད་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། བདུད་རིས་ཀྱི་ལྷ་མི་འཁྲུགས་ཕྲག་གཅིག་གི་དཔུང་ལྷགས་ཏེ་གཡུལ་ཆེན་པོ་བཤམས་པ་ན་བཅོམ་ལྡན་འདས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་གསང་བ་ལས་ཁྲོ་བོ་ཆེན་པོ་འདི་ཉིད་ཕྱུང་སྟེ་བདུད་དམག་འཁོར་དང་བཅས་པ་ཚར་བཅད། ཐུན་མོང་མ་ཡིན་པའི་འཁོར་རྣམས་ལ་དེ་ཉིད་དུ་དཀྱིལ་འཁོར་ཆེན་པོར་སྤྲུལ་ནས་རྒྱུད་བཤད། སྤྲུལ་པའི་སྐུས་ཐུན་མོང་གི་མཛད་པ་སྟོན་པའི་སྐབས་སུ་དགེ་སློང་ཞིག་བསམ་གཏན་ལ་སྙོམས་པར་འཇུག་ཅིང་ཡོད་པ་ལ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་བདུད་དགའ་རབ་དབང་ཕྱུག་མི་ནག་རྟ་ནག་གི་རྣམ་པ་ཅན། དགུ་ཚིགས་ལྟ་བུའི་ལམ་ལས་བྱུང་ནས་བར་ཆད་རྩོམ་པ་ལ། སངས་རྒྱས་ཀྱི་ཐུགས་ཀ་ནས་ཁྲོ་བོ་མི་གཡོ་བ་སྤྲོས་ཏེ་བདུད་ཚར་བཅད་ཅིང་ཞབས་ཀྱི་འོག་ཏུ་མནན་པར་བསྟན་པ་སོགས་གླེང་གཞིའི་སྒོ་ནས་བདུད་ཀྱི་བར་གཅོད་ཟློག་པ་ལ་ཁྲོ་བོ་གཞན་ལས་ཁྱད་པར་དུ་བསྔགས་ཤིང་། དེ་བཞིན་གཤེགས་པའི་ཐུགས་དང་གཉིས་སུ་མེད་པས་མཐུ་སྟོབས་གཟི་བརྗིད་འགྲན་ཟླ་དང་བྲལ་ཞིང་མཆོག་གི་དངོས་གྲུབ་སྒྲུབ་པ་ལའང་ཆེས་ཆེར་ཟབ་པ་ཡིན། འདི་ལ་གསར་མའི་ཕྱོགས་སུ་མི་གཡོ་བླ་མེད་ཀྱི་རྒྱུད་ལ་བརྟེན་པའི་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་བསྐྱེད་རྫོགས་ཡན་ལག་དང་བཅས་པ། གཙོ་རྐྱང་གི་ཟུར་བཀའ་ཁྱད་པར་ཅན་མང་དུ་བཞུགས་པ་དང་། སྔ་འགྱུར་རྙིང་མའི་ཕྱོགས་སུ་སྨིན་གྲོལ་གྱི་གདམས་རྐང་ཡོངས་སུ་རྫོགས་པ་སྔོན་ཆད་དཀོན་པ་ལས། འདིར་འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་འབྲིང་པོ་ས་བཅུའི་དབང་ཕྱུག་དམ་འཛིན་མུ་རུབ་བཙད་པོའི་རྣམ་འཕྲུལ། རྩོད་པ་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་གླིང་པས་སྔོན་ཆད་ས་སྟེང་དུ་མ་གྲགས་པ་དང་། གྲགས་ཀྱང་ཚིག་དང་དོན་གྱི་ཆ་ནས་ངོ་མཚར་དུ་མས་འཕགས་པའི་ཟབ་ཆོས་ཇི་སྙེད་ཅིག་སྤྱན་དྲངས་པའི་ནང་ནས། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྱད་པར་ཅན་གྱི་དྲྭ་ཕྱེད་མཛེས་པ་ལྟ་བུའི་ཆོས་སྡེ། མདོ་ཁམས་ཤར་ཕྱོགས་ཕྲིན་ལས་འགྲོ་བ་འདུལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དབང་གི་གནས་ཆེན་རི་བོ་དབང་ཞུའི་བྲག་ནས་སྤྱན་དྲངས་པའི་ཆོས་བདག་བར་ཆད་སེལ་བའི་ཆོས་བཀའ་བཞི་ཞེས་གྲགས་པ་ལས། ནང་བདུད་བཞིའི་བར་ཆད་སེལ་ཞིང་བདེ་ཆེན་ཡེ་ཤེས་མྱུར་དུ་སྟེར་བར་མཛད་པ་གཏུམ་ཆེན་ཁྲོ་བོ་མི་གཡོ་མགོན་པོ་བདུད་བཞི་ཟིལ་གནོན་ཞེས་བྱ་བ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་པདྨ་འབྱུང་གནས་ཉིད་ཀྱི་ཕྱག་གཡོན་བདེ་སྐྱོང་གི་རྟགས་ཀྱི་ཆོ་འཕྲུལ་ལས་རང་ཤར་བའི་ཚུལ་གྱིས་བྱུང་བ་སྟེ། གཞུང་རྩ་བ་ལས། མི་གཡོ་ཁྲོ་རྒྱལ་ཆེན་པོ་ནི༔ འཇིགས་པའི་བདུད་བཞིའི་གཉེན་པོ་སྟེ༔ དཀྱིལ་འཁོར་གཙོ་མཆོག་བདག་ཉིད་ཀྱི༔ ཕྱག་གཡོན་བནྡྷའི་ཆོ་འཕྲུལ་ལས༔ གཏུམ་ཆེན་དུས་མཐའི་མེ་ལྟར་ཤར༔ གང་འདུལ་སྒྱུ་མའི་རྣམ་རོལ་གྱིས༔ གདུལ་དཀའི་ཚོགས་རྣམས་འདུལ་བར་མཛད༔ ཕྱི་ལྟར་འཆི་མེད་ཁྲོ་རྒྱལ་དཀར༔ ནང་ལྟར་སྣང་སྟོང་གཏུམ་པོ་སེར༔ གསང་བ་བདེ་ཆེན་ཁྲག་འཐུང་དམར༔ ཡང་གསང་ཙཎྜ་མཐིང་ནག་འབར༔ ནམ་མཁའི་དབྱིངས་ལས་གཞའ་ཚོན་བཞིན༔ ཕྱག་རྒྱ་སྔགས་དང་ཡེ་ཤེས་ཀྱི༔ རྣམ་རོལ་བསམ་གྱིས་མི་ཁྱབ་པས༔ འཆི་བདག་ཕུང་པོ་ཉོན་མོངས་དང༔ ལྷ་བུའི་བདུད་ཀྱི་སྡེ་བཅོམ་ནས༔ རྣལ་འབྱོར་ཟབ་མོའི་དངོས་གྲུབ་ཐོབ༔ ཅེས་དང་། དེ་ལྟར་མི་གཡོ་མགོན་པོ་ཡི༔ སྒྲུབ་པའི་ཐབས་དང་ཕྲིན་ལས་བཅས༔ སྔོན་ཆད་ས་སྟེང་མ་གྲགས་པ༔ བདུད་བཞིའི་དཔུང་ཚོགས་ཟིལ་གནོན་འདི༔ རང་བྱུང་པདྨའི་ཐུགས་ལས་ཤར༔ མངའ་བདག་རྗེ་འབངས་འཁོར་བཅས་ཀྱི༔ མི་མཐུན་འགལ་རྐྱེན་ཞི་བ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡི༔ རྣམ་གཡེང་བདུད་ཚོགས་འདུལ་བ་དང༔ ལས་ཅན་རྗེས་འཇུག་ཐམས་ཅད་ཀྱི༔ དངོས་གྲུབ་རྣམ་གཉིས་མཐར་ཕྱིན་ཕྱིར༔ གསང་བ་ཆེན་པོའི་ཚིག་ཏུ་བསྟན༔ མི་བརྗེད་གཟུངས་ཐོབ་དྷཱ་ཀི་ནཱིས༔ ངོ་མཚར་མཁའ་འགྲོའི་ཡི་གེར་ཐོབས༔ རིན་ཆེན་ས་ཡི་གཏེར་དུ་སྦོས༔ གཞན་དོན་ཕྲིན་ལས་ཀུན་ཁྱབ་འགྱུར༔ ཅེས་རྡོ་རྗེའི་གསུང་གིས་རབ་ཏུ་བསྔགས་པ་ལྟར་ངོ་མཚར་དང་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཆོས་སྐོར་ལའང་སྨིན་གྲོལ་ལས་ཚོགས་དང་བཅས་པ་མཐའ་རྒྱས་སུ་བཞུགས་པ་ལས། འདིར་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་སྒྲུབ་པའི་སྐབས་སུ་བབ་པ་ཡིན། དེ་ལའང་གཏུམ་པོ་རིགས་བཞིར་བཞུགས་པ་ལས། ༼འདིར་འཆི་བདག་གི་བདུད་འཇོམས་པ་རྩ་བའི་ལྷ་མི་གཡོ་དཀར་པོའི་དབང་བསྐུར་བ་ཡིན།༽ དེ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ་ཐོག་མར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །བླ་མ་དང་ཁྲོ་རྒྱལ་མི་གཡོ་མགོན་པོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །གཏུམ་པོ་ཁྲོ་རྒྱལ་མི་གཡོ་བའི། །དབང་བསྐུར་དམ་པ་བདག་ལ་སྩོལ། །གསུམ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་སླད་དུ་བླ་མ་དང་གཉིས་སུ་མེད་པའི་ཁྲོ་རྒྱལ་མི་གཡོ་མགོན་པོ་ལ་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་གཞན་མཁའ་མཉམ་གྱི་འགྲོ་བ་མཐའ་དག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བླ་མ་ཡི་དམ་སོགས་གསུམ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ མ་གྱུར་སེམས་ཅན་སོགས་གསུམ། ཚོགས་གསག་པའི་སླད་དུ། ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་སྤྱོད་ལམ་མཐུན་པར་ཕྱག་འཚལ་བ་སོགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས། དངོས་གཞི་བྱིན་རླབས་ཀྱི་གཞི་དགོད་པ་དང་། དབང་བསྐུར་བ་དངོས་གཉིས་ལས། དང་པོ་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་ཁྲུས་བྱས་ཤིང་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་བཏེགས་ལ། ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་ལྷ༔ གཏུམ་པོ་ཁྲོ་ཆེན་ཞུ་བའི་ཆུ༔ རྒྱལ་བས་བཟུང་ནས་དབང་བསྐུར་བས༔ བདུད་བཞིའི་དཔུང་ལས་རྣམ་རྒྱལ་ཤོག༔ རྩ་སྔགས་མཐར༔ ཛ་ཡ་ཛ་ཡ་སུ་ཛ་ཡ་མཱ་ར་སེ་ན་པྲ་མརྡྷ་ན་སྭཱ་ཧཱ༔ ཞེས་བརྗོད་ལ་ཁྲུས་བྱ་ཞིང་བུམ་ཆུ་སྦྱིན། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་པས་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཅིང་བདུད་བཞི་ལས་རྣམ་པར་རྒྱལ། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བའི་རྐྱེན་གྱིས་སྐད་ཅིག་གིས། ༼ཁྱེད་རང་གཏུམ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་ཉི་མ་འཆི་བདག་བདུད་ཀྱི་སྟེང་དུ་ཚེ་ལྷ་མི་གཡོ་བ་དཀར་གསལ་ཁྲོ་ཞིང་བརྗིད་པའི་ཉམས་ཅན་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་པས་ཡེ་ཤེས་ཀྱི་རལ་གྲི་ཕྱར་ཞིང་གཡོན་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ་བསྣམས་པ། སྟག་ཤམ་གསོལ་ཞིང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་གཡས་བརྐྱང་བའི་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་རོལ་པ་ཆེན་པོས་འགྱིང་བའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད།༽ དབང་བསྐུར་བ་དངོས་ལ། སྐུ་གསུང་ཐུགས་ཀྱི་དབང་བསྐུར་བརྟན་བྱེད་དང་བཅས་པ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་སྨིན་མཚམས་ནས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་བྱུང་། ཁྱེད་རང་རྣམས་དམ་ཚིག་པར་གསལ་བ་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྐུའམ་ཙཀླི་དཔྲལ་བར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ རྡོ་རྗེ་མི་ཕྱེད་སྐུ་དང་ལྡན༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་སྐུ་འགྲུབ་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་ཞིང་དབང་བསྐུར་བའི་སླད་དུ་སློབ་དཔོན་མདུན་བསྐྱེད་དང་བཅས་པ་ཁྲོ་རྒྱལ་མི་གཡོ་མགོན་པོའི་སྐུར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་༼ཧཱུྃ་དཀར་པོའི་༽མཐར་འཁོད་པའི་མོས་པས་འདིའི་རྗེས་ཟློས། རྩ་སྔགས་ཡིག་བཅུ་ལན་གསུམ། ཨོཾ་ཨཱཿཧཱུྃ་ཙཎྜ་མ་ཧཱ་རོ་ཥ་ཎ་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ་ནྲྀཿཛ་ཏིཥྛ་ཧཱུྃ༔ ཞེས་པའང་རྗེས་ཟློས་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། ཨཱ༔ སངས་རྒྱས་ཀུན་གྱི་གསུང་འཆང་བ༔ རྡོ་རྗེ་མི་ཕྱེད་གསུང་དང་ལྡན༔ རྡོ་རྗེའི་གསུང་གི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་གསུང་འགྲུབ་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་བཟླས་བརྗོད་བྱེད་པ་ལ་དབང་བར་བྱས་པ་ཡིན་ནོ། །ཐུགས་ཀྱི་དབང་བསྐུར་བའི་སླད་དུ། སློབ་དཔོན་མདུན་བསྐྱེད་དང་བཅས་པ་ཁྲོ་རྒྱལ་མི་གཡོ་མགོན་པོ་དངོས་སུ་གསལ་བའི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་༼རལ་གྲི་༽འབར་བའི་རྣམ་པར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ཏེ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་མཉམ་པར་འཇོག་མཛོད། ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་འཆང་བ༔ རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན༔ རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་བས༔ སངས་རྒྱས་ཀུན་གྱི་ཐུགས་འགྲུབ་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག ཐུགས་གཉིས་མེད་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །བརྟན་པར་བྱ་བའི་སླད་དུ། གཏོར་མ་གཏུམ་ཆེན་ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན་པོ་འབར་བ་ཆེན་པོའི་སྐུར་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ་ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ རྡོ་རྗེ་མི་ཕྱེད་གསུམ་དང་ལྡན༔ མི་གཡོ་མགོན་པོའི་དབང་བསྐུར་བས༔ རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག༔ རྩ་སྔགས་དང་། སརྦ་ཨ་བྷི་ཥིཉྩ་ཨ་ཨཱ༔ མཐར་གཏོར་མའི་ལྷ་ཚོགས་རྣམས་འོད་དུ་མེར་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ཁྲོ་རྒྱལ་མི་གཡོ་མགོན་པོའི་སྐུ་གསུང་ཐུགས་བྱང་ཆུབ་སྙིང་པོའི་བར་དུ་དབྱེར་མི་ཕྱེད་པར་གྱུར་ནས། ཡོན་ཏན་ཕྲིན་ལས་རྒྱ་མཚོར་དབང་འབྱོར་པ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་གཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་ཤིས་བརྗོད་རྒྱས་བསྡུས་གང་རིགས་དང་བཅས་མེ་ཏོག་འཐོར་ཞིང་རོལ་མོ་བསྒྲག །དེས་དབང་གི་དངོས་གཞི་ལེགས་པར་གྲུབ་ནས། མཇུག་གི་བྱ་བ་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླང་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་མདུན་བསྐྱེད་ཀྱི་མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད་དང་། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་ཉིད་གཏུམ་ཆེན་ཁྲོ་བོའི་རྒྱལ་པོར་གསལ་བའང་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་སུ་ཐིམ་པར་མོས་ཏེ་ཅུང་ཟད་མཉམ་པར་འཇོག །སླར་ཡང་སྐད་ཅིག་གིས་ཁྲོ་བོའི་དབང་པོའི་སྐུར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམ་ལ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ།། ༈ །།གཉིས་པ་རིགས་གཞན་གསུམ་གྱི་དབང་བསྐུར་ན། གཏུམ་པོ་སེར་པོ་ལ་གཤོམ་གྱི་སྐབས་འབྲུ་ཚོམ་དང་བུམ་པའི་མགུལ་ཆིངས་སེར། སྐུ་ཙཀ་སྔགས་བྱང་གཉིས་གཏུམ་པོ་སེར་པོ་ལྟར་དང་ཕྱག་མཚན་རྡོར་དྲིལ་བཀོད། གཞན་གོང་དང་འདྲ། སྒྲུབ་པའི་སྐབས་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་སྔར་ལྟར་ལ། བདག་བསྐྱེད་སྐབས། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རང་ཉིད་སྣང་སྟོང་མི་གཡོ་བ༔ གསེར་མདོག་ཁྲོ་གཏུམ་བརྗིད་པའི་ཉམས༔ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འོད་ཟེར་རབ་འབར་སྤྱན་གསུམ་པ༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ སྣང་བཞིན་སྟོང་ལ་སྟོང་བཞིན་སྣང༔ མེ་ལོང་དྭངས་པར་གཟུགས་བརྙན་བཞིན༔ ཆུ་ཟླ་དང་ནི་འཇའ་ཚོན་ལྟར༔ རང་བཞིན་མ་གྲུབ་ཅིར་ཡང་གསལ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཚུལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང༔ གསལ་འགྲིབ་བྲལ་བའི་ཕྱག་རྒྱར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ དམ་ཚིག་ཡེ་ཤེས་གདོད་མ་ནས༔ རྣམ་དབྱེར་མེད་པའི་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་སྒྲིབ་གཉིས་ཡོངས་སུ་སྦྱངས༔ ཚུར་འདུས་སྣང་སྟོང་དབྱེར་མེད་པའི༔ ཏིང་འཛིན་མཆོག་ཏུ་བརྟན་པར་གྱུར༔ ཅེས་དམིགས་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེའི་བཟླས་པ་ཅི་འགྲུབ་བྱ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར༔ པད་ཉི་ཕུང་པོའི་བདུད་ཀྱི་སྟེང༔ གཏུམ་ཆེན་སྣང་སྟོང་མི་གཡོ་བ༔ གསེར་མདོག་ཁྲོ་གཏུམ་སོགས་ནས། ཕྱག་རྒྱར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་སོགས་དཀར་པོ་ལྟར་ལ། ཕུང་པོའི་བདུད་ཚོགས་ཟིལ་གནོན་ཕྱིར༔ ཞེས་བསྒྱུར་ལ་བསྟོད་པའི་བར་དུ་གཏང་། དམ་ཚིག་ཡེ་ཤེས་གདོད་མ་སོགས་སྔར་ལྟར་བཟླས་པའི་བར་དུ་བྱ། བུམ་བཟླས་གཏོར་འབུལ་རྣམས་ཀྱང་དཀར་པོ་ལྟར་གྲུབ་ནས་བདག་འཇུག་གམ་རིག་མེ་དོར། སློབ་མའི་བྱ་བ་ཐམས་ཅད་སྔར་དང་མཚུངས་པ་ལས། དབང་བཤད་སྐབས་གཏུམ་པོ་རིགས་བཞིར་བཞུགས་པའི་ནང་ཚན་འདིར་ཕུང་པོའི་བདུད་འཇོམས་པ་མི་གཡོ་བ་སེར་པོའི་དབང་བསྐུར་བ་ཡིན། ཞེས་བསྒྱུར། བུམ་ཁྲུས་རྗེས་ལྷ་བསྐྱེད་སྐབས། ཁྱེད་རང་གཏུམ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་ཉི་མ་ཕུང་པོའི་བདུད་ཀྱི་སྟེང་དུ་སྣང་སྟོང་མི་གཡོ་བ་གསེར་མདོག་ཁྲོ་འཛུམ་བརྗིད་པའི་ཉམས་ཅན་སྤྱན་གསུམ་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་ཅིང་དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཟེར་མེ་ཕུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པ། སྣང་སྟོང་སྒྱུ་མའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། ཅེས་བསྒྱུར། གསུང་དབང་ལ་ཧཱུྃ་སེར་པོ་དང་སྔགས་ཀྱང་དེ་ལྟར། ཐུགས་ལ་རྡོ་རྗེ་དང་དྲིལ་བུ་ཞེས་བསྒྱུར་བ་ལས་གཞན་སྔར་ལྟར་རོ། །དེས་འགྲེས་ཏེ། ༈ གཏུམ་པོ་དམར་པོ་ལ་གཤོམ་གྱི་སྐབས་འབྲུ་ཚོམ་དང་བུམ་པའི་མགུལ་ཆིངས་དམར། སྐུ་ཙཀ་སྔགས་བྱང་གཏུམ་པོ་དམར་པོ་ལྟར་དང་ཕྱག་མཚན་གྲི་གུག་སྦྲུལ་ཞགས་བཀོད་པ་ཁྱད་པར་དང་། སྒྲུབ་པའི་སྐབས་ཀྱང་གོང་བཞིན་ལ། བདག་བསྐྱེད། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རང་ཉིད་བདེ་ཆེན་མི་གཡོ་བ༔ སྐུ་མདོག་དམར་གསལ་ཆགས་པའི་ཉམས༔ ཕྱག་གཡས་དབང་སྡུད་ཕྱག་རྒྱ་ཡིས༔ རྡོ་རྗེའི་གྲི་གུག་ནམ་མཁར་གདེངས༔ གཡོན་པས་སྡིགས་མཛུབ་ཞགས་པ་བསྣམས༔ ཞབས་ཟུང་པུས་གཡོན་གདན་ལ་བཙུགས༔ གཡས་པ་བཞེངས་ཚུལ་སྟབས་ཀྱིས་བཞུགས༔ དར་དང་རིན་ཆེན་སྦྲུལ་རྒྱན་བཅས༔ ཡེ་ཤེས་མེ་ཕུང་དབུས་ན་རོལ༔ སྣང་སྟོང་སྒྱུ་མའི་སྐུར་གསལ་བའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སོགས་ཕྲིན་ལས་དཀར་པོ་ལྟར་ལ། སྤྱན་འདྲེན་ཚིག །ཉོན་མོངས་བདུད་ཚོགས་ཟིལ་གནོན་ཕྱིར༔ ཞེས་དང་། བསྟོད་པའི་བར་དུ་གཏང་། རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་ཏེ། ཨོཾ་ཙཎྜཱ་མ་ཧཱ་རོ་ཥ་ཎ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་རྡོ་རྗེའི་བཟླས་པ་ཅི་འགྲུབ་བྱ། མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར༔ པད་ཉི་ཉོན་མོངས་བདུད་ཀྱི་སྟེང༔ གཏུམ་པོ་བདེ་ཆེན་མི་གཡོ་བ༔ སྐུ་མདོག་དམར་གསལ་སོགས་བདག་བསྐྱེད་ལྟར་ཕྲིན་ལས་བསྟོད་པའི་བར་དུ་གཏང་། བཟླས་དམིགས། ཐུགས་ཀར་ཉི་སྟེང་ཧཱུྃ་སོགས་དཀར་པོའི་མདུན་བསྐྱེད་ལྟར་བླངས་ལ་བཟླས་པ་ཅི་འགྲུབ། བུམ་བཟླས་གཏོར་འབུལ་རིག་མེ་དོར་བ་རྣམས་གྲུབ་ནས། དབང་བཤད་སྐབས། གཏུམ་པོ་རིགས་བཞིར་བཞུགས་པའི་ནང་ཚན་འདིར་ཉོན་མོངས་པའི་བདུད་འཇོམས་པ་མི་གཡོ་བ་དམར་པོའི་དབང་བསྐུར་བ་ཡིན། ཞེས་བསྒྱུར། བུམ་ཁྲུས་རྗེས་ལྷ་བསྐྱེད་སྐབས། ཁྱེད་རང་གཏུམ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་ཉི་མ་ཉོན་མོངས་པའི་བདུད་ཀྱི་སྟེང་དུ། བདེ་ཆེན་མི་གཡོ་བ་སྐུ་མདོག་དམར་གསལ་ཆགས་པའི་ཉམས་ཅན། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་གྲི་གུག་ནམ་མཁར་གདེངས་ཤིང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་བསྣམས་པ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་ཞབས་གཡས་བཞེངས་སྟབས། གཡོན་པའི་པུས་མོ་གདན་སྟེང་དུ་བཙུགས་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་སྣང་སྟོང་སྒྱུ་མའི་སྐུ་ཅན་དུ་ལམ་སྟེ་གྱུར་པའི་མོས་པ་མཛོད། ཅེས་དང་། གསུང་དབང་ལ་ཧཱུྃ་དམར་པོ་དང་སྔགས་ཀྱང་དེ་ལྟར། ཐུགས་ཕྱག་མཚན་གྲི་གུག་དང་ཞགས་པ་ཞེས་བསྒྱུར། གཞན་སྔར་ལྟར་རོ། ༈ །གཏུམ་པོ་སྔོན་པོ་ལ་གཤོམ་གྱི་སྐབས་ཚོམ་བུ་དང་བུམ་པའི་མགུལ་ཆིངས་མཐིང་ག །སྐུ་ཙཀ་སྔགས་བྱང་མཐིང་ག་ལྟར་དང་། ཕྱག་མཚན་རལ་གྲི་ཁྱད་པར་དུ་བཀོད། སྒྲུབ་པའི་སྐབས་སྔར་ལྟར་ལས། བདག་བསྐྱེད། ཨ༔ འོད་གསལ་སྟོང་ཉིད་དབྱིངས་ཀྱི་ངང༔ རང་ཉིད་འོད་གསལ་མི་གཡོ་བ༔ ཨིནྡྲ་ནཱི་ལ་དྭངས་པའི་མདོག༔ ཞབས་གཡས་པུས་བཙུགས་གདན་ལ་རོལ༔ གཡོན་པ་བཞེངས་མ་སྟབས་སུ་བཞུགས༔ ཕྱག་གཉིས་རལ་གྲི་སྡིགས་མཛུབ་ལས༔ ཡེ་ཤེས་མེ་ལྕེ་དུམ་བུར་འཕྲོ༔ ཁྲོ་གཏུམ་བཟོད་དཀའི་གཟི་བྱིན་ཅན༔ དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན༔ ཆུ་ཟླ་འཇའ་ཚོན་ལྟར་གསལ་བའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་སོགས་དཀར་པོ་ལྟར་བསྟོད་པའི་བར་གཏང་། སྤྱན་འདྲེན་ལ། ལྷ་བུའི་བདུད་ཚོགས་ཟིལ་གནོན་ཞེས་བསྒྱུར། གཞུང་ལས། བྲག་ཆ་དང་ནི་སྒྲ་བརྙན་བཞིན༔ གྲགས་སྟོང་རྡོ་རྗེའི་སྔགས་འདི་བཟླས༔ ཞེས་གསུངས་པ་ལྟར། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་མ་དེ་བ་མཱ་ར་སེ་ན་པྲ་མརྡྷ་ན་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ། བདེན་མེད་སྒྱུ་མ་རྨི་ལམ་བཞིན༔ རིག་སྟོང་དགོངས་པའི་གཟེར་ཆེན་གདབ༔ ཅེས་པའི་དོན་ལའང་ནན་ཏན་ཏུ་བྱའོ། །མདུན་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་གཞིར༔ པད་ཉི་ལྷ་བུའི་བདུད་ཀྱི་སྟེང༔ གཏུམ་པོ་འོད་གསལ་མི་གཡོ་བ༔ སོགས་བདག་བསྐྱེད་ལྟར་བསྟོད་པའི་བར་དུ་གཏང་། བཟླས་དམིགས། ཐུགས་ཀར་ཉི་སྟེང་ཧཱུྃ་སོགས་སྔར་ལྟར་བྱས་ལ་བཟླས་པ་ཅི་ནུས། བུམ་བཟླས་གཏོར་འབུལ་མེ་ཏོག་དོར་བ་རྣམས་གྲུབ་ནས། དབང་བཤད་སྐབས། གཏུམ་པོ་རིགས་བཞིར་བཞུགས་པའི་ནང་ཚན་འདིར་ལྷའི་བུའི་བདུད་འཇོམས་པ་མི་གཡོ་བ་མཐིང་གའི་དབང་བསྐུར་བ་ཡིན། ཞེས་བསྒྱུར། བུམ་ཁྲུས་རྗེས་ལྷ་བསྐྱེད་སྐབས། ཁྱེད་རང་གཏུམ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ནི། པདྨ་ཉི་མ་ལྷ་བུའི་བདུད་ཀྱི་སྟེང་དུ་འོད་གསལ་མི་གཡོ་བ་མཐིང་སྔོན་ཨིནྡྲ་ནཱི་ལའི་མདོག་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་འབར་བ། ཕྱག་གཡས་རལ་གྲི་མེ་འབར་བ་ཕྱར་ཞིང་གཡོན་སྡིགས་མཛུབ་ཀྱི་རྩེ་མོར་ཡེ་ཤེས་མེ་ལྕེ་མཆེད་ཅིང་འཕྲོ་བ། དར་དང་རིན་པོ་ཆེ་སྦྲུལ་གྱིས་བརྒྱན་ཅིང་ཞབས་གཡས་པའི་པུས་མོ་གདན་ལ་བཙུགས་པ། གཡོན་པས་བཞེངས་སྟབས་ཀྱིས་མེ་འབར་བའི་དབུས་ན་བཞུགས་པའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། ཅེས་དང་། གསུང་དབང་ལ་ཧཱུྃ་མཐིང་ག་དང་རང་སྔགས། ཐུགས་ཕྱག་མཚན་རལ་གྲི་འབར་བའི་རྣམ་པར་ཞེས་བསྒྱུར། གཞན་རྩ་བའི་དབང་ལྟར་བྱས་པས་འགྲུབ་བོ།། ༈ །།གསུམ་པ་ཐུན་མོང་མ་ཡིན་པའི་སློབ་མ་ལ་བཀའ་སྲུང་མགོན་པོ་དཀར་པོའི་སྲོག་གཏད་བྱེད་ན། མི་གཡོ་བ་གང་རུང་གི་དབང་དང་སྦྲེལ་ཆོག་ཅིང་དབང་བཞི་ཀ་བྱེད་ན་མཐིང་གའི་རྗེས་སུ་སྦྲེལ་ན་བདེ་བས། འདིའི་གཏོར་མ་དཀྱིལ་འཁོར་མདུན་ཕྱོགས་ལྟ་བུར་བཀོད་པ་ཙམ་གྱིས་ཆོག །འདི་ཉིད་སྒེར་དུ་བྱེད་ན་མི་གཡོ་བ་དཀར་པོ་ལྟ་བུའི་ཕྲིན་ལས་གཏང་དགོས་ཤིང་། མཎྜལ་ལ་ཚོམ་བུ་གཉིས་སྦྲེལ་དུ་བཀོད་པའི་ལྡིང་ཁྲིའུའི་ཁར་རིན་པོ་ཆེའི་སྣོད་དུ་དཀར་བཤོས་སྟོད་ཟུར་གསུམ་པ་གཡས་གཡོན་ཆངས་བུ་གྱེན་བསླང་ཕྱེད་དུ་སླེབ་པ་རེ་རེ་སྦྱར་བ་གཉིས་བསྒྲིགས་ཅན་དར་གུར་བཅས་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་བཅས་བཤམ། མི་གཡོ་བའི་བདག་མདུན་བསྐྱེད་བཟླས་གཏོར་འབུལ་བཅས་སོང་ནས། འདིའི་ལས་བྱང་རྒྱས་པ་གཏེར་ཆེན་རིན་པོ་ཆེས་མཛད་པའམ། བསྡུ་ན་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བའི་གཏེར་གཞུང་གི་གཏོར་འབུལ་བསྟོད་བསྐུལ་བཟླས་པ་ཅི་འགྲུབ་བྱ། སློབ་མ་ལ་ཁྲུས་དང་སེམས་བསྐྱེད་གསལ་བཏབ་ནས། དེའང་དཔལ་ཧེ་རུ་ཀ་མཁའ་འགྲོ་སྒྱུ་མ་བདེ་མཆོག་ཡང་དག་གྲུབ་པ་གཅིག་པུ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་གཏུམ་ཆེན་མི་གཡོ་བ་སོགས། དོན་གཅིག་ལ་སྐུ་དང་མཚན་གྱི་རྣམ་འགྱུར་ཐ་དད་པར་བསྟན་ནས། རྣལ་འབྱོར་རྣམས་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བར་མཛད་པ་གང་དེའི་ཐུགས་ལས་སྤྲུལ་པའི་བསྟན་སྲུང་ཁྱད་པར་ཅན། འཇིག་རྟེན་པའི་སྣང་ངོར་ཁྱེའུ་མིང་སྲིང་གཉིས་ཀྱིས་མུ་གེ་བྱུང་བའི་ཚེ་ཕ་མ་ལ་ཤ་བྱིན་ནས་གསོས་པས་ཀེང་རུས་སུ་གྱུར་པའི་ཚེ། རང་གི་ཐུགས་བསྐྱེད་ཀྱི་མཐུ་དང་ཧེ་རུ་ཀའི་བྱིན་རླབས་ཞུགས་ཏེ་མགོན་དཀར་དུར་ཁྲོད་བདག་པོ་ཞེས་བྱ་བའི་སྐུར་བཞེངས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་། དགྲ་ཇག་ཆོམ་རྐུན་སོགས་གནོད་བྱེད་འཆིང་། ནོར་གྱི་ལྷའི་མཆོག་ཏུ་གྱུར་པ་འདིའི་རྒྱུད་དང་སྒྲུབ་ཐབས་གསང་སྔགས་གསར་མ་ལའང་ཁྱད་པར་ཅན་བཞུགས་ཤིང་། སྐབས་སུ་བབས་པ་འདི་ནི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་ཟབ་གཏེར་གསང་མཛོད་ཆེན་མོའི་ཆ་ཤས་ལས་འཕྲོས་པ་སྟེ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་ཁྲོ་རྒྱལ་མི་གཡོ་བའི་བཀའ་སྲུང་བཀྲ་ཤིས་ལ་སྙིང་ཉེ་བ། དངོས་གྲུབ་དང་ཕྲིན་ལས་ཡིད་བཞིན་དུ་འགྲུབ་པར་བྱེད་པའི་སྲོག་གཏད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དམ་པ་དགོངས་སུ་གསོལ། །བདག་ནི་ཁྱོད་ཀྱི་བརྒྱུད་འཛིན་ཏེ། །ཟབ་མོའི་བསྟན་པ་སྐྱོང་བའི་ཕྱིར། །བཀའ་ཡི་སྲུང་མ་བསྩལ་དུ་གསོལ། །ལན་གསུམ། མི་གཡོ་བའི་དབང་དང་སྦྲེལ་ན་འདི་མཚམས་ནས་དངོས་གཞི་ལྷ་བསྐྱེད་ལ་འཇུག་ཆོག །སྒེར་དུ་བྱེད་ན། སྐྱབས་སེམས་ཚོགས་གསག་མི་གཡོ་བ་ལྟར་བྱ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་སྐད་ཅིག་གིས་གཏུམ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུར་གྱུར་པ་ནི་སོགས་དཀར་མཐིང་གང་རུང་གི་བསྐྱེད་ཆོག་འབོགས། ལམ་སྟེ་གྱུར་པར་མོས་ལ་ང་རྒྱལ་བརྟན་པོ་བསྐྱེད་པར་ཞུ། མདུན་དུ་དུར་ཁྲོད་ཀྱི་ས་གཞི་ལ་སྔར་བསྒྲུབས་ཟིན་པའི་གཏོར་མ་འདི་ཉིད་མགོན་དཀར་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གཉིས་ཀེང་རུས་གཟུགས་ལ་ཟླ་བའི་མདངས་ཅན། ཕྱག་གཡས་པས་རྡོ་རྗེའི་དབྱུག་ཏོ་ཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། ཐོད་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་ཞིང་ཡུམ་གཟིག་གི་ཤམ་ཐབས་ཅན། འཇིགས་ཤིང་རྔམས་ལ་རོའི་སྟེང་ན་གར་མཛད་པ། མེ་ཕུང་འབར་ཞིང་རླུང་ནག་འཚུབས་མའི་དབུས་ན་འཁོར་ཚོགས་སྤྲུལ་པ་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པ་ལ། སློབ་དཔོན་གཏུམ་ཆེན་མི་གཡོ་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མགོན་པོ་ལྕམ་དྲལ་ལ་ཕོག་པས་སྔོན་གྱི་ཐུགས་དམ་དྲན་ཏེ་ཇི་ལྟར་བཀའ་བསྒོས་པའི་ཕྲིན་ལས་ཐོགས་མེད་དུ་མཛད་པའི་འདུན་པ་གྱིས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༔ ཧ་ཧར་རྒོད་པའི་དུར་ཁྲོད་ནས༔ སོགས་གཏེར་གཞུང་ལྟར་ལ། བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པའི་མཇུག་ཏུ། ཁྱད་པར་རྡོ་རྗེའི་སློབ་མ་འདིའི༔ སོགས་སྦྱར་ལ་ལག་ཏུ་གཏད། དེ་ཡི་ཡུམ་མཆོག་མ་མོ་ནི༔ སོགས་ཕྲིན་བཅོལ་ཤམ་བུ་སྔར་བཞིན་སྦྱར་ལ་གཏོར་མ་ལག་ཏུ་གཏད་ལ་རང་མལ་དུ་བཞག །མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཀྵིཾ་ལ་སྔགས་ཀྱི་ཕྲེང་བ་དཀར་པོས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་མཆེད། ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས་ཏེ་ཐུགས་ཀར་ཐིམ་པས་གསུང་རིགས་སྔགས་ཀྱི་ནུས་པ་རྒྱུད་ལ་ཞུགས་པར་མོས་ཤིག །ཀྵཱིཾ་བརྒྱ་རྩ་བརྗོད། སྒྲུབ་པའི་སྔགས་ཚན་གཉིས་ལན་གསུམ་རེ་རྗེས་ཟློས་དང་། སྤྲོ་ན་མེ་ཏོག་འབུལ་སྟེར་སྤྱི་ལྟར་བྱ། སློབ་མ་ཤིན་ཏུ་ཐུན་མོང་མ་ཡིན་པ་ལ་མདུན་བསྐྱེད་མགོན་པོ་འོད་དུ་ཞུ་ནས་བསྟིམ། སྤྱི་ཙམ་ལ། གཏོར་མ་མགོན་པོ་ཡབ་ཡུམ་དུ་གསལ་བ་ལས་སྐུ་གཉིས་པ་རེ་མཆེད། ཁྱེད་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་པར་མོས་ལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཤིས་བརྗོད་ཅི་རིགས་བྱ་ཞིང་མེ་ཏོག་འཐོར། དེས་མགོན་དཀར་དུར་ཁྲོད་བདག་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་ཀྱི་སྲོག་གཏད་ལེགས་པར་གྲུབ་པས་དམ་ཚིག་སྤྱི་དང་ཁྱད་པར་བ་མཐའ་དག་བསྲུང་ཞིང་། ཁྱད་པར་བསྙེན་སྒྲུབ་མཆོད་པའི་རིམ་པ་ལ་རྟག་ཏུ་བརྩོན་དགོས་པ་ཡིན་པས་དེ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་རྗེས་ཆོག་སྤྱི་ལྟར་བྱ། སློབ་དཔོན་གྱིས་གཏོར་མ་གསོ་བྲན་བྱས་ལ་སླར་ཡང་གཏོར་འབུལ། བསྟོད་བསྐུལ་བྱ། ཡིག་བརྒྱས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས། གཏོར་མ་ཕྱིར་མི་བསྐྱེལ་བར་དངོས་གྲུབ་ཏུ་བླང་ངོ་། །བྱང་ཆུབ་སྒྲུབ་པའི་ལམ་གྱི་གེགས། །མུན་ལ་ཉི་ཟླའི་སྣང་བ་བཞིན། །གཏུམ་ཆེན་འབར་བའི་ཡེ་ཤེས་ཀྱིས། །བཅོམ་ནས་མི་གཡོ་མགོན་གྱུར་ཤོག །ཅེས་སྤྲུལ་པའི་གཏེར་ཆེན་ཉིད་ཀྱིས་རྗེས་སུ་གནང་ཞིང་སྲས་ཡུམ་ཟུང་གིས་བཀས་བསྐུལ་བ་དང་། ཟབ་ཆོས་འདིའི་ཞབས་ཏོག་ཏུ་དམིགས་ཏེ་ཆོས་འདིའི་བདག་པོར་དབུགས་དབྱུང་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་ལྷན་སྐྱེས་མཁའ་འགྲོའི་རྟེན་གནས་བྷ་ཊའི་ལྗོན་ཤིང་གིས་སྤྲས་པའི་བཛྲ་ཙིཏྟ་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་ལོ་རྒྱུས་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་མན་ངག་གི་ཡི་གེ་གཅེས་བཏུས་རིན་ཆེན་བུམ་བཟང་ (Volume 32, Text 59)
༄༅། །ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་ལོ་རྒྱུས་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་མན་ངག་གི་ཡི་གེ་གཅེས་བཏུས་རིན་ཆེན་བུམ་བཟང་ཞེས་བྱ་བ་བཞུགས་སོ།། གྲུབ་ཆེན་སངས་རྒྱས་མགོན་པོ་ནས་བརྒྱུད་པའི་བོ་དོང་ལུགས། ན་མོ་གུ་རུ་ཌཱ་ཀི་སིཾ་ཧ་མུ་ཁཱི་ཡེ་སརྦ་ཤ་ཏྲཱུན་བིགྷྣཱཾ་མཱ་ར་ཡ་ཕཊ། བྱད་མ་འབུམ་རྡུགས་ཀྱི་འཁོར་ལོ་ཆེན་མོ། ཐེག་པ་ཆེན་པོ་ལས་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མདོ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་མའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །གང་ཕྱིར་རྣམ་རྟོག་གཡོ་མེད་ལེགས་གྲུབ་རྒྱ་མཚོའི་དཔལ་འབར་མ། །གདོད་ནས་རང་བྱུང་ཡེ་ཤེས་རྒྱས་པའི་དཔལ་གྱི་འོད། །དངོས་གྲུབ་ཀུན་གྱི་འབྱུང་གནས་དཔལ་ལྡན་མཁའ་འགྲོ་ཀུན་གྱི་སྲོག །གངས་ཅན་ཁྲོད་ཀྱི་བསྟན་པའི་དཔལ་དུ་ཤར་བ་ཨེ་མ་ཧོ། །དེ་ལ་འདིར་མཁའ་འགྲོ་མ་སེང་གེའི་གདོང་ཅན་མའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་འདི། སྤྱི་རྒྱུད་དྲྭ་བ་སྡོམ་པའི་རྒྱུད་ནས་ཕྱུང་བར་སྣང་ཞིང་། གདམས་ངག་རྒྱ་མཚོ་འདུས་པ་འདི་ལ། ལོ་རྒྱུས་དང་། ལས་ཚོགས་གཉིས་ལས། དང་པོ་ནི། འབྲིང་མཚམས་ཀྱི་ལོ་ཙཱ་བ་ཆེན་པོ་བ་རི་བ་ཞེས་བྱ་བས། རྒྱ་གར་སྐད་དུ། མདོ་སྔགས་ཀྱི་གསན་སྦྱོང་སྐད་འགྱུར་སློབ་ཏུ་བྱོན་པའི་དུས་སུ། བལ་ཡུལ་དུ་ཕྱིར་ཕེབས་ནས། བལ་པོ་སྤྱི་ཐེར་བ་ལ་གཏུགས་ཤིང་གསན་སྦྱོང་སྨར་བར་ཡོད་པའི་དུས། མུ་སྟེགས་ཀྱི་སྟོན་པ་སྐལ་ལྡན་རྒྱལ་པོ་ཞེས་བྱ་བ་དང་ཁོང་གཉིས་རྩོད་ཅིང་བགྲོ་གླེང་མཛད་པས་ཉི་མ་འགའི་བར་དུ་སྐལ་ལྡན་རྒྱལ་པོ་རྒྱལ་ཞིང་ལོ་ཙཱ་བ་ཕམ་པའི་ཚུལ་བཟུང་། ནུབ་གཅིག་ལོ་ཙཱ་བས་བླ་མ་དང་ཡི་དམ། ཁྱད་པར་མི་གཡོ་བ་ལ་གསོལ་བ་བཏབ་ནས། སང་བགྲོ་གླེང་མཛད་པས། ལོ་ཙཱ་བ་ཤིན་ཏུ་རྒྱལ་ཞིང་མུ་སྟེགས་སྐལ་ལྡན་ཕམ་པར་གྱུར་པས། ཁོ་ཡིད་ཤིན་ཏུ་ཁྲོས་ནས། བླ་མ་བ་རི་བ་ལ་ད་ཁྱོད་ལ་ངས་ངན་སྔགས་ཀྱི་མཐུ་བྱས་ནས་ཞག་བདུན་གྱི་ཚེ་ལས་མེད་པར་བྱེད་པས་སྒུར་སྡོད། ཡང་ན་ཁྱོད་ངེད་མུ་སྟེགས་པའི་བསྟན་པ་ལ་འཇུག་དགོས་པའི་ངན་སྔགས་བྱེད་ཟེར་ནས་སོང་བ་དང་། ལོ་ཙཱ་བ་ཤིན་ཏུ་ཐུགས་སྐྲག་ནས་ལ་འུར་མཁས་པ་ཆེན་པོ་སྤྱི་ཐེར་བའི་དྲུང་དུ་བྱོན་ནས། འདར་བའི་ངག་དང་བཅས་པས་མུ་སྟེགས་སྐལ་ལྡན་རྒྱལ་པོ་དང་རྩོད་པ་བྱས་པའི་ལོ་རྒྱུས་ཞུས་ཤིང་། བདག་རྒྱལ་བས་ཁོ་ཤིན་ཏུ་ཁྲོས། བདག་ལ་ཞག་བདུན་གྱི་ཚེ་ལས་མེད་ཟེར་བ་དང་། དེ་མིན་ཁོའི་བསྟན་པ་ལ་འཇུག་དགོས་ཟེར་ཁོས་ངན་སྔགས་བྱེད་པ་ཡོད་པས། གང་དྲག་ཅེས་ཞུས་པས། མཁས་པ་ཆེན་པོ་བལ་པོ་སྤྱི་ཐེར་བའི་ཞལ་ནས། ལོ་ཙཱ་བ་དེ་ཙམ་རང་ཞེད་མི་དགོས། ཁོའི་བསྟན་པ་ལ་འཇུག་པ་ལས་ད་ལྟ་རང་ཤི་བ་དགའ་གསུངས་ནས། ད་རྒྱ་གར་རྡོ་རྗེ་གདན་པ་ཆེན་པོའི་དྲུང་དུ་ངན་སྔགས་སྲོག་གཅོད་ནག་པོ་སློབ་ཏུ་བཏང་དགོས་གསུངས་ནས། པར་བུ་གཅིག་འདུག་པ་དེའི་ནང་ནས་རྐང་མགྱོགས་ཀྱི་རྫས་བཏོན་ཞིང་རྐང་པ་ལ་བསྐུས་གསུངས་གནང་བྱུང་བས། དེ་ཉིད་རྐང་པ་ལ་བྱུགས་ནས་བལ་པོ་མཐིལ་གྱི་ཉི་མ་ཁ་དྲོས་ཙམ་ལ་ཕྱིན་པས། རྒྱ་གར་རྡོ་རྗེ་གདན་གྱི་ཉི་མ་ཕྱེད་ཙམ་ལ་སླེབ་ནས། བླ་མ་རྡོ་རྗེ་གདན་པ་ཆེན་པོ་ལ་མཁས་པ་སྤྱི་ཐེར་པའི་ཞུ་ཡིག་རྟེན་དང་བཅས་པ། ཕྱག་རྟེན་གསེར་ཞོ་གང་ཡོད་པ་ཕུལ་ནས་མུ་སྟེགས་ཀྱི་སྟོན་པ་དང་བགྲོ་གླེང་བྱས་ཚུལ་རྣམས་ཞིབ་པར་ཞུས་པས། བླ་མ་རྡོ་རྗེ་གདན་པ་ཆེན་པོའི་ཞལ་ནས། བུ་ལོ་ཙཱ་བ་མུ་སྟེགས་ཀྱི་སྟོན་པ་ལ་དེ་ཙམ་ཞེད་མི་དགོས། ང་ལ་མན་ངག་སྲུང་ཟློག་འདྲ་ཡོད་དེ། དེ་ལས་ཆེས་ཟབ་ཅིང་རྣོ་བར་གྱུར་པ་ཚེས་བཅུའི་ནུབ་མོ། ཤ་ཁྲག་གི་གཏོར་ཚོགས་བཟང་པོ་ཤོམས་ལ། བླ་མ་དང་དཀོན་མཆོག་ཡི་དམ་མཁའ་འགྲོ་མའི་ཚོགས་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་ཐོ་རངས་མཁའ་འགྲོ་མས་ལུང་བསྟན་ཞིག་འོང་གིས་གསུངས་པ་ལས། ལོ་ཙཱ་བས་གསེར་སྲང་བཞིའི་རིན་གྱིས་ཚོགས་ཀྱི་འཁོར་ལོ་བཤམས་ནས་གསོལ་བ་བཏབ་པས། བླ་མ་དང་ཡི་དམ་མཁའ་འགྲོ་མའི་ལུང་བསྟན་འདི་ལྟར་བྱུང་སྟེ། དེ་ཡང་བུ་ལོ་ཙཱ་བ་ཁྱེད་མུ་སྟེགས་པ་ལ་ཞེད་མི་དགོས། ངེད་རྣམས་ཀྱིས་བསྲུང་གིས་གསུངས། དེའི་ནང་ནས་གཙོ་མོར་གྱུར་པ། རྗེ་བཙུན་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མའི་ཞལ་ནས། མན་ངག་ཀུན་གྱི་མཆོག་ཏུ་གྱུར་པ་དམར་ནག་ཁྲ་གསུམ་ཀུན་འཛོམ་པའི་བདུད་རྩིའི་རྒྱ་མཚོ་ལྟ་བུ་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་རྒྱང་གྲགས་གཅིག་ཙམ་གྱི་ས་ན། ལྕགས་ཀྱི་ཕ་ཝང་གཡག་རོ་འདྲ་བ་དེའི་འོག་ཏུ་ས་ནག་པོ་གྲུ་གསུམ་གྱི་དབྱིབས་ལྟ་བུ་ཞིག་ཡོད་པས། དེ་བྲུས་དང་སོལ་དོང་ཞིག་དོན་འོང་། དེའི་ནང་ན་ལ་ཆའི་སྒྲོམ་བུ་ཞིག་ཡོད། ལ་ཆའི་སྒྲོམ་བུ་དེའི་ནང་ན་བསེའི་སྒྲོམ་བུ་ཞིག་ཡོད། བསེའི་སྒྲོམ་བུ་དེའི་ནང་ན་བྱང་ཆུབ་ལྗོན་ཤིང་གི་སྒྲོམ་བུ་ཞིག་ཡོད། བྱང་ཆུབ་ལྗོན་ཤིང་གི་སྒྲོམ་བུ་དེའི་ནང་ན་དངུལ་གྱི་སྒྲོམ་བུ་ཞིག་ཡོད། དངུལ་གྱི་སྒྲོམ་བུ་དེའི་ནང་ན་རིན་པོ་ཆེ་གསེར་གྱི་སྒྲོམ་བུ་ཞིག་ཡོད། གསེར་གྱི་སྒྲོམ་བུ་དེའི་ནང་ན་གཡུའི་སྒྲོམ་བུ་ཞིག་ཡོད། གཡུའི་སྒྲོམ་བུ་དེའི་ནང་ན་བཻ་ཌཱུརྻའི་སྒྲོམ་བུ་ཞིག་ཡོད། དེའི་ནང་ན་པདྨ་རཱ་གའི་སྒྲོམ་བུ་ཞིག་ཡོད། པདྨ་རཱ་གའི་སྒྲོམ་བུ་དེའི་ནང་ན། ཆུ་དར་སྨུག་པོ་དང་མི་ལྤགས་ཀྱིས་དྲིལ་བའི་ནང་ན། ངེད་མཁའ་འགྲོ་མ་རྣམས་ཀྱི་སྙིང་ཁྲག་ལས་བྲིས་པའི་སྲོག་སྔགས་དྲག་ཟློག་ཡི་གེ་བཅུ་བཞི་པ་ཞེས་བྱ་བ་ཡོད། དེའི་མགོ་ན་ཨོཾ་མེད། མཇུག་ན་སྭཱ་ཧཱ་མེད། གི་གུ་ཞབས་ཀྱུ་མེད། ན་རོ་འགྲེང་བུ་སོགས་འབྲེལ་འདོགས་གང་ཡང་མེད། བར་ན་ཚེག་མེད། དེ་ཐོན་ལ་ཉི་མ་རེ་ལ་ཉི་ཤུ་རྩ་གཅིག་རེ་ཐོན་དང་། དེས་ངན་སྔགས་ཐམས་ཅད་སྲུང། གནོད་པ་ཐམས་ཅད་ཟློག །འགལ་རྐྱེན་བར་ཆད་ཐམས་ཅད་ཞི། མཐུན་རྐྱེན་དངོས་གྲུབ་ཐམས་ཅད་འབྱུང་བ་དེ་ལྟ་བུའི་སྔགས་དེ་ཉིད་ནངས་མ་རེ་ལ་ཉི་ཤུ་རྩ་གཅིག་རེ་བས་མང་ན་རྩུབ་འགྱུར་ཆེ་བས་མ་འདོན་གསུངས་ནས་འཇའ་ཡལ་བ་ལྟར་མི་དམིགས་པར་སོང་ངོ་། །དེ་ནས་ལོ་ཙཱ་བས་སང་ཉི་མ་ཤར་བ་དང་དམར་གཏོར་ཆེན་པོ་ཞིག་ཁྱེར་ནས་ཕྱིན་ཏེ། ཕ་བོང་གཡག་འདྲ་བའི་རྩར་བྱོན་ནས་ཕ་བོང་གི་ས་ནག་པོ་གྲུ་གསུམ་དེ་བརྐོས་པས་དང་པོ་སོལ་དོང་བྱུང་ཞིང་། དེ་ནས་ལུང་བསྟན་བྱུང་བ་བཞིན་རིམ་པར་སྒྲོམ་བུ་བླངས་ནས་བལྟས་པས། མཁའ་འགྲོ་ཀུན་གྱི་སྲོག་སྔགས་མན་ངག་བདུད་རྩིའི་རྒྱ་མཚོ་ལྟ་བུ་འདི་བྱུང་སྟེ། གཏེར་ཚབ་ཏུ་རིན་པོ་ཆེའི་གསེར་གྱི་གླེགས་བམ་ཞིག་བཅུག་ནས་སྔར་བཞིན་སྦས་སོ། །དེ་ནས་ལོ་ཙཱ་བས་མན་ངག་བཞིན་སྔགས་ཉིན་མཚན་མེད་པར་བཏོན་པས། ས་སྲོས་ཤིང་མུན་པ་ལ་མུ་སྟེགས་ཀྱི་ལོ་ཙཱ་བ་ལ་མཐུ་བཏང་བའི་རྟགས་རྣམས་བྱུང་སྟེ། དེ་ཡང་མུ་སྟེགས་ཀྱི་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ལོ་ཙཱ་བ་ལ་མ་ཚུགས་པར་ཁ་སྐྱེངས་ནས་ཕྱིར་ཟློག་ཐུབ། ཡང་སྲོད་ལ་འཇིག་རྟེན་པའི་ལྷ་འདྲེ་ཐམས་ཅད་སྦྲན་བྱུང་བ་ཀུན་ཕྱིར་ཟློག་ཐུབ། ཡང་ཐོ་རངས་ལས་ཀྱི་མཁའ་འགྲོ་མ་ཐམས་ཅད་སྦྲན་བྱུང་བ་ཕྱིར་ཟློག་ཐུབ་བོ། །དེ་ནས་རྗེ་བཙུན་མཁའ་འགྲོ་ཀུན་གྱི་གཙོ་མོ་སེང་གེའི་གདོང་ཅན་མ་མདུན་གྱི་ནམ་མཁར་བྱོན་ནས་བུ་བ་རི་བ་མུ་སྟེགས་ཀྱི་སྟོན་པ་སྐལ་ལྡན་རྒྱལ་པོ་ཁོ་ཁ་ནས་ཁྲག་སྐྱུགས་ནས་ཤི་བའི་ལས་བྱས་ཡོད་གསུངས། དེ་ནས་བ་རི་ལོ་ཙཱ་བ་དགའ་དྲགས་ངོམ་ངོམ་བྱས་ནས་བླ་མ་རྡོ་རྗེ་གདན་པའི་སྤྱན་སྔར་ཕྱིན་ནས་ཞུས་པས། བླ་མ་རྡོ་རྗེ་གདན་པའི་ཞལ་ནས། དུས་ངན་སྙིགས་མའི་སེམས་ཅན་ཞེ་སྡང་ཅན་ཉོན་མོངས་ཀྱིས་ཁ་རྒྱལ་བ་ལ། སློབ་དཔོན་ང་འདྲ་བ་ཡོད་པ་གསུངས། ཡུད་གཅིག་ལ་དབུ་བཏུམས་ནས་བཞུགས་སོ། །དེ་ནས་བ་རི་བས་ཕྱག་མང་དུ་འཚལ་ཞིང་གསོལ་བ་བཏབ་ནས། བླ་མ་ལགས་བདག་ཞེད་ནས་ཟློག་པ་བྱས་པ་མ་གཏོགས་ཁོ་གསོད་སྙམ་མཐུ་བྱས་པ་མ་ལགས་ཏེ། ཁོའི་སྲོག་ཕྲལ་པའི་སྡིག་པ་བྱས་པ་བཟོད་པར་བཞེས་པ་ཞུ། ཞེས་ཞུས་པས་རྡོ་རྗེ་གདན་པ་ཆེན་པོའི་གསུང་གིས་སྔགས་འདི་ལུས་ལ་ཡོད་པ་གཅིག་པུས་ཆོག་པ་ཡིན་ཏེ། ཁྱེད་ཀྱིས་སྔགས་ཉིན་མཚན་མེད་པར་བགྲངས་པས་ཁོ་བསད་པའི་སྡིག་པ་ཆེན་པོ་ཞིག་བསགས་འདུག་པ། ད་ཁྱེད་ཀྱིས་སྡིག་སྦྱོང་ལ་འབུངས་ལ། སྡིག་པ་དག་པའི་རྟགས་ངེས་པ་ཅན་མ་བྱུང་གི་བར་དུ། ངའི་རྩར་མ་འོངས་ཞེས་གསུངས་ནས། ལོ་གཅིག་གི་བར་དུ་སྡིག་སྦྱོང་ལ་བཞག་ནས། དེ་བར་དུ་མཇལ་ཁ་མ་བཏང་བས། བླ་མ་རྡོ་རྗེ་གདན་པའི་ཉེ་གནས་ཧམ་པ་མ་བྱ་བས། ཤིན་ཏུ་བརྩེ་བར་བྱས་ནས་ཟས་ཆང་བླ་མའི་ལྐོག་ཏུ་རྐུ་ཐུབ་ཚད་བྱིན། གཞན་ཡང་མཁོ་བའི་ཡོ་བྱད་རྣམས་བསྐྱལ་བས་དྲིན་ཆེ་བར་བྱུང་། དེ་ནས་བ་རི་བ་ལ་སྡིག་པ་དག་པའི་རྟགས་བྱུང་ཞིང་། བླ་མའི་བཀའ་བསྒྲུབས་པས། བླ་མ་ཡང་མཉེས་ཏེ་མཇལ་ཁ་བྱུང་། ཆོས་མང་དུ་ཞུས་པ་མཁས་པར་ལོབས་ཤིང་ཡིད་ཆེས། བོད་དུ་བྱོན་ནས་འགྲོ་ཕན་རྒྱ་ཆེར་མཛད། ཕྱིས་དཔལ་ས་སྐྱར་ཕྱག་ཕེབས་ནས། ས་ཆེན་ཀུན་དགའ་སྙིང་པོ་ལ་མན་ངག་འདིའི་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་གནང་། དེ་ནས་རིམ་པར་བརྒྱུད་དེ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཆེན་པོ། རྗེ་བཙུན་འཕགས་པ་རིན་པོ་ཆེ། ཉེ་གནས་རོང་པོ་རྡོ་རྗེ། རོང་པོ་སངས་རྒྱས་ཡེ་ཤེས། རོང་པོ་བླ་མ་རིན་པོ་ཆེ། མཁས་པ་གཡག་སྡེ་པཎ་ཆེན། འདིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་མ་ལ་ཐུན་མོང་མ་ཡིན་པའི་ཐུགས་དམ་དུ་མཛད་པས་ཞལ་གཟིགས་ཤིང་དུས་རྟག་ཏུ་བྱིན་གྱིས་བརླབས། མན་ངག་གི་ཡི་གེ་ཡང་མཛད། དེ་ལ་རྗེ་བཙུན་མ་ཏི་ས་མུ་དྲས་གསན། དེ་ལ་མཁས་མཆོག་རིན་ཆེན་བསམ་གཏན་དཔལ་བཟང་པོས་གསན། དེ་ལ་སྙིགས་དུས་ཀྱི་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་རྟོགས་ལྡན་ནམ་མཁའ་སངས་རྒྱས་མགོན་པོས་གསན། དེ་ལ་རས་ཆེན་ཀུན་དགའ་དར་པོས་གསན། དེ་ལ་ཐུགས་སྲས་ཀུན་དགའ་བཟང་པོས་གསན། དེ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་བཀའ་དྲིན་ཅན་གྱི་བླ་མ་བཀའ་རབ་འབྱམས་སྨྲ་བ་བྱམས་པ་ཆོས་ཀྱི་ཉི་མས་གསན་ནོ། ཁྱད་པར་མན་ངག་འདིའི་ཐུན་མོང་མ་ཡིན་པའི་བརྒྱུད་པའི་ལོ་རྒྱུས་ནི། རྟོགས་ལྡན་ནམ་མཁའ་སངས་རྒྱས་མགོན་པོ་ཞེས་བྱ་བ་དེ་ཉིད་ཆོས་གྲྭ་ཆེན་པོ་དཔལ་གནས་རྙིང་གི་ཆར་གཏོགས་པའི་སར་སྐུ་འཁྲུངས་ཤིང་། གནས་རྙིང་དུ་གསན་སྦྱོང་ལ་སོགས་པ་ལེགས་པར་མཛད་པའི་སྒང་ལ། སྐུ་སྙུང་མཛེ་དྲག་པོ་ཞིག་གིས་ཐེབས་ནས་འོ་བརྒྱལ་ཞིང་ཉམ་ང་བའི་ཚེ། སྐུ་ལ་ཉེ་བའི་མཆེད་གྲོགས་ཞིག་ཡོད་པ་དེས། འདི་འདྲའི་འོ་བརྒྱལ་བ་ལ་སེང་གདོང་མ་ལ་བསྙེན་པ་བྱས་ན་ཕན་ཟེར་བ་འདུག་པས་མཁན་པོ་གདན་པ་ལ་ལུང་ཞུ་བ་དྲག་ཟེར་གྲོས་བཏབ་པ་ལ་གསན་ནས་ལུང་ཞུས་ཏེ། ཡི་གེ་བཅུ་བཞི་པའི་བསྙེན་པ་བྱས་ནས་དྲག་ཏུ་འགྲོ་སྙམ་པ་སླར་ལོག་སྟེ་ཤིན་ཏུ་སྙུང་བ་བྱུང་། དེ་ནས་ཐུགས་དགོངས་ལ་ཆོས་སྡེ་འདིར་སྡོད་ཀྱང་ནད་འདི་མ་དྲག་ན་མི་ཁྱུར་མི་ཚུད་པ་འདུག །དེ་བས་རྒྱལ་ཁམས་ལ་ཕྱིན་ན་ལུས་མ་བདེ་རུང་། སྣང་ཟོས་བདེ་བ་དང་ཕུང་པོ་འདོན་པའི་སེམས་ཁྲལ་མི་དགོས་པ་འདུག་སྙམ་ནས། བདོག་པ་གང་ཡོད་དགེ་འདུན་རྣམས་ལ་སྤུངས་ནས། ཤངས་ཟམ་བུ་ཕྱོགས་ལ་འགྲིམ་བྱོན་ཏེ། ཟམ་བུའི་རི་ཁྲོད་ཅིག་ཏུ་ཤི་མ་ཤི་མེད་པར་སེང་གེའི་གདོང་ཅན་མའི་བསྙེན་པ་འབའ་ཞིག་མཛད་ཀྱིན་བཞུགས་པས་མཛེ་ཡེ་དྲག་ཏུ་མ་སོང་བའི་ཁར། འཚོ་བའི་མཐུན་རྐྱེན་ཡང་ཟད་ནས་འོ་ཤིན་ཏུ་བརྒྱལ་བ་ཡོད་པའི་ཚེ། ནུབ་གཅིག་མནལ་ལམ་དུ་བུད་མེད་གཞན་ལས་ལུས་པོ་ཅུང་ཆེ་བ་ཞིག་བྱུང་ནས། ཁྱོད་ཀྱིས་གནས་འདིར་བསྡད་པས་མཛེ་མི་དྲག །དེ་བས་འདིར་མ་འདུག་པར་རྟག་སྣ་ཞེས་བྱ་བའི་ལུང་པ་ཞིག་ཏུ་རྒྱུགས་དང་། དེར་དངོས་གྲུབ་ཆེན་པོ་ཞིག་འོང་བར་འདུག་གོ་ཞེས་གསུངས་ནས་འཇའ་ཡལ་བ་ལྟར་སོང་ངོ་། །དེ་ནས་མནལ་སད་པ་དང་རྨི་ལམ་གྱི་ལྟས་འདི་ལ་བལྟས་ན། ངའི་ནད་འདི་དྲག་པར་འདུག་སྟེ། གང་ལྟར་ནའང་རྟག་སྣ་འཚོལ་དུ་འགྲོ་དགོངས་ཏེ། ཤངས་ནང་ན་མར་ཞུགས་བྱོན་ནས། མི་འཕྲད་ཚད་ལ་རྟག་སྣ་གང་ན་ཡོད་ཅེས་དྲིས་པས། ཡེ་སྟོན་མཁན་མ་བྱུང་། ནུབ་ཅིག་སྐུ་ཐང་ཆད་དེ་གྲོང་ཁྱེར་ཞིག་གི་སྲང་སྒོར་གཟིམས་པས། མཛེའི་ཚེ་བྲབ་དང་འཁྱུག་རྣམས་ཞི་ནས་ཅུང་བདེ་བ་སྙམ་བྱེད་པའི་ངང་ལ། མནལ་དུ་སོང་འདུག་པའི་རྨི་ལམ་དུ་སྔར་གྱི་བུད་མེད་དེ་བྱུང་ནས་སང་རྟག་སྣ་རྩད་ཆོད་པ་ཡོད་ཀྱིས་གསུངས་ནས་ཡལ་སོང་། དེ་ནས་མནལ་སད་པ་དང་ཐུགས་ལ་རྟག་སྣ་རྩད་ཆོད་ན། དངོས་གྲུབ་ཅི་ཡོད་ན་ངའི་མཛེ་འདི་ལ་ཕན་པའི་སྨན་པ་ཞིག་དང་འཕྲད་ན་དངོས་གྲུབ་ཡིན་ཏེ། འཕྲད་པ་འདྲ་ཨེ་ཡོང་དཀོན་མཆོག་གི་ཐུགས་རྗེས་གཟིགས་ཅེས་གསུངས་ཤིང་བཤུམ་གྱིན་བཞུགས་པས། བུད་མེད་གཞོན་པ་ཞིག་གིས་ཐུག་པ་ཏོག་པོ་གང་དང་། ཟན་རྡོག་ཅིག་ཁྱེར་བྱུང་ནས་དྲུང་པ་སྙུང་གཞི་འོ་བརྒྱལ་བ་ལ། འདི་བཞེས། གང་ནས་ཕེབས་པ་ཡིན་ཞེས་འདྲི་ཞིང་དེ་སྦྱིན་བྱུང་བ་དང་། མོ་ལ་གནས་རྙིང་ནས་ཡིན་ཚུལ་རྒྱས་པར་བཤད་ཅིང་ད་ལན་རྟག་སྣ་འཚོལ་བ་ཡིན་གསུངས་པས། མོ་ན་རེ་དྲུང་པས་རྟག་སྣ་མ་རྙེད་པ་ཡིན་ནམ་ཟེར་འདྲིར་བྱུང་བ་ལ། ངས་མ་རྙེད་པར་ཐང་ཆད་དེ་འདིར་བསྡད་པ་ཡིན། རྒྱུས་ཨེ་ཡོད་ཤོད་དང་གསུངས་པས། བུད་མེད་དེ་དགོད་ཅིག་ཤོར་བྱུང་། དྲུང་པ་རྟག་སྣར་བསྡད་ནས་རྟག་སྣ་འཚོལ་བ་དེ་དགོད་བྲོ་ཟེར་ནས་ལོག་སོང་ངོ་། །དེ་ནས་རྗེ་ཉིད་ཀྱིས་དེར་བསྙེན་པ་མཛད་བཞིན་པར་བཞུགས་པས་མཛེ་དྲག་ཏུ་ཡེ་མ་སོང་བའི་ཁར་ལོད་ཏུ་རང་སོང་བས་ཐུགས་ཡི་ཆད་པར་བཞུགས་པའི་ནུབ་གཅིག་མནལ་ལམ་དུ་སྔར་གྱི་བུད་མེད་དེ་བྱུང་ནས། འདིའི་ཕུ་ན་བྲག་ཕུག་ཁ་བྱང་བསྟན་གཅིག་ཡོད། དེར་སོང་དང་དངོས་གྲུབ་དེ་རུ་ཐོབ་རྒྱུ་ཡིན་གསུངས་ནས་འཇའ་ཡལ་བ་ལྟར་སོང་། དེ་ནས་རྗེ་ཉིད་ཀྱིས་ཡུལ་མི་རྣམས་ལ་དྲིས་པས། སྔར་ཕུག་པ་ཡོད་པ་ནི་མ་ཤེས། ཁྱེད་རང་འཚོལ་དུ་བྱོན་ཟེར། བཤད་མཁན་ནི་མ་བྱུང་། འཚོལ་དུ་བྱོན་པས་ནི་མ་རྙེད། ཁར་སང་གི་བུ་མོ་ཟན་སྟེར་བ་དེ་བྱུང་ནས། དྲུང་པ་ཁྱེད་སྐུ་གཟུགས་མ་བདེ་བ་ལ་བཞུགས་མི་ཚུགས་པ་ཞིག་འདུག་ཟེར་བྱུང་བ་ལ། ང་སྡོད་དང་སྡོད་དེ་འདི་ན་བྲག་ཕུག་ཁ་བྱང་བསྟན་ཞིག་ཡོད་ཟེར་འདུག་པས་དེ་བཙལ་བ་ཡིན་གསུངས་པས། མོ་ན་རེ་ཡ་གི་ན་ཟེར་ཁྲོ་ཞིང་ཚིག་རྩུབ་མང་པོ་སྨྲ་ཞིང་འདུག་པ་ལ་སྐུ་གཟུགས་སྦྲིད་ཆིལ་བ་ཞིག་དང་ཐུགས་དགའ་ཡལ་བ་ཞིག་བྱུང་ནས། ཕུག་པ་དེར་བཞུགས་པས་སྙུང་ཟུག་ཤིན་ཏུ་ཆེ་ཞིང་བརྒྱལ་འགྲོ་བ་ཙམ་བྱུང་། དེ་ནས་སྲོད་པོ་ཆེ་ཁྱེར་བ་དང་འོད་འུར་སྒྲ་རྡིག་སྒྲ་དང་བཅས་པ་ཤིན་ཏུ་ཆེ་བ་ཞིག་བྱུང་བའི་མོད་ལ། རྗེ་བཙུན་མ་སེང་གེའི་གདོང་ཅན་རིགས་ལྔ་འཁོར་འབུམ་ཚོ་འབུམ་ཚོས་བསྐོར་བ་མངོན་སུམ་དུ་བྱོན་ནས་སྐད་ཅིག་དེ་ཉིད་ལ་ཕུང་པོ་ཤ་ཁྲག་གི་གདོས་བཅས་དེ་ཉིད་ཚོགས་འཁོར་དུ་རོལ་ཞིང་། ཐུགས་དྲན་མེད་དུ་དར་གཅིག་བརྒྱལ་བའི་ངང་ལ། བརྒྱལ་སོས་པ་དང་བལྟས་པས་ལུས་མཛེས་ཁྱེར་རྣག་ཁྲག་གི་རང་བཞིན་དེའི་ནད་གདོན་ལྷག་མ་མ་ལུས་པ་ཐོན་ནས། མལ་དང་ཕུག་པའི་ནང་ཐམས་ཅད་རྣག་ཁྲག་གིས་མེར་ཁེངས་འདུག་པ་ལས། ལུས་སེམས་ནད་མེད་ཤིན་ཏུ་བདེ་བ་དེ་ལ། རྗེ་བཙུན་མ་སེང་གེའི་གདོང་ཅན་རིགས་ལྔས་ཕྱི་ནང་གསང་གསུམ་གྱི་དབང་དང་། སྒྲུབ་ཐབས་ལས་ཚོགས་མཐའ་དག་གནང་ནས་མངོན་སུམ་དུ་བྲག་ཕུག་དེ་ཉིད་ལ་ཐིམ་སོང་ངོ་། །དེ་ནས་རྗེ་བཙུན་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རས་པ་ནམ་མཁའ་སངས་རྒྱས་མགོན་པོ་དེ་ཉིད་སྐུ་སྙུང་གཞི་དང་བྲལ་ཞིང་། རྗེ་བཙུན་སེང་གདོང་མ་ཉིད་ཀྱི་རྗེས་སུ་བཟུང་ནས། ཐུགས་ཤིན་ཏུ་སྤྲོ་བ་དང་བཅས་ཏེ་བཞུགས་པའི་དུས་སུ། རྗེ་དེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་དམ་པ་རས་ཆེན་ཀུན་དགའ་དར་པོ་དེ་རྗེས་སུ་འཛིན་པའི་རྟེན་འབྲེལ་འགྲིགས་ཏེ། དེ་ཡང་རྗེ་དེ་ཉིད་ཀྱིས་ཤངས་སྤང་ལུང་ཕྱོགས་ལ་བྱོན་ནས། འདི་ན་རྣལ་འབྱོར་པ་ཆོས་པ་དགོན་པ་འཛིན་པ་ཅི་ཞིག་ཡོད་དྲིས་པས། གཅིག་ན་རེ། ལམ་འདི་ན་བཙུན་མ་ལ་ཙབ་ཧྲལ་བྱེད་པའི་རྟོགས་ལྡན་སྨྱོ་སྤྱོད་པ་ཞིག་མ་གཏོགས་གཞིར་སྡོད་ཀྱི་ཆོས་པ་མེད་ཟེར་ལོགས་སོང་བ་དང་། རྗེའི་དགོངས་པ་ལ་ངས་རྗེས་སུ་འཛིན་པའི་རྣལ་འབྱོར་པ་དེ་ཡིན་ནམ་མིན་སྙམ། དར་གཅིག་ཌཱ་ཀི་ལ་གསོལ་བ་བཏབ་པས། མི་ནག་པོ་ཞིག་བྱུང་ནས་ཁྱེད་ལ་ཅི་དགོས་པ་ཡིན་ཟེར་འདྲིར་བྱུང་བ་ལ། རྗེ་རིན་པོ་ཆེས་ང་ལ་འདི་ན་དོན་ཞིག་ཡོད་གསུངས་པས། མི་ནག་པོ་དེ་ན་རེ་དོན་སུ་ལ་ཡོད་པ་ཡིན། འདི་ན་ནི་རས་ཆེན་རྣལ་འབྱོར་གྱི་དབང་ཕྱུག་ཀུན་དགའ་དར་པོ་ཞེས་བྱ་བ་མིན་པ་གཞན་མེད་པས་འཕྲིན་ཡོད་ན་ངས་ཁྱེར་གྱིས་ཟེར་བ་ལ། རྗེས་མན་ངག་གི་སྒོ་ཉལ་འདུག་པས་ལའུར་ལེན་དུ་ཤོག་གྱིས་གསུངས་པས། མི་ནག་པོ་དེ་ནང་ལ་སོང་བས་དེ་མ་ཐག་རས་པ་ཀུན་དགའ་དར་པོ་དོན་བྱུང་ཏེ་སྔར་ནས་ཀྱི་དཔོན་སློབ་འདྲིས་པ་ལྟ་བུ་བཞིན། ཕྱག་བཙལ་ཞབས་གཉིས་སྤྱི་བོར་བླངས་ཤིང་། གུས་པ་དང་བཅས་ཏེ་བདག་ལ་མན་ངག་གནང་བ་ཐུགས་རྗེ་ཆེ། མདངས་རྨི་ལམ་ཡང་ཤིན་ཏུ་བཟང་ལགས་ཞུས་པས། རྨི་ལམ་ཅི་འདྲ་བྱུང་ལྷག་མ་མ་ལུས་པར་ཤོད་ཅིག་གསུངས་པས། བདག་ལ་མདངས་བུད་མེད་བཞིན་བཟང་མ་སྐྲ་སྤྱི་བོར་བཅིངས་པ་ཞིག་གིས། ལྕགས་ཀྱི་ཕུར་པ་སེང་གེའི་གདོང་བྱས་པ་ཞིག་དང་། ཀ་པཱ་ལ་ནང་མཆོད་ཀྱིས་བཀང་བ་དེ་གཉིས་སྦྱིན་ནས་གད་མོ་དགོད་པ་ཞིག་རྨིས་ཞུས་པས། རྗེ་ཤིན་ཏུ་མཉེས་ནས་ཐུགས་སྤྲོ་བ་དང་བཅས་ཏེ། དཔོན་སློབ་གཉིས་ཀས་ནང་དུ་ཕེབས། དེ་ནས་ཚོགས་འཁོར་བཟང་པོ་འབུལ་བ་དང་བཅས་ཏེ། བདག་ལ་མན་ངག་རྣམས་ལྷག་མ་མེད་པར་རྫོགས་པར་གནང་བ་ཞིག་བཀའ་དྲིན་ཆེ་དགོས་ཞུས་པས། རྗེའི་ཞལ་ནས་རྫོགས་པར་ལོས་སྟེར། དོ་ནུབ་ཚེས་གྲངས་དུ་ཡིན་གསུངས་པ་ལ་དོ་ནུབ་མར་ངོའི་ཚེས་བཅུ་ལགས་ཞུས་པས་རྟེན་འབྲེལ་ཤིན་ཏུ་འགྲིགས་འདུག །ཚོགས་འཁོར་བཟང་པོ་དང་གསེར་གྱི་མཎྜལ་གྲབས་གྱིས། ངས་སྒྲུབ་མཆོད་བདག་འཇུག་བླང་གི་གསུངས། དེ་ནས་སྲོད་ལ་ཕྱི་བཀའ་མཛད། ནམ་ཕྱེད་ལ་ནང་བཀའ་མཛད། ཐོ་རངས་ལ་གསང་བཀའ་མཛད་ནས་ཕྱག་སྤྱི་བོར་བཞག་ཅིང་། འོ། ངས་ཁྱོད་ལ་མཁའ་འགྲོ་འདིའི་དབང་སྒྲུབ་ཐབས་མན་ངག་ཞལ་ཤེས་ལས་ཚོགས་དཀར་ནག་ཁྲ་གསུམ་དང་བཅས་པ་སྟེར་དགོས་པའི་བཀའ་རྒྱ་མཁའ་འགྲོ་རང་གིས་ཡོད་པས་སྐྱེལ་དུ་ཡོང་བ་ཡིན། ད་བུ་ཁྱོད་ཀྱིས་སྙིང་རུས་དཀའ་སྤྱད་ཀྱིས་མཁའ་འགྲོ་མཉེས་པའི་སྒྲུབ་པ་རྣམ་དག་གཅིག་བྱ་དགོས་སོ། །དེ་ནས་སྙིང་དང་འདྲ་བའི་སློབ་མ་རེ་རེ་གཉིས་གཉིས་ལ་གདམས་ངག་སྣ་རེ་སྣ་གཉིས་བྱིན། ལས་ཁ་ལག་ཚང་མ་ཆིག་བརྒྱུད་ལས་མ་སྤེལ་གསུངས། བཀའ་རྒྱ་དམ་པོ་མཛད་ཅིང་དམ་ལ་བཞག་གོ །དེ་ནས་རྗེ་རིན་པོ་ཆེ་ལྷོ་ཕྱོགས་ལ་ཐེག་པའི་ཐུགས་དགོངས་མཛད། རས་ཆེན་ཀུན་དགའ་དར་པོས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའོ། །རས་ཆེན་ཀུན་དག་དར་པོ་ལ་རྣལ་འབྱོར་དབང་ཕྱུག་ཐུགས་སྲས་ཀུན་དགའ་བཟང་པོས་གསན། དེ་ལ་བདག་གི་བླ་མ་ཆོས་ཀྱི་ཉི་མས་གསན། དེ་ནི་ཕྱི་བཀའི་བརྒྱུད་པ་ཡིན། ཐུན་མོང་མ་ཡིན་པའི་ནང་གསང་ལས་ཚོགས་དཀར་ནག་ཁྲ་གསུམ་དང་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ཡེ་ཤེས་མཁའ་འགྲོ་སེང་གདོང་མ། མཉམ་མེད་ཨོ་རྒྱན་ཡབ་ཡུམ། རྟོགས་ལྡན་ནམ་མཁའ་སངས་རྒྱས་མགོན་པོ། འཁྲུལ་ཞིག་རས་ཆེན་ཀུན་དགའ་དར་པོ། སྔགས་འཆང་བརྩོན་འགྲུས་སེང་གེ །དེ་ལ་བདག་གི་རྩ་བའི་བླ་མ་ཆོས་ཀྱི་ཉི་མས་གསན་ནོ། །དེ་རྣམས་ནི་ཡིད་ཆེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་སོ།། ༈ །།གཉིས་པ་དེ་ལས་བྱུང་བའི་གདམས་པས་མཆོག་ཐུན་གྱི་ཕྲིན་ལས་སྒྲུབ་པའི་ཐབས་ལ། སྒྲུབ་ཐབས་དང་། ལས་ཚོགས་གཉིས་ལས། དང་པོ་ནི། རྗེ་བཙུན་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མའི་སྐོར་ལས། ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་ཕྱི་ནང་གསང་གསུམ་གྱི་མངོན་རྟོགས་གཏོར་བསྔོ་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ་ཌཱ་ཀི་ནཱི་ཡེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེ་གདོང་ཅན་མའི་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོའི་མངོན་རྟོགས་ནི། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། བདག་དང་བདག་གི་དྲིན་ཆེ་བའི་ཕ་དང་མ་གཉིས་ཀྱི་གཙོ་བྱས་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། དུས་གསུམ་གྱི་བདེ་བར་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་རྫོགས་པ་ཆེན་པོ་བདེན་གཉིས་གསུང་རབ་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་པ་ལས་ཕྱིར་མི་ལྡོག་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྡོ་རྗེའི་སྤུན་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །མ་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་མའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ལ་བདག་ཉིད་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་ནས་ཉེར་གཅིག་གི་བར་བརྗོད་ནས། བྱང་ཆུབ་བདེ་གཤེགས་བླ་ན་མེད། ཁམས་གསུམ་འགྲོ་བ་མ་ལུས་ཀུན། །ཐེག་མཆོག་ལམ་ལ་འགོད་པའི་ཕྱིར། །དམ་པ་ཉེ་བར་སེམས་བསྐྱེད་དོ། །ཞེས་ཚར་གསུམ་བརྗོད་ནས། ཕ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་མ་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་མའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །དེའི་མཐུ་ལ་བརྟེན་ནས་ཕ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་ཌཱ་ཀི་མའི་གོ་འཕང་ཐོབ་པར་གྱུར་ཅིག །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རྡོ་རྗེའི་རྭ་བ་མེ་རི་ཟླུམ་བསྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཁྲག་མཚོ་མེ་རླུང་འཚུབས་མར་འཁྱིལ་ཞིང་རྦ་ཀློང་འཁྲུགས་པ། ཨེ་ཨེ་ལས་ཆོས་འབྱུང་མཐིང་ནག་གཉིས་བརྩེགས་གྲུ་གསུམ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་སྟེང་དུ་པད་ཉི་རུ་དྲ་ཕོ་མོ་བསྣོལ་བའི་གདན་ལ། རང་གི་སེམས་ཉིད་ཧཱུྃ་དང་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལས་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སེང་ཞལ་དཀར་པོ་གཡས་སུ་ཕྱོགས་ཤིང་ཞལ་དྲག་ཏུ་གདངས་པ་ལས་དབུ་སྐྲ་ལྕགས་རལ་ནག་པོ་ཐུར་དུ་སྤྲུགས་པའི་གསེབ་ནས་མེ་སྟག་ཕུར་བུའི་ཚྭ་ཚྭ་འཕྲོ་བ། མི་ལྤགས་དང་གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་། སྟག་ཤམ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་ཀུན་ནས་མཛེས་པའི་ཕྱག་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ། མི་མགོ་སྐམ་རློན་གྱིས་བརྒྱན་པའི་སྐུ་ཞབས་གཉིས་བརྐྱང་བསྐུམ་རོལ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་གྱུར། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པ་ལ། ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷཱུ་པཾ་ དཱི་པཾ་ གནྡྷཾ་ ནཻ་བིདྱ་ ཤབྡ་ ཨོཾ་ཨཱཿཧཱུྃ། ཧཱུྃ་བྷྱོཿ གདོད་ནས་རྣམ་དག་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ལས་འདས་ཚུལ་ནི་སྣ་ཚོགས་སྟོན། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཀུན་བཟང་མོ། །རྗེ་བཙུན་སེང་གདོང་མ་ལ་ཕྱག་འཚལ་ལོ། །ཞེས་མཆོད་ཅིང་བསྟོད་ལ། མེ་ཏོག་དང་ལྡན་པའི་ཐལ་མོ་སྙིང་གར་སྦྱར་ནས། རྡོ་རྗེ་མཁའ་འགྲོ་སེང་གདོང་ཅན་མས་བདག་ཅག་དཔོན་སློབ་ཐམས་ཅད་ཀྱི་འགལ་རྐྱེན་མཐའ་དག་ཞི་བ་དང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། རང་ཉིད་རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་མར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག །དེའི་མཐའ་སྐོར་དུ་སྔགས་ཕྲེང་གཡོན་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ་ཕོག་པས་གཞལ་ཡས་ཁང་དང་ཌཱ་ཀིའི་རང་བཞིན་དུ་གྱུར། ཅེས་དམིགས་ནས་སྣོད་བཅུད་ལྷར་གསལ་བ་ཐམས་ཅད་ཀྱིས་བཟླས་པ་བྱེད་པར་བསམ་སྟེ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཨོཾ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཛྙཱ་ན་ཌཱ་ཀི་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་རྩ་སྔགས་སྙིང་པོ་ལས་སྔགས་དང་བཅས་པ་ཅི་འགྲུབ་བཟླས་ནས་མཆོད་ཅིང་བསྟོད་དེ། འདོད་པའི་དོན་ལ་གསོལ་བ་གདབ། བསྐྱེད་རིམ་ལྷའི་རྣལ་འབྱོར་ཀ་དག་ལྷུན་གྲུབ་གྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་ཅིང་། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་པ་འདི་ནི་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་སྦྱར་བ། ྀཨཚ།། །། ༈ ན་མོ་གུ་རུ་ཌཱ་ཀི་ནཱི་ཡེ། ནང་སྒྲུབ་པདྨ་མཁའ་འགྲོའི་མངོན་རྟོགས་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་བས་ཆོས་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་རྡོ་རྗེའི་རྭ་བ་མེ་རི་ཟླུམ་བསྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཁྲག་མཚོ་མེ་རླུང་ཁོལ་མར་འཁྱིལ་ཞིང་རྦ་ཀློང་འཁྲུགས་པར། ཨེ་ཨེ་ལས་རིན་པོ་ཆེའི་བུམ་པ་གཏེར་གྱིས་གང་བ་ལས་གྲུབ་པའི་ཆོས་འབྱུང་འབུམ་བརྩེགས་ཉིས་བརྩེགས་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་གདེངས་ཀ་ཆེ་བ་གྱེན་དུ་བསྟན་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ། ནོར་བདག་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ཚོགས་ཀྱི་བདག་པོ། ཨ་པ་ར་ཙི་ཏ། ཀུ་རུ་ཀུལླེ་རྣམས་ཀྱིས་གུས་པས་བཏུད་པའི་གདན་ལ། རང་གི་སེམས་ཉིད་ཧཱུྃ་ཡིག་དམར་པོ་དང་ལྕགས་ཀྱུ་ལས་སྐྱེས་པའི་པདྨ་དབང་སྡུད་ཀྱི་རྒྱལ་མོ་གནོད་སྦྱིན་མོ་དམར་མོ་སེང་གེའི་གདོང་ཅན་ཞལ་གཅིག་ཕྱག་གཉིས། སེང་ཞལ་སེར་པོ་གཡས་སུ་ཕྱོགས་ཤིང་བྱེ་རུའི་རལ་པ་ཐུར་དུ་སྤྲུགས་པའི་གསེབ་ནས། ལས་ཀྱི་མཁའ་འགྲོ་མ་དམར་མོའི་ཚོགས་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོ་བར་བྱེད་པས་ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་དབང་དུ་སྡུད་པ། ཕྱག་གཡས་སེང་ཞལ་གྱིས་མཚན་པའི་ལྕགས་ཀྱུ་ནམ་མཁར་ཕྱར་བ། གཡོན་གཏེར་གྱིས་གང་བའི་བུམ་པ་དཀུར་བརྟེན་ནས་འཛིན་པའི་མཆན་ཁུང་དུ་ནེའུ་ལེ་བཅུག་སྟེ་ཁ་ནས་ནོར་བུ་སྐྱུག་བཞིན་པ་དང་གྲུ་མོ་གཡོན་དུ་ཏི་རའི་རྒྱལ་མཚན་བསྒྲེངས་པ། ཞིང་ཆེན་གྱི་པགས་པ་དང་གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་། ཐལ་ཆེན་གྱི་ཚོམ་བུ་དང་ཁྲག་ཞག་གི་ཟོ་རིས་སྦྲུལ་སྣ་ཚོགས་དང་རུས་པའི་ཕྱག་རྒྱ་མི་མགོ་སྐམ་རློན་གྱིས་བརྒྱན་པ། སྐུ་སྨད་ལ་སེང་གེའི་པགས་པའི་ཤམ་ཐབས་དཀྲིས་པ། སྐུ་ལུས་ཐམས་ཅད་སྤྱན་གྱིས་གང་ཞིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པར་གྱུར། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས། དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར་པ་ལ། ཨརྒྷཾ་ པཱ་དྱཾ་ པུཥྤཾ་ དྷཱུ་པཾ་ དཱི་པཾ་ གནྡྷཾ་ ནཻ་བིདྱ་ ཤབྡ་ ཨོཾ་ཨཱཿཧཱུྃ། ཧཱུྃ་བྷྱོཿ ཁམས་གསུམ་དབང་སྡུད་གནོད་སྦྱིན་མོ། །མཐུ་རྩལ་རབ་ལྡན་དབང་གི་ལྷ། །རྣལ་འབྱོར་འདོད་པའི་དོན་སྒྲུབ་མ། །དབང་སྡུད་རྒྱལ་མོ་ཁྱོད་ལ་བསྟོད། །ཅེས་པས་མཆོད་ཅིང་བསྟོད་ནས། མེ་ཏོག་ཐལ་སྦྱར་དང་ལྡན་པས། པདྨ་དབང་སྡུད་ཀྱི་རྒྱལ་མོ་གནོད་སྦྱིན་མ་དམར་མོ་ནོར་ལྷ་གཏེར་བདག་ཆེན་མོ་ཁྱོད་ཀྱིས་བདག་གི་འདོད་པའི་དོན་ཐམས་ཅད་མྱུར་དུ་སྒྲུབ་པའི་ཕྲིན་ལས་མཛོད། ཅེས་བརྗོད་ནས། རང་ཉིད་པདྨ་དབང་སྡུད་ཀྱི་རྒྱལ་མོར་གསལ་བའི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་དམར་པོ་གཡོན་དུ་འཁོར་བར་གྱུར། དེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་བསྒྲིལ་བ་ཛཿདང་བཅས་པ་ཕྱོགས་བཅུར་འཕྲོས་པས་ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་སྐད་ཅིག་ཉིད་ལ་དབང་དུ་འདུས་པར་གྱུར་པར་དམིགས་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ རྩ་བའི་སྔགས་སོ། །ཨོཾ་པདྨ་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སྙིང་པོའོ། །ཨོཾ་ནིཀྣལ། ནིཀྣལ། པྲ་མོ་ཐུན། པྲ་མོ་ཐུན། དབང་པོ་དཀྲུགས། དབང་པོ་དཀྲུགས། སེམས་ཙྨྱོས། སེམས་ཙྨྱོས། ཁྑུུགྒཿཿ ྪྪཿཿ ཨོཾ་བྷྑྫྷན། བྱ་ནཤཾ། ཧཱུྃ་རཀྟི་ནཾ། རུགཏི་ནཾ། ཨོཾ་དོརྤུཊ། ཨོཾ་དོརྤུཊ། སེམས་ཙབྲསྒུ། སེམས་ཙབྲསྒུ། མངལ་གྱི་གྲོང་ཁྱེྱདགྒུས། ཡྻྤྤུུཊྚཿཿ སྭཱཧཱ། ཨོཾ་རེ་ཡལ་ ཉྙཽལླཕུཕུཊྚསྭཱཧཱ། ལས་སྔགས་སོ། །ཞེས་ཟངས་ཕྲེང་ངམ་ཙནྡན་དམར་པོའི་ལྡེ་གུའི་ཕྲེང་བ་ལ་ཅི་ནུས་སུ་བགྲང་ཞིང་མཐར་མཆོད་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ་ནས། བསྐྱེད་རིམ་ལྷའི་རྣལ་འབྱོར་ཀ་དག་ལྷུན་གྲུབ་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་ཅིང་། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་པདྨ་དབང་སྡུད་རྒྱལ་མོ་གཙོ་རྐྱང་མའི་མངོན་རྟོགས་འདི་ཉིད་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེ་ཐང་དུ་སྦྱར་བའི་ཡི་གེ་པ་ནི། རིན་ཆེན་དཔལ་ལྡན་ཆོས་སྐྱོང་གྲགས་པས་བགྱིས་པའི་དགེ་བས་ཌཱ་ཀི་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །། ༈ ན་མོ་གུ་རུ་ཌཱ་ཀི་ནཱི་ཡེ། གསང་སྒྲུབ་གཅེར་བུ་ཁྲོས་ནག་གཙོ་རྐྱང་མའི་མངོན་རྟོགས་ནི། ཧཱུྃ་བྷྱོཿ སྲོག་གཅོད་བདུད་མོ་སེང་གདོང་མ། །དུར་ཁྲོད་བདག་མོ་འཇིགས་པའི་སྐུ །དགའ་རབ་དབང་ཕྱུག་བུ་མོ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །དགྲ་བགེགས་རྣམས་ནི་བསྒྲལ་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད་ནས། ཧཱུྃ་བྷྱོཿ ཆོས་རྣམས་དམིགས་མེད་སྟོང་པའི་ངང་། ཁམས་གསུམ་དུར་ཁྲོད་འབར་བའི་དབུས། །འབྱུང་བཞི་རི་རབ་བརྩེགས་པའི་སྟེང་། །པད་ཉི་སྣ་ཚོགས་རྡོ་རྗེ་ལས། །འོད་འཕྲོས་རྡོ་རྗེའི་རྭ་གུར་གཏམས། །མེ་རི་ཁ་དོག་སྣ་ལྔ་འབར། །དེ་ཡི་ནང་དུ་དུར་ཁྲོད་བརྒྱད། །འཇིགས་སུ་རུང་བས་ཡོངས་བསྐོར་བའི། །སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ། །བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་། །རིན་ཆེན་ལས་གྲུབ་མཚན་ཉིད་ལྡན། །དེ་ཡི་ནང་དུ་དུག་ཁྲག་མཚོ། །རྦ་ཀློང་འཁྲུགས་པའི་དབུས་སུ་ནི། །དུར་ཁྲོད་བརྒྱད་བསྐོར་བམ་རོ་ལས། །གྲུབ་པའི་རོ་གདན་ཕོ་བྲང་འཇིགས། །མེ་རླུང་འཚུབ་མར་འཁྱིལ་བའི་ནང་། །གནམ་ལྕགས་ཆོས་འབྱུང་ཁ་སྦྱོར་ལྡན། །བསྣོལ་ཁ་དྲུག་གི་རྩེ་མོ་གཉིས། །སྟེང་འོག་ཕྱོགས་ཤིང་མེ་རླུང་འབར། །དེ་ཡི་དབུས་སུ་གནམ་ལྕགས་ལས། །གྲུབ་པའི་ཆོས་འབྱུང་ཉིས་བརྩེགས་སྟེང་། །གནོད་བྱེད་དགྲ་བགེགས་ཉི་གདན་ལ། །རང་གི་སེམས་ཉིད་ཧཱུྃ་ཡིག་ནག །དེ་ཉིད་ཡོངས་སུ་གྱུར་པ་ལས། །རང་ཉིད་གཅེར་བུ་ཁྲོས་ནག་མ། །སེང་གདོང་ཤ་ཟ་འཇིགས་པའི་སྐུ །སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས། །སྡང་མིག་སྤྱན་གྱིས་མི་མཐུན་པའི། །གདུག་པ་ཅན་གྱི་དགྲ་ལ་གཟིར། །གཟའ་ནད་སྨྱོ་འབོག་ལྟས་ངན་གྱི། །ཆོ་འཕྲུལ་སྣ་ཚོགས་འགྱེད་མཛད་མ། །ཕྱག་གཡས་གནམ་ལྕགས་གྲི་གུག་ཕྱར། །དགྲ་བོའི་སྲོག་རྩ་མྱུར་དུ་གཅོད། །གཡོན་པ་རྩེ་གསུམ་ལྕགས་ཀྱུས་བརྒྱན། །བྷནྡྷ་ཁྲག་བཀང་དགྲ་ལ་སྡིག །ཞབས་གཉིས་བརྐྱང་བསྐུམ་དམ་ཉམས་སྟེང་། །བྲོ་བརྡུང་སྐུ་ལས་མེ་དཔུང་འབར། །ལྕགས་རལ་ཐུར་དུ་སྤྲུགས་པའི་གསེབ། །མེ་སྟག་ཕུར་བུའི་ཚྭ་ཚྭ་དང་། །ཐོག་སེར་ཁྱབ་འཇུག་རཱ་ཧུ་ལ། །གློག་དང་བཅས་པས་ས་གཞི་ཁེངས། །གདུག་པའི་དགྲ་བོ་རྡུལ་དུ་བརླག །གླིང་བཞི་གཡོ་ཞིང་རི་རབ་བསྒུལ། །གཟའ་སྐར་ཉི་ཟླ་ཐང་ལ་འབེབས། ཁྲག་འཐུང་མ་མོ་བྱེ་བ་འབུམ། །དགྲ་ལ་འོ་དོད་ཕྱོགས་བཅུར་འདེབས། ཁྲམ་ཤིང་གྲུལ་མཚོན་བཅས་པ་ནི། །བསྟན་དགྲ་དགོས་དགྲའི་སྟེང་དུ་གཡུག །མྱུར་དུ་བཀུག་ནས་སྲོག་རྩ་གཅོད། །འཁོར་དུ་མི་སྲུན་གདུག་པ་ཅན། །སྡེ་བརྒྱད་སྣང་སྲིད་ལྷ་འདྲེས་བསྐོར། །རླུང་ནག་སྒོར་རླུང་འཚུབས་འཁྱིལ་བའི། །དབུས་ན་བཞུགས་པ་ཁྲོ་མོའི་སྐུ། །སྐད་ཅིག་ཉིད་ལ་རང་ཉིད་གྱུར། །དེ་ཡི་གནས་གསུམ་ཡིག་འབྲུ་གསུམ། །ཧཱུྃ་ལས་འོད་འཕྲོས་རང་འདྲ་ཡི། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །སླར་ཡང་འོད་འཕྲོས་དབང་གི་ལྷ། །སྤྱན་དྲངས་དབང་བསྐུར་སྐུ་གང་ནས། །དྲི་མ་དག་ཅིང་ཆུ་རྒྱུན་གྱི། །ལྷག་མ་སྤྱི་བོར་འཁྱིལ་བ་ལས། །མི་བསྐྱོད་རྒྱལ་པོས་དབུ་བརྒྱན་གྱུར། །ཧཱུྃ་བྷྱོཿ དགྲ་བགེགས་བསྒྲལ་པའི་ཤ་ཁྲག་དང་། །བདུད་རྩི་སྨན་གྱི་མཆོད་པ་དང། །བདེ་ཆེན་ཟུང་འཇུག་ཀུན་ཏུ་རུ། །དམིགས་མེད་རང་རིག་བདེ་བར་བཞེས། །ཧཱུྃ་བྷྱོཿ དྲག་མོ་གཅེར་བུ་སེང་གདོང་མ། །བསྟན་དགྲ་འདུལ་བའི་དཔའ་མོ་ཆེ། །ཤ་ཟ་ཆེན་མོ་འཇིགས་པའི་སྐུ །དུར་ཁྲོད་བདག་མོ་ཁྱོད་ལ་བསྟོད། །ཧཱུྃ་བྷྱོཿ དེ་ཡི་ལྟེ་བར་གནམ་ལྕགས་ལས། །གྲུབ་པའི་འཁོར་ལོ་རྩིབས་བརྒྱད་ཀྱི། །ལྟེ་བ་མུ་ཁྱུད་རྩིབས་རྣམས་ལ། །ས་བོན་ཧཱུྃ་ཡིག་ནག་པོ་དང་། །སྔགས་ཕྲེང་གདུག་པ་རྣོ་ངར་ལྡན། །དགྲ་བགེགས་མི་ནོར་འཁོར་བཅས་ཀྱི། །མགོ་ལུས་མེད་པར་ཉལ་ཉལ་གཏུབས། །མེ་ཡིས་བསྲེགས་ཅིང་རླུང་གིས་གཏོར། །དགྲ་བགེགས་མྱུར་དུ་བརླག་པར་མཛོད། །ཨོཾ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿཤ་ཏྲི་ཛཿནྲྀཿཏྲིཿཁུགཿ དགྲ་བགེགས་འབྱུང་པོའི་སེམས་དང་བག་ཆགས་ངན་པ་མཱ་ར་ཡ་ཕཊཿ ཅེས་ཅི་ནུས་བཟླས་ནས་མཆོད་བསྟོད་སྔོན་དུ་འགྲོ་བས། ཧཱུྃ་བྷྱོཿ བདུད་མོ་དྲག་མོ་སེང་གདོང་མ། ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཚེ་དཔལ་ལོངས་སྤྱོད་སྤེལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། ཁྱོད་ཀྱིས་དོན་ཀུན་སྒྲུབ་པར་མཛོད། །ཅེས་པས་འདོད་དོན་ལ་གསོལ་བ་གདབ་སྟེ། བསྐྱེད་རིམ་ལྷའི་རྣལ་འབྱོར་ཌཱ་ཀིའི་ང་རྒྱལ་དང་མི་འབྲལ་བར་བྱ་ཞིང་། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་པ་འདི་ཉིད་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་དཔལ་རྩེ་ཐང་དུ་སྦྱར་བའི་ཡི་གེ་པ་ནི། རིན་ཆེན་དཔལ་ལྡན་ཆོས་སྐྱོང་གྲགས་པས་བགྱིས་པའི་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཌཱ་ཀི་མྱུར་དུ་འགྲུབ་པར་གྱུར་ཅིག། །། ༈ ན་མོ་གུ་རུ་ཌཱ་ཀི་ཡེ། རྡོ་རྗེ་མཁའ་འགྲོ་ཕྱི་ནང་གསང་གསུམ་གྱི་གཏོར་མ་འབུལ་བར་འདོད་པས། གཏོར་མ་ཤ་ཆང་གིས་བརྒྱན་པ་གསུམ་ཕྱག་ལེན་ལྟར་བཤམས་ཤིང་ཆང་ཆུ་ནང་མཆོད་ཀྱིས་བྲན་ནས། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཏོར་མ་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ཡིག་ལས་སྐྱེས་པའི་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡི་གེ་ལྔ་ཨཱ་ལི་ཀཱ་ལི་དང་བཅས་པ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་གསུམ་གྱིས་བྱིན་གྱིས་བརླབས་ནས། རང་ཉིད་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་མར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ནུབ་ཕྱོགས་ཨུ་རྒྱན་གྱི་དུར་ཁྲོད་རབ་ཏུ་འབར་བ་མེ་ལྕེ་འཁྲིགས་པ་ནས་མ་ཡེ་ཤེས་ཀྱི་ཌཱ་ཀི་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ །ནང་སྒྲུབ་པདྨ་མཁའ་འགྲོ །གསང་སྒྲུབ་གཅེར་བུ་ཁྲོས་ནག་མ་ལ་སོགས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་འཁོར་མ་མོ་སྲིད་པ་འབུམ་སྡེ་བཀའ་སྡོད་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་གཏོར་མའི་སྟེང་དུ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སཏྭཾ། ཌཱ་ཀི་མ་འཁོར་དང་བཅས་པའི་ལྗགས་ཧཱུྃ་གི་འོད་ཟེར་གྱིས་གཏོར་མའི་རོ་བཅུད་དྲངས་ཏེ་དགྱེས་ཤིང་གསོལ་བས་ཚིམས་པར་གྱུར། ཨོཾ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སརྦ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་པ་གསུམ་དང་། ཨོཾ་པདྨ་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སརྦ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་གསུམ་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། སརྦ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་གསུམ་དང་། ཨོཾ་བཛྲ་ཌཱ་ཀི་སི་ཧཾ་མུ་ཁ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། སརྦ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་གསུམ་གྱིས་བསྔོས་ནས། ཕྱི་ནང་གིས་མཆོད་ཅིང་། ཧཱུྃ་བྷྱོཿ གདོད་ནས་རྣམ་དག་ཅེས་པ་ནས། ཕྱག་འཚལ་བསྟོད། ཅེས་པ་དང་། ཧཱུྃ་བྷྱོཿ ཁམས་གསུམ་དབང་སྡུད་ཅེས་པ་ནས། ཁྱོད་ལ་བསྟོད། ཅེས་པ་དང་། ཧཱུྃ་བྷྱོཿ དྲག་མོ་གཅེར་བུ་ཞེས་པ་ནས། ཁྱོད་ལ་བསྟོད། ཕྱི་ནང་གསང་གསུམ་མཁའ་འགྲོའི་ཚོགས། །བདེ་གཤེགས་མ་མོ་ཀུན་འདུས་པའི། །སིཾ་ཧ་མུ་ཁ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་དང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ་ནས། ཨོཾ་བཛྲ་སཏྭ་ཧཱུྃ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་པ། །དེ་ཀུན་ཌཱ་ཀིས་བཟོད་པར་མཛོད། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་ཌཱ་ཀི་འཁོར་བཅས་ཀུན། །བདག་ལ་གཉིས་སུ་མེད་པར་ཐིམ། །ཞེས་པས་གཏོར་མགྲོན་རྣམས་རང་གི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ། ཡི་གེ་གསུམ་གྱིས་ལུས་ངག་ཡིད་གསུམ་གྱི་བར་ཆད་ཐམས་ཅད་སྲུང་བར་གྱུར། བདག་གི་དགེ་བའི་རྩ་བ་འདི། ཌཱ་ཀི་མ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་ཌཱ་ཀི་ཕྱི་ནང་གསང་གསུམ་གྱི་གཏོར་ཆོག་ཉེ་བར་བསྡུས་པ་འདི་ཉིད་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་ཆོས་གྲྭ་ཆེན་པོ་དཔལ་གྱི་རྩེ་ཐང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། བྱ་བཏང་རིན་ཆེན་དཔལ་ལྡན་ཆོས་སྐྱོང་གྲགས་པས་བགྱིས་པའི་དགེ་བས་ཌཱ་ཀི་མྱུར་དུ་འགྲུབ་པར་གྱུར་ཅིག །གཞན་ཡང་ཕྱི་ནང་གསང་བ་ལས་ཚོགས་བཅས་དང་འབྲེལ་བའི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་གཞན་དུ་ཤེས་པར་བྱའོ།། །། ༈ གཉིས་པ་ལས་ཚོགས་ལ། ཐུན་མོང་དང་། མཆོག་གཉིས། དང་པོ་ལའང་དཀར་ནག་ཁྲ་གསུམ་ལས། དང་པོ་ནི། ༈ ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མའི་ཕན་བྱེད་ཀྱི་ལས་ཚོགས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །རབ་འབྱམས་ཕྲིན་ལས་ཀྱི་རིམ་པས་རྒྱལ་སྲས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་ལས་ཚོགས་ལ་དཀར་ནག་ཁྲ་གསུམ་སྟེ། དེ་ལ་ཐོག་མར་ཕན་བྱེད་དཀར་པོའི་ལས་ཚོགས་ཀྱི་རྣམ་གྲངས་ནི། ཚེ་སྒྲུབ་འབྱུང་བཞིའི་བཅུད་བསྡུས། ཚེ་སྒྲུབ་འཁོར་ལོ་འབར་འཛག །ཚེ་སྒྲུབ་རྡོ་རྗེ་ཕུར་པ། དབང་སྡུད་རྒྱལ་པོ་འགུགས་བྱེད། དབང་སྡུད་བཙུན་མོ་འགུགས་བྱེད། དབང་སྡུད་དམངས་དང་འཁོར་སློབ་འགུགས་བྱེད། དབང་སྡུད་ཟས་དང་ལོངས་སྤྱོད་འགུགས་བྱེད། དབང་སྡུད་འཛད་མེད་གཏེར་ཆེན། ནོར་སྒྲུབ་ཁམས་གསུམ་བང་མཛོད། ནོར་སྒྲུབ་གཏེར་ཆེན་བུམ་པ། ཟློག་པ་ཡོད་ཆོག་རྒྱལ་པོ། ཟློག་པ་ཕུར་ཁ་རྦོད་གཏོང་ཟློག་བྱེད། ཟློག་པ་ཕྱོགས་ངན་བདུད་གཅོད་ཟློག་བྱེད། སྲུང་བ་རྡོ་རྗེ་ཁྲོ་བཅུ། སྲུང་བ་སྐུ་གསུང་ཐུགས་ཀྱི་འཁོར་ལོ། སྲུང་བ་སྒྲིབ་ཤིང་ནག་པོ། ལོ་ཏོག་སད་སྲུང་འབྲུའི་བང་མཛོད། ལོ་ཏོག་སད་སྲུང་མུ་གེ་བཀག་པ། ལོ་ཏོག་སད་སྲུང་འགྲོ་ཀུན་བདེ་འགོད། སེར་བ་སྲུང་བ་སྡེ་བརྒྱད་འདུལ་བྱེད། སེར་བ་སྲུང་བ་གནམ་ལྕགས་མེའི་འཁོར་ལོ། སེར་བ་སྲུང་བ་སྡེ་བརྒྱད་ཨར་གཏད་འཁོར་ལོ། ཆར་འབེབ་ཀླུ་རྒྱལ་མ་དྲོས་དམ་འདོགས། ཆར་འབེབ་ཀླུ་ནད་བསལ་བྱེད་འཁོར་ལོ། ཆར་འབེབ་བདུད་རྩི་འབྲུ་ཡི་བང་མཛོད། སྲིའུ་གསོ་བ་སྲོག་འཕེལ་འབྱུང་བཞི་སྟོབས་སྐྱེད། ཆར་གཅོད་རྟེན་འབྲེལ་རྫས་ཀྱི་སྦྱིན་སྲེག །ཐོག་དང་འཁྱུག་སྲུང་བ། ཁྲོ་བཅུ་ལ་བསྟེན་པའི་སྲུང་བ། རིམས་སྲུང་སྔགས་ཆུས་བྲབ་པའི་རྟེན་འབྲེལ། འབྲུམ་སྲུང་ལྕགས་སྲན་བསྒྲིལ་བའི་རྟེན་འབྲེལ། དམར་བཤལ་ལ་སོགས་འཁྲུ་བ་གཅོད་པ་སྔགས་མདུད་ཀྱི་རྟེན་འབྲེལ། ལུག་ནད་དང་ཕྱུགས་ནད་གཅོད་པའི་རྟེན་འབྲེལ་ནད་ཁ་བསྒྱུར་བ། ལྷོག་པ་བསྲུང་བའི་རྟེན་འབྲེལ་སྔགས་སྲུང་ཆེན་མོ། གྲེ་འགག་སྲུང་བ་སྔགས་རྫས་རྟེན་འབྲེལ། གཟའ་ནད་སྲུང་བ་ཁྱབ་འཇུག་མདུད་གྲོལ། མཚོན་སྲུང་རྡོ་རྗེ་གོ་ཁྲབ་དཔའ་བོ་རྩལ་འགྱེད་དོ། །ཞེས་རྣམ་གྲངས་སུམ་ཅུ་རྩ་ལྔའོ། །ཞེས་པའི་དང་པོ་ཆོས་བྱེད་རྣལ་འབྱོར་པ་རྣམས་སྐུ་ཚེ་རིང་དགོས་པས། དེ་ལ་རྟེན་འབྲེལ་སྔགས་དང་དམིགས་པས་བརྒྱན་པར་བྱའོ། །ཞེས་ཚིག་གི་དོན་ཉམས་སུ་ལེན་པ་ནི། བྲག་ཁུང་ཁ་ནུབ་བསྟན་དུ་རང་ཉིད་ཀྱང་ཁ་ནུབ་ལ་ཕྱོགས་ཏེ་སྟན་བདེ་བ་ལ་འདུག་ནས། ཐོ་རངས་ཁྭ་ཏའི་སྐད་མ་བསྒྲག་གོང་དུ། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པ་བྱས་ནས། པདྨ་དང་རོ་གདན་ཉི་མའི་གདན་ལ་རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་སེང་གེའི་གདོང་ཅན་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཚེའི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཞབས་གཉིས་རོལ་སྟབས་སུ་བཞུགས་པ་ཞིག་བསྒོམ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཤར་ཕྱོགས་ནས་སེང་གེའི་གདོང་ཅན་མ་དཀར་མོས་ཤེལ་གྱི་བུམ་པ་བདུད་རྩིས་བཀང་བ་བསྣམས་ནས་བྱོན་ཞིང་། འབྱུང་བ་ཆུའི་བཅུད་ཐམས་ཅད་བསྡུས་པར་བསམ། ལྷོ་ཕྱོགས་ནས་སེང་གེའི་གདོང་ཅན་སེར་མོས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིས་བཀང་བ་བསྣམས་ནས་བྱོན་ཞིང་། སའི་བཅུད་ཐམས་ཅད་བསྡུས་པར་བསམ། ནུབ་ཕྱོགས་ནས་སེང་གེའི་གདོང་ཅན་དམར་མོས་པདྨ་རཱ་གའི་བུམ་པ་འཆི་མེད་བདུད་རྩིས་བཀང་བ་བསྣམས་ནས་བྱོན་ཞིང་། མེའི་བཅུད་ཐམས་ཅད་བསྡུས་པར་བསམ། བྱང་ཕྱོགས་ནས་སེང་གེའི་གདོང་ཅན་མ་ལྗང་གུས་མརྒད་ཀྱི་བུམ་པ་འཆི་མེད་ཀྱི་བདུད་རྩིས་བཀང་བ་བསྣམས་ནས་བྱོན་ཞིང་། རླུང་གི་བཅུད་ཐམས་ཅད་བསྡུས་པར་བསམ། མཐར་མཁའ་འགྲོ་མ་བཞི་པོ་དེ་རྣམས་ཀྱིས་རང་ཉིད་ཌཱ་ཀི་མར་གསལ་བའི་སྤྱི་གཙུག་ནས་མར་འཆི་མེད་ཚེ་ཡི་བདུད་རྩི་དང་། འབྱུང་བ་བཞིའི་བཅུད་རྣམས་བླུགས་པས། ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིས་མེར་གྱིས་ཁེངས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ལུས་ཀྱི་འབྱུང་བཞི་ཉམས་པ་ཐམས་ཅད་སོར་ཆུད་ཅིང་། ཚེ་ཉི་ཟླ་དང་མཉམ་པའི་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ་ནས། རྩ་སྔགས་སྟོང་བཟླའོ། ཁྱད་པར་གྱི་ཚེའི་སྔགས། ཨཿཀཿསཿམཿརཿཙཿཤཿཕཊཿ ཅེས་པ་འདི་ཁྲི་ཚོ་གཅིག་བཟླའོ། །དེ་ནས་མཁའ་འགྲོ་མ་བཞི་པོ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ནས། ཡེ་ཤེས་མཁའ་འགྲོ་སེང་གདོང་མས། །བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །འབྱུང་བཞི་ཆ་སྙོམས་ནད་མེད་ཅིང་། །ཚེ་ཡི་བར་ཆད་ཞི་བར་ཤོག །ཅེས་འབྱུང་བཞི་བཅུད་སྡུད་ཀྱི་ཚེ་སྒྲུབ་ཟབ་མོ་ྀཨཚ།། །།ཚེ་སྒྲུབ་འཁོར་ལོ་འབར་འཛག་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་གཙོ་མོའི་མངོན་རྟོགས་གོང་དང་མཚུངས་པ་ལས། རང་གི་ལུས་ཀྱི་ནང་ན་ཡར་རྩ་གསུམ་འཁོར་ལོ་བཞི་རིམ་པར་གསལ་བཏབ། རྩ་གསུམ་འདུས་པའི་སྒྲོམ་མདོ་ལྟེ་འོག་སོར་བཞི་རུ་མ་ལས་ཐོབ་པའི་རཀྟ་དམར་པོ་ངོ་བོ་ཨ་ཤད་མེའི་རང་བཞིན་ལ། རྣམ་པ་རྗེ་བཙུན་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་ལ་ཚ་བ་ལྕགས་གོང་བསྲེགས་པའི་མདོག་ལྟ་བུ་ཕྱག་གཉིས་ཀྱིས་ཚེའི་བུམ་པ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་ཉི་མའི་གདན་ལ་བཞུགས་པ། ཚོན་གང་བ་ཞིག་བསྒོམ། དབུ་མའི་ཡར་སྣར་ཕ་ལས་ཐོབ་པའི་བྱང་སེམས་ངོ་བོ་བདེ་སྟོང་ཐིག་ལེའི་རང་བཞིན་ལ། རྣམ་པ་རྗེ་བཙུན་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དངུལ་ཆུ་དྭངས་པའི་མདངས་ལྟ་བུ་ཕྱག་གཉིས་ཀྱིས་ཚེ་ཡི་བུམ་པ་བསྣམས་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་ཟླ་བའི་གདན་ལ་བཞུགས་པ་ཚོན་གང་བ་ཞིག་བསྒོམས་ནས་རླུང་སྦྱོར་ཐུན་གཅིག་ལ་གནད་དུ་བསྣུན་ཞིང་རོ་རྐྱང་གི་རླུང་གིས་བུས་པས་ལྟེ་འོག་གི་རྗེ་བཙུན་མ་ལས་མེ་འབར་ཏེ། ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོར་དབུ་མའི་ནང་བརྒྱུད་རྗེ་བཙུན་མ་ལ་མེ་ལྕེས་རེག་པར་བསམ་ནས་རླུང་དང་འཕྲུལ་འཁོར་ལ་འབད་པས་མེ་ཆེར་འབར་ཏེ། སྤྱི་བོའི་རྗེ་བཙུན་མ་ལས་ཐིག་ལེ་ངོ་བོ་བདེ་སྟོང་གི་རྣམ་པ་དངུལ་ཆུ་ལྟ་བུ་སྐྱ་ཆིལ་གྱིས་བབས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་ཀུན་བདེ་བས་མེར་ཁེངས་པ་ལ། རླུང་རྔུབ་ཆུང་ཡང་ཡང་བསྐྱར་ཞིང་བཟུང་བས་ཉི་མས་ཡར་ཕུལ་ཟླ་བས་མར་མནན་པའི་འབར་འཛག་བདེ་སྟོང་གི་རང་བཞིན་ཅན་དེ་ལ་དམིགས་པ་མ་ཡེངས་པར་རྩེ་གཅིག་ཏུ་བསྒོམ་པ་དང་རླུང་སྦྱོར་སྦྲགས། བཟླས་པ་རྩ་སྔགས་སྟོང་ཕྲག་གཅིག །ཁྱད་པར་གྱི་སྔགས་ཁྲི་ཚོ་གཅིག་བཟླས་ནས་ཐུན་བསྡུ་བའི་ཚེ། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མས་བདག་ལ་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པ་དང་། རྐྱེན་ངན་བར་ཆད་ཞི་བར་མཛད་དུ་གསོལ། ཞེས་པས་སྨོན་ལམ་བཏབ་ཅིང་བསྔོ་བ་བྱའོ། །ཚེ་སྒྲུབ་འཁོར་ལོ་འབར་འཛག་ྀཨཚ།། །།ཚེ་སྒྲུབ་རྡོ་རྗེ་ཕུར་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་གཙོ་མོའི་མངོན་རྟོགས་གོང་དང་མཚུངས། དམིགས་པ་དངོས་གཞི་ནི། རང་ལུས་ཌཱ་ཀི་སེང་གེའི་གདོང་ཅན་མར་གསལ་བའི་སྙིང་ག་གྱེན་དུ་བསྟན་པའི་ནང་དུ། ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར་ཡི་གེ་ནྲྀཿསྨུག་པོས་མཚན་པ། རྡོ་རྗེའི་མཐའ་མར་ཁྱད་པར་གྱི་སྔགས་ཀྱིས་གཡོན་སྐོར་དུ་བསྐོར་བ། དེའི་མཐའ་མར་རྩ་སྔགས་ཀྱིས་གཡོན་སྐོར་དུ་བསྐོར་བ་ལ་དམིགས་པ་རྩེ་གཅིག་ཏུ་བསྒྲིལ་ནས་མ་ཡེངས་པར་བཟླས་པ་བྱེད་ཅིང་། བ་སྤུའི་སྒོ་ཐམས་ཅད་ནས་ལྕགས་ཀྱི་ཕུར་པ་མགོ་བོ་སེང་ཞལ་བྱས་པ་དཔག་ཏུ་མེད་པ་འཕྲོས་པས། ཚེ་ལ་གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་བསྐྲད་ཅིང་གཟིར་བ་དང་། རེངས་ཤིང་རྨུགས་པ་དང་། སྤ་བཀོང་བའི་ཕྲིན་ལས་མཛད་པར་བསམ་ནས། རྩ་སྔགས་སྟོང་ཕྲག་གཅིག །ཁྱད་པར་གྱི་སྔགས་ཁྲི་ཚོ་གཅིག་བཟླའོ། །དེ་ནས་ཐུན་བསྡུ་བ་དང་རང་ཉིད་རྩ་སྔགས་ལ་ཐིམ། རྩ་སྔགས་ཁྱད་པར་གྱི་སྔགས་ལ་ཐིམ། ཁྱད་པར་གྱི་སྔགས་རྡོ་རྗེ་ལ་ཐིམ། རྡོ་རྗེ་མེ་ལོང་ལ་ཧས་བཏབ་པ་བཞིན་མཐའ་ནས་རིམ་གྱིས་ནྲྀཿལ་ཐིམ། ནྲྀཿའཚེར་ཞིང་སྣུམ་པ་ལ་ཡིད་མ་ཡེངས་པར་འཆི་མེད་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པའི་མཐར། ཡེ་ཤེས་མཁའ་འགྲོ་སེང་གདོང་མས། །བདག་ལ་ཚེ་ཡི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་པ་བཞིན་དུ་འགྲུབ་པར་ཤོག །ཅེས་པས་སྨོན་ལམ་བཏབ་བོ། །ཚེ་སྒྲུབ་ཟབ་མོ་རྡོ་རྗེ་ཕུར་པ་ྀཨཚ།། །།ན་མོ་གུ་རུ། ཚེ་སྒྲུབ་འདི་གསུམ་གྱི་ཞལ་ཤེས་རྫས་ཀྱི་སྨན་སྦྱོར་བསྟན་པ་ནི། རྩ་བ་ལུས་སྟོབས་བསྐྱེད་པ་ལ་དབང་པོ་ལག་པ། བད་ཀན་གྱི་གཉེན་པོ་ར་མོ་ཤག །མཁྲིས་པའི་གཉེན་པོར་ཅོང་ཞི། གྲང་བའི་གཉེན་པོར་སྒ་་སྐྱ་་དང་དྲོད་སྨན།་་་པི་པི་ལིང་། འདུས་པའི་གཉེན་པོར་ཨ་རུ་ར་གསེར་མདོག །རླུང་གི་གཉེན་པོར་ཛྙཱ་ཏི་དང་ཤ་ཆེན།་་་འདིའི་ཚབ་ཏུ་ཤིང་ཀུན་བྱེད་པ་ལུགས་གཅིག །མཆན། དེ་རྣམས་ཆ་སྙོམ་པར་སྦྱར་ནས། སྦྲང་དཀར་གྱི་ཁཎྜ་དང་སྦྱར་ཏེ་རིལ་བུ་ལུག་གི་རིལ་མ་ཙམ་དུ་བསྒྲིལ། ཐོད་པ་མཚན་ལྡན་གྱི་ནང་དུ་བླུག་ཅིང་དར་དམར་གྱིས་ཁ་བཅད་དེ་མཐའ་གཏོར་ཚོགས་ཀྱིས་བསྐོར། རང་ཚེ་སྒྲུབ་ཀྱི་མངོན་རྟོགས་གང་རུང་ཞིག་བསྒོམས་ནས། རིལ་བུ་བདུད་རྩིར་བྱིན་གྱིས་བརླབས་ཏེ་བཟླས་པ་རྩ་སྔགས་དང་། ཁྱད་པར་གྱི་སྔགས་ཞག་བདུན་གྱི་བར་དུ་མི་ཚིག་གིས་བར་མ་ཆོད་པར་བཟླས་པར་བྱའོ། །དེ་ལ་དམིགས་པ་ནི། རང་དང་བདུད་རྩི་གཉིས་ཀ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སྲུང་མ་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་སྤྱན་དྲངས་རིལ་བུ་ལ་ཐིམ་པར་བསམ། སླར་ཡང་འོད་ཟེར་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་རིགས་དྲུག་རྣམས་ཀྱི་ཚེ་དང་བསོད་ནམས་འབྲུ་བཅུད་མངའ་ཐང་གཟི་བརྗིད་ཐམས་ཅད་བཀུག་ནས། རིལ་བུ་ལ་ཐིམ་པར་བསམ་མོ། །དེ་ནས་མཚམས་གྲོལ་བ་དང་ལྟོ་སྟོང་ལ་རིལ་བུ་རེ་རེ་མ་ཆག་པར་བཟའོ། །ཅེས་པ་འདི་ནི་ཌཱ་ཀི་མའི་གསང་མཛོད་ཀུན་གྱི་ཡང་སྙིང་འཆི་མེད་ཚེ་ཡི་དངོས་གྲུབ་སྟེར་བ་འཆི་བ་བསླུ་ངེས་པའི་མན་ངག་གསེར་གྱི་དུམ་བུ་ལྟ་བུ། བློ་བདེ་ཐོབ་ཆོག་ཚེ་ཉི་ཟླ་དང་མཉམ་པར་ཡིད་གཉིས་ཐེ་ཚོམ་མི་དགོས་པའི་མན་ངག་འདི་ཉམས་སུ་ལོངས་དང་། འཆི་བའི་འཇིགས་པ་ལས་ཐར་ངེས་པ་ཡིན་ནོ། །སྣོད་མིན་རྣམས་ལ་ཤོར་ར་རེ། སྣོད་ལྡན་ལ་སྟེར་བ་སྲིད་ནའང་གསེར་ཞོ་རེའི་ཡོན་དང་། མཁའ་འགྲོ་ལ་ཚོགས་འཁོར་བཟང་པོ་ཤོམས་ལ་བྱིན། གཞན་ལ་མི་སྤེལ་བའི་བཀའ་རྒྱ་དམ་དུ་གྱིས། ཞེས་ཚེ་སྒྲུབ་ཟབ་མོའི་ཞལ་ཤེས་ྀཨཚ།། ༈ །།ན་མོ་གུ་རུ་ཌཱ་ཀི་སིཾ་ཧ་མུ་ཁཱ་ལ། འདིར་རྣལ་འབྱོར་པས་གདུལ་བྱའི་དགོས་སྐབས་དང་བསྟུན་ནས། ཐོག་མར་གཙོ་ཆེ་བ་རྒྱལ་པོ་དབང་དུ་སྡུད་དགོས་པ། དེ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། སྦྱོར་བ་རྫས་གསག་པ་ནི། རྒྱལ་པོ་དེའི་སྐུ་འབག་མཐོ་གང་ལས་མི་ཆུང་བ་ཞིག་བཞེངས། སྐུ་འབག་གི་རྒྱུ་ཡ་ལེ། དེ་ལ་བསྲེ་བའི་རྫས་ནི། དེའི་ལུས་ཀྱི་དྲི་མ་དང་སྐྲ་སེན་གོས་ཟས་ཀྱི་དུམ་བུ་བྱུང་ན་རབ། དེ་རྣམས་མ་བྱུང་ན་རྐང་རྗེས་ཀྱི་ས་དང་གྲིབ་མ་ཕོག་པའི་ས་བསྲེས་པའོ། །སྐུ་འབག་གི་ནང་དུ་སྲོག་སྔགས་ནི། པཱ་ཤཾ་ཀུ་རུ་ཧཱུྃ་རྒྱལ་པོ་ཆེ་གེ་མོ་ཁུག་ཁུག་ཛཿཛཿ སྔགས་འདིའི་འཁོར་ལོའི་བཅའ་ཐབས་ནི། རྒྱ་ཤོག་ཚོས་མ་སྐྱོན་མེད་ལ། མཚལ་གྱིས་འཁོར་ལོ་རྩིབས་བཅུ་གཉིས་ལྟེ་བ་དང་བཅས་པ་བྲིས། ལྟེ་བར་གསེར་གྱི་ཡི་གེས་རྒྱལ་པོའི་སེམས་རྩ་སྒུལ་འབངས་སུ་ཁུག་ཛཿ ཞེས་པ་བྲི། ཤར་ནས་བརྩམ་སྟེ་འཁོར་ལོ་རྩིབས་བཅུ་གཉིས་ཀྱི་དང་པོ་ལ་པཱ། གཉིས་པ་ལ་ཤཾ །གསུམ་པ་ལ་ཀུ །བཞི་པ་ལ་རུ། ལྔ་པ་ལ་ཧཱུྃ། དྲུག་པ་ལ་ཆེ་གེ་མོ། བདུན་པ་ལ་ཁུག །བརྒྱད་པ་ལ་ཁུག །དགུ་པ་ལ་ཛཿ བཅུ་པ་ལ་ཛཿ བཅུ་གཅིག་པ་ལ་ཁུག །བཅུ་གཉིས་པ་ལ་ཁུག །ཅེས་པ་བྲི། ཟངས་གཞོང་ངམ་འཁར་གཞོང་གི་ནང་དུ་ཟས་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་། རིན་ཆེན་སྣ་ལྔ་དང་དར་ཟབ་སྣ་ཚོགས་ཀྱིས་བཀང་ནས་དེའི་སྟེང་དུ་སྲོག་འཁོར་ལ་གི་ཝཾ་ལ་སོགས་ཏེ་དྲི་བཟང་བྱུགས་ནས་བཞག །དེའི་སྟེང་དུ་རྒྱལ་པོའི་སྐུ་འབག་ལག་པ་གཉིས་ཀྱིས་རིན་པོ་ཆེའི་སྣོད་ཟས་སྣ་ཚོགས་པས་བཀང་ནས་འབུལ་བ་དང་། ཕྱག་འཚལ་བའི་ཚུལ་དུ་བྱོན་པ་དང་། རྐང་པ་གཉིས་ཀྱི་པུས་མོ་བཙུགས་ཏེ་གུས་པའི་ཚུལ་ཁོ་རང་ཇི་ལྟ་བ་བཞིན་དུ་བྱས་ནས། སུས་ཀྱང་མི་མཐོང་བར་འཇོག་ཅིང་། གཏོར་མ་དང་ཚོགས་འཁོར་བཟང་པོ་བཤམ། རང་ཉིད་མཚམས་ཤིན་ཏུ་དམ་པས་ལས་ཚོགས་འདི་བྱེད་པ་སུས་ཀྱང་མ་ཚོར་བར་བྱེད་པ་གནད་ཆེ། དེ་ལ་རྫས་འདི་རྣམས་བསྲེགས་པའི་དུད་པ་རྒྱུན་མ་ཆད་པ་དགོས་ཏེ། གི་ཝཾ། གུ་གུལ། གླ་རྩི། ཁ་ཆེ། ཛཱ་ཏི། ལི་ཤི་དེ་རྣམས་ཆ་སྙོམ་པར་ཞིབ་པར་བཏགས་ནས། གཞི་མཁན་པ་དམར་པོ་ཟླ་བ་དྲུག་པའི་ཚེས་བརྒྱད་ཀྱི་ཐོ་རངས་རྩ་རྩེ་མེད་པར་བརྐོས་ནས་གྲིབ་སྐམ་བྱས་པ། དེ་ལ་སྦྱར་བའི་སྤོས་ཀྱི་དྲི་རྒྱུན་མ་ཆད་པར་བཏང་བ་ནི་སྦྱོར་བ་རྫས་གསག་པའོ། །དངོས་གཞི་འགུགས་པའི་ཆོ་ག་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ། དབུ་སྐྲ་ལྕགས་རལ་ཐུར་དུ་སྤྲུགས་པས་རྒྱལ་པོ་དབང་དུ་སྡུད་པའི་ལྕགས་ཀྱུ་མང་པོ་འཕྲོ་བ། སྐུ་ལ་མི་མགོ་སྐམ་རློན་དང་། ཞིང་ལྤགས། ཐལ་ཆེན། ཁྲག་ཞག་གི་ཐིག་ལེ་རྣམས་དང་། སྦྲུལ་སྣ་ཚོགས། སྟག་ཤམ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་སེང་ཞལ་གྱིས་མཚན་པའི་ལྕགས་ཀྱུ་བསྣམས་ནས། དམིགས་ཡུལ་བསྒྲུབ་བྱའི་སྙིང་གར་བཟུང་ཞིང་བཀའ་ཉན་འབངས་དང་བཅས་པ་དབང་དུ་སྡུད་པ། གཡོན་པས་རིན་པོ་ཆེ་པདྨ་རཱ་གའི་བུམ་པ་དགོས་འདོད་འབྱུང་བའི་བདུད་རྩིས་བཀང་བ་དཀུར་བརྟེན་ཅིང་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་གས་བརྒྱན་ཅིང་ཞབས་གཉིས་རོལ་སྟབས་ཀྱིས་པདྨ་དང་གཏེར་གྱི་བུམ་པའི་གདན་ལ་བཞུགས་པར་གྱུར། རྒྱས་གདབ་དགུག་གཞུག་དབང་བསྐུར་སོགས་མེད་དོ། །དེ་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཛཿདམར་པོ་དེའི་མཐའ་སྐོར་དུ། པཱ་ཤཾ་ཀུ་རུ་ཧཱུྃ་རྒྱལ་པོ་ཆེ་གེ་མོ་ཁུག་ཛཿ ཞེས་པའི་སྔགས་ཕྲེང་གིས་བསྐོར་བ་རང་གི་ཁ་ནས་ཐོན་བསྒྲུབ་བྱ་དམིགས་ཡུལ་གྱི་ཁ་ནས་ཞུགས་ཏེ། སེམས་རྩ་སྒུལ་ནས་འབངས་སུ་གྱུར་པར་བསམ། དེའི་བར་ལ་མི་ཚིག་གིས་བར་མ་ཤོར་བར་བཟླས་པ་ཟླ་བ་གཅིག་གི་བར་དུ་འབད། དེས་ནི་རྒྱལ་པོ་དབང་དུ་འདུས་མི་འདུས་ཀྱི་ཐེ་ཚོམ་མི་དགོས་པས། འབུངས་ལ་སྒྲུབ་དང་རྟགས་ཐོན་པ་ཡིན་ནོ། །ཞེས་རྒྱལ་པོ་དབང་སྡུད་ཟབ་མོ་ྀཨཚ། མན་ངག་དབུལ་ཕོངས་དང་བྲལ་བ་འདིའི་ཞལ་ཤེས་ནི། རྒྱལ་པོའི་སྐུ་འབག་ལ་རང་གིས་དགུག་བྱའི་རྒྱལ་པོ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་ཁ་རྗེ་དབང་ཐང་ལོངས་སྤྱོད་འཁོར་འབངས་དང་བཅས་པ་ཐམས་ཅད་བཀུག་ནས། རྡོ་ཚན་ལ་ཁ་བ་བབས་པ་ལྟར་སྐུ་འབག་ལ་སིབ་སིབ་ཐིམ་པར་བསམ། སྐུ་འབག་གི་ཁར་སྨྱུག་མའི་གཤོར་ཤིང་དམ་པར་སྦྱར་ནས་སྔགས་བགྲངས་པའི་ནུས་པ་ཡུངས་དཀར་ལ་བསྟིམས་པ་དེ་ཉིད་སྨྱུག་གཤོར་ནས་རླུང་གིས་ཕུལ་ཏེ། སྐུ་འབག་ནང་དུ་སིབ་སིབ་བཏང་བས། རྒྱལ་པོ་སེམས་རང་དབང་མེད་པར་འགུལ་ཤིང་ལོངས་སྤྱོད་འཁོར་དང་བཅས་པ་ཕུལ་བར་བསམ་པ་ནི་འདིའི་ཞལ་ཤེས་ྀཨཚ།། །།རྣལ་འབྱོར་པ་བདེ་བ་འཕེལ་བར་བྱེད་པའི་རྟེན་གྱི་མཆོག །ལོངས་སྤྱོད་ཀྱི་འདོད་ཡོན་ཕུན་སུམ་ཚོགས་པ་སྟེར་བའི་རྒྱལ་པོའི་བཙུན་མོ་དབང་དུ་སྡུད་པ་ནི། དེའི་ཐོག་མར་རྫས་གསག་དགོས་ཏེ། དེ་ཡང་རབ་བཙུན་མོ་ཉིད་ཀྱི་སྐྲ་སེན་སོ་དང་ལུད་པ། འབྲིང་གཅིན་ཤུལ་གྱི་ས་དང་ཟོས་ལྷག །ཐ་མ་རྐང་རྗེས་ཀྱི་ས་དང་དྲི་མ་ཕོག་པའི་གོས་ཀྱི་སྤུ། རྫས་རབ་འབྲིང་གསུམ་པོ་གང་རུང་གཅིག་དང་བག་ཟན་བསྲེས་པ་ལ་བཙུན་མོའི་གཟུགས་བྱད་ཅི་འདྲ་བ་བཟོས་པའི་སྙིང་གི་དཀྱིལ་དུ། པཱ་ཤཾ་ཀུ་རུ་ཧཱུྃ་ཡིད་དུ་འོང་བའི་ཆེ་གེ་མོ་འདིའི་སེམས་རྩ་སྒུལ་ཡིད་དུང་དུང་ཁུག་ཛཿ ཅེས་བྲིས་པ་དར་དམར་པོའི་ནང་དུ་གཏུམས་ནས་འཇུག །དེ་ནས་ཟངས་ཀྱི་དབང་ཕྱུག་ཆེན་པོ་མིག་གདངས་ཤིང་པགས་པ་ཕྱི་ལྷོགས་པ་ཆུ་རྩ་སྦུབས་སེང་ཡོད་པ་དེ་ཉིད་མཚན་མའི་ནང་དུ་བཙུད་དེ་ཚོན་སྐུད་སྣ་ལྔ་བཏགས་ཤིང་སྐབས་སུ་སྔགས་ཀྱིས་བྲབ་པ་ནི་རྫས་གསག་པའོ། །དེ་ནས་བསྐྱེད་རིམ་བཟླས་པའི་དམིགས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཚུངས་པ་ལས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་སེང་གེའི་གདོང་ཅན་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་པས་ཟངས་ཀྱི་དབང་ཕྱུག་ཆེན་པོ་འབྲས་བུ་འཛགས་པ་དང་བཅས་པ་བསྣམས་པ། གཡོན་པ་ལྕགས་ཀྱུ་འཛིན་ཞིང་དམིགས་བྱ་རང་དབང་མེད་པར་འགུགས་པ། དུར་ཁྲོད་ཀྱི་ཆས་ཀྱིས་སྐུ་ལ་བརྒྱན་པ། ཞབས་གཉིས་རོལ་སྟབས་ཀྱིས་ཉི་མའི་གདན་ལ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་གྱུར། དེ་ནས་གོང་དུ་བསྟན་པའི་སྔགས་བཟླས་པས་བཙུན་མོ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་བག་ཟན་གྱི་བྱད་གཟུགས་དེ་ཉིད་ལ་ཐིམ་ཞིང་། དེ་ཉིད་འདོད་ཆགས་ཀྱི་རླངས་པ་རྡོལ་ནས་རང་དབང་མེད་པར་གུས་པར་བསམ་མོ། །དེ་ལྟ་བུའི་བཟླས་པ་མི་ཚིག་གིས་བར་མ་ཆོད་པར་ཟླ་བ་གཅིག་བྱས་པས། བཙུན་མོ་རང་དབང་མེད་པར་ཁུག་པར་ཐེ་ཚོམ་མེད་དོ། །ལག་བཅངས་མ་ཡིན་པས་ཉམས་སུ་ལོངས་ཤིག །བཙུན་མོ་འགུགས་བྱེད་ཀྱི་གདམས་པ་ཟབ་མོ་ྀཨཚ། བདེ་བ་སྟེར་ཞིང་ལོངས་སྤྱོད་མ་ལུས་པ་འབྱུང་བའི་བཙུན་མོ་ཕྱག་རྒྱ་འགུགས་པའི་ཞལ་ཤེས་ནི། རྫས་གཏུམ་གྱི་སྲོག་སྔགས་ནི། ཡིག་མགོ་ཕྱིར་བསྟན་རིམ་པ་གཉིས་བྲི། ཤོག་བུ་བོད་ཤོག་སྐྱོན་མེད་ཀྱིས་གཏུམ། བྷ་གར་བཅུག་པའི་ཟངས་ཀྱི་ལིངྒར། སྐབས་སུ་སྔགས་ཀྱིས་འབུད་པའོ། །བུས་པ་བཙུན་མོའི་རྟགས་རང་དབང་མེད་པར་ཁོལ་ནས། སྐད་ཅིག་ཉིད་ལ་རང་གི་འབངས་སུ་གྱུར་པར་བསམ་མོ། །དེ་ནས་མཚམས་གྲོལ་བ་དང་། བག་ཟན་གཙོ་མོའི་ཁོག་ལ་སྟེར་ཐུབ་ན་རབ། མ་ཐུབ་ན་ཞིབ་པར་བཏགས་ཏེ་གོས་ལ་འཐོར་ཐུབ་པ་བྱའོ། ཁུག་མི་ཁུག་ཐེ་ཚོམ་མི་དགོས་པས། འབད་ནས་འབུང་བར་བྱའོ། །རྩ་སྔགས་ཀྱི་མཇུག་ཏུ་སྒོས་ཀྱི་སྔགས་བཏགས་ནས་བཟླ་བ་ཡིན། ཞལ་ཤེས་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་ལ་ན་མོ། སྙིགས་མ་ལྔའི་དུས་སུ། དད་པ་དང་ལྡན་པའི་འཁོར་འདུ་བར་དཀའ་བས། དེས་ན་དབང་སྡུད་ཟབ་མོ་འདི་དགོས་ཏེ། འདི་ལ་རྫས་དང་སྔགས་ཏིང་ངེ་འཛིན་གསུམ་ལས། ཐོག་མར་རྫས་གསག་པ་ནི། མི་ཆེ་དགུ་ཐམས་ཅད་ཀྱི་ཟས་ལྷག་དང་། སྔགས་པ་བཙུན་པ། མདོར་ན་མི་ཕལ་པ་ཐམས་ཅད་ཀྱི་ཟ་མའི་ལྷག །འབྲུ་སྣ་ཚོགས་ཚད། དར་ཟབ་གསེར་དངུལ་ཚོགས་ཚད། ས་སྣ་ཚོགས་ཚད། ཆུ་སྣ། ཤིང་སྣ་ཐམས་ཅད་བསགས་ནས། རྫའི་བུམ་པ་སྔར་བེད་མ་སྤྱད་པ་སོ་བཏང་བ། བྲེ་གསུམ་ཙམ་འགྲོ་བའི་ནང་དུ་བླུགས་ནས་གཡབ་དར་བཙུགས་ཤིང་། དེའི་མཐའ་སྐོར་ཀུན་བག་ཟན་མི་སྣ་མི་གཅིག་པ་མང་པོས་བསྐོར། གཏོར་ཚོགས་བཟང་པོ་བཤམ། ཁམ་སས་གཞི་བྱས་པའི་དབང་སྡུད་ཀྱི་སྤོས་སྦྱོར་རྒྱུན་མ་ཆད་པར་བསྲེགས་པ་ནི་རྫས་གསག་པའོ། །དངོས་གཞིའི་ཏིང་ངེ་འཛིན་སྔགས་དང་བཅས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པ་ལས། པདྨ་རོ་དང་ཉི་མའི་གདན་གྱི་སྟེང་དུ། རང་ཉིད་སྐད་ཅིག་གིས་དབང་སྡུད་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མ། གཡས་ལྕགས་ཀྱུས་འཛམ་བུ་གླིང་གི་སྐྱེ་འགྲོ་ཐམས་ཅད་དབང་དུ་སྡུད་པར་མཛད་པ། གཡོན་ཞགས་པ་བསྣམས་ནས་སྐྱེ་བོ་ཐམས་ཅད་འབངས་སུ་འཆིང་བ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྐུ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་ཞིག་བསྒོམས་ནས་སྔགས་བཟླ་བ་ནི། རྩ་སྔགས་ཀྱི་མཇུག་ཏུ། པཱ་ཤཾ་ཀུ་རུ་ཧཱུྃ་ནྲྀ་ཛ་ཁུག །སྐྱེ་བོ་ཕལ་པ་རྣམས་ཀྱི་སྙིང་རྩ་དཀྲུགས་ལ་དབང་དུ་སྡུས། ཅེས་པ་ཐུན་རེ་ལ་ཁྲི་ཚོ་རེ་བཟླས་ལ་ཐུན་གསུམ་དུ་བཅད་དེ། ཐུན་མཇུག་ཏུ་གཡབ་དར་ལག་གཡས་སུ་ཐོགས། གཡོན་དུ་རང་གི་རྟགས་བསྒྲེངས་ནས་ཐོགས་ཏེ། ཐོག་ཁར་ཀུན་གྱིས་མི་མཐོང་བར་ཕྱིན་ནས་གཡབ་དར་གཡུག་པ་དང་ངག་ཏུ་འདི་སྐད་བརྗོད་དེ། རྗེ་བཙུན་དབང་སྡུད་ཀྱི་རྒྱལ་མོས། འཛམ་བུ་གླིང་གི་སྐྱེས་པ་བུད་མེད་ཕྱུག་པོ་ཕྱུག་མོ་བཙུན་པ་བཙུན་མ་དགེ་བཤེས་གནས་བརྟན་རྟོགས་ལྡན་ཕོ་མོ་སྔགས་བོན་སོགས་མདོར་ན་མགོ་ནག་གི་མི་ཐམས་ཅད་བདག་གི་དབང་དུ་སྡུད་པའི་ཕྲིན་ལས་མཛོད་ཅིག །བདག་གི་དབང་དུ་འདུ་བར་གྱུར་ཅིག །ཅེས་དམོད་བོར་ནས་དུང་གསུམ་བུས་ཤིང་ནང་དུ་ལོག་འོང་སྟེ། ནས་ལ་སྔགས་ཀྱིས་བྲབས་པའི་སྔགས་ནས་ཀྱིས་བུམ་པ་ལ་རབ་གནས་བྱའོ། །དེ་ལྟ་བུའི་བཟླས་པ་ཟླ་བ་གཅིག་ལས་མི་ཉུང་བ་མི་ཚིག་གིས་བར་མ་ཤོར་བར་བྱས་པས་འགྲོ་བ་ཐམས་ཅད་དབང་དུ་འདུ་བར་ཐེ་ཚོམ་མེད་དོ། །ཉམས་སུ་ལོངས་དང་ངེས་ཤེས་སྐྱེ་བར་འགྱུར་རོ། །ཅེས་འཁོར་འགུགས་པའི་གདམས་པ་ཟབ་མོ་ྀཨཚ། །འདིའི་ཞལ་ཤེས་ཟབ་མོ་ནི། ཚེས་གྲངས་རྒྱལ་ཕུར་འཛོམ་པ་ཁོ་ན་ཡིན། སྦྱོར་བ་འཕེལ་བ་ལ་བྱེད་པ་གནད་ཆེ། དུས་ཚོད་ཚེས་གཅིག་ནས་བརྩམ་སྟེ་བྱེད། དེ་ནས་བུམ་པ་ཟས་སྣ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་དེ་ཉིད་ནས་ཁལ་ཕྱེད་ལས་མི་ཉུང་བ་ལ་པདྨའི་དབྱིབས་བཟོས་ནས་དེའི་ཁར་འཇོག །བུམ་པ་ལ་འཛུགས་པའི་གཡབ་དར་ནི། རབ་རྐུན་པོའི་རྐང་པ་གཡས་པའི་རྐང་དུང་མཛོ་སྣ་གཉིས་མ་ཉམས་པ་ལ། དར་སྣ་ཚོགས་ལ་འཕན་གྱི་དབྱིབས་བཟོས་ནས་གི་ཝཾ། གུར་གུམ། རྡོ་རྗེ་མདའ་མ་ཕོག་པའི་རཀྟ་གསུམ་ལ་སྦྱངས་པའི་མཚལ་གྱི་ཡི་གེ །རྩ་སྔགས་སྦྲུལ་མཇུག་ཏུ་བྲིས་པའི་མཇུག་ཏུ་འདོད་དོན་གྱི་སྔགས་ཀྱང་སྦྲུལ་མཇུག་ཏུ་དར་སྣ་ཚོགས་ལ་བྲིས་ནས་མཛོ་སྣ་གཉིས་ལ་འདོགས་པའོ། །དམིགས་པ་ནི་འཛམ་བུ་གླིང་གི་སྐྱེ་འགྲོ་ཐམས་ཅད་འོད་ཟེར་ལྕགས་ཀྱུ་དང་བཅས་པས་དབང་དུ་འུབ་འུབ་བསྡུས་པར་བསམ་མོ། །མཚམས་གྲོལ་ནས་བུམ་པའི་ནང་གི་རྫས་དང་བག་ཟན་ཀུན་ཞིབ་ཐག་ཆོད་པར་བཏགས་ནས་སྦྲང་དཀར་གྱིས་ཁཎྜ་བྱས་ནས་རིལ་བུ་བྲ་བའི་རིལ་མ་ཙམ་བྱས་པ། གྲིབ་མ་ལ་ལེགས་པར་བསྐམ་སྟེ་ཚགས་བྱས་ནས་འགྲོ་བ་འབྲེལ་པ་ཐོགས་ཚད་ལ་མངོན་དང་མི་མངོན་གཉིས་ཀའི་སྒོ་ནས་སྦྱིན་པར་བྱའོ། །དེས་ནི་འགྲོ་བ་དབང་དུ་མི་འདུ་མི་སྲིད་པས། ཉམས་སུ་བླངས་ན་དངོས་གྲུབ་ཆེན་པོ་ཡོད། ལེ་ལོ་དང་སྙོམ་ལས་ཀྱི་དབང་དུ་སོང་ན་དངོས་གྲུབ་ཡལ་འགྲོ་བས་གོ་བར་གྱིས། འཁོར་སློབ་འགུགས་བྱེད་ཀྱི་དབང་སྡུད་ཟབ་མོའི་ཞལ་ཤེས་ྀཨཚ།། །།ཌཱ་ཀི་བྱིན་རླབས་ཅན་ལ་ན་མོ། སྙིགས་མའི་དུས་ཀྱི་སེམས་ཅན་དད་པ་ཆུང་ཞིང་ལོངས་སྤྱོད་བཀྲེན་པས། དེའི་དུས་དང་ཆོས་བྱེད་རྣལ་འབྱོར་པ་རྣམས་ལ་ཟས་དང་ལོངས་སྤྱོད་འགུགས་དགོས་ཏེ། དེ་ལ་ཐོག་མར་ཌཱ་ཀི་ཆེན་མོའི་ཕྱི་ནང་གསང་གསུམ་གྱི་བསྙེན་པ་ཐེམས་ངེས་པ་ཞིག་གལ་ཆེ། དེ་ནས་ལས་འདི་བརྩམ་པས་འགྲུབ་པ་ཡིན་ཏེ། དེ་ལ་རྫས་དང་སྔགས་དང་ཏིང་འཛིན་ནོ། །རྫས་ནི་ཐོད་པ་མཚན་ལྡན་གྱི་ནང་དུ་འབྲུ་སྣ་ཟས་སྣ་ཀུན་གྱིས་བཀང་ནས་ཆོས་འབྱུང་བྲིས་པའི་མཎྜ་ལའི་ཁར་བཞག །ཐོད་པ་དེའི་སྟེང་དུ་ཡང་མཚན་ལྡན་གྱི་ཐོད་པ་བདུད་རྩིས་བཀང་བ་ཞིག་བཞག་པའི་ཁ་དར་གྱིས་བཅད་ནས། དེའི་སྟེང་དུ་མཎྜ་ལར་སིནྡྷུ་རའི་ཆོས་འབྱུང་བྲིས་པ་ལ་རྫས་བཀོད་པ་ནི་ཤར་དུ་བུ་རམ། ལྷོར་ལུག་ཤ །ནུབ་ཏུ་ཤིང་ཀུན། བྱང་དུ་ཚྭ་ཚོགས་ཚད། དབུས་སུ་ཤ་ཆེན། བྱང་ཤར་དུ་རྒུན་འབྲུམ། ཤར་ལྷོར་གླ་རྩི། ལྷོ་ནུབ་ཏུ་ལི་ཁྲི། ནུབ་བྱང་དུ་གི་ཝཾ། དེ་རྣམས་ཚོགས་པར་བྱས་ནས་གཏོར་ཚོགས་ཤིན་ཏུ་བཟང་ཞིང་མཁའ་འགྲོ་འདུ་བའི་སྤོས་སྦྱོར་གྱི་དུད་པ་མ་ཆད་པར་བཏང་བ་སོགས་དེ་རྣམས་འཛོམ་པ་ནི་རྫས་གསག་པའོ། །ལྷ་བསྒོམ་ཞིང་སྔགས་བཟླ་བ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པ་ལས། རང་ཉིད་སྐད་ཅིག་གི་ཟས་ནོར་ཆར་ལྟར་འབེབ་པའི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་མོ་གཅེར་བུ་རྒྱན་མེད་པ་ཞལ་གཅིག་ཕྱག་གཉིས་ཀྱི། གཡས་ཟས་སྣ་ཚོགས་ཀྱིས་བཀང་བའི་ཀ་པཱ་ལ་དང་། གཡོན་ཁམས་གསུམ་གྱི་ཟས་ནོར་མི་གསུམ་འགུགས་པའི་ལྕགས་ཀྱུ་བསྣམས་པ། པད་ཉི་རོའི་གདན་ལ་བཞུགས་པར་གྱུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ པཱ་ཤཾ་ཀུ་རུ་ཧཱུྃ་ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་ཁུག་ཁུག་ཛཿཛཿ ཞེས་ཐུན་རེ་ལ་ཁྲི་ཚོ་རེ་བགྲང་ནས། ཌཱ་ཀི་མ་ལ་ཚོགས་དང་གཏོར་མ་ཕུལ་ཞིང་དངོས་གྲུབ་ཞུ་བའོ། །འདིས་ཟས་ནོར་མི་གསུམ་ལོངས་སྤྱོད་ཐམས་ཅད་ཆར་ལྟར་འབབ་ཅིང་ཁྱད་པར་མོ་ཆགས་ཀྱི་རིགས་ཀུན་བྱམས་པར་འགྱུར་རོ། །ཞེས་ཟས་ནོར་མི་གསུམ་ལོངས་སྤྱོད་འགུགས་པའི་གདམས་པ་ཟབ་མོ་ྀཨཚ། །མན་ངག་ཐུན་མོང་མ་ཡིན་པ་འདིའི་ཞལ་ཤེས་ནི། ཐོག་མར་ཆོས་འབྱུང་དམར་པོ་མེ་རི་དང་བཅས་པ་ལྟེ་བ་ལ་ཧཱུྃ་དམར་པོ་བྲིས་པ་གཅིག །དེའི་སྟེང་དུ་མཎྜལ་བཞག །དེའི་སྟེང་དུ་རྫས་ཐོད་དང་། ནང་མཆོད་ཀྱི་ཐོད་པ་གཉིས་བརྩེགས་ནས་འཇོག །དེའི་སྟེང་དུ་དགོས་འདོད་འབྱུང་བའི་རྫས་མཎྜལ་སིནྡྷུ་རའི་ཆོས་འབྱུང་རྫས་དང་བཅས་པ་བཀོད། མཐར་ཚོགས་གཏོར་བཟང་པོས་བསྐོར་ནས། མདུན་བསྐྱེད་ཀྱི་བྱ་ཐབས་ནི། ཆོས་འབྱུང་གྲུ་གསུམ་མེ་རི་དང་བཅས་པ། དབུས་སུ་རྫས་ཐོད་ཀྱི་གདན། དེའི་སྟེང་དུ་ནང་མཆོད་ཐོད་པ་དང་བཅས་པའི་གདན། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དང་། མཎྜལ་སིནྡྷུ་རའི་ཆོས་འབྱུང་དང་བཅས་པའི་སྟེང་དུ་དགོས་འདོད་ཐམས་ཅད་འབྱུང་བའི་རྫས། དེའི་སྟེང་དུ་བདག་བསྐྱེད་ཅི་འདྲ་བ་བཞིན་ལྷ་མོ་བསྐྱེད་ནས་རྩ་སྔགས་ཤམ་བུ་དང་བཅས་པ་ཐུན་རེ་ལ་སྟོང་ཕྲག་གསུམ་བཟླས་པའི་མཐར། རྗེ་བཙུན་མ་འོད་དུ་ཞུ་ནས་རྫས་རྣམས་ལ་ཐིམ་པས་དེ་ཉིད་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཁམས་གསུམ་ལྷ་མིར་བཅས་པའི་ཟས་ནོར་འབྲུ་བཅུད་ཐམས་ཅད་བསྡུས་ནས་རྫས་རྣམས་ལ་སིབ་སིབ་ཐིམ་པར་བསམས་ནས། རྗེ་བཙུན་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མ་ཟས་ནོར་ལོངས་སྤྱོད་ཀྱི་རྒྱལ་མོས་བདག་ལ་ཟས་དང་ལོངས་སྤྱོད་ཆར་བཞིན་དུ་འབབ་པའི་ཕྲིན་ལས་མཛད་དུ་གསོལ། བདག་ལ་བུད་མེད་ཀྱི་ཕྲིན་ལས་སྒྲུབ་ཅིང་མོ་ཆགས་སྤྲིན་བཞིན་དུ་འཐིབས་པའི་ཕྲིན་ལས་མཛད་དུ་གསོལ། དེ་ནས་གཏོར་ཚོགས་མཆོད་པ་རྙིང་པ་རྣམས་བསྡུས། སླར་སོ་མ་བཅས་ནས་བདག་བསྐྱེད་ཀྱི་བཟླས་པ་མདུན་བསྐྱེད་ཀྱི་བཟླས་པ་བརྟན་བཞུགས་དང་བཅས་པའོ། །དེ་ལྟ་བུའི་བཟླས་པ་གཞན་གྱིས་མ་ཚོར་བར་ཟླ་བ་གཅིག་གི་བར་དུ་སྙོམ་ལས་ཀྱི་ལྷད་མ་ཞུགས་པར་ཕྱག་ལེན་ངེས་པ་ཅན་གྱིས་སྒྲུབ་ནུས་ན་རྟགས་ཐོན་པར་ཐེ་ཚོམ་མེད་དོ། །དེ་ནས་མཚམས་གྲོལ་བ་དང་། རྫས་རྣམས་གཅིག་ཏུ་བསྲེས་ནས་ཞིབ་པར་བཏགས་ཏེ་སྐྱེས་པ་སྟག་ལོ་པའི་རླིག་པའི་ཁུད་དུ་གཏུམས་ནས། ལུས་ཀྱི་དྲོད་དང་མ་བྲལ་བར་བྱའོ། །གལ་ཏེ་ལོངས་སྤྱོད་ཅུང་ཞིག་དཀོན་པ་ཙམ་བྱུང་ན། རྫས་འཐོར་ལུགས་ཀྱི་མན་ངག་གཞན་ལས་ཤེས། མན་ངག་ཐུན་མོང་མ་ཡིན་པ་ཟས་དང་ལོངས་སྤྱོད་འགུགས་པའི་ཞལ་ཤེས་ཟབ་མོ་ྀཨཚ།། །།ཌཱ་ཀི་བྱིན་རླབས་ཅན་ལ་ན་མོ། སྙིགས་མའི་དུས་ཀྱི་སྒྲུབ་པ་པོ་རྣམས་ལ་མཐུན་རྐྱེན་དཀོན་ཞིང་འཚོ་བ་ངན་པའི་དུས་ཡིན་པས། དེ་ལ་ནོར་ལོངས་སྤྱོད་དགོས་པས། ཐུན་མོང་མ་ཡིན་པའི་གདམས་པ་ནོར་སྒྲུབ་འཛད་མེད་གཏེར་ཆེན་ཞེས་བྱ་བ་འདི་ལ། རྫས་སྔགས་ཏིང་ངེ་འཛིན་གསུམ་སྟེ། ཐོག་མར་རྫས་གསག་པ་ནི། རྐུན་པོའི་ལག་པ་གཡས་པའི་གཞུ་མཆོག་དང་ལྤགས་པའི་བར་ན་མར་མཛུ་གུ་ཤོང་པ་ཙམ་གྱི་དབྱུག་པ་བཙུད་ནས། སོར་མོ་རྣམས་རང་རང་ཐད་དུ་ནང་ལ་མགོ་གུག་ཙམ་ཡོད་པར་བྱས་ནས་དུད་པ་ཡོང་བའི་གྲིབ་མར་བསྐམ། ཚོ་ཐུབ་ཙམ་ལ་ཤིང་བཏོན་ནས། དེའི་ནང་དུ་གཟུངས་ཤོག་དྲིལ་དུ་བྱས་པ་འཛུད། ཁ་སྤྲ་ཚིལ་གྱིས་བཅད། མཐེ་བོང་ནས་བརྩམ་སྟེ། མཐེ་ཆུང་གི་བར་དུ་སྔགས་འདི་རྣམས་བཀོད་དེ། རྒྱ་ཤོག་ལ་གསེར་གྱིས་བྲིས་པའི་ཧཱུྃ་ཧ་རི་ནི་ས། ཞེས་པའི་ཡིག་འབྲུ་ལྔ་པོ་འདི་སེན་མོ་ཀུན་ལ་བཀོད། ལག་མཐིལ་དུ་བྷྱོཿ དེའི་མཐའ་སྐོར་དུ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ སིདྡྷི་ཕ་ལ་ཧཱུྃ། ཞེས་པས་བསྐོར་བ་བྲི། དེ་ནས་སོར་མོ་ལྔ་ལ། དར་དཀར་དམར་སྔོ་སེར་ནག་པོ་དང་ལྔ་དབྱིབས་འཕན་གྱི་གཟུགས་ལྟ་བུར་བྱས་ནས་བཏགས། དེ་རྣམས་ལ་རྩ་སྔགས་ཚེག་མེད་དཀྱུས་མཚུངས་པ་བྲིས་ནས་མཇུག་རྣམས་ཀྱི་དར་དཀར་པོ་ལ། ཧ་སིདྡྷི་ཕ་ལ་ཧཱུྃ། ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་མ་ལུས་པ་ཁུག་ཛཿ དམར་པོ་ལ། རི་སིདྡྷི་ཕ་ལ་ཧཱུྃ། ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་མ་ལུས་པ་ཁུག་ཛཿ སྔོན་པོ་ལ། ནི་སིདྡྷི་ཕ་ལ་ཧཱུྃ། ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་མ་ལུས་པ་ཁུག་ཛཿ སེར་པོ་ལ། ས་སིདྡྷི་ཕ་ལ་ཧཱུྃ། ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་མ་ལུས་པ་ཁུག་ཛཿ ནག་པོ་ལ། ཧཱུྃ་སིདྡྷི་ཕ་ལ་ཧཱུྃ། ཁམས་གསུམ་གྱི་འབྲུ་བཅུད་གསེར་དངུལ་ཟངས་ལྕགས་མ་ལུས་པ་ཐམས་ཅད་ཁུག་ཛཿ དེ་ལྟ་བུའི་གཡབ་དར་སྲོད་དང་ཐོ་རངས་དུས་སུ་མ་གཏོགས་གཙང་ས་རུ་གཅེས་སྤྲས་བྱས་ཏེ་མི་མངོན་པར་བཞག་གོ །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྤྱི་དང་མཐུན་པར་བྱས་ནས། རང་ཉིད་སྐད་ཅིག་གིས་གཏེར་གྱི་བུམ་པའི་ཁྲི་དང་ཉི་མའི་གདན་ལ་ནོར་ལྷའི་རྒྱལ་མོ་སེང་གེའི་གདོང་ཅན་སྐུ་མདོག་ནག་མོ་གཅེར་བུ་རྒྱན་དང་བྲལ་བ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་མཚན་ནམ་མཁར་ཕྱར་བ། གཡོན་གསེར་དངུལ་ལ་སོགས་རིན་པོ་ཆེ་སྣ་ཚོགས་དང་། འབྲུ་སྣ་ཚོགས་ཀྱིས་གང་བའི་བུམ་པ་བསྣམས་པ་ཞིག་བསྒོམས་ནས། རང་གི་ལག་ཏུ་ཐོགས་ཏེ་གསོལ་བ་འདི་ལྟར་བཏབ་བོ། །ཧཱུྃ་བྷྱོཿ རིང་ཆ་བཅས་པ་ཉེར་གཅིག་བརྗོད་ནས། ཌཱ་ཀི་ཆེན་མོ་ནོར་ལྷའི་རྒྱལ་མོ་བདག་ལ་འདོད་པ་ཁམས་གསུམ་གྱི་གསེར་དངུལ་ཟངས་ལྕགས་གཡུ་གོ་ཁྲབ། འབྲུ་རིན་པོ་ཆེ་དར་ཟབ། ཟས་གོས་ཤ་མར་ཐུད་གསུམ། བཟའ་བཏུང་འདོད་ཡོན་སྣ་དགུ །དཀོར་ནོར་སྣ་ཚོགས་རྟ་དང་གླང་པོ་འདོད་འཇོའི་བ། ཁྲག་ཆགས་གནག་ལུག་ནོར་གྱི་བང་མཛོད་མ་ལུས་པ་སོགས་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བདག་གི་ཚེ་འདི་ལ་དབང་དུ་འདུ་བར་མཛོད་ཅིག །དབང་དུ་འདུས་པར་གྱུར་ཅིག །ཅེས་ཕྲིན་ལས་བཅོལ་ཞིང་སྨོན་ལམ་བཏབ་བོ། །མན་ངག་ཟབ་མོ་འདི་མི་ཚིག་གིས་བར་མ་ཤོར་བར་ཟླ་བ་གསུམ་སྒྲུབ་ནུས་ན། ཚེ་འདིར་དབུལ་ཕོངས་ཀྱི་སྡུག་བསྔལ་གྲོལ་ཞིང་། ཟད་མི་ཤེས་པའི་ལོངས་སྤྱོད་འབྱུང་བར་ཐེ་ཚོམ་མེད་པས་ལག་ཏུ་ལོངས་ཤིག་མྱོང་བས་གྲུབ་པ་ཡིན་ནོ། །སྒྲུབ་ཐག་རིང་སྙམ་མ་བྱེད་བརྩོན་འགྲུས་མྱུར་བར་བསྐྱེད་དང་འདོད་དོན་སྐད་ཅིག་ཉིད་ལ་འབྱུང་བར་གདའོ། །ཅེས་པ་འདི་ནི་ཌཱ་ཀི་ཆེན་མོའི་ནོར་སྒྲུབ་འཛད་མེད་གཏེར་ཆེན་ཞེས་བྱ་བའི་གདམས་པ་ྀཨཚ། ནོར་ལྷའི་རྒྱལ་མོ་དོན་ཐམས་ཅད་གྲུབ་པ་ལ་ཕྱག་འཚལ་ལོ། །གདམས་པ་འདིའི་ཞལ་ཤེས་ཐུན་མོང་མ་ཡིན་པ་ལ། གཡབ་དར་གྱི་ཡིག་འབྲུ་རྣམས་བཀོད་ཚུལ་ནི། ལག་ངར་གྱི་གཞུང་ལ་ཤོག་དྲིལ་འཛུད་པའི་ཡི་གེ་འབྲི་བའི་ཤོག་བུ་ནི། རྒྱ་ཤོག་ཚོས་མ་ལ་ཡི་གེ་མཚལ་གྱིས་འབྲི་བ་ཡིན། རྩ་སྔགས་ཡི་གེ་བཅུ་བཞི་པ་སྦྲུལ་མཇུག་བྲིས་པ་རྣམས་ཀྱི་འགབ་ཏུ། སིདྡྷི་ཕ་ལ་ཧཱུྃ་ཁམས་གསུམ་གྱི་ཟས་ནོར་མི་གསུམ་ལོངས་སྤྱོད་མ་ལུས་པ་ཁུག་ཛཿ དཀྱུས་སུ་འབྲི་བ་ཡིན། དེ་མགོ་གཞུག་མ་ལོག་པར་སྒྲིལ་ནས་གི་ཝཾ་ལི་ཁྲི་གཉིས་ཀྱིས་བྱུགས་ནས་ཡིག་མགོ་སེན་མོ་རྣམས་ལ་གཏད་དེ་འཛུད་པ་ཡིན། དེའི་ཁ་སྤྲ་ཚིལ་གྱིས་བཅད། སེན་མོ་ལྔའི་འགབ་ཏུ་ཡི་གེ་བཀོད་པ་རྣམས་འདི་ལྟ་སྟེ། རྒྱ་ཤོག་ལ་གསེར་གྱིས་བྲིས་པའི་ཡིག་འབྲུ་རྣམས་ཐ་དད་དུ་ཕྲལ་ཏེ། མཐེབ་ཆེན་གྱི་མགུལ་པར་ཧཱུྃ། མཛུབ་མོའི་མགུལ་པར་ཧ། གུང་མོའི་མགུལ་པར་རི། སྲིན་ལག་གི་མགུལ་པར་ནི། མཐེའུ་ཆུང་གི་མགུལ་དུ་ས། ཡིག་འབྲུ་འགོད་པ་གཞུང་དང་མཚུངས་སོ། །འཕན་རྣམས་སོར་མོ་ལྔ་ལ་འདོགས་པ་ནི། སོར་མོ་ལྔ་པོའི་རྩེ་ལ་བུག་པ་ཕུག་ནས། ནག་པོ་མཐེབ་ཆེན་ལ། དཀར་པོ་མཛུབ་མོ་ལ། དམར་པོ་གུང་མོ་ལ། སྔོན་པོ་སྲིན་མཛུབ་ལ། སེར་པོ་མཐེའུ་ཆུང་ལ། དེ་ལྟར་གཡབ་དར་གྱི་འཕན་རྣམས་དེ་བཞིན་དུ་བཏགས་ནས། ལག་ངར་འགུགས་བྱེད་ཀྱི་མཁའ་འགྲོ་མར་བསམ། སོར་མོ་ལྔ་པོ་མཁའ་འགྲོ་སྡེ་ལྔར་བསམས་ནས། ཟས་ནོར་མི་གསུམ་མ་ལུས་པ་ཆར་ལྟར་བཀུག་པར་དམིགས་ནས། ཉིན་མཚན་ཕྲུག་གཅིག་ལ་ཐུན་གསུམ་བྱས་པའི་ཐུན་གཞུག་ཐམས་ཅད་དུ་གཏོར་མ་ལན་རེ་ཕུལ་ནས། གཡབ་དར་ལག་པ་གཡས་སུ་ཐོགས་ཤིང་གཡོན་དུ་མཁའ་འགྲོ་འདུ་བའི་སྤོས་སྦྱོར་བསྲེགས་པ་ཐོགས་ནས་སྤུ་ཤུའི་རྩེར་ཕྱིན་ཏེ། ཧཱུྃ་བྷྱོཿ རིང་ཆ་དང་བཅས་བརྗོད་ནས། ཕྲིན་ལས་འདོད་དགུ་སྩོལ་བའི་སྨོན་ལམ་གདབ་ཅིང་གཡབ་དར་གཡབ་བོ། །ངེས་པར་སྲོད་དང་ཐོ་རངས་ཐུན་ཆེན་བར་གཡབ་བོ། །འདིའི་ལས་ཚོགས་འདི་ཤིན་ཏུ་གསང་བས་འགྲུབ་པ་ཡིན་པས། སུ་གང་གིས་ཀྱང་མ་ཚོར་བར་མཆུ་ལ་འབྱར་རྩི་དམ་པར་བཀུས་ནས་གསང་སྒྲུབ་ཏུ་ཉམས་སུ་བླངས་ན། རྣམ་སྲས། ཛཾ་བྷ་ལ། ནོར་རྒྱུན་མ། ཚོགས་ཀྱི་བདག་པོ་ལའང་མི་སྨོན་པར་ལོངས་སྤྱོད་དེ་ཀུན་དང་མཉམ་པ་དང་འཛད་མི་སྲིད་པའི་ནོར་འབྱུང་ངོ་གསུངས་པའོ། །ནོར་སྒྲུབ་འཛད་མེད་གཏེར་ཆེན་གྱི་གཞུང་དུ་མི་གསལ་བའི་ཞལ་ཤེས་ཟབ་མོ་ྀཨཚ།། །།རྗེ་བཙུན་ཌཱ་ཀི་ཆེན་མོ་སེང་གདོང་མ་ལ་ཕྱག་འཚལ་ལོ། །དེ་ཡི་ལས་ཚོགས་དབུལ་ཕོངས་སྡུག་བསྔལ་སེལ་བར་བྱེད་པའི་ནོར་སྒྲུབ་ཀྱི་གདམས་པ་འདི་བྲི་བར་བྱའོ། །དེ་ལ་ནོར་སྒྲུབ་ཁམས་གསུམ་བང་མཛོད་ཅེས་བྱ་བ་འདི་ལ་དོན་གསུམ་སྟེ། དང་པོར་རྫས་གསག་པ་དང་། གཉིས་པ་ལྷ་བསྒོམ་ཞིང་སྔགས་བཟླ་བ་དང་། གསུམ་པ་ལས་ལ་སྦྱར་བའོ། །དང་པོ་རྫས་གསག་པ་ནི་སྐྱེས་པ་གྲི་ཁར་བསད་པའི་གསང་རྡོར་ཆ་ལག་མ་ཉམས་པ། མིག་སྦུར་ཧ་རེ་བ་བྱས་པ། དེའི་ནང་དུ་རྫས་དང་སྔགས་འཛུད་པ་ལས་ལ་སྦྱོར་བའི་གནད་རྣམས་ཞལ་ལས་ཤེས་སོ། །གཉིས་པ་ལྷ་བསྒོམ་ཞིང་སྔགས་བཟླ་བ་ནི། རིན་པོ་ཆེ་འབར་བ་དང་གཏེར་གྱི་བུམ་པའི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཛཿཡོངས་སུ་གྱུར་པ་ལས། རང་ཉིད་ནོར་གྱི་བདག་མོ་གནོད་སྦྱིན་གྱི་བུ་མོ་སེང་གེའི་གདོང་ཅན་སྐུ་མདོག་སྨུག་ནག་གཅེར་བུ་ཞལ་གཅིག་ཕྱག་གཉིས་ཀྱིས། གཡས་ཁམས་གསུམ་གྱི་ནོར་མ་ལུས་པ་འགུགས་པའི་ལྕགས་ཀྱུ་དང་། གཡོན་འཛད་མེད་གཏེར་ཆེན་གྱི་བུམ་པ་བསྣམས་པ། སྐུ་ལས་འོད་ཟེར་གྱི་སྣ་ལ་ལྕགས་ཀྱུ་མང་པོ་འཕྲོས་པས་ཁམས་གསུམ་ན་ཡོད་པའི་ནོར་བུ་རིན་པོ་ཆེ་ལ་སོགས་ཏེ་ནོར་དང་དཀོར་མཛོད་ཐམས་ཅད་སྐད་ཅིག་ཉིད་ལ་འགུགས་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པར་གྱུར། དེའི་ངང་ནས། ཨཿཀཿསཿམཿརཿཙཿཔཱ་ཤཾ་ཀུ་རུ་ཧཱུྃ་སིདྡྷི་ཕ་ལ་ཁུགཿཁུགཿཛཿཛཿ ཅེས་པའི་བཟླས་པ་ཐུན་གསུམ་དུ་བཅད་པའི་ཐུན་རེ་ལ་ཁྲི་ཚོ་རེ་ལས་མི་ཉུང་བར་བཟླའོ། །སྒྲུབ་དུས་ཚོགས་དང་གཏོར་མས་མཉེས་པར་བྱས་ནས། ཟླ་བ་གཅིག་ཙམ་མི་ཚིག་གིས་བར་མ་ཤོར་བར་སྒྲུབ་ནུས་ན། གནོད་སྦྱིན་ཨ་པ་ར་ཙི་ཏ་བས་ནོར་ཆེ་བར་འབྱུང་བ་ཐེ་ཚོམ་མེད་དོ། །ནོར་སྒྲུབ་ཁམས་གསུམ་བང་མཛོད་ཅེས་བྱ་བ་ྀཨཚ། །ཌཱ་ཀི་ཉིད་ལ་གུས་པས་ཕྱག་འཚལ་ལོ། །མན་ངག་འདིའི་ཞལ་ཤེས་གནད་ཀྱི་ལྡེ་མིག་ཅེས་བྱ་བ་ནི། སྐྱེས་པ་གྲི་ཁར་བསད་པའི་གསང་རྡོར་ཆ་ལག་མ་ཉམས་པ་ཞེས་པ་ནི། སྐྱེས་པ་འཐབ་མོ་བྱས་ཤིང་ཕྱི་དབུགས་སོང་བའི་དྲོད་མ་ཡལ་བ་དེའི། གསང་རྡོར་རྨངས་སྤུ་དང་བཅས་པ་པགས་པ་མཐའ་བསྐྱེད་ནས་བྲེགས་ཏེ་ཚགས་བྱས་ནས། རློན་པ་དེ་ཉིད་ལ་སོག་མིག་ན་མར་ཤིང་མཛུབ་གང་ཙམ་ལ་སྦོམ་ཕྲ་མཐེབ་ཆུང་གི་ཚད་ཙམ་བཙུད་ནས་མ་རུལ་བར་ཚགས་བྱེད་པའོ། །དེ་ཉིད་ཚོ་ཐུབ་པ་དང་ཤིང་བཏོན་ལ། དེའི་ཚབ་ཏུ་དམར་ཚོས་ཀྱིས་བརྒྱངས་ནས་སྐམ་དུ་འཇུག །དེ་ནས་རང་གི་སྲོག་སྔགས་དང་རྫས་ནི་འདི་རྣམས་ཡིན། རྒྱ་ཤོག་སྐྱོན་མེད་ལ། གི་ཝཾ། གླ་རྩི། ལི་ཁྲི་གསུམ་གྱིས་སྔགས་རྣམས་འདི་ལྟར་བྲི་སྟེ། སྲོག་སྔགས་དྲུག་པོ་འབྲུ་ཚགས་སུ་དཀྱུས་གཅིག་ལ་བྲི། པཱ་ཤཾ་ཀུ་རུ་ཡིག་འབྲུ་ལྔ་འབྲུ་ཚགས་སུ་དཀྱུས་ལ་འབྲི། སིདྡྷི་ཕ་ལ་ཡིག་འབྲུ་བརྒྱད་མཇུག་ཏུ་དཀྱུས་གཅིག་ལ་འབྲི། དེ་ལ་གུར་གུམ་སོགས་དྲི་བཟང་བྱུགས་ནས། སྔགས་བརྒྱ་རྩ་གཅིག་བཟླ། རྩ་སྔགས་དྲུག་པོ་གནོད་སྦྱིན་ནོར་བདག་མར་བསྐྱེད། ཧ་མང་དུ་བཏབ་ནས་རབ་གནས་བྱའོ། །གཟུངས་དེ་ཉིད་མགོ་མཇུག་མ་ལོག་པར་བྱས་ནས། འབྲུ་དང་བཅས་པར་བསྒྲིལ་ནས་དར་རས་དམར་པོ་བཟང་པོས་བསྟུམ། སྟོང་སྐུད་དམ་པོས་ཆ་ཆ་བཀྱིགས་སུ་བྱས་ནས་སོག་མིག་གི་མགོར་ཡོང་བར་བྱས་ནས་བཙུད་དེ། ཁ་ལ་ཆས་བཀག །དེའི་ལྤགས་པ་རྣམས་གཅིག་ཏུ་བསྡུས་པ་ཚོན་སྐུད་སྣ་ལྔས་བཀྱིགས་པའི་ལྷག་མ་འདོམ་གང་ཙམ་ཡོད་པ་བྱས་ནས་ཐུན་གཞུག་ཐམས་ཅད་དུ་རྫས་དེ་ཉིད་ལག་པ་གཡས་སུ་ཐོགས་ནས། ཐོག་ཁར་ཕྱིན་ཏེ། ཧཱུྃ་བྷྱོཿ རིང་ཆ་དང་བཅས་པ་བརྗོད་ནས། ཌཱ་ཀི་སེང་གེའི་གདོང་ཅན་མས་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་རྩ་རང་དབང་མེད་པར་བསྒུལ་ནས། ནོར་དང་ལོངས་སྤྱོད་ཐམས་ཅད་ཕོངས་པ་མེད་པར་བདག་གི་དབང་དུ་འདུ་བར་མཛོད་ཅིག །དབང་དུ་འདུས་པར་གྱུར་ཅིག །ཅེས་ཕྲིན་ལས་བཅོལ་ཞིང་སྨོན་ལམ་བཏབ་པས། རྫས་ཕྱི་ནང་དུ་གཡུག་ཅིང་གཏོར་མ་མཆོད་པའོ། །དེ་ནས་ནང་དུ་བསླེབས་ནས་གཏོར་མ་སྒྲུབ་གཏོར་མ་ཡིན་པའི་མཆོད་གཏོར་རྣམས་གསར་པ་དང་བཅས་ཏེ་ཐུན་ལ་འཇུག་པ་ཡིན་ནོ། །ཞེས་པ་འདི་ལྟ་བུའི་ནོར་སྒྲུབ་ཡོད་པས་དབུལ་ཕོངས་ཀྱི་སྡུག་བསྔལ་བྲལ་ལོ། །ཞེས་ནོར་སྒྲུབ་ཁམས་གསུམ་བང་མཛོད་ཀྱི་ཞལ་ཤེས་ྀཨཚ།། །།ཌཱ་ཀི་སེང་གདོང་མ་ལ་གུས་པས་འདུད། དེ་ཡི་ལས་ཚོགས་ནོར་སྒྲུབ་གཏེར་ཆེན་བུམ་པ་ཞེས་བྱ་བ་ལ། རྫས་དང་སྔགས་ཏིང་ངེ་འཛིན་གསུམ་ཡོད་དེ། ཐོག་མར་རྫས་ཀྱི་བཅའ་གཞི་བསྟན་པ་ནི། ཕྱེ་དཀར་མོའི་བུམ་པ་བཞེངས་དགོས་ཏེ། དེའི་ཁུ་བ་ཆང་གར་མ་ལ། སྒ། གོ་སྙོད། གཡེར་མ། ལན་ཚྭ། དེ་རྣམས་བཏབ་ནས། ཁོང་མར་མ་ཆུང་བའི་རྟེན་འབྲེལ་དང་བསྟུན་པའི་བུམ་པ་ཆེ་ཆུང་ཅི་རིགས་པའི་ཁར་ནོར་བུ་འབར་བ་བཞག་པ་གཅིག །བུམ་པའི་ནང་དུ་ཟས་སྣ་ཚོགས་ཚད་དང་འབྲུ་སྣ་ཚོགས་ཚད་རིན་པོ་ཆེ་སྣ་ཚོགས་པ་བཅུག །དེ་ཉིད་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བཅུག་ནས། མཐའ་ཚོགས་འཁོར་གྱིས་བསྐོར་བའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པ་ལས། རང་ཉིད་སྐད་ཅིག་གིས་གནོད་སྦྱིན་ལོངས་སྤྱོད་ཀྱི་རྒྱལ་མོ་ཌཱ་ཀི་སེང་གེའི་གདོང་ཅན་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཏེར་ཆེན་གྱི་བུམ་པ་རིན་པོ་ཆེས་མཚན་པ་བསྣམས་པ་སྐུ་མདོག་སྨུག་ནག །གནོད་སྦྱིན་མོའི་ཆ་བྱད་ཅན་བུམ་པའི་ཁྲིའི་གདན་ལ། གསང་བའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ མ་མ་པཱ་ཤཾ་ཀུ་རུ་ཧཱུྃ། སིདྡྷི་ཕ་ལ་ཁུག་ཁུག་ཛཿཛཿ ཅེས་པ་ཐུན་རེ་རེ་ལ་ཁྲི་ཚོ་རེ་རེ་བཟླའོ། །ཌཱ་ཀི་སེང་གེའི་གདོང་པ་ཅན་གྱི་སྒོ་ནས་ནོར་སྒྲུབ་གཏེར་ཆེན་བུམ་པ་ཞེས་བྱ་བ་ྀཨཚ། །ཌཱ་ཀི་མྱུར་མགྱོགས་རྒྱལ་མོས་བྱིན་གྱིས་རློབས། གདམས་པ་འདིའི་ཞལ་ཤེས། མི་གསལ་བ་གསལ་བར་སྟོན་པ་ལ། ཚེ་བུམ་ནི་མདོག་དམར་པོ་ཡིན། ཚེ་བུམ་གྱི་འོག་ཏུ་པདྨ་འདབ་བརྒྱད་དམར་པོ། ལྟེ་བར་ཆོས་འབྱུང་དམར་པོ་ཉིས་བརྩེགས། དབུས་སུ་ཧྲཱིཿཡིག་གིས་མཚན་པ་ཞིག་བཀོད། དེའི་སྟེང་དུ་མཉྫིའི་ཁར་གཏེར་ཆེན་གྱི་བུམ་པ་བཞག །དེའི་མཐའ་གཏོར་ཚོགས་ནང་མཆོད་བཟང་པོ་དང་བཅས་པས་བསྐོར། བུམ་པ་ལ་མདའ་དར་དམར་པོ་སྒྲོ་བཞི་མ་བཙུགས་པའི་མདའ་སྒྲོ་བཞིའི་བར་དུ་རྩ་སྔགས་སྦྲུལ་མཇུག་གི་མཐར་སིདྡྷི་ཁུག་ཛཿ ཞེས་བཞི་བྲི། དར་ལ་རྩ་སྔགས་སྦྲུལ་མཇུག་གི་མཐར་མ་མ་པཱ་ཤཾ་ཀུ་རུ་ཧཱུྃ། སིདྡྷི་ཁུག་ཛཿ ཞེས་པ་བྲིས་པ་བསང་སྦྱང་བྱས་ནས། པདྨ་དང་ཆོས་འབྱུང་དམར་པོ་ཉིས་བརྩེགས་ཀྱི་སྟེང་དུ་བཾ་ལས་ཧྲཱིཿཡིག་དམར་པོ་བཾ་གྱིས་མཚན་པ། དེ་ཉིད་ཡོངས་སུ་གྱུར་པ་ལས། གཏེར་ཆེན་གྱི་བུམ་པ་མཆུ་འཕྱང་ཞིང་མགྲིན་པ་རིང་བ། དགོས་འདོད་ཐམས་ཅད་འབྱུང་བའི་ལྟོ་བ་ལྡིར་བ། ནོར་བུ་རིན་པོ་ཆེས་མཚན་པ། ཁ་རྒྱན་མདའ་དར་དམར་པོས་བརྒྱན་ཅིང་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་གང་བར་གྱུར། མདའ་དར་ལ་རྡོ་རྗེ་གཟུངས་ཐག་བཏགས་ནས། བཟླས་པ་བྱས་པས། གཟུངས་ཐག་ལ་སྔགས་ཕྲེང་འཁྲིལ་ནས་རྫས་རྣམས་ལ་ཕོག་པས། རྫས་རྣམས་བསམ་འཕེལ་ཡིད་བཞིན་ནོར་བུར་གྱུར་པར་བསམ་མོ། །དེ་ནས་རང་གི་ལག་པ་གཡས་སུ་མདའ་དར་ཐོགས་ཏེ། ཧྲཱིཿཁུག་ཛཿཌཱ་ཀི་མྱུར་མགྱོགས་ཀྱི་རྒྱལ་མོ་སེང་གེའི་གདོང་ཅན་མས། ལྷ་ཀླུ་བཙན་བདུད་མ་མོ་གཤིན་རྗེ་ཐེའུ་རང་དྲི་ཟ་མཁའ་ལྡིང་མིའམ་ཅི་ལ་སོགས་པ་དང་འཇིག་རྟེན་ཁམས་ཀྱི་སྐྱེས་པ་བུད་མེད་ཐམས་ཅད་དང་། བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད། སྙན་པ་དང་གྲགས་པ་ནོར་ལོངས་སྤྱོད་ཐམས་ཅད་སྐད་ཅིག་ཉིད་ལ་བདག་གི་དབང་དུ་འདུས་པར་གྱུར་ཅིག །ཛཿཛཿཛཿ བརྟན་པར་གྱུར་ཅིག །ཅེས་འདོད་དོན་གྱི་གསོལ་བ་བཏབ་ཅིང་མདའ་དར་གཡབ་བོ། །དེ་ལྟ་བུའི་སྒྲུབ་པ་ཟླ་བ་གཅིག་བྱས་པར་གྱུར་ན། ལོངས་སྤྱོད་འབྱུང་བ་དང་འགྲོ་བ་ཕོ་མོ་དབང་དུ་འདུ་བ་ལྟ་ཅི་སྨོས་ཏེ། ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །ཞེས་པ་འདི་ནི་ནོར་སྒྲུབ་གཏེར་ཆེན་བུམ་པའི་ཞལ་ཤེས་ྀཨཚ།། ༈ །།ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མ་ལ་གུས་པས་ཕྱག་འཚལ་ལོ། །འདིར་རྣལ་འབྱོར་པ་ཆོས་ཟབ་མོ་ཉམས་སུ་ལེན་པ་ལ། རྐྱེན་ངན་བར་ཆད་འབྱུང་བས་དེ་ཟློག་པ་ལ། ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་སྒོ་ནས་ཟློག་པ་ཡོད་ཆོག་རྒྱལ་པོ་ཞེས་བྱ་བ་འདི་བྱ་དགོས་ཏེ། དེ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་སེང་གེའི་གདོང་ཅན་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཉི་མའི་དཀྱིལ་འཁོར་ལྟར་གདངས་ཤིང་། ཞལ་བགྲད་ཅིང་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ལྕགས་རལ་ནག་པོ་ཐུར་དུ་སྤྲུགས་པས་མེ་མདག་ཕུར་བུའི་ཚྭ་ཚྭ་འཕྲོ་བ། ཕྱག་གཡས་པ་ཉི་མའི་དཀྱིལ་འཁོར། ཕྱག་གཡོན་པ་ཟླ་བའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་གནོད་བྱེད་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་བཙུད་པ། སྐུ་རྒྱན་མེད་གཅེར་བུ་ལ་མེ་དཔུང་གི་ཚྭ་ཚྭ་འཕྲོ་བ་ཞིག་ཏུ་བསྒོམས་ནས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་པའི་སྔགས་འདི་སྟོང་ཕྲག་གཅིག་ཙམ་བཟླས་ནས། རང་ལ་གང་གནོད་པའི་དམིགས་བྱ་ཐམས་ཅད་བསམ་ལ། ལག་པ་ཐལ་མོ་སྦྱར་ཏེ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། རྣལ་འབྱོར་པ་བདག་གི་ངག་བདེན་པའི་མཐུ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱི་མཐུས། གནོད་བྱེད་འབྱུང་པོ་མ་རུངས་པ་གདུག་པ་ཅན། བླ་མའི་སྐུ་དགྲ་བྱེད་པ། དགེ་འདུན་གྱི་སྡེ་བཤིག་ཅིང་དཀོར་འཕྲོག་པ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་པའི་བསམ་སྦྱོར་ངན་པ་སྒོམ་པ། འགྲོ་བ་ཕ་མར་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་རྣམས་དང་། ཆོས་བཞིན་དུ་བྱེད་པའི་སྒྲུབ་པ་ཕོ་མོ་རྣམས་ལ་བར་དུ་གཅོད་པའི་མ་རུངས་པ་རྣམས་དང་། ཁྱད་པར་དུ་རྣལ་འབྱོར་པ་བདག་ལ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་པར་གྱུར་ཅིག །ཅེས་ཐལ་མོ་ལན་གསུམ་བརྡབ་བོ། །ཐལ་མོའི་བར་དུ་གནོད་བྱེད་འབྱུང་པོ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་འཛིར་འཛིར་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ་མོ། །ཅེས་པ་འདི་ནི། རྗེ་བཙུན་མ་སེང་གེའི་གདོང་ཅན་མའི་སྒོ་ནས་ཟློག་པ་ཡོད་ཆོག་རྒྱལ་པོ་ཞེས་བྱ་བའི་གདམས་པ་ཟབ་མོ་སྟེ་ྀཨཚ།། །།ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། འདིར་རྣལ་འབྱོར་པ་ཆོས་བྱེད་སྒྲུབ་པ་ཁོ་ན་ཉམས་སུ་ལེན་པའི་དུས་སུ། བསམ་སྦྱོར་ངན་པ་སྒོམ་པའི་སྔགས་བོན་ལ་སོགས་ཏེ། གནོད་འཚེ་མ་རུངས་པ་བྱེད་པ་རྣམས་ཟློག་པ་ཕུར་ཁ་རྦོད་གཏོང་ཟློག་བྱེད་ཅེས་བྱ་བ་འདི་དགོས་པས། དེ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པའི་ངང་དུ་སྟོང་པར་སྦྱང་། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་སེང་གེའི་གདོང་ཅན་སྐུ་མདོག་དུ་བའི་མདོག་བཞིན་དུ་ནག་ལ་རྔམ་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་གཡོན་ཐོད་ཁྲག་འཛིན་པ་ཁ་ཊྭཱཾ་ག་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་སྐུ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན། ཆོས་འབྱུང་རོའི་གདན་ལ་ཞབས་གཉིས་རོལ་སྟབས་ཀྱིས་བཞུགས་པར་གྱུར། དེའི་སྐུ་ལུས་ཐམས་ཅད་ལས་མཁའ་འགྲོ་མ་དཔག་ཏུ་མེད་པ་འཕྲོས་པས་དེ་རྣམས་ཀྱིས་གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མདའ་མདུང་དབྱུག་པ་ཁ་ཊྭཱཾ་ག་འཁོར་ལོ་རལ་གྲི་ཐོ་བ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ། གཡོན་སྡིག་མཛུབ་ལས་མེ་འབར་བ། དེ་རྣམས་གནོད་བྱེད་ལོག་པར་འདྲེན་པ་རྣམས་ཀྱི་སྟེང་དུ་ཐོག་འབབ་པ་ལྟར། གང་ལ་ཡང་ཐོགས་རྡུགས་མེད་པར་བཏང་བས། སྔགས་བོན་བནྡེ་རྣམས་ཀྱི་ཤ་ཟོས་ཁྲག་འཐུང་བས་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་དུ་བརླགས་པར་བསམས་ནས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་སྟོང་ཕྲག་གཅིག་བཟླས་ནས་ལག་པ་ཐལ་མོ་སྦྱར་ཞིང་། ངག་ཏུ་འདི་སྐད་བརྗོད་དེ། མ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མའི་ལྷ་ཚོགས་རྣམས་ཀྱིས། བདག་ཅག་ལ་གནོད་པར་བྱེད་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་གྱུར་ཅིག །ཟློག་པར་གྱུར་ཅིག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཞི་བར་གྱུར་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག །སྟེང་གདོན་གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་ཞི་བར༴ འོག་གདོན་ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད་ཞི་བར༴ བར་གདོན་བཙན་དང་རྒྱལ་པོའི་གནོད་པ་ཐམས་ཅད་ཞི་བར༴ བདུད་དང་གཤིན་རྗེ་མ་མོའི་གནོད་པ་ཐམས་ཅད་ཞི་བར༴ ལོ་ཀག་ཟླ་ཀག་ཞག་ཀག་དུས་ཀག་ཐམས་ཅད་ཞི་བར༴ གསུམ་ཀག་བཞི་གཤེད་བདུན་ཟུར་ཐམས་ཅད་ཞི་བར༴ རྨི་ལམ་ངན་པ་མཚན་མ་ངན་པ་ལྟས་ངན་པ་ཐམས་ཅད་ཞི་བར༴ གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་གནོད་པ་ཐམས་ཅད་ཞི་བར༴ ཞང་ཞུང་བོན་པོའི་གཏོར་ཁ་ཟུག་པ་ཐམས་ཅན་ཞི༴ སྔགས་པ་ནག་པོའི་གདབ་ལས་ཀྱི་ཕུར་ཁ་ཟུག་པ་ཐམས་ཅད་ཞི་བར༴ བནྡེ་དང་སྐྱེ་བོ་བུད་མེད་ཀྱི་དམོད་ཁ་ཟུག་པ་ཐམས་ཅད་ཞི་བར་གྱུར་ཅིག །མདོར་ན་གནོད་བྱེད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བདག་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། ཞེས་སྲུང་འཁོར་བསྒོམས་ཤིང་བསྔོ་བ་སྨོན་ལམ་བྱས་ནས། ཕྱག་ཆེན་གྱི་ངང་ལ་མཉམ་པར་བཞག་གོ །ཞེས་པ་འདི་ནི་ཌཱ་ཀི་སེང་གེའི་གདོང་ཅན་མའི་སྒོ་ནས་ཕུར་ཁ་རྦོད་གཏོང་ཟློག་པའི་མན་ངག་ཟབ་མོ་ྀཨཚ།། །།ཌཱ་ཀི་མཐུ་སྟོབས་ཅན་མ་ལ་གསོལ་བ་འདེབས་སོ། །བསྟན་པའི་སྤྱི་དགྲ་དང་རྣལ་འབྱོར་པའི་སྒོས་དགྲ་དམ་ཉམས་ཕྱོགས་ངན་བདུད་ཀྱི་སྤྱོད་པ་འབའ་ཞིག་བྱེད་པ་རྣམས་ཟློག་ཅིང་བསྒྲལ་དགོས་ན། དེ་ལ་ཌཱ་ཀི་སེང་གེའི་གདོང་ཅན་མའི་སྒོ་ནས། ཟློག་པ་ཕྱོགས་ངན་བདུད་གཅོད་ནག་པོ་ཞེས་བྱ་བ་བྱེད་དགོས་ཏེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས། གཞི་གནམ་ལྕགས་ལས་གྲུབ་པའི་ཆོས་འབྱུང་གྲུ་གསུམ་མཐིང་ནག་མེ་རི་འབར་བས་དགྲ་བགེགས་སྲེག་པར་བྱེད་པ། དེའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་བརྫིས་པའི་སྟེང་དུ། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་ཌཱ་ཀི་སེང་གེའི་གདོང་པ་ཅན་མ་ནག་མོ། གཅེར་བུ་རྒྱན་མེད་པ་ཐལ་ཆེན་དང་ཁྲག་གིས་བྱུགས་པ། ལྕགས་རལ་ནག་པོ་ཐུར་དུ་སྤྲུགས་པས་སྟོང་གསུམ་མཁའ་འགྲོའི་དམག་གིས་འགེངས་པ། ཕྱག་གཡོན་གྱི་མཐེ་བོང་གསེར་གྱི་སཏྭ་གྲི་དང་མཛུབ་མོ་དངུལ་གྱི་གཏན་པར་བྱས་པ། ཞབས་གཉིས་བརྐྱང་བསྐུམ་གྱིས་བཞུགས་པ། དེའི་མཐེབ་མཛུབ་གཉིས་ཀྱི་བར་དུ་དགྲ་བགེགས་ཀྱི་རྐེ་རྦད་རྦད་གཅོད་པར་མཛད་པ། གཡས་པ་དགྲ་བོ་འགུགས་པའི་ལྕགས་ཀྱུ་བསྣམས་ཤིང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་གྱུར། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ གནོད་བྱེད་འབྱུང་པོ་ལོག་འདྲེན་མ་རུངས་པ་ཐམས་ཅད་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ། ཅེས་པ་སྟོང་ཕྲག་གཅིག་ཙམ་བཟླས་ནས། ཐལ་མོ་རྡེབ་པ་དང་། རྣལ་འབྱོར་པ་བདག་ཅག་ལ་ཕ་རོལ་གྱི་རྦོད་གཏོང་འདྲེ་ངན་བྱད་ཁ་གཏད་མནན་བྱེད་པའི་བན་བོན་སྔགས་ནག་ལ་སོགས་པའི་བསམ་སྦྱོར་ངན་པ་རྣམས་དང་། དམ་ཉམས་དགྲ་བོ་སྤྱི་དགྲ་དང་སྒོས་དགྲར་གཏོགས་པ་ཐམས་ཅད་ཀྱི་ལུས་ཆིངས་ཤིག །ངག་ཆིངས་ཤིག །ཡིད་ཆིངས་ཤིག །ལུས་ངག་ཡིད་གསུམ་བརླག་པར་གྱིས་ཤིག །ཁོ་རང་གི་སྲོག་ཁོ་རང་གིས་ཆོད་ཅིག །རང་གཤེད་རང་ལ་ཕོབ་ཅིག །རང་མཚོན་རང་ལ་རྒྱོབ་ཅིག །ཁོ་རང་གི་མཐུ་ཁོ་རང་ལ་ཟློག་པར་གྱུར་ཅིག །ཁོ་རང་གི་བླ་མ་ལྷ་སྲུང་ཁོ་རང་ལ་བདུད་དུ་ཕོབ་ཅིག །ཀླུ་ནད་ཐེངས་དགུ་ཐོངས་ཤིག །བཙན་གྱི་གཟེར་ཁ་ཐོངས་ཤིག །གཞན་ཡང་ལྟས་ངན་མཚན་ངན་རྨི་ལམ་ངན་པ་རྣམས་དམ་ཉམས་དགྲ་བོ་ཁོ་ལ་མྱུར་བར་ཐོངས་ཤིག་དོ་ནུབ་ཐོངས་ཤིག །ཅེས་དམོད་བོར་ནས་ཕྱག་ཆེན་གྱི་ངང་ལ་བཞག་གོ །ཞེས་པ་འདི་ནི་ཟློག་པ་ཕྱོགས་ངན་བདུད་གཅོད་ཞེས་བྱའི་གདམས་པ་ཟབ་མོ་ྀཨཚ། །གདམས་པ་འདི་གསུམ་གྱི་ཞལ་ཤེས་གནད་ཆེ་བ་རྣམས་ནི་འདི་ལྟ་སྟེ། ཟློག་པ་གསུམ་ཀ་བྱེད་པའི་དུས་ནི། ཉི་མ་མདུང་གང་ཙམ་ནས་སྲོད་འཁོར་གྱི་བར་ཡིན། སྔགས་འདྲེན་པའི་ཕྲེང་བ་ཕྱི་སྒྱུར་ཡིན། སྔགས་ལུགས་ཟློག་ཏུ་འདྲེན་པ་ཟབ་པའི་གནད་ཡིན། གོས་ཕྱིར་སློག་མགོ་མཇུག་བསློགས་ནས་གྱོན་པ་གནད་ཡིན། ཉི་མ་ལ་རྒྱབ་ལྟ་གསུངས་ཀྱང་སྒྲ་གཅན་མིག་འོག་ཏུ་ཚུད་པ་གནད་ཡིན། ཟློག་པ་མ་གྲུབ་བར་དུ་མཆིལ་མ་མི་མིད་པ་གནད་ཡིན། ངག་མ་ཤོར་བ་ཞེ་སྡང་ཆེ་བ་གནད་ཡིན། ཕྲེང་བ་ལག་ནས་མ་ཤོར་བ་དང་ཟློག་པ་མ་གྲུབ་བར་ས་གཅིག་ཏུ་སྡོད་པ་གནད་ཡིན། དེ་རྣམས་ནི་ཟློག་པ་གསུམ་ཀའི་ཞལ་ཤེས་སོ། ཁྱད་པར་ཕྱོགས་ངན་བདུད་གཅོད་ཀྱི་ཟློག་པའི་ཞལ་ཤེས་ནི། དམིགས་པ་ཉི་མ་འགྲོ་བའི་ལ་ཕར་རྒྱབ་ཏུ་ལྕགས་ཀྱི་ཆོས་འབྱུང་ཁ་ཆེ་ལ་གཏིང་རིང་བ་ཕྱི་ནང་གཉིས་ཀ་མེའི་འོབས་ལྟ་བུའི་ནང་ན་མར། ཕྲེང་བ་དགྲ་བགེགས་ཀྱི་ལུས་སུ་བསམས་ནས། ཕྲེང་བ་རེ་དང་བསྟུན་ནས་དགྲ་བགེགས་ཀྱི་རྐེ་རྦད་རྦད་བཅད་ནས་དེའི་ནང་དུ་སྐྱུར་བར་བསམ། སྒྲ་གཅན་ཡང་བསྣོན་ཁར་རྒྱབ་སྟེ། རྡུལ་ཕྲན་ཙམ་དུ་ཚིག་པར་བསམ་མོ། །འདིའི་དུས་སུ་མཆོད་རྟེན་ལ་སོགས་ཏེ་རྟེན་གསུམ་གྱི་གྲིབ་མ་མ་ཕོག་པ་གནད་ཆེ། ཟློག་པ་གྲུབ་པ་དང་ཁ་ཆུས་བཤལ་བ་གནད་ཡིན། རྟེན་འབྲེལ་བརྟག་པ་ནི། ཕྲེང་བ་ལིང་སྟེ་མདུན་དུ་བསྐྱུར་ནས་ཆ་སྙམ་དུ་ཐ་དད་ཚོ་བཟུང་ན་བཟང་། གཅིག་ཐོག་ཏུ་གཅིག་བརྩེགས་ན་ངན་པས་བསྐྱར་ནས་ཟློག་པ་ལ་འབད་པར་བྱའོ། །ཕྲེང་བ་རྒྱ་གྲམ་དུ་བྱུང་ན་འབྲིང་། མདུད་འཛིན་རང་ལ་གཏད་ཅིང་གོས་སྣ་ཟིན་ན་བཟང་། ཞེས་པ་འདི་ནི་ཕྱོགས་ངན་བདུད་གཅོད་ཀྱི་ཟློག་པའི་ཞལ་ཤེས་ཟབ་མོ་ྀཨཚ།། ༈ །།རྗེ་མོ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །འདིར་གཞན་ཕན་ཕྲིན་ལས་ཀྱི་སྒོ་ནས། འགྲོ་བ་ཕོ་མོ་རྣམས་ལ་ཕན་པའི་སྲུང་བ་རྡོ་རྗེ་ཁྲོ་བཅུ་ཞེས་བྱ་བ། ཌཱ་ཀི་ཆེན་མོའི་ལས་ཚོགས་ཀྱི་སྒོ་ནས་བྱ་བར་གསུངས་པ་ནི་འདི་ལྟར་རོ། །ཤོག་བུ་བོད་ཤོག་སྐྱོན་མེད་ལ། །འཁོར་ལོ་དཔེ་ཆུང་ལྟར་དུ་བྲི། །སྙིང་པོ་བརྒྱ་དང་འབྲུ་གསུམ་གྱི། །རབ་གནས་རྟེན་འབྲེལ་སྙིང་པོས་བྱ། །གི་ཝཾ་ལ་སོགས་དྲི་བཟང་བྱུགས། །ཚོན་སྐུད་སྣ་ལྔ་དཀྲིས་བྱ་ཞིང་། །སྐོགས་ནི་ནག་པོ་ཡིན་པར་བཞེད། །འདོད་དོན་སྔགས་སོགས་འབྲི་ལུགས་ནི། །ཞལ་ལས་ཤེས་པས་གོ་བར་གྱིས། །ཞེས་པ་འདི་ནི་སྲུང་བ་རྡོ་རྗེ་ཁྲོ་བཅུའི་གདམས་པ་ཟབ་མོ་ྀཨཚ།། །།ཀུན་གྱི་མགོན་སྐྱབས་མཛད་པར་གྱུར་པའི། མ་གཅིག་ཇོ་མོ་ཌཱ་ཀི་མ་ལ་ཕྱག་འཚལ་ལོ། །དེང་འདིར་འགྲོ་བ་རྣམས་ལ་ཕན་ཐོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོའི་སྲུང་བ་བྱ། །ཙཀྲ་དཔེ་ཆུང་བཞིན་དུ་ལེགས་བྲིས་ནས། །གི་ཝཾ་ལ་སོགས་དྲི་བཟང་དག་གིས་བྱུགས། །རྩ་སྔགས་བརྒྱ་དང་ཡི་གེ་འབྲུ་གསུམ་བཟླས། །ཧས་བརྒྱབ་བྱ་བ་རབ་གནས་ཡང་དག་སྟེ། །ཚོན་སྐུད་སྣ་ལྔའི་དཀྲིས་ནི་ལེགས་བྱས་ནས། །སྐོགས་ནི་ནག་པོ་དག་ནི་བཞེད་པར་བྱེད། །སླར་ཡང་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །དེ་ནི་ཌཱ་ཀི་ཆེན་མོ་སེང་གདོང་མའི་སྲུང་བ་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །ྀཨཚ།། །།ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ཡི་ལས་ཚོགས་སྲུང་བ་སྒྲིབ་ཤིང་ནག །རྫས་དང་སྔགས་དང་འདོད་དོན་ཙཀྲའོ། །རྫས་རྣམས་འདི་ལྟར་ཡིན་གྱིས་ཤེས་པར་བྱ། །ཤིང་གི་རྣ་ནི་སྟག་པ་གླང་མ་དང་། །ཤུག་པ་ཚེར་མ་གླ་བ་ལྕང་ནག་དང་། །ལྕང་དཀར་ཕོ་གསོམ་མོ་གསོམ་གཉིས་ལ་སོགས། །དེ་རྣམས་ཀུན་གྱི་རྫས་སུ་བསྟན་པ་ཡིན། །སྔགས་དང་འདོད་དོན་ཙཀྲ་ལ་སོགས་ནི། །དཔེ་ཆུང་ཟུར་ན་ཡོད་པས་ཤེས་པར་བྱོས། །བཀྲ་ཤིས་སྐོགས་དང་རབ་གནས་ལ་སོགས་ཀུན། །དེ་རྣམས་གོང་དང་འདྲ་བས་ཤེས་པར་བྱ། །འདི་ཡི་ཕན་ཡོན་འདི་དག་ཐམས་ཅད་ནི། །གཟའ་དང་ཀླུ་དང་བདུད་དང་བཙན་རྣམས་དང་། །རྒྱལ་པོ་གྲི་ཕོ་གྲི་མོ་ལ་སོགས་རྣམས། །སྲུང་བ་འདི་དག་ཡོད་ན་འཁོར་མི་ནུས། །ཞེས་པ་ཌཱ་ཀི་ཆེན་མོའི་ལས་ཚོགས་ཀྱི་སྒོ་ནས་སྲུང་བ་སྒྲིབ་ཤིང་ནག་པོ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །གཞན་ཕན་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་དུ། ཌཱ་ཀི་ཆེན་མོའི་ལས་ཚོགས་ཀྱི་སྒོ་ནས། ལོ་ཐོག་གི་སད་སྲུང་བའི་མན་ངག་འབྲུའི་བང་མཛོད་ཅེས་བྱ་བ་འདི་ལ་རྣལ་འབྱོར་པ་ཉིད་ཀྱིས་སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས། ཟངས་གས་ཞོམ་མེད་པའི་ནང་དུ། བའི་འོ་མ་སྣ་ཚོགས་ཚད་ར་དང་ལུག་དང་འབྲི་ལ་སོགས་པའི་འོ་མ། དེ་རྣམས་ཆུ་གཙང་ལ་སྦྱངས་ནས་ཟངས་བཀང་སྟེ། དེ་ལ་ཀླུའི་སྨན་ཚོགས་ཚད་བཏབ། གླ་རྩིའི་གཡའ་མེད་པ་གནད་ཆེ། ཟངས་དེ་ཉིད་སྟེང་ཕྱོགས་སུ་བཞག་ནས། ཟངས་ཀྱི་ནང་དུ་ས་བདག་ཀླུ་གཉན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དགུག་གཞུག་བྱས་ལ། དེའི་ནང་ན་མངོན་སུམ་དུ་ཡོད་པར་བསམས་ནས། ཀླུ་དང་ས་བདག་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་དུ། སྔགས་སུམ་བརྒྱ་ཙམ་ཟངས་ནང་གི་ཆུ་ལ་བཏབ་པས་ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་སྤྲིན་གཏིབས་པར་བསམ་མོ། །ཀླུ་དང་ལྷ་སྲིན་སྡེ་བརྒྱད་རྣམས་ལ་དཀར་གཏོར་ཞིག་ཕུལ། དེ་ནས་ས་བདག་ཀླུ་གཉན་ལྷ་སྲིན་སྡེ་བརྒྱད་རྣམས་རང་གནས་སུ་གཤེགས་སུ་གསོལ་ཞིང་། ཟངས་ཀྱི་ཆུ་ཕྱོགས་བཞིར་གཏོར་བར་བྱའོ། །དེས་ནི་སད་ཐུབ་མི་ཐུབ་ཐེ་ཚོམ་མེད་པས་ཉམས་སུ་ལོངས་ཤིག །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས། སད་སྲུང་བ་འབྲུའི་བང་མཛོད་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་ལ་ཕྱག་འཚལ་ལོ། །ཡང་ལུགས་གཅིག་ལ་ཟངས་ཀྱི་བུམ་པ་སྐྱོན་མེད་གཅིག་གི་ནང་དུ། མངར་གསུམ་ཆུ་དང་བཅས་པའི་འོ་མས་བཀང་། དེ་ལ་ཀླུ་སྨན་བཏབ་ནས། རྩ་སྔགས་ཀྱི་མཇུག་ཏུ། ནཱ་ག་རཱ་ཛ་པུཥྚིཾ་ཀུ་རུ་ཡེ་ཨོཾ། ཞེས་པའི་བཟླས་པ་གཟུངས་ཐག་དང་བཅས་པའི་ཁྲི་ཚོ་གསུམ་ཙམ་བཟླས་ནས་ཀ་ཊོ་རའམ་གཞོང་པ་ཆེན་པོའི་ནང་དུ། ཚོན་གྱིས་པདྨ་འདབ་བརྒྱད་བྲིས་ནས། སྤྲ་ཚིལ་ལམ་བག་ཟན་གྱིས་ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བ་བཟོས་ཏེ། གནས་གསུམ་བྱིན་བརླབ། ཡེ་ཤེས་དགུག་གཞུག་རྣམས་བྱས་ཤིང་། དེ་རྣམས་ལ་བུམ་ཆུས་ཁྲུས་བྱས་ནས་ཀླུ་རྣམས་ཀྱི་ནད་དང་སྡུག་བསྔལ་སྡིག་སྒྲིབ་ཐམས་ཅད་དག །དབང་པོ་དང་ཡན་ལག་ཉམས་པ་ཐམས་ཅད་སོས་ནས། ལུས་ལྷའི་ལུས་ལྟ་བུར་གྱུར་ཏེ། ཁོང་རྣམས་དགའ་མགུ་ཡི་རང་ནས་ནམ་མཁའ་ལ་སྤྲིན་རང་དབང་མེད་པར་གཏིབས་པར་བསམ་མོ། །དེ་ནས་ཆུ་དེ་ཕྱོགས་བཞིར་གཏོར་བར་བྱའོ། །འདིས་ནི་སད་སྲུང་ཐུབ་མི་ཐུབ་ཐེ་ཚོམ་མེད་དོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སད་སྲུང་བ་མུ་གེ་བཀག་པ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །ཡང་ལུགས་གཅིག་ལ་ཆུ་མིག་ཁ་བྱང་བསྟན་གྱི་ཆུ་སྣ་བསགས་ལ་ཟངས་དྲི་མེད་ཀྱི་ནང་དུ་ཀླུ་སྨན་དཀར་གསུམ་མངར་གསུམ་དང་བཅས་པ་སྦྱར་ནས། ཆུ་མིག་རྣམས་ཀྱི་ཆུས་བཀང་། སྒྱེད་པུ་གསུམ་གྱི་སྟེང་དུ་བཀལ་ནས། མཁན་པ་སྤྲུ་མ་ཤུག་པ་རྣམས་ཀྱི་དུད་པ་ཆེན་པོ་བཏང་ཞིང་ཆུ་ལ་རྩ་སྔགས་ཀྱི་མཇུག་ཏུ། སྤྲིན་འདུས་སྤྲིན་འདུས་སྤྲིན་གཡོབ་སྤྲིན་གཡོབ། ཤར་ནས་སྐྱི་སེར་ལྷགས་པ་མདའ་བས་ཚ་བ་འབྱུང་བར་གྱུར་ཅིག །ཅེས་པ་ཁྲི་ཚོ་གསུམ་ཙམ་བཟླས་ནས་རྒྱག་པའོ། །ཆུ་དེ་ནམ་མ་ལངས་བར་དུ་འཐོར་བ་གནད་ཡིན། བྱེད་པའི་གནས་ནི་རི་མཐོ་སར་བྱེད་པ་ཡིན་ནོ། །ཞེས་པ་འདིས་ནི་སད་ཐུབ་ངེས་པས་སེམས་བསྐྱེད་ཀྱི་སྒོ་ནས་འབད་དེ་བསྒྲུབ་པར་བྱའོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སད་སྲུང་བ་འགྲོ་ཀུན་བདེ་འགོད་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་མ་རུངས་པས་ལོ་ཐོག་ལ་སེར་བ་གཏོང་བས། དེ་ལ་སེར་བའི་རིགས་རྣམས་འདི་ལྟ་སྟེ། འཇབ་སེར་ཐེའུ་རང་གི་སེར་བ། ཁྱབ་འཇུག་རཱ་ཧུ་ལས་རྒྱབ་བྱེད། འབྲུ་སེར་ལྕགས་ཀྱི་སྲན་མ། ནག་པོ་བཙན་དང་མ་མོ་གཤིན་རྗེའི་ལག་ནས་ཡོང་། ཁྱབ་འཇུག་རཱ་ཧུ་ལས་སྣ་འདྲེན་བྱེད། ལས་སེར་ནག་པོ་ཀླུ་དང་བདུད་གཉིས་ཀྱི་ལག་ནས་ཡོང་། རྟིང་བསྐུལ་ཁྱབ་འཇུག་རཱ་ཧུ་ལས་བྱེད། སེར་བ་འདི་གསུམ་སྲུང་བའི་མན་ངག་ནི། དང་པོ་རྫས་གསག་པ་དང་། དུས་ཀྱི་སྒྲུབ་པ་བྱ་བའོ། །རྫས་ལ། སད་ཁྱེར་གྱི་ཁྲག་དང་། མིའི་རོ་ཉི་ཤུ་དགུ་ལ་བསྲེགས་པའམ། ཡང་ན་གཟའ་ཉི་མ་ལ་བསྲེགས་པའི་ཐལ་ཆེན། ཡུངས་དཀར་རྒྱལ་པོ། བྱེ་མ་དུལ་མ་གསུམ་བསགས་ནས་སྔགས་ཀྱིས་བྲབ་ཅིང་ཚགས་བྱེད་པ་ནི་རྫས་གསག་པའོ། །དུས་ཀྱི་སྒྲུབ་པ་ནི། རྟའི་ཟླ་བའི་དུས་སུ་ཐུན་སྒྲུབ་ཅིང་བསྙེན་པ་བྱའོ། །དེ་ནས། རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མེ་དཔུང་གི་ཕུང་པོ་ལྟར་ཚ་བ་རྩུབ་ཅིང་འབར་བ། ཕྱག་གཡས་ཀྱིས་གནམ་ལྕགས་ཀྱི་འཁོར་ལོ་དམར་ལ་ཚ་བ་མེའི་ཚྭ་ཚྭ་འཕྲོ་བ་རེ་ཕྱར་ཐབས་དང་སྡིགས་ཐབས་སུ་བསྣམས་པ་དེ་ལྟ་བུ་ཞིག་བསྒོམས་པའི་ངང་ནས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ སྡེ་བརྒྱད་ཀྱི་གནོད་པ་ལོ་ཐོག་གི་སེར་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་འདི་ཟླ་བ་གཅིག་གིས་བསྙེན་པར་བྱས་ནས་ཡང་ཡང་ཐུན་ལ་བྲབ་བོ། །དེ་ནས་ལས་ལ་སྦྱོར་བའི་དུས་སུ། ནམ་མཁའ་ནི་མེ་དཔུང་འབར་བ་ལྟ་བུར་བསྒོམ། ཐུན་ནི་མེའི་ཚྭ་ཚྭ་ལྟ་བུ་སྤྲིན་དང་སེར་བའི་སྣ་ལ་འཐོར་ཞིང་། སྡིགས་མཛུབ་ཆོས་འབྱུང་རིས་སུ་འབྲིའོ། །འདིས་ནི་སེར་བ་ཐུབ་པར་ཐེ་ཚོམ་མེད་དོ། །སེམས་བསྐྱེད་ཀྱི་སྒོ་ནས་ཉམས་སུ་ལོངས་ཤིག །ཡེ་ཤེས་ཌཱ་ཀི་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སེར་བ་སྲུང་བ་སྡེ་བརྒྱད་འདུལ་བྱེད་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཡང་སེར་བ་སྲུང་བའི་ལུགས་གཅིག་ལ། ཐུན་དང་སྒྲུབ་ཐབས་བཟླས་པ་ལ་སོགས་གོང་དང་འདྲ་བ་ལས། རང་ཉིད་ཌཱ་ཀི་སེང་གདོང་ཅན་མར་གསལ་བའི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལ་སོགས་ཏེ་གནས་ལྔ་ནས། ངོ་བོ་ཌཱ་ཀི་ལ་རྣམ་པ་ཡེ་ཤེས་ཀྱི་ཁྱུང་རིགས་ལྔ། མཆུ་སྡེར་ཐམས་ཅད་གནམ་ལྕགས་ལས་བྱས་པ། སྐུ་སྨད་ཀྱི་མེ་འབར་བ་ལྟ་བུ། སྤྲིན་ནག་འདུས་པའི་སྟེང་དུ་གཟའ་བདུད་ཁྱབ་འཇུག་རཱ་ཧུ་ལ་ལ་སོགས་ཏེ་སྡེ་བརྒྱད་རྣམས་རང་དབང་མེད་པར་སྐད་ཅིག་ཉིད་ལ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བསམས་ནས་ཐུན་འཐོར་བ་གོང་དང་འདྲའོ། །འདིས་ནི་སེར་བ་མི་ཐུབ་མི་སྲིད་པས་ཉམས་སུ་ལོངས་ཤིག །ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སེར་བ་སྲུང་བ་གནམ་ལྕགས་མེའི་འཁོར་ལོ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་མཐུ་སྟོབས་ཀྱི་བདག་མོ་ལ་ཕྱག་འཚལ་ལོ། །ཡང་སེར་བ་སྲུང་བའི་ལུགས་གཅིག་ལ། མངོན་རྟོགས་དང་རྫས་སྔགས་རྣམས་གོང་དང་འདྲ་བ་ལས། རང་གི་ལུས་གཅེར་བུ་གསང་རྡོར་བསྒྲེངས་པ། ལུས་ལ་ཐལ་ཆེན་དང་སྲེ་ནག་ཕྱེད་མར་བྱུག །ལག་པ་གཉིས་སུ་ཤིང་རྡོར་རེ་རེ་ཐོགས་ནས། སེར་བ་ཆས་བྱུང་བའི་གདོང་ལ་མཚན་བསྒྲགས་དང་བཅས་ཏེ་རྒྱུག་པས་ཐུབ་ངེས་སོ། །ཞེས་ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སེར་བ་སྲུང་བ་སྡེ་བརྒྱད་ཨར་གཏད་འཁོར་ལོ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ། །ཌཱ་ཀི་དོན་གྲུབ་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །གདམས་པ་འདི་གསུམ་གྱི་ཞལ་ཤེས་ནི་འདི། སེར་བ་སྲུང་བ་ལ་ཐོག་མར་ཐོ་གནད་ཆེ་སྟེ། རང་གི་སེར་བ་སྲུང་བའི་ས་ཁོངས་གང་ཡིན་གྱི་ཕྱོགས་བཞིར་ཐོ་ཆེན་པོ་རིགས་གསུམ་གྱི་དབྱིབས་འདྲ་བ་རེ་རེ། དེ་རྣམས་ཀྱི་ནང་དུ་སྐྱེར་ཕུར་མཐོ་རེ་ལ་ཟུར་གྱི་འདེབས་ལ་རྩ་སྔགས་འདོད་དོན་དང་བཅས་པ་འབྲི། ཐུན་རྫས་དེ་དང་བཅས་ཏེ་མི་མངོན་པར་སྦེད་པའོ། །ཐོ་རྣམས་ལ་སྐྱེད་ཆོག་གཞུང་དང་མཐུན་པའི་མཁའ་འགྲོ་མར་བསྐྱེད། ཡེ་ཤེས་དགུག་གཞུག་རབ་གནས་ལ་སོགས་པ་བྱ་ཞིང་། རོལ་མོའི་སྒྲ་དང་དུང་འབུད་དར་ཕྱར་རོ། །ཐོ་རེ་གསོ་བ་དང་། ཚོགས་འཁོར་རེ་བྱ་བ་གནད་ཆེ། རང་ཞྭ་སྒྲུབ་ཀྱི་ཞྭ་ནག་པོ་གྱོན་པ་གནད་ཆེ། སེར་བ་སྲུང་བའི་དམ་ཚིག་ནི་འདི་རྣམས་ཡིན་གྱིས་ལོ་ཐོག་གནོད་པ་དང་མ་བྲལ་གྱི་བར་དུ། རང་གིས་སྲུས་དང་ཉུངས་མ་སོགས་ཟ་བ་ལྟ་ཅི་སྨོས་སྔོ་ཡི་རིགས་མི་ཟ། འོང་གསེབ་ལ་བ་གླང་ལ་སོགས་ཏེ་ཕྱུགས་མི་གཏོང་། རྦབ་དང་ཆུ་མི་དཀྲུགས། འཇབ་སེར་སྔ་དྲོ་ཡོང་བས་ཐོ་རང་འབུངས། འབྲུ་སེར་ཉིན་ཕྱེད་ལ་འོང་བས་སྔ་དྲོ་འབུངས། ལས་སེར་ནམ་ཡོང་མི་ཤེས་པར་རིག་པ་རྒྱུན་དུ་སྒྲིམས། སྤྲིན་གྱི་རིགས་ནི། དཀར་པོ་ལྷ་དང་དམར་པོ་བཙན། གློག་སྐྱ་དང་ཆུ་རིས་ཅན་མ་མོ་གཤིན་རྗེ་ཐེའུ་བྲང་། མཐིང་ནག་ཀླུ་དང་བདུད་ཉིད་དོ། །ཀུན་ལ་ཁྱབ་འཇུག་ཡོད་པར་ཤེས་པས་དེ་ལུགས་ཀྱི་སྲུང་བའི་གདམས་པ་དགོས་གནད་ཆེ་བ་རྣམས་ཞལ་ཤེས་སོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སེར་བ་སྲུང་བའི་ཞལ་ཤེས་ཀྱི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆུ་ལྷའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །སྐྱེ་འགྲོ་འཇིག་རྟེན་ཁམས་ལ་ཕན་པར་བྱ་བའི་ཕྱིར། ཆར་འབེབ་པར་འདོད་པས། འདི་ལ་རྫས་གསག་པ་དང་ལྷ་སྒོམ་ཞིང་སྔགས་བཟླ་བའོ། །དང་པོ་རྫས་གསག་པ་ནི། སྐྱེར་པའི་ཕུར་པ་སོར་བཞི་པ་ཞིག་ལ། རྩ་སྔགས་ཚར་གསུམ་བྲིས་ནས་གླ་རྩི་གུ་གུལ་ག་བུར་གསུམ་བྱུགས་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕྲུཾ་སྭཱཧཱ། ཞེས་པ་མི་ཚིག་གིས་བར་མ་ཤོར་བར་འབུམ་ཚོ་གསུམ་བཟླས་ཤིང་ཕུར་པ་ལ་བཏབ་ནས། ཆུ་མིག་ཁ་ཤར་བསྟན་དུ་སྦས་ནས་ཀླུ་ཐམས་ཅད་དབང་དུ་བསྡུས་པར་བསམ་ལ། ཕྱོགས་བཞིར་ཀླུ་གཏོར་ཆེར་བཏང་ཆུ་མིག་གི་ཕྱོགས་བཞིར་ཐོ་བཞི་རྗེ་བཙུན་མར་བསྐྱེད་ནས་བཙུགས། དེ་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀླུ་ཐམས་ཅད་དབང་དུ་སྡུད་པའི་རྒྱལ་མོ། སྐུ་མདོག་ཆར་སྤྲིན་ལྟར་འཐིབས་ལ་ནག་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་འབྲུག་དང་གཡོན་སྤྲིན་བསྣམས་པ་རྒྱ་མཚོ་ཆེན་པོའི་ཀློང་ན་བཞུགས་པར་གྱུར། དེ་ལྟ་བུའི་སྐུར་བསྒོམས་ནས། སྔགས་ཉིན་མཚན་མེད་པར་ཞག་གསུམ་བགྲང་ན་ཆར་འབབ་པར་ཐེ་ཚོམ་མེད་དོ། །འདི་ལ་བཀའ་རྒྱ་དང་ཡོན་གསེར་ཞོ་རེ་ཡོད། ཌཱ་ཀི་ཆེན་མོ་སེང་གདོང་མའི་ལས་ཚོགས་ཀྱི་སྒོ་ནས། ཆར་འབེབ་པ་ཀླུ་རྒྱལ་མ་དྲོས་དམ་འདོགས་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆུ་ལྷའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཡང་ལུགས་གཅིག་ལ། ཆུ་མིག་གཉན་ས་དགུར་ཕྱིན་ཏེ། ཚོན་དཀར་པོའི་པདྨ་འདབ་བརྒྱད་ཆུ་མིག་ཀུན་གྱི་འཛོམས་སུ་བྲིས་ལ། ལྟེ་བར་ཌཱ་ཀི་སེང་གདོང་མའི་རྩ་སྔགས་ཙཀླིར་བྲིས་པའི་མཇུག་ཏུ། ཀླུ་རྣམས་ཀྱི་སྔགས་ཀྱི་མཇུག་ཏུ་ཆར་ཕོབ་ཅིག་སྭཱ་ཧཱ། ཞེས་བྲིས་ལྟེ་བར་བཙུགས། ཤར་གྱི་རྩིབས་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང་ནོར་རྒྱས་འཇོག་པོ་དང་སྟོབས་རྒྱུ་ཁྱེད་རྣམས་ཀྱི་གཡོག་འབངས་དང་བཅས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། ལྷོའི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། པདྨ་དང་པདྨ་ཆེན་པོ་དུང་སྐྱོང་རིགས་ལྡན་ཁྱེད་རྣམས་ཀྱི་གཡོག་འབངས་དང་བཅས་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། ནུབ་ཀྱི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། ལྷ་མོ་ལྷ་མོ་ཆེན་མོ་ཟླ་བའི་སྤྱི་གཙུག་ཆེན་པོ་ཁྱེད་རྣམས་ཀྱི་གཡོག་འབངས་དང་བཅས་པས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། བྱང་གི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། དབྱུག་འཛིན་དབྱུག་འཛིན་ཆེན་པོ་སོག་མེད་ཧུ་ལུཎྜ་ཁྱེད་རྣམས་ཀྱི་གཡོག་འཁོར་དང་བཅས་པས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། ཤར་ལྷོའི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། དགའ་བོ་ཉེ་དགའ་རྒྱ་མཚོ་ཆེན་པོ་ཁྱེད་རྣམས་ཀྱི་གཡོག་འཁོར་དང་བཅས་པས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། ལྷོ་ནུབ་ཀྱི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཚ་བ་ཚ་བ་ཆེན་པོ་དཔལ་འོད་འོད་པོ་ཆེ་ཁྱེད་རྣམས་ཀྱི་གཡོག་འཁོར་དང་བཅས་པས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། ནུབ་བྱང་གི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། རིན་ཆེན་གཟུགས་མཛེས་དང་གཟུགས་མཛེས་ཆེན་པོ་སྦྲུལ་བཟང་ཁྱེད་རྣམས་ཀྱི་གཡོག་འཁོར་དང་བཅས་པས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། བྱང་ཤར་གྱི་པདྨའི་སྟེང་དུ་ཙཀླི་ལ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛྲུཾ་ཕྲུཾ་ཕྲུཾ་སྭཱ་ཧཱ། ལྟོ་འཕྱེ་ཆེན་པོ་ཚི་ལི་ཚི་ལི་ཆེན་པོ་ཁྱེད་རྣམས་ཀྱི་གཡོག་འཁོར་དང་བཅས་པས་འཇིག་རྟེན་གྱི་ཁམས་སུ་ཆར་ཆེན་པོ་ཕོབ། ཅེས་པ་ཀུན་ལ་ལྷག་ཆད་མེད་པར་མདུན་དུ་ཀླུ་རྣམས་ཀྱི་གཟུགས་དང། རྒྱབ་ལ་སྔགས་དང་འདོད་གསོལ་དེ་ལྟར་འབྲིའོ། །དེ་ནས་མཐའ་མཆོད་པ་བཟང་པོ་མངར་གསུམ་དང་དཀར་གསུམ་གྱིས་བསྐོར་ནས། ཀླུའི་གཏོར་མ་བརྒྱད་བཤམ། ཁྲུས་བུམ་དང་རྩི་སྨན་གྱི་བུམ་པ་གཉིས་བཤམ། དེ་རྣམས་ཀྱི་རྫས་བཤམས་པ་དང་བཅས་པ་གྲུབ་པ་དང་། ཐོག་མར་སྔོན་འགྲོ་གཏོར་མ་སྤྱི་དང་མཐུན་པར་བཏང་ནས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་སེང་གེའི་གདོང་པ་ཅན་ཀླུའི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་ཅིང་ཆར་འབེབ་ཀྱི་རྒྱལ་མོ་སྐུ་མདོག་དཀར་མོ་སྤྲིན་དང་ན་བུན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་ཀླུའི་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་རྩི་སྨན་གྱི་བུམ་པ་བསྣམས་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་རྒྱ་མཚོ་ཆེན་པོའི་ཀློང་ན་པདྨའི་གདན་ལ་བཞུགས་པར་གྱུར། རྩ་སྔགས་ཀྱི་མཇུག་ཏུ། ཨོཾ་བྷཀྵ་ཞེས་པའི་སྔགས་སྦྱར་ནས་བཟླས་པ་འབུམ་ཕྲག་གསུམ་བྱས་ནས་ཀླུ་རྣམས་ལ་ཁྲུས་གསོལ་བས་ཆར་ཞག་མ་འགྱང་བར་འབབ་པར་འགྱུར་རོ། །ཀླུ་ལ་གཏོར་མ་ཕུལ་ཞིང་རྗེས་ཆོག་བྱས་ནས་ཀླུ་རྣམས་རང་རང་གི་གནས་སུ་གཤེགས་པར་བྱའོ། །འདིའི་ཆུ་འཁོར་འཛུག་ལུགས་དང་ཀླུ་རྣམས་སྤྱན་འདྲེན་ལུགས་ནི་ཞལ་ལས་ཤེས་པར་འགྱུར་རོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་ཆར་འབེབ་ཀླུ་ནད་བསལ་བྱེད་འཁོར་ལོ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆུ་ལྷའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཡང་ཆར་འབེབ་པའི་ལུགས་གཅིག་ལ། ཆུ་མིག་གང་གཉན་ས་གཅིག་ཏུ་ཕྱིན་ནས་སྤྲ་ཚིལ་གྱིས་ཀླུའི་གཟུགས་དང་སྦལ་ལྕོང་ཉ་སྦྲུལ་ལ་སོགས་པ་དཔག་ཏུ་མེད་པ་བཟོས་ནས་དེར་བཅུག །ཀླུ་ལ་ཕན་པའི་སྨན་མང་དུ་བཏབ་དཀར་གཏོར་གཅིག་ཀླུ་དང་གཞི་བདག་རྣམས་ལ་སྦྱིན་ནས། རང་ཉིད་ཡེ་ཤེས་ཀྱི་ཌཱ་ཀི་སེང་གདོང་མར་སྔར་བཞིན་བསྒོམས་ནས། རྩ་སྔགས་ཀྱི་མཇུག་ཏུ་ནཱ་ག་རཱ་ཛ་ཀླུ་རྣམས་ཀྱིས་ཆུའི་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་དབབ་ཏུ་གསོལ། ཅེས་པ་ཁྲི་ཚོ་གསུམ་ཙམ་བཟླས་པས་ཆར་སྐད་ཅིག་ཉིད་ལ་འབེབ་པར་འགྱུར་རོ། །ཌཱ་ཀི་ཆེན་མོ་སེང་གདོང་མའི་ལས་ཚོགས་ཀྱི་སྒོ་ནས་ཆར་འབེབ་པ་བདུད་རྩི་འབྲུའི་བང་མཛོད་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། ༈ །།ཌཱ་ཀི་སྲིད་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ། །འགྲོ་བ་བྱིས་པ་རྣམས་ལ་འཚེ་བར་བྱེད་པ་སྲིའུ་གསོ་བའི་མན་ངག་ནི། རྫས་དང་སྔགས་མདུད་རྟེན་བཅའ་བ་གསུམ་གྱིས་གསོ་བའོ། །རྫས་ནི་མི་གྲི་ཁར་བསད་པའི་རུས་པ། གུ་གུལ། རྟ་བོན་པ། སྤོས་དཀར། ཁ་ཆེ། དྲི་ཆེན། དྲི་ཆུ། ཤ་ཆེན་རྣམས་ལ་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་གསུམ་དུ་བསྐྱེད་ནས་སྔགས་ཁྲི་ཚོ་གསུམ་བཏབ། དེ་ནས་རྫས་རྣམས་ཞིབ་པར་བཏགས་ཏེ་ལྕགས་ཀྱི་པར་བུའི་ནང་དུ་ཚགས་བྱས་ཤིང་ཕྲུ་གུ་ཕོ་མོ་གང་ཡིན་སྐྱེས་མ་ཐག་པ། དེ་ཉིད་ཀྱི་དྲི་ཆུ་ལ་སྦྱངས་ནས་ལྟེ་ཐག་མ་ཆད་པ་ལ། སྤྱི་བོ། སྣ་གཉིས། རྣ་བ་གཉིས། སྲིན་མཛུབ་གཉིས། སྙིང་ག །ལྟེ་བ། འོག་སྒོ་གཉིས། རྐང་མཐིལ། དེ་རྣམས་ལ་རྫས་ཀྱི་ཐིག་ལེ་བྱས་ནས་ཧཱུྃ་ནག་པོ་རེ་རེར་བསམ། ཧཱུྃ་དེ་རྣམས་ཌཱ་ཀི་སེང་གདོང་ཅན་མར་བསྒོམ། སྐུད་པ་ནག་པོ་སུམ་སྒྲིལ་ལ་མདུད་པ་བཅུ་བཞི་བོར་བ་ལྔ་བཟོས་ལ། ཡན་ལག་དང་སྐེད་ལ་བཏགས། མདའ་རྒོད་སྒྲོ་མ་ཉམས་པ་མདའ་དར་ནག་པོ་རྩ་སྔགས་བྱིས་པའི་མིང་སྤེལ་དང་བཅས་པ་མཚལ་གྱིས་བྲིས་ནས་རྟེན་དུ་བཅའ། མན་ངག་འདི་ལག་ལེན་བཞིན་བྱུང་ན་བྱིས་པ་ངུ་བའི་ལུགས་མེད་ཅིང་། འདྲེ་གདོན་གང་གིས་ཀྱང་མི་ཚུགས་པར་སྐྱེ་སྟོབས་ཆེ་ཞིང་ཚེ་རིང་བར་འགྱུར་རོ། །འདི་ཞུ་བ་ལ་གསེར་ཞོ་རེའི་ཡོན་དང་བཀའ་རྒྱ་ཡོད། ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་སྲིའུ་གསོ་བ་སྲོག་འཕེལ་འབྱུང་བཞི་སྟོབས་སྐྱེད་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། ༈ །།ཌཱ་ཀི་རྟེན་འབྲེལ་གྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཕྲིན་ལས་གཞན་ཕན་ཆེ་བར་བྱ་བའི་ཕྱིར། ཆར་གཅོད་པའི་ལག་ལེན་ནི་འདི་ལྟར་བྱ་སྟེ། རྫས་དང་དམིགས་པ་གཉིས་ཡོད་པ་ལས། རྫས་ནི་གླ་རྩི། གུ་གུལ། ཁྱི་ལུད། མི་ལུད། བཙན་དུག་གི་འབྲུ། སྐྱེས་པ་བུད་མེད་གང་རྙེད་ཀྱི་རྨོང་སྤུ་རིགས་མི་འདྲ་བ་བརྒྱད། ཕག་རྒོད་ཀྱི་སྣ། དེ་རྣམས་ཞིབ་པར་བྱས་ཏེ་མེ་ཆེན་པོའི་ནང་དུ་བསྲེགས་ཤིང་ཀླུ་རྣམས་ཀྱིས་ཆར་གཅོད་པར་བསམས་ནས། རང་ཉིད་ཌཱ་ཀི་སེང་གདོང་ཅན་མ་ཕྱག་གཡས་སྡིགས་མཛུབ་བསྒྲེང་བའི་རྩེ་ནས་མེ་འབར་བ། གཡོན་ཀླུ་རྣམས་དབང་དུ་སྡུད་པའི་ལྕགས་ཀྱུ་བསྣམས་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཀླུ་གཉན་ཁྲི་ཚོ་འབུམ་གྱི་གདན་ལ་བཞུགས་པ། སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། དུས་མཐའི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་གྱུར་པ་ལས། ནམ་མཁའ་ལྕགས་ཀྱི་འཁོར་ལོ་རྩིབས་འབུམ་དང་ལྡན་པ་མེ་དཔུང་འབར་བའི་ཚྭ་ཚྭ་ལྟ་བུ་འཕྲོ་བ་གཡས་ཕྱོགས་སུ་འཁོར་བཞིན་པ། ས་ལ་ལྕགས་ཀྱི་པདྨ་འདབ་མ་འབུམ་དང་ལྡན་པ་གཡོན་ཕྱོགས་སུ་འཁོར་བ། དམིགས་པ་དེ་རྣམས་བསྒོམས་ནས་ཆར་གཏོང་བའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བྱ་སྒྲོ་མེ་ནང་དུ་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་སོང་བར་བསམས་ནས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཀཱ་ལ་རུ་དྲ་ཤཿདཿརཿསཿམཿརཿཡཿཕཊཿ ཅེས་ཁྲི་ཚོ་གཅིག་ཙམ་བཟླས་ནས། ཐུན་གཏོར་སྡིགས་མཛུབ་བསྒྲེངས་ནས་ཕུས་འདེབས་པ་དང་། རི་མགོ་ཐམས་ཅད་མེ་དཔུང་གིས་ཁེངས་པར་བསམ་མོ། །འདིས་ནི་ཆར་ཆོད་པར་ཐེ་ཚོམ་མེད་དོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་ཆར་གཅོད་པ་རྟེན་འབྲེལ་རྫས་ཀྱི་སྦྱིན་སྲེག་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་ཐེའུ་བྲང་བདུད་འདུལ་གྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཐོག་དང་འཁྱུག་བསྲུང་བར་འདོད་ན། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྲོ་བོ་བཅུས་གཏམས་པ། གཡོན་བདུད་རྩིས་གང་བའི་ཀ་པཱ་ལ་ཐུགས་ཀར་འཛིན་པ། ཁ་ཊྭཱཾ་ག་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། ཆོས་འབྱུང་རོའི་གདན་ལ་ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་བསམས་ནས། རང་གི་སྤྱི་བོར་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཡས་ཕྱོགས་སུ་འཁོར་བར་དམིགས་པ་དང་། རང་གི་ལུས་ལ་ཡི་གེ་བཅུ་བཞི་རྒྱ་ཤོག་ལ་གསེར་གྱིས་བྲིས་ནས་བཏགས་ན་ཐུབ་ངེས་པས། དམིགས་པ་དེ་དང་ལྡན་པའི་ངང་ནས་སྔགས་ཁྲི་ཚོ་རེ་བཟླས་ན་ཐོག་དང་འཁྱུག་ཐུབ་པར་ཐེ་ཚོམ་མེད་དོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས། ཐོག་དང་འཁྱུག་སྲུང་བ་ཁྲོ་བཅུ་ལ་བསྟེན་པའི་སྲུང་བ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །རིམས་ནད་བསྲུང་བར་འདོད་ན། ཐོ་རངས་ཀྱི་ཆ་ལ་རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་གཅེར་བུ་ཐལ་ཆེན་གྱིས་བྱུགས་པ། ཕྱག་གཉིས་ཀྱིས་སྒྲིབ་ཤིང་གི་འཁོར་ལོ་བསྣམས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་བའི་སྟབས་ཀྱིས་རྟོག་མེད་མི་རོའི་གདན་ལ་བཞུགས་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ་ཞིག་བསམས་ཏེ། དེའི་ངང་ལ་རྩ་སྔགས་སྟོང་ཕྲག་གསུམ་བགྲང་ནས། རང་གི་དྲི་ཆུ་བར་པ་ལ་སྔགས་ཀྱིས་བྲབས་པ་ལྟོ་སྟོང་ལ་འཐུངས་ཤིང་གདོང་པ་བཀྲུས་ན་འགོ་བའི་རིམས་ནད་གང་ཡང་ཐུབ་པར་འགྱུར་རོ། །ཞེས་ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས། རིམས་ནད་སྲུང་བ་སྔགས་ཆུས་བྲབ་པའི་རྟེན་འབྲེལ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་མཐུ་སྟོབས་ཀྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །འབྲུམ་པ་བསྲུང་བར་འདོད་ན། སྲན་མ་བདུན་ལ་སྔགས་བརྒྱ་བརྒྱད་བཏབ་ནས་བཏགས་ན་ཐུབ་ངེས་སོ། །དེའི་ཞལ་ཤེས་ནི། ལྕགས་སྲན་ནག་པོ་ཉི་ཤུ་དགུ་ལ་སྐྱེས་པ་སྟག་ལོ་པས་བཏབ་པ་དང་བཏོག་པ་གཉིས་ཀ་བྱས་པ་གནམ་མ་མཐོང་བར་བྱེད་པ་གནད་ཡིན། ལྕགས་སྲན་གནམ་མ་མཐོང་བ་བདུན་ལ་སྔགས་སྟོང་ཕྲག་རེ་རེ་བཏབ་ནས། ལྕགས་སྦུག་གི་ནང་དུ་ལ་ཆས་ཁ་བཅད་དེ་བཏགས་ཤིང་སྲན་མ་བདུན་པོ་སེང་གདོང་མ་སྒྲིབ་ཤིང་གི་འཁོར་ལོ་བསྣམས་པ་རེ་རེ་བསྐྱེད་ན་ཐུབ་པར་ཐེ་ཚོམ་མེད་དོ། །རབ་གནས་ཞལ་ལས་ཤེས་སོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་འབྲུམ་པ་ལྕགས་སྲན་བསྒྲིལ་བའི་རྟེན་འབྲེལ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་མཐུ་སྟོབས་ཀྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །དམར་བཤལ་དང་འཁྲུ་བ་གཅོད་པར་འདོད་ན། ཉི་མ་མ་ཤར་གོང་དུ་བུ་མོ་གཙང་མས་ཁྱི་རྒྱ་བོ་མིག་བཞི་པའི་སྤུ་བཏོགས་ནས་སྐྱེས་པ་སྟག་ལོ་པས་སྙོད། བུ་མོ་སྐྱེས་པའི་སྐྱོན་མེད་པ་སྟག་ལོ་མས་བསྒྲིམས་པའི་སྲད་བུ་སུམ་བསྒྲིལ་ལ་མདུད་པ་བཅུ་བཞི་བོར་ནས། མདུད་པ་རེ་ལ་རྩ་སྔགས་སུམ་བརྒྱ་སུམ་བརྒྱ་བཏབ་སྟེ། བརླ་སྦོམ་ཕྲའི་མཚམས་སུ་བཏགས་པས་འཁྲུ་བ་ཐེམ་བུ་བཅད་པ་ལྟར་འགྲོ་བ་ལ་ཐེ་ཚོམ་མེད་དོ། །འདི་ནི་ལག་ལེན་མ་ནོར་བ་ཡིན་པས་འགྲོ་བ་ཀུན་ལ་ཕན་ཐོགས་པར་གྱིས་ཤིག །གསེར་གྱིས་བསླུ་དགོས་པའི་མན་ངག་ལགས་སོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་སྒོ་ནས་དམར་བཤལ་ལ་སོགས་འཁྲུ་བ་གཅོད་པ་སྔགས་མདུད་ཀྱི་རྟེན་འབྲེལ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་མཐུ་སྟོབས་དབང་སྒྱུར་གྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ཕྱུགས་ནད་དང་ལུག་ནད་བསྲུང་བར་འདོད་པས། ཐོག་མར་རྫས་གསག་པ་ནི། དཀར་གོང་སྲིན་མེད་ཕྱེ་མར་བརྡུངས་པ་བྲེ་དོ་ཙམ་ཞིག་དུག་རིགས་ཀུན་གྱི་ཆུས་དཀར་གོང་གི་ཕྱེ་མ་དེ་བྲན། རང་ཉིད་སྐད་ཅིག་གིས་ཌཱ་ཀི་སེང་གེའི་གདོང་ཅན་མ་སྲིད་པའི་རྩེ་མོར་སླེབ་པ་ཞིག་བསྒོམས་ནས། སྔགས་ཀྱི་མཇུག་ཏུ་ཕྱུགས་ནད་ལུག་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་འབུམ་ཚོ་གསུམ་མི་ཚིག་གིས་བར་མ་ཤོར་བར་བགྲངས་ནས་དཀར་གོང་གི་ཕྱེ་མ་ལ་ནངས་རེ་བཞིན་བརྒྱབ། ཕྱུགས་ནད་དང་ལུག་ནད་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་བཞིན་ཐུལ་ཐུལ་སོང་བར་བསམས་ནས་ཕྱུགས་ལུག་ཀུན་གྱི་མགོ་ཞབས་མེད་པར་རྫས་དེ་ཉིད་ཀྱིས་བྲབས་ཤིང་། ནད་གདོན་ཐམས་ཅད་བཤང་ལམ་ནས་མངོན་སུམ་དུ་དོན་པར་བསམ་མོ། །དེ་ལྟ་བུ་ལན་བདུན་བྱས་ན་ཕྱུགས་ལུག་ཀུན་གྱི་ནད་དང་གདོན་ཐམས་ཅད་གཞན་ལ་ཁ་འགྱུར་འགྲོའོ། །ནད་ཁ་བསྒྱུར་བའི་རྟེན་འབྲེལ་ཟབ་མོ་ཞལ་ཤེས་སོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས། ལུག་ནད་དང་ཕྱུགས་ནད་གཅོད་པའི་རྟེན་འབྲེལ་ནད་ཁ་བསྒྱུར་བ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་མཐུ་སྟོབས་ཀྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །ལྷོག་པ་བསྲུང་བར་འདོད་པས་ཚོན་སྐུད་སྣ་ལྔ་ལ་མདུད་པ་བཅུ་བཞི་བཏབ་ནས་ཡན་ལག་ལྔ་ལ་བཅིངས་ཏེ། མདུད་པ་རྣམས་སེང་གདོང་མར་བསྐྱེད་སྔགས་ཀྱིས་བྲབ་ན་ལྷོག་པ་ཐུབ་པར་ཐེ་ཚོམ་མེད་དོ། །གལ་ཏེ་ལྷོག་པ་བྱུང་ན་སྔགས་ཀྱིས་འདུལ་བ་ནི། ཆུ་ཕུལ་གང་ལ་རྩ་སྔགས་ཁྲི་བཏབ་ནས་ནད་པ་ལ་བླུད་ན་ལྷོག་རིགས་ཀུན་སེལ་ལོ། །ཌཱ་ཀིའི་ལས་ཚོགས་ལྷོག་པ་སྲུང་བའི་རྟེན་འབྲེལ་སྔགས་སྲུང་ཆེན་མོ་ཞེས་བྱ་བ་ྀཨཚ།། །།ཌཱ་ཀི་རྟེན་འབྲེལ་གྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །གྲེ་འགག་སྲུང་ཞིང་བཅོས་པར་འདོད་ན། དང་པོ་བསྲུང་བ་སྐུད་པ་དཀར་དམར་གསུམ་བསྒྲིལ་ལ་མདུད་པ་བཅུ་བཞི་བོར་ནས་སེང་གེའི་གདོང་ཅན་མར་བསྐྱེད་དེ། སྔགས་ཀྱིས་བྲབས་ནས་ཡེ་ཤེས་དགུག་གཞུག་ཡེ་དྷར་གྱིས་རབ་གནས་བྱས་ཏེ། སྐེ་ལ་བཏགས་ན་གྲེ་འགག་ངེས་པར་སྲུང་ཐུབ་བོ། །བྱུང་ནས་བཅོས་པ་ནི། རྫས་འདི་རྣམས་སྡོག་སྟེ། ཅོ་གའི་ལྕེ། རྒྱ་ཁྲའི་ལྕེ། གོང་མོའི་ལྕེ། བོང་བུའི་ཨོལ་སྟོང་པ། བྱིའུ་ནས་ཟན་གྱི་བྲུན། སྲིན་བྱ་སྤུ་ཤུད་གཉིས་ཀྱི་བྲུན། རྫས་འདི་རྣམས་ཞིབ་པར་བཏགས་ཏེ། ཆང་གར་མ་ལ་སྐྱོ་མ་ཙམ་དུ་བཙོས་ནས། གྲང་ཐལ་བཏང་སྟེ། ཚྭ་དད་ཆགས་པ་དང་། གྲེ་བ་ན་བའི་སྐོར་ལ་སྔགས་ཀྱིས་བྲན། ཀུན་ལ་རྫས་དེ་ལན་འགའ་ཞིག་བྱུགས་པས་ངེས་པར་གྲེ་འགག་སེལ་ལོ། །ཡང་ན་རྫས་དེ་ཉིད་ལ་གླ་རྩི་དུམ་ཙམ་ཞིག་བསྲེས་ནས་སྔགས་ཆུས་ཕུལ་ནས་བཏང་བས་ངེས་པར་སེལ་ལོ། །ཌཱ་ཀི་ཆེན་མོ་སེང་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས། གྲེ་འགག་བསྲུང་བ་རྫས་ཀྱི་རྟེན་འབྲེལ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་དུག་འཇོམས་ཀྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། །གཟའ་ནད་བཅོས་པར་འདོད་པས། གུ་གུལ་ནག་པོ་ལ་སྔགས་སྟོང་བཏབ་ནས་ལྟོ་སྟོང་ལ་སྔགས་ཆུས་ཕུལ་ནས་བཏང་ན་ཁྱབ་འཇུག་གི་ནད་ལས་སྐད་ཅིག་ཉིད་ལ་གྲོལ་བར་འགྱུར་རོ། །ཡང་ལུགས་གཅིག་ལ་རྫས་འདི་གསག་དགོས་ཏེ། སྤྱང་ཀིའི་བྲུན། གུ་གུལ། བཙན་དུག །ཡུགས་མོའི་རྨོང་སྤུ། རྟ་ནག་པོ་དཀར་ཙག་མེད་པའི་རྟ་བོན། མི་བྲུན། ཁྱི་བྲུན། ཤ་ཆེན། རྨ་བྱའི་མདོངས། དེ་རྣམས་ཞིབ་པར་བཏགས་ནས་རོ་སོལ་ནག་པོའི་མེ་ལ་བསྲེགས་ནས། སྨྱུག་སྦུབ་རྩ་བ་གཅིག་པ་རྩེ་མོ་ཁ་གཉིས་པས་སྣ་བུག་ལ་བདུགས་ན། ཁྱབ་འཇུག་ནག་པོའི་ཟེར་དུག་གང་རུང་ཕོག་ཀྱང་སྐད་ཅིག་ཉིད་ལ་ངེས་པར་གྲོལ་བར་ཐེ་ཚོམ་མེད་དོ། །སྲུང་སྐུད་ཀྱི་འདོགས་ལུགས་ཞལ་ལས་ཤེས་སོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་གཟའ་ནད་སྲུང་བ་ཁྱབ་འཇུག་མདུད་གྲོལ་ཞེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་གོ་ཆའི་རྒྱལ་མོ་ལ་ཕྱག་འཚལ། མཚོན་བསྲུང་བར་འདོད་ན། རྒྱ་ཤོག་ཚོས་མ་སྐྱོན་མེད་ལ། ཟངས་ཀྱིས་ཙཀྲ་དཔེ་ཆུང་ལྟར་བྲིས་ནས། གསེར་གྱི་ཡི་གེ་ལྟག་སྤྲོད་བྲི་ལུགས་སྔར་ལྟར་བྱ། དེ་ལ་བྱིས་པ་འབྲས་བུ་མ་ཉམས་པའི་ཆུ་དང་། བུ་མོ་རྡོ་རྗེའི་མདའ་མ་ཕོག་པའི་རཀྟ་རྙེད་ན་རབ། མ་རྙེད་ན་སིནྡྷུ་ར། མཚོ་རྡོ་དང་བཅས་པ་གནམ་མ་མཐོང་བ་དེ་གསུམ་ཡིག་འབྲུ་རྣམས་ལ་བྱུགས་ནས་ལྟེབ་དང་དཀྲིས་རྣམས་ཕྱག་ལེན་ལྟར་བྱེད། ལྐོགས་ནི་དར་ནག་དང་ལྕགས་ཀྱི་ཆོས་འབྱུང་གི་དབྱིབས་ལྟ་བུའི་ནང་དུ་བཙུད་ནས། དཔུང་པ་གཡས་པ་ལ་བཏགས་ན། མཚོན་གྱི་རིགས་ཐུབ་པར་ཐེ་ཚོམ་མེད་དོ། །བསྐྱེད་ཆོག་རབ་གནས་ཞལ་ལས་ཤེས་སོ། །ཌཱ་ཀི་ཆེན་མོ་སེང་གེའི་གདོང་ཅན་མའི་ལས་ཚོགས་ཀྱི་སྒོ་ནས་མཚོན་སྲུང་བ་རྡོ་རྗེའི་གོ་ཁྲབ་དཔའ་བོ་རྩལ་འགྱེད་ཅེས་བྱ་བའི་གདམས་པ་ཟབ་མོ་ྀཨཚ།། །།ཌཱ་ཀི་ཆེན་མོ་མཐུ་སྟོབས་རྒྱལ་མོ་མཆོག །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་མའི། །རང་བྱུང་ཡི་གེ་དྲག་པོ་བཅུ་བཞི་ལས། །འགྲོ་ཀུན་བདེ་ལ་འགོད་པའི་མན་ངག་ནི། །ཕན་བྱེད་དཀར་པོའི་ལས་ཚོགས་སུམ་ཅུ་ལྔ། ཁོ་བོ་ཆོས་མེད་ནམ་མཁའ་སངས་རྒྱས་ཀྱིས། །ཉམས་སུ་མྱོང་ཞིང་ལག་ཏུ་ལན་མང་བླངས། །ཌཱ་ཀི་ཆེན་མོས་དངོས་སུ་གནང་བའི་ཆོས། །ཀུན་ལ་མེད་པའི་མན་ངག་ཟབ་མོ་འདི། །བོད་ཡུལ་འཇིག་རྟེན་ཁམས་ཀྱི་དཔལ་དུ་ཤར། ཁྱད་པར་འགྲོ་ཀུན་སྡུག་བསྔལ་ཀུན་གྲོལ་ཕྱིར། །ནམ་མཁའ་སངས་རྒྱས་བདག་གིས་སྦྱར་བའོ། །དགེ་དེས་སེམས་ཅན་མ་ལུས་ཐམས་ཅད་ཀུན། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་མས། །རྗེས་སུ་འཛིན་ཞིང་ནུབ་ཕྱོགས་ཨོ་རྒྱན་གྱི། །མཁའ་འགྲོའི་གླིང་མཆོག་དག་ཏུ་སྐྱེ་བར་ཤོག །དེས་ཞི་རྒྱས་དབང་གསུམ་ལས་འཕྲོས་པའི་ཕན་བྱེད་དཀར་པོའི་ལས་ཚོགས་མདོ་ཙམ་བསྟན་ནས། ༈ གཉིས་པ་ནག་པོ་གསོད་བྱེད་དང་། གསུམ་པ་ཁྲ་བོ་ཕན་གནོད་སྣ་ཚོགས་པའི་ལས་རབ་འབྱམས་དཀྲུག་སྔགས་ལ་བརྟེན་ནས་སྒྲུབ་པའི་ཚུལ་མང་དུ་འབྱུང་བ་ནི་གླེགས་བམ་དུ་ཤེས་པར་བྱ་ལ། འདིར་ཡང་ཟློག་ཟབ་མོའི་མན་ངག་ཁྱད་པར་ཅན་ཕྱོགས་གཅིག་ཙམ་འབྲི་ན། རྡོ་རྗེ་ཌཱ་ཀི་སེང་གདོང་མའི་ཆོས་སྐོར་ལས། ཡང་ཟློག་ཟབ་མོ་ཁྲོམ་ཤིང་འབྲུ་བཀྲ་ལ་བརྟེན་ནས་བསད་པའི་མན་ངག་བཞུགས་སོ། །མ་མོ་ཀུན་གྱི་གཙོ་མོ་ཕྲིན་ལས་རྡོ་རྗེའི་དབང་ཕྱུག་སེང་གདོང་ཅན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་ལ་འདིར་སློབ་དཔོན་པདྨའི་མན་ངག་ཟློག་པ་ཀུན་གྱི་ནང་ནས་ཡང་ཟློག་ཟབ་མོ་ཁྲོམ་ཤིང་འབྲུ་བཀྲ་ལ་བརྟེན་ནས་དགྲ་བོ་བསད་པའི་འཁོར་ལོ་ནི། ཤིང་སེ་སྐྱེར་གླ་བ་གསུམ་གང་རུང་སྦོམ་ཕྲ་འཁྱིད་གང་གིས་བསྐོར་བའི་ཚད། རིང་ཐུང་བསྐུམ་ཁྲུ་གང་གྲུ་བཞི་པའི་རྩེ་ལ་སེང་ཞལ་དཀར་པོ་སྤྱན་གསུམ་པ། རྩ་བ་ཕུར་བུའི་དབལ་ཅན་ཟུར་གསུམ་པ་སྟེ། འདི་དག་དཔེ་རིས་ལྟར་འབྲི་བའི་རྫས་ནི། བཙན་དུག །བོང་དུག །རེ་ལྕག །ལུག་དུག །ར་དུག །སྤྱང་དུག །བྱ་རྒོད་སྤོས། འདྲེ་དུག །ཐང་ཕྲོམ་སྟེ་དུག་སྣ་དགུ། ཁྱི། ཕག །བྱི་ལ། རྟ། དྲེལ། བོང་བུ། མཛོ་ཕོ། མཛོ་མོ། འདི་རྣམས་ནག་པོ་ཁོ་ནའི་གསོན་ཁྲག །རབས་ཆད་མོའི་མངལ་ཁྲག་འདི་རྣམས་དང་། སྣག་ཚ་གང་བྱུང་ལག་ལེན་མཐོང་བ་ལྟར་སྦྱར་བས། གཟའ་སྐར་ཕུར་དབྱུག་འཛོམ་པའི་འཆི་སྦྱོར་གྱི་དུས་སུ། མུན་ཁང་ཤིན་ཏུ་གནག་པ་ལ་མི་གྲི་ཁར་བསད་པའི་ཚིལ་རྐང་ཞུན་འདུལ་བྱས་པའི་ཞུན་སྡེ་དང་། རོ་རས་ཀྱི་སྡོང་བུའི་སྣང་གསལ་གྱི་འོད་ལ། བླ་མའི་མན་ངག་ཕྱག་ཁྲིད་དང་ལྡན་པས། ཕོ་འུག་གཉིས་དང། སྲིན་བྱ། དེ་མོ་སྟེ་འདི་བཞི་གང་རུང་གི་རྐང་གི་སྨྱུག་གུས་མགོ་མཇུག་མ་ལོག་པར་བྱས་ཤིང་འབྲི་བ་སྟེ། དེའང་། ཁྲོམ་མིག་ཆོས་འབྱུང་རེ་མིག་བཅུ་བཞི་གཉིས་ཡོད་པའི་རྩ་བའི་ཆོས་འབྱུང་དང་པོའི་གསུམ་ལ། ཨཿ ཀཿ སཿ དེའི་རྗེས་ཆོས་འབྱུང་ཁ་སྦྱར་གཉིས་ལ་བདག་གི་ལུས་ལ་བར་དུ་གཅོད་པའི་སྔགས་བོན་གྱི་གནོད་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །རྩ་བའི་ཆོས་འབྱུང་གཉིས་པའི་གསུམ་ལ། ཙཿ ཤཿ མཿརཿ དེའི་རྗེས་རྩ་བའི་ཆོས་འབྱུང་གསུམ་པའི་གཅིག་དང་གཡས་གཡོན་གྱི་ཆོས་འབྱུང་གཉིས་ལ། བདག་གི་ངག་ལ་ཕ་རོལ་རིག་སྔགས་ཀྱིས་བྱད་ལྟེམས་ཀྱི་གནོད་པ་གཏད་མནན་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །རྩ་བའི་ཆོས་འབྱུང་གསུམ་པའི་གཅིག་དང་བཞི་པའི་གཉིས་ལ། དཿ རཿ སཿ དེའི་གཡས་གཡོན་གྱི་ཆོས་འབྱུང་གཉིས་ལ། བདག་གི་ཡིད་ལ་གཟིར་མནན་བཅིངས་པ་རྒྱུད་འཁྲུག་གི་གནོད་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །རྩ་བའི་ཆོས་འབྱུང་ལྔ་པའི་བཞི་ལ། མཿ རཿ ཡཿ ཕཊཿ དེའི་རྗེས་ཆོས་འབྱུང་བརྒྱད་ལ། བདག་གི་ལུས་ངག་ཡིད་གསུམ་ལ་སྡེ་བརྒྱད་འབྱུང་པོའི་གནོད་པ་བྱད་བྱུར་ཕུར་ཁ་གཏོར་ཁ་དམོད་ཁ་རྦོད་གཏོང་ལ་སོགས་པ་སྔགས་བོན་བནྡེའི་སྲུང་མ་རྣམས་དང་གཤིན་རྗེ་མ་མོའི་གནོད་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །ཅེས་ལྷག་ཆད་ནོར་འཁྲུལ་མེད་པར་ཁྲོམ་ཤིང་གི་ལོགས་གཞན་གསུམ་ལའང་ལེགས་པར་བྲིས་ནས་གསོད་པའི་སྔགས་དམོད་ནི། ཕུར་པའི་དབལ་གསུམ་ལ། གདུག་པའི་དགྲ་བགེགས་ཆེ་གེ་མོ་འདི་འཁོར་དང་བཅས་པ་མཱ་ར་ཡ་ཕཊ། ཅེས་པ་འདི་ཉིད་ཤིན་ཏུ་གལ་ཆེ་བ་ཡིན་གསུངས། དེ་ནས་ཁྲོམ་ཤིང་ལས་ཌཱ་ཀི་ཕྲ་མེན་ཤ་ཟ་ནག་མོ་ཕྱིར་ཟློག་ཞལ་གཅིག་ཕྱག་གཉིས་ཀྱིས་གནམ་ལྕགས་ལས་གྲུབ་པའི་ཕུར་བུ་རེ་རེ་བསྣམས་པ། གཅེར་བུ་རྒྱན་མེད་སྐུ་ལུས་ཐམས་ཅད་སྤྱན་གྱིས་གང་བའི་སྐུ་སྨད་ཕུར་བུ་རྩེ་གཅིག་པ་དམ་ཉམས་དགྲ་བོའི་སྙིང་ལ་གཟིར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ་དེའི་ཁྲོམ་མིག་ཆོས་འབྱུང་ནང་གི་འབྲུ་བཀྲ་རྩ་བའི་ཡི་གེ་བཅུ་བཞི་ལས་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཐུ་དང་ནུས་པ་སྟོབས་དང་རྫུ་འཕྲུལ་ཐམས་ཅད་མཚོན་ཆ་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྲོམ་ཤིང་ཌཱ་ཀི་མར་གསལ་བ་ལ་ཐིམ་པས་མཚོན་ཆའི་ཕུང་པོ་ནུས་པ་མཆོག་དང་ལྡན་པར་གྱུར་པར་དམིགས་ནས། འབྲུ་བཀྲ་བཅུ་བཞི་དམོད་བཅོལ་དང་བཅས་པ་ངག་སྨྲ་བ་ཤིན་ཏུ་དམ་པོའི་སྒོ་ནས་ཞག་བདུན་བཟླ་བ་དང་བསྟིམ་གཞུག་ཡང་ཡང་བྱེད་པ་གནད་ཡིན་གསུངས། དེ་ནས་མཚམས་ཀྱི་བཅད་རྒྱ་གྲོལ་བ་དང་། ཕུང་ཤུལ་དགུའི་ས་གསག་དགོས་ཏེ། དེའང་། གཙུག་ལག་ཁང་མེས་ཚིག་པའི་འགྲམ་ས། བཞུགས་ཁྲི་གོག་པོའི་འགྲམ་ས། མཆོད་རྟེན་བཤིག་པའི་འགྲམ་ས། རྫོང་གཞིས་བརླགས་པའི་འགྲམ་ས། རོ་བསྲེགས་པའམ་སྦས་པའི་ཤུལ་གྱི་ས། གཡུལ་ཉེས་པའི་འཁྲུགས་ཤུལ་གྱི་ས། དགེ་འདུན་གྱི་སྡེ་འཁྲུགས་པའི་གནས་ཀྱི་ས། ཟམ་པ་ཞིག་པའི་ས། གྲོང་ཁྱེར་བརླག་པའི་ས་སྟེ་འདི་རྣམས་དང་། ཁྱི་ལུད། སྤྱིར་མི་ལུད། སྒོས་མཛེ་ཕོ་མཛེ་མོའི་ལུད། ཕག་བྲུན། རྡོ་ལས་བྱས།་་་རྡོ་ཆག་པ། ཤིང་ལས་བྱས།་་་ཤིང་ཆག་པ། རོ་གཡམ། རང་འཐག་ཁ་སྦྱར། དེ་རྣམས་གསོག་པ་དང་། གཟའ་དང་སྐར་མ་རྩི་མི་དགོས་པས། ནམ་སྲོད་ཀྱི་དུས། ཀླུ་བདུད་གནས་ངེས་པའི་འགྲམ། ཤིང་སྡོང་གི་རྩ་བའམ། ཆུ་མིག་གི་དཀྱིལ། འདི་གསུམ་གང་རུང་ལ་ས་དོང་གྲུ་གསུམ་རྐེད་ནུབ་ཙམ་བྲུས་པའི་ལོགས་རྣམས་གཡམ་སྒྲོམ་གྲུ་གསུམ་པ། དེའི་སྟེང་དུ་དགྲ་བགེགས་གང་ཡིན་གྱི་ལིངྒ་བག་ཟན་ལ་གཞི་བྱས་པའི་དགྲ་བོའི་སྐྲ་དང་དྲི་མ་ཕོག་པའི་གོས་ཀྱི་དུམ་བུ་དང་། ཟག་པ་ཆེ་ཆུང་དང་། སྣབས་དང་ལུད་པ། སྔགས་བོན་བནྡེ་ཡིན་ན་དེ་རྣམས་ཀྱི་ཕྲེང་བ་ཡིན་ངེས་པ། ཁོའི་ཆོས་སྐྱོང་གི་གཏོར་མ་དང་། ཆོས་སྐྱོང་གི་གཟུངས་སྔགས་བྲིས་པའི་ཤོག་དྲིལ་འདི་རྣམས་ཆབས་ཅིག་ཏུ་སྦྱར་བ་མཐོང་བ་བརྒྱུད་པ་ལྟར་བྱ། བྱད་གཟུགས་དབང་པོ་རྣམས་དོད་པ་དེ་ཉིད་གན་རྐྱལ་བསྒྱེལ་བའི་སྙིང་གར་ཁྲོམ་ཤིང་གི་རྩ་བ་ཕུར་བུའི་རྩེ་མོ་བཙུགས་ཏེ་ཡ་ཡོ་མེད་པར་བྱས་ནས། དེའི་མཐའ་ས་སྣ་དང་མི་གཙང་བའི་རྫས་རྣམས་ཀྱིས་གཏམས་ཤིང་། གཞན་ཡང་། རུས་སྣ་ཚོགས་ཚད། རྭ་སྣ་ཚོགས་ཚད། ཚེར་སྣ་ཚོགས་ཚད་རྣམས་ཀྱི་སྟེང་ནས་གཡོགས་པ་དང་། རོ་གཡམ་ལ་སྔར་གྱི་རྫས་ཀྱིས་རྡོ་རྗེ་རྒྱ་གྲམ་བྲིས་པས་མནན་པ་སྟེ། འདིའི་མན་ངག་རྡོ་རྗེ་རྒྱ་གྲམ་གྱི་མཐའ་ལ་དགྲ་བོ་ཆེ་གེ་མོ་འདི་མི་ནོར་འཁོར་དང་བཅས་པ་སཏྭཾ་བྷ་ཡ་ནན། ཛཾ་བྷ་ཡ་ནན། མོ་ཧ་ཡ་ནན། ཞེས་པ་འདི་གང་ཤོང་འབྲི་བའོ། །དེའི་སྟེང་དུ་རང་འཐག་ཁ་སྦྱར་གོ་ལྡོག་གིས་མནན་ནས། ས་རྡོ་གང་བྱུང་གིས་ཐེམས་པར་བསྡམས་ཤིང་། འཆག་འཆག་ནན་ཆེ་བར་བྱས་པ་དག་ཀུན་གྱིས་མི་མངོན་པར་ས་གྲེ་མ་ལོག་པར་བྱེད་པ་་་རྗེས་མི་མངོན་པའོ།གལ་ཤིན་ཏུ་ཆེའོ། །དེ་ལྟར་གྲུབ་པའི་རྗེས་སུ་གཞི་བདག་ལ་གཏོར་མ་སྦྱིན་ཞིང་། ལས་མ་འགྲུབ་ཀྱི་བར་བཅོལ་དམ་དམོད་བཅོལ་དང་བཅས་པ་བྱེད་པ་དང་། དུས་རྒྱུན་དུ་བཟླས་དམིགས་རང་སྲུང་ཟབ་མོ་འབྲུ་བཀྲ་ཤོ་མིག་གི་མན་ངག་ཕུལ་དུ་ཕྱིན་པའི་བསྲུང་བ་ལུས་ལ་འདོགས་་་་ཕྱིར་ཟློག་གི་སྲུང་འཁོར་སྤྱི་མཐུན་གྱིས་ཀྱང་རུང་།པ་ཞལ་ལས་ཤེས་པར་བྱའོ། །དེ་ལྟར་ལག་ལེན་གྱི་གནད་མ་འཁྲུལ་བར་ཀུན་གྱིས་མ་ཚོར་བར་ཉམས་སུ་བླངས་ན་ཟླ་བར་མི་འགྱང་བར་རྟགས་ཐོན་པར་འགྱུར་བ་ལ་ཐེ་ཚོམ་ཡོད་རེ་ཀན་ནོ། །དེ་ལྟར་དགྲ་བོ་མི་ནོར་འཁོར་དང་བཅས་པ་གཏན་བརླག་ལ་སོང་ངམ། དེ་ལྟར་མ་སོང་རུང་ཁོའི་མི་ནོར་རྫས་གསུམ་ལ་གོད་ཆེན་པོ་འབྱུང་བ་ནི། མན་ངག་འདིའི་རྟགས་སླུ་བ་མེད་པ་ཡིན་པས། དེ་ནས་རྫས་དང་འཁོར་ལོའི་བཅའ་གཞི་རྣམས་བཏོན་ཅིང་དེ་ཉིད་དུ་ལྷག་མ་མ་ལུས་པར་བྱས་ནས། རྡོ་རྗེ་རྣམ་འཇོམས་སམ་ཡིག་བརྒྱའི་ཁྲུས་ཆོག་ལེགས་པར་བྱས་པ་ཉིད་ཆུ་བོ་ཆེན་པོར་དོར་བར་བྱའོ། །ཞེས་པ་མ་མོ་ཀུན་གྱི་གཙོ་མོ་ཕྲིན་ལས་རྡོ་རྗེའི་དབང་ཕྱུག་སེང་གདོང་ཅན་མའི་ལས་མཐའ་ཟློག་པ་ཀུན་གྱི་ནང་ནས་ཡང་ཟློག་ཟབ་མོ། ཁྲོམ་ཤིང་འབྲུ་བཀྲ་ལ་བརྟེན་ནས་དགྲ་བོ་བསད་པའི་འཁོར་ལོ་འདི་ཉིད་བསྟན་པ་དང་སེམས་ཅན་ལ་གནོད་པའི་དམ་ཉམས་དགྲ་བོ་འདུལ་བའི་ཆེད་དུ། སློབ་དཔོན་པདྨས་གསུངས་པ་རྗེ་བླ་མ་པཎ་ཆེན་གྱི་བཀའ་དྲིན་ལས་བྱུང་བ། རང་ཉིད་བརྗེད་པས་འཇིགས་པ་དང་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས། ཤིང་མོ་ཡོས་ཀྱི་ལོའི་དགུན་ཟླ་ར་བའི་དཀར་པོའི་ཕྱོགས་ཀྱི་ཟླ་བ་ཉ་བའི་ཚེས་ལ་མེ་ལོང་བཀྲ་ཤིས་རབ་བརྟན་བདེ་ཆེན་ཆོས་འཁོར་གླིང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། སྟན་ཐོག་གཅིག་གི་བརྟུལ་ཞུགས་འཛིན་པ་གནས་བརྟན་ཆོས་བཟང་ཉི་མས་བགྱིས་པའི་དགེ་བས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཉོན་མོངས་པའི་དགྲ་བོ་ཐུལ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པ་ཆེན་པོ་མྱུར་དུ་རྟོགས་པར་གྱུར་ཅིག །འདི་བྲིས་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཌཱ་ཀི་ནཱིའི་ཞལ་མངོན་སུམ་དུ་མཐོང་ནས། ལས་བཞི་ཀུན་གྱི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་རྒྱུར་གྱུར་ཅིག། །། ༈ གཞན་ཡང་སྦྱིན་སྲེག་ལ་བརྟེན་ནས་ལས་རབ་འབྱམས་སྒྲུབ་པ་ལ། རྡོ་རྗེ་མཁའ་འགྲོ་གཙོ་བོར་གྱུར་པའི་རིགས་ལྔའི་སྒོ་ནས་ཞི་བའི་སྦྱིན་སྲེག །རིན་ཆེན་མཁའ་འགྲོ་ལ་བསྟེན་པའི་རྒྱས་པའི་སྦྱིན་སྲེག །པདྨ་མཁའ་འགྲོ་གནོད་སྦྱིན་དབང་སྡུད་མོ་ལ་བསྟེན་པའི་དབང་གི་སྦྱིན་སྲེག །གསང་སྒྲུབ་གཅེར་བུ་ཁྲོས་ནག་ཅན་ལ་བསྟེན་པའི་དྲག་པོའི་སྦྱིན་སྲེག་བྱ་བའི་ཚུལ་རྣམས་ནི། སོ་སོའི་ཡིག་ཆ་ལས་ཤེས་ཤིང་ཡིག་ཆ་དངོས་མ་འབྱོར་ནའང་གསང་བ་སྤྱིའི་སྦྱིན་སྲེག་ལ་ལྷ་སྔགས་ཁ་བསྒྱུར་བས་འགྲུབ་པ་ཡིན་ནོ།། ༈ །།འཁོར་ལོའི་སྒོ་ནས་ལས་རབ་འབྱམས་སྒྲུབ་པ་ལ། ལུས་ལ་འཆང་བའི་འཁོར་ལོ་དང་། རླུང་ལ་ལས་སྦྱར་བའི་འཁོར་ལོ་གཉིས་ལས། དང་པོ་ནི། སེང་གདོང་མའི་ལས་སྦྱོར་འཁོར་ལོའི་མན་ངག་མདོར་བསྡུས་པ་བཞུགས་སོ། །ཌཱ་ཀི་ནཱི་སིཾ་ཧ་མུ་ཁཱི་ཡེ་ན་མཿ ལས་ཚོགས་ཐམས་ཅད་སྒྲུབ་པའི་འཁོར་ལོ་ནི། ཚེས་བཅོ་ལྔ་རྒྱལ་ཕུར་འཛོམ་པའི་དུས་ཁ་ནུབ་ཏུ་ཕྱོགས་པས། རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ལ། བྲི་གཞི་རྒྱ་ཤོག་མི་ལྤགས་ཀྱི་གཡང་གཞི་དང་། སྨྱུ་གུ་སེང་གདོང་མའི་མཆེ་བ་དང་། ཡིག་འབྲུ་སེང་གདོང་མའི་སྐུར་བསྒོམ་ཞིང་། ཁ་ཆེ། གི་ཝཾ། གུ་གུལ། གླ་རྩི། སྨན་ཆེན། བྱང་སེམས་དཀར་དམར་རྣམས་སྦྱར་བའི་སྣག་ཚྭས་གནས་མུན་ཁང་དུ་བྲི་སྟེ། མུ་ཁྱུད་ཆ་ཕྲན་རེ་རིམ་པ་བཞི་བསྐོར་བའི་ལྟེ་བར་ཆ་ཆེན་གཅིག་བྱ། དེའི་ནང་དུ་གྲུ་བཞིའི་ཟུར་མུ་ཁྱུད་ནང་མ་ལ་རེག་ཙམ་བྱ། དེའི་དབུས་སུ་ཡང་གྲུ་བཞི་ཆ་ཆེན་གཅིག་ལྟེ་བའོ། །དེའི་མདུན་རྒྱབ་ལིང་རྩེ་བཞི་བཞི་རེ། གཡས་སུ་ལིང་ཚེ་ལྔ་སྦྲག་གཉིས། གཡོན་དུ་ཡང་དེ་དང་འདྲ་བར་བྱ། ལྟེ་བར་ཨོཾ་མགོ་ནུབ་བསྟན། ལྟེ་བའི་མཐར་བྱང་ཤར་དུ་ཨོཾ། ནུབ་བྱང་དུ་ཨཱཿ ལྷོ་ནུབ་ཏུ་ཧཱུྃ། ཤར་ལྷོར་ཧ། སྟེང་དུ་ཧོཿ འོག་ཏུ་ཧྲཱིཿརྣམས་མགོ་ཕྱིར་བསྟན། མདུན་ཤར་ངོས་ཀྱི་རེ་མིག་བཞི་ལ་གཡས་སྐོར་དུ་ཡིག་འབྲུ་མགོ་སྤྲོད་དུ། སཿཤཿདཿརཿ རྒྱབ་ཀྱི་ལིང་ཚེ་བཞི་ལ། མཱཿརཿཡཿཕཊཿ ལྷོའི་ལིང་ཚེ་ནང་མ་གསུམ་ལ། ཨཿཀཿསཿ བྱང་གི་ནང་མ་གསུམ་ལ། མཿརཿཙཿ དེ་དྲུག་མགོ་ནང་བསྟན། ཕྱིའི་ལྷོ་ཕྱོགས་རེ་མིག་ལྔ་ལ། ཨཿ སཿ ཀཿ རཿ མཿ བྱང་གི་རེ་མིག་ལ། ཙཿ དཿ ཤཿ སཿ རཿ བཅུ་པོ་ཡིག་མགོ་ཕྱིར་བསྟན་ནོ། །ནང་གི་རེ་མིག་གི་མཚམས་བཞི་ལ། ལྷོ་ནུབ་ནས་གཡས་སྐོར་དུ། མཱ་ ར་ ཡ་ ཕཊ་ ཅེས་མགོ་ནང་བསྟན་ཏེ་རེ་མིག་ཉེར་བརྒྱད་པོ་ཐམས་ཅད་ལ་ཡིག་འབྲུའི་གཡས་སུ་རཾ། གཡོན་དུ་ཕཊ་བྲིའོ། །མུ་ཁྱུད་དང་ལིང་ཚེའི་བར་དུ་གླིང་བཞི་གླིང་ཕྲན་བཅུ་གཉིས་གཟུགས་ཁ་དོག་དང་བཅས་པ་བྲིའོ། །དེའི་མུ་ཁྱུད་ལ་བྱང་ཤར་ནས་གཡས་སྐོར་དུ་རྩ་སྔགས་བཅུ་བཞི་པ་ཚར་གཉིས་རེ་བྲི། དེ་རྒྱབ་མུ་ཁྱུད་ལ། དབྱངས་ཡིག་བཅུ་དྲུག་གི་མཇུག་ཏུ། བདག་གི་དབང་དུ་འགྲོ་བ་ཕོར་སྣང་བ་ཐམས་ཅད་སྡུས་སྡུས་ཁུག་ཁུག་ཛཿཛཿ མུ་ཁྱུད་གསུམ་པ་ལ་གསལ་བྱེད་སོ་གཉིས་པའི་མཇུག་ཏུ། བདག་གི་དབང་དུ་འགྲོ་བ་མོར་སྣང་བ་ཐམས་ཅད་སྡུས་སྡུས་ཁུག་ཁུག་ཛཿཛཿ དེ་རྒྱབ་མུ་ཁྱུད་བཞི་པའི་ཕྱོགས་བཞིར་རྡོ་རྗེ་དང་། དེའི་བར་རྣམས་སུ་མི་མགོ་སྐམ་རློན་གྱི་ཕྲེང་བ། དེ་མཐར་མུ་ཁྱུད་ལ་མེ་རི་ཁ་དོག་སྣ་ཚོགས་གཡོན་སྐོར་བྲི། ཚོན་སྐུད་ཀྱིས་འབྱུང་བ་རིམ་བརྩེགས་ལྟར་ལྗང་དམར་སྔོ་སེར་ནག་རྣམས་ཀྱིས་རིམ་པར་དཀྲིས་ལ་བསྲུང་བྱའི་གནས་རྣམས་སུ་འཁོར་ལོ་དེས་རེག་ཅིང་དབང་བསྐུར་ཏེ། སྤྱི་བོ། དཔྲལ་བ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་དྲུག་ཏུ་རིམ་པ་ལྟར། རཿ ཕཊཿ ཙཿ སཿ རཿ མཿ ཞེས་དྲུག་དང་། རྣ་བ། སྣ། མིག །ཁ། དཔུང་པ། ལག་མཐིལ། རྐང་མཐིལ་རྣམས་སུ་རིམ་པ་ལྟར། ཤཿ ཀཿ ཡཿ དཿ མཿ སཿ ཨཿ རཿ རྣམས་སོ། །རྣ་ལྟག །དཔུང་པ། དཔྱི་མགོ་རྣམས་ལ་རྣ་ལྟག་གཡས་ནས་རིམ་པ་ལྟར། ཨཿ ཀཿ སཿ མས་ནས་ཡར། མཿ རཿ ཙཿ ཞེས་གོ་བགོ་ཞིང་དབང་བསྐུར་ནས་ཟངས་དམར་གྱི་གའུར་བཅུག་ལ་མཆན་ཁུང་གཡོན་དུ་འཆང་ངོ་། །སྣང་བ་དབང་སྡུད་འཁོར་ལོ་འདིས། །སྣང་བ་ཐམས་ཅད་དབང་དུ་འདུ། །ཟབ་པའི་གནད་ཡིག་འཁོར་ལོ་འོ། །ལྟེ་བའི་ཤར་ནུབ་ཡིག་འབྲུ་བརྒྱད། །ཤར་གྱི་བཞི་པོ་དབང་སྡུད་ཡིན། །ནུབ་ཀྱི་བཞི་པོ་ཟློག་སྔགས་ཡིན། །ལྷོ་བྱང་ཕྱི་ཡི་ཡིག་འབྲུ་བཅུས། །ཕོ་མོར་སྣང་བའི་འགྲོ་བ་ཀུན། །ཐམས་ཅད་དབང་དུ་འདུ་བར་འགྱུར། །མཚམས་བཞིར་བཀོད་པའི་ཡིག་འབྲུ་བཞིས། །དགྲ་རྣམས་ཐམས་ཅད་གསོད་བྱེད་ཅིང་། །བདུད་རིགས་བར་ཆད་བཟློག་པར་འགྱུར། །རྫས་སྣ་བདུན་པོས་ཁམས་གསུམ་གྱི། །མི་ནོར་ཟས་གསུམ་དབང་དུ་སྡུད། །སྣང་བ་སྐུ་ཡི་འཁོར་ལོ་ནི། །སྔགས་ཀྱི་བསྒྱུར་ཁ་མ་གཏོགས་པ། །འོག་མ་ཐམས་ཅད་འདི་དང་མཚུངས། །ྀཨཚ། དབང་སྡུད་གསུང་གི་འཁོར་ལོ་ནི། ལྟེ་བར་ཨོཾ་གྱི་ཚབ་ཏུ་ཨཱཿབྲི། དབྱངས་གསལ་མཇུག་ཏུ་སྣང་གྲགས་ཐམས་ཅད་བདག་གི་དབང་དུ་སྡུས་སྡུས་ཁུག་ཁུག་ཛཿཛཿ ཞེས་བྲི། གཞན་གོང་ལྟར་རོ། །ྀཨཚ། སྒྲིབ་སྦྱོང་ཐུགས་ཀྱི་འཁོར་ལོ་ནི། ལྟེ་བར་ཧཱུྃ་བྲི། དབྱངས་གསལ་མཇུག་ཏུ་བདག་འཁོར་དང་བཅས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་བྲི། གཞན་གོང་ལྟར་རོ། །ྀཨཚ། ཟློག་བྱེད་མཚོན་ཆའི་འཁོར་ལོ་ནི། ལྟེ་བར་ཕཊཿདང་དབྱངས་གསལ་མཇུག་ཏུ་བདག་འཁོར་དང་བཅས་པ་ལ་བྱད་ཟོར་མནན་གཏད་ཕུར་ཁ་རྦོད་གཏོང་རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག་བྲི། གཞན་གོང་ལྟར་རོ། །ྀཨཚ། ཐོག་སྲུང་གནམ་ལྕགས་འཁོར་ལོ་ནི། ལྟེ་བར་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཨཱཿམགོ་གཏུགས་བཞིའི་དབུས་སུ་ཨཱཿགཅིག །རྩིབས་དྲུག་ལ་སྔར་གྱི་ཡིག་འབྲུ་དྲུག་བཀོད། དབྱངས་གསལ་མཇུག་ཏུ་བདག་ཅག་འཁོར་དང་བཅས་པར་གནམ་གདོན་ཐོག་འཁྱུག་གི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵཿ གཞན་གོང་དང་འདྲ། །ྀཨཚ། ཚེ་སྒྲུབ་སྲོག་གི་འཁོར་ལོ་ནི། ལྟེ་བར་ཧྲཱིཿམུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པ་ཚེ་རིང་ཞིང་རྒྱས་པ་དང་ཚེའི་བར་ཆད་ཐམས་ཅད་ཉེ་བར་ཞི་ནས་ཚེ་མཐར་ཕྱིན་པར་གྱུར་ཅིག །གཞན་གོང་ལྟར་རོ། །ྀཨཚ། གཉན་ནད་འཇོམས་པའི་འཁོར་ལོ་ནི། ལྟེ་བར་རཾ་དང། མུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པའི་གཉན་ཤུ་མཛེ་ཕོལ་གྱི་ནད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །གཞན་གོང་ལྟར་རོ། །ྀཨཚ། ཞོ་ཆང་ལེགས་པའི་འཁོར་ལོ་ནི། ལྟེ་བར་ཡཾ་དང་། མུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པའི་ཞོའམ་ཆང་གི་བཅུད་ཕེབས་ཤིང་རོ་བཅུད་དང་ལྡན་པ། འདྲེ་ཚོགས་མཁའ་ལ་རྒྱུ་བའི་གནོད་པ་ལས་སྲུང་ཤིག་རཀྵཿ འཁོར་ལོ་གླང་མ་དང་སྟག་པའི་བྱང་བུ་མིག་དྲུག་མ་དང་། སེ་བ་སྐྱེར་པའི་བྱང་བུ་མིག་དྲུག་དེ་རྣམས་ཀྱི་ནང་ལོགས་ལ་སྔར་བཤད་པའི་རྫས་དྲུག་གིས་ཞོ་ཉེས་ཟློག་པར་གྱུར་ཅིག་བྲིས་ནས་རྒྱ་གྲམ་དུ་བཏགས་ལ་ཚོན་སྐུད་སྣ་ལྔས་སྔར་ལྟར་བཅིངས་ཤིང་སྟག་ལྤགས་ཀྱིས་བསྟུམས་ནས་རབ་གནས་ལེགས་པར་བྱས་ཏེ་ཞོའམ་ཆང་གི་རྫ་མ་ལ་བཏག་གོ །ྀཨཚ། ལོ་ལེགས་ལོངས་སྤྱོད་འཁོར་ལོ་ནི། ལྟེ་བར་ཧཾ་དང་མུ་ཁྱུད་དབྱངས་གསལ་གྱི་མཇུག་ཏུ། བདག་ཅག་འཁོར་དང་བཅས་པའི་སོ་ནམ་ཞིང་ལས་འབྲུ་བཅུད་འཕེལ་ཞིང་ལོ་ལེགས་འབྱུང་བ་ལ་སད་སེར་དང་བྲལ་བར་གྱུར་ཅིག །ཚོན་སྐུད་སྣ་ལྔས་དཀྲིས་མི་ལྤགས་ཀྱིས་བསྟུམ་ལ་ཆས་དྲིལ་ཏེ་རྫའི་གའུར་བཅུག་སྟེ་ཞིང་དཀྱིལ་དུ་སྦས་ལ་རབ་གནས་བྱའོ། །ྀཨཚ། སྲིས་སྨེ་གཡང་སྒྲུབ་འཁོར་ལོ་ནི། ལྟེ་བར་ཛཾ་དང་། མུ་ཁྱུད་དབྱངས་གསལ་མཇུག་ཏུ་བདག་ཅག་འཁོར་དང་བཅས་པའི་ལོངས་སྤྱོད་རྣམས་སྲིས་སྨེ་ཞིང་འཕེལ་བ་དང་། སྲིས་རྐུན་གྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵཿ ཁྲོམ་ཆེན་པོ་ཚོགས་པའི་གོས་ཀྱི་སྤུ་རྡུལ། འབྲུ་སྣ་ཚོགས། གོས་དར་སྣ་ཚོགས། རིན་པོ་ཆེ་སྣ་ཚོགས། ཟས་སྣ་ཚོགས། བླ་མ་དགེ་བཤེས་མི་དབང་བསོད་ནམས་ཅན་གྱི་གསོལ་རས་རྣམས་དང་། འཁོར་ལོ་སྟག་ཕྲུག་དར་མའི་བླུད་བུར་བཅུག་སྟེ། སྔར་གྱི་རྫས་དྲུག་འདྲེས་པའི་སྣག་ཚས། ཨོཾ་ནིག་ནལ། ནིག་ནལ། པྲ་མོ་ཐུན། པྲ་མོ་ཐུན། དབང་པོ་དཀྲུགས། དབང་པོ་དཀྲུགས། སེམས་རྩ་མྱོས། སེམས་རྩ་མྱོས། ཁུག་ཁུག་ཛཿཛཿ ཨོཾ་བྷ་ཝཱན་བྱ་ཤ་ན། ཧཱུྃ་རཀྟི་ནན། རུག་ཏི་ནན། ཨོཾ་དོར་ཕུད་དོར་ཕུད། སེམས་རྩ་སྒུལ། སེམས་རྩ་སྒུལ། མངལ་གྱི་གྲོང་ཁྱེར་དཀྲུགས། ཡ་ཡ་ཕུད་ཕུད་སྭཱ་ཧཱ། ཨོཾ་རེ་ཡ་ལེ། ཉོལ་ཉོལ་ཕུད་ཕུད་སྭཱ་ཧཱ། སྔགས་འདི་སྟག་ཕྲུག་གི་མགྲིན་པ་ལ་གཏད་ནས་བྲིས། རབ་གནས་བྱས་ནས་ནོར་མཛོད་ཀྱི་སྒོ་རྒྱབ་བམ། སྣོད་སྤྱད་གང་རུང་གི་རྐེ་ལ་མིས་མ་མཐོང་བར་བཏགས་ན་སྲིས་སྨེ་ཞིང་ནོར་འདུའོ། །ྀཨཚ། གཉན་ནད་འབྲུམ་སྲུང་འཁོར་ལོ་ནི། དབུས་སུ་རཀྵ། མུ་ཁྱུད་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པ་ཀླུ་དང་ས་བདག་ལས་བྱུང་བའི་འབྲུམ་ནད་ཀྱི་གནོད་པ་ལས་སྲུངས་ཤིག་ཐར་བར་གྱུར་ཅིག །གླ་རྐང་། གྲ་མ། སྐྱེར་པ། སེ་བ། སྐྱི་བ། གཟེ་མ། སྤྱང་ཚེར། མཛོ་མོ་ཤིང་། དེ་རྣམས་ཀྱི་རྩེ་མོ་མ་ཉམས་པ་ཚོན་སྐུད་ཀྱིས་རྩེ་མོ་བཞི་བཞི་ཕྱིར་བསྟན་ལ་བསྡམས་ནས། ལུག་ཐུག་ནག་པོ་སྙིང་དཀར་གྱི་སྙིང་ཤུན་ལ་དྲིལ་ནས་རབ་ཏུ་གནས་ཏེ་སྤྱི་བོར་བཏགས་ན་འབྲུམ་ནད་ཀྱི་གནོད་པ་ལས་ཐར་རོ། །ྀཨཚ། འདྲེ་འདུལ་མནན་པའི་འཁོར་ལོ་ནི། ལྟེ་བར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཏྲི་ནག་པོ་ལྟེ་བའི་ཟུར་བཞི་སྟེང་འོག་ཏུ་ཡིག་འབྲུ་དྲུག །མུ་ཁྱུད་དབྱངས་གསལ་མཇུག་ཏུ། གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་འདྲེ་གདོན་མཁའ་ལ་རྒྱུ་བའི་ཚོགས་ཐམས་ཅད་དང་། ཆེ་གེ་མོ་མཱ་ར་ཡ་ནན་བྷནྡྷ་སཏྭཾ་བྷ་ཡ་ནན། ཚོན་སྐུད་སྣ་ལྔས་བསྡམ། རབས་ཆད་མོའི་དོར་རྟ་དང་། རེ་ནག་གིས་བསྟུམ། རང་འཐག་ཁ་སྦྱར་དུ་བཅུག །རོ་ཐག་གིས་རྒྱ་གྲམ་དུ་བཅིངས་ནས་ཐེམ་འོག་གམ་ལམ་རྒྱ་གྲམ་མམ་གཏུན་གྱི་འོག་ཏུ་མནན་ཏེ་དགུག་གཞུག་སོགས་བྱའོ། །ྀཨཚ། འབྲུམ་སྲུང་ཡང་གསང་ནི། གླ་བའི་སྙིང་ཤུན་ལ། ནཱ་ག་གེ་སར། རྟ་བོན། གུ་གུལ། བཙན་དུག །ཤུ་དག །ཤིང་ཀུན། ཁ་ཆེ། གི་ཝཾ། གླ་རྩི་རྣམས་སྦྱར་བའི་ཁུ་བ་ཁྱི་ཕག་ར་དང་ཕོ་རོག་བཞིའི་ཁྲག་དང་སྦྱར་ལ་གླིང་བཞིའི་གཟུགས་ཕན་ཆད་བྲི་ལུགས་གོང་ལྟར་ལས། དབུས་ཀྱི་རེ་མིག་བདུན་པ་ལྔ་ཕྲེང་གི་དབུས་ཕྲེང་ལ། འབྲུམ་ ནད་ ལས་ ནི་ རྒྱལ་ གྱུར་ ཅིག འོག་གི་རེ་མིག་བདུན་ལ། མཿ ཕཊཿ མཿ ཤཿ དཿ རཿ ཙཿ དེ་ཚར་གཉིས་མགོ་སྤྲོད། སྟེང་གི་བདུན་ལ། རཿ སཿ རཿ ཡཿ སཿ ཀཿ ཨཿ དེ་རྣམས་ཚར་གཉིས་མགོ་སྤྲོད་བྱ། གཡོགས་ནག་པོ་བྱས་ཤིང་ལྕགས་ཀྱི་གའུར་བཅུག་ལ་བཏགས་ན་འབྲུམ་ནད་ཐམས་ཅད་ལས་ཐར་བར་འགྱུར་ཏེ། འདིའི་དབྱངས་གསལ་མཇུག་ཏུ། བདག་ཅག་འཁོར་དང་བཅས་པ་ཀུན། །ཀླུ་གཉན་ལས་བྱུང་འབྲུམ་ནད་རིགས། །ཀུན་ལས་སྲུངས་ཤིག་ཐར་གྱུར་ཅིག །ཅེས་བྲི། གཞན་ཐམས་ཅད་ནི་སྐུའི་འཁོར་ལོ་དང་ཁྱད་པར་མེད་དོ། །ྀཨཚ། དོན་རྒྱལ་བའི་འཁོར་ལོ་ལ། ལིང་ཚེ་དབུས་མ་བདུན་ལ། བདག་ གི་ དོན་ རྒྱལ་ བར་ གྱུར་ ཅིག །དབྱངས་གསལ་ལའང་དེ་སྦྱར། མདུན་རྒྱབ་ལིང་ཚེ་ལ། མཿམཿརཿརཿརཿསཿསཿདཿཨཿཀཿཤཿཕཊཿཡཿ དུང་འགྲོན་བུ་ར་གན་ཟངས་ལི་ཞ་ཉེ་དྲུག་ནང་དུ་བསྟུམ་པའམ་ཕྱིར་བཏགས། གནས་མུན་ནག །དུས་བཅོ་ལྔ་སོགས་དང་རབ་གནས་སྐུ་ཡི་འཁོར་ལོ་དང་ཁྱད་པར་མེད་དོ། །ྀཨཚ། ཤོ་རྒྱལ་བའི་འཁོར་ལོ་ནི། བདག་ གི་ ཤྭ་ རྒྱལ་ བར་ གྱུར་ ཅིག །ཅེས་དབུས་དང་དབྱངས་གསལ་ལའོ། ཤཿཀཿཡཿདཿམཿསཿཨཿརཿམཿརཿསཿཀཿཕཊཿརཿ ནས། སྲན་མ། ཡུངས་དཀར། གྲོ །བྱང་སེམས་དཀར་དམར་དང་བཅས་བཅོ་ལྔ་སོགས་དུས་དང་། ནུབ་ཏུ་ཁ་གྱུ་བ་སོགས་རབ་གནས་སྐུའི་འཁོར་ལོ་དང་འདྲ་བ་ལས་ཤྭ་ལག་པ་གཡས་གཡོན་གང་གིས་རྒྱབ་པའི་མཆན་ཁུང་འོག་ཏུ་བཏག་གོ །ྀཨཚ། རྒྱན་རྒྱལ་འཁོར་ལོ་ནི། ལིང་ཚེ་དབུས་མ་དང་དབྱངས་གསལ་ལ། བདག་ གི་ རྒྱན་ རྒྱལ་ བར་ གྱུར་ ཅིག །ཕྱི་ནང་གི་ལིང་ཚེ་ལ། དཿཤཿམཿཨཿཡཿསཿཀཿཙཿརཿཕཊཿརཿམཿརཿརཿ རྫས་ནི་གསེར་གཡུ་ར་གན་མུ་ཏིག་མུ་མེན་བྱེ་རུ་དང་བཅས། དུས་གཟའ་སྐར་རབ་གནས་སོགས་སྐུའི་འཁོར་ལོ་ལྟར་རོ། །ྀཨཚ། ལས་སྦྱོར་འཁོར་ལོ་དཀྲུག་སྔགས་ཀྱི་རིམ་པ་ཨ་རཱ་གས་བཀོད་པ་རེ་ཞིག་རྫོགས་སོ། །གཞན་ཡང་འཁོར་ལོའི་མན་ངག་འབྱམས་ཀླས་པ་ནི་གླེགས་བམ་དུ་ཤེས་སོ། །གཉིས་པ་རླུང་ལ་ལས་སྦྱར་བའི་འཁོར་ལོ་ནི། ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་ལྷ་དགུའི་རྦོད་གཏོང་ཕྱིར་ཟློག་པ་རླུང་གི་འཁོར་ལོས་མཚོན་མང་དུ་བཞུགས་པའང་གླེགས་བམ་དུ་ཤེས་པར་བྱ་བ་ལས་འདིར་ཡི་གེས་འཇིགས་པས་མ་བཀོད་དོ།། ༈ །།རྩ་བའི་ས་བཅད་གཉིས་པ་མཆོག་གི་ལས་ཚོགས་ལ། སྔོན་འགྲོ་དང་། དངོས་གཞི་གཉིས། དང་པོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོ་སྟེ་གསུམ་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན་རྣམས་རེ་རེ་ནས་ཞིབ་ཏུ་བསམ་པས་ངེས་འབྱུང་གི་བློ་བཅོས་པའི་རིམ་པ་སྤྱི་དང་མཐུན། གཉིས་པ་ཐུན་མིན་ནི། ༈ ཡེ་ཤེས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་བསྐྱེད་རྫོགས་ཉམས་སུ་བླང་བའི་སྔོན་འགྲོ་བཞི་སྦྱོར་བཞུགས་སོ། །ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁཱ་ཡེ་ན་མཿ དེ་ལ་འདིར་རྡོ་རྗེ་མཁའ་འགྲོ་སེང་གདོང་ཅན་མའི་ཆོས་སྐོར་ལས། ཕྱི་སྒྲུབ་བསྐྱེད་རྫོགས་ཀྱི་སྔོན་འགྲོ་ངག་འདོན་བཞི་སྦྱོར་བྲི་བར་བྱའོ། །འདི་ལ་བཞི། སྐྱབས་འགྲོ་སེམས་བསྐྱེད། ཀུན་བཟང་སྒོམ་བཟླས། མཎྜལ་ཚོགས་གསག །བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭཱ་བྷཱ་བ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ལྔ་ཚོམ་གྱི་དབུས་སུ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཤར་དུ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས། ལྷོར་སངས་རྒྱས་དཀོན་མཆོག་གི་ཚོགས། ནུབ་ཏུ་དམ་ཆོས་དཀོན་མཆོག་གི་ཚོགས། བྱང་དུ་དགེ་འདུན་དཀོན་མཆོག་གི་ཚོགས། དེ་རྣམས་ཀྱི་མཐའ་སྐོར་ལ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྡོ་རྗེའི་སྤུན་རྣམས་བཞུགས་པར་གྱུར་པར་དམིགས་ནས། བདག་གི་དྲིན་ཆེན་ཕ་དང་མ་གཉིས་ཀྱི་གཙོ་བྱས་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་བརྒྱུད་པ་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དུས་གསུམ་བདེ་བར་གཤེགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །བཀའ་རྫོགས་པ་ཆེན་པོ་བདེན་གཉིས་གསུང་རབ་དམ་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །བསླབ་པ་ལས་ཕྱིར་མི་ལྡོག་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྡོ་རྗེའི་སྤུན་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །མ་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་མའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ལ་བདག་ཉིད་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་སུ་ཉམས་སུ་བླང་། བྱང་ཆུབ་བདེ་གཤེགས་བླ་ན་མེད། ཁམས་གསུམ་འགྲོ་བ་མ་ལུས་ཀུན། །ཐེག་མཆོག་ལམ་ལ་འགོད་པའི་ཕྱིར། །དམ་པ་ཉེ་བར་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད་ནས། ཕ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་བདག་གིས་རྗེ་བཙུན་མ་སེང་གེའི་གདོང་ཅན་མའི་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །དེའི་མཐུ་ལ་བརྟེན་ནས་ཕ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་ཌཱ་ཀི་མའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་བློ་དང་འདྲེས་ངེས་པར་ཅི་མང་བརྗོད་ནས། སྐྱབས་ཡུལ་རྣམས་རང་གི་ལུས་ལ་བསྟིམ་ཞིང་རིག་པ་གཏད་མེད་ཀྱི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ །གཉིས་པ་ཀུན་བཟང་སྒོམ་བཟླས་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱ་སྭཱ་བྷཱ་བ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་བཞུགས་པའི། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་དཀར་པོ་རེ་རེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབ་པས། སྐུ་ལུས་ཐམས་ཅད་ལྟེམ་ཁེངས། སྐུའི་ཆ་དང་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས། ཚངས་བུག་ནས་མར་ཞུགས། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་ཞིང་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སངས་དག་པར་བསམས་ནས། ངག་ཏུ་ཧཱུྃ་ཧཱུྃ་ཞེས་ཅི་ནུས་བཟླ་བ་དང་། མཐར་བླ་མ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་གྱིས་བདག་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་ཧེ་རུ་ཀ་ཡབ་ཡུམ་འོད་དུ་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ངང་ལ་མཉམ་པར་བཞག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །ཀུན་བཟང་ཡབ་ཡུམ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་ཅི་ཤེས་གདབ་པར་བྱའོ། །གསུམ་པ་མཎྜལ་ཚོགས་གསོག་ནི། སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རྒྱུ་རིན་པོ་ཆེ་གང་རུང་ལས་གྲུབ་པའི་མཎྜལ་ཟླུམ་པོ་དྲི་བཟང་གིས་བྱུགས་པའི་ཁར། རླན་དང་ལྡན་པའི་མེ་ཏོག་གི་ཚོམ་བུ་ལྔ། མཐའ་སྐོར་དང་བཅས་པ་བཀོད་ནས་ཕྱག་ལེན་ལྟར་སྟེགས་མཐོ་བར་བཞག་ལ། དེ་རྣམས་སྐྱབས་ཡུལ་ལྟར་གསལ་གདབ་སྟེ། མཆོད་པའི་མཎྜལ་ནི། ཆོས་སྐུའི་མཎྜལ་བདེ་ཆེན་ལ། །ལོངས་སྐུ་རིགས་ལྔའི་ཚོམ་བུ་བཀོད། །སྤྲུལ་སྐུ་མི་ཟད་རྒྱན་གྱིས་སྤྲས། །སྐུ་གསུམ་ལྷུན་གྲུབ་འདི་འབུལ་ལོ། །བཞེས་ནས་དངོས་གྲུབ་སྩོལ་བ་དང་། །ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །གུ་རུ་ཨི་དཾ་རཏྣ་མཎྜལ་ཀཾ་ནིརྻཱ་ཏ་ཡ་མི། ཞེས་ཚོགས་རྫོགས་པའི་རྟགས་མ་བྱུང་གི་བར་དུ་དབུལ་ཞིང་ཚོགས་ཞིང་རྣམས་རང་གི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་གོ །བཞི་པ་བླ་མའི་རྣལ་འབྱོར་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། སྭཱ་བྷཱ་བས་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས། རང་ཐ་མལ་པར་གསལ་བའི་མདུན་གྱི་ནམ་མཁར་བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་སྣ་ཚོགས་ཀྱིས་གཏམས་པའི་དབུས་ན་ཡར། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་ཕུན་སུམ་ཚོགས་པ། ལྷ་རྫས་ཀྱི་གོས་ཀྱི་བཀབ་པའི་སྟེང་དུ་པདྨ་ཟླ་ཉི་བརྩེགས་པའི་གདན་ལ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་པ་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་ལ་ཟ་འོག་གི་བེར་ཕྱམ་དང་ཆོས་གོས་ངུར་སྨྲིག་གིས་བརྒྱན་པའི་དབུ་ལ་པཎ་ཞུ་རྒོད་འཕྲུ་ཅན་གསོལ་བ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཀུན་འདུས་ཡིད་བཞིན་གྱི་ནོར་བུར་བཞུགས་པར་གྱུར་པར་དམིགས་ནས། མཆོད་པ་བཞི་འབུལ་བ་ནི། ཨོཾ། འདོད་པའི་ཡོན་ཏན་རྣམ་ལྔ་དང་། །ཨཱཿ ཟག་མེད་བདེ་ཆེན་བདུད་རྩི་ལྔ། །ཧཱུྃ། སྣང་སྟོང་ཟུང་འཇུག་ལྷན་ཅིག་སྐྱེས། །ཧྲཱིཿ འཁོར་གསུམ་དམིགས་མེད་ངང་དུ་བཞེས། །ཞེས་བློ་དང་འདྲེས་ངེས་པས་ཕུལ་ཞིང་། བརྒྱུད་པའི་གསོལ་འདེབས་ནི། རྗེ་ན་མོ་གུ་རུ་བྷྱཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །མི་རྟག་རྒྱུད་སྐྱེས་ཚེ་འདི་བློས་ཐོང་ནས། །འཆི་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །གནས་དུར་ཁྲོད་འབར་བའི་ཕོ་བྲང་དུ། །མཁའ་འགྲོ་སིཾ་ཧ་མུ་ཁ་ལ་གསོལ་བ་འདེབས། །མི་རྟག་རྒྱུད་སྐྱེས་ཚེ་འདི་བློས་ཐོང་ནས། །འཆི་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །གནས་ཨོ་རྒྱན་དག་པའི་ཕོ་བྲང་དུ། །མཉམ་མེད་ཨོ་རྒྱན་ཡབ་ཡུམ་ལ་གསོལ་བ༴ གནས་རིག་འཛིན་མཁའ་སྤྱོད་ཀྱི་ཕོ་བྲང་དུ། །རྟོགས་ལྡན་སངས་རྒྱས་མགོན་པོ་ལ༴ གནས་གང་ཤར་ཆོས་སྐུའི་ཕོ་བྲང་དུ། །འཁྲུལ་ཞིག་རས་ཆེན་ཀུན་དར་ལ༴ གནས་བསྙེན་སྒྲུབ་མཐར་ཕྱིན་གྱི་ཕོ་བྲང་དུ། །ཐུགས་སྲས་ཀུན་དགའ་བཟང་པོ་ལ༴ གནས་འགྱུར་མེད་ཐིག་ལེའི་ཕོ་བྲང་དུ། །ཀུན་མཁྱེན་བྱམས་པ་ཆོས་ཉི་ལ༴ གནས་འོད་གསལ་བདེ་ཆེན་གྱི་ཕོ་བྲང་དུ། །དྲིན་ཅན་པདྨ་གར་དབང་ལ༴ ཁ་སྐོང་ནི། གནས་ཤེས་བྱ་ཀུན་མཁྱེན་གྱི་ཕོ་བྲང་དུ། །འཇམ་དབྱངས་གྲགས་པ་འོད་ཟེར་ལ༴ གནས་སྡེ་སྣོད་རྒྱ་མཚོའི་ཕོ་བྲང་དུ། །མཁས་མཆོག་རབ་འབྱམས་ཆོས་རྗེ་ལ༴ གནས་བསླབ་གསུམ་རྣམ་དག་ཕོ་བྲང་དུ། །མཚུངས་མེད་རཏྣའི་མཚན་ཅན་ལ༴ གནས་ཟབ་གསལ་དབྱེར་མེད་ཕོ་བྲང་དུ། །གར་དབང་འདུས་ཆེན་རབ་རྒྱས་ལ༴ གནས་གྲུབ་པ་མཆོག་གི་ཕོ་བྲང་དུ། །བརྟུལ་ཞུགས་ནམ་མཁའི་རྣལ་འབྱོར་ལ༴ གནས་བཤད་སྒྲུབ་ཆོས་ཀྱི་ཕོ་བྲང་དུ། །མི་འགྱུར་རིན་ཆེན་བཟང་པོ་ལ༴ གནས་བསླབ་གྲོལ་མཐར་ཕྱིན་ཕོ་བྲང་དུ། །ཀུན་མཁྱེན་དགེ་ལེགས་རྒྱལ་མཚན་ལ༴ གནས་ཟབ་གསང་སྙན་བརྒྱུད་ཕོ་བྲང་དུ། །འགྲོ་འདུལ་རིག་འཛིན་ཆེན་པོ་ལ༴ གནས་གཞན་དོན་མཁའ་ཁྱབ་ཀྱི་ཕོ་བྲང་དུ། །སྐལ་བཟང་འཇམ་དབྱངས་རྣམ་རྒྱལ་ལ༴ གནས་སྐུ་གསུམ་དབྱེར་མེད་ཕོ་བྲང་དུ། །ཀུན་མཁྱེན་ཕྲིན་ལས་ལྷུན་གྲུབ་ལ༴ གནས་མཁས་ཤིང་གྲུབ་པའི་ཕོ་བྲང་དུ། །གར་དབང་རིག་འཛིན་རྣམ་རྒྱལ་ལ༴ གནས་འོག་མིན་མཁའ་སྤྱོད་ཕོ་བྲང་དུ། ཁྱབ་བདག་རྡོ་རྗེ་བཙུན་མོ་ལ༴ གནས་འབྲལ་མེད་སྙིང་གའི་ཐིག་ལེ་རུ། །དྲིན་ཅན་རྩ་བའི་བླ་མ་ལ༴ ཞེས་སོ། །གནས་རང་ལུས་རྒྱལ་བའི་ཕོ་བྲང་དུ། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ལ༴ གནས་འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །མཆོག་སྟེར་ཡུམ་ཆེན་སྡེ་ལྔ་ལ༴ གནས་དངོས་གྲུབ་ཀུན་འབྱུང་གི་ཕོ་བྲང་དུ། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ༴ གནས་ཕྲིན་ལས་བཞི་ཡི་ཕོ་བྲང་དུ། །ལས་མཛད་མཁའ་འགྲོ་སྡེ་ལྔ་ལ༴ གནས་ཀ་དག་གདོད་མའི་ཕོ་བྲང་དུ། །དམ་ཆོས་ཌཱ་ཀི་གསང་ཁྲིད་ལ༴ གནས་བར་ཆད་ཀུན་སེལ་གྱི་ཕོ་བྲང་དུ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༴ གནས་དག་པ་རབ་འབྱམས་ཀྱི་ཕོ་བྲང་དུ། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་ལ་གསོལ་བ་འདེབས། །མི་རྟག་རྒྱུད་སྐྱེས་ཚེ་འདི་བློས་ཐོང་ནས། །འཆི་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །མཚུངས་མེད་བླ་མ་རིན་པོ་ཆེ། །ཀུན་འདུས་ཡིད་བཞིན་ནོར་བུ་མཁྱེན། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ནས། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །རྒྱུད་བཞི་སྨིན་པར་མཛད་དུ་གསོལ། །སྐུ་བཞི་འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམས་ཞུ། བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་མེར་ཁེངས་ཤིང་། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་ཕྲུག་གིས་འདྲེས་པར་གྱུར་པའི་ངང་ལ་རིག་པ་ཆོས་ཉིད་སྐྱེ་བ་མེད་པ་ཁྱབ་གདལ་གདོད་མའི་གཤིས་ལྷུན་གྲུབ་རྫོགས་པ་ཆེན་པོ་ཀ་དག་གི་ངང་ལ་ཅི་གནས་སུ་མཉམ་པར་བཞག་ཅིང་། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་རྒྱ་ཆེར་གདབ་པར་བྱའོ། །ཞེས་པ་རྡོ་རྗེ་ཌཱ་ཀི་སེང་གེའི་གདོང་ཅན་མའི་ཆོས་སྐོར་ལས། ཕྱི་སྒྲུབ་ཀྱི་བསྐྱེད་རྫོགས་སྔོན་འགྲོ་ངག་འདོན་བཞི་སྦྱོར་འདི་ཉིད། ཤར་ཀོང་པོའི་སྒོམ་ཆེན་གནས་ལུགས་རྟོགས་པའི་བྱ་བཏང་རིན་ཆེན་བྱམས་པ་དཔལ་བཟང་སོགས་ཀྱིས་ཡང་ཡང་ནན་གྱིས་བསྐུལ་བའི་ངོར། ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་པཎ་ཆེན་བླ་མའི་གསུང་བཞིན་ཀུན་ལྡན་ཞེས་བྱ་ལྕགས་ཕོ་བྱི་བ་ལོའི་དབྱར་ཟླ་ར་བའི་དཀར་པོའི་ཕྱོགས་ཀྱི་བཟང་པོ་གཉིས་པའི་ཚེས་ལ། དབེན་གནས་བདེ་ཆེན་ཤུག་སྡིངས་སུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་དཔོན་ཡིག་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པའི་དགེ་བས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཌཱ་ཀི་ནཱིའི་ཞལ་མངོན་སུམ་དུ་མཐོང་ནས་ལས་བཞི་ཀུན་གྱི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་རྒྱུར་གྱུར་ཅིག། །། ༈ གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། ལམ་ཐམས་ཅད་ཀྱི་རྩ་བ་ཟབ་མོ་བླ་སྒྲུབ་འཁོར་ལོ་བཞི་མ་ཚེ་གཅིག་སངས་རྒྱས་རབ་སྟེར་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། འདིར་ལམ་ཐམས་ཅད་ཀྱི་རྩ་བ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །བླ་མ་ཡི་དམ་མཁའ་འགྲོ་སྲུང་མའི་ཚོགས། །མ་ལུས་མཆོད་འོས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་ཚད་མེད་བཞི་ལྡན་གྱི། །བདེ་ཆེན་མཆོག་གི་ལམ་ལ་གནས་པར་ཤོག །ཆོས་ཀུན་དམིགས་མེད་རང་བཞིན་སྟོང་པའི་ངང་། །རང་ཉིད་ཌཱ་ཀི་སེང་གེའི་གདོང་ཅན་མར། །གསལ་བའི་སྟོང་ར་འཇའ་ཚོན་ལྟ་བུའི་ནང་། །རྩ་གསུམ་འཁོར་ལོ་བཞི་ལྡན་གསལ་བ་ཡི། །སྤྱི་བོར་བླ་མ་སྐུ་ཡི་རྡོ་རྗེ་དཀར། །མགྲིན་པར་བླ་མ་གསུང་གི་རྡོ་རྗེ་དམར། །སྙིང་གར་བླ་མ་ཐུགས་ཀྱི་རྡོ་རྗེ་སྔོ། །ལྟེ་བར་བླ་མ་ཡེ་ཤེས་རྡོ་རྗེ་ལྗང་། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན། །ཡུམ་མཆོག་རང་འདྲའི་མདོག་ཅན་གྲི་གུག་དང་། །ཐོད་ཁྲག་འཛིན་ཞིང་གཉིས་མེད་འཁྲིལ་སྦྱོར་མཛད། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །འཁོར་ལོའི་དབུས་བཞུགས་ཕྱི་རོལ་རང་རང་གི །རྩ་འདབ་གྲངས་མཉམ་བླ་མ་ཡབ་ཡུམ་ཀུན། །གསལ་སྟོང་བདེ་ཆེན་ངང་དུ་བཞུགས་པར་གྱུར། །ཨོཾ་གུ་རུ་སརྦ་ས་པ་རི་བཱ་ར་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། བླ་མ་སྐུ་བཞི་རྣམས་ཀྱི་ཐུགས་ཀ་རུ། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧོཿལྗང་གི །མཐའ་སྐོར་རྣམས་ལ་རང་རང་མདོག་མཚུངས་ལྟར། །སྙིང་པོའི་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །དེ་ནས་བླ་མ་སྐུ་རྡོ་རྗེ་ལ་དམིགས་ནས། ཨོཾ་ཨཱཿགུ་རུ་ཀཱ་ཡ་བཛྲ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། བླ་མ་གསུང་རྡོ་རྗེ་ལ་དམིགས་ནས། ཨོཾ་ཨཱཿགུ་རུ་བཱ་ཀ་བཛྲ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། བླ་མ་ཐུགས་རྡོ་རྗེ་ལ་དམིགས་ནས། ཨོཾ་ཨཱཿགུ་རུ་ཙིཏྟ་བཛྲ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། བླ་མ་ཡེ་ཤེས་རྡོ་རྗེ་ལ་དམིགས་ནས། ཨོཾ་ཨཱཿགུ་རུ་ཛྙཱ་ན་བཛྲ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ། ཞེས་འདི་རྣམས་རབ་བརྒྱ་རྩ་རེ། འབྲིང་ལྔ་བཅུ་རྩ་རེ། ཐ་མ་ཉི་ཤུ་རྩ་གཅིག་རེ་བཟླས་པའི་མཐར། འཁོར་ལོའི་གནས་སོ་སོར་དམིགས་ཏེ། རླུང་བུམ་ཅན་ཅི་ནུས་སུ་བཟུང་། སྐུ་བཞིའི་བདག་ཉིད་བླ་མ་འོད་དུ་ཞུ། །བདག་གི་སྒོ་གསུམ་ཐིམ་པས་དབང་བཞི་ནི། །སྟན་ཐོག་གཅིག་ཏུ་ཐོབ་ཅིང་གནས་སྐབས་ཀྱི། །སྒྲིབ་བཞི་དག་ནས་སྐུ་བཞི་མངོན་དུ་གྱུར། །དོན་གཉིས་དཔལ་འབྱོར་ལྷུན་གྲུབ་བསྩལ་དུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སྨོན་ལམ་རྒྱ་ཆེར་གདབ་བོ། །ཞེས་པ་འདི་ནི་གུས་ལྡན་གྱི་སློབ་མ་རིག་བྱེད་པ་རིན་ཆེན་ཕུན་ཚོགས་ཀྱིས་གསོལ་བ་བཏབ་པའི་ངོར། ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་སྦྱར་བའི་ཡི་གེ་པ་ནི་སྤོང་བ་པ་ཤཱཀྱའི་དགེ་སློང་རིན་ཆེན་བསྟན་པ་རབ་རྒྱས་ཀྱིས་བགྱིས་པའི་དགེ་བས་བླ་མ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །། ༈ གཉིས་པ་དངོས་གཞི་ལ། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོའི་ལྷ་ཁྲིད་ནོར་བུའི་ཕྲེང་མཛེས་ཀྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ཨོཾ་ཨཱཿགུ་རུ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཡེ་ན་མཿ སྐུ་གཉིས་དབྱེར་མེད་ཟག་བྲལ་བདེ་བ་ཆེ། །ལྷན་སྐྱེས་ཟུང་འཇུག་འོད་གསལ་ཐིག་ལེའི་སྐུ །འགྱུར་མེད་ཀ་དག་ལྷུན་གྲུབ་རྫོགས་སངས་རྒྱས། །དང་པོའི་མགོན་པོ་པཎ་ཆེན་ཞབས་ལ་འདུད། །དེ་ལ་འདིར་རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་པ་ཅན་མའི་བསྐྱེད་རིམ་ལྷ་ཁྲིད་ཀྱི་སྙིང་པོ་མདོར་བསྡུས་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ནི། དབང་དང་རྗེས་སུ་གནང་བས་རྒྱུད་སྨིན་པའི་གང་ཟག་གིས་དུར་ཁྲོད་ལ་སོགས་པ་གནས་དབེན་ཞིང་ཟིལ་ཆེ་བར་ཕྱི་ནང་གི་འདུ་འཛིའི་སྤྲོས་པ་ཐམས་ཅད་བཅད་དེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བློ་སྦྱོང་བའི་ཚུལ་ཟུར་དུ་གསལ་བ་ལྟར་ཉམས་སུ་བླངས་ཤིང་བློ་རྒྱུད་དང་འདྲེས་ངེས་པར་བྱའོ། །གཉིས་པ་དངོས་གཞི་ལ་བདུན། སྲུང་བའི་འཁོར་ལོ་གསལ་གདབ་པ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་བསྒོམ་པ། མཆོད་ཅིང་བསྟོད་པ། དག་པ་དྲན་པ། སེམས་འཛིན་པ། བཟླས་པ་བྱ་བའོ། །དང་པོ་སྲུང་འཁོར་ནི། སྔོན་འགྲོ་བཞི་སྦྱོར་རྒྱས་པར་བྱ་བའམ། སྐྱབས་སེམས་ཙམ་སྔོན་དུ་འགྲོ་བས། སྭཱ་བྷཱ་བའི་སྔགས་བརྗོད་པ་དང་ཆབས་ཅིག་ཏུ་གཟུང་འཛིན་གྱི་སྣང་བ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ་པར་བསམ་ལ་རིག་པ་བརྗོད་མེད་དུ་གནས་ཚད་བཞག །དེ་ནས་སྟོང་པའི་ངང་ལས་པྃ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཁོར་ཡུག་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲྭ་བ། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་པ་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་དང་ལྡན་པར་གྱུར་པར་བསམ་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་པའོ། །གཉིས་པ་རྟེན་ནི། སྲུང་འཁོར་དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཡོངས་སུ་གྲུབ་པའི་དབུས་སུ། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་སྣ་ཚོགས་མདོག་ཅན་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །གསུམ་པ་བརྟེན་པ་ནི། གཞལ་ཡས་ཁང་གི་དབུས་སུ་ཁྲག་མཚོ་མེ་རླུང་ཁོལ་མར་འཁྲུགས་ཤིང་རྦ་ཀློང་འཁྱིལ་བའི་དབུས་སུ་ཨེ་ཨེ་ལས་ཆོས་འབྱུང་ནག་པོ་ཉིས་བརྩེགས་གྲུ་གསུམ་པ། རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེང་ཀ་ཆེ་བ་གྱེན་དུ་བསྟན་པའི་ནང་དུ། སྣ་ཚོགས་པདྨ་རུ་དྲ་ཕོ་མོ་དང་ཉི་མའི་གདན། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་སྐུ་མདོག་མཐིང་ནག་ཆར་སྤྲིན་ལྟར་འཁྲུགས་ཤིང་ཁྲོས་པ། ཞལ་གཅིག་ཕྱག་གཉིས་སེང་ཞལ་དཀར་པོ་གཡས་སུ་ཕྱོགས་ཤིང་ལྕགས་རལ་ནག་པོ་ཐུར་དུ་སྤྲུགས་པས་མེ་སྟག་ཕུར་བུའི་ཚྭ་ཚྭ་འཕྲོ་བ། གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་ཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ། སྟག་ཤམ། མི་མགོ་སྐམ་རློན། རུས་ཕྲེང་། ཞིང་ལྤགས། སྦྲུལ་སྣ་ཚོགས་དང་ལྟེ་བར་ཉི་ཟླས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པར་གྱུར་པར་བསམས་པས་དམ་ཚིག་པ་བསྐྱེད་པ་ནི་བསྙེན་པའི་ཡན་ལག་གོ །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཨོཾ་ཨཱཿཧཱུྃ་ཞེས་གསུམ་བརྗོད་ཅིང་གནས་གསུམ་བྱིན་གྱིས་བརླབ་པ་ནི་ཉེ་བའི་སྒྲུབ་པའི་ཡན་ལག་གོ །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་དུར་ཁྲོད་རབ་ཏུ་འབར་བ་འཁྲིགས་པ་ནས། མ་ཡེ་ཤེས་ཀྱི་ཌཱ་ཀི་སེང་གེའི་གདོང་ཅན་མ་ལ་འཁོར་མ་མོ་དྲེགས་པ་འབུམ་སྡེ་བཀའ་སྡོད་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པར་གྱུར་པར་བསམ་པ་ནི་ཡེ་ཤེས་པ་བཅུག་པ་སྒྲུབ་པའི་ཡན་ལག་གོ །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རྒྱལ་བ་རིགས་ལྔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམ་པ་ནི་དབང་བསྐུར་ཞིང་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་གོ །བཞི་པ་མཆོད་བསྟོད་ནི། རང་གི་ཐུགས་ཀ་ནས་སྤྲུལ་པའི་རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད་ཅིང་བསྟོད་པས་མངའ་དབུལ་བར་བསམ་ལ། ཧཱུྃ་བྷྱོཿ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ། །ཟག་མེད་འདོད་ཡོན་བདུད་རྩི་ལྔ། །མི་འགྱུར་གདོད་མའི་དབྱིངས་ནས་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀཏ་པཱུ་ཛ་ཧོཿ ཞེས་པས་མཆོད་ཅིང་། ཧཱུྃ་བྷྱོཿ ཆོས་དབྱིངས་དམིགས་མེད་མཁའ་ལྟར་དག །སྤྲོས་པའི་མཚན་མ་ཉེ་བར་ཞི། །མཐུ་རྩལ་རབ་ལྡན་བདུད་དཔུང་འཇོམས། །དབྱིངས་ཕྱུག་སེང་གདོང་མ་ལ་བསྟོད། །ཅེས་བསྟོད་པར་བསམ་མོ། །ལྔ་པ་དག་དྲན་ནི། དཀྱིལ་འཁོར་གཞལ་ཡས་ཞེས་བཤད་པ། །འོག་གཞི་སྣ་ཚོགས་རྡོ་རྗེ་ནི། །རྟེན་འབྲེལ་བཅུ་གཉིས་དག་ཏུ་བཤད། །རྡོ་རྗེའི་རྭ་དྲྭ་གུར་བླ་རེ། །འཇིགས་ཚོགས་ལྟ་བ་འཇོམས་བྱེད་དོ། །མེ་རི་ཁ་དོག་སྣ་ལྔ་འབར། །ཉོན་མོངས་བུད་ཤིང་ཀུན་ནས་བསྲེག །ཆུ་སྐྱེས་པདྨ་འབུམ་ལྡན་དག །སྐྱོན་གྱིས་མ་གོས་པ་ཉིད་མཚོན། །འབྱུང་བཞི་རི་རབ་དང་བཅས་པ། །ལྷ་མོ་བཞི་ཡི་ངོ་བོ་ཉིད། །ཡིད་ཀྱི་དབང་པོ་གཞལ་མེད་ཁང་། །མི་མཉམ་མཉམ་པའི་རང་བཞིན་ཏེ། །ངོས་བཞི་དགའ་བ་བཞི་རུ་བཤད། །ཟུར་བཞི་ཚད་མེད་བཞི་པོ་ཉིད། །སྒོ་བཞི་དྲན་པ་ཉེར་གཞག་བཞི། །རྟ་བབས་ཡང་དག་སྤོང་བ་བཞི། །སྒོ་ཁྱུད་རྣམ་པ་བཞི་བཤད་པ། །རྫུ་འཕྲུལ་གྱི་ནི་རྐང་པ་བཞི། །རྩིག་པ་ལྔ་ནི་དབང་པོ་ལྔ། །འཁོར་ལོ་བཞི་དང་ནོར་བུའི་ཏོག །སྟོབས་ལྔ་པོར་ནི་རྣམ་པར་གཞག །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །མདའ་ཡབ་སྤུ་ཤུས་ཡོངས་བསྐོར་བ། །བྱང་ཆུབ་ཡན་ལག་བདུན་དུ་འདོད། །ཀ་བ་བརྒྱད་དུ་མངོན་བརྗོད་པ། །འཕགས་ལམ་བརྒྱད་དུ་རབ་བསྔགས་སོ། །རྔ་ཡབ་གདུགས་དང་རྒྱལ་མཚན་འཕན། །བ་དན་རི་དྭགས་ཕོ་མོས་མཛེས། །དོ་ཤལ་དོ་ཤལ་ཕྱེད་པ་འཕྱང་། །མུ་ཏིག་ཆུན་འཕྱང་དག་གིས་སྤྲས། །འདི་རྣམས་ཕ་རོལ་ཕྱིན་བཅུ་ཡི། །ཡོན་ཏན་རྫོགས་པར་བསྟན་པ་འོ། །ཕྱི་རོལ་དུར་ཁྲོད་བརྒྱད་པོ་ནི། །མི་རྟག་སྐྱོ་ཤས་སྐྱེ་ཕྱིར་དང་། །ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །ཆོས་ཀུན་བདག་མེད་སྟོན་པ་འོ། །ཆོས་ཉིད་བརྟེན་པའི་རྣམ་དག་ནི། །དབྱིངས་ཕྱུག་རྡོ་རྗེ་མཁའ་འགྲོ་མ། །ཆུ་ཁམས་རྣམ་དག་ཡེ་ཤེས་སྐུ །འགྱུར་མེད་ཐིག་ལེ་ནམ་མཁའི་མདོག །སེང་ཞལ་དཀར་པོ་གདངས་པའི་ཞལ། །རྒོལ་ངན་རི་དྭགས་སྐྲག་པར་མཛད། །ཕྱག་གཉིས་ཐབས་དང་ཤེས་རབ་ཀྱིས། །རྡོ་རྗེ་རྩེ་ལྔ་ཐོད་ཁྲག་བསྣམས། །ཡེ་ཤེས་ལྔ་ནི་འགྲོ་ལ་ཆགས། ཁ་ཊྭཱཾ་ག་ནི་བདེ་ཆེན་ཡབ། །མཆོག་ཏུ་གསང་བའི་ཟུང་འཇུག་གིས། །དགའ་བཞི་ལྷན་སྐྱེས་འཁོར་ལོར་རོལ། །དུག་གསུམ་རྟོག་པ་དག་པའི་ཕྱིར། །ཞིང་ལྤགས་གླང་ཆེན་སྐུ་སྟོད་གཡོགས། །ང་རྒྱལ་བདུད་དཔུང་འཇོམས་ཕྱིར་དུ། །སྟག་གི་པགས་པའི་སྨད་དཀྲིས་ཅན། །གུག་སྐྱེད་ཕྱག་རྒྱ་ལྔས་བརྒྱན་ཞིང་། །ཐལ་ཆེན་ཁྲག་ཞག་ཚོམ་བུས་བརྗིད། །སྡེ་བརྒྱད་མ་ལུས་སྐྲག་བྱེད་དོ། །གདེངས་ཅན་གདུག་པ་འདུལ་བའི་སླད། །ཀླུ་ཆེན་བརྒྱད་ཀྱིས་རྣམ་པར་མཛེས། །རྣམ་ཐར་སྒོ་བཞི་ཆོས་འབྱུང་དང་། །སྐྱོན་གྱིས་མ་གོས་པདྨའི་དབུས། །བདུད་དང་ལོག་འདྲེན་ཟིལ་གནོན་པས། །རཱུ་དྲ་ཕོ་མོ་བསྒྲལ་པའི་གདན། །དེ་སྟེང་ཉི་མའི་དཀྱིལ་འཁོར་ལ། །རཀྟ་དམར་པོ་འཛིན་ཕྱིར་དུ། །སྲིད་དང་ཞི་ལ་མི་གནས་པའི། །ཞབས་གཉིས་བརྐྱང་བསྐུམ་གར་གྱིས་བཞུགས། །ཉོན་མོངས་ཟད་པའི་ཐོད་སྐམ་ལྔ། །རྒྱལ་བ་རིགས་ལྔའི་རང་བཞིན་ནོ། །སེམས་བྱུང་ལྔ་བཅུ་དག་པ་ལས། ཁྲག་འཛག་ལྔ་བཅུའི་དོ་ཤལ་ཅན། །དེ་ཉིད་གསུམ་ལ་རབ་སྤྱོད་པས། །སྤྱན་གསུམ་པོ་ནི་རྣམ་པར་བསྒྲད། །ལོངས་སྤྱོད་རྫོགས་ལྡན་ཌཱ་ཀིའི་གཙོ། །མཚན་དཔེའི་རྒྱན་གྱིས་སྤྲས་པ་ཡི། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཡོན་ཏན་ལྷུན་གྲུབ་སྐུ་ཉིད་དོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱས་ལ་ཐ་མལ་གྱི་སྣང་ཞེན་ལྷ་དང་གཞལ་ཡས་ཁང་དུ་ཤར་བ་ཉིད། ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ངོ་བོར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་དོ། །དྲུག་པ་སེམས་འཛིན་ལ་གསུམ། ལུས་གནད། སེམས་འཛིན། རླུང་སྦྱོར་རོ། །དང་པོ་ནི། བདེ་བའི་སྟན་ལ་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བསྲང་། ལག་གཉིས་ཁུ་ཚུར་བརླར་བཞག །མིག་སྨིན་མཚམས་ཀྱི་ཐད་སོར་བཅུ་དྲུག་གི་ནམ་མཁར་གཡོ་བ་མེད་པར་གཏད། ལུས་དྲང་པོར་ཆ་ཆ་ནས་བསྒྲིམ་པར་བྱའོ། །གཉིས་པ་སེམས་འཛིན་ནི། སྲུང་བའི་འཁོར་ལོ། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་རྣམས་རིམ་པ་བཞིན་དུ་སེམས་འཛིན་ཏེ། དེའང་ཐོག་མར་མངོན་རྟོགས་ནས་ཇི་སྐད་བཤད་པ་ལྟར་གྱི་སྲུང་བའི་འཁོར་ལོའི་གསལ་སྣང་ཤུགས་དྲག་ཏུ་བསྐྱེད། གསལ་ཐེབས་པ་ན་དེ་དང་སེམས་དབྱེར་མེད་དུ་བསྲེས་ཏེ་བཟུང་། སེམས་ཟིན་པ་ན་རང་རིག་རང་གསལ་གྱི་གནས་ལུགས་ཀ་དག་རྫོགས་པ་ཆེན་པོ་ཐ་མལ་གྱི་ཤེས་པ་བཅོས་བསླད་དང་བྲལ་བའི་ངང་དུ་ངལ་གསོ། དེ་ལྟ་བུའི་ཚུལ་གྱིས་བསྒྲིམ་གློད་སྤེལ་མར་བསྐྱང་བ་ལ་བསླབ་པར་བྱ་སྟེ། ཇི་སྐད་དུ། ཐུན་ཆུང་གྲངས་མང་བསྒོམ་པའི་གནད། །གསལ་ལ་དྲག་ལ་ཡུན་ཐུང་བ། །བསྐྱེད་པའི་རིམ་པ་དག་ལ་བསླབ། །ཅེས་གསུངས་པས་ན། བསྐྱེད་རིམ་གསལ་ན་གསལ་ཏེ་འཕྲོ་བཅད་ནས་བསྒོམ་བཤིག་སྟེ་ཅུང་ཟད་གློད་པ་དང་། སླར་ཡང་བསྐྱེད་རིམ་ཟབ་མོའི་རྣལ་འབྱོར་ལ་འཇུག་པར་བྱའོ། །ཡང་བསྐྱེད་རིམ་མི་གསལ་ན་མི་གསལ་ཏེ་འཕྲོ་བཅད་ནས་རིག་པ་རྟེན་གཞན་ལ་སྤོས་ཏེ་ཅུང་ཟད་གློད་པ་དང་། སླར་ཡང་བསྐྱེད་རིམ་ཟབ་མོའི་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལྟར་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་དེ་དག་ལ་མི་གནས་པར་འཕྲོ་ན་འཕྲོ་མཁན་གྱི་ངོ་བོ་ལ་འཕྲོ་མཁན་ཁོ་རང་གིས་ཅེར་གྱིས་བལྟས་པས། འཕྲོ་མཁན་དང་ལྟ་མཁན་གཉིས་སུ་མེད་པར་ཁོ་རང་གཉིས་གཅིག་ལ་གཅིག་ཐིམ་པ་ལྟ་བུར་གྱུར་ནས། རང་བཞིན་གང་དུའང་མ་གྲུབ་པའི་གནས་ལུགས་བརྗོད་པ་དང་བྲལ་བའི་ཉམས་སྐྱེས་པ་ན་ཧད་དེ་ཆད་དེ་མཉམ་པར་བཞག །རྣམ་རྟོག་གི་རྙོག་མ་ཞི་བ་ན་སླར་ཡང་སྔར་བཞིན་སེམས་བཟུང་། དེས་མཚོན་ཏེ་རྟེན་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བརྟེན་པ་ལྷ་སྐུ་གདན་དང་བཅས་པ་རྣམས་ལ་སེམས་བཟུང་ཞིང་གསལ་སྣང་འདོན་པར་བྱའོ། །གསུམ་པ་རླུང་སྦྱོར་ནི། མཇུག་ཏུ་གསལ་སྣང་རྩེ་གཅིག་པའི་ངང་མ་ཤོར་བར་རླུང་རོ་བསལ། འཇམ་རླུང་བུམ་པ་ཅན་ཁ་སྦྱར་དུ་འཛིན་པ་ཉེར་གཅིག་སོགས་ཀྱིས་བརྟན་པར་བྱ་བའང་མན་ངག་གི་གནད་ཁྱད་པར་ཅན་ཡིན་ནོ། །བདུན་པ་བཟླས་པ་ལ་གཉིས། རྡོ་རྗེའི་བཟླས་པས་དང་། ངག་བཟླས་སོ། །དང་པོ་ནི། ལུས་གནད་ཆོས་བདུན་དྲང་པོར་བསྲང་། རླུང་རོ་སངས་ཀྱིས་བུས། རླུང་འཇུག་གནས་འགྲོ་གསུམ་རང་བབ་ཉིད་ངོ་ཤེས་པར་བྱས་ལ། དྲན་ཙམ་གྱི་ངང་དུ་སེམས་བཟུང་། ཐུན་རེར་འཇུག་གནས་འགྲོ་གསུམ་གཅིག་ཏུ་བསྡམས་པའི་སྟོང་རྩ་བཟླ། འདིས་ནད་གདོན་ཞི། ཚེ་དང་ཡེ་ཤེས་རྒྱས། འཆི་མེད་གྲུབ་པ་སོགས་ཕན་ཡོན་དཔག་ཏུ་མེད། དེ་ལ་འབྱོངས་པ་ན། ནང་དུ་འཇུག་པ་ཨོཾ་དཀར་པོ། གནས་པ་ཨཱཿདམར་པོ། ཕྱིར་འགྲོ་བ་ཧཱུྃ་སྔོན་པོ་རྣམས་སོ་སོའི་གདངས་དང་བཅས་པར་བསམ་ལ་སེམས་བཟུང་། ཕན་ཡོན་གོང་དང་འདྲ་ཞིང་། སྲུང་བ་དང་། ཕྱིར་ཟློག་པའི་མཆོག་ཏུའང་གསུངས་སོ། །གཉིས་པ་ངག་བཟླས་ནི། ཕྲེང་བ་བསང་སྦྱང་། ཧཱུྃ་བརྒྱ་རྩ་བརྒྱད་ཡོངས་སུ་གྱུར་པ་ལས་སེང་གདོང་མའི་སྐུ་ཆུང་ངུ་བརྒྱ་རྩ་བརྒྱད་དུ་གྱུར། དེ་ཞུ་བ་ལས་མི་མགོའི་ཕྲེང་བ་ཁྲག་འཛག་པར་བསམ་ལ། ལག་གཉིས་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་དབྱངས་དང་གསལ་བྱེད་བཀོད་པས་ཕྲེང་བ་སྙིམ་པར་བཟུང་། ཨོཾ་རུ་ཙི་ར་མ་ཎི་པྲ་བཱརྡྷ་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་ཤིང་ཕུས་གདབ་པས་ཕྲེང་བ་བརླབ། ཞི་བ་ལ་མཛུབ་མོ། རྒྱས་པར་གུང་མོ། དབང་ལ་སྲིན་ལག །དྲག་པོ་ལ་མཐེའུ་ཆུང་གི་སྟེང་དུ་བཟུང་ཞིང་མཐེ་བོང་གིས་འདྲེན། དམིགས་པ་ནི། རང་ཉིད་ཌཱ་ཀི་སེང་གདོང་མར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་གཡོན་སྐོར་གྱིས་བསྐོར་བར་བསམ་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་རྩ་བའི་སྔགས་སོ། །ཨོཾ་བཛྲ་ཌཱ་ཀི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོའོ། །ཨོཾ་ཛྙཱ་ན་ཌཱ་ཀི་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་ལས་སྔགས་སོ།། འདི་དག་རྣམས་བཟླ་བའི་ཚེ་ས་བོན་མ་གཏོགས་རྩ་སྔགས་སྙིང་པོ་ལས་སྔགས་རྣམས། ཞི་བ་ལ་ཁ་དོག་དཀར་པོ་བདུད་རྩི་དཀར་པོའི་ཆར་འབེབས་པས་ནད་གདོན་བར་ཆད་ཐམས་ཅད་ཞི་བའི་ལས་སྒྲུབ་པ། རྒྱས་པ་ལ་ཁ་དོག་སེར་པོ་བདུད་རྩི་སེར་པོའི་ཆར་འབེབ་པས་ཚེ་དབང་བསོད་ནམས་དཔལ་འབྱོར་འཁོར་སློབ་ཏིང་ངེ་འཛིན་ཉམས་རྟོགས་ཐམས་ཅད་རྒྱས་པའི་ལས་སྒྲུབ་པ། དབང་ལ་ཁ་དོག་དམར་པོ་བདུད་རྩི་དམར་པོའི་ཆར་འབེབ་པས་ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་དབང་དུ་བསྡུ་བའི་ལས་སྒྲུབ་པ། དྲག་པོ་ལ་ཁ་དོག་ནག་པོ་ཁྲོ་ཆུ་ཁོལ་མ་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབ་པས་གནོད་བྱེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པའི་ལས་སྒྲུབ་པར་དམིགས་ལ་བཟླ། དེའང་བསྐྱེད་རྫོགས་ཟུང་འཇུག་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་གསལ་སྣང་གི་ངང་ནས། སྣང་གྲགས་རྟོག་གསུམ་ཡེ་ཤེས་ཀྱི་མཁའ་འགྲོའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཤེས་པར་བྱ། ཁྱད་པར་བཟླས་པ་དྲུག་གི་སྦྱོར་བ་ཞེས་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་ཞལ་ཤེས་ནི། ཐོ་རངས་ཚེ་སྒྲུབ་ཀྱི་བཟླས་པ། ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཞི་བའི་བཟླས་པ། སྔ་དྲོ་རྒྱས་པའི་བཟླས་པ། གུང་གཉིས་ལ་མཆོག་སྒྲུབ་ཀྱི་བཟླས་པ། ཕྱི་དྲོ་དབང་གི་བཟླས་པ། སྲོད་ལ་དྲག་པོ་བསད་ཟློག་གི་བཟླས་པའོ། །དང་པོ་ཐོ་རངས་ཚེ་སྒྲུབ་ཀྱི་བཟླས་པ་ནི། རང་ཉིད་ཌཱ་ཀི་མར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པའི་སྣ་ལ། འབྱུང་བ་ལྔའི་ལྷ་མོ་གཡས་ལྕགས་ཀྱུ་དང་། གཡོན་གསེར་དངུལ་པདྨ་རཱ་ག་མརྒད་བཻ་ཌཱུརྻ་རྣམས་ཀྱི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་པས་དེ་རྣམས་ཀྱིས་ཕྱི་འབྱུང་བ་བཞིའི་རོ་བཅུད་དྭངས་མ་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་དང་། གསང་བ་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། དྲག་ཤུལ་མཐུ་སྟོབས་དང་རྫུ་འཕྲུལ་ནུས་པ་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་དང་། ཁྱད་པར་བདག་གི་ཚེ་ཟད་ཡར་བརྐུས་ཕྲོགས་ཉམས་རྒུད་པ་ཐམས་ཅད་མཁའ་འགྲོ་མ་རྣམས་ཀྱི་ལྕགས་ཀྱུས་བཀུག་ཅིང་བུམ་པའི་ནང་དུ་བླུགས་ནས་མདུན་གྱི་ནམ་མཁར་བྱོན། བདག་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་བླུགས། ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་ཁ་དོག་སྣ་ཚོགས་པས་ཁྲིགས་མེར་གྱིས་ཁེངས། བདག་གི་འབྱུང་བ་བཞིའི་ཁམས་དང་ཚེ་བསོད་ནམས་དཔལ་འབྱོར་ཉམས་རྟོགས་ཏིང་ངེ་འཛིན་འགྲོ་དོན་ཕྲིན་ལས་ཉམས་པ་ཐམས་ཅད་སོར་ཆུད་ཅིང་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ནས། འཆི་མེད་ཚེའི་རིག་འཛིན་བརྙེས་པར་གྱུར་པར་དམིགས་ཤིང་། རྩ་སྔགས་ཡི་གེ་བཅུ་བཞི་པ་སྟོང་ཕྲག་གཅིག་དང་། ཁྱད་པར་གྱི་སྔགས་ཡི་གེ་བརྒྱད་པ་ནི། ཨཿཀཿསཿམཿརཿཙཿཤཿཕཊཿ འདི་ཉིད་ཀྱང་སྟོང་ཕྲག་གཅིག་བཟླ་བ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ། ཞེས་པ་འདིའང་སྟོང་ཕྲག་གཅིག་བཟླས་པའི་རྗེས་སུ་ཚེ་འགུགས་ཀྱི་ལྷ་མོ་རྣམས་རང་གི་ལུས་ལ་གཉིས་སུ་མེད་པར་ཐིམ་པར་གྱུར་པའི་ངང་ལ། སེམས་ཉིད་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་གཞག །གཉིས་པ་ནམ་ལངས་ནས་ཉི་ཤར་གྱི་བར་ཞི་བའི་བཟླས་པ་ནི། རང་ཉིད་རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་མར་གསལ་བའི་སྟོང་རའི་དབུས་ན་རྩ་གསུམ་འཁོར་ལོ་ལྔ་ལྡན་དུ་གསལ་བའི་སྤྱི་བོའི་འཁོར་ལོའི་ལྟེ་བར་ཆོས་འབྱུང་དཀར་པོ་ཉིས་བརྩེགས་ཀྱི་ནང་དུ། པདྨ་རུ་དྲ་ཕོ་མོ་དང་ཉི་མའི་གདན་ལ་ཞི་བའི་མཁའ་འགྲོ་སེང་གདོང་ཅན་དཀར་མོ་གྲི་གུག་དང་། བདུད་རྩིས་གང་བའི་ཐོད་པ་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ་རུས་པའི་ཕྱག་རྒྱ་ལྔ་དང་མི་མགོ་སྐམ་རློན་སོགས་ཀྱིས་བརྒྱན་པའི་འཁོར་དུ། རང་འདྲའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ། ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོས་གཡོན་དུ་འཁོར་བ་ལས། བདུད་རྩི་དཀར་པོའི་རྒྱུན་ཡི་གེ་བཅུ་བཞིའི་སྒྲ་དང་ལྡན་པ་དཔག་ཏུ་མེད་པ་བབས་པས། ལུས་ཀྱི་ནང་ཐམས་ཅད་ལྟེམས་ཁེངས་ཤིང་དེའི་ནུས་པས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་པར་དམིགས་ནས། རྩ་སྔགས་ཡི་གེ་བཅུ་བཞི་པ་སྟོང་ཕྲག་གཅིག་དང་། ཨོཾ་བུདྡྷ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་དང་། ཨོཾ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སིདྡྷི་ཕ་ལ་ཧཱུྃ། ཅེས་ལས་སྔགས་ཏེ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་བཟླས་པའི་མཐར། རྗེ་བཙུན་མ་གཙོ་འཁོར་རྣམས་འོད་དུ་ལྟེམས་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པའི་ངང་ལ་སྐྱེ་མེད་བརྗོད་བྲལ་དུ་ཅི་གནས་སུ་མཉམ་པར་གཞག །གསུམ་པ་སྔ་དྲོ་རྒྱས་པའི་བཟླས་པ་ནི། ལྟེ་བའི་འཁོར་ལོའི་ལྟེ་བར་ཆོས་འབྱུང་སེར་པོ་ཉིས་བརྩེགས་ཀྱི་ནང་དུ་པདྨ་རུ་དྲ་ཕོ་མོ་དང་ཉི་མའི་གདན་ལ་རྒྱས་པའི་མཁའ་འགྲོ་སེང་གདོང་ཅན་སེར་མོ་རིན་པོ་ཆེ་དང་། ནེའུ་ལེ་ནོར་བུ་སྐྱུག་པ་འཛིན་པས་ཁ་ཊྭཱཾ་ལ་འཁྱུད་པ། རུས་པའི་ཕྱག་རྒྱ་ལྔ་དང་མི་མགོ་སྐམ་རློན་སོགས་ཀྱིས་བརྒྱན་པའི་འཁོར་དུ། རང་འདྲའི་ལྷ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ། ཧཱུྃ་སེར་པོའི་མཐར་སྔགས་ཕྲེང་ཁ་དོག་སེར་པོས་གཡོན་དུ་འཁོར་བ་ལས། བདུད་རྩི་སེར་པོའི་རྒྱུན་ཡི་གེ་བཅུ་བཞིའི་སྒྲ་དང་ལྡན་པ་དཔག་ཏུ་མེད་པ་བབས་པས་ལུས་ཀྱི་ནང་ཐམས་ཅད་ལྟེམས་ཁེངས་ཤིང་། དེའི་ནུས་པས་ཚེ་དང་བསོད་ནམས་དཔལ་འབྱོར་འཁོར་སློབ་འགྲོ་དོན་ཉམས་རྟོགས་ཏིང་ངེ་འཛིན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པར་དམིགས་ནས། རྩ་སྔགས་ཡི་གེ་བཅུ་བཞི་པ་སྟོང་ཕྲག་གཅིག་དང་། ཨོཾ་རཏྣ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊཿ ཅེས་སྙིང་པོ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་དང་། ཨོཾ་སརྦ་པུཥྚིཾ་ཀུ་རུ་ཡེ་ཨོཾ་སིདྡྷི་ཕ་ལ་ཧཱུྃ། ཞེས་པ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་བཟླས་པའི་མཐར། རྗེ་བཙུན་མ་གཙོ་འཁོར་རྣམས་འོད་དུ་ལྟེམས་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པའི་ངང་ལ་སྐྱེ་མེད་བརྗོད་བྲལ་དུ་ཅི་གནས་མཉམ་པར་གཞག །བཞི་པ་གུང་གཉིས་ལ་མཆོག་སྒྲུབ་ཀྱི་བཟླས་པ་ནི། སྙིང་གའི་འཁོར་ལོའི་ལྟེ་བར་ཆོས་འབྱུང་ནག་པོ་ཉིས་བརྩེགས་ཀྱི་ནང་དུ། པདྨ་རུ་དྲ་ཕོ་མོ་དང་ཉི་མའི་གདན་ལ་རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་ཅན་མཐིང་ནག་རྡོ་རྗེ་དང་ཐོད་ཁྲག་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ། རུས་པའི་ཕྱག་རྒྱ་ལྔ་དང་མི་མགོ་སྐམ་རློན་སོགས་ཀྱིས་བརྒྱན་པའི་འཁོར་དུ། རང་འདྲའི་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་ཁ་དོག་མཐིང་ནག་གཡོན་དུ་འཁོར་བ་ལས་བདུད་རྩི་མཐིང་ནག་གི་རྒྱུན་ཡི་གེ་བཅུ་བཞིའི་སྒྲ་དང་ལྡན་པ་དཔག་ཏུ་མེད་པ་བབས་པས། ལུས་ཀྱི་ནང་ཐམས་ཅད་ལྟེམས་ཁེངས་ཤིང་དེའི་ནུས་པས་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་སངས་དག་པར་གྱུར་པར་དམིགས་ནས། རྩ་སྔགས་ཡི་གེ་བཅུ་བཞི་སྟོང་ཕྲག་གཅིག་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊཿ ཅེས་སྙིང་པོ་འདི་ཉིད་སྟོང་ཕྲག་གཅིག་དང་། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་བཟླས་པའི་མཐར། རྗེ་བཙུན་མ་གཙོ་འཁོར་རྣམས་འོད་དུ་ལྟེམས་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པའི་ངང་ལ་སྐྱེ་མེད་བརྗོད་བྲལ་དུ་ཅི་གནས་མཉམ་པར་གཞག །ལྔ་པ་ཕྱི་དྲོ་དབང་གི་བཟླས་པ་ནི། མགྲིན་པའི་འཁོར་ལོའི་ལྟེ་བར་ཆོས་འབྱུང་དམར་པོ་ཉིས་བརྩེགས་ཀྱི་ནང་དུ། པདྨ་རུ་དྲ་ཕོ་མོ་དང་ཉི་མའི་གདན་ལ་པདྨ་མཁའ་འགྲོ་སེང་གདོང་ཅན་དམར་མོ་ལྕགས་ཀྱུ་དང་གཏེར་གྱིས་གང་བའི་བུམ་པ་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ། རུས་པའི་ཕྱག་རྒྱ་ལྔ་དང་མི་མགོ་སྐམ་རློན་སོགས་ཀྱིས་བརྒྱན་པའི་འཁོར་དུ། རང་འདྲའི་ལྷ་མོ་བཅུ་དྲུག་གིས་བསྐོར་བའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་དམར་པོས་གཡོན་དུ་འཁོར་བ་ལས། བདུད་རྩི་དམར་པོའི་རྒྱུན་ཡི་གེ་བཅུ་བཞིའི་སྒྲ་དང་ལྡན་པ་དཔག་ཏུ་མེད་པ་བབས་པས་ལུས་ཀྱི་ནང་ཐམས་ཅད་ལྟེམས་ཁེངས་ཤིང་། དེའི་ནུས་པས་ཁམས་གསུམ་གྱི་ཟས་ནོར་མི་གསུམ་ཐམས་ཅད་དབང་དུ་འདུས་པར་གྱུར་པར་དམིགས་ནས། རྩ་སྔགས་ཡི་གེ་བཅུ་བཞི་སྟོང་ཕྲག་གཅིག་དང་། ཨོཾ་པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊཿ ཅེས་སྙིང་པོ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་དང་། ཨོཾ་སརྦ་པཱ་ཤཾ་ཀུ་རུ་ཡེ་ཧོཿསིདྡྷི་ཕ་ལ་ཧཱུྃ། ཞེས་པ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་བཟླས་པའི་མཐར། རྗེ་བཙུན་མ་གཙོ་འཁོར་རྣམས་འོད་དུ་ལྟེམས་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པའི་ངང་ལ་སྐྱེ་མེད་བརྗོད་བྲལ་དུ་ཅི་གནས་མཉམ་པར་གཞག །དྲུག་པ་སྲོད་ལ་དྲག་པོ་ཟློག་དགུག་བསད་གསུམ་གྱི་བཟླས་པ་ནི། གསང་གནས་ཀྱི་འཁོར་ལོའི་ལྟེ་བར་ཆོས་འབྱུང་ལྗང་ནག་ཉིས་བརྩེགས་ཀྱི་ནང་དུ། པདྨ་རུ་དྲ་ཕོ་མོ་དང་ཉི་མའི་གདན་ལ་ལས་ཀྱི་མཁའ་འགྲོ་སྲོག་གཅོད་ཤ་ཟ་ཁྲག་འཐུང་དབུགས་ལེན་སེང་གེའི་གདོང་ཅན་ལྗང་ནག་རལ་གྲི་དང་ཐོད་ཁྲག་འཛིན་པས་ཁ་ཊྭཱཾ་ག་ལ་འཁྱུད་པ། རུས་པའི་ཕྱག་རྒྱ་ལྔ་དང་མི་མགོ་སྐམ་རློན་སོགས་ཀྱིས་བརྒྱན་པའི་འཁོར་དུ། རང་འདྲའི་ལྷ་མོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བའི་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ལྗང་ནག་གི་མཐར་སྔགས་ཕྲེང་ཁ་དོག་ལྗང་ནག་མཚོན་ཆའི་རང་བཞིན་ཅན་མེ་འབར་བས་གཡོན་དུ་འཁོར་བ་ལས། གསང་གནས་ཀྱི་འཁོར་ལོའི་འོག་ཏུ་མེ་རླུང་མཚོན་ཆ་འཛིངས་པའི་ཀློང་དུ་རྣལ་འབྱོར་པ་ལ་གདུག་ཅིང་སྡང་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ། བསམ་པ་ངན་པ། སྦྱོར་བ་རྩུབ་པར་བྱེད་པའི་དམ་ཉམས་ཆེ་གེ་མོ་དཔོན་གཡོག་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཚུད་པའི་སྟེང་དུ། རྗེ་བཙུན་མ་འཁོར་དང་བཅས་པའི་སྐུ་ལས་མཚོན་ཆ་སྣ་ཚོགས་དང་ཁྲོ་ཆུ་ཁོལ་མའི་ཆར་རྒྱུན་ཟློག་དགུག་བསད་གསུམ་གྱི་སྔགས་རྒོད་ཀྱི་སྒྲ་དང་ལྡན་པ་དཔག་ཏུ་མེད་པ་བབ་པས། གནོད་བྱེད་དགྲ་བགེགས་དམ་ཉམས་ལོག་པར་འདྲེན་པ་ཐམས་ཅད་ཀྱི་མགོ་ལུས་ཐམས་ཅད་དུམ་བུ་དུམ་བུར་གཏུབ་པ་དང་། མེས་བསྲེགས་རླུང་གིས་གཏོར་ཆུས་བཤལ་བས་ལུས་ངག་ཐལ་བའི་རྡུལ་དུ་བརླག་པར་གྱུར་པར་དམིགས་ནས། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿཤ་ཏྲི་ཛ་ནྲྀ་ཏྲི་ཁུག་དགྲ་བགེགས་འབྱུང་པོའི་སེམས་དང་བག་ཆགས་ངན་པ་མཱ་ར་ཡ་ཕཊ། ཅེས་པ་འདི་ཉིད་སྟོང་ཕྲག་གཅིག་དང་། ཨོཾ་ཀརྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་འདི་ཉིད་ཀྱང་སྟོང་ཕྲག་གཅིག་དང་། ཁྱད་པར་གྱི་ཕྱིར་ཟློག་གི་སྔགས་ནི། ཨོཾ་པྲ་ཏྱཱཾ་གི་ར། གྷྲྀ་དུ་གྷྲྀ་དུ། ཛྭ་ར་གྷྲྀ་དུ། ཡཀྨོ་ཕྲེམ་བྷྱོ་ཟློག །ཡཀྨོ་ཕྲེམ་བྷྱོ་ཟློག །ཌཱ་ཀི་མ་ཏྲི་ཀ་ཕྲེཾ་བྷྱོ་ཟློག །ཅེས་པའང་སྟོང་ཕྲག་གཅིག་བཟླས་པའི་མཐར། དགྲ་བགེགས་ཀྱི་རྣམ་པར་ཤེས་པ་ཧཱུྃ་ཡིག་གི་རྣམ་པར་རྗེ་བཙུན་མའི་ཐུགས་ཀར་ཐིམ་པས། དེའི་རྐྱེན་གྱིས་རྗེ་བཙུན་མ་གཙོ་འཁོར་རྣམས་འོད་དུ་ལྟེམས་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པའི་ངང་ལ་སྐྱེ་མེད་བརྗོད་བྲལ་དུ་ཅི་གནས་སུ་མཉམ་པར་བཞག་གོ །ཐུན་དེ་ལས་ལྡང་བར་བརྩམ་པ་ན་མཆོད་ཅིང་བསྟོད་ལ། བཅོམ་ལྡན་འདས་མ་མཁའ་འགྲོ་སེང་གེའི་གདོང་ཅན་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཅེས་འདོད་དོན་གསོལ། གསུམ་པ་རྗེས་ལ་དྲུག །ཉེར་བསྡུའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར་རོ། །དང་པོ་ནི། རླུང་ཕྱིར་རིམ་པར་བུས་པས་སྣོད་བཅུད་སྲུང་འཁོར་དང་དུར་ཁྲོད་གཞལ་ཡས་ཁང་རང་ལྷ་སྐུར་གསལ་བ་སྙིང་གའི་སྔགས་ཕྲེང་རྣམས་ལ་ཕོག །དེ་རྣམས་རིམ་པ་བཞིན་འོད་དུ་ཞུ་ནས་ཕྱི་མ་ཕྱི་མ་རྣམས་ནང་མ་རྣམས་ལ་ཐིམ། མཐར་སྔགས་ཕྲེང་ཡང་ཧཱུྃ་ཡིག་གི་ནཱ་དའི་བར་དུ་ཐིམ་སྟེ། ནཱ་ད་ཡང་མི་དམིགས་པའི་ངང་དུ་གྱུར་པར་མོས་ལ་འོད་གསལ་རྫོགས་པ་ཆེན་པོའི་དབྱིངས་སུ་མཉམ་པར་གཞག །ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ན། སླར་ཡང་རང་དང་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོའི་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་སུ་གྱུར་པར་བསམ་ལ་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །གཉིས་པ་གཏོར་མའི་རྣལ་འབྱོར་ལ་གཉིས། ཕྱི་དང་། ནང་ངོ་། །དང་པོ་ནི། གཏོར་ཆོག་ནས་ཇི་སྐད་བཤད་པ་བཞིན་ཐུན་བཞིའམ་གསུམ་མམ་མ་མཐའ་འང་ཉིན་རེར་ཐུན་རེའི་མཇུག་ཏུ་ཕུལ། གཉིས་པ་ནང་གཏོར་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སེམས་བཾ་ཡིག་གི་རྣམ་པ་ནམ་མཁར་སྤར་བ་རྣལ་འབྱོར་མའི་སྐུར་གྱུར། ཕུང་པོ་རྙིང་པ་བདུད་རྩིར་བསྒྱུར་ཏེ་མགྲོན་རིགས་བཞི་ལ་ཚོགས་མཆོད་ཀྱི་ཚུལ་དུ་འབུལ་བ་སྤྱི་ལྟར་ཉམས་སུ་བླང་། གསུམ་པ་ཁྲུས་རྣལ་ལ་གཉིས། ཕྱི་དང་། ནང་ངོ་། །དང་པོ་ནི། བུམ་པ་ཚུལ་བཞིན་དུ་བཤམས་ལ། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་འགྲོ་བས་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། བདུད་རྩིའི་བཅུད་སྣ་ཚོགས་ཆུ་གཙང་དང་བཅས་པས་སུམ་གཉིས་གང་བའི་ཆུའི་སྟེང་བུམ་པའི་ནང་དུ་པད་ཉི་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་ཁ་དོག་བཻ་ཌཱུརྻའི་མདོག་ལྟ་བུས་གཡོན་དུ་འཁོར་བར་གྱུར་པར་དམིགས་ནས། རང་གི་སྙིང་གའི་འོད་ཟེར་གྱིས་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང་། ཌཱ་ཀི་སེང་གདོང་ཅན་འཁོར་མ་མོ་སྲིད་པ་འབུམ་སྡེ་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་མཐུ་བྱིན་རླབས་ཐམས་ཅད་སྔགས་རྒོད་ཡི་གེ་བཅུ་བཞིའི་རྣམ་པར་སྤྱན་དྲངས་ཤིང་། བུམ་ནང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་གྱུར་པར་དམིགས་ནས། སླར་ཡང་རང་གི་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ཆད་པའི་ས་བོན་སྔགས་ཕྲེང་དང་བཅས་པ་ཞལ་ནས་ཐོན་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་རྡོ་རྗེའི་ལྟེ་བའི་ཧཱུྃ་དང་སྔགས་ཕྲེང་ལ་ཕོག །དེ་ལས་བདུད་རྩི་སྔགས་ཆུའི་རྒྱུན་དཔག་ཏུ་མེད་པ་བབས་པས་དུང་ཆོས་མེར་ཁེངས་ཏེ་ཆིལ་ཆིལ་ལུད། བུམ་ནང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས། དེ་ཉིད་ལས་བདུད་རྩི་སྔགས་ཀྱི་ཆུ་རྒྱུན་བབས་པས་བུམ་ཆུ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་གྱུར་པར་བསམས་ལ། གཟུངས་ཐག་བཟུང་ནས། རྩ་སྔགས་ཡི་གེ་བཅུ་བཞི་ཁྲི་ཚོ་གཅིག་དང་། ལས་སྔགས་སྟོང་ཕྲག་གཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་སྟོང་ཕྲག་གཅིག་བཟླས་པའི་མཐར། ཕྱི་ནང་གིས་མཆོད་ཅིང་གཏོར་མའང་ཕུལ། གཟུངས་ཐག་སྒྲིལ་ཞིང་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བརྗོད་པ་དང་། དུང་ཆོས་ཀྱི་ཆུ་བུམ་ནང་དུ་བླུགས་པས་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཕོག །དེའི་རྐྱེན་གྱིས་འོད་དུ་ལྟེམས་ཞུ་བུམ་པའི་ཆུ་དང་དབྱེར་མེད་གཅིག་ཏུ་འདྲེས་ཤིང་ནུས་ལྡན་གྱི་བུམ་པའི་ཆུར་གྱུར་ཅེས་བརྗོད་ཅིང་བསམ། དེ་ལྟ་བུའི་བུམ་པའི་ཆུ་རང་གཞན་གྱིས་བཏུང་ཞིང་བཀྲུ་བ་དང། བུམ་ཆུའི་རྒྱུན་མི་འཆད་པར་བྱས་ཏེ་ནམ་དགོས་པའི་དུས་ལས་ལ་སྦྱར་ན་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཉམས་ཆག་ཐམས་ཅད་བྱང་ཞིང་། ཏིང་ངེ་འཛིན་འཕེལ་བར་འགྱུར་རོ། །གཉིས་པ་ནང་ཁྲུས་ནི། རང་སེང་གདོང་མར་གསལ་བའི་ལུས་ཀྱི་དབུས་སུ་རྩ་གསུམ་འཁོར་ལོ་གསུམ་དུ་གསལ་བཏབ་སྟེ། སྤྱི་བོའི་རྩ་འདབ་སོ་གཉིས་ཀྱི་དབུས་སུ་ཨོཾ། འདབ་མ་རྣམས་ཨོཾ་ཨཱཿཧཱུྃ་ཧོཿས་སྣ་དྲངས་པའི་ཡི་གེ་བཅུ་བཞི་པ་ཚར་གཉིས་བཅས་ཡིག་འབྲུ་སོ་གཉིས། རྩ་དང་ཡི་གེ་ཐམས་ཅད་ཀྱང་ཁ་དོག་དཀར་པོར་གསལ། ཡི་གེ་བཅུ་བཞི་པ་སྟོང་ཙམ་བཟླས་པས་བདུད་རྩི་དཀར་པོ་ཡི་གེ་བཅུ་བཞིའི་སྒྲ་དང་བཅས་པ་བབས་པས་ལུས་གང་། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ། དེ་བཞིན་དུ་མགྲིན་པའི་རྩ་འདབ་བཅུ་དྲུག་གི་དབུས་སུ་ཨཱཿ རྩ་འདབ་རྣམས་ལ་ཨཱཿདང་ཧྲཱིཿས་སྣ་དྲངས་པའི་ཡི་གེ་བཅུ་བཞི་པ་དམར་པོས་བསྐོར་བ་བཟླས་པའི་རྐྱེན་གྱིས་བདུད་རྩི་དམར་པོ་ཡི་གེ་བཅུ་བཞིའི་སྒྲ་དང་བཅས་པ་བབས་པས་ལུས་གང་། ངག་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱང་བར་བསམ། སྙིང་གར་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ། འདབ་མ་རྣམས་ལ་ཨཿཀཿསཿམཿརཿཙཿཤཿཕཊཿཅེས་སྔོན་པོས་མཚན་པ་བཟླས་པའི་རྐྱེན་གྱིས་བདུད་རྩི་སྔོན་པོ་ཡི་གེ་བཅུ་བཞིའི་སྒྲ་དང་བཅས་པ་བབས་པས་ལུས་གང་། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། མཐར་སྔགས་ཕྲེང་ས་བོན་དང་བཅས་པ་རིམ་བཞིན་དུ་རང་གི་སྒོ་གསུམ་དང་དབྱེར་མེད་དུ་འདྲེས་པར་བསམ་ལ་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་བཞག་གོ །འདི་ནི་ནང་གི་ཁྲུས་ཀྱི་སྦྱོར་བ་ཁྱད་པར་ཅན་ཏེ། ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱོང་བ་ལ་མཆོག་ཏུ་བསྔགས་སོ། །བཞི་པ་ཟས་རྣལ་ནི། ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ལ་ཕུང་ཁམས་ཀྱི་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པའམ། སྟོང་ཉིད་གསལ་ཁྱབ་ཆེན་པོའི་ངང་དུ་ཚིམ་པར་རོལ་པའི་མཐར། ཟས་ཀྱི་ལྷག་མ། ཨོཾ་ཨུཥིཙཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱས་འབྱུང་པོ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་ཅིང་བསྔོ་སྨོན་གྱིས་རྒྱས་གདབ། ལྔ་པ་ཉལ་རྣལ་ནི། ནུབ་མོ་ཉལ་བའི་ཚེ་སྐྱིལ་ཀྲུང་ངམ། ཙོག་པུའམ། སེང་གེའི་ཉལ་སྟབས་ཀྱིས་འཁོད་པའི་སྙིང་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་རྩ་བའི་བླ་མ་པདྨ་འབྱུང་གནས་ཡབ་ཡུམ་གྱི་རྣམ་པ་སྐྱབས་གནས་ཀུན་འདུས་སུ་གསལ་བ་ལ་ཡིད་གཏད་དེ། རིག་པ་བརྗོད་མེད་ཀྱི་ངང་དུ་ཉལ་བས་གཉིད་འོད་གསལ་དུ་འཆར་བར་འགྱུར་རོ། །དྲུག་པ་ལྡང་རྣལ་ནི། ཐོ་རངས་ལྡང་བའི་དུས་ལ་བབ་པ་ན། ནམ་མཁའ་ནས་ཌཱ་ཀི་མ་བཞིས་ཌཱ་མ་རུའི་སྒྲ་སྔགས་ཀྱི་གདངས་སུ་བསྒྲགས་པའི་རྐྱེན་གྱིས་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པར་མོས་ཏེ་ལྷར་གསལ་བཞིན་པའི་ངང་ནས་ལྡང་། ཕྱི་ནང་གི་ཁྲུས་ཀྱི་རྣལ་འབྱོར་གང་རུང་སྔོན་དུ་འགྲོ་བས་ཐོར་ཐུན་ལ་འཇུག་པར་བྱའོ། །དེ་ལྟར་ཉམས་སུ་བླང་བའི་སྐབས་གེགས་སེལ་དང་བོགས་འདོན་གྱི་མཐར་ཐུག་པ་ལམ་ཟབ་བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན་ཅིང་། བསྐྱེད་རིམ་གྱི་གསལ་སྣང་དང་། དེ་ལ་བརྟེན་ནས་སྣང་སྟོང་ཟུང་འཇུག་གི་ཉམས་མྱོང་ཅི་རིགས་པ་སྐྱེས་པར་གྱུར་པ་ན། བླ་མ་ཉམས་མྱོང་ཅན་གྱིས་ངོ་སྤྲད་ཅིང་ལམ་དུ་བསླང་བར་བྱའོ། །བསྐྱེད་རིམ་གྱི་གསལ་སྣང་དྲགས་ཕྲ་ལ་བརྟན་པ་ཐོབ་ནས། རྫོགས་རིམ་རང་བྱིན་གྱིས་བརླབ་པའི་མན་ངག་གིས་མཚམས་སྦྱར་ཏེ། རླུང་དབུ་མར་ཞུགས་གནས་ཀྱི་རྩལ་རྫོགས་པས། ཡུལ་ཡུལ་ཅན་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་མངོན་དུ་བྱས་ཏེ་ས་དང་ལམ་གྱི་རིམ་པ་མྱུར་དུ་བགྲོད་པར་འགྱུར་རོ།། ༈ །།བསྙེན་པ་བྱེད་ན་གནས་དབེན་པར་བྲིས་སྐུའི་མདུན་དུ། ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམ་མཚམས་དམ་པར་བཅད། ཇི་སྐད་བཤད་པའི་ཉམས་ལེན་ཐུན་དྲུག་གམ་བཞི་སོགས་སུ་བྱ་ཞིང་། ཐུན་གཉིས་སམ་སྲོད་ཐུན་གྱི་མཐར་གཏོར་མ་ཕུལ། རྩ་སྔགས་ཡི་གེ་བཅུ་བཞི་པ་འབུམ་ཕྲག་བཅུ་བཞི། སྙིང་པོ་འབུམ་ཕྲག་བཞི། ལས་སྔགས་འབུམ་ཕྲག་གཅིག་རྣམས་ཁ་སྐོང་བཅས་དང་། སྤྲོ་ཞིང་ནུས་ན་ཁྱད་པར་གྱི་ལས་སྔགས་དྲུག་པོའང་དུས་གནད་དང་བསྟུན་ཏེ་ཞག་བདུན་ཙམ་བཟླས་པའི་མཐར། འདིའི་ཡིག་ཆ་དངོས་སམ། གསང་བ་སྤྱིའི་ལུགས་ཀྱི་ཆོ་ག་ལྟར་ཁ་སྐོང་གི་སྦྱིན་སྲེག་ཀྱང་བགྱིས་པས་ལས་རབ་འབྱམས་ལ་ཐོགས་པ་མེད་པའི་ནུས་པ་རྙེད་པར་འགྱུར་རོ། །ཨེ་མ། རྒྱལ་བའི་རྒྱལ་ཚབ་སྤྲུལ་པའི་སྐུ །ཀུན་མཁྱེན་བསྟན་པའི་བདག་པོ་ནི། །པཎ་ཆེན་བླ་མའི་གསུང་ངག་ལས། །བྱུང་བ་ཌཱ་ཀི་སེང་གདོང་མ། །ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི། །མན་ངག་ནོར་བུའི་ཕྲེང་མཛེས་འདི། །དོན་གཉེར་སྡེ་སྣོད་འཛིན་པ་ནི། །བཤེས་གཉེན་ཨ་ཙརྻ་ཤཱཀ་བསྟན། །ཟུང་འཇུག་བློ་བྲལ་དོན་རྟོགས་པའི། །རྣལ་འབྱོར་བྱམས་བཟང་ལ་སོགས་ཀྱིས། །ཡང་ཡང་ནན་ཆེར་བསྐུལ་བའི་ངོར། །ཆོས་མེད་པདྨ་གར་དབང་གིས། །ཐམས་ཅད་འདུལ་བ་ཞེས་བྱ་བ། །མེ་མོ་ཕག་གི་དཔྱིད་ཟླ་ཡི། །དཀར་པོའི་ཕྱོགས་ཀྱི་རྒྱལ་བ་ནི། །གསུམ་པའི་ཚེས་ལ་དབེན་པའི་གནས། །ཤུག་སྡིངས་མཁའ་འགྲོའི་བསྟི་གནས་སུ། །ལེགས་སྦྱར་ཡི་གེའི་འདུ་བྱེད་ནི། །དཔོན་ཡིག་བསོད་ནམས་རྒྱལ་མཚན་གྱིས། །བགྱིས་པའི་མཐའ་ཡས་དགེ་བའི་ཚོགས། །ལུས་ཅན་བྱང་ཆུབ་ཐོབ་ཕྱིར་བསྔོ། །འདིའི་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཌཱ་ཀི་ནཱིའི་ཞལ་མངོན་སུམ་དུ་མཐོང་ནས་ལས་བཞི་ཀུན་གྱི་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པདྨ་གར་དབང་གི་གསུང་རབ་ལས་སྙིང་པོ་བསྡུས་ཏེ་བཀོད་པའོ།། །། ༈ དེ་ནི་ཕྱི་བསྐྱེད་པའི་རིམ་པ་ཡིན་ལ། ནང་བསྐྱེད་པའི་རིམ་པ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ཉམས་སུ་བླང་བའི་ཚུལ་དང་། གཉིས་པ་རྫོགས་རིམ་འཁོར་ལོ་བཞིའི་མན་ངག་བཅས་རྒྱ་ཆེར་བཞུགས་པའི་སྙིང་པོ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་མའི་བསྐྱེད་རྫོགས་ཀྱི་མན་ངག་སྙིང་པོ་བསྡུས་པ་བཞུགས་སོ། །ན་མོ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁི་ཡེ། འདིར་སེང་གདོང་མའི་ཉམས་ལེན་ལ་བསྐྱེད་རྫོགས་གཉིས་ལས་དང་པོ་ནི། རང་སྐད་ཅིག་གིས་སེང་གདོང་མའི་བསྐྱེད་རིམ་མངོན་རྟོགས་ལྟར་བསྒོམས་ནས། ཕྱི་སྣོད་ཀྱི་འཇིག་རྟེན། ནང་ལུས་ཀྱི་རྩ། གཞན་ཆོས་འབྱུང་གྲུ་གསུམ་གཞལ་ཡས་ཁང་གི་རྣམ་པ་དེ་གསུམ་དབྱེར་མེད་པར་ཤེས་པ་དང་། ཁྱད་པར་རང་གི་མིག་དང་གཟུགས་སའི་སྙིང་པོ་ཡབ་ཡུམ། རྣ་བ་དང་སྒྲ་ཕྱག་ན་རྡོ་རྗེ་ཡབ་ཡུམ། སྣ་དང་དྲི་ནམ་མཁའི་སྙིང་པོ་ཡབ་ཡུམ། ལྕེ་དང་རོ་འཇིག་རྟེན་དབང་ཕྱུག་ཡབ་ཡུམ། ལུས་དང་རེག་བྱ་སྒྲིབ་པ་རྣམ་སེལ་ཡབ་ཡུམ། ཡིད་དང་ཆོས་འཇམ་དཔལ་ཡབ་ཡུམ། ཚིགས་ཀུན་ཏུ་བཟང་པོ་ཡབ་ཡུམ། རྩ་རྒྱུས་བྱམས་པ་ཡབ་ཡུམ། །ལག་གཡས་གཤིན་རྗེའི་གཤེད་ཡབ་ཡུམ། གཡོན་གཞན་གྱིས་མི་ཐུབ་པ་ཡབ་ཡུམ། ལྕེ་རྟ་མགྲིན་ཡབ་ཡུམ། གསང་བ་བགེགས་མཐར་བྱེད་ཡབ་ཡུམ། དཔུང་གཡས་མི་གཡོ་བ་ཡབ་ཡུམ། གཡོན་འདོད་རྒྱལ་ཡབ་ཡུམ། པུས་མོ་གཡས་དབྱུག་སྔོན་ཡབ་ཡུམ། གཡོན་སྟོབས་པོ་ཆེ་ཡབ་ཡུམ། སྤྱི་གཙུག་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡབ་ཡུམ། རྐང་མཐིལ་གཉིས་གནོད་མཛེས་ཡབ་ཡུམ། གཟུགས་ཀྱི་ཕུང་པོ་རྣམ་སྣང་དང་ནམ་མཁའི་ཁམས་དབང་ཕྱུག་མ་གཉིས་ཡབ་ཡུམ། ཚོར་བའི་ཕུང་པོ་རིན་འབྱུང་དང་སའི་ཁམས་སངས་རྒྱས་སྤྱན་མ། འདུ་ཤེས་འོད་དཔག་མེད་དང་མེའི་ཁམས་གོས་དཀར་མོ། འདུ་བྱེད་དོན་གྲུབ་དང་རླུང་ཁམས་དམ་ཚིག་སྒྲོལ་མ། རྣམ་ཤེས་མི་བསྐྱོད་པ་དང་ཆུ་ཁམས་མཱ་མ་ཀཱི །དེ་ཐམས་ཅད་བསྡུས་པ་ནི་ཀུན་བཟང་ཡབ་ཡུམ། དཔྲལ་བར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ་སྟེ། དེ་ཐམས་ཅད་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པའི་དྭངས་མ་མི་ཤིགས་པ་བདེ་བ་ཆེན་པོའི་ངོ་བོར་རྣམ་པ་ལྷའི་སྐུར་ལམ་གྱིས་གྱུར་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་འདྲ་བ་དམར་པོ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་རེ་རེ་གནས་པ་སྟེ། གསལ་སྟོང་བདེ་བ་ཆེན་པོའི་ངོ་བོར་ཡེ་ནས་དག་པར་གྱུར། རང་གི་ཐུགས་དབུས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ་གི་མཐར་གཡོན་སྐོར་དུ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་རྩ་སྔགས་ཡི་གེ་བཅུ་བཞི་པ་དང། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊཿ ཅེས་སྙིང་པོ་དང་། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོཿ ཅེས་ལས་སྔགས་ཏེ་དེ་རྣམས་ཅི་ནུས་བཟླ། ཞི་རྒྱས་དབང་དྲག་གི་ལས་གང་བྱེད་དཀར་སེར་དམར་ནག་གི་སྔགས་ཕྲེང་དང་འོད་ཟེར་སྤྲོ་བསྡུ་བྱའོ། །གཉིས་པ་རྫོགས་རིམ་ནི། དེ་ནས་ལུས་དཀྱིལ་གྱི་ལྷ་ཚོགས་གཞིའི་ལུས་ལ་བསྟིམས་ནས། རང་ཉིད་སེང་གདོང་མའི་སྐུའི་ནང་སྟོང་སང་ངེ་བའི་དབུས་སུ་རྩ་གསུམ་དང་འཁོར་ལོ་བཞི་གསལ་བཏབ་པའི་སུམ་མདོར་ཉི་གདན་ལ་རཾ། ལྟེ་བར་ཨོཾ། སྙིང་གར་ཧཱུྃ། མགྲིན་པར་ཨཾ། སྤྱི་བོར་ཧཾ། སྙིང་གའི་རྩ་འདབ་བརྒྱད་ལ། ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ བརྒྱད་སྔོན་པོ་ཧཱུྃ་དང་བཅས་པ་མགོ་ཐུར་བསྟན། མགྲིན་པའི་རྩ་འདབ་བཅུ་དྲུག་ལ་རྩ་སྔགས་ཚར་གཅིག་དང་། ཨཿ ཀཿགཉིས་དང་བཅུ་དྲུག་དམར་པོ་མགོ་གྱེན་བསྟན། སྤྱི་བོའི་རྩ་འདབ་སོ་གཉིས་ལ་རྩ་སྔགས་ཚར་གཉིས་དང་། ཨཿ ཀཿ སཿ མཿབཞི་དང་སོ་གཉིས་དཀར་པོ་བདེ་བའི་རང་བཞིན་ཐུར་བསྟན། ལྟེ་བའི་རྩ་འདབ་རེ་གཉིས་ལ་རྩ་སྔགས་ཚར་བཞི་དང་། ཨཿ ཀཿ སཿ མཿ རཿ ཙཿ དྲུག་དང་རེ་གཉིས་དམར་པོ་དྲོད་ཀྱི་རང་བཞིན་མགོ་གྱེན་བསྟན། བཤང་སྒོའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན་གྱེན་དུ་བསྐྱོད་པར་གསལ་བཏབ་ནས། རླུང་རོ་བུས་ཏེ་རླུང་བཟུང་བས་རོ་རྐྱང་གི་རླུང་ཐུར་དུ་བདས་པས་དབུ་མ་ནས་རྩེ་སྤྲད་དེ་རཾ་ཡིག་བུས། རཾ་ལས་མེ་འབར་བས་ལྟེ་བའི་ཨ་ཐུང་ཡིག་འབྲུ་དང་བཅས་པ་ལས་ཡི་གེ་བཅུ་བཞི་པའི་རང་སྒྲ་ཅན་གྱི་མེ་ཚ་ཞིང་རྩུབ་པར་འབར་བས་སྙིང་གའི་ཧཱུྃ་དང་ཡིག་འབྲུ་ལ་ཕོག་པས་བདུད་རྩིའི་རྒྱུན་དངུལ་ཆུ་ལྟ་བུར་ཡི་གེ་བརྒྱད་ཀྱི་རང་སྒྲར་བབས་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་བསྒོམ། དེ་བཞིན་དུ་སྤྱི་མགྲིན་གཉིས་ལ་ཡང་བསྒོམ་པར་བྱ་ཞིང་བདེ་སྟོང་གཉིས་སུ་མེད་པ་ལ་མཉམ་པར་གཞག་རླུང་བུམ་པ་ཅན་ཅི་ནུས་སུ་གཟུང་བ་ནི་ཐུན་གྱི་དངོས་གཞིའོ། །དེ་ནས་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་དང་ཆོས་འབྱུང་གཞལ་ཡས་ཁང་དང་བཅས་པ་ལ་ཐིམ། དེ་བདག་ཉིད་ལ་ཐིམ། བདག་ཉིད་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཞབས་ཀྱུ་ནས་རིམ་པར་ཡར་ཐིམ་ནས་ནཱ་ད་ཙམ་དང་། དེ་ནས་དམིགས་མེད་བློ་འདས་ཕྱག་རྒྱ་ཆེན་པོ་ལ་ཡུན་རིང་དུ་མཉམ་པར་གཞག །སླར་ཡང་སེང་གདོང་མ་གཅེར་བུ་རྒྱན་མེད་པའི་སྐུ་སྒྱུ་མ་ལྟ་བུར་བཞེངས་ནས་བསྔོ་བ་དང་སྨོན་ལམ་དང་། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གོང་དུ་བཟླས་པའི་གོང་དུ་ཕྲེང་བ་བསང་སྦྱང་། ཧཱུྃ་ཡིག་བརྒྱ་རྩ་བརྒྱད་ཞུ་བ་ལས་བྱུང་བའི་སེང་གདོང་མའི་སྐུ་ཆུང་ངུ་རེ་རེར་གྱུར་པར་བསམ་ལ། ཨོཾ་རུ་ཙི་ར་མ་ཎི་པྲ་བཱརྡྷ་ཡེ་སྭཱ་ཧཱ། ཞེས་ཅི་མང་བཟླས། ལག་པ་དབྱངས་གསལ་ཉི་ཟླའི་བར་དུ་ཕྲེང་བ་ཕུར་ཏེ་ཕུས་གདབ་པས་ཕྲེང་བ་ནུས་པ་དང་ལྡན་པར་བསམས་པས་ཕྲེང་བ་བྱིན་བརླབ་བོ། །ཐུན་མཚམས་ཀྱི་སྤྱོད་ལམ་ནི། ཁ་ཟས་སྲེག་བླུགས་དང་། འགྲོ་འདུག་བསྐོར་བ། ཉལ་བའི་ཚེ་རྨི་ལམ་དང་འོད་གསལ་འཛིན་པའི་རྣལ་འབྱོར་ཐམས་ཅད་སྤྱི་དང་མཐུན་ནོ། །བསྐྱེད་རྫོགས་ཀྱི་ཟབ་གནད་བརྗེད་ཐོ་འདིའང་རཱ་གའི་མིང་ཅན་བདག་གིས་བྲིས་པ་སྟེ། འདི་བྲིས་ཉེས་པ་ཌཱ་ཀིའི་ཚོགས་ལ་བཤགས་ཤིང་དགེ་བས་རྡོ་རྗེ་འཆང་ཆེན་ཚེ་འདིར་འགྲུབ་པར་འགྱུར་ཅིག །ཅེས་པ་ནི་གྲུབ་ཆེན་སངས་རྒྱས་མགོན་པོའི་མན་ངག་གི་གཞུང་ཇི་ལྟ་བར་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཟིན་བྲིས་སུ་མཛད་པ་སྟེ། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བོ་དོང་གྲུབ་ཆེན་སངས་རྒྱས་མགོན་པོ་ནས་བརྒྱུད་པའི་ཟབ་གསང་སེང་གདོང་སྙན་བརྒྱུད་གྱི་གླེགས་བམ་རིན་པོ་ཆེ་ལས་མན་ངག་གི་ཡི་གེ་གཅེས་པར་བཏུས་པའི་ཚུལ་གྱིས་མདོ་ཙམ་ཕྱོགས་གཅིག་ཏུ་བཀོད་ཟིན་ཏོ། །དེ་ལས་བྱུང་བའི་ལེགས་བྱས་ཉིན་མོའི་འཛུམ་འོད་ཀྱིས། །ས་གསུམ་འགྲོ་བའི་བར་དུ་གཅོད་པའི་མུན་བསལ་ནས། །གྲུབ་གཉིས་པདྨོའི་ནགས་ཀླུང་མཆོག་ཏུ་དར་བབས་པས། །ཕན་བདེའི་སྦྲང་རྩིས་ཀུན་དགའི་དུས་སྟོན་རྒྱས་གྱུར་ཅིག །ཅེས་པའང་མཉྫུ་གྷོ་ཥས་སོ།། །། ༈ ཟབ་གསང་སེང་གདོང་སྙན་བརྒྱུད་གྱི་བརྒྱུད་པའི་གསོལ་འདེབས་ཕྲིན་ལས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ཀུན་བཟང་རྡོ་རྗེ་འཆང་དབང་སེང་གེའི་ཞལ། །རྡོ་རྗེ་གདན་པ་བ་རི་ལོ་ཙཱ་བ། །ཀུན་དགའ་སྙིང་པོ་བསོད་ནམས་རྩེ་མོ་དང་། །གྲགས་པ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །རོང་པོ་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས། །རཏྣ་གུ་རུ་གཡག་སྡེ་པཎ་ཆེན་དང་། །བློ་གྲོས་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །མཁས་པའི་མཆོག་གྱུར་བསམ་གཏན་དཔལ་བ་དང་། །མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་མཁའ་འགྲོ་མས། །མངོན་སུམ་རྗེས་བཟུང་སྙན་བརྒྱུད་གདམས་པའི་མཛོད། །སངས་རྒྱས་མགོན་པོའི་ཞབས་ལ་གསོལ་བ་འདེབས། །ཀུན་དགའ་དར་པོ་ཐུགས་སྲས་ཀུན་དགའ་བཟང་། །བརྩོན་འགྲུས་སེང་གེ་བྱམས་པ་ཆོས་ཀྱི་ཉི། །པདྨ་གར་དབང་གྲགས་པ་འོད་ཟེར་དང་། །རབ་འབྱམས་ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །རཏྣའི་མཚན་ཅན་འདུས་ཆེན་རབ་རྒྱས་ཞབས། །ནམ་མཁའི་རྣལ་འབྱོར་རིན་ཆེན་བཟང་པོ་དང་། །དགེ་ལེགས་རྒྱལ་མཚན་འགྲོ་འདུལ་རིག་པ་འཛིན། །འཇམ་དབྱངས་རྣམ་རྒྱལ་རྣམས་ལ་གསོལ་བ་འདེབས། །ཕྲིན་ལས་ལྷུན་གྲུབ་རིག་འཛིན་རྣམ་པར་རྒྱལ། །རྡོ་རྗེ་བཙུན་མོ་སེང་གེའི་གདོང་ཅན་དང་། །དབྱེར་མེད་ཆོས་དབྱིངས་བདེ་ཆེན་མཚོ་མོ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བླ་མ་ལྷ་དང་མཁའ་འགྲོའི་ཚོགས་རྣམས་ལ། །རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །མཆོག་ཐུན་དངོས་གྲུབ་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་གདམས་ཟབ་རིང་བརྒྱུད་བཀའ་མ་དང། ཉེ་བརྒྱུད་གཏེར་མ་དང་དག་སྣང་མ་ཟུང་དུ་འབྲེལ་བའི་བརྒྱུད་པ་རིན་པོ་ཆེར་གསོལ་བ་འདེབས་པ་འདིའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། ༈ སེང་གདོང་རིགས་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་ཕྲིན་ལས་རྣམ་རོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། བདེ་སྟོང་ཟུང་འཇུག་འོད་གསལ་གཅིག་ཉིད་ལས། །གང་འདུལ་རིགས་ལྔའི་སྐུར་སྣང་སེང་གེའི་ཞལ། །བླ་མ་ཡེ་ཤེས་མཁའ་འགྲོར་གུས་བཏུད་ནས། །ཕྲིན་ལས་རྣམ་པར་རོལ་པའི་ལམ་བཟང་དབྱེ། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་སུ་གནང་བའི་ཆོ་ག །ལས་ཀྱི་རིམ་པའོ། །དང་པོ་ནི། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་རྡོ་རྗེ་ཐེག་པ་ལ་ལྷག་པར་གནས་པའི་སྒྲུབ་པ་པོས་བདེ་བའི་སྟན་ལ་འདུག་ནས། སྐྱབས་སེམས་ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས། རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་དབུས་སྔོ། ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར་བ་རྣམས་ཀྱི་ནང་དུ་རུ་དྲ་ཕོ་མོ་ཉི་མའི་གདན་དང་བཅས་པར་ཧཱུྃ་རེ་རེ་ལས། དབུས་སུ་རྡོ་རྗེ། ཤར་དུ་གྲི་གུག །བྱང་དུ་རལ་གྲི །ནུབ་ཏུ་པདྨ། ལྷོར་རིན་པོ་ཆེ་རྣམས་སོ་སོའི་རིགས་ཀྱི་ཁ་དོག་ཅན་གྱི་ཧཱུྃ་ཡིག་གིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་རྡོ་རྗེ་མཁའ་འགྲོ་མཐིང་ནག་སེང་ཞལ་དཀར་མོ་རྔམ་ཞིང་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། ཤར་དུ་སངས་རྒྱས་མཁའ་འགྲོ་དཀར་མོ་སེང་ཞལ་སྔོན་མོ་ཅན་གྲི་གུག་དང་བདུད་རྩིའི་ཐོད་པ་འཛིན་པ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ནག་སེང་ཞལ་ནག་པོ་ཅན་རལ་གྲི་དང་ཐོད་ཁྲག་འཛིན་པ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་སེང་ཞལ་སེར་མོ་ཅན་ལྕགས་ཀྱུ་དང་གཏེར་བུམ་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་སེང་ཞལ་དམར་མོ་ཅན་རིན་པོ་ཆེ་དང་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་དམར་ལ་ཟླུམ་པའི་ཁྲོ་མོའི་སྤྱན་གསུམ་བགྲད་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྨ་ར་དང་སྨིན་མ་ལས་མེ་སྟག་འཕྲོ་བ། དབུ་སྐྲ་ཕྱེད་གྱེན་དུ་བརྫེས་ཤིང་དུག་སྦྲུལ་ནག་པོས་བཅིངས་པའི་སྟེང་དུ་རུས་པའི་འཁོར་ལོ་དང་རྡོ་རྗེ་ཕྱེད་པས་མཚན་པ། ཕྱེད་ཐུར་དུ་གྲོལ་བ་གསིག་པའི་གསེབ་ནས་རང་འདྲའི་སྤྲུལ་པ་སྤྲོ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞིང་ལྤགས་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཐལ་ཆེན་གྱི་ཚོམ་བུ་དང་། ཁྲག་གི་ཐིག་ལེ་དང་། ཞག་གི་ཟོ་རིས་རྣམས་ཀྱིས་མཚན་ཅིང་སྦྲུལ་རིགས་ལྔ་དང་། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། གྲུ་མོ་གཡོན་ན་རིགས་ཀྱི་ཕྱག་མཚན་གྱིས་བརྒྱན་པའི་ཁ་ཊྭཱཾ་ག་བསྒྲེང་ཞིང་བརྐྱང་བསྐུམ་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རང་ལ་གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། མི་བསྐྱོད་པ་ལ་སོགས་པ་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན། ཨོཾ་པཉྩ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨརྒྷཾ་སོགས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གདོད་ནས་རྣམ་དག་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་འདས་ཀྱང་ཚུལ་ནི་སྣ་ཚོགས་སྟོན། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཀུན་བཟང་མོ། །སེང་གདོང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སོ་སོའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་རིགས་ཀྱི་ཁ་དོག་ཅན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ལས་ཐམས་ཅད་འགྲུབ་པར་བསམ་ལ། ཐུན་མོང་དུ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་དང་། སོ་སོའི་སྔགས། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་མཁའ་འགྲོའི་རྩ་སྔགས་སོ། །ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོཿ དེའི་ལས་སྔགས་སོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། སངས་རྒྱས་མཁའ་འགྲོའི་རྩ་སྔགས་སོ། །ཨོཾ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེའི་ལས་སྔགས་སོ། །ཨོཾ་ཀརྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ལས་ཀྱི་མཁའ་འགྲོའི་རྩ་སྔགས་སོ། །ཨོཾ་སརྦ་ཀརྨ་ཙ་ཏུར་མཱ་ར་ཡ་ཕཊ། དེའི་ལས་སྔགས་སོ། །ཨོཾ་པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། པདྨ་མཁའ་འགྲོའི་རྩ་སྔགས་སོ། །ཨོཾ་སརྦ་པཱ་ཤཾ་ཀུ་རུ་ཧོཿ དེའི་ལས་སྔགས་སོ། །ཨོཾ་རཏྣ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། རིན་ཆེན་མཁའ་འགྲོའི་རྩ་སྔགས་སོ། །ཨོཾ་སརྦ་པུཥྚིཾ་ཀུ་རུ་ཨོཾ། དེའི་ལས་སྔགས་སོ། །ཐུན་བསྡུ་བ་ན། བཅོམ་ལྡན་འདས་མས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་བ་གདབ། འཁོར་གྱི་ལྷ་མོ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ་མཉམ་པར་གཞག །དེ་ལས་སླར་ཡང་རྡོ་རྗེ་མཁའ་འགྲོ་མའི་སྐུར་ལྡངས་ལ་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་པ་བྱེད་ན་གཙོ་བོར་ཡི་གེ་འབྲུ་བཅུ་བཞི་པ་འབུམ་ཕྲག་བཞི་སོགས་ཇི་ལྟར་རིག་པ། དེའི་ཕྱེད་རྡོ་རྗེ་མཁའ་འགྲོའི་སྔགས། དེའི་བཅུ་ཆ་འཁོར་བཞིའི་སྔགས་དང་། ལས་སྔགས་རྣམས་ཅི་རིགས་པ་བཟླས་པས་གྲུབ་བོ།། །། ༈ གཉིས་པ་རྗེས་སུ་གནང་བ་ནི། གནས་དབེན་པར་མཁའ་འགྲོ་འདུ་བའི་དུས་བཟང་པོར་སྟེགས་བུའི་དབུས་སུ་ཇི་སྐད་བཤད་པའི་རྡོར་ར་མེ་རི་དུར་ཁྲོད་ཆོས་འབྱུང་ལྷ་མཚན་དང་བཅས་པ་བྲི་བའམ། མི་འགྲུབ་ན་མཎྜ་ལར་རིགས་ཀྱི་ཁ་དོག་དང་མཐུན་པའི་ཚོམ་བུ་ལྔ་བཀོད་པའི་སྟེང་མཉྫིའི་ཁར་གཏོར་མ་དམར་པོ་ཟུར་གསུམ་གཙོ་འཁོར་ལྔ་པ་དར་གདུགས་ཀྱི་བརྒྱན། དེའི་གཡས་སུ་བུམ་པ་བཅུད་ལྡན། གཡོན་དུ་འབུལ་གཏོར། མཐར་ཆུ་གཉིས་ཉེར་སྤྱོད་ཀྱིས་བསྐོར། མཆོད་པ་བྱིན་རླབས་སྤྱི་ལྟར་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་གསོལ་གདབ་ཀྱི་བར་བྱ། དེ་ནས་མདུན་གྱི་རྟེན་གཏོར་བསང་སྦྱང་། སྟོང་པའི་ངང་ལས་སོགས་བཟླས་པ་གསོལ་གདབ་ཀྱི་བར་བདག་བསྐྱེད་ལྟར་བྱ། གཏོར་མ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིས་བྱིན་གྱིས་བརླབ། ཨོཾ་པཉྩ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། མཆོད་བསྟོད་མཐར། སེང་གདོང་རིགས་ལྔ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། བུམ་པར་སེང་གདོང་རིགས་ལྔ་སྐད་ཅིག་གིས་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་ཡི་གེ་བཅུ་བཞི་པ་ཅི་ནུས་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་བསམ། རྗེས་གནང་བདག་འཇུག་གི་ཚུལ་དུ་ལེན་པའམ། མདུན་བསྐྱེད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དང་ལྟེ་བར་ཧོཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་འཕྲོས། རང་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་བསམ། དེ་ནས་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། མཎྜལ་ཕུལ། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ནས། དེ་ལ་འདིར་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་མོ། རིག་སྔགས་འཆང་བ་ཙམ་གྱིས་ཀྱང་ལས་ཐམས་ཅད་གྲུབ་པར་བྱེད་པ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐོར་ལ་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་མང་དུ་ཡོད་པ་ལས། རིང་བརྒྱུད་སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་ནས་བླ་མ་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པ་བརྒྱུད་པ་བར་མ་ཆད་པ་ལས་གསན་པའི། རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་མགོན་པོས་ལམ་འདིའི་སྒྲུབ་པ་ལྷུར་མཛད་པ་ལ་བརྟེན་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་གྲུབ་པའི་སློབ་དཔོན་པདྨ་བཛྲ་གྱིས་དངོས་སུ་ཞལ་བསྟན་ཅིང་། ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་མོས་དབུགས་དབྱུང་བས་གྲུབ་པ་ཆེན་པོའི་ས་ལ་གཤེགས་པར་གྱུར། དེ་ལས་པཎྜི་ཏ་ཆེན་པོ་འཇིགས་བྲལ་གསང་བ་སྦྱིན་གྱི་སློབ་བརྒྱུད་རྣམས་ཀྱིས་བཞེས་ཏེ་མཁས་ཤིང་དངོས་གྲུབ་བརྙེས་པའི་བརྒྱུད་པ་ཟམ་མ་ཆད་པ་ཟབ་གསང་སྙན་བརྒྱུད་དུ་གྲགས་པའི་ཆོས་སྡེ་ལའང་། ཕྱི་ནང་གསང་གསུམ་ལས་ཚོགས་དང་བཅས་པའི་སྒྲུབ་ཐབས་དང་། རྗེས་གནང་གི་བཀའ་ཇི་སྙེད་ཅིག་བཞུགས་པ་ལས། འདིར་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་སེང་གེའི་གདོང་ཅན་ནང་སྒྲུབ་རིགས་ལྔའི་རྗེས་སུ་གནང་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཅེས་ལན་གསུམ། རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་གྱི་རྟེན་གཏོར་རྡོ་རྗེ་སྲུང་བའི་གུར་དང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཆོས་འབྱུང་རིགས་ཀྱི་ཁ་དོག་ཅན་རེ་རེའི་ལྟེ་བར་རུ་དྲ་དང་ཉི་མའི་གདན་ལ། དབུས་སུ་རྡོ་རྗེ་མཁའ་འགྲོ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམ་སྟེ་གསལ་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྡོམ་པ་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། རྗེས་གནང་གི་གཞི་འགོད་པའི་སླད་དུ་ཁྱེད་རང་རྣམས་ལྷར་གསལ་འདེབས་པ་ཡིན་པས་དམིགས་པ་འདི་བཞིན་མཛོད། སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་སློབ་མ་རྣམས་གང་དུ་གནས་པའི་གོ་སར་རྡོ་རྗེ་སྲུང་བའི་འཁོར་ལོ་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོ། སྤྱི་བོར་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་ལྔ་བཞུགས་པ་ལ་མོས་གུས་དུང་བ་མཛད་པས་བླ་མ་དང་སྤྱི་བོའི་ཌཱ་ཀི་ནཱི་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནུབ་ཕྱོགས་ཨོ་རྒྱན་གྱི་དུར་ཁྲོད་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་རིགས་ལྔ་ལ་འཁོར་ཤ་ཟ་མ་མོ་བྱེ་བ་འབུམ་སྡེ་བཀའ་སྡོད་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྱད་དྲངས། སྤྱི་བོའི་ལྷ་ཚོགས་རྣམས་ལ་ཐིམ། དེ་རྣམས་འོད་དུ་ལྟེམ་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། སྤོས་རོལ་དང་བཅས་རྩ་སྔགས་བརྗོད། ཏིཥྛ་བཛྲ་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདུད་འདུལ་ཤ་ཟ་འཇིགས་པའི་སྐུ །སྲོག་གཅོད་མ་མོ་ཁྲོ་ཞིང་རྔམས། །ཌཱ་ཀི་སེང་གེའི་གདོང་ཅན་གྱི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་འོད་ཀྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས། བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །དཀྱིལ་འཁོར་ཆེན་པོའི་གནས་ལས་བྱུང་། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །བུམ་པའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་མི། དེ་ནི་སྐུ་ཡི་རྗེས་གནང་ངོ་། །ཡང་ཁྱེད་རང་རྣམས་ཀྱིས་བླ་མ་དང་ལྷ་ལ་མོས་གུས་མཛད་པས། བླ་མ་དང་སེང་གེའི་གདོང་ཅན་ཐ་མི་དད་པའི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ལུས་ཀྱི་ནང་ཐམས་ཅད་སྔགས་ཀྱི་འོད་ཟེར་གྱིས་ཁྲིགས་མེར་གྱིས་གང་བར་མོས་ཏེ་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། གོང་གི་སྔགས་རྣམས་བཟླར་གཞུག་མཐར་སློབ་དཔོན་གྱིས། སེང་གདོང་འདི་ལ་འགོ་བར་མཛོད། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་མེ་ཏོག་འཐོར། དེ་ནི་གསུང་གི་རྗེས་གནང་ངོ་། །སླར་ཡང་བླ་མ་དང་ལྷ་ལ་མོས་གུས་མཛད་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཕོག །སྙིང་པདྨ་འདབ་བརྒྱད་ཀྱི་ནང་དུ་ཆོས་འབྱུང་ཁ་སྦྱོར། དེའི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་རང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་ཡིད་གཏད་པས། པདྨ་ཁ་ཟུམ་པའི་ཕྱི་རོལ་དུ་སྔགས་ཀྱི་ཕྲེང་བས་ལུ་གུ་རྒྱུད་དུ་བཅིངས་པར་མོས་པ་དང་བཅས་འོད་གསལ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་མཉམ་པར་འཇོག་མཛོད། དེ་ནི་ཐུགས་ཀྱི་རྗེས་གནང་ངོ་། །མཐའ་རྟེན་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྩ་བརྒྱུད་བླ་མས་བཀའ་བསྒོས་ལྟར། །སེང་གདོང་མཁའ་འགྲོ་འཁོར་བཅས་ཀྱིས། །རྡོ་རྗེ་སློབ་མའི་འགལ་རྐྱེན་སོལ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་མཛོད། །ཅེས་དང་རྩ་སྔགས་བརྗོད། དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། དམ་ཚིག་ཁས་བླང་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་ཉིད་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱའོ།། །། ༈ གསུམ་པ་ལས་ཀྱི་ཚོགས་རབ་འབྱམས་ནི་གཞན་དུ་ཤེས་ལ་འདིར་རིགས་ལྔ་དང་རྗེས་སུ་འབྲེལ་བའི་ཁྱད་པར་གྱི་ལས་མདོ་ཙམ་བརྗོད་ན་ལྔ་ལས། དང་པོ་རྡོ་རྗེ་མཁའ་འགྲོ་མ་ལ་བསྟེན་ནས་མཆོག་སྒྲུབ་པ་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ། སྭཱ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཆོས་འབྱུང་དུར་ཁྲོད་སྲུང་འཁོར་དང་བཅས་པའི་དབུས་སུ་པདྨ་རུ་དྲ་ཉི་མའི་གདན་གྱི་སྟེང་དུ་རང་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་མཐིང་ནག་སེང་ཞལ་དཀར་པོ་ཅན་གྲི་ཐོད་འཛིན་ཅིང་ཁ་ཊྭཱཾ་ག་ལ་འཁྱུད་པ། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་རྣམས་སྤྱན་དྲངས། རང་ལ་གཉིས་སུ་མེད་པར་ཐིམ། དེའི་རྐྱེན་གྱིས་རང་གི་ལུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་སུ་སངས་རྒྱས་མཁའ་འགྲོ་དཀར་མོ་གྲི་གུག་དང་བདུད་རྩིའི་ཐོད་པ། མགྲིན་པར་པདྨ་མཁའ་འགྲོ་དམར་མོ་ལྕགས་ཀྱུ་དང་གཏེར་བུམ། ཐུགས་ཀར་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྡོ་རྗེ་དང་ཐོད་ཁྲག །ལྟེ་བར་རིན་ཆེན་མཁའ་འགྲོ་སེར་མོ་རིན་པོ་ཆེ་དང་ནེའུ་ལེ། གསང་བར་ལས་གྱི་མཁའ་འགྲོ་ལྗང་ནག་རལ་གྲི་དང་ཐོད་ཁྲག་འཛིན་པ་རྣམས་ལ་སོ་སོའི་རྩ་འདབ་ཀྱི་གྲངས་དང་མཉམ་པའི་མཁའ་འགྲོས་བསྐོར་བ། མིག་ཏུ་དམ་ཚིག་མཁའ་འགྲོ་ནག་མོ་ཕུར་བུ་དང་ཐོད་ཁྲག །རྣ་བར་འཇིག་རྟེན་མཁའ་འགྲོ་དམར་མོ་དགྲ་སཏྭ་དང་སྦྲུལ་ཞགས། སྣ་ལ་སྣ་ཚོགས་མཁའ་འགྲོ་སེར་མོ་ཅང་ཏེའུ་དང་ཐོད་ཁྲག །ཁར་ཐམས་ཅད་མཁའ་འགྲོ་གཡས་ཐོ་བ་དང་གཡོན་ཕུབ་འཛིན་པ། ཐམས་ཅད་ཀྱང་སེངྒེའི་གདོང་ཅན་དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་ཅིང་ཁ་ཊྭཱཾ་ག་ལ་འཁྱུད་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། གཞན་ཡང་རྩ་ཁམས་དང་བ་སྤུའི་བུ་ག་ཚུན་ཆད་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་རྒྱ་མཚོའི་སྤྲིན་འཕྲོ་བར་གྱུར་པའི་གཙོ་མོ་ལྔའི་ཐུགས་ཀར། ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱངས་ཏེ། དངོས་གྲུབ་རྣམ་གཉིས་འགྲུབ་པར་བསམ་ལ། ལྷར་སྣང་སྒྱུ་མ་ལྟ་བུ་ལ་སེམས་རྩེ་གཅིག་ཏུ་གཟུང་། དེ་ལ་མི་གནས་ན་མཁའ་འགྲོ་སྤྱིའི་རྩ་སྔགས་ཡི་གེ་འབྲུ་བཅུ་བཞི་པ། དེའི་ཕྱེད་མཁའ་འགྲོ་ལྔའི་སྔགས་སོ་སོ། དེའི་ཕྱེད་སྐྱེ་མཆེད་ཀྱི་མཁའ་འགྲོ་བཞིའི་སྔགས་བཟླ། དེའང་། ཨོཾ་ས་མ་ཡ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། དམ་ཚིག་མཁའ་འགྲོའི་རྩ་སྔགས་སོ། །དེ་བཞིན་དུ་ཨོཾ་ལོ་ཀ་ཌཱ་ཀི་ནཱི་སོགས་སྦྱར་བ་འཇིག་རྟེན། བི་ཤྭ་ཌཱ་ཀི་སྣ་ཚོགས་མཁའ་འགྲོ། སརྦ་ཌཱ་ཀི་ཐམས་ཅད་མཁའ་འགྲོའི་སྔགས་སོ། །བཞི་ཀ་ལ་ལས་སྦྱོར་ཐུན་མོང་དུ། ཨོཾ་སརྦ་ཤཱ་ཏྲཱུན་མཱ་ར་ཡ་ཕཊ། ཅེས་སྦྱར། དེ་ལྟ་བུའི་ངག་བཟླས་ཅི་རིགས་པའི་མཐར། འཁོར་ལོ་ལྔའི་མཁའ་འགྲོ་སོ་སོར་དམིགས་ནས་རླུང་བུམ་པ་ཅན་བཟུང་ཞིང་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་པའི་རྟགས་སོགས་ཉམས་མྱོང་ཡོན་ཏན་སྐྱེ་བར་འགྱུར་རོ། །ཐུན་གྱི་མཇུག་ཏུ་མཆོད་བསྟོད་འདོད་དོན་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས། བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་ཕྱི་དཀྱིལ་རྡོ་རྗེ་མཁའ་འགྲོ་ལ་མི་བསྐྱོད་པ་དང་། ལུས་དཀྱིལ་རྣམས་ལ་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན། དབང་གི་ལྷ་ཕྱིའི་ལྷ་མོ་ལུས་དཀྱིལ་རྣམས་ལ་ཐིམ་པས་བདེ་བ་ཆེན་པོའི་གཟི་བྱིན་འབར། མཐར་ཐིག་ལེ་འོད་ཟེར་ཁ་དོག་ལྔ་ལྡན་འབར་ཞིང་འཕྲིག་པའི་རྣམ་པ་ཅན་དུ་གྱུར། དེ་ཉིད་ཀྱང་ཟག་མེད་བདེ་བ་ཆེན་པོའི་ངང་དུ་ཐིམ་པར་བསམ་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་གཞག །སྐབས་སུ་ལུས་གནད་བྱེད་བཅིང་གི་སྦྱོར་བ་དང་བཅས་མིག་བར་སྣང་དུ་ཧར་རེ་གཏད། སེམས་འཛིན་མེད་ཀྱི་ངང་དུ་རླུང་རང་བབས་སུ་འཇོག །དེ་ལས་ལྡངས་བ་ན་བསྔོ་སྨོན་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །། ༈ གཉིས་པ་སངས་རྒྱས་མཁའ་འགྲོ་མ་ལ་བསྟེན་ནས་སྡིག་སྒྲིབ་ཞི་བའི་སྦྱིན་སྲེག་ནི། ཞི་བའི་ཐབ་སྤྱི་ལྟར་འདུ་བྱ་བའམ། རྒྱུན་གྱི་རྣལ་འབྱོར་ལ་སོལ་མེས་ཀྱང་རུང་། རང་གི་མདུན་ཏིལ་ལམ་ཡུངས་དཀར་ཅུང་ཟད་འདུ་བྱ། བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་མེ་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་སུ། ཨེ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཉིས་བརྩེགས་ཀྱི་ལྟེ་བར། པད་ཉི་རུ་དྲའི་སྟེང་དུ་ཧཱུྃ་དཀར་པོ་ལས་སངས་རྒྱས་མཁའ་འགྲོ་སེང་གདོང་ཅན་སྐུ་མདོག་དཀར་མོ་སེང་ཞལ་སྔོན་པོ་བཞད་ཅིང་གྲི་ཐོད་ཁ་ཊྭཱཾ་ག་འཛིན་པ། དུར་ཁྲོད་འཇིགས་པའི་ཆས་ཅན། ཞབས་གཉིས་གར་སྟབས་སུ་བཞེངས་པའི་ལྟོ་བ་རབ་ཏུ་ཡངས་པར་འཁོར་ལོ་དཀར་པོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར་ཧཱུྃ། རྩིབས་རྣམས་ལ་རྩ་སྔགས་སྙིང་པོ་ལས་སྔགས་རྣམས་འོད་ཟེར་འཕྲོ་བར་གྱུར། རང་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་མཐའ་དག་འདུས་པའི་ངོ་བོ་སྙིང་གར་བཾ་ནག་པོ། རྐང་འོག་གི་རླུང་གཡོས། ལྟེ་བའི་མེ་སྦར། དེས་སྙིང་གའི་བཾ་སྣ་སྒོར་བྱུང་བ་སྡིག་པའི་རྣམ་པས་ཏིལ་ལ་ཐིམ། དེ་ཉིད་མཁའ་འགྲོ་མའི་ཞལ་དུ་ཕུལ་བ་ལྟོ་བའི་སྔགས་ཀྱི་འཁོར་ལོ་འོད་ཟེར་རབ་ཏུ་འབར་བས་བསྲེགས་ཤིང་སྦྱངས་པར་བསམ་ལ། ཡི་གེ་བཅུ་བཞི་པ་དང་། ཨོཾ་བུདྡྷ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྲེལ་བས་བརྒྱ་རྩ་ལ་སོགས་པ་ཕུལ་མཐར། མདུན་བསྐྱེད་ཀྱི་མཁའ་འགྲོ་མ་དགྱེས་པའི་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན། ཆར་སྤྲིན་འཁྲུགས་པ་ལས་ཆར་འབབ་པ་བཞིན་བྱུང་། བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྡིག་སྒྲིབ་མཐའ་དག་སྦྱངས་པར་བསམ། གཏོར་མ་ཡོད་ན་བསང་སྦྱང་བྱིན་གྱིས་བརླབ། སྙིང་པོའི་མཐར་ཨི་དཾ་བ་ལིཾ་སོགས་བཏགས་པས་ཕུལ། གང་ལྟར་ཡང་། ཨོཾ་བུདྡྷ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གདོད་ནས་རྣམ་དག་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་འདས་ཀྱང་ཚུལ་ནི་སྣ་ཚོགས་སྟོན། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཀུན་བཟང་མོ། །སངས་རྒྱས་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ཀྱི་ལྷ་རང་ལ་ཐིམ་པར་བསམ། བསྔོ་སྨོན་ཤིས་བརྗོད་བྱའོ།། །། ༈ གསུམ་པ་རིན་ཆེན་མཁའ་འགྲོ་མ་ལ་བསྟེན་ནས་ཚེ་བསོད་རྒྱས་པའི་མན་ངག་ནི། ཚེ་དང་འབྱོར་པ་རྒྱས་པའི་མཚན་ཉིད་ལེགས་པར་ཚང་བའི་ཀ་པཱ་ལའི་ནང་དུ་སྨན་སྣ་དང་དྲི་བཟང་སིནྡྷུ་ར་རྣམས་ཀྱིས་བྱུགས། སྙིང་པོ་ལྔ་དང་། དཱུརྦ་སོགས་ཚེའི་རྫས་དང་། དར་ཟབ་རིན་ཆེན་འབྲུ་སྨན་སོགས་དཔལ་ཅན་གྱི་རྫས་ཀྱིས་གཏམས། མཐིང་ཤོག་ལ་གསེར་གྱིས་ཡི་གེ་བཅུ་བཞི་པ། རིན་ཆེན་མཁའ་འགྲོའི་སྙིང་པོ། ལས་སྔགས། གཞན་ཡང་ཚེ་གཟུངས་དང་ནོར་ལྷའི་གཟུངས་སོགས་དྲིས་པའི་ཤོག་དྲིལ་དར་སེར་པོའི་ཚས་དང་དྲི་བཟང་བཅས་ཤིང་ཏོག་བིལྦའི་ནང་ཁེངས་པར་བཅུག་པ་དབུས་སུ་བཞག །མཐའ་མཆོད་གཏོར་གྱིས་བསྐོར། སེང་གདོང་རིགས་ལྔའི་བདག་བསྐྱེད་བཟླས་པ་དང་བཅས་པའི་རྗེས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་འདོད་རྒུའི་འབྱུང་གནས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ལྷ་མིའི་དཔལ་འབྱོར་རབ་ཏུ་རྒྱས་པས་གཏམས་པའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་སེར་པོ་བསྣོལ་མའི་ལྟེ་བར། པད་ཉི་རུ་དྲའི་སྟེང་དུ་ཧཱུྃ་སེར་པོ་ལས་རིན་ཆེན་མཁའ་འགྲོ་སེང་གདོང་ཅན་སེར་མོ་སེང་ཞལ་དམར་མོ་བཞད་ཅིང་ནོར་བུ་དང་ནེའུ་ལེ་ཁ་ཊྭཱཾ་ག་འཛིན་པ། དུར་ཁྲོད་འཇིགས་པའི་ཆས་ཅན་འོད་ཟེར་སེར་པོ་སྤྲོ་བ་དང་བསྡུ་བས་རྒྱས་པའི་ལས་རབ་འབྱམས་མཛད་པར་གྱུར། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བསྟིམ། དབང་བསྐུར་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། མཆོད་བསྟོད་གཏོར་མ་འབུལ། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སེར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་འདུས་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ་ལ། རྩ་སྔགས་། སྙིང་པོ། ལས་སྔགས་རྣམས་སྦྲེལ་ཏེ་བཟླ། མཐར་ནོངས་པ་བཤགས། བརྟན་བཞུགས་བྱ། བསྔོ་སྨོན་བཀྲ་ཤིས་རྒྱ་ཆེར་བརྗོད། ཐོད་པ་དར་ཟབ་སེར་པོས་དྲིལ་ཏེ་མཛོད་ཀྱི་དབུས་སུ་བཞག །དུས་བཟང་པོར་མཆོད་བསྟོད་ཚོགས་གཏོར་ཕུལ་བས་ཚེ་དང་བསོད་ནམས་རྒྱས་པར་འགྱུར་རོ།། །། ༈ བཞི་པ་པདྨ་མཁའ་འགྲོ་ལ་བསྟེན་ནས་དབང་གི་མེ་མཆོད་བྱ་བ་ནི། ས་དམར་པོའི་སྟེགས་བུར་དབང་གི་ཐབ་སྤྱི་ལྟར་བྲིས་པའི་སྟེང་དུ་ཙནྡན་དམར་པོའམ་མཛོ་མོ་ཤིང་སོགས་རུང་བའི་བུད་ཤིང་ཟླ་གམ་དུ་བརྩིག །རང་གི་གཡས་སུ་ཟངས་སྡེར་ནང་། གུར་གུམ་དང་ཙནྡན་སོགས་དྲི་དམར་པོ། གླང་སྣ་སོགས་མེ་ཏོག་དམར་པོ། བྱེ་རུ་དང་ཟངས་སོགས་རིན་པོ་ཆེ་དམར་པོ། དར་སྣ། འབྲུ་སྣ། ཟས་སྣ། ཤིང་ཏོག །ལན་ཚྭ་སོགས་ཀྱང་ལི་ཁྲིས་དམར་པོར་བསྒྱུར་བ་དང་། འབྲི་མོག་གིས་ཁ་སྒྱུར་བའི་མར་ཁུ་བཅས། དེ་ཙམ་མ་འབྱོར་ན་འབྲས་ལྟ་བུའི་འབྲུ་ཁ་དོག་དམར་པོར་བྱས་པ་དང་མར་ཁུ་ཙམ་ལ་བརྟེན་ཀྱང་རུང་། གཡོན་དུ་གཏོར་མ་དམར་པོ་དང་ཉེར་སྤྱོད་བཅས་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་སྙིང་པོའི་སྔགས་ཀྱིས་མེ་སྦར། བསང་སྦྱང་། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་མཚན་ཉིད་རྫོགས་པ་མེ་འབར་བའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་དམར་པོ་བསྣོལ་མའི་ལྟེ་བར་པད་ཉི་རུ་དྲའི་སྟེང་དུ་ཧཱུྃ་དམར་པོ་ལས་པདྨ་མཁའ་འགྲོ་སེང་གདོང་མ་སྐུ་མདོག་དམར་མོ་སེང་ཞལ་སེར་པོ་བཞད་ཅིང་ལྕགས་ཀྱུ་དང་གཏེར་བུམ་ཁ་ཊྭཱཾ་ག་འཛིན་པ། དུར་ཁྲོད་འཇིགས་པའི་ཆས་ཅན་འོད་ཟེར་དམར་པོ་སྤྲོ་བ་དང་བསྡུ་བས་རབ་འབྱམས་དབང་གི་ལས་མཛད་པར་གྱུར། གནས་གསུམ་བྱིན་བརླབ། ཡེ་ཤེས་པ་བསྟིམ། དབང་བསྐུར་ཞིང་རིགས་བདག་འོད་དཔག་མེད་པས་དབུར་བརྒྱན། མཆོད་བསྟོད་བྱ། དེ་ནས་རྫས་རྣམས་ཕྱོགས་གཅིག་ཏུ་བསྲེས་ཏེ་རྩ་སྔགས། སྙིང་པོ། ལས་སྔགས་རྣམས་སྦྲེལ་བས་བརྒྱ་རྩ་ལ་སོགས་པ་ཕུལ་མཐར། མདུན་བསྐྱེད་ཀྱི་པདྨ་མཁའ་འགྲོ་དགྱེས་པའི་སྐུ་ལས་འོད་ཟེར་དང་བདུད་རྩི་དམར་པོ་དབང་གི་རང་བཞིན་ཅན་དཔག་ཏུ་མེད་པ་བྱུང་། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བདེ་བ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར་བས་མཐོང་ཐོས་དྲན་རེག་ཐམས་ཅད་དབང་དུ་འདུ་བའི་བདག་ཉིད་ཅན་དུ་གྱུར། སླར་ཡང་བདག་དང་མདུན་བསྐྱེད་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་སྤྱི་དང་། བྱེ་བྲག་དམིགས་བྱ་ལ་ཕོག་པས་ཆགས་པའི་ཟིལ་གྱིས་དམར་ལམ་སོང་སྟེ་བདག་ཉིད་ཀྱི་དབང་དུ་འདུས་པར་བསམ་གནས་ལུགས་ཀྱི་ངང་དུ་བཞག །དེ་ནས་སླར་ཡང་མཆོད་བསྟོད་གཏོར་མ་ཕུལ། འདོད་དོན་གསོལ། ནོངས་པ་བཤགས། ཛཿཧཱུྃ་བཾ་ཧོཿས་ཐབ་ཀྱི་ལྷ་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་བྱ། ཐལ་བ་རི་རྩེར་རླུང་ལ་བསྐུར་བའམ་འབབ་ཆུ་ཆེན་པོར་དོར་རོ།། །། ༈ ལྔ་པ་ཀརྨ་མཁའ་འགྲོ་ལ་བསྟེན་ནས་ཕྱིར་ཟློག་གི་མན་ངག་ནི། དྲག་པོའི་ལས་ལ་ཤིས་པའི་དུས་སུ། དུར་ཁྲོད་ཀྱི་སའམ་ལྕགས་ཀྱི་བྲུབ་ཁུང་གི་ནང་བྱད་མའི་ལིངྒ་གཞུག །དེའི་སྟེང་མཉྫིའི་ཁར་ལྕགས་སམ་བྷནྡྷའི་སྣོད་དུ་དམར་གཏོར་ཟུར་གསུམ་ཤ་ཁྲག་དང་མཚེ་ཡུངས་སོགས་ཀྱིས་བརྒྱན་པའི་མདུན་དུ་དྲག་པོའི་ཉེར་སྤྱོད་དང་བཅས་པ་བཤམ། བདག་བསྐྱེད་སེང་གདོང་རིགས་ལྔའི་བསྒོམ་བཟླས་སྔོན་དུ་སོང་ནས། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་ལྗང་ནག་ཉིས་བརྩེགས་ཁྲག་མཚོ་ཁོལ་ཞིང་མེ་རླུང་འཁྲུགས་པའི་ལྟེ་བར་པད་ཉི་རུ་དྲའི་གདན་ལ་ཧཱུྃ་ལྗང་ནག་ལས་འོད་ཟེར་འཕྲོ་འདུས་རལ་གྲི་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཀརྨ་མཁའ་འགྲོ་སེང་གདོང་མ་ལྗང་ནག་སེང་ཞལ་ནག་པོ་རྔམ་ཞིང་རལ་གྲི་དང་ཐོད་ཁྲག་ཁ་ཊྭཱཾ་བསྣམས་པ། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་ཅིང་དྲག་ཤུལ་སྲིན་མོ་ཁྲོས་པའི་ཉམས་ཅན། ཞབས་གཉིས་བརྐྱང་བསྐུམ་གར་གྱི་རོལ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ། ཁྲོ་བོ་ཁྲོ་མོ་དྲེགས་པ་ཅན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་བསྡུ་བའི་སྐུར་གྱུར། གནས་གསུམ་བྱིན་བརླབ། ཡེ་ཤེས་པ་བསྟིམ། དབང་བསྐུར་ཞིང་། རིགས་བདག་དོན་ཡོད་གྲུབ་པས་དབུར་བརྒྱན། མཆོད་བསྟོད་བྱ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལྗང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་མེ་དང་མཚོན་ཆ་ཁྲོ་མོའི་སྤྲིན་ཕུང་འཕྲོ་བས་གདོན་བགེགས་འབྱུང་པོ་ཚར་བཅད་པར་བསམ་ལ། རྩ་སྔགས། སྙིང་པོ། ལས་སྔགས་རྣམས་སྦྲེལ་ཏེ་བཟླས་མཐར། སླར་ཡང་མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་གདུག་པ་ཅན་ཚར་གཅད་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀ་ནས་སྤྲོས་པའི་ཕོ་ཉའི་ཚོགས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་ནས་གཟུགས་བརྙན་ལ་བསྟིམས་པར་བསམ་ལ། ན་མོ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། །སེང་གདོང་མཁའ་འགྲོའི་བདེན་པའི་མཐུས། །དགྲ་བགེགས་འབྱུང་པོ་བྱད་མ་ཀུན། །གཟུགས་བརྙན་འདི་ལ་མྱུར་དུ་ཁུག །ཅེས་བདེན་སྟོབས་དང་། རྩ་སྔགས་དང་། སྔགས་རྣམས་ཀྱི་མཐར། སརྦ་བིགྷྣཱན་ཤ་ཏྲཱུན་ཛཿཧཱུྃ་བཾ་ཧོཿ ཡང་ཡང་བརྗོད་ཅིང་དམིགས་པ་དྲག་ཏུ་བྱ། དེ་ནས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་བརྗོད་པས། དགྲ་བགེགས་ཀྱི་རྣམ་ཤེས་དྭངས་མ་ཨ་ཡིག་གི་རྣམ་པས་ཡེ་ཤེས་མཁའ་འགྲོའི་ཐུགས་ཀར་ཐིམ། ཚེ་དང་བསོད་ནམས་ཐམས་ཅད་རང་ལ་འདུས། མདུན་བསྐྱེད་ལས་ནད་མཚོན་དུག་གི་ཆར་བབས་པས་གཟུགས་ཕུང་རྡུལ་དུ་བརླགས་པར་བསམ་ལ། རྩ་སྔགས་དང་། ལས་སྔགས་ཀྱི་མཐར། སརྦ་བིགྷྣཱན་ཤ་ཏྲཱུན་མཱ་ར་ཡ་ཕཊ། ཅེས་བརྗོད་ཅིང་ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །བསད་གྲིས་དུམ་བུར་གཏུབ་པ་དང་། ཤ་དུམ། ཁྲག་ཐིགས། །བཙོང་སྒོག །ལན་ཚྭ། ཐང་ཕྲོམ་སོགས་དང་སྦྱར་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར། སྙིང་པོའི་མཐར། སརྦ་བིགྷྣཱན་ཤ་ཏྲཱུན་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་ཕུལ། ཨོཾ་ཀརྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ས་པ་རི་བཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གདོད་ནས་རྣམ་དག་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་འདས་ཀྱང་ཚུལ་ནི་སྣ་ཚོགས་སྟོན། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཀུན་བཟང་མོ། །ཀརྨ་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལས་ཀྱི་སེང་གདོང་ཌཱ་ཀི་འཁོར་བཅས་ཀུན། །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་བཞེས། །བསྟན་ལ་གནོད་པའི་གདུག་ཅན་དཔུང་དང་བཅས། །ཚར་གཅོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ལྟ་བུ་ལན་གསུམ་ལ་སོགས་པའི་མཐར་ཕྱིར་ཟློག་པའི་ལས་བཅོལ་བ་ནི། ཧཱུྃ་བྷྱོཿ འཇིགས་བྱེད་དཔའ་བོ་ཆེན་མོ་ནི། །རྩུབ་འགྱུར་ལས་ཀྱི་སེང་གདོང་མ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །འཁོར་བཅས་དོ་ནུབ་མཐུ་རྩལ་སྐྱེད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །འགལ་རྐྱེན་བར་དུ་གཅོད་བྱེད་པའི། །བདུད་དང་ལོག་འདྲེན་མི་མཐུན་ཚོགས། །དམ་ཉམས་དགྲ་བོའི་སྟེང་དུ་ཟློག །ཟློག་ཅིག་སྒྱུར་ཅིག་ས་མ་ཡ། །རྨི་ལྟས་མཚན་མ་ངན་པ་དང་། །བྱད་དང་བྱུར་ཁ་རྦོད་གཏོང་རྣམས། །དམ་ཉམས་དགྲ་བོའི་སྟེང་དུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་རྣམས། །དམ་ཉམས་དགྲ་བོའི་སྟེང་དུ་ཟློག །གློ་བུར་ཡེ་འདྲོག་དྲུག་ཅུ་དང་། །གཏོར་ཁ་ཕུར་ཁ་ཟུག་པ་རྣམས། །དམ་ཉམས་དགྲ་བོའི་སྟེང་དུ་ཟློག །གཤིན་རྗེའི་ཕུར་ཁ་ཟུག་པ་དང་། །རྒྱལ་པོའི་སྨྱོ་འབོག་གཏོང་བ་རྣམས། །དམ་ཉམས་དགྲ་བོའི་སྟེང་དུ་ཟློག །མ་མོའི་ཁྲག་ཟོར་གྲུ་ཚོན་འཕེན། །ཀླུ་སྲིན་ཁ་རླངས་མཛེ་ནད་ཀུན། །དམ་ཉམས་དགྲ་བོའི་སྟེང་དུ་ཟློག །གཞན་ཡང་མི་མཐུན་བར་ཆད་རྣམས། །ཟློག་ཅིག་སྒྱུར་ཅིག་དགྲ་ལ་ཟློག །དགྲ་བགེགས་ཐལ་བའི་རྡུལ་བཞིན་དུ། །རྩད་ནས་བརླག་པའི་ཕྲིན་ལས་མཛོད། །ཅེས་དང་། རྩ་སྔགས་དང་སྙིང་པོའི་མཐར། བྷྱོ་བྷྱོ་ཟློག་ཟློག་ཅེས་བརྗོད་ཅིང་ཐལ་མོ་བརྡབ། དེ་ལྟ་བུ་ཚར་དྲུག་ཅུ་རྩ་བཞི་སོགས་ཀྱི་མཐར་མདུན་བསྐྱེད་ལ་མཆོད་ཅིང་བསྟོད། ཨོཾ་བཛྲ་ཨུཏྟིཥྛ། གཏོར་མའི་ལྷ་ཚོགས་རྟེན་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། སླར་ཡང་ཟློག་པའི་ཕྲིན་ལས་བཅོལ་བས། གཏོར་མ་ནད་མཚོན་དུག་གི་ཆར་ཆེན་པོར་གྱུར་པ་དགྲ་བོའི་ཡུལ་དུ་གློག་འཁྱུག་པ་ལྟར་བབས་པའི་རྗེས་སུ། ནམ་མཁར་བཞུགས་པའི་མཁའ་འགྲོ་མ་འཁོར་དང་བཅས་གཤེགས་ཏེ་དགྲ་བགེགས་དཔུང་བཅས་ཁ་ཕུང་རྗེས་མེད་དུ་བཏང་བར་བསམ་ལ་དགྲ་ཕྱོགས་སུ་འཕང་། དམིགས་མེད་ཀྱི་ལྟ་བའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག །དེ་ནས་བདག་ཉིད་ལྷར་གསལ་བ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་བསམ། སླར་ཡང་རྡོ་རྗེ་སེང་གདོང་མའི་སྐུར་གྱུར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་སྲུང་བའི་གུར་གྱིས་གཏམས་པར་བསམ་ལ། རྩ་སྔགས་ཀྱི་མཐར། བཛྲ་རཀྵ་རཀྵ་ཧཱུྃ། ཞེས་པས་སྲུང་བ་བྱ། དགེ་བསྔོ་ཤིས་བརྗོད་རྒྱས་པར་བྱ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །འདི་ནི་བསྙེན་པ་ཐེམས་ཤིང་དམིགས་པ་གསལ་བས་ལན་གསུམ་བྱས་ན་བྱད་ཕུར་རྦོད་གཏོང་ཇི་ལྟར་ཆེ་ཡང་ཟློག་ངེས་པའི་ཟབ་རྒྱ་ཅན་ནོ། །དེ་ལྟར་སྒྲུབ་རྗེས་ལས་ཚོགས་དང་བཅས་པ་ཡིག་རྙིང་རྣམས་ལ་གཞིར་བྱས་ཏེ་དོན་ཚན་སྙིང་པོར་དྲིལ་བའོ། །ཡེ་ཤེས་མཁའ་འགྲོའི་ཞལ་ལུང་གྲུབ་པའི་གཏམ། །རྒྱ་ཆེའི་སྙིང་པོ་ཕྲིན་ལས་རྣམ་རོལ་པ། །ལེགས་བཤད་ཉི་མ་གསར་པའི་གཟི་འོད་ཀྱིས། །ས་གསུམ་བཀྲ་ཤིས་སྣང་བ་རྒྱས་པར་ཤོག །ཅེས་པའང་ཚུལ་འདིའི་གདམས་སྐོར་གྱི་ཡིག་ཆ་སྔ་ཕྱི་མང་དུ་ཐོས་ཤིང་མཐོང་བ་ལ་བརྟེན་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །། ༈ ཟབ་གསང་སེང་གདོང་སྙན་བརྒྱུད་ཀྱི་སྒྲུབ་ཐབས་བཀའ་བཅུའི་མངོན་རྟོགས་རྗེས་གནང་གི་ཐོ་ཡིག་ཕྲིན་ལས་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་སིཾ་ཧ་མུ་ཁ་དེ་བ་ག་ཎེ་བྷྱཿ རྣམ་ཀུན་མཆོག་ལྡན་ཤེས་རབ་དབྱིངས་ཀྱི་ཡུམ། །སྙིང་རྗེ་ཁྲོས་པའི་གར་མཛད་སེང་གེའི་གདོང་། །གཙོ་འཁོར་སྤྲུལ་པའི་ཚོགས་ལ་གུས་བཏུད་ནས། །མངོན་པར་རྟོགས་པ་ཕྲིན་ལས་སྙིང་པོ་དབྱེ། །དེ་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་སངས་རྒྱས་མགོན་པོ་ནས་རིམ་པར་བརྒྱུད་པའི་ཟབ་གསང་སེང་གདོང་སྙན་བརྒྱུད་ཅེས་གྲགས་པ་ལ། སྒྲུབ་ཐབས་ལས་ཚོགས་མན་ངག་དང་བཅས་པའི་བཀའ་སྲོལ་བསམ་གྱིས་མི་ཁྱབ་པར་བཞུགས་པ་ལས། འདིར་ད་ལྟའི་བར་རྗེས་གནང་བཀའ་མ་ཆད་པར་བྱོན་པའི་སྒྲུབ་ཐབས་ཀྱི་མངོན་རྟོགས་སྙིང་པོར་དྲིལ་བ་ལ། དང་པོ་ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་སེང་གདོང་མ་གཙོ་རྐྱང་གི་མངོན་རྟོགས་ནི། སྐྱབས་འགྲོ །སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས། སྤྲོ་ན་ཀུན་བཟང་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་བཞུགས་པའི་ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ་རེ་རེ། དེ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་སྐུ་ལུས་ཐམས་ཅད་ལྟེམས་ཀྱིས་ཁེངས། བླ་མ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་གྱིས་བདག་གི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་དང་ཧཱུྃ་ཡིག་དཀར་པོའི་རྒྱུན་དཔག་ཏུ་མེད་པ་བབས། བདག་གི་ཚངས་བུག་ནས་ཞུགས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སངས་ཀྱིས་དག་པར་གྱུར། ཅེས་བརྗོད་ཅིང་ངག་ཏུ། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ཅི་ནུས་བཟླས་མཐར་སླར་ཡང་གསོལ་བ་བཏབ་པས། ཧེ་རུ་ཀ་ཡབ་ཡུམ་འོད་དུ་ཞུ་རང་གི་སྒོ་གསུམ་དང་དབྱེར་མེད་དུ་གྱུར་པར་བསམ་ལ། ཨོཾ་སྭཱ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་བ་ཤུདྡྷོ྅་ཧཾ་ཞེས་བརྗོད་ཅིང་ཉམས་ལེན་སྟོང་ཉིད་ལ་བློ་བཞག །སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་མཐིང་ནག་ཉིས་བརྩེགས་ཀྱི་ལྟེ་བར་པད་ཉི་རུ་དྲ་ཕོ་མོའི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པའི་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས། སྤྲོ་ན་གཞལ་ཡས་ཁང་བསྒོམ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་སེང་ཞལ་དཀར་པོ་རྔམ་པའི་ཞལ་ཅན་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས་པ། སྨ་ར་དང་སྨིན་མ་ལས་མེ་སྟག་འཕྲོ་ཞིང་ལྕགས་ཀྱི་རལ་པ་ནག་པོ་སྤྲུགས་པའི་གསེབ་ནས་རང་འདྲའི་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ། རལ་པ་ཕྱེད་གྱེན་དུ་བརྫེས་ཤིང་དུག་སྦྲུལ་ནག་པོས་བཅིངས་པའི་སྟེང་དུ་རུས་པའི་འཁོར་ལོ་དང་རྡོ་རྗེ་ནག་པོ་ཕྱེད་པས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞིང་ཆེན་གྱི་པགས་པ་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཐལ་ཆེན་གྱི་ཚོམ་བུ་དང་ཁྲག་གི་ཐིག་ལེ་དང་ཞག་གི་སོར་རིས་རྣམས་ཀྱིས་མཚན་ཅིང་། སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་ཕྱར་ཞིང་གཡོན་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་ཞིང་ཞབས་གཡས་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་དབང་ལྷ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རང་ལ་གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར་མི་བསྐྱོད་པས་དབུར་བརྒྱན། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། གདོད་ནས་རྣམ་དག་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་འདས་ཀྱང་ཚུལ་ནི་སྣ་ཚོགས་སྟོན། །རྒྱལ་བ་ཀུན་གྱི་ཡུམ་གྱུར་ཀུན་བཟང་མོ། །རྗེ་བཙུན་སེང་གདོང་མ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རང་གི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བ་ཁ་དོག་སྣ་ཚོགས་པ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། གང་འདོད་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ ཅེས་རྩ་སྔགས། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་སྙིང་པོ་དང་། ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧོ། ཞེས་ལས་སྦྱོར་གྱི་སྔགས་རྣམས་ཅི་ནུས་བཟླས་མཐར། མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ལྷར་སྣང་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ཏེ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་གཞག །སླར་ཡང་རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་པར་བསམ་ལ་བསྔོ་སྨོན་ཤིས་བརྗོད་བྱའོ།། །། ༈ གཉིས་པ་ནང་སྒྲུབ་སེང་གདོང་སྔོན་མོ་རིགས་ལྔའི་མངོན་རྟོགས་ནི། ཁོ་བོས་བྱས་པའི་སྒྲུབ་ཐབས་ཕྲིན་ལས་རྣམ་རོལ་ལས་ཤེས་པར་བྱའོ།། །། ༈ གསུམ་པ་དེ་ལས་འཕྲོས་པའི་ནང་སྒྲུབ་སེང་གདོང་དམར་མོ་གནོད་སྦྱིན་དབང་སྡུད་རྒྱལ་མོ་གཙོ་རྐྱང་གི་མངོན་རྟོགས་ནི། སྐྱབས་སེམས་ཚད་མེད་བླ་མའི་རྣལ་འབྱོར་བཅས་གོང་ལྟར་སྔོན་དུ་འགྲོ་བས། ཨོཾ་སྭཱ་བྷཱ་བ་སོགས། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་ཨེ་ཨེ་ལས་གཏེར་གྱི་བུམ་པ་བརྩེགས་པའི་ཆོས་འབྱུང་དམར་པོ་གྲུ་གསུམ་བསྣོལ་མའི་ནང་དུ་པད་ཉི་ནོར་བདག་གི་གདན་དང་བཅས་པ། དེའི་སྟེང་དུ་ཧཱུྃ་ལས་ལྕགས་ཀྱུ་ཧཱུྃ་དམར་པོས་མཚན་པའི་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གནོད་སྦྱིན་དབང་སྡུད་རྒྱལ་མོ་སྐུ་མདོག་དམར་མོ་སེང་ཞལ་སེར་མོ་བཞད་པའི་ཞལ་ཅན་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས་པ། སྨ་ར་སྨིན་མ་ལས་མེ་སྟག་འཕྲོ་ཞིང་བྱེ་རུའི་རལ་པ་དམར་པོ་ཐུར་དུ་སྤྲུགས་པས་རང་འདྲའི་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ། རལ་པ་ཕྱེད་གྱེན་དུ་བརྫེས་ཤིང་དུག་སྦྲུལ་ནག་པོས་བཅིངས་པའི་སྟེང་དུ་རུས་པའི་འཁོར་ལོ་དང་རྡོ་རྗེ་ནག་པོ་ཕྱེད་པས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཞིང་ཆེན་གྱི་པགས་པ་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་འཕྱང་བ། ཐལ་ཆེན་གྱི་ཚོམ་བུ་དང་ཁྲག་གི་ཐིག་ལེ་དང་ཞག་གི་སོར་རིས་རྣམས་ཀྱིས་མཚན་ཅིང་སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་གཡས་ལྕགས་ཀྱུ་དམར་པོ་སེང་ཞལ་གྱིས་མཚན་པ་ནམ་མཁར་ཕྱར་ཞིང་། གཡོན་གཏེར་གྱི་ནེའུ་ལེའི་མགྲིན་པ་ནས་བཙིར་ཞིང་དཀུར་བརྟེན་པ། མཆན་ཁུང་གཡོན་ན་ནལ་བུའི་རྒྱལ་མཚན་ཕྱར་ཞིང་ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་སྐུ་ལུས་ཐམས་ཅད་སྤྱན་གྱིས་གང་བ། དེའི་དཔྲལ་བར་ཨོཾ་དཀར་པོ་སོགས་གོང་ལྟར་ལ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ། ཁམས་གསུམ་དབང་སྡུད་གནོད་སྦྱིན་རྒྱལ་མོ་ནི། །སྒྲུབ་ལ་མ་བུ་བཞིན་དུ་སྲུང་སྐྱོབ་མཛད། །ཕྲིན་ལས་དབང་གི་དངོས་གྲུབ་སྩོལ་མཛད་པའི། །པདྨ་མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཉི་མ་ལ་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་དམར་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས་པས་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་ཅེས་བརྗོད་ཅིང་བསམ་ལ། རྩ་སྔགས་ཡི་གེ་བཅུ་བཞི་པ་དང་། སྙིང་པོ། ཨོཾ་པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ། ལས་སྦྱོར་དབང་སྡུད་ཀྱི་སྔགས་རིགས་བཟླ་བར་འདོད་ན་གཞུང་དུ་ཤེས། རྗེས་མཆོད་བསྟོད། གསོལ་གདབ། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ།། །། ༈ བཞི་པ་ནང་སྒྲུབ་དབང་སྡུད་པདྨ་མཁའ་འགྲོ་རིགས་ལྔའི་མངོན་རྟོགས་ནི། སྐྱབས་སེམས་སོགས་གོང་ལྟར་ལ། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་ཨེ་ཨེ་ལས་གཏེར་ཆེན་པོའི་བུམ་པ་བརྩེགས་པའི་ཆོས་འབྱུང་བསྣོལ་མ་ཁ་སྦྱོར་གྱི་ལྟེ་བར། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར་པད་ཉི་གནོད་སྦྱིན་གཏེར་བདག་གི་གདན་ལ། དབུས་སུ་ཧཱུྃ་དམར་པོ་ལས་གསིལ་བྱེད་ཧཱུྃ་དམར་པོས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་དབང་སྡུད་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ། སེང་ཞལ་སེར་པོ་གཡས་སུ་ཕྱོགས་ཤིང་བྱེ་རུའི་རལ་པ་གསིགས་པ་ལས་རང་འདྲའི་སྤྲུལ་པ་སྤྲོ་བ། གཡས་གསིལ་བྱེད་ཕྱར་ཞིང་གཡོན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། མཆན་ཁུང་གཡོན་ན་གླེགས་བམ་འཆང་ཞིང་ཞིང་དབྱུག་འཁྱུད་པ། ཞབས་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྐུ་ལ་སྤྱན་བྱེ་བས་མཛེས་པ། ཤར་གྱི་གདན་ལ་ཧཱུྃ་དང་རལ་གྲི་ལས་གནོད་སྦྱིན་གཡུལ་ལས་རྒྱལ་བ་མོ་སྐུ་མདོག་སྔོ་ནག་སེང་ཞལ་དཀར་པོ་གཡས་སུ་ཕྱོགས་ཤིང་གནམ་ལྕགས་ཀྱི་རལ་པ་སྤྲུགས་པའི་གསེབ་ནས་རང་འདྲའི་སྤྲུལ་པ་སྤྲོ་བ། སྐུ་ལ་བསེ་ཁྲབ་དང་དབུ་ལ་རྨོག་གིས་བརྗིད་པ། གཡས་གནམ་ལྕགས་ཀྱི་རལ་གྲི་ཕྱར་ཞིང་གཡོན་མདའ་གཞུ་བསྣམས་པ། གྲུ་མོ་གཡོན་དུ་མདུང་དར་བ་དན་དང་བཅས་པ་བསྒྲེང་ཞིང་བསེ་ཕུབ་འཆང་བ། ཞབས་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པ། བྱང་དུ་ཧཱུྃ་དང་དུང་ཆེན་ལས་སྡེ་བརྒྱད་དབང་སྡུད་མཁའ་འགྲོ་སྐུ་མདོག་དམར་ལྗང་། སེང་ཞལ་ལྗང་ནག་གཡས་སུ་ཕྱོགས་ཤིང་མུ་མེན་གྱི་རལ་པ་སྤྲུགས་པའི་གསེབ་ནས་མ་མོ་ཐལ་མདོག་ཕྱག་མཚན་རང་འདྲ་བའི་སྤྲུལ་པ་སྤྲོ་བ། གཡས་ཅང་ཏེའུ་འཁྲོལ་ཞིང་གཡོན་དུང་ཆེན་གྱི་གླིང་བུ་འབུད་པ་ཞབས་དོར་སྟབས་ཀྱིས་བཞེངས་པ། ནུབ་ཏུ་ཧཱུྃ་དང་མྱོས་བྱེད་ལས་སྲིད་གསུམ་དབང་སྡུད་མཁའ་འགྲོ་མ་སྐུ་མདོག་དམར་ནག་སེང་ཞལ་སེར་པོ་གཡས་སུ་ཕྱོགས་ཤིང་བྱེ་རུའི་རལ་པ་སྤྲུགས་པའི་གསེབ་ནས་རང་འདྲའི་སྤྲུལ་པ་སྤྲོ་བ། གཡས་རིན་པོ་ཆེའི་སྣོད་མྱོས་བྱེད་ཀྱིས་གང་བ་དང་གཡོན་ཞགས་པ་དམར་པོ་བསྣམས་པ། གྲུ་མོ་གཡོན་ན་བདུད་ཀྱི་ཁྲམ་ཤིང་བསྒྲེང་ཞིང་ཞབས་གཉིས་དོར་སྟབས་ཀྱིས་བཞེངས་པ། ལྷོར་ཧཱུྃ་དང་འབྲུ་བཅུད་ལས་དཔལ་སྐྱེད་དབང་སྒྱུར་མཁའ་འགྲོ་སྐུ་མདོག་སེར་ནག་སེང་ཞལ་དམར་པོ་གཡས་སུ་ཕྱོགས་ཤིང་། གསེར་གྱི་རལ་པ་སྤྲུགས་པའི་གསེབ་ནས་མ་མོ་ཐལ་མདོག་ཕྱག་མཚན་རང་འདྲའི་སྤྲུལ་པ་སྤྲོ་བ། གཡས་པས་མཚོན་གྱི་གྲུ་གུ་ཕྱར་ཞིང་གཡོན་པས་འབྲུ་བཅུད་ཀྱིས་བཀང་བའི་སྣོད་བསྣམས་པ། གྲུ་མོ་གཡོན་ན་ཏི་རའི་རྒྱལ་མཚན་ཕྱར་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབས་གཉིས་གར་སྟབས་ཀྱིས་འགྱིང་བ། ཐམས་ཅད་ཀྱང་ཞིང་ལྤགས་དང་གླང་ཀོས་སྟོད་གཡོགས་ཤིང་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་འཇིགས་པར་བྱས་ཤིང་སྦྲུལ་རིགས་ལྔ་དང་རུས་པ་དང་ཐོད་པའི་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ་སོགས་ནས། གཙོ་མོ་ལ་འོད་དཔག་མེད། རིགས་བཞི་ལ་རིམ་པར་རྣམ་སྣང་། དོན་གྲུབ། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན་རྣམས་ཀྱིས་དབུར་བརྒྱན། ཨོཾ་པདྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ། གནོད་སྦྱིན་པདྨ་མཁའ་འགྲོ་མ། །དབང་སྡུད་སེང་གདོང་གཏེར་གྱི་བདག །རྣལ་འབྱོར་འདོད་པའི་དོན་ཀུན་སྒྲུབ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སོ་སོའི་ཐུགས་ཀར་ཉི་གདན་ལ་ཧཱུྃ་ཡིག་རིགས་ཀྱི་ཁ་དོག་གིས་མཚན་པའི་མཐར། སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར་བ་ལས་འོད་ཟེར་ཛཿདང་ལྕགས་ཀྱུའི་རྣམ་པར་སྤྲོས་པས་ཁམས་གསུམ་སྣོད་བཅུད་ཀྱི་དཔལ་འབྱོར་ཐམས་ཅད་དབང་དུ་བྱས་པར་བསམ། རྩ་སྔགས་ཡི་གེ་བཅུ་བཞི་པ་དང་། སྙིང་པོ། ཨོཾ་པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་ཅི་ནུས་སུ་བཟླ། རྗེས་འདྲའོ།། །། ༈ ལྔ་པ་གསང་སྒྲུབ་སྐོར་གསུམ་ལས་གཅེར་བུ་ཁྲོས་མ་ནག་མོའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་ནག་པོ་ཉིས་བརྩེགས་ཀྱི་ནང་ཁྲག་ཞག་འཁྲུགས་པའི་ཀློང་དུ་པད་ཉི་རོའི་གདན་ལ་ཧཱུྃ་ལས་གྲི་གུག་ནག་པོའི་ཡུ་བ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གདོང་ཁྲོས་མ་ནག་མོ། སྐུ་མདོག་མཐིང་ནག་སེང་ཞལ་དཀར་པོ་སྤྱན་གསུམ་པ་གཡས་སུ་ཕྱོགས་ཤིང་གནམ་ལྕགས་ཀྱི་རལ་པ་སྤྲུགས་པའི་གསེབ་ནས་མཁའ་འགྲོ་དང་སྡེ་བརྒྱད་ཀྱི་དམག་ཚོགས་སྤྲོ་བ། བ་སྤུའི་བུ་ག་ནས་མེ་སྟག་གི་ཚྭ་ཚྭ་འཕྲོ་ཞིང་ཐོག་སེར་དང་ཁྱབ་འཇུག་གི་སྐད་འབྱིན་པ། དབང་པོའི་སྒོ་ནས་ཁྲག་གི་ཆར་འབབ་པ། གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་པས་དགྲ་སྙིང་ཞལ་དུ་གསོལ་བ། གྲུ་མོ་ན་བདུད་ཀྱི་ཁྲམ་ཤིང་བསྒྲེང་ཞིང་སྐེད་ལ་མ་མོའི་ཚོན་གྲུ་དང་ནད་རྐྱལ་འཕྱང་བ། སྐུ་ལུས་ཐམས་ཅད་སྤྱན་གྱིས་ཁེངས་ཤིང་གཅེར་བུ་རྒྱན་སྤངས་པ། ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་སོགས་ནས། མི་བསྐྱོད་པས་དབུར་བརྒྱན། ཨོཾ་བཛྲ་ཌཱ་ཀི་ནཱི་ཀྲོ་དྷཱི་ཀཱ་ལི་སིཾ་ཧ་མུ་ཁ་ཨརྒྷཾ་སོགས། ཨོཾ་ཨཱཿཧཱུྃ། བདུད་མོ་ནག་མོ་སེང་གདོང་མ། །ཤ་ཁྲག་ལ་དགའ་སྲོག་ལ་རྔམས། །འཇིགས་བྱེད་ནག་མོ་བདུད་ཀྱི་ཡུམ། །མཁའ་འགྲོའི་དབང་ཕྱུག་མ་ལ་བསྟོད། །ཐུགས་ཀར་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར་ཧཱུྃ་ཡིག་གི་མཐར། སྔགས་ཕྲེང་ཁ་དོག་ནག་པོ་མེ་རླུང་གི་རང་བཞིན་སྤུ་གྲི་འདྲ་བས་བསྐོར་བ་ལས་འོད་ཟེར་མེ་རླུང་དང་མཚོན་ཆའི་ཆར་བབས་པས་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླགས་པར་བསམ་ལ། རྩ་སྔགས། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ སྙིང་པོ། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ།། །། ༈ དྲུག་པ་གསང་སྒྲུབ་སྐོར་གསུམ་ལས། གཅེར་བུ་ཁྲོས་ནག་ཞལ་གསུམ་ཕྱག་དྲུག་ཕུར་ཞབས་ཅན་མའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འབྱུང་དམར་ནག་ཁྲག་མཚོ་ཁོལ་བ། དེའི་ལྟེ་བར་པད་ཉི་དགྲ་བགེགས་གྱི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སེང་གདོང་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་སྔོ་དཀར་དམར་བའི་སེང་ཞལ་གསུམ་གནམ་ལྕགས་ཀྱི་རལ་པ་སྤྲུགས་པ་ལས་རང་འདྲའི་སྤྲུལ་པ་སྤྲོ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་དབུ་གཙུག་ན་རྟ་མགོ་ལྗང་ནག་གསུམ་ཞལ་ནམ་མཁའི་དབྱིངས་སུ་གདངས་ཤིང་རྡོ་རྗེའི་རྟ་སྐད་འཚེར་བ། ཕྱག་དྲུག་གི་གཡས་གསུམ་གྲི་གུག་ལྕགས་ཀྱུ་དགྲ་སཏྭ། གཡོན་གསུམ་ཐོད་ཁྲག་ཞིང་དབྱུག་ཁ་ཊྭཱཾ་ཕྱར་ཞིང་གྲུ་མོ་གཡོན་དུ་ཁྲམ་ཤིང་བསྒྲེང་བ། གཅེར་བུ་རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང་སྟག་ཤམ་ཅན། སྐུ་སྨད་ཕུར་པའི་དབལ་གྱིས་དགྲ་བགེགས་ཀྱི་སྙིང་གར་གཟིར་ཞིང་། སྐུ་ལ་ཡེ་ཤེས་ཀྱི་སྤྱན་མང་པོས་མཛེས་པ་མེ་ཕུང་འབར་ཞིང་འཁྲུགས་པའི་ཀློང་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་སོགས་ནས། མི་བསྐྱོད་པས་དབུར་བརྒྱན། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཀྲོ་དྷཱི་ཀཱ་ལི་ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ། དཔལ་ཆེན་བདུད་མོ་ནག་མོ་ནི། །དགྲ་བགེགས་སྲོག་གཅོད་ཤ་ཟ་མོ། །དབུགས་ལེན་རྔམས་པའི་ཁྲོ་གཟུགས་ཅན། །བདུད་མོ་ནག་མོ་ཁྱོད་ལ་བསྟོད། །ཐུགས་ཀར་ཉི་སྟེང་ཧཱུྃ་ནག་པོའི་མཐར་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་མེ་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་མ་རུངས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད་པར་བསམ་ལ། རྩ་སྔགས་ཡི་གེ་བཅུ་བཞི་པ་དང་། སྙིང་པོ། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ།། །། ༈ བདུན་པ་གསང་སྒྲུབ་སྐོར་གསུམ་ལས། གཅེར་བུ་ཁྲོས་ནག་ཕུར་ཞབས་ཅན་ཞལ་གཅིག་ཕྱག་གཉིས་མའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འབྱུང་དམར་ནག་ཁྲག་མཚོ་ཁོལ་བ། དེའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། སེང་གདོང་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་སེང་ཞལ་དཀར་མོ་སྤྱན་གསུམ་པ་གཡས་སུ་གཟིགས་ཤིང་གནམ་ལྕགས་ཀྱི་རལ་པ་སྤྲུགས་པ། དབུ་གཙུག་ན་རྟ་མགོ་ལྗང་ཞུར་རྡོ་རྗེའི་རྟ་སྐད་འཚེར་བ། ཕྱག་གཡས་ཉི་མ་དང་གཡོན་ཟླ་བ་ཆ་ལང་དུ་རྡེབ་པའི་ཉི་ཟླ་གཉིས་ཀྱི་དབུས་སུ་ཕུར་བུ་རྩེ་གཅིག་པས་མཚན་པ། གཅེར་བུ་རྒྱན་སྤངས་ཤིང་སྐུ་ལུས་ཐམས་ཅད་སྤྱན་གྱིས་གང་བ། སྐུ་སྨད་ཕུར་བུ་རྩེ་གཅིག་མའི་དབལ་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་སོགས་ནས། མི་བསྐྱོད་པས་དབུར་བརྒྱན། གོང་ལྟར་མཆོད། དགའ་རབ་དབང་ཕྱུག་བུ་མོ་ནི། །མནའ་ཟན་གཤེད་མ་ཁྲོ་མོའི་སྐུ །སྡེ་བརྒྱད་མ་མོ་ཀུན་གྱི་གཙོ། །གཅེར་བུ་ཁྲོས་མ་ནག་མོར་བསྟོད། །ཐུགས་ཀར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཉི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་མེ་ཕུང་མཚོན་ཆའི་རང་བཞིན་ཅན། ཁ་དོག་ནག་པོ་གཡོན་དུ་འཁོར་བ་ལས་འོད་ཟེར་མེ་དང་མཚོན་ཆའི་ཆར་བབས་པས་དགྲ་བགེགས་ཐམས་ཅད་བརླགས་པར་བསམ་ལ། རྩ་སྔགས། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ སྙིང་པོ། ཨོཾ་བཛྲ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྷནྡྷ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླ།། །། ༈ བརྒྱད་པ་ཡང་གསང་སྒྲུབ་སྐོར་གསུམ་གྱི་ལས་མཐའ་ཕྱིར་ཟློག་ཆེན་མོའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་དབུས་སུ་ཆོས་འབྱུང་དམར་ནག་ཁྲག་མཚོ་ཁོལ་བ། དེའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། སེང་གདོང་ཁྲོས་མ་ནག་མོ་ཕྱིར་ཟློག་པ་ཆེན་མོ་སྐུ་མདོག་མཐིང་ནག་སེང་ཞལ་དཀར་པོ་སྤྱན་གསུམ་པའི་ཞལ་གནམ་དུ་གདངས་ཤིང་། གནམ་ལྕགས་ཀྱི་རལ་པ་སྦྲུལ་ནག་གིས་སྤྱི་བོར་བཅིངས་པའི་ལྷག་མ་ཐུར་དུ་སྤྲུགས་པ་ལས་ཕུར་བུ་དང་ཐོག་སེར་གྱི་ཆར་འབེབ་པ། ཕྱག་གཡས་གནམ་ལྕགས་ཀྱི་གྲི་གུག་ནམ་མཁའ་ཕྱར་ཞིང་གཡོན་བདུད་ཀྱི་ཁྲམ་ཤིང་ཁྲ་བོ་སྒོ་བརྒྱད་དང་ལྡན་པ་ཐུར་དུ་བསྡིགས་པ་ལས་སྡེ་བརྒྱད་ཀྱི་དམག་ཚོགས་འགྱེད་པ། སྐུ་སྟོད་ལ་དར་ནག་པོའི་སྟོད་གཡོགས་དང་སྐུ་སྨད་ལ་ཞིང་གི་གཡང་གཞི་དཀྲིས་པ། ཞབས་གཉིས་འཆམ་སྟབས་ཀྱིས་དུ་བ་མེ་རླུང་འཚུབས་མར་འཁྱིལ་བའི་དབུས་ན་བཞུགས་པའི་སྐུའི་གནས་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཕྱིར་ཟློག་སྔགས་ཀྱི་མཚོན་ཆ་མེ་སྟག་འཕྲོ་བས་གང་བ། དེའི་དཔྲལ་བར་ཨོཾ་སོགས་ནས། མི་བསྐྱོད་པས་དབུར་བརྒྱན། གོང་ལྟར་མཆོད། རྡོ་རྗེ་སྔགས་ཀྱི་མཚོན་འཆང་བས། །མ་རུངས་གདུག་པའི་ཚོགས་རྣམས་ཀུན། །ཕྱིར་ཟློག་གཟིར་ཞིང་བརླག་མཛད་པའི། །ལས་བྱེད་མཁའ་འགྲོར་ཕྱག་འཚལ་བསྟོད། །སྐུའི་ཆ་ལས་སྔགས་ཀྱི་འོད་ཟེར་རབ་ཏུ་འབར་བས་གདུག་པ་ཅན་ཐམས་ཅད་ཕྱིར་ཟློག་ཅིང་ཚར་བཅད་པར་བསམ་ལ། ཕཊཿཡཿརཿམཿསཿརཿདཿཤཿཙཿརཿམཿསཿཀཿཨཿ ཨོཾ་པྲ་ཏྱཱཾ་གི་ར་གྷྲྀ་དུ་གྷྲྀ་དུ་ཛྭ་ར་གྷྲྀ་དུ་ཧཱུྃ་ཕཊཿ ཡཀྨོ་ཕྲེཾ་བྷྱོཿཟློག །ཡཀྨོ་ཕྲེཾ་བྷྱོཿཟློག །ཌཱ་ཀི་མ་ཏྲི་ཀ་ཕྲེཾ་བྷྱོཿཟློག །ཅེས་བཟླ།། །། ༈ དགུ་པ་ལས་མཐའ་རྒྱས་སེང་གདོང་དམར་མོ་ཚེ་སྒྲུབ་རྒྱལ་མོའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་དམར་པོ་ཉིས་བརྩེགས་ཀྱི་ལྟེ་བར་པད་ཉི་རུ་དྲའི་གདན་ལ་ཧཱུྃ་དམར་པོ་ལས་ཚེ་བུམ་ཧཱུྃ་དམར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཌཱ་ཀི་སེང་གདོང་འཆི་བདག་འཇོམས་མ་སྐུ་མདོག་དམར་མོ། སེང་ཞལ་སེར་པོ་སྤྱན་གསུམ་དང་ལྡན་པ་གཡས་སུ་ཕྱོགས་ཤིང་དབུ་སྐྲ་བྱེ་རུའི་རལ་པ་སྤྲུགས་པའི་གསེབ་ནས་མེ་སྟག་དང་ཕུར་བུའི་ཚྭ་ཚྭ་འཕྲོ་བ། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་ཅིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་འཆི་མེད་ཚེའི་བུམ་པ་བསྣམས་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བསྒྲེང་ཞིང་ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་སོགས་ནས། སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན། ཨོཾ་པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུྃ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ནད་གདོན་མ་ལུས་ཞི་བར་མཛད། །དཔལ་ལྡན་མཁའ་འགྲོ་སེང་གེའི་གདོང་། །འཆི་བདག་འཇོམས་མ་ཁྱོད་ལ་བསྟོད། །ཐུགས་ཀར་ཉི་མ་ལ་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། རྩ་སྔགས་ཡི་གེ་བཅུ་བཞི་པ་དང་། ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ པདྨ་ཌཱ་ཀི་ནཱི་སིཾ་ཧ་མུ་ཁ་སརྦ་སིདྡྷི་ཕ་ལ་ཧོཿ ཨོཾ་བཛྲ་ཨཱ་ཡུ་ཥེ་མ་མ་ཀརྨ་ཁུག་ཁུག་ཛཿཛཿཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བཟླ།། །། ༈ བཅུ་པ་མཁའ་འགྲོ་མ་སེང་གེའི་གདོང་ཅན་འབྱུང་བཞི་བཅུད་སྡུད་ཀྱི་ཚེ་སྒྲུབ་ཟབ་མོའི་མངོན་རྟོགས་ནི། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་འཁོར་ལོ་དུར་ཁྲོད་བརྒྱད་དང་བཅས་པས་བསྐོར་བའི་དབུས་སུ། ཨེ་ཨེ་ལས་ཆོས་འབྱུང་གྲུ་གསུམ་སེར་པོ་ཉིས་བརྩེགས་ཀྱི་ལྟེ་བར་པད་ཉི་རུ་དྲའི་གདན་ལ་ཧཱུྃ་སེར་པོ་ལས་ཚེ་བུམ་ཧཱུྃ་སེར་པོས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་སེར་མོ། སེང་ཞལ་དམར་པོ་སྤྱན་གསུམ་དང་ལྡན་པ་གཡོན་དུ་ཕྱོགས་ཤིང་དབུ་སྐྲ་གསེར་གྱི་རལ་པ་གསིག་པའི་གསེབ་ནས་མེ་སྟག་དང་ཕུར་བུའི་ཚྭ་ཚྭ་འཕྲོ་བ། དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་ཅིང་ཕྱག་གཉིས་ཀྱིས་འཆི་མེད་ཚེའི་བུམ་པ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་བསྒྲེང་ཞིང་ཞབས་འདོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་སོགས་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན། གོང་ལྟར་མཆོད་ཅིང་བསྟོད། ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་དམར་པོའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཞི་ནས་སེང་གདོང་མ་དཀར་སེར་དམར་ལྗང་དང་རང་གི་སྐུ་མདོག་དང་མཐུན་པའི་འཆི་མེད་ཚེའི་བུམ་པ་བསྣམས་པ་དཔག་ཏུ་མེད་པས་འབྱུང་བ་ཆེན་པོ་ཆུ་དང་། ས་དང་། མེ་དང་། རླུང་གི་ནུས་བཅུད་དང་། འཁོར་འདས་ཀྱི་དགེ་མཚན་མ་ལུས་པ་བསྡུས་ཏེ་བདག་ལ་ཐིམ་པས་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། རྩ་སྔགས་ཡི་གེ་བཅུ་བཞི་པ་དང་། ཨཿཀཿསཿམཿརཿཙཿཤཿཕཊཿ ཅེས་བཟླའོ།། །། ༈ དེ་ལྟར་མངོན་རྟོགས་རིགས་དགུའི་རྗེས་སུ་གནང་བ་ནི། སྦྱོར་བ་སྟེགས་བུའི་དབུས་སུ་མཎྜལ་བསྐྱེད་ཆོག་དང་མཐུན་པར་བྲི། མ་གྲུབ་ན་ལྷའི་སྐུ་མདོག་དང་མཐུན་པའི་ཚོན་ཕུང་ངམ་མེ་ཏོག་གི་ཚོམ་བུ་བཀོད། དེའི་ཁར་མཉྫིའི་སྟེང་དུ་རྗེས་གནང་གི་གཏོར་མ་ཟུར་གསུམ་ལྷའི་སྐུ་མདོག་དང་མཐུན་པ་ལ་མཐེབ་ཀྱུས་བསྐོར་བ་དར་གདུགས་དང་སྐུ་ཙཀ་ཡོད་ན་བཙུགས་པའི་མདུན་དུ་བུམ་པ་བཅུད་ལྡན་དང་འབུལ་གཏོར། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་གཡོན་སྐོར་དུ་བཤམ། ཚེ་སྒྲུབ་གཉིས་ལ་བུམ་པའི་གཡས་གཡོན་དུ་ཚེ་རིལ་དང་ཚེ་ཆང་ཡང་བཤམས་ལ་བཟླས་པའི་སྐབས་ཚེ་བཅུད་བསྟིམ། དངོས་གཞི་བདག་མདུན་བུམ་གསུམ་དང་། རྗེས་གནང་གི་ཆིངས་རྣམས་ཁོ་བོས་བྱས་པའི་སེང་གདོང་རིགས་ལྔའི་སྒྲུབ་རྗེས་ལ་ཁ་སྤོས་པས་འགྲུབ་ལ། ཚེ་སྒྲུབ་གཉིས་ཀྱི་སྐབས། ཐུགས་ཀྱི་རྗེས་གནང་ཚར་ནས། ཚེའི་རིལ་བུ་དང་བདུད་རྩི་འདི་དག་ཀྱང་ཞལ་དུ་བཞེས་པས་རྩ་ཁམས་ཐམས་ཅད་བདུད་རྩིའི་དྭངས་མས་ཁེངས་ནས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་སྔགས་བརྗོད་བཞིན་དུ་ཚེ་རིལ་དང་ཚེ་ཆང་སྦྱིན་ནས་གཏོར་མའི་བཀའ་བསྒོ་སོགས་བྱའོ། །འདི་རྣམས་ཀྱི་མངོན་རྟོགས་ལ་རྒྱས་པར་སྤྲོ་ན་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་སྤྱི་ལྟར་བསྒོམ་པར་གསུངས་ཤིང་། རང་གི་ཉམས་ལེན་སྐབས་ཐོག་མར་ལྷ་མོ་སོ་སོ་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ་ཞིང་མཆོད་བསྟོད་བཟླས་པ་དབང་བླང་བ་སོགས་ཀྱི་རྗེས་རང་ལ་བསྟིམས་ནས་རང་ལྷར་བསྒོམ་པ་སོགས་མཛད་ནའང་། རྗེས་གནང་གི་སྐབས་སུ་འདི་ཙམ་གྱིས་དོན་གྲུབ་པ་བླ་མའི་ཕྱག་བཞེས་ལྟར་བྲིས་པ་ཡིན་ལ། དེ་བཞིན་དུ་རྗེས་གནང་ལའང་རྒྱས་འབྲིང་བསྡུས་པའི་ཆིངས་སྦྱོར་ཚུལ་ཡོད་མོད། དོན་གྱི་སྙིང་པོ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གཏོར་མའི་བཀའ་བསྒོ་དང་བཅས་པ་རྣམས་སུ་འདུས་པ་ཡིན་ནོ། །རིག་སྔགས་འབུམ་ཕྲག་ཀུན་གྱི་སྙིང་པོའི་ཕུལ། །སེང་གདོང་མཁའ་འགྲོའི་སྒྲུབ་ཐབས་རྗེས་གནང་ཚོགས། །མདོར་བསྡུས་ཚིག་གི་ཕྲེང་བར་སྤེལ་བའི་དགེས། །འགྲོ་ཀུན་གྲུབ་གཉིས་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡིག་ཆ་སྔ་མའི་དོན་གྱི་བཅུད་ཕྱུངས་ཏེ་བྲིས་པའི་ལེགས་བྱས་ཀྱིས་ཚུལ་འདིའི་བཀའ་སྲོལ་མི་ནུབ་པར་དར་ཞིང་རྒྱས་པའི་རྒྱུར་སིདྡྷི་རསྟུ།། །།
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ མན་ངག་རྡོ་རྗེའི་ཚིག་རྐང་ (Volume 11, Text 59)
གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས༔ མན་ངག་རྡོ་རྗེའི་ཚིག་རྐང་བཞུགས་སོ༔ ཐུབ་དབང་རྡོར་འཆང་ཀུན་ཏུ་བཟང༔ ཡེ་ཤེས་མཁའ་འགྲོ་བླ་མ་ལ༔ བཏུད་ནས་ལྟ་སྒོམ་སྤྱོད་འབྲས་ཀྱི༔ སྙན་བརྒྱུད་མན་ངག་སྙིང་པོ་སྦྱིན༔ ས་མ་ཡ༔ དད་ལྡན་བྱང་ཆུབ་ཐོབ་འདོད་རྣམས༔ བླ་མ་དམ་པ་ཚུལ་བཞིན་བསྟེན༔ སྨིན་ཅིང་དམ་ཚིག་རྣམ་དག་པས༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ དང་པོར་དབེན་པའི་གནས་སུ་སོང༔ ཕྱི་ནང་བྱ་བ་ཐམས་ཅད་བཏང༔ ལུས་ངག་ཡིད་གསུམ་རྣལ་དུ་དབབ༔ རྩེ་གཅིག་གསོལ་གདབ་དོན་ལ་འཇུག༔ བློ་སྣ་ཆོས་ལ་བཙན་ཐབས་བསྐུལ༔ མངོན་མཐོ་ངེས་ལེགས་ལམ་གཞུག་ཕྱིར༔ ལས་འབྲས་བླང་དོར་ངེས་འབྱུང་བསྐྱེད༔ འདི་ནི་ཐུན་མོང་སྔོན་འགྲོ་ཡིན༔ སྐྱབས་གསོལ་བྱང་ཆུབ་སེམས་གཉིས་གཟུང༔ སྡིག་ལྟུང་སྦྱང་ཞིང་ཚོགས་གཉིས་སྤེལ༔ མོས་གུས་རྣལ་འབྱོར་སྙིང་པོར་བྱ༔ འདི་ནི་ཐུན་མིན་སྔོན་འགྲོ་ཡིན༔ ལུས་རྩ་རླུང་གི་སྟོང་ར་བསྒོམ༔ ཕྱི་ནང་འཁོར་འདས་རུ་ཤན་དབྱེ༔ སྒོ་གསུམ་ཤིན་སྦྱངས་བྱིང་རྒོད་བསལ༔ འདི་ནི་ཁྱད་པར་སྔོན་འགྲོ་ཡིན༔ གནས་ལུགས་སྟོང་པ་ཉིད་དུ་བལྟ༔ སྣང་ལུགས་མཚན་མེད་རྟེན་འབྲེལ་ཚུལ༔ ཟུང་འཇུག་སྨོན་པ་མེད་པར་ཤེས༔ ལྟ་བ་དབུ་མ་ཆེན་པོ་ཡིན༔ རང་བབས་གསུམ་གྱི་ངང་དུ་གློད༔ སྐྱོན་བཞི་རང་གྲོལ་ཉམས་མྱོང་བསྐྱང༔ སྐུ་བཞི་རང་ཤར་གདེངས་རྙེད་པ༔ སྒོམ་པ་ཕྱག་རྒྱ་ཆེན་པོ་ཡིན༔ སྣང་སེམས་རིག་སྟོང་སྒྱུ་མར་བཅད༔ བསྐྱེད་བཟླས་རླུང་དང་ཐིག་ལེར་སྦྱང༔ བརྡ་བཞིར་ལ་བཟླ་བརྟུལ་ཞུགས་བརྩམ༔ སྤྱོད་པ་རོ་སྙོམས་ཆེན་པོ་ཡིན༔ གཏུམ་མོའི་དྲོད་བདེ་སྒྱུ་མར་ཤར༔ འོད་གསལ་ཉམས་མྱོང་རྨི་ལམ་སྦྱངས༔ འཆི་ཁ་བར་དོར་མ་བསྒོམ་གྲོལ༔ བོགས་འདོན་ཐབས་ལམ་ཆེན་པོ་ཡིན༔ སྒོ་ཡུལ་རླུང་རིག་གནད་གཅུན་པས༔ སྣང་བ་རྣམ་བཞིའི་ཡེ་ཤེས་འཕེལ༔ རྟགས་ཚད་མངོན་གྱུར་སྤང་ཐོབ་བྲལ༔ འབྲས་བུ་རྫོགས་པ་ཆེན་པོ་ཡིན༔ ཐུན་མཐར་བསྔོ་སྨོན་རྒྱ་ཡིས་གདབ༔ ཐུན་མཚམས་དངོས་གཞིའི་ཉམས་མྱོང་སྤེལ༔ ཉམས་ལེན་མཐར་དབྱུང་དོན་གཉིས་བསྒྲུབ༔ མན་ངག་རྗེས་ཀྱི་རིམ་པ་ཡིན༔ ས་མ་ཡ༔ འདི་ནི་གསེར་གྱི་བྲིས་ནས་སུ༔ ཀློག་དང་མགུལ་དུ་འཆང་བས་ཀྱང༔ སྐྱེ་བ་བདུན་ནས་གྲོལ་འགྱུར་ན༔ ཚུལ་བཞིན་ཉམས་བླངས་སྨོས་ཅི་དགོས༔ བཀའ་བབས་ལྔ་ལྡན་སྙིང་པོའི་བཅུད༔ སྤྲུལ་པའི་བུ་ལ་གཏད་དོ་རྒྱ༔ མདོ་རྒྱུད་མན་ངག་ཟབ་མོའི་མཐིལ༔ སྐལ་ལྡན་ཚེ་གཅིག་གྲོལ་བྱེད་ལམ༔ ལས་འཕྲོ་ཅན་ལ་གདམས་པ་འདིས༔ འགྲོ་ཀུན་སྐུ་གསུམ་མཆོག་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔
དམར་ནག་ཁྲོས་པ་ཕུར་བུའི་སྒྲུབ་པ་ཡང་ཟབ་རྣམས་བཞུགས་པའི་དབུ་ཕྱོགས་ལགས་སོ༔ (Volume 13, Text 59)
དམར་ནག་ཁྲོས་པ་ཕུར་བུའི་སྒྲུབ་པ་ཡང་ཟབ་རྣམས་བཞུགས་པའི་དབུ་ཕྱོགས་ལགས་སོ༔ ྈྈྈྈྈྈྈ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐབས་ཀྱིས་སྐུར་སྟོན་མ་རུངས་ཚར་གཅོད་ཅིང༔ ཕྲིན་ལས་དཔག་ཡས་མི་ཟད་མཁའ་དང་མཉམ༔ ཁྲག་འཐུང་ཕུར་བུའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྱོགས་དུས་རྒྱལ་བ་གཅིག་བསྡུས་ཐོད་ཕྲེང་རྩལ༔ ཕྱི་ལྟར་དཔལ་ཆེན་པདྨ་ཧེ་རུ་ཀ༔ ནང་ལྟར་དབང་དྲག་རྟ་མགྲིན་ཁྲོས་པའི་ལྷ༔ གསང་ལྟར་དམར་ནག་མེ་ཡི་ཕྲེང་བ་ཅན༔ དྲག་ཏུ་ཁྲོས་པ་བཛྲ་ཀཱི་ལ་ཡ༔ སྐུ་གསུམ་ཁྲོ་རྒྱལ་འདུས་པའི་བརྡ་རྟགས་སྟོན༔ ཆོས་སྐུ་རབ་ཁྲོས་དབུས་ཞལ་དམར་བའི་མདངས༔ ངོ་བོ་སྣང་བ་མཐའ་ཡས་འདུས་པའི་བརྡ༔ ལོངས་སྐུ་རབ་ཁྲོས་གཡས་ཞལ་དཀར་བའི་མདངས༔ ངོ་བོ་ཐུགས་རྗེ་ཆེན་པོ་འདུས་པའི་བརྡ༔ སྤྲུལ་སྐུ་རབ་ཁྲོས་གཡོན་ཞལ་ནམ་མཁའི་མདངས༔ ངོ་བོ་པདྨ་འབྱུང་གནས་འདུས་པའི་བརྡ༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ་དང་ལྡན༔ ཕྱོགས་བཅུའི་ཁྲོ་རྒྱལ་མ་ལུས་འདུས་པའི་བརྡ༔ ཕྱག་དྲུག་མཚོན་ཆ་སྣ་ཚོགས་བསྣམས་པ་ནི༔ རིགས་དྲུག་སོ་སོར་འགྲོ་དོན་མཛད་པའི་བརྡ༔ གཡས་གཡོན་མཚོན་ཆའི་གཤོག་པ་གདེངས་པ་ནི༔ ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བརྡ༔ སྤྱན་དམར་དགུ་པོ་སྡང་མིག་བསྒྲད་པ་ནི༔ ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པའི་བརྡ༔ ཕྱོགས་བཅུའི་སངས་རྒྱས་སྐུ་མཆོག་འདུས་པའི་ཕྱིར༔ དུང་ཁང་གནས་སུ་འཇམ་དཔལ་གཤིན་རྗེ་སྤྲུལ༔ ཕྱོགས་བཅུའི་སངས་རྒྱས་གསུང་མཆོག་འདུས་པའི་ཕྱིར༔ མགྲིན་པའི་གནས་སུ་ཧྱ་གྲཱི་ཝ་སྤྲུལ༔ ཕྱོགས་བཅུའི་སངས་རྒྱས་ཐུགས་མཆོག་འདུས་པའི་ཕྱིར༔ ཙིཏྟའི་གནས་སུ་ཕྱག་ན་རྡོ་རྗེར་སྤྲུལ༔ ཕྱོགས་བཅུའི་སངས་རྒྱས་ཡོན་ཏན་འདུས་པའི་ཕྱིར༔ ལྟེ་བའི་གནས་སུ་མཁའ་འགྲོ་སྡེ་ལྔ་སྤྲུལ༔ ཕྱོགས་བཅུའི་སངས་རྒྱས་ཕྲིན་ལས་འདུས་པའི་ཕྱིར༔ གསང་བའི་གནས་སུ་ཡཀྴ་མེ་དབལ་སྤྲུལ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྱིར༔ ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་ཁྲོ་མོར་སྤྲུལ༔ མཐུ་སྟོབས་རྩལ་ཆེན་ཤུགས་དང་ལྡན་པའི་ཕྱིར༔ ནམ་མཁའི་དབྱིངས་སུ་མཁའ་ལྡིང་ཁྱུང་ཆེན་སྤྲུལ༔ ཀུན་འདུས་ཁྲོ་རྒྱལ་དྲག་པོ་ཀཱི་ལ་ཡ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ འདི་ཉིད་བསྒྲུབ་ན་ལམ་གྱི་བར་ཆད་ཞི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཐོབ༔ དྲེགས་པའི་ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ གང་བརྩམ་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཉམས་ལེན་བྱེད་འདོད་འདི་ལྟ་སྟེ༔ དང་པོ་དབང་ཞུ་དམ་ཚིག་ཚུལ་བཞིན་བསྲུང༔ དེ་ནས་དབེན་པར་བདེ་བའི་སྟན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་ནི༔ སྲུང་འཁོར་བསྒོམ་ཞིང་ཡན་ལག་བདུན་པ་བྱ༔ དངོས་གཞི་ཏིང་འཛིན་རྣམ་གསུམ་གསལ་བའི་ངང༔ རང་རིག་མ་འགགས་སྟོང་པའི་རང་རྩལ་ལས༔ བདེ་གཤེགས་ཀུན་འདུས་ཁྲོ་རྒྱལ་འདི་ལྟར་བསྒོམ༔ ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ༔ བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་དང་ཉི་མ་དགྲ་བགེགས་བསྣོལ་བའི་སྟེང་དུ༔ རང་གི་རིག་པའི་ངོ་བོ་ཧཱུྃ་དམར་ནག་གཅིག་ཏུ་བསམ༔ དེ་ཡོངས་སུ་གྱུར་པ་ལས༔ རང་ཉིད་ཁྲོ་རྒྱལ་ཐམས་ཅད་འདུས་པའི་བདག་ཉིད༔ དྲག་པོ་ཀཱི་ལ་ཡ་སྐུ་མདོག་དམར་ནག་ལ་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ཞལ་གསུམ་ཕྱག་དྲུག་སྤྱན་དགུ་སྡང་མིག་བསྒྲད་པ༔ ཞལ་གཡས་དཀར་གཡོན་མཐིང་དབུས་ཞལ་དམར་ནག་ཏུ་འབར་བ༔ གཡས་གཡོན་དུ་མཚོན་ཆ་འབར་བའི་གཤོག་རྩལ་ལྡན་ཞིང་མེ་འབར་བས་དགྲ་བགེགས་ཐམས་ཅད་སྲེག་པ༔ ཞལ་ཆེར་གདངས་ཤིང་མཆེ་བ་བཞི་གཙིགས་པ༔ སྨིན་མ་དང་ཨག་ཚོམ་དམར་སེར་ལ་ཐོག་གི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམ་ནག་གྱེན་དུ་བསྐྱོད་ཅིང་རལ་པའི་གསེབ་ནས་ཁྲོ་ཆུང་མང་པོ་སྐར་ལྟར་འཁྲུགས་པ༔ ལྟེ་བ་མན་ཆད་ཀྱི་སྐུ་སྨད་གནམ་ལྕགས་ཕུར་བུ་ཟུར་གསུམ་པ༔ རྣོ་བའི་དབལ་དང་ལྡན་པ༔ ཚ་བའི་ཟེར་དང་ལྡན་པ༔ མཚོན་ཆ་དང་ཐོག་སེར་འཕྲོ་ཞིང་དགྲ་བགེགས་ཀྱི་སྙིང་དཀར་ནག་མཚམས་སུ་གཟིར་བ༔ ཆུ་སྲིན་ཁྲོས་པའི་ཁ་ནས་སྦྲུལ་ནག་གི་ཞགས་པ་དང་དུག་ཐུན་ནག་པོ་སེར་ལྟར་འབེབ་པ༔ ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ༔ བར་པ་ན་ཐོ་བ༔ ཐ་མ་ན་བསྐལ་པའི་མེ་དཔུང་འཛིན་པ༔ གཡོན་གྱི་དང་པོ་ན་ཐོད་ཁྲག༔ བར་པ་ན་སྡིག་པ༔ ཐ་མ་ན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བའོ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུས་དོ་ཤལ་བྱས་པ༔ རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང༔ སྦྲུལ་རིགས་ལྔས་སེ་རལ་ཁ་མདུད་པ༔ གླང་ཆེན་གྱི་ཀོ་བས་སྟོད་གཡོགས༔ མི་ལྤགས་ཀྱི་གཡང་གཞིས་སྐེད་དཀྲིས་པ༔ སྟག་ལྤགས་རློན་པས་ཤམ་ཐབས་བྱས་པ༔ སྐུ་ལ་ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུས་རབ་ཏུ་བརྒྱན་པ༔ ཞལ་ནས་ཨཱ་རལླི་ཧོ་ཞེས་དང་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་འབྲུག་ལྟར་སྒྲོག་པ༔ སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་རྡོ་རྗེའི་ཐོག་སེར་མཚོན་ཆའི་བུ་ཡུག་སྤྲུལ་པའི་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོ་བ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ སྒེག་ཅིང་དཔའ་བ་མི་སྡུག་པ༔ རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་བ༔ སྙིང་རྗེ་རྔམ་གཏུམ་དང་ལྡན་པའོ༔ དེའི་སྤྱི་བོར་པདྨ་ཧེ་རུ་ཀ་ཡབ་ཡུམ༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་ཡབ་ཡུམ༔ མགྲིན་པར་རྟ་མགྲིན་དམར་པོ་ཡབ་ཡུམ༔ ཐུགས་ཀར་ཕྱག་ན་རྡོ་རྗེ་ཡབ་ཡུམ༔ ལྟེ་བར་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ༔ གསང་གནས་སུ་ཡཀྴ་མེ་དབལ་ཡབ་ཡུམ༔ སྤྱི་བོར་སྤྲུལ་པའི་བྱ་ཁྱུང་དམར་ནག་ལ་སོགས་པ་ཐམས་ཅད་རབ་ཏུ་ཁྲོས་པའི་ཆ་བྱད་ཅན༔ རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་གསལ་བར་གྱུར༔ དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་དང་རང་རང་གི་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས༔ རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་པ་སྐད་ཅིག་གིས་སྤྱན་དྲངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤྲཱི་པདྨ་ཧེ་རུ་ཀ་ས་མ་ཡ་ཛཿཡ་མ་རཱ་ཛ་ཧྱ་གྲཱི་ཝ་བཛྲ་པཱ་ཎི༔ ཌཱ་ཀི་ནཱི་ཧ་རི་ནི་ས་ཡཀྴ་ཀྲོ་དྷ་ཁྲོཾ་ག་རུ་ཌཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་འདྲེས༔ སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཡེ་ཤེས་ལྔའི་དབང་བསྐུར༔ དབང་རྟགས་སུ་རང་རང་གི་རིགས་བདག་རྣམས་ཀྱིས་དབུ་བརྒྱན་པར་གྱུར༔ རང་གི་ཐུགས་ཀར་ཕྱག་ན་རྡོ་རྗེ༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་ཙམ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་འབྲུ་ཙམ་གྱི་ལྟེ་བར་ཉི་གདན་ཉུང་འབྲུ་ཕྱེད་བཀས་ཙམ་གྱི་སྟེང་དུ་ཧཱུྃ་དམར་ནག་བ་སྤུས་བྲིས་པ་ལྟ་བུའི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་འཁོར་བ་ལས་འོད་ཟེར་མེ་ཡི་ཁ་དོག་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས་ནས་ལུས་ཐམས་ཅད་ཁེངས༔ སྡིག་པ་དང་སྒྲིབ་པ་འགལ་རྐྱེན་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས༔ འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་གཞལ་ཡས་ཀྱི་ཁང་པ༔ ནང་བཅུད་སེམས་ཅན་ཐམས་ཅད་ཧེ་རུ་ཀའི་རང་བཞིན༔ སྒྲ་གྲགས་ཐམས་ཅད་དྲག་པོ་སྔགས་ཀྱི་འུར་སྒྲ་དི་རི་རི་སྒྲོག་པར་བསམ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཛྙཱ་ན་བཛྲ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧྲཱིཿཧཱུྃ་བྷྱོ་ཧཱུྃ་ཕཊ༔ བདེ་གཤེགས་འདུས་པའི་རྩ་སྔགས་སྤྱི་དྲིལ་འདི༔ བསྐྱེད་རིམ་གསལ་ཞིང་བྱེ་བ་གྲངས་དང་སྦྱར༔ སེམས་ནི་ཡུལ་ལ་ཆགས་ཤིང་ཀུན་ཏུ་རྒྱུ༔ གཡེངས་ཤིང་བཟླས་པས་འབྲས་བུ་འབྱུང་མི་འགྱུར༔ མ་ཡེངས་རྩེ་གཅིག་ངང་དུ་བཟླས་པར་བྱ༔ རྟགས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་འབྱུང༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ༔ ས་དང་ལམ་གྱི་འགལ་རྐྱེན་བར་ཆད་ཞི༔ དྲེགས་པའི་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཐུལ༔ གཞན་ཚིག་མ་འདྲེས་པ་ནི་གནད་ཡིན་ནོ༔ ཐུན་བསྡུའི་དུས་ན་ཕྱི་སྣོད་འཇིག་རྟེན་ཀུན༔ སྲུང་བའི་འཁོར་ལོ་ཉིད་ལ་ཐིམ་པར་བསམ༔ སྲུང་བའི་འཁོར་ལོ་རང་གི་ལུས་ལ་བསྟིམ༔ རང་ལུས་འོད་དུ་ཞུ་ནས་ཧཱུྃ་ལ་བསྡུ༔ དེ་ཉིད་ནཱ་ད་ཐིག་ལེའི་བར་དུ་བསྡུ༔ ཐིག་ལེ་ཡལ་བ་སྤྲོས་མེད་ངང་དུ་བཞག༔ ཐུན་འཇུག་དུས་ན་ཆུ་ལས་ཉ་ལྡང་ཚུལ༔ སྐད་ཅིག་གཅིག་ལ་དྲག་པོའི་སྐུ་རུ་བསམ༔ རྒྱུན་དུ་སྙིང་གར་ཧཱུྃ་ཡིག་དམར་གསལ་གདབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ།། །།
ནོར་ལྷ་སྤྱིའི་གཏོར་ཆོག་ (Volume 50, Text 59)
ནོར་ལྷ་སྤྱིའི་གཏོར་ཆོག་བཞུགས་སོ། །ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ ནོར་གྱི་དབང་ཕྱུག་ཛམྦྷ་ལ༔ ཛམ་ལྷ་རིགས་དགུ་ནོར་དབང་བཅས། །ནོར་རྒྱུན་མ་དང་ལྷ་མོ་དཔལ། །ཕག་གདོང་མཆེད་ལྔ་གང་མཛེས་གཉིས། །ཀུན་འཁྱིལ་མཆེད་གསུམ་ཡེ་ཤེས་གྲགས། །ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ༔ ཇི་སྲིད་བར་དུ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཛཿཛ༔ ཏིཥྛ་ལྷན༔ སྟོང་གསུམ་འདི་འམ་གཞན་དག་གི༔ དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ༔ ཡིད་སྤྲུལ་རྟགས་བརྒྱད་རྒྱལ་སྲིད་བདུན༔ དངོས་འབྱོར་མཆོད་གཏོར་འདི་འབུལ་བཞེས༔ ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་སརྦ་སིདྡྷི་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཛལུཾ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛམྦྷ་ལ་སིདྡྷི་ཕ་ལ་ཧཱུྃ༔ ཨི་དཾ༴ ཨོཾ་ཨཱཿབཱ་སུ་པཱ་ཤཾ་ཧཱུྃ་ཛ༔ ཨི་དཾ༴ ཨོཾ་བཱ་སུ་དྷཱ་རི་ཎྱེ་སྭཱ་ཧཱ། ཨི་དཾ༴ ཨོཾ་དེ་བཱི་ཤྲཱི་ཡཻ་སྭཱ་ཧཱ། ཨི་དཾ༴ ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵཾ་དྷཱ་རི་ཎཱི་ཧཱུྃ་ཛཿརཏྣ་སིདྡྷི་སྭཱ་ཧཱ༔ ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ཡཀྴ་དེ་བཱི་བྷ་དྷི་ཧཱུྃ། དྷི་དྷ་ཧེ་ལུ་སྭཱ་ཧཱ། ཨི་དཾ༴ ཨོཾ་ཚོམ་མེ་ལེ་ཨུ་མེ་ནི་དུ་ཁ་ཐེན་སྭཱ་ཧཱ། ཨི་དཾ༴ ཏྲིའུ་ཏྲིའུ། ཨི་དཾ༴ ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ༴ ཧཱུྃ༔ བདེ་གཤེགས་སྦྱིན་པའི་ཕ་རོལ་ཕྱིན༔ གཟུགས་ཀྱི་སྐུར་སྤྲུལ་ཛམྦྷ་ལ༔ དྲན་པ་ཙམ་གྱིས་དབུལ་ཕོངས་སེལ༔ ཛཾ་ལྷ་རིགས་དགུ་ལ་སོགས་པའི། །ནོར་ལྷའི་ཚོགས་ལ་བདག་བསྟོད་དོ། །ཐོག་མེད་སེར་སྣའི་ལས་བསགས་རྣམས༔ མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག༔ དབུལ་ཕོངས་ཐམས་ཅད་ཞི་བ་དང༔ དཔལ་འབྱོར་ནོར་དབྱིག་འཕེལ་ཞིང་རྒྱས༔ འདོད་དགུ་སྣང་སྲིད་དབང་དུ་སྡུས༔ སྙིགས་དུས་མུ་གེའི་བསྐལ་པ་ཟློགས༔ ཐུགས་དམ་དུས་བབས་ས་མ་ཡ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་གནམ་ཆོས་ཛམ་ལྷ་སྤྱིའི་ལས་བྱང་ནང་དུ་ནོར་ལྷ་ཡན་གར་རྣམས་བཅུག་སྟེ་རང་གི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་འགྲུབ་སྦྱོར་ཉིན་པར་བསྒྲིགས་པའོ། །སརྦ་མངྒ་ལཾ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད་པའི་ལས་བྱང་དབང་ཆོག་དང་བཅས་པ་འཆི་མེད་བཅུད་འདྲེན་ (Volume 20, Text 59)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད་པའི་ལས་བྱང་དབང་ཆོག་དང་བཅས་པ་འཆི་མེད་བཅུད་འདྲེན་ཞེས་བྱ་བ་བཞུགས་སོ། ། བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །རང་བྱུང་འཆི་མེད་རྡོ་རྗེའི་སྐུ །ཚེ་དཔག་མེད་མགོན་ལ་བཏུད་ནས། །རིགས་ལྔ་གཅིག་འདུས་གདམས་ཟབ་ཀྱི། །སྨིན་གྲོལ་ཤིང་རྟའི་ཁ་ལོ་དྲང་། །དེའང་རྩ་བའི་གཞུང་ལས། ལས་རྣམས་ཀུན་གྱི་ཐོག་མར་ནི༔ རིག་འཛིན་ཚེ་ཡི་སྒྲུབ་པ་བྱ༔ ཞེས་གསུངས་པ་ལྟར་འཕྲལ་ཡུན་གྱི་དོན་ཆེན་སྒྲུབ་པའི་རྟེན་ལ་རྩོལ་བའི་བློ་གྲོས་ཅན་དག་གིས་ཐོག་མའི་འཇུག་ངོགས་འདི་ལ་གསུམ། རང་དོན་བསྙེན་སྒྲུབ། གཞན་དོན་སྨིན་བྱེད། གཉིས་ཀའི་དོན་ཚོགས་འཁོར་རྗེས་ཆོག་དང་བཅས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། འཕྲོས་དོན་ནོ། །དང་པོ་ལ་ལས་དང་ཆོ་ག་གཉིས་ལས། །དང་པོ་ནི། ཤིན་ཏུ་དབེན་པའི་གནས་སུ་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་བྱས་པར། དཀྱིལ་འཁོར་སྒོ་རྫོགས་རྟ་བབས་སྣམ་བུ་བཞི་མ་རྡོར་རྭ་འོད་ལྔའི་ཕྲེང་བས་བསྐོར་བའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དམར་པོ་ལ་གཙོ་བོ་ཡབ་ཡུམ། འདབ་བརྒྱད་ཕྱོགས་མདོག་ལ་ལྷ་མོ་བརྒྱད། སྒོ་བཞིར་མགྱོགས་མ་བཞིའི་སྐུའམ་ཕྱག་མཚན་ནམ་ཐིག་ལེ་ས་བོན་གྱིས་མཚན་མ་འགོད། མ་འབྱོར་ན་སྐྱོན་མེད་པའི་མཎྜལ་དྲི་བཟང་གིས་ཆག་ཆག་བཏབ་པར། མེ་ཏོག་དམར་པོའི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཀོད་པའི་དབུས་སུ་བུམ་པ་ཆས་ལྡན་བཅུད་ཀྱིས་བཀང་བའི་སྟེང་། དཀར་དམར་འབྲུ་ཟན་ལས་བཅོས་པའི་ཚེའི་འབྲང་རྒྱས་བུམ་གཟུགས་རྒྱན་གྱིས་སྤྲས་པ། དེ་དག་གི་གཡས་ཕྱོགས་སུ་རིན་པོ་ཆེའི་སྣོད་མར་གྱི་ཟེ་པྲོག་ཅན་གྱི་ནང་དུ་ཛ་གད་ཀྱི་ཉིང་ཁུ་སྨན་དང་སྦྱར་བ། གཡོན་དུ་བཅུད་ལེན་གྱི་རིལ་བུ། རྒྱབ་ཕྱོགས་སུ་མཆོད་གཏོར་བླ་གཏོར་དམར་པོའི་གཡས་སུ་སྨན་ཐོད། གཡོན་དུ་གཏེར་སྲུང་གཏོར་མ། སྟབས་གང་བདེར་ཚེ་མདའ་རྒྱན་ལྡན། མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། བསྙེན་སྒྲུབ་ཀྱི་སྐབས་སུ་བྱང་ཤར་མཚམས་འཛིན་ནས་བརྩམ་སྟེ་གཡས་སྐོར། གཞན་ཡང་ཚོགས་ཀྱི་ཡོ་བྱད། བགེགས་གཏོར། ཉེར་མཁོའི་ཡོ་བྱད་རྣམས་གྲབས་སུ་ཚུད་པར་བྱ། དབང་གི་སྐབས་སུ་དེ་སྟེང་གཙོ་བོ་དང་རིགས་ལྔ་སོ་སོ། སྒེག་སོགས་གཅིག་ཏུ་བྱས་པ། ཡུམ་ལྔའི་ཕྱག་རྒྱ་བཅས་ཀྱི་ཙཀ་ལིའང་བུམ་པའི་མདུན་དུ་བཀོད་དོ། །གཉིས་པ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ འཆི་མེད་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་བརླབ། སརྦ་བྷཱུཏ་ཨཱ་ཀརྵཱ་ཡ་ཛཿས་མགྲོན་དགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ༔ གསུམ་གྱིས་བསྔོ། བཀའ་བསྒོ་ཞིང་མཚམས་བཅད་པ་ནི། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བྱིན་དབབ་ཅིང་མཆོད་རྫས་བརླབ་པ་ནི་སྤོས་རོལ་དབྱངས་ཀྱི་སྦྱོར་བས། ཨོཾ་ཨཱཿཧཱུྃ༔ བླ་མ་ཆོས་སྐུའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལ་གཉིས། ཐུན་དང་ཐུན་མཚམས་ཀྱི་བྱ་བའོ། །དང་པོ་ལ་བསྐྱེད་བཟླས་ཀྱི་རྣལ་འབྱོར་གཉིས་ཀྱི་དང་པོ་ནི། བདག་མདུན་དུ་རྣམ་པར་བརྟགས་པ་སོགས་སྣང་སྲིད་ཀྱི་ཆོས་ཀུན་རང་སྣང་འོད་གསལ་གྱི་འཁོར་ལོ་གཅིག་ཏུ་ཡེ་ནས་རྫོགས་པའི་རང་བཞིན་ཡོངས་ཤེས་ཀྱི་ལྟ་སྒོམ་ཟུང་དུ་འབྲེལ་བས། ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདམར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཧྲཱི༔ དབུས་ཉིད་དྭངས་མ་འོད་ལྔའི་དཀྱིལ་འཁོར་དུ༔ རྨ་བྱས་བཏེག་པའི་རིན་ཆེན་སྣ་ཚོགས་ཁྲི༔ ཐབས་ཤེས་དབྱེར་མེད་པདྨ་ཉི་ཟླའི་སྟེང༔ རང་རིག་སོ་སོར་ཀུན་ཏུ་རྟོག་པ་ཡི༔ ཡེ་ཤེས་ཆེན་པོའི་ངོ་བོ་ཧྲཱིཿདམར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས༔ མཚན་དཔེའི་གཟི་འབར་ཞི་འཛུམ་སྒེག་པའི་ཉམས༔ མཉམ་གཞག་ཕྱག་རྒྱས་ཚེ་ཡི་བུམ་པ་འཛིན༔ རང་འོད་ཡུམ་འཁྱུད་བདེ་སྟོང་ཆེན་པོར་སྦྱོར༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ རང་བྱུང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ འཁོར་ལོ་ལྔ་རུ་རིགས་ལྔ་ཚེ་དཔག་མེད༔ དཀར་དམར་མཐིང་སེར་ལྗང་བའི་མདངས་འོད་འཚེར༔ ལོངས་སྐུའི་ཆས་རྫོགས་རང་རིག་ཡུམ་དང་འཁྲིལ༔ ཡབ་རྣམས་མཉམ་གཞག་ཚེ་ཡི་བུམ་པ་དང༔ ཡུམ་རྣམས་རང་རྟགས་ཕྱག་མཚན་ཚེ་བུམ་བསྣམས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་དང་བཅས་ཏེ༔ འོད་དང་འོད་ཟེར་འཁྲུགས་པའི་ཀློང་དུ་གསལ༔ དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་སྟེང༔ རྡོ་རྗེ་སྒེག་མོ་ཕྲེང་བ་གླུ་གར་དང༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ བདེ་བའི་ཉམས་བརྒྱས་རང་རང་མཆོད་སྤྲིན་སྤྲོ༔ སྒོ་བཞིར་ཚེ་ཡི་ལྷ་མོ་མགྱོགས་མ་བཞི༔ དཀར་སེར་དམར་ལྗང་རང་རྟགས་ཚེ་བུམ་འཛིན༔ བར་མཚམས་རྩ་གསུམ་ཚེ་ཡི་ལྷ་ཚོགས་ཀུན༔ བྱིན་རླབས་གཟི་བྱིན་འོད་སྐུར་ལམ་མེར་བཞུགས༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ པདྨ་མཎྜ་ལ་ཨཱཿཧཱུྃ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཚེ་ཡི་བདག་པོ་སྐུར་བཞེངས་ཤིག༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཚེ་དབང་མཐར་ཕྱིན་མཛད་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་བྱ་བ་ནི། ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ལ་ཕྱི་མཆོད་ལྷ་རྫས་ནི། ཧཱུྃ་ཧྲཱི༔ འཆི་མེད་ཚེ་ལྷའི་དཀྱིལ་འཁོར་སྤྱན་ལམ་དུ༔ དངོས་འབྱོར་ཡིད་ཀྱིས་རྣམ་པར་འཕྲུལ་པ་ཡི༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་མཚོ་ལྟར་བསྐྱིལ༔ དྲི་མེད་ཞབས་བསིལ་གངྒཱའི་རྒྱུན་བཞིན་སྦྲེང༔ ལྷ་རྫས་མེ་ཏོག་ཆར་གྱིས་ནམ་མཁའ་བཀང༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་བར་སྣང་ཁྱབ༔ སྣང་གསལ་ཉི་ཟླའི་ཚོགས་རྣམས་འོད་རབ་འབར༔ བྱུགས་པས་བདེ་བ་སྐྱེད་པ་བདུད་རྩིའི་ཆུ༔ རོ་བཅུད་ནུས་པ་ཕུན་ཚོགས་ཞལ་ཟས་རིགས༔ རོལ་མོ་གླུ་དབྱངས་ཀུན་བཟང་དབྱིངས་ཁྱབ་པ༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ནང་མཆོད་སྨན་དང་གཏོར་མ་ནི། ཨོཾ༔ རང་བྱུང་གདོད་ནས་རྣམ་པར་དག་པའི་རྫས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་གྱི་མཆོག༔ རྡོ་རྗེའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡེ་ཤེས་ལྔ་ལྡན་བདེ་བ་ཆེ༔ ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས༔ ཟེགས་མ་གང་ལ་རེག་པས་དོན་གྲུབ་པའི༔ ཕན་ནུས་ལྡན་པའི་ཕུད་འདི་ལྷ་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀཏ་ཁཱ་ཧི༔ ཚེ་དཔག་མེད་མགོན་འགྲོ་འདུལ་ཐུགས་རྗེའི་གཏེར། །མཚོ་སྐྱེས་རྡོ་རྗེ་འཆི་མེད་བི་མ་ལ། །མནྡཱ་ར་བ་ཡེ་ཤེས་མཚོ་རྒྱལ་ལ། །སྨན་མཆོད་འབུལ་ལོ་འཆི་མེད་ཚེ་དབང་སྩོལ། །ཆོས་རྒྱལ་ཡབ་སྲས་ཚེ་མཆོག་གྲུབ་པའི་འཁོར། །ཟབ་གཏེར་མཛོད་འཛིན་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབ་ཆོས་བདག་བརྒྱུད་པར་བཅས་རྣམས་ལ། །སྨན་མཆོད་འབུལ་ལོ་འཆི་མེད་ཚེ་དབང་སྩོལ། །རིགས་ལྔ་ཚེ་དཔག་མེད་མགོན་ཡབ་དང་ཡུམ། །ལྷ་མོ་བརྒྱད་དང་ལས་བྱེད་མགྱོགས་མ་བཞི༔ བཀའ་སྲུང་ཕོ་ཉ་དམ་ཅན་རྒྱ་མཚོ་ལ༔ སྨན་མཆོད་འབུལ་ལོ་འཆི་མེད་ཚེ་དབང་སྩོལ༔ ལྷག་མ་དངོས་གྲུབ་བླང་བ་ནི། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཧཱུྃ་ཧྲཱི༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ དཔལ་གྱི་གཏོར་མ་བརྗིད་ལྡན་འགྱིང་བ་འདི༔ རིགས་འདུས་ཚེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ གསང་མཆོད་སྒེག་སོགས་བརྒྱད་ནི། ཧཱུྃ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་སྒེག་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ལཱ་སྱེ་ཧཱུྃ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་བཞད་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མཱ་ལེ་ཏྲཱཾ༔ ཧྲཱི༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་གླུ་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གཱི་ཏཱི་ཧྲཱི༔ ཨཱ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་གར་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ནཱིརྟཱི་ཨཱ༔ ཧཱུྃ༔ དགའ་བའི་ཡེ་ཤེས་ངོ་བོ་ཉིད༔ བྱམས་པའི་རང་བཞིན་བདུག་པ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཏྲཱཾ༔ མཆོག་དགའི་ཡེ་ཤེས་ངོ་བོ་ཉིད༔ སྙིང་རྗེའི་རང་བཞིན་མེ་ཏོག་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཧྲཱི༔ དགའ་བྲལ་ཡེ་ཤེས་ངོ་བོ་ཉིད༔ དགའ་བའི་རང་བཞིན་སྣང་གསལ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨཱ༔ ལྷན་སྐྱེས་ཡེ་ཤེས་ངོ་བོ་ཉིད༔ བཏང་སྙོམས་རང་བཞིན་དྲི་ཆབ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གནྡྷེ་ཨཱ༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ནི། ཧྲཱི༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱིས༔ པདྨའི་རིགས་སུ་རྣམ་འཕྲུལ་པ༔ འཆི་མེད་མགོན་པོ་བཅོམ་ལྡན་འདས༔ ཚེ་ཡི་བདག་པོར་ཕྱག་འཚལ་བསྟོད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ བདེ་མཆོག་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ འགྲོ་བའི་རྒྱུད་ལྔ་སྦྱོང་མཛད་པ༔ རིགས་ལྔ་ཚེ་དཔག་མེད་ལ་བསྟོད༔ རང་བྱུང་མཆོད་པའི་སྤྲིན་སྤྲོ་བའི༔ བདེ་ཆེན་སྐྱེད་མཛད་ཡུམ་རྣམས་དང༔ ཚེ་ཡི་ལས་བྱེད་མགྱོགས་མའི་ཚོགས༔ དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ ཨ་ལ་ལ་ཧོ༔ གཉིས་པ་བཟླས་པའི་རྣལ་འབྱོར་ནི། བསྙེན་པའི་སྐབས་ཛཔ྄་ཁང་དབྱེ་མི་དགོས་ཤིང་། སྒྲུབ་པ་དང་དབང་བསྐུར་ལས་ཚོགས་སྒྲུབ་པ་སོགས་མདུན་བསྐྱེད་གཙོར་འདོན་པའི་སྐབས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་སྙིང་པོའི་གཤམ་དུ། ཕཊ་ཛཿབཏགས་པས། ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་མདུན་དཀྱིལ་སྒྲུབ་རྫས་ཀྱི་གོ་སར་ཕྱེས་ཏེ་དབྱེར་མེད་དུ་བཞུགས་པར་མོས་ལ། ཛཔ྄་དམིགས་ནི། རང་གི་སྙིང་དབུས་སྟོང་གསལ་འོད་ལྔའི་ཀློང༔་་་ཛཔ྄་ཁང་དབྱེ་སྐབས། བདག་མདུན་ཐུགས་ཀར་སོགས་ཁ་བསྒྱུར་ཤེས་པར་བྱ། མི་བསྐྱོད་ཚེ་དཔག་མེད་མགོན་ཐུགས་ཀ་རུ༔ རྒྱ་གྲམ་ལྟེ་བར་ཉི་ཟླའི་ག་འུའི་དབུས༔ ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨ་ཡིས་མཚན༔ དེ་ལ་ཚེ་ཡི་སྙིང་པོས་བསྐོར་བ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་སྤྲོས༔ རང་གི་བླ་ཚེ་ཆད་ཉམས་ཡར་བ་དང༔ འབྱུང་ལྔའི་དྭངས་བཅུད་སྐྱེ་འགྲོའི་ཚེ་བསོད་སྟོབས༔ རྒྱལ་བ་སྲས་བཅས་མཁྱེན་བརྩེའི་ཡེ་ཤེས་ཚེ༔ མ་ལུས་བདུད་རྩིའི་རྣམ་པར་འུབ་ཀྱིས་བསྡུས༔ རིགས་ལྔ་ཚེ་དཔག་མེད་པའི་བུམ་པར་འཁྱིལ༔ ཞུ་ཞིང་ཁོལ་བས་རང་ལུས་ནང་ཀུན་ཁྱབ༔ སྒྲིབ་པ་ལྔ་དག་ཁམས་ལྔའི་ཚེ་ཉམས་གསོས༔ འབྱུང་ལྔའི་དྭངས་མས་ཡེ་ཤེས་ཚེ་འཕེལ་ནས༔ རིགས་ལྔ་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧྲཱི༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཏྲཱཾ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱ༔ ཞེས་རྩ་བའི་སྙིང་པོ་འབུམ་ཕྲག་བཅུ་གཉིས། རིགས་ལྔ་སོ་སོར་དེ་ཡི་བཅུ་ཆ་རེ་བཟླས་པས་བསྙེན་པའི་རིམ་པ་རྫོགས་པར་གསུངས་སོ། །གཉིས་པ་ནི། ཐུན་མཚམས་ལ་བབས་པ་ན། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆགས་བཤགས། མ་ཧཱ་ཨ་མྲྀཏ་བ་ལིཾ་ཏཱ་ཁཱ་ཧི། ཞེས་སྟོང་ཚིགས་སྤྱི་ལྟར་བྱ། མཆོད་བསྟོད་ཅུང་ཟད་རྒྱས་པར་སྤྲོས་ཀྱང་རུང་། ཧྲཱིཿཧྲཱིཿཧྲཱི༔ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་ཡུམ་དང༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལཱི༔ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུང༔ མི་འགྱུར་ཚེ་ལ་མངའ་བརྙེས་བཱི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྡཱ་ར༔ བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབ་ལྷ་སྲས་རོལ་པ་རྩལ༔ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གསོལ་འདེབས་བྱ། ཚེ་འགུགས་པའི་དམིགས་པ་ནི། ཚེ་བདག་རིགས་ལྔའི་ཐུགས་སྲོག་སྦྱོར་མཚམས་ནས༔ འོད་འཕྲོས་ཕོ་ཉ་མགྱོགས་མའི་ཚོགས་བཅས་བསྐུལ༔ དེ་དག་ཀུན་དང་འོད་ཟེར་ལྕགས་ཀྱུ་ཡིས༔ རང་གི་བླ་ཚེ་གདོན་གྱིས་བརྐུས་པ་དང༔ ཆད་དང་ཉམས་དང་ཡར་བ་ཐམས་ཅད་དང༔ འཁོར་འདས་སྣོད་བཅུད་ཚེ་ཡི་དྭངས་མ་ཀུན༔ དབང་མེད་བསྡུས་ཏེ་བདག་ལ་ཐིམ་པ་ཡིས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ མདའ་དར་གཡབ་ཅིང་སྙན་པའི་དབྱངས་བཅས། ཧཱུྃ་ཧྲཱི༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་བསོད་དཔལ༔ སྟེང་འོག་མཚམས་ཀྱི་འབྱུང་པོས་ཕྲོགས་པའི་ཚེ༔ ནམ་མཁའི་བཅུད་དང་བུདྡྷའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ འགྱུར་མེད་བདེ་གཤེགས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ ཧཱུྃ་ཧྲཱི༔ སྣང་མཐའ་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་བསོད་དཔལ༔ ནུབ་ཕྱོགས་ཀླུ་དབང་ལག་ནས་བླ་ཚེ་ཁུག༔ མེ་ཡི་བཅུད་དང་པདྨའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ འགག་མེད་པདྨ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧྲཱི༔ ཧཱུྃ་ཧྲཱི༔ མི་བསྐྱོད་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་བསོད་དཔལ༔ ཤར་ཕྱོགས་དྲི་ཟའི་ལག་ནས་བླ་ཚེ་ཁུག༔ ཆུ་ཡི་བཅུད་དང་རྡོ་རྗེའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ འཕོ་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཧཱུྃ་ཧྲཱི༔ རིན་འབྱུང་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་བསོད་དཔལ༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་བླ་ཚེ་ཁུག༔ ས་ཡི་བཅུད་དང་རཏྣའི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ རྩོལ་མེད་རིན་ཆེན་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཏྲཱཾ༔ ཧཱུྃ་ཧྲཱི༔ དོན་གྲུབ་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ ཕོ་ཉ་མགྱོགས་མའི་ཚོགས་རྣམས་མཐུ་རྩལ་སྐྱེད༔ སངས་རྒྱས་བྱང་སེམས་དྲང་སྲོང་རིག་པ་འཛིན༔ འཇིག་རྟེན་བསོད་ནམས་ཅན་གྱི་ཚེ་བསོད་དཔལ༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་བླ་ཚེ་ཁུག༔ རླུང་གི་བཅུད་དང་ལས་ཀྱི་ཚེ་མཆོག་ཀུན༔ བཀྲ་ཤིས་ཚེ་ཡི་བུམ་པའི་ནང་དུ་སྐྱིལ༔ བདག་ཅག་ཚེ་སྲོག་བརྟན་པའི་ལས་མཛོད་ཅིག༔ ཐོགས་མེད་ཕྲིན་ལས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱ༔ ཞེས་བསྐུལ་བས། ཚེ་བཅུད་རྣམས་ཀྱིས་རང་གི་ལུས་གང་སྟེ༔ ཉི་ཟླའི་ཁ་ཕྱེས་ནྲྀ་ལ་འུབ་འུབ་འདུས༔ འོད་ལྔ་འབར་ཞིང་རྡོ་རྗེའི་ཚེ་ཐོབ་གྱུར༔ ཞེས་མོས་ལ། རང་དོན་བསྙེན་སྒྲུབ་ཀྱི་སྐབས་སུ་རླུང་རོ་ལན་གསུམ་བསལ་བས་ཚེའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སངས་ཀྱིས་དག་པར་མོས། རླུང་ཁ་ནས་ཧུབ་ཧུབ་ཅེས་རྔུབ་ཅིང་ནུས་ན་བུམ་ཅན་དང་། མི་ནུས་ན་བར་རླུང་བཟུང་བས། འོད་ཀྱིས་ལུས་གང་ཉི་ཟླ་ཁ་བསྒྲིགས་ནས༔ འོག་གི་རྡོ་རྗེའི་རྭ་རྣམས་སྟེང་དུ་མདུད༔ གཟུངས་སྔགས་དམར་པོའི་ཐག་པས་ལན་གསུམ་བསྡམས༔ ཅིས་ཀྱང་མི་འགྱུར་མི་ཤིགས་རབ་ཏུ་བརྟན༔ དེ་སྟེང་ཧྲཱིཿདམར་ལས་སྐྱེས་རྟ་མགྲིན་ནི༔ གྲི་ཐོད་འཛིན་པས་ཚེ་གེགས་སྲུང་བར་གྱུར༔ ཅེས་མོས་ལ་སྙིང་པོ་རྣམས་དང་། རྟེན་འབྲེལ་སྙིང་པོ་བརྗོད། ཧཱུྃ་ཧྲཱི༔ འཁོར་འདས་ཚེ་རྣམས་འབྱུང་བ་ལྔ་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་འཕེལ་ཏེ༔ མི་འགྱུར་དྭངས་མ་ནྲྀ་ལ་རྒྱས་ཐེབས་པས༔ འཆི་མེད་རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་རཀྵ་རཀྵ་བྷྲཱུྃ༔ ཞེས་པ་རྣམས་ཀྱིས་བརྟན་པར་བྱ། མཐར་ཐུག་བསྒྲུབ་བྱ་སྒྲུབ་བྱེད་ཀྱིས་མཚོན་པའི་ཆོས་ཐམས་ཅད་གདོད་ནས་མ་སྐྱེས་པ་ཆོས་ཉིད་རང་བྱུང་མ་བཅོས་བདེ་བ་ཆེན་པོའི་ངང་། འཆི་མེད་གཉུག་མའི་ཡེ་ཤེས་མི་འགྱུར་བའི་རང་བཞིན་དུ་མོས་ལ་ཆོས་ཀྱི་དབྱིངས་སུ་ཚེ་སྦ། སྐུ་གསུང་ཐུགས་རྟེན་སྒྲུབ་པ་སོགས་དང་འབྲེལ་ན། ཡེ་ཤེས་ཀྱི་འཁོར་ལོ་མདུན་རྟེན་ལ་བརྟན་བཞུགས་བྱ་ཞིང་མེ་ཏོག་འཐོར། གཞན་དུ་རང་ལ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འདུས། དམ་ཚིག་གི་འཁོར་ལོ་ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་གཞུག །ཕཊ་ཕཊ་ཕཊ་ཀྱིས་གཉུག་མའི་སྐུར་ལྡང་། ཐལ་མོ་མེ་ཏོག་དང་བཅས་རྡོ་རྗེའི་ཚིག་གི་སྨོན་ལམ་འདི་ཉིད་ལན་གསུམ་བརྗོད་པར་བྱ་སྟེ། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས་ཚེ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཀུན་ལ་ཁྱབ༔ ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་ཐོབ་ཤོག༔ ཅེས་དང་། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ལ་མེ་ཏོག་འཐོར་ཞིང་དགེ་བའི་སྤྱོད་ལམ་ལ་འཇུག་པར་བྱའོ། །གསུམ་པ་འཕྲོས་དོན་ནི། ཕྲིན་ལས་ཀྱི་རིམ་པ་དེ་ལྟ་བུས་ཐུན་བཞིར་བཅད་དེ་གྲངས་རྟགས་ཀྱི་བསྙེན་པ་མ་སོང་བར་དུ་ཐུན་གྱི་དངོས་གཞིར་བསྐྱེད་བཟླས་ཁོ་ནར་འབུང་། སྔོན་གཏོར་ཐོག་མ་ཁོ་ན་ལས་མི་དགོས་ཤིང་དཀྱུས་སུ་གཏོར་མ་འདི་ལོངས་ཞེས་པ། གནས་འདིར་མ་འདུག་ཅེས་བསྒྱུར། གསུང་རིག་པས་ཚེ་བསྲིང་བའི་ཟ་ཡིག་སྲོག་གཟའ་དར་བའི་ཉི་ཤར་ནས་དབུ་བརྩམ་ནངས་རེ་བཞིན་ཟ། ཐོར་ཐུན་གྱི་གཤམ་དུ་མི་བསྐྱོད་ནམ་མཁའི་བཅུད་ལེན། སྔ་ཐུན་གྱི་མཚམས་སུ་རིན་འབྱུང་ཆུ་སྦྱིན། གུང་ཐུན་གྱི་མཚམས་འོད་དཔག་མེད་ཀྱི་སྲེག་བླུགས། དགོང་ཐུན་གཤམ་དུ་ཚོགས་འཁོར། སྲོད་ལ་ཙཎྜ་ལཱིའི་རྣལ་འབྱོར། སྐབས་ཅི་བདེ་བར་རྣམ་སྣང་སཱཙྪ། དོན་གྲུབ་ཅོད་པན། འབྱུང་བ་ལྔ་འདུས་ཀྱི་ཚེ་ཐར་སོགས་ཅི་འགྲུབ་བྱས་པས་དུས་ཀྱི་ཆད་པ་ལས་གྲོལ་བ་དང་། འཆི་མེད་རྡོ་རྗེའི་གོ་འཕང་འགྲུབ་པ་ལྷན་ཅིག་ཏུ་འགྱུར་རོ། །དེ་ལ་ཙཎྜ་ལཱི་ནི་བསྐྱེད་པའི་རྣལ་འབྱོར་སྔོན་སོང་གིས་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ལ། འབྱུང་ལྔའི་འཆི་བསླུ་རྣམ་ལྔ་བསྙེན་པ་སྔོན་དུ་མ་སོང་ཡང་རུང་། ཁོལ་འདོན་རྐང་ཚུགས་སུ་བསྒྲུབ་ན་ཤིན་ཏུ་ལེགས་སོ། །བསྙེན་པ་མཐར་ཕྱིན་ནས་མྱོང་གྲོལ་འཆི་མེད་རྡོ་རྗེའི་རིལ་བུ་ལ་བརྟེན་ནས་ཡོངས་རྫོགས་སྒྲུབ་ཆེན་གྱི་ཁོངས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚེའི་སྒྲུབ་ཐབས་དང་། འབྱུང་ལྔའི་འཆི་བསླུ་སོགས་རྫོགས་པར་བྱས་པའི་ཕན་ཡོན་ཚད་མེད་པར་གཞུང་དུ་གསལ་ཞིང་། དེའི་ལག་ལེན་གཞན་དུ་ཤེས་པར་བྱའོ། །བསྙེན་སྒྲུབ་ཀྱི་གཤམ་དུ་དངོས་གྲུབ་ལེན་པ་དང་འབྲེལ་བའམ། དུས་གཞན་དུའང་རང་ཉིད་དབང་བརྒྱ་ལ་སོགས་པ་ལེན་པར་སྤྲོ་ན། འོག་ཏུ་སློབ་མར་བྱ་བ་ཇི་སྙེད་སྨྲས་པ་རྣམས་བདག་ཉིད་འཇུག་པ་ལ་ཁ་སྤོས་ཏེ་བླངས་པས་དོན་འགྲུབ་པ་ཡིན་ནོ། །གཉིས་པ་གཞན་དོན་སྨིན་བྱེད་ཀྱི་རིམ་པ་ལ། བདག་མདུན་སྒྲུབ་མཆོད་བཟླས་པ་གསོལ་འདེབས་ཚེ་འགུགས་ཡན་གྲུབ་པ་དང་། ཐོག་མར་རང་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་བདག་འཇུག་རྫོགས་པར་བླང་བའམ། མི་ལྕོགས་ན་གཉིས་མེད་དགོངས་པའི་གདིང་བསྐྱེད་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་ཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ བྱང་ཆུབ་སེམས་སུ་རོ་གཅིག་པར༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཏྭཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས། རུང་བར་གྱུར་པའི་སློབ་མ་རྣམས་ཁྲུས་ནས་དབྱུང་། ལས་བྱང་སྔོན་འགྲོའི་ཆོས་ལྟར་གཏོར་མ་བསྔོས། མཚམས་སྲུང་ཤྭ་ལོ་ཀའི་མཐར་རྟ་སྔགས་དང་སུམ་བྷ་སྦྲེལ། གུ་གུལ་ཡུངས་ཐུན་ཚམ་རྔམ་བཅས་བགེགས་བསྐྲད། རྡོ་རྗེའི་ས་གཞི་རྭ་གུར་བླ་བྲེ་ཁྲོ་ཆུང་དང་མཚོན་ཆ་རྣམ་ལྔ་མེ་རབ་ཏུ་འབར་བའི་སྲུང་བའི་འཁོར་ལོ་ཅིས་ཀྱང་མི་ཤིགས་པས་གཏམས་པ་ལ་བར་དུ་གཅོད་པས་ཉེ་མི་ནུས་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ མཎྜལ་བཀྱེ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་འཆི་བའི་འཇིགས་པ་ལས་གྲོལ་ཞིང་། མཐར་ཐུག་མགོན་པོ་ཚེ་དང་ཡེ་ཤེས་འོད་དཔག་མེད་ཀྱི་གོ་འཕང་ལ་འགོད་པའི་སླད་དུ། ཟབ་མོའི་དབང་བསྐུར་ལེགས་པར་གསན་ལ་ཁྱད་པར་འཕགས་པའི་གདམས་པ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་བཏབ་ནས་གསན་པར་ཞུ། དེའང་སློབ་དཔོན་ཆེན་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་དལ་འབྱོར་འདི་ཆུད་མི་ཟ་བའི་ཕྱིར་ཆོས་ལ་སྤྱོད་དགོས་ཀྱང་། འཆི་མེད་ཀྱི་བཙན་ས་མ་ཟིན་བར་དུ་སྐྱེས་བུའི་ཚེ་ལ་ངེས་པ་མེད་པས་ཚེ་སྲིང་ཞིང་འཆི་མེད་ཀྱི་གོ་འཕང་སྒྲུབ་པ་ནི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པ་ཁོ་ན་སྟེ། གཏེར་གཞུང་རྡོ་རྗེའི་གསུང་ལས། ལས་རྣམས་ཀུན་གྱི་ཐོག་མར་ནི༔ རིག་འཛིན་ཚེ་ཡི་སྒྲུབ་པ་བྱ༔ ཞེས་གསུངས། ཆོས་ལྡན་གྱི་ཚེ་རིང་དུ་གནས་པ་ནི་དགོས་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། གཞུང་ལས། ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་པའི༔ ཚེ་རིང་བ་ནི་དགེ་བ་སྟེ༔ འདི་དང་ཕྱི་མའི་དོན་གྲུབ་ཅིང༔ དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར༔ ཞེས་གསུངས་པ་ལྟར་རོ། ཚེ་སྲིང་བའི་ཐབས་སྨན་སྔགས་རྫས་ཀྱི་འཁྲུལ་འཁོར་རླུང་དང་བཅུད་ལེན་གྱི་སྦྱོར་བ་སོགས་ཇི་སྙེད་ཅིག་ཡོད་ཀྱང་། མཆོག་ཐུན་མོང་གཉིས་ཀ་གཅིག་ཆར་དུ་འགྲུབ་པ་གསང་སྔགས་ཡོ་ག་གསུམ་གྱི་གདམས་པ་ཉིད་ཆེས་མཆོག་ཏུ་གྱུར་པ་ཡིན་ལ། ཇི་སྐད་དུ། དེ་ལ་རྣམ་གྲངས་བསམ་ཡས་ཀྱང༔ བླ་མ་པདྨ་ཚེ་དཔག་མེད༔ རིགས་ལྔ་གཅིག་ཏུ་འདུས་པ་ཡི༔ གདམས་པ་ཟབ་མོ་འདི་འདྲ་བ༔ སྔོན་ཆད་རྒྱ་ཆེར་སྤེལ་བ་མེད༔ ད་ལྟར་མངའ་བདག་རྗེ་འབངས་དང༔ མ་འོངས་སྐྱེ་འགྲོའི་དོན་སླད་དུ༔ རང་བྱུང་པདྨ་བདག་གིས་བསྟན༔ ཅེས་གསུངས་པ་ལྟར། རིགས་ལྔ་གཅིག་འདུས་བླ་མ་ཚེ་དཔག་མེད་པའི་གདམས་ཟབ་འདི་ནི། སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེས་བོད་ཀྱི་རྗེ་འབངས་རྣམས་ལ་ཐུགས་བརྩེ་བས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་བཀའ་རྩ་བ། རྒྱས་བཤད། མན་ངག །ཁྱད་པར་སྟེ་རིམ་བཞིར་གསུངས་པ་ལས་ཁྱད་པར་ཅན་གྱི་རིན་ཆེན་ཕོན་པོའི་ཆོས་སྡེའི་སྐོར་རྣམས། ཁམས་དབུས་བར་གྱི་ས་མཚམས་སྐུའི་ཡོན་ཏན་གྱི་གནས་ཆེན་ཁ་ལ་རོང་སྒོའི་བྲག་རི་དཔལ་ཆེན་པོ་རང་བྱོན་གྱི་ཞབས་འོག་ཏུ་ཟབ་མོའི་རྒྱ་རིམ་པ་བདུན་གྱི་རྒྱས་བཏབ་ནས་མི་སྣང་བའི་གཏེར་དུ་སྦས་པ། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙད་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་གསང་གཏེར་དུ་སྤྱན་དྲངས་ཤིང་། ལོ་བརྒྱད་ཤིན་ཏུ་གསང་བའི་རྒྱས་བཏབ་པ། དུས་ཀྱི་འགྱུར་བ་དང་སྐལ་ལྡན་གྱི་ཆོས་བདག་སོགས་དུས་ལ་བབ་ངེས་པའི་ལྟས་གཟིགས་ནས་སྤེལ་པར་མཛད་པ་ཡིད་བཞིན་ནོར་བུའི་བང་མཛོད་ཁ་ཕྱེ་བ་ལྟ་བུའི་རྩ་བའི་ཆོས་བཀའ་བཅོ་ལྔ། ཁ་ཚར་དང་བཀའ་སྲུང་གི་སྡེ་ཚན་བཅས་བཞུགས་པའི་ཐོག་མར་རིགས་བདག་སྣང་བ་མཐའ་ཡས་ལ་བསྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པའི་དབང་བསྐུར་ཟབ་མོ་བགྱི་བ་ལ། བདག་ཉིད་ཀྱིས་བགྱི་བར་འོས་པའི་ཆོ་གའི་རིམ་པ་རྣམས་སྔོན་དུ་ལེགས་པར་གྲུབ་པ་ཡིན་པས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བར་ཞུ། །ཞེས་མཎྜལ་འབུལ་དུ་གཞུག །བླ་མ་དང་པདྨ་ཚེ་དཔག་མེད་ཐ་མི་དད་པའི་དྲུང་དུ་སྒོ་གསུམ་གུས་པ་ཆེན་པོས་ཐལ་མོ་མེ་ཏོག་དང་ལྡན་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ དུས་གསུམ་སངས་རྒྱས་ཚེ་བདག་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་བར་ཆད་སོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་བསྩལ་དུ་གསོལ༔ ཞེས་ལན་གསུམ། བླ་མ་ཚེ་འོད་མཐའ་ཡས་དཀྱིལ་འཁོར་ལྷ་ཚོགས་སྐྱབས་ཡུལ་ཞིང་གི་རྡུལ་སྙེད་ཀྱི་སྤྱན་སྔར། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་པ་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ འཆི་མེད་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། ཚོགས་ཀྱི་ཞིང་དེ་དག་གི་མདུན་སར་གསག་སྦྱོང་ཕུལ་དུ་གྱུར་པ་ཡན་ལག་བདུན་པའི་རིམ་པ་ལ་བསླབ་བོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱི༔ བླ་མ་ཚེ་དཔག་མེད་མགོན་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆགས་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱོད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ དེ་ནས་དབང་གི་གཞི་དགོད་པ་ལ་ཡེ་ཤེས་པ་དབབ་པའི་སླད་དུ་ཏིང་ངེ་འཛིན་བརྡ་སྤྲོད་པ་འདི་དག་མ་ཡེངས་པར་བསྒོམ་འཚལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་ལ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། རང་རིག་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་དམར་གསལ་ཞལ་གཅིག་ཞི་འཛུམ་སྒེག་པའི་ཉམས་ཅན། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེ་བུམ་བཅུད་ཀྱིས་བཀང་བ་བསྣམས་པ། མཚན་དཔེའི་གཟི་བརྗིད་འབར་ཞིང་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། རང་འོད་ཀྱི་ཡུམ་པདྨ་དང་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི། སྐུའི་གནས་ལྔར་རིགས་ལྔའི་ཚེ་བདག་ཡབ་ཡུམ་དཀར་དམར་མཐིང་སེར་ལྗང་བའི་མདོག་ཅན་ཆ་ལུགས་གཙོ་བོ་དང་མཚུངས་པ་དྭངས་མ་ལྔ་ལྡན་འོད་ཀྱི་ཐིག་ལེའི་ཀློང་དུ་བཞུགས་པའི། སྙིང་དབུས་མི་བསྐྱོད་ཚེ་དཔག་མེད་པའི་ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་དེའི་དབུས་སུ་ཧཱུྃ་དམར་གསལ་གྱི་ཁོག་པར་ནྲྀ་ལྗང་གུའི་མིག་ཏུ་ཨ་དཀར་པོས་མཚན་པ། མཐའ་སྐོར་དུ་ཚེའི་སྙིང་པོས་བསྐོར་བ་དང་། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས། འབྱུང་ལྔའི་དྭངས་བཅུད། སྐྱེ་འགྲོའི་ཚེ་བསོད། ཁྱད་པར་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་མཁྱེན་བརྩེའི་ཡེ་ཤེས་ཆེན་པོའི་ཚེའི་བྱིན་རླབས་ཐམས་ཅད། ཚེ་དཔག་མེད་པའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྣམ་པར་ཆར་ལྟར་བསྡུས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་མཛོད། དབྱངས་རོལ་སྦྱར་སྤོས་བཏུལ་བ་བཅས། ཧཱུྃ་ཧྲཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཚེ་ཡི་བདག་པོ་སྐུར་བཞེངས་ཤིག༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཚེ་དབང་མཐར་ཕྱིན་མཛད་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད། ཡེ་ཤེས་པ་རྒྱུད་ལ་དབབ་པ་དེ། ཇི་སྲིད་བྱང་ཆུབ་ཆེན་པོ་མངོན་དུ་བྱས་པ་དེ་སྲིད་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཀོད་ལ། ཏིཥྛ་བཛྲ། དངོས་གཞི་དབང་བསྐུར་བ་ལ། ཐོག་མར་ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལ་ཐོག་མར་ཐུན་མོང་ཚེའི་བྱིན་རླབས་ཀྱི་སླད་དུ། ཚེ་འབྲང་འདི་ཉིད་མ་ཧཱ་གུ་རུ་པདྨ་ཚེ་དཔག་ཏུ་མེད་པ་དངོས་སུ་གསལ་བའི་སྤྱི་གཙུག་ཏུ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ། དད་མོས་གདུང་ཤུགས་དྲགས་པོས་ཐུགས་རྒྱུད་བསྐུལ་པས་གསང་བ་གསུམ་གྱི་འོད་ཟེར་ལྕགས་ཀྱུས་བརྟན་གཡོའི་ཚེ་བཅུད། རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ཏེ་གོང་མ་རྣམས་རིམ་པར་གཅིག་ལ་གཅིག་ཐིམ་གྱི་མཐར་བླ་མ་ཚེ་དཔག་མེད་པའི་ཕྱག་གི་བུམ་པ་ལས་བདུད་རྩི་བབ། ཁྱེད་རང་གི་ལུས་ལ་ཞུགས་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་མོས་མཛོད། ཧྲཱིཿཧྲཱིཿཧྲཱི༔ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སྐུ་ལྔའི་ཚེ་ཡི་བདག་པོ་ཡབ་ཡུམ་དང༔ ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཙཎྜ་ལཱི༔ འཆི་མེད་སྐུ་བརྙེས་རིག་འཛིན་པདྨ་འབྱུང༔ མི་འགྱུར་ཚེ་ལ་མངའ་བརྙེས་བཱི་མ་ལ༔ ཚེ་ལམ་གྲུབ་པའི་ཕྱག་རྒྱ་མནྡཱ་ར༔ བདེ་ཆེན་ཚེ་ལ་དབང་ཐོབ་མཚོ་རྒྱལ་ཡུམ༔ ཚེ་ཡི་བཀའ་བབ་ལྷ་སྲས་རོལ་པ་རྩལ༔ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་སོགས༔ རིག་འཛིན་ཚེ་ཡི་རྩ་བརྒྱུད་བླ་མ་རྣམས༔ མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ༔ འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ བུམ་པ་ཐོགས་ལ། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་བརྟེན་ནས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར་བའི་སླད་དུ། བུམ་པ་རང་བྱུང་འོད་གསལ་གཞལ་ཡས་ཁང་གི་ནང་དུ་སྙིང་པོ་འཆི་མེད་ཚེ་ལྷ་གཙོ་འཁོར་བཞུགས་པའི་སྐུ་ལས་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་བབ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། གློ་བུར་འཕོ་བའི་དྲི་མ་བག་ཆགས་དང་བཅས་པ་བཀྲུས། མི་ཤིགས་རྟག་བརྟན་རྡོ་རྗེའི་བཅུད་ཀྱིས་རྒྱུད་གང་བའི་མོས་པ་མཛོད། ཧཱུྃ་ཧྲཱི༔ བཀྲ་ཤིས་འོད་གསལ་ཚེ་ཡི་གཞལ་ཡས་ན༔ མི་འགྱུར་སྙིང་པོ་ཡེ་ཤེས་ལྷ་ཚོགས་བཞུགས༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས༔ འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པར་ཤོག༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཙཀ་ལི་རྣམས་རིམ་པར་ཐོགས་ལ། བྱེ་བྲག་སྐུ་ཕྱག་རྒྱའི་དབང་གི་སླད་དུ་དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ལས་སྐུ་གཉིས་པ་འཕྲོས། ཁྱེད་རང་ལ་ཐིམ་པས་ངེས་པ་ལྔ་ལྡན་གྱི་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པར་མོས་མཛོད། ཧྲཱི༔ གདོད་མའི་མགོན་པོ་རིགས་རྣམས་ཀུན་གྱི་གཙོ༔ པདྨ་ཚེ་དཔག་མེད་ཀྱི་གསང་གསུམ་གྱི༔ སྐུ་དང་ཡེ་ཤེས་ཚེ་ཡི་དབང་མཆོག་ཀུན༔ སྐལ་ལྡན་ལུས་ངག་ཡིད་ལ་བསྩལ་དུ་གསོལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གནས་ལྔར་བཞུགས་པའི་རིགས་ལྔ་ལས་རང་འདྲ་སྤྲོས་ཏེ་ཁྱེད་རང་གི་གནས་སོ་སོར་ཐིམ་པས་མི་ཟད་པ་རྒྱན་གྱི་འཁོར་ལོར་དབང་ཐོབ་པར་མོས་མཛོད། ཨོཾ༔ མི་འགྱུར་ལྷུན་གྲུབ་རྣམ་སྣང་ཚེ་ཡི་བདག༔ འགྱུར་མེད་སྐུ་ཡི་ཚེ་དབང་ལུས་ལ་སྩོལ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱ༔ འགག་མེད་སྒྲ་དབྱངས་སྣང་མཐའ་ཚེ་ཡི་བདག༔ ཚངས་དབྱངས་གསུང་གི་ཚེ་དབང་ངག་ལ་སྩོལ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཝཱ་ཀ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱུྃ༔ སྐྱེ་མེད་རང་བྱུང་མི་བསྐྱོད་ཚེ་ཡི་བདག༔ སྤྲོས་བྲལ་ཐུགས་ཀྱི་ཚེ་དབང་སེམས་ལ་སྩོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ༔ མཁའ་མཉམ་ཡེ་ཤེས་རིན་འབྱུང་ཚེ་ཡི་བདག༔ འདོད་འབྱུང་ཡོན་ཏན་ཚེ་ཡི་དབང་མཆོག་སྩོལ༔ ཨོཾ་རཏྣ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱ༔ ཐོགས་མེད་ལས་མཛད་དོན་ཡོད་ཚེ་ཡི་བདག༔ ལྷུན་གྲུབ་ཕྲིན་ལས་ཚེ་ཡི་དབང་མཆོག་སྩོལ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཕྲེང་བ་སྦྲེལ་ལ། གསུང་བཟླས་པའི་ལུང་བླང་བའི་སླད་དུ་གཙོ་འཁོར་གྱི་སྔགས་རྣམས་རྗེས་ཟློས་མཛད་པར་ཞུ། །ཞེས་རྗེས་ཟློས་ལན་གསུམ་མཐར་ཕྲེང་བ་མགྲིན་པར་བཞག་ལ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཨཱ༔ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲགས་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ མེ་ལོང་ཐོགས་ལ། ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲོད་ཅིང་དབང་བསྐུར་བའི་སླད་དུ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀྱི་གཟུགས་བརྙན་ཐམས་ཅད་སེམས་ཀྱི་མེ་ལོང་ངོས་སུ་སྣང་ཡང་སྐྱེ་འགག་གནས་གསུམ་གྱི་མཐའ་ལས་གདོད་ནས་འདས་པ་འགྱུར་མེད་རིག་པའི་རང་ངོ་ལ་མཉམ་པར་ཞོག་མཛོད། ཧཱུྃ༔ མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་བྱུང་རང་གྲོལ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས་སུ་གྱུར་པ་ལ་ཚེའི་ལྷ་མོ་བརྒྱད་ཀྱིས་མཆོད་ཅིང་མངའ་གསོལ་བས་བདེ་ཆེན་ཡེ་ཤེས་ཀྱི་ཚེ་དབང་མཁའ་ཁྱབ་ཏུ་འཕེལ་བར་མོས་མཛོད། སྒེག་སོགས་བརྒྱད་ཀྱི་ཙཀ་ལིའམ་སོ་སོའི་ཕྱག་རྒྱ་ཕུལ་ལ། ཏྲཱཾ༔ དགའ་བཞིའི་རང་བཞིན་སྒེག་སོགས་ཕྱག་རྒྱ་དང༔ ཡེ་ཤེས་བཞི་ལྡན་མཆོད་པའི་ལྷ་མོ་ཡིས༔ ཡུལ་དང་དབང་པོ་མཉམ་སྦྱོར་བདེ་ཆེན་ངང༔ འཆི་མེད་ཕྱག་རྒྱ་ཆེན་པོར་མངའ་གསོལ་ལོ༔ ཨོཾ་བཛྲ་ལཱ་སྱ་མཱ་ལེ་གཱིརྟཱི་ནཱིརྟཱི་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ཨཱཿཧཱུྃ༔ སྒོ་སྲུང་མགྱོགས་མ་བཞི་ལ་བསྟེན་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །དཀྱིལ་འཁོར་གྱི་གཙོ་བོ་བླ་མ་ཚེ་དཔག་མེད་རིགས་ལྔའི་ཚེ་བདག་ཡབ་ཡུམ་རྣམས་ཀྱི་ཐུགས་སྲོག་དང་སྦྱོར་མཚམས་ནས་འཕྲོས་པའི་འོད་ཟེར་གྱིས་མགྱོགས་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲུལ་པའི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟར་འཚུབས་པ་དང་འོད་ཟེར་ལྕགས་ཀྱུའི་དྲྭ་བ་བརྟན་གཡོ་ཀུན་ཏུ་ཁྱབ་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་གདོན་བགེགས་འབྱུང་པོས་བརྐུས་ཕྲོགས་ཉམས་པ་ཐམས་ཅད་དང་། འཁོར་འདས་སྣོད་བཅུད་ཀྱི་ཚེའི་དྭངས་མ་ཐམས་ཅད་བསྡུས་ཏེ་ཁྱེད་རང་གི་སྒོ་གསུམ་དང་། ཁྱད་པར་ཐབས་ཤེས་ཚེའི་དངོས་གྲུབ་ཀྱི་རྫས་ལ་སིབ་སིབ་ཐིམ་པར་མོས་མཛོད། མདའ་དར་གཡབ་ལ། ཧཱུྃ་ཧྲཱི༔ རྣམ་སྣང་ཡབ་ཡུམ་ཐུགས་དམ་དབྱིངས་ནས་བསྐུལ༔ སོགས་གོང་སྨོས་ལས་བྱང་ལྟར་ཚེ་འགུགས་བརྗོད་པ་ལ། བཀྲ་ཤིས་ཚེ་ཡི་བུམ་པའི་སོགས་ཚིག་རྐང་གཅིག །བཀྲ་ཤིས་དངོས་གྲུབ་ཚེ་ཡི་རྫས་ལ་སྟིམས༔ ཞེས་བསྒྱུར། མཐར། དེ་ལྟར་འཁོར་འདས་ཚེ་བཅུད་དངོས་གྲུབ་བདུད་རྩིའི་དྭངས་མར་འཁྱིལ་པ་དེ་ཉིད་ཁྱེད་རང་རྣམས་ཀྱིས་ལོངས་སྤྱད་པས་ལུས་ཐམས་ཅད་བཅུད་ཀྱི་དྭངས་མས་གང་། ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་འཆི་མེད་རྡོ་རྗེའི་སྐུར་གྱུར་པར་མོས་མཛོད། ཚེ་རིལ་སྦྱིན་ལ། ཧྲཱི༔ མི་འགྱུར་སྙིང་པོའི་བཅུད་རྣམས་བསྡུས་པ་ཡི༔ འཆི་མེད་ཡེ་ཤེས་ཚེ་ཡི་ལོངས་སྤྱོད་འདིས༔ ཡིད་ལ་ཟག་མེད་བདེ་བ་རབ་འཕེལ་ནས༔ རྟག་ཏུ་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་ཆང་སྟེར་ལ། ཧྲཱི༔ སྔོན་བྱོན་འཆི་མེད་རིག་འཛིན་ཐམས་ཅད་ཀྱང༔ ཚེ་ཆང་བདུད་རྩིའི་བཅུད་ཀྱིས་དངོས་གྲུབ་བརྙེས༔ དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྒྱུད་མི་ཆད་པའི་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚེ་བསྟིམ་ཞིང་སྦ་བ་ནི། སྙིང་གའི་ཉི་ཟླའི་གྭའུ་ཅུང་ཟད་ཁ་བྱེ། ཚེ་བཅུད་དྭངས་མ་ཐམས་ཅད་ནྲྀ་ཡིག་ལ་འུབ་འུབ་འདུས་པས་བཀྲག་མདངས་འོད་ལྔ་འབར་ཞིང་འཆི་མེད་རྡོ་རྗེའི་ཚེ་ཐོབ་པར་མོས་མཛོད། སླར་རླུང་རོ་བསལ་ཞིང་ཁ་ནས་ཧུབ་ཧུབ་རྔུབས་ལ་བུམ་པ་ཅན་གྱི་རླུང་སྦྱོར་མཛད་པས་འོད་ཀྱིས་ལུས་ཐམས་ཅད་གང་། ཉི་ཟླའི་གྭའུ་ཁ་འགྲིག །འོག་གི་རྒྱ་གྲམ་གྱི་རྭ་བཞི་བསྣོལ་མར་མདུད་པའི་བར་མཚམས་གཟུངས་སྔགས་དམར་པོའི་ཐག་པས་ལན་གསུམ་དུ་བསྡམས་པས་ཅིས་ཀྱང་མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་གྱུར། དེའི་སྟེང་དུ་ཧྲཱིཿལས་སྐྱེས་པའི་རྟ་མགྲིན་དམར་པོ་གྲི་ཐོད་འཛིན་པ་ཚོན་གང་བས་ཚེའི་བར་ཆད་ཐམས་ཅད་སྲུང་བར་གྱུར། ཨོཾ་ན་མོ་བྷ་ག་བ་ཏེ་སོགས་གཟུངས་སྔགས་དང་རྟེན་འབྲེལ་སྙིང་པོ་ལན་གསུམ་གྱིས་བརྟན་པར་བྱས་ལ། ཧཱུྃ་ཧྲཱི༔ འཁོར་འདས་ཚེ་རྣམས་འབྱུང་བ་ལྔ་ལ་ཐིམ༔ ཤ་ཁྲག་དྲོད་དབུགས་སེམས་ཀྱི་སྟོབས་འཕེལ་ཏེ༔ མི་འགྱུར་དྭངས་མ་ནྲྀ་ལ་རྒྱས་ཐེབས་པས༔ འཆི་མེད་རྡོ་རྗེའི་ཚེ་དང་ལྡན་པར་ཤོག༔ ཨོཾ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱཾ་བྷྲཱུྃ་ཨཱཿབྷྲཱུྃ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་རཀྵ་རཀྵ་བྷྲཱུྃ༔ སླར་རིགས་ཀྱི་ཡུམ་ཆེན་ལྔའི་ཕྱག་རྒྱས་ཚེ་འགྱུར་མེད་དུ་རྒྱས་གདབ་པར་མོས་མཛོད། འཁོར་ལོ་སོགས་སོ་སོའི་ཕྱག་རྒྱའམ་ཙཀ་ལི་གནས་སོ་སོར་བཞག་ལ། ཧྲཱི༔ དབྱིངས་ཕྱུག་མ་ཡི་འཁོར་ལོས་རྒྱས་གདབ་བོ༔ མཱ་མ་ཀཱི་ཡི་རྡོ་རྗེས་རྒྱས་གདབ་བོ༔ སངས་རྒྱས་སྤྱན་མའི་རཏྣས་རྒྱས་གདབ་བོ༔ གོས་དཀར་མོ་ཡི་པདྨས་རྒྱས་གདབ་བོ༔ དམ་ཚིག་སྒྲོལ་མའི་རྒྱ་གྲམ་རྒྱས་གདབ་བོ༔ ཕུང་པོ་ལྔ་ནི་ཡེ་ནས་སངས་རྒྱས་ལྔ༔ འབྱུང་བའི་ཁམས་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔ༔ དབྱེར་མེད་རྡོ་རྗེ་གསུམ་དུ་རྒྱས་གདབ་བོ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ལྟར་འཕོ་འགྱུར་མཚན་མའི་ཆོས་ཐམས་ཅད་ལ་སྐྱེ་མེད་ཡུམ་ལྔའི་ཕྱག་རྒྱས་ཐེབས་ཏེ། སྐྱེ་འཆིས་གཞོམ་གཞིག་བྲལ་བའི་འཆི་མེད་གཉུག་མའི་ཡེ་ཤེས་ཀྱི་གདིང་ཆེན་ཐོབ་པར་མོས་ལ། ཀ་དག་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་ཞོག་མཛོད། ཅེས་སྐྱེ་མེད་ཀྱི་རང་ངོ་བསྐྱང་དུ་འཇུག །ཤིས་པར་བྱ་བའི་སླད་དུ་ནམ་མཁའ་གང་བའི་རྒྱལ་བ་རྣམས་ཀྱིས་རྡོ་རྗེའི་བདེན་ཚིག་བརྗོད་ཅིང་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས། ཚེ་དང་ཡེ་ཤེས་ཀྱི་སྣང་བ་མཁའ་ཁྱབ་ཏུ་འབར་བའི་དགེ་ལེགས་རྟག་པའི་ཉི་མ་ཁོར་ཡུག་ཏུ་འཆར་བར་མོས་མཛོད། ཨོཾ༔ འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཡེ་ཤེས་ཚེ༔ མི་འགྱུར་མི་ཤིགས་མཁའ་ལྟར་ཀུན་ལ་ཁྱབ༔ ཡོན་ཏན་དཔག་ཡས་ཕྲིན་ལས་བསམ་མི་ཁྱབ༔ པདྨ་ཚེ་དཔག་མེད་མགོན་མྱུར་ཐོབ་ཤོག༔ ཅེས་ལན་གསུམ་བརྗོད་ལ་མེ་ཏོག་འཐོར། སྤྲོ་ན་ཤིས་བརྗོད་གཞན་ཡང་བརྗོད་དོ། །དེ་དག་གིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས་རིགས་བདག་སྣང་བ་མཐའ་ཡས་ལ་བསྟེན་པའི་ཚེ་དབང་ཟབ་མོ་ལེགས་པར་ཕུལ་གྲུབ་པ་ཡིན་ཏེ། དེའང་གཞུང་ལས། ཐུན་མོང་མི་འགལ་ཁྱད་ཆོས་མང་ལྡན་པའི༔ ཟབ་མོའི་དབང་འདི་ཏིང་འཛིན་ལས་རུང་ཞིང༔ མན་ངག་ལྡན་པས་སུ་ལ་བསྐུར་གྱུར་ཀྱང༔ ཚེ་དང་ཡེ་ཤེས་བཀྲ་ཤིས་འཕེལ་བར་འགྱུར༔ ཚེ་ཟད་པ་འང་ལོ་གསུམ་ངེས་པར་བསྲིང༔ དེ་ཕྱིར་སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ཞེས་གསུངས་པ་ལྟར་ཤིན་ཏུ་ཟབ་ཅིང་བྱིན་རླབས་ཀྱི་བབ་ཆེན་པོ་དང་ལྡན་པ་ཡིན་པས་འདི་ཉིད་གཡར་དམ་དུ་བྱ་བ་དང་། དམ་ཚིག་གི་རིམ་པ་ཇི་སྐད་བཤད་པ་རྣམས་ལ་སྲུང་སྡོམ་ཚུལ་བཞིན་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། ཚེ་དབང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །སླར་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟ་བུའི་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། གལ་ཏེ་དབང་བརྒྱ་གསག་དགོས་པ་བྱུང་ན་ཐོག་མར་ཁྲུས་ནས་བརྩམ། ཚེ་ཆང་སྦྱིན་པའི་བར་དབང་རྒྱས་པ་ཚར་གཅིག་སོང་ནས། ཕྱག་ལེན་རྒྱས་པའི་ཕྱོགས་ལ་མོས་ན། སླར་ཡང་འཆི་མེད་ཚེའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་མཎྜལ་དང་གསོལ་འདེབས་ཤྭ་ལོ་ཀ་གཅིག །ཁྱེད་རང་རྣམས་པདྨ་ཚེ་དཔག་མེད་ཡབ་ཡུམ་གནས་ལྔར་རིགས་ལྔའི་ཚེ་བདག་ཡབ་ཡུམ་དང་བཅས་གསལ་བའི་ཐུགས་མི་བསྐྱོད་པའི་ཐུགས་ཀར་རྒྱ་གྲམ་ཉི་ཟླའི་གའུར་འབྲུ་གསུམ་ལ་ཚེའི་སྙིང་པོས་བསྐོར་བ་དང་། དཀྱིལ་འཁོར་པའི་ཐུགས་ཀའི་འོད་ཟེར་གྱིས་བརྟན་གཡོའི་ཚེ་བཅུད་རྒྱལ་བ་སྲས་དང་བཅས་པའི་གསང་བ་གསུམ་གྱི་བྱིན་རླབས་མ་ལུས་པ་བསྡུས་ཏེ་སིབ་སིབ་ཐིམ་པར་མོས་མཛོད། གོང་གསལ་བྱིན་འབེབ་སོགས་སྔགས་ཙམ་བརྗོད། ཏིཥྛ་བཛྲ། ཕྱག་ལེན་བསྡུས་པའི་ཕྱོགས་ལ་དེ་དག་མི་མཛད། གོང་ལྟར་དབང་དངོས་ཚེ་འབྲང་ཚེ་རིལ་ཚེ་ཆང་གསུམ་ལ་གྲངས་བཟུང་དགོས་པས། ཚེ་འབྲང་པདྨ་ཚེ་དཔག་མེད་པའི་དབུ་གཙུག་ཏུ་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པའི་སྐུ་ལས་འཆི་མེད་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་ལུས་གང་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་མོས་མཛོད། ཧྲཱི་ཧྲཱི་ཧྲཱི༔ སྐྱེ་འཆི་གཉིས་སྤངས་མགོན་པོ་ཚེ་དཔག་མེད༔ སོགས་བརྗོད་ལ་དབང་བསྐུར། ཚེ་རིལ་ཆང་སྦྱིན་ལ། འཁོར་འདས་ཀྱི་དྭངས་བཅུད་གཅིག་ཏུ་འཁྱིལ་པ་བཀྲ་ཤིས་ཚེའི་རྫས་ལ་ལོངས་སྤྱོད་པས་འཆི་མེད་རྡོ་རྗེའི་སྐུ་མངོན་དུ་གྱུར་པར་མོས་མཛོད། ཧྲཱི༔ མི་འགྱུར་སྙིང་པོ་སོགས་དང་། ཧྲཱི༔ སྔོན་བྱོན་འཆི་མེད་སོགས་བརྗོད། རྒྱས་པར་སྤྲོ་ན། དེ་མཐར་ཚར་རེ་རེ་བཞིན། ཨཱོཾ༔ འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་ཡང་བརྗོད། ཚར་གྲངས་གསོག་སྐབས་བར་གྱི་མཚམས་སྦྱོར་མི་སྤྲོ་ན་འདོར་དུ་རུང་ཞིང་། གང་ལྟར་མཐར་ཚེ་བསྟིམ་ཞིང་སྦ་བ་མན་ཆད་གོང་སྨོས་རྒྱས་པར་བྱའོ། །གསུམ་པ་གཉིས་ཀའི་དོན་དུ་བྱ་བའི་རིམ་པ་ནི། རང་དོན་བསྙེན་སྒྲུབ་སྐབས་དགོང་ཐུན་མཇུག་ལྟ་བུར། ཆོས་ཀྱི་དབྱིངས་སུ་ཚེ་སྦ་བ་གྲུབ་པ་དང་འདིར་འཇུག །གཞན་དོན་ལ་དབང་གི་རྗེས་སུ་བྱ་བ་སྟེ། །དེ་ལའང་གཉིས། ཚོགས་འཁོར་དང་རྗེས་ཆོག་གོ །དང་པོ་ནི། ཚེ་གལ་དང་མཐུན་སྡེབ་ཀྱི་ཚོགས་གཏོར། མར་ཐུད་འོ་ཞོ་ཤིང་ཏོག་ཛ་གད་སོགས་ཚོགས་ཀྱི་ཡོ་བྱད་གཙང་ཞིང་དག་པར་བཤམ་པར་བྱ་སྟེ། གཞུང་ལས། བསོད་ནམས་ཚོགས་ཆེན་རྫོགས་པ་ལས༔ ཚེ་རིང་བསམ་པ་ཐམས་ཅད་འགྲུབ༔ དེ་ཉིད་སྐྱེད་ཅིང་སྤེལ་བ་ཡི༔ མཐར་ཐུག་ཚོགས་ཀྱི་འཁོར་ལོ་སྟེ༔ སྙིང་པོ་ལྔ་ཉིད་གཙོར་གྱུར་པའི༔ ཚོགས་ཀྱི་ཡོ་བྱད་རྒྱ་ཆེར་བཤམ༔ ཞེས་སོ། ཚོགས་རྫས་ལ་བསང་ཆུ་འཐོར། ཨོཾ་སརྦ་དྲ་བྱཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་སུ༔ ཚོགས་ཀྱི་ངོ་བོ་འཆི་མེད་བདུད་རྩི་ཆེ༔ རྣམ་པ་འདོད་ཡོན་ལྷ་མོས་ནམ་མཁའ་གང༔ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་མཆོག་ཏུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཚོགས་ཞིང་སྤྱན་དྲང་བ་ནི། ཧྲཱི༔ འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་ཚེ་ཡི་བདག༔ རིགས་ལྔ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ དཀྱིལ་འཁོར་པའི་ལྷ་མོ་བརྒྱད་ཀྱི་ངོ་བོར་གྱུར་པའི་ཚོགས་མཆོད་སྤྲུལ་པའི་རིག་མ་སྒེག་སོགས་བརྒྱད་ཀྱིས་བདེ་བའི་རོལ་མོ་ནམ་མཁའ་གང་བས་མཆོད་པར་མོས་ལ། ཕྱག་རྒྱའི་གར་དང་དབྱངས་སྙན་པོས། ཧཱུྃ༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་སྒེག་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ལཱ་སྱེ་ཧཱུྃ༔ ཏྲཱཾ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་བཞད་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་མཱ་ལེ་ཏྲཱཾ༔ ཧྲཱི༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་གླུ་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གཱིརྟཱི་ཧྲཱི༔ ཨཱ༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ རྡོ་རྗེ་གར་མའི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ནཱིརྟཱི་ཨཱ༔ ཧཱུྃ༔ དགའ་བའི་ཡེ་ཤེས་ངོ་བོ་ཉིད༔ བྱམས་པའི་རང་བཞིན་བདུག་པ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཏྲཱཾ༔ མཆོག་དགའི་ཡེ་ཤེས་ངོ་བོ་ཉིད༔ སྙིང་རྗེའི་རང་བཞིན་མེ་ཏོག་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་ཏྲཱཾ༔ ཧྲཱི༔ དགའ་བྲལ་ཡེ་ཤེས་ངོ་བོ་ཉིད༔ དགའ་བའི་རང་བཞིན་སྣང་གསལ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨཱ༔ ལྷན་སྐྱེས་ཡེ་ཤེས་ངོ་བོ་ཉིད༔ བཏང་སྙོམས་རང་བཞིན་དྲི་ཆབ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གནྡྷེ་ཨཱ༔ དེ་ནས་ཚོགས་ཕུད་དཀྱིལ་འཁོར་དུ་ཕུལ་ལ། ཨོཾ༔ ཐབས་དང་ཤེས་རབ་དབྱེར་མེད་བྱང་ཆུབ་སེམས༔ བདེ་ཆེན་ཚོགས་ཀྱི་འཁོར་ལོའི་མཆོད་པའི་སྤྲིན༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀཏ་ག་ཎ་ཙཀྲ་པཱུ་ཛཿཧོ༔ བདུད་རྩི་འཐོར་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་དམ་ཚིག་རྨད་པོ་ཆེ༔ རྡོ་རྗེ་སེམས་དཔའ་བདེ་བའི་ཐིག་ལེར་འཁྱིལ༔ ཟག་མེད་ཛ་གད་ཕུད་ཀྱི་མཆོད་པ་འདི༔ འཆི་མེད་བསྒྲུབ་ཕྱིར་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་ཨ་མྲྀཏ་ཛ་གད་པཱུ་ཛ་ཧོ༔ ཚོགས་ཀྱི་ཆ་ཤས་བར་པ་རྣལ་འབྱོར་པ་རྣམས་ཀྱིས་རོལ་ལ། ལྷ་རྣམས་བདེ་བས་རབ་མཉེས་པའི༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་སྤྲིན༔ ཚོགས་ཀྱི་མཆོད་པར་ཆར་ལྟར་ཕབ༔ འཆི་མེད་བདུད་རྩིར་འཁྱིལ་པ་ཉིད༔ རྡོ་རྗེ་ལྕེ་ཡིས་རབ་མྱང་བས༔ རྩ་ཁམས་ཐམས་ཅད་དྭངས་མས་གང༔ བདེ་ཆེན་རྡོ་རྗེའི་ཚེ་ཐོབ་བསམ༔ ཞེས་མོས་ལ། ཨོཾ་སརྦ་ཨ་མྲྀཏ་མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོ༔ ཞེས་བརྗོད། ཚོགས་ཀྱི་ཆ་ཤས་ཐ་མ་དང་རྣལ་འབྱོར་པ་རྣམས་ཀྱི་ལྷག་མ་བཅས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ། ཧྲཱི༔ ཕཻཾ༔ མཁའ་འགྲོ་གིང་དང་ལངྐ་དབང་ཕྱུག་མ༔ འབར་མ་ལ་སོགས་ལྷག་མའི་གནས་ཉུལ་ཀུན༔ ཞལ་ཟས་བདུད་རྩི་ཕམ་ཕབ་འདི་གསོལ་ལ༔ བར་ཆད་ཀུན་སོལ་ཚེ་དང་ལོངས་སྤྱོད་སྤེལ༔ སརྦ་དྷཱ་ཀ་དྷཱ་ཀི་ནཱི་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལྷག་མ་ཕྱི་རོལ་དུ་དོར། བདེ་ཆེན་རྡོ་རྗེའི་དམ་ཚིག་གིས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པའི་མཐུས༔ ཚེ་དང་བསོད་ནམས་རྒྱས་པ་དང༔ ཡེ་ཤེས་མཆོག་གིས་དགྱེས་པར་ཤོག༔ ཅེས་སྨོན་ལམ་གདབ་བོ། སྐབས་འདིར་ཆོས་སྲུང་དམ་ཅན་སྤྱིའི་གཏོར་འབུལ་སྨིན་ལུགས་དམ་ཅན་སྤྱི་གཏོར་གྱི་ཁོངས་སུ། བཀྲ་ཤིས་ཚེ་རིང་མ་སོགས་གཏེར་སྲུང་སྒོས་ཀྱི་གཏོར་འབུལ་བཅུག་སྟེ་ཕྲིན་ལས་རྒྱས་བསྡུས་གང་འགྲུབ་བྱའོ། །གཉིས་པ་རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས་ལ། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་ཕུད་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཉྩ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ངོ་བོ་འོད་གསལ་ཆོས་སྐུའི་ངང་ཉིད་ལས༔ རང་བཞིན་བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་ཤར༔ ཐུགས་རྗེ་གང་འདུལ་སྤྲུལ་སྐུས་འགྲོ་དོན་མཛད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་མཆོད་བསྟོད་བྱ། མ་རྙེད་ཡོངས་སུ་མ་ཚང་དང༔ གང་ཡང་ནུས་པ་མ་མཆིས་པ༔ འདིར་ནི་བགྱི་བ་གང་ནོངས་པ༔ དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས༔ ཞེས་དང་། ཡིག་བརྒྱ་བཟླས་ལ་ནོངས་པ་བཤགས། ཨོཾ༔ འདིར་ནི་རྟེན་དང་ལྷན་ཅིག་ཏུ༔ འཁོར་བ་སྲིད་དུ་བཞུགས་ནས་ཀྱང༔ ནད་མེད་ཚེ་དང་དབང་ཕྱུག་དང༔ མཆོག་རྣམས་ལེགས་པར་བསྩལ་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་པས་ཡེ་ཤེས་པ་བརྟན་པར་བཞུགས། ཨོཾ་ཨཱཿཧཱུྃ་མུཿ ཞེས་དང་། ཧཱུྃ་ཧཱུྃ་ཧཱུྃ་གིས་དམ་ཚིག་གི་འཁོར་ལོ་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ། བདག་ཉིད་པདྨ་དབང་གི་སྐུ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་གསལ༔ མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་ཐུན་མཚམས་ཀྱི་ལྷར་ལྡངས་ལ་སྲུང་བའི་གོ་བསྒོ། ཨོཾ༔ འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་གདབ། ཤིས་བརྗོད་ནི། ཧྲཱིཿ ཁྱབ་བདག་འགྱུར་མེད་རྡོ་རྗེའི་སྐུ །ཚེ་ཡི་བདག་པོའི་བཀྲ་ཤིས་ཤོག །མི་ཤིགས་རྣམ་དག་ཕུང་པོ་འཆང་། །བདེ་གཤེགས་རིགས་ལྔའི་བཀྲ་ཤིས་ཤོག །འབྱུང་བའི་དྭངས་མ་འོད་དུ་གསལ། །རིགས་ཀྱི་ཡུམ་ལྔའི་བཀྲ་ཤིས་ཤོག །དགའ་བཞི་ཡེ་ཤེས་བཞི་ཡི་དངོས། །ལྷ་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག །ཚད་མེད་རྣམ་བཞིས་འགྲོ་དོན་མཛད། །མགྱོགས་མ་བཞི་ཡི་བཀྲ་ཤིས་ཤོག །འཆི་བདག་བདུད་འཇོམས་ཚེ་དབང་སྩོལ། །རིག་འཛིན་བརྒྱུད་པའི་བཀྲ་ཤིས་ཤོག །གང་ལ་བསམ་པའི་དོན་ཀུན་འགྲུབ། །རྟག་བརྟན་རྡོ་རྗེའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པའི་ཚིག་རྒྱས་པར་བརྗོད་ལ་མེ་ཏོག་འཐོར་བར་བྱའོ། །ཕྲིན་ལས་ཀྱི་རིམ་པ་འདི་ནི་ཞལ་གདམས་སྙིང་བྱང་ལེའུ་གཉིས་པ་ལས་གསུངས་པའི། དབང་བསྐུར། བསྙེན་སྒྲུབ་ཡོངས་རྫོགས་སྒྲུབ་ཆེན་དང་། བླ་བསླུ་སོགས་སྤྱི་ལ་ཉེ་བར་མཁོ་བའི་ཆིངས་ཆེན་པོ་ཉིད་དུ་རིག་པར་གྱིས་ཤིག །ཨ་ཧོ། ཀུན་དང་འདྲ་ན་ཁྱད་པར་ཅི་ཡིས་འབྱེད། །ཀུན་དང་མ་མཐུན་དཔྱོད་ལྡན་ཡིད་མི་རྟོན། །ཀུན་མཐུན་ཀུན་ལས་ཁྱད་འཕགས་ཀུན་དྲིལ་ཆོས། །རྣམ་མཁྱེན་ལས་གཞན་ཉི་ཚེའི་སྤྱོད་ཡུལ་མིན། །ཆོས་འདིའི་སྟོན་པ་དག་གིས་རྗེས་གནང་བའི། །དོན་བསྒྲུབས་ལེགས་སྤྱད་སྣང་བས་འཇིག་རྟེན་གསུམ། །འཆི་མེད་གཉུག་མ་རྡོ་རྗེའི་སྲོག་འགྲུབ་སྟེ། །འདི་བསྟན་སྲིད་པའི་ཕ་མཐར་བརྡལ་བྱེད་ཤོག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་ཉིད་དང་། ཁྱབ་བདག་འཇམ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོས་རྗེས་སུ་གནང་བའི་གསུང་གསང་གསེར་གྱི་པདྨོ་ཡང་ཡང་གཙུག་ཏུ་བཅིངས་པ་དང་། སད་ན་ལེགས་གནམ་སའི་དབང་ཕྱུག་ལྷ་རིགས་ཀྱི་མྱུ་གུར་བྱོན་པ་སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སྲས་ཡུམ་གྱི་གསུང་བསྐུལ་རྗེས་སུ་བསྒྲུབ་སླད། ཀུན་མཁྱེན་སི་ཏུ་པ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་བ། རིག་པ་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཁྲིགས་སུ་བསྡེབས་པར་བྱས་པ་དགེ་ལེགས་འཕེལ།། །།
བླ་མ་དགོངས་པ་འདུས་པ་ལས། བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང་གི་ཡི་གེ་ཡེ་ཤེས་རལ་གྲི་ (Volume 49, Text 59)
༄༅། །བླ་མ་དགོངས་པ་འདུས་པ་ལས། བློ་འཕེལ་ཤེས་རབ་རལ་གྲིའི་རྗེས་གནང་གི་ཡི་གེ་ཡེ་ཤེས་རལ་གྲི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གང་མཚན་ཟེར་ཙམ་ལྷུང་བས་ཀྱང་། །ལྷན་སྐྱེས་མུན་ཁང་བཅོམ་དེའི་ཞབས། །སྙིང་གི་ཟེའུ་འབྲུར་རྟག་བཀོད་ལ། །ཡེ་ཤེས་སྣང་བ་རྒྱས་མཛད་གསོལ། །གང་ཞིག་བློ་གྲོས་དང་ཤེས་རབ་ཀྱི་སྣང་བ་རྒྱས་པར་འདོད་པའི་སྐལ་པ་ཅན་ལ། བསྙེན་པ་སྔོན་དུ་སོང་བའི་སློབ་དཔོན་གྱིས་འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་རྗེས་གནང་པདྨའི་ལུགས་བསྒྲུབ་པ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། བདག་མདུན་བསྙེན་སྒྲུབ། རྗེས་གནང་དངོས་སོ། །དང་པོ་ནི། ཤིན་ཏུ་གཙང་ཞིང་དབེན་པའི་གནས་སུ་ཡར་ངོའི་དུས་སྐར་མ་རྒྱལ་ལ་བབས་པའི་ཚེ། སྟེགས་གཙང་མ་ཁེབས་ཀྱིས་བཀབ་པའི་སྟེང་དུ་ཁྲིའུ་ལ་མཎྜལ་བྱི་དོར་བྱས་ཤིང་དྲི་བཟང་གི་ཆུ་དང་བ་བྱུང་གིས་བྱུགས་པར། རྡུལ་ཚོན་དཀར་པོས་ལྟེ་བ་དང་བཅས་པའི་པདྨ་འདབ་མ་བརྒྱད། དེའི་མདུན་ཕྱོགས་ནས་བརྩམ་པའི་ནང་རིམ་དུ་ཨཱ་ལི་བཅུ་དྲུག་པོ་གཉིས་རེ་ཡིག་མགོ་ནང་བསྟན་གྱིས་གཡོན་སྐོར་དང་། ཕྱི་སྐོར་དུ་ཀཱ་ལི་སྡེ་ཚན་བདུན་པོའི་ནང་། ཤ་ཥ་ས་ཧ་ཀྵ་ཞེས་པ་འདབ་མ་གཉིས་ལ་བགོས་ཏེ་ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ་བྲིས་པ་བཞག །དེའི་ལྟེ་བར་མར་ཟན་གྱི་ཀོང་བུར་རས་བལ་ཁོ་ནའི་སྡོང་བུ་བཙུགས་པ་ལ་མར་ཁུ་བླུགས་པའི་མར་མེ་ཆུང་ངུ་དང་། ཟན་ལ་དཀར་གསུམ་བསྲེས་པའི་བཤོས་ཟླུམ་མཐེབ་ཆེན་ཙམ་པ་སློབ་མའི་གྲངས་མཉམ་བཀོད། དེའང་དངུལ་ཐེབ་ལྟ་བུའི་རིན་པོ་ཆེའི་སྣོད་དུ་གྲངས་གང་ཡོད་སྤུངས་ཏེ་བཞག་པ་སྟབས་བདེའོ། །མདུན་དུ་གཏོར་འབུལ་ཟླུམ་པོ་དཀར་གསུམ་གྱིས་བརྒྱན་པ་དང་། ཆུ་གཉིས་ཉེར་སྤྱོད་བཤམ། ཤེལ་དཀར་ཕྲེང་བ། ལས་བུམ། ཙན་དན་དཀར་པོ་དང་རུ་རྟའི་ཕྱེ་མ་བཏབ་པའི་ཁྲུས་ཆུའི་སྣོད་སོགས་ཉེར་མཁོ་ཚོགས་པར་བྱའོ། །གཉིས་པ་བདག་མདུན་བསྙེན་སྒྲུབ་ལ། བདག་བསྐྱེད་བསྙེན་པ་ནི། ཐོག་མར་སྐྱབས་སེམས་ཚོགས་གསག་རྒྱས་པ་གྲུབ་ན་ལེགས་པས་སྤྱི་མཐུན་ནམ། རང་ལུགས་མཆོད་ཕྲེང་མེ་ཏོག་ཆར་རྒྱུན་ལྟར་རམ། བསྡུ་ན་ལས་བྱང་མེ་ཕྲེང་ལྟར་ལན་གསུམ་དང་། ཁྲུས་བྱ། བདག་བསྐྱེད་བཟླས་པའི་བར་གཏང་། མདུན་བསྐྱེད་བསྒྲུབ་པ་ནི། མཆོད་པ་བྱིན་རླབས་སྤྱི་འགྲོ་ཞིག་བྱ། བདག་བསྐྱེད་ཀྱི་ཚིག་ཁ་སྤོས་ཏེ་མདུན་རྟེན་བཤོས་བུ་འཇམ་དཔལ་དང་མར་མེ་དབྱངས་ཅན་མར་བསྐྱེད། སྤྱན་འདྲེན་སྐབས་མ་ལུས་སེམས་མགོན་ལྟ་བུའི་ཚིགས་བཅད་བརྗོད་ཀྱང་ལེགས། འཕྲོ་འདུའི་དམིགས་པ་གསལ་བཏབ་ལ་བཟླས་པ་ཅི་འགྲུབ་མཐར་གཏོར་འབུལ་དང་མཆོད་བསྟོད་གཞུང་ལྟར་བྱས་ལ། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་ཀྱིས་བྱིན་བརླབ། ལྕོགས་ན་འོག་ནས་འབྱུང་བའི་བྱིན་རླབས་ཚང་བ་བླང་། མི་ལྕོགས་ན་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་ཙམ་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །གསུམ་པ་རྗེས་གནང་དངོས་ནི། སློབ་མ་རྣམས་ཀྱང་ཤ་ཆང་སྒོག་ཙོང་སོགས་ཟས་མི་གཙང་བ་སྤང་། གོས་གསར་པ་གྱོན་ལ་ཁྲུས་ནས་དབྱུང་། བགེགས་བསྐྲད་ལ་གྲལ་དུ་འཁོད། སེམས་བསྐྱེད་གསལ་བཏབ་སྟེ་ཆོས་བཤད་ཅི་རིགས་དང་། ཁྱད་པར། དེའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་གཟུགས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ་ཏུ་གྱུར་ཀྱང་། རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་འཁོར་བ་ཇི་སྲིད་དེ་སྲིད་དུ་འགྲོ་བའི་དོན་ནམ་མཁའ་དང་མཉམ་པར་སྒྲུབ་པ་ལ་སྐྱོ་ངལ་མེད་པའི་སེམས་དཔའ་ཆེན་པོའི་རྣམ་པར་རོལ་པ། མཚན་དང་རིག་སྔགས་འཆང་བ་ཙམ་གྱིས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་བློ་གྲོས་ཀྱི་སྤོབས་པའི་གཏེར་གྲོལ་བར་མཛད་ཅིང་། ཚུལ་བཞིན་བསྙེན་ན་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་མོ་བྱེ་སྙེད་དབྱེ་བ་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་དབྱངས་ལ་སྐུའི་རྣམ་འགྱུར་གྱི་རིགས་མི་འདྲ་བ་དུ་མ་དང་། དེ་དག་གི་སྒྲུབ་ཐབས་ཀྱི་བཀའ་སྲོལ་འཕགས་བོད་ཀུན་ཏུ་རྒྱ་ཆེར་བྱོན་པའི་ནང་ནས་འདིར་སྐབས་སུ་བབས་པ། ཤར་གཏེར་སྤྲུལ་པའི་སྐྱེས་མཆོག་ཨོ་རྒྱན་སངས་རྒྱས་གླིང་པས་སྤྱན་དྲངས་པའི་བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བ། བླ་མ་དགོངས་པ་འདུས་པའི་ཡན་ལག་གི་ཆོས་སྡེ་རྣོ་སོ་ངར་འདོགས་ཀྱི་ཡིག་ཆུང་དྲུག་གི་ནང་ཚན་བློ་འཕེལ་ཤེས་རབ་རལ་གྲི་ཞེས་གྲགས་པ། འཇམ་དབྱངས་སྨྲ་བའི་སེང་གེ་ཡབ་ཡུམ་ཟུང་དུ་འབྲེལ་བའི་སྒྲུབ་ཐབས་ཁྱད་པར་དུ་འཕགས་པ་དང་འབྲེལ་བའི་རྗེས་གནང་བྱིན་རླབས་ཀྱི་ཆོ་ག་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་རྗེ་བཙུན་འཇམ་དབྱངས་སྨྲ་བའི་སེང་གེ་དངོས་སུ་གསལ་བ་ལ་མོས་གུས་ཀྱི་ཤུགས་དྲག་པོ་བསྐྱེད་ལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་བློས། བླ་མ་ལྷར་བཅས་དགོངས་སུ་གསོལ༔ བློ་གྲོས་ཤེས་རབ་བསྐྱེད་པའི་ཕྱིར༔ བྱིན་བརླབ་རྗེས་སུ་གནང་བ་ནི༔ དེང་འདིར་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་མདུན་བསྐྱེད་བཅོམ་ལྡན་འདས་འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། ཡན་ལག་བདུན་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བ་དང་། ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ཀྱེ་ཀྱེ༔ ཕྱོགས་བཅུའི་སྐྱབས་གནས་དཀོན་མཆོག་བདག་ལ་དགོངས༔ སོགས་ལས་བྱང་མེ་ཕྲེང་ལྟར་ལན་གསུམ་བྱ། དེ་ལྟར་སྔོན་འགྲོའི་ཆོས་མདོར་བསྡུས་པ་སོང་ནས། རྗེས་གནང་བྱིན་རླབས་ཀྱི་ཆོ་ག་དངོས་ལ་གསུམ་ཡོད་པའི་དང་པོ་སྐུ་རྫས་ལ་བརྟེན་ཏེ་བྱིན་གྱིས་བརླབ་པ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་མའི་ལག་པ་གཡས་སུ་ཞལ་ཟས་དང་། གཡོན་དུ་མར་མེ་སྦར་ལ་བཞག །ཁྱེད་རང་གི་ལག་མཐིལ་གཡས་སུ་སེང་གེ་སྔོན་པོ་གཉིས་བསྣོལ་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་འཇམ་དཔལ་དམར་པོ་ལི་ཁྲིའི་མདོག་ཅན༔ ཞལ་གཅིག་ཕྱག་གཉིས་གཡས་པས་ཤེས་རབ་ཀྱི་རལ་གྲི་ཕྱར་ཞིང༔ གཡོན་ཨུཏྤ་ལའི་སྟེང་ན་སྟོང་ཕྲག་བརྒྱ་པའི་པུསྟིས་མཚན་པ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ རལ་པ་གྱེན་དུ་འགྲེངས་པའི་གཙུག་ཏུ་རིན་པོ་ཆེ་འོད་འབར་བས་མཚན་ཅིང༔ སྐུའི་ཆ་ཐམས་ཅད་ལ་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་སྟེ༔ སྐུ་ལང་ཚོ་དང་ལྡན་ཞིང་འོད་ཟེར་དམར་པོའི་འཕྲོ་འདུ་བྱེད་པ་ཅན༔ ལག་མཐིལ་གཡོན་དུ་པདྨ་དང་ཟླ་བའི་གདན་ལ་དབྱངས་ཅན་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་བཞེངས་ཏེ་འགྱིང་བ་ལ་རིན་པོ་ཆེའི་རྒྱན་དང་དར་གྱི་ཅོད་པན་གྱིས་མཛེས་པ༔ དབུ་སྐྲ་མཐོན་མཐིང་དུ་འཁྱིལ་བའི་རྩེ་མོར་ནོར་བུས་བརྒྱན་པ༔ ཕྱག་གཡས་རལ་གྲི་གཡོན་ཨུཏྤ་ལའི་སྟེང་དུ་བརྒྱད་སྟོང་པའི་པུསྟིས་མཚན་པ་བསྣམས་པ་དངོས་བཞིན་དུ་གསལ་ཐོབས་ལ་དད་མོས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། འཇམ་དབྱངས་མགོན་དང་དབྱངས་ཅན་མ༔ བདག་ལ་བརྩེ་བར་ཉེར་དགོངས་ནས༔ མྱུར་དུ་འགོ་བར་མཛད་དུ་གསོལ༔ ཤེས་རབ་ཡེ་ཤེས་འཕེལ་བར་མཛོད༔ ལན་གསུམ། སློབ་དཔོན་གྱིས༔ ཨེ་མ་ཧོ༔ བཅོམ་ལྡན་འཇམ་དཔལ་རྡོ་རྗེ་དང༔ ཡུམ་ཆེན་ལྷ་མོ་དབྱངས་ཅན་མ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ མྱུར་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ཉེ་བར་འགོ་བར་མཛད་དུ་གསོལ༔ མ་རིག་མུན་པ་བསལ་ནས་ཀྱང༔ ཡེ་ཤེས་ཆེན་པོའི་དངོས་གྲུབ་དང༔ མཆོག་དང་ཐུན་མོང་ལ་སོགས་པའི༔ དངོས་གྲུབ་མ་ལུས་ད་སྩོལ་ཅིག༔ ཅེས་བརྗོད་ལ་མེ་ཏོག་འཐོར་བས། ཞལ་ཟས་དང་སྣང་གསལ་གྱི་ལྷ་ཡེ་ཤེས་པ་བུའི་སྙིང་གར་བསྟིམ༔ དམ་ཚིག་པ་འོད་དུ་ཞུ་བ་ལས་དངོས་གྲུབ་ཀྱི་རྫས་དང༔ མ་རིག་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྣང་གསལ་དུ་གྱུར་ནས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས༔ འཐིབས་པོའི་སྒྲིབ་གཡོགས་བསལ་ནས་གང་ལའང་བློ་གྲོས་ཐོགས་པ་མེད་པར་གྱུར་པར་མོས་ལ་རྫས་དངོས་གྲུབ་ཏུ་རོལ་པར་གྱིས་ཤིག །བྱས་ལ་ཞལ་ཟས་དང་མར་མེ་མིད་དུ་གཞུག །གཉིས་པ་གསུང་ཡིག་འབྲུའི་སྒོ་ནས་བྱིན་གྱིས་བརླབ་པ་ཡིན་པས་དམིགས་པ་འདི་ལྟར་སྒོམས་ཤིག །སློབ་དཔོན་འཇམ་དཔལ་སྨྲ་བའི་སེང་གེར་གསལ་བའི། ཐུགས་ཀར་བྷྲཱུྃ་ལས་འཁོར་ལོ་དམར་པོ་རྩིབས་བཞི་མུ་ཁྱུད་མེད་པའི་ལྟེ་བར་འོད་ཀྱི་རལ་གྲི་སོར་བཞི་རྩེ་མོ་གྱེན་དུ་ཕྱོགས་པ༔ འཆང་གཟུང་གི་དྷཱིཿདམར་པོ་ལ༔ ཨོཾ་ཧྲཱིཿདྷཱིཿམ་མེ་དིཿཔཾ་མཉྫུ་ཤྲཱི་མུཾ་ཧྲཱི༔ པྲ་ཛྙཱ་བར་དྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ ཞེས་པས་བསྐོར་བ༔ ཁྱེད་རང་དབྱངས་ཅན་མར་གསལ་བའི། ཐུགས་ཀར་ཟླ་བ་རྒྱས་པའི་གདན་ལ་རལ་གྲི་སོར་བཞི་འཆང་གཟུང་ཧྲཱིཿསྔོན་པོས་མཚན་པ་ལ་སྔགས་ཀྱིས་བསྐོར་བ་གསལ་ཐོབས༔ སློབ་དཔོན་ལ་མོས་གུས་དུངས་པ་ཞིག་བྱས་པའི་རྐྱེན་གྱིས། ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་ཕྲེང་བ་ལ་བརྒྱུད་དེ་ཁྱེད་རང་དབྱངས་ཅན་མར་གསལ་བའི་ཐུགས་ཀའི་ས་བོན་ཡིག་འབྲུ་དང་བཅས་པ་ལ་ཐིམ༔ དེ་དག་ལས་ཤེས་རབ་ཀྱི་འོད་ཟེར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་བྱིན་རླབས༔ ཉན་ཐོས་རང་རྒྱལ་རྣམས་ཀྱི་ཤེས་རབ༔ སོ་སོའི་སྐྱེ་བོའི་ནུས་པ་རྣམས་བསྡུས་ནས་རང་གི་སྤྱི་བོར་བསྟིམ་པ་ཙམ་གྱིས་ལུས་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ༔ ཡང་ཤེས་རབ་ཀྱི་འོད་ཟེར་འཕྲོས་བཀའ་སྡེ་སྣོད་ཐམས་ཅད་ཀྱི་ལུང༔ རིན་པོ་ཆེ་ཐམས་ཅད་ཀྱི་བཅུད༔ གནས་ལྔ་རིག་པའི་པཎྜི་ཏ་ཐམས་ཅད་ཀྱི་ཤེས་རབ་དང༔ མཁས་པ་དགེ་བའི་བཤེས་གཉེན་གྱི་ནུས་པ་དང་བཅས་པ་ཐམས་ཅད་བསྡུས་ནས་རང་གི་ལྗགས་ལ་བསྟིམས་པས་ངག་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས་པར་བསམ༔ ཡང་ཤེས་རབ་ཀྱི་འོད་ཚོགས་འཕྲོས་པས༔ རྩི་ཤིང་ནགས་ཚལ་གྱི་བཅུད༔ ཉི་ཟླའི་འོད་ཟེར༔ རྒྱ་མཚོ་ནང་གི་ནོར་བུ་རིན་པོ་ཆེའི་འོད༔ ལྷ་ཀླུ་གནོད་སྦྱིན་རྣམས་ཀྱི་ཤེས་རབ་དང་ནུས་སྟོབས༔ རྒྱལ་པོ་དང་བློན་པོ་རྣམས་ཀྱི་སེམས་ལ་སོགས་པ་རྣམས་བསྡུས་ནས༔ རང་གི་ཐུགས་ཀར་བསྟིམས་པས༔ སེམས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དང་ལྡན་པར་བསམ་པའི་ངང་ནས་སྔགས་འདི་ཟློས་ཤིག །ཤེལ་ཕྲེང་ཕྱེད་གཏད་ཅིང་བགྲང་དུ་གཞུག་ལ། ཨཱ་ལི་ཀཱ་ལི་དང་རྩ་བའི་སྙིང་པོ་བརྒྱ་རྩ་ནས་ཉེར་གཅིག་གི་བར་ཅི་འགྲུབ་བཟླར་གཞུག །གསུམ་པ་ཐུགས་ཡེ་ཤེས་པ་དབབ་ཅིང་བྱིན་གྱིས་བརླབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །དཔོན་སློབ་གཉིས་ཀའི་ཐུགས་སྲོག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་བཞིན་གྱི་གནས་ནས་ལྷ་ཡབ་ཡུམ་གཉིས་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་ནས་བྱོན་ཅིང་། སློབ་མ་ལྷར་གསལ་བའི་ཐུགས་ཀ་ནས་སིབ་སིབ་ཐིམ་པས་སློབ་མ་དམ་ཚིག་པ་དང༔ བྱོན་པའི་ལྷ་ཡེ་ཤེས་པ་གཉིས་དབྱེར་མེད་དུ་གྱུར་པར་མོས་ལ༔ མོས་གུས་གདུང་ཤུགས་དྲག་ཏུ་སྐྱེད་ཅིག །ཅེས་དང་སྙིང་པོ་བརྗོད། རོལ་མོ་བསྒྲག་ཅིང་སྤོས་བསྲེག །ཡེ་ཤེས་པ་དབབ་པ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་བརྟན་པར་བྱས་པར་མོས་ཤིག །ཛྙཱ་ན་སཏྭ་ཏིཥྛ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་གནས་གསུམ་དུ་བཞག་ལ་བརྟན་པར་བྱའོ། །དེ་ནས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་ལྟ་བུའི་རྗེས་གནང་ཐོབ་ཕྱིན་ཆད་ལྷ་ཉེ་བར་འགོ་ཞིང༔ འདི་ཉིད་ཀྱི་སྒོ་ནས་རང་གཞན་ལ་ཕན་ཐོགས་པར་འགྱུར་བ་ཡིན་པས༔ འཇམ་དཔལ་ཡབ་ཡུམ་ཡི་དམ་གྱི་ལྷར་གཟུང་ནས་འབྲལ་མེད་དུ་བསྙེན་ཅིང་། དམ་ཚིག་སྤྱི་དང་གཞུང་འདི་ཉིད་ནས། གསུངས་པའི་ཁྱད་པར་གྱི་དམ་ཚིག་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བྱ་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏོང་རག་མཎྜལ་སོགས་རྗེས་སྤྱི་ལྟར་བྱ། སློབ་དཔོན་གྱི་མདུན་བསྐྱེད་སློབ་མ་ལ་བསྟིམས་ཟིན་པས། ནོངས་བཤགས་དང་ཡིག་བརྒྱས་ཁ་བསྐངས་ལ་གཞུང་གི་རྫོགས་རིམ་ལྟར་འོད་གསལ་འཇུག་ལྡང་། དགེ་བསྔོ་ཤིས་བརྗོད་སྤྱི་མཐུན་བྱས་པས་འགྲུབ་བོ། །ཡེ་ཤེས་ཉིན་བྱེད་ཁོང་ནས་ཤར། །རྟོག་སྒྲིབ་མུན་པ་དབྱིངས་སུ་སངས། །འཇམ་མགོན་མཁྱེན་པའི་རྩལ་རྫོགས་ཤིང་། །དབྱངས་ཅན་ངག་གི་དཔལ་ཐོབ་ཤོག །ཅེས་རིན་པོ་ཆེ་གཏེར་གྱི་མཛོད་ཆེན་པོར་དགོས་འབྱུང་གཅེས་པའི་དབྱིག་སྡུད་པ་ན་ཟབ་ཅིང་འདྲིལ་བས་ཁྱད་པར་དུ་བྱས་པར་མཐོང་ནས་འཇུག་སྒོའི་ཟིན་ཐུན་རྣམ་པར་གསལ་བ་འདིའང་། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
དབང་ཕྱུག་དམར་པོའི་རྗེས་གནང་ཐུན་མོང་མ་ཡིན་པའི་ཟིན་བྲིས་ནང་མ་བཀའ་རྒྱ་ཅན་ (Volume 52, Text 59)
དབང་ཕྱུག་དམར་པོའི་རྗེས་གནང་ཐུན་མོང་མ་ཡིན་པའི་ཟིན་བྲིས་ནང་མ་བཀའ་རྒྱ་ཅན་བཞུགས་སོ། །འཇིག་རྟེན་དྲེགས་པ་འདུལ་བའི་ཕྱིར། །དེ་ཉིད་ཀྱི་ནི་གཟུགས་འཆང་བས། ཁམས་གསུམ་དབང་དུ་སྡུད་མཛད་པའི། །མ་ཧཱ་དེ་ཝ་རྒྱལ་གྱུར་ཅིག །གང་གི་རིག་གཏད་ཆོ་གའི་ཁྲིགས། །བརྒྱུད་ལྡན་མན་ངག་ལས་འོངས་པ། །སྦ་སྲི་མེད་པར་གནད་གསང་བཅས། །སྙིང་དང་འདྲ་བའི་ངོར་བཀོད་བྱ། །ཁམས་གསུམ་དབང་ཕྱུག་ཛམྦྷ་ལ་དམར་པོའི་དབང་སྡུད་ལས་བྱེད་ཀྱི་ལྷ་དབང་ཕྱུག་དམར་པོའི་རིག་གཏད་རྗེས་གནང་གི་རིམ་པ་བྱ་བ་ནི། དབེན་པའི་གནས་སུ་སྒྲུབ་པའི་སྐབས་སུ་བཤད་པ་བཞིན་གྱི་སྟེགས་སམ་མ་འབྱོར་ཀྱང་སྟེགས་བུ་དམར་པོས་བཀབ་པའི་ཁར་རྡུལ་ཚོན་རས་བྲིས་གང་རུང་གི་ཟླ་གམ་སྒོ་གཅིག་གི་གཞལ་ཡས་བར་ཁྱམས་ཨུཏྤལ་དམར་པོའི་ཕྲེང་བ་དང་འོད་ཟེར་དམར་པོས་བསྐོར་བའི་དབུས་སུ་ལྷ་མཚན་བྲི་ཞིང་། མ་འབྱོར་ན་འབྲུ་དམར་པོས་ཟླ་གམ་བྲིས་པའི་དབུས་སུ་ལྷ་གྲངས་དང་མཐུན་པའི་ཚོམ་བུ་བཀོད་པས་ཀྱང་རུང་། དེའི་དབུས་སུ་དབང་རྟེན་མན་ངག་བཞིན་དུ་བསྒྲུབས་པ། གཡས་ཕྱོགས་སུ་ཡབ་ཀྱི་ཕྱག་མཚན་ལྕགས་ཀྱུ། གཡོན་ལོགས་སུ་ཡུམ་གྱི་ཕྱག་མཚན་འཕྱོན་མའི་མེ་ལོང་ལ་ཁུ་རྡུལ་གྱིས་ཧྲཱིཾཿབྲིས་པ། མཐའ་སྐོར་དུ་ཏིང་ལོ་ཆང་གི་ཟན་ཆངས་མཆོད་པ་སོགས་ཀྱིས་བསྐོར། སྒྲུབ་པའི་ཕྲིན་ལས་བཞིན་དུ་གྱེར་སྒོམ་མཆོད་བསྟོད་བཟླས་པ་བྱ། གལ་ཆེན་གྱི་སློབ་མ་གཅིག་གམ་གསུམ་ལས་མི་མང་བ་ཁྲུས་བྱ། དྲི་བཟང་གིས་བྱུག །ཅུ་གང་དང་སིནྡྷུ་ར་བསྲེས་པའི་ཐིག་ལེ་རྩེ་གསུམ་པའི་དབྱིབས་ཅན་གནས་གསུམ་དུ་བཀོད། རིན་པོ་ཆེའི་མཎྜལ་ཕུལ་ནས་གནས་པ་ལ། སློབ་དཔོན་གྱིས་ལྷ་ཆེན་འདི་ཉིད་ངོ་བོ་འཕགས་པ་སྤྱན་རས་གཟིགས་འགྲོ་བ་འདུལ་ཕྱིར་ཕྱི་རོལ་དཀའ་ཐུབ་གྲུབ་པ་ཆེན་པོའི་ཚུལ་བཟུངས་པ་སོགས་དྲང་ངེས་ཀྱི་ལོ་རྒྱུས་འཆད། དེ་ནས་སློབ་དཔོན་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་བྱ། བདག་ནི་བསྟན་དང་འགྲོ་བའི་དོན། །གདུལ་དཀའ་མ་ལུས་འདུལ་བ་དང་། ཁམས་གསུམ་འཁོར་ལོས་བསྒྱུར་བའི་ཕྱིར། །དབང་ཕྱུག་དམར་པོ་འཁོར་བཅས་ཀྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། སློབ་དཔོན་དང་སློབ་མ་གཉིས་ཀ་གནོད་སྦྱིན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀར་འཇིག་རྟེན་དྲེགས་པ་ལས་བཀོལ་གྱི་ལྷ་དཔལ་རྟ་མགྲིན་ཤིན་ཏུ་ཁྲོ་ཞིང་གཏུམ་པའི་རྣམ་པ་ཅན། མདུན་གྱི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་དབང་ཕྱུག་ཡབ་ཡུམ་འཁོར་བཅས་སུ་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀའི་རྟ་མགྲིན་ལས་དྲེགས་པ་དབང་སྡུད་ཀྱི་འོད་ཟེར་འཕྲོས། ཚངས་གནས། རྒྱ་མཚོའི་འགྲམ། ཏི་སེའི་རི་རྩེ་སོགས་ནས་དབང་ཕྱུག་མ་ཧཱ་དེ་ཝ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་པ་སླར་ཡང་སྒྲུབ་རྫས་དབང་རྟེན་དང་བཅས་པར་ཐིམ་ཞིང་། སློབ་མ་གནོད་སྦྱིན་ཡབ་ཡུམ་རྟ་མགྲིན་དང་བཅས་པར་གསལ་བའི་བཀའ་ཉན་གསུང་སྡོད་དབང་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་བསམས་ལ། སྒྲུབ་ཐབས་ལས་འབྱུང་བ་ལྟར་གྱི་སྤྱན་འདྲེན་འབོད་སྔགས་བཟླ་འོ། །རོལ་མོའི་སྒྲ་དང་། ཏང་ཀུན་དང་། སིཧླ། ཛཱ་ཏི། སྤོས་དཀར་ནག་བསྲེག །དེ་ནས་ལྷ་ཆེན་ཉིད་ཀྱིས་ཕྱག་མཚན་ལྕགས་ཀྱུ་སློབ་མའི་ལག་གཡས་སུ་གཏད་པར་མོས་ལ། ཧཱུྃ། གཟུགས་ཅན་གཟུགས་མེད་དྲེགས་པ་ཅན་ཐམས་ཅད། །མ་ལུས་སྙིང་ནས་འདྲེན་པའི་ཕྱག་མཚན་འདི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས། །གང་འདོད་མྱུར་དུ་འགུགས་པའི་མཐུ་ཐོབ་ཤོག །པཱ་ཤཾ་ཨངྐུ་ཤ་ཛཿཧཱུྃ། དབང་རྟེན་ལག་གཡོན་དུ་གཏད་པར་མོས། ཧཱུྃ། ཁམས་གསུམ་ཟིལ་གནོན་འདོད་པ་མཆོག་སྦྱོར་བའི། །བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ་པོ་འདི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས། ཁམས་གསུམ་ཟིལ་གནོན་དབང་ཕྱུག་ཆེ་ཐོབ་ཤོག །སྲོག་སྔགས་བཟླ། ཡུམ་གྱི་ཕྱག་མཚན་ལག་གཡོན་དུ་གཏད་པར་མོས། ཧྲཱིཿ སངས་རྒྱས་བཀའ་མཐུ་ཟློག་བྱེད་བཀའ་ཟློག་མ། །ཡིད་འཕྲོག་ཆགས་པས་དབང་སྡུད་ཨུ་མཱཿདེ། །འཕྲུལ་གྱི་མེ་ལོང་སྲིད་པ་གསལ་བྱེད་འདི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས། །སྣང་སྲིད་མ་ལུས་མཐོང་བས་སྡུད་པར་ཤོག །ཨུ་མཱཿདེ་ཝཱི་ཧྲཱིང་པྲ་མཱོདརྴ་པཱ་ཤཾ་ཀུ་རུ་ཧཱུྃ། དེ་ནས་ལྷ་ཆེན་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལ་སྲོག་ཡིག་གིས་བསྐོར་བ་དེ་ལས་དེ་འདྲ་བའི་ཕྲེང་བ་བར་མ་ཆད་པ་འཕྲོས། སློབ་མ་གནོད་སྦྱིན་ཡབ་ཡུམ་གྱི་ཐུགས་ཀའི་རྟ་མགྲིན་གྱི་ཐུགས་སྲོག་ཧྲཱིཿཡི་ར་བཏགས་ལ་ཐིམ་པར་བསམ་ལ་འབྲུ་བཅུ་བདུན་པའི་བཟླས་ལུང་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་ལ་ཟླ་གམ་དུ་བཅོས་པའི་ཕྲེང་བ་ཉེར་ལྔ་པ་ཐོགས་ལ་འབོགས་སོ། །བཀའ་བསྒོ་དམ་བཞག་ནི། དབང་རྟེན་སོགས་སྒྲུབ་རྫས་ཐམས་ཅད་བསྡུས་ལ་སློབ་མའི་ལག་ཏུ་གཏད་པ་དང་ལྷན་ཅིག །སློབ་དཔོན་གྱིས། ཁམས་གསུམ་དབང་སྡུད་ལེགས་ལྡན་དབང་ཕྱུག་དམར་པོ། སྐུའི་མཆན་དུ་བཞུགས་པའི་ཡུམ་མཆོག་ལྷ་མོ་བཀའ་ཟློག་མ་འཁོར་དང་བཅས་པ། དཔལ་རྟ་མགྲིན། སློབ་དཔོན་པདྨ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་སྲས་ལྷ་རྗེ། རིག་འཛིན་ཆོས་རྗེ་གླིང་པ། སྐལ་ལྡན་ཆོས་བདག་སྐྱེས་བུ་སོགས་རྩ་བརྒྱུད་ཀྱི་བླ་མ་དམ་པའི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེ་སློབ་མ་འདིའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་ཁམས་གསུམ་སྲིད་པ་གསུམ་གྱིས་བསྡུས་པའི་སྣོད་བཅུད་ཀྱི་བདེ་ལེགས་ཐམས་ཅད་དབང་དུ་སྡུད་ཅིང་། གྲུབ་པ་བརྒྱད་སོགས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བ་དང་། ཁྱད་པར་དུ་གང་ལ་དམིགས་པའི་འགྲོ་བ་ཡིད་ཆོས་དང་བཅས་པ་བརྟན་བྲལ་མྱུར་བ་ཉིད་དུ་དབང་དུ་བསྡུ་བར་མཛད་དུ་གསོལ། ཞེས་སོགས་གང་འདོད་གསོལ་ཞིང་སྲོག་སྔགས་ཀྱི་མཇུག་ཏུ་བཛྲ་ས་མ་ཡ་ཧཱུྃ། འདའ་ན་མ་ཧཱ་དེ་ཝའི་ཙིཏྟ་ཕྱུངས༔ ཟློག་ན་མ་ཧཱ་དེ་ཝའི་ཙིཏྟ་གཏུབས། འཁུ་ན་མ་ཧཱ་དེ་ཝའི་ཀཱ་ཡ་དུམ་བུར་ཤིགས། ཞེས་བཏགས་པ་བཟླ་ཞིང་སྙིང་ཆུ་བསྲེ་བ་ནི། ལྷ་ཆེན་གྱི་ཏིང་ལོ་ཆངས་ཟན་གྱི་རས་མར་སྲོག་སྔགས་བཟླས་པ་སློབ་མར་སྦྱིན། མཆོད་པའི་མེ་ཏོག་རྙིང་པ་ཁ་ཅིག་ཕྲེང་བར་བརྒྱུས་པ་མགོ་བོ་ལ་སོགས་པར་རྟགས་སུ་འཆང་ངོ་། སློབ་མ་མཆོག་རྣམས་ལ་དྲེགས་པ་དབང་སྡུད་སྲོག་དབང་བྱ་བ་ནི། རྟེན་རྫས་རྣམས་སློབ་མའི་པུས་མོའི་འོག་ཏུ་བཤར་ཞིང་སློབ་མ་དྲེགས་པ་ཟིལ་གྱིས་གནོན་ཕྱིར་རྟ་མགྲིན་རི་རབ་ཙམ་དུ་བསམ་ཞིང་དེའི་ཞབས་འོག་ཏུ་ཚུད་པས་བཀའ་དང་དམ་ལས་མི་འདའ་བར་མོས་ལ་རྟ་མགྲིན་གྱི་སྔགས་གཤམ་དུ་སྲོག་སྔགས་དང་བཛྲ་ས་མ་ཡ་དང་འདའ་ན་མ་ཧཱ་རེ་སྦྲགས་པ་ཉེར་གཅིག་སོགས་བཟླ་འོ། །དེ་ནས་སློབ་དཔོན་གྱིས་ར་བ་བཞིའི་དུས་གཉན་བརྒྱད་དང་བཅོ་ལྔ་སོགས་ལ་མཆོད་པ་དང་། དམེ་ཡུགས་མཛེ་དང་རོ་འཁོན་སོགས་གྲིབ་ལ་འཛེམ་པ་སོགས་དམ་ཚིག་བསྒོ་ཞིང་སློབ་མས་ཀྱང་ངེས་པའི་ཁས་བླངས་ཤིང་གཏང་རག་གི་མཎྜལ་འབུལ། མཆོད་བསྟོད་བྱ་ཞིང་གཤེགས་བསྡུ་ཤིས་བརྗོད་སོགས་སྤྱི་དང་འགྲེ་བས་མཐའ་བརྒྱན་ནོ། །དེ་ལྟར་དབང་ཕྱུག་དམར་པོའི་རིག་གཏད་འདི་བཞིན་གཏེར་གཞུང་ལ་དངོས་སུ་མི་གསལ་ཡང་བརྒྱུད་ལྡན་གྱི་མན་ངག་ལས་འོངས་པའི་ཡིད་ཆེས་ཁ་ཅིག་རང་གིར་བགྱིས་པའི་ཉམས་སུ་མྱོང་བའི་ལག་ལེན་དམར་ཁྲིད་ཀྱི་ལམ་ལས་འོངས་པ་དང་། རྣམ་པར་དཔྱད་པའི་བློས་མི་འགལ་བར་བཀོད་པ་འདི་རྗེ་བླ་མ་རྒྱལ་བའི་སྲས་པོ་གང་གིས་དངུལ་དཀར་གྱི་དོང་ཙེ། དབང་མདོག་གི་དར་ཡུག་སོགས་ཀྱི་རྟེན་དང་། སྙིང་དང་འདྲ་བའི་གང་ཟག་གི་ངོ་ཆེན་བཅས་བསྩལ་པ་བཞིན་མན་ངག་འདིར་ཉམས་མྱོང་གི་ལག་རྗེས་ཆ་ཙམ་གསལ་བ་དྷརྨ་སྭཱ་མཱིས་གནས་མཆོག་མེ་ཏོག་ལྷས་ནང་དུ་ཟིན་ཐོར་བཏབ་པའོ། །མངྒ་ལཾ།། །།
འཇམ་པའི་དབྱངས་ཀྱི་ཐུགས་སྒྲུབ་ (Volume 49, Text 60)
ྈ འཇམ་པའི་དབྱངས་ཀྱི་ཐུགས་སྒྲུབ་བཞུགས་སོ༔ མངའ་པཎ་རིག་འཛིན་ཡོངས་འདུས། ྈྈྈྈྈྈྈྈྈྈྈྈྈ ཀུན་བཟང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༔ ཚད་མེད་མཁྱེན་པའི་ཡོན་ཏན་མྱུར་འགྲུབ་ཕྱིར༔ འཇམ་དབྱངས་ཐུགས་ཀྱི་སྒྲུབ་པ་འདི་ཉིད་ལ༔ སྦྱོར་བ་དངོས་གཞི་རྗེས་ཀྱི་རིམ་པས་བསྟན༔ དང་པོ་སྐྱབས་འགྲོ་ཚད་མེད་སེམས་བསྐྱེད་ཅིང༔ ཚོགས་གསག་ཆུ་གཏོར་མཎྜལ་ཚོགས་ལ་འབད༔ ཁྱད་པར་བྱིན་རླབས་བླ་མའི་རྣལ་འབྱོར་ནི༔ མཁའ་ལ་འཇམ་དབྱངས་ལྷ་ཚོགས་དཔག་མེད་རྣམས༔ སྐུ་དང་ཡེ་ཤེས་རྒྱས་པའི་ངོ་བོ་ཉིད༔ སངས་རྒྱས་ཀུན་དངོས་བླ་མའི་ངོ་བོར་བལྟ༔ དེ་ལ་གདུང་ཤུགས་གསོལ་བ་གདབ་པ་ནི༔ ཨེ་མ་ཧོ༔ རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ༔ སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་པའི་དབྱངས༔ སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔ སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ འཕགས་པ་འཇམ་དཔལ་གྱི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཟག་མེད་བློ་གྲོས་ཤེས་རབ་སྣང་བ་དང༔ ཚིག་དང་དོན་བཅས་དབང་འབྱོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་མཉྫུ་ཤྲཱི་པྲ་ཛྙཱ་ཝརྡྷ་སིདྡྷི་ཧཱུྃ༔ དེ་ལྟར་བརྒྱ་སྟོང་བསྙེན་ཅིང་གསོལ་བ་གདབ༔ ཐུན་མཚམས་འཇམ་དཔལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྔགས་ཀྱི་ཕྲེང་བ་གསེར་གྱི་ཕྲེང་ལྟར་བྱུང༔ བདག་གི་སྨིན་མཚམས་མཛོད་སྤུའི་བུ་ག་ནས༔ རིམ་གྱིས་ཞུགས་ནས་ལུས་ཀྱི་ནང་ཀུན་གང༔ བདེ་གཤེགས་བྱང་སེམས་ཐུགས་རྗེའི་བྱིན་རླབས་རྣམས༔ ཡོངས་སུ་རྫོགས་པར་ཐོབ་པར་བསམ་བྱས་ཏེ༔ ཛཿཧཱུྃ་བཾ་ཧོཿས་ལྷ་ཚོགས་རང་ལ་བསྟིམ༔ མ་བཅོས་འགྱུར་མེད་མཐའ་བྲལ་ངང་དུ་བཞག༔ དེ་ནི་སྔོན་འགྲོའི་གདམས་པ་ཨེ་མ་ཧོ༔ ྈྈྈ ྈྈ གཉིས་པ་བསྐྱེད་བཟླས་རྫོགས་པའི་རིམ་པ་ལ༔ དང་པོ་རྣམ་དག་འོད་ལྔའི་ཞིང་ཁམས་སུ༔ སྟོང་རིག་ཤེས་པ་མུཾ་ཡིག་གསེར་གྱི་མདོག༔ ཚ་ཟེར་རབ་འཕྲོས་མུན་པ་འཇོམས་པར་བྱེད༔ དེ་ཉིད་གསལ་གདབ་མི་འཇིགས་སེང་གེའི་ཁྲི༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ འཇམ་དབྱངས་དཔའ་བོ་གུར་གུམ་གསར་པའི་མདོག༔ ཞལ་གཅིག་ཕྱག་གཉིས་རལ་གྲི་ཨུཏྤལ་སྟེང༔ སྟོང་ཕྲག་བརྒྱ་པའི་གླེགས་བམ་འོད་ཟེར་འབར༔ ཞི་བ་གཞོན་ནུ་ཟུར་ཕུད་འོད་ཀྱིས་མཛེས༔ རིན་ཆེན་མང་པོའི་རྒྱན་འཕྱང་རབ་འབར་བ༔ འཁོར་དུ་དྲྭ་བ་ཅན་གྱི་འོད་དང་ནི༔ སྐྲ་ཅན་ལྷ་མོ་དབྱངས་ཀྱི་གསུང་ལྡན་མ༔ སེམས་དཔའི་ཚོགས་བཅས་ཤེས་དང་ཤེས་བྱའི་བདག༔ མ་ལུས་གསལ་གདབ་མ་ཡེངས་དར་ཅིག་བསྒོམ༔ གཞན་ཡང་རབ་དཀར་ཀུནྡའི་མདོག་ཅན་དང༔ ཇི་ལྟར་འདོད་པའི་འཇམ་དབྱངས་སྐུ་རུ་བསྐྱེད༔ ྈྈ ྈྈྈ གཉིས་པ་བཟླས་བརྗོད་དང་པོ་འཇམ་དབྱངས་ཀྱི༔ ཐུགས་ཀར་དྭངས་མའི་ཐིག་ལེ་ཟླུམ་པོའི་ནང༔ རབ་དཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པ༔ དེ་སྟེང་མུཾ་ལ་སྔགས་ཀྱིས་བསྐོར་བར་བལྟ༔ ལྕེ་སྟེང་དྷཱིཿལས་རལ་གྲི་དྷཱིཿས་མཚན་པ༔ གསལ་གདབ་རླུང་བཟུང་ཤེས་རབ་མ་ལུས་འཕྲོག༔ ཐུགས་ཀའི་འཁོར་ལོ་དག་ལ་བསྟིམ་ཞིང་བཟླ༔ འོད་ཟེར་རལ་གྲི་ཕྲ་མོའི་ཚོགས་འཕྲོས་པས༔ མི་ཤེས་མུན་བཅོམ་ཤེས་རབ་འཕེལ་བར་བསམ༔ གཉིས་པ་དབུགས་ཀྱི་རྟས་བསྒྱུར་དྷཱིཿམང་བཟླ༔ དེ་བཞིན་ཨ་ཨ་ཨ་ཞེས་གསང་སྔགས་བཟླ༔ གསུམ་པ་ངག་གི་རང་སྒྲ་སྔགས་ཡིན་ཕྱིར༔ བརྗོད་པ་ཐམས་ཅད་ཡི་གེ་དྲུག་པར་བཟླ༔ ཨོཾ་ཝཱ་གི་ཤྭ་རི་མུཾ༔ ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཨོཾ་ཝཱ་ཀྱེ་དཾ་ན་མ༔ དེ་བཞིན་ཨ་ཡི་སྔགས་ཀྱང་བརྒྱ་སྟོང་སོགས༔ ཐུན་བཞིར་བཅད་དེ་བཟླས་པས་གཟུངས་སྤོབས་དང༔ ཤེས་རབ་སྙིང་རྗེ་མྱུར་དུ་ཐོབ་པར་འགྱུར༔ ྈྈ ྈྈྈ གསུམ་པ་རྫོགས་རིམ་ནམ་མཁར་ཨ་དཀར་པོ༔ རྒྱུ་སྐར་ཆེན་པོ་དྭངས་གསལ་འཚེར་བ་ལྟར༔ ཨ་ཡིག་རང་སྒྲ་རྒྱུན་དུ་སྒྲོག་པར་བསྒོམ༔ དེ་དོན་སྐྱེ་མེད་ཡི་གེ་ཨ་ཡིན་ཏེ༔ ཨ་ཡི་རང་བཞིན་བརྟགས་ན་སྒྲ་མཐར་སྟོང༔ སྟོང་པའི་རང་བཞིན་ཤེས་པས་གྲོལ་འགྱུར་ཕྱིར༔ སྟོང་ཉིད་བཅོ་བརྒྱད་ཨ་ལ་རྣམ་པར་བརྟག༔ རང་ལུས་ཨར་གྱུར་ཨ་ཡང་ནམ་མཁར་ཡལ༔ ཨ་དང་གཉིས་མེད་མཐར་ཐུག་ནམ་མཁར་དག༔ མཐའ་དང་དབུས་མེད་དེ་བཞིན་ཉིད་ཀྱི་ངང༔ ཐོག་མཐའ་མེད་པའི་རིག་པས་གྲོལ་འགྱུར་ཕྱིར༔ ཟང་ཐལ་མ་བཅོས་སོ་མར་ལྷན་ནེར་བཞག༔ སྐྱེ་མེད་རང་མདངས་འགག་མེད་འོད་ལྔར་གསལ༔ གསལ་བའི་དུས་ན་ངོ་བོ་སྟོང་པར་གནས༔ གཉིས་མེད་ཟུང་འཇུག་དོན་ལ་རྟག་ཏུ་བསྒོམ༔ དེ་ནི་དངོས་གཞིའི་གདམས་པ་ཨེ་མ་ཧོ༔ ྈྈྈ ྈྈ རྗེས་ནི་དོན་དམ་མཚན་རབ་བརྗོད་བྱ་ཞིང༔ སྟོང་ཉིད་སྙིང་རྗེའི་རྩལ་སྦྱོང་བསྔོ་བ་བྱ༔ སྨོན་ལམ་གདབ་ཅིང་འགྲོ་དོན་ཐོས་བསམ་སྦྱང༔ འགག་མེད་རྟོགས་ན་བྱང་ཆུབ་མྱུར་ཐོབ་འགྱུར༔ དེ་ནི་རྗེས་ཀྱི་གདམས་པ་ཨེ་མ་ཧོ༔ ྈྈྈ ྈྈ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ་གྱི་གསང་གཏེར་རོ།། །།
རླུང་ཞགས་ཀུན་གྱི་ཟབ་ཐིག་གུ་རུ་ཇོ་ཚེའི་གཏེར་མ་ (Volume 52, Text 60)
༄༅། །རླུང་ཞགས་ཀུན་གྱི་ཟབ་ཐིག་གུ་རུ་ཇོ་ཚེའི་གཏེར་མའོ། ། པཱ་ཤཾ་ཀུ་རུ་ཀརྨ་ཙཀྲ་ཨུ་པ་དེ་ཤ་གུ་ཧྱ༔ བདག་འདྲ་པདྨ་འབྱུང་གནས་ལ༔ གནུབས་བན་སངས་རྒྱས་རིན་པོ་ཆེས༔ རྒྱ་གར་ཡུལ་གྱི་མན་ངག་སྐྱེས་སུ་ཕུལ༔ རྒྱ་གར་ནུབ་ཕྱོགས་མུ་སྟེགས་པཎྜི་ཏ༔ ནག་པོ་ཚེ་འཕེལ་ཞེས་པའི་མན་ངག་ཡང་བཅུད་ཞུས༔ དབང་ཕྱུག་ཚངས་པ་ཆེན་པོའི་སྒྲུབ་ཐབས་ལས༔ དབང་སྡུད་ལས་ལ་ཁྱད་པར་གྲངས་མང་ཡང༔ གསེར་ཞུན་ཡང་བཅུད་ལྟ་བུར་ཕྱུང་བ་ཡི༔ ཁྱད་པར་མན་ངག་འདི་འདྲ་ཀུན་ལ་མེད༔ མི་ལ་མ་སྤེལ་ས་ཡི་གཏེར་དུ་སྦོས༔ མན་ངག་གནད་བསྡུས་ཡང་ཞུན་དག་ཏུ་ཕྱུང༔ ལག་ལེན་ཏི་ཀ་ལས་ཀྱི་མཐའ་རུ་ཐུག༔ བསྙེན་སྒྲུབ་ལས་སྦྱོར་ལས་ལ་སྡུད་པའི་སྔགས༔ རྣོ་མྱུར་མཚོན་ཆ་གནམ་ལྕགས་སྤུ་གྲི་འདི༔ གར་ཡང་ཐོགས་མེད་ལས་རྣམས་འགྲུབ་པར་བྱེད༔ མན་ངག་ཡང་ཁོལ་གསང་བའི་སྙིང་པོ་ནི༔ ཡུལ་ཁམས་དབང་དུ་སྡུད་པའི་ལས་རྣམས་བཤད༔ མི་མཐུན་ཡུལ་ལ་ཇི་སྙེད་གྲངས་མང་ཡང༔ རུས་ཆེན་བཅུ་གཉིས་དག་ཏུ་འདུས་པ་ཡིན༔ དེ་ལས་ཕྱི་ཡི་རུས་ཁམས་གྲངས་མང་ཡང༔ འུབས་ཀྱིས་བསྡུས་པས་ཁམས་ཆེན་ལྔ་རུ་འདུས༔ ས་ཁམས་ཆུ་ཁམས་མེ་ཁམས་ཤིང་གི་ཁམས༔ ལྕགས་ཁམས་ལ་སོགས་ཁམས་ལྔ་རིགས་ཀྱིས་མཚོན༔ ཁམས་ལྔ་གང་ཡང་དབང་དུ་སྡུད་པར་བྱེད༔ མི་རིགས་མི་མཐུན་བོད་ལ་མང་ཡོད་ཀྱང༔ རྒྱལ་རིགས་རྗེའུ་རིགས་དམངས་རིགས་གདོལ་རིགས་བཞི༔ འདི་བཞི་གང་ཡང་དབང་དུ་སྡུད་པར་བྱེད༔ རྒྱལ་པོ་བློན་པོ་དམངས་ལ་སོགས་པ་རྣམས༔ ཡུལ་ཁམས་གང་ན་གནས་པ་ཡིན་མོད་ཀྱང༔ བདག་ཉིད་དབང་སྡུད་འཁོར་ལོ་ལུས་བཅངས་ཤིང༔ དབང་སྡུད་ཏིང་འཛིན་མ་ཡེངས་གསལ་གྱུར་ན༔ དབང་སྡུད་ལྷ་རྟེན་རང་གི་མགོར་བཅངས་ནས༔ དབང་སྡུད་སྔགས་རྣམས་གསལ་དག་བསྒྲག་གྱུར་ན༔ ཡུལ་ཁམས་གང་ཡང་དབང་སྒྱུར་གདོན་མི་ཟ༔ རྒྱལ་རིགས་རྗེའུ་རིགས་དམངས་རིགས་གདོལ་པའི་རིགས༔ བྲམ་ཟེའི་རིགས་དང་རིགས་ངན་ལ་སོགས་པ༔ འཁོར་ལོའི་རྩིབས་ལ་རིམ་པ་བཞིན་དུ་བྲི༔ རྩིབས་མཆན་དག་ལ་རིགས་ངན་བྲི་བར་བྱ༔ དབུས་ཀྱི་ལྟེ་བར་རང་གི་མིང་རུས་དང༔ འགྲོ་བ་མི་རྣམས་དབང་དུ་གྱུར་ཅིག་བྲི༔ མུ་ཁྱུད་དབང་སྡུད་ལས་ཀྱི་དྲག་སྔགས་བྲི༔ རས་དཀར་བཏུམས་ལ་རང་གི་མགུལ་དུ་བཏགས༔ རྒྱལ་པོ་བློན་པོ་ཁྱོ་ག་བུད་མེད་དང༔ བྱིས་པ་བཙུན་པ་ལ་སོགས་གཟུགས་མིང་བྲི༔ དབང་ཕྱུག་སྦྲུལ་ཐོད་བཅུག་ལ་རྟེན་དུ་བཅང༔ བདག་ཉིད་མ་ཡེངས་ཏིང་འཛིན་རྩེ་གཅིག་གིས༔ དེ་ཝ་ཡབ་ཡུམ་མ་ཡེངས་གསལ་བར་བསྒོམ༔ སྐུ་མདོག་མཐིང་ནག་རལ་པ་སྤྱི་བོར་བརྫེས༔ སྤྱན་ནི་སྲིད་གསུམ་ཀུན་ལ་སྡང་མིག་གཟིགས༔ གཡས་པ་ཏྲི་ཤཱུལ་རྩེ་གསུམ་གཡབ་མོས་འདེབས༔ གཡོན་པ་དབང་སྡུད་ཟིལ་གནོན་ཕྱག་རྒྱ་མཛད༔ ཞབས་གཉིས་གྱད་ཀྱི་དོར་སྟབས་ལོག་འདྲེན་གནོན༔ སྣང་སྲིད་མི་དང་ལྷ་འདྲེ་དབང་དུ་སྡུད༔ སྔགས་ཀྱི་འོད་ཟེར་མགར་གྱི་ཚྭ་ཚྭ་འཕྲོ༔ འོད་ཟེར་སྤྲིན་མེད་ཉི་མའི་ཟེར་ལྟར་འཕྲོས༔ ལྷ་འདྲེ་མི་གསུམ་རྣམ་ཤེས་སྙིང་ལ་ཕོག༔ ལྷ་སྲིན་མི་དང་མི་མིན་ཀུན་རྣམས་ནི༔ དབང་མེད་ཟིལ་གནོན་བདག་གི་བྲན་ལྟར་འཁོལ༔ སྔགས་ནི་དབང་སྡུད་དྲག་སྔགས་མདོར་བསྡུས་ནས༔ བསྙེན་སྒྲུབ་ལས་སྦྱོར་རྣམ་གསུམ་བསྡུས་པའི་ལས༔ གཅིག་ཏུ་དྲིལ་བའི་དྲག་སྔགས་འདི་ལ་ཐུག༔ མ་ཧཱ་དེ་ཝ་ལོ་ཀ་ནན་དྷ་ཤ་ཤཱུ་ཨངྐུ་ཤ་ཛཿཛ༔ ནས་ནག་གྲོ་འབྲས་སྲན་མ་དང༔ སོ་བ་ཡུངས་དཀར་ལ་སོགས་པ༔ དབང་སྡུད་སྔགས་ཀྱིས་ངར་བླུད་ལ༔ ཡུལ་ཁམས་གང་ལ་བྱ་བ་དེར༔ རྫས་རྣམས་གཏོར་ཞིང་ཏིང་འཛིན་གསལ༔ དྲག་སྔགས་བཟླས་པས་ལས་རྣམས་འགྲུབ༔ མྱུར་འགྲུབ་འདི་ལ་གདོན་མི་ཟ༔ ཐེ་ཚོམ་སོམ་ཉི་རབ་ཏུ་སྤང༔ མི་གཙང་གོས་དང་མཁོན་པར་སྤང༔ ཡུལ་ཁམས་གང་ ཡིན་དབང་སྒྱུར་ཞིང༔ བདག་གི་བྲན་ལྟར་བྱེད་ཅིང་ཉན༔ མ་ལྟར་བྱམས་ཤིང་སྤུན་ལྟར་དུངས༔ དབང་སྡུད་ལས་ཀྱི་འཁོར་ལོ་ཡུལ་ཁམས་དབང་དུ་བྱ་བའི་འཁོར་ལོ་རྫོགས་ སོ༔ གུ་ཧྱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟངས་ཡག་བྲག་ནས་གུ་རུ་ཇོ་ཚེས་གདན་དྲངས་པའོ།། །།ྀཨཚ། གོང་གི་བསྙེན་སྒྲུབ་ལས་སྦྱོར་གྱི་དྲག་སྔགས་ཟེར་བ་འདི་ཡིན་ནོ། །མ་ཧཱ་དེ་ཝ་ལོ་ཀ་ ནན། དྷ་ཤ་ཤཱུ་ཨངྐུ་ཤ་ཛཿཛ༔ ཞེས་སོ། །དབང་སྡུད་ཕྱག་རྒྱ་ཟིལ་གནོན་ཞེས་ལག་པ་ཁ་སྦུབ་པའི་ཁུ་ཚུར་བཅངས་པ་ལྟ་བུ་ལ། མཐེའུ་ཆུང་ནས་རིམ་བཞིན་བཀྲོལ་བའོ།། དབང་སྡུད་འཁོར་ལོའི་དཔེའུ་རིས། ༼དཔེའུ་རིསྈ༽
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རྡོ་རྗེ་གཙུག་ཏོར་གྱི་བྱད་འགྲོལ་སྲུང་བ་བཅས་ཁྱེར་བདེར་ཕྱུངས་པ་གདེངས་ཆོག་རལ་གྲི་ (Volume 47, Text 60)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རྡོ་རྗེ་གཙུག་ཏོར་གྱི་བྱད་འགྲོལ་སྲུང་བ་བཅས་ཁྱེར་བདེར་ཕྱུངས་པ་གདེངས་ཆོག་རལ་གྲི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། ཕྱག་རྒྱའི་ཚ་ཟེར་ཡིད་ཀྱི་མཁར། །གསལ་ཙམ་ཉིད་ནས་བྱད་ཕུར་གྱི། །མུན་སྟུག་འཇོམས་ལ་ཕྱག་བྱས་ནས། །མན་ངག་ཤིན་ཏུ་ཉེར་མཁོ་དབྱེ། །ཐུགས་སྒྲུབ་བླ་མ་སྨྲ་སེང་ཁྲོས་པ་འཇམ་དཔལ་ཕ་རོལ་རྒོལ་བ་འཇོམས་པའི་ལས་ཀྱི་གཟེར་ཁ་བྱད་སྟེམས་སྲུང་འགྲོལ་གཉིས་སུ་བཤད་པ་ལས། བྱད་འགྲོལ་གྱི་ཆོ་ག་ནི། སྟེགས་བུར་བུམ་པ་མགུལ་ཆིངས་མཐིང་ནག་ཁ་རྒྱན་དང་བཅས་པའི་ནང་དུ། སྤྱི་འགྲོའི་བུམ་རྫས་ཉེར་ལྔ། བཟང་པོ་དྲུག །གི་ཝང་། ཤུ་དག །བྱང་སེམས་དཀར་དམར་ཚད་ལྡན་མ་རྙེད་ན་ཅུ་གང་དང་སིནྡྷུ་ར། ཤིང་ཀུན། ཡུངས་དཀར། བདུད་རྩི་ཆོས་སྨན་རྣམས་སྦྱར་བའི་ཕྱེ་མ་དང་དྲི་བཟང་ཆུས་བཀང་བ་བཞག །བདག་བསྐྱེད་མཆོད་གཏོར་སོགས་ཀྱང་བཤམ། ཐོག་མར་ཕ་རོལ་རྒོལ་འཇོམས་ཀྱི་བདག་བསྐྱེད་བཟླས་པ་བསྡུ་ལྡང་བར་རྒྱུན་ཁྱེར་སོགས་གཞན་ལས་འབྱུང་བ་ལྟར་གྲུབ་ནས། བུམ་པ་བྷྲཱུྃ་ལས་རིན་པོ་ཆེའི༔ བུམ་པ་མཚན་ཉིད་ཡོངས་རྫོགས་པ༔ བདུད་རྩིའི་བཅུད་ཀྱིས་གང་བའི་དབུས༔ ཧཱུྃ་ལས་པདྨ་ཉི་མའི་སྟེང༔ རྡོ་རྗེ་གཙུག་ཏོར་ཁྲོ་བོའི་རྒྱལ༔ ཆར་སྤྲིན་འཁྲུགས་པ་ལྟ་བུའི་མདོག༔ རྩ་ཞལ་ཉིས་བརྒྱ་མཐིང་ནག་འབར༔ གཡས་ཞལ་ཉིས་བརྒྱ་སེར་ཞིང་འཛུམ༔ གཡོན་ཞལ་ཉིས་བརྒྱ་ལྗང་གུ་ཁྲོ༔ རྒྱབ་ཞལ་ཉིས་བརྒྱ་དམར་ལ་བཞད༔ སྟེང་ཞལ་ཉིས་བརྒྱ་དཀར་ཞིང་ཞི༔ ཕྱག་སྟོང་རལ་གྲི་མེ་འབར་བསྣམས༔ སྤྱན་སྟོང་བསྐལ་པའི་གློག་ལྟར་འཁྱུགས༔ ཞབས་རྣམས་དོར་སྟབས་མེ་ཕུང་དབུས༔ དཔལ་ཆེན་ཆས་རྫོགས་ཧེ་རུ་ཀ༔ ཁམས་གསུམ་སྐུ་ཡི་དབྱིངས་སུ་རྫོགས༔ རབ་འབྱམས་ཁྲོ་བོའི་སྤྲིན་ཕུང་འཕྲོ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཐུགས་ཀར་ཉི་དཀྱིལ་ཧཱུྃ་མཐིང་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འཕྲོས་པའི་འོད་ཀྱིས་རྒྱལ་ཀུན་གྱི༔ ཐུགས་རྗེའི་ནུས་སྟོབས་སྤྱན་དྲངས་ཐིམ༔ དེ་ལས་ཡེ་ཤེས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་བསམ༔ ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ༔ བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ ཞེས་པ་ལ་བཟླས་པའི་དངོས་གཞི་བྱ། ལས་སྔགས་ནི་གོང་མའི་ཤམ་དུ། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཡཀྵ་བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭཾ་བྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡར་ཟློག་བྷྱོ༔ ཞེས་སྔ་མའི་གྲངས་ཀྱི་ཕྱེད་དམ་སུམ་ཆ་ཙམ་བཟླ། མཐར། བུམ་པའི་ལྷ་ཉིད་འོད་དུ་ཞུ་ནས་ནུས་པ་དང་ལྡན་པའི་སྔགས་ཆུར་གྱུར། ཅེས་མོས། ཐུན་མོང་དུ་སྒྲུབ་ན་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བཅས་བྱ། སླར་བདག་མདུན་བསྐྱེད་བཟླས་སྔ་མ་ལྟར་བསྐྱར་ཏེ་འབུམ་ཕྲག་ལ་སོགས་པའི་གྲངས་ཚད་མ་སོང་གི་བར་དུ་ཞག་གྲངས་ཇི་ཙམ་འོས་པས་ཆོག །དེའི་སྒྲུབ་པ་པོ་རབ་འདི་ཉིད་དམ་འཇམ་དཔལ་ཁྲོ་བོ་གང་རིགས་ཀྱི་བསྙེན་པ་ཐེམས་པ་ཞིག་གིས་བུམ་སྒྲུབ་ཀྱང་བཟླས་གྲངས་ཇི་ཙམ་མང་བཞིན་དེ་མཚུངས་ཀྱི་བྱིན་ནུས་ཆེ་བས། གློ་བུར་ཁྱི་བྱུང་རྡོ་རྡེག་མ་ཡིན་པ་ཞིག་བྱུང་ན་བཤད་ཚོད་ཀྱི་ཕན་ཡོན་འབྱུང་བར་ངེས་སོ། །དེ་ལྟར་སྒྲུབ་པ་སྔོན་དུ་འགྲོ་བས་ལས་སྦྱོར་དངོས་ལ། རེ་བའམ་རས་ནག་པོའི་གདན་གྲུ་གསུམ། སྐུད་པ་སྔོ་དམར་འདོམ་དོ། སཱཙྪ་ནག་པོ་ཆུང་ངུ་། འཛོམ་ན་རབ་གྲི་ལྕགས་ཀྱི་སྤུ་གྲི་ར་རོག་འོག་ཅན་གྱི་རྭ་ཅོའི་ཡུ་བ་བྱས་པ་མ་འཛོམ་ན་གྲི་ལས་མ་སོང་བའམ་རྙིང་པ་ཡིན་ཡང་རྣོ་ཆོད་ཅན་མེ་ཆུ་ལ་བཤུར་བ། བལ་བུ་སྤེན་མ་ལྕུག་མ་ཀུ་ཤ་སོགས་ལྷན་ཅིག་བཅིངས་པའི་ཕོན་པོ། །སྐྱེར་པའི་མེ་ཧོམ། བསྲེག་རྫས་ཡུངས་དཀར་ཡུངས་ནག་ཐང་ཕྲོམ་འབྲས་བུ་རྣམས་ཉེར་སྡོག་གྲུབ་ནས། བསྒྲུབ་བྱ་སློབ་དཔོན་གྱི་མདུན་དུ་གདན་ནག་གྲུ་གསུམ་སྟེང་ཙོག་པུར་འཁོད། རྐང་ལག་བསྣོལ་བའི་ལུས་བྱད་ཐག་གིས་རྒྱ་གྲམ་དུ་བསྡམ། མགོར་སཱཙྪ་ནག་པོས་མནན་ལ། འོ། བྱད་འགྲོལ་བའི་ཆོ་ག་ཟབ་མོ་སྒྲུབ་པ་ལ་དམིགས་པ་འདི་ལྟར་དུ་གྱིས་ཤིག །ཁྱེད་རང་ལ་བསམ་སྦྱོར་ངན་པར་འཆང་བའི་ཕ་རོལ་པོ་བན་བོན་སྔགས་པའི་ནུས་མཐུས་བཀུག་སྟེ་ལུས་ཐར་མེད་འབར་བའི་ཧོམ་ཁུང་དུ་བཅུག །ངག་འགྲོལ་མེད་བྱད་ཐག་སྔོ་དམར་གྱིས་བཅིངས། ཡིད་ལྡང་མེད་མཆོད་རྟེན་ནག་པོས་མནན་ཏེ་བྱད་གཏད་ཀྱིས་མནར་ཅིང་ཉམ་ཐག་པར་འཁོད་པ་ལ། སློབ་དཔོན་ཉིད་དྲན་པ་ཙམ་གྱིས་བྱད་ཕུར་རྦོད་གཏོང་གི་སྦྱོར་བ་ཐམས་ཅད་དུས་གཅིག་ལ་འཇོམས་པར་ནུས་པའི་འཇིགས་བྱེད་ཁྲོ་བའི་རྒྱལ་པོ་རྡོ་རྗེ་གཙུག་ཏོར་དངོས་སུ་གསལ་བའི། ཕྱག་གི་བུམ་པ་ལས་ཡེ་ཤེས་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་དྲག་ཏུ་བབས་པས་ཁྱེད་རང་གནོན་པར་བྱེད་པའི་མཆོད་རྟེན་ནག་པོ་ཐལ་བའི་ཕུང་པོ་འབབ་ཆུས་དེད་པ་བཞིན་སྐད་ཅིག་གིས་བཤིག་ཅིང་བཀྲུས་ཏེ་དྭངས་སང་ངེར་སོང་བར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ༔ རྣམ་པར་དག་པའི་བུམ་པ་ནས༔ ཡེ་ཤེས་ཁྲོ་རྒྱལ་བདུད་རྩིའི་ཆུས༔ དུག་ལྔ་དུག་གསུམ་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་དྲི་མ་བཀྲུ༔ ཚར་གྲངས་བརྒྱ་རྩ་སོགས་ལ་ཤླཽ་ཀ་འདི་དང་སྔགས་བརྗོད་ལ་བུམ་པའི་ཆུ་རྒྱུན་མ་ཆད་པར་སཱཙྪའི་སྟེང་དུ་བླུགས་ལ་བཤིག་ཅིང་ཁྲུས་སྣོད་དུ་བཀྲུ། བུམ་པ་ཆུང་ན་ཁ་སབ་སྔགས་ཆུ་མང་པོ་ཟུར་དུ་ཚགས་བྱ། ཚར་གཅིག་སོགས་ལ་ཅུང་ཟད་སྤྲོ་ན་ཤླཽ་ཀ་དེའི་མཐར། ཕ་རོལ་བསམ་ངན་སྦྱོར་རྩུབ་ཀྱིས། །བྱད་དང་གཏད་དུ་བཅུག་པ་བཀྲུ། །དབང་ཕྱུག་ཆེན་པོ་ཡབ་ཡུམ་སོགས། །སྡེ་དཔོན་སུམ་ཅུས་བཅིངས་པ་བཀྲུ། །འཆི་བདག་གསོད་བྱེད་ཕོ་མོ་སོགས། །དྲེགས་ཆེན་བཅོ་བརྒྱད་བཅིངས་པ་བཀྲུ། །མགོན་པོ་མ་ཧཱ་ཀཱ་ལ་སོགས། །ཕོ་རྒྱུད་དྲེགས་པས་བཅིངས་པ་བཀྲུ། །ལྷ་མོ་ཨེ་ཀ་ཙཱ་ཏི་སོགས། །སྣང་སྲིད་མོ་རྒྱུད་བཅིངས་པ་བཀྲུ། །བརྒྱ་བྱིན་ཡ་མ་རཱ་ཙ་སོགས། །ཕྱོགས་སྐྱོང་གདོན་གྱིས་བཅིངས་པ་བཀྲུ། །ཕྱི་ནང་གསང་བ་གབ་སྦས་སོགས། །ལྷ་སྲིན་སྡེ་བརྒྱད་བཅིངས་པ་བཀྲུ། །ལྷ་ཀླུ་གནོད་སྦྱིན་ལྷ་མ་ཡིན། །གཟའ་དང་རྒྱུ་སྐར་བཅིངས་པ་བཀྲུ། །དྲི་ཟ་གྲུལ་བུམ་མི་འམ་ཅི། །ལྟོ་འཕྱེ་སྲིན་པོས་བཅིངས་པ་བཀྲུ། །བདུད་བཙན་རྒྱལ་བསེན་ཐེའུ་རང་དམུ། །བགེགས་རིགས་འབྱུང་པོས་བཅིངས་པ་བཀྲུ། །ཀླུ་གཉན་ས་བདག་ཐམས་ཅད་ཀྱི། །གཏད་ཁྲམ་སྦྱོར་བས་བཅིངས་པ་བཀྲུ། །གཟུགས་ཅན་མི་དང་གཟུགས་མེད་ཀྱི། །ལྷ་འདྲེའི་ནུས་པས་བཅིངས་པ་བཀྲུ། །མདོར་ན་བསྲུང་བྱའི་ལུས་ངག་ཡིད། །བྱད་ཕུར་རྦོད་གཏོང་སྦྱོར་ངན་གྱིས། །བཅིངས་བསྡམས་གཏད་མནན་བྱས་པ་ཀུན། །སྐད་ཅིག་ཉིད་ལ་བྱང་གྱུར་ཅིག །ཅེས་པའང་བརྗོད། ཨོཾ་ཡ་མ་རཱ་ཛ་སོགས་ཡི་དམ་སྔགས་རྒོད་དང་། ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བྷཻ་ར་བྷཻ་ར༔ བཛྲ་དྷཱ་ར་ཎི༔ བྷནྡྷ་བྷནྡྷ༔ བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཧཱུྃ་དྲཱུཾ་བྷནྡྷ་བྷནྡྷ་ཕཊ་སྭཱ་ཧཱ༔ ཞེས་བུམ་བཟླས་དང་། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཡཀྵ་བཛྲ་ཚིནྡྷ་ཙ་ཧཱ༔ ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔ ཡར་ཡར་སཏྭམྦྷ་ཡ་བྱེར༔ ཛཾ་བྷ་ཡ་བྱེར༔ མོ་ཧ་ཡ་བྱེར༔ ཡར་ཟློག་བྷྱོ༔ ཞེས་ལས་སྔགས་ཤམ་དང་བཅས་པའི་མཐར། བན་བོན་སྔགས་པའི་བསམ་སྦྱོར་ངན་པས་མནན་པ་དང༔ བཅིངས་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཚར་གྲངས་བརྗོད་ལ་སཱཙྪ་ལྷག་མེད་དུ་བཤིག །ཤིང་སྣའི་ཆུན་པོ་ཐོགས་ལ། བཟང་ཤིང་སྣ་ཚོགས་ཀྱི་ཕོན་པོ་འདི་ཉིད་ངོ་བོ་ལས་དང་ཉོན་མོངས་ཐོགས་མེད་དུ་འཇོམས་པའི་རྡོ་རྗེ་ཡེ་ཤེས་ཀྱི་རང་བཞིན། རྣམ་པ་དགོས་འདོད་ཀུན་འབྱུང་དཔག་བསམ་ཤིང་གི་ལྕུག་ཕྲན་དང་དག་བྱེད་གཙང་ཞིང་དགེ་བའི་རྩྭ་མཆོག་ཀུ་ཤའི་ཆུན་པོས་བྱབས་པ་ཙམ་གྱིས་བཀྲུས་པའི་ལྷག་མའི་དྲི་མ་ཅི་མཆིས་པ་ཐམས་ཅད་མེ་ལོང་གི་རྡུལ་ཕྱིས་པ་ལྟར་སང་སང་དག་པར་མོས་ཤིག །ཤིང་སྣ་དང་ཀུ་ཤས་བྱབས་ལ། ཧོ༔ དཀོན་མཆོག་བདེན་པའི་བྱིན་རླབས་དང༔ ཁྲོ་རྒྱལ་ཆེན་པོའི་ནུས་མཐུ་དང༔ སྔགས་དང་ཏིང་འཛིན་སྦྱོར་བ་ཡིས༔ བྱད་ཕུར་རྦོད་གཏོང་ངན་པ་དང༔ སྡེ་བརྒྱད་གདུག་པའི་དྲི་མ་ཀུན༔ རང་བཞིན་མེད་པར་བྱང་གྱུར་ཅིག༔ ཅེས་པ་ཙམ་མམ། སྤྲོ་ན་གོང་གི །ཕ་རོལ་བསམ་ངན་སྦྱོར་རྩུབ་ཀྱིས། །བྱད་དང་གཏད་དུ་བཅུག་པ་བཀྲོལ། །ཅེས་བསྒྱུར་བ་དང་། སྔགས་རྣམས་གོང་ལྟར་ལ་སྤེལ་ཚིག །བན་བོན་སྔགས་པའི་བསམ་སྦྱོར་ངན་པས་མནན་པ་དང༔ བཅིངས་པ་དང༔ བྱད་དུ་བཅུག་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ༔ ཞེས་མང་དུ་བརྗོད་པས་བྱབ། རལ་གྲི་མེ་ཆུས་ངར་བླུད་པ་ཐོགས་ལ། སློབ་དཔོན་ཁྲོ་བོའི་དབང་པོ་རྡོ་རྗེ་གཙུག་ཏོར་དུ་གསལ་བའི་ཕྱག་སྟོང་ན་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་བསྣམས་པས། ཁྱེད་རང་འཆིང་སྡོམ་བྱེད་པའི་བྱད་ཀྱི་ཐག་པ་རྣམས་ཉིལ་ཉིལ་གཏུབས་ཤིང་བཅད། ཨེ་སྒྲོམ་འབར་བའི་བཙོན་ཁང་ཁྲོལ་གྱིས་བཤིགས་ནས་བྱད་གཏད་རིག་སྔགས་ཀྱིས་བཅིངས་པ་ལས་གྲོལ་ཏེ་ལུས་ངག་ཡིད་གསུམ་ཡང་ཕྱོད་དེ་བདེ་འབོལ་གྱིས་སོང་བར་མོས་ཤིག །ཧཱུྃ༔ ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ འཇམ་དཔལ་རྣོན་པོའི་རལ་གྲི་ཡིས༔ བྱད་ཕུར་རྦོད་གཏོང་འཆིང་བ་གཅད༔ ཅེས་པ་ཙམ་མམ། སྤྲོ་ན་གོང་གསལ། ཕ་རོལ་བསམ་ངན་སྦྱོར་རྩུབ་ཀྱིས། །བྱད་དང་གཏད་དུ་བཅུག་པ་གཅད། །ཅེས་བསྒྱུར་བ་རྣམས་དང་། སྔགས་གསུམ་སྔར་ལྟར་ལ། བན་བོན་སྔགས་པའི་བསམ་སྦྱོར་ངན་པས་ལུང་ངག་ཡིད་གསུམ་བྱད་དུ་བཅུག་པ་ཐམས་ཅད་ཙྪིནྡ་ཙྪིནྡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཏགས་པ་དྲག་ཏུ་བརྗོད་ལ་སྐུད་པ་དང་གདན་ནག་དུམ་བུ་མང་དུ་གཏུབས། མེ་ཧོམ་སྦར་བ་མདུན་དུ་བཞག་ལ། རབ་འབར་ཡེ་ཤེས་མེ་ཕུང་ཀློང་། །ཧཱུྃ་ལས་པདྨ་ཉི་མའི་སྟེང༔ རྡོ་རྗེ་གཙུག་ཏོར་ཁྲོ་བོའི་རྒྱལ༔ ཆར་སྤྲིན་འཁྲུགས་པ་ལྟ་བུའི་མདོག༔ རྩ་ཞལ་ཉིས་བརྒྱ་མཐིང་ནག་འབར༔ གཡས་ཞལ་ཉིས་བརྒྱ་སེར་ཞིང་འཛུམ༔ གཡོན་ཞལ་ཉིས་བརྒྱ་ལྗང་གུ་ཁྲོ༔ རྒྱབ་ཞལ་ཉིས་བརྒྱ་དམར་ལ་བཞད༔ སྟེང་ཞལ་ཉིས་བརྒྱ་དཀར་ཞིང་ཞི༔ ཕྱག་སྟོང་རལ་གྲི་མེ་འབར་བསྣམས༔ སྤྱན་སྟོང་བསྐལ་པའི་གློག་ལྟར་འཁྱུགས༔ ཞབས་རྣམས་དོར་སྟབས་མེ་ཕུང་དབུས༔ དཔལ་ཆེན་ཆས་རྫོགས་ཧེ་རུ་ཀ༔ ཁམས་གསུམ་སྐུ་ཡི་དབྱིངས་སུ་རྫོགས༔ རབ་འབྱམས་ཁྲོ་བོའི་སྤྲིན་ཕུང་འཕྲོ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ༔ ཧཱུྃ༔ བྱད་ཕུར་རྦོད་གཏོང་སྦྱོར་བ་ཀུན༔ ནུས་ལྡན་རྫས་ཀྱིས་ངར་བཏགས་ཏེ༔ ཁྲོ་རྒྱལ་ཆེན་པོའི་ཞལ་དུ་འབུལ༔ རྔམས་བརྗིད་འབར་བའི་དབྱིངས་སུ་བཞེས༔ དགྱེས་པ་ཆེན་པོའི་བཞད་སྒྲ་ཡིས༔ བྱད་ཕུར་སྦྱོར་བ་ཚར་ཆོད་ཅིག༔ སྐུད་པ་དང་གདན་དུམ་ཡུངས་དཀར་ནག་ཐང་ཕྲོམ་རྣམས་བསྲེག་ལ་ལས་སྔགས་དང་། སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧི་ཧི་ཧཱུྃ་ཕཊ༔ ཅེས་དང་ཚིགས་གཅད་སྤེལ་བ་མང་དུ་བརྗོད། བསྲེགས་ཟིན་ནས། བྱད་མ་རྦོད་གཏོང་ལྷ་སྲུང་བཅས༔ ཐམས་ཅད་འདུས་པའི་ངོ་བོ་ཉིད༔ རྔམས་པའི་བཞད་སྒྲ་དང་བཅས་ཏེ༔ ཞལ་དུ་བཞེས་ཤིང་ཚར་བཅད་དེ༔ མཐར་ནི་ཁྲོ་རྒྱལ་མེ་ཕུང་གྱུར༔ འབར་ཞིང་འཁྲུགས་པའི་ཚ་ངར་གྱིས༔ བསྒྲུབ་བྱའི་བྱད་ཕུར་བག་ཉལ་བཅས༔ ལྷག་མ་མེད་པར་ཚིག་པར་གྱུར༔ ལས་སྔགས་མཐར། བན་བོན་སྔགས་པའི་བསམ་སྦྱོར་ངན་པས་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་བསྒྲུབ་བྱ་མེ་ལ་ལན་བདུན་འགོང་བཅུག །ཐལ་སོལ་ཆུ་བོ་ཆེན་པོ་ལ་བསྐྱལ། དེ་ལྟར་ཆོ་ག་ཟབ་མོ་རྣམས་ཀྱིས་བྱད་ཕུར་གཏད་མནན་གྱི་སྦྱོར་བ་ལས་གྲོལ་ཞིང་རྣམ་པར་རྒྱལ་པ་ལ་ཕྱིན་ཆད་ཉེ་བར་འཚེ་བས་མི་ཚུགས་པར་སྲུང་བའི་གོ་བགོ་བ་ཡིན་པས་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱེད་རང་སྐད་ཅིག་དྲན་རྫོགས་སུ། རྡོ་རྗེ་གཙུག་ཏོར་ཁྲོ་བོའི་རྒྱལ༔ ཆར་སྤྲིན་འཁྲུགས་པ་ལྟ་བུའི་མདོག༔ རྩ་ཞལ་ཉིས་བརྒྱ་མཐིང་ནག་འབར༔ གཡས་ཞལ་ཉིས་བརྒྱ་སེར་ཞིང་འཛུམ༔ གཡོན་ཞལ་ཉིས་བརྒྱ་ལྗང་གུ་ཁྲོ༔ རྒྱབ་ཞལ་ཉིས་བརྒྱ་དམར་ལ་བཞད༔ སྟེང་ཞལ་ཉིས་བརྒྱ་དཀར་ཞིང་ཞི༔ ཕྱག་སྟོང་རལ་གྲི་མེ་འབར་བསྣམས༔ སྤྱན་སྟོང་བསྐལ་པའི་གློག་ལྟར་འཁྱུགས༔ ཞབས་རྣམས་དོར་སྟབས་མེ་ཕུང་དབུས༔ དཔལ་ཆེན་ཆས་རྫོགས་ཧེ་རུ་ཀ༔ ཁམས་གསུམ་སྐུ་ཡི་དབྱིངས་སུ་རྫོགས༔ རབ་འབྱམས་ཁྲོ་བོའི་སྤྲིན་ཕུང་འཕྲོ༔ གནས་གསུམ་རྡོ་རྗེ་གསུམ་གྱི་དངོས༔ ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་མཚན༔ ལུས་ལ་རྡོ་རྗེའི་གོ་ཆས་གཏམས༔ བྱད་ཕུར་ཐམས་ཅད་བསྲུང་བར་གྱུར༔ གནས་གསུམ་དང་སྤྱི་བོར་རྡོ་རྗེས་རེག་ལ། ལྷ་སྔགས་གཉིས་ཀྱི་ཤམ་དུ། ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ ཞེས་ལན་གསུམ་ལས་མི་ཉུང་བར་བརྗོད། བདེན་སྟོབས་ལ་ངེས་ཤེས་བསྐྱེད་བཞིན་པས། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིགས་སྔགས་བསླུ་བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བྱད་ཕུར་རྦོད་གཏོང་སྦྱོར་བ་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་དང་། ཞལ་ནས་གསུངས་པའི་ཚིགས་སུ་གཅད་པས་ཐོག་དྲངས་ཤིས་བརྗོད་རྒྱས་པར་སྤེལ་ལ་བསྒྲུབ་བྱ་རང་གནས་སུ་གཏང་། བདག་བསྐྱེད་བསྡུ་ལྡང་ཡང་སྔར་མ་བྱས་ན་འདིར་བྱ་བ་དང་བསྔོ་སྨོན་ཙམ་གྱིས་གྲུབ་བོ། །འདིའི་ཕན་ཡོན་ནི། ཨོ་རྒྱན་མཁའ་འགྲོའི་རིག་སྔགས་ཀྱི༔ སྙིང་པོའི་ཡང་བཅུད་དྲིལ་པ་འདིས༔ གཞན་གྱིས་བྱས་པའི་སྦྱོར་ངན་ཀུན༔ རྩ་སྦུར་མེ་དང་འཕྲད་པ་བཞིན༔ སྐད་ཅིག་ཉིད་ལ་འཇིགས་པར་འགྱུར༔ ཞེས་གསུངས་སོ།། །། ༄། བྱད་ཕུར་རྦོད་གཏོང་སྲུང་བའི་འཁོར་ལོ་ནི། ཤོག་བུ་ལ་ལྟེ་བ་དང་བཅས་པའི་འཁོར་ལོ་རྩིབས་བཅུ། དེ་རྒྱབ་མུ་ཁྱུད་རིམ་པ་བཞི་བསྐོར། ལྟེ་བར་ཡཿའི་མཐར། ཨོཾ་ཡ་མ་རཱ་ཛ་སོགས་སྔགས་རྒོད་ཚང་བའི་མཐར། ཨེ་ས་བྷྱོ་སྲུངས༔ ཞེས་བཏགས་པས་བསྐོར། རྩིབས་བཅུར་ཧཱུྃ་བཅུ་ལ་རེ་རེ་བཞིན། ཨེ་ས་བྷྱོ་སྲུངས༔ ཞེས་པས་བསྐོར། དེ་རྒྱབ་མུ་ཁྱུད་དང་པོར་སྔགས་རྒོད་མཐར། ཨོཾ་བཛྲ་ཀཱ་ཡ་གླིང་འཆང་བ་པོའི་ལུས་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཧི་བཾ་གརྦྷ་ཡ་འཆང་བ་པོའི་ངག་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཧི་ཀ་ནན་འཆང་བ་པོའི་ཡིད་ལ་རཀྵ་རཀྵ༔ ཨོཾ་བཛྲ་ཡ་མཱནྟ་ཀ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ས་མ་ཡ་བྷྲཱུྃ༔ འཆང་བ་པོ་ལ་བྱད་ཕུར་རྦོད་གཏོང་གི་གནོད་པ་བག་ལ་ཉལ་བ་དང་བཅས་པ་ཐམས་ཅད་རཀྵ་རཀྵ༔ ཞེས་བྲི། གཉིས་པར་དབྱངས་གསལ་དང་རྟེན་སྙིང་། ཐམས་ཅད་མགོ་ཕྱིར་བསྟན་གཡས་སྐོར་དུ་བཀོད། གསུམ་པར་རྡོར་ར། བཞི་པར་མེ་རི་གཡས་སྐོར་བྲི། གླ་རྩི་གི་ཝང་གུར་གུམ་རྣམས་ཀྱི་ཁུ་བས་བྱུགས། ཡུངས་དཀར། གུ་གུལ། ཐལ་ཆེན། པདྨ་རཀྟ། ཤིང་ཀུན་རྣམས་ཤོག་ཆག་གམ་ཐུམ་པོར་བྱས་པ་དང་ལྷན་ཅིག་སྟེགས་བུར་བཀོད་ལ་སྦྱོང་ཁྲུས་བྱ། འཁོར་ལོའི་དབུས་སུ་འཇམ་དཔལ་གཤིན་རྗེའི་གཤེད། ཧཱུྃ་རྣམས་ཁྲོ་བཅུ། མུ་ཁྱུད་ཀྱི་སྔགས་རྣམས་གཤིན་རྗེའི་དམག་ཚོགས་བསམ་གྱིས་མི་ཁྱབ་པར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། འཁོར་ལོའི་སྔགས་རྣམས་ཅི་འགྲུབ་བཟླ། བརྟན་བཞུགས་བྱས་ལ་ལྷ་འོད་ཞུ་འཁོར་ལོའི་རྣམ་པར་མོས། ཡེ་དྷར་དང་སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ། འཁོར་ལོ་རྫས་བཅས་ཞིང་ལྤགས་སམ་དར་དམར་གྱིས་བཏུམས་ལ་དྲོད་དང་མ་བྲལ་བར་བཅངས་པས་བྱད་ཕུར་རྦོད་གཏོང་གི་རིགས་ཐམས་ཅད་སྲུང་སྟེ། རྡོ་རྗེའི་མཁར་དུ་ཚུད་པ་དང་འདྲ་བར་གསུངས་སོ།། །། ༄། ཡང་བསམ་ངན་འཆང་བ་རྣམས་ཀྱི་བྱད་གཏད་འོག་ཏུ་བཅུག་པ་བཤིག་པའི་ཙཀྲ་ནི། གཞི་ལེགས་པར་ལྟེ་བ་དང་བཅས་པའི་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར། ལྟེ་བའི་དབུས་སུ་ཧཱུྃ། དེའི་མཐར་ཡི་དམ་གང་ཡིན་གྱི་རྩ་སྔགས་བྲི་དགོས་པས་སྐབས་འདིར་ཕ་རོལ་རྒོལ་འཇོམས་ཀྱི་སྙིང་པོའི་མཐར། ཨོཾ་ཧྲཱིཿབཛྲ་ཛྭ་ལ་སརྦ་ཀརྨ་བྷིནྡྷ་བྷིནྡྷ་མིང་འདི་ཞེས་བྱ་བའི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང༔ བཅིངས་པ་དང༔ མནན་པ་དང་ནུས་པ་བཤིག་པ་ཐམས་ཅད་གྲོལ་བར་གྱུར་ཅིག༔ སརྦ་ཨ་པ་ཀ་ར་ཤཱནྟིང་ཤཱནྟིང་ཤག་ཤག་བྱེར་བྱེར་པྲ་བེ་ཤ་ཡ་ཕཊ༔ ཨོཾ་བཛྲ་ཙྪིནྡྷ་ཡ་ཧ་ཧེ་ཧཱུྃ་ཕཊ༔ གཞན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག༔ ཅེས་བྲི། དེ་རྒྱབ་གོང་རས་མུ་ཁྱུད་ལ། ཨོཾ་མ་མ་སརྦ་བྷིནྡྷ་བྷིནྡྷ་ཛ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་མ་བྷིནྡྷ་པྲ་མརྡྷ་ན་ཡ་ཧ་ཧེ་མ་མ་ཧཱུྃ་ཕཊ༔ གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་པོ་འདིས་བདག་ལ་སྡང་བ་དང༔ ལོག་པར་སེམས་པ་ཐམས་ཅད་ཞི་བར་གྱུར་ཅིག༔ ཅེས་བྲི། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་དུ་བཅད་པའི་ཤར་དུ། ཨ་དེ་བ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ལྷའི་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་བྲི། དེས་འགྲེས་ཏེ། ལྷོར། ཡ་ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ གཤིན་རྗེའི་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ནུབ་ཏུ། མ་མ་མ་རུ་ལུ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ༔ མ་མོའི་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ བྱང་དུ། དུ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ བདུད་ཀྱི་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཤར་ལྷོར། རུ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ བཙན་གྱི་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ལྷོ་ནུབ་ཏུ། ཙ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ རྒྱལ་པོའི་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ནུབ་བྱང་དུ། ཤ་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ གནོད་སྦྱིན་དམོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ བྱང་ཤར་དུ། ན་ནཱ་ག་རཱ་ཛ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཀླུའི་གནོད་པའི་བྱད་ཁ་རྦོད་གཏོང་ཐམས་ཅད་ཤིག་ཤིག་ཁྲོལ་ཁྲོལ་ཧ་ཧེ་མ་མ་བྷིནྡྷ་ཡ་ཧཱུྃ་ཕཊ༔ ཅེས་བྲི། རྩིབས་མཆན་བརྒྱད་ལ། ཧ་ཧེ་བཛྲ་བྷིནྡྷ་བྷིནྡྷ་ཕཊ༔ ཅེས་རེ་རེ་བཞིན་ཏེ་ཚར་བརྒྱད་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཤཱནྟིཾ་ཀ་རི་ནི་ཡེ་མ་མ་བཛྲ་ཛྙཱ་ན་པྲ་ཡཙྪ་ཡཾ་མ་བྷི་དྷ་ར་ཡ་ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ་པྲ་ཀ་ར་ཎ་སརྦ་ཙ་ལ་སརྦ་བཛྲ་རཀྵ་རཀྵ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་དང་། དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར་འདོད་གསོལ་སྤེལ་ཚིག །འདི་འཆང་བ་པོའི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང༔ བཅིངས་པ་དང༔ མནན་པ་དང༔ ནུས་པ་བཤིག་པ་ཐམས་ཅད་གྲོལ་བར་གྱུར་ཅིག༔ གཞན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག༔ ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ་རྡོར་ར། དེ་རྒྱབ་མེ་རི་གཡས་སྐོར། སྔགས་མགོ་ཐམས་ཅད་ཀྱང་ཕྱིར་བསྟན་གཡས་སྐོར་བྲི། གུར་གུམ། ཤུ་དག །ཙནྡ་དཀར་དམར། གི་ཝཾ། ཡུངས་དཀར། ཆོས་སྨན་རྣམས་ཀྱིས་བྱུག །སྦྱོང་ཁྲུས་དང་རབ་གནས་བརྟན་བཞུགས་རྒྱས་པར་བྱ། སྐར་མ་རྒྱལ་ལ་བབས་པའི་དུས་སུ་རང་གི་མགུལ་དུ་བཏགས་པའམ། མལ་སྟེང་སོགས་སུ་བླ་བྲེ་ལྟར་བཀྲམ་པའམ། གསེར་འཕྲུ་རྒྱལ་མཚན་སོགས་ཀྱི་རྩེ་མོར་བཞག་པ་གང་རུང་བྱ་ཆོག །དེས་སྟོང་གསུམ་འཁྲུགས་པའི་མི་དང་མི་མ་ཡིན་གྱི་བྱད་ཁ་རྣམས་ཀྱང་སྐད་ཅིག་གིས་འཇོམས་ཤིང་གྲོལ་བར་འགྱུར་བར་གསུངས་སོ། །འདིས་ཀྱང་བསྟན་འཛིན་ཆོས་ལྡན་ཀུན། །བྱད་ཕུར་གཡུལ་ལས་རྒྱལ་བ་དང་། །ལྷན་ཅིག་སྒོ་གསུམ་གཏན་བདེའི་སར། །ངལ་གསོའི་དབུགས་ཆེན་འབྱིན་བྱེད་ཤོག །ཅེས་བྱད་འགྲོལ་ཀུན་ལ་མཁོའང་ལྕགས་སྡིག་གི་ཆ་ལག་གསེར་ལྡེ་ཉིད་རྫས་སྔགས་སོགས་རྒྱས་པས་བློ་གྲོས་དམན་ཞིང་འབྱོར་མཁོས་ཆུང་བས་ལག་ལེན་དཀའ་ལ། འདི་ཉིད་ཁྱེར་བདེ་བྱ་སླར་སྣང་བས་ཉམ་ཆུང་ལ་ཕན་པའི་སེམས་ཀྱིས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་རྣམ་གསུམ་ལས། གུ་རུ་ཞི་བའི་ཚེ་དབང་གི་ཟིན་བྲིས་ (Volume 48, Text 60)
༄༅། །ཐུགས་སྒྲུབ་རྣམ་གསུམ་ལས། གུ་རུ་ཞི་བའི་ཚེ་དབང་གི་ཟིན་བྲིས་བཞུགས་སོ། ། བླ་མ་མགོ་པོ་ཚེ་དཔག་མེད། །གང་ཞབས་དྲི་མེད་ལ་བཏུད་ནས། །གསང་ཐིག་པདྨའི་ཚེ་སྒྲུབ་ཀྱི། །སྨིན་བྱེད་དབང་གི་ཟིན་བྲིས་བཀོད། །དེ་ལ་འདིར་ཐུགས་སྒྲུབ་རྣམ་གསུམ་ལས། གུ་རུ་ཞི་བའི་ཚེ་སྒྲུབ་ཀྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པ་ལ། གནས་ཡིད་དང་མཐུན་པར་སྟེགས་བུའི་ཁར་དཀྱིལ་འཁོར་པདྨ་འདབ་བརྒྱད་དམ་འབྲུའི་ཚོམ་བུ་ལྔ་ཚོམ་ཙམ་བཀོད་པའི་དབུས་སུ། བུམ་པ་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་སོགས་དང་ལྡན་པ། དེའི་མདུན་དུ་རྡོ་རྗེ་དང་མེ་ལོང་། གཡས་སུ་ཚེ་རིལ་དང་ཚེ་ཆང་། རྒྱབ་ཏུ་ཚེ་གཏོར་བུམ་གཟུགས། གཡོན་དུ་མདའ་དར་ལྔ་ལྡན། མཐའ་སྐོར་དུ་བླ་མའི་གཏོར་མ། མཆོད་པ་རྣམ་ལྔ་རྣམས་ཀྱིས་བསྐོར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་འཐོར་ནས་སྣོད་བཅས་བཤམས། སྔོན་འགྲོའི་གཏོར་མ། ཨོཾ་བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱང་། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས། བཀའ་བསྒོ་བ་ནི། ཧྲཱི༔ ཚེ་དཔག་མེད་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་རང་སར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ བདག་ཉིད་དཔལ་ཆེན་རབ་ཁྲོས་ནས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་མ་འདུག་རང་སར་དེངས༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དང་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ྄༔ སྲུང་འཁོར་བསྒོམ། ན་མོ༔ བླ་མ་ཚེ་མཆོག་རྒྱལ་བ་འདུས་པའི་སྐུ༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་བ་སེམས་ཅན་མ་ལུས་རྣམས༔ བྱང་ཆུབ་མ་འཐོབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ་གྱིས་སྐྱབས་སུ་འགྲོ། བདག་གིས་སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་ཚེ་དཔག་མེད་མགོན་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ འགྲོ་དྲུག་སེམས་ཅན་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ་གྱིས་སེམས་བསྐྱེད། བླ་མ་ཚེ་དཔག་མེད་པ་དགོས་སུ་གསོལ༔ སྐུ་གསུམ་རྣམ་དག་ཞིང་ཁམས་གསུམ་དུ་བཞུགས༔ རྣལ་འབྱོར་བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པ་བཞེས་སུ་གསོལ༔ ཉམས་ཆག་སྡིག་སྒྲིབ་མ་ལུས་མཐོལ་ལོ་བཤགས༔ གསང་སྔགས་བླ་མེད་དོན་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར་དུ་གསོལ༔ རྒྱལ་བ་མྱ་ངན་མི་འདའ་གཞན་དོན་བཞུགས༔ སྙིང་པོ་འགྲོ་བ་སེམས་ཅན་དོན་དུ་བསྔོ༔ འཆི་མེད་ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་ཡན་ལག་བདུན་པ་འབུལ། མཆོད་རྫས་བྱིན་བརླབ་ནི། ཧྲཱི༔ ཆོས་ཀུན་རྣམ་དག་སྟོང་པའི་ངང་ཉིད་ལས༔ བྷྲཱུྃ་ལས་རིན་ཆེན་འབར་བའི་སྣོད་མཆོག་ཏུ༔ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས༔ ཕྱི་ནང་གསང་གསུམ་མཆོད་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛཿཧོ༔ སརྦ་པཉྩ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་གྷུ་ཧྱ་པཱུ་ཛཿཧོ༔ དངོས་གཞི་ལྷ་བསྐྱེད་ཅིང་སྤྱན་འདྲེན་པ་ནི། ཧྲཱི༔ དངོས་པོའི་ཆོས་རྣམས་ཡེ་ནས་དམིགས་སུ་མེད༔ སྟོང་ཉིད་ཀ་དག་ནམ་མཁའི་རང་བཞིན་ལས༔ སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་སྒོམ༔ དེ་ཡི་ངང་ལས་བདག་ཉིད་སྐད་ཅིག་གིས༔ ཚེ་དཔག་མེད་པ་དམར་གསལ་བྱེ་རུའི་མདོག༔ མཉམ་གཞག་ཚེ་བུམ་ལོང་སྤྱོད་རྫོགས་སྐུར་གསལ༔ མདུན་གྱི་ནམ་འཁར་པདྨ་དམར་པོ་དང༔ ཟླ་སྟེང་ཧྲཱིཿལས་གུ་རུ་པདྨ་འབྱུང༔ ཚེ་དཔག་མེད་དང་དབྱེར་མེད་སྐུ་དོག་དཀར༔ འོད་ཟེར་བྱེ་བ་དགུ་ཁྲི་མཉམ་གཞག་སྟེང༔ རིན་ཆེན་སྣ་བདུན་བུམ་པ་བདུད་རྩིས་བཀང༔ དགོས་འདོད་དཔག་བསམ་ཤིང་གི་ཁ་རྒྱན་ཅན༔ རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་འོད་ཕུང་འབར༔ མ་ཡེངས་ཀ་དག་རང་མདངས་ལྷང་ངེར་གསལ༔ ཀ་དག་གསང་བ་ལྷུན་གྲུབ་གནས་མཆོག་ནས༔ མ་བཅོས་རང་ཤར་བདག་མདུན་ལྷ་ཚོགས་རྣམས༔ ཐུགས་རྗེ་འགག་མེད་ཛཿཧཱུྃ་བཾ་ཧོ་ཨ༔ ཤར་གྲོལ་བདེ་སྟོང་གཉིས་མེད་ཏིཥྛ་ལྷན༔ མཐའ་གྲོལ་བློ་འདས་ངང་དུ་ན་མོ་ཧཱུྃ༔ གང་ཤར་སྣོད་བཅུད་མཆོད་ལྷ་ལྷ་མོ་ལྔ༔ བདེ་སྟོང་གྲགས་སྟོང་ཚོར་སྟོང་མྱང་སྟོང་ངང༔ རེག་ཡིད་བདེ་བ་ཆེན་པོའི་ངང་དུ་བཞེས༔ ཕྱི་ནང་མཆོད་ཚོགས་སྨན་རཀ་གཏོར་མ་དང༔ འཆི་མེད་ཐབས་ཤེས་དོན་དམ་བདེ་བས་མཆོད༔ ཡེ་ནས་རྣམ་དག་མི་ཤིགས་རྡོ་རྗེའི་ངང༔ མི་འགྱུར་གཡུང་དྲུང་ཀ་དག་རྒྱལ་བའི་སྐུ༔ འཁྲུལ་གྲོལ་གསལ་མདངས་མགོན་པོ་འོད་དཔག་མེད༔ བདེ་བ་ཆེན་པོ་བཅོམ་ལྡན་ཚེ་ཡི་ལྷ༔ ཐུགས་རྗེ་ཆེ་མངའ་རྣམས་ལ་ཕྱག་འཚལ་བསྟོད༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ལྟར་མཆོད་བསྟོད་གསོལ་བ་བཏབ་ནས། བཟླས་དམིགས་ནི། ཡེ་ཤེས་སེམས་དཔའི་ཐུགས་སྲོག་དང་། །སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང། །བླ་མ་ཡི་དམ་མཁའ་འགྲོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །སྣང་ཞིང་སྲིད་པའི་ཚེ་དང་དཔལ། །བསོད་ནམས་ཚེ་ཡི་བཅུད་དུ་བསྡུས། །མགོན་པོ་ཡེ་ཤེས་སེམས་དཔའ་ཡི། །ཕྱག་གི་བུམ་པའི་བདུད་རྩི་ལས། །འཆི་མེད་དཀར་དམར་རྒྱུན་བབས་ནས། །རང་གི་སྤྱི་བོའི་ཚངས་བུག་སོན། །ལུས་ནི་འཆི་མེད་བདུད་རྩིས་གང། །འོད་འབར་རྡོ་རྗེ་ལྟ་བུར་སྒོམ། །སྒྲུབ་རྫས་རྣམས་ལ་ཐིམ་པ་ཡིས། །འཆི་མེད་གྲུབ་པའི་བཅུད་དུ་གྱུར། །ཅེས་མོས་ལ། ཨོཾ་ཨཱ་ཡུ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བརྒྱ་སྟོང་སོགས་བཟླ། མདའ་དར་གཡབ་ལ་ཚེ་འགུག་བྱ་བ་ནི། ཧྲཱིཿ ཀ་དག་གསང་བ་ལྷུན་གྲུབ་པའི། །འཆི་མེད་ཚེ་ཡི་དཀྱིལ་འཁོར་ནས། །གུ་རུ་པདྨ་ཚེ་མཐའ་ཡས། །ཐུགས་དམ་ཐུགས་རྗེ་དེང་འདིར་བསྐུལ། །སྣོད་ཀྱི་འཇིག་རྟེན་འབྱུང་ལྔའི་བཅུད། །སྐྱེ་འགྲོ་སེམས་ཅན་ཚེ་བསོད་དང། །དུས་གསུམ་རྒྱལ་བའི་ནུས་མཐུ་སོགས། །སྲིད་ཞིའི་ཚེ་དཔལ་འདིར་ཁུག་ཅིག །འོད་ཟེར་དྭངས་མའི་བཅུད་དུ་སྡུས། །བདག་དང་རྫས་ལ་དབྱེར་མེད་ཐིམ། །འཆི་མེད་གྲུབ་པའི་བཅུད་དུ་སྨིན། །རྡོ་རྗེ་ཚེ་ཡི་དབང་ཐོབ་ཤོག །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་ཨཱ་བེ་ཤ་ཡ་ཚེ་བྷྲཱུྃ་ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ལ་ཚེ་བཅུད་ཐམས་ཅད་བཀུག་སྟེ་བདག་དང་སྒྲུབ་རྫས་ལ་སིབ་སིབ་ཐིམ་པར་བལྟའོ། །ལས་བུམ་མམ་ཁྲུས་ཆུའི་སྣོད་ལ་བདུད་རྩི་འཁྱིལ་པ་ཡིད་ཀྱིས་བསྒོམ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅི་ནུས་བཟླས་ཤིང་ཆུའི་རྡུལ་ཕྲ་རབ་དང་མཉམ་པའི་ཁྲོ་བོར་གྱུར་པར་བསྒོམ། སློབ་མ་རྣམས་དེས་ཁྲུས་བྱ། གུ་གུལ་གྱིས་བདུག་ཅིང་ཐུན་ནས་བྲབ། བཛྲ་ཀྲོ་དྷ་དང་། སུམྦྷ་ནིའི་དྲག་སྔགས་བཟླས་པས་བགེགས་བསྐྲད། སྟེང་འོག་བར་མཚམས་མེད་པར་རྡོ་རྗེའི་དྲྭ་གུར་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པ་ལོག་འདྲེན་གྱིས་མི་ཕྱེད་པའི་སྲུང་འཁོར་དུ་གྱུར། བཛྲ་རཀྵ་ཧཱུྃ་གིས་སྲུང་འཁོར་བསྒོམ། སློབ་མས་མཎྜལ་འབུལ། སློབ་དཔོན་གྱིས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པ་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་གོ་འཕང་རིན་པོ་འཐོབ་པར་བྱ། དེའི་ཆེད་དུ་འཆི་མེད་ཚེ་ཡི་དབང་ཟབ་མོ་ཞུ་སྙམ་པ་ཐེག་པ་ཆེན་པོའི་སེམས་ལེགས་པར་བསྐྱེད་དེ་གསན་མཛོད། སྤྱིར་རྒྱལ་བ་རྣམས་ཐབས་མཁས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། གདུལ་བྱ་གང་འདུལ་དེར་སྟོན་གྱི་ཕྲིན་ལས་རླབས་པོ་ཆེ་རྟག་པ་རྒྱུན་གྱི་འཁོར་ལོ་ལ་མངའ་བསྒྱུར་བ་ཡིན་ཅིང་། དེ་ལས་ཁྱད་པར་དུའང་སངས་རྒྱས་ཚེ་དཔག་མེད་པ་འདི་ཉིད་ཀྱི་མཚན་དང། གཟུངས་སྔགས་ཀྱི་ཆ་ཤས་ཙམ་ཞིག་སེམས་ཅན་གང་གི་རྣ་བར་ཐོས་པས་ཀྱང་། དེ་ཉིད་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ཉེ་བར་ཐར་ཞིང་། མཐར་ཐུག་རྡོ་རྗེ་ཚེ་དང་ཡེ་ཤེས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་འགྱུར་བ་ནི། རྒྱལ་བ་གང་གི་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཚད་མེད་པའི་བདེན་འབྲས་བསླུ་མེད་ཡིན་ཅིང། དེ་ལྟ་ན་གང་གི་དཀྱིལ་འཁོར་དུ་ཞུགས་ནས་དབང་དང་བྱིན་རླབས་ཐོབ་པས་ནི་ངེས་པ་ཁོ་ནར། འཆི་བ་མེད་པའི་དངོས་གྲུབ་ཆེན་པོ་ཐོབ་པར་གདོན་མི་ཟ་ལ། དེ་ལྟ་བུའི་མགོན་པོ་ཚེ་དཔག་ཏུ་མེད་པའི་དབང་དང་བྱིན་རླབས་ཀྱི་རིམ་པ་རྒྱུད་མདོ་གཟུངས་མན་ངག་དང་འབྲེལ་བ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་རྣམས་ཀྱི་ནང་ནས། འདིར་བསྟན་པར་བྱ་བ་ནི། མགོན་པོ་འོད་དཔག་མེད་དེ་ཉིད་སོགས་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་ཐུགས་རྗེའི་སྤྱི་གཟུགས་འཆི་མེད་རྡོ་རྗེའི་སྐུ་མཆོག་པདྨ་འབྱུང་གནས་ཉིད། ངེས་དོན་སྣང་བ་འཐའ་ཡས་ཀྱི་རང་བཞིན་མངལ་སྐྱེས་ཀྱིས་མ་གོས་པར་པདྨའི་སྙིང་པོར་རྫུས་འཁྲུངས་རྡོ་རྗེའི་སྐུ་གྲུབ་ནའང་། སེམས་ཅན་དྲང་བའི་དོན་དུ་སླར་རཱ་ག་རཀྟའི་ཟླ་གམ་དབང་གི་ཕུག་པར་འཆི་མེད་སྒྲུབ་པའི་ཚེ། ཚེ་དཔག་ཏུ་མེད་པས་མངོན་སུམ་དུ་སྤྱི་བོར་འཆི་མེད་ཀྱི་བུམ་པས་དབང་བསྐུར་ཏེ་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་བསྒྲེས་རྒུད་དང་བྲལ་བར་བྱིན་གྱིས་བརླབས་པའི་ཚུལ་བསྟན་ཅིང། དེ་ལྟ་བུའི་སློབ་དཔོན་ཆེན་པོ་ཉིད་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་ཕྱོགས་བཅུར་སྤེལ་བའི་བཀའ་དྲིན་གྱིས་ཁྱབ་པར་མཛད་པའི་སྐབས་དེར། སྤྱི་དང་ཁྱད་པར་དུ་གྱུར་པའི་གསང་སྔགས་ཟབ་དགུའི་གདམས་པས་ལས་ཅན་དཔག་མེད་སྨིན་གྲོལ་དུ་བཀོད། ཁྱད་པར་མཚོ་རྒྱལ་དང་ཨཱརྻ་ས་ལེ་གཉིས་ཐུན་མོང་མ་ཡིན་པའི་སློབ་མར་དགོངས་ཏེ། བླ་རྫོགས་ཐུགས་གསུམ་གྱི་སྒྲུབ་ཐབས་ཟབ་པ་ལས་ཀྱང་ཆེས་ཟབ་པ་དུ་མ་ཞིག་བསྩལ་པར་མཛད་པའི་ནང་ཚན། བླ་མའི་ཐུགས་སྒྲུབ་པདྨ་གསང་ཐིག་ལས་ཚེ་སྒྲུབ་གསང་ལམ་རྒྱུན་ཁྱེར་ཁྱད་པར་ཅན་འདི་ཉིད་བསྩལ་པ་ལ་བརྟེན་ནས། འཆི་མེད་འཕོ་བ་ཆེན་པོའི་སྐུ་མངོན་དུ་མཛད་པ་དང་། ལྷག་པར་འོ་ཀོལ་དུས་མ་འོངས་པའི་འགྲོ་བ་ལས་ངན་འཆི་རྐྱེན་དྲག་པོས་མནར་བ་རྣམས། སྡུག་བསྔལ་དེ་ལས་སྐྱོབ་ཕྱིར་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་༧མཆོག་གི་སྤྲུལ་སྐུ་རིག་འཛིན་ནུས་ལྡན་རྡོ་རྗེས་སྤྱན་དྲངས་ཤིང་། གདུལ་བྱར་གྱུར་པ་རྣམས་ཀྱི་ཕན་བདེའི་འབྱུང་གནས་ཕྲལ་ཡུན་འདོད་གཏེར་གྱི་ནོར་བུར་གྲུབ་པ་ནི་ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་མདོ་ཙམ་བརྗོད་པ་ཡིན་ལ། འདི་ལྟ་བུའི་འཆི་མེད་ཚེ་ཡི་དབང་ཟབ་མོ་གསན་པར་བྱེད་པ་ལ། སློབ་དཔོན་ལ་ཐ་མལ་མི་ཡི་འདུ་ཤེས་སྤངས་ཏེ་མགོན་པོ་ཚེ་དཔག་ཏུ་མེད་པ་དངོས་ཡིན་སྙམ་པས། དེའི་སྤྱན་སྔར་འཆི་མེད་ཚེ་ཡི་བྱིན་རླབས་དབང་སྐུར་ཞུ་ཕྱིར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ་མ་བླ་མ་ཚེ་དཔག་མེད༔ བདག་དང་འགྲོ་བ་ཀུན་དོན་དུ༔ དུས་མིན་འཆི་བ་ལས་སྒྲོལ་ཕྱིར༔ འཆི་མེད་ཀ་དག་རྡོ་རྗེའི་ཚེ༔ དེ་རིང་མགོན་པོས་བསྩལ་དུ་གསོལ༔ ལན་གསུམ། ཁྲོམ་དབང་སོགས་ལ་བར་འདིར་དལ་འབྱོར་རྙེད་དཀའ་ལས་འབྲས་འཁོར་བའི་ཉེས་དམིགས་སོགས་བཤད་དེ་རང་གཞན་རྣམས་དེ་ལས་ཐར་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། རྒྱུན་བཤགས་ཀྱི་ཆེད་དུ་ཞེས་མཚམས་སྦྱར་ནས། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཚེ་དཔག་ཏུ་མེད་པའི་སྤྱན་སྔར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་ཤིང་སླར་སྡོམ་པ་དང་། དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་སོགས་ཀྱི་ཆེད་དུ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སློབ་མ་རྣམས་སྭ་བྷཱ་ཝས་བསང་སྦྱང་། སྣོད་བཅུད་ཕུང་ཁམས་སྐྱེད་མཆེད་ཐ་མལ་དུ་འཛིན་པའི་དྲི་མ་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་གང་ན་འདུག་པའི་ས་ཕྱོགས་འདི་ཉིད་པདྨོ་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཡེ་ཤེས་ལྔ་ཡི་རང་ཞིན་ལྷུན་གྱིས་གྲུབ་པའི་དབུས་སུ། པདྨ་དང་ཟླ་བའི་སྟེང་དུ་སློབ་མའི་རྣམ་ཤེས་ཡི་གེ་ཧྲཱིཿདམར་གསལ། དེ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས། ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞི་ཞིང་འཛུམས་པའི་མདངས་དང་ལྡན་པ་སྐུ་ལས་འོད་ཟེར་བྱེ་བ་དགུ་ཁྲི་འཕྲོ་བ། ཕྱག་གཉིས་མཉམ་གཞག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཚེ་བུམ་བདུད་རྩིས་བཀང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ལྷ་རྫས་ཀྱི་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་རྔ་ཡབ་གླིང་སོགས་དག་པའི་ཞིང་ནས་སྒོམ་པ་ཇི་ལྟ་བའི་ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་སྤྱན་དྲངས། སློབ་མ་དམ་ཚིག་སེམས་དཔར་གསལ་བ་ལ་དབྱེར་མེད་དུ་ཐིམ་པར་གྱུར། ཨོཾ་ཨ་མཱ་ར་ཎ་ཝ་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ཌཱ་དྲིལ་སོགས་རོལ་མོ་འཁྲོལ་སྤོས་ཀྱིས་བདུག །དེ་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས་ཤིང་སློབ་མ་ལ་བསྟིམས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ནས་འཐོར། དེ་ནས་ཁྱེད་རང་རྣམས་ཚེ་དཔག་ཏུ་མེད་པར་གསལ་ཞིང་དབང་རྫས་འདི་རྣམས་ཀྱང་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྣམ་རོལ་དུ་གྱུར་པའི་དང་པོ། ཚེ་བུམ་འདི་ཉིད་ཀྱང་ཕྱི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་བུམ་པ་ལ་ནང་དུ་ཚེ་དཔག་ཏུ་མེད་པ་མངོན་སུམ་དུ་བཞུགས་པ་འདི་ཁྱེད་རང་གི་སྤྱི་བོར་བཞག་པས། སྐུ་དང་ཕྱག་གི་བུམ་པ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་འོད་སི་ལི་ལི་བྱུང་སྟེ་ཚངས་བུག་ནས་མར་ཞུགས་ལུས་ཐམས་ཅད་བདུད་རྩིས་མེར་གྱིས་གང་བའི་མོས་པ་མཛོད། ཧྲཱི༔ བུམ་པ་སྟོང་གསལ་ཆོས་ཀྱི་སྐུ༔ བུམ་རྫས་རོ་ལྡན་ལོངས་སྤྱོད་རྫོགས༔ རྒྱན་དང་དངོས་པོ་སྤྲུལ་པའི་སྐུ༔ སྐུ་གསུམ་རྫོགས་པའི་དབང་བསྐུར་བས༔ སྒོ་གསུམ་དྲི་མ་ཀུན་དག་ནས༔ འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎ་ཛི་ཝནྟི་བཛྲ་ཨཱ་ཡུ་ཥེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག །དེ་ནས་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གསུང་སྔགས་ཀྱི་རང་བཞིན་ཐབས་ཤེས་ཡི་གེའི་ཕྲེང་བ་བྱང་ཆུབ་ཀྱི་སེམས་སུ་ཞུ་བའི་འཆི་མེད་ཀྱི་ཚེ་ཆུ་ངག་ལ་སྦྱིན་པའི་མོས་པ་མཛོད། ཧྲཱི༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ སྙིང་པོ་འཆི་མེད་ཚེ་ཡི་སྒྲ༔ སྔགས་ཕྲེང་བདུད་རྩི་བྱིན་རླབས་བཅུད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགག་མེད་གསང་སྔགས་དོན་རྟོགས་ནས༔ སྙིང་པོ་ལུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཨ་མཱ་ར་ཎི་ཛཱི་ཝནྟི་བཛྲ་ཨཱ་ཡུ་ཥེ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྤྲོ་ན་སྔགས་བྱང་དང་ཕྲེང་བ་མགྲིན་པར་བསྐུར་ཞིང་བུམ་ཆུ་སྦྱིན། གཞན་བུམ་ཆུ་སྦྱིན་པས་འཐུས། དེ་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་ཐུགས་མི་འགྱུར་དོན་དམ་པའི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་དང་། ཡེ་ཤེས་དྲི་མ་མེད་པའི་མེ་ལོང་བདེ་སྟོང་ཟུང་འཇུག་སྙིང་ཁར་བསྐུར་བའི་མོས་པ་མཛོད། ཧྲཱི༔ མི་འགྱུར་མི་ཤིགས་ཐོག་མཐའ་མེད༔ ཀ་དག་ངེས་དོན་ཕྱག་རྒྱ་ཆེ༔ རྡོ་རྗེ་མེ་ལོང་ངོ་སྤྲོད་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་སྟོང་ཕྱག་རྒྱའི་དོན་རྟོགས་ནས༔ འཁྲུལ་བྲལ་ཚེ་ཡི་དབང་ཐོབ་ཤོག༔ སྔགས་འཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་མེ་ལོང་ཟུང་འཇུག་སྙིང་ཁར་བསྐུར་བའམ། ཕྱག་མཚན་རྡོ་རྗེ་གཅིག་པུས་ཀྱང་འཐུས། དེ་ནས་སླར་ཡང་མགོན་པོ་ཚེ་དཔག་ཏུ་མེད་པའི་ཡོན་ཏན་མི་ཟད་པ་འཆི་མེད་རྒྱན་གྱི་འཁོར་ལོའི་རང་བཞིན་ཚེ་གཏོར་གྱི་སྤྱི་བོར་དབང་བསྐུར་བའི་མོས་པ་མཛོད། ཧྲཱི༔ ཀུན་འདུས་སྐྱེ་མེད་འཆི་བ་མེད༔ འཁོར་འདས་བཅུད་བསྡུས་ཡིད་ཞིན་ནོར༔ གཏོར་མ་ཡེ་ཤེས་ཕྱག་རྒྱའི་ཚོགས༔ སྐལ་ལྡན་བུ་ལ་དབང་སྐུར་བས༔ ཚེ་དང་བསོད་ནམས་སྟོོབས་འཕེལ་ནས༔ འདོད་དོན་ཕུན་ཚོགས་དབང་ཐོབ་ཤོག༔ སྔགས་མཐར། བྷ་ལིཾ་ཏ་པཱུརྞ་ཨ་བྷི་ཥིཉྩ་ཧྲཱི༔ ཚེ་གཏོར་སྤྱི་བོར་བཞག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག །ཚེ་དང་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག །ནས་འཐོར། ཚེ་རིལ་དང་ཚེ་ཆང་སྦྱིན་ནས། ཧྲཱི༔ སྟོང་གསུམ་སྲིད་པ་ཀུན་གྱི་བཅུད༔ ཐབས་མཆོག་ཚེ་རིལ་ཤེས་རབ་ཆང༔ འཆི་མེད་ཚེ་ཡི་དམ་རྫས་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་ཐིག་ལེའི་སྟོབས་འཕེལ་ནས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཤོག༔ སྔགས་མཐར། རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་སྭཱ༔ ཞེས་ཚར་གྲངས་མང་དུ་གསོག་ཚེ། བུམ་པ། བུམ་ཆུ། རྡོ་རྗེ་མེ་ལོང་། ཚེ་གཏོར། ཚེ་རིལ་ཆང་སྦྱིན་པ་རྣམས་སོ་སོའི་ཚིགས་གཅད་གསག་པས་བསྐུར་ཞིང་། མཚམས་སྦྱོར་གྱི་ཚིག་ལྷུག་རྣམས་དང་པོ་མ་གཏོགས་དེ་ཕྱིན་ལ་མི་དགོས། ཚར་གྲངས་ཤིན་ཏུ་མང་བ་གསོག་པ་དང་། འགྲོ་རིངས་ཚེ། ཚེ་གཏོར། ཚེ་རིལ་ཆང་སྦྱིན་པའི་ཤྭ་ལོ་ཀ་གཉིས་པོ་སྔགས་དང་བཅས་པ་ཙམ་གསག་པས་ཀྱང་འཐུས་སོ། །མཐར། དེ་ལྟར་ཚེ་བུམ་ལ་བརྟེན་ནས་སྐུ་བུམ་དབང་། ཚེ་ཆུ་ལ་བརྟེན་ནས་གསུང་གསང་དབང་། རྡོ་རྗེ་མེ་ལོང་ལ་བརྟེན་པའི་ཐུགས་ཤེར་དབང་། ཚེ་གཏོར་ལ་བརྟེན་ཏེ་བཞི་རྫོགས་ཡོན་ཏན་འཆི་མེད་ཀྱི་དབང་། ཚེ་རིལ་ཚེ་ཆང་ལ་བརྟེན་ནས་ཕྲིན་ལས་རབ་བྱམས་འགྲུབ་པའི་དབང་ཟབ་མོ་ཐོབ་པ་ལ་བརྟེན་ཏེ། ཁྱེད་རང་གི་ཚེ་ཉམས་པ་ཐམས་ཅད་གསོས། ཆད་པ་ཐམས་ཅད་མཐུད། འཐོར་པ་ཐམས་ཅད་འདུས། འཆི་མེད་ཚེ་དང་རྡོ་རྗེ་ཡེ་ཤེས་ཀྱི་གོ་འཕང་ཐོབ་པ་དེ་ཉིད་ལས་མི་འདའ་བ་དང་མི་འགྱུར་བར་བྱ་བའི་སླད་དུ། ལྷ་ཚོགས་རྣམས་ཀྱིས་ཐུགས་རྗེ་བསྐུལ་ཞིང་མདའ་དར་གྱི་རྒྱས་བཏབ་པ་ལ་བརྟེན་ནས་ཚེ་མི་འགྱུར་རྡོ་རྗེ་གཡུང་དྲུང་གི་རང་བཞིན་དུ་རབ་ཏུ་བརྟན་པར་གྱུར་པའི་མོས་པ་མཛོད། མདའ་དར་གཡབ། ཧྲཱི༔ ཤར་ལྷོ་ནུབ་བྱང་དབུས་ལྔ་ཡི༔ ཚེ་ལྷ་ཀུན་གྱིས་ཚེ་བཅུད་སྡུས༔ སྐལ་ལྡན་བུ་ཡི་སྒོ་གསུམ་ལ༔ འགྱུར་བ་མེད་པར་རྒྱས་བཏབ་པས༔ སྐྱེ་འཆི་མེད་པའི་དོན་རྟོགས་ཤོག༔ སྔགས་མཐར་ཨ་བྷི་ཥིཉྩ་ཧཱ༔ ཞེས་མདའ་དར་གནས་གསུམ་དུ་རེག །དེ་ནས་ནམ་མཁའ་གང་བའི་སངས་རྒྱས་སྲས་དང་བཅས་པས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད་པས་རབ་ཏུ་གནས་པར་གྱུར་པའི་མོས་པ་མཛོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཅེས་སོགས་བཀྲ་ཤིས་རྒྱས་བསྡུས་འཚམ་པར་བརྗོད། སློབ་མས་ཡོན་དང་མཎྜལ་ཕུལ། མཆོད་པ་རྣམས་ཁ་གསོས། ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་སོགས། ཤབྡ་པཱུ་ཛ་ཧོཿས་མཆོད། ཡེ་ནས་རྣམ་དག་མི་ཤིགས་རྡོ་རྗེའི་ངང༔ མི་འགྱུར་གཡུང་དྲུང་ཀ་དག་རྒྱལ་བའི་སྐུ༔ འཁྲུལ་གྲོལ་གསལ་མདངས་མགོན་པོ་འོད་དཔག་མེད༔ བདེ་བ་ཆེན་པོ་བཅོམ་ལྡན་ཚེ་ཡི་ལྷ༔ ཐུགས་རྗེ་ཆེ་མངའ་རྣམས་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། ཡིག་བརྒྱ་ལན་གསུམ་བརྗོད་ཅིང་། ཧོ༔ གསང་སྔགས་བླ་མེད་དཀྱིལ་འཁོར་དུ༔ འདོད་ཡོན་ཡོ་བྱད་མ་གཙང་དང༔ སྒྲུབ་རྫས་དཀྱིལ་འཁོར་མ་འབྱོར་པ༔ སྔགས་ཉམས་ཆོ་ག་ལྷག་ཆད་ཀུན༔ མགོན་པོས་དེ་ཀུན་བཟོད་པར་གསོལ༔ ཞེས་ནོངས་པ་བཤགས། བཛྲ་མུཿས་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་རང་ལ་བསྡུ། རྗེས་བསྔོ་སྨོན་བཀྲ་ཤིས་སོགས་སྤྱི་དང་འགྲེ་འོ། །ཐུགས་སྒྲུབ་རྣམ་གསུམ་ལས་གུ་རུ་ཞི་བའི་ཚེ་དབང་འཇུག་བདེར་བསྒྲིགས་པ་འདི་ནི། དོན་གཉེར་ཅན་མང་པོ་ལ་ཕན་པའི་བསམ་པས་དྷརྨ་སྭཱ་མཱིས་བླ་མའི་གདན་ས་བསམ་གཏན་གླིང་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་ཟིན་བྲིས་སུ་སྤེལ་བ་གཞན་ཕན་དུ་གྱུར་ཅིག །མངྒ་ལཾ། ཁྱེད་བུ་ཆེན་རྣམས་མཚལ་རང་ལ་ཡོད་པ་བཞག་ནས་བཙག་གཞན་ནས་བཙལ་བའི་བརྟུལ་ཞུགས་དོར་ཏེ་གཞན་དོན་ཚེ་དབང་འདི་ཡིས་སྨིན་པར་གསོལ་བ་འདེབས་སོ། །ཞེས་གསུངས།། །། ༈ ཚེ་དབང་འདི་ནི་དཔལ་སྤུངས་པོད་རེའི་དཀར་ཆག་ནང་མཚན་བྱང་འཁོད་ཀྱང་དཔེ་དངོས་མ་བཞུགས་པ་ལ། འདིར་དཔེ་ཁུངས་ལྡན་ལག་སོན་དང་དབང་ལུང་གི་རྒྱུན་ཡང་ཡོད་འདུག་པས། དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་དབང་དང་ལུང་གི་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
རྒྱལ་ཆེན་ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 60)
ཨོཾ་སྭསྟི། ངལ་གསོས་རྒྱལ་པོ་ཆེན་པོ་ནི། །དབང་གི་ལས་མཛད་དེར་བཏུད་ནས། །སྒྲུབ་ཐབས་རྗེས་གནང་ཆོ་ག་ཡི། །སྙིང་པོ་མདོ་ཙམ་བྲི་བར་བྱ། །འདིར་རྣམ་ཐོས་སྲས་མདུང་དམར་ཅན་རྟ་སྔོན་གྱི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་དྲི་བཟང་དང་སིནྡྷུ་རས་བྱུགས་པ་ལ། མཎྜལ་སྒོམ་དོན་དང་མཐུན་པ་རྡུལ་ཚོན་དང་རས་བྲིས་ལ་བརྟེན་པའམ། བསྡུ་ན་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ། གཏོར་མ་གྲུ་གསུམ་འཁོར་ཅན་ལ་བ་དན་དམར་པོ་སྐུ་གཟུགས་ཀྱིས་བརྒྱན་པ་བཙུགས། མཐའ་སྐོར་གྱི་ཤར་དུ་སྤོས་དང་དྲི་ཆུའི་དུང་ཞལ། ཤར་ལྷོར་མར་མེ། ལྷོར་རྒྱ་ཕོར་རམ་དངུལ་ཕོར་དུ་ཆང་ཕུད། ལྷོ་ནུབ་ཏུ་མདའ་དར། ནུབ་ཏུ་འབྲུ་སྣ་ཚོགས་ཀྱི་མེ་ཏོག །ནུབ་བྱང་དུ་མདུང་དམར། བྱང་དུ་འབུལ་གཏོར་ཤ་སོགས་བཟའ་བཅས་བརྒྱན་པ། བྱང་ཤར་དུ་བཤོས་བུ་གྲུ་གསུམ་ར་དམར་ཁྲག་གིས་བྱུགས་པ་རྣམས་བཤམ། གཞན་ཡང་རྡོར་དྲིལ་རོལ་མོ་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བགེགས་གཏོར་གཏང་། མཆོད་པ་བྱིན་གྱིས་བརླབ། གསང་བའི་བདག་པོའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཨེ་ཡཾ་རཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེར། བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་རྡོ་རྗེའི་ས་གཞི་ལ་གནས་ཤིང་རྭ་བས་བསྐོར་བ་མཚན་ཉིད་ཐམས་ཅད་རྫོགས་ཤིང་རྒྱན་གྱིས་བརྒྱན་པ། ནང་གི་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་དུ་གནས་པའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གནས་པའི་རྟ་སྔོ་ནག་ཉམས་རྩལ་དང་ལྡན་པ་གསེར་གྱི་སྒ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཻ་དམར་པོའི་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་དམར་ལ་ཟླུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། ཕྱག་གཡས་མདུང་དམར་འཕྱར་ཞིང་གཡོན་གཏེར་གྱི་ནེའུ་ལེ་འཛིན་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་བསེ་ཁྲབ་གསོལ་བ་གསེར་གྱི་སྐ་རགས་ཅན། དབུ་ལ་རྨོག་ཞུ་དང་ཞབས་ལ་བསེའི་ལོ་ཁྲམ་གསོལ་བ། ཁམས་གསུམ་དབང་དུ་བསྡུ་བའི་འོད་ཟེར་འབར་བའི་དབུས་ན་བཞུགས་པའོ། །འཁོར་ལོའི་རྩིབས་བཞི་ལ་ཤར་དུ་ཤ་ལས་རཱ་ཧུ་ལ་མགོ་དགུའི་སྟེང་ན་བྱ་རོག་གི་ཞལ་ཅན་སྨུག་ནག་ལུས་ཀུན་མིག་གིས་གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་འཛིན་པ། ལྷོར་ར་ལས་གནོད་སྦྱིན་དྷ་ན་སེར་ནག་རྩེ་གསུམ་ཐོད་ཁྲག །ནུབ་ཏུ་མ་ལས་ཀཱ་ལ་ནག་པོ་བེ་ཅོན་ཐོད་ཁྲག །བྱང་དུ་ན་ལས་ཀུ་བེ་ར་ལྗང་ནག་དབྱུག་ཐོ་དང་ཐོད་ཁྲག །ཕྱི་རོལ་ལྷ་སྣམ་གྱི་ཕྱོགས་བཞིར་ཤར་དུ་ཡ་ལས་བུམ་སྣ་དམར་ལྗང་གཡས་རྒྱལ་མཚན། ལྷོར་སཾ་ལས་དུང་སྣ་སེར་ལྗང་གཡས་རྒྱལ་མཚན། ནུབ་ཏུ་ཧཾ་ལས་སྣ་གསུམ་ལྗང་ནག་གཡས་མདུང་དམར། བྱང་དུ་ཨཾ་ལས་སྣ་ཆེན་དཀར་ལྗང་གཡས་དབྱུག་ཐོ། དེ་བདུན་ཀ་སྦོམ་ཐུང་འཇིགས་པའི་གཟུགས་ཅན་དར་དང་རིན་པོ་ཆེའི་རྒྱན་ཅན་གཡོན་ནེའུ་ལེ་ཐོགས་པའོ། །ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུྃ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་གུ་བཞི་ཀའང་འཛུམ་ཁྲོ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱིའི་ཁོར་ཡུག་ལ་གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ། རང་ཉིད་གསང་བའི་བདག་པོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་བྱུང་། རྒྱལ་པོ་འཁོར་བཅས་སྤྱན་དྲངས་པར་བསམ། སྤོས་སྦྱོར་བསྲེག་ཅིང་། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །འཁོར་གྱི་གནོད་སྦྱིན་ཚོགས་དང་བཅས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཡཀྵ་རཱ་ཛ་བཻ་ཤྲ་མ་ཎཱ་ཡ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་ཤྲ་མ་ཎཱ་ཨཱ་ཀརྵཱ་ཡ་ཛཿ ཞེས་པས་སྤྱན་དྲངས། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། ཞེས་ཅོད་པན་གྱིས་དབང་བསྐུར། ཧཱུྃ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དད་པའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ན་མཿ ཞེས་པས་ཕྱག་བྱ། ཧཱུྃ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་ཆེན་བྱུག་པ་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡའི་བར་དང་། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད། བསྟོད་པ་ནི། བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །གླིང་བཞིའི་བྱང་ཕྱོགས་སྐྱོང་ཙ་ན། །ཨིནྡྲ་ནཱི་ལའི་མདོག་དང་ལྡན། །ས་བརྒྱད་སེམས་དཔར་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་དང་། །ཀླུ་ཡི་སྡེ་དཔོན་མཛད་ཙ་ན། །རིན་ཆེན་གསེར་གྱི་ཁ་དོག་དང་། །མཁའ་འགྲོ་མ་དང་ཀླུ་མོ་དང་། །བདུད་མོའི་སྡེ་དཔོན་མཛད་ཙ་ན། །བཻ་ཌཱུར་མཐིང་གའི་སྐུ་མདོག་ཅན། །གསང་བའི་གནད་ནས་བསྐུལ་ཙ་ན། །པདྨ་རཱ་གའི་མདོག་འདྲ་བ། །མི་ཐུང་བཞེངས་པའི་ཆ་ལུགས་ལ། །ལེ་བརྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །ཕྱག་གཡས་མདུང་དམར་རྒྱལ་མཚན་ཐོགས། །གཡོན་པ་ནེའུ་ལེ་ལྕགས་ཀྱུ་འཛིན། །འགྲོ་བའི་རྣམ་ཤེས་དབང་དུ་སྡུད། །སྐུ་ལས་འོད་ཟེར་དམར་པོ་འཕྲོ། །སྲིད་པ་གསུམ་ཡང་དབང་དུ་སྡུད། །འགྲོ་བ་མི་ཡི་རྣམ་ཤེས་འགུགས། །སྦྱིན་བདག་རྣམས་ཀྱི་ལག་པ་སྒུལ། །བདག་ལ་ཟས་ནོར་དངོས་གྲུབ་སྩོལ། ཁྱེད་ཀྱིས་སྤྲུལ་པའི་རྒྱལ་ཕྲན་རྣམས། །འགྲོ་བ་རྣམས་ཀྱི་སྙིང་དུ་ཞུགས། །རྣམ་ཤེས་སྒྱུར་ལ་དབང་དུ་སྡུས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཅེས་བསྟོད་ཅིང་བསྐུལ་ལོ། །བཟླས་པ་བྱ་བ་ནི། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་ཅི་ནུས་བཟླ། གཏོར་མ་བསང་སྦྱང་། རླུང་མེ་ཐོད་པའི་སྒྱེད་པུ་ལ་གནས་པའི་ཨ་ལས་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལྔར་གནས་པ་ལ། རང་གི་སྙིང་གའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བཀུག་སྟེ་ཐིམ་པའི་ཤ་ཁྲག་གི་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨ་ཀཱ་རོ་སོགས་ཀྱིས་བྱིན་གྱིས་བརླབ། ཨོཾ་བཻ་ཤྲ་མ་ཎཱ་ས་པ་རི་བཱ་ར་མ་ཧཱ་བ་ལིནྟ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ལ། བཻ། རིན་ཆེན་མཛེས་པའི་ཕོ་བྲང་ན། ཁམས་གསུམ་དབང་དུ་བྱེད་པའི་ལྷ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །མདུང་དམར་འཛིན་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྲས་དང་བློན་པོ་སྒོ་མ་དང་། །གནོད་སྦྱིན་བྱེ་བའི་ཚོགས་དང་བཅས། །འཁོར་བཅས་མ་ལུས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་པ་རྣམས། །བུ་སྡུག་བཞིན་དུ་བསྐྱང་བ་དང་། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །གཞན་ཡང་བདག་ཅག་འཁོར་བཅས་ལ། །ལོག་པར་ཞུགས་པའི་དགྲ་དང་བགེགས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །དེ་ལྟར་བཅོལ་བའི་ལས་འདི་དག །དམ་ཚིག་ལྡན་པ་ཁྱེད་རྣམས་ཀྱིས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །མ་གཡེལ་ད་ལྟ་འགྲུབ་པར་མཛོད། །ཅེས་ཕྲིན་ལས་གསོལ། རྗེས་ཆོག་ནི་སེར་ཆེན་གྱི་སྐབས་དང་འདྲའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། སྒྲུབ་མཆོད་བཤད་མ་ཐག་པ་ལྟར་བྱས་ནས། སློབ་མ་རྣམས་ཁྲུས་བྱས། བགེགས་བསྐྲད། མཚམས་སྦྱོར་གྱི་སྐབས། ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་སྟེ་བཞི་ལས་ཞེས་པ་ཡན་ཆད་སེར་ཆེན་གྱི་སྐབས་ལྟར་ལས། འདི་ཉིད་གྲགས་ཚོད་གསང་སྒྲུབ་ཡིན་པ་ལྟར་སྣང་ཡང་། དོན་དུ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མ་འདི་ཉིད་ནང་སྒྲུབ་ཡིན་པར་ངེས་ཤིང་། གང་ལྟར་དེ་ལྟ་བུའི་རྣམ་ཐོས་སྲས་ཀྱི་མན་ངག་ཟབ་མོ་རྣམས་ཕྱི་རབས་ཀྱི་དོན་དུ་སྦས་པ་གཉལ་པ་ཉི་མ་ཤེས་རབ་ཀྱིས་བཏོན་ནས། དམ་པ་དུ་མ་ལས་རིམ་བཞིན་བརྒྱུད་པའི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། སློབ་མའི་བྱ་བ་མཎྜལ་ཕུལ་ནས། གསོལ་བ་གདབ་པ། ཐུགས་རྗེ་ཆེན་པོའི་གཏེར་མངའ་བ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བདག་སོགས་དབུལ་ཕོངས་སྐྱོབ་པའི་ཕྱིར། །གཏེར་ཆེན་སྒྲུབ་པ་བདག་ལ་སྩོལ། །ཅེས་ཞུ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནི། ཁྱོད་ཀྱིས་བརྩོན་པར་མཆོད་ནུས་སམ། །ཕྲིན་ལས་བཅོལ་དང་དམ་ཚིག་རྣམས། །རྗེས་སུ་མཐུན་པར་བྱེད་ནུས་སམ། །ཞེས་དྲི། གཙོ་བོས་ཇི་ལྟར་སོགས་ཀྱིས་ཁས་བླང་། རྒྱུན་བཤགས་ནས་མདུན་བསྐྱེད་མཆོད་བསྟོད་ཀྱི་བར་་་བྱ་ཚུལ།སེར་ཆེན་དང་འདྲ་བ་ལས།་་་འདིའི་དགོས་ཆོས་སྒྱུར།མཆན། ལྕགས་ཀྱི་རྡོ་རྗེ་སྤྱི་བོར་བཞག་སྟེ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །སངས་རྒྱས་ཐམས་ཅད་ཀུན་གྱི་བདག །དྲེགས་པ་སྤྱི་ཡི་གཉེན་པོ་མཆོག །ཁྱོད་ལ་བདག་གིས་དེང་འདིར་བསྐུར། །ཨོཾ་མ་ཧཱ་ཨ་བྷི་ཥིཉྩ་ཏུ་མཱཾ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དྲེགས་པ་སྤྱི་འདུལ་གྱི་རྗེས་གནང་ངོ་། །སློབ་མ་ཕྱག་རྡོར་དུ་གསལ་བའི་སྙིང་གར་གཏོར་མ་བཞག་སྟེ། གཏོར་མའི་ལྷ་ལས་རྒྱལ་ཆེན་གཉིས་པ་ཞིག་མཆེད་སློབ་མའི་སྙིང་གར་ཐིམ། ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་མོས། ཨོཾ་བཻ་རཱ་ཛ་ས་མ་ཡ་སིདྡྷི་ཛཿཧཱུྃ་བཾ་ཧོཿ འདི་ནི་རྒྱལ་པོ་ཆེན་པོ་སྟེ། ཁམས་གསུམ་དབང་དུ་སྡུད་པའི་ལྷ། །དངོས་གྲུབ་མ་ལུས་ཀུན་སྩོལ་བ། ཁྱོད་ལ་དེ་རིང་བསྐུར་ཐོབ་ཤོག །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་དང་བླ་མ་བརྒྱུད་པའི་མཚན་ནས་བརྗོད་དེ་བཀའ་བསྒོ་སྐབས་སུ་གང་བབས་བྱ་སྟེ་སྐུ་དངོས་ཀྱི་རྗེས་གནང་ངོ་། །མདུང་དམར་གཏད་ལ། འདི་ནི་དབང་གི་མདུང་དམར་སྟེ།་་་་ཡང་གསང་ཕྱག་མཚན་བཞི་པར་སྦྱར་སྐབས་འདིར་རྒྱལ་མཚན། ནེའུ་ལེ། ལྕགས་ཀྱུ་གསུམ་དུ་ཁ་སྒྱུར་ནས་ལན་བཞི་བྱ་དགོས།མཆན། ཚེ་དང་བསོད་ནམས་རྒྱས་པར་བྱེད། །འགྲོ་བ་ཐམས་ཅད་དབང་དུ་སྡུད། །དབང་གི་ལས་ཀྱི་དབང་བསྐུར་སྦྱིན། །ཨོཾ་བཻ་རཱ་ཛ་མ་མ་དུང་དུང་ཕཊ། དབང་གི་ལས་ཀྱི་རྗེས་གནང་ངོ་། །དུང་ཕོར་གྱི་དྲི་བཟང་ལྕེ་ལ་བཞག་སྟེ་གཏོར་ཟན་ཅུང་ཟད་ཀྱང་བྱིན་ལ། བདུད་རྩིའི་རོ་མཆོག་དམ་པ་ཡིས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ། །འཇིག་རྟེན་གསུམ་གྱི་བཅུད་ཐམས་ཅད། །བདུད་རྩིར་བསྒྱུར་ནས་གཏད་ཅིང་བསྐུར། །ཨོཾ་སརྦ་པཉྩ་ཨ་མྲྀཏ་སིདྡྷི་ཧཱུྃ་ཧཱུྃ། དངོས་གྲུབ་ཀྱི་རྗེས་གནང་ངོ་། །རྟ་ཤ་དང་མི་ཤ་མི་ཟ། རོ་ལ་མི་རེག །སྣོད་ཁ་ཆག་ཏུ་མི་ཟ། ཡུགས་ས་མོའི་ཟས་མི་ཟ། རེ་ནག་མི་འདིང་། རྟ་ནག་མི་ཞོན། གོས་ནག་མི་གྱོན་པ་སོགས་སྤང་བྱ་དང་། ལུང་ཐང་གི་ཕྲེང་བ་གཟུང་། སྟོད་གཡོགས་སྔོན་པོ་བགོ །ཕྱི་རྟེན་རྟ་སྔོན་དངོས་སམ་བྲིས་པ་དང་། ནང་རྟེན་སྐུ་འབག་བཅང་། གསང་རྟེན་གཏོར་མ་མ་ཆག་པ་སྟེ་བསྒྲུབ་བྱའི་དམ་ཚིག་རྣམས་བསྒྲག་ཅིང་ཁས་བླང་ངོ་། །མཎྜལ་འབུལ་བ་སོགས་དང་། མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྔར་དང་འདྲའོ། །མི་འ༵གྱུར་ཚེ་དང་ཡེ་ཤེས་མཐུ། །ཐོགས་མེ༵ད་སྒྲུབ་བྱེད་རྡོ༵་རྗེ༵འི་རིགས། །རྒྱལ་ཆེན་སྒྲུབ་ཐབས་སྙིང་པོའི་མཆོག །ཟབ་མོར་འདྲིལ་བ་འདི་རྨད་བྱུང་། །རྒྱལ་ཆེན་ནང་སྒྲུབ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
སངས་གླིང་བཀའ་ཐང་གི་ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དྲིས་ལན་ཉུང་ངུ་རྣམ་གསལ་ (Volume 62, Text 60)
སངས་གླིང་བཀའ་ཐང་གི་ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དྲིས་ལན་ཉུང་ངུ་རྣམ་གསལ་བཞུགས་སོ། །ཤྲཱི་སིཾ་ཧའི་ཞལ་གདམས་ཀྱི་དོན་ལ། གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག་གཉིས་ནི། ཕྱི་གཟུང་བའི་ཡུལ་ནང་འཛིན་པའི་སེམས་གཉིས་ལ་རྣམ་རྟོག་བཟང་ངན་གང་ཤར་ལ་ཞེན་པ་མ་ཞུགས་ཅིག་ཞེས་པའི་དོན་ཏེ། སེམས་སྣང་བས་ནི་མི་འཆིང་ཞེན་པས་འཆིང་། །ཞེན་པ་འདི་དུག་གི་རོ་ལྟར་སྤོངས། །ཞེས་སོ། །མ་ཤར་མ་ཤར་གཉིས་ནི། མ་འཁྲུལ་པའི་ཤེས་པ་གཏད་མེད་དེ། ཏཻ་ལོ་པས། སེམས་ལ་གཏད་སོ་མེད་ན་ཕྱག་ཆེན་ཡིན། །འདི་ལ་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ། །ཅེས་སོ། །ཤར་ཤར་ཞེས་པ་གཉིས་ནི། འགྱུར་མེད་ཡོངས་གྲུབ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དུ་གྱུར་པ། ཤར་མ་ཞེན་ཞེས་པ་ནི། ཆོས་རྗེ་འཇིག་རྟེན་གསུམ་གྱི་མགོན་པོས། ཆེན་པོ་གསུམ་གྱིས་མ་རེག་རྟོག་པའི་མཆོག །ཅེས་གསུངས་པ་ལྟར། གཞི་དབུ་མ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ། ཆེན་པོ་གསུམ་གྱིས་ཀྱང་མ་རེག་པ་དེ་ནི་རྟོགས་པའི་མཆོག་ཡིན་ནོ། །ཞེས་གསུངས་པ་དེའོ། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ ཞེས་པ་གཉིས་ནི། སྒོམ་རབ་ལ་རྣམ་རྟོག་སྒོམ་དུ་ཤར་བ་རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་དེའོ། །སྟོང་སྟོང་གཉིས་ནི། ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ། མི་སྟོང་མི་སྟོང་རྣམ་པར་སྟོང་ནི། མ་ཡིན་དགག་བླ་མེད་ཆོས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཏེ། རྒྱུད་བླ་མ་ལས། གློ་བུར་དག་གི་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མ་འགགས་མ་འགགས་ནི་སྐུ་དང་ཡེ་ཤེས། འགག་འགག་ནི་གཉིས་འཛིན་གྱི་འཁྲུལ་སྣང་། འགག་པ་མེད་ནི་རང་བྱུང་ལྷུན་གྲུབ་ཀྱི་ཆོས་རྣམས། ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་ནི། ཡེ་གདོད་མ་ནས་དངོས་པོར་གྲུབ་མ་མྱོང་བ་གཞི་མེད་རྩ་བྲལ་འཁོར་འདས་ཀུན་ཁྱབ་བོ། །སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི་ནི། ཆོས་ཉིད་རིས་མེད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ་ཤྲཱི་སིཾ་ཧ་ང་ཡི་དགོངས་ཉམས་ཆོས་ཉིད་དོན་དམ་དབྱིངས་ཀྱི་གནད་དོན་དེ་ལྟར་ཤེས་པར་མཛོད་དང་། རིམ་བཞིན་ལྟ་སྤྱོད་ཀྱི་སྣོད་དུ་རུང་ནས་སྒོམ་པ་ཀུན་ཁྱབ་ཀྱི་ཡེ་ཤེས་དབྱེར་མེད་ཀྱི་ངང་དུ་མ་བཅོས་པར་བཞག་པས། གོམས་པ་ཀློང་དུ་གྱུར་པ་ན་འབད་རྩོལ་མི་དགོས་པར་ངང་གིས་འཆར་བར་འགྱུར་རོ། །ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ༔ ཞེས་པ་བཀྲ་ཤིས་ཟུར་མང་གླིང་གི་དགེ་སློང་ཀརྨ་ཚེ་བརྟན་གྱིས་བསྐུལ་ངོར། མཁན་པོ་འབར་བ་ཆེན་པོས་བཀའ་བཀྱོན་དང་བཅས་ཏེ་བྲིས་པའི་ཡི་གེ་པ་ནི་ཞུ་བ་པོ་ཉིད་ཀྱིས་བགྱིས་པ་འགྲོ་རྣམས་བདུད་བཞིའི་གཡུལ་ལས་རྒྱལ་ཞིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་པར་གྱུར་ཅིག །བི་ཛ་ཡནྟུ།། །།
ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བ་ལས་མངོན་ཤེས་མཁའ་འགྲོའི་སྒྲུབ་ཐབས་ (Volume 42, Text 60)
ྈ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བ་ལས་མངོན་ཤེས་མཁའ་འགྲོའི་སྒྲུབ་ཐབས་བཞུགས་སོ༔ མངོན་ཤེས་བསྒྲུབ་ན༔ རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པའི་ཐུགས་ཁར༔ ཟླ་བའི་སྟེང་དུ་ཡི་གེ་དྲུག་པ་དཀར་རུམ་མེ་བསམ༔ མདུན་དུ་ཡེ་ཤེས་མཁའ་འགྲོ་མ་དང་ལོ་ཀའི་མཁའ་འགྲོ་མ་རྣམས་གླིང་བུ་གླུ་དབྱངས་དི་རི་རི་སྔགས་ཟློས་པར་བསམ་ཞིང་བསྙེན་པར་བྱ༔ ཁྱད་པར་དུ་བུད་མེད་གཡུའི་ཟུར་ཕུད་ཅན་གྱིས་ཕྲག་པ་གཡས་གཡོན་དུ་ཏལ་ཏལ་སྨྲ་བར་བསམ༔ ཡིད་དང་མཐུན་པའི་གནས་སུ༔ ཕྱིང་དཀར་སྟེང་དུ་ནས་བྲེ་གང་ལ་གཡུང་དྲུང་བྲིས་བྱ༔ ཤུག་པ་རྟིང་དཀར་གསུམ་གཟུག༔ དབུས་སུ་བུམ་པ་གཅིག་བཅའ༔ ནང་དུ་བཟང་དྲུག༔ རྒྱ་གར་རུ་རྟ༔ མར་དཀར་གཞུག༔ ལྷ་བཤོས༔ སྤོས༔ འོ་མ༔ མར་ཁུ༔ སྦྲང་རྩི༔ སྤོས་དང་ཚིལ་ཆེན་བསྲེག༔ མདའ་ལ་མེ་ལོང་དང་པགས་བུ༔ རཏྣ་བཏགས་ལ་བུམ་པའི་ཁ་རྒྱན་ལ་གཟུག༔ བསྙེན་པ་སྟོང་ཚོ་རེ་ཚར་བ་དང༔ བརྡར་ལ་བོད་ཅིང་རྔ་ཆུང་བརྡུང༔ ནངས་པར་ཁྲུས་དང་བསང་བྱ༔ གསེར་ནག་དང་སྟག་རས་བཅང༔ དམ་ཉམས་དང་མི་འགྲོགས༔ མཚམས་དྲག་ཏུ་བཅད༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ལ་ཏི་ཟད་ཁྲམ་ཅི་ཏ་ཤམ༔ དེ་མཱ་ར་ཡ་ཛ་ཛ༔ ལིང་ངེ་ཁུད༔ དུད་སེ་སད༔ ན་མོ་ཏུན་ཛ་ཛ༔ ཏི་ཀྲ་མ༔ ཙ་ཏ་ཆེ་ཆེ༔ ཀྱོར་ཉམས་ལ་ལ་ཁུག་ཛ་ཛ༔ ཡེ་ཤེས་མཁའ་འགྲོའི་སྙིང་པོ་འདི་བཟླས་པས༔ ཡེ་ཤེས་ཀྱི་ལྷ་ཅི་བྱེད་ཟློ༔ རང་མཐོ་རིས་གར་སྐྱེ་སྨྲ༔ ལོ་ཀའི་ལྷ་ཅི་བྱེད་སྨྲ༔ བདག་གཞན་ཚེ་གང་ཐུབ་སྨྲ༔ སྡིག་པོ་ཆེ་གར་སྐྱེ་ལས་བཟང་ངན་སྨྲ༔ མང་དུ་བཟླས་ན་ཞག་བཅུ་གཉིས་ན་ཐོས༔ བཅོ་ལྔ་ནས་སེམས་ཀྱིས་རང་ཤེས༔ ཉི་ཤུ་ལ་མེ་ལོང་བཞིན་གསལ༔ ཨཱོཾ་ཨ་ཏྲེ་ཀུ་ལ་ཆུ་བུར་མིག་གི་སྒོ་དབྱེ༔ བརྒྱ་རྩ་བརྒྱད་དུས་གསུམ་དུ་བཟླས་ལ་ནངས་པར་ཆུ་ལ་བཏབ་སྟེ་ཁྲུས་བྱ༔ གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ་མཆོད་པ་ཅི་འབྱོར་དབུལ༔ གསོལ་བ་གདབ་བོ༔ རྨི་ལམ་གསལ་པོ་འབྱུང་ངོ༔ ཀྱེ་བདག་ལ་ཏིང་ཆེ་ནེ༔ བུ་མོ་གཡུའི་ཟུར་ཕུད་ཅན༔ མ་ཐོགས་མྱུར་དུ་སྤྱོན༔ གསེར་གྱི་ཝ་ཐོགས་ནས༔ ནག་མོ་མཆེ་བ་ཅན༔ མ་ཐོགས་མྱུར་དུ་སྤྱོན༔ ཚིལ་ཆེན་དུད་པས་སྤྱན་འདྲེན་ན༔ ནམ་མཁའི་དབྱིངས་རུམ་ནས༔ ཡེ་ཤེས་ལྷ་མོ་གླིང་བུ་མ༔ མ་ཐོགས་མྱུར་དུ་སྤྱོན༔ ཁྱེད་ཀྱི་རྟེན་ཅིག་ཡོད༔ ནས་ནག་བྲེ་གང་ཡོད༔ འབྲང་རྒྱས་ཞལ་དཀར་ཡོད༔ དཔལ་གྱི་བཤོས་བུ་ཡོད༔ ཤུག་གུ་རྟིང་དཀར་ཡོད༔ འདོད་པ་རྣམ་བཞི་ཡོད༔ མ་ཐོགས་མྱུར་དུ་སྤྱོན༔ མ་མོ་ནག་མོ་དམ་ལ་ཤོག༔ སྐྱབས་ཁྲ་མུན་འགྲོ་དམ་ལ་ཤོག༔ བུ་མོ་གཡུའི་ཟུར་ཕུད་དམ་ལ་ཤོག༔ ལྷ་དང་མི་ཡི་སྒྲིབ་པ་སེལ༔ མྱུར་དུ་རིངས་པར་ལྷང་ལྷང་སྨྲོས༔ མ་ཐོགས་ཏ་ལ་འདིར་སྨྲོས༔ ཕྱེ་མར་ཤིང་རྩིས་མཆོད༔ མ་མོ་སྲིད་པའི་རྒྱུད་ལུང་དང༔ མ་མོ་སྲོག་གི་ཐིག་ལེ་དང༔ མ་མོ་སྲོག་གི་སེ་དར་གྱི་རྒྱུད་ནས༔ མཁའ་འགྲོ་མ་རྣམས་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ༔ རང་དབང་མེད་པར་འགུགས་པའི་རྣལ་འབྱོར་གྱི་སྲུང་མར་མངའ་གསོལ་བ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྗེ་ཁྲི་སྲོང་ལྡེའུ་བཙན་ལ་གནང༔ ཨ་ཙ་ར་དམར་པོ་ལ་གསེར་སྲང་བདུན་ཕུལ་ནས་ཞུས་སོ༔ ྀཨཚ༔ བླ་མ་མངའ་བདག་པས་སློབ་དཔོན་ཁམས་པ་ལ་གནང་བ་ལགས་སོ། །རྒྱ་རྒྱ་རྒྱ༔
ཞིང་གི་ལོ་ཏོག་ལ་གནོད་འཚེའི་གཙོ་བོ་གསུམ་གྱི་ཡ་གྱལ་བཙའ་ནད་འཇོམས་པའི་གདམས་པ་ཟླ་བ་གསར་པའི་འཛུམ་ཟེར་ (Volume 51, Text 60)
༄༅། །ཞིང་གི་ལོ་ཏོག་ལ་གནོད་འཚེའི་གཙོ་བོ་གསུམ་གྱི་ཡ་གྱལ་བཙའ་ནད་འཇོམས་པའི་གདམས་པ་ཟླ་བ་གསར་པའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཡེ། འགྲོ་བའི་དཔལ་མགོན་སྟོན་མཆོག་ཤཱཀྱའི་གཙོ། །རྣམ་འཕྲུལ་ཚད་མེད་སེམས་དཔའ་ས་ཡི་སྙིང་། །སྙིགས་འགྲོའི་སྐྱབས་གཅིག་གུ་རུ་ཡིད་བཞིན་ནོར། །རྩ་གསུམ་དམ་ཅན་ཚོགས་ལ་གུས་པས་འདུད། །སྐྱེ་རྒུའི་གསོས་གྱུར་ལོ་ཏོག་ལ་འཚེ་ཞིང་། ཁྱད་པར་སྙིགས་འགྲོ་བསམ་སྦྱོར་ལོག་པའི་རྒྱུས། །མ་མོ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་ནི། །ཟློག་པའི་ཐབས་ཚུལ་འདི་ཉིད་གཅེས་པར་ཟུངས། །ལོ་ཏོག་བཅོམ་པའི་སད་སེར་སྲུང་ཟློག་མང་དུ་འབྱུང་ཡང་བཙའ་སྲུང་གདམས་པ་བླ་མ་དགོངས་འདུས་ལས་འབྱུང་བ་ཙམ་ལས་མི་སྣང་བས་འདིར་ཡིག་རྙིང་གི་གདམས་པ་གུད་དུ་བྱས་ཏེ་གསལ་བར་དགོད་པ་ལ་དོན་ཚན་དགུ། དང་པོ་བྱུང་ཚུལ། བརྟག་ཐབས། སྲུང་བའི་འཁོར་ལོ། རྫས་གསག་པ། ཟློག་བྱེད་ཏིང་འཛིན། སྔགས་བཟླ་བ། ཕན་བྱེད་རིམ་གྲོ་བྱ་ཚུལ། གཞན་ལ་དེད་པ། རྗེས་གཅོད་མནན་པ་བྱེད་པའོ། །དང་པོ་བྱུང་བའི་ཁུངས་ནི། ངོམ་ཡུལ་མུན་པ་ཟེར་ལྡན་གྱི་གླིང་དུ་བྲག་དམར་ངོམ་མཚོ་ནག་པོའི་གླིང་དུ་གནས་པའི་འདྲེ་སྲིན་ཕོ་མོ་གཉིས་ལོག་པར་ཚོགས་པས་མཚལ་ལྕགས་མིང་སྲིང་གཉིས་སུ་སྲིད། དེ་གཉིས་བཙོག་ནལ་གྱིས་ལོག་པར་སྤྱད་པ་ལ་ཐུག་དམར་སྤུན་དགུ་སྐྱེས། དེ་རྣམས་གདུག་རྩུབ་ཆེ་ཞིང་མ་རུངས་ལོག་པའི་སེམས་དང་ལྡན་པས་མི་ལ་ན་ཚ་དང་ཕྱུགས་ལ་གོད་འདྲེ་བྱས། བཅུད་ཀྱི་མཆོག་ལ་གནོད་པ་སྣ་ཚོགས་པ་བཏང་། སྤུན་དགུ་ནི། སྤྲིན་གཡེར་འཇུག་པ་དང་། མིག་དམར་དང་། སེར་བྱེད་ཐེར་རུམ་དང་། སད་བྱེད་དབོ་སྐྱ་དང་། བཙའ་བྱེད་མཆུ་དམར་དང་། ཁུར་བྱེད་རླུང་འབུད་དང་། ལྟོག་བྱེད་མགོ་སྐྱ་དང་། སྐེམ་བྱེད་མཆུ་རིང་དང་། ཟ་བྱེད་ཁ་བོ་ཆེ་དང་དགུའོ། །དེ་རྣམས་ཀྱིས་ཡུལ་ཁམས་ཐམས་ཅད་དུ་མི་ལ་ན་ཚ་སློང་། ཕྱུགས་ལ་གོད་འདྲེ་བྱེད། ལོ་ཏོག་འབྲུ་བཅུད་སོགས་ལ་གནོད་པ་སྣ་ཚོགས་བཏང་། ལན་གཅིག་མ་ཧཱ་ཙི་ནའི་ཡུལ་དུ་ཕྱིན་ནས་ལོ་ཏོག་ཐམས་ཅད་བརླགས་པའི་ཚེ་འཇུ་རྩེ་འཕྲུལ་གྱི་རྒྱལ་པོས། ཏཱིརྠི་ཀའི་པཎྜི་ཏ་འཕགས་པ་ཆེན་པོ་ཞིག་སྤྱན་དྲངས་ནས་དེའི་མཐུ་སྟོབས་རྫུ་འཕྲུལ་གྱི་ནུས་པས་དམ་ལ་བཞག །གནད་ལ་གཟིར། སྲོག་སྙིང་བླངས། བདེན་པའི་ཚིག་གིས་བཀྲོལ། བརྔན་པའི་ཡས་བྱིན། ཐམས་ཅད་བཏུལ་ནས་ཙི་ནའི་ཡུལ་གྲུ་བདེ་བ་ལ་བཀོད། འབྲུ་སྣ་དྲུག་གི་འདོད་པ་ཟད་མི་ཤེས་པར་བྱས་སོ།། ༈ །།གཉིས་པ་བརྟག་ཐབས་ལ་སྐམ་རློན་རིགས་གཉིས་ཡོད། སྐམ་བཙའ་ནི་དྲི་ངན་བྲོ་ཞིང་སྙེ་མ་སྟོང་པ་ལ་སྐྱེ་བུངས་མེད། བཙན་དང་མ་མོ་གནོད་པས་རིམ་གྲོ་བསང་བརྔན། རྒྱལ་མདོས། བཙན་དང་མ་མོའི་མདོས་བྱ། མདོག་དམར་ལ་ཚིགས་པ་འོག་མ་ནས་ཁྲག་གི་རི་མོ་འདྲ་བ་རིམ་པར་འབྱུང་ཞིང་ཚིགས་འབུར་ཅན་སྐྱེ་བུངས་ཞན་ལ་སྙེ་མ་མི་ལེགས་པ་དེ་ལ་ཡུལ་ལྷ། ཡུལ་སྨན་མཆོད། སྣང་བརྒྱད་འདོན། རློན་བཙའ་ནི་ཞོད་ཆེན་རྐྱེན་གྱིས་འབྱུང་བ་སྟེ། དེ་ལ་བཙའ་ནག་ནི་མས་ནས་ཡར་ལ་དམར་ནག་ཁྲག་རུལ་འདྲ་བ་མཆེད། སྐྱེ་བུངས་མཐུག །སྙེ་མ་སྟོང་ཞིང་རིང་། ས་བདག་ཀླུ་གཉན་བདུད་ཀྱིས་བྱས་པ་ཡིན་པས་ས་བདག་ཀླུ་གཉན་གྱི་མདོས་དང་བདུད་མདོས་བྱ། བཙའ་ཁྲ་ནི་ལོ་མདོག་སེར་སྐྱ་དང་དམར་སྐྱ་ཐིག་ལེ་རིས་སུ་ཡོད་པ། རྩ་བ་རུལ་ལ་རྩེ་མོ་སྐམ་པ་སྡེ་བརྒྱད་སྤྱིའི་ཁ་རླངས་ཡིན་པས་སྡེ་བརྒྱད་སྤྱི་མདོས་དང་ཆུ་གཏོར་གཏང་། གསུང་རབ་འུར་འདོན་བྱ། སྣང་སྲིད་ཞི་བས་བཅོས། རིམ་གྲོ་ཆེར་བྱས་ན་བཅོས་མེད་མ་ཡིན། རང་བཞིན་གྱི་བཙའ་ནི་རྐེད་པ་མན་ཆད་སྐྱ་ཤད་དེ་བ། དེ་ཐན་པས་བསྐྱེད་ན་ཆར་གྱི་རླན་གྱིས་བཀྲུས་ན་ཕན་པས་ཆར་འབེབ་བྱ། ཞོད་ཀྱིས་བསྐུལ་ན་ཉིན་མཚན་དྲོད་ཀྱིས་འཇོམས་པར་འགྱུར་བས་ཆར་པ་གཅོད། དེ་དག་གིས་སངས་དཀའ་ན་ཞིང་གི་མུར་བསང་བརྔན་དང་ཆུ་གཏོར་བཏང་ན་སངས་པར་འགྱུར་རོ།། ༈ །།གསུམ་པ་འཁོར་ལོས་སྲུང་བ་ནི་གྲོ་གའམ་རྒྱ་ཤོག་དམར་པོ་གཙང་མའི་ངོས་འཁོར་ལོ་མུ་ཁྱུད་རིམ་པ་ལྔ་བསྐོར་བའི་ལྟེ་བར། ཨཱོྃ་ཨཱཿཧཱུྃ། དེ་མཐར། ཡུལ་ཆེ་གེ་མོའི་ལོ་ཏོག་ལ་བཙའ་ཡི་གནོད་ པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵཿ དེ་རྒྱབ་མུ་ཁྱུད་ལ། ཨཱོྃ་ཧ་རི་ཧ་རི་སོད། ཧ་རི་ཧ་རི་སོད། ལོ་ཏོག་ལ་བཙའ་ཡི་གནོད་བྱེད་ཐམས་ཅད་མཆུ་ཆིངས་ཤིག །གྲེ་བ་སྡོམས་ཤིག །བཙའ་སཏྭཾ་བྷ་ཡ་ནན་ནན། དེ་རྒྱབ་རྩིབས་བརྒྱད་ལ། ཨཱོྃ་བརྒྱད། དེ་ལ། ཧཱ་སྭཱ་ཀ་ཤི་བཾ་རིལ་ཙ་ཙ་ཨཱོྃ། རེ་རེས་བསྐོར། དེའི་རྩིབས་མཆན་བརྒྱད་ལ་རཾ་བརྒྱད་དང་། དེ་ལ། ཧཱ་སྭཱ་ལ་ཏི་ཀ་ཤད་དུ་རྦད་ཨཱོྃ། རེ་རེས་བསྐོར། དེ་རྒྱབ་མུ་ཁྱུད་ལ། ཨཱོྃ་མི་ཁ་ཆ་ཕུ་ཤེལ་ཀ་ལི་ནན། སུཾ་དཾ་སུཾ་བཾ་ལཾ་རིན་སོད། ཨཾ་ཨཾ་འདུས་འདུས་སང་སང་རུ་རུ་སི་ལི་སྭཱ་ཧཱ། སི་ཀྲ་འདུ་འདུ་གྲི་འདུ་འདུ་སུམྦྷ་ཡ་སུམྦྷ་ཡ་ཧཱུྃ་ཕཊ། རཱ་ཙ་དུང་དུང་དྷི་ཀ་དྷི་ཀ་ཡེ་སྭཱ་ཧཱ། བཙའ་སྲི་བཙའ་འདྲེའི་སྲོག་ལ་རྦད་རྦད་རྦུད་རྦུད་ཆོད་ཆོད་ཟློག་ཟློག །གཏོར་གཏོར་བྱེར་བྱེར་མྱུར་མྱུར་ཡེ་སྭཱ་ཧཱ། རླུང་ལྷ་བེ་ཙི་རཾ་པ་ཡཾ་ཡཾ་བསྐུལ་བསྐུལ་ཡེ་སྭཱ་ཧཱ༔ དེ་རྒྱབ་རྟེན་འབྲེལ་སྙིང་པོ་ཚར་གསུམ་བྲི། དེ་རྒྱབ་མེ་རི་དམར་པོ་བྲི། དེ་རྒྱབ་ཆུ་རི་སྔོན་པོ་བྲི། དེ་རྒྱབ་རླུང་རི་ལྗང་གུ་བྲིས། སྟེང་འོག་འཁོར་ལོ་ལྔ་ལས་མི་ཉུང་བར་དབུས་སུ་བྱིའུ་མཆིལ་པའི་སྒྲོ་བཞི་གཞུག །གཡོན་སྐོར་ཟླ་ཐབས་གདུགས་ཐབས་གང་ཡང་རུང་། བསྲུང་བྱའི་ཞིང་གི་ཕྱོགས་མཚམས་གནད་དུ་གཟུག །དེ་ཚེ་ལྷ་བསང་དང་རྒྱགས་བརྔན་རྒྱས་པར་བྱའོ།། ༈ །།བཞི་པ་རྫས་གསག་པ་ནི། སྐམ་བཙའ་ལ་ཁྱེའུ་དང་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པའི་མགོ་གཙང་གིས་ཞག་གསུམ་གོང་ན་ཤ་ཆང་སྒོག་ཙོང་རིགས་སྤངས། གོས་གསར་པ་གྱོན། ཁ་བཀྲུ་ལག་བཤལ་བྱས་ལ་ཁ་ཤར་ཕྱོགས་སུ་བལྟ་བའི་ཆུ་མིག་ཀླུ་རྒྱལ་རིགས་དཀར་པོ་གནས་པའི་ཆུ་གཙང་བླངས་པས་སློབ་དཔོན་གྱིས་རིན་པོ་ཆེའི་སྣོད་གཙང་མའི་ནང་དུ་བླུགས། བ་དམར་མོ་དང་དཀར་མོའི་འོ་མར་བཟང་དྲུག་དང་ཀླུ་སྨན་གཙང་མ་བཏབ་ལ་ཞལ་ཁེབས་བཀབ། འོག་ནས་འབྱུང་བའི་སྔགས་ཀྱིས་བཏབ། རློན་བཙའ་བསྲུང་བ་ནི། སྐྱེས་པ་གཞོན་ནུས་སྤང་བླང་གོང་བཞིན་བྱས་ལ་ཉི་མས་མ་རེག་ཅིང་མི་ཁྱིས་མ་འགོང་པའི་གད་ཁུག་ཆུ་སྐྱིལ་འཇའ་ཚོན་གྱི་འོད་འདྲ་བ་ནས་གནམ་གྱིས་མ་མཐོང་བར་ཆུ་སྐྱོགས་ཀྱིས་བླངས་ལ་སྣམ་རས་དཀར་པོ་མཐུག་པོའི་ཁུག་མར་བླུགས། རྣལ་འབྱོར་པས་སྣོད་དུ་བླུགས་པའི་ནང་ཁྱི་འབྲུག་གླང་གསུམ་གྱི་རུས་པ། ཁ་ཤ་དང་གནའ་བའི་རྭ། སྐྱེར་བའི་བར་ཤུན། རེ་ལྕག །མུ་ཟི་སེར་པོ། མཚུར་ནག །བ་བླ། ཟམ་ཤིང་། རྩ་ཁུ་བྱུག །དགེ་འདུན་མང་པོའི་ཆབ་བསིལ་གྱི་ས། བུ་མོ་གཙང་མའི་རང་བྱུང་གི་མཚལ་ལམ་དྲི་ཆུ། གླ་རྩི། ར་ཐུག་རྒྱ་བོའི་ཁྲག་རྣམས་བསྲེས། འོག་ནས་འབྱུང་བའི་སྔགས་རྒོད་ཀྱིས་རྣོ་སོ་འདོག་གོ། ༈ །།ལྔ་པ་ཏིང་འཛིན་བསྒོམ་པའི་རིམ་པ་ནི་འདིར་དམིགས་བསལ་མ་བཤད་ཀྱང་། ཐོག་མར་བདག་བསྐྱེད་ལྷ་གཞུང་ཞིག་གཏང་ན་ལེགས་པས་འདིར་བཤད་པའི་སྔགས་ནི་བཀའ་བརྒྱད་འཇིག་རྟེན་མཆོད་བསྟོད་ཀྱི་མུ་སྟེགས་གུ་ལང་ནག་པོ་དང་། དམོད་པ་དྲག་སྔགས་ཀྱི་མུ་སྟེགས་ཀཱ་ལ་ཡཀྴ་རྣམས་དང་ངོ་བོ་གཅིག་པས་བཀའ་བརྒྱད་ལས་བྱང་རྒྱས་བསྡུས་གང་རུང་ཞིག་གཏང་རྒྱུ་བྱུང་ན་ལེགས་ལ། དེ་ལྟར་མ་གྲུབ་ཚེ་རྣལ་འབྱོར་པ་རང་ཉིད་ཀྱི་ཡི་དམ་གང་ཡིན་པའི་མཆོད་གཏོར་བཤམས། ལས་གཞུང་བསྲང་། བསྙེན་བཟླས་ཀྱི་བར་དུ་སོང་ནས། རང་ཉིད་སྐད་ཅིག་བརྫུས་སྐྱེས་ཏཱིརྠི་ཀའི། །འཕགས་པ་ནག་པོ་པཎྜི་ཏ་ཡི་གཟུགས། །ཕྱག་གཡས་རང་རྟགས་དབྱུག་པ་ཀླད་ལ་འཕྱར། །གཡོན་པས་ཤེལ་དཀར་ཕྲེང་བ་བརྒྱ་རྩ་བགྲངས། །འཁོར་དུ་ཏཱིརྠི་ཀ་ཡི་དམག་དང་བཅས། ཁྲོས་འཁྲུགས་རྔམས་པའི་ཚུལ་དུ་བཞུགས་པར་མོས། །སྐམ་རློན་རྫས་རྣམས་ལོ་ནད་སེལ་བའི་སྨན། །བཙའ་བྱེད་མཆུ་དམར་གནོད་བྱེད་འདུལ་བའི་མཚོན། །རྫས་རྣམས་འབྲུ་བཅུད་ཞིང་ལ་གཏོར་བའི་ཚེ། །ལོ་ཏོག་གཡེར་བྱེད་བཙའ་ཡི་གནོད་པ་ཀུན། །སངས་ཤིང་དག་ནས་འབྲུ་བཅུད་འཕེལ་ཞིང་རྒྱས། །ཞིང་རྣམས་སྲ་བརྟན་རྡོ་རྗེའི་ས་གཞི་ལ། །ལོ་ཏོག་སྙེ་མ་འབྲས་བུ་གཡུར་དུ་ཟ། །གང་གིས་མི་ཚུགས་རྡོ་རྗེ་ཕ་ལམ་གྱུར། །གང་གི་མཐའ་སྐོར་ཏཱིརྠི་ཀ་ཡི་དམག །བྱེ་བ་དུང་ཕྱུར་བཅས་པས་ཡོངས་བསྐོར་ཞིང་། །ལོ་ནད་བཙའ་ཡི་གནོད་པ་སྲུང་བྱེད་འདི། །གང་གིས་མི་ཤིགས་རྡོ་རྗེའི་གུར་དུ་བསྒོམ། །ཏིང་ངེ་འཛིན་དེ་དང་མ་བྲལ་བར་སྔགས་རྣམས་བཟླས་ལ་རྟེན་འབྲེལ་རྫས་ཀྱི་ནུས་པ་བསྐྱེད་པར་བྱའོ།། ༈ །།དྲུག་པ་སྔགས་བཟླ་བའི་རིམ་པ་ནི། ཧཱ་སྭཱ་ལ་ཏི་ཀ་ཤད་དུ་རྦད་ཨཱོྃ། ཧཱ་སྭཱ་ཀ་ཤི་བཾ་རིལ་ཙ་ཙ་ཨཱོྃ། ཤད་བར་གཉིས་ལ་ཚེག་བར་དགུ་དགུ་སྟེ། །གི་གུ་ཀླད་ཀོར་གསུམ་གསུམ་དྲུག་ཏུ་ངེས། །རྣ་རུ་ཝ་ཟུར་གཉིས་གཉིས་འ་འདོགས་དྲུག །འདི་བས་མང་ན་ལྷག་ལ་ཉུང་ན་ཆད། །འཕྲི་བསྣན་མེད་ན་གྲུབ་རྟགས་དངོས་སུ་འབྱུང་། །བསྙེན་ཚད་ཁྲི་ཚོ་གཅིག་ཡིན་པས་དགོས་དུས་སུ་འགྲུབ་དཀའ་བས་སྔོན་དུ་བསྙེན་པ་བྱས་ནས་དགོས་དུས་ཅི་འགྲུབ་བྱ་བ་ལེགས། བཟླས་པའི་ཚེ་སྨྲ་བཅད་མི་ཚིག་མ་འདྲེས་པར་བཟླས་ལ་སྐམ་རློན་གྱི་རྫས་གང་ཡིན་པ་ལ་ཧ་བཏབ། ཐུན་མཚམས་སུ་བཀའ་བསྒོ་དམ་བརྡར་བྱ་བ་ནི། ཧཱུྃ། ང་ནི་ཏཱིརྠི་ཀ་ཡི་རྒྱལ་པོ་སྟེ། །ང་ནི་སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་གཤེད། །སྣང་སྲིད་ལྷ་འདྲེ་མ་ལུས་ང་ལ་ཉོན། །ལོ་ཏོག་འདི་ནི་ང་ཡི་ཞིང་ཁམས་ཡིན། ཁྱེད་ཀྱིས་ང་ལ་གདུག་རྩུབ་གནོད་མ་བྱེད། །གལ་ཏེ་དམ་ལ་འགལ་ཞིང་གནོད་བྱེད་ན། །དེ་རིང་དམ་ལ་བཏགས་ཤིང་རྩིས་ལ་དབབ། །ཕྱིན་ཆད་ང་ཡི་ལོ་ཏོག་འདི་རྣམས་ལ། །གནོད་པ་མ་བྱེད་ཐ་ཚིག་དམ་ལ་བསྙེལ། །ང་ནི་ཁྲོས་ནས་ཁྱེད་རྣམས་བརླག་པར་བྱེད། །མི་དང་ཏཱིརྠི་ཀ་རྣམས་ལྷན་དུ་སྐྱེས། །གང་ཡང་ང་ཡི་འཁོར་དང་གདུལ་བྱའི་ཞིང་། །ཡིན་བཞིན་ལོ་ནད་བཙའ་འབུ་མ་གཏང་ཞིག །ང་ནི་བགེགས་རྣམས་ཀུན་གྱི་གཉེན་པོ་ཡིན། །ང་ནི་ས་སྟེང་མི་ཡི་སྐྱབས་མགོན་ཡིན། །ང་ནི་ལོ་ཏོག་ཡོངས་ཀྱི་སྲུང་མ་ཡིན། །ང་ཡི་བཀའ་ལ་མི་ཉན་གང་ཡང་མེད། །དེ་བས་བཀའ་དང་དམ་ལ་མ་འདའ་བར། །ལོ་ཏོག་ཞིང་གི་འབྲུ་བཅུད་ཀུན་རྒྱས་ནས། །འགྲོ་བ་མི་ལ་བདེ་སྐྱིད་ཕུན་ཚོགས་སྩོལ། །ཅེས་བརྗོད་པས་བཀའ་ཉན་དམ་ལ་གནས་པར་མོས། ཐུན་འཇོག་པ་ན་སྲུང་མའི་གཏོར་འབུལ་དང་ཡི་དམ་གྱི་ཚོགས་སྐོང་སོགས་རྗེས་ཆོག་སྤྱི་ལྟར་བྱའོ།། ༈ །།བདུན་པ་རིམ་གྲོས་སྲུང་བའི་ཐབས། སངས་རྒྱས་སྨན་བླའི་གཟུངས། སའི་སྙིང་པོའི་མདོ་དང་གཟུངས་སྔགས་ས་སྙིང་མཚན་བརྒྱ་བརྒྱད། རྣམ་འཇོམས་ཀྱི་གཟུངས་བཟླ་ཞིང་ཁྲུས་བྱ། སཱཙྪ་ གདབ། ཆུ་གཏོར་གཏང་། སྣང་སྲིད་ཞི་བ་དང་སྣང་བརྒྱད་འདོན། འཁྲུགས་བཅོས་ཤིང་རྩི་མའམ་ས་སྙིང་འཁྲུགས་བཅོས་སོགས་དབང་ཆེན་རྒྱས་བསྡུས་གང་རེད། ལྷ་བསང་དང་རྒྱགས་བརྔན་བཀྱགས་པ་སོགས་བཙའ་ཆེ་ཆུང་དང་བསྟུན་པའི་རིམ་གྲོ་རྒྱས་བསྡུས་དེ་ལུགས་བྱ། གཞན་ཡང་ཤིན་ཏུ་ཟབ་པ་གནས་ཆོས་ལས་བྱུང་བའི་ས་སྙིང་སྒྲུབ་ཐབས་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་ཉིད་ས་སྙིང་སྐུ་མདོག་དཀར༔ བྱང་ཆུབ་སེམས་དཔའི་ཆ་བྱད་ཅན༔ གཡས་པས་མྱུ་གུ་གཡོན་དྲིལ་བུ༔ ཞབས་གཉིས་ཕྱེད་པའི་སྐྱིལ་མོས་བཞུགས༔ མདུན་དུ་ས་ཡི་ལྷ་མོ་ནི༔ སྐུ་མདོག་སེར་པོ་སྐུ་སྟོད་མངོན༔ ཕྱག་གཉིས་ནོར་བུ་བུམ་པ་འཛིན༔ བྱང་ཆུབ་སེམས་མའི་ཆ་བྱད་ཅན༔ དེ་ལྟར་བསྐྱེད་ནས་སྔགས་འདི་གཉིས༔ གང་འདོད་གཅིག་ནི་བཟླས་པས་ཆོག༔ ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་སྭཱ་ཧཱ༔ ཨོཾ་ཀྵི་ཧི་རཱ་ཙ་ཡ་པྲི་ཏི་དྷེ་ཝཱི་སྭཱ་ཧཱ༔ བརྒྱ་སྟོང་གང་འགྲུབ་བཟླ། དེ་ནས་བཙའ་སྲུང་བའི་སྔགས་ནི། ཨོཾ་ཀྵི་ཧི་རཱ་ཙ་པྲི་ཏི་དྷེ་ཝཱི་ཨ་ཏི་ནི་ཡེ་སྭཱ་ཧཱ། ཞེས་ཅི་མང་བཟླས་ལ་ཆུ་དང་བྱེ་མ་གཙང་མ་ལ་གདབ་ཅིང་ལོ་ཏོག་ལ་གཏོར་རོ།། ༈ །།བརྒྱད་པ་བཙའ་འདྲེ་གཞན་གྱི་ཡུལ་དུ་དེད་པ་ལ་གསུམ། ཐོག་མར་བདག་བསྐྱེད་བསྙེན་པ་བསྐྱལ་བ། བར་དུ་གཏོ་ཡི་བཅའ་གཞི་སྒྲིག་པ། མཐར་འདེད་ཅིང་བསྐྲད་པ་དངོས་སོ། །དང་པོ་ནི། ཆུ་ཆེན་བྱེ་མ་འོད་ལྔ་ལྡན་པ་དེ་ཁྱེའུ་མགོ་གཙང་གིས་གནམ་གྱིས་མི་མཐོང་བར་བླངས། ཤར་བལྟས་ཆུ་མིག་ནས་ཆུ་ལེན་ལུགས་གོང་ལྟར་བྱས་ལ་སྣོད་གཙང་མར་བཞག །ཚིག་བདུན་གསོལ་འདེབས་སོགས་སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་ཨ་ཙར་སྔགས་མཁན་ནི། །སྐུ་མདོག་དཀར་ལྗང་དཔའ་བོའི་ཆས། །ཕྱག་གཡས་བྱེ་མའི་མེ་ཏོག་འཐོར། །ལོ་ནད་ཆོ་འཕྲུལ་གདུག་རྩུབ་ཟློག །གཡོན་གྱིས་བུམ་པའི་ཆུ་རྒྱུན་སྦྲེང་། །གདུག་སེམས་ཁ་རླངས་ཀུན་བཀྲུས་ཏེ། །འབྲུ་བཅུད་ཞིང་གི་ལོ་ཏོག་རྣམས། །སྐྱོན་མེད་ཡིད་འོང་སྨིན་པར་བསྒོམ། །དེ་ཡི་ངང་ལ་སྔགས་འདི་བཟླ། །ཨོཾ་བཛྲ་གུ་རུ་སརྦ་བཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨ་ཡ་མ་དུ་རུ་ཙ་ཤ་ན་གདུག་རྩུབ་ཨུ་དུག་སང་སང་སྭཱ་ཧཱ། ཧཱུྃ་ཧཱུྃ་ཨ་ཡེ་ཕཊཿསྭཱ་ཧཱ། མེ་ཆུ་མ་སོ་སུ་ཤེ་ག་ལེ་ནན། སུཾ་བཾ་སུཾ་བཾ་ཀ་རི་ན་སོད། མེ་བུ་ཙ་ཡཾ་འུར་ཡ་རྦད་བྷྱོ། མི་ཚིག་གིས་བར་མ་ཆོད་པར་སྟོང་ཕྲག་དགུ་བཟླ། བྱེ་མ་དང་ཆུ་ལ་ཧས་གདབ། ཐུན་མཚམས་རྣམས་སུ་མི་དམིགས་པར་བཞག་ཅིང་བསྔོ་སྨོན་ཤིས་བརྗོད་སྤྱི་འགྲེ་བྱའོ། །གཉིས་པ་གཏོ་ཡི་བཅའ་སྒྲིག་ནི། མདོས་གཞི་གྲུ་བཞིའི་སྟེང་དུ་ཁྲག་མཚོ་འཁྲུགས་པའི་རི་མོ་བྲི། དབུས་སུ་ཟངས་བྲག་དམར་པོ་རྒྱབ་ཡོལ་གྱི་ཚུལ་ཁམ་ས་ལས་བཅོས་པའམ་ཤོག་དམར་ལ་བྲིས་ཏེ་གཟུག །དེའི་མདུན་དུ་འབྲུ་ནག་ཕྱེ་མ་བཙའ་ཁྲུས་སྦྲུས་པའི་ཟན་ལ་བཙའ་འདྲེ་མི་གཟུགས་མཆུ་རིང་པོ་ཅན་ལག་གཉིས་གདེངས་པའི་ཚུལ་ཅན་བཞག །ཕྱོགས་མཚམས་བརྒྱད་དུ་དེ་འདྲ་བ་བརྒྱད་ཀྱིས་བསྐོར། ཕག་དམར། ར་དམར། བྱ་དམར་པོ་རྣམས་ཀྱི་གཟུགས་རྣམས་བཞག །ཟངས་ཕྱེ། ལྕགས་ཕྱེ། བཙའི་ཕྱེ་མ། ཕྱེ་འཚིག །བྱ་སྤུ། འབྲུ་ནག་གི་རིགས། སྙེ་ནག་འབྲས་མེད། སྙེ་སྟོང་། འབུ་ལོང་། འབུ་ཀོག །ཆང་སྐྱུར། སྦང་མ། ར་ཕག་བྱ་རྣམས་ཀྱི་ཤ་ཁྲག་རུས་པ་བཅས་གཙོ་འཁོར་དགུའི་གྲངས་དང་མཉམ་པ་སོ་སོར་སྤུངས། མདོས་བཞིའི་མཐར་ཤིང་ནག་སྣ་ཚོགས་བལ་ཚོན་གྱིས་བརྒྱན་པ་གཟུག །ར་ལྤགས་ལ་ལོའི་བཙའ་ཕྱིས་པས་ཁྲོམ་རིས་དང་ཐིག་ལེ་མང་པོ་བྲིས་པ་དབྱུག་པའི་རྩེར་རྒྱལ་མཚན་གྱི་ཚུལ་དུ་བཀལ། དར་རས་སྣམ་རས་དམར་པོས་བརྒྱན་པའང་སྟ་གོན་བྱ། སློབ་དཔོན་གྱིས་བདག་བསྐྱེད་བཟླས་པ་བཅས་སྔོན་དུ་བཏང་། འུར་རྡོ་དང་རྡེའུ་ཁ་ཤས་ལ། ཨོཾ་མེ་བུར་ཙ་ཡཾ་ཧུར་ཡ་རྦད་བྷྱོཿ སྔགས་འདི་སྟོང་ཕྲག་བཏབ་ལ་བཞག་གོ །གསུམ་པ་འདེད་བསྐྲད་དངོས་ནི། སྐམ་བཙའ་ལ་བྱི་ཕག་ལོ་པས་གཙང་སྦྲ་དང་བཅས་ཞྭ་དཀར་གོས་དཀར་གྱོན། བུམ་པ་ཆུས་བཀང་བ་ཐོགས། རློན་བཙའ་ལ་གཤེད་བཞི་ལོ་པས་ཞྭ་ནག་གོས་ནག་གྱོན། ལག་ཏུ་སྔར་བསྒྲུབས་པའི་རྫས་སྣོད་ཐོགས། མི་རྟ་གོ་མཚོན་ཅན་གང་འཛོམས་ཀྱང་སྟ་གོན་བྱ། སྔོན་དུ་མི་གོས་དམར་གྱོན་པས་རའི་རྒྱལ་མཚན་དང་། དེ་རྗེས་མདོས་གཞི་ཁྱེར། དེ་རྗེས་སྔགས་པས་འུར་རྡོ་བཟུང་ལ་འཇིགས་པའི་ཚམ་རྔམ་བཅས་ཞིང་གི་ཕུ་ནས་མདའ་དང་མཐོ་ས་ནས་དམའ་སར་འདེད་དེ། བཙའ་ཐམས་ཅད་རའི་གཡང་གཞི་ཅོད་པན་འདི་ལ་ཐིམས་ཤིག་ཅེས་ཞིང་ལ་ཁྱབ་པའི་སྐད་ཀྱིས་འབོད། སྔར་གྱི་སྔགས་རྒོད་བརྗོད་ལ་འུར་རྡོ་ལན་གྲངས་གང་རུང་འཕེན། སྔགས་ཀྱིས་བཏབ་པའི་བྱེ་མ་དང་ཆུས་ཀྱང་དེད་པའི་ཚུལ་གྱིས་འཐོར་རོ། །དེ་དང་མཉམ་དུ་སྐམ་བཙའ་ལ་བུམ་པའི་ཆུ་རྒྱུན་བར་མ་ཆད་པར་སྒྲེང་། རློན་བཙའ་ལ་རྫས་རྣམས་ས་བོན་བཏབ་པ་ལྟར་བྱས་ལ་དེད། རྟ་པ་རྣམས་ཀྱིས་ཀི་བསྭོ་ཆ་སྒྲ་དང་བཙའ་འདྲེ་ཕུད་དོ་ཞེས་སྐད་ཆེན་པོས་བསྒྲགས་ལ་ཞིང་གི་ཕ་མཐར་སླེབས་པ་དང་མདོས་སོགས་དེར་བཞག་ལ་སྨྲང་གིས་བཀྲོལ་བ་ནི་རྔ་རོལ་དང་གྱེར་དབྱངས་བཅས། ཧཱུྃ། ང་ནི་གསང་བདག་དཔའ་བོ་ཆེ། །བཀའ་གསང་འཕྲུལ་གྱི་ལྡེའུ་མིག་གིས། །བཀྲོལ་ནས་བདེན་པའི་སྨྲང་བརྗོད་ན། །གནོད་པ་བྱས་པའི་བགེགས་རྣམས་ཉོན། །བསྐལ་པ་བཤད་ན་དཔངས་རེ་མཐོ། །སྲིད་པ་བཤད་ན་གཏིང་རེ་ཟབ། །མུ་རྨིང་བཤད་ན་རྒྱ་རེ་ཆེ། །ཆོ་འབྲང་བཤད་ན་གྲངས་རེ་མང་། །སྔོན་ཚེ་བསྐལ་པའི་དང་པོ་ལ། །ངོམ་མཚོ་བྲག་དམར་ལས་ཀྱི་འཚོས། །དེ་ལ་ལོག་འཁྲུལ་བསེ་ལུང་དང་། །ལྕི་ཁད་མཚལ་མོ་གཉིས་སུ་སྲིད། །གདུག་པ་དེ་གཉིས་སྤྱད་པ་ལས། །ཐུག་དམར་སྤུན་དགུ་བྱ་བ་སྲིད། །ཆེ་བ་སྤྲིན་ལ་གཡེར་འཇུག་དང་། །དེ་འོག་ཟུ་ཟུ་མིག་དམར་དང་། །དེ་འོག་སེར་བྱེད་ཐེར་རུམ་དང་། །དེ་འོག་སད་བྱེད་དབོ་སྐྱ་དང་། །དེ་འོག་བཙའ་བྱེད་མཆུ་དམར་དང་། །དེ་འོག་ཁུར་བྱེད་རླུང་འབུད་དང་། །དེ་འོག་ལྟོག་བྱེད་མགོ་སྐྱ་དང་། །དེ་འོག་སྐེམ་བྱེད་མཆུ་རིང་དང་། །ཐ་ཆུང་ཟ་བྱེད་ཁ་བོ་ཆེ། །དེ་ལྟར་གནོད་བྱེད་སྤུན་དགུ་ཡིས། །མ་ཧཱ་ཙི་ནའི་ཡུལ་གྲུ་ལ། །རྐང་གཉིས་མི་ལ་ན་ཚ་བསླངས། །རྐང་བཞི་ཕྱུགས་ལ་གོད་འདྲེ་བྱས། །འབྲུ་བཅུད་ཞིང་ལ་ལོ་ནད་བཏང་། །དེ་ཚེ་འཕྲུལ་གྱི་རྒྱལ་པོ་ཡིས། །ལོ་འདྲེ་སྤུན་དགུའི་རང་གཟུགས་ལ། །ཕག་དམར་ར་དམར་བྱ་དམར་དང་། །ཟངས་ཕྱེ་ལྕགས་ཕྱེ་མཚལ་ཕྱེ་དང་། །བཙའ་ཕྱེ་འབྲུ་ནག་སྣ་ཚོགས་དང་། །འབྲས་མེད་སྙེ་ནག་སྙེ་སྟོང་དང་། །འབུ་ལོང་འབུ་ཀོག་སྣ་ཚོགས་དང་། །འདོད་ཡོན་ཚོགས་པའི་ཡས་མདོས་ཀྱིས། །ལོ་ཏོག་ཡག་པའི་སྟོང་ཁྲིན་འཇལ། །བཙའ་སད་སེར་གསུམ་གནོད་པ་ཞི། །འབྲུ་བཅུད་ཞིང་གི་ལོ་ཏོག་རྒྱས། །འགྲེང་དུད་འཕར་གསུམ་བདེ་ཞིང་སྐྱིད། །སྲིད་པ་དེ་ཡི་དཔེ་བཞིན་དུ། །བདག་ཅག་སྔགས་འཆང་སྒྲུབ་པ་པོས། །ཕུན་སུམ་ཚོགས་པའི་ཡས་གླུད་བསགས། །སྔགས་དང་ཕྱག་རྒྱའི་སྨྲང་གིས་བཀྲོལ། །ལོ་འདྲེ་སྤུན་དགུ་ཡས་ཀྱིས་བསྐངས། །ལོ་ལ་ལོ་ནད་མ་གཏང་ཞིག །སོང་ཞིག་དགྲ་བོའི་ཡུལ་དུ་སོང་། །དེ་འོག་དུས་ཀྱི་བསྐལ་པ་ལ། །གནོད་བྱེད་ལོ་འདྲེ་སྤུན་དགུ་ཡིས། ཁྲ་བོ་གླིང་གི་སྨན་ལྗོངས་སུ། །རྐང་གཉིས་མི་ལ་ན་ཚ་བསླངས། །རྐང་བཞི་ཕྱུགས་ལ་གོད་འདྲེ་བྱས། །འབྲུ་བཅུད་ཞིང་ལ་ལོ་ནད་བཏང་། །དེ་ཚེ་སློབ་དཔོན་བདུད་འདུལ་གྱིས། །ལོ་འདྲེ་སྤུན་དགུའི་རང་གཟུགས་ལ། །ཕག་དམར་ར་དམར་བྱ་དམར་དང་། །ཟངས་ཕྱེ་ལྕགས་ཕྱེ་མཚལ་ཕྱེ་དང་། །བཙའ་ཕྱེ་འབྲུ་ནག་སྣ་ཚོགས་དང་། །འབྲས་མེད་སྙེ་ནག་སྙེ་སྟོང་དང་། །འབུ་ལོང་འབུ་ཀོག་སྣ་ཚོགས་དང་། །འདོད་ཡོན་ཚོགས་པའི་ཡས་མདོས་ཀྱིས། །ལོ་ཏོག་ཡག་པའི་སྟོང་ཁྲིན་འཇལ། །བཙའ་སད་སེར་གསུམ་གནོད་པ་ཞི། །འབྲུ་བཅུད་ཞིང་གི་ལོ་ཏོག་རྒྱས། །འགྲེང་དུད་འཕར་གསུམ་བདེ་ཞིང་སྐྱིད། །སྲིད་པ་དེ་ཡི་དཔེ་བཞིན་དུ། །བདག་ཅག་སྔགས་འཆང་སྒྲུབ་པ་པོས། །ཕུན་སུམ་ཚོགས་པའི་ཡས་གླུད་བསགས། །སྔགས་དང་ཕྱག་རྒྱའི་སྨྲང་གིས་བཀྲོལ། །ལོ་འདྲེ་སྤུན་དགུ་ཡས་ཀྱིས་བསྐངས། །ལོ་ལ་ལོ་ནད་མ་གཏང་ཞིག །སོང་ཞིག་དགྲ་བོའི་ཡུལ་དུ་སོང་། །དེ་འོག་དུས་ཀྱི་བསྐལ་པ་ལ། །གནོད་བྱེད་ལོ་འདྲེ་སྤུན་དགུ་ཡིས། །སེར་པོ་ཧོར་གྱི་ཐ་གྲུ་ལ། །རྐང་གཉིས་མི་ལ་ན་ཚ་བསླངས། །རྐང་བཞི་ཕྱུགས་ལ་གོད་འདྲེ་བྱས། །འབྲུ་བཅུད་ཞིང་ལ་ལོ་ནད་བཏང་། །དེ་ཚེ་ནུས་ལྡན་རྡོ་རྗེ་ཡིས། །ལོ་འདྲེ་སྤུན་དགུའི་རང་གཟུགས་ལ། །ཕག་དམར་ར་དམར་བྱ་དམར་དང་། །ཟངས་ཕྱེ་ལྕགས་ཕྱེ་མཚལ་ཕྱེ་དང་། །བཙའ་ཕྱེ་འབྲུ་ནག་སྣ་ཚོགས་དང་། །འབྲས་མེད་སྙེ་སྟོང་སྙེ་ནག་དང་། །འབུ་ལོང་འབུ་ཀོག་སྣ་ཚོགས་དང་། །འདོད་ཡོན་ཚོགས་པའི་ཡས་མདོས་ཀྱིས། །ལོ་ཏོག་ཡག་པའི་སྟོང་ཁྲིན་འཇལ། །བཙའ་སད་སེར་གསུམ་གནོད་པ་ཞི། །འབྲུ་བཅུད་ཞིང་གི་ལོ་ཏོག་རྒྱས། །འགྲེང་དུད་འཕར་གསུམ་བདེ་ཞིང་སྐྱིད། །སྲིད་པ་དེ་ཡི་དཔེ་བཞིན་དུ། །བདག་ཅག་སྔགས་འཆང་སྒྲུབ་པ་པོས། །ཕུན་སུམ་ཚོགས་པའི་ཡས་གླུད་བསགས། །སྔགས་དང་ཕྱག་རྒྱའི་སྨྲང་གིས་བཀྲོལ། །ལོ་འདྲེ་སྤུན་དགུ་ཡས་ཀྱིས་བསྐངས། །ལོ་ལ་ལོ་ནད་མ་གཏང་ཞིག །སོང་ཞིག་དགྲ་བོའི་ཡུལ་དུ་སོང་། །ཞེས་བརྗོད། དེ་ནས་བསྐྲད་པ་ནི། ཧཱུྃ། ང་ནི་གསང་སྔགས་གསང་བའི་བདག །དཔའ་བོ་ཆེན་པོ་བདུད་དཔུང་འདུལ། །སྔགས་ཀྱི་བདག་ཉིད་བཀའ་བྱུང་ན། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཀུན། །ཐ་ཚིག་དམ་བཅའ་བསྙེལ་མེད་ཀྱིས། །ལོ་ལ་ལོ་ནད་མ་བྱེད་པར། །ཕ་རོལ་དགྲ་བོའི་ཡུལ་དུ་སོང་། །སད་སེར་བཙའ་གསུམ་གཏོང་འདྲེ་བཀར། །བདག་གི་ཡུལ་ཞིང་ལོ་ཏོག་ལ། །གནོད་ཅིང་འཚེ་རིགས་མ་བྱེད་ལ། །རུ་ཏྲ་ནག་པོའི་ཡུལ་དུ་སོང་། །བཀར་ཞིང་མ་སོང་ལྕགས་འཇོར་རྡུང་། །ཕུད་བཞིན་བསྡད་ན་ཟངས་ཆས་བཏགས། །གནོད་ཅིང་སྡང་ན་ལྕགས་དྲྭར་བཅུག །བདེན་པའི་བཀའ་ལ་འདའ་མ་བྱེད། །ཏི་བཾ་ཏི་བཾ་ཤི་གྲང་ཛ་ལ་བྷྱོ་ཡ་ཀུ་རུ་ཕཊ། ཅེས་དྲག་ཏུ་བརྗོད། བཙའ་འདྲེ་རྣམས་ཕྱི་མིག་མི་བལྟ་བར་རྒྱ་མཚོ་ཆེན་པོའི་ཕ་མཐར་སོང་བར་མོས། མདོས་ཆུ་བོ་ཆེན་པོ་ལ་འཕང་། མ་འགྲིགས་ན་ཡུལ་ཁམས་མི་མཐོང་བའི་ས་ལ་བསྐྱལ། མི་དམིགས་པའི་རྒྱས་གདབ། ཤིས་པ་བརྗོད་ལ་རང་མལ་ལོག་གོ། ༈ །།དགུ་པ་རྗེས་གཅོད་མནན་པ་ནི། དུག་ཤོག་ལ་མཛེ་ཁྲག་དང་མངལ་ཁྲག་གིས་མི་དམར་པོ་ཟངས་ཀྱི་མཆུ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ནྲྀ། གཡས་གཡོན་དུ་ཛཿཁ་སྦྱོར་བྲི། མཐའ་སྐོར་དུ་ཤར་ཤིང་ཁམས་ཀྱི་བཙའ། ལྷོ་མེ་ཁམས་ཀྱི་བཙའ། ནུབ་ལྕགས་ཁམས་ཀྱི་བཙའ། བྱང་ཆུ་ཁམས་ཀྱི་བཙའ། དབུས་དང་མཚམས་བཞི་ས་ཁམས་ཀྱི་བཙའ། བཙའ་བྱེད་མིག་དམར་མཆུ་རིང་རྣམས་གཟུགས་ལིངྒ་འདི་ལ་ཁུག་ཛ་ཛཿ ཞེས་པས་བསྐོར། གཟུགས་ལ་མཚོན་ཆ་མང་པོས་གཟིར་བའི་ཚུལ་དུ། ཨོཾ་ཧ་རི་ཧ་རི་སོད། ཧི་རི་ཧི་རི་སོད། སྨྲན་ལ་བཙའི་འབུ་སྲིན་ཐམས་ཅད་མཆུ་ཆིངས་ཤིག །གྲེ་བ་སྡོམས་ཤིག །བཙའ་སཏྭམྦྷ་ཡ་ནན། དུལ་དུལ་ཞི་ཞི་ཡེ་སྭཱ་ཧཱ། ཞེས་ཚར་ལྔ་བྲིས་པས་བསྐོར། རང་ཡི་དམ་གྱི་ང་རྒྱལ་གྱིས་བདེན་སྟོབས་བརྗོད་ཅིང་འགུགས་གཞུག་ལན་མང་དུ་བསྐྱར། མནན་སྔགས་གོང་གསལ། ཨོཾ་ཧ་རི་སོགས་སྟོང་ཕྲག་གཅིག་བཟླ། མནན་པའི་རྫས་ཆུ་དུག །རྩ་ཁུ། བྱི་ལའི་སྤུ། ངང་པ། སྐྱུང་ཀ །ཕུག་རོན་རྣམས་ཀྱི་སྤུ་དང་ཁྲག །ཤིང་བལ་དམར་སེར། བཙས་ཟིན་གྱི་ལྕགས་དུམ་བུ། རྡོ་དྲེག་དམར་པོ་བཅས་ལིངྒར་བསྟུམས། ལིང་ལྟེབ་ཕྱིར་དྲིལ་བྱས་ལ་རི་བོང་པགས་པའི་ནང་དུ་ར་སྤུ་དང་ཁྱི་སྤུའི་སྐུད་པས་རྒྱ་གྲམ་དུ་བཅིངས་ལ་གཡག་རུའི་ནང་དུ་བཅུག་ནས་ཁ་བསྡམས། སཱ་ཁང་ངམ་མ་ཎི་རྒྱ་མཁར་སོགས་ཡོད་པའི་འོག་ཏུ་དོང་ཁྲུ་དོ་ཡོད་པ་བྲུ། གཡག་རུ་སྔར་གྱི་རའི་གཡང་གཞིས་བསྟུམས་ལ་དེར་མནན་ཏེ། ཧཱུྃ། ང་ནི་ཏཱིརྠི་ཀ་ཡི་རྒྱལ། །གདུག་པ་བཙའ་ཕྱེ་མིག་དམར་འདི། །བསྐལ་པ་བརྒྱ་ཡི་འོག་ཏུ་མནན། །བསྐལ་པ་ཉིས་བརྒྱའི་འོག་ཏུ་མནན། །བསྐལ་པ་སུམ་བརྒྱའི་འོག་ཏུ་མནན། །རི་རབ་ཆེན་པོའི་ཞབས་སུ་མནན། །རྒྱ་མཚོ་ཆེན་པོའི་ཞབས་སུ་མནན། །ཏཱིརྠི་ཀ་ཡི་བསྟན་པ་མ་ཞིག་བར། །མནན་ནོ་ཡར་ལ་མ་ལྡང་ཞིག །བཙའ་བྱེད་བཙའ་འདྲེ་ཐམས་ཅད་ཐར་པ་མེད་པར་ལམ་ལམ་ཀུ་རུ་ཀུ་རུ་བྲུབ་བོ། །མཱ་ར་ཡ་ནན། སཏྭཾ་བྷ་ཡ་ནན། ཤག་ཤག་དུལ་དུལ་ཞི་ཞི་མལ་མལ་སྭཱ་ཧཱ། ཞེས་བརྗོད་ལ་མེ་ཆུས་རྒྱས་གདབ། སྟེང་དུ་སཱཙྪ་རབ་གནས་ཅན་གྱི་རྒྱབ་ཏུ་རྡོ་དཀར་པོ་རབ་གནས་ཅན་གྱི་ཐོ་བརྩིགས། ཞིང་རྣམས་ཀྱི་མཐའ་སྐོར་དུའང་མི་སྐྱ་ཞྭ་ནག་གོན་པ་འདྲ་བའི་ཐོ་ཆེན་དཀར་པོ་མགོ་བོ་ནག་པོ་ཅན་མང་པོས་བསྐོར། ཡི་དམ་གང་བྱེད་ཀྱི་མཚམས་གཅོད་དང་སྲུང་འཁོར་བསྒོམས་ལ་ཤིས་པ་བརྗོད་པར་བྱའོ། །འདི་བྱུང་དགེ་བས་འབྲུ་བཅུད་གནོད་འཚེ་ཞི། །རྐང་གཉིས་ནད་མེད་ལང་ཚོ་དར་ཞིང་རྒྱས། །དཀོན་མཆོག་བདེན་པའི་བཀའ་ལ་ཡིད་ཆེས་ནས། །དགེ་བའི་ཆོས་སྤྱོད་ཐར་པའི་སར་ཕྱིན་ཤོག །ཅེས་པའང་བཙའ་ཡི་གནོད་པས་ཡུལ་ཁམས་ཐམས་ཅད་འཇོམས་པའི་དུས་སུ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ནས་གསུང་བསྐུལ་ནན་བསྐྱར་གནང་བ་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རང་ལོ་གྱ་བདུན་པར་ཚད་ལྡན་གྱི་ཁུངས་བཙལ་ནས་ལེགས་པར་བསྡེབས་པའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །། ༄༅། །ལོ་ཏོག་གི་འཚེ་བ་བཙའ་ནད་སེལ་བའི་བསང་མཆོད་ཕན་བདེའི་སྤྲིན་ཆེན་བཞུགས་སོ། །ཨོཾ་སྭསྟི། བླ་མ་དགོངས་འདུས་བཙའ་སྲུང་ལས་བཙའ་ནད་སེལ་བའི་རྟེན་འབྲེལ་ཞིང་གི་མུར་མེ་ལྕེ་མེད་པའི་ཤིང་སྣའི་དུད་པ་གཏང་བར་གསུངས་པས། ཤིང་སྣ་ནི། སུར་དཀར། སྟག་པ། ཙནྡན་དམར་པོ། ཤུག་པ་རྣམས་ལས་བཞིའི་ཤིང་། འོམ་བུ་སྐྱེར་པ་སེ་བ་སྨན་གྱི་ཤིང་གསུམ། ཐང་ཤིང་སུར་ནག་སྤེན་མ་ཀླུ་གཉན་དགའ་བའི་ཤིང་གསུམ། ཉ་སྦྲིད་སྨྱ་ག་བྱི་ཚེར་ས་བདག་དང་མ་མོ་དགའ་བའི་ཤིང་གསུམ། བ་ཤིང་གླ་རྐང་ཨ་ག་རུ་ཀླུ་དང་ལྷ་སྲུང་དགའ་བའི་ཤིང་གསུམ་བཅས་ཞིང་གི་མུར་བ་དམར་སྐྱའི་ལྕི་བའམ་མ་འཛོམ་ན་ཐལ་ཚན་ལ་མེ་ལྕེ་མི་འོང་བར་བསྲེགས་པའི་དུད་པ་བཏང་། ཨ་བར་སྐྱུར་གསུམ་དང་འབྲུ་སྣ་ཟས་ཕུད་ཕྱེ་མར་རྣམས་ཀྱང་བཏབ། ཇ་ཆང་འོ་ཞོའི་ཕུད་བཏབ། ཆབ་གཙང་མ་བྲན་ལ། ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །འགྲོ་ཀུན་འཇིགས་ལས་སྐྱོབ་པའི་ཕྱིར། །ལོ་རིམ་བསང་མཆོད་འབུལ་བར་བྱ། །ལན་གསུམ། བདག་ཉིད་རྡོ་རྗེ་གྲོ་ལོད་སྨུག །རྡོ་རྗེ་ཕུར་གདེངས་རྒྱ་སྟག་སྟེང་། །རྒྱན་རྫོགས་གཟི་བརྗིད་ལྡན་པར་བཞུགས། །དམ་ཡེ་དབྱེར་མེད་ཐུགས་ཀ་ནས། །འོད་འཕྲོས་བསང་རྫས་འབགས་བཙོག་སྦྱང་། །རཾ་ཡཾ་ཁཾ། ཐུགས་ལས་དྷཱུ་ཡིག་སྔོན་པོ་ལས། །དུད་པའི་ལྷ་མོ་མཐིང་མདོག་ཅན། །ཕྱག་གཉིས་བུམ་པ་སྨན་སྤོས་དྲིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་འཁྲིགས། །བཛྲ་དྷཱུ་པེ་ཨོཾ་ཨཱཿཧཱུྃ། གསུམ། ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ནམ་མཁར་སྤྱན་དྲངས་གྱུར། །ཧྲཱིཿ རང་བཞིན་གདོད་ནས་རྣམ་པར་དག །འདས་དང་མ་འདས་བསང་གི་མགྲོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་ལྔའི་དྭངས་མ་ཤིང་དུ་འཁྲུངས། །ཞི་རྒྱས་དབང་དྲག་ཤིང་ལ་སོགས། །ཀླུ་གཉན་ལྷ་སྲུང་མཉེས་པའི་ཤིང་། །སྣ་ཚོགས་འབྲུ་སྣ་ཕྱེ་མར་དང་། །ཇ་ཆང་འོ་ཞོ་མེ་ལ་བསྲེགས། །བསང་གི་དུད་སྤྲིན་མཆོད་རྫས་ཀྱིས། །པད་འབྱུང་སྐུ་གསུམ་སྐུ་ལྔ་དང་། །གདུག་པ་ཞི་མཛད་ཐུགས་རྗེ་ཅན། །ཕྱག་སྟོང་སྤྱན་སྟོང་མངའ་བ་བསང་། །འབྲུ་རྣམས་འཕེལ་བའི་ཐུགས་རྗེ་ཅན། །བྱང་སེམས་ས་ཡི་སྙིང་པོ་བསང་། །བཅོམ་ལྡན་པདྨ་བཛྲ་སོགས། །དགོངས་པ་འདུས་པའི་ལྷ་ཚོགས་བསང་། །འབྲུ་བཅུད་ལོ་ཏོག་འཇོམས་བྱེད་པའི། །བཙའ་ནད་ཞི་བར་བྱིན་གྱིས་རློབས། ཁྲོ་རྒྱལ་སྨེ་བ་བརྩེགས་པ་དང་། །དབང་དྲག་པདྨའི་ལྷ་ཚོགས་བསང་། །གནོད་བྱེད་བཙའ་ཡི་བདག་པོ་སོགས། །འདྲེ་སྲིན་གདུག་པ་ཚར་ཆོད་ཅིག །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །སྔགས་བདག་ཡེ་ཤེས་ཀླུ་བརྒྱད་བསང་། །བཙའ་ཡི་གནོད་པ་མ་གཏང་ཞིག །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་བའི་རིགས་ལ་སོགས། །ཀླུ་རིགས་མ་ལུས་ཐམས་ཅད་བསང་། ཁྱད་པར་ཡུལ་འདིའི་ཀླུ་རྣམས་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །བཙའ་ཡི་གནོད་པ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །འཇིག་རྟེན་ཁམས་འདི་སྐྱོང་བའི་ལྷ། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་པ་བཅོ་བརྒྱད་བསང་། །འབྲུ་བཅུད་ལོ་ཏོག་འཇོམས་བྱེད་པའི། །བཙའ་ཡི་གནོད་པ་ཞི་བར་མཛོད། །གཉན་ཆེན་ཐང་ལྷ་ཡར་བཞུད་སོགས། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །སྲིད་པ་ཆགས་པའི་ལྷ་དགུ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་སོགས། །བོད་ཡུལ་གཞི་བདག་གཉན་པོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །འབྲུ་བཅུད་ལོ་ཏོག་འཇོམས་བྱེད་པའི། །བཙའ་ཡི་གནོད་པ་ཞི་བར་མཛོད། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྡོ་རྗེ་སྨན་གཅིག་ལ་སོགས་པའི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །རེ་རེའི་འཁོར་དུ་སྨན་ཕྲན་འབུམ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབྲུ་བཅུད་ལོ་ཏོག་འཇོམས་བྱེད་པའི། །བཙའ་ཡི་གནོད་པ་ཞི་བར་མཛོད། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ལྷ་ཆེན་ཨིནྡྲ་ཡ་མ་ཡ། །བ་རུ་ཎཱ་དང་ཀུ་བེ་ར། །ཨགྣེ་རཱ་ཛ་ནཻྱྱྀ་ཏི། །བ་ཡ་བེ་དང་ཨི་ཤྭ་ར། །ཚངས་པ་ཉི་ཟླ་ལ་སོགས་པ། །ཕྱོགས་བཅུར་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བཙའ་ཡི་རིགས་ཀྱི་གནོད་པ་རྣམས། །ཕྱོགས་བཅུའི་ཡུལ་དུ་སྒྱུར་བར་མཛོད། །ས་གཞི་ཡོངས་ལ་མངའ་མཛད་པའི། །ས་བདག་རྡོ་རྗེ་དབང་ཆེན་དང་། །བཙུན་མོ་ས་ཡི་ལྷ་མོ་དང་། །འཁོར་དུ་ས་བདག་འབུམ་དང་བཅས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ནས། །ས་བཅུད་ཐམས་ཅད་འདིར་སྡུས་ལ། །བཙའ་ཡི་གནོད་པ་ཞི་བར་མཛོད། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །སྲས་པོ་ས་འཛིན་ལག་པ་དང་། །ས་བདག་ཆེན་པོ་ལྟོ་འཕྱེ་དང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བཙའ་ཡི་གནོད་པ་ཞི་བར་མཛོད། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་དམར་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་ཆེན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྩི་ཤིང་ཕྱེ་མར་དུད་པས་མཆོད། །བཙའ་ཡི་གནོད་པ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །མདོ་ཁམས་སྒང་དྲུག་ཀུན་གྱི་བདག །གཉན་ཆེན་རྨ་རྒྱལ་སྤོམ་ར་ནི། །རྨ་སྨན་འབུམ་དང་རྨ་སྲས་དགུ །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་ལྷ་སྨན་འབུམ། །སྒང་དྲུག་གཞི་བདག་ཀུན་གྱིས་བསྐོར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བཙའ་ཡི་གནོད་པ་ཞི་བར་མཛོད། །ལོ་ལེགས་འབྲུ་འཕེལ་རྨ་གཡང་ཕོབ། །འཛམ་གླིང་སྤྱི་དང་བོད་ཡུལ་གྱི། །གཞི་བདག་ཆེ་དགུ་གཉན་བཅུ་དང་། ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །གཞི་བདག་ཡུལ་བདག་གནས་ཀྱི་བདག །དཀོར་གྱི་བདག་པོ་ལ་སོགས་པའི། །མིང་དང་མཚན་ནས་མ་ཐོན་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །ཕ་རི་གཡས་དང་ཚུ་རི་གཡོན། །ཉིན་དང་སྲིབ་ལ་གནས་པ་བསང་། །མདུན་རི་རྒྱབ་རི་གཡས་རི་དང་། །གཡོན་རི་རྣམས་ལ་གནས་པ་བསང་། །བརྟན་པ་མཁའ་དང་གཡོ་བ་རླུང་། །འབབ་པ་ཆུ་ལ་གནས་པ་བསང་། །སྐྱེ་བ་ཤིང་དང་འགྲོ་བ་ལམ། །སྲ་བ་བྲག་ལ་གནས་པ་བསང་། །ལྗོན་ཤིང་ནེའུ་གསིང་ཆུ་མིག་དང་། །ས་སྐོར་འདི་ལ་གནས་པ་བསང་། ཁྱད་པར་ཞིང་ལ་གནས་པ་ཡི། །ཞིང་ལྷ་ཚངས་པ་འཁོར་དང་བཅས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །རྩི་ཤིང་སྣ་ཚོགས་དུད་པ་ཡིས། །འབྲུ་བཅུད་ལོ་ཏོག་འཇོམས་བྱེད་པའི། །བཙའ་དཀར་རྒྱལ་པོའི་ཆོ་འཕྲུལ་དང་། །བཙའ་དམར་བཙན་དང་ས་བདག་ཀླུ། །བཙའ་ནག་བདུད་ཀྱི་ཆོ་འཕྲུལ་དང་། །བཙའ་ཁྲ་སྡེ་བརྒྱད་ཆོ་འཕྲུལ་དང་། །མ་མོ་འཁྲུགས་པའི་ཁ་རླངས་དང་། ཁྱད་པར་ཐུག་དམར་བུ་དགུ་ཡི། །གནོད་སེམས་གདུག་པའི་ཆོ་འཕྲུལ་རྣམས། །ཤེལ་དཀར་ཕྱིས་བཞིན་སངས་གྱུར་ཅིག །དཀོན་མཆོག་བདེན་པའི་བྱིན་རླབས་དང་། །རྟེན་འབྲེལ་རྫས་ཀྱི་ནུས་མཐུ་ཡིས། །འབྲུ་བཅུད་ལོ་ཐོག་འཇོམས་བྱེད་པའི། །བཙའ་རིགས་མ་ལུས་མྱུར་དུ་ཞི། །འབྲུ་བཅུད་མ་ལུས་འཕེལ་བ་དང་། །ལོ་ལེགས་སྐྱ་རྣམས་རྒྱལ་གྱུར་ཅིག །བང་མཛོད་འབྲུ་རྣམས་འཕེལ་བའི་གཡང་། ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མགྲོན་རྣམས་ཐུགས་འགལ་བཟོད་པར་གསོལ། །རང་རང་སོ་སོའི་གནས་གཤེགས་ལ། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་པའི། །བཀྲ་ཤིས་སྣང་བས་ཀུན་ཁྱབ་ཤོག །འདི་ལྟར་ལྷག་བསམ་དག་པའི་དགེ་བ་ཡིས། །གནོད་བྱེད་ཀུན་ཀྱང་བྱང་ཆུབ་སེམས་དང་ལྡན། །ཐམས་ཅད་དགེ་བའི་ཆོས་ལ་རབ་སྤྱོད་ནས། །མྱུར་དུ་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་བཙའ་ནད་ཟློག་པའི་གནོད་བཅོས་ཀྱི་ཡན་ལག་ཏུ་ཀུ་སཱ་ལི་བློ་གྲོས་མཐའ་ཡས་ཀྱི་རང་ལོ་གྱ་བདུན་པར་ཆགས་མེད་རིན་པོ་ཆེས་མཛད་པའི་འབུ་སྲིན་ཁ་བསྒྱུར་གྱི་བསང་ཡིག་འབྲིང་པོ་ལ་གཞིར་བྱས་ནས་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བཀོད་པའི་ཡི་གེ་པ་ནི་ཉེ་བར་གནས་པ་གསང་སྔགས་བསྟན་འཛིན་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཆ་བྱ་དགོས་པ་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པ་ཡིན་ནོ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལ་སྦྱར་རྒྱུའི་ཆད་ཐོ (Volume 34, Text 60)
མཁའ་འགྲོ་གསང་བ་ཀུན་འདུས་ལ་སྦྱར་རྒྱུའི་ཆད་ཐོ་བཞུགས་སོ། །ཧཱུྃ་ཧྲཱིཿ སྔོན་ཚེ་འོག་མིན་གསང་ཆེན་ཞིང་། །དབྱིངས་ཕྱུག་རྡོ་རྗེ་ཕག་མོ་ཡིས། །ཆོས་ཉིད་རང་སྒྲས་རྒྱུད་བསྟན་ཚེ། །སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། །གཉིས་སྣང་དག་པའི་གཏོར་མ་བླངས། ཁས་བླངས་དམ་བཅས་ཐ་ཚིག་ཕོག །རྡོ་རྗེའི་གཡར་དམ་གཉན་པོ་བཞེས། །བར་དུ་མཁའ་འགྲོ་འདུ་བའི་གླིང་། །ཨོ་རྒྱན་རང་བྱུང་དུར་ཁྲོད་དུ། །བཅོམ་ལྡན་བཛྲ་བྷ་ར་ཧིས། །ཨོ་རྒྱན་པདྨ་ཐོད་ཕྲེང་ལ། །མཁའ་འགྲོའི་གསང་མཛོད་བསྩལ་པའི་ཚེ། །རྒྱུད་གསུམ་དྲེགས་པ་འཁོར་ཚོགས་རྣམས། །དབང་དུ་བསྡུས་ཤིང་བྲན་དུ་བཀོལ། །བཀའ་རྟགས་རྡོ་རྗེ་གཙུག་ཏུ་བཀོད། །དབང་བསྐུར་གསང་བའི་སྲུང་མར་བསྐོས། །དམ་ཚིག་ཕོག་པ་མི་དྲན་ནམ། །དེ་འོག་གངས་ཅན་བོད་ཡུལ་དུ། །མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་དང་། །དྷཱ་ཀི་འབུམ་གྱི་ཚོགས་བཅས་ལ། །དབང་ཆེན་དགྱེས་པའི་ཕོ་བྲང་དུ། །སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ཡིས། །མཁའ་འགྲོ་གསང་བ་ཀུན་འདུས་ཀྱི། །རྒྱུད་ལུང་མན་ངག་བསྟན་པའི་ཚེ། །སླར་ཡང་དབང་དུ་བསྡུས་བྱས་ནས། །དམ་ཆུ་སྦྱིན་ནས་བཀའ་ནན་བསྩལ། །གསང་བའི་གཉེར་ཁ་གཏད་པ་ཡིས། །དམ་ལས་འདའ་བར་མི་རུང་ངོ་། །བསྐལ་པ་ཐ་མའི་དུས་ཀྱི་ཚེ། །དྷཱ་ཀི་པདྨ་མཚོ་སྐྱིད་ཀྱིས། །གསང་བའི་ཆོས་འདི་ཉམས་སུ་བཞེས། །ངོ་མཚར་གྲུབ་པ་ཆེན་པོ་བརྙེས། །དཔེ་རྒྱུད་མཁའ་འགྲོའི་བརྡའ་ཡིག་རྣམས། །མཁའ་འགྲོའི་གསང་མཛོད་བཀའ་སྲུང་ལ། །གཉེར་གཏད་རྒྱས་བཏབ་བྱས་པ་ན། །ཇི་ལྟར་བསྒོས་པའི་དམ་ཚིག་རྣམས། །དྲན་པར་གྱིས་ལ་དམ་མ་གཡེལ། །དེང་དུས་འགྲོ་འདུལ་རིག་པ་འཛིན། །འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །མཁའ་འགྲོ་གསང་བའི་མཛོད་ཆེན་གྱི། །བརྡ་རིས་ཕྱག་ཏུ་བབ་པ་དང་། །ཚིག་དོན་གབ་སྦས་མེད་པར་བཀོད། །ཆོས་བདག་སྐྱེས་བུར་སྤེལ་བའི་ཚེ། །སྲུང་མ་དམ་ཅན་རྒྱ་མཚོ་ཡིས། །ཇི་ལྟར་བསྒོ་བའི་ལས་བྱ་ཞེས། །དམ་བཅའ་ཞལ་བཞེས་དུས་འདིར་དགོངས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བ་ལིཾ་འདོད་ཡོན་མཆོད་པ་འབུལ། །སྨན་རཀ་བདུད་རྩིས་དགྱེས་པ་བསྐྱེད། །ཇི་ལྟར་བཅོལ་པའི་ལས་སྒྲུབས་ཤིག །གསང་བའི་ཆོས་ཀྱི་ཕྲིན་ལས་སྤེལ། །རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ། །རྩ་རླུང་ཐིག་ལེའི་འཕྲང་བསལ་ཏེ། །ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད། །མཆོག་ཐུན་དངོས་གྲུབ་འགྲུབ་པར་མཛོད། །ཤྲཱིཿདྷརྨ་པཱ་ལ་ནི་དྷི་པ་ཏི་སརྦ་ས་མ་ཡ་བ་ལིཾ་ཏ་ཁ་ཧི། ཞེས་པའང་ཆོས་ཀྱི་བློ་གྲོས་པས་ཞབས་འདེགས་སུ་བྲིས་པའོ།། །།
ཡེ་ཤེས་རབ་འབར་ལས། ཀུན་འདུས་སྲུང་ཟློག་རྫས་སྒྲུབ་ནག་པོ་ (Volume 44, Text 60)
༁ྃ༔ ཡེ་ཤེས་རབ་འབར་ལས། ཀུན་འདུས་སྲུང་ཟློག་རྫས་སྒྲུབ་ནག་པོ་བཞུགས་སོ། ། ཡེ་ཤེས་རབ་འབར་ལས༔ ཀུན་འདུས་སྲུང་ཟློག་རྫས་སྒྲུབ་ནག་པོ་ནི༔ ྈྈྈྈྈྈྈ སྣང་མཐའ་གང་འདུལ་འབར་བའི་གར༔ ཁྲོ་རྒྱལ་ཡོངས་རྫོགས་གཙོ་ལ་འདུད༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ནག་སྦྱོར་བ་ངན་པའི་མཐུས༔ ལྷ་སྲིན་སྡེ་བརྒྱད་ཀུན་འཁྲུགས་ནས༔ འགྲོ་རྣམས་སྡུག་བསྔལ་གྱུར་པ་ལ༔ པདྨ་འབྱུང་གནས་ཐུགས་རྗེ་ཡིས༔ ནུས་པ་ཟད་མེད་ཕན་བདེའི་གཏེར༔ གང་འདུལ་ཐབས་ཆེན་བདུད་རྩི་སྨན༔ ལས་དང་འཕྲལ་རྐྱེན་གང་གཟིར་བའི༔ ནད་རྣམས་ཀུན་གྱི་གཉེན་པོར་ཤོག༔ ས་མ་ཡ༔ སྦྱོར་བ་ལག་ཏུ་བླངས་པ་ནི༔ མེད་དུ་མི་རུང་རྩ་བ་ལྔ༔ རྒྱ་མཚལ་བ་བླ་གླ་རྩི་དང༔ སྤྲུ་ནག་རྩ་བ་སྤྱང་ཀིའི་བྲུན༔ དེ་ནས་དྲག་པོའི་འཁོར་རྫས་ནི༔ ཚིལ་ཆེན་ཤུ་དག་དཀར་ནག་དང༔ གླང་དམར་རྭ་གཞོབ་ཤ་ཆེན་དང༔ མུ་ཟི་བཙན་དུག་བ་ཡི་ཆུ༔ མཁན་དམར་རྩ་བ་ཤུག་པའི་ཚིགས༔ ཤིང་ཀུན་སྒོག་གཅིག་པུ་ཤུད་ཤ༔ ར་དུག་ལོ་མ་ལུང་ཐང་ཙེ༔ རྟ་བོན་སྡོང་རོས་ཐང་ཕྲོམ་དང༔ ཕོ་རོག་སྒོ་ང་དྲི་ཆེན་དང༔ ལྷན་ཅིག་བཏུལ་བ་དྲི་ཆུས་བསྡུས༔ བྱུག་པ་ཞོ་ཙམ་རིལ་བུ་སྲན༔ དུད་པ་བདུག་ན་ཕྱེ་མ་འོ༔ སྣ་ལ་དུད་པས་བདུག་པ་ལ༔ ར་དུག་བཙན་དུག་ཐང་ཕྲོམ་སྤང༔ དེ་ལྟར་རྫས་རྣམས་ཚོགས་པ་དང༔ རྭ་འམ་པར་བུ་ཐུན་དོང་དུ༔ རྫས་རྣམས་ལེགས་སྦྱར་ཁ་ཐམ་སྦྱར༔ བདག་ཉིད་མ་ཧཱ་དྷེ་བ་དམར༔ མིག་བསྒྲད་མ་མཆེ་ཡར་ལ་གཙིགས༔ གཡས་པས་ཏྲི་ཤུལ་གཡོན་ཐོད་ཁྲག༔ ཐུགས་ཀར་ཨོཾ་ལས་བྱ་ཁྱུང་ནག༔ ཁྱུང་སྐད་དུང་དུང་ཀླུ་རྣམས་ཟ༔ གསང་གནས་ཧཱུྃ་ལས་རྨ་བྱ་ནག༔ དེས་ཀྱང་ཀླུ་དུག་ཟ་བར་བསྒོམ༔ རད་པན་རྟ་གྷ་རུ་ར་དྷ་ཤ་བི་ཤན་ཤན་ཏེ༔ བ་ག་བེ་ཤ་ཏ༔ ཀ་མ་ཕ་ཏན་ཏི༔ དྷ་ར་དྷ་ར༔ ཀོ་ལ་པ་ན༔ བྷ་ག་དྷི་ཐ༔ པྲ་ཙ་ལི་ཐ༔ ཧོ་ར་ན་ནཱ་ག་སུ་མ་ར་ཨ་ཤ་ཀྵ༔ རེ་ཛ་ནི༔ ཀ་ལ་གྷ་རུ་རེ༔ ལ་ལ་ཨ་པ་ཏ་རེ༔ ཙན་ཙུན་གྷ་ཡ་བྷ༔ ཁ་སྤྲ་དྷ་རི་ན་ག་བའི་ས་ས་ཏ་ལ༔ ངག་བཅད་དྲག་སྔགས་མི་འདྲ་འདི༔ བཟླས་ཤིང་ཐུན་སྣོད་ངར་གྱིས་བརླན༔ འདི་ནི་སྲུང་ཟློག་ཀུན་ལ་བསྔགས༔ འདི་ཡིས་མི་ཐུབ་གང་ཡང་མེད༔ འགོ་བའི་ཡམས་ནད་ཐ་དག་སྲུང༔ གཏད་སེལ་རྦོད་གཏོང་ཐ་དག་ཟློག༔ མནོལ་བཙོག་གྲིབ་དང་མི་གཙང་ཐུབ༔ མདོར་ན་དྲག་ལས་ཐ་དག་ཐུབ༔ ཞག་གསུམ་བརྒྱ་ཕྲག་ཚོད་དང་བསྟུན༔ འདི་འཆང་མི་དེ་གནམ་ལྕགས་མཁར༔ གདུག་པའི་སྡེ་བརྒྱད་གང་གིས་ཀྱང༔ བསྐལ་པའི་མེ་དཔུང་འབར་བར་མཐོང༔ ཤིན་ཏུ་ཡོན་ཏན་ཆེ་ལྡན་པའི༔ ནུས་པའི་སྟོབས་ལྡན་བདུད་རྩི་འདི༔ སྐལ་མེད་དམ་ཉམས་མ་གཏོགས་པའི༔ སྐལ་ལྡན་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ ྈྈྈྈ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ མཎྚ༔ གུ་ཧྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་ཞལ་བཤུས་ཏེ། དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ།། །།
ཞི་བྱེད་བདུན་གྱི་མན་ངག་བདུད་རྩིའི་བུམ་པ་ (Volume 45, Text 60)
༁ྃ༔ ཞི་བྱེད་བདུན་གྱི་མན་ངག་བདུད་རྩིིའི་བུམ་པ་བཞུགས་སོ༔ ྈྈྈྈྈྈྈྈ རྒྱ་གར་སྐད་དུ༔ སཔྟ་ཤ་མཾ་ཀ་ར་ཨུ་པ་དེ་ཤ༔ བོད་སྐད་དུ༔ ཞི་བྱེད་བདུན་གྱི་མན་ངག༔ བཅོམ་ལྡན་འདས་དཔལ་གསང་བ་འཛིན་པའི་བདག་པོ་ལ་ཕྱག་འཚལ་ལོ༔ སྣང་བ་མཐའ་ཡས་ཐུགས་རྗེའི་གཏེར༔ གསང་བདག་ནཱ་གཱརྫུ་ན་ལས༔ རིམ་པར་འོངས་པའི་གདམས་ངག་བཅུད༔ པདྨ་བཛྲ་བདག་གིས་བཤད༔ ས་མ་ཡ༔ རླུང་མཁྲིས་བད་ཀན་འདུས་པ་སོགས༔ ལས་དང་རྐྱེན་ལས་གྱུར་པ་ཡི༔ ནད་ཀྱི་གདུང་བ་ཞི་འདོད་ན༔ སངས་རྒྱས་སྤྱན་མ་བསྒྲུབ་པར་བྱ༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་ཨོཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ སངས་རྒྱས་སྤྱན་མ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔ འཁོར་ལོ་སྤྱན་གྱིས་མཚན་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཤིན་ཏུ་ཞི་ཞིང་སྒེག་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ ནད་ཀྱི་གདུང་བ་ཀུན་སེལ་བའི༔ ཟླ་བ་བདུད་རྩིའི་འོད་ཟེར་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ རྣམ་པར་སྣང་མཛད་དབུས་བརྒྱན་བསམ༔ བཞུགས་གསོལ་ཕྱག་མཆོད་བསྟོད་པ་བྱ༔ ཐུགས་ཀར་བདུད་རྩིའི་རང་བཞིན་གྱི༔ ཟླ་སྟེང་ཨོཾ་མཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བདེ་གཤེགས་རབ་འབྱམས་ཀྱི༔ བྱིན་རླབས་བདག་ལ་ཐིམ་པར་གྱུར༔ ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ན་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པའོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་བདུད་རྩིའི་ཆར་དུ་བབས༔ རང་གཞན་ལུས་ཀྱི་ནང་ཀུན་གང༔ རྒྱུ་འབྲས་ནད་ཀུན་ཞི་བར་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ སརྦ་རོ་ག་པྲ་ཤ་མ་ན་ཡེ༔ འབུམ་ཕྲག་གཅིག་བཟླས་འགྲུབ་པར་འགྱུར༔ དེ་ནས་ལས་ལ་སྦྱར་བ་ནི༔ ནད་རྣམས་ཀུན་སེལ་ཨ་རུ་ར༔ གསེར་མདོག་ལྕགས་ཀྱི་རྩི་བླངས་པ༔ གཙོ་གྱུར་བ་རུ་སྐྱུ་རུ་ར༔ བཟང་དྲུག་ཅོང་ཞི་བྲག་གི་ཞུན༔ མ་ནུ་རུ་རྟ་བ་ཤ་ཀ༔ སེ་འབྲུ་གི་ཝཾ་ཤུ་དག་ནག༔ སྤང་སྤོས་ཏིྑྞ་པྲི་ཡཾ་ཀུ༔ ཨ་གར་གུ་གུལ་མིང་ཅན་ནག༔ ཨུཏྤལ་སྔོན་པོ་དང་བཅས་པ༔ ཞིབ་པར་བཏགས་ལ་རིལ་བུར་དྲིལ༔ སྔགས་ཀྱིས་བཏབ་ནས་ཁོང་དུ་བཏང༔ བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང༔ གདོན་དང་བགེགས་ཀུན་ཞི་བར་འགྱུར༔ ཡང་ན་ཆུ་བསྐོལ་ཚ་མོ་ལ༔ སྔགས་ཀྱིས་བཏབ་ནས་བཏང་བ་འམ༔ བུམ་པར་ལྷ་བསྐྱེད་རིག་པ་བཟླས༔ བདུད་རྩིར་ཞུ་བའི་ཆུ་རྒྱུན་གྱིས༔ བཀྲུས་དང་འཐོར་འཐུང་བགྱིས་པས་ཀྱང༔ ཕན་པ་འཕྲལ་དུ་སྟེར་བར་བྱེད༔ ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་སངས་རྒྱས་སྤྱན་མ་དཀར་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈ ཉིན་གཅིག་པ་སོགས་རིམས་དང་ནི༔ གཉན་རྒོད་གག་ལྷོག་འབྲུམ་པ་སོགས༔ དལ་ཡམས་གདུག་པ་ཞི་འདོད་ན༔ རི་ཁྲོད་ལྷ་མོ་བསྒོམ་པར་བྱ༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་པཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ རི་ཁྲོད་ལྷ་མོ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཤིང་ལོའི་སྦྲང་གཡབ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཤིང་ལོ་གསར་པའི་ཤམ་ཐབས་ཅན༔ ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པས་འགྱིང༔ མཆོག་སྦྱིན་རྩེ་ལས་རིམས་ནད་ཀྱི༔ གདུང་སེལ་བདུད་རྩིའི་ཆུ་རྒྱུན་འབེབ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ མི་བསྐྱོད་རྡོ་རྗེས་དབུར་བརྒྱན་བསམ༔ ཐུགས་ཀར་བདུད་རྩིའི་རང་བཞིན་གྱི༔ ཟླ་སྟེང་པཾ་མཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བདེ་གཤེགས་རབ་འབྱམས་ཀྱི༔ བྱིན་རླབས་བདག་ལ་ཐིམ་པར་གྱུར༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་པཾ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པ་འོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་དཔག་ཡས་ནམ་མཁར་འཕྲོས༔ སྤྲིན་ཕུང་ལྟ་བུར་ཁྱབ་པ་ལས༔ སྔགས་ཀྱི་ནུས་པ་ཡོངས་རྫོགས་པའི༔ བདུད་རྩི་སྨན་གྱི་ཆར་ཆེན་བབས༔ རང་གཞན་ལུས་ཀྱི་ཕྱི་ནང་བཀྲུས༔ ནད་ཀྱི་གདུང་བ་ཀུན་ཞི་ཞིང༔ ཡུལ་ཁམས་ཀུན་ཏུ་ཁྱབ་པ་ཡིས༔ དལ་ཡམས་ཐམས་ཅད་སྦྱངས་པར་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ སརྦ་ཛྭཱ་ར་པྲ་ཤ་མ་ནཱ་ཡེ༔ འབུམ་ཕྲག་བཟླས་པས་འགྲུབ་པར་འགྱུར༔ དེ་ནས་ལས་ལ་སྦྱར་བ་ནི༔ ནད་གདོན་གདུག་པའི་གཉེན་པོའི་སྨན༔ སྤྲུ་མ་ནག་པོའི་རྩ་བ་བླང༔ ལོ་བརྒྱད་ཆུ་ཡིས་ནུས་པ་བསྐྱེད༔ དེ་ཉིད་གཙོ་གྱུར་བི་ཥ་དང༔ ཨ་རུ་གླ་རྩི་ཤུ་དག་ནག༔ རུ་རྟ་མིང་ཅན་སྤང་གི་སྤོས༔ དངུལ་ཆུ་མུ་ཟི་སེང་ལྡེང་དམར༔ གུ་གུལ་ཡུངས་དཀར་བཙོད་ཀྱི་མདུད༔ རེ་ལྕག་ཕུར་མོང་སྟག་ཤ་ནག༔ ཀླུ་བདུད་ཧོང་ལེན་ཤུག་ཚེར་ཅན༔ བྲག་ཞུན་གི་ཝཾ་པརྤ་ཏ༔ གཡའ་ཀྱི་མ་དང་རྒྱ་སྣག་བཅས༔ ཞིབ་བཏགས་སྔགས་ཆུས་རིལ་བུར་དྲིལ༔ སྔགས་ཀྱིས་ངར་བཏགས་བཏང་བ་ཡིས༔ གཉན་ཚད་གག་ལྷོག་འབྲུམ་པ་རིམས༔ རྒྱུ་གཟེར་དམར་བཤལ་ལ་སོགས་པ༔ གདུག་པའི་དལ་ཡམས་ཐམས་ཅད་ཞི༔ གཞན་ཡང་བུམ་པའི་ཆུས་བཀྲུ་ཞིང༔ རིལ་བུའི་རྫས་ལ་སྔགས་བཏབ་བདུག༔ གྲོང་ཁྱེར་རྣམས་སུ་མཚམས་ཀྱང་གཅད༔ འཕྲལ་དུ་ནད་རིམས་ཀུན་ཞི་འགྱུར༔ འགོ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་རི་ཁྲོད་མ་དཀར་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈ ལྷ་ཀླུ་གནོད་སྦྱིན་གཏུམ་པོ་སོགས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ དགྲ་ཇག་ཆོམ་རྐུན་ཞི་འདོད་ན༔ འོད་ཟེར་ཅན་མ་བསྒོམ་པར་བྱ༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་མཱཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ འོད་ཟེར་ཅན་མ་སྐུ་མདོག་དཀར༔ ཕྱག་གཡས་སྐྱབས་སྦྱིན་གཡོན་པ་ནི༔ མྱ་ངན་མེད་ཤིང་ཡལ་ག་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་སྒེག་ཁྲོའི་གཟི་བྱིན་འབར༔ ཞབས་ཟུང་ཕྱེད་སྐྱིལ་རོལ་པས་བཞུགས༔ མི་མཐུན་སྲུང་ཞིང་ཞི་བྱེད་པའི༔ ཉི་མ་སྟོང་གི་གཟི་འོད་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ རྣམ་པར་སྣང་མཛད་དབུར་བརྒྱན་བསམ༔ ཐུགས་ཀར་ཟླ་སྟེང་མཱཾ་ཡིག་མཐར༔ སྔགས་ཕྲེང་འཁོར་ལས་འོད་ཟེར་འཕྲོས༔ འཕགས་རྣམས་ནུས་བྱིན་བདག་ལ་ཐིམ༔ འཁོར་འདས་ཀུན་ལ་དབང་བསྒྱུར་བསམ༔ ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པ་འོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ རང་འདྲའི་སྤྲུལ་པ་གྲངས་མེད་སྤྲོས༔ གདོན་བགེགས་དགྲ་དང་ཆོམ་རྐུན་སོགས༔ གདུག་པ་ཅན་རྣམས་རྒྱང་རིང་བསྐྲད༔ ཚུར་འདུས་སྲུང་བའི་ལས་མཛད་པའི༔ སྐྱབས་སྦྱིན་ཕྱག་རྒྱ་བརྐྱངས་པའི་འོག༔ རང་གཞན་ཐམས་ཅད་ཚུད་པ་ཡིས༔ བར་ཆད་ཀུན་ལས་དབུགས་དབྱུང་ཞིང༔ མྱ་ངན་མེད་པའི་ཡལ་ག་ལས༔ རྡོ་རྗེའི་འོད་ཟེར་རབ་འཕྲོས་པས༔ སྲུང་བའི་གུར་ཁང་བརྟན་པར་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ སརྦ་ཤཱ་ཏྲཱུན་བིགྷྣཱན་ཙཀྵུ་རྨུ་ཁ་བྷནྡྷ་བྷནྡྷ༔ འབུམ་ཕྲག་བཟླས་པས་འགྲུབ་པར་འགྱུར༔ དེ་ནས་ལས་ལ་སྦྱར་བ་ནི༔ གྲོ་ག་འམ་ནི་ཤོག་བུ་ལ༔ ལཾ་ཨོཾ་གྱི་ཡི་གེའི་ཁོག་པ་རུ༔ དགྲ་བགེགས་གང་ཡིན་མིང་གི་མཐར༔ བནྡྷ་བནྡྷ་ཕཊ་ཅེས་བྲི༔ དེ་ཕྱིར་སྔགས་དང་འདོད་གསོལ་སྦྱར༔ རྫ་ཡི་གྭ་འུ་གྲུ་བཞི་པ༔ སེར་པོའི་ནང་བཅུག་སྐུད་པས་བསྡམ༔ གནོད་བྱེད་བཀུག་ཅིང་མིང་ལ་བསྟིམ༔ རྡོ་རྗེའི་སྒྲོམ་དུ་བཅུག་པའི་ཕྱིར༔ ལྷ་མོའི་སྤྲུལ་པས་བསྲུངས་བར་བསམ༔ བཟླས་པ་སྔགས་ཀྱི་ནུས་པས་བརྟན༔ གནས་ཁང་བྱང་ཤར་མཚམས་སུ་སྦ༔ བར་ཆད་ཐམས་ཅད་བཅིངས་ཤིང་ཞི༔ དམ་ཚིག་ལྷ་མོའི་བྲིས་སྐུ་དང༔ སེང་ལྡེང་རྡོ་རྗེའི་དབྱུག་པའི་ནང༔ སྔགས་བྱང་བཅུག་ལ་རབ་ཏུ་གནས༔ ལྷར་བསྐྱེད་མཆོད་བསྟོད་བཟླས་པས་བསྒྲུབ༔ བརྟན་པར་བཞུགས་གསོལ་གར་འགྲོའི་ཕྱོགས༔ ཁྱེར་བས་བར་ཆད་ཞི་ཞིང་སྲུང༔ ཡང་ན་སྔགས་ཀྱི་མདུད་པ་ལ༔ བཟླས་པས་བཏབ་སྟེ་མགུལ་དུ་འཆང༔ དེས་ཀྱང་ནུས་པ་ཐོབ་པར་འགྱུར༔ བགེགས་དང་དགྲ་རྐུན་གྱི་བར་ཆད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་འོད་ཟེར་ཅན་མ་དཀར་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈ ཕས་རྒོལ་བྱད་ཕུར་རྦོད་གཏོང་སོགས༔ གདུག་ཅིང་གཏུམ་པའི་སྦྱོར་བ་ཡིས༔ རང་གཞན་བཅིངས་པ་ཞི་འདོད་ན༔ གཙུག་ཏོར་གདུགས་དཀར་བསྒྲུབ་པར་བྱ༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་ཨོཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ གཙུག་ཏོར་ཆེན་མོ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་གདུགས་དཀར་སྒྲེང༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་ཞིང་ཁྲོ་མོའི་ཉམས་དང་ལྡན༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་ཉི་ཟླའི་འོད་ཟེར་གྱིས༔ བྱད་ཕུར་རྦོད་གཏོང་འཇིགས་པ་འཕྲོག༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ རྣམ་པར་སྣང་མཛད་དབུར་བརྒྱན་བསམ༔ ཐུགས་ཀར་ཟླ་སྟེང་ཨོཾ་ཡིག་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ བདེ་གཤེགས་ནུས་སྟོབས་བདག་ལ་ཐིམ༔ མི་ཕྱེད་རྡོ་རྗེའི་རང་བཞིན་བསམ༔ ཨོཾ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པ་འོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ ཕོ་ཉ་གཞན་གྱིས་མི་ཐུབ་མ༔ རྡོ་རྗེ་ཕུར་བུ་བསྣམས་པ་འཕྲོས༔ བྱད་ཕུར་རྦོད་གཏོང་ཕྱིར་ཟློག་ཅིང༔ སྲུང་དང་ཞི་བའི་ལས་མཛད་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ ཨ་ན་ལེ་ཨ་ན་ལེ༔ བི་ཥ་དེ་བི་ཥ་དེ༔ བཻ་ར་བཻ་ར༔ བཛྲ་དྷཱ་རི་ཎི༔ བཛྲ་པཱ་ཎི་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ འབུམ་ཕྲག་གཅིག་བཟླས་འགྲུབ་པར་འགྱུར༔ དེ་ནས་ལས་ལ་སྦྱར་བ་ནི༔ བྱད་གདོན་འགྲོལ་བའི་ཆོ་ག་སྟེ༔ གཙང་མའི་བུམ་པར་སྤོས་ཆུ་དང༔ གུར་གུམ་གི་ཝཾ་ཙནྡན་དཀར༔ ཡུངས་དཀར་ཤུ་དག་སྦྱར་བ་བླུགས༔ ཆས་སུ་བཅུག་སྟེ་མདུན་བཤམས་ལ༔ མཆོད་དང་གཏོར་མའི་ཚོགས་ཀྱང་བསྟར༔ བུམ་པར་ལྷ་བསྐྱེད་མཆོད་བསྟོད་དང༔ བཟླས་པ་སྔགས་ཀྱིས་ནུས་ལྡན་བསྒྲུབས༔ མཐར་ནི་གཏོར་འབུལ་འདོད་དོན་གསོལ༔ འོད་ཞུ་ནུས་ལྡན་བདུད་རྩིར་མོས༔ བསྒྲུབ་བྱ་ཚོན་སྐུད་སྣ་ལྔས་བཅིངས༔ རང་གི་ཐུགས་ནས་ཕོ་ཉ་སྤྲོས༔ བྱད་ཕུར་རྦོད་གཏོང་ཐམས་ཅད་ཀུན༔ ཚོན་སྐུད་ལ་བཀུག་དབྱེར་མེད་བསྟིམ༔ ཡེ་ཤེས་རལ་གྲི་མེ་འབར་བས༔ ལྷག་མེད་དུམ་བུར་བཅད་པར་བསམ༔ ཧཱུྃ༔ ཡེ་ཤེས་རལ་གྲི་མེ་འབར་བ༔ ཕྱིར་ཟློག་ཆེན་མོའི་རིག་སྔགས་དང༔ སངས་རྒྱས་ཀུན་གྱི་ནུས་སྟོབས་རྫོགས༔ ཕྲིན་ལས་རྩལ་ཤུགས་འཆང་བ་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་གསུམ་སྲུང་མའི་བྱིན་རླབས་སྟོབས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུས༔ ཕས་རྒོལ་རིག་སྔགས་བྱད་སྟེམས་དང༔ རྫས་དང་འཕྲུལ་འཁོར་དམོད་པའི་དབལ༔ ལྷ་ཀླུ་གནོད་སྦྱིན་ཤ་ཟའི་གདོན༔ སྡེ་བརྒྱད་གདུག་པའི་ཚོགས་རྣམས་ཀྱིས༔ ལྷ་ཡི་ཕྱག་རྒྱས་ལུས་བཅིངས་པའི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ སྔགས་ཀྱི་ནུས་པས་ངག་བཅིངས་པའི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ ཏིང་འཛིན་སྦྱོར་བས་ཡིད་བཅིངས་པའི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ དམོད་པས་བྱ་བ་བཅིངས་པ་ཡི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ རྫས་ཀྱིས་བྱེད་པ་བཅིངས་པ་ཡི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ ཞེས་དང་སྒྲུབ་པའི་སྔགས་ཀྱི་མཐར༔ སརྦ་བནྡྷ་ཀ་ཀོ་དྷ་བྷིནྡྷ་བྷིནྡྷ་ཙྪིནྡ་ཙྪིནྡ་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བརྗོད་བྱད་ཐག་དུམ་བུར་བཅད༔ འབར་བའི་དབུས་སུ་གདུགས་དཀར་མོ༔ རྔམས་བརྗིད་ཁྲོས་པའི་ཚུལ་དུ་གསལ༔ སྤོས་དང་འབྲུ་སྣ་ཡུངས་དཀར་ནག༔ བྱད་ཐག་དུམ་བུ་སྦྱར་ཏེ་བསྲེག༔ ཧཱུྃ༔ འབར་བ་མེ་ཡི་དཀྱིལ་འཁོར་དུ༔ རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་ཆེ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས༔ བྱིན་བརླབས་དབང་བསྐུར་ནུས་སྟོབས་རྫོགས༔ ཕས་རྒོལ་རིག་སྔགས་ཚར་གཅོད་པའི༔ ཐུགས་རྗེ་ཐུགས་དམ་དུས་ལ་བབས༔ ཡེ་ཤེས་རྔམས་པའི་མཐུ་རྩལ་སྐྱེད༔ བྱད་མ་རྦོད་གཏོང་འབྱུང་པོ་ཡིས༔ བསྒྲུབ་བྱའི་སྒོ་གསུམ་བྱ་བྱེད་ལ༔ བཅིངས་པ་རྣམ་ལྔའི་འཆིང་བ་ཀུན༔ རྗེས་ཤུལ་ལྷག་མ་མེད་པར་བཞེས༔ རྡོ་རྗེ་ཡེ་ཤེས་མེ་ཡིས་སྲེགས༔ སྟོབས་རྩལ་ཕྲིན་ལས་ཡོངས་རྫོགས་མཛོད༔ ཅེས་དང་སྒྲུབ་པའི་སྔགས་ཀྱི་མཐར༔ སརྦ་བནྡྷ་ཀ་ཀོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ན་ཧ་ན་ད་ཧ་ད་ཧ་ཛྭ་ལ་རཾ་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བྱད་སྟེམས་སྦྱོར་བ་ཐམས་ཅད་ཀུན༔ རྗེས་ཤུལ་ལྷག་མེད་བསྲེགས་པར་བསམ༔ མེ་ལྷ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་འབར་བའི་འོད་ཟེར་གྱིས༔ བྱད་ཕུར་རྦོད་གཏོང་ལ་སོགས་པའི༔ བག་ཆགས་ཀུན་ཀྱང་སྦྱངས་པར་མོས༔ བསྒྲུབ་བྱས་མེ་ལ་ལན་བདུན་འགོམ༔ དེ་ནས་བུམ་པའི་ཆུ་ཡིས་བཀྲུ༔ དག་བྱེད་ཀུ་ཤའི་རྫས་ཀྱིས་བྱབ༔ དྲི་ཡི་ཆུ་དང་གཏོར་མར་བཅས༔ བགེགས་ལ་བསྔོས་ཤིང་རྒྱང་རིང་བསྐྲད༔ རྡོ་རྗེ་སྲུང་བའི་གོ་ཆ་བགོ༔ བདེན་པའི་སྟོབས་དང་བཀྲ་ཤིས་བརྗོད༔ དེ་ལྟར་རྫས་སྔགས་ཏིང་འཛིན་མཐུས༔ ཟླ་བ་གཟའ་ལས་གྲོལ་བ་བཞིན༔ རང་གཞན་བྱད་ཕུར་འཆིང་བ་ཞི༔ རྣམ་པ་ཀུན་ཏུ་བདེ་ལེགས་འཐོབ༔ གཞན་ཡང་བུམ་ཆུ་འཐོར་འཐུང་དང༔ རིལ་བུར་བགྱིས་ཏེ་གཏང་བ་དང༔ དྲི་རྫས་ལ་བཏབ་བདུག་པས་ཀྱང༔ བྱད་ཁྲོལ་གདོན་བྱེར་རྦོད་གཏོང་ཟློག༔ ནད་དང་གནོད་པ་ཀུན་ཞི་འགྱུར༔ བྱད་ཕུར་རྦོད་གཏོང་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་གཙུག་ཏོར་གདུགས་དཀར་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈ ལས་དང་རྐྱེན་ལས་གྱུར་པ་ཡི༔ སེམས་ཀྱི་རྣམ་པར་གཡེང་བ་དང༔ སྡུག་བསྔལ་ཐམས་ཅད་ཞི་འདོད་ན༔ ཤེར་ཕྱིན་དཀར་མོ་བསྒྲུབ་པར་བྱ༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་པྲཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ ཤེས་རབ་ཕ་རོལ་ཕྱིན་མ་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ ཨུཏྤལ་ཤེར་ཕྱིན་གླེགས་བམ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་ཤིན་ཏུ་སྒེག་པའི་ཉམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱི་ནང་སྡུག་བསྔལ་ཀུན་སེལ་བའི༔ ཡེ་ཤེས་འོད་ཟེར་རབ་ཏུ་འབར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ རྡོ་རྗེ་སེམས་དཔས་དབུར་བརྒྱན་བསམ༔ ཐུགས་ཀར་ཟླ་སྟེང་པྲཾ་དཀར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི༔ ཡེ་ཤེས་བདག་ལ་ཐིམ་པར་བསམ༔ ཨོཾ་པྲཾ་པྲ་ཛྙཱ་པཱ་ར་མི་ཏཱ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པའོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ ཡེ་ཤེས་འོད་ཟེར་རབ་ཏུ་འབར༔ རང་གཞན་ཀུན་གྱི་སྙིང་ལ་ཐིམ༔ རྨོངས་དང་མ་རིག་ལས་བྱུང་བའི༔ སེམས་ཀྱི་རྣམ་པར་གཡེང་བ་དང༔ སྡུག་བསྔལ་ཡིད་མི་བདེ་བ་ཀུན༔ སྐད་ཅིག་ཉིད་ལ་ཡོངས་སུ་ཞི༔ ལུས་སེམས་ཟག་མེད་བདེ་བས་ཁྱབ༔ གཟུངས་དང་བློ་གྲོས་མཐུ་ཐོབ་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི༔ སརྦ་དུཿཁ་ཤཱནྟིཾ་ཀུ་རུ་ཀུ་རུ༔ འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ དེ་ནས་ལས་ལ་སྦྱར་བ་ནི༔ ཤུ་དག་དཀར་པོ་ཨ་ག་རུ༔ གུར་གུམ་གི་ཝཾ་ན་ལེ་ཤཾ༔ ཛཱ་ཏི་གོ་སྙོད་དབང་པོ་ལག༔ བྷྲྀངྒི་རཱ་ཛ་རྟག་ཏུ་ངུ༔ འབྲས་གསུམ་སྙིང་ཞོ་ཀརྦྷེ་ཏ༔་་་ལུག་མུར། བུར་སྦྲང་ཀ་ར་བཅས་པ་རྣམས༔ མར་དུ་སྦྱར་ལ་སྔགས་བཏབ་བརྟེན༔ སྡུག་བསྔལ་ཡིད་མི་བདེ་བ་ཞི༔ མདངས་སྟོབས་བློ་གྲོས་མཆོག་ཏུ་འགྱུར༔ གཞན་ཡང་ཐོ་རངས་སྐར་ཆུ་འམ༔ འབྲུ་ཡི་ཆང་ངམ་འོ་མ་ལ༔་་་བ་དམར་མོའི། རིག་སྔགས་ནུས་པ་བསྟིམས་ལ་འཐུང༔ འོ་མར་ལ་བཏབ་སྙིང་གར་བྱུགས༔ དེས་ཀྱང་ཡིད་བདེ་སྡུག་བསྔལ་ཞི༔ སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈ འབྱུང་བཞི་འཁྲུགས་དང་ཤ་ཟ་ཁྲོས༔ འཐབ་རྩོད་དུག་མཚོན་གཅན་གཟན་སོགས༔ འཇིགས་པ་ཐམས་ཅད་ཞི་འདོད་ན༔ སྒྲོལ་མ་དཀར་མོ་བསྒྲུབ་པར་བྱ༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་ཏཱཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤལ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་ཞིང་འཛུམ་ལ་སྒེག་པའི་ཉམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱི་ནང་འཇིགས་པ་ཀུན་སེལ་བའི༔ ཐུགས་རྗེའི་འོད་ཟེར་རབ་ཏུ་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ འོད་དཔག་མེད་པས་དབུར་བརྒྱན་བསམ༔ ཐུགས་ཀར་ཟླ་སྟེང་ཏཱཾ་དཀར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེའི་བྱིན་རླབས་བདག་ལ་ཐིམ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པ་འོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་སྣང་བ་རབ་འཕྲོས་པས༔ རང་དང་བསྲུང་བྱའི་ཕྱི་རོལ་དུ༔ ཟླ་བའི་མདོག་ཅན་འཁོར་ལོའི་གུར༔ སྲ་བརྟན་གོ་སྐབས་མེད་པ་ལ༔ འོད་ཟེར་དྲུག་གི་སྣང་བས་བསྐོར༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཞིང༔ སྲུང་བ་ཆེན་པོའི་ལས་མཛད་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ སརྦ་དུཥྚཱན་བྷ་ཡ་ཤཱནྟིཾ་ཀུ་རུ་རཀྵ་རཀྵ་མཱཾ༔ འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ གཞན་ཡང་གཟུངས་ཀྱི་རིམ་པ་ནི༔ མ་མ་ཀྲྀ་ཏེ་སརྦ་དུཥྚཱན་པྲ་དུཥྚཱན༔ ཛམྦྷ་ཡ༔ སཏྭཾ་བྷ་ཡ༔ མོ་ཧཱ་ཡ༔ བྷནྡྷ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ སརྦ་དུཥྚཱན་སཏྭཾ་བྷ་ནི་ཏཱ་རེ༔ ཞེས་པ་སྭཱ་ཧཱའི་གོང་སྤེལ་བཟླས༔ དེ་ནས་ལས་ལ་སྦྱར་བ་ནི༔ གནས་རྟེན་བྱིན་ཅན་ས་སྣ་དང༔ རིན་ཆེན་འབྲུ་སྨན་ཕྱེ་མ་ནི༔ ཚུལ་བཞིན་བསྒྲུབས་པའི་བུམ་ཆུས་བརྫིས༔ ཆོ་ག་བཞིན་དུ་སཱཙྪ་གདབ༔ སྔགས་མཐར་ཇི་ལྟར་འདོད་པ་ཡི༔ སྲུང་དང་ཞི་བའི་སྤེལ་ཚིག་ཅན༔ རིང་བསྲེལ་གཞན་དང་བཅས་པ་གཞུག༔ རབ་ཏུ་གནས་ཤིང་སྟེགས་བུའི་དབུས༔ མཆོད་པའི་ཚོགས་ཀྱིས་བསྐོར་ལ་བཤམ༔ ལྷར་བསྐྱེད་བཟླས་སོགས་ནན་ཏན་བྱ༔ མཐར་ནི་བརྟན་བཞུགས་ཤིས་པ་བརྗོད༔ རང་གཞན་གནས་པའི་མལ་སྟེང་དང༔ མགུལ་དུ་འཆང་བས་འཇིགས་པ་ཞི༔ སྲུང་དང་བཀྲ་ཤིས་བདེ་ལེགས་འགྱུར༔ མཁར་གྱི་རྩེ་འམ་སྒོ་ཡི་གོང༔ དཔལ་ཅན་དབུས་ཀྱི་རི་ལ་སྦས༔ ཡུལ་ཁམས་ཀུན་ཏུ་ཕན་པ་སྟེར༔ ཡང་ན་རྡོ་རྗེའི་སྔགས་མདུད་ལ༔ བཟླས་ཏེ་མགུལ་ལམ་དཔུང་པར་འཆང༔ དྲི་ཡི་རྫས་དང་སྦྱར་ཏེ་བདུག༔ དེས་ཀྱང་འཇིགས་པ་ཀུན་ཞི་འགྱུར༔ འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་སྒྲོལ་མ་དཀར་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈ ཆོས་སྤྱོད་བསླབ་ལྡན་འཚོ་བ་ནི༔ རྣམ་པ་ཀུན་ཏུ་དོན་ཡོད་ཕྱིར༔ དུས་མིན་འཆི་བ་ཞི་འདོད་ན༔ རྨ་བྱ་ཆེན་མོ་བསྒྲུབ་པར་བགྱི༔ ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་མཱཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ རིག་པ་རྨ་བྱ་ཆེན་མོ་དཀར༔ ཕྱག་གཡས་རྨ་བྱའི་མཇུག་སྒྲོ་བསྣམས༔ དུས་མིན་འཆི་བ་སེལ་བར་མཛད༔ གཡོན་པས་བདུད་རྩིའི་བུམ་བཟང་གིས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞི་འཛུམ་སྒེག་ཉམས་རབ་ཏུ་རྒྱས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འོད་ཟེར་འཆི་མེད་སྣང་བ་ཆེས༔ བདུད་དང་གཤིན་རྗེའི་མུན་པ་འཇོམས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ ཚེ་དཔག་མེད་པས་དབུ་བརྒྱན་བསམ༔ ཐུགས་ཀར་ཟླ་སྟེང་མཱཾ་དཀར་པོ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་སྲིད་དང་ཞི་བ་ཡི༔ དྭངས་བཅུད་བདག་ལ་ཐིམ་པར་བསམ༔ ཨོཾ་མ་ཧཱ་མཱ་ཡཱུ་རཻྱ་མཱཾ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླས་བསྙེན་པ་འོ༔ སླར་ཡང་སྒྲུབ་པའི་རིམ་པ་ནི༔ ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་ཕོ་ཉའི་ཚོགས་བཅས་འཕྲོས༔ རང་གཞན་བླ་ཚེ་ཆད་ཉམས་དང༔ སྣོད་ཀྱི་འཇིག་རྟེན་འབྱུང་བཞིའི་དཔལ༔ བཅུད་ཀྱི་འགྲོ་བའི་ཚེ་བསོད་སྟོབས༔ རྒྱལ་བ་སྲས་བཅས་ཡེ་ཤེས་དབྱིག༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ རིགས་བདག་ཕྱག་གི་བུམ་པར་ཞུགས༔ དེ་ལས་ཁོལ་ཞིང་ལུད་པའི་རྒྱུན༔ རང་གི་སྤྱི་བོའི་སྒོ་ནས་ཞུགས༔ ལུས་གང་དུས་མིན་འཆི་བ་ཞི༔ ཚེ་དང་བསོད་ནམས་ཡེ་ཤེས་སྤེལ༔ དྭངས་བཅུད་ཐུགས་སྲོག་མཱཾ་ལ་འདུས༔ འཆི་མེད་རིག་འཛིན་གྲུབ་པར་བསམ༔ སྭཱ་ཧཱའི་གོང་དུ་སྔགས་འདི་སྤེལ༔ ཨ་མཱ་ར་ཎི་ཛཱི་བནྟི་ཡེ༔ འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར༔ མཚན་བརྒྱ་བརྒྱད་པའི་གཟུངས་ཀྱང་བཟླ༔ དེ་ནས་ལས་ལ་སྦྱར་བ་ནི༔ མདུན་དུ་སྟེགས་བུ་མཚན་རྫོགས་དབུས༔ བཀྲ་ཤིས་རང་བྱུང་ཀ་པཱ་ལར༔ འབྲས་གསུམ་རྟག་ངུ་དབང་པོ་ལག༔ རྩ་བ་ལྔ་དང་ཚེ་གསོས་བཞི༔་་་ཤུག་འབྲུ་བ་ལུ་མཁན་དཀར་མཚེ་འོ། །བཟང་དྲུག་གི་ཝཾ་དཱུརྦའི་རྩ༔ ཅོང་ཞི་བྲག་ཞུན་རྒྱམ་ཚ་བཟང༔ ཤུ་དག་ཤིང་མངར་ཙི་ཏྲ་ཀ༔ ཀ་ར་བུ་རམ་སྦྲང་རྩིར་བཅས༔ འབྲུ་སྣའི་ཕྱེ་མ་དང་སྦྱར་ལ༔ རིལ་བུར་དྲིལ་བས་ཡོངས་སུ་གཏམས༔ དར་དམར་ཁ་བཅད་དེ་ཡི་སྟེང༔ སྙིང་པོ་ལྔ་ཡི་འབྲང་རྒྱས་དང༔ གཡས་གཡོན་ཚེ་ཡི་བཟའ་བཏུང་བཤམ༔ མཆོད་གཏོར་བག་དྲོ་བརྗིད་ལྡན་བྱ༔ བདག་དང་མདུན་རྟེན་ལྷར་གསལ་བསྒྲུབ༔ ཐུན་མཐར་གཏོར་འབུལ་ཐུགས་དམ་བསྐུལ༔ ཨོཾ༔ མི་འགྱུར་རྟག་པའི་ཡེ་ཤེས་ལས༔ ཕྱག་རྒྱའི་གཟུགས་སུ་རང་ཤར་བ༔ འཆི་མེད་མཆོག་སྩོལ་རྨ་བྱ་ཆེ༔ རིག་པའི་རྒྱལ་མོ་དབྱིངས་ནས་བཞེངས༔ ཐུགས་རྗེ་བསྐུལ་ལོ་མཐུ་རྩལ་སྐྱེད༔ འོད་ཟེར་ཕོ་ཉའི་ཆོ་འཕྲུལ་གྱིས༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་བཀང༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོའི༔ བླ་ཚེ་ཡར་པ་རང་སོར་ཚུད༔ སྲོག་ཚེ་ཉམས་པའི་རྫིང་བུ་གསོས༔ སྲིད་ཞིའི་ཚེ་བཅུད་དབང་མེད་སྡུས༔ བདག་དང་སྒྲུབ་པའི་རྫས་ལ་སྟིམས༔ དུས་མིན་འཆི་བའི་བར་ཆད་སོལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཅེས་གསོལ་སྔགས་བརྗོད་མདའ་དར་གཡབ༔ དྭངས་བཅུད་མི་ཤིགས་ཐིག་ལེར་སྦ༔ ཨ༔ འཁོར་འདས་དྭངས་བཅུད་རྡོ་རྗེའི་ཚེ༔ མི་འགྱུར་སྲོག་གི་ཐིག་ལེར་ཐིམ༔ སྟོང་གསལ་རང་བྱུང་གཉུག་མའི་ངང༔ འཕོ་མེད་རྟག་པའི་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་གརྦྷ་ཨ་ཨ༔ རྟགས་མཐོང་མདུན་བསྐྱེད་རང་ལ་བསྟིམ༔ བསྒྲུབས་པའི་རྫས་ལས་དངོས་གྲུབ་བླང༔ བཅུད་ལེན་རིལ་བུ་ཡུན་བརྟེན་པས༔ དུས་མིན་འཆི་བ་ཀུན་ཞི་ཞིང༔ ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར༔ གཞན་ཡང་འཆི་བ་བསླུ་བའི་ཕྱིར༔ ཚེ་བདུད་ཡི་དྭགས་འབྱུང་པོ་ལ༔ གླུད་གཏོར་བྱིན་བརླབས་འདོད་རྒུར་བསྔོ༔ ཧཱུྃ༔ ང་ནི་རིག་པའི་རྒྱལ་མོ་སྟེ༔ འཁོར་འདས་ཐམས་ཅད་བསྐྱེད་ཅིང་སྤྲུལ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན༔ ཚེ་ལ་རྐུ་བའི་འབྱུང་པོ་དང༔ སྲོག་ལ་རྔམས་པའི་འཆི་བདག་བདུད༔ བླ་ལ་གདུང་བའི་ཕྱོགས་བཅུའི་གདོན༔ དཔལ་ལ་ཆགས་པའི་ཡི་དྭགས་དང༔ མ་མོ་ཐེའུ་བྲང་ལ་སོགས་པ༔ དུས་མིན་འཆི་བྱེད་བར་ཆད་ཀུན༔ མི་བས་དགའ་བའི་གླུད་གཏོར་ཁྱེར༔ ནོར་ལས་ལྷག་པའི་འདོད་ཡོན་ལོངས༔ ལན་ཆགས་བུ་ལོན་བྱང་བར་གྱིས༔ དགའ་ཞིང་བྱམས་པའི་སེམས་སྐྱེད་ལ༔ ཕྱིན་ཆད་འཁོར་འདིར་གནོད་མ་བྱེད༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ ཅེས་པའི་སྨྲང་གིས་བཀྲོལ་ཏེ་བསྔོ༔ མཐར་ནི་བསྐྲད་ཅིང་སྲུང་མཚམས་གཅད༔ འདིས་ཀྱང་འཕྲལ་རྐྱེན་འཆི་བ་ཞི༔ འོ་མ་ཅན་གྱི་བུད་ཤིང་ལ༔ མེ་སྦར་རིག་པའི་རྒྱལ་མོ་གསལ༔ མར་དང་ཡམ་ཤིང་ཏིལ་དཀར་པོ༔ སྔགས་འདིས་བརྒྱ་རྩ་བརྒྱད་སོགས་དབུལ༔ ཨོཾ་ཨགྣེ་དེ་བ་མ་ཧཱ་མཱ་ཡཱུ་རི་སརྦ་མྲྀ་ཏཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་ཡི་བར་ཆད་ཐམས་ཅད་ཞི༔ བུམ་པར་རིག་པའི་རྒྱལ་མོ་བསྐྱེད༔ སྔགས་བཟླས་འོད་ཞུ་བདུད་རྩིའི་ཆུས༔ བཀྲུ་དང་བྱབ་པས་བར་ཆད་བསལ༔ ཁྲུས་ཆུ་གླུད་གཏོར་དང་བཅས་པ༔ བགེགས་ལ་བསྔོ་ཞིང་བསྲུང་བར་བྱ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཚེ་དང་སྲོག་གི་བར་ཆད་ཞི༔ དཔལ་དང་བདེ་ལེགས་འཐོབ་པར་འགྱུར༔ དུས་མ་ཡིན་པའི་འཆི་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་རིག་པ་རྨ་བྱ་ཆེན་མོའི་མན་ངག་གི་རིམ་པར་ཕྱེ་བ་སྟེ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈ དེ་རྣམས་ཀུན་གྱི་ཐུན་མོང་དུ༔ ལས་ཀྱི་སྦྱོར་བ་སྣ་ཚོགས་ནི༔ འཁོར་ལོས་སྲུང་དང་ཁྲུས་ཀྱིས་ཞི༔ མྱུར་བ་མེ་དང་སྟོབས་ལྡན་རླུང༔ བརྟན་པ་སཱཙྪས་བསྒྲུབ་པར་བྱ༔ དེ་ལ་ཙཀྲ་འབྲི་བ་ནི༔ དར་རམ་རས་སམ་གྲོ་ཤོག་ལ༔ མུ་ཁྱུད་ལྔ་ལྡན་ལྟེ་བ་རུ༔ ལྷ་མོ་སོ་སོའི་ས་བོན་གྱི༔ ཁོག་པར་བསྲུང་བྱའི་མིང་གི་མཐར༔ གང་འདོད་སྲུང་བའི་སྤེལ་ཚིག་སྦྱར༔ དེ་ཡི་གོང་རས་མུ་ཁྱུད་ལ༔ བསྙེན་སྔགས་སྤེལ་ཚིག་བཅས་པ་སྟེ༔ དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ༔ ཀཱ་ཡ་རཀྵཱ་ཧཾ༔ ཝཱ་ཀ་རཀྵཱ་ཧཾ༔ ཙིཏྟ་རཀྵཱ་ཧཾ༔ ཛྙཱ་ན་རཀྵཱ་ཧཾ༔ གུ་ཎ་རཀྵཱ་ཧཾ༔ ཀརྨ་རཀྵཱ་ཧཾ༔ བ་རི་རཀྵཱ་ཧཾ༔ སུ་པྲ་རཀྵཱ་ཧཱཾ༔ རྩིབས་མཆན་ཧཱུྃ་ཡིག་རེ་རེ་བྲི༔ དེ་རྒྱབ་སྒྲུབ་པའི་སྔགས་དང་ནི༔ དབྱངས་གསལ་རྟེན་སྙིང་སྤེལ་ཚིག་སྦྱར༔ དེ་ཕྱིར་རྡོར་ར་མེ་རི་འབྲི༔ རང་རང་རྫས་ཀྱི་ཁྱད་པར་དང༔ སྤྱི་ལ་འབྲས་གསུམ་བཟང་པོ་དྲུག༔ གུ་གུལ་ཡུངས་དཀར་གི་འུ་ཝཾ༔ ག་པུར་གླ་རྩི་ཤུ་དག་ཤིང་ཚ་འོ།་་་དྲི་བཞི་རྒྱ་སྤོས་སྤང་གི་སྤོས༔ གནས་རྟེན་བྱིན་རླབས་མ་ཉམས་པའི༔ ས་ཆུ་ཤིང་སྣས་ལེགས་པར་བྱུགས༔ ལྷ་མོ་རང་རང་སྐུར་བསྐྱེད་ལ༔ བཟླས་དང་ཞལ་བསྒྱུར་བརྟན་པར་བཞུགས༔ སྐུད་པས་དཀྲི་ཞིང་ཚས་ཀྱིས་དྲིལ༔ མགུལ་དུ་དྲོད་དང་མ་བྲལ་འཆང༔ གང་འདོད་སྲུང་བའི་ལས་བྱེད་འགྱུར༔ ༈ ཁྲུས་ཀྱིས་ཞི་བའི་ཆོ་ག་ནི༔ བུམ་པ་བཅུད་ལྡན་ཆས་སུ་གཞུག༔ རང་རང་རྫས་ཀྱི་བྱེ་བྲག་དང༔ སྤྱི་ལ་ཉེར་ལྔའི་རྫས་ཀྱང་བཏབ༔ སྟེགས་བུའི་དབུས་བཞུགས་མཆོད་གཏོར་བཤམ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ ཨོཾ་སྭ་བྷཱ་ཝ་སརྦ་དྷརྨ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ ཡངས་ཤིང་རྒྱ་ཆེ་མཚན་ཉིད་རྫོགས༔ ལྷ་ཡི་ཆུ་བོ་དལ་འགྲོ་དང༔ རྫས་ཀྱི་བཅུད་ལྡན་བདུད་རྩིར་འཁྱིལ༔ ཁ་རྒྱན་མགུལ་ཆིངས་གོས་གྱིས་བརྒྱན༔ དེ་དབུས་པད་ཟླའི་གདན་གྱི་སྟེང༔ ས་བོན་ཡོངས་གྱུར་སྐད་ཅིག་གིས༔ རིག་པའི་ལྷ་མོ་སོ་སོར་སྐྱེད༔ བྱིན་བརླབ་སྤྱན་འདྲེན་ལ་སོགས་པའི༔ ལས་ཀྱི་རིམ་པ་ཚུལ་བཞིན་བྱ༔ བདག་གི་ཐུགས་སྲོག་སྔགས་ཕྲེང་ལས༔ རང་འདྲ་གཉིས་པ་བར་མེད་འཕྲོས༔ བུམ་ལྷའི་ཐུགས་སྲོག་སྔགས་བཅས་ལ༔ ཕོག་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འོད་ཟེར་དཔག་ཡས་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་སྲས་བཅས་དང༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན༔ སྤྱན་དྲངས་ས་བོན་སྔགས་ཕྲེང་ལ༔ ཐིམ་པས་བདུད་རྩིའི་ཆུ་རྒྱུན་བབས༔ བུམ་པ་ཡོངས་སུ་གང་བ་ཡིས༔ རིག་སྔགས་ནུས་པའི་བཅུད་དུ་བསམ༔ བསྙེན་སྒྲུབ་སྔགས་རྣམས་མང་དུ་བཟླ༔ མཐར་ནི་མཆོད་བསྟོད་ནོངས་པ་བཤགས༔ ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ༔ བུམ་ལྷ་འོད་ཞུ་བདུད་རྩིར་འཁྱིལ༔ ནུས་པ་མཆོག་དང་ལྡན་པར་བསམ༔ རང་གཞན་བཀྲུ་ཞིང་འཐོར་འཐུང་བྱ༔ གང་འདོད་ཞི་བའི་ལས་ཀུན་འགྲུབ༔ ཆོ་ག་རྒྱས་པར་བྱ་འདོད་ན༔ བསྒྲུབ་བྱ་མདུན་དུ་འཁོད་པ་ལ༔ བགེགས་ལ་གཏོར་མ་སྦྱིན་ཞིང་བསྐྲད༔ དེ་ནས་བཀྲུ་བའི་རིམ་པ་ནི༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཕྱི་ནི་རྒྱན་ལྡན་མཚན་ཉིད་རྫོགས༔ ནང་བཅུད་ལྷ་སྔགས་དབྱེར་མེད་པའི༔ ཡེ་ཤེས་བདུད་རྩིས་ཡོངས་གང་བས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིས་པས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་པའི་དྲི་མ་ཀུན་དག་ནས༔ སྒོ་གསུམ་མི་མཐུན་འགལ་རྐྱེན་གྱི༔ སྡུག་བསྔལ་རྒྱུ་འབྲས་ཞི་བར་ཤོག༔ སོ་སོའི་བསྙེན་སྒྲུབ་སྔགས་ཤམ་དུ༔ ཞི་བར་བྱ་བའི་མིང་གི་མཐར༔ ཤཱནྟིཾ་ཀུ་རུ་སྭཱ་ཧཱ་སྦྱར༔ དེ་ནས་བྱབ་པས་བསལ་བ་ནི༔ ཧོ༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་དང༔ རིག་པའི་རྒྱལ་མོའི་བྱིན་རླབས་ཀྱིས༔ སྐལ་ལྡན་སློབ་མའི་སྒོ་གསུམ་གྱི༔ མི་མཐུན་ཕྱོགས་ཀུན་བྱང་གྱུར་ཅིག༔ གོང་ལྟར་སྔགས་ཀྱི་ཤམ་བུ་རུ༔ ཨ་པ་ན་ཡེ་སྭཱ་ཧཱ་སྦྱར༔ དེ་ནས་མཚམས་གཅད་བསྲུང་བའི་ཕྱིར༔ ཁྲུས་ཆུ་ཕྱི་རོལ་བསྐྱལ་བ་དང༔ བདེན་པའི་སྟོབས་བརྗོད་དྲག་སྔགས་བཅས༔ བར་ཆད་ཐམས་ཅད་རྒྱང་རིང་བསྐྲད༔ རྡོ་རྗེ་རྒྱ་གྲམ་ཚུལ་དུ་རེག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་དམ་ཚིག་མཆོག༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ ལུས་ངག་ཡིད་ལ་རྒྱས་བཏབ་པས༔ མི་མཐུན་ཚོགས་ཀུན་སྲུང་གྱུར་ཅིག༔ གོང་ལྟར་སྔགས་ཀྱི་ཤམ་བུ་རུ༔ རཀྵ་རཀྵ་སྭཱ་ཧཱ་སྦྱར༔ ལུས་ལ་རྡོ་རྗེའི་གོ་ཆས་གཡོགས༔ སྒོ་གསུམ་རྡོ་རྗེར་བྱིན་བརླབས་པས༔ མི་མཐུན་གནོད་པའི་བགེགས་ཚོགས་ཀྱིས༔ ནམ་ཡང་འཚེ་བའི་སྐབས་མེད་བསམ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ དེས་ནི་ནད་རིམས་གདོན་བགེགས་དང༔ དུས་མིན་འཆི་སོགས་ཀུན་ཞི་ཞིང༔ དཔལ་དང་བདེ་ལེགས་འཕེལ་བར་འགྱུར༔ ༈ ལས་མྱུར་མེ་ཡི་ཆོ་ག་ནི༔ ཤིས་པའི་ས་ལ་སྟེགས་བུ་བྱ༔ ལས་མཐུན་ཐབ་དང་བུད་ཤིང་བརྩིག༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ མེ་སྦར་མེ་དཔུང་དཀར་གསལ་དབུས༔ ལྷ་བསྐྱེད་སྤྱན་དྲང་མཆོད་བསྟོད་སོགས༔ ཕྲིན་ལས་གཞུང་བསྲང་ཚུལ་བཞིན་བྱ༔ འོ་མ་ཅན་གྱི་ཡམ་ཤིང་དང༔ མར་དཀར་ཞུན་དང་ཏིལ་དཀར་བཅས༔ སོ་སོའི་བསྙེན་སྒྲུབ་སྔགས་ཀྱི་མཐར༔ འདོད་གསོལ་སྦྱར་ལ་ཅི་ནུས་དབུལ༔ མཉེས་ཚིམས་འབར་བའི་འོད་ཟེར་གྱིས༔ མི་མཐུན་ཕྱོགས་ཀུན་ཞི་བར་བསམ༔ གཏང་རག་དབུལ་ཞིང་ནོངས་པ་བཤགས༔ ཡེ་ཤེས་གཤེགས་གསོལ་དམ་ཚིག་པ༔ འབར་བའི་རྣམ་པར་བལྟས་བྱས་ལ༔ ཐལ་བ་ཆུ་ཀླུང་ཆེན་པོར་དོར༔ མྱུར་དུ་ཞི་བའི་ལས་འགྲུབ་འགྱུར༔ ༈ སྟོབས་ལྡན་རླུང་གི་ཆོ་ག་ནི༔ བསྙེན་སྒྲུབ་སྤེལ་ཚིག་དང་བཅས་པའི༔ ཙཀྲ་བྲིས་ལ་རྫས་ཀྱིས་བྱུགས༔ རབ་གནས་མཐུན་པའི་རླུང་ལ་བསྐོར༔ རང་ཡང་བསྙེན་ཅིང་སྒྲུབ་ལ་བརྩོན༔ ལས་རྣམས་སྟོབས་ལྡན་ཤུགས་དྲག་འགྱུར༔ ༈ བརྟན་པ་སཱཙྪའི་ཆོ་ག་ནི༔ ཤིས་པའི་ས་སྤྱིན་བཟང་པོ་ལ༔ གནས་རྟེན་བྱིན་ཅན་ས་ཆུ་དང༔ རིན་ཆེན་འབྲུ་སྨན་བསྲེས་བྱས་ལ༔ སཱཙྪ་ཚུལ་བཞིན་བཏབ་པའི་ནང༔ སོ་སོའི་འཁོར་ལོ་གཞུག་པ་འམ༔ སྔགས་བྱང་སྤེལ་ཚིག་བཅས་པ་དང༔ རིང་བསྲེལ་གཞན་ཡང་གཞུག་བྱས་ལ༔ རིན་ཆེན་དཀར་པོའི་ན་བཟའ་གསོལ༔ རྫ་ཡི་བུམ་པ་བཟང་པོའི་ནང༔ འབྲུ་སྨན་རིན་ཆེན་སྣ་ཚོགས་བཅས༔ བརྟན་པར་བཅུག་ལ་ཕྱག་རྒྱས་གདབ༔ དེ་ཉིད་མཎྜལ་དབུས་སུ་བཤམ༔ མཆོད་གཏོར་བཟང་པོ་ཚོགས་པར་བྱ༔ བདག་གི་རྣལ་འབྱོར་སྔོན་འགྲོ་བས༔ སཱཙྪ་རིག་པའི་ལྷ་མོར་སྐྱེད༔ ཕྲིན་ལས་གཞུང་བཞིན་བསྲངས་ནས་ཀྱང༔ སྒྲུབ་པའི་དམིགས་བཟླས་ནན་ཏན་བསྐྱར༔ མཐར་ནི་མཆོད་བསྟོད་གཏོར་མ་འབུལ༔ ནོངས་བཤགས་བརྟན་བཞུགས་ཤིས་པ་བརྗོད༔ མཁར་གྱི་རྩེ་ལ་སོགས་པར་སྦས༔ ཞི་བའི་ཕྲིན་ལས་བརྟན་པ་དང༔ དཔལ་དང་བཀྲ་ཤིས་ཡུན་གནས་འགྱུར༔ ཞི་བྱེད་བདུན་གྱི་མན་ངག་གི་ལས་སྤྱིར་བཏང་བའི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈ དེ་ལྟར་བསྙེན་སྒྲུབ་ལས་གསུམ་གྱི༔ ཕྲིན་ལས་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་སྦྱོར་བའི་རིམ་པ་ནི༔ རྟེན་དང་མཆོད་གཏོར་ལེགས་པར་བཤམ༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི༔ སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ལ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ སྨོན་འཇུག་སེམས་མཆོག་བསྐྱེད་པ་ནི༔ ཧོ༔ བདག་གཞན་མི་མཐུན་ཞི་བ་དང༔ བྱང་ཆུབ་གོ་འཕང་མྱུར་ཐོབ་ཕྱིར༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱི༔ ཡེ་ཤེས་བསྒྲུབ་པར་སེམས་བསྐྱེད་དོ༔ མི་མཐུན་བགེགས་ཚོགས་བསྐྲད་པ་ནི༔ ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ན་རྡུལ་བཞིན་བརླག་པར་འགྱུར༔ དྲག་པོའི་སྔགས་དང་ཐུན་གྱིས་གཟིར༔ རྡོ་རྗེའི་སྲུང་མཚམས་གཅད་པ་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ མི་ཕྱེད་རྡོ་རྗེའི་གུར་གྱིས་གཏམས༔ ཡེ་ཤེས་མེ་ཡིས་ཀུན་ཏུ་ཁྱབ༔ འཁྲུལ་རྟོག་བག་ཆགས་མཚམས་བཅད་དོ༔ ཨོཾ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ་ཨ༔ གནས་དང་ཡོ་བྱད་བྱིན་བརླབ་བྱ༔ ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་དག་པའི་ཞིང་ཁམས་ཆེར༔ དངོས་བཤམས་ཡིད་སྤྲུལ་འདོད་ཡོན་ཚོགས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་ཕྲིན་ལས་ལ༔ ཐོག་མར་དམ་ཚིག་ཕྱག་རྒྱ་གསལ༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ༔ གདུང་བའི་ཤུགས་སྐྱེད་ཡེ་ཤེས་བསྐུལ༔ ཨོཾ༔ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ སྙིང་རྗེས་གཟུགས་ཀྱི་སྐུར་བཞེངས་པ༔ རིག་པའི་ལྷ་མོ་རྫུ་འཕྲུལ་ཅན༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ནས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དངོས་གྲུབ་མ་ལུས་དེང་འདིར་སྩོལ༔ སོ་སོའི་བསྙེན་པའི་སྔགས་ཤམ་དུ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་པས་སྤྱན་དྲངས་དམ་ཚིག་པར༔ དབྱེར་མེད་རོ་མཉམ་བརྟན་པར་བྱ༔ ཧཱུྃ༔ ཚད་མེད་བཞི་ལྡན་ཕྱག་རྒྱ་ཆེས༔ དགུག་གཞུག་བཅིངས་ཤིང་དགྱེས་པའི་ལྷ༔ རྡོ་རྗེའི་གདན་ལ་བཞུགས་ནས་ཀྱང༔ ཐུགས་རྗེའི་ཕྲིན་ལས་མཛད་དུ་གསོལ༔ ཛཿཧཱུྃ་བཾ་ཧོཿཛྙཱ་ན་ས་མ་ཡ་ཨཱ་ས་ན་ཏིཥྛ་ཧོ༔ སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་པས༔ སྐུ་གང་སྒྲིབ་དག་རིགས་ཀྱི་བདག༔ མ་འདྲེས་སོ་སོས་དབུ་བརྒྱན་མོས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་སུ་ར་ཏ་སཏྭཾ་ཨ་ཧཾ༔ རང་ལས་སྤྲུལ་པའི་ལྷ་མོ་ཡིས༔ ཕྱག་འཚལ་མཆོད་བསྟོད་དགྱེས་པར་བསམ༔ ཧོ༔ སྐུ་གསུང་ཐུགས་ཀྱི་གསང་བ་ཆེ༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ ཡེ་ཤེས་རིག་པའི་ལྷ་མོ་ལ༔ གུས་ཤིང་གདུང་བས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ༔ དཔག་ཡས་ནམ་མཁའ་མཛོད་ཀྱི་གཏེར༔ རབ་འབྱམས་མཆོད་སྤྲིན་རྒྱ་མཚོའི་ཚོགས༔ བཞེས་ནས་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཛྙཱ་ན་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཨོཾ༔ རྡོ་རྗེའི་སྐུ་ནི་མཁའ་ལྟར་ཁྱབ༔ ཚངས་པའི་དབྱངས་ཀྱིས་ཁམས་གསུམ་སྣང༔ འོད་གསལ་ཐུགས་རྗེས་འགྲོ་ཀུན་སྒྲོལ༔ ཡོན་ཏན་མི་ཟད་རྒྱན་དུ་རྫོགས༔ ཕྲིན་ལས་སྒྱུ་འཕྲུལ་རོལ་མོའི་སྤྲིན༔ འཇིགས་དང་སྡུག་བསྔལ་ཀུན་སེལ་ཞིང༔ མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབ༔ རིག་པའི་ལྷ་མོར་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་སྒྲུབ་ལས་གསུམ་གྱི༔ ཕྲིན་ལས་སོ་སོའི་གཞུང་བཞིན་བྱ༔ གསུམ་པ་རྗེས་ཀྱི་ལམ་རིམ་ལ༔ ཐོག་མར་མཆོད་བསྟོད་སྔོན་འགྲོ་བས༔ གཏོར་མ་བདུད་རྩིར་བྱིན་གྱིས་བརླབ༔ སོ་སོའི་བསྙེན་པའི་སྔགས་ཤམ་དུ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཨ་མྲིཏ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་ཀརྨ་ཀུ་རུ་ཧོ༔ སླར་ཡང་མཆོད་བསྟོད་འདོད་དོན་གསོལ༔ གཏོར་མ་ཟག་མེད་བདུད་རྩིའི་བཅུད༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོ༔ ཡེ་ཤེས་རིག་པའི་ལྷ་མོ་ཆེས༔ བཞེས་ཤིག་བདེ་བ་ཆེན་པོར་རོལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་གདོན་འཇིགས་དང་བར་ཆད་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ འདོད་པའི་དངོས་གྲུབ་བསྩལ་དུ་གསོལ༔ ནོངས་པ་བཤགས་ཤིང་མདུན་བསྐྱེད་ཀྱི༔ ཡེ་ཤེས་རྟེན་ལ་བརྟན་པར་བཞུགས༔ བདག་ཉིད་ལྷར་སྣང་འོད་གསལ་དབྱིངས༔ ཟབ་ཞི་སྤྲོས་པ་བྲལ་བའི་ངང༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅་ཧཾ༔ དགེ་བ་བསྔོ་ཞིང་ཤིས་པ་བརྗོད༔ བདག་གི་བསྙེན་སྒྲུབ་ཏིང་འཛིན་མཐུས༔ འགྲོ་ཀུན་འཇིགས་དང་སྡུག་བསྔལ་ཞི༔ ཡང་དག་ཡེ་ཤེས་སྣང་བ་རྒྱས༔ འཕགས་མའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས༔ བྱིན་གྱིས་རློབ་པའི་བཀྲ་ཤིས་ཤོག༔ ཡི་དམ་དཀྱིལ་འཁོར་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་གིས༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཤོག༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཞིང༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི༔ ཕྲིན་ལས་ཚུལ་བཞིན་ཉམས་བླངས་ན༔ ལྷག་པའི་ལྷ་མོས་བྱིན་བརླབས་ནས༔ དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར༔ ཞི་བྱེད་བདུན་གྱི་མན་ངག་གི་ཕྲིན་ལས་ཀྱི་རིམ་པར་ཕྱེ་བ་སྟེ་དགུ་པ་འོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈྈྈ དེ་ལྟར་ཟབ་མོའི་རྣལ་འབྱོར་ལ༔ བརྟེན་ནས་རང་དང་གཞན་གྱི་དོན༔ མྱུར་དུ་སྒྲུབ་པར་འདོད་པ་དེས༔ ཐོག་མར་དབང་གིས་རྒྱུད་སྨིན་བྱ༔ དབེན་ཞིང་ཡིད་མཐུན་གནས་མཆོག་ཏུ༔ དཀྱིལ་འཁོར་དབང་རྫས་མཆོད་གཏོར་བཤམ༔ སློབ་དཔོན་རང་ཉིད་ནུས་ལྡན་ཕྱིར༔ བདག་མདུན་བུམ་པ་ཚུལ་བཞིན་བསྒྲུབ༔ དད་ལྡན་དམ་ཚིག་བསྲུང་ནུས་པའི༔ སློབ་མ་ཁྲུས་བྱས་བགེགས་བསལ་ལ༔ སྲུང་བའི་འཁོར་ལོས་བརྟན་པར་བཅིང༔ དེས་ཀྱང་གུས་པའི་བློས་བླངས་ཏེ༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ བླ་མ་གསང་སྔགས་ཆེ་བའི་མཆོག༔ རིག་པའི་ལྷ་མོ་བདག་ལ་དགོངས༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ་ཞུ་ཞིང་སྐྱབས་སེམས་དང༔ རྒྱུད་སྦྱོང་སྡོམ་གཟུང་སྤྱི་ལྟར་བྱ༔ སློབ་མ་རིག་པའི་ལྷ་མོར་བསྐྱེད༔ གནས་གསུམ་བྱིན་བརླབ་ཡེ་ཤེས་པ༔ སྤྱན་དྲངས་དབྱེར་མེད་བསྟིམ་ཞིང་བརྟན༔ དེ་ནས་དངོས་གཞིའི་དབང་བསྐུར་ལ༔ སྦྱོང་བ་སྦྱིན་པའི་གཞི་དགོད་ཅིང༔ དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་དབང་རྣམས་རིམ་པར་བསྐུར༔ རྗེས་ནི་ཁྱད་པར་མཐར་རྟེན་བྱིན༔ དེ་ལ་ཐོག་མར་གཞི་དགོད་ཕྱིར༔ སློབ་དཔོན་ཐུགས་ནས་འོད་འཕྲོས་པས༔ དབང་ལྷ་ནམ་མཁའ་གང་བའི་ཚོགས༔ སྤྱན་དྲངས་བུམ་པའི་དབང་བསྐུར་ནི༔ ཨོཾ༔ བཀྲ་ཤིས་དབྱིངས་ཀྱི་བུམ་པ་རུ༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒྲིབ་དག་ནུས་པ་ཡོངས་རྫོགས་ཤོག༔ སོ་སོའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་བུམ་ཆུ་འཐོར་འཐུང་བྱ༔ སོ་སོའི་རིགས་བདག་དབུར་བརྒྱན་བསམ༔ དངོས་གཞིར་སྐུ་ཡི་དབང་བསྐུར་ནི༔ རང་འདྲའི་གཟུགས་སྐུ་གཉིས་པ་འཕྲོས༔ སློབ་མའི་དཔྲལ་བར་ཐིམ་པར་བསམ༔ ཨོཾ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་བྱང་ནས༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ སོ་སོའི་བསྙེན་པའི་སྔགས་ཀྱི་མཐར༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ གསུང་དབང་བསྙེན་སྒྲུབ་བཟླས་ལུང་སྦྱིན༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཨཱ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ སྙིང་པོ་སྔགས་ཀྱིས་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་བྱང་ནས༔ ནུས་པའི་གསུང་དུ་སྨིན་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་དབང་ཕྱག་མཚན་སྙིང་གར་བསྟིམ༔ ཧཱུྃ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ ཡེ་ཤེས་ཆེན་པོས་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་བྱང་ནས༔ འོད་གསལ་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རྒྱན་གྱིས་མངའ་ཡང་གསོལ༔ སྭཱ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ ལོངས་སྤྱོད་རྒྱན་གྱིས་དབང་བསྐུར་བས༔ ཉོན་མོངས་སྒྲིབ་པ་ཀུན་བྱང་ནས༔ བསམ་ཡས་ཡོན་ཏན་ཡོངས་རྫོགས་ཤོག༔ གུ་ཎ་བཛྲ་ཨ་བྷི་ཥིཉྩ་སྭཱ༔ ཕྲིན་ལས་གཏོར་མ་ལྷར་གསལ་བ༔ སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ༔ ཧཱ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ བྱིན་རླབས་མཆོག་གིས་དབང་བསྐུར་བས༔ ཤེས་བྱའི་སྒྲིབ་པ་ཀུན་བྱང་ནས༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ ཀརྨ་བཛྲ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་ཁྱད་པར་མཐའ་རྟེན་གྱི༔ རྗེས་གནང་སོ་སོར་སྦྱིན་པ་སྟེ༔ སངས་རྒྱས་སྤྱན་མའི་དབང་བསྐུར་མཐར༔ ཚུལ་བཞིན་བསྒྲུབས་པའི་རིལ་བུ་འམ༔ སྨན་མཆོག་རྒྱལ་པོ་ལག་ཏུ་གཏད༔ ཨོཾ༔ བདུད་རྩི་སྨན་གྱི་ནོར་བུ་ལ༔ རིག་པའི་རྒྱལ་མོའི་ནུས་སྟོབས་རྫོགས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྒྱུ་འབྲས་ནད་ཀུན་ཞི་བར་ཤོག༔ སྒྲུབ་པའི་སྔགས་ཀྱི་ཤམ་བུ་རུ༔ བྷེ་ཥ་ཛྱཻ་རཱ་ཛ་ཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ སྤྲོ་ན་ཁྲུས་ཀྱི་ཆོ་ག་ཡང༔ མཐའ་རྒྱས་ཚུལ་དུ་སྦྱར་བར་བྱ༔ ནད་ཀྱི་གདུང་བ་ཀུན་ཞི་འགྱུར༔ ལོ་མ་ཅན་མའི་དབང་བསྐུར་མཐར༔ གཉེན་པོའི་སྨན་གྱི་རིལ་བུ་འམ༔ སྤྲུ་ནག་ཤུ་དག་གུ་གུལ་ལ༔ སྔགས་ཀྱིས་བཏབ་པ་ལག་ཏུ་གཏད༔ པཾ༔ ནད་གདོན་གདུག་པའི་གཉེན་པོའི་སྨན༔ རྡོ་རྗེ་སྔགས་ཀྱིས་བྱིན་བསྐྱེད་པ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ མི་བཟད་ནད་ཀུན་ཞི་བར་ཤོག༔ སརྦ་ཛྭ་ར་པྲ་ཤ་མ་ཨ་བྷི་ཥིཉྩ་མི༔ དུད་པས་ཀྱང་ནི་བདུག་པར་བྱ༔ དལ་ཡམས་གདུག་པ་ཀུན་ཞི་འགྱུར༔ འོད་ཟེར་ཅན་མའི་དབང་བསྐུར་མཐར༔ སེང་ལྡེང་རྡོ་རྗེའི་དབྱུག་པ་གཏད༔ མཱཾ༔ འབར་བའི་རྡོ་རྗེའི་དབྱུག་པ་ཡིས༔ གདོན་དགྲ་བར་ཆད་འཇོམས་པར་བྱེད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཕས་རྒོལ་གདུག་པ་ཀུན་ཞི་ཤོག༔ བཛྲ་དཎྜ་ཛྭ་ལ་ཨ་བྷི་ཥིཉྩ་མི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ཕས་རྒོལ་ཐམས་ཅད་ཞི་བར་འགྱུར༔ གཙུག་ཏོར་ཆེན་མོའི་དབང་གི་མཐར༔ གཞན་གྱིས་མི་ཐུབ་ཕུར་བུ་གཏད༔ ཨོཾ༔ སངས་རྒྱས་ཕྲིན་ལས་ཀཱི་ལ་ཡ༔ གཞན་གྱིས་མི་ཐུབ་ངོ་བོར་རྫོགས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བྱད་ཕུར་རྦོད་གཏོང་ཀུན་ཞི་ཤོག༔ ཨ་པ་ར་ཛི་ཏ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མི༔ ཕུར་པ་འདྲིལ་ཞིང་ཕྱོགས་བཅུར་གདེངས༔ བྱད་གདོན་ཐམས་ཅད་བརླགས་པར་བསམ༔ སྤྲོ་ན་འདིར་རམ་སྡོམ་གཟུང་རྗེས༔ བྱད་འགྲོལ་ཆོ་ག་ཚུལ་བཞིན་བྱ༔ བྱད་ཕུར་རྦོད་གཏོང་ཀུན་ཞི་འགྱུར༔ ཤེར་ཕྱིན་དཀར་མོའི་དབང་གི་མཐར༔ ཆོ་གས་བསྒྲུབས་པའི་སྨན་མར་རམ༔ ཤུ་དག་དཀར་པོ་སྔགས་བཏབ་སྦྱིན༔ པྲཾ༔ ཤེས་རབ་ཕ་རོལ་ཕྱིན་མ་ཡི༔ ཡེ་ཤེས་ཆེན་པོའི་རྫས་མཆོག་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྡུག་བསྔལ་རྒྱུ་འབྲས་ཞི་བར་ཤོག༔ སརྦ་དུཿཁ་པྲ་ཤ་མ་ཨ་བྷི་ཥིཉྩ་མི༔ རྣམ་གཡེང་གཏི་མུག་སྙིང་གཟེར་སོགས༔ ལུས་སེམས་སྡུག་བསྔལ་ཀུན་ཞི་འགྱུར༔ སྒྲོལ་མ་དཀར་མོའི་དབང་གི་མཐར༔ པདྨའི་ཕྱག་རྒྱ་སྤྱི་བོར་བཀོད༔ ཏཱཾ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ ཕྱག་རྒྱ་སྔགས་ཀྱི་མཐུ་ཆེན་པོས༔ སྐལ་ལྡན་ཁྱོད་ལ་བྱིན་བརླབས་པས༔ ཕྱི་ནང་འཇིགས་པ་ཀུན་ཞི་ཤོག༔ མ་ཧཱ་མུ་དྲ་རཀྵཱ་ཧཾ་ཨ་བྷི་ཥིཉྩ་མི༔ འཇིགས་པ་ཀུན་ཞི་སྲུང་བར་འགྱུར༔ རྨ་བྱ་ཆེན་མོའི་དབང་གི་མཐར༔ ཚེ་འགུགས་འབྲང་རྒྱས་སྤྱི་བོར་བཀོད༔ མཱཾ༔ ཚེ་ཡི་འབྲང་རྒྱས་འོད་དུ་འབར༔ རིག་པ་ཆེན་མོའི་ངོ་བོར་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་མིན་འཆི་བ་ཀུན་ཞི་ཤོག༔ བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མི༔ ཐོད་རྫས་བཅུད་ལེན་རིལ་བུ་དང༔ ཚེ་ཡི་བཟའ་བ་གཡས་སུ་སྦྱིན༔ ཧཱུྃ༔ འཁོར་འདས་དྭངས་མ་འདུས་པའི་བཅུད༔ འཆི་མེད་ཚེ་ཡི་དམ་རྫས་འདི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ ཐབས་མཆོག་ཚེ་ཡི་དཔལ་ཐོབ་ཤོག༔ རཱ་ས་ཡཱ་ན་ཨ་བྷི་ཥིཉྩ་མི༔ ཚེ་ཡི་བཏུང་བ་གཡོན་དུ་སྦྱིན༔ ཧྲཱི༔ བརྟན་གཡོའི་དྭངས་མ་བདུད་རྩིའི་རྒྱུན༔ ཚེ་ཡི་བཏུང་བ་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ ཤེས་རབ་ཚེ་ཡི་དཔལ་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་མི༔ ཚེ་བཅུད་སྦ་ཞིང་ཕྱག་རྒྱས་གདབ༔ སྤྲོ་ན་འཆི་བ་བསླུ་བ་དང༔ ཁྲུས་ཀྱི་ཆོ་ག་ཚུལ་བཞིན་བྱ༔ དེས་ནི་ཚེ་ཡི་བར་ཆད་ཞི༔ ཚེ་དང་ཡེ་ཤེས་དཔལ་འཕེལ་འགྱུར༔ དེ་རྣམས་ཀུན་གྱི་མཐའ་རྟེན་དུ༔ ཤིས་པའི་རྫས་ཀྱིས་མངའ་གསོལ་ཞིང༔ བདེན་ཚིག་ཤིས་བརྗོད་མེ་ཏོག་འཐོར༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ དེ་ལྟར་ཟབ་མོའི་དབང་བསྐུར་དག༔ སྨིན་པར་ཐོབ་པའི་སྐལ་ལྡན་རྣམས༔ གནས་སྐབས་མི་མཐུན་ཕྱོགས་ཀུན་ཞི༔ དཔལ་དང་བཀྲ་ཤིས་བདེ་ལེགས་འཕེལ༔ བསྙེན་སྒྲུབ་ཉམས་ལེན་སྣོད་དུ་འགྱུར༔ མཐར་ཐུག་བླ་མེད་བྱང་ཆུབ་འཐོབ༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ཞི་བྱེད་བདུན་གྱི་མན་ངག་གི་དབང་བསྐུར་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈྈྈ ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས༔ མི་མཐུན་རབ་ཏུ་ཞི་བྱེད་ལམ༔ གུད་དུ་སྦས་པའི་མན་ངག་ནི༔ སྐལ་ལྡན་མཆོག་གི་སྤྱོད་ཡུལ་ལོ༔ དེ་ལ་ཐོག་མར་མཚན་བཅས་ཀྱི༔ ཏིང་ངེ་འཛིན་ལ་བརྟེན་པ་ནི༔ འདི་ལྟར་སེམས་ཅན་ཐམས་ཅད་ཀུན༔ རང་གི་སྐྱེ་བ་གྲངས་མེད་ནས༔ མར་གྱུར་དྲིན་ཅན་ཤ་སྟག་སྟེ༔ ད་ལྟ་སྡུག་བསྔལ་རྒྱ་མཚོར་བྱིངས༔ ནད་གདོན་བགེགས་སོགས་མི་མཐུན་པའི༔ འགལ་རྐྱེན་དྲྭ་བ་བཞིན་དུ་འཛིངས༔ ཤིན་ཏུ་ཉམ་ཐག་གྱུར་པ་ལ༔ བྱམས་དང་སྙིང་རྗེ་ཆེར་བསྐྱེད་ནས༔ ནད་ཀྱི་སྡུག་བསྔལ་ཞི་བའི་ཕྱིར༔ དེ་རྣམས་ནད་ཀྱི་རྒྱུ་འབྲས་ཀུན༔ གཙོ་བོར་གཏི་མུག་མཐུས་བསྐྱེད་པས༔ གཏི་མུག་ལས་དང་བཞི་བརྒྱའི་ནད༔ ཐམས་ཅད་འོད་ཟེར་དཀར་སྨུག་གི༔ རྣམ་པར་བསྡུས་ཏེ་རང་ལ་ཐིམ༔ རང་ཉིད་སྤྱན་མར་གསལ་བ་ཡི༔ ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ འོད་ཟེར་བདུད་རྩི་ཆར་ལྟར་བབས༔ ལྷག་མེད་རིང་དུ་སྦྱངས་པར་བསམ༔ རང་གི་ནད་མེད་བདེ་བ་དང༔ གཏི་མུག་མེད་པའི་དགེ་ཚོགས་ཀུན༔ བཅོམ་ལྡན་སངས་རྒྱས་སྤྱན་མ་ཡི༔ ལྷ་སྔགས་འོད་ཟེར་རྣམ་པར་འཕྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ རྒྱུ་འབྲས་ནད་རྣམས་ཀུན་ཞི་ཞིང༔ ལུས་སེམས་བདེ་བས་ཁྱབ་པར་བསྒོམ༔ སྒྲུབ་པའི་སྔགས་བཟླས་ཏིང་འཛིན་གསལ༔ རང་གཞན་ནད་ཀུན་ཞི་བར་འགྱུར༔ བྱང་ཆུབ་བསོད་ནམས་བླ་མེད་འཐོབ༔ དེ་བཞིན་སེམས་ཅན་ཐམས་ཅད་ཀྱི༔ ཞེ་སྡང་རྒྱུ་འབྲས་ལས་བྱུང་བའི༔ གཉན་རིམས་ལ་སོགས་གདུག་པའི་ནད༔ དལ་ཡམས་ཚུལ་དུ་འཕྲོ་བ་ཀུན༔ འོད་ཟེར་མཐིང་ནག་རྣམ་པར་བསྡུས༔ རི་ཁྲོད་ལྷ་མོའི་ཏིང་འཛིན་དང༔ སྔགས་ཀྱི་འོད་ཟེར་འབར་བས་སྦྱངས༔ རང་གི་ནད་མེད་བདེ་བ་དང༔ ཞེ་སྡང་མེད་པའི་དགེ་ཚོགས་ཀུན༔ ལྷ་སྔགས་བདུད་རྩིའི་འོད་ཟེར་སྤྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ ཞེ་སྡང་རྒྱུ་འབྲས་ལས་བྱུང་བའི༔ དལ་ཡམས་གདུང་བ་ཀུན་ཞི་བསམ༔ དེ་བཞིན་སེམས་ཅན་ཐམས་ཅད་ཀྱི༔ ང་རྒྱལ་རྒྱུ་འབྲས་ལས་བྱུང་བའི༔ གདོན་བགེགས་དགྲ་དང་ཆོམ་རྐུན་སོགས༔ རྣམ་མང་འཚེ་བའི་སྡུག་བསྔལ་ཀུན༔ འོད་ཟེར་སེར་ནག་རྣམ་པར་བསྡུས༔ འོད་ཟེར་ཅན་མའི་ཏིང་འཛིན་དང༔ སྔགས་ཀྱི་འོད་ཟེར་འབར་བས་སྦྱངས༔ རང་ཉིད་འཚེ་བྲལ་བདེ་བ་དང༔ ང་རྒྱལ་མེད་པའི་དགེ་ཚོགས་ཀུན༔ ལྷ་སྔགས་བདུད་རྩིའི་འོད་ཟེར་སྤྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ ང་རྒྱལ་རྒྱུ་འབྲས་ལས་བྱུང་བའི༔ ཉེར་འཚེ་ཐམས་ཅད་ཞི་བར་བསམ༔ དེ་བཞིན་སེམས་ཅན་ཐམས་ཅད་ཀྱི༔ ཕྲག་དོག་རྒྱུ་འབྲས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་འཆིང་བ་ཀུན༔ འོད་ཟེར་ལྗང་ནག་རྣམ་པར་བསྡུས༔ གཙུག་ཏོར་ཆེན་མོའི་ཏིང་འཛིན་དང༔ སྔགས་ཀྱི་འོད་ཟེར་འབར་བས་སྦྱངས༔ རང་ཉིད་འཚེ་བྲལ་བདེ་བ་དང༔ ཕྲག་དོག་མེད་པའི་དགེ་ཚོགས་ཀུན༔ ལྷ་སྔགས་བདུད་རྩིའི་འོད་ཟེར་སྤྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ ཕྲག་དོག་རྒྱུ་འབྲས་ལས་བྱུང་བའི༔ བྱད་ཕུར་རྦོད་གཏོང་ཀུན་ཞི་བསམ༔ དེ་བཞིན་སེམས་ཅན་ཐམས་ཅད་ཀྱི༔ འདོད་ཆགས་རྒྱུ་འབྲས་ལས་བྱུང་བའི༔ ལུས་དང་སེམས་ལ་ཞེན་པའི་ནད༔ སྡུག་བསྔལ་ཡིད་མི་བདེ་བ་ཀུན༔ འོད་ཟེར་དམར་ནག་རྣམ་པར་བསྡུས༔ ཤེར་ཕྱིན་དཀར་པོའི་ཏིང་འཛིན་དང༔ སྔགས་ཀྱི་འོད་ཟེར་འབར་བས་སྦྱངས༔ རང་གི་ལུས་སེམས་བདེ་བ་དང༔ འདོད་ཆགས་མེད་པའི་དགེ་ཚོགས་ཀུན༔ ལྷ་སྔགས་བདུད་རྩིའི་འོད་ཟེར་སྤྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ འདོད་ཆགས་རྒྱུ་འབྲས་ལས་བྱུང་བའི༔ སྡུག་བསྔལ་ཐམས་ཅད་ཞི་བར་བསམ༔ དེ་བཞིན་སེམས་ཅན་ཐམས་ཅད་ཀྱི༔ ལོག་ལྟའི་རྒྱུ་འབྲས་ལས་བྱུང་བའི༔ སེང་གེ་གླང་ཆེན་གཡུལ་འཁྲུག་སོགས༔ རྣམ་མང་འཇིགས་པའི་ཚོགས་རྣམས་ཀུན༔ འོད་ཟེར་སྨུག་ནག་རྣམ་པར་བསྡུས༔ རྗེ་བཙུན་སྒྲོལ་མའི་ཏིང་འཛིན་དང༔ སྔགས་ཀྱི་འོད་ཟེར་འབར་བས་སྦྱངས༔ རང་ཉིད་འཇིགས་མེད་བདེ་བ་དང༔ ལོག་ལྟ་མེད་པའི་དགེ་ཚོགས་ཀུན༔ ལྷ་སྔགས་བདུད་རྩིའི་འོད་ཟེར་སྤྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ ལོག་ལྟའི་རྒྱུ་འབྲས་ལས་བྱུང་བའི༔ འཇིགས་པའི་ཚོགས་ལས་དབུགས་ཕྱུང་བསམ༔ དེ་བཞིན་སེམས་ཅན་ཐམས་ཅད་ཀྱི༔ ཐེ་ཚོམ་རྒྱུ་འབྲས་ལས་བྱུང་བའི༔ དུས་མིན་འཆི་བའི་སྡུག་བསྔལ་ཀུན༔ འོད་ཟེར་དུད་ཀའི་རྣམ་པར་བསྡུས༔ རྨ་བྱ་ཆེན་མོའི་ཏིང་འཛིན་དང༔ སྔགས་ཀྱི་འོད་ཟེར་འབར་བས་སྦྱངས༔ རང་ཉིད་འཚོ་བའི་བདེ་བ་དང༔ ཐེ་ཚོམ་མེད་པའི་དགེ་ཚོགས་ཀུན༔ ལྷ་སྔགས་བདུད་རྩིའི་འོད་ཟེར་སྤྲོས༔ སེམས་ཅན་ཀུན་ལ་ཐིམ་པ་ཡིས༔ ཐེ་ཚོམ་རྒྱུ་འབྲས་ལས་བྱུང་བའི༔ དུས་མིན་འཆི་བ་ཀུན་ཞི་བསམ༔ དེ་ལྟར་དེ་རྣམས་ཐམས་ཅད་ཀྱང༔ ཐོག་མར་འབྱོངས་པར་སླ་བའི་ཕྱིར༔ རང་གི་རྩ་བའི་མ་ལ་བསྒོམ༔ དེ་ནས་གཉེན་སོགས་དགའ་འདུན་དང༔ སྐྱེ་བར་དཀའ་བའི་དགྲ་གདོན་བགེགས༔ མཐར་གྱིས་མཁའ་ཁྱབ་ཡིད་ཅན་ལ༔ ཕྱོགས་ལྷུང་མེད་པར་ཁྱབ་གདལ་གཏང༔ ཁྱད་པར་རང་ལ་བསྐྱབ་པ་དང༔ མགོན་མེད་ཉམ་ཐག་མངོན་གྱུར་ལ༔ བཀོལ་ཏེ་བསྒོམས་པས་དོན་ཆེན་འགྲུབ༔ རང་གཞན་མི་མཐུན་འགལ་རྐྱེན་ཞི༔ ཕན་བདེ་བླ་ན་མེད་པར་འགྱུར༔ མཚན་མ་མེད་པའི་ཏིང་ངེ་འཛིན༔ དེ་ཁོ་ན་ཉིད་སྒོམ་པ་ནི༔ རང་གཞན་ནད་གདོན་ཉེར་འཚེ་དང༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཀུན༔ སྔོན་དང་འཕྲལ་གྱི་ལས་ལས་བྱུང༔ ལས་ནི་ཉོན་མོངས་ལས་བྱུང་སྟེ༔ ཉོན་མོངས་རྣམ་རྟོག་གཞན་དབང་ཅན༔ རྣམ་རྟོག་སེམས་ཀྱི་མཚང་བཙལ་ན༔ སྐྱེ་མེད་གཉུག་མར་མཉམ་གནས་པས༔ རྟོག་པའི་ཕུང་པོ་བརྒྱད་ཁྲི་ཡང༔ རང་བཞིན་ངང་གིས་གྲོལ་འགྱུར་ན༔ འགལ་རྐྱེན་ཙམ་ལ་སྨྲོས་ཅི་དགོས༔ དེ་བས་སྔགས་ཤེས་རྣལ་འབྱོར་པ༔ ཟབ་མོའི་དོན་ལ་བློ་གཞོལ་བས༔ སྤྲོས་པ་ཐམས་ཅད་ཡོངས་སྤངས་ནས༔ འབད་པས་དེ་ཁོ་ན་ཉིད་བསྒོམ༔ ལུས་གནད་བསྲངས་ལ་རླུང་རོ་བསལ༔ དྲན་པ་མངོན་དུ་བཞག་བྱས་ཏེ༔ ངེས་པར་འབྱུང་དང་བྱང་སེམས་བསྐྱེད༔ བླ་མར་གསོལ་བ་དྲག་ཏུ་གདབ༔ ཐུགས་ཡིད་བསྲེས་ལ་མཉམ་བཞག་དང༔ འདི་ལྟར་འཇིག་རྟེན་ཐམས་ཅད་ཀྱི༔ འགལ་རྐྱེན་ཉེར་འཚེའི་སྡུག་བསྔལ་ཀུན༔ བདག་ཏུ་འཛིན་པ་ལས་བྱུང་སྟེ༔ བདག་ལས་ཕ་རོལ་གཞན་དུ་མཐོང༔ དེ་ལས་ཆགས་སོགས་ཉོན་མོངས་ཀྱིས༔ ཀུན་བསླངས་མི་དགེའི་ལས་བསགས་པས༔ འབྲས་བུ་སྡུག་བསྔལ་བདེན་པར་སྨིན༔ འགྲོ་བ་དྲུག་གི་གནས་རིས་སུ༔ རྣམ་མང་ལུས་དང་ཉེར་སྤྱོད་དང༔ འཇིགས་དང་སྡུག་བསྔལ་སྣ་ཚོགས་པ༔ མེད་བཞིན་རྨི་ལམ་ལྟ་བུར་མྱོང༔ དེ་ལྟར་འཁྲུལ་པའི་འགྲོ་ཀུན་ལ༔ དམིགས་པ་མེད་པའི་སྙིང་རྗེ་བསྐྱེད༔ སྙིང་རྗེའི་ངོ་བོ་སྟོང་པར་ཤར༔ སྟོང་པ་སོ་སོ་རང་རིག་པ༔ དེ་ཁོ་ན་ཉིད་ལྷུམས་སུ་ཞུགས༔ མདོར་ན་གང་ཟག་གཟུང་འཛིན་གྱི༔ ཞེན་པའི་མདུད་པ་ཇི་སྙེད་ཀུན༔ སོ་སོའི་རྟེན་འབྲེལ་ཚོགས་པ་ལ༔ བརྟེན་ནས་བཏགས་པ་ཁོ་ན་སྟེ༔ ཉམས་དགའ་སེམས་ཀྱི་རོལ་པ་ཡིན༔ སེམས་ཉིད་སྐྱེ་མེད་འགག་པ་མེད༔ གནས་མེད་དམིགས་མེད་འགྲོ་འོང་བྲལ༔ གདོད་ནས་རང་བཞིན་སྟོང་པ་སྟེ༔ གསལ་རིག་ཙམ་དུ་རྒྱུན་མི་འཆད༔ དེ་ཡང་སྨྲ་བསམ་བརྗོད་ལས་འདས༔ བྱར་མེད་གཉུག་མར་ཡོངས་ཤེས་པས༔ མ་བཅོས་མ་བསླད་རང་རིག་པ༔ མི་འགྱུར་ནམ་མཁའི་སྲོག་བཟུང་ནས༔ ཆུ་བོའི་རྒྱུན་ནི་རང་འབབས་ལྟར༔ མཉམ་གཞག་དགོངས་པའི་གདིང་རྙེད་ན༔ སྣང་སེམས་རོ་གཅིག་འོད་གསལ་ངང༔ འཇིགས་དང་སྡུག་བསྔལ་རྟོག་པ་ཀུན༔ སྦྲུལ་མདུད་བཞིན་དུ་རང་སར་གྲོལ༔ བདེ་ཆེན་ཡེ་ཤེས་རང་ལས་ཤར༔ འགྲོ་འདུལ་ཐུགས་རྗེ་རྒྱུན་མི་འཆད༔ གཟུང་འཛིན་འཁྲུལ་པ་རབ་ཞི་བའི༔ དོན་གྱི་ཕྲིན་ལས་མཐར་ཕྱིན་འགྱུར༔ ཞི་བྱེད་བདུན་གྱི་མན་ངག་གི་རྣལ་འབྱོར་ཟབ་མོའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ྈྈྈྈྈྈ བླ་མ་བརྒྱུད་པ་ལས་འོངས་པའི༔ ཟབ་མོའི་ཏནྟྲ་མང་པོའི་དོན༔ ཞི་བྱེད་བདུན་གྱི་མན་ངག་མཆོག༔ ཤིན་ཏུ་གསལ་བར་བཤད་པ་འདི༔ བདག་ཉིད་པདྨ་སཾ་བྷ་ཝས༔ ད་ལྟའི་སྣོད་ལྡན་འདུས་པ་དང༔ མ་འོངས་འགྲོ་བའི་དོན་དུ་གདམས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ གནས་སྐབས་མཐར་ཐུག་ཕྱི་ནང་གི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཞིང༔ ལམ་གྱི་ཡོན་ཏན་རབ་ཏུ་འཕེལ༔ བྱང་ཆུབ་གོ་འཕང་མྱུར་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་ཝ་དང༔ ལྷ་སྲས་ལོ་ཙཱ་བ་རོལ་པ་ཡེ་ཤེས་རྩལ་གྱིས་མཆིམས་ཕུ་རྫའི་ར་བར་བསྒྱུར་པའོ༔ སླར་ཡང་བཀའ་བསྩལ་པ༔ ཞི་བྱེད་བདུན་གྱི་མན་ངག་འདི༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ སྣོད་ལྡན་མཚན་ལྡན་ཚོགས་རྣམས་ལ༔ སྨིན་གྲོལ་གདམས་པ་ཆིག་རྫོགས་བསྟན༔ རང་རང་གསང་བས་ཉམས་སུ་ལོངས༔ སྙིགས་མའི་འགྲོ་ལ་ཕན་པའི་ཕྱིར༔ སྐྱིད་སྨད་ཀླུངས་ཆེན་འདུས་པའི་མདོ༔ ལྷ་རི་བྲག་ལ་གཏེར་དུ་བསྡམས༔ ལྷ་བཙན་སྤུན་བདུན་སྲུང་མར་བསྐོས༔ ནམ་ཞིག་དྲུག་ཅུ་ཁ་རལ་དུས༔ དམ་འཛིན་ལོ་ཙཱའི་སྐྱེ་བའི་མཐའ༔ ལྷ་རིགས་སྔོན་མོའི་མིང་དང་འཕྲད༔ དེས་ཀྱང་གསང་བས་ཉམས་བླངས་ཏེ༔ རང་གཞན་དོན་འགའ་སྒྲུབ་པར་བྱེད༔ ཤོག་སེར་ཡང་རྫོང་བྲག་ཏུ་སྦོས༔ སླར་ཡང་སུམ་ཅུ་ཁ་རལ་དུས༔ ལྷ་སྲས་རང་གི་སྐྱེ་བའི་མཐའ༔ མཆོག་གི་མིང་ཅན་སྐལ་བར་ཐོབ༔ མངའ་བདག་སྐྱེ་བས་མཚམས་སྦྱར་ནས༔ བཻ་རོ་ནམ་སྙིང་རྒྱལ་མཆོག་དབྱངས༔ བདུད་འཇོམས་ལང་གྲོ་དཔལ་གྱི་སེང༔ ཆོས་རྒྱལ་ཡབ་སྲས་གཟུངས་མར་བཅས༔ དེ་ལ་སོགས་པའི་སྐྱེ་བའི་མཐས༔ རང་གཞན་དོན་མང་དཔལ་ལ་སྤྱོད༔ ཕན་པ་བླ་ན་མེད་པར་འགྱུར༔ ཞེས་གསུངས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྤེལ་རྒྱ༔ རྒྱ་རྒྱ་རྒྱ༔ མནྟ་གུ་ཧྱ་ཁ་ཐཾ༔ ཞི་བྱེད་བདུན་གྱི་མན་ངག་ཟབ་མོ་འདི་ཉིད་འུ་ཤངས་རྡོའི་ནུབ་ཕྱོགས་ལྷ་རི་རོལ་པོའི་བྲག་ཏུ་སྦས་པ། གཏེར་སྟོན་ལྷ་བཙུན་སྔོན་མོའམ་ལྷ་དབང་རྒྱ་མཚོ་བློ་གྲོས་ཀྱིས་རབ་བྱུང་གཉིས་པའི་དུས་སྤྱན་དྲངས་མ་ཕྱི་སྦྲགས་ཀྱི་ཡང་རྫོང་དུ་སྦས་པ་ཉིད། ཕྱིས་རབ་ཚེས་ས་ཕོ་འབྲུག་གི་ལོར་སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་གསང་གཏེར་གྱི་ཚུལ་དུ་སྤྱན་དྲངས་པའི་ཟབ་ཤོག་སེར་པོ་ལས། པདྨ་འོད་གསལ་མདོ་སྔགས་གླིང་པས་ལེགས་པར་གཏན་ལ་ཕབ་པ་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག། །།
སེང་གདོང་མའི་ཡང་ཟློག་ཁྲམ་ཤིང་འབྲུ་བཀྲའི་དཔེའུ་རིས་ (Volume 32, Text 60)
༈ སེང་གདོང་མའི་ཡང་ཟློག་ཁྲམ་ཤིང་འབྲུ་བཀྲའི་དཔེའུ་རིས་དགེ །
སྐུ་གསུམ་རིག་འདུས་ཟབ་ཏིག་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཐིག་ལེ་ (Volume 11, Text 60)
སྐུ་གསུམ་རིག་འདུས་ཟབ་ཏིག་ལས། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །རིགས་ཀུན་ཁྱབ་བདག་པདྨ་ཀུན་ཏུ་འཆང་། །ལྷུན་རྫོགས་མགོན་པོ་པདྨའི་སྤྱན་མཆོག་ལ། །གསོལ་བ་འདེབས་སོ་ཛྙཱ་ན་བཛྲ་ཧོཿ བྱིན་གྱིས་རློབས་ཤིག་སརྦ་སིདྡྷི་ཧཱུྃ། །སྒྱུ་འཕྲུལ་རང་གཟུགས་པདྨ་ཚེ་དཔག་མེད། །ཀུན་འདུས་སེམས་དཔའ་པདྨའི་མྱུ་གུ་ལ། །གསོལ་བ་འདེབས་སོ་ཛྙཱ་ན་བཛྲ་ཧོཿ བྱིན་གྱིས་རློབས་ཤིག་སརྦ་སིདྡྷི་ཧཱུྃ། །རིགས་གསུམ་གཅིག་བསྡུས་པདྨ་མདོ་སྔགས་གླིང་། །བཀའ་བབས་བརྒྱུད་འཛིན་པདྨའི་སྲས་རྣམས་ལ། །གསོལ་བ་འདེབས་སོ་ཛྙཱ་ན་བཛྲ་ཧོཿ བྱིན་གྱིས་རློབས་ཤིག་སརྦ་སིདྡྷི་ཧཱུྃ། །ཐེག་དགུ་ཡི་དམ་རྒྱལ་བའི་དཀྱིལ་འཁོར་དང་། །གནས་གསུམ་མཁའ་འགྲོ་དམ་ཅན་གཏེར་སྲུང་ལ། །གསོལ་བ་འདེབས་སོ་ཛྙཱ་ན་བཛྲ་ཧོཿ བྱིན་གྱིས་རློབས་ཤིག་སརྦ་སིདྡྷི་ཧཱུྃ། །སྲིད་ལས་ངེས་འབྱུང་དད་གསུམ་ཁོང་ནས་བརྡོལ། །ལས་འབྲས་ཡིད་ཆེས་ཐར་མཆོག་དོན་དུ་གཉེར། །གསག་སྦྱང་མཐར་ཕྱིན་སྙིང་རྗེ་མོས་གུས་འབྱོངས། །ཚོགས་ལམ་མྱུར་དུ་བགྲོད་པར་བྱིན་གྱིས་རློབས། །དབང་བཞིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རིམ་བརྟན་ཐོབ་རྩ་རླུང་ཐིག་ལེ་འབྱོངས། །ལས་བཞི་གྲུབ་པ་བརྒྱད་སོགས་ཉམས་འོག་ཆུད། །སྦྱོར་ལམ་རྣམ་བཞི་བགྲོད་པར་བྱིན་གྱིས་རློབས། །ཀ་དག་རང་སྣང་རིས་མེད་དགོངས་རྩལ་རྫོགས། །ལྷུན་གྲུབ་འོད་གསལ་སྣང་བ་ཚད་ལ་ཕེབས། །བདེ་སྟོང་ཡེ་ཤེས་རྣམ་པ་ཐམས་ཅད་པ། །མཐོང་སྒོམ་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །ལམ་གྱུར་འབྲས་བུ་རིག་འཛིན་རྣམ་པ་བཞི། །མཐར་ཕྱིན་སྒྲིབ་གཉིས་ཀུན་སངས་མཁྱེན་གཉིས་རྒྱས། །མི་སློབ་ཟུང་འཇུག་སྐུ་གསུམ་མངོན་དུ་གྱུར། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །འདིའང་ཁྱབ་བདག་ཀུན་མཁྱེན་བླ་མས་བཀའི་གནང་བསྩལ་པ་དང་། གནས་མདོ་གཅོད་བླ་སྤྲུལ་སྐུ་དང་དཔལ་ཁྱིམ་ཨ་མྱེ་ཨོ་རྒྱན་བསྟན་འཛིན་སོགས་ཀྱིས་བསྐུལ་ངོར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་དགེ་ལེགས་འཕེལ།། །།
བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཐུགས་ཀྱི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་གནམ་ལྕགས་ཞུན་ཐིགས་ (Volume 13, Text 60)
༄༅༅། །བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡའི་བྱིན་རླབས་ཐུགས་ཀྱི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་གནམ་ལྕགས་ཞུན་ཐིགས་ཞེས་བྱ་བ་བཞུགས་སོ། ། མཆོག་ཏུ་མི་འགྱུར་བདེ་བ་ཆེའི། །ཡེ་ཤེས་རོལ་པའི་རྡོ་རྗེ་ཅན། །པདྨའི་རྒྱལ་ཚབ་དེར་བཏུད་ནས། །ཟབ་དོན་དབྱེ་ལ་གནང་བ་སྩོལ། །ཡང་ཟབ་ཁྲོ་རོལ་ཕུར་བུའི་སྙིང་པོ་དོན་གྱི་དབང་བསྐུར་ཐུན་མོང་མ་ཡིན་པ་བགྱིད་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། གཞུང་མཐུན་དཀྱིལ་འཁོར་རས་བྲིས་ཡོད་ན་བཀྲམ། མེད་ན་དབང་གཞུང་དུ་གསལ་བ་བཞིན་མཎྜལ་ལ་འབྲུའི་ཚོམ་བུ་གཙོ་འཁོར་ལྔ་བཀོད་པའི་སྟེང་མཉྫི་ལ་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གྱིས་སྤྲས་པ་བཞག །རྒྱབ་ངོས་སུ་གཏོར་ཆེན་ཟུར་གསུམ་མེ་རི་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ། གཡས་གཡོན་རྣམས་སུ་རཀྴའམ་ཐོད་ཕྲེང། རྒྱ་གྲམ། རྡོ་རྗེ་རྩེ་དགུ་དང་ཐོད་ཁྲག །ཐོ་བ་མེ་དཔུང་ལྕགས་སྡིག་ལྕགས་ཕུར་བཞིའི་ཙཀླི་རྣམས་བཀོད། སྨན་རཀ་གཏོར་གསུམ། ཕྱི་མཆོད་རྣམས་སྤྱི་ལྟར་དང་། ཉེར་མཁོའི་ཚོགས་གཏོར་དང་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་གཞིའི་དབང་དོན་བསྒྲུབ་མཆོད་ནི། རྒྱས་པར་གྲུབ་ན་ཁྲོ་རོལ་ལས་བྱང་། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་སྐོང་བཤགས་རྣམས་འགྲུབ་ན་ཅི་ནས་གལ་ཆེ། མགྱོགས་དབང་ལྟ་བུར་བསྡུ་ན་གཏེར་སྟོན་ཉིད་ཀྱིས་མཛད་པའི་རྩ་གསུམ་སྤྱིའི་ལས་བྱང་ནང་དུ་སྒྲུབ་ཐབས་གཏེར་གཞུང་བཙུད་ནས་བདག་མདུན་དབྱེར་མེད་དམ་ཐ་དད་གང་དུ་བསྒྲུབ་ཀྱང་རུང་ལ་བསྙེན་བཟླས་ཅི་འགྲུབ་དང་། བུམ་བཟླས་ཟུར་དུ་སྤྲོ་ན་བྱ། དེ་ནས་གཏེར་བདག་སྤྱི་གཏོར། ཚོགས་མཆོད་དང་རྩ་གསུམ་སྤྱི་སྐོང་ཙམ་བཏང་། དབང་དངོས་ལ། སློབ་མ་གསུམ་མམ་བདུན་ལས་མི་མང་བ་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བསྔོས་ལ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེའང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་གཉིས་པར་ཡོངས་སུ་གྲགས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད། ངོ་བོ་རབ་འབྱམས་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་དཔལ་ཧེ་རུ་ཀ་དང་རྣམ་དབྱེར་མེད་ཅིང་། གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་པས་ནམ་མཁའི་ཁམས་དང་འཁོར་བ་ཇི་སྲིད་དེ་སྲིད་དུ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་ལུས་ཅན་མ་བསྒྲལ་བ་མཐའ་དག་གདོད་མའི་དབྱིངས་སུ་ཕྱམ་གཅིག་སྒྲོལ་བ་དང་། ཁྱད་པར་སངས་རྒྱས་ཀུན་གྱི་ཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་པ་ཤིན་ཏུ་མ་རུངས་ཤིང་ལོག་སྲེད་གདུག་པ་ཅན་གྱི་གདུལ་བྱ་རྣམས་ཀྱི་གཉེན་པོར་རྒྱལ་བ་ཀུན་གྱི་སྟོབས་བཅུའི་རྩལ་ཤུགས་གཅིག་ཏུ་བསྡུས་པ་ལྟ་བུ། སྲིད་ཞིའི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་བདུད་འདུལ་འབར་བ་ཆེན་པོའི་ཕྱག་རྒྱའི་ཆོ་འཕྲུལ་ཅིར་ཡང་སྟོན་པ་ལས། སྙིགས་དུས་ཀྱི་བདུད་འགོང་དམ་སྲི་མ་རུངས་པ་རྣམས་ཀྱི་གཉེན་པོར་ལྷག་པའི་ལྷ་གཞན་ལས་ཀྱང་བྱིན་རླབས་ཀྱི་ཚན་ཁ་དང་མཐུ་སྟོབས་ཀྱི་རྩལ་ཤུགས་ཁྱད་པར་དུ་འཕགས་པ་བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡ་འདི་ནི། རང་གཞུང་ལས། ཕྱོགས་དུས་རྒྱལ་བ་གཅིག་བསྡུས་ཐོད་ཕྲེང་རྩལ༔ ཕྱི་ལྟར་དཔལ་ཆེན་པདྨ་ཧེ་རུ་ཀ༔ ནང་ལྷར་དབང་དྲག་རྟ་མགྲིན་ཁྲོས་པའི་ལྷ༔ གསང་ལྟར་དམར་ནག་མེ་ཡི་ཕྲེང་བ་ཅན༔ དྲག་ཏུ་ཁྲོས་པ་བཛྲ་ཀཱི་ལ་ཡ༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ འདི་ཉིད་བསྒྲུབ་ན་ལམ་གྱི་བར་ཆད་ཞི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཐོབ༔ དྲེགས་པ་སྡེ་བརྒྱད་མ་ལུས་བྲན་དུ་ཁོལ༔ གང་བརྩམ་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར༔ ཅེས་སོགས་བསྔགས་པར་མཛད་པ་འདི་ཉིད་ཀྱི་སྒྲུབ་ཐབས་མན་ངག་དང་བཅས་པ་གུ་རུ་རིན་པོ་ཆེས་སྐལ་པ་དང་ལྡན་པའི་རྗེ་འབངས་རྣམས་ལ་གདམས་པར་མཛད་ཅིང་སྙིགས་མའི་གདུལ་བྱ་ལ་བརྩེ་བས་དགོངས་ཏེ་མདོ་ཁམས་རྒྱམ་རྒྱལ་གནོད་སྦྱིན་ཆེན་པོའི་མདུན་ཞོལ། འགྱུར་མེད་གཏན་འཁྱིལ་གཡུ་མཚོར་རྒྱས་བཏབ་པ་ལས། ཕྱིས་དུས་སྨོན་ལམ་གྱི་དབང་བཙན་པ་ལས་འཁོན་སྟོན་ཀླུ་དབང་སྲུང་བའི་ཐུགས་སྤྲུལ་རིག་འཛིན་རོལ་པའི་རྡོ་རྗེས་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ཏེ་རྩ་བ་ཙམ་གཏན་ལ་ཕབ། ཆོས་སྡེ་ཕལ་ཆེར་རྟེན་འབྲེལ་གྱི་དབང་གིས་སླར་ཡང་འདབ་གཏེར་དུ་སྦས་པ་ལས་གནུབས་བན་ནམ་མཁའི་སྙིང་པོའི་ཐུགས་སྤྲུལ་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཁ་ཤས་ཤིག་སྤྱན་དྲངས་པར་མཛད་པ་ལས་བྱོན་པའི་སྨིན་བྱེད་ཡོངས་ཀྱི་སྙིང་པོ་བྱིན་རླབས་ཐུགས་ཀྱི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དང་པདྨ་དྲག་པོ་དབྱེར་མེད་ལ་དད་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ངོ་བོ་རིགས་འདུས་ཐོད་ཕྲེང་རྩལ༔ བདག་ཅག་འདིར་འདུས་དད་ལྡན་ལ༔ བྱིན་རླབས་དངོས་གྲུབ་རྣམ་གཉིས་སྩོལ༔ ལན་གསུམ། དེ་ལྟར་གུས་པས་གསོལ་བ་བཏབ་པའི་སྣོད་དུ་རུང་བ་དེ་ལ་རྡོ་རྗེ་ཐེག་པའི་ཆེ་བ་བརྗོད་པས་སྤྲོ་བ་བསྐྱེད་ཅིང་གནང་བ་སྦྱིན་པ་ནི་འདི་ལྟ་སྟེ། ཧོ༔ སྐལ་ལྡན་སྐྱེས་བུ་ཁྱེད་རྣམས་ཀུན༔ དལ་འབྱོར་ཐོབ་པ་གྲངས་མང་ཡང༔ གསང་སྔགས་ཟབ་མོའི་སྒོར་ཞུགས་དཀོན༔ དེང་འདིར་བསོད་ནམས་ཚོགས་ལས་བྱུང༔ སླར་ཡང་ཟབ་མོའི་གདམས་ངག་ཉོན༔ དེ་ལ་དབང་གིས་སྨིན་པར་བྱེད་པ་ལ་ཐོག་མར་རྒྱུད་རྣམ་པར་དག་པ་གལ་ཆེ་བས། ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་དང་བཅས་པས་རང་རྒྱུད་དྲི་མ་ཅན་དུ་བྱས་པ་ལ་གནོང་ཞིང་འགྱོད་པས་སྙིང་ནས་བཤགས་ཤིང་། བླ་མ་ཡི་དམ་དབྱེར་མེད་པ་ལ་བློ་གཏད་གཅིག་ཆོག་ཏུ་བཅས་ཏེ་སྒོ་གསུམ་བྲན་དུ་འབུལ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ན་མོ༔ བདེ་གཤེགས་རིགས་འདུས་སྤྱན་སྔ་རུ༔ སྔོན་ཆད་བག་ཆགས་ལས་ཉོན་རྣམས༔ དེང་ནས་བྱང་བར་མཛད་དུ་གསོལ༔ ཕྱིན་ཆད་སྒོ་གསུམ་ཉིད་ལ་འབུལ༔ ལེགས་ཉེས་ཐམས་ཅད་ཁྱེད་རང་ཤེས༔ བླ་མ་དང་དཀྱིལ་འཁོར་གྱི་ལྷ་བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པ་ལ་བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧོ༔ བདེ་བར་གཤེགས་པ་རྒྱལ་བ་རྒྱ་མཚོའི་ཚོགས༔ མ་ལུས་འདུས་པའི་བདག་ཉིད་དྲག་པོ་རྩལ༔ བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས༔ མི་ཕྱེད་དད་པའི་ངང་དུ་སྐྱབས་སུ་མཆི༔ ལན་གསུམ། གདོན་བགེགས་འབྱུང་པོ་མ་རུངས་པ་རྣམས་ཀྱིས་གཙོར་བྱས་ཕ་མ་སེམས་ཅན་ཐམས་ཅད་ཆེ་མཆོག་གུ་རུ་དྲག་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ། དྲག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་ལམ་རྒྱུད་ལ་བསྟེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ བླ་མེད་དྲག་པོ་འཇིགས་བྱེད་དཀྱིལ་འཁོར་དུ༔ སྐལ་ལྡན་བདག་གིས་འགྲོ་བ་མ་ལུས་ཀུན༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ་བར་བགྱི༔ རྒྱ་ཆེན་བྱང་ཆུབ་མཆོག་ཐོབ་སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཀྱི་ཞིང་མཆོག་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཚོགས་གསག་ཡན་ལག་བཅུ་པ་ཚུལ་བཞིན་བྱ་བའི་འདུན་པས་སོ་སོའི་དམིགས་པ་ཚིག་དང་རྗེས་སུ་མཐུན་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། ཧཱུྃ༔ ཁྲོ་བོ་རོལ་པའི་ལྷ་ཚོགས་གཤེགས་སུ་གསོལ༔ དྲེགས་པ་བསྣོལ་བའི་གདན་ལ་བརྟན་པར་བཞུགས༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ དུག་གསུམ་ཤ་རུས་ཁྲག་གི་མཆོད་པ་འབུལ༔ དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ལོ་བཤགས༔ ལོག་འདྲེན་དྲག་པོས་བསྒྲལ་ལ་རྗེས་ཡི་རང༔ དྲེགས་པ་མ་ལུས་འདུལ་བའི་ཆོས་འཁོར་བསྐོར༔ ཕྲིན་ལས་རྣམ་བཞི་འགྲུབ་པར་གསོལ་བ་འདེབས༔ མངོན་སྤྱོད་ལས་བསྒྲུབ་དགེ་བ་ཡོངས་ལ་བསྔོ༔ ལན་གསུམ་བྱ། དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་དབབ་པ་ལ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་ལྟར་རྩེ་གཅིག་སྒོམས་ཤིག །ཨོཾ་སྭ་བྷཱ་བ་སོགས་སྒྲུབ་ཐབས་ཀྱི་མངོན་རྟོགས་ཚང་བར་བརྗོད་པས་གསལ་གདབ། ཐུགས་ཀར་ཧཱུྃ་དང་རང་རང་གི་ས་བོན་གྱིས་མཚན་པ་དང༔ སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཆར་ཁའི་ཟེར་ཐག་ལྟ་བུ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས། འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད། ལྷོ་ནུབ་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་སོགས་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ན་བཞུགས་པའི་བདེ་གཤེགས་ཡོངས་འདུས་དྲག་པོ་ཀཱི་ལ་ཡའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་དགྱེས་པ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པའི་སྐུ་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་པའི་རྣམ་པ་ནམ་མཁའི་དབྱིངས་དང་བར་སྣང་གི་ཁམས་གང་བ་ཆར་ཆེན་དྲག་ཏུ་བབས་པ་ལྟར་བྱོན་ནས། ཁྱེད་རང་གི་སྒོ་གསུམ་ལ་དབྱེར་མེད་དུ་ཐིམ་ནས་བྱིན་གྱིས་བརླབས་པར་མོས་ཤིག །འབེབ་པའི་རྫས་བདུག །དབྱངས་དང་རོལ་མོས་བསྐུལ་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་པདྨ་ཐོད་ཕྲེང་རྩལ༔ བདག་ཅག་མོས་པའི་བུ་རྣམས་ལ༔ བྱིན་རླབས་འབེབ་ཕྱིར་གནས་འདིར་བྱོན༔ འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ༔ ཁྱད་པར་ཐུགས་རྗེས་བོད་ལ་དགོངས༔ ལས་ངན་རྣམ་སྨིན་མནར་བ་ཡི༔ བདག་ཅག་རྗེས་འཇུག་བུ་སློབ་རྣམས༔ ཐུགས་ཀྱིས་འདོར་རམ་གུ་རུ་རྗེ༔ ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་ན༔ ཡང་སངས་རྒྱས་པའི་དགོས་པ་ཅི༔ བདག་ཅག་བུ་རྣམས་མཆི་མ་འཁྲུགས༔ གསོལ་འདེབས་སྙིང་ནས་འོ་དོད་འབོད༔ ཕ་མཆོག་ཁྱེད་ཀྱི་ཡོན་ཏན་དྲན༔ བུ་ལ་གཟིགས་ཤིག་ཐུགས་རྗེ་ཅན༔ བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་སྐུ་ཡི་བྱིན་ཕོབ་ཅིག༔ བདེ་བ་སྤོར་ཅིག་ཌཱ་ཀིའི་ཚོགས༔ ངག་ལ་གསུང་གི་བྱིན་ཕོབ་ཅིག༔ ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་ཐུགས་ཀྱི་བྱིན་ཕོབ་ཅིག༔ རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ འདིར་ཚོགས་མོས་པའི་བུ་རྣམས་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཕོབ་ཅིག༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོངས༔ རྩ་གསུམ་དམ་ཚིག་ཉམས་པ་སྐོངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དུག་ལྔའི་རྣམ་རྟོག་ཞི་བར་མཛོད༔ ཡེ་ཤེས་ལྔ་ཡི་དབང་མཆོག་སྐུར༔ ལྷ་སྲིན་སྡེ་བརྒྱད་དམ་ལ་ཐོགས༔ མི་མཐུན་རྐྱེན་སོལ་མཐུན་པར་སྒྲུབས༔ མཆོག་དང་ཐུན་མོང་བྱིན་ཕོབ་ཅིག༔ ཅེས་དང་། ཧཱུྃ་གསུམ་བསྒྲིལ་དང་བདུན་བསྒྲིལ་མང་དུ་བརྗོད། རྩ་སྔགས་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ བཏགས་པའང་དྲག་ཏུ་བརྗོད་ལ་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་ཤིང་བརྟན་པར་བྱས་པར་མོས་མཛོད། མེ་ཏོག་འཐོར་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་དབང་དངོས་གཞི་བསྐུར་བ་ལ། རྩ་བ་བུམ་པའི་དབང་དང་། རྗེས་འབྲེལ་སྐུ་གསུང་ཐུགས་མཐའ་རྟེན་དང་བཅས་པ་རིམ་པར་སྦྱིན་པ་སྟེ། དེའང་བུམ་པ་འདི་ཉིད་ཁྲོ་བོ་རོལ་པ་བདུད་འདུལ་ཀཱི་ལ་ཡ་ཆེན་པོའི་བརྡ་དོན་རྟགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་དབང་བསྐུར་བའི་ཚེ་བདུད་རྩིའི་ཆུ་རྒྱུན་གྱིས་ཁྱེད་རང་གི་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་བཀྲུས། དབང་བཞིའི་ཡེ་ཤེས་རྒྱུད་ལ་སྨིན། པདྨ་དྲག་པོ་ཀཱི་ལ་ཡ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །རྣམ་བུམ་མགོར་བཞག་ལ། ཧཱུྃ༔ བརྡ་དོན་བུམ་པའི་དཀྱིལ་འཁོར་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་དྲི་མ་བག་ཆགས་དག༔ ཀཱི་ལ་ཡ་དང་དབྱེར་མེད་ཤོག༔ རྩ་སྔགས་དང་ཧཱུྃ་གསུམ་བསྒྲིལ་བདུན་བསྒྲིལ་བརྗོད། བུམ་ཆུ་སྦྱིན། རྗེས་འབྲེལ་གྱི་དང་པོ་སྐུའི་དབང་བསྐུར་བ་ནི། གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་གཏོར་མ་སྐུ་གཟུགས་དང་བཅས་པ། བདེ་གཤེགས་ཡོངས་འདུས་གུ་རུ་དྲག་པོ་ཀཱི་ལ་ཡའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་བའི་སྐུ་ལས་བྱིན་རླབས་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་གདོས་བཅས་སུ་འཛིན་པའི་དྲི་མ་དག །སྣང་སྟོང་ཡེ་ཤེས་ལྷའི་སྐུར་གྱུར་པར་མོས། དཔལ་གཏོར་སྤྱི་བོར་བཞག་ལ། ཧཱུྃ༔ སྒྱུ་འཕྲུལ་སྐུ་གཟུགས་བ་ལིཾ་དབང༔ རིགས་ཀྱི་བུ་ལ་བྱིན་འབེབ་ན༔ སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་ནས༔ ཀུན་ཁྱབ་ཀུན་བྱེད་དབང་ཐོབ་ཤོག༔ རྩ་སྔགས་དང་ཧཱུྃ་གསུམ་དང་བདུན་བསྒྲིལ་བརྗོད། དེས་སྐུ་ཕྱག་རྒྱའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་ལྷའི་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ཡིན་པས་དམིགས་པ་འདི་ལྟར་མཛོད། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་དམར་ནག་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ། སློབ་དཔོན་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན་ཏེ་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཞལ་ནས་བརྒྱུད། དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཉི་སྟེང་ཧཱུྃ་དམར་ནག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་མེ་དཔུང་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་འཕྲོས་ནས་ལུས་ཐམས་ཅད་གང་། སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས། འོད་ཟེར་ཕྱིར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་པདྨ་ཧེ་རུ་ཀ །སྒྲ་སྐད་ཐམས་ཅད་ཀཱི་ལ་ཡའི་རང་སྒྲ་འུར་དིར་གྱིས་སྒྲོག་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཕྲེང་བ་སྦྲེལ་ལ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཛྙཱ་ན་བཛྲ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཨ་ཧྲཱིཿཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ལན་གསུམ། ཕྲེང་བ་མགྲིན་པར་བཞག་ལ། དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཧཱུྃ༔ བརྗོད་བྱའི་ཚིག་དབང་གསང་སྔགས་འདི༔ བདེ་གཤེགས་ཀུན་གྱི་ཡང་སྙིང་བཅུད༔ རིགས་ཀྱི་བུ་ལ་བསྟིམས་པ་ཡིས༔ གྲགས་སྟོང་གསུང་དབྱངས་དབང་ཐོབ་ཤོག༔ རྩ་སྔགས་ཧཱུྃ་རྣམས་བརྗོད། དེས་གསུང་སྔགས་ཀྱི་དབང་ཐོབ། ངག་གི་སྒྲིབ་པ་དག །བསྙེན་སྒྲུབ་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་དབང་། འབྲས་བུ་གསུང་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་རིག་པ་རྩལ་གྱི་དབང་བསྐུར་བ་ནི། སྣ་ཚོགས་རྡོ་རྗེ་སྙིང་གར་བཞག་པས་འཁོར་འདས་སྐུ་བཞིའི་ངོ་བོར་གདོད་ནས་རྫོགས་པའི་དུ་མ་རོ་གཅིག་གི་རང་རྩལ་འགག་པ་མེད་པ་ཅིར་ཡང་འཆར་བས་ཕྲིན་ལས་བཞི་སོགས་ལྷུན་གྱིས་གྲུབ་པ་མཚོན་པའི་དོན་དུ་ཤེས་པས་རང་རིག་རང་གསལ་གྱི་ངང་དུ་མཉམ་པར་ཞོག་ཅིག །རྒྱ་གྲམ་སྙིང་གར་གཏུགས་ལ། ཧཱུྃ༔ ཕྲིན་ལས་བཞི་སྒྲུབ་རྒྱ་གྲམ་དབང༔ རིགས་ཀྱི་བུ་ལ་འདི་གཏད་པས༔ རིག་པའི་རྩལ་དབང་ཐོབ་གྱུར་ནས༔ ཀཱི་ལ་ཡ་དང་དབྱེར་མེད་ཤོག༔ རྩ་སྔགས་ཧཱུྃ་རྣམས་བརྗོད། མཐའ་རྟེན་རྩ་བའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་པ་དང་ཐོད་ཁྲག་ལག་གཡས་གཡོན་དུ་གཏད་པས་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་དབང་བསྐུར་ཐོབ་པར་མོས་ཤིག །རྡོ་རྗེ་དང་ཐོད་ཁྲག་ལག་གཡས་གཡོན་དུ་གཏད་ལ། ཧཱུྃ༔ རྡོ་རྗེ་རྩེ་དགུ་ཐོད་ཁྲག་འདི༔ ནམ་ཡང་འབྲལ་མེད་འཆང་བར་བྱ༔ དོན་ལ་རང་རིག་རྩལ་དབང་བརྡ༔ ཐབས་ཤེས་དབྱེར་མེད་དབང་ཐོབ་ཤོག༔ རྩ་སྔགས་ཧཱུྃ་རྣམས་བརྗོད། ཡེ་ཤེས་ཀྱི་རང་བཞིན་འབར་བའི་ཕྱག་མཚན་བཞི་གཏད་ཅིང་མངའ་གསོལ་བས་དུག་གསུམ་དང་གདོན་བགེགས་མ་ལུས་པ་ཚར་བཅད་ཅིང་ཕྱི་ནང་གསང་བའི་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཆེན་བརྙེས་པར་མོས་ཤིག །ཐོ་བ་མེ་དཔུང་གཡས་དང་ལྕགས་སྡིག་ཕུར་བུ་གཡོན་དུ་གཏད་ལ། ཧཱུྃ༔ བདུད་བཞི་ཀུན་བཅོམ་ཐོ་བ་མེ༔ བགེགས་འཇོམས་ལྕགས་ཀྱི་སྡིག་པ་འབར༔ སྐུ་གསུམ་རང་བཞིན་ལྕགས་ཕུར་འདི༔ རིགས་ཀྱི་བུ་ལ་འདི་གཏད་པས༔ ཕྱི་ནང་བར་ཆད་རྡུལ་དུ་རློག༔ དུག་གསུམ་བསྒྲལ་བའི་དབང་ཐོབ་ཤོག༔ རྩ་སྔགས་དང་ཧཱུྃ་གསུམ་དང་བདུན་བསྒྲིལ་གྱི་དབྱངས་བྱ། ཤིས་པ་བརྗོད། དེས་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་རོལ་པའི་རྡོ་རྗེའི་ཟབ་གཏེར་དྲག་པོ་ཁྲོ་རོལ་ཕུར་བུའི་སྒེར་དབང་ཐུན་མོང་མ་ཡིན་པ་ལེགས་པར་གྲུབ་པ་སྟེ། གཞུང་ལས། དབང་བསྐུར་རྒྱས་འབྲིང་བསྡུས་གསུམ་ལས༔ འདི་ནི་བྱིན་རླབས་ཐུགས་ཀྱི་དབང༔ ལན་ཅིག་ཐོབ་པ་ཙམ་གྱིས་ནི༔ སྡིག་སྒྲིབ་དག་ཅིང་བར་ཆད་སེལ༔ ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ༔ བྱང་ཆུབ་མཆོག་གི་ལམ་སྣ་ཟིན༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ཞེས་བསྔགས་པ་ལ་དད་མོས་ཡིད་ཆེས་དང་ལྡན་པས་དམ་ཚིག་ཚུལ་བཞིན་བསྲུང་བ་དང་འདི་ཉིད་ཡི་དམ་གྱི་ལྷར་འཛིན་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་སོགས་དབང་མཇུག་དང་། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ལས་བྱང་རྗེས་ཆོག་རྣམས་གསང་བ་སྤྱི་དང་མཐུན་པར་བྱའོ། །སྙིགས་མས་བསྐྱེད་པའི་གདུག་ཅན་མུན། །མཐུ་སྟོབས་ཉི་ཟེར་འབར་བས་བཅོམ། །ཕན་བདེའི་སྣང་བས་ས་གསུམ་ལ། །རྟག་ཏུ་སྐྱོབ་པའི་བཙས་སུ་ཤོག །སྨིན་བྱེད་འདིའི་རྒྱུན་དཀོན་ཅིང་བཀའི་གཙིགས་སུ་བསྡམས་ཀྱང་ཆོས་རྒྱུན་ལ་ཕན་པར་རེ་བའི་ལྷག་བསམ་བཟང་པོས་གཏེར་མཛོད་རིན་པོ་ཆེའི་དབྱིག་གི་སྙིང་པོ་སྡུད་པའི་སྐབས་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་མཚམས་སྦྱོར་བརྗོད་བདེར་སྤེལ་བ་དགེ་ལེགས་འཕེལ།། །།
རྒྱལ་ཆེན་རྣམ་ཐོས་སྲས་སེར་ཆེན་ལྷ་དགུ་སྤྲིན་གསེབ་མར་གྲགས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ (Volume 50, Text 60)
༄༅། །རྒྱལ་ཆེན་རྣམ་ཐོས་སྲས་སེར་ཆེན་ལྷ་དགུ་སྤྲིན་གསེབ་མར་གྲགས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་བཞུགས་སོ། །བཀའ་གཏེར་གཉིས་ལྡན་ནོ། ། སྭསྟི་བི་ཛ་ཡནྟུ། རིང་བརྒྱུད་བཀའ་མ་དཔལ་ཨོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་དང་། མུ་ཏིག་བཙན་པོ་ཡབ་སྲས་ལ་གནང་ཞིང་། དེ་ནས་ཞང་ལྷ་བཟང་ཀླུ་དཔལ་སོགས་ལས་རིམ་པར་བརྒྱུད་པ་དང་། ཉེ་བརྒྱུད་གཏེར་མ་གཉལ་པ་ཉི་མ་ཤེས་རབ་ཀྱིས་བྱ་རྒོད་གཤོང་ནས་སྐུ་འབག་དང་ལྷན་ཅིག་ཏུ་གཏེར་ནས་བཞེས་ཏེ། སྣུར་ཉི་མ་འོད་ཟེར་སོགས་ལས་བརྒྱུད་པའི་རྣམ་སྲས་སེར་ཆེན་སྤྲིན་གསེབ་མར་གྲགས་པའི་ཆོས་སྐོར་ལ། རྗེས་གནང་གི་ཆོ་ག །ལོ་རྒྱུས་ལྡན་མ་རྩེ་མང་གིས་ཡི་གེར་བཏབ་པ། ཀློང་ཡངས་རིན་ཆེན་གཏེར་གྱི་རྒྱུད་ལས་བསྟན་པའི་སྒྲུབ་ཐབས་དང་བསྟོད་པ་རི་རྒྱལ་ལྷུན་པོ་མ། རྡོ་རྗེ་སྲིད་རྒྱལ་གྱི་སྒོ་ནས་ཉམས་གྲིབ་དང་ནད་དང་བར་ཆད་ཐམས་ཅད་སེལ་བའི་ཆོ་ག །འཇོམས་བྱེད་ཁྱི་མགོ་ཅན་གྱི་སྒོ་ནས་མཚོན་སྲུང་བ། མཛོད་པ་ནོར་བདག་གི་སྒོ་ནས་དངོས་གྲུབ་སྟེར་བ། ཀླུ་མོ་པདྨ་འཛིན་གྱི་སྒོ་ནས་ནོར་སྒྲུབ་པ། ཀུན་ཏུ་རྒྱུ་ནོར་འཛིན་གྱི་སྒོ་ནས་ཟས་ནོར་ལོངས་སྤྱོད་སྒྲུབ་པ། རྡོ་རྗེ་དྲག་པོ་རྩལ་གྱི་སྒོ་ནས་དགྲ་གསད་པ། མཆེ་ཆུག་དྲེད་མགོ་ཅན་གྱི་སྒོ་ནས་མནན་པ་བྱ་བ། འཕྲོག་བྱེད་སྤྲེལ་མགོ་ཅན་གྱི་སྒོ་ནས་ཉེ་འབྱེད་བྱ་བ། གར་དབང་ཁྱུང་མགོ་ཅན་གྱི་སྒོ་ནས་གནོད་སྦྱིན་འདུལ་བ། ཐེག་ཆེན་སྤང་དྲེད་ཀྱི་མགོ་ཅན་གྱི་སྒོ་ནས་སེར་བ་དབབ་པ། དཔའ་བོ་འུག་པའི་མགོ་ཅན་གྱི་སྒོ་ནས་གནས་ནས་སྐྲོད་པ། དེ་དག་གི་དམ་ཚིག་བསྟན་པ་དང་བཅས་པ་རྣམས་ལེགས་པར་བཞུགས་སོ། །སརྦ་མངྒ་ལཾ་བྷ་བ་ཏུ།། །། ༄༅། །བླ་མ་དང་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་རྗེས་གནང་བྱེད་པར་འདོད་པས། སློབ་དཔོན་ཕྱག་རྡོར་དང་རྒྱལ་ཆེན་གྱི་བསྙེན་པ་སྔོན་དུ་སོང་བས། གནས་ཁང་གཙང་ཞིང་དབེན་ལ་ཉམས་དགའ་བར་ཕྱག་དར་དང་རྐྱང་ནུལ་ལེགས་པར་བྱ། བླ་བྲེ་དང་ཡོལ་བ་དགྲམ། རས་བྲིས་ལ་སོགས་རྟེན་དགྲམ། ལས་དང་མཐུན་པའི་ས་བཟང་པོ་ལས་སྟེགས་དྲི་བཟང་པོའི་ཆག་ཆག་དང་ལྡན་པའི་སྟེང་དུ། པདྨ་འདབ་བརྒྱད་དམ་དཀྱིལ་འཁོར་སྒོ་རྟ་བབས་འཁོར་ས་རིམ་པ་གསུམ་དང་ལྡན་པ་མངོན་རྟོགས་བཞིན་བྲི། པདྨ་འདབ་མ་བཞིའམ་ཚོམ་བུའི་སྟེང་དུ་བུམ་པ་བུམ་རྫས་ཚང་མ་མགུལ་ཆིངས་ཁ་རྒྱན་དང་བཅས་པའི་སྟེང་དུ་དུང་ཆོས་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཤམ། དཀྱིལ་འཁོར་པདྨ་འདབ་བརྒྱད་ཀྱི་དབུས་སུ་འབྲུ་སྣ་ཚོགས་སམ་ནས་རྗེན་འཐག་བྱས་པའི་ཕྱེ་ལ་རིན་པོ་ཆེ་བརྡར། གཏོར་མ་རི་རབ་མ་བྱས་པའི་ཕྱག་ལེན་ལྟར་བཤམས་པའི་ཐ་མར་གསེར་དངུལ་གོས་དར་གོ་མཚོན་ཇ་རས་སྟག་གཟིག་ལ་སོགས་སྤྱན་གཟིགས་སྣ་ཚོགས་བཤམ། བླ་མ་ཡི་དམ་གཞི་བདག་ལ་སོགས་པའི་གཏོར་མ་དང་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ་བཤམ། དེ་ནས་སློབ་དཔོན་ཁྲུས་བྱས། གོས་གསར་པ་གྱོན། སྟན་བཟང་པོ་ལ་འདུག་སྟེ། སྔོན་འགྲོ་གཏོར་མ་བཏང་། མཆོད་པ་བྱིན་རླབས་བྱ། ཕྱག་རྡོར་གྱི་མངོན་རྟོགས་བཟླས་པའི་བར་དུ་བྱ། བུམ་པར་ཕྱག་རྡོར་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་གཞུག །དབང་བསྐུར། རིགས་བདག་གི་རྒྱས་གདབ། མཆོད་བསྟོད། བདག་གི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་། བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་ལ་བཟླས་ཤིང་ལྷ་བདུད་རྩིར་ཞུ་བར་བསམ་མོ། །དེ་ནས་གཏོར་མ་དཀྱིལ་འཁོར་དང་བཅས་པ་ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་གཞལ་ཡས་ཁང་ཁང་བརྩེགས་དང་བཅས་པའི་སྟེང་དུ་བླ་མ། བར་དུ་ཕྱག་རྡོར། འོག་ན་རྒྱལ་ཆེན། ཕྱོགས་མཚམས་ཀྱི་ཁང་བརྩེགས་རྣམས་སུ་རྟ་བདག་བརྒྱད། འཁོར་ས་རྣམས་སུ་ལྷ་མ་སྲིན་སྡེ་བརྒྱད་དང་གནོད་སྦྱིན་བྱེ་བའི་ཚོགས་རྣམས་གཏོར་ཆོག་བཞིན་བསྐྱེད། སྤྱན་འདྲེན་དགུག་གཞུག་རྒྱས་གདབ་མཆོད་བསྟོད་གཏོར་མ་འབུལ་བའི་བར་བྱ། གཙོ་འཁོར་གྱི་བཟླས་པ་ཅི་འགྲུབ་བྱའོ། །དེ་ནས་སློབ་མས་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །གསང་བདག་གཙོ་འཁོར་དེང་བདག་སྩོལ། །ཅེས་ལན་གསུམ་མཎྜལ་སྔོན་དུ་འགྲོ་བས་བརྗོད་དོ། །དེ་ནས་བླ་མས་བུམ་པ་སྤྱི་བོར་བཞག་ནས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་བྱུང་ཞིང་། །ཡེ་ཤེས་དམ་ཚིག་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །བདག་གིས་མངོན་པར་དབང་བསྐུར་རོ། །ཨོཾ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་ཏུ་མཱཾ། བུམ་པའི་ཆུ་ལྷའི་ངོ་བོ་དེ་སློབ་མའི་ལུས་ལ་བསྟིམ་མོ། །དེ་ནས། སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །དབུ་རྒྱན་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱཾ། དབུ་རྒྱན་བསྐོན། དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་བསྐྱེད་པའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་བསམ། བླ་མའི་ཐུགས་ཀ་ནས་སྔགས་ཞལ་ནས་འཐོན། སློབ་མའི་ཁ་ནས་ཞུགས། སྙིང་གའི་ཧཱུྃ་གི་མཐའ་མར་ལན་གསུམ་འཁོར་བར་དམིགས་ལ་རྗེས་ཟློས་ལན་གསུམ་བྱ། སྔགས་བདག་བདག་ལ་བསྩལ་ལགས་ཀྱིས། །སྔགས་བདག་བདག་ལ་བྱིན་གྱིས་རློབས། །སློབ་དཔོན་གྱིས། འདི་ལ་བསྩལ་ལགས་ཀྱིས། འདི་ལ་བྱིན་གྱིས་རློབས། ཞེས་བརྗོད་ལ་མེ་ཏོག་དོར་རོ། །དེ་ནས་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་གཏོར་མ་ཆེན་པོ་མགོ་ཐོག་ཏུ་བཞག་ནས། རྒྱལ་ཆེན་འཁོར་དང་བཅས་པ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་བརྒྱ་སྟོང་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་ལུས་ལ་ཐིམ་པར་བསྒོམ་ཞིང་སྔགས་རྣམས་བརྗོད་ཅིང་སྤོས་དཀར་ནག་གི་དུད་པ་དང་རོལ་མོ་བྱའོ། །དེང་ནས་གཟུང་སྟེ་བུ་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་རྣམས་བསྒོམས་པ་དང་བཟླས་པའི་སྒོ་ནས་ཡི་དམ་ཆོས་སྐྱོང་གི་གཙོ་བོར་ཟུངས་ཤིག །ཅེས་བརྗོད་དོ། །དེ་ནས་རྒྱལ་མཚན་ལག་ཏུ་གཏད་པའམ་གཏད་པར་མོས་ལ། རིན་ཆེན་རྒྱལ་མཚན་ནོར་བུའི་ཏོག་གིས་སྤྲས། །བདུད་ཀྱི་དགྲ་ལས་རྒྱལ་བའི་རྒྱལ་མཚན་འདི། །བསྟན་པ་རྒྱས་པར་བསྲུང་ཕྱིར་གཏད་པར་བྱ། །མི་མཐུན་ཕྱོགས་ལས་རྒྱལ་ཕྱིར་གཟུང་བར་གྱིས། །རིན་ཆེན་དུ་མའི་གཏེར་གྱི་ནེའུ་ལེ་འདི། །བསམ་འཕེལ་ཡིད་བཞིན་ནོར་བུ་དུ་མའི་གཏེར། །འགྲོ་ཀུན་ཕོངས་པའི་སྡུག་བསྔལ་བསལ་བའི་ཕྱིར། །སྐལ་ལྡན་ཁྱོད་ཀྱིས་ཟུངས་ལ་སྤྱད་པར་གྱིས། །ཞེས་ཕྱག་མཚན་གྱི་རྗེས་གནང་སྦྱིན་ནོ། །དེང་ནས་གཟུང་དུས་ཐམས་ཅད་དུ་མཆོད་གཏོར་ལ་བརྩོན་པ་དང་། ཇི་ལྟར་བཤད་པའི་དམ་ཚིག་རྣམས་བསྲུང་བ་ལ་བརྩོན་པར་གྱིས་ཤིག་ཅེས་བརྗོད། རྗེས་གནང་རྫོགས་སོ།། ༈ །།སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་མུ་ཏིག་བཙན་པོ་དགུང་ལོ་ཉི་ཤུ་རྩ་ལྔ་ལོན་པའི་དུས་སུ་བྱང་ཕྱོགས་ཀྱི་དམག་དཔོན་ལ་བསྐོས་ནས་གཏང་བའི་ཚེ། ཨོ་རྒྱན་པདྨ་འབྱུང་གནས་དང་། བོ་དྷི་སཏྭ་དང་། བི་མ་ལ་མི་ཏྲ་དང་། ཀ་མ་ལ་ཤཱི་ལ་དང་། གུ་རུའི་ཐུགས་ཀྱི་སྲས་བརྒྱད། བླ་མཆོད་བརྒྱ་ལྔ་བཅུ་རྣམས་བསམ་ཡས་དབུ་རྩེ་ཆེན་མོའི་བར་ཁང་དུ་གདན་དྲངས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། བར་ཁང་གི་ལྷ་ཁང་གི་མདོར་གཏོར་ཚོགས་ཆེན་པོ་བཤམས་ནས། མུ་ཏིག་བཙན་པོས་ཡབ་དང་བླ་མཆོད་རྣམས་ལ་འདི་སྐད་ཅེས་གསོལ་བ་བཏབ་ནས་ཞུས་སོ། །བདག་བྱང་ཕྱོགས་སུ་གིང་ཤིང་གི་ཡུལ་ཁམས། ཁྲི་དན་རྒྱ་དང་། ཕྱོགས་ཐམས་ཅད་དུ་དམག་དཔོན་ལ་བསྐོས་ནས་གཏོང་བར་གདའ་བས། བདག་དང་དམག་སྡེ་ཐམས་ཅད་ལ་ཚེ་སྲོག་ལ་བར་ཆད་མེད་པ་དང་། ཕྱོགས་ཀྱི་སོ་ཁ་ཐམས་ཅད་ཐུལ་ནས་ཡབ་རྒྱལ་པོའི་ཐུགས་དགོངས་ཐམས་ཅད་ཡོངས་སུ་རྫོགས་པར་སྒྲུབ་པའི་ཐབས་དང་། ཕྱོགས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཆེན་པོ་འབྱུང་བའི་རྟེན་འབྲེལ་རྒྱ་ཆེན་པོ་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཡབ་རྒྱལ་པོས་ཐོག་དྲངས་པའི་དེར་ཚོགས་པ་ཐམས་ཅད་ཀྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་གསོལ་བ་བཏབ་ནས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། རྒྱལ་བུ་འདིས་གསོལ་བ་ཇི་ལྟར་བཏབ་པ་བཞིན་ཐུགས་ཀྱིས་དགོངས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་ཞུས་སོ། །དེ་ནས་སློབ་དཔོན་གྱི་ཞལ་ནས་རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དགོངས་རྫོགས་པར་བྱ་བའི་དོན་དུ་འདི་ལྟར་བྱའོ་གསུངས་ནས། མདུན་གྱི་ནམ་མཁའ་ལ་སངས་རྒྱས་ཀྱི་བསྟན་པ་སྐྱོང་བར་བྱེད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་། འཁོར་གནོད་སྦྱིན་རྟ་བདག་བརྒྱད་དང་། ལས་སྒྲུབ་པར་བྱེད་པའི་མགོ་བརྙན་སྣ་ཚོགས་ཡོད་པའི་གནོད་སྦྱིན་གྱི་ཚོགས་ནམ་མཁའ་གང་བ་དང་བཅས་པ་སྤྲིན་གྱི་གསེབ་ཏུ་སྤྱན་དྲངས། རྒྱལ་པོ་ཡབ་སྲས་འཁོར་དང་བཅས་པ་ལ་ཞལ་མངོན་སུམ་དུ་བསྟན། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་ཕྲོགས་དམ་ལ་བཏགས་ནས་རྒྱལ་བུ་འདིའི་ལུས་དང་གྲིབ་མ་བཞིན་དུ་འབྲངས་ལ། བདག་གིས་ཇི་ལྟར་བསྒོས་པ་བཞིན་དུ་ཕྲིན་ལས་མཛོད་ཅིག་ཅེས་བྱས་སོ། །དེའི་དུས་སུ་སྤྲུལ་པའི་ལྷ་བཟོ་མཐའ་མི་མགོན་བཙུན་ཞེས་བྱ་བས་རྒྱལ་བུ་ཡབ་སྲས་ཀྱིས་ཞལ་ཇི་ལྟར་གཟིགས་པ་བཞིན་དུ་འཕྱར་དར་ཆེན་པོ་འདི་རི་མོར་བྲིས་སོ། །དེ་ནས་སློབ་དཔོན་པདྨ་ལ་སོགས་པའི་བླ་མཆོད་རྣམས་ཀྱིས་རབ་ཏུ་གནས་པར་མཛད། རྒྱལ་ཆེན་རྣམ་ཐོས་སྲས་འཁོར་བཅས་དངོས་སུ་མངའ་གསོལ་ནས་རྒྱལ་བུའི་ཐུགས་དགོངས་ཇི་ལྟར་བཞེད་པ་བཞིན་ཐམས་ཅད་སྒྲུབ་པར་ཁས་བླངས། རྒྱལ་པོའི་བླ་དར་མཛད་པར་དམ་ལ་བཏགས་སོ། །དེ་ནས་ཡབ་རྒྱལ་པོས་ཕྱོགས་ཐམས་ཅད་དུ་ཕོ་ཉ་བཏང་། ཟླ་བ་དང་ཚེས་གྲངས་ཀྱི་དུས་ཚིགས་བོར་ཏེ་མངའ་འོག་གི་དམག་ཐམས་ཅད་བསྡུས་ནས་ཁམས་ཀྱི་དབྱར་མོ་ཐང་དུ་ཚོགས་ཤིག་ཅེས་དུས་བྱས་སོ། །དེ་ནས་མུ་ཁྲི་བཙད་པོས་མེ་སྒྱོགས་དང་ཆུ་སྒྱོགས་ལ་སོགས་དམག་ཆས་ཏེ་དབྱར་མོ་ཐང་དུ་བྱོན་ནས། ནང་བློན་ཆེན་པོ་ཞང་ལྷ་བཟང་དང་ཀླུ་དཔལ་གྱིས་གཙོ་བྱས་དམག་ཐམས་ཅད་ཚོགས་པའི་དུས་དེར་རྒྱ་ཟམ་ཆེན་པོ་གཅིག་གི་སྔས་སུ་ལྕགས་ཕག་གི་དེའུ་བརྩིགས་ཏེ་དེའི་སྟེང་དུ་རྒྱལ་བུ་བཞུགས། བླ་དར་ཆེན་པོ་འདི་འཕྱར། ནང་བློན་ཆེན་པོ་རྣམས་ཀྱིས་རྒྱ་ཟམ་དེ་ལ་དམག་རྣམས་བཤར་ནས་གྲངས་ལ་བཏབ་པའི་དུས་སུ་ཤར་ཕྱོགས་བྱ་ཁྲའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་ལུས་པོ་མི་ལ་མགོ་བོ་བྱ་ཁྲའི་གདོང་པ་ཡོད་པ། དར་རེའི་ཤུལ་ལ་ཁྲི་ཚོ་བགྲངས་པ་དར་ཚོ་དགུ་བྱུང་། ལྷོ་ཕྱོགས་གྲུལ་བུམ་གྱི་ཀོང་ཙེའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་རོ་སྟོད་མི་ལ་རྟ་བོང་གི་རྐང་སུག་ཡོད་པ་དར་རེའི་རྗེས་སུ་ཁྲི་ཚོ་བགྲངས་པས་དར་ཚོ་བཅུ་བྱུང་། ནུབ་ཕྱོགས་བྱི་ལའི་མཇུག་མ་ཅན་གྱི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་མིའི་ལུས་ལ་བྱི་ལའི་མཇུག་མ་ཅན་གཅེར་བུ་ཀོ་བའི་ཕུབ་ཁུར་བ། ལག་ཏུ་སྨྱུག་གཤག་གི་མདུང་ཐོགས་པ་དར་རེའི་ཕྱིར་ཁྲི་ཚོ་རེ་བགྲངས་པ་དར་ཚོ་བཅུ་གཉིས་བྱུང་། བྱང་ཕྱོགས་རྣ་བོ་ཆེ་བོང་བུའི་རྒྱལ་ཁམས་ནས་ཡོང་བ་ཡིན་ཟེར་བ་ལུས་མི་ལ་རྣ་བ་བོང་བུར་ཡོད་པ་དར་རེའི་ཕྱིར་ཁྲི་ཚོ་རེ་བགྲངས་པས་དར་ཚོ་བཅུ་གསུམ་བྱུང་། དེ་རྣམས་མཐོང་བའི་དུས་སུ་རྒྱལ་བུ་གད་མོ་ཤོར་བས་ནང་བློན་ཆེན་པོ་ཞང་ལྷ་བཟང་ཀླུ་དཔལ་གྱིས་གཙོ་བྱས་པའི་དམག་རྣམས་ན་རེ། རྟེན་འབྲེལ་ཤིན་ཏུ་བཟང་། དགྲ་ཐམས་ཅད་ཕྱོགས་ཐམས་ཅད་དུ་ཐུལ་ནས་འགྲོ་བར་འདུག་གསུངས། དེ་ནས་གྲུ་གུ་དང་རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་བཅོམ། ཧོར་གྱི་སྒོམ་གྲ་བར་མ་བཅོམ་ནས་བ་སོའི་ལྷ་ཁང་དང་ཤིང་དུང་དཀར་པོ་རྒྱང་གྲགས་དང་ཆ་ལང་དང་གྲོ་རྡོག་ལ་སོགས་པ་དཀོར་ཆས་ཐམས་ཅད་ཁྱེར། རྒྱལ་པོ་པེ་དཀར་གྱི་སྐུ་དང་འཆམས་སྐུ་བསེ་འབག་དམར་པོ་གདན་དྲངས། དམག་རྫས་ཆེན་པོ་དང་བཅས་རྒྱལ་པོ་ཡར་བྱོན་པའི་དུས་སུ་དམག་དཔོན་རྣམས་ཀྱིས་ནང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་སྡེ་དང་བཅས་པ་ཁྲི་དན་འདུལ་བ་ལ་བསྐོས་སོ། །རྒྱལ་བུ་ཡར་བྱོན་ཏེ་ཕྱག་རྫས་རྣམས་ཡབ་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་དགུང་ལོ་སུམ་ཅུ་སོ་ལྔ་ལ་མཆིམས་ཕུ་བྲག་དམར་གེ་གོང་དུ་སློབ་དཔོན་ཆེན་པོ་པདྨའི་སྤྱན་སྔར་སྡིག་པ་ཐམས་ཅད་བཤགས། རྡོ་རྗེ་གཞོན་ནུའི་དབང་དང་མན་ངག་གི་ངོ་སྤྲོད་ཞུས་ཏེ་ཉམས་སུ་བླངས་པ་ལས་རྡོ་རྗེ་གཞོན་ནུའི་ཞལ་གཟིགས། རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དགོངས་མཐར་ཕྱིན་ནས་རྒྱལ་ཁམས་བདེ་བ་ལ་བཀོད་དོ། །ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་སྤྲིན་གསེབ་མའི་བྱུང་ལུགས་དང་སོ་ཁ་ཐམས་ཅད་མུ་ཏིག་བཙན་པོས་བཏུལ་བའི་ལོ་རྒྱུས་ལྡན་མ་རྩེ་མང་གིས་ཡི་གེར་བཏབ་པ་རྫོགས་སོ།། །། ༄༅། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདག་འདྲ་པདྨ་འབྱུང་གནས་ཀྱིས། །ཀློང་ཡངས་རིན་ཆེན་གཏེར་རྒྱུད་ལས། །རྣམ་སྲས་སྒྲུབ་ཐབས་བསྟན་པ་ནི། །ཕྱི་རབས་སྔགས་འཆང་སྒྲུབ་པོ་ལ། །གནོད་སྦྱིན་འཁོར་བཅས་སྒྲུབ་ཐབས་བཤད། །གཞན་དོན་ལ་དམིགས་རྣལ་འབྱོར་པས། །དབེན་གནས་གསང་མཛོད་སྒྲུབ་ཁང་དུ། །ཕྱུག་པོ་བཅུ་གསུམ་ཞིང་ས་དང་། །རྒྱལ་པོའི་ཕོ་བྲང་བཅུ་གསུམ་ས། །བཀྲ་ཤིས་སྡེ་པ་བཅུ་གསུམ་ས། །བླངས་ལ་མཎྜལ་གྲུ་བཞིར་བརྩིགས། །དེ་ཡི་སྟེང་དུ་གནོད་སྦྱིན་རྟེན། །སྔར་གྱི་ས་སྣ་ཅི་རིགས་དང་། །རྫ་སས་གཞི་བླང་སྨན་སྣ་གདབ། །རིན་ཆེན་ལྔ་ཡི་ཕྱེ་མ་དང་། །ཆུ་སྣས་སྦྲུས་ལ་རི་རབ་བརྩིགས། །བང་རིམ་བཞི་པ་ལྕོག་དང་ཏོག །རིན་ཆེན་རྒྱན་ལྡན་ཁ་དོག་ཕྱེད། །ནང་དུ་ཕོ་བྲང་སྒོ་གཅིག་པ། །གདན་ལ་པདྨ་འདབ་མ་བརྒྱད། །དེ་ཡི་སྟེང་དུ་ནེའུ་ལེ་ཡི། །ཐོད་པ་བླ་རྡོའི་སྟེང་དག་ན། །སྨན་སྣ་འབྲུ་སྣ་དར་ཟབ་སྣ། །བླ་རྡོ་འཁོར་ལོ་བཅས་པར་གཞུག །དེ་ཡི་དབུས་དང་ཕྱོགས་མཚམས་སུ། །གནོད་སྦྱིན་དཔོན་གཡོག་སྐུ་རྟེན་དགྲམ། །སྟེང་དུ་ཏོག་ལ་ནོར་བུ་གཟུག །ལྕོག་བཞི་དུང་དང་ནོར་བུ་དང་། །རྒྱལ་ཆེན་འཁོར་ལོས་མཚན་པར་བྱ། །རི་རབ་དེ་ཡི་མཐའ་མ་རུ། །གླིང་བཞི་གླིང་ཕྲན་ལྕགས་རིས་བསྐོར། །གླིང་བཞི་རིན་ཆེན་གཏེར་བུམ་དང་། །དཔག་བསམ་ཤིང་དང་འདོད་འཇོའི་བ། །འདོད་ཡོན་ལྔ་དང་མཆོད་པའི་ཚོགས། །གཏོར་མ་བཤོས་བུ་བཅས་པས་བསྐོར། །དེ་ནས་ཏིང་འཛིན་རིམ་པ་ནི། །སྐྱབས་སུ་འགྲོ་དང་སེམས་བསྐྱེད་དང་། །ཡན་ལག་བདུན་པས་ཚོགས་བསགས་ལ། །དོན་དམ་སྟོང་ཉིད་ངང་ལས་ནི། །རི་རབ་གཞལ་ཡས་ཁང་གི་ནང་། །གཞལ་ཡས་པདྨ་འདབ་བརྒྱད་ན། །ཉི་ཟླའི་གདན་སྟེང་ཧཱུྃ་མཐིང་ལས། །འོད་ཟེར་སྤྲོ་བསྡུས་རྡོ་རྗེར་གྱུར། །དེ་ལས་རང་ཉིད་ཕྱག་རྡོར་ནི། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །དྲེགས་པ་དབང་དུ་སྡུད་པར་བྱེད། །དེ་ཡི་མདུན་དུ་སེང་ཁྲིའི་སྟེང་། །བཻ་ལས་འོད་ཟེར་འཕྲོ་འདུ་ལས། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །རིན་ཆེན་ཅོད་པན་རྣ་རྒྱན་དང་། །མགུལ་རྒྱན་དང་ནི་དོ་ཤལ་དང་། །དཔུང་རྒྱན་ལག་གདུབ་ཕྲེང་བ་ཅན། །ཞལ་ནས་རིན་ཆེན་ཆར་པ་འབེབ། །ཉི་མ་ཟླ་བ་གཡས་གཡོན་མཛེས། །གསུས་ཁྱིམ་ཆེ་ལ་སྐྱིལ་ཀྲུང་བཞུགས། །དེ་མདུན་ཛཾ་ལས་ཛཾ་བྷ་ལ། །སེར་པོ་རིན་ཆེན་ཐོགས་པར་བསྐྱེད། །གཡས་སུ་གང་བ་བཟང་པོ་སེར། །རྒྱལ་མཚན་བུམ་པ་ཐོགས་པར་བསྐྱེད། །གཡོན་དུ་ཀུ་བེ་ར་ནག་པོ། །གོས་ནག་གོན་ནས་དར་ནག་ཐོགས། །རྒྱབ་ཏུ་ནོར་བུ་བཟང་པོ་དཀར། །རིན་ཆེན་འབར་བ་ལག་ན་ཐོགས། །ཤར་ལྷོར་གནོད་སྦྱིན་ཡང་དག་ཤེས། །སེར་པོ་རལ་གྲི་ཐོགས་པར་བསྐྱེད། །ལྷོ་ནུབ་འབྲོག་གནས་ནག་པོ་ནི། །དར་མདུང་ལག་ན་ཐོགས་པར་བསྐྱེད། །ནུབ་བྱང་ལྔས་རྩེན་སེར་སྐྱ་ལ། །ལག་ན་ཁང་བུ་བརྩེགས་པ་ཐོགས། །བྱང་ཤར་པི་ཙི་ཀུཎྜ་དཀར། །ལག་ན་གྲི་དང་ཕུབ་ཀྱང་ཐོགས། །ཀུན་ཀྱང་གཡོན་ན་ནེའུ་ལེ་བསྣམས། །རིན་ཆེན་རྒྱན་ལྡན་རྟ་ལ་འཆིབས། །འཁོར་ནི་གནོད་སྦྱིན་བྱེ་བས་བསྐོར། །བཀའ་ཉན་དངོས་གྲུབ་སྟེར་བར་བསྐྱེད། །དེ་ནས་རོལ་མོའི་སྒྲ་བཅས་པས། ཧཱུྃ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས། །འཁོར་ནི་གནོད་སྦྱིན་ཚོགས་དང་བཅས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་ས་པ་རི་ཝཱ་ར་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཞེས་པས་སྤྱན་དྲང་། ཧཱུྃ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དད་པའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ན་མཿ ཧཱུྃ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་དང་བྱུག་པ་མཆོད་པའི་སྤྲིན། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པས་མཆོད། ཨརྒྷཾ། པཱ་དྱཾ། ཨཉྩ་མ་ནཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་པ་དབུལ། བསྟོད་པ་བྱ། རྡོ་རྗེ་རིན་ཆེན་པདྨ་རལ་གྲི་འཁོར་ལོའི་སྔགས་དང་ཕྱག་རྒྱས་དབང་བསྐུར། ཅོད་པན་ན་བཟའ་གསོལ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །གཏོར་སྣོད་རིན་ཆེན་ཁང་པ་ཆེ། །རྒྱ་ཁྱོན་དཔག་མེད་བྱིན་བརླབས་ནས། ཨོཾ་ཨ་ཀཱ་རོ་ནས། ཨོཾ་ཨཱཿཧཱུྃ། ཞེས་ལན་བདུན་བཟླས་པས་བདུད་རྩིར་བསྒྱུར། རྩ་བའི་སྔགས་འདིས་དབུལ། མ་ཧཱ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་དབུལ་ལོ། །ཨོཾ་བཻ་སྭཱ་ཧཱ། སྙིང་པོ་འོ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཉེ་བའི་སྙིང་པོ་འོ། །དེ་ལྟར་རྣམ་གཉིས་གསང་སྔགས་ལ། །འབུམ་ཚོ་གཅིག་ནས་བཅུ་ཡི་བར། །རྙེད་པ་འགྲུབ་པའི་བསྙེན་པ་བྱ། །འབུམ་ཕྲག་གཅིག་གིས་གནས་ཁང་གཡོ། །གཉིས་ཀྱིས་ས་གཡོ་གསུམ་གྱིས་སྲེག །བཞི་ཡིས་ཟས་རྙེད་ལྔ་ཡིས་ནོར། །དྲུག་གིས་འཁོར་རྙེད་བདུན་གྱིས་རིགས། །བརྒྱད་ཀྱིས་ཚེ་འགྲུབ་དགུས་བཅུད་ལེན། །བཅུ་ཡིས་མངོན་པར་ཤེས་པ་འགྲུབ། །དེ་ནས་སྒྲུབ་པ་བྱེད་དུས་གཙོ་བོ་ལ་འཁོར་གྱི་སྙིང་པོ་བཏགས་ལ་བཟླས་པའོ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་ས་པ་རི་བཱ་ར་ས་མཱ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨཱ་ཀརྵ་ཡ་ཛཿ ཨོཾ་ཛམྦྷ་ལ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཱཉྩི་ཀཿཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ། ཞེས་འབུམ་ཕྲག་བཞི་བཅུ་བཟླ་འོ། །རྟགས་ནི་བྱིས་པ་གཞོན་ནུ་དང་། །དགེ་སློང་སློབ་དཔོན་མི་ཆེན་དང་། །རྟ་པ་ཞུབ་ཅན་དར་དང་གདུགས། །སེང་གེ་རྒྱལ་པོ་དངོས་སུ་མཐོང་། །དེ་བྱུང་དངོས་གྲུབ་ལས་སྔགས་གདགས། །ཨོཾ་སིདྡྷི་མ་ཧཱ་སིདྡྷི་སྡུས་སྡུས་སྭཱ་ཧཱ། ཞེས་པ་གཙོ་འཁོར་སྔགས་ལ་གདགས། །གྲུབ་རྟགས་དར་ཕྱར་དུང་འབུད་དང་། །ཤིང་ཏོག་མེ་ཏོག་འཐུ་བ་དང་། །གཏེར་རྙེད་ཟས་ནོར་འདུ་བ་ཡིན། །དེ་དུས་མཆོད་འབུལ་དངོས་གྲུབ་བླང་། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ། །གསང་རྟེན་ནེའུ་ལེའི་ཐོད་པ་དང་། །དར་གྱིས་དྲིལ་ལ་མཆན་ཁུང་ཐོགས། །ལོངས་སྤྱོད་གཏེར་གྱི་དངོས་གྲུབ་ཐོབ། །ཅི་བསམ་ཡིད་བཞིན་འགྲུབ་པར་འགྱུར། །གལ་ཏེ་བསྒྲུབས་ཀྱང་མ་གྲུབ་ན། །གསང་རྟེན་ཐོད་པ་ལུས་ལ་བཅང་། །གཙོ་བོའི་གཟུངས་རིང་སྙིང་པོ་ལ། །འཁོར་གྱི་སྙིང་པོ་ཤམ་བུ་ཅན། །ཐམས་ཅད་སྦྲེལ་བཟླས་གཏོར་མ་དབུལ། །གསོལ་བ་བཏབ་བྱས་འགྲུབ་པར་འགྱུར། །ཀློང་ཡངས་རིན་ཆེན་གཏེར་གྱི་སྒྲུབ་པ་འདི། །བདག་འདྲ་པདྨ་འབྱུང་གནས་ཀྱིས། །ཕྱི་རབས་དོན་དུ་གཏེར་དུ་སྦས། །སྐལ་ལྡན་གཅིག་དང་འཕྲད་པར་ཤོག། །། ༄། །བསྟོད་པ་བྱ་བ་ནི། བཻ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་མཛེས་པའི་ཕོ་བྲང་ཆེན་པོ་ནི། །ཤར་ཕྱོགས་ཤེལ་ལས་གྲུབ་པ་དཀར་ཞིང་འཚེར། །ལྷོ་ཕྱོགས་བཻ་ཌཱུརྻ་སྟེ་མཐིང་ཞིང་འཚེར། །ནུབ་ཕྱོགས་པདྨ་རཱ་ག་དམར་ཞིང་དྭངས། །བྱང་ཕྱོགས་གསེར་ལས་གྲུབ་པ་གསལ་ཞིང་མཛེས། །བླ་གོར་རྡོ་ལ་གསེར་གྱི་པ་ཏྲས་སྤྲས། ཁང་བཟང་ལྕོག་བཞི་རིན་ཆེན་རྒྱལ་མཚན་བཙུགས། །རིན་ཆེན་ཕོ་བྲང་ལོངས་སྤྱོད་འདོད་ཡོན་ལྡན། །རིན་ཆེན་སེང་སྟེང་པཉྩ་ལི་ཀའི་གདན། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །ཉི་མ་སྤྲིན་བྲལ་འོད་མདངས་ཅན། །དར་དང་ཟ་འོག་ན་བཟའ་གསོལ། །དབུ་ལ་རིན་ཆེན་པྲོག་ཞུ་བསྣམས། །ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན། །གཡོན་པ་གཏེར་གྱི་ནེའུ་ལེ་བསྣམས། །ཞལ་ནས་རིན་ཆེན་ཆར་པ་འབེབ། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །ལྷ་ཡི་སེང་གེའི་གདན་ལ་བཞུགས། །རིན་ཆེན་ཕྲེང་བས་རབ་བརྒྱན་ཅིང་། །ནམ་མཁའ་མཛོད་ལ་མངའ་བརྙེས་ཏེ། །ཡིད་བཞིན་རེ་སྐོང་རྣམ་ཐོས་བུ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ཁ་དོག་ལྡན་ཞིང་གྲགས་དང་ལྡན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །གཞན་གྱི་དཔུང་རྣམས་རབ་ཏུ་འཇོམས། །གཞན་གྱིས་མི་ཐུབ་དགྲ་རྣམས་འཇོམས། །ལྷ་མིན་གཡུལ་རྣམས་ཕམ་པར་མཛད། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཛམ་བྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་བསྟོད། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །རྒྱལ་མཚན་བུམ་པ་བསྣམས་ལ་བསྟོད། །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །ནོར་བུ་བསྣམས་ལ་ཕྱག་འཚལ་བསྟོད། །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །དར་ནག་བསྣམས་ལ་ཕྱག་འཚལ་བསྟོད། །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །གསེར་གྲི་བསྣམས་ལ་ཕྱག་འཚལ་བསྟོད། །འབྲོག་གནས་ནག་པོ་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །དར་མདུང་ཐོགས་ལ་ཕྱག་འཚལ་བསྟོད། །ལྔས་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། ཁང་བརྩེགས་བསྣམས་ལ་ཕྱག་འཚལ་བསྟོད། །པི་ཙི་ཀུཎྜ་ལཱི་ནི་སྐུ་མདོག་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །གྲི་ཕུབ་བསྣམས་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་བྱེ་བའི་ཚོགས་རྣམས་ནི། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་འཛིན། །གཡས་ན་མཚོན་ཆ་སྣ་ཚོགས་བསྣམས། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་འཁོར་བཅས་ཐམས་ཅད་ཀྱིས། ཁམས་གསུམ་ཐམས་ཅད་དབང་དུ་བྱེད། ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །ནོར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །བཻ། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །གཏོར་མ་ཕུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ལ། །བུ་སྡུག་བཞིན་དུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་དང་། །ལོག་པར་ཞུགས་པའི་དགྲ་ཚོགས་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་དྲག་པོ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། ཅེས་གཏོར་མ་དབུལ་ལོ།། །། ༄༅། །རྡོ་རྗེ་སྲིད་རྒྱལ་སྒྲུབ་ཐབས་ལ། །ས་གཙང་ཡིད་དུ་འོང་བ་རུ། །རས་སམ་སྣམ་བུ་དཀར་པོའི་སྟེང་། །ནས་ཀྱི་ཚོམ་སྟེང་བུམ་གཙང་དུ། །ཆུ་གཙང་བླུགས་ལ་སྤོས་དང་སྨན། །དྲི་བཟང་བཀང་བས་བུམ་པ་བརྒྱན། །བདག་ཉིད་ཡི་དམ་ལྷར་བསྒོམས་ལ། །མདུན་དུ་རྡོ་རྗེ་སྲིད་རྒྱལ་གཡས་ཐོ་ལུམ་གཡོན་རལ་གྲི་བཏགས་པ། རྒྱལ་ཆེན་གྱི་ཆ་ལུགས་ཅན་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཁྲོ་ཞིང་ཅུང་ཟད་འཛུམ་པ། མཁོན་གྲིབ་མི་གཙང་བ་སེལ་བ། ནད་གདོན་ཐམས་ཅད་སྲུང་བར་བསྐྱེད་ལ། དག་བྱེད་སྔགས་འདི་བཟླ། ཨོཾ་ཨ་ཤི་པ་ལ། བཛྲ་པཱ་ཎི་ཧཱུྃ། བཛྲ་པྲ་ཛ་ལ། པྲ་ཏི་པ་ཏི་ཨཱཿཧཱུྃ། མཎྜ་ལ། པྲ་ས་ཡ་དྷ་ན། ཤོ་དྷེ་ཡ། ས་བི་བཛྲ་ར་བཛྲ་གྲོ་ག་ཕྲ་ན་མ་ཎི། ཤོ་དྷ་ཡ། ཤོ་དྷ་ཡ། སརྦ་རོ་ན་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བརྒྱ་སྟོང་ཉི་ཤུ་རྩ་གཅིག་གང་རུང་བཟླས། དུས་གསུམ་དུ་ཁྲུས་བྱའོ། །དམ་ཚིག་ཉམས་པ་དང་། གྲིབ་ཕོག་པ་དང་། ལུས་ཀྱི་ནད་དང་། མགོ་ནད་དང་བར་ཆད་ཇི་སྙེད་ཐམས་ཅད་སེལ་བར་བྱེད། ཆོས་བྱེད་པའི་མི་མཐུན་ཕྱོགས་གྲིབ་ཐམས་ཅད་སེལ་བའི་ཆོ་ག་རྫོགས་སོ།། ༈ །།འཇོམས་བྱེད་པ་ལ་ཁྱི་མགོ་ཅན་གྱི་སྒྲུབ་ཐབས་ནི། ས་གཙང་ཡིད་དུ་འོང་བ་ལ། དཀྱིལ་འཁོར་མདའ་གང་བའི་སྟེང་གཏོར་མ་རྩེ་གསུམ་ཐ་མ་ཕུད་ཀྱིས་བསྐོར། དཀར་གསུམ་མངར་གསུམ་གྱིས་བརྒྱན། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད། དེ་ནས་དར་དཀར་རམ་ཤོག་བུ་ལ་སྔགས་དཀྱུས་སུ་བྲིས། བསྙེན་པ་དང་རབ་གནས་གྲུབ་ནས་སྔགས་དྲིལ་ནས་ལུས་ལ་བཅང་ངོ་། །རང་ཡི་དམ་ལྷར་བསྐྱེད་པས་སྔགས་འདྲེན་པ་ནི། ཁྲི་ཚོ་གསུམ་གྲངས་ཀྱི་ཚད་ཡིན། ཨོཾ་བ་ཧཱུ་ལ་དུན། ཐུཾ་རིལ་རྦད། བཱ་ཧུ་ལ་སྦལ་གྱི་ནག་པོ་སོད། ལྕགས་ཀྱི་སྦལ་ཁུང་སོད། ཁྱི་ཐུ་ལུམ་འབར་བ་སོད། རྔུར་མོ་ཁྲུམ་ཁྲུམ་སོད། སྔགས་འདི་ལུས་ལ་བཅངས་གྱུར་ན། །རང་ལ་མཚོན་གྱིས་ཚུགས་མི་འགྱུར། །སྲིད་པ་གསུམ་གྱི་མཚོན་ཁ་བཅིང་། །སྤུ་གྲི་ཁ་ཡི་ནུས་པ་འཇོམས། །རྣལ་འབྱོར་ལུས་ཀྱི་གོ་ཆར་ཤོག །རྫོགས་སོ།། ༈ །།རྣམ་སྲས་མཛོད་པ་ནོར་བདག་ཡིད་བཞིན་ནོར་བུའི་རྐྱལ་པ་ཁུར་ནས་དབུལ་ཕོངས་རྣམས་ལ་རིན་པོ་ཆེའི་ཆར་འབེབ་པ། སྐུ་མདོག་དམར་པོ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། སྐུ་ཆེ་ལ་ཡན་ལག་རགས་པ། གསུས་པོ་ཆེར་རིན་པོ་ཆེའི་རྒྱན་དང་དར་དང་ཟ་འོག་གིས་བཀླུབས་པ་སྙིང་རྗེ་ཅན་དྲན་པ་ཙམ་གྱིས་དངོས་གྲུབ་སྟེར་བར་བསམ་ལ། ཨོཾ་བཱ་སུ་མ། མ་མ་ལོ་ཀ །སརྦ་སིདྡྷི། རཏྣ་སིདྡྷི་ཕ་ལ་ཧཱུྃ་ཛ་ཛཿ ཞེས་བཟླ། ནོར་གང་འབྱོར་འབུལ་ལོ།། ༈ །།པདྨ་འབྱུང་གནས་བདག་གིས་ནི། པདྨ་འཛིན་གྱི་སྒྲུབ་ཐབས་བཤད་པར་བྱའོ། །གནས་གཙང་ཡིད་དུ་འོང་བར་སྨན་དྲི་བཟང་གིས་ཆག་ཆག་གདབ་ལ། རིན་པོ་ཆེའི་སྣོད་ནས་ཀྱིས་བཀང་བའི་སྟེང་དུ་པདྨ་འཛིན་གྱི་སྐུ་རབ་རས་སམ་ཤོག་བུ་ལ་བྲིས་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། དར་གྱི་ན་བཟའ་གསོལ་བ། ཕྱག་ན་ཞལ་ཟས་ཀྱི་གཞོང་པ་བསྣམས་པ། རིན་པོ་ཆེའི་ཁྲིའི་སྟེང་ན་བཞུགས་པའི། མདུན་དུ་གཏོར་མ་རིན་ཆེན་འབར་བའི་ཚུལ་དུ་བྱས་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཞག །དེ་ནས་རང་ཡི་དམ་ལྷར་བསྒོམས་ལ་བསྙེན་པ་བྱ་བ་ནི། ཛམྦྷེ་མོ་ཧེ་ཧྲཱི་ར་ཡེ་མ་མ་གུ་ཡ་རཏྣ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མ་མ་བཱ་སུ་ཝཱ་ཤཾ་ཀུ་རུ་ཡེ་ཧཱུྃ་ཧཱུྃ་ཛ་ཛཿ ཞེས་བཟླས་པས་རྟགས་ནི་ནམ་མཁའ་ལ་ཉི་མ་ཤར་བ། འབྲུ་ཡི་ཆར་འབེབ་པ་དང་། ནོར་གྱི་གཏེར་རྙེད་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་རང་གིས་ལོངས་སྤྱོད་པ་དང་། རྟགས་བཟང་པོ་གཞན་ཡང་སྣ་ཚོགས་པ་འབྱུང་སྟེ་གྲུབ་པའོ། །ཀླུ་མོ་པདྨ་འཛིན་གྱི་སྒྲུབ་ཐབས་རྫོགས་སོ།། ༈ །།པདྨ་འབྱུང་གནས་བདག་གིས་ནི། །ཀུན་ཏུ་རྒྱུ་ནོར་འཛིན་མའི་སྒྲུབ་ཐབས་བཤད་པར་བྱའོ། །ས་གཙང་སར་སྤང་སྤོས་དང་། སྨན་དང་དྲི་བཟང་གིས་ཆག་ཆག་གདབ། རིན་པོ་ཆེའི་མཎྜལ་གྱི་སྟེང་དུ་དར་ཟབ་དང་དུང་དང་བྱེ་རུ་དང་གཡུ་འགྲོན་བུ་རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས་རྣམས་རས་དཀར་པོས་བཏུམས་ལ་མཎྜལ་གྱི་སྟེང་དུ་བཞག་ནས་ཚོམ་བུས་མཐའ་བསྐོར། གཏོར་མ་ཟླུམ་པོ་གཅིག་ལ་སྦྲང་དང་མར་བྱུག །རང་ཡི་དམ་དུ་བསྒོམས་ལ། མདུན་དུ་ཀུན་ཏུ་རྒྱུ་ནོར་འཛིན་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། དར་ཟབ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། གཡས་རིན་པོ་ཆེ་གཏེར་གྱི་བུམ་པ། གཡོན་ན་འབྲས་ཀྱི་སྙེ་མ་བསྣམས་པ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་སྒྲུབ་པ་པོ་ལ་དགྱེས་པས་རིན་པོ་ཆེའི་ཆར་འབེབ་པ་བསྐྱེད་ལ། བཟླས་པ་བྱ་བ་ནི། ཨོཾ་དྷ་ནཿཏི་ཐ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་སྭཱ་ཧཱ། ཞེས་རྒྱུན་དུ་བཟླས་པས། རྟགས་ནི་ལོ་ཏོག་བཟང་པོ་བརྔས་པ་དང་། གོས་གསར་གྱོན་པ། བུ་མོ་བཟང་མོས་ཟས་ནོར་སྟེར་ན་འགྲུབ་པའོ། །ཟས་ནོར་གྱི་ལོངས་སྤྱོད་ཆེན་པོ་འབྱུང་ངོ་། །ཀུན་ཏུ་རྒྱུ་ནོར་འཛིན་མའི་སྒྲུབ་ཐབས་རྫོགས་སོ།། ༈ །།རྡོ་རྗེ་དྲག་པོ་རྩལ་ནི་རྔམ་པ་བྱ་རྒོད་མགོ །སྐུ་ལ་དར་ཟབ་ན་བཟའ་དགུ་ཁྲབ་གསོལ། །ཕྱག་ན་མདུང་རིང་བ་དན་བསྣམས། །སྒྲུབ་པའི་གནས་ནི་དུར་ཁྲོད་དམ། །ཤིང་དྲུང་ཡིད་དུ་འོང་བའི་སར། །དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། །སྟེང་དུ་འབྲུབ་ཁུང་གྲུ་གསུམ་པ། །ཕྱི་ལ་དུར་ཁྲོད་སོལ་བ་བྱུགས། །ནང་དུ་དགྲ་ཡི་ལིངྒ་གཞུག །མདུན་དུ་གཏོར་མ་གསུམ་བྱས་ལ། །བདག་ཉིད་ཡི་དམ་ལྷར་བསྐྱེད་ནས། །དེ་ནས་བསྙེན་པའི་སྔགས་ནི། ཨོཾ་བྷ་སུ་ཤྲ་མ་ཎཱ་དར་མ་ཀེ་ཏུ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད། ཅེས་པ་འབུམ་ཚོ་གསུམ་བཟླ། དེ་ནས་རྟགས་ཀྱི་རིམ་པ་ནི། །དགྲ་བོ་དངོས་སུ་བསད་པ་དང་། །རང་གིས་ལིངས་ལ་ཕྱིན་པ་དང་། །ཤ་ཁྲག་དམར་ལ་རོལ་པ་དང་། །དེ་རྣམས་རྨི། དེ་ནས་དགྲ་བོའི་ལིངྒ་ལ། དགྲ་བོ་དགུག་གཞུག་བཅིངས་ནས་བྲུབ་ཁུང་ནང་དུ་མེ་ལ་བསྲེག །ཐལ་བ་ཕྱེད་ནི་གཏོར་མར་བསྟབ། །ཕྱེད་ནི་དགྲ་ཕྱོགས་རླུང་ལ་ཕྱར། །ལས་གཞུང་སྔགས་ནི་འདི་ལྟར་བཟླ། ཨོཾ་བཻ་ཤྲ་མ་ཎཱ་ཡ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦད་སོད། ཅེས་རྒྱུན་དུ་བགྲང་ངོ་། །ལོ་དང་མཉམ་པའི་ཞག་གྲངས་ན། །འཆི་བར་འགྱུར་བར་ཐེ་ཚོམ་མེད། །གསང་སྒྲུབ་རྫོགས་སོ།། ༈ །།མཆེ་ཆུག་དྲེད་མགོ །སྐུ་ལ་དར་ཟབ་ན་བཟའ་གསོལ། །ཕྱག་ན་ལྕགས་ཀྱུ་འབར་བ་བསྣམས། །སྟོབས་ལྡན་བརྒྱད་ཀྱི་སྤྲུལ་པ་ལ། །གནས་ནི་དུར་ཁྲོད་དབེན་པ་རུ། །དཀྱིལ་འཁོར་མདའ་གང་གྲུ་གང་བྱ། །སྟེང་དུ་བྲུབ་ཁུང་གྲུ་གང་བྱ། །ནང་དུ་རོ་སོལ་དུག་ཁྲག་བྱུགས། །དགྲ་ཡི་ཟག་པའི་རྫས་ལ་ནི། །དགྲའི་གཟུགས་བྱ། དེའི་ཁ་རུ་ཤོག་བུའི་ལྕེ་བྱ། དེ་ལ་རྡོ་རྗེ་རྒྱ་གྲམ་བྲི། ལྕེའི་རྩ་བ་ནས་མཐའ་བསྐོར་ལ། ཨོཾ་ཏྲི་ཝཾ་ཧཱུྃ། ངག་སཏྭཾ་བྷ་ཡ་ནན། །རྦད་སུ་རྦད་སཏྭཾ་བྷ་ཡ་ནན། རྨེ་ཁྲག་དང་མཛེ་ཁྲག་དང་དུག་སྣའི་ཆུ་ཡིས་ལིངྒ་བྱུག །ཡུགས་ས་མོའི་དོར་མས་དྲིལ་ལ་བྲུབ་ཁུང་གཞུག །དེའི་སྟེང་དུ་རོ་གཡམ་གྱིས་ཁ་བཅད། ཉུངས་དཀར་གྱིས་བྲབ། སཱཙྪ་ནག་པོ་སྟེང་དུ་གཞུག །གཏོར་མ་གཙང་མ་གཅིག་བཤམས་ལ། རང་ཉིད་ལྷར་གསལ་བས་སྔགས་བཟླས་པ་ནི། ཨོཾ་ཏྲི་ཝཾ་ཧཱུྃ་ལཾ་ནན། ངག་སཏྭཾ་བྷ་ཡ་ནན། རྦད་སུ་རྦད་སུ་སཏྭཾ་བྷ་ཡ་ནན། ཀླུ་གཉན་གནས་སར་མནན་ན་མཛེ་དང་ལྷོག་པས་འཆི་བར་འགྱུར། མནན་པ་རྫོགས་སོ།། ༈ །།འཕྲོག་བྱེད་སྤྲེའུའི་མགོ་ཅན་མདུང་ཁྱེར་བ་དབུ་མ་པའི་སྒྲུབ་ཐབས་ལ། དཀྱིལ་འཁོར་གྲུ་གང་བའི་སྟེང་དུ་གཏོར་མ་ཆེ་བ་གཅིག་བཤམས་ལ། དེ་ནས་ཉེ་འབྱེད་བྱ་བ་ནི། རྟ་དང་མ་ཧེའི་རྨིག་པ་རུ། །བྱ་རོག་འུག་པའི་སྒྲོ་རྐང་ལ། །ཕྱེ་ཞིག་ཁྲོལ་ཅིག་བྱ་བ་བྲི། །དགྲའི་ལིངྒ་བྲིས་པ་གཅིག་ལ་བྱ་རོག་གི་ཁྲག་བྱུགས། གཅིག་ལ་འུག་པའི་ཁྲག་བྱུགས། ལིངྒ་རྨིག་པའི་འོག་ཏུ་གཞུག །ཏྟྲི་ལ་ཏིང་ཏྟྲི་ཏི་མ། ཨོཾ་ཀྱེར་ཤྲི་མ། ཕྱེ་ཞིག་ཕྱེ་ཞིག་ཤིག་ཅིག་ཧཱུྃ། སྔགས་འདི་རྨིག་པའི་མཐའ་སྐོར་གཉིས་ལ་བྲི། རང་ཉིད་ཡི་དམ་ལྷར་བསྒོམས་ལ། །གོང་གི་སྔགས་བཟླས་ཡུངས་དཀར་བྲབ། །མ་ཧེའི་རྨིག་པ་སྟེང་ནས་སྦུབ། །རྟ་ཡི་རྨིག་པ་འོག་ཏུ་བསྒྱེལ། །ལམ་པོ་ཆེ་ཡི་རྒྱ་གྲམ་མནན། །མཛའ་བ་ཕྱེད་པར་ཐེ་ཚོམ་མེད། །ཉེ་འབྱེད་རྫོགས་སོ།། ༈ །།གར་གྱི་དབང་ཕྱུག་ཁྱུང་གི་མགོ་ཅན་གྱིས། །གནོད་སྦྱིན་སྲུང་ཞིང་འདུལ་བ་ནི། །སྒྲུབ་གནས་དབེན་ཞིང་ཉམས་དགའ་བར། །དཀྱིལ་འཁོར་ཁྲུ་གང་པའི་སྟེང་དུ་གཏོར་མ་ཆ་གསུམ་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན། འབྲུབ་ཁུང་ནང་དུ་གནོད་སྦྱིན་གྱི་ལིངྒ་གཞུག །ལྕགས་ཕྱེ་དང་ཡུངས་དཀར་གྱིས་བྲབ། རང་ཡི་དམ་གྱི་ལྷར་བསྐྱེད། མདུན་དུ་གནོད་སྦྱིན་དམར་སེར་ཁྱུང་མགོ་ཅན་སྐུ་ལ་དར་ཟབ་ན་བཟའ་གསོལ་བ། གཡས་རལ་གྲི་གཡོན་མེ་རི་གློག་ཏུ་འཁྱུགས་པ་བསྒོམས་ལ། སྔགས་བཟླས་པ་ནི། ཨོཾ་དྷ་ཥ་ག་ཏི། ག་རུ་ཊ་དྷ་ཤ་བྷི་ཤ་ན་ཤ་ཏི་སྭཱ་ཧཱ། གྲངས་ཁྲི་ཚོ་གསུམ། གཏོར་མའི་དུས་སུ་བསྟོད་པ་བྱའོ། །ཀྱཻ། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས། །རྒྱལ་ཆེན་བཀའ་ཡི་ཕོ་ཉ་ནི། །གར་གྱི་དབང་ཕྱུག་གཏུམ་པོ་ཁྱུང་གི་མགོ་ཅན་ནི། །ཉི་མའི་འོད་འཁྱིལ་དབུ་སྐྲ་ཁམ་པ་གྱེན་དུ་འཕྱོ། །སྐུ་ལ་དར་དང་ཟ་འོག་ན་བཟའ་གསོལ། །ཕྱག་གཡས་རལ་གྲི་གཡོན་པ་མེ་ཡི་ཕུང་པོ་བསྣམས། །ཞབས་གཉིས་དོར་སྟབས་བརྐྱང་བསྐུམ་ཚུལ་དུ་བསྒྲད། །ས་བདག་ཀླུ་གཉན་དམ་སྲིའི་གདན་སྟེང་ནས། །གནོད་སྦྱིན་བརྒྱ་ཕྲག་འཁོར་གྱིས་བསྐོར། །གནས་མཆོག་འདི་རུ་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་འབུལ་གྱིས། །ས་བདག་ཀླུ་གཉན་རྡུལ་དུ་རློགས། །མཛེ་ནད་གཉན་ལྷོག་མེད་པར་མཛོད། །བདག་གི་བཅོལ་པའི་ཕྲིན་ལས་སྒྲུབས། །ཞེས་བསྟོད་དོ། །བཀའ་ཡི་ཕོ་ཉ་སྒྲུབ་པ་རྫོགས་སོ།། ༈ །།ཐེག་ཆེན་སྤང་དྲེད་ཀྱི་མགོའི་སྒྲུབ་ཐབས་ནི། གནས་ཡིད་དུ་འོང་བར་དཀྱིལ་འཁོར་མདའ་གང་བའི་སྟེང་དུ་འབྲུབ་ཁུང་ནང་དུ་འབྲུ་སྣ་ཚོགས་བླུགས། གཏོར་མ་གཉིས་ལ་ཡུངས་དཀར་བཙུགས། སྨྱུག་མའི་རྩེ་ལ་དར་དཀར་བཏགས་ནས་རྟེན་གཏོར་ལ་བཙུགས། ཁྱི་ནག་གི་ཐོད་པའི་ནང་དུ་བཅོས། ཁྲག་དང་རམ་གྱི་ཕྱེ་མ་དང་། གུ་གུལ་ནག་པོ། བྱ་ཏི་ཏོའི་ཀླད་པ། འབྲུ་སྣ་དང་། ལྗོང་པ་རྣམས་ཁྱི་ཐོད་དུ་བླུགས། ཡུལ་གར་འབེབ་དེའི་ལྷ་ཀླུའི་མིང་དང་དགྲའི་མིང་རུས་གཞུག །སེང་ལྡེང་ཕུར་བུ་ལ་འབེབ་སྔགས་བྲིས་ལ་བྲུབ་ཁུང་དུ་གཞུག །རང་ཡི་དམ་ལྷར་བསྐྱེད་པའི་མདུན་དུ་གནོད་སྦྱིན་དྲེད་ཀྱི་མགོ་རྔམས་པ། ཟབ་ཆེན་གྱི་ན་བཟའ་གསོལ་བ། ཡབ་ཡུམ་གཉིས་བསྐྱེད། དེ་ནས་སྔགས་བཟླ། སེམས་མ་ཡེངས་པར་སྔགས་ཀྱི་གྲངས་ཚད་གཟུང་། ཁྲི་ཚོ་གསུམ་ཚད་ཡིན། ཆུ་དྲིལ་བའི་སྔགས་ལ། མྱི་ཤ་ཀུ་རུ། བྱི་ཤ་ཀུ་རུ། པདྨ་ཀུ་རུ། ཀྱེ་ནེར་ས་ལེ། ནེར་ཡ་ཡེར་ཡ། སད་ཉན་ས་དང་ལེ། ནེར་ཡ་ཡ་ཡཱེ། ལྷ་ཀླུས་ཕེབས་ཡ་ཡཱ། བཱ་ཡུ་བཱ་ཡུ་རག་ནལ། དྷ་དྷ་དྷ། ནར་ནར་ས་ཡ་སྭཱ་ཧཱ། ཐོད་པ་ཞིང་གི་དཀྱིལ་དུ་སྦ། ཀླད་ཁུང་ནས་ཐུན་བཏོན་ནས་གནམ་ལ་གཏོར། དུས་ཉི་མ་མདུང་གང་ལ་སེར་བ་འབབ། རྫོགས་སོ།། ༈ །།དཔའ་བོའི་རྒྱལ་པོ་འུག་པའི་མགོ་ཅན་གྱི་སྒྲུབ་ཐབས་ནི། རང་ཡི་དམ་ལྷར་བསྒོམས་པའི་མདུན་དུ་གནོད་སྦྱིན་སེར་ནག་འུག་པའི་མགོ་ཅན། གཡས་ཐོད་དབྱུག་དང་གཡོན་གྱིས་དགྲའི་ལག་ནས་ཁྲིད་ནས་ནམ་མཁའི་མཐར་སྐྱེལ་བར་བསྒོམས་ལ། རྫས་རྒྱ་གྲམ་གྱི་ས་དང་། ལ་བཙས་རྩ་བའི་ལམ་གྱི་ས་དང་། གཙང་པོ་ནང་གི་ས་གསུམ་བསྲེགས་ལ་དཀྱིལ་འཁོར་མདའ་གང་གི་སྟེང་དུ་ཤིང་ལ་གཟིངས་ཀྱི་གཟུགས་བྱས་ལ་ཐོད་པ་ཁ་སྦྱར་ནང་དུ་ལིངྒ་གཞུག །དགྲའི་ལིངྒ་དེའི་མགྲིན་པར་མིང་། སྙིང་ཁར་རུས། དཔྲལ་བར་ནན། ཡན་ལག་བཞི་ལ་ཛཿརྣམས་བྲིའོ། །དགྲའི་ཟག་པའི་རྫས་བྱུག །དམོད་མོ་ནི། སྡང་བའི་དགྲ་བོ་ཁྱོད་གླིང་ཆེན་པོ་འདིའི་མཐའ་མར་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་དུ་སོང་ཞིག །ཆུ་བོ་ཆེན་པོ་ལ་གཉའ་ཤིང་བསྐྱུར་བ་བཞིན་དུ་སོང་ཞིག་ཅེས་པས་ལིངྒའི་མཐའ་སྐོར། བྱ་རྒོད་པགས་པས་བཏུམས་ལ་ཐོད་པ་ཁ་སྦྱར་དུ་བཅུག །སྐུད་པ་ནག་པོས་བཅིངས་ལ་གཟིངས་ཀྱི་སྟེང་དུ་བཞག །དགུག་གཞུག་བཅིང་མྱོས་པར་བྱས་ལ། གཏོར་མ་ཆེ་བ་གཅིག་ཤ་དང་ཡུངས་དཀར་གྱིས་བརྒྱན། རང་ཡི་དམ་ལྷར་བསྐྱེད་ནས་སྔགས་བཟླས་པ་ནི། ཨོཾ་མ་ཧཱ་ཡཀྴ་རཱ་ཛ་ཆེ་གེ་མོ་སཏྭམྦྷ་ཡ་ནན། ཡ་བ་ཏ་ཡ་ཙུ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྔགས་འབུམ་ཕྲག་གཅིག །བྱ་རྒོད་རྐང་ལ་ཁ་རྒྱུས་ལ་ཕུ་དང་ཧས་བཏབ། ཡུངས་དཀར་གྱིས་བྲབ། ཆུ་བོ་ཆེན་པོའི་གཞུང་ལ་བསྐུར་རོ། །དེས་གནས་ནས་སྐྲོད་འགྱུར་ཐེ་ཚོམ་མེད། །ྀཨཚ། ༈ རྣམ་སྲས་སྤྲིན་གསེབ་མ་འདིའི་དམ་ཚིག་ལ། ཁམས་གསུམ་ནང་རིགས་མཐོ་བ་ཡིན། ཡ་རབས་གཞོན་ནུ་ཤེས་རབ་ཆེན་པོ། བསོད་ནམས་ཆེན་པོ་ཕྱུག་པོ། དབང་ཆེན་པོ་མཁར་བཟང་། ཞིང་མང་པོ། དཔལ་འབྱོར་སྙན་གྲགས་ནམ་མཁའ་དང་མཉམ་པ། མཐུ་སྟོབས་རྫུ་འཕྲུལ་ཆེན་པོ། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འཛོམས་པ། མཁས་བཙུན་ལྡན་པ། ཚེ་རིང་བ། སེམས་ཅན་ཐམས་ཅད་འདྲེན་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་བྱེད་པའི་གནོད་པ་སྲུང་བ། བསྟན་པའི་བདག་པོ། །འཇིག་རྟེན་དང་འཇིག་རྟེན་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། སངས་རྒྱས་ཀྱི་མཚན་དཔེ་ཐམས་ཅད་ཚང་བ་ཡིན། འཇིག་རྟེན་གསུམ་ན་བདག་མཆོག་ཏུ་གྱུར་པ་ཡིན་སྙམ་པའི་ང་རྒྱལ་དང་མ་བྲལ་བར་བྱའོ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་རྣམ་སྲས་སྤྲིན་གསེབ་མ་གཏེར་མ་ཞེས་བྱ་བ་རྫོགས་སོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱམ།། །།
ཐུགས་སྒྲུབ་ཚེ་དཔག་མེད་ཀྱི་བསྙེན་སྒྲུབ་ཟིན་བྲིས་དགེ་ (Volume 20, Text 60)
༄༅། །ཐུགས་སྒྲུབ་ཚེ་དཔག་མེད་ཀྱི་བསྙེན་སྒྲུབ་ཟིན་བྲིས་དགེ། སྭསྟི། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ཆོས་སྐུའི་བསྙེན་སྒྲུབ་ཟླ་གཅིག་གི་དབང་དུ་བྱས་ན་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། བསྙེན་པ་རྐྱང་པ་བདུན་ཕྲག་གསུམ་གྱི་རིང་། མདུན་དུ་དམ་ཚིག་གི་རྟེན་ཚེ་དཔག་མེད་ཀྱི་སྣང་བརྙན་ཡོད་ན་དགྲམ་པའི་སྤྱན་སྔར་སྨན་རཀ་གཏོར་གསུམ་དང་ཉེར་སྤྱོད་ཙམ་བཤམ་པའམ། ཡང་ན་འོག་སྒྲུབ་པའི་སྐབས་ཀྱི་དཀྱིལ་འཁོར་སོགས་ཐོག་མ་ནས་བཤམས་ཀྱང་འགལ་བ་མེད་པས་སྟབས་གང་བདེ་དང་། གང་ལྟར་ཡང་ཛཔ྄་ཁང་དབྱེ་བ་སོགས་མི་དགོས་པར་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་ལས་བྱང་ཆོས་བསྒྲིགས་ལྟར་གཏང་། བསྙེན་ཚད་འབུམ་ཕྲག་བཅུ་གཉིས་ཡིན་ཡང་བདུན་གསུམ་ལ་དེ་ཙམ་མི་ཚར་བས། ཨ་མཱ་ར་ཎི་འབུམ་ཕྲག་བཞི། རིགས་ལྔའི་སྔགས་སོ་སོ་ནས་ཁྲི་ཕྲག་བཞི་ཁ་སྐོང་བཅས་འགྲོ་ངེས་བྱ། གཉིས་པ་སྒྲུབ་པ་ནི། བསྙེན་པ་གྲུབ་ནས་སྟེགས་བུའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར། དེ་མིན་མཎྜ་ལར་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་སྟེང་མཉྫི་ལྟ་བུའི་ཁར་རྣམ་བུམ་བཅུད་ལྡན་ནམ། མ་འབྱོར་ན་ཟན་ལས་བཅོས་པའི་ཚེ་འབྲང་། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། བྱང་ཤར་ནས་བརྩམ་སྟེ་མཚམས་འཛིན་མེ་ཏོག་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་དང་། གཞན་ཡང་བཀའ་གཏེར་སྲུང་མའི་གཏོར་མ། ཚོགས་མཆོད་སོགས་དགོས་རིགས་འདུ་བྱ། ལས་བྱང་གཞུང་བསྲང་། ཛཔ྄་ཁང་དབྱེ་བ་སོགས་གཞུང་ལྟར་བྱས་ལ། ཞག་བདུན་དུ་རྩ་སྔགས་དང་རིགས་ལྔ་སོ་སོའི་སྔགས། ཚེ་གཟུངས་བཅས་ཇི་ཙམ་ནུས་པ་བཟླ། ཐུན་གསུམ་མམ། ཕྱི་ཐུན་ལྟ་བུའི་མཐར་ཚོགས་མཆོད་རེའང་བྱའོ། །གསུམ་པ་ལས་སྦྱོར་ནི། ལས་ཚོགས་རྣམ་གྲངས་མང་དུ་གསུངས་ནའང་། སྐབས་འདིར་དངོས་གྲུབ་བླང་བ་ཙམ་གྱི་ཁོངས་སུ་བསྡུ་བ་ལ། སང་གྲོལ་རྒྱུའི་དོ་ནུབ་མཆོད་གཏོར་གསར་པ་གང་འབྱོར་བཤམ། ནངས་པར་སྔ་བར་ལས་གཞུང་བསྲང་། ཚེ་འགུགས་རྗེས་གྲུབ་ན་དངོས་གྲུབ་བླང་བའི་དོད་དུ་བདག་འཇུག་རྒྱས་པར་བྱ་བའམ་དབང་རྫས་སོགས་མ་འབྱོར་ན་ཚེ་འབྲང་། ཚེ་རིལ། ཚེ་ཆང་གི་དབང་ཙམ་བླང་། ཡང་ན་མཆོད་བསྟོད་ནོངས་བཤགས་སྔོན་དུ་འགྲོ་བས། ཐུགས་སྒྲུབ་ལས་བྱང་རྒྱས་པའི་དངོས་གཞིའི་སྐབས་འབྱུང་བ་ལྟར་དངོས་གྲུབ་ལེན་པའི་ཚིག་དང་བཅས་ཏེ་སྒྲུབ་རྫས་ཚེ་འབྲང་སྤྱི་བོར་བཞག་ཅིང་། ཚེ་རིལ་སོགས་མྱང་བས་ཀྱང་འཐུས། གང་ལྟར་ཡང་ཚོགས་མཆོད་ནས་བཟུང་བཀྲ་ཤིས་བར་མཐའ་རྒྱས་སུ་བྱ། གཞན་མཚམས་ཀྱི་སྤང་བླང་། ཐོ་བསྡམ་འགྲོལ། ཐུན་དང་ཐུན་མཚམས་ཀྱི་བྱ་བ་སོགས་བསྙེན་སྒྲུབ་ཀྱི་ལག་ལེན་སྤྱི་ལྟར་ཤེས་པར་བྱ་ཞིང་། བསྙེན་སྒྲུབ་སྤྱིར་བཏང་མར་ངོ་ལ་མཚམས་བསྡམས་ནས་ཡར་ངོ་ལ་གྲོལ་བ་ཡིན་ཡང་། ཚེ་སྒྲུབ་རིགས་རྣམས་ཡར་ངོའི་གཟའ་ཚེས་སོགས་བཟང་པོའི་སྐབས་མཚམས་བསྡམས་ཤིང་། ཡར་ངོ་ལ་གྲོལ། མཚམས་གྲོལ་མ་ཐག་མིག་ཉི་མ་ལ་བལྟས་པས་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་གསུངས་པ་སོགས་བྱེ་བྲག་གི་གནད་རྣམས་ཀྱང་ཤེས་པར་བྱའོ། །མངྒ་ལཾ་བྷ་བ་ཏུ།
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས༔ ཕྲིན་ལས་བདེ་ཆེན་ཐིག་ལེ་ (Volume 11, Text 61)
༁ྃ༔ སྐུ་གསུམ་རིགས་འདུས་ཟབ་ཏིག་ལས༔ ཕྲིན་ལས་བདེ་ཆེན་ཐིག་ལེ་བཞུགས༔ ༔ སྐུ་གསུམ་རིགས་འདུས་བླ་མར་འདུད༔ ཆོས་སྐུ་པདྨ་ཀུན་ཏུ་འཆང༔ ལོངས་སྤྱོད་ཡོངས་རྫོགས་པདྨའི་སྤྱན༔ སྤྲུལ་པའི་རྣམ་འཕྲུལ་སེམས་དཔའ་མཆོག༔ པདྨའི་མྱུ་གུའི་རོལ་པར་ཤར༔ དེ་ཉིད་བསྙེན་ཅིང་བསྒྲུབ་པ་ལས༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་པའི༔ ཕྲིན་ལས་སྙིང་གི་ཐིག་ལེའི་ལམ༔ རྡོ་རྗེ་གསང་བའི་ཚིག་ཏུ་བསྟན༔ ས་མ་ཡ༔ དབེན་ཞིང་བསམ་གཏན་འཕེལ་བའི་སར༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ ཕྱི་ནང་མཆོད་ཚོགས་ཅི་འབྱོར་བཤམ༔ བདེ་བའི་སྟེན་འདུག་རླུང་རོ་བསལ༔ ཁམས་གསུམ་འཁོར་བར་ངེས་འབྱུང་དང༔ སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད༔ མོས་གུས་དྲག་པོས་ཀུན་བསླངས་ཏེ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་བླང༔ ས་མ་ཡ༔ སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི༔ མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་རིགས་འདུས་རྒྱལ་བ་སྲས་དང་བཅས་པའི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་གྱུར༔ ན་མོ༔ ངོ་བོ་ཆོས་སྐུ་པདྨ་ཀུན་ཏུ་འཆང༔ རང་བཞིན་ལོངས་སྐུ་མགོན་པོ་པདྨའི་སྤྱན༔ ཐུགས་རྗེས་སྤྲུལ་སྐུ་པདྨ་སེམས་དཔའི་གཙོ༔ སྐུ་གསུམ་རིགས་འདུས་བླ་མར་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ མར་གྱུར་མཁའ་མཉམ་རིགས་དྲུག་སེམས་ཅན་ལ༔ དམིགས་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ རིགས་འདུས་བླ་མའི་གོ་འཕང་བསྒྲུབ་པར་བགྱི༔ གསུམ་པ་རྒྱུད་སྦྱང་ཚོགས་གསག་ནི༔ ཧོ༔ སྐུ་གསུམ་རིགས་འདུས་དོན་གྱི་བླ་མ་ལ༔ མི་ཕྱེད་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་མཆོག་གི་མཆོད་པ་འབུལ༔ རང་བཞིན་བཅས་པའི་སྡིག་ལྟུང་སྙིང་ནས་བཤགས༔ ཀུན་བཟང་སྤྱོད་པ་རྒྱ་མཚོར་རྗེས་ཡི་རང༔ སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ གཟུགས་སྐུ་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་ཡེ་ཤེས་ཀྱི་འཁོར་ལོ་རང་ལ་ཐིམ་པར་གྱུར༔ བཞི་པ་བགེགས་ཚོགས་བསྐྲད་པ་ནི༔ རང་ཉིད་དབང་ཆེན་ཧེ་རུ་ཀའི་སྐུར་གྱུར༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ཟད་མི་ཤེས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོ༔ སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛ༔ སརྦ་བིགྷྣཱན་ན་མཿསོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བསྔོས་ལ། ཧཱུྃ༔ ལྷན་སྐྱེས་ཀུན་ཏུ་བརྟགས་པའི་མ་རིག་དང༔ བདག་ཉིད་གཅིག་པའི་གཟུང་འཛིན་གདོན་བགེགས་ཚོགས༔ མ་འཁྲུལ་ཡེ་ཤེས་དཔལ་གྱི་བཀའ་བྱུང་བས༔ རང་བཞིན་སྤྲོས་བྲལ་དོན་གྱི་དབྱིངས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧྲཱི༔ ཕྱི་སྣོད་ཐམས་ཅད་རྡོ་རྗེའི་སྲུང་བའི་གུར༔ ནང་བཅུད་ལྷ་སྔགས་ཡེ་ཤེས་རོལ་པའི་སྤྲིན༔ གསང་བ་ཟབ་གསལ་གཉིས་མེད་ཆོས་སྐུའི་ཀློང༔ གློ་བུར་འཁྲུལ་པའི་གདོན་བགེགས་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ དྲུག་པ་བྱིན་ཆེན་འབེབ་པ་ནི༔ ཧཱུྃ་ཧྲཱི༔ བཞེངས་ཤིག་སྐུ་གསུམ་རིགས་འདུས་བླ་མའི་ཚོགས༔ ཆོས་དབྱིངས་ཀློང་ལས་རིག་རྩལ་སྒྱུ་མའི་འཕྲུལ༔ རྡོ་རྗེའི་སྐུ་གསུང་ཐུགས་ཀྱིས་བྱིན་ཕོབ་ལ༔ བདེ་ཆེན་དབང་སྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་དེ་ཝ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུན་པ་མཆོད་པ་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་ཡུལ་བདེ་ཆེན་པདྨས་ཁེབས་པའི་ཞིང༔ བཀོད་པ་ཚད་མེད་རིན་ཆེན་ཁང་བཟང་དབུས༔ འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོར་ཤར༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་བརྗོད་རོལ་མོས་བྱིན་དབབ་བོ༔ ས་མ་ཡ༔ གཉིས་པ་དངོས་གཞིའི་དང་པོ་ནི༔ དམ་ཚིག་དཀྱིལ་འཁོར་འཁོར་ལོ་བསྐྱེད༔ ཨ༔ གདོད་མའི་སྟོང་ཆེན་མཁའ་ལྟར་རྣམ་པར་དག༔ སྙིང་རྗེ་སྒྱུ་མ་འཇའ་ཚོན་བཞིན་དུ་སྣང༔ ཟུང་འཇུག་རིག་རྩལ་རྒྱུ་ཡི་ཡི་གེ་ཧྲཱི༔ གསལ་འཚེར་འོད་ཀྱི་ཐིག་ལེ་དམར་ལ་དྭངས༔ ཡེ་ཤེས་སྣང་བས་ཕྱོགས་རྣམས་ཀུན་ཏུ་ཁྱབ༔ སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་རྡོ་རྗེའི་སྲུང་འཁོར་དབུས༔ འབྱུང་བ་རིམ་བརྩེགས་རིན་ཆེན་རི་རབ་སྟེང༔ བྱང་ཆུབ་སེམས་དཔའི་ནོར་བུའི་གཞལ་མེད་ཁང༔ ཡངས་ཤིང་རྒྱ་ཆེ་བཀོད་པ་བསམ་མི་ཁྱབ༔ མཚན་ཉིད་ཀུན་རྫོགས་འཇའ་ཟེར་ཐིག་ལེའི་ཀློང༔ སྣ་ཚོགས་པད་ཉི་དབུགས་བྲལ་བམ་རོའི་སྟེང༔ བདག་ཉིད་ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ༔ དམར་སྨུག་ཁྲོ་འཛུམ་རྗེས་སུ་ཆགས་པའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས༔ རྣ་ལྟག་གཡས་སུ་རྡོ་རྗེའི་ཕག་ཞལ་ངུར༔ དབུ་སྐྲ་གནག་སྣུམ་སིལ་མས་སྐུ་རྒྱབ་ཁེབས༔ ཕྱག་གཡས་གྲི་གུག་བདུད་བཞི་དབྱིངས་སུ་སྒྲོལ༔ གཡོན་པས་ཐོད་ཁྲག་བདེ་སྟོང་ཡེ་ཤེས་སྦྱོར༔ གྲུ་མོར་ཟུང་འཇུག་ཁ་ཊྭཱཾ་རྩེ་གསུམ་འཆང༔ ཞབས་གཉིས་གཡས་བསྐུམ་སྲིད་པའི་སྐྱེ་སྒོ་དགག༔ གཡོན་བརྐྱང་ཞི་ལ་མི་གནས་སྙིང་རྗེས་རོལ༔ བདེ་མཆོག་ཆེ་བའི་ཡོན་ཏན་རྫོགས་པའི་སྐུ༔ དར་དང་རིན་ཆེན་རུས་པའི་ཕྱག་རྒྱས་བརྒྱན༔ ཐུགས་ཀ་ཆོས་ཀྱི་འཁོར་ལོའི་འོད་ལྔའི་ཀློང༔ སྙིང་ཉིད་པདྨ་འདབ་བརྒྱད་རྒྱས་པའི་དབུས༔ ཐབས་ཤེས་རླུང་སེམས་ཉི་ཟླའི་གདན་གྱི་སྟེང༔ ཤེས་རིག་རྒྱལ་པོ་རིགས་འདུས་བླ་མ་མཆོག༔ པདྨའི་མྱུ་གུ་བདེ་ཆེན་སེམས་དཔའི་གཙོ༔ དམར་གསལ་དྲི་མེད་མཚན་དཔེའི་ཕུང་པོར་བཞེངས༔ ཟག་མེད་བདེ་བའི་ཉམས་འགྱུར་ཡོངས་སུ་རྫོགས༔ སྙིང་རྗེའི་སྤྱན་ཟུང་རྗེས་ཆགས་ཟིམ་བུར་གཟིགས༔ ཞི་ཞིང་འཛུམ་ལ་སྒེག་པའི་གཟི་བྱིན་འབར༔ དབུ་སྐྲ་ཟུར་ཕུད་སྤྱི་བོར་བཅིངས་པའི་རྩེར༔ ཉི་ཟླའི་འོད་འཕྲོ་རིན་ཆེན་འབར་བས་མཚན༔ ལྷག་མ་ལྕང་ལོ་སིལ་བུ་གཡས་གཡོན་གྲོལ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་གདུལ་བྱ་ལ༔ དངོས་གྲུབ་ཆར་འབེབ་ཡིད་བཞིན་ནོར་བུ་བསྣམས༔ གཡོན་པས་འགྲོ་ཀུན་སྲིད་ཞིའི་འཇིགས་པ་ལས༔ སྐྱབས་སྦྱིན་ཕྱག་རྒྱས་ཨཏྤལ་ཐུགས་ཀར་འཆང༔ མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བར༔ འཆི་མེད་མཆོག་སྩོལ་བདུད་རྩིའི་ཚེ་བུམ་མཚན༔ སྙིང་རྗེའི་རི་དྭགས་པགས་པས་སྟོད་གཡོགས་ཤིང༔ ཆེ་བའི་ཡོན་ཏན་དར་དང་རིན་ཆེན་བརྒྱན༔ འགྲོ་འདུལ་ཞབས་ཟུང་ཕྱེད་སྐྱིལ་རོལ་པས་འགྱིང༔ སྤྱི་བོར་རིགས་བདག་པདྨ་ཀུན་ཏུ་འཆང༔ དམར་གསལ་པདྨ་དྲིལ་འཛིན་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རྒྱན་ལྡན་པད་ཟླར་བཞུགས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་པདྨའི་སྤྱན༔ གང་འདུལ་སྐུར་བཞེངས་ཨོ་རྒྱན་ཚེ་དཔག་མེད༔ རྭ་གའི་མདོག་ཅན་ཞི་འཛུམ་ཆགས་ཉམས་རྒྱས༔ མཉམ་གཞག་ཕྱག་རྒྱས་ཐོད་པ་ཚེ་བུམ་བསྣམས༔ གཉིས་མེད་བདེ་སྦྱོར་པདྨ་མནྡྷཱ་ར༔ དམར་སྐྱ་མདའ་དར་ཚེ་བུམ་བསྣམས་པས་འཁྲིལ༔ གཉིས་ཀ་དར་དང་རིན་ཆེན་ཨུཏྤལ་བརྒྱན༔ ཆུ་སྐྱེས་ཉི་ཟླ་རྒྱས་པའི་གདན་གྱི་དབུས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་རོལ་པས་བཞུགས༔ གཞན་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ མ་བསྐྱེད་གདོད་ནས་ཡེ་རྫོགས་ལྷ་ཡི་སྐུ༔ གཟུགས་སྣང་རྒྱལ་བ་རྟག་པ་རྣམ་སྣང་མཛད༔ ཚོར་བ་རྡོ་རྗེ་ཉི་མ་རིན་ཆེན་འབྱུང༔ འདུ་ཤེས་པདྨ་གར་དབང་སྣང་མཐའ་ཡས༔ འདུ་བྱེད་རྟ་མཆོག་རྒྱལ་པོ་དོན་ཡོད་གྲུབ༔ རྣམ་ཤེས་སྲིད་ཞིར་མི་གནས་ཧེ་རུ་ཀ༔ ཡེ་ཤེས་ཟུང་འཇུག་འོད་གསལ་རྡོ་རྗེ་སེམས༔ འབྱུང་བའི་ཁམས་ཀུན་རྡོ་རྗེ་བཙུན་མོ་ཡུམ༔ དབང་ཡུལ་རྟོག་ཚོགས་སེམས་དཔའ་ལྕམ་དྲལ་དང༔ ཐུབ་དྲུག་མཐར་བྱེད་ཁྲོ་བོ་ཁྲོ་མོའི་སྤྲིན༔ སྐུ་ལས་ཞིང་ཁམས་རྒྱ་མཚོའི་བཀོད་པ་འཕྲོ༔ རབ་འབྱམས་ཞིང་ཀུན་བ་སྤུ་གཅིག་ཏུ་རྫོགས༔ ཡེ་ཤེས་སྒྱུ་མའི་སྣང་བརྙན་བསམ་མི་ཁྱབ༔ གསལ་སྟོང་ཟུང་འཇུག་འཇའ་ཚོན་ལྟར་ཤར་བའི༔ གནས་གསུམ་རྡོ་རྗེའི་ཡི་གེའི་འཕྲོ་འདུ་ཡིས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེར་རྒྱས་བཏབ་ཅིང༔ ཕུང་པོ་འབྱུང་བ་གནས་འགྱུར་ཡེ་ཤེས་ལྔས༔ རིགས་མཆོག་རྣམ་ལྔའི་དབང་རྣམས་ཡོངས་སུ་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱཾ་ཧྲཱི་ཨཱཿཨ་བྷི་ཥིཉྩ་མི༔ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ རོལ་མོ་འཁྲོལ་ཞིང་གདུང་བའི་གླུས༔ ཧྲཱི༔ ནུབ་ཕྱོགས་པདྨས་ཁེབས་པའི་ཞིང་ཁམས་ནས༔ ཀུན་ཏུ་འཆང་ཆེན་ཐུགས་རྗེའི་སྤྱན་མངའ་བ༔ པདྨའི་མྱུ་གུ་རྒྱལ་སྲས་སེམས་དཔའི་གཙོ༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས༔ འོད་དཔག་མེད་མགོན་འགྲོ་འདུལ་སྤྲུལ་པའི་སྐུ༔ འཆི་མེད་མཆོག་སྩོལ་ཨོ་རྒྱན་ཚེ་དཔག་མེད༔ རྩ་གསུམ་རྒྱ་མཚོའི་འཁོར་བཅས་གཤེགས་སུ་གསོལ༔ ཕྱི་ནང་གསང་བའི་བགེགས་དང་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་ཆེན་ཕོབ༔ ལུས་ངག་ཡིད་ལ་ཡེ་ཤེས་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ དམ་ཚིག་སེམས་དཔའ་སྣང་ཆ་ལྷ་ཡི་སྐུར༔ ཡེ་ཤེས་སེམས་དཔའ་སྟོང་ཉིད་སྒྱུ་མའི་ཚུལ༔ དབྱེར་མེད་ཟུང་འཇུག་འདུས་མ་བྱས་པའི་ངང༔ དུས་གསུམ་འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ན་མོ༔ སྣང་བའི་ངོ་བོ་སེམས་དཔའ་པདྨའི་གཙོ༔ སྟོང་པའི་བདག་ཉིད་རྡོ་རྗེ་རྣལ་འབྱོར་ཡུམ༔ སྣང་སྟོང་མཉམ་སྦྱོར་སྐུ་གསུམ་བླ་མ་ལྷར༔ རིག་རྩལ་རོལ་པའི་བརྡའ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཧྲཱི༔ བཅུ་དྲུག་དགའ་སྟེར་གཟུགས་ཀྱི་རྡོ་རྗེ་མས༔ བདེ་ཆེན་རང་སྒྲ་སྔགས་ཀྱི་རོལ་མོར་འཁྲོལ༔ འཕོ་མེད་ཚུལ་ཁྲིམས་དྲི་ཡིས་ཀུན་ཏུ་ཁྱབ༔ ཧཾ་ཡིག་ག་པུར་བཞུ་བའི་རོ་མཆོག་རྒྱུན༔ སྙོམས་འཇུག་གསང་བའི་རེག་བྱས་དྲངས་པ་ལས༔ ཆོས་ཀུན་དབུ་མར་ཐིམ་པའི་ཡེ་ཤེས་རྩལ༔ སྨན་གཏོར་རཀྟ་ཚོགས་ཀྱི་འཁོར་ལོ་སོགས༔ རྡོ་རྗེའི་དབང་པོ་དགྱེས་རྒུར་རོལ་པའི་ཡུལ༔ བདེ་སྟོང་མཆོག་གི་ལོངས་སྤྱོད་བསམ་མི་ཁྱབ༔ རྟག་པ་རྒྱུན་གྱི་འཁོར་ལོར་ཡོངས་ཤར་བས༔ སྐུ་གསུམ་བླ་མའི་དཀྱིལ་འཁོར་ལྷ་ཚོགས་མཆོད༔ མི་འབྲལ་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་མ་ཧཱ་པཉྩ་ཨ་མྲིཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ག་ཎ་ཙཀྲ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ འདིར་སྤྲོ་ན་སྨན་གྱི་བརྒྱུད་མཆོད་ནི། ཆོས་སྐུ་སྟོན་མཆོག་པདྨ་ཀུན་ཏུ་འཆང་། །ལོངས་སྤྱོད་རྫོགས་སྐུ་འགྲོ་འདུལ་པདྨའི་སྤྱན། །སྤྲུལ་པའི་རྣམ་རོལ་པདྨ་ཐོད་ཕྲེང་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲིཏ་ཁཱ་ཧི། རིགས་འདུས་སེམས་དཔའ་པདྨའི་མྱུ་གུའི་ཞབས། །གཤེགས་པ་གཤེགས་མ་སེམས་དཔའ་ལྕམ་དྲལ་དང་། །ཐུབ་དྲུག་མཐར་བྱེད་ཁྲོ་བོ་ཡུམ་བཅས་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲིཏ་ཁཱ་ཧི། རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །གནས་ཡུལ་དུར་ཁྲོད་དཔའ་བོ་རྣལ་འབྱོར་མ། །བཀའ་སྲུང་ཆོས་སྐྱོང་དམ་ཅན་གཏེར་བདག་ལ། །སྨན་མཆོད་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲིཏ་ཁཱ་ཧི། ལྷག་མ་དངོས་གྲུབ་ཏུ་བླངས་ཏེ། པཉྩ་ཨ་མྲིཏ་མ་ཧཱ་སུ་ཁ་སིདྡྷི་ཧོཿ དྲུག་པ་རྡོ་རྗེའི་གླུ་ཡིས་བསྟོད༔ ཧཱུྃ་ཧྲཱི༔ དབྱིངས་ཀྱི་ངོ་བོ་པདྨ་ཀུན་ཏུ་འཆང༔ ཡེ་ཤེས་རིག་རྩལ་འགྲོ་འདུལ་ཐོད་ཕྲེང་རྩལ༔ དབྱིངས་རིག་ཟུང་འཇུག་སེམས་དཔའ་པདྨའི་གཙོ༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ བདུན་པ་བཟླས་པ་བྱ་བ་ནི༔ སྙིང་གའི་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ རིགས་འདུས་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར༔ གསལ་ཞིང་འབར་བའི་སྣང་བ་དང༔ རླུང་སེམས་དབྱེར་མེད་གཅིག་ཏུ་འདྲེས༔ རིག་རྩལ་རོལ་པའི་འོད་ཟེར་གྱིས༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ ཁྱད་པར་པདྨས་ཁེབས་པའི་ཞིང༔ བདེ་ཆེན་མཆོག་གི་ཕོ་བྲང་ན༔ རིགས་འདུས་པདྨའི་མྱུ་གུ་ཆེ༔ སེམས་དཔའ་རྒྱ་མཚོའི་ཚོགས་བཅས་ལ༔ བླ་ན་མེད་པའི་དགྱེས་མཆོད་འབུལ༔ དམ་ཚིག་ཉམས་ཆག་སྡིག་ལྟུང་སྦྱངས༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བྱིན༔ ལྷ་སྔགས་འོད་ཟེར་རྣམ་པར་བསྡུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿལ་ཐིམ༔ གསང་གསུམ་བྱིན་དབང་དངོས་གྲུབ་ཐོབ༔ ཐུགས་ཡིད་དབྱེར་མེད་གཅིག་ཏུ་འདྲེས༔ འོད་གསལ་དགོངས་པའི་རྩལ་ཆེན་རྫོགས༔ སླར་འཕྲོས་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་པདྨ་སེམས་དཔའ་ཡི༔ སྣང་སྟོང་ལྷ་དང་གྲགས་སྟོང་སྔགས༔ ཡེ་ཤེས་ཆོས་སྐུར་རོ་གཅིག་བསམ༔ ཨོཾ་ཨཱཿཧཱུྃ༔བཛྲ་མ་ཧཱ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི༔་་་ཐུགས་སྲོག་སྔགས་ཕྲེང་ལ་སེམས་བཟུང་བ་བསྙེན་པ། འོད་ཟེར་ཕར་འཕྲོས་མཆོད་པ་ཉེ་བསྙེན། བྱིན་བསྡུ་སྒྲུབ་པ། སྣོད་བཅུད་སྦྱང་བ་སྒྲུབ་པ་ཆེན་པོའོ། །མཆན། དགོངས་པ་གཅིག་ཏུ་དྲིལ་བ་སྟེ༔ བསྐྱེད་རྫོགས་སྤྲོས་པ་མང་མི་དགོས༔ འདི་སྒོམ་རིག་པ་རྗེན་པར་བཞག༔ མཆོག་གི་ཡེ་ཤེས་ཚེ་འདིར་འཆར༔ ཐུན་མོང་དངོས་གྲུབ་ཤུགས་ལས་འབྱུང༔ སྨྲ་བ་བཅད་དེ་འབུམ་ཕྲག་བཞི༔ བཟླས་བརྗོད་བགྱིས་ཤིང་གསོལ་བཏབ་ན༔ དངོས་ཉམས་རྨི་ལམ་རྟགས་མཚན་འབྱུང༔ ཕྱི་མ་པདྨས་ཁེབས་པའི་ཞིང༔ བྱང་སེམས་པདྨའི་མྱུ་གུ་ཡི༔ འཁོར་གྱི་འདུས་པར་སྐྱེས་ནས་ཀྱང༔ ནང་གི་ས་ལམ་མྱུར་བགྲོད་དེ༔ བྱང་ཆུབ་མཆོག་གི་གོ་འཕང་ཐོབ༔ དེ་ཕྱིར་དད་དང་སྐལ་ལྡན་རྣམས༔ འདི་ལ་རྟག་ཏུ་བརྩོན་པར་གྱིས༔ ས་མ་ཡ༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་ནི༔ དམ་ཚིག་རྫས་བཤམས་བདུད་རྩིས་བསང༔ རཾ་ཡཾ་ཁཾ༔ གཟུང་འཛིན་ཆོས་ཀུན་མི་དམིགས་སྟོང་ཉིད་ངང༔ དབྱིངས་ཀྱི་བྷནྡྷར་རིག་པའི་ཚོགས་གཏོར་བཅུད༔ ཕྱི་ནང་གསང་བའི་ལོངས་སྤྱོད་བསམ་མི་ཁྱབ༔ མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཧྲཱི༔ ནང་གསལ་སྐུ་དང་ཡེ་ཤེས་དབྱེར་མེད་དབྱིངས༔ རིག་པ་རང་སྣང་ལོངས་སྤྱོད་ཆེན་པོར་ཤར༔ མ་ངེས་འགྲོ་འདུལ་རབ་འབྱམས་སྤྲུལ་སྐུའི་ཞིང༔ རྡོ་རྗེའི་གནས་ཡུལ་དུར་ཁྲོད་རྒྱ་མཚོ་ནས༔ སྐུ་གསུམ་རིགས་འདུས་པདྨ་སེམས་དཔའི་གཙོ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་འཁོར་དང་བཅས༔ འདོད་ཡོན་ཚོགས་ཀྱི་མཆོད་པར་སྤྱན་འདྲེན་ན༔ འདིར་གཤེགས་དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་དེ་བ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཨོཾ༔ ཕྱི་སྣོད་འཇིག་རྟེན་ཡངས་པའི་བྷནྡྷ་རུ༔ ནང་བཅུད་ཕུང་ཁམས་སྐྱེ་མཆེད་ཚོགས་གཏོར་བཤམས༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བའི་དཔྱིད༔ སྣང་སྟོང་དབྱེར་མེད་ཕྱག་རྒྱའི་དམ་ཚིག་འདིས༔ རིགས་འདུས་བླ་མ་སྤྲུལ་སྐུའི་ལྷ་ཚོགས་མཆོད༔ བུམ་དབང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ ཐ་མལ་སྣང་བའི་ཞེན་པ་དབྱིངས་སུ་སྒྲོལ༔ འགྱུར་མེད་སྐུ་ཡིས་བྱིན་རློབས་དངོས་གྲུབ་སྩོལ༔ ཨཱ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་བྷནྡྷ་རུ༔ རྩ་བ་ཡན་ལག་རླུང་བཅུའི་ཚོགས་གཏོར་བཤམས༔ མི་འགྱུར་མི་ཤིགས་ནཱ་དའི་སྒྲ་སྙན་ལེན༔ གྲགས་སྟོང་དབྱེར་མེད་སྔགས་ཀྱི་དམ་ཚིག་འདིས༔ རིགས་འདུས་བླ་མ་ལོངས་སྐུའི་ལྷ་ཚོགས་མཆོད༔ གསང་དབང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ འགྲོ་འོང་ལས་རླུང་རྒྱུ་བ་དབྱིངས་སུ་སྒྲོལ༔ འགག་མེད་གསུང་གིས་བྱིན་རློབས་དངོས་གྲུབ་སྩོལ༔ ཧཱུྃ༔ རོ་རྐྱང་དབུ་མར་ཐིམ་པའི་བྡྷནྡྷ་རུ༔ དཀར་དམར་ཐིག་ལེའི་འབར་འཛག་ཚོགས་གཏོར་བཤམས༔ བཅུ་དྲུག་དགའ་བའི་ཉམས་འགྱུར་ཅིར་ཡང་རྫོགས༔ བདེ་སྟོང་དབྱེར་མེད་ཡེ་ཤེས་དམ་ཚིག་འདིས༔ རིགས་འདུས་བླ་མ་ཆོས་སྐུའི་ལྷ་ཚོགས་མཆོད༔ ཤེར་དབང་དམ་ཚིག་ཉམས་པ་མཐོལ་ཞིང་བཤགས༔ ཟག་བཅས་ཐིག་ལེའི་འཕོ་ཆགས་དབྱིངས་སུ་སྒྲོལ༔ སྤྲོས་བྲལ་ཐུགས་ཀྱིས་བྱིན་རློབས་དངོས་གྲུབ་སྩོལ༔ ཧོ༔ ཀ་དག་བྱ་རྩོལ་བྲལ་བའི་བྷནྡྷ་རུ༔ ལྷུན་གྲུབ་རིག་རྩལ་མངོན་སུམ་ཚོགས་གཏོར་བཤམས༔ སྣང་བཞིའི་ཡེ་ཤེས་གོང་འཕེལ་མཆོད་སྤྲིན་མཆོག༔ རིག་སྟོང་དབྱེར་མེད་འོད་གསལ་དམ་ཚིག་འདིས༔ བླ་མ་ངོ་བོ་ཉིད་སྐུའི་ལྷ་ཚོགས་མཆོད༔ ཚིག་དབང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ གློ་བུར་གཟུང་འཛིན་འཁྲུལ་པ་དབྱིངས་སུ་སྒྲོལ༔ ཡེ་ཤེས་ཆེན་པོས་བྱིན་རློབས་དངོས་གྲུབ་སྩོལ༔ ཧྲཱི༔ མཚན་ཉིད་ཡོངས་རྫོགས་རང་བྱུང་བྷནྡྷ་རུ༔ ཐབས་ཤེས་བཟའ་བཅའ་བཏུང་བའི་ཚོགས་གཏོར་བཤམས༔ བདུད་རྩིའི་ལོངས་སྤྱོད་འདོད་འབྱུང་ཡིད་བཞིན་གཏེར༔ གསལ་སྟོང་དབྱེར་མེད་རྡོ་རྗེའི་དམ་ཚིག་འདིས༔ རིགས་འདུས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ སྤྱི་དང་ཁྱད་པར་དམ་ཚིག་ཉམས་ཆག་བཤགས༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ བསམ་པ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྤྲོ་ན་སྐོང་བཤགས་རྒྱས་པར་བྱ༔ བཟའ་བཏུང་ནང་གི་ཚོགས་འཁོར་གྱིས༔ སྙིང་དབུས་རིགས་འདུས་བླ་མ་མཆོད༔ བདེ་ཆེན་ཡེ་ཤེས་རྒྱས་པར་བསམ༔ རྡོ་རྗེའི་གླུ་དང་བདེ་བའི་གར༔ འདོད་པའི་སྒྱུ་རྩལ་སྣ་ཚོགས་ཀྱིས༔ ཕུང་ཁམས་དབང་ཡུལ་སྐྱེ་མཆེད་ལྷ༔ ཟག་མེད་བདེ་བས་མཉེས་པར་བྱ༔ ལྷག་མ་བསྡུས་ལ་བདུད་རྩིས་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕེཾ་ཕེཾ༔ བདེ་ཆེན་ཡེ་ཤེས་འོད་གསལ་ཐིག་ལེ་ཆེ༔ ལས་དང་འཇིག་རྟེན་དུ་མར་འཆར་བའི་འཕྲུལ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ལྷག་སྡུད་ཚོགས༔ ལྷག་གཏོར་འདི་བཞེས་འདོད་རྒུའི་ཕྲིན་ལས་སྒྲུབས༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཚོམ་བུ་གཅིག་ཏུ་འདུས་པ་ཀུན༔ རྡོ་རྗེའི་ཡེ་ཤེས་གྲུབ་པ་དང༔ གནས་སྐབས་མཐར་ཐུག་འདོད་པའི་དོན༔ སྨོན་ལམ་དག་པས་མཚམས་སྦྱར་བྱ༔ ཚོགས་འཁོར་ལན་གཅིག་བགྱིས་པས་ཀྱང༔ བསྐལ་པ་འབུམ་གྱི་སྡིག་ལྟུང་འདག༔ རྡོ་རྗེའི་རིག་འཛིན་ཆེ་རྣམས་དང༔ སྤྱོད་ཡུལ་གཅིག་ཏུ་འགྲུབ་པར་འགྱུར༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ༔ དང་པོ་གདུང་བས་ཐུགས་དམ་བསྐུལ༔ ཧྲཱི༔ སྐུ་གསུམ་རིགས་འདུས་རྩ་གསུམ་རྒྱ་མཚོའི་དངོས༔ པདྨའི་མྱུ་གུ་འགྲོ་འདུལ་སེམས་དཔའི་གཙོ༔ ཐོག་མའི་དུས་ཀྱི་ཐུགས་བསྐྱེད་ཞལ་བཞེས་བཞིན༔ བདག་ཅག་རྗེས་འཇུག་རྗེས་འབྲངས་བུ་སློབ་རྣམས༔ མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེ་ནུས་པའི་རྩལ་ཤུགས་སྤྲུག་ཏུ་གསོལ༔ རིག་འཛིན་བླ་མ་འདུས་པའི་སྐུར་བཞེངས་ལ༔ དབང་སྐུར་བྱིན་རློབས་བདེ་ཆེན་ཡེ་ཤེས་སྐྱེད༔ ཡི་དམ་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་ཆེས༔ ཕྱི་ནང་གསང་བའི་ལམ་གྱི་རྟེན་འབྲེལ་སྒྲིགས༔ རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་ལས་ལ་སྐུལ༔ བར་ཆད་ཀུན་སོལ་རྣམ་བཞིའི་ཕྲིན་ལས་སྒྲུབས༔ གནས་སྐབས་ནད་གདོན་འཇིགས་བརྒྱད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་སྤོར༔ མཐར་ཐུག་གདོད་ནས་དག་པ་དབྱིངས་ཀྱི་གཞིར༔ གཞི་སྣང་ལྷུན་གྲུབ་རིག་འཛིན་བླ་མ་དང༔ སྐུ་དང་ཡེ་ཤེས་དབྱེར་མེད་མཉམ་སྦྱར་ནས༔ མཁའ་ཁྱབ་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་མཛོད༔ གཉིས་པ་རྡོ་རྗེའི་ཆོས་སྲུང་ལ༔ གཏོར་མ་བསྔོ་ཞིང་ཐ་ཚིག་བསྐུལ༔ ཨོཾ་ཨཱཿཧཱུྃ་ཧོ༔ ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བ་ལིཾ་ཏ་བྷུཉྫ་ཧོ༔ མ་ཧཱ་ཨ་མྲིཏ་རཀྟ་པཱུ་ཛ་ཁཱ་ཧི༔ ཧཱུྃ་བྷྱོ༔ གཞི་དབྱིངས་རྟག་པའི་རྒྱལ་མོ་ཨེ་ཀ་ཛཱ༔ གཞི་སྣང་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག༔ གཉིས་མེད་འཆོལ་བའི་ཁྲོ་རྒྱལ་མ་ནིང་ནག༔ རིག་འཛིན་སྲུང་མ་རྡོ་རྗེ་ཕྱག་བཞི་པ༔ ཐུགས་རྗེའི་རྣམ་འཕྲུལ་ཕྱག་དྲུག་མགོན་པོ་དང༔ དབང་ཕྱུག་ཡབ་ཡུམ་རྣམ་མང་ཐོས་སྲས་སོགས༔ ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་བཟུང་བའི༔ བརྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན༔ གློག་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ལ༔ དམ་རྫས་གཏོར་མ་འདོད་ཡོན་རྒྱ་མཚོ་དང༔ སྨན་རཀ་ཕུད་ཀྱི་མཆོད་པ་དགྱེས་རྒུར་བཞེས༔ སྐུ་གསུང་ཐུགས་དང་ཕྲིན་ལས་རྨད་བྱུང་བར༔ ཆེ་བའི་ཡོན་ཏན་བསྟོད་ཅིང་མངའ་གསོལ་ན༔ དབང་དྲག་ཞི་བར་རོལ་པའི་གཟི་བྱིན་སྐྱེད༔ ཆོས་སྐུའི་སྟོན་མཆོག་པདྨ་ཀུན་ཏུ་འཆང༔ ལོངས་སྤྱོད་རྫོགས་སྐུ་འགྲོ་འདུལ་པདྨའི་སྤྱན༔ སྤྲུལ་པའི་རྣམ་རོལ་ཨོ་རྒྱན་ཐོད་ཕྲེང་རྩལ༔ དབྱེར་མེད་སེམས་དཔའ་པདྨའི་མྱུ་གུ་སོགས༔ བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་གཡར་དམ་བཅས་པ་བཞིན༔ སངས་རྒྱས་བསྟན་སྲུང་འགྲོ་ལ་ཕན་བདེ་སྒྲུབས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་དང༔ ཟབ་གཏེར་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་སྤེལ༔ དགེ་འདུན་སྡེ་རྣམས་དབང་བཅུའི་དཔལ་འབྱོར་སྐྱེད༔ མི་མཐུན་བར་ཆད་ཕྱོགས་ཀུན་དགྲ་ལ་སྒྱུར༔ དམ་སྲི་འབྱུང་པོའི་དཔུང་ཚོགས་ཟིལ་གྱིས་ནོན༔ དམ་ཉམས་དགྲ་བགེགས་སྲོག་རྩ་དམར་པོ་ཆོད༔ རྣལ་འབྱོར་བདག་ཅག་འདུས་པར་བཅས་པ་ཡི༔ འཁོར་སྲུང་རྐྱེན་ཟློག་རྟག་ཏུ་བུ་བཞིན་སྐྱོངས༔ ཇི་ལྟར་བཅོལ་པའི་ལས་རྣམས་མྱུར་འགྲུབ་མཛོད༔ གསུམ་པ་མཆོད་བསྟོད་དངོས་གྲུབ་གསོལ༔ ཨོཾ་ཨཱཿཧཱུྃ༔ རིགས་འདུས་སྐུ་གསུམ་བླ་མའི་ལྷ་ཚོགས་རྣམས༔ བསྙེན་སྒྲུབ་དམ་བཅས་གཡར་དམ་ཐེམ་ལགས་ན༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ སྐུ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་དེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ བཞི་པ་ནོངས་བཤགས་ནི༔ ཧོ༔ རིགས་འདུས་བླ་མ་སྒྲུབ་པའི་དཀྱིལ་འཁོར་དུ༔ ཏིང་འཛིན་མ་གསལ་ཛཔ྄་ཟླས་གཡེལ་ལ་སོགས༔ ཆོ་ག་ལྷག་ཆད་འགལ་འཁྲུལ་ཅི་མཆིས་པ༔ བཟོད་པར་གསོལ་ལོ་ཚངས་པར་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་ལན་གསུམ་བཟླས༔ ལྔ་པ་མཐའ་གཉིས་བསལ་བ་ནི༔ ཨ༔ རིག་རྩལ་རོལ་པ་རྟེན་དང་བརྟེན་པར་བཅས༔ ཆོས་དབྱིངས་རང་བཞིན་སྐྱེ་མེད་ཀློང་དུ་ཐིམ༔ སླར་ཡང་སྣང་ཆ་བླ་མའི་སྐུ་དང་ཞིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས་སུ་ཤར༔ ཨོཾ་ཨཱཿཧཱུྃ༔ དྲུག་པ་བསྔོ་སྨོན་རྒྱས་གདབ་བྱ༔ ཧོ༔ དགེ་བ་འདིས་མཚོན་དུས་གསུམ་ཚོགས་གཉིས་རྒྱུན༔ དམིགས་མེད་ཆོས་དབྱིངས་སྒྱུ་མའི་ཀློང་དུ་བསྔོ༔ འགྲོ་ཀུན་བླ་མ་མཆོག་དང་མི་འབྲལ་ཞིང༔ རིགས་འདུས་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག༔ བདུན་པ་བཀྲ་ཤིས་བརྗོད་པ་ནི༔ ཨོཾ༔ ཆོས་སྐུའི་བཀྲ་ཤིས་པདྨ་ཀུན་ཏུ་འཆང༔ ཤིན་ཏུ་ཞི་བ་དབྱིངས་ཀྱི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་མགོན་པོ་པདྨའི་སྤྱན༔ འཁོར་འདས་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་པདྨ་དྲག་པོ་རྩལ༔ མི་མཐུན་བདུད་དཔུང་ཚར་གཅོད་བཀྲ་ཤིས་ཤོག༔ དབྱེར་མེད་བཀྲ་ཤིས་སེམས་དཔའ་པདྨའི་གཙོ༔ འགྲོ་འདུལ་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་ངེས་འབྱུང་བྱང་སེམས་འབྱོངས༔ ལམ་གྱི་བཀྲ་ཤིས་བསྐྱེད་རྫོགས་ཏིང་འཛིན་བརྟན༔ འབྲས་བུའི་བཀྲ་ཤིས་སྐུ་དང་ཡེ་ཤེས་འགྲུབ༔ ཕྲིན་ལས་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་ཆེན་དབབ༔ རོལ་མོ་འཁྲོལ་ཞིང་དགའ་སྟོན་བྱ༔ ཐུན་མཚམས་རིག་པ་ཟང་ཐལ་བསྐྱང༔ འགག་མེད་ཆོས་སྤྱོད་བཅུ་ལ་བརྩོན༔ ས་མ་ཡ༔ བླ་མའི་ཐུགས་སྒྲུབ་ཐམས་ཅད་ཀྱི༔ མཐར་ཐུག་སྙིང་པོ་སྐོར་བཞི་སྟེ༔ དེ་རྣམས་ཀུན་གྱི་ཡང་སྙིང་བཅུད༔ ཟབ་མོའི་སྒྲུབ་པ་འདི་ཁོ་ན༔ དད་དང་ངེས་ཤེས་རྩེ་གཅིག་པས༔ འདི་ཉིད་ཚུལ་བཞིན་ཉམས་བླངས་ན༔ ཕྱི་ནང་གསང་བའི་བར་ཆད་ཞི༔ བསམ་པ་ཐམས་ཅད་ལྷུན་གྱིས་འགྲུབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ལྟ་སྒོམ་གདེངས་ཐོབ་རྩལ་ཆེན་རྫོགས༔ སྐུ་གསུམ་རིགས་འདུས་བླ་མ་དང༔ ནམ་ཡང་འབྲལ་མེད་བྱིན་གྱིས་རློབ༔ དེ་ཕྱིར་ཟབ་རྒྱ་ཀུན་གྱི་བཅུད༔ སྙིང་གི་ཐིག་ལེར་གཅེས་པར་ཟུངས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ རང་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རིག་འཛིན་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས། ལྕགས་རྟ་མགོ་ཟླ་བའི་ཚེས་བཅོ་ལྔར་དག་པའི་སྣང་བར་ཞིང་ཁམས་ཆེན་པོ་པདྨས་ཁེབས་པར་གཏེར་ཆེན་མཆོག་གྱུར་གླིང་པ་དང་དབྱེར་མེད་པའི་སེམས་དཔའ་པདྨའི་མྱུ་གུ་ལས་སྒྲུབ་ཐབས་དབང་བསྐུར་ཞལ་གྱི་གདམས་པའི་བདུད་རྩི་དངོས་སུ་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གི་རྒྱས་བཏབ། རྒྱལ་ཟླ་བའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཡི་གེའི་འདུ་བྱེད་པ་རིག་འཛིན་ཆེན་པོ་ཟུང་གིས་རྗེས་སུ་བཟུང་བའི་སྐལ་ལྡན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་གུས་པ་ཆེན་པོས་བགྱིས་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབ་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཀྱང་དབང་པོའི་མངོན་སུམ་དུ་གྱུར་ཅིང། ཕྲིན་ལས་ཀྱི་མཚམས་སྦྱོར་ཕྲན་བུའང་རྗེ་ཡི་བཀའ་བཞིན་དཀྱུས་སུ་བཀོད་པས་འབྲེལ་ཚད་རིག་འཛིན་བླ་མ་རྣམ་གཉིས་ཀྱི་གསང་བ་གསུམ་དང་དབྱེར་མེད་དུ་འགྲུབ་ཅིང་བསྟན་པ་འཕེལ་རྒྱས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།
ཡི་དམ་གུ་རུ་དྲག་ཁྲོས་ཀྱི་སྒྲུབ་ཐབས་བྱིན་རླབས་ནུས་རྩལ་མྱུར་ལྡན་ (Volume 13, Text 61)
ཡི་དམ་གུ་རུ་དྲག་ཁྲོས་ཀྱི་སྒྲུབ་ཐབས་བྱིན་རླབས་ནུས་རྩལ་མྱུར་ལྡན་བཞུགས་སོ༔ ྈྈྈྈྈྈ རྩ་གསུམ་འདུས་པའི་བདག་ཉིད་པདྨ་འབྱུང༔ ཕྲིན་ལས་ལྷུན་གྲུབ་སྡེ་བརྒྱད་དམ་ལ་འདོགས༔ བདུད་དཔུང་ཟིལ་གནོན་འཇིགས་བྱེད་ཧེ་རུ་ཀ༔ ཆེ་མཆོག་གུ་རུ་དྲག་ཁྲོས་སྐུ་ལ་འདུད༔ བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ སེང་གེ་རྫོང་དུ་ཆུ་ཕོ་རྟ་ལོའི་དུས༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ༔ རང་ལུས་མཎྜལ་ཕུལ་ནས་འདི་སྐད་ཞུས༔ བདག་ནི་སྐྱེ་འཆིའི་ཁ་ལོ་གར་བསྒྱུར་ཀྱང༔ པད་འབྱུང་ཁྱེད་ཀྱིས་འབྲལ་བ་མེད་པར་གཟིགས༔ ཁྱད་པར་མ་འོངས་སྙིགས་མ་ལྔ་བདོའི་དུས༔ བོད་ཁམས་སེམས་ཅན་ཐམས་ཅད་ཐུགས་རྗེས་ཟུངས༔ ཞེས་ཞུས་བླ་མའི་ཞལ་ནས་འདི་སྐད་གསུངས༔ ཀྱེ་ཧོ༔ ཉོན་ཅིག་རིགས་བཟང་ཡེ་ཤེས་མཚོ་རྒྱལ་མ༔ ད་ལྟ་དུས་དང་ལྟ་སྤྱོད་བཟང་ལགས་ཀྱང༔ མ་འོངས་སྙིགས་དུས་བསྟན་པའི་མར་འགྲིབ་ལ༔ བོད་ཁམས་སེམས་ཅན་སྡུག་པས་སྙིང་རེ་རྗེ༔ བཀའ་ལྟར་མི་བྱེད་ལོག་པའི་ཆོས་ལ་སྤྱོད༔ ང་སྤྲུལ་ཟེར་ཞིང་ང་ཡི་དམ་ཆོས་དཀྲུགས༔ མི་རེའི་ཁྱིམ་ནས་གཏེར་སྟོན་ཟེར་བ་རེ༔ མི་དགེའི་ཐོ་ཅོ་མི་རུང་སྣ་ཚོགས་བྱེད༔ དབང་དང་དམ་མེད་དྲེགས་པ་ལས་ལ་བསྐུལ༔ ཆེ་བཙན་རྒྱལ་པོས་སངས་རྒྱས་བསྟན་པ་བཤིག༔ དགེ་སློང་ཁྲིམས་མེད་ཕྲུ་གུ་ས་ལ་སྦ༔ སྔགས་པ་དམ་མེད་གནས་རྟེན་དཀོར་ལ་རྐུ༔ སྐྱེ་བོ་ཁྲེལ་མེད་ཕ་སྤུན་ནང་དམེ་བྱེད༔ བུད་མེད་སྙིང་མེད་མཚོན་ཆའི་འཁོར་ལོ་བསྐོར༔ དུག་གི་ཁ་ཟས་ངན་པའི་མཚོན་ཆ་འཆང༔ དེ་ལྟའི་དུས་སུ་ལྷ་འདྲེ་མི་གསུམ་འཁྲུགས༔ ནད་ཀྱི་ན་བུན་འཐིབས་ཤིང་ཁྲག་ཆར་འབེབ༔ སྟེང་གི་ལྷ་འཁྲུགས་བར་གྱི་གཉན་ཡང་འཁྲུགས༔ འོག་གི་ཀླུ་འཁྲུགས་དྲེགས་པ་སྡེ་བརྒྱད་འཁྲུགས༔ ཡུལ་ལྷ་ཟོ་དོར་མ་མོ་མཁའ་འགྲོ་འཁྲུགས༔ དེ་ཡི་རྐྱེན་གྱིས་མི་རུང་སྣ་ཚོགས་འབྱུང༔ ནམ་མཁའ་མི་རུང་ཁྲག་མདོག་དམར་པོ་འབྱུང༔ ཉི་ཟླ་མི་རུང་གཟས་འཛིན་ལམ་མི་མཐོང༔ གཟའ་སྐར་མི་རུང་མེ་ཡི་ཕུང་པོ་ཤར༔ ས་གཞི་མི་རུང་མྱུ་གུ་དགུན་དུ་སྐྱེ༔ དང་པོ་ནད་ཀྱི་བསྐལ་པ་འདི་ལྟར་འབྱུང༔ རྒྱུ་ནི་མ་མོ་འཁྲུགས་པའི་ཁ་རླངས་ཡིན༔ མགོ་ལ་བབས་ན་ཀླད་པ་ཁོལ་ཞིང་གཟེར༔ རྒྱུ་མར་བབས་ན་རྒྱུ་གཟེར་ཁྲག་ཏུ་བཤལ༔ སྟོད་ལ་བབས་ན་གཟེར་ཐུང་དབུགས་ཐག་གཅོད༔ དོན་སྙིང་ལྔ་ལ་བབས་ན་ཁྲག་ཏུ་སྐྱུགས༔ མི་རྣམས་ཕལ་ཆེར་དེ་ཡིས་འཆི་བར་འགྱུར༔ མིང་ནི་ནག་པོ་སུམ་འགྲིལ་ཞེས་ཀྱང་བྱ༔ རིམས་ནད་མེ་ལྕེའི་ཕྲེང་བ་ཞེས་ཀྱང་བྱ༔ བདུན་དྲུག་ཁྲག་འབྱམས་དམར་པོ་ཞེས་ཀྱང་བྱ༔ དེ་ནས་ནམ་མཁའི་གཉན་རྒོད་ཅེས་བྱ་བ༔ དབྱིབས་ནི་ལྕགས་ཀྱི་སྡིག་པ་རཱ་ཙ་འདྲ༔ དེ་ཉིད་དགུན་གྱི་དུས་སུ་ས་ལ་བབས༔ ས་ལྷོག་སེར་པོ་བསྡོངས་ནས་སྲོག་ཆགས་འཆི༔ ས་ཡི་དྲོད་ལ་བརྟེན་ནས་ཡར་ལ་འཕྲོ༔ ས་སྲིན་རྐུན་བུ་ནག་པོ་ཞེས་ཀྱང་བྱ༔ ཁོང་ལྷོག་རྒྱུག་འགྱེལ་ནག་པོ་ཞེས་ཀྱང་བྱ༔ གཉན་རྒོད་ཙི་རི་ནག་པོ་ཞེས་ཀྱང་བྱ༔ རྒྱུག་ནད་དུག་སྦྲུལ་ནག་པོ་ཞེས་ཀྱང་བྱ༔ དེ་ཉིད་ཤ་ཁྲག་དག་ལ་བརྟེན་ནས་ནི༔ སྣ་བུག་གཡོན་ནས་རོ་རྐྱང་དབུ་མར་ཞུགས༔ དང་པོ་མགོ་ལུས་ཐམས་ཅད་ཁྱབ་པར་རྒྱུག༔ མིག་རྩ་དམར་ཞིང་འདོར་ལ་ལུས་པོ་ཚ༔ ཤེས་པ་འཐིབས་ཤིང་གདོང་ལ་སེར་རྩི་ཆགས༔ དེ་ནས་ཡན་ལག་བཞི་ལ་རྒྱུག་པར་བྱེད༔ ལྷོག་ལྷོག་ཁོལ་ཞིང་སྐྲངས་མདོག་དམར་པོར་འགྱུར༔ དེ་ནས་ཁྲག་གི་རྩ་གནས་རྣམས་སུ་རྒྱུག༔ ཡན་ལག་རེངས་ཤིང་རྨོངས་པས་གཟའ་གྲིབ་འཁྲུལ༔ བུ་ག་དགུ་ནས་ཁྲག་འཛག་བསེ་དྲི་མནམ༔ རྩ་ནི་མི་རྟག་ཚ་གྲང་མང་པོར་སྟོན༔ ཆུ་ནི་མི་རྟག་སྔོ་སེར་དམར་པོར་སྟོན༔ ལྕེ་གཞུང་ནག་ཅིང་རྨོངས་རྩིའི་སྤུ་འདྲ་ཆགས༔ ཁ་སོ་ཁོལ་ཞིང་འབྲུམ་བུ་དམར་པོ་འབྱུང༔ རྣ་བ་འུར་ཅིང་ནམ་མཁའ་ཁྲག་མདོག་མཐོང༔ བཟློག་མེད་དེ་ཡིས་ཕལ་ཆེར་འཆི་བར་འགྱུར༔ དེ་ནས་རྒྱ་ནད་རྒྱུ་གཟེར་ཞེས་པ་འབྱུང༔ རྒྱུ་ནི་ལྷ་འདྲེ་འཁྲུགས་པའི་ཁ་རླངས་ཡིན༔ སྣ་བུག་གཡས་ནས་རོ་རྐྱང་དབུ་མར་ཞུགས༔ མགོ་ལ་ཕོག་ན་ཐོད་པ་ལིང་གིས་ཡར༔ མིག་ལ་ཕོག་ན་མིག་འབྲས་ཐང་ལ་ལྷུང༔ ལྕེ་ལ་ཕོག་ན་པདྨ་ལྟར་དུ་གས༔ སྙིང་ལ་ཕོག་ན་དྲན་མེད་ཉིད་དུ་འཆི༔ རྒྱུ་མར་ཕོག་ན་སྦོས་འགས་གླང་ཐབས་འདྲ༔ ཡན་ལག་བཞི་ལ་ཕོག་ན་ཚིགས་རྣམས་འཐོར༔ རྩ་ནི་དར་ལྕེ་རླུང་གིས་བསྐྱོད་པ་འདྲ༔ རྟགས་ནི་ཚངས་བུག་ཟིལ་པ་ཕྲོམ་ཕྲོམ་བྱེད༔ བཟློག་མེད་དེ་ཡིས་ཕལ་ཆེར་འཆི་བར་འགྱུར༔ དེ་ནས་སྨྱོ་འབོག་བརྒྱལ་ནད་ཅེས་བྱ་བ༔ རྒྱུ་ནི་རྒྱལ་བསེན་དམ་སྲིའི་གནོད་པ་ཡིན༔ རྐྱེན་ནི་དངོས་སམ་རྨི་ལམ་དག་ལ་ནི༔ ཨཱ་ཙ་ར་དང་བནྡེ་བུད་མེད་ཀྱི༔ ཟས་ཀྱི་རིགས་སོགས་བྱིན་པའི་སྣང་བ་འབྱུང༔ དེ་མ་ཐག་ཏུ་སྨྱོ་འབོག་བརྒྱལ་ནད་འབྱུང༔ རང་གིས་རང་ཉིད་གསོད་ཅིང་མཚོན་ཆ་བསྣུན༔ མི་རྣམས་ཕལ་ཆེར་དེ་ཡིས་ཟིན་ནས་ནི༔ བསྲུང་དང་བཟློག་པ་ཕལ་གྱིས་དེ་མི་ཐུབ༔ དེ་རྣམས་བསྲུང་བཟློག་བསད་པར་བྱ་ཕྱིར་དུ༔ སྣང་སྲིད་སྤྱི་འདུལ་པདྨ་འབྱུང་གནས་ཀྱིས༔ ཡི་དམ་གུ་རུ་དྲག་ཁྲོས་སྒྲུབ་ཐབས་བསྟན༔ ད་ལྟ་མི་སྤེལ་མ་འོངས་དོན་དུ་ནི༔ མཚོ་རྒྱལ་ཁྱོད་ལ་གཏད་པས་གཏེར་དུ་སྦོས༔ ཞེས་གསུངས་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ སློབ་དཔོན་པདྨས་ཇི་སྐད་གསུངས་པ་བཞིན༔ ཡི་གེར་བཏབ་ནས་རིན་ཆེན་གཏེར་དུ་སྦས༔ མ་འོངས་ལས་འཕྲོ་ཅན་དང་ཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་པ་དངོས་ནི༔ དང་པོ་བདག་བསྐྱེད་ལྟར་སྒྲུབ་པ༔ གཉིས་པ་བུམ་པ་ལྟར་སྒྲུབ་པ༔ གསུམ་པ་གཏོར་མཆོད་ལ་བརྟེན་ནས་སྒྲུབ་པ་དང་གསུམ་བསྟན་ཏེ༔ ཐོག་མར་རྫས་བཤམ་པ་ནི༔ གནས་ཁང་དབེན་པར་དཀྱིལ་འཁོར་མདའ་གང་འདོམ་གང་སོགས་སྐབས་དང་བསྟུན་ནས༔ ས་སྟེགས་ལ་སོགས་པའི་སྟེང་དུ་པདྨ་འདབ་བརྒྱད་ཕྱོགས་མདོག་དང་མཐུན་པར་བྲི༔ དེ་ཡི་སྟེང་དུ་ཆག་གས་མེད་པའི་བུམ་པར༔ རྫས་ཆེན་ཐམས་ཅད་དང་ཆུ་མིག་ཁ་ཤར་དུ་ལྟ་བའི་ཆུས་བཀང་ནས༔ གཟུངས་ཐག་ཁ་རྒྱན་དང་བཅས་པ་བཤམ༔ གཞན་ཡང་སྨན་རཀ་གཏོར་མ་ཕྱི་ནང་གསང་གསུམ་མཆོད་པ་དང༔ མཁོ་བའི་ཡོ་བྱད་ཐམས་ཅད་རྒྱས་པར་བཀྲམ་པའི་ཕྱི་ནས་ཡོལ་བ་སོགས་བྱ་སྟེ༔ སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་མཐོང་དུ་མི་རུང་ངོ་༔ གསེར་སྐྱེམས་དང་གཞི་བདག་གཏོར་འབུལ་སོགས་སྔོན་དུ་སོང་ནས༔ རང་ཉིད་སྒྲུབ་གྲོགས་དང་བཅས་ཏེ༔ སྟན་བདེ་བ་ལ་འདུག་ཅིང་སྐྱབས་སུ་འགྲོ་བའི་རིམ་པ་ནི༔ མདུན་གྱི་ནམ་མཁར་པདྨ་གེ་སར་གྱི་སྡོང་པོ་འོད་འབར་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར༔ དེ་ཡི་དབུས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་ཐུགས་རྗེའི་སྤྱན་གསུམ་གྱིས་ཕྱོགས་དང་མཐའ་ཐམས་ཅད་གཟིགས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་སྣང་སྲིད་ཟིལ་གནོན་གྱི་ཕྱག་རྒྱས་ནམ་མཁར་ཕྱར་ཞིང༔ གཡོན་པས་ཐོད་པ་བདུད་རྩིས་བཀང་བ་ལྟེ་བའི་ཐད་ཀར་མཉམ་གཞག་གི་ཕྱག་རྒྱས་འཛིན་པ༔ གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ༔ དབུ་ལ་དར་ཤ་བ་རིའི་སྙན་ཞུ་གསོལ་བའི་རྩེ་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ༔ སྐུ་ལ་ཟ་འོག་གི་བེར་དང༔ ཆོས་གོས་དམར་པོ་འཆམས་སྟབས་སུ་གསོལ་ཞིང་གསེར་གྱི་པ་ཏྲ་རིས་སུ་ཡོད་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་གིས་རྒྱལ་པོ་རོལ་སྟབས་སུ་བཞུགས་པ༔ འཇའ་འོད་ཐིག་ལེ་ཐིག་ཕྲན་གྱི་དབུས་ནས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱི་གནོན་པ་དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་དཔག་ཏུ་མེད་པས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་བཞུགས་པ༔ དེ་དག་གི་སྤྱན་སྔར་བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ༔ སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཆོས་ལ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་སྐྱབས་སུ་མཆིའོ༔ དཔལ་ཆོས་སྐུ་སྣང་བ་མཐའ་ཡས་ལ་སྐྱབས་སུ་མཆིའོ༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་སྐྱབས་སུ་མཆིའོ༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་སྐྱབས་སུ་མཆིའོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སྐྱབས་སུ་མཆིའོ༔ བསྐྱབ་ཏུ་གསོལ༔ སྐྱབས་འོག་དམ་པ་ན་ཚུད་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ མ་རིག་འཁོར་བའི་སྡུག་བསྔལ་བྲལ་ནས་ཀྱང༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཤོག༔ ཅེས་བརྗོད་ཅིང་སྐྱབས་ཡུལ་གྱི་ལྷ་ཚོགས་རང་ལ་ཐིམ་པར་བསམ༔ འབྱུང་གཏོར་གཏོང་ཞིང་བགེགས་ལ་བཀའ་བསྒོ་བའི་ཕྱིར༔ རང་ཉིད་ལྷ་ཡི་ང་རྒྱལ་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཆེ་མཆོག་པདྨ་དྲག་པོ་རྩལ༔ སྐུ་མདོག་དམར་ནག་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་ཕྱར༔ ལྷ་སྲིན་སྡེ་བརྒྱད་མ་ལུས་བརླག་པར་བྱེད༔ ཕྱག་གཡོན་མེ་ཡི་འཁོར་ལོ་རྩིབས་བརྒྱད་བསྣམས༔ ནད་རིམས་དལ་ཡམས་ཐམས་ཅད་སྲེག་པར་བྱེད༔ ཞབས་གཉིས་བརྐྱང་བསྐུམ་བགེགས་འདུལ་དཔལ་དུ་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་ནད་བདག་རིམས་བདག་བར་ཆད་བགེགས༔ ལན་ཆགས་གླུད་གཏོར་ལོངས་ལ་ཕྱོགས་མེད་དེངས༔ གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན༔ ལུས་ངག་རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་མ་འདུག་རང་རང་གནས་སུ་སོང༔ བསྐལ་པའི་མེ་ཆེན་འབར་བའི་དུས་ཚོད་འདིར༔ བྱ་སྒྲོ་ཞུན་མར་ཆགས་པའི་གནས་མེད་དོ༔ ཁྲོ་བོའི་དཀྱིལ་འཁོར་གདོན་བགེགས་ག་ལ་ཚུགས༔ ཨོཾ་མ་ཧཱ་གུ་རུ་པདྨཱ་ཀ་ར་ཨརྩིག་ནིརྩིག་བཛྲ་ཀྲོ་དྷ་མ་ཧཱ་ཙཎྜ་ཙིཏྟ་བཛྲ་ཛྙཱ་ན་ཧྲྀ་ད་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་རོ་ག་ཛྭ་ར་པ་ཏི་ཨུཙྪ་ཏ་ཡ་ཕཊ༔ ཅེས་བརྗོད་ཅིང་གུ་གུལ་བདུག༔ གཏོར་མ་ཕྱི་རོལ་དུ་དོར༔ ཐུན་སྐམ་རློན་བརྡེག་ཅིང་རོལ་མོ་རྣམས་དྲག་ཏུ་དཀྲོལ་ལོ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་པདྨ་དྲག་པོའི་ཐུགས་ཀ་ནས༔ བྱ་ཁྱུང་དཀར་པོས་ནམ་མཁའ་ཐམས་ཅད་ཁྱབ༔ བྱ་ཁྱུང་མཐིང་ནག་བར་སྣང་མ་ལུས་ཁེངས༔ བྱ་ཁྱུང་དམར་པོས་ས་གཞི་གཡོ་ཞིང་འཁྲིགས༔ བྱ་ཁྱུང་ཁྲ་བོས་ཕྱོགས་མཚམས་མེད་པར་གཏམས༔ མཚོན་ཆ་མེ་རླུང་ཐོག་སེར་སྐར་ལྟར་འཁྲུགས༔ གླགས་བལྟ་གདོན་བགེགས་ལོག་འདྲེན་མཚམས་ཆོད་ཅིག༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ བདག་ཉིད་དྲག་པོ་པདྨར་གསལ་བའི་ཐུགས་ཀར་ཧཱུྃ་དམར་ནག་གཡས་སུ་གང་བསྲུང་བར་འདོད་པའི་ཕོ་རྒྱུད་རྣམས་ཀྱི་མིང་ཡིག་དང་པོ༔ གཡོན་དུ་མོ་རྒྱུད་རྣམས་ཀྱི་མིང་ཡིག༔ མདུན་དུ་ནོར་རྫས༔ རྒྱབ་ཏུ་ཡུལ་འཁོར་ཁང་ཞིང་ལ་སོགས་པ་གསལ་བར་བསྒོམ༔ རང་ཉིད་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གྱོན་པའི་བར་མཚམས་ཐམས་ཅད་སྡིག་པ་དང་ཁྲོ་ཆུང་མཚོན་ཆས་གཏམས་པ་ཡེ་ཤེས་ཀྱི་མེ་ཁ་དོག་སྣ་ལྔ་དང་ལྡན་པའི་ཚྭ་ཚྭ་སིལ་མ་རབ་ཏུ་ཁོལ་བར་བསྒོམ༔ སླར་རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་ནས༔ ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་འུར་འུར་ཤིག་ཤིག་འགུལ་འགུལ་ལྡེམ་ལྡེམ་བྱས་པས༔ སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན་དུ་རང་ལ་བསྟིམ༔ དེ་དག་གི་འོད་ཟེར་དང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་དམར་ནག་རབ་ཏུ་ཚ་བའི་རང་བཞིན་ཕར་འཕྲོས༔ གདོན་བགེགས་ལོག་འདྲེན་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེག་པ་ལྟར་གཞོབ་ཐུལ་གྱིས་བཏང་བར་དམིགས༔ མེ་ལྕེ་དེ་ལས་འཕྲོས་པའི་རང་གི་ཕྱི་རོལ་དུ་རྡོ་རྗེ་འབུར་བརྩེགས་ཀྱི་ར་བ༔ བར་མཚམས་ཐམས་ཅད་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུ་ཁྲོ་བོ་དམར་པོ་སྟོང་གིས་ཞལ་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པ༔ དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་དང་མཚོན་ཆའི་ར་བ་ལ་མེ་འབར་བ༔ དེའི་ཕྱི་རོལ་དུ་ཁྲོ་བོ་ནག་པོ་སྟོང་གིས་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པ༔ དེ་རྒྱབ་ཁྱུང་གི་ར་བ་མེ་ཡི་གཤོག་གདང་འཁྲིགས་པ༔ དེའི་ཕྱི་རོལ་སྡིག་པའི་ར་བ་དང་སྡིག་པ་ཁ་འཐབས་པའི་བར་དུ་དགྲ་བགེགས་དམྱལ་དམྱལ་ཟ་བ༔ དེའི་ཕྱི་རོལ་དུ་མེ་ཡི་གུར་ཁང་དམར་ནག་བྱ་ཁྱུང་གི་མེ་སྟག་འཕྲོ་བ༔ དེའི་ཕྱི་རོལ་དུ་དུག་གི་ཆུ་བོ་སྔོ་མེ་རེ་བ་རྦ་རླབས་འཕྱོ་བའི་གུར་ཁང༔ གདུག་པའི་རླུང་ནག་མཚོན་ཆ་སྣ་ཚོགས་ཀྱི་བུ་ཡུག་འཚུབས་པ༔ དེའི་ཕྱི་རོལ་དུ་ཨེ་ལས་ནམ་མཁའ་མཐིང་ནག་གི་གུར་ཁང༔ དེ་རྒྱབ་སྟོང་ཉིད་ཨཱ་ལི་ཀཱ་ལིའི་འུར་སྒྲ་དི་རི་རི་སྒྲོག་པ༔ སྟེང་ཕྱོགས་ཐམས་ཅད་བྱ་ཁྱུང་མཐིང་ནག་མེ་ཡི་གཤོག་པ་ཅན༔ བསེ་ཡི་མིག༔ ཟངས་ཀྱི་རྭ༔ ལྕགས་ཀྱི་མཆུ་སྡེར་ཅན་དཔག་ཏུ་མེད་པས་བསྐོར་བ༔ འོག་ཐམས་ཅད་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་མིག་དགུ་བགྲད་ཅིང་དུག་གི་རླངས་པ་འཕྱོ་བ་དཔག་ཏུ་མེད་པས་བསྐོར་བ༔ བར་མཚམས་ཐམས་ཅད་ལྕགས་ཀྱི་ཕག་ནག་ཁ་ནས་མེ་འབར་སྣ་ནས་མེ་ཡི་བྱ་ཁྱུང་ལྡིང་ཞིང་ངར་ངར་ངུར་ངུར་ནད་བདག་དང་གཉན་ལྷོག་ཐམས་ཅད་ཧབ་ཧབ་ཇག་ཇག་ཟ་བ་དཔག་ཏུ་མེད་པས་བསྐོར་བར་བསྒོམ༔ དེ་ནི་སྲུང་བའི་འཁོར་ལོ་སྟེ༔ ཟབ་ཅིང་གཉན་པའི་མན་ངག་གོ༔ གཉིས་པ་ཡན་ལག་བདུན་པ་ནི༔ ཧཱུྃ༔ གུ་རུ་དྲག་ཁྲོས་ལྷ་ཚོགས་གཤེགས་སུ་གསོལ༔ དྲེགས་པ་བསྣོལ་བའི་གདན་ལ་བརྟན་པར་བཞུགས༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ དུག་གསུམ་ཤ་རུས་ཁྲག་གི་མཆོད་པ་འབུལ༔ དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ལོ་བཤགས༔ ལོག་འདྲེན་དྲག་པོས་བསྒྲལ་ལ་རྗེས་ཡི་རང༔ དྲེགས་པ་མ་ལུས་འདུལ་བའི་ཆོས་འཁོར་བསྐོར༔ ཕྲིན་ལས་རྣམ་བཞི་འགྲུབ་པར་གསོལ་བ་འདེབས༔ མངོན་སྤྱོད་ལས་སྒྲུབ་དགེ་བ་ཡོངས་ལ་བསྔོ༔ དེ་ནས་བྱིན་འབེབ་བྱ་བ་ནི༔ ཧཱུྃ༔ འཇིགས་བྱེད་དབང་དྲག་དཀྱིལ་འཁོར་ཆེན་པོ་འདིར༔ ཆེ་མཆོག་གུ་རུ་དྲག་ཁྲོས་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་ཤྲཱི་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་ཕུར་བུའམ་བླ་མའི་གཞུང་ལྟར་མཆོད་པ་བྱིན་རླབས་བྱས་ཏེ༔ སྔོན་དུ་འགྲོ་བའི་ཆོ་གའོ༔ དངོས་གཞི་བསྐྱེད་སྔགས་རྫོགས་གསུམ་གྱི་སྒྲུབ་ཐབས་བྱེད་པ་ནི༔ བདག་མདུན་སོགས་སྐབས་སུ་གང་བབ་ཁ་བསྒྱུར་བར་བྱའོ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ བདག་དང་སྣང་བ་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གིས་ཆོས་འབྱུང་མཐིང་ནག་གྲུ་གསུམ་འབར་བ་རྩ་བ་ཕྲ་ཞིང་ཐུར་དུ་ཟུག་པ༔ སྟེང་ཁ་གདེངས་པ་ནམ་མཁའ་དང་མཉམ་པའི་དབུས་ནས་རླུང་ནག་རྡོ་རྗེའི་བུ་ཡུག་འཚུབས་པ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ནས་ཐོག་སེར་མཚོན་ཆའི་ཚྭ་ཚྭ་འཕྲོ་བ༔ རཀྟའི་རྒྱ་མཚོ་ལྦུ་བ་རི་རབ་དང་མཉམ་པའི་ནང་ནས་ཀེང་རུས་དང་བམ་གསར་རྙིང་གི་ཚོགས་རི་གད་ཉིལ་བ་ལྟ་བུའི་ཀློང་ཡོད་པ༔ དེའི་དབུས་སུ་ཀེང་རུས་ཀྱི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱི་ཐམས་ཅད་ཐོད་པ་སྐམ་རློན་ལས་གྲུབ་པ༔ ནང་ཐམས་ཅད་གྲུ་གསུམ་མཐིང་ནག་འབར་བ༔ བར་ཐམས་ཅད་ཁྲོ་ཆུའི་སྤྱིན་གྱིས་བསྡམས་པ༔ རྨིང་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པ༔ བྱ་དང་གཅན་གཟན་དཔག་ཏུ་མེད་པས་ཚང་བཅས་ཤིང་ཤ་ཟ་དང་ཞིང་སྐྱོང་མང་པོས་ཧ་སྒྲ་སྒྲོག་པ༔ དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་མི་ལྤགས་གཡང་གཞིའི་བླ་བྲེ༔ མི་རྒྱུ་རློན་པའི་ལྡ་ལྡི༔ མི་མགོ་སྐམ་རློན་གྱི་ཕྲེང་བ་ལ་སོགས་པའི་རྒྱན་དུ་མས་བརྒྱན་པ༔ རཀྟའི་ཞམ་ཆུ་དམར་ཀྱི་ལི་ལི་འབབ་ཅིང་དུག་གི་རླངས་པ་འཐུལ་བ༔ ཞིང་ཆེན་གྱི་ཀ་བ༔ ཞིང་ཆུང་གི་ཀ་ཞུ༔ རུ་དྲའི་ཀ་གདན༔ ཞིང་ལྤགས་ཀྱི་ཐོག་ཁེབས༔ སྦྲུལ་ནག་གི་སྐྱེས་བུ༔ ཆུ་སྲིན་གྱི་སྒོ་གཡོགས༔ གཡུ་འབྲུག་གི་གྱེན་སྐྱེས༔ རུ་སྦལ་གྱི་སྒོ་ཐེམ་ལ་སོགས་པ་རབ་ཏུ་འཇིགས་པའི་ཆ་བྱད་ཅན༔ ཚ་ལ་རྩུབ་པ༔ རྔམ་ལ་འཇིགས་པ༔ ཡ་ང་ཞིང་སྐྱི་བུང་བ༔ ཡེ་ཤེས་ཀྱི་མེ་དམར་ནག་ཏུ་འབར་བའི་གཞལ་ཡས་ཁང་གི་སྟེང་ཐམས་ཅད་གནམ་ལྕགས་ཨུར་མོ་ལས་གྲུབ་པ༔ རོ་སྐྲའི་རྔ་ཡབ༔ ཞིང་ལྤགས་ཀྱི་རྒྱལ་མཚན་ལ་དོན་སྙིང་སྨུག་པོའི་ཏོག་ཡོད་པ༔ ཐོད་པ་སྐམ་རློན་མཚོན་ཆ་ལ་བསྐྱོན་པའི་རྒྱན་དུ་མས་བརྒྱན་པ༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར་ཁང༔ དེ་ཡི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ༔ དེ་ཡི་ཕྱི་རོལ་དུ་རྡོ་རྗེའི་རྭ་བ༔ དེ་ཡི་ཕྱི་རོལ་དུ་མེ་རི་སྨུག་ནག་རབ་ཏུ་འབར་བས་བསྐོར་བར་གྱུར༔ གཞལ་ཡས་ཁང་གི་དབུས་སུ་ཟླ་གམ་དམར་པོ་ལ་ཐོད་པའི་ཕྲེང་བས་བསྐོར་བ༔ དེ་ཡི་ནང་དུ་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བརྒྱད་དང་ལྡན་པ༔ དེ་ཡི་སྟེང་དུ་པདྨ་དང་ཉི་མ་དགྲ་བགེགས་གན་རྐྱལ་དུ་བསྣོལ་བའི་སྟེང་དུ་སྲིད་པའི་ཕག་ནག་མགོ་དགུ་རབ་ཏུ་ཁྲོས་པ༔ ཁ་ནས་མེ་འབར་ཞིང་སྣ་ནས་མེ་ཡི་བྱ་ཁྱུང་ལྡིང་བ༔ མཆེ་བ་ཟངས་ཡག་ཏུ་གཙིགས་ཤིང་མིག་ལ་མེ་སྟག་ཚྭ་ཚྭ་ཁོལ་བ༔ ལྕེ་ལ་འཇིགས་པའི་གློག་དམར་འཁྱུག་པ༔ བ་སྤུ་རེ་རེ་ལའང་མེ་ཡི་བྱ་ཁྱུང་གནམ་ལྕགས་ཀྱི་སྡིག་པ་གསོད་བྱེད་ཀྱི་མཚོན་ཆ་རྡུལ་ལྟར་འཁྲུགས་པ༔ སྟེང་གི་ཕག་ཞལ་གསུམ་པོ་གྱེན་དུ་ལྟ་ཞིང་ལྷ་གདོན་འཇོམས་པ༔ བར་གྱི་ཕག་ཞལ་གསུམ་པོ་ཐད་དུ་ལྟ་ཞིང་གཟའ་གཉན་འཇོམས་པ༔ འོག་གི་ཕག་ཞལ་གསུམ་པོ་ཐུར་དུ་ལྟ་ཞིང་ཀླུ་གདོན་འཇོམས་པ༔ ཞལ་ནས་ངར་ངར་ངུར་ངུར་སྒྲོག་ཅིང་སྡེ་བརྒྱད་བྲན་དུ་ཁོལ་བ༔ ལྕགས་ཀྱི་རྨིག་བཞིས་དགྲ་བགེགས་ཀྱི་སྙིང་གར་བྲོ་བརྡུང་བ་ཞིག་ཏུ་གྱུར༔ དེ་ཡི་སྟེང་གནམ་ལྕགས་ཀྱི་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་ཧཱུྃ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་པདྨ་འབྱུང་གནས་དྲག་ཏུ་ཁྲོས་པ༔ སྐུ་མདོག་མཐིང་ནག་ལ་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ཞལ་གཅིག་ཕྱག་གཉིས་སྐུ་ཆེ་ཞིང་ཡན་ལག་རགས་པ༔ སྤྱན་གསུམ་སྡང་མིག་བགེགས་ལ་གཟིར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་དང་ལྡན་པའི་མཆེ་བ་བཞི་གཙིགས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་བསྐྱོད་པ༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་བྱས་པ༔ ཡན་ལག་ལྷུ་ཚིགས་ཐམས་ཅད་སྦྲུལ་རིགས་ལྔ་ཡིས་བརྒྱན་པ༔ སྦྲུལ་ནག་གི་ཆུན་པོ་ལ་ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་སྟེང་གི་ནམ་མཁར་ཕྱར་ཞིང་ལྷ་སྲིན་ཐམས་ཅད་བརླག་ཅིང་འཇོམས་པར་བྱེད་པ༔ གཡོན་པས་ཐོད་པ་བུམ་རིལ་ཁྲག་གིས་བཀང་བ་བསྣམས་པས་ནད་བདག་རིམས་བདག་ཐམས་ཅད་ཟློག་པར་བྱེད་པ༔ སྤུ་གྲི་དང་མཚོན་ཆ་འབར་བའི་གཤོག་པ་ལ་མེ་འབར་བ༔ སྐུ་ལ་ཁྲག་གི་ཐིག་ལེ༔ ཞག་གི་སོར་རིས་ཐལ་ཆེན་གྱི་ཚོམ་བུས་རབ་ཏུ་བརྒྱན་པ༔ ཞལ་གྱི་རླངས་པ་ལ་ཐོག་དང་མེ་ཡི་ཚྭ་ཚྭ་འཕྲོ་བ༔ གླང་ཆེན་གྱི་ཀོ་བས་སྟོད་གཡོགས༔ མི་ལྤགས་གཡང་གཞིས་རྐེད་དཀྲིས༔ སྟག་ལྤགས་རློན་པའི་ཤམ་ཐབས༔ རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ དབུ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་སླེབ་པས་ལྷ་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ལྟོ་བ་ནས་ཉི་མ་དང་ཟླ་བ་འཆར་བས༔ བར་གཉན་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཞབས་ན་རག་དམྱལ་ཁམས་བཅོ་བརྒྱད་དུ་བྲོ་བརྡུང་བས་ཀླུ་ཁམས་ཐམས་ཅད་དབང་དུ་སྡུད་པ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་འབྲུག་ལྟར་སྒྲོག་པ༔ མཚོན་ཆ་ཁྲོ་ཆུང་འཕྲོ་ཞིང་ནད་བདག་ཐམས་ཅད་ཟ་བ་ཞིག་ཏུ་གྱུར༔ དེ་ཡི་སྤྱི་གཙུག་ཏུ་གསང་བདག་ཕྱག་ན་རྡོ་རྗེ་གཏུམ་པོ་མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད་པ༔ གཡས་སུ་འཇམ་དབྱངས་ནག་པོ་རལ་གྲི་པུསྟི་འཛིན་པ༔ གཡོན་དུ་རྟ་མགྲིན་དམར་ནག་དབྱུག་པ་ལྕགས་སྒྲོག་འཛིན་པ༔ དེ་དག་ཐམས་ཅད་ཀྱང་རབ་ཏུ་འཇིགས་པའི་ཆ་བྱད་ཅན༔ དཔལ་དང་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ནས་ཞབས་གྱད་ཀྱི་འདོར་ཐབས་སུ་བསྒྲད་པའོ༔ གསང་བའི་བདག་པོའི་སྤྱི་བོར་བྱ་ཁྱུང་མཐིང་ནག༔ བསེ་ཡི་མིག༔ ཟངས་ཀྱི་རྭ༔ མེ་ཡི་གཤོག་པ༔ ལྕགས་ཀྱི་མཆུ་སྡེར་ཅན་གྱིས་ནད་བདག་རིམས་བདག་ཐམས་ཅད་ཟ་བ༔ ཀྲང་ཀྲིང་གི་སྒྲ་སྒྲོག་ཅིང་རི་རབ་རྨིང་ནས་སྙིལ་བར་བྱེད་པའོ༔ འཇམ་དཔལ་སྤྱི་བོར་བྱ་ཁྱུང་དམར་པོ་ཟངས་ཀྱི་མདོག་ཅན་ལྕགས་བསྲེགས་ཀྱི་མཆུ་སྡེར་དམར་པོ་ཟངས་སེ་ཡོད་པ༔ ཁྲོ་ཆུའི་རྭ་དང་སྤུ་གྲིའི་གཤོག་པ་འབར་བ༔ ཀྲང་ཀྲིང་གི་སྒྲ་སྒྲོག་ཅིང་རྒྱ་མཚོ་ཧུབ་ཀྱིས་འདེབས་པའོ༔ རྟ་མགྲིན་སྤྱི་བོར་བྱ་ཁྱུང་དཀར་པོ་ལྕགས་ཀྱི་མཆུ་སྡེར་ཅན༔ རལ་གྲིའི་གཤོག་པ་ཅན༔ རྡོ་རྗེའི་རྭ་ལ་མེ་འབར་ཞིང་བ་སྤུ་དང་གྲངས་སྤུ་ཐམས་ཅད་ལ་མེ་སྟག་འཕྲོ་བ༔ ཞལ་ནས་ཧྲིག་ཧྲིག་གི་སྒྲ་སྒྲོག་ཅིང་ཉི་ཟླ་ཀོག་པོར་འཕེན་པའོ༔ དེ་ཐམས་ཅད་ཀྱང་ཟས་སུ་ཀླུ་གཉན་ཟ་བ༔ ལས་སུ་ཀླུ་བདུད་བརླག་པ༔ ཉི་ཟླ་ནོར་བུ་འབར་བས་དབུ་ལ་བརྒྱན་པ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ནས་རང་འདྲ་བའི་ཁྲོ་ཆུང་ཉི་ཟེར་གྱི་རྡུལ་ལྟར་འཕྲོ་བའི་རང་བཞིན་ཅན་དུ་གྱུར༔ གུ་རུ་དྲག་ཏུ་ཁྲོས་པའི་གཡས་སུ་ཟ་བྱེད་མཁའ་འགྲོ་སྟག་གི་གདོང་པ་ཅན་དགྲ་སཏྭ་དང་ལྕགས་ཀྱུ་འཛིན་པ༔ སྟག་ཞལ་ངར་སྐད་ཕྱོགས་བཅུར་སྒྲོགས་པས་གནོད་བྱེད་ཐམས་ཅད་བྲེད་སྐམ་སྐམ་བྱེད་པ༔ གཡོན་དུ་གསོད་བྱེད་སྤྱང་ཀིའི་གདོང་པ་ཅན་སྤུ་གྲི་དང་ཞགས་པ་འཛིན་པ༔ མིག་ལ་མེ་སྟག་འཕྲོ་ཞིང་འབུར་ཚུགས་སུ་ལྟ་བ༔ གནོད་བྱེད་ཐམས་ཅད་སྔངས་ཡེད་ཡེད་བྱེད་པ༔ རྒྱབ་ཏུ་སྐྲོད་བྱེད་མཁའ་འགྲོ་དོམ་གྱི་གདོང་པ་ཅན་ཕྱག་གཉིས་ཉི་མ་ཟླ་བ་ཆ་ལང་དུ་བརྡེབས་པ༔ ཧ་སྒྲ་བསྭོ་སྒྲ་དྲག་པོ་ཕྱོགས་བཅུར་སྒྲོག་པ༔ གནོད་བྱེད་ཐམས་ཅད་གཞོབ་ཐུལ་གྱིས་བཏང་བའོ༔ མདུན་དུ་ཟློག་བྱེད་མཁའ་འགྲོ་སེང་གེའི་གདོང་པ་ཅན་ཕྱག་གཉིས་གྲི་གུག་ཁ་ཊྭཱཾ་བསྣམས་ཤིང་སེང་ཞལ་ང་རོས་གནམ་ས་འདར་བ༔ བྱད་མ་རྦོད་གཏོང་ཐམས་ཅད་ཐལ་བར་བརླག་པའོ༔ དེ་དག་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་རབ་ཏུ་འཇིགས་པའི་གཟུགས་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་པདྨ་ཉི་མ་རོ་ཡི་གདན་ལ་སྐུ་གར་ཐབས་ལིང་ངེ་བཞུགས་པའོ༔ ཤར་དུ་རྡོ་རྗེ་ཁྱུང་ཆེན་སྐུ་མདོག་དཀར་པོ༔ ལྷོར་རཏྣ་ཁྱུང་ཆེན་སྐུ་མདོག་སེར་པོ༔ ནུབ་ཏུ་པདྨ་ཁྱུང་ཆེན་སྐུ་མདོག་དམར་པོ༔ བྱང་དུ་ཀརྨ་ཁྱུང་ཆེན་སྐུ་མདོག་ལྗང་གུ༔ དེ་དག་ཐམས་ཅད་ཀྱང་བསེ་ཡི་མིག༔ ཟངས་ཀྱི་རྭ༔ ལྕགས་ཀྱི་མཆུ་སྡེར༔ མེའི་གཤོག་པ་ཅན༔ རབ་ཏུ་རྔམ་ཤིང་འཇིགས་སུ་རུང་བ༔ ཕྱག་གིས་ཀླུ་གཉན་ནད་བདག་རིམས་བདག་ཐམས་ཅད་ཞལ་དུ་གསོལ་བ༔ ཀྲང་ཀྲིང་གི་སྒྲ་སྒྲོག་ཅིང་ཉི་ཟླ་ནོར་བུས་དབུ་ལ་བརྒྱན་པ༔ ཡེ་ཤེས་ཀྱི་མེ་ཁ་དོག་རིམ་པ་བཞིན་དུ་འབར་བའི་ནང་ནས་རང་རང་གི་སྤྲུལ་པ་ཁྲི་འབུམ་བྱེ་བ་ས་ཡ་རྣམས་ཀྱིས་བསྐོར་ནས་བཞུགས་པའོ༔ དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱ༔ ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཧཱུྃ༔ བྱ་ཁྱུང་རྣམས་ཀྱི་ཐུགས་ཀར་ཁྲོཾ༔ མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་བྷྱོ༔ དེ་དག་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་ལྕང་ལོ་ཅན་གྱི་གནས་མཆོག་རྒྱ་ནག་རི་བོ་རྩེ་ལྔ་དབང་དྲག་རོལ་པའི་དུར་ཁྲོད་རི་རབ་འབར་བའི་རྩེ་མོ་དུར་ཁྲོད་ཆེན་པོའི་གནས་བརྒྱད་རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས༔ དཔལ་གུ་རུ་དྲག་ཏུ་ཁྲོས་པའི་ལྷ་ཚོགས་འཁོར་དང་བཅས་པ་སྤྲིན་ཆེན་རླུང་གིས་བསྐྱོད་པ་ལྟར་དུ་བཛྲ་ས་མཱ་ཛ༔ དེ་ནས་སྤོས་དང་ཤ་ཆེན་བསྲེག༔ རྐང་གླིང་དང་རོལ་མོའི་སྒྲ་དྲག་པོ་བསྒྲགས་ནས་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་ཟ་བྱེད་ཡུལ༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ་ནས༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ཆེ་མཆོག་གུ་རུ་དྲག་ཁྲོས་སྐུ་བཞེངས་ཤིག༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ དལ་ཡམས་རིམས་ནད་བཟློག་ཕྱིར་གཤེགས་སུ་གསོལ༔ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས་སུ་གསོལ༔ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཁྲོ་རྒྱལ་ཡོངས་ཀྱི་ཆེ་བཙན་ཧེ་རུ་ཀ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་ལག་ན་རྡོ་རྗེ་སྐུ་བཞེངས་ཤིག༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས༴ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས༴ དལ་ཡམས་རིམས་ནད་བཟློག་ཕྱིར་གཤེགས༴ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས༴ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས༔ འཆི་བདག་གཤིན་རྗེ་འཇོམས་བྱེད་ཧེ་རུ་ཀ༔ སངས་རྒྱས་ཀུན་གྱི་སྐུ་མཆོག་དྲི་མ་མེད༔ འཇམ་དཔལ་ནག་པོའི་ལྷ་ཚོགས་སྐུ་བཞེངས་ཤིག༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས༴ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས༴ དལ་ཡམས་རིམས་ནད་བཟློག་ཕྱིར་གཤེགས༴ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས༴ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཧཱུྃ་ཧཱུྃ་ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མ་ཏྲཾ་རུ་དྲ་འདུལ་བའི་ཧེ་རུ་ཀ༔ དབང་གི་སྐུ་མཆོག་འགྲན་ཟླ་བྲལ་བའི་ལྷ༔ ཁྲོ་རྒྱལ་རྟ་མགྲིན་དམར་པོ་སྐུ་བཞེངས་ཤིག༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས༴ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས༴ དལ་ཡམས་རིམས་ནད་བཟློག་ཕྱིར་གཤེགས༴ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས༴ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཧཱུྃ་ཧཱུྃ་ཧཱུྃ༔ སྲིད་པའི་རི་རབ་འབར་བའི་རྩེ་མོ་ནས༔ ཁྲོ་རྒྱལ་སྤྲུལ་པ་འཇིགས་བྱེད་ག་རུ་ཌ༔ ཀླུ་གཉན་ས་བདག་འདུལ་བའི་མཐུ་རྩལ་ཅན༔ ཁྱུང་ཆེན་འབར་བའི་ལྷ་ཚོགས་སྐུ་བཞེངས་ཤིག༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས༴ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས༴ དལ་ཡམས་རིམས་ནད་བཟློག་ཕྱིར་གཤེགས༴ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས༴ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱོགས་བཞི་འཇིགས་རུང་དུར་ཁྲོད་ཆེན་པོ་ནས༔ ལས་བྱེད་མཁའ་འགྲོ་ཀུན་རྒྱུག་ཁྲག་འཐུང་མ༔ ཟ་གསོད་སྐྲོད་དང་ཟློག་པའི་ལས་ལ་བརྩོན༔ མ་མོ་ཆེན་མོ་མཆེད་བཞི་སྐུ་བཞེངས་ཤིག༔ གདུག་པའི་དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ གཉན་ལྷོག་སྨྱོ་འབོག་འདུལ་ཕྱིར་གཤེགས༴ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས༴ དལ་ཡམས་རིམས་ནད་བཟློག་ཕྱིར་གཤེགས༴ མཐའ་ཡི་དམག་དཔུང་བཟློག་ཕྱིར་གཤེགས༴ ཐུགས་རྗེས་བརྩེ་བར་དགོངས་ཤིག་ཐུགས་དམ་ཅན༔ ཞེས་བརྗོད་ཅིང་གུ་རུ་དྲག་ཁྲོས་ཀྱི་ལྷ་ཚོགས་ཐམས་ཅད་ཁྲོ་ཆུང་སྤྲུལ་པའི་དམག་དང་བཅས་ཏེ་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་འུར་འུར་ཤིག་ཤིག་བྱས་ནས་བྱོན་པར་བསམ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འདིར་བཤམས་པདྨ་ཉི་ཟླ་བམ་རོའི་སྟེང༔ སྣ་ཚོགས་རིན་ཆེན་དར་ཟབ་བརྩེགས་པའི་ཁྲིར༔ གུ་རུ་དྲག་ཁྲོས་ལྷ་ཚོགས་བཞུགས་ནས་ཀྱང༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ དམ་ཚིག་བསྐྱེད་དང་དད་མོས་ལྕགས་ཀྱུ་ཛ༔ ཡེ་ཤེས་པ་ཡི་སྐུ་གསུང་ཐུགས་མཆོག་ཧཱུྃ༔ དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་བཾ༔ ལྷན་ཅིག་འདྲེས་པའི་ལྷན་སྐྱེས་བདེ་བ་ཧོཿ ཞེས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་དུ་འདྲེས་པར་བསམ༔ དེ་ནས་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ རྒྱལ་བ་ཀུན་འདུས་རིག་འཛིན་པདྨ་འབྱུང༔ དྲག་ཏུ་ཁྲོས་པ་གཏུམ་ཆེན་མཐིང་ནག་འབར༔ གར་དགུའི་ཉམས་ལྡན་སྲིད་པའི་ཕག་ནག་ཞོན༔ ནད་རིམས་དལ་ཡམས་འདུལ་བའི་དཔལ་དུ་ཤར༔ གུས་པས་ཕྱག་འཚལ་བརྩེ་བའི་རྒྱང་མ་རིང༔ སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་བསྡུས་མཆོག༔ རིགས་གསུམ་མགོན་པོ་ཁྱུང་དང་བཅས་པ་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ༔ རིགས་བཞི་ཁྱུང་ཆེན་མཁའ་འགྲོ་མཆེད་བཞིའི་ཚོགས༔ རང་རང་ཕྲིན་ལས་བཞི་ཡི་རང་རྟགས་སྟོན༔ མོས་གུས་གདུང་བ་དྲག་པོས་ཕྱག་འཚལ་ལོ༔ འབྱུང་བ་བཞི་ཡི་གཡོ་འཁྲུགས་ཞི་བར་མཛོད༔ དེ་ནས་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་དྲག་པོའི་ལྷ་ཚོགས་ལ་མཆོད་པ་འབུལ་བ་ནི༔ ཧོ༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཡིད་འོང་རོལ་གར་ལྡན༔ གཟུགས་སྒྲ་དྲི་རོ་རེག་ཆོས་རྣམ་པ་དྲུག༔ གུ་རུ་དྲག་ཁྲོས་ལྷ་ཚོགས་རྣམས་ལ་འབུལ༔ ཨོཾ་ཤྲཱི་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཙ་ཧོ༔ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ ཧོ༔ སྨན་མཆོག་ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ དགྲ་བགེགས་བསྒྲལ་བའི་སྙིང་ཁྲག་རྦ་ཀློང་བཅས༔ ཤ་ཁྲག་དམར་གྱིས་བརྒྱན་པའི་བ་ལིཾ་ཏ༔ གུ་རུ་དྲག་ཁྲོས་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོ༔ སྟ་ན་སྦྱོར་མཆོད་གྷ་ན་སྒྲོལ་བའི་རྫས༔ ཤ་སྣ་སྙིང་སྣ་ཁྲག་སྣ་འབྲུ་སྣའི་ཚོགས༔ གསང་བ་བླ་ན་མེད་པའི་མཆོད་པ་འདི༔ གུ་རུ་དྲག་ཁྲོས་ལྷ་ཚོགས་རྣམས་ལ་འབུལ༔ བོ་དྷི་ཙིཏྟ་གྷ་ན་གུ་ཧྱ་པཱུ་ཛ་ཧོ༔ དེ་ནས་བསྟོད་བསྐུལ་རྒྱས་བསྡུས་གཉིས་ལས་བསྟོད་བསྐུལ་རྒྱས་པར་བཟློག་པའི་གཞུང་དུ་ཤེས་སོ༔ འདིར་བསྡུས་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྲིད་པའི་ཕག་ནག་ཁྲོས་པའི་གདན་སྟེང་དུ༔ ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧེ་རུ་ཀ༔ པདྨ་འབྱུང་གནས་དྲག་པོའི་སྐུར་བཞེངས་པ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་མེ་འོད་འབར༔ ཉི་ཟླ་དམར་ནག་འཁྲུགས་པའི་སྤྱན་གསུམ་བགྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཁྲག་འཛིན༔ དཔལ་དང་དུར་ཁྲོད་ཆས་བརྒྱད་རྔམ་པར་བརྒྱན༔ སྤུ་གྲི་མཚོན་ཆ་འབར་བའི་གཤོག་པ་གདེངས༔ གར་དགུའི་ཉམས་ལྡན་ཧཱུྃ་དང་ཕཊ་སྒྲ་སྒྲོག༔ མེ་དཔུང་བྱ་ཁྱུང་འཕྲོ་ཞིང་གདོན་བགེགས་ཟ༔ ཁྲོ་ཚུལ་ཉི་ཤུ་གྱད་ཀྱི་འདོར་སྟབས་བགྲད༔ ལྷག་པའི་ལྷ་མཆོག་གཏུམ་ཆེན་གཡུལ་ལས་རྒྱལ༔ བཟོད་དཀའི་གཟི་བྱིན་དུས་མཐའི་མེ་ལྟར་འབར༔ ཁྲོ་རྒྱལ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐུགས་ཀྱི་རང་བཞིན་གནོད་སྦྱིན་ཁྲོས་པའི་ཚུལ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆས་རྫོགས་དུར་ཁྲོད་ཆས་བརྒྱད་བརྒྱན༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་ཕོ་མོ་མནན༔ ཕྱག་ན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་ཡི་རང་བཞིན་གཤིན་རྗེ་ཁྲོས་པའི་ཚུལ༔ ཆར་སྤྲིན་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རལ་གྲི་གཡོན་པས་པུསྟི་འཛིན༔ ཁྲོ་བོའི་ཆས་རྫོགས་དུར་ཁྲོད་ཆས་བརྒྱད་བརྒྱན༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་ཕོ་མོ་མནན༔ འཇམ་དཔལ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ གསུང་གི་རང་བཞིན་སྲིན་པོ་ཁྲོས་པའི་ཚུལ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་དབྱུག་ཏོ་གཡོན་པས་ལྕགས་སྒྲོག་འཛིན༔ ཁྲོ་བོའི་ཆས་རྫོགས་དུར་ཁྲོད་ཆས་བརྒྱད་བརྒྱན༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་ཕོ་མོ་མནན༔ ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡོན་ཏན་རང་བཞིན་དྲང་སྲོང་ཁྲོས་པའི་ཚུལ༔ བྱ་ཁྱུང་མཐིང་ནག་མེ་ཡི་གཤོག་པ་ཅན༔ ཁྲོ་གཉེར་སྤྱན་གསུམ་རྡོ་རྗེའི་མཆུ་སྡེར་གྱིས༔ ཞེ་སྡང་གདུག་པའི་ཀླུ་རྣམས་ཞལ་དུ་གསོལ༔ ཉི་ཟླ་ནོར་བུས་དབུར་བརྒྱན་རི་རབ་བསྙིལ༔ ཁྱུང་ནག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱ་ཁྱུང་དམར་པོ་ལྕགས་བསྲེགས་མཆུ་སྡེར་ཅན༔ མེ་འོད་འཕྲོ་ཞིང་ནད་བདག་ཟས་སུ་ཟ༔ སྤུ་རྣམས་སྤྲུགས་པས་རྡོ་རྗེའི་ཐོག་སེར་འབེབ༔ རི་རབ་བསྙིལ་ཞིང་ཉི་ཟླ་ཀོག་པོར་འཕེན༔ ཀྲང་ཀྲིང་སྒྲ་སྒྲོག་ཀླུ་ཆེན་སྙིང་རྩ་འདར༔ ཁྱུང་ཆེན་དམར་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ༔ བྱ་ཁྱུང་དཀར་པོ་གནམ་ལྕགས་མཆུ་སྡེར་ཅན༔ མཚོན་ཆའི་གཤོག་རྡེབ་ནད་བདག་ཟས་སུ་ཟ༔ བ་སྤུའི་རྩེ་ལས་མེ་ཡི་ཚྭ་ཚྭ་འཕྲོ༔ རི་རབ་བསྙིལ་ཞིང་ཉི་ཟླ་ཀོག་པོར་འཕེན༔ ཀྲང་ཀྲིང་སྒྲ་སྒྲོག་ཀླུ་ཆེན་སྙིང་རྩ་འདར༔ ཁྱུང་ཆེན་དཀར་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ༔ སྟག་གདོང་སྤྱང་གདོང་དོམ་གདོང་སེང་གདོང་མ༔ དགྲ་སཏྭ་སྤུ་གྲི་ཉི་ཟླ་གྲི་ཐོད་འཛིན༔ ཟ་གསོད་སྐྲོད་དང་ཟློག་བྱེད་མཐིང་ནག་འབར༔ བརྐྱང་བསྐུམ་གར་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཆོས་མིན་བསྟན་བཤིགས་སྲོག་རྩ་གཅོད་པ་དང༔ གདུག་པའི་ལྷ་སྲིན་གཡུལ་ངོ་བཟློག་པ་དང༔ སངས་རྒྱས་བསྟན་བཤིག་སྙིང་ཁྲག་ཁོང་ནས་རོལ༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ༔ རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ དཀར་སེར་དམར་ལྗང་མེ་ཡི་གཤོག་པ་ཅན༔ བསེ་མིག་ཟངས་རྭ་ལྕགས་ཀྱི་མཆུ་སྡེར་རྔམ༔ ཀཾ་ཀཾ་ཧྲིག་ཧྲིག་ཀྲང་ཀྲིང་སྒྲ་ཡང་སྒྲོག༔ ཉི་ཟླ་ཐང་འབེབ་རི་རབ་རྨིང་ནས་བསྙིལ༔ མེ་ཡི་ཁ་རླངས་འཕྲོ་ཞིང་དགྲ་བགེགས་ཟ༔ ཁྱུང་ཆེན་རིགས་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ ནད་རིམས་དལ་ཡམས་བཟློག་པའི་ལས་མཛོད་ཅིག༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོ༔ དགོངས་ཤིག་གསོན་ཅིག་གཟིགས་ཤིག་ཡི་དམ་ལྷ༔ གསོལ་ལོ་མཆོད་དོ་བསྐང་ངོ་ཉམས་ཆག་བཤགས༔ སོད་ཅིག་ཐུལ་ཅིག་ཆོམས་ཤིག་དགྲ་དང་བགེགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མྱུར་དུ་མཛོད༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འཛབ་ལ་འཇུག་པ་ནི༔ བདག་མདུན་བུམ་པ་རྣམས་དམིགས་པ་ཁ་བསྒྱུར་ལ༔ རང་ཉིད་སྐད་ཅིག་གིས་གུ་རུ་དྲག་ཁྲོས་གོང་ལྟར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྨུག་ནག་རྡོ་རྗེ་དང་ཐོད་ཁྲག་འཛིན་པ༔ དེ་ཡི་ཐུགས་ཀར་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་རྩ་སྔགས་གཡས་སྐོར་དུ་འཁོར་བར་བསྒོམ༔ རང་ཉིད་དྲག་པོར་གསལ་བའི་བུ་ག་དགུ་ནས་བྱ་ཁྱུང་འཕྲོ་ཞིང་མེ་འབར་བ༔ རྩ་དབུ་མའི་རྩེ་མོར་ཕྱག་ན་རྡོ་རྗེ༔ དེ་ཡི་སྤྱི་བོར་ཁྱུང་ནག༔ དབུ་མའི་ནང་ཐམས་ཅད་བྱ་ཁྱུང་མཐིང་ནག་དཔག་ཏུ་མེད་པས་ཁེངས་པར་བསམ༔ རོ་མའི་རྩེ་ལ་འཇམ་དབྱངས་ནག་པོ༔ དེ་ཡི་སྤྱི་བོར་བྱ་ཁྱུང་དམར་ནག་ཡོད་པ༔ རོ་མའི་ནང་ཐམས་ཅད་བྱ་ཁྱུང་དམར་ནག་གིས་ཁེངས་པར་བསམ༔ རྐྱང་མའི་རྩེ་ལ་རྟ་མགྲིན་དམར་པོ༔ སྤྱི་བོར་ཁྱུང་ཆེན་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་འབར་བ་འཇིགས་སུ་རུང་བ་ཞིག་བསམ༔ རྐྱང་མའི་ནང་ཐམས་ཅད་ཀྱང་བྱ་ཁྱུང་དཀར་པོས་ཁེངས་ནས་གཤོག་པ་ལྷབ་བྱེད་པར་བསམ༔ གཞན་ཡང་རང་གི་རྩ་གནས་ཐམས་ཅད་དུ་བྱ་ཁྱུང་དཀར་དམར་མཐིང་གསུམ་གྱིས་ཁེངས་ནས་ནད་བདག་རིམས་བདག་ཐམས་ཅད་ཟ་བར་བསྒོམ༔ སྣ་བུག་གཡས་ནས་བྱ་ཁྱུང་མཐིང་ནག་ལྕགས་ཀྱི་མཆུ་སྡེར་ཅན༔ ས་བདག་ཀླུ་གཉན་གྱི་སྙིང་དང་རྩ་རྒྱུས་འདྲེན་པ༔ མེ་ཡི་གཤོག་པ་རྡེབ་ཅིང་ནད་བདག་ཐམས་ཅད་ཟ་བ་དཔག་ཏུ་མེད་པ་འཕྲོ་བར་བསམ༔ སྣ་བུག་གཡོན་ནས་ལྕགས་ཀྱི་ཕག་རྒོད་མགོ་དགུ་པ་ཁ་ནས་མེ་འབར་ཞིང་སྣ་ནས་མེ་ཡི་བྱ་ཁྱུང་ལྡིང་བ༔ ངར་ངར་ངུར་ངུར་གཉན་དང་ལྷོག་པ་ཐམས་ཅད་ཧབ་ཧབ་ཟ་བ་དཔག་ཏུ་མེད་པ་འཕྲོས་པར་བསམ༔ རང་གི་ཞལ་ནས་བསྐལ་པའི་མེ་ཆེན་པོ་ཞིག་འབར་བས་ནད་བདག་ཡམས་བདག་ཐམས་ཅད་བནྡེ་མགོ་དཀར་ཅན་དང༔ ཨ་ཙ་རའི་རྣམ་པ་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་གཞོབ་ཐུལ་ཐུལ་བཏང་བར་བསམ༔ མེ་ལྕེ་དེ་ལས་འཕྲོས་པའི་བྱ་ཁྱུང་དང་ཕག་རྒོད་མགོ་གསུམ་པ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་མཚམས་ཐམས་ཅད་ཁེངས་ཏེ་ཞལ་ཕྱིར་གཟིགས་ནས་མེ་འབར་བར་བསམ་པའོ༔ ནད་པ་སོགས་ལ་དམིགས་ན་ནད་པའི་རྣམ་ཤེས་ཁྱུང་གི་རྣམ་པར་རང་ལ་བསྟིམ༔ སྤྲུལ་པའི་བྱ་ཁྱུང་དང་ཕག་རྒོད་རྣམས་ཀྱིས་ནད་དང་ནད་བདག་གི་ཤ་ཁྲག་ལྷག་མ་མེད་པར་ཟོས་པའི་དམིགས་པ་བྱའོ༔ ཞེས་པས་བགེགས་བསལ་བའོ༔ དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་ས་བོན་དང་བཅས་པ་བཀོད་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་མཐུ་སྟོབས་ནུས་རྩལ་ཐམས་ཅད་བསྡུས་ནས་རང་ལ་བསྟིམ༔ བུམ་པ་སོགས་ཡིན་ན་བུམ་པའི་ནང་དུ་བསྟིམ༔ སླར་ཡང་གང་བསྲུང་བར་འདོད་པ་ཐམས་ཅད་ཀྱི་རྣམ་ཤེས་ཡི་གེ་ཧཱུྃ་གི་རྣམ་པར་བསྡུས་ནས་རང་གི་སྙིང་གར་བསྟིམ༔ བདག་བསྐྱེད་རྐྱང་པ་ཡིན་ན་འདི་གས་འགྲུབ་བོ༔ དེ་ནས་ཤ་ཁྲག་གི་ཁ་ཟས་མི་བྱ་ཞིང༔ སྔགས་འདི་རྣམས་ཆུ་བོའི་རྒྱུན་ལྟར་བཟླའོ༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་པ་རྣམས་རྩ་བའི་སྔགས་སོ༔ དེ་ནས་དྲག་སྔགས་མེ་ཡི་སྤུ་གྲི་ནི༔ ཨོཾ་མ་ཧཱ་གུ་རུ་པདྨཱ་ཀ་ར་ཨརྩིག་ནིརྩིག་བཛྲ་ཀྲོ་དྷ་མ་ཧཱ་ཙཎྜ་ཙིཏྟ་བཛྲ་ཛྙཱ་ན་ཧྲྀ་ད་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀྲོ་དྷ་ཀཱ་ལ་རཱུ་པ་བྷ་ལ་བ་ཏི་ཨ་པ་རཱ་ཛཱི་ཏ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་རཏྣ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་བེ་ཀྵི་མ་ནི་མ་མ་ཌཱ་ཀི་ནཱི་ཀྲོ་ཏི་བཛྲ་ཧཱུྃ་བྷྱོ༔ ཤམ་བུ་དྲེགས་པ་ཀུན་འདུལ་ནི༔ སརྦ་རོ་ག་ཛྭ་ར་པྲ་ཎི་གཱི་ར་ཧཱུྃ་ཕཊ༔ སརྦ་དུཥྚཱཾ་པྲ་ཎི་གཱི་ར་ཧཱུྃ་ཕཊ༔ སརྦ་ཨནྟ་ར་ཛྭ་ར་རོ་ག་ཨ་དྷི་པ་ཏ་ཡེ་སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་ནཾ༔ ཙི་རི་ཙི་རི༔ གི་རི་གི་རི་ཧཱུྃ་ཕཊ༔ སརྦ་ཤཱ་ཏྲཱུཾ་མཱ་ར་ཡ་མཱ་ར་ཡ༔ ཀ་ར་ཡ་ཀ་ར་ཡ༔ གརྫ་ཡ་གརྫ་ཡ༔ ཤོ་ཥ་ཡ་ཤོ་ཥ་ཡ༔ བི་སྥོ་ཊ་ཡ་ཧཱུྃ་ཕཊ༔ སརྦ་དུཥྚཾཱ་ཚིནྡྷ་ཚིནྡྷ༔ བྷནྡྷ་བྷནྡྷ༔ ཧ་ར་ཧ་ར༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ པྲ་ཎི་གཱི་ར་ཕཊ་ཕཊ༔ ཅེས་པའོ༔ ཤམ་བུ་གཉན་རྒོད་སྲོག་འཕྲོག་ནི༔ ཨོཾ་ནག་པོ་ཀཱ་ལ་རཀྴ་རྦད་རྦད༔ ནག་པོ་རྒྱུག་ནད་སོད༔ ཅེས་པའི༔ ཤམ་བུ་གཉན་ལྷོག་སྲོག་འཕྲོག་ནི༔ འགོར་རྦད་སོད༔ ལྷོག་པ་སོད༔ པྲ་མ་སོད༔ ས་སྲིན་རྐུན་བུ་ནག་པོའི་སྲོག་ལ་ཐུཾ་རིལ་རྦད༔ ཨོཾ་དང་སྭཱ་ཧཱ་མེད་པའི་དྲག་སྔགས་ཡིན༔ ཤམ་བུ་ནད་བདག་ཀུན་གྱི་སྲོག་འཕྲོག་སྔགས་ནི༔ ཨོཾ་ཐིཾ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་ནག་པོ་ཐུཾ་ཧྲིལ་སོད༔ བྱེ་མ་ནག་པོ་ཐུཾ་ཧྲིལ་སོད༔ གྲམ་གཟེར་ནག་པོ་ཐུཾ་ཧྲིལ་སོད༔ ཁྲག་ནད་རྒྱུག་གཟེར་ནད་ལ་ཐུཾ་ཧྲིལ་ཕཊ་སྭཱ་ཧཱ༔ ༈ ཀཱ་ལ་ཕཊ་ཕཊ༔ རུས་ལ་ཕཊ་ཕཊ༔ ཁྲག་ལ་ཕཊ་ཕཊ༔ རྒྱུག་གཟེར་གྱི་ནད་ལ་ཕཊ་ཕཊ༔ ནག་པོ་གཉན་གྱི་སྙིང་ལ་བྷྱོ་བྷྱོ༔ ནག་པོ་གཉན་གྱི་དབུགས་ལ་སིབ་སིབ༔ ནག་པོ་གཉན་གྱི་སྲོག་ལ་ཐུན་ཐུན༔ ནག་པོ་གཉན་གྱི་ཤ་ལ་ཛཿཛཿ ནག་པོ་གཉན་གྱི་ཁྲག་ལ་ལྗིབ་ལྗིབ༔ ནག་པོ་གཉན་གྱི་རུས་ལ་རྦད་རྦད༔ ༈ ཨོཾ་བྷ་ཏི་ག་རུ་ཌ་ཧཱུྃ་ཕཊ༔ གཏུམ་པོ་ནག་པོ་རྒྱ་ནད་ཀྱི་ཤ་ལ་ཟོ་ཟོ༔ གཏུམ་པོ་ནག་པོ་གཉན་ལྷོག་གི་ཤ་ལ་ཟོ་ཟོ༔ གཏུམ་པོ་ནག་པོ་ཡམས་རིམས་ཀྱི་ཤ་ལ་ཟོ་ཟོ༔ བྱ་ཁྱུང་ནག་པོ་གཉན་ལྷོག་གི་སྲོག་ལ་ཆུམ་ཆུམ༔ ཕག་ནག་མགོ་དགུ་གཉན་རྒོད་ཀྱི་སྙིང་ལ་གཟིར་གཟིར༔ དྲག་མོ་ཆེན་མོ་གཟེར་ནད་ཀྱི་སྲོག་ལ་རྦད་རྦད༔ ཁྲག་ནད་རྒྱུག་གཟེར་ནད་ལ་ཐུན་ཛཿརཾ་ཛ༔ གཉན་ལྷོག་སྤུན་དགུའི་སྲོག་ལ་ཐུན་ཛཿརཾ་ཛ༔ དེ་ནས་འགོས་ནད་འདུལ་བའི་ཕྱིར༔ དྲག་སྔགས་ཐོག་གི་སྤུ་གྲི་བསྟན༔ ཁྱུང་ཁྱུང་ནད་ཀྱི་ཕ་ལ་ཆུཾ་ཆུཾ༔ ཁྱུང་ཁྱུང་ནད་ཀྱི་མ་ལ་ཆུཾ་ཆུཾ༔ ཁྱུང་ཁྱུང་ནད་ཀྱི་བུ་ལ་ཆུཾ་ཆུཾ༔ ཁྲོཾ་ཁྲོཾ་ནད་ཀྱི་སྲོག་ལ་ཁྲོཾ་ཁྲོཾ༔ ཨོཾ་པྲ་སོད༔ ཁ་ལ་རཀྴ་སོད༔ དུར་ཏ་དུར་མི་སོད༔ ཆུ་ཁ་ལ་མགོ་ལ་སོད༔ ཁྱུང་ཁྱུང་རཾ་རཾ་རྦད་རྦད༔ གཉན་ནད་ཀྱི་སྙིང་ལ་གཟིར་གཟིར༔ དབུགས་ལ་ཛཿཛ༔ སྲོག་ལ་རྦད་རྦད༔ ཞི་ཞི་དུལ་དུལ་སྭཱ་ཧཱ༔ དེ་ནས་ནད་བདག་ཐམས་ཅད་ཀྱི་སྲོག་འཕྲོག་པར་བྱེད་པའི་དྲག་སྔགས་རྡོ་རྗེའི་སྤུ་གྲི་ནི༔ ཨོཾ་མ་ཧཱ་ཀྲོ་དྷ་ཁྲོཾ་ག་རུ་ཌ་ཕ་ཀྵི་མ་ནི་མཱ་མ་ཌཱ་ཀི་ནཱི་བྷྱོ་ཧཱུྃ་ཕཊ༔ ཨོཾ་ནག་པོ་ཀཱ་ལ་རཀྴ་རྦད་རྦད༔ ནག་པོ་རྒྱུག་འགྱེལ་གྱི་ཁ་ཐཾ་ཁ་ཆིངས༔ ཙིཏྟ་ཕྱུང་ཕྱུང༔ ཙིཏྟ་གཏུབས་གཏུབས༔ ཙིཏྟ་འགས་འགས༔ ཡ་ཡ་བྷྱོ་བྷྱོ༔ ཨ་རྦད་སོད༔ ཨ་རོ་སོད༔ ཨ་ཧ་ར་སོད༔ ཡོར་གང་སོད༔ འབྲུམ་ཟི་སོད༔ གཉན་ལྷོག་སྤུན་དགུ་སོད༔ པྲ་མ་སོད༔ མེ་རུ་ཙེ་སོད༔ ཁ་ལ་རཀྴ་སོད༔ ནཱ་ག་རཀྵ་སོད༔ དྷ་མ་རུ་ཙེ་སོད༔ ཐུཾ་ཤིག་ཕཊ༔ ཕག་ནག་མགོ་དགུ་གཉན་ལྷོག་གི་ཤ་ལ་ཟོ་ཟོ༔ ལུས་ལ་གཟིར་གཟིར༔ དབུགས་ལ་ཛཿཛཿ རྒྱ་ཡི་དུག་མདའ་ནག་པོའི་ངོ་ཟློག༔ ཁ་ཟློག༔ དུག་ཟློག༔ ཟེར་ཟློག༔ རྒྱུག་གཟེར་ནག་པོ་ཐུཾ་ཧྲིལ་རྦད་ཡ༔ ༈ ཨོཾ་པི་ཏི་ལ་སྭཱ་ཧཱ༔ ནི་ཏི་ལ་སྭཱ་ཧཱ༔ དམར་ཆེན་ཁྲག་ནད་ལ་སྭཱ་ཧཱ༔ ཁྲག་ནད་རྒྱུག་གཟེར་ལ་སྭཱ་ཧཱ༔ རྒྱུག་ནད་སྟོད་གཟེར་ལ་སྭཱ་ཧཱ༔ ལྷོག་པ་བཤལ་ནད་ལ་སྭཱ་ཧཱ༔ མ་མོའི་གཟེར་ནད་ལ་སྭཱ་ཧཱ༔ འབྱུང་པོའི་རིམས་ནད་ལ་སྭཱ་ཧཱ༔ རྒྱལ་པོའི་ཡམས་ནད་ལ་སྭཱ་ཧཱ༔ བྷེ་རོ་དྷ་ཏྲག་ལ་སྭཱ་ཧཱ༔ ཞི་ཞི་དུལ་དུལ་སྭཱ་ཧཱ༔ ཞེས་དང༔ མ་མོ་ནད་ཀྱི་སྲིད་པ་ལ་ཞི་ཞི༔ གདོན་གྱི་སྲིད་པ་ལ་ཞི་ཞི༔ རིམས་ཡམས་ཀྱི་སྲིད་པ་ལ་ཞི་ཞི༔ གཉན་ནད་ཀྱི་སྲིད་པ་ལ་ཞི་ཞི༔ མགོ་གཟེར་གྱི་སྲིད་པ་ལ་ཞི་ཞི༔ སྙིང་གཟེར་གྱི་སྲིད་པ་ལ་ཞི་ཞི༔ རྒྱུ་གཟེར་གྱི་སྲིད་པ་ལ་ཞི་ཞི༔ གློ་གཟེར་གྱི་སྲིད་པ་ལ་ཞི་ཞི༔ ཁྲག་ནད་ཀྱི་སྲིད་པ་ལ་ཞི་ཞི༔ འགོས་ནད་ཀྱི་སྲིད་པ་ལ་ཞི་ཞི༔ རྒྱ་ནད་ཀྱི་སྲིད་པ་ལ་ཞི་ཞི༔ རྒྱུག་གཟེར་གྱི་སྲིད་པ་ལ་ཞི་ཞི༔ གནམ་ནད་ཀྱི་སྲིད་པ་ལ་ཞི་ཞི༔ ས་ནད་ཀྱི་སྲིད་པ་ལ་ཞི་ཞི༔ གག་ལྷོག་གི་སྲིད་པ་ལ་ཞི་ཞི༔ བཤལ་ནད་ཀྱི་སྲིད་པ་ལ་ཞི་ཞི༔ ལུས་ནད་ཀྱི་སྲིད་པ་ལ་ཞི་ཞི༔ འབྱུང་བ་ལྔའི་ནད་ཀྱི་ཁ་ཐཾ་ཁ་ཆིངས༔ ༈ སརྦ་རོ་ག་ཛྭ་ར་པ་ཏི་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛཿ སརྦ་དུཥྚཱཾ་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་གྲ་ཧ་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་ནཱ་ག་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་ཡཀྵ་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་རཀྴ་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་དུར་ཏ་དུར་མི་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ སརྦ་དུཿསྭཔྣཾ་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ ཨ་ཀཱ་ལ་མྲྀཏ་ཡུ་ནི་མཱ་ར་ཡ་ཕཊ༔ ཐུན་ཛཿརཾ་ཛ༔ ཙིཏྟ་ཙིཏྟ་ཧ་ལ་བྷེ་སྭཱ་ཧཱ༔ གག་ལྷོག་གཟེར་གསུམ་མཱ་ར་ཡ་རྦད༔ ཐུན་ཛཿརཾ་ཛ༔ རྒྱུག་གཟེར་རིམས་ནད་ཐམས་ཅད་མཱ་ར་ཡ་ཕཊ༔ ནད་བདག་རིམས་བདག་ཕོ་མོ་མཱ་ར་ཡ་ཐུན་ཛཿརཾ་ཛ༔ ཁ་ཐཾ་ཁ་ཆིངས༔ ཨོཾ་དམར་མོ་དུ་ཧྲི་ཤ་ལ་ཛཿཛ༔ ཧྲཱིཿཀཱ་ལ་རཱ་ཛཿསྲོག་ལ་བྷནྡྷ་ཨ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀཱ་ལ་ཁ་དུ་ན་སྭཱ་ཧཱ༔ ༈ མ་མ་ཀུ་ན་བྷྲཱུཾ་བྷྲཱུཾ༔ ཤ་རི་ཤ་རི་ནད་ཀྱི་གྲོང་མཁར་ཤིག་ཤིག༔ ནད་བདག་རྒྱུ་བའི་ལམ་ཆོད་ཆོད༔ ནད་ཀྱི་བདག་པོ་བདག་མོ་ལ་སྭཱ་ཧཱ༔ ཧཱུྃ་ཁྲོཾ་ཕེ་མ་བྷྱོ༔ མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པའོ༔ རྩ་སྔགས་ཉི་མ་བདུན་ལ་བཟླ༔ དྲག་སྔགས་ཉི་མ་བདུན་ལ་བཟླ༔ ཤམ་བུ་ཉི་མ་བདུན་ལ་བཟླ༔ སྔགས་རྒོད་སྐབས་དང་བསྟུན་པར་བྱའོ༔ དེ་ནས་རྫས་ཀྱི་རིམ་པ་ནི༔ ཨ་རུ་ར༔ གླ་རྩི༔ ཤུ་དག༔ རུ་རྟ༔ བོང་ང༔ ཤིང་ཀུན༔ སྤྲུ་ནག༔ སྟག་ཤ་བ༔ འཛིམ་པ༔ ཕག་ཁྲག༔ མཁན་དམར་རྩ་བ༔ བཟང་པོ་དྲུག༔ ཡུངས་དཀར་རྒྱལ་པོ་འབྲུ་ལྔ༔ ནས་ནག་ལ་འབྲུ་ནག༔ གླང་དམར་རྭ་གཞོབ༔ ཡང་ན་གཅན་གཟན་མཆེ་སྡེར་བསྲེགས་པའི་ཐལ་བ༔ ཤི་བའི་སྐྲ་གཞོབ༔ རྟ་དཀར་པོའི་སྤུ་གཞོབ༔ བྱ་རོག་སྒྲོ་གཞོབ༔ གུ་གུལ༔ བ་བླ༔ མུ་ཟི་སེར་པོ༔ ལྕགས་སོལ༔ རྟ་བོན༔ ཆོས་སྨན༔ ཡུང་བ༔ སྒོག་སྐྱ༔ གླང་ཆེན་སྨྱོན་པ༔ ཕུར་མོང༔ ཤུག་པའི་ཚིལ་བུ༔ གཡག་ནག་པོའི་རྭ་གཞོབ༔ སྤྱང་ཚེར༔ ཟངས་ཕྱེ༔ ལྕགས་ཕྱེ༔ མཁར་སྒོང༔ རྩྭ་འཇག་མ༔ ཀེ་ཚེ༔ ཡུ་གུ་ཤིང༔ དེ་རྣམས་ཕྱེ་མ་བྱས་ཏེ་ནག་པོ་དགུའི་ཁ་ཚར་བཏབ༔ ཤམ་བུས་སྔགས་ཆུ་སྦྱར་བའི་ཆུ་དང་དབང་ལག་བསྲེས་ཏེ་རིལ་བུ་སྲན་མ་ཙམ་དྲིལ་ནས་བུམ་པར་བླུགས༔ བུམ་པའི་ནང་དུ་བདག་བསྐྱེད་ལྟར་དམིགས་པ་ཁ་བསྒྱུར་ནས་སྔགས་རྣམས་གང་འགྲུབ་བཟླའོ༔ དེའི་རིལ་བུ་མི་ལག་མི་འགྲིམ་པར་ལུས་ལ་འཆང་བ་ན༔ རིལ་བུ་དང་མ་བྲལ་གྱི་བར་དུ་འགོ་བའི་ནད་ཐམས་ཅད་ཀྱིས་མི་ཚུགས་ཤིང༔ ཁྱད་པར་གཉན་ལྷོག་གི་རིགས་མ་ལུས་པར་འཇོམས་ནུས་པས་ཕྱུགས་བཤའ་རོ་ཁུར་ཡང་ཐེ་ཚོམ་མེད་དོ༔ ནད་དང་གནོད་པའི་སར་འགྲོ་ན་སྔགས་རྣམས་གང་འགྲུབ་བཟླས་ཤིང་སྣ་བུག་གཡོན་དུ་ཕུས་གདབ་བོ༔ གོང་གི་རིལ་བུ་རེ་རེ་ཕྱེ་མ་བྱས་ལ་བུ་ག་དགུ་བཀག༔ སྔགས་དེ་རྣམས་ཤོག་བུ་ལ་བྲིས་ནས་རྫས་རྣམས་བྱུག་ཅིང་ལུས་ལ་འཆང་ན་འགོས་ནད་ཀྱིས་མི་ཚུགས་སོ༔ ཡང་ན་ཆུ་མིག་ཁ་ཤར་དུ་བལྟ་བའི་ཆུ་ལ་རྫས་རྣམས་བཏབ༔ སྔགས་རྣམས་ཅི་མང་བཟླས་ཤིང་འཐུང་ན་འགོ་བའི་ནད་ཐམས་ཅད་ཀྱིས་མི་ཚུགས་ཤིང་བསྲུང་བ་དང༔ ནད་པའང་སོས་པར་འགྱུར་རོ༔ དེ་ནི་བསྐྱེད་སྔགས་དུ་མ་རྫས་ལ་བརྟེན་པའོ༔ ༈ དེ་ནས་རྫོགས་རིམ་ལ་བརྟེན་ནས་བསྲུང་བ་ནི༔ ཐེ་ཚོམ་ཡིད་གཉིས་འཁུ་འཕྲིགས་སྤངས་ཏེ་ནད་དང་ནད་བདག་ཐམས་ཅད་འུབ་ཀྱིས་བསྡུས་ནས་རང་གི་སེམས་ལ་བསྟིམ༔ རང་སེམས་ཀྱི་ངོ་བོ་བལྟ༔ བདག་ནད་དང་ནད་བདག་ནད་ཡུལ་གྱི་ངོ་བོར་ལྟ་ཞིང་དབྱེར་མེད་དུ་བྱ༔ དེ་ལ་ངོ་བོ་མེད་པའི་སྟོང་པ་ཡིན༔ སྟོང་པས་སྟོང་པ་ཉིད་ལ་གླགས་རྙེད་པར་མི་འགྱུར་རོ༔ ཡང་རང་གི་སྣ་བུག་གཡས་པས་ནད་རིམས་ཐམས་ཅད་རྔུབས་ཏེ་གཡོན་ནས་འཕོ་བའི་དམིགས་པ་བྱས་ནས་ཁ་རླངས་དྲི་མ་ལ་སོགས་སྣོམས་ཤིང་བསྒོམས་པས་ཐུབ་པར་འགྱུར་རོ༔ ཡང་ན་རང་གི་རིག་པ་ནམ་མཁའ་དང་དབྱེར་མེད་བསྲེ༔ ལུས་དེ་ཉིད་ལ་ནད་བདག་རིམས་བདག་ཐམས་ཅད་དབྱེར་མེད་པར་བསྲེས་ནས་དྲོད་ལ་མེ་འབར་བས་བསྲེགས༔ ཁྲག་ལ་ཆུ་ཁོལ་བས་སྦྱངས༔ དབུགས་ལ་རླུང་འཕྲོས་པས་གཏོར༔ ལུས་ལ་ནད་བདག་མིང་ཡང་མེད་པར་བསམ༔ དེས་ཐུབ་པར་འགྱུར་རོ༔ ཁྱད་པར་བསྐྱེད་རིམ་གསལ་བ་དང༔ ཤ་ཁྲག་འཛེམ་པ་གལ་ཆེའོ༔ དེ་རྣམས་སྲུང་བའི་ཆོ་ག་ཡིན་པས་ཡང་ཟབ་གཉེན་པོའི་ཐབས་འདི་ཁོ་ནའོ༔ དེ་ནས་གཏོར་མཆོད་ལ་བརྟེན་ནས་བཟློག་པ་བྱ༔ སྦྱིན་སྲེག་ལ་བརྟེན་ནས་བསད་པ་བྱ༔ སྲུང་བཟློག་བསད་གསུམ་གྱི་མན་ངག་འདི་ལས་ཟབ་པ་གཞན་ན་མེད་པས་ཉམས་སུ་ལོངས་ཤིག༔ འགྲུབ་པའི་རྟགས་ནི་རྡོ་རྗེ་དང༔ བྱ་ཁྱུང༔ ཕག་རྒོད༔ བྷནྡཱ་ཆང་གིས་བཀང་བ༔ རང་ལུས་ལ་མེ་འབར་བ༔ རལ་གྲི་དང་མཚོན་ཆའི་ཁང་ཁྱིམ་དུ་ཕྱིན་པ༔ ལྷ་ཁང་བཅོམ་པ༔ ལྡེར་སོ་བཤིགས་པ༔ ཁྱི་དམར་བསད་པ༔ ཅེ་སྤྱང་བསད་པ༔ བནྡེ་བུད་མེད་ཨ་ཙ་ར་བརྡུང་བ༔ འབུ་སྲིན་བསད་པ་དང་མེ་ལ་བསྲེག་པ༔ སྦལ་སྦྲུལ་བསད་པ༔ བྱི་ལ་བསད་པ༔ སྟག་དང་སྲེ་མོ་བསད་པ་དེ་རྣམས་གནོད་བྱེད་ཐུབ་པའི་རྟགས་ཡིན༔ བྱ་རོག་རྨིས་པ༔ རལ་གྲི་གཡུགས་པ༔ མཚོན་ཆ་འཆང་བ༔ གོ་ཁྲབ་གྱོན་པ༔ ཉི་ཟླ་ཤར་བ༔ རླུང་ནག་འཚུབས་པ༔ དེ་རྣམས་འགྲུབ་པའི་རྟགས་ཡིན་པས་དབང་ལེན་པར་བྱའོ༔ དེ་ནས་སྒྲུབ་པ་མཐར་ཕྱིན་ནས་བུམ་པ་དང་གཏོར་མ་རང་གི་སྤྱི་བོར་བཞག་ཅིང་དབང་ལེན་པ་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་གཏུམ་རྔམ་གཟི་བརྗིད་འབར༔ གུ་རུ་དྲག་ཁྲོས་ཐུགས་དམ་དུས་ལ་བབས༔ གནོད་སྦྱིན་དེད་དཔོན་གསང་བདག་གོས་སྔོན་ཅན༔ ཕྱག་ན་རྡོ་རྗེའི་ཐུགས་དམ་དུས་ལ་བབས༔ འཆི་བདག་འཇོམས་བྱེད་གཤིན་རྗེའི་གཤེད་གྱུར་པ༔ འཇམ་དཔལ་ནག་པོའི་ཐུགས་དམ་དུས་ལ་བབས༔ རུ་དྲ་བརླག་བྱེད་དབང་དྲག་རྟ་ཞལ་ཅན༔ ཧ་ཡ་གྲཱི་ཝའི་ཐུགས་དམ་དུས་ལ་བབས༔ ཀླུ་གདོན་འཇོམས་བྱེད་གནམ་ལྕགས་མཆུ་སྡེར་ཅན༔ ཁྱུང་ཆེན་འབར་བའི་ཐུགས་དམ་དུས་ལ་བབས༔ དགྲ་སྲོག་གཅོད་མཛད་གདོང་ཅན་མཁའ་འགྲོ་མ༔ ཁྲོ་མོ་བཞི་ཡི་ཐུགས་དམ་དུས་ལ་བབས༔ དྲག་པོ་ཆེན་པོས་ལྷ་སྲིན་གཡུལ་ངོ་ཟློག༔ ཕག་ནག་མགོ་དགུས་གཉན་ལྷོག་ཤ་ལ་ཟོ༔ བྱ་ཁྱུང་འབར་བས་གནོད་བྱེད་སྙིང་རྩ་དྲོངས༔ རིགས་གསུམ་སྤྲུལ་པས་ནད་རིམས་འབྱུང་པོ་ཐུལ༔ མཁའ་འགྲོ་མ་བཞིས་བསྟན་དགྲའི་སྲོག་དབུགས་ཕྲོགས༔ སྒྲུབ་པའི་བུ་ལ་དངོས་གྲུབ་རྣམ་གཉིས་སྩོལ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་དམ་པ་སྐུར༔ གསང་བའི་དཀྱིལ་འཁོར་དམ་རྫས་བྱིན་གྱིས་རློབས༔ ཁྲོ་བོའི་གཟི་བརྗིད་བདག་གི་ལུས་ལ་ཐིམ༔ གཏུམ་རྔམ་འཇིགས་གཟུགས་དྲག་པོའི་སྐུ་རུ་གྱུར༔ གསང་སྔགས་ནུས་པ་བདག་གི་ལྕེ་ལ་ཐིམ༔ ངར་སྐད་དྲག་པོས་སྟོང་གསུམ་ཟིལ་གྱིས་གནོན༔ ཐུགས་རྗེའི་བྱིན་རླབས་བདག་གི་སེམས་ལ་ཐིམ༔ མི་གཡོ་མི་འཇིགས་རྡོ་རྗེའི་ཐུགས་ཀློང་གསལ༔ དྲག་པོའི་ལྷ་ཚོགས་འོད་ཞུ་རང་ལ་ཐིམ༔ རང་རིག་རང་གསལ་ཁྲོ་རྒྱལ་འབར་བའི་སྐུ༔ ལོག་འདྲེན་གདོན་བགེགས་འདུལ་བའི་བདག་ཉིད་ཅན༔ རྩལ་ཤུགས་མ་འགགས་སྟོབས་བཅུ་ལྷུན་གྱིས་རྫོགས༔ སྣང་སྲིད་འཁོར་འདས་དབང་བསྒྱུར་དྲེགས་པ་འདུལ༔ མཐོང་ཐོས་དྲན་པས་བགེགས་དཔུང་ས་ལ་འགྱེལ༔ ཆེ་བཙན་ཁྲོ་རྒྱལ་རྣམས་ཀྱིས་ཐལ་མོ་སྦྱར༔ ཟླ་མེད་དཔའ་བོ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་བཛྲ་པཱ་ཎི་ཡ་མཱནྟ་ཀ་ཧ་ཡ་གྲཱི་ཝ་བཛྲ་ག་རཱུ་ཌ་ཙ་ཏུར་ཌཱ་ཀི་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧོཿཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ ཏིཥྛ་བཛྲ་ཀཱ་ཡ་བཛྲ་ཝཱ་ཀ་བཛྲ་ཙིཏྟ་བཛྲ་ཛྙཱ་ན་གུ་ཧྱ་བཛྲ༔ ཀརྨ་བི་ཛ་བཛྲ༔ ཀྲོ་དྷ་ཧ་ས་བཛྲ༔ སརྦ་པ་རི་ཤུདྡྷ་བཛྲ༔ ཧཱུྃ་ཧཱུྃ་བྷྲཱུྃ་བྷྲཱུྃ༔ མ་ཧཱ་ཙ་ཏུར་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ༔ ཏིཥྛ་ཏིཥྛ་བཛྲ་ས་མ་ཡ་གྲྀཧྞ་ཛཿཧཱུྃ་བཾ་ཧོ༔ རཱ་ག་ཡ་ཧོ༔ རཱ་ག་ཡ་སཏྭཾ༔ ཀརྨ་སཱ་ག་ར་ཙཀྲ་སིདྡྷི་ཕ་ལ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་དབང་བླང༔ གཏོར་མ་བུམ་པ་རང་གི་གནས་ལྔར་བཞག༔ བསྡུ་ན་གཞན་ལའང་དེ་ལྟར་བསྐུར་བས་ཆོག༔ འདི་ཤིན་ཏུ་བཀའ་གཉན་ཞིང་གཏེར་ཁ་གཞན་དུ་མ་གྲགས་པས་བྱིན་རླབས་ཆེ་ཞིང་ནུས་རྩལ་མཐུ་དང་ལྡན་པ་ལགས་སོ༔ པདྨ་འབྱུང་གནས་ཀྱིས་ཕྱི་རབས་ཀྱི་དོན་དུ་བདག་འདྲ་སྒྲོལ་མའི་ངོ་བོ་ལ་གསུངས༔ བདག་གིས་ཡི་གེར་བཏབ་ནས་པདྨ་འབྱུང་གནས་ཀྱིས་རབ་ཏུ་གནས་པར་མཛད་ཅིང་ཕྱག་དམ་དང་བཅས་པ་ལས་འཕྲོ་ཅན་དང་འཕྲད་པར་ལུང་བསྟན༔ རིན་ཆེན་རྫ་ཡི་བུམ་པར་ལེགས་པར་བཅུག་ནས་གཏེར་སྲུང་ཀླུ་བདུད་ཁ་ལ་རཀྴ་ལ་བཅོལ༔ འགྱུར་མེད་གཏན་འཁྱིལ་གཡུ་མཚོ་ལ་སྦས་པའོ༔ ས་མ་ཡ༔ ཐུགས་རྒྱ་ཐིམ༔ རོལ་པའི་རྡོ་རྗེའི་གཏེར་མའོ། །སརྦ་མདྒ་ལཾ།། །།
རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་རྒྱུད་སྒྲུབ་ཐབས་མན་ངག་དང་བཅས་པའི་སྐོར་ (Volume 50, Text 61)
༄༅། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་རྒྱུད་སྒྲུབ་ཐབས་མན་ངག་དང་བཅས་པའི་སྐོར་བཞུགས་སོ། །ཁྲོ་ལོ་དང་གཉལ་པ་ཉི་མ་ཤེས་རབ་གཏེར་མ། ཨོཾ་སྭསྟི་པྲ་ཛྙཱ་བྷྱཿ ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་བྱམས་པའི་དཔལ་དང་། གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་བྱོན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་སྐོར་ལ། གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་ལེའུ་བདུན་པ་སློབ་དཔོན་པདྨའི་རྒྱ་དཔེ་ལས་གཉགས་དང་བཻ་རོ་སོགས་ཀྱིས་བསྒྱུར་བ་དང་། དེའི་ལེའུ་ཐ་མ་ཚེ་སྒྲུབ་ཀྱི་གསལ་བྱེད་བི་མ་ལ་མི་ཏྲས་མཛད་པ་གཉིས་ཁྲོ་ཕུ་ལོ་ཙཱ་བས་བྱ་རྒོད་གཤོང་ནས་སྤྱན་དྲངས་པ། གཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་བྱོན་དང་ཡིག་རྙིང་སྐོར་ལ། སྒྲུབ་ཐབས་དགོས་འདོད་འབྱུང་བ། རྗེས་སུ་གནང་བའི་ཡིག་ཆུང་། ཚེ་སྒྲུབ་ཀྱི་མན་ངག །རྣམ་སྲས་དམར་པོ་སྲོག་ལེན་གྱི་ལས་སྦྱོར་ཞལ་གདམས། སྒབ་འདྲེ་ཤེས་པ་དཀར་པོ་བསེ་བྱང་ལ་བརྟེན་ནས་མནན་ཐབས། རྒྱལ་པོ་གཞན་ལ་མི་ཆགས་པའི་ཐབས། མ་འཆུན་ན་འཇུན་པའི་མན་ངག །ཧ་ཡ་གྲཱི་བས་དབང་དུ་བསྡུ་བ། གུད་ན་གསོ་བ། ཡ་མ་སྲོག་ལས་ཀྱི་ཡིག་སྣ། གནད་ལ་དབབ་པའི་ཐོ། སྲོག་རྩ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། བསྒྲུབ་བྱའི་རྩ་གསུམ་འདུས་པ་ཞེས་ཡོད་པའི་གནད་ཡིག་གསང་བ། གསང་ཡུམ་བཞིའི་ཞལ་གདམས། རྣམ་སྲས་དམར་པོ་སྲོག་ལེན་གྱི་ཡིག་སྣ། མྱུར་མགྱོགས་གློག་གི་ཕྲེང་བ། རྣམ་སྲས་དམར་པོའི་སྲོག་སྒྲུབ་ཅེས་རྟེན་གཏོར་རི་རབ་མ་བཅའ་བའི་ཞལ་གདམས་སྒྲུབ་ཐབས་དངོས་གྲུབ་བླང་བ་དང་བཅས་པ། བླ་རྡོ་བཅའ་ཐབས། སྔགས་བྱང་བཅས་ཕྱོགས་གཅིག་ཏུ་བསྡེབས་པ། རྒྱལ་ཆེན་མདུང་དམར་ཅན་གྱི་ལས་ཚོགས་འཁོར་ལོའི་བྲི་ཡིག་ལ། གྲི་སྙིང་འཁོར་ལོ། སྣང་བ་དབང་སྡུད་ཀྱི་ཙཀྲ་མུ་ཁྱུད་དྲུག་པ། གཏོར་མ་རིན་ཆེན་སྤུངས་པའི་འཁོར་ལོ། བླ་རྡོ་འཆའ་བའི་འཁོར་ལོ། གྭའུ་བཅའ་བའི་འཁོར་ལོ། བསེ་རག་འགོང་པོ་མནན་འཁོར། བསེ་རག་གི་ལྟས་དང་ཁ་ཆིངས་རིགས་གཉིས། དེའི་ལྷན་ཐབས། སྲོག་འཁོར་དང་དབང་སྡུད་འཁོར་ལོ་འབྲི་ཚུལ་བསྡུས་པ། སྣང་བ་དབང་སྡུད་ཀྱི་ཙཀྲ་མུ་ཁྱུད་ལྔ་པའི་བྲི་ཡིག་བཅས་ལེགས་པར་བཞུགས་སོ། །མངྒ་ལཾ།། །། ༄༅། །རྒྱ་གར་སྐད་དུ། དྷ་ནཿཀུ་བེ་རཱ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་རྒྱལ་པོ་དབྱུག་ཏོ་ཅན་ཞེས་བྱ་བའི་རྒྱུད། རྒྱུད་ཀྱི་སྟོན་པ།་་འཇམ་དཔལ་གཤིན་རྗེའི་གཤེད་ལ་ལོ་ཙཱ་བས།་་་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་གཞལ་ཡས་ཁང་། དུར་ཁྲོད་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ན། རང་བྱུང་ཡེ་ཤེས་ཆེན་པོའི་སྐུ།་་་ཆོས་སྐུ། ཁྲག་འཐུང་འབར་བའི་ཕྱག་རྒྱར་བཞེངས།་་་ལོངས་སྐུ། དྲག་པོ་དབང་དུ་བསྡུ་བ་་་ཚུལ་གྱིས་གནས།ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་འཁོར་་་རིགས་ལྔའི་ཁྲོ་བོ།ཉིད་ལས་མི་གཞན་པའི་་་བྱང་སེམས།རྟོགས་པ་ཁྱད་པར་ཅན་དང་། འཇིག་རྟེན་པའི་གྲགས་པ་ལ་རྩལ་འགྲན་པའི་འཁོར་རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད། འཕྲོག་མ་བུ་དང་བཅས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཡེ་ཤེས་ཀྱི་འོད་ཟེར་དེའི་ཟིལ་མ་བཟོད་པར་ཕྱོགས་བཅུའི་དྲེགས་པ་རྣམས་ཀྱིས་རང་རང་གི་སྲོག་གི་སྙིང་པོ་རྣམས་ཡ་མཱནྟ་ཀ་ལ།་་་དངོས་སུ་ཕུལ། དེ་ནས་དཔལ་ཆེན་པོ་དེ་ཉིད་ཀྱིས་རང་རང་གི་སྲོག་གི་སྙིང་པོ་རྣམས་ནུས་མཐུ་དང་ལྡན་པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཉེར་གཏད་དོ། ཁྱད་པར་དུའང་རི་རབ་ཀྱི་བྱང་ཕྱོགས་ནས་གནོད་སྦྱིན་གྱི་རྒྱལ་པོ་དབྱུག་པ་ཅན་ཞེས་བྱ་བ་འཁོར་་་རྒྱལ་པོ་བཞི་བདུད་མོ་བཞི།དང་བཅས་པ་རྣམས་རང་རང་གི་སྙིང་པོ་འདི་བཅོམ་ལྡན་འདས་ལ་ཕུལ་ཏེ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་དམ་བཅས་སོ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ།་་་ཕྱིའི་གསང་བ། ཏྲག་རཀྴ་བྷྱོ་བྷེ་ཤ་བྷེ་རུ་ཡེ་ཧཱུྃ་ཛཿ་་་ནང་གི །གནོད་སྦྱིན་གྱི་རྒྱལ་པོ་དབྱུག་པ་ཅན་གྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོ་འོ།། །།དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་རང་གི་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་འགྲོ་བའི་མགོན། །དབྱིངས་་་རང་བཞིན་གྱིས་དག་པ།ལས་སྤྲུལ་པ་རྫུ་འཕྲུལ་སྐུ །རང་བྱུང་ཡེ་ཤེས་དེ་ལ།་་་ཡེ་ཤེས་སྐུ་གསུམ་རྫོགས་པའི་དཔལ། །འཇིག་རྟེན་དྲེགས་པ་འདུལ་དབང་གཤེགས། །གནོད་སྦྱིན་དམག་དཔོན་དབྱུག་པ་ཅན། །འདི་དག་བསྙེན་སྒྲུབ་ལས་རིམ་རྣམས། །བསྟན་པའི་དོན་དུ་བཤད་དུ་གསོལ། །ཞེས་ཞུས། འཇམ་དཔལ་དབྱངས་ཀྱིས་བཀའ་བསྩལ་པ། །ཉོན་ཅིག་གསང་བདག་རྡོ་རྗེ་ཅན། །ལྷ་ཡི་དམག་དཔོན་དབྱུག་པ་ཅན། །ཡབ།་་་རྒྱལ་པོ་རྣམ་མང་ཐོས་པ་དང་། །ཡུམ།་་་ལྷ་མོ་དཔལ་བཙུན་བཟང་མོའི་སྲས། །རྒྱལ་པོ་ཆེན་པོ་རིན་ཆེན་མང་།་་་རཏྣའི་མཛོད་སྟོང་ཡོད་པ། ལྷའི།་་་མི་མཐུན་ཕྱོགས་འཇོམས་ལུས་ངན་པོ། །མཐུན་པའི་དབུགས་དབྱུང་ངལ་བསོས་པོ། །གཏེར་ཆེན་་་བཞི་ལ།མངའ་མཛད་ཛཾ་བྷ་ལ། །ཡ་མཱནྟ་ཀས་དབང་བསྐུར།་་་གཤིན་རྗེའི་རྒྱལ་པོ་མ་རུ་ཙེ། །ཕྱི་ནང་གསང་བའི་རྡོ་རྗེ་ཆེ། །ནོར་སྒྲུབ་ལ་སོགས་པ།་་་ལས་རིམ་རྫོགས་པར་ངས་བཤད་ཀྱིས། །རིགས་ཅན་་་ཐབས་དང་ཤེས་རབ་བསྟན་པ།རྡོ་རྗེའི་སྙིང་པོས་ཟུངས། །ཞེས་གསུངས་སོ། །གནོད་སྦྱིན་གྱི་རྒྱལ་པོ་དབྱུག་པ་ཅན་གྱི་རྒྱུད་ལས་རྐྱེན་གླེང་བསླང་བའི་ལེའུ་སྟེ་གཉིས་པ་འོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱི་ལྟར་སྒྲུབ་པ་འདི་གསུངས་སོ། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །དཔལ་བསྙེན་་་ཡི་དམ་གྱི་བསྙེན་པ།སྔོན་དུ་སོང་བྱས་ནས། །དབེན་པའི་གནས་སུ་དཀྱིལ་འཁོར་བྲི། །ཡིད་དང་མཐུན།་་་ས་བླངས་སྦྱང་བ་བྱས་ནས་ནི། །སྣ་ཚོགས་ཀྱི།་་་གྲི་ཡི་ཁྲག་གིས་ཆག་ཆག་གདབ། །མཐའ་ནས་ཐིག་གདབ་ཚོན་སྣ་ཡིས། །རྩིབས་དང་སྣམ་བུ་སྒོ་དང་བཅས། །དབུས་སུ་བཻ་ལས་རྣམ་ཐོས་སྲས། །དམར་གསལ་བསེ་ཁྲབ་གསེར་གྱི་མིག །གཡས་ན།་་་བསེ་མདུང་རྨ་བྱའི་བ་དན་ཅན།་་་གཡོན་ན་ཤེལ་གྱི་མཆོད་རྟེན། སེང་གེ་འཆིབ་ནས་བརྗིད་དང་ལྡན། །གཡོན་ན་ལྷ་མོ་ཨུ་དུ་མ། །ལྗང་སེར་རྨ་བྱའི་ཐུལ་པ་ཅན། །ཕྱག་ན་གསེར་གྱི་པདྨ་བསྣམས། །ཤར་དུ་ཤ་ལས་རཱ་ཧུ་ལ།་་་རྟ་སྔོན་པོ་ལ། མཐིང་ནག་བདུད་རྩིའི་བུམ་པ་ཐོགས། །ལྷོ་རུ་ར་ལས་ན་ད་ཀ།་་་རྟ་སེར་པོ་གཡུའི་རྔོག །སྔོན་པོ་རིན་ཆེན་བསྣམས་པ་བསྐྱེད། །ནུབ་ཏུ་མ་ལས་ཀཱ་ལ་ནག་་་སྟག་ལ་ཞོན་པ། ཙནྡན་བིང་ཆེན་ཐོད་པ་བསྣམས། །བྱང་དུ་ན་ལས་ཀུ་བེ་ར།་་་རྟ་དམར་པོ་ལ། ལྗང་གུ་དབྱུག་ཏོ་ནེའུ་ལེའི་རྐྱལ། །ཆ་ལུགས་ན་བཟའ་གཙོ་བོ་བཞིན།་་་བསེ་རྨོག་བསེ་ཞུ། སྣམ་བུ་ཤར་དུ་ཡ་ལས་ནི། །བུམ་སྣ་དམར་པོ་བསེ་མདུང་ཅན། །ལྷོ་རུ་སཾ་ལས་དུག་སྣ་འོ། །ནུབ་ཏུ་ཧཾ་ལས་སྣ་གསུམ་པ། །བྱང་དུ་ཨཾ་ལས་སྣ་བོ་ཆེ། །ཀུན་ཀྱང་ཟངས་མདོག་མདུང་དམར་ཅན། །སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས། །སྒོ་བ་མཁའ་འགྲོའི་རྒྱལ་པོ་བཞི། །རིགས་མཐུན་ཕྱག་རྒྱ་རྣམ་བཞི་བསྣམས།་་་དཀར་སེར་དམར་ལྗང་བཞི། ཕྱི་ནང་མཆོད་པས་གཞན་ཀུན་མཆོད། །དཀར་གསུམ་་་དཀར་གསུམ་གྱི་གཏོར་མ།བདུད་རྩིའི་མཆོད་པ་་་ཁྲག་དང་བཅས་པ།བཤམ། །བྱིན་གྱིས་བརླབས་ཏེ་ཚུལ་བཞིན་བཞག །སྤྱན་དྲངས་བཞུགས་གསོལ་མཆོད་པ་འབུལ། །རྗེས་གནང་དབང་བསྐུར་བྱས་ནས་ནི། །སྨན་ཕུད་བདུད་རྩི་གཏོར་མས་མཆོད། །དེ་ནས་བཟླས་པས་མཉེས་པར་བྱ། །བདག་ཉིད་གཤིན་རྗེའི་ཏིང་འཛིན་གྱིས། །འཕྲོ་འདུ་བཟླས་པ་བྱས་ནས་ནི། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཏྲག་རཀྴ་བྷྱོཿ གཏན་ཚིགས་ཅན་གྱི་རྫས་ལྔ་དང་།་་་རིམ་པ་ལྔ། རྣམ་ཤེས་བྲལ་བའི་རྫས་ལྔ་དང་།་་་གུ་གུལ་རྟ་རྨིག་གི་གཞོབ་ཞབས་མ་ལྷྭམ་འབོག་ཁྱི་ལུད། ལིངྒ་བྱས་ནས་འབྲུབ་ཁུང་གཞུག །ཟེར་གཉིས་དག་ལ་སྔགས་འདི་ནི། །བརྒྱ་རྩ་བརྒྱད་དུ་བཟླས་ལ་གདབ། །དུ་བུན་ཤག་མཱ་ར་ཡ་རྦད།་་་གོང་མ་ལ་བཏགས། དེ་ནས་ལིངྒ་གྲི་ཡིས་གཏུབས། །སྔགས་རིང་བཟླས་ལ་ཞལ་དུ་བསྟབ། །ན་མོ་རཏྣ་ཏྲ་ཡཱ་ཡ།་་་གནོད་སྦྱིན་གཙོ་འཁོར་གྱི་སྔགས་རིང་། ན་མོ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། མ་ཧཱ་ཡཀྵ་རཱ་ཙ་ཡ་སྭཱ་ཧཱ། ན་མོ་ན་ཌ་ཀུ་བེར་ན་ཡ་སྭཱ་ཧཱ། ད་ཀུ་པ་ར་མ་ར་ཏ་ཤ་མི་ད། ཨ་ནུ་རུ་བ་སུ་རུ་པ། ཀུ་བ་ཙནྡྲ་ཙ་ཁཾ། ཧེ་མོ་ཁ་པ་ཙ་ན་ན་ཏ། ཙུ་མ་ར་ཡེ། མ་ཧ་ཧ་ན་ཀུ་བ། དུན་དུན་རྨུག་པ་ཤཾ་ཧ་ཧ་ལ། ཙ་ལ་ཙ་ལ་པ་ཙ་ལ་པ་ཙ་ལ། ཧིཾ་ཧིཾ། རྦད་ན་རྦད་ན། རྦད་པུ་རྦད་པུ། རྦད་མེ་ཤ་ཡ་རྦད་མེ་ཤ་ཡ། མཱ་ར་ཡ་མཱ་ར་ཡ་རྦད། ངན་སྔགས་རྒྱལ་པོ་སོང་བ་དང་། །བསྐུལ་ཏེ་རྦད་ལ་གཏུབ་པར་བྱ། །ཞེས་གསུངས་སོ། །གནོད་སྦྱིན་གྱི་རྒྱལ་པོ་དབྱུག་པ་ཅན་གྱི་རྒྱུད་ལས་ཕྱི་སྒྲུབ་ཀྱི་ལེའུ་སྟེ་གསུམ་པ་འོ།། །།དེ་ནས་ནང་ལྟར་སྒྲུབ་པ་འདི་གསུངས་སོ། །དབེན་པའི་གནས་སུ་སོང་བྱས་ལ། །མཆོད་གཏོར་གསེར་སྐྱེམས་སྔོན་འགྲོ།་་་རྒྱས་པར་བྱ། །བགེགས་བསྐྲད་རྒྱལ་པོ་བཞི།་་་ཐོ་བརྩིགས་ཕྱི་མཚམས་བཅད། །ས་ཡི་ལས་་་ཆོ་ག།བྱ་སྟེགས་བུ་བརྩེགས། །ཕྱི་གནོད་སྦྱིན་གྱི་སྒྲུབ་པ་ནང་འཆི་བདག་གི་སྲིན་མོ་ལྟོ་སྡེབ་མ་གསང་བ་གཤིན་རྗེ་ནག་པོའི་རེག་ཆོག།་་་དཀྱིལ་འཁོར་བྲི་ལ་རྩིབས་བཞིར་བཻ་སོགས།་་་ཡི་གེ་དགོད། །དབུས་སུ་དམ་རྫས་་་སྣ་ཚོགས་པའི་གཏོར་མ།བཞག །ཕྱོགས་བཞིར་གཏོར་མ་ཁྲག་སྣ་་་མངལ་ཁྲག་ལ་སོགས་པའི་ཁྲག་སྣ།བཞི། །མདའ་བཞི་་་རྒྱལ་པོ།སྐུ་གཟུགས་་་བདུད་མོ་བཞི།ལིངྒ་བཞི། །འབྲུབ་ཁུང་་་ལྕགས་ཁང་།རྟེན་དྲུག་ལིངྒ་ནག །མཁར་ནག་སྐུད་པས་སྐེ་ནས་གདགས། །མཆོག་ཕུར་དཔལ་ཆེན་་་ཡ་མཱནྟ་ཀ།སྐུར་བསྒོམ་གདགས། །ཕྱི་རོལ་བཤོས་བཟང་་་མཁར་ཐབས།བྲེ་ཆ་དང་། །སྨན་རཀ་མཆོད་པ་སྤྱན་གཟིགས་བཤམས། །རང་གི་་་ཡི་དམ་གྱི།ཕྲིན་ལས་རྫོགས་པ་དང་། །བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་ནི། །སྟེང་དང་འོག་ཏུ་བསྐྱེད་པར་བྱ། །དབུས་སུ་མཐིང་ནག་གྲུ་གསུམ་པ། །ཧཱུྃ་ལས་རྒྱལ་པོ་རྣམ་ཐོས་སྲས།་་མི་ལྗང་རྟ་སྔོན། ཕྱོགས་བཞི་བཻ་ལས་རྒྱལ་པོ་བཞི། །འོག་ཏུ་ཏྲག་དང་རཀྴ་བྷྱོ། །སྲིན་མོ་་་མགོ་དགུ་མ་ལ་སོགས།དམ་ཅན་བདུད་མོ་བསྐྱེད། །ལས་བྱང་ལྟར།་་་སྤྱན་དྲངས་བསྟིམ་བརྟན་ཕྱག་འཚལ་བ། །མཆོད་འབུལ་བསྟོད་དང་བཟླས་པ་བྱ། །ཧཱུྃ་བཻ་ཏྲག་རཀྴ་བྷྱོཿ ཡ་མཱནྟ་ཀ་བསྙེན་པ།་་་བདག་ཉིད་གསལ་བསྒོམས་ཐུགས་ཀ་ནས། །འོད་འཕྲོས་རྒྱལ་པོ་འཁོར་བཅས་ལྕང་ལོ་ཅན་ནས།་་་དགུག །དྲུག་འབུམ་རྫོགས་ནས་ལས་ལ་བསྐུལ། །བསྙེན་བསྟོད་གསལ་གསང་ཞིང་ལ་བསྒྱུར།་་་རྡུལ་ཚོན། བཻ་ཙ་ཏྲག་རཀྴ་བྷྱོཿ་་་སྒྲུབ་པ། བཻ་ཙ་ཧཱུྃ་ཏྲག་རཀྴ་རྦད་བྷྱོཿ་་་ལས་སྦྱོར། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲི་ཏ་པ་ཏྲ་ཤ་ཏྲཱུཾ་ཧཱུྃ་དྲུཾ།་་་གསད་པ། བཻ་ཏྲག་རཀྴ་བྷྱོཿ རུ་ཏྲི་ཏྲཾ་བཾ་རིལ་མཱ་ར་ཡ། སྙིང་ཁྲག་མཱ་ར་ཡ་སོད་སོད་རྦད་བུ་བྷྱོཿ སཏྭཾ་བྷ་ཡ་ནན།་་་མནན་པ། མཱ་ར་ཡ་རཾ་རཾ་ཛྭ་ལ་རཾ།་་་སྲེག་པ། མཱ་ར་ཡ་བྷྱོཿ་་་འཕང་བ། དེ་ལ་རྟགས་ཀྱི་རིམ་པ་ཡང་། །རྗེ་བཙན་དགེ་བཤེས་བན་བཙུན་དང་།་་་རྒྱལ་པོ་ཉེ་བའི་རྟགས་རབ་ཡིན། ཞུབ་ཅན་་་འབྲིང་།རྟ་དམག་་་ཐ་མ།བུད་མེད་ཚོགས།་་་བདུད་མོ། འབྲི་ནག་་་ངན་རྟགས།མཛོ་དང་བྱ་ནག་ལྡིང་། ཁང་ཐོག་ཚེག་དང་འོད་དང་སྒྲ། །སྨན་ཕུད་ཁོལ་ཞིང་ལུད་པ་དང་། །དངོས་སུ་མཐོང་ངམ་ཉམས་སུ་འབྱུང་། །གོ་འཚོལ་་་ལས་ལ་ཚུད་རྟགས།མཚོན་མདུང་དམག་དཔོན་བྱེད། །ཤིང་གཅོད་མེ་སྦར་བྲག་ཉིལ་དང་། །དམག་འདྲེན་་་དགྲ་རྟགས།ལིངས་འདེབས་མཁར་སྒྱེལ་དང་། །སེམས་ཅན་གསོད་དང་གོད་ལ་རོལ། །ལས་ལ་ཚུད་པའི་མཚན་མ་ཡིན། །དྲག་པོའི་ལས་ཀྱི་མཇུག་སྡུད་དུ། །ས་ཡི་བུ་མོས་མགོ་དགུ་མས།་་་མནན་པ་དང་། །མེ་ཡི་བུ་མོས་ལག་རིང་མས།་་་བསྲེག་པ་དང་། །ཆུ་ཡི་བུ་མོས་ལག་འཕྱང་མས།་་་འཕང་དང་ཐུན། །རྣམ་ཤེས་རླུང་གི་བུ་མོས་ཕུང་ཁྲོལ་མས།་་་བསད། །དུག་ཁྲག་འུག་པའི་ཟོར་མདའ་འཕང་། །མཛེ་ཅན་འབག་སེང་སྤྲེ་འུ་དང་།་་་ལོག་རྟགས། བུད་མེད་ནག་མོ་དུ་མ་དང་། །ཡུལ་གྱི།་་་ཀུན་དང་རྒྱུ་བ་སྤྲང་པོ་གཏོར་མ་འདོད་པ།་་་སློང་བ་དང་། །ཟ་ཆུ་ཡོ་ལང་འགྱེད་པ་རྣམས། །ལྡོག་ན་བཀའ་་་ཕར་ཕྱིན།བསྒྲག་ལྷ་བསྙེན་ཨ་ཀྲོའི།་་་བྱ། །ཚོགས་དང་གཏོར་་་མ་དང་།མཆོད་རྒྱ་ཆེན་བྱ། །བདུད་མོ་ལོག་ན་མདོས་ཀྱིས་་་ནམ་མཁའི་དབུས་ཀྱི།བསྐང་། །གོ་རིམ་ལྟར།་་་ལས་འགྱངས་བསྙེན་སྒྲུབ་བསྐྱར་ལ་སྤོག །དྲག་པོའི་ལས་ཀྱི་བརྣག་པར་་་རབ་ཏུ་ཟབ།བཤད། །གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་ལས་ནང་ལྟར་སྒྲུབ་པའི་ལེའུ་སྟེ་བཞི་པ་འོ།། །།དེ་ནས་གསང་བ་ལྟར་སྒྲུབ་པ་འདི་བཤད་དེ། །བདེ་དང་ལྡན་པའི་སྔགས་པ་ཡིས། །གནས།་་་བྱང་ཕྱོགས་ཁ་བལྟས་དུར་ཁྲོད་དུ། །དུར་ཁྲོད་ས་ལས་མཎྜལ་མདའ་གང་བ།་་་བརྩིག །དུག་ཁྲག་དྲི་སྣས་ཆག་ཆག་གདབ། །རྡུལ་ཚོན།་་་དྲག་པོའི་ཚོན་གྱིས་དཀྱིལ་འཁོར་བྲི། །རྩིབས་བཞི་་་དབུས་གྲུ་གསུམ།མཆན་ལ་ཚོན་གྱིས་མཛེས། །ཕུར་པ་་་མགོ་ལ་བྷྱོཿདགུ་ཡི་སྙིང་པོ་དང་། །དར་སྣ་་་མདོག་དང་བསྟུན་པས།ཁ་དོག་སྐུ་གཟུགས་གདགས། །དབུས་སུ་་་གྲུ་གསུམ།རྒྱལ་པོ་གཙོ་བོ་ལ། །རྩིབས་བཞི་རྒྱལ་ཆེན་གཤིན་རྗེ་བཞི།་་་དངོས་སུ་གཤིན་རྗེ་བཞི་རྒྱལ་པོ་བཞི་ངོ་བོ་གཅིག །རྩིབས་མཆན་བཞི།་་་མཚམས་བཞིར་གསང་བའི་བདུད་མོ་བཞི། །མཚན་ལྡན་ཐོད་པར་་་གླིང་གསུམ།བདུད་རྩིའི་ཟས། །ཤ་སྣ་སྙིང་སྣའི་གཏོར་མ་བཤམ། །འབྲུ་སྣའི་བཟང་བཤོས་མཁར་ཐབས་ཅན། །གྲྀ་དྷའི་མདའ་་་བྱ་རྒོད་མ།ལ་དར་ནག་བཏགས། །ཕྱི་ནང་མཆོད་པ་སྣ་ཚོགས་བཤམ། །བྱང་ཤར་ལྕགས་ཁང་དམར་ནག་བརྩིག།་་་ཕྱི་ནང་བང་རིམ་ཡོད་པ། རྟེན་དྲུག་ལིངྒ་མིང་རུས་མནན། །ཕོ་ཉས་ཤེས་པ་ལིངྒ་ལ།་་་དགུག་བསྟིམ་ལྷ་དང་དབྲལ། །མཁར་ནག་་་སྐེ་ལ་བཏགས་ནས།སྐུད་པས་དབུས་སུ་གཏོད།་་་ཕུར་པ་ལ། རྣལ་འབྱོར་གཤིན་རྗེ་གཤེད་གསལ་ཏེ། །ཐུགས་ལས་བྷྲཱུྃ་འཕྲོས་དཀྱིལ་འཁོར་བསྐྱེད། །འབྲུ་དགུས་་་བྷེ་ཤ་བྷེ་རུ་ཡེ་ཏྲག་རཀྴ་བྷྱོཿལྷ་དགུ་བསྐྱེད་པར་བྱ། །བཻ་ལས་དབུས་སུ་གཙོ་བོའི་སྐུ། །ལྗང་ནག་ཁྲོ་ཚུལ་ཞིང་ལྤགས་གྱོན། །གཡས་ན་བེ་ཅོན་གཡོན་ནེའུ་ལེ། །སྤྱན་ཟློག་རལ་པ་དམར་ནག་སྤྲུགས། །མ་ཧེ་སྔོ་ནག་ཞོན་པ་བསྐྱེད། །དེད་དཔོན་ཚངས་པ་ཀུན་འདྲིས་ནི།་་་ཡུལ་འཁོར་སྲུང་། དཀར་པོ་དར་གྱོན་སེང་ཆེན་ཐོགས། །གཡས་པ་ཤེལ་གྱི་མདའ་གཞུ་གཡོན། །ཤར་གྱི་ཕྱོགས་ནས་སེང་གེ་ཞོན། །དྲི་ཟ་འབུམ་གྱི་དམག་དང་བཅས། །གཤིན་རྗེའི་དབང་པོ་་་འཕགས་སྐྱེས་པོ།ཐོད་ཅན་ནི། །དར་སྔོན་བེར་ལ་སྟག་གིས་བརྒྱན། །མཐིང་ཤོག་་་རོ་རས།ཐོད་ཕྲེང་དབུ་ལ་བརྒྱན། །གཡས།་་་རལ་གྲི་་་གཡོན།རྒྱུ་ཞགས་གསེར་སྟག་འཆིབ། །གཤིན་རྗེ་འབུམ་གྱི་དམག་དང་བཅས། །ཚེ་སྲོག་དབང་པོ་འཆར་བྱེད་་་སྤྱན་མི་བཟང་།ནི། །དམར་པོ་དར་དམར་བེར་ཆེན་གྱོན། །ཞིང་ལྤགས་་་དབུ་ལ།གྱོན་ནས་གློག་ཐོད་བཅིངས། །བསེ་མདུང་འདྲིལ་ཞིང་རྒྱུ་ཞགས་འཕེན། །ཆུ་སྲིན་འཆིབ་ནས་ཀླུ་ཡིས་བསྐོར། །སྲོག་གཅོད་དབང་པོ་མ་རུ་ཙེ།་་་བྱང་དུ་རྣམ་སྲས། ལྗང་ནག་མདོག་ལ་ཟ་འོག་བེར། །རིན་ཆེན་ཐོད་ཕྲེང་གཡུ་རྟ་འཆིབ། །གཡས།་་་ཙནྡན་བེ་ཅོན་གཡོན།་་་གཏེར་མཛོད་བསྣམས། །གནོད་སྦྱིན་འབུམ་སྡེར་བཅས་པ་བྱང་། །ཤར་དུ།་་་དུང་མཚོའི་ནང་ན་མགོ་དགུ་མ། །དཀར་མོ་སྤྲིན་དཀར་ན་བཟའ་ཅན། །གཡས་པ་སྤུ་གྲི་བྷནྡྷ་གཡོན། །གཤིན་རྗེའི་གཟུགས་འཛིན་མཛོ་ལ་འཆིབ། །དཀར་མོ་སྒེག་པ་འབུམ་གྱིས་བསྐོར། །ལྷོར།་་་གཡུ་མཚོའི་ནང་ན་ལག་རིང་མ། །སེར་མོ་བརྗིད་པའི་མ་ཧེ་འཆིབ། །ཟངས་ལྭ་ན་བཟའ་ལྕགས་ཀྱུ་སྙིང་། །སེར་ནག་བུད་མེད་འབུམ་གྱིས་བསྐོར། །ནུབ།་་་ཁྲག་མཚོའི་ནང་ན་གསོད་བྱེད་མ། །དམར་ནག་སྲིན་མོ་རྐྱང་ལ་འཆིབ། །དར་ནག་ལ་འུ་ཐོད་རློན་ཕྲེང་། །གཡས་པས་བདུད་ཞགས་སྤུ་གྲི་གཡོན། །དར་ནག་བུད་མེད་འབུམ་དང་བཅས། །བྱང་།་་་གསེར་མཚོའི་ནང་ན་ཕུང་ཁྲོལ་མ། །ལྗང་ནག་ཞིང་གྱོན་རྒྱུ་མའི་ཐོད། །གནམ་ལྕགས་ཟོར་བ་ནད་རྐྱལ་འཛིན། །བདུད་གཡག་རོག་པོ་འཆིབ་ནས་ནི། །ལྗང་ནག་བུད་མེད་འབུམ་དང་བཅས། །སྔགས་ཀྱིས་སྤྱན་དྲངས་བསྟིམས་ལ་མཆོད། །མཁའ་ལ་སྤྲིན་འདུའི་ཚུལ་དུ་བསྙེན། །རྦད་ཅིང་བླ་འགུགས་རྟེན་ལ་བསྟིམ། །བླ་མའི་ཚུལ་དང་རྒྱ་གར་མོན། །ཞུབ་ཅན་བན་བཙུན་བུད་མེད་དག །དངོས་རབ་ཉམས་སུ་བྱུང་ན་འབྲིང་། །རྨི་ལམ་སྤྱོད་ཡུལ་གྱུར་པ་ཐ། །དངོས་གྲུབ་བླང་ཞིང་ཚོགས་ཀྱིས་བསྐང་། །དགོང་ཀ་གྲིབ་སོ་ནག་པོ་ནས། །ནངས་པར་དཀར་པོར་དེངས་ཀྱི་བར། །སུམ་བསྒྲིལ་་་བསྙེན་སྒྲུབ་འབད་པ།སྔགས་ཀྱི་དགོངས་པ་ཡིན། །བརྒྱ་བརྒྱའི་བར་དུ་དུག་ཁྲག་ཐུན།་་་ལིངྒ་ལ་བྲབ། རྟེན་ཕུར་བསྡུས་ལ་དྲིལ་ཞིང་གདབ། །ལས་རྫོགས་དྲག་པོའི་མེ་་་ཤིང་ཚེར་མ་ཅན།ལ་བསྲེག །དུག་ཁྲག་ཐུན་གདབ་གཏོར་མ་འཕང་། །ལྡོག་པར་གྱུར་པའི་རྟགས་བྱུང་ན། །ང་ཡི་རྣལ་འབྱོར་བརྟན་པ་དང་། །ཨ་ཀྲོའི་བར་ལ་སྙིང་པོ་བསྟིམ།་་་ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་བྷེ་ཤ་བྷེ་རུ་ཡེ་ཏྲག་རཀྴ་བྷྱོཿཧ་ན་མ་ཐ་བྷཉྫ་ཧཱུྃ་ཛཿ རྣོ་ངར་བདུད་ཀྱི་སྤུ་གྲི་ཡིན། །དེ་དག་གསང་སྔགས་འདི་དག་ཡིན། །ཨོཾ་བྷེ་ཤ་བྷེ་རུ་ཡེ་ཏྲག་རཀྴ་བྷྱོཿཛ་ཛཿ དམ་ཚིག་གསང་བའི་སྲོག་བདག་སྟེ། །བཅུ་གཉིས་ལྷ་དགུའི་བསྙེན་པའི་སྔགས། །ཡ་མ་དགྲ་བོའི་སྲོག་ལ་བམ་རི་ལི་ལི། བླ་ལ་ཀྱི་སྤྱང་མཱ་ར་དུན་དུན། ཡ་མ་རཱ་ཙ་དགྲ་སྙིང་རོ་ཙ་རྦད་སྲོག་ལ་བྷྱོ་བྷྱོཿ རྩ་དབུགས་འབྲེལ་པ་སྙིང་གི་ཐོགས། །རྦད་ཅིང་བསྐུལ་ནས་བླ་འགུག་གོ །ཡ་ཏྲི་སྲོག་ལ་ཡ།་་་གསད་སྔགས། ཞུ་སྲི་སྙིང་ལ་ཡ།་་་བྲན་པོ། གསད་ལས་བསྒྱུར་བ།་་་ཏྲི་ཏྲི་རོ་ནི་སྙིང་རོ་ཤན་བཛྲ་སྙིང་རོ་རྦད་གུག་ལིང་དྷ་ར་ལིང་དུ་ཡ་རྦད། ཆིང་ཆིང་སོད་སོད་རྦད་ན་རྦུད་ན་རྦད་ན་རྦད། ཏྲི་ཏི་དྲི་ཤྭ་ཛ་ཛཿ ཏྲི་ཏི་པྲ་ཏི་སརྦ་ཤ་ཏྲཱུཾ་ཧཱུྃ་དྲུཾ་བཻ་ཏྲག་རཀྴ་བྷྱོཿ རུ་ཏྲི་ཏྲཾ་བཾ་རིལ་མཱ་ར་ཡ་སྙིང་ཁྲག་ལ་བྷྱོཿ མཱ་ར་ཡ་སོད་སོད་རྦད་དུ་བྷྱོཿ ཞེས་གསུངས་སོ། །གནོད་སྦྱིན་གྱི་རྒྱལ་པོ་དབྱུག་པ་ཅན་གྱི་རྒྱུད་ལས་གསང་སྒྲུབ་ཀྱི་ལེའུ་སྟེ་ལྔ་པ་འོ།། །།དེ་ནས་དངོས་གྲུབ་ཚེའི་སྒྲུབ་པ་འདི་གསུངས་སོ། །རྩ་བའི་གནས་སུ་མཎྜལ་ལ། །དྲི་སྤོས་སྨན་གྱིས་ཆག་ཆག་གདབ། །པདྨ་འདབ་བརྒྱད་ལྟེ་བར་བཅས། །གཙང་མའི་བུམ་པར་་་ཡང་ན་ཐོད་པ་མཚན་ལྡན།བགེགས་བསྐྲད་ལ། །སྤོས་དཀར།་་་སྨན་དང་སྤོས་ཀྱི་དྲི་ཡིས་བདུག །འབྲུ་སྣ་སྨན་སྣ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྣུམ་དང་ཆང་། །བདུད་རྩི་རིལ་བུ་འོ་སྐོལ་མཛོད། །ཙནྡན་དམར་པོའི་བྱང་བུ་ལ། །རྩ་བའི་སྙིང་པོ་བྷྲཱུྃ་དང་ཆང་། །ཚེ་ཡི་འབྲུ་དྲུག་འདོགས་པ་གསུམ། །དམར་ལ་དྭངས་པའི་སྣག་ཚྭས་བྲིས། །སྟེང་དུ་ཐོད་པ་མཚན་ལྡན་ལ།་་་གླིང་གསུམ། ཡེ་ཤེས་ལྔ་ཡི་སྙིང་པོས་བརྒྱན། །ཚེ་དར་དམར་པོས་མགུལ་ཆིངས་བྱ། །བཀྲ་ཤིས་གཙང་བའི་གཟུངས་ཐག་་་ལུག་གི་དོན་བལ།གདགས། །གཤིན་རྗེའི།་་་མཚམས་བཅད་རྩ་བའི་ལས་གཞུང་བསྲང་། །ཐུགས་ལས་བྷྲཱུྃ་འཕྲོས་བུམ་པ་དེ། །རིན་ཆེན་གཞལ་ཡས་པདྨས་མཛེས།་་་འདབ་བརྒྱད། ཆུ་ཟླའམ་འཇའ་ཚོན་ལྟ་བུའི་ཚུལ། །དབུས་སུ་བཻ་ལས་རིན་ཆེན་མང་། །ཞི་བའི་ཚུལ་འཆང་གསེར་གྱི་མདོག །རིན་ཆེན་རྒྱན་ལྡན་ལོངས་སྐུའི་ཚུལ། །གཡས་པས་རིན་ཆེན་སྙེ་མ་བསྣམས།་་་ཐུགས་ཀར། གཡོན་པས་བདུད་རྩིའི་བུམ་པ་བསྣམས།་་་དཀུ་ལ་བརྟེན་པ། སེང་ཁྲི་ཉི་གདན་ཕྱེད་སྐྱིལ་བཞུགས། །ཕྱོགས་བཞི་གཤིན་རྗེའི་་་བདུད་མོ།མཁའ་འགྲོ་བཞི། །ཤར་དུ་དཀར་མོ་ཤེལ་ཕྲེང་བུམ། །ལྷོ་རུ་སེར་མོ་གསེར་ཕྲེང་བུམ། །ནུབ་ཏུ་དམར་མོ་ཟངས་ཕྲེང་བུམ། །བྱང་དུ་ལྗང་གུ་གཡུ་ཕྲེང་བུམ། །མཚམས་བཞིར་རྒྱལ་པོ་ཆེན་པོ་བཞི། །ཀུན་ཀྱང་དབུ་ལ།་་་ཚེ་དཔག་མེད་པས་བརྒྱན། །ཛཿཧཱུྃ་བཾ་ཧོཿ་་་ཕྱག་རྒྱ་བཞི་ཡིས་སྤྱན་དྲངས་བུམ་པར།་་་བསྟིམ།་་པར། རིན་ཆེན་མེ་ཏོག་བདུག་སྤོས་སོགས།་་་ཕྱི་ཡི་མཆོད་པ། ཀུན་ནས་སྤེལ་ཏེ་མཆོད་པར་བྱ། །ཚེ་བསྙེན་འོད་ཟེར་འཕྲོ་འདུས་དྲངས། །རིན་པོ་ཆེ་དང་འདྲ།་་་གསང་སྔགས་དོན་དུ་རིན་ཆེན་དེ། །སྒྲུབ་པ་པོ་ཡི།་་་ཡིད་ལ་དགོས་པའི་དོན་རྣམས་འགྲུབ། །ཚེ་དང་ཡེ་ཤེས་འོད་ཟེར་་་དཀར་སེར་དམར་ལྗང་བཞི།དང་། །ཕྱོགས་བཅུ་ནས།་་་ལྷ་མོས་བཀུག་ཅིང་བུམ་པར་བསྟིམ། །དཀར་ལྷུད།་་་མུ་ཏིག་དཀར་པོ་དྲི་མེད་ལྟར། །ཞུ་འཁྱིལ་ལྷ་རྣམས་སྐུ་སྨད་་་བདུད་རྩི་ལ།ནུབ། །ཞག་གྲངས་ཚང་ནས་དངོས་གྲུབ་བསྐུལ། །མར་མེའི།་་་སྣང་བའི་ཞུགས་བལྟམས་མཆོད་པ་འབུལ། །བཀྲ་ཤིས་་ཀྱི།་་་ཚེ་ཡི་གླུ་དབྱངས་་་་ཚིགས་སུ་བཅད་པ།བརྗོད། །སངས་རྒྱས་མཆོད་ཅིང་རང་ཟོས་ན། །དངོས་གྲུབ་ཡིད་ལ་གང་བསམ་་་དཔལ་དང་ཚེ་དང་ཆོས།འགྲུབ། །དེ་ཡི་གསང་སྔགས་འདི་དག་བསྒྲུབ། །ཨོཾ་བྷྲཱུྃ་བཻ་ཤྲ་མ་ཎཱ་ཡ་ཨཱ་ཡུ་ཥེ་བཛྲ་སིདྡྷི་ཀུ་རུ་ཀུ་རུ་ཧཱུྃ་ཨཱཿ དེ་དག་ནི།་་་བཀྲ་ཤིས་ཚེ་ཡི་ལས་སུ་བཤད། <!TCC Tibetan character 4,35 undefined in unicode!> །གཞན་ཡང་ནོར་གྱི་སྒྲུབ་པ་ནི། ཁྱིམ་བདག་གྲོགས་བདུན་རྟེན་བཙུགས་ལ། །མཎྜལ་་་བཤམས་ལ།སྨན་སྤོས་ཆག་ཆག་གདབ། །དེ་དབུས་སྐུ་མཁར་ཁ་དོག་་་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་།ལྡན། །བྱ་རྒོད་མདའ་ལ་རིན་ཆེན་་་གསེར་གཡུ།གདགས། །སྟག་རས་་་དང་།ཟ་འོག་ལྗང་་་ཁུ་དང་།དམར་་་པོ།དང་། །རིན་ཆེན་བདུན་དང་་་རཱ་ཛའི།སྐུ་གཟུགས་གདགས། །དཀར་གསུམ་བདུད་རྩིའི་མཆོད་པ་བཤམས། །ལྷ་བསྐྱེད་་་བཻ་ཤྲ།རྟེན་ལ་བསྟིམ་ཞིང་མཆོད། །ཨོཾ་རཏྣ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། རཏྣ་བཛྲ་སིདྡྷི་ཀུ་རུ་ཧཱུྃ་ཛཿ བཟླས་པའི་འོད་ཟེར་ཁ་དོག་ལྔས། །སངས་རྒྱས་མཆོད་ཅིང་དབུལ་ཕོངས་བསལ།་་་ནོར་བདག་གི་དངོས་གྲུབ་གཅིག་ཏུ་བསྡུས། རིན་ཆེན་སྣ་ཚོགས་ཆར་དུ་དབབ། །བཻ་ཤྲ།་་་རྩ་བ་བཅུ་གཉིས་རྟག་ཏུ་བཟླ། ཁ་ཟས་་་བཤམས་ལ།འབྲུ་དགུས་དངོས་གྲུབ་བླང་།་་་རཏྣ་བཛྲ། དངོས་སམ་ཉམས་ཀྱི་རྟགས་དང་སྦྱར། །ཞེས་གསུངས་སོ། །གནོད་སྦྱིན་དབྱུག་པ་ཅན་གྱི་རྒྱུད་ལས་ཚེ་དང་ནོར་སྒྲུབ་པའི་ལེའུ་སྟེ་དྲུག་པ་འོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གདམས་ཤིང་གཏད་པ་འདི་གསུངས་སོ། །ཨེ་མ་གནོད་སྦྱིན་དབྱུག་ཏོ་ཅན། །དགོངས་པ་མྱ་ངན་ལས་འདས་ཀྱང་། །སྨོན་ལམ་སྟོབས་ཀྱིས་དམ་ཆོས་སྐྱོང་། །དོན་ནི་བརྒྱད་པའི་བྱང་ཆུབ་སེམས། །མཚན་ནི་རྒྱལ་པོ་རིན་ཆེན་མང་། །སྔོན་ཚེ་བསྐལ་པ་རྫོགས་ལྡན་ལ།་་་སངས་རྒྱས་རབས་བདུན་གྱི་དུས་སུ། བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །འོད་སྲུངས་བསྟན་པ་ནུབ་ཁ་རུ། །རྒྱལ་ཚབ་ཤཱཀྱ་ཐུབ་པ་དང་། །སྨོན་ལམ་གཅིག་ཏུ་བཏབ་པའི་་་རྒྱལ་པོ་སྤུན་གཉིས་ལ་སྐྱེས་པས་སེམས་དུས་གཅིག་ལ་བསྐྱེད་པའོ།མཐུས།་་་ཕུ་བོ་སངས་རྒྱས་ནུ་བོ་བསྟན་པ་སྲུང་བའོ། །ད་ལྟ་བསྟན་པའི་སྲུང་མ་མཛད། །ཞི་བས་ཡིད་བཞིན་རེ་འདོད་སྐོང་།་་་ནོར་སྒྲུབ་པ། དྲག་པོ་་་ལྟ་བུར།ཁྲོས་པས་བདུད་དཔུང་འཇོམས། །ཐུགས་ཀྱི་དགོངས་པ།་་་ཐུགས་ནི་སྨྲ་བསམ་བརྗོད་ལས་་་མྱ་ངན་ལས།འདས། །གསུང་ནི་གསང་སྔགས་སྒྲ་དང་ལྡན། །རྒྱལ་པོའི།་་་སྐུ་ནི་སྒྱུ་མའི་ཕྱག་རྒྱར་ལྡན། །འདོད་དགུ་བསྒྱུར་བ།་་་དངོས་གྲུབ་མི་ཟད་རིན་ཆེན་གཏེར། །ཡོན་ཏན་རྫུ་འཕྲུལ་བརྗོད་མི་ལང་། །ཕྲིན་ལས་མངོན་སྤྱོད་ཐོགས་མེད་འགྲུབ། །ཡེ་ཤེས་ཐུགས་ལྡན་རྒྱལ་པོ་ལ། །ཕྱི་མའི་མེ་ཏོག་བཀོད་པ་རུ།་་་རབ་ཏུ་མཛེས་པའི་བསྟན་པ་ལ། ཡ་མཱནྟ་ཀས།་་་ང་ཡིས་ལུང་བསྟན་འཚང་རྒྱ་འོ། །དེ་ཕྱིར་གསང་བའི་རྒྱུད་རྒྱལ་འདི། །སངས་རྒྱས་བསྟན་པ་བསྲུང་དོན་དུ། །འཁོར་དུ་འདུས་པའི་ཚོགས་་་ལེགས་མཆོག་བདུད་རྩི་འཁྱིལ་བ་བྱ་བས་དབང་བསྐུར་བ།ལ་གཏད། །བཅོམ་ལྡན་ལག་ན་རྡོ་རྗེ་འཆང་། །ཆགས་པའི་བསམ་པ་བརྟན་པོས་གཟུང་། །མི་ནུབ་རྒྱལ་མཚན་རྩེ་མོར་ཚུགས། །ཞེས་གསུངས་ཏེ། གསང་བའི་བདག་པོ་ལ་སོགས་པ་རྣམས་ཀྱིས་བསྟོད་ཅིང་རྗེས་སུ་ཡི་རངས་ཕུལ་ཏེ་ཀུན་དགོངས་པ་ཆོས་ཉིད་ངང་དུ་བཞུགས་སོ། །གནོད་སྦྱིན་གྱི་རྒྱལ་པོ་དབྱུག་ཏོ་ཅན་གྱི་རྒྱུད་ལས་གཏད་པའི་ལེའུ་སྟེ་བདུན་པ་འོ། །གནོད་སྦྱིན་དབྱུག་པ་ཅན་ཞེས་བྱ་བའི་རྒྱུད་རྫོགས་སོ།། །།ཨཱ་ནནྟའི་དྲུང་དུ་ཕྱག་ན་རྡོ་རྗེའི་ལུང་ཐོབ། སྔར་སློབ་དཔོན་པདྨས་རྒྱ་དཔེ་བསྣམས་ནས་བྱོན་ཏེ་ཕྱིས་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ལི་ཡུལ་ནས་སློབ་དཔོན་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ་དང་། རྒྱ་ནག་ཚེ་དབང་ཀླུ་བཟང་དང་རྒྱལ་པོ་གཡུ་སྒྲས་བསྒྱུར་རོ། །བོ་དོང་བྱ་རྒོད་གཤོངས་ཀྱི་བཙན་ཁང་ནས་ཁྲོ་ཕུ་ལོ་ཙཱ་བས་བཏོན་པ་ལས་རིམ་པར་བརྒྱུད་དོ།། །། ༄༅། །བཀྲ་ཤིས་ཚེ་ཡི་སྒྲུབ་པ་བཞུགས། །དཔལ་ཡི་དམ་གྱི་ལྷ།་་་ཡ་མཱནྟ་ཀ་ལ་ཕྱག་འཚལ་ལོ། །རྒྱལ་པོ་རྣམ་ཐོས་སྲས་ཀྱི་བཀྲ་ཤིས་ཚེ་ཡི་སྒྲུབ་པ། བུམ་པ་གཙང་མ་ལ་བགེགས་བསྐྲད་ལ། ཙནྡན་གུ་གུལ།་་་སྨན་སྤོས་དུད་པས་བདུག་ནས་ནང་དུ་འབྲུ་ལྔ་དང་། སྙིང་པོ་ལྔ་དང་། རིན་པོ་ཆེ་ལྔ་དང་། སྨན་རྣམ་པ་ལྔ་དང་།་་་ཅུ་གང་མེད། བདུད་རྩི་ཛ་གད་འོ་སྐོལ་བཏབ་པ་དང་། ཙནྡན་དཀར་པོའི་བྱང་བུ་་་སོར་བཞི་པ།ལ་ཚེ་ཡི་འབྲུ་དྲུག་་་ཨཱ་ཡུ་ཥེ་ཀཱ་ར་ཧཱུྃ།འདོགས་གསུམ།་་་བཛྲ་སིདྡྷི། རྩ་བའི་སྙིང་པོ་་་བཻ་ཤྲ་མ་ཎཱ་ཡ།རྣམས་དམར་ལ་དྭངས་པའི་ཡི་གེ་བྲིས་ལ་གཞུག །དེ་སྟེང་ཐོད་པ་མཚན་ལྡན་ལ་ཡེ་ཤེས་ལྷ་ཡི་སྙིང་པོ་བྲིས་ལ་ཁ་དགབ། དར་དམར་པོས་མགུལ་ཆིངས་བྱ། ལུག་དམར་པོའི་དོན་བལ་ལ་གཟུངས་ཐག་བྱས་ལ། ས་གཙང་མ་ལ་མཎྜལ་མདའ་གང་མ་ལ་དྲི་སྣ་ཚོགས་ཀྱིས་ཆག་ཆག་གདབ་པ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག །ལྷར་གསལ་བའི་སྔགས་ཀྱིས་བགེགས་བསྐྲད་ལ་མཚམས་བཅད་དོ། །རྩ་བའི་ཕྲིན་ལས་རྫོགས་པ་དང་། ཐུགས་ཀ་ནས་བྷྲཱུྃ་དཀར་པོ་གཅིག་བུམ་པ་ལ་ཕོག་པས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་པ་དང་། བུམ་པ་དེ་རིན་པོ་ཆེའི་གཞལ་ཡས་ཁང་འོག་གཞི་པདྨ་འདབ་བརྒྱད་པ་ཕྱི་ནས་བལྟས་ན་ནང་གསལ་བ་གཅིག་ཏུ་བསྐྱེད། དབུས་སུ་བྱང་ཆུབ་སེམས་དཔའ་རིན་ཆེན་མང་སེར་པོ་བུམ་པ་རྒྱན་དང་ལྡན་པ་དང་སེང་གེའི་གདན་ལ་བཞུགས་པའོ། །ཕྱོགས་བཞིར་གཤིན་རྗེའི་མཁའ་འགྲོ་མ་བཞི། ཤར་དུ་དཀར་མོ་ཤེལ་ཕྲེང་དང་བུམ་པ་བསྣམས་པ། ལྷོ་རུ་སེར་མོ་གསེར་གྱི་བུམ་པ་དང་ཕྲེང་བ་བསྣམས་པ། ནུབ་ཏུ་དམར་མོ་ཟངས་ཀྱི་བུམ་པ་དང་ཕྲེང་བ་བསྣམས་པ། བྱང་དུ་ལྗང་གུ་གཡུའི་ཕྲེང་བ་དང་བུམ་པ་བསྣམས་པ། མཚམས་བཞིར་རྒྱལ་པོ་ཆེན་པོ་བཞི་བསྐྱེད། ལྷ་ཐམས་ཅད་ཀྱི་དབུ་ལ་ཚེ་དཔག་མེད་ཀྱིས་བརྒྱན་པར་བསམ། ཛཿཧཱུྃ་བཾ་ཧོཿ ཤར་ལྷོ་ནུབ་བྱང་ནས།་་་སྤྱན་དྲངས་ལ་བསྟིམ། བཛྲ་པུཥྤེ་ལ་སོགས་པས་མཆོད་པ་དབུལ་ལོ། །སྙིང་པོ་ནི་ཨོཾ་བྷྲཱུྃ་བཻ་ཤྲ་མ་ཎཱ་ཡ་ཨཱ་ཡུ་ཥེ་བཛྲ་སིདྡྷི་ཀུ་རུ་ཀུ་རུ་ཧཱུྃ་ཨཱཿ བདག་གི་ལྕེའི་སྟེང་ནས་འོད་ཟེར་དཀར་པོ་འཕྲོས་ནས་ནི། བུམ་པར་ཐིམ་པས་ལྷ་རྣམས་ལས་འོད་འཕྲོས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་པ་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས། ལམ་པའི་མོས་པ་སྤེལ། ལོག་པར་ལྟ་བ་ཐམས་ཅད་ཚར་བཅད་པར་བསམ། སྔགས་སྟོང་སྟོང་ཐོན་པ་དང་འོད་ཟེར་དེ་དག་ལྷ་མོ་དཀར་སེར་དམར་ལྗང་དཔག་ཏུ་མེད་པར་གྱུར་ནས་བདེ་བར་གཤེགས་པའི་དངོས་གྲུབ་དང་འབྱུང་བའི་བདུད་རྩི་དང་སེམས་ཅན་གྱི་ཚེ་བཀྲག་ཐམས་ཅད་བསྡུས། ཚེ་ཉམས་པ་དང་འཐོར་པ་ཐམས་ཅད་བསྡུས། ཕྱོགས་བཅུའི་གདོན་གྱི་ལག་ནས་ཚེ་ཕྲོགས་ནས་འོད་ཟེར་ཐམས་ཅད་སོ་སོ་ནས་ཆི་ལི་ལི་བསྡུས་ཏེ་བུམ་པར་ཐིམ་པས། བདུད་རྩི་ཚེའི་རང་བཞིན་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར་ལྷུད་ལྷུད་པར་གྱུར་ཏེ། ལྷ་ཐམས་ཅད་སྐུ་སྨད་བདུད་རྩིའི་རྒྱ་མཚོ་ཆེན་པོར་ནུབ། སྐུ་སྟོད་སྙིང་རྗེ་ཆེ་བར་བསྒོམས་ལ་བསྒྲུབ་བོ། །ཞག་བདུན་ལོན་པ་དང་དངོས་གྲུབ་བླང་། ཚོགས་བཏང་ལ་མེ་མར་ཁ་དགུ་བཏང་། མཆོད་པས་མཆོད་ལ་འདི་སྐད་དོ། །ཧཱུྃ། དངོས་གྲུབ་དངོས་སུ་བསྐུལ་བ།་་་འདས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚུལ། །གསེར་མདོག་རེ་སྐོང་རིན་ཆེན་བུམ་པ་བསྣམས། །མི་འཇིགས་སེང་གེ་བརྗིད་པའི་ཁྲི་ལ་བཞུགས། །མགོན་པོ་རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཕོ་ཉ་མོ། །དཀར་མོ་མཛེས་མ་ཤེལ་ཕྲེང་བུམ་པ་བསྣམས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་འགུགས་མ། །རྟོག་པ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཕོ་ཉ་མོ། །སེར་མོ་ཀུན་ལྡན་གསེར་ཕྲེང་བུམ་པ་བསྣམས། །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་འགུགས་མ། །ཡོན་ཏན་རྒྱས་མཛད་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། ནུབ་ཕྱོགས་པདྨ་རིགས་ཀྱི་ཕོ་ཉ་མོ། །དམར་མོ་ཆགས་བྲལ་ཟངས་ཕྲེང་བུམ་པ་བསྣམས། །ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་འགུགས་མ། །ཚེ་དཔལ་དབང་མཛད་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཕོ་ཉ་མོ། །ལྗང་གུ་དྲག་ཤུལ་གཡུ་ཕྲེང་བུམ་པ་བསྣམས། །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་འགུགས་མ། །ཕྲིན་ལས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧཱུྃ། རིགས་བཞིའི་སྤྲུལ་པ་ཕྱོགས་བཞི་སྐྱོང་བའི་གཙོ། །ལྷ་སྲིན་ཀུན་འདུལ་ཆེ་བཙན་རྒྱལ་པོའི་སྐུ། །དཀར་སེར་དམར་ལྗང་ཕྲིན་ལས་བཞི་ཡི་མདོག །རྒྱལ་ཆེན་ཕྱོགས་སྐྱོང་བཞི་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ཧོ། ཁར་སང་ནས་བདག་གིས་རྡོ་རྗེ་ཚེ་ཡི་བསྙེན་པ་ཚུལ་བཞིན་དུ་བགྱིས་པས་འཆི་མེད་ཚེའི་དངོས་གྲུབ་ཚེ་ཕྱི་མ་ལ་མ་གཞག །ལས་དང་རྣམ་པར་སྨིན་པ་ལ་སྙད་མ་བཏགས་པར་ད་ལྟ་ཉིད་དུ་བསྩལ་དུ་གསོལ། ཨོཾ་ཨཱཿཧཱུྃ། ཨ་ལ་ལ་ཧོཿ ཞེས་རོལ་ལོ། །ལྷ་དགུ་འོད་ཀྱི་རང་བཞིན་དུ་ལུས་ལ་ཐིམ་པར་བསམ་མོ། །ལུས་ཀྱི་ཚེ་རྟེན་ཐམས་ཅད་འོད་དུ་ལམ་གྱུར་པར་བསམ། བཀྲ་ཤིས་བརྗོད་དོ། །བཀྲ་ཤིས་ཚེའི་སྒྲུབ་པ་གནོད་སྦྱིན་དབྱུག་ཏོ་ཅན་གྱི་རྒྱུད་ལས་བཏུས་ཏེ་བི་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །བདུད་མོ་བཞི་སྐོར་ཤིན་ཏུ་ཟབ། བླ་མ་གནུབས་ལོ་ཙཱ་བ་ལ་ཞུས་སོ། །མཐའ་ཡས་པས་བསྒྱུར་པ་ལ་འགོ་ཁམ་ཇོ་སྲས་ཀྱིས་ཞུས་གསུངས། ཁོ་ལ་ཨཱ་ནནྡས་ཞུས། དེས་ཕྱག་ན་ལའོ།། །། ༄༅། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་བཞུགས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དམར་པོའི་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདིའི་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཉམས་སུ་ལེན་པ་ལ་དོན་གསུམ་སྟེ། སྤང་བླང་དམ་བཅའི་དམ་ཚིག་དང་། བསྙེན་སྒྲུབ་གཏོར་མཆོད་ཀྱི་རིམ་པ། ལས་ལ་སྦྱར་བའོ། །དང་པོ་ལ་གསུམ་ལས། སྤང་བ་ནི་ཡུགས་ས་མོ་ངོ་གསར་གྱི་ཟས་དང་། རྟ་ཤ །གས་ཆག་ཅན་གྱི་སྣོད། ཞྭ་གོས་དང་སྟན་ནག་པོ། མི་རོ་འཇུ་བ་སོགས་མི་གཙང་བ་དང་། གྲིབ་ཅན་གྱི་བྱ་བ་དང་། རྫས་རྣམས་སྤང་བའོ། །གཉིས་པ་བླང་བྱ་ནི་གོས་སྔོན་པོའི་སྟོད་གཡོགས་དང་། ལུང་ཐང་གི་ཕྲེང་བ་དང་། བསེ་ཕོར་རིན་པོ་ཆེའི་སྣོད། རྟ་སྔོན་པོའམ་ངང་པ། མེད་ན་ཤིང་སོགས་ལས་བྱས་པའི་རྟ་སྔོན་པོའི་ནང་དུ་རིན་པོ་ཆེ་དང་སྲོག་སྔགས་གཞུག །མདའ་བྱ་རྒོད་མ་མི་བསད་པའི་མདེའུ་ཅན་ལ་དར་དམར་པོ་བཏགས་པ། གྲི་ལྕགས་ལས་བྱས་པའི་མདུང་སོ་གྲི་ཁྲག་གིས་ངར་བླུད་པ་དར་དམར་པོ་ལ་སྲོག་སྔགས་བྲིས་པའི་བ་དན་ཅན་གྱི་མདུང་། སྦྱར་བའི་སྤོས་དང་།་་་སྦྱར་བའི་སྤོས་ནི་སྤོས་དཀར་ནག་དང་ཙནྡན་དཀར་པོ་དུ་རུ་ཀ་ཨ་ཀ་རུ་རྣམས་སྦྱར་བའོ། །གསུམ་པ་དམ་བཅའ་ནི་སྒྲུབ་པའི་དམ་བཅའ་བྱས་ནས་དེ་བརྟན་པར་བྱ་ཞིང་དུས་གཏོར་མ་ཆག་པར་བྱའོ། །སྤྱི་དོན་གཉིས་པ་བསྙེན་སྒྲུབ་གཏོར་མཆོད་ཀྱི་རིམ་པ་ལ་གཉིས། བསྙེན་སྒྲུབ་དང་གཏོར་མཆོད་དོ། །དང་པོ་ལ་གཉིས། གསང་བདག་གི་དང་རྒྱལ་པོ་འོ། །དང་པོ་ནི། གནས་སོགས་སྤྱི་དང་མཐུན་པར། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་སྐད་ཅིག་གིས་པད་ཟླའི་སྟེང་དུ་གསང་བདག་བསྐྱེད་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ལྕང་ལོ་ཅན་ནས་བླ་མ་དང་ཡི་དམ་གྱི་ལྷ་སྤྱན་དྲངས་ལ། ཕྱག་མཆོད་སོགས་བདུན་རྣམ་དག་བྱ་ཞིང་ཚད་མེད་པ་བཞི་བསྒོམ། དེ་ནས་ཨ་མྲྀཏེ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་སེ་གོལ་ཕྱོགས་བཅུར་བརྡབ་པས་བགེགས་བསྐྲད། སྭ་བྷཱ་བའི་སྔགས་ཀྱིས་སྟོང་པར་བསམ། དེའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པར་བསམ། དེ་ལས་འོད་འཕྲོས་དོན་གཉིས་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་གསང་བདག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་ཞལ་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། འཇིགས་སུ་རུང་བའི་སྒྲ་སྒྲོག་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་པས་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྱར་བ། གཡོན་པ་སྡིགས་མཛུབ་མཛད་པ། ཀླུ་བརྒྱད་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གོས་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟངས་སྟབས་སུ་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་བསམ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ནས། གཉིས་སུ་མེད་པར་བསྟིམ། ཡང་འོད་འཕྲོས་དབང་གི་ལྷ་སྤྱན་དྲངས། མཆོད་ཅིང་གསོལ་བ་བཏབ་པས་དབང་བསྐུར་རིགས་བདག་གི་་་མི་བསྐྱོད་པ།རྒྱས་གདབ་བོ། །ཐུགས་ཀའི་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་ནས། ཏདྱ་ཐཱ། ཨོཾ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་བཟླས་པ་ཇི་སྲིད་མི་སྐྱོ་བའི་བར་དུ་བྱའོ། །དེ་ནས་མཆོད་པ་དབུལ་ཞིང་ཅི་ཤེས་པས་བསྟོད་ནས། འདོད་པའི་དོན་ལ་གསོལ་བ་གདབ། དགེ་བ་བསྔོ། སྨོན་ལམ་གདབ་བོ། །གཉིས་པ་རྒྱལ་པོའི་བསྙེན་སྒྲུབ་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པ་སྔོན་དུ་སོང་ནས། ཁྱད་པར་དུ་འགྲོ་བ་མ་ལུས་པའི་དབུལ་ཕོངས་བསལ། དེའི་དོན་དུ་མ་ཧཱ་རཱ་ཛ་བསྒོམ་སྙམ་དུ་སེམས་བསྐྱེད་ལ། རང་ཡི་དམ་དུ་གསལ་བའི་སྙིང་ག་ནས་ཧཱུྃ་ལས་འོད་འཕྲོས། བྱང་ཕྱོགས་ནས་རྒྱལ་ཆེན་སྤྱན་དྲངས་པར་བསམ་ཞིང་། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨཱ་ཀརྵ་ཡ་ཛཿ ཞེས་བརྗོད་པས་མདུན་གྱི་ནམ་མཁར་བྱོན་པ་ལ་མཆོད་པ་ཕུལ་ཞིང་། ཁྲོ་ལོས་མཛད་པའི་བདུན་རྣམ་དག་བྱ། ཚད་མེད་བཞི་བསྒོམ། དེ་ནས་མདུན་གྱི་མཎྜལ་གྱི་སྟེང་དུ། ཙ་ལས་སེང་གེའི་གདན་གྱི་སྟེང་དུ་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨ་དང་ཟླ་བ་ཉི་མའི་གདན་ལ་གནས་པའི་གྲི་སྙིང་དང་དབྱེར་མེད་པའི་བཻའམ་ཊི་བསམ། དེ་ལས་འོད་འཕྲོས་དོན་གཉིས་བྱས། ཁྱད་པར་དུ་བགེགས་ཐམས་ཅད་ཚར་བཅད་ཅིང་དབང་དུ་བསྡུས། སླར་འདུས་གྲི་སྙིང་ཡིག་འབྲུ་དང་བཅས་པ་ལ་ཐིམ། དེ་ཞུ་བ་ལས་རྒྱལ་ཆེན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པས་སྟག་གི་རྒྱལ་མཚན་དང་མདུང་དར་དམར་པོ་བསྣམས་པ། གཡོན་པ་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། སྐུ་ལ་བསེ་ཁྲབ་དམར་པོ་གསོལ་བ། དར་དམར་པོའི་ཅོད་པན་བཅིངས་པ། སྤྱན་ཟླུམ་པ། མཆེ་བ་གཙིགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་ཤར་དུ་ཛཾ་བྷ་ལ་སེར་པོ་རིན་པོ་ཆེ་འཛིན་པ། ལྷོར་གང་བ་བཟང་པོ་སེར་པོ་བུམ་པ། ནུབ་ཏུ་ནོར་བཟང་དཀར་པོ་ནོར་བུ། བྱང་དུ་ཀུ་བེ་ར་ནག་པོ་རལ་གྲི། ཤར་ལྷོར་ཡང་དག་ཤེས་སེར་པོ་གསེར་གྲི། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་མདུང་དམར། ནུབ་བྱང་དུ་ལྔས་རྩེན་སེར་སྐྱ་ཁང་བརྩེགས། བྱང་ཤར་དུ་ཀུཎྜ་ལཱི་དཀར་པོ་གྲི་ཕུབ་འཛིན་པ། འབྲོག་གནས་ལས་གཞན་ཐམས་ཅད་གཡས་པ་ན་རང་རང་གི་ཕྱག་མཚན་དང་མདུང་དམར་འཛིན་ཅིང་། གཡོན་པ་ཐམས་ཅད་ཀྱིས་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། ཐམས་ཅད་ཀྱང་དམར་བའི་མདངས་ཅན་བསེ་ཁྲབ་གསོལ་བ། དར་དམར་པོའི་ཅོད་པན་བཅིངས་པ། རིན་པོ་ཆེས་བརྒྱན་པ་རང་མདོག་དང་མཐུན་པའི་རྟ་ལ་འཆིབ་པ་འོ། །དེའི་ཕྱི་རོལ་དུ་ཀླུ་ཆེན་པོ་བརྒྱད་སྐུ་མདོག་སེར་པོ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ་སྦྲུལ་མཇུག་གཡས་སུ་འཁྱིལ་བ། ཐམས་ཅད་ཀྱི་ཕྱག་ཐལ་མོ་སྦྱར་བའི་བར་ན་རིན་པོ་ཆེ་བསམ་འཕེལ་འཛིན་པ། སྒྲུབ་པ་པོའི་བསམ་པ་སྒྲུབ་པར་བསམ་མོ། །དེའི་ཕྱི་རོལ་གྱི་ཤར་དུ་ནོར་རྒྱུན་མ། ལྷོར་དབྱངས་ཅན་མ། ནུབ་ཏུ་ནོར་སྐྱོང་མ། བྱང་དུ་བ་ར་ལི། ཐམས་ཅད་ཀྱང་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ལྕགས་ཀྱུ་དང་གཡོན་རྔ་ཡབ་འཛིན་པ། ཞི་མ་ཁྲོ་རུས་པའི་རྒྱན་ཅན་དུ་བསྒོམ། ཤར་ལྷོར་ཛཾ་བྷ་ལ་འདོད་པའི་རྒྱལ་པོ་ཕྱག་ན་མེ་མདུང་དམར་པོ་ཐོགས་པ། ལྷོ་ནུབ་ཏུ་རཱ་ཧུ་ལ་རྭའི་མདའ་གཞུ་དང་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ། ནུབ་བྱང་དུ་བདུད་འདུལ་ཀུ་བེ་ར་བསེའི་མདུང་དམར་ཐོགས་པ། བྱང་ཤར་དུ་ཀཱ་ལ་ནག་པོ་བེ་ཅོན་འབར་བ་ཐོགས་པ། དེའི་ཕྱི་རོལ་དུ་དྲེགས་པ་དྲེད་སྣ་བ་དན་འཛིན་པ། བུམ་སྣ་དྲེགས་པ་བསེ་མདུང་འཛིན་པ། སྣ་འཕྱང་དྲེགས་པ་རྒྱལ་མཚན་འཛིན་པ། སྣ་ཆེན་དྲེགས་པ་མདུང་དམར་འཛིན་པ། ཐམས་ཅད་ཀྱང་སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པ་མི་སྡུག་པའི་རྒྱན་གྱིས་བརྒྱན་པའོ། །གཞན་ཡང་སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཅུང་ཟད་ཁྲོ་བ། ཕྱག་གཉིས་ཀྱིས་རལ་གྲི་དང་ཕུབ་འཛིན་པ། སྟོབས་ཆེན་སུམ་ཅུ་རྩ་གཉིས་སྐུ་མདོག་ལྗང་སྔོན་གོ་ཆ་ཅན་ཤིན་ཏུ་ཁྲོས་པ་ཕྱག་གཉིས་མདུང་དང་རལ་གྲི་འཛིན་པའོ། །ལྷ་མ་སྲིན་སྡེ་བརྒྱད་དང་གནོད་སྦྱིན་བྱེ་བའི་ཚོགས་རྣམས་ནི་མདོག་མི་སྡུག་པ་སྣ་ཚོགས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་དང་ནེའུ་ལེ་འཛིན་པ་སྤྲིན་ཕུང་འཐིབས་པ་ལྟར་བསམ་མོ། །དེ་ནས་རང་ཡི་དམ་གྱི་ལྷར་གསལ་བའི་སྙིང་ག་ནས་འོད་ཟེར་དམར་པོའི་སྣ་ལ་འདོད་པའི་རྒྱལ་པོ་དམར་པོ་ལྕགས་ཀྱུ་འཛིན་པ་དཔག་ཏུ་མེད་པ་འཕྲོས་ནས་བྱང་ཕྱོགས་ནས་རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། སྤོས་བསྲེག །ལྕགས་ཀྱུའི་ཕྱག་རྒྱའམ་རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ་མེད་ཀྱང་རུང་། ཧཱུྃ། རི་རྒྱལ་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །སེང་གེ་གཡུ་འབྲུག་རྟ་མཆོག་དང་། །རིན་ཆེན་ཉི་ཟླ་པད་སྟེང་ན། །རྔམ་བརྗིད་སྟོབས་ལྡན་རྣམ་ཐོས་སྲས། །ལྷ་ཀླུ་གནོད་སྦྱིན་གཏེར་བདག་དང་། །སྟོང་གསུམ་ནོར་བདག་ཀུན་གྱི་གཙོ། །སྲིད་གསུམ་ཟས་ནོར་རིན་ཆེན་བདག །རྒྱལ་ཆེན་འཁོར་བཅས་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་རྒྱལ་པོ་ཆེན་པོ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་བར་མཛད་པ་ཁྱོད། །ལྷ་ཀླུ་གནོད་སྦྱིན་འབུམ་སྡེར་བཅས། །སྲིད་པ་གསུམ་གྱི་བདག་པོ་སྟེ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་དམ་ཚིག་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །མ་དག་འབྱོར་པ་ཆུང་ཞིང་ངན། །བདག་ཅག་ཉོན་མོངས་འདམ་བྱིང་བས། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང་། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་བསྲུང་བ་དང་། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །བརྩེ་བས་གནས་འདིར་གཤེགས་སུ་གསོལ། །ཤིན་ཏུ་རྣམ་དག་དགྱེས་པའི་དཔལ། ཁྱེད་ཀྱི་ཐུགས་རྗེས་གཟིགས་མཛོད་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མཉེས་པའི་ཚུལ་གྱིས་མྱུར་དུ་བྱོན། །བཅོམ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། ཁྱེད་ནི་ས་བཅུའི་དབང་ཕྱུག་སྟེ། །ཡེ་ཤེས་སྤྱན་གྱིས་ཐམས་ཅད་གཟིགས། །རྫུ་འཕྲུལ་ཆེ་བས་སྟོང་གསུམ་བདག །ནོར་སྐྱོང་གཏེར་བདག་འཁོར་བཅས་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བརྒྱད། །ཀླུ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །བཙུན་མོ་སྲས་དང་དགྱེས་མ་དང་། །དེད་དཔོན་སྟོབས་ཆེན་འཁོར་བཅས་གཤེགས། །གནོད་སྦྱིན་བྱེ་བ་འབུམ་སྡེ་དང་། །ཀླུ་དང་ཁྲོ་བོ་ནོར་ལྷ་དང་། །གཏེར་བདག་དབང་བདག་བྱེ་བའི་ཚོགས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སེང་གེ་གཡུ་འབྲུག་རྟ་གླང་དང་། །མ་ཧེ་སྟག་སོགས་འཆིབ་སྟེ་བྱོན། །རིན་ཆེན་ཁྲི་དང་པདྨ་དང་། །ཉི་མའི་གདན་ལས་བཞེངས་ཏེ་བྱོན། །དར་ཟབ་བེར་ཆེན་བསྣམས་ཏེ་བྱོན། །རྒྱན་དང་ཕྱག་མཚན་བསྣམས་ཏེ་བྱོན། །འཁོར་བཅས་ཕོ་བྲང་བསྐྱོད་དེ་བྱོན། །མཐུ་སྟོབས་རྫུ་འཕྲུལ་དབང་མཛད་བྱོན། །བྱམས་གདུང་སྲི་ཞུས་འདིར་བྱོན་ལ། །མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཞེས་པའམ། ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་ཡེ་ནས་དམར་གསལ་ལ། །ཕྱག་གཡས་རྒྱལ་མཚན་མདུང་དམར་བསྣམས། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན། །བསྐལ་པ་བཟང་པོའི་དུས་ཙམ་ན། །མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །ད་ལྟ་རྒྱལ་པོའི་ཚུལ་དུ་བཞུགས། །གནོད་སྦྱིན་ནོར་ལྷ་ཕོ་མོ་དང་། །ཀླུ་བརྒྱད་ལ་སོགས་འཁོར་དང་བཅས། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་པ་དང་། ཨོཾ་མ་ཧཱ་ཡཀྵ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཛཿ ཞེས་བརྗོད་པས་སྔོན་གྱི་དམ་ཚིག་དྲན་ནས་བྱོན་པར་བསམ། གནས་གསུམ་དུ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཤིང་། མཆོད་པས་མཆོད་ནས། ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཨིནྡྲ་ནཱི་ལའི་མདོག་དང་ལྡན། །ས་བརྒྱད་སེམས་དཔའ་ཁྱོད་ལ་བསྟོད། །གནོད་སྦྱིན་ཕོ་མོ་མང་པོ་དང་། །ཀླུ་ཡི་དེད་དཔོན་མཛད་པའི་ཚེ། །རིན་ཆེན་གསེར་གྱི་མདོག་ལྟར་འཚེར། །རྒྱལ་མཚན་ནེའུ་ལེ་འཛིན་ལ་འདུད། །མཁའ་འགྲོ་མ་དང་ཀླུ་མོ་དང་། །བདུད་མོའི་དེད་དཔོན་མཛད་པའི་ཚེ། །སྐུ་མདོག་བཻ་ཌཱུརྻ་ལྟར་སྔོ། །བེ་ཅོན་འཛིན་པ་ཁྱོད་ལ་འདུད། །གསང་བའི་གནད་ནས་བསྐུལ་བ་ན། །སྐུ་ནི་བརྗིད་ཅིང་ཁྲོས་པའི་ཞལ། །པདྨ་རཱ་གའི་མདོག་ལྟར་དམར། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །ཕྱག་གཡས་རྒྱལ་མཚན་མདུང་དར་ཐོགས། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན། །འོད་ཟེར་དམར་པོའི་འཕྲོ་འདུ་ཡིས། །ལྷ་དང་ལྷ་མིན་དབང་དུ་སྡུད། །རི་རབ་གླིང་རྣམས་ཀུན་གྱི་བདག །འགྲོ་ཀུན་དབང་སྡུད་རྣམ་ཐོས་སྲས། །བདག་གི་མཆོད་པ་འདི་བཞེས་ལ། །ཡང་སྤྲུལ་ཕོ་ཉ་ལས་ལ་འགྱེད། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་། །ཅི་བསམ་ལྷུན་གྱིས་གྲུབ་པ་ཡི། །དངོས་གྲུབ་སྩོལ་ཅིག་རྣམ་ཐོས་སྲས། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་བསྐུལ། རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་སྣ་ལྔ་ཞལ་ནས་འཐོན། མཆོད་པ་རྣམ་པ་ལྔ་དང་བཅས་ཏེ་རཱ་ཛའི་ཞལ་དུ་ཐིམ། དེའི་ཐུགས་ཀའི་བཻ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ལྔ་བྱུང་ནས་གང་འདོད་པའི་དངོས་གྲུབ་བསྡུས་ནས་རང་གི་ཐུགས་ཀར་ཐིམ། དེ་ལྟར་རྒྱུན་དུ་འཁོར་བར་བསམ་ཞིང་བཟླས་པས་རྒྱལ་པོ་འདར། དེས་བསྒྲུབ་བྱ་འདར་བར་བསམ། དེ་ནས་རང་རྒྱལ་པོར་གསལ་བའི་ཐུགས་ཀའི་བཻ་ལས་འོད་འཕྲོས། མདུན་གྱི་རཱ་ཛའི་བཻ་ལ་ཐིམ་པས། སྔགས་ཀྱི་ཕྲེང་བ་ལས་འོད་འཕྲོས། རང་གི་ཞལ་དུ་ཞུགས། ཐུགས་ཀའི་བཻ་ལ་ཐིམ། ཡང་ལྟེ་བ་ནས་འཐོན་པས་བསྒྲུབ་བྱ་གང་ཡིན་རང་དབང་མེད་པར་བཀུག་ནས། མདུན་མའི་ལྟེ་བར་ཞུགས། ཞལ་ནས་ནུས་པ་མཐུ་སྟོབས་དང་བཅས་པ་བྱུང་ཞིང་རང་གི་ཞལ་ནས་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པས། སྲིད་ཞིའི་དཔལ་འབྱོར་ཐམས་ཅད་དབང་དུ་འདུས་པར་བསམ། བསྙེན་པ་བྱའོ། །དེས་གནོད་སྦྱིན་རང་ལ་མི་ལྡོག་ཅིང་གཞན་གྱི་གནོད་པ་སྲུང་བའི་སྔགས་ནི། ན་མོ་བཻ་ཤྲ་མ་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། ར་ར་ར་ར། ཀུ་ནོ་ཀུ་ནོ། ཁུ་ནོ་ཁུ་ནོ། རུ་ནོ་རུ་ནོ། ས་བ་ས་བ། ཀ་ར་ཀ་ར། མ་ཧཱ་བེ་ཀ་ར། མ་ཧཱ་ཀཱ་ལ། མ་ཧཱ་རཱ་ཛ། རཀྵ་རཀྵ་དུ་མ་ན་སརྦ་སྭཱ་ཧཱ། ཞེས་སོ། །མྱུར་དུ་འགྲུབ་ཅིང་སྤྱན་འདྲེན་པ་གནད་ཀྱི་མན་ངག་རྩ་སྔགས་ནུས་པ་དང་ལྡན་པར་བྱེད་པའི་སྔགས་ནི། ན་མོ་བཻ་ཤྲ་མ་ཎཱ་ཡ། མ་ཧཱ་དན་ཏ་ཡ། ཨ་པ་ར་མི་ཏྲེ་ཙཎྜེ་ཤྭ་ར། མ་ཧཱ་ཀཱ་རུ་ཎི་ཀ །སྭ་ཏ་སྭ་ཏ། ཧེ་ཏ་ཙི་ན་ཏེ། མ་མ་ནི། པ་ར་ཏ་སཾ་མྱ་ཤ་སྭ་མཾ་མ་ཧཱ་ཀརྴ་སྭཱ་ཧཱ། ཞེས་པའོ། །འདི་གཉིས་བསྙེན་པའི་སྔོན་དུ་བདུན་བདུན་བཟླས་སོ། །ཕྱི་སྒྲུབ་ཀྱི་སྔགས་ནི། བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ། མ་ཧཱ་ཡཀྵ་ཏ། ཀུ་ཏ་ཀུ་ཏ། ས་ར་ས་ར་མི་དྷི་ནི། ཛ་ཛ། ཛྭ་ཛྭ་ཛ་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཿཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ་མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙནྡྷ་ཙནྡྷ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སཱ་དྷ་ཡེ། ཨཱཏྨ་ནཾ། ནི་ཏི་ཨ་ན་དྷར་དུ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨེ་ཧྱེ་ཧི་ཨ་པ་ཏ་དྲ་ཏི་མོ་ཙ་ཡ། ཏདྱ་ཐཱ། སུ་ར་ནི་སུ་ཏ་ནི་སུ་ར་མེ། སུ་སུ་ཤེ །ཧི་ལི་མི་ལི་སྭཱ་ཧཱ། ཨོཾ་བེ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་ལ་སོགས་བཟླ་འོ། །རྩ་བའི་སྲོག་སྔགས་ནི། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ། བཻ་ཤྲ་མ་ཎཱ་ཡ་ཙིཏྟ་རཏྣ་སརྦ་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་པ་འབུམ་ཕྲག་གཅིག་གམ་མི་ཚིག་གིས་བར་མ་ཆོད་པར་ཞག་ཉེར་གཅིག་གི་བར་བཟླས་པས། རབ་དངོས་སུ་འབྱུང་། འབྲིང་ཉམས་ལ་སྒྲ་དང་འོད་དང་དྲི་བཟང་པོ་དང་འབྲུ་དང་རིན་པོ་ཆེ་སྟེར་བ་དང་། ཆེ་བཙུན་དང་ཞང་བློན་སོགས་ཀྱིས་ཕྱག་དང་སྐྱེས་འབུལ་བ་འབྲུའི་ཆར་པ་འབབ་པ་འབྱུང་། ཐ་མའང་རྨི་ལམ་དུ་འབྱུང་ངོ་། །དེ་དག་གང་རུང་བྱུང་བ་དང་སྣང་བ་དབང་དུ་སྡུད་པའི་སྔགས་ཁྲི་ཡན་ཆད་ཞག་ཉེར་གཅིག་གི་བར་སྔར་བཞིན་བཟླ། ཨོཾ་བཻ་ཤྲ་མ་ཎཱ་ཡ། ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། སྡུས་སྡུས། ཛ་ཛཿ ཞེས་སོ། །ཐུན་འཇོག་ཁར་མཆོད་ཅིང་བསྟོད་ནས་འདོད་པའི་དོན་ལ་གསོལ་བ་གདབ། བསྔོ་བ་སྨོན་ལམ་རྒྱ་ཆེར་བྱའོ། །གཉིས་པ་ཕྱག་རྡོར་གྱི་དང་རཱ་ཛའི་གཏོར་མཆོད་གཉིས་ལས། དང་པོ་ནི། གཏོར་མ་སྤྱི་དང་མཐུན་པར་བཤམས་ལ། སྭ་བྷཱ་བས་སྟོང་པར་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཞལ་ཟས་ཕུན་སུམ་ཚོགས་པར་བསམ་སྟེ། ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁར་གསང་བདག་འཁོར་བཅས་སྐད་ཅིག་གིས་བསམ་པའམ་རིམ་གྱིས་བསྐྱེད་ལ་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམ་ལ། འདྲེན་པའི་ཕྱག་རྒྱ་བཅས་ནས། ཨོཾ་བཛྲ་པཱ་ཎི་ས་པ་རི་བཱ་ར་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔའམ་བདུན་གྱིས་ཕུལ། དེ་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །གསང་བདག་ལ་ནི་བདག་འབུལ་གྱིས། །བཞེས་ནས་རྒྱལ་ཆེན་དབང་སྡུད་མཛོད། །ཨོཾ་བཛྲ་པཱ་ཎི་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མཆོད་ཡོན་ཕུལ། མཆོད་ཡོན་གྱི་གནས་སུ་ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། ཨརྒྷཾ་གྱི་གནས་སུ་པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ་དེ་དག་དབུལ་ཞིང་། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་དང་། ཤབྡས་རོལ་མོ་དབུལ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གདུག་པ་ཅན་རྣམས་འདུལ་མཛད་པ། །གོས་སྔོན་ཅན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། ཁྱད་པར་དུ་རྒྱལ་ཆེན་འཁོར་བཅས་དབང་དུ་སྡུད་པའི་ཕྲིན་ལས་ཞུ། དགེ་བ་བསྔོ་འོ། །གཉིས་པ་རྒྱལ་ཆེན་གཏོར་མཆོད་ནི། རིན་པོ་ཆེའམ་བསེའི་སྣོད་དུ་འབྲས་ཕྱེ་སོགས་གཙང་མ་ལ། རི་རབ་བང་རིམ་གསུམ་པའི་སྟེང་དུ་བཤོས་བུ་ཟུར་གསུམ་མདའ་གང་ཡན་ཆད་ཅི་འབྱོར་པ་ལ། མར་དང་ཤ་ཁྲག་དང་ཤིང་ཐོག་ལ་སོགས་པའི་ཟས་སྣ་ ཚོགས་དང་། ཁྱད་པར་གླང་དམར་པོའི་ཤ་དང་ཁྲག་གིས་བྱུག་ཅིང་ཆང་གིས་བྲན་ལ་མདའ་དར་དམར་པོ་བཙུག །དར་སྣ་ཚོགས་ཀྱིས་བརྒྱན་པ་བཤམས་ལ། ཨོཾ་བཛྲ་ཡཀྵ་དང་སྭ་བྷཱ་བས་བསང་སྦྱང་བྱས་ལ། ཡིག་འབྲུ་གསུམ་གྱིས་སྔར་བཞིན་བྱིན་གྱིས་བརླབས་ནས། ཐུན་མཚམས་སུ་བསྐྱེད་མི་དགོས། གཞན་དུ་གོང་བཞིན་བསྐྱེད་ནས་བསྙེན་པའི་བར་བྱ། དེ་ནས་སྟོབ་པའི་ཕྱག་རྒྱ་བཅས་ལ། རྩ་སྔགས་ལ་བ་ལིཾ་ཏ་ཁཱ་ཧི་པཱུ་ཛ་ཧོཿ ཞེས་པ་བཏགས་ལ་གཙོ་བོ་ལ་དབུལ། རྟ་བདག་བརྒྱད་ལ་རང་རང་གི་སྙིང་པོ་དང་། ཀླུ་ལ་ནཱ་ག་ཨཥྚ་དང་། གནོད་སྦྱིན་དང་གཞན་རྣམས་ལ་སརྦ་ཡཀྵ་སཾ་གྲ་ཧ་ཨ་དྷི་པ་ཏི་བ་ལིཾ་ཏ་ཁཱ་ཧི་པཱུ་ཛ་ཧོཿ ཞེས་པ་བཏགས་ལ་བདུན་ལ་སོགས་པས་དབུལ། དེ་ནས་མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཨོཾ་བཻ་ཤྲ་མ་ཎཱ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མཆོད་ཡོན་དབུལ། མཆོད་ཡོན་དང་ཨརྒྷཾ་གྱི་གནས་སུ་ཞབས་བསིལ་པཱ་དྱཾ་ལ་སོགས་བཅུག་ལ་ཞལ་ཟས་ཀྱི་བར་དུ་དབུལ་ཞིང་། བླ་མེད་རྡོ་རྗེ་ཐེག་པའི་ཞེས་སོགས་ནས། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ། ནཱ་ད་སཾ་བྷ་བེ་བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པས་རོལ་མོ་དབུལ། གཞན་ཡང་། རིན་ཆེན་གདུགས་དང་གསེར་ཉ་དང་། །བུམ་པ་དུང་དང་དཔལ་བེ་འུ། །པདྨ་རྒྱལ་མཚན་འཁོར་ལོ་སྟེ། །བཀྲ་ཤིས་རྟགས་བརྒྱད་མཆོད་པ་འབུལ། །ཨོཾ་བཻ་ཤྲ་མ་ཎཱ་སོགས་ལ་ཨཥྚ་མངྒ་ལ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་དང་། འཁོར་ལོ་ནོར་བུ་བཙུན་མོ་དང་། ཁྱིམ་བདག་གླང་པོ་རིན་ཆེན་དང་། །རྟ་མཆོག་དམག་དཔོན་རིན་པོ་ཆེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་དབུལ། །སཔྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པའམ། སྤྲོ་ན་རིན་ཆེན་སྣ་བདུན་དང་འདོད་ཡོན་ལྔའི་སྔགས་དང་ཚིགས་བཅད་ཀྱིས་དབུལ་ལོ། །ཧཱུྃ། དྲི་མེད་པདྨ་རཱ་གའི་མདངས་ལྡན་ཞིང་། །མདུང་དང་ལྕགས་ཀྱུ་སོགས་འཛིན་གནོད་སྦྱིན་བདག །སྣང་བ་དབང་དུ་སྡུད་མཛད་རྒྱལ་པོ་ཆེ། །བདག་ལ་དགྱེས་ཤིང་བརྩེ་བས་གཟུང་དུ་གསོལ། །སྙིགས་དུས་སེམས་ཅན་སྐལ་ངན་དབང་གྱུར་པས། །སྤང་བླང་སྒྲུབ་པའི་དམ་ཚིག་བསྲུང་མཚམས་ལས། །རྣལ་འབྱོར་ལེ་ལོའི་དབང་གིས་འདའ་སྲིད་ན། །བཟོད་པར་བཞེས་ཤིང་བུ་བཞིན་བསྐྱང་དུ་གསོལ། །སྤང་བར་བྱ་བའི་དམ་ཚིག་ལས་འདས་ཏེ། །ཡུགས་མོའི་ཟས་དང་རྟ་བོང་ཤ་ཁྲག་ཟས། །གས་ཆག་སྣོད་བཙོག་ཞྭ་ནག་གོས་ནག་གྱོན། །རོ་ལ་འཇུས་སོགས་ཤིན་ཏུ་འགྱོད་པས་བཤགས། །བླང་བར་བྱ་བ་གོས་སྔོན་ལུང་ཐང་ཕྲེང་། །བསེ་ཕོར་རིན་ཆེན་སྣོད་དང་རྟ་སྔོན་དང་། །བྱ་རྒོད་མདའ་དང་དུང་དམར་སྤོས་མཆོག་དང་། །གྲི་སྙིང་བླ་རྡོ་མ་བཅངས་མཐོལ་ལོ་བཤགས། །སྒྲུབ་པའི་དམ་ཚིག་བསྲུང་མཚམས་ལས་འདས་ཏེ། །བསྙེན་པ་མ་ཐེམས་གནད་ལ་བོར་བ་དང་། །དུས་སུ་མཆོད་གཏོར་མ་བྱས་མཐོལ་ལོ་བཤགས། །ཚངས་པར་བསྩལ་ནས་སྒྲུབ་མཆོག་བསྐྱང་དུ་གསོལ། །ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །རིན་ཆེན་མཛེས་པའི་གཞལ་ཡས་དེར། །བཅོམ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཆོས་སྐྱོང་ཕྱོགས་སྐྱོང་གནོད་སྦྱིན་བདག །ནོར་སྲུང་གཏེར་བདག་ཀླུ་ཡི་བདག །ནོར་ལྷ་ས་བཅུའི་མགོན་པོ་སྟེ། །ཡེ་ཤེས་སྤྱན་གྱིས་ཐམས་ཅད་གཟིགས། །རྫུ་འཕྲུལ་དབང་གིས་སྟོང་གསུམ་སྒྱུར། །གནོད་སྦྱིན་ནོར་ལྷའི་ཚོགས་བཅས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །གསོལ་ཞིང་རོལ་ལ་བཞེས་པར་མཛོད། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །ནོར་རྫས་ཚེ་ཡི་དངོས་གྲུབ་སྩོལ། །སེང་གེ་གཡུ་འབྲུག་རྟ་མཆོག་དང་། །མ་ཧེ་གླང་ཆེན་དོམ་དྲེད་དང་། །ཆུ་སྲིན་སྟག་དང་ཉི་ཟླའི་མདངས། །སྐར་མདའ་རླུང་སོགས་ཞོན་པ་ཡིས། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །ནོར་རྫས་ཚེ་ཡི་དངོས་གྲུབ་སྩོལ། །རྒྱལ་མཚན་ནོར་བུའི་རྐྱལ་པ་དང་། །བུམ་པ་བི་ཛ་པཱུ་ར་དང་། །རལ་གྲི་དགྲ་སཏྭ་མདའ་གཞུ་དང་། །པོ་ཏི་ལྷུང་བཟེད་མཁར་གསིལ་དང་། །གྲི་གུག་ལྕགས་ཀྱུ་ཁ་ཊྭཱཾ་ག །ཐོད་པ་སྒྲོམ་བུ་མདུང་དར་གྱིས། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །ནོར་རྫས་ཚེ་ཡི་དངོས་གྲུབ་སྩོལ། །བསེ་ཁྲབ་བསེ་རྨོག་དར་འཕྲུ་ཅན། །རིན་ཆེན་སྐ་རགས་སྭག་ལྷྭམ་དང་། །རུས་པ་རིན་ཆེན་རྒྱལ་མཚན་དང་། །དར་ཟབ་བེར་ཆེན་ན་བཟའ་དང་། །བཻ་ཌཱུརྻ་དང་གསེར་དངུལ་སོགས། །རིན་ཆེན་འབྲུ་དང་སྟག་གཟིག་གིས། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །ནོར་རྫས་ཚེ་ཡི་དངོས་གྲུབ་སྩོལ། །རི་རབ་བང་རིམ་ལྕོག་བཞི་ལྡན། །གླིང་བཞི་མཚོ་བཞི་གཏེར་ཆེན་བཞི། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །ནོར་རྫས་ཚེ་ཡི་དངོས་གྲུབ་སྩོལ། །ཤིང་ཐོག་འབྲས་ཆན་ཤ་དམར་སོགས། །འདོད་ཡོན་ཀུན་ལྡན་གཏོར་ཚོགས་འདི། །རི་རབ་རྒྱ་མཚོ་ཆེ་དང་མཉམ། །ཟས་མཆོག་བཅུད་ལྡན་བདུད་རྩིའི་གཏེར། །དྲི་ཞིམ་མདངས་གསལ་སྣ་ཚོགས་ལྡན། །ཤ་ལྔ་སྨན་ལྔ་བདུད་རྩི་ལྔ། །འབྲུ་ལྔ་དར་ལྔ་རིན་ཆེན་ལྔ། །དཀར་གསུམ་མངར་གསུམ་གསེར་སྐྱེམས་དང་། །ཤིང་ཐོག་མེ་ཏོག་ལ་སོགས་བཅས། །གཟུགས་མཛེས་སྒྲ་སྙན་དྲི་ཡང་ཞིམ། །རོ་མངར་རེག་འཇམ་ལྡན་པ་འདིས། ཁྱེད་ཀྱི་ཐུགས་དམ་བདག་གིས་བསྐང་། །ནོར་རྫས་ཚེ་ཡི་དངོས་གྲུབ་སྩོལ། །རྒྱལ་པོའི་ཐུགས་དམ་བསྐངས་གྱུར་ནས། །གནོད་སྦྱིན་སྡེ་དཔོན་འཁོར་བཅས་ཀྱིས། །རྒྱུ་སྦྱོར་མི་ནོར་འཁོར་བཅས་རྣམས། །སྲུང་སྐྱོབ་སྦ་ཞིང་སྤེལ་བར་མཛོད། །ཧཱུྃ། བཅོམ་ལྡན་རིན་ཆེན་འོད་འཕྲོ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། །འགྲོ་དོན་ཀུན་ལ་རབ་དགོངས་ནས། །ཡབ་ནི་དྲང་སྲོང་རྣམ་མང་ཐོས། །ཡུམ་ནི་དམ་པ་དཔལ་ཕྲེང་གི །སྲས་སུ་སྐུ་འཁྲུངས་རྒྱལ་པོ་ནི། །རྣམ་ཐོས་སྲས་ཞེས་མཚན་ཡང་གྲགས། །ངལ་བསོས་དགེ་བ་སྟོབས་པོ་ཆེ། །རི་རྒྱལ་ལྷུན་པོའི་བྱང་ཕྱོགས་སུ། །ལྷ་ཀླུ་གནོད་སྦྱིན་དབང་པོ་མཛད། །མགོན་པོ་གར་མཁན་མཆོག་ཁྱོད་ནི། །འཁོར་ལོས་སྒྱུར་བ་སྟོབས་དང་ལྡན། །བརྐྱང་བསྐུམ་གར་གྱིས་སྐྱིལ་ཀྲུང་བཞུགས། །ཞི་ཞིང་དྲག་པོའི་ཚུལ་དང་ལྡན། །སྐུ་ཡི་བཀོད་པ་མཐའ་ཡས་ཤིང་། །རྒྱན་དང་ཆ་ལུགས་བསམ་མི་ཁྱབ། །དཀར་སེར་དམར་ལྗང་སྔོ་སྐྱ་དང་། །མཐིང་ག་མུན་པའི་མདོག་རྣམས་སྟོན། ཁྱེད་ཀྱི་མཁྱེན་བརྩེ་ནུས་པ་ནི། །རིགས་ཀྱི་བདག་པོ་དག་དང་མཉམ། །རྫུ་འཕྲུལ་ལ་སོགས་ཡོན་ཏན་རྫོགས། །སྟོབས་ལྡན་གཞན་གྱིས་མི་བཟོད་ཅིང་། །གང་བ་བཟང་དང་ནོར་བུ་བཟང་། །ཡང་དག་ཤེས་དང་ལྔས་རྩེན་དང་། །རྒྱལ་བ་ཁྱུ་མཆོག་ཀུན་ཏུ་རྒྱུ། །འབྲོག་གནས་མཆེད་ལྔ་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་བཅུ་དང་ལྷ་ཆེན་བརྒྱད། །ཀླུ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །དེད་དཔོན་ཉི་ཤུ་རྩ་བརྒྱད་དང་། །ཆོས་སྤུན་སུམ་ཅུ་རྩ་གཉིས་དང་། །འཕྲོག་མ་བུ་དང་བཅས་པ་དང་། །གནོད་སྦྱིན་འབུམ་ཚོ་བཅོ་བརྒྱད་དང་། །གནོད་སྦྱིན་ཀླུ་རིགས་མཁའ་འགྲོར་བཅས། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །གཞན་ཡང་སྟོང་གསུམ་འཇིག་རྟེན་དུ། །རིན་ཆེན་གཏེར་ནོར་བང་མཛོད་སྲུང་། །དགོས་འདོད་ཀུན་སྲིད་ལོ་ཏོག་སྐྱེད། །མྱུར་མགྱོགས་སྟོབས་ལྡན་ལོངས་སྤྱོད་བདག །སྡེ་བརྒྱད་ཀུན་ལ་དབང་སྒྱུར་ཞིང་། །སྲི་ཞུ་བྱམས་དང་སྙིང་རྗེ་ཆེ། །ཡིད་འཕྲོག་དབང་གི་ལས་མཛད་པ། །ཀུན་གྱི་གཙོ་བོ་རྣམ་ཐོས་སྲས། །འཁོར་གཡོག་མངག་གཞུག་ཕོ་ཉར་བཅས། །སྡེ་དང་དཔུང་བཅས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ཆོས་སྐྱོང་རྒྱལ་པོ་ངལ་བསོས་པོ། །ས་བརྒྱད་དབང་ཕྱུག་གཏེར་གྱི་བདག །ཨིནྡྲ་ནཱི་ལའི་མདོག་མཚུངས་པ། །འགྲོ་བ་ཀུན་ལ་དགྱེས་དགོངས་ཤིང་། །གང་ལ་གང་འདུལ་སྣ་ཚོགས་ཀྱིས། །མི་ཟད་རིན་ཆེན་གཏེར་མཛོད་ལ། །མངའ་མཛད་ཐུགས་རྗེ་ཅན་ལ་བསྟོད། །གནོད་སྦྱིན་ནོར་ལྷ་མང་པོ་དང་། །ཀླུ་ཡི་དེད་དཔོན་མཛད་པའི་ཚེ། །གསེར་མདོག་རིན་ཆེན་རྒྱན་གྱིས་སྤྲས། །རིན་ཆེན་ནོར་བུ་འཛིན་ལ་བསྟོད། །མཁའ་འགྲོ་ཀླུ་མོ་བདུད་མོ་སོགས། །དབང་བྱེད་སྡེ་དཔོན་མཛད་ཙ་ན། །བཻ་ཌཱུརྻ་ལྟར་གཟི་བརྗིད་འབར། །མ་རུངས་ཟིལ་གནོན་ཁྱོད་ལ་བསྟོད། །བྱམས་དང་ཐུགས་རྗེས་ཉེར་དགོངས་ནས། །དགའ་ཆེན་གསང་བའི་སྐུར་སྟོན་པ། །དབང་མཛད་པདྨ་རཱ་གའི་མདོག །དགྱེས་མཛད་ཀུན་སྙོམས་ཁྱོད་ལ་བསྟོད། །རིན་ཆེན་སེང་གེ་པད་ཟླའི་གདན། །རྗེས་ཆགས་འཕྲོ་འདུ་དམར་པོ་ཡིས། །བརྗིད་པའི་སྐུ་ལ་བསེ་ཁྲབ་གསོལ། །ཡིད་བཞིན་ནོར་བུ་བཀླུབས་ལ་བསྟོད། །ལེ་བརྒན་དར་གྱི་ཅོད་པན་བཅིངས། །བརྗིད་པ་སྟག་གི་རྒྱལ་མཚན་དང་། །སྙན་གྲགས་དབང་སྡུད་མདུང་དར་གཡས། ཁམས་གསུམ་དབང་སྡུད་ཁྱོད་ལ་བསྟོད། །ནེའུ་ལེས་དགོས་འདོད་ཆར་འབེབ་ཅིང་། །འགུགས་མཛད་ལྕགས་ཀྱུ་གཡོན་ན་བསྣམས། །འོད་ཟེར་དམར་པོའི་འཕྲོ་འདུ་ཡིས། །ཆགས་ཤིང་འགུགས་མཛད་ཁྱེད་ལ་བསྟོད། །རིན་ཆེན་གཏེར་དང་ལོངས་སྤྱོད་བདག །གླིང་བཞི་གླིང་ཕྲན་ལ་དབང་སྒྱུར། །ལྷ་ཀླུ་མི་དང་མི་མ་ཡིན། ཁམས་གསུམ་སེམས་ཅན་དབང་བྱེད་པ། ཁྱེད་ལ་གདུང་བས་གསོལ་བ་འདེབས། །གཏོར་མ་མཆོད་བསྟོད་འདི་བཞེས་ལ། །ཡང་སྤྲུལ་ཕོ་ཉ་ལས་ལ་འགྱེད། །བདག་གི་བསམ་པ་ཡིད་བཞིན་སྒྲུབས། །དེང་ནས་ཇི་སྲིད་སངས་རྒྱས་བར། །ཐུགས་རྗེས་མི་གཏོང་རྗེས་འཛིན་ཞིང་། །འགྲོ་ཀུན་དབང་དུ་བསྡུ་བ་དང་། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །བདག་དང་ཡོན་བདག་ཐམས་ཅད་ཀྱི། །ལོ་ཐོག་འབྲས་སྨིན་ཟས་གོས་དང་། ཁྱུ་མཆོག་རྟ་དང་མ་ཧེ་སོགས། །རྐང་འགྲོས་ནོར་རྣམས་འཕེལ་བར་མཛོད། །རིགས་རྒྱུད་འཁོར་འདབས་རྒྱས་པ་དང་། །བཀྲེས་སྐོམ་མུ་གེ་ཟློག་པ་དང་། །ཡམས་ནད་སྡུག་བསྔལ་བསལ་བ་དང་། །དགྲ་བགེགས་ཚར་གཅད་ཞི་བར་མཛོད། །སྲིད་ཞིའི་ཕན་བདེ་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་དར་བ་དང་། །དེ་འཛིན་སྐྱོང་བའི་གང་ཟག་རྣམས། །དཔལ་འབྱོར་གྱིས་ཕྱུག་ཞབས་བརྟན་མཛོད། །ཅེས་པ་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། དཔལ་གྱི་དཔལ་ཆེན་སྲིད་གསུམ་དཔལ་གྱུར་པ། །ས་བརྒྱད་དབང་ཕྱུག་ས་སྟེང་ལྷ་གཅིག་པོ། །གནོད་སྦྱིན་སྡེ་དཔོན་རྣམ་ཐོས་བུ་ཡི་བུ། །བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྒྱལ་གྱུར་ཅིག །ཧཱུྃ། སྔོན་ཚེ་རིག་འཛིན་དྲང་སྲོང་ཁྲོས་པ་ལས། །ཐུབ་པའི་སྤྱན་སྔར་ཐུགས་དམ་ཞལ་བཞེས་ནས། །སྨོན་ལམ་དབང་གིས་གནོད་གནས་རྒྱལ་ཆེན་གྱི། །དམག་དཔོན་དཔའ་བོར་གྱུར་ལ་བདག་བསྟོད་དོ། །རིན་ཆེན་དཔག་མེད་ལྷུན་པོའི་གཙུག་རྒྱན་ནི། །ངོ་མཚར་ཟུར་བཞི་རིམ་གསུམ་ཁང་བརྩེགས་དགུ། །སྣ་ཚོགས་གཏེར་མང་གིས་ཕྱུག་གཞལ་ཡས་སུ། །ཡུམ་སྲས་འཁོར་མང་མཆོག་གིས་བསྐོར་ལ་འདུད། །གཞོན་ནུ་ལྷ་དབང་བརྒྱད་ཀྱི་ཆ་བྱད་ཅན། །རྣམ་དག་རིན་ཆེན་བསེ་ཁྲབ་བསེ་ལྷྭམ་དང་། །བསེ་རྨོག་མཛེས་རྣམས་ཁྲག་ཆེན་གྱིས་སྦགས་པའི། །བསེ་མདུང་འབར་བ་འཛིན་ལ་ཕྱག་འཚལ་བསྟོད། །ལྷབ་ལྷུབ་ལྷ་རྫས་ན་བཟས་རབ་བརྗིད་ཅིང་། །སྣ་ཚོགས་རྒྱན་རྣམས་ཀྱིས་སྤུད་གཡོ་བ་ཡིས། །རུ་མཚོན་མི་བཟད་དཔུང་མགོ་ལྷག་གེ་བ། །མཐོང་བས་རབ་བརྗིད་ཁྱེད་ལ་ཕྱག་འཚལ་བསྟོད། །ས་བཅུའི་ལྷ་དབང་ལྷ་ཚོགས་ཀྱིས་བཏུད་ཅིང་། །མ་རུངས་ཚར་གཅོད་ཕྲིན་ལས་བཀའ་བསྒོ་མཛད། །གཞན་གྱིས་མི་ཐུབ་གཡུལ་ངོ་ཀུན་ལས་རྒྱལ། །དམག་དཔུང་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །མཐུ་སྟོབས་ང་རོ་མི་བཟད་ཕྱོགས་བཅུར་ཡངས། །རོལ་པའི་སྟོབས་འགྱེད་གདུལ་དཀའ་འདུལ་བར་མཛད། །བསྟན་ལ་བག་མེད་སྡང་བར་ཞུགས་རྣམས་ཀྱི། །བདུད་དཔུང་བརླག་པར་མཛད་ལ་ཕྱག་འཚལ་བསྟོད། །ཐུགས་རྗེ་ཁྲོས་པས་དགྲ་བགེགས་འབུམ་ཕྲག་གི །སྲོག་འཕྲོག་མཆེ་བ་ཟླ་ཚེས་རྣམ་པར་གཙིགས། །སྤྱན་གསུམ་དམར་ལྡོག་ལྗགས་ཀྱི་གློག་འགྱུ་ཞིང་། །གསང་སྔགས་འབྲུག་སྒྲ་སྒྲོག་ལ་ཕྱག་འཚལ་བསྟོད། །ཚོགས་གཉིས་དཔལ་ལྡན་དགྱེས་པའི་གར་སྟབས་ཅན། །སྲེད་བྲལ་དྲེགས་པས་རབ་མྱོས་དྲག་ཤུལ་འཆང་། །ཡེ་ཤེས་མེ་དཔུང་འབར་བས་གདོན་སྡིག་གི །ནག་དཔུང་རྩད་ནས་སྲེག་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འཛིན་བཀས་རིན་ཆེན་མང་བསྐུལ་ཞིང་། །དེ་ཡིས་མི་བསྲུན་འདུལ་ཕྱིར་ཁྱོད་བསྐུལ་ཏེ། ཁྱེད་འབངས་གནོད་སྦྱིན་རྡུལ་སྙེད་མཁར་དཀྲིགས་པས། །དགྲ་སྙིང་ཅིག་ཅར་འབྱིན་ལ་ཕྱག་འཚལ་བསྟོད། །གང་གིས་མཆོད་ཅིང་བཅུད་གསོལ་བགྱིས་པ་ལ། །ཞི་རྒྱས་དབང་དྲག་དངོས་གྲུབ་ཀུན་སྟེར་ཞིང་། །སྒྲུབ་པོ་མ་ལུས་བུ་བཞིན་རྗེས་སྐྱོང་བའི། །ཆོས་སྐྱོང་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བསྟན་སྲུང་གནོད་སྦྱིན་དཔའ་བོ་ཀུན་གྱི་རྗེ། །འཇིགས་བྱེད་མདུང་དམར་འཛིན་པར་ཆ་ཙམ་ཞིག །འདིས་བསྟོད་དགེ་བ་གནམ་ལྕགས་འབར་བའི་ལྕེས། །ཉོན་མོངས་དུག་སྡོང་ཐལ་བར་བརླག་གྱུར་ཅིག །ཅེས་སོགས་ཀྱི་སྒོ་ནས་བསྟོད་ནས་ཕྲིན་ལས་བསྐུལ་བ་ནི། རི་རབ་ལྷུན་པོའི་བྱང་ཕྱོགས་ན། །རིན་ཆེན་དམ་པའི་ཕོ་བྲང་ན། །གནོད་སྦྱིན་དབང་པོ་ལུས་ངན་པོ། །པདྨ་རཱ་ག་ལྟར་དམར་ཞིང་། །བསེ་རྨོག་བསེ་ཁྲབ་བསེ་ལྷྭམ་གསོལ། །འཇིགས་བྲལ་ལག་ལྡན་དགྲ་ལ་འཆིབ། །སྤྱན་ཟླུམ་མཆེ་བ་རྣམ་པར་གཙིགས། །ལེ་བརྒན་དར་གྱི་ཅོད་པན་འཕུར། །ཕྱག་གཡས་རྒྱལ་མཚན་དངོས་གྲུབ་སྩོལ། །དམ་ཉམས་སྙིང་འབྱིན་བསེ་མདུང་བསྣམས། །ཕྱག་གཡོན་ནེའུ་ལེའི་རྐྱལ་པ་དང་། །དབང་སྡུད་ལྕགས་ཀྱུ་འབར་བ་འཛིན། །འཁོར་བཅས་ཐུགས་དམ་དུས་ལ་བབས། །ཕྲིན་ལས་མ་ལུས་སྒྲུབ་བྱེད་པའི། །སྲས་མཆོག་བཞི་དང་གཤེད་མ་བཞི། །སྲས་ཀྱི་ཐུ་བོ་ཛཾ་བྷ་ལ། །བདུད་ཀྱི་རྒྱལ་པོར་སྐུ་སྤྲུལ་ནས། །སྐུ་ལ་བསེ་ཁྲབ་ཞོལ་ཅན་གསོལ། །ཕྱག་ན་བསེ་ཡི་མདུང་དམར་ཐོགས། །དགྲ་བོའི་སྲོག་རྩ་དམར་པོ་དྲོངས། །སྡེ་བརྒྱད་གཙོ་བོ་རཱ་ཧུ་ལ། །འཇིག་རྟེན་འཇིགས་མཛད་མཆེ་བ་ཅན། །ཆུ་སྲིན་རྒྱལ་མཚན་མདའ་གཞུ་འཛིན། །བསྟན་པའི་དགྲ་བོ་མྱུར་དུ་སྒྲོལ། །བདུད་འདུལ་གནོད་སྦྱིན་ཀུ་བེ་ར། །མདོག་ནག་བེར་ཆེན་སྤྲིན་ལྟར་གཏིབས། །ལག་ན་བསེ་མདུང་དམར་པོ་འཛིན། །བསྟན་པའི་དགྲ་བོ་མྱུར་དུ་སྒྲོལ། །དུས་མཚན་ནག་པོ་སྲོག་གི་གཤེད། ཁྲོ་གཏུམ་ཤིན་ཏུ་འཇིགས་པའི་གཟུགས། །བེ་ཅོན་འབར་བ་ཕྱག་ན་བསྣམས། །དགྲ་བགེགས་ཁུག་དྲོངས་སྙིང་ལ་རོལ། །དྲེགས་པ་དྲེད་སྣ་བ་དན་འཕྱར། །བུམ་སྣ་དྲེགས་པ་མདུང་དམར་ཐོགས། །སྣ་འཕྱང་དྲེགས་པ་རྒྱལ་མཚན་འཛིན། །སྣ་ཆེན་དྲེགས་པ་དར་མདུང་བསྣམས། །ཡ་མ་རཱ་ཛ་སྲོག་གི་གཤེད། །མྱོས་བྱེད་འབར་བ་འཇིགས་པའི་སྐུ། །མེ་རུ་ཙེ་ནི་ཁྲོ་ཞིང་རྔམས། །རལ་པ་ཚར་དགུ་དགྲ་སྙིང་འབྱིན། །སྐུ་མདོག་དམར་ནག་ཐུན་ཁྲག་དང་། །མཚོན་ཆ་འབར་བ་ཕྱག་ན་བསྣམས། །གཤེད་མ་ཆེན་པོ་ཁྱེད་བཞི་དང་། །ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །བདག་ལ་སྡང་བའི་དགྲ་བོ་དང་། །འཁོར་ལ་གནོད་པའི་འབྱུང་པོ་དང་། །བླ་མའི་སྐུ་དགྲ་སེམས་ཅན་འཚེ། །བསྟན་པ་བཤིག་དང་དཀོན་མཆོག་སྨད། །མདོར་ན་ལོག་པར་ཞུགས་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་སྡོམས། ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །གཅོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཆོད་ཅིག་ནོན་ཅིག་ཁུག་པར་གྱིས། །ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིགས། །རྡུལ་ཕྲན་ཙམ་ཡང་མེད་པར་གྱིས། །བསྟན་པ་སྲུང་བའི་ལས་འདི་སྒྲུབས། །བཅོལ་པའི་ཕྲིན་ལས་གྲུབ་པར་གྱིས། །གཞན་ཡང་བདག་ཅག་འཁོར་བཅས་ཀྱི། །སྡིག་སྒྲིབ་ནད་གདོན་བར་ཆད་དང་། །བྱུར་དང་སྐལ་པ་ངན་པ་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། །གསང་བའི་ཡུམ་ཆེན་མཆེད་བཞི་དང་། །ལྷ་དང་ལྷ་མིན་ཀླུ་དབང་དང་། །མི་དང་མི་མིན་འབྱུང་པོའི་ཚོགས། །ཐམས་ཅད་དབང་དུ་བསྡུ་བར་མཛོད། ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་བདག་ཀླུ་ཆེན་བརྒྱད་རྣམས་ཀྱིས། །ཚེ་དང་བསོད་ནམས་དཔལ་འབྱོར་དང་། །འཁོར་དང་ལོངས་སྤྱོད་རྒྱས་པར་མཛོད། །མཐུ་སྟོབས་རྫུ་འཕྲུལ་ཆེ་ལྡན་པའི། །གནོད་སྦྱིན་དེད་དཔོན་འཁོར་བཅས་ཀྱིས། །བདག་ཅག་འཁོར་དང་བཅས་རྣམས་ཀྱི། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བསྐུལ་ཞིང་གཏོར་མ་བྱང་ཕྱོགས་སུ་གཏོང་བའམ་དགྲ་ཕྱོགས་སུ་གཏང་བ་སྐབས་དང་སྦྱར། མཐར་ཡེ་ཤེས་པ་གཤེགས། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ། རྟེན་ཡོད་ན་སླར་བསྟིམ། དེ་ལྟར་རྒྱུན་དུ་བསྟེན་པ་ལས། །གླིང་བཞི་དག་ཀྱང་གཡོ་འགུལ་བྱེད། །འཛམ་བུའི་གླིང་གི་མི་རྣམས་ཀྱི། །མི་ནོར་ཟས་གསུམ་འདུ་བ་དང་། །མི་རྣམས་ཀུན་གྱིས་བཀུར་སྟི་བྱེད། །ལྷག་པར་བུད་མེད་གུས་པར་འགྱུར། །གཞན་ཡང་ཕྲིན་ལས་དཔག་མེད་འགྲུབ། །ཅེས་སོགས་ཕན་ཡོན་དཔག་ཏུ་མེད་པས་བསྙེན་སྒྲུབ་མཆོད་བསྟོད་ལ་བརྩོན་པར་བྱའོ།། །།གསུམ་པ་ལས་སྦྱོར་གྱི་རིམ་པ་ནི། གསང་ཞིང་གཞན་དུ་ཤེས་པར་བྱ་བ་ཡིན་པས་འདིར་མ་བྲིས་སོ། །འདི་བྲིས་དགེ་བས་འགྲོ་བ་ཀུན། །དབུལ་ཕོངས་བདུད་ལས་རྣམ་རྒྱལ་ནས། །ནམ་མཁའ་མཛོད་ལ་དབང་འབྱོར་ཞིང་། །ངལ་བསོས་དགེ་བ་འགྲུབ་པར་ཤོག །ྀཨཚ། འབད་དེ་བགྱིས་པའི་དགེ་བ་གང་། །བདག་སོགས་འགྲོ་བ་དཔག་མེད་རྣམས། །ཟད་མེད་ལོངས་སྤྱོད་ཚེ་འཕེལ་ནས། །མཐར་ཐུག་ཟད་མེད་མཛོད་ལ་སྤྱོད་པར་ཤོག། །། ༄༅། །རྒྱལ་པོ་ཆེན་པོའི་རྗེས་སུ་གནང་བའི་གདམས་ངག་བཞུགས་སོ། །བཻ་ཤྲ་མ་ཎཱ་རཱ་ཛ་ན་མོ། རྒྱལ་པོ་ཆེན་པོའི་རྗེས་སུ་གནང་བའི་གདམས་ངག་འདི་ལ། མུ་ཁྱུད་ཤད་གང་འཛོམ་མདའ་གང་ཚད་གཅིག་བྱས་ལ། གྲི་ལྕགས་ལས་བྱས་པའི་མདུང་། མདུང་སོ་གྲི་ཁྲག་གིས་ངར་བླུད་ལ་གཟུག །སྐེ་ལ་དར་དམར་པོ་ལ་སྲོག་སྔགས་བྲིས་ལ་བཅུག །གཏོར་མ་ཟས་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བཤམ། པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་བཞག །མཐར་མཆོད་པ་དང་སྤྱན་གཟིགས་སྣ་ཚོགས་བཤམ། སློབ་མས་ཁྲུས་བྱས་མཎྜལ་ཕུལ། གང་གི་དྲིན་གྱིས་གསོལ་བ་གདབ། ཡན་ལག་བདུན་པ་བྱ། དུང་ཕོར་དྲི་བཟང་གིས་བཀང་བ་གཅིག་བཤམ། དེ་ནས་བདག་ཉིད་རྡོ་རྗེ་འཛིན་རྒྱལ་བསྒོམ། མདུན་དུ་མ་ཧཱ་རཱ་ཛ་བསྒོམ། སློབ་མ་རྡོ་རྗེ་འཛིན་རྒྱལ་བསྒོམ་དུ་བཅུག་ལ། སློབ་དཔོན་རྡོ་རྗེ་འཛིན་རྒྱལ་གྱིས། །ལག་ཏུ་རྡོ་རྗེ་ཐོགས་ནས་ནི། །ཏིང་ངེ་འཛིན་གྱི་དབང་བསྐུར་བྱ། །སྤྱི་བོར་རྡོ་རྗེ་བཞག་ནས་ནི། །འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །སངས་རྒྱས་ཐམས་ཅད་ཀུན་གྱི་གཙོ། །དྲེགས་པ་སྤྱི་ཡི་རྒྱལ་པོ་མཆོག །གསང་བའི་བདག་ཉིད་ཆེན་པོ་འདི། ཁྱོད་ལ་བདག་གིས་དེ་རིང་བསྐུར། །ཨོཾ་མ་ཧཱ་ཀཱ་ལ་ཨ་བྷི་ཥིཉྩ་ཏུ་མཾ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་སྤྱི་བོར་རྡོ་རྗེ་བཞག་སྟེ། དེ་ནི་དྲེགས་པ་སྤྱི་གནོན་གྱི་རྗེས་གནང་ངོ་། །དེ་ནས་གཏོར་མ་སྙིང་གར་གཏད་ལ། རྒྱལ་པོ་ཆེན་པོ་ཉིད་འཁོར་དང་བཅས་པ་བསྐྱེད་ལ་བསྟིམ། ལུས་ངག་ཡིད་གསུམ་ལ་འཁོར་ནས་ལུས་དང་གྲིབ་མའི་ཚུལ་དུ་འཁོར་བར་བསམ། ཨོཾ་བཻ་རཱ་ཛ་མ་མ་སི་ཏི་ཛཿཧཱུྃ་བཾ་ཧོཿ འདི་ནི་རྒྱལ་པོ་ཆེན་པོ་སྟེ། ཁམས་གསུམ་དབང་སྡུད་དབང་གི་བདག །དངོས་གྲུབ་གཉན་པོ་ཆེན་པོ་ནི། ཁྱེད་ལ་དེང་འདིར་བསྐུར་ཐོབ་ཤོག །ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ སརྦ་སིདྡྷི་ཙིཏྟ་ཧཱུྃ། ཞེས་གཏོར་མ་སྙིང་གར་གཏད། མདུང་དར་ལག་ཏུ་བཞག་ལ། འདི་ནི་དབང་གི་མདུང་དར་ཏེ། །ཚེ་དང་བསོད་ནམས་རྒྱས་པར་བྱེད། །འགྲོ་བ་ཐམས་ཅད་དབང་དུ་སྡུད། །དབང་གི་དབང་བསྐུར་ཁྱེད་ལ་གཏད། །ཨོཾ་བཻ་རཱ་ཛ་མ་མ་དུང་དུང་ཕཊ། དེ་ནས་དྲིའི་དུང་ཆོས་ལྕེ་ཐོག་ཏུ་བཞག་ལ། བདུད་རྩི་རོ་མཆོག་དམ་པ་འདིས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ། །འཇིག་རྟེན་ཟས་བཅུད་རྣམས་ཀྱིས་ནི། །བདུད་རྩི་བྱས་ཏེ་ཁྱོད་ལ་བསྐུར། །ཨོཾ་སརྦ་པཉྩ་ཨ་མྲྀཏ་སིདྡྷི་ཧཱུྃ་ཧཱུྃ། ཞེས་བདུད་རྩི་ལྕེར་བཞག་ལ་བཟའ་རུ་བཅུག །རྗེས་གཏོར་མ་དངོས་གྲུབ་ཏུ་སློབ་དཔོན་གྱིས་རོལ། བསྔོ་བ་བཀྲ་ཤིས་བཅས། མདུང་དར་སློབ་བུའི་རྟེན་དུ་བཅང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་སུ་གནང་བའི་ཡིག་ཆུང་། ྀཨཚ།། །། ༈ འདིའི་ཚེ་སྒྲུབ་ནི། རྣམ་ཐོས་སྲས་དམར་པོ་སྣང་བ་མཐའ་ཡས་གསུང་གི་སྤྲུལ་པའི་ནོར་ལྷ་ཡིན་པས། གཞན་ལས་ལྷག་པའི་ཚེའི་རིག་འཛིན་བསྒྲུབས་ནས་དངོས་གྲུབ་ལ་ལོངས་སྤྱོད་ཆོག་པའི་གདམས་ངག་འདི། སྤྱི་བོར་སྣང་བ་མཐའ་ཡས་བསྒོམ། སྙིང་གར་རྣམ་ཐོས་སྲས་བསྒོམས་པའི་སྙིང་ཉི་ཟླའི་གྭའུའི་ནང་དུ། པདྨ་དམར་པོ་ཟེའུ་འབྲུ་དམར་པོ་ཕྲམ་མེ་ཡོད་པ་ལ། རང་གི་རྣམ་པར་ཤེས་པའི་ངོ་བོ་ལ་རྣམ་པ་བུང་བ་མང་ཙམ་ཞིག་འཁོར་ཞིང་པདྨའི་ཟེའུ་འབྲུའི་བཅུད་ཕྱུང་ནས་སྒོ་རོ་རོ་འཁོར་བར་བསམ། སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཨཱ་ལི་ཀཱ་ལིའི་ཕྲེང་བ་མར་སོང་ནས་ཨཱ་ལི་ཀཱ་ལིའི་དྲྭ་བའི་གུར་ནས། བུང་བ་དེ་དག་གར་ཡང་འགྲོ་བའི་ཐབས་མེད་ནས་པདྨའི་བཅུད་དེ་ལ་འཁོར་བར་བསམ་ལ་སྔགས་བཟླས་པས། སེམས་ཅན་ཐམས་ཅད་ཀྱི་མཐུ་དང་ནུས་པ་སྣང་བ་མཐའ་ཡས་ལ་ཐིམ་པས། དེའི་སྐུ་གསུང་ཐུགས་ཀྱི་བཅུད་འཆི་བ་མེད་པའི་དངོས་གྲུབ་བུང་བ་ལ་ཐིམ་པར་བསམ། ཨོཾ་སུ་ནི་སུ་ནི། བྷེ་རཱ་ཛ་ནྲྀ་ནྲྀ་ཛཿ ཨ་ཨ། ཨ་ལ་ཧཱུྃ་ཛཿ མཐར་མི་དམིགས་པ་ལ་བཞག་པར་བྱའོ། །ྀཨཚ།། །། ༈ བླ་མ་དམ་པ་ལ་བཏུད་དེ། །ཕྱི་ནང་སྒྲུབ་ལུགས་མང་ན་ཡང་། ཁྱད་པར་རྣམ་ཐོས་སྲས་སྲོག་ལེན་འདིའི་ཡིག་སྣ་ལས། གཞན་བཅས་རྣམས་གཞུང་གིས་གསལ་ལ། འདིར་ཡང་ཡ་མ་གཤིན་རྗེ་ལྟར་སྲོག་འཕྲོག་བསྒྲུབ་པ་དང་། མ་ཏྲག་བཞིའི་སྲོག་སྔགས་བཏགས་པ་དང་། འོད་ཟེར་གྱི་སྤྲོ་བསྡུས་གཞན་དབང་དུ་བསྡུ་བ་དང་། བླ་རྡོ་གཏའ་རུ་བཟུང་ནས་གཟུངས་ཐག་དང་སྦྲེལ་ཏེ་ལས་ལ་སྦྱར་བ་དང་། དངོས་གྲུབ་ཀྱི་ཤམ་བུ་བཏགས་པས་ལྷ་འདྲེ་མི་གསུམ་ཟས་ནོར་ཆར་ལྟར་དབང་དུ་བསྡུ་བའི་མན་ངག་ལ། དང་པོ་གཞུང་བསྙེན་ཚར་ནས་ཟས་དང་གང་དབང་དུ་བསྡུ་འདོད་པ་ལ། བདག་གིས་རྣམ་ཐོས་སྲས་གཞུང་ལྟར་བསྒོམས་ལ། རང་གི་ཙིཏྟ་རིན་པོ་ཆེ་པདྨ་རཱ་གའི་གུར། དེའི་ནང་དུ་ཉི་མའི་དལ་དམར་སེར་དམར་ཀྱི་ལེ་བ་གཅིག་གི་སྟེང་དུ་རྣམ་ཐོས་སྲས་སེང་གེ་ལ་འཆིབ་པ་ཚོན་གང་བ་གཅིག་བསྒོམ། དེའི་སྙིང་གའི་དབུས་སུ་བཻ་དམར་པོ་འོད་ཟེར་འཕྲོ་བ་གཅིག་བསྒོམ། རྒྱབ་ཏུ་ཟངས་ཀྱི་འཁོར་ལོ་དམར་པོ་རྩིབས་བཞི་པ། མ་ཏྲག་རེ་རེ་བསམ་ལ་དེ་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མ་སྐུ་མདོག་དམར་མོ་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ན་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ། གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས་པ། དེ་རེ་རེའི་སྟེང་དུ་ཉི་མའི་དལ་དམར་སེར་ལྟེམ་མེ་བ་སྲན་འབྲུ་གླེབས་པ་ཙམ་རེ་རེའི་སྟེང་དུ་མ་ཏྲག་སྦྲེལ་མ་རེ་རེ་ལ་སྔགས་ཀྱིས་དམར་སྒོར་རེ་བསྐོར་བར་བསམ་མོ། །དེ་ནས་རྨི་ལམ་གཞུང་ནས་བཤད་པ་བྱུང་ཚར་ནས་མ་མཁའ་འགྲོའི་སྔགས་བཏགས། དེ་ནས་དངོས་གྲུབ་སྔགས་བཏགས། དེ་ཡང་འོད་ཟེར་འཕྲོ་བའི་དུས་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་དམར་ལམ་ལམ་གསལ་བ་དེའི་ནང་དུ་འོད་ཟེར་སྐར་མདའ་ལྟ་བུས་གང་དམིགས་པའི་སྙིང་དཀྱིལ་དུ་ཡི་གེ་ནྲྀ་ལྗང་གུ་ཡོད་པའི་ནྲྀ་མིག་ཏུ་བཻ་དམར་པོ་གཅིག་གསལ་བ་ལས། རྣམ་ཐོས་སྲས་ནས་འབྲུ་ཙམ་གཅིག་བསྐྱེད་པའི་ཞབས་སུ་ཟངས་ཀྱི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་མཁའ་འགྲོ་མ་བཞི་བསྐྱེད་ལ། ཟངས་ཀྱི་དཀྱིལ་འཁོར་དམར་སྒོར་རོ་རོ་འཁོར་བས་ཁོའི་ལུས་དམར་སི་ལི་ལི་ཚ་འུབ་འུབ་དེད་ནས། མཐུ་དང་ནུས་པ་བཀྲག་དང་གཟི་མདངས་རྣམས་འོད་ཀྱི་ཐིག་ལེ་དམར་པོ་གཅིག་པོ་འོད་ཟེར་ལྕགས་ཀྱུས་བླངས་ནས་རང་གི་སྙིང་གའི་བཻ་དམར་ལ་བསྟིམ། མ་མ་ཏྲག་སིདྡྷི་ས་མ་ཡ། མ་མ་ཏྲག་བཱ་སུ་དུང་དུང་། མ་མ་ཏྲག་ཁ་དྷེ་ཡང་ཡང་། མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ། བཻ་རཱ་ཛ་མ་མ་སིདྡྷི་བཱ་སུ་རཏྣ་ཧཱུྃ་ཛཿཧྲཱིཾ་ཧྲཱིཾ། ཞེས་བསྙེན་སྔགས་ལ་རིམ་བཞིན་བཏགས་ལ། ཞག་ཉི་ཤུ་རྩ་གཅིག་གིས་དབང་དུ་བསྡུ་འོ། །ཐུན་འཇོག་ཙ་ན་ཁོའི་ལུས་མཁའ་འགྲོ་མ་བཞི་ལ་ཐིམ། མཁའ་འགྲོ་མ་བཞི་རྣམ་སྲས་ལ་ཐིམ། དེ་གཟི་བརྗིད་དང་ལྡན་པ་ཚུར་བྱོན་པས་རང་གི་སྙིང་གར་ཐིམ། ༈ ཉམས་པ་བསྒྲལ་ན་ཝ་ཐོད་ཀྱི་ནང་དུ་ལིངྒ་མཚན་ཉིད་དཔེའུ་ཆུང་ལྟར་བྲིས་ལ། སྙིང་གར་འཁོར་ལོ་རྩིབས་བཞི་བྲིས། དབུས་སུ་ནྲྀ་དཀྱིལ་དུ་བཻ་བྲིས་ལ་རྩིབས་བཞི་ལ་ཡ་མ་རཱ་ཛའི་སྲོག་སྔགས་དགོད། ཐ་མར་སྔགས་ཀྱིས་ལན་གསུམ་བསྐོར། བཻ་ཡ་མ་རཱ་ཛ་བྷི་ནུ་མཱ་ར་རི་ཙི་གཏོར་ཆེ་གེ་མོ་མཱ་ར་ཡ་རྦད། ཛཿཧཱུྃ་བཾ་ཧོཿ རཱ་ཛ་སིདྡྷི་བཻ་ས་མ་ཡ། ཨ་ཧོ་བྷྲཱུྃ་རྦད། ཤ་མ་རུ་ཏི་རྦད། ཅེས་ལན་གསུམ་བསྐོར། ཐུན་ཐག་སྙིང་གར་དྲང་། ཝ་ཐོད་ནང་དུ་བཅུག །ཟངས་ཁབ། རྡོ་ཕ་ཝང་ལོང་བུ་སྙིང་གར་བཞག་པའི་ཕྱི་ལ་ཟ་འོག་སྐུད་པ་རྣམས་སྦྲེལ་ལ། གསང་སྔགས་རང་རྣམ་ཐོས་སྲས་ཡ་མ་དམར་པོ་གཤིན་རྗེའི་ཆ་ལུགས་ཅན། སྐུ་ལ་གསོད་བྱེད་ཀྱི་ཤན་པ་འཕྲོ་བ། ཤར་ན་ཡ་མ་རཱ་ཛ། ལྷོ་ན་སྨྱོ་བྱེད་འབར་བ། ནུབ་ན་ཨཱརྱ་མེ་རུ་ཙེ། བྱང་ན་རལ་པ་ཚར་དགུ། སྐུ་མདོག་དམར་ནག་ཕྱག་ན་མཚོན་ཆ་སྣ་ཚོགས་དང་ཁྲག་ཐུན་བསྣམས་པ་བསྐྱེད། འོད་ཟེར་འཕྲོས་པས་དམིགས་བྱ་བཀུག་ལ་རཱུ་པ་ལ་བསྟིམ། ལྷ་དབྱེ་བ་ལ་ཝ་ཐོད་གཤིན་རྗེའི་བཙོན་ཁང་ཆེ་གེ་མོ་གསལ་བར་བཀུག་ལ། ལས་ཀྱི་གཤིན་རྗེ་རྣམས་ཀྱིས་ཤ་ཟོས་ཁྲག་འཐུང་མེད་པར་བཏང་བར་བསམ་ལ། སེམས་ཅན་བསད་པར་དམིགས་ན། མདུན་ན་རཱ་ཧུ་ལ་དམར་པོ་བཻ་དམར་པོ། སྔགས་འདི་བཏགས་ལ་སྦྱིན་སྲེག་བྱའོ། །ཉི་ཟླ་བ་ཏ་ཡ། དམག་དཔོན་ཆེན་པོ་ཤྭ་ཏ་ཡ། བྷཻ་སྣུ་རཱ་བྷེ་ཛཿ བྷེ་མ་ར་ཙ་ཡ། ཐང་ཐང་བྷྱོཿབྷྱོཿ ཐལ་བ་དགྲ་ཕྱོགས་སུ་གཏོར་རོ། །ལས་སྦྱོར་ཞལ་གདམས་རྫོགས་སོ། །དགེའོ།། །། ༈ དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རྣམ་ཐོས་སྲས་སྒབ་འདྲེ་མནན་ཐབས་ལ། བསེ་ཡི་བྱང་བུ་སོར་བཞི་པ་གཅིག་བྱས་ལ། གནོད་སྦྱིན་ཤེས་པ་དཀར་པོ་རྟ་སྐྱ་བོ་ལ་ཞོན་པའི་གཟུགས་གཅིག་བྲིས་ལ། བྷ་ཨ་ཨཾ་དུ་ཡ་མ་རཱ་ཛ་ཏི་ཀ་རཱ་ཛ་ཧཱུྃ་ཛཿཞེས་བྱ་བས་གཡོན་ཕྱོགས་སུ་བསྐོར། སྙིང་གར་ཛཿགཅིག་བྲི། ཤེས་པ་དཀར་པོ་ཨུ་ཙ་ཏ་ཡ་ཕཊ། ཅེས་པས་ཛཿདེ་བསྐོར། དེ་རྟ་མགོ་སྐྱ་བོའི་ནང་དུ་བཅུག །ཞ་ཉེའམ་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གསེར་དངུལ་ཇ་རྒུན་འབྲུམ་བླུགས། བྲ་བོ་ལ་སོགས་འབྲུ་ནག་བཤོས་བུ་གྲུ་གང་བ་གཅིག་ཁོ་ལ་བསྔོ། བལ་ཚོན་དར་ཁོལ་གྱིས་བརྒྱན་ལ་བཀའ་བསྒོ་བྱ། ཞག་གསུམ་མལ་འོག་ཏུ་བཅུག་ལ། ཏིང་ངེ་འཛིན་དེ། བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམ། ཕྱག་གི་རྡོ་རྗེ་འཕངས་པས། བསེ་ལས་གྲུབ་པའི་མཁར་བུ་གཅིག་ལ་ཕོག་པས་རྡུལ་སུབ་ཀྱིས་བསྒྱེལ་བར་བསམ། ནང་ནས་ཛཿགཅིག་འོད་དུ་གྱུར་པ་ལས། །གནོད་སྦྱིན་ཤེས་པ་དཀར་པོ་ནི། །མི་སྐྱ་རྟ་སྐྱ་ཞོན་པ་གཅིག །བྱུང་བ་ཞགས་པས་བཅིངས་ནས་ནི། །ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །མཁུན་པ་ཐིབ་ཐིབ་འདོན་པས་ནི། །ད་ལྟ་ཉིད་དུ་གཏང་གྱུར་ན། །མཐའ་ཡི་ལྕགས་རིའི་ཕར་རྒྱབ་ཏུ། ཁོ་ནི་འགྲོ་བར་ནུས་སོ་སྐད། །ཕྱག་ན་རྡོ་རྗེའི་བསྙེན་པ་ལ། །ཞག་གསུམ་བར་ལ་སྦྲེལ་ལ་བཏགས། །རྨི་ལམ་རྟགས་ནི་འདི་ལྟར་འབྱུང་། །བཙོན་ལ་བཟུང་བཏགས་བྱས་པ་དང་། །སྐྱེས་པ་ཆས་ངན་ཐལ་བ་དང་། །མི་རེང་དུང་འབུད་ཐལ་བ་དང་། །དེ་ལྟར་རྨི་ལམ་བྱུང་ནས་ནི། །སྒོ་ཐེམ་ནས་འཇལ་བའི་གོམ་པ་ཉི་ཤུ་རྩ་གཅིག་ན་མནན་པ་བྱ། མཚམས་གཅད་བཀའ་བསྒོ་དྲག་ཏུ་བྱའོ། །ཤེས་པ་དཀར་པོའི་མནན་ཐབས་རྫོགས་སོ། །ྀཨཚ།། །། ༈ ཡང་རྒྱལ་པོའི་ཕོ་བྲང་ངམ། རྟེན་ཁྱད་པར་ཅན་གྱི་དྲུང་ངམ། ཚོང་དུས་སམ། དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱི་དྲུང་དུ་ཕྱིན་ན། རཱ་ཛ་དེ་ལ་མི་ཆགས་པའི་ཐབས་ནི། རང་བཛྲ་པཱ་ཎིར་བསྒོམས་པའི་ཧཱུྃ་ལས་འོད་འཕྲོས་པས། མདུན་དུ་རྒྱལ་པོ་གསལ་བར་བསྐྱེད་ལ། བདག་གི་ཧཱུྃ་ལས་འོད་འཕྲོས་པས་རཱ་ཛ་ལ་ཕོག །རཱ་ཛ་ལས་འོད་འཕྲོས་པས་བསོད་ནམས་ཅན་གང་ཡིན་པའི་གནས་ཁང་གཏེར་མཛོད་ལ་ཕོག་པས་མར་མེ་ལས་མར་མེ་མཆེད་པ་ལྟར་གྱུར་ནས། འཇིག་རྟེན་གང་ཡིན་གྱི་བཀྲག་དང་གཟི་མདངས་ཐམས་ཅད་བསྡུས་ནས་རཱ་ཛ་ལ་ཐིམ་པར་བསམ། རཱ་ཛ་འོད་དུ་ཞུ་ནས་བདག་གི་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ནི་སྲོག་འཕྲོག་པ་དང་དབང་དུ་བསྡུ་བའོ། །རཱ་ཛ་གཞན་ལ་མི་ཆགས་པའི་གདམས་ངག་གོ། །། ༈ བཛྲ་པཱ་ཎི་ལ་ན་མོ། རྐང་པ་ཅན་བརྗིད་ཆེ་བའམ། དགེ་བཤེས་མི་ཆེན་ལ་ཕྱག་འཚལ་བའམ། རྟ་འཕྲས་སམ་སོ་ཁམ་བཏབ་པ་རྒོལ་བ་རྨིས་ན་རྒྱལ་པོ་མ་ཆུན་པའི་རྟགས་ཡིན་པས་ཕྱག་ན་རྡོ་རྗེའི་ཟིལ་གྱིས་གནོན་པར་བྱ། རང་ཉིད་ཡི་དམ་བཟླས་བསྒོམ་བྱ། མདུན་ན་བདེ་བྱེད་ལྟར་རཱ་ཛ་གཞལ་ཡས་ཁང་དང་བཅས་པ་བསྐྱེད། ཡེ་ཤེས་པ་བསྟིམས་ལ་དབང་བསྐུར་སྤྱི་བོར་ཕྱག་རྡོར་བསྐྱེད། རྒྱལ་པོའི་ཐུགས་ཀར་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་གཉིས་དང་ལྡན་པར་བསམ། ལྟེ་བར་སྔགས་ཀྱིས་བསྐོར་བར་བསམ། རྩིབས་བརྒྱད་ལ་བཻ་བརྒྱད་དང་། ཧཱུྃ་བཅུ་དྲུག་གི་བར་ལ་བལྟེམས་པར་བསམ། མུ་ཁྱུད་ཕྱི་ནང་གཉིས་ལ་བཛྲ་པཱ་ཎིའི་སྔགས་བསམ། ཁ་དོག་སྔོན་པོ་ཡར་གཟེངས་པར་བསམ། རྩིབས་ཀྱི་ས་བོན་ཀུན་ཀྱང་ཡར་གཟེངས་པར་བསམ། ཐུགས་ཀར་འཁོར་ལོ་འཁོར་བར་བསམ་ལ་བཟླས་པ་བྱ། སྤྲོ་བསྡུ་གཞུང་ལྟར་བྱ། གཙོ་འཁོར་ཀུན་གྱི་སྔགས་སམ་གཟུངས་གང་རུང་བྱ། རྟགས་ནི་ཚུར་ལ་ཕྱག་འཚལ་བའམ། དངོས་གྲུབ་སྟེར་བ་རྨིས་ན་གཏོར་མ་ཕུལ་བཤགས་པ་བྱ། ཐུགས་ཀར་འཁོར་ལོ་མི་བསྐོར་འཕྲོ་བཅད་ལ་བཞག །རྒྱལ་པོ་ཞུད་པའམ་རྒུད་པ་རྨིས་ན། བསྐང་གསོལ་ཆོ་ག་བྱ། ཟིལ་གནོན་གྱི་མན་ངག་གོ། །། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྙེན་སྒྲུབ་ལས་གསུམ་རྟགས་བྱུང་ནས། དངོས་གྲུབ་མ་བྱུང་ན་ཧྱ་གྲཱི་ཝས་དབང་དུ་བསྡུ་བར་བྱ་སྟེ། གཞུང་ལྟར་རཱ་ཛ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བསྟིམ། སྤྱི་བོར་རྟ་མགྲིན་གྱི་དབང་བསྐུར། རཱ་ཛའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་དམར་པོ་མུ་ཁྱུད་གཉིས་དང་ལྡན་པ། ལྟེ་བར་བཻ་དང་ཧྲཱིཿསྟེང་སྔགས་ཀྱིས་བསྐོར། རྩིབས་བརྒྱད་དབུས་དང་དགུར། །བཻ་དང་ཧྲཱིཿཡིས་བཅེར་བར་བྱ། །སྔགས་དང་ས་བོན་བཞེངས་པའོ། །ཐུགས་ཀར་ཙཀྲ་བསྐོར་ཞིང་བཟླས་པ་བྱ། གསེར་དང་དངུལ་རིན་ཆེན་དངོས་གྲུབ་སྟེར་བའི་རྟགས་བྱུང་ན་འཕྲོ་བཅད། གཏོར་མ་འབུལ་ལ་བཤགས་པ་བྱ། དབང་དུ་བསྡུ་བའི་མན་ངག་ྀཨཚ།། །། ༈ གསོ་བ་ནི། བཻ་ནི་ཁོང་ཆུད་རྒུད་པའི་རྣམ་པ་རྨིས་ན། རང་གི་མདུན་དུ་ཆོས་སྐྱོང་ལྟར་བསྐྱེད། འཁོར་ལོ་མི་བསྐོར། རང་གི་ཧཱུྃ་དང་བཻ་གཉིས་ལས་འོད་འཕྲོས་ལྷ་ཀླུ་གནོད་སྦྱིན་གྱི་མདངས་བསྡུས་ནས་ཁོ་ལ་ཐིམ་པས་མདངས་དང་ལྡན་པར་བསམ། དེ་ལྟར་ཡང་ཡང་བྱའོ། །བདུན་ནམ་ཉེར་གཅིག་བར་དུ་གསོ་བར་བྱའོ། །གསོ་བའི་མན་ངག་ྀཨཚ།། །། ༈ ཡ་མ་སྲོག་ལས་ཀྱི་ཡིག་སྣ་ལས། ཝ་ཐོད་གཤིན་རྗེའི་བཙོན་ཁང་དམར་ནག་འབར་བའི་དབུས་སུ། དམིགས་བྱ་ལྷ་དང་བྲལ་བ་མྱ་ངན་གྱི་ཕྱག་རྒྱ་ཅན། བཀྲག་མདངས་དང་བྲལ་བ་དེ་དག་གི་སྙིང་གར་ལྕགས་བསྲེགས་ཀྱི་འཁོར་ལོ་རྩིབས་བཞི་པའི་སྟེང་དུ། བཻ་ལས་རྣམ་ཐོས་སྲས་དམར་ནག་ཁྲག་གི་མདོག་ཅན་གཤིན་རྗེའི་ཆ་ལུགས་ཅན། བསེ་ཁྲབ་དང་བསེ་རྨོག་གསོལ་བ། ཕྱག་ན་མདུང་དར་བསྣམས་པ། སྐུ་ལས་གསོད་བྱེད་ཀྱི་ཤན་པ་དང་ནད་དུག་མཚོན་གསུམ་དུ་འཕྲོ་བ་ཤིན་ཏུ་འཇིགས་པ་གཅིག་བསྒོམ། དེའི་མདུན་དུ་ཡ་མ་རཱ་ཛ་དམར་ནག །གཡས་སུ་མྱོས་བྱེད་འབར་བ་དམར་ནག །རྒྱབ་ཏུ་མེ་རུ་ཙེ་དམར་ནག །གཡོན་དུ་རལ་པ་ཚར་དགུ་དམར་ནག་གཙོ་བོ་དང་མཐུན་པ། བསེ་ཁྲབ་དང་བསེ་རྨོག་ཅན། བསེ་མདུང་དང་དུང་ཁྲབ་བསྣམས་པ་བསྒོམས་ལ། ངག་ཏུ་ཆེ་གེ་མོའི་ཡིད་ལ་རཾ་རཾ། སྲོག་ལ་རྦད་རྦད། ཅེས་བརྗོད་པས། གཙོ་འཁོར་ཁྲོས་པས་བྲོ་བརྡུངས་པས། དམིགས་བྱའི་སྲོག་རྩ་ལ་མྱ་ལ་ལ་འཁོར་ལོ་འཁོར་བས་གཏུབ་པར་བསམ། སྤྲུལ་པའི་གནོད་སྦྱིན་དམར་པོ་གྲངས་མེད་པ་མཚོན་ཆ་ཐོགས་པས། མགོ་ལུས་རྩ་གནས་ཐམས་ཅད་ཁྱབ་ནས་ཤ་ཁྲག་ལ་རོལ་པར་བསམ་ཞིང་། ཁོའི་དབང་པོའི་སྒོ་དགུ་ནས་ཤ་ཁྲག་བཏོན་ནས་མ་ལུས་པར་རྡུལ་དུ་བརླགས་པར་བསམ། རང་ཡང་ཡི་དམ་རྣམ་ཐོས་སྲས་སུ་བསྒོམ། ཁྲོས་པའི་ཤུགས་ཀྱིས་དུག་ཁྲག་གི་ཐུན་བྲབ་ཏེ། དམིགས་པ་གཏད་ལ་སྔགས་འདི་བཟླ་འོ། །ཨོཾ་བཻ་ཡ་མ་རཱ་ཛ། བྷེ་སྣུ་རཱ་ཛ་ཆེ་གེ་མོའི་སྲོག་ལ་རྦད། བཤན་པ་ལས་ལ་ཡང་ཡང་། ཆེ་གེ་མོའི་སྲོག་ལ་རྦད། སྒྲོལ་གིང་ལས་ལ་ཡང་ཡང་། ཆེ་གེ་མོའི་སྲོག་ལ་རྦད། གཏུམ་པོ་ལས་ལ་ཡང་ཡང་། མ་རུ་ཙེ་ལ་ཡཾ་ཡཾ། ཆེ་གེ་མོའི་སྲོག་ལ་རྦད། མ་རུ་ཏི་ཆེ་གེ་མོའི་སྲོག་ལ་རྦད་རྦད། ཅེས་སོ། །དེས་རྟགས་མཚན་མ་མྱུར་དུ་འབྱུང་ངོ་། །རྟགས་བྱུང་ནས་གཞུང་ལྟར་སྦྱིན་སྲེག་བྱའོ། །དམར་པོ་སྲོག་ལེན་གྱི་གསལ་བྱེད་ཡིག་ཆུང་འདི་ཤིན་ཏུ་གསང་ངོ་།། ༈ །།མ་ཏྲག་བཞིའི་ཡིག་སྣ་ལས། དམིགས་པ་ཤིན་ཏུ་གསལ་བས། འཁོར་ལོའི་ནྲྀ་མིག་ཏུ་རྣམ་སྲས་དམར་པོ་ཚོན་གང་བ་བཞེངས་པ་གཅིག་བསྒོམ། རྩིབས་བཞིའི་སྟེང་དུ་མ་མ་ཏྲག་བཞི་ཡང་བཞེངས་པར་བསྐྱེད་ལ། ངག་ཏུ་ཆེ་གེ་མོ་ལ་རི་ལི་ལི་ཅེས་པས། ལྷ་ལྔ་བྲོ་བརྡུངས་པས་འཁོར་ལོ་དམར་སྒོར་རོ་རོ་འཁོར་བས། ཁོའི་ལུས་དམར་ལམ་ལམ་ཚ་འུབ་འུབ་སོང་བས་ཁོ་མ་བཟོད་པས། རང་གི་མདུན་དུ་ལུས་གུས་པས་པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཁོའི་མཐུ་དང་ནུས་པ་བཀྲག་དང་གཟི་མདངས་རྣམས་ཐུན་ཐག་གི་རྒྱུད་ལ་ཤ་ར་ར་བྱུང་བས་ལྷ་ལྔ་ལ་ཐིམ། ཐུན་བཞག་པའི་དུས་སུ་ཁོའི་ལུས་གཟི་བརྗིད་བཀྲག་མདངས་བཅུད་དཔལ་ཐམས་ཅད་མཁའ་འགྲོ་མ་བཞི་ལ། དེ་རྣམ་སྲས་ལ་བསྟིམ་མོ། །དེ་གཟི་བརྗིད་ལྡན་པར་ཚུར་བྱོན་པ་རང་གི་ཡེ་ཤེས་སེམས་དཔའ་ལ་བསྟིམ། སྔགས་ཀྱི་རིམ་པ་ནི། རྩ་བའི་བསྙེན་པ་ལ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཆེ་གེ་མོ་ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། སྡུས་སྡུས། ཛ་ཛཿ ཅེས་པ་ཡིན་ནོ། །ཡིག་སྣ་འདི་ནི་སྲོག་གི་ཕྱིར་ཡང་མི་གཏང་ཞིང་ཤིན་ཏུ་གསང་ངོ་།། ༈ །།ཧཱུྃ། མ་ཏྲག་བཞི་ལ་བསྐྱེད་པའི་ཅེས་པ་ནས། འདིར་ཚིག་མཇུག་ཆད་པ་རྙེད་ན་འཛུད། ཨཱརྻ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། ཡཀྵ་བ་ར་ལི་ལ་ཕྱག་འཚལ་བསྟོད། །ཧཱུྃ། གནོད་སྦྱིན་སྡེ་དཔོན་ཆེན་པོ་བརྒྱད། །ཅེས་པ་ནས། འདོད་ཡོན་ལོངས་སྤྱོད་དངོས་གྲུབ་སྩོལ། །ཅེས་པས་མཁའ་འགྲོ་མ་བཞི་དང་། གནོད་སྦྱིན་ཆེན་པོ། ཀླུ་ཆེན་བརྒྱད་དང་བཅས་ལ་བསྟོད་ཅིང་གསོལ་བ་གདབ་བོ།། །། ༈ ཕྱག་ན་རྡོ་རྗེ་ལ་ན་མོ། རྣམ་ཐོས་སྲས་སྲོག་རྩ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་ཡིག་ཆུང་ལ། སྲོག་རྩ་གཏའ་རུ་གཟུང་བར་འདོད་ན། བླ་རྡོ་ཞེས་པ་ནི་རྫས་སྣ་ལ་བྱེད་པ་ཡིན་ལ། བླ་རྡོ་ནི་གསེར་དངུལ། ཟངས། ལྕགས། བྱེ་རུ། མུ་ཏིག །མུ་མེན། དུང་། མཆོང་། ཤེལ། ཞ་རྡོ། ཡང་མི་ཆུང་ར་ནས་བླངས་པ་ན། གྲི་ཁྲག །མཚལ། ཀ་ར། བུ་རམ། སྦྲང་དང་བཅུ་དྲུག་དེ་རྣམས་བསྲེས་ལ་བརྡུང་ཡག་བྱའོ། །དེ་ལ་བླ་རྡོ་ཟུར་བཞི་པ་གཅིག་བྱས་ལ། བྱང་སེམས། མཚལ། ཤེལ་དམར་པོ་དང་། ཤོ་པད་དུ་གསལ་ལ། ཟུར་བཞི་བཻ་རེ་རེ་བྲི། ཞབས་སུ་ནྲྀ་གཅིག་བྲི། བཻ་མིག་ཏུ་མ་བྲི། དེ་དར་དམར་དུ་དྲིལ་ལ། ཕོ་མོའི་རྩ་བར་དུ་བལྟེམས་ལ། དར་དང་སྨན་རིན་པོ་ཆེས་བཏུམས་ལ། དེ་ཟ་འོག་སྐུད་པས་རྒྱ་གྲམ་དུ་བཅིངས་ལ། སྤྱི་སྒྲུབ་ཏུ་གྲི་སྙིང་དུ། རྩ་གཡས་གཡོན་དུ་མཐིང་ཤོག་ལ་སིནྡྷུ་ར་རང་བྱུང་གིས་མ་དམར་མོ་བཞི་བྲིས་ལ་བཞིར་བཅུག །གྲུབ་ནས་ཕྱུངས་ལ་ཟངས་དམར་གྭ་འུར་བཅུག །ཤོ་རྣམ་སྲས་སྐུ་རུ་ཤེས་པར་བྱ། དེ་མཆན་དུ་ཐོགས་ནས་ལུས་དང་གྲིབ་མ་ལྟར་འགྲོགས། ༈ གཞན་དབང་དུ་བསྡུ་བར་འདོད་ན། གནས་ལྔ་ལྔར་སྐུ་དང་སྔགས་བསྐོར། ཕྱི་ལྟར་དམར་ཆེན་གཞུང་བསྙེན་ལ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་ཕྱི་ལྟར་རོ། །གསང་བ་ལ་ཡང་སྙིང་ནི། ཨོཾ་བཻ་ཤྲ་མ་ཎཱ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཛཿ བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ། ཨོཾ་མ་མ་ཏྲཀ་སིདྡྷི་ས་མ་ཡ། ཨོཾ་མ་མ་ཏྲཀ་བཱ་སུ་དུང་དུང་། ཨོཾ་མ་མ་ཏྲཀ་ཁ་དྷེ་ཡང་ཡང་། ཨོཾ་མ་མ་ཏྲཀ་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ། དེ་ནི་མ་མོ་མཁའ་འགྲོའི་སྔགས་སོ། །གཅུན་སྔགས་ནི། ཨོཾ་བཻ་རཱ་ཛ་མ་མ་སིདྡྷི་བཱ་སུ་རཏྣ་ཧཱུྃ་ཛཿཧྲཱིཾ་ཧྲཱིཾ། ལས་སྦྱོར་སྔགས་སོ། །ནྲི་སརྦ་ཆེ་གེ་འགུལ་འགུལ། ཡེང་ཡེང་། དུང་དུང་། རཏྣ་སིདྡྷི་སྡུས་སྡུས། ཆེ་གེ་མོའི་ཙིཏྟ་དཀྲུགས་དཀྲུགས། སྙིང་སྐོར་སྐོར། ཛཿཛཿ དངོས་གྲུབ་བླང་སྔགས་ནི། ཨོཾ་བཻ་ཤྲ་མ་ཎཱ་ཡ་རཏྣ་གུ་ཧྱ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཿཛཿ ཨོཾ་བཻ་ཤྲ་མ་ཎཱ་ཡ་རཏྣ་གུ་ཧྱ་སིདྡྷི་ཨ་བྷི་ཥིཉྩ་མི། ཨ་ཡང་ཡང་། དེ་ནས་ཕྱི་ལྟར་སྒྲུབ་ལ་ནང་ལྟར་བསྡུ། གཞན་དབང་དུ་སྡུད་པའི་ལས་སྦྱོར་རོ།། ༈ །།ཆེ་གེ་མོའི་གནས་ལྔར་གཙོ་འཁོར་ལྔ་ལྔ་རང་གི་སྙིང་ནང་དུ། དེ་ལ་ཕར་འཕྲོས་པས་ཁོའི་གནས་ལྔར་གཟིར་བར་བསྒོམ་མོ། ཁོའི་གནས་ལྔར་ཙཀྲ་རྩིབས་བཞི་པ་དམར་པོ་རེ་རེ་བསྒོམ་པ་ཡིན། དེའི་དབུས་སུ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་བསྒོམ། རྩིབས་ལོགས་བཞི་ལ་མཁའ་འགྲོ་མ་བཞི་བསྒོམ། རང་གི་སྙིང་ནང་དུ་རྣམ་སྲས་བསྒོམས་པའི་སྙིང་ནང་དུ་པདྨ་འདབ་བཞིའི་དབུས་སུ་བཻའམ་པད་འདབ་བཞི་ལ་མ་ཏྲག་བཞི་བསྒོམ། སྙིང་གར་མེ་ལས་གྲུབ་པའི་རྩིབས་བཞི་པ་བསྒོམ་མོ། །དེ་ནས་བསྙེན་པ་ལ་ཙཀྲ་མི་བསྐོར། སྒྲུབ་པ་ལས་སྦྱོར་ལ་བསྐོར། ལྷ་རྣམས་འཁོར་བ་མ་ཡིན་ནོ། །དེ་ནས་རང་གི་སྙིང་ནང་དུ་ཙཀྲ་མི་འཁོར་ནས་བསྒྲུབ་བྱའི་སྙིང་གར་ཙཀྲ་སྔགས་དང་བཅས་པ་བསྐོར། དེ་ནི་མྱུར་མགྱོགས་གློག་གི་ཕྲེང་བའི་གནད་ཡིན་ནོ། །ྀཨཚ།། །། ༈ བསྒྲུབ་བྱའི་རྩ་གསུམ་འདུས་པའི་འགག་ཏུ་རྩིབས་བཞི་དམར་པོར་བསམ་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་དམར་ཛ་རེ་གཅིག་བསམ་ལ། དེའི་དབུས་སུ་བཻ་དམར་པོ་གཅིག་བསྒོམ། རྩིབས་བཞི་ལ་ནི་ཉི་མའི་གདན་རེ་རེའི་སྟེང་དུ་མ་དམར་ཙེག་ཙེག་རེ་བསམ་པ་ལ་མཁའ་འགྲོ་མ་བཞི་བསྒོམ། དབུས་ཀྱི་བཻ་འོད་དུ་ཞུ་བ་ལས་དབང་གི་རྣམ་སྲས་སྐུ་མདོག་དམར་པོ་སེང་གེ་དམར་པོ་ལ་འཆིབ་པ། སྐུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་ན་ཟངས་ཀྱི་ཟངས་ཆུང་བསྣམས་པ། གཡོན་ན་ཐོད་པའི་པར་བུ། རིན་པོ་ཆེའི་ནོར་བུ་རེ་ཡོད་པར་བསམ། དེ་ལས་འོད་ཟེར་ཚྭ་ཚྭ་འཕྲོས་པས་ཁོའི་ཙཀྲ་ལྔ་དང་རྩ་བསྒུལ་ནས་ཁོའི་བཅུད་རྣམས་བསྡུས་ནས་མཁའ་འགྲོ་མ་བཞི་ལ་ཐིམ། མཁའ་འགྲོ་མ་བཞི་འོད་དུ་ཞུ་བ་དེ་དབུས་ཀྱི་རྣམ་སྲས་ལ་ཐིམ་པར་བསྒོམ། རྣམ་སྲས་སྙིང་གར་པདྨ་འདབ་བཞིའི་དབུས་སུ། མེའི་རྩིབས་བཞི་པ་གཉིས་བསམ། དེའི་དབུས་སུ་བཻ་ལ་ཌཱ་ཀིས་བསྐོར་བར་བསམ། རྩིབས་བཞིར་མ་ཏྲག་བཞིའི་སྙིང་གར་ཧྱ་དང་འཁོར་བར་བསྒོམ། ཧྱ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཀྱི་བཅུད་རྣམས་བསྡུས་པ་དེ་དབུས་ཀྱི་རྣམ་སྲས་ལ་ཐིམ་པར་བསྒོམ། སྟེང་ལྷ་འོག་ཀླུ་དང་འགྲོ་བ་ཕོ་མོའི་བཅུད་དང་ནོར་རྫས་རྣམས་བསྡུས་ལ། རང་དང་གནས་ཁང་ལ་བསྟིམས་ལ་སྔགས་ལ་འབད་པར་བཤད། སྨྲ་བ་བཅད་ལ་བཟླ་འོ། །དེ་ནི་སྒྲུབ་པ་ལས་ལ་སྦྱར་བའི་མན་ངག་རྣམས་སོ། །ྀཨཚ།། །། ༈ བླ་མ་ཡི་དམ་ལ་ན་མོ། མ་ཏྲག་བཞིའི་སྙིང་གར་ཟངས་ཀྱི་རྩིབས་བཞི་པ་རེ་བསམ། དབུས་མ་དམར་པོ་ལ་མ་ཏྲག་གིས་བསྐོར་བར་བསྒོམ། མ་ནི་མཁའ་འགྲོ་ཡིན་ཏྲག་ནི་སྲོག་སྔགས་ཡིན་པས། མ་ཏྲག་ནི་དབང་དུ་སྡུད་པ་ལ་དབང་བ་ཡིན་ནོ། །གནོད་སྦྱིན་ཌཱ་ཀི་ཀླུ་མོ་ཌཱ་ཀི་ལྷ་མོ་ཌཱ་ཀི་དབང་སྡུད་གཟའ་ཌཱ་ཀི་བཞི་ཡིན། བསྒྲུབ་བྱའི་སྙིང་དུ་བསྐོར་ལ་གཅུད། སྙིང་ནང་གི་རྣམ་སྲས་མཐེ་བོང་ཙམ་ལ་ཐིམ་པར་བསྒོམ་མོ། །འདི་ནི་ཞལ་གདམས་ཀུན་ནོ།། །། ༈ བླ་མ་ཡི་དམ་ལ་ན་མོ། རྣམ་སྲས་ཀྱི་ཕྱི་ནང་གསང་སྒྲུབ་ལ་ལུགས་མང་བར་འདུག་ཀྱང་། ཁྱད་པར་རྣམ་ཐོས་སྲས་དམར་པོའི་སྲོག་ལེན་ཡིག་སྣ་ནི། གཞན་བཅའ་གཞི་དམ་རྫས་ལ་སོགས་གཞུང་ན་གསལ། འདིར་ཡ་མ་གཤིན་རྗེ་ལྟར་སྲོག་འཕྲོག་གི་ནང་སྒྲུབ་དང་། མཁའ་འགྲོ་མ་ཏྲག་བཞིའི་སྲོག་སྔགས་བཏགས་ལུགས་དང་། འོད་ཟེར་གྱི་འཕྲོ་འདུས་གཞན་དབང་དུ་བྱ་བ་དང་། བླ་རྡོ་སྲོག་གཏའ་རུ་གཟུང་བ་དང་། གཟུངས་ཐག་དང་སྦྲེལ་ཏེ་ལས་ལ་སྦྱར་བ་དང་། དངོས་གྲུབ་ཀྱི་ཤམ་བུ་བཏགས་ལུགས་དང་། ལྷ་འདྲེ་མི་གསུམ་ཟས་ནོར་གྱི་ལོངས་སྤྱོད་ཆར་ལྟར་དུ་དབང་དུ་སྡུད་པའི་གདམས་ངག་ནི། དང་པོ་གཞུང་བསྙེན་བྱས་ཚར་ནས་ཟས་དང་གང་དབང་དུ་བསྡུ་འདོད་པ་ན། རང་ཉིད་རྣམ་སྲས་གཞུང་ལྟར་བསྒོམས་ལ། རང་གི་ཙིཏྟ་དེ་ཁ་དོག་དམར་བ། རིན་པོ་ཆེའི་པདྨ་ལྟ་བུའི་གུར་དེའི་ནང་དུ་ཉི་མའི་དཀྱིལ་འཁོར་དམར་པོ་ཆི་ལི་བ་གཅིག་གི་སྟེང་དུ། རྣམ་སྲས་དམར་པོ་ཚོན་གང་བ་སེང་གེ་ལ་འཆིབ་པ་གཅིག་བསྒོམས་ལ། དེའི་སྙིང་གའི་དབུས་སུ་བཻ་དམར་པོ་འོད་ཟེར་འཕྲོ་བ་བསྒོམ། དེའི་རྒྱབ་ཏུ་ཟངས་འཁོར་རྩིབས་བཞི་པའི་སྟེང་དུ་མ་ཏྲག་བཞི་བསམ། དེ་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མ་བཞི། སྐུ་མདོག་དམར་མོ་སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་གཡས་ན་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ། གཡོན་ན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། དེ་རེ་རེའི་སྙིང་གར་ཉི་མའི་དཀྱིལ་འཁོར་དམར་ཆི་ལེ་བ་སྲན་འབྲུ་གླེབས་པ་ཙམ་རེ་རེའི་སྟེང་དུ་མ་ཏྲག་སྦྲེལ་མ་རེ་བསམ། རང་སྔགས་ཀྱིས་དམར་སྒོ་རེ་འཁོར་བར་བསམ། དེ་ནས་རྨི་ལམ་གཞུང་ནས་བཤད་པ་ལྟར་བྱུང་ཚར་ནས། མཁའ་འགྲོ་བཞིའི་སྔགས་བཏགས། འོད་ཟེར་ཕར་འཕྲོ་བའི་དུས་སུ་འཇིག་རྟེན་གྱི་ཁམས་དམར་ལམ་ལམ་གསལ་བའི་ནང་དུ་འོད་ཟེར་སྐར་མདའ་ལྟ་བུ། ཆེ་གེ་མོའི་སྙིང་གི་དཀྱིལ་དུ་ཡི་གེ་ནྲྀ་ལྗང་གུ་ཡོད་པའི་ནྲྀ་མིག་ཏུ་བཻ་དམར་པོ་ལ་རྒྱལ་པོ་རྣམ་ཐོས་སྲས་ཀྱི་སྐུ་ནས་འབྲུ་ཙམ་བསྐྱེད་པའི་ཞབས་སུ། ཟངས་ཀྱི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་མཁའ་འགྲོ་མ་བཞི་བསྐྱེད་ལ། ཟངས་ཀྱི་འཁོར་ལོ་དམར་སྒོར་རོ་རོ་འཁོར་བས་ཆེ་གེ་མོའི་ལུས་དམར་ལམ་ལམ་དང་ཚ་འུབ་འུབ་སོང་ནས། ཁོའི་ནུས་མཐུ་སྟོབས་བཀྲག་གཟི་མདངས་རྣམས་འོད་ཟེར་དུ་འདུས་ནས་འོད་ཀྱི་ཐིག་ལེ་དམར་པོ་དེ་ལྕགས་ཀྱུས་ཏོག་གིས་བླངས་ནས་རང་གི་ཐུགས་ཀའི་བཻ་དམར་པོ་ལ་ཐིམ་པར་བསམ་ལ་སྔགས་བཟླ་འོ། །ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིཾ་ཛཿ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ། ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། སྡུས་སྡུས། ཛ་ཛཿ ཨོཾ་མ་མ་ཏྲག་སིདྡྷི་ས་མ་ཡ། མ་མ་ཏྲག་བཱ་སུ་དུང་དུང་། མ་མ་ཏྲག་ཁ་དྷེ་ཡང་ཡང་། མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ། བཻ་རཱ་ཛ་མ་མ་སིདྡྷི་བཱ་སུ་རཏྣ་ཧཱུྃ་ཛཿཧྲཱིཾ། ཞེས་བསྙེན་སྔགས་ལ་རིམ་བཞིན་བཏགས་ལ། ཞག་ཉི་ཤུ་རྩ་གཅིག་གིས་འགྲོ་བ་ཕོ་མོ་དབང་དུ་འདུས་སོ། །སྔགས་ཕྲེང་ཚེག་བར་བཅུ་གསུམ་ཡོད། སྔགས་འབྲུ་རྡོག་པོ་དགུ་བཅུ་གོ་ལྔ་ཡོད། སྔགས་མ་དང་བུ་འཕྲད་ཡིན། མ་ལྷག་མ་ཆད་འཕྲི་མནན་མེད་པའི་མན་ངག་ཡིན་ནོ། །བསྙེན་སྒྲུབ་དུས་སུ་ཐུན་བཞག་ཁ་ལ་ཁོའི་ལུས་མཁའ་འགྲོའི་ཛ་ལ་བསྟིམ། ཛ་མཁའ་འགྲོ་བཞི་ལ། མཁའ་འགྲོ་བཞི་རྣམ་སྲས་ལ་བསྟིམ། དེ་གཟི་བརྗིད་དང་བཅས་ཚུར་བྱོན་ནས་རང་གི་སྙིང་གར་བསྟིམ་མོ། །རྣམ་སྲས་ཡང་དག་གསང་བ་ཐུགས་ཀྱི་ཉིང་ཁུ་ྀཨཚ། གདམས་པ་འདི་ནི་སྙིང་དམར་པོ་ཕྱུང་བ་དང་འདྲའོ། །གསང་ལ་སྒྲུབ་པ་མཛོད། གསང་སྒྲུབ་དམར་པོ་སྙིང་ལ་སྦོས། ྀཨཚ།། །། ༈ རྣམ་སྲས་དམར་པོ་གོ་ཅན་གྱི། བླ་རྡོ་ཕ་བང་ལོང་བུ་གཅིག་ལ། གསེར་རམ་མཚལ་གྱིས་བཻ་རེ་རེ་བྲིས། ཞབས་སུ་ནྲྀ་བྲིས། ནྲྀ་མིག་ཙ་ལ་ཙ་མིག་བཻ་བྲིས། ཙ་སེང་གེ་དམར་པོ་འོ། །བཻ་རྣམ་སྲས་སུ་བསྒོམ། ཡོད་ན་གྲི་སྙིང་དབུས་སུ་རྣམ་སྲས་འོང་། རྩ་སྦུབས་གཡས་གནོད་སྦྱིན་གྱི་སྔགས། གཡོན་ཀླུ་བརྒྱད་སྙིང་པོ་བསྩལ། ཡང་ན་རང་གི་སྙིང་དེ་རྣམ་ཐོས་སྲས་མཐེ་བོང་ཙམ་ཞིག་བསྒོམ། རྩིབས་བཞིར་མ་ཏྲག་བཞིའི་སྙིང་གར་མཁའ་འགྲོ་མ་བཞི་བསྒོམ། དེ་རྣམས་ཀྱི་རྒྱབ་ཏུ་ཙཀྲ་དམར་པོ་འཁོར་བས་ཛམ་བུ་གླིང་གི་ཕོ་མོ་ཐམས་ཅད་དང་ཟས་ནོར་ཐམས་ཅད་བཀུག་པ་དེ་རང་ལ་བསྟིམ། ཞལ་གདམས་སོ། །ཨོཾ་བཻ་ཤྲ་མ་ཎཱ་ཡ། སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིཾ་ཛཿ བཻ་ཤྲ་མ་ཎཱ་ཧྲཱིཾ། ཧ་རི་ནི་ས་ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། སྡུས་སྡུས། ཛ་ཛཿ མྱུར་མགྱོགས་གློག་གི་ཕྲེང་བ་ཞེས་བྱ་བ་འདི་ལ་ཁྲོ་བོ་ལྟར་བསྒྲུབ་པས་སྒབ་འདྲེ་མེད། ཟབ་ྀཨཚ། དགེའོ།། །། ༈ ན་མོ་གུ་རུ། རྣམ་སྲས་དམར་པོའི་སྲོག་སྒྲུབ་འདི་གསང་ནས་བསྒྲུབ་པར་བྱའོ། །དཀྱིལ་འཁོར་གླིང་བཞི་རི་རབ་བྲི། སྟེང་དུ་འབྲུ་རིགས་དཀར་གསུམ་མངར་གསུམ་ཤ་ཆང་ཟན་ཐུད་བསྲེས་པའི་རྟེན་གཏོར་བང་རིམ་བཞི་པ་ལ། སྟེང་དུ་ལྕོག་གཅིག་ལ་བང་རིམ་ནོར་བུས་བརྒྱན་པ་སོར་བརྒྱད་པ་ལ་བུམ་པ་བརྒྱད་ཤིང་བརྒྱད་བྱ། གླིང་བཞི་ལྕགས་རི་དང་བཅས་པ་བྱའོ། །སྟེང་དུ་འབྲུ་རིགས་བཅུ་ག་ལ། ཚོམ་བུ་ལྔའམ་དགུས་བསྐོར། དེའི་སྟེང་དུ་སྲོག་གི་འཁོར་ལོ་བཞག་སྟེ། ཙཀྲ་ནི་གསེར་གྱི་ས་གཞི་བྱས་ལ། རིན་པོ་ཆེ་སྣ་ཚོགས་དྲི་བཟང་གིས་བྱ། ཙཀྲའི་ལྟེ་བར་སྲོག་གི་བླ་རྡོ་ཕ་བང་ལོང་བུ་ལ་བཻ་དྲུག་བྲིས། དར་སྣ་ལྔས་རྒྱ་གྲམ་དུ་བཅིངས་ལ། ཙཀྲ་དང་ལྷན་ཅིག་ཏུ་ཟ་འོག་གིས་དྲིལ་ལ་བཞག །དེ་ཡང་ཚོན་སྐུད་ཀྱིས་བཅིངས་ལ་འབྲུ་རིགས་ལྔ་སྨན་ལྔ་རྣམས་དང་ཟངས་ཀྱི་གྭའུར་བསྩལ་བ་སྟེང་དུ་བཞག །མཆོད་པ་བཤམས་ལ་རང་ཡི་དམ་དུ་བསྒོམ། མདུན་དུ་རྟེན་གཏོར་དེ་རིན་པོ་ཆེ་སྣ་ལྔའི་རི་རབ་དང་བཅས་པ་འདོད་པའི་ཡོན་ཏན་སྣ་ཚོགས་པ། དེའི་སྟེང་དུ་རིན་པོ་ཆེ་སྣ་ལྔའི་གཞལ་ཡས་ཁང་གྲུ་བཞི་ཤིན་ཏུ་མཛེས་པ་ཕྱི་ལྕགས་རི་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། གཏེར་གྱི་བུམ་པ་བརྒྱད། འདོད་འཇོའི་བ་བརྒྱད། དཔག་བསམ་ཤིང་། གཏེར་བརྒྱད། ཁྲུས་ཀྱི་རྫིང་བུ་བརྒྱད་ཀྱིས་བསྐོར་བར་བསམ། དེའི་དབུས་སུ་འདབ་བཞི་འདབ་བརྒྱད་དམར་པོ་པདྨ་ཟླ་བའི་སྟེང་དུ་བཻ་དམར་པོ་ལྔའམ་གཅིག་བསྒོམ། འོད་ཟེར་འཕྲོས་པས་སངས་རྒྱས་མཆོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དབུལ་བ་བསལ་ནས། ནོར་ལྷ་ཐམས་ཅད་ཀྱི་བཅུད་བསྡུས་པ་དེའི་འོད་ཟེར་བཻ་ལ་ཐིམ། དེ་ནོར་བུ་བཻས་མཚན་པ་ལྔའམ་གཅིག་ཏུ་གྱུར་ཏེ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། སྟེང་ལྷ་ཐམས་ཅད། འོག་ཀླུ་ཐམས་ཅད། བར་མི་ཐམས་ཅད་ཀྱི་བཅུད། སྲོག་གི་དྭངས་མ་ཐིག་ལེ་དཀར་ལ་དམར་ཞིང་འཚེར་བ་ལྟ་བུར་བསྡུས་ནས་ནོར་བུ་ལ་ཐིམ་པ་དེ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཁྲོ་ཞིང་འཛུམ་པ། ཞལ་གཅིག་ཕྱག་གཉིས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཕྱག་གཡས་ནོར་བུའི་རྒྱལ་མཚན་འཛིན་པ། གཡོན་ལྕགས་ཀྱུ་དང་ནེའུ་ལེའི་ཁ་ནས་རིན་པོ་ཆེ་སྐྱུགས་པ་གཅིག་བསྒོམ། རིན་པོ་ཆེའི་རྒྱན་དང་བསེ་ཁྲབ་དང་ལྡན་པ་རྒྱལ་པོའི་ཆ་བྱད་ཅན་དུ་བསྒོམ། ཕྲག་གོང་གཡས་གཡོན་དུ་ཉི་ཟླས་བརྒྱན་པ། དེའི་གཡོན་དུ་ཡུམ་ལྷ་མོ་པདྨ་ཅན་དམར་པོ། གཡས་ནོར་བུ། གཡོན་བུམ་པ། སྦྲུལ་གྱི་གདེངས་ཀ་ཅན་གཅིག་གིས་སྐུ་བརྟེན་པར་བསྒོམ། ཕྱོགས་བཞིར་ཕྲིན་ལས་བཞིའི་རྣམ་ཐོས་སྲས་བཞི་དང་། ཡུམ་བཞི་ཡང་ཤེས་པར་བྱ། པད་འདབ་བརྒྱད་ལ་གནོད་སྦྱིན་སྲས་བརྒྱད་ནི། ཛཾ་བྷ་ལ། གང་བ་བཟང་པོ། ནོར་བུ་བཟང་པོ། ཀུ་བེ་ར། ཡང་དག་ཤེས། འབྲོག་གནས། ལྔས་རྩེན། པི་ཙི་ཀུཎྜ་ལཱི། འདི་རྣམས་ཀྱང་སྐུ་མདོག་དམར་པོ། གཡས་ནོར་བུ་གཡོན་ནེའུ་ལེ་རིན་པོ་ཆེའི་རྒྱན་དང་བསེ་ཁྲབ་གྱོན་པར་བསྒོམ། དེའི་རྒྱབ་ཏུ་ནོར་ལྷ་ཐམས་ཅད་དང་གནོད་སྦྱིན་མང་པོས་བསྐོར་ནས་བཞུགས་པར་བསྒོམས་ལ། སྤོས་དཀར་དུད་པ་བཏང་ལ་སྤྱན་དྲང་བ་ནི། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ཞེས་པ་ནས། སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་རྒྱལ་པོ་འཁོར་བཅས་སྤྱན་དྲངས་ལ་བསྟིམ། རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་པས་ནོར་བུ་རིན་པོ་ཆེ་རེ་རེས་དབུ་བརྒྱན་པར་བསམ། མཆོད་པ་ལྔས་མཆོད་ལ། ཤ་ཆང་དཀར་གསུམ་མངར་གསུམ་མ་འཛོམ་ན། གཏོར་མ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་བྱས་ལ། ཨོཾ་བཻ་ཤྲ་མ་ཎཱ་ཡ། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཞེས་པས་དབུལ། འཁོར་རྣམས་ལ་ཨ་ཀཱ་རོས་ཕུལ་ལ། བསྟོད་པ་ནི། ཧཱུྃ། རིན་ཆེན་འབར་བའི་གཞལ་ཡས་ནས། །ཞེས་པ་ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་དང་། གཞན་ཡང་བསྟོད་ལ། རྒྱལ་པོ་འཁོར་དང་བཅས་པའི་ཐུགས་ཀར་སྲོག་གི་ཙཀྲ་ཡི་གེ་དང་བཅས་པ་དམར་སྒོར་རོ་རོ་གཡོན་དུ་འཁོར་ཞིང་། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀའི་ས་བོན་དང་། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ནོར་ལྷ་ཐམས་ཅད་དང་། ལྷ་ཀླུ་མི་ནོར་ཐམས་ཅད་ཀྱང་འདར་སི་ལི་ལི་དབང་དུ་འདུས་པར་བསྒོམས་ལ། སྲོག་གི་སྙིང་པོ་འབུམ་ཚོ་གཅིག་བགྲང་། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛཿ འདིའི་སྐབས་སུ་ཡི་དམ་ལ་བཏགས། ད་ནི་དངོས་གྲུབ་བླང་བ་ནི། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀའི་སྲོག་གི་ཙཀྲ་དམར་པོ་དེ། གསེར་གྱི་ཙཀྲ་སེར་པོ་གཡས་སུ་སྒོར་རོ་རོ་འཁོར་ནས་བདག་གི་ཐུགས་ཀའི་འོད་ཟེར་གྱི་སྣེ་མོ་ལ། རང་ཡི་དམ་གྱི་ས་བོན་གྱི་ཞབས་སུ་བཻ་བསྒོམས་ལ། རཱ་ཛའི་སྲོག་སྔགས་ཀྱིས་བསྐོར་ནས་དབང་དུ་འདུས་པར་བསམ། མཆོད་པ་སྣ་ཚོགས་སྤྲོས་པས་རྒྱལ་པོ་འཁོར་བཅས་མཉེས་ཤིང་། རྒྱལ་པོ་འཁོར་བཅས་ཀྱི་སྲོག་གི་ཙཀྲ་ཡིག་འབྲུ་དང་བཅས་པ་ལ། སྲོག་གི་ནུས་མཐུ་བཅུད་ལེན་འོད་ཟེར་སེར་པོ་བྱུང་ནས་བདག་ལ་ཐིམ་པས། བདག་གི་ཚེ་དང་བསོད་ནམས་གཟི་མདངས་རྒྱས་པར་བསམ། རྒྱལ་པོ་འཁོར་བཅས་ཀྱི་ཞལ་དང་ནེའུ་ལེའི་ཁ་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས་ནས་བདག་གི་གནས་ཁང་གང་བར་བསམ། རཱ་ཛའི་ཐུགས་ཀའི་འོད་ཟེར་གྱིས། སྟེང་ལྷའི་འབྱོར་པ་འོག་ཀླུའི་འབྱོར་པ་ཀུན་བསྐུལ་ནས་བདག་གི་དབང་དུ་འདུས་པར་བསམ་ལ། དངོས་གྲུབ་ཀྱི་སྔགས་འདི་གོང་མ་ལ་བཏགས། ཟས་ནོར་ཆར་ལྟར་འབེབ་པར་བསམ་ལ། ཨོཾ་བཻ་ཤྲ་མ་ཎཱ་ཡ། རཏྣ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་དང་སྦྲེལ། གཏེར་རྙེད་པ་དང་ནོར་ཚོང་ལ་ཕྱིན་པ་རྨིས་པའོ། །བསྙེན་རྟགས་ཐོན་ནས་རཱ་ཛ་འཁོར་བཅས་ལ་མཆོད་པ་འབུལ། གསོལ་བ་གདབ། འོད་དུ་ཞུ་ནས་འཁོར་ལོ་ལ་བསྟིམས་པ་གཏེར་གྱི་ཕུང་པོ་ཆེན་པོར་བསྒོམས་ལ་གྭའུ་རང་གི་ལུས་ལ་བཅངས་པས་གྲིབ་མ་ལྟར་འཁོར་བའོ། །འདི་ནི་རྣམ་སྲས་ཡང་གསང་སྲོག་སྒྲུབ་བོ། །གདམས་ངག་དམ་པ་འདི་ནི་ཟངས་དཀར་ལོ་ཙཱ་བའི་ཡིག་ཆུང་མགུལ་ཁུག་མའོ། །འདིར་ཡིག་སྣ་རྣམ་སྲས་དམར་པོའི་བླ་རྡོ་ཕ་བང་ལོང་བུ་གཅིག་ལ་གསེར་རམ་མཚལ་གྱིས་བཻ་རེ་རེ་བྲིས། ཞབས་སུ་ནྲྀ་བྲིས། ནྲྀ་མིག་ཏུ་ཙ་བྲིས། ཙ་མིག་བཻ་རེ་རེ་བྲིས། ཙ་སེང་གེ་དམར་པོ། བཻ་རྣམ་སྲས་སུ་བསྐྱེད། ཡང་གྲི་སྙིང་ནང་དུ་སྔགས་བཅུག །རྩ་སྦུབས་གཡས་སུ་གནོད་སྦྱིན་སྔགས་སོ། །འདིའི་བརྒྱུད་པ་ནི། སློབ་དཔོན་དགའ་རབ་རྡོ་རྗེ། རྒྱལ་བུ་གཡུ་སྒྲ་སྙིང་པོ། ཁྲི་སྲོང་ལྡེའུ་བཙན། ཞང་ལྷ་བཟང་སྐྱིད། གཉལ་པ་ཉི་མ་ཤེས་རབ། སྣུབ་ཉི་ཤེ །དབུས་པ་དམར་སྟོན། འོད་ཟེར་བླ་མ། གནུབས་ཡེ་ཤེས་རྒྱ་མཚོ། སློབ་དཔོན་ཐབས་བློ། དགེ་འདུན་རྒྱལ་མཚན། ནམ་མཁའ་གྲགས། བླ་མ་བསོད་ནམས་རིན་ཆེན་པ། དཔལ་ལྡན་བླ་མ་སཱུརྻ་ཙནྡྲ། དེས་བདག་ལ་གནང་བའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ། དགེའོ། །ྀཨཚ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ། བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་རཏྣ་སིདྡྷི་ཧྲཱིཾ་ཧྲཱིཾ་ཛ་ཛཿ བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ། ཆེ་གེ་མོ་ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། དུང་དུང་། སྡུས་སྡུས། ཛ་ཛཿ བཻ་རཱ་ཛ་མ་མ་སིདྡྷི། མ་མ་སིདྡྷི་ས་མ་ཡ། བཱ་སུ་རཏྣ་ཧཱུྃ་ཛ་ཛཿཧྲཱིཾ་ཧྲཱིཾ། མ་མ་ཏྲཀ་སིདྡྷི་ས་མ་ཡ། མ་མ་ཏྲཀ་བཱ་སུ་དུང་དུང་། མ་མ་ཏྲཀ་ཁ་དྷེ་ཡཾ་ཡཾ། མ་མ་ཏྲཀ་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཞེས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མན་ངག་ཟབ་མོ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ནི་ཟབ་པའི་ཡང་མཆོག་ཡིན་པས། འདི་ནི་སུ་ཐོད་ཐོད་ལ་བསྟན་ན་དངོས་གྲུབ་ཡལ་ཞིང་ཆོས་སྐྱོང་འདི་ཉིད་ཁྲོས་ནས་ཆད་པ་དྲག་པོ་གཅོད་པས་ཤིན་ཏུ་གསང་བ་གལ་ཆེ་ཆེ། ྀཨཚ།། །། ༄༅། །རྣམ་སྲས་མདུང་དམར་ཅན་གྱི་ལས་ཚོགས་འཁོར་ལོའི་བྲི་ཐབས་རྣམས་བཞུགས་སོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་མདུང་དམར་ཅན་གྱི་ལས་ཚོགས་ཀྱི་འཁོར་ལོ་བྲི་ཐབས་ལ། ཐོག་མར་གྲི་སྙིང་དུ་འཇུག་པའི་འཁོར་ལོ་ནི། གཞི་དར་དམར་པོའམ་སྔོན་པོ། མེད་ན་ཤོག་བུ་སྔོ་དམར་དུ་བསྒྱུར་ལ་སྣག་ཚ་གསེར་ཟངས་མཚལ་གསུམ་པོ་གང་འབྱོར་གྱིས་ཙཀྲ་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་དབུས་སུ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཞེས་དང་། དམིགས་བྱའི་མིང་རུས་དང་ཟས་ནོར་སོགས་དངོས་གྲུབ་ཅི་འདོད་བྲི། དེའི་ཕྱིའི་མུ་ཁྱུད་ལ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ། ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་། ཡིད་ལ་རཾ་རཾ། དབང་པོ་དཀྲུགས་དཀྲུགས། སྡུས་སྡུས། ཛ་ཛཿ ཞེས་པ་བྲི། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་པ་བྱས་པའི་ནང་དུ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ། ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཿཡ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ། ཞེས་གནོད་སྦྱིན་བརྒྱད་ཀྱི་སྲོག་སྔགས་རྣམས་རིམ་པར་བྲིའོ། །རྩིབས་མཆན་བརྒྱད་ལ། ཨོཾ་ཨཱ་ནནྟཿསིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་བཱ་སུ་ཀཱི་སིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་ཏཀྵ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་པདྨཿསིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་ཀུ་ལུ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛཿ ཨོཾ་བ་རུ་ཎཱཿསིདྡྷི་ཕ་ལ་ཧཱུྃ་ཛཿ ཞེས་ཀླུ་བརྒྱད་ཀྱི་སྲོག་སྙིང་རིམ་པར་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་བཅུ་དྲུག་མིང་སྤེལ་དང་བཅས་པ་དང་དངོས་གྲུབ་གང་འདོད་ཀྱི་མིང་སྤེལ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཀཱ་ལི་སུམ་ཅུ་རྩ་གཉིས་མིང་སྤེལ་བཅས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཡེ་དྷརྨཱ་དང་དངོས་གྲུབ་གང་འདོད་མིང་སྤེལ་དང་བཅས་པ་ལེགས་པར་བྲིས་པ་གྲི་སྙིང་གི་ནང་དུ་འཇུག་པའོ།། ༈ །།སྣང་བ་དབང་སྡུད་ཀྱི་ཙཀྲ་བྲི་ཐབས་ནི། དར་རམ་ཤོག་བུ་སྔོན་པོ་ལ་པད་རཱག་གཙང་མ་དང་སིནྡྷུ་རས་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་དབུས་སུ། བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་དང་། གང་དབང་དུ་བསྡུ་བའི་མིང་རུས་ཟས་ནོར་ལོངས་སྤྱོད་རྣམས་བྲི། དེའི་ཕྱི་རིམ་ལ་གནོད་སྦྱིན་བརྒྱད་ཀྱི་སྙིང་པོ་ཚང་བ་རྣམས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཀླུ་བརྒྱད་ཀྱི་སྙིང་པོ་ཚང་བ་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ་དབང་སྡུད་ཀྱི་སྔགས་འདི་ཚང་བ་ཚར་རེ་རེ་བྲིའོ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་སརྦ་འགུལ་འགུལ་ཡེང་ཡེང་། ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་། ཡིད་ལ་རཾ་རཾ། དབང་པོ་དཀྲུགས་དཀྲུགས། སྡུས་སྡུས་ཛ་ཛཿ ཞེས་སོ། །དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་བྲི། ཀཱ་ལི་མགོ་ནང་བསྟན་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲི། སྨན་དྲི་བཟང་པོས་ཡི་གེའི་འབྲུ་མ་ཟུབ་པར་བྱུགས། རབ་གནས་བྱས་ལ་དར་དམར་པོས་དྲིལ་ལ་ལུས་ལ་ལེགས་པར་བཅང་བར་བྱའོ། །ྀཨཚ།། ༈ །།གཏོར་མ་རིན་ཆེན་སྤུངས་པའི་ནང་དུ་གཞུག་པའི་འཁོར་ལོ་བྲི་ཐབས་ནི། དར་དམར་རམ་ཤོག་བུ་ཁ་བསྒྱུར་བ་ལ། གསེར་རམ་ཟངས་མཚལ་གསུམ་གང་ཡང་རུང་བས་མུ་ཁྱུད་རིམ་པ་ལྔ་བསྐོར་བའི་དབུས་སུ་ཧཱུྃ་དང་བཻ་བྲིས་པའི་མཐར་ཕྱག་རྡོར་གྱི་སྙིང་པོས་བསྐོར་བ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་ཞེས་པ་ནས། སྡུས་སྡུས་ཛཿཛཿ ཞེས་པའི་བར་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ་གནོད་སྦྱིན་བརྒྱད་ཀྱི་སྙིང་པོ་བྲི། རྩིབས་མཆན་བརྒྱད་ལ་མ་ཧཱ་རཀྵ། ཞེས་པ་རེ་ཡིག་མགོ་ནང་དུ་བསྟན་ནས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པ་ནས་ཏདྱ་ཐཱ། ཧི་ལི་མ་ཎི་སོགས་སྔགས་རིང་བསྡེབས་ནས་བྲི། དེའི་ཕྱི་རིམ་ལ་རྟེན་འབྲེལ་སྙིང་པོ་བྲི། དྲི་བཟང་བྱུགས་རབ་གནས་བྱ། ལ་ཆས་དྲིལ་ལོ།། ༈ །།བླ་རྡོ་འཆའ་བའི་འཁོར་ལོ་བྲི་ཐབས་ལ། འཁོར་ལོ་མུ་ཁྱུད་བརྒྱད་དུ་བསྐོར། དབུས་སུ་བཻ་བྲི། དེའི་ཕྱི་རོལ་པདྨ་འདབ་མ་བཞི་ལ་མ་ཏྲག་བཞི་བྲི། དེའི་ཕྱི་རོལ་ཐམས་ཅད་རིན་པོ་ཆེའི་གྭའུའི་འཁོར་ལོ་དང་མཐུན་པར་བྲིའོ།། །།འཁོར་ལོ་ལ་མུ་ཁྱུད་རིམ་པ་བཞི་བྲི། དབུས་སུ་ཆེ་གེ་མོའི་མིང་རུས་བྲི། དེའི་མཐར་ཙིཏྟ་དུང་དུང་། ཡིད་ལ་རཾ་རཾ། དབང་པོ་དཀྲུགས་དཀྲུགས། ཞེས་པ་རྣམས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། སྣང་བ་དབང་སྡུད་ཀྱི་སྔགས་འདི་བྲི། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཕྱོགས་བཞིར་མ་ཏྲཀ་བཞི་བྲི། མཚམས་བཞིར་རཾ་རེ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཡུམ་བཞིའི་སྙིང་པོ་ཚར་བཞི་བྲིའོ།། ༈ །།ཡང་མི་གཟུགས་ཤིན་ཏུ་མཛེས་པ་ལ་ལག་པ་གཉིས་རིན་ཆེན་འབར་བ་ལེགས་པ་རེ་རེ་བྲི། རྐང་པ་གཉིས་སྐྱིལ་ཀྲུང་བཅས་པའི་ལྟེ་བར་འཁོར་ལོ་མུ་ཁྱུད་བཞི་བསྐོར་བའི་དབུས་སུ་ནྲྀ་བྲི། ནྲྀའི་དཀྱིལ་དུ་ཙ། ཙའི་དཀྱིལ་དུ་བཻ་བྲི། དེའི་འཁོར་ལོ་རྩིབས་བཞི་ལ་མ་ཏྲཀ་བཞི་བྲི། ཕྱིའི་མུ་ཁྱུད་ལ་ཆེ་གེ་མོ་ཙིཏྟ་དུང་དུང་། ཡིད་ལ་རཾ་རཾ། དབང་པོ་དཀྲུགས་དཀྲུགས། སྡུས་སྡུས། ཛ་ཛཿ ཞེས་བྲིའོ།། ༈ །།མི་གཟུགས་ཀག་གིས་ལངས་པ་ལག་པ་གཉིས་གཡབ་ཡུག་བྱེད་པ་བྲིས་པའི་ལྟེ་བར་འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར་བའི་དབུས་སུ་བཻ་དང་རྩ་སྔགས་བྲི། ཕྱིའི་མུ་ཁྱུད་ལ་ཕྱོགས་བཞིར་མ་ཏྲཀ་བཞི་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲི།། ༈ །།འཁོར་ལོ་མུ་ཁྱུད་གསུམ་དུ་དབུས་སུ་བཻ་བྲི། དེའི་རྒྱབ་མུ་ཁྱུད་ལ་རྩ་སྔགས་བྲི། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཛཾ་ པཱུ་ མ་ ཀུ་ སཾ་ གུ་ པཉ་ པི་ ཞེས་བྲི། དེའི་ཕྱི་མུ་ཁྱུད་ལ་ཕྱི་སྒྲུབ་ཀྱི་སྔགས་རྣམས་བྲིའོ།། ༈ །།འཁོར་ལོ་མུ་ཁྱུད་བཞི་པ་བྲི། དབུས་སུ་བཻ་བྲི། ཕྱིའི་པད་འདབ་བཞི་ལ་མ་ཏྲཀ་བཞི་རེ་རེ་བྲིའོ།། ༈ །།གྭའུ་བཅའ་བའི་འཁོར་ལོ་ནི། ཙཀྲ་མུ་ཁྱུད་རིམ་པ་ལྔ་བསྐོར་བའི་དབུས་སུ་བཻ་བྲི། དེའི་མཐར་ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། བཻ་རུ་རཱ་ག་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཧྲཱིཾ་ཧྲཱིཾ། ནྲྀ་སརྦ་འགུལ་འགུལ། ཡེང་ཡེང་། ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་། ཡིད་ལ་རཾ་རཾ། དབང་པོ་དཀྲུགས་དཀྲུགས། སྡུས་སྡུས། ཛ་ཛཿ ཞེས་པ་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། སིདྡྷི་ཧཱུྃ་ཛཿ ཞེས་སོགས་གནོད་སྦྱིན་བརྒྱད་ཀྱི་སྙིང་པོ་ཚང་བར་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ་གནོད་སྦྱིན་མ་བརྒྱད་ཀྱི་སྙིང་པོ་བྲི། ཨོཾ་ཨཱ་ནནྟཿསིདྡྷི་ཧཱུྃ། ཨོཾ་བཱ་སུ་ཀཱི་སིདྡྷི་ཧཱུྃ། ཨོཾ་ཏཀྵ་ཀཿསིདྡྷི་ཧཱུྃ། ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཧཱུྃ། ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཧཱུྃ། ཨོཾ་པདྨཿསིདྡྷི་ཧཱུྃ། ཨོཾ་ཀུ་ལུ་ཀཿསིདྡྷི་ཧཱུྃ། ཨོཾ་བ་རུ་ཎཱཿསིདྡྷི་ཧཱུྃ། ཞེས་ཚང་བར་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ་ལ་སོགས་པ་སྔགས་རིང་ཚང་བར་བྲི།། ༈ །།བསེ་རག་འགོང་པོ་མནན་ཐབས་ནི། བསེ་རག་གི་ལྟེ་བར་འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར་བའི་དབུས་སུ་ཏྲི་བྲི། མཐར་གནོད་སྦྱིན་གྱི་མིང་དང་སྲོག་སྔགས་བྲི། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པའི་རྩིབས་རྣམས་ལ། རཱ་ ཙ་ ཏྲིའུ་ ཧཾ་ཤང་ ཛ་ ཏྲི་ རྦད་ ཆིངས་ ནན་ནན། ཞེས་པ་བྲི། ཕྱིའི་མུ་ཁྱུད་ལ་ཏྲི་ཡ་མི་ཙ་ཁ་ཐཾ། འགོང་པོའི་གཟུགས་ནི་ཁ་གཉེར་བ། མིག་ཤི་མིག་ཅན། ལག་པ་གཡས་སུ་ནད་ཀྱི་རྐྱལ་པ་སྔོ་དམར་ཁ་བསྡམས་ནས་བཟུང་བ། གཡོན་པ་ཁྲམ་ཤིང་རྐེད་པ་ནས་བཟུང་བ། རྐང་པ་གཉིས་ལྕགས་སྒྲོག་གིས་བསྡམས་པ་བྲི། དེའི་ལྟེ་བར་འཁོར་ལོ་སྔར་བཞིན་བྲིའོ། །དེ་མཆོད་རྟེན་འོག་ཏུ་བཅུག་ལ་མནན་ནོ། ཁྲོ་བོའི་སྔགས་དང་རྒྱལ་པོའི་བླ་རྡོ་ཕྱག་རྡོར་དང་རྒྱལ་པོའི་སྐུའམ། རྟེན་བྱིན་རླབས་ཅན་གང་ཡང་རུང་བ་མཆོད་རྟེན་གྱི་བུམ་པར་བཅུག་ལ་རབ་གནས་བྱའོ།། ༈ །།རྒྱལ་ཆེན་སྒྲུབ་པའི་མན་ངག་ལ། །བསེ་རག་བར་ཆད་བྱེད་པ་ན། །དང་པོ་རྨི་ལམ་འདི་ལྟར་འབྱུང་། །རང་གིས་ཐོབ་པའི་ཟས་དང་ནོར། །གཞན་གྱིས་ཁྱེར་དང་སྣོད་སྟོང་དང་། །སྦྲང་པོ་ངན་ལོང་ཡིད་མི་འོང་། །ཀུན་གྱིས་བསྐོར་ཞིང་རྩེ་བ་རྨིས། །དེ་ལྟར་བྱུང་ན་ཁ་ཆིངས་བྱ། །དང་པོ་གཏོར་མ་ཆུ་སྦྱིན་དང་། །བདེན་བདར་བཤགས་སྦྱང་ཡང་ཡང་བྱ། །དེ་ནས་ཁ་ཆིངས་ལས་འདི་བརྩམ། །འདི་ལ་གཉིས་སུ་ཤེས་པར་བྱ། །ས་སྤྱིན་བཟང་པོ་དག་ལ་ནི། །མཆོད་རྟེན་དཀར་པོ་གྲུ་གང་བྱ། །རྟེན་འབྲེལ་སྙིང་པོ་ཕྱག་རྡོར་དང་། །རྒྱལ་ཆེན་བཞི་ཡི་སྙིང་པོ་རྣམས། །ལེགས་པར་བྲིས་ལ་བུམ་པར་གཞུག །དེ་ཡི་ཁྲི་ཡི་འོག་ཏུ་ནི། །བསེ་རག་འགོང་པོའི་ལྟེ་བ་རུ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །རྩིབས་ལ་སྔགས་འདི་དགོད་པར་བྱ། རཱ་ཙ་ཏྲིའུ་ཧཾ་ཤང་། ཛ་ཏྲི་རྦད། ཆིངས་ནན་ནན། རྩིབས་མཆན་དག་ལ་སྔགས་འདི་དགོད། འགོང་པོ་ཡ་ཤོ་ནན། འགོང་པོ་ཏྲིའུ་ནན། རཱ་ཙ་ཁ་ཐཾ་ཕག་ཤུ་མུ་ཏྲ་ཁ་ཐམ། ལྟེ་བར། ཏྲི་ཤུ་ཡཾ་ཤོ་ཏྲི་ཤོ་བྲི། གཞན་ཡང་གང་འདོད་མིང་རྣམས་བྲི། །མུ་ཁྱུད་དག་ལ་སྔགས་འདི་བྲི། ཡཾ་ཏྲི་ཁ་ཐཾ། མ་ཏྲི་ཁ་ཐཾ། ཨ་ཏྲི་ཁ་ཐཾ། ཀུ་ཏྲི་ཁ་ཐཾ། ར་ཏྲི་ཁ་ཐཾ། ཀཱ་ཏྲི་ཁ་ཐཾ། ཙ་ཏྲི་ཁ་ཐཾ། སྔོ་དམར་སྐུད་པས་རྒྱ་གྲམ་བཅིང་། །ལ་ཆས་བཏུམས་ལ་གདན་ཁྲིར་གཞུག །དྲག་པོའི་སྔགས་ཀྱིས་སྐབས་སུ་གཟིར། །ཨོཾ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་ར་ཛཱ་ཀུ་བེ་ར། བི་རུ་ཏ་སིབ་ཏིབ། མེ་ཧཱུྃ་ཧཱུྃ་ཕཊ་ཕཊ། བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཏྲ་ར་ཙི་ཡ་སྭཱ་ཧཱ། ཨོཾ་བཻ་ཏ་ཀ་ཡེ་སྭཱ་ཧཱ། ཨོཾ་མུ་ཏྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་རཱ་ཛ་ཡཀྵ་ཏྲིའུ་ཀུ་ནན། ཞེས་པའི་སྔགས་འདི་སྐབས་སུ་བཟླ། །སྐབས་སུ་མཆོད་གཏོར་བསྐོར་བར་བྱ། །དུས་སུ་སྔགས་ནི་དྲག་པོ་བཟླ། །མི་ཡིས་མ་མཐོང་ས་རུ་བྱ། །དེ་ནི་ཁ་ཆིངས་དང་པོ་འོ།། །ཁ་ཆིངས་གཉིས་པ་འདི་ལྟར་བྱ། །ཤིང་གི་བྱང་བུ་སོར་བཞི་ལ། །སྔགས་འདི་ཚར་གསུམ་བྲིས་ནས་ནི། །སྒོ་ཡི་ཡ་ཐེམ་དག་ལ་སྦ། །ཨོཾ་ཏ་ར་ཧཱུྃ་དྲུཾ། ཕྲོཾ་ཕྲོཾ་ཀཱི་ལ་བཻ་ཕཊ། བདག་གི་གོད་ཁ་སྲུང་དུ་གསོལ་སྲུང་དུ་གསོལ། དེ་ཡིས་གནོད་བྱེད་དེ་ཁ་འཆིང་། །ནོར་ཕྱུགས་གོད་ཁ་ཐུབ་པར་གསུངས། །ཤུག་པའི་ཕུར་པ་དག་ལ་ནི། །སྔགས་འདི་བྲིས་ལ་བརྒྱ་རྩ་བཟླ། །ཕུར་པ་དག་ལ་བཏབ་པར་བྱ། །དེ་ཉིད་སྲིས་ནང་བཙུག་གྱུར་ན། །ཟས་ཀྱི་བསེ་རག་ཁ་འཆིང་གྱུར། །ཨོཾ་རུ་ལུ་མུ་ལུ་ཙན་ཏི་སྭཱ་ཧཱ།་་་ཨོཾ་རུ་ལུ་ཙན་དྷེ་སྭཱ་ཧཱ། བྱ་བའང་འདུག །ཅེས་པ་འབྲི་དང་སྔགས་བཟླ་འོ། །བསེ་རག་ཁ་ཆིངས་མ་ཤེས་པར། །དབུལ་པོས་སྒྲུབ་པ་བྱས་གྱུར་ཀྱང་། །ཚོང་པ་དགྲ་ཡིས་བཅོམ་པ་འདྲ། །རྙེད་ཀྱང་གོད་ཁས་གནོད་པར་བྱེད། །དེས་ན་ཚུལ་འདི་གཅེས་པར་ཟུངས། །ཞེས་པ་འགྲོ་བཟང་སྙིང་པོས་གསུངས། །རྣམ་ཐོས་སྲས་སྒྲུབ་འདོད་པ་ཀུན། །གདམས་ངག་ལས་ལྔ་མ་ཤེས་ན། །ལག་རྡུམ་གསེར་ཁར་ཕྱིན་དང་མཚུངས། །དངོས་གྲུབ་ཐོབ་པ་ག་ལ་འབྱུང་། །ཞེས་པའི་མན་ངག་དམ་པ་འདི། །བྲམ་ཟེ་འགྲོ་བཟང་སྙིང་པོས་མཛད། །དེས་པཎྜི་ཏ་ཙིཏྟ་དེ་བ་ལ། དེས་ཟངས་དཀར་ལོ་ཙཱ་བ་ལ། དེས་སྦལ་ཏི་སེམས་དཔའ་རྒྱལ་མཚན་ལའོ།། ༈ །།རྣམ་སྲས་སྒོམ་སྒྲུབ་བྱེད་དུས་བསེ་རག་ཁ་ཆིངས་ཀྱི་མནན་པ་ནི། འཁོར་ལོ་དཔེའུ་ཆུང་ལྟར་བྲི། དེ་ཁ་སྦྱར་ལ་རང་གི་མལ་འོག་ལ་དོང་གྲུ་གསུམ་བྲུས་ལ་དེར་བཅུག་ལ་མནན། དེས་དམ་སྲི་ཕོ་མོའི་བར་ཆད་ཀྱིས་མི་ཚུགས་པ་ཡིན་ནོ། །དམ་སྲི་ཁ་ཆིངས་ཀྱི་ལྷན་ཐབས་ནི། ཡུགས་མོ་ངོ་སར་གྱི་ཟན་དང་ཕྲུ་དྲེག་བསྲེས་ལ་འབྲོག་སྲིན་ནག་མོའི་གཟུགས་བྱ། དེའི་སྙིང་གར་འཁོར་ལོ་རྩིབས་བཞི་པ་དཔེ་ཆུང་ལྟར་བྲིས་ལ་བཅུག །དགུག་གཞུག་བྱས་ལ་རྟ་ནག་པོའི་ཐོད་པའི་ནང་དུ་བཅུག་ནས་བོང་བུའི་ཆུས་བརྫིས་པའི་ཐལ་འཇིམ་གྱིས་ཀླད་ཁུང་བཀག །དེ་མལ་འོག་ཏུ་དོང་གྲུ་གསུམ་བྲུས་པའི་ནང་དུ་ཁ་ལྷོར་བསྟན་ལ་མནན། ཐོད་པའི་དཔྲལ་བར་རྡོ་རྗེ་རྒྱ་གྲམ་བྲི། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་དོ། །བསེ་རག་ཁ་ཆིངས་ཀྱི་ལྷན་ཐབས་ྀཨཚ། དགེའོ།། ༈ །།འདིའི་བརྒྱུད་པ་ནི། སློབ་དཔོན་དགའ་རབ་རྡོ་རྗེ། དེས་བཻ་རོ་ཙ་ན་ལ། དེས་གཡུ་སྒྲ་སྙིང་པོ་ལ། དེས་ཁྲི་སྲོང་ལྡེའུ་བཙན་ལ། དེས་ལྷ་བཟང་ཀླུ་དཔལ་ལ། དེས་རྒྱ་ནག་ཏུ་དམག་ལ་བྱོན་དུས་རྒྱལ་པོའི་སྐུ་རྟེན་རྣམས་སྤྱན་དྲངས་ནས། འདིའི་སྒྲུབ་ཐབས་དང་བཅས་པ་བྱ་རྒོད་གཤོང་གི་གཙུག་ལག་ཁང་དུ་གཏེར་དུ་སྦས་སོ། །དེ་ དམྱལ་ཉི་མ་ཤེས་རབ་ཀྱིས་ཐོན། དེས་སྣུར་ཉི་མ་ལ། དེས་དབུས་པ་མང་སྟོན་ལ། དེས་འོད་ཟེར་བླ་མ་ལ། དེས་ཛྙཱ་ན་ཡཀྵ་ལ། དེ་ནས་རིམ་གྱིས་བརྒྱུད་པའོ།། །། ༄༅། །ཡང་སྲོག་འཁོར་དང་དབང་སྡུད་འཁོར་ལོ་འབྲི་ཚུལ་བསྡུས་པ་ནི། སྲོག་འཁོར་གྱི་ཤོག་བུ་སྔོན་པོ་དང་དམར་པོ་ལ་གསེར་སོགས་གང་རྙེད་ཀྱིས་མུ་ཁྱུད་རིམ་པ་བཞི་བསྐོར་བའི་དབུས་སུ་བསྒྲུབ་བྱའི་མིང་རུས་བྲི། མུ་ཁྱུད་ནང་མ་ལ་དབང་སྡུད་ཀྱི་སྔགས་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ་གནོད་སྦྱིན་བརྒྱད་ཀྱི་སྲོག་སྔགས་བྲི། རྩིབས་མཆན་བརྒྱད་ལ་ཀླུ་བརྒྱད་ཀྱི་སྙིང་པོ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་རྣམས་ལ་བར་དུ་འདོད་དོན་གསོལ་བཏབ་དང་བཅས་པ་བྲི་འོ།། ༈ །།སྣང་བ་དབང་སྡུད་ཀྱི་གཞི་རྒྱ་ཤོག་སྔོན་པོ་ལ། མངལ་ཁྲག་དང་སིནྡྷུ་ར་བསྲེས་པས་མུ་ཁྱུད་རིམ་པ་ལྔ་བསྐོར་བའི་དབུས་སུ་དམིགས་བྱའི་མིང་རུས་དང་ཟས་ནོར་ལོངས་སྤྱོད་གང་འདོད་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ་དབང་སྡུད་ཀྱི་སྔགས་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི། དེའི་ཕྱི་རིམ་ལ་ཀཱ་ལི། དེའི་ཕྱི་རིམ་ལ་རྟེན་འབྲེལ་སྙིང་པོ་རྣམས་འདོད་གསོལ་དང་བཅས་པ་བྲི། རབ་གནས་སོགས་བཅའ་ཀ་གཞན་རྣམས་སྔར་བཞིན་བྱ། དེ་དག་རིམ་བཞིན་སྲོག་རྩའི་ནང་དུ་གཞུག་པ་དང་ལུས་ལ་རྒྱུན་དུ་བཅང་བ་སོགས་བྱས་ནས། ཞག་ཉེར་གཅིག་གི་བར་དུ་མི་ཚིག་གིས་བར་མ་ཆོད་པར་སྲོག་སྔགས་འབུམ་ཚོ་གཅིག་བཟླས་པས་རྟགས་རྣམས་རིམ་གྱིས་འབྱུང་། དེ་བྱུང་ནས་དབང་སྡུད་ཀྱི་སྔགས་ཁྲི་ཚོ་གཅིག་གོང་བཞིན་བཟླས་པས་སྐྱེ་འགྲོ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །མན་ངག་འདིའི་བརྒྱུད་ཚུལ། མི་ཕམ་སྐྲའི་ལྭ་བ་ཅན་གྱིས་ཨ་བྷ་ཡཱ་ཀ་ར་ལ། དེ་ལ་ཟངས་དཀར་ལོ་ཙཱ་བས་ཞུས་པས་རྣམ་སྲས་ལྷ་མང་སྒྲུབ་པ་ཙམ་ལས་མ་བྱུང་ནས། གསེར་མང་དུ་ཕུལ་ནས་ཞུས་པས། མན་ངག་འདི་ག་པུར་གྱི་ནང་དུ་དྲིལ་ནས་རྒྱ་ལྔས་བཏབ་ནས་བསྐུར་བྱུང་བས། ལོ་ཙཱ་བས་བསྒྲུབས་པས་དངོས་གྲུབ་ཅི་འདོད་པ་བརྙེས་སོ། །ཐུགས་སྲས་ལ་སྟོད་པ་ལ་ལ་ཆའི་ནང་དུ་བསྟུམས་ཏེ་མཆོད་རྟེན་གྱི་རྒྱས་བཏབ་ནས་གནང་ངོ་། །དེས་རིན་པོ་ཆེ་སེ་པ་ལ། དེས་སོག་པོ་བྱང་ཡོན་ལ། དེས་དཔལ་རྒྭ་ལོ་ལ། དེ་ལས་རིམ་གྱིས་བརྒྱུད་པའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དབུལ་ཕོངས་ཀྱི་དབུལ་བ་སེལ་བར་གྱུར་ཅིག །ཤུ་བྷམསྟུ་སརྦ་ཛ་ག་ཏཾ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་འཁོར་ལོ་བྲི་ཐབས་རྫོགས་སོ། །མངྒ་ལཾ་བྷ་ཝནྟུ་ཤུ་བྷཾ། འདིའི་བེ་བུམ་གྱི་དཔེ་ཕྱོགས་འདིར་ཡོད་རྣམས་རྒྱུན་གཅིག་པ་ལྟ་བུར་སོང་བས་ཆད་ལྷག་དང་མ་དག་པའི་རིགས་ཕལ་ཆེར་འཆོས་མ་ཤེས་པས་དཔེ་ཁུང་དག་རྙེད་ན་ཞུ་དག་དཔྱིས་ཕྱིན་དགོས་པ་ཡོད་དོ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་སྣང་བ་མཐའ་ཡས་ཀྱི་ལས་ཚོགས་བླ་ཚེ་སླུ་བའི་ཆོ་ག་ཀུན་སྐྱོབ་དཔལ་འབར་ (Volume 20, Text 61)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། རིགས་བདག་སྣང་བ་མཐའ་ཡས་ཀྱི་ལས་ཚོགས་བླ་ཚེ་སླུ་བའི་ཆོ་ག་ཀུན་སྐྱོབ་དཔལ་འབར་ཞེས་བྱ་བ་བཞུགས་སོ། ། ཚེ་ཡི་རང་བཞིན་མི་འགྱུར་བ། །ཉམས་པ་འགུགས་པའི་བྱིན་རླབས་ཀྱི། །གཟི་བརྗིད་ལྕགས་ཀྱུ་མཁའ་མཐར་སྤྲོ། །བླ་མ་ཚེ་དཔག་མེད་ལ་འདུད། །དོན་ཟབ་ཁྱེར་བདེ་ཌཱ་ཀི་ནཱིའི། །ཞལ་གྱི་ངད་པ་མ་ཡལ་བ། །སྔགས་ཤེས་སྙིང་གི་དཔྱིད་འདི་ཡང་། །གཞན་ལ་ཕན་ཕྱིར་རྣམ་པར་བཀྲོལ། །དེ་ལ་འགྲོ་བ་རྣམས་ཀྱི་བླ་དང་ཚེ་སྲོག་ནི་པི་ཝཾ་གི་རྒྱུད་དང་སྒྲ་བཞིན་གནས་པར་གྲགས་ཤིང་། བླ་འགྱུར་མེད་དུ་བརྟན་ན་ཚེ་སྲོག་རིང་པོར་འཚོ་ལ། བླ་ཡར་ན་ཚེའི་གཏོད་ཕུར་གྲོལ་བ་དང་། ཅུང་ཟད་ཉམས་པས་ཀྱང་ནད་སོགས་ཚེའི་རྒྱུན་ལ་བར་དུ་གཅོད་པའི་རྐྱེན་འབྱུང་བ་གཙུག་ལག་གི་གཞུང་ལས་བཤད་ཅིང་། འོན་ཀྱང་སྔགས་ཀྱི་ཐབས་དང་རིག་པ་སྦྱར་བས་ཡར་བ་འགུགས་ཤིང་ཉམས་པ་གསོ་བ་སོགས་དཀའ་བ་མེད་པར་འགྲུབ་པ་ཡིན་པས་ཚུལ་འདི་ལ་འཇུག་པར་རིགས་ཏེ། རྩ་བའི་གཞུང་ལས། བླ་ནི་ཚེ་སྲོག་རྟེན་ཡིན་ཕྱིར༔ དེ་ཉིད་ཉམས་དང་ཡར་བ་དང༔ གདོན་བགེགས་འབྱུང་པོས་ཕྲོགས་པ་ལས༔ གློ་བུར་འཆི་བ་འབྱུང་བས་ན༔ སླུ་བའི་ཐབས་འདིར་བརྩོན་པར་བྱ༔ ཞེས་འབྱུང་ངོ་། །དེ་ལ་གསུམ། སྦྱོར་པ་བཅས་བཤམ་གྱི་བྱ་བ། དངོས་གཞི་གྱེར་བཟླས་ཀྱི་རིམ་པ། རྗེས་ལས་ཀྱི་མཇུག་བསྡུ་བའོ། །དང་པོ་ལ་བཞི། བླ་ཡི་རྟེན་བཅའ་བ། སླུ་བྱེད་གླུད་མདོས་བཤམ་པ། སྲུང་བའི་གོ་ཆ་བསྟར་བ། ཉེར་མཁོའི་ཡོ་བྱད་བསྡོག་པའོ། །དང་པོ་ནི། འཆི་མེད་ཚེའི་དཀྱིལ་འཁོར་གཏོར་མཆོད་བཀོད་པའི་བྱེ་བྲག་གཞུང་གསལ་དང་། གཞན་ཡང་སྐུ་རྟེན་སྤྱན་གཟིགས་སོགས་བག་དྲོ་ལྷུན་ཆགས་པ་བྱ། སླར་རྟེན་འབྲེལ་བརྟག་པའི་སྐབས་སྦྱིན་བདག་དངོས་ཉེ་དྲུང་དུ་ཡོད་ན་དེ་ཉིད་སྡོད་དགོས་པ་ཡིན་ཡང་། ལག་ལེན་བདེ་ཁྱད་དུ་དཀྱིལ་འཁོར་པའི་གཡོན་ཕྱོགས་སུ་གཙང་མའི་གདན་སེར་པོ་ལ་བསྒྲུབ་བྱའི་ཞྭའམ་གོས་དྲི་མ་ཅན་ཁམས་སྐྱེད་དར་རས་ཀྱིས་དྲིལ་བ་ཁྲུས་ཆབ་དང་སྤོས་ཀྱིས་བསངས་པ་དང་ལྷན་ཅིག །ཕོ་ལ་ཕོ་ལུག་རྐང་གཡས། མོ་ལ་མོ་ལུག་རྐང་པ་གཡོན་པའི་བླ་རྐང་དར་དམར་གྱིས་དྲིལ་བ་བཞག །དེའང་གོད་ཤ་སོགས་མ་ཡིན་པ་བཤས་ཤ་ལ་བྱེད། དེའི་མདུན་དུ་ཟངས་དཀར་སྐྱོན་མེད་ཁ་བལ་དཀར་གྱིས་དཀྲིས་པའི་ནང་དུ་ཆུ་སྣ་རྙོག་པ་མེད་པ་བླ་མཚོའི་ཚུལ་དུ་བླུགས་པའི་དབུས། ཁམས་མཐུན་གྱི་རྩིས་བྱུགས་པའི་ཕོར་པ་གས་ཆག་མེད་པར་མར་ཟན་ལ་ཆོས་སྨན་བསྲེས་པས་བླ་ལུག་ཕོ་མོའི་སྐྱེ་མཆེད་གོ་མ་ལྡོག་པ་ཁོང་སྟོང་དུ་བཅོས་པའི་སྙིང་གའི་ཐད་དུ་བླ་རྟེན་གསུམ་གཞུག་པ་ནི། སྲོག་གི་རྟེན་རྒྱ་ཤོག་ལ་གུར་གུམ་གྱིས་རྩ་སྔགས་ཤམ་བུར། ཧ་བཛྲ་ཨངྐུ་ཤ་དྷཱ་ཀི་ནཱི་ཛ༔ རི་རཏྣ་པཱ་ཤ་དྷཱ་ཀི་ནཱི་ཧཱུྃ༔ ནི་པདྨ་སྥོ་ཊ་དྷཱ་ཀི་ནཱི་བཾ༔ ས་ཀརྨ་གཎྜེ་དྷཱ་ཀི་ནཱི་ཧོ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ བིནྡྷུ་བྷྲཱུྃ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་བྷྲཱུྃ༔ མིང་འདི་ཞེས་བྱ་བའི་བླ་ཚེ་སྲོག་གསུམ་ཉམས་པ༔ ཡར་བ༔ བརྐུས་པ༔ ཕྲོགས་པ༔ ཁྱེར་བ་ཐམས་ཅད་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཞེས་བྲིས་པ་རང་སྔགས་དང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་ལ་དབུ་ནས་ནང་བསྟན་དུ་དྲིལ། བླ་རྟེན་བླ་གཡུ་འོད་འབར། ཚེ་རྟེན་ནས་དཀར་མོ་སྐྱོན་མེད་བསྒྲུབ་བྱའི་ལོ་གྲངས་བཅས་སྲོག་སྐྱེད་པའི་དར་གྱིས་དྲིལ་ཏེ་བླང་བཞག་བདེ་བའི་ཐབས་བྱས་ཏེ་གཞུག་གོ །གཉིས་པ་སླུ་བྱེད་གླུད་མདོས་ནི། ཟངས་གཞོང་སོགས་རིན་པོ་ཆེའི་སྣོད་དུ་འབྲུ་གཙང་མའི་ངར་ཕྱེ་ལ་བསྒྲུབ་བྱའི་འདྲ་གླུད་རབ་ཁྲུ་གང་། འབྲིང་རྐང་གང་། ཐ་མ་མཐོ་གང་ལས་མི་ཆུང་བ་མཛེས་ཤིང་སྐྱེ་མཆེད་རྫོགས་ལ་རང་མཐུན་ཞྭ་གོས་རྒྱན་གྱིས་སྤྲས་པ། ལག་གཉིས་ཡས་ལེན་གར་སྟབས་ཀྱི་ཕྱག་རྒྱ་ཅན། འཛོམ་ན་ཟེར་སྒྲོའི་སྐྲ །ལུང་ཏང་མིག །མགྲོན་བུའི་སོ། གྲོ་གའི་སྙན། དར་དམར་ལྗགས། ཁོག་སྟོད་གསེར། ཁོག་སྨད་གཡུ། ཞོ་ཤའི་སྙིང་། དབང་ལག་དང་ཟངས་ལྕགས་ཀྱིས་རྐང་ལག་ལ་སོགས་པ་གླུད་རབས་རྣམས་ནས་བཤད་པའི་རྫས་གནས་སོ་སོར་བླན། ཕོ་ལ་སྟག་པའི་བྱང་བུར་ཕོ་ཁྲམ་ལོ་གྲངས་བཏབ་པ་ཕྲག་གཡས་སུ་གཟུག །མོ་ལ་གླང་མའི་བྱང་བུར་མོ་ཁྲམ་ལོ་གྲངས་བཏབ་པ་ཕྲག་གཡོན་དུ་གཟུག །རྒྱབ་ཏུ་ཁམས་མཐུན་གྱི་འཕྲོད་ལྡན་འཇའ་རིས་ནམ་མཁའ་དང་རྒྱང་བུ། གཡས་སུ་མདའ་བཀྲ །གཡོན་དུ་འཕང་བཀྲ །མདུན་དུ་མར་མེ་གསུམ། མཐའ་བསྐོར་དུ་ཡུལ་མཁར་འདོད་ཡོན་དཀོར་ཆ་སྤྱན་གཟིགས་སྣ་ཚོགས་བྲིས་པའི་ཤིང་རིས་བཅུ་གསུམ་གཟུག །མ་འཛོམ་ན་འཇའ་རིས་ཀྱི་ཤིང་རིས་གཅིག་དང་། འདོད་ཡོན་རྣམས་ཟན་ལ་སྤར་དུ་བཏབ་སྟེ་བསྐོར། གང་ལྟར་མཐར་གླུད་ཆུང་སྤར་དུ་བཏབ་པ་བརྒྱ་རྩ་བརྒྱད། བཤོས་བུ་དེའི་གྲངས་མཉམ་མམ་བཅུ། ལུས་ལ་དྲིལ་བའི་ཟན་གྱི་ཆངས་བུ་སོགས་བཞག །གཡས་སུ་ལྷོ་རྫས་ཚོས་བཙོད་ཞུ་མཁན། གཡོན་དུ་བྱང་རྫས་ལན་ཚྭ་བུལ་ཏོག །རྒྱབ་ཏུ་ལ་རྫས་ཚྭ་ལ་དང་ལ་བཙས་ཀྱི་རྡོ། མདུན་དུ་ཀླུང་རྫས་གཡེར་སྒོག་དང་ཟམ་ཤིང་དུམ་བུ་སོགས་ཀྱང་བསགས། དར་ཟབ་རིན་པོ་ཆེའི་རིགས་བསྒྲུབ་བྱའི་འབྱོར་པ་དང་བསྟུན་པར་གླུད་དུ་བརྫང་ཞིང་། ཀུན་ལ་འབྲུ་སྣ། ཤེལ་ཚིག །ཟས་སྣ། གསེར་སྐྱེམས་ཀྱི་སྣོད་འཛོམ་ན་བཅུ། མ་འཛོམ་ན་གཅིག་དང་ཆང་རྒོད་གཙང་མ་འདུ་བྱས་ཏེ། དཀྱིལ་འཁོར་གྱི་མདུན་ཕྱོགས་སྟེགས་དམའ་བར་གླུད་མདོས་བཤམས་པའི་མདུན་དུ་གསེར་སྐྱེམས་ཀྱི་སྣོད་སོགས་བཀོད། ཞག་གྲངས་བསྒྲུབ་པའི་སྐབས་འབྱོར་པ་ཆེ་ན་གླུད་ཆུང་བརྒྱ་རྩ་ཉིན་རེ་བཞིན་བརྫང་གྲུབ་ན་ལེགས་པས་དེ་ལྟར་འདུ་བྱའོ། །གསུམ་པ་སྲུང་བའི་གོ་ཆ་བསྟར་བ་ནི། གསུང་རིག་པ་ལ་བརྟེན་ནས་ཚེ་བསྲིང་བའི་སྐབས་སུ་བཤད་པའི་སྲུང་བའི་འཁོར་ལོ་བཞི་ལྡན་དར་གྱིས་དྲིལ་བ་དཀྱིལ་འཁོར་དབུས་སུ་བཀོད་ལ་ཕྲིན་ལས་སྐབས་བསྐྱེད་བསྟིམ་ནན་ཏན་བྱ། དོ་གལ་ཆེ་ན་གྲི་ལྕགས་ཀྱི་སོར་གདུབ་གཉིས་བཅོས་ཏེ་དེ་མཉམ་བཞག །དེ་དག་མི་འགྲུབ་ན་དར་དམར་ལ་རྡོ་རྗེའི་མདུད་པ་བཏབ་པ་ཙམ་བཀོད་དོ། །བཞི་པ་ཉེར་མཁོའི་ཡོ་བྱད་ནི། སྔོན་གཏོར་དང་རྒྱུན་གྱི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། སྤྲོས་པ་ལ་དགའ་ན། རྟེན་ལ་བརྟག་པ་ལ་མཁོ་བའི་ལྷ་གཟུགས་ཐོད་དཀར་པོ་བཅིངས་ཤིང་འཇོལ་བེར་དཀར་པོ་ཞི་འཛུམ་ཅན། བདུད་གཟུགས་ཐོད་དང་བེར་ནག་ཁྲོ་གཉེར་ཅན། རང་མདོག་དར་མདུང་རེ་དྲུང་དུ་བཞག་པ་དང་ཤྭ་དཀར་ནག་ཤྭ་གདན་བཅས། རྡེའུ་དཀར་ནག་རྣམས་དང་། མེ་ཏོག་གུ་གུལ་སྤོས་རོལ་སོགས་ཚགས་སུ་ཚུད་པར་བྱའོ། །གཉིས་པ་དངོས་གཞི་ལ་བཞི། ཕྲིན་ལས་ཀྱི་གཞུང་བསྲང་བ། ལས་སྦྱོར་ཀྱི་བཟླས་དམིགས་ཁྱད་པར་དུ་བྱ་བ། བླ་བདུད་ལ་ཡས་སྟགས་བསྔོ་བ། བླ་འགུགས་ཤིང་ཚེ་སྦ་བའོ། །དང་པོ་ནི། ཚེའི་ཕྲིན་ལས་རྒྱས་པར་བཏང་སྟེ་གཙོ་འཁོར་བསྙེན་བཟླས་ཅི་འགྲུབ་བྱའོ། །གཉིས་པ་ནི། གཞུང་གི་བཟླས་པ་འོས་འཚམ་སྟོང་ཚིགས་བཅས་གྲུབ་པ་དང་། རང་ཉིད་དཀྱིལ་འཁོར་གཙོ་བོ་ལས༔ འོད་འཕྲོས་མགྱོགས་མའི་ཐུགས་རྒྱུད་བསྐུལ༔ དེ་དག་ཐུགས་ནས་འོད་ཟེར་དང༔ སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ༔ བསྒྲུབ་བྱའི་བླ་ཚེ་ཉམས་པ་དང༔ བརྐུས་དང་ཕྲོགས་དང་ཁྱེར་བ་རྣམས༔ རང་དབང་མེད་པར་བསྡུས་བྱས་ཏེ༔ འོད་ཟེར་འཇའ་ཚོན་སྣ་ལྔ་དང༔ ཐིག་ལེ་ཡིག་འབྲུའི་རྣམ་པ་ཡིས༔ རྟེན་དང་རྫས་ལ་ཐིམ་པའི་མོད༔ བླ་ཚེ་ཉམས་པ་སོར་ཆུད་ནས༔ འཆི་མེད་ཚེ་དབང་འགྲུབ་པར་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཧ་རི་ནི་ས་དྷཱ་ཀི་ནཱི་ཛཿཧཱུྃ་བཾ་ཧོ༔ ཚེ་བྷྲཱུྃ༔ གཡུ་བྷྲཱུྃ༔ བིནྡྷུ་བྷྲཱུྃ༔ ཨཱ་ཡུར་པུཎྱེ་ཛྙཱ་ན་བྷྲཱུྃ༔ ཞེས་དམིགས་བཟླས་ཀྱི་དངོས་གཞི་ཡིན་པས་ཅི་འགྲུབ་བྱའོ། །ཐུན་མཐར་གསོལ་གདབ་དང་ཚེ་འགུགས་བྱ་བ་ནི་ཉམས་སུ་ལེན་བྱའི་དངོས་གཞི་ཡིན་པས་ཐུན་གསུམ་མམ་བཞི་གང་བྱེད་ལ། ཐོག་མར་ཐུན་གཅིག་གོང་སྨོས་ལྟར་དང་། ཐུན་རྗེས་མ་རྣམས་ལ་ལས་བྱང་གི་མཚམས་སྲུང་ནས་ཚེ་འགུགས་ཀྱི་བར་དུ་བསྐྱར། ཐུན་ཕྱི་མར་ཚེ་འགུགས་གྲུབ་པ་དང་ཚོགས་འཁོར། སྤྱི་བྱེ་བྲག་གི་གཏོར་འབུལ་བཅས་རྫོགས་པར་བྱའོ། །གསུམ་པ་བླ་བདུད་ལ་ཡས་སྟགས་བསྔོ་བ་ལ་གསུམ། བྱིན་གྱིས་བརླབ་པ། མགྲོན་འགུགས་པ། ཡས་སྟགས་བསྔོ་བའོ། །དང་པོ་ནི། བདག་ཉིད་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོ། རྣམ་པ་ལས་བྱེད་ཀྱི་ལྷ་སོ་སོའི་ང་རྒྱལ་དུ་འཕོས་ལ། བདག་ཉིད་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱག་རྒྱའི་ཡི་གེ་ཨ་དཀར་ལས། །འོད་འཕྲོས་གཏོར་རྫས་དངོས་འཛིན་གྱི། །དྲི་མ་སྦྱངས་ནས་སྟོང་པར་གྱུར། །ཐལ་མོ་ཁོང་སྟོང་སྦྱར་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾཿ ལན་གསུམ་རེ་རེ་བཞིན་ཕྱག་རྒྱ་བཀྲོལ་ནས་སེ་གོལ་གཏོགས་པ་ཕྱི་མ་རྣམས་ལའང་འགྲེ །ཆོས་ཉིད་རྣམ་དག་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་ཀྱི། །འབག་བཙོག་ཉམས་གྲིབ་ཉེས་སྐྱོན་དང་། །མཚན་འཛིན་དྲི་མ་དག་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྣམ་སྣང་མཛད། །ཕྱག་རྒྱའི་ཡི་གེ་ཁཾ་སྔོན་ལས། །འོད་འཕྲོས་གཏོར་རྫས་ཟད་མེད་མཛོད། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཐལ་མོ་སྦུབ་སྟོང་དུ་སྦྱར་བའི་ཚིགས་བར་པ་རྣམས་བཅག་པ་རིན་ཆེན་སྒྲོམ་བུའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བསྐལ་པའི་བར་དུ་ཟད་མི་ཤེས། །རྒྱ་ཆེ་ནམ་མཁའ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་བདུད་རྩི་འཁྱིལ། །ཕྱག་རྒྱའི་ཡི་གེ་ཧྲཱིཿདམར་ལས། །འོད་འཕྲོས་གཏོར་རྫས་ཡེ་ཤེས་ཀྱི། །བདུད་རྩི་ཆེན་པོའི་རང་བཞིན་གྱུར། །མཐེ་བོང་བསྣོལ། སོར་མོ་གཞན་རྣམས་གཤོག་པ་ལྟར་གདེངས་པ་ཁའི་ཐད་དུ་བཞག་ལ། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། བདུད་རྩི་ཐལ་སྦྱོར་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །བདུད་རྩི་ཡེ་ཤེས་ལྔ་ཡི་དངོས། །འཆི་གསོས་དུག་ལྔའི་སྨན་གྱུར་ཅིག །བདག་ཉིད་བཅོམ་ལྡན་རིན་ཆེན་འབྱུང་། །ཕྱག་རྒྱའི་ཡི་གེ་ཏྲཱཾ་སེར་ལས། །འོད་འཕྲོས་གཏོར་རྫས་འདོད་ཡོན་ལྔ། །སོ་སོའི་མོས་པ་ཇི་བཞིན་གྱུར། །ལག་པ་གཉིས་མཛུབ་མོ་བསྒྲེངས་པའི་ཁུ་ཚུར་གཡོན་སྙིང་གར་བཞག །གཡས་བརྐྱང་ཏེ་རྫས་ལ་གཏོད་པའི་ཚུལ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། རྒྱ་ཆེན་ཤུགས་ལྡན་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་གཏོར་རྫས་རྣམས། །དབང་པོའི་སྤྱོད་ཡུལ་ཚིམ་བྱེད་པའི། །འདོད་ཡོན་སྣ་ཚོགས་ཆར་འབེབ་ཤོག །བདག་ཉིད་བཅོམ་ལྡན་དོན་ཡོད་གྲུབ། །ཕྱག་རྒྱའི་ཡི་གེ་ཧཱ་ལྗང་ལས། །འོད་འཕྲོས་མཆོག་དམན་སྐལ་པ་བཞིན། །འཐབ་རྩོད་མེད་པ་ཐོབ་པར་གྱུར། །ལག་གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱས་སྣོད་འདེགས་པའི་ཚུལ་བྱས་ལ།་་་འདི་གོ་ལྡོག་པའང་སྣང་། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རྣམས་ཀུན། །ཕམ་རྒྱལ་འཁྲུགས་རྩོད་མེད་པར་ཐོབ། །དགྱེས་ཤིང་རེ་བ་གང་གྱུར་ཅིག །བདག་ཉིད་བཅོམ་ལྡན་རྡོ་རྗེ་འཛིན། །ཕྱག་རྒྱའི་ཡི་གེ་ཛཿདམར་ལས། །འོད་འཕྲོས་མགྲོན་རྣམས་དབང་དུ་འདུས། །ཕྲིན་ལས་གང་འདོད་སྒྲུབ་པར་གྱུར། །ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་ཁུ་ཚུར་ངོས་མཐེ་བོང་གཉིས་བཤིབས་ཏེ་བརྐྱང་པ་སྤྱི་བོར་བསྐོར་ཏེ། ན་མཿས་མནྟ་བུདྡྷཱ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྔགས། །ཏིང་འཛིན་བདེན་པས་མགྲོན་རིགས་ཀུན། །བདག་གི་དབང་འདུས་གང་བཅོལ་ལས། །སྒྲུབ་པའི་སྡོངས་གྲོགས་མཛད་གྱུར་ཅིག །མཐར། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ལན་ཆགས་མགྲོན་རྣམས་བརྔན་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབ་བོ། །གཉིས་པ་མགྲོན་འགུགས་པ་ནི། སྤོས་གསུར་རོལ་མོ་དབྱངས་སྙན་བཅས། ན་མོ༔ བྱིན་རླབས་རྩ་བ་བླ་མ་དང༔ རྐང་གཉིས་གཙོ་བོ་རྫོགས་སངས་རྒྱས༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་གྱི༔ བདེན་པའི་སྟོབས་དང་མཐུ་རྩལ་གྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ བླ་དང་ཚེ་ལ་བརྐུ་བ་དང༔ སྲོག་གཅོད་མདངས་འཕྲོག་འཆི་བདག་བདུད༔ གདོན་བགེགས་འབྱུང་པོའི་སྡེ་ཚོགས་ཀུན༔ མཐུན་པའི་ཡས་ལ་སྤྱན་འདྲེན་ན༔ ཞི་ཞིང་ཕན་པའི་སེམས་བསྐྱེད་ནས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ སརྦ་ལོ་ཀ་བིགྷྣཱན་ཨཱ་ཀརྵ་ཡ་ཛ་ཛ༔ ཞེས་སྤྱན་དྲངས་པས། བདུད་ཆེན་བཞི། བགེགས་ཀྱི་རྒྱལ་པོ། བླ་གཤེད་སྡེ་གཉིས་གཙོ་བོར་གྱུར་པའི་ཐོག་མ་མེད་པ་ནས་ལན་ཆགས་ཤིང་བླ་དང་ཚེ་སྲོག་རྐུ་འཕྲོག་བཅོམ་པའི་གདོན་བགེགས་ཐམས་ཅད་མདུན་དུ་ན་བུན་འཐིབས་པ་ལྟར། བྱམས་པའི་སེམས་དང་ལྡན་པས་བདག་གིས་ཅི་བསྒོ་བའི་བཀའ་ཉན་ཅིང་གླུད་ཡས་རྣམས་མགུ་བའི་ཡིད་ཀྱིས་ལེན་པར་གྱུར། གསུམ་པ་ཡས་སྟགས་བསྔོ་བ་ལ་གཉིས། རྒྱུད་ཀྱི་རྡོ་རྗེའི་ཚིག་གིས་སྤྱིར་བསྔོ་བ་དང་། བླ་བདུད་སོ་སོ་ལ་སྨྲེང་ནས་བཀྲོལ་ཏེ་རྒྱས་པར་བསྔོ་བའོ། །དང་པོ་ནི། གླུད་ཆུང་བརྒྱ་རྩ་ཉིན་རེ་བཞིན་བརྫང་རྒྱུ་ཡོད་སྐབས། གཏོར་ཆེན་མདུན་ལྕོགས་སྟེགས་ལྟ་བུར་སྣོད་རེ་རེ་བཞིན་བཤམས་ལ་འདོན་ཚིག་དང་བསྟུན་ཆུ་སྦྲེང་བ་དང་། ཚིག་མཐར་སྣོད་ཆེན་གཞན་དུ་བླུགས། གྲངས་རྫོགས་པ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ། ཟུར་དུ་མ་འཛོམ་ན་གླུད་ཆེན་མཐར་བཀོད་པ་རྣམས་ལ་དམིགས་ཏེ་གང་ལྟར་ཐོག་མར། ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བྱིན་བརླབས། གཤེགས་བཞིའི་མཚན་བརྗོད། སམྦྷཱ་ར་ལན་བདུན་གྱིས་བསྔོས་ལ། ཧཱུྃ༔ ཁྱེར་ཅིག་ཁྱེར་ཅིག་འབྱུང་པོ་རྣམས༔ མི་བས་གླུད་བཟང་འདི་ཁྱེར་ལ༔ རྒྱུ་སྦྱོར་ཡོན་བདག་བླ་ཚེ་ལ༔ སྲེད་དང་ཆགས་དང་ཞེན་པ་དང༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཅེས་གླུད་རེ་རེ་བཞིན་ཚིགས་བཅད་ཚར་རེ་རེ་སྟེ་བརྒྱ་རྩ་བརྒྱད་ཚང་བར་བྱའོ། །གཉིས་པ་སྨྲེང་བཀྲོལ་ཏེ་རྒྱས་པར་བསྔོ་བ་ནི། དབྱངས་རོལ་བཅས། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ སྟེང་འོག་གཉིས་ཀྱི་བླ་བདུད་ནི༔ ཚངས་པ་ཉི་ཟླ་ལྟོ་འཕྱེ་ཆེ༔ དབང་ཆེན་ལ་སོགས་གདོན་གྱི་སྡེ༔ གཟའ་དང་རྒྱུ་སྐར་དཔལ་མགོན་འཁོར༔ འགྲམ་འཁྲུག་བྱེད་པ་ལྔ་སེར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་བསླུ་བའི་ཕྱིར༔ རིན་ཆེན་སྣ་ཚོགས་གཞོང་པའི་ནང༔ ངར་གྱི་མི་ཕོ་གཟུགས་མཛེས་པ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་པས༔ ཁམས་དང་སྐྱེ་མཆེད་ལྷུན་གྱིས་གྲུབ༔ ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལས༔ བློ་གྲོས་སྟོབས་རྩལ་ཕུན་སུམ་ཚོགས༔ དཀའ་ཞིང་དཀོན་པས་བཙལ་བ་ཡི༔ འཇིག་རྟེན་འདོད་རྒུའི་ནོར་གྱིས་བསྐོར༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ གཞན་ཡང་ནམ་མཁའ་གཞལ་ཡས་ཁང༔ རྒྱང་བུ་འཕན་གདུགས་རྒྱལ་མཚན་ཏེ༔ མདའ་བཀྲ་སྐྱེས་པ་སྟག་ཆས་དང༔ འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན༔ ཤེལ་ཚིག་ཁྲི་དཀར་རྟ་ནོར་ལུག༔ དར་ཟབ་ན་བཟའ་སྤྲིན་ལྟར་གཏིབས༔ བཤོས་བུ་ཞལ་ཟས་རི་ལྟར་སྤུངས༔ གསེར་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལ༔ མདོར་ན་ཕྱི་ནང་སྣོད་བཅུད་ཀྱི༔ འདོད་ཡོན་ཐམས་ཅད་མདོས་སུ་བཤམས༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ ཕན་པའི་སེམས་ཀྱིས་བཞེས་ནས་ཀྱང༔ བུ་ལོན་ལན་ཆགས་བྱང་བ་དང༔ འཁོན་པ་དང་ནི་འཁྲུགས་པ་ཞི༔ འགྲས་པ་ཟླུམས་ལ་བླ་ཚེ་གཏོད༔ ཞི་དང་བཀྲ་ཤིས་མཛད་དུ་གསོལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ ཤར་གྱི་ཕྱོགས་ཀྱི་བླ་བདུད་ནི༔ དྲི་ཟ་ལག་ན་རྡོ་རྗེ་ཐོགས༔ དཀར་པོ་ལྷ་གདོན་ཚོགས་ཀྱིས་བསྐོར༔ བདུན་ཟུར་བྱེད་པ་སྟག་ཡོས་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཟིན༔ འགྲམ་འཁྲུག་བྱེད་པ་གསུམ་མཐིང་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས་གོང་གིས་འགྲེ །ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ ཤར་ལྷོ་ཕྱོགས་ཀྱི་བླ་བདུད་ནི༔ མེ་ལྷ་ལག་ན་ཕྲེང་བ་ཐོགས༔ ནག་པོ་བདུད་སྡེའི་ཚོགས་ཀྱིས་བསྐོར༔ བདུན་ཟུར་བྱེད་པ་འབྲུག་གི་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཟོན༔ འགྲམ་འཁྲུག་བྱེད་པ་བཞི་ལྗང་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ལྷོ་ཡི་ཕྱོགས་ཀྱི་བླ་བདུད་ནི༔ གཤིན་རྗེ་ལག་ན་བེ་ཅོན་འཆང༔ སེར་པོ་གཤིན་རྗེའི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་རྟ་སྦྲུལ་ལོ༔ དེ་ལ་འཁོར་བའི་སྤར་ཁ་ལི༔ འགྲམ་འཁྲུག་བྱེད་པ་དགུ་དམར་ཏེ༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ལྷོ་ནུབ་ཕྱོགས་ཀྱི་བླ་བདུད་ནི༔ སྲིན་པོ་ལག་ན་ནད་རྐྱལ་ཐོགས༔ དམར་པོ་བཙན་གྱི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་ལུག་གི་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཁོན༔ འགྲམ་འཁྲུག་བྱེད་པ་གཉིས་ནག་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ནུབ་ཀྱི་ཕྱོགས་ཀྱི་བླ་བདུད་ནི༔ ཆུ་བདག་ལག་ན་སྦྲུལ་ཞགས་ཐོགས༔ སྔོན་པོ་ཀླུ་གདོན་ཚོགས་ཀྱིས་བསྐོར༔ བདུན་ཟུར་བྱེད་པ་བྱ་སྤྲེལ་ལོ༔ དེ་ལ་འཁོར་བའི་སྤར་ཁ་དྭ༔ འགྲམ་འཁྲུག་བྱེད་པ་བདུན་དམར་སོགས། གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ནུབ་ཀྱི་ཕྱོགས་ཀྱི་བླ་བདུད་ནི༔ རླུང་ལྷ་ལག་ན་བ་དན་ཐོགས༔ ཁྲོ་བོ་མ་མོའི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་ཁྱི་ཡི་ལོ༔ དེ་ལ་འཁོར་བའི་སྤར་ཁ་ཁེན༔ འགྲམ་འཁྲུག་བྱེད་པ་དྲུག་དཀར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ བྱང་གི་ཕྱོགས་ཀྱི་བླ་བདུད་ནི༔ གནོང་སྦྱིན་ལག་ན་ནེའུ་ལེ་ཐོགས༔ ལྗང་གུ་རྨུ་ཡི་གདོན་གྱིས་བསྐོར༔ བདུན་ཟུར་བྱེད་པ་བྱི་ཕག་སྟེ༔ དེ་ལ་འཁོར་བའི་སྤར་ཁ་ཁཾ༔ འགྲམ་འཁྲུག་བྱེད་པ་གཅིག་དཀར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ བྱང་ཤར་ཕྱོགས་ཀྱི་བླ་བདུད་ནི༔ དབང་ལྡན་ལག་ན་ལྕགས་ཀྱུ་ཐོགས༔ ཐལ་སྐྱ་རྒྱལ་པོ་ཐེ་བྲང་བསྐོར༔ བདུན་ཟུར་བྱེད་པ་གླང་གི་ལོ༔ དེ་ལ་འཁོར་བའི་སྤར་ཁ་གིན༔ འགྲམ་འཁྲུག་བྱེད་པ་བརྒྱད་དཀར་སོགས༔ གདོན་ཆེན་མ་ལུས་ཐམས་ཅད་ལ༔ རྒྱུ་སྦྱོར་མི་བུ་སོགས། ཞེས་སོ་སོར་བསྔོས་ལ་མཚམས་རྣམས་སུ་ཤེལ་ཚིག་འཐོར་ཞིང་གསེར་སྐྱེམས་བསྟབ་པར་བྱའོ། །བཞི་པ་བླ་འགུགས་ཤིང་ཚེ་སྦ་བ་ལ་གཉིས། དང་པོ་བླ་འགུགས་པའི་སྔགས་ནི། བདག་མདུན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་ནས་འོད་ཟེར་དཀར་པོ་ནི༔ ཞི་ཞིང་བདུད་རྩིའི་རང་བཞིན་འཕྲོས༔ གདོན་ཚོགས་རྣམས་ལ་ཕོག་པ་ཡིས༔ རབ་ཞི་བྱང་ཆུབ་སེམས་ལྡན་གྱུར༔ འོད་ཟེར་ཚུར་འདུས་ལྷན་ཅིག་ཏུ༔ དེ་རྣམས་ལག་ནས་རྒྱུ་སྦྱོར་གྱི༔ བླ་ཚེ་བརྐུས་ཕྲོགས་ཡར་བ་ཀུན༔ བླ་རྟགས་ཨ་ནྲྀ་བྷྲཱུྃ་ཡིག་དང༔ ཐིག་ལེ་དཀར་འཚེར་སྣུམ་པའི་གཟུགས༔ འོད་ཟེར་འཇའ་ཚོན་དང་བཅས་བཀུག༔ རྟེན་དང་བསྒྲུབ་བྱར་དབྱེར་མེད་ཐིམ༔ བླ་ཚེ་ཉམས་པ་སོར་ཆུད་ཅིང༔ བརྟན་གཡོའི་ཚེ་དཔལ་ཐོབ་པར་གྱུར༔ ཞེས་མོས་ལ། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷཱི་ཏྲ་སློང་སློང་ནྲྀ་ཁུག་ཛཿཛ༔ ཞེས་པ་སྟོང་རྩ་བཟླས་མཐར་བདེན་སྟོབས་དམོད་པས་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། མ་ཧཱ་གུ་རུ་པདྨ་ཚེ་དཔག་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྡོད་ཆོས་སྐྱོང་མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་། གྲོང་ཁྱེར་ཆེན་པོའི་སྲང་མདོ། ཁྲོམ་ཆེན་པོའི་འདུ་ས། ལྷ་སྲིན་གདུག་རྩུབ་ཅན་གནས་པའི་ས་ནས། ཚེ་དང་ལྡན་པའི་མིང་རུས་ལོ་རྟགས་འདི་ཞེས་བྱ་བའི་བླ་ཚེ་ཉམས་པ་དང་། ཡར་པ་དང་། སྟོར་པ་དང་། བྲོས་པ་དང་། འཁྱམས་པ་དང་། གདོན་ཆེན་གྱིས་ཕྲོགས་པ། གདོན་ཆུང་གིས་བརྐུས་པ། བྱད་མ་ལྷ་སྲུང་གིས་ཁྱེར་པ་ཐམས་ཅད་ད་ལྟ་ཉིད་དུ་རང་གནས་སུ་ཁུག་ཅིག །ཅེས་ལན་གསུམ་བརྗོད་ལ། སྤྲོ་ན་ཕྱག་རྒྱུན་ལྟར་ལས་རྡོར་གྱིས་མདའ་དར་ཁྱེར་ལ་སྐད་གསང་ཇི་ལྟར་འོས་པས་ཐོག་ཁང་ལྟ་བུ་ནས་གོང་སྨོས་ཚིག་གིས་ནངས་ནུབ་གུང་གཉིས་ལ་ཕྱོགས་བཅུར་འབོད། །གཉིས་པ་ཚེ་སྦ་བསྟིམ་ནི། འོད་ཀྱིས་ལུས་གང་སོགས་ནས། ཆོས་ཀྱི་དབྱིངས་སུ་ཚེ་སྦ་བའི་བར་དང་། རྗེས་ཀྱི་བྱ་བ་དམ་ཅན་གཏོར་འབུལ། མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་ལས་བྱང་དུ་བསྟན་པ་བཞིན་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལའང་བཞི། རྟེན་འབྲེལ་གྱི་པྲ་ལྟས་བརྟག་པ། གླུད་གདོན་གནས་སུ་བརྫང་བ། སྦྱིན་བདག་ལ་བླ་རྟེན་གཏད་པ། ཆོ་གའི་རྗེས་རིམ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གསུམ། བླ་ལུག་ལ་བརྟག་པ། ཤྭ་ལ་བརྟག་པ། རྡེའུ་ལ་བརྟག་པའོ། །དང་པོ་ནི། དངོས་གཞིའི་སྒྲུབ་པ་ནན་ཏན་དུ་བྱས་པས། ཉི་ཟླ་ཤར་བ། ཁང་མཁར་བརྩིག་པ་སོགས་ཚེ་འཕེལ་བའི་ལྟས་སྤྱི་དང་། ཁྱད་པར་གཡུ་རྙེད་པ། བསྒྲུབ་བྱ་གོས་བཟང་གྱོན་པ། ཤིང་བྲག་ཆུ་སོགས་བེམ་པོ་དང་། ཤ་རྐྱང་དྲེལ་སོགས་སྲོག་ཆགས་རང་རང་རུས་རིགས་ཀྱི་བླ་རྟགས་དངོས་སམ། སྤྱི་ཙམ་དུ་ར་ལུག་རྟ་སོགས་འཇིགས་པ་ལས་སྐྱོབ་པ་རྣམས་ཉམས་སམ་རྨི་ལམ་དུ་བྱུང་ན་དོན་འགྲུབ་པ་ཡིན་པས་ཕྱིའི་པྲ་ལྟས་མ་བརྟག་ཀྱང་ཆོག་ལ། ནང་རྟགས་མ་མཐོང་བའམ་མཐོང་རུང་ཡིད་ཆེས་བསྐྱེད་པའི་ཆེད་དུ་ལྟས་བརྟག་པར་སྤྲོ་ན། སྒྲུབ་པ་གྲོལ་རན་པ་དང་གོང་གི་བདེན་སྟོབས་ཀྱི་འགུགས་གཞུག་སྐབས་སུ་ཤིང་བུ་གཙང་མས་བླ་མཚོ་གཡས་སུ་དལ་བུས་བསྐོར་ལ་བླ་ལུག་གི་སྣོད་བཞག་པས། མཐར་བླ་རྟེན་ལ་ཕྱོགས་ཏེ་སྡོད་ན་ཐེ་ཚོམ་མེད་པར་བླ་ཚེ་ཁུག་པའི་རྟགས་ཡིན་པས་བཟང་། ལུག་གི་གཡས་བསྟན་ན་འབྲིང་དུ་བརྩི། གཡོན་དང་རྒྱབ་བསྟན་ན་ངན་པས་ལན་གསུམ་བསྐྱར་ཏེ་བསྐོར། གསུམ་ག་ལ་ངན་ན་རྩུབ་པར་བཤད་དོ། །གཉིས་པ་ཤྭ་ནི། དཀྱིལ་འཁོར་གྱི་མདུན་གཡས་སུ་གདན་དཀར་པོ་ལ་ལྷའི་གཟུགས། གཡོན་དུ་གདན་ནག་པོའི་ཁར་བདུད་གཟུགས། །མདུན་སོ་སོར་ཤྭ་དཀར་ནག་བསྒྲིག །འཕེན་པ་པོ་སྦྱིན་བདག་དངོས་དང་། དེའི་བདུན་ཟུར་ལོ་པ་ཞིག་གམ། དེར་བརྟག་པའི་རང་གཞན་གྱི་ཁྱེའུ་གཙང་མ་རེའང་འཁོད། སྒྲུབ་པ་པོ་ཞྭ་གོས་ཀྱི་གཟི་བྱིན་དང་ལྟ་སྒོམ་གྱི་གདིང་ཚད་བསྐྱེད་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ་གྱིས་བྱིན་བརླབས། ཧཱུྃ༔ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་རིག་འཛིན་ཁྲག་འཐུང་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་སྐྱེད་ཅིག༔ ཅེས་ཚིག་མཚམས་གསུམ་དུ་གསེར་སྐྱེམས་འཐོར་ལ་བདེན་པ་བདར་བ་ནི། ཧཱུྃ༔ བསླུ་མེད་དཀོན་མཆོག་རིན་ཆེན་དང༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ མཁྱེན་བརྩེས་དགོངས་ཤིག་གྲོགས་ལ་བྱོན༔ མདུན་གྱི་ནམ་མཁར་མངོན་སུམ་བཞུགས༔ དེ་རིང་ལྷ་བདུད་རྒྱལ་གཅིག་རྩོད༔ སྣང་སྲིད་ལྷ་འདྲེས་སྤྱན་གྱིས་གཟིགས༔ དཀོན་མཆོག་བདེན་ན་དཀར་པོ་རྒྱལ༔ དེ་མིན་ནག་པོ་རྒྱལ་བ་ཡིན༔ དཀོན་མཆོག་བཀའ་ཡི་བདེན་པ་ཡིས༔ ལྷ་ཤྭ་དཀར་པོ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་རོལ་མོ་བསྒྲགས་ལ། ལྷ་རྒྱལ་ལོ། ཞེས་སྐད་གསང་མཐོན་པོས་བརྗོད་པ་དང་ཆབས་ཅིག་ལྟོས་པ་མེད་པར་ཤྭ་དཀར་ནག་ལྷན་ཅིག་འཕངས་པས་དཀར་པོ་རྒྱལ་ན་བླ་ངེས་པར་ཁུག་པའི་རྟགས་ཡིན་པས་བསྐྱར་མི་དགོས། ནག་པོ་རྒྱལ་ན་ལན་གསུམ་བསྐྱར། མདའ་དར་མདུང་དཀར་པོ་བསླངས་ཏེ་ལྷའི་ལག་ཏུ་བཙུགས་པ་དང་། རྒྱལ་མིག་གྱེན་བསྟན་གྱིས་ཤྭ་དཀར་པོ་གདན་བཅས་བླ་རྟེན་རྩར་ཡར་གྱུས་ལ་བཞག །དར་མདུང་ནག་པོ་བསྙལ་པ་འདྲེ་གཟུགས་ལག་ཏུ་གཏད་པ་དང་། ཕམ་མིག་ཞུམ་བསྟན་གྱིས་ཤྭ་ནག་པོ་གདན་བཅས་གླུད་ཆེན་གྱི་རྒྱབ་ངོས་སུ་བཞག་གོ །གསུམ་པ་རྡེའུ་ནི། སྤྲོས་པ་ཆེ་ན་སླར་ཡང་གོང་ལྟར་གསེར་སྐྱེམས་མཆོད། བསྡུ་ན་མི་དགོས། ཧཱུྃ༔ བསླུ་མེད་དཀོན་མཆོག་སོགས་བདེན་སྟོབས་ནང་། ལྷ་ཤྭ་ཞེས་པའི་མལ་དུ། ལྷ་རྡིལ་ཞེས་བསྒྱུར་ལ་རྡེའུ་དཀར་ནག་བླ་མཚོ་ལ་དོར་བ་སྦྱིན་བདག་ལ་ལེན་དུ་བཅུག་པས་དཀར་པོ་ཐོན་ན་བླ་ཁུག་ཅིང་ཚེའི་བར་ཆད་ཞི་བའི་ལྟས་སུ་བཟུང་། ནག་པོ་ཐོན་ན་བསྐྱར་ལ་བརྟག །དེ་ལྟར་པྲ་ལྟས་བརྟགས་པས། བརྟག་པ་ལན་གསུམ་གྱི་དང་པོ་ངན་ལ་ཕྱི་མ་གཉིས་བཟང་ན་འཕྲལ་ཉེར་འཚེ་ཙམ་ལས་ཕུག་ཉེས་སྐྱོན་མེད་པར་སྟངས་བཅད། དང་པོ་གཉིས་བཟང་ལ། ཕྱི་ནས་གཅིག་ངན་ན་འཕྲལ་ཉེས་སྐྱོན་མེད་ཀྱང་ཕུག་ཡུལ་ཅུང་ཟད་དོགས་པར་སྨྲ། དང་པོ་གཉིས་ངན་ལ་ཕྱི་མ་གཅིག་བཟང་ན་རིམ་གྲོ་ཤིན་ཏུ་ཆེ་བ་བྱས་ན་ཉེས་པ་མེད་ཙམ། དང་པོ་གཅིག་བཟང་ལ་ཕྱི་མ་གཉིས་ངན་ན་འཕྲལ་སྐྱོན་ཆུང་བ་ལྟར་སྣང་ཡང་ཕུག་ཤིག་ཏུ་འཛེར་དོགས་ཆེ་བ་དང་། བར་རྣམས་ལ་ཧ་ཅང་གསལ་བར་སྨྲ་མི་བཏུབ་པས་རིག་པས་དཔག་ལ་ཁ་དམར་གདགས་ཏེ་རྩུབ་ན་ཚོད་དང་སྦྱར་བའི་རིམ་གྲོ་འབོགས་པ་དང་། འབྱོར་ལྡན་སྒྲུབ་ཆ་ཆེ་བའི་རིགས་ལ་འཆི་བདག་གཏོར་ཆེན་སྔོན་དུ་འགྲོ་བས། སླར་ཚེ་སྒྲུབ་བླ་སླུ་ལན་གསུམ་ལ་སོགས་པ་བསྐྱར་ན་དུས་ལ་བབས་པ་མ་གཏོགས་འཕྲལ་རྐྱེན་ངན་པ་ལས་མི་གྲོལ་མི་སྲིད་དོ། །བརྟག་པ་གསུམ་པོ་དེ་གྲོལ་ཉིན་ཁོ་ནར་གོ་རིམ་ལྟར་བྱེད་པར་བསྟན་ཀྱང་ད་ལྟའི་ཕྱག་རྒྱུན་ལྟར་ན་བདུན་སྒྲུབ་ལྟ་བུའི་ཚེ་ཉིན་ལྔ་པའི་ཐུན་མཐར་བླ་ལུག །དྲུག་པར་ཤྭ། བདུན་པར་རྡེའུ་ལ་བརྟག་པ་ཉིད་སྟབས་བདེ་བར་མངོན། སྤྲོས་པ་བསྡུ་ན་གོང་གསལ་བླ་ལུག་བརྟག་པ་ཙམ་ལས་ཤྭ་དང་རྡེའུར་བརྟག་པ་དོར་ཡང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །ལེགས་པའི་རྟགས་རྣམས་བྱུང་བའམ་རྟེན་འབྲེལ་ཙམ་དུ་བྱུང་བར་བྱེད་ལ། ཕྱེ་མར་གྱི་ཕུད་དཀོན་མཆོག་ལ་མཆོད་ཅིང་རྣལ་འབྱོར་དང་སྦྱིན་བདག་ཞལ་བསྲོ། དཀར་གསུམ་གྱི་སྐྱེམས་དྲངས། ཁ་བརྡ་ལེགས་པར་བརྗོད་པར་བྱའོ། །གཉིས་པ་གླུད་གདོན་གནས་སུ་བརྫང་བ་ལ་གཉིས། གླུད་ཡས་ཀྱི་ལམ་དབྱེ་བ། གདོན་ལ་ལམ་བསྟན་པའོ། །དང་པོ་ནི། རྔོན་ཆ་དང་ལྡན་པའི་གསེར་སྐྱེམས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་མ། །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ། །གསེར་སྐྱེམས་ཡེ་ཤེས་བདུད་རྩིས་མཆོད། །རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས། །ཆོས་སྐྱོང་དཔལ་མགོན་བདུན་ཅུ་ལྔ། །ཕྱི་ནང་གསང་བའི་སྡེ་བརྒྱད་སོགས། །མགོན་པོ་ཡོན་ཏན་མགྲོན་རྣམས་ལ། །གསེར་སྐྱེམས་བདུད་རྩིའི་ཕུད་ཀྱིས་མཆོད། །མཐུ་རྩལ་ནུས་པ་སྐྱེད་དུ་གསོལ། །ས་བླ་ས་འོག་ས་སྟེང་གནས། །སྐྱེ་བཞི་རྒྱུད་ལྔའི་འགྲོ་བ་པ། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །གསེར་སྐྱེམས་ཟད་མེད་བདུད་རྩི་འབུལ། །ཐམས་ཅད་བྱང་ཆུབ་སེམས་ལྡན་ཤོག །བདུད་བཞི་གདོན་ཆེན་བགེགས་ཀྱི་རྒྱལ། །མི་མིན་འབྱུང་པོ་མཐུ་བོ་ཆེ། །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་འབུལ། །བསམ་པ་འགྲུབ་པའི་སྡོངས་གྲོགས་མཛོད། ཁྱད་པར་ལོ་ཟླ་ཞག་དུས་ལ། །དབང་བྱེད་ས་བདག་འབྱུང་བའི་ལྷ། །དབང་དྲག་ཕྲིན་ལས་རྩོམ་པའི་གདོང་། །གཉུག་མར་གནས་དང་གློ་བུར་ལྷགས། །ཕོག་ཐུག་ཀོ་ལོང་སྡོམ་པ་ཡི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །གསེར་སྐྱེམས་བདུད་རྩིའི་བརྔན་མཆོད་འབུལ། །བདག་གིས་ཕྲིན་ལས་རྩོམ་པ་ལ། །རུ་ང་ཕྲག་དོག་མ་མཛད་པར། །བཀྲ་ཤིས་དགེ་བའི་སྡོངས་གྲོགས་མཛོད། །པདྨ་ཐོད་ཕྲེང་བཀའ་མ་བཅག །དབང་དྲག་འབར་བའི་དམ་མ་འདའ། །གང་བཅོལ་ཕྲིན་ལས་བསྒྲུབ་ཏུ་གསོལ། །ཞེས་གསེར་སྐྱེམས་ཕྱོགས་བཅུ་དང་ཡས་ཟོར་གཏང་བའི་ཕྱོགས་སུ་འབུལ་ལོ། །གཉིས་པ་གདོན་ལ་ལམ་བསྟན་པ་ནི། གླུད་ཡས་ཞལ་བསྒྱུར་ལ། ཀྱེ༔ སྣང་སྲིད་འབྱུང་པོའི་གདོན་ཚོགས་ཀུན༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས༔ ཡོ་བྱད་མཁོ་དགུས་དགྱེས་པ་བསྐངས༔ བླ་དང་ཚེ་སྲོག་ཚུར་ལ་བཏང༔ བུ་ལོན་སོད་ཅིང་ལན་ཆགས་བྱང༔ འགྲམས་འཁྲུགས་ཞི་ཞིང་འགྲས་པ་བསྡུམས༔ ཞི་དང་ཕན་པའི་སེམས་ཀྱིས་ནི༔ ཕན་ཚུན་གཉིས་ཀའི་དོན་གྲུབ་ཅིང༔ དགའ་ཞིང་སྐྱིད་པའི་གནས་སྐབས་འདིར༔ ཡུན་རིང་འཁོར་བའི་གནས་མེད་ཀྱིས༔ ད་ནི་རང་རང་གནས་སུ་གཤེགས༔ སྟེང་འོག་ཕྱོགས་མཚམས་གདོན་གྱི་ཡུལ༔ རི་བོའི་རྩེ་དང་རྒྱ་མཚོའི་འགྲམ༔ ཤིང་གཅིག་དྲུང་དང་བྲག་རིའི་སྐྱིབས༔ ལུང་གསུམ་མདའ་དང་ལམ་སྲང་མདོ༔ ལྷ་ཁང་མཆོད་རྟེན་རྙིང་པ་སོགས༔ གདོན་བགེགས་འདུ་བའི་གནས་རྣམས་སུ༔ བསྐྱོད་པའི་ལམ་བསྟན་ཤུལ་རེ་བདེ༔ གླུད་གཏོར་སྣང་སྲིད་མདོས་ཀྱི་ཚོགས༔ ལོངས་སྤྱོད་འབྱོར་པའི་དཔལ་དུ་ཆེ༔ འདི་དག་བཞེས་ཤིང་བསྣམས་ནས་ཀྱང༔ མྱུར་བ་ཉིད་དུ་རང་གནས་གཤེགས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ བདུན་རྒྱུད་རིགས་ཀྱང་བརླག་པར་འགྱུར༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ དྲག་སྔགས་ཀྱི་གཤམ་དུ་ཧཱུྃ་བཞིའི་སྔགས་དྲག་ཏུ་བརྗོད། རོལ་མོའི་སྒྲ་དང་གུ་གུལ་ཡུངས་ཐུན་སོགས་ཚམ་རྔམ་དྲག་པོས་བདེན་པའི་བཀའ་ལ་མི་ཉན་པ་ཐམས་ཅད་བསྐྲད། གླུད་ཡས་རྣམས་ཕྱི་མིག་མི་བལྟ་བར་སྦྱིན་བདག་གི་ལོ་བདུད་འདྲེ་ལྔ་བདུད་གཅོད་སོགས་ཀྱི་ཕྱོགས་སམ། ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ་ལ། སླར་མི་ལྡོག་པའི་ཆེད་དུ་སྲུང་བའི་འཁོར་ལོ་རྒྱས་བསྡུས་ཅི་རིགས་བརྟན་པར་བསྒོམ་མོ། །གསུམ་པ་རྟེན་གཏད་པ་ནི། སྤྲོ་ན་སྐབས་འདིར་སྦྱིན་བདག་ལ་ཚེ་དབང་རྒྱས་པར་བསྐུར། ཚེ་རིལ་སྦྱིན་པའི་རྗེས་སུ་བླ་རྟེན་གཏད་ལ་ཚེ་སྦ་བསྟིམ་དང་། ཡུམ་ལྔའི་རྒྱས་གདབ་པ་ལྷན་ཅིག་སྲུང་འཁོར་རམ་རྡོ་རྗེའི་མདུད་པ་མགུལ་དུ་བཅིང་། གལ་ཆེན་ལ་གྲི་ལྕགས་ཀྱི་གདུ་བུ་སྲིན་ལག་གཡས་གཡོན་གཉིས་སམ། གཅིག་ལས་མེད་ན་གཡོན་དུ་བཅིང་གཞུག །ཚེ་དབང་མི་བསྐུར་ན་སྲུང་འཁོར་བསྒོམས་པའི་རྗེས་ཐོག་ཉིད་དུ་བླ་རྟེན་གཏད་དེ། གོང་ལྟར་སྦྱིན་བདག་མདུན་དུ་བོས། སྟན་དཀར་པོ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པ་ལ་བཞག་ནས་རྟེན་རྣམས་གཏད་ལ། ཨོཾ་ཨཱཿཧཱུྃ༔ བླ་རྟེན་བླ་གཡུ་འོད་དུ་འབར༔ ཚེ་རྟེན་དཀར་པོ་ནས་ལ་བྱས༔ སྲོག་རྟེན་བླ་ཡི་སྔགས་བྱང་བཅས༔ ཁྱོད་ཀྱི་བླ་སྲོག་རྟེན་དུ་བཅས༔ དཀོན་མཆོག་རྩ་གསུམ་བདེན་པའི་སྟོབས༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་དང༔ རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས༔ བླ་ཚེ་ཡར་པ་ཐམས་ཅད་བཀུག༔ ཉམས་པ་གསོས་ཤིང་གནས་པ་སྤེལ༔ སྣང་སྲིད་ལྷ་འདྲེ་མདོས་ཀྱིས་བསྐངས༔ ཞི་དང་བཀྲ་ཤིས་བདེ་ལེགས་བྱས༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ རྟེན་འབྲེལ་ཟབ་མོའི་བླ་རྟེན་རྣམས༔ དེ་རིང་ཁྱོད་ཀྱི་ལག་ཏུ་གཏད༔ མི་འབྲལ་མགུལ་གྱི་རྒྱན་དུ་ཆོངས༔ སྒོ་གསུམ་རྟེན་དང་དབྱེར་མེད་པར༔ རྡོ་རྗེའི་ཚེ་སྲོག་འགྲུབ་པར་ཤོག༔ ཅེས་དང་ལས་སྦྱོར་གྱི་སྔགས་ཤམ་བུ་ཅན་བཟླས་ལ། བླ་ཚེ་སྲོག་གི་རྟེན་གསུམ་པོ་མགུལ་དུ་དྲོད་དང་མ་བྲལ་བར་འཆང་དུ་གཞུག །བླ་རྐང་དང་བླ་ལུག་ཆུད་མི་ཟ་བའི་དབེན་པར་བཞག །དབང་མི་བསྐུར་བའི་སྐབས་དེའི་རྗེས་ཐོག་ཁོ་ནར་སྲུང་བའང་སྦྱིན་ལ་གཞུང་གི་སྨོན་ལམ་དང་ཞལ་ནས་གསུངས་པའི་ཚིགས་བཅད་སྔོན་དུ་འགྲོ་བས་ཤིས་པའི་ཚིགས་བཅད་རྒྱས་པར་བརྗོད། བླ་ཚེ་ལ་བར་དུ་གཅོད་པ་ཐམས་ཅད་བསྐལ་པའི་བར་དུ་བསྲུང་བར་མོས་ལ་ལས་སྔགས་མཐར་། བཛྲ་རཀྵ་རཀྵ་བཏགས་པ་བརྗོད་དོ། །འདིར་ཡང་བླ་གཡུའི་མདོག །བླ་ནས་ཀྱི་གྲངས། བླ་རྐང་གི་དྲི་ལ་བརྟག་པར་འདོད་ན་གཞན་དང་འདྲའོ། །བཞི་པ་ཆོ་གའི་རྗེས་རིམ་ནི། དམ་ཅན་སྤྱིའི་གཏོར་མ་བསྐྱང་། དཀྱིལ་འཁོར་ལ་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། སྨོན་ལམ་བཀྲ་ཤིས་བརྗོད་པའི་བར་མཐའ་རྒྱས་སུ་བྱ་སྟེ་ལས་བྱང་དུ་གསལ་ལོ། །དེ་ལྟར་ཚུལ་བཞིན་དུ་བསྒྲུབས་པའི་ཡོན་ཏན་ནི། གཞུང་ལས། དེ་ལྟའི་རིམ་པ་ཀུན་བྱས་ན༔ བླ་ཚེ་ཡར་པ་འཆི་ངེས་ཀྱང༔ ལོ་གསུམ་བར་དུ་ངེས་པར་འཚོ༔ ཞེས་ཁྱད་པར་གྱི་ཕན་ཡོན་བསྟན་ཅིང་། གཞུང་སྤྱིར། ཚེ་རིང་འདོད་ན་བླ་མ་ལོངས་སྐུ་བསྒྲུབ༔ ཅེས་གསུངས་པའི་དོན་དང་འབྲེལ་བས་ཤིན་ཏུ་ཟབ་པའི་གནད་རྟོགས་ནས་དང་དུ་བླང་བར་བྱའོ། །གཞུང་ལུགས་དང་མཐུན་ཁུངས་བཙུན་ལ། །ཟབ་གཏེར་གསར་བྱོན་བྱིན་རླབས་ཆེ། །གྱེར་བཤམ་ཉུང་བས་སྟབས་བདེ་བ། །བཅུད་ལྡན་ཟས་བཞིན་ཉེ་བར་མཁོ། །དེ་ཕྱིར་ལག་ཏུ་ལེན་བདེ་བའི། །ཆོག་ཁྲིགས་འདིར་བརྟེན་སྐྱེ་དགུ་ཀུན། །བླ་ཚེ་མི་འགྱུར་རྡོ་རྗེའི་སྲོག །ཡོངས་གྲུབ་ཚེ་མཐའ་ཡས་གྱུར་ཅིག །ཅེས་པ་འདིའང་སྤྲུལ་པའི་གཏེར་ཆེན་ཉིད་དང་། ཁྱབ་བདག་འཇམ་པའི་རྡོ་རྗེ་མཁྱེན་བརྩེའི་དབང་པོས་རྗེས་སུ་གནང་བའི་གསུང་གསང་གསེར་གྱི་པདྨོ་ཡང་ཡང་གཙུག་ཏུ་བཅིངས་པ་དང་། སད་ན་ལེགས་གནམ་སའི་དབང་ཕྱུག་ལྷ་རིགས་ཀྱི་མྱུ་གུར་བྱོན་པ་སྡེ་དགེ་ཆོས་རྒྱལ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སྲས་ཡུམ་གྱི་གསུང་བསྐུལ་རྗེས་སུ་བསྒྲུབ་སླད། ཀུན་མཁྱེན་ཏཱའི་སི་ཏུ་པདྨ་དབང་ཆེན་གྱིས་རྗེས་སུ་བཟུང་བ། རིག་པ་འཛིན་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཁྲིགས་སུ་བསྡེབས་པར་བྱས་པ་དགེ་ལེགས་འཕེལ།། །།
ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་སྨྲ་བའི་སེང་གེའི་ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད་ (Volume 49, Text 61)
༄༅། །ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་སྨྲ་བའི་སེང་གེའི་ཕྲིན་ལས་དབང་བསྐུར་ལས་ཚོགས་དང་བཅས་པའི་གསལ་བྱེད་བློ་གྲོས་ཁ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཱ་དི་སིཾ་ཧཱ་ཡ། སྒྲིབ་གཉིས་སྤྲིན་བྲལ་མཁྱེན་གཉིས་ཀྱི། །འོད་སྟོང་མཁའ་དང་མཉམ་བརྡལ་བས། །སྐྱེ་དགུའི་རྨོངས་མུན་འཇོམས་པའི་ལྷ། །བླ་མ་སྨྲ་བའི་སེང་གེར་འདུད། །སྲིད་པའི་སྨག་རུམ་མཐར་འབྱིན་ཅིང་། །ཡང་དག་ལམ་སྣང་ཐོབ་འདོད་ན། །ཟབ་རྒྱས་ཐབས་ཚུལ་འདུས་པའི་དཔྱིད། །གང་འདི་སྙིང་གི་བདུད་རྩིར་སྟེན། །མཁྱེན་རབ་ཀྱི་མངའ་བདག་བླ་མ་སྨྲ་བའི་སེང་གེ་དང་ལྷག་པའི་ལྷ་འཇམ་མགོན་ཡབ་ཡུམ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་གསང་བ་ངོ་མཚར་རྨད་དུ་བྱུང་བ་འདི་ལ་དོན་གསུམ། སྒྲུབ་ཐབས། དབང་བསྐུར། ལས་ཀྱི་སྦྱོར་བའོ། །དང་པོ་ནི། རྩ་སྒྲུབ་བདག་བསྐྱེད་བསྙེན་པའི་རྣལ་འབྱོར་ཙམ་ཉམས་སུ་ལེན་པ་ལ་སྤྲོས་བཅས་བཅའ་གཞི་མི་དགོས་པས། ཡར་ཚེས་གཟའ་སྐར་དགེ་བའི་སྔ་དྲོའི་ཆར་སྒྲུབ་གནས་དབེན་པར་རྟེན་གང་འཛོམ་བཀྲམ་པའི་མདུན། གཏོར་མ་དཀར་ཟླུམ། བདུད་རྩི། ཆུ་གཉིས་ཉེར་སྤྱོད་ཙམ་བཤམ། སྔོན་གཏོར་སོགས་ཉེར་མཁོ་འདུ་བྱ། ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་སྦྱོར་བ་སྐྱབས་སེམས་ནི། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ སྐྱབས་ཀྱི་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནས༔ སྨྲ་བའི་སེང་གེའི་གོ་འཕང་བསྒྲུབ་པར་བགྱི༔ ལན་གསུམ། བགེགས་གཏོར་སྤྱི་ལྟར་བྱིན་བརླབ། སྔགས་ཀྱིས་བསྔོས་ལ། ཧཱུྃ་ཧྲཱི༔ གཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོ་ཀུན༔ གཏོར་མ་འདི་ལོངས་རང་རང་གནས་སུ་དེངས༔ གཉིས་མེད་ཡེ་ཤེས་ལྷ་སྔགས་ཆོས་སྐུའི་ངང༔ མཚམས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་སྔགས་རོལ་མོ་ཡུངས་ཐུན་གྱིས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ། བགེགས་གཏོར་བསྔོ་བ་ཚར་དང་པོ་མ་གཏོགས་མི་དགོས་པས་རྗེས་མ་རྣམས་ལ། གཏོར་མ་འདི་ལོངས་ཞེས་པའི་མལ་དུ། གནས་འདིར་མ་འདུག་ཅེས་བསྒྱུར་བ་དང་དྲག་སྔགས་ཀྱང་བརྗོད་མི་དགོས། བྱིན་འབེབ་མཆོད་བརླབ་ནི། ཨོཾ་ཨཱཿཧཱུྃ༔ སྨྲ་བའི་སེང་གེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ སྣང་སྲིད་གཞིར་བཞེངས་མཆོད་པའི་ཕྱག་རྒྱ་ཆེ༔ ཀུན་བཟང་རྣམ་འཕྲུལ་རྒྱ་མཚོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་དབབ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་བསྡུ། ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་མཆོད་རྫས་རྒྱ་ཆེར་སྤེལ་ལོ། །དངོས་གཞི་ཐོག་མར་ལྷ་བསྐྱེད་པ་ནི། ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལས་སྨྲ་བའི་སེང་གེ་པཎྜི་ཏ༔ དཀར་གསལ་འོད་ལྡན་གསལ་འཚེར་གཟི་བརྗིད་འབར༔ ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས༔ པད་སྡོང་སྙན་གྱི་ཐད་ཀར་ཁ་བྱེའི་དབུས༔ གཡས་སུ་སྡེ་སྣོད་འདུས་པའི་གླེགས་བམ་དང༔ གཡོན་པར་གསང་སྔགས་ཕུར་པའི་པུསྟིས་མཚན༔ དགེ་སློང་ཆ་ལུགས་པཎ་ཞྭ་དམར་པོ་གསོལ༔ རབ་འབྱམས་མཁྱེན་རབ་རྒྱས་པའི་སྐུ་རུ་གསལ༔ ཕྱི་རོལ་པདྨ་འདབ་བརྒྱད་གེ་སར་ལ༔ ཤར་དུ་འཇམ་དཔལ་དཔའ་བོ་སྐུ་མདོག་དཀར༔ ལྷོ་རུ་ངག་གི་དབང་ཕྱུག་གུར་གུམ་མདངས༔ ནུབ་ཏུ་གསུང་གི་མངའ་བདག་སྐུ་མདོག་དམར༔ བྱང་དུ་རྡོ་རྗེ་རྣོན་པོ་མཐིང་ནག་འབར༔ ཀུན་ཀྱང་ཤེས་རབ་རལ་གྲི་པུསྟི་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་རྡོ་རྗེའི་དབྱངས་ཅན་ཟླ་བའི་འོད༔ ལྷོ་ནུབ་རིན་ཆེན་དབྱངས་ཅན་གསེར་མདངས་འཚེར༔ ནུབ་བྱང་པདྨའི་དབྱངས་ཅན་སྐུ་མདོག་དམར༔ བྱང་ཤར་ལས་ཀྱི་དབྱངས་ཅན་མརྒད་མདོག༔ ཐམས་ཅད་ཕྱག་གཉིས་རིན་ཆེན་པི་ཝང་སྒྲེང༔ དར་དང་རིན་ཆེན་རྒྱན་རྫོགས་ཙོག་པུར་བཞུགས༔ སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་དང༔ བར་མཚམས་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་རིག་འཛིན་སྨྲ་བའི་སེང༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་དམ་ཡེ་བསྲེས་ལ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ སྨྲ་བའི་སེང་གེ་འཁོར་བཅས་ལ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ བསྟོད་པ་ནི། ཨོཾ༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་པའི་དཔལ༔ རིག་འཛིན་ཡོངས་གཙོ་སྐྱེ་འཆི་གཉིས་སྤངས་པ༔ ཡང་ལེ་ཤོད་ཀྱི་པཎ་ཆེན་སྨྲ་བའི་སེང༔ ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས༔ རྒྱལ་ཀུན་སྐྱེད་ཡུམ་ལྷ་མོ་དབྱངས་ཅན་མ༔ གང་འདུལ་རིགས་བཞིའི་སྒྱུ་འཕྲུལ་དྲྭ་བའི་གར༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ བཟླས་པ་ལ། ཐོག་མར་ཛཔ྄་བསྐུལ་ནི། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་དགྱེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ གཙོ་བོའི་བསྙེན་བཟླས་ནི། རིག་འཛིན་སྨྲ་བའི་སེང་གེའི་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འགྲོ་ཀུན་མ་རིག་མུན་པ་བསལ༔ རྒྱལ་བ་སྲས་བཅས་རྣམས་ཀྱི་ཡེ་ཤེས་དང༔ ཉན་རང་འཕགས་དང་སོ་སྐྱེའི་བློ་གྲོས་ཀུན༔ འོད་ཀྱི་རྣམ་པར་ཚུར་འདུས་རང་ལ་ཐིམ༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་དང་། དེའི་གཞི་ལྷ་སྐུ་གསལ་བརྟན་དག་གསུམ་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་གྲངས་མ་ཐེམས་བར་གཙོར་བཟླ། འཁོར་གྱི་བཟླས་པ་སྤྲོ་ན། བཟླས་དམིགས་སྤྱི་ཙམ་དུ། འཇམ་དབྱངས་རིགས་བཞིའི་ཐུགས་ཀར་ཟླ་སྟེང་དྷཱིཿ དབྱངས་ཅན་རིགས་བཞིའི་ཐུགས་ཀར་ཉི་སྟེང་ཧྲཱིཿ སོ་སོའི་མདོག་ཅན་སྔགས་ཀྱི་ཕྲེང་བས་བསྐོར། །གཙོ་བོའི་ཐུགས་ཀའི་འོད་ཀྱིས་རྒྱུད་བསྐུལ་བས། །འོད་འཕྲོས་འགྲོ་ཀུན་སོགས་གོང་ལྟར་དམིགས་ཏེ། འཇམ་དབྱངས་དཀར་པོ་ལ། ཨོཾ་ཝཱ་ཀྱེ་དཾ་ན་མ༔ ངག་གི་དབང་ཕྱུག་ལ། ཨོཾ་ཝཱ་གི་ཤྭ་རི་མུཾ༔ འཇམ་དཔལ་དམར་པོ་ལ། ཨོཾ་ཧྲཱིཿདྷཱི་མ་མེ་དཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ རྡོ་རྗེ་རྣོན་པོ་ལ། ཨོཾ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཧ་ར་ཧཱུྃ་ཕཊ༔ དབྱངས་ཅན་དཀར་མོ་ལ། ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ སེར་མོ་ལ། ཨོཾ་སྭ་ར་སྭ་ཏྱཻ་མ་ཧཱ་མེ་དྷི་ཏིཥྛ་ཀུ་རུ་ཧཱུྃ༔ དམར་མོ་ལ། ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ལྗང་མོ་ལ། ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷི་བརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ༔ ༼རྒྱལ་ཆེན་སྡེ་བཞིའི་སྔགས་ཨོཾ་ཌྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ༔༽ ཞེས་པ་རྣམས་ཀྱང་ཇི་ལྟར་ནུས་པའམ། རྩོམ་པ་ལ་མཁས་པར་འདོད་ན་འཇམ་དབྱངས་དཀར་པོའི་བསྙེན་པ་མང་དུ་བཟླ་བས་མཚོན་པར་བྱའོ། །ཐུན་མཐར་གསོལ་བ་གདབ་པ་ནི། ཐལ་མོ་སྦྱར་ཏེ། ཨོཾ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ བླ་མ་སྨྲ་བའི་སེང་གེ་དང༔ དབྱེར་མེད་འཇམ་མགོན་དབྱངས་ཅན་མ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས༔ ཡེ་ཤེས་སྣང་བ་རྒྱས་པ་དང༔ གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ དུས་འདི་ནས་ནི་བྱང་ཆུབ་བར༔ རིག་འཛིན་བླ་མ་འཇམ་པའི་དབྱངས༔ དགེ་བའི་བཤེས་སུ་གྱུར་ནས་ཀྱང༔ ཀུན་མཁྱེན་ཡེ་ཤེས་མྱུར་ཐོབ་ཤོག༔ ཅེས་དང་ཁ་སྐོང་དབྱངས་གསལ་སོགས་ཀྱང་བརྗོད། མཆོད་བསྟོད་མདོར་བསྡུས་བྱ། ནོངས་པ་བཤགས་ལ་ཡིག་བརྒྱ་བཟླ། ཧཱུྃ་ཧཱུྃ་ཧཱུྃ། སྣོད་བཅུད་དཀྱིལ་འཁོར་རང་ལ་འདུས། །རང་ཡང་ཐུགས་སྲོག་ཧྲཱིཿལ་ཐིམ། །དེ་ཡང་དམིགས་མེད་འོད་གསལ་ངང་། །སླར་ཡང་དག་པའི་འཁོར་ལོར་ཤར། །ཕཊ་ཕཊ་ཕཊ། ཅེས་འོད་གསལ་ངང་དུ་འཇུག་ལྡང་བྱས་ལ། དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་རམ། ཧོ༔ སྨྲ་བའི་སེང་གེའི་དཀྱིལ་འཁོར་བསྒྲུབས་པའི་མཐུས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང༔ འོད་གསལ་ཆོས་སྐུའི་དབྱིངས་སུ་གྲོལ་བར་ཤོག༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བྱའོ། །དེ་ལྟ་བུའི་རིམ་པས་བསྙེན་པ་ལ་འབད་དེ་གྲངས་ཚད་གསལ་བར་མ་གསུངས་ལ། དུས་དང་རྟགས་ནི་གཞུང་ཉིད་ལས། དེ་ནས་ཟླ་བ་གཅིག་གམ༔ ཇི་ལྟར་འགོར་ཡང་ཟླ་བ་དྲུག་གི་མཐར་དངོས་སུ་བླ་མ་དང་འཇམ་དབྱངས་ཡབ་ཡུམ་ཞལ་མཇལ་བ༔ སྔགས་ཀྱི་སྒྲ་ཐོས་པ༔ ཏིང་ངེ་འཛིན་དང་ཤེས་རབ་སྐྱེ་བ༔ རྨི་ལམ་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་རྙེད་པ༔ ཉི་ཟླ་ཤར་བ༔ མེ་ཏོག་དང༔ འབྲས་བུ་དང༔ ཆུ་བོ་ཆེན་པོ་རྒྱས་པ༔ མེ་འབར་བ་སོགས་རྟགས་བྱུང་ན་བློ་གྲོས་ཕུན་སུམ་ཚོགས་པར་འགྱུར་རོ༔ ཅེས་གསུངས་པ་ལྟར་རོ། ༈ །གཉིས་པ་དབང་གི་ཆོ་ག་ནི། བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་སློབ་མ་སྣོད་དང་ལྡན་ངེས་རྗེས་སུ་གཟུང་ན། སྟེགས་གཙང་མར་རས་བྲིས་ཀྱི་དཀྱིལ་འཁོར་ཚད་ལྡན་བཀྲམ། མ་འཛོམ་ན་དྲིས་བྱུགས་པའི་མཎྜལ་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་བཞི་བཀོད་པའི་དབུས་སུ་ཁྲིའུའི་སྟེང་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་གྱིས་སྤྲས་པ་བཀོད། དབུས་སུ་ལྷ་ཙཀ །གཡས་སུ་ཤེལ་ཕྲེང་། གཡོན་དུ་རིན་པོ་ཆེའི་སྣོད་དུ་ཤེས་རབ་རིལ་བུ་དར་གྱིས་ཁ་བཀབ་པ། མདུན་རྒྱབ་གང་བདེར་ཟླུམ་གཏོར་པད་འདབ་བཞིའི་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གུར་དང་བཅས་པ། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་དུ་བཤམ། སྔོན་གཏོར་སོགས་ཉེར་མཁོ་ཚོགས་པར་བྱས་ཏེ་སྒྲུབ་ཐབས་ལྟར་བདག་མདུན་དབྱེར་མེད་མཆོད་བསྟོད་ཡན་སོང་ནས། དབང་དོན་དུ་དཀྱིལ་འཁོར་གྱི་གོ་སར་ཛཔ྄་ཁང་ཕྱེས་ཏེ་བདག་མདུན་གཉིས་ཀ་ལ་དམིགས་པའི་སྤྲོ་བསྡུ་བཅས་བཟླས་པ་ཅི་ནུས་དང་། བུམ་པར་ཡང་དམིགས་པ་སྤྱི་འགྲེ་བཅས་བཟླས་པ་ཅི་འགྲུབ་མཐར། གསོལ་གདབ། མཆོད་བསྟོད། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་ཀྱིས་བྱིན་བརླབ། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུའོ། །དེ་ནས་སློབ་མ་བོས་ལ་ཁྲུས་བྱ། བགེགས་གཏོར་གཏང་། བགེགས་བསྐྲད་ཚིག་རྐང་གཉིས་དང་བདེན་སྟོབས་བརྗོད། དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བགེགས་བསྐྲད། གཉིས་མེད་ཡེ་ཤེས་སོགས་ཚིག་རྐང་གཉིས་དང་སྔགས་དམིགས་ཀྱིས་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། ཆོས་བཤད་ཇི་ལྟར་འོས་པ་དང་ཁྱད་པར། དེའང་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་ཐོག་མཐའ་མེད་པར་གཡེང་ཞིང་སྡུག་བསྔལ་གྱི་ཟུག་རྔུ་ཆེན་པོས་རྟག་ཏུ་མནར་བའི་རྒྱུ་ལས་དང་ཉོན་མོངས་པའི་ཉེར་ལེན་ལྷན་ཅིག་སྐྱེས་པའི་མ་རིག་པ་རྩད་ནས་ཆོད་ན་གཏན་གྱི་བདེ་བ་ཐར་པ་བླ་ན་མེད་པའི་གོ་འཕང་ལ་རེག་པ་ཡིན། མ་རིག་པའི་གཉེན་པོ་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་ཉིད་ལས་གཞན་མེད་པས་མདོ་རྒྱུད་ཀུན་ནས་ཡང་དག་པའི་ཤེས་རབ་སྐྱེད་པའི་ཚུལ་ཁོ་ན་གསུངས། སྒོམ་པའང་ཐོས་བསམ་གྱི་ཤེས་རབ་ཟབ་མོས་ལྟ་བ་གཏན་ལ་ཕེབ་པ་གལ་ཆེ་ཞིང་དེའང་སྐྱེས་སྦྱངས་ལས་ཐོབ་པའི་བློ་གྲོས་ཟབ་མོ་དང་ལྡན་དགོས། དེ་ལྟ་བུའང་ལྷག་པའི་ལྷའི་བྱིན་རླབས་ཀྱི་སྟོབས་ལ་མ་བརྟེན་ན་ཐོས་པ་ཁོ་ནས་ཡང་སྲིད་གཞན་དུ་དགེ་བའི་བག་ཆགས་འཇོག་པ་ཙམ་ལས་སྤོབས་པའི་གཏེར་ཟབ་མོ་གྲོལ་བར་མི་ནུས་པས། འཕགས་བོད་ལོ་པཎ་རྣམས་ཀྱིས་ཤེས་རབ་ཀྱི་ལྷ་མཆོག་སྔོན་དུ་བསྒྲུབས་ཏེ་བློ་གྲོས་སྤོབས་པའི་མཆོག་ཐོབ་པ་ཁོ་ནས་རང་གཞན་གྱི་དོན་མཐར་ཕྱིན་པ་ཤ་སྟག་སྣང་བས། སྲིད་རྩ་དྲུངས་ནས་འབྱིན་པར་འདོད་པའི་བློ་ལྡན་རྣམས་ཀྱིས་ཤེས་རབ་སྐྱེད་པའི་ལྷ་མཆོག་རེ་ངེས་པར་བསྟེན་དགོས་པ་ལགས། དེ་ལྟ་བུའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཡང་མང་དུ་བྱོན་པ་ལས། སྐབས་སུ་བབས་པ་སྔ་འགྱུར་ཟབ་མོ་གཏེར་གྱི་ཆོས་ལས། རྩོད་བྲལ་གུ་རུའི་རྒྱལ་ཚབ་མཁས་གྲུབ་རིག་འཛིན་ཆེན་པོ་ཟུང་གི་ཟབ་གཏེར་ལས་ཆབས་ཅིག་ཏུ་བྱོན་པ་མ་བྱུང་འབྱུང་བར་དཀའ་བའི་གསང་བ་ཟབ་མོ། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་རིག་འཛིན་རྩལ་འཆང་བཅུ་གཉིས་ཀྱི་ནང་ཚན་བླ་མ་སྨྲ་བའི་སེང་གེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ཏེ། དེའང་རང་གཞུང་ལས། དེ་ལྟར་མངོན་མཐོ་ངེས་ལེགས་ཀྱི༔ ཡོན་ཏན་མཐའ་དག་འཛིན་པའི་གཞི༔ བློ་གྲོས་སྤོབས་པ་སྐྱེད་བྱེད་ཐབས༔ འཇམ་དཔལ་གྲུབ་པའི་རྒྱུད་དང་ནི༔ མདོ་སྡེ་རྟོག་པ་རྒྱ་མཚོའི་དོན༔ འཕགས་པ་ཉིད་ཀྱིས་གསུངས་པ་རྣམས༔ བླ་མ་ཡི་དམ་དབྱེར་མེད་དུ༔ བསྒྲུབ་ན་དངོས་གྲུབ་མྱུར་བའི་ཕྱིར༔ བདག་ཉིད་པདྨ་འབྱུང་གནས་དང༔ འཇམ་དཔལ་དབྱེར་མེད་སྒྲུབ་པའི་ཐབས༔ ལས་ཀྱི་སྦྱོར་བ་དང་བཅས་པ༔ ངོ་མཚར་ཤིན་ཏུ་རྨད་བྱུང་བ༔ སྔོན་ཆད་གཞན་དུ་བསྟན་པ་མེད༔ དེང་འདིར་མངའ་བདག་རྗེ་འབངས་དང༔ མ་འོངས་བློ་གྲོས་མཐུ་ཆུང་བའི༔ སྙིགས་མའི་འགྲོ་ལ་ཕན་པའི་ཕྱིར༔ ཐུགས་ཀྱི་ཡང་ཞུན་བཅུད་དུ་འདྲིལ༔ འདི་ཡི་དབང་བསྐུར་ཐོབ་ཙམ་གྱིས༔ བློ་གྲོས་ཤེས་རབ་སྐྱེ་འགྱུར་ན༔ ཉམས་སུ་བླངས་ན་འཇམ་དཔལ་གྱི༔ ཡེ་ཤེས་འགྲུབ་པ་ལྟ་ཅི་སྨྲོས༔ དེ་ཕྱིར་སྙིང་ལ་གཅེས་པར་ཟུངས༔ ཞེས་བསྔགས་པ་དོན་དང་ལྡན་པ་ཉིད་རྗེས་སུ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་གྲུབ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་གཞུག །ས་ཕྱོགས་དག་པ་ཡེ་ཤེས་ཀྱི་ཞིང་དང་གཞལ་ཡས་ཁང་རྒྱན་བཀོད་ཕུན་སུམ་ཚོགས་པའི་དབུས་སུ་བླ་མ་རིག་འཛིན་སྨྲ་བའི་སེང་གེ་དངོས་སུ་གསལ་བ་ལ་དད་མོས་ཀྱི་གདུང་ཤུགས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༔ བླ་མ་སྨྲ་བའི་སེང་གེ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཐོག་མར་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། བླ་མ་དང་མདུན་བསྐྱེད་དབྱེར་མ་མཆིས་པ་རིག་འཛིན་སྨྲ་བའི་སེང་གེའི་དཀྱིལ་འཁོར་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ། བདག་གཞན་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ་སྙམ་པ་དང་། སྲིད་ལ་མི་གནས་པའི་ཤེས་རབ་དང་ཞི་ལ་མ་ཆགས་པའི་སྙིང་རྗེ་ཆེན་པོས་དོན་དམ་དང་ཀུན་རྫོབ་ཟུང་དུ་འབྲེལ་བའི་བྱང་ཆུབ་མཆོག་གི་སེམས་གཟུང་བ་འདིའི་རྗེས་ཟློས། ན་མོ༔ བདག་དང་མཁའ་མཉམ་སོགས་ལས་བྱང་ལྟར་ལན་གསུམ། ཞིང་མཆོག་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཀུན་སློང་ཁྱད་པར་འཕགས་པ་མཁའ་ཁྱབ་སེམས་ཅན་རྣམས་ཀྱི་དོན་དུ་ཐབས་ཁྱད་པར་དུ་འཕགས་པ་ཚོགས་གཉིས་གསག་ཅིང་སྒྲིབ་གཉིས་སྦྱོང་བ་དང་རྣམ་དཀར་བྱང་ཆུབ་ཆེན་པོའི་རྒྱ་མཚོར་སྤེལ་བའི་ཏིང་ངེ་འཛིན་སོ་སོ་ལ་དྲན་པ་ཉེ་བར་གཞག་སྟེ་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ རིག་འཛིན་སྨྲ་བའི་སེང་གེ་ལ་སོགས་ཏེ༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོ་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམ་པའི་ཆོས་འཁོར་སྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་དབང་གི་གཞི་བསྒྲུབ་པ་ལ་ཁྱེད་རང་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་འདེབས་པར་ཞུ། ཨོཾ་མ་ཧཱ་ཤཱུནྱ་ཏཱ་སོགས། གཟུང་འཛིན་གྱི་ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་སྦྱངས། དེའི་ངང་ལས་སྣོད་རྣམ་པར་དག་པ་ཡེ་ཤེས་རང་གསལ་གྱི་ཞིང་གི་རྒྱན་དང་ངོ་མཚར་བཀོད་པ་དཔག་གིས་མི་ལོངས་པས་སྤྲས་པའི་དབུས་སུ། བཅུད་རྣམ་པར་དག་པ་ཁྱེད་རང་གནས་པའི་གོ་སར་འདབ་མ་རབ་ཏུ་རྒྱས་པའི་པདྨ་དཀར་པོའི་ཟེའུ་འབྲུར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་རང་བྱུང་རིག་པའི་ངོ་བོ་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་བསལ། ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས། རྒྱལ་ཀུན་མཁྱེན་རབ་ཀྱི་རང་གཟུགས་རིག་འཛིན་སྨྲ་བའི་སེང་གེ་དཀར་གསལ་ཡེ་ཤེས་ཀྱི་རང་འོད་འཕྲོ་བ་ཞི་ཞིང་འཛུམ་པའི་ཉམས་ཅན་དབུ་ལ་པཎ་ཞུ་དམར་པོ་དང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤ་ལའི་སྡོང་བུ་བཏེག་པའི་འདབ་མ་གཉིས་སྙན་གྱི་ཐད་ཀར་ཁ་བྱེ་བའི་གཡས་ཀྱི་ཟེའུ་འབྲུར་སྡེ་སྣོད་འདུས་པའི་གླེགས་བམ་དང་གཡོན་པར་གསང་སྔགས་ཕུར་པའི་པུསྟིས་མཚན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཨཱཿཧཱུྃ་གིས་མཚན་པར་སྒོམས་ཤིག །དེ་ནས་རྒྱུད་རྣམ་པར་དག་པ་རང་བྱུང་ཡེ་ཤེས་ཀྱི་བྱིན་རླབས་དབབ་པའི་སླད་དུ་སློབ་དཔོན་དང་ཁྱེད་རང་གི་གནས་གསུམ་ལས་ཆོས་དབྱིངས་རྒྱས་པར་འགེངས་པའི་འོད་ཟེར་གྱི་ཚོགས་འཕྲོས། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་བླ་མ་སྨྲ་བའི་སེང་གེ་རྗེ་བཙུན་འཇམ་པའི་རྡོ་རྗེ་ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣམ་པར་བཞེངས་ཏེ་ནམ་མཁའ་གང་བ་ཙམ་དུ་སྐད་ཅིག་གིས་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་གསང་བ་གསུམ་དང་དབྱེར་མི་ཕྱེད་པའི་བྱིན་རླབས་ཞུགས་པའི་མོས་པ་གྱིས་ཤིག །སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ་ལས་བྱང་གི་སྤྱན་འདྲེན་དང་རང་སྔགས་མཐར། བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་མང་དུ་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་བྱང་ཆུབ་མ་ཐོབ་ཀྱི་བར་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྡོ་རྗེ་མེ་ཏོག་མགོར་བཞག །དེ་ནས་དངོས་གཞིའི་དབང་བསྐུར་བ་ལ། སྦྱོར་བ་བུམ་པའི་དབང་གིས་སྒྲིབ་གཉིས་ཀྱི་དྲི་མ་གཏོར་ཞིང་བཀྲུ་བ་དང་། དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བླུག་པའི་ཆོ་ག་རྣམས་རིམ་པར་འབྱུང་བའི། ཐོག་མར་བུམ་པའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛད་འཚལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བཟང་པོ་ཐོགས་ཏེ་དཀྱིལ་འཁོར་ལྷ་ཚོགས་འོད་དུ་ཞུ་བའི་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། ཁྱེད་རང་ལ་ཁྲུས་བྱས་པ་ཙམ་གྱིས་ལྷན་སྐྱེས་མ་རིག་པའི་དྲི་མ་ཆ་ཤས་དང་བཅས་པ་སངས་ཀྱིས་དག་པར་མོས་ཤིག །བུམ་པ་སྤྱི་བོར་བཞག །བུམ་ཆུ་གཏིགས་ཤིང་ཁར་སྦྱིན་ལ། དྷཱི༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ནང་ན་འཇམ་དཔལ་ལྷ་ཚོགས་བཞུགས༔ འོད་ཞུ་ཡེ་ཤེས་བདུད་རྩིའི་ཆུས༔ རྨོངས་པའི་དྲི་མ་ཐམས་ཅད་བཀྲུ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ དངོས་གཞིའི་ཐོག་མར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ། དཀྱིལ་འཁོར་པ་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཕྱག་རྒྱ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་ལ་ཐིམ་པས་རང་བྱུང་ཡེ་ཤེས་ཀྱི་སྐུ་དང་གཉིས་མེད་དུ་གྱུར་པར་མོས་ཤིག །གཙོ་བོའི་སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེའི་སྐུ་ཡི་དབང་བསྐུར་རོ༔ སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རྒྱས་པར་སྤྲོ་ན་གཙོ་འཁོར་སོ་སོར་བསྐུར་བར་གསུངས་པ་ལྟར་ན་སོ་སོའི་ཙཀླི་རིམ་པར་ཐོགས་ལ། ཨོཾ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ སྨྲ་བའི་སེང་གེའི་དབང་བསྐུར་རོ༔ སྔགས་གོང་ལྟར་བརྗོད་པས་གཙོ་བོ་དང་། འཁོར་རྣམས་ལ། ཨོཾ༔ སངས་རྒྱས་ཀུན་གྱི་སྐུ་འཆང་བ༔ སོགས་ཚིག་རྐང་གསུམ་པོའི་མཐར། འཇམ་དཔལ་གཞོན་ནུའི་དབང་བསྐུར་རོ༔ ཞེས་དང་། ངག་གི་དབང་ཕྱུག །སྨྲ་བའི་སེང་གེའི། རྡོ་རྗེ་རྣོན་པོའི། རྡོ་རྗེའི་དབྱངས་ཅན། རིན་ཆེན་དབྱངས་ཅན། པདྨའི་དབྱངས་ཅན། ལས་ཀྱི་དབྱངས་ཅན། ཞེས་སྒྱུར། སོ་སོའི་སྔགས་མཐར་དབང་སྔགས་གདགས། དེས་སྐུ་ཕྱག་རྒྱའི་དབང་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་བ་ཡིན་པས་དེང་ཕྱིན་ཆད་སྣོད་བཅུད་ལྷའི་དཀྱིལ་འཁོར་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་ལ་གནས་པས་འཁྲུལ་མཚན་མཐའ་དག་སྣང་སྟོང་ལྷའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གཉིས་པ་གསུང་བཟླས་པའི་ལུང་གི་སླད་དུ། བླ་མ་སྨྲ་བའི་སེང་གེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿདཀར་པོ། མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རིག་འཛིན་སྨྲ་བའི་སེང་གེར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར་པོའི་མཐར་འཁོད་པ་ལས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་རྣམས་ཀྱི་མ་རིག་པའི་རྨོངས་པ་བསལ། རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས། འཕགས་པ་དང་སོ་སོ་སྐྱེ་བོའི་བློ་གྲོས་རྣམ་དཔྱོད་གཟུངས་དང་སྤོབས་པའི་ཡོན་ཏན་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་མཁྱེན་རབ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པར་མོས་ལ་རྗེས་ཟློས་མཛོད། གཙོ་བོའི་སྙིང་པོ་ལན་གསུམ། ལྷ་དབང་རྒྱས་པར་སྤྲོས་སྐབས། འཁོར་གྱི་འཇམ་དབྱངས་རིགས་བཞིའི་ཐུགས་ཀར་ཟླ་སྟེང་ཐུགས་སྲོག་དྷཱིཿཡིག་རིགས་བཞི། དབྱངས་ཅན་རིགས་བཞིའི་ཐུགས་ཀར་ཉི་སྟེང་ཧྲཱིཿཡིག་སོ་སོའི་ཁ་དོག་ཅན་རེའི་མཐར་རང་སྔགས་ཀྱིས་བསྐོར་བ་ལས་གཉིས་པ་འཕྲོས། ཞལ་ནས་ཞལ་དུ་བརྒྱུད། ཁྱེད་རང་གི་ཐུགས་སྲོག་ལ་ཐིམ་པའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས་པར་མོས་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས། འཁོར་སྔགས་སོ་སོ་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ལྷ་སྔགས་དབྱེར་མེད་པའི་ངོ་བོར་བྱིན་གྱིས་བརླབས་པའི་སྔགས་ཕྲེང་མགྲིན་པར་བཞག་སྟེ་བརྟན་པར་བྱས་པར་མོས་ཤིག །ཕྲེང་བ་མགྲིན་པར་རེག་ལ། ཨཱ༔ ཡང་དག་མཐའ་སྟེ་ཡི་གེ་མེད༔ སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ༔ ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོག་པ༔ རྡོ་རྗེའི་གསུང་གི་དབང་བསྐུར་རོ༔ འདི་ཕྱིན་ཀུན་ལ་གཙོ་སྔགས་སྦྱར་བ་འགྲེ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གསང་སྔགས་ཀྱི་དབང་ཐོབ། ངག་བཟླས་བརྗོད་བྱ་བ་ལ་དབང་བ་ཡིན་པས་དེང་ནས་རྡོ་རྗེའི་སྔགས་ཀྱི་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་དང་འཕྲོ་འདུའི་རིམ་པ་ལ་བརྩོན་པས་ཕྱི་ནང་སྒྲ་སྐད་ཐམས་ཅད་ལ་གྲགས་སྟོང་སྔགས་ཀྱི་གཟེར་དང་། རྟོག་ཚོགས་ཀུན་ལ་དམིགས་པ་ཏིང་ངེ་འཛིན་གྱི་གཟེར་ཐེབས་པར་གྱིས་ཤིག །གསུམ་པ་རང་བྱུང་ཡེ་ཤེས་སྒོམ་པའི་རྗེས་སུ་གནང་བ་ལ། འདི་ལྟར་ལྷ་སྔགས་ཀྱིས་མཚོན་པའི་ཆོས་ཐམས་ཅད་གདོད་མ་ནས་རྣམ་ཤེས་འཁྲུལ་པའི་ཆོས་ལས་རང་བཞིན་གྱིས་འདས་ཤིང་། སྣང་རིག་སྟོང་པ་ཟུང་འཇུག་གཉིས་མེད་ཡེ་ཤེས་ཆེན་པོར་ལྷུན་གྱིས་རྫོགས་པ་ཡིན་པས་དེ་དོན་རང་རིག་རང་གསལ་གྱི་ངང་དུ་མཉམ་པར་ཞོག་ཅིག །ཧཱུྃ༔ རྣམ་པར་ཤེས་པའི་ཆོས་ཉིད་འདས༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ༔ རྡོ་རྗེའི་ཐུགས་ཀྱི་དབང་བསྐུར་རོ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཡེ་ཤེས་ཆེན་པོའི་དབང་ཐོབ། སེམས་ཆོས་ཉིད་ཀྱི་དོན་བསྒོམ་པ་ལ་དབང་བ་ཡིན་པས་དེང་ནས་རང་བྱུང་འོད་གསལ་ཆེན་པོར་མཉམ་གཞག་ཁོར་ཡུག་དང་མ་བྲལ་བས་ཆོས་ཅན་ལ་ཆོས་ཉིད་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །བཞི་པ་ཡོན་ཏན་སྒྲུབ་རྫས་ཀྱི་དབང་བསྐུར་བ་ལ། ཚུལ་བཞིན་བསྒྲུབས་པའི་སྨན་གྱི་ནོར་བུ་འདི་ཉིད་བླ་མ་འཇམ་མགོན་ཡེ་ཤེས་སེམས་དཔར་གསལ་བ་ཁྱེད་རང་གི་མགྲིན་པའི་ལམ་བརྒྱུད། སྙིང་གི་པདྨ་ཁ་བྱེ་བའི་དབུས་སུ་བྱང་ཆུབ་མ་ཐོབ་ཀྱི་བར་འབྲལ་མེད་དུ་བཞུགས་ནས་ཡེ་ཤེས་ཀྱི་སྣང་བ་རྟག་ཏུ་སྩོལ་བར་མོས་ཤིག །ཤེས་རབ་རིལ་བུ་མྱང་དུ་གཞུག་ལ། ཏྲཱཾ༔ སྨན་རྣམས་མ་ལུས་ལྗོན་པའི་ཤིང༔ ཉོན་མོངས་ནད་ཀྱི་དགྲ་ཆེ་བ༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ ཡོན་ཏན་རྒྱ་མཚོའི་མཐར་སོན་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ དེས་ཡོན་ཏན་རིལ་བུའི་རྗེས་སུ་གནང་བ་ཐོབ། ངོ་མཚར་མྱང་གྲོལ་གྱི་དམ་རྫས་སྒྲུབ་པ་ལ་དབང་བ་ཡིན་པས་དེ་ཉིད་ཚུལ་བཞིན་སྒྲུབ་པའི་སྒོ་ནས་རང་གཞན་ཀུན་གྱི་རྨོངས་པའི་དྲི་མ་སེལ་ཅིང་མཁྱེན་གཉིས་ཡེ་ཤེས་རྒྱས་པའི་ཐབས་ལ་བརྩོན་པར་གྱིས་ཤིག །ལྔ་པ་ཕྲིན་ལས་གཏོར་མའི་བྱིན་རླབས་བགྱི་བ་ལ། གཏོར་སྣོད་རང་བྱུང་ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་གི་ནང་དུ་གཏོར་མ་རིག་འཛིན་སྨྲ་བའི་སེང་གེ་གཙོ་དང་འཁོར་དུ་བཅས་པ་འོད་དང་གཟི་བརྗིད་ལམ་མེར་བཞུགས་པ། སྤྱི་བོར་བཞག་པས་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཡོངས་རྫོགས་རྒྱུད་ལ་ཞུགས་པར་མོས་ཤིག །གཏོར་མས་དབང་བསྐུར་ལ། ཧཱ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སངས་རྒྱས་ཀུན་གྱི་སྐུ་ཆེ་བ༔ སངས་རྒྱས་ཀུན་གྱི་གསུང་ཡང་ཡིན༔ འགྲོ་འདུལ་ཕྲིན་ལས་ཡོངས་རྫོགས་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེས་ཕྲིན་ལས་གཏོར་མ་ལ་བརྟེན་པའི་དབང་བསྐུར་བ་ཐོབ། གཞུང་ལས་ཇི་སྐད་གསུངས་པའི་ལས་ཀྱི་ཚོགས་རྣམས་བསྒྲུབ་པ་ལ་དབང་བ་ཡིན་པས། བླ་མ་སྨྲ་བའི་སེང་གེ་གཙོ་འཁོར་རྣམས་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བས་དོན་གཉིས་རྒྱ་ཆེན་པོ་སྒྲུབ་པར་གྱིས་ཤིག །མེ་ཏོག་འཐོར་ཞིང་ཤིས་བརྗོད་རྒྱས་པར་སྤེལ། དེ་ལྟ་བུའི་རིམ་པས་བླ་མ་སྨྲ་བའི་སེང་གེའི་སྨིན་བྱེད་རྒྱས་པར་གྲུབ་པ་ལགས་པས། རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བ་དང་། ཁྱད་པར་ཇི་སྐད་དུ། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །ཡོན་ཏན་ཕུང་པོ་གཞལ་དུ་མེད། །ཅེས་གསུངས་པའི་ཆོས་སྤྱོད་བཅུའི་བྱ་བ་དང་མི་འབྲལ་བར་བགྱི་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སྤྱི་ལྟར་བྱ། དཀྱིལ་འཁོར་མཆོད་པ་གསོས་ལ་རྗེས་རིམ་མཆོད་བསྟོད། ནོངས་བཤགས། རས་བྲིས་སམ་རྟེན་ལ་བརྟན་བཞུགས་སོགས་སྒྲུབ་ཐབས་ལྟར་བྱས་པས་འགྲུབ་བོ།། ༈ གསུམ་པ་ལས་ཀྱི་སྦྱོར་བ་ཐམས་ཅད་ཀྱང་བསྙེན་སྒྲུབ་སྔོན་དུ་སོང་བས་བསྒྲུབ་དགོས་ཏེ། དེ་ལ་གཉིས་རྩ་བ་དང་ཡན་ལག་གོ །དང་པོ་ལ་ལྔ་ཡོད་པའི། ཐོག་མར་བྲིས་སྐུ་ལ་བརྟེན་ནས་ཞལ་བལྟ་བ་ནི། དམ་ཚིག་དང་ལྡན་པའི་ལྷ་བཟོས་ཁ་ཚར་མ་ཉམས་པའི་རས་གཞིར་ར་བ་བཞིའི་ཚེས་གཅིག་ནས་བརྩམ། གཙོ་འཁོར་ཡོངས་རྫོགས་སྐུ་བརྙན་ཆག་ཚད་ལྡན་པ་བྲིས་ལ་ཉའི་ཉིན་མོ་རབ་གནས་མངའ་དབུལ་འགྲུབ་པར་བྱ། དེ་ལ་སྒྲུབ་པའི་རྟེན་བྱས་ཏེ་མཆོད་གཏོར་བཤམ། ལས་གཞུང་བསྲང་། བྲིས་སྐུ་ལ་རྟེན་བྱས་ཏེ་ཛཔ྄་ཁང་དབྱེ་ཞིང་སྤྲོ་བསྡུའི་དམིགས་པས་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བཟླ། ཐུན་མཚམས་རྣམས་སུ་འབྲུའམ་མེ་ཏོག་དྲི་བཟང་གིས་བསྒོས་པ་ལ་སྔགས་བཏབ་ནས་བརྒྱ་རྩ་རེ་འབུལ་བ་དང་། དྲི་བཟང་ཤིང་གི་མེ་ལ་མེ་ཏོག་སེར་པོའི་སྦྱིན་སྲེག་ཅི་འགྲུབ་འབུལ། བདུན་ཕྲག་གསུམ་དུ་བརྩོན་པས་བྲིས་སྐུ་ལས་འོད་འཕྲོ་བ་སོགས་བྱུང་ན་འགྲུབ་པའི་རྟགས་ཡིན་ཞིང་། གང་ལྟར་མཇུག་ཏུ་ཟླ་བ་གཟས་ཟིན་པའི་མཚན་ཐོག་ཐག་ལ་སྒོམ་བཟླས་བྱས་པས་རབ་དངོས། འབྲིང་ཉམས། ཐ་མ་ནམ་ལངས་མནལ་བའི་རྨི་ལམ་དུ་དགེ་བའི་རྟགས་མཚན་འབྱུང་བས་ལྟས་དང་རྗེས་སུ་མཐུན་པའི་གཟུངས་དང་ཏིང་འཛིན་ཤེས་རབ་སྐྱེ་བར་གསུངས་སོ། ༈ །གཉིས་པ་གསུང་ཙཀྲ་ལ་བརྟེན་ནས་དབྱེར་མེད་དུ་བྱ་བ་ནི། དུས་ཚེས་བཟང་པོར་དར་དཀར་རམ་ཤོག་བུ་གཙང་མར་རྒྱ་མཚལ་གྱིས་ལྟེ་བ་ཟླུམ་པོ། །དེ་རྒྱབ་རྩིབས་བརྒྱད། དེ་རྒྱབ་མུ་ཁྱུད་རིམ་གསུམ་བསྐོར་བའི་ལྟེ་བར་ཧྲཱིཿཡིག་གི་མཐར་གཙོ་བོའི་སྙིང་པོ། རྩིབས་བཞིའི་ཕྱོགས་བཞི་ལ་འཇམ་དབྱངས། མཚམས་བཞི་ལ་དབྱངས་ཅན་རིགས་བཞིའི་སྙིང་པོ། མུ་ཁྱུད་དང་པོར་རྒྱལ་ཆེན་བཞིའི་སྔགས་དང་དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཇུག་ཏུ་འདོད་གསོལ་གོང་གི་གསོལ་གདབ་ལྟར་ལ། བདག་ལ་དགོངས་པར་སོགས་ཚིག་རྐང་གཅིག་གི་མལ་དུ། ཙཀྲ་འདི་དང་དབྱེར་མེད་བཞུགས། །ཞེས་སྒྱུར། གཉིས་པར་རྡོར་ར། གསུམ་པར་མེ་རི་སྟེ་ཐམས་ཅད་གཡས་སྐོར་དུ་བྲི། ཤེས་རབ་རིལ་བུ་སྔར་བསྒྲུབས་པ་ཡོད་ན་ཆུར་སྦངས་པའམ། མེད་ན་དེའི་རྫས་རྣམས་ཀྱི་ཁུ་བས་བྱུགས་ལ་ སྦྱོང་ཁྲུས་རབ་གནས་མདོར་བསྡུས་བྱ། སྟེགས་བུར་རིན་པོ་ཆེའི་སྣོད་འབྲུས་བཀང་བར་བཀོད། གཏོར་མཆོད་བཤམ། བདག་བསྐྱེད་ལྟར་ཛཔ྄་ཁང་ཕྱེས་ཀྱང་ཆོག །ཡང་ན་བདག་བསྐྱེད་བཟླས་པ་བཅས་བཏང་ནས། འཁོར་ལོ་ཉིད་གཞལ་ཡས་ཁང་། ཡིག་འབྲུ་ལྷ་གཙོ་འཁོར་རྣམས་བསྐྱེད་པའི་མངོན་རྟོགས་བསྐྱར་ནས་བཏང་ལ་མཆོད་བསྟོད་ཀྱི་བར་དང་། བཟླས་པ་ཅི་འགྲུབ་བྱ། སླར་མཆོད་བསྟོད་གསོལ་གདབ་དང་བརྟན་བཞུགས་བྱས་ལ་མེ་ཏོག་འཐོར། ལྷ་འོད་དུ་ཞུ་བས་འཁོར་ལོའི་རྣམ་པར་གྱུར་པར་མོས་ལ་ཤིས་པ་བརྗོད། ལེགས་པར་བལྟབས་ནས་དར་སེར་པོའི་ན་བཟའ་བཅས་མགུལ་དུ་བཏགས་པས་ཤེས་རབ་ངང་གིས་འཕེལ་བར་གསུངས་སོ། ༈ །གསུམ་པ་ཐུགས་ཤེས་རབ་རིལ་བུའི་སྒྲུབ་པ་ནི། ཤུ་དག་དཀར་པོ་ངོས་འཛིན་མ་འཁྲུལ་པ་སྲང་གང་ཞིབ་པར་བཏུལ་བ་འོ་མ་ཕུལ་དགུས་འདམ་འཐག་བྱ། དེ་ལས་བུངས་མང་དུ་བྱེད་ན་རིགས་པས་འཕྲུལ། དེ་སྟེང་ཅུ་གང་། སྤང་རྒྱན་དཀར་པོ། ཀྱི་ལྕེ་དཀར་པོ། ཨ་རུ་རའི་ཕྱེ་མ་ཆ་མཉམ་པ་བསྲེས་ལ་ཤིང་མངར་ཁུ་བས་རིལ་བུ་སྲན་མ་ཙམ་དུ་དྲིལ། སྐམ་ནས་རིན་པོ་ཆེའི་པར་བུར་བླུགས་ལ་དར་དམར་སེར་གྱིས་བཀབ་པ་དཀྱིལ་འཁོར་ཚད་ལྡན་བཞེངས་པའི་དབུས་སུ་བཞག་ལ་མཆོད་གཏོར་བཤམ། མཚམས་དམ་དུ་བཅད་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ། བཟླས་པའི་ཐོག་མར་ཛཔ྄་ཁང་ཕྱེས་ཏེ། བདག་དང་རིལ་བུ་ལྷར་གསལ་བའི༔ ཐུགས་ཀར་ཤེས་རབ་རལ་གྲི་ནི༔ སོར་བཞིའི་ལྟེ་བར་དྷཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ༔ བདག་གི་ཐུགས་ཀའི་སྔགས་ཕྲེང་ལས༔ སྔགས་ཕྲེང་གཉིས་པ་བར་མེད་བྱུང༔ ཤངས་བུག་གཡས་ནས་མདུན་བསྐྱེད་ཀྱི༔ ཤངས་བུག་གཡོན་ཞུགས་ཐུགས་ཀར་ཐིམ༔ ཟག་མེད་བདེ་བས་རབ་མཉེས་ཏེ༔ ཐུགས་ཀའི་སྔགས་ཕྲེང་གཉིས་པ་ནི༔ ལྟེ་བ་ནས་བརྒྱུད་རང་ཉིད་ཀྱི༔ ལྟེ་བར་ཞུགས་ཤིང་སྙིང་ཁར་ཐིམ༔ དེ་ལྟར་མགལ་མེ་བཞིན་འཁོར་བའི༔ བར་ནས་ཤེས་རབ་བུང་བའི་ཚོགས༔ ཧྲཱིཾ་སྒྲ་སྒྲོག་པ་བུན་གྱིས་འཕྲོས༔ སངས་རྒྱས་བྱང་སེམས་ཡེ་ཤེས་དང༔ སོ་སོ་སྐྱེ་བོའི་བློ་གྲོས་རྩལ༔ འཁོར་འདས་དྭངས་བཅུད་མ་ལུས་བསྡུས༔ བདག་མདུན་ལ་ཐིམ་ཡེ་ཤེས་ཀྱི༔ སྣང་བ་མཆོག་ཏུ་རྒྱས་པར་གྱུར༔ ཅེས་པའི་དམིགས་པ་རྩེ་གཅིག་པས་གཙོ་བོའི་སྔགས་ཤམ་དུ། ཧྲཱིཿདྷཱིཿསརྦ་པྲ་ཛྙཱ་ཛྙཱ་ན་སིདྡྷི་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་པ་ལ་བཟླས་པའི་དངོས་གཞི་བྱ། ཐུན་མཇུག་ཏུ་འཁོར་སྔགས་སོ་སོ་ལ་ཤམ་བུ་སྦྱར་བའང་བརྒྱ་རེ་ལས་མི་ཉུང་བ་བཟླ། མཐར་གསོལ་གདབ་མཆོད་བསྟོད་སོགས་སྒྲུབ་ཐབས་ལྟར་ལ་རིལ་བུ་ལ་བརྟན་བཞུགས་བྱ། འགྲུབ་ན་དམ་ཚིག་གཙང་བའི་མཆེད་གྲོགས་ལ་སྔགས་རྒྱུན་བྱར་གཞུག །གང་ལྟར་སྨྲ་བ་བཅད་ལ་ཞག་བདུན་ལ་བསྒྲུབས་པས་རིལ་བུ་འཕེལ་བའམ་རྨིས་ལྟས་སོགས་དགེ་མཚན་བྱུང་བའམ། དུས་གྲངས་ཚང་བའི་ཐོ་རངས་ཀྱི་ཐུན་ལ་གོང་གི་སྔགས་མཐར། སརྦ་པྲ་ཛྙཱ་ཛྙཱ་ན་མ་ཧཱ་སིདྡྷི་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧཱུྃ༔ ཞེས་དངོས་གྲུབ་བསྐྱིལ་བའི་སྔགས་བཏགས་པའང་སྟོང་ཕྲག་ཙམ་བཟླ། ལས་བྱང་ཆེན་མོ་ལྟར་རམ་བསྡུ་ན་གོང་གསལ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་སོགས་བརྗོད་ལ་དངོས་གྲུབ་བསྐུལ་བ་ཁོ་ནས་ཀྱང་འཐུས་ལ། སྤྲོ་ན་དེའི་རྗེས་སུ་མཎྜལ་དང་གསོལ་གདབ་ནས་བརྩམ་དབང་ཆོག་ལྟར་བདག་འཇུག་རྒྱས་པར་བླང་ཡང་ཆོག །དེ་ལྟར་ན་དེའི་བཅའ་གཞིའང་སྔར་ཉིན་ནས་བསྒྲིགས་ལ་སྒྲུབ་པའི་སྐབས་བུམ་པའི་བསྐྱེད་བཟླས་སོགས་ཀྱང་བྱ་དགོས་སོ། །རྒྱས་བསྡུས་གང་བྱེད་ཀྱང་རིལ་བུ་སྔགས་བརྗོད་ནས་མྱང་སྐབས། རིལ་བུ་ཡེ་ཤེས་སེམས་དཔའི་སྐུ༔ རང་ཉིད་དམ་ཚིག་སེམས་དཔའ་ཡི༔ སྙིང་གི་པདྨོའི་དབུས་སུ་བྱོན༔ བྱང་ཆུབ་བར་དུ་དབྱེར་མེད་བཞུགས༔ ཡེ་ཤེས་སྣང་བ་སྟེར་བར་གྱུར༔ ཅེས་གསལ་བཏབ་ལ་རིལ་བུ་བདུན་ཕྲག་གཅིག་མིད། ལྷག་མ་ངོ་བོ་ལྷ་ཉིད་ལ༔ རྣམ་པ་རིལ་བུའི་གཟུགས་སུ་གྱུར༔ ཅེས་མོས་ལ་ཁ་ཤས་གྭའུ་ལྟ་བུར་བཅུག་སྟེ་ལུས་ལ་བཅང་། གཞན་རྣམས་མཆོད་པའི་གྲལ་དུ་སྦས་ཏེ་བཞག་གོ །དེའི་ཡོན་ཏན་དང་སྤྱད་ཚུལ་ནི། དེ་ལྟར་བསྒྲུབས་པའི་རིལ་བུ་ནི༔ ཞག་བདུན་བསྟེན་ན་རྨོངས་པ་སེལ༔ བཅུ་བཞིས་མི་བརྗེད་གཟུངས་ཐོབ་ཅིང༔ བདུན་གསུམ་ཡེ་ཤེས་སྣང་བ་འཆར༔ ཡུན་དུ་བསྲིངས་ན་ནད་སེལ་ཞིང༔ ལུས་ཀྱིས་འཆི་མེད་བཅུད་ལེན་འགྲུབ༔ ངག་སྙན་ཚངས་པའི་དབྱངས་ལྟར་འགྱུར༔ ཡིད་ལ་མངོན་ཤེས་ཕྱོགས་མེད་འཆར༔ འཇམ་དཔལ་གཞོན་ནུ་དང་མཚུངས་པའི༔ ཟབ་ཅིང་རྒྱ་ཆེའི་བློ་གྲོས་ཐོབ༔ རྨོངས་པའི་དུད་འགྲོ་ཡིན་ཡང་རུང༔ རིལ་བུའི་དྲི་ཙམ་ཚོར་བས་ཀྱང༔ འཇམ་པའི་དབྱངས་ཀྱི་རིག་སྔགས་མཐུས༔ སྒྲིབ་པའི་དྲི་མ་རབ་བསྲབས་ནས༔ ཕྱི་མ་མཐོ་རིས་རྟེན་ཐོབ་ཅིང༔ བློ་གྲོས་རྒྱ་ཆེར་ལྡན་པར་འགྱུར༔ དེ་ཕྱིར་སྙིང་རྗེར་ལྡན་པ་ཡིས༔ ཀུན་ལ་འགྲོ་དོན་རྒྱ་ཆེར་བྱ༔ ཅེས་གསུངས་པ་ལྟར་རོ། ༈ །བཞི་པ་ཡོན་ཏན་བཅུད་ལེན་གྱི་སྦྱོར་བ་ནི། གནས་ཆེན་སོགས་ས་གཙང་ལ་བཀྲ་ཤིས་པའི་ཕྱོགས་སུ་སྐྱེས་པའི་འཇམ་དབྱངས་རྟག་ངུ་ངོས་འཛིན་མ་ནོར་བ་སྐར་མ་རྒྱལ་གྱི་ཉིན་མོ་རྩ་ལོ་མེ་འབྲས་ཡོངས་རྫོགས་བཏུས་ལ་གྲིབ་སྐམ་བྱ། གཟའ་ཕུར་བུའི་ཉིན་ལེགས་པར་བཏགས་པའི་ཕྱེ་མ་སྲང་གང་གར་ཆང་ཕུལ་དགུས་འདམ་བཏགས་བྱ། དེའི་ཕྱེད་ཆ་འབྲས་བུ་གསུམ། དབང་ལག །དེའི་ཕྱེད་ཆ་ཨ་གར་ནག་པོ། སྙིང་ཞོ་ཤ །ཛཱ་ཏི་རྣམས་དང་། པི་པི་ལིང་ཅུང་ཟད་བཅས་ཞིབ་པར་བཏུལ་བའི་ཕྱེ་མ་ཀ་ར་དང་སྦྲང་རྩིས་རིལ་བུར་དྲིལ། ཐོད་པ་མཚན་བཟང་ནང་དུ་བླུགས་ལ་དར་གྱིས་བཀབ། སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག །གཏོར་མཆོད་བཤམས་ལ་ལས་གཞུང་བསྲངས་ཏེ་བདག་མདུན་མཉམ་དུ་བསྒྲུབ། ཛཔ྄་བཟླས་སྐབས་བདག་བསྐྱེད་བཟླས་པ་ཅུང་ཟད་སྔོན་དུ་སོང་ནས། རིལ་བུ་དམ་ཚིག་བདུད་རྩིའི་མཁར༔ དཀྱིལ་འཁོར་ལྷ་ཚོགས་གསལ་བ་ཡི༔ སྐུ་ལས་ཡེ་ཤེས་བདུད་རྩི་བབས༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ཤེས་རབ་ཡེ་ཤེས་ཡོན་ཏན་གྱི༔ དྭངས་བཅུད་ཀུན་ཀྱང་དབྱེར་མེད་ཐིམ༔ ཚེ་དང་བློ་གྲོས་མཆོག་གྲུབ་པའི༔ རྡོ་རྗེའི་བཅུད་ལེན་ཆེན་པོར་གྱུར༔ ཅེས་དམིགས་ལ་རྩ་སྔགས་ཤམ་བུར། ཨོཾ་ཨཱཿཧཱུྃ་སརྦ་པྲ་ཛྙཱ་ཛྙཱ་ན་ཨཱ་ཡུ་ཥེ་ར་ས་ཡཱ་ན་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་བཏགས་པ་བཟླ། མཇུག་གི་བྱ་བ་གོང་དང་མཚུངས། དེ་ལྟར་བདུན་ཕྲག་གཅིག་ལ་ཐུན་བཞིའི་རིམ་པས་བསྒྲུབ། གྲུབ་པའི་ཐུན་མཐར། དཀྱིལ་འཁོར་ལྷ་རྣམས་རིལ་བུར་ཐིམ༔ དྭངས་བཅུད་གཟི་བྱིན་འབར་བར་གྱུར༔ ཅེས་དམིགས། དེ་ལྟར་བསྒྲུབས་པའི་བཅུད་ལེན་བསྟེན་པའི་སྐབས་སུ་ཁ་ཟས་རགས་པ་རྣམས་སྤངས་ལ། ཐོ་རངས་རླུང་རིག་དྭངས་པའི་སྐབས་རིལ་བུ་བདུན་རེ་ཆུ་སྐོལ་གྱིས་ཕུལ། སྙིང་གི་ནང་བདུད་རྩིས་གང་བར་བསམ་ལ་བུམ་པ་ཅན་གྱི་རླུང་དང་འཕྲུལ་འཁོར་རྒྱུན་མ་ཆད་པར་བྱས་པའི་ཡོན་ཏན་ནི། འདིས་ནི་སྒྲིབ་པ་ཐམས་ཅད་བྱང༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ བློ་རྣོ་ཡིད་གཞུང་གཟུངས་ཐོབ་ཅིང༔ མངོན་ཤེས་ཏིང་འཛིན་བརྟན་པར་འགྱུར༔ ཅེས་སོ། །འདིའི་ཁ་བསྒྱུར་གྱི་ལས་ཚོགས་མཐའ་ཡས་པ་བདུད་རྩི་འོད་ལྡན་རྒྱུད་བཞིན་བྱ་བའང་གསུངས་སོ།། ༈ ལྔ་པ་ཕྲིན་ལས་མ་ཥཱའི་སྦྱོར་བ་ནི། སྲན་མ་མ་ཥཱ་མེ་ཉིས་མ་ཕོག་ཅིང་བུད་མེད་ཀྱིས་མ་རེག་པ་དར་དམར་གྱིས་བསྟུམ། ཉི་ཟླ་གཟའ་ཡིས་ཟིན་པའི་སྔ་རོལ་བདག་བསྐྱེད་བླངས་ལ་ཟིན་མ་ཐག་ལྕེ་འོག་ཏུ་བཅུག །མ་གྲོལ་གྱི་བར་དུ་བཟླས་སྒོམ་བྱས་པས་མྱུ་གུ་འབུས་ན་གྲུབ་ཟིན་པའི་རྟགས་ཡིན། མཐར་བ་དམར་གྱི་འོ་མས་ཕུལ་ཏེ་མིད་པས་ཤེས་རབ་ཕྱོགས་མེད་དུ་འཆར་བ་དང་བརྟན་ཅིང་ཞུམ་པ་མེད་པར་འགྱུར་བར་གསུངས་སོ། ༈ །གཉིས་པ་ཡན་ལག་འཁོར་གྱི་ལས་ཚོགས་ལ་དགུ་ཡོད་པ་ལས། དང་པོ་བསྟན་བཅོས་རྩོམ་པའི་སྐབས་སུ། རང་ཉིད་འཇམ་དཔལ་དཀར་པོར་བསྒོམ༔ སྙིང་དབུས་འཁོར་ལོ་རྩིབས་དྲུག་ལ༔ རྡོ་རྗེའི་ཡི་གེ་འབྲུ་དྲུག་དང༔ དབུས་སུ་སྐྱེ་མེད་ཨ་ཡིས་མཚན༔ བརྗོད་པ་ཀུན་གྱི་རྒྱུར་གྱུར་པ༔ ཨ་དང་སྔགས་ཀྱི་ཕྲེང་བ་ལས༔ བསྟན་བཅོས་ཀུན་གྱི་ཚིག་དང་དོན༔ ཐོགས་པ་མེད་པར་འབྱུང་བར་གྱུར༔ ཅེས་བསྒོམས་ལ་འཇམ་དཀར་སྙིང་པོ་འབྲུ་དྲུག་དང་། ཡང་སྙིང་ཨ་མང་དུ་བཟླ། དེ་ལྟ་བུའི་ཏིང་ངེ་འཛིན་ལས་མ་ཡེངས་པར་བརྩམ་པས་རྗོད་པ་མི་ཟད་པའི་བློ་གྲོས་སྐྱེའོ། །གཉིས་པ་ཆོས་ཉན་པ་དང་ཚིག་དོན་གཟུང་བའི་ཚེ། རང་ཉིད་ངག་གི་དབང་ཕྱུག་བསྒོམ༔ སྙིང་ནི་རིན་ཆེན་དཔལ་བེ་འུའི་ནང༔ ཆོས་ཀྱི་ཚིག་དོན་དབྱངས་གསལ་གྱི༔ ཡི་གེའི་རྣམ་པས་ཐིམ་པར་གྱུར༔ ཅེས་མོས་ལ་དེའི་སྙིང་པོ་བཟླས་པས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །གསུམ་པ་ཆོས་འཆད་པའི་ཚེ། རང་ཉིད་འཇམ་དཔལ་དམར་པོར་བསྒོམ༔ མགྲིན་པ་ཆོས་ཀྱི་དུང་དུ་བསམ༔ དེ་ལས་ཆོས་ཀྱི་སྒྲ་དབྱངས་ནི༔ མི་ཟད་སྲིད་གསུམ་ཁྱབ་པར་གྱུར༔ ཅེས་མོས་ལ་དེའི་སྙིང་པོ་བཟླས་ཏེ་དམིགས་པ་དེ་དང་མ་བྲལ་བར་འཆད་པས་སྨྲ་བ་ལ་ཐོགས་པ་མེད་པར་འགྱུར་རོ། །བཞི་པ་གཞན་དང་རྩོད་པ་བྱེད་པའི་སྐབས་སུ། རང་ཉིད་རྡོ་རྗེ་རྣོན་པོར་བསྒོམ༔ ཕྱག་གཡོན་པུསྟིའི་འོད་ཟེར་གྱིས༔ ཕས་རྒོལ་ཤེས་རབ་རང་ལ་བསྟིམ༔ གཡས་པའི་རལ་གྲི་མང་འཕྲོས་པས༔ དེ་ཡི་སྨྲ་བྱེད་གཏུབས་པར་གྱུར༔ ཅེས་དམིགས་ལ་དེའི་སྔགས་བཟླས་པས་ཕ་རོལ་གྱི་སྤོབས་པ་ཟད་པར་འགྱུར་རོ། །ལྔ་པ་བློ་རྣོ་ཞིང་གསལ་བར་འདོད་ན། རང་ཉིད་རྡོ་རྗེའི་དབྱངས་ཅན་བསྒོམ༔ འཁོར་འདས་དྭངས་བཅུད་སྙིང་ཁར་བསྡུས༔ ཞེས་ཧྲཱིཾ་གསུམ་སྦྲེལ་གྱི་བཟླས་པ་བྱ། ཐོ་རངས་ཆུ་གཙང་ཁྱོར་གང་ལ༔ ཏདྱ་ཐཱ༔ ཁ་ལི་ཁ་ལི་བཱ་ལི་ཏེ་སྭཱ་ཧཱ༔ ཞེས་བཏབ་པས་བཀྲུ་ཞིང་ཁོང་དུ་བཏུང་བས་བློ་གྲོས་མེ་ལྟར་དུ་འབར་བར་འགྱུར་རོ། །དྲུག་པ་བློ་གྲོས་བརྟན་པར་འདོད་ན། རང་ཉིད་རིན་ཆེན་དབྱངས་ཅན་བསྒོམ༔ འཁོར་འདས་ཤེས་རབ་ཀུན་བསྡུས་ཏེ༔ རང་གི་སྙིང་གར་ཐིམ་པར་གྱུར༔ ཅེས་བསྒོམས་ལ་རླུང་བུམ་ཅན་བཟུང་ཞིང་རང་སྔགས་ཡིད་བཟླས་བྱ། ཤུ་དག་དཀར་པོ་ལ། ཏདྱ་ཐཱ༔ སྨྲྀ་ཏི་མ་ཏི་པྲ་ཛྙཱ་ཧུ་རུ་མེ་སྭཱ་ཧཱ༔ ཞེས་མང་དུ་བཟླས་པ་ཐོ་རངས་ལ་ཟོས་པས་བློ་གྲོས་ཤིན་ཏུ་བརྟན་པར་འགྱུར་རོ། །བདུན་པ་བློ་གྲོས་ཟབ་པར་འདོད་ན། རང་ཉིད་པདྨའི་དབྱངས་ཅན་བསྒོམ༔ སྲིད་ཞིའི་ཤེས་རབ་ཧྲཱིཿཡིག་གི༔ རྣམ་པས་སྙིང་དབུས་ཐིམ་པར་གྱུར༔ ཅེས་དམིགས། སྙིང་གར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ལ་རང་སྔགས་བཟླ། སིནྡྷུ་ར་ལ། ཨོཾ་སྨྲྀ་ཏི་མ་ཏི་གམྦྷི་ར་ཧྲཱིཿསྭཱ་ཧཱ༔ ཞེས་མང་དུ་བསྔགས་པ་ཞུན་མར་དང་སྦྱར་ནས་ཟོས་པས་བློ་གྲོས་རྒྱ་མཚོའི་གཏིང་ལྟར་ཟབ་པར་འགྱུར་རོ། །བརྒྱད་པ་ཤེས་རབ་རྒྱ་ཆེ་བར་འདོད་ན། རང་ཉིད་ལས་ཀྱི་དབྱངས་ཅན་བསྒོམ༔ ཐུགས་ནས་རང་འདྲའི་ལྷ་མོ་དང༔ འོད་ཟེར་ནམ་མཁའ་གང་བར་འཕྲོས༔ འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཤེས་རབ་ཡེ་ཤེས་རབ་ཏུ་རྒྱས༔ དབྱངས་ཅན་ལྷ་མོའི་སྐུར་གྱུར་ནས༔ སྔགས་ཀྱི་རང་སྒྲ་སྒྲོག་པར་གྱུར༔ ཅེས་མོས་ལ་རང་སྔགས་བཟླ། སྔར་བཤད་པའི་རྟག་ངུའི་བཅུད་ལེན་གྱི་རྫས་རྣམས་སྨན་མར་ལ་སྦྱར་ཏེ། ཨོཾ་མ་ཧཱ་མ་ཏི་པྲ་ཛྙཱ་ཛྙཱ་ན་ཧུ་རུ་ཧུ་རུ་བརྡྷ་ནི་སྭཱ་ཧཱ༔ ཞེས་པའི་སྔགས་བཏབ་པ་ཐོ་རངས་སུ་བརྟེན། དེའི་ཚེ་ཤ་ཆང་སྒོག་ཙོང་ལན་ཚྭ་སོགས་གནོད་པའི་ཁ་ཟས་སྤངས་པས་བློ་གྲོས་ནམ་མཁའ་ལྟར་ཡངས་པར་འགྱུར་རོ། །དགུ་པ་སྤོབས་པ་རབ་ཏུ་བརྟན་པར་འདོད་ན། རང་ཉིད་སྨྲ་བའི་སེང་གེར་བསྒོམ༔ ཐུགས་ཀའི་འོད་ཀྱིས་རྒྱལ་ཆེན་བཞི༔ སྤྱན་དྲངས་མདུན་དུ་འཁོད་པ་ལ༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ རང་རང་སྡེ་དང་བཅས་པ་ཡི༔ བློ་གྲོས་སྤོབས་པ་རང་ལ་བསྟིམ༔ གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང༔ ཉི་ཟླ་རྒྱུ་སྐར་ལ་སོགས་པའི༔ བློ་གྲོས་སྟོབས་རྩལ་གཟི་བརྗིད་དང༔ ནོར་བུ་སྨན་སོགས་དྭངས་བཅུད་ཀུན༔ དབང་མེད་འདུས་ཏེ་བདག་ལ་ཐིམ༔ བློ་གྲོས་སྟོབས་དང་གཟི་བརྗིད་མདངས༔ འགྲན་ཟླ་མེད་པར་ཐོབ་པར་གྱུར༔ ཅེས་དམིགས་ལ་རྒྱལ་ཆེན་སྡེ་བཞིའི་སྔགས་མཐར། སརྦ་ལོ་ཀ་པྲ་ཛྙཱ་མེ་དྷི་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་བཟླ། ཤུ་དག་ནག་པོ། ཛཱ་ཏི་ཕ་ལ། གླ་རྩི་རྣམས་ལ་སྔགས་དེ་ཉིད་བཏབ་སྟེ་ཟོས་པས་ལྷ་ཆེན་ཚངས་པའང་ཟིལ་གྱིས་གནོན་པའི་སྤོབས་པ་འཇིགས་མེད་སེང་གེ་ལྟ་བུ་འཐོབ་པར་འགྱུར་བར་གསུངས་སོ། །འདི་རྣམས་མདོ་རྒྱུད་གསར་རྙིང་གི་དགོངས་བཅུད་ཟབ་དགུ་གཅིག་ཏུ་བསྡུས་པའི་ཁྱེར་བདེ་ངོ་མཚར་ཅན་དུ་སྣང་བས་དོན་དུ་གཉེར་བ་ལ་ཕན་པའི་སེམས་ཀྱིས་གཞུང་ནས་ཁོལ་དུ་བཀོལ་ཅིང་། ད་རུང་གསལ་བྱེད་ཅུང་རྒྱས་པར་སྤྲོར་འོས་པ་སྣང་ཡང་གཞུང་དོན་ཉིད་ལ་མ་ཚང་བ་མེད་ཅིང་ཡིག་ཚོགས་ཉུང་བ་གཙོར་བཏོན་དུ་བཀོད་པའོ། །ཐོག་མེད་ལྷན་ཅིག་འགྲོགས་པ་ཡི། །སྒྲིབ་པའི་མུན་སྟུག་དྭངས་པ་དང་། །ལྷན་ཅིག་ཡེ་ཤེས་འོད་པོ་ཆེ། །འཆར་བའི་དཔལ་དུ་འདི་གྱུར་ཅིག །ཅེས་རིན་པོ་ཆེ་གྲམ་བུར་བརྡལ་བའི་གཏེར་ཆེན་པོའི་མཛོད་དུ་ཕུལ་དུ་བྱུང་བའི་དབྱིག་གི་སྙིང་པོ་སྡུད་པའི་ཆ་རྐྱེན་དུ་རྒྱལ་བའི་སྲས་པོའི་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས། ཡོན་ཏན་གནས་ལྔ་གཅིག་འདུས་རྫོང་ཤོད་བདེ་གཤེགས་ཡོངས་འདུས་ཀྱི་ཕོ་བྲང་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།
བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་ཚེ་སྒྲུབ་ཤིན་ཏུ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ (Volume 48, Text 61)
༄༅། །བཀའ་གཏེར་དག་སྣང་ཟུང་དུ་འབྲེལ་བའི་ཚེ་སྒྲུབ་ཤིན་ཏུ་ཉེ་བརྒྱུད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་བཞུགས་སོ། ། གྲུབ་པའི་དབང་ཕྱུག་དང་སློབ་དཔོན་ཆེན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དག་སྣང་དུ་གྲུབ་ཐོབ་ཆེན་པོས་མངོན་སུམ་དུ་བསྩལ་པའི་ཚེ་སྒྲུབ་ཁྱད་འཕགས་ཉམས་ལེན་ཟིན་བྲིས་ནི། རང་ཉིད་ཡི་དམ་རྟ་མགྲིན་སོགས་གང་རུང་དུ་གསལ། མདུན་གྱི་ནམ་མཁར་གནམ་ལྕགས་རྡོ་རྗེ་ནི། །འགྱུར་མེད་རྡོ་རྗེ་རྩེ་ལྔ་མེ་འབར་གསལ། །ལྟེ་དབུས་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ། །ལོ་བརྒྱ་ལོན་ཚུལ་དབུ་སྐྲ་སྨ་ར་དང་། །ཨག་ཚོམ་དཀར་ལ་སྨུག་ནག་སྤྱན་གསུམ་འབར། །སྐུ་ལ་རས་གོས་དྲི་མ་མེད་པ་གསོལ། །རྡོ་རྗེའི་སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན། །དབུ་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །མགྲིན་པར་རྟ་མགྲིན་ཁྲོ་རྒྱལ་མེ་ཕུང་འབར། །ཐུགས་ཀར་པདྨ་འབྱུང་གནས་དཀར་དམར་མདངས། །དེ་རྣམས་གསལ་བསྒོམ་་་མེ་ལོང་གཟུགས་བརྙན་འཆར་བཞིན་གསལ།མཆན།བདག་ཉིད་དུས་མིན་དུ། །འཆི་སོགས་བར་ཆད་ཉེར་འཚེ་ཞི་བ་དང་། །ཚེ་རིང་འགྱུར་མེད་རྡོ་རྗེའི་སྐུ་འགྲུབ་ཕྱིར། །མདུན་གྱི་གྲུབ་ཐོབ་ཆེན་པོར་ཁ་སྙིང་སྤྲད། །མོས་གུས་བསྐྱེད་དེ་གསོལ་བ་འདི་ལྟར་བཏབ། །ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ལན་གསུམ་གསོལ་བ་བཏབ་པས་གྲུབ་ཐོབ་དང་། །གནས་གསུམ་ལྷ་ཡི་སྐུ་ལས་འོད་ཟེར་འཕྲོས། །བདག་གི་བླ་ཚེ་ཡར་པ་ཐོར་པ་དང་། །སྡེ་བརྒྱད་མི་མ་ཡིན་གྱི་བར་ཆད་དང་། །འབྱུང་བཞིའི་བཅུད་དང་སྐྱེ་འགྲོའི་ཚེ་བསོད་དང་། །འཕགས་པའི་ཐུགས་རྗེ་ཐམས་ཅད་འཆི་མེད་ཀྱི། །བདུད་རྩི་འོད་ཟེར་སྦྲང་རྩི་ལྟ་བུར་བསྡུས། །བུམ་པར་ཐིམ་པས་མ་ཤོང་ཁ་ནས་ལུད། །བདག་གི་ཚངས་པའི་བུ་ག་ནས་མར་ཞུགས། །ལུས་ཀུན་གང་བས་འཆི་མེད་ཚེ་དབང་ཐོབ། །མ་ཡེངས་སྔགས་འདི་ཉིན་བཞིན་བརྒྱ་རྩ་བརྗོད། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ ཐ་མར་གྲུབ་ཐོབ་ཆེན་པོ་འོད་དུ་ཞུ། །བདག་ལ་ཐིམ་པས་བདག་ཉིད་གྲུབ་ཆེན་སྐུ །སྔ་མ་ལྟ་བུ་རྡོ་རྗེའི་གདན་ལ་འཁོད། །རྭ་རྩེ་ནས་འཕྲོས་མཚོན་ཆ་མེ་གུར་གྱིས། །བར་གཅོད་སྲུང་བའི་འཁོར་ལོས་བསྐོར་བར་བསྒོམ། །གསོལ་འདེབས་བརྒྱ་དང་རྩ་བརྒྱད་དང་། །སྔགས་འདི་སྟོང་ཕྲག་རེ་རེ་ནི། །ཉིན་རེ་བཞིན་དུ་བཟླས་པ་ན། །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་། །ཐེ་ཚོམ་མེད་དོ་རྦད་མིན་ནོ། །འདི་ནི་གྲུབ་ཐོབ་ཆེན་པོས་མངོན་སུམ་དུ་བསྩལ་པ་ལྟར་ཟིན་བྲིས་སུ་བཀོད་དེ། བསམ་གཏན་དཔལ་འབྱོར་གྱིས་ཕུན་སུམ་ཚོགས་པའི་རིན་པོ་ཆེའི་མཎྜལ་གྱིས་མཉེས་པར་བྱས་པ་ལས། ཚེ་སྒྲུབ་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་། བྱིན་རླབས་འདི་ཀ་ཆེ་བར་བསམ་སྟེ་སྦྱིན་པའོ།། །། ༄༅། །བཀའ་གཏེར་དག་སྣང་ཟུང་འཇུག་གི་ཚེ་སྒྲུབ་ཚེ་དབང་དང་བཅས་པ་ཉེ་བརྒྱུད་འཆི་མེད་དཔལ་སྟེར་གསར་པ་བཞུགས་སོ། །ན་མོ་གུ་རུ་ཨ་མི་དེ་ཝ་ཨཱ་ཡུརྫྙཱ་ན་སིདྡྷི་ཧྲཱིཿ སྣང་བ་མཐའ་ཡས་གུ་རུ་པདྨ་འབྱུང་། །དབྱེར་མེད་གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ། །སྙིང་དབུས་གཞོན་ནུ་བུམ་སྐུར་རྟག་བཞུགས་ཏེ། །མི་ཤིགས་ཚེ་ཡི་ཀ་བ་ཉེར་ཚུགས་མཛོད། །དེ་ལ་འདིར་འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལས། དེ་བཞིན་ཉིད་དུ་རིགས་བདག་ལ་བརྟེན་ནས་ཚེ་སྒྲུབ་པ་དང་། དེ་དང་རྗེས་སུ་འབྲེལ་བར་དག་པའི་སྣང་བར་གྲུབ་པའི་དབང་ཕྱུག་ཆོས་རྗེ་ལྕགས་ཟམ་པ་ཆེན་པོས་བསྩལ་པའི་ཚེ་སྒྲུབ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླང་བའི་རིམ་པ་འདི་ལ་གསུམ། བཤམ་བཀོད་དང་འབྲེལ་བར་བསྙེན་སྒྲུབ་བྱ་ཚུལ། དེའི་སྟེང་ནས་སློབ་མ་ལ་ཚེའི་བྱིན་རླབས་བྱ་བ། རྒྱུན་ཁྱེར་གཏེར་གཞུང་སོར་བཞག་དང་བཅས་པའོ། །དང་པོ་ནི། གཙང་མའི་སྟེགས་བུ་ཁེབས་ཀྱིས་བཀབ་པར་མེ་ཏོག་གི་ཚོམ་བུ་ལྔ་ཚོམས་སམ། པདྨ་འདབ་བརྒྱད་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་ཚེ་གཏོར་བུམ་གཟུགས་དཔག་བསམ་གྱི་ཤིང་ལོ་དང་ཁ་རྒྱན་རྟ་མགོས་མཚན་པ། མཐའ་ཚེའི་རིལ་བུས་བསྐོར་བ། ཐོད་པ་མཚན་ལྡན་གྱི་ནང་དུ་ཚེ་ཆང་འབྲུ་བཅུད་མངར་གསུམ་དམ་རྫས་དང་སྦྱར་བ། མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་ཐད་མཆོད་དམ་སྒོར་མཆོད་དུ་བསྐོར། རང་གི་མདུན་དུ་རྡོར་དྲིལ། མེ་ཏོག་གི་སྣོད། སློབ་མ་ལ་བྱིན་རླབས་བྱེད་ན་ཁྲུས་བུམ་ཡང་བཤམ། སྔོན་འགྲོ་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་བྱ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་གཏོར་མ་འདི། །འབུལ་གྱིས་ཡང་དག་བཞེས་ནས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གཏོར་མ་ཕྱི་རོལ་དུ་དོར། ཧཱུྃ་བཞིའི་སྔགས་ལན་གསུམ་བརྗོད་པས་བགེགས་བསྐྲད། སྟེང་འོག་བར་མཚམས་མེད་པར་རྡོ་རྗེའི་རྭ་བ་དང་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་འཁོར་དུ་གྱུར། བཛྲ་རཀྵ་ཧཱུྃ། མཆོད་པ་རྣམས། བཛྲ་ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨའི་སྣོད་དུ་ཧཱུྃ་ཡིག་ཞུ་བ་ལས་བྱུང་བའི་ཡོན་ཆབ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དག་ཅིང་གཙང་ལྡན་དྲི་མ་མེད་པ་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཡེ་ཤེས་ཀྱི་རོལ་པར་འཆར་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ནས། ཤབྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་ནམ་མཁའ་གང་བའི་ཚོགས་ཞིང་རྣམས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྔགས་ཀྱི་ཡན་ལག་བདུན་པ་བྱ། བདག་བསྐྱེད་བསྙེན་པ་ནི། གཏེར་བྱོན།་་་ཧཱུྃ༔ ཆོས་སྐུ་མཚན་མ་ཀུན་སྤངས་མཉམ་ཉིད་ལས༔ མ་འགགས་ཆོ་རོལ་ལོངས་སྐུ་སྤྱན་རས་གཟིགས༔ རབ་དཀར་ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ འོག་མ་གཡས་གཡོན་ཤེལ་ཕྲེང་པད་དཀར་བསྣམས༔ མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུ༔ སྣང་ལ་རང་བཞིན་མ་གྲུབ་ལྷམ་མེ་བ༔ མཉམ་ཉིད་ཐུགས་རྗེའི་ཟློས་གར་སྤྱི་གཙུག་ཏུ༔ མཐའ་ཡས་རིགས་བརྒྱའི་ཁྱབ་བདག་འོད་དཔག་མེད༔ དམར་གསལ་ཞི་འཛུམ་འཇའ་ཚོན་འོད་ཀོར་འཁྱིལ༔ ཕྱག་གཉིས་མཉམ་གཞག་སྟེང་དུ་ཚེ་བུམ་ནི༔ བདུད་རྩི་སྨན་བཅུད་འབྱུང་ལྔའི་དྭངས་མས་གང༔ མཚན་དཔེའི་ཆ་རྫོགས་ལེ་བརྒན་ཆོས་གོས་གསོལ༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ ཐུགས་ཀར་ཟླ་སྟེང་དབུས་སུ་ཧྲཱིཿདམར་པོ༔ མཐའ་སྐོར་ཨ་མཱ་ར་ཎིའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་ཕྱི་རོལ་འབྱུང་བ་ལྔ་ཡི་བཅུད༔ སྐྱེ་འགྲོའི་ཚེ་བསོད་འཕགས་པའི་ཐུགས་རྗེ་དང༔ བདག་གི་བླ་ཚེ་ཆད་ཡར་ཐོར་པ་སོགས༔ ཚེ་དཔལ་ཀུན་འདུས་ཕྱག་གི་བུམ་པར་འཁྱིལ༔ དེ་ལས་ལུད་པས་བདག་གི་ཚངས་བུག་ཞུགས༔ ལུས་ཀུན་གང་བས་བདེ་བ་ཆེན་པོར་གྱུར༔ ཅེས་པའི་དམིགས་པ་དང་བཅས་ཏེ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཅི་མང་བཟླ། མི་འགྱུར་མི་ཤིགས་རྡོ་རྗེའི་ཚེ་དབང་ཐོབ༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔ སྲིད་ཞིའི་དྭངས་བཅུད་ཐམས་ཅད་ཐུགས་སྲོག་ཧྲཱིཿལ་བསྡུས་པའི་མཐར་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ཅན་དེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་འཇོག་པ་ནི་རྫོགས་རིམ་ཚེ་སྦའོ། །སླར་ཡང་གཉུག་མའི་ལྷར་ལྡང་ལ། མདུན་བསྐྱེད་སྒྲུབ་པ་ནི། མདུན་གྱི་དཀྱིལ་འཁོར་གྱི་དབུས་སུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སྐུ་མདོག་སྨུག་ནག་གཟི་བརྗིད་འབར་བ། དབུ་སྐྲ་དང་སྨིན་མ་སྨ་ར་ཨག་ཚོམ་རྣམས་སེ་ཁྱུག་གེ་བ། ལོ་བརྒྱ་ལོན་པའི་ངང་ཚུལ་ཅན། ཕྱག་གཉིས་མཉམ་གཞག་གི་སྟེང་ན་དབང་གཏོར་དང་གཉིས་སུ་མེད་པའི་ཚེའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་བར་ཆད་བསྲུང་ཕྱིར་རྟ་མགོས་མཚན་པ་བསྣམས་པ། རས་དཀར་གྱི་ན་བཟའ་དྲི་མ་མེད་པ་གསོལ་བ། རི་དྭགས་ཀྱི་པགས་པའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་སྣང་བ་མཐའ་ཡས་དམར་གསལ་སྤྲུལ་སྐུའི་ཆ་ལུགས་མཉམ་གཞག་ཚེ་བུམ་འཛིན་པ། མགྲིན་པར་རྟ་མགྲིན་དམར་གསལ་གཡས་པདྨས་མཚན་པའི་དབྱུག་ཏོ་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱིས་བཞེངས་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཐུགས་ཀར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་རྡོ་རྗེ་དང་ཐོད་པ་འཛིན་པ། ཕོད་ཀ་ཆོས་གོས་ཟ་འོག་གི་བེར་དང་སྙན་ཞུ་གསོལ་བ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱི་སྐོར་དུ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཚེ་ལ་དབང་བའི་རིག་འཛིན་ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་གྱུར་པར་མོས་ལ། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཅེས་པའི་གསོལ་འདེབས་ཚར་གསུམ་སོགས་ཅི་མང་དང་། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ ཞེས་བཟླས་པ་ཙམ་གྱིས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འབྱུང་བཞིའི་བཅུད། སྐྱེ་འགྲོའི་ཚེ་བསོད། འཕགས་པའི་ཐུགས་རྗེ་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་ལེན་པ་ལྟར་བསྡུས་ཏེ། གྲུབ་ཐོབ་ཆེན་པོའི་ཕྱག་གི་བུམ་པར་ཞུགས། བདུད་རྩི་མ་ཤོང་བའི་ཚུལ་གྱིས་ཁ་ནས་ལྷུད་ཀྱིས་ལུད་པ་ཚེ་རྫས་རྣམས་ལ་ཐིམ་ཞིང་། བདག་གི་སྤྱི་བོའི་ཚངས་བུག་ནས་ཀྱང་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་མོས་ལ་བཟླས་པ་ཅི་མང་བྱ། མཐར། ཨོཾ་གུ་རུ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སྐུ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་དག་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་པར་བྱའོ། །གཉིས་པ་སློབ་མ་ལ་བྱིན་རླབས་བྱ་བ་ནི། སློབ་མ་ཁྲུས་བྱ། མཎྜལ་མེ་ཏོག་དང་བཅས་པ་ཕུལ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་མེད་ཚེ་དཔག་མེད་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པ་མཛད་དེ་གསན་འཚལ། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པ་ནི། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད་ཡིན་ཞིང་། དེ་ནས་བརྒྱུད་པའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་དུ་གྲགས་པ་འདི་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་སུ་ཡོད་པ་ལས། དང་པོ་རིང་བརྒྱུད་ནི། གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ནས་བསྟན་འཛིན་ཉི་ཟླ་བཟང་པོ་སོགས་ལས་བརྒྱུད་དེ་རྩ་བའི་བླ་མའི་བར་དུ་བྱོན་པ་དང་། གཉིས་པ་ཉེ་བརྒྱུད་ནི། འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ་ལས་དེ་བཞིན་ཉིད་དུ་རིགས་བདག་ལ་བསྟེན་ནས་ཚེ་སྒྲུབ་པ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་ཆེན་པོ་ཆོས་རྗེ་གླིང་པའི་གཏེར་བྱོན་དང་། དག་སྣང་དུ་གྲུབ་པའི་དབང་ཕྱུག་ཆེན་པོས་བསྩལ་པའི་ཚེ་སྒྲུབ་ཉེ་བརྒྱུད་དེ། དེ་ལྟ་བུའི་བཀའ་གཏེར་དག་སྣང་ཟུང་འཇུག་གི་སྒོ་ནས་འཆི་མེད་ཚེའི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན་པས། དེ་ལ་དང་པོར་སློབ་དཔོན་ལ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་རྒྱུན་བཤགས་ཀྱང་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ། དེ་ནས་དངོས་གཞི་དབང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་དཀྱིལ་འཁོར་དབུས་སུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་སོགས་ནས། སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པའི་སྤྱན་སྔར་འཆི་མེད་ཚེའི་དངོས་གྲུབ་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཚེ་དཔག་མེད་མགོན་འགྲོ་ལ་འཆི་མེད་སྟེར། །རྟ་མགྲིན་དབང་རྒྱལ་འགྲོ་བའི་བར་ཆད་སེལ། །པདྨ་འབྱུང་གནས་སྙིགས་དུས་འགྲོ་བའི་སྐྱབས། །ཐང་སྟོང་རྒྱལ་པོར་གསོལ་བཏབ་བསླུ་བ་མེད། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་འཆི་མེད་དངོས་གྲུབ་སྩོལ། །ཅེས་པའི་གསོལ་འདེབས་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་པ་ལ་བརྟེན་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་རང་གི་བླ་ཚེ་ཆད་ཉམས་ཡར་པ་ཐམས་ཅད་དང་། འབྱུང་བ་བཞིའི་བཅུད། སྐྱེ་འགྲོའི་ཚེ་བསོད། འཕགས་པའི་ཐུགས་རྗེ་ཐམས་ཅད་བུང་བས་མེ་ཏོག་གི་བཅུད་ལེན་པ་ལྟར་བསྡུས་ཏེ། གྲུབ་ཐོབ་ཆེན་པོའི་ཕྱག་གི་བུམ་པར་ཞུགས། བདུད་རྩི་མ་ཤོང་བའི་ཚུལ་གྱིས་ཁ་ནས་ལྷུད་ཀྱིས་ལུད་པ་སློབ་མའི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཚེ་བུམ་སློབ་མའི་སྤྱི་བོར་བཞག་ལ། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཞེས་སོགས་གསོལ་འདེབས་ཀྱི་མཐར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧྲཱིཿཧྲཱིཿཧྲཱིཿ ཞེས་པའི་བར་བརྗོད། ཚེ་རིལ་དང་ཚེ་ཆང་ཡང་སྦྱིན། ཚར་གྲངས་ལྟ་བུ་གསོག་ཚེ། ཧྲཱིཿཧྲཱིཿཧྲཱིཿ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང་། །ཞེས་པའི་ཚིགས་བཅད་དང་སྔགས་བརྗོད་ཅིང་ཚེ་བུམ་གྱིས་དབང་བསྐུར། ཚེ་རིལ་དང་ཚེ་ཆང་སྦྱིན། དེ་ཀ་བརྒྱ་རྩ་དང་སྟོང་རྩ་སོགས་བསགས་པས་འཐུས། མཐར་མེ་ཏོག་འཐོར་བ་དང་། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་དག་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཅེས་པའི་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླང་། གཏང་རག་གི་ཡོན་དུ་མཎྜལ་སོགས་སྤྱི་ལྟར་བྱ། མདུན་བསྐྱེད་ཀྱི་ལྷ་ལ་ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་སོགས་ཀྱིས་བསྟོད། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་རྣམས་རྟེན་ཡོད་ན་བསྟིམ། མེད་ན་གཤེགས་སུ་གསོལ་ཞིང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་བྱའོ། །གསུམ་པ་རྒྱུན་ཁྱེར་ནི། བཅས་བཤམ་སོགས་མེད་པས་གོང་གི་བདག་བསྐྱེད། ཧཱུྃ༔ ཆོས་སྐུ་མཚན་མ་ཀུན་སྤངས་མཉམ་ཉིད་ལས༔ ཞེས་སོགས་ནས། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཚེ་སྦ་འོ༔ ཞེས་པའི་བར་གྱི་གཏེར་གཞུང་བཅོས་མེད་ཉམས་སུ་ལེན་པ་འོ། །ཚུལ་འདི་པདྨ་འབྱུང་དང་ལྕགས་ཟམ་པའི། །ཐུགས་རྗེའི་ཉི་མས་བློ་གྲོས་པད་དཀར་ཚལ། །ལེགས་པར་ཕྱེས་ལས་མཆོག་ཐུན་དངོས་གྲུབ་ཀྱི། །ལེགས་བཤད་སྦྲང་རྩི་གསར་པ་འདི་བྱས་སོ། །དེ་སྐད་སྨྲ་བའང་ཆོས་རྗེ་གླིང་པའི་སྡེས། །འབྲེལ་མེད་རང་བཟོའི་སྒྲོ་བཏགས་མ་བྱས་ཏེ། །བཀའ་གཏེར་ཟུང་འཇུག་ལྷན་ཐབས་ཕྲེང་བར་བསྡེབས། །ཐོག་མའི་རྩོམ་ཡིག་ཀུན་བཟང་ལྷུན་གྲུབ་བོ། །སརྦ་དཱ་མངྒ་ལཾ།། །།
རྣམ་སྲས་དྲག་པོ་རྟ་སྔོན་མའི་སྒྲུབ་ཐབས་ (Volume 61, Text 61)
ཨོཾ་སྭསྟི། རྒྱལ་བ་རྣམས་ཀྱི་བསྟན་སྲུང་མཆོག །རྣམ་མང་ཐོས་སྲས་དྲག་པོ་ཡི། །སྒྲུབ་ཐབས་རྗེས་གནང་ཆོ་ག་ནི། །དང་པོའི་ལས་ཅན་དོན་དུ་བཤད། །འདིར་གནུབས་ལུགས་རྣམ་སྲས་དྲག་པོ་རྟ་སྔོན་ཅན་གྱི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྟེགས་བུ་དུག་ཁྲག་གིས་བྱུགས་པ་ལ། མཎྜལ་མེ་རི་དང་དུར་ཁྲོད་ཐོད་པའི་རྭ་བ་རྣམས་ཀྱིས་ཟླུམ་པོར་བསྐོར་བའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ་ལྟེ་བ་མུ་ཁྱུད་དང་བཅས་པའི་ནང་དུ་གྲུ་གསུམ་མཐིང་ནག་ཏུ་བྲིས་པའམ། བསྡུ་ན་འཁོར་ལོ་རྩིབས་བཞི་པ་ཙམ་གྱིས་ཀྱང་ཆོག་སྟེ་གང་ལྟར་ན་ཡང་ལྷ་གནས་སུ་ཚོམ་བུ་བཀོད། དེར་མཉྫི་ལ་རྟེན་གཏོར་གྲུ་གསུམ་ནག་པོ་ཤ་ཁྲག་སོགས་ཁ་ཟས་བཟང་པོས་བརྒྱན་པ་ལ་མདའ་དར་དམར་པོ་སྐུ་རྟེན་དང་ལྡན་པ་བཙུགས། མདུན་དུ་འབུལ་གཏོར་དང་སྨན་རཀ །མཐའ་མཆོད་པ་རྣམས་ཀྱིས་བསྐོར། རལ་གྲི་དང་རྡོར་དྲིལ་སོགས་འོག་ཏུ་དགོས་པ་ཐམས་ཅད་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བགེགས་གཏོར་གཏང་། མཆོད་པ་སྤྱི་དང་ཁྱད་པར་བ་རྣམས་བྱིན་གྱིས་བརླབ། གསང་བའི་བདག་པོའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་རྟེན་བསང་སྦྱང་། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་གནམ་ལྕགས་འབར་བའི་ཚྭ་ཚྭ་འཁྲུགས་པའི་ས་གཞི་ལ་རྡོ་རྗེའི་རྭ་གུར་གྱི་དབུས་སུ། སྤྲིན་ནག་འཁྲུགས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་ཐོད་པ་བརྩེགས་པའི་གཞལ་ཡས་ཁང་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བ། དེའི་དབུས་སུ་བྷྲཱུྃ་ལས་འཁོར་ལོ་སྔོན་པོ་རྩིབས་བཞི་པ་རལ་གྲིས་ཕྲེང་བས་བསྐོར་བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་ལྟེ་བར་རུ་དྲ་ཕོ་མོའི་གདན་ལ་ཧཱུྃ་ཡིག་མཐིང་ནག །དེ་ལས་འོད་འཕྲོས་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དམར་ལ་ཟླུམ་པའི་སྤྱན་གཉིས་དགྲ་བགེགས་ལ་སྡང་མིག་ཏུ་བལྟ་བ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། སྨ་ར་དང་སྨིན་མ་འབར་བ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར་ཞིང་། གཡོན་མདའ་དར་ལེ་བརྒན་ཕྲག་པར་བཀལ་བ། སྐུ་ལ་དར་ནག་གི་བེར་ཆེན་བསེ་ཁྲབ་སྨུག་པོ་དང་བཅས་པ་གསོལ་བ། དབུ་ལ་ལྕགས་ཀྱི་རྨོག་ཞྭ་གསེར་གྱི་ཐིག་ལེ་ཅན་བསྣམས་པ། ཞབས་ལ་སྭག་ལྷམ་ཡུ་རིང་ཅན་གསོལ་བ། རྟ་མཆོག་སྔོན་པོ་ཉམས་རྩལ་དང་ལྡན་པ་གསེར་གྱི་སྒ་དང་ཕྲ་མེན་གྱི་ཡོབ་ཅན་འཆིབ་པ། སྦྲུལ་དང་མི་མགོས་བརྒྱན་ཅིང་འཇིགས་རུང་སྲིན་པོའི་ཆ་ལུགས་ཅན་མེ་རླུང་འཚུབས་མའི་དབུས་ན་བཞུགས་པའོ། །དེའི་ཐུགས་ཀར་ཉི་མ་ལ་བཻ་ཡིག་ནག་པོ། ཕྱི་རོལ་རྩིབས་བཞིའི་ཤར་དུ་ཞེ་སྡང་འོ་མཚོར་ཏྲག་ལས་བདུད་མོ་གཤིན་རྗེ་མགོ་དགུ་མ་ནག་མོ་སྤུ་གྲི་དང་ཐོད་ཁྲག་བཟུང་ནས་བ་མེན་རུ་ཡོན་འཆིབ་པ། ལྷོར་ང་རྒྱལ་མར་ཁུའི་མཚོར་རཀ་ལས་བདུད་མོ་གཤིན་རྗེ་ལག་བརྒྱ་མ་གཡས་པ་ལྔ་བཅུས་རལ་གྲི་དང་གཡོན་པ་ལྔ་བཅུས་བདུད་ཞགས་བཟུང་ནས་མ་ཧེ་ལ་འཆིབ་པ། ནུབ་ཏུ་འདོད་ཆགས་ཁྲག་མཚོར་ཤ་ལས་བདུད་མོ་ཕུང་ཁྲོལ་མ་དམར་ནག་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྙིང་བཟུང་ནས་གཡག་རྒོད་ནག་པོ་ལ་འཆིབ་པ། བྱང་དུ་ཕྲག་དོག་གསེར་མཚོར་བྷྱོ་ལས་བདུད་མོ་གསོད་བྱེད་མ་ལྗང་ནག་གཡས་ལྔ་ན་ཁྲམ་ཤིང་གཡོན་ལྔ་ན་བདུད་ཞགས་གློ་སྙིང་དང་བཅས་པ་བཟུང་ནས་རྐྱང་བུ་ཁ་དཀར་ལ་འཆིབ་པ། ཐམས་ཅད་ཀྱང་འཇིགས་ཤིང་རྔམ་པའི་ཆས་ཅན་རང་མདོག་གི་བུད་མེད་འབུམ་འབུམ་གྱིས་བསྐོར་བ། འཁོར་ལོའི་རྩིབས་མཆན་བཞི་ལ། ཤར་ལྷོར་དྷྲྀ་ལས་ཡུལ་འཁོར་སྲུང་དཀར་པོ་པི་ཝང་བཟུང་ནས་གླང་པོ་ཆེ་ལ་ཞོན་པ། ལྷོ་ནུབ་ཏུ་བཻ་ལས་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་བཟུང་ནས་མ་ཧེ་ལ་ཞོན་པ། ནུབ་བྱང་དུ་བི་ལས་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་བཟུང་བ་ཆུ་སྲིན་ལ་ཞོན་པ། བྱང་ཤར་དུ་བཻ་ལས་ངལ་བསོས་པོ་ལྗང་ནག་དབྱུག་ཐོ་དང་ནེའུ་ལེ་བཟུང་ནས་སེང་གེ་ལ་ཞོན་པ། ཐམས་ཅད་ཀྱང་གོ་ཆ་གསོལ་ཞིང་ཆེར་ཁྲོས་པ་ཕོ་ཉ་དྲག་གཏུམ་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ལྕང་ལོ་ཅན་གྱི་ཕོ་བྲང་ནི། །མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །གནོད་སྦྱིན་བྱེ་བའི་དམག་དང་བཅས། །མ་མོ་གནོད་སྦྱིན་གཤིན་རྗེའི་ཚོགས། །དགྲ་བགེགས་འདུལ་བའི་དོན་སླད་དུ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཧཱུྃ་བཻ་ཏྲཀ་རཀྴ་བྷྱོཿས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པས་སྤྱན་དྲངས། ཧཱུྃ། ཡབ་གཅིག་རྒྱལ་པོ་རྣམ་ཐོས་བུ། །མ་མོ་ལ་སོགས་འཁོར་གྱིས་བསྐོར། །ཀུན་གྱི་ཡབ་གཅིག་དཔལ་འབར་བ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཧཱུྃ་བཻ་ཏྲཀ་རཀྴ་བྷྱོཿས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། ཧཱུྃ། དཔལ་ལྡན་མགོན་པོ་རྣམ་ཐོས་སྲས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་བ། །ཕྲིན་ལས་རྫོགས་མཛད་དཔའ་བོ་ཆེ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཧཱུྃ་བཻ་ཏྲཀ་རཀྴ་བྷྱོཿཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་པས་ཕྱག་བྱ། ཧཱུྃ། ཡོན་ཆབ་མེ་ཏོག་སྤོས་དང་མར་མེ་དང་། །དྲི་མཆོག་ཞལ་ཟས་སྤྱན་གཟིགས་སྣ་ཚོགས་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །ཆོས་སྐྱོང་འཁོར་དང་བཅས་ལ་མཆོད་པར་འབུལ། །ཧཱུྃ་བཻ་ཏྲཀ་རཀྴ་བྷྱོཿས་མ་ཡ་ཧོཿ གཞན་ཡང་ཁྱད་པར་རྨད་དུ་བྱུང་བ་ཡི། །ཤ་ལྔ་བདུད་རྩི་ལྔ་སྦྱར་དམ་ཚིག་རྫས། །ཤ་ཁྲག་དམར་གྱི་གཏོར་མ་ཆང་དང་བཅས། །རུ་དྲ་བསྒྲལ་པའི་ཙིཏྟ་མཆོད་པར་བཞེས། །ཧཱུྃ་བཻ་ཏྲཀ་རཀྴ་བྷྱོཿཔཉྩ་ཨ་མྲྀཏ་ཁཱ་ཧི། དགྲ་བགེགས་ཀྱི་ཙིཏྟ་ལ་ཁ་རཾ་ཁཱ་ཧི། ཞེས་མཆོད། ཧཱུྃ། ལྷ་ཚོགས་དབུགས་འབྱིན་ལྷ་མིན་འཇོམས་ལ་དཔའ། །མི་བཟད་བདུད་ཀྱི་ཆ་ལུགས་བསྟན་པ་སྐྱོང་། །བྱང་ཕྱོགས་རྒྱལ་པོ་བདུད་རྒྱལ་རྣམ་ཐོས་སྲས། །འཁོར་བཅས་སྤྲུལ་པ་ཡང་སྤྲུལ་ཚོགས་ལ་བསྟོད། །ཅེས་བསྟོད་པ་བྱ། བཟླས་པ་བྱ་བ་ནི། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧཱུྃ་སྭཱ་ཧཱ། ཏྲག་རཀྴ་བྷྱོ། ཞེས་བཟླ་བ་མན་ངག་ཞལ་གདམས་ཀྱི་ཡིག་ཆུང་ན་ཡོད། ཨོཾ་བཻ་ཏྲཀ་རཀྴ་བྷྱོཿ ཞེས་པ་རྒྱུན་བཟླས་ཀྱི་སྙིང་པོ་འབྲུ་དྲུག་པ་མ་མོ་ལྟར་སྒྲུབ་པའི་སྙིང་པོ་སྟེ་གཙོ་བོར་བཟླའོ། །དྲག་སྔགས་གཞན་མང་དུ་ཡོད་ཀྱང་འདིའི་ཆོག་གོ །གཏོར་མ་བསང་སྦྱང་། རླུང་མེ་ཐོད་པའི་སྒྱེད་པུ་ལ་གནས་པའི་ཨ་ལས་ཀ་པཱ་ལར་བཅུད་ཤ་ལྔ་བདུད་རྩི་ལྔར་གནས་པ་ལ། རང་གི་སྙིང་གའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བཀུག་སྟེ་ཐིམ་པས་ཤ་ཁྲག་གི་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསམ་ལ། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨ་ཀཱ་རོས་བྱིན་གྱིས་བརླབ། སྙིང་པོའི་མཐར་མ་ཧཱ་བ་ལིནྟ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ལ། ཆོས་སྐྱོང་རྒྱལ་པོ་རྫུ་འཕྲུལ་ཅན། ཁྱོད་ཀྱི་མཐུ་སྟོབས་བསམ་མི་ཁྱབ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དེ་རིང་བདག་གི་མགོན་ལ་བྱོན། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བགེགས་རྡུལ་དུ་རློགས། །ཤིན་ཏུ་གདུང་བས་ཁྱོད་བསྐུལ་ན། །མ་གཡེལ་ཆོས་སྐྱོང་ཐུགས་དམ་ཅན། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩོལ། །ཅེས་འདོད་དོན་གསོལ། རྗེས་ཆོག་ནི་སྔ་མ་རྣམས་དང་འདྲའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་ལྟར་བྱས་ནས། སློབ་མ་རྣམས་ཁྲུས་བྱས། བགེགས་བསྐྲད། མཚམས་སྦྱོར་གྱི་སྐབས། འདི་ཉིད་སྤྱིར་བཏང་གི་གྲགས་ཚོད་ནང་མ་མོ་ལྟར་སྒྲུབ་པར་ངོས་བཟུང་ན་ཡང་། དོན་དུ་གསང་བ་གཤིན་རྗེ་ལྟར་སྒྲུབ་པར་ངོས་བཟུང་ན་འཐད་དེ། འཁོར་གྱི་བདུད་མོ་བཞི་དང་གཤིན་རྗེ་མོ་བཞི་ཡང་མིང་གི་འབོད་ཕྱོགས་ཙམ་ཡིན་པས། དེས་ན་འདིར་གསང་སྒྲུབ་དྲག་པོ་རྟ་སྔོན་ཅན་གནུབས་ལུགས་ཀྱི་རྗེས་གནང་ཟབ་མོ་སྒྲུབ་པ་ལ་ཞེས་སྦྱར་མཎྜལ་ཕུལ། གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ། །ཆེ་མཆོག་བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །སྒྲུབ་མཆོག་བདག་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་དུས་འདིར་བསྩལ་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་གང་རུང་གིས་ཚོགས་གསག །དེ་ནས་སློབ་མ་ལ་ཕྱག་རྡོར་གྱི་མངོན་རྟོགས་ཕོག །གཏོར་མ་མདུན་བསྐྱེད་བཞིན་གསལ་བཏབ་ནས་སྤྱན་འདྲེན་དང་མཆོད་བསྟོད་བྱ། ལྕགས་ཀྱི་རྡོ་རྗེ་སྤྱི་བོར་བཞག་ལ། འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །སངས་རྒྱས་ཐམས་ཅད་ཀུན་གྱི་བདག །དྲེགས་པ་སྤྱི་ཡི་གཉེན་པོ་མཆོག །ཁྱོད་ལ་བདག་གིས་དེང་འདིར་བསྐུར། །ཨོཾ་མ་ཧཱ་ཨ་བྷི་ཥིཉྩ་ཏུ་མཱཾ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དྲེགས་པ་སྤྱི་འདུལ་གྱི་དབང་བསྐུར། སློབ་མ་ཕྱག་རྡོར་དུ་གསལ་བ་ལ་གཏོར་མ་གཏད་དེ། གཏོར་མའི་ལྷ་ལས་རྒྱལ་ཆེན་གཉིས་པ་ཞིག་མཆེད། སློབ་མའི་སྙིང་གར་ཐིམ་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་མོས་ལ། ཨོཾ་བཻ་ཏྲཀ་རཀྴ་བྷྱོཿས་མ་ཡ་སིདྡྷི་ཛཿཧཱུྃ་བཾ་ཧོཿ འདི་ནི་རྒྱལ་པོ་ཆེན་པོ་སྟེ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །དགྲ་བགེགས་འདུལ་ཞིང་བརླག་མཛད་པ། །ལས་ཀུན་སྒྲུབ་པའི་དབང་བསྐུར་སྦྱིན། །ཀཱ་ཡ་སིདྡྷི་ཨོཾ་སོགས་བརྗོད་ཅིང་བཀའ་བསྒོ་དྲག་ཏུ་བྱ། རལ་གྲི་ལག་ཏུ་གཏད་ལ། ཆོས་སྐྱོང་རྒྱལ་པོ་འཁོར་བཅས་རྣམས། །གདུལ་དཀའ་སྣ་ཚོགས་འདུལ་མཛད་པ། །ཤིན་ཏུ་གཏུམ་པའི་ཁྲོ་ཚུལ་གྱིས། །མ་རུངས་དགྲ་བགེགས་ཚར་ཆོད་ཅིག །ཨོཾ་མ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། རྡོ་རྗེ་དང་རལ་གྲི་ལྷན་ཅིག་འཕྱར་དུ་བཅུག་སྟེ། ཡི་དམ་གྱི་སྤྲོ་བ་ལྔའམ་དྲུག་བྱ་བར་གསུངས་པས་དམིགས་པ་འདི་ལྟར་མཛོད། ཁྱེད་རང་ཕྱག་ན་རྡོ་རྗེའི་ང་རྒྱལ་བརྟན་པོས་ཞབས་ཀྱིས་གདུག་པ་ཅན་གྱི་གཙོ་བོའི་སྙིང་གར་མནན་ནས་གཟིར། ཕྱག་གཡས་ཀྱི་རྡོ་རྗེ་ལས་འོད་ཐོག་ལྟ་བུ་འཕྲོས་གདུག་པ་ཅན་ཚར་གཅད། བ་སྤུའི་བུ་ག་ནས་ཁྲོ་ཆུང་མང་པོ་སྤྲོས་བསྐལ་པའི་རླུང་ལྟ་བུས་གདུག་པ་ཅན་གཏོར། བ་སྤུའི་བུ་ག་ནས་མེ་ཕུང་སྤྲོས་པས་གནོད་བྱེད་ཐམས་ཅད་བསྲེགས། རྒྱན་གྱི་སྦྲུལ་ལས་གདུག་པའི་ཁ་རླངས་འཕྲོས་མ་རུངས་པ་རྣམས་མྱོས་ཤིང་བརྒྱལ། གསུང་རིག་སྔགས་ཀྱི་སྒྲས་འཇིག་རྟེན་གང་བས་གདུག་པ་ཅན་བཏུལ་བར་བསམ་ལ་སྔགས་ལྷན་ཅིག་བཟླ་བ་ཞུ། ཞེས་ཕྱག་རྡོར་གྱི་སྔགས་བཟླས་ལ་དམིགས་པ་གསལ་གདབ། ཆོས་སྐྱོང་གི་སྤྲོ་བ་གསུམ་གྱིས་དགྲ་བགེགས་ཚར་གཅོད་པའི་མོས་པ་འདི་བཞིན་མཛོད། རྒྱལ་པོའི་སྐུ་སྟོད་ལས་བྱ་གཅན་གྱི་ཚོགས་སྤྲོས་པས་ས་བླའི་གདུག་པ་ཅན་བཏུལ། རྐེད་པ་ནས་གནོད་སྦྱིན་དང་སྲིན་པོ་སྤྲོས་པས་ས་སྟེང་གི་གདུག་པ་ཅན་བཏུལ། སྐུ་སྨད་ནས་སྟག་དང་སྦྲུལ་སྤྲོས་པས་ས་འོག་གི་གདུག་པ་ཅན་རྣམས་བཏུལ་བར་མོས་ལ་སྔགས་འདི་ལྷན་ཅིག་རྗེས་ཟློས་མཛོད། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཨ་ནུ་རཱ་ཙ་ཀུ་རུ་ཧཱུྃ། ཞེས་དཔོན་སློབ་གཉིས་ཀས་བཟླས་ལ་དམིགས་པ་གསལ་འདེབས་སུ་བཅུག །དཔོན་སློབ་གཉིས་ཀའི་སྙིང་གར་ཉི་མ་ལ་ཧཱུྃ། བླ་མའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། དེའི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་བའི་འོད་ཀྱིས་ཕྲིན་ལས་མཛད། སྔགས་ཕྲེང་དང་འདྲེས་པ་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་བསམ་ལ་སློབ་དཔོན་གྱི་བགྲང་ཕྲེང་ལ་གཟུང་སྟེ། གོང་གནོན་དང་རྩ་བའི་སྙིང་པོ་གསུམ་མམ་བདུན་གྱི་རྗེས་ཟློས་བྱ། དེ་ནས་སློབ་མ་ལ་འདིའི་རྗེས་ཟློས་བྱར་གཞུག །འདོད་པའི་ཁམས་ན་ལོངས་སྤྱོད་པའི། །དངོས་གྲུབ་བདག་གིས་ཀུན་ཐོབ་ནས། །བླ་མ་ཡི་དམ་དཀོན་མཆོག་མཆོད། །ཕྲིན་ལས་རྣམ་བཞི་རྫོགས་པར་ཤོག །ཅེས་སྨོན་ལམ་གདབ། ཁས་བླང་། མཎྜལ་སོགས་སློབ་མའི་རྗེས་ཆོག་དང་། མདུན་བསྐྱེད་ཀྱི་རྗེས་ཆོག་གོང་དུ་བསྟན་པ་བཞིན་བྱའོ། །གསང་སྒྲུབ་འདི་ལ་གཤིན་རྗེ་ཁྲམ་ཐོགས་ཀྱི་རྒྱུད་སོགས་བལ་པོ་བཱ་སུ་དྷཱ་ར་ནས་གནུབས་ཆེན་ལ་བརྒྱུད་པའི་བཀའ་མ་ལ་སྐུ་མདོག་ནག་པོ་དང་། གཉལ་པ་ཉི་ཤེའི་གཏེར་མ་ལ་གཞན་འདྲ་བ་ལ་སྐུ་མདོག་དམར་པོར་བྱེད། སྤྱིར་གཏེར་མའི་སྐོར་ལ་ཕྱི་ལྷ་ལྟར་སྒྲུབ་པ། ནང་མ་མོ་ལྟར་སྒྲུབ་པ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ། ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་ཞེས་གྲགས་པའི། དང་པོ་ནི་སེར་ཆེན་སྤྲིན་གསེབ་མའི་སྐོར་ཡིན། གཉིས་པ་དམར་པོ་བདུད་མོ་བཞི་བསྐོར་ལ་ངོས་འཛིན། གསུམ་པ་མདུང་དམར་ཅན་རྩ་སྒྲུབ་རྟ་སྔོན་མ་ཡིན་ཟེར། བཞི་པ་ནི་ཕྱག་མཚན་བཞི་པར་གྲགས་པ་ཡིན་ཞེས་འདོད། འོན་ཀྱང་ཐོག་ཐ་གཉིས་དོན་ལ་གནས་མོད། མདུང་དམར་ཅན་རྟ་སྔོན་ནང་སྒྲུབ་དང་། གཤིན་རྗེ་མ་མོ་བཞི་བསྐོར་འདི་གསང་སྒྲུབ་ཡིན་པར་ངེས་ཞེས་བླ་མ་ཉིད་གསུང་བ་དོན་ལ་གནས་སོ།། །།རྣམ་འ༵གྱུར་རབ་འཇིགས་ཐོགས་མེ༵ད་མཐུས། །རྡོ༵་རྗེ༵ཐེག་པའི་བསྟན་སྐྱོང་ཞིང་། །གདུག་ཅན་ཚར་གཅོད་རྒྱལ་ཆེན་གྱི། །སྒྲུབ་ཐབས་སྙིང་པོའི་བཅུད་དུ་དྲིལ། །རྣམ་སྲས་དྲག་པོ་རྟ་སྔོན་མའི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་ (Volume 62, Text 61)
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་བླ་མ་རྣམས་ཀྱི་རྡོ་རྗེའི་གླུ་བཞུགས་སོ༔ ྈྈྈྈ ན་མོ་གུ་རུ༔ གསང་སྐོར་བླ་མའི་གླུའི་སྡེ་ཚན་ལས༔ རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་རྡོ་རྗེའི་གླུ༔ བདེ་ཆེན་རང་བྱུང་མཁའ་དབྱིངས་རྣམ་དག་པ༔ གནྡྷོ་ལ་ཡི་མཁའ་འགྲོའི་གྲོང་ཁྱེར་དུ༔ ཨིནྡྲ་བྷཱུ་ཏིའི་བླ་མེད་དོན་རྟོགས་ཏེ༔ ཨ་ཧོ༔ ཆོས་དབྱིངས་རང་བྱུང་རང་ཤར་དགོངས་པ་འདི༔ ལྟ་བ་མཐའ་བཞིའི་དྲི་མ་རང་སངས་ཉིད༔ སྒོམ་པ་བློ་ལས་འདས་ཤིང་འོད་གསལ་བ༔ སྤྱོད་པ་བྱར་མེད་ངང་དུ་ལྷུག་པར་བཞག༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ ༈ སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོ༔ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀཿདཔལ་ལོ༔ ༈ འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོ༔ ཤར་གྲོལ་དུས་མཉམ་རིག་པ་ཐོལ་བྱུང་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་འོ༔ ༈ སློབ་དཔོན་ཛྙཱ་ན་སཱུ་ཏྲའི་རྡོ་རྗེའི་གླུ༔ བདེ་བ་ཆེན་པོའི་ཡེ་ཤེས་ཆེས་འཕགས་པ༔ ཛྙཱ་ན་སཱུ་ཏྲ་བྲག་དམར་དབེན་རྩ་རུ༔ མཁའ་འགྲོ་རྣམས་དང་ཚོགས་འཁོར་བསྐོར་བའི་ཚེ༔ ཨ་ཧོ༔ བདེ་བ་ནམ་མཁའི་ཀློང་དུ་བསྟིམས་བྱས་པས༔ བདེ་སྟོང་རྒྱ་ཆེ་ཁྱབ་བརྡལ་ནམ་མཁའ་འདྲ༔ ཞེན་པ་མེད་པ་བདེ་བའི་འཁོར་ལོ་ལ༔ ལུས་ངག་ཡིད་གསུམ་བདེ་བ་ཆེན་པོར་ཤར༔ ༈ སློབ་དཔོན་ཧཱུྃ་ཀཱ་ར་ཡི་རྡོ་རྗེའི་གླུ༔ རིག་པ་ཐོག་འབེབ་འཁྲུལ་པའི་ཚང་ཚིང་བསྲེགས༔ བསིལ་བའི་ཚལ་དུ་ཧཱུྃ་ཆེན་དགོངས་པར་བཞུགས༔ བྲམ་ཟེའི་བུ་མོས་ཚོགས་ཀྱིས་མཆོད་པའི་ཚེ༔ ཨ་ཧོ༔ རང་བྱུང་རང་ཤར་དཔལ་ཆེན་ཧེ་རུ་ཀ༔ འཁོར་བའི་ཁྲག་འཐུང་སྟོང་ཉིད་དབྱིངས་སུ་སྦྱོར༔ རིག་པ་གཏིང་གསལ་ཆོས་ཉིད་ཀློང་ཡངས་སུ༔ སྣང་བ་ཅི་ཤར་ནམ་མཁར་སྤྲིན་དེངས་འདྲ༔ ༈ སློབ་དཔོན་ཁྲག་འཐུང་ནག་པོའི་རྡོ་རྗེའི་གླུ༔ རང་སེམས་གཉུག་མའི་ངང་དུ་རྫོགས་པ་ལས༔ རྫུ་འཕྲུལ་ཆེར་སྣང་རྩུབ་འགྱུར་ཚལ་ཆེན་པོར༔ བམ་ཆེན་ཚོགས་ཀྱི་འདུ་བར་ལོངས་སྤྱོད་ཚེ༔ ཨ་ཧོ༔ བདག་འཛིན་རྣམ་རྟོག་རྩད་ནས་བཅད་པ་ལས༔ རིག་པའི་སྟོང་སྲོག་འཁོར་ལོ་ནམ་མཁར་བསྐོར༔ ཉོན་མོངས་རྣམ་རྟོག་བྱེ་བ་ཕྲག་བརྒྱ་བསད༔ ཐམས་ཅད་ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ༈ སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་རྡོ་རྗེའི་གླུ༔ སྒྱུ་མ་ལྟ་བུའི་རང་གསལ་རྟོགས་པ་ལས༔ དཔལ་གྱི་རི་ལ་མཁས་པ་ལྔ་བརྒྱའི་དབུས༔ ནཱ་གཱརྫུ་ནས་སྐྱེ་མེད་གླུ་འདི་བླངས༔ ཨ་ཧོ༔ འོད་གསལ་བྱང་ཆུབ་སེམས་འདི་ཀུན་ལ་ཁྱབ༔ རིག་པའི་རང་རྩལ་སྣང་སྲིད་དབང་དུ་བསྡུས༔ སེམས་ཀྱིས་སྣང་སྲིད་ཀུན་ལ་ཐལ་ལེར་གསལ༔ སྣང་བ་གང་ཤར་སྐྱེ་མེད་སྒྱུ་མར་ལྟོས༔ ༈ སློབ་དཔོན་པྲ་བྷཱ་ཧསྟིའི་རྡོ་རྗེའི་གླུ༔ འཛིན་པ་རབ་ཏུ་གཞོམ་པ་རྡོ་རྗེའི་ཀློང༔ པདྨ་བརྩེགས་སུ་བདེ་བ་ཆེན་པོ་བརྙེས༔ པྲ་ཆེན་ཧསྟིས་རྡོ་རྗེའི་གླུ་བླངས་པ༔ ཨ་ཧོ༔ རྐྱེན་གྱིས་གཡོ་བ་མེད་པའི་རིག་པ་ལ༔ འཛིན་པ་དུ་མས་བཅིངས་པ་སེམས་ཀྱི་གོས༔ རང་ཤར་ཀློང་དུ་འཛིན་མེད་ཟང་ཐལ་གསལ༔ སེམས་ཉིད་རྣམ་པར་དག་པའི་རིག་པ་ཤར༔ ༈ སློབ་དཔོན་དྷ་ན་སཾསྐྲྀའི་རྡོ་རྗེའི་མགུར༔ བརྗོད་ཚིག་བྲལ་བའི་ཡེ་ཤེས་བརྙེས་པ་ལས༔ རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་དུ༔ གྲུབ་པའི་དབང་ཕྱུག་ཐམས་ཅད་འདུས་པའི་ཚེ༔ དྷ་ན་སཾསྐྲྀས་འཇིགས་མེད་གླུ་འདི་བླངས༔ ཨ་ཧོ༔ བརྗོད་མེད་སེམས་ལ་རིག་པས་བལྟ་མི་འཚལ༔ རྣམ་པར་དག་པའི་རིག་པ་ངང་གིས་རྫོགས༔ རིག་པ་དྭངས་གསལ་རྙོག་པ་མེད་པ་སྟེ༔ རྩ་རླུང་བྱང་ཆུབ་སེམས་རྣམས་ཐ་མི་དད༔ ༈ མཁའ་འགྲོ་ལས་ཀྱི་དབང་མོའི་རྡོ་རྗེའི་མགུར༔ མཁའ་དབྱིངས་རྣམ་པར་དག་པ་ཀུན་ཁྱབ་པ༔ ཉི་ཟླའི་ཁང་བུར་ལས་ཀྱི་དབང་མོ་ཆེས༔ ཡེ་ཤེས་མཁའ་འགྲོ་བྱེ་བ་འདུས་པའི་ཚེ༔ ཨ་ཧོ༔ ཆོས་ཀྱི་དབྱིངས་ནི་གཟུང་དུ་མེད་པ་སྟེ༔ ཀུན་ལ་གསལ་ཞིང་དམིགས་པའི་མཐའ་དང་བྲལ༔ བརྗོད་མེད་ཉག་གཅིག་བདེ་བ་ཆེན་པོ་འདི༔ སངས་རྒྱས་ཀུན་གྱི་གོ་འཕང་བླ་མེད་དོ༔ ༈ སློབ་དཔོན་རམྦི་གུ་ཧྱའི་རྡོ་རྗེའི་གླུ༔ ཀློང་ནས་ཅི་ཤར་ཆོས་དབྱིངས་ཀློང་དུ་གྲོལ༔ ནྱ་གྲོ་དྷ་ཡི་མཆོད་རྟེན་ཆེན་མོའི་དྲུང༔ བམ་རོའི་སྒྲུབ་པ་མཛད་པའི་གུང་གསེང་ལ༔ རམྦི་གུ་ཧྱས་རྡོ་རྗེའི་ཚིག་འདི་གསུངས༔ ཨ་ཧོ༔ དམིགས་སུ་མེད་ལ་ཆད་པའི་མཐའ་དང་བྲལ༔ ཅིར་ཡང་འཆར་ཞིང་རྟག་པའི་ཡུལ་ལས་འདས༔ གསལ་སྟོང་ཟུང་འཇུག་དབྱིངས་རིག་གཉིས་སུ་མེད༔ གང་ཡང་ཤར་བ་འདི་ཀ་ཆོས་ཉིད་དོ༔༈ སློབ་དཔོན་ཤཱནྟིཾ་གརྦྷའི་རྡོ་རྗེའི་གླུ༔ རྣམ་རྟོག་ཆོས་ཉིད་ཀློང་དུ་གྲོལ་བ་ལ༔ མཆོད་རྟེན་གཟི་འབར་དྲུང་དུ་དྲེགས་པ་ཅན༔ ལྷ་འདྲེ་ཀུན་གྱི་སྟོང་སྲོག་བཅད་པའི་ཚེ༔ ཤཱནྟིཾ་གརྦྷས་ཧཱུྃ་གི་གླུ་འདི་བླངས༔ ཨ་ཧོ༔ རྣམ་རྟོག་ཐམས་ཅད་སྐྱེ་མེད་ངང་དུ་ཧཱུྃ༔ འགགས་མེད་གང་ཤར་རིག་པ་ཧཱུྃ་གིས་སྦྱོར༔ རང་བྱུང་རིག་པའི་ཧཱུྃ་གིས་མ་རིག་གསོད༔ བདག་ཏུ་འཛིན་པ་གཞོམ་པའི་ཧཱུྃ་སྒྲ་ཆེ༔ ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྐོར་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གླུ་ཡང་དག་པའོ༔ ས་མ་ཡ་རྒྱ་རྒྱ༔ ྈྈྈྈ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །།
བླ་མ་དགོངས་པ་འདུས་པ་ལས༔ སྣང་གསལ་མར་མེའི་བརྟག་པ་འོད་འབར་ (Volume 42, Text 61)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ སྣང་གསལ་མར་མེའི་བརྟག་པ་འོད་འབར་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈ ན་མོ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས༔ སྣང་གསལ་མར་མེའི་སྒོ་ནས་བཟང་ངན་པྲ་ལྟས་བརྟག་པར་བྱ་བ་ནི༔ དུས་ཚོད་བཟང་པོ་ཉ་སྟོང་ཚེས་བརྒྱད༔ བཅུ་ལ་སོགས་པའམ༔ ནམ་ཡང་རུང་བར༔ ཡིད་དང་མཐུན་པའི་གནས་གཙུག་ལག་ཁང་ངམ༔ རྟེན་གྱི་དྲུང་དུ་སྟེ༔ མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་དྲུང་དུ༔ མཆོད་པ་ཅི་འབྱོར་བཤམ༔ འབྱོར་ན་རྩ་བ་གསུམ་གྱི་གཏོར་མ་དང༔ ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བཤམ༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་ལ་སོགས་པ་བྱ་ཞིང་ཚོགས་གསག༔ རྒྱུད་སྦྱོང༔ ཕྲིན་ལས་གཞུང་བསྲང༔ དེ་ནས་རྟེན་གྱི་དྲུང་དུ་གདན་གཙང་མའི་ཁར་པདྨ་འདབ་བརྒྱད་བྲིས་པའམ༔ འབྲུའི་ཚོམ་བུ་དགུ་གང་འབྱོར་བཀོད་པའི་དབུས་སུ༔ རིན་པོ་ཆེའི་ཀོང་བུ་ཕུལ་ཕྱེད་ཤོང་བ་སྟེ༔ མ་འབྱོར་ན་རྡོ་དང་ས་ལ་བྱས་པའི་ཀོང་བུས་ཀྱང་རུང་ལ༔ གས་ཆག་མེད་པ་གཙང་མའི་ནང་དུ༔ སྡོང་ཤིང་སྔར་ལས་མ་བྱས་པ་བད་མེད་པ་ལ་རས་དཀར་པོ་དྲི་མ་མེད་ཅིང་བཀོལ་སྤྱད་ཀྱིས་ཟད་པ་མ་ཡིན་པས་དྲིལ་ཏེ་ཆེ་ཆུང་རིང་ཐུང་ཀོང་བུ་དང་ཆ་མཐུན་ནོ༔ ཏིལ་མར་ལ་སྦོམ་ཞིང༔ རྩི་མར་ལ་ཕྲ་བ༔ འབྲིང་འབྲས་དང་ཞུན་ཆེན་ལ་དེ་ལས་གཞོལ་བར་བཙུགས༔ དེའི་སྟེང་དུ་གང་ཡིན་པའི་མར་ཁུ་ངར་མ་ཡལ་བར་བྱས་པས་གང་བར་བླུགས༔ དགུ་ལྔ་གཅིག་ཡན་ཆད་གང་འབྱོར་བཤམ༔ སློབ་དཔོན་ལྷའི་རྣལ་འབྱོར་བདག་བསྐྱེད་དང༔ མདུན་གྱི་ཚོམ་བུ་ལ་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་བསྐྱེད་ཅིང༔ ཨཱོྃ་ཨཱཾཿཧཱུྃ་བཛྲ་གུ་རུ་དཱེ་བ་ཌཱ་ཀི་ནཱི་ཧཱུྃ༔ འོད་ལི་འོད་ལི༔ སརྦ་ཨཱ་ལོ་ཀེ་པྲ་བྷ་ར་ཏ་ན་ཡེ་སྭཱ་ཧཱ༔ ཞེས་པས་མར་མེ་རེ་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས་ཏེ༔ འཇག་མ་རེ་ལ་བཏབ་ཅིང་ཀོང་བུའི་ཁ་རྒྱུད་དུ་བཞག༔ དེ་ནས་སྦྱིན་བདག་གི་ཁྱེའུ་ཕོ་མོ་གཙང་མས༔ ཇི་ལྟར་འདོད་པའི་དོན་དམོད་པ་འདོར་ལ་སྨྲ༔ ནད་པའམ་དམིགས་སྒོ་ཅན་གྱི་སྦྱིན་བདག་ཡོད་ན༔ སྲོག་ནས་ངོ་རྟགས་མ་ནོར་བར་རེ་རེ་ལ༔ སོ་སོའི་འདོད་དོན་སྨྲོས་ལ་ཀོང་བུར་གཞུག༔ སློབ་དཔོན་གྱིས་མར་མེ་བསང་སྦྱང་བྱིན་གྱིས་བརླབས་ནས༔ མ་རིག་མུན་སེལ་སྒྲོན་མེ་མཆོག༔ འབྲུ་རྩི་ཞུན་དུ་སྦྱར་བ་ནི༔ སྣང་གསལ་མར་མེ་མདངས་ལྡན་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཨཱོྃ་ཨཱཾཿན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མཿསརྦ་ཏ་ཐཱ་ག་ཏ༔ སརྦ་བུདྡྷ་བོ་དྷི་སཏྭ་གུ་རུ་དྷེ་བ་ཌཱ་ཀི་ནཱི༔ ཨཱ་ལོ་ཀེ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ བདག་དང་འགྲོ་ལ་བརྩེར་དགོངས་ནས༔ བླ་མེད་མཆོད་པ་འདི་བཞེས་ལ༔ ལེགས་ཉེས་ལྟས་དང་མཚན་མ་རྣམས༔ སྣང་གསལ་མདངས་ལ་བསྟན་དུ་གསོལ༔ ཞེས་པ་རྣམས་དང༔ གཞན་ཡང་མཆོད་པ་སྤྱི་མཐུན་མང་དུ་ཕུལ་ནས༔ ཇི་ལྟར་འདོད་པའི་དམོད་པ་དང་སྨོན་ལམ་བཏབ་ཅིང་མར་མེ་ལ་བརྟག་པར་བྱའོ༔ བརྟག་པའི་ཚུལ་ལ་གསུམ་སྟེ༔ བཟང་པོ་དང༔ ངན་པ་དང༔ དེ་ལས་གཞན་པའོ༔ དང་པོ་རྟགས་བཟང་པོ་ནི༔ མར་མེའི་དབྱིབས་ཕྲ་ཞིང་མདོག་དཀར་ལྷེམ་ལྷེམ་འབར་ན་བཟང་སྟེ༔ དགེ་བའི་བཤེས་གཉེན་ལ་སོགས་མི་ཆེན་བསྟན་པ་དར་རྒྱས་མི་ནུབ་པའི་རྒྱལ་མཚན་ཚུགས་པ་ཡིན༔ གཞན་ཕལ་པ་ཡིན་ན་ཡང་རང་ཚོད་དང་སྦྱར་བའི་མི་ནུབ་པའི་རྒྱལ་མཚན་ཐོབ་པའི་རྟགས་ཡིན་ནོ༔ མདོག་དཀར་དམར་དབྱིབས་རྩེ་མོ་ཟླུམ་ལ་འཁྱིལ་ཞིང༔ དལ་བར་འབར་ན༔ མི་འགྱུར་བའི་ཚེའི་གཡུང་དྲུང་ཐོབ་པའི་རྟགས་ཡིན་པས་བཟང༔ མདོག་གསལ་ལ་འཚེར་བས་རྒྱལ་མཚན་གྱི་དབྱིབས་ལྟ་བུ་ལ་ཁོད་སྙོམས་པར་འབར་ན༔ དཔལ་དང་བཀྲ་ཤིས་སྙན་གྲགས་རྒྱ་ཆེན་འབྱུང་བའི་རྟགས་ཡིན་པས་བཟང༔ མདོག་དཀར་ལ་དྭངས་པ༔ དབྱིབས་ནི་གདུགས་ཕུབ་པ་ལྟ་བུའམ༔ སྦ་འཁོར་དུ་འཁྱིལ་བ་ལྟར་འབར་ན༔ བླ་དགེ་མི་ཆེན་ལ་སོགས་པ་ལ་ནི་ཆོས་འཕེལ་ཞིང༔ མི་ཆེན་དཔོན་དང་སྐྱེ་བོ་ཡིན་ན་གཡུལ་ལས་རྒྱལ་བ་དང༔ འདོད་པའི་དོན་གང་ཡང་འགྲུབ་པའི་ལྟས་ཡིན་པས་བཟང༔ ཁ་དོག་སེར་པོ་གུར་གུམ་དང༔ གསེར་སྦྱངས་དབུར་མ་ལྟར་འབར་ཞིང་པདྨ་གྱེས་པ་དང༔ ཨུཏྤལ་འབུབ་པ་དང༔ ནོར་བུ་ལྟར་བྱུང་ན་ཟས་ནོར་ལོངས་སྤྱོད་འཕེལ་བའི་རྟགས་ཡིན་པས་བཟང༔ མར་ཁུ་སྨེ་ན་ཚེ་རིང༔ མདོག་བཟང་ན་བར་ཆད་མི་འབྱུང༔ འོད་ཆེ་ན་དོན་འགྲུབ༔ འབར་སྟངས་བཟང་ན་བསོད་ནམས་འབྱུང༔ པདྨ་ཆགས་ན་ནོར་ཕྱུགས་འཕེལ༔ སྡོང་རོ་མེད་ན་གདོན་དང་སྒྲིབ་པ་ཆུང༔ དྲི་བཟང་ན་བྱ་བ་གང་རྩོམ་འགྲུབ༔ བལྟབ་བལྟབ་ཟེར་བ་ལྟ་བུའི་སྐད་སྙན་པོ་གྲག་ཅིང་གསལ་ལ་དལ་བར་འབར་ན་མི་ཐམས་ཅད་བྱམས༔ དུད་པ་དང་ནག་འབོག་མེད་ན་ནད་པ་མྱུར་དུ་སོས༔ ནད་མི་འབྱུང༔ མར་མེའི་རྩེ་མོ་མདུང་རྩེ་ལྟ་བུ་བྱུང་ན་མངོན་སྤྱོད་འགྲུབ༔ ལྕགས་ཀྱུ་དང་ཞགས་པ་ལྟར་འབར་ན་དབང་འགྲུབ༔ གྲུ་བཞི་དང་བུམ་པ་དཔལ་བེའུ༔ རྩེ་མོ་ཕྲ་བ་ནོར་བུ་ལྟར་འབར་ན་རྒྱས་པའི་ལས་འགྲུབ༔ ཟླུམ་པོ་འཁྱིལ་བ་ཟུར་མེད་པར་འབར་ན་ཞི་བ་འགྲུབ༔ ཁ་དོག་སྔོ་དམར་ལ་གསལ་ཞིང་དབྱིབས་སྣ་ཚོགས་སུ༔ དལ་བྲེལ་ཁོད་སྙོམས་པར་འབར་ན་ལས་སྣ་ཚོགས་འགྲུབ་སྟེ་བཟང༔ མདོར་ན་ཁ་དོག་གསལ་ཞིང༔ དབྱིབས་ལེགས་ལ་དལ་བྲེལ་ཁོད་སྙོམས་པར་འབར་ན་བཟང་པོའི་ལྟས་ཡིན་པས་ཤེས་པར་བྱའོ༔ ༈ གཉིས་པ་ངན་པའི་རྟགས་ནི༔ ཁ་དོག་མི་གསལ་བར་མོག་མོག་པོ་ལྟར་སྣང་ན་ལས་ཀྱི་སྒྲིབ་པ་ཆེ་བའི་རྟགས་ཡིན༔ ནག་ངམ་ངམ་པ་བྱུང་ན་གྲིབ་དང་མི་གཙང་བ་ཡོད་པའི་རྟགས་ཡིན༔ དམར་ནག་ངམ་མེ་བ་བྱུང་ན་ཉོན་མོངས་པ་སྡིག་སྒྲིབ་ཆེ་བའི་རྟགས་ཡིན༔ དུད་པ་ཆེ་ཞིང་འཚུབ་ན་ནད་པ་ཡུན་རིང་མནར་བ་དང་ནད་འབྱུང་བའི་རྟགས་ཡིན༔ མེ་ལྕེ་ཆེ་བ་མདོག་ངན་པ༔ འབར་སྟངས་བྲེལ་ཞིང་འཚུབ་ན་དམ་ཉམས་པ་དང༔ ཉམས་ཀྱི་གྲིབ་ཡོད་པའི་རྟགས་ཡིན༔ ཚག་སྒྲ་འདོན་ཅིང་མེ་སྟག་འཕྲེད་ལ་འཕྲོ་ན་ཕུགས་སུ་གདོན་ཞུགས་པའི་རྟགས་ཡིན༔ མེ་ལྕེའི་དཀྱིལ་དུ་གྱེན་ལ་ཚྭ་ཚྭ་འཕྲོ་ན་བྱད་དང་བྲུབ་བཟློག་ཕ་རོལ་གྱི་བསམ་སྦྱོར་ངན་པ་ཡོད་པའི་རྟགས་ཡིན༔ འོད་ཀྱི་དཀྱིལ་དུ་དུད་འགྲོའི་གཟུགས་བྱུང་ན་རི་འདྲེས་གདོན་པ་ཡིན༔ འབར་སྟངས་ཞན་ཅིང་མི་གསལ་ན་བསོད་ནམས་མངའ་ཐང་ཉམས་འདོད་པའི་རྟགས་ཡིན༔ མེ་ལྕེ་དུམ་དུམ་རྦད་རྦད་ཆད་ན་རྐྱེན་གློ་བུར་དུ་འབྱུང་ཞིང༔ ནད་པ་ཡིན་ན་མྱུར་དུ་འཆི༔ མེ་ལྕེ་ལྷབ་ལྷབ་བྱེད་ཅིང་བྲེལ་བར་འབར་ན༔ དགྲ་མྱུར་དུ་འབྱུང་བའམ༔ ཐག་རིང་གི་བང་ཆེན་ལ་སོགས་འབྱུང་བའི་རྟགས་ཡིན༔ མར་མེའི་འོད་མི་གསལ་ནས༔ གལ་གུལ་མི་བྱེད་ན་བྱ་བ་གང་རྩོམ་མི་འགྲུབ་པའི་རྟགས་ཡིན༔ མར་ཁུ་མི་སྨེ་བར་འུད་འུད་སྐམ་ན༔ ནོར་གོད་འབྱུང་ཞིང་ཚེ་ཐུང་བའི་རྟགས་ཡིན༔ རྐྱེན་མེད་པར་སྡོང་བུ་འགྱེལ་ན་ཆག་ཆེ་བ་ཡིན༔ མར་ཁུ་བོ་ན་ལས་མི་འགྲུབ་ཁ་འགྱང་ནས་འགྲོ་བའི་རྟགས་ཡིན༔ སྡོང་རོ་ཆེན་པོ་ལུས་ན་ཕྱི་དལ་ཡིན༔ ཁ་དོག་གསལ་ཞིང་བྲེལ་ལྷེམ་ལྷེམ་བྱེད་ན་སྐྲག་སྔངས་འོང་བའི་རྟགས་ཡིན༔ རྩེ་མོ་ལྡུམ་པོ་བཅད་པ་ལྟར་འབར་ན་མ་ཉེས་པའི་ཁ་ཡོག་ཕོག་པ་ཡིན༔ རྩེ་མོ་ཁ་བྲག་གཉིས་སུ་གྱེས་ན་ཡུལ་གཞན་དུ་འགྲོ་དགོས་པའི་ལྟས་ཡིན༔ གསུམ་དང་བཞིར་གྱེས་ནས་མི་གསལ་དྲག་པོར་མཆེད་ན༔ དཔོན་སློབ༔ ཕ་སྤུན༔ བཟའ་མི་ལ་སོགས་ནང་ན་སེལ་ཞིག་ཡོང་འདོད་པ་ཡིན༔ རྩེ་མོ་ལྔ་ཡན་ཆད་ནི་བཟང་པོར་དཔྱད་དོ༔ མདོར་ན་མར་ཁུ་མི་སྨེ༔ མདོག་མེད་མེ་ལྕེ་ཆད་པ་དང༔ འཚུབ་ཧྲིལ་ཧྲིལ་བ་དང༔ མོག་མོག་པོར་སྡོང་རོ་དང་བཅས་པ་རྣམས་ངན༔ དྲི་མ་ཡང་གཤིན་གསུར༔ གཞོབ་དྲི༔ བསེ་དྲི༔ མི་གཙང་བའི་རྣམ་པ་ལྟར་བྱུང་ན་ཤིན་ཏུ་ཡང་ངན་ནོ༔ ༈ གསུམ་པ་དེ་ལས་གཞན་པ་རྣམས༔ བཟང་ངན་གང་གི་ཡང་དཔྱད་ར་མེད་དེ༔ བཏང་སྙོམས་བྱེད་དཀྱུས་སུ་འབར་བ་ཡིན་ཅིང༔ མར་མེ་ནམ་སྟོད་ལ་བཟང་ལྟས་བྱུང་ལ༔ སྨད་ལ་ངན་ལྟས་ཤ་སྟག་བྱུང་ན༔ བཟང་བཟང་འདྲ་བའི་ངན་པ་ཡིན་པས༔ འཕྲལ་ཤིས་ཤིས་འདྲ་ཡང་ཕུགས་བཀྲ་མི་ཤིས་པ་འབྱུང༔ ནམ་སྟོད་ལ་ངན་ངན་འདྲ་ཡང༔ ནམ་སྨད་བཟང་པོ་བྱུང་ན་འཕྲལ་མི་ཤིས་ཤིས་འདྲ་ཡང༔ ཕུགས་སུ་བཀྲ་ཤིས་པ་འབྱུང༔ ནད་པ་ཡིན་ན༔ འཕྲལ་ངན་ལ་གཞུག་ཇེ་བཟང་སོང་ན་ཤིན་ཏུ་དགེ༔ དེ་ལ་སོགས་པ་ཤུགས་ཀྱིས་ཤེས་སོ༔ ༈ སྲོག་ནས་རྣམས་ཀྱི་བརྟག་པ་ནི༔ ནས་རང་པོར་འདུག་ན་ལོ་གཅིག་གི་བར་ཅི་ཡང་མི་འོང་སྟེ་བཟང༔ ཡོས་གས་པ་ལྟར་བྱུང་ན་བཏང་སྙོམས་བྱེད་པ་ཡིན༔ སོལ་རྡོག་ལྟར་ཚིག་ན་ཤིན་ཏུ་ངན་པས་རིམ་གྲོ་དྲག་ལ་མྱུར་བར་བྱ༔ ནད་པ་ཡིན་ན་མོད་ལ་འཆི༔ རྒྱབ་ཚིག་ན་ནད་འབྱུང༔ མདུན་ཚིག་ན་གདོན་འབྱུང༔ སྟོད་ཚིག་ན་དོན་མི་འགྲུབ༔ སྨད་ཚིག་ན་ཁ་སྨྲས་ཕོག༔ ཟུར་ཚིག་ན་བརྡབ་སྣོལ་མང་པོ་འབྱུང༔ ནས་ཀྱི་བརྟག་པ་ནི་ཕལ་ཆེར་རིག་པས་དཔྱད་པར་བྱའོ༔ ༈ མར་མེའི་སྐྱོན་སེལ་བ་ནི༔ རླུང་ཡོད་པའི་ཕྱོགས་སུ་རླུང་གིས་བསྐྱོད་པས་ངེས་པ་མེད༔ བད་ཆེན་པོར་འཐུམ་པས་མ་ངེས༔ མར་ཁུ་ཆུ་དང་སྙིགས་འདྲེས་ན་འཚག་ཅིང་འབར་གཞུག་མི་གསལ་བས་མ་ངེས༔ རས་ལས་བྱས་པ་ལ་མེ་ལྕེ་མི་བརྟན་པས་མ་ངེས༔ དྲི་མ་ཅན་མི་གསལ་བས་མ་ངེས༔ སྡོང་ཤིང་ལ་བད་ཡོད་ན་འབར་དཀའ་བས་མ་ངེས༔ དབྱར་དུས་འབུ་སྦྲང་འཆི་བའི་གནས་སུ་མ་ངེས༔ ཧ་ཅང་སྡོང་བུ་ཆེ་ན་མ་ངེས༔ ཧ་ཅང་ཆུང་ན་མ་ངེས༔ དེ་ལ་སོགས་པ་སྐྱོན་གྱི་རྣམ་པ་གང་དང་གང་དག་ལེགས་པར་དཔྱད་དེ༔ ལ་ཉེ་བརྟག་པར་བྱའོ༔ མར་མེ་འབར་འཕྲོ་ལ་ཤི་བའམ༔ དུད་འགྲོ་གང་གི་སྒྱེལ་རྐྱེན་མེད་པར་བྱུང་ན་བར་ཆད་དུ་ཤེས་པར་བྱའོ༔ མར་མེ་དགུ་པ་ལས་ཀྱང༔ ཕྲ་ཞིང་དཀར་ལ་ལྡེམ་པ་ནི༔ མི་ནུབ་རྒྱལ་མཚན་ཐོབ་པའི་རྟགས༔ དཀར་ཞིང་དལ་ལ་རྩེ་མོ་ཟླུམ༔ མི་འགྱུར་གཡུང་དྲུང་ཐོབ་པའི་རྟགས༔ གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ནི༔ དཔལ་དང་བཀྲ་ཤིས་ཡོད་པའི་རྟགས༔ དཀར་ཞིང་དལ་ལ་ལྡེམ་པ་ནི༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས༔ མར་ཁུ་སྨེ་ཞིང་པདྨ་ཆགས༔ ཚེ་དང་བསོད་ནམས་འཕེལ་བའི་རྟགས༔ ཞེས་པ་དང༔ དུད་པ་ཆེ་ཞིང་མ་གསལ་ན༔ ཉོན་མོངས་སྡིག་སྒྲིབ་ཆེ་བའི་རྟགས༔ ཚག་ཚག་ཟེར་ཞིང་མེ་སྟག་འཕྲོ༔ ཕུགས་སུ་དགྲ་བགེགས་ཞུགས་པའི་རྟགས༔ མེ་ལྕེ་དུམ་བུར་ཆད་པ་ནི༔ རྐྱེན་རྣམས་མྱུར་དུ་འོང་བའི་རྟགས༔ མེ་ལྕེ་ལྷབ་ལྷབ་འབར་བ་ནི༔ དགྲ་རྣམས་མྱུར་དུ་འོང་བའི་རྟགས༔ འོད་མི་གསལ་ཞིང་སྡོང་རོ་ཆེ༔ ནད་པ་མྱུར་དུ་འཆི་བའི་རྟགས༔ མར་ཁུ་མི་སྨེ་འུད་འུད་སྐམ༔ གོད་ཁ་འོང་ཞིང་གོད་སྟོང་ཆགས༔ ཞེས་འབྱུང་བས༔ དེ་ལྟར་བཟང་ངན་ལ་ཉེ་བརྟག་པར་བྱ་ཞིང༔ ནངས་པར་ལྷ་ལ་གཏང་རག་གཏང༔ བཀྲ་ཤིས་བརྗོད༔ གལ་ཆེ་ན་ལན་གསུམ་བསྐྱར་བར་བྱའོ༔ ས་མ་ཡཱ༔ སྣང་གསལ་མར་མེའི་བརྟག་པ་འོད་འབར་ཞེས་བྱ་བ༔ ཕྱི་རབས་ཀྱི་དོན་དུ་པདྨས་མཛད་ཅིང་གཏེར་དུ་སྦས་སོ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །།
ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད་ (Volume 51, Text 61)
༄༅། །ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད་ཅེས་བྱ་བ་བཞུགས་སོ། ། ཞིང་བསང་འདི་ཡི་བཅའ་ཐབས་ལ། །དང་པོ་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་པདྨའི་ལྟེ་བ་དཀར་པོ་བྱས་ལ་རི་རབ་བང་རིམ་གསུམ་པའི་སྟེང་དུ་བུམ་པ་གཅིག །དེའི་སྟེང་དཀར་གཏོར་གཅིག་བཞག །ཕྱི་རིམ་སྣ་ཚོགས་པདྨ་འདབ་བཞི་ལ་དཀར་གཏོར་བཞི་བཞག །དེའི་ཕྱི་རིམ་པད་འདབ་དཀར་པོ་བརྒྱད་བྱ་སྟེ་སྡེ་བརྒྱད་བཤོས་བུ། དེའི་ཕྱི་རིམ་པད་འདབ་བཅུ་གཉིས་བྱ། ལོ་སྐོར་བཅུ་གཉིས་བཞག །མཆོད་པ་རྣམ་ལྔ་བཤམ། གཏོར་མ་བརྒྱ་རྩ་བཏང་། མཆུ་སྡེ་ལྔ་དང་། འབྲུ་སྤེལ་སྣང་བརྒྱད། དེ་རྣམས་འདོན། ཤིང་རྩི་སྣ་ཚོགས་བརྒྱན་ཅིང་འདི་སྐད་དོ། །ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །དུས་གསུམ་སངས་རྒྱས་མཆོད་པ་དང་། ཁམས་གསུམ་སེམས་ཅན་གསོ་བ་དང་། །དྲེགས་པ་ཅན་རྣམས་སྐེམ་པ་དང་། །བུ་ལོན་ལན་ཆགས་སྐོང་བ་དང་། །བཙན་གྱི་ཡུལ་ནས་ལེན་པ་དང་། །མཚུན་གྱི་ཞལ་ནི་གསོ་བ་དང་། །ནོར་ཡ་མཚན་ཅན་རྣམས་སྒྲུབ་པ་དང་། །ཟས་འདོད་དགུ་གསོག་པའི་དོན་ཆེད་དུ། །འབྲུ་ནི་མེད་དུ་མི་རུང་བས། །སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བྱིན་གྱིས་བརླབས་པའི་མཁའ་ལྡིང་བྱ། །མགྲིན་པ་ནས་ཀྱིས་གང་བར་མཛད། །དེ་རིགས་གསུམ་མགོན་པོའི་ཐུགས་རྗེ་ཡིན། །འདབ་ཆགས་རྒྱལ་མོའི་མགུལ་ནས་འཁྲུངས། །ལྷ་མོའི་པི་ཝཾ་ནང་ནས་བླངས། །འབྱུང་བ་ལྔ་ལས་རྒྱུ་བྱས་པས། །དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས། །དེ་ནས་སྲིད་པ་རྒན་རྒོན་གྱིས། །ཐེག་ཆེན་ས་ལ་ནས་འདི་བཏབ། །སྟེང་ནས་བདུད་རྩིའི་ཆར་པ་འབེབ། །སྦྱིན་པ་ཐོང་གཤོལ་ཤུགས་ཀྱིས་རྨོས། །ཚུལ་ཁྲིམས་གཙང་མའི་ས་བོན་བཏབ། །བཟོད་པ་རིན་ཆེན་འབྲས་བུ་སྨིན། །བརྩོན་འགྲུས་མྱུར་བའི་ཟོར་བས་བརྔས། །བསམ་གཏན་ཉམས་ཀྱི་ཐག་པས་བཅིངས། །ཐེག་ཆེན་ཤེས་རབ་ཁལ་དུ་བཀལ། །དོན་དམ་ཆོས་ཀྱི་དབྱིངས་སུ་ཕོག །མ་ཆགས་བྱམས་པའི་དབྱུག་པས་བརྡུངས། །འབྱུང་བ་རླུང་གིས་དྭངས་སྙིགས་ཕྱེས། །འཁོར་འདས་གཉིས་ཀྱི་འདོད་ཡོན་བྱས། །སྔོན་གྱི་ནས་བྱུང་དེ་ལྟར་བྱུང་། །དེ་ནས་ལྷ་རྣམས་བཀའ་བགྲོས་ནས། །འགྲོ་བའི་མི་ནི་བྱིན་གྱིས་བརླབས། །གླང་པོ་ཆེ་ནི་ས་སྲུང་དང་། །མ་ཧེ་འགྲོས་ཆེན་གཉའ་བ་བསྡེབས། །ཤིང་དང་གཉའ་འགྲོས་གཉའ་ཐང་སྤྲད། །ཤ་རྒྱུན་མཉེན་མོས་སྲང་ཐག་འཐེན། །འབྲུ་སྣ་བརྒྱ་ཡི་ས་བོན་ལ། །ཞིང་གི་ལྷ་དེ་ཚངས་པས་མཛད། །ས་ཡི་ལྷ་མོ་བརྟན་མ་དེ། །ཞིང་ལྷ་རྒྱལ་མོར་མངའ་གསོལ་བྱས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང་། །ས་བདག་རྒྱུ་སྐར་གཞི་བདག་གིས། །འབྲུ་རྣམས་སྤེལ་བའི་སྨོན་ལམ་བཏབ། །ནས་འདི་སྐྱེད་པའི་སྲུང་སྐྱོབ་བྱས། །དུས་གསུམ་རྒྱལ་བས་བྱིན་བརླབས་པས། །འབྲུ་ནི་ཉིན་མཚན་མེད་པར་སྐྱེས། །ནས་འདི་སྨིན་ཅིང་འཕེལ་ཁ་ཆེ། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་མ་དེ་ནི་ཁྱུང་གཤོག་ཙམ། །སོག་མ་དེ་ནི་མདུང་ཡུ་ཙམ། །སྙེ་མ་དེ་ནི་ལྷོ་སྤྲིན་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །དུས་གསུམ་སངས་རྒྱས་བྱིན་བརླབས་འགྲུབ། །སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །བདག་དང་ཡོན་བདག་འདི་དག་གིས། །ཞིང་རྨོ་ས་བོན་འདེབས་པ་ལ། །གནམ་ལ་སྐར་མ་གཟའ་ཡང་བཟང་། །ས་ལ་ཉི་མ་ལྷུན་ཡང་དྲོ། །དུས་ཚོད་མ་བུ་བཀྲ་ཡང་ཤིས། །ལྷ་གཞིའི་སྟེང་དུ་འབྲུ་ནས་བཀྲམ། །གཡང་རྣམས་བསྡུས་པའི་མཆོད་པ་བཤམས། །བླ་མ་ཡི་དམ་དཀོན་མཆོག་གསུམ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། །ཕྱོགས་བཅུའི་ལྷ་རྣམས་སྤྱན་དྲངས་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཚངས་པ་བརྒྱ་བྱིན་ལ་སོགས་དང་། །དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱང་། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རྣམ་སྲས་དང་ནི་ཛམ་བྷ་ལ། །ཕྱོགས་བཅུའི་ནོར་ལྷ་གཉན་པོ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གཉན་ཆེན་བརྒྱད། །རྒྱུ་སྐར་ས་བདག་གནོད་སྦྱིན་བརྒྱད། །གནོད་སྦྱིན་རྒྱལ་ཆེན་ཡུལ་ལྷ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞིང་ལྷ་ཚངས་པ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞོས་ལྷ་རྒྱལ་མོ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་འཁོར་བཅས་ལ། །མཆོད་པ་རྣམ་ལྔ་འདོད་ཡོན་ལྔ། །ཇི་ལྟར་དགྱེས་པའི་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །བདུད་རྩི་གཏོར་མའི་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ནོར་ལྷ་གཡང་ལྷ་ཐམས་ཅད་ལ། །འདོད་ཡོན་རིན་ཆེན་གཡང་སྤེལ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཀླུ་གཟའ་དང་རྒྱུ་སྐར་དང་། །ཕྱོགས་སྐྱོང་ས་བདག་གཏོད་དང་སྨན། །ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །རིན་ཆེན་འབྲུ་ཡི་བཤོས་གསོལ་དང་། །རྣམ་ལྔ་འདོད་ཡོན་སྣ་ཚོགས་དང་། །བ་ཁྲ་བརྒྱ་དང་བིས་ཁྲ་སྟོང་། །གྲེ་བོ་ཁྲི་དང་རོག་པོ་འབུམ། །དཀོར་ནོར་སྣ་ཚོགས་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཡུལ་ལ་གནས་པའི་ཡུལ་བདག་དང་། །ཞིང་ལ་གནས་པའི་ཞིང་ལྷ་རྣམས། །མཆོད་པའི་ཡོ་བྱད་སྣ་ཚོགས་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ད་ལོའི་གནམ་ལོ་རྒྱལ་པོ་ལ། །རིན་ཆེན་འབྲུ་དང་རྐང་འགྲོས་གཟུགས། །ཕྱེ་མར་འོ་སྐོལ་གསུར་མཆོད་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་རི་རབ་ཀྱི། །ཐད་ཀྱི་ཤེལ་བྲག་དཀར་པོ་ལ། །ཞིང་ལྷའི་སྟེང་དུ་ཞོས་རྡོ་བཙན། །ཞོས་རྡོ་བཙན་པའི་ཡོན་ཏན་གྱིས། །ལོ་ཡག་ལྗང་ནས་འཁྲུང་བར་མཛོད། །ནས་འབྲུ་དེ་ནི་རྒོད་སྒོང་ཙམ། །གྲ་མ་དེ་ནི་རྒོད་གཤོག་ཙམ། །སྙེ་མ་དེ་ནི་ཁྱུང་གཤོག་ཙམ། །ནས་འབྲང་དེ་ནི་རི་རབ་ཙམ། །འཕེལ་ཁ་ཆེ་བའི་ནས་གཡང་སྡུས། །ཞོས་རྡོ་འདི་ལ་འབྲུ་རྣམས་འཁོར། །ཞོས་རྡོ་འདི་ལ་ཞིང་ལྷ་འཁོར། །ཞིང་ལྷ་ཞོས་རྡོ་མ་གཡེལ་ཅིག །འགོ་བའི་ལྷ་རབས་བཅུ་གསུམ་གྱིས། །ཞོས་རྡོ་འདི་ལ་སྡོངས་གྲོགས་མཛོད། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ས་ཡི་ལྷ་མོ་བརྟན་མས་ཀྱང་། །སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཞིང་ས་འདི་ལ་གནས་ཆོས་ལ། །ཞོས་རྡོ་འདི་ལ་སྐུ་བརྟེན་ལ། །ས་ལ་ལོ་འབྲས་སྨིན་པར་མཛོད། །ཞིང་གི་ལོ་འབྲས་རྒྱས་པར་མཛོད། །ས་གཞི་ལོ་ཏོག་སྨིན་པར་མཛོད། །ས་གཞི་རྩི་ཐོག་རྒྱས་པར་མཛོད། །ཆུ་ལ་གནས་པའི་ཀླུ་རྣམས་ཀྱང་། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྐུ་ལ་ཁྲུས་ཆབ་གསོལ་བ་ལས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཡག་ལྗང་བུ་འཁྲུང་བར་མཛོད། །ཆར་ཆུ་དུས་སུ་མ་འབབ་ན། །རྩི་ཐོག་འབྲས་བུ་མ་སྨིན་ན། །ཀླུ་རྣམས་རྒྱལ་བའི་བཀའ་ལས་འདའ། ཁྱུང་དང་བྱེ་ཚན་འཇིགས་པ་འོང་། །མགོ་བོ་ཚལ་པ་བརྒྱ་རུ་འགས། །དེ་བས་ཀླུ་རྣམས་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་འབྲས་རྟག་ཏུ་སྨིན་པར་མཛོད། །ཀླུ་ཡི་འཕེལ་གཡང་འགྲུབ་པར་མཛོད། །ཀླུ་རྒྱལ་གཙུག་ན་རིན་པོ་ཆེ། །གཞོན་ནུ་གཏུམ་པོ་འཁོར་དང་བཅས། །རྒྱལ་རིགས་རྗེ་རིགས་འཁོར་དང་བཅས། །བྲམ་ཟེ་གདོལ་པ་ལ་སོགས་རྣམས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཐོག་ཡག་པའི་སྡོངས་གྲོགས་མཛོད། །ས་བདག་རྒྱལ་པོ་ཤྲཱི་བྷ་དྲ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་འཛིན་ལག་པ་ཆེན་པོ་དང་། །ས་ལ་གནས་པའི་ས་བདག་རྣམས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །མཆོད་ཡོན་དམ་པ་འདི་བཞེས་ལ། །སྔོན་གྱི་རྒྱལ་བའི་བཀའ་མ་གཅོག །ད་ལྟ་སྔགས་འཆང་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །སོ་ནམ་དུས་སུ་འཕྲད་པར་གྱིས། །ལོ་ཐོག་མགོ་རུ་འཕེལ་བར་མཛོད། །སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ། །སྔགས་འཆང་བདག་གིས་ཁྱེད་མཆོད་ན། །མཆོད་པ་དོན་མེད་མ་བྱེད་ཅིག །གཏོར་མ་ཁྲེལ་ཟས་མ་བྱེད་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདེན་པའི་བཀའ་ནི་མ་བསླུ་ཞིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །ཞིང་ལྷ་ཚངས་པ་མ་གཡེལ་ཅིག །ཞོས་ལྷ་རྒྱལ་མོ་མ་འཆུག་ཅིག །ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་ཀྱིས། །ཞིང་གི་ལོ་ཐོག་ཡག་པར་མཛོད། །ས་ཡི་རྩི་བཅུད་འཁྲུང་བར་མཛོད། །ཆོས་སྐྱོང་སྲུང་མ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །རྒྱལ་ཆེན་སྡེ་བཞི་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །གཟའ་དང་རྒྱུ་སྐར་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །གནོད་སྦྱིན་ནོར་ལྷ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །ས་བདག་ཡུལ་ལྷ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །གཏོད་དང་གཉན་རྣམས་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །འབྲུ་ལྷ་གང་བཟང་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗོང་འཁྲུངས་ཤིག །ཀྱཻ། ཡུལ་གཉིས་དེ་ནི་ལོ་འགྲན་ན། །ལོ་འཕང་གཞན་བས་མཐོ་བར་ཤོག །ཞིང་གཉིས་མུ་དང་ཐོག་འགྲན་ན། །ལོ་ཤ་གཞན་བས་མཐུག་པར་ཤོག །མཉམ་གཉིས་ས་བོན་གྲངས་འགྲན་ན། །འབྲུ་གྲངས་གཞན་བས་མང་བར་ཤོག །ནས་ཀྱང་བྲེ་དང་ཁལ་འགྲན་ན། །བྲེ་ཁ་གཞན་བས་མང་བར་ཤོག །འཇིག་རྟེན་ཁམས་ཀྱི་ནས་གཡང་སྡུས། །འཛམ་བུ་གླིང་གི་ཞིང་གཡང་སྡུས། །མདོ་ཁམས་སྒང་གི་འབྲུ་གཡང་སྡུས། །བཙན་ཕྱུག་ལྡན་པའི་ནོར་དང་གཡང་། །བདེ་སྐྱིད་འཛོམ་པའི་ཚེ་གཡང་དཔལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དེ་རིང་འདི་རུ་བསྩལ་དུ་གསོལ། །ཞིང་ལྷ་ཚངས་པ་དཔལ་མ་ཞན། །ཞོས་ལྷ་རྒྱལ་མོ་མཐུ་མ་ཆུང་། །ལོ་ཡག་ལྗོང་ལྡེམ་འཁྲུང་བར་མཛོད། །ལོ་བུངས་གཞན་བས་ཆེ་བར་མཛོད། །ལོ་ཤ་གཞན་བས་མཐུག་པར་མཛོད། །ལོ་སྐྱེད་གཞན་བས་མགྱོགས་པར་མཛོད། །འབྲུ་ནི་རྒྱལ་བ་མཉེས་པའི་འབྲུ། །འབྲུ་ནི་དམ་ཅན་སྐོང་བའི་འབྲུ། །འབྲུ་ནི་རིགས་དྲུག་གསོ་བའི་འབྲུ། །འབྲུ་ནི་ལན་ཆགས་སྐོང་བའི་འབྲུ། །འབྲུ་ལ་ཡོན་ཏན་ཐམས་ཅད་ཚང་། །འབྲུ་བས་མཉེས་པ་མ་མཆིས་སོ། །འབྲུ་བས་ཞིམ་པ་མ་མཆིས་སོ། །འབྲུ་བས་མཁོ་བ་མ་མཆིས་སོ། །ཅི་ཕྱིར་འབྲུ་ནི་མཁོ་བ་ན། །དུས་གསུམ་སངས་རྒྱས་འདི་ཡིས་མཆོད། །དམ་ཅན་སྲུང་མ་འདི་ཡིས་བསྟེན། །ནོར་ལྷའི་རྒྱལ་མོ་འདི་ལ་འཁོར། །འགོ་བའི་ལྷ་རྣམས་མཆོད་པའི་རྟེན། ཁམས་གསུམ་སེམས་ཅན་འདི་ཡིས་གསོ། །བུ་ལོན་ལན་ཆགས་འདི་ཡིས་སྦྱོང་། །དེ་བས་འབྲུ་ནི་ཡ་མཚན་ཆེ། །དེ་བས་འབྲུ་ནི་ངོ་མཚར་ཆེ། །འབྲུ་ལ་ཞི་རྒྱས་དབང་དྲག་ཚང་། །འབྲས་དང་ཡུངས་གྲོ་ཞི་བ་ཡིན། ཁྲེ་དང་ཡུངས་དཀར་རྒྱས་པ་ཡིན། །ཙི་ཙི་ཟར་མ་དབང་གི་འབྲུ། །བྲ་བོ་སྲན་མ་དྲག་པོ་ཡིན། །ནས་ནི་སྤྱི་ཁྱབ་ཡིན་པས་ན། །ཞི་རྒྱས་དབང་དྲག་བཞི་ཀ་ཚང་། །ཡོས་སུ་རྔོས་ན་ཞི་བ་ཡིན། །ཕྱེ་རུ་བྱས་ན་རྒྱས་པ་ཡིན། །ཟན་དུ་བརྫིས་ན་དབང་དུ་གྲུབ། །ཆང་དུ་བསྒྱུར་ན་དྲག་པོ་ཡིན། །འབྲུ་ནི་ཆང་དུ་སྦྱར་བ་ན། །ཆང་བས་ངོ་ཆེ་མ་མཆིས་སོ། །གསེར་བས་འབྲུ་ནི་གོང་ཐང་ཆེ། །བཙན་པོའི་ཞལ་གསོས་འདི་ལ་ཉན། །བཙུན་པའི་རྟ་རྐུན་ཆད་པ་སོད། །རྨང་པོའི་བུ་བསད་སྟོང་ཡང་སོད། །རྐུན་བུའི་བུ་ཡི་སྲོག་ཀྱང་ཐོན། །ཕྱུག་པོའི་བུ་མོ་བག་ཀྱང་ཁུག །དེ་བས་ནས་འདི་མཁོ་ཞིང་གཅེས། །འབྲུ་འདི་དུས་གསུམ་རྒྱལ་བས་སྲུངས། །ནས་འདི་ཡི་དམ་ལྷ་ཡིས་སྲུངས། །ནས་འདི་དཔའ་བོ་མཁའ་འགྲོས་སྲུངས། །ནས་འདི་ཆོས་སྐྱོང་སྲུང་མས་སྲུངས། །ནས་འདི་ནོར་ལྷ་རྣམས་ཀྱིས་སྤེལ། །ནས་འདི་དཔལ་མགོན་རྣམས་ཀྱིས་སྐྱེད། །ཞིང་ལྷ་ཚངས་པ་ཞོས་ལྷ་རྒྱལ་མོ་དང་། །འབྲུ་ལྷ་གང་བཟང་ལ་སོགས་པའི། །ཡུལ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །ཕྱྭ་གཡང་རྟེན་འདིར་འཁོར་བར་མཛོད། །ཉི་མ་དེ་རིང་ཕྱིན་ཆད་ནས། །བཙའ་སད་སེར་གསུམ་ལ་སོགས་པའི། །ཞིང་གི་ལོ་ནད་ཟློག་ཏུ་གསོལ། །ནས་ཀྱི་ནད་རྣམས་ཟློག་ཏུ་གསོལ། །འབྲུ་ཡི་བར་ཆད་ཟློག་ཏུ་གསོལ། །ལོ་ཡག་ལྗོང་ལྡེམ་འབྲུ་འཕེལ་མཛོད། །གང་བ་བཟང་པོས་འབྲུ་རྣམས་སྤེལ། །ཞིང་ལྷ་ཚངས་པས་འབྲུ་རྣམས་སྤེལ། །ཞོས་ལྷ་རྒྱལ་མོས་འབྲུ་རྣམས་སྤེལ། །ཡུལ་ལྷ་རྣམས་ཀྱིས་འབྲུ་རྣམས་སྤེལ། །ཆར་ཆུ་དུས་སུ་འབབ་པར་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །ཅི་བསམ་དོན་རྣམས་འགྲུབ་པར་ཤོག །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཞིང་ལྷ་ཚངས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ས་ཡི་ལྷ་མོ་བརྟན་མ་དང་། ཞོས་ལྷ་རྒྱལ་མོ་དང་། ནོར་ལྷ་གང་བ་བཟང་པོ་དང་། རྒྱལ་ཆེན་སྡེ་བཞི་དང་། ས་བདག་ཡུལ་ལྷ་གཞི་བདག་རྣམས་ལ་དཀར་གཏོར་དང་ཇ་ཆང་ཕྱེ་མར་མཆོད་བསྟོད་སོགས་ཞིང་གི་དཀྱིལ་ནས་བྱེད། ཞིང་དཀྱིལ་ཞོས་རྡོ་བསྟོད། དེ་ནས་ཁུ་ཡེ་བཀྲ་ཤིས་སོགས་བྱའོ། །ཞེས་ཞིང་ལྷ་ཚངས་པ་ལ་བསང་མཆོད་འབུལ་བ་འགྲོ་རྣམས་རེ་འདོད་བསྐང་ཕྱིར་ཨ་རཱ་གས་སྨྲས་པའོ། །སརྦ་མངྒ་ལཾ།། །།
མཆོད་བསྟོད་ནོངས་བཤགས་མདོར་བསྡུས (Volume 34, Text 61)
མཆོད་བསྟོད་ནོངས་བཤགས་མདོར་བསྡུས་ནི། མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་བརླབ་ལ། ཧཱུྃ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་རྫས་ཀྱིས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད། །བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་ཅིང་། ཧཱུྃ། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང་། །ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ། །མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་བསྟོད་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ནོངས་པ་བཤགས་སོ།། །།
ཡེ་ཤེས་རབ་འབར་ལས༔ སྔགས་ཀྱི་ལས་འཇུག་ལྷ་འདྲེ་སྤྱི་ཆིངས་ (Volume 44, Text 61)
ཡེ་ཤེས་རབ་འབར་ལས༔ སྔགས་ཀྱི་ལས་འཇུག་ལྷ་འདྲེ་སྤྱི་ཆིངས་ནི༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈ ྈ ྈ ྈ ྈ ལྔ་བརྒྱའི་ཐ་མར་མི་རྣམས་མི་རུངས་ཤིང༔ སྔོན་འཕྲལ་རང་གཞན་རྐྱེན་གྱིས་མི་ཁོམ་པའི༔ སྒྲུབ་ལོང་མེད་ཅིང་སྙིང་རུས་ཆུང་བ་ཡིས༔ སྔགས་ཀྱི་ནུས་པ་འགྱང་བའི་དུས་བྱུང་ན༔ སྔགས་ཀྱི་ལས་འཇུག་ཐབས་ཀྱི་ལམ་མཆོག་འདི༔ ཕྱི་རབས་རྗེས་འཇུག་རྣམས་ཀྱི་སྐལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྲོ་ཤོག་ལེབ་ལ་སྡེ་བརྒྱད་སྲོག་འཁོར་དང༔ དེ་ཉིད་སྤྱི་ཆིངས་ཧེ་རུའི་བཀའ་འཁོར་བྲི༔ དང་པོ་ཧེ་རུ་ཀ་ཡི་འཁོར་ལོ་ནི༔ བཟང་པོ་དྲུག་དང་པཉྩ་ཨ་མྲྀཏས༔ རྒྱ་ཤོག་ལེབ་ལ་མུ་ཁྱུད་གསུམ་ལྡན་གྱི༔ དབུས་སུ་ཧཱུྃ་དང༔ ཡི་དམ་ལྷ་ཡི་སྲོག་ཐོབ་པར་གྱུར་ཅིག༔ ལས་བཞི་ལྷུན་གྱིས་གྲུབ་ཅིང་ཆོས་སྐྱོང་རྣམས་ཀྱི་རྩལ་ཐོབ་ཅིང་གནད་ཟིན་པར་གྱུར་ཅིག༔ དེའི་རྒྱབ་མུ་ཁྱུད་རྩ་བའི་སྙིང་པོ་བྲི༔ དེའི་ཕྱི་མུ་ཁྱུད་ཡངས་པར་རྩིབས་བརྒྱད་ཀྱི༔ སོ་སོའི་ནང་དུ་མུ་ཁྱུད་རེ་རེའི་ནང༔ རྩིབས་དྲུག་རེ་ཡི་དབུས་སུ་ཧཱུྃ༔ རྩིབས་ལ༔ བཛྲ་ཧཱུྃ༔ རཀྴ་ཧཱུྃ༔ ཡཀྴ་ཧཱུྃ༔ ཕྱི་རོལ་ཡེ་དྷརྨཱ་དང་འདོད་སྤེལ་བྲིའོ༔ གཉིས་པ་ཆོས་སྐྱོང་གི་འཁོར་ལོ་ནི༔ གྲི་ཁྲག་དང་བཙན་དུག་གིས་དུག་ཤོག་ལ་མུ་ཁྱུད་རིམ་པ་གསུམ་བསྐོར་བའི་དབུས་སུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཆོས་སྐྱོང་ཞིང་སྲུང་མར་ཁས་བླངས་པའི་སྔོན་གྱི་དམ་ཚིག་གིས་ཚུལ་བཞིན་སྒྲུབ་པ་པོས་གང་བཅོལ་བའི་ཕྲིན་ལས་ཐོགས་མེད་དུ་མཛོད་ཅིག༔ རྩིབས་བརྒྱད་ནང་མུ་ཁྱུད་རེ་བསྐོར་བ་ནི༔ རྩིབས་བཞི་རེའི་ལྟེ་བ་བརྒྱད་དུ་ཤར་ནས་ཕྱོགས་བཞིར༔ ཨ་ཡ་མ་དུ༔ མཚམས་བཞིར༔ རུ་ཙ་ཤ་ན༔ སོ་སོར་རྩིབས་བཞི་རེ་ལ་ཤར་དུ་རྩིབས་བཞི་ལ༔ དྷེ་ཝ་རག་ཤ༔ ལྷོར༔ ཡ་མ་རཀ་ཤ༔ ནུབ་ཏུ༔ མ་ཏྲག་རག་ཤ༔ བྱང་དུ༔ པྲ་མ་རག་ཤ༔ ཤར་ལྷོར༔ ཨ་ཤོ་རག་ཤ༔ ལྷོ་ནུབ་ཏུ༔ ར་ཙ་རག་ཤ༔ ནུབ་བྱང་དུ༔ ཡག་ཡ་རག་ཤ༔ བྱང་ཤར་དུ༔ ནཱ་ག་རག་ཤ༔ དེའི་ཕྱི་རིམ་ཡེ་དྷརྨཱ་དང་འདོད་པའི་ཕྲིན་ལས་བཅོལ༔ ལྷའི་རིགས་སུ་གཏོགས་ཤིང་དེའི་རྗེས་སུ་འབྲང་བའི་སྲུང་མ་དང་དེའི་རྗེས་སུ་འབྲང་བ་ཐ་དག་གིས་བཀའ་དང་དམ་ལས་མ་འདའ་བར་ཕྲིན་ལས་ཐོགས་མེད་སྒྲུབས་ཤིག༔ ཅེས་བྲིས་པའི་འཁོར་ལོ་ཁ་སྦྱར་ཏེ་སྟེང་འོག་གོ་མ་ལོག་པར་གཟུངས་ཐག་སྣ་ལྔས་བཅིངས་ཏེ་ཐོད་པ་མཚན་ལྡན་གྱི་ནང་དུ་གཞུག་སྟེ་ཡེ་ཤེས་རབ་འབར་སྒྲུབ་གཏོར་གྱི་འོག་ཏུ་བཞུགས་སུ་གསོལ༔ ྈྈྈ བདག་ཉིད་བསྐྱེད་རིམ་ཚུལ་ལྡན་གྱིས༔ མདུན་གྱི་ཡེ་ཤེས་བཀུག་བསྟིམས་ལ༔ སྡེ་བརྒྱད་དྲེགས་པ་ཐམས་ཅད་ཀྱི༔ དེ་ཡི་རིགས་སུ་གཏོགས་པ་དང༔ དེ་ཡི་རྗེས་སུ་འབྲང་བ་ཡི༔ རིག་རྩལ་བསྡུས་ལ་སྙིང་པོར་བསྟིམ༔ དེས་ནི་སྡེ་བརྒྱད་མི་འཁུ་ཞིང༔ སྒྲུབ་པའི་དམ་ཚིག་གཏོར་མ་སྦྱིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། སྡེ་བརྒྱད་ལྷ་འདྲེས་བརྩེགས་པའི་ཁྲི་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའི་ཡི་གེ་པ་ནི་བཀྲ་ཤིས་བློ་གྲོས་སོ།། །།
ཞི་བྱེད་ལྷ་མོ་བདུན་གྱི་ཕྲིན་ལས་ཀྱི་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ཡིད་འོང་ཟླ་བའི་མེ་ལོང་ (Volume 45, Text 61)
༄༅། །ཞི་བྱེད་ལྷ་མོ་བདུན་གྱི་ཕྲིན་ལས་ཀྱི་བྱང་བུ་བཀླག་ཆོག་ཏུ་བཀོད་པ་ཡིད་འོང་ཟླ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་སཔྟ་ཤཱནྟི་ཀ་ར་དེ་བཱི་ཡཻ། ལས་ཀྱི་ཉེས་པས་རབ་བསྐྱེད་འཇིགས་པའི་མུན། །བདེ་ལེགས་མཐོང་བ་འགོགས་ལ་བྱིན་རླབས་ཀྱི། །ཟླ་ཟེར་བདུད་རྩི་འབེབ་པའི་ལྷ་མཆོག་རྣམས། །ཐུགས་བརྩེས་དགོངས་ལ་རྟག་ཏུ་ཤིས་པ་སྒྲུབས། །འཕགས་པའི་གཞུང་བཟང་གུ་རུ་ཡི། །ཐུགས་རྗེས་སྙིགས་མའི་འགྲོ་སྐྱོབ་ཀྱི། །མགོན་དུ་བསྩལ་པའི་རྨད་པོ་ཆེ། །ཞི་བྱེད་བདུན་གྱི་ཕྲིན་ལས་དགོད། །རྒྱུད་དང་གཞུང་གི་ཁུངས་བཙུན་ཅིང་མན་ངག་ཟབ་མོའི་བྱིན་རླབས་ཀྱི་དྲོད་ཚད་ལྡན་པ་དུས་སྐབས་འདིར་ཕན་ཐོགས་ཤིང་ཁྱེར་བདེ་བ་ཞི་བྱེད་བདུན་གྱི་ཕྲིན་ལས་གཏང་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ཡོ་བྱད་ཀྱི་གཤོམ་ནི། དབང་བསྐུར། བྱབ་ཁྲུས་སོགས་ལས་སྦྱོར་དང་འབྲེལ་ན་སོ་སོ་ནས་བཤད་པ་ལྟར་བྱ་དགོས་ལ། སྤྱི་ཙམ་དུ་གཙང་མའི་སྟེགས་དཀར་པོའི་སྟེང་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་ཟླུམ་རྒྱན་ལྡན་དཀར་གསུམ་གྱི་བཟའ་བཅས་བསྐོར་བ་བཞག །ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། བུམ་སྒྲུབ་དགོས་པའི་རིགས་ལ་བུམ་པ་ཉེར་ལྔའི་རྫས་དྲིའི་ཆུས་གང་བ། མགུལ་ཆིངས་དཀར་པོ་ཁ་རྒྱན་གཟུངས་རྡོར་བཅས་པ་སྟེགས་ཀྱི་དབུས་སུ་བཀོད། ལས་བུམ་མམ་བསང་ཆུ། བགེགས་གཏོར། ཉེར་མཁོ་རྣམས་སྤྱི་ལྟར་འདུ་བྱ། ཆོ་ག་ལ་འཇུག་པའི་ཐོག་མར་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བས་བརྒྱུད་འདེབས་ནི། སྣང་བ་མཐའ་ཡས་འཕགས་མཆོག་ཐུགས་རྗེའི་གཏེར། །གསང་བའི་བདག་པོ་སློབ་དཔོན་ན་གཱརྫུ། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །འཇིགས་ཚོགས་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །མཚོ་རྒྱལ་དབང་གི་ལྷ་མོ་ཙཎྜི་ཀ །མངའ་བདག་ཁྲི་ལྡེ་ལྷ་སྲས་རོལ་པ་རྩལ། །ལོ་ཆེན་བཻ་རོའི་ཞབས་ལ་གསོལ་བ་འདེབས། །འཇིགས་ཚོགས་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །ལྷ་བཙུན་སྔོན་མོ་མཆོག་གྱུར་བདེ་ཆེན་གླིང་། །པདྨ་འོད་གསལ་མདོ་སྔགས་གླིང་པ་སོགས། །རྩ་བརྒྱུད་རིག་འཛིན་བླ་མར་གསོལ་བ་འདེབས། །འཇིགས་ཚོགས་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །ཐུགས་རྗེའི་སྟོབས་ཀྱིས་སྐྱེ་དགུའི་ཉེར་འཚེ་རྣམས། །ཞི་མཛད་རིག་པའི་ལྷ་མོ་ཆེན་མོ་བདུན། །ཡི་དམ་ཆོས་སྲུང་བཅས་ལ་གསོལ་བ་འདེབས། །འཇིགས་ཚོགས་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །ཉོན་མོངས་རྒྱུ་དང་འབྲས་བུ་སྡུག་བསྔལ་གྱི། །གཟུང་འཛིན་འཁྲུལ་པ་སྐྱེ་མེད་དབྱིངས་སུ་ཞི། །བདེ་ཆེན་ཡེ་ཤེས་ཕྱག་རྒྱར་བྱང་ཆུབ་ནས། །འགྲོ་ལ་ཕན་པའི་ཕྲིན་ལས་མཐར་ཕྱིན་ཤོག །དེ་ནས་སྔོན་འགྲོའི་རིམ་པ་ལྔ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རིག་པའི་རྒྱལ་མོ་༼སངས་རྒྱས་སྤྱན་མ་་་འདི་ལ་སོ་སོར་ཁ་སྒྱུར།མཆན།༽ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་བ་མངོན་སུམ་བཞིན་དུ་གསལ་བར་གྱུར། ན་མོ༔ ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི༔ སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ལ༔ བདག་དང་མཁའ་མཉམ་སེམས་ཅན་ཀུན༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། ཧོ༔ བདག་གཞན་མི་མཐུན་ཞི་བ་དང༔ བྱང་ཆུབ་གོ་འཕང་མྱུར་ཐོབ་ཕྱིར༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱི༔ ཡེ་ཤེས་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་བགེགས་བསྐྲད་པ་ནི། གཏོར་མ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རང་རང་གི་ཡིད་དང་མཐུན་པའི་སྣོད་རྣམས་སུ་ཁཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སོ་སོའི་སྤྱོད་ཡུལ་བཞིན་དུ་འཆར་བར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ། སརྦ་བིགྷྣཱན་ཨཱ་ཀརྵ་ཡ་ཛཿས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲྀཧྞ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་བསྔོ། །བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ རྣལ་འབྱོར་སྒྲུབ་ལ་བར་གཅོད་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ན་རྡུལ་བཞིན་བརླག་པར་འགྱུར༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་གུ་གུལ་དུད་པ་རོལ་མོའི་སྒྲ་དང་བཅས་པས་བསྐྲད། བཞི་པ་སྲུང་མཚམས་གཅད་པ་ནི། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ མི་ཕྱེད་རྡོ་རྗེའི་གུར་གྱིས་གཏམས༔ ཡེ་ཤེས་མེ་ཡིས་ཀུན་ཏུ་ཁྱབ༔ འཁྲུལ་རྟོག་བག་ཆགས་མཚམས་བཅད་དོ༔ ཨོཾ་བཛྲ་ཛྙཱ་ན་རཀྵ་བྷྲཱུྃ་ཨཱ༔ ལྔ་པ་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ གནས་ཡུལ་དག་པའི་ཞིང་ཁམས་ཆེར༔ དངོས་བཤམས་ཡིད་སྤྲུལ་འདོད་ཡོན་ཚོགས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་ལས་རིམ་ལ་ལྔ་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། རིག་པའི་ལྷ་མོ་བདུན་སོ་སོ་སྐབས་སུ་གང་བབས་དེ་དང་དེ་བསྐྱེད་དགོས་པ་ལས། འདིར་ཐོག་མར་འབྱུང་བ་སངས་རྒྱས་སྤྱན་མ་ལ་མཚོན་ན། ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་རིག་རྩལ་ཨོཾ་དཀར་པོ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ པདྨ་ཟླ་བའི་གདན་གྱི་སྟེང༔ སངས་རྒྱས་སྤྱན་མ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔ འཁོར་ལོ་སྤྱན་གྱིས་མཚན་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཤིན་ཏུ་ཞི་ཞིང་སྒེག་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ ནད་ཀྱི་གདུང་བ་ཀུན་སེལ་བའི༔ ཟླ་བ་བདུད་རྩིའི་འོད་ཟེར་འཕྲོ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ གཉིས་པ་ཡེ་ཤེས་པ་བསྐུལ་བ་ནི། ཨོཾ ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང༔ སྙིང་རྗེས་གཟུགས་ཀྱི་སྐུར་བཞེངས་པ༔ རིག་པའི་ལྷ་མོ་རྫུ་འཕྲུལ་ཅན༔ སྔོན་གྱི་ཐུགས་དམ་དགྱེས་དགོངས་ནས༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དངོས་གྲུབ་མ་ལུས་དེང་འདིར་སྩོལ༔ ལྷ་སོ་སོའི་བསྙེན་སྔགས་ཤམ་དུ། ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ བཛྲ་ས་མཱ་ཛ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ བསྟིམས་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཚད་མེད་བཞི་ལྡན་ཕྱག་རྒྱ་ཆེས༔ དགུག་གཞུག་བཅིངས་ཤིང་དགྱེས་པའི་ལྷ༔ རྡོ་རྗེའི་གདན་ལ་བཞུགས་ནས་ཀྱང༔ ཐུགས་རྗེའི་ཕྲིན་ལས་མཛད་དུ་གསོལ༔ ཛཿཧཱུྃ་བཾ་ཧོཿཛྙཱ་ན་ས་མ་ཡ་ཨཱ་ས་ན་ཏིཥྛ་ཧོ༔ གསུམ་པ་དབང་བསྐུར་རྒྱས་གདབ་ནི། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་པས༔ སྐུ་གང་སྒྲིབ་དག་རིགས་ཀྱི་བདག༔ ༼རྣམ་པར་སྣང་མཛད་༽དབུར་བརྒྱན་གྱུར༔་་་འདིས་མཚོན་ནས་གཞན་རྣམས་ལ་རྣམ་སྣང་གི་མལ་དུ་སོ་སོའི་རིགས་བདག་གོ །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་སུ་ར་ཏ་སཏྭཾ་ཨ་ཧཾ༔ བཞི་པ་ཕྱག་དང་མཆོད་བསྟོད་འབུལ་བ་ནི། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཕྱག་འཚལ་ཞིང་མཆོད་པའི་སྤྲིན་དང་བསྟོད་པའི་གླུ་དབྱངས་ཕུལ་བས་དགྱེས་པར་བསམ་ལ། ཧོ༔ སྐུ་གསུང་ཐུགས་ཀྱི་གསང་བ་ཆེ༔ ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ༔ ཡེ་ཤེས་རིག་པའི་ལྷ་མོ་ལ༔ གུས་ཤིང་གདུང་བས་ཕྱག་བགྱི་འོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ༔ དཔག་ཡས་ནམ་མཁའ་མཛོད་ཀྱི་གཏེར༔ རབ་འབྱམས་མཆོད་སྤྲིན་རྒྱ་མཚོའི་ཚོགས༔ བཞེས་ནས་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཛྙཱ་ན་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ ཨོཾ༔ རྡོ་རྗེའི་སྐུ་ནི་མཁའ་ལྟར་ཁྱབ༔ ཚངས་པའི་དབྱངས་ཀྱིས་ཁམས་གསུམ་སྣང༔ འོད་གསལ་ཐུགས་རྗེས་འགྲོ་ཀུན་སྒྲོལ༔ ཡོན་ཏན་མི་ཟད་རྒྱན་དུ་རྫོགས༔ ཕྲིན་ལས་སྒྱུ་འཕྲུལ་རོལ་མོའི་སྤྲིན༔ འཇིགས་དང་སྡུག་བསྔལ་ཀུན་སེལ་ཞིང༔ མཆོག་ཐུན་དངོས་གྲུབ་ཆར་ཆེན་འབེབ༔ རིག་པའི་ལྷ་མོར་ཕྱག་འཚལ་བསྟོད༔ ལྔ་པ་ཛཔ྄་བཟླ་བ་ལ་གཉིས་ལས། དང་པོ་བསྙེན་པ་ནི། ཐུགས་ཀར་བདུད་རྩིའི་རང་བཞིན་གྱི༔ ཟླ་སྟེང་ཨོཾ་མཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བདེ་གཤེགས་རབ་འབྱམས་ཀྱི༔ བྱིན་རླབས་བདག་ལ་ཐིམ་པར་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གཏད་དེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སཱ་དྷ་ན་སྭཱ་ཧཱ༔ ཞེས་བཟླ། གཉིས་པ་སྒྲུབ་པ་ནི། ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་བདུད་རྩིའི་ཆར་དུ་བབས༔ རང་གཞན་ལུས་ཀྱི་ནང་ཀུན་གང༔ རྒྱུ་འབྲས་ནད་ཀུན་ཞི་བར་གྱུར༔ བསྙེན་སྔགས་སྭཱ་ཧཱའི་གོང་དུ། སརྦ་རོ་ག་པྲ་ཤ་མ་ན་ཡེ༔ ཞེས་བཏགས་པ་བཟླ།་་་སྤྱན་མ་ལ་དཀྱུས་སུ་བཀོད་པ་འདིས་མཚོན་ནས་གཞན་རྣམས་ཀྱི་བསྙེན་སྒྲུབ་ཀྱི་བཟླས་དམིགས་དང་བཟླས་པ་སོ་སོའི་སྐབས་ལྟར་འདོར་ལེན་བྱ། བཟླས་པ་གྲུབ་ནས་མཆོད་བསྟོད་གཏོར་འབུལ་སོགས་རྗེས་ཀྱི་ལས་རིམ་ལ་འཇུག་གོ །དབང་དང་སཱཙྪ་སྒྲུབ་པ་སོགས་ལས་སྦྱོར་འགའ་ཞིག་གི་སྐབས་སུ་མདུན་བསྐྱེད་དགོས་ན་བཤད་མ་ཐག་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་ནས། སླར་མདུན་དཀྱིལ་སོགས་ལ་དམིགས་ཏེ་དམ་ཚིག་པ་བསྐྱེད་པ་ནས་གཟུང་གོང་གི་ཕྲིན་ལས་བསྐྱར་ལ་མཆོད་བསྟོད་བཟླས་པའི་བར་བྱ། ཡང་དབང་བསྐུར་དང་བྱབ་ཁྲུས་སོགས་ཀྱི་ཆེད་དུ་བུམ་སྒྲུབ་བྱེད་ན། ཨོཾ་སྭ་བྷཱ་ཝ་སརྦ་དྷརྨ་བི་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་པད་ཟླའི་སྟེང༔ བྷྲཱུྃ་ལས་རིན་ཆེན་བུམ་པ་ནི༔ ཡངས་ཤིང་རྒྱ་ཆེ་མཚན་ཉིད་རྫོགས༔ ལྷ་ཡི་ཆུ་བོ་དལ་འགྲོ་དང༔ རྫས་ཀྱི་བཅུད་ལྡན་བདུད་རྩིར་འཁྱིལ༔ ཁ་རྒྱན་མགུལ་ཆིངས་གོས་ཀྱིས་བརྒྱན༔ དེ་དབུས་པད་ཟླའི་གདན་གྱི་སྟེང༔ ས་བོན་ཡོངས་གྱུར་སྐད་ཅིག་གིས༔ སངས་རྒྱས་སྤྱན་མ་སྐུ་མདོག་དཀར༔ སོགས་དམ་ཚིག་པ་བསྐྱེད་པ་ནས། མཆོད་བསྟོད་རྫོགས་ཀྱི་བར་ཕྲིན་ལས་གོང་བཞིན་གཏང་། བདག་གི་ཐུགས་སྲོག་སྔགས་ཕྲེང་ལས༔ རང་འདྲ་གཉིས་པ་བར་མེད་འཕྲོས༔ བུམ་ལྷའི་ཐུགས་སྲོག་སྔགས་བཅས་ལ༔ ཕོག་པས་ཐུགས་དམ་རྒྱུད་བསྐུལ་ཏེ༔ འོད་ཟེར་དཔག་ཡས་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་སྲས་བཅས་དང༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན༔ སྤྱན་དྲངས་ས་བོན་སྔགས་ཕྲེང་ལ༔ ཐིམ་པས་བདུད་རྩིའི་ཆུ་རྒྱུན་བབས༔ བུམ་པ་ཡོངས་སུ་གང་བ་ཡིས༔ རིག་སྔགས་ནུས་པའི་བཅུད་དུ་གྱུར༔ ཅེས་དམིགས་ཤིང་གཟུངས་ཐག་བླངས་ལ་བསྙེན་སྒྲུབ་ཀྱི་སྔགས་རྣམས་བཟླ། མཐར་མཆོད་བསྟོད་བྱ། ཨོཾ་ཨཱཿཧཱུྃ༔ མཆོད་ཡོན་ཕུལ་བས་བུམ་པའི་ལྷ་འོད་དུ་ཞུ་ནས་བདུད་རྩིའི་བཅུད་དུ་འཁྱིལ་ཏེ་ཞི་བྱེད་ཀྱི་ནུས་པ་མཆོག་དང་ལྡན་པར་གྱུར། ཅེས་དམིགས། དབང་དང་ལས་སྦྱོར་གང་དགོས་སྐབས་འདིར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལའང་ལྔ་ལས། དང་པོ་མཆོད་བསྟོད་གཏོར་མ་འབུལ་བ་ནི། ཐུན་མཚམས་ལ་འཇུག་པའི་སྐབས་སུ་གོང་གསལ་མཆོད་བསྟོད་བྱ། དབང་དང་ལས་སྦྱོར་རྗེས་སུ་མཆོད་ཁ་གསོས་ལ་བྱིན་རླབས་དང་མཆོད་བསྟོད་བྱ། གཏོར་མ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ལས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བྱིན་གྱིས་བརླབ། བསྙེན་སྔགས་ཤམ་དུ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཨ་མྲྀཏ་བྷཱུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་ཀརྨ་ཀུ་རུ་ཧོ༔ ལན་གསུམ་མམ་བདུན་གྱིས་འབུལ། སྔགས་ཙམ་གྱིས་མཆོད་ཅིང་བསྟོད། འདོད་དོན་གསོལ་བ་ནི། གཏོར་མ་ཟག་མེད་བདུད་རྩིའི་བཅུད༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོ༔ ཡེ་ཤེས་རིག་པའི་ལྷ་མོ་ཆེས༔ བཞེས་ཤིག་བདེ་བ་ཆེན་པོར་རོལ༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ནད་གདོན་འཇིགས་དང་བར་ཆད་སོགས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང༔ འདོད་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་པས་དགྱེས་བཞིན་དུ་གནང་བ་བསྩལ་པར་མོས། གཉིས་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱ་ལན་གསུམ་བརྗོད། གསུམ་པ་གཤེགས་བསྡུ་ནི། མདུན་བསྐྱེད་དང་འབྲེལ་ན་དེའི་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱ། རྟེན་མེད་ན་གཤེགས། དམ་ཚིག་པ་རང་ལ་བསྡུ། བདག་ཉིད་ལྷར་སྣང་འོད་གསལ་དབྱིངས༔ ཟབ་ཞི་སྤྲོས་པ་བྲལ་བའི་ངང༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཨཱཏྨ་ཀོ྅་ཧཾ༔ ཞེས་བསྡུ་ལྡང་བྱ། བཞི་པ་དགེ་བསྔོ་ནི། བདག་གི་བསྙེན་སྒྲུབ་ཏིང་འཛིན་མཐུས༔ འགྲོ་ཀུན་འཇིགས་དང་སྡུག་བསྔལ་ཞི༔ ཡང་དག་ཡེ་ཤེས་སྣང་བ་རྒྱས༔ འཕགས་མའི་གོ་འཕང་མྱུར་ཐོབ་ཤོག༔ ལྔ་པ་ཤིས་བརྗོད་ནི། ཨོཾ༔ རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས༔ བྱིན་གྱིས་རློབས་པའི་བཀྲ་ཤིས་ཤོག༔ ཡི་དམ་དཀྱིལ་འཁོར་རབ་འབྱམས་ཀྱིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་གིས༔ ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཤོག༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཞིང༔ རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་རོལ་མོའི་སྒྲ་བསྒྲག་པར་བྱའོ། །འདིར་སངས་རྒྱས་སྤྱན་མའི་ཕྲིན་ལས་ནག་འགྲོས་སུ་བཀོད་པ་སྟེ། གཞན་རྣམས་ལྷ་བསྐྱེད། རིགས་བདག །བཟླས་སྔགས་རྣམས་ཁ་སྤོས་པས་ཆོག་གོ། །། ༈ འདིར་ཉེར་མཁོའི་འཕྲོས་དོན་ཅུང་ཟད་བརྗོད་ན། ཐོག་མར་ལྷ་མོ་འདི་དག་གི་བསྙེན་སྒྲུབ་བྱ་བ་ལ། བསྙེན་པའི་སྐབས་བདག་བསྐྱེད་ཁོ་ན་ལ་བརྟེན་པ་ཡིན་པས། མཆོད་གཏོར་དང་ཕྲིན་ལས་འདིར་དཀྱུས་སུ་བཀོད་པ་ལྟར་ལ། བགེགས་གཏོར་ཐུན་དང་པོ་ལས་མི་དགོས། ཐུན་གསུམ་མམ་བཞི་གང་བྱེད་ཀྱང་ལས་བྱང་སྔོན་དངོས་རྗེས་གསུམ་ཚང་བ་རེ་གཏང་། བསྙེན་ཚད་འབུམ་ཕྲག་བཞི་ཡིན་པས་ཁ་སྐོང་བཅས་འགྲོ་ངེས་བྱ། བསྙེན་སྒྲུབ་ཀྱི་གྲངས་འདི་རྣམས་ལྷ་མོ་བདུན་ཀ་ལ་འདྲ། བསྙེན་པ་གྲུབ་ནས་སྒྲུབ་པ་ལ་འཇུག་སྟེ་མདུན་དཀྱིལ་པདྨ་འདབ་བརྒྱད་ལྟེ་བར་སོ་སོའི་ཕྱག་མཚན་བྲིས་པའམ། མཎྜལ་ལ་ཚོམ་བུ་དཀར་པོ་གཅིག་བཀོད་པ་དང་འཛོམ་ན་སྐུ་རྟེན་སོགས་བཀོད། ལས་སྦྱོར་སྦྲེལ་ན་སྤྱིའི་སྲུང་འཁོར། ཁྲུས་བུམ། སཱཙྪ་སོགས་དང་། བྱེ་བྲག་སྤྱན་མ་ལ་ནད་སེལ་རིལ་བུ་སོགས་སོ་སོ་ནས་བཤད་པ་རྣམས་ཉེར་སྡོག་བྱ། མཆོད་གཏོར་གསར་པ་བཤམ། བགེགས་གཏོར་བསྔོ་ཞིང་ཕྲིན་ལས་གཏང་། བདག་བསྐྱེད་བཟླས་པ་དང་བཅས་པ་སོང་ནས་མདུན་བསྐྱེད་ཕྱིར་ཕྲིན་ལས་ལ་འཇུག །བཟླས་པའི་ཚད་འབུམ་ཕྲག་གཅིག་སྟེ་ཁ་སྐོང་དང་བཅས་པ་བཟླ། ཐུན་མཐར་མཆོད་བསྟོད་གཏོར་འབུལ་ནོངས་བཤགས་ཙམ་བྱ། སླར་ཐུན་ལ་འཇུག་པ་ན་མཆོད་ཁ་གསོ། མཆོད་པ་བྱིན་བརླབ། མདུན་བསྐྱེད་ཕྲིན་ལས་བཟླས་པ་བཅས་བསྐྱར། དགོང་ཐུན་མཇུག་ཏུ་མདུན་བསྐྱེད་བརྟན་བཞུགས། བདག་བསྐྱེད་བསྡུ་ལྡང་ཕྱིན་མཐར་དབྱུང་། སྒྲུབ་པ་གྲུབ་ནས་ལས་སྦྱོར་སྲུང་འཁོར་སོགས་ལ་བདག་བསྐྱེད་སྔོན་དུ་འགྲོ་བས་དེ་ཉིད་མདུན་རྟེན་དུ་བྱས་ཏེ་སྒྲུབ་པའི་སྐབས་སུ་བཤད་པ་ལྟར་ལ། བཟླས་པ་དང་ཞག་གྲངས་སྒྲུབ་པའི་བཅུ་ཆ་ཙམ་བྱ། ནད་སེལ་རིལ་བུ་སོགས་སོ་སོ་ནས་བཤད་པ་ཕལ་ཆེར་བསྐྱེད་བསྟིམ་མི་དགོས་པས་སྒྲུབ་པའི་སྔགས་གྲངས་ཐེམས་རྗེས། བདག་མདུན་སྒྲུབ་ཚུལ་སྔར་ལྟར་ལ་རྫས་སོ་སོར་དམིགས་པའི་བཟླས་པ་ཁྲི་ཙམ་འགྲོ་བར་བྱ་ཞིང་སྐབས་སུ་ཕུས་གདབ། དགོང་ཐུན་ལྟ་བུའི་རྗེས་སུ་དམ་ཅན་སྤྱི་གཏོར་ཙམ་འགྲུབ་ན་ལེགས་ཤིང་། བསྙེན་སྒྲུབ་ཚར་སྐབས་གཞུང་གསལ་མེ་མཆོད་ཉིད་ལྷག་ཆད་ཁ་སྐོང་བ་དང་ལས་མྱུར་དུ་འགྲུབ་པ་ལ་བསྔགས་པས་ཅིས་ཀྱང་གལ་ཆེ། བསྙེན་སྒྲུབ་ཀྱི་ལག་ལེན་སྤང་བླང་དམ་ཚིག་སྤྱི་ལྟར་ལ། འདིའི་སྒྲུབ་ཐབས་བླ་མེད་ཀྱི་ལུགས་སུ་སྣང་ཡང་གཟུངས་སྔགས་ཀྱི་ཁུངས་བྱ་རྒྱུད་ཡིན་པས་ཤ་ཆང་སྒོག་ཙོང་སྤངས་ནས་དཀར་གསུམ་ལ་བརྟེན་པ་སོགས་གཙང་སྦྲ་བྱུང་ན་ལེགས་སོ། །རིག་པ་ཕྱག་རྒྱ་བདུད་རྩིའི་ཆུ་རྒྱུན་གྱིས། །སྙིགས་མའི་སྐྱེ་དགུའི་རྒྱུ་འབྲས་སྡུག་བསྔལ་གྱི། །ཚ་གདུང་རབ་གཞིལ་རིང་འཚོའི་དཔལ་འབྱོར་དང་། །ཐར་པའི་སྲོག་ཟུངས་ལྷན་ཅིག་བརྟན་པར་ཤོག །ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་༧ཀུན་མཁྱེན་བླ་མ་རིན་པོ་ཆེའི་གསུང་གིས་རྗེས་སུ་གནང་བ་ལྟར་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
མདུང་དམར་ཅན་ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 62)
ཨོཾ་སྭསྟི། རིན་ཆེན་མང་སྤྲུལ་རྣམ་ཐོས་སྲས། །གནོད་སྦྱིན་དབང་པོ་དེར་བཏུད་ནས། །གང་གི་སྒྲུབ་ཐབས་རྗེས་གནང་གི །ཆོ་ག་མདོ་ཙམ་གསལ་བར་བྱ། །འདིར་མདུང་དམར་ཅན་ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་ཐམས་ཅད་ནང་སྒྲུབ་རྟ་སྔོན་ཅན་གྱི་ཆོ་ག་ཤེས་ནས་འཇུག་པར་བྱ་སྟེ། དེ་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། སྒྲུབ་པའི་སྐབས་སུ་མཎྜལ་གྱི་དབུས་སུ་བླ་རྡོའི་གྲི་སྙིང་འཇོག་པར་གསུངས་ཀྱང་རྗེས་གནང་ཙམ་ལ་རྟེན་གཏོར་བཀོད་པ་སོགས་ནང་སྒྲུབ་ཀྱི་སྐབས་བཞིན་ནོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། བདག་བསྐྱེད་སོགས་འདྲ་བ་ལས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་རྡོ་རྗེའི་ས་གཞི་ལ་གནས་ཤིང་རྭ་བས་བསྐོར་བ། མཚན་ཉིད་ཐམས་ཅད་རྫོགས་ཤིང་རྒྱན་གྱིས་བརྒྱན་པའི་ལྟེ་བར། ཙ་ལས་སེང་གེའི་སྟེང་དུ་རིན་པོ་ཆེའི་ཁྲི་པད་ཟླ་ཉི་མའི་གདན་ལ་བཻ་ཡིག་དམར་པོའི་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གཉིས་དམར་ལ་ཟླུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་སྟག་གི་རྒྱལ་མཚན་དང་མདུང་དམར་འཕྱར་ཞིང་གཡོན་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། སྐུ་བརྗིད་པའི་ཆ་ལུགས་ཅན་དར་གྱི་ན་བཟའ་དང་རྡོ་རྗེས་མཚན་པའི་བསེ་ཁྲབ་གསོལ་བ་གསེར་གྱི་སྐ་རགས་ཅན། དབུ་ལ་བསེའི་རྨོག་ཞུ་དར་དམར་གྱི་ཅོད་པན་འཕུར་བ་བཅིངས་པ། སྐུ་དང་ཕྱག་མཚན་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོ་བས་འགྲོ་བ་ཐམས་ཅད་དབང་དུ་སྡུད་པར་སྒོམ། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་བྱུང་སྟེ་རྒྱལ་པོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ། ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྐུ་མདོག་ཡེ་ནས་དམར་གསལ་ལ། །ཕྱག་གཡས་རྒྱལ་མཚན་མདུང་དམར་ཐོགས། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན། །བསྐལ་པ་བཟང་པོའི་དུས་ཙམ་ན། །མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །ད་ལྟ་རྒྱལ་པོའི་ཚུལ་དུ་བཞུགས། །གནོད་སྦྱིན་ནོར་ལྷ་ཕོ་མོ་དང་། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཡཀྵ་རཱ་ཛ་བེ་ཤྲ་མ་ཎཱ་ས་མ་ཡ་ཛཿ ཞེས་པས་སྤྱན་དྲངས། ཅོད་པན་གྱི་དབང་བསྐུར་བ་ནས་གཟུང་། མཆོད་བསྟོད་བཟླས་པ། གཏོར་མ་འབུལ་བ་སོགས་ནས་རྗེས་ཆོག་གི་བར་ནང་སྒྲུབ་རྟ་སྔོན་གྱི་སྐབས་བཞིན་དང་།། ༈ །།གསུམ་པ་རྗེས་གནང་གི་ཆོ་གའང་༼ལོ་རྒྱུས་སྐབས།བཞི་ལས། འདི་ཉིད་མདུང་དམར་ཅན་ཡང་གསང་ཕྱག་མཚན་བཞི་པའི་རྗེས་གནང་ཟབ་མོ། ཞེས་དང་།མཆན།༽ལྷའི་མངོན་རྟོགས་སྤོ་བ་སོགས་འདིའི་དགོས་ཆོས་ཙམ་ལས་གཞན་དབྱེ་བ་མེད་པས་དེ་ལྟར་ཤེས་པར་བྱའོ། །བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ཞིབ་མོ་ནི་གཏེར་གཞུང་རྩ་བ་དང་གཉག་དབོན་ཆོས་རྗེའི་ཡི་གེ་ལ་བལྟ་བར་བྱའོ། །འདི་ལ་ཡང་གསང་མཁའ་འགྲོ་ལྟར་སྒྲུབ་པ་ཞེས་པའི་ཐ་སྙད་ནི་སྒྲུབ་པའི་སྐབས་སུ་ཐུགས་ཀར་བཻ་ལས་རྒྱལ་པོ་རང་འདྲ་བསྐྱེད་པའི་ཕྱོགས་བཞིར་མ་ཏྲག་བཞི་ལས་མཁའ་འགྲོ་མ་བཞི་བསྐྱེད་པར་བཤད་པ་ལས་གྲགས་ཤིང་། རྩ་བའི་འཁོར་དུ་རྟ་བདག་བརྒྱད་དང་། ཀླུ་ཆེན་བརྒྱད་བསྐྱེད་པའང་གསུངས་ཤིང་། རྗེས་གནང་གི་སྐབས་འདིར་གཙོ་བོ་དང་ལས་མཁན་ཏེ་ལྷ་གཉིས་སུ་བཤད་པའང་འདུག་མོད། གཞུང་རྩ་བ་ལས་གཙོ་རྐྱང་དུ་གསུངས་པ་ལྟར་བྱས་སོ། །འདི་དང་མཐུན་པའི་སྒྲུབ་ཐབས་ཆོས་དབང་གི་གཏེར་མ་ཞིག་ཀྱང་སྣང་ངོ་། །ཡང་རཏྣ་གླིང་པ་དང་པདྨ་གླིང་པའི་གཏེར་མའི་ཕྱག་མཚན་བཞི་པ་ནི། གཙོ་བོ་འདི་དང་མངོན་རྟོགས་མཚུངས་པ་ལ། རྟ་བདག་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས་སྤྱི་ཁོག་འདི་དང་མཐུན་རུང་དུ་ཡོད་ཀྱང་། རྗེས་གནང་གི་ཆོ་ག་ནི་ཐ་དད་པའོ། །ཤེས་པར་འདོད་ན་སྒྲུབ་ཐབས་དངོས་གྲུབ་རོལ་མཚོ་དང་རྗེས་གནང་གཏེར་གཞུང་ལས་ཤེས་པར་བྱའོ།། །།རྒྱལ་ཆེན་ཕྱི་ནང་གསང་བ་ཡི། །རྣམ་འ༵གྱུར་སྒྲུབ་ཐབས་མཐའ་མེ༵ད་པའི། །སྙིང་པོ་རྡོ༵་རྗེ༵་འཛིན་དབང་གི །ཞལ་ལུང་ཇི་བཞིན་ཉུང་ངུར་དྲིལ། །མདུང་དམར་ཅན་ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
བླ་མ་དགོངས་པ་འདུས་པ་ལས༔ རྨི་ལམ་བཟང་ངན་བརྡ་རྟགས་ཀྱི་རིམ་པ་ (Volume 42, Text 62)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྨི་ལམ་བཟང་ངན་བརྡ་རྟགས་ཀྱི་རིམ་པ་ཞེས་བྱ་བ་བཞུགས་སོ༔ གནས་སྐབས་རྟེན་འབྲེལ་གྱི་མངོན་ཤེས་དྲུག་གོ༔ ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པས༔ རྨི་ལམ་བཟང་ངན་གྱི་ལ་ཉེ་བརྟག་པར་འདོད་ན༔ དབེན་པའི་གནས་སུ་གཟའ་སྐར་བཟང་ཞིང་ཚེས་བརྒྱད་ལ་སོགས་པ་ཡར་ངོ་ལ་གནས་གཙང་མའི་སར་བརྟག་པར་བྱ་སྟེ༔ འདི་ལ་གསུམ་སྟེ༔ དང་པོ་བསྙེན་ཅིང་བསྒྲུབ་པ༔ དེ་ནས་ལས་ལ་སྦྱར་བ༔ དེ་ནས་བརྟག་པ་དངོས་སོ༔ དང་པོ་ནི༔ གཙང་མའི་གནས་སུ་ཕྱག་བརྡར་དང་རྐྱང་ནུལ་བྱ༔ དྲི་བཟང་པོའི་ཆུས་ཆག་ཆག་གདབ༔ གུ་གུལ་ལམ་སྤོས་ཀྱིས་བདུག༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོའི་སྐུ་རྟེན་དང་མཆོད་པ་བཤམ༔ དཀར་གསུམ་མངར་གསུམ་གྱི་གཏོར་མ་བཅའ༔ སྒྲུབ་པ་པོ་རང་ཉིད་ཁྲུས་བྱ༔ སྤོས་ཀྱིས་བདུག༔ གོས་གསར་དྲི་མ་མེད་པ་གོན༔ ཤ་ཆང་སྒོག་གསུམ་སྤངས་ལ༔ སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས༔ སྐད་ཅིག་གིས་རང་ཉིད་པདྨ་འབྱུང་གནས་སུ་གསལ་བའི་སྤྱི་བོར་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ མགྲིན་པར་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་བཞི་པ༔ ཐུགས་ཀར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ༔ གཡས་ས་གནོན་གཡོན་མཉམ་གཞག་མཛད་དེ༔ སྤྲུལ་པ་སྐུའི་ཆ་ལུགས་ཅན་བསྒོམས་ལ༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང༔ མཆོད་པས་ཀྱང་མཆོད་དེ༔ གཞན་དང་ངག་མ་འདྲེས་པར༔ ཨོཾ་བུདྡྷ་ཙུ་རུ་ཀེ༔ མ་ཧཱ་ཙུ་རུ་ཀེ་ཧྲཱིཿམུཾ་སྭཱ་ཧཱ༔ ཞེས་ཞག་གསུམ་གྱི་བར་དུ་བཟླས་ཤིང༔ ཙནྡན་དཀར་དམར༔ རུ་རྟ་རྣམས་རྩི་བཞིན་བཏགས་ཏེ༔ བུད་མེད་དམ་མོ་གསར་གཙང་མ་ལ་ཁྱེའུ་གཅིག་སྐྱེས་པས་ཞོ་མ་འཐུངས་པའི་འོ་མ་དང༔ ར་མར་སྦྱར་བའི་འདེ་གུ་ལ་བཏབ༔ དེ་གཞན་སྐྱེ་འགྲོ་གང་གིས་ཀྱང་མ་མཐོང་བ་དང༔ སྒྲུབ་པ་བྱེད་པ་གཞན་གྱིས་མ་རིག་པར་གསང་བར་བྱའོ༔ དེས་དབང་པོ་གསལ༔ རིགས་པ་དྭངས༔ རྨི་ལམ་གང་རྨིས་ཐམས་ཅད་མི་འགྲིབ་པར་ས་ལེ་འབྱུང་ཞིང༔ སྒྲིབ་པ་བྱང་བའི་ལྟས་སྤྱི་མཐུན་དང༔ གྲོགས་རྨིས་ཀྱང་འབྱུང་བར་འགྱུར་རོ༔ ཐུན་གྱི་བར་སྐབས་སུ་བླ་མ་ཡི་དམ་མཁའ་འགྲོ་དང༔ སྣང་བ་མཐའ་ཡས་སྤྱན་རས་གཟིགས༔ བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་གཏོར་མ་ཀྲི་ཡ་ལྟར་འབུལ་བར་བྱའོ༔ ༈ གཉིས་པ་ལས་ལ་སྦྱར་བ་ནི༔ རྨི་ལམ་ནམ་བརྟག་པར་འདོད་པའི་ཚེ༔ སྔ་མ་ལྟར་ཡར་ངོ་ལ་བབ་པའི་དུས༔ ཡིད་དང་མཐུན་པའི་གནས་གཙང་མར་བྱུག་བདུག་བྱ་ཞིང༔ སྔས་བྱང་དུ་གཏད་པའི་སྔས་མགོར༔ གནས་གསུམ་གྱི་ལྷའི་སྐུ་རྟེན་ཙཀ་ལི་ལ་སོགས་བཀྲམ་པའི་མདུན་དུ་མཆོད་པ་རྣམ་ལྔ་དང༔ དཀར་གསུམ་མངར་གསུམ་གྱིས་བརྒྱན་པའི་གཏོར་མ་བཤམ༔ གོས་གདན་རྣམས་གཙང་མར་བགོ༔ རང་ཉིད་ཁྲུས་བྱ༔ སྤོས་ཀྱིས་བདུག༔ རྨི་ལམ་བརྟག་སྙམ་པའི་འདུན་པ་མ་ཡེངས་པར་དྲག་ཏུ་གཏད་དེ༔ སྔས་ཀྱི་རྟེན་གསུམ་གསལ་གདབ་ལ་ཡན་ལག་བདུན་པ་དང་གཏོར་མ་འབུལ༔ དེ་ནས་དང་པོ་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད༔ ཡི་གེ་བརྒྱ་པའི་བཟླས་པ་ཅི་འགྲུབ་བྱ༔ དེ་ནས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་སྟེ༔ རང་ཉིད་ཀྱི་ལུས་ཤེལ་དཀར་གྱི་གོང་བུ་དྲི་མ་དང་བྲལ་བ་ངང་ཧྲི་ལེ་བ་གཅིག་ཏུ་བསམ༔ རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཨ་དཀར་པོ་གསལ་ལ་འཚེར་བ་གཅིག་ཤེལ་གྱི་ཁང་བུའི་དཀྱིལ་དུ་ལམ་མེར་འདུག་པ་ལ༔ ཤེས་པ་མ་ཡེངས་པར་གཏད་དེ༔ གོང་གི་རྩ་སྔགས་དང༔ ཨོཾ་མུ་ཙི་ནི་སྭཱ་ཧཱ༔ ཨོཾ་མུ་ཁ་ལེ་ནི་སྭཱ་ཧཱ༔ ཨོཾ་མོ་ཧཱ་ནི་སྭཱ་ཧཱ༔ ཨོཾ་དན་ཏ་ལི་སྭཱ་ཧཱ༔ ཨོཾ་སུ་ཏེ་ལ་དུར་མི་སིདྡྷི་སྭཱ་ཧཱ༔ ཞེས་སྟོང་བཟླས་ཏེ་སྔར་བསྙེན་པ་བྱས་པའི་རྗེས་ལ་གཉིད་དུ་འགྲོ་ལ་ཁད་པའི་ཚེ༔ རང་གི་གནས་གསུམ་དུ་ཐིག་ལེ་རེ་བྱ༔ ལྟག་རྩར་ཡང་ཐིག་ལེ་བྱ༔ དབང་པོའི་སྒོ༔ མིག༔ རྣ་བ༔ སྣ༔ ལྕེ་རྣམས་ལ་ཡང་ཐིག་ལེ་རེ་བྱ༔ དེ་ནས་མདུན་གྱི་དམིགས་རྟེན་སྣང་བ་མཐའ་ཡས་ཚུར་རྒྱངས་ཀྱིས་བྱོན་ནས་སྤྱི་བོར་ཐིམ༔ དེ་བཞིན་དུ་སྤྱན་རས་གཟིགས་མགྲིན་པར༔ ཐུབ་པ་སྙིང་གར་ཐིམ་པར་བསམ་ཞིང༔ སེང་གེའི་ཉལ་སྟབས་སུ་ཉལ་ནས་ འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས༔ བདག་གི་རྨི་ལམ་དུ་དགེ་མི་དགེ་དང༔ དུས་གསུམ་གྱི་སྐྱེ་བ་སོགས་ལེགས་པར་བསྟན་དུ་གསོལ༔ ཞེས་སོགས་གང་འདོད་པའི་དོན་ཡིད་ལ་མ་ཡེངས་པར་བསམ༔ ངག་ནས་ཀྱང་འདོད་གསོལ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ༔ དེ་ལྟར་བརྟག་པའི་དུས༔ ཕྱི་དྲོའི་ཁ་ཟས་སྤངས་ནས་བརྟགས་ཤིང༔ གོས་ཧ་ཅང་དྲོ་བ་མ་ཡིན༔ གྲང་བ་མ་ཡིན་པར་གྱོན་ནས་ཉལ་ཅིང༔ ཁྱད་པར་དུ་གཉིད་ལ་འགྲོ་ལ་ཁད་པའི་ཚེ༔ འདོད་པའི་དོན་ཡིད་ལ་བསམ་ནས༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་བྱ༔ གཉིད་ནམ་སད་པའི་དུས་སུ་དྲན་ཤེས་ཀྱིས་བཟུང་ཞིང་དམིགས་པ་གསལ་གདབ༔ རྨི་ལམ་ཅི་རྨིས་ངོས་བཟུང་བར་བྱའོ༔ ༈ གསུམ་པ་རྨི་ལམ་བརྟག་པར་བྱ་བ་ནི༔ ནམ་སྲོད་ཀྱི་དུས་ཕལ་ཆེར་བག་ཆགས་ཀྱི་རྨི་ལམ་འཆར༔ གུང་ལ་ཉོན་མོངས་པའི་རྨི་ལམ་འཆར༔ ཐོ་རངས་རྟེན་འབྲེལ་བཟང་ངན་གྱི་རྨི་ལམ་འཆར་ཞིང༔ ལ་ལར་ངེས་མེད་དུ་འབྱུང་བའང་ཡོད་དེ༔ འདི་ལ་བདུན༔ བརྡ་བརྟག་པ༔ བཟང་པོ་བརྟག་པ༔ ངན་པ་བརྟག་པ༔ སྤེལ་མ༔ བཟང་བཟང་འདྲ་ལ་ངན་པ༔ ངན་ངན་འདྲ་ལ་བཟང་བར་འབྱུང་བ༔ ལུང་མ་བསྟན་བརྟག་པའི་རིམ་པའོ༔ དེ་ཡང་དང་པོ་ནི༔ རྨི་ལམ་དུ་ལུང་བསྟན་པའི་བརྡ་འབྱུང་བ་ནི༔ བུ་མོ་གཙང་མའམ༔ ཁྱེའུ་ཟུར་ཕུད་ཅན་ནམ༔ བཙུན་པ་ཆས་བཟང་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་ཏེ༔ མདོར་ན་གཙང་ཞིང་ཡིད་དང་མཐུན་པས་བརྡ་སྣ་ཚོགས་སྟོན་ཅིང༔ རབ་ངག་གིས་བརྗོད༔ འབྲིང་རྣམ་འགྱུར་དང་ཡི་གེ་སྟོན༔ ཐ་མ་བརྡ་རིས་བྱེད་པ་འབྱུང་བས༔ དེ་རྣམས་ཀྱི་བྱེ་བྲག་ཤེས་རབ་ཀྱིས་དཔྱད་དེ་ཤེས་པར་བྱའོ༔ དེ་ཡང་ཡང་ནས་ཡང་དུ་བསྐྱར་བས་ཇེ་གསལ་ཇེ་གསལ་དུ་འབྱུང་ངོ༔ གཉིས་པ་བཟང་པོ་ངོས་གཟུང་བ་ནི༔ ནམ་ལངས་པ༔ ཉི་མ་ཤར་བ༔ རྩི་ཤིང་ནགས་ཚལ་རྒྱས་པ༔ ལོ་འབྲས་དར་ཞིང་སྨིན་པ༔ གྲུ་ཟམ་བཙུགས་པ༔ ཆུ་བོ་ཆེ་ལས་བརྒལ་པ༔ འཇིགས་པའི་འཕྲང་ལས་ཐར་པ༔ གྱེན་དུ་འགྲོ་བ༔ རང་ལུས་ཆས་བཟང་པོས་བརྒྱན་པ༔ རང་རང་གི་ལག་ཆ་བཟང་ཞིང་མ་རྨོངས་པ༔ གོས་གསར་གྱོན་པ༔ སྣོད་ཀྱི་རིགས་གང་བ༔ རང་ལ་གཞན་གྱིས་བཀུར་སྟི་དང་ཕུ་དུད་བྱེད་པ༔ གཞན་དང་འཐབ་རྩོད་བྱས་པས་རང་རྒྱལ་བ༔ ལོངས་སྤྱོད་ཀྱི་རྫས་དངོས་གྲུབ་ཏུ་ཚུར་ལ་བྱུང་ཞིང༔ རང་གིས་ལོངས་སྤྱོད་པ༔ ཁྲུས་བྱས་པ༔ ཡིད་འོང་གྲོགས་དང་འཕྲད་པ༔ རོལ་མོ་འབུད་དཀྲོལ་བྱེད་པས༔ སྐད་བཟང་པོ་གྲགས་པ༔ ཤིང་བསྐྲུན་བཙུགས་པ༔ དར་ཆེན་འཕྱར་བ༔ མཁར་ལེན་བཟང་པོ་བྱེད་པ༔ རྫིང་བསྐྱིལ་བ༔ ཡུར་བ་དྲོངས་པ༔ ལྕགས་རི་ལ་སོགས་རིབ་མས་བསྐོར་པ༔ གཞན་བཅོམ་བརྡུངས་བྱས་ནས་ཐུལ་པ༔ མདའ་རྡོ་ལ་སོགས་པ་འཕངས་པས་གཏད་པའི་འབེན་ལ་ཕོག་པ༔ འབྲུའི་ཚོགས་ལ་ལོངས་སྤྱོད་པ༔ བཟའ་བཏུང་ངོམས་འགྲངས་སུ་སྤྱད་པ༔ མཆོད་རྫས་བཟང་པོ་བཤམས་པ༔ གཏེར་རྙེད་པ་ལ་སོགས་པ་མདོར་ན༔ སྒྲིབ་པ་དག་པ༔ ལོངས་སྤྱོད་འཕེལ་བ༔ ཚེ་རྒྱས་པ༔ རང་གིས་ཅི་ལྟར་འདོད་པའི་ལྟས་རྨི་བར་འགྱུར་རོ༔ གསུམ་པ་ངན་པའི་རྟགས་ནི༔ སྤྱིར་གོང་མའི་བཟང་པོ་དེ་རྣམས་ལས་ལོག་པ༔ མུན་པ་སྲོས་པ༔ རྩི་ཤིང་ནགས་ཚལ་སྐམ་པ༔ ལོ་འབྲས་སད་སེར་གྱིས་བཅོམ་པ༔ ཉི་ཟླ་ནུབ་པ་དང་གཟས་ཟིན་པ༔ གྲུ་ཟམ་ཞིག་པ༔ ལ་ཆུ་འཕྲང་གསུམ་ལས་མ་ཐར་བ༔ ཐུར་དུ་རྒྱུག་པ༔ བཙོན་དུ་བཟུང་བ་དང༔ ཁྲི་མུན་དོང་དུ་བསྐྱུར་བ་དང༔ རང་གི་ཆས་གོས་ངན་པ༔ ལུས་རྒུད་པ༔ སྐྲ་དང་ཁ་སྤུ་བྲེགས་སམ་ཚིག་པ་བྱི་བ༔ ལག་ཆ་ཕྱག་མཚན་དང་མདའ་གཞུ་གྲི་སོགས་ཆག་པ་ལ་སོགས་སྔ་མ་ལས་ལོག་ཅིང༔ ཐོག་སེར་གྱི་རྦབ་ཀྱིས་དེད་པ༔ གཡང་ལ་ལྷུང་བ༔ གོས་ངན་གྱོན་ནས་ཉལ་བ༔ ལུས་ལ་ཁྲག་ངན་ལ་སོགས་པ་དང་རྫས་ངན་གྱིས་བྱུག་ཅིང་གོས་པ༔ མི་གཙང་བའི་འདམ་དུ་བྱིང་བ༔ ལུས་ལ་འབུ་སྦྲང་ལ་སོགས་པས་བཟའ་བ༔ ཟས་ངན་ཟོས་པ༔ བྱ་གཅན་དེད་པ༔ ས་རྡིབ་ཀྱིས་ནོན་པ༔ ས་མཁར་ཞིག་དང་གས་པ་དང༔ ལམ་སྟོར་བ༔ གཤིན་པོའི་ཚོགས་ཀྱིས་བསྐོར་དང་ཁྲིད་པ༔ རླུང་དམར་འཚུབས་མས་དེད་པ༔ ལུས་དྲྭ་བའི་ནང་དུ་ཚུད་པ༔ མདའ་མདུང་ལ་སོགས་པའི་མཚོན་ཆས་གཟིར་བ༔ མཛེ་ཕོ་དང་ལོང་སྤྲང་ལ་སོགས་པས་བཟའ་བཏུང་བསླང་ཞིང་བསྙད་པ་དང༔ བུ་ལོན་དེད་པ༔ མི་དགའ་བའི་མིས་རང་དབང་མེད་པར་ཁྲིད་པ༔ རླུང་དམར་འཚུབ་མས་དེད་པ༔ བོང་བུ་ནག་པོ་ལ་ཞོན་པ༔ རྟ་རྒོད་ལ་ཞོན་ནས་དབང་མེད་དུ་ཁྲིད་པ༔ རམ་རུག་སྦང་གཡེར་ལ་སོགས་མི་ཁའི་རྫས་ལ་སྤྱོད་པ༔ རང་ཉིད་གཅིག་པུར་རྒྱུས་མེད་འཁྱམས་པ་ལ་སོགས་པ་མདོར་ན༔ ཚེ་ལ་བར་ཆད་འབྱུང་བ་དང༔ དངོས་གྲུབ་ཉམས་པ་དང༔ ལན་ཆགས་འདུ་བ་དང༔ ཕ་རོལ་གྱི་བྱད་ཟུག་པ་དང༔ ནད་འཇུག་པ་དང༔ མི་ཁ་འདུ་བ་དང༔ བསམ་པའི་དོན་མི་འགྲུབ་པ་དང༔ ཁ་སྨྲས་གླེང་གཞི་གྱོད་ཐུག་འབྱུང་བ་དང༔ ལས་ཀྱི་སྒྲིབ་པ་ཆེ་བ་དང༔ ངན་སོང་དུ་འགྲོ་བ་ལ་སོགས་པའི་ལྟས་མང་པོ་འབྱུང༔ ལ་ལར་གདོན་གྱི་ཆོ་འཕྲུལ་དང་སློང་དང༔ ཆོས་སྐྱོང་དང་ཕོ་ཉ་ལ་སོགས་པའི་ཆོ་འཕྲུལ་འཁུ་ལྡོག་འབྱུང་བ་རྣམས་ནི་མ་ངེས་པས་བརྟག་པར་བྱའོ༔ བཞི་པ་བཟང་ངན་སྤེལ་མར་འབྱུང་བ་ནི༔ སྲོད་ཐོ་རངས་ཀྱི་བཟང་ངན་སྤེལ་མ་ལ་ངེས་པ་མེད་ཅིང༔ དང་པོ་བཟང་ནས་ཕྱིས་ངན་ན༔ ངན་པའི་ཕྱོགས་སུ་འགྱུར༔ དང་པོ་ངན་ནས་ཕྱིས་བཟང་ན་བཟང་པོར་འགྱུར༔ སྤེལ་ཞིང་མ་ཤེས་ན་ཆོ་འཕྲུལ་དུ་ཤེས་པར་བྱའོ༔ ལྔ་པ་བཟང་བཟང་འདྲ་ལ་ངན་པའི་རིགས་ནི༔ རང་གི་ཁང་པ་དང་ས་ཆར༔ གཞན་གྱི་དར་ཆེན་འཕྱར་བ་དང༔ མང་པོས་བཏེགས་ནས་ཁྱེར་བ་དང༔ ལུས་ལ་གོས་དམར་པོ་གསར་པ་གོན་ཅིང༔ མགོ་ཞྭ་ནག་གིས་གཏུམ་པའམ༔ ཐོད་ནག་པོ་དང་སྔོན་པོ་བཅིང་བ༔ ཤིང་ཆེན་གྱི་རྩེ་ལ་འཛེག་པ་དང༔ ལ་བོ་ཆེ་བརྒལ་ནས་ལུང་པ་སྔར་མ་ཕྱིན་པའི་སར་ཕྱིན་པ་དང༔ མར་ཁུ་བུ་རམ་ལ་སོགས་པའི་བཟའ་བཏུང་ནག་པོ་བྱིན་ནས་ལོངས་སྤྱོད་པ་དང༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན་ནས་ལུས་ལ་བརྒྱན་པ་དང༔ ཆོ་ལོ་བཀྱེ་བ་དང༔ གཞན་ལ་གུས་པ་འབུལ་བ་དང༔ གོས་དར་གྱིས་བཀླུབས་ཅིང་ནོན་པ་དང༔ མར་ལ་ལོངས་སྤྱོད་བྱས་པ་ལ་སོགས་ཏེ༔ མདོར་ན་འཕྲལ་བཟང་བཟང་འདྲ་ལ་ངན་པའི་རིགས་སོ༔ དྲུག་པ་ངན་ངན་འདྲ་ལ་བཟང་བ་ནི༔ རང་ལུས་རང་གིས་ཁུར་རམ་བསྲེག་གམ་ཟོས་སམ་གཏུབ་པ་དང༔ རོ་ཆེན་ཁུར་བ་དང༔ ལུས་བཤའ་གཏུབ་བྱས་པ་དང༔ ཁྲག་རྣག་འབབ་པ་དང༔ ལུས་གཞན་གྱིས་ཟོས་ནས་ལྷག་མ་མ་ལུས་པ་དང༔ ཆུས་ཁྱེར་ནས་རྐྱལ་བྱེད་པ་དང༔ ནམ་མཁའ་ལ་འཕུར་བ་དང༔ སྣང་སྲིད་ཐམས་ཅད་མེས་ཚིག་པ་དང༔ ཆུས་བཤལ་བ༔ རླུང་གིས་གཏོར་བ༔ ཆར་ཆེན་པོ་སི་ལི་ལི་འབབ་པ་ལ་སོགས་པ་སྟེ༔ འཕྲལ་ངན་ངན་འདྲ་ཞིང་སྐྲག་དངངས་ཆེན་པོ་འབྱུང་ཡང༔ ནད་གདོན་ལས་ཐར་བ་དང༔ སྒྲིབ་པ་དག་པ་དང༔ དངོས་གྲུབ་ཉེ་བའི་ལྟས་ཡིན་པས་བཟང་པོར་འགྱུར་རོ༔ བདུན་པ་ལུང་མ་བསྟན་གྱི་རིགས་ལ་བསམ་གྱིས་མི་ཁྱབ་པས་ཤེས་པར་བྱའོ༔ རྨི་ལམ་ནི༔ རྩ་རླུང་དར་རྒུད༔ བག་ཆགས་ཀྱི་མཚམས་སྦྱོར་བཟང་ངན་དང༔ རང་དང་ལྷན་ཅིག་སྐྱེས་པའི་ལྷ་དང༔ མཉམ་པོར་འོང་བའི་བདུད་དང༔ ཕྱི་རོལ་གྱི་ལྷ་འདྲེ་འཁྲུགས་པའི་ཆོ་འཕྲུལ་ལ་སོགས་པ་ལས་འབྱུང་བས་ངེས་པ་མེད་ཀྱང་གནས་སྐབས་ཀྱི་ལ་ཉེ་བཟང་ངན་རྟེན་འབྲེལ་དུ་འཆར་བས་ལེགས་པར་བརྟགས་ལ་ངན་པ་བྱུང་ན་ཟློག་པའི་རྟེན་འབྲེལ་ལ་སོགས་པ་བྱའོ༔ ཡང་རྣལ་འབྱོར་པ་རབ་ཀྱིས་རྨི་ལམ་བདེན་མེད་དུ་ཤེས་ཤིང་རྨི་ལམ་དུ་ཤེས་པས་དཔྱད་ར་མེད༔ ཐ་མས་རྨི་ལམ་ཉིང་འཁྲུལ་དུ་འགྲོ་ནས་རྨི་ལམ་གྱི་རྟགས་མི་ཟིན༔ འབྲིང་པོ་རྣམས་ཀྱིས་རང་གཞན་ལ་ཉེ་བརྟགས་པར་བྱས་ཏེ༔ ཕལ་ཆེར་བཟང་ངན་རྣམས་རང་རང་གི་འོས་པར་སྦྱར་ཞིང་དཔྱད་དེ་ཤེས་པར་བྱའོ༔ ས་མ་ཡཱ༔ རྨི་ལམ་གྱི་བརྡ་རྟགས་བཟང་ངན་ཤན་འབྱེད་ཀྱི་རིམ་པ༔ ཕྱི་རབས་ཀྱི་དོན་དུ་བཀོད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་མའོ།། །།
ཞིང་ལྷ་ཚངས་པའི་མཆོད་ཆོག་གཡང་སྐྱབས་དང་འབྲེལ་པ་གཞན་ཕན་མཐའ་ཡས་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ (Volume 51, Text 62)
༄༅། །ཞིང་ལྷ་ཚངས་པའི་མཆོད་ཆོག་གཡང་སྐྱབས་དང་འབྲེལ་པ་གཞན་ཕན་མཐའ་ཡས་དངོས་གྲུབ་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། གང་ལ་བཏུད་ན་དངོས་གྲུབ་མཆོག་སྩོལ་ཞིང་། །མི་ཟད་འདོད་དགུས་བདག་གཞན་རེ་སྐོང་བ། །ཞིང་ལྷ་ཚངས་པ་ཡབ་ཡུམ་སྲས་བཅས་ལ། །གུས་པས་འདུད་དོ་རྣམ་ཀུན་ཤིས་པ་སྩོལ། །འདིར་གནོད་སྦྱིན་དབང་པོ་གང་འདུལ་གྱི་སྐུར་སྤྲུལ་པ་ཞིང་ལྷ་ཚངས་པ་ཆེན་པོའི་སྒོ་ནས། ས་ཡི་བཅུད་དང་འབྲུ་ཡི་ཕུང་པོ་ཟད་མི་ཤེས་པ་རྒྱ་ཆེར་འཕེལ་བའི་ཐབས་ལ། ཐོག་མར་གཟའ་སྐར་ཚེས་གྲངས་བཟང་པོ་འམ། ཞིང་ལྷ་རྒྱུ་བའི་དུས་ཁྱད་པར་ཅན་ལ་ཞིང་བཟང་པོའི་དབུས་སམ་གོང་དུ་སྟེགས་བུ་གྲུ་བཞི་བརྩེགས་པའི་མཐར་སྤང་གྲས་པའི་ལྕགས་རི་མེ་ཏོག་གི་ཚལ་རྒྱས་པ་ལ། འབྲས་བུ་ཅན་གྱི་ཤིང་དར་ཚོན་བལ་ཚོན་སོགས་ཀྱིས་མཛེས་པར་བརྒྱན་པ་ཡང་གཟུག །དེའི་དབུས་སུ་རབ་རྡུལ་ཚོན་གྱིས་པདྨ་འདབ་མ་བཞི། དེའི་ཕྱི་འདབ་བརྒྱད་མུ་ཁྱུད་དང་ལྡན་པ་ལྷའི་གནས་སུ་ཐིག་ལེས་མཚན་པ། འབྲིང་རས་བྲིས། ཐ་མ་འབྲུ་བཟང་པོའི་ཚོམ་བུ་ལྔ་དང་བརྒྱད་ཚོམ་བཀོད་པའི་ལྟེ་བར། མན་འཇིལ་གྱི་སྟེང་རིན་པོ་ཆེའི་སྣོད་དུ། འབྲུ་སྣ་ལྔའི་ཕྱེ་གཙང་དཀར་གསུམ་གྱིས་སྦགས་པའི་ཟན་ལ། ཆུ་དཀྱིལ་ཟླུམ་པོ། དེའི་སྟེང་དུ་ས་ཡི་དཀྱིལ་འཁོར་གྲུ་བཞི་པ་རི་རབ་ཀྱིས་མཚན་པའི་དབུས། པདྨ་འདབ་བརྒྱད་ཁ་བྱེ་བའི་རྣམ་པར་བརྒྱན་པའི་ཟེའུ་འབྲུའི་ཚུལ་གཏོར་མ་མ་རྨོས་པའི་ལོ་ཏོག་གམ་བསྐལ་པ་བཟང་པོའི་ནས་འབྲུའི་དབྱིབས། ལོ་འདབ་ཉི་ཟླ་ནོར་བུའི་རྒྱན་གྱིས་མཛེས་པར་བྱས་པ། ཆུ་དཀྱིལ་ཟླུམ་པོའི་སྟེང་དུ་ཤར་ནས་རིམ་བཞིན་གཡས་སྐོར་གྱིས། འབྲང་རྒྱས་རྩེ་རྒྱལ། དགའ་བ་འཁྱིལ་བ། རིན་པོ་ཆེའི་དབྱིབས། སྨན་བཤོས་རྣམས་བཀོད། དེའི་ཕྱི་མདུན་དུ་བུམ་གཟུགས་དང་། གཡས་གཡོན་རྒྱབ་གསུམ་བཤོས་ཟླུམ་གསུམ། མཚམས་བཞིར་བཤོས་ལྡེམ་བཞི། གཙོ་བོའི་གཏོར་མ་སྐུ་རྟེན་ཙཀླི་དང་དར་སེར་གྱི་གདུགས་རིན་པོ་ཆེའི་ཏོག་གིས་མཛེས་པར་བརྒྱན། གཡང་གེལ་སེར་པོའི་ནང་དུ་འབྲུ་སྣ་ལྔ། རིན་ཆེན་ལྔ། རྒྱ་བོད་གཙུག་ལག་གནས་ཆེན་མང་པོའི་ས་སྣ། ཆུ་སྣ། ཤིང་སྣ། སྨན་སྤོས། བུར་སྦྲང་ཀ་ར། ཁྲབ་བྱང་། སྙེ་མ། མ་རྨོས་པའི་ལོ་ཏོག །ཞིང་བཟང་པོའི་ས། རྒྱལ་པོ་ཆེན་པོའི་དཀོར་མཛོད་ནས་བླངས་པའི་ནོར་རྫས། སྟོན་མོ་ཆེན་མོའི་ཟས་སྣ། རྟ་ཕྱུགས་ནོར་མང་གི་གཡང་སྤུ། མན་ཤེལ་ཟུར་བརྒྱད་པ། བླ་མ་དགེ་བའི་བཤེས་གཉེན་གྱི་དབུ་ལོ་ན་བཟའ་གསོལ་རས། བྱིན་རྟེན་སྨན་སྒྲུབ་དམ་རྫས་ཁྱད་འཕགས་རྣམས་ཀྱིས་བཀང་ཞིང་། དར་ཕོད་འཕྲུལ་ཚར་སེར་པོས་བརྒྱན་པ་གཡང་གི་རྟེན་དུ་གཟུག །འཛོམ་ན་བུམ་པ་སེར་པོར་གོང་གི་རྫས། གཙོ་ཆེ་རིམ་གྱི་སྲོག་སྔགས། ནོར་ལྷ་དང་ས་ལྷ་ཀླུ་གཟུངས་སོགས་སྲོག་ཤིང་ལ་ཕྱག་ལེན་ལྟར་དཀྲིས་པ་རླན་གྱིས་མི་འཇིག་པའི་རྩི་དང་ལྡན་པ་བཤམ། མདའ་དར་སྣ་ལྔའམ་སེར་པོ་མདེལ་སྒྲོ་འཛོམ་པ་མེ་ལོང་གིས་བརྒྱན། མདུན་དུ་མཆོད་གཏོར་ནོར་བུའི་དབྱིབས། བཤོས་ཕྲན་བཞི་དང་བརྒྱད་ཀྱིས་བསྐོར་བ་ལ་འབྲུ་སྣ་ཚོགས་ཀྱིས་མཐའ་ཕྱུར་བུར་སྤུངས་པ་དང་། རྨོས་ཁལ་དར་ཚོན་གྱིས་བརྒྱན་པ། ཐོང་ཆ། འབྲུ་སྣོད། སྐྱེས་བུ་གོས་རྒྱན་ཅན་སོགས་མཐུན་རྫས་རྣམས་འཛོམ་པ་གལ་ཆེ་ཞིང་། ཉེར་སྤྱོད། བསང་རྫས་རྣམས་གཙང་ཞིང་མཛེས་པར་བཤམ། སྤྲོས་པ་སྐྱུང་ཞིང་མགྱོགས་འགྲུབ་དགོས་ན། རྟེན་གཏོར་གཙོ་བོ་ལ། བཤོས་ཕྲན་བཞི་དང་བརྒྱད་ཀྱིས་བསྐོར་བ། མཆོད་གཏོར་ཅི་འབྱོར། མདའ་དར། བསང་ཆས། ཉེར་སྤྱོད་ཙམ་གྱིས་འཐུས་ཤིང་། ཤིན་ཏུ་རྒྱས་པར་གོང་དུ་ལོ་ལེགས་ཆོ་གའི་གཏོར་མ་དང་། ཆོ་ག་སྔོན་དུ་འགྲོ་བས། བདག་བསྐྱེད་སྔོན་འགྲོ་རྣམས་དེ་ཀས་འཐུས་ལ། དེ་ལྟར་མ་བྱུང་ཚེ་ལྷ་གཞུང་གང་རུང་སྔོན་དུ་འགྲོ་དགོས་ཤིང་། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། མདུན་གྱི་དམིགས་རྟེན་ལ་ཨ་མྲྀཏའི་བསང་ཆུ་འཐོར་ཞིང་། ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་གཏོར་རྟེན་རྫས་མཐུན་པའི་ཡོ་བྱད་མ་ཚང་བ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ། འདོད་པའི་ཡོན་ཏན་ལྔ་ཡི་གཏེར་དང་ལྡན་ཞིང་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པའི་རང་བཞིན་ཅན་དུ་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པུཥྤེ་ཨཱཿཧཱུྃ་སོགས་ནས་ཤབྡའི་བར། ནམ་མཁའ་མཛོད་ཀྱི་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། ཨོཾ་མ་ཧཱ་བ་ལིཾ་ཏ་ཨ་མྲྀཏ་ས་མུ་དྲ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་གསེར་གྱི་ས་གཞིའི་བཅུད་རྒྱས་ཤིང་། གཡང་གི་རྒྱ་མཚོ་འཁྱིལ་བའི་མཐའ་སྐོར་དུ་གཡུའི་སྤང་ལྗོངས་ནེའུ་སེང་གི་སྐྱེད་ཚལ་ཤིན་ཏུ་ཉམས་དགའ་བ་ལ་མེ་ཏོག་གི་ཚལ་དང་། སྨན་གྱི་རིགས་དུ་མ་འཁྲུངས་ཤིང་དཔག་བསམ་གྱི་ལྗོན་པ་འབྲས་བུ་ལོ་འདབ་གཡུར་དུ་ཟ་བའི་ཕྲེང་བས་བསྐོར་བ། བར་མཚམས་རྣམས་གཏེར་གྱི་བུམ་པ་དང་ཁྲུས་ཀྱི་རྫིང་བུ། མ་རྨོས་པའི་ལོ་ཏོག །འདོད་པ་འཇོ་བའི་བ་མཆོག །རིན་པོ་ཆེ་ཆ་བདུན། འབྲུ་ཡི་བང་མཛོད་སོགས་ལོངས་སྤྱོད་ཀྱི་ཚོགས་དུ་མས་ཡོངས་སུ་གཏམས་པའི་ཀློང་ཆེན་པོར། རང་དང་དམིགས་ཡུལ་གྱི་ཞིང་ལོ་ཏོག་འབྲས་བུ་ཕུན་སུམ་ཚོགས་པའི་ཚལ་རབ་ཏུ་རྒྱས་པ་ཐམས་ཅད་ཕྱོགས་གཅིག་ཏུ་གསལ་བའི་དབུས་སུ་གསེར་གྱི་ཁྲི་འཕང་འོད་ཟེར་འབར་བ་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་སྤྲས་པ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་འབུམ་ལྡན་གྱི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལ་ས་བོན་ལཾ་སེར་པོ་ཁྲ་ཐབས་སུ་བབས་ཏེ། དེ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་དང་རྒུད་པ་བསལ། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཞིང་ལྷ་ཚངས་པ་ཆེན་པོ་འཛམ་བུ་ཆུ་བོའི་གསེར་གྱི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་སྐུ་ཤ་རབ་ཏུ་རྒྱས་ཤིང་གསུས་པ་འཕྱང་བ། གནོད་སྦྱིན་སྒེག་པའི་ཉམས་ཅན་འཛུམ་པའི་བཞིན་རས་ཡིད་དུ་འོང་བ་སྤྱན་གཉིས་སྒྲུབ་པ་པོ་ལ་བརྩེ་བས་གཟིགས་ཤིང་། དབུ་སྐྲ་ཐོར་ཚུགས་ལ་རིན་པོ་ཆེའི་རྩེ་བྲན་འོད་འབར་བ་ལྔས་བརྒྱན་པ། ཕྱག་གཡས་ཐོང་གཤོལ་གདེངས་ཐབས་སུ་འཛིན་ཅིང་། གཡོན་གསེར་གྱི་གཞོང་པ་འབྲུ་ཡིས་ཕྱུར་བུར་བཀང་བ་བསྣམས་པ། སྐུ་སྟོད་ལ་དར་སྔོན་པོའི་ན་བཟའ་དང་། དབང་པོའི་གཞུ་འདྲའི་དར་གྱི་སྨད་དཀྲིས་ལྷབ་ལྷུབ་ཏུ་འཕྱང་བ། རིན་པོ་ཆེའི་རྒྱན་དང་ལྡན་པས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །དེའི་གཡས་སུ་ཚངས་སྲས་ལོ་ཡག་བཀྲ་ཤིས་འཁྱིལ་བ་གསེར་མདོག་ལོ་བཅུ་དྲུག་ལོན་པའི་ན་ཚོད་གཞོན་ཤ་ཅན། ཕྱག་གཡས་འབྲས་ཀྱི་སྙེ་མ་དང་། གཡོན་གསེར་གྱི་གཉའ་ཤིང་འཛིན་པ། གཡོན་དུ་ཡུམ་མཆོག་ལྷ་མོ་ན་ཆུང་སྒེག་པའི་ཉམས་ཆགས་པའི་ཟུར་མིག་གཡོ་ཞིང་གཙོ་བོ་ལ་གཟིགས་པ། ཕྱག་ན་གཏེར་བུམ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་དང་ལྡན་པས་བཞེངས་པའི་སྟབས་ཀྱིས་པད་ཟླ་ལ་བཞུགས་པའོ། །གཙོ་བོའི་མདུན་དུ་འབྲུ་ལྷ་ཨ་པ་ར་ཙི་ཏ་ཀུནྡའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ་གཡས་ཡིད་བཞིན་ནོར་བུ་ཐུགས་ཀར་འཛིན་ཅིང་གཡོན་ནེའུ་ལེ་དཀུར་བརྟེན་པ། སྐུ་ཆེ་ཞིང་ཡན་ལག་རགས་པ་ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་པད་ཟླ་ལ་བཞུགས་པ། རྒྱབ་ཏུ་རྣམ་མང་ཐོས་སྲས་སྐུ་མདོག་སེར་པོ་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་དབུ་ལ་རིན་པོ་ཆེའི་པྲོག་ཞུ་དང་སྐུ་ལ་བསེ་ཁྲབ་གསོལ་ཞིང་། སེང་གེ་དཀར་མོའི་སྟེང་ན་རོལ་སྟབས་ཀྱིས་སྒྲུབ་ལ་དངོས་གྲུབ་ཆར་བཞིན་འབེབ་པར་བཞུགས་པའོ།། དེའི་ཕྱི་པདྨ་འདབ་མ་བརྒྱད་ལ་ཤར་དུ་ས་ཡི་ལྷ་མོ་བསྟན་མ་གསེར་མདོག་ཕྱག་ན་བུམ་པ་འཛིན་ཅིང་སྐུ་སྟོད་ས་ནས་ཐོན་པ། ལྷོར་དབང་ཆེན་ཤྲཱི་བྷ་དྲ་སྐུ་མདོག་སེར་པོ་ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན། ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་བ་འོག་མ་གཉིས་ལྗོན་ཤིང་དང་རི་རབ་བསྣམས་པ་སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་གྱི་གདན་ལ་བཞུགས་པ། རྒྱབ་ཏུ་ལྟོ་འཕྱེ་ཆེན་པོ་པདྨ་རཱ་གའི་མདངས་ཅན་སྐུ་སྨད་ལྟོ་འགྲོའི་མཇུག་མ་དང་དབུ་ལ་སྦྲུལ་གྱི་གདེངས་ཀ་བདུན་དང་ལྡན་ཞིང་ཉལ་བའི་ཚུལ་གྱིས་གནས་པ། བྱང་དུ་ས་འཛིན་ལག་པ་ཆེན་པོ་སྐུ་མདོག་སྔོན་པོ་ཕྱག་གཉིས་རི་རབ་པང་པའི་ཚུལ་གྱིས་བཞུགས་པ། གསུམ་ཀའང་རིན་པོ་ཆེའི་དབུ་རྒྱན་སྙན་ཆ་དོ་ཤལ་དར་དཔྱང་སོགས་ཀྱིས་སྤྲས་ཤིང་དགྱེས་པའི་ཉམས་དུ་མ་དང་ལྡན་པའོ། །ཤར་ལྷོར་ས་ལྷ་སེར་མོ། ལྷོ་ནུབ་ཏུ་ཆུ་ལྷ་སྔོན་མོ། ནུབ་བྱང་དུ་མེ་ལྷ་དམར་མོ། བྱང་ཤར་དུ་རླུང་ལྷ་ལྗང་མོ་རྣམས་ཕྱག་གཡས་པ་ཐམས་ཅད་མདའ་དར་དང་གཡོན་པས་བུམ་པ་འཛིན་པ། དབང་པོའི་གཞུ་འདྲའི་དར་གྱི་སྨད་ཤམ་དང་རིན་པོ་ཆེའི་རྒྱན་དང་ལྡན་པས་བཞེངས་སྟབས་ཀྱིས་བཞུགས་པ། དེའི་ཕྱི་རིམ་མུ་ཁྱུད་ལ། ཀླུ་དང་ས་བདག་གཉན་དང་ཡུལ་ལྷའི་ཚོགས་དཔག་ཏུ་མེད་པས་བསྐོར་ཞིང་ཐམས་ཅད་ཞི་ཞིང་འཛུམ་པའི་མདངས་དང་ལྡན་པས་དགའ་བ་དང་གུས་པའི་རྣམ་པར་རོལ་པས་འཁོད་པར་གྱུར། དེ་ལྟར་གསལ་བའི་གཙོ་བོའི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་དང་། འཁོར་རྣམས་ཀྱི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་པར་གྱུར། བཛྲ་ས་མ་ཡ་ཛཿ སྤོས་དཀར་དང་སྦྱར་སྤོས་ཀྱི་དྲི་བཟང་འཐུལ། རོལ་མོ་དང་བཅས་ལ། ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འགྲོ་ཀུན་དབུལ་ཕོངས་འཇིགས་ལས་སྐྱོབ་པའི་ཕྱིར། །གཟུགས་ཀྱི་སྐུར་སྟོན་གནོད་སྦྱིན་དབང་པོའི་ཚུལ། །མི་ཟད་འདོད་དགུའི་དཔལ་ལ་མངའ་བརྙེས་པ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར། །མགོན་གྱུར་ཚངས་པ་ཆེན་པོ་ཞིང་གི་ལྷ། །རྣལ་འབྱོར་བདག་གིས་གདུང་བས་འབོད་ལགས་ན། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཚངས་སྲས་ལོ་ཡག་བཀྲ་ཤིས་གཡང་གི་བདག །བདེ་ཆེན་དགའ་བའི་གར་སྒྱུར་གསང་བའི་ཡུམ། །ཨ་པར་ཙི་ཏ་འབྲས་དྲུག་སྤེལ་བའི་ལྷ། །རྣམ་མང་ཐོས་སྲས་དངོས་གྲུབ་གཏེར་གྱི་མཛོད། །འཁོར་བཅས་ཐུགས་བསྐྱེད་སྨོན་ལམ་དབང་གིས་ནི། །ལོ་ལེགས་སྐྱ་རྒྱལ་འབྲུ་རྣམས་འཕེལ་བའི་ཕྱིར། །གློག་ལྟར་མྱུར་བའི་རྫུ་འཕྲུལ་མངའ་དབང་གིས། །སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །ལྷུན་པོའི་རྒྱལ་པོ་དབང་ཆེན་གསེར་གྱི་གཞི། །སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་དག །སྐྱོང་ཞིང་རྟག་ཆགས་རྟེན་གནས་བདག་འཛིན་པ། །ས་བདག་དབང་ཆེན་བརྟན་མ་གསང་བའི་ཡུམ། །ས་འཛིན་ལག་པ་ལྟོ་འཕྱེ་འབྱུང་བཞིའི་ལྷ། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་གཡོག་མཐའ་ཡས། །གཟི་བརྗིད་བཀོད་པ་གདུགས་ཀྱི་རྒྱལ་པོ་དང་། །མ་དྲོས་ཀླུ་དབང་སྔགས་བདག་ཀླུ་ཆེན་བརྒྱད། །སྤྲིན་དང་ཆར་ལ་མངའ་མཛད་ཀླུ་མོའི་ཚོགས། །ཡུལ་ལྷ་གཞི་བདག་སྡེ་འཁོར་དཔུང་དང་བཅས། །ས་བཅུད་འབྲས་དྲུག་འཕེལ་ཞིང་རྒྱས་པའི་ལྷ། །མ་ལུས་ཐོགས་མེད་བརྩེ་བས་གནས་འདིར་གཤེགས། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཁས་བླངས་ཤིང་། །འགྲོ་ཀུན་དབུལ་ཕོངས་སྐྱོབ་པར་དམ་བཅས་བཞིན། །རྡོ་རྗེའི་ཐ་ཚིག་གཉན་པོ་མ་བསྙེལ་བར། །རྣལ་འབྱོར་སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཀྵེ་ཏྲ་དེ་བ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཧཱུྃ། དངོས་གྲུབ་གཏེར་འཆང་ཞིང་ལྷ་ཚངས་པ་ཆེ། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་སླད་དུ། །བདག་དང་རྒྱུ་སྦྱོར་དམིགས་ཡུལ་ཞིང་རྣམས་ཀུན། །ཐམས་ཅད་ཕྱོགས་གཅིག་གསལ་བའི་དབུས་ཉིད་དུ། །རིན་ཆེན་ཁྲི་དང་དར་ཟབ་པད་ཟླའི་སྟེང་། །གཙོ་དང་འཁོར་དུ་འཚམ་པའི་གདན་ལ་བཞུགས། །དབུལ་ཕོངས་རྒུད་པའི་ལས་བསགས་མཐོལ་ཞིང་བཤགས། །བཛྲ་ས་མ་ཡ་ཏིཥྛ་ལྷན། པདྨ་ཀ་མ་ལཱ་ཡ་སཏྭཾ། ས་མ་ཡ་ཤུདྡྷེ་ཨཿ ཨོཾ། ཕུན་ཚོགས་འདོད་པ་འཇོ་བའི་ཡིད་བཞིན་ནོར། །གང་ལ་མཆོད་ན་དངོས་གྲུབ་མཆོག་སྩོལ་བ། །ཞིང་ལྷ་ཚངས་པ་ཆེན་པོ་འཁོར་བཅས་ལ། །དངོས་སུ་འབྱོར་དང་ཡིད་ལས་རྣམ་སྤྲུལ་པའི། །གཙང་མའི་མཆོད་ཡོན་འདབ་རྒྱས་པདྨོའི་ཚལ། །དྲི་ཞིམ་བདུག་སྤོས་ཉི་ཟླ་ནོར་བུའི་འོད། །བྱུག་པ་ཡིད་འོང་ལྷ་ཡི་ཆུ་བོའི་རྒྱུན། །ཞལ་ཟས་བདུད་རྩི་རྩེར་ཐོན་རོལ་མོ་དབྱངས། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །མཆོག་ཏུ་བཀྲ་ཤིས་དགེ་བའི་རྫས་རྟགས་བརྒྱད། །གཏེར་གྱི་བུམ་པ་དཔག་བསམ་ལྗོན་པའི་ཤིང་། ཁྲུས་ཀྱི་རྫིང་བུ་ཡན་ལག་བརྒྱད་ལྡན་ཆུ། །མ་རྨོས་ལོ་ཏོག་འདོད་པ་འཇོ་བའི་བ། །ལྔ་ཕྲག་ལྔ་དང་དར་ཟབ་ལྷ་ཡི་གོས། །རིན་ཆེན་རི་བོ་རྣམས་དང་སིལ་མར་བཀྲམ། །བཅུད་ལྡན་ཞིང་ལ་ལོ་ཐོག་འབྲས་དྲུག་རྒྱས། །འབྲུ་ཡི་ཚོགས་རྣམས་འཛིན་མའི་ཁྱོན་གང་ཞིང་། །སྐྱེས་བུ་གོས་རྒྱན་སྤྲས་པ་མཛེས་པའི་གཟུགས། །རྨོས་ཆ་ཐོང་ལྕགས་རྨོས་ཁལ་དར་སྣས་བརྒྱན། །གོ་མཚོན་མདའ་དར་སྤྱན་གཟིགས་དུ་མའི་ཚོགས། །མ་ཚང་མེད་པའི་མཆོད་སྤྲིན་ནམ་མཁའི་མཛོད། །འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །རྒྱ་ཆེར་སྤེལ་ཏེ་ལྷ་མཆོག་དགྱེས་ཕྱིར་འབུལ། །བདག་ལ་ཕན་ཕྱིར་ཉིད་ཀྱི་མཐུ་ཡིས་བཞེས། །ཨོཾ་ཀྵེ་ཏྲ་དེ་བ་ས་པ་རི་བཱ་ར་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ། ཤབྡ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བྷྲཱུྃ་ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །གཏོར་མ་ལྷ་ཡི་བདུད་རྩི་ཤེལ་གྱི་མདོག །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཟག་མེད་བདེ་བ་སྐྱེད་པ་ཉིད་དུ་གྱུར། །མགྲོན་རྣམས་ལྗགས་ཀྱི་འོད་ཟེར་སྦུ་གུ་ནི། །རྡོ་རྗེ་རྩེ་ལྔའི་ཚུལ་དུ་གཏོར་མར་ཟུག །གཏོར་མའི་བཅུད་གསོལ་སྐུ་གསུང་ཐུགས་དབང་ཚིམས། །བང་མཛོད་འབྲུ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཀྵེ་ཏྲ་དེ་བ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བྷ་དྲ་པྲྀ་ཐཱི་དེ་བཱི་ལོ་ཀ་པཱ་ལ་ནཱ་ག་ནཱ་གི་བྷཱུ་མི་པ་ཏི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། དེ་ནས་བསྟོད་པ་ནི། ཧཱུྃ། ཆོས་སྐུའི་དབྱིངས་ལས་སྣ་ཚོགས་སྒྱུ་མའི་འཕྲུལ། །འགྲོ་ཀུན་དབུལ་སེལ་ཡིད་བཞིན་ནོར་བུའི་སྐུ། །ཚངས་པ་ཆེན་པོ་གནོད་སྦྱིན་སྒེག་པའི་ཉམས། །འཛམ་བུ་ཆུ་བོའི་གསེར་ལྟར་གཟི་འོད་འབར། །ཞལ་གཅིག་ཞི་ཞིང་འཛུམ་པའི་ངང་ཚུལ་ཅན། །ཕྱག་གཡས་ཀ་ན་ཀ་ཡི་ཐོང་གཤོལ་བསྣམས། །གཡོན་པས་རིན་ཆེན་འབྲུ་ཡི་ཆར་པ་འབེབ། །ཤ་རྒྱས་གསུས་འཕྱང་སྣ་ཚོགས་དར་གྱིས་བཀླུབས། །པད་ཟླ་རིན་ཆེན་ཁྲི་ལ་རོལ་སྟབས་བཞུགས། །སྲས་མཆོག་ལོ་ཡག་བཀྲ་ཤིས་གསེར་ཆེན་མདོག །ཕྱག་ན་འབྲས་སྙེ་གསེར་གྱི་གཉའ་ཤིང་འཛིན། །གསང་བ་བདེ་ཆེན་དབྱིངས་ནས་སྐུལ་བྱེད་མ། །སྦུར་ལེན་དྭངས་མའི་མདངས་འཚེར་བུམ་བཟང་འཛིན། །རྣམ་མང་ཐོས་སྲས་དངོས་གྲུབ་གཏེར་གྱི་བདག །ཨ་པར་ཙི་ཏ་བང་མཛོད་གཉེར་ཁ་འཆང་། །ཞིང་ལྷ་ཡབ་ཡུམ་སྲས་འཁོར་བཅས་ལ་བསྟོད། །སྟོང་གསུམ་ས་ཡི་དཀྱིལ་འཁོར་མངའ་མཛད་པའི། །དབང་ཆེན་ཤྲཱི་བྷ་དྲ་བརྟན་མ་དང་། །ས་འཛིན་ལག་པ་ལྟོ་འཕྱེ་ཀླུ་ཆེན་བརྒྱད། །འབྱུང་བཞིའི་ལྷ་མོར་བཅས་ལ་བདག་གིས་བསྟོད། །གཞན་ཡང་ས་བཅུད་འབྲུ་ནོར་འཕེལ་བྱེད་པའི། །ཞིང་དང་ལོ་ཐོག་བང་མཛོད་གཡང་གི་ལྷ། །ཀླུ་གཉན་ས་བདག་ཡུལ་ལྷའི་ཚོགས་དང་བཅས། །མགོན་ཞིང་སྡོངས་གྲོགས་མཛད་པ་རྣམས་ལ་བསྟོད། ཁྱེད་རྣམས་སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ། །དེང་འདིར་ཐུགས་རྗེས་དགོངས་ལ་བརྩེ་བས་གཟིགས། །འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །སྟོང་གསུམ་མི་མཇེད་འཇིག་རྟེན་མཐའ་ཀླས་ཀྱི། །ས་བཅུད་སྟོབས་འབྱོར་ཕྱྭ་གཡང་ཀུན་སྡུས་ལ། །བདག་དང་རྒྱུ་སྦྱོར་ཚེ་བསོད་དབང་ཐང་རྒྱས། །ལོ་ལེགས་འབྲུ་འཕེལ་འདོད་རྒུ་ནོར་གྱིས་ཕྱུག །ནད་མུག་མཚོན་འཁྲུག་མིང་ཡང་མི་གྲགས་ཤིང་། །བསམ་དོན་མ་ལུས་འབད་མེད་ལྷུན་གྱིས་གྲུབ། །བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འབྱོར་བར་མཛོད། །གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ས་བོན་ལཾ་སེར་པོའི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ལ། ཨོཾ་ཨཱཿཀྵེ་ཏྲ་དེ་བ་བྲཧྨ་སརྦ་སིདྡྷི་ཕ་ལ་ཧཱུྃ། གཙོ་བོ་དང་། ཨོཾ་ཨཱཿབྲཧྨ་པུ་ཏྲ་མངྒ་ལ་ཀུཎྜ་ལཱི་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿདེ་བཱི་རཏྣ་བྷྲཱུྃ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཧྲཱིཿཨ་པ་ར་ཙི་ཏ་ཛཿཛཿ ཞེས་འཁོར་སྔགས་ཅུང་ཟད་བཟླ། རང་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་ཞིང་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམ་ལ་སྔགས་བཟླ། ཡང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་གཙོ་འཁོར་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྔོན་གྱི་དམ་ཚིག་རྗེས་སུ་དྲན་ཏེ་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས། འཁོར་འདས་སྣང་སྲིད་སྣོད་བཅུད་མ་ལུས་པའི་བྱིན་རླབས་དངོས་གྲུབ་ཕྱྭ་གཡང་སྟོབས་འབྱོར་ཐམས་ཅད་བསྡུས་ཏེ་མདུན་བསྐྱེད་ལ་ཐིམ། འོད་ཟེར་ཕྱིར་འཕྲོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དབུལ་ཕོངས་རྒུད་པ་འབྱུང་བའི་རྒྱུ་རྐྱེན་ལས་དང་བག་ཆགས་ངན་པ་ཐམས་ཅད་སྦྱངས་བདེ་སྐྱིད་དང་ལྡན་པར་བྱས། སྐུ་དང་ན་བཟའི་སུལ་རྣམས་ནས་རིན་པོ་ཆེ་དང་འབྲུ་ཡི་ཆར་བབས་པས་ས་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས་པར་དམིགས་ལ་སྔགས་བཟླ། སླར་ཡང་འོད་ཟེར་སེར་པོ་ལྕགས་ཀྱུའི་དབྱིབས་རྣོ་ལ་མྱུར་བ་འཕྲོས། སྲིད་པ་གསུམ་གྱི་ཕྱྭ་གཡང་ལོངས་སྤྱོད་དཔལ་འབྱོར་འབྱུང་ལྔའི་དྭངས་མ་ས་བཅུད་འབྲུ་གཡང་ཐམས་ཅད་འུབས་ཀྱིས་བསྡུས་ཏེ་བདག་དང་སྒྲུབ་རྫས་གཡང་རྟེན་བུམ་པ་ཞིང་ཁང་སོགས་ལ་བསྟིམས་པས། གཡང་གི་གཟི་འོད་འབར་ཞིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་དམིགས་ལ་སྔགས་བཟླ་འོ། །དེ་ནས་བསང་མཆོད་འབུལ་བར་སྤྲོ་ན། དྲི་བཟང་པོའི་ཤིང་སྣའི་དུད་པ་སྤྲིན་ལྟར་གཏིབས་ཤིང་། མཆོད་པ་བྱ། དར་ཕྱར། དུང་འབུད། རོལ་མོ་དབྱངས་དང་ལྡན་པས་འདི་སྐད་དོ། །ཀྱེ། དེ་རིང་བཀྲ་ཤིས་ཡར་ཚེས་ལ། །གནམ་ལ་གཟའ་དང་སྐར་མ་བཟང་། །ས་ལ་ལོ་ལེགས་སྐྱ་ཡང་རྒྱལ། །ལྷ་མི་བདེ་སྐྱིད་དཔལ་ཡང་འཛོམ། །ཕུན་སུམ་ཚོགས་པ་ལྔ་དང་ལྡན། །ལྔ་ལྡན་རྒྱལ་བའི་ཞིང་ཁམས་འདིར། །སེམས་དཔའ་ས་ཡི་སྙིང་པོ་དང་། །ལྷ་མོ་ཆེན་མོ་ནོར་རྒྱུན་མ། །དེ་བཱི་ཤྲཱི་གྲོགས་མོ་བརྒྱད། །ཞིང་ལྷ་ཚངས་པ་འཁོར་དང་བཅས། །དད་དང་དམ་ཚིག་དབང་གིས་ནི། །གདུང་བས་འབོད་དོ་ད་ཚུར་བྱོན། །དྲི་ཞིམ་སྤོས་དཀར་དུད་པས་བསུ། །དུང་དང་གླིང་བུ་སྙན་པའི་དབྱངས། །དར་དཀར་གཡབ་ཅིང་སྤྱན་འདྲེན་ནོ། ཁྱེད་རྣམས་དགྱེས་པའི་མཆོད་པ་ནི། །སྨན་སྤོས་བཟང་ཤིང་སྣ་ཚོགས་དང་། །ཕྱེ་མར་འབྲུ་སྣ་ཇ་ཆང་སྐྱེམས། །དཀར་མངར་ཟས་སྣ་ཚོགས་པའི་ཕུད། །དག་བྱེད་ཞུགས་ལ་ཕུལ་བ་ཡི། །བསང་གི་དུད་པ་སྤྲིན་ལྟར་གཏིབས། །འབྲུ་གསུམ་སྔགས་དང་ཏིང་འཛིན་གྱིས། །བྱིན་བརླབས་ལྷ་ལམ་ཁྱོན་འགེངས་པའི། །དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་དུ་འབེབ། །འདི་འདྲའི་ཡ་མཚན་བསང་མཆོད་འདིས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ། །རིན་ཆེན་མེ་ཏོག་ཡོན་ཏན་བསང་། །ལོ་ལེགས་འབྲུ་རྣམས་འཕེལ་མཛད་པ། །སེམས་དཔའ་ས་ཡི་སྙིང་པོ་བསང་། །བྱང་ཆུབ་སེམས་མ་ཐུགས་རྗེ་ཅན། །དཔལ་གྱི་ལྷ་མོ་ཆེན་མོ་བསང་། །མཚན་ཙམ་ཐོས་པས་ལོ་ལེགས་ནུས། །བཅུ་གཉིས་མཚན་ལྡན་ལྷ་མོ་བསང་། །ནོར་གྱི་རྒྱུན་མ་ཟླ་ཤེལ་མ། །སྦྱིན་བྱེད་རབ་ཏུ་སྦྱིན་མ་བསང་། །འཕགས་མ་སྦས་མ་རབ་བཟང་མ། །དབྱངས་ཅན་མ་སོགས་འཁོར་བཅས་བསང་། །འགྲོ་ཀུན་དབུལ་སེལ་ཡིད་བཞིན་ནོར། །ཞིང་ལྷ་ཚངས་པ་ཆེན་པོ་བསང་། །བཀྲ་ཤིས་དངོས་གྲུབ་གཡང་གི་བདག །ཚངས་སྲས་ལོ་ཡག་འཁྱིལ་བ་བསང་། །དཔལ་དང་འབྱོར་པ་འཕེལ་མཛད་པ། །བདེ་ཆེན་དབང་གི་ལྷ་མོ་བསང་། །ས་བརྒྱད་སེམས་དཔའ་གཏེར་གྱི་བདག །རྒྱལ་ཆེན་རྣམ་མང་ཐོས་སྲས་བསང་། །འབྲས་དྲུག་བང་མཛོད་གཏེར་ལ་སྤྱོད། །གནོད་སྦྱིན་ཨ་པར་ཙིཏྟ་བསང་། །རི་རབ་གསེར་གྱི་རི་བདུན་ན། །ཤྲཱི་བྷ་དྲ་སྲས་བཅས་བསང་། །འོག་གཞི་ས་ཡི་དཀྱིལ་འཁོར་ལ། །མངའ་མཛད་ལྷ་མོ་བརྟན་མ་བསང་། །སྟོང་གསུམ་ས་ལ་དབང་སྒྱུར་བའི། །ལྟོ་འཕྱེ་ཀླུ་བརྒྱད་འཁོར་བཅས་བསང་། །འབྱུང་བ་གཅིག་གྲོགས་གཅིག་གིས་བྱེད། །ས་ཆུ་མེ་རླུང་ལྷ་མོ་བསང་། །ཞིང་ལྷ་གཉན་པོ་ཕ་ཝཾ་དང་། །ས་ལྷ་མཚལ་སྟག་དམར་པོ་བསང་། །ཀྱེ། ཡང་ཅིག་བསང་ཞིང་མཆོད་པ་ནི། །དགུང་སྔོན་དབྱིངས་ཀྱི་མཁའ་ཀློང་ནས། །སྦྲང་ཆར་འབེབ་མཛད་ཕ་ལྷ་བསང་། །དོག་མོ་ས་གཞི་འགྱུར་མེད་ནས། །མེ་ཏོག་སྨིན་བྱེད་མ་ལྷ་བསང་། །བར་དུ་འབྲས་དྲུག་མྱུ་གུ་འཁྲུང་། །འཛམ་གླིང་སྲོག་གཟུང་བུ་ལྷ་བསང་། །དབྱིབས་ལེགས་དུལ་མའི་ས་ཞིང་ལ། །སྣུམ་བཅུད་རྒྱས་པའི་ལུད་ལྷ་བསང་། །ཙན་དན་སྐྱེས་བུས་ས་བོན་བཏབ། །རྒྱུ་རྐྱེན་འབྲས་བུའི་ལྷ་རྣམས་བསང་། །རྨོས་ཁལ་རོག་པོ་དར་སྣས་བརྒྱན། །ནོར་ལྷ་རྨ་གཡང་འཁོར་བ་བསང་། །གསེར་གྱི་གཉའ་ཤིང་རིན་ཆེན་ལ། །བཀྲ་ཤིས་གཡང་འཁྱིལ་ལྷ་ཚོགས་བསང་། །དཔག་བསམ་ལྗོན་པའི་ཐོང་གཤོལ་ལ། །མྱུར་མགྱོགས་ཅན་གྱི་ལྷ་རྣམས་བསང་། །གནམ་ལྕགས་ངར་མའི་ཐང་སོ་ལ། །ས་དགྲ་འདུལ་བའི་ལྷ་ཚོགས་བསང་། །རྨོས་པ་སྐྱེས་བུ་ཐབས་ལྡན་ལ། །དཔའ་རྩལ་ཅན་གྱི་དགྲ་བླ་བསང་། །སྣ་ཁྲིད་ཤེས་རབ་འོད་གསལ་ལ། །མ་ནོར་ལམ་སྟོན་ལྷ་རྣམས་བསང་། །ཡུལ་ལ་བཀྲ་ཤིས་བདེ་སྐྱིད་འཕེལ། །ཕུན་སུམ་ཚོགས་པའི་གཡང་ལྷ་བསང་། །གཞན་ཡང་ཁྱིམ་ལྷ་གེལ་ཐུང་དང་། །སྲོག་ལྷ་མཁར་གྱི་རྩེ་འཛིན་ལྷ། །མགོན་ཞིང་སྡོངས་གྲོགས་བྱེད་རྣམས་བསང་། །ཀྱེ། འཛམ་གླིང་འཇིག་རྟེན་བོད་ཁམས་འདིར། །ལོངས་སྤྱོད་དངོས་གྲུབ་གཡང་གི་མཛོད། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །གཟི་བརྗིད་བཀོད་པ་ཆེན་པོ་བསང་། །རིན་ཆེན་གདུགས་ལྟར་རྒྱལ་བ་དང་། །མ་དྲོས་སྔགས་ཀྱི་བདག་པོ་བསང་། །མཁར་ནག་མི་མགོན་ཀླུ་ཆེན་བརྒྱད། །རིགས་ལྔའི་ཀླུ་གཉན་ཐམས་ཅད་བསང་། །སྤྲིན་དམར་ཆར་ལ་མངའ་མཛད་པའི། །ཀླུ་མོ་རྗེ་དང་འབངས་བཅས་བསང་། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་དང་། །ཡུལ་ཕྱོགས་འདིར་གནས་གཞི་བདག་བསང་། །དབྱིས་དོ་སྒོང་ར་རྫོང་ནག་སོགས། །དམ་ཚིག་ལྡན་པའི་དགེ་བསྙེན་བསང་། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མགྲོན་རྣམས་མ་ལུས་ཐམས་ཅད་ཀུན། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་དང་འགྲོ་ལ་བརྩེར་དགོངས་ནས། །ཚད་མེད་ཐུགས་རྗེས་མྱུར་གཟིགས་ཏེ། །ནད་དང་དབུལ་ཕོངས་བཀྲེས་སྐོམ་དང་། །འཇིགས་པ་ཀུན་ལས་བསྐྱབ་མཛད་གསོལ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་བཅུད་འབྲུ་གཡང་འདིར་སྡུས་ལ། །ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་སྩོལ། །དེ་ལ་བར་དུ་གཅོད་པའི་བགེགས། །སད་སེར་བཙའ་ཐན་འབུ་སྲིན་སོགས། །མཐུ་སྟོབས་ནུས་པའི་གཟི་བྱིན་གྱིས། །རྨེག་མེད་གཞོམ་པར་མཛད་དུ་གསོལ། །སྣོད་བཅུད་དཔལ་འབྱོར་ཕྱྭ་དང་གཡང་། །ཐམས་ཅད་དེང་འདིར་འགུག་ཅིང་ལེན། །བཀྲ་ཤིས་བདེ་སྐྱིད་འཛིན་མའི་ཁྱོན། །ཡོངས་སུ་གང་བའི་ཤིས་པ་སྩོལ། །ལྷ་རྒྱལ་ལོ། །གཡང་ཕྱུག་གོ །འབྲུ་འཕེལ་ལོ། །ཞེས་བརྗོད་རོལ་ཆེན་བྱ། མེ་ཏོག་འཐོར་རོ། །དེ་ནས་མངའ་གསོལ་བྱ་བ་ནི། མཆོད་གཏོར་རྣམས་གསོ་བྲན་དང་གསེར་སྐྱེམས་བཤམ། རྨོས་ཁལ་ཐོང་ཆ་སྐྱེས་བུ་གོས་རྒྱན་ཅན་མདའ་དར་སྤྱན་གཟིགས་སོགས་ཁྲུས་ཆབ་ཀྱིས་བྲན། བསང་དང་མཆོད་པ་ཅི་འབྱོར་བ་མ་བསྲིས་པར་ཕུལ་ལ། ཧཱུྃ། སྲིད་གསུམ་འགྲན་བྲལ་དངོས་གྲུབ་གཏེར་གྱི་བདག །ཚངས་པའི་རྒྱལ་པོ་ཡབ་ཡུམ་སྲས་བཅས་ལ། །དངོས་སུ་འབྱོར་དང་ཡིད་ལས་སྤྲུལ་པ་ཡི། །ཉེར་སྤྱོད་སྣ་བདུན་གཟུགས་སྒྲ་དྲི་རོ་རེག །དམ་རྫས་གཏོར་ཆེན་བདུད་རྩི་མ་ཧཱ་བྷྲཱུྃ། །ག་ཎའི་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་དང་། །ཐབས་དང་ཤེས་རབ་མཉམ་སྦྱོར་བྱང་ཆུབ་སེམས། །ཕྱི་ནང་གསང་གསུམ་མཆོད་པས་མངའ་གསོལ་ལོ། །སྐུ་དང་སྔགས་བྱང་བླ་རྡོ་དམ་ཚིག་རྟེན། །མདའ་དར་མེ་ལོང་རིན་ཆེན་སྣ་ལྔས་བརྒྱན། །རྨོས་ཁལ་ཐོང་ཆ་འབྲུ་སྣའི་བང་མཛོད་དང་། །མ་རྨོས་ལོ་ཏོག་གསེར་གྱི་བུམ་པ་བཟང་། །བཀྲ་ཤིས་རྟགས་བརྒྱད་མི་དབང་རིན་ཆེན་བདུན། །ལྷ་མིའི་ལོངས་སྤྱོད་འདོད་ཡོན་ནམ་མཁའི་མཛོད། །རྟེན་སྒྲུབ་མཐུན་པའི་རྫས་ཀྱིས་མངའ་གསོལ་ལོ། །རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་གསེར་སྐྱེམས་ཕུད། །ཞིབ་མར་འབྲུ་སྨན་བཟང་ཤིང་དུད་པ་དང་། །གཡག་ལུག་ར་སྐྱེས་རི་གཡུང་ཆུ་གནས་གཟུགས། །ཞིང་ཁམས་འདི་འམ་འཇིག་རྟེན་གཞན་དག་ཏུ། །བདག་པོས་བཟུང་དང་མ་གཟུང་མཆོད་པའི་ཚོགས། །དཔག་མེད་བློ་ཡིས་བླངས་ཏེ་ཡིད་ཀྱིས་དམིགས། །སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་བཞིན། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མངའ་གསོལ་ལོ། །སྔར་བཅོལ་ལེགས་པའི་གཏང་རག་འདི་འབུལ་ལོ། །ཕྱི་བཅོལ་ཞུ་བའི་རྟེན་དང་གཏའ་རུ་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའིཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་མཆོད་ཅིང་མདའ་དར་གཡབ་ལ། ཧོ་དགོངས་སུ་གསོལ་ལོ། །དངོས་གྲུབ་གཏེར་གྱི་བདག་པོ་ཞིང་ལྷ་ཚངས་པ་ཆེན་པོ། ཚངས་སྲས་ལོ་ཡག་བཀྲ་ཤིས་འཁྱིལ་བ། ཡུམ་མཆོག་ལྷ་མོ་རིན་ཆེན་དཔལ་སྟེར་མ། རྒྱལ་ཆེན་རྣམ་མང་ཐོས་སྲས། གནོད་སྦྱིན་ཨ་པ་ར་ཙིཏྟ། ལྷ་མོ་བརྟན་མ་ཡབ་ཡུམ་སྲས་གསུམ། ལྟོ་འཕྱེ་ཆེན་པོ། ཀླུ་ཆེན་བརྒྱད། འབྱུང་བཞིའི་ལྷ་མོ། ས་བདག་ཀླུ་གཉན་ཡུལ་ལྷའི་ཚོགས་དང་བཅས་པ་ཐམས་ཅད་ལ་དམ་རྫས་བདུད་རྩིའི་གཏོར་མ་བསང་དང་གསེར་སྐྱེམས་ཕྱི་ནང་གསང་བའི་མཆོད་པ་ལྷ་དང་མི་ཡི་ལོངས་སྤྱོད་འདོད་ཡོན་སྤྱན་གཟིགས་མཐུན་པའི་ཡོ་བྱད་མ་ཚང་བ་མེད་པ་འདིས་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །སྦྱིན་ནོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྟོབས་རྩལ་མངའ་ཐང་ནོར་དང་ལོངས་སྤྱོད་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། རྒྱལ་ཁམས་འཇིག་རྟེན་ཀུན་ཏུ་ནད་ཡམས་འཁྲུག་རྩོད་སྐལ་ངན་ལོ་ཉེས་ཕྱུགས་ནད་རྒུད་པ་མི་འབྱུང་ཞིང་ལོ་ལེགས་སྐྱ་རྒྱལ་འབྲུ་འཕེལ་ས་བཅུད་རྫོགས་པ་དང་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྲིན་ལས་མཛོད་ཅིག །དེ་ནས་གཡང་འགུགས་བྱ་བ་ནི། གོང་ལྟར་དམིགས་གནད་དང་ལྡན་པས་འགུགས་བསྟིམ་ཡང་ཡང་དང་མདའ་དར་གཡབ་ལ། ཀྱེ། སྔོན་གྱི་བསྐལ་པའི་དང་པོ་ལ། །སྟོབས་བཅུའི་མངའ་བདག་ཤཱཀྱའི་རྒྱལ། །འཛམ་གླིང་འཇིག་རྟེན་ཞིང་ཁམས་སུ། །འགྲོ་བའི་ཉིན་མར་ཤར་བའི་ཚེ། །འཕགས་པ་སྤྱན་རས་གཟིགས་དབང་ལ། ཁ་བ་ཅན་གྱི་མཐའ་འཁོབ་ལྗོངས། །བྱིན་རླབས་ཐུགས་རྗེས་འདུལ་བ་ཡི། །སྨོན་ལམ་དབང་བསྐུར་བཀའ་ཡང་བསྒོས། །དེ་ཚེ་འཇིག་རྟེན་དབང་ཕྱུག་གིས། །ཚད་མེད་སྙིང་རྗེའི་གོ་ཆ་ཡིས། །སྐུ་ལས་འོད་ཟེར་དཔག་མེད་སྤྲོས། །བསིལ་ལྡན་གངས་རིའི་ས་ཡི་ཆ། །བྱིན་གྱིས་བརླབས་ཤིང་བདག་གིར་འཛིན། །སྤྲུལ་པའི་ཧ་ལུ་མ་དྷ་དང་། །སྒྲོལ་མའི་རོལ་པ་བྲག་སྲིན་ཚུལ། །ཐབས་དང་ཤེས་རབ་འབྲེལ་པ་ལས། །དམ་པ་ཆོས་ཀྱི་སྣོད་གྱུར་པའི། །གདུལ་བྱའི་འགྲོ་བ་ཐབས་ཀྱིས་སྤེལ། །གདོང་དམར་ཕྲུ་གུ་དྲུག་ཏུ་བྱུང་། ཁ་དོག་དབྱིབས་དང་བྱ་སྤྱོད་སོགས། །གཅིག་ཏུ་མ་ཡིན་སོ་སོར་སྟོན། །དེ་ལས་མང་དུ་འཕེལ་བ་ལས། །རིམ་བཞིན་ཁ་ཟས་ལོངས་སྤྱོད་ཀྱིས། །ཕོངས་ཚེ་སྤྲེ་འུ་བྱང་ཆུབ་སེམས། །པོ་ཊ་ལ་ཡི་གནས་མཆོག་ཏུ། །འཕགས་པའི་སྤྱན་སྔར་བྱོན་པ་ལས། །འབྲུ་སྣ་མང་པོ་བྱིན་བརླབས་ནས། །མི་འུ་རིགས་དྲུག་ཟས་སྐལ་དུ། །བོད་ཀྱི་ཡུལ་དུ་གཏོར་ཏེ་བཏང་། །ཞིང་ལྷ་ཚངས་པ་ཆེན་པོ་དང་། །ལྷ་མོ་བརྟན་མ་གྲོགས་སུ་བཅོལ། །སྨོན་ལམ་སྟོབས་ལས་ལེགས་གྲུབ་པའི། །མ་རྨོས་ལོ་ཏོག་ཚལ་ཆེན་རྒྱས། །ཡུན་དང་སྲིད་ཀྱི་གསོས་སུ་གྱུར། །དེ་ནས་བར་གྱི་བསྐལ་པ་ལ། །སེམས་ཅན་སྤྱི་མཐུན་ལས་དཀར་མཐུས། །གྲུབ་པའི་ས་བོན་ཏི་ལ་ཆེ། །སྲིད་པ་རྒྱལ་མོའི་མངལ་དུ་བཟུང་། །ནམ་ཞིག་དུས་ལ་བབས་པའི་ཚེ། །རིན་ཆེན་སྙེ་མ་བདུན་སྐྱེས་པ། །མཚོ་སྨན་འོད་ལྡན་ཕྱག་ཏུ་སོན། །རྨུ་རྗེ་བཙད་པོས་རིན་གྱིས་བསྒྲུབས། །མ་འོངས་རིགས་རྒྱུད་ཟས་སྐལ་དུ། །འབྲུ་མཆོག་སྣ་བདུན་ས་བོན་བཏབ། ཁྱུང་དཀར་གཉའ་བཅིངས་ཐོང་ཆེའི་འཕྲུལ། །བརྩོན་འགྲུས་ལྡན་པས་ཐབས་ཀྱིས་རྨོས། །ཞིང་ལྷ་ཚངས་པར་མཆོད་ཅིང་གསོལ། །ས་བདག་ཀླུ་གཉན་ཐམས་ཅད་ལ། །གཙང་མ་གསེར་སྐྱེམས་ཕུད་གཏོར་ཞིང་། །ཕྱྭ་གཡང་འགུགས་ལེན་ཤིས་པ་བརྗོད། །དུས་སུ་སྤྲིན་བསྡུས་ཆར་འབེབ་ཅིང་། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་ལྡན། །བཀྲ་ཤིས་ཕུན་སུམ་ཚོགས་གྱུར་པའི། །ཕྲིན་ལས་བཅོལ་ཞིང་སྨོན་ལམ་བཏབ། །འབྲུ་སྣ་བདུན་གྱི་མྱུ་གུ་འཁྲུངས། །འབྲས་བུ་མིག་ཏུ་ཐེབ་ཅིང་འཕེལ། །སྔོན་དུས་སྲིད་པ་དེ་བཞིན་དུ། །སྔགས་འཆང་རྣལ་འབྱོར་བདག་ཅག་གིས། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །གཡང་རྫས་མཆོད་པ་རྒྱ་ཆེན་བཤམས། །ལྷ་མདའ་དར་དང་དངུལ་དཀར་གྱི། །མེ་ལོང་བཏགས་ཤིང་གཡབས་ནས་ཀྱང་། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། །ཞིང་ལྷ་ཚངས་པ་ཡབ་ཡུམ་སྲས། །ས་བདག་ཀླུ་གཉན་ཡུལ་ལྷའི་ཚོགས། །དུས་སུ་གསོལ་ཞིང་མཆོད་པ་དང་། །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་མ་བསྙེལ་བར། །ཕྱྭ་གཡང་འགུགས་པའི་དུས་ལ་བབ། །ཕྲིན་ལས་སྒྲུབ་པའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྐུལ་བའི་ཚེ་ན་བང་མ་བུལ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །འགྲོ་བ་ཉམ་ཐག་དབུལ་ཕོངས་ལ། །བརྩེ་ཆེན་ཐུགས་རྗེས་མ་གཟིགས་ན། །སྔོན་གྱི་དམ་ཚིག་གཉན་དང་འགལ། །བཀའ་ཡི་ཆད་པས་བསྡིག་པར་མཆི། །དེ་བས་མྱུར་མགྱོགས་གློག་ལྟ་བུར། །ཕྲིན་ལས་མཛོད་ཅིག་ས་མ་ཡ། །ཀྱེ། བསླུ་བ་མེད་པའི་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཕྱོགས་བཅུར་བཞུགས་ཤིང་དུས་གསུམ་དུ། །འབྱོན་ཞིང་འགྲོ་བའི་དོན་མཛད་པའི། །རྒྱལ་བ་སྲས་བཅས་ཉན་རང་དང་། །ཆོས་སྐྱོང་དམ་ཅན་གཏེར་གྱི་བདག །ལྷ་དང་དྲང་སྲོང་རིག་པ་འཛིན། །རྫས་སྨན་སྔགས་མཐུ་སྨོན་ལམ་སྟོབས། །བདེན་པར་གྲུབ་པའི་བདེན་ཚིག་དང་། །ཞིང་ལྷ་ཚངས་པ་ཡབ་ཡུམ་སྲས། །འཁོར་བཅས་ཐུགས་རྗེ་ནུས་པ་ཡིས། །སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱི། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །བྱིན་རླབས་དངོས་གྲུབ་ཕྱྭ་དང་གཡང་། །སྟེང་ནས་ཆར་བཞིན་འབེབ་ཅིང་བྱོན། །འོག་ནས་མཚོ་བཞིན་ལྷུག་ཅིང་བྱོན། །བར་ནས་འཇའ་བཞིན་ཤར་ཅིང་བྱོན། །བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ། །དངོས་གྲུབ་ཆར་འབེབ་སིལ་ལི་ལི། །གཡང་གི་རྒྱ་མཚོ་མེར་རེ་རེ། །འོད་ཟེར་འཇའ་ཚོན་ཡ་ལ་ལ། །ཨ་ལ་ལ་སྟེ་ངོ་མཚར་ཆེ། །སྤུངས་སྤུངས་སྤུངས་ཏེ་རྟེན་ལ་བྱོན། །ཧུ་ཡེ་ཧུ་ཡེ་གཡང་ཕོབ་ཅིག །ཧཱུྃ། ཤར་གྱི་ཕྱོགས་ནས་གཡང་འགུགས་ན། །ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་། །ཉི་ཟླ་ལྟ་བུར་ཤར་ཅིང་བྱོན། །མངོན་པར་དགའ་བ་ལ་སོགས་པའི། །མཐའ་ཡས་རབ་འབྱམས་མུ་མེད་ཀྱི། །ཞིང་གི་བཀོད་པ་ཡོན་ཏན་རྒྱན། །ཐུགས་མཆོག་འགྱུར་མེད་རྡོ་རྗེའི་རིགས། །ཤར་ཕྱོགས་རྒྱལ་བ་སྲས་བཅས་ཀྱི། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །དྲི་ཟའི་ལག་ནས་ཕྱྭ་གཡང་དྲོངས། །ལུས་འཕགས་གླིང་གི་ཕྱྭ་གཡང་ཁུག །ནག་པོ་རྒྱ་ཡི་ཕྱྭ་གཡང་ཁུག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། ལྷོ་ཡི་ཕྱོགས་ནས་གཡང་འགུགས་ན། །ལྷོ་ཡི་ཕྱོགས་ཀྱི་ཕྱྭ་དང་གཡང་། །ལྷོ་སྤྲིན་བཞིན་དུ་འཐིབ་ཅིང་བྱོན། །དཔལ་དང་ལྡན་པ་ལ་སོགས་པའི། །མཐའ་ཡས་རབ་འབྱམས་མུ་མེད་ཀྱི། །ཞིང་གི་བཀོད་པ་ཡོན་ཏན་རྒྱན། །ཡོན་ཏན་ལྷུན་གྲུབ་རིན་ཆེན་རིགས། །ལྷོ་ཕྱོགས་རྒྱལ་བ་སྲས་བཅས་ཀྱི། །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །གཤིན་རྗེའི་ལག་ནས་ཕྱྭ་གཡང་དྲོངས། །འཛམ་བུ་གླིང་གི་ཕྱྭ་གཡང་ཁུག །རྒྱ་གར་ཡུལ་གྱི་ཕྱྭ་གཡང་ཁུག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། ནུབ་ཀྱི་ཕྱོགས་ནས་གཡང་འགུགས་ན། །ནུབ་ཀྱི་ཕྱོགས་ཀྱི་ཕྱྭ་དང་གཡང་། །ཆུ་བོ་བཞིན་དུ་འབབ་ཅིང་བྱོན། །བདེ་བ་ཅན་ལ་སོགས་པ་ཡི། །མཐའ་ཡས་རབ་འབྱམས་མུ་མེད་ཀྱི། །ཞིང་གི་བཀོད་པ་ཡོན་ཏན་རྒྱན། །གསུང་མཆོག་མི་ཟད་པདྨའི་རིགས། །ནུབ་ཕྱོགས་རྒྱལ་བ་སྲས་བཅས་ཀྱི། །སོ་སོར་རྟོག་པའི་ཡེ་ཤེས་དང་། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །ཀླུ་བདུད་ལག་ནས་ཕྱྭ་གཡང་དྲོངས། །བ་ལང་སྤྱོད་ཀྱི་ཕྱྭ་གཡང་ཁུག །ཨོ་རྒྱན་ཡུལ་གྱི་ཕྱྭ་གཡང་ཁུག །མངའ་རིས་སྐོར་གསུམ་ཕྱྭ་གཡང་ཁུག །དབུས་གཙང་རུ་བཞིའི་ཕྱྭ་གཡང་ཁུག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། བྱང་གི་ཕྱོགས་ནས་གཡང་འགུགས་ན། །བྱང་གི་ཕྱོགས་ཀྱི་ཕྱྭ་དང་གཡང་། །སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན། །ལས་རབ་རྫོགས་ལ་སོགས་པ་ཡི། །མཐའ་ཡས་རབ་འབྱམས་མུ་མེད་ཀྱི། །ཞིང་གི་བཀོད་པ་ཡོན་ཏན་རྒྱན། །ཕྲིན་ལས་རབ་འབྱམས་ལས་ཀྱི་རིགས། །བྱང་ཕྱོགས་རྒྱལ་བ་སྲས་བཅས་ཀྱི། །བྱ་བ་གྲུབ་པའི་ཡེ་ཤེས་དང་། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །གནོད་སྦྱིན་ལག་ནས་ཕྱྭ་གཡང་ཁུག །སྒྲ་མི་སྙན་གྱི་ཕྱྭ་གཡང་ཁུག །ཧོར་སོག་ཡུལ་གྱི་ཕྱྭ་གཡང་ཁུག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། དབུས་ཀྱི་ཕྱོགས་ནས་གཡང་འགུགས་ན། །དབུས་ཀྱི་ཕྱོགས་ཀྱི་ཕྱྭ་དང་གཡང་། །ཆར་པ་བཞིན་དུ་འབབ་ཅིང་བྱོན། །འཐུག་པོ་བཀོད་ལ་སོགས་པ་ཡི། །མཐའ་ཡས་རབ་འབྱམས་མུ་མེད་ཀྱི། །ཞིང་གི་བཀོད་པ་ཡོན་ཏན་རྒྱན། །སྐུ་མཆོག་མི་འགྱུར་དེ་བཞིན་རིགས། །དབུས་ཕྱོགས་རྒྱལ་བ་སྲས་བཅས་ཀྱི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །ལྷ་ཁམས་གཟའ་སྐར་ལག་ནས་དྲོངས། །དགུང་སྔོན་མཐོན་པོའི་ཕྱྭ་གཡང་ཁུག །སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག །འདོད་ཁམས་གནས་ཀྱི་ཕྱྭ་གཡང་ཁུག །གཟུགས་ཁམས་ལྷ་ཡི་ཕྱྭ་གཡང་ཁུག །གཟུགས་མེད་མུ་བཞིའི་ཕྱྭ་གཡང་ཁུག །ལྷ་མིན་ཡུལ་གྱི་ཕྱྭ་གཡང་ཁུག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། འོག་གི་ཕྱོགས་ནས་གཡང་འགུགས་ན། །འོག་གི་ཕྱོགས་ཀྱི་ཕྱྭ་དང་གཡང་། །རྒྱ་མཚོ་བཞིན་དུ་ལྷུད་ཅིང་བྱོན། །འོག་གི་ཕྱོགས་ཀྱི་རྒྱལ་བའི་ཞིང་། །མཐའ་ཡས་རབ་འབྱམས་མུ་མེད་ཀྱི། །ཞིང་གི་བཀོད་པ་ཡོན་ཏན་རྒྱན། །འོག་ཕྱོགས་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །ས་བདག་ལག་ནས་ཕྱྭ་གཡང་དྲོངས། །དོག་མོ་ས་ཡི་ཕྱྭ་གཡང་ཁུག །ཀླུ་ཆེན་བརྒྱད་ཀྱི་ཕྱྭ་གཡང་ཁུག །ས་བླ་ས་འོག་ས་སྟེང་གི །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧཱུྃ། མཚམས་བཞིའི་ཕྱོགས་ནས་གཡང་འགུགས་ན། །མཚམས་བཞིའི་ཕྱོགས་ཀྱི་ཕྱྭ་དང་གཡང་། །འཇའ་ཚོན་ལྟ་བུར་ཤར་ཞིང་བྱོན། །མཚམས་བཞི་རྒྱལ་བའི་ཞིང་ཁམས་ཀྱི། །ཡོན་ཏན་བཀོད་པ་ལྷུན་གྲུབ་རྒྱན། །མཚམས་བཞི་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་དངོས་གྲུབ་ཕྱྭ་གཡང་ཁུག །མེ་དང་བདེན་བྲལ་རླུང་དབང་ལྡན། །གླིང་ཕྲན་བརྒྱད་ཀྱི་ཕྱྭ་གཡང་ཁུག །འཇང་བལ་ཞང་ཞུང་ཤམ་བྷ་ལའི། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །འཆི་མེད་རྡོ་རྗེའི་ཚེ་གཡང་ཁུག །རིགས་རྒྱུད་བཙན་དར་ཕྱྭ་གཡང་ཁུག །རིན་ཆེན་གསེར་དངུལ་ནོར་གཡང་ཁུག །རྟ་ཕྱུགས་སྤུ་ནག་ཕྱྭ་གཡང་ཁུག །ཇ་དར་ལོངས་སྤྱོད་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱྭ་གཡང་ཁུག །སྣོད་བཅུད་དཔལ་འབྱོར་ཕྱྭ་གཡང་ཁུག །ད་ལྟ་ཉིད་དུ་འདིར་ཁུག་ཅིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕྱྭ་ཁུག་ནང་དུ་ཀྱི་ལི་ལི། །གཡང་ཁུག་ནང་དུ་སྒ་ར་ར། །ཕྱྭ་འདི་རི་ལ་མ་བྲོས་ཤིག །གཡང་འདི་སྒོ་ལ་མ་ཉམས་ཤིག །ཛ་ཡ་ཛ་ཡ་སིདྡྷི་ཕ་ལ་ཧོཿ མདའ་དར་གཡུག་ཅིང་ཕྱྭ་གཡང་འགུགས་བསྟིམ་དྲག་ཏུ་བྱ། ཨོཾ་ཀྵེ་ཏྲ་དེ་བ་བྲཧྨ་དེ་བཱི་རཏྣ་བྷྲཱུྃ་སིདྡྷི་པཱ་ཤཾ་ཀུ་རུ་ཛཿཧཱུྃ། ཡབ་ཡུམ་སྦྲགས་སྒྲུབ་སྔགས་དངོས་གྲུབ་དབང་སྡུད་ཤིན་ཏུ་ཟབ་པའི་ཨུ་པ་དེ་ཤ་འདི་ཅི་མང་བཟླས་ཤིང་། རྟེན་འབུལ་བྱ་བ་ནི། གཡང་འགུགས་མི་བྱེད་གསོལ་མཆོད་རྐྱང་པ་ལ་མངའ་གསོལ་གྱི་མཇུག་ནས་འདི་འདོན་ཅིང་། རྟེན་རྫས་མཆོད་པའི་ཡོ་བྱད་རྣམས་དཔག་ཏུ་མེད་པར་སྤྲུལ་ཏེ་ཕུལ་ཞིང་དགྱེས་པར་མོས། ཧཱུྃ། ཡེ་ཤེས་མཁའ་ལ་ཐུགས་རྗེའི་སྤྲིན་ཚོགས་གཏིབས། །དངོས་གྲུབ་ཆར་གྱིས་འགྲོ་བའི་རེ་སྐོང་བ། །ཞིང་ལྷ་ཚངས་པ་ཡབ་ཡུམ་སྲས་འཁོར་བཅས། །གནས་འདིར་བཞུགས་ཤིང་མི་འབྲལ་འགྲོགས་པའི་ཕྱིར། །ཕྱི་ནང་གསང་བའི་གཏའ་དང་རྟེན་འཛུག་ན། །ཐུགས་རྗེས་བརྩེར་དགོངས་གནས་འདིར་བརྟན་པར་བཞུགས། །ཕུན་ཚོགས་འདོད་པ་འཇོ་བའི་དཔལ་སྐྱེད་ལ། །མི་འགྱུར་རྡོ་རྗེ་ལྟ་བུར་གཏའ་བསྡམ་མོ། །ཧཱུྃ། རང་བྱུང་ལྷུན་གྲུབ་ཡེ་ཤེས་འོད་གསལ་དབྱིངས། །རྣམ་དག་བཀོད་ལེགས་རིན་ཆེན་གཞལ་མེད་ཁང་། །ངོ་མཚར་རྨད་བྱུང་རྣམ་མང་རྒྱན་གྱིས་སྤྲས། །ལྷ་ཁྱོད་བཞུགས་པའི་རྟེན་དུ་འབུལ་བར་བགྱི། །སྐུ་རྟེན་རིས་སུ་བྲིས་དང་འབུར་དུ་དོད། །སྲོག་སྔགས་རིན་ཆེན་གསེར་དངུལ་ཞུན་མས་བྲིས། །མན་ཤེལ་ཟུར་བརྒྱད་བླ་རྡོ་སྲོག་གི་རྟེན། །མི་འབྲལ་འགྲོགས་པའི་དམ་ཚིག་རྟེན་དུ་འབུལ། །དཔལ་བཤོས་རི་རབ་པད་སྡོང་གེ་སར་དབུས། །སྙིང་པོ་བསྐལ་པ་བཟང་པོའི་ནས་འབྲུའི་དབྱིབས། །ཉི་ཟླ་ནོར་བུ་རིན་ཆེན་རྒྱན་གྱིས་མཛེས། །ཞིང་ལྷ་ཆེན་པོ་དགྱེས་པའི་རྟེན་དུ་འབུལ། །སྐབས་གསུམ་གྲོང་གིས་མཚན་པའི་ལྷུན་པོ་དང་། །གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླ་འདོད་ཡོན་ལྷ་མིའི་ལོངས་སྤྱོད་ནོར། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་དུ་འབུལ། །བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །མ་རྨོས་ལོ་ཏོག་འབྲུ་ཡི་བང་མཛོད་དང་། །མདའ་དར་མེ་ལོང་གོ་མཚོན་སྤྱན་གཟིགས་ཚོགས། །ཡོན་ཏན་ཕྲིན་ལས་རྟེན་དུ་འབུལ་བར་བགྱི། །རིན་ཆེན་ལས་གྲུབ་གཏེར་གྱི་བུམ་པའི་ནང་། །ལྔ་ཕྲག་ལྔ་དང་སྲིད་གསུམ་བཅུད་ཀྱིས་བལྟམས། །འདོད་དགུ་འབྱུང་བ་ཡིད་བཞིན་ནོར་ལྟ་བུ། །ཕུན་ཚོགས་ལོངས་སྤྱོད་འཕེལ་བའི་རྟེན་དུ་འབུལ། །ཟ་འོག་ལྷ་གལ་དར་ཚོན་རྔ་ཕོད་མཛེས། །འཁོར་འདས་སྣོད་བཅུད་ལྡན་པའི་གཡང་གིས་ཕྱུག །འགྲོ་ཀུན་དབུལ་བ་སེལ་བ་ནམ་མཁའི་མཛོད། །མི་ཟད་དངོས་གྲུབ་ཞུ་བའི་རྟེན་དུ་འབུལ། །འབྲས་དཀར་ས་ལུ་གྲོ་སྲན་འབྲུ་ནས་དང་། །འབྲུ་ཡི་ཚོགས་ཀྱི་བང་མཛོད་དུ་མར་བཅས། །ལོ་ཏོག་འབྲས་དྲུག་ས་བོན་རྡུལ་དང་བྲལ། །འཛམ་གླིང་སྲོག་ཟུངས་འཕེལ་བའི་རྟེན་དུ་འབུལ། །སྤུ་རིས་ལྡན་པའི་རྨོས་ཁལ་ཁྱུ་ཡི་ཚོགས། །མིག་གཉིས་ཉི་ཟླ་རྭ་གཉིས་ཐབས་ཤེས་མཚོན། །རྨིག་བཞིས་ས་དགྲ་འདུལ་ཞིང་ཕུང་ཁམས་རྫོགས། །འདི་ཡང་ལྷ་ཁྱོད་དགྱེས་པའི་རྟེན་དུ་འབུལ། །དཔག་བསམ་ལྗོན་པ་ལས་གྲུབ་ཐོང་གཤོལ་ལ། །གནམ་ལྕགས་ངར་མའི་སོ་ལྡན་གཤོལ་མདས་མཛེས། །གསེར་གྱི་གཉའ་ཤིང་ལྷ་རྫས་གདུ་བུས་མཛེས། །ཕྱག་གི་ཡོན་ཏན་རྫོགས་པའི་རྟེན་དུ་འབུལ། །བརྩོན་འགྲུས་ཐབས་ལྡན་རྨོས་མཁན་ལུས་རྩལ་རྒྱས། །ལྷ་རྫས་ན་བཟའ་ནོར་བུའི་མགུལ་རྒྱན་མཛེས། །མ་ནོར་ལམ་སྟོན་ལྷ་བུ་གཞོན་ནུ་བཅས། །དཔའ་བོའི་ཆས་རྫོགས་ཟུང་ཡང་འབུལ་བར་བགྱི། །འཛིན་མའི་ཁྱོན་འདིར་རི་ཞིང་ཐང་གི་ཞིང་། །དུལ་ལ་སྣུམ་ལྡན་བདེ་འཇམ་འབོལ་བ་ལ། །ལོ་ལེགས་སྐྱ་རྒྱལ་ཚལ་གྱིས་ཀུན་ཏུ་དཀྲིགས། །ཞིང་ལྷ་ཚངས་པ་མཉེས་པའི་རྟེན་དུ་འབུལ། །རིན་ཆེན་རི་རབ་གསེར་དངུལ་ཐིག་པོ་དང་། །སྐུ་རྟེན་སྔགས་བྱང་བླ་རྡོ་དམ་ཚིག་རྫས། །ཆུ་གནས་དཀོར་ནོར་ཀླུ་སྨན་དཀར་མངར་ཕུད། །ས་བདག་ཀླུ་གཉན་རྣམས་ཀྱི་རྟེན་དུ་འབུལ། །གཡག་ལུག་ར་སྐྱེས་རི་དྭགས་འདབ་ཆགས་ཚོགས། །མདའ་དར་རལ་གྲི་ཁྲབ་རྨོག་རུ་མཚོན་དང་། །གཏོ་སྐུ་ཁྱུང་འབྲུག་བཀྲ་ཤིས་རྫས་རྟགས་བརྒྱད། །ཡུལ་ལྷ་གཉན་པོའི་གཏའ་དང་རྟེན་དུ་བཙུག །འཁོར་ཡུག་མུ་ཁྱུད་བཻ་ཌཱུར་ས་གཞི་ལ། ཁ་དོག་ལྔ་ལྡན་འདབ་རྒྱས་པདྨོའི་ཚལ། །ལྗོན་ཤིང་སྣ་ཚོགས་འབྲས་བུ་ལོ་འདབ་གཡོ། །སྤྱོད་ཡུལ་ཉམས་དགའ་དགྱེས་པ་སྐྱེད་ཕྱིར་འབུལ། །རྟེན་ལ་འཁོར་ཞིང་བརྟན་པར་བཞུགས་ནས་ཀྱང་། །མི་འབྲལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བསམ་དོན་མ་ལུས་འབད་མེད་ལྷུན་གྱིས་གྲུབ། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །རྗེས་ཆོག་བརྟན་བཞུགས་ནི། ཨོཾ་ཀྵེ་ཏྲ་དེ་བ་བྲཧྨ་ས་པ་རི་བཱ་ར་ཨརྒྷཾ་སོགས་ནས། ཤབྡའི་བར་དང་། བསྟོད་པར་འོས་པ་སོགས། མ་འབྱོར་པ་དང་སོགས། བཟོད་གསོལ་ཡིག་བརྒྱས་ལྷག་ཆད་ཁ་བསྐང་། བརྟན་བཞུགས་ནི། ལྷ་ཆེན་ཡབ་ཡུམ་སྲས་འཁོར་བཅས། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །བརྟན་པར་བཞུགས་ལ་མཆོག་ཐུན་གྱི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཨོཾ་ཀྵེ་ཏྲ་དེ་བ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། འཇིག་རྟེན་མགྲོན་རྣམས་ཐམས་ཅད་ཀུན། །སྦྱིན་བདག་འདོད་དོན་གྲུབ་ནས་སླར། །རང་རང་སོ་སོའི་གནས་སུ་གཤེགས། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ལོ་ཀ་སརྦ་གཙྪ། བཛྲ་མུཿ དེ་ནས་གཏོར་མ་དང་གཡང་རྫས་བང་མཛོད་དུ་བཞག་ལ་གཡང་སྒོ་བསྡམ་པ་ནི། ཀྱཻ། དེ་རིང་ཉི་མའི་གདུགས་གང་ལ། །མི་གཡང་མ་ཉམས་གཡང་སྒོ་བསྡམ། །ཕྱུགས་རྩི་མ་འཆུག་གཡང་སྒོ་བསྡམ། །འབྲུ་གཡང་མ་འཐོར་གཡང་སྒོ་བསྡམ། །མཆོང་གི་སྒོ་མོ་ཐབས་ཀྱིས་འདན། །གསེར་གྱི་འདན་བུས་ཐག་གིས་བཀག །ཤར་སྒོ་ཤིང་སྟག་སྐྱ་བོས་སྲུངས། །ལྷོ་སྒོ་གཡུ་འབྲུག་སྔོན་མོས་སྲུངས། །ནུབ་སྒོ་གཉན་བྱ་དམར་མོས་སྲུངས། །བྱང་སྒོ་རུ་སྦལ་རྒྱ་བོས་སྲུངས། །ཕྱྭ་གཡང་སྲུངས་ལ་གཏའ་སྡོམས་ཤིག །ཕྱག་མཚན་ལྔ་ཡི་རྒྱས་གདབ་བོ། །ཧྲཱིཿ དང་པོ་ཆོས་གྱི་དབྱིངས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཡེ་ཤེས་བཞི་ཡི་རྒྱ། །ལྔ་པ་རིགས་ལྔའི་སངས་རྒྱས་རྒྱ། །དྲུག་པ་བཅོམ་ལྡན་ཐུབ་དྲུག་རྒྱ། །བདུན་པ་སངས་རྒྱས་རབས་བདུན་རྒྱ། །ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཏིཥྛ་བཛྲ་རཀྵ། གནས་དེ་ཉིད་དུ་བུམ་པ་སྦ་ཞིང་ཆོ་ག་གཅིག་གི་ཁོངས་སུ་བྱེད་ན། རྟེན་འབུལ་གྱི་མཇུག་ནས། ཁྱེའུ་བཀྲ་ཤིས་པས་འཇོར་ཐོགས་ལ་ལྟོ་འཕྱེ་དང་མ་འགལ་བར་ས་བྲུས་ཤིང་། བུ་མོ་རིགས་བཟང་རྒྱན་དང་ལྡན་པས་བུམ་པ་ཐོགས་ལ་སྤོས་དང་རོལ་མོས་སྣ་དྲངས་ཏེ། ལྷ་ཚོགས་རྣམས་སྔར་ལྟར་གསལ་བཏབ་ཅིང་། མཐའ་སྐོར་དུ་རིན་པོ་ཆེ་དང་འབྲུ་སྣ་ལྔ་དགོས་འདོད་ཐམས་ཅད་སྤུངས་པའི་གཏེར་ཆེན་པོར་བསམ། ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་ཞིང༔ ས་ཡི་ལྷ་མོ་མཁའ་ཕྱེས་ཤིག༔ བརྟན་པ་མི་འགྱུར་བཀྲ་ཤིས་ཤོག༔ ཧོཿ སྙིང་པོ་ལྔ་དང་དར་སྣ་འབྲུ༔ སྤོས་དང་སྨན་སྣ་དམ་རྫས་སོགས༔ ཡིད་བཞིན་ནོར་བུའི་གཏེར་སྦས་པས༔ འདིར་འདུས་སྐལ་ལྡན་ཕོ་མོ་རྣམས༔ བླ་མེད་བྱང་ཆུབ་མ་འཐོབ་བར༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས༔ ཟབ་གཏེར་འདི་སྦས་བྱིན་རླབས་ཀྱིས༔ དེ་རྣམས་མ་ལུས་བྱང་གྱུར་ཅིག༔ ནད་དང་མུ་གེ་མཚོན་ལ་སོགས༔ འཇིགས་པ་བརྒྱད་ལས་ཐར་གྱུར་ཅིག༔ ཚེ་དང་བསོད་ནམས་འཕེལ་བར་ཤོག༔ དུག་ལྔ་གནས་སུ་རྣམ་དག་ནས༔ སྐུ་ལྔ་སྐུ་གསུམ་ལྷུན་གྲུབ་ཅིང༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ བདག་འཛིན་འཁྲུལ་པ་རང་དག་ནས༔ ལམ་ལྔ་ས་བཅུ་མཐར་ཕྱིན་ཤོག༔ སྐྱེ་མེད་ཆོས་སྐུའི་ཐུགས་ལྡན་ནས༔ ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ༔ ཡོན་ཏན་མ་ལུས་མཐའ་རྒྱས་ནས༔ བསམ་པའི་དོན་གྲུབ་བཀྲ་ཤིས་ཤོག༔ མི་འགྱུར་བརྟན་ཅིང་གནས་པར་ཤོག༔ བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ༔ རྩ་གསུམ་ལྷ་ཚོགས་རྣམས་ཀྱི་གཏེར་སྦས་པས༔ ནམ་ཞིག་མི་རྟག་སྐྱེ་འཆི་འབྱུང་བའི་ཚེ༔ མི་ཟད་རིན་ཆེན་གཏེར་གྱིས་མདུན་བསུ་ཞིང༔ ཡོན་ཏན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག༔ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ གཏེར་གཞུང་རྡོ་རྗེའི་གསུང་བྱིན་རླབས་ཆེ་བ་བརྗོད་ཅིང་སྦས། རྟེན་འབྲེལ་སྙིང་པོའི་མེ་ཏོག་འཐོར་བ་རླན་གྱིས་མི་འཇིགས་པའི་རྡོ་སྒྲོམ་བྱ། སོལ་བ་ཤུག་ཤུན་སོགས་ཀྱིས་ལྕིབས་ཚགས་ལེགས་པར་བྱ། རྡོ་འཇམ་ལེབ་མོར་རིགས་ལྔའི་ཕྱག་མཚན་བྲིས་པ་ཐོགས་ལ། ཧོ༔ རྡོ་རྗེ་འབར་བས་རྒྱས་གདབ་པས༔ མི་ཤིགས་མི་འགྱུར་རབ་ཏུ་བརྟན༔ རིན་ཆེན་འབར་བས་རྒྱས་གདབ་པས༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས༔ པདྨ་འབར་བས་རྒྱས་གདབ་པས༔ ཆགས་མེད་སྐྱོན་བྲལ་ཡོན་ཏན་རྫོགས༔ རལ་གྲི་འབར་བས་རྒྱས་གདབ་པས༔ བདུད་བཞིའི་བར་ཆད་རྩད་ནས་གཅོད༔ འཁོར་ལོ་འབར་བས་རྒྱས་གདབ་པས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་ཞི༔ རྒྱ་ལྔ་གདབ་པའི་བྱིན་རླབས་ཀྱིས༔ སངས་རྒྱས་བསྟན་པ་དར་བ་དང༔ སེམས་ཅན་བདེ་སྐྱིད་ལྡན་པའི་ཕྱིར༔ བསྟན་པའི་བཙས་སུ་འདི་གྱུར་ཅིག༔ ཧཱུྃ་བཛྲ་ཏིཥྛ་རཀྵ༔ ཏྲཱཾ་རཏྣ་ཏིཥྛ་རཀྵ༔ ཨཱཿཔདྨ་ཏིཥྛ་རཀྵ༔ ཧཱ་ཀརྨ་ཏིཥྛ་རཀྵ༔ ཨོཾ་ཙཀྲ་ཏིཥྛ་རཀྵ༔ ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ རིགས་ལྔའི་ཕྱག་མཚན་བྲིས་པས་བཀབ་ལ། སླར་ཡང་རྟེན་འབྲེལ་སྙིང་པོ་བརྗོད་བཞིན་པས། གྲོགས་རྣམས་ཀྱིས་ཙོ་ར་སོགས་ཀྱིས་མི་མཐོང་བར་ཐབས་མཁས་ལག་ཚགས་དམ་པར་བྱས་ལ། སྟོན་མཆོག་དམ་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་བརྗོད། དེ་ལྟར་ཞིང་ལྷའི་མཆོད་ཆོག་གཡང་སྐྱབས་དང་འབྲེལ་པ་འདི། རང་གི་ཡང་བྲི་འདུན་ཅུང་ཟད་ཡོད་ཐོག་སངས་རྒྱས་སྤྲུལ་པའི་སྐུས་བཀའ་གནང་དང་། ཀརྨ་ཨ་བྷ་ཡས་མ་རྨོས་པའི་ལོ་ཏོག་འབྲུ་བཟང་པོ་དང་ཤེལ་དྭངས་མ་ཟུར་བརྒྱད་སོགས་མཎྜལ་དང་བཅས་བསྐུལ་ཞིང་། དེ་མཚུངས་ཟོ་བསོད་ནམས་འབྲུ་འཕེལ་གྱིས་བཀྲ་ཤིས་པའི་ལྷ་གོས་དང་རིན་པོ་ཆེའི་སྣོད་འབྲུ་ཡིས་བཀང་བ་བཅས་ཆེད་དུ་བསྐུལ་ཞིང་གསོལ་བ་བཏབ་པའི་ངོར། ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་རྩ་གསུམ་ལྷ་ལ་གསོལ་བ་ཡང་ཡང་བཏབ་ནས་གནང་བ་ཞུས་ཏེ། འབྲུ་མང་པོ་ཞེས་པ་ས་སྟག་ནག་པ་ཟླ་བའི་ཚེས་བཅུ་རྒྱུ་སྐར་རྒྱལ་གྱི་ཉི་ཤར་དབུ་བརྩམ་སྟེ་སྨན་སྒྲུབ་འཛུགས་པ་དང་རྣམ་གཡེང་གིས་ཅུང་ཟད་འགྱངས་བར། ཕྱིས་བླ་མ་དྲག་པོ་སྒྲུབ་པའི་ཐུན་མཚམས་འགར་གྲུབ་པར་བགྱིས་པའོ། །གསོལ་མཆོད་རྟེན་འཛུག་ཁོ་ན་ལས་གཡང་སྐྱབས་འགུགས་མི་བྱེད་ན། གཡང་འགུགས་དོར་ཞིང་རྟེན་འབུལ་བྱེད་པས་འཐུས་ལ། བུམ་པ་ཁྱིམ་དུ་བཞག་ན་གཏོར་མ་གཡང་རྫས་སོགས་དང་མཉམ་དུ་བདེ་བར་བཞག་ཅིང་གཡང་སྒོ་བསྡམ་པ་སོགས་ཀྱིས་ཆོག་གོ །འདི་བྲིས་དགེ་བས་རྒྱལ་ཁམས་འཇིག་རྟེན་ཀུན་ཏུ་ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །བཀྲ་ཤིས་པར་ཤོག། །། ༄༅། །ཞིང་ལྷ་ཚངས་པ་ཆེན་པོའི་གཡང་ཆོག་གི་ཁ་སྐོང་ཚོགས་ཀྱི་མཆོད་པ་འདོད་དགུའི་ཆར་འབེབ་ཅེས་བྱ་བ་ཤིན་ཏུ་ཟབ་པ་བཞུགས་སོ། །བླ་མ་ལྷ་དང་མཁའ་འགྲོ་ལ། །གུས་པས་བཏུད་དེ་ཞིང་ལྷ་ཡི། །གཡང་ཆོག་ལྷན་ཐབས་ཚོགས་འཁོར་གྱི། །ཡིག་ཆ་བྲི་ལ་བཀའ་གནང་སྩོལ། །དེ་ཡང་ཚོགས་ཀྱི་འཁོར་ལོ་དངོས་ནི་བླ་མེད་དཀྱིལ་འཁོར་ལས་བཤད་ཀྱང་། བྱ་སྤྱོད་སོགས་ནས་ཙཱ་རུའི་བཟའ་བ་དང་། རྒྱུད་སྡེ་ཐམས་ཅད་ནས་གཏོར་མ་བསྔོ་འབུལ་རྣམས་ཧ་ལམ་གཅིག་ཅིང་། ཤ་ལྔ་བདུད་རྩི་ལྔ་དང་། དཀར་མངར་རོ་བཅུད་ཀྱི་ཁྱད་ཡིན་ལ། དེ་ཡང་ཇི་སྐད་དུ། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་པས་མཚོན། རཏྣའི་གཏེར་མ་རྟ་མགྲིན་གསང་འདུས་ཀྱི་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་ལས། ཞིང་ལྷ་ཚངས་པའི་ཐུགས་དམ་བསྐང༔ གསུངས་པ་དང་། ངོ་བོ་ནི་རྣམ་མང་ཐོས་སྲས་ལ་ས་བཅུད་འབྲུ་གཡང་འཕེལ་ཕྱིར་ཞིང་ལྷ་ཚངས་པ་ཞེས་མཚན་གསོལ་བ་ཡིན་པས་ཚོགས་མཆོད་ཕུལ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཤིང་གནས་སྐབས་ལོ་ལེགས་པའི་ཐབས་ཟབ་མོར་གྱུར་པ་ནི་བསླུ་བ་མེད་ཅིང་། བླ་མེད་ཀྱི་དཀྱིལ་འཁོར་སྲུང་བའི་གྲངས་སུ་ངེས་པས་ཚོགས་མཆོད་ནི་འོས་ཤིང་ཤ་ཆང་མི་རུང་བ་མེད་ན་ཡང་འདི་ཡི་འཁོར་དུ་སྐབས་འདིར་ཀླུ་ས་བདག་ཡོད་པས་མི་འཐད་ལ། དངོས་གཞི་ལག་ལེན་ནི། གཡང་ཆོག་དང་འབྲེལ་བའམ། སྤྱི་སྒེར་གྱི་ལོ་རིམ་ལྟ་བུར་མགྲོན་ཐབས་ཀྱི་ཚོགས་ལྷ་སྤྱན་དྲངས་ནས་ཆོ་ག་དང་མ་འབྲེལ་ཀྱང་ཆོག་ལ། དེའི་སྐབས་སུ་མཆོད་གཏོར་གྱི་མདུན་སྟེགས་བུ་བཟང་པོ་ཁེབས་ཀྱིས་བཀླུབས་ལ། རིན་པོ་ཆེའི་སྣོད་དུ་ཚོགས་གཏོར་བརྗིད་ལྡན་དཀར་བྱུགས་ཅན། གཡས་སུ་ཟླ་ཕྲོམ་ཤིང་ཐོག་ཀ་ར་བུ་རམ་སྦྲང་རྩི་འབྲས་དཀར་སཱ་ལུ། གཡོན་དུ་ཟླ་རྒྱས་འཇོག་པོ་འོ་མ་རྒྱ་ཇ་གཙང་ཞིང་མཛེས་པར་བཤམ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་། །དཀར་གསལ་ཞི་འཛུམ་ལོངས་སྤྱོད་རྫོགས། །མྱུ་གུ་དྲིལ་འཛིན་ཕྱེད་སྐྱིལ་བཞུགས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའི། །ཐུགས་ཀར་ས་བོན་སྔགས་ཀྱིས་བསྐོར། །འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། །བྱིན་རླབས་དངོས་གྲུབ་ཐོབ་པར་ཤོག །ཨོཾ་ཀྵི་ཧི་རཱ་ཙ་ཡ་སྭཱ་ཧཱ། གཡང་ཆོག་དང་མ་འབྲེལ་ཚེ་བདག་བསྐྱེད་འདི་དགོས་ལ་དེ་མིན་མེད་ཀྱང་ཆོག །ཚོགས་ལ་བསང་ཆུ་འཐོར་བཞིན་ལ། ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཚོགས་ལ་བར་ཆད་བྱེད་པ་རྣམས། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་མི་ཉན་འདུག་གྱུར་ན། །རྡོ་རྗེའི་ཁྲོ་ཚོགས་དཔག་མེད་འཕྲོས། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་སོགས་ཧཱུྃ་བཞིའི་སྔགས་བརྗོད། ཡུངས་དཀར་གྱིས་བྲབ། གུ་གུལ་གྱིས་བདུག །ཨོཾ་སྭ་བྷཱ་བས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཁཾ་འོད་དུ་ཞུ་བ་ལས་ཚོགས་གཏོར་ལྷ་ཡི་ཞལ་ཟས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་བདུད་རྩིའི་རང་བཞིན་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པའི་རང་བཞིན་ཅན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གནས་མཁའ་སྤྱོད་དག་པ་རྒྱལ་བའི་ཞིང་། །དཔལ་པདྨ་འོད་ཀྱི་གཞལ་ཡས་ནས། །རྗེ་འགྲོ་བའི་མགོན་པོ་པདྨ་འབྱུང་། །འཁོར་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར། །བདག་མོས་གུས་གདུང་བས་གསོལ་འདེབས་ན། ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཡུལ་ཞིང་ལ་ས་བཅུད་འབྲུ་གཡང་ཕོབ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲས་བཟང་སྨིན། །ནོར་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །མཛོད་བང་ཁང་འབྲུ་ཡི་དངོས་གྲུབ་སྩོལ། །ཤར་མངོན་པར་དགའ་དང་རབ་འབྱམས་ཞིང་། །ཞིང་མཐའ་ཀླས་རང་རང་བཞུགས་གནས་ནས། །ལྷ་རྒྱལ་སྲས་བྱང་སེམས་ས་ཡི་སྙིང་། །ཞི་ཁྲོ་གར་ཐེག་དགུའི་ཡི་དམ་ཚོགས། །བདག་མོས་གུས་གདུང་བས་གསོལ་འདེབས་ན། ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཡུལ་ཞིང་ལ་ས་བཅུད་འབྲུ་གཡང་ཕོབ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲས་བཟང་སྨིན། །ནོར་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །མཛོད་བང་ཁང་འབྲུ་ཡི་དངོས་གྲུབ་སྩོལ། །ནུབ་ཨོ་རྒྱན་སྤྲུལ་པའི་ཕོ་བྲང་དང་། །གནས་ཡུལ་ཞིང་དུར་ཁྲོད་ཚལ་བརྒྱད་ནས། །ཡུམ་རྡོ་རྗེ་རྣལ་འབྱོར་མཁའ་འགྲོའི་ཚོགས། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་རྣམས། །བདག་མོས་གུས་གདུང་བས་གསོལ་འདེབས་ན། ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཡུལ་ཞིང་ལ་ས་བཅུད་འབྲུ་གཡང་ཕོབ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲས་བཟང་སྨིན། །ནོར་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །མཛོད་བང་ཁང་འབྲུ་ཡི་དངོས་གྲུབ་སྩོལ། །དཔལ་ལྕང་ལོ་ཅན་གྱི་གནས་མཆོག་ནས། །ཡབ་རྒྱལ་ཆེན་རྣམ་མང་ཐོས་སྲས་དང་། །ས་ཞིང་ལ་མངའ་མཛད་ཚངས་པ་ཆེ། །ཡུམ་སྲས་དང་གནོད་སྦྱིན་ཨ་པ་ར། །བདག་མོས་པས་སྤྱན་འདྲེན་འབོད་ལགས་ན། ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཡུལ་ཞིང་ལ་ས་བཅུད་འབྲུ་གཡང་ཕོབ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲས་བཟང་སྨིན། །ནོར་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །མཛོད་བང་ཁང་འབྲུ་ཡི་དངོས་གྲུབ་སྩོལ། །འོག་དབང་ཆེན་གསེར་གྱི་ས་གཞི་ནས། །མ་བརྟན་མ་ཤྲཱི་བྷ་དྲ་དང་། །སྲས་ས་འཛིན་ལྟོ་འཕྱེ་ཀླུ་ཆེན་བརྒྱད། །ལོ་ཟླ་ཞག་ཚེས་གྲངས་འབྱུང་ལྔའི་བདག ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །སྐག་སུམ་བརྒྱ་དྲུག་ཅུའི་གནོད་པ་ཟློགས། །དུས་བསྐལ་ངན་ནད་མུག་འཁྲུག་རྩོད་ཞི། །ཡུལ་ཞིང་ལ་ས་བཅུད་འབྲུ་གཡང་ཕོབ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲས་བཟང་སྨིན། །ནོར་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །མཛོད་བང་ཁང་འབྲུ་ཡི་དངོས་གྲུབ་སྩོལ། །སྟོང་གསུམ་གྱི་མི་མཇེད་འཇིག་རྟེན་ན། །ལོ་སྤར་སྨེ་སྡེ་བརྒྱད་ས་བདག་དང་། །ཀླུ་རིགས་དང་གཉན་དང་ཡུལ་ལྷ་སྨན། །མགོན་སྡོངས་གྲོགས་བྱེད་པ་མ་ལུས་ཀུན། ཁྱེད་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །རྐྱེན་ཕྱི་དང་ནང་གི་བར་ཆད་སོལ། །སྐག་སུམ་བརྒྱ་དྲུག་ཅུའི་གནོད་པ་ཟློགས། །དུས་བསྐལ་ངན་ནད་མུག་འཁྲུག་རྩོད་ཞི། །ཡུལ་ཞིང་ལ་ས་བཅུད་འབྲུ་གཡང་ཕོབ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲས་བཟང་སྨིན། །ནོར་ལོངས་སྤྱོད་འདོད་དགུས་ཕོངས་མེད་པར། །མཛོད་བང་ཁང་འབྲུ་ཡི་དངོས་གྲུབ་སྩོལ། །རྗེ་ཨོ་རྒྱན་གུ་རུ་རིག་འཛིན་ཚོགས། །ལྷ་ཡི་དམ་རྒྱུད་སྡེ་ཐེག་དགུའི་བདག །མ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་། །ཞིང་ལྷ་མཆོག་ཚངས་པ་ཡབ་ཡུམ་སྲས། །མཆོག་ཐུན་མོང་དངོས་གྲུབ་གཏེར་མངའ་བ། ཁྱེད་མི་མངོན་དབྱིངས་ནས་བྱོན་པའི་ཚེ། །སྐུ་གར་སྟབས་རྣམ་འགྱུར་གློག་ལྟར་འཁྱུག །གསུང་སྔགས་སྒྲ་སིདྡྷི་དི་རི་རི། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །དགུང་མེ་ཏོག་ཆར་འབེབ་སིལ་ལི་ལི། །འཇའ་འོད་ཟེར་དྲྭ་བ་ལམས་སེ་ལམ། །སྤོས་དྲི་བསུང་ངད་པ་ཐུལ་ལུ་ལུ། །འབྲུ་ནོར་བུའི་ཆར་སྤྲིན་ཤར་ར་ར། །གནས་འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཚོགས་ལྷ་ཡི་ཞལ་ཟས་རོ་རེ་མངར། །བཅུད་དཀར་མངར་ཟས་སྣ་སྨན་སྣ་དང་། །བཟའ་བཅའ་བ་བཏུང་བའི་བྱེ་བྲག་རྣམས། །འབྲུ་ཤིང་ཐོག་ཟླ་རྒྱས་ཟླ་ཕྲོམ་སོགས། །རི་ལྟར་དུ་སྤུངས་ཤིང་མཚོ་རུ་འཁྱིལ། །སྔགས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །བཅུད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལྟར། །དྲི་ཁ་དོག་རོ་བཅུད་ཕུན་སུམ་ཚོགས། །ཕུད་རླངས་པར་འདོད་ཡོན་ལྷ་མོའི་ཚོགས། །རྫས་ག་ཎའི་མཆོད་སྤྲིན་འདོད་ཡོན་གྱིས། །དབྱིངས་ནམ་མཁའ་བར་སྣང་ཁྱབ་པར་སྤྲོས། །མགྲོན་ཟག་མེད་བདེ་སྐྱེད་ངོ་མཚར་ཆེ། །འདི་འབུལ་ལོ་དགྱེས་པར་བཞེས་མཛོད་ལ། །རྐྱེན་ལོ་དགྲ་སད་སེར་བཙའ་འབུ་དང་། །བགེགས་བར་ཆད་ཞི་བར་མཛད་དུ་གསོལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ལོ་ལེགས་ཤིང་སྐྱ་རྒྱལ་འབྲུ་སྣུམ་པ། །བདག་འདོད་པའི་དོན་མཆོག་མྱུར་འགྲུབ་མཛོད། །གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་བཱ་སུ་པ་ཏི་ཀྵེ་ཏྲ་དེ་བ་ས་པ་རི་བཱ་ར་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི། ཚོགས་ཕུད་འབུལ། གཏོར་བསྔོས་བྱེད་པར་སྤྲོ་ན། ཨོཾ་ཨཱཿཧཱུྃ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་གསོལ་བར་གྱུར། ཨོཾ་ཨཱཿགུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀྵིཾ་ཧི་རཱ་ཙ་ཨི་དཾ་བ་ལིཾ་ཏ༴ ཨེ་བཾ་མཱ་ཡཱ་ཨི་དཾ༴ ཧྲཱིཿམ་ཧ་རི་ནི་ས་ཨི་དཾ༴ སརྦ་དྷརྨ་པཱ་ལ་ཨི་དཾ༴ ཨོཾ་ཀྵེ་ཏྲ་དེ་བ་བྲཧྨ་ཨི་དཾ༴ བྲཧྨ་པུ་ཏྲ་ཨི་དཾ༴ ཨོཾ་དེ་བཱི་རཏྣ་བྷྲཱུྃ་ཨི་དཾ༴ ཨོཾ་པྲྀ་ཐཱི་དེ་བཱི་ཨི་དཾ༴ སརྦ་ལོ་ཀ་པཱ་ལ་ནཱ་ག་ནཱ་གི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །ཞིང་ལྷ་ཚངས་པ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། ཚོགས་བར་པས་སྐོང་བ་གསོ། སྤྱན་གཟིགས་སྐོང་རྫས་ཡོད་ན་བཀྲམ། དཔག་མེད་བསོད་ནམས་སྟོབས་ལས་ལེགས་གྲུབ་པའི། །སྐོང་རྫས་འོས་པ་མ་ཚང་མེད་པ་ཡི། །ཕྱི་ནང་གསང་རྟེན་དངོས་འབྱོར་ཡིད་ལས་སྤྲུལ། །བླ་མ་གྲུབ་ཐོབ་བརྒྱུད་པའི་ཐུགས་དམ་བསྐང་། །རྒྱལ་སྲས་བྱང་སེམས་ས་སྙིང་ཐུགས་དམ་བསྐང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཐུགས༴ ཆོས་སྐྱོང་དམ་ཅན་སྲུང་མའི་ཐུགས༴ ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས༴ རྒྱལ་ཆེན་རྣམ་མང་ཐོས་སྲས་ཐུགས༴ ཞིང་ལྷ་ཚངས་པ་ཆེན་པོའི་ཐུགས༴ ཚངས་སྲས་ལོ་ཡག་འཁྱིལ་བའི་ཐུགས༴ བདེ་སྟེར་ཡུམ་མཆོག་ལྷ་མོའི་ཐུགས༴ ས་བརྒྱད་སེམས་མ་ཆེན་མོའི་ཐུགས༴ དབང་ཆེན་ཤྲཱི་བྷ་དྲའི་ཐུགས༴ ས་འཛིན་ལག་པ་ཆེན་པོའི་ཐུགས༴ ལྟོ་འཕྱེ་ཀླུ་ཆེན་བརྒྱད་ཀྱི་ཐུགས༴ ས་བདག་རྗེ་བློན་སྤར་སྨེའི་ཐུགས༴ ཀླུ་གཉན་འཁོར་ཚོགས་བཅས་པའི་ཐུགས༴ ཉེར་སྤྱོད་འདོད་ཡོན་ལྔ་ཡིས་ཐུགས༴ རྒྱལ་སྲིད་རིན་ཆེན་བདུན་གྱིས་ཐུགས༴ བཀྲ་ཤིས་རྫས་རྟགས་བརྒྱད་ཀྱིས་ཐུགས༴ རི་རབ་གླིང་བཞིའི་བཀོད་པས་ཐུགས༴ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐུགས༴ ཉི་ཟླ་འབྲུ་མར་འོད་ཀྱིས་ཐུགས༴ མཚན་ལྡན་ཡིད་འོང་མདངས་ཀྱིས་ཐུགས༴ ཙ་ར་ཤེལ་སྒོང་གཟུགས་འགྲོས་ཐུགས༴ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཕོག་ཐུག་སོགས། །འགྱོད་པས་བཤགས་སོ་དག་པར་མཛད་དུ་གསོལ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །སྦྱིན་པའི་ཕར་ཕྱིན་རྫོགས་པར་མངའ་བརྙེས་ནས། །འགྲོ་བའི་དབུལ་ཕོངས་རྒུད་པ་རབ་བསལ་ཏེ། །ལོ་ལེགས་འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ལས་སློབ་ཀྱིས་ཚོགས་བཏེགས་ལ། ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དམ་རྫས་ཆེན་པོ་དངོས་གྲུབ་གཏེར། །རོ་བཅུད་ཡོན་ཏན་ཕུན་སུམ་ཚོགས། །བདུད་རྩིའི་རང་བཞིན་འདི་འབུལ་བཞེས། །ལེན་པ་པོས། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿས་བླངས་ནས་ཚོགས་ལ་རོལ། ལྷག་མ་བྲན་ལ། ཨ་ཀཱ་རོས་བྱིན་གྱིས་བརླབ། ཧཱུྃ། གནོད་སྦྱིན་དབང་པོའི་བཀའ་འཁོར་གྱི། །ཡང་གཡོག་ཡང་འཁོར་བྲན་གྱི་ཚོགས། །ཕུད་ལ་རེ་བའི་སྐལ་མེད་པར། །ལྷག་ལ་དབང་བ་འབྱུང་པོའི་ཚོགས། །ལྷག་མའི་གཏོར་མ་འདི་བཞེས་ལ། །ནད་ཁ་ཆོད་ལ་ཁྲམ་ཁ་ཕྱིས། །ལོ་ཏོག་འབྲུ་ལ་མ་གནོད་པར། །རང་རང་གནས་སུ་བདེ་བར་གཤེགས། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ལྷག་མ་སྲང་མདོར་དོར། བསྒྲལ་ཆོག་དང་སྟོབ་འབུལ་སོགས་འདིར་མི་འཐད་པས་སྤྲོས་པ་སྐྱུང་། དེ་ནས་གཡང་ཆོག་གི་མཇུག་གམ། ཚོགས་འཁོར་སྐབས་སོགས་མཐར་མཆོད་བསྟོད་བཟོད་གསོལ་བརྟན་བཞུགས་བྱ། དེ་ནས་སྨོན་ལམ་འདོད་དོན་གསོལ་བ་ནི། ཨེ་མ་ཧོ། བསླུ་མེད་སྐྱབས་གནས་པདྨ་ཐོད་ཕྲེང་རྩལ། །བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས། །རྒྱལ་སྲས་ས་སྙིང་ཡི་དམ་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་དངོས་གྲུབ་གཏེར་གྱི་བདག །ཁྱད་པར་ཞིང་ལྷ་ཡབ་ཡུམ་སྲས་འཁོར་བཅས། །རྣལ་འབྱོར་བདག་ལ་བརྩེ་བར་དགོངས་སུ་གསོལ། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་སྙན་གྱིས་གསོན། །སྒྲིབ་མེད་ཐུགས་ཀྱིས་དགོངས་ལ་མཁྱེན་མཛོད་ཅིག །བདག་གིས་ལྷག་བསམ་རྣམ་པར་དག་པ་ཡིས། །སྨོན་ལམ་བཏབ་ཀུན་གེགས་མེད་འགྲུབ་གྱུར་ཅིག །དུས་གསུམ་དགེ་ཚོགས་བསགས་དང་ཚོགས་འཁོར་བགྱིས། །སྦྱིན་སོགས་རྣམ་དཀར་འབྲས་བུ་ཅི་མཆིས་པ། །འགྲོ་བའི་དོན་དུ་ཡོངས་སུ་བསྔོ་བར་བགྱི། །སེར་སྣ་རྐུ་འཕྲོག་མཆོད་སྦྱིན་བསྡམས་པ་དང་། །དབུལ་ཕོངས་ལས་སྒྲིབ་མ་ལུས་བྱང་གྱུར་ཅིག །ཚེ་བསོད་འབྱོར་པ་ལོངས་སྤྱོད་མངའ་ཐང་འཕེལ། །བསམ་པའི་དོན་རྣམས་འབད་མེད་ལྷུན་གྱིས་གྲུབ། །དཀོན་མཆོག་མཆོད་དང་ཉམ་ཐག་སྐྱོང་བ་དང་། །སྦྱིན་པའི་ཕར་ཕྱིན་རྫོགས་ལ་མངའ་བརྙེས་ཏེ། །བདེ་གཤེགས་རིན་ཆེན་མང་གི་སྐུ་འགྲུབ་ཤོག །བདག་ཉིད་མཐོང་ཐོས་དྲན་དང་གར་གནས་པའི། །ས་ཕྱོགས་ཡུལ་ཁམས་བདེ་སྐྱིད་ལོངས་སྤྱོད་ལྡན། །ནད་མུག་འཁྲུག་རྩོད་སྐལ་པ་ངན་པ་སོགས། །མི་མཐུན་འགལ་རྐྱེན་མིང་ཡང་མི་གྲགས་ཤིང་། །ཟས་ནོར་གོས་དང་འཚོ་བ་དབུལ་བ་ལ། །སོ་སོར་ཅི་འདོད་ཆར་ཆེན་འབེབ་པ་དང་། །ལོ་ལེགས་འབྲུ་འཕེལ་རིན་ཆེན་ནོར་གྱིས་ཕྱུག །བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་གྱི། །དབང་གི་རྒྱལ་པོ་འདོད་པ་འཇོ་བ་ལྟར། །ཡིད་བཞིན་འགྲོ་བའི་རེ་བ་ཡོངས་སྐོང་ཤོག །དེར་ཡང་ཆགས་སེམས་འཛིན་པ་རང་ནོམ་སྤངས། །འགྲོ་བ་སེམས་ཅན་དོན་དུ་རབ་སྤྱོད་ནས། །ཀུན་ཀྱང་བླ་མེད་བྱང་ཆུབ་ལམ་སྦྱོར་བའི། །མཐུན་རྐྱེན་འབྱོར་པས་རྟག་ཏུ་ཕོངས་མེད་ཤོག །བདག་དང་བདག་ལ་འབྲེལ་ཐོགས་སེམས་ཅན་དང་། །ཚོགས་ཀྱི་འཁོར་ལོ་གཅིག་ཏུ་འཁོད་པ་རྣམས། །ཚེ་འདིར་ཡེ་ཤེས་ཡོན་ཏན་གོང་དུ་འཕེལ། །ནམ་ཞིག་ཨོ་རྒྱན་རཏྣ་ཐོད་ཕྲེང་རྩལ། །ནོར་གྱི་ལྷ་ཡི་ཞིང་ལ་ལོངས་སྤྱོད་ནས། །འབད་མེད་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་། །ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་སོགས། །བདེན་པ་གྲུབ་པ་རྣམས་ཀྱི་བདེན་སྟོབས་ཀྱིས། །སྨོན་ལམ་བཏབ་ཀུན་གེགས་མེད་འགྲུབ་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བོ་དྷ་ན་ཡེ་སྭཱ་ཧཱ། བཀྲ་ཤིས་རྒྱས་བསྡུས་ཅི་རིགས་ཀྱིས་མཐའ་བརྒྱན་ཏེ་ཁ་ལྟས་བཟང་པོ་བརྗོད། ཞིང་ལྷའི་གཡང་ཆོག་གི་ཁ་སྐོང་ཚོགས་འཁོར་གྱི་ཡིག་ཆ་འདི་བཞིན་དགོས་ཞེས། བཀྲ་ཤིས་ལྷ་རྗེ་ནས་ལྷ་རྫས་དང་འབྲུ་བཟང་པོའི་མཎྜལ་བཅས་བསྐུལ་བ་དོན་ཡོད་པ་དང་། ཕྱིས་ནས་འགྲོ་ལ་ཕན་པའི་སེམས་བསྐྱེད་བཟང་པོས་རྣམ་གསུམ་འཛོམ་པའི་དུས་ཆེན་གྱི་དམར་པོའི་ཕྱོགས་ཉེར་བདུན་འགྲུབ་སྦྱོར་བཟང་པོར་གང་དྲན་ཆལ་ཆོལ་ཙམ་དུ་དཀྱུས་བྲིས་བཏབ་སྟེ། ས་སྤྱོད་གསུང་གི་འཁོར་ལོ་གྲུབ་གནས་དཔལ་རི་རྩེའི་ཤར་གླིང་བསམ་གཏན་ཁང་བུར་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་སྦྱར་པ་ཉེས་པ་མེད་པས་བཤགས་བྱ་མ་མཆིས་ལ་དགེ་བ་མཆིས་ན་འགྲོ་ལ་ཕན་ཕྱིར་བསྔོ་བར་བགྱིའོ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལམ་རིམ་སྨོན་ལམ་འོག་མིན་བགྲོད་པའི་ཐེམ་སྐས་ (Volume 34, Text 62)
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལམ་རིམ་སྨོན་ལམ་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །བླ་མ་བཅོམ་ལྡན་རྡོ་རྗེ་ཕག་མོ་དང་། །དྷཱ་ཀི་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་རྣམས། །བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་ལ། །ཡེ་ཤེས་ཐུགས་རྗེས་མི་འབྲལ་དགོངས་སུ་གསོལ། །མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་ལས། །སྨིན་བྱེད་དབང་གིས་བདག་རྒྱུད་རབ་སྨིན་ནས། །སྡོམ་པ་དམ་ཚིག་སྲོག་ལྟར་བསྲུང་བ་དང་། །ཅི་གསུང་བཀའ་བཞིན་སྒྲུབ་པས་མཉེས་བྱེད་ཤོག །སྲིད་པའི་གནས་ངན་ལེན་ལ་ངེས་འབྱུང་ཞིང་། །མེ་ཡི་འོབས་ནས་ཐར་བ་ལྟ་བུའི་བློས། །ཞི་བ་མཆོག་གི་གོ་འཕང་དོན་གཉེར་ནས། །རྣམ་གྲོལ་ཐར་པའི་སྒོ་ཆེན་རྙེད་པར་ཤོག །དལ་དང་འབྱོར་པས་བརྒྱན་པའི་ལུས་འདི་ནི། །རྙེད་དཀའ་འཇིག་སླ་མི་རྟག་མི་བརྟན་པའི། །ཚུལ་ལ་བསམ་ནས་ལས་འབྲས་སྤང་བླང་ལ། །བརྩོན་པས་འཁོར་བའི་ལམ་ལས་ལྡོག་པར་ཤོག །མཚན་ཐོས་ཙམ་གྱིས་སྲིད་ཞིའི་འཇིགས་པ་སྐྱོབ། །གཏན་བདེའི་མཆོག་སྩོལ་བསླུ་མེད་དཀོན་མཆོག་གསུམ། །རྩ་གསུམ་སྐུ་གསུམ་འདུས་པའི་བདག་ཉིད་ཆེ། །བླ་མ་མཆོག་ལ་སྐྱབས་སུ་འགྲོ་བར་ཤོག །ཐེག་ཆེན་ལམ་གྱི་རྩ་བ་སྨོན་འཇུག་སེམས། །གཡོ་སྒྱུ་མེད་པའི་གཞན་ཕན་བསམ་པ་ཡི། །བྱང་ཆུབ་སེམས་ཀྱི་ནོར་བུས་བློ་སྦྱངས་པས། །འཕྲལ་དང་ཡུན་གྱི་དོན་ཆེན་སྒྲུབ་པར་ཤོག །གཉེན་པོ་སྟོབས་བཞི་གངྒཱའི་ཆུ་རྒྱུན་གྱིས། །བཅས་དང་རང་བཞིན་ཉེས་པའི་དྲི་མ་འཁྲུད། །རང་རྒྱུད་རྣམ་པར་དག་པ་ཤེལ་ལྟ་བུར། །སྡོམ་གསུམ་དམ་ཚིག་ཉམས་པ་སོར་ཆུད་ཤོག །ལེགས་བྱས་དགེ་ཚོགས་རྒྱ་མཚོའི་རྡུལ་ཆེན་པོ། །སྐུ་གསུམ་མཆོད་པའི་སྤྲིན་དུ་སྤྲོས་པ་ཡིས། །རང་གཞན་ཚོགས་གཉིས་གོང་དུ་འཕེལ་བ་དང་། །སྐུ་བཞིའི་ས་བོན་རྒྱུད་ལ་ཐེབས་པར་ཤོག །དབང་དུས་བླ་མས་བྱིན་གྱིས་བརླབས་པ་ཡི། །ལམ་དུས་ཟབ་མོའི་རྣལ་འབྱོར་ལ་བརྩོན་ཞིང་། །གསོལ་འདེབས་དབང་བླང་ཐུགས་ཡིད་བསྲེ་བ་ཡིས། །རང་རིག་བླ་མ་ཆོས་སྐུར་རྟོགས་པར་ཤོག །ཏིང་འཛིན་རྣམ་པ་གསུམ་གྱིས་གཞི་གཟུང་ཞིང་། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་དང་། །དམ་ཡེ་དབྱེར་མེད་ལྷར་སྣང་ཕྱག་རྒྱ་ཡི། །བསྐྱེད་པའི་རྣལ་འབྱོར་ཚད་དུ་ཕྱིན་པར་ཤོག །ཕུང་ཁམས་སྐྱེ་མཆེད་རྩ་ཐིག་རླུང་གསུམ་པོ། །གདོད་ནས་ལྷུན་གྲུབ་དྷཱ་ཀིའི་གྲོང་ཁྱེར་ཆེར། །གནད་དུ་བསྣུན་པས་སྐུ་ཡི་རྡོ་རྗེར་རྫོགས། །བསྐྱེད་རིམ་སྤྲུལ་སྐུའི་ཉམས་ལེན་མཐར་ཕྱིན་ཤོག །བསྐྱེད་པའི་བོགས་འདོན་རླུང་སྔགས་བཟླས་པ་ཡི། །རྣལ་འབྱོར་ཟབ་མོར་ཆུ་བོའི་རྒྱུན་བཞིན་བརྩོན། །བསྙེན་སྒྲུབ་རྣམ་བཞིར་དུས་དང་རྒྱུན་དུ་འབད། །རིག་འཛིན་བཞིས་བསྡུས་ལམ་ལྔ་མཐར་ཕྱིན་ཤོག །གཏུམ་མོས་གཞི་བཅའ་རླུང་སེམས་རྣལ་དུ་དབབ། །རྩ་འཁོར་གསལ་ལ་ལས་རླུང་དྷཱུ་ཏིར་སྡུད། །གཏུམ༵་མོའི་མེ་ཡི་རེག་བྱས་དྲོད་སྦར་ཞིང། །དེ་ལས་བྱུང་བའི་ཡེ་ཤེས་སྐྱེ་བར་ཤོག །སྟེང་སྒོ་ཧཾ་ཡིག་ཟླ་བ་ཞུ་བ་ལས། །འབར་དང་འཛག་པའི་འཕྲོ་འདུའི་སྦྱོར་བ་ཡིས། །ལུས་སེམས་ཟག་མེད་དགའ་བཞིས་ཁྱབ་པ་དང་། །བདེ་བ་ཐིག་ལེའི་ཉམས་ལེན་སྐྱེ་བར་ཤོག །དུས་གསུམ་སྤྲོས་པ་ཐམས་ཅད་དབྱིངས་སུ་བཅད། །རང་སེམས་དག་པ་ཡེ་ཤེས་ལྔ་རུ་རྫོགས། །དྷཱ་ཀི་རིགས་ལྔ་གཞན་ནས་བཙལ་དུ་མེད། །མི་རྟོག་ཡེ་ཤེས་ཉམས་ལེན་མཐར་ཕྱིན་ཤོག །ལམ་གྱི་བོགས་འདོན་སྒྱུ་ལུ༵ས་འབྱོངས་པ་ཡིས། །སྣོད་བཅུད་ལྷ་སྐུ་འཇའ་ཚོན་ལྟ་བུར་འཆར། །བདེ་ཆེན་རང་བཞིན་སྒྱུ་མའི་གཟུགས་བརྙན་ཆེ། །སྣང་སྲིད་མཁའ་འགྲོའི་དཀྱིལ་འཁོར་འཆར་བར་ཤོག །ལམ་གྱི་སྙིང་པོ་འོད་གས༵ལ་གནས་ལུགས་ནི། །རྟོག་པའི་རྒྱུ་བ་ཤིན་ཏུ་ཕྲ་བ་འགགས། །མ་བཅོས་རིག་པའི་གནས་ལུགས་ཇི་བཞིན་འཆར། །འོད་གསལ་དེ་ཁོ་ན་ཉིད་རྟོགས་པར་ཤོག །ལམ་གྱི་ཚད་འཛིན་རྨི་ལ༵མ་སྒྱུ་མར་སྦྱངས། །ལྷ་སྐུར་ལྡང་ཞིང་འོད་གསལ་ངང་དུ་བསྲེས། །སྦྱང་སྤེལ་སྤྲུལ་བསྒྱུར་གནད་ལ་གོམས་པ་ཡིས། །འཁྲུལ་པ་རྨི་ལམ་རང་སར་དག་པར་ཤོག །ལམ་གྱི་སུན་མ་འཕོ༵་བའི་ཉམས་ལེན་གྱིས། །རླུང་སེམས་རིག་པ་དབྱེར་མེད་ཐིག་ལེ་ཆེ། །རླུང་སྦྱོར་གྱིས་བསྐུལ་སྒྲ་ཡིས་འཕོ་བ་དང་། །འོག་མིན་མཁའ་སྤྱོད་ཆེན་པོར་སྐྱེ་བར་ཤོག །ལམ་ཁྱེར་བ༵ར་དོོ་ད་ལྟའི་སྣང་བ་ཀུན། །སེམས་རླུང་བདེ་བ་རྡོ་རྗེ་ཕག་མོ་ཡི། །སྐུ་གསུང་ཐུགས་ཀྱི་ངོ་བོར་ལམ་གྱིས་འཆར། །ཆགས་སྡང་རྨོངས་པའི་འཁྲུལ་རྟོག་ཀུན་སྦྱོང་ཤོག །དེ་ལྟར་ཐབས་ལམ་སྙིང་པོ་ཆོས་དྲུག་གི །ཉམས་ལེན་ཟབ་མོར་རྟག་ཏུ་བརྩོན་པའི་མཐུས། །གསུང་གི་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ཐབས། །གསང་བའི་དབང་གི་ཉམས་ལེན་མཐར་ཕྱིན་ཤོག །འོག་སྒོ་མཁའ་གསང་བདེ་ཆེན་རོལ་པ་ཡི། །ཆོས་ཀྱི་ཕྱག་རྒྱས་བདག་བྱིན་བརླབ་པ་དང་། །དམ་ཚིག་ཕྱག་རྒྱའི་ཉམས་ལེན་ལ་བརྩོན་པས། །སྣང་བ་ཐམས་ཅད་བདེ་བར་འཆར་བར་ཤོག །རྩོལ་མེད་བདེ་དང་འཛག་མེད་ཚུལ་ཁྲིམས་ཀྱི། །ཟག་མེད་ཉམས་མྱོང་རྒྱུད་ལ་སྐྱེས་པ་ན། །ལས་ཀྱི་ཕྱག་རྒྱ་པད་ཅན་ཕོ་ཉ་དང་། །འདུ་ཤེས་གསུམ་གྱིས་རྣལ་འབྱོར་བརྩོན་པར་ཤོག །རྩ་ཡིག་བྱིན་བརླབ་སེམས་གསུམ་མངོན་དུ་བྱས། །འདྲེན་བཀྲམ་བརྟན་ཅིང་མི་རྟོག་ངང་དུ་སྦ། །ཐུགས་ཀྱི་རྡོ་རྗེ་བདེ་ཆེན་ཆོས་སྐུ་ཡི། །ཉམས་ལེན་གསུམ་པའི་ལམ་མཆོག་མཐར་ཕྱིན་ཤོག །ལྟ་བ་ཀ་དག་ཆོས་སྐུར་ཐག་ཆོད་ཅིང་། །སྒོམ་པ་ལོངས་སྐུར་ཉམས་སུ་བླང་བ་དང་། །སྤྱོད་པ་སྤྲུལ་སྐུར་རྩལ་སྦྱངས་རྣལ་འབྱོར་གྱིས། །བྱར་མེད་དོན་ལ་རྟག་ཏུ་བརྩོན་པར་ཤོག །ཕྱི་རོལ་སྣང་བ་སེམས་ཀྱི་རྩལ་ལས་ཤར། །སེམས་ཉིད་སྐྱེ་འགག་གནས་པའི་ངོ་བོས་སྟོང་། །སྟོང་པ་ཕྱོགས་སུ་མ་ལྷུང་གདོད་མའི་གཤིས། །འོད་གསལ་ལྷུན་གྲུབ་རང་ངོ་ཤེས་པར་ཤོག །གནས་འགྱུ་ཐམས་ཅད་རང་བབ་མ་བཅོས་བཞག །དགག་སྒྲུབ་ཆགས་སྡང་རེ་དོགས་ཀུན་བྲལ་ཞིང་། །གཟུང་འཛིན་སྤང་བླང་གདོད་ནས་རང་སར་གྲོལ། །རིག་སྟོང་ཡེ་ཤེས་རྡོ་རྗེར་འགྲུབ་པར་ཤོག །ལམ་གྱི་གེགས་སེལ་བོགས་འདོན་ཀུན་གྱི་སྙིང་། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྔགས་པའི་ལམ། །ལམ་ཟབ་བླ་མའི་རྣལ་འབྱོར་ལ་བརྩོན་པས། །ལམ་གྱི་གེགས་འཁྲུལ་ཐམས་ཅད་རང་གྲོལ་ཤོག །དང་པོ་ཡང་དག་གོ་དོན་རྒྱུད་ལ་འཆར། །བར་དུ་བདེ་གསལ་མི་རྟོག་ཉམས་འཆར་ཞིང་། །ཐ་མར་སྤྲིན་ཐག་ཆད་པའི་ནམ་མཁའ་ལྟར། །རིག་པ་རྗེན་གཅེར་མངོན་སུམ་རྟོགས་པར་ཤོག །འཁོར་འདས་གཉིས་སྣང་འཁྲུལ་རྟོག་བར་ལག་ཕྱེད། །རེ་དོགས་མདུད་ཞིག་གནས་ལུགས་མཚང་བརྡོལ་ནས། །འཁོར་འདས་དབྱེར་མེད་འོད་གསལ་རྫོགས་པ་ཆེའི། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་ཤོག །གལ་ཏེ་ཚེ་འདིར་གྲོལ་བར་མ་གྱུར་ན། །འཕོ་བའི་སྟོབས་ཀྱིས་རྡོ་རྗེ་བཙུན་མོའི་ཞིང། །བླ་མ་བཛྲ་བྷ་ར་ཧི་ཉིད་ཀྱིས། །རྗེས་སུ་གཟུང་ནས་ལམ་མཆོག་མཐར་ཕྱིན་ཤོག །གལ་ཏེ་དེར་ཡང་བརྟན་པ་མ་ཐོབ་ན། །བར་དོར་ཁྱེར་སོ་གསུམ་གྱི་རྣལ་འབྱོར་གྱིས། །བླ་མ་བཅོམ་ལྡན་འདས་མས་ལག་མཁྲིག་ནས། །བཟུང་སྟེ་མཁའ་སྤྱོད་གནས་སུ་ཁྲིད་པར་ཤོག །མདོར་ན་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །དཔལ་ཆེན་རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་ཀྱིས། །རྗེས་སུ་གཟུང་ནས་དོན་གཉིས་ལྷུན་གྱིས་གྲུབ། །བརྟན་གཡོའི་དངོས་ཀུན་བདེ་ཆེན་འགྲུབ་པར་ཤོག །ཅེས་པའང་མེ་ཡོས་ལོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཁའ་འགྲོ་གསང་བ་འདུས་པའི་སྒྲུབ་མཆོད་སྐབས་བསྙེན་པའི་ཐུན་གསེང་ཞིག་ལ་ཤར་མར་བྲིས་པ་འདིས་ཀྱང་བདག་གཞན་ཐམས་ཅད་བླ་མ་རྡོ་རྗེ་ཕག་མོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །ཤུ་བྷཾ།། །། ༈ ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འཇིག་རྟེན་འདི་ཡི་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོ་བདག་འགྱུར་ཤོག །འཆི་ཚེ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས། །མེ་ཏོག་ཕྲེང་དང་རྒྱལ་མཚན་གདུགས་ཐོགས་ཤིང་། །གླུ་དབྱངས་རོལ་མོའི་སྤྲིན་གྱིས་མདུན་བསུས་ཏེ། །མཁའ་ལ་སྤྱོད་པའི་གྲོང་དུ་ཁྲིད་པར་ཤོག །སྣང་ཆ་བདེ་ཆེན་གར་དབང་ཧེ་རུ་ཀཿ སྟོང་ཆ་རྣམ་ཀུན་མཆོག་ལྡན་ཕག་མོ་ཡུམ། །ཟུང་འཇུག་དབྱེར་མི་ཕྱེད་པའི་བདེན་པ་དེས། །དོན་གཉིས་འདོད་པ་ཡོངས་སུ་རྫོགས་པར་ཤོག །མངྒ་ལཾ།། །།
ཡེ་ཤེས་རབ་འབར་ལས། དུས་ཀྱི་རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་ (Volume 44, Text 62)
༁ྃ༔ ཡེ་ཤེས་རབ་འབར་ལས། དུས་ཀྱི་རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་བཞུགས་སོ། ། ཡེ་ཤེས་རབ་འབར་ལས༔ དུས་ཀྱི་རྒྱ་འདྲེ་འགོང་པོའི་སྒྲིབ་ཤིང་ནི༔ ྈྈྈྈྈྈྈྈ དྲག་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རབ་འབར་དྲག་པོའི་སྒོར་ཞུགས་ནས༔ བསྐྱེད་རྫོགས་སྙིང་པོའི་འབྲས་བུ་བསྒོམ་པའི་བུ༔ རང་ལ་བློ་བཀལ་གཅེས་པར་འཛིན་པའམ༔ གཅེས་སྤྲས་སྙིང་འདྲ་སྲུང་བའི་སྒྲིབ་ཤིང་རིམ༔ སུ་ཞིག་གར་ཐོད་ཀུན་ལ་འདོགས་གྱུར་ན༔ ལྷ་འདྲེའི་འཁྲུགས་རྐྱེན་རང་ཐོག་བབས་ཏ་རེ༔ གཞན་ལ་འདོགས་ན་སྔོན་དུ་རང་བསྲུང་གཅེས༔ གར་ཐོད་གང་བྱུང་བཏང་སྙོམས་བྲིས་འདོགས་ན༔ བྲི་བ་ཙམ་གྱིས་ལྷ་འདྲེ་ཟིང་ལང་ཞིང༔ ལྷ་སྲིན་འཁྲུགས་རྐྱེན་ཆོ་འཕྲུལ་འཁུ་ལྡོག་གིས༔ རྣལ་འབྱོར་ཤེས་པ་འཚུབ་ཅིང་མི་རུང་བསྐྱེད༔ དེ་ཕྱིར་གཅེས་པར་ཟུངས་ཤིག་རྗེས་འཇུག་རྣམས༔ ཚོད་དང་སྦྱར་བ་མཁས་པའི་མན་ངག་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ན༔ བན་དྷེ་འཁྲུལ་པ་རྒྱལ་པོར་འཁྲུལ་གྱུར་ཅིང༔ བུད་མེད་དམན་མོ་འཁྲུལ་པ་སྲིན་མོར་གྱུར༔ སྐྱེས་པ་བདུད་བཙན་ཡུལ་གྱི་འདྲེ་རུ་གནོད༔ མ་རུང་མི་བསྲུན་དུག་ལྔ་རྒྱས་པའི་འགྲོ༔ འགྲོ་ལ་འཚེ་བའི་ཐ་མར་རང་འཁྲུལ་ནས༔ དངོས་སུ་འདྲེ་རུ་གྱུར་པ་དུ་མ་འབྱུང༔ དེ་དུས་མཐའ་ཡི་ཡོ་བྱད་དབུས་འབབ་པའི༔ ཟླ་ན་རྒྱ་འདྲེ་མ་རུངས་པ་རྣམས་འབྲང༔ ཤ་ཚ་བོད་ཀྱི་འགྲོ་རྣམས་སྙིང་རྗེ་སྙམ༔ དེ་རྣམས་འདུལ་བའི་གཉེན་པོ་འདུལ་བྱེད་ནི༔ སྦས་པའི་རྣལ་འབྱོར་ཕྱི་མའི་དུས་སུ་འབྱུང༔ འགྲོ་བ་མང་པོའི་ཟུག་རྔུ་འབྱིན་པར་བྱེད༔ པདྨས་བཞག་པའི་ནོར་ལ་ལོངས་སྤྱོད་ཅིང༔ གྲངས་མེད་འགྲོ་བའི་སྡུག་བསྔལ་སེལ་བར་འགྱུར༔ ལག་ལེན་ནོར་འཁྲུལ་གཟུ་ལུམ་སྤོང་བྱེད་ཅིང༔ ལྷག་ཆད་ཚོད་ཡོད་འཕྲི་བསྣན་མི་རུང་ལ༔ སོ་སོའི་རྫས་སྣ་ཚགས་སུ་ཚུད་བྱེད་ཅིང༔ གཞུང་བཞིན་གནད་ལ་སྦྱོར་བ་མན་ངག་ཡིན༔ གྲོ་ཤོག་ལེབ་ལ་དཔེའུ་ཆུང་བཞིན་དུ༔ བྲིས་པའི་སྣག་ཚ་ཆུ་དག་ཨ་རུ་ར༔ གུ་གུལ་གླ་རྩི་མུ་ཟི་ཤིང་ཀུན་སྦྱར༔ ནོར་འཁྲུལ་མེད་པར་ལེགས་པར་བྲིས་པ་ལ༔ ཡུང་བ་སྡོང་རོས་བ་བླ་བོང་ང་དང༔ སྤྱང་ཁྱི་བྱ་བལ་དང་བཅས་བྱུགས་པ་ཡི༔ འཁོར་ལོ་རྒྱལ་བསེན་ཡུལ་འདྲེ་རྒྱ་འདྲེ་ཡི༔ སྣང་བར་བསྐལ་པའི་མེ་དཔུང་འབར་བ་མཐོང༔ འདོགས་པས་འཆང་བ་གང་དེ་བསྒྲིབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སེང་ལྡེང་བྱང་བུར་རྒྱལ་པོའི་འཕྲུལ་ཡིག་བྲི༔ སྒྲིབ་བྱེད་རྨ་བྱའི་མདོངས་དང་སྦྱར་བ་ཡིན༔ སྐྱེར་པའི་བྱང་བུར་སྲིན་མོའི་འཕྲུལ་ཡིག་བྲི༔ སྒྲིབ་བྱེད་སྲེག་པའི་སྒྲོ་དང་སྦྱར་བ་ཡིན༔ ཤེར་ཤིང་བྱང་བུར་རྒྱ་འདྲེའི་འཕྲུལ་ཡིག་བྲི༔ སྒྲིབ་བྱེད་བསྒྲིབ་བྱའི་སྒྲོ་དང་སྦྱར་བ་ཡིན༔ སྒྲིབ་ཤིང་བྱང་བུར་ཡུལ་འདྲེའི་འཕྲུལ་ཡིག་བྲི༔ སྒྲིབ་བྱེད་པུ་ཤུད་སྒྲོ་དང་སྦྱར་བ་ཡིན༔ ཁོལ་དུ་བྱུང་ན་སོ་སོར་བསྲུངས་གྱུར་ཅིང༔ སྦྱོར་བས་དངོས་སུ་རྣོ་མྱུར་བསྐྱེད་པར་འགྱུར༔ རིན་པོ་ཆེ་ཡི་རྟེན་འབྲེལ་སྙིང་པོ་ཡི༔ མཚན་མའི་གོང་ནོན་བླ་ན་མེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈ གྲི་ཁྲག་ཐལ་ཆེན་གུ་གུལ་ཉུངས་དཀར་ནག༔ ལྕགས་ཕྱེ་ཏིལ་གཉིས་ཕག་མཆེ་སྒོག་གཅིག་བྱུགས༔ རྒྱལ་བསེན་འཐབ་ཅིང་ངུ་དང་རྒོད་པ་དང༔ ལྷང་ལྷང་སྐྱོ་ཞིང་འགྲོ་སྙིང་འདོད་པ་ལ༔ དྲིལ་ལ་མང་ཉུང་ནད་ཚབ་ཚོད་དང་སྦྱར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈ་་་དཀར་ནག་ཏིལ་དང་གྲི་ཁྲག་རྨ་བྱའི་མདོངས༔ ཉུངས་དཀར་གུ་གུལ་གཟའ་རུས་སྦྱར་བ་ཡིས༔ སྨྱོ་འབོག་དྲང་སྲོང་གཟའ་དང་གདོང་མོ་ཞི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈྈྈྈྈྈ་་་་་སྒོག་གཅིག་ཆུ་དག་ཆུ་རྩ་རེ་ལྕག་དང༔ ཐར་ནུ་བོང་དཀར་གུ་གུལ་ཉུངས་དཀར་དང༔ ཐོག་ལྕགས་ནུས་ཅན་དྲི་ཆུས་སྦྱར་བ་ཡིས༔ སྨྱོ་འབོག་ཡུལ་གྱི་གསོན་འདྲེ་བསྡོང་བ་སེལ༔ ྈྈྈ་་་ཕག་མཆུ་སྨན་ཆེན་ཐུན་གཅིག་ཉུངས་དཀར་གཉིས༔ སྦྱར་བས་སྨྱོ་འབོག་གཉན་དང་བསྡོང་བ་བསད༔ ཁྱད་པར་ས་འོག་འབུ་ལ་བསྔགས་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་གུལ་གླ་ རྩི་ཕ་ཝང་ལོང་བུ་དང༔ རྟེན་གསུམ་བྱིན་རླབས་ཅན་གྱི་ས་རྡུལ་དང༔ དཀྱིལ་འཁོར་རྡུལ་ཚོན་རྟེན་གཏོར་རྣམས་སྦྱར་བས༔ སྨྱོ་འབོག་རྦོད་གཏོང་འདྲེ་ལ་མཆོག་ཏུ་བསྔགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈ་་་གྲི་ཁྲག་འགར་སོལ་གླ་བའི་མཆེ་བ་དང༔ གུར་རྟ་གོ་དུར་སྣ་ཚོགས་སྦྱར་བ་ཡིས༔ སྨྱོ་འབོག་བཙན་གཟེར་བསྡོང་ལ་ཤིན་ཏུ་ཕན༔ ྈྈྈ་་་དམ་ལྡན་སྔགས་པའི་ ལྷྭམ་ཚང་དྲི་ཆེན་དང༔ ཉུངས་དཀར་ཉུངས་ནག་ཐལ་ཆེན་སྦྱར་བ་ཡིས༔ སྨྱོ་འབོག་ཤི་འདྲེ་མོ་དང་བསྡོང་བ་བསད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ་་་གྲི་སྙིང་རི་བོང་སྙིང་དང་བྱང་གཡག་སྙིང༔ ཛ་ཏི་སྦྱར་བས་སྙིང་རླུང་ནད་ལ་ཕན༔ དེ་ལྟར་དུས་འདྲེ་རྒྱ་འདྲེས་གཟིར་བའི་ནད༔ ངོས་མ་ཟིན་ཅིང་གསོ་མི་གཏུབ་པའི་ནད༔ ཕྱི་མར་འབྱུང་གི་ནད་དང་འདྲེས་གཟིར་བའི༔ མཚོན་ཆ་རྗེས་འཇུག་རྣམས་ཀྱི་སྤྱོད་ཡུལ་འདི༔ འགྲོ་ལ་ཟུག་རྔུ་འབྱིན་པའི་ཆ་རྐྱེན་ཏེ༔ སྲུང་མས་ཟུངས་ཤིག་སྲུང་མཚམས་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་ནས་སྲུང་མས་སྤྲད་ཅིང་སྤྱན་དྲངས་པ་སྟེ། རིགས་དང་སྐལ་བར་ལྡན་པའི་སློབ་མས་ཡང་ཡང་བསྐུལ་ཕྱིར། རིག་འཛིན་བླ་མ་ལྷར་བཅས་ཀྱིས་བྱིན་གྱིས་བརླབས་པའི་ཕོ་བྲང་ནས། ཟབ་ཡངས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། ༁ྃ༔ ཡེ་ཤེས་རབ་འབར་ལས༔ དུས་ནད་རྒྱ་འདྲེའི་ཟ་ཡིག་ཁྲོ་ཆུའི་གཟེར་མདའ་ནི༔ ྈྈྈ ྈྈྈ དྲག་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ལྔ་བརྒྱ་ཐ་མའི་མི་བསྲུན་འགྲོ་རྣམས་ཀྱིས༔ མ་རུངས་དུག་ལྔ་རང་ཁར་སྤྱོད་སྤྱོད་ནས༔ མི་མིན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས༔ གསོ་རུ་མི་བཏུབ་ནད་ཡམས་མང་པོ་དར༔ འཆི་ཚད་འདྲེ་རུ་གྱུར་པའི་དུས་འབྱུང་གི༔ དུས་དེར་ནད་གདོན་ངོས་འཛིན་ཆ་མ་མཆིས༔ ནད་ངོ་མི་ཟིན་གང་ཡང་གློ་བུར་ན༔ གདོན་ངོ་མི་ཟིན་གང་ཡང་རྐྱེན་མང་ཡང༔ རྒྱ་འདྲེ་མ་རུངས་ལྷ་འདྲེ་སྣ་འདྲེན་འབྱུང༔ རིམ་གྲོ་སྨན་གྱི་ནུས་པ་རྒྱུག་མ་ཡིན༔ ནད་ལ་ཟ་ཡིག་ཁྲོ་ཆུའི་མདའ་འདིས་འབིག༔ རྒྱ་ཤོག་ ལེབ་ལ་རྒྱ་སྣག་དག་གིས་བྲིས༔ གྲ་ཟུར་མ་ཉམས་ལེགས་པར་བྲིས་པ་ལ༔ རྨ་བྱའི་སྒྲོ་མདོངས་བསྲེགས་པའི་ཐལ་བ་དང༔ སྤྱང་ཁྱི་བྱ་བལ་མ་དང་གསུམ་སྦྱར་བའི༔ ཁུ་བས་ཟ་ཡིག་ཀུན་ལ་ཁྱབ་པར་ བྱུགས༔ དྲག་པོ་རྩ་བའི་སྙིང་པོས་ངར་བླུད་ཅིང༔ སྐྲན་མིན་སྐྲན་འདྲའི་ནད་ལ་ཁོང་དུ་གཏང༔ གླང་མིན་གླང་འཐབ་འདྲ་ལ་ཁོང་དུ་གཏང༔ མ་ཞུ་དུག་འཐབ་འདྲ་ལ་ཁོང་དུ་གཏང་བ་དང༔ གག་མིན་ གག་པ་འདྲ་བར་ཁོང་དུ་གཏང་བ་དང༔ རྒྱབ་ནས་བྱུགས་པ་གང་ཡང་སྤྲད་པར་བྱ༔ ཆུ་འགག་ནད་ལ་དེ་བཞིན་ཁོང་དུ་གཏང༔ གཏོང་རྫིང་འགགས་ན་རྒྱབ་ཀྱི་རྐེད་པ་ཡན༔ རྒལ་བའི་ཐོག་ཏུ་ཕྱིར་ལ་བྱུགས་པ་ཡིན༔ དམར་བཤལ་སྨད་ནས་ཡར་ལ་བྱུགས་པ་དང༔ གཟེར་གྱི་རིགས་ལ་གར་ནའི་ས་ན་བྱུགས༔ དྲང་སྲོང་འབྱུང་བར་ཟ་དང་དེ་བཞིན་བྱུགས༔ རྫས་ཀྱི་མཆོག་ཏུ་རྨ་བྱའི་མདོངས་གཙོར་ཆེ༔ བར་གདོན་གང་ལ་གཟུག་མོ་བྱི་ཐུར་དང༔ འོག་གདོན་ཕག་རྒོད་མཆེ་བའི་རྫས་ཁ་བསྒྱུར༔ གདོན་ཚབས་གང་ཆེའི་ནད་ལ་ཁོང་དུ་གཏང༔ གུ་གུལ་ཕག་ཚིལ་སྦྱར་བས་བྱུག་ཀྱང་རུང༔ སྦྱོར་བ་འདི་ནི་ནོར་བུ་རིན་ཆེན་ལྟར༔ ཀུན་གྱི་ཟུག་རྔུ་འབྱིན་པའི་མན་ངག་སྟེ༔ ཐུགས་ལ་གཅེས་པ་བརྒྱུད་འཛིན་སྐྱེས་བུ་དང༔ མ་འོངས་རྗེས་འཇུག་སྙིང་རྗེའི་ཡུལ་དུ་བཞག༔ པདྨའི་སྨོན་ལམ་མཐུན་རྐྱེན་འབྲས་བུ་བཅས༔ དུས་སུ་སྨིན་གྱི་ལོངས་སྤྱོད་མཁས་པར་སྤྱོད༔ གཞན་དོན་མ་འབྱོང་འགྲོ་དོན་སྒྲུབ་མ་གཡེལ༔ གཞན་དོན་མཐའ་རྒྱས་བསྔོ་སྨོན་རྒྱས་འདེབས་སོ༔ སྲོག་བདག་གསུམ་དང་དྲག་པོ་གསུམ་གྱིས་གཉེར༔ མ་གཡེལ་མ་འདའ་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་གྱི་ཟླ་གམ་དབང་གི་དལ་ནས་སྣང་བར་བྱས་པ་སྟེ། རྒྱ་ཆེན་བཀའ་ཡི་བསྡུ་བ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་ཕྱིར། རིག་འཛིན་བླ་མ་ལྷར་བཅས་ཀྱིས་བྱིན་གྱིས་བརླབས་པའི་ཕོ་བྲང་དུ། ཟབ་ཡངས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།སྔགས་ནི། མ་ཌ་ཧཱུྃ་ན་ཐ་ཧྲཱི༔
ཞི་བྱེད་སྐོར་བདུན་གྱི་ལས་ཚོགས་སྦྱིན་སྲེག །བྱབ་ཁྲུས། བྱད་བཀྲོལ། འཆི་བསླུ་རྣམས་གསལ་བར་བཀོད་པ་མུ་ཏིག་ཆུན་པོ་ (Volume 45, Text 62)
༄༅། །ཞི་བྱེད་སྐོར་བདུན་གྱི་ལས་ཚོགས་སྦྱིན་སྲེག །བྱབ་ཁྲུས། བྱད་བཀྲོལ། འཆི་བསླུ་རྣམས་གསལ་བར་བཀོད་པ་མུ་ཏིག་ཆུན་པོ་ཞེས་བྱ་བ་བཞུགས་སོ། ། ཐུགས་རྗེ་ཟླ་བའི་འཛུམ་ཟེར་གྱིས། །འཇིགས་དང་སྡུག་བསྔལ་ཀུན་བཅོམ་ཞིང་། །བདེ་ལེགས་དཔལ་སྟེར་བླ་མ་དང་། །རིག་པའི་ལྷ་མོར་གུས་པས་འདུད། །ཞི་བྱེད་ལྷ་མོ་བདུན་གྱི་བསྙེན་སྒྲུབ་སྔོན་དུ་སོང་བའི་རྣལ་འབྱོར་པས་རང་གཞན་ལ་ཕན་གདགས་པའི་ཆེད་དུ་ལས་ཀྱི་སྦྱོར་བ་ལག་ཏུ་བླང་བ་ལ། ལྷ་མོ་བདུན་སྤྱིར་འཇུག་པ། སྲུང་འཁོར། ཁྲུས་ཆོག །སྦྱིན་སྲེག །རླུང་འཁོར། སཱཙྪ་བཅས་རྣམ་གྲངས་ལྔ་དང་། སོ་སོའི་སྒོས་ཀྱི་ལས་ཚོགས་རེ་རེ་བཞིན་གསུངས་པ་རྣམས་ཀྱི་ནང་ནས། འདིར་ཉེ་བར་མཁོ་བ་སྤྱི་ལ་གཅེས་པའི་སྦྱིན་སྲེག་དང་བྱབ་ཁྲུས། བྱེ་བྲག་བྱད་བཀྲོལ་དང་འཆི་བསླུ་བཅས་རྣམ་གྲངས་བཞི་པོ་བཀླག་ཆོག་ཏུ་འགོད་པ་ལས། དང་པོ་སྦྱིན་སྲེག་ནི། བསྙེན་སྒྲུབ་ཀྱི་ཁ་སྐོང་དང་ནད་གདོན་སོགས་ཞི་བ་ལ་ཆེད་དུ་བསྔགས་ཤིང་ལས་མྱུར་དུ་འགྲུབ་པར་བྱེད་པ་སྟེ། དེ་ལ་མེ་ཐབ་ཀྱི་སྟེགས་བུ་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་དཀར་པོས་ཐབ་ཁུང་ཇི་ཙམ་འཚམ་པའི་ཟླུམ་པོར་བསྐོར་བ་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་ལ་སོར་གཉིས་པའམ་བཞི་པའི་ཟླུམ་སྐོར་རིམ་པ་གཉིས་རྡོ་རྗེའི་ཕྲེང་བ་དང་བཅས་པ། དེ་རྒྱབ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་དཀར་པོ་བཤམ། ཚེར་མ་དང་སྲོག་ཆགས་མེད་པའི་ཤིང་ཁ་ཁྱེར་སྟེང་ནས་ཟླུམ་པོར་བརྩིག །འཕྲལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབ་སྟེགས་དཀར་པོ་ཟླུམ་པོའི་དབུས་སུ་ཚོམ་བུ་དཀར་པོ་གཅིག་བཀོད། དེ་སྟེང་ཤིང་བརྩེག་པའི་ཕྱག་ལེན་ཡང་སྣང་། སློབ་དཔོན་གྱི་གཡོན་ཕྱོགས་སུ་མཆོད་རྫས་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་དཀར་ཟླུམ་རྒྱན་ལྡན། གཡས་ཕྱོགས་སུ་བསྲེག་རྫས་ཡམ་ཤིང་བ་ལུ་སོགས་འོ་མ་ཅན་གྱི་ཤིང་མཐེའུ་ཆུང་གི་ཚད་སོར་བཅུ་གཉིས་པ་སྦྲང་འོ་མ་མར་ཁུས་ཉུག་པ། མར་དཀར་གྱི་ཁུ་བ། ཏིལ་དཀར་པོ་བཅས་བཀོད། མདུན་དུ་མེ་ཡོལ་དང་། བསང་ཆུ་རྡོར་དྲིལ་དགང་བླུག་རྣམས་བཞག །སློབ་དཔོན་ཆས་གོས་དཀར་པོས་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད། ཆོ་ག་དངོས་ལ། བདག་བསྐྱེད་ལྷའི་རྣལ་འབྱོར་བཟླས་པ་བཅས་གྲུབ་ནས། བསང་ཆུ་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། སྔགས་དང་ཕྱག་རྒྱས་དམ་ཚིག་གསུམ་དྲན་པར་བྱས་ལ་རྡོར་དྲིལ་གཟུང་། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཆུ་བྲན། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་སྭཱ་ཧཱས་རྫས་བཀྲུ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། མར་ཁུ་ལ། ཨོཾ་ཤྲིཾ་སྭཱ་ཧཱ། ཏིལ་ལ། ཨོཾ་ཛྲིཾ་སྭཱ་ཧཱ། སྤྱི་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ལན་གསུམ་རེ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། འོག་ནས་འབྱུང་བའི་ཡམ་ཤིང་སོགས་ཀྱི་སྔགས་ལན་གསུམ་གསུམ་བརྗོད་ལ་བྱིན་བརླབ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་མེ་དུ་བ་མེད་པས་གཡས་སུ་བསྐོར་ནས་སྦར། ཧཱུྃ་བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བླུག་གཟར་གྱིས་མར་ཁུའི་ཐིགས་པ་བླུགས་ལ་གསོ། །ཐབ་ལ་བསང་ཆུ་བྲན། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རང་གི་མདུན། །ཧཱུྃ་ལས་ཞི་བའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་སུ་རྫོགས། །མེ་ཕུང་དཀར་གསལ་འབར་བའི་དབུས། པདྨ་ཟླ་བའི་གདན་གྱི་སྟེང༔ ༼སངས་རྒྱས་སྤྱན་མ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་ཨུཏྤ་ལ༔ འཁོར་ལོ་སྤྱན་གྱིས་མཚན་པ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཤིན་ཏུ་ཞི་ཞིང་སྒེག་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ ནད་ཀྱི་གདུང་བ་ཀུན་སེལ་བའི༔ ཟླ་བ་བདུད་རྩིའི་འོད་ཟེར་འཕྲོ༔༽ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཨོཾ༔ ཡེ་ཤེས་དབྱིངས་ལས་སོགས་ནས། མཆོད་བསྟོད་རྫོགས་པའི་བར་ལས་བྱང་ལྟར་བྱས་ལ། ལྷ་མོ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། ཨོཾ་རུ་རུ་སྥུ་རུ་སོགས་བསྙེན་སྔགས་ལན་བདུན་དང་། མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་དགང་གཟར་གྱི་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམ་ལ། སྒྲུབ་སྔགས་ལན་གསུམ་གྱིས་འབུལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཅེས་གསོལ་ལ་མེ་པྲ་བརྟག །དམིགས་བསལ་ནད་གདོན་ཞི་བ་ལྟ་བུ་ལ། སྡིག་སྒྲིབ་ཅེས་པའི་མལ་དུ་ནད་གདོན་བར་ཆད་ཅེས་བསྒྱུར་བ་སོགས་འགྲེ །དེ་ནས་བསྲེག་རྫས་ཡམ་ཤིང་། ལྷ་སྔགས་དང་། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེས་འགྲེས་ཏེ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སོགས། བརྒྱ་རྩ་རེའི་གྲངས་སམ་ཁྱད་པར་ཏིལ་ལ་གྲངས་གཟུང་སྟེ་བཟླས་པ་འབུམ་ཕྲག་ལ་ཁ་སྐོང་སྦྱིན་སྲེག་ཁྲི་འགྲོ་བ་དགོས་ཤིང་། དེའང་བསྙེན་པའི་ཁ་སྐོང་ལ་བསྙེན་སྔགས། སྒྲུབ་པའི་ཁ་སྐོང་དང་དམིགས་བསལ་ནད་ཞི་བ་སོགས་ལ་སྒྲུབ་སྔགས་སྦྱོར་དགོས་སོ། །འདི་ཙམ་གཞུང་གི་དངོས་བསྟན་ཡིན་ལ་བགེགས་ཞི་བ་ལ་ཡུངས་དཀར་སོགས་ཞི་བའི་རྫས་གཞན་ཡང་སོ་སོའི་སྔགས་སམ་སྒྲུབ་སྔགས་ལ་ལས་བཅོལ་བཏགས་པས་འབུལ་རུང་བར་མངོན། མཐར་ཡུངས་དཀར་ལ་སྒྲུབ་སྔགས་བཟླས་པ་ཐབ་ཏུ་འཐོར་ལ་དགང་བླུག་སྐབས་ལྟར་ཕྲིན་ལས་གསོལ། དེ་ནས་གོང་དུ་སྨྲོས་པ་ལྟར་དགང་བླུག་འབུལ་ལ་ཕྲིན་ལས་གསོལ། དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་དཀར་པོ་ཟླ་བ་ལྟ་བུས་བདག་གཞན་གྱི་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སངས་ཀྱིས་བསལ་བར་མོས། དེ་ནས་ལས་བྱང་ལྟར་གཏང་རག་གི་མཆོད་བསྟོད། གཏོར་འབུལ་འདོད་གསོལ། ནོངས་བཤགས་ཡིག་བརྒྱ་བརྗོད། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་མོས་ལ་མེ་རང་ཞིར་བཞག་པའི་ཐལ་བ་ཆུ་ཀླུང་ཆེན་པོར་དོར། དེ་ནས་བདག་བསྐྱེད་ལ་དམིགས་ཏེ་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་བསྔོ་སྨོན་ཤིས་པ་བརྗོད་པའི་བར་ལས་བྱང་ལྟར་བྱའོ། །འདིར་ལྷ་སྔགས་རྣམས་སངས་རྒྱས་སྤྱན་མ་ལ་མཚོན་པ་ཡིན་གྱི། ལྷ་མོ་གཞན་རྣམས་ལ་སྤྱི་ཁོག་འདི་ཉིད་ལ་ལྷ་སྔགས་ཀྱི་འབྱིན་འཇུག་བྱས་པས་འགྲུབ། སྤྱན་མའི་སྦྱིན་སྲེག་འདི་རྨི་ལམ་ངན་པ་སེལ་བ་ལའང་དམིགས་སུ་བསྔགས་པས་དེ་ལྟར་བྱེད་ན་འདོད་གསོལ་ཁ་སྒྱུར་བ་ཙམ་གྱིས་ཆོག་པ་ཡིན་ནོ།། ༈ །།གཉིས་པ་བྱབ་ཁྲུས་ནི། བུམ་པ་མཆོད་གཏོར་སོགས་ལས་བྱང་དབུར་སྨྲོས་པ་ལྟར་བཀོད། འདི་ཉིད་ནད་པ་སོགས་ལ་སྒེར་དུ་བྱེད་ན་ཞི་དྲག་གི་སྦྱོང་ཆས་སོགས་ཀྱང་བསྡོགས། ཕྲིན་ལས་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ལ་བུམ་པ་བསྒྲུབ། བཟླས་པ་ཅི་མང་དང་། མཆོད་བསྟོད་ནོངས་བཤགས་འོད་ཞུ་བྱ། དེ་ནས་བསྒྲུབ་བྱ་མདུན་དུ་བོས་ལ། ཞི་བ་དང་། ཞི་དྲག་ཕྱེད་མ་དང་། དྲག་པོའི་སྦྱང་བ་རྣམས་ཀྱི་མཐར་བདེན་སྟོབས་བརྗོད་ལ་བཀའ་བསྒོ །དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བགེགས་བསྐྲད། དབང་གི་མཐའ་རྟེན་དུ་སྦྱོར་སྐབས་ནི་དེ་དག་མི་དགོས་སོ། །དེ་ནས་བཀྲུ་བྱབ་སྲུང་གསུམ་གྱི་སྒོ་ནས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་བདེ་ལེགས་ཀྱི་ཡོན་ཏན་སྤེལ་བའི་ཆོ་ག་བསྒྲུབ་པ་ཡིན་པས་དམིགས་པ་འདི་ལྟར་དུ་སྒོམས་ཤིག །སློབ་དཔོན་རིག་པའི་ལྷ་མོ་ཆེ་གེ་མོར་་་སོ་སོར་ཁ་བསྒྱུར།གསལ་བའི་ཕྱག་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་བསྣམས་ཏེ་སྤྱི་བོ་ནས་བླུགས་པས། ཁྱེད་རང་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་རྒྱུ་སྡིག་སྒྲིབ་ཉེས་ལྟུང་། འབྲས་བུ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་བཞིན་བཀྲུས་ཏེ། ལུས་ཤེལ་དཀར་བུམ་པ་རྡུལ་མེད་པ་ལྟར་དག་ཅིང་གཙང་ལ་འོད་གསལ་བར་གྱུར་པའི་མོས་པ་མཛོད། རྣམ་བུམ་གྱིས་ཁྲུས་བྱེད་བཞིན་པས། ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཕྱི་ནི་རྒྱན་ལྡན་མཚན་ཉིད་རྫོགས༔ ནང་བཅུད་ལྷ་སྔགས་དབྱེར་མེད་པའི༔ ཡེ་ཤེས་བདུད་རྩིས་ཡོངས་གང་བས༔ སྐལ་ལྡན་ཁྱོད་ལ་ཁྲུས་བགྱིས་པས༔ ཉོན་མོངས་ཤེས་བྱ་སྙོམས་འཇུག་གི༔ སྒྲིབ་པའི་དྲི་མ་ཀུན་དག་ནས༔ སྒོ་གསུམ་མི་མཐུན་འགལ་རྐྱེན་གྱི༔ སྡུག་བསྔལ་རྒྱུ་འབྲས་ཞི་བར་ཤོག༔ སོ་སོའི་བསྙེན་སྒྲུབ་ཀྱི་སྔགས་ཤམ་དུ། རྒྱས་པར་སྤྲོ་ན། སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ དེས་འགྲེས་ཏེ། སརྦ་བིགྷྣཱན་བགེགས་ཐམས་ཅད་ཤཱནྟིཾ༴ སརྦ་རོ་ག་ནད་ཐམས་ཅད་ཤཱནྟིཾ༴ སརྦ་དུཥྚཱཾ་གདུག་པ་ཅན་ཐམས་ཅད་ཤཱནྟིཾ༴ སརྦ་ཛྭ་ར་རིམས་ཐམས་ཅད་ཤཱནྟིཾ༴ སརྦ་ཨུ་པ་དྲ་བེ་ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ༴ སརྦ་གྲ་ཧེ་གདོན་ཐམས་ཅད་ཤཱནྟིཾ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཤཱནྟིཾ༴ སརྦ་དུཿསྭཔྣཾ་རྨི་ལམ་ངན་པ་ཐམས་ཅད་ཤཱནྟིཾ༴ སརྦ་དུརྣི་མིཏྟ་མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ༴ སརྦ་ཙིཏྟ་བྱཱ་ཀུ་ལེ་སེམས་ཀྱི་གཡེང་བ་ངན་པ་ཐམས་ཅད་ཤཱནྟིཾ༴ གཞན་ཡང་བྱད་ཁ་རྦོད་གཏོང་། ཆག་ཆེ་ཉམ་ང་། བཀྲ་མི་ཤིས་པ་དང་སྐལ་བ་ངན་པ། སྒོ་གསུམ་ལ་གནོད་ཅིང་འཚེ་བའི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར། བསྡུ་ན་སྔགས་ཤམ་དུ། སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ སོགས་སྦྱར། གྲངས་གསོག་ན་གོང་གི་ཚིགས་གཅད་དང་སྔགས་ཤམ་བསྡུས་པ་འདི་ཉིད་བདུན་ནས་བརྒྱ་རྩའི་བར་གསོག །མཐར་བུམ་ཆུ་ཁོང་དུ་བླུད། དེ་ནས་བྱབ་པ་ནི། ལག་གཡས་རྡོ་རྗེ་དང་བཅས་ཀུ་ཤ་སྒྲོ་མདོངས་ཅན་ཐོགས་ལ། སློབ་དཔོན་རིག་པའི་ལྷ་མོ་ཆེ་གེ་མོར་གསལ་བའི་ཕྱག་གཡས་དག་བྱེད་བཀྲ་ཤིས་པའི་རྩ་མཆོག་རྨ་བྱའི་མདོངས་ཐིག་དང་བཅས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་སོགས་ས་བོན་སོ་སོར་ཁ་བསྒྱུར།ཡིག་དཀར་པོ་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་རླུང་བྱུང་། ཁྱེད་རང་རྣམས་ལ་ཕོག་པས་ཁྲུས་ཀྱིས་མ་དག་པའི་ལྷག་མ་སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་བ་ཅི་མཆིས་པ་ཐམས་ཅད་ནག་འུབ་ཀྱིས་དེད་ནས་ཁྲུས་ཆུའི་ནང་དུ་གཟུགས་བརྙན་ཤར་བ་ལ་སིབ་སིབ་ཐིམ་པས། ལུས་ངག་ཡིད་གསུམ་བདེ་སངས་ཀྱིས་སོང་བར་མོས་ཤིག །ཧོ༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་དང༔ རིག་པའི་རྒྱལ་མོའི་བྱིན་རླབས་ཀྱིས༔ སྐལ་ལྡན་སློབ་མའི་སྒོ་གསུམ་གྱི༔ མི་མཐུན་ཕྱོགས་ཀུན་བྱང་གྱུར་ཅིག༔ བསྙེན་སྒྲུབ་སྔགས་ཤམ་དུ། སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་སོགས་གོང་སྨྲོས་ཁྲུས་ཀྱི་སྐབས་སུ་སྨྲོས་པའི་སྔགས་རྣམས་མཐའ་བསྒྱུར་ལ་བརྗོད་ཅིང་རྒྱས་བསྡུས་དང་གྲངས་གང་བྱེད་ཀྱང་དེ་དང་མཚུངས། སྔགས་རེ་རེ་བཞིན་སྒྲོ་མདོངས་ཀྱིས་ཁྲུས་ཆུའི་ནང་དུ་བྱབ་ཅིང་སྤྲུག་པའི་ཚུལ་བྱ། གདུགས་དཀར་དང་རྨ་བྱ་ཆེན་མོ་ལ་གླུད་བསྔོ་དགོས་པ་སྐབས་འདིར་སྦྱར། དཀྱུས་སུ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་རིག་པའི་རྒྱལ་མོ་ཆེ་གེ་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རྡོ་རྗེའི་སློབ་མའམ། སྦྱིན་པའི་བདག་པོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོ་ལོག་པར་འདྲེན་པ་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བདེན་སྟོབས་བརྗོད། སུམྦྷ་ནི་སོགས་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་དུད་པས་བསྐྲད་ལ། ཁྲུས་ཆུ་འདོར་དུ་གཞུག །སྲུང་བ་ནི། སློབ་དཔོན་རིག་པའི་ལྷ་མོ་ཆེ་གེ་མོར་གསལ་བའི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། ཕྱིན་ཆད་སྡིག་སྒྲིབ་ནད་གདོན་བགེགས་དང་བར་གཅོད་གང་གིས་ཀྱང་ཚུགས་པའི་སྐབས་མེད་པར་གྱུར་པར་མོས་ཤིག །ཧཱུྃ༔ སངས་རྒྱས་ཀུན་གྱི་དམ་ཚིག་མཆོག༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ ལུས་ངག་ཡིད་ལ་རྒྱས་བཏབ་པས༔ མི་མཐུན་ཚོགས་ཀུན་སྲུང་གྱུར་ཅིག༔ གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་རེག་ལ། སྔགས་མཐར། སརྦ་པཱ་པཾ་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ་སྭཱ་ཧཱ༔ དེ་བཞིན་དུ་སྦྱར་ཏེ་བསྲུང་། མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། བྱབ་ཁྲུས་རྐྱང་པའི་སྐབས་བདག་བསྐྱེད་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་སོགས་བྱའོ།། ༈ །།གསུམ་པ་གཙུག་ཏོར་གྱི་ལས་སྦྱོར་བྱད་གདོན་འགྲོལ་བའི་ཆོ་ག་ནི། སྟེགས་བུར་རིན་པོ་ཆེའི་བུམ་པར་སྤོས་ཆུས་བཀང་། གུར་གུམ། གི་ཝཾ། ཙནྡན་དཀར་པོ། ཡུངས་དཀར། ཤུ་དག་རྣམས་སྦྱར་བ་བླུགས་ལ་དར་དཀར་གྱི་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་བཅས་པ་བཀོད། མཆོད་གཏོར། ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། ལས་བྱང་གི་སྐྱབས་སེམས་ནས་བརྩམ་བདག་བསྐྱེད་བཟླས་པ་ཡན་སོང་བ་དང་། བུམ་བསྐྱེད་མཆོད་བསྟོད་རྒྱས་པར་བྱ། སྒྲུབ་པའི་སྔགས་ཀྱིས་ཐུན་གྱི་དངོས་གཞིར་བྱ། མཐར་གཏོར་མ་འབུལ་ཞིང་མཆོད་བསྟོད་འདོད་དོན་གསོལ། ནོངས་པ་བཤགས། བུམ་ལྷ་འོད་ཞུ་བྱ། འདི་ཁོ་ན་ཆེད་དུ་སྒྲུབ་ན། ཐུན་བཞི་ལ་སོགས་པ་བཅད་དེ་ཞག་གསུམ་མམ་བདུན་སོགས་སྔགས་གྲངས་འབུམ་ཕྲག་གཅིག་འགྲོ་ངེས་པར་བསྒྲུབ། དེའི་སྐབས་སུ་གོང་གི་རྫས་རྣམས་དང་བུམ་ཆུ་རིལ་བུར་དྲིལ་བ་དང་། གུ་གུལ་སོགས་དྲི་ལྡན་གྱི་རྫས་རྣམས་ཀྱང་འདུ་བྱས་ལ་སྔགས་བཏབ་སྟེ་བསྒྲུབས་ནས་སྐེར་གདགས་པ་དང་། ཁོང་དུ་བཏང་བ་དང་། བདུག་པ་བྱ་སྟེ། གཞུང་ལས། གཞན་ཡང་བུམ་ཆུ་འཐོར་འཐུང་དང༔ རིལ་བུར་བགྱིས་ཏེ་གཏང་བ་དང༔ དྲི་རྫས་ལ་བཏབ་བདུག་པས་ཀྱང༔ བྱད་ཁྲོལ་གདོན་བྱེར་རྦོད་གཏོང་ཟློག༔ ནད་དང་གནོད་པ་ཀུན་ཞིར་འགྱུར༔ ཞེས་གསུངས་སོ། དེ་ནས་བྱད་བཀྲོལ་དངོས་ལ། ཚོན་སྐུད་སྣ་ལྔ་འདོམ་གང་ལས་མི་ཐུང་བ་བསྒྲུབ་བྱའི་གྲངས་མཉམ། གྲི་གསར་པ་ལས་མ་སོང་བ། དྲག་པོའི་ཤིང་གི་མེ་ཧོམ་ཟུར་གསུམ། བསྲེག་རྫས་སྤོས་དང་འབྲུ་སྣ་ཡུངས་དཀར་ནག །གླུད་གཏོར་ཆངས་བུ་ཁྲུས་གཞོང་རྣམས་འདུ་བྱ། བསྒྲུབ་བྱ་མདུན་དུ་ཙོག་པུར་བཀོད། ཡན་ལག་ལྔ་པོ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བསྡམས་ལ། འོ་ཁྱེད་རང་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའང་རུང་སྟེ་གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེ་རྣམས་ཀྱིས་གདུག་ཅིང་རྩུབ་པའི་བསམ་སྦྱོར་ངན་པས་བྱད་ཁ་ཕུར་ཁ་རྦོད་གཏོང་རྦད་འདྲེ་གཏོང་བ་དང་། རིག་སྔགས་དམོད་མོ་མནན་སྲེག་འཕང་བའི་སྦྱོར་བ་ལ་སོགས་པས་ལུས་ངག་ཡིད་གསུམ་བཅིང་བ་རྣམ་པ་ལྔས་བཅིངས་པ་ཐམས་ཅད་རྣམ་པ་སྦྲུལ་རིགས་ལྔའི་ཞགས་པས་བཅིངས་ཏེ་གཡོ་འགུལ་མི་ནུས་པར་བསྡམས་པ་ལ། སློབ་དཔོན་རིག་པའི་ལྷ་མོ་གཙུག་ཏོར་གདུགས་དཀར་མོ་ཅུང་ཟད་ཁྲོས་པའི་ཉམས་ཅན་དུ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་ཕུར་རྦོད་གཏོང་རིག་སྔགས་ཀྱི་སྦྱོར་བ་ངན་པ་ཐམས་ཅད་སྐད་ཅིག་གིས་བཀུག་སྟེ་ཚོན་སྐུད་ལ་ཐིམ་པར་མོས་ཤིག །ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ ཁྱད་པར་རིག་པའི་རྒྱལ་མོ་གཙུག་ཏོར་གདུག་དཀར་མོ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བསྲུང་བྱ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེའི་བྱད་ཕུར་རྦོད་གཏོང་ཆག་ཆེ་ཉམ་ང་རིག་སྔགས་དམོད་པའི་སྦྱོར་བ་ངན་པ་ཅི་མཆིས་པ་ཐམས་ཅད་ཚོན་སྐུད་སྣ་ལྔའི་བཅིང་བ་འདི་ལ་ཁུག་ནས་ཐིམ་པར་གྱུར་ཅིག །སྒྲུབ་སྔགས་ཤམ་དུ། བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷནྜེ་ཧོ། ལན་གསུམ་གྱིས་བཀུག །གྲི་མེ་དང་ཆུར་གཤུར་པ་ཐོགས་ལ། གཙུག་ཏོར་གདུགས་དཀར་མོའི་རིག་པ་དང་ཕྱག་རྒྱའི་མཐུ་དང་། སངས་རྒྱས་སྲས་དང་བཅས་པའི་བྱིན་རླབས་ནུས་སྟོབས་གཅིག་ཏུ་བསྡུས་པ་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་བྱ་བྱེད་དང་བཅས་པ་ལ། ཕས་རྒོལ་བྱད་མའི་རིག་སྔགས་དམོད་པ་རྫས་དང་འཕྲུལ་འཁོར་ལ་སོགས་པས་བྱད་དུ་བཅུག་པའི་འཆིང་བ་ཐམས་ཅད་ལྷག་མ་མེད་པར་དུམ་བུར་བཅད་ཅིང་གཏུབས་པས་ལུས་ངག་ཡིད་གསུམ་བདེ་འབོལ་གྱིས་སོང་བར་སྒོམས་ཤིག །ཧཱུྃ༔ ཡེ་ཤེས་རལ་གྲི་མེ་འབར་བ༔ ཕྱིར་ཟློག་ཆེན་མོའི་རིག་སྔགས་དང༔ སངས་རྒྱས་ཀུན་གྱི་ནུས་སྟོབས་རྫོགས༔ ཕྲིན་ལས་རྩལ་ཤུགས་འཆང་བ་དང༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྩ་གསུམ་སྲུང་མའི་བྱིན་རླབས་སྟོབས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུས༔ ཕས་རྒོལ་རིག་སྔགས་བྱད་སྟེམས་དང༔ རྫས་དང་འཕྲུལ་འཁོར་དམོད་པའི་དབལ༔ ལྷ་ཀླུ་གནོད་སྦྱིན་ཤ་ཟའི་གདོན༔ སྡེ་བརྒྱད་གདུག་པའི་ཚོགས་རྣམས་ཀྱིས༔ ལྷ་ཡི་ཕྱག་རྒྱས་ལུས་བཅིངས་པའི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ སྔགས་ཀྱི་ནུས་པས་ངག་བཅིངས་པའི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ ཏིང་འཛིན་སྦྱོར་བས་ཡིད་བཅིངས་པའི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ དམོད་པས་བྱ་བ་བཅིངས་པ་ཡི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ རྫས་ཀྱིས་བྱེད་པ་བཅིངས་པ་ཡི༔ འཆིང་བ་ཐམས་ཅད་གཅད་པར་བགྱི༔ སྒྲུབ་སྔགས་ཀྱི་མཐར། སརྦ་བནྡྷ་ཀ་ཀོ་དྷ་བྷིནྡྷ་བྷིནྡྷ་ཙྪིནྡྷ་ཙྪིནྡྷ་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བཟླ་བཞིན་པས་བྱད་ཐག་ཚོན་སྐུད་དུམ་བུ་མང་དུ་བཅད། དེ་ནས་མེ་ཧོམ་སྦར་ལ། སྟོང་པའི་ངང་ལས་ཡེ་ཤེས་ཀྱི༔ མེ་ཕུང་དྲག་ཏུ་འབར་བའི་ཀློང༔ པདྨ་ཟླ་བའི་གདན་གྱི་སྟེང༔ གཙུག་ཏོར་ཆེན་མོ་སྐུ་མདོག་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ སྐྱབས་སྦྱིན་ཕྱག་རྒྱས་གདུགས་དཀར་སྒྲེང༔ རྔམས་བརྗིད་ཁྲོས་པའི་ཆས་ལྡན་གསལ༔ ཡེ་ཤེས་ཉི་ཟླའི་འོད་ཟེར་གྱིས༔ བྱད་ཕུར་རྦོད་གཏོང་འཇིགས་པ་འཕྲོག༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ༔ རྒྱས་པར་སྤྲོ་ན་ལས་བྱང་ལྟར་སྤྱན་འདྲེན་བཞུགས་གསོལ་དབང་བསྐུར་རྒྱས་གདབ་མཆོད་བསྟོད་བཅས་བྱ། བསྡུ་ན་གོང་གི་འཕྲོས་སུ། དབང་ལྷས་དབང་བསྐུར་རིགས་ཀྱི་བདག༔ རྣམ་པར་སྣང་མཛད་དབུར་བརྒྱན་གྱུར༔ ཅེས་པ་ཙམ་གྱི་འཕྲོས་སུ་བསྲེག་རྫས་དང་བྱད་ཐག་དུམ་བུར་གཏུབས་པ་རྣམས་བསྲེས་ཏེ་རིམ་བཞིན་ཕུལ་ལ། ཧཱུྃ་ འབར་བ་མེ་ཡི་དཀྱིལ་འཁོར་དུ༔ རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་ཆེ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས༔ བྱིན་བརླབས་དབང་བསྐུར་ནུས་སྟོབས་རྫོགས༔ ཕས་རྒོལ་རིག་སྔགས་ཚར་གཅོད་པའི༔ ཐུགས་རྗེ་ཐུགས་དམ་དུས་ལ་བབས༔ ཡེ་ཤེས་རྔམས་པའི་མཐུ་རྩལ་སྐྱེད༔ བྱད་མ་རྦོད་གཏོང་འབྱུང་པོ་ཡིས༔ བསྒྲུབ་བྱའི་སྒོ་གསུམ་བྱ་བྱེད་ལ༔ བཅིངས་པ་རྣམ་ལྔའི་འཆིང་བ་ཀུན༔ རྗེས་ཤུལ་ལྷག་མ་མེད་པར་བཞེས༔ རྡོ་རྗེ་ཡེ་ཤེས་མེ་ཡིས་སྲེགས༔ སྟོབས་རྩལ་ཕྲིན་ལས་ཡོངས་རྫོགས་མཛོད༔ སྒྲུབ་སྔགས་ཀྱི་ཤམ་དུ། སརྦ་བནྡྷ་ཀ་ཀོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ན་ཧ་ན་ད་ཧ་ད་ཧ་ཛྭ་ལ་རཾ་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་པའི་སྔགས་རེ་དང་རྫས་རེ་སྤྲད་ལ་ལན་གྲངས་ཅི་མང་བསྲེག །དེ་ལྟར་ཕུལ་པས་བྱད་ཕུར་རྦོད་གཏོང་གི་གནོད་པ་དང་དེ་ལས་གྱུར་པའི་ནད་གདོན་བར་ཆད་ཐམས་ཅད་རྗེས་ཤུལ་ལྷག་མེད་དུ་བསྲེགས་པར་གྱུར། ཅེས་མོས། བཛྲ་མུ། མེ་ལྷ་ཡེ་ཤེས་པ་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རབ་ཏུ་འབར་བའི་མེ་ལྕེ་དང་འོད་ཟེར་རྣོན་པོས། ཁྱེད་རང་རྣམས་ལ་ཉེ་བར་འཚེ་བའི་བྱད་ཕུར་རྦོད་གཏོང་ལ་སོགས་པའི་བག་ཆགས་ཕྲ་མོ་རྣམས་ཀྱང་སྦྱངས་པར་བྱས་པའི་མོས་པས་མེ་ཐབ་ཀྱི་ཁར་ལན་བདུན་འགོམ་མཛོད། ཅེས་ལན་བདུན་མེ་ཐབ་ཁར་མཆོངས་སུ་གཞུག །དེ་ནས་རྣམ་རྒྱལ་བུམ་པའི་ཆུས་བཀྲུ་བྱབ་གོང་སྨྲོས་ལྟར་ཚར་གྲངས་སྐབས་བསྟུན་བྱ། གླུད་གཏོར་ཆངས་བུ་ཁྲུས་ཆུ་རྣམས་ལྷན་ཅིག་ཏུ་བྲན་ལ། ཨ་ཀཱ་རོའི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། གཏོར་མ་ཁྲུས་ཆུ་རྣམས་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བགེགས་རིགས་ལན་ཆགས་ཐམས་ཅད་ཚིམ་པར་བྱེད་པའི་ནུས་ལྡན་དུ་གྱུར་པར་མོས། སརྦ་བིགྷྣཱན་ཨཱ་ཀར་ཥ་ཡ་ཛཿ ཅེས་མགྲོན་འགུགས། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཥེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་བསྔོ། བདེན་སྟོབས་བཀའ་བསྒོ་དེ་ཡི་ནང་ལྟར་ལ། ཐམས་ཅད་ལན་ཆགས་གླུད་ཀྱི་གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་སོགས་བརྗོད་ལ་ཕྱིར་བསྐྲད། གླུད་གཏོར་ཁྲུས་ཆུ་རྒྱང་རིང་དུ་བསྐྱལ། དེ་ནས་སྲུང་བ་བྱས་ལ། བདེན་སྟོབས་བརྗོད་པ་ནི། ནམ་མཁའ་མེད་པར་གྱུར་ན་ཡང༔ སྔགས་ཀྱི་དངོས་གྲུབ་མེད་མི་སྲིད༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་བ་མི་སྲིད་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ བྱད་ཕུར་དམོད་པའི་སྦྱོར་བ་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ ཞེས་དང་། ཤིས་བརྗོད་རྒྱས་པར་སྤེལ། འདི་ཉིད་སྒེར་དུ་བྱེད་སྐབས། བདག་བསྐྱེད་ལ་དམིགས་པའི་མཆོད་བསྟོད་ནས་བཀྲ་ཤིས་ཀྱི་བར་རྗེས་ཆོག་ལས་བྱང་ལྟར་བྱའོ།། ༈ །།བཞི་པ་རྨ་བྱ་ཆེན་མོའི་ལས་སྦྱོར་གསུམ་དུ་གསུངས་པའི་ཐོག་མར་འཆི་བསླུ་ནི། གཤམ་དུ་བྱབ་ཁྲུས་སྦྲེལ་སྐབས་དེའི་ཆས་བུམ་པ་སོགས་བཀོད། བདག་བསྐྱེད་བུམ་སྒྲུབ་གོང་དུ་བཤད་པ་ལྟར་བྱ་དགོས་ལ། འཆི་བསླུ་རྐྱང་པ་བྱེད་སྐབས་བདག་བསྐྱེད་ཁོ་ན་ལ་བརྟེན་ཀྱང་ཆོག་མོད། ཅུང་ཟད་རྒྱས་པར་སྤྲོ་ན་མདུན་བསྐྱེད་དང་འབྲེལ་ན་ལེགས་པས་དེ་ལྟར་ན། གཞི་སྟེང་མཎྜལ་ལ་འབྲུའི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར། མདུན་དུ་འབུལ་གཏོར་དཀར་ཟླུམ། ཕྱི་མཆོད་ཕྲེང་ཚར་དུ་བཀོད། འཆི་བསླུའི་ཆས་ངར་གླུད། ཆངས་བུ་ལོ་གྲངས་སམ་བརྒྱ་རྩ་སོགས་ཚར་གང་བྱེད་ཀྱི་གྲངས། འབྲུ་སྣ་སོགས་གླུད་ཆས་སྤྱི་ལྟར་ཅི་འཛོམ་འདུ་བྱ། དེ་ནས་ལས་བྱང་གི་བརྒྱུད་འདེབས་ནས་བརྩམ། བདག་བསྐྱེད་བཟླས་པའི་བར་གཏང་། སླར་མདུན་བསྐྱེད་ལ་དམིགས་པའི་ཕྲིན་ལས་མངོན་རྟོགས་ནས་བརྩམ་མཆོད་བསྟོད་ཡན་གྲུབ་པ་དང་སྒྲུབ་པའི་བཟླས་པ་ཅི་ནུས། མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱང་ཉེར་གཅིག་ལས་མི་ཉུང་བ་བཟླ། མཐར་གཏོར་འབུལ་མཆོད་བསྟོད་ཚེ་འགུགས། སྲུང་མའི་གཏོར་འབུལ་སྐབས་བསྟུན་གྲུབ་ནས། གླུད་ཡས་བྱིན་གྱིས་བརླབ་པ་ནི། ཆབ་བྲན་ལ། ཐལ་མོ་ཁོང་སྟོང་སྙིང་གར་བཞག་ལ། ཤཱཀ་ཐུབ་ཐུགས་ཀར་ཟླ་སྟེང་ཨ་དཀར་པོའི། །འོད་ཀྱིས་དངོས་འཛིན་ཉེས་སྐྱོན་སྟོང་པར་སྦྱངས། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅་ཧཾ། ལན་གསུམ་ལ་ཕྱག་རྒྱ་རེ་རེ་བཀྲོལ་ནས་སེ་གོལ་གཏོག་པ་འགྲེ །བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །སྟོང་གསུམ་ཙམ་གྱི་ནང་དུ་ཁཾ་ཡིག་ལས། །ངར་གྱི་མི་ཆེན་ཕུང་ཁམས་སྐྱེ་མཆེད་རྫོགས། །གཅིག་ལས་བརྒྱ་སྟོང་བྱེ་བ་དུང་ཕྱུར་འཕྲོ། །མི་བས་གླུད་བཟང་ལྷ་ཡི་བུ་ཕོ་འདྲ། །ལན་ཆགས་བགེགས་རིགས་སོ་སོའི་ཡིད་མཐུན་པའི། །མཁོ་རྒུའི་ལོངས་སྤྱོད་འབྱོར་པ་བསམ་མི་ཁྱབ། །རིན་ཆེན་སྒྲོམ་བུའི་རྒྱ་དཔྲལ་བར་བསྐོར་ལ། རྣམ་སྣང་ཕྱག་རྒྱའི་ཨོཾ་དཀར་འོད་ཟེར་གྱིས། །ཟད་མེད་ནམ་མཁའི་མཛོད་ཀྱི་སྤྲིན་དུ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་ཐབ་སྦྱོར་ཕྱག་རྒྱ་ཁའི་ཐད་དུ་བསྐོར་ལ། བདུད་རྩི་འཁྱིལ་པའི་ཧྲཱིཿདམར་འོད་ཟེར་གྱིས། །དུག་ལྔའི་ནད་འཇོམས་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱ་སྙིང་གར་བཅས་ལ། རིན་འབྱུང་ཕྱག་རྒྱའི་ཏྲཱཾ་སེར་འོད་ཟེར་གྱིས། །འདོད་ཡོན་རྣམ་ལྔའི་འོད་དང་ཆར་འབེབ་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡེ་ཤེས་སྐར་མདའི་ཕྱག་རྒྱ་བྱས་ལ། དོན་གྲུབ་ཕྱག་རྒྱའི་ཧཱ་ལྗང་འོད་ཟེར་གྱིས། །འཐབ་རྩོད་ཕམ་རྒྱལ་མེད་པར་ཐོབ་པར་གྱུར། །ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་སྤྱི་བོར་བསྐོར་ལ། ཕྱག་ན་རྡོ་རྗེའི་ཛཿདམར་འོད་ཟེར་གྱིས། །མགྲོན་རྣམས་བདག་གི་དབང་འདུས་ལས་སྒྲུབ་གྱུར། །ན་མཿས་མནྟ་བུདྡྷ་ནཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ལན་གསུམ་གསུམ་མོ། །སྤྲོ་ན། བདག་གི་བསམ་པའི་སོགས་བདེན་སྟོབས་ཁ་སྒྱུར་ཅན་བརྗོད། མདུན་དུ་བགེགས་ཆེན་སྡེ་བཞི་ལ། །འཆི་བདག་འབྱུང་པོ་ཕྱོགས་བཅུའི་གདོན། །ཤ་ཟ་ཡི་དྭགས་རྒྱལ་བསེན་སོགས། །ཚེ་རབས་འཁོར་བ་ཐོག་མེད་ནས། །ཚེ་སྲོག་བར་དུ་གཅོད་བྱེད་པའི། །ལན་ཆགས་གླུད་ཀྱི་བདག་པོ་རྣམས། །དཔག་མེད་ཁྲོམ་ཚོགས་བཞིན་དུ་གསལ། །ཅེས་མགྲོན་གསལ་བཏབ་ནས་བསྔོ་བ་ལ་འཇུག་ཀྱང་ཆོག །སྤྱི་མཐུན་ལྟར་ཅུང་ཟད་སྤྲོ་ན། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་བྱེད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ནམ་མཁའ་སྟོང་པ་འགུགས་བྱེད་ན། །གཟུགས་ཅན་རྣམས་ལ་སྨྲོས་ཅི་དགོས། །སེམས་མེད་པ་ཡང་འགུགས་བྱེད་ན། །སེམས་དང་ལྡན་པ་སྨྲོས་ཅི་དགོས། །འདི་རུ་གནོད་བྱེད་དགུག་ཏུ་གསོལ། །ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ༴ ལྷ་སྔགས་ཏིང་འཛིན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་བསྲུང་བྱའི་ཚེ་སྲོག་ལ་བར་དུ་གཅོད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོ། ཞེས་ལན་གསུམ་གྱིས་བགེགས་འགུགས། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་མམ་བདུན་གྱིས་བསྔོས་ལ། ཧཱུྃ༔ ང་ནི་རིག་པའི་རྒྱལ་མོ་སྟེ༔ འཁོར་འདས་ཐམས་ཅད་བསྐྱེད་ཅིང་སྤྲུལ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན༔ ཚེ་ལ་རྐུ་བའི་འབྱུང་པོ་དང༔ སྲོག་ལ་རྔམས་པའི་འཆི་བདག་བདུད༔ བླ་ལ་གདུང་བའི་ཕྱོགས་བཅུའི་གདོན༔ དཔལ་ལ་ཆགས་པའི་ཡི་དྭགས་དང༔ མ་མོ་ཐེའུ་བྲང་ལ་སོགས་པ༔ དུས་མིན་འཆི་བྱེད་བར་ཆད་ཀུན༔ མི་ལས་དགའ་བའི་གླུད་གཏོར་ཁྱེར༔ ནོར་ལས་ལྷག་པའི་འདོད་ཡོན་ལོངས༔ ལན་ཆགས་བུ་ལོན་བྱང་བར་གྱིས༔ དགའ་ཞིང་བྱམས་པའི་སེམས་སྐྱེད་ལ༔ ཕྱིན་ཆད་འཁོར་འདིར་གནོད་མ་བྱེད༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ ཅེས་ལོ་གྲངས་སམ་བརྒྱ་རྩ་ལ་སོགས་གྲངས་དུ་དགོས་གསག །མཐར། ཧཱུྃ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ཚེ་དང་སྲོག་ལ་བར་གཅོད་ཀུན༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདས་ན་རྡུལ་བཞིན་བརླག་པར་འགྱུར༔ ཅེས་དང་། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཀའ༴ ལྷ་སྔགས་ཏིང་འཛིན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བསྲུང་བྱའི་ཚེ་སྲོག་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་བསྔོས་པའི་གླུད་གཏོར་གྱིས་ཚིམས་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་དེངས་ཤིག །ཅེས་དང་དྲག་སྔགས་རོལ་མོ་སོགས་ཀྱིས་བསྐྲད། གླུད་གཏོར་ཆུ་བོ་ཆེན་པོའི་གཞུང་ངམ་ལྷོ་ཕྱོགས་ཀྱི་གྲོང་ཟད་པའི་མཐར་བསྐྱལ། ལས་བྱང་ལྟར། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་སོགས་བརྗོད་ལ་སྲུང་འཁོར་བརྟན་པོར་བསྒོམ། བསྲུང་བྱ་མདུན་དུ་འཁོད་པའམ་དམིགས་པས་ཁྱབ་པར་བྱས་ལ་ཚེ་འགུགས་གྱེར། སྒྲུབ་སྔགས་བརྗོད་ལ་ཚེ་རིལ་ཆང་སྦྱིན་ཞིང་རྒྱས་གདབ། ཤིས་བརྗོད་བྱ། དེ་ནས་རྗེས་ཆོག་ལས་བྱང་ལྟར་ཚང་བར་གཏང་ངོ་། །འདིའི་སྒོ་ནས་བཀྲུ་བྱབ་བྱེད་ན། གོང་དུ་སྨྲོས་པའི་ཆོ་ག་ལྟར་ལ། གླུད་གཏོར་ཆངས་བུ་རྣམས་ཀྱང་ཉེ་བར་བསྡོགས། བཀྲུ་བྱབ་གཉིས་སོང་བའི་གླུད་དང་ཆངས་བུ་ཁྲུས་ཆུ་རྣམས་སྔགས་དྲུག་ཕྱག་དྲུག་ཚིགས་གཅད་བོར་བའི་སྔགས་རྒྱ་ཙམ་གྱིས་བྱིན་བརླབ། བདེན་སྟོབས་ཀྱིས་མགྲོན་འགུགས། བསྔོ་བ་ཚིགས་གཅད་ཚར་གཅིག་གམ་གསུམ་ཙམ་གྱིས་མཐར་བདེན་བརྗོད་བཅས་ཕྱིར་བསྐྲད། སྲུང་བ་དང་ཤིས་བརྗོད་བྱ། འདིའི་དབང་གི་མཐའ་རྟེན་དུ་བཀྲུ་བྱབ་འཆི་བསླུ་སྦྲེལ་བའི་སྐབས་ལའང་འདི་ལྟར་བྱ་དགོས་སོ། །ཡང་འདི་ལ་བསྟེན་ནས་སྦྱིན་སྲེག་བྱེད་ན། ཐབ་དང་བུད་ཤིང་བསྲེག་རྫས། ཆོ་ག་སྤྱིའི་ལག་ལེན་གོང་དུ་ལས་སྤྱིར་བཤད་པ་ཉིད་ལྷ་སྔགས་ཁ་བསྒྱུར་བ་ཙམ་གྱིས་འགྲུབ་ལ། དགང་བླུག་ཕྲིན་བཅོལ་སྐབས། རང་དོན་ཡིན་ན། རྣལ་འབྱོར་པ་བདག་གི་དང་། གཞན་ཡིན་ན། བསྲུང་བྱའམ། སྦྱིན་པའི་བདག་པོའི་་་ཞེས་ཁ་བསྒྱུར་ལ།ཚེ་སྲོག་ལ་བར་དུ་གཅོད་པའི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཅེས་སྦྱར། བསྲེག་རྫས་མར་ཁུ། ཡམས་ཤིང་། ཏིལ་རྣམས་ལ། ཨོཾ་ཨགྣེ་དེ་བ་མ་ཧཱ་མཱ་ཡཱུ་རི་སརྦ་མྲྀ་ཏཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྔགས་ཁོ་ནས་བརྒྱ་རྩ་སོགས་འབུལ་ཞིང་ཕྲིན་བཅོལ་ཡང་བཤད་མ་ཐག་པའི་གཤམ། འཇིགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཏགས་པ་དང་། དམིགས་པའི་སྐབས། འོད་ཟེར་ཟླ་ཤེལ་བདུད་རྩིའི་རང་བཞིན་གྱིས་དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་མུན་པ་ལ་ཉི་མ་ཤར་བ་བཞིན་སངས་ཀྱིས་བསལ་བར་མོས་པ་རྣམས་ཁྱད་པར་རོ། །ཟུག་རྔུས་ཉེན་པའི་ལུས་ཅན་མཐའ་ཡས་པ། །འདི་དང་གཏན་ཏུ་བདེ་བ་སྦྱིན་པའི་མཐུ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡོམས་ཅི་འདྲ་བ། །དེ་འདྲར་གྱུར་ནས་ཀུན་ཕན་བཙས་སུ་ཤོག །ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་༧ཀུན་མཁྱེན་བླ་མ་རིན་པོ་ཆེའི་གསུང་གིས་རྗེས་སུ་གནང་བ་ལྟར། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། །སྐོང་བཤགས་དངོས་གྲུབ་ཐིག་ལེ་ (Volume 11, Text 62)
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། །སྐོང་བཤགས་དངོས་གྲུབ་ཐིག་ལེ་བཞུགས་སོ། །ན་མོ་གུ་རུ་པདྨ་སཏྭ་ཡ། ཟབ་ལམ་སྙིང་པོའི་རྣལ་འབྱོར་པས། །སྒྲིབ་སྦྱོང་ཉམས་ཆག་བསྐང་འདོད་ན། ཁྱད་པར་ཅན་གྱི་དུས་བཟང་པོར། །གནས་རྟེན་བྱིན་རླབས་ཅན་གྱི་དྲུང་། །ཕྱི་ནང་གསང་བའི་མཆོད་རྫས་དང་། ཁྱད་པར་ཐབས་ཤེས་ཚོགས་འཁོར་ལོ། །ཇི་ལྟར་འབྱོར་པ་འདུ་བྱས་ལ། །ཕྲིན་ལས་རྩ་བའི་གཞུང་བཞིན་བཏང་། །བྱིན་རླབས་ཏིང་འཛིན་གསལ་འདེབས་ནི། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་རྣམ་དག་པདྨས་ཁེབས་པའི་ཞིང་། །ཡེ་ཤེས་རང་སྣང་གཞལ་མེད་ཁང་པའི་དབུས། །འཇའ་ཟེར་འོད་ལྔའི་དྭངས་མ་ལས་བྱུང་བ། །རྡོ་རྗེའི་མཆོད་སྤྲིན་ནམ་མཁའ་མཛོད་དུ་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། དད་མོས་གདུང་བའི་ཤུགས་བསྐྱེད་ལ། །སྤོས་དུད་རོལ་མོ་དབྱངས་སྙན་བཅས། །ཧཱུྃ་ཧྲཱིཿ མཐའ་དབུས་བྲལ་བ་ཆོས་དབྱིངས་འོད་གསལ་ལས། །བདེ་ཆེན་ཡེ་ཤེས་རིག་པའི་རྩལ་ཤར་བ། །དག་པའི་ཞིང་ཁམས་པདྨས་ཁེབས་པ་ནས། །སྙིང་རྗེའི་དབང་ཕྱུག་པདྨའི་མྱུ་གུ་སོགས། །སྐུ་གསུམ་རིགས་འདུས་རྒྱལ་བའི་དཀྱིལ་འཁོར་པ། །ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་རྩ་གསུམ་བཅས། །རྣལ་འབྱོར་དད་དང་མོས་པའི་གདུང་ཤུགས་ཀྱིས། །གསོལ་འདེབས་ཐུགས་དམ་གཉན་པོའི་རྒྱུད་བསྐུལ་ན། །གློགས་ལྟར་མྱུར་བའི་ཐུགས་རྗེས་འདིར་གཤེགས་ལ། །འགྲོ་འདུལ་གར་གྱི་རོལ་པས་བརྟན་པར་བཞུགས། །རྒྱལ་བ་སྲས་བཅས་ཐུགས་དམ་སྐོང་བའི་རྫས། །དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་སྤྲིན། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་གང་བ་ཡིས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །གླིང་བཞི་རི་རབ་ལྷ་མིའི་འབྱོར་པའི་ཕུལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །འཕགས་པའི་ནོར་གྱི་རང་བཞིན་རྒྱལ་སྲིད་བདུན། །ཚོགས་བརྒྱད་རྣམ་དག་བཀྲ་ཤིས་རྫས་རྟགས་བརྒྱད། །དབང་ཡུལ་རང་གྲོལ་འདོད་ཡོན་རྣམ་པ་ལྔས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །དུག་ལྔ་རང་དག་དྲག་པོའི་ཉེར་སྤྱོད་ལྔ། །དུས་གསུམ་རྩད་གཅོད་སྨན་རཀ་བ་ལིཾ་ཏ། །རྡོ་རྗེའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །ཐབས་ཤེས་ཟུང་འཇུག་དགའ་བཞིའི་དབྱིངས་སུ་སྦྱོར། །གཟུང་འཛིན་འཁྲུལ་རྟོག་རིག་པའི་ཀློང་དུ་བསྒྲལ། །སྣང་སྲིད་ཚོགས་ཀྱི་འཁོར་ལོར་བྱིན་བརླབས་པས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །རྩོལ་མེད་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྐྱེད། །བཅོས་མིན་མོས་གུས་དྲག་པོའི་གདུང་ཤུགས་སྦར། །དག་སྣང་ཡེ་ཤེས་འཁོར་ལོར་འབྱམས་ཀླས་པས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །ཀ་དག་ལྟ་བ་སྤྲིན་བྲལ་ནམ་མཁའ་ལ། །ལྷུན་གྲུབ་སྒོམ་པ་འོད་གསལ་ཉི་ཟླས་བརྒྱན། །ཤུགས་འབྱུང་ཐོགས་མེད་སྤྱོད་པའི་བརྟུལ་ཞུགས་ཀྱིས། །རིགས་འདུས་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །བདག་གཞན་དུས་གསུམ་བསགས་པའི་དགེ་རྩ་དང་། །སྒོ་གསུམ་ལོངས་སྤྱོད་ཅི་མཆིས་བློས་བླངས་ཏེ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤེལ་པ་ཡིས། །ངོ་བོ་ཆོས་སྐུ་པདྨ་ཀུན་ཏུ་འཆང་། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །རང་བཞིན་ལོངས་སྐུ་མགོན་པོ་པདྨའི་སྤྱན། །རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཐུགས་རྗེས་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ། །གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཀུན་འདུས་སེམས་དཔའ་པདྨའི་མྱུ་གུ་མཆོག །ལས་འཕྲོ་གཏེར་བརྒྱུད་བླ་མའི་ཐུགས་དམ་བསྐང་། །དུས་གསུམ་རྩ་བརྒྱུད་རིག་འཛིན་བླ་མ་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་དམ་བསྐང་། །ཐེག་པ་རིམ་དགུའི་དཀྱིལ་འཁོར་ལྷ་ཚོགས་དང་། །གནས་ཡུལ་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་། །རྒྱུད་གསུམ་དམ་ཅན་བཀའ་ཉན་ལས་བྱེད་དང་། །གནས་བདག་གཏེར་སྲུང་འཁོར་བཅས་ཐུགས་དམ་བསྐང་། །རིགས་འདུས་སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱི། །ཐུགས་དམ་བདེ་ཆེན་ཆོས་དབྱིངས་ཀློང་དུ་བསྐང་། །ཉམས་ཆག་འགལ་འཁྲུལ་བྱང་ཞིང་སོར་ཆུད་དེ། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཧོཿ རྩ་གསུམ་ཀུན་འདུས་བླ་མའི་ལྷ་ཚོགས་རྣམས། །དམིགས་མེད་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །བདག་སོགས་ཐོག་མེད་དུས་ནས་ད་ལྟའི་བར། །མ་རིག་དབང་གྱུར་གཟུང་འཛིན་འཁྲུལ་པ་ཡིས། །ལུས་ངག་ཡིད་ཀྱིས་སྡིག་སྒྲིབ་དཔག་མེད་བསགས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ལས་འགལ། ཁྱད་པར་དཔལ་ལྡན་བླ་མའི་གསང་གསུམ་ལ། །མ་གུས་ལོག་ལྟ་བག་མེད་གཞན་དབང་གིས། །ནོངས་པ་གང་བགྱིས་སྙིང་ནས་འགྱོད་བཤགས་ན། །རང་གྲོལ་ཡེ་ཤེས་ཀློང་དུ་བཟོད་བཞེས་ལ། །བག་ཆགས་འཁྲུལ་སྣང་ཀ་དག་ཀློང་དུ་གྲོལ། །སྲིད་པའི་ས་བོན་གདོད་མའི་གཞི་ལ་ཟད། །འཁོར་འདས་གཉིས་མེད་དག་པ་རབ་འབྱམས་ངང་། །ཚངས་པ་མཆོག་གི་དངོས་གྲུབ་བསྩལ་ནས་ཀྱང་། །ཚེ་རབས་ཀུན་ཏུ་མི་འབྲལ་རྗེས་བཟུང་སྟེ། །སྐུ་དང་ཞིང་ཁམས་ཡོན་ཏན་ཕྲིན་ལས་རྫོགས། །རྗེ་བཙུན་ཁྱེད་དང་མཚུངས་པར་མཛད་དུ་གསོལ། །ཅེས་དང་ཡི་གེ་བརྒྱ་པ་བརྗོད། །ཚུལ་འདི་ཁྱབ་བདག་ཐམས་ཅད་མཁྱེན། །ཆོས་ཀྱི་བདག་པོའི་བཀས་གནང་ཞིང་། །གནས་མདོ་གཅོད་བླ་སྤྲུལ་པའི་སྐུ །དཔལ་ཁྱིམ་སྔགས་འཆང་ཨོ་རྒྱན་སོགས། །དོན་གཉེར་རྣམས་ཀྱི་བཞེད་སྐོང་སླད། །རིག་འཛིན་ཟུང་གི་བྱིན་ཐོབ་པ། །དགེ་སྦྱོང་བློ་གྲོས་མཐའ་ཡས་ཀྱིས། །ཙ་འདྲ་ཡེ་ཤེས་འཁོར་ལོ་རུ། །བགྱིས་འདིས་དོན་གཉིས་ལྷུན་གྲུབ་ཤོག །དགེ་ལེགས་འཕེལ།། །།
གུ་རུ་དྲག་ཏུ་ཁྲོས་པའི་ཡང་ཟབ་གསང་བའི་དབང་བསྐུར་ཕྱག་ལེན་དབང་བཤད་ཀྱིས་བརྒྱན་པ་ཀུན་ཕན་གཅིག་ཆོག་ (Volume 13, Text 62)
༄༅། །གུ་རུ་དྲག་ཏུ་ཁྲོས་པའི་ཡང་ཟབ་གསང་བའི་དབང་བསྐུར་ཕྱག་ལེན་དབང་བཤད་ཀྱིས་བརྒྱན་པ་ཀུན་ཕན་གཅིག་ཆོག་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་མ་ཧཱ་ཀྲོ་དྷཱ་ཡ། དུག་ལྔའི་རང་མདངས་དལ་ཡམས་དུ་རུཥྐ། །ཕྱིར་ཞིང་འཕེལ་ལ་གཉེན་པོས་ཕྱག་རྒྱའི་སྟོབས། །དེ་མཚུངས་དྲག་ཏུ་ཁྲོས་པ་སྙིགས་མའི་མགོན། །ཡེ་ཤེས་རོལ་པ་རྡོ་རྗེ་ཁྲོ་བོར་འདུད། །བསྐྱེད་བཟླས་ལན་ཚྭའི་ཟས་བཞིན་འགྲིམ། །སྨིན་གྲོལ་གདམས་ཟབ་ཉིན་མོའི་སྐར། །དེ་མེད་གསང་སྔགས་ལོག་སྒྲུབ་ཕྱིར། །ཀུན་ལ་ཉེར་མཁོའི་སྨན་འདི་འོ། །དྲག་པོ་ཆེན་པོའི་ཡང་ཟབ་གསང་བའི་དབང་བསྐུར་རྡོ་རྗེ་ཕྲེང་བས་སྣོད་ལྡན་རྗེས་སུ་བཟུང་བར་སྐབས་སུ་བབས་པ་ན། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། དབེན་པའི་གནས་སུ་སྟེགས་གཙང་མར་དྲག་པོའི་དཀྱིལ་འཁོར་རས་བྲིས་གཞུང་མཐུན་ཡོད་ན་བཀྲམ། ཡང་ན་གཞུང་གསལ་ལྟར་མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་དང་བཅས་པས་ཀྱང་འཐུས་ལ། གང་ལྟར་དེ་སྟེང་ཁྲིའུའི་ཁར་རིན་པོ་ཆེའི་བུམ་པར་ཆུ་མིག་ཤར་ལྟའི་ཆུ་ལ་རྫས་རྒོད་བཏབ་པས་བཀང་ཞིང་མགུལ་ཆིངས་ནག་པོ་ཁ་རྒྱན་གཟུངས་ཐག་བཏགས་པ་བཞག །གཡས་སུ་རཀྴའམ་ཐོད་ཕྲེང་། གཡོན་དུ་གནམ་ལྕགས་རྡོ་རྗེ། རྒྱབ་ཏུ་དྲག་པོའི་གཏོར་མ་རྒྱན་ལྡན་དཔེའུ་རིས་ལྟར་རམ་སྤྱི་མཐུན་དར་གདུགས་བཅས་པ། མདུན་དུ་ལྷ་ཙཀ་བརྒྱད་པོ་སོ་སོར་ཡོད་ན་དང་། ཐོད་སྐམ་དབུ་རྒྱན། སྦྲུལ་ཆུན། མགོ་ཕྲེང་། རུས་རྒྱན། གླང་ཀོ །ཞིང་གཡང་། སྟག་ལྤགས། རྡོ་རྗེ། ཐོད་ཁྲག །ཁ་ཊྭཱཾ། ལྕགས་སྡིག་རྣམས་ཀྱི་ཙཀླི་སོ་སོར་བྲིས་པ་བཞག །དེ་མདུན་སྨན་རཀ་གཏོར་གསུམ། དྲག་པོའི་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སློབ་མ་ཐུན་མོང་མ་ཡིན་པ་ལ་སྲུང་མའི་བཀའ་གཏད་སྦྱིན་ན། ལྕགས་སྣོད་དུ་དམར་གཏོར་ཟུར་གསུམ་ཆེ་བ་གཅིག་ལ་འཁོར་བརྒྱད་ཀྱིས་བསྐོར་བ་དང་། ཟངས་སྣོད་དུ་དཀར་གཏོར། སྨན་ལེབ་བུ་ཁུར་ཟུར་གསུམ་སྦྲུལ་དཀྲིས་གསུམ་བཞག་པ། དེ་དག་ལ་འཛོམ་ན་སོ་སོའི་སྐུ་ཙཀ་ཀྱང་བཙུགས་ལ་རྒྱབ་ངོས་དབང་གཏོར་གྱི་གཡས་གཡོན་དུ་བཞག །ལས་བུམ། སྔོན་གཏོར། ཚོགས་རྫས་སོགས་ཕྲིན་ལས་ལ་མཁོ་བའི་གཏོར་མཆོད་ལ་སོགས་པ་འདུ་བྱའོ། །དངོས་གཞིའི་དང་པོ་དབང་དོན་བསྙེན་ཅིང་སྒྲུབ་པ་ནི། བརྒྱུད་འདེབས། དཀར་གཏོར་གསེར་སྐྱེམས་ཕུལ་བ་རྒྱལ་འདུས་ལྟར་སོང་ནས། ལས་བྱང་གི་སྐྱབས་འགྲོ །ཟུར་གསལ་འབྱུང་གཏོར་བཏང་ཞིང་། བཀའ་བསྒོ །མཚམས་བཅད། སྲུང་འཁོར་བསྒོམ། ཡན་ལག་བདུན་པ། བྱིན་འབེབ་རྗེས། མཆོད་པ་བྱིན་རླབས་རྒྱལ་འདུས་ལྟར་བྱ། དེ་ནས་གཞུང་ལས་དང་པོ་བདག་བསྐྱེད་ལྟར་སྒྲུབ་པ། གཉིས་པ་བུམ་པ་ལྟར་སྒྲུབ་པ། གསུམ་པ་གཏོར་མཆོད་ལ་བརྟེན་ནས་སྒྲུབ་པར་གསུངས་པའི་དང་པོ་རང་དོན་བསྙེན་པ། གཉིས་པ་གཞན་དོན་དབང་དང་སྒྲུབ་རྫས། གསུམ་པ་རྐྱེན་སེལ་གཏོར་ཟློག་ལ་གཙོ་བོར་དགོངས་ཤིང་བདག་བསྐྱེད་དེ་ཀུན་ལ་མེད་ཐབས་མེད་པས་འདིར་མངོན་རྟོགས་ཚར་གཅིག་གིས་བདག་མདུན་བུམ་པ་གསུམ་ཀ་ངོ་བོ་སེམས་ཉིད་ཡེ་ཤེས་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་དུ་གསལ་བཏབ་ནས་མངོན་རྟོགས་ནས་བསྟོད་བཤགས་ཀྱི་བར་བཏང་། བཟླས་པའི་སྐབས་བདག་མདུན་བུམ་གསུམ་སོ་སོར་དམིགས་པའི་འཕྲོ་འདུ་གསལ་བཏབ་ལ་གཙོ་སྔགས་ཅི་འགྲུབ། འཁོར་སྔགས་དེའི་བཅུ་ཆ་ཙམ། དྲག་སྔགས་དང་ཤམ་བུ་རྣམས་ཚར་གསུམ་རེ་ཙམ་སྐབས་བསྟུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གིས་ཁ་བསྐངས་ལ་མཆོད་བསྟོད་ཕུལ་ལས། བུམ་དུ་རྟ་མགྲིན་བསྐྱེད་བཟླས་སྤྱི་འགྲོ་བྱ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་འབུལ་དང་། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་བར་རྒྱལ་འདུས་དང་ཁྲོ་རོལ་གང་རུང་ལྟར་བྱ། འགྲུབ་ན་ཚོགས་བར་པའི་དབུར་སྐོང་བཤགས་ཀྱང་སྦྱར། འདི་ཉིད་ཀྱི་སྒྲུབ་ཐབས་བདག་བསྐྱེད་ཤམ་དུ་འབྱུང་བའི་དབང་བླང་ཞིང་བུམ་གཏོར་གནས་ལྔར་བཞག་སྟེ་བདག་ཉིད་ནུས་ལྡན་དུ་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱ། ལས་བྱང་ལྟར་འབྱུང་གཏོར་བཏང་ཞིང་བགེགས་བསྐྲད་མཚམས་གཅོད་བྱ། སྲུང་འཁོར་རྒྱས་བསྡུས་གང་རུང་བསྒོམ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་སྤྱི་འགྲོའི་རྗེས་ཁྱད་པར། དེའང་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་རྣམས་སུ་རྒྱལ་བ་གཞན་གྱི་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་པའི་གདུལ་བྱ་མ་དུལ་བ་འདུལ་བ་ལ་སངས་རྒྱས་ཀུན་ལས་ལྷག་པའི་ཕྲིན་ལས་མངའ་བ་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་གྱིས་གདོང་དམར་སྲིན་པོའི་གླིང་འདིར་རྗེ་འབངས་སྐལ་ལྡན་རྣམས་ལ་དུས་སྐབས་དང་མཐུན་པའི་གདམས་ངག་ཟབ་མོ་མཐའ་ཡས་པ་བསྩལ་ཅིང་ཕལ་ཆེར་ཟབ་མོའི་གཏེར་དུ་སྦས་པ་ལས། རྩོད་པའི་དུས་མཐར་མི་ཐུབ་ལྔ་ཤིན་ཏུ་བདོ་བས་སྣོད་བཅུད་ཀྱི་དཔལ་འབྱོར་རྒུད། མ་མོ་མཁའ་འགྲོ་འཁྲུགས་པའི་ཁ་རླངས་ནད་ཀྱི་དུ་རུཥྐ་གཉན་རྒོད་རྒྱུག་འགྱེལ་ནག་པོ་ཡམས་ཐབས་སུ་འགོ་བ་དང་། ལྷ་སྲིན་སྡེ་བརྒྱད་འཁྲུགས་པས་རྒྱ་ནད་རྒྱུ་གཟེར་ཕོག་འགྱེལ་གནམ་བབས་སུ་འབྱུང་བ་དང་། རྒྱལ་བསེན་དམ་སྲི་དར་བས་སྨྱོ་འབོག་བརྒྱལ་ཐབས་མང་པོས་མི་ཕྱེད་གྲི་རུ་འགུམ་ཞིང་སྲུང་ཟློག་གཞན་གྱི་ནུས་པ་རྡུགས་པའི་སྐབས་སུ། བློ་བདེ་གཅིག་ཆོག་གི་ལྷ་སྔགས། ཟབ་ཅིང་གཉན་ལ་བྱིན་རླབས་ནུས་རྩལ་དང་ལྡན་པ། སྲུང་ཟློག་བསད་གསུམ་གྱི་མཐར་ཐུག་པ་འདི་ཉིད་ནེ་རིང་སེང་གེ་རྫོང་དུ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ་གནང་། དེ་ཉིད་ཀྱིས་གདམས་པའི་རྩ་བ་ཙམ་བལ་ཡུལ་དུ་སྦས་པ་རྒྱ་གར་གྱི་གཏེར་སྟོན་བཛྲ་མ་ཏིས་སྤྱན་དྲངས། ཁྱད་པར་འཕགས་པའི་གདམས་སྐོར་ཁ་ཚང་འདི་ཉིད་གཡུ་ཤོག་ལ་མཁའ་འགྲོ་གསང་བའི་ཡི་གེར་བཏབ། བླ་མ་རྒྱལ་བ་ཀུན་འདུས་ཀྱི་ཐེམ་མེད་གསང་བའི་ཆོས་སྡེར་བཞག་ནས་མདོ་ཁམས་ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ཡ་གྱལ་ཞི་བས་འདུལ་མཛད་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་མདུན་ཞོལ་འགྱུར་མེད་གཏན་འཁྱིལ་གཡུ་མཚོར་སྦས། ཆིག་ཤུར་མ་ནིང་ནག་པོ་དང་མ་གཟའ་དམ་གསུམ་སོགས་ནང་གི་བཀའ་སྲུང་རྣམས་ལ་གཉེར་གཏད། དགེ་བསྙེན་རྡོ་རྗེ་རྒྱལ་མཚན། མཚོ་སྨན་ནོར་བུ་འོད་ལྡན། ཀླུ་བདུད་ཁ་ལ་རཀྴ་གསུམ་ལ་བྱ་ར་བཅོལ་ནས་རྒྱས་བཏབ་པ། སུམ་ཅུ་ཁ་རལ་གཉན་རྒོད་པརྦ་ཏའི་ནད་ཀྱིས་མི་ཕྱུགས་ཕྱགས་མས་འདེད་པ་སོགས་དུས་ཀྱི་རྟགས་མངོན་དུ་གྱུར་པ་ན། གྲུབ་ཆེན་རྡོ་རྗེ་ཧཱུྃ་མཛད་ཀྱིས་བྱིན་གྱིས་བརླབས་ཤིང་འཁོན་སྟོན་ཀླུའི་དབང་པོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་དུ་ཤར་བའི་ནང་ཚན་ཡེ་ཤེས་ཐུགས་ཀྱི་སྒྱུ་འཕྲུལ་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་ཞེས་མཚན་ཡོངས་སུ་གྲགས་པ། གཏེར་ཆེན་བསམ་གཏན་གླིང་པ་དང་ཨོ་རྒྱན་ཆོས་རྗེ་གླིང་པ་ཟུང་གིས་ལུང་ཟིན་རྒྱལ་ཚབ་ཀྱི་སྐྱེས་བུར་མངའ་གསོལ་ཞིང་། ཁྱད་པར་ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་ཀྱི་གསང་ལུང་ལས། མདོ་ཁམས་ཟུར་ཅེས་བྱ་བའི་ས་ཕྱོགས་ནས༔ དྲག་ཆོས་བཀའ་བབས་ལ་ལི་ཏ་བཛྲ༔ བར་ཁམས་གློ་བུར་སྡུག་བསྔལ་འཇིགས་ལས་སྐྱོབ༔ ཅེས་གསུངས་པ་ལྟར་ཚད་མས་གྲུབ་པ་དེ་ཉིད་ཀྱིས། ཆུ་རྟ་ཧོར་ཟླ་ལྔ་པའི་ཚེས་བཅུར་མཆོག་དམན་ཁྲོམ་ཚོགས་སུམ་བརྒྱ་བརྒལ་བའི་དབུས་སུ་འཇའ་འོད་མེ་ཏོག་གི་ཆར་དང་དྲི་བཟང་རོལ་མོ་མཁའ་འགྲོའི་དར་ལམ་གྱིས་མཚོན་པར་ངོ་མཚར་བའི་རྫུ་འཕྲུལ་ཆེན་པོས་རྒྱམ་རྒྱལ་གཡུ་མཚོ་ཆེན་མོར་དངོས་སུ་ཕེབས་པའི་ཚེ། ཕྱིའི་གཏེར་སྲུང་གསུམ་པོས་ཀླུའི་རྡོ་ལས་གྲུབ་པའི་གཏེར་སྒྲོམ་ཨོ་རྒྱན་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དང་། ཟངས་མདོག་དཔལ་རིའི་དབྱིབས་ཅན་སོགས་བདུན་ཕུལ་བ་སྤྱན་དྲངས་པ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་ཁྱད་པར་འཕགས་པ་ལྔ་བྱོན་པ་ལས་གསུང་གི་རྟེན་རྒྱུད་གསང་བ་ཡེ་ཤེས་སྙིང་པོ་ལ་བརྟེན་པའི་བླ་མ་རྒྱལ་བ་ཀུན་འདུས་ཞི་རྒྱས་དབང་དང་དྲག་པོར་སྒྲུབ་པ་སོགས་གདམས་སྐོར་མཐའ་ཡས་པ་བྱོན་ཀྱང་ཕལ་ཆེར་འབྱུང་འགྱུར་ལ་དགོངས་ནས་འདབ་གཏེར་དུ་བཞུགས་པར་མཛད་ཅིང་། ཕྱོགས་ཙམ་གཏན་ལ་ཕབ་པའི་ནང་ནས་བླ་མ་དྲག་པོར་སྒྲུབ་པ་ལ་དམར་ནག་གཉིས་ལས། འདིར་ནི། ལུང་བྱང་གསལ་མེ་ལས། ཡི་དམ་གུ་རུ་དྲག་ཁྲོས་སྒྲུབ་ཐབས་ནི༔ ནད་རིམས་དལ་ཡམས་འདུལ་བའི་གཉེན་པོ་ཡིན༔ ཞེས་འབྱུང་བ་ལྟར་སྙིགས་དུས་འགྲོ་བའི་སྲོག་སྐྱོབ་གཅིག་པུ་པར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྨིན་བྱེད་རྩ་བའི་དབང་བསྐུར་རྡོ་རྗེ་ཕྲེང་བ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོ༔ ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ ཆེ་མཆོག་གུ་རུ་དྲག་པོའི་ལྷ་ཚོགས་དང༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ སྐལ་ལྡན་སྨིན་གྲོལ་དབང་གི་དངོས་གྲུབ་སྩོལ༔ ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཆེ་མཆོག་གུ་རུ་དྲག་པོར་ཁྲོས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། ཡན་ལག་བདུན་གྱི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། ཧཱུྃ༔ གུ་རུ་དྲག་ཁྲོས་ལྷ་ཚོགས་གཤེགས་སུ་གསོལ༔ སོགས་ལས་བྱང་ལྟར་བྱ། ཁྱད་པར་དུ་ཐོག་མ་མེད་པ་ནས་སྒོ་གསུམ་ལ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་རྒྱུན་ཅི་མཆིས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བྱའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི༔ མ་རིག་འཁྲུལ་པའི་ལས་དབང་ཅི་མཆིས་པ༔ མཐོལ་ལོ་བཤགས་སོ་དངོས་གྲུབ་རྣམ་གཉིས་སྩོལ༔ ལན་གསུམ། གདོན་བགེགས་འབྱུང་པོ་མ་རུངས་པ་རྣམས་ཀྱིས་གཙོར་བྱས་ཕ་མ་སེམས་ཅན་ཐམས་ཅད་ཆེ་མཆོག་གུ་རུ་དྲག་པོའི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ། དྲག་པོ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་ལམ་རྒྱུད་ལ་བསྟེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས༔ ཧོ༔ བླ་མེད་དྲག་པོ་འཇིགས་བྱེད་དཀྱིལ་འཁོར་དུ༔ སྐལ་ལྡན་བདག་གིས་འགྲོ་བ་མ་ལུས་ཀུན༔ མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ་བར་བགྱི༔ རྒྱལ་ཆེན་བྱང་ཆུབ་མཆོག་ཐོབ་སེམས་བསྐྱེད་དོ༔ ལན་གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས། ཁྱེད་རང་སྒོ་གསུམ་གྱི་གནད་གཅུན། སེམས་གཞན་དུ་མ་ཡེངས་པར་དམིགས་པའི་རིམ་པ་འདི་རྣམས་རྩེ་གཅིག་ཏུ་སྒོམས་མཛོད། ཧཱུྃ་ཧཱུྃ་ཧཱུྃ༔ སྟོང་གསལ་མ་འགག་ཆོས་དབྱིངས་ཕོ་བྲང་དབུས༔ པདྨ་ཉི་ཟླ་བམ་རོ་བསྣོལ་བའི་ཁྲིར༔ སློབ་མའི་ངོ་བོ་པདྨ་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་མེ་འོད་འབར༔ གཡས་པས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ཕྱར༔ གཡོན་པས་ཐོད་པ་ཁྲག་བཀང་གདེངས་ཐབས་འཛིན༔ སྡིགས་མཛུབ་རྩེ་ལ་ལྕགས་ཀྱི་སྡིག་པ་འགྱེད༔ སྤུ་གྲི་མཚོན་ཆ་འབར་བའི་གཤོག་པ་གདེངས༔ ཁྲོ་ཚུལ་ཉི་ཤུ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཧཱུྃ་དང་ཕཊ་སྒྲ་དྲག་པོས་སྲིད་གསུམ་གཡོ༔ གྱད་ཀྱི་འདོར་སྟབས་ཕག་རྒོད་སྟེང་ན་འགྱིང༔ རང་འདྲའི་སྤྲུལ་པས་སྣང་སྲིད་འཁོར་འདས་ཁེངས༔ དེ་ལྟར་གསལ་བའི་རྩ་གསུམ་སྦུ་གུ་ནི༔ དཀར་མཐིང་དམར་བའི་ནང་དུ་མེ་ཕུང་འབར༔ དེ་དབུས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང༔ རྡོ་རྗེ་སྡིགས་མཛུབ་མཛད་ཅིང་ཁྲོ་གཏུམ་རྔམ༔ གཡས་སུ་འཇམ་དཔལ་ནག་པོ་རལ་གྲི་དང༔ གསུང་རབ་གླེགས་བམ་བསྣམས་ཤིང་དཔའ་བརྗིད་ཚུལ༔ གཡོན་དུ་རྟ་མགྲིན་དམར་ནག་ཐོད་དབྱུག་དང༔ ལྕགས་སྒྲོག་བསྣམས་ཤིང་ཁྲོ་ཚུལ་རྟ་ཞལ་འཚེར༔ ཀུན་གྱི་སྤྱི་བོར་བྱ་ཁྱུང་དམར་མཐིང་དཀར༔ དྲག་པོའི་མཆུ་སྡེར་རྔམ་ཞིང་ཀླུ་རིགས་ཟ༔ མཚོན་ཆ་མེ་དཔུང་འབར་བའི་གཤོག་པ་གདེངས༔ ཁྱུང་སྐད་ཏོང་ཏོང་སྒྲོག་ཞིང་རི་རབ་བསྙིལ༔ ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཁྲོཾ༔ རང་རང་སྙིང་པོས་བསྐོར་ཞིང་རང་སྒྲ་སྒྲོག༔ ལོག་འདྲེན་དགྲ་བགེགས་འཇོམས་པའི་ཚུལ་དུ་གནས༔ དྲག་པོའི་ཕྲག་པ་གཡས་སུ་རྡོ་རྗེ་ཁྱུང༔ སྐུ་མདོག་དཀར་པོ་གནམ་ལྕགས་མཆུ་སྡེར་རྔམ༔ ཕྲག་པ་གཡོན་དུ་རཏྣ་ག་རུ་ཌ༔ སྐུ་མདོག་སེར་པོ་གནམ་ལྕགས་མཆུ་སྡེར་རྔམ༔ གྲུ་མོ་གཡས་སུ་པདྨ་ག་རུ་ཌ༔ སྐུ་མདོག་དམར་ནག་གནམ་ལྕགས་མཆུ་སྡེར་རྔམ༔ གྲུ་མོ་གཡོན་དུ་ཀརྨ་ག་རུ་ཌ༔ སྐུ་མདོག་ལྗང་ནག་གནམ་ལྕགས་མཆུ་སྡེར་རྔམ༔ ཀུན་ཀྱང་མཚོན་ཆ་འབར་བའི་གཤོག་པ་གདེངས༔ ཉི་ཟླ་ནོར་བུས་དབུ་བརྒྱན་ཁྱུང་སྐད་སྒྲོག༔ རི་རབ་བསྙིལ་ཞིང་ཀླུ་རིགས་ཟས་སུ་ཟ༔ སྣང་སྲིད་ཟིལ་གྱིས་གནོན་པའི་ཚུལ་དུ་གནས༔ རང་རང་ཐུགས་ཀའི་ས་བོན་འོད་ཟེར་དང༔ སློབ་དཔོན་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ གུ་རུ་དྲག་ཁྲོས་རིགས་གསུམ་ཁྱུང་གི་ཚོགས༔ ཐམས་ཅད་མ་ལུས་སྤྱན་དྲངས་ནམ་མཁའ་གང༔ སློབ་མའི་སྤྱི་བོར་ཉི་ཟེར་རྡུལ་འཁྲུགས་པ༔ མཚོ་ལ་ཆར་བབས་ལྟ་བུར་སིབ་སིབ་ཐིམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་འདྲེས་པར་གྱུར༔ འབེབ་པའི་རྫས་སམ་གུ་གུལ་བསྲེག་རོལ་མོ་དྲག་ཏུ་འཁྲོལ་ལ་ལས་བྱང་གི་བྱིན་འབེབ་ཤོ་ལོ་ཀའི་མཐར། ཨོཾ་ཤྲཱི་མ་ཧཱ་གུ་རུ་པདྨ་ཀྲོ་དྷ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཧྱ་གྲཱི་ཝ་ཁྲོཾ་ག་རུ་ཌ་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཨཱབེ་ཤ་ཡ་ཨ་ཨཱ༔ ཞེས་བྱིན་འབེབ་པའི་དམིགས་པ་དྲག་ཏུ་གཏད། ཡེ་ཤེས་པའི་རྒྱུན་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་ཧཱུྃ་ཧཱུྃ༔ དེ་རྣམས་ཀྱིས་དབང་གི་སྔོན་དུ་འགྲོ་བ་འཇུག་པའི་ཆོས་རྣམས་གྲུབ་པ་ཡིན། དེ་ནས་དབང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་རིམ་པར་འབྱུང་བའི་དང་པོ་སྐུ་བུམ་པའི་དབང་ལ་འདུན་པ་འདི་ལྟར་དུ་མཛོད། རྣམ་རྒྱལ་བུམ་པའི་ནང་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་ཆེ་མཆོག་གུ་རུ་དྲག་ཏུ་ཁྲོས་པའི་ལྷ་ཚོགས་མངོན་སུམ་བཞུགས་པའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་སྤྱི་བོ་ནས་ཞུགས་ལུས་ཀྱི་ཉེས་སྐྱོན་སྦྱོང་ཞིང་ལེགས་པའི་ཡོན་ཏན་སྤེལ་བ་སོགས་གཞུང་ཚིག་དང་མཐུན་པའི་དོན་གསལ་ཐོབ་ཅིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་བུམ་པ་དྲག་པོའི་གཞལ་ཡས་ཁང༔ ནང་དུ་ཁྲོ་རྒྱལ་འབར་བའི་ལྷ་ཚོགས་བཞུགས༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་སྤྱི་བོར་བཞག༔ ལུས་ཀྱི་འགལ་རྐྱེན་བར་ཆད་མ་ལུས་ཞི༔ བུམ་པའི་དབང་ཐོབ་བསྐྱེད་རིམ་ལྷ་བསྒོམས་ནས༔ དྲག་པོའི་ལྷ་ཚོགས་སྐུ་ཡི་དངོས་གྲུབ་ཐོབ༔ ཁྲོ་གཏུམ་རྔམ་བརྗིད་འབར་བའི་གཟུགས་སུ་གྱུར༔ དྲག་པོ་སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག༔ ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀྲོ་དྷ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཧྱ་གྲཱི་ཝ་ཁྲོཾ་ག་རུ་ཎ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་འཐོར་འཐུང་བྱ། གཉིས་པ་གསུང་སྔགས་ཕྲེང་གི་དབང་ལ་དམིགས་པ་འདི་བཞིན་མཛོད། བླ་མ་དང་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་སྔགས་ཕྲེང་རང་སྒྲ་སྒྲོག་ཅིང་མེ་འོད་འཕྲོ་བ་བྱུང་། ཞལ་ནས་ཞུགས། ཁྱེད་རང་དྲག་པོར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའ་སྨུག་ནག་རྡོ་རྗེ་ཐོད་ཁྲག་འཛིན་པ། དེའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་གཡས་སྐོར་དུ་འཁོར་བས། ངག་གི་ཉེས་སྐྱོན་སྦྱོང་ཞིང་སོགས་གོང་ལྟར་བརྗོད། ཕྲེང་བ་མགྲིན་པར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཕྲེང་བ་རྣམ་དག་དྲག་པོའི་སྔགས་ཀྱི་རྒྱུན༔ རང་སྒྲ་སྒྲོག་ཅིང་མེ་ཡི་འོད་ཟེར་འཕྲོ༔ སྐལ་ལྡན་སློབ་མ་ཁྱོད་ལ་བཟླས་ལུང་སྦྱིན༔ ངག་གི་འགལ་རྐྱེན་བར་ཆད་མ་ལུས་ཞི༔ གསང་བའི་དབང་ཐོབ་སྔགས་རིམ་ལམ་བསྒོམས་ནས༔ དྲག་པོའི་ལྷ་ཚོགས་གསུང་གི་དངོས་གྲུབ་ཐོབ༔ རྡོ་རྗེ་མེ་ཡི་དྲག་སྔགས་འབྲུག་ལྟར་ལྡིར༔ ཁྲོ་རྒྱལ་ལོངས་སྐུའི་ས་བོན་རྒྱུད་ལ་བཞག༔ ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀྲོ་དྷ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཧྱ་གྲཱི་བ་ཁྲོཾ་ག་རུ་ཎ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པ་ཡིན་པས་སྔར་སྨོས་པའི་དམིགས་པ་གསལ་ཐོབ་ལ་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཕྲེང་བ་སྦྲེལ་ལ་གཙོ་འཁོར་གྱི་སྔགས་ཚན་ལྔ་པོ་ལན་གསུམ་གསུམ་དང་། དོ་གལ་ཆེ་ན་དྲག་སྔགས་དང་ཤམ་བུ་རྣམས་ཀྱང་རྗེས་ཟློས་ལན་རེ་བྱར་གཞུག །དཀྱུས་ཙམ་ལ་མི་དགོས། གསུམ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། བདག་མདུན་གྱི་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་དགུ་པ་ལྟེ་བར་ཧཱུྃ་ཧྲཱིཿཁྲོཾ་ཡིག་གིས་མཚན་ཅིང་འོད་ཟེར་འབར་བ་འཕྲོས་ཏེ་ཁྱེད་རང་གི་སྙིང་གར་ཐིམ་པས། ཡིད་ཀྱི་ཉེས་སྐྱོན་སྦྱོང་ཞིང་སོགས་གོང་ལྟར། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ༔ གནམ་ལྕགས་རྡོ་རྗེ་དྲག་པོའི་ཡེ་ཤེས་ཐུགས༔ ལྟེ་བ་ཧཱུྃ་དང་ཧྲཱིཿཡིག་ཁྲོཾ་གྱིས་མཚན༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་སྙིང་ཁར་བཞག༔ སེམས་ཀྱི་འགལ་རྐྱེན་བར་ཆད་མ་ལུས་ཞི༔ ཤེས་རབ་དབང་ཐོབ་རྫོགས་རིམ་ལམ་བསྒོམས་པས༔ ཁྲོ་རྒྱལ་ལྷ་ཚོགས་ཐུགས་ཀྱི་དངོས་གྲུབ་ཐོབ༔ གཡོ་མེད་འཇིགས་མེད་མཐའ་དབུས་སྤྲོས་དང་བྲལ༔ དྲག་པོ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག༔ ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀྲོ་དྷ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཧྱ་གྲཱི་བ་ཁྲོཾ་ག་རུ་ཎ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་གཏོར་མའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། གཏོར་སྣོད་དབང་དྲག་རོལ་པའི་གཞལ་ཡས་ཁང་རབ་ཏུ་འབར་བའི་དབུས་སུ་གཏོར་མ་ཆེ་མཆོག་གུ་རུ་དྲག་ཏུ་ཁྲོས་པའི་ལྷ་ཚོགས་རྩ་གསུམ་སྲུང་མའི་འཁོར་དང་བཅས་ཏེ་མངོན་སུམ་བཞུགས་པའི་སྐུ་ལས་འོད་ཟེར་མེ་ཕུང་ཐིག་ལེ་ཁྲོ་ཆུང་མཚོན་ཆའི་ཚོགས་འཕྲོས་ཏེ། ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས། སྒོ་གསུམ་ཆ་མཉམ་གྱི་ཉེས་སྐྱོན་སྦྱོང་ཞིང་སོགས་གོང་ལྟར། དཔལ་གཏོར་གནས་ལྔར་བཞག་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཡོན་ཏན་ཀུན་འབྱུང་གཏོར་མའི་གཞལ་ཡས་སུ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཞུགས༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་གནས་ལྔར་བཞག༔ ལུས་ངག་ཡིད་གསུམ་འགལ་རྐྱེན་བར་ཆད་ཞི༔ བཞི་པ་ཐོབ་སྟེ་ཟུང་འཇུག་ལམ་བསྒོམས་པས༔ ཁྲོ་རྒྱལ་ལྷ་ཚོགས་ཡོན་ཏན་དངོས་གྲུབ་ཐོབ༔ ཕུང་ཁམས་སྐྱེ་མཆེད་དྲག་པོའི་ལྷ་རུ་གསལ༔ ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག༔ ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་གུ་རུ་ཀྲོ་དྷ་བཛྲ་པཱ་ཎི་ཡ་མ་རཱ་ཛ་ཧྱ་གྲཱི་བ་ཁྲོཾ་ག་རུ་ཎ་སརྦ་ཨ་བྷི་ཥིཉྩ་ཧྲཱི༔ ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་འབར་བ་ཆེན་པོ་ཡེ་ཤེས་ཀྱི་རང་གཟུགས་གཉིས་པ་འཕྲོས་ནས་ཁྱེད་རང་གི་སྐུ་ལུས་ནང་གི་རྩ་གསུམ། ཕྱི་རོལ་རྒྱན་ལྷ་སོ་སོར་ཐིམ་པར་མོས་ཤིག །གཙོ་བོ་ནས་བརྩམ། འདོན་ཆའི་ཚིག་བསྟུན་སྐུ་ཙཀ་སོ་སོས་དབང་བསྐུར། ཙཀླི་མེད་ན་གཏོར་མས་ཆོག་པ་གཞུང་དངོས་ལས་གསུངས་པ་ལྟར་བྱ་ལ། ཧཱུྃ་ཧཱུྃ་ཧཱུྃ༔ དལ་ཡམས་ཟློག་མཛད་གུ་རུ་དྲག་ཁྲོས་སྐུ༔ མཐིང་ནག་འབར་བ་རྡོ་རྗེ་ཐོད་ཁྲག་འཛིན༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ནད་རིམས་གདོན་བགེགས་མ་ལུས་འདུལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཨར་ཙིག་ནིར་ཙིག་ན་མོ་བྷ་ག་བ་ཏེ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་མཆོག་འདུས་པའི་ལྷ༔ སྐུ་མདོག་མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ གཡོ་མེད་ཐུགས་ཀྱི་གོ་ཆ་ཐོབ་པར་ཤོག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་རྒྱལ་བའི་སྐུ་མཆོག་འདུས་པའི་ལྷ༔ བུང་བའི་མདོག་ཅན་རལ་གྲི་པུསྟི་འཛིན༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ སྐུ་མཆོག་འགྱུར་མེད་གོ་ཆ་ཐོབ་པར་ཤོག༔ ཨོཾ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ས་དོ་མེ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དུས་གསུམ་རྒྱལ་བའི་གསུང་མཆོག་འདུས་པའི་ལྷ༔ སྐུ་མདོག་དམར་ནག་ཐོད་དབྱུག་ལྕགས་སྒྲོག་འཛིན༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ གསུང་མཆོག་འགག་མེད་གོ་ཆ་ཐོབ་པར་ཤོག༔ ཨོཾ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏུམ་ཆེན་སྤྲུལ་པ་ཁྱུང་ནག་བསེ་མིག་ཅན༔ མེ་གཤོག་རྡེབ་ཅིང་ཀླུ་རིགས་ཟས་སུ་ཟ༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ དྲེགས་པ་སྡེ་བརྒྱད་བྲན་དུ་ཁོལ་བར་ཤོག༔ ཨོཾ་པཀྵི་ཌ་མ་རུ་ཁྲོཾ་ག་རུ་ཌ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཇམ་དཔལ་སྤྲུལ་པ་ཁྱུང་དམར་ཁྲོ་ཆུའི་སྤྱན༔སྤུ་གྲིའི་གཤོག་རྡེབ་ཀླུ་རིགས་ཟས་སུ་ཟ༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ གདུག་པ་གཟའ་གཉན་དྲག་པོས་འདུལ་བར་ཤོག༔ ཨོཾ་བཛྲ་བྷ་ཏི་ག་རུ་ཌ་ཀ་ཁྲོཾ་རཱ་ཛ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྟ་མགྲིན་སྤྲུལ་པ་ཁྱུང་དཀར་གསེར་མིག་ཅན༔ རལ་གྲིའི་གཤོག་པ་རྡེབ་ཅིང་ཀླུ་རིགས་ཟས་སུ་ཟ༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ས་བདག་ཀླུ་སྲིན་དྲག་པོས་འདུལ་བར་ཤོག༔ ཁྲོཾ་ག་རུ་ཌ་ས་ཧེ་ཙ་ལེ་ཙ་ལེ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དྲག་པོའི་སྤྲུལ་པ་ཁྱུང་ཆེན་རིགས་བཞི་ནི༔ དཀར་སེར་དམར་ལྗང་གནམ་ལྕགས་མཆུ་སྡེར་ཅན༔ སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་རོ༔ གནོད་བྱེད་ལོག་འདྲེན་དྲག་པོས་འདུལ་བར་ཤོག༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ག་རུ་ཌ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཆས་དབང་སྦྱིན་པ་ལ་འདུན་པ་འདི་ལྟར་མཛོད། ཁྱེད་རང་གུ་རུ་དྲག་ཏུ་ཁྲོས་པར་གསལ་བའི་སྐུ་ལ་དུར་ཁྲོད་ཀྱི་ཆས་རྣམས་བགོས་ཤིང་། ཕྱག་མཚན་དཔའ་བོའི་རྟགས་ཀྱིས་མངའ་གསོལ་བས་འཁོར་འདས་ཀྱི་ཞིང་ན་འགྲན་གྱི་ཟླ་དང་བྲལ་བའི་ཆེ་བཙན་དབང་ཕྱུག་ཆེན་པོར་གྱུར་པར་མོས་མཛོད། དུར་ཁྲོད་ཆས་སོ་སོ་འོག་གི་ཚིག་བསྟུན་གནས་སུ་བཞག་པ་དང་ལག་ཏུ་གཏད་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ཐོད་སྐམ་འདི་ནི་དྲག་པོའི་དབུ་རྒྱན་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་དབུ་ལ་གསོལ༔ ཉོན་མོངས་དུག་ལྔ་རྩད་ནས་གཅོད་པ་དང༔ རིགས་ལྔའི་ལས་ཀྱི་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྦྲུལ་ཆུན་འདི་ནི་དྲག་པོའི་མགུལ་རྒྱན་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ལ་རྔམ་པར་གསོལ༔ ཞེ་སྡང་ཅན་གྱི་གདུག་པ་འདུལ་བ་དང༔ དུག་ལྔ་རང་གྲོལ་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐོད་ཕྲེང་འདི་ནི་དྲག་པོའི་དོ་ཤལ་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ལ་བརྗིད་པར་གསོལ༔ འདུ་བྱེད་ལྔ་བཅུ་རྩ་གཅིག་ཟད་པ་དང༔ ཞེན་ཆགས་རྩད་གཅོད་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ རུས་རྒྱན་འདི་ནི་དྲག་པོའི་དུར་ཁྲོད་རྒྱན༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་སྐུ་ལ་གསོལ༔ ཕ་རོལ་ཕྱིན་དྲུག་ཡོན་ཏན་རབ་རྫོགས་ཤིང༔ རིགས་དྲུག་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀོ་རློན་འདི་ནི་དྲག་པོའི་སྟོད་གཡོགས་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་སྟོད་དུ་གསོལ༔ དྲེགས་པ་སྟོབས་ལྡན་ཟིལ་གྱིས་གནོན་པ་དང༔ སྟོབས་བཅུ་ལྷུན་རྫོགས་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞིང་ལྤགས་འདི་ནི་དྲག་པོའི་སྐེད་དཀྲིས་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་སྐེད་པར་གསོལ༔ འཁོར་བའི་འཁོར་ལོ་མཐའ་ནས་ཟད་པ་དང༔ སྐྱེ་འཆི་རྩད་གཅོད་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟག་ལྤགས་འདི་ནི་དྲག་པོའི་ཤམ་ཐབས་ཏེ༔ སྐལ་ལྡན་སློབ་མ་ཁྱོད་ལ་ཀླུབ་པར་གསོལ༔ ང་རྒྱལ་དྲེགས་པ་དབང་དུ་སྡུད་པ་དང༔ དཔའ་བོ་ཆེན་པོའི་འགྲོ་དོན་མཐར་ཕྱིན་ཤོག༔ ཕྱག་མཚན་བཞི་པོ་སྐུར་ཚིག་ལྟར་གཏད་ལ། ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་འདི་ནི་དྲག་པོའི་ཕྱག་མཚན་ཏེ༔ སློབ་མ་ཁྱོད་ཀྱི་ལག་པ་གཡས་སུ་སྦྱིན༔ ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས་ཡོངས་རྫོགས་ཤིང༔ ཐབས་མཆོག་ལྡན་པས་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐོད་ཁྲག་འདི་ནི་དྲག་པོའི་ཕྱག་ཆ་སྟེ༔ སློབ་མ་ཁྱོད་ཀྱི་ལག་པ་གཡོན་དུ་སྦྱིན༔ ནད་རིམས་དལ་ཡམས་མ་ལུས་འཇོམས་པ་དང༔ ཤེས་རབ་མཐར་ཕྱིན་འགྲོ་བའི་དོན་བྱེད་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁ་ཊྭཱཾ་འདི་ནི་དུག་གསུམ་གཅོད་པའི་རྫས༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་ལག་ཏུ་གཏད༔ སྲིད་གསུམ་གདུག་པ་ཟིལ་གྱིས་ནོན་པ་དང༔ སྐུ་གསུམ་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ༔ སྡིག་པ་འདི་ནི་གནོད་བྱེད་ཟ་བའི་ལྷ༔ སྐལ་ལྡན་སློབ་མ་ཁྱོད་ཀྱི་ལག་ཏུ་གཏད༔ རྒྱལ་བསེན་དམ་སྲི་ཨར་ལ་གཏད་པ་དང༔ སྡེ་བརྒྱད་འདུལ་ཞིང་འགྲོ་དོན་མཐར་ཕྱིན་ཤོག༔ སྤྲོ་ན་དབང་དེ་དག་སོ་སོའི་མཚམས་སུ་ཤིས་པ་བརྗོད། བསྡུ་ན་འདིར་ངེས་པར་ཤིས་བརྗོད་བྱ། དབང་འདིའི་ཁོངས་སུ་གཞུང་གི་གཏོར་དབང་ཡང་རྫོགས་པར་འདོད་ན། མཚམས་སྦྱོར་སྤྱི་འགྲེ་དང་། བདག་གིས་ལུས་སོགས་ལ། སློབ་མའི་ལུས་སོགས་ཁ་སྒྱུར་ཤེས་པར་བྱས་ལ་ལས་བྱང་གཤམ་དུ་འབྱུང་བའི་བདག་དབང་ལེན་པ་ཉིད་འདིར་བླངས་ལ་གཏོར་དབང་བསྐུར། ཟུར་དུ་སྤྲོ་ན་གཏེར་སྟོན་ཉིད་ཀྱིས་མཛད་པའི་མཚམས་སྦྱོར་ལྟར་བྱའོ། །ཐུན་མོང་མ་ཡིན་པའི་བརྒྱུད་འཛིན་ལ་ཆོས་སྐྱོང་བཀའ་གཏད་དགོས་ན་སྐབས་འདིར་བྱ་སྟེ། ཁྱེད་རང་ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས་གཅིག་ཏུ་འདུས་པ་ཆེ་མཆོག་གུ་རུ་དྲག་ཏུ་ཁྲོས་པ་དངོས་སུ་གསལ་བའི་ང་རྒྱལ་དང་ལྡན་པ་ལ། སློབ་དཔོན་གྱིས་ནང་གི་ཆོས་སྲུང་དང་། ཕྱིའི་གཏེར་སྲུང་རྣམས་ཐ་ཚིག་གཉན་པོས་གནད་ནས་བསྐུལ་ཏེ་བཀའ་བསྒོས་པས། གུས་པས་ཞལ་གྱིས་བཞེས་ཏེ་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་འགྲོགས་ཤིང་ཅི་ལྟར་བཅོལ་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་གྱུར་པའི་མོས་འདུན་མཛོད་ཅིག །དམར་གཏོར་གཙོ་འཁོར་དགུ་པ་མདུན་དུ་བཞག །རོལ་མོ་དྲག་ཏུ་འཁྲོལ། ཧཱུྃ་བྷྱོ༔ བྱང་ཤར་ཐོད་མཁར་འབར་བའི་ཀློང་དཀྱིལ་ནས༔ ཀུན་ཏུ་བཟང་པོའི་ཆོ་འཕྲུལ་སྟོབས་ཀྱི་བདག༔ གསང་བའི་ཁྲོ་རྒྱལ་དབྱར་གྱི་ཆར་སྤྲིན་མདོག༔ དར་ནག་བེར་གསོལ་རུ་མཚོན་སྙིང་ཞགས་འཆང༔ སྦྲུལ་ནག་རལ་པས་སྟོང་ཁམས་མུན་ལྟར་གཏིབས༔ སྐད་ཅིག་མྱུར་བ་ཉིད་དུ་འདིར་གཤེགས་ཤིག༔ ཆེ་མཆོག་དཔལ་དང་པདྨ་འབྱུང་གནས་བཀའ༔ ཁས་བླངས་དམ་བཅས་ཇི་བཞིན་དྲན་མཛོད་ལ༔ གཏོར་མ་འདི་བཞེས་སློབ་མ་འདི་ཉིད་དང༔ ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་འགྲོགས༔ དགྲ་བགེགས་བརླག་ཅིང་འགལ་རྐྱེན་བར་ཆད་སོལ༔ དེ་ལྟར་མ་བྱས་ཆོས་སྐྱོང་དམ་ཚིག་ཉམས༔ སྐལ་ལྡན་འདི་ཡིས་ཅི་བཅོལ་ལས་གྱིས་ལ༔ གང་བསམ་སྒྲུབས་ཤིག་རྟགས་དང་མཚན་མ་སྟོན༔ རྡོ་རྗེ་གསང་བའི་དམ་ཚིག་མ་འདའ་བར༔ ཆོས་སྐྱོང་སྲུང་མ་འདི་ལ་འགོ་བར་མཛོད༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ༔ ས་མ་ཡ་གྲྀཧྞ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་བྷྱོ༔ སྲོག་བདུད་ནག་པོ་ཉི་ཟླ་ཐོད་ཕྲེང་མ༔ སྨུག་ནག་འོད་འཕྲོ་སྐྱེས་བུ་བཙན་རྒོད་འབར༔ དྲེགས་པ་སྡེ་བརྒྱད་འཁོར་བཅས་མ་ལུས་ཀུན༔ སྐད་ཅིག་མྱུར་བ་ཉིད་དུ་འདིར་གཤེགས་ཤིག༔ གཏོར་མ་འདི་བཞེས་སློབ་མ་འདི་ཉིད་དང༔ ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་འགྲོགས༔ ཅི་བཅོལ་གྱིས་ལ་འགལ་རྐྱེན་བར་ཆད་སོལ༔ དམ་བཅའ་དྲན་མཛོད་སྐུ་དགྲ་ཆམ་ལ་ཕོབ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་རུ་ཏྲ་ཧཱུྃ་བྷྱོ༔ ཤྲཱི་ཡ་མ་ཧཱ་ཀཱ་ལི་དེ་བཱི་བྷྱོ་ཧཱུྃ༔ རཀྵ་རཱ་ཧུ་ལ་ཧྲི་ཤག་རུ་རཾ་བཛྲ་སཱ་དྷུ་ས་མ་ཡ་ཏྲི་ཤཱུ་ལ་ཛ༔ མ་ཧཱ་དེ་བ་ཤཱུ་ལ་ཀྲིཏ་ཡ་མ་རཱ་ཛ་སུ་མ་ཏྲི་རཱ་ཙ་ཨེ་ཀ་ཙ་ཏི་ཀཱ་ལ་ཡཀྴ་རུ་ཏྲ་དུ་ན་ནཱ་ག་རཱ་ཙ་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ༔ ཞེས་བརྗོད་ལ་གཏོར་མ་སློབ་མའི་ལག་ཏུ་གཏད། གཏེར་སྲུང་གསུམ་གྱི་གཏོར་མ་བླངས་ལ། ཀྱེ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཞག་པའི་དགེ་བསྙེན་ཆེ༔ ས་བརྒྱད་ནོན་པའི་སེམས་དཔའ་ནི༔ སྐུ་མདོག་དཀར་པོ་དུང་ལྟར་འཚེར༔ ཞལ་གཅིག་ཕྱག་གཉིས་དུང་ཁྲབ་གསོལ༔ དུང་གི་རྨོག་ཞུ་ཉི་ཟླའི་འཕྲུ༔ ཞི་འཛུམ་ཡིད་འོང་རྒྱན་དང་ལྡན༔ ཕྱི་ན་དར་དཀར་བེར་ཆེན་ལ༔ འཇའ་ཚོན་སྣ་ལྔའི་ཆ་ག་བཏགས༔ ཕྱག་གཡས་རྒྱལ་མཚན་ནམ་མཁར་ཕྱར༔ སངས་རྒྱས་བསྟན་པ་ཕྱོགས་བཅུར་སྤེལ༔ གཡོན་པས་བདུད་རྩི་བུམ་པ་བསྣམས༔ སྒྲུབ་པའི་བུ་ལ་དངོས་གྲུབ་སྩོལ༔ ཞབས་སུ་རྟ་དཀར་གཡུ་རྔོག་ཞོན༔ སྐད་ཅིག་ཡུད་ལ་སྟོང་གསུམ་བསྐོར༔ རང་འདྲའི་སྤྲུལ་པ་བརྒྱད་བརྒྱད་འགྱེད༔ འདིར་གཤེགས་དཀར་གཏོར་སྨན་ལེབ་ལོངས༔ སྐལ་ལྡན་སློབ་མ་འདི་ཉིད་དང༔ ལུས་དང་གྲིབ་མ་ལྟ་བུར་འགྲོགས༔ ཐུགས་གཏེར་སྙིང་ཐིག་དཀྱིལ་འཁོར་འདི༔ ཕྱོགས་བཅུར་འཕེལ་བའི་སྡོངས་གྲོགས་མཛོད༔ གང་བཅོལ་ལས་རྣམས་ཐོགས་མེད་པའི༔ ཕྲིན་ལས་མྱུར་དུ་གྲུབ་པར་མཛོད༔ ཨོཾ་བྷཱུ་མི་པ་ཏི་བཛྲ་དྷྭ་ཛ་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ༔ ཀྱེ༔ མཚོ་སྨན་ནོར་བུ་འོད་ལྡན་མ༔ ཀླུ་བདུད་ཁ་ལ་རཀྴ་སོགས༔ པདྨ་འབྱུང་གནས་བཀའ་བཞིན་དུ༔ བུ་ཁུར་ཟུར་གསུམ་གཏོར་མ་བཞེས༔ སློབ་མ་འདི་ཡི་བར་ཆད་སོལ༔ བསྟན་དགྲའི་སྲོག་རྩ་ཧུར་གྱིས་ཆོད༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་པུ་ཏྲི་མ་མ༔ མ་ཧཱ་ཏེ་ཛོ་ཕེ་ཤ་ན་ཀེ་རུ་བྷྲཱུྃ༔ ནཱ་ག་རཱ་ཙ་ཀ་ལ་རཀྴ་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ༔ ཞེས་གཏོར་མ་ལག་ཏུ་གཏད་སླར་རང་གནས་སུ་བཀོད། ཤིས་བརྗོད་བྱ་ཞིང་མེ་ཏོག་འཐོར། དེ་དག་གིས་རིག་འཛིན་རོལ་པའི་རྡོ་རྗེས་སྤྱན་དྲངས་པའི་མཚོ་གཏེར་གྱི་སྐོར་ལས་དྲག་པོ་ཆེན་པོའི་ཡང་ཟབ་གསང་བའི་དབང་བསྐུར་རྡོ་རྗེ་ཕྲེང་བ་སྲུང་མའི་བཀའ་གཏད་བཅས་ལེགས་པར་བགྱིས་གྲུབ་པ་ཡིན་ཏེ། ཐོབ་པའི་དགོས་པ་དང་། མ་ཐོབ་པའི་ཉེས་སྐྱོན་ཡང་གཞུང་ལས། འདི་ཡི་དབང་བསྐུར་ལན་ཅིག་ཐོབ་གྱུར་ན༔ བར་ཆད་བགེགས་ཀྱིས་མི་ཚུགས་ཐེ་ཚོམ་སྤང༔ བསྙེན་སྒྲུབ་བྱས་ན་མྱུར་དུ་འགྲུབ་པ་ཡིན༔ མངོན་སྤྱོད་ལས་ལ་ཅི་ལྟར་འབད་ཀྱང་རུང༔ ཐམས་ཅད་མ་ལུས་དགེ་ཞིང་ཕྲིན་ལས་འགྲུབ༔ འདི་ཉིད་མ་ཐོབ་མངོན་སྤྱོད་ལས་བརྩམས་ན༔ སྲོག་ལ་མྱུར་དུ་རྒོལ་བས་འདི་ཉིད་འབད༔ ཅེས་གདམས་པ་ཡིན་ལ། དབང་སྲོག་དམ་ཚིག་གི་བསྲུང་མཚམས་ཀྱང་། འདི་ཉིད་ལས། དྲག་པོ་ཆེན་པོ་ཡི་དམ་ལྷ་རུ་བཟུང༔ སྐབས་སུ་སྐབས་སུ་སྙིང་པོ་ཆགས་མེད་འདྲེན༔ ཡིད་གཉིས་ཐེ་ཚོམ་སོམ་ཉི་ལེ་ལོ་སྤང༔ རུ་དྲ་འདུལ་ཕྱིར་རྡོ་རྗེ་ཕུར་པ་འཆང༔ མངོན་སྤྱོད་ལས་ཀྱིས་འགྲོ་དོན་དཔག་མེད་བསྒྲུབ༔ ཀླུ་གནས་ཆུ་ལ་མཆིལ་མ་དོར་མི་བྱ༔ རྟག་ཏུ་མེ་ལ་ཕུ་ནི་མི་བྱ་འོ༔ དེ་ནི་དྲག་པོ་སྤྱི་ཡི་དམ་ཚིག་ཡིན༔ ཆོས་སྐྱོང་དམ་ཚིག་བྱ་ནག་ཁྱི་ནག་ལ༔ དམོད་པ་མི་བོར་གནོད་འགལ་མི་བྱ་འོ༔ གྲི་སྙིང་དར་ནག་དྲིལ་ལ་ལུས་ལ་འཆང༔ དེ་ཉིད་མ་འཛོམ་བྱ་རོག་སྙིང་གིས་ཆོག༔ གཏོར་མ་རྒྱུན་དུ་འབུལ་ཞིང་དམ་ཚིག་བསྲུང༔ ཆོས་སྐྱོང་མི་འབྲལ་འགྲོགས་པར་ཐེ་ཚོམ་མེད༔ གལ་ལ་མ་ཐུག་ཡང་ཡང་རྦད་མི་བྱ༔ ཞེས་སྤྱི་དང་བྱེ་བྲག་ཏུ་བཤད་པས་གཙོར་བྱས༔ རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང། བཀའ་སྲུང་བཀའ་གཏད་བྱས་ན་གཏོར་མ་གསོ་བྲན་བྱས་ལ་སླར་ཡང་གསོལ་མཆོད་བྱ། བསྐུལ་བ་ཆད་མདོ་དང་སྦྲགས་གཙང་སར་འབུལ། ཕྱིན་ཆད་ཕྲིན་ལས་དཀྱུས་ལྟར་བྱའོ། །བཀའ་གཉན་བྱིན་ཆེ་གཏེར་ཁ་གཞན་དག་ལ། །མ་གྲགས་ཁྱད་པར་ཆོས་འདི་དེང་གི་དུས། །མེད་ཐབས་མེད་པས་འདིར་འབྲེལ་གློ་བུར་གྱི། །འཇིགས་བྲལ་ཁྲག་འཐུང་ཆེན་པོའི་དབང་བརྙེས་ཤོག །དུས་ངན་གཉན་རྒོད་ཀྱི་འཇིགས་སྐྱོབ་ཏུ་ཁྱི་བྱུང་རྡོ་རྡེག་བྱེད་པ་རྣམས་ལའང་འདི་ཙམ་ཞིག་མེད་དུ་མི་རུང་བས་ལྷག་པའི་བསམ་པས་རྩ་བ་གསུམ་ལ་གསོལ་བ་བཏབ་སྟེ། སྔགས་རིག་འཆང་བ་པདྨ་གར་དབང་འཆི་མེད་བསྟན་གཉིས་གླིང་པས་ཙ་འདྲ་རིན་ཆེན་བྲག་རྡོ་རྗེ་ཐུགས་ཀྱི་མཁར་དུ་སྦྱར་བ་དགེ་ལེགས་འཕེལ།། །།
རྟ་མགྲིན་གསང་འདུས་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་སྲོག་དབང་གི་རིམ་པ་ཉི་ཟེར་ཞགས་པ་ (Volume 50, Text 62)
༄༅། །རྟ་མགྲིན་གསང་འདུས་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་སྲོག་དབང་གི་རིམ་པ་ཉི་ཟེར་ཞགས་པ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་ར་བེ། སྤངས་རྟོགས་མཐར་སོན་རིན་ཆེན་མང་། །ས་བརྒྱད་དབང་ཕྱུག་སྐུར་བཞེངས་ཏེ། །དངོས་གྲུབ་ཆར་འབེབ་དེར་བཏུད་ནས། །ཕྲིན་ལས་དབང་བསྐུར་བཀླག་ཆོག་བཀོད། །ཤིན་ཏུ་ཟབ་ཅིང་རྟེན་འབྲེལ་གྱི་ཆེ་བ་དང་ལྡན་པ་རཏྣ་ལུགས་ཀྱི་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་འབྲེལ་བར། གསང་སྒྲུབ་བྱེད་ན་ཡབ་ཡུམ་རྐྱང་སྒྲུབ་དང་འཁོར་མང་ལུགས་གཉིས་ཀྱི་བཅའ་གཞིའི་རིམ་པ་གཞུང་དུ་ཤེས་པར་བྱ་དགོས་ལ། འདིར་མཆོད་གསོལ་གྱི་ཕྲིན་ལས་དཀྱུས་ཙམ་བཤད་པ་དང་། དབང་གི་ཆོ་ག་གཉིས་ལས། དང་པོ་ནི། དབེན་ཞིང་བཀྲ་ཤིས་པའི་གནས་སུ་སྟེགས་བུ་གྲུ་བཞི་བརྗིད་པ་ལ་དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་བྲིས་པའམ། མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་དབུས་སུ་གཙོ་འཁོར་ལྔ། དེ་རྒྱབ་བརྒྱད་རིམ་གཉིས་བཀོད་པའི་དབུས་སུ་ཁྲིའུ་ལ། རིན་པོ་ཆེའི་སྣོད་དུ་འབྲུའི་གཙང་ཕྱེ་སྤོད་དང་མངར་གསུམ་སྦྱར་ཅིང་ཆང་གིས་སྦྲུས་པ་ལ། རི་རབ་བང་རིམ་བཞིའི་སྟེང་གཏོར་མ་ཟུར་བཞི་བརྗིད་ཆགས་པ་རིན་པོ་ཆེའི་དབྱིབས་ཅན་ལ་རིན་ཆེན་འབར་བས་བརྒྱན་ཅིང་མཐའ་སྐོར་དུ་ཀྱུ་གུ་དང་རིལ་བུ་བརྒྱད་ཀྱིས་བསྐོར་བ་མཚལ་ལམ་འབྲི་མོག་གིས་དམར་པོར་བྱས་ལ་ཤ་ཁྲག་གིས་བརྒྱན་པ་བཀོད། མདུང་དམར་རྒྱལ་མཚན་མདའ་དར་དམར་པོ་སོགས་སྤྱན་གཟིགས་དཀོར་ཆ་ཅི་འབྱོར་དང་། མཆོད་གཏོར་སྨན་རག །ཉེར་སྤྱོད་སྤྱི་ལྟར་བཤམ། དེ་ནས་བདག་བསྐྱེད་ཕྱག་རྡོར་ཆོས་སྡེ་འདི་ཉིད་ལྟར་རམ། གཞན་གང་རུང་བཟླས་པ་དང་བཅས་པ་བྱ། མཆོད་པ་སྤྱི་ལྟར་བྱིན་བརླབ། གཏོར་མ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ལྷ་དང་མིའི་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམས་དང་། ཕྱི་ནང་གསང་བའི་རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་རྫས་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཨ་ཀཱ་རོ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བྱ། མདུན་བསྐྱེད་ནི། བསང་སྦྱང་། སྟོང་པའི་ངང་ལས། མདུན་གྱི་དཀྱིལ་འཁོར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ། རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུལ་དུ་བྱུང་བས་སྤྲས་པའི་ནང་དུ་བི་ན་ཡ་ཀ་སྒྱེལ་བའི་སྟེང་དུ་ཙ་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་པདྨ་ཟླ་བ་ཉི་མ་རྣམས་བརྩེགས་པའི་གདན་ལ། བཻ་དམར་པོ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཉེས་མཆོད་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ཆོས་སྐྱོང་གཏེར་བདག་རྣམས་ཀྱི་ནུས་པ་བསྡུས། སེམས་ཅན་རྣམས་ཀྱི་དབུལ་ཕོངས་བསལ། འོད་ཟེར་ཚུར་འདུས་བཻ་ཡིག་ལ་ཐིམ་པས་འོད་དུ་ཞུ་བ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་པདྨ་རཱ་གའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་འཛུམ་ལ་ཤིན་ཏུ་བརྗིད་ཅིང་སྒེག་པ། དབུ་ལ་བསེའི་རྨོག་ཞུ་རིན་པོ་ཆེའི་རྩེ་བྲན་དང་དར་གྱི་ཅོད་པན་གྱིས་སྤྲས་པ། སྐུ་ལ་དར་དམར་ལྗང་གི་བེར་ཆེན་དང་དབང་གི་བསྭེ་ཁྲབ་བརྩེགས་མར་གསོལ་ཞིང་དར་དཔྱང་ལྷབ་ལྷུབ་འཕུར་བ། ཕྱག་གཡས་སྟག་གི་རྒྱལ་མཚན་དང་མདུང་དར་དམར་པོ། གཡོན་པས་གཏེར་གྱི་ནེའུ་ལེ་དང་ལྕགས་ཀྱུ་དམར་པོ་བསྣམས་པ། རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་ཀྱི་རྒྱན་ཕྲེང་གིས་མཛེས་པར་བརྒྱན་ཅིང་ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། སྐུ་དང་ཕྱག་མཚན་ལས་འོད་དམར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འགྲོ་བ་ཐམས་ཅད་རང་དབང་མེད་པར་དབང་དུ་སྡུད་པ། དེའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་སེང་གེ་དང་ཟླ་བའི་གདན་ལ་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་གདན་ལ་བཻ་དམར་སེར་གྱི་མཐར་སྙིང་པོའི་སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བའོ། །གཙོ་བོའི་ཕྱི་རོལ་འཁོར་ལོ་རྩིབས་བཞིའི་སྟེང་དུ། ཤར་དུ་ཛམ་བྷ་ལཱི། ལྷོར་དབྱངས་ཅན་མ། ནུབ་ཏུ་ནོར་སྐྱོང་མ། བྱང་དུ་བྷ་ར་ལི་རྣམས་དམར་མོ་ཁྲོ་འཛུམ་དར་དང་རིན་པོ་ཆེ་མེ་ཏོག་གི་ཕྲེང་བས་བརྒྱན་པ། གཡས་ལྕགས་ཀྱུ་དང་གཡོན་བདུད་རྩིའི་ཐོད་པ་བསྣམས་པ། གྲུ་མོ་ན་རྔ་ཡབ་དང་མཆན་ཁུང་དུ་ནེའུ་ལེའི་རྐྱལ་པ་བཅུག་པ། དེ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་མ་ཏྲག་སྔགས་ཕྲེང་གིས་བསྐོར་བ། དེ་རྒྱབ་པདྨ་དམར་པོ་འདབ་མ་བརྒྱད་ལ་ནོར་བདག་མཆེད་བརྒྱད་སྐུ་མདོག་དམར་པོ་བསྭེ་ཁྲབ་དང་བསྭེ་རྨོག་གསོལ་ཞིང་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། གཡས་མདུང་དར་དམར་པོ་ཕྱར་ཞིང་གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པ། གྲུ་མོ་གཡོན་ན་ལྕགས་ཀྱུ་དམར་པོ་བཅུག་ཅིང་རྟ་སྔོན་པོ་རྔོག་ནག་ལ་ཞོན་པ། དེ་རྒྱབ་པདྨ་འདབ་བརྒྱད་ལ་ཀླུ་ཆེན་བརྒྱད་གསེར་མདོག་ནོར་བུ་དང་བུམ་པ་བསྣམས་ནས་དགོས་འདོད་ཆར་བཞིན་དུ་འབེབ་པ། བདུད་རྩིའི་རྫིང་བུའི་སྟེང་ན་སྐྱིལ་ཀྲུང་གིས་བཞུགས་ཤིང་སྦྲུལ་གྱི་རྒྱབ་ཡོལ་ཅན་རྣམས་སུ་གསལ་བར་གྱུར། བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཐིམ་པར་བསམ་ལ། སྤྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་བྱོན་དམ་དགོངས་རྒྱལ་པོ་ཆེ༔ དང་པོར་སངས་རྒྱས་མངོན་གྱུར་ཀྱང༔ འགྲོ་བའི་དོན་དུ་སྤྲུལ་པའི་སྐུ༔ ས་བརྒྱད་སེམས་དཔར་བཞུགས་པ་པོ༔ ད་ལྟ་ཆོས་སྐྱོང་རྒྱལ་པོའི་ཚུལ༔ ཤཱཀྱའི་བསྟན་པ་སྲུང་བར་མཛད༔ སེམས་དཔའ་ཆེན་པོ་གཤེགས་སུ་གསོལ༔ རི་རབ་ཆེན་པོའི་བྱང་ཕྱོགས་ཀྱི༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ བདག་གིས་གདུང་བས་སྤྱན་འདྲེན་ན༔ ཐབས་མཁས་ཐུགས་རྗེའི་རྒྱལ་པོ་ཆེ༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཕོ་བྲང་རྒྱལ་ས་ཆེན་པོའི་དབུས༔ རིན་ཆེན་ཁྲི་རྐང་གདན་ཁྲིའི་སྟེང༔ ཕྱག་དང་ཞབས་ནི་བསིལ་ནས་ཀྱང༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ བཻ་ཤྲ་མ་ཎཱ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཛཿཛ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ ཡང་དག་སངས་རྒྱས་རིན་ཆེན་མང༔ འགྲོ་བའི་དོན་དུ་སྤྲུལ་པའི་ཚུལ༔ ས་བརྒྱད་སེམས་དཔའ་བཞུགས་སུ་གསོལ༔ ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ མཆོད་པ་ནི། ཧཱུྃ༔ མཐུ་སྟོབས་མངའ་བདག་རྒྱལ་པོ་ཆེ༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་དང་ཞལ་ཟས་ཚོགས༔ སིལ་སྙན་རོལ་མོ་དབྱངས་དང་བཅས༔ སྤྱན་གཟིགས་དཀོར་ཆ་མཐུན་པའི་རྫས༔ ལྷ་ཆེན་མངའ་བདག་ཁྱེད་ལ་འབུལ༔ བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ ནང་མཆོད་རྒྱ་ཕོར་བསྭེ་ཕོར་དང༔ གསེར་དངུལ་རིན་ཆེན་སྐྱོགས་ནང་དུ༔ ཆང་ཕུད་རིན་ཆེན་དར་ཟབ་བཅས༔ སྨན་གཏོར་རཀྟ་ནང་གི་རྫས༔ མཛེས་པའི་ལྷ་མོ་བཅུ་དྲུག་གིས༔ ཕྱག་རྒྱ་སྣ་ཚོགས་གར་གྱིས་སྒྱུར༔ ཨ་ལ་ལ་སྟེ་མཆོད་པར་འབུལ༔ དགྱེས་བསྐངས་བདག་ལ་དངོས་གྲུབ་སྩོལ༔ མདུང་དམར་རྒྱལ་མཚན་གྲི་སྙིང་དང༔ ཚོགས་ཀྱི་ལོངས་སྤྱོད་དཔག་མེད་མཆོད༔ མཛེས་པའི་ཀླུ་མོ་ནོར་སྐྱོང་མ༔ ལྷ་ཀླུའི་བུ་མོ་མཛེས་སྡུག་བསྐོར༔ རྒྱལ་པོ་དགྱེས་མཛད་ཐུགས་དམ་བསྐང༔ བདག་ལ་ཟས་ནོར་ཆར་ལྟར་ཕོབ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ ཁྱོད་ནི་དངོས་གྲུབ་གཏེར་གྱི་བདག༔ ཕྱི་ནང་གསང་བའི་མཆོད་སྤྲིན་མཆོད༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ རྒྱལ་བློན་འབངས་འཁོར་ཡུལ་ཁམས་བཅས༔ ཐམས་ཅད་བདག་གི་དབང་དུ་སྡུས༔ མི་ནོར་ལོངས་སྤྱོད་རྒྱས་པར་མཛོད༔ འདོད་པའི་རེ་བ་བསྐང་དུ་གསོལ༔ གཏོར་འབུལ་ནི། བྱིན་རླབས་སྤྱི་མཐུན་ནམ། བསྡུ་ན། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་དང་། དམིགས་པ་སྤྱི་ལྟར་བྱས་ལ། སྙིང་པོའི་མཐར། ཨི་དཾ་བ་ལིཾ་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷཱ་ཡ་སྭཱ་ཧཱ། ལན་གསུམ་ཕུལ། བསྟོད་པ་ཕྲིན་བཅོལ་ནི། ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ས་བརྒྱད་སེམས་དཔར་བཞུགས་པ་དེ༔ དབང་གི་ཕྲིན་ལས་མཛད་པའི་ཕྱིར༔ པདྨ་རཱ་གའི་མདོག་འདྲ་ཞིང༔ མི་ཐུང་སྒེག་པའི་ཆ་ལུགས་ཅན༔ དབུ་ལ་བསྭེ་རྨོག་ཕོད་ཅན་གསོལ༔ འཇོལ་བེར་སྟེང་ན་བསེ་ཁྲབ་ཅན༔ དར་ཆེན་སྣ་ལྔའི་ཕོད་ལང་ཅན༔ བརྗིད་པའི་ནན་དམ་དམར་པོས་བཅིངས༔ ཕྱག་གཡས་མདུང་དམར་རྒྱལ་མཚན་བསྣམས༔ སྲིད་པ་གསུམ་ཡང་དབང་དུ་སྡུད༔ ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན༔ འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ གླིང་བཞིའི་བྱང་ཕྱོགས་སྐྱོང་ཙ་ན༔ ཨིནྡྲ་ནཱི་ལའི་མདོག་དང་ལྡན༔ ཀླུ་དང་གནོད་སྦྱིན་འདུལ་ཙ་ན༔ རིན་ཆེན་གསེར་གྱི་སྐུ་མདོག་ཅན༔ མཁའ་འགྲོ་ལྷ་མོ་ཀླུ་མོ་དང༔ བདུད་མོའི་སྡེ་དཔོན་མཛད་ཙ་ན༔ བཻ་ཌཱུར་མཐིང་གའི་མདོག་དང་ལྡན༔ འགྲོ་བའི་རྣམ་ཤེས་དབང་སྡུད་ཅིང༔ ལོངས་སྤྱོད་ཆར་ལྟར་འབེབ་ཙ་ན༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ དབང་ཆེན་མཐུ་བྱིན་བསམ་མི་ཁྱབ༔ ཡོན་ཏན་མ་ལུས་རྫོགས་ལ་བསྟོད༔ འཇིག་རྟེན་འདི་ན་གྲགས་ཆེ་བ༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༔ མི་འམ་ཅི་དང་ལྟོ་འཕྱེ་དང༔ ཐམས་ཅད་ཀུན་གྱི་སྡེ་དཔོན་ཆེ༔ འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ༔ ལྷ་ཆེན་དཔལ་འབར་ཁྱོད་ལ་བསྟོད༔ ཁྱོད་ནི་འགྲོ་བའི་དོན་སྤྲུལ་ཚེ༔ སྐུ་མདོག་གཅིག་ཏུ་མ་ངེས་ཏེ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ རྫུ་འཕྲུལ་སྣ་ཚོགས་ཕྲིན་ལས་བདག༔ ཆ་ལུགས་གཅིག་ཏུ་མ་ངེས་ཏེ༔ ཞི་དང་ཁྲོ་དང་ཞི་མ་ཁྲོ༔ ཁྲབ་དང་བེར་ཆེན་ལྷ་ཡི་གོས༔ དགོས་འདོད་རེ་སྐོང་ཁྱོད་ལ་བསྟོད༔ ཞོན་པ་གཅིག་ཏུ་མ་ངེས་ཏེ༔ སེང་གེ་ཁྱུང་ཆེན་གླང་ཆེན་དང༔ སྟག་གཟིག་དོམ་དང་མ་ཧེ་འབྲུག༔ རྟ་མཆོག་དྲེད་དང་ཆུ་སྲིན་ཞོན༔ ཕྱག་མཚན་རྣམ་པ་སྣ་ཚོགས་པ༔ བཀྲ་ཤིས་རྫས་བརྒྱད་རྔ་ཡབ་དང༔ ནོར་བུ་བཱི་ཛ་པཱུ་རཿདང༔ རལ་གྲི་མདའ་གཞུ་གསེར་གྱི་སྒྲོམ༔ སྣ་ཚོགས་སྤྲུལ་པའི་ཕྱག་མཚན་འཛིན༔ ཡིད་བཞིན་གཏེར་བདག་ཁྱོད་ལ་བསྟོད༔ བདག་ནི་གདུང་སེམས་དམ་ཚིག་ཅན༔ ཚུལ་བཞིན་བསྙེན་ཅིང་སྒྲུབ་པ་དང༔ མཆོད་ཅིང་བསྟོད་དེ་ཐུགས་དམ་བསྐུལ༔ སྲས་དང་བཙུན་མོ་འཁོར་དང་བཅས༔ གནོད་སྦྱིན་བྱེ་བ་བདུན་འབུམ་བཞེངས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ འགྲོ་བ་མི་ཡི་རྣམ་ཤེས་སྒྱུར༔ སྦྱིན་བདག་ཕོ་མོའི་ལག་པ་སྒུལ༔ གཡང་ཅན་ནོར་དང་བརྗིད་ཅན་གོས༔ བཅུད་ཅན་ཟས་ལ་སོགས་པ་རྣམས༔ ཐམས་ཅད་བདག་ལ་བསྩལ་དུ་གསོལ༔ མི་སྙིང་སྒུལ་ལ་མི་འགྲམ་ཆོགས༔ རང་དབང་མེད་པར་ཐམས་ཅད་སྡུས༔ འདོད་པའི་རེ་བ་མ་ལུས་སྩོལ༔ གནས་པ་ཚེ་ཡི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ མི་ཟད་ཟས་ཀྱི་དངོས་གྲུབ་སྩོལ༔ གཡང་ལུགས་གོས་ཀྱི་དངོས་གྲུབ་སྩོལ༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ བང་མཛོད་ནས་ཀྱི་དངོས་གྲུབ་སྩོལ༔ དར་ཟབ་རྒྱན་གྱི་དངོས་གྲུབ་སྩོལ༔ རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ༔ སྲ་བརྟན་གོ་ཁྲབ་དངོས་གྲུབ་སྩོལ༔ མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ ཐུགས་དམ་མ་གཡེལ་རྒྱལ་པོ་ཆེ༔ འདི་ལྟར་བདག་གིས་བསྐངས་གསོལ་ནས༔ འདོད་པའི་དོན་ལ་གསོལ་འདེབས་ཚེ༔ གང་འདོད་དངོས་གྲུབ་མ་སྩོལ་ན༔ ཐུགས་དམ་ཉམས་པར་མི་འགྱུར་རམ༔ དེ་བས་ཐུགས་དམ་བརྩེར་དགོངས་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ དབང་སྡུད་ཟས་ནོར་ལོངས་སྤྱོད་ཀྱི༔ བདག་ལ་དངོས་གྲུབ་རྒྱ་ཆེན་སྩོལ༔ མཆོད་གསོལ་དཀྱུས་མ་ལ་དེ་ཙམ་གྱིས་ཆོག །སྒྲུབ་པ་དང་དབང་གི་སྐབས་སུ་བཟླས་པ་ནི། རང་གི་ཐུགས་སྲོག་ལས་འོད་ཟེར་སྣ་ལྔ་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཕོག་པས། དེ་ལས་འོད་ཟེར་འཕྲོས་ཏེ་གཙོ་འཁོར་ཐམས་ཅད་ལ་ཁྱབ་ཅིང་བསྐུལ། དེ་རྣམས་ཀྱི་སྐུ་དང་ས་བོན་ཕྱག་མཚན་དང་བཅས་པ་ལས་འོད་དམར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། སྟེང་འོག་བར་གསུམ་གྱི་ལྷ་ཀླུ་མིའི་ལོངས་སྤྱོད་འཇིག་རྟེན་གཏེར་བདག་རྣམས་ཀྱི་མཐུ་དང་ནུས་པ་བཅུད་དང་དངོས་གྲུབ། ཁྱད་པར་འཛམ་བུའི་གླིང་གི་མི་ནོར་ཟས་གསུམ་ཐམས་ཅད་རང་དབང་མེད་པར་འུར་འུར་ཤིག་ཤིག་བསྡུས་ཏེ་ཕྱི་ནང་ཐམས་ཅད་འདོད་པའི་ལོངས་སྤྱོད་དུ་མས་གང་སྟེ་བདག་གི་དབང་དུ་གྱུར་པར་བསམ་ལ། ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཞེས་བཟླ། རྟགས་ཚད་དང་ལས་སྦྱོར་གྱི་དམིགས་བཟླས་སོགས་སྤྲོ་ན་གཞུང་དུ་གསལ་བ་ལྟར་རོ། །རྗེས་མཆོད་བསྟོད་ནོངས་བཤགས། རྟེན་ཡོད་ན་བསྟིམ། མེད་ན་གཤེགས། བསྔོ་སྨོན་བཀྲ་ཤིས་བྱའོ།། ༈ །།གཉིས་པ་སྲོག་དབང་བསྐུར་ན། དཀྱིལ་འཁོར་སོགས་གོང་སྨྲོས་ལྟར་ལ་གཏོར་མ་སྐུ་ཙཀ་བཙུགས། དར་གདུགས་དམར་པོ་ཕུབ། མདུང་དམར་རྒྱལ་མཚན་ནེའུ་ལེ་ལྕགས་ཀྱུ་དམར་པོའི་ཙཀ་ལི། གྲི་སྙིང་བླ་རྡོ་འཁོར་ལོ་གཞུང་བཞིན་གལ་ཆེའང་མ་འཛོམ་ན་བླ་རྡོ་ཤེལ་དང་ཕ་ཝཾ་ལོང་བུར་སྲོག་སྔགས་བྲིས་པ་དང་། གྲི་སྙིང་བསྲེས་པའི་སྙིང་གཟུགས་ཙམ་མེད་ཐབས་མེད་པས་དེ་རྣམས་དང་། སྒྲུབ་ཡིག །ཚེ་འབྲང་། ཚོགས་རྫས་འབྲང་རྒྱས་དང་བཅས་པ་རྣམས་ཀྱང་བཀོད། བདག་བསྐྱེད། མཆོད་པ་བྱིན་བརླབ། མདུན་རྟེན་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པའི་བར་བཤད་མ་ཐག་པ་ལྟར་གྲུབ་ནས། ལས་བུམ་དུ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱའོ། །དེ་ནས་ཐུན་མོང་མ་ཡིན་ཞིང་དམ་ཚིག་ཐུབ་ངེས་ཀྱི་སློབ་མ་བོས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་བཏབ་ལ། དེའང་བསྐལ་བཟང་འདིའི་སངས་རྒྱས་གཞན་རྣམས་ཀྱི་ཐུགས་རྗེ་འཇུག་པའི་ཡུལ་དུ་མ་གྱུར་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་གདུལ་ཞིང་རྩོད་པ་དང་ལྡན་པའི་དུས་སྤྱི་དང་། བྱེ་བྲག་སྙིགས་མ་ལྔ་བདོ་བའི་དུས་ཀྱི་མཐར་སྐྱེས་པའི་འགྲོ་བ་མཐའ་དག་ལས་ངན་པ་ཤ་སྟག་གིས་འཕངས་པས་མཐུན་པའི་རྐྱེན་ཤིན་ཏུ་དཀོན་ཅིང་། ཁྱད་པར་བསོད་ནམས་དམན་པས་ནོར་དང་ལོངས་སྤྱོད་ཀྱིས་དབུལ་ཞིང་ཕོངས་ཏེ་ཉམ་ཐག་པ་ལ། འདས་པའི་སངས་རྒྱས་རིན་ཆེན་མང་ཉིད་ཐུགས་རྗེ་ཆེན་པོས་རྗེས་སུ་དགོངས་ནས་རི་རབ་བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་མང་ཐོས་པའི་སྲས་སུ་སྐྱེ་བ་བཞེས་པའི་ཚུལ་བསྟན་ཏེ། རྫུ་འཕྲུལ་དང་མཐུ་སྟོབས་ཆེན་པོའི་གཟི་བརྗིད་ཀྱིས་ཤཱཀྱའི་དབང་པོའི་བསྟན་པ་སྐྱོང་བའི་གཙོ་བོར་གྱུར་ཅིང་བདུད་རིས་ལྷ་མིན་གྱི་དཔུང་ཚོགས་ཐམས་ཅད་འཇོམས་པར་མཛད། ཁྱད་པར་མགོན་པོ་གང་ཉིད་རྗེས་སུ་དྲན་པས་བསྙེན་ཅིང་སྒྲུབ་པ་དང་དད་པས་མཆོད་བསྟོད་གསོལ་བ་འདེབས་པ་རྣམས་ལ་སྐལ་པ་དང་འཚམ་པའི་འདོད་རྒུའི་དངོས་གྲུབ་སྩོལ་བ་གནོད་སྦྱིན་ནོར་ལྷ་ཡོངས་ཀྱི་དབང་ཕྱུག་ཆེན་པོ་འདི་ལ། རིགས་ཆེན་བརྒྱད་གཙོ་བོར་གྱུར་པའི་སྒྲུབ་ཐབས་རྣམ་གྲངས་མང་པོ་གསར་རྙིང་བཀའ་གཏེར་ཀུན་ལ་བྱོན་ཅིང་ཡོངས་སུ་གྲགས་པ་ལས། འདིར་ཆོས་རྒྱལ་རཏྣ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ཡ་གྱལ་རྟ་མགྲིན་གསང་བ་འདུས་པའི་ཆོས་སྡེ་ལས་བྱུང་བ། དབང་གི་ལྷ་མཆོག་རྣམ་སྲས་མདུང་དམར་ཅན་གྱི་སྲོག་དབང་ཡིད་བཞིན་གཏེར་མཛོད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སློབ་དཔོན་དཔལ་གསང་བའི་བདག་པོ་དངོས་སུ་གསལ་བ་ལ་དད་མོས་དྲག་པོས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་ཡོངས་རྫོགས་ཤིང༔ འགྲོ་དོན་རླབས་ཆེན་སྤྱོད་པའི་ཕྱིར༔ ནོར་བདག་ཆེན་པོའི་དབང་བསྐུར་ཞུ༔ ལན་གསུམ། བླ་མས་ལན་སྦྱིན་པ། འཇིག་རྟེན་ཁེ་དང་གྲགས་པ་དང༔ རང་རྒྱུད་འདོད་པས་བཅིངས་པ་ཡི༔ མི་མཐུན་ཕྱོགས་ལ་འདི་མི་རུང༔ ཚོགས་གཉིས་རླབས་ཆེན་སྤྱོད་པ་ཡི༔ དོན་གཉིས་སྤྱོད་ལ་སྦྱིན་དུ་རུང༔ ཞེས་དྲིས་པའི་ལན་གདབ་པ་འདིའི་རྗེས་ཟློས། ཁེ་དང་གྲགས་པ་སྙན་འདོད་དང༔ ཆོས་བརྒྱད་ཚེ་འདིའི་ཕྱིར་མ་ཡིན༔ དཀོན་མཆོག་མཆོད་ཅིང་ངན་ལོང་སྐྱོང༔ ཚོགས་གཉིས་བསྒྲུབ་ཕྱིར་གནང་བར་ཞུ༔ ལན་གསུམ། ཚུལ་དེ་ལས་མི་འདའ་ན་སྦྱིན་དུ་རུང་གིས། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་གསང་བའི་བདག་པོར་གསལ་བའི་ནམ་མཁའ་བར་སྣང་རྣམས་སུ་ཕྱོགས་བཅུའི་རྩ་གསུམ་རྒྱལ་བ་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་གསུམ། དེ་ནས་དབང་དངོས་གཞིའི་སླད་དུ། ཁྱེད་རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་ཐུགས་ཀར་འཛིན་པ། དར་དང་རིན་པོ་ཆེ་སྦྲུལ་གྱིས་བརྒྱན་ཅིང་ཁྲོས་པའི་ཉམས་ཅན། ཞབས་གཉིས་པད་ཉིའི་གདན་ལ་བརྐྱང་བསྐུམ་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིང་བའི་སྐུར་གྱུར་པར་མོས་ལ་མདུན་རྟེན་ཡང་འདི་ལྟར་གསལ་ཐོབས་ཤིག །མདུན་གྱི་གཏོར་མ་ལྕང་ལོ་ཅན་གྱི་དགའ་བའི་ཚལ་སོགས་གོང་གི་མངོན་རྟོགས་ལྟར་བརྗོད་ལ། ཙ་ལས་ཞེས་པ་བོར། ཉི་མ་རྣམས་བརྩེགས་པའི་གདན་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོགས་ནས། རང་དབང་མེད་པར་དབང་དུ་སྡུད་པ། དེའི་ཕྱོགས་བཞིར་ནོར་སྦྱིན་ཆེན་མོ་མཆེད་བཞི། དེ་རྒྱབ་ནོར་ལྷ་རྟ་བདག་བརྒྱད་དང་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དམ་ཡེ་གཉིས་སུ་མེད་པར་བཞུགས་པ་དེ་ཉིད་ཁྱོད་རང་གི་སྤྱི་བོར་སྤྱན་དྲངས་ཏེ་བྱིན་གྱིས་བརླབས་པས། གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་རྒྱལ་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་དང་བྱིན་རླབས་མ་ལུས་པ་ཐོབ་པར་གྱུར་པའི་མོས་པ་གྱིས། རྟེན་གཏོར་ཐོགས་ལ། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་རྒྱལ་པོ་ཆེ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ གནས་འདིར་བྱོན་ལ་བྱིན་ཆེན་ཕོབ༔ གཏོར་མ་རིན་ཆེན་ཡིད་བཞིན་གཏེར༔ རྒྱལ་པོའི་སྐུ་དང་གཉིས་སུ་མེད༔ ཡིད་བཞིན་གཏེར་གྱི་དབང་ཐོབ་ཤོག༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ རྟག་ཏུ་མཆོད་ཅིང་གསོལ་བ་ལ༔ མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ ནམ་མཁའི་མཛོད་ལ་མངའ་བརྙེས་ཤོག༔ ཀྱེ་རྒྱལ་པོ་ཆེན་པོ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ་ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་སྡུད་པ་དང༔ སྲིད་གསུམ་བྲན་དུ་བཀོལ་བ་དང༔ འདོད་རྒུའི་གཏེར་ལ་ལོངས་སྤྱོད་པའི་དབང་མཆོག་ཐོབ་པར་མཛད་དུ་གསོལ༔ རྒྱལ་པོ་འདི་ལ་འགོ་བར་མཛད་དུ་གསོལ༔ གནས་པར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ གང་བར་མཛད་དུ་གསོལ༔ བརྟན་པར་མཛད་དུ་གསོལ༔ ཨོཾ་བཛྲ་བཻ་ཤྲ་མ་ཎཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་གསུམ་དུ་གཏུགས། འོ་རིགས་ཀྱི་བུ་ཁྱོད་ལ་གཏོར་མའི་དབང་འདི་བསྐུར་པས༔ རྒྱལ་པོ་ཆེན་པོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་ཐོབ་ནས་ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང༔ ཁམས་གསུམ་ལ་དབང་སྒྱུར་བའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རྒྱལ་པོ་ཆེན་པོའི་ཐབས་ཀྱི་ཕྱག་མཚན་གཉིས་ལག་གཡས་དང་། ཤེས་རབ་ཀྱི་ཕྱག་མཚན་གཉིས་གཡོན་དུ་གཏད་པས་ཁམས་གསུམ་སྲིད་པ་གསུམ་ལ་དབང་སྒྱུར་ཞིང་ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར་གྱུར་པར་མོས་ཤིག །མདུང་དམར་དང་རྒྱལ་མཚན་གཡས་སུ་གཏད་ལ། ཧཱུྃ༔ ཁམས་གསུམ་སྲིད་ལ་དབང་སྒྱུར་ཅིང༔ མདུང་དམར་འདི་ནི་དཔའ་བའི་རྟགས༔ འགྲོ་བའི་རྣམ་ཤེས་འབིགས་པའི་རྟགས༔ བ་དན་འབར་བས་ཡིད་རྣམས་གཡོ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང༔ མི་ནུབ་རྒྱལ་མཚན་བཀྲ་ཤིས་འབྱུང༔ ཐབས་ཀྱི་ཕྱག་མཚན་དབང་བསྐུར་བས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ ཨོཾ་བཻ་ཤྲ་མ་ཎཱ་བཛྲ་རཱ་ག་ར་ཏྲི་སརྦ་ཙིཏྟ་ཧྲཱིཾ་ཛ༔ ཨ་བྷི་ཥིཉྩ་མཾ༔ ནེའུ་ལེ་དང་ལྕགས་ཀྱུ་གཡོན་དུ་གཏད་ལ། ཧཱུྃ༔ དགོས་འདོད་ཀུན་འབྱུང་ནེའུ་ལེའི་གཏེར༔ སྟོང་གསུམ་རིན་ཆེན་ནོར་ལ་སྤྱོད༔ ལྕགས་ཀྱུས་འགྲོ་བའི་རྣམ་ཤེས་འགུགས༔ རྒྱལ་བློན་འབངས་དང་ཡུལ་འཁོར་སྡུད༔ ཤེས་རབ་ཕྱག་མཚན་དབང་བསྐུར་བས༔ སྲིད་པ་གསུམ་ལ་དབང་སྒྱུར་ནས༔ འཁོར་ལོས་སྒྱུར་རྒྱལ་དབང་ཐོབ་ཤོག༔ ཨོཾ་རཏྣ་མ་གུ་ཏ་སརྦ་སིདྡྷི་ཨཾ་ཀུ་ཤ་ཛཿསིདྡྷི་མཾ༔ བླ་རྡོ་གཏད་པས་རྒྱལ་པོ་ཆེན་པོ་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དབང་ཐོབ་པར་མོས། བླ་རྡོ་སྲོག་འཁོར་གྲི་སྙིང་རྣམས་ལག་ཏུ་སྦྱིན་ལ། ཧཱུྃ༔ གསང་བའི་དམ་རྫས་བླ་ན་མེད༔ ཀུན་གྱི་རྣམ་ཤེས་སྙིང་ནས་འདྲེན༔ ཐམས་ཅད་མོས་ཤིང་སྡུད་པར་བྱེད༔ བླ་རྡོ་རྒྱལ་པོའི་སྲོག་གི་རྟེན༔ ལུས་དང་གྲིབ་བཞིན་འགྲོགས་པར་བྱེད༔ མི་འགྱུར་ལྷུན་གྲུབ་དབང་ཐོབ་ཤོག༔ ཙིཏྟ་སརྦ་རྣྲི་ཏྲི་ཧྲཱིཾ༔ ཙཀྲ་ས་མ་ཡ་ཨ་བྷི་ཥིཉྩ་མཾ༔ རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རང་ལ་བཀའ་སྡོད་ཀྱི་ཚུལ་དུ་གཏད་པར་མོས། གཏོར་མ་ལག་ཏུ་གཏད་ཅིང་སྒྲུབ་ཡིག་སྙིང་གར་བཞག་ལ། ཧཱུྃ༔ དེ་རིང་ནས་ནི་བུ་ཁྱོད་དང༔ ཆོས་རྒྱལ་ཆེན་པོ་དབྱེར་མེད་པར༔ ཁྱོད་ཀྱི་བཀའ་བཞིན་ཕྲིན་ལས་སྒྲུབས༔ གཉེན་པོའི་སྒྲུབ་པ་ཡུན་མ་ཐུང༔ མཆོད་བསྟོད་སྐོང་གསོ་དག་ལ་འབོད༔ བྲན་དང་བཀའ་ཉན་ཕོ་ཉའི་ཚུལ༔ ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་འགྱུར༔ ཅེས་བསྒོས་ལ། ནང་མཆོད་བདུད་རྩི་གཏོར་མར་སྦྲེང་བའི་ཐིགས་པ་སློབ་མའི་ལྕེར་བཞག །སློབ་མས་བདུད་རྩི་གཏོར་མར་བསྟབ་ལ། རྒྱལ་པོ་ཆེན་པོ་དང་དམ་ཚིག་གཉིས་མེད་དུ་བསྲེས་པར་བསམ། འདི་ནི་བརྒྱུད་པ་འཛིན་ངེས་ལ་མ་གཏོགས་མི་རུང་བར་གསུངས་སོ། །དེ་ནས་འདི་ལྟར་བསྒོ་སྟེ། ཧཱུྃ༔ ས་བརྒྱད་རྒྱལ་པོ་ཆེན་པོ་དང༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་གཉིས༔ དམ་ཚིག་དབྱེར་མེད་གཅིག་ཏུ་གྱུར༔ རྟག་ཏུ་མཆོད་བསྟོད་བརྩོན་པ་དང༔ སྒྲུབ་དང་རྟེན་རྫས་འཛོམ་པར་བྱ༔ ཕྲིན་ལས་མ་ལུས་འགྲུབ་པར་འགྱུར༔ བཻ་ཤྲ་མ་ཎཱ་ཡ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་སཏྭཾ༔ དེ་ལྟར་བསྒོས་པའི་རིམ་པ་རྣམས་ཚུལ་བཞིན་དུ་སྒྲུབ་པ་སོགས་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་མི་ཉམས་པར་སྲུང་ཞིང་དེ་ལས་ནམ་ཡང་འདའ་བར་མི་རུང་བས་དྲན་ཤེས་དང་མ་བྲལ་བར་གྱིས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ རྒྱལ་པོ་ཚེ་བསོད་དཔལ་གྱི་གཏེར༔ འདོད་རྒུ་འབྱུང་བའི་ནོར་བུ་མཆོག༔ རྟག་པར་ཚེ་ལ་དབང་བའི་སྐུ༔ སྒྲུབ་ཆེན་རིག་འཛིན་ཚེ་ཡི་གཏེར༔ སྐལ་ལྡན་བུ་ལ་བཀྲ་ཤིས་ཤོག༔ རྒྱལ་པོ་ཆེན་པོའི་ཚེ་དང་དཔལ་དང་གཟི་བརྗིད་ཐམས་ཅད་རིགས་ཀྱི་བུ་འདི་ལ་ཐོབ་པར་གྱུར་ཅིག༔ བཛྲ་ཨཱ་ཡུ་ཥེ་པུཎྱེ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་འབྲང་རྒྱས་བཟའ་བཏུང་ལག་ཏུ་གཏད་ཅིང་བཟར་གཞུག་ལ། ཧཱུྃ༔ མི་འཛད་ལོངས་སྤྱོད་རིན་ཆེན་གཏེར༔ བཟའ་དང་བཅའ་དང་བཏུང་བ་དང༔ ཕྲིན་ལས་ཀུན་འགྲུབ་ལོངས་སྤྱོད་སྤེལ༔ མ་ལུས་ཡོངས་སུ་རྫོགས་པ་ཡི༔ ཚོགས་འཁོར་འབྲང་རྒྱས་འདི་གཏད་པས༔ ལོངས་སྤྱོད་རྒྱལ་པོ་ཉིད་དང་མཉམ༔ མི་འཛད་ནམ་མཁའི་མཛོད་ལ་སྤྱོད༔ ཡིད་བཞིན་གཏེར་གྱི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་མ་ཧཱ་པུཎྱེ་ཨཱ་ཡུ་ཤེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་སྦྱིན་ལ་ཤིས་བརྗོད་རྒྱས་པར་སྤེལ། དེས་ཡིད་བཞིན་ནོར་བུ་ལྟ་བུའི་དབང་བཞི་ཡོངས་རྫོགས་རྗེས་གནང་གཏད་རྒྱ་བཅས་ཐོབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་ཁས་བླང་། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། སློབ་དཔོན་གྱིས་མཆོད་གཏོར་ཁ་གསོས་ལ། འགྲུབ་ན་སྐོང་གསོ་དང་། བསྡུ་ན་གཏོར་འབུལ་མཆོད་བསྟོད་རྒྱས་པར་བྱ་བ་སོགས་རྗེས་རིམ་སྨྲོས་མ་ཐག་པ་ལྟར་ལ། གཏོར་མཆོད་ཀྱི་རས་མ་བྱ་ཁྱི་ཕྱི་མི་རྣམས་ལ་བྱིན་ན་དངོས་གྲུབ་ཡལ་བས་རང་དང་སློབ་མས་ལོངས་སྤྱོད་དོ། །ནོར་བདག་བྱིན་རླབས་སྤྲིན་ཆེན་ལས། །འདོད་རྒུའི་གྲུ་ཆར་དྲག་འབེབས་པས། །སྐྱེ་དགུའི་དབུལ་ཕོངས་མཐར་བྱེད་པའི། །རྫོགས་ལྡན་ལང་ཚོ་གསར་བཞད་ཤོག །འདི་རྣམས་ལ་སྔོན་ཆད་གཏེར་གཞུང་ཁོ་ནའི་སྟེང་ནས་འཆད་ཀྱང་གོང་མའི་ཕྱག་ལེན་རྒྱུན་ཐུགས་ལ་བཅགས་པ་ཤིན་ཏུ་དཀོན་པས། ལག་ལེན་མཁས་བླུན་གྱི་རྗེས་སུ་འགྲོ་བའི་ཆད་ལྷག་གི་སྐྱོན་གནས་པར་མཐོང་ནས་རང་འདྲའི་བསྙེལ་གསོས་ཙམ་དུ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
བླ་བསླུའི་འགྲེས་བྱང་ (Volume 20, Text 62)
བླ་བསླུའི་འགྲེས་བྱང་། རྒྱུ་སྦྱོར་མི་བུ་སླུ་བའི་ཕྱིར༔ རིན་ཆེན་སྣ་ཚོགས་གཞོང་པའི་ནང༔ ངར་གྱི་མི་ཕོ་གཟུགས་མཛེས་པ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་པས༔ ཁམས་དང་སྐྱེ་མཆེད་ལྷུན་གྱིས་གྲུབ༔ ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལས༔ བློ་གྲོས་སྟོབས་རྩལ་ཕུན་སུམ་ཚོགས༔ དཀའ་ཞིང་དཀོན་པས་བཙལ་བ་ཡི༔ འཇིག་རྟེན་འདོད་རྒུའི་ནོར་གྱིས་བསྐོར༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ གཞན་ཡང་ནམ་མཁའ་གཞལ་ཡས་ཁང༔ རྒྱང་བུ་འཕན་གདུགས་རྒྱལ་མཚན་ཏེ༔ མདའ་བཀྲ་སྐྱེས་པ་སྟག་ཆས་དང༔ འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན༔ ཤེལ་ཚིག་ཁྲི་དཀར་རྟ་ནོར་ལུག༔ དར་ཟབ་ན་བཟའ་སྤྲིན་ལྟར་གཏིབས༔ བཤོས་བུ་ཞལ་ཟས་རི་ལྟར་སྤུངས༔ གསེར་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལ༔ མདོར་ན་ཕྱི་ནང་སྣོད་བཅུད་ཀྱི༔ འདོད་ཡོན་ཐམས་ཅད་མདོས་སུ་བཤམས༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ ཕན་པའི་སེམས་ཀྱིས་བཞེས་ནས་ཀྱང༔ བུ་ལོན་ལན་ཆགས་བྱང་བ་དང༔ འཁོན་པ་དང་ནི་འཁྲུགས་པ་ཞི༔ འགྲས་པ་ཟླུམས་ལ་བླ་ཚེ་གཏོད༔ ཞི་དང་བཀྲ་ཤིས་མཛད་དུ་གསོལ༔
ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་སྒྲུབ་ (Volume 62, Text 62)
ཟབ་མོ་རྫོགས་ཆེན་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་སྒྲུབ་བཞུགས༔ ྈྈྈྈ ན་མོ་གུ་རུ། གསང་སྐོར་ཡི་དམ་ཞི་སྒྲུབ་ནི༔ ཨ༔ མ་བཅོས་གསལ་རྫོགས་ཀུན་ཏུ་བཟང༔ ཞལ་ཕྱག་མཚན་མའི་སྐུ་རུ་བཞེངས༔ ཕུང་པོ་ལྔ་ཉིད་བདེ་གཤེགས་ལྔ༔ འབྱུང་བ་ལྔ་པོ་ཡུམ་ཆེན་ལྔ༔ ཚོགས་ཡུལ་སེམས་དཔའ་ལྕམ་དྲལ་བརྒྱད༔ རིགས་དྲུག་གནས་དག་ཐུབ་པ་དྲུག༔ ཕྲིན་ལས་ལྷུན་གྲུབ་སྒོ་སྐྱོང་བརྒྱད༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ༔ གདོད་ནས་དམ་ཡེ་དབྱེར་མེད་ངང༔ འགྱུར་མེད་ཡོངས་གྲུབ་ངང་དུ་རྫོགས༔ ཨ༔ བརྗོད་མེད་འབྲུ་གཅིག་ཡིད་ཀྱིས་བཟླ༔ ཨོཾ་བོ་དྷི་ཙིཏྟ་ས་མནྟ་བྷ་དྲ་ཨ༔ ལྷ་རྟོགས་དབྱེར་མེད་ངང་ནས་བཟླས༔ སྤྲོ་ན་ལྷ་ལ་སེམས་བཟུང་ནས༔ ཞི་བའི་བསྐྱེད་སྔགས་བཟླ་བ་འམ༔ ཞི་བའི་སྤྱི་དྲིལ་ཛཔ྄་སྔགས་བཟླ༔ ྈྈྈྈྈ དབང་དང་བྱིན་གྱིས་རློབ་པའི་སྐབས། །ཀུན༵་བཟ༵ང་དོན༵་གྱི་ཕྲི༵ན་ལས་སོ།། །།
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་ལེའུ་དྲུག་པའི་བླ་མ་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་གསལ་བར་བྱེད་པ་བློ་གྲོས་དཔལ་སྟེར་ (Volume 49, Text 62)
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་ལེའུ་དྲུག་པའི་བླ་མ་འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་གསལ་བར་བྱེད་པ་བློ་གྲོས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ། བླ་མ་འཇམ་དཔལ་སྨྲ་བའི་སེང་གེ་ལ་ཕྱག་འཚལ་ལོ། །གཉུག་མའི་ཡེ་ཤེས་རལ་གྲི་ཡིས། །མ་རིག་སྒྲིབ་པའི་དྲྭ་བ་བསལ། །བློ་གྲོས་སྣང་བ་རབ་རྒྱས་ནས། །ཀུན་མཁྱེན་ཐོབ་འདོད་འདིར་འཇུག་བྱ། །དེ་ཡང་བླ་མའི་ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་གི་ལེའུ་དྲུག་པར་གསུངས་པའི། བླ་མ་དང་འཇམ་དབྱངས་སྨྲ་བའི་སེང་གེ་དབྱེར་མེད་དུ་བསྒོམ་ཞིང་སྒྲུབ་པར་བྱེད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གང་དུ་སྒྲུབ་པའི་གནས་སུ་སྐུ་གསུང་ཐུགས་རྟེན་བཀྲམ། གཏོར་མ་དཀར་ཟླུམ་དཀར་གསུམ་མངར་གསུམ་གཙོ་བོར་གྱུར་པའི་བཟའ་བཅའ་སྣ་ཚོགས་པས་བསྐོར། སྨན་རཀ་ཉེར་སྤྱོད་སོགས་ཡོ་བྱད་ཕུན་སུམ་ཚོགས་པར་བྱས་ནས། སྔོན་འགྲོ་སྤྱི་ཆིངས་སྦར་ཁབ་ལྟར་བྱ། གཉིས་པ་དངོས་གཞི་ལ་ལྔ་ལས། དང་པོ་བསྐྱེད་རིམ་ནི། ཨ༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང༔ ལོངས་སྐུ་འགག་མེད་ཀུན་སྣང་སྙིང་རྗེའི་རྩལ༔ སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཧྲཱིཿདཀར་པོ༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ བྷྲཱུྃ་ལས་རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལས་སྨྲ་བའི་སེང་གེ་པཎྜི་ཏ༔ དཀར་གསལ་འོད་ལྡན་གསལ་འཚེར་གཟི་བརྗིད་འབར༔ ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས༔ པད་སྡོང་སྙན་གྱི་ཐད་ཀར་ཁ་བྱེའི་དབུས༔ གཡས་སུ་སྡེ་སྣོད་འདུས་པའི་གླེགས་བམ་དང༔ གཡོན་པ་གསང་སྔགས་ཕུར་པའི་པུསྟིས་མཚན༔ དགེ་སློང་ཆ་ལུགས་པཎ་ཞྭ་དམར་པོ་གསོལ༔ རབ་འབྱམས་མཁྱེན་རབ་རྒྱས་པའི་སྐུ་རུ་གསལ༔ ཕྱི་རོལ་པདྨ་འདབ་བརྒྱད་གེ་སར་ལ༔ ཤར་དུ་འཇམ་དཔལ་དཔའ་བོ་སྐུ་མདོག་དཀར༔ ལྷོ་རུ་ངག་གི་དབང་ཕྱུག་གུར་གུམ་མདོག༔ ནུབ་ཏུ་གསུང་གི་མངའ་བདག་སྐུ་མདོག་དམར༔ བྱང་དུ་རྡོ་རྗེ་རྣོན་པོ་མཐིང་ནག་འབར༔ ཀུན་ཀྱང་ཤེས་རབ་རལ་གྲི་པུསྟི་བསྣམས༔ དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་རྡོ་རྗེའི་དབྱངས་ཅན་ཟླ་བའི་མདོག༔ ལྷོ་ནུབ་རིན་ཆེན་དབྱངས་ཅན་གསེར་མདངས་འཚེར༔ ནུབ་བྱང་པདྨའི་དབྱངས་ཅན་སྐུ་མདོག་དམར༔ བྱང་ཤར་ལས་ཀྱི་དབྱངས་ཅན་མརྒད་མདོག༔ ཐམས་ཅད་ཕྱག་གཉིས་རིན་ཆེན་པི་ཝཾ་སྒྲེང༔ དར་དང་རིན་ཆེན་རྒྱན་རྫོགས་ཙོག་པུར་བཞུགས༔ སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་དང༔ བར་མཚམས་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྲུབ་ཅིང༔ ཡེ་ཤེས་རིགས་ལྔའི་དབང་མཆོག་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡེ་ཤེས་སྤྱན་དྲངས་ཤིང་བསྟིམ་པ་ནི། ཧཱུྃ་ཧྲཱི༔ ཡུལ་གྱི་མིང་ནི་ལྷོ་ནུབ་རྔ་ཡབ་གླིང༔ སྤྲུལ་པའི་ཞིང་མཆོག་པདྨ་དྲྭ་བ་ནས༔ སྐུ་གསུམ་དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ མོས་པའི་གནས་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་གཤེགས་ནས་ཀྱང༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ གསུམ་པ་ཕྱག་མཆོད་ནི། ཧཱུྃ་ཧྲཱི༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་ཐམས་ཅད་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་བ་མ་ལུས་སྒྲོལ༔ ཡིད་བཞིན་ནོར་ལྟར་དངོས་གྲུབ་ཆར་འབེབ་པའི༔ རིག་འཛིན་འདུས་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ནང་མཆོད་སྨན་རག་གཏོར་ཚོགས་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་སརྦ་པཉྩ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ བཞི་པ་བསྟོད་པ་ནི། ཨོཾ༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་པའི་དཔལ༔ རིག་འཛིན་ཡོངས་གཙོ་སྐྱེ་འཆི་གཉིས་སྤངས་པ༔ ཡང་ལེ་ཤོད་ཀྱི་པཎ་ཆེན་སྨྲ་བའི་སེང༔ ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས༔ རྒྱལ་ཀུན་བསྐྱེད་ཡུམ་ལྷ་མོ་དབྱངས་ཅན་མ༔ གང་འདུལ་རིགས་བཞིའི་སྒྱུ་འཕྲུལ་དྲྭ་བའི་གར༔ དཀྱིལ་འཁོར་རྫོགས་པའི་དཔལ་ལ་ཕྱག་འཚལ་བསྟོད༔ ལྔ་པ་ཛཔ྄་བཟླས་ནི། ཛཔ྄་ཁང་དབྱེ་དགོས་ན། ཧྲཱིཿཕཊ་ཛཿ ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཞུགས་པར་བསམ། ཧཱུྃ་ཧྲཱི༔ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་དགྱེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་བསྐུལ། བཟླས་དམིགས་ནི། རིག་འཛིན་སྨྲ་བའི་སེང་གེའི་ཐུགས་ཀ་རུ༔ ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འགྲོ་ཀུན་མ་རིག་མུན་པ་བསལ༔ རྒྱལ་བ་སྲས་བཅས་རྣམས་ཀྱི་ཡེ་ཤེས་དང༔ ཉན་རང་འཕགས་དང་སོ་སྐྱེའི་བློ་གྲོས་ཀུན༔ འོད་ཀྱི་རྣམ་པར་ཚུར་འདུས་རང་ལ་ཐིམ༔ མཁྱེན་རབ་ཡེ་ཤེས་སྣང་བ་རྒྱས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ འཁོར་རྣམས་ལ་དམིགས་ཏེ། ཨོཾ་ཝཱ་ཀྱེ་དཾ་ན་མ༔ འཇམ་དབྱངས་དཀར་པོ་འོ། །ཨོཾ་ཝཱ་གི་ཤྭ་རི་མུཾ༔ ངག་གི་དབང་ཕྱུག་གོ །ཨོཾ་ཧྲཱིཿདྷཱིཿམ་མེ་དིཿཔཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲ་ཛྙཱ་བརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ སྨྲ་སེང་ངོ་། །ཨོཾ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཧ་ར་ཧཱུྃ་ཕཊ༔ རྡོ་རྗེ་རྣོན་པོ་འོ། །ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ རྡོ་རྗེ་དབྱངས་ཅན་ནོ། །ཨོཾ་སྭ་ར་སྭ་ཏྱཻ་མ་ཧཱ་མེ་དྷི་ཏིཥྛ་ཀུ་རུ་ཧཱུྃ༔ རིན་ཆེན་དབྱངས་ཅན་ནོ། །ཨོཾ་སྭ་ར་སྭ་ཏྱཻ་ཧྲཱིཾཿཧྲཱིཾཿཧྲཱིཾ༔ པདྨ་དབྱངས་ཅན་ནོ། །ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷི་བརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ༔ ལས་ཀྱི་དབྱངས་ཅན་ནོ། །རྒྱལ་ཆེན་བཞི་ནི། ཨོཾ་ཌྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་ཌྷ་ཀ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཱཀྵ་ཡ་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ༔ ཐུན་མཐར། ཨོཾ། ཡེ་ཤེས་ལྷ་ཚོགས་སྤྱན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད་བསྟོད་བཤགས་ནས་ཐལ་མོ་སྦྱར། ཨོཾ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་རབ་ཡེ་ཤེས་གཅིག་བསྡུས་པ༔ རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ བླ་མ་སྨྲ་བའི་སེང་གེ་དང༔ དབྱེར་མེད་འཇམ་མགོན་དབྱངས་ཅན་མ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས༔ ཡེ་ཤེས་སྣང་བ་རྒྱས་པ་དང༔ གཟུངས་དྲན་མངོན་ཤེས་ཏིང་ངེ་འཛིན༔ འབད་མེད་ལྷུན་གྱིས་གྲུབ་པ་དང༔ དུས་འདི་ནས་ནི་བྱང་ཆུབ་བར༔ རིག་འཛིན་བླ་མ་འཇམ་པའི་དབྱངས༔ དགེ་བའི་བཤེས་སུ་གྱུར་ནས་ཀྱང༔ ཀུན་མཁྱེན་ཡེ་ཤེས་མྱུར་ཐོབ་ཤོག༔ ཐུན་མཚམས་ཕྱག་བསྐོར་མཎྜལ་འབུལ༔ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད༔ བཀླག་དང་འཛིན་པ་ཉིད་དུ་བྱ༔ དེས་ཟླ་བ་གཅིག་གམ༔ ཇི་ལྟར་འགོར་ཡང་ཟླ་བ་དྲུག་གི་མཐར་དངོས་སུ་བླ་མ་འཇམ་དབྱངས་ཡབ་ཡུམ་ཞལ་མཇལ་བ་དང༔ སྔགས་ཀྱི་སྒྲ་ཐོས་པ༔ ཏིང་ངེ་འཛིན་དང་ཤེས་རབ་སྐྱེ་བ༔ རྨི་ལམ་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་རྙེད་པ༔ ཉི་ཟླ་ཤར་བ༔ མེ་ཏོག་དང༔ འབྲས་བུ་དང༔ ཆུ་བོ་ཆེན་པོ་རྒྱས་པ༔ མེ་འབར་བ་སོགས་རྟགས་བྱུང་ན་བློ་གྲོས་ཕུན་སུམ་ཚོགས་པར་འགྱུར་རོ༔ ཛཔ྄་ཁང་དབྱེ་ཡོད་ན་ཧཱུྃ་ཞེས་ཡེ་ཤེས་པ་རང་ལ་བསྟིམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་སྤྱི་ཆིངས་ལྟར་བྱའོ། །འདིའི་མཐུས་ཤེས་བྱ་བསམ་གྱིས་མི་ཁྱབ་པ། །དེ་ཀུན་བློ་ཡིས་རབ་མཁྱེན་ཤེས་རབ་མཆོག །ཕ་རོལ་ཕྱིན་པ་འཇམ་དཔལ་དཔའ་བོ་ཡི། །གོ་འཕང་གདོད་མའི་དབྱིངས་སུ་ཐོབ་གྱུར་ཅིག །ཅེས་ཟུར་མང་བྱ་བཏང་རས་ཆུང་དཔོན་སློབ་རྣམས་ཀྱི་བཞེད་པའི་ངོར་ཐམས་ཅད་མཁྱེན་པ་པཎྜི་ཏ་རྔ་ཡབ་པ་ཆེན་པོའི་ཐུགས་རྗེས་ཉེ་བར་འཚོ་བ། མཆོག་གྱུར་གླིང་པས་དུས་ཚེས་དགེ་བར་ཟུར་མང་རྣམ་རྒྱལ་རྩེའི་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་རྒན་པོ་ལྔ་རིག་སྨྲ་བ་ཆོས་རྒྱལ་གྱིས་བགྱིས་པའི་དགེ་བ་དེས་ཀྱང་། འགྲོ་ཀུན་མ་རིག་པའི་སྒྲིབ་པ་ལས་གྲོལ་ཏེ་མཁྱེན་རབ་ཀྱི་སྣང་བ་རྒྱས་ནས་མགོན་པོ་ཀུན་གཟིགས་ཀྱི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །དགེའོ།། །།
གསང་སྔགས་སྤྱི་ཆིང་གི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ རྣལ་འབྱོར་འཆི་བརྟག་ཅིང་བསླུ་བའི་མན་ངག་བཅུད་ལེན་དང་བཅས་པ་ (Volume 48, Text 62)
ྈ གསང་སྔགས་སྤྱི་ཆིང་གི་གདམས་ངག་ཟབ་མོ་ཐེམ་ཡིག་མེད་པའི་སྐོར་ལས༔ རྣལ་འབྱོར་འཆི་བརྟག་ཅིང་བསླུ་བའི་མན་ངག་བཅུད་ལེན་དང་བཅས་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈ རྩ་བ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ གསང་སྔགས་སྤྱི་ཆིང་རྣལ་འབྱོར་སྒྲུབ་པོ་ཡིས༔ འཆི་བ་བརྟག་དང་བསླུ་བ་བྱ་ཐབས་བསྟན༔ བརྟག་མེད་ནམ་འཆི་མི་ཤེས་ཆོས་བྱེད་གཡེལ༔ སླུ་ཐབས་གསང་སྔགས་སྒྲུབ་པ་མཐར་ཕྱིན་ཆེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གཞན་ལུས་ཕུང་བརྟག་ཤུགས་བསྟན་ནི༔ དེ་ཡི་ལུས་ལ་ནད་སོགས་མེད་པའི་དུས༔ ལག་སེན་བཀྲག་ཉམས་ཟླ་དགུའི་ཉིན་ཕྱེད་འཕོ༔ རྐང་པའི་ལོང་བུ་ཕྱི་དང་ནང་འགྱུར་ན༔ ཟླ་གཅིག་སྔ་དྲོ་ནས་ཡིན་ལྟག་པ་ཡི༔ བདུད་སྒོའི་སྐྲ་ཚོམ་གྱེན་ལང་ཞག་ཉེར་གཅིག༔ མིག་སྤྲིན་ཡོལ་བ་ཟླ་བ་ལྔ་ནས་སོ༔ ནད་བཏབ་སོ་རྩར་དྲེག་ཆགས་ཞག་དགུའི་དུས༔ འགྲམ་ཤ་ཤོང་བུར་སོང་ན་ཞག་དགུའི་ནུབ༔ རྟག་ཏུ་ཡན་ལག་བརྐྱང་བསྐུམ་ཞག་བདུན་ནས༔ དབུགས་བརྩེགས་རྒོད་ན་ཟླ་བ་དྲུག་ནས་སོ༔ སྣ་ཞོམ་ཞག་ལྔ་སྣ་ཡོན་མངོན་པ་ན༔ ཞག་བདུན་ནས་ཡིན་མིག་ཚིགས་འཁྲུལ་གྱེན་ལྡོག༔ བཅོ་ལྔའི་ཞག་མཚམས་ནས་ཡིན་མིག་འབྱེད་འཛུམ༔ མེད་པར་འབྲུ་ཚུགས་སུ་བལྟ་ཞག་གསུམ་ནས༔ དེ་འཆི་མཆི་མ་རྒྱུན་བབས་ཞག་ལྔ་ནས༔ རྣ་བ་ལེབ་མོར་འབྱར་ན་ནམ་ཕྱེད་དུས༔ སོ་འཐབ་ཞག་གསུམ་ཉིན་ཕྱེད་དུས་སུ་ཡིན༔ གཉིད་ལོག་རྩ་མེད་ཟླ་ཕྱེད་ཉིན་ཕྱེད་ནས༔ ལྕེ་སྟེང་ནག་ཐིག་ཞག་གཉིས་སྔ་དྲོ་ནས༔ ྀཨཚ༔ དེ་ནས་རང་གི་ཕུང་པོ་དངོས་བརྟག་ནི༔ དང་པོ་ཚེ་གཟུགས་བརྟག་པ་འདི་ལྟ་སྟེ༔ གཟའ་སྐར་བཟང་དུས་རང་གི་སྤྱི་བོ་རུ༔ ཚེ་དཔག་མེད་བསམ་སྔ་དྲོའམ་ཕྱི་དྲོ༔ ནམ་མཁའ་དྭངས་དུས་རང་ཉིད་གཅེར་བུར་ཕྱུང༔ ལག་ཏུ་ཌཱ་རུ་དྲིལ་བུ་ཐོགས་ནས་སུ༔ གྲིབ་མ་འཆར་བྱས་ཡན་ལག་རབ་ཏུ་བསྒྲད༔ མིག་སེམས་མི་གཡོ་གྲིབ་མའི་སྙིང་ག་རུ༔ སྦྲིད་ཆིལ་སྐྱ་ཝལ་སོང་དུས་བར་དུ་བལྟ༔ དེ་ནས་ནམ་མཁར་བལྟས་པས་ལུས་ཡན་ལག༔ དང་བཅས་ཚང་བར་སྐྱ་ལིང་ཤར་ན་ནི༔ སྐྱོན་མེད་རྟགས་ཡིན་གལ་ཏེ་སྐྱོན་ཡོད་ནི༔ མགོ་མེད་ཟླ་བ་ལྔ་ནས་འཆི་བ་ཡིན༔ ལག་གཡས་མེད་ན་ཟླ་ལྔ་ཡང་ན་ནི༔ ལོ་ལྔའི་ནང་འཆི་ལག་གཡོན་མེད་ན་ནི༔ ཟླ་བ་གསུམ་མམ་ལོ་གསུམ་མཚམས་ནས་སོ༔ ཕྱག་མཚན་མེད་ན་ལོ་བདུན་ནམ་ཟླ་བ་བདུན༔ རྐང་པ་གཡོན་མེད་ལོ་གཅིག་རྐང་པ་ཡི༔ པུས་མོ་མན་ཆད་མེད་ན་ཟླ་གཉིས་སམ༔ ལོ་གཉིས་དུས་འཆི་མགོ་ཕྱེད་གཡས་མེད་ན༔ ཟླ་དགུ་ཕྱེད་གཡོན་མེད་ན་ཟླ་བདུན་ནས༔ རྐེ་མེད་ཟླ་བ་གསུམ་མམ་བདུན་ནས་སོ༔ ངོ་སྟོད་མེད་ན་ཟླ་གཉིས་སྨད་མེད་ན༔ ཟླ་གཅིག་དུས་ཡིན་རྐང་ལག་དུམ་བུ་རུ༔ ཆད་ན་ཟླ་བརྒྱད་གཞོག་གཡོན་མེད་ན་ནི༔ ཉེར་དགུའི་ཞག་མཚམས་གཞོག་གཡས་མེད་པ་ན༔ ཉེར་གཅིག་ཞག་གི་མཚམས་ནས་འཕོ་བ་འོ༔ དེ་ནས་དབྱིབས་རྟགས་གྲུ་བཞི་བྱུང་བསླུ་བཟློག༔ ནར་མོ་ཟླ་གམ་ཟླུམ་པོ་དེ་བཞིན་ནོ༔ རོ་བཏུམས་འདྲ་དང་གྲུ་གསུམ་བཟློག་བསླུར་མེད༔ དེ་ནས་གང་གདོན་ཁ་དོག་ལ་བརྟག་སྟེ༔ ནག་པོ་གཡས་ཡལ་བདུད་དང་མ་མོ་གདོན༔ ནག་མན་མུན་ནི་མ་མོ་གཤིན་རྗེ་གདོན༔ སེར་པོ་མགོ་ཡལ་ཀླུ་བཙན་རྒྱལ་པོ་གདོན༔ སེར་པོ་བྲང་བྲེང་ས་བདག་གདོན་པ་འོ༔ དཀར་པོ་དབུས་ཡལ་རྒྱལ་པོ་ཀླུ་རྣམས་གདོན༔ ཁྲ་ཁྱུག་ཁྱུག་བྱུང་ཤི་འདྲེ་གདོན་པ་ཡིན༔ དམར་པོ་གཡོན་ཡལ་འགོ་ལྷ་བཙན་ཁྲོམ་གདོན༔ སྔོན་པོ་སྟེང་ཡལ་ཀླུ་རྣམས་གདོན་ཞེས་བཤད༔ གཡས་ལ་སོགས་པའི་ཕྱོགས་ནས་ཡལ་སོགས་ཡིན༔ དེ་ནས་སླར་ཡང་གཞན་བརྟག་འདི་ལྟ་སྟེ༔ ཉི་མ་རྩེ་ཤར་ཆུ་རྟིང་ནུབ་ངོས་ནས༔ རྩིགས་པ་མཐོན་པོའི་ལོག་ལ་གདོང་ཤར་བར༔ བལྟས་པས་གྲིབ་མ་ཟང་ཐལ་གཉིས་སུ་འབྱུང༔ བྱུང་ན་སྐྱོན་མེད་སྟེང་མ་མེད་གྱུར་ན༔ བཅུ་དྲུག་ཞག་གི་ནམ་ཕྱེད་ནས་འཕོ་འོ༔ ཉིན་ཕྱེད་ལྷོར་བལྟས་ཙོག་པུར་འདུག་ནས་སུ༔ ལག་གཡས་གྲུ་མོ་པུས་མོའི་སྟེང་དུ་བཞག༔ ལག་མགོ་མགོར་བཞག་སྨིན་མཚམས་སུ་ལག་མགུལ༔ ཡོད་པར་བྱས་ལ་མིག་གཉིས་བལྟས་པ་ཡིས༔ ཕྲ་ན་སྐྱོན་མེད་ཆད་ན་ཞག་བཅུ་དགུ༔ ཉི་མ་རྩེ་ཤར་མཁར་གཞོང་དཀར་ཡོལ་སོགས༔ སྣོད་གསལ་ནང་དུ་དྲི་ཆུ་བཏང་བ་ཡི༔ སྔོ་དམར་དུ་འདུག་སྐྱོན་མེད་མི་འདུག་ན༔ ཞག་པོ་བཅོ་ལྔའི་མཚམས་སུ་འཕོ་བ་སྲིད༔ ཉི་མ་རྩེ་ཤར་དྲི་ཆེན་ཕྱུང་བར་རླངས༔ ཡོད་ན་སྐྱོན་མེད་མེད་ན་ཞག་དགུ་འོ༔ སྔར་བཤད་བཞིན་དུ་ལྟག་པའི་སྐྲ་ཆུན་ལོང༔ འཕར་རྩ་བླ་རྩ་མེད་ན་ཞག་བདུན་ནས༔ མིག་སྒྲོན་ཡོད་ན་སྐྱོན་མེད་མེད་གྱུར་ན༔ ཞག་གསུམ་ནས་འཕོ་དེ་བཞིན་རྣ་བ་རུ༔ མཛུབ་མོ་བཅུག་དུས་སྔར་ཡོད་སྒྲ་མཚུངས་ན༔ སྐྱོན་མེད་རླུང་ཆེན་ཇི་ལྟའི་སྒྲ་ཆེས་ན༔ བདུན་ནམ་བཅུ་གཉིས་སྒྲ་མེད་ཞག་ལྔ་འོ༔ དེ་ནས་རླུང་ལ་བརྟག་པའི་རིམ་པ་བཤད༔ སྣ་བུག་གཉིས་ནས་ཉི་མ་རེས་མོས་སམ༔ ཡང་ན་སྔ་དྲོ་ཕྱི་དྲོ་རེས་མོས་སུ༔ རྒྱུ་བ་སྐྱོན་མེད་གཅིག་ནས་རྒྱུན་རྒྱུ་ངན༔ གཡས་ནས་ཞག་ལྔ་རྒྱུ་ན་ལོ་གསུམ་ནས༔ འཕོ་ཞིང་ཞག་བཅུ་རྒྱུ་བ་ལོ་གཉིས་ནས༔ བཅོ་ལྔ་ལོ་གཅིག་ཉེར་དྲུག་ཟླ་བ་དྲུག༔ ཉེར་བདུན་ཟླ་གཅིག་ཉེར་ལྔ་ཟླ་བ་གསུམ༔ ཉེར་དགུ་ཞག་བདུན་ཉེར་བརྒྱད་ཟླ་བ་ཕྱེད༔ སུམ་ཅུ་རྒྱུ་ན་ཞག་ལྔའི་མཚམས་ནས་སོ༔ གཞན་ཡང་ཉི་མ་རྩེ་ཤར་ཁ་སྣའི་རླུང༔ དབུགས་རྔུབ་བྱེད་ཚེ་ཡང་རྒོད་ཟླ་དྲུག་ནས༔ སྣ་རྩེར་རླུང་གདོང་མེད་ན་ཞག་བདུན་ནས༔ མིག་རླུང་ཞ་ནས་མཆི་མ་རྒྱུན་འཛག་པ༔ ཞག་ལྔ་ནས་ཡིན་བྲང་གི་ལྷེན་སྣ་ཞོམ༔ དུས་བཞིའི་རླུང་ཞ་བཅུ་དྲུག་ཞག་མཚམས་སོ༔ དེ་ནས་རིག་པ་ལ་བརྟག་བཤད་པར་བྱ༔ སྒྲོན་མ་དབྱིངས་སུ་ཐིམ་རྟགས་མིག་སྒྲོན་མེད༔ སྔར་བས་ཉམས་མི་དགའ་ཞིང་ཤེས་གཤིས་འགྱུར༔ རྣལ་འབྱོར་ཆོས་སྤྱོད་བྱ་བྱེད་ཀུན་གྱིས་སུན༔ རྟོག་པ་ཕྲ་རགས་སྡོད་མི་ཚུགས་པ་དང༔ འགྲོ་སྙིང་འདོད་དང་འཆི་མོས་སྔར་མེད་པའི༔ ཤེས་པ་གསར་འབྱུང་དད་པ་སོགས་སྔར་མེད༔ སྐྱེ་ལ་སྔར་ཡོད་ཡིན་ན་དེ་ནུབ་དང༔ རང་རྒྱུད་འཇམ་རྩུབ་སྔར་དང་མི་འདྲ་འགྱུར༔ ས་བོན་ནག་པོ་འབབས་སམ་ཡེ་མི་འབབ༔ བུད་མེད་དཀར་པོ་འབབས་སམ་མི་འབབ་དང༔་་་པདྨ་ཅན་ལ་མ་ངེས་མཆན། འཚིག་ཟ་སྤྱི་བོ་རྐང་མཐིལ་ཟ་འམ་ཚ༔ ལ་སོགས་འཆི་རྟགས་ཞར་བྱུང་དང་བཅས་སོ༔ རྨི་ལམ་བརྟག་པ་ཤས་ཆེར་གཅིག་པུར་འཁྱམས༔ ལ་བརྒལ་གཤིན་གྲལ་འདུག་དང་ཉི་མ་ནུབ༔ ནམ་སྲོས་པ་ནི་ཤ་སྟག་རྨིས་པ་དང༔ པདྨ་དམར་པོའི་སྡོང་འཛེགས་ཟླ་བ་རྒས༔ རང་ཉིད་རླུང་ཁྱེར་ལུང་ཁང་གྲོང་སྟོང་ནང༔ སྙིང་མི་དགའ་ཞིང་གཅིག་པུར་འདུག་པ་རྨིས༔ དེ་བཞིན་དུར་ཁྲོད་འདུག་དང་མཁར་རྙིང་འགྱེལ༔ བླ་དྭགས་ཤི་ནས་རང་སྤྲེལ་དཀར་པོ་ཞོན༔ ཤར་འགྲོ་རྟ་དཀར་ཞོན་ནས་ལྷོ་རུ་འགྲོ༔ གནས་ཁང་ཚོལ་ཞིང་གོས་དམར་གྱོན་ནུབ་འགྲོ༔ མཆོད་རྟེན་དམར་པོར་འཛེགས་དང་མེ་ཏོག་དམར༔ འཐུ་ཞིང་མི་ནག་བྱུང་ནས་རང་སྙིང་བཏོན༔ མགོ་བོ་བཅད་དང་མ་ཡི་མངལ་རང་འཇུག༔ གཤིན་པོ་དང་ནི་མཉམ་འདུག་བཟའ་བཏུང་བྱེད༔ རྒྱུན་རྨིས་གཞན་ཡང་རང་ལ་གཞན་དག་གིས༔ སྐྱེལ་ཐུང་བྱེད་དང་བོང་བུ་ཕྱིར་ལོག་ཞོན༔ མཁར་རིང་སྒོ་མེད་ནང་འདུག་ཀ་ནི་ཀའི༔ ནང་དུ་འདུག་སོགས་ཡང་ཡང་རྨིས་པ་ནི༔ ལོ་གསུམ་ཚུན་ལ་འཕོ་བའི་རྟགས་སུ་བཤད༔ ཤིན་ཏུ་མྱུར་རྟགས་ས་ཆུར་ཐིམ་པ་ནི༔ ལུས་ལྗི་ཆུ་སེར་ཐིམ་པས་ཁ་སྣའི་ཆུ༔ འཛག་ནས་མེ་རླུང་ལ་ཐིམ་དྲོད་འཆོར་རོ༔ རླུང་ཉིད་རྣམ་པར་ཤེས་ཐིམ་ཕྱི་ནང་དབུགས༔ ཆད་ནས་དར་ཅིག་བརྒྱལ་ནས་རྣམ་པར་ཤེས༔ ནམ་མཁར་ཐིམ་པས་རྟོག་མེད་དུ་གནས་སོ༔ ནམ་མཁའ་འོད་གསལ་ལ་ཐིམ་ཡེ་ཤེས་ཀྱི༔ སྣང་བ་ཤར་རྣམས་འབྱུང་བས་ཤེས་པར་གྱིས༔ དེ་ལྟར་ཕ་རོལ་འགྲོ་དགོས་དག་སྐྱེལ་བའི༔ བྱ་མ་རྟ་འདིར་བརྟགས་ཤིང་སེམས་པར་བྱོས༔ ལོང་མེད་སྒྲུབ་ལ་བརྩོན་འགྲུས་དུས་ལ་བབས༔ ༈ འོན་ཀྱང་གསང་སྔགས་མཐར་ཕྱིན་འགྱུར་བའི་ཕྱིར༔ འཆི་བ་བསླུ་བའི་མན་ངག་བཤད་པར་བྱ༔ བསླུ་རྟགས་འབད་ན་བསླུ་སྲིད་གཞན་དུ་མིན༔ ལར་ནི་རྣལ་འབྱོར་ནུས་པར་རག་ལས་སོ༔ རབ་ནི་རོ་སྙོམས་སུ་འཁྱེར་བསླུ་བྱར་མེད༔ འཆི་བའི་འཇིགས་ལ་ཞུམ་པ་མེད་པ་འོ༔ འབྲིང་དང་ཐ་མས་འདི་ལྟར་བརྩོན་པར་བྱ༔ ལུས་ངག་ཡིད་གསུམ་དགེ་སྦྱོར་མ་ཡེངས་འབུངས༔ རྩ་བ་དེ་ཡིན་ཡན་ལག་གླུད་ཆེན་གཏང༔ བླ་མར་དབང་ཞུ་ཚོགས་སྐོང་བཤགས་པ་སོགས༔ བརྒྱ་འབད་ཚེ་སྒྲུབ་བྱ་ཞིང་ཆོས་སྐྱོང་ལ༔ གཏོར་མ་བརྒྱ་འབུལ་གཞན་ཡང་མར་མེ་དང༔ ཚེ་ཐར་ལུས་སྦྱིན་མང་བྱ་བསྙེན་སྒྲུབ་བརྩོན༔ དགེ་སློང་ལ་སོགས་བཞི་སྡེར་ཞབས་ཏོག་བསྒྲུབ༔ སཱཙྪ་མང་གདབ་གསུང་རབ་ཚེ་མདོ་གཟུངས༔ མང་བྱ་སྦྱིན་སྲེག་ལེགས་བྱ་གནས་གཞན་དུ༔ ཉམས་སྐྱོང་ཏིང་འཛིན་མི་གཡེལ་ཆོས་ལ་འབུངས༔ གཞན་ཡང་རླུང་སོར་མ་ཆུད་བར་དུ་ནི༔ རླུང་བུས་ཚེ་ཡི་བར་ཆད་མ་ལུས་ཀུན༔ སང་སང་བུས་ནས་དག་ཅིང་སྟོང་པར་བསམ༔ ཚུར་རྔུབ་ནམ་མཁའི་བཅུད་བསྡུས་སྣ་ནས་ཞུགས༔ ལྟེ་བར་སླེབས་པས་ཟླ་གདན་སྟེང་དུ་ཨ༔ དཀར་པོར་གྱུར་པའི་དམིགས་པ་མ་ཡེངས་གཟུང༔ རླུང་ནི་ཁ་སྦྱོར་བུམ་ཅན་དགང་ནས་སུ༔ ཡང་ཡང་བསྐྱར་འབད་རྟག་ཏུ་རླུང་རྒྱུའི་ཕྱོགས༔ འོག་བསྟན་ནུ་ཐད་དར་རམ་རས་བྱས་པའི༔ ཕོ་དོ་བཞག་ནས་དྲག་ཏུ་ཕྱིར་ལ་ཕུལ༔ དེས་ནི་སོར་ཆུད་དགོས་པ་ཆེ་ཡོད་དོ༔ དེ་ནས་བཅུད་ལེན་རིལ་བུར་ཨ་མྲྀཏ༔ སྦྱར་བ་བརྟེན་ལ་ཚོགས་སྐོང་ཟློག་སོགས་བྱ༔ རང་གི་རྣམ་སྣང་མི་བསྐྱོད་ལེགས་སྦྱངས་པར༔ ཨ་མྲྀ་ཏ་སྦྱར་སྐྱ་རེངས་ཤར་དུས་དག༔ སྣ་གཡོན་ནས་རྔུབས་གྲི་ཚིལ་ལུས་ལ་བྱུགས༔ འཆི་བསླུའི་རིགས་དག་ཇི་སྙེད་འབད་པར་བྱ༔ དེ་ནས་བསྐྱེད་རིམ་སོགས་ཀྱིས་བསླུ་བ་ནི༔ རང་གི་སྤྱི་བོར་བླ་མ་ཚེ་དཔག་མེད༔ ཡབ་ཡུམ་ཞལ་སྦྱོར་རྣམ་པར་གསོལ་དྲག་གདབ༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན་བབས་པས༔ རང་གི་སྤྱི་བོ་ནས་ཞུགས་ལུས་ཀུན་གང༔ མེར་ཁེངས་ལྟེ་བར་ཨ་དཀར་དམར་མཐིང་གསུམ༔ དུ་གྱུར་དེ་ཡི་འོད་ཀྱིས་སྐྱེ་འགྲོ་ཡི༔ ལས་སྒྲིབ་མ་དག་རིགས་སྦྱངས་ལྷར་གསལ་གྱུར༔ ཚེ་བསོད་བདག་ལ་བསྩལ་ཅིང་འུབས་འདུས་ནས༔ ཨ་གསུམ་ལ་ཐིམ་བདུད་རྩིའི་རྒྱུན་མཆོག་བབས༔ མས་ནས་ཡར་ལུད་སྤྱི་བོ་མན་ཆད་ཁེངས༔ བསམ་ནས་སྤྱི་བོར་སླེབས་དུས་ཨོཾ་དཀར་དམར༔ མཐིང་གསུམ་དུ་གྱུར་དེ་འོད་ཕྱོགས་བཅུར་འཕྲོས༔ སངས་རྒྱས་བྱང་སེམས་རྩ་གསུམ་མ་ལུས་དང༔ ཚེ་ཡི་རིག་འཛིན་བརྙེས་ཀུན་ཐམས་ཅད་ཀྱི༔ བྱིན་རླབས་བཅུད་ཀུན་ཚེ་ཡི་བདུད་རྩིར་གྱུར༔ ཨོཾ་གསུམ་ལ་ཐིམ་དེ་ལས་བདུད་རྩི་བབས༔ ཡས་ནས་མར་བབས་སྙིང་གར་སླེབས་པའི་ཚེ༔ ཧཱུྃ་ཡིག་དཀར་དམར་མཐིང་གྱུར་དེ་འོད་ཀྱིས༔ སྣང་སྲིད་ཀུན་ཁྱབ་འབྱུང་བ་ལྔ་སྲིད་ཚད༔ ཀུན་གྱི་བཅུད་དང་དྭངས་མ་ཁ་དོག་ལྔའི༔ རང་བཞིན་དུ་བསྡུས་ཧཱུྃ་ཡིག་གསུམ་ལ་ཐིམ༔ དེ་ལས་བདུད་རྩི་བབས་པས་ལུས་མགོ་མཇུག༔ ཀུན་ཁེངས་རྡོ་རྗེ་ཕ་ལམ་ལྟར་གྱུར་བསམ༔ དེ་ཀུན་ཟེར་དང་མེ་སྟག་དམར་པོ་ནི༔ སི་རི་རི་འཕྲོས་བ་སྤུའི་བུག་ཀུན་ནས༔ ཐོན་ནས་ཚེ་ཡི་བར་ཆད་རིགས་ཀུན་བསྲེགས༔ ལྟེ་བའི་ཨ་གསུམ་ཡར་འདུས་འདྲེས་ཟླ་བར༔ གྱུར་ནས་སྤྱི་བོའི་ཨོཾ་གསུམ་མར་འདུས་འདྲེས༔ ཉི་མར་གྱུར་ཏེ་དེ་གཉིས་ཁ་སྦྱོར་བར༔ ཧཱུྃ་གསུམ་ལ་ནི་རིག་པ་འདུས་ཤིང་གནས༔ འོད་ཞུ་རྡོ་རྗེ་དམར་པོ་ཧྲཱིཿདམར་མཚན༔ འོད་ལྔ་འབར་ལས་ཚེ་ལྷ་རིགས་ལྔ་འཕྲོས༔ བསམ་ཞིང་སྤྱི་བོར་བཞུགས་ལྷ་འོད་དུ་ཞུ༔ མར་ཞུགས་ཉི་ཟླའི་དཀྱིལ་འཁོར་ལ་རེག་ཙམ༔ འོད་ལྔ་ཡེ་ཤེས་ལྔ་ཡི་ཚོན་སྐུད་གྱུར༔ རྒྱ་གྲམ་རིས་སུ་རྒྱས་གདབ་འགྱུར་མེད་བསམ༔ ཡིད་ཀྱིས་གསོལ་གདབ་ངག་ནས་སྙིང་པོ་བགྲང༔ ཚེ་སྒྲུབ་མཐར་ཐུག་འཆི་བསླུ་ཆེས་ཟབ་བོ༔ གཞན་ཡང་ཚེ་ཡི་སྒྲུབ་པ་འདི་ལྟར་བྱ༔ ནངས་པར་རང་ཉིད་བླ་གབ་མེད་པའི་སར༔ འདུག་ནས་སྐྱིལ་ཀྲུང་ལག་གཉིས་ཐུགས་ཀར་བསྣོལ༔ རྒྱང་ཞགས་དང་ནི་ཤེས་རིག་ནམ་མཁར་གཏད༔ མཆུ་དང་སོ་གཉིས་མ་རེག་ཙམ་དུ་བཞག༔ ནམ་མཁའ་ཐམས་ཅད་བཅུད་མཆོག་འོ་མ་ཡི༔ རྒྱུན་གྱི་རྣམ་པ་འཆི་མེད་བདུད་རྩི་ཡི༔ དོན་ལྡན་རང་གིས་ཧབ་ཧབ་ལྕེས་རྔུབ་པས༔ ནམ་མཁའ་ཐམས་ཅད་རང་གི་ཁོང་པའི་ནང༔ ལྟེམས་ཀྱིས་འདུས་ནས་རང་ལུས་འཆི་མེད་པ༔ ནམ་མཁའི་རང་བཞིན་བསམས་ལ་རླུང་མཆིལ་མ༔ མིད་དང་མཉམ་དུ་ཅི་གནས་གཟུང་བར་བྱ༔ གཏང་བའི་དུས་སུ་དལ་བར་བཏང་བ་ཡི༔ དེ་འདྲ་མང་བྱས་སྒྲེགས་དང་བདེ་མེར་བ༔ འོང་ཚེ་རོ་རྐྱང་རྩ་སྒོ་ཅུང་ཟད་བསྡམ༔ འདི་ནི་ཤིན་ཏུ་ཟབ་པའི་གདམས་ངག་ཡིན༔ ྀཨཚ༔ དེ་དག་བྱས་ཀྱང་མ་བསླུས་འཆི་ལྟས་སོགས༔ ཇེ་གསལ་བྱུང་ན་དུས་ལ་བབས་ནས་ནི༔ ཟད་ངེས་ཡིན་པས་ཕྱི་མའི་སོ་ནམས་འབད༔ འཆི་ཁའི་གདམས་ངག་མ་ཡེངས་ཉམས་སུ་བླང༔ འོན་ཀྱང་གོང་གི་དེ་རྣམས་ཆ་ཚང་བར༔ འབད་ན་ཚེ་ཟད་མ་གཏོགས་ངེས་པར་བསླུ༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ ཞར་བྱུང་བཅུད་ལེན་མན་ངག་བསྟན་པར་བྱ༔ དབང་ལག་སོར་མོ་ལྔ་ཡོད་མདོག་དཀར་བ༔ སྟོན་དཔྱིད་དུས་བརྐོས་ཉི་མ་མི་ཕོག་པའི༔ རླུང་ཕོག་ས་རུ་གྲིབ་སྐམ་ལེགས་པར་བྱ༔ རུལ་བ་སོགས་ཀྱི་སྐྱོན་མ་གོས་པ་གནད༔ བཏགས་པའི་ཕྱེ་མ་ཕུལ་གང་འོ་མ་ལ༔ བཏབ་ཅིང་འོ་མའི་ཚད་ནི་བྲེ་དོ་ཡིན༔ དཀྲུག་ཅིང་འོ་ཟན་ཙམ་བྱས་ཤིང་སྣོད་དུ༔ ལེགས་བརྡལ་བསྐམས་ནས་སླར་ཡང་ཞིབ་ཏུ་བཏགས༔ འབྲས་གསུམ་བཟང་དྲུག་བུར་སྦྲང་ཨ་མྲྀཏ༔ བཏབ་ནས་རིལ་བུ་ཤ་བའི་རིལ་མ་ཙམ༔ བྱས་ནས་གསུམ་མམ་བཞི་སོགས་མ་སུམ་པར༔ བཟའ་བར་བྱ་བ་བཅུད་ལེན་མཆོག་ཡིན་ནོ༔ ཡང་ན་དབང་པོ་ལག་པ་ཆུ་རུ་བཙོ༔ ཁུ་བ་རང་ཐིམ་གྲིབ་སྐམ་བྱས་ནས་སུ༔ ནས་ཀྱི་ཚད་དུ་བརྡུངས་ནས་མང་ཉུང་སྐབས༔ བསྟུན་ལ་ཡོས་དང་བསྲེ་ལ་ཐུག་པར་བཏབ༔ ཚྭ་སྡོར་འཛོམ་ལེགས་བརྟེན་ན་གེགས་མེད་ཅིང༔ སྟོབས་འཕེལ་བཅུད་ལེན་མཆོག་ཏུ་འདི་འགྱུར་རོ༔ ཡང་གཅིག་སྲོ་ལོ་དཀར་པོའི་རྩ་བ་བརྐོས༔ ཤུན་བཤུས་བཙོས་ལ་ཁུ་བ་ལེགས་པར་འདོན༔ གྲིབ་མར་བསྐམས་ནས་ཡོས་བསྲེ་ཞིབ་ཏུ་བཏགས༔ ཟན་དྲོན་ནམ་ནི་ཐུག་པ་བྱས་ནས་ནི༔ ཚིལ་ལམ་མར་བསྲེ་སྡོར་བཏབ་བཟའ་བཏུང་བྱ༔ བར་རླུང་བཟུང་ཞིང་རླུང་ལངས་ཆང་བུར་དང༔ ཛཱ་ཏི་བརྟེན་པས་སྟོབས་འཕེལ་གེགས་སེལ་མཆོག༔ ཡང་གཅིག་སྤང་བྲག་དང་ནི་གངས་ཆའི་མཚམས༔ སྐྱེས་པའི་སྲོ་ལོ་དམར་པོ་བརྐོ་ཤུན་བཤུ༔ རྡོས་བརྡུང་ཕད་བུར་བླུགས་ལ་ཆུ་ཡིས་མནན༔ མཉེ་ཞིང་བཙིར་བས་ཁུ་བ་འགྲོ་བར་བྱ༔ གྲིས་གཏུབས་བཙོས་ནས་སླར་ཡང་ཆུ་ཡིས་བཀྲུ༔ ལེགས་བསྐམས་ནས་ནི་ཡོས་དག་སུམ་ཆ་འམ༔ བཞི་ལྔ་བཅུ་ཆ་སོགས་བསྲེ་ལེགས་པར་བཏགས༔ ཟན་དྲོན་ཐུག་པ་གང་བདེ་ཚྭ་སྡོར་བཅས༔ བརྟེན་ན་འདི་ཡང་བཅུད་ལེན་ལེགས་པའི་མཆོག༔ བཟའ་ཚོད་འཇུ་དཀའ་ཟླ་བའི་ཚོད་དང་སྦྱར༔ རླུང་ཁ་གནོན་པའི་སྨན་ཡང་བཏང་བར་བྱ༔ ཡང་གཅིག་ཤུག་བལ་སེར་པོ་ལང་ལིང་ཅན༔ ཤུག་པའི་གསེབ་འབྱུང་བཙོས་པའི་ཁུ་བ་ལ༔ ཁཎྜ་ལེགས་བྱས་གྲོ་ཕྱེ་དང་སྦྱར་བའི༔ རིལ་བུ་བྱའམ་གྲོ་བཙོས་ཁུ་བ་དང༔ སྦྱར་ལ་སྐྱོ་ཚ་བྱ་ཞིང་བུར་སྦྲང་བཏབ༔ བརྟེན་ན་བཅུད་ཆེ་སྟོབས་ཀྱང་འཕེལ་བ་ཡིན༔ ཡང་ན་རྒྱ་ཤུག་འབྲས་བུ་ལེགས་པར་བཙོ༔ ཁཎྜ་བྱས་ནས་བུ་རམ་དབང་པོ་ལག༔ འབྲས་གསུམ་ཨ་མྲྀ་ཏ་བཏབ་རིལ་བུ་བྱ༔ བར་རླུང་བཟུང་བརྟེན་བདེ་དྲོད་སྐྱེ་བ་འོ༔ ཡང་གཅིག་ར་མོ་ཤག་ནི་དཔྱིད་དུས་བརྐོ༔ ཁུ་བ་རང་ཐིམ་གྲིབ་སྐམ་ལེགས་པར་བྱ༔ ཡོས་ཀྱང་སུམ་ཆ་བསྲེས་ནས་ཞིབ་པར་བཏགས༔ ཟས་དྲོན་ཐུག་པ་གང་བདེ་ཚྭ་སྡོར་གཅེས༔ འཇུ་སྟོབས་ཚད་བསྟུན་ཉུང་ཉུང་དྲངས་ནས་བཟའ༔ དེ་ཡང་བཅུད་ཀྱི་མཆོག་ཏུ་ལེགས་པར་བཤད༔ དེ་ནས་དེ་རྣམས་ཐམས་ཅད་བཟའ་ཐབས་བཤད༔ ཨོཾ་ཨཱཿཧཱུྃ་བརྗོད་ཡེ་ཤེས་བདུད་རྩིར་བསམ༔ དེ་ནི་སྤྱིར་ཡིན་ཁྱད་པར་འདི་ལྟ་སྟེ༔ རྫས་ཀྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཡིག་བཅུ་པོ་ལས༔ རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་ཅན་དུ་བསྐྱེད༔ དེ་རྣམས་འོད་ཀྱིས་ཕྱོགས་བཅུར་བཞུགས་པ་ཡི༔ རྒྱལ་བ་ཞི་ཁྲོ་མ་ལུས་བསྡུས་རིགས་ལྔ༔ ཡབ་ཡུམ་ལ་ཐིམ་སྦྱོར་མཚམས་སོ་སོ་ནས༔ བྱང་སེམས་དཀར་པོ་འོ་མ་ལྟ་བུ་དང༔ སྔོན་པོ་མཐིང་ཁུ་སེར་པོ་གུར་གུམ་གྱི༔ ཁུ་བ་ལྟར་དང་དམར་པོ་རཀྟ་ལྟར༔ ལྗང་གུ་ལོ་མ་བརྡུངས་པའི་ཁུ་བ་བཞིན༔ བབས་ནས་རྫས་ལ་གཉིས་མེད་ཐིམ་པར་བསམ༔ ཁྱད་པར་སྐྱེ་འགྲོའི་ཚེ་དང་འབྱུང་བའི་བཅུད༔ འོད་ཀྱིས་བསྡུས་ནས་རྫས་ལ་ཐིམ་པར་བསམ༔ མཐར་ནི་རིགས་ལྔ་ཡུམ་བཅས་རྫས་ལ་ཐིམ༔ འཆི་མེད་བདུད་རྩིར་བསམས་ལ་བརྟེན་པར་བྱ༔ གལ་ཏེ་ཆུ་འགགས་བད་ཀན་བྱུང་བ་ན༔ ལྒ་དང་ལྕང་ཟི་སྡིག་སྲིན་བཏུལ་ནས་སུ༔ སྐབས་སུ་བག་རེ་གཏོང་བ་གེགས་སེལ་ཡིན༔ ཡོན་ཏན་ཚེ་རིང་རྒས་དཀའ་འབྱུང་བ་སྙོམས༔ སྟོབས་རྒྱས་ལུས་བཟང་བདེ་སྟོང་ཉམས་སྐྱེ་འོ༔ ཀུནྡ་འཕེལ་བས་གསང་སྔགས་གྲོགས་སུ་འགྱུར༔ དགེ་སྦྱོར་འཕེལ་ཞིང་མདོག་ལེགས་ཀུན་ཡིད་འོང༔ ལར་ནི་གསང་སྔགས་སྒྲུབ་པའི་རྒྱགས་ཕྱེ་ཡིན༔ སྐབས་འདིར་ཚེ་སྒྲུབ་འཆི་བསླུའི་ཆ་རྐྱེན་དུ༔ བསྟན་པ་སྲོག་ལྟར་གཅེས་ཤིང་གསང་བ་གནད༔ གུ་རུའི་གསུང་ལ་མཚོ་རྒྱལ་ཟིན་བྲིས་བགྱིས༔ སྣོད་མིན་ལ་གསང་ཐེམ་མེད་གུད་དུ་སྦས༔ ལས་ཅན་དང་འཕྲད་གསང་སྔགས་མཐར་ཕྱིན་ཤོག༔ ས་མ་ཡ༔ རྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱཿརྒྱ༔ རོལ་པའི་རྡོ་རྗེའི་གཏེར་མ་ལགས།།
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་འགྱུར་བཅས་ (Volume 62, Text 63)
རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་འགྱུར་བཅས་བཞུགས་སོ༔ ྈྈ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཞི་སྒྲུབ་ནི༔ ཡེ་ནས་རྣམ་པར་དག་པའི་ཞིང༔ མ་བཅོས་གསལ་རྫོགས་ཆེན་པོ་རུ༔ དབྱིངས་ཀྱི་གཞལ་ཡས་ཆེན་པོའི་དབུས༔ རིག་པ་རང་སྣང་གདན་གྱི་སྟེང༔ དབྱིངས་རིག་ཟུང་འཇུག་རྡོར་སེམས་མཐིང༔ ཞལ་གསུམ་ཕྱག་དྲུག་རྡོ་རྗེ་སོགས༔ ཕྱག་མཚན་འཛིན་ཞིང་སྙེམས་མ་འཁྲིལ༔ ཤར་དུ་རྣམ་སྣང་སྐུ་མདོག་དཀར༔ འཁོར་ལོ་ལ་སོགས་ཕྱག་མཚན་དྲུག༔ སྤྱན་མ་ཡུམ་འཁྲིལ་འོད་འབར་བསམ༔ ལྷོ་རུ་རིན་ཆེན་འབྱུང་ལྡན་ནི༔ སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ རིན་ཆེན་གཙོར་གྱུར་ཕྱག་མཚན་དྲུག༔ ཡུམ་ནི་མཱ་མ་ཀཱི་དང་སྦྱོར༔ ནུབ་ཏུ་སྣང་བ་མཐའ་ཡས་ནི༔ དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ པདྨ་གཙོར་གྱུར་ཕྱག་མཚན་དྲུག༔ ཡུམ་ནི་གོས་དཀར་མོ་དང་སྦྱོར༔ བྱང་དུ་དོན་ཡོད་གྲུབ་པ་ནི༔ ལྗང་གུ་ཞལ་གསུམ་ཕྱག་དྲུག་པ༔ རྒྱ་གྲམ་གཙོར་གྱུར་ཕྱག་མཚན་དྲུག༔ ཡུམ་ནི་དམ་ཚིག་སྒྲོལ་མ་འཁྲིལ༔ འཁོར་ལོའི་རྩིབས་མཆན་ནང་གི་མཚམས༔ ས་སྙིང་ནམ་སྙིང་སྤྱན་རས་གཟིགས༔ ཕྱག་རྡོར་ལཱ་སྱཻ་མཱ་ལྱཾ་དང༔ གཱིརྟཱི་ནིརྟཱི་ཡབ་ཡུམ་བརྒྱད༔ ཕྱི་ཡི་རྩིབས་ཁ་གྲུ་ཆད་ལ༔ བྱམས་པ་སྒྲིབ་སེལ་ཀུན་ཏུ་བཟང༔ འཇམ་པའི་དབྱངས་དང་པུཥྤེ་མ༔ དྷཱུ་པེ་ཨཱ་ལོ་གནྡྷེ་བརྒྱད༔ གཙོ་འཁོར་དེ་དག་ཐམས་ཅད་ཀྱང༔ རྒྱན་ཆས་བཅུ་གསུམ་དག་དང་ལྡན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས༔ ནང་གི་ཁྱམས་ཀྱི་ཕྱོགས་མཚམས་སུ༔ བྱ་བྱེད་ཐུབ་པ་དྲུག་རྣམས་དང༔ སྒོ་བཞིར་མཐར་བྱེད་བརྒྱད་རྣམས་གསལ༔ མ་བཅོས་ཅི་ཡང་སྣང་བའི་སྐུ༔ མ་འགགས་ཅི་ཡང་སྣང་བའི་གསུང༔ མི་གནས་ཡེ་ཤེས་ཐུགས་དང་ལྡན༔ ཐབས་ཀྱི་སྣ་ཚོགས་སྒྱུ་འཕྲུལ་ལས༔ བདེ་བ་ཆེན་པོའི་དྲྭ་བར་ལྡན༔ གཉིས་མེད་མཉམ་སྦྱོར་ཟུང་འཇུག་བསྒོམ༔ རྒྱས་པར་རྒྱུད་བཞིན་སྙིང་པོ་བཟླ༔ བསྡུ་ན་སྙིང་པོའི་ཡང་སྙིང་ནི༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ དེ་ཉིད་ཁྲོ་བོར་གནས་འགྱུར་ནི༔ དབུས་སུ་བྱོལ་སོང་ཁྲི་ལྔའི་སྟེང༔ བཛྲ་བུདྡྷ་རཏྣ་དང༔ པདྨ་ཀརྨ་ཧེ་རུ་ཀ༔ མཐིང་སྨུག་སེར་དམར་ལྗང་བའི་མདོག༔ ཞལ་གསུམ་ཕྱག་དྲུག་གཤོག་པ་གདེངས༔ གཡས་པ་དང་པོས་རང་རྟགས་དང༔ གཡོན་པས་དུང་ཁྲག་ལྷག་མ་རྣམས༔ ཕྱག་མཚན་གཞན་རྣམས་འཛིན་པ་འོ༔ རིགས་ལྔའི་ཁྲོ་མོ་ལྔ་དང་སྦྱོར༔ ཁྱམས་ལ་ཀོའུ་རཱི་སིང་ཧ་དང༔ སྤོར་བྱེད་བརྒྱད་དང་སྒོ་བཞི་ལ༔ རྟ་གདོང་ལ་སོགས་སྒོ་མ་བཞི༔ ཕྱི་རོལ་དབང་ཕྱུག་ཉེར་བརྒྱད་ཚོགས༔ དཔལ་གྱི་དཀྱིལ་འཁོར་ཆེན་པོར་གསལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གསང་སྐོར་ཡི་དམ་ཞི་བ་དང༔ དེ་ཉིད་གནས་འགྱུར་སྒྲུབ་ཐབས་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ྈྈ གཏེར་ཆེན་མཆོག་གྱུར་གླིང་པས་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་རིམ་བཞིན་མཁྱེན་བརྩེའི་དབང་པོས་བྲིས་པའོ།། །།
ཞང་བློན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 63)
ཨཱོྃ་སྭསྟི། རྡོ་རྗེ་འཛིན་དབང་གསང་བའི་བདག །བདུད་དཔུང་འདུལ་ཕྱིར་གནོད་སྦྱིན་གྱི། །སྡེ་དཔོན་ཚུལ་འཛིན་དེར་བཏུད་ནས། །སྒྲུབ་ཐབས་རྗེས་གནང་མདོ་ཙམ་བཤད། །འདིར་གནོད་སྦྱིན་རྡོ་རྗེ་བདུད་འདུལ་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། བྲིས་སྐུའི་མདུན་དུ་སྟེགས་བུའི་ཁར་སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་རམ། པདྨ་འདབ་བརྒྱད་ཙམ་མམ་ཚོམ་བུས་ཀྱང་རུང་སྟེ། དབུས་སུ་མཉྫི་ལ་གཏོར་མ་ནོར་བུ་འབར་བའི་རྣམ་པ་གྲུ་གསུམ་ཆེ་བ་གཅིག་ལ་༼ཕྱི་ནང་གསང་སྦྲགས་བཞི་པོ་གང་བྱེད་ཀྱི།་་་ལྷ་གྲངས་ཀྱི་བཤོས་བུས་བསྐོར། ཁ་ཟས་བཟང་དགུས་བརྒྱན་པ་ལ་མདའ་དར་ནག་པོ་སྐུ་རྟེན་དང་བཅས་པ་བཙུགས་པ་བཀོད། གཡས་སུ་གོང་གནོན་ལྷའི་འདས་གཏོར་དང་། གཡོན་དུ་མཆོད་པའི་གཏོར་མ། མདུན་དུ་གསང་ཕྱི་དང་དམ་ཚིག་གི་རྒྱ་ཕོར་སོགས་མཐུན་རྫས། གཞན་ཡང་ཉེར་སྤྱོད་སྨན་རཀ་སོགས་མཁོ་བའི་ཡོ་བྱད་མཐའ་དག་ཚོགས་པར་བཤམ་མོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། ཕྱག་ན་རྡོ་རྗེ་ཁང་བུ་བརྩེགས་པའམ་ཡི་དམ་ཞི་ཁྲོ་གང་འོས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སྤྱི་དང་ཁྱད་པར་གྱི་མཆོད་རྫས་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་རིན་པོ་ཆེའི་ཁང་བཟང་གི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་སྲིན་པོ་ཕོ་མོའི་གདན་ལ་ཀྵ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་བདུད་རྩིའི་བུམ་པ་བསྣམས་པ། སྦོམ་ཐུང་བརྗིད་པའི་ཉམས་ཅན། དར་ནག་གི་འཇོལ་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །གཡོན་དུ་ཀྵཾ་ལས་ཡུམ་ཀུན་འགྲུབ་མ་སྔོན་མོ་གཡས་ནད་རྐྱལ་དང་གཡོན་པས་ཞལ་ཟས་གཙོ་ལ་སྟོབ་པ་དར་དཀར་གྱི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྩིབས་བཞི་ལ་ཤར་དུ་ཛཾ་ལས་ནོར་ལྷ་དཀར་པོ་དར་དཀར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། གཡས་རིན་པོ་ཆེ་དང་གཡོན་གཏེར་སྒྲོམ་འཛིན་པ་བརྗིད་པའི་ཉམས་ཅན་དྲི་ཟ་ཕོ་མོའི་གདན་ལ་གནས་པ། ལྷོར་ཧཱུྃ་ལས་མགོན་པོ་ནག་པོ་དར་ནག་གི་བེར་མཐའ་ལྗང་གསོལ་ཞིང་སྦྲུལ་དང་མི་མགོས་བརྒྱན་པ། གཡས་ཙནྡན་གྱི་བེང་ཆེན་དང་གཡོན་ལྕགས་པར་འཛིན་པ་གཤིན་རྗེ་ཁྲོས་པའི་ཉམས་ཅན་གྲུལ་བུམ་ཕོ་མོའི་གདན་ལ་གནས་པ། ནུབ་ཏུ་ཀྵ་ལས་འབྲོག་གནས་དམར་པོ་ཞལ་ལྔ་ནི་དབུས་སེངྒེ། གཡས་རྟ་དང་ལུག །གཡོན་ར་དང་སྤྲེའུ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ། ལྷག་མ་གཡས་གཉིས་གསེར་འཁོར་དང་སྨན་སྣ་ཚོགས། གཡོན་གཉིས་འབྲས་ཀྱི་སྡེར་བཟང་དང་ཤིང་འབྲས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་ཀླུ་ཕོ་མོའི་གདན་ལ་གནས་པ། བྱང་དུ་བཻ་ལས་རྣམ་ཐོས་སྲས་ལྗང་གུ་དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་སྦ་ལྕག་དང་གཡོན་རིན་པོ་ཆེའི་གཞོང་པ་འཛིན་པ་རྟ་ངང་སེར་ལ་འཆིབ་ཅིང་གནོད་སྦྱིན་ཕོ་མོ་བརྫིས་པའོ། །དེ་དག་གི་ཕྱི་འཁོར་ལ་གནོད་སྦྱིན་བྱེ་བའི་དཔུང་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་འོད་ཀྱིས་ལྕང་ལོ་ཅན་ནས་གནོད་སྦྱིན་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ཧཱུྃ༔ གནོད་སྦྱིན་འཁྲུགས་པའི་གནས་མཆོག་ན༔ རིན་ཆེན་འོད་ཀྱི་གཞལ་ཡས་ཁང༔ ཀ་གདན་མཛེས་པའི་ཕོ་བྲང་ནས༔ དཔོན་གཡོག་འཁོར་བཅས་གནས་འདིར་གཤེགས༔ ཨཱོྃ་བཛྲ་ཙིཏྟ་ས་མཱ་ཛ༔ ཨཱོྃ་རཏྣ་ཙིཏྟ་ཡཀྵ་ཧཱུྃ༔ ཞེས་དང་། ཨེ་ཧྱེ་ཧི་མ་ཧཱ་ཡཀྵ་རཏྣ་ཙིཏྟ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཛ༔ ཞེས་སྤྱན་དྲངས་གཉིས་མེད་དུ་བསྟིམ། ཨཱོྃ་བཛྲ་རཏྣ་ཙིཏྟ་མཱ་ལེ་ཧཱུྃ༔ ཞེས་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། ཨཱོྃ་བཛྲ་དུནྟི་སྭཱ་ཧཱ༔ ཞེས་པས་ཕྱག་བྱ། ཨཱོྃ་བཛྲ་ཨ་ལ་ལ་ཧོ༔ ཞེས་པས་དམ་བསྲེ། ཧཱུྃ༔ མགོན་པོ་འཁོར་དང་བཅས་པ་ལ༔ སྤོས་དང་མར་མེ་མེ་ཏོག་ཕྲེང༔ ཚིམ་པའི་ཞལ་ཟས་སྙན་པའི་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འབུལ་གྱིས་བཞེས་ལ་དངོས་གྲུབ་སྩོལ༔ ཨཱོྃ་མ་ཧཱ་ཡཀྵ་ས་པ་རི་བ་ར་དྷཱུ་པེ་པུཥྤེ་ནས་ཤབྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བ་ལིནྟ་ཁཱ་ཧི། ཞེས་པས་མཆོད། བསྟོད་པ་ནི། ཧཱུྃ༔ མགོན་པོ་རྡོ་རྗེ་བདུད་འདུལ་ནི༔ ཐུགས་རྗེའི་ཐབས་ཀྱིས་གདུག་པ་འདུལ༔ གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ མགོན་པོ་གཡུལ་ལས་རྣམ་རྒྱལ་ཏེ༔ མགོན་པོ་རིན་ཆེན་བརྩེགས་པར་བཞུགས༔ ཕྱག་ན་རིན་ཆེན་ཐོད་ཁྲག་བསྣམས༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ མགོན་པོའི་རྒྱལ་པོ་དབུ་མཐའ་ཡས༔ སྤྱན་གསུམ་པ་ལ་མཆེ་བ་གཙིགས༔ ཧཱུྃ་དང་ཕཊ་ཀྱི་འཇིགས་དྲག་པོས༔ མ་རུངས་འདུལ་ཁྱོད་ལ་ཕྱག་འཚལ༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན༔ དར་ནག་རལ་ག་སྐུ་ལ་གསོལ༔ རྡོ་རྗེ་བདུད་འདུལ་ཁྱོད་ལ་བསྟོད༔ འཁོར་ནི་གནོད་སྦྱིན་སྟོང་སྡེས་བསྐོར༔ མདོག་ནག་བསྐལ་པའི་མེ་ལྟར་འབར༔ རྔམས་པའི་སྟོབས་ཀྱིས་བགེགས་འདུལ་བའི༔ བགེགས་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ རིག་འཛིན་ཁྲོ་བོའི་སྐུ་ལས་འཕགས༔ མཐུ་རྩལ་མི་མཉམ་མངའ་བ་ལས༔ སྲིད་པ་གསུམ་གྱི་མཐར་ཕྱིན་མཛད༔ བདུད་འདུལ་འཇིགས་བྱེད་ཁྱོད་ལ་བསྟོད༔ ཅེས་ཡོངས་རྫོགས་སམ་བསྡུ་ན་ཤོ་ལོ་ཀ་དང་པོས་ཀྱང་ཆོག །བཟླས་པ་བྱ་བ་ནི། གནོད་སྦྱིན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་སྲོག་ཡིག་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཡི་དམ་གྱི་སྔགས་ཅུང་ཟད་བཟླས་ནས། ཨཱོྃ་བཛྲ་རཏྣ་ཙིཏྟ་རཱ་ག་རཱ་གེ་ཧཱུྃ་ཕཊ༔ ཅེས་གཙོ་བོ་དང་། ཨཱོྃ་བཛྲ་རཏྣ་བྷནྡྷ་བདུད་མ་ཏིང་སྐྱོལ་ཏིང་ཏིང་ཛཿཛ༔ ཡུམ་གྱིའོ། །ཨཱོྃ་བཛྲ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲི་ད་ཡ་སྭཱ་ཧཱ༔ ཨཱོྃ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱ་ཧཱ༔ ཨཱོྃ་མ་ཧཱ་ཡཀྵ་པཉྩ་རཱ་ཛ་སྭཱ་ཧཱ༔ ཨཱོྃ་མ་ཧཱ་རཱ་ཛ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་འཁོར་བཞིའི་སྔགས་ཏེ་རིམ་པ་བཞིན་ཅི་ནུས་བཟླའོ། །ཐུན་མཐར་གཏོར་མ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་སོགས་ཀྱིས་ཕུལ། སླར་ཡང་མཆོད་ཅིང་བསྟོད་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །གཙོ་བོའི་ཕྱག་གཡས་ཀྱི་ཕྱག་མཚན་ནོར་བུས་མཚན་པའི་བེ་ཅོན་བྱེད་པའང་ཡོད་དོ།། ༈ །།ནང་སྒྲུབ་ནི། འོག་གཞི་འཁོར་ལོ་རྩིབས་བརྒྱད་དུ་བྱས་ནས། གཙོ་བོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཁ་ཊྭཱཾ་རྩེ་གསུམ་དང་གཡོན་ཐོད་ཁྲག་བསྣམས་པ། དར་ནག་གི་འཇོལ་བེར་སོགས་རྒྱན་ཆ་ལུགས་གོང་དང་འདྲ་བ་ལས་ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་སྲིན་པོ་ཕོ་མོ་མནན་པ། དེའི་ཕྱོགས་བཞིར་ཛཾ་ལ་ལ་སོགས་པ་བཞི་དང་། མཚམས་ཀྱི་རྩིབས་བཞི་ལ་ཤར་ལྷོར་གནོད་སྦྱིན་རྣོན་པོ་ཕྱག་བཞིའི་གཡས་གཉིས་དགྲ་སཏྭ་རལ་གྲི་གཡོན་གཉིས་ནད་རྐྱལ་དང་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་ཀུན་གྱི་འཇིགས་བྱེད་དམར་སེར་གཡས་གཉིས་གཡབ་དར་དང་རལ་གྲི་གཡོན་གཉིས་ཞགས་པ་དང་ནད་རྐྱལ། ནུབ་བྱང་དུ་ཉི་མ་མིག་དམར་ནག་གཡས་གཉིས་གྲི་གུག་དང་ཞགས་པ་གཡོན་གཉིས་ནད་རྐྱལ་དང་ཐོད་ཁྲག །གསུམ་ཀའང་ཁྲོས་པའི་ཉམས་ཅན་སྦྲུལ་གྱིས་བརྒྱན་པ། བྱང་ཤར་དུ་ཡུམ་ཀུན་འགྲུབ་མ་སྔར་བཞིན་ཏེ། དེ་རྣམས་རིམ་པ་བཞིན་མེ་ལྷ་སྲིན་པོ་རླུང་ལྷ་དབང་ལྡན་རྣམས་ཀྱི་གདན་ལ་གནས་པའོ། །དེ་གསུམ་ཀའི་ས་བོན་ནི་ཀྵའོ། །གནོད་སྦྱིན་གསུམ་གྱི་སྔགས་ནི་རིམ་པས། ཨཱོྃ་བཛྲ་མ་ལ་ཨ་ཀ་ཏྲི་སྐྱོལ་ཛཿཛ༔ ཨཱོྃ་བཛྲ་རཀྴ་ཙཀྲ་དུན་དུན་ཛཿཛ༔ ཨཱོྃ་བཛྲ་མ་ཧཱ་ཛྙཱ་ན་ནཱ་ག་ཏཱ་ཛ་ཧ་ཧ་རྦད་ས་མ་ཡ་ཛཿཛ༔ ཨཱོྃ་བཛྲ་རཏྣ་བྷནྡྷ་བདུད་མ་ཏིང་སྐྱོལ་ཏིང་ཏིང་ཛཿཛ༔ ཞེས་སོ།། ༈ །།གསང་སྒྲུབ་ལྟར་ན། སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཞལ་གསུམ་ནག་དཀར་དམར་བ་མཆེ་བ་གཙིགས་ཤིང་སྤྱན་བསྒྲད་པ། དབུ་སྐྲ་དམར་སེར་འབར་བ། ཕྱག་དྲུག་གཡས་གསུམ་རྩེ་གསུམ་དབྱུག་པ་རལ་གྲི། གཡོན་གསུམ་ཐོད་ཁྲག་ཞགས་པ་ལྕགས་ཀྱུ་འཛིན་པ། དར་ནག་གི་འཇོལ་བེར་སོགས་རྒྱན་ཆ་ལུགས་གོང་དང་འདྲ་བ་ལས། ཕྱོགས་བཞིར་མདུན་དུ་ཡུམ། གཡས་སུ་རྣོན་པོ། གཡོན་དུ་ཀུན་གྱི་འཇིགས་བྱེད། རྒྱབ་ཏུ་ཉི་མ་མིག་རྣམས་གོང་བཞིན་བསྐྱེད་པའོ།། ༈ དེ་ལ་ཕྱི་སྒྲུབ་ལ་གཙོ་འཁོར་དྲུག །ནང་སྒྲུབ་ལ་གཙོ་འཁོར་དགུ། གསང་སྒྲུབ་གཙོ་འཁོར་ལྔ་པར་མཛད་པ་ནི་དཀྱུས་སུ་བཀོད་པ་ལྟར་ཡིན། དེ་ལས་གཞན་དུ་ཕྱི་སྒྲུབ་ལ་ཡུམ་བཞག་པའི་གཙོ་འཁོར་ལྔ་པ་དང་། ནང་སྒྲུབ་ཡུམ་དང་བཅས་པའི་ ལྕམ་དྲལ་གཉིས་པ། གསང་སྒྲུབ་སྔར་དང་འདྲ་བ་ཕྱག་ལེན་ལ་མཛད་པའང་འདུག །གཞུང་གི་དངོས་བསྟན་ལྟར་ན་ནང་སྒྲུབ་ཀྱང་འཁོར་གསང་སྒྲུབ་དང་འདྲ་བའི་གཙོ་འཁོར་ལྔ་པ་འཐད་པར་མངོན་ཞིང་། དེ་ལྟར་ན་ནི་གཙོ་འཁོར་དགུ་པ་སྦྲགས་སྒྲུབ་ཡིན་པ་དོན་གྱིས་ཐོབ་བོ།། །། ༈ གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སོགས་སྔར་བཤད་པ་ལྟར་བྱས་ནས། སློབ་མ་རྣམས་ཁྲུས་བྱས། བགེགས་བསྐྲད། མཚམས་སྦྱོར་གྱི་ཁྱད་པར། དེ་ཡང་རྒྱལ་བའི་བཀའ་སྡོད་བསྟན་པ་རབ་འབྱམས་ཀྱི་སྲུང་མ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཞང་བློན་རྡོ་རྗེ་བདུད་འདུལ་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་འདི་ཉིད། ངེས་པའི་དོན་དུ་བཅོམ་ལྡན་གསང་བའི་བདག་པོ་ཉིད་དང་རྣམ་དབྱེར་མེད་ཀྱང་། གནས་སྐབས་བསྟན་པ་སྲུང་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བའི་ཆེད་དུ་གནོད་སྦྱིན་དབང་པོའི་སྐུར་བཞེངས་པ་སྟེ། དེ་ཡང་སྐྱེ་རྒྱུད་ཀྱི་དབང་དུ་བྱས་ན་སྔོན་གྱི་ཚེ་གནོད་སྦྱིན་གཞོན་ནུ་ཞེས་བྱ་བ་དང་ཀླུ་མོ་འོད་མཛེས་མ་བྱ་བ་གཉིས་བཤོས་པ་ལས། བུ་གནོད་སྦྱིན་ཤིན་ཏུ་མི་བསྲུན་པ་ཞིག་སྐྱེས་ཏེ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་བྱེད་པའི་མཐུ་སྟོབས་དང་ལྡན་པར་གྱུར་པ་ལས། ཕ་མ་གཉིས་ཀྱིས་སྟོན་པ་བཅོམ་ལྡན་འདས་ལྕང་ལོ་ཅན་གནོད་སྦྱིན་གྱི་གནས་ན་བཞུགས་པའི་དྲུང་དུ་ཁྲིད་དེ་འདུལ་བར་ཞུས་སོ། །དེར་སྟོན་པས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདུལ་བར་བཀའ་བསྒོས་པས། གསང་བའི་བདག་པོས་གཟིར་ཞིང་སྲོག་ཕྲོགས་ནས་དབང་བསྐུར། གསང་བའི་མིང་བཏགས་བསྟན་པའི་གཉེར་ཁ་གཏད་དོ། །དེར་གནོད་སྦྱིན་ཉིད་ཀྱིས་ཁས་བླངས་དམ་བཅས། སྟོན་པས་རིན་ཆེན་སྦྱིན་ལ་སོགས་པའི་རྒྱུད་དང་སྒྲུབ་ཐབས་གསུངས་པ་རྣམས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བཀའ་བབས་ཤིང་། སློབ་དཔོན་གྱིས་རྒྱུད་དོན་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག་ཟབ་མོའི་གནད་དུ་དྲིལ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གནང་། རྒྱལ་པོས་ཕྱི་རབས་ཀྱི་དོན་དུ་བསམ་ཡས་བར་ཁང་གི་ཀ་གཞུའི་ཁོང་གསེང་དུ་སྦས་པ་གནོད་སྦྱིན་ཉིད་ཀྱིས་ལུང་བསྟན་ནས་གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱིས་བཏོན་ཅིང་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་སྲུང་མར་གྱུར། དེ་ནས་རིམ་པར་བརྒྱུད་པའི་སྲུང་མ་འདི་ལ་ཕྱི་གནོད་སྦྱིན་དུ་སྒྲུབ་པ། ནང་མགོན་པོར་སྒྲུབ་པ། གསང་བ་བདུད་དུ་སྒྲུབ་པ་དང་གསུམ་ཡོད་པ་ལས། འདིར་འདི་ཞེས་བྱ་བའི་རྗེས་སུ་གནང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྒྲུབ་པ་ལ་ཞེས་མཚམས་སྦྱར། མཎྜལ་ཕུལ། གསོལ་བ་གདབ་པ། སློབ་དཔོན་བདག་ལ་དགོངས་སུ་གསོལ༔ དཔལ་ཆེན་རྡོ་རྗེ་བདུད་འདུལ་གྱི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་དང༔ བྱིན་གྱིས་བརླབ་པ་བསྩལ་དུ་གསོལ༔ ཞེས་ལན་གསུམ། རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག །དེ་ནས་སློབ་དཔོན་ཕྱག་རྡོར་དང་། སློབ་མ་ ཕྱི་ ནང་ གསང་གསུམ་གང་བྱེད་དེའི་གཙོ་བོར་བསྐྱེད། གཏོར་མ་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་སོགས་ནས་རྟེན་དང་བརྟེན་པ་སྒྲུབ་ཚུལ་གང་ཡིན་གྱི་གཙོ་འཁོར་ཚང་བ་མདུན་བསྐྱེད་ཀྱི་མངོན་རྟོགས་ལྟར་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཀྱིས་ལྕང་ལོ་ཅན་ནས་གནོད་སྦྱིན་འཁོར་བཅས་སྤྱན་དྲངས་ཏེ་མདུན་བསྐྱེད་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་། གུ་གུལ་བུ་རམ་འབྲས་ཕྱེ་སྦྱར་བའི་སྤོས་བསྲེག །རོལ་མོ་དང་བཅས་པས་སྤྱན་འདྲེན་གྱི་སྔགས་བཟླའོ། །དེ་ནས་གཏོར་མའི་ལྷ་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་མའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལ་ཐིམ་པས། ལུས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱིས་གང་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་མཐུ་དབང་ཐོབ་པར་བསམ་ཞིང་། གཏོར་མ་མགོ་ཐོག་ཏུ་བཞག་ལ། ཧཱུྃ༔ མགོན་པོ་རྡོ་རྗེ་འདུད་འདུལ་ནི༔ ཐུགས་རྗེའི་ཐབས་ཀྱིས་གདུག་པ་འདུལ༔ གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ༔ ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་པས་གནས་གསུམ་དུ་བཞག་སྟེ་དབང་བསྐུར། མཐར་གཏོར་མའི་ལྷ་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་བསམ་ཞིང་སྔགས་བཟླ། སྤོས་རོལ་བྱ། སྐུ་ལྷ་བསྐྱེད་པའི་རྗེས་གནང་ངོ་། །བླ་མའི་ཐུགས་ཀར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོའི་མཐར་ཨཱོྃ་ནཱི་ལཾ་སོགས་ཕྱག་རྡོར་གྱི་སྔགས་དང་། དེའི་ཕྱི་སྐོར་ལ་ཨཱོྃ་བཛྲ་རཏྣ་སོགས་གནོད་སྦྱིན་གཙོ་འཁོར་གྱི་སྔགས་ཕྲེང་འོད་ཟེར་འབར་བས་བསྐོར། སློབ་མའི་སྙིང་གར་ཉི་མ་ལ་ཧཱུྃ་ཡིག་སྔོན་པོ་གསལ་བཏབ། སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན་པའི་འོད་ཀྱིས་འཁོར་འདས་ཀྱི་ཡོན་ཏན་དང་ནུས་མཐུ་ཐམས་ཅད་བསྡུས། སྔགས་ཕྲེང་དང་འདྲེས་པ་སློབ་མའི་ཁར་ཞུགས། སྙིང་གའི་ཧཱུྃ་གི་མཐའ་སྐོར་དུ་འཁོད་པའི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསུང་ཨཱ་ལི་ཀཱ་ལི་སོགས་སྔགས་ཀྱི་ཡིག་འབྲུའི་རྣམ་པ། རང་སྒྲ་སྒྲོག་བཞིན་པར་བྱུང་བ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམ་ཞིང་སྤོས་རོལ་བྱ། མཐར་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱས་པས། གསུང་སྔགས་ཀྱི་དངོས་གྲུབ་དང་ནུས་པ་ཐོགས་མེད་དུ་གྲུབ་པར་བསམ་སྟེ། གསུང་གི་རྗེས་གནང་ངོ་། །བླ་མའི་ཐུགས་ཀའི་རྡོ་རྗེ་ལས་འོད་ཟེར་དཔག་མེད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དང་རིན་ཆེན་བུམ་པ་ཁ་ཊྭཱཾ་སོགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། སློབ་མའི་ལུས་ལ་ཐིམ་པས་ལུས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་རྣམ་པར་གྱུར་པར་བསམ་ཞིང་སྤོས་རོལ་བྱ། ཐུགས་ཀྱི་རྗེས་གནང་ངོ་། །སླར་ཡང་མགོན་པོའི་སྐུར་གྱུར་པ་ལས་འོད་འཕྲོས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷར་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་རིམ་གྱིས་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ནཱ་དའི་བར་དུ་བསྡུས་ནས་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་མཉམ་པར་འཇོག་ཏུ་གཞུག །དེ་ཁོ་ན་ཉིད་ཀྱི་རྗེས་གནང་ངོ་། །དམ་ཚིག་བླ་མ་ལ་མི་བརྙས། བསྙེན་སྒྲུབ་ལ་འབད། ཁྱི་ནག་ལ་མི་རྡེག །རེ་བའི་གདན་མི་འདིང་། སྣོད་གས་ཆག་ཏུ་ཟས་མི་ཟ། ར་ཤ་དང་ཕག་ཤ་བསྲུང་། མཆོད་གཏོར་སྐོང་བ་ལ་འབད་པ་རྣམས་བསྒྲག་ཅིང་ཁས་བླང་། མཎྜལ་ཡོན་འབུལ་རྣམས་བྱའོ།། །། ༄། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ་སོ་སོར་དོན་དུ་གཉེར་བ་ལ་དེ་དང་དེ་སྦྱིན་ཞིང་། ཐམས་ཅད་དོན་གཉེར་བ་ལ་འཇུག་པ་བདེ་བར་བྱེད་ན། མཎྜལ་ཚོམ་བུ་སོ་སོར་འགོད།་་་དབུས་སུ་ཕྱི་གཡས་སུ་ནང་གཡོན་དུ་གསང་བ་བཀོད།མཆན། གཏོར་མ་གཅིག་གིས་ཆོག །མདུན་བསྐྱེད་གཙོ་བོ་གསུམ་བསྒྲིགས་འཁོར་མང་་་ནང་སྒྲུབ་ལྟར།དུ་བསྐྱེད། ཐུན་མོང་དུ་མཆོད་གཏོར་ཕུལ། སློབ་མ་ཡང་མདུན་བསྐྱེད་ལྟར་བསྐྱེད་ཅིང་། སྔགས་ཀྱང་གཙོ་འཁོར་དགུ་ཀའི་བཟླ་བ་ཡིན་ནོ།། ༧ །།རྗེས་གནང་གི་བཀའ་སྲོལ་གཅིག་ལ། སློབ་མས་གསོལ་གདབ་སོང་རྗེས། སློབ་དཔོན་ཕྱག་རྡོར་དང་། མདུན་བསྐྱེད་གནོད་སྦྱིན་འཁོར་བཅས་སུ་མོས་ནས་རྒྱུན་བཤགས་བྱ། སློབ་མ་གནོད་སྦྱིན་དུ་བསྐྱེད། གནས་གསུམ་བརླབ། ཡེ་ཤེས་པ་བསྟིམ་པ་སྐུའི་རྗེས་གནང་། བཟླས་ལུང་བྱིན་རླབས་ཀྱི་ལུང་བཅས་སྦྱིན་པ་གསུང་གི་རྗེས་གནང་སྟེ་གཉིས་པོ་ལ་ཕྱིའི་རྗེས་གནང་ཞེས་བྱ། ཕྱག་མཚན་བསྟིམ་པ་ཐུགས་ཀྱི་རྗེས་གནང་། གཏོར་དབང་སྔར་ལྟར་བསྐུར་ནས་བཀའ་བསྒོ་བྱེད་པ་གསང་བའི་རྗེས་གནང་། སྣོད་བཅུད་བསྡུ་བ་དེ་ཁོ་ན་ཉིད་ཀྱི་རྗེས་གནང་དུ་བྱེད་དོ།། །།བསམ་ཡས་བར་ཁང་གི་གཏེར་མ་གཙོ་ཆེ་བའི་དབང་དུ་བྱས་ཀྱི། རྒྱུད་དང་སྒྲུབ་སྐོར་འགའ་ཞིག་ནི་བསམ་ཡས་མཆོད་རྟེན་ནག་པོ་དང་། ཀ་ཆུའི་ཀ་རྟེན་དང་། ཁམས་གསུམ་གྱི་གློ་འབུར། མཆིམས་ཕུ་ནམ་རའི་ལྷ་ཁང་རྣམས་ནས་ཀྱང་ཅི་རིགས་པ་བཏོན་ཅིང་། དེར་མ་ཟད་གྲྭ་པ་ཉིད་ཀྱིས་ཁུ་བོ་ཞང་སྟོན་ཆོས་འབར་ལ་གཞོན་ནུའི་དུས་སུ་ཞུས་ནས་བསྒྲུབས་པར་བཤད་པས་བཀའ་མའི་རྒྱུན་ཡང་འདྲེས་པར་མངོན་ནོ།། །།ཞི་ཁྲོའི་རྣམ་འ༵གྱུར་མཐའ་ཡས་པས། །ལས་བཞི་ཐོགས་མེ༵ད་སྒྲུབ་པའི་ལྷ། །གནོད་སྦྱིན་རྡོ༵་རྗེ༵་བདུད་འདུལ་གྱི། །སྒྲུབ་ཐབས་ཚིག་ཉུང་དོན་ཟབ་འདྲིལ། །ཞང་བློན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
སྤྱན་རས་གཟིགས་དང་འཇམ་དཔལ་གྱི་སྒོ་ནས་ཚེ་ཚད་དང་། རྨི་ལམ་བརྟག་པ་རཏྣ་གླིང་པའི་གཏེར་མ་ (Volume 42, Text 63)
སྤྱན་རས་གཟིགས་དང་འཇམ་དཔལ་གྱི་སྒོ་ནས་ཚེ་ཚད་དང་། རྨི་ལམ་བརྟག་པ་རཏྣ་གླིང་པའི་གཏེར་མ་བཞུགས། ྈྈྈྈྈྈ མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ངེས་ཤེས་ལྡན་པའི་རྣལ་འབྱོར་པས༔ རང་གི་ཚེ་ཚད་ལ་སོགས་པ༔ རྨི་ལམ་བརྟག་པར་འདོད་པ་ན༔ དབེན་ཞིང་གཙང་མའི་གནས་དག་ཏུ༔ ཤ་ཆང་སྒོག་ཙོང་ལ་སོགས་པའི༔ མི་གཙང་ཟས་རྣམས་རབ་སྤངས་ལ༔ ཐུགས་རྗེ་ཆེན་པོའི་སྐུ་དང་ནི༔ བྱིན་རླབས་ལྡན་པའི་རྟེན་རྣམས་བཀྲམ༔ རྣམ་ལྔའི་མཆོད་པ་མཎྜལ་སོགས༔ ཅི་ཙམ་འབྱོར་པའི་མཆོད་པ་བཤམ༔ ཁྲུས་དང་གཙང་སྦྲ་གོས་སར་གྱོན༔ ཡན་ལག་བདུན་སོགས་སྐྱབས་འགྲོ་དང༔ སེམས་བསྐྱེད་ལ་སོགས་གུས་བྱས་ནས༔ སྐུ་གཟུགས་མགོན་པོ་དངོས་སུ་བསམ༔ བདེ་བའི་སྟན་ལ་འདུག་ནས་ནི༔ ཐལ་སྦྱར་སྙིང་ནས་གསོལ་བ་བཏབ༔ ལྷག་པའི་ལྷ་མཆོག་ཐུགས་རྗེ་ཅན༔ བདག་གིས་ཁྱེད་ལ་རབ་གུས་པས༔ ཕྱག་འཚལ་མཆོད་འབུལ་གསོལ་བ་འདེབས༔ ཀུན་ནས་ཐུགས་རྗེའི་སྤྱན་ལྡན་པ༔ བདག་གི་ཚེ་ཚད་རིང་ཐུང་སོགས༔ ཁྱེད་ཀྱིས་བདག་ལ་བསྟན་དུ་གསོལ༔ ཞེས་པའི་གསོལ་བ་ལན་བདུན་བཏབ༔ དེ་སོགས་རང་གིས་གང་འདོད་པའི༔ དོན་དེ་ལ་ནི་གསོལ་བ་བཏབ༔ དེ་ནས་ལྷ་ལ་སེམས་གཏད་དེ༔ མ་ཡེངས་སྔགས་འདི་བརྒྱ་རྩ་འམ༔ སྟོང་ཕྲག་གཅིག་ཏུ་བཟླས་པར་བྱ༔ ཨོཾ་མུ་ཙི་ལི་སྭཱ་ཧཱ༔ མོ་ཧཱ་ནི་སྭཱ་ཧཱ༔ མུ་ཁ་ལེ་སྭཱ་ཧཱ༔ དན་ཏི་ལེ་སྭཱ་ཧཱ༔ རྗེས་སུ་མཆོད་འབུལ་གསོལ་བ་བཏབ༔ རུ་རྟའི་ཕྱེ་ལ་སྔགས་བཟླས་ནས༔ སྣ་བུག་གཉིས་སུ་རླུང་གིས་རྔུབ༔ སེང་གེའི་ཉལ་སྟབས་ལེགས་བྱས་ནས༔ རྟོག་འཕྲོ་གཞན་གྱིས་བར་མ་ནི༔ ཆོད་པའི་ངང་ལ་འདུན་པ་ནི༔ རྩེ་གཅིག་ངང་ལ་གཉིད་ལོག་གོ༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང༔ དགེ་སློང་གཟུགས་སམ་མི་དཀར་པོས༔ རྨི་ལམ་དུ་ནི་ལུང་སྟོན་ཅིང༔ ཡང་ན་བརྡ་རུ་འབྱུང་ཡང་སྲིད༔ ཕྱི་མ་གར་སྐྱེ་བརྟག་པ་ནི༔ གང་དུ་སྐྱེ་བའི་གཟུགས་སྟོན་སྲིད༔ ལུང་དུ་སྟོན་པ་མ་བྱུང་ན༔ གཟུགས་དང་བརྡ་ལ་སོགས་པ་ཡིས༔ བརྟག་པའི་རིམ་པ་ཤེས་པར་བྱ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ སྱ་མྱ་ཡྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ གྷུ་ཧྱ༔ ཆོ་ <!TCC Tibetan character 3,182 undefined in unicode!> ྈྈྈ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ འཇམ་པའི་དབྱངས་ལ་གསོལ་བཏབ་ནས༔ ཚེ་ཡི་ཚད་དང་ཕྱི་མ་ཡི༔ གར་སྐྱེ་བརྟག་པའི་ཐབས་བསྟན་པ༔ དབེན་པའི་གནས་སུ་འཇམ་དབྱངས་དང༔ ཐུགས་རྗེ་ཆེན་པོའི་སྐུ་དངོས་བསྒོམ༔ གཙང་སྦྲ་སོགས་བྱ་མཆོད་པ་བཤམ༔ འཇམ་དབྱངས་ཐུགས་རྗེ་ཆེན་པོ་ལ༔ འདོད་པའི་གསོལ་བ་ཡང་ཡང་བཏབ༔ རིན་པོ་ཆེ་ཡི་སྣོད་དག་ཏུ༔ ཆུ་གཙང་ཁྱོར་གང་དག་ལ་ནི༔ སྲོད་ཀྱི་ཐུན་ལ་སྔགས་སྟོང་བཟླ༔ ཨོཾ་བྷུད་དྷ་ཙུ་རུ༔ མ་ཙུ་རུ་ཀྱེ་སྭཱ་ཧཱ༔ ཆུ་ལ་བཟླས་རྗེས་འཐུང་ནས་ཀྱང༔ སེང་གེའི་སྟབས་ཀྱིས་ཉལ་ནས་ནི༔ འདོད་པའི་དོན་ལ་གསོལ་བ་བཏབ༔ དོ་ནུབ་ངེས་པར་རྟགས་འབྱུང་བསམ༔ རྟོག་པ་གཞན་གྱིས་བར་མ་ཆོད༔ དམིགས་པ་རྩེ་གཅིག་དག་ཏུ་ཉལ༔ རྟགས་ནི་ལྷང་གིས་སྨྲ་བ་དང༔ གར་སྐྱེ་ལུས་ཀྱི་སྣང་བ་འཆར༔ ཚེ་ཚད་ལ་སོགས་རྟགས་གཞན་ཡང༔ གོང་ལྟར་རིག་པས་ཤེས་པར་བྱ༔ ངག་བཅད་གཙང་སྦྲ་ཆེ་ན་གསལ༔ དོན་མང་དུས་གཅིག་མ་ཡིན་ཏེ༔ དོན་ནི་རེ་རེ་དག་ནས་བརྟག༔ མི་གསལ་བ་ན་གསོལ་འདེབས་བསྐྱར༔ མཆོད་གཏོར་རྣམས་ཀྱང་བཟང་དུ་འབུལ༔ དེ་བསྐྱར་དོན་ནི་གང་ལ་ཡང༔ ཐེ་ཚོམ་མེད་པར་གསལ་བར་འགྱུར༔ ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཞེས་ལང་གྲོ་ལོ་ཙཱ་ཉིད་ལ་གདམས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གྷུ་ཡ༔ རྒྱྱརྒྱྱརྒྱྱ༔ ྈྈྈྈྈྈྈྈ
ཆགས་མེད་མཆོག་སྤྲུལ་བཞི་པ་བསྟན་འཛིན་ཕྲིན་ལས་ཀྱིས་སྒྲིག་ཆོག་ཞིང་ལྷ་ཚངས་པའི་གཡང་སྐྱབས་ཀྱི་གཏོར་མའི་དཔེའུ་རིས་ (Volume 51, Text 63)
༈ ཆགས་མེད་མཆོག་སྤྲུལ་བཞི་པ་བསྟན་འཛིན་ཕྲིན་ལས་ཀྱིས་སྒྲིག་ཆོག་ཞིང་ལྷ་ཚངས་པའི་གཡང་སྐྱབས་ཀྱི་གཏོར་མའི་དཔེའུ་རིས། དང་པོ་ཆུ་དཀྱིལ། གཉིས་པ་རྩ་གཏོར། དེ་ནས། ཨ་པར། ཚངས་སྲས། རྣམ་སྲས། ཡུམ་བཤོས། དེ་ནས། བརྟན་མ། ཤྲཱི་བྷ་དྲ། ལྟོ་ཕྱེ། ས་འཛིན་ཡིན།
མཁའ་འགྲོ་གསང་བ་ཀུན་འདུས་ལས། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བདེ་ཆེན་བདུད་རྩིའི་བུམ་བཟང (Volume 34, Text 63)
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བདེ་ཆེན་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་ག་ཎ་བྷྱཿ བདེ་ཆེན་བདུད་རྩིའི་ཟིལ་མངར་འཕོས་ཙམ་གྱིས། །རྟོག་པའི་དྲི་འཁྲུད་ལྷན་སྐྱེས་ཡེ་ཤེས་བྱིན། །སྐལ་བཟང་སྙིང་ལ་སད་མཛད་དཀྱིལ་འཁོར་བདག །བླ་མ་རྗེ་བཙུན་འདུད་དོ་རྒྱུད་སྨིན་མཛོད། །དེ་ཡང་རྡོ་རྗེ་ཐེག་པའི་གསང་བ་ཟབ་མོ་ལ་སྤྱོད་པའི་རྣལ་འབྱོར་པས་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པའི་ཚེ་དམ་ཚིག་ཉམས་ཆག་ཉེས་ལྟུང་གསོ་ཞིང་ཡེ་ཤེས་སྤེལ་བའི་ཐབས་ཀྱི་མཐར་ཐུག་པ། རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་གིས་གསལ་བར་བསྟན་པའི་དོན་མཆོག་བརྙེས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པ་ལྟར། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མཁའ་འགྲོ་གསང་བ་ཀུན་འདུས་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་འཆད་པ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་། དངོས་གཞི་དབང་ལེན་གྱི་རིམ་པའོ། །དང་པོ་ནི། དུར་ཁྲོད་ལ་སོགས་པ་མཚན་ཉིད་དང་ལྡན་པའི་གནས་སུ་དམ་ཚིག་གི་རྟེན་བཀྲམ་སྟེ། མཚན་མའི་དཀྱིལ་འཁོར་དྲག་པོའི་གཞལ་ཡས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་སྤྱི་ལྟར་གྱི་ལྟེ་བར་ཆོས་འབྱུང་བསྣོལ་མ་སྟེང་མའི་རྩེ་མོ་རྒྱབ་བསྟན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་བཞི་ཕྱོགས་མདོག །ཆོས་འབྱུང་གི་ཕྱི་རོལ་ནང་ནས་རིམ་པར་ཐུགས་གསུང་སྐུ་ཡི་འཁོར་ལོ་མཐིང་དམར་དཀར་བ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པ་ཅན་རྣམས་ཀྱི་གནས་སོ་སོར་ལྷ་མཚན་གྱིས་སྤྲས་པའི་དབུས་སུ། ཁྱད་པར་གྱི་བུམ་པ་བྷནྡྷ་མཚན་ལྡན་བདུད་རྩི་ལྔ་ཡི་ཆུས་བཀང་བའི་ཁར་སིནྡྷུ་རའི་རྡུལ་གྱིས་བྲན་པའི་མེ་ལོང་ཆོས་འབྱུང་གི་དབུས་སུ་བཾ། མཐའ་སྐོར་དུ་ཐུགས་གསུང་སྐུ་སྔགས་ཀྱི་ཕྲེང་བ་བྲིས་པ་དར་དམར་གྱིས་གྲུ་གསུམ་པར་གཡོགས་པའི་སྟེང་རང་བྱུང་གི་མན་ཤེལ་བཅས་བརྩེགས་མར་བཀོད། ལྷ་དབང་གི་ལྷ་ཙཀ་ཡོངས་རྫོགས་དང་། མིག་དར་མེ་ཏོག་བཅས་འདུ་བྱས་ལ། མཐའ་སྐོར་དུ་སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་རྫས་སོགས་ཕྲིན་ལས་དང་མཆོད་སྐོང་ལ་དགོས་པའི་ཡོ་བྱད་ཐམས་ཅད་གཞུང་ལྟར་འདུ་བྱའོ། །གཉིས་པ་ལ་གཉིས། ཕྲིན་ལས་ཀྱི་གཞུང་བསྲང་བ་དང་། བདག་ཉིད་འཇུག་པའི་ཆོ་ག་དངོས་སོ། །དང་པོ་ནི། ཕག་མོ་འདུས་པ་རྩ་བའི་ཕྲིན་ལས་ཀྱི་རིམ་པ་ལྟར་བརྒྱུད་པའི་གསོལ་འདེབས་དང་། བསང་ཆུ་བསྒྲུབ་པ་ནས་བརྩམ་ཛཔ྄་ཁང་དབྱེ་ཞིང་གཙོ་འཁོར་ཡོངས་རྫོགས་ཀྱི་བསྙེན་པའི་གཞུང་བསྲང་ལ། དགོངས་པ་གསལ་འདེབས་པ་དང་བཅས་དཀྱུས་ལྟར་གཞུང་བསྙེན་རྫོགས་པ་དང་། ཐོད་པ། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷནྡྷའི་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ། ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་རིགས་བཞི། དེ་རྒྱབ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ །ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དྭངས་པའི་མཚོ་ལ་ཟླ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བའི་གནས་གསུམ་དང་། ཐུགས་ཀའི་འོད་ཟེར་གྱིས་འོག་མིན་གསང་བ་མཆོག་གི་ཞིང་དང་གནས་ཡུལ་དུར་ཁྲོད་རབ་འབྱམས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ཕྱག་མཆོད་བསྟོད་པའི་རིམ་པ་བཅས་མཆོད་སྐོང་གི་ཟུར་འདེབས་སུ་འབྱུང་བ་ལྟར་སྦྱར་མཐར། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོའི་རྗེས་ཆགས་བསྐུལ། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་གྱུར། ཅེས་མོས་ལ་གཙོ་འཁོར་རྣམས་ཀྱི་སྙིང་པོ་ཇི་ལྟར་འོས་པ་སྐབས་ཕྱེད་པར་བཟླ། མཐར། ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ ཅེས་མཆོད་བསྟོད་བསྡུས་པའི་ཚུལ་གྱིས་ཕུལ་ཏེ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར། ཅེས་འོད་ཞུ་བྱ། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་སྤྱི་ལྟར་བྱའོ། །མཐར་གཏོར་འབུལ་ཚོགས་མཆོད་ཀྱི་བར་ཁྲིགས་ཆགས་སུ་གཏང་ངོ་། །གཉིས་པ་བདག་འཇུག་ལ་གསུམ། སྔོན་འགྲོ་འཇུག་པའི་ཆོས་དང་། དངོས་གཞི་དབང་གིས་སྨིན་པར་བྱེད་པ། རྗེས་དམ་ཚིག་ཁས་བླངས་ཤིང་ཡོན་འབུལ་བའོ། །དང་པོ་ནི། ལས་བུམ་གྱི་ཆུས་ཁྲུས་བྱས་ཏེ། ཇི་ལྟར་བལྟམས་པ་སོགས་ཁྲུས་སྔགས་དང་རྡོ་རྗེ་མཁའ་འགྲོའི་ཡིག་བརྒྱ་བཅས་ཀྱིས་དྲི་མ་བཀྲུ །ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཕཊ྄ཿདང་ཧཱུྃ་བཞིའི་སྔགས་ཐུན་རོལ་མོ་དང་བཅས་པས་བགེགས་བསལ་ཅིང་། ཨོཾ་ཨཱཿཧཱུྃ་རཾ་ཡཾ་ཁཾ་བཛྲ་སཱ་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ ཞེས་སྲུང་འཁོར་གྱིས་ཕྱོགས་བཅིངས་ཏེ། ཟབ་ཁྲིད་སྔོན་འགྲོའི་སྐབས་སུ་འབྱུང་བ་ལྟར་མཎྜལ་ནི། ཨོཾ་ཨཱཿཧཱུྃ༔ རི་རབ་གླིང་བཞི་མུ་ཁྱུད་བཅས༔ སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང༔ འདོད་རྒུའི་འབྱོར་ཚོགས་བསམ་མི་ཁྱབ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རང་བྱུང་ལྷུན་གྲུབ་ཡིད་བཞིན་གཏེར༔ བཀོད་པ་ཚད་མེད་ཡོན་ཏན་རྒྱན༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ རིག་པ་མི་འགྱུར་འོད་ལྔར་ཤར༔ འཁོར་འདས་ཀུན་ཁྱབ་མཆོད་པའི་སྤྲིན༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔ ཟག་མེད་བདེ་བས་རབ་མཉེས་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ ཚོགས་གཉིས་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་ཕུལ། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ཎ་ཡ་སྭཱ་ཧཱཿ ཞེས་མིག་དར་འཆིང་། ཨཱ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་བླངས་ལ་ཐལ་མོ་སྦྱར་བས། ཧོ༔ རྡོ་རྗེ་ཕག་མོའི་ཡེ་ཤེས་སྐུ༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གསང་བའི་དམ་ཚིག་འཚལ་ལགས་ན༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། ལས་བྱང་ལྟར། ན་མོ༔ བདག་དང་ཁམས་གསུམ་སོགས་ཀྱིས་སྐྱབས་འགྲོ །བདག་གིས་སེམས་ཅན་སོགས་ཀྱིས་སེམས་བསྐྱེད། ཧོ༔ བླ་མ་མཁའ་འགྲོའི་སོགས་ཀྱིས་སྡོམ་གཟུང་བཅས་སོ་སོར་ལན་གསུམ་རེ་བྱ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དཱ་ཡ་མི། ཞེས་རྡོ་རྗེ་སྙིང་གར་བཞག་སྟེ་གསང་སྔགས་ནང་གི་སེམས་བསྐྱེད། བྷྲཱུྃ་ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་དབྱེ་རྒྱ་དང་བཅས་པས་སྒོ་བཞི་དབྱེ། དཀྱིལ་འཁོར་ལ་གཡོན་སྐོར་གྱིས་ཕྱིན་པས་ཕྱག་བྱས་པར་མོས་ལ། ཐལ་མོ་གནས་གསུམ་སྦྱར་བ་དང་བཅས། ཨོཾ་བཛྲ་བྷ་ར་ཧི་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ན་མཱ་མི༔ ལན་བཞིའི་མཐར། སླར་ཡང་ཤར་སྒོའི་ཐད་དུ་ཞིང་ཆེན་གྱི་གདན་ལ་ཧེ་རུ་ཀའི་ཆས་ཀྱིས་འཁོད་པར་གྱུར༔ ཧོ༔ འདི་ནི་དངོས་གྲུབ་མཆོག་གི་རྒྱུ༔ རྡོ་རྗེ་ཕག་མོའི་བྱང་སེམས་ཏེ༔ ཉམས་ན་འབར་བའི་མེ་ཡིས་བསྲེག༔ བསྲུངས་ན་བདེ་ཆེན་ཡེ་ཤེས་འགྲུབ༔ བཾ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་དམ་ཆུ་མྱངས། དེ་ལྟར་བྱིན་པའི་བྱང་སེམས་ཀྱི་བདུད་རྩི་དེ་ཉིད་སྙིང་གར་བཾ་ཡིག་གི་རྣམ་པར་གྱུར་པ་ལས་འོད་ཟེར་འཕྲོས་པས། རིག་འཛིན་བླ་མ་བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་རྩལ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་བྱིན་ཐིབས་སེ་བྱོན་པར་མོས་ལ་ཐོད་རྔ་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་ཧཱུྃ་ཞེས་དྲག་ཏུ་བརྗོད་པའི་གླུས་བསྐུལ་བས། རིག་འཛིན་བླ་མའི་སྐུ་ལས་འོད་ཟེར་མེ་ལྕེ་ལྟ་བུ་བྱུང༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ཤིང་སྦྱངས༔ རྣམ་ཤེས་དྭངས་མ་རྡུལ་བྲལ་བཾ་ཡིག་མཐིང་གར་གྱུར་པ་ཧེ་རུ་ཀ་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་དུ་དྲངས༔ ཐུགས་ཀར་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་ཕྱིར་སྤྲོས་པས། བཅོམ་ལྡན་འདས་རྡོ་རྗེ་ཁྲོས་མ་ནག་མོ་ཞལ་ཕྱག་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་ལམ་གྱིས་གསལ་བའི་སྙིང་གའི་འོད་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་རྡོ་རྗེ་ཕག་མོ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་ལ། སྤོས་རོལ་དང་བཅས་ཏེ། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཞེས་ལས་བྱང་ལྟར་བྱིན་འབེབ་ཀྱི་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ར་ར་ར་ར༔ ཙ་ལ་ཡ་ཙ་ལ་ཡ༔ ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་དམིགས་པའི་གནད་དང་བཅས་པས་བྱིན་དྲག་ཏུ་དབབ་མཐར། ཧཱུྃ་ཧཱུྃ་ཧཱུྃ༔གིས་སྟིམ། ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ་སཏྭཾ༔གྱིས་བརྟན་པར་བྱ། ཛྙཱ་ན་པུཥྤེ་ས་མ་ཡ་སཏྭཾ༔ ཞེས་མེ་ཏོག་དོར། ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་པུཥྤེ་ཨ་བྷི་ཥིཉྩ་མི༔ས་སླར་ཡང་སྤྱི་བོར་བཅིང་། ཛྙཱ་ན་ཙཀྵུ་ཧཱུྃ་ཨཱ༔ས་མིག་དར་བསལ། བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི། སྐུ་མཚན་མ༔ གསུང་བདུད་རྩི༔ ཐུགས་སིནྡྷུ་ར༔ ཡེ་ཤེས་རྡོ་རྗེ་སེམས་དཔའི་མེ་ལོང་གི་དཀྱིལ་འཁོར་རྣམས་དབྱེར་མི་ཕྱེད་པའི་ངོ་བོ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར༔ རྟེན་དང་བརྟེན་པར་བཅས་པ་ཡེ་ཤེས་ཀྱི་གཟི་བྱིན་ལམ་མེར་མངོན་སུམ་མཇལ་ཞིང་། དེ་ཐམས་ཅད་ཀྱང་རྡོ་རྗེ་ཕུང་པོའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་གདོད་ནས་དག་པའི་རང་བཞིན་ཅན་དུ་ཡེ་ནས་རང་ལ་བཞུགས་པའི་བདག་ཉིད་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་གདམས་པས་མངོན་དུ་མཐོང་བའི་བློས། ཛྙཱ་ན་ས་མ་ཡ་ཧོ་ཧོ་ཧོ༔ ཞེས་བརྗོད་དོ། །གཉིས་པ་དངོས་གཞིའི་དབང་ལ་བཞི། བུམ་གསང་ཤེས་ཡེ་ཚིག་གི་དབང་ངོ་། །དང་པོ་བུམ་པའི་དབང་ནི། མཎྜལ་འབུལ། བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ བདེ་གཤེགས་རིགས་ལྔའི་སངས་རྒྱས་ལ༔ དབང་བསྐུར་ཇི་ལྟར་བསྩལ་པ་བཞིན༔ བདག་ཀྱང་རྗེས་སུ་གཟུང་མཛད་གསོལ༔ ཞེས་གསོལ་བ་བཏབ་པས༔ སློབ་དཔོན་རྡོ་རྗེ་ཕག་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པར་གྱུར༔ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་ཤློ་ཀས་བསྟོད། དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རང་བྱུང་བདེ་སྐྱོང་གི་བུམ་པ་སྤྱི་བོའི་གནས་ལྔར་བཞག་པས་དབང་བསྐུར་བར་གྱུར། བྷནྡྷ་སྤྱི་བོར་བཞག་སྟེ། ཨོཾ༔ སྣོད་ནི་ཆོས་དབྱིངས་ཡེ་ཤེས་ཀློང༔ བཅུད་ནི་རྡོ་རྗེ་ཁྲོས་མ་ཆེ༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ བདེ་གཤེགས་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཨ་བྷི་ཥིཉྩ་ཨོཾ༔ དཔྲལ་བར་བཞག་སྟེ། ཧཱུྃ༔ སྣོད་ནི་མེ་ལོང་ཡེ་ཤེས་ཀློང༔ བཅུད་ནི་བཛྲ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ རྡོ་རྗེའི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྣ་ལྟག་གཡས་སུ་བཞག་ལ། ཏྲཱཾ༔ སྣོད་ནི་མཉམ་ཉིད་ཡེ་ཤེས་ཀློང༔ བཅུད་ནི་རཏྣ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ རིན་ཆེན་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཏྲཱཾ༔ ལྟག་པར་བཞག་ལ། ཧྲཱི༔ སྣོད་ནི་སོར་རྟོག་ཡེ་ཤེས་ཀློང༔ བཅུད་ནི་པདྨ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ པདྨའི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧྲཱི༔ རྣ་ལྟག་གཡོན་དུ་བཞག་ལ། ཨཱ༔ སྣོད་ནི་བྱ་གྲུབ་ཡེ་ཤེས་ཀློང༔ བཅུད་ནི་ཀརྨ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ ལས་ཀྱི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དབང་བསྐུར་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྤྱི་བོའི་གནས་ལྔ་ནས་ཞུགས༔ ཉོན་མོངས་པ་ལྔ་བདེ་ཆེན་དུ་དག༔ ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར༔ ཆུ་བོའི་རྦ་རླབས་སྤྱི་བོར་བརྟན་པ་ལས་ཧེ་རུ་ཀ་རིགས་ལྔས་དབུར་བརྒྱན་པར་གྱུར༔ སླར་ཡང་བྷནྡྷ་གནས་གསུམ་དུ་བཞག་སྟེ། ཧཱུྃ་ཨཱཿཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ་གྱི་མཁའ་འགྲོ་མས། །གཉུག་མའི་སྒོ་གསུམ་དབང་བསྐུར་བས། །ཐུགས་གསུང་སྐུ་རུ་འགྲུབ་པར་ཤོག །ཨོཾ་སརྦ་དྷཱ་ཀི་ནཱི་ཙིཏྟ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་དྷཱ་ཀི་ནཱི་ཝཱ་ཀ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཨོཾ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་དབང་བསྐུར་པས་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་གསང་བ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་གྱུར་ཏེ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་གོ་འཕང་ལ་དབང་བར་གྱུར༔ ཅེས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་སྤྲོས་ཏེ་སློབ་མའི་གནས་སོ་སོར་བཞུགས་པར་བསམ་ལ། ལྷ་རྣམས་ཀྱིས་དབང་བསྐུར་ཏེ། སྤྱི་བོར།་་་ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ སྙིང་གར། ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ལྟེ་བར། ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ མགྲིན་པར། ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ༴ གསང་བར། ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ༴ ༈ སྨིན་མཚམས་སུ། ཨོཾ་ཁཎྜ་ཀ་པཱ་ལ་པྲ་ཙཎྜཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ལྟག་པར། ཨོཾ་དཾཥྚྭ་མ་ཧཱ་ནཱ་སཱ་ཀཱ་ཡ༴ རྣ་གཡས། ཨོཾ་ཀངྐཱ་ལ་པྲ་བྷཱ་ཝ་ཏཱི་ཀཱ་ཡ༴ སྤྱི་གཙུག །ཨོཾ་མ་ཧཱ་ཀངྐ་ཙཎྜ་ཨཀྵི་ཀཱ་ཡ༴ རྣ་གཡོན། ཨོཾ་སུ་ར་ཝཱི་ར་མ་ཏཱི་ཀཱ་ཡ༴ སྨིན་དབུས། ཨོཾ་ཨ་མི་ཏ་བྷཱ་ཁརྒ་རཱི་ཀཱ་ཡ༴ མིག་གཉིས། ཨོཾ་བཛྲ་བྷཱ་ལངྐེ་ཤྭ་རཱི་ཀཱ་ཡ༴ ཕྲག་པར། ཨོཾ་བཛྲ་ཀཱ་ཡ་དྲུ་མཙྪ་ཀཱ་ཡ༴ ༈ མཆན་གཉིས། ཨོཾ་ཨངྐུ་རི་ཨེ་རཱ་ཝ་ཏཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ སྣ་རྩེར། ཨོཾ་བཛྲ་ཧཱུྃ་ཀཱ་ར་སུ་ར་བྷཀྵཱི་ཀཱ་ཡ༴ ལྟེ་བར། ཨོཾ་མ་ཧཱ་བཱི་ར་ཝཱ་ཡུ་བེ་གཱི་ཀཱ་ཡ༴ ནུ་མ་གཉིས། ཨོཾ་མ་ཧཱ་ཛཱ་ཊཱི་མ་ཧཱ་བྷཻ་ར་ཝཱི་ཀཱ་ཡ༴ ཁ་ལ། ཨོཾ་སུ་བྷ་དྲ་ཤྱཱ་མ་དེ་ཝཱི་ཀཱ་ཡ༴ མགྲིན་པར། ཨོཾ་བཛྲ་བྷ་དྲ་སུ་བྷ་དྲཱི་ཀཱ་ཡ༴ སྙིང་གར། ཨོཾ་མ་ཧཱ་བྷཻ་ར་ཝ་ཧ་ཡ་ཀརྞཱི་ཀཱ་ཡ༴ འདོམས་སུ། ཨོཾ་བི་རུ་བཱཀྵ་ཁ་གཱ་ན་ནཱི་ཀཱ་ཡ༴ ༈ མཚན་མར། ཨོཾ་མ་ཧཱ་བཱ་ལ་ཙཀྲ་བེ་གི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ བྱིན་པར། ཨོཾ་ཁ་གརྦྷ་ཙཀྲ་ཝརྨི་ཎཱི་ཀཱ་ཡ༴ བརླ་གཉིས། ཨོཾ་ཧ་ཡ་གྲཱི་བ་ཤཽཎྜི་ནཱི་ཀཱ་ཡ༴ བཤང་ལམ། ཨོཾ་རཏྣ་བཛྲ་ཁཎྜ་རོ་ཧཱི་ཀཱ་ཡ༴ སོར་མོ་བཅུ་དྲུག །ཨོཾ་ཧེ་རུ་ཀ་སུ་བཱི་རཱི་ཀཱ་ཡ༴ བོལ་གོང་། ཨོཾ་པདྨ་ནིརྟཱི་ཤྭ་ར་མ་ཧཱ་བཱ་ལཱི་ཀཱ་ཡ༴ མཐེ་བོང་བཞི། ཨོཾ་བཻ་རོ་ཙ་ན་ཙཀྲ་ཝརྟི་ནཱི་ཀཱ་ཡ༴ སྤུ་མོར། ཨོཾ་བཛྲ་སཏྭ་མ་ཧཱ་བིརྻཱ་ཀཱ་ཡ༴ ༈ ལག་གཡས། ཨོཾ་ཀཱ་ཀཱ་མུ་ཁཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ལག་གཡོན། ཨོཾ་སཱུ་ཀ་རཱ་མུ་ཁཱི་ཀཱ་ཡ༴ རྐང་གཡོན། ཨོཾ་ཤྭ་ན་མུ་ཁཱི་ཀཱ་ཡ༴ རྐང་གཡས། ཨོཾ་ཨུ་ལཱུ་ཀ་མུ་ཁཱི་ཀཱ་ཡ༴ དཔུང་གཡས། ཨོཾ་ཛ་ལ་དྷཱ་ཀི་ནཱི་ཀཱ་ཡ༴ དཔུང་གཡོན། ཨོཾ་སྡྱཱ་ན་དྷཱ་ཀི་ནཱི་ཀཱ་ཡ༴ སྤུས་གཡོན། ཨོཾ་ཛྭ་ལ་དྷཱ་ཀི་ནཱི་ཀཱ་ཡ༴ སྤུས་གཡས། ཨོཾ་ཙ་ལ་ན་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་རིམ་པ་ལྟར་གནས་སོ་སོར་བསྟིམ་མོ༔ བཟླས་ལུང་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང༔ སློབ་མའི་གནས་སོ་སོར་བཞུགས་པའི་ལྷ་རྣམས་ཀྱི་ཐུགས་སྲོག་གི་མཐར་འཁོད་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ། ཐུགས་ཀྱི་དགོངས་པ་ངོ་སྤྲད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ༔སོགས་བརྗོད་ལ་དགོངས་པ་བསྐྱངས། དེས་ཁམས་གསུམ་གྱི་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་དང་། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་སུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་སྐུ་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ༔ འདོད་ཁམས་དང་ལུས་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་སྐུ་སྒོམ་པ་ལ་དབང་ཞིང་འབྲས་བུ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ གཉིས་པ་གསང་དབང་ནི། སློབ་དཔོན་ཧེ་རུ་ཀར་གསལ་བ་ཤེས་རབ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་བདེ་བའི་རོལ་མོས་མཁའ་ཁྱབ་རྒྱལ་བའི་འཁོར་ལོ་སྤྱན་དྲངས༔ ཞལ་དུ་ཞུགས༔ འདོད་ཆགས་ཆེན་པོའི་མེས་བཞུས་པའི་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་ཡུམ་མཁའ་ནས་ཕྱིར་སྤྲོས༔ ཐོད་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཐིམ༔ བདེ་བ་ཆེན་པོས་མཉེས་ཏེ་འོད་དུ་ཞུ་བའི་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ལྕེ་ཐོག་ཏུ་བཞག་པར་གྱུར། བྷནྡྷ་མགྲིན་པར་བཞག་ཅིང་བཅུད་ལ་རོལ་ཏེ། ཧཱུྃ༔ ཐབས་ཀྱི་རང་བཞིན་བྱང་ཆུབ་སེམས༔ མུ་ཏིག་ལྟར་དཀར་དྲི་མ་མེད༔ ཤེས་རབ་མཆོག་གི་རཀྟ་ནི༔ དམར་གསལ་ཆགས་པ་ཆེན་པོའི་ཚུལ༔ དབྱེར་མེད་ལྷན་ཅིག་མཉམ་སྦྱར་བའི༔ ཀུན་ཏུ་ཚིམ་བྱེད་བདུད་རྩི་ཆེ༔ ཐུངས་ཤིག་ཐུངས་ཤིག་བརྟུལ་ཞུགས་ཅན༔ དཔའ་བོའི་དམ་ཚིག་འདི་སྤྱོད་ཅིག༔ ཨོཾ་བྷོ་དྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ ཞེས་བདུད་རྩི་མྱངས་པ་ལ་བརྟེན་ནས་གསལ་སྟོང་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མཐུས༔ རྩ་གསུམ་འཁོར་ལོ་ལྔ་ལྷག་པར་གསལ་བར་བྱས༔ རྩ་ནང་གི་ཁམས་རྣམས་གནས་གྱུར་ཏེ་གནས་ལྔར་མཁའ་འགྲོ་ལྔའི་དཀྱིལ་འཁོར་ཤིན་ཏུ་གསལ་བར་བསམ་ལ་སེམས་འཛིན་དང་། རླུང་རོ་བསལ་ཞིང་བུམ་ཅན་དྲག་ཏུ་གཅུན། ལྟེ་བའི་རིན་ཆེན་མཁའ་འགྲོའི་ལྟེ་འོག་ཨ་ཐུང་ལས་གཏུམ་མོ་འབར་བ་དང་། སྤྱི་བོའི་སངས་རྒྱས་མཁའ་འགྲོ་ལས་ཞུ་བདེ་དང་དབྱེར་མེད་པའི་འོད་ཀྱིས་ལྷ་སྐུ་སྣང་སྟོང་འཇའ་ཚོན་ལྟར་འཆར་བའི་སྒྱུ་ལུས། སྙིང་གའི་རྡོ་རྗེ་མཁའ་འགྲོའི་ཐུགས་དབུས་ཨ་མཐིང་གསལ་ལ་སེམས་གཅུན་པས་སྣང་མཆེད་ཐོབ་པའི་འོད་གསལ། མགྲིན་པའི་པདྨ་མཁའ་འགྲོའི་མགྲིན་པའི་ཐིག་ལེ་དམར་པོ་ལ་སེམས་གཏད་པས་རྨི་ལམ། གསང་གནས་ལས་ཀྱི་མཁའ་འགྲོའི་སྐུ་ལས་བྱུང་བའི་རླུང་གིས་རྣམ་ཤེས་ཀྱི་ཐིག་ལེ་སྔོ་སྐྱ་ལྟེ་འོག་སོར་བཞི་ནས་བརྒྱུད། སྤྱི་བོའི་སངས་རྒྱས་མཁའ་འགྲོའི་ཐུགས་ཀར་ཐིམ་པས་འཕོ་བ་དང་། བར་དོའི་རླུང་སེམས་ཀྱི་ངོ་བོ་ཁྲོས་མ་ལུས་དཀྱིལ་དང་བཅས་པའི་འོད་ཀྱིས་སྣོད་བཅུད་ཁྱབ་པས་བར་དོའི་སྣང་ཆ་གསང་བ་གསུམ་དུ་ཤར་བ་བཅས་ཀྱི་ཏིང་ངེ་འཛིན་རྣམས་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ལྟར་ན་གསུང་བྱང་སེམས་བདུད་རྩིའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ༔ གཟུགས་ཁམས་དང་ངག་གི་དྲི་མ་དག༔ རྡོ་རྗེ་ཕག་མོའི་རླུང་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་ལ་དབང་ཞིང་འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ གསུམ་པ་ཤེར་དབང་ནི། སློབ་མ་སྐད་ཅིག་གིས་ཧེ་རུ་ཀ་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པ་ལ༔ སློབ་དཔོན་གྱི་ཐུགས་ཀ་ནས་རིགས་དང་ལང་ཚོ་རྫོགས་པའི་གཟུངས་མ་པདྨ་ཅན་ཕག་མོའི་བདག་ཉིད་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། སིནྡྷུ་རའི་མཎྜལ་བཟུང་སྟེ། ཧཱུྃ༔ ལས་ཀྱི་ཕྱག་རྒྱའི་ཆུ་སྐྱེས་མཆོག༔ རྣམ་ཐར་གསུམ་ལྡན་ཆོས་འབྱུང་དབུས༔ བདེ་ཆེན་ཡེ་ཤེས་མཆོག་སྟེར་བ༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེས་མཚན༔ སྙོམས་འཇུག་ཆགས་པ་ཆེན་པོའི་མེ༔ དམ་ཚིག་ཕྱག་རྒྱའི་དམར་འོད་འབར༔ དྭངས་གསལ་རྙོགས་མེད་མེ་ལོང་ལྟར༔ ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ ཨོཾ་ཀརྨ་མུ་དྲཱ་སརྦ་ཛྙཱ་ན་མ་ཧཱ་སུ་ཁ་ཧོ༔ ཞེས་རིག་མའི་བརྟུལ་ཞུགས་བྱིན་པར་མོས་ལ་སིནྡྷུ་རའི་ཐིག་ལེ་སྨིན་མཚམས་སུ་འགོད་པ་དང་བཅས་དེས་ཆགས་པའི་མདངས་ཀྱིས། ས་མ་ཡ་ཧོ༔ ཞེས་བསྐུལ་བ་ལ༔ ས་མ་ཡ་སཏྭཾ༔ ཞེས་ལན་བྱིན་པས། སླར་ཡང༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཞེས་བསྐུལ་བ་ལ༔ ཨ་ནུ་རཱ་གཱ་ཡ་མི༔ ཞེས་ལན་བཏབ་པས་མཆོག་ཏུ་དགྱེས་ཏེ༔ ཛཿཧཱུྃ་བཾ་ཧོ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རོས་རྒྱུད་ཡོངས་སུ་གང་ཞིང་ཚིམས་པར་གྱུར༔ ལག་གཉིས་འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་ཧོ༔ སླར་ཡང་ཐིག་ལེ་གྱེན་དུ་བཟློག་སྟེ་མས་བརྟན་གྱི་དགའ་བ་བཞིའི་མཐར་སོན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ངང་ལ་མཉམ་པར་བཞག་གོ༔ ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་གཟུང་། དེ་ལྟར་ན་ཐུགས་ཕྱག་རྒྱའི་ཆུ་སྐྱེས་མཚོན་པའི་སིནྡྷུ་རའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ གཟུགས་མེད་ཁམས་དང་ཡིད་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་ཐུགས་བདེ་ཆེན་གྱི་ཡེ་ཤེས་སྒོམ་པ་ལ་དབང་ཞིང༔ འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ བཞི་པ་ཚིག་དབང་ནི། སློབ་མ་ལུས་གནད་དང་བཅས་བདེ་ཆེན་གྱི་ངང་དུ་དུས་གསུམ་གྱི་སྤྲོས་པ་བཅད་དེ་མཉམ་པ་བཞག་པ་ལ༔ སློབ་དཔོན་རྡོ་རྗེ་བཙུན་མོས་བརྡ་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་གྱུར། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ཏེ། ཧོ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་བའི་ངོ་བོ་ཧེ་རུ་ཀ༔ སྟོང་པའི་བདག་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་བདེ་བ་ཆེན་པོའི་ངང༔ དུས་གསུམ་རྟོག་པས་མ་བསླད་པར༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ ངོ་བོ་སྟོང་པ་ཤེལ་ལྟ་བུ༔ རྡོ་རྗེ་ཕག་མོ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་འཇའ་ཚོན་ལྟར༔ ལོངས་སྤྱོད་རྫོགས་སྐུའི་རོལ་པར་ཤར༔ ཟུང་འཇུག་རྩལ་སྣང་མ་འགགས་པ༔ ཐུགས་རྗེའི་རྣམ་རོལ་སྤྲུལ་པའི་ཚུལ༔ དེ་གསུམ་ངོ་བོ་དབྱེར་མེད་པའི༔ བློ་འདས་ཆེན་པོའི་རང་ཞལ་སྐྱོངས༔ དོན་གྱི་བཛྲ་བྷ་ར་ཧི༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ༔ ཞེས་ཚིག་གིས་ངོ་སྤྲད་དེ་དོན་ལ་མཉམ་པར་བཞག་གོ༔ དེ་ལྟར་ན་ཡེ་ཤེས་དབྱིངས་རིག་དབྱེར་མེད་མཚོན་པའི་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ༔ ཁམས་གསུམ་དང་སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཐམས་ཅད་དག༔ རྡོ་རྗེ་ཕག་མོའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་སྒོམ་པ་ལ་དབང་ཞིང༔ འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ གསུམ་པ་རྗེས་དམ་ཚིག་ཁས་བླང་ཡོན་འབུལ་ནི། དེ་ལྟར་དབང་བསྐུར་པས་དམ་ཚིག་ཚུལ་བཞིན་བསྲུང་དགོས་པས་རྡོ་རྗེ་སློབ་དཔོན་གྱིས་འདའ་དཀའི་ཐ་ཚིག་བསྒྲག་པར་མོས་ཤིག །ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ གསང་སྔགས་རྒྱུད་ལས་གང་གསུངས་པའི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་རྟག་ཏུ་ཟུངས༔ ༼སྤྲོ་ན། སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༔ མི་འབྱེད་མཉམ་པའི་བརྟུལ་ཞུགས་བྱ༔ གཏི་མུག་འོད་གསལ་ཆེན་པོར་ལྟོས༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཕྱག་རྒྱ་རྣམ་བཞི་རྟག་ཏུ་ཟུངས༔ བྱང་ཞིང་ཞི་བའི་བརྟུལ་ཞུགས་སྤྱོད༔ ཞེ་སྡང་གསལ་སྟོང་ཆེན་པོར་ལྟོས༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་སྦྱིན༔ རལ་གཏོར་འབོ་གཅོག་བརྟུལ་ཞུགས་སྤྱོད༔ ང་རྒྱལ་རིག་སྟོང་སྒྱུ་མར་ལྟོས༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ ཐེག་པ་མཐའ་ཡས་ཐབས་ཚུལ་སྟོན༔ བུད་མེད་ལ་གུས་བརྟུལ་ཞུགས་སྤྱོད༔ འདོད་ཆགས་བདེ་སྟོང་ཆེན་པོར་ལྟོས༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ མཆོད་དང་ཕྲིན་ལས་ནར་མར་བརྩོན༔ དྲག་ཤུལ་རྩུབ་པའི་བརྟུལ་ཞུགས་སྤྱོད༔ ཕྲག་དོག་ཚོར་སྟོང་ཡངས་པར་ལྟོས༔༽ མདོར་ན་སྤྱི་དང་ཁྱད་པར་གྱི༔ རྒྱུད་དང་མན་ངག་ལས་གསུངས་པའི༔ དམ་ཚིག་སྡོམ་ལ་རབ་བརྩོན་པས༔ དངོས་གྲུབ་ཚེ་འདིར་གྲུབ་པར་གྱིས༔ ཞེས་བསྩལ་པའི་ལན་དུ། ཇི་སྐད་གསུང་བཞིན་བསྒྲུབ་ལགས་ན༔ ཡེ་ཤེས་ཐུགས་རྗེས་རྟག་ཏུ་སྐྱོངས༔ གཏང་རག་གི་མཎྜལ་དང་། དེང་ནས་བརྩམ་སྟེ་སོགས་ལུས་ལོངས་སྤྱོད་འབུལ་བ་སྤྱི་ལྟར་བྱ། དེ་ལྟར་དབང་བསྐུར་བ་འདི་ལན་གཅིག་ཐོབ་ནས་དམ་ཚིག་མ་ཉམས་པ་ཁོ་ནས་ཚེ་འདི་འམ༔ འཆི་ཁའམ༔ བར་དོ་ཚུན་ཆད་དུ་ཕོ་ཉ་གསུམ་གྱིས་རྗེས་སུ་གཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བར་ཐེ་ཚོམ་མེད་དོ༔ ཞེས་ཕན་ཡོན་བརྗོད་པས་སྤྲོ་བ་བསྐྱེད། སློབ་མ་ལ་དབང་བསྐུར་དགོས་ན། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་འཇུག་པར་འཚལ། །ཞེས་གནང་བ་ཞུ། ཚོགས་ལ་རོལ་ཞིང་ལྷག་མ་ནས་གཟུང་ཤིས་བརྗོད་ཀྱི་བར་མཆོད་སྐོང་དང་ཕྲིན་ལས་གཞུང་ལྟར་མཐར་དབྱུང་ངོ་། །ཚུལ་འདིས་སློབ་མ་ལ་དོན་དབང་སྙིང་པོའི་ཚུལ་དུ་བྱེད་ན་རུང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཡིན་ལ། བསྙེན་བཟླས་ལས་རུང་ཙམ་ལ་སྨིན་བྱེད་དེ་ཀས་འཐུས་པ་དང་། བསྐྱེད་རྫོགས་ཀྱི་ལམ་ཐམས་ཅད་ཉམས་ལེན་འདོད་པ་ལ་ནི་རྩ་དབང་ཆེན་མོ་འབོགས་དགོས་པའི་སྐབས་ཀྱང་ཕྱེད་པར་བྱའོ། །མཆོག་ཏུ་མི་འགྱུར་བདེ་བའི་སྒྱུ་རྩལ་གྱིས། །རྣམ་ཀུན་མཆོག་ལྡན་མཁའ་འགྲོའི་དབྱིངས་རོལ་པའི། །རྡོ་རྗེ་བཞི་ཡི་གྲོང་ཁྱེར་དུ་རྩེན་པས། །ལྷན་སྐྱེས་ཕྱག་རྒྱའི་དགའ་སྟོན་རོལ་གྱུར་ཅིག །ཅེས་པའང་ཡོངས་རྫོགས་བསྟན་པའི་ཤིང་རྟ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡེ་ཤེས་སྒྱུ་མའི་རོལ་རྩེད་བདེ་ཆེན་ཧེ་རུ་ཀ་དངོས་༧པདྨ་ཡེ་ཤེས་རྡོ་རྗེ་འམ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཐུན་མོང་མ་ཡིན་པའི་བཀའ་དྲིན་གྱིས། རྨད་དུ་བྱུང་བའི་གསང་བ་ཆེན་པོ་འདིའི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བའི་སྐལ་བཟང་ཉམས་སུ་མྱོང་བའི་རིག་འཛིན་གྱི་བཙུན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས། རྣལ་འབྱོར་ཟབ་མོའི་ཆ་རྐྱེན་དུ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀུན་མཁྱེན་བླ་མ་མཉྫུའི་ཞབས་ཀྱིས་ཇི་ལྟར་གནང་བ་བཞིན་རྩ་དབང་ཆེན་མོ་ལས་སྙིང་པོའི་བཅུད་བསྡེབས་ཏེ་ལྡན་ཡུལ་རང་གནས་ས་དཀར་བསམ་འགྲུབ་གླིང་དུ་བྲིས་པ། འདིས་ཀྱང་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་བླ་མ་ཡེ་ཤེས་ཌཱ་ཀིས་མངོན་སུམ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།
ཡེ་ཤེས་རབ་འབར་ལས༔ རྡོ་རྗེ་བརྩེགས་པ་སྲུང་བའི་རིམ་པ་ (Volume 44, Text 63)
ཡེ་ཤེས་རབ་འབར་ལས༔ རྡོ་རྗེ་བརྩེགས་པ་སྲུང་བའི་རིམ་པ་ནི༔ འགྲོ་འདུལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ྈྈྈྈ ཡེ་ཤེས་རབ་འབར་རྩ་རྒྱུད་ལས་བྱུང་ཞིང༔ གང་འདུལ་ཐབས་མཁས་འགྲོ་འདུལ་ཆ་རྐྱེན་དུ༔ ལྷ་འདྲེའི་འཚེ་བ་སྲུང་བའི་འཁོར་ལོ་ནི༔ རྡོ་རྗེ་བརྩེགས་པ་སྲ་བའི་གོ་ཆའོ༔ ས་མ་ཡ༔ མུ་ཁྱུད་དྲུག་ལྡན་གསུམ་པར་རྩིབས་བརྒྱད་བཅས༔ ལྟེ་བར་སྐུ་གསུང་ཐུགས་སྙིང་འདོད་གསོལ་སྤེལ༔ མུ་ཁྱུད་གཉིས་གསུམ་ཞི་དྲག་སྤེལ་ཚིག་བཅས༔ རྩིབས་བརྒྱད་མེ་དབལ་རྩེ་མོ་སྡིག་པས་མཚོན༔ ཕྱི་རིམ་མུ་ཁྱུད་དྲག་སྔགས་སོ་ལྔ་པའི༔ ཤམ་དང་རྩིབས་མཆན་གང་སྲུང་འདོད་པ་སྤེལ༔ ཕྱི་རིམ་རྟེན་འབྲེལ་དབྱངས་གསལ་མེ་རིས་བསྐོར༔ བྲི་བའི་རྫས་ནི་རྒྱ་སྣག་བཟང་པོ་དྲུག༔ བྱུགས་པའི་རྫས་ནི་པཉྩ་ཨ་མྲྀཏ༔ དམིགས་སུ་ཁ་བསྒྱུར་གཟའ་ལ་སྤོས་དཀར་དང༔ རྒྱལ་པོར་གུ་གུལ་ཀླུ་ལ་གླ་རྩི་དང༔ བཙན་ལ་ཤུ་དག་གཉན་ལ་ཁྱུང་ལྔ་བྱུག༔ རབ་གནས་བརྟན་བཞུགས་བྱིན་འབེབས་གནས་སུ་བཞུགས༔ དམ་ཚིག་ཆེ་ཡོན་དྲོད་སྦྱར་དག་སྣང་བསྐྱེད༔ སྙིགས་དུས་འགྲོ་བའི་ཟུག་རྔུ་སེལ་ཕྱིར་ཏེ༔ སྐལ་ལྡན་རྗེས་འཇུག་རྣམས་ཀྱིས་སྤྱོད་པར་ཤོག༔ ས་མ་ཡ༔ དྲག་པོ་སྲོག་བདག་གིས་སྲུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་གནམ་ཆེན་བྲག་དཀར་ནས་སྤྱན་དྲངས་པའི་ཤོག་སེར་ལས། ཀློང་གསལ་སྙིང་པོས་ཁོལ་རི་སྒྲུབ་ཁང་རྩེར་བཤུས་པའི་ཡི་གེའི་མཐུན་རྐྱེན་བཀྲ་ཤིས་བློ་གྲོས་ཀྱིས་སོ།། །།
ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ཡིད་འོང་ཟླ་བའི་བདུད་རྩི་་ (Volume 45, Text 63)
༄༅། །ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བའི་ཆོ་གའི་གསལ་བྱེད་ཡིད་འོང་ཟླ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བིདྱཱ་ར་ཛྙཱི་སརྦ་སྨཻ། གང་རྣམས་ཀྱི་ནི་མཚན་ཙམ་ཡང་། །ཟླ་འོད་བདུད་རྩི་ལྟར་བསིལ་བས། །ཚད་པས་ཉེན་ལ་གྲིབ་མའི་གདུགས། །ཅི་དགར་སྦྱིན་པ་དེས་སྐྱོངས་ཤིག །རིག་པའི་རྒྱལ་མོ་རྣམ་བདུན་གྱི། །དབང་གིས་སློབ་མ་སྨིན་པ་དང་། །ནད་གདོན་ཞི་སོགས་འདོད་སྟེར་བས། །གཅིག་ཉིད་སོ་སོར་འཕྲུལ་པར་བྱོས། །ཞི་བྱེད་ལྷ་མོ་བདུན་གྱི་དབང་བསྐུར་བ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་དབང་གི་ལས་རིམ་མོ། །དང་པོ་ནི། སྟེགས་དཀར་པོ་གཙང་མའི་སྟེང་མཎྜལ་པདྨ་འདབ་བརྒྱད་ལྟེ་བར་ཕྱག་མཚན་ནམ་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་མགུལ་ཆིངས་དཀར་པོ་ཉེར་ལྔའི་རྫས་དང་དྲིའི་ཆུས་བཀང་བ་ཁ་རྒྱན་གཟུངས་རྡོར་བཅས་པ་བཀོད། མདུན་རྒྱབ་གང་བདེར་ཟླུམ་གཏོར་དར་གདུགས་དཀར་པོས་སྤྲས་པ། སོ་སོའི་སྐུ་ཙཀ་དང་ཕྱག་མཚན། སྔགས་བྱང་། ཤེལ་ཕྲེང་། དར་དང་རིན་པོ་ཆེའི་རྒྱན། རྫས་བརྒྱད་བཅས། ལྷ་གཅིག་གིས་དབང་བྱེད་ན་གང་ཡིན་དེ་ཁོ་ན་དང་། ལྷ་གསུམ་ཙམ་གྱི་དབང་སྣ་གསུམ་དུས་གཅིག་ལ་བསྐུར་ན་དེ་འདྲ་བ་ཚར་གསུམ། ཕྱི་མཆོད་དེ་གྲངས་དགོས་པས་མཚོན་ཏེ་ཤེས་པར་བྱ། སོ་སོའི་མཐའ་རྟེན་ཆས། དང་པོ་སྤྱན་མ་ལ་ནད་འཇོམས་རིལ་བུ་ཚད་ལྡན་བསྒྲུབས་པའམ་མེད་ན་ཨ་རུ་ར་སློབ་མའི་གྲངས་མཉམ། གཉིས་པ་ལོ་མ་ཅན་ལ་དེའི་སྨན་རིལ་ལམ་སྤྲུ་ནག་ཤུ་དག་གུ་གུལ་ལ་སྔགས་བཏབ་པ། གསུམ་པ་འོད་ཟེར་ཅན་མ་ལ་སེང་ལྡེང་དབྱུག་པ་རྡོ་རྗེའི་ཏོག་ཅན། བཞི་པ་གཙུག་ཏོར་ལ་ཕུར་བུ། ལྔ་པ་ཤེར་ཕྱིན་དཀར་མོར་བསྒྲུབས་པའི་སྨན་མར་རམ་ཤུ་དག་དཀར་པོ་སྔགས་བཟླས། དྲུག་པ་སྒྲོལ་དཀར་ལ་ཕྱག་རྒྱ་བཅིང་བས་ཆོག །བདུན་པ་རྨ་བྱ་ཆེན་མོར་ཚེ་འབྲང་། དཀར་དམར་བཟའ་བཏུང་། ཚེ་རིལ་ཚེ་ཆང་རྣམས་བཀོད། གཞན་ཡང་སྤྱན་མ། གདུགས་དཀར། རྨ་བྱ་ཆེན་མོ་རྣམས་ཀྱི་མཐར་བྱབ་ཁྲུས་དགོས་པས་དེའི་ཆས། གདུགས་དཀར་ལ་བྱད་བཀྲོལ་ཆས། ཚོན་སྐུད། གྲི་གསར་པ། ཡུངས་དཀར། མེ་ཧོམ། གླུད་གཏོར་རྣམས་དང་། རྨ་བྱ་ཆེན་མོ་ལ་འཆི་བསླུའི་གླུད། ཆངས་བུ་གྲངས་མང་བ་རྣམས་ཀྱང་ཉེར་བསྡོག་བྱ། རྒྱས་པར་སྤྲོ་ན་མདུན་ངོས་སུ་འབུལ་གཏོར་དཀར་ཟླུམ་རེ་ཟུར་དུ་བཤམ་ནའང་ལེགས། ཉེར་མཁོ་གཞན་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་དབང་གི་ལས་རིམ་ནི། ཐོག་མར་སྤྱན་མ་ལ་ལས་བྱང་དབུ་ནས་བརྩམ་བདག་བསྐྱེད་བཟླས་པ་བཅས་གྲུབ་པ་དང་། སླར་མདུན་རྟེན་ལ་དམིགས་ཏེ་བསྐྱེད་ཆོག་ནས་བཟླས་པའི་བར་གཏང་། དེ་ནས་བུམ་བསྐྱེད་བཟླས་པ་མཆོད་བསྟོད་འོད་ཞུ་བཅས་བྱ། གཉིས་པ་མན་ཆད་དབང་རྣམས་སྦྲེལ་ནས་བསྐུར་ན། ལས་བྱང་གི་མཆོད་པ་བྱིན་རླབས་ནས་བརྩམ། བདག་མདུན་བུམ་གསུམ་སོ་སོའི་མངོན་རྟོགས་སྤོས་ལ་བསྐྱར་ཏེ་བསྒྲུབ། རྨ་བྱ་ཆེན་མོ་ལ་བཟླས་པའི་མཇུག་ཏུ་ཚེ་འགུགས་ཀྱང་སྦྱར། ལས་བུམ་ཡོད་ན་འཁྱིལ་པའི་སྔགས་ཀྱིས་བྱིན་བརླབ། སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ། རྗེས་སུ་གཟུང་བར་འོས་པའི་སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང་། ལས་བྱང་ལྟར་བགེགས་གཏོར་བཏང་། བཀའ་བསྒོ་བགེགས་བསྐྲད་བྱས་ལ་སྲུང་འཁོར་གྱིས་མཚམས་བཅིང་། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྤྱིར་སངས་རྒྱས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་མིའི་ལུས་མཐོ་རིས་ཀྱི་འབྱོར་པ་བདུན་ལྡན་ལ་ལས་དང་རྐྱེན་ལས་གྱུར་པའི་ཉེ་བར་འཚེ་བ་མང་ཞིང་། ཁྱད་པར་དམ་པའི་ཆོས་དང་དགེ་བའི་བྱ་བ་རླབས་ཆེ་ཆུང་ཇི་ཙམ་སྒྲུབ་པ་དེ་དང་འཚམ་པའི་བར་དུ་གཅོད་པ་སྣ་ཚོགས་པ་འབྱུང་མོད་ཀྱང་། རྒྱལ་བ་རྣམས་ཐབས་ལ་མཁས་ཤིང་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་དགོངས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས། མི་མཐུན་པའི་ཕྱོགས་དེ་དག་ཞི་ཞིང་འཇོམས་པའི་གཉེན་པོ་སྟོབས་ཀྱི་ཚོགས་ཀྱང་གང་ལ་གང་འདུལ་མཐའ་ཡས་པ་ཞིག་གསུངས་པ་ཐམས་ཅད། གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་བདེ་བླ་ན་མེད་པ་སྩོལ་བར་མཛད་པ་ཁོ་ན་ཡིན་མོད་ཀྱང་། བྱ་རྒྱུད་གཤེགས་རིགས་སོགས་ལས་གཙོར་བསྟན་པའི་ལྷའི་ཕྱག་རྒྱ་དང་སྔགས་ཀྱི་རིག་པ་འདི་དག་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་ནད་གདོན་སྡུག་བསྔལ་ཞི་བ་ལ་ཐུགས་རྗེའི་མཐུ་དང་བྱིན་རླབས་ཀྱི་སྟོབས་ཤིན་ཏུ་མྱུར་བ་སྟེ། འདི་ཉིད་ཀྱི་གཞུང་ལས། བླ་མ་བརྒྱུད་པ་ལས་འོངས་པའི༔ ཟབ་མོའི་ཏནྟྲ་མང་པོའི་དོན༔ ཞི་བྱེད་བདུན་གྱི་མན་ངག་མཆོག༔ ཤིན་ཏུ་གསལ་བར་བཤད་པ་འདི༔ བདག་ཉིད་པདྨ་སཾ་བྷ་ཝས༔ ད་ལྟའི་སྣོད་ལྡན་འདུས་པ་དང༔ མ་འོངས་འགྲོ་བའི་དོན་དུ་གདམས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ གནས་སྐབས་མཐར་ཐུག་ཕྱི་ནང་གི༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ཞིང༔ ལམ་གྱི་ཡོན་ཏན་རབ་ཏུ་འཕེལ༔ བྱང་ཆུབ་གོ་འཕང་མྱུར་ཐོབ་འགྱུར༔ ཞེས་གསུངས་པ་ལྟར་དོན་དང་ལྡན་པའི་ཟབ་ཆོས་འདི་ཉིད་སྙིགས་དུས་ཀྱི་སྐྱེ་དགུ་སྡུག་བསྔལ་གྱིས་ཉེན་པ་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་དགོངས་ཏེ། བོད་འབངས་སྐྱོབ་པའི་ཡབ་གཅིག་སངས་རྒྱས་ཀུན་འདུས་པདྨ་སཾ་བྷ་ཝས་ལྷ་སྲས་རོལ་པ་ཡེ་ཤེས་རྩལ་ལ་གནང་ཞིང་ལྷ་རི་རོལ་པོ་བྲག་ཏུ་སྦས་པ། ཕྱིས་ལྷ་སྲས་ཉིད་ཀྱི་སྐྱེ་བ་གཏེར་སྟོན་ལྷ་བཙུན་སྔོན་མོས་སྤྱན་དྲངས་ཏེ་འགྲོ་དོན་ཅི་རིགས་མཛད། ཕྱི་མོ་སྦྲགས་ཀྱི་ཡང་རྫོང་ན་འདབ་གཏེར་དུ་སྦས་པ་དེ་ཉིད་ཀྱི་སྐྱེ་སྲིད་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གསང་གཏེར་གྱི་ཚུལ་དུ་དྲངས་པའི་ཤོག་སེར་ཉིད། གཏེར་སྟོན་གྲུབ་ཐོབ་རྒྱ་མཚོའི་གཙུག་གི་རྒྱན་གཅིག་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་ཏུ་ཕུལ་བ། འདུལ་བའི་དུས་སུ་སོན་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་ཙཎྜི་ཀས་བརྡ་ཞིབ་པར་བཀྲོལ་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་པའི་ཞི་བྱེད་སྐོར་བདུན་ལས། ༼ཐོག་མར་གྱུར་པ་ཉོན་མོངས་པ་གཏི་མུག་གི་མཐུ་ལས་སྐྱེས་པ་ནད་ཀྱི་རིགས་ཐམས་ཅད་ཞི་བར་བྱེད་པ་རིག་པའི་རྒྱལ་མོ་སངས་རྒྱས་སྤྱན་མའི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག།༽ སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་དད་ཅིང་གུས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་གསང་སྔགས་ཆེ་བའི་མཆོག༔ རིག་པའི་ལྷ་མོ་བདག་ལ་དགོངས༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་རིག་པའི་རྒྱལ་མོ་ཆེན་མོ་ལ་སྐྱབས་ཡུལ་དཀོན་མཆོག་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ ཕྱོགས་བཅུ་དུས་བཞིར་སོགས་ལས་བྱང་ལྟར་ལན་གསུམ། འདི་ལྟར་འཁོར་བའི་རྒྱ་མཚོ་ཆེན་པོར་ཐོག་མ་མེད་པ་ནས་སྡུག་བསྔལ་གྱིས་གཡེངས་པའི་ཕ་མ་ལུས་ཅན་མཐའ་དག་གཏན་བདེ་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་དབང་གིས་རྒྱུད་སྨིན་པར་བྱས་ཏེ་ཟབ་མོའི་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ བདག་གཞན་མི་མཐུན་སོགས་ལན་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རེ་རེ་ནས་གསལ་ཐོབས་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། རྒྱུད་སྡོམ་པ་དང་མི་ལྡན་ན་དབང་གི་སྣོད་དུ་མི་རུང་བས། བདེ་བར་གཤེགས་པ་སྲས་དང་བཅས་པའི་བསླབ་གཞི་མཐའ་དག་ལ་རྗེས་སུ་སློབ་ཅིང་བྱང་ཆུབ་སྤྱོད་པ་རྒྱ་མཚོ་ཅི་ནུས་སུ་སྤྱད་པར་བགྱིའོ་སྙམ་དུ་དམ་བཅའ་རྣམ་གསུམ་བརྟན་པོར་གཟུང་བའི་འདུན་པ་དྲག་པོ་དང་ལྡན་པས་འདིའི་རྗེས་ཟློས། ཨོཾ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་འགྲུབ་གྱུར་ཅིག༔ ལན་གསུམ། དེ་ནས་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་བཅིངས་ལ་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་གསལ་ཐོབས་ཤིག །ཨ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ སོགས་སོ་སོའི་མངོན་རྟོགས་དལ་བུས་བརྗོད། གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ དེ་ལྟར་ཁྱེད་རང་རྣམས་རིག་པའི་ལྷ་མོ་གནས་གསུམ་འབྲུ་གསུམ་དང་བཅས་པར་གསལ་བའི་ཐུགས་ཀ་དང་། སློབ་དཔོན་དང་དཀྱིལ་འཁོར་པའི་ལྷའི་ཐུགས་ཀ་ནས་ཀྱང་འོད་ཟེར་ནམ་མཁའི་ཁམས་གང་བ་འཕྲོས། མཁའ་ཁྱབ་ཏུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་དུ་རིག་པའི་ལྷ་མོ་༼སངས་རྒྱས་སྤྱན་མའི་སོགས་སོ་སོར་ཁ་སྒྱུར།༽ཐུགས་དམ་གྱི་རྒྱུད་བསྐུལ། དེ་ཐམས་ཅད་ཀྱང་རང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་ཕྱག་རྒྱར་བཞེངས་ཏེ་ཆར་ཆེན་པོ་བབ་པ་བཞིན་ཐིབ་ཐིབ་བྱོན་ནས་རང་རང་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་ཤིག །སྤོས་དུད་དང་རོལ་མོའི་སྒྲ་སྦྱར། དབྱངས་ཀྱི་ང་རོས་བསྐུལ་ཏེ་ལས་བྱང་ལྟར་སྤྱན་འདྲེན་ཚིགས་གཅད་སྔགས་དང་བཅས་པ་བརྗོད་ལ་བྱིན་དབབ། དེ་ལྟར་ཡེ་ཤེས་པ་དབབ་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །མེ་ཏོག་གམ་རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། དེ་ནས་དངོས་གཞིའི་དབང་རྣམས་རིམ་པར་བསྐུར་བ་ལ་སྦྱོར་དངོས་རྗེས་གསུམ་དུ་ཡོད་པའི་དང་པོ། སྦྱོར་བ་སྨིན་བྱེད་ཀྱི་གཞི་དགོད་པ་ལ་འདུན་པ་འདི་ལྟར་དུ་མཛོད་ཅིག །སློབ་དཔོན་ཐུགས་ནས་འོད་འཕྲོས་པས༔ དབང་ལྷ་ནམ་མཁའ་གང་བའི་ཚོགས༔ སྤྱན་དྲངས་བུམ་པའི་དབང་བསྐུར་གྱུར༔ རྣམ་བུམ་མགོར་བཞག་ལ། ཨོཾ༔ བཀྲ་ཤིས་དབྱིངས་ཀྱི་བུམ་པ་རུ༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒྲིབ་དག་ནུས་པ་ཡོངས་རྫོགས་ཤོག༔ ལྷ་སོ་སོའི་སྔགས་ཤམ་དུ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་མི༔ བུམ་ཆུ་འཐོར་འཐུང་བྱ། དེ་ལྟར་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ། ༼རྣམ་པར་སྣང་མཛད་ཀྱིས་་་སོགས་སོ་སོར་ཁ་སྒྱུར།༽དབུར་བརྒྱན་པར་གྱུར། གཉིས་པ་དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་རྣམས་རིམ་པར་བསྐུར་བའི་དང་པོ་སྐུའི་དབང་ལ། མདུན་བསྐྱེད་རིག་པའི་རྒྱལ་མོའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པར་མོས་ཤིག །སྐུ་ཙཀ་སྤྱི་བོར་བཞག་ལ། ཨོཾ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ སྐུ་ཡི་ཕྱག་རྒྱས་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་བྱང་ནས༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ སོ་སོའི་བསྙེན་སྔགས་དང་། ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ། དེས་སྐུ་ཕྱག་རྒྱའི་དབང་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག །སྐུ་བསྐྱེད་རིམ་བསྒོམ་པ་ལ་དབང་། སྣང་སྟོང་རྡོ་རྗེའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུང་དབང་གི་ཐོག་མར་བཟླས་པའི་ལུང་བླང་བ་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་ལ་མོས་གུས་དུང་བྱས་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རིག་པའི་ལྷ་མོའི་ཐུགས་རྒྱུད་བསྐུལ། ཐུགས་ཀར་བདུད་རྩིའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་སྟེང་དུ། ཐུགས་སྲོག་༼ཨོཾ་སོགས་སོ་སོར་བརྗེ།༽ ཡིག་གི་མཐར་སོ་སོའི་སྔགས་ཀྱི་ཕྲེང་བས་བསྐོར་པ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་སྟེང་༼ཨོཾ་སོགས་བརྗེ།༽ཡིག་གི་མཐར་འཁོད། བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་བདུད་རྩིའི་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་མོས་ལ་འདིའི་རྗེས་ཟློས། སོ་སོའི་བསྙེན་སྔགས་ལན་གསུམ། སླར་ཡང་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས། འོད་ཟེར་བདུད་རྩིའི་རང་བཞིན་གྱི་ཆར་བབས་པས་རང་གཞན་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་གང་བས། རྒྱུ་དུག་གསུམ་དང་འབྲས་བུ་ཉེས་པ་གསུམ་ལས་གྱུར་པའི་ནད་ཐམས་ཅད་རྩད་ནས་ཞི་བར་བསམས་ལ་འདིའི་རྗེས་ཟློས། སྒྲུབ་སྔགས་ལན་གསུམ།་་་འདི་སྤྱན་མ་ལ་དཔེར་མཚོན་པ་སྟེ་གཞན་རྣམས་ལ་སྒྲུབ་པའི་དམིགས་པ་ཁ་སྒྱུར་རང་རང་གི་གཞུང་བཞིན་འཕྲུལ་ཤེས་པར་བྱ། སྔགས་བྱང་དང་ཤེལ་ཕྲེང་ཐོགས་ལ། སྔགས་ཕྲེང་མགྲིན་པར་བཞག་པས་དེ་ཉིད་བརྟན་པར་བྱས་པར་མོས་ཤིག །ཨཱ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ སྙིང་པོ་སྔགས་ཀྱིས་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་བྱང་ནས༔ ནུས་པའི་གསུང་དུ་སྨིན་པར་ཤོག༔ སྔགས་མཐར། ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་སྔགས་ཀྱི་དབང་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་དག །གསུང་བཟླས་བརྗོད་བྱ་བ་ལ་དབང་། གྲགས་སྟོང་རྡོ་རྗེའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཕྱག་མཚན་གྱི་དབང་ལ། མདུན་བསྐྱེད་རིག་པའི་རྒྱལ་མོའི་ཐུགས་ཀ་ནས་ངོ་བོ་ཡེ་ཤེས་ཀྱི་རང་གཟུགས། རྣམ་པ་༼ཨུཏྤལ་དཀར་པོར་འཁོར་ལོ་སྤྱན་གྱིས་མཚན་པ།་་་གཞན་རྣམས་ལ་སོ་སོར་སྒྱུར།༽རྒྱངས་ཀྱིས་བྱོན་ཏེ་ཁྱེད་རང་གི་སྙིང་གར་ཐིམ་པར་མོས་ཤིག །ཕྱག་མཚན་སྙིང་གར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ ཡེ་ཤེས་ཆེན་པོས་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་བྱང་ནས༔ འོད་གསལ་ཐུགས་སུ་སྨིན་པར་ཤོག༔ སྔགས་མཐར། ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཕྱག་མཚན་གྱི་དབང་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་དག །ཐུགས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། རིག་སྟོང་རྡོ་རྗེའི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཡོན་ཏན་རྒྱན་གྱི་དབང་ལ། རིན་ཐང་མེད་པའི་ལྷའི་དར་གོས་དང་རིན་པོ་ཆེའི་རྒྱན་ཆ་སྣ་ཚོགས་པ་གནས་སོ་སོར་བགོས་ཏེ་མངའ་གསོལ་བར་མོས་ཤིག །གོས་རྒྱན་གཏད་ལ། སྭཱ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ ལོངས་སྤྱོད་རྒྱན་གྱིས་དབང་བསྐུར་བས༔ ཉོན་མོངས་སྒྲིབ་པ་ཀུན་བྱང་ནས༔ བསམ་ཡས་ཡོན་ཏན་ཡོངས་རྫོགས་ཤོག༔ སྔགས་མཐར། གུ་ཎ་བཛྲ་ཨ་བྷི་ཥིཉྩ་སྭཱ༔ དེས་ཡོན་ཏན་རྒྱན་གྱི་དབང་ཐོབ། ཉོན་མོངས་པའི་སྒྲིབ་པ་དང་ནད་གདོན་བྱང་། ས་ལམ་གྱི་ཡོན་ཏན་སྤེལ་བ་ལ་དབང་། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་ཕྲིན་ལས་གཏོར་མའི་དབང་ལ། གཏོར་སྣོད་ཡེ་ཤེས་རོལ་པའི་གཞལ་མེད་ཁང་ཆེན་པོར་གཏོར་མ་རིག་པའི་ལྷ་མོ་༼སངས་རྒྱས་སྤྱན་མ།་་་སོ་སོར་ཁ་སྒྱུར།༽དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པས་སྐུ་ལས་འཕྲོས་པའི་འོད་ཟེར་གྱི་སྣང་བས་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་བསལ། རིག་པ་དང་ཕྱག་རྒྱའི་ཚོགས་མ་ལུས་པའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ལ། ཧཱ༔ སངས་རྒྱས་ཀུན་དང་དབྱེར་མེད་པའི༔ བྱིན་རླབས་མཆོག་གིས་དབང་བསྐུར་བས༔ ཤེས་བྱའི་སྒྲིབ་པ་ཀུན་བྱང་ནས༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ཤོག༔ སྔགས་མཐར། ཀརྨ་བཛྲ་ཨ་བྷི་ཥིཉྩ་ཧཱ༔ དེས་ཕྲིན་ལས་གཏོར་མའི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དང་ནད་གདོན་བྱང་། འགྲོ་འདུལ་གྱི་ལས་རབ་འབྱམས་སྒྲུབ་པ་ལ་དབང་། རྟག་ཅིང་ཁྱབ་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་རྗེས་མཐའ་རྟེན་ཁྱད་པར་གྱི་རྗེས་སུ་གནང་བ་སྦྱིན་པ་ལ། སྤྱན་མའི་སྐབས་རིལ་བུ་ཡོད་ན། ཚུལ་བཞིན་སྦྱར་ཏེ་བསྒྲུབས་པའི་སྨན་གྱི་ནོར་བུ། ཞེས་སམ། མེད་ན། སྨན་མཆོག་ཀུན་གྱི་རྒྱལ་པོ་ཨ་རུ་ར། ཕྱག་ཏུ་གཏད་པས་བཞི་བརྒྱ་རྩ་བཞིས་བསྡུས་པའི་ནད་རིགས་མ་ལུས་པ་རྩད་ནས་ཞི་ཞིང་། གཞན་དག་རྣམས་ཀྱི་ལུས་སེམས་ཀྱི་ཟུག་རྔུ་ཞི་བར་བྱེད་པའི་མཐུ་དབང་ཐོབ་པར་མོས་ཤིག །ཨོཾ༔ བདུད་རྩི་སྨན་གྱི་ནོར་བུ་ལ༔ རིག་པའི་རྒྱལ་མོའི་ནུས་སྟོབས་རྫོགས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ རྒྱུ་འབྲས་ནད་ཀུན་ཞི་བར་ཤོག༔ སྒྲུབ་སྔགས་ཀྱི་ཤམ་དུ། བྷེ་ཥ་ཛྱེ་རཱ་ཛ་ཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ ཞེས་པས་ལག་ཏུ་སྦྱིན། དེ་ནས་ལས་ཚོགས་ཟུར་དུ་བཀོད་པ་ལྟར་བཀྲུ་བྱབ་སྲུང་གསུམ་བྱ་ཞིང་ཤིས་པ་བརྗོད་པས་གྲུབ་བོ། །དེ་ནས་དབང་བསྐུར་གཞན་རྣམས་སྦྲེལ་མར་བྱེད་ན། ༈ གཉིས་པ་ཉོན་མོངས་པ་ཞེ་སྡང་གི་མཐུ་ལས་བསྐྱེད་པ་སྙིགས་དུས་ཀྱི་གཉན་རྒོད་དལ་ཡམས་འགོ་བའི་རིམས་ནད་གདུག་པ་ཅན་ཐམས་ཅད་ཞི་བར་བྱེད་པ། རིག་པའི་རྒྱལ་མོ་རི་ཁྲོད་ལོ་མ་ཅན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་པ་ཙམ་གྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །གསོལ་གདབ། རྒྱུན་བཤགས་ཡན་ལག་བརྒྱད་པ་གོང་ལྟར་བྱ། རང་གཞུང་མངོན་རྟོགས་ལྟར་ལྷ་བསྐྱེད། ཡེ་ཤེས་པ་དབབ་ཅིང་བརྟན། སྦྱོར་བ་བུམ་དབང་། དངོས་གཞི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རྣམས་གོང་ལྟར་ལ། གསུམ་པ་མཐའ་རྟེན་ནི། རིག་པ་ཆེན་མོའི་ནུས་པས་གཟི་བྱིན་བསྐྱེད་པའི་གཉེན་པོའི་སྨན་མཆོག་གཏད་པས་འགོ་བའི་ཡམས་ནད་གདུག་པ་ཅན་མཐའ་དག་ཞི་བར་བྱེད་པའི་མཐུ་དབང་ཐོབ་པར་མོས་ཤིག །རིལ་བུའམ་རྫས་སྦྱར་གཏད་ལ། པཾ༔ ནད་གདོན་གདུག་པའི་གཉེན་པོའི་སྨན༔ རྡོ་རྗེ་སྔགས་ཀྱིས་བྱིན་བསྐྱེད་པ༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ མི་བཟད་ནད་ཀུན་ཞི་བར་ཤོག༔ སྒྲུབ་སྔགས་ཀྱི་ཤམ་དུ། སརྦ་ཛྭ་ར་པྲ་ཤ་མ་ཨ་བྷི་ཥིཉྩ་མི༔ ཞེས་པས་རྫས་བསྲེགས་པའི་དུད་པས་ཀྱང་བདུག་ལ་ཤིས་བརྗོད་བྱ། ཕྱིན་ཆད་དེས་འགྲེས་ཏེ། ༈ གསུམ་པ་ཉོན་མོངས་པ་ང་རྒྱལ་གྱི་མཐུ་ལས་བསྐྱེད་པ་མ་རུངས་པའི་གདོན་བགེགས་གཏུམ་པོ་རྣམས་དང་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཞི་བར་བྱེད་པ་རིག་པའི་རྒྱལ་མོ་འོད་ཟེར་ཅན་མའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་གདབ། རྒྱུན་བཤགས། ལྷ་བསྐྱེད་ལ་ཡེ་ཤེས་པ་བརྟན། སྦྱོར་དངོས་དབང་རྣམས་བསྐུར། མཐའ་རྟེན་ལ། སེང་ལྡེང་དབྱུག་ཏོ་རྡོ་རྗེའི་ཏོག་གིས་སྤྲས་པ་གཏད་པས་གཟུགས་ཅན་དགྲ་ཇག་ཆོམ་རྐུན་གྱི་ཚོགས་དང་གཟུགས་མེད་སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་ཐམས་ཅད་ཞི་བར་བྱེད་པའི་མཐུ་དབང་ཐོབ་པར་མོས་ཤིག །མཱཾ༔ འབར་བའི་རྡོ་རྗེའི་དབྱུག་པ་ཡིས༔ གདོན་དགྲ་བར་ཆད་འཇོམས་པར་བྱེད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཕས་རྒོལ་གདུག་པ་ཀུན་ཞི་ཤོག༔ སྒྲུབ་སྔགས་དང་། བཛྲ་དཎྜ་ཛྭ་ལ་ཨ་བྷི་ཥིཉྩ་མི༔ ཤིས་པ་བརྗོད། ༈ བཞི་པ་ཉོན་མོངས་པ་ཕྲག་དོག་གི་མཐུ་ལས་བསྐྱེད་པ་ཕས་རྒོལ་བྱད་ཕུར་རྦོད་གཏོང་གི་སྦྱོར་བ་ངན་པ་ཐམས་ཅད་ཞི་བར་བྱེད་པ་རིག་པའི་རྒྱལ་མོ་གཙུག་ཏོར་གདུགས་དཀར་མོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་གདབ། རྒྱུན་བཤགས། ལྷ་བསྐྱེད་ལ་ཡེ་ཤེས་དབབ་བརྟན། སྦྱོར་དངོས་དབང་རྣམས་བསྐུར། མཐའ་རྟེན་ལ། གཞན་གྱིས་མི་ཐུབ་པ་འབར་བ་ཆེན་པོའི་ཕུར་བུ་གཏད་པས་ཕ་རོལ་གྱི་བསམ་སྦྱོར་ངན་པས་བརྩམས་པའི་བྱད་ཕུར་རིག་སྔགས་དམོད་པའི་སྦྱོར་བ་ཐམས་ཅད་ཞི་བར་བྱེད་པའི་མཐུ་དབང་ཐོབ། ཕུར་བུ་འདྲིལ་ཞིང་ཕྱོགས་བཅུར་གདེངས་པས་དེ་དག་སྐད་ཅིག་གིས་ཐལ་བར་བརླགས་པར་མོས་ཤིག །ཅེས་ཕུར་བུ་གཏད་ལ་འདྲིལ་ཞིང་གདེངས་སུ་གཞུག་ལ། ཨོཾ༔ སངས་རྒྱས་ཕྲིན་ལས་ཀཱི་ལ་ཡ༔ གཞན་གྱིས་མི་ཐུབ་ངོ་བོར་རྫོགས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བྱད་ཕུར་རྦོད་གཏོང་ཀུན་ཞི་ཤོག༔ སྒྲུབ་སྔགས་དང་། ཨ་པ་ར་ཛི་ཏ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མི༔ དེ་ནས་ལས་ཚོགས་ཟུར་བཀོལ་ལྟར་བྱད་འགྲོལ་ཚང་བ་སྦྱར། དེ་རྗེས་བཀྲུ་བྱབ། གླུད་བསྔོ། སྲུང་བ། བདེན་སྟོབས། ཤིས་བརྗོད་བཅས་བྱའོ།། ༈ ལྔ་པ་ཉོན་མོངས་པ་འདོད་ཆགས་ཀྱི་མཐུ་ལས་བསྐྱེད་པ་སེམས་ཀྱི་རྣམ་པར་གཡེང་བ་དང་ཡིད་མི་བདེ་བའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་རིག་པའི་རྒྱལ་མོ་ཤེར་ཕྱིན་དཀར་མོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་གདབ། རྒྱུན་བཤགས། ལྷ་བསྐྱེད་ལ་ཡེ་ཤེས་དབབ་བརྟན། སྦྱོར་དངོས་དབང་རྣམས་བསྐུར། མཐའ་རྟེན་ལ། ལེགས་པར་སྦྱར་ཅིང་ཚུལ་བཞིན་བསྒྲུབས་པའི་སྨན་མར། ཞེས་སམ། མེད་ན། སྨན་མཆོག་དཔའ་བོ་རིག་སྔགས་ཀྱིས་བཏབ་པ། ལག་ཏུ་གཏད་པས་སེམས་ཀྱི་རྣམ་པར་གཡེང་བ་དང་མི་བདེ་སྡུག་བསྔལ་གྱི་ཟུག་རྔུ་ཐམས་ཅད་ཞི་བར་བྱེད་པའི་མཐུ་དབང་ཐོབ་པར་མོས་ཤིག །པྲཾ༔ ཤེས་རབ་ཕ་རོལ་ཕྱིན་མ་ཡི༔ ཡེ་ཤེས་ཆེན་པོའི་རྫས་མཆོག་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ སྡུག་བསྔལ་རྒྱུ་འབྲས་ཞི་བར་ཤོག༔ སྒྲུབ་སྔགས་དང་། སརྦ་དུཿཁ་པྲ་ཤ་མ་ཨ་བྷི་ཥིཉྩ་མི༔ ཤིས་བརྗོད་བྱ། ༈ དྲུག་པ་བདེན་པའི་ཚུལ་ལ་ལོག་པར་ལྟ་བའི་ལས་ཀྱི་མཐུ་ལས་སྐྱེས་པའི་འབྱུང་བཞི་དུག་མཚོན་གཅན་གཟན་སོགས་འཇིགས་པའི་ཚོགས་ཐམས་ཅད་ཞི་བར་བྱེད་པ་རིག་པའི་རྒྱལ་མོ་སྒྲོལ་མ་དཀར་མོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ། གསོལ་གདབ། རྒྱུན་བཤགས། ལྷ་བསྐྱེད་ལ་ཡེ་ཤེས་དབབ་བརྟན། སྦྱོར་དངོས་དབང་རྣམས་བསྐུར། མཐའ་རྟེན་ལ། པདྨའི་ཕྱག་རྒྱ་སྤྱི་བོར་བཞག་པས་ཕྱི་དང་ནང་གི་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་ཞི་བར་བྱེད་པའི་མཐུ་དབང་ཐོབ་པར་མོས་ཤིག །ཏཱཾ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ ཕྱག་རྒྱ་སྔགས་ཀྱི་མཐུ་ཆེན་པོས༔ སྐལ་ལྡན་ཁྱོད་ལ་བྱིན་བརླབས་པས༔ ཕྱི་ནང་འཇིགས་པ་ཀུན་ཞི་ཤོག༔ སྒྲུབ་སྔགས་དང་། མ་ཧཱ་མུ་དྲ་རཀྵཱ་ཧཾ་ཨ་བྷི་ཥིཉྩ་མི༔ ཤིས་བརྗོད་བྱ། ༈ བདུན་པ་ཉོན་མོངས་པ་ཐེ་ཚོམ་གྱི་མཐུ་ལས་བསྐྱེད་པ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ཞི་བར་བྱེད་པ་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་གདབ། རྒྱུན་བཤགས། ལྷར་བསྐྱེད་ལ་ཡེ་ཤེས་དབབ་བརྟན། སྦྱོར་དངོས་དབང་རྣམས་བསྐུར། གསུམ་པ་མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་དང་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་པ་དང་། འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་འཇའ་ཟེར་ཐིག་ལེའི་རྣམ་པར་བསྡུས་ཏེ་བ་སྤུའི་བུ་ག་ནས་སིབ་ཀྱིས་ཞུགས། སྙིང་གའི་སྲོག་རྟེན་ལ་ཐིམ་པར་མོས་ཤིག །མདའ་དར་གཡབ་ལ། ཨོཾ༔ མི་འགྱུར་རྟག་པའི་ཡེ་ཤེས་ལས༔ སོགས་ཚེ་འགུགས་གྱེར་ལ་སྔགས་བརྗོད། ཚེའི་འབྲང་རྒྱས་འདི་ཉིད་རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་དངོས་སུ་གསལ་བ་སྤྱི་བོར་བཞག་པའི་ཚེ་སྐུ་ལས་ཡེ་ཤེས་ཀྱི་རང་བཞིན་བདུད་རྩིའི་རྒྱུན་བྱུང་། ཁྱེད་རང་གི་ལུས་ཀྱི་ནང་གང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་བག་ཆགས་བཅས་སྦྱངས། སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་ལ་དབང་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་ལ། མཱཾ༔ ཚེ་ཡི་འབྲང་རྒྱས་འོད་དུ་འབར༔ རིག་པ་ཆེན་མོའི་ངོ་བོར་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུས་མིན་འཆི་བ་ཀུན་ཞི་ཤོག༔ སྒྲུབ་སྔགས་དང་། བཛྲ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་མི༔ འཁོར་འདས་བརྟན་གཡོའི་བཅུད་དང་དྭངས་མ་ཐམས་ཅད་འདུས་པའི་ཚེའི་རིལ་བུ་དང་དཀར་མངར་གྱི་བཟའ་བ་བྱིན་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཚེ་དབང་ཐོབ་པར་མོས། ཚེ་རིལ་དང་བཟའ་བ་ལག་གཡས་སུ་སྦྱིན་ལ། ཧཱུྃ༔ འཁོར་འདས་དྭངས་མ་འདུས་པའི་བཅུད༔ འཆི་མེད་ཚེ་ཡི་དམ་རྫས་འདི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ ཐབས་མཆོག་ཚེ་ཡི་དཔལ་ཐོབ་ཤོག༔ སྒྲུབ་སྔགས་དང་། རཱ་ས་ཡཱ་ན་ཨ་བྷི་ཥིཉྩ་མི༔ ཚེ་ཆང་དང་བཏུང་བ་ལ་ལོངས་སྤྱད་པས་ཤེས་རབ་རྟག་པ་དམ་པའི་ཚེ་ལ་དབང་ཐོབ་པར་མོས། ཚེ་ཆང་དང་འོ་མ་གཡོན་དུ་སྦྱིན་ལ། ཧྲཱི༔ བརྟན་གཡོའི་དྭངས་མ་བདུད་རྩིའི་རྒྱུན༔ ཚེ་ཡི་བཏུང་བ་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བྱིན་པ་ཡིས༔ ཤེས་རབ་ཚེ་ཡི་དབང་ཐོབ་ཤོག༔ སྒྲུབ་སྔགས་མཐར། ཨ་མྲྀཏ་ཨ་བྷི་ཥིཉྩ་མི༔ སྦ་ཞིང་རྒྱས་གདབ་པ་ནི། ལུས་ཀྱི་ནང་ཐམས་ཅད་ཚེ་བཅུད་བདུད་རྩིའི་རྒྱུན་གྱིས་གང་བའི་དྭངས་མ་སྙིང་ཁའི་མི་ཤིགས་པའི་ཐིག་ལེར་ཐིམ། དེ་ཉིད་གདོད་ནས་སྐྱེ་འགག་འཕོ་འགྱུར་དང་བྲལ་བ་ཀ་དག་ཆེན་པོའི་དབྱིངས་སུ་མཉམ་པར་བཞག་པས་ཅིས་ཀྱང་གཞོམ་གཞིག་མེད་པ་སྟོང་ཉིད་རྡོ་རྗེའི་ཕྱག་རྒྱས་ཐེབས་པར་མོས་ཤིག །མདའ་དར་རམ་རྡོ་རྗེས་མགོར་རྒྱ་གྲམ་དུ་བཀོད་ལ། ཨ༔ འཁོར་འདས་དྭངས་བཅུད་སོགས་སྔགས་བཅས་བརྗོད། དེ་ནས་ལས་ཚོགས་ཟུར་བཀོལ་ལྟར་འཆི་བསླུའི་གླུད་གཏང་། བཀྲུ་བྱབ་བྱ། གླུད་དང་ཁྲུས་ཆུ་བསྔོས་ལ་ཕྱིར་བཏང་ནས་བསྲུང་བ་བྱ། ཐམས་ཅད་ཀྱི་མཐའ་རྟེན་དུ། དེ་ལྟར་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་རྣམས་ཀྱི་དབང་བསྐུར་ཡོངས་སུ་རྫོགས་པ་ལ། བཀྲ་ཤིས་པའི་རྫས་རྟགས་རྣམས་དང་རྒྱལ་སྲིད་རིན་ཆེན་བདུན་གྱི་འབྱོར་པས་མདུན་བདར་ཏེ་མངའ་གསོལ་བར་མོས་ཤིག །བཀྲ་ཤིས་རྫས་བརྒྱད། རྟགས་བརྒྱད། རྒྱལ་སྲིད་རྣམ་བདུན་རྣམས་ཀྱི་ཙཀླི་རིམ་བཞིན་གཏད་ལ། བཅོམ་ལྡན་ཤཱཀྱ་སེང་གེས་བྱིན་བརླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང༔ དགེ་ལེགས་ཡོན་ཏན་རྟག་ཏུ་འཕེལ་གྱུར་ཅིག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩ་མི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟག་ཏུ་བདེ་ལེགས་ཤོག༔ ཨོཾ་ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མི༔ འཕགས་པའི་སར་གནས་འཁོར་ལོས་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམ་རྒྱལ་ཞིང༔ སྲིད་ཞིའི་དཔལ་གྱིས་འབྱོར་བའི་དབང་བསྐུར་རོ༔ ཨོཾ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ ཞི་བྱེད་ལྷ་མོ་གང་རུང་གི་དབང་ཁོལ་འདོན་དུ་བསྐུར་བའི་ཚེ་མཐའ་རྟེན་དུ་འདི་རྣམས་སྦྱར་དགོས་པའང་ཤེས་པར་བྱ། དེ་ནས་མཚམས་སྦྱོར་སྤྱི་མཐུན་བཅས་ཞལ་ནས་གསུངས་པས་ཐོག་དྲངས། བཀྲ་ཤིས་པའི་ཚིགས་གཅད་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། གཙོ་བོས་ཇི་ལྟར་སོགས་ཀྱི་དམ་ཚིག་བསྲུང་བ། གཏང་རག་མཎྜལ། ལུས་འབུལ་བཅས་གྲུབ་ནས། དེས་ཞི་བྱེད་ལྷ་མོ་རྣམ་པ་བདུན་སོ་སོའི་དབང་བསྐུར་མཐའ་རྟེན་བཅས་རྒྱས་པར་གྲུབ་ནས། གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཐུན་མོང་གི་གདམས་པ་འབོགས་པ་རྡོ་རྗེའི་གསུང་འདི་ལ་སྙན་གཏོད་པར་ཞུ། ཞེས་མཚམས་སྦྱར་ནས། ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས༔ ཞེས་སོགས་ནས། དོན་གྱི་ཕྲིན་ལས་མཐར་ཕྱིན་འགྱུར༔ བར་གོ་བརྡ་འཕྲོད་པར་བཀླག །བསོད་ནམས་འདི་ཡིས་སོགས་དགེ་བསྔོ་བྱས་པས་སྨིན་གྲོལ་ཚང་སྤྲུགས་སུ་རྫོགས། རྗེས་མཆོད་པ་ཁ་གསོས་ལ། བྱིན་རླབས་དང་མཆོད་བསྟོད་བྱ། གཏོར་འབུལ་ནས་བཀྲ་ཤིས་ཀྱི་བར་ཡང་ལས་བྱང་ཚང་བར་བཏང་བས་གྲུབ་བོ། །ངོ་མཚར་ཞི་བྱེད་བདུད་རྩིའི་རྒྱུན། །ཚད་མེད་སྐྱེ་དགུའི་གསོས་སུ་འབབས། །རྒྱུ་འབྲས་ཟུག་རྔུ་འཇིལ་བ་དང་། །གཏན་བདེའི་བཅུད་ལེན་མཆོག་འགྲུབ་ཤོག །ཅེས་པ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོ་༧ཀུན་མཁྱེན་བླ་མ་རིན་པོ་ཆེས་གསུང་གིས་རྗེས་སུ་གནང་བ་ལྟར། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་ (Volume 11, Text 63)
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྣམ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་ཀུན་དགའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཡ། ཆོས་དབྱིངས་ཀུན་ཁྱབ་རྒྱལ་བ་སྲས་བཅས་དང་། ཁྱད་པར་མི་མཇེད་འཇིག་རྟེན་ནུབ་ཀྱི་ཕྱོགས། །པདྨས་ཁེབས་པའི་ཞིང་ན་རབ་བཞུགས་པ། །སེམས་དཔའ་ཀུན་གཙོ་པདྨའི་མྱུ་གུ་ནི། །རྒྱལ་སྲས་རྒྱ་མཚོའི་ཚོགས་དང་བཅས་པ་ལ། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །སྒོ་གསུམ་ལོངས་སྤྱོད་དགེ་རྩར་བཅས་པས་མཆོད། །སྡིག་སྒྲིབ་ཉེས་ལྟུང་གང་མཆིས་མཐོལ་ཞིང་བཤགས། །སྲིད་ཞིའི་དགེ་ལེགས་ཀུན་ལ་རྗེས་ཡི་རངས། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་རྩ་མི་གནས་བྱང་ཆུབ་ཆེན་པོར་བསྔོ། །སངས་རྒྱས་སྲས་བཅས་བསོད་ནམས་མཐུ་དཔལ་དང་། །དུས་གསུམ་བསགས་པའི་ལེགས་སྤྱད་གང་མཆིས་དང་། །སྟོང་ཉིད་རྟེན་འབྱུང་བསླུ་མེད་བདེན་པ་ཡིས། །བདག་གཞན་འབྲེལ་ཐོགས་འགྲོ་བ་མ་ལུས་པ། །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །འཁོར་བ་ངན་སོང་སྐྱེ་གནས་ཀུན་སྤངས་ཏེ། །དག་པའི་ཞིང་མཆོག་པདྨས་ཁེབས་པ་རུ། །སྐད་ཅིག་ཙམ་གྱིས་བརྫུས་ཏེ་སྐྱེ་བར་ཤོག །རིན་ཆེན་བྱང་ཆུབ་སེམས་ཀྱི་ས་བོན་ནི། །རྒྱལ་བའི་སྲས་ཀྱིས་ཡོངས་སྦྱངས་ལས་སྨིན་པ། སྙིགས་མ་ལྔ་ཡི་མིང་ཡང་མི་གྲགས་ཤིང། །ངོ་མཚར་ཡོན་ཏན་བྱེ་བས་རབ་བརྒྱན་པ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཐ་གྲུ་ཡངས་ཤིང་རྒྱ་ཚད་དཔག་ཏུ་མེད། །ལག་མཐིལ་ལྟར་མཉམ་གསེར་གྱི་ས་གཞི་ལ། །རིན་ཐང་མེད་པའི་རིན་ཆེན་གཅལ་དུ་བཀྲམ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ནོར་བུའི་ལྗོན་ཤིང་གསེར་གྱི་དྲྭ་བས་འབྲེལ། །ལོ་འདབ་སྲབ་འཇམ་ཡངས་པའི་དར་ཟབ་གོས། །འབྲས་བུ་ལྷ་ཡི་བཅུད་དང་རིན་ཆེན་སྨན། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཡན་ལག་བརྒྱད་ལྡན་ཆུ་ཀླུང་སྣ་ཚོགས་འབབ། །དྲི་ཞིམ་སྤོས་ཆུའི་རྫིང་བུས་ཀུན་ནས་གཏམས། །གསེར་གྱི་བྱེ་མ་རིན་ཆེན་ཕ་གུས་བསྐོར། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །རྨ་བྱ་ཁྲུང་ཁྲུང་ནེ་ཙོ་ངང་ངུར་སོགས། །སྤྲུལ་པའི་འདབ་ཆགས་ལྟ་བས་ཆོག་མི་ཤེས། །ཀུན་ཀྱང་སངས་རྒྱས་མཐུ་ཡིས་ཆོས་སྒྲ་སྒྲོག །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ཡིད་འོང་མེ་ཏོག་ཕྲེང་བས་ཀུན་ཏུ་ཁེབས། །པདྨའི་སྐྱེད་ཚལ་འདོད་རྒུ་ཡིད་བཞིན་འཇོ། །བསིལ་བྱེད་ངད་པ་རེག་ན་བདེ་བ་རྒྱུ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ངན་འགྲོའི་སྐྱེ་གནས་བྲལ་ཞིང་ལྷ་དང་མི། །མཐོ་རིས་ཡོན་ཏན་འཕགས་པའི་ནོར་བདུན་གྱི། །འབྱོར་པ་རབ་རྒྱས་བདེ་ཞིང་ལོ་ལེགས་པ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །དྭངས་མ་བསམ་གཏན་ཟས་ཀྱིས་བདེ་བར་འཚོ། །ཚེ་རབས་དྲན་ཞིང་བློ་གྲོས་གཟུངས་སྤོབས་ལྡན། །དེར་སྐྱེས་ཕྱིར་མི་ལྡོག་པའི་ས་ལ་གནས། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །རྒྱན་གོས་ཡོ་བྱད་རོལ་མོའི་ཁྱད་པར་སོགས། །འདོད་པའི་ཡོན་ཏན་བསམ་པ་ཙམ་གྱིས་འགྲུབ། །ཏིང་འཛིན་བདེ་ལྡན་སྡུག་བསྔལ་ཟུག་རྔུ་མེད། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །ལྷ་ཡི་མེ་ཏོག་སྤོས་ཆུའི་ཆར་རྒྱུན་འབེབ། །སྤྲུལ་པའི་ལྷ་མོས་མཆོད་ཅིང་བསྟོད་དབྱངས་སྒྲོག །ཉིན་དང་མཚན་མེད་རྒྱལ་བའི་འོད་ཀྱིས་ཁྱབ། །པདྨས་ཁེབས་པའི་ཞིང་དུ་སྐྱེ་བར་ཤོག །བར་དོར་སངས་རྒྱས་སྤྲུལ་པས་མདུན་བསུ་ཞིང་། །སྒྲིབ་པའི་དྲྭ་བ་མ་ལུས་ཕྱིར་བསལ་ཏེ། །སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ཉིད་ལ། །དག་པའི་ཞིང་ཁམས་མཆོག་ཏུ་སྐྱེ་བར་ཤོག །ཞིང་དབུས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །བྱང་སེམས་སྨོན་ལམ་སྟོབས་ལས་རྣམ་འཕྲུལ་པ། །བཀོད་པའི་ཁྱད་པར་བློ་ལས་འདས་པའི་ནང་། །རྒྱལ་སྲས་རྒྱ་མཚོས་མདུན་གྱིས་བལྟས་པའི་དབུས། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་། །མངོན་བྱང་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་པ། །སེམས་དཔའ་ཆེན་པོ་པདྨའི་མྱུ་གུ་ནི། །དམར་གསལ་ཉིན་བྱེད་སྟོང་གི་གཟི་འབར་བ། །ཕྱག་གཡས་མཆོག་སྦྱིན་འདོད་འབྱུང་ནོར་བུས་མཚན། །གཡོན་པས་སྐྱབས་སྦྱིན་ཨུཏྤལ་ཚེ་བུམ་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་མཚན་དཔེ་རྫོགས། །ཕྱེད་སྐྱིལ་པདྨ་ཉི་ཟླའི་གདན་ལ་བཞུགས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུའི་ཞིང་དུ་འཕྲོ། །དྲི་མེད་སྤྱན་རས་གདུལ་བྱར་རྟག་ཏུ་གཟིགས། །ཐེག་ཆེན་ཕྱིར་མི་ལྡོག་པའི་ཆོས་སྒོ་སྟོན། །འབྲེལ་ཚད་བྱང་ཆུབ་སྙིང་པོར་དབུགས་འབྱིན་པ། །རྒྱལ་སྲས་མཆོག་དེའི་ཞལ་རས་མངོན་སུམ་དུ། །མཐོང་ནས་ཞི་བསིལ་བདུད་རྩིའི་རོ་མཆོག་མྱང་། །རྟག་ཏུ་དམ་པའི་ཆོས་ཀྱི་མཛོད་འཛིན་ཞིང་། །བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པ་དང་། །བཟང་པོ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ནས། །རྒྱལ་བ་ཀུན་བསྔགས་ཞིང་མཆོག་དམ་པ་རུ། །ཚེ་དང་ཡེ་ཤེས་གཟི་བརྗིད་དཔག་མེད་ཅིང་། །རྣམ་ཀུན་མཁྱེན་པའི་སངས་རྒྱས་ཉིད་གྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་ཤིང་སྨོན་པ་འགྲུབ་པར་ཤོག །ཞིང་གི་སྨོན་ལམ་འདིའང་ཟབ་གསང་གི་མངའ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེས་ཐུགས་གཏེར་འབེབ་པའི་ཡིག་བྲིས་ཀྱི་ཞབས་འདེགས་ཞུ་སྐབས་བགྱིད་དགོས་པའི་བཀའ་བསྩལ་སྤྱི་བོར་ཕེབ་པ་དང་། གནས་མདོ་གཅོད་བླ་སྤྲུལ་སྐུ་དང་དཔལ་ཁྱིམ་སྔགས་འཆང་ཨོ་རྒྱན་བསྟན་འཛིན་སོགས་སྔ་ཕྱིར་དོན་གཉེར་མང་པོའི་བཞེད་པསྐོང་སླད། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དབེན་པའི་རི་ངོགས་སུ་བྲིས་པ་ཡ་ཐཱ་སིདྡྷིརྦྷ་བ་ཏུ། དགེ་ལེགས་འཕེལ།། །།
པདྨ་ཁྲག་འཐུང་འདུས་པ་ལས༔ སྒྲུབ་ཐབས་སྙིང་པོའི་བཅུད་དྲིལ་ (Volume 13, Text 63)
པདྨ་ཁྲག་འཐུང་འདུས་པ་ལས༔ སྒྲུབ་ཐབས་སྙིང་པོའི་བཅུད་དྲིལ་བཞུགས་སོ༔ ྈྈྈྈྈྈ པདྨ་ཧེ་རུ་ཀ་ལ་འདུད༔ པདྨ་ཁྲག་འཐུང་འདུས་པ་ཡི༔ སྒྲུབ་ཐབས་སྙིང་པོའི་བཅུད་དྲིལ་བ༔ སྤྲོས་མེད་དོན་གྱི་རྣལ་འབྱོར་ཆེ༔ གུ་རུའི་གསུང་བཞིན་ཡི་གེར་བཀོད༔ ས་མ་ཡ༔ རྒྱ་རྒྱ༔ བགེགས་བསྐྲད་མཚམས་བཅད་སྐྱབས་སེམས་དང༔ ཚོགས་གསག་མཆོད་པ་བྱིན་རླབས་སོགས༔ ཇི་ལྟར་རིགས་པ་སྔོན་སོང་ནས༔ དངོས་གཞི་བསྐྱེད་རིམ་འདི་ལྟར་བསྒོམ༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ གདོད་མའི་སྟོང་ཉིད་ངང་ལས་སྙིང་རྗེའི་རྩལ༔ ཧཱུྃ་དམར་འོད་ཀྱི་འཕྲོ་འདུས་སྣོད་བཅུད་སྦྱངས༔ སྟོང་གསལ་ངང་ལས་རྡོ་རྗེའི་སྲུང་འཁོར་དང༔ དུར་ཁྲོད་རབ་འཇིགས་དྲག་པོའི་གཞལ་ཡས་དབུས༔ པད་ཉི་དྲེགས་པ་རྒྱལ་བསེན་བསྣོལ་བའི་སྟེང༔ ས་བོན་ཁྲ་ཐབས་ཚུལ་དུ་བབས་པ་ལས༔ ཆེ་མཆོག་པདྨ་ཁྲག་འཐུང་དྲག་པོ་རྩལ༔ དུས་མཐའི་མེ་ལྟར་རབ་འབར་ཁྲོ་ཞིང་གཏུམ༔ སྤྱན་གསུམ་སྡང་མིག་སྨ་ར་སྨིན་མ་གཟེངས༔ ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཧཱུྃ་སྒྲ་སྒྲོག༔ ཕྱག་གཡས་རྡོ་རྗེས་སྣང་སྲིད་ཟིལ་གྱིས་གནོན༔ གཡོན་པ་ཕུར་པས་མ་རུངས་སྙིང་ལ་གཟིར༔ ལྕགས་སྡིག་ཚྭ་ཚྭས་དམ་འགོང་ཧབ་ཧབ་ཟ༔ དབུ་གཙུག་རྟ་མགོ་རྡོ་རྗེའི་དབྱངས་སུ་འཚེར༔ འཇིགས་པའི་གད་མོས་སྟོང་གསུམ་འགུལ་ཞིང་འཁྱོམ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྔམ༔ གར་དགུའི་ཉམས་ལྡན་ཞབས་གཉིས་དོར་སྟབས་ཀྱིས༔ དྲག་མེ་དམར་ནག་འཁྲུག་པའི་ཀློང་ན་རོལ༔ སྤྱི་བོར་རིགས་བདག་ཚེ་དཔག་མེད་པས་མཚན༔ སྐུ་ལ་ཞི་ཁྲོ་རབ་འབྱམས་སྤྲིན་ཕུང་འཕྲོ༔ གནས་གསུམ་རྡོ་རྗེའི་ཡི་གེ་གསལ་ཞིང་འབར༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་བསམ༔ ཧཱུྃ་ཧྲཱི༔ རཀྴ་སྲིན་པོ་ཁྲོས་པའི་ཕོ་བྲང་ནས༔ སྟོང་གསུམ་དྲེགས་པ་འདུལ་མཛད་ཐོད་ཕྲེང་རྩལ༔ པདྨ་ཁྲག་འཐུང་དྲག་པོའི་སྐུར་བཞེངས་ནས༔ མ་རུངས་ལོག་འདྲེན་འདུལ་ཕྱིར་གནས་འདིར་གཤེགས༔ ཧྲཱིཿཔདྨ་ཀྲོ་དྷ་ཧེ་རུ་ཀ་ཨེ་ཧྱེ་ཧི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ བསྐྱེད་པའི་དམ་ཚིག་རྟེན་ལ་གཉིས་མེད་བཞུགས༔ སྒོ་གསུམ་གུས་པའི་བརྡ་ཡིས་དད་ཕྱག་འཚལ༔ དྲག་པོའི་ཉེར་སྤྱོད་སྨན་རཀ་གཏོར་མའི་ཚོགས༔ སྦྱོར་སྒྲོལ་བརྟུལ་ཞུགས་ཕྱག་རྒྱའི་གར་གྱིས་མཆོད༔ ཤྲཱི་ཧེ་རུ་ཀ་བཛྲ་ཨརྒྷཾ་སོགས༔ པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ གཏུམ་ཆེན་དྲག་ཤུལ་དུས་མཐའི་མེ་ལྟར་འབར༔ རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཀུན་ཏུ་གཡོ༔ བདེ་སྟོང་ཡེ་ཤེས་སྙིང་རྗེ་ཁྲོས་པའི་ཚུལ༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་སྔགས་ཀྱི་འཕྲོ་འདུ་ནི༔ ཐུགས་ཀར་ཕ་ལམ་རྡོ་རྗེའི་ལྟེ་བར་ཧཱུྃ༔ སྔགས་ཕྲེང་དུས་མཐའི་མེ་ལྕེ་འབར་བ་ཡིས༔ དྲེགས་པ་ཚར་བཅད་རྩ་གསུམ་རབ་འབྱམས་ཀྱི༔ བྱིན་རླབས་ནུས་སྟོབས་བདག་ཐིམ་གཉིས་མེད་གྱུར༔ ཨོཾ་ཨཱ་ཧཱུྃ་པདྨ་ཧེ་རུ་ཀ་ཨརྩིག་ནིརྩིག་སརྦ་དུཥྚཱན་མཱ་ར་ཡ་ཧཱུྃ་ཕཊ༔ སྒྲ་དག་ཏིང་འཛིན་གསལ་བས་འབུམ་ཕྲག་བཞི༔ བཟླས་པས་ཁྲག་འཐུང་ཆེན་པོའི་ནུས་སྟོབས་རྫོགས༔ ཐུན་མཐར་མཆོད་ཅིང་བསྟོད་ལ་དངོས་གྲུབ་གསོལ༔ ལྷ་དང་རང་སེམས་དབྱེར་མེད་འོད་གསལ་ངང༔ བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ༔ རྫོགས་རིམ་ཐུགས་ཀའི་ཧཱུྃ་དམར་ཁོ་ན་ལ༔ རླུང་ཡིད་རིག་པ་དྲིལ་ལ་མདུང་ཚུགས་གཏད༔ འདས་པ་འགགས་ཤིང་མ་འོངས་མ་སྐྱེས་པའི༔ ད་ལྟའི་ཤེས་པ་རིག་སྟོང་ལམ་དུ་ཁྱེར༔ བདུད་དང་དམ་སྲི་རྒྱལ་འགོང་ལ་སོགས་པ༔ ཐམས་ཅད་སེམས་ཀྱི་སྣང་ཆ་ཁོ་ན་སྟེ༔ སེམས་ལ་ངོ་བོ་ངོས་བཟུང་མཚན་མ་མེད༔ སྟོང་གསལ་དོན་གྱི་པདྨ་ཁྲག་འཐུང་ཆེ༔ གཞན་ནས་མི་འཚོལ་རང་རིག་འདི་ཀ་རང༔ འཁོར་འདས་གཉིས་མེད་ཆེན་པོར་ལ་བཟླ་འོ༔ དེ་ལྟར་གོམས་འདྲིས་བརྟན་པ་ཐོབ་པ་ན༔ གཟུང་འཛིན་མཚན་མའི་ཆོས་ཀུན་ཟིལ་གྱིས་གནོན༔ རྡོ་རྗེ་ཧེ་རུ་ཀ་དཔལ་མངོན་སུམ་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ སྣོད་ལྡན་སྨིན་བྱེད་སྙིང་པོའི་གཏོར་དབང་ནི༔ དཔལ་གྱི་གཏོར་ཆེན་བརྗིད་ལྡན་མཛེས་པར་བཤམ༔ ལྷ་སྔགས་ཏིང་འཛིན་ནུས་ལྡན་ཆོ་གས་བསྒྲུབ༔ སློབ་མས་ཡོན་ཕུལ་གསོལ་གདབ་རྒྱུད་སྦྱངས་ལ༔ དམ་ཡེ་དབྱེར་མེད་བརྟན་བྱས་གནས་གསུམ་དུ༔ གཏོར་མ་བཞག་ཅིང་སྐུ་གསུང་ཐུགས་དབང་སྦྱིན༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཁྲག་འཐུང་སྐུ༔ རྩ་གསུམ་རབ་འབྱམས་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ བསྐྱེད་རིམ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཁྲག་འཐུང་གསུང༔ རྩ་གསུམ་རབ་འབྱམས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ ནུས་པ་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཁྲག་འཐུང་ཐུགས༔ རྩ་གསུམ་རབ་འབྱམས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ཡིད་ལ་དབང་བསྐུར་བས༔ རིག་རྩལ་དོན་གྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་གཏོར་མ་སྤྱི་བོར་བཞག་བྱས་ལ༔ ཧཱུྃ་ཧྲཱི༔ འགྲོ་བ་འདྲེན་མཛད་པདྨ་ཁྲག་འཐུང་རྩལ༔ རྒྱལ་བ་སྲས་བཅས་རྣམས་དང་གཉིས་སུ་མེད༔ རྩ་གསུམ་ལྷ་ཚོགས་སྐུ་ཡི་དབྱིངས་སུ་རྫོགས༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ སྒོ་གསུམ་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ སྨིན་གྲོལ་དབང་དང་བྱིན་རླབས་ཆར་ལྟར་ཕོབ༔ རང་བྱུང་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་སིདྡྷི་ཧྲཱི༔ ཞེས་བརྗོད་གཏོར་མའི་ལྷ་བསྟིམ་དངོས་གྲུབ་སྦྱིན༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་ཆར་ཆེན་དབབ༔ བར་ཆད་བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས༔ པདྨ་ཁྲག་འཐུང་ནུས་སྟོབས་རྫོགས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ བདེ་གཤེགས་ཀུན་འདུས་པདྨ་ཁྲག་འཐུང་གི༔ སྨིན་གྲོལ་སྤྲོས་མེད་དོན་གྱི་གདམས་ཟབ་འདི༔ མ་འོངས་དོན་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ྈྈྈྈྈྈྈྈ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ རིག་འཛིན་གྲུབ་པའི་དབང་ཕྱུག་རྩ་གསུམ་གཏེར་བདག་གླིང་པའི་ཟབ་གཏེར་གྱི་སྙིང་པོའོ།། ༈ །།འདིའི་བརྒྱུད་པ། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། སངས་རྒྱས་ཡེ་ཤེས། རྩ་གསུམ་གླིང་པ་ཆོས་ཀྱི་རྒྱ་མཚོ། རྭ་སྟོན། ཐུགས་མཆོག་རྡོ་རྗེ། དྲི་མེད་གླིང་པ། ཡེ་ཤེས་ལྷུན་གྲུབ། རྡོ་རྗེ་སྙིང་པོ། ཨོ་རྒྱན་འགྲོ་འདུལ། པདྨ་འོད་གསལ་མདོ་སྔགས་གླིང་པ། དེས་སོ།། །།
བླ་མ་ནོར་བུ་རྒྱ་མཚོ་ལས་བྱོན་རྒྱལ་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་ཆོས་སྐོར་རྣམས་ (Volume 50, Text 63)
༄༅། །བླ་མ་ནོར་བུ་རྒྱ་མཚོ་ལས་བྱོན་རྒྱལ་པོ་རྣམ་ཐོས་སྲས་མདུང་དམར་ཅན་གྱི་ཆོས་སྐོར་རྣམས་བཞུགས་སོ། ། བླ་མ་ནོར་བུ་རྒྱ་མཚོ་ལས༔ རྒྱལ་པོ་རྣམ་ཐོས་སྲས་ཀྱི་དབང་ཆོག་ཡིད་བཞིན་གཏེར་མཛོད་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ རྒྱལ་ཆེན་རྣམ་སྲས་ཆོས་སྐྱོང་གི༔ དབང་ཆོག་ཡིད་བཞིན་ནོར་བུ་འདི༔ བརྒྱུད་འཛིན་སློབ་མ་ཐམས་ཅད་རྣམས༔ མཐུན་རྐྱེན་འབྱོར་པ་རྒྱས་པའི་ཕྱིར༔ པདྨ་བདག་གིས་ལེགས་བཀོད་ཅིང༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་ཤིན་ཏུ་ཟབ་པ་སྟེ༔ དམ་ཚིག་ལྡན་པའི་སློབ་མ་ནི༔ གཉིས་གསུམ་ལས་ནི་མི་མང་བྱ༔ རྟེན་འབྲེལ་གནད་ཀྱི་ཆེ་བ་ཡིན༔ གཅེས་གནད་སྙིང་དང་འདྲ་བ་ཡི༔ རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱི༔ དབང་མཆོག་དམ་པ་འདི་ཉིད་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་དབང་རྫས་གསག་པ་དང༔ དངོས་གཞི་བསྒྲུབ་ཅིང་དབང་བསྐུར་བྱ༔ རྗེས་ལ་དམ་ཚིག་གཏད་རྒྱ་གདམས་པའོ༔ དང་པོ་དབང་གི་རྫས་གསག་པ་ནི༔ དབེན་ཞིང་བཀྲ་ཤིས་བྱིན་ཆགས་སུ༔ དཀྱིལ་འཁོར་གཞི་མ་མདའ་གང་ལ༔ དྲི་བཟང་དང་ནི་སིནྡྷུ་ར༔ རཀྟ་གཙང་མས་ཆག་ཆག་གདབ༔ དབུས་སུ་འདབ་བཞི་མུ་ཁྱུད་བཅས༔ དབུས་དམར་མུ་ཁྱུད་མཐིང་ཁ་འོ༔ འདབ་བཞི་ཤར་དཀར་ལྷོ་སེར་པོ༔ ནུབ་དམར་བྱང་ལྗང་མུ་ཁྱུད་མཐིང༔ སྒོ་རྫོགས་སྤྱི་དང་མཐུན་པར་བྲི༔ བསྡུས་པར་བྱེད་ན་འདི་ལྟར་རོ༔ དབང་གདན་དམར་པོ་གཙང་མའི་སྟེང༔ མེ་ཏོག་དམར་པོའི་ཚོམ་བུ་བཀོད༔ དེ་སྟེང་གཏོར་མ་ཟུར་བཞི་ལྷུན་སྡུག་པ༔ དབུས་དང་ཟུར་བཞི་རིན་ཆེན་མཚན༔ ཐ་མ་ཀྱུ་གུ་རིལ་བུས་བསྐོར༔ རྒྱུ་ནི་ནས་ཕྱེ་གཙང་མ་ལ༔ ཆང་དང་སྤོད་དང་མངར་གསུམ་གྱིས༔ སྦྲུས་པའི་ཟན་ལ་བཅོས་པ་འོ༔ དེ་ལ་རྣམ་སྲས་སྐུ་ཡང་བཙུགས༔ གཞན་ཡང་མདུང་དམར་དང་ནི་རྒྱལ་མཚན་དང༔ ནེ་འུ་ལེ་དང་ལྕགས་ཀྱུ་དང༔ རྒྱུན་གཏོར་དང་ནི་ཚེ་གཏོར་དང༔ ཟས་སྣ་འཛོམ་ཞིང་མང་བ་དང༔ འབྲང་རྒྱས་ལ་སོགས་བཤམ་པར་བྱ༔ ལས་ཀྱི་བུམ་པ་ཡང་ནི་བཤམ༔ གཞན་ཡང་མཆོད་གཏོར་སྤྱི་དང་མཐུན༔ ཆ་ཚང་ཉིད་ནི་བཀོད་པར་བྱ༔ སྒྲུབ་ཐབས་ལས་ནི་བྱུང་བ་བཞིན༔ བསྙེན་སྒྲུབ་ཐེམས་པའི་སློབ་དཔོན་གྱིས༔ རང་ཉིད་གསང་བདག་ཕྱག་རྡོར་བསྐྱེད༔ གཏོར་མ་མི་དམིགས་གསལ་བཏབ་ལ༔ རི་རབ་བརྩེགས་པའི་གཞལ་ཡས་ན༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྒྲུབ་ཐབས་ཇི་བཞིན་ལྟ་བུར་བསྐྱེད༔ བདག་ཉིད་རྡོ་རྗེ་གཏུམ་པོ་ཡི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ འོད་ཟེར་ལྕགས་ཀྱུའི་ཚུལ་གྱིས་ནི༔ ཡང་ཡང་དགུག་ཅིང་གཞལ་ཡས་ནང༔ དམ་ཚིག་པ་ལ་གཉིས་མེད་བསྟིམ༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ ཀུཎྜ་ལཱི་ཡི་སྔགས་བཟླས་ཤིང༔ ལྷ་ཉིད་བདུད་རྩིར་ཞུ་བསམ་བཞག༔ གཉིས་པ་དབང་བསྐུར་བྱེད་པ་ནི༔ ཐོག་མར་སློབ་བུས་ཁྲུས་བྱས་ཏེ༔ ལག་ཏུ་མེ་ཏོག་ཐོགས་བྱས་ལ༔ ཀྱེ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ བསོད་ནམས་ཚོགས་ཆེན་ཡོངས་རྫོགས་ཤིང༔ འགྲོ་དོན་རླབས་ཆེན་སྤྱོད་པའི་ཕྱིར༔ ནོར་བདག་ཆེན་པོའི་དབང་བསྐུར་ཞུ༔ ཞེས་ལན་གསུམ་ཞུ༔ སློབ་དཔོན་གྱིས་གསུང་པ༔ ཀྱེ་ཧོ་སྐལ་ལྡན་བདག་ལ་ཉོན༔ འཇིག་རྟེན་ཁེ་གྲགས་ཚོགས་རྣམས་དང༔ རང་རྒྱུད་འདོད་པས་བཅིངས་པ་ཡི༔ མི་མཐུན་ཕྱོགས་ལ་བྱ་མི་རུང༔ ཚོགས་གཉིས་རླབས་ཆེན་སྤྱོད་པ་ཡི༔ དོན་ལ་གནས་ན་དབང་བསྐུར་བྱ༔ ཞེས་ལན་གསུམ་བརྗོད༔ སློབ་བུས་ཞུ་བ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁེ་དང་གྲགས་པ་ངས་མི་འདོད༔ ཆོས་བརྒྱད་ཚེ་འདིའི་ཕྱིར་མ་ཡིན༔ དཀོན་མཆོག་མཆོད་ཅིང་ངན་སློང་སྦྱིན༔ ཚོགས་གཉིས་ལོངས་སྤྱོད་ལྡན་ཕྱིར་དུ༔ བདག་ལ་དབང་མཆོག་གནང་བར་ཞུ༔ ཞེས་ལན་གསུམ་ཞུའོ༔ སློབ་དཔོན་གྱིས་གསུང་པ༔ བསོད་ནམས་ལྡན་པ་རིགས་ཀྱི་བུ༔ ཁྱེད་ཀྱིས་ཚུལ་དེ་མི་འདའ་ན༔ རྣམ་སྲས་དབང་ཆོག་ཡང་གསང་འདི༔ བདག་གིས་བསྟན་གྱིས་བུ་ཡིས་ལོངས༔ ཞེས་བརྗོད་ནས༔ གཏོར་མ་རྣམ་སྲས་དངོས་སུ་བསྐྱེད་ལ༔ བུ་ཡི་སྤྱི་གཙུག་ཏུ་བཞག་ལ་འདི་སྐད་དོ༔ ཧཱུྃ༔ བཞེངས་ཤིག་ནོར་བདག་རྣམ་ཐོས་སྲས༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ སྔོན་གྱི་ཐུགས་དམ་ཉེར་དགོངས་ལ༔ གནས་འདིར་བྱོན་ལ་བྱིན་ཆེན་ཕོབ༔ གཏོར་མ་ཡིད་བཞིན་རིན་ཆེན་གཏེར༔ རྣམ་སྲས་སྐུ་དང་གཉིས་སུ་མེད༔ ཡིད་བཞིན་གཏེར་གྱི་དབང་ཐོབ་ཤོག༔ སྔོན་གྱི་ཐུགས་དམ་བདག་བསྐུལ་ལོ༔ རྟག་ཏུ་མཆོད་ཅིང་གསོལ་བས་ན༔ མི་ཟད་གཏེར་གྱི་དངོས་གྲུབ་སྩོལ༔ ནམ་མཁའ་མཛོད་ལ་མངའ་བརྙེས་ཤོག༔ ཀྱེ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ་བ་དང༔ སྲིད་པ་བྲན་དུ་འཁོལ་བ་དང༔ འདོད་རྒུའི་གཏེར་ལ་ལོངས་སྤྱོད་པའི༔ དབང་མཆོག་ཟབ་མོ་ཐོབ་གྱུར་ཅིག༔ བདག་ལ་འགོ་བར་མཛད་དུ་གསོལ༔ གནས་པར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ གྲུབ་པར་མཛད་དུ་གསོལ༔ བརྟན་པར་མཛད་དུ་གསོལ་ལོ༔ ཨོཾ་བཛྲ་བཻ་ཤྲ་མ་ཎཱ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བྱས་ལ་གཏོར་མ་གནས་གསུམ་དུ་གཏུག་གོ༔ འོ་རིགས་ཀྱི་བུ་ཁྱོད་ལ་གཏོར་མའི་དབང་བསྐུར་པས༔ རྒྱལ་ཆེན་རྣམ་སྲས་ཀྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་ཐོབ་ནས༔ ཕྲིན་ལས་རྣམ་པ་བཞི་ལ་མངའ་བརྙེས་ཤིང༔ ཁམས་གསུམ་དབང་དུ་འགྱུར་བའི་དེད་དཔོན་ཆེན་པོར་འགྱུར་རོ༔ དེ་ནས་མདུང་དམར་རྒྱལ་མཚན་གཡས་སུ་གཏད༔ ནེའུ་ལེ་ལྕགས་ཀྱུ་གཡོན་དུ་གཏད་ལ༔ ཧཱུྃ༔ དུས་གསུམ་སྲིད་པར་དབང་སྒྱུར་ཞིང༔ མདུང་དམར་དེ་ནི་དཔའ་བའི་རྟགས༔ འགྲོ་བའི་རྣམ་ཤེས་འབིགས་པའི་ཚུལ༔ བ་དན་འབར་བས་ཡིད་རྣམས་གཡོས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང༔ མི་ནུབ་རྒྱལ་མཚན་བཀྲ་ཤིས་འབྱུང༔ ཐབས་ཀྱི་ཕྱག་མཚན་དབང་བསྐུར་བས༔ ཁམས་གསུམ་དབང་དུ་འདུས་པར་ཤོག༔ བཻ་ཤྲ་མ་ཎཱ་བཛྲ་རཱ་ག་ར་ཏི་སརྦ་ཙིཏྟ་ཧྲཱིཾ་ཛ༔ ཨ་བྷི་ཥིཉྩ་མཱཾ༔ དགོས་འདོད་ཀུན་འབྱུང་ནེའུ་ལེའི་གཏེར༔ སྟོང་གསུམ་རིན་ཆེན་ནོར་ལ་སྤྱོད༔ ལྕགས་ཀྱུས་འགྲོ་བའི་རྣམ་ཤེས་འགུགས༔ རྒྱལ་བློན་འབངས་དང་ཡུལ་འཁོར་སྡུད༔ ཤེས་རབ་ཕྱག་མཚན་དབང་བསྐུར་བས༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ འཁོར་ལོས་སྒྱུར་རྒྱལ་དབང་ཐོབ་ཤོག༔ བཛྲ་རཏྣ་མ་གུ་ཏ་ལ་སརྦ་སིདྡྷི་ཨཾ་ཀུ་ཤ་སིདྡྷི་མཱཾ༔ ཞེས་ཕྱག་མཚན་གྱིས་དབང་བསྐུར་རོ༔ དེ་ནས་གྲི་སྙིང་དང་བུམ་གཏོར་གཏད་ལ༔ གསང་བའི་དམ་རྫས་བླ་ན་མེད༔ ཀུན་གྱི་རྣམ་ཤེས་སྙིང་ནས་འདྲེན༔ ཐམས་ཅད་མྱོས་ཤིང་སྡུད་པར་བྱེད༔ བླ་རྡོ་རྣམ་སྲས་སྲོག་གི་རྟེན༔ ལུས་དང་གྲིབ་བཞིན་འགྲོགས་པར་བྱེད༔ མི་འགྱུར་ལྷུན་གྲུབ་དབང་ཐོབ་ཤོག༔ ཙིཏྟ་སརྦ་ནྲྀ་ཏྲི་ཧྲཱིཾ་ཙཀྲ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ལག་ཏུ་གཏད་ལ༔ སྒྲུབ་ཡིག་སྙིང་ཁར་བཞག་སྟེ༔ ཧཱུྃ༔ དེ་རིང་ནས་ནི་བུ་ཁྱོད་དང༔ རྣམ་སྲས་ཉིད་དང་དབྱེར་མེད་པར༔ ཁྱེད་ཀྱི་བཀའ་བཞིན་ཕྲིན་ལས་སྒྲུབ༔ བསྙེན་པའི་སྒྲུབ་པ་ཡུན་མ་ཐུང༔ མཆོད་བསྟོད་སྐོང་གསོ་ཉིད་ལ་འབོད༔ བྲན་དང་བཀའ་ཉན་ཕོ་ཉའི་ཚུལ༔ ཁྱེད་ཀྱི་ཕྲིན་ལས་བསྒྲུབ་པར་འགྱུར༔ གཏོར་མ་བདུད་རྩི་སློབ་མའི་ལྕེ་ལ་བཞག༔ སློབ་མའི་ཁ་ཆུ་གཏོར་མར་བསྩལ་བྱས་ཏེ༔ གཉིས་མེད་དམ་ཚིག་བསྲེ་བར་བསམ༔ དེ་ཉིད་ཤིན་ཏུ་གནད་ཟབ་སྟེ༔ སློབ་མ་སྙིང་འདྲ་མིན་ལ་གཏད་མི་བྱ༔ ཁྱད་པར་དམ་ཚིག་བསྲུང་ཁག་ཆེ༔ དེ་ནས་འདི་སྐད་ཅེས༔ ཧཱུྃ༔ ས་བརྒྱད་རྒྱལ་པོ་ཆེན་པོ་དང༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་གཉིས༔ དམ་ཚིག་དབྱེར་མེད་གཅིག་ཏུ་འགྱུར༔ རྟག་ཏུ་མཆོད་གཏོར་བརྩོན་པ་དང༔ བསྒྲུབ་རྫས་རྟེན་རྫས་འཛོམ་པར་བྱ༔ ཕྲིན་ལས་མ་ལུས་འགྲུབ་པར་འགྱུར༔ བཻ་ཤྲ་མ་ཎཱ་ཡ་ཛཿཧཱུྃ་བཾ་ཧོཿས་མ་ཡ་ཛ༔ ས་མ་ཡ་སཏྭཾ༔ ཞེས་བརྗོད་དོ༔ དེ་ནས་ཚེ་གཏོར་སྤྱི་བོར་བཞག༔ ལོངས་སྤྱོད་ཀྱི་འབྲང་རྒྱས་ལག་ཏུ་གཏད་ལ༔ ཧཱུྃ༔ རྣམ་སྲས་རྒྱལ་པོ་ཚེ་ཡི་གཏེར༔ འདོད་དགུ་འབྱུང་བ་ནོར་བུའི་མཆོག༔ རྟག་ཏུ་ཚེ་ལ་དབང་བའི་སྐུ༔ སྒྲུབ་པ་ཆེན་པོ་ཚེ་ཡི་བདག༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཚེ་དང་བསོད་ནམས་རྒྱས་པར་ཤོག༔ རྒྱལ་ཆེན་རྣམ་སྲས་ཀྱི་ཚེ་དང་བསོད་ནམས་དང༔ དཔལ་དང་འབྱོར་པ་གཟི་བརྗིད་རྣམས༔ རིགས་ཀྱི་བུ་ཡིས་ཐོབ་གྱུར་ཅིག༔ བཛྲ་ཨཱ་ཡུ་པུཎྱེ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ལོངས་སྤྱོད་མི་ཟད་རིན་ཆེན་གཏེར༔ བཟའ་དང་བཅའ་དང་བཏུང་བ་དང༔ ཕྲིན་ལས་ཀུན་སྒྲུབ་ལོངས་སྤྱོད་སྤེལ༔ མ་ལུས་ཡོངས་སུ་རྫོགས་པ་ཡི༔ ཚོགས་འཁོར་འབྲང་རྒྱས་འདི་གཏད་པས༔ ལོངས་སྤྱོད་རྣམ་སྲས་ཉིད་དང་མཉམ༔ མི་ཟད་ནམ་མཁའི་མཛོད་ལ་སྤྱོད༔ ཡིད་བཞིན་གཏེར་གྱི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་མ་ཧཱ་པུཎྱེ་ཨཱ་ཡུ་ཤེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏད་དོ༔ དེ་ནས་གོང་གི་གཏོར་མ་དངོས་གྲུབ་ཏུ་རོལ༔ ཚོགས་འཁོར་བཀྲ་ཤིས་སྨོན་ལམ་བཏབ༔ དཀྱིལ་འཁོར་བསྡུ་དགའ་སྟོན་བྱ༔ དེས་ནི་རྣམ་སྲས་ཀྱི་དབང་བཞི་ཡོངས་སུ་རྫོགས་པའི་རིམ་པ༔ གཏད་རྒྱ་དང་བཅས་པ་ཐོབ་པ་ཡིན་ནོ༔ འདི་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ༔ བརྒྱུད་འཛིན་སྙིང་གི་བུ་གསུམ་ལས་མི་མང་བར་བྱ༔ མང་དུ་སྤེལ་ན་ཆོས་སྐྱོང་སྣ་སུན་པའི་ཚུལ་གྱིས༔ རང་གི་ལོངས་སྤྱོད་ལ་གནོད་པས་བཀའ་རྒྱ་དམ་པར་བྱ༔ འདི་ལ་སྐོང་གསོའི་གཏོར་མ་རྒྱུན་དུ་གཏོང་ཞིང༔ རང་དངོས་གྲུབ་ཏུ་རོལ་བ་དང༔ ནོར་ཕྱུགས་ལ་བྱིན་ནའང་རུང༔ མི་ལ་སྦྱིན་དུ་མི་རུང༔ གཡང་ཁ་བསྡམ་ཞིང་དངོས་གྲུབ་མ་ཟག་པར་བྱ་བ་ནི་གནད་ཀྱི་གདམས་པའོ༔ རྒྱལ་པོ་རྣམ་ཐོས་སྲས་ཀྱི་དབང་ཆོག་ཡིད་བཞིན་གཏེར་མཛོད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་སྐལ་ལྡན་སྙིང་གི་བུ་ཡི་དོན༔ ལྷོ་བྲག་སྨན་མདོའི་བྲག་ལ་སྦས༔ ཐུགས་ཀྱི་སྲས་དང་འདི་འཕྲད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ རིག་འཛིན་པདྨ་གླིང་པའི་གཏེར་མའོ།། ྈ རྣམ་སྲས་མདུང་དམར་ཅན་གྱི་ལས་བྱང་སྐོང་གསོའི་རིམ་པ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈ གསང་བདག་ཕྱག་རྡོར་སྐུ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ནོར་བདག་ཆེན་པོ་རྣམ་སྲས་ཀྱི༔ ལས་བྱང་སྐོང་གསོའི་རིམ་པ་བསྟན༔ དང་པོ་གཟའ་སྐར་བཟང་བའི་དུས༔ གནས་ཁང་བཀྲ་ཤིས་བྱིན་ཆགས་དང༔ ནོར་མཛོད་ཡོད་པའི་གནས་ཁང་དུ༔ རིན་ཆེན་ཟངས་གཞོང་སྣོད་ནང་དུ༔ གཏོར་མ་རྒྱས་པར་བཤམ་པ་ནི༔ རི་རབ་བང་རིམ་སུམ་བརྩེགས་སྟེང༔ གཏོར་མ་ཟུར་བཞི་པ་ལ་ནི༔ རིན་ཆེན་འབར་བ་ཟུར་བཞི་བྱ༔ དེ་ལ་པདྨ་རིལ་བུས་བསྐོར༔ བསྡུས་པར་བྱེད་ན་འདི་ལྟར་ཏེ༔ གཏོར་མ་ཟུར་བཞི་ལྷུན་ཆགས་པ༔ ཀྱུ་གུ་རིལ་བུ་དགུ་ཡིས་བསྐོར༔ རྒྱས་བསྡུས་འབྲིང་དེ་གང་བྱེད་ཀྱང༔ མདའ་རྒོད་སྒྲོ་མ་ལ་དར་ལེ་བརྒན་བཏགས༔ མདུང་དམར་དང་ནི་རྒྱལ་མཚན་དང༔ སྤྱན་གཟིགས་དཀོར་ཆ་སྣ་ཚོགས་བཤམ༔ རང་ཉིད་ཡི་དམ་ལྷར་གསལ་ཅིང༔ གཏོར་མ་རི་རབ་གླིང་བཞིར་བསྐྱེད༔ ཕྱི་ནང་གསང་བའི་མཆོད་ཚོགས་ནི༔ དཔག་མེད་བསྐྱེད་ཅིང་བྱིན་གྱིས་བརླབས༔ དེ་ནས་ཕྲིན་ལས་གཞུང་བསྲངས་ལ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ དང་པོར་སངས་རྒྱས་མངོན་གྱུར་ཀྱང༔ འགྲོ་བའི་དོན་དུ་སྤྲུལ་སྐུར་ཤར༔ ས་བརྒྱད་སེམས་དཔར་བཞུགས་པ་པོ༔ ད་ལྟ་ཆོས་སྐྱོང་རྒྱལ་པོའི་ཚུལ༔ ཤཱཀྱའི་བསྟན་པ་སྲུང་མཛད་པ༔ སེམས་དཔའ་ཆེན་པོ་གཤེགས་སུ་གསོལ༔ རི་རབ་ཆེན་པོའི་བྱང་ཕྱོགས་ཀྱི༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ བདག་གིས་གདུང་བས་སྤྱན་འདྲེན་ན༔ ཐབས་དང་ཐུགས་རྗེའི་བདག་ཉིད་ཅན༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ ཁྱོད་ཀྱི་འཁོར་ཚོགས་མ་ལུས་པ༔ རྟ་བདག་རྒྱལ་པོ་འཁོར་དང་བཅས༔ རང་རང་གནས་པའི་ས་ཡུལ་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕོ་བྲང་གཞལ་ཡས་ཆེན་པོའི་དབུས༔ རིན་ཆེན་ཁྲི་རྐང་བརྩེགས་པའི་སྟེང༔ བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ནི༔ ནོར་བདག་ཆེན་པོ་རྣམ་ཐོས་སྲས༔ འཁོར་ནི་རྟ་བདག་བརྒྱད་དང་བཅས༔ རིན་ཆེན་འབར་བའི་ཁྲི་ལ་བཞུགས༔ བཻ་ཤྲ་མ་ཎཱ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཕེཾ་ཕེཾ༔ ཧྲཱིཾ་ཧྲཱིཾ༔ ཛ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ སངས་རྒྱས་རྣམས་ཀྱི་ཕྲིན་ལས་བདག༔ འགྲོ་བའི་དོན་དགོངས་སྤྲུལ་པའི་སྐུ༔ ས་བརྒྱད་སེམས་དཔའ་རྣམ་ཐོས་སྲས༔ ཁྱོད་ལ་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཐུ་སྟོབས་མངའ་བདག་རྣམ་ཐོས་སྲས༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་དང་ཞལ་ཟས་ཚོགས༔ སིལ་སྙན་རོལ་མོ་དབྱངས་དང་བཅས༔ སྤྱན་གཟིགས་དཀོར་ཆ་མཐུན་རྫས་སོགས༔ རྒྱལ་ཆེན་རྣམ་སྲས་ཁྱེད་ལ་འབུལ༔ བདག་ལ་འདོད་པའི་དངོས་གྲུབ་སྩོལ༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ རྒྱ་ཕོར་བསེ་ཕོར་སྣོད་ནང་དུ༔ ཆང་ཕུད་རིན་ཆེན་དར་ཟབ་བཅས༔ ཤ་ལྔ་དང་ནི་བདུད་རྩི་ལྔ༔ སྨན་གཏོར་རཀྟ་ནང་མཆོད་འདི༔ རྣམ་སྲས་འཁོར་དང་བཅས་ལ་འབུལ༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ མ་ཧཱ་པཉྩ་པཱུ་ཛ་ཧོ༔ ཧཱུྃ༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ མཛེས་པའི་ལྷ་མོ་བཅུ་དྲུག་ལོན༔ ཕྱག་རྒྱ་སྣ་ཚོགས་གར་གྱིས་སྒྱུར༔ ཡིད་འོང་མཐུན་པའི་གསང་མཆོད་འདི༔ རྣམ་སྲས་འཁོར་དང་བཅས་ལ་འབུལ༔ བོ་དྷི་ཙིཏྟ་པཱུ་ཛ་ཧོ༔ མདུང་དམར་རྒྱལ་མཚན་གྲི་སྙིང་དང༔ ཚོགས་ཀྱི་ལོངས་སྤྱོད་དཔག་མེད་དང༔ མཛེས་པའི་ཀླུ་མོ་ནོར་སྐྱོང་མ༔ ལྷ་ཀླུའི་བུ་མོ་མཛེས་སྡུག་བསྐོར༔ རྣམ་སྲས་འཁོར་དང་བཅས་ལ་འབུལ༔ བདག་ལ་ནོར་རྫས་དངོས་གྲུབ་སྩོལ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ ཁྱོད་ནི་དངོས་གྲུབ་གཏེར་གྱི་བདག༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ འདོད་པའི་དོན་ལ་གསོལ་བ་འདེབས༔ རྒྱལ་བློན་འབངས་འཁོར་ཡུལ་ཁམས་རྣམས༔ ཐམས་ཅད་བདག་གིས་དབང་སྡུད་ཅིང༔ མི་ནོར་ལོངས་སྤྱོད་རྒྱས་པར་མཛོད༔ འདོད་པའི་རེ་བ་བསྐང་དུ་གསོལ༔ ཞེས་ནི་ཕྱི་ནང་གསང་མཆོད་འབུལ༔ དེ་ནས་མངའ་གསོལ་བྱ་ཞིང་བསྟོད་པ་ནི༔ ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི༔ ལྕང་ལོ་ཅན་གྱི་ཕོ་བྲང་ན༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ས་བརྒྱད་སེམས་དཔར་བཞུགས་པ་སྟེ༔ དབང་གི་ཕྲིན་ལས་མཛད་པའི་ཕྱིར༔ པདྨ་རཱ་གའི་མདོག་འདྲ་ཞིང༔ སྐུ་ནི་བཞེངས་པའི་ཆ་ལུགས་ཅན༔ དབུ་ལ་བསེ་རྨོག་ཕོད་ཅན་གསོལ༔ འཇོལ་བེར་སྟེང་ན་བསེ་ཁྲབ་ཅན༔ དར་ཚོན་སྣ་ལྔའི་ཕོ་ལང་ནི༔ བརྗིད་པའི་སྐ་རགས་དམར་པོས་བཅིངས༔ ཕྱག་གཡས་མདུང་དམར་རྒྱལ་མཚན་འཛིན༔ སྲིད་གསུམ་མ་ལུས་དབང་དུ་སྡུད༔ ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན༔ འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ གླིང་བཞིའི་བྱང་ཕྱོགས་སྐྱོང་ཙ་ན༔ ཨིནྡྲ་ནཱི་ལའི་མདོག་དང་ལྡན༔ ཀླུ་དང་གནོད་སྦྱིན་འདུལ་ཙ་ན༔ རིན་ཆེན་གསེར་གྱི་སྐུ་མདོག་ཅན༔ མཁའ་འགྲོ་ཀླུ་མོ་ལྷ་མོ་དང༔ བདུད་མོའི་དེད་དཔོན་མཛད་ཙ་ན༔ བཻ་ཌཱུར་མཐིང་གི་མདོག་དང་ལྡན༔ འགྲོ་བའི་རྣམ་ཤེས་དབང་སྡུད་ཅིང༔ ལོངས་སྤྱོད་ཆར་ལྟར་འབེབས་ཙ་ན༔ སྐུ་མདོག་དམར་པོ་འོད་ཟེར་འབར༔ དབང་ཆེན་མཐུ་བྱིན་བསམ་མི་ཁྱབ༔ ཡོན་ཏན་མ་ལུས་རྫོགས་ལ་བསྟོད༔ འཇིག་རྟེན་འདི་ན་བགེགས་ཆེ་བ༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༔ མི་འམ་ཅི་དང་ལྟོ་འཕྱེ་ཆེ༔ ཐམས་ཅད་ཀུན་གྱི་དེད་དཔོན་ཏེ༔ འཇིག་རྟེན་ཁམས་ན་འགྲན་ཟླ་མེད༔ ལྷ་ཆེན་དཔལ་འབར་ཁྱོད་ལ་བསྟོད༔ ཁྱོད་ནི་འགྲོ་བའི་དོན་སྤྲུལ་ཚེ༔ སྐུ་གཅིག་ཏུ་ནི་མ་ངེས་ཤིང༔ དཀར་སེར་དམར་དང་མཐིང་གའི་མདོག༔ རྫུ་འཕྲུལ་སྣ་ཚོགས་ཕྲིན་ལས་བདག༔ ཆ་ལུགས་གཅིག་ཏུ་མ་ངེས་པ༔ ཞི་དང་ཁྲོ་དང་ཞི་མ་ཁྲོ༔ ཁྲབ་དང་བེར་ཆེན་ལྷ་ཡི་གོས༔ དགོས་འདོད་རེ་སྐོང་ཁྱོད་ལ་བསྟོད༔ ཞོན་པའི་ཆིབས་པ་མ་ངེས་པ༔ སེང་གེ་ཁྱུང་ཆེན་གླང་ཆེན་དང༔ སྟག་གཟིག་དོམ་དང་མ་ཧེ་འབྲུག༔ རྟ་མཆོག་དྲེད་དང་ཆུ་སྲིན་ཞོན༔ ཕྱག་མཚན་རྣམ་པ་སྣ་ཚོགས་པ༔ བཀྲ་ཤིས་རྫས་བརྒྱད་རྔ་ཡབ་དང༔ ནོར་བུ་བཱི་ཛ་པཱུ་རཿདང༔ རལ་གྲི་མདའ་གཞུ་གཏེར་གྱི་སྒྲོམ༔ སྣ་ཚོགས་མཛེས་པའི་ཕྱག་མཚན་བསྣམས༔ ཡིད་བཞིན་གཏེར་བདག་ཁྱོད་ལ་བསྟོད༔ བདག་ནི་གདུང་བའི་དམ་ཚིག་ཅན༔ ཚུལ་བཞིན་བསྙེན་ཅིང་སྒྲུབ་པ་དང༔ མཆོད་ཅིང་བསྟོད་ནས་ཐུགས་དམ་བསྐུལ༔ སྲས་དང་བཙུན་མོ་འཁོར་དང་གཡོག༔ རྟ་བདག་བརྒྱད་དང་བཅས་པ་ཡིས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ འགྲོ་བ་མི་ཡི་རྣམ་ཤེས་སྒུལ༔ སྦྱིན་བདག་ཕོ་མོ་མ་ལུས་དང༔ གཡང་ཅན་ནོར་དང་མཛེས་པའི་གོས༔ བཅུད་ཅན་ཟས་ལ་སོགས་པ་རྣམས༔ བདག་ལ་དངོས་གྲུབ་རྒྱ་ཆེན་སྩོལ༔ མི་སྙིང་སྒུལ་ལ་མི་འགྲམ་ཆོགས༔ རང་དབང་མེད་པར་ཐམས་ཅད་སྡུས༔ འདོད་པའི་རེ་འདོད་མ་ལུས་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ མི་འཛད་ཟས་ཀྱི་དངོས་གྲུབ་སྩོལ༔ འཇམ་མཛེས་གོས་ཀྱི་དངོས་གྲུབ་སྩོལ༔ རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ༔ བང་མཛོད་ནོར་གྱི་དངོས་གྲུབ་སྩོལ༔ དར་ཟབ་རྒྱན་གྱི་དངོས་གྲུབ་སྩོལ༔ རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ༔ སྲ་བརྟན་གོ་ཁྲབ་དངོས་གྲུབ་སྩོལ༔ མི་འཛད་གཏེར་གྱི་དངོས་གྲུབ་སྩོལ༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ ཐུགས་དམ་མ་གཡེལ་རྣམ་སྲས་རྒྱལ༔ དེ་ལྟར་བདག་གིས་བསྐངས་གསོལ་ནས༔ འདོད་པའི་དོན་ལ་གསོལ་བཏབ་མཐུས༔ གང་འདོད་དངོས་གྲུབ་མི་སྩོལ་ན༔ ཐུགས་དམ་ཉམས་པར་མི་འགྱུར་རམ༔ ས་མ་ཡ་ལ་དགོངས་ནས་ཀྱང༔ དེ་བས་ཐུགས་དམ་བརྩེར་དགོངས་ལ༔ རྟགས་དང་མཚན་མ་བསྟན་པ་དང༔ དབང་སྡུད་ཟས་ནོར་ལོངས་སྤྱོད་ཀྱི༔ བདག་ལ་དངོས་གྲུབ་རྒྱ་ཆེན་སྩོལ༔ ཅེས་མཆོད་བསྟོད་ལ་བརྩོན་ན་ལོངས་སྤྱོད་རྒྱལ་པོ་ཉིད་དང་མཚུངས་པར་འགྱུར་རོ༔ རྣམ་སྲས་མདུང་དམར་ཅན་གྱི་ལས་བྱང་སྐོང་གསོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བློ་དམན་མཚོ་རྒྱལ་གྱིས་ཞུས་པའི་དོན་དུ་བསམ་ཡས་མཆིམས་ཕུའི་གེ་གོང་དུ་གསུངས་པ༔ ཡི་གེར་བྲིས་ནས་སྨན་མདོའི་བྲག་ལ་སྦས་པའོ༔ མ་འོངས་དུས་སུ་པདྨ་གསལ་གྱི་སྐྱེ་མཐའ་པདྨའི་མིང་ཅན་དང་འཕྲད་པར་གྱུར་ཅིག༔ ཅེས་སྨོན་ལམ་བཏབ་པ་ལ་བརྟེན་ནས་བདག་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་ནས་གདན་དྲངས་པའོ།། །།ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ བླ་མ་ནོར་བུ་རྒྱ་མཚོ་ལས༔ རྣམ་སྲས་མདུང་དམར་ཅན་གྱི་སྒྲུབ་པ་བཞུགས་སོ༔ ྈྈྈྈྈྈ བཛྲ་པཱ་ཎི་ལ་ན་མོ༔ ནོར་བདག་རྣམ་སྲས་ཀྱི་སྒྲུབ་པ་བྱེད་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ༔ དང་པོ་སྔོན་འགྲོ་རྫས་བཤམ་པ་ནི༔ རིན་པོ་ཆེའི་སྣོད་ཀྱི་ནང་དུ༔ དཀར་རྣམ་པ་ལྔ༔ མངར་རྣམ་པ་ལྔ༔ འབྲུ་རྣམ་པ་ལྔ༔ བཅུད་རྣམ་པ་ལྔ༔ རིན་པོ་ཆེ་རྣམ་པ་ལྔ༔ དེ་རྣམས་འཛོམ་པར་བསགས་ལ༔ རིན་པོ་ཆེའི་སྣོད་དུ་གཏོར་མ་རི་རབ་མ་དཔེའུ་ཆུང་ལྟར་བཅོས་ལ༔ དཀྱིལ་འཁོར་ལིང་ཚེ་དགུ་བཀོད་པའི་སྟེང་དུ༔ མཉྫིའི་ཁར་བཞག་ལ༔ གཞན་ཡང་མཆོད་པའི་ཡོ་བྱད་འཛོམ་པར་བསགས༔ དཀྱིལ་འཁོར་ཤར་སྒོར་བདག་འདུག་ལ༔ རང་དམ་ཚིག་སེམས་དཔའ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་བསྒོམས་ལ༔ དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་ཧཱུྃ་ཡིག་སྔོན་པོ་གཅིག་བསྒོམ༔ དེ་ལས་འོད་འཕྲོས༔ འཕགས་པ་མཆོད༔ སྐུ་གསུང་ཐུགས་བཅུད་བསྡུས་ཤིང་ཧཱུྃ་ལ་ཐིམ༔ ཕར་འཕྲོས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ ཧཱུྃ་ལས་བྷྲཱུྃ་འཕྲོས་གཏོར་མ་ལ་ཕོག༔ གཏོར་མ་རང་བྱུང་རྣམ་པར་དག་པའི་གཞལ་ཡས་ཁང༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་ནང༔ རཏྣའི་ཁྲི་ཆེན་པོ་བརྩེགས་པའི་སྟེང་ན་དམ་ཚིག་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་གདན་ལ་ཕོག༔ ཧཱུྃ་ཡོངས་སུ་གྱུར་པ་ལས༔ ནོར་བདག་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ན་མདུང་དམར་བསྣམས་ཤིང༔ གཡོན་པ་ན་ནེའུ་ལེའི་རྐྱལ་པ་མཇིང་པ་ནས་བཟུང་ནས་མཆན་འོག་ཏུ་བཅུག་པ༔ ཞལ་བགྲད་ཅིང་མཆུ་འཕྱང་བ༔ སྤྱན་གསུམ་དམར་ལ་ཟླུམ་པས་གཟིགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་ལ༔ རིན་པོ་ཆེའི་པྲོག་ཞུ་གསོལ་བ༔ སྐུ་ལ་ཟངས་ཁྲབ་དམར་པོ་གསོལ་བ༔ དར་དཔྱང་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ༔ ཆིབས་སུ་སེང་གེ་དཀར་མོའི་སྟེང་ན་འགྱིང་བ༔ འཁོར་རྟ་བདག་བརྒྱད་ཀྱིས་བསྐོར་ནས་བཞུགས་པར་བསྐྱེད་དོ༔ དངོས་གཞི་ནི༔ རང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་བསྐྱེད་ལ༔ རི་རབ་ཆེན་པོའི་བྱང་ཕྱོགས་ན༔ རིན་ཆེན་ཁང་བུ་དགུ་བརྩེགས་ནང༔ སུ་བཞུགས་དེ་ནི་སུ་མི་བཞུགས༔ ནོར་བདག་ཆེན་པོ་རྣམ་སྲས་བཞུགས༔ འཁོར་རྟ་བདག་བརྒྱད་དང་བཅས་པ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རིན་ཆེན་བརྩེགས་པའི་ཁྲི་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ དགོས་འདོད་ནོར་གྱི་དངོས་གྲུབ་སྩོལ༔ ཨཱ་པ་རཏྣ་ས་མ་ཡ་སྡུས་སྡུས༔ དེ་ནས་བསྟོད་པ་བྱ་བ་ནི༔ ནོར་བདག་ཆེན་པོ་རྣམ་ཐོས་སྲས༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཡས་ཟངས་ཀྱི་མདུང་དམར་བསྣམས༔ ཕྱག་གཡོན་ནེའུ་ལེའི་རྐྱལ་པ་འཛིན༔ དབུ་ལ་རིན་ཆེན་པྲོག་ཞུ་གསོལ༔ སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས༔ ཆིབས་སུ་སེང་གེ་དཀར་མོ་འཆིབ༔ ནོར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ གླིང་བཞི་སྲིད་པའི་ཕྱོགས་བཞི་མཚམས་བརྒྱད་ནས༔ རིན་ཆེན་ནོར་གྱི་དངོས་གྲུབ་སྡུད་བྱེད་ཅིང༔ སྐལ་ལྡན་བུ་ཡི་རེ་བ་སྐོང་མཛད་པ༔ འཁོར་གྱི་རྟ་བདག་བརྒྱད་ལ་ཕྱག་འཚལ་བསྟོད༔ རིན་ཆེན་མཛོད་ཀྱི་གཏེར་ལ་མངའ་བརྙེས་ཤིང༔ དབུལ་ཕོངས་རྣམས་ཀྱི་རེ་བ་སྐོང་མཛད་པ༔ ནོར་བདག་གནོད་སྦྱིན་ཚོགས་རྣམས་མ་ལུས་ཀུན༔ དགོས་འདོད་ཆར་འབེབ་རྣམས་ལ་ཕྱག་འཚལ་བསྟོད༔ རྗེས་ལ་ཐུགས་དམ་བསྐུལ་བ་ནི༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ ནོར་བདག་རྣམ་སྲས་སྐུ་བྱོན་ཅིག༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ འཁོར་རྟ་བདག་བརྒྱད་ཀྱང་སྐུ་བྱོན་ཅིག༔ རིན་ཆེན་ཁང་བཟང་དགུ་བརྩེགས་ནས༔ ནོར་བདག་གནོད་སྦྱིན་རྣམས་ཀྱང་སྐུ་བྱོན་ཅིག༔ ཁྱེད་རྣམས་ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང༔ གང་འདོད་བུ་རྣམས་ཐམས་ཅད་ལ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ རེ་བ་སྐོང་བའི་དུས་ལ་བབ༔ འདོད་པ་སྒྲུབ་པའི་དུས་ལ་བབ༔ སྔོན་བྱུང་གསང་བདག་བཀའ་ལུང་བཞིན༔ བདག་གིས་བཅོལ་པའི་ཕྲིན་ལས་མཛོད༔ བསྔོ་བ་སྨོན་ལམ་གྱིས་མཇུག་བསྡུ༔ དེ་ནས་གཏོར་མ་མཛོད་དུ་སྦས་ལ་བཞག༔ གང་བསམ་འགྲུབ་པར་འགྱུར་རོ༔ པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ།། ྈ བླ་མ་ནོར་བུ་རྒྱ་མཚོ་ལས༔ རྣམ་སྲས་ཀྱི་སྐོར་ཤེས་པ་དཀར་པོའི་མནན་པ་བཞུགས་སོ༔ ཆོས་སྐྱོང་ཕྱིར་འབྲང་ཚར་གཅོད་པ་ནི༔ ཤེས་པ་དཀར་པོ་དར་ཐོད་ཅན༔ ཁྱི་དཀར་པོའི་སྟེང་ན་པུས་བཙུགས་སུ་འདུག་པ་ཐལ་མོ་སྦྱར་བ་བྲིས་ལ༔ སྙིང་ཁར་ཏྲིའི་མཐའ་མར་འབྱུང་པོ་ཤེས་པ་དཀར་པོ་ཏྲཱ་ས་ཡ་ཏྲཱ་ས་ཡ༔ སཏྭཾ་བྷ་ཡ་སཏྭཾ་བྷ་ཡ༔ མཱ་ར་ཡ་ཕཊ༔ བྱ་བ་བྲི༔ ཁྱི་དཀར་པོ་སྣ་དམར་གྱི་ཐོད་པར་བཅུག་ལ༔ ལ་ཕུག༔ ཉུང་མ༔ སྒོག་ཙོང༔ ཆངས་བུ༔ སྲན་མ༔ བྲ་བོ་རྣམས་བླུགས་ལ༔ རང་ཕྱག་རྡོར་གྱི་ང་རྒྱལ་བརྟན་པོས་ཆོས་སྐྱོང་སྤྱན་དྲངས་ལ༔ མཆོད་གཏོར་འབུལ༔ ཕྱི་འབྲང་ཤེས་པ་དཀར་པོ་ཡང་ཡང་བཀུག༔ རྫས་དེ་ལ་བསྟིམ༔ རེ་བས་དྲིལ་ལ་ལམ་གྱི་གཞི་མདོའམ༔ གད་པའི་སྣ་ལ་སྦ་ཞིང་གཡམ་པར་རྒྱ་གྲམ་བྲིས་ལ་མནན༔ སྟེང་དུ་ཕྱག་ན་རྡོ་རྗེ་དང་མི་གཡོ་བའི་གཟུངས་དང༔ བགེགས་མཐར་བྱེད་ཀྱི་སྔགས་གསེར་གྱིས་བྲིས་པ་དང༔ དེ་དག་མང་དུ་བཟླས་པའི་ཡུངས་དཀར༔ ཡུངས་ནག་ནང་དུ་བཅུག་པའི་ཚ་ཚ་ནག་པོ་ཁྲོ་བོར་བསྐྱེད་པ་གསུམ་མམ༔ ལྔའམ༔ བདུན་ལ་སོགས་པ་བཞུགས་པའི་མཆོད་རྟེན་བྱ༔ ཕྱི་མིག་མི་བལྟ༔ ཞག་བདུན་ལ་སོགས་མཚམས་དམ་པར་བཅད་ལ་བསྙེན་སྒྲུབ་བྱའོ༔ རྒྱལ་སྲས་པདྨ་གླིང་པས་ལྷོ་བྲག་སྨན་མདོ་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ།། ྈ བླ་མ་ནོར་བུ་རྒྱ་མཚོ་ལས༔ རྒྱལ་ཆེན་རྣམ་སྲས་ཀྱི་གསང་སྒྲུབ་རྩ་བའི་སྐོར་དངོས་གྲུབ་ཀུན་འབྱུང་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈྈ གསང་བདག་ཕྱག་ན་རྡོ་རྗེ་ལ༔ དད་དང་གུས་པས་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ས་ལ་གནས་པའི་རྒྱལ་པོ་ནི༔ རྣམ་ཐོས་སྲས་ཀྱི་གསང་སྒྲུབ་མཆོག༔ བློ་དམན་ཡེ་ཤེས་མཚོ་རྒྱལ་དང༔ ལྷ་ལྕམ་པདྨ་གསལ་ལ་གནང༔ ཡི་གེར་བྲིས་ནས་གཏེར་དུ་སྦས༔ སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ སྙིང་འདྲའི་སྒྲུབ་པ་འདི་ཉིད་ནི༔ སྐལ་ལྡན་བུ་ཡིས་ཉམས་བླངས་དུས༔ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ རྩི་ཤིང་འབྲས་བུ་རྒྱས་པའི་དུས༔ ཡར་ངོ་གཟའ་སྐར་བཟང་བ་ལ༔ ཡོ་བྱད་མང་པོ་འཛོམ་བྱེད་ཅིང༔ བཀྲ་ཤིས་ས་སྣ་མང་པོ་ལ༔ མཎྜལ་མདའ་གང་གྲུ་བཞི་པ༔ རྐྱང་ནུལ་ལེགས་པར་བྱས་ནས་ནི༔ ཁྲག་དང་སིནྡྷུ་ར་ཡིས་བྱུགས༔ གནས་དང་མཐུན་པའི་དཀྱིལ་འཁོར་བྲི༔ པད་འདབ་བརྒྱད་ཀྱི་དབུས་སུ་ནྲྀ༔ ལྗང་གུའི་མིག་ཏུ་ཚ་དཀར་པོ༔ མཐའ་མར་སྒོ་རྫོགས་ཐེམས་པར་བྲི༔ གྲི་སྙིང་མཚལ་དང་སིནྡྷུ་བྱུག༔ དེ་ཡི་ནང་དུ་སྲོག་འཁོར་ནི༔ དར་དམར་དྲིལ་ལ་གྲི་སྙིང་ནང༔ ཕྱི་ནས་ལེ་བརྒན་དར་སྣ་ལྔས༔ དྲིལ་ཏེ་དཀྱིལ་འཁོར་དེ་ཡི་དབུས༔ མཉྫི་འམ་ནི་ཁྲི་འུའི་སྟེང༔ བསེ་འམ་ཟངས་གཞོང་འབྲུས་བཀང་སྟེ༔ དེ་སྟེང་གོང་གི་རྟེན་རྫས་གཞུག༔ འབྲུ་སྣའི་རྒྱལ་བཤོས་ཟུར་བཞི་པ༔ མར་དང་མཚལ་གྱིས་དམར་པོར་བྱུགས༔ རིན་ཆེན་འབར་བས་མཐའ་བསྐོར་ལ༔ རྣམ་སྲས་སྐུ་བཅས་བྱང་དུ་བཀོད༔ རྒྱུན་གཏོར་བཤོས་བུ་ཟུར་གསུམ་པ༔ ར་དམར་ཁྲག་གིས་བྱུགས་བྱས་ནས༔ དཀྱིལ་འཁོར་བྱང་ཤར་མཚམས་སུ་བཞག༔ འབྲུ་ནི་རྣམ་པ་སྣ་ཚོགས་ནི༔ བསེ་ཕོར་བཀང་སྟེ་ནུབ་ཏུ་བཞག༔ ཆང་ཕུད་ཨ་མྲྀཏ་ནི་ལྷོ༔ སྤོས་དང་དྲི་ཆབ་ཤར་དུ་འོ༔ སྣང་གསལ་ཤར་ལྷོ་མདའ་དར་ནི༔ ལྷོ་ནུབ་མཚམས་སུ་བཀོད་པར་བྱ༔ མདུང་དམར་རྒྱལ་མཚན་བྱང་ཤར་རོ༔ གཞན་ཡང་ཕྱི་ནང་གསང་བ་ཡི༔ ཚོགས་གཏོར་མཆོད་རྫས་རྒྱས་པར་བཤམ༔ དེ་ལྟར་མཐུན་པའི་རྫས་བཤམས་ནས༔ བསྙེན་སྒྲུབ་ལས་སྦྱོར་གསུམ་པོ་ནི༔ རང་ཉིད་ཕྱག་རྡོར་རྟ་མགྲིན་གྱི༔ བསྐྱེད་རིམ་ལྡན་པའི་རྣལ་འབྱོར་པས༔ བདུན་གསུམ་ཉི་ཤུ་རྩ་གཅིག་བསྒྲུབ༔ བླ་རྡོ་ལོགས་ནས་འབྱུང་བ་བཞིན༔ རྣལ་འབྱོར་ལུས་ལ་བཅངས་ནས་ནི༔ ༈ དབུས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང༔ སྒོ་དང་རྟ་བབས་ཚང་བའི་དབུས༔ ཉི་ཟླ་པདྨ་སེང་ཁྲིའི་སྟེང༔ གྲི་སྙིང་བཻ་ཡིག་དམར་པོ་ལས༔ འཕྲོ་འདུས་ཡོངས་སུ་གྱུར་པ་ཡིས༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ ཚེ་བསོད་དཔལ་འབྱོར་ཡོངས་བསྡུས་ནས༔ བཻ་ཡིག་ཡོངས་སུ་གྱུར་པ་ལས༔ ས་བརྒྱད་རྒྱལ་ཆེན་རྣམ་སྲས་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ མིའུ་ཐུང་ཁྲོ་ཞིང་འཛུམ་པའི་ཚུལ༔ བསེ་ཁྲབ་རྨོག་ཞུ་དར་དམར་གསོལ༔ སྒེག་ཅིང་བརྗིད་པའི་ཆ་ལུགས་ཅན༔ ཕྱག་གཡས་མདུང་དམར་རྒྱལ་མཚན་བསྣམས༔ གཡོན་པས་ནེའུ་ལེ་ལྕགས་ཀྱུ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ མདུན་དུ་ཀླུ་མོ་ནོར་སྐྱོང་མ༔ དམར་སེར་གཞོན་ཚུལ་ལྡན་པའི་སྐུ༔ གཅེར་བུ་རིན་ཆེན་རྒྱན་དྲུག་མཛེས༔ གཡས་པ་ལྕགས་ཀྱུ་དཀུ་ལ་བརྟེན༔ གཡོན་པས་ནོར་བུ་རྔ་ཡབ་འཛིན༔ དེ་འདྲའི་དམིགས་པ་གསལ་བསྐྱེད་ནས༔ རྣམ་སྲས་ཐུགས་ཀར་བཻ་ཡིག་བསྒོམ༔ འོད་འཕྲོས་རི་རབ་བྱང་ཕྱོགས་ནས༔ ལག་པ་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ ཡེ་ཤེས་དགུག་ཅིང་དམ་ཚིག་བསྟིམ༔ སྨྲ་བཅད་ཏིང་འཛིན་གསལ་བ་ཡིས༔ བསྙེན་པ་འདི་ལ་རྟག་ཏུ་འབད༔ ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ༔ བཻ་ཤྲ་མ་ཎཱ་ཡ༔ སརྦ་ཙིཏྟ་རཏྣ་ཧྲཱིཾ་ཛ༔ འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས༔ རབ་འབྲིང་ཐ་མའི་རྟགས་རྣམས་འབྱུང༔ འོད་དང་སྒྲ་དང་དྲི་བཟང་པོ༔ མི་མང་འབྲས་བུ་རིན་ཆེན་འབུལ༔ བཙུན་པ་རྟ་པ་ཞང་བློན་སོགས༔ ཕྱག་འཚལ་བདག་ལ་མདུན་གཏད་ནས༔ ཟས་ནོར་ལོངས་སྤྱོད་འབུལ་བ་དང༔ ལོ་ཐོག་རྒྱས་དང་འབྲུ་ལ་སྤྱོད༔ རབ་དངོས་འབྲིང་ཉམས་ཐ་མ་ཡང༔ རྨི་ལམ་དག་ཏུ་གསལ་གྱུར་ནས༔ སྣང་བ་དབང་སྡུད་སྔགས་འདི་བཟླ༔ བཻ་ཤྲ་མ་ཎཱ་རཱ་ག་རཏྣ༔ ཧྲི་ནྲྀ་སརྦ་ཧྲཱིཾ་ཧྲཱིཾ༔ འགུལ་འགུལ༔ ཡེཾ་ཡེཾ༔ དུང་དུང༔ སྡུས་སྡུས༔ ཛ་ཛ༔ འདི་ཉིད་ཁྲི་ཕྲག་གཅིག་ཏུ་བཟླ༔ འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ ཁམས་གསུམ་གཡོ་ཞིང་འགུལ་བར་ནུས༔ འགྲོ་བ་མི་རྣམས་སྨྲོས་ཅི་དགོས༔ ཟས་ནོར་ལོངས་སྤྱོད་མ་ལུས་པ༔ ཁབ་ལེན་རྡོ་དང་ལྕགས་བཞིན་དུ༔ བསྐྱེད་རིམ་འཕྲོ་འདུ་ཡང་ཡང་བྱ༔ ཐུན་མཚམས་གཏོར་མ་རྩ་སྔགས་ཀྱི༔ ཤམ་བུར་མ་ཧཱ་བ་ལིཾ་ཏ༔ ཁཱ་ཧི་བཏགས་ལ་འབུལ་བར་བྱ༔ ཐུན་མཚམས་ནོར་བདག་བསྐུལ་བ་ནི༔ ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ན༔ ལྕང་ལོ་ཅན་གྱི་གནས་ཀྱི་མཆོག༔ རིན་ཆེན་འབར་བའི་ཕོ་བྲང་ནས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྟོང་གསུམ་རིན་ཆེན་གཏེར་གྱི་བདག༔ གླིང་བཞིའི་བྱང་ཕྱོགས་སྐྱོང་ཙ་ན༔ ཕྲིན་ལས་རྣམ་བཞིར་མངའ་བརྙེས་ཤིང༔ ཨིནྡྲ་ནཱི་ལའི་མདོག་དང་ལྡན༔ ས་བརྒྱད་སེམས་དཔར་བཞུགས་པ་པོ༔ གནོད་སྦྱིན་ཕོ་མོ་མང་པོ་དང༔ ཀླུ་ཡི་དེད་དཔོན་མཛད་ཙ་ན༔ རིན་ཆེན་གསེར་གྱི་ཁ་དོག་ཅན༔ ཌཱ་ཀི་མ་དང་ཀླུ་མོ་དང༔ བདུད་མོའི་དེད་དཔོན་མཛད་ཙ་ན༔ བཻ་ཌཱུར་སྔོན་པོའི་སྐུ་མདོག་ཅན༔ སྣང་སྲིད་དབང་དུ་སྡུད་པ་དང༔ འགྲོ་བའི་རྣམ་ཤེས་འགུགས་པའི་ཚེ༔ པདྨ་རཱ་གའི་མདོག་འདྲ་ཞིང༔ མིའུ་ཐུང་བཞེངས་པའི་ཆ་ལུགས་ལ༔ ལེ་བརྒན་དར་གྱི་ཅོད་པན་བརྒྱན༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ དབུ་ལ་བསེ་རྨོག་རྒྱ་ཁྲབ་གསོལ༔ ཕྱག་གཡས་མདུང་དམར་རྒྱལ་མཚན་བསྣམས༔ སྲིད་གསུམ་ཟིལ་གྱིས་གནོན་པར་མཛད༔ ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་བསྣམས༔ འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ སྐུ་ལ་འོད་ཟེར་དམར་པོ་འཕྲོ༔ སྲིད་པ་གསུམ་ཡང་དབང་དུ་སྡུད༔ འགྲོ་བ་མི་ཡི་རྣམ་ཤེས་འགུགས༔ སྦྱིན་བདག་རྣམས་ཀྱི་ལག་པ་བསྒུལ༔ གཡང་ཅན་ནོར་དང་མཛེས་པའི་གོས༔ བཅུད་ཅན་ཟས་ལ་སོགས་པ་ཡི༔ བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི༔ དངོས་གྲུབ་མ་ལུས་ཐམས་ཅད་སྩོལ༔ ནོར་བདག་ཆེན་པོ་རྣམ་ཐོས་སྲས༔ རྟ་བདག་བརྒྱད་དང་བཅས་པ་ཡི༔ ཐུགས་དམ་གནད་ནས་བསྐུལ་བའི་དུས༔ ཁྱོད་ཀྱི་སྤྲུལ་པའི་འཁོར་ཚོགས་རྣམས༔ མ་ལུས་ཐམས་ཅད་དབང་སྡུས་ལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ དེ་སྐད་དུས་བཞིར་བསྐུལ་བར་བྱ༔ རྟགས་ཐེམས་སྒྲུབ་པ་ཚང་བ་དང༔ གཏོར་མ་བྱང་གི་ཕྱོགས་སུ་གཏོང༔ གྲི་སྙིང་རང་དང་མི་འབྲལ་བཅང༔ མདུང་དམར་རང་གི་ལག་ཆ་བྱ༔ སྲོག་གི་སྙིང་པོ་རྒྱུན་དུ་བསྒྲང༔ སྐབས་སུ་རྒྱལ་བཤོས་གཏོར་མ་གཏང༔ གཏོར་མ་ལ་སོགས་རྫས་སྣ་རྣམས༔ མདུང་དམར་ཅན་ལ་མཆོད་པ་བྱ༔ བརྩོན་འགྲུས་ཅན་གྱི་རྣལ་འབྱོར་གྱིས༔ སྒྲུབ་པ་མཆོག་ལ་བརྩོན་པ་དང༔ དེ་ལྟར་ཚུལ་བཞིན་བཅངས་པ་ན༔ གླིང་བཞིའི་ལོངས་སྤྱོད་འགུགས་ནུས་ཤིང༔ འཛམ་བུའི་གླིང་ལ་སྨྲོས་ཅི་དགོས༔ འགྲོ་བ་མ་ལུས་དབང་དུ་འགྱུར༔ མི་ནོར་ཟས་གསུམ་མང་དུ་འདུ༔ འགྲོ་བའི་རྣམ་ཤེས་འཕྲལ་དུ་འགྱུར༔ ལྷག་པར་བུད་མེད་དབང་དུ་འདུས༔ མདོར་ན་ཡོན་ཏན་དཔག་མེད་ཅིང༔ ལོངས་སྤྱོད་ཀུན་གྱི་བདག་པོ་སྟེ༔ རྒྱལ་ཆེན་རྣམ་སྲས་རང་དང་མཚུངས༔ ཤིན་ཏུ་ཟབ་ཕྱིར་གསང་བའི་གནད༔ རིན་ཆེན་ས་ལ་གཏེར་དུ་སྦས༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ ྈྈྈྈྈ དེ་ཡི་མན་ངག་ཟབ་གནད་ནི༔ སྤྱིར་ནི་སྒྲུབ་ཐབས་གཞུང་བཞིན་ལ༔ ཁྱད་པར་གནད་ཀྱི་ཞལ་གདམས་ནི༔ ཕྱག་རྡོར་ལ་སོགས་ཡི་དམ་ལྷ༔ གང་མོས་བསྙེན་པ་ཐེམས་པ་གཅེས༔ སྒྲུབ་དུས་ཁ་ནི་བྱང་དུ་བལྟ༔ མཎྜལ་དབུས་ཀྱི་གྲི་སྙིང་དེ༔ རྒྱལ་ཆེན་རྣམ་སྲས་དངོས་སུ་བསྐྱེད༔ དེ་ཡང་རིན་ཆེན་ཁྲི་རྐང་དང༔ སེང་ཁྲི་མཛེས་པའི་སྟེང་ཉིད་ལ༔ འདོད་དགུ་རིན་ཆེན་འབྱུང་བ་ཡི༔ ས་བོན་ཡི་གེ་ཏྲཱཾ་བསྐྱེད་གསལ༔ དེ་དབུས་གྲི་སྙིང་བཻ་ཡིག་ནི༔ དམར་པོ་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྲིད་པ་གསུམ་ཉིད་དབང་དུ་སྡུད༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ས་བརྒྱད་ལ་གནས་རྒྱལ་པོ་ནི༔ རྣམ་མང་ཐོས་པའི་ནོར་བདག་ཆེ༔ སྐུ་མདོག་དམར་པོ་སྒེག་པའི་གཟུགས༔ སེང་ཁྲིའི་སྟེང་ན་ཞབས་གཉིས་ནི༔ བརྐྱང་བསྐུམ་རོལ་པའི་འདུག་སྟངས་ཅན༔ འོན་ཏེ་བཞེངས་པའི་ཆ་ལུགས་ལ༔ བརྗིད་ལྡན་ཞི་ཞིང་འཛུམ་པའི་ཚུལ༔ སྤྱན་འབུར་མཆེ་བ་ཅུང་ཟད་གཙིགས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ རྒྱལ་མཚན་མདུང་དམར་ནེའུ་ལེ་དང༔ ལྕགས་ཀྱུ་དག་གིས་རབ་མཚན་ཞིང༔ མདུན་ན་ཀླུ་མོ་ནོར་སྐྱོང་མ༔ དམར་སེར་རིན་ཆེན་རྒྱན་སྤྲས་པ༔ ལྕགས་ཀྱུ་ནོར་བུ་རྔ་ཡབ་འཛིན༔ གཉིས་སུ་མེད་པར་སྦྱོར་བ་ཡི༔ སྐུ་དང་ཕྱག་མཚན་གནས་གསུམ་དང༔ ཁྱད་པར་ཡབ་ཀྱི་ཐུགས་ཀ་ཡི༔ བཻ་དང་ཡུམ་གྱི་སྣ་ལས་ནི༔ འོད་ཟེར་དམར་པོ་ལྕགས་ཀྱུའི་ཚུལ༔ སྟེང་འོག་ཕྱོགས་བཅུར་འཕྲོས་པ་ལས༔ འགྲོ་བའི་རྣམ་ཤེས་ཟས་ནོར་རྣམས༔ རང་དབང་མེད་པར་དབང་དུ་སྡུད༔ དེ་འདྲའི་དམིགས་པ་གསལ་བསྐྱེད་ཅིང༔ ལག་པ་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ རི་རབ་ཆེན་པོའི་བྱང་ཕྱོགས་ནས༔ ཡེ་ཤེས་སེམས་དཔའ་དགུག་བསྟིམ་བྱ༔ མཆོད་གཏོར་འབུལ་ཞིང་ཐུགས་དམ་བསྐུལ༔ རང་ཉིད་ཡི་དམ་ལྷར་གསལ་ཞིང༔ ཏིང་འཛིན་ལྡན་ཞིང་བསྙེན་པ་འབད༔ གཞུང་གི་རྟགས་རྣམས་བསྟན་གྱུར་ནས༔ རང་ཉིད་རྣམ་སྲས་རྒྱལ་པོར་བསྒོམ༔ ཁམས་གསུམ་མི་ནོར་ཟས་གསུམ་ནི༔ དབང་དུ་འདུས་པར་ཡང་ཡང་བསྒོམ༔ འོད་ནི་དམར་པོ་བསྟིམ་ཞིང་ཞུ༔ འོད་ཟེར་ལྕགས་ཀྱུས་བསྡུས་ནས་བཀུག༔ རང་གི་དཔྲལ་པའི་དཀྱིལ་དུ་ཡང༔ ཆོས་འབྱུང་གྲུ་གསུམ་པ་དག་ནི༔ གྲངས་མེད་ཡང་ཡང་སྙིང་ཁར་བསྟིམ༔ དེ་འདྲའི་དམིགས་པ་དང་ལྡན་པས༔ མ་ཡེངས་ཡིད་ཀྱི་འཛིན་ཕུར་གདབ༔ རྟག་ཏུ་བརྩོན་འགྲུས་ལྡན་པ་དང༔ རྟེན་རྫས་འཁོར་ལོ་ལ་སོགས་པ༔ སླ་ཆོས་དེས་ཆོག་མི་བྱ་བར༔ གཞུང་བཞིན་འཛོམ་པར་གྱུར་ནས་ནི༔ གང་ལ་བསམ་པ་མ་ལུས་ཀུན༔ ཡིད་བཞིན་ནོར་བུ་དབང་རྒྱལ་ལྟར༔ འདོད་དགུ་མ་ལུས་རིན་ཆེན་གཏེར༔ འགྲུབ་འགྱུར་འདི་ལ་ཐེམ་ཚོམ་མེད༔ ࿋ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཟབ་དགུ་བསྡུས་ནས་གཏེར་དུ་སྦས༔ རྣམ་སྲས་རྩ་བའི་སྒྲུབ་སྐོར་འདི༔ ཕྱོགས་ཀྱི་གཏེར་ཁ་མང་སྦས་ཀྱང༔ ཁྱད་པར་གསང་བའི་སྒྲུབ་པ་འདི༔ གཏེར་ཁ་མང་དུ་སྦས་པ་མེད༔ ཡང་གསང་སྙིང་གི་གསང་སྒྲུབ་འདི༔ ལྷོ་བྲག་སྨན་མདོར་སྦས་ཏེ་བཞག༔ མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ སྐལ་ལྡན་ལས་ཅན་རིགས་ཀྱི་བུ༔ པདྨ་གསལ་གྱི་སྐྱེ་མཐའ་སྟེ༔ ལྕགས་ཁམས་རྟ་སྦྲུལ་ལོ་པ་གཅིག༔ བུམ་ཐང་ཕྱོགས་སུ་འཁྲུངས་པར་འགྱུར༔ པདྨའི་མིང་ཅན་ཐུགས་ཀྱི་སྲས༔ ཚིག་རྩུབ་རྟ་སྐད་ཆོ་ལེ་སྨྲ༔ ཆོས་དང་ཆོས་མིན་སྣ་ཚོགས་འབྱེད༔ སྣང་བ་འུར་ཞིང་འདོད་བློ་ཞིག༔ སྐྱེས་བུ་དེ་དང་འཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ࿋ གསང་བའི་འཁོར་ལོ་ལོགས་སུ་གསལ༔ སྐལ་ལྡན་གཉིས་གསུམ་མ་གཏོགས་པ༔ མང་དུ་སྤེལ་བར་མི་བྱ་འོ༔ སྤེལ་ན་བཀའ་ཡི་ཆད་པ་འོང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ དམ་རྒྱ༔ གསང་རྒྱ༔ ཁྱག་དཀར་པོས་བཀའི་བྱ་ར་མཛོད་ཅིག༔ ཅེས་གསུངས་ནས་སྨན་མདོར་སྦས་སོ༔ བདག་པདྨ་གླིང་པས་ཆུ་མོ་ཡོས་ལོའི་སྟོན་ཟླ་ར་བའི་ཚེས་བཅུ་ལ་ལྷོ་བྲག་སྨན་མདོ་ནས་གདན་དྲངས་པའོ།། ྈ བླ་མ་ནོར་བུ་རྒྱ་མཚོ་ལས༔ རྣམ་སྲས་མདུང་དམར་ཅན་གྱི་ནོར་སྒྲུབ་འཁོར་ལོའི་རིམ་པའོ༔ ྈྈྈྈྈྈྈྈྈྈྈྈ རིག་འཛིན་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ ས་བརྒྱད་ནོན་པའི་རྒྱལ་པོ་རྣམ་སྲས་ཀྱི༔ ནོར་སྒྲུབ་གཏེར་གྱི་བུམ་པའི་འཁོར་ལོ་ལས༔ ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བློ་དམན་མཚོ་རྒྱལ་ཉིད་ལ་གནང༔ མ་འོངས་དབུལ་ཕོངས་སེལ་བའི་ཕྱིར༔ ཡི་གེར་བྲིས་ནས་གཏེར་དུ་སྦས༔ དེ་ཡི་ལས་རིམ་འདི་ལྟར་རོ༔ ༈ དང་པོ་རྣམ་སྲས་མདུང་དམར་ཅན་གྱི་སྣང་བ་དབང་སྡུད་ཀྱི་ཙཀྲ་ལ༔ མུ་ཁྱུད་རིམ་དགུ་རྩིབས་བརྒྱད་བསྐོར༔ དེའི་ལྟེ་བ་ལ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཆེ་གེ་མོ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དབང་དུ་སྡུས་ཤིག༔ ཨོཾ་ནྲྀ་ཧྲཱིཾ་ཧྲཱིཾ་ཏི༔ བྱ་བ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ ཞེས་པ་དང་གང་དབང་དུ་སྡུད་པའི་མིང་རུས་ཚེ་དང་ཟས་ནོར་ལོངས་སྤྱོད་ལ་སོགས་པ་གང་འདོད་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཱ་སུ་ཀཱི་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཨཱ་ནནྟཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་པདྨཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀུ་ལུ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཏཀྵ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་བ་རུ་ཎཱཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་དང་གང་འདོད་ཀྱི་ཆེ་གེ་མོ་འདི་ཞེས་བྱ་བ་དབང་དུ་སྡུས་ཤིག་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ནྲྀ་སརྦ་སྒུལ་སྒུལ་ཡེང་ཡེང༔ ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང༔ ཡིད་ལ་རཾ་རཾ༔ དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས་ཛ་ཛ༔ ཞེས་པ་རྩིབས་རེ་རེར་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ནྲྀ་སརྦ་གུལ་གུལ་ཡེང་ཡེང༔ ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང༔ ཡིད་ལ་རཾ་རཾ༔ དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས་ཛ་ཛ༔ ཆེ་གེ་མོ་འདི་ཞེས་བྱ་བ་དང༔ ལྷ་འདྲེ་མི་གསུམ་གྱི་སྣང་བ་དང་ཟས་ནོར༔ ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས་ཤིག༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ རང་གང་འདོད་བྲིའོ༔་་་མུ་ཁྱུད་ལྷག་མ་རྣམས་ལའང་སྔགས་འདི་དག་འདོད་གསོལ་གང་འདོད་བྲིའོ། །དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ གང་འགྲུབ་བྲི༔ དེའི་ཕྱི་རིམ་མེ་རིས་བསྐོར༔ རྣམ་སྲས་མདུང་དམར་ཅན་གྱི་འཁོར་ལོ་མཚལ་གྱིས་བྲིའོ༔ ༈ གཉིས་པ་དེ་ལ་མུ་ཁྱུད་རིམ་པ་ལྔས་བསྐོར་ལ༔ དབུས་སུ་བཻ༔ དེའི་ཕྱི་རིམ་པད་འདབ་བཞི་ལ༔ མ་མ་ཏྲག་སིདྡྷི་ས་མ་ཡ༔ མ་མ་ཏྲག་བཱ་སུ་དུང་དུང༔ མ་མ་ཏྲག་ཁ་དྷེ་ཡཾ་ཡཾ༔ མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛ་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་སརྦ་སྒུལ་སྒུལ་ཡེང་ཡེང་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང༔ ཡིད་ལ་རཾ་རཾ༔ དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས་ཛ་ཛ༔ བདག་གི་དབང་དུ་ཆེ་གེ་མོ་འདི་ཞེས་བྱ་བ་སྡུས་ཤིག༔ ཅེས་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲ་ཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་བཱ་སུ་ཀཱི་སིདྡྷི་ཧཱུྃ༔ ཨོཾ་ཨཱ་ནནྟཿསིདྡྷི་ཧཱུྃ༔ ཨོཾ་པདྨཿསིདྡྷི་ཧཱུྃ༔ ཨོཾ་ཀུ་ལུ་ཀཿསིདྡྷི་ཧཱུྃ༔ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཧཱུྃ༔ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཧཱུྃ༔ ཨོཾ་ཏཀྵ་ཀཿསིདྡྷི་ཧཱུྃ༔ ཨོཾ་བ་རུ་ཎཱཿསིདྡྷི་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཏདྱ་ཐཱ༔ ཨོཾ་ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ་ཨ་པ་ཧ་ར་ཏིཥྛ་མ་ཙ་ཨཱ༔ ཏདྱ་ཐཱ༔ བུདྡྷ་ནི༔ སུ་དྷ་ནི༔ སུ་ར་མེ༔ སུ་བྷུཀྵེ་ཧི་ལི་མི་ལི་སྭཱ་ཧཱ༔ ཞེས་རང་གི་འདོད་གསོལ་དང་བཅས་པ་བྲི༔ ༈ གསུམ་པ་མི་གཟུགས་ཤིན་ཏུ་མཛེས་པའི་འཁོར་ལོ་འདི་ལ༔ མུ་ཁྱུད་གཉིས་དང་རྩིབས་བཞི་ལ༔ དབུས་སུ་ནྲྀ་དེའི་གཡས་གཡོན་དུ་ཆེ་གེ་མོ་དབང་དུ་སྡུས་ཤིག་བྲི༔ རྩིབས་བཞི་ལ་མ་མ་ཏྲག་སིདྡྷི་ས་མ་ཡ༔ མ་མ་ཏྲག་བཱ་སུ་དུང་དུང༔ མ་མ་ཏྲག་ཁ་དྷེ་ཡཾ་ཡཾ༔ མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཆེ་གེ་མོའི་ཙིཏྟ་དུང་དུང༔ ཡིད་ལ་རཾ་རཾ༔ དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས༔ ཛ་ཛ༔ ཆེ་གེ་མོ་འདི་ཞེས་བྱ་བ་བདག་གི་དབང་དུ་སྡུས་ཤིག༔ དེའི་ཕྱི་རིམ་ལ༔ མི་གཟུགས་སྐྱིལ་ཀྲུང་བཅས་པ་ལ༔ ལག་པ་གཉིས་ནོར་བུ་འབར་བ་ཁྱེར་བ་བྲི༔ ༈ བཞི་པ་མ་ཏྲག་བཞིའི་འཁོར་ལོ་ནི༔ མུ་ཁྱུད་གཉིས་དང་པད་འདབ་བཞི་ལ༔ དབུས་སུ་བཻ་ལ་སྔགས་ཀྱིས་བསྐོར་བ་ནི༔ ཆེ་གེ་མོ་འདི་ཞེས་བྱ་བ་དབང་དུ་སྡུས་ཤིག་བྲི༔ པད་འདབ་བཞི་ལ༔ མ་མ་ཏྲག་སིདྡྷི་ས་མ་ཡ༔ མ་མ་ཏྲག་བཱ་སུ་དུང་དུང༔ མ་མ་ཏྲག་ཁ་དྷེ་ཡཾ་ཡཾ༔ མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ༔ ཕྱིའི་མུ་ཁྱུད་ལ༔ སརྦ་སྒུལ་སྒུལ་ཡེང་ཡེང༔ ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང༔ ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས་ཛ་ཛ༔ ཆེ་གེ་མོ་དང་ཟས་ནོར་ལོངས་སྤྱོད་དབང་ཐང་ཐམས་ཅད་སྡུས་ཤིག༔ ཅེས་བྱ་བ་བྲི༔ ༈ ལྔ་པ་ལས་སྦྱོར་གྱི་འཁོར་ལོ་སྣང་བ་དབང་སྡུད་ཀྱི་ཙཀྲ་ནི༔ མུ་ཁྱུད་དྲུག་པའི་ལྟེ་བ་ལ༔ ནྲྀ་ཆེ་གེ་མོ་འདི་དབང་དུ་སྡུས་ཤིག་སྡུས་ཤིག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཆེ་གེ་མོའི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ ཞེས་གང་འདོད་ཀྱི་མིང་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ བཻ་ཤྲ་མ་ཎཱ་ཡ་ནྲྀ་སརྦ་འགུལ་འགུལ་ཡེང་ཡེང་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ ཞེས་གང་འདོད་ཀྱི་མིང་བྲིས༔ དེའི་ཕྱི་རིམ་རྩིབས་བརྒྱད་ཀྱི་ཕྱོགས་བཞིའི་རྩིབས་ལ༔ མ་མ་ཏྲག་སིདྡྷི་ས་མ་ཡ༔ མ་མ་ཏྲག་བཱ་སུ་དུང་དུང༔ མ་མ་ཏྲག་ཁ་དྷེ་ཡཾ་ཡཾ༔ མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ༔ མཚམས་བཞིའི་རྩིབས་ལ་རཾ་བཞི་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ མ་མ་ཏྲག་སིདྡྷི་ས་མ་ཡ༔ མ་མ་ཏྲག་བཱ་སུ་དུང་དུང༔ མ་མ་ཏྲག་ཁ་དྷེ་ཡཾ་ཡཾ༔ མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛཿཧཱུྃ༔ ཞེས་གང་འདོད་ཀྱི་མིང་དང་ཡུམ་བཞིའི་སྙིང་པོ་ཚར་བཞི་ཡིག་མགོ་ནང་བསྟན་བྲིའོ༔ དེའི་ཕྱི་རིམ་ལ་ཡེ་དྷརྨཱ་བྲི༔ ༈ འཁོར་ལོ་དྲུག་པ་རྣམ་སྲས་མདུང་དམར་ཅན་གྱི་འཁོར་ལོ་གྲི་སྙིང་དུ་གཞུག་པ་འདི་ལ༔ མུ་ཁྱུད་དྲུག་པའི་ལྟེ་བར༔ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཙིཏྟ་རཏྣ་ཧྲཱི་ཛ་ཛཿཆེ་གེ་མོ་འདི་ཞེས་བྱ་བ་དང་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས་ཤིག༔ བྱ་བ་གང་འདོད་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་སརྦ་འགུལ་འགུལ་ཡེང་ཡེང་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ ཞེས་རང་གང་འདོད་བྲིའོ༔ དེའི་ཕྱི་སྐོར་རྩིབས་བརྒྱད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ དེའི་རྩིབས་མཆན་ལ༔ ཨོཾ་བཱ་སུ་ཀཱི་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཨཱ་ནནྟཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་པདྨཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀུ་ལུ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཏཀྵ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་བ་རུ་ཎཱཿསིདྡྷི་ཕ་ལ་ཧཱུྃ་ཛ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ སོགས་གང་འདོད་ཀྱི་འདོད་གསོལ་གང་འདོད་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཀ་ཁ་ག་གྷ་ང༔ སོགས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་བྲིའོ༔ ༈ བདུན་པ་རྣམ་སྲས་མདུང་དམར་ཅན་གྱི་གཏོར་མ་རིན་ཆེན་སྤུང་པའི་ནང་དུ་གཞུག་པའི་ཙཀྲ་ནི༔ མུ་ཁྱུད་ལྔ་པའི་ལྟེ་བར་བཻ་དང་ཧཱུྃ་གཅིག་བྲི༔ དེའི་ཕྱི་སྐོར་མུ་ཁྱུད་ལ༔ ཨོཾ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཧྲཱིཾ་ཧྲཱིཾ་སརྦ་འགུལ་འགུལ་ཡེང་ཡེང་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛཿཛ༔ ཞེས་གང་འདོད་ཀྱི་མིང་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ རྩིབས་མཆན་ལ༔ ཨོཾ་མ་ཧཱ་རཀྵ༔ རེ་ཡིག་མགོ་ནང་བསྟན་དུ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཏདྱ་ཐཱ༔ ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི༔ ཏིཥྛ་ཏིཥྛ༔ ཨ་པ་ཧ་ར་ཏིཥྛ་མ་ཙ་ཨཱ༔ ཏདྱ་ཐཱ༔ བུདྡྷ་ནི༔ སུ་དྷ་ནི༔ སུ་ར་མེ༔ སུ་བྷུཀྵེ་ཧི་ལི་མི་ལི་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་སོགས་བྲིའོ༔ ༈ བརྒྱད་པ་གཏོར་མ་རིན་ཆེན་སྤུང་པའི་སྟེང་དུ་དབུབ་པའི་ཙཀྲ་ནི༔ མུ་ཁྱུད་དྲུག་པའི་ལྟེ་བར༔ བཻ༔ དེའི་ཕྱི་སྐོར་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་པ་དང༔ བྷཻ་རུ་རཱ་ག༔ ཅེས་པ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་སརྦ་འགུལ་འགུལ་ཡེཾ་ཡེཾ༔ ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ ཞེས་རང་གང་འདོད་མང་དུ་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཱཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་ཕྱི་སྒྲུབ་ཀྱི་རྩ་སྔགས་དང་གང་འདོད་བྲི་བར་བྱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་སོགས་བྲིའོ༔ ༈ དགུ་པ་མ་ཏྲག་བཞིའི་འཁོར་ལོ་ནི༔ མུ་ཁྱུད་བཞི་དང་པདྨ་འདབ་བཞིའི་ལྟེ་བར༔ བཻ༔ འདབ་མ་བཞི་ལ༔ མ་མ་ཏྲག་སིདྡྷི་ས་མ་ཡ༔ མ་མ་ཏྲག་བཱ་སུ་དུང་དུང༔ མ་མ་ཏྲག་ཁ་དྷེ་ཡཾ་ཡཾ༔ མ་མ་ཏྲག་ཙིཏྟ་བཱ་སུ་དྷཱ་རི་ཧྲཱིཾ་ཛ་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཆེ་གེ་མོ་ནྲྀ་སརྦ་འགུལ་འགུལ་ཡེཾ་ཡེཾ་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ ཞེས་གང་འདོད་བྲིའོ༔ ཡིག་མགོ་ནང་བསྟན་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་སོགས་བྲིའོ༔ ༈ བཅུ་པ་རྣམ་སྲས་མདུང་དམར་ཅན་གྭའུ་མའི་ཙཀྲ་ལུས་ལ་བཅང་བ་འདི་ལ༔ མུ་ཁྱུད་ལྔ་པའི་ལྟེ་བར༔ བཻ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ བཻ་རུ་རཱ་ག༔ ཅེས་པ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་སརྦ་འགུལ་འགུལ་ཡེཾ་ཡེཾ་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ ཞེས་གང་འདོད་ཀྱི་མིང་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཏཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་བཱ་སུ་ཀཱི་སིདྡྷི་ཧཱུྃ༔ ཨོཾ་ཨཱ་ནནྟཿསིདྡྷི་ཧཱུྃ༔ ཨོཾ་པདྨཿསིདྡྷི་ཧཱུྃ༔ ཨོཾ་ཀུ་ལུ་ཀཿསིདྡྷི་ཧཱུྃ༔ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཧཱུྃ༔ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཧཱུྃ༔ ཨོཾ་ཏཀྵ་ཀཿསིདྡྷི་ཧཱུྃ༔ ཨོཾ་བ་རུ་ཎཱཿསིདྡྷི་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཏདྱ་ཐཱ༔ ཧི་ལི་མ་ཎི་བྷ་དྲ༔ ཧི་ལི་ཧི་ལི་མ་ཎི་བྷ་དྲ༔ ཀི་ལི་མ་ཎི་བྷ་དྲ༔ ཀི་ལི་ཀི་ལི་མ་ཎི་བྷ་དྲ༔ ཀུ་རུ་མ་ཎི་བྷ་དྲ༔ ཀུ་རུ་ཀུ་རུ་མ་ཎི་བྷ་དྲ༔ ཏུ་རུ་མ་ཎི་བྷ་དྲ༔ ཏུ་རུ་ཏུ་རུ་མ་ཎི་བྷ་དྲ༔ སུ་རུ་མ་ཎི་བྷ་དྲ༔ སུ་རུ་སུ་རུ་མ་ཎི་བྷ་དྲ༔ ཙུ་རུ་མ་ཎི་བྷ་དྲ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ༔ ཨོཾ་ཨེ་ཧྱེ་ཧི་ཏིཥྛ་ཏིཥྛ༔ ཨ་པ་ཧ་ར་ཏིཥྛ་མ་ཙ་ཨ༔ ཏདྱ་ཐཱ༔ བུདྡྷ་ནི་སུ་དྷ་ནི་སུ་ར་མེ་སུ་བྷུཀྵེ་ཧི་ལི་མི་ལི་སྭཱ་ཧཱ༔ ཞེས་པ་དང་གང་འདོད་ཀྱི་མིང་གཞུག་གོ༔ ༈ བཅུ་གཅིག་པ་རྣམ་སྲས་མདུང་དམར་ཅན་གྱི་རྩ་བའི་འཁོར་ལོ་གསེར་གྱིས་བྲིས་ཏེ་རྟེན་ལ་འཛུག་པ་འདི་ལ༔ འཁོར་ལོ་མུ་ཁྱུད་བཞི་པའི་ལྟེ་བར་བཻ༔ དེའི་ཕྱི་སྐོར་མུ་ཁྱུད་ལ༔ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ༔ བཻ་ཤྲ་མ་ཎཱ་སརྦ་ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛ༔ ཞེས་པ་རང་གང་འདོད་བྲིའོ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཛཾ་ པཱུར་ མ་ ཀུ་ སཾ་ གུ་ པཉ་ པི་ ཞེས་པ་འབྲུ་རེ་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཞེས་པའི་ཕྱི་སྒྲུབ་ཀྱི་རྩ་སྔགས་དང༔ རང་གང་འདོད་ཀྱི་མིང་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཡེ་དྷརྨཱ་དང༔ བྱིན་རླབས་ཅན་གྱི་སྔགས་རྣམས་བྲིའོ༔ ༈ བཅུ་གཉིས་པ་རྣམ་སྲས་མདུང་དམར་ཅན་གྱི་བཀྲ་ཤིས་རྫས་བརྒྱད་ཀྱི་འཁོར་ལོ་ལ༔ མུ་ཁྱུད་རིམ་པ་དྲུག་བྱས་ལ༔ དེའི་སྟེ་བར་ ྈ ལན་ཛ་འདི་ལ་ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སརྦ་ཙིཏྟ་ཧྲཱིཾ་ཛ༔ བདག་ལ་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་དབང་ཐང་ལོངས་སྤྱོད་ཐམས་ཅད་སྡུས༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ནྲྀ་སརྦ་འགུལ་འགུལ་ཡེཾ་ཡེཾ་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས་སྡུས་སྡུས་ཛ་ཛ༔ དེའི་ཕྱི་རིམ་མུ་ཁྱུད་རྩིབས་བརྒྱད་ལ༔ ཛཾ་ པཱུར་ མ་ ཀུ་ སཾ་ གུ་ པཉ་ པི༔ ཞེས་པ་འབྲུ་རེ་བྲིའོ༔ དེའི་རྩིབས་མཆན་ལ༔ ཨོཾ་བཱ་སུ་ཀཱི་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཨཱ་ནནྟཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་པདྨཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀུ་ལུ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཏཀྵ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་བ་རུ་ཎཱཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་པ་ཡིག་མགོ་ནང་བསྟན་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཞེས་པ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ༔ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ༔ ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ༔ བྲི༔ དེའི་ཕྱི་རིམ་ལ་མེ་རི་དང་བཀྲ་ཤིས་རྫས་བརྒྱད་བྲིའོ༔ དེ་དག་དངུལ་གྱིས་འབྲི་བར་བྱའོ༔ ༈ བཅུ་གསུམ་པ་རྣམ་སྲས་མདུང་དམར་ཅན་གྱི་ཡིད་བཞིན་གྱི་འཁོར་ལོ་ལ༔ མུ་ཁྱུད་དྲུག་གི་ལྟེ་བར་ ྈ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ ཙིཏྟ་རཏྣ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཆེ་གེ་མོ་ལ་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་སྡུས་ཤིག་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧྲཱིཾ་ཧྲཱིཾ་ཛཿཛཿནྲྀ་སརྦ་འགུལ་འགུལ་ཡེཾ་ཡེཾ་ལྷ་འདྲེ་མི་གསུམ་གྱི་ཙིཏྟ་དུང་དུང་ཡིད་ལ་རཾ་རཾ་དབང་པོ་དཀྲུགས་དཀྲུགས༔ སྡུས་སྡུས་ཛཿཛཿཟས་ནོར་ལོངས་སྤྱོད་ཐམས་ཅད་ཁུག༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ དེའི་རྩིབས་མཆན་བརྒྱད་ལ༔ ཨོཾ་བཱ་སུ་ཀཱི་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཨཱ་ནནྟཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་པདྨཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀུ་ལུ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཀརྐ་ཊ་ཀོཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཤཾ་ཁ་པཱ་ལ་སིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་ཏཀྵ་ཀཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཨོཾ་བ་རུ་ཎཱཿསིདྡྷི་ཕ་ལ་ཧཱུྃ་ཛ༔ ཞེས་ཡིག་མགོ་ནང་བསྟན་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཀཱ་ལི་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་བྲི༔ ༈ བཅུ་བཞི་པ་རྣམ་སྲས་མདུང་དམར་ཅན་གྱི་ཐབས་ཀྱི་འཁོར་ལོ་འདི་ལ་མུ་ཁྱུད་རིམ་པ་བཅུ་བྱས་ལ༔ དེའི་ལྟེ་བར་ཧཱུྃ་གྷ་ཛ༔ ཨོཾ་ཝཱ་ཤཾ་ཀུ་རུ་ཡེ་བྷྲཱུྃ་ཨོཾ་ཀུ་སུ་མ་མ་ལི་བི་ཧཱུྃ་ཛ༔ དེའི་ཕྱི་སྐོར་མུ་ཁྱུད་ལ༔ ཨོཾ་ཝི་ཛི་ཀུ་ཀུ་བ་ཛི་ཀུ་བདག་ལ་དུང་དུང༔ ཀི་བ་ཋ་ཋ་ཋ༔ ཀ་ཀ་དྷ་ཡ་ཀ་དྷ་ཡ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཛ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ག་ག་ཛ་ཡ་ག་ཛ་ཡ༔ གྷ་གྷ་ཏ་ཡ་གྷ་ཏ་ཡ༔ ཙ་ཙ་ལ་ཡ་ཙ་ལ་ཡ༔ ཚ་ཚ་ད་ཡ་ཚ་ད་ཡ༔ ཛ་ཛ་བྷ་ཡ་ཛ་བྷ་ཡ༔ ཛྷ་ཛྷ་ཏ་ཡ་ཛྷ་ཏ་ཡ༔ ཊ་ཊ་ལ་ཡ་ཊ་ལ་ཡ་ཁཱ་ཧི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཋ་ཋ་ཀ་ཡ་ཋ་ཀ་ཡ༔ ཌ་ཌ་བ་ཡ་ཌ་བ་ཡ༔ ཌྷ་ཌྷ་ཀ་ཡ་ཌྷ་ཀ་ཡ༔ ཎ་ཎ་ཤ་ཡ་ཎ་ཤ་ཡ༔ ཏ་ཏ་པ་ཡ་ཏ་པ་ཡ༔ ཐ་ཐ་བ་ཡ་ཐ་བ་ཡ༔ ད་ད་ར་ཡ་ད་ར་ཡ༔ དྷ་དྷ་ར་ཡ་དྷ་ར་ཡ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ན་ན་ཤ་ཡ་ན་ཤ་ཡ༔ པ་པ་ཏ་ཡ་པ་ཏ་ཡ༔ ད་ད་རོ་དྷ་ར་ཡེ༔ ལ་ལ་པ་ཡ་ལ་པ་ཡ༔ ཝ་ཝ་ཧ་ཡ་ཝ་ཧ་ཡ༔ ཤ་ཤོ་ཤ་ཡ་ཤོ་ཤ་ཡ༔ ཤ་ཀ་ཡ་ཤ་ཀ་ཡ༔ ཕ་ཕ་ཏ་ཡ་ཕ་ཏ་ཡ༔ བ་བནྡྷ་ཡ་བནྡྷ་ཡ༔ དེ་དག་ཀུན་ཡིག་མགོ་ནང་བསྟན་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་མེ་རི་བྲི༔ དེའི་ཕྱི་རིམ་རྩིབས་དྲུག་ལ༔ ཡ་ལེ་མུ་ལེ་མུ་ད་ཧེ་ད་ཧེ༔ ྈྈ ཊ་ཕ་ག་ཁུག་ཁུག༔ ན་དུ་ན་དུ༔ ཡ་མེ་ཏ་ཡ་ཐ༔ སྙིང་ད་དུང་ད་དུང་ལ༔ ྈྈ མཆུ་མཆུ༔ དེའི་རྩིབས་མཆན་ལ༔ མ་མ་སིདྡྷི་ཧོ༔ མི་ནོར་ཟས་གསུམ་འཁོར་དང་བཅས་པ་ཐམས་ཅད་སརྦ་མ་མ་ཧོ༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་སྡུས་སྡུས༔ ཀུ་རུ་ཧོ༔ ཨོཾ་མ་མ་སིདྡྷི་ཧོ༔ སརྦ་སིདྡྷི་ཧོ༔ ཞེས་ཡིག་མགོ་ཕྱིར་བསྟན་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཀ་ཀོ་བྷ་ཡ་ཀོ་བྷ་ཡ་པ་ཤྱཾ་ཀྲཾ་པ་ཤྱཾ་ཀྲཾ༔ ད་ད་ར་ཡ་ད་ར་ཡ༔ དྷ་དྷ་ར་ཡ་དྷ་ར་ཡ༔ ན་ན་ཤ་ཡ་ན་ཤ་ཡ༔ པ་པ་ཏ་ཡ་པ་ཏ་ཡ༔ ཕ་ཕ་ཏ་ཡ་ཕ་ཏ་ཡ༔ བ་བནྡྷ་ཡ་བནྡྷ་ཡ༔ བྷ་བྷེ་ཏ་ཡ་བྷེ་ཏ་ཡ༔ ཡ་ཡོ་ཧ་ཡ་ཡོ་ཧ་ཡ༔ ར་རོ་ཏ་ཡ་རོ་ཏ་ཡ༔ ལ་ལོ་པ་ཡ་ལོ་པ་ཡ༔ ཝ་ཝ་ཧ་ཡ་ཝ་ཧ་ཡ༔ ཤ་ཤོ་ཤ་ཡ་ཤོ་ཤ་ཡ༔ ཥ་ཥ་ལ་ཡ་ཥ་ལ་ཡ༔ ས་ས་དྷ་ཡ་ས་དྷ་ཡ༔ ཧ་ཧ་ན་ཡ་ཧ་ན་ཡ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཏ་ཏ་བྷ་ཡ་ཏ་བྷ་ཡ༔ ཐ་ཐ་བྷ་ཡ་ཐ་བྷ་ཡ༔ ཝ་ཤྱཾ་ཧཱུྃ་ཛ༔ ཀ་ཀ་དྷ་ཡ༔ ཀ་ཐ་བྷོ་དྷ་ཡ༔ ཁ་ཁཱ་ཧི་ཁཱ་ཧི༔ ག་ག་ཛ་ཡ་ག་ཛ་ཡ༔ གྷ་གྷ་ཏ་ཡ་གྷ་ཏ་ཡ༔ ཙ་ཙ་ལ་ཡ་ཙ་ལ་ཡ༔ ཚ་ཚ་ད་ཡ་ཚ་ད་ཡ༔ ཛ་ཛ་བྷ་ཡ་ཛ་བྷ་ཡ༔ ཛྷ་ཛྷ་ཏ་ཡ་ཛྷ་ཏ་ཡ༔ ཊ་ཊ་ལ་ཡ་ཊ་ལ་ཡ༔ ཋ་ཋ་ཀ་ཡ་ཋ་ཀ་ཡ༔ ཌ་ཌ་བ་ཡ་ཌ་བ་ཡ༔ ཌྷ་ཌྷ་ཀ་ཡ་ཌྷ་ཀ་ཡ༔ ཎ་ཎ་ཤ་ཡ་ཎ་ཤ་ཡ༔ ཏ་ཏ་པ་ཡ་ཏ་པ་ཡ༔ ཞེས་ཡིག་མགོ་ནང་དུ་བསྟན་ལ་བྲི༔ མཚམས་བཞིར་རྡོ་རྗེ་ཕྱེད་པ་རེ་དང༔ ཋ་བྷོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་མེ་རི་བྲིའོ༔ ༈ བཅོ་ལྔ་པ་རྣམ་སྲས་མདུང་དམར་ཅན་གྱི་ཤེས་རབ་ཀྱི་འཁོར་ལོ་ལ༔ མུ་ཁྱུད་རིམ་པ་དགུ་བྱས་ལ༔ དེའི་ལྟེ་བར༔ ཛ་ནྲྀ་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ནི༔ ཨོཾ་ཛ་ཧཱུྃ་བ་ལི་མ་མ་ཀུ་ཀུ༔ ཨོཾ་བྷྲཱུྃ་ཙ་ར་ཀ་ཤྱ་བི་ཨོཾ་གེ་ཁྲོ་ཨོཾ་ཋ་ཋ་ཋ་བ་ཀ་དུ་ལ་ག་ད་ག་ཅ་ན་ཛ་བི་ཀུ་ཛྲབ་ཐ་ཏྲཾ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧི་ཁཱ་ཧི་ཁཱ་ཁ་ཡ་དྷ་ཀ་ཡ་དྷ་ཀ་ཀ་ཛ་ཧཱུྃ་ཧ་ད་ཧ་ད་ཡ་མ་ར་ཛ༔ ཡ་ར་མ་ཏ་ན་དུ་སརྦ་ཡ་གྷ་ཡ་ཏ་གྷ་གྷ་ཡ་ཛ་གྷ་ཡ་ཛ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཧཱ་སྭཱ་ཕཊ༔ ས་མ་ཡེ་ས་མ་ཡེ་འགུལ་འགུལ་ཧྲཱིཾ་ཧྲཱིཾ་སརྦ་ནྲྀ་ཏྲི་ཏྣར་རཱ་ག་ཎཱ་མ་ར་ཤ་བྷཻ༔ ཡ་ཤ་ག་ར་ན༔ ཡ་ཤ་ག་ར་ན༔ ཐ་མ་ཐ་མ༔ ཙ་པ་ཙ་པ༔ ཨ་ཌ་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧཱ་སྭཱ་ཡ་ལཱི་ཎྜཀུ་ཙི་པི་ཨོཾ༔ ཧཱ་སྭཱ་ཡ་ཀཱཿཉྩིཔ་ཨོཾ༔ ཧཱ་སྭཱ་ཡ་ནཱ་སྡྱཱ་ཧྱ་གུ་ཨོཾ༔ ཧཱ་སྭཱ་ཡ་ནཱ་ཛྙཱཔྲ་སཾ་ཨོཾ༔ ཧཱ་སྭཱ་ཡ་ར་བེ་ཀུ་ཨོཾ༔ ཧཱ་སྭཱ་ཡ་དྲ་བྷ་ཎི་མ་ཨོཾ༔ ཧཱ་སྭཱ་ཡ་དྲ་བྷ་རྞཔཱུ་ཨོཾ༔ ཧཱ་སྭཱ་ཡ་དྲ་ནལེ་ཛ་ལ་བྷ་ཛཾ་ཨོཾ༔ དེའི་ཕྱི་རིམ་ལ་གྲུ་བཞི་བསྣོལ་བའི་ཟུར་བརྒྱད་ལ༔ རྡོ་རྗེ་ཕྱེད་པ་རེ༔ ནང་དུ་ཧཱུྃ་རེ་བྲི་བར་བྱ༔ དེའི་རྩིབས་མཆན་བརྒྱད་ལ༔ ཨོཾ་བཛྲ་ཀུ་བཾ་ཛི་ཛ༔ ྈྈྈྈ བདག་ལ་དུང་དུང་ཛ༔ ཀ་ཐེ་ཐ་ཛ༔ ཨོཾ་ཝ་ཤྱཾ་ཛ༔ ཀ་རི་བྷྲཱུྃ་ཛ༔ ཨོཾ་ཀུ་སུ་མ་མ་ཛ༔ ལི་བི་ཧཱུྃ་ཛ་ཛ༔ རྩིབས་མཆན་བརྒྱད་པོའི་ཡིག་མགོ་ཕྱིར་བསྟན༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཀ་བྷ་ཡ་ཀ་ཡ་ཊ་ཡ་ཀ་ཊ་ཡ་བྷ་ཏ་ཡ་ཋ་ཡ་ཀ་ཋ་ཡ་ཋ་ཋ་ཡ་ན་ལ་ཡ་བཛྲ་ཊ་ཡ་ཛ་ཡ་ཏ་ཛྷ་ཛྷ་ཡ་བྷ་ཛ་ཛ༔ ཡ་ད་ཚ་ཚ་ཡ་ལ་ཙ་ཙ་ཡ་ཏ་གྷ་གྷ་ཡ་ཛ་ག་ག་ཧི་ཁཱ་ཧི་ཁཱ་ཁ་ཡ་དྷ་ཀ་ཡ་དྷ་ཀ་ཀ༔ ཛཿཧཱུྃ་རུ་ཀུ་ཤྱཾ་ཝ་བི་ཛ་ཎྱཔུ་རྦས་པ་ས་ཅ་བ་ད་ད་ཏ་ཁོ་འམ་སུ་མ་མ་ཛ་ར་ནི་མི་ཏ་ཀྲི་མ་གེ་གྲོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཡ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ༔ བཻ་ཤྲ་མ་ཎཱ་ཡ་སརྦ་དུ་ཙིཏྟ་རཏྣ་ཧྲཱིཾ་ཛ༔ བཻ་ཤྲ་མ་ཎཱ་རཱ་ག་རཏྣ་ཧི་ཧི་སརྦ་ཧྲཱིཾ་ཧྲཱིཾ་འགུལ་འགུལ་ཡེཾ་ཡེཾ་དུང་དུང་སྡུས་སྡུས་ཛ་ཛ༔ འདི་ཉིད་ཁྲི་ཕྲག་ཏུ་བཟླས་ན་འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཨོཾ་པཱུརྞ་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡ་སྭཱ་ཧཱ༔ ཨོཾ་སཾ་པྲཛྙཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་གུ་ཧྱ་སྡྱཱ་ནཱ་ཡ་སྭཱ་ཧཱ༔ ཨོཾ་པཉྩི་ཀཿཡ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལཱི་ཡ་སྭཱ་ཧཱ༔ ཨོཾ་བཱ་སུ་ཀཱི་ཡ་སྭཱ་ཧཱ༔ ཨོཾ་ཨཱ་ནནྟཿཡ་སྭཱ་ཧཱ༔ ཨོཾ་པདྨཿཡ་སྭཱ་ཧཱ༔ ཨོཾ་ཀུ་ལུ་ཀཿཡ་སྭཱ་ཧཱ༔ ཨོཾ་ཀརྐ་ཊ་ཀོཿཡ་སྭཱ་ཧཱ༔ ཨོཾ་ཤཾ་ཁ་པཱ་ལ་ཡ་སྭཱ་ཧཱ༔ ཨོཾ་ཏཀྵ་ཀཿཡ་སྭཱ་ཧཱ༔ ཨོཾ་བ་རུ་ཎཱཿཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་མ་ཎཱ་ཡ་སརྦ་ཛ་ཛ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ གྲུ་བཞི་རྩེ་ལ་རྡོ་རྗེ་ཕྱེད་པ་རེ་དང༔ ཋ་ཋ་བྷཻ༔ ཋ་ཋ་བྷཻ༔ ཋ་ཋ་བྷཻ༔ ཋ་ཋ་བྷཻ༔ ཕྱོགས་བཞིར་བྲི༔ ཡིག་མགོ་ནང་ལ་བསྟན་པར་བྱ༔ དེའི་ཕྱི་རིམ་མེ་རིས་བསྐོར་བར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ བདག་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་ནས་གདན་དྲངས་པའོ། །སྨིན་གླིང་དང་ལྷ་ལུང་གི་དཔེ་དང་བསྟུན་ནས་ཞུས།། །། ༈ སླར་ཡང་ཞེ་ཆེན་འཕྲུལ་པར་འདིའི་སྐབས་ལྷོ་ལྗོངས་འབྲུག་ཡུལ་གྱི་གཏེར་དཔེ་དང་ཡང་བསྟུན་ནས་དཔྱད་ཀྱང་། སྔགས་ཀྱི་སྡེབ་དཀྲུག་ལྟ་བུ་མང་བས་དཔྱད་མཐའ་རྫོགས་པ་ནི་ཤིན་ཏུ་དཀའ་འོ་ཞེས་ཞུ་དག་པ་པད་བཀོད་སྒམ་སྤྲུལ་པས་ཞུ་ཞུ།།
ཕག་དཀར་ཤེས་རབ་བློ་འཕེལ་ (Volume 49, Text 63)
<!TCC Tibetan character 3,182 undefined in unicode!>༔ ཕག་དཀར་ཤེས་རབ་བློ་འཕེལ་བཞུགས༔ རཏྣ་གླིང་པའི་གཏེར་མའོ། ། ྈྈྈྈྈྈ མ་རིག་མུན་པ་སེལ་མཛད་ཅིང༔ ཤེས་བྱ་ཀུན་གཟིགས་ཡིད་འོང་མ༔ རྡོ་རྗེ་ཕག་མོ་ལ་བཏུད་དེ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འཆད་དང་རྩོམ་དང་འཛིན་ལ་སོགས༔ ཤེས་རབ་གསལ་བྱེད་བསྟན་པར་བྱ༔ ཐོག་མར་དབེན་པའི་གནས་སུ་ཟླ་བ་ཡར་ངོ་ལ༔ གཟའ་སྐར་བཟང་པོ་ལ་དྲི་ཡི་ཁྲུས་ནས་ཕྱུང་སྟེ༔ སྐྱབས་སུ་འགྲོ་བ་དང་ཚད་མེད་པ་བཞི་སྔོན་དུ་འགྲོ་བས༔ བདེ་བའི་སྟན་ལ་འདུག་སྟེ༔ རང་ཉིད་སྐད་ཅིག་གིས་ཕག་མོ་དཀར་མོར་གསལ་བའི༔ རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་གཅིག་བསྒོམ༔ དེ་ལས་འོད་ཟེར་འཕྲོས༔ རྡོ་རྗེ་ཕག་མོས་གཙོ་བྱས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནམ་མཁར་སྤྱན་དྲངས་པ་ལ༔ ཡན་ལག་བདུན་པ་མཆོད་བསྟོད་སྡིག་བཤགས་ལ་སོགས་བྱས་ཏེ༔ བདག་གི་སྡིག་སྒྲིབ་ཐམས་ཅད་དག་པ་དང༔ ཤེས་རབ་འཕེལ་བར་གསོལ་བ་གདབ་རྗེས་ཐམས་ཅད་ཧྲཱིཿཡིག་ལ་བསྟིམས་སྤྲོས་བྲལ་ངང་ལ་མཉམ་པར་བཞག་གོ༔ དེ་ནས་རང་ཉིད་པདྨ་དཀར་པོ་འདབ་མ་སྟོང་ལྡན་དང༔ ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཡི་གེ་ཧཱུྃ་དཀར་པོ་གཅིག་བསམ༔ དེ་འོད་དུ་ཞུ་བ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧྲཱིཿཡིག་དཀར་པོས་མཚན་པ་གཅིག་བསྒོམ༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་སླར་ཚུར་འདུས་ཧྲཱིཿཡོངས་སུ་གྱུར་པ་ལས་ཕག་མོ་དཀར་མོ་བཅུ་དྲུག་ལོན་པའི་ཚུལ་ཅན་མ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ལ་ཟླུམ་པ༔ ཚེམས་དཀར་མཆེ་བ་རྣོ་ཞིང་མཛོད་སྤུའི་དབྱིངས་ན་གཡུང་དྲུང་འཁྱིལ་བ༔ གཡས་རྡོ་རྗེ་ནམ་མཁའ་ལ་ཕྱར་བ༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ དབུའི་གཙུག་ན་ཕག་ཞལ་དབྱིངས་སུ་བལྟ་བ༔ དབུ་ལ་པདྨ་དཀར་དམར་མཐིང་སེར་ལྗང་དང་ལྔ་ཁ་བྱེ་བ༔ ཁ་ཊྭཱཾ་མཆན་དུ་བཅུག་པ༔ དབུ་སྐྲ་ཕྱེད་བཅིངས་ཕྱེད་ཐུར་དུ་འཕྱང་བ༔ རུས་པའི་རྒྱན་དྲུག་གིས་རབ་ཏུ་སྤྲས་པ༔ མགོ་ཕྲེང་གསར་པ་ལྔ་བཅུའི་དོ་ཤལ་བྱས་པ་རྒྱུ་མ་ལ་བརྒྱུས་ཤིང་ཁྲག་འཛག་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟངས་སྟབས་ཀྱིས་པདྨ་ཉི་མ་རོ་ཡི་གདན་ལ་འགྱིང་བགས་སུ་བཞུགས་པ༔ འོད་ཟེར་ཉི་མ་སྟོང་བས་བརྗིད་པ་གཅིག་གསལ་བར་གྱུར་པར་བསྐྱེད༔ དེའི་ཐུགས་ཀར་ཉི་མའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལ་ཧྲཱིཿདཀར་པོས་མཚན་པ་གཅིག་བསྒོམ༔ དེ་ལས་འོད་འཕྲོས་འཁོར་འདས་འགྲོ་བ་སྣང་སྲིད་ཐམས་ཅད་ཕག་མོར་གསལ་གདབ་ལ༔ དེ་དག་ཐམས་ཅད་བདག་ལ་ཐིམ་ཞིང་རང་ཕག་མོའི་ང་རྒྱལ་གྱིས༔ ཨོཾ་སརྦ་དྷཱ་ཀི་ནཱི་སརྦ་པྲ་ཛྙཱ་སིདྡྷི་ཧཱུྃ༔ ཅེས་སྔོན་འགྲོ་བརྒྱ་སྟོང་སོགས་བཟླ་འོ༔ དེ་ནས་རྡོ་རྗེ་ཕག་མོའི་ང་རྒྱལ་གསལ༔ ལྟེ་བར་པདྨ་འདབ་བཞི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་ཀྱི་ཟེའུ་འབྲུ་མཐིང་ཀ༔ དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་གཅིག་བསམ༔ དེ་ལས་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟར་ཞལ་ནས་ཐོན༔ ལྟེ་བ་ནས་འཇུག་པའི་བསམ་གཏན་གྱིས་མི་ཤེས་གཏི་མུག་བསལ་ཞིང་སྒོ་གསུམ་གྱི་སྡིག་སྒྲིབ་དག་པར་བསམ༔ ཡེ་ཤེས་པ་སྤྱན་དྲངས་ཏེ་བདག་དང་ཧྲཱིཿཡིག་ལ་བསྟིམས༔ དེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པས༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱི༔ ཞེས་མ་ཡེངས་པར་རྩེ་གཅིག་ཏུ་བཟླ་འོ༔ འཕྲོ་གཅོད་པ་དང་སྔགས་ཕྲེང་ལྟེ་བའི་ཧྲཱིཿལ་བསྡུ༔ ཨཱ་ལི་ཀཱ་ལི་དང་ཡིག་བརྒྱས་ཁ་བསྐང༔ འདོད་པའི་དོན་ལ་གསོལ་བ་གདབ༔ དགེ་བ་བླ་མེད་ཀྱི་བྱང་ཆུབ་ཏུ་བསྔོ༔ ཧྲཱིཿམ་ཞེས་པའི་སྒྲས་བསྐུལ་ཏེ་དམིགས་མེད་རྫོགས་རིམ་དུ་རྒྱས་གདབ༔ སྤྱོད་ལམ་རྣལ་འབྱོར་མ་ཡེངས་ང་རྒྱལ་དང་ལྡན་པར་བྱའོ༔ གྲངས་ནི་འབུམ་ཕྲག་བཅུ་བྱས་ན༔ ཤེས་བྱ་ཀུན་ལ་མ་རྨོངས་ཤིང༔ ཤེས་རབ་བློ་ཁ་གསལ་ཏེ་ཐོས་པ་འཛིན༔ ཐམས་ཅད་མཁྱེན་པར་འགྱུར་རོ༔ གཞན་ཡང་རིམས་ནད་རྒྱུ་གཟེར་དང༔ དུག་དང་འཇིག་པ་ཀུན་གྱིས་ཚུགས་པར་མི་འགྱུར་རོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཟབ་དགུ་བསྡུས་ནས་གཏེར་དུ་སྦས༔ མོན་ཁའི་བྲག་ལ་ཨ་ཐམ་རྒྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ་རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་རཏྣ་གླིང་པས་གདན་དྲངས་པའོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་དབང་བསྐུར་ (Volume 62, Text 64)
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས༔ གསང་སྐོར་ཡི་དམ་ཞི་བའི་དབང་བསྐུར་བཞུགས༔ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཞི་སྒྲུབ་དབང༔ དཀྱིལ་འཁོར་བཞེངས་ཤིང་སྒྲུབ་མཆོད་བྱ༔ སློབ་མ་མདུན་འཁོད་མཎྜལ་ཕུལ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་ནི་མ་རིག་འཁྲུལ་པས་བསྒྲིབས༔ སྒྲིབ་པའི་ཚོགས་རྣམས་བསལ་བར་མཛོད༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ སློབ་དཔོན་གྱིས༔ དེ་ལྟར་ཡིན་ན་ཞི་ཁྲོ་ཡི༔ བླ་མེད་ཡང་གསང་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བར༔ ཁྱོད་ཀྱིས་ཡང་དག་བྲོ་བོར་ཅིག༔ སློབ་མས༔ ཨི་དན་ན་ར་ཀན༔ སློབ་མ་མ་བཅོས་ཀློང་གསལ་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་དྲག་ཏུ་འཁོར་བས་རྒྱལ་བ་ཐམས་ཅད་བྱོན་ནས་ཐིམ་པས་བྱིན་གྱིས་བརླབས་པར་གྱུར༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ བརྟན་པར་བྱ་ཞིང་བུམ་པ་གཟུང༔ དེ་ཡང་དབང་ལ་རྣམ་གསུམ་སྟེ༔ དག་འགྱུར་མཆོག་དབང་བསྐུར་བ་འོ༔ ཧཱུྃ༔ བཀྲ་ཤིས་བུམ་པ་སྣོད་བཅུད་ཡོངས་སུ་རྫོགས༔ རིན་ཆེན་ཅོད་པན་རྒྱལ་བའི་དབང་བསྐུར་ཆེ༔ ཡེ་ཤེས་རྡོ་རྗེ་དང་བཅས་རྒྱལ་བས་འཛིན༔ སངས་རྒྱས་གསུང་དབྱངས་དྲིལ་བུའི་སྒྲ་འཁྲོལ་ཞིང༔ བཀྲ་ཤིས་མཚན་གྱི་སྙིང་པོས་མངའ་གསོལ་བས༔ རིག་པའི་དབང་ལྔ་དུས་གཅིག་རྫོགས་གྱུར་ཅིག༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཞེ་སྡང་རྣམ་དག་མི་བསྐྱོད་རྡོ་རྗེ་དང༔ གཏི་མུག་རྣམ་དག་རྣམ་པར་སྣང་མཛད་དང༔ ང་རྒྱལ་རྣམ་དག་རིན་ཆེན་འབྱུང་ལྡན་དང༔ འདོད་ཆགས་རྣམ་དག་སྣང་བ་མཐའ་ཡས་དང༔ ཕྲག་དོག་རྣམ་དག་དོན་ཡོད་གྲུབ་པ་སྟེ༔ རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་རྫོགས་ཤོག༔ ཧཱུྃ་ཨཱོྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་ཆེན་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་ཆེན་མཱ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་ཆེན་གོས་དཀར་མོ༔ རླུང་ཁམས་རྣམ་དག་ཡུམ་ཆེན་དམ་ཚིག་སྒྲོལ༔ རིགས་ཀྱི་ཡུམ་གྱུར་རྣམས་ཀྱི་དབང་བསྐུར་རོ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་དབང་གནས་དག་སེམས་དཔའ་ས་ཡི་སྙིང༔ གཟུགས་ཡུལ་གནས་དག་སེམས་དཔའ་བྱམས་པ་མགོན༔ རྣ་དབང་གནས་དག་སེམས་དཔའ་ནམ་མཁའི་སྙིང༔ སྒྲ་ཡུལ་གནས་དག་སེམས་དཔའ་སྒྲིབ་པ་སེལ༔ སྣ་དབང་གནས་དག་སེམས་དཔའ་སྤྱན་རས་གཟིགས༔ དྲི་ཡུལ་གནས་དག་སེམས་དཔའ་ཀུན་ཏུ་བཟང༔ ལྕེ་དབང་གནས་དག་སེམས་དཔའ་རྡོ་རྗེ་འཛིན༔ རོ་ཡུལ་གནས་དག་སེམས་དཔའ་འཇམ་དཔལ་དབྱངས༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་རོ༔ ཀྵིཾ་མཻ་ཏྲཱཾ་ཐིཾལྷ་ཧྲཱིཿཨ་ཛྲིཾ་མཱུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གི་རྟོག་པ་གནས་དག་ལཱ་སྱཻ་མ༔ གཟུགས་ཡུལ་རྟོག་པ་གནས་དག་དྷཱུ་པེ་མ༔ རྣ་བའི་རྟོག་པ་གནས་དག་མཱ་ལྱཾ་མ༔ སྒྲ་ཡུལ་རྟོག་པ་གནས་དག་པུཥྤེ་མ༔ སྣ་ཡི་རྟོག་པ་གནས་དག་གཱིརྟཱི་མ༔ དྲི་ཡུལ་རྟོག་པ་གནས་དག་ཨཱ་ལོ་མ༔ ལྕེ་ཡི་རྟོག་པ་གནས་དག་ནིརྟཱི་མ༔ རོ་ཡུལ་རྟོག་པ་གནས་དག་གནྡྷེ་མ༔ བྱང་ཆུབ་སེམས་མ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཛ་ཏྲཱཾ་ཧཱུྃ་ཧྲཱིཿབཾ་ཨཾ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་ཡི་རྟོག་པ་གནས་དག་བརྒྱ་བྱིན་དབང༔ ལྷ་མིན་རྟོག་པ་གནས་དག་ཐགས་བཟང་རིས༔ མི་ཡི་རྟོག་པ་གནས་དག་ཤཱཀྱ་ཐུབ༔ བྱོལ་སོང་རྟོག་པ་གནས་དག་སེང་རབ་བརྟན༔ ཡི་དྭགས་རྟོག་པ་གནས་དག་ཁ་འབར་མ༔ དམྱལ་བའི་རྟོག་པ་གནས་དག་ཆོས་ཀྱི་རྒྱལ༔ འགྲོ་འདུལ་ཐུབ་པ་དྲུག་གི་དབང་བསྐུར་རོ༔ ཀྲིཾ་ཏྲུཾ་སྲུཾ་བྲཾ་ཀྵཾ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱེད་པ་རྣམ་དག་ཡེ་ཤེས་སྐུ་མངའ་བ༔ རྒྱལ་བ་ཀུན་ཏུ་བཟང་པོའི་དབང་བསྐུར་རོ༔ བྱ་བ་རྣམ་དག་ཆོས་ཀྱི་སྐུ་མངའ་མ༔ རྒྱལ་ཡུམ་ཀུན་ཏུ་བཟང་མོའི་དབང་བསྐུར་རོ༔ ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟག་ལྟ་གནས་དག་སྒོ་བ་གཤིན་རྗེ་གཤེད༔ སྙིང་རྗེའི་བདག་ཉིད་རྡོ་རྗེ་ལྕགས་ཀྱུ་མ༔ ཆད་མཐའ་གནས་དག་སྒོ་བ་རྣམ་པར་རྒྱལ༔ བྱམས་པའི་བདག་ཉིད་རྡོ་རྗེ་ཞགས་པ་མ༔ མཚན་མ་གནས་དག་སྒོ་བ་རྟ་མགྲིན་རྒྱལ༔ དགའ་བའི་བདག་ཉིད་རྡོ་རྗེ་ལྕགས་སྒྲོག་མ༔ མཚན་འཛིན་གནས་དག་སྒོ་བ་བགེགས་མཐར་བྱེད༔ བཏང་སྙོམས་བདག་ཉིད་རྡོ་རྗེ་དྲིལ་བུ་མ༔ མཐར་བྱེད་ཡབ་ཡུམ་བརྒྱད་ཀྱི་དབང་བསྐུར་རོ༔ ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛཿཧཱུྃ་བཾ་ཧོཿཨ་བྷ་ིཥིཉྩ་ཧཱུྃ༔ སྐབས་འདིར་ཕྲིན་ལས་གནས་བསྒྱུར་བྱ༔ བསྡུ་ན་སྐད་ཅིག་གནས་འགྱུར་བས༔ ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་གྱུར་པའི༔ རྡོ་རྗེ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་གྱུར་པའི༔ དེ་བཞིན་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་ང་རྒྱལ་གནས་གྱུར་པའི༔ རིན་ཆེན་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་འདོད་ཆགས་གནས་གྱུར་པའི༔ པདྨ་ཁྲོ་བོའི་དབང་བསྐུར་རོ༔ ཉོན་མོངས་ཕྲག་དོག་གནས་གྱུར་པའི༔ ཀརྨ་ཁྲོ་བོའི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ འབྱུང་བ་ནམ་མཁའ་གནས་གྱུར་པའི༔ བཛྲ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་ས་ཁམས་གནས་གྱུར་པའི༔ བུདྡྷ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་ཆུ་ཁམས་གནས་གྱུར་པའི༔ རཏྣ་ཀྲོ་དྷཱིའི་དབང་སྐུར་རོ༔ འབྱུང་བ་མེ་ཁམས་གནས་གྱུར་པའི༔ པདྨ་ཀྲོ་དྷཱིའི་དབང་བསྐུར་རོ༔ འབྱུང་བ་རླུང་ཁམས་གནས་གྱུར་པའི༔ ཀརྨ་ཀྲོ་དྷཱིའི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ མིག་གི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་ཀོའུ་རཱི་མ༔ རྣ་བའི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་ཙོའུ་རཱི་མ༔ སྣ་ཡི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་པྲ་མོ་ཧ༔ ལྕེ་ཡི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་བཻ་ཏཱ་ལི༔ ལུས་ཀྱི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་པུཀྐ་སི༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་ཙཎྜ་ལཱི༔ ཉོན་ཡིད་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་གྷསྨ་རཱི༔ ཀུན་གཞིའི་རྣམ་ཤེས་གནས་གྱུར་པ༔ མ་མོ་ཆེན་མོ་སྨེ་ཤ་ནི༔ གནས་ཀྱི་མ་མོའི་དབང་བསྐུར་རོ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཡུལ་གནས་གྱུར་སིང་ཧ་མ༔ སྒྲ་ཡུལ་གནས་གྱུར་བྱ་གྷྲི་མ༔ དྲི་ཡུལ་གནས་གྱུར་སྲྀ་ལ་མ༔ རོ་ཡུལ་གནས་གྱུར་ཤྭ་ན་མ༔ ལུས་ཡུལ་གནས་གྱུར་ཀངྐ་མ༔ ཡིད་ཡུལ་གནས་གྱུར་ཀྲྀ་ཏ་མ༔ ཉོན་ཡུལ་གནས་གྱུར་ཁ་ཁ་མ༔ གཞི་ཡུལ་གནས་གྱུར་ཧུ་ལུ་མ༔ ཡུལ་གྱི་མ་མོའི་དབང་བསྐུར་རོ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་རྣམས་གནས་སྤོར་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་མདུང་ཐུང་ཅན༔ མི་རྣམས་གནས་སྤོར་རལ་གྲི་འཛིན༔ དུད་འགྲོ་གནས་སྤོར་དྲིལ་འཁྲོལ་མ༔ ཡི་དྭགས་གནས་སྤོར་གློག་ཤ་རྡེབ༔ དམྱལ་བ་གནས་སྤོར་མེ་འབར་མ༔ རྟག་པའི་གནས་སྤོར་ཟླ་འཕེན་མ༔ ཆད་པའི་གནས་སྤོར་ཉི་ཟེར་འཕེན༔ སྤོར་བྱེད་བརྒྱད་ཀྱི་དབང་བསྐུར་རོ༔ ཧ་ཧ་ཧུ་ལུ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྟག་ལྟ་གནས་གྱུར་རྟ་གདོང་མ༔ ཆད་ལྟ་གནས་གྱུར་ཕག་གདོང་མ༔ མཚན་མ་གནས་གྱུར་སེང་གདོང་མ༔ མཚན་འཛིན་གནས་གྱུར་སྤྱང་གདོང་མ༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿཨ་བྷི་ཥིཉྩ་ཨཱོྃ༔ ཧཱུྃ༔ རྣམ་རྟོག་ཕྲ་རགས་གནས་གྱུར་པའི༔ ཞི་བའི་ལས་མཛད་རྣལ་འབྱོར་བདུན༔ རྒྱས་པའི་ལས་མཛད་རྣལ་འབྱོར་བདུན༔ དབང་གི་ལས་མཛད་རྣལ་འབྱོར་བདུན༔ དྲག་པོའི་ལས་མཛད་རྣལ་འབྱོར་བདུན༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ བྷྱོ་སརྦ་ཡཀྵི་ཨ་བྷི་ཥིཉྩ་ཨཱོྃ༔ མཆོག་གི་དབང་བསྐུར་གསང་དབང་ནི༔ ཧཱུྃ༔ བྷནྡྷ་སྟོང་པའི་སྣོད་ནང་དུ༔ བྱང་སེམས་བདེ་བའི་བཅུད་ཀྱིས་བཀང༔ བདེ་སྟོང་དབྱེར་མེད་བདུད་རྩི་འདིས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ བོ་དྷི་ཙིཏྟ་ཧཱུྃ༔ མཆོག་དབང་ཤེས་རབ་ཕྱག་རྒྱའི་དབང༔ ཧཱུྃ༔ ཡུལ་སྣང་སྣང་སྟོང་མཚན་ལྡན་མར༔ རང་རིག་བདེ་བ་ཡེ་ཤེས་པས༔ དབྱིངས་རིག་བདེ་སྟོང་གཉིས་མེད་སྦྱོར༔ ཟུང་འཇུག་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་ཧོ༔ མཆོག་དབང་རིག་པའི་རྩལ་དབང་ནི༔ ཨེ་མ་ཧོ༔ ངོ་བོ་སྟོང་པ་ཤེལ་གྱིས་མཚོན༔ རང་བཞིན་ལྷུན་གྲུབ་འཇའ་རུ་ཤར༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་སེམས་ཉིད་ངོ་མཚར་ཆེ༔ དྷརྨ་ཤུདྡྷེ་ཨ༔ དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ འོད་ཀྱི་རང་བཞིན་དར་སྣས་བརྒྱན༔ ཐིག་ལེའི་རང་བཞིན་རྨ་བྱའི་མདོངས༔ རིག་པ་ལུག་རྒྱུད་ཤེལ་གྱི་ཕྲེང༔ མིག་ཏུ་མཚོན་ཕྱིར་ཤེལ་གྱི་ཀློང༔ དབང་པོའི་སྒོར་སྦྱར་བརྡ་བསྟན་པས༔ རིག་རྩལ་ཐོད་རྒལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ བསྟན་པ་བུ་གཅིག་དབང་བསྐུར་ནི༔ ཨ༔ རང་བྱུང་རང་ཤར་བསྟན་པ་བུ་གཅིག་རྒྱུད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་གཟུགས༔ འོད་གསལ་སྙིང་པོའི་བསྟན་པའི་བཙས་གཅིག་པུ༔ བྲིས་ཏེ་བཏགས་པས་གྲོལ་བའི་དབང་ཐོབ་ཤོག༔ འཁོར་ལོར་བྱས་ཏེ་མཐོང་བས་མཐོང་གྲོལ་ཤོག༔ གང་དུ་བཏགས་པ་རེག་པས་རེག་གྲོལ་ཤོག༔ བརྗོད་ཅིང་ཚིག་གི་བརྡ་སྤྲད་ཐོས་གྲོལ་ཤོག༔ བཟླས་ཤིང་བཏབ་པ་མྱོང་བས་མྱོང་གྲོལ་ཤོག༔ གང་གིས་ཚོར་བ་དེ་དག་གྲོལ་བར་ཤོག༔ འཿཨཿཤཿསཿམཿཧཿཨ་བྷི་ཥིཉྩ་ཧཱུྃ༔ བྱིན་རླབས་འཕོ་བ་གཏོར་དབང་ནི༔ ཧཱུྃ༔ གཏོར་གཞོང་དབྱིངས་ཀྱི་རང་བཞིན་གཞལ་ཡས་ཁང༔ གཏོར་མ་རིག་པ་རྒྱལ་བ་ཞི་ཁྲོའི་ལྷ༔ དབྱེར་མེད་ཟུང་འཇུག་ངང་དུ་དབང་བསྐུར་བས༔ སྣང་བ་ལྷར་དག་བར་དོར་གྲོལ་བར་ཤོག༔ ཕུང་ཁམས་གནས་འགྱུར་འོད་གསལ་ཟིན་པར་ཤོག༔ རྟོག་ཚོགས་བདེ་ཆེན་དབྱིངས་སུ་འཕོ་བར་ཤོག༔ རིག་པ་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས༔ ཚོམ་བུ་འབུམ་བཅས་མངོན་སངས་རྒྱས་གྱུར་ཅིག༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ འདི་ལྟར་ཞི་ཁྲོའི་དོན་དབང་མཆོག༔ གདམས་པའི་མཐར་ཐུག་ཕྱི་རབས་དང༔ འཕྲད་དེ་འགྲོ་བ་ཐམས་ཅད་ཀུན༔ སྡུག་བསྔལ་དབྱིངས་སུ་གྲོལ་བར་ཤོག༔ ས་མ་ཡ་རྒྱ་རྒྱ༔ ྀཨཚ༔
གྲ་མངོན་ཞང་བློན་ནང་སྒྲུབ་མངོན་རྟོག་གབ་དཀྲུགས་ནག་འགྲོས་སུ་བྲིས་པ (Volume 61, Text 64)
གྲ་མངོན་ཞང་བློན་ནང་སྒྲུབ་མངོན་རྟོག་གབ་དཀྲུགས་ནག་འགྲོས་སུ་བྲིས་པ་ནི། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་རིན་པོ་ཆེའི་ཁང་བཟང་གི་ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སྲིན་པོ་ཕོ་མོའི་གདན་ལ་ཀྵ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཁ་ཊྭཱཾ་རྩེ་གསུམ་དང་གཡོན་ཐོད་ཁྲག་བསྣམས་པ། དར་ནག་གི་འཇོལ་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་སྲིན་པོ་ཕོ་མོ་མནན་པ། དེའི་ཕྱོགས་བཞིར་ཤར་དུ་ཛཾ་ལས་ནོར་ལྷ་དཀར་པོ་དར་དཀར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། གཡས་རིན་པོ་ཆེ་དང་གཡོན་གཏེར་སྒྲོམ་འཛིན་པ་བརྗིད་པའི་ཉམས་ཅན་དྲི་ཟ་ཕོ་མོའི་གདན་ལ་གནས་པ། ལྷོར་ཧཱུྃ་ལས་མགོན་པོ་ནག་པོ་དར་ནག་གི་བེར་མཐའ་ལྗང་གསོལ་ཞིང་སྦྲུལ་དང་མི་མགོས་བརྒྱན་པ། གཡས་ཙནྡན་གྱི་བེང་ཆེན་དང་གཡོན་ལྕགས་པར་འཛིན་པ་གཤིན་རྗེ་ཁྲོས་པའི་ཉམས་ཅན་གྲུལ་བུམ་ཕོ་མོའི་གདན་ལ་གནས་པ། ནུབ་ཏུ་ཀྵ་ལས་འབྲོག་གནས་དམར་པོ་ཞལ་ལྔ་ནི་དབུས་སེངྒེ། གཡས་རྟ་དང་ལུག །གཡོན་ར་དང་སྤྲེའུ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ། ལྷག་མ་གཡས་གཉིས་གསེར་འཁོར་དང་སྨན་སྣ་ཚོགས། གཡོན་གཉིས་འབྲས་ཀྱི་སྡེར་བཟང་དང་ཤིང་འབྲས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་ཀླུ་ཕོ་མོའི་གདན་ལ་གནས་པ། བྱང་དུ་བཻ་ལས་རྣམ་ཐོས་སྲས་ལྗང་གུ་དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་སྦ་ལྕག་དང་གཡོན་རིན་པོ་ཆེའི་གཞོང་པ་འཛིན་པ་རྟ་ངང་སེར་ལ་འཆིབ་ཅིང་གནོད་སྦྱིན་ཕོ་མོ་བརྫིས་པའོ། །མཚམས་ཀྱི་རྩིབས་བཞི་ལ་ཤར་ལྷོར་མེ་ལྷའི་གདན་ལ་ཀྵ་ལས་གནོད་སྦྱིན་རྣོན་པོ་ཕྱག་བཞིའི་གཡས་གཉིས་དགྲ་སཏྭ་རལ་གྲི་གཡོན་གཉིས་ནད་རྐྱལ་དང་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོའི་གདན་ལ་ཀྵ་ལས་ཀུན་གྱི་འཇིགས་བྱེད་དམར་སེར་གཡས་གཉིས་གཡབ་དར་དང་རལ་གྲི་གཡོན་གཉིས་ཞགས་པ་དང་ནད་རྐྱལ། ནུབ་བྱང་དུ་རླུང་ལྷའི་གདན་ལ་ཀྵ་ལས་ཉི་མ་མིག་དམར་ནག་གཡས་གཉིས་གྲི་གུག་དང་ཞགས་པ་གཡོན་གཉིས་ནད་རྐྱལ་དང་ཐོད་ཁྲག །གསུམ་ཀའང་ཁྲོས་པའི་ཉམས་ཅན་སྦྲུལ་གྱིས་བརྒྱན་པ། བྱང་ཤར་དུ་དབང་ལྡན་གྱི་གདན་ལ་ཀྵཾ་ལས་ཡུམ་ཀུན་འགྲུབ་མ་སྔོན་མོ་གཡས་ནད་རྐྱལ་དང་གཡོན་པས་ཞལ་ཟས་གཙོ་ལ་སྟོབ་པ་དར་དཀར་གྱི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་དག་གི་ཕྱི་འཁོར་ལ་གནོད་སྦྱིན་བྱེ་བའི་དཔུང་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ་པ་སོགས་ནས་གཞུང་ལྟར་རོ།། །། ༄། གྲ་མངོན་ཞང་བློན་གསང་སྒྲུབ་མངོན་རྟོག་གབ་དཀྲུགས་ནག་འགྲོས་སུ་བྲིས་པ་ནི། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་རིན་པོ་ཆེའི་ཁང་བཟང་གི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་སྲིན་པོ་ཕོ་མོའི་གདན་ལ་ཀྵ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཞལ་གསུམ་ནག་དཀར་དམར་བ་མཆེ་བ་གཙིགས་ཤིང་སྤྱན་བསྒྲད་པ། དབུ་སྐྲ་དམར་སེར་འབར་བ། ཕྱག་དྲུག་གཡས་གསུམ་རྩེ་གསུམ་དབྱུག་པ་རལ་གྲི། གཡོན་གསུམ་ཐོད་ཁྲག་ཞགས་པ་ལྕགས་ཀྱུ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཕྱོགས་བཞིར་མདུན་དུ་དྲི་ཟའི་གདན་ལ་ཀྵཾ་ལས་ཡུམ་ཀུན་འགྲུབ་མ་སྔོན་མོ་གཡས་ནད་རྐྱལ་དང་གཡོན་པས་ཞལ་ཟས་གཙོ་ལ་སྟོབ་པ་དར་དཀར་གྱི་ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སུ་གཤིན་རྗེའི་གདན་ལ་ཀྵ་ལས་གནོད་སྦྱིན་རྣོན་པོ་ཕྱག་བཞིའི་གཡས་གཉིས་དགྲ་སཏྭ་རལ་གྲི་གཡོན་གཉིས་ནད་རྐྱལ་དང་ཞགས་པ་འཛིན་པ། གཡོན་དུ་གནོད་སྦྱིན་གྱི་གདན་ལ་ཀྵ་ལས་ཀུན་གྱི་འཇིགས་བྱེད་དམར་སེར་གཡས་གཉིས་གཡབ་དར་དང་རལ་གྲི་གཡོན་གཉིས་ཞགས་པ་དང་ནད་རྐྱལ། རྒྱབ་ཏུ་ཀླུ་དབང་གི་གདན་ལ་ཀྵ་ལས་ཉི་མ་མིག་དམར་ནག་གཡས་གཉིས་གྲི་གུག་དང་ཞགས་པ་གཡོན་གཉིས་ནད་རྐྱལ་དང་ཐོད་ཁྲག །གསུམ་ཀའང་ཁྲོས་པའི་ཉམས་ཅན་སྦྲུལ་གྱིས་བརྒྱན་པ། དེ་དག་གི་ཕྱི་འཁོར་ལ་གནོད་སྦྱིན་བྱེ་བའི་དཔུང་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གནས་གསུམ་བྱིན་གྱིས་བརླབ་པ་སོགས་ནས་གཞུང་ལྟར་རོ།། །། ༄། གྲ་མངོན་ཞང་བློན་སྦྲགས་སྒྲུབ་མངོན་རྟོག་གབ་དཀྲུགས་ནག་འགྲོས་སུ་བྲིས་པ་ནི། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་རིན་པོ་ཆེའི་ཁང་བཟང་གི་ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་དབུས་སུ་ཕྱི་སྒྲུབ་སྲིན་པོ་ཕོ་མོའི་གདན་ལ་ཀྵ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་བདུད་རྩིའི་བུམ་པ་བསྣམས་པ། སྦོམ་ཐུང་བརྗིད་པའི་ཉམས་ཅན། དར་ནག་གི་འཇོལ་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེའི་གཡས་སུ་ནང་སྒྲུབ་སྲིན་པོ་ཕོ་མོའི་གདན་ལ་ཀྵ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་ཁ་ཊྭཱཾ་རྩེ་གསུམ་དང་གཡོན་ཐོད་ཁྲག་བསྣམས་པ། དར་ནག་གི་འཇོལ་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་ཞབས་གཡོན་བརྐྱང་བའི་དོར་སྟབས་ཀྱིས་སྲིན་པོ་ཕོ་མོ་མནན་པ། དེའི་གཡོན་དུ་གསང་སྒྲུབ་སྲིན་པོ་ཕོ་མོའི་གདན་ལ་ཀྵ་ཡིག་མཐིང་ནག་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་ཞལ་གསུམ་ནག་དཀར་དམར་བ་མཆེ་བ་གཙིགས་ཤིང་སྤྱན་བསྒྲད་པ། དབུ་སྐྲ་དམར་སེར་འབར་བ། ཕྱག་དྲུག་གཡས་གསུམ་རྩེ་གསུམ་དབྱུག་པ་རལ་གྲི། གཡོན་གསུམ་ཐོད་ཁྲག་ཞགས་པ་ལྕགས་ཀྱུ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་གསེར་གྱི་སྐ་རགས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རོལ་པའི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱོགས་བཞིར་ཤར་དུ་ཛཾ་ལས་ནོར་ལྷ་དཀར་པོ་སོགས་ནང་སྒྲུབ་གབ་ཕྱུང་ལྟར་འཁོར་མང་དུ་བསྐྱེད། སྔགས་ནི་གཙོ་འཁོར་དགུ་ཀ་དགོས་སོ། །སྟབས་བདེའི་ཕྱིར་དྭགས་པོ་སྤྲུལ་སྐུས་དཔྱད་ནས་བྲིས་ཀྱང་ནོངས་ན་མཐོལ་ལོ་བཤགས་སོ།། །།
རྨི་ལམ་བརྟགས་ཐབས་འཕྲུལ་གྱི་མེ་ལོང་ (Volume 42, Text 64)
༄༅། །རྨི་ལམ་བརྟགས་ཐབས་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མངོན་ཤེས་བསྒྲུབས་ནས་འགྲོ་བའི་དོན་བྱའོ། །པད་ཟླའི་སྟེང་དུ་རང་ཉིད་པད་འབྱུང་དཀར། །བརྐྱང་བསྐུམ་གྱིས་བཞུགས་རུས་པའི་རྒྱན་དྲུག་མཛེས། །ཕྱག་ན་གསལ་བྱེད་པད་སྡོང་དཀར་པོ་ནི། །སྨིན་མཚམས་ཐད་དུ་པདྨ་རྒྱས་པའི་སྟེང་། །པྲ་ཡི་ཌཱ་ཀི་ཞབས་གཉིས་བཞེངས་སྟབས་བཞུགས། །ཕྱག་གཉིས་ཤེལ་བུམ་དངུལ་དཀར་མེ་ལོང་བསྣམས། །དེ་ལ་ཤེལ་གྱི་བུ་མོ་རྒྱན་མེད་གཅིག །བསྐོར་བ་བྱེད་ཅིང་བཞུགས་པ་གསལ་བར་གྱུར། །གནས་གསུམ་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། །ཛཿཧཱུྃ་བཾ་ཧོ་གཉིས་སུ་མེད་པར་གྱུར། །བཛྲ་གུ་རུ་དྷཱ་ཀི་ནཱི་ཨརྒྷཾ། པདྱཾ། པུཥྤེ་སོགས། ཨོཾ། དངོས་གྲུབ་མཆོག་བརྙེས་ཡ་མཚན་སྤྲུལ་པའི་སྐུ། །སྐྱེ་འཆི་གཉིས་སྤངས་པདྨའི་ནང་ནས་འཁྲུངས། །འཁོར་བ་ཐུགས་རྗེས་སྒྲོལ་མཛད་ཐོད་ཕྲེང་སྐུ་ལ་གསོལ། །མཚོ་སྐྱེས་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་འོད་ཀྱིས་འཇིག་རྟེན་ལྷ། །མངོན་ཤེས་ཅན་རྣམས་ཐམས་ཅད་བསྡུས་ནས་ཀྱང་། །རང་དང་ལྷ་མོ་གཉིས་ལ་ཐིམ་པར་གྱུར། །བདག་ལ་རྨི་ལམ་མངོན་ཤེས་འདི་འདོད་པས། །ལྷ་ཀླུ་ཀུན་གྱི་བུ་མོ་ཁྱེད་གཉིས་ལ། །དྲིས་དང་ཤེས་ཞེས་ཟེར་བས་ཁྱེད་གཉིས་ཀྱིས། །བདག་ལ་དོ་ནུབ་གསལ་བར་བསྟན་དུ་གསོལ། །རང་དང་བུ་མོ་ཀུན་གྱིས་སྔགས་བཟླས་གྱུར། །སྔགས་རྣམས་བརྒྱ་རྩ་བརྒྱད་དུ་བཟླས་པ་བྱ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཧྲཱིཿམ་ཧ་རི་ནི་ས་ཕུ་ཕུ་རུ་རུ་ཆུ་བུར་མིག་གི་སྒོ་སོལ་ཅིག །དགོང་མོ་མདའ་མོ་བྱ་རྒོད་མར། །དར་དཀར་མེ་ལོང་བཏགས་ལ་གཡབ། །སྔགས་དེ་བརྒྱ་རྩ་བརྒྱད་དུ་བཟླས། །གཉིད་ཁ་གང་འདོད་གསོལ་འདེབས་ནས། །མོས་གུས་བྱས་ཏེ་དམིགས་པ་ཡང་ཡང་གསལ། །རང་གི་འདོད་དོན་འདི་དང་འདི། །བསྟན་དུ་གསོལ་ཞེས་གསོལ་བ་གདབ། །རང་གི་དོན་རྣམས་མཐོང་བ་དང་། །མཁའ་སྤྱོད་ཨོ་རྒྱན་འོག་མིན་དང་། །སངས་རྒྱས་ཞིང་སོགས་སྲིད་གསུམ་མཐོང་། །འཕྲུལ་གྱི་མངོན་ཤེས་མེ་ལོང་འདི། །སྣོད་ངན་གཞན་ལ་སྤེལ་མི་བྱ། །རཱ་གས་བསྡུས་ཏེ་བྲིས་པ་འོ། །ཡང་རྨི་ལམ་བརྟག་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཧྲཱིཿམ་ཧ་རི་ནི་ས་ཕུ་ཕུ་རུ་རུ་ཆུ་བུར་མིག་གི་སྒོ་སོལ་ཅིག །ཨོཾ་ནན་ཏི་མི་མི་ཏི་མོ་ཏིང་ནི་མོ་ཙི་ལ་ས་མུནྟི་ཤ་ན་མ་ཏ་མང་ལ་སྭཱ་ཧཱ། ཞེས་མང་དུ་བཟླས་པའམ། ཉལ་ཁ་བརྒྱ་རྩ་བརྒྱད་བཟླས་ནས། ཉལ་ཁ་དམོད་བཙུགས། གཞན་དང་གཏམ་མི་སྨྲ་བར་ཉལ་ན་གསལ་ལོ། །ཨ་རཱ་གས་སོ། །འདིའི་ལག་ལེན་ལ། ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་དང་འགྲིགས་ན་རབ། གང་ལྟར་ཡང་། ཉིན་མོ་རྩ་གསུམ་ཆོས་སྲུང་གི་ཚོགས་མཆོད་དང་སྐོང་བཤགས་བཅས་རྒྱས་པར་བྱ། ཉལ་ཁར་གོང་གི་སྒོམ་བཟླས་ནན་ཏན་བྱས་ལ། གཞན་དང་གཏམ་སྨྲ་བ་དང་། རེ་དོགས་ཀྱི་བློ་སྤངས་ཏེ་ལྷའི་གསལ་སྣང་དང་མོས་གུས་ཀྱི་ངང་དུ་གཉིད་དུ་འགྲོ་བར་བྱས་པས་ཐོ་རེངས་ཀྱི་དུས་མངོན་སུམ་དུ་ལུང་སྟོན་པའི་ཚིག་གམ། བརྡ་རྟགས་ཀྱི་རིམ་པ་གང་རུང་འབྱུང་བས་དཔྱད་ཤེས་པར་བྱའོ། །མངྒ་ལཾ།། །།
ལོ་གླུད་འགོང་པོ་བཀར་ཡས་ལན་ཆགས་ཚིམ་བྱེད་ (Volume 51, Text 64)
༄༅། །ལོ་གླུད་འགོང་པོ་བཀར་ཡས་ལན་ཆགས་ཚིམ་བྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་པདྨ་ཀྲོ་དྷཱ་ཡ། བླ་མ་དྲག་པོའི་ཞབས་ལ་ཕྱག་འཚལ་ནས། །སྙིགས་དུས་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས། །ལོ་གླུད་འགོང་པོ་བཀར་ཡས་ཁྱེར་བདེ་བྲི། །བླ་མ་མཁའ་འགྲོས་བཀའ་ཡི་གནང་བ་སྩོལ། །སྙིགས་མའི་དུས་བསེ་རག་དང་འགོང་པོ་ཁ་དར་ནས་སད་སེར་བཙའ་ཐན་སོགས་ཀྱིས་ལོ་ཐོག་ལ་བར་དུ་གཅོད་པས་དེ་དག་གླུད་ཀྱིས་བརྔན་ཞིང་བཀར་བའི་ཐབས་ལ། གས་ཆག་གི་སྣོད་དུ་ས་སྤྱིན་ལ་བསེ་རག་གི་གཟུགས་བུ་ཆུང་མཛེས་པ་གཡུ་རྣ་དང་ཁྲབ་རྨོག་ཅན་འཁོར་གསུམ་རྐེད་ལ་བསྐོར་ཞིང་རི་བོང་ལ་ཞོན་པ། མདུན་དང་གཡས་གཡོན་དུ་གནམ་ས་བར་གསུམ་གྱི་འགོང་པོ། རྒྱབ་ཏུ་རྒྱལ་བསེན་དང་རྒྱ་འདྲེའི་གཟུགས་དེ་རྒྱབ་ལོ་གླུད་ཡས་རྫས་ཅི་འཛོམ་གྱིས་བསྐོར། གྲངས་གསོག་ན་ཆངས་བུ་ལོ་གླུད་མཐེབ་ཀྱུ་ཤ་དུམ་སོགས་མང་བར་གསག །རང་ཉིད་ལྷ་ཡི་ང་རྒྱལ་གྱིས་གླུད་བྱིན་གྱིས་བརླབ་པ་ནི། ཆུ་གཙང་གིས་བྲན་ལ། ཨོཾ་བཛྲ་ཨ་མྲྀཏ་སོགས་སྔགས་ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཡིད་མཐུན་སྣོད་ནང་དུ། ཁཾ་ཡིག་ལས་བྱུང་གླུད་གཏོར་ཡས་རྫས་རྣམས། །བཟའ་བཏུང་འདོད་དགུའི་ལོངས་སྤྱོད་བསམ་མི་ཁྱབ། །མགྲོན་རྣམས་ཡིད་དང་མཐུན་པའི་གཏེར་དུ་གྱུར། །དེ་བཞིན་གཤེགས་པ་བཞི་ཡི་མཚན་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཁ་འབར་མའི་སྔགས་ཀྱི་བྱིན་གྱིས་བརླབ། བདེན་སྟོབས་ཀྱིས་འགུགས་པ་ནི། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཚེ་སྲོག་དབང་ཐང་ལ་བར་དུ་གཅོད་པ་དང་། ཁྱད་པར་དུ་འབྲས་བུ་ལོ་ཐོག་ས་ཞིང་ལ་གནོད་ཅིང་འཚེ་བར་བྱེད་པའི་མི་ལ་བསེ་རག །གནམ་ས་བར་དང་དུས་ཀྱི་འགོང་པོ་སྤུན་དགུ །ཕོ་འདྲེ་རྒྱལ་འགོང་། མོ་ཤི་བསེན་མོ། རྒྱ་འདྲེ་ནད་བདག །བཙའ་བྱེད་ཁ་དམར། སད་བྱེད་ཁ་སྐྱ། ཐན་བྱེད་ལག་རྡུམ། སྐྱི་འདར་ཤྭ་རྒལ། ལྟོག་འགོང་དབུལ་སྲི་གནོད་པར་བྱེད་པ་གང་ཡིན་པ་ཐམས་ཅད་རང་གཟུགས་ཡས་སྟགས་འདི་ལ་ཁུག་ཅིག །མི་ལ་ཧཾ་ཤང་ཏྲི་སརྦ་དུཥྚཱཾ་ཨཱ་ཀར་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་བཀུག །ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ཁྲོ་རྒྱལ་པདྨ་དྲག་པོ་རྩལ། ཁམས་གསུམ་འདི་ན་སུ་ཡང་རུང་། །ང་ལས་ཆེ་བཙན་སུ་ཡང་མེད། །བསེ་རག་འགོང་པོ་དམ་སྲིའི་ཚོགས། །ལན་ཆགས་བདག་པོ་མ་ལུས་ཀུན། །གུམ་གུམ་ཆུམ་ཆུམ་དམ་ལ་འདུས། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །ཀྱེ། སྔོན་གྱི་བསྐལ་པའི་དང་པོ་ལ། །རིག་དང་མ་རིག་འཁྲུལ་པའི་ཆར། །ལྷ་དང་འདྲེ་ཞེས་སོ་སོར་སྣང་། །ཕན་གནོད་རྒྱུ་འབྲས་བསླུ་མེད་ཀྱི། །འབྲས་བུ་རང་རྒྱུད་སོ་སོར་སྨིན། །ཞེ་སྡང་གནོད་སེམས་ངན་པ་དང་། །སྨོན་ལམ་མཚམས་སྦྱོར་ལོག་པ་ཡིས། །ལས་ངན་འདྲེ་ཡི་ལུས་སུ་སྐྱེས། །ལྟོག་སྐོམ་ཆེ་ཞིང་གཞན་ལ་འཚེ། །རིགས་དང་སྡེ་ཚན་བསམ་མི་ཁྱབ། །གཙོ་བོ་མི་ལའི་རྒྱལ་པོ་ནི། །བུ་ཆུང་མཛེས་པ་གཡུ་རྣ་ཅན། ཁྲབ་རྨོག་གྱོན་ནས་འཁོར་གསུམ་བསྐོར། །སྦ་དམར་ཕུབ་ཆུང་རྒྱབ་ཏུ་ཁུར། །ལག་ན་སྡུད་མོ་རླུང་རྐྱལ་འཛིན། །རི་བོང་སྔོན་མོ་ཆིབས་སུ་འཆིབ། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །ཕུ་བོ་ཆེ་བཞི་འབྲིང་ཐ་ཆུང་། །བྱང་ཆུབ་འོད་དང་མགྲིན་རིང་ཅན། །འདྲེ་ཡུག་ལ་སོགས་མི་ལ་དགུ །ལྟོག་འགོང་དབུལ་སྲི་ཟ་བའི་འདྲེ། །གནམ་ས་བར་དང་དུས་ཀྱི་ནི། །འགོང་པོ་སྤུན་དགུ་འཁོར་དང་བཅས། །ལན་ཆགས་སྦྱང་ཕྱིར་འདིར་འདུས་ཤིག །རྒྱལ་འགོང་དམ་སྲི་དམ་ལོག་དང་། །མོ་ཤི་བསེན་མོ་གསོན་འདྲེ་མོ། །རྒྱ་འདྲེ་ནད་བདག་གདོན་གྱི་རིགས། །ལན་ཆགས་སྦྱང་ཕྱིར་འདིར་འདུས་ཤིག །བཙའ་ཐན་སད་སེར་གཏོང་བ་ཡི། ཁ་དམར་ལག་རྡུམ་ཤྭ་རྒལ་སོགས། །གནོད་པར་བྱེད་པ་གང་ཡང་རུང་། །མ་ལུས་རིགས་འཁོར་སྡེ་ཚན་དཔུང་། །ལན་ཆགས་བདག་པོ་བདག་མོ་རྣམས། །ཞེ་སྡང་གནོད་པའི་སེམས་སྤོངས་ལ། །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །བྱམས་པའི་སེམས་ཀྱིས་འཁོད་པར་གྱིས། །མི་ལ་ཧཾ་ཤང་ཏྲི་སརྦ་དུཥྚཱཾ་ཛཿཧཱུྃ་བཾ་ཧོཿ ཧཱུྃ། བཀའ་འདི་ཟིལ་གནོན་པདྨའི་བཀའ། །ལུང་འདི་དབང་དྲག་འབར་བའི་ལུང་། །གཏོ་འདི་སྲིད་པས་བསྐོས་པའི་གཏོ། །ཡས་འདི་ལན་ཆགས་སྦྱོང་བའི་ཡས། །དཀོན་པ་བཙལ་ཅིང་དཀའ་བས་བསྒྲུབས། །དངོས་སུ་བཤམས་ཤིང་སྨྲང་གིས་གྱེར། །ཡིད་ཀྱིས་དཔག་ཏུ་མེད་པར་སྤྲུལ། །ལྷ་སྔགས་ཏིང་འཛིན་ནུས་པ་ཡིས། །བྱིན་བརླབས་མི་ཟད་ནམ་མཁའི་མཛོད། །སོ་སོར་ཅི་འདོད་འབྱུང་བ་འདི། །ཚེ་རབས་འཁོར་བ་ཐོག་མེད་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཟས་ནོར་སྲོག་གི་ལན་ཆགས་དང་། །བུ་ལོན་ཤ་འཁོན་འབྲེལ་གྱུར་པའི། །འབྱུང་པོ་ཡི་དྭགས་ཐམས་ཅད་དང་། ཁྱད་པར་འབྲས་བུ་ལོ་ཐོག་ལ། །བར་དུ་གཅོད་ཅིང་གནོད་བྱེད་པའི། །བསེ་རག་ལྟོག་འགོང་རྣམས་ལ་བསྔོ། །ལན་ཆགས་བུ་ལོན་བྱང་བ་དང་། །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག །བཀྲེས་པ་རྣམས་ལ་ཟས་དང་ནི། །ཕོངས་པ་རྣམས་ལ་ནོར་ཐོབ་ཅིང་། །འཇིགས་པས་སྐྲག་ལ་སྐྱབས་དང་མགོན། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །འདོད་ཡོན་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གལ་ཆེན་ཚར་གྲངས་གསོག་ན་སྣོད་གཉིས་ལ་ཆངས་བུ་ལོ་གླུད་ཡུག་པོ་སྦང་མ་ཚྭ་རམ་ཤ་དུམ་མཐེབ་ཀྱུ་སོགས་ཡས་རྫས་བཤམ། ཆུ་གཙང་གིས་བྲན་ལ་འདོར་ལེན་བྱ་ཞིང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ༴ དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ༴ ན་མཿསརྦ་ཏ་ཐཱ་ག་ཏ་སོགས། གླུད་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཚེ་སྲོག་བསོད་ནམས་དབང་ཐང་ལ་བར་དུ་གཅོད་པ་ཐམས་ཅད་དང་། ལོ་ཐོག་ས་ཞིང་བང་ཁང་ལ་གནོད་ཅིང་འཚེ་བར་བྱེད་པའི་བསེ་རག་རྒྱལ་པོ་གཞོན་ནུ་དཔལ། གནམ་ས་བར་གསུམ་གྱི་འགོང་པོ། རྒྱལ་བསེན་དམ་སྲི་རྒྱ་འདྲེ། ནད་བདག་འགོང་པོ་སྤུན་དགུ་ལྟོག་འགོང་དབུལ་སྲི་ལན་ཆགས་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ་བསྔོའོ། །སྦྱིན་ནོ། །ལན་ཆགས་སོད། བུ་ལོན་བྱང་། ཤ་མཁོན་དང་བྲལ་ནས་བདག་ཅག་འཁོར་བཅས་ཚེ་རིང་ཞིང་ནད་མེད་པ་དང་། བཙའ་སད་སེར་གསུམ་གྲྭ་སྐྱ་འབུ་སྲིན་ལ་སོགས་ལོ་ཐོག་འབྲས་དྲུག་ལ་གནོད་པ་ཐམས་ཅད་ཞི་བ་དང་ཟློག་པའི་ཕྲིན་ལས་མཛོད་ཅིག །རོལ་ཆེན་བྱ་ཞིང་གྲངས་འཛིན། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུང་། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུང་། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །གཞན་ལ་གནོད་པ་བྱས་གྱུར་ན། །རང་གིས་ལས་བྱས་རང་ལ་སྨིན། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས། །སྔོན་ཀྱང་གནོད་སེམས་འཆང་བ་ཡིས། །ལས་ངན་འདྲེ་ཡི་ལུས་སུ་སྐྱེས། །དམྱལ་བའི་སྡུག་བསྔལ་ཡ་རེ་ང་། །དེ་ཕྱིར་གནོད་པའི་སེམས་སྤོངས་ལ། །བྱམས་པའི་སེམས་དང་ལྡན་པར་མཛོད། །དེ་ལྟར་ཆོས་དང་ཟང་ཟིང་གི །སྦྱིན་པ་རྒྱ་ཆེན་འདི་ཡི་མཐུས། ཁྱེད་ཀྱི་རེ་བ་བསྐངས་གྱུར་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཚེ་སྲོག་བསོད་ནམས་དབང་ཐང་དང་། །ལོངས་སྤྱོད་ནོར་ལ་མ་གནོད་ཅིག །ལོ་ཐོག་འབྲས་དྲུག་ས་ཞིང་ལ། །བཙའ་སད་སེར་བ་འབུ་སྲིན་དང་། །ཐན་པ་ཡུག་པོ་གྲྭ་སྐྱ་སོགས། །ནམ་དུ་ཡང་ནི་མ་གཏང་ཞིག །གནོད་འཚེའི་བསམ་སྦྱོར་ངན་པ་སྤོངས། །ཕྱྭ་གཡང་བང་མཛོད་སྲིས་ནོར་ལ། །རྐུ་འཕྲོག་འཇབ་རློམ་མ་བྱེད་ཅིག །བྱང་ཆུབ་སེམས་དང་ལྡན་པར་མཛོད། །ཀྱེ། མི་ལའི་རྒྱལ་པོ་གཞོན་ནུ་དཔལ། །བུ་ཆུང་མཛེས་པ་གཡུ་རྣ་ཅན། །དབུ་ལ་དངུལ་གྱི་ལྕོག་ཞུ་ལ། །བྱ་ཕོད་དར་འཕྲུ་ལྡེམས་སེ་ལྡེམ། །སྲ་བརྟན་ཤེལ་ཁྲབ་སྐུ་ལ་གསོལ། །ཕྱག་ན་སྡུད་མོ་རླུང་རྐྱལ་འཛིན། །ཕུབ་ཆུང་རྒྱབ་ཁུར་འཁོར་གསུམ་བསྐོར། །རི་བོང་སྔོན་མོ་ཆིབས་སུ་འཆིབ། །ཕུ་བོ་ཆེ་འབྲིང་ཆུང་གསུམ་སོགས། །བསེ་རག་སྤུན་དགུའི་འཁོར་གྱིས་བསྐོར། །ཐམས་ཅད་གླུད་འདིས་ཚིམས་པར་གྱིས། །གནམ་ས་བར་གསུམ་འགོང་པོ་ནི། །ཀུན་ཀྱང་མི་ལུས་གཅེར་བུ་ལ། །བྱ་ཡོས་བྱི་བའི་མགོ་བོ་ཅན། །ལག་ན་རལ་གྲི་ནད་རྐྱལ་ཐོགས། །ཡས་གླུད་འདི་ཡིས་ཚིམས་པར་གྱིས། །རྒྱལ་འགོང་བཙུན་གཟུགས་ཞྭ་ཐེབ་ཅན། །བསེན་མོ་དམར་ནག་རལ་པ་འཕྱང་། །རྒྱ་འདྲེ་ནད་བདག་མཐའ་མིའི་གཟུགས། །རྒྱ་ཆས་ལག་ན་ནད་རྐྱལ་འཛིན། །ཡས་དང་གླུད་འདིས་ཚིམས་པར་གྱིས། །དུས་ཀྱི་འགོང་པོ་སྤུན་དགུ་དང་། །བསེ་རག་ལྟོག་འགོང་ཟ་འདྲེའི་ཚོགས། །གནོད་བྱེད་གདོན་བགེགས་ཐམས་ཅད་ལ། །ཡས་གླུད་རྒྱ་ཆེན་འདི་འབུལ་ལོ། །ཐམས་ཅད་ངོམས་ཤིང་ཚིམས་གྱུར་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོགས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །དེ་ནས་ཁ་ཕྱིར་བསྒྱུར་ལ། རྫོངས་འདེབས་བྱ་བ་ནི། ཧཱུྃ། ང་ནི་ཁྲག་འཐུང་ཧེ་རུ་ཀ །ཟིལ་གནོན་པདྨ་དྲག་པོ་རྩལ། །ཉོན་ཅིག་བསེ་རག་འགོང་པོའི་ཚོགས། །དམ་སྲི་འབྱུང་པོ་ང་ལ་ཉོན། །རྒྱལ་བའི་བཀའ་ལ་མི་ཉན་མེད། །གཅེས་པའི་སྲོག་ལ་མི་འཛེམ་མེད། །སྲིད་པའི་ཆུ་ལ་མི་འཐུང་མེད། །སྨྲས་པའི་ཚིག་ལ་མི་ཉན་མེད། །འཚོ་བའི་ཟས་ལ་མི་ཆགས་མེད། །ཡས་དང་གླུད་རྫས་འདི་བཞེས་ལ། །ད་ནི་འགོང་པོའི་གནས་སྤོ་འཚལ། །དེ་རིང་བྱེ་བའི་རྫོངས་འདེབས་སོ། །ཆངས་རྗེས་དྲི་གླུད་ཤ་དུམ་དང་། །དར་ཟབ་འབྲུ་སྣ་རྫོངས་སུ་འདེབས། །ལོ་གླུད་སྦང་རམ་སྒོག་ཙོང་སྤོད། །ཤེལ་ཚིགས་ཡུག་པོ་རྫོངས་སུ་འདེབས། །རྫོངས་འདེབས་ལམ་བརྒྱགས་འདི་ཁྱེར་ལ། །ཟ་ཁ་དགྲ་ཡི་ཡུལ་དུ་སྟོན། །འདྲེ་དམག་དགྲ་ཡི་སྟེང་དུ་དྲོངས། །ད་ནི་མ་འདུག་མྱུར་དུ་དེངས། །དེ་ནས་ཁྱེར་བཅུག་ལ། སྐྱེས་བུ་གོ་མཚོན་ཅན་གྱིས་གི་ཧ་ཞེས་རལ་གྲི་རྡེག་པའི་ཚུལ་དང་བཅས་རྒྱབ་ནས་དེད། སྔགས་པས་ཐུན་བཟུང་། ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །མཆོད་སྦྱིན་མགྲོན་དུ་བཀུག་པ་རྣམས། །དང་པོ་ལན་གཅིག་མི་མཆོད་རྒྱུ། །དབང་དྲག་པདྨ་དམ་ཚིག་གཉན། །ད་ནི་འདུག་པ་ཡུན་མ་རིང་། ཁྱོད་ལ་ལམ་གཅིག་བསྟན་པ་ནི། །དུས་གསུམ་རྒྱལ་བའི་རྡོ་རྗེའི་བཀས། །ཟས་སྐལ་ཕོག་པ་དེ་རུ་སོང་། །ཟ་བའི་ལམ་གཅིག་མ་བསྟན་ན། ཁྱེད་རྣམས་མཁའ་ལ་རྒྱུ་བ་ཡི། །འདྲེ་ལྟོག་ཡི་དྭགས་བཀྲེས་སྐོམ་ཆེ། །ཤ་ཁྲག་དོན་སྙིང་སྲོག་ལ་རྔམས། །དེ་ཕྱིར་ཟ་བའི་ལམ་བསྟན་པ། །གསང་སྔགས་རྡོ་རྗེ་ཐེག་པ་ལ། །ལོག་ལྟ་ཁྱད་གསོད་དམོད་པ་དང་། །རྡོ་རྗེ་སློབ་དཔོན་མཆེད་ལ་སྡང་། །འགྲས་ཚོལ་དམ་ལོག་ཡ་ག་སྒྲོག །གཙུག་ལག་དབེན་གནས་དཀོར་ནོར་ཕྲོག །རྒྱུ་འབྲས་རྣམ་སྨིན་མི་འཛེམ་པའི། །དམ་ལོག་ལས་ངན་དགྲ་བོ་ཡི། །ཚེ་བསོད་སྲིད་ནོར་དབང་ཐང་དང་། །རྟ་ཕྱུགས་ཞིང་ལ་ཟ་ལམ་སྟོན། །བསྟན་དགྲའི་སྟེང་དུ་ལས་ལ་ཡ། །བསེ་རག་མུག་ཚང་དེ་རུ་ཟུངས། །ཚེ་སྲོག་ནོར་ལ་ཧབ་ཀྱིས་ཐོབས། །བསོད་ནམས་མངའ་ཐང་ཟད་དུ་ཆུག །ཁ་རྗེ་ཟ་ཐང་རླུང་ལ་སྐུར། །བདེ་སྐྱིད་དགའ་བདེ་ཕྱགས་མས་ཐོབས། ཁ་སྨྲས་གླེང་བརྗོད་ཐན་ལྟས་དང་། །ནང་འཁྲུག་ཕུང་གྱོད་མྱུར་དུ་ཐོངས། །གལ་ཏེ་བཀའ་ལ་མི་ཉན་ན། །དབང་དྲག་འབར་བ་ཐུགས་ཁྲོས་ནས། །ཡཀྴ་མེ་དབལ་སྐར་ལྟར་འཁྲུགས། །ལས་ཀྱི་ཕོ་ཉས་སྟོང་གསུམ་གང་། །རྡོ་རྗེའི་མཚོན་ཆར་རབ་འཕྲོས་པས། །བརླག་པར་འགྱུར་བ་གདོན་མི་ཟ། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨརྩིག་དང་མེ་དབལ་སྔགས་ཤམ་སུམ་བྷ་ནི་བརྗོད་ཅིང་། དྲང་སྲོང་དམོད་སྔགས་ནི། ཨོཾ་ལོཀྟྲི་པཱ་ལ་ནན། ས་ག་པཱ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིགས་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག །གནོད་བྱེད་བསེ་རག་འགོང་པོ་ལོ་ཉེས་དུས་འཁྲུགས་གཏོང་བའི་འབྱུང་པོ་ཁོ་རང་ལ་གནོད་པ་ཐམས་ཅད་སྡིགས། རང་གཤེད་རང་ལ་ཕོབ། རང་བྱད་རང་ལ་ཟློགས། ཡ་ཟློག །མ་ཟློག །བྷྱོ་བྷྱོ། །ཟློག་ཟློག །ཨུ་ཙ་ཏ་ཡ་ཕཊ། སོགས་ཁ་བསྒྱུར། ཐུན་གྱིས་བྲབ། ཐལ་མོ་བརྡབ། ཞིང་གི་ཕྱི་རོལ་དུ་རྒྱང་རིང་དུ་བསྐྱལ། གྲུ་ལ་བསྐྱོན་ནས་ཆུ་ལ་བསྐུར་ཀྱང་རུང་ངོ་། །ཕྱག་རྟགས་རྡོ་རྗེ་བཀླག །སྲུང་འཁོར་བསྒོམ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །ལོ་གླུད་འགོང་པོ་བཀར་ཡས་འདི་ཞིང་ལྷའི་གཡང་སྐྱབས་ཀྱི་ཆ་རྐྱེན་དུ། སངས་རྒྱས་སྤྲུལ་པའི་སྐུས་བཀའ་གནང་དང་ཉེ་གནས་པས་བསྐུལ་པས་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས་བླ་མ་དྲག་པོའི་ཐུན་མཚམས་སུ་ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་ངག་ནས་སྨྲོས་པ་ལྟར་ཡི་གེ་པ་ནི་ཀརྨ་ཨ་བྷཱ་ཡ་སིཾ་ཧས་བགྱིས་པའོ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས། །གནས་ལུང་གི་ཆོ་ག་ལྷན་སྐྱེས་ཐུགས་རྗེའི་ཕོ་ཉ (Volume 34, Text 64)
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། །གནས་ལུང་གི་ཆོ་ག་ལྷན་སྐྱེས་ཐུགས་རྗེའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། ། བཟོད་དཀའ་སྲིད་པའི་ཟུག་རྔུའི་སྨན། བདེ་ཆེན་བདུད་རྩིའི་སིམ་འོད་ཀྱིས། །དབུགས་འབྱིན་བླ་མ་རྗེ་བཙུན་མར། བཏུད་ནས་གནས་ལུང་རིམ་པ་འཆད། དེ་ཡང་རྣལ་འབྱོར་པ་རང་ཉིད་ལྟ་དགོངས་ཟབ་མོའི་རང་རྩལ་ཉམས་ཐག་བར་དོའི་ཡིད་ཅན་ལ་བཟོད་དུ་མེད་པའི་སྙིང་རྗེས་ཡིད་འཁུལ་ཞིང་བསྙེན་སྒྲུབ་ལས་སུ་རུང་བའི་སློབ་དཔོན་གྱིས། སྲིད་པ་བར་མ་དོར་འཁྱམས་པའི་སེམས་ཅན་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་ཚུལ་འཆད་པ་ལ་སྦྱོར་དངོས་རྗེས་ཀྱི་ཆིངས་གསུམ་ལས། དང་པོ་ལ། ཡོ་བྱད་བཤམ་པ་དང་། ལས་ཀྱི་གཞུང་བསྲང་བའོ། །དང་པོ་ནི། སྐུ་མཚན་མའི་དཀྱིལ་འཁོར་རྡུལ་ཚོན་དང་རས་བྲིས་གང་ཡང་རུང་བའི་སྟེང་། གསུང་རང་བྱུང་གི་བྷནྡྷ་བདུད་རྩི་ལྔས་གང་བ། །ཐུགས་མེ་ལོང་གི་སྟེང་སིནྡྷུ་རའི་རྡུལ་གྱིས་བཅགས་པར་ཆོས་འབྱུང་བཾ་ཡིག་སྔགས་ཕྲེང་དང་བཅས་པའི་སྟེང་། ཡེ་ཤེས་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གིས་མཚོན་པའི་དཀྱིལ་འཁོར་གྱི་མཆོད་སྐོང་སྒྲུབ་པའི་རྫས་ཐམས་ཅད་དང་། དམིགས་བྱའི་ཟག་བཅས་ཀྱི་ཕུང་པོ་དངོས་དང་། མེད་ན་གཟུགས་བརྙན་ནམ་གུར་གུམ་གྱིས་མིང་ཡིག་ནྲྀ་བཅས་བྲིས་པའི་བྱང་བུ་པདྨ་འདབ་བརྒྱད་ལ་བཀོད་པ་དཀྱིལ་འཁོར་གྱི་ཤར་སྒོར་བཞག །དེ་དང་ཉེ་བར་ཞི་དྲག་གི་སྦྱོང་བའི་གཏོར་མ། ཏིལ་དང་མེ་ཆུ། བྱེ་མ་ཡུངས་དཀར། འབྱུང་བཞིའི་བྱབ་རྫས། ཟས་གཏད་བཟའ་བཏུང་སོགས་ཚང་བར་བཞག་གོ །གཉིས་པ་ལས་གཞུང་བསྲང་བ་ནི། རྩ་བའི་ཕྲིན་ལས་ལྟར་བརྒྱུད་པའི་གསོལ་འདེབས་ནས་རྩ་བའི་བཟླས་པ་དགོངས་པ་གསལ་འདེབས། བདག་འཇུག་ལྟར་ཐོད་བུམ་བསྒྲུབ་པ་བཅས་རང་གཞུང་སོ་སོ་ལྟར་མཐར་ཆགས་སུ་གཏང་ཞིང་། ཁྲུས་ཀྱི་བུམ་བཟླས་རྡོ་རྗེ་མཁའ་འགྲོའི་ཆུ་སྐོང་ལྟར་བསྐྱེད་བཟླས་འོད་ཞུ་བཅས་བྱ། སྔགས་ཀྱི་ནུས་པ་བྱེ་མ་དང་ཡུངས་དཀར་ལའང་བསྟིམ། གཏོར་འབུལ་དང་ཚོགས་མཆོད་སྐོང་། ལྷག་པར་རྡོ་རྗེ་ཕག་མོའི་མར་མེའི་སྐོང་བ་བཅས་དཀྱུས་ལྟར་བཏང་ངོ་། །གཉིས་པ་དངོས་གཞི་ལ་སྔོན་འགྲོ་འཇུག་པའི་ཆོས་སྦྱོང་ཁྲུས། དངོས་གཞི་དབང་། རྗེས་འདོད་ཡོན་འབུལ་ཞིང་ལམ་སྦྱོང་བསྟན་ནོ། །དང་པོ་ལའང་བདུན་ལས། །ཐོག་མར་རྟེན་བསྐྱེད་པ་ནི། ལས་སྔགས་བརྗོད་པས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཉིད་ལྷ་ཡི་གཟུགས་ཅན་གསོན་གྱི་རྣམ་པ་ཇི་ལྟ་བ་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་གུས་ཤིང་ཐལ་མོ་སྦྱར་ཏེ་འཁོད་པར་གྱུར། གཉིས་པ་རྣམ་ཤེས་དགུག་པ་ནི། རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དམིགས་ཡུལ་མངོན་སུམ་བཀུག་སྟེ་རྟེན་ལ་བསྟིམ་པར་མོས་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བཅོམ་ལྡན་འདས་ཁྲོས་མ་ནག་མོ་རིགས་ལྔ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་དག་ཀྱང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་བརླབ་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གང་ལ་གནས་ཀྱང་སྐད་ཅིག་གིས་དམིགས་པའི་རྟེན་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨཱ་ཀརྵ་ཡ་ཛཿ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་སྡིག་པ་བཀུག་ནས། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་གྱུར། གསུམ་པ་བགེགས་སྦྱོང་བ་ལ། སྤྱི་དང་། ཁྱད་པར་རོ། །དང་པོ་ནི། རང་ཉིད་མ་གཅིག་ཁྲོས་མའི་ཐུགས་ཀ་ནས། །ཚད་མེད་བཞི་ལྡན་སྤྲུལ་པའི་ཌཱ་ཀི་མ། །དཀར་སེར་དམར་ལྗང་རང་རྟགས་མཚོན་ཆ་ཐོགས། །སེང་་་དཀར།སྟག་་་གྲུས་མ།དུར་བྱ་་་དམར་པོ།ལྕེ་སྤྱང་སྔོན་མོ་འཆིབ། །ཚེ་འདས་གནོད་བྱེད་ཟ་འདྲེ་ཤི་གཤེད་གཅགས།། སྲོག་གཅོད་ཚེ་དབུགས་ལེན་དང་མདངས་འཕྲོག་འདྲེ། །གསོན་བདུད་གཤེད་ཆེན་བཅུ་གཉིས་མ་ལུས་ཀུན། །རང་དབང་མེད་པར་གནས་འདིར་མྱུར་ཁུག་ཅིག །ཨོཾ་ཧ་བཛྲ་ཨཾ་ཀུ་ཤ་ཛཿ རི་རཏྣ་པཱ་ཤ་ཧཱུྃཿ ནི་པདྨ་བྷནྡྷ་བཾཿ ས་ཀརྨ་གཎྜེ་ཧོཿ ཞེས་ཚེ་འདས་ཀྱི་ཐར་ལམ་ལ་བར་དུ་གཅོད་པའི་ལན་ཆགས་ཀྱི་བགེགས་ཚོགས་བཀུག་པ་ལ། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་པ་ནས། གྲྀཧྞེ་དཾ་བ་ལྱ་དཱི་སྭཱ་ཧཱ། ལན་གསུམ་གྱིས་ཞི་བ་དང་། ཏིང་ལོ་དང་ཆངས་བུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞི་པ་གསུམ་གྱིས་ཞི་དྲག་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི། ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་གཅགས་སོགས་ཐར་པའི་ལམ་ལ་བར་དུ་གཅོད་པའི་ནག་ཕྱོགས་འབྱུང་པོ་རྣམས། འདོད་ཡོན་གྱི་གཏོར་མ་འདིས་ཚེ་རབས་ཀྱི་ལན་ཆགས་བྱང་སྟེ་ངོམས་ཤིང་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ལས་བྱེད་སྤྲུལ་པའི་མཁའ་འགྲོའི་ཚོགས་ཀྱིས་ཡེ་ཤེས་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ་ཞེས་དང་དྲག་སྔགས་རོལ་མོ་ཡུངས་ཐུན་གུ་གུལ་བཅས་གཏོར་མ་རྒྱང་རིང་དུ་དོར་བ་ནི་དྲག་པོའི་སྦྱང་བའོ། །གཉིས་པ་ཁྱད་པར་བ་ནི། ཧཱུྃ། ང་ནི་མ་གཅིག་ཁྲོས་མ་ནག་མོ་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། ཁམས་གསུམ་སྲིད་གསུམ་སྲོག་གི་བདག་མོ་སྟེ། །སྤྲུལ་པའི་ཕོ་ཉ་འབུམ་ཕྲག་མཁའ་འགྲོ་སྤྲོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དྷཱ་ཀི་སྟག་་་དཀར།ཁྱུང་་་དམར།སེང་་་སྔོ།ཕག་་་སེར།འབྲུག་་་ལྗང་།གི་གདོང་། །ཀུན་ཀྱང་ཕྱག་གཡས་མི་ལྤགས་གཡང་གཞི་བརྡེབ། །གཡོན་པས་གཤེད་ཟོར་གཤེད་སཏྭ་རྐང་གླིང་དང་། །རྒྱུ་ཞགས་རེག་གཅོད་སྤུ་གྲི་འབར་བ་གདེངས། །སྐུ་ལས་མཚོན་ཆ་སྤྱན་ནས་མེ་སྟག་འཕྲོ། །ཤངས་ནས་རླུང་འཚུབ་ཁྲོ་ཆུའི་ཁ་ཕྲུ་ཅན། །གནམ་ས་བར་སྣང་ཕྱོགས་བཅུའི་འཇིག་རྟེན་ཁྱབ། །འཁོར་དང་བཅས་པའི་ཐུགས་དམ་དུས་ལ་བབ། །ཚེ་འདས་བླ་སྲོག་རྣམ་ཤེས་བདག་བཟུང་བའི། །བདུད་བཞི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དང་། །དབུགས་ལེན་གསོན་བདུད་གཤིན་གཅགས་ཚེ་མདངས་འཕྲོག །ཤི་འདྲེ་ཤི་གཤེད་ནད་འདྲེ་གཅོང་སྲི་སོགས། །དམ་ཉམས་བདུད་བགེགས་ཐར་ལམ་བར་ཆད་ཀུན། །ལན་ཆགས་འདོད་ཡོན་གཏོར་མས་ཚིམས་གྱིས་ལ། །ཚེ་འདས་ཐར་ལམ་བར་དུ་མ་གཅོད་པར། །སོ་སོའི་གནས་སུ་མྱུར་དུ་འགྲོ་བར་གྱིས། །བཀའ་ལས་འདས་ན་ལས་བྱེད་ཌཱ་ཀི་མས། །རང་བྱས་ལས་ཀྱི་རྣམ་སྨིན་མྱོང་དུ་ཆུག །བག་ཆགས་གཟུགས་རྟེན་ཕུང་པོ་རྡུལ་དུ་རློགས། །གཤེད་ཟོར་འབར་བས་ཉམས་པའི་ཡན་ལག་ཆོད། །གཤེད་སཏྭ་ཁ་ཆེས་མགོ་བོ་ཚལ་པར་ཁོས། །གཤེད་སྒྲོ་རླུང་ཐུབ་དྲ་བའི་སྦུབས་སུ་ཚུད། །རྒྱུ་ཞགས་འདོམ་དགུས་ཆིངས་ལ་སྒྲོལ་གྲིས་གཏུབས། །ཐར་མེད་རྣམ་ཐར་སྒོ་གསུམ་ཨེ་རུ་ཚུད། །གཟུང་འཛིན་འཁྲུལ་པའི་དྲ་བ་དབྱིངས་སུ་གཏོར། །རང་རིག་ཆོས་སྐུ་རྗེན་པའི་བཙན་ས་འཛིན། །ཚེ་འདས་བག་ཕེབས་བདེ་བར་དབུགས་དབྱུང་མཛོད། །ཨོཾ་ཀརྨ་ཌཱ་ཀི་ནཱི་ཀྲོ་དྷཱི་ཀཱ་ལི། ཧཱུྃ་ཧཱུྃ་སརྦ་བིགྷྣཱན་ཨུཙྪ་ཊ་ཡ་ཕཊ྄་ཕཊ྄། ཨོཾ་ཨཱཿཧཱུྃ་རཾ་ཡཾ་ཁཾ་བཛྲ་སཱ་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ ཞེས་དམིགས་གནད་ཀྱིས་དྲག་ཏུ་གཅུན་ཞིང་གཟིར་ཏེ་སྲུང་བའི་འཁོར་ལོས་མཚམས་གཅད་པ་བཅས་བྱའོ། །བཞི་པ་སྡིག་པ་སྦྱོང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་གཡས་གཡོན་དུ་མེ་ཆུ་བཅས་བཤམས་ཏེ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་ཏིལ་ལ་ཐིམ་པར་གྱུར། ཏིལ་གཡས་གཡོན་གྱི་མེ་ཆུར་དོར་ཏེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྔགས་ལན་གསུམ་གྱིས། སྡིག་པ་ཐམས་ཅད་ཟ་བྱེད་གོས་དཀར་ཡུམ་གྱི་ངོ་བོ་ཡེ་ཤེས་ཀྱི་མེར་བསྲེགས་ཏེ། སྦྱོང་བྱེད་རྡོ་རྗེ་མཁའ་འགྲོ་མཱ་མ་ཀཱིའི་རང་བཞིན་ཆོས་ཉིད་ཀྱི་རྒྱ་མཚོར་དོར་པས་ལྷག་མེད་དུ་སྦྱངས་ཤིང་དག་པར་གྱུར། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧི་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དང་རྡོ་རྗེ་མཁའ་འགྲོའི་ཡིག་བརྒྱ། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་དང་སྒྲིབ་སྦྱོང་གི་གཟུངས་བཅས་བཟླས་ཏེ་བྱེ་ཡུངས་བྲབ་ཅིང་། ཚེ་ལས་འདས་པའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ྄། ཅེས་ཇི་ལྟར་རིགས་པ་བཟླས་པས། སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་བཞུ་བ་ལྟར་དག་པར་གྱུར། ལྔ་པ་ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱི་འོ། །ཞེས་དང་། ཇི་ལྟར་བལྟམས་པ་སོགས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སོ་སོའི་མཚམས་སུ་སྔགས་བཅས་སྦྱར་བས་ཁྲུས་གསོལ་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ན་སྭཱ་ཧཱ། ཞེས་སྐུ་ཕྱིས་ནས་ཁྲུས་ཆུ་སླར་བུམ་པར་བླུགས་པས་མིང་བྱང་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒཱའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །ཚེ་འདས་སྒྲིབ་པ་དག་གྱུར་ཅིག །ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་བཟླ་བས་བཀྲུས་ཏེ། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །རིན་ཆེན་མཁའ་འགྲོའི་ངོ་བོ་སྟེ། །མཉམ་ཉིད་ཡེ་ཤེས་བདུད་རྩིའི་ཆུས། །སེར་སྣའི་རྒྱུ་འབྲས་དག་གྱུར་ཅིག །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །པདྨ་མཁའ་འགྲོའི་ངོ་བོ་སྟེ། །སོར་རྟོག་ཡེ་ཤེས་བདུད་རྩིའི་ཆུས། །འདོད་ཆགས་རྒྱུ་འབྲས་དག་གྱུར་ཅིག །འདི་ནི་བཟོད་པའི་རང་བཞིན་ཆུ། །རྡོ་རྗེ་མཁའ་འགྲོའི་ངོ་བོ་སྟེ། །མེ་ལོང་ཡེ་ཤེས་བདུད་རྩིའི་ཆུས། །ཞེ་སྡང་རྒྱུ་འབྲས་དག་གྱུར་ཅིག །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལས་ཀྱི་མཁའ་འགྲོའི་ངོ་བོ་སྟེ། །བྱ་གྲུབ་ཡེ་ཤེས་བདུད་རྩིའི་ཆུས། །ཕྲག་དོག་རྒྱུ་འབྲས་དག་གྱུར་ཅིག །འདི་ནི་བསམ་གཏན་རང་བཞིན་ཆུ། །ཡེ་ཤེས་མཁའ་འགྲོའི་ངོ་བོ་སྟེ། །རང་བྱུང་ཡེ་ཤེས་བདུད་རྩིའི་ཆུས། །རྣམ་གཡེང་རྒྱུ་འབྲས་དག་གྱུར་ཅིག །འདི་ནི་ཤེས་རབ་རང་བཞིན་ཆུ། །སངས་རྒྱས་མཁའ་འགྲོའི་ངོ་བོ་སྟེ། །ཆོས་དབྱིངས་ཡེ་ཤེས་བདུད་རྩིའི་ཆུས། །གཏི་མུག་རྒྱུ་འབྲས་དག་གྱུར་ཅིག །ཅེས་སོ་སོའི་མཚམས་སུ་གཟུངས་སྔགས་རོལ་མོར་བཅས་པས་ཁྲུས་བྱའོ། །དྲུག་པ་དུག་སྦྱོང་བ་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། སངས་རྒྱས་བཅོམ་ལྡན་དུག་མི་མངའ། སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཡང་འབྱུང་བཞི་སོ་སོས་བྱབ་སྟེ། ས་འདི་ང་རྒྱལ་དུག་གི་ཕ་ཡིན་ཏེ། །ས་འདི་ང་རྒྱལ་དུག་གི་མ་ཡང་ཡིན། །སྤྱན་མ་རིན་ཆེན་མཁའ་འགྲོའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་ང་རྒྱལ་དུག་མེད་ཤོག །ཆུ་འདི་ཞེ་སྡང་དུག་གི་ཕ་ཡིན་ཏེ། །ཆུ་འདི་ཞེ་སྡང་དུག་གི་མ་ཡང་ཡིན། མཱ་ཀཱི་རྡོ་རྗེ་མཁའ་འགྲོའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་ཞེ་སྡང་དུག་མེད་ཤོག །མེ་འདི་འདོད་ཆགས་དུག་གི་ཕ་ཡིན་ཏེ། །མེ་འདི་འདོད་ཆགས་དུག་གི་མ་ཡང་ཡིན། །གོས་དཀར་པདྨ་མཁའ་འགྲོའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་འདོད་ཆགས་དུག་མེད་ཤོག །རླུང་འདི་ཕྲག་དོག་དུག་གི་ཕ་ཡིན་ཏེ། །རླུང་འདི་ཕྲག་དོག་དུག་གི་མ་ཡང་ཡིན། སྒྲོལ་མ་ལས་ཀྱི་མཁའ་འགྲོའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་ཕྲག་དོག་དུག་མེད་ཤོག །ཅེས་དུག་སྦྱང་ངོ་། །གོང་གི་ཁྲུས་དང་དུག་དབྱུང་རིགས་བསྡུ་ན། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །མཁའ་འགྲོ་རིགས་ལྔའི་ངོ་བོ་སྟེ། །ཡེ་ཤེས་དྲུག་གི་བདུད་རྩིའི་ཆུས། །དུག་ལྔ་རྒྱུ་འབྲས་དག་གྱུར་ཅིག །ཅེས་དང་། དུག་སྦྱང་ལ་ཚིག་དང་པོ་གཉིས་སྔ་མ་ལྟར་ལ། ཕྱི་མ། དཀོན་མཆོག་གསུམ་པོ་དུག་མི་མངའ། །མཆོག་གསུམ་བདེན་པས་དུག་བཅོམ་མོ། །ཞེས་དང་། འབྱུང་བཞི་ཉོན་མོངས་དུག་ལྔའི་ཕ་ཡིན་ཏེ། །འབྱུང་བཞི་ཉོན་མོངས་དུག་ལྔའི་མ་ཡང་ཡིན། །ཡུམ་ཆེན་རིགས་ལྔའི་མཁའ་འགྲོའི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་ལྔ་དབྱིངས་གྲོལ་ཤོག །ཅེས་བརྗོད་པས་ཀྱང་རུང་ངོ་། །བདུན་པ་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་འདས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་བསམ་ལ། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་ཚལ་ལོ། །བདེ་གཤེགས་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་དབྱིངས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག་མོར་བཞེངས༔ གཏི་མུག་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཀུན་གྱི་མེ་ལོང་ཡེ་ཤེས་དབྱིངས༔ བཅོམ་ལྡན་འགྱུར་མེད་རྡོ་རྗེ་མཁའ་འགྲོར་བཞེངས༔ ཞེ་སྡང་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཀུན་གྱི་མཉམ་ཉིད་ཡེ་ཤེས་དབྱིངས༔ བཅོམ་ལྡན་རྩོལ་མེད་རིན་ཆེན་མཁའ་འགྲོར་བཞེངས༔ ང་རྒྱལ་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཀུན་གྱི་སོར་རྟོག་ཡེ་ཤེས་དབྱིངས༔ བཅོམ་ལྡན་ཆགས་མེད་པདྨ་མཁའ་འགྲོར་བཞེངས༔ འདོད་ཆགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཀུན་གྱི་བྱ་གྲུབ་ཡེ་ཤེས་དབྱིངས༔ བཅོམ་ལྡན་ཐོགས་མེད་ལས་ཀྱི་མཁའ་འགྲོར་བཞེངས༔ ཕྲག་དོགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཀུན་གྱི་གང་འདུལ་ཡེ་ཤེས་དབྱིངས༔ དམ་ཚིག་ལས་ཀྱི་མཁའ་འགྲོའི་སྐུར་བཞེངས་ནས༔ རྟོག་ཚོགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཀུན་གྱི་བདེ་སྟོང་ཡེ་ཤེས་དབྱིངས༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་གཟུགས་སུ་ཤར༔ གཟུང་འཛིན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་རྒྱ་མཚོའི་གཏེར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་བྱུང་བར། །མངོན་པར་བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །ཞེས་ཕྱག་གིས་བཏུད་པ་སྔོན་དུ་འགྲོ་བས། མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་དང། །བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཚོགས། །ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །མཁྱེན་བརྩེའི་བདག་ཉིད་མགོན་པོ་ཁྱེད་རྣམས་ཀྱིས། །ཉམ་ངའི་གནས་ལྟུང་སྐྱབས་མེད་བདག་ལྟ་བུ། །བཟོད་དཀའ་གཤིན་རྗེའི་གཡུལ་ངོར་ཕམ་པའི་མཐུས། །འཇིགས་དང་སྡུག་བསྔལ་ཟུག་རྔུས་མནར་ལ་གཟིགས། །ཐོག་མེད་སྤྱད་པའི་ལས་ངན་གྱིས་བསྒྲིབས་པས། །འཁྲུལ་སྣང་དུཿཁས་གདུངས་ལ་རྗེས་དགོངས་ཏེ། །སྲིད་པའི་རྒྱ་མཚོ་བརྒལ་དཀའ་ལས་བསྒྲལ་ནས། །ལྷན་སྐྱེས་བདེ་ཆེན་ས་ལ་དྲང་དུ་གསོལ། །ཞེས་འདུན་པ་རྩེ་གཅིག་པས་གསོལ་ཏེ་སྐྱབས་སུ་སོང་བར་མོས་ལ། གཉིས་པ་དངོས་གཞིའི་དབང་གི་ཆོ་ག་ནི། སྤྲོ་ན། ཇི་ལྟར་བལྟམས་པ་སོགས་ཀྱི་ཁྲུས་ནས་དབྱུང་བ་དང་བསྐྲད་སྲུང་། མཎྜལ། སྐྱབས་སེམས་སྡོམ་གཟུང་རྣམས་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ སོགས་ཀྱིས་གསོལ་བ་བཏབ་པས། ཚེ་འདས་སྐད་ཅིག་གིས་བཅོམ་ལྡན་འདས་ཡུམ་ཆེན་ཁྲོས་མ་ནག་མོའི་སྐུར་གྱུར་པ་ལ། སློབ་དཔོན་རྡོ་རྗེ་ཕག་མོའི་སོགས་བདག་འཇུག་དཀྱུས་ལྟར་དབང་བཞི་ཡོངས་རྫོགས་མཇུག་སྤྲོ་བ་བསྐྱེད་པའི་བར་ཐར་ཆགས་སུ་བསྐུར་རོ། །ཡང་སྐབས་འགའ་ཞིག་ཏུ་སྤྲོས་པ་འཚམ་པའི་དབང་དུ་བྱས་ནས་རྡོ་རྗེ་གསུམ་གྱི་དབང་བསྐུར་ཙམ་སྦྱར་ན། ཁྲུས་དང་བསྐྲད་སྲུང་། མཎྜལ། སྐྱབས་སེམས་སྡོམ་གཟུང་རྣམས་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས། །སོགས་ཀྱིས་གསོལ་བ་བཏབ་པས། ཚེ་འདས་སྐད་ཅིག་གིས་བཅོམ་ལྡན་འདས་ཡུམ་ཆེན་ཁྲོས་མ་ནག་མོའི་སྐུར་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པས་རྡོ་རྗེའི་གསང་བ་གསུམ་གྱི་དབང་བསྐུར་བར་གྱུར། སྐུ་བྷནྡྷ་དཔྲལ་བར་བཞག་ཅིང་བདུད་རྩི་སྦྱིན་ཏེ། ཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་རྡོ་རྗེ་མཁའ་འགྲོ་མས༔ ལུས་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ གསུང་མེ་ལོང་སིནྡྷུ་རའི་དཀྱིལ་འཁོར་བཀོད་པའི་ཐིག་ལེ་མགྲིན་པར་བྱུགས་ལ། ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེ་མཁའ་འགྲོ་མས༔ ངག་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཝཱ་ཀ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཐུགས་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ཏེ། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་རྡོ་རྗེ་མཁའ་འགྲོ་མས༔ ཡིད་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཙིཏྟ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་དབང་བསྐུར་པས་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་དང་སློབ་མའི་སྒོ་གསུམ་དབྱེར་མེད་པར་གྱུར་ཏེ། ཁམས་གསུམ་གྱི་སྣང་གྲགས་རྟོག་པ་ཐ་མལ་གཉིས་འཛིན་གྱི་སྒྲིབ་པ་སྦྱངས། དབང་བཞིའི་ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་སྨིན། རྡོ་རྗེ་བཞི་ཡི་ལམ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས། སྐུ་བཞི་ཡེ་ཤེས་ལྔ་ལྡན་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་གོ་འཕང་མངོན་དུ་བྱས་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་ལས། དང་པོ་ཟས་གཏད་ནི། ཡོ་བྱད་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ནམ་མཁའ་མཛོད་སྔགས་རྒྱ་དང་བཅས་པ་ལན་གསུམ་གྱིས་བྱིན་བརླབ་བྱས་ཏེ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། ཡེ་ཤེས་ཌཱ་ཀིའི་གནས་ཐོབ་ཁྱོད་ལ་འབུལ། །བདེ་སྟོང་དགའ་བས་རྟག་ཏུ་ཚིམ་པར་ཤོག །ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་ཙམ་མམ་སྤྲོ་ན་འདོད་ཡོན་ལྔ་སོ་སོར་ཕྲལ་ཏེ་ཕུལ་མཐར། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །གཉིས་པ་འཁོར་བར་མ་ཆགས་པར་གདམས་པ་ནི། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། རིགས་དྲུག་འཁོར་བའི་གནས་ན་བདེ་བ་མེད། །སྡུག་བསྔལ་སྲིད་པའི་ལས་ལ་མ་ཆགས་པར། །འདུན་པ་ལྷ་དང་བླ་མར་རྩེ་གཅིག་གཏོད། །ངན་སོང་བཟོད་དཀའི་སྡུག་བསྔལ་ཤུགས་དྲག་ཅིང་། །བདེ་འགྲོ་རྙེད་ཀྱང་མི་བརྟན་སྐད་ཅིག་ཙམ། །རྨི་ལམ་སྒྱུ་མ་ལྟ་བུར་ངོ་ཤེས་པས། །ཞེན་མེད་དད་པའི་སེམས་ཀྱིས་བདག་ལ་ཉོན། །ཚེ་འདིའི་གཉེན་བཤེས་ལོངས་སྤྱོད་བདེ་སྐྱིད་ཀུན། །འཕྲེང་ན་ཐར་པར་བར་དུ་གཅོད་པའི་རྐྱེན། །མི་རྟག་སྐད་ཅིག་ཚོགས་པའི་མགྲོན་པོ་འདྲ། །གདུང་བས་མ་འཕྲེང་དད་པའི་སེམས་སྐྱེད་ཅིག །གསུམ་པ་བར་དོའི་གདམས་པ་ངོ་སྤྲོད་པ་ནི། མར་མེ་སྦར་ཞིང་དེ་ཉིད་རྡོ་རྗེ་ཕག་མོ་ལུས་དཀྱིལ་གནས་ལྔའི་མཁའ་འགྲོ་དཔའ་བོ་དཔའ་མོའི་གྲོང་ཁྱེར་དང་བཅས་པ་མ་འདྲེས་ཡོངས་རྫོགས་སུ་གསལ་ཏེ། ཨོཾ་བཛྲ་བྷ་ར་ཧི་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཾ་བཾ་བཾ༔ ཞེས་ཅུང་ཟད་བཟླས་ཏེ་མར་མེའི་འོད་ཟེར་བྱང་བུ་ལ་ཕོག་པར་བསྟན་ཏེ། ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །དབྱིངས་ཀྱི་ཀོང་བུར་རིག་པའི་མར་མེའི་བཅུད། །རང་བྱུང་ལྷུན་གྲུབ་རྡོ་རྗེ་ཕག་མོ་སྟེ། །རླུང་སེམས་བདེ་སྟོང་རྣམ་པ་ཐམས་ཅད་གཟུགས། །མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཆེན་པོ་ཡིན། །ཡེ་ཤེས་འོད་ཟེར་བསམ་མི་ཁྱབ་པ་འདི། །འཁྲུལ་སྣང་ལས་ཀྱི་མུན་པ་སེལ་བའི་མཆོག །མ་ཡེངས་མ་འཕྲོ་རྩེ་གཅིག་འདི་ལ་ལྟོས། །སྣང་སྟོང་གཉིས་མེད་མེ་ཡི་འོད་ཟེར་ལྟར། །བར་དོའི་སྣང་ཆ་སྟོང་གཟུགས་ཤེས་པར་གྱིས། །ཆོས་ཉིད་རང་སྒྲ་བཟང་ངན་ཅི་ཤར་ཡང་། །གྲགས་སྟོང་མཉམ་ཉིད་སྐྱེ་མེད་སྔགས་སུ་ལྟོས། །དྲན་རྟོག་ཅི་ཤར་རང་གྲོལ་བདེ་བ་ཆེ། །འོད་གསལ་ཡེ་ཤེས་རོལ་མོར་ངོ་ཤེས་གྱིས། །རང་ངོ་འཕྲོད་ན་འཁྲུལ་སྣང་བར་མ་དོའི། །སྣང་བ་ཐམས་ཅད་ལྷན་སྐྱེས་མཁའ་འགྲོའི་དལ། །བདེ་ཆེན་སྟོང་པ་གཉིས་མེད་བདག་ཉིད་དེ། དག་པ་ཆེན་པོ་ཆོས་སྐུ་ཉག་གཅིག་ཡིན། །རང་ངོ་ཤེས་ན་དུག་ལྔའི་ཉོན་མོངས་ཀྱང་། །ཡེ་ཤེས་ལྔ་ལྡན་མཁའ་འགྲོ་རིགས་ལྔའི་དལ། །མེ་དང་འོད་ཟེར་གཉིས་སུ་མེད་པ་ལྟར། །སྣང་བ་ཐམས་ཅད་རང་སྣང་རོལ་རྩལ་ཡིན། །རླུང་སེམས་ཡེ་ཤེས་སྒྱུ་མའི་རང་བཞིན་དུ། །གཉིས་མེད་བསྲེ་ཞིང་དག་པར་གོ་འཕོ་བའི། །འདུན་པ་རྩེ་གཅིག་གཏོད་ལ་རིག་པ་སྒྲིམས། །འགྱུར་མེད་ཆོས་སྐུའི་གཏན་སྲིད་ཟིན་པར་གྱིས། །ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་དྷཱ་ཀ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་དབྱངས་དང་བཅས་བརྗོད་ཅིང་། དམིགས་ཡུལ་དང་རང་སེམས་ཆོས་ཉིད་གདལ་བ་ཆེན་པོའི་ཀློང་དུ་གཉིས་སུ་མེད་པར་ངོ་ཤེས་པའི་གདེང་བསྐྱེད་དེ་མཉམ་པར་བཞག་པའི་རྐྱེན་ལས། མར་མེ་ལས་མཁའ་འགྲོའི་སྐུ་དང་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བར་དོ་ཡིད་ཀྱི་བཀོད་པ་གསལ་བ་ལ་ཕོག་པས་སྣང་བ་ཐམས་ཅད་རྡོ་རྗེ་ཕག་མོའི་གསང་བ་གསུམ་གྱི་རྣམ་རོལ་དུ་ལམ་ལམ་གསལ་བའི་རྐྱེན་གྱིས། འཁྲུལ་སྣང་སྡུག་བསྔལ་འཇིགས་སྐྲག་ཐམས་ཅད་རང་ཞི་རང་གྲོལ་དུ་གྱུར་ནས་སྐྱེ་མེད་ཆོས་སྐུ་ཡུམ་ཆེན་མོའི་མཁའ་རུ་དག་སྟེ། འོག་མིན་མཁའ་སྤྱོད་བདེ་ཆེན་གྲོང་ཁྱེར་དུ་ཤར་བས་དབུགས་དབྱུང་བར་བསམ་སྟེ་མཆོད་སྐོང་དཀྱུས་སུ་འབྱུང་བ་ལྟར། ཧོ༔ དུར་ཁྲོད་གསང་མཆོག་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཞེས་སོགས་མར་མེའི་སྨོན་ལམ་ཀྱང་ཚང་བར་བྱས་མཐར། བཞི་པ་འཕོ་བའི་མན་ངག་གིས་ལམ་བསྟན་ཞིང་སྦྱོང་བ་ནི། ཀྱེ་མ་ཡིད་འོང་རིགས་ཀྱི་བུ་གཅིག །ཆ་མེད་བར་དོའི་ཡུལ་དུ་འཁྱམས་ཏེ། །སྣ་ཚོགས་སྡུག་བསྔལ་ཚོར་བས་གཟིར་ལ། །མ་གཅིག་ཞལ་གྱི་གདམས་པ་ཉོན་ཅིག །རླུང་སེམས་གཉིས་འདུས་བར་དོའི་སྲིད་པར། །འཆི་བར་ངོ་ཤེས་འདིར་སྣང་ཡིད་འཕྲེང་། །སྒྲ་འོད་འཕྲང་དང་གཤིན་རྗེའི་ཕོ་ཉའི། །འཁྲུལ་སྣང་སྣ་ཚོགས་རང་སེམས་ཆོ་འཕྲུལ། ཐོག་མེད་ལས་ཀྱི་རྫུ་འཕྲུལ་ལྡན་ཕྱིར། །དྲན་པ་ཙམ་གྱིས་གནས་དེར་སླེབ་པས། །འོག་མིན་གསང་ཆེན་ཆོས་ཀྱི་དབྱིངས་ན། །བཅོམ་ལྡན་རྡོ་རྗེ་ཕག་མོ་བཞུགས་ཀྱིས། །གཞི་ལུས་སྟོང་གསལ་འོད་ཀྱི་གུར་ནང་། །ཡེ་ཤེས་དབུ་མའི་ལྟེ་འོག་་་སོར་བཞིའི།ཐད་སོར། །ཟླ་སྟེང་རྣམ་ཤེས་དཀར་གསལ་ཐིག་ལེ།་་་རླུང་གི་རང་བཞིན་སྔོ་མདངས་ཆགས་པ། བསྐྱོད་བྱེད་རླུང་གིས་གཡོ་ཞིང་འཕར་བ། །བདེ་བ་མྱོང་བྱེད་ལས་ཀྱི་མཁའ་འགྲོས། །ཐུགས་རྗེའི་རླུང་གིས་ལྷ་མིན་གནས་སྦྱངས། །མཐའ་བྲལ་བྱ་གྲུབ་ཡེ་ཤེས་དབྱིངས་སུ། །ལྗང་གསལ་འོད་ཀྱི་ལམ་ལས་གཤེགས་ཤིག །འོག་རླུང་བསྐྱོད་ཅིང་སྟེང་རླུང་ཕྱིར་བཏང་བ་དང་མིག་གྱེན་དུ་བཟློག་སྟེ། ཕཊ྄་ཅེས་གསང་གནས་ནས་སྤར་ཏེ་ལྟེ་བར་བསྟིམ་ཞིང་རླུང་སེམས་བསྲེས་ལ་མཉམ་པར་གཞག །ཡང་། སྲིད་པ་སྐྱེད་བྱེད་རིན་ཆེན་མཁའ་འགྲོས། །ཐུགས་རྗེའི་རླུང་གིས་ཡི་དྭགས་གནས་སྦྱངས། ཁྱབ་བརྡལ་མཉམ་ཉིད་ཡེ་ཤེས་དབྱིངས་སུ། །སེར་གསལ་འོད་ཀྱི་ལམ་ལས་གཤེགས་ཤིག །སྔ་མ་ལྟར། ཕཊ྄་ཀྱིས་སྤར། དྲན་པ་རྣམ་བཀོད་རྡོ་རྗེ་མཁའ་འགྲོས། །ཐུགས་རྗེའི་རླུང་གིས་དམྱལ་བའི་གནས་སྦྱངས། །འོད་གསལ་མེ་ལོང་ཡེ་ཤེས་དབྱིངས་སུ། །མཐིང་གསལ་འོད་ཀྱི་ལམ་ལས་གཤེགས་ཤིག །ཕཊ྄། རོ་རྣམས་འདུས་པར་པདྨ་མཁའ་འགྲོས། །ཐུགས་རྗེའི་རླུང་གིས་ལྷ་ཡི་གནས་སྦྱངས། །མ་འདྲེས་སོར་རྟོག་ཡེ་ཤེས་དབྱིངས་སུ། །དམར་གསལ་འོད་ཀྱི་ལམ་ལས་གཤེགས་ཤིག །ཕཊ྄། རྩེ་མོ་རྣམ་བཀོད་སངས་རྒྱས་མཁའ་འགྲོས། །ཐུགས་རྗེའི་རླུང་གིས་དུད་འགྲོའི་གནས་སྦྱངས། །རང་རིག་ཆོས་དབྱིངས་ཡེ་ཤེས་ཀློང་དུ། །དཀར་གསལ་འོད་ཀྱི་ལམ་ལས་གཤེགས་ཤིག །ཕཊ྄། ཡེ་ཤེས་འཁོར་ལོ་རྡོ་རྗེ་ཕག་མོས། །ཐུགས་རྗེའི་རླུང་གི་མི་ཡི་གནས་སྦྱངས། །བདེ་སྟོང་ལྷན་སྐྱེས་ཡེ་ཤེས་དབྱིངས་སུ། །མཁའ་སྤྱོད་འོད་ལྔའི་ལམ་ལས་གཤེགས་ཤིག །ཅེས་གདམས་ཤིང་། དེ་ནས་ལམ་སྦྱོང་བ་ནི། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་བྱིན་རླབས་མཐུས། །རིགས་ཀྱི་བུ་ཁྱོད་ལམ་ལྔ་ས་བཅུ་ཀུན། །ཐོགས་མེད་སྐད་ཅིག་ཉིད་ལ་བགྲོད་གྱུར་ཅིག །གསང་མཆོག་སྨིན་གྲོལ་ཟབ་མོས་རྗེས་བཟུང་མཐུས། །གསང་ཆེན་སྔགས་ཀྱི་ཐེག་པའི་རིགས་གྱུར་ཏེ། །དཔལ་ཆེན་རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ཀྱིས། ཁ་སྦྱོར་བདེ་བས་རྗེས་སུ་འཛིན་པར་ཤོག །ཅེས་བདེན་པའི་སྟོབས་བརྗོད་པས། རྣམ་ཤེས་འོད་ཀྱི་གོང་བུ་ཚངས་བུག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་ནས་བྱ་འཕུར་བ་བཞིན་མཁའ་སྤྱོད་དྷཱུ་མ་ཐ་ལའི་ཞིང་དུ་ཐལ་གྱིས་སོང་སྟེ། རྡོ་རྗེ་བཙུན་མོ་ཡུམ་ཆེན་ཁྲོས་མ་ནག་མོའི་ཐུགས་ཀར་ཐིམ་པས་རྣམ་ཐར་སྒོ་གསུམ་གྱི་ཀློང་དུ་གཉིས་སུ་མེད་པར་སངས་རྒྱས་པར་བསམ་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ། ཨ། ཞེས་བརྗོད་ནས་མཉམ་པར་གཞག་གོ །ལྔ་པ་བྱང་བུ་བསྲེག་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས། ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་མ་དག་འཁོར་བའི་ཆོས་ཐམས་ཅད་སྟོང་ཉིད་རྣམ་ཀུན་མཆོག་ལྡན་ཀ་དག་གི་དབྱིངས་སུ་སྦྱངས་པར་བསམ་ལ། ཧཱུྃ། སྐྱེ་མེད་དབྱིངས་ཀྱི་ཐབ་ཁུང་དུ། །རིག་པ་རྡོ་རྗེའི་མེ་འོད་འབར། །དེ་དབུས་ཁྲོས་མ་རིགས་ལྔ་དང་། །དཔའ་བོ་དྷཱ་ཀིའི་ཚོགས་བཅས་ཀྱི། །སྐུ་ལས་བདེ་ཆེན་འབར་བའི་མེས། །ཚེ་འདས་ཉོན་མོངས་བག་ཆགས་སྲེག །རྣམ་ཐར་སྒོ་གསུམ་སྟོང་ཉིད་མེས། །བདག་འཛིན་མཚན་མའི་རྟོག་པ་སྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨགྣེ་ཛྭ་ལ་རཾ། ཞེས་ཟག་བཅས་སྡུག་བསྔལ་ཀུན་འབྱུང་གི་ཆོས་ཐམས་ཅད་ཟག་མེད་ཟབ་ཞི་སྤྲོས་བྲལ་གྱི་དབྱིངས་སུ་སྦྱངས་ཏེ་བདེ་བ་ཆེན་པོའི་དབྱིངས་སུ་བཙན་ས་ཟིན་པའི་བསྔོ་སྨོན་ཟབ་མོའི་རྒྱས་འདེབས་བཅས་མཐའ་རྒྱས་སུ་བྱ་ཞིང་། བྱང་བུ་བསྲེགས་པའི་ཐལ་བ་འཇིམ་པར་བརྫིས་ཏེ་སཱཙྪ་བཏབ་ཅིང་གྲུབ་ན་རིན་ཆེན་མཁའ་འགྲོའི་ས་ཡི་སྐོང་བའི་ཆོ་ག་ཡང་བྱ་ཞིང་མཐར་གནས་དབེན་པར་བཞག་གོ། འདིས་ཀྱང་མཁའ་ཁྱབ་འགྲོ་བ་མཐའ་དག་ཀུན། །རྗེ་བཙུན་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་སྟེ། །བདེ་ཆེན་འཕུར་འགྲོའི་ཚལ་དུ་རྩེན་པ་ཡིས། །སྐུ་བཞིའི་དབྱིངས་སུ་བདེ་བླག་སིམ་གྱུར་ཅིག །ཅེས་པའང་ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས་མཆོག་བསྐྱེད་ཅིང་ཆོས་སྲིད་ཟུང་འཇུག་གི་དྲིན་ལ་འཁོར་མཐའ་མ་མཆིས་པའི་ཨ་མ་བགྲེས་མོ་འཇམ་དབྱངས་ཚུལ་ཁྲིམས་བཟང་མོ། འཇིག་རྟེན་ཕྱི་མའི་ལམ་པོ་ཆེར་ཞུགས་ཏེ་དམ་པའི་ཆོས་ལས་གཞན་པའི་སྐྱབས་མ་མཆིས་པའི་ཚེ། སྔོན་མེད་གསང་བ་ཟབ་མོའི་མཛོད་ལ་ཅི་དགར་སྤྱོད་པའི་གནས་གསུམ་ཌཱ་ཀིའི་གཅེས་ཕྲུག་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་ས་ཡོས་མགོ་ཟླའི་དམར་ཕྱོགས་སུ་སྤེལ་བ་འདིས་ཀྱང་། ཕ་མས་ཐོག་དྲངས་འགྲོ་ཀུན་འཁྲུལ་སྣང་བར་དོ་དྲུག་གི་སྡུག་བསྔལ་ལས་དབུགས་དབྱུང་སྟེ་བདེ་ཆེན་མཁའ་སྤྱོད་ཚོགས་ཀྱི་འདུ་བ་ལ་རྩེན་པས་འབྲེལ་ཚད་དོན་དང་ལྡན་པའི་རྒྱུར་སྙིང་ནས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །མ་མ་ཀོ་ལིང་ས་མནྟ།། །།
ཡེ་ཤེས་རབ་འབར་ལས༔ འཇིགས་པ་བརྒྱད་སོགས་སྲུང་བའི་ལས་རིམ་ (Volume 44, Text 64)
༁ྃ༔ ཡེ་ཤེས་རབ་འབར་ལས༔ འཇིགས་པ་བརྒྱད་སོགས་སྲུང་བའི་ལས་རིམ་བཞུགས་སོ༔ ྈྈྈྈྈ འཇིགས་པ་བརྒྱད་སོགས་སྲུང་བའི་ལས་རིམ་ནི༔ རྒྱལ་བའི་ཡུམ་གྱུར་མཆོག་ལ་ཕྱག་འཚལ་འདུད༔ སྟོང་ཉིད་ཡེ་ཤེས་མཆོག་གི་དྷཱ་ཀི་མས༔ སྙིང་ལྟར་གཅེས་པར་སྐྱོང་བའི་ཐུགས་སྲས་ཀྱིས༔ འགྲོ་བའི་དོན་རབ་བརྩོན་པའི་ཆ་རྐྱེན་དུ༔ འཇིགས་པ་བརྒྱད་སོགས་སྲུང་བའི་རིམ་པ་འདི༔ རྒྱལ་བའི་གནས་ན་གཏེར་དུ་རྒྱས་འདེབས་ན༔ ཕྱི་མར་བུ་དང་འཕྲད་པ་སྨོན་ལམ་ཟབ༔ སྲབ་འཇམ་ཤོག་གུའི་ལེབ་ལ་སྲུང་བའི་འཁོར༔ དཔེ་འུ་རིས་བཞིན་མུ་ཁྱུད་ལྔ་ལྡན་གྱི༔ ལྟེ་བའི་ཕྱི་ནས་སྔགས་ཁ་བསྒྱུར་བ་ཡིན༔ ཨོཾ་ཨཱཿཀྲོ་ཏ་མ་ལ་ཕཊ༔ རྒྱལ་པོ་དང་སྡེ་རིགས་ཀྱི་འཇིགས་པ་ལས་སྲུངས་ཤིག༔ གསེར་གྱི་གཡའ་དང་གསེར་འདྲའི་རྡོ༔ ཉུངས་དཀར་ལྕགས་ཕྱེ་སྤྱང་བྲུན་སྦྱར་བ་བྱུག༔ ང་རྒྱལ་རྒྱལ་པོའི་འཇིགས་པ་བསྲུང་བར་འགྱུར༔ ས་མ་ཡ༔ མུ་ལེ་མུ་ལེ་མ་མ་སེ་རེ་རེ་ཧཱུྃ་ཕཊ༔ དུས་མ་ཡིན་པའི་འཆི་བ་ལས་སྲུངས་ཤིག་རཀྵ་རཀྵ༔ དུར་བ་ཅོང་ཞི་བྲག་ཞུན་བལ་དཀར་བྱུག༔ མགུལ་ལམ་མཆན་ཁུང་གཡོན་དུ་བཏགས་པ་ཡིས༔ གཏི་མུག་དུས་མིན་འཆི་བའི་ནད་ལས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀྲ་ཀྲོ་ཏ་མཱ་ར་ཡ་ཕཊ༔ ཕྲག་དོག་གི་བསམ་སྦྱོར་ངན་པའི་དུག་གིས་མི་ཚུགས་པར་སྲུངས་ཤིག༔ གཡུ་དང་བོང་དཀར་དབང་རིལ་ཁུ་བ་དང༔ རྨ་བྱའི་མདོངས་དང་རི་བོང་སྨ་ར་ཉུངས༔ སྦྱོར་བས་གང་གི་མགུལ་དུ་འདོགས་པ་ལ༔ ཕྲག་དོག་དུག་གི་བསམ་སྦྱོར་ངན་པ་བསྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀྲ་ཀྲོ་ཏ་ཨ་ཏ་ར་མུ་ལེ་ཕཊ༔ མི་རྒོད་ཀྱི་འཚེ་བ་ལས་སྲུངས་ཤིག་རཀྵ༔ བྱ་རྒོད་རྒྱུས་པ་སྤྲེའུའི་རྒྱུས་པ་བྱུག༔ དར་ཚོན་སྣ་ལྔའི་སྲད་བུའི་ཀློང་དུ་གཞུག༔ གང་ལ་འདོགས་པར་མི་རྒོད་འཚེ་བ་ཞི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནཱ་ག་སུ་ར་བ་ར་ཧཱུྃ་ཕཊ༔ སྦྲུལ་གྱི་གནོད་པ་ལས་སྲུངས་ཤིག་རཀྵ༔ གྷི་ཝཾ་གླ་རྩི་རྣ་རྭ་འོ་མ་དང༔ ཨ་ཀྲོ་ཏ་ཡི་ཆུ་དང་བཅས་པ་བྱུགས༔ གང་ལ་འདོགས་པའི་ལུས་ཅན་འགྲོ་བ་ལ༔ ཞེ་སྡང་སྦྲུལ་གྱི་འཚེ་བ་སྲུང་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རཾ་རཾ་མུ་ཏྲ་ཧྲཱིཿཧཱུྃ་ཕཊ༔ མེ་ཡི་འཇིགས་པ་ལས་སྲུངས་ཤིག་རཀྵ༔ སེ་འབྲུའི་ཀོག་དང་བྱ་མོའི་སྒོང་ཐིག་དང༔ རམ་དང་གཙང་པོའི་ཆུ་བལ་སྦྱར་བ་ཡི༔ སྲུང་བ་གང་འདིས་མེ་ཡི་འཇིགས་པ་སྐྱོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མུ་ར་མུ་ཏ་ཊ་ཧྲཱིཿཧཱུྃ་ཕཊ༔ ཆུ་ཡི་འཇིགས་པ་ལས་སྲུངས་ཤིག་རཀྵ༔ བྱ་རྒོད་རྐང་དང་འབྲོང་གི་རུས་པ་དང༔ གླང་པོ་ཆེ་ཡི་རུས་པ་སྦྱར་བ་ཡིས༔ གང་ལ་འདོགས་ཀྱང་ཆུ་ཡི་འཇིགས་པ་བསྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་མྲྀཏ་བྷ་བ་སུ་ཏྲ་ཧྲཱི༔ གཅན་གཟན་གནོད་པ་ལས་སྲུངས་ཤིག་རཀྵ༔ བོང་ང་རེ་ལྕག་ཆུ་དག་སྒོག་གཅིག་དང༔ མུ་ཟི་ནག་པོ་སྦྱར་བའི་འཁོར་ལོ་འདིས༔ གཅན་གཟན་མཆེ་བ་ཅན་གྱི་གདུག་པ་བསྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཐ་མ་ཐ་ཤིག་ཤིག༔ ཁྱི་སྨྱོན་གྱི་གནོད་པ་ལས་སྲུངས་ཤིག་རཀྵ༔ ཐར་ནུ་གྷི་ཝཾ་སྦྲུལ་གྱི་གཞུང་རུས་དང༔ བྱ་རྒོད་གཞུང་རུས་གླ་བའི་རྐང་ལེ་དང༔ ཕག་གི་ཁྲག་དང་སྦྱར་བའི་འཁོར་ལོ་འདི༔ འདོགས་བྱ་གང་ལ་ཁྱི་སྨྱོན་ཡ་མི་ང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨོཾ་ཨཱཿཧཱུྃ་འཇིགས་ཟིང་ཟིང་མེར་མེར་ཁྱུག་མ་མ་དུང་སརྦ་ནི་སྭཱ་ཧཱ༔ ས་འབུའི་གནོད་པ་ལས་སྲུངས་ཤིག་རཀྵ༔ བོང་ང་ཡུངས་དཀར་གྲུམ་པའི་སྣ་སྦྱར་བས༔ ས་འོག་འབུ་ཡི་ཉེས་པ་བསྲུང་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨ་ཀྲོ་ཏ་མེར་མེར་ཤིག་ཤིག་མ་ཏཾ་གི་སྭཱ་ཧཱ༔ ནམ་མཁའི་ཐོག་གི་ཉེས་པ་ལས་སྲུངས་ཤིག་རཀྵ༔ རྫ་དྲེག་ཐོག་ལྕགས་ཕྱི་བའི་མཁྲིས་པ་དང༔ སྦྱར་བས་ནམ་མཁའི་ཐོག་གི་འཚེ་བ་སྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མ་ཐག་ཐིག་ཨ་ཀྲོ་ཏ་མཱ་ར་ཡ་བྷི་ན་ས་ཕཊ༔ གོད་ཁའི་ཉེས་པ་ལས་སྲུངས་ཤིག་རཀྵ༔ གྲོ་ཤུན་རྩི་དང་མཆོད་རྟེན་རྙིང་པའི་ས༔ བྱུག་པའམ་སྒོ་ལ་སྦྱར་བས་གོད་ཁ་བསྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཙན་ཁ་ལ་རཀྵ་སྙིང་ལ་རྦད༔ བཙན་གྱི་གནོད་པ་ལས་སྲུངས་ཤིག་རཀྵ༔ གྲི་སྙིང་ཡུངས་ནག་ཁྲག་ཆེན་སྦྱར་བ་ཡི༔ འཁོར་ལོ་རྟ་སོགས་གང་ལ་འཆང་བ་ཡིས༔ བཙན་གྱི་འཚེ་བ་བསྲུང་བའི་མཆོག་ཏུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཟའ་ཁ་ཏྲ་རུ་ཊ་མ་རུ་ཊ་དམ་དམ་འདུས་འདུས༔ གཟའ་ཡི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ༔ གུ་གུལ་ཡུངས་དཀར་ཐལ་ཆེན་སྦྱར་བ་ཡི༔ འཁོར་ལོས་འགྲོ་བ་གང་གིའང་གཟའ་ནད་བསྲུང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མུ་ཏྲི་མུ་ཏྲི་ཐ་ལེ་ཧཱུྃ་ཧཱུྃ༔ འདྲེ་རྒོད་འགོང་པོའི་གནོད་པ་སྲུངས་ཤིག་རཀྵ༔ སྔགས་པའི་གསང་ཆེན་དགེ་སློང་དྲི་ཡི་ཆུ༔ ནུས་ཅན་རྟེན་གཏོར་གུ་གུལ་བྱུགས་པ་ཡིས༔ འདྲེ་རྒོད་འགོང་པོའི་གནོད་པ་བསྲུང་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཊ་རི་ཀྵ་ས་མེ་རླུང༔ ཡེ་ཤེས་ལྷ་ཡི་བཀའ་ཆད་ལས་སྲུངས་ཤིག་རཀྵ༔ པཉྩ་ཨ་མྲྀཏ་དང་སྦྱར་བ་ཡིས༔ ཡེ་ཤེས་ལྷ་ཡི་བཀའ་ཆད་བསྲུང་འགྱུར་ཞིང༔ ཡེ་ཤེས་ལྷ་ཡི་བྱིན་གྱིས་བརླབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་ཐ་མ་ཐ་དུ་ཏྲི་ཧྲཱིཿཕཊ༔ ས་བདག་ཀླུ་གཉན་འཁྲུགས་པ་ལས་སྲུངས་ཤིག་རཀྵ༔ ལྷང་མ་ལྷང་ཚེར་རུས་སྦལ་ཤ་རུས་དང༔ ཉ་ཕྱིས་དང་བཅས་བྱུག་པའི་འཁོར་ལོ་འདིས༔ ས་བདག་ཀླུ་གཉན་འཁྲུགས་པ་སྲུང་བར་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མུ་ཏྲི་མུ་ཡེ་མ་ད་མ་ད་ཤྭ་རི་ཕཊ༔ རྒྱལ་བསེན་འཁྲུགས་པ་ལས་སྲུངས་ཤིག་རཀྵ༔ ཁྱི་དཀར་བྱི་ལ་དཀར་ནག་གཉིས་ཀྱི་སྤུ༔ བོང་བུའི་སྤུ་དང་སྦྱར་བའི་སྲུང་བ་འདིས༔ རྒྱལ་བསེན་འཁྲུགས་པའི་གནོད་པ་བསྲུང་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲུང་བའི་མཆོག་གྱུར་བླ་མེད་རྣོ་མྱུར་དུ༔ ངར་འདོགས་རྫས་ཀྱི་སྦྱོར་བ་ཤིན་ཏུ་གཅེས༔ ལྔ་བརྒྱ་ཐ་མའི་འགྲོ་བ་མི་བསྲུན་པའི༔ དུག་ལྔ་རང་དབང་རང་ཁར་སྤྱོད་པའི་མདངས༔ ལྷ་འདྲེ་མ་ལུས་གློ་བུར་ལང་བའི་དུས༔ ལྷ་ཀླུ་རྒྱལ་བསེན་འགོང་པོ་གང་གནོད་པ༔ ཕ་རོལ་རྦོད་གཏོང་བྱུང་དང་འབྱེད་དཀའ་ཞིང༔ ཁྱད་པར་གཟུགས་ཅན་བན་བོན་འཁྲུགས་པའི་རྐྱེན༔ གཟུགས་མེད་ལྷ་འདྲེའི་འཁྲུག་པ་བཏང་བ་འབྱུང༔ རྦོད་གཏོང་འཁྲུག་པའི་ལྷ་འདྲེས་རྐྱེན་བསླངས་ཤིང༔ མི་རུང་མི་ཡི་ཐོག་ཏུ་འབབ་པ་འབྱུང༔ འབྱུང་བ་འཁྲུགས་པས་ལོ་ཐོག་ཉམས་གྱུར་ཅིང༔ ལྷ་འདྲེ་འཁྲུགས་པས་ནད་ཡམས་སྣ་ཚོགས་འབྱུང༔ གློ་བུར་ལྷ་འདྲེས་འུར་རྒྱུག་བྱེད་པའི་དུས༔ སྲུང་ཟློག་འདི་ཉིད་བཙན་པོའི་མཁར་དང་འདྲ༔ རྣོན་པོའི་ངར་འདོགས་སྲུང་བའི་གོ་དང་འདྲ༔ སྔགས་ཀྱི་ནུས་པ་རྣོ་བའི་མཚོན་དང་འདྲ༔ སྨོན་ལམ་མཐའ་བཙན་ཕྱི་རབས་བུ་དང་འཕྲད༔ ཡོངས་སུ་ཟུངས་ཤིག་ཡིད་བཞིན་ལོངས་སྤྱོད་པའི༔ འབྱོར་ལྡན་མཆོག་དེས་སྤྱོད་པའི་དཔལ་དུ་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟློག་པའི་འཁོར་ལོ་མུ་ཁྱུད་ལྔ་ལྡན་གྱི༔ རྩིབས་ཕྱིའི་མུ་ཁྱུད་སྔགས་ཁ་བསྒྱུར་བ་ཡིན༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ མ་ཏེ་བྷྱོ་མ་ཏེ་བྷྱོ༔ ཡ་མ་རཱ་ཙ་མ་རཱ་ཡ་བྷྱོ༔ བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྦོད་གཏོང་ངན་པ་མཱ་ར་ཡ་ན་ཤ་ཡ་བྱེར་ཞིག་བྷྱོ་ཟློག༔ ཕ་རོལ་གྱི་རྦོད་གཏོང་བྱད་ཁ་ཟུག་པ་ཐམས་ཅད་ཟློག་ཅིག༔ ལྕགས་རྡོ་ཕ་བོང་ལོང་བུ༔ མུ་ཟི་གུ་གུལ་གཙོད་རུས་ཕག་རྒོད་ཀྱི་མཆེ་བ་ཤེར་ཤིང་ཕུར་པ་ལ༔ ཤ་རི་བྷྱོ་ཟློག༔ ཅེས་བྲིས་ཤིང་གུ་གུལ་གྱིས་ངར་བླུད་པས༔ བྱད་ཁ་བཟློག་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མ་ཤ་རི་རཾ་ལྷ་འདྲེའི་ཆོ་འཕྲུལ་དང་གདུག་རྩུབ་ངན་པ་ན་ཤ་ཡ་པྲ་མ་ཎི་ཕཊ༔ ཨེ་ཧུར་ཐུམས་ཕཊ༔ འབྱུང་བ་རླུང་ལ་ལས་བཅོལ་བའི་ངན་སྔགས་ཀྱི་འཁོར་ལོ་ངན་པའི་གདུབ་རྩུབ་ཐམས་ཅད་ཟློག་ཅིག༔ རྟ་བོན་གཡག་དང་གཙོད་ཀྱི་རྭ་གཞོབ༔ ཕག་རྒོད་མཆེ་བ༔ རྨ་བྱའི་མདོངས༔ གཟི་མོ་བྱི་ཐུར་དང་ཤེར་ཤིང་ཕུར་པ་ལ༔ ཅེས་བྲིས་ལ་སྦྱར་བས་ངན་སྔགས་ཀྱི་འཁོར་ལོ་བསྐོར་བ་བཟློག་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཀྲོ་ཀྲི་ཀྲི་ནི་ར་ཋཱ་ར་ཋཱ༔ ཏམ་ཐ་རམ་ཨ་ཎི༔ མཱ་ར་ཡ་ཕཊ༔ བྷྱོ་བྷྱོ་བྷྱོ༔ ཟློག་ཟློག་ཟློག༔ འབྱུང་བ་མེ་ལ་སྦྱིན་སྲེག་བྱས་པའི་ཉེས་པ་ཐམས་ཅད་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མ་ཧཱ་པདྨེ་དུ་རུ་དུ་རུ་ཧཱུྃ༔ ཊ་ཊ་ཎི་ཕཊ༔ པཉྩ་ཨ་མྲྀཏ་བྱུག༔ གྲུམ་པའི་སྙིང་ཁྲག༔ སྲམ་གྱི་སྒོང་རྩི༔ ཉའི་ཀླད་པ༔ དཀྱིལ་འཁོར་གྱི་རྡུལ་ཕྱེ༔ ཞི་བའི་སྦྱིན་སྲེག་གི་ས༔ སིན་དྷུ་ར་བྲག་ཞུན་སྦྱར་བས་འབྱུང་བ་མེ་ཡི་ལས༔ སྦྱིན་སྲེག་བྱེད་པའི་ཉེས་པ་ཕྱིར་ཟློག་པར་འགྱུར་རོ༔ འདི་སྐྱེར་ཕུར་ལ་བྲིས༔ མུ་ལེ་མུ་ལེ་ཧུར་ཐུམས་ཁ་ཏྲ་ཤ་མ་ལེ་ཙ་ལེ་མ་ཏ་ཊ་ཊ་ཊ་ཐ་ཀྲི༔ གྲམ་ཤ་ཡ་ཕཊ་ཕཊ༔་་་ཁོ་ལ་བྱུགས་སྔགས་བཟླས་ནས་འདེབས་ཆོག༔ མཱ་ར་ཡ་ཟློག་ཟློག༔ པྲ་མ་རཱ་ཙ་བྱེར༔ ཐོགས་ལྕགས༔ བྱ་རྒོད་མཆུ་སྡེར༔ ཁྱུང་སེན༔ མུ་ལེ་བྲམ་ཤིང་ལ་ཆ་དང་སྦྱར་བས་བྱུག༔ སེང་ལྡེང་གི་ཕུར་པ་ལ་བྲིས་ལ་སྦྱར་བས༔ ས་གནད་ངན་པ་ལ་མནན་དུ་ཞུགས་པ་ཕྱིར་བཟློག་པར་འགྱུར་རོ༔ སེང་ལྡེང་གི་ཕུར་པ་ལ་ཡུངས་དཀར་དང་གུ་གུལ་གྱི་ཆུ་སྦྱར་བས༔ བུད་མེད་རིགས་ངན་གྱི་གནོད་པ་ཡང་ཟློག་པར་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རཾ་ཁྲི་ཁྲི་ཁྲི་མུ་ལེ་ཁ་ལེ་ཤི༔ ཨེ་ཁྲོཾ་ཏྲག་ཏྲག༔ རཀ་ཤ་བྷྱོ་ཟློག༔ ཁྲཾ་ཁྲཾ་ཁྲཾ་ཁྲཾ་ཁྲོཾ་ཏྲ་ཧྲིང་རཀ་ཤ་ཀ་ལ་ཕཊ༔ ཟློག་བྷྱོ༔ ཀླུ་གཉན་གདུག་པ་ཅན་གྱི་ཁར་འཇུག་པ་ཕྱིར་ཟློག་ཅིག༔ གླ་རྩི་མུ་ཟི་ནག་པོ༔ གྲི་ཁྲག་སྦྱར་ཞིང༔ ཁྲོ་ཕུར་ལ་གྲི་ཁྲག་གིས་བྲིས་ལ་སྦྱར་བས་ཀླུ་བདུད་གདུག་པ་ཅན་གྱི་ཁར་འཇུག་པ་ཕྱིར་བཟློག་པར་འགྱུར་རོ༔ ་་་གུ་གུལ་ཡུངས་དཀར་ཐལ་ཆེན་ཀེ་ཚེ་ཤང་ཚེ་དང་སྦྱར་བའི་ཟ་ཡིག་གིས་ངན་སྔགས་ཀྱི་སྦྱོར་བ་ངན་པ་ཕྱིར་བཤིག་པར་འགྱུར་རོ༔ ལྕགས་ཕྱེ་ཟངས་ཕྱེ་རེ་ལྕག་སྒོང་ཐུར༔ སྔགས་པ་ནུས་པ་ཅན་གྱི་དྲི་ཆུ༔ དགེ་སློང་ཚུལ་ཁྲིམས་ལྡན་པའི་དྲི་ཆུ༔ རྟེན་གཏོར་དང་བཅས་སྦྱར་བས་ངན་ སྔགས་ཀྱི་སྦྱོར་བ་ཕྱིར་ཟློག་པའི་མཆོག་གོ༔ ཁྱི་ཁྲག་ར་དང་རྟ་ནག་ཁྲག༔ གྲི་ཁྲག་གུ་གུལ་གླ་རྩི་དང༔ མུ་ཟི་སྒོག་གཅིག་ཆུ་དག་རྣམས༔ རིག་ སྔགས་ཟློག་པའི་ངར་འདོག་གཅེས༔ སྒྲུབ་ཁང་ཕྱི་རོལ་གང་འཐོར་བར༔ ངན་སྔགས་རྦོད་གཏོང་བཟློག་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྟག་མའི་བྱང་བུ་ལ་བྲིས་ཤིང་མི་ཁའི་རྫས་དང་བཅས་ཕྱི་སྒོའི་རྒྱབ་ཏུ་སྦས་ཤིང༔ སྟེང་དུ་རྡོ་ནག་པོ་མཆོད་རྟེན་གྱི་དབྱིབས་དང་བཅས་པས་མནན་ལ༔ སྟེང་དུ་བ་དན་ནག་པོ་ལ་ཛ་ཁྲོཾ་བྲིས་པ་བཙུགས་པས༔ མི་ཁ་བཟློག་པ་ཟབ་བོ༔ ཟློག་ཡིག་ཀ་ཀ་བྱས་པས་ཕྱིར་ཟློག་ཅིག༔ སཏྭཾ་བྷ་ཡ་ནན་གྱིས་ཐོག་མནན་པར་བྱེད༔ སླར་ཟློག་སྔགས་ཀྱང་བཟླའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུས་ངན་སྙིགས་མའི་འགྲོ་བ་དུག་ལྔའི་མདངས༔ ཕྱི་ནང་འཁྲུག་པའི་དུག་དང་ཁ་རླངས་ཀྱིས༔ འགྲོ་ལ་མི་རུང་སྣ་དགུ་འབྱུང་བའི་དུས༔ སྲུང་ཟློག་འཁོར་ལོ་མཆོག་འདིས་དུག་ཀུན་ཞི༔ བདེ་ལེགས་ཡོན་ཏན་ཕུན་སུམ་ཚོགས་བྱེད་འདི༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་སྲས་མཆོག་དང༔ འཕྲད་ནས་འགྲོ་བའི་ཟུག་རྔུ་འབྱིན་པར་འགྱུར༔ གཉེར་ཁ་སྔགས་ཀྱི་བདག་མོས་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱལ་བའི་གནས་ཀྱི་མཆོག་ཏུ་གཏེར་རྒྱ༔ མི་འགྱུར་རྡོ་རྗེའི་སྒྲོམ་དུ་སྦས་རྒྱ༔ མཁའ་འགྲོ་གསང་བའི་ཀློང་དུ་ཟབ་རྒྱ༔ སྔགས་བདག་གཉེར་གྱིས་སྒྲིབ་ཅིང་གསང་རྒྱ༔ ཞེས་པ་འགྲོ་ལ་ཕན་བྱའི་ཟབ་ཁྱད་འདི༔ ཌཱ་ཀིའི་རྟགས་ལྡན་ཀློང་གསལ་སྙིང་པོ་ཡིས༔ གསང་བ་བླ་མེད་གཅོད་ཡུལ་ཆོས་སྐོར་ལས༔ དུས་སུ་རང་ནན་བཀའ་རྒྱ་གྲོལ་བ་འདི༔ ཌཱ་ཀིའི་དགོངས་ཀློང་ཡངས་ནས་ཁོལ་དུ་ཕྱུང་ངོ༔ ས་མ་ཡཱ༔ ཞེས་རྒྱ་ཆེན་བཀའི་སྡུད་པ་པོ་མཁའ་སྤྱོད་ཀྱིས་བསྐུལ་ཕྱིར་གཅོད་ཡུལ་ལས་ཁོལ་དུ་ཕྱུང་བའོ།། །།
རྡོ་རྗེ་སྙིང་པོ་ལས། བཅོམ་ལྡན་འདས་སྨན་གྱི་བླ་མའི་ཆོ་ག་དབང་བསྐུར་དང་བཅས་པ་བཻ་ཌཱུརྻའི་ཕྲ་ཚོམ་ (Volume 45, Text 64)
༄༅། །རྡོ་རྗེ་སྙིང་པོ་ལས། བཅོམ་ལྡན་འདས་སྨན་གྱི་བླ་མའི་ཆོ་ག་དབང་བསྐུར་དང་བཅས་པ་བཻ་ཌཱུརྻའི་ཕྲ་ཚོམ་ཞེས་བྱ་བ་བཞུགས་སོ། ། ངོ་མཚར་བསམ་ཡས་སྨོན་ལམ་གྲུབ། །གྲོལ་བ་བཞི་ལྡན་ཕྲིན་ལས་ཀྱི། །མཁའ་མཉམ་འགྲོ་ཀུན་སྒྲོལ་མཛད་པ། །བདེར་གཤེགས་བདུན་ལ་གུས་ཕྱག་འཚལ། །དེ་ལ་འདིར་ཀློང་གསལ་གཏེར་བྱོན་སངས་རྒྱས་སྨན་བླའི་སྒོ་ནས་དོན་གཉིས་སྒྲུབ་པའི་ཚུལ་མདོར་བསྡུས་བཤད་པ་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་མཆོད། བྱིན་རླབས་དབང་གི་ཆོ་གའོ། །དང་པོ་ལ་སྐྱབས་སུ་འགྲོ་བ་ནི། ན་མོ༔ བདག་དང་མར་གྱུར་འགྲོ་བ་སེམས་ཅན་རྣམས༔ ཕྱོགས་བཅུའི་བདེ་གཤེགས་བཅོམ་ལྡན་སྨན་བླ་ལ༔ སྒོ་གསུམ་མཆོད་འབུལ་གུས་པས་སྐྱབས་སུ་མཆི༔ སྔོན་ལས་འཕྲལ་རྐྱེན་ནད་ལས་བསྐྱབ་ཏུ་གསོལ༔ ལན་གསུམ། སེམས་བསྐྱེད་ནི། མཁའ་མཉམ་སེམས་ཅན་ནད་དང་སྡུག་བསྔལ་ལས༔ གྲོལ་བར་བྱ་ཕྱིར་སྨན་བླའི་གོ་འཕང་བསྒྲུབ༔ གང་འདུལ་དམ་ཆོས་བདུད་རྩི་སྨན་མཆོག་གིས༔ མཁའ་མཉམ་སྡུག་བསྔལ་ནད་ཀུན་ཞི་གྱུར་ཅིག༔ ལན་གསུམ་དང་ཚད་མེད་བཞི་སྤྱི་ལྟར་བསྒོམ། བདག་བསྐྱེད་ནི། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། ཨ༔ གནས་ཡོ་སྣོད་བཅུད་དག་པ་ལྷ་ཡི་ཞིང༔ དངོས་པོའི་འབྱོར་ཚོགས་ཀུན་བཟང་ནམ་མཁའི་མཛོད༔ སྣོད་བཅུད་དག་པའི་རྒྱུ་མཆོག་ཧཱུྃ་མཐོན་ཀ༔ གདུལ་བྱར་ཕན་བདེའི་རིག་མདངས་འབྲལ་མེད་ཀྱི༔ ངོ་བོ་བཅོམ་ལྡན་མགོན་པོ་སྨན་གྱི་བླ༔ ཞལ་གཅིག་ཕྱག་གཉིས་བཻ་ཌཱུརྻ་ཡི་མདངས༔ རྟག་ཏུ་འགྲོ་དོན་སྤྲུལ་པའི་སྐུར་གྱུར་པའི༔ ཕྱག་གཡས་ཡོན་ཏན་བརྒྱད་ལྡན་ཨ་རུ་ར༔ མཆོག་སྦྱིན་སྦྱིན་པ་ངོམ་པའི་མདངས་ཀྱིས་བརྐྱང༔ ལྷུང་བཟེད་དབུས་སུ་རྣམ་པར་རྒྱལ་བ་གཡོན༔ ཡོན་ཏན་ཏིང་འཛིན་མི་གཡོ་ཕྲིན་ལས་ཀྱི༔ ཞི་བ་སྨན་གྱི་སྲིད་མཚོར་མཉམ་པར་གཞག༔ མཆེད་བདུན་དྲང་སྲོང་སེམས་དཔའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་འགྲོ་བའི་སྡུག་བསྔལ་བསལ་བར་གྱུར༔ ཅེས་གསལ་སྣང་བརྟན་པར་བྱ། བཟླས་པ་ནི། ཐུགས་ཀར་རིགས་ཐམས་ཅད་འདུས་པའི་ངོ་བོ་ཧཱུྃ་མཐིང་གའི་མཐར། ཨོཾ་ན་མོ་བྷ་ག་བ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། ཞེས་པས་གཡས་སུ་བསྐོར་བའོ། །ཞེས་གསལ་བཏབ་ལ་བཟླས་པ་བྱ། གསལ་སྣང་ཐོན་ནས་འཕྲོ་འདུ་ནི། སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ཚོགས་རྒྱལ་བའི་ཞིང་ཁམས་རྣམས་སུ་འཕྲོས། སེམས་ཅན་དོན་བྱེད་ཀྱི་མཆོད་སྤྲིན་རྒྱ་མཚོས་དགྱེས་པ་བསྐྱེད། སླར་དེ་དག་གི་ཐུགས་རྗེ་བྱིན་རླབས་ཐམས་ཅད་བསྐྱེད་པའི་ལྷའི་ཐུགས་ཀའི་ཧཱུྃ་ཡིག་དང་ལྷུང་བཟེད་ཀྱི་ཨ་རུ་ར་རྣམ་པར་རྒྱལ་བ་ལ་ཐིམ། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་ཐུགས་རྗེ་ནུས་པ་བྱིན་རླབས་ཡེ་ཤེས་མཐུ་སྟོབས་ཡོན་ཏན་ཕྲིན་ལས་ཐམས་ཅད་བཅུད་ལྡན་བདུད་རྩི་སྨན་གྱི་ནུས་པའི་རང་བཞིན་བདག་ཉིད་ལ་འདུས་པར་གྱུར་པར་བསྒོམ་ལ་བཟླ། ཡང་འོད་ཟེར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་རྣམས་འདུ་འཁྲུགས་རྣམ་བཞི། ལྷ་མིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་གྱི་ནད་ཆེན་ཐམས་ཅད་སྦྱང་བར་གྱུར། ཅེས་དམིགས་ལ་བཟླས་པ་བྱ། བདག་བསྐྱེད་བསྙེན་པ་ཁོ་ནའི་སྐབས་འབུམ་ཐེར་ལ་སོགས་པའི་གྲངས་མ་ཐེམས་བར་དེ་ཀ་ལ་བརྩོན། ཐུན་མཐར་ཁ་སྐོང་དང་འོད་གསལ་དུ་བསྡུ། ཐུན་མཚམས་ཀྱི་ལྷར་ལྡང་། བསྔོ་སྨོན་བྱའོ། །གཉིས་པ་མདུན་བསྐྱེད་ནི། སྟེགས་གཙང་མར་མདོ་སྔགས་ལུགས་གང་རུང་གི་ཞི་དཀྱིལ་རས་བྲིས་ཡོད་ན་བཀྲམ། མེད་ན་མཎྜལ་ལ་མེ་ཏོག་གི་ཚོམ་བུ་བདུན་བཀོད་པའི་སྟེང་ཁྲིའུར་རིན་པོ་ཆེའི་སྣོད་དུ་བཟང་སྨན་དང་སྦྱར་བའི་གཙང་གཏོར་ཨ་རུ་རའི་དབྱིབས་ཅན་རྒྱན་སྤྲོས་ཅན་བཀོད། མདུན་དུ་ཆུ་གཉིས་དང་། ཉེར་སྤྱོད་ཆ་གང་འཛོམ་བཤམ། དབང་དང་འབྲེལ་ན་དེ་སྟེང་གཡས་སུ་བུམ་པ་མགུལ་ཆིངས་སྔོན་པོ་ཉེར་ལྔའི་བཅུད་ལྡན། གཡོན་སོགས་སུ་ཕྲེང་བ། རྡོ་རྗེ། ལྷུང་བཟེད་ཨ་རུ་རས་བཀང་བ། སྨན་སྣ་ཚོགས་བླུགས་པའི་སྣོད་བཅས་དངོས་སམ་ཙཀ་ལི་བཀོད། བདག་བསྐྱེད་བཟླས་པའི་བར་གྲུབ་ནས། མཆོད་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་དུ། མཆོད་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བ་ལྟ་བུའི་མཆོད་སྤྲིན་རྒྱ་མཚོ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་དང་། མཆོད་པའི་སྤྲིན་གྱི་གཟུངས་སྔགས་ཀྱང་བརྗོད། མདུན་རྟེན་བསང་སྦྱང་། ཨ༔ གནས་ཡོ་སྣོད་བཅུད་སོགས་གོང་བཞིན། གསལ་བར་གྱུར༔ ཅེས་པའི་བར་བརྗོད་ལ་སྤྱན་དྲང་བ་ནི། ཧཱུྃ༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་རྒྱལ་བའི་ཞིང༔ གྲངས་མེད་ཞིང་གི་སངས་རྒྱས་སྲས་དང་འཁོར༔ རིགས་རྣམས་ཞི་ཁྲོ་ཐབས་ཤེས་དབྱེར་མེད་སོགས༔ མ་ལུས་བདེ་གཤེགས་མཆེད་བརྒྱད་རྣམ་པར་སྤྱོན༔ སྤོས་ཀྱི་ངད་ལྡང་རི་བོ་འབིགས་བྱེད་དང༔ མ་ལ་ཡ་དང་རི་བོ་གངས་ཅན་སོགས༔ ཕོ་བྲང་ལྟ་ན་སྡུག་གི་གཞལ་ཡས་ནས༔ ཐུགས་ཆེན་སྨན་གྱི་བླ་མ་སྤྱན་འདྲེན་ནོ༔ སྙིགས་མའི་མགོན་པོ་བརྩེ་ལྡན་བདེ་གཤེགས་བདུན། །ཐུབ་དབང་དམ་ཆོས་བྱང་སེམས་བཀའ་སྡོད་བཅས། །བདག་སོགས་སྐྱོབ་སླད་མགོན་སྐྱབས་དཔུང་གཉེན་དུ། །སྤྱན་འདྲེན་འདིར་སྤྱོན་གདན་འཛོམ་བྱིན་གྱིས་རློབས། །བཛྲ་ས་མཱ་ཛ༔ བཞུགས་གསོལ་ནི། སྣང་སྲིད་ཀུན་བཟང་ཡངས་པའི་གཞལ་ཡས་ཁང༔ བསམ་པ་ཕུན་ཚོགས་འདོད་ཡོན་ལྷུན་གྲུབ་ཀྱི༔ དག་པ་རབ་འབྱམས་ཆེན་པོའི་དཀྱིལ་འཁོར་འདིར༔ བཅོམ་ལྡན་བདེ་གཤེགས་མཆེད་བརྒྱད་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་དམ་ཡེ་དབྱེར་མེད་དུ་བྱ། སྐབས་འདིར་སྤྲོ་ན་ཁྲུས་གསོལ་སྐུ་ཕྱི་ན་བཟའ་འབུལ་བ་སྤྱི་འགྲེ་བྱ། བསྡུ་སྐབས་མི་དགོས། དེ་ནས་ཕྱག་དངོས་སམ་ཡིད་ཀྱིས་བྱས་ཏེ་ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ། ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཐོག་མཐའ་དེས་འགྲེས་ཏེ། རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ། གསེར་བཟང་དྲི་མེད་རིན་ཆེན་སྣང་བ་རྟུལ་ཞུགས་གྲུབ་པ། མྱ་ངན་མེད་མཆོག་དཔལ། ཆོས་བསྒྲགས་རྒྱ་མཚོའི་དབྱངས། ཆོས་རྒྱ་མཚོ་མཆོག་གི་བློ་གྲོས་རྣམ་པར་རོལ་པ་མངོན་པར་མཁྱེན་པ། སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ། དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་བའི་སྲུང་མ་ལྷའི་དགེ་བསྙེན་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ་སོགས་བརྗོད། མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་རྗེ་དང༔ ལྷ་ཀླུ་འཇིག་རྟེན་སྐྱོང་བ་རྣམས་དང་གླིང་བཞིའི་མཆོད་པའི་རྫས༔ མེ་ཏོག་པདྨ་ཨུཏྤལ་ལ་སོགས་མཛེས་པའི་གཟུགས་དང་ཙནྡན་ཨ་ག་རུ་སོགས་དྲི༔ སྣང་གསལ་ཉི་ཟླ་ཡེ་ཤེས་གསལ་བ་དང༔ ལུ་མ་ལྡེང་ཀ་འབབ་ཆུ་དྲི་སྦྱར་བ༔ རྫ་རྔ་ཅང་ཏིའུ་པི་ཝང་ཚིགས་བཅད་གླིང་བུ་གླུ་དབྱངས་སྒྲ་སོགས་དང༔ རེག་བྱའི་བྱེ་བྲག་དབང་པོའི་རོལ་པ་མཆོད་ཚོགས་ཇི་སྲིད་འཁོར་བ་སྟོང་མིན་དེ་སྲིད་རྟག་པར་ཀུན་ཏུ་བཟང་པོའི་སྨོན་ལམ་མཆོད་པའི་སྤྲིན་ཕུང་མཐའ་ཡས་ལྟར་འབུལ་ལོ༔ ཧཱུྃ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་སྨན་གྱི་བླ༔ མཆེད་བརྒྱད་ཕྱོགས་བཅུའི་བདེ་གཤེགས་སྲས་འཁོར་བཅས༔ རབ་འབྱམས་མཆོད་སྤྲིན་རྒྱ་མཚོས་མཉེས་བྱས་མཐུས༔ མཁའ་མཉམ་འགྲོ་བའི་ནད་རྣམས་ཞི་བ་དང༔ དགའ་བདེར་སྤྱོད་བཞིན་ཀུན་མཁྱེན་མྱུར་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུྃ༔ དེས་འགྲེས་ཏེ། པཱ་དྱཾ་ནས། ཤབྡའི་བར་དང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ། བཛྲ་སྥ་ར་ཎ་ཁཾ་གིས་སྤྲོས་ཏེ་མཆོད། བསྟོད་ཕྱག་སྨོན་ལམ་དང་བཅས་པ་ནི། ཧཱུྃ༔ སྟོབས་བཅུ་མངའ་བ་ཀུན་གྱི་དཔལ་ཡོན་ཅན༔ ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས༔ དུག་གསུམ་ནད་རྣམས་སེལ་བ་སྨན་གྱི་བླ༔ བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་བསྟོད༔ གང་གི་ལས་ཉོན་འབྱུང་བ་འཁྲུགས་པའི་ནད༔ གང་འདུལ་ཐུགས་རྗེའི་སྨན་གྱིས་ཞི་མཛད་ཅིང༔ སྲིད་པའི་ལས་ཀུན་སྙིང་རྗེས་སྲུང་མཁས་པའི༔ བརྩེ་ལྡན་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་བསྟོད༔ མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེད༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱཀྱ་ཐུབ༔ དམ་པའི་ཆོས་དང་སེམས་དཔའ་བཅུ་དྲུག་སོགས༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་ཚོགས༔ བདུད་རྩི་སྨན་གྱི་དཀྱིལ་འཁོར་ལྷ་ལ་བསྟོད༔ རྣམ་འདྲེན་ཁྱོད་རྣམས་མཆོད་བསྟོད་གསོལ་བཏབ་མཐུས༔ ནམ་ཡང་ནད་དང་སྡུག་བསྔལ་མི་འབྱུང་ཞིང༔ བདེ་དགེ་རྒྱལ་བའི་དགོངས་པ་མངོན་གྱུར་ནས༔ མྱུར་དུ་ཀུན་མཁྱེན་གོ་འཕང་མངོན་གྱུར་ཤོག༔ ཏིང་འཛིན་ལྷ་ཡི་སྐུར་སྣང་དམིགས་པའི་འགྲོས༔ རྟོག་པས་བར་མ་ཆོད་པ་ཁྱེར་སོའི་ཡུལ༔ གྲགས་སྟོང་སྙིང་པོ་སྔགས་ཀྱི་བཅུད་དབབ་སྟེ༔ མར་གྱུར་འགྲོ་བ་བྱམས་དང་སྙིང་བརྩེའི་ཡུལ༔ དེ་ལྟར་བསྒོམ་བཟླས་མཆོད་བསྟོད་གསོལ་བ་འདེབས༔ འདི་ནས་ཚེ་རབས་ཀུན་ཏུ་ཕན་བདེའི་གཏེར༔ ནད་ཉུང་ཚེ་རིང་དུག་གསུམ་སྒྲིབ་པ་དག༔ རང་དོན་ཕུན་ཚོགས་གཞན་དོན་ལྷུན་གྲུབ་ཤོག༔ ཅེས་པ་ཙམ་མམ། སྤྲོ་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པའང་བྱ། དེ་ནས་གོང་གསལ་དམིགས་པའི་འཕྲོ་འདུ་རྣམས་མདུན་བསྐྱེད་ལ་སྤོས་ཏེ་གཟུངས་རིང་ཐུང་གི་བཟླས་པ་ཅི་འགྲུབ་བྱ། དབང་དང་འབྲེལ་ན། བུམ་པ་རང་བྱུང་གཞལ་ཡས་ཁང་པ་རུ། །བཅོམ་ལྡན་སྨན་བླ་འཁོར་བཅས་བཞུགས་པ་ཡི། །སྐུ་ལས་དུག་གསུམ་ནད་སེལ་བདུད་རྩིའི་རྒྱུན། །བབས་པས་བུམ་པ་བདུད་རྩིས་གང་བར་གྱུར། །ཅེས་དམིགས་ལ་བཟླས་པ་བྱས་པའི་མཐར། འབྲུ་གསུམ་གྱིས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་འཁྱིལ་པ་བསྐྱེད་བཟླས་སམ་སྔགས་ཙམ་གྱིས་བརླབ། དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ་མཆོད་སྤྲིན་སྔགས་ཀྱིས་བྱིན་བརླབ། མེ་ཏོག་དམ་པ་སོགས་ཤློཀ་གསུམ་དང་གོང་གི་སྔགས་ཙམ་གྱིས་མཆོད། ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་བསྟོད། །མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་ཆོས་བློ་མངོན་མཁྱེན་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་གྲུབ་པ་ཡི། །སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་འཚལ་བསྟོད། །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་འཁོར་བཅས། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་པ་ཡི། །ལྷ་ཡི་དགེ་བསྙེན་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སངས་རྒྱས་སྲས་འཁོར་བཅས་པ་དགོངས་སུ་གསོལ། ཁྱེད་རྣམས་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །རྒྱལ་བསྟན་དར་ཞིང་བསྟན་འཛིན་མངའ་ཐང་རྒྱས། །འཇིག་རྟེན་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི། །དུག་གསུམ་རྒྱུ་འབྲས་ཉེས་པ་རྩད་ནས་བཅོམ། ཁྱད་པར་བདེ་གཤེགས་རྣམས་ཀྱི་སྨོན་ལམ་དང་། །ཐུགས་དམ་ཞལ་བཞེས་བདག་སོགས་སེམས་ཅན་གྱིས། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་འདོད་གསོལ་བྱ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། མདུན་གྱི་ཡེ་ཤེས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་པའམ་དམ་ཡེ་གཉིས་ཀ་རང་ལ་བསྡུ། བདག་ཉིད་ལྷ་སྣང་ཐུགས་ཀའི་ཧཱུྃ་ལ་བསྡུ། །དེ་ཉིད་རིམ་འདུས་སྤྲོས་བྲལ་ངང་དུ་བཞག །སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུ །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། །ཅེས་བདག་བསྐྱེད་བསྡུ་ལྡང་བྱ། འཇམ་དཔལ་དཔའ་བོས་སོགས་ཤློ་ཀ་གསུམ། དགེ་བ་འདི་ཡིས་མྱུར་དུ་སོགས། འགྲོ་བའི་སྡུག་བསྔལ་སྨན་གཅིག་སོགས། སེམས་ཅན་ནད་པ་ཇི་སྙེད་སོགས། འཇིག་རྟེན་བདེ་ཞིང་སོགས་ཀྱིས་བསྔོ་སྨོན། ཞལ་ནས་གསུངས་པའི་ཤིས་བརྗོད་ཀྱིས་མཐའ་བརྒྱན་ནོ། །གསུམ་པ་བྱིན་རླབས་དབང་གི་ཆོ་ག་ལ། བཤམ་བཀོད་གོང་དུ་སྨྲོས་པ་ལྟར་དང་། ཆོ་ག་བདག་མདུན་བུམ་གསུམ། ལས་བུམ་བཟླས་པ་ཡན་གྲུབ་ནས། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་མཚམས་གཅོད་སྐབས་དང་བསྟུན། སེམས་བསྐྱེད་གསལ་བཏབ་ལ། དེ་ལ་སྐབས་སུ་བབས་པ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་གཙོ་བོར་གྱུར་པའི་བདེ་བར་གཤེགས་པ་བདུན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ངོ་མཚར་ཁྱད་པར་ཅན་གྱི་ཚུལ་རྣམས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་མདོ་སྡེ་ལས་རྒྱས་པར་བཀའ་བསྩལ་པ་ལྟར། དེ་བཞིན་གཤེགས་པ་དེ་དག་གི་མཚན་ཐོས་པ་དང་གཟུངས་སྔགས་བཅངས་པ་ཙམ་གྱིས་ཀྱང་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དགོས་པ་ཚད་མེད་པ་དང་ལྡན་པ་འདི་ལ། མདོ་དང་མཐུན་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་ཅིང་ད་ལྟའི་བར་དུ་གངས་ལྗོངས་ཡོངས་ཁྱབ་ཏུ་དར་བ་དང་། སྔགས་ཀྱི་ཕྱོགས་སུའང་སྒྲུབ་ཐབས་རྗེས་གནང་ཐོར་བུ་ཅི་རིགས་བྱོན་པ་ལས། ད་ལམ་རིག་འཛིན་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱི་ཟབ་གཏེར་ཀློང་གསལ་རྡོ་རྗེ་སྙིང་པོའི་ཆོས་སྡེ་ལས་བྱོན་པའི་ལུགས་ཀྱི་དབང་བསྐུར་བྱིན་རླབས་ཀྱི་ཚུལ་དུ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ༔ རྒྱལ་བའི་ཞལ་ཚབ་སློབ་དཔོན་དགོངས༔ བདག་སོགས་སྡུག་བསྔལ་བསྐྱབ་སླད་དུ༔ བདེ་གཤེགས་སྨན་པའི་རྒྱལ་པོ་ཡི༔ བྱིན་གྱིས་བརླབ་པའི་མཆོག་སྩོལ་ཅིག༔ ལན་གསུམ། སློབ་དཔོན་གྱིས་ལན་དུ། ཧོ༔ སེམས་ཅན་རྣམས་ཀྱི་མགོན་གྱི་མཆོག༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ ཐུགས་རྗེ་ཐུགས་རྗེ་ཆེ་ལྡན་པའི༔ སྨན་པའི་རྒྱལ་པོ་བླ་ན་མེད༔ ཅེས་སྤྲོ་བ་བསྐྱེད། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་བཅོམ་ལྡན་འདས་སྨན་བླ་མཆེད་བརྒྱད་ལ་སངས་རྒྱས་བྱང་སེམས་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། སྐྱབས་གསོལ་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཡན་ལག་ལྔའི་གསག་སྦྱོང་བགྱི་བའི་འདུན་པས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས། ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། བསང་སྦྱང་། སྟོང་པའི་ངང་ལས་ས་ཕྱོགས་ལྟ་ན་སྡུག་གི་ཞིང་ཁམས་ཀྱི་བཀོད་པ་དང་ལྡན་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་སྐུ་མདོག་མཐིང་སྔོན་བཻ་ཌཱུརྻའི་མདངས་ལྟ་བུ། ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་མཉམ་གཞག་ལྷུང་བཟེད་རྣམ་པར་རྒྱལ་བས་བསྐང་བ་བསྣམས་པ། སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་ལ་བདེ་གཤེགས་བདུན་དང་བྱང་སེམས་དྲང་སྲོང་གི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཤར་ཕྱོགས་ལྟ་ན་སྡུག་སོགས་སངས་རྒྱས་ཀྱི་ཞིང་རྣམས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །སྤོས་རོལ་བཅས་སྤྱན་འདྲེན་གཏེར་གཞུང་ཤློ་ཀ་གཉིས་དང་། སྔགས་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བཏགས་པ་བརྗོད། ཏིཥྛ་བཛྲས་བརྟན། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མ་མཆིས་པས་བུམ་པའི་ཆུས་དབང་བསྐུར་བར་མོས་ཤིག །ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ཡི་དབང༔ ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས༔ ལུས་ཉིད་ལྷ་ཡི་སྐུར་སྨིན་ཏེ༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག༔ ཨོཾ་ན་མོ་བྷ་ག་བ་ཏེ་སོགས་གཟུངས་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་མགོར་བཞག་བུམ་ཆུ་སྦྱིན། དེས་སྐུའི་དབང་ཐོབ། ལུས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། ལྷ་བསྒོམ་པ་ལ་དབང་། མཚན་དཔེས་བརྒྱན་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །བཅོམ་ལྡན་འདས་ཀྱི་མགྲིན་པ་ནས་སྔགས་ཕྲེང་འཕྲོས་ཏེ་ཁྱེད་རང་གི་མགྲིན་པར་ཐིམ་པར་མོས་ཤིག །ཕྲེང་བ་མགྲིན་པར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་གི་དབང༔ བཟླས་པ་སྔགས་ཀྱི་ནུས་པ་ཡིས༔ ངག་དབང་གསུང་གི་སྐུར་སྨིན་ཏེ༔ ཡན་ལག་དྲུག་ཅུའི་དཔལ་ཐོབ་ཤོག༔ སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་གསུང་གི་དབང་ཐོབ། ངག་གི་ནད་གདོན་སྡིག་སྒྲིབ་སྦྱངས། སྔགས་བཟླ་བ་ལ་དབང་། ཚངས་དབྱངས་དྲུག་ཅུའི་གསུང་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་གཟུགས་རྡོ་རྗེ་རྩེ་ལྔ་པ་བྱོན་ཏེ་སྙིང་ཁར་ཐིམ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ སྨན་པའི་རྒྱལ་པོའི་ཐུགས་ཀྱི་དབང༔ ཟག་མེད་ཏིང་འཛིན་མི་ཟད་པས༔ ཡིད་དབང་ཆོས་ཀྱི་སྐུར་སྨིན་ཏེ༔ སྣང་སྟོང་རང་གྲོལ་མཆོག་ཐོབ་ཤོག༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐུགས་ཀྱི་དབང་ཐོབ། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། ཏིང་ངེ་འཛིན་བསྒོམ་པ་ལ་དབང་། མཁྱེན་གཉིས་ཡེ་ཤེས་ཀྱི་ཐུགས་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཕྱག་མཚན་ཨ་རུ་ར་རྣམ་པར་རྒྱལ་བ་དང་ལྷུང་བཟེད་གཏད་པར་མོས་ཤིག །དེ་གཉིས་ལག་ཏུ་བྱིན་ལ། ཧཱུྃ༔ ཡོན་ཏན་མི་ཟད་རྒྱན་གྱི་དབང༔ བྱང་ཆུབ་སེམས་ཀྱིས་ཀུན་ནས་བླངས༔ མཁའ་མཉམ་སེམས་ཅན་ནད་སེལ་ནས༔ ཞི་བར་འདྲེན་པའི་དཔལ་ཐོབ་ཤོག༔ སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་ཧྲཱི༔ དེས་ཡོན་ཏན་གྱི་དབང་ཐོབ། སྒོ་གསུམ་ཆ་སྙོམས་ཀྱི་ནད་གདོན་སྡིག་སྒྲིབ་སྦྱངས། དངོས་གྲུབ་སྒྲུབ་པ་ལ་དབང་། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ནད་སེལ་གྱི་སྨན་གྱི་རིགས་རྣམས་བསྩལ་ནས་རྗེས་སུ་གནང་བར་མོས་ཤིག །སྨན་སྣ་ལག་ཏུ་གཏད་ལ། ཧཱུྃ༔ འགྲོ་བ་མ་ལུས་ཐ་དག་གི༔ དུག་ལྔའི་ཆ་ལས་གང་བསྐྱེད་པའི༔ ཚ་གྲང་རླུང་མཁྲིས་བད་འདུས་ནད༔ སྡུག་བསྔལ་ནད་བཅས་གཞོམ་པ་ཡི༔ ཕྲིན་ལས་མཁའ་མཉམ་འགྲོ་བའི་དོན༔ སྨན་པའི་རྒྱལ་པོ་ཇི་བཞིན་ཤོག༔ སྔགས་མཐར། སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཕྲིན་ལས་ཀྱི་དབང་ཐོབ། བྱ་བྱེད་ལས་བྱུང་བའི་ནད་གདོན་སྡིག་སྒྲིབ་སྦྱངས། གཞན་དོན་སྨན་གྱི་ཕྲིན་ལས་ལ་དབང་། རྟག་ཅིང་ཁྱབ་པའི་ཕྲིན་ལས་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཤིས་པ་བརྗོད་ལ་མེ་ཏོག་འཐོར། དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱིས༔ འགྲོ་ལ་སེམས་བསྐྱེད་མ་ཆུང་ཞིག༔ སྙིང་རྗེ་བྱང་ཆུབ་སེམས་བརྟན་པས༔ སེམས་ཅན་དཔལ་མགོན་ལ་བརྩོན་བྱོས༔ དེ་ལྟར་བསྒོས་པའི་ཐ་ཚིག་གིས་མཚོན། སྤྱི་དང་བྱེ་བྲག་གི་སྡོམ་པ་དམ་ཚིག་ཚུལ་བཞིན་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དབང་རྗེས་སྤྱི་ལྟར་དང་། སློབ་དཔོན་གྱིས་རྗེས་ཆོག་མཆོད་བསྟོད་ནས་ཤིས་བརྗོད་ཀྱི་བར་ཡང་གོང་དུ་བཤད་པ་ལྟར་རྒྱས་བསྡུས་སྐབས་བསྟུན་བྱས་པས་འཐུས་སོ། །དུག་གསུམ་རྒྱུ་འབྲས་ཉེས་པའི་སྙོག་མ་རྣམས། །བྱིན་རླབས་ནོར་བུ་ཀེ་ཏ་ཀས་བགྲུངས་ཏེ། །རབ་གཙང་བྱང་སེམས་ཡན་ལག་བརྒྱད་ལྡན་ཆབ། །སྐྱེ་དགུ་ཐར་པའི་འཚོ་བར་རྟག་འབབ་ཤོག །ཚུལ་འདི་ལ་ཀློང་གསལ་དག་སྣང་དང་སྦྱར་བའི་མདོ་ལུགས་གཙོར་བཏོན་གྱི་ཆོ་ག་སོགས་ཟུར་དུ་བཞུགས་པས། འདིར་རང་གཞན་ཉེར་མཁོ་འཇུག་བདེའི་ཆེད་དུ་རྡོ་རྗེ་སྙིང་པོའི་རང་གཞུང་གི་ལུགས་སུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ་ (Volume 11, Text 64)
༄༅། །སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། སྙིང་པོ་དོན་གྱི་གཏོར་དབང་གི་མཚམས་སྦྱོར་མདོར་བསྡུས་པ་བདེ་ཆེན་མྱུ་གུ་བཞུགས་སོ། ། ན་མོ་གུ་རུ་པདྨ་སཏྭ་ཡ། སྐུ་གསུམ་རིགས་འདུས་སྙིང་པོ་དོན་གྱི་གཏོར་དབང་བསྐུར་བའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་བཤོམ། དངོས་གཞི་དབང་གི་ཆོ་ག །རྗེས་ཀྱི་བྱ་བའི་རིམ་པའོ། །དང་པོ་ནི། གནས་དབེན་པར་དུས་ཁྱད་པར་ཅན་གྱི་ཚེ་སྟེགས་བུའི་དབུས་སུ་བླ་མའི་གཏོར་ཆེན་རྒྱས་སྤྲོས་གང་མཛེས། མདུན་དུ་སྨན་རཀ་གཏོར་གསུམ། མཐའ་སྐོར་དུ་མཆོད་པའི་བྱེ་བྲག །སྲུང་མའི་གཏོར་འབུལ། སློབ་དཔོན་གྱི་མདུན་དུ་ལས་བུམ། རྡོར་དྲིལ། ཌཱ་མ་རུ། ནང་མཆོད་འཐོར་ནས། ཉེ་ལོགས་སུ་སྔོན་གཏོར་དང་། ཚོགས་ཀྱི་ཡོ་བྱད་སོགས་བཀོད་མཛེས་སུ་བཤམ་མོ། །གཉིས་པ་ནི། གཏེར་ཆེན་བླ་མའི་རྣམ་ཐར་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས་ཕྲིན་ལས་བདེ་ཆེན་ཐིག་ལེའི་གཞུང་བསྲང་ཞིང་བཟླས་པའི་རྗེས་སུ་མཆོད་བསྟོད། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་འོད་ཞུ། ཚོགས་ཀྱི་མཆོད་པ་བཅས་གྲུབ་ནས་ཏིང་ངེ་འཛིན་གྱི་དབང་བླང་བའམ། རིག་པའི་མེ་ཏོག་དོར་བ་རྣམས་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་རྗེས་བཤད་པ་རྒྱས་བསྡུས་གང་རིགས་ཀྱིས་མཚམས་སྦྱར་ནས། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་སྒྱུར་བ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཉིད། ནུབ་ཕྱོགས་པདྨས་ཁེབས་པའི་ཞིང་དུ་སེམས་དཔའ་ཆེན་པོ་པདྨའི་མྱུ་གུའི་རྣམ་པར་བཞེངས་པའི་ལམ་ཟབ་བླ་མ་སྒྲུབ་པའི་གདམས་པ་སྐུ་གསུམ་རིགས་འདུས་ཀྱི་སྐོར། པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་མོ་དག་སྣང་གི་ཆོས་སྡེ་ལས་བྱོན་པ་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པའི་སྒོ་ནས་སྙིང་པོ་དོན་གྱི་གཏོར་དབང་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། པདྨ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་རྣམས། །མགོན་པོ་དཔའ་བོར་སྐྱབས་གསོལ་ན། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐུ་གསུམ་རིགས་འདུས་ཀྱི་ལྷ་ཚོགས་ཐམས་ཅད་ཞལ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཚིག་ཕྱིར་ཐུགས་གཞོལ་བས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་བརྡ་སྦྱར་ལ་ཕྲིན་ལས་ལྟར་སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱ། སླར་རྒྱུད་སྡོམ་པ་དང་ལྡན་པར་བྱ་བའི་སླད་དུ་སྔར་གསལ་བཏབ་པའི་ཚོགས་ཞིང་དང་སློབ་དཔོན་དབྱེར་མེད་པ་དཔང་པོའི་ཚུལ་དུ་བྱས་ཏེ་སོ་བྱང་སྔགས་གསུམ་གྱི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། པདྨའི་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ནས༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་སོགས་ཀྱིས་སྣོད་བཅུད་སྟོང་པར་སྦྱངས་ཏེ་ལྷ་བསྐྱེད་ཚིག་ལྷུག་པའི་སྒོ་ནས་བརྡ་རྒྱས་པར་སྤྲད་པའམ། ཡང་ན་གཞུང་རྩ་བ་ལྟར། ཨ༔ གདོད་མའི་སྟོང་ཆེན་སོགས་ནས། གསལ་སྟོང་འཇའ་ཚོན་ལྟ་བུར་གྱུར༔ ཅེས་པའི་བར་དཀྱུས་བཞིན་ལ་བདག་ཉིད་ཅེས་པའི་མལ་དུ་སློབ་མ་ཞེས་ཁ་བསྒྱུར། དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་མཐིང་ག་རྣམས་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དང་། ཁྱད་པར་ནུབ་ཕྱོགས་པདྨས་ཁེབས་པའི་ཞིང་ན་བཞུགས་པའི་སེམས་དཔའ་ཆེན་པོ་པདྨའི་མྱུ་གུ་སྐུ་གསུམ་རིགས་འདུས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ། དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཞུགས་ཤིང་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་ཞིང་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཌཱ་དྲིལ་དང་བཅས་སྙན་པའི་དབྱངས་ཀྱིས། ཧྲཱི༔ ནུབ་ཕྱོགས་པདྨས་ཁེབས་པའི་སོགས་ལས་གཞུང་གི་སྤྱན་འདྲེན་དང་། རྩ་སྔགས་ཀྱི་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་ཅིང་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོཿདབྱེར་མེད་དུ་ཐིམ་པར་བསམ། བྱིན་དབབ་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བའི་སླད་དུ། གཏོར་མ་ལ་ཤེས་དུས་རྣམ་པ་བཞིར་ཡོད་པ་ལས་སྐབས་འདིར་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཅེས་བརྡ་སྦྱར་ལ་གཏོར་མ་ལྷར་གསལ་འདེབས་པ་ཚིག་ལྷུག་པའི་སྒོ་ནས་རྒྱས་པར་བརྗོད་པའམ། བསྡུ་ན། གཏོར་སྣོད་རྡོ་རྗེའི་སྲུང་འཁོར་ཆེན་པོའི་དབུས༔ འབྱུང་བ་རིམ་བརྩེགས་རིན་ཆེན་རི་རབ་སྟེང༔ བྱང་ཆུབ་སེམས་དཔའི་ནོར་བུའི་གཞལ་མེད་ཁང༔ ཡངས་ཤིང་རྒྱ་ཆེ་བཀོད་པ་བསམ་མི་ཁྱབ༔ མཚན་ཉིད་ཀུན་རྫོགས་འཇའ་ཟེར་ཐིག་ལེའི་དབུས༔ སྣ་ཚོགས་པད་ཉི་དབུགས་བྲལ་བམ་རོའི་སྟེང༔ གཏོར་མའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ༔ དམར་སྨུག་ཁྲོ་འཛུམ་སོགས་ནས། གསལ་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུར་ཤར༔ དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ག་རྣམས་གསལ་བཏབ་ནས། སློབ་དཔོན་ལ་སྐུ་གསུམ་རིགས་འདུས་སེམས་དཔའ་པདྨའི་མྱུ་གུ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་དུང་པ་མཛད་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རིམ་དང་གཅིག་ཆར་དུ་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་བསྒོམ་རུང་དང་སྐུ་བཞི་ཐོབ་རུང་གི་རྟེན་འབྲེལ་རྒྱུད་ལ་བསྒྲིགས་ཏེ་དབང་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་གདངས་དང་བཅས་ཏེ། ཧྲཱི༔ སྐུ་གསུམ་རིགས་འདུས་རྩ་གསུམ་རྒྱ་མཚོའི་དངོས༔ པདྨའི་མྱུ་གུ་འགྲོ་འདུལ་སེམས་དཔའི་གཙོ༔ ཐོག་མའི་དུས་ཀྱི་ཐུགས་བསྐྱེད་ཞལ་བཞེས་བཞིན༔ བདག་ཅག་རྗེས་འཇུག་རྗེས་འབྲངས་བུ་སློབ་རྣམས༔ མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས༔ ཐུགས་རྗེ་ནུས་པའི་རྩལ་ཤུགས་སྤྲུག་ཏུ་གསོལ༔ རིག་འཛིན་བླ་མ་འདུས་པའི་སྐུར་བཞེངས་ལ༔ དབང་སྐུར་བྱིན་རློབས་བདེ་ཆེན་ཡེ་ཤེས་སྐྱེད༔ ཡི་དམ་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་ཆེས༔ ཕྱི་ནང་གསང་བའི་ལམ་གྱི་རྟེན་འབྲེལ་སྒྲིགས༔ རྡོ་རྗེའི་ཆོས་སྲུང་རྒྱ་མཚོ་ལས་ལ་སྐུལ༔ བར་ཆད་ཀུན་སོལ་རྣམ་བཞིའི་ཕྲིན་ལས་སྒྲུབས༔ གནས་སྐབས་ནད་གདོན་འཇིགས་བརྒྱད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་སྤོར༔ མཐར་ཐུག་གདོད་ནས་དག་པ་དབྱིངས་ཀྱི་གཞིར༔ གཞི་སྣང་ལྷུན་གྲུབ་རིག་འཛིན་བླ་མ་དང༔ སྐུ་དང་ཡེ་ཤེས་དབྱེར་མེད་མཉམ་སྦྱར་ནས༔ མཁའ་ཁྱབ་འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛོད༔ ཅེས་པའི་བར་ལས་གཞུང་གི་ཐུགས་དམ་བསྐུལ་བ་སྟེ་མཇུག་ཏུ། ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་དྲི་མ་སྦྱོངས༔ སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས༔ རྩ་སྔགས་དང་། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་བཞག །སླར་ཡང་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དང་། སྐུ་གསུམ་རིགས་འདུས་པདྨ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དབྱེར་མེད་དུ་གྱུར་པའི་མོས་པ་དང་བཅས་ཆོས་ཉིད་གཉུག་མ་ཁྱབ་བརྡལ་ངང་དུ་མཉམ་པར་འཇོག་མཛོད། ཅེས་དང་། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག །རྗེས་འབྲེལ་བཟླས་ལུང་གི་ཆེད་དུ་སླར་ཡང་སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་དབུས་པདྨ་ཉི་ཟླའི་སྟེང་དུ་རིགས་འདུས་ཐུགས་སྲོག་ཧྲཱིཿདམར་པོའི་མཐར་གཡས་སྐོར་དུ་འཁོད་པ་ལ་ཡིད་གཏད་ཅིང་བཟླས་པའི་རྐྱེན་གྱིས་སྔགས་ཕྲེང་ལས་འོད་ཟེར་འཕྲོས། རྩ་གསུམ་རྒྱལ་བ་རབ་འབྱམས་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་སྣང་ཞེན་ཐམས་ཅད་སྦྱངས་ཏེ་རིགས་འདུས་བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པའི་མོས་པ་དང་བཅས་སྔགས་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཅེས་པའམ། སྤྲོ་ན་ལས་གཞུང་གི་བཟླས་དམིགས་ལྟར་རྒྱས་པར་བརྡ་སྤྲད། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱ། དངོས་གྲུབ་ཀྱི་ཡེ་ཤེས་རྒྱས་པར་སྤེལ་བའི་སླད་དུ་ལྷ་འོད་དུ་ཞུ་བའི་གཏོར་ཟན་བདུད་རྩིའི་རང་བཞིན་ཅན་མྱང་བ་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཁྱབ་ཅིང་རྟག་པར་འཕེལ་བའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ་གཏོར་ཟན་ཅུང་ཟད་བྱིན་ཛཔ྄་དབྱངས་དང་བཅས་རོལ་དུ་གཞུག །དེ་ནས་སྤྲོས་པ་ལ་དགའ་ན་བཀྲ་ཤིས་རྟགས་བརྒྱད་དང་། རྫས་བརྒྱད། རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བ་སྤྱི་ཁྱབ་ལྟར་གྱིས་མངའ་དབུལ། གང་ལྟར་ཡང་ལས་གཞུང་གི་ཤིས་བརྗོད་སོགས་བཀྲ་ཤིས་རྒྱས་པར་བརྗོད། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་ཅིང་འགྱུར་བས་མཐའ་བརྒྱན། དམ་ཚིག་ཁས་བླང་། མཎྜལ་ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ཁྱབ་ལྟར་རོ། །གསུམ་པ་རྗེས་ནི། ཚོགས་ལ་རོལ་ཞིང་ལྷག་མ་གཏོང་བ་ནས་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐར་དབྱུང་ངོ་། །ཞེས་པའང་ལུང་རྟོགས་ཡོན་ཏན་གྱི་བདག་ཉིད་དགེ་རྒྱལ་གནས་སྒར་གཅོད་སྤྲུལ་དམ་པ་ཀརྨ་ཐུབ་བསྟན་རབ་འཕེལ་གྱིས། བཀྲ་ཤིས་པའི་ལྷ་རེག་ཡུལ་ཀཱ་ཤི་ཀའི་རས་དཀར་ཡུག་བཅས་གསུང་བསྐུལ་གནང་བ་ལྟར། པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་སྟན་ཐོག་གཅིག་ཏུ་ཤར་མར་སྤེལ་བ་འགྲོ་ཀུན་རིགས་འདུས་བླ་མའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། བྷ་ཝནྟུ།། །།
པདྨ་ཁྲག་འཐུང་འདུས་པ་ལས། སྙིང་པོའི་གཏོར་དབང་སྐུར་བའི་ཚུལ་ཡེ་ཤེས་སྙིང་པོ་ (Volume 13, Text 64)
༄༅། །པདྨ་ཁྲག་འཐུང་འདུས་པ་ལས། སྙིང་པོའི་གཏོར་དབང་སྐུར་བའི་ཚུལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཧེ་རུ་ཀཱ་ཡ། རབ་འཇིགས་དུས་མཐའི་མེ་ལྟར་འབར། །རྔམ་པའི་ང་རོས་ས་གསུམ་གཡོ། །པདྨ་ཁྲག་འཐུང་ལ་བཏུད་ནས། །སྨིན་བྱེད་སྙིང་པོའི་ལག་ལེན་འགོད། །སྟེགས་བུའི་སྟེང་དུག་ཁྲག་གིས་བྱུགས་པའི་མཎྜལ་ལ་འབྲུ་ཚོམ་དམར་པོ་གཅིག་བཀོད་པའི་ཁར་ཁྲིའུའི་སྟེང་དུ་ཟངས་ལྕགས་སམ་ཐོད་པའི་སྣོད་དུ་དཔལ་གཏོར་མེ་རི་སོགས་ཀྱི་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་དང་བཅས་པ་བཤམ། སྨན་རཀ་གཏོར་གསུམ་དྲག་མཆོད་བརྗིད་པར་བསྟར་ཞིང་ལས་བུམ་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་གསག་གོ །དེ་ནས་བགེགས་བསྐྲད་མཚམས་བཅད་སྐྱབས་སེམས་ཚོགས་གསག་མཆོད་རྫས་བྱིན་རླབས་རྣམས་འབྲེལ་ཆེ་བའི་དབང་གིས་ཆོས་གླིང་ཡབ་སྲས་ལུགས་སམ་སྤྱི་མཐུན་ཞིག་གཏང་། ལས་གཞུང་ལྟར་བདག་མདུན་དབྱེར་མེད་དུ་བསྒྲུབ་ཅིང་དམིགས་པའི་འཕྲོ་འདུ་བཅས་བཟླས་པ་ཅི་ནུས་མཐར་མཆོད་བསྟོད་འབུལ། ཏིང་ངེ་འཛིན་གྱི་དབང་བླངས་ལ་གནང་བ་ནོད། ལས་བུམ་བསྒྲུབ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མཚམས་སྦྱོར་གང་འོས་དང་བྱེ་བྲག་ཏུ། དེ་ལ་འདིར་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་སྟོབས་བཅུའི་ནུས་རྩལ་གཅིག་ཏུ་བསྡུས་པ་འཇིགས་བྱེད་པདྨ་ཧེ་རུ་ཀ་ཆེན་པོ་ཉིད། ཞི་བས་མི་འདུལ་བའི་མ་རུངས་གདུལ་དཀའི་འབྱུང་པོ་གདུག་པ་ཅན་རྣམས་མཐུན་པས་མཐུན་པ་འདུལ་བའི་ཕྱིར། གཏུམ་ཆེན་ཤིན་ཏུ་འབར་བ་ཆེན་པོའི་རྡོ་རྗེའི་གར་གྱི་རོལ་པ་ཅིར་ཡང་བསྒྱུར་ཏེ་ཉོན་མོངས་པའི་གཡུལ་ངོ་བཙན་ཐབས་སུ་ཟློག་པར་མཛད་པ་སྟེ། དེ་ཉིད་ཀྱི་རྒྱུད་ལུང་མན་ངག་རྒྱ་མཚོ་ལྟ་བུ་བཞུགས་པ་ལས་གངས་ཅན་དུ་བྱོན་པ་རྣམས་ཀྱི་ནང་ནས་ཡང་ཟབ་སྙིང་པོའི་བཅུད་དྲིལ་འགའ་ཞིག་གདུལ་བའི་དུས་དང་འཚམ་པར་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་རྡོ་རྗེའི་གསང་མཛོད་ལས་རིམ་པར་ཕྱུང་སྟེ་འགྲོ་བའི་དོན་མཐའ་ཡས་པ་མཛད་པ་ལས། སྐབས་སུ་བབས་པ་འདི་ནི། གཏེར་ཆེན་ཆོས་རྗེ་གླིང་པས་ཚད་མར་ངོས་འཛིན་གནང་ཞིང་། རྭ་སྟོན་སྟོབས་ལྡན་རྡོ་རྗེ་དང་ཐུགས་མཆོག་རྡོ་རྗེ་རྣམས་ཀྱིས་མངོན་པར་བསྔགས་ཤིང་ཟབ་ཆོས་ཀྱི་བདུད་རྩི་བཞེས་པ་དང་། དྲི་མེད་གླིང་པ་སོགས་ཚད་ཐུབ་ཀྱི་དམ་པ་མང་པོས་ཚད་མར་འཛིན་པ་ཙམ་དུ་མ་ཟད་མཁྱེན་རྟོགས་ནུས་མཐུ་འགྲན་ཟླ་དང་བྲལ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་འཕྲུལ་རྩ་གསུམ་གླིང་པ་ཆོས་ཀྱི་རྒྱ་མཚོའི་ཟབ་གཏེར་གྱི་ཆ་ཤས་ལས་འཕྲོས་པ་པདྨ་ཁྲག་འཐུང་འདུས་པ་ཞེས་སྙིགས་དུས་འདྲེ་རྒོད་འབྱུང་པོ་་་འདུལ་བའི་གཉེན་པོ་ཆེས་ཟབ་ཅིང་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་སྨིན་བྱེད་སྙིང་པོའི་གཏོར་དབང་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་ཕུལ། སློབ་དཔོན་དང་ཆེ་མཆོག་པདྨ་ཁྲག་འཐུང་དབྱེར་མེད་པ་ལ་མི་ཕྱེད་གུས་པའི་ཡིད་ཀྱིས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་འདུས་པའི་སྐུ །བླ་མ་རྡོ་རྗེ་འཛིན་པ་ཡིས། །བདག་ནི་འཁོར་བའི་དུཿཁ་ལས། །བསྒྲལ་ཕྱིར་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། བླ་མ་དཔལ་ཆེན་པདྨ་ཧེ་རུ་ཀ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས་ཏེ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་བསྒོམ་དོན་རེ་རེ་ནས་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། བྱིན་རླབས་ཀྱི་གཞི་བསྒྲུབ་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། ཤཱུནྱ་ཏཱའི་སྔགས་ཀྱིས་སྦྱང་། གདོད་མའི་སྟོང་ཉིད་སོགས་ལས་བྱང་ལྟར་བརྗོད་ལ་དམ་ཚིག་པ་གསལ་གདབ། སྤྱན་འདྲེན་དང་སྙིང་པོའི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བརྗོད་ལ་ཡེ་ཤེས་པ་བསྟིམ། ཏིཥྛ་བཛྲས་བརྟན་པར་བྱ། དཔལ་གཏོར་ཐོགས་ལ། གཏོར་སྣོད་རབ་འཇིགས་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་གི་ནང་དུ་གཏོར་མ་ཆེ་མཆོག་པདྨ་ཁྲག་འཐུང་དྲག་པོ་རྩལ་རབ་འབྱམས་ཁྲོ་བོའི་སྤྲིན་དང་བཅས་པ་མངོན་སུམ་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་མེ་ཕུང་ཁྲོ་ཆུང་དཀར་པོའི་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས་ཤིང་ལུས་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། བསྐྱེད་རིམ་སྣང་སྟོང་དབྱེར་མེད་བསྒོམ་པ་ལ་དབང་། ཁྲག་འཐུང་ཆེན་པོའི་སྐུ་ཕྱག་རྒྱའི་དབང་མཆོག་ཐོབ་པར་མོས་ཤིག །ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཁྲག་འཐུང་སྐུ༔ རྩ་གསུམ་རབ་འབྱམས་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ བསྐྱེད་རིམ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་དཔྲལ་བར་བཞག །ཡང་མགྲིན་པའི་ཨཱཿལས་འོད་ཟེར་མེ་ཕུང་ཁྲོ་ཆུང་དམར་པོའི་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ཤིང་ངག་ལ་ཐིམ་པས། ངག་གི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། གསང་སྔགས་གྲགས་སྟོང་དབྱེར་མེད་བཟླ་བ་ལ་དབང་། ཁྲག་འཐུང་ཆེན་པོའི་གསུང་ནུས་པའི་དབང་མཆོག་ཐོབ་པར་མོས་ཤིག །ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཁྲག་འཐུང་གསུང༔ རྩ་གསུམ་རབ་འབྱམས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ ནུས་པ་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་མགྲིན་པར་བཞག །ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་ཕུང་ཁྲོ་ཆུང་སྔོན་པོའི་ཚོགས་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ཁ་ནས་ཞུགས་ཤིང་ཡིད་ལ་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། རྫོགས་རིམ་རིག་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་། ཁྲག་འཐུང་ཆེན་པོའི་ཐུགས་རིག་པ་རྩལ་གྱི་དབང་མཆོག་ཐོབ་པར་མོས་ཤིག །ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་ཁྲག་འཐུང་ཐུགས༔ རྩ་གསུམ་རབ་འབྱམས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ཡིད་ལ་དབང་བསྐུར་བས༔ རིག་རྩལ་དོན་གྱི་དབང་མཆོག་ཐོབ་པར་ཤོག༔ སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྙིང་གར་བཞག །ཡང་གཏོར་མ་ཆེ་མཆོག་པདྨ་ཁྲག་འཐུང་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། གནས་གསུམ་ནས་འོད་ཟེར་མེ་ཕུང་ཁྲོ་ཆུང་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་བྱོན། གནས་གསུམ་དུ་ཞུགས་ཤིང་ལུས་ངག་ཡིད་གསུམ་ལ་ཐིམ་པས། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་སྦྱངས། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཁྲག་འཐུང་ཆེན་པོའི་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་མཆོག་ཐོབ་པར་མོས་ཤིག །ཧཱུྃ་ཧྲཱི༔ འགྲོ་བ་འདྲེན་མཛད་པདྨ་ཁྲག་འཐུང་རྩལ༔ རྒྱལ་བ་སྲས་བཅས་རྣམས་དང་གཉིས་སུ་མེད༔ རྩ་གསུམ་ལྷ་ཚོགས་སྐུ་ཡི་དབྱིངས་སུ་རྫོགས༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ སྒོ་གསུམ་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ སྨིན་གྲོལ་དབང་དང་བྱིན་རླབས་ཆར་ལྟར་ཕོབ༔ རང་བྱུང་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ སྔགས་མཐར། སརྦ་སིདྡྷི་ཧྲཱི༔ གཏོར་མ་གནས་གསུམ་དུ་བཞག །སྤྲོ་ན་སྤྱི་མཐུན་གྱི་བཀའ་བསྒོའང་བྱ། གཏོར་མའི་ལྷ་ཡེ་ཤེས་པ་ཁྱེད་རང་རྣམས་ལ་ཐིམ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་བ་རོལ་ཞིང་མྱང་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་འབད་མེད་དུ་ཐོབ་པར་མོས་ཤིག །བྱས་ལ་གཏོར་ཟན་གྱི་ཆ་ཤས་དང་བདུད་རྩི་སྦྱིན། མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ། དེ་ལྟར་སྤྲུལ་པའི་གཏེར་ཆེན་རྩ་གསུམ་གླིང་པའི་ཟབ་གཏེར་པདྨ་ཁྲག་འཐུང་འདུས་པའི་སྨིན་བྱེད་སྙིང་པོ་གཏོར་མའི་བྱིན་རླབས་ལེགས་པར་གྲུབ་པ་ལགས་པས་སོགས་ཀྱིས་མཚམས་སྦྱར་ལ་དམ་ཚིག་ཁས་བླང་། གཏང་རག་ཕྱིན་ཆད་སྤྱི་མཐུན་བྱ། དཀྱིལ་འཁོར་རྗེས་ཆོག་མཆོད་བསྟོད་བཟོད་གསོལ་གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་ཀྱི་བར་ཡང་སྤྱི་ལྟར་བྱའོ། །འཇིགས་མེད་རྡོ་རྗེའི་གོ་ཆས་སྒོ་གསུམ་སྲུང་། །མཐུ་སྟོབས་རལ་གྲིས་བདུད་བཞིའི་གཡུལ་ངོ་ཟློག །དྲག་རྩལ་མེ་ལྕེས་དགྲ་བགེགས་ཚར་བཅད་པ། །ཆེ་མཆོག་པདྨ་ཁྲག་འཐུང་མྱུར་འགྲུབ་ཤོག །ཟབ་གསང་སྙིང་པོའི་ཚུལ་འདིའང་ཁྱབ་བདག་འཁོར་ལོའི་མགོན་པོས་བཀའ་དྲིན་དུ་བསྩལ་པའི་ཞབས་ཏོག་ཏུ་དམིགས་ནས་རིག་པ་འཛིན་པའི་གཟུགས་བརྙན་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཤྲཱི་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།
ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མུན་སེལ་སྒྲོན་མེ་ (Volume 49, Text 64)
<!TCC Tibetan character 3,182 undefined in unicode!>༔ ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མུན་སེལ་སྒྲོན་མེ་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈ ཐམས་ཅད་ཀུན་མཁྱེན་ལྷ་མོའི་སྐུ༔ མི་ཤེས་མུན་སེལ་དབྱངས་ཅན་མ༔ ཤེས་བྱ་ཀུན་གཟིགས་མ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དེ་ཡི་ཤེས་རབ་བློ་འཕེལ་བསྟན༔ དེ་ལ་དོན་བཞི་སྟེ༔ སྡིག་པ་བཤགས་ཤིང་སྡོམ་པ་གཟུང་བ༔ གཟུངས་སྒྲུབ་བསྟན་པ༔ རྫས་གསོག་པ༔ བསྐྱེད་བཟླས་བསྟན་པའོ༔ དང་པོ་སྡིག་པ་བཤགས་པ་ནི༔ སྔོན་འགྲོ་རྡོ་རྗེ་སེམས་དཔའ་བསྐྱེད་བཟླས་བྱ་ཞིང༔ བཤགས་པ་ལ་འབད་དོ༔ སྡོམ་པ་གཟུང་བ་ནི༔ ཆང་དང༔ བུད་མེད་དང༔ དཀོར་ཟས་སྡིག་ཟས་ཐམས་ཅད་སྤང་ངོ༔ ཤ་དང་ཉིན་མོའི་གཉིད་དང༔ གོ་སྙོད་ལ་སོགས་པ་སྤང༔ འོ་མ་དང་དཀར་གསུམ་བརྟེན་པར་བྱའོ༔ གཉིས་པ་གཟུངས་སྒྲུབ་བསྟན་པ་ནི༔ དཀྱིལ་འཁོར་གླིང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཁམ་ཕོར་བཞག༔ གཏོར་མ་ཆ་གསུམ་གཡས་སུ་བཤམ༔ མཆོད་པ་རྣམ་ལྔ་གཡོན་དུ་བཤམ༔ གསུམ་པ་རྫས་གསག་པ་ནི༔ ཆུ་དག་དཀར་པོ་ཙནྡན་དཀར་པོ་གཉིས་རྩི་བཞིན་བཏགས་ལ༔ སྦྲང་རྩི་དང་མར༔ བ་དཀར་འོ་མ་བཏབ་ལ་ཁམ་ཕོར་དུ་བླུགས༔ མེ་ལོང་ལ་དབྱངས་གསལ་བྲིས་ཏེ་ཁ་བཅད་དོ༔ བཞི་པ་སྒོམ་བཟླས་བྱ་བ་ནི༔ རང་ཉིད་སྐད་ཅིག་གིས་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་རྒྱུད་མང་སྦྲེང་བ་ལ་བརྩོན་པ༔ ལང་ཚོ་རྒྱས་པ༔ གཟི་བརྗིད་འོད་དང་ལྡན་པ༔ འཛུམ་པའི་ཞལ་ལ༔ ཙོག་པུར་པདྨ་དང་ཟླ་བའི་གདན་ལ་བཞུགས་པ་གཅིག་བསྐྱེད༔ དེ་ནས་ལྷ་མོའི་མདུན་དུ་པདྨའི་སྡོང་པོའི་སྟེང་དུ༔ ཉི་མའི་དལ་སྟེང་དུ༔ འཇམ་དཔལ་མགོན་པོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་པོ་ཕྱག་གཡས་རལ་གྲི་དང་གཡོན་པོ་ཏི་ཐུགས་ཀར་བསྣམས་པ༔ སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསྒོམ༔ དེ་ཡང་གཞོན་ནུ་འོད་དང་ལྡན་པ༔ དར་སྔོན་པོའི་ཤམ་ཐབས་ཅན་དུ་བསྒོམ་མོ༔ དེ་ནས་བདག་ཉིད་ལྷ་མོར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ༔ ཧྲཱིཾ་དཀར་པོ་ལ་དབྱངས་ཡིག་གིས་བསྐོར་བར་བསྒོམ༔ དེའི་ཕྱི་རིམ་འདབ་བརྒྱད་ལ༔ དབྱངས་ཡིག་བཅུ་དྲུག་གཉིས་གཉིས་བསྒོམ་མོ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལི་ལཱི༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཐུགས་ཀའི་འཁོར་ལོའི་འོད་ཟེར་ལས༔ བདག་གི་བློའི་མ་རིག་པའི་མུན་པ་དང༔ མི་ཤེས་རྨོངས་པ་ཐམས་ཅད་སེལ་བར་བསྒོམ༔ དེ་ནས་ཧྲིཾ་ཡིག་སྐྱེ་བ་མེད་པར་བཟླ་བར་བྱ་སྟེ༔ ཧྲིཾ་ཧྲིཾ༔ ཧྲིཾ་ཧྲིཾ༔ ཧྲིཾ་ཧྲིཾ༔ ཧྲིཾ་ཧྲིཾ༔ ཧྲིཾ་ཧྲིཾ༔ ཞེས་བཟླས་པ་དེའི་འོད་ཟེར་དཀར་པོས་རང་གི་མགོ་ལུས་ཐམས་ཅད་ཁྱབ་པས༔ མི་ཤེས་པའི་མུན་པ་ཐམས་ཅད་བསལ་ཏེ༔ མདུན་གྱི་འཇམ་དཔལ་འོད་དུ་ཞུ་ནས༔ རང་གི་སྤྱི་གཙུག་ཏུ་ཐིམ་པས༔ སྐུའི་འོད་ཟེར་གྱིས་མི་ཤེས་པའི་སྒྲིབ་པ་ཐམས་ཅད་བྱང་བར་བསྒོམ༔ གསུང་གི་འོད་ཟེར་གྱིས་མགྲིན་པའི་རྩ་ཁ་བྱེ༔ ཐུགས་ཀྱི་འོད་ཟེར་གྱིས་གཏི་མུག་སེལ་བར་བསྒོམ༔ དེ་ནས་རང་གི་སྙིང་རྩེ་ཐུར་ལ་ཡོད་པ་དེ༔ གྱེན་དུ་འདབ་བརྒྱད་ལངས་པའི་དཀྱིལ་དུ༔ ཨཱོྃ་གཅིག་བསྒོམ༔ དེ་སྣ་བུག་གཡས་ནས་ཐོན་ཏེ༔ རྒྱ་མཚོའི་ལྷ་མོ་དབྱངས་ཅན་མ་རང་དང་འདྲ་བའི་ཡེ་ཤེས་པའི་ཐུགས་ཀྱི་དཀྱིལ་ནས༔ དབྱངས་ཡིག་འཁོར་ལོའི་རྣམ་པ་དེ་ཉིད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ༔ ཡིད་ལས་བྱུང་བའི་མཆོད་པ་རྣམས༔ འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བྱིན་བརླབས་ཏེ་འབུལ་ལོ༔ འཇམ་དཔལ་དབྱངས་ཅན་མ་དང་བཅས་པ་ལ་གཏོར་མ་ཡང་སྔགས་འདིས་འབུལ་ལོ༔ ཨཱོྃ་པྲཱི་ཏཱི་དེ་བཱི་ཧྲཱི་ནི་བི་ཏ་སྟིག་ན་ཙིཏྟ་ཨུ་པ་དེ་བཱི་ར་ཏི་ན་ཙིཏྟ་སིདྡྷི་ཨ་མྲྀཏ་སྭཱ་ཧཱ༔ དེ་ལྟར་མཆོད་པ་འབུལ༔ འདོད་པའི་དོན་ལ་གསོལ་བ་བཏབ་ནས༔ དེ་ནས་མདུན་གྱི་འཁོར་ལོ་རང་གི་སྣ་བུག་གཡོན་ནས་རྔུབས༔ རང་གི་སྙིང་གའི་དཀྱིལ་དུ་ཐིམ༔ པདྨ་འདབ་བརྒྱད་ཀྱི་ལྟེ་བར་འཇམ་དཔལ་བསྒོམ༔ ཧྲིཾ་ཧྲིཾ༔ མཉྫུ་ཤྲཱི་ཡེ་པྲ་ཛྙཱ་སིདྡྷི་བི་མ་ལེ་རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧྲིཾ་ཧྲིཾ༔ འཇམ་དཔལ་གྱི་ཐུགས་ཀའི་མུཾ་སེར་པོ་ལ་བཟླས་པའི་སྔགས་དེས་བསྐོར་བར་བསམ༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་ཡང་ཡང་བསྟིམ་ཞིང་སྔགས་བཟླས་པར་བྱའོ༔ གོང་འོག་བསྙེན་སྒྲུབ་ཀྱི་ཚུལ་དུ་བཟླས་པའམ༔ འོན་ཏེ་སྦྲེལ་ཡང་མི་འགལ༔ གཙོ་བོར་ཧྲིཾཿཡིག་བཟླའོ༔ ཞག་བདུན་གྱིས་ནི་རིག་པའི་གནས་ལྔ་ལ་སྦྱང་ཡང༔ ཤེས་རབ་ཀྱི་བློ་ཁ་བྱེ་བར་འགྱུར་རོ༔ གོང་དུ་བརྩིས་ནས༔ ཟླ་བ་ཕྱེད་ཟིན་པའི་དུས་སུ༔ ཁམ་ཕོར་གྱི་འོ་མས་མེ་ལོང་གི་ཡིག་འབྲུ་དག་པར་བཀྲུས་ཏེ་བཏུང་བར་བྱའོ༔ ཟླ་བ་གཟས་ཟིན་པའི་རིང་ཆུ་ལ་སྔགས་བཟླས་ཏེ༔ ཟིན་པ་གྲོལ་བ་དང་བཏུང་ངོ༔ ཡང་ན་ཟླ་བ་ཉ་ལ་ཉི་མ་རྩེ་ཤར་དུས་སུ༔ ཁྲུས་བྱས་ཏེ་བཏུང་བར་བྱ༔ རྟགས་ནི༔ རལ་གྲི་དང་ཤེལ༔ མདའ་གཞུ་རྙེད་པ་དང༔ འོད་དང་ལྷ་མོའི་ཞལ་མཇལ་བ་དང༔ པི་ཝཾ་གི་སྒྲ་ཐོས་པ་ལ་སོགས་འབྱུང་ངོ༔ ཤེས་རབ་རྩལ་རྒྱས་ཐོས་པ་འཛིན་ཅིང་ཐམས་ཅད་ལ་བློ་གྲོལ་བར་འགྱུར་རོ༔ ྀཨཚ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ལས་ཅན་གཅིག་དང་འཕྲད་ནས་ཀྱང༔ རིག་པའི་གནས་ལྔར་མཁས་པར་ཤོག༔ ས་མ་ཡ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ རྒྱ་གསུམ་བཏབ་བོ་ས་མ་ཡ༔ ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས། སྤྲུལ་སྐུ་རཏྣ་གླིང་པས་བསམ་ཡས་བྱང་ཆུབ་ཆེན་པོའི་སྐུ་རྒྱབ་ནས་གདན་དྲངས་པའོ། །དགེ་ལེགས་སུ་གྱུར་ཅིག། །། ༄༅། །དབྱངས་ཅན་མའི་བསྟོད་པ་སྙིང་གི་མུན་སེལ་བཞུགས་སོ། །ན་མཿསྟོཏྲ་དེ་བཱི་ཡཻ། ལྷ་མོ་དབྱངས་ཅན་མའི་བསྟོད་པ་སྙིང་གི་མུན་སེལ་ཞེས་བྱ་བ། རྒྱ་མཚོའི་ལྷ་མོ་དེ་ལ་གུས་པས་ཕྱག་འཚལ་ལོ། །ཨེ་མ། རབ་མཛེས་ཞི་བའི་ངང་ཚུལ་ཅན། །དབྱིངས་དག་སྟོན་ཀའི་རི་བོང་འཛིན། །རྐང་དྲུག་གར་གྱི་སྟོབས་ལྡན་མ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །བློ་གྲོས་དབང་པོའི་རྟ་བདུན་གྱིས། །ཡིད་ཀྱི་དགའ་བའི་འགྲོས་སྐྱེད་མ། །རབ་བཟང་དབང་པོའི་གཞུས་སྐྱོབ་པའི། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཡང་དག་རྒྱ་མཚོའི་དགའ་སྟོན་གྱིས། །ལུས་ཅན་བདེ་བའི་གནས་སྟེར་མ། །ཀུན་ཏུ་དགའ་བའི་གནས་འབྱིན་མ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །བློ་གྲོས་རྒྱ་མཚོའི་གཏིང་ཟབ་ནས། །ཤེས་བྱ་གླང་པོའི་སྟོབས་སྐྱེད་ཅན། །མ་རིག་བརླག་པའི་རླབས་སེམས་མ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །འདོད་འབྱུང་རྒྱ་མཚོའི་ཁྱོན་ཡངས་ནས། །དགོས་འདོད་བློ་ཡི་ནོར་བུ་མཆོག །བདག་བློའི་བང་མཛོད་འགེངས་མཛད་མ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཟླའི་མདོག་ཅན་ལྷ་མོ་ནི། །བཅུ་དྲུག་ལང་ཚོའི་དགའ་སྟེར་མ། །ཙོག་བུའི་འདུག་སྟངས་ཡིད་རབ་གཡོ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཚངས་པའི་བུ་མོ་ཡིད་གཡོ་མ། །སྙན་པའི་རྒྱུད་མང་སྦྲེང་ལ་བརྩོན། །གསུང་གི་ཚ་ཟེར་བློ་མུན་འབྱིན། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །གང་འདིར་དྲི་ཟའི་བུ་མོ་ནི། །ཡིད་ལ་དྲན་པས་མུན་སེལ་བ། །རྒྱ་མཚོའི་ལྷ་མོ་ཡིད་འཕྲོག་མ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །དྲི་མེད་པདྨའི་གཉེན་མཆོག་ཁྱོད། །བདག་བློའི་འདབ་བརྒྱ་རབ་དབྱེ་ནས། །ཇི་སྙེད་ཤེས་བྱའི་མཆོག་སྟེར་མ། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །སྔོན་ནས་ཡིད་དུ་འོང་བའི་ལྷ། །དེ་རིང་མདོ་དོན་མངོན་དུ་བྱས། །འབྲེལ་ལྡན་བུ་མོ་ཡིད་ལ་བཅག །འཛུམ་པའི་མདངས་ལྡན་ཡིད་གཡོ་མ། །རིང་པོ་ཞིག་ནས་བསྒྲུབས་པའི་ལྷ། །དེ་རིང་འདོད་པའི་དོན་ཆེན་འགྲུབ། །ད་རུང་ཡང་ཡང་ཞལ་སྟོན་མཛོད། །ལྷ་མོ་ཁྱོད་བསྟོད་དགེ་བ་གང་། །དེ་ཡིས་རྨོངས་པའི་མུན་སེལ་ནས། །ཀུན་ཀྱང་ཤེས་རབ་སྤྱན་ལྡན་ནས། །ཡོན་ཏན་ནམ་མཁའི་མཐའ་མཉམ་ཞིང་། །ལྷ་མོ་ཁྱོད་དང་དབྱེར་མེད་ཤོག །ཅེས་པའི་བསྟོད་པ་འདི་ནི། རས་པ་བསོད་ནམས་དཔལ་འབྱོར་གྱི་གཙོ་བྱས་གྲོགས་མཆོག་འགས་བསྐུལ་བའི་ངོར། ཨོ་རྒྱན་ཆེན་པོའི་གསུང་འཛིན་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རཏྣ་གླིང་པས་སྦྱར་བའོ། །བློ་གསལ་གངས་རིའི་ངོགས་ལས་ལེགས་དཀར་ཞིང་། །བློ་གྲོས་པདྨའི་གཉེན་མཆོག་ལྷ་མོ་དེས། །འདོད་པ་དགའ་བའི་ཚུལ་དུ་ལན་འགའ་མཐོང་། །དེ་ཕྱིར་ཡིད་འཛུམ་པདྨའི་དགའ་སྟོན་འདིས། །ཤེས་བྱེད་མཐུན་སྣང་འགྲུབ་པའི་བློ་རྩལ་ཅན། །གཏེར་སྟོན་རཏྣའི་པད་ཚལ་རྒྱས་གྱུར་ཅིག །མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག། །། ༄༅། །ཨོཾ་ཨཱཿཧཱུྃ༔ གཏོར་མ་འདོད་པའི་ཡོན་ཏན་གྱི་ཕུང་པོ། མཆོད་པའི་སྤྲིན་ཕུང་། གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། འདོད་དགུ་ཕུན་སུམ་ཚོགས་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ། རྒྱ་མཚོའི་ལྷ་མོ་དབྱངས་ཅན་མའི་ཞལ་དུ་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི་འབུལ་བས། སྐུ་གསུང་ཐུགས་རྒྱུད་མཉེས་ཤིང་ཚིམས་པར་མཛད་དུ་གསོལ། འཇམ་དཔལ་མགོན་པོའི་ཞལ་དུ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འབུལ་བའི་བྱིན་གྱི་རླབས་ཀྱིས། རྣལ་འབྱོར་པ་བདག་ལ་ཤེས་བྱ་ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་མཁྱེན་པ། དབྱེར་མེད་མཁྱེན་པའི་ཡེ་ཤེས་ལ་ཐོགས་པ་མེད་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། བཀའ་དང་བསྟན་བཅོས་ཟབ་མོ་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པར། ད་ལྟ་ཉིད་དུ་བདག་གིས་རྟོགས་པར་མཛད་དུ་གསོལ། བདག་གི་བློ་མ་རིག་གི་མུན་པ་ཐམས་ཅད་སེལ་བར་མཛད་དུ་གསོལ། ཆོས་སྐུ་སྐྱེ་མེད་གཅིག་ཆར་དུ་རྟོགས་པའི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། འཆད་པ་དང་། རྩོད་པ་དང་། རྩོམ་པ་དང་། རིག་པའི་གནས་ལྔ་ཐམས་ཅད་ལ་མངའ་བརྙེས་པའི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། བདག་གིས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་ཤེས་རབ་འཇམ་དཔལ་དབྱངས་དང་མཉམ་པའི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་མངའ་བ། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། །ཕྱག་འཚལ་གསོལ་བཏབ་བདེན་པའི་བྱིན་རླབས་ཀྱིས། །མ་རིག་གཏི་མུག་མུན་པ་ཀུན་སེལ་ནས། །ཤེས་རབ་འཇམ་དཔལ་དབྱངས་དང་མཉམ་གྱུར་ནས། །སྨོན་ལམ་གང་བཏབ་དུས་འདིར་འགྲུབ་པར་ཤོག །ྀཨཚ། བཀྲ་ཤིས་པར་གྱུར་ཅིག། །།
ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་ (Volume 49, Text 65)
འུའུའུ༔ ཤེས་རབ་བློ་འཕེལ་མི་བརྗེད་གཟུངས་ཐོབ་བཞུགས་སོ༔ སློབ་དཔོན་ཆེན་པོ་མཆིམས་ཕུའི་ཡང་དབེན་དུ་བཞུགས་དུས༔ ཡེ་ཤེས་མཚོ་རྒྱལ་ལ་སོགས་པའི་རྗེ་འབངས་རྣམས་ལ་གུ་རུས་ཐེག་པ་མཐའ་དག་གི་ཆོས་མང་དུ་གསུངས་ཀྱང༔ ཚིག་དོན་མི་བརྗེད་པར་འཛིན་མ་ནུས་པ་ལ༔ ཇོ་མོས་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ བདག་འདྲ་བུད་མེད་སྐྱེ་བ་དམན་ཞིང་ལེ་ལོ་ཆེ་བས་བརྗེད་ངས་སུ་གྱུར་པ་ལགས་ན༔ ཤེས་རབ་ལྷ་ལ་བསྟེན་པའི་མི་བརྗེད་གཟུངས་ཐོབ་པ་གཅིག་གནང་བ་མཁྱེན་དང༔ ཞེས་རང་གི་རྒྱན་ཕུལ་ནས་ཕྱག་མང་དུ་འཚལ་བས༔ གུ་རུའི་ཞལ་ནས༔ མཚོ་རྒྱལ་དེ་ལྟ་བུའི་གདམས་པ་གཅིག་གནང་བ་ཞུས་པ་ཤིན་ཏུ་ལེགས་ཏེ༔ ངས་རྒྱ་གར་ན་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་དང༔ ཤཱཀྱའི་རྒྱལ་པོ་མ་ཧཱ་དེ་ཝ་དང༔ ཤཱཀྱ་དེ་ཝ་ལ་སོགས་པ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོས་སྨིན་ནས་ཚིག་གི་གཟུངས་ཐོབ་པར་བྱས་པའི་གདམས་པ་དང༔ དེ་ལ་བརྟེན་པའི་གཟུངས་སྔགས་ཟབ་མོ་ཡོད་ཀྱིས་ཉམས་སུ་ལོངས་ལ༔ མ་འོངས་པའི་དོན་དུ་གཏེར་དུ་སྦོས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇམ་དཔལ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ མཚོ་རྒྱལ༔ རང་གི་ལུས་འདི་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་ངང་ནས༔ ལྕེ་ཉིད་ཤེས་རབ་ཀྱི་རལ་གྲི་སོ་གཉིས་པ་ནམ་མཁའི་མདོག་ཅན་གྱི་དབུས་སུ་དྷཱིཿཡིག་དམར་གསལ་འོད་ཟེར་ཀུན་ནས་འཕྲོ་བས་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་མཁྱེན་བརྩེ་འོད་ཟེར་རྣམ་ལྔའི་ཚུལ་གྱིས་བཀུག་ཅིང་བསྟིམས་པས༔ མགྲིན་པར་སྒྲ་སྙན་སྔོན་པོའི་དབུས་སུ་ཧྲཱིཾཿགིས་མཚན་པའི་རྒྱུད་བཞི་ཐེབས་ཀྱིས་རྒྱལ་བ་རྣམས་མཆོད་ཅིང་ཐུགས་རྒྱུད་བསྐུལ་ནས་ངག་གི་དངོས་གྲུབ་ཆར་བཞིན་བབ་པར་བསམ་ཞིང༔ ངག་ཏུ་དྷཱིཿདང་ཧྲཱིཾཿཅི་མང་ཡེངས་མེད་དུ་བཟླས་ཤིང་འདི་ཉིད་སྒྲུབ་པ་པོས་དུས་གསུམ་སངས་རྒྱས་ཀུན་གྱི་ངག་གི་སྤོབས་པ་ཐོགས་མེད་དུ་མངོན་པར་དགེ་བ་ཅན༔ ཤེས་རབ་ཀྱི་རིག་སྔགས་འདི་ཡང་བཟླ་བར་བྱ་སྟེ༔ ཧཱུྃ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི༔ ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི༔ དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ༔ ཞེས་པ་འདི་ཉིད་ཟླ་བ་དྲུག་གི་བར་དུ་ཉིན་རེ་བཞིན་ཆབ་ཁྱོར་གང་ལ་རིག་སྔགས་འདི་ལན་བདུན་བཏབ་སྟེ༔ ཉི་མ་ཤར་བའི་ཚེ་འཐུང་ལ༔ དེ་བཞིན་དུ་སྔ་དྲོ་དུས་རྟག་པར༔ ཏད་ཡ་ཐཱ༔ ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ༔ ཞེས་གདོང་འཁྲུ་ཞིང་ཆུ་ཁྱོར་གང་ལ་སྔགས་ལན་བདུན་བཟླས་ཏེ་འཐུང་ན༔ ཉི་མ་གཅིག་བཞིན་དུ་ཚིགས་བཅད་དུ་མ་འཛིན་ནུས་པར་གདོན་མི་ཟའོ༔ གོང་གི་ཚེ་གོས་རྙིང་དང་བུད་མེད་གྲིབ་ཅན་ཀུན་ནས་སྤང་ཞིང༔ དེ་བཞིན་དུ་བུད་མེད་ཀྱིས་ཀྱང་སྐྱེས་པ་གྲིབ་ཅན་སྤང་བར་བྱ་བ་ཁོ་ནའོ༔ དམིགས་པ་འདི་དང་རིག་སྔགས་འདི་གཉིས་ཀྱིས་བླུན་པོ་བ་གླང་རྗི་ཡང་མཁས་པ་པཎྜི་ཏར་འགྱུར་ན༔ བློ་དང་ལྡན་པ་རྣམས་ཀྱིས་ཚུལ་བཞིན་དུ་བསྒྲུབ་ན་འདོད་པའི་འབྲས་བུ་འབྱུང་བ་ལྟ་ཅི་སྨྲོས༔ མཚོ་རྒྱལ་སངས་རྒྱས་ཀུན་གྱིས་འགྲོ་བ་རྣམས༔ ནམ་ཡང་བསླུ་བར་མི་འགྱུར་ན༔ ཐེ་ཚོམ་སྤོངས་ལ་དེ་ལྟར་ཉམས་སུ་ལོངས་དང་གསུངས་སོ༔ ས་མ་ཡ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཡང་ཇོ་མོས་འདི་གང་དུ་སྦེད་ཅིང་འདོན་པའི་དུས་འགྲོ་བའི་སྤྱོད་ཚུལ་དུས་གནད་ཇི་ལྟར་འབྱུང་ན་ལགས་ཞུས་པས༔ གདམས་ཕྲན་འདི་དང་ཆོས་ཀུན་རྫོགས་པའི་རིམ་པ་གསང་བ་སྙིང་པོ༔ གཏེར་རྫས་མུན་པ་དགུ་བསྐོར་ནག་པོ་རྣམས་ཟབ་བུ་ལུང་བདེ་གཤེགས་ཡོངས་རྫོགས་འདུས་པའི་ཕོ་བྲང་གི་དབུས༔ གཏེར་ལུང་བདུན་པ་ཕ་ཝང་པཎ་ཞྭ་འདྲ་བའི་གཡས་ཟུར༔ རྫའི་དཔེའུ་ཆུང་རང་བྱུང་གི་ཕུག་པའི་གནས་སུ་སྦ་ཞིང༔ དུས་ཀྱི་འགྱུར་ལུང་འགྲོ་བ་རྣམས་ཀྱི་སྤྱོད་ཚུལ་ནི༔ འཁོར་བའི་འདམ་དུ་བྱིང་ཡང་རྒས་སེམས་མེད་པས་རྨོངས་པ་ཅན་དང༔ ལས་སུ་སྡིག་ལ་སྤྱོད་ཀྱང་འགྱོད་སེམས་ཅི་ཡང་མེད་པའི་རང་ལ་སྙིང་རྗེ་བ་ཚོ་དང༔ དགེ་བའི་དྲན་པ་སྟོར་ཡང་བཅོས་སེམས་མེད་པའི་སྨྱོན་པ་ཚོ་དང༔ འགྲོགས་ཀྱང་བྲལ་སེམས་མེད་པའི་གྲོགས་དད་ཅན་ཚོ་དང༔ འདོད་ཡོན་མི་ཚེར་སྤྱོད་ཀྱང་ཆོག་ཤེས་མེད་པའི་སྲེད་པ་ཚོ་དང༔ སྨྲ་བ་མི་ལ་མཁས་ཀྱང་རང་དོན་འཆོལ་བར་ཤོར་བའི་མདོ་མེད་པོ་ཚོ་དང༔ མིག་གིས་གཞན་སྐྱོན་རྟོག་ཀྱང་རང་གི་ཉེས་བྱས་མ་མཐོང་བའི་ཅ་རེ་ལོང་བ་ཚོ་དང༔ དགེ་བའི་ཕན་ཡོན་མཐོང་ཡང་བྱེད་སེམས་མེད་པའི་ཆོས་མེད་སེམས་ཅན་ཚོ་དང༔ མི་ཚེ་ལོང་གཏམ་བྱས་ནས་རྟག་ཏུ་བསམ་བློ་བཏང་ཡང་གྲུབ་པ་མེད་པའི་སེམས་རྒྱ་ཅན་ཚོ་དང༔ རྟག་ཏུ་སེར་སྣས་བསགས་ཀྱང་ལོངས་སྤྱོད་ཆེ་རྒྱུ་མེད་པའི་ཞི་བཏིག་ཅན་ཚོ་དང༔ དཀོན་མཆོག་ལ་མཆོད་པ་བཞག་ནས་སྨད་འཚོང་ལ་རྒྱན་སྤྲོད་པའི་སྙིང་མེད་པོ་ཚོ་དང༔ མགོའི་སྐྲ་དཀར་དཔྲལ་བ་གཉེར་མས་གང་འདུག་ཀྱང་ཤེད་མ་བྱེ་བའི་རྒན་པོ་བྱིས་པའི་སྤྱོད་པ་ཅན་ཚོ་དང༔ སངས་རྒྱས་ངོ་སྤྲོད་བསྟན་ཡང་ཡིད་ཆེས་མེད་པའི་ཐེ་ཚོམ་ཅན་ཚོ་དང༔ རང་ཉིད་མི་དགེ་བྱེད་ཅིང་གཞན་ལ་ཆོས་བཤད་བྱེད་པའི་རྒྱལ་ཁམས་ཕུང་འདྲེ་ཅན་ཚོ་དང༔ གཞན་ཡང་དེ་དུས་རྒྱལ་པོ་རྣམས་ནི་གྲོགས་ཁ་ལ་ཡང༔ བློན་པོ་རྣམས་ནི་ཞེ་ནག༔ ཤར་ཕོ་རྣམས་ནི་རྩིང་ཆོས་ཆེ༔ རྒྱལ་ཁམས་རྣམས་ནི་དུས་ཀྱིས་བསྒྱུར་བས༔ དུས་ལྔ་བརྒྱའི་ཐ་མ་ལ༔ ཆོས་བྱེད་རྣམས་ནོར་རྫས་འགྲན༔ རྒྱལ་པོ་རྣམས་སྲིད་སྡེར་འགྲན༔ བཙུན་པ་རྣམས་ཁྲམ་གྱི་ཚུལ་འཆོས་འགྲན༔ སྔགས་པ་རྣམས་མཐུ་འགྲན༔ སྐྱེ་བོ་རྣམས་ཁྲེལ་མེད་འགྲན༔ དེའི་རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བས༔ སེམས་ཅན་ལ་བདེ་སྐྱིད་མི་འབྱུང༔ མ་འོངས་དེ་འདྲ་བྱུང་བའི་དུས༔ ནད་ཡམས་འཁྲུལ་འཁོར་ཆེན་པོ་གཡོ་ཞིང༔ གནམ་ལ་གཟའ་སྐར་ཆེན་པོ་འཁྲུགས་པ་དང༔ ནད་མཚོན་མུ་གེའི་བསྐལ་པ་ཁོལ་བུ་ཁོལ་བུར་འཆར་དུས་སུ༔ ལས་དང་སྐལ་པར་ལྡན་པ༔ ངག་ཞི་ཁྲོ་སྤེལ་མར་སྤྱོད་པ༔ སྙིང་པོའི་དོན་ལྷུར་ལེན་ཅིང༔ ང་དང་གྲུབ་པའི་རིག་འཛིན་རྣམས་ལས་གཞན་མི་སེམས་པ༔ ཁེ་རྔམས་ཆེ་བ་སྟེ༔ ཐེག་པ་ཐམས་ཅད་བློ་ལ་འཆར་པ་གཅིག་དང་འཕྲད་པར་སྨོན་ལམ་འདེབས་པས༔ དེས་ཀྱང་རང་ཉམས་ལོངས་ལ་གདམས་པ་དུས་གཅིག་མ་བསྟན་ཤིན་ཏུ་གཟོབས་ལ་སྤྱོད་ཅིག༔ བྱིན་རླབས་འཕྲལ་མར་འབྱུང་བར་འགྱུར་རོ༔ མཚོ་རྒྱལ༔ བདག་གི་ཨངྒ་རའི་དར་ལ་ཡི་གེར་ཐོབས་ལ་སྦོས་ཤིག༔ ཕྱི་རབས་ཀྱང་མ་དཔེ་སུས་མ་མཐོང་བར་གྱིས་ལ༔ རྡོ་རྗེའི་བྲག་སྡེ་བརྒྱད་རྒྱུ་བའི་འཕྲང་ལ་སྦས་ན་འདྲེ་སྲིན་གྱི་ཁ་གནོན་ཅིང༔ དེར་གནས་པའི་འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ༄༅། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་ཀྱི་སྣང་བ་གསལ་བར་བྱེད་པ་ཞེས་བྱ་བ། མི་འཇིགས་པའི་སྤོབས་པ་མཆོག་ཏུ་སྟེར་བར་བྱེད་པ། ལྷག་པའི་ལྷར་གྱུར་པ་བཅོམ་ལྡན་འདས་མ་རྡོ་རྗེ་དབྱངས་ཅན་ལྷ་མོ་ལ་ཕྱག་འཚལ་ཞིང་གུས་པ་ཆེན་པོས་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། དོན་འདི་ཉིད་སྒྲུབ་པར་བྱེད་པ་ལ། སྐྱབས་སུ་འགྲོ་བ་དང་། ཚད་མེད་བཞི་བསྒོམ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། ཨཱོྃ་སྭ་བྷཱ་ཝ་སོགས། བདག་ཏུ་འཛིན་པར་བྱེད་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཀུན་གཞིའི་རྒྱ་མཚོ་ཆེན་པོ་ཀློང་ཡངས་པའི་དབུས་སུ། བཾ་ལས་ཆུ་སྐྱེས་དཀར་པོ་འདབ་མ་བརྒྱད་པ་སེམས་བྱུང་གི་སྡོང་བུ་དང་ཡལ་གས་རྣམ་པར་མཛེས་པའི་དབུས་སུ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་རྣམ་པ་ཅན་དང་། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་གཟུགས་ཧྲཱིཾཿདཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་མ་རིག་པའི་སྒྲིབ་གཉིས་སྦྱངས། དེ་བཞིན་གཤེགས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་དབྱངས་ཅན་ལྷ་མོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མ། ཐུགས་རྗེའི་སྤྱན་གསུམ་དང་ལྡན་ཞིང་། ཤིན་ཏུ་འཛུམ་ཞིང་སྒེག་པའི་ཉམས་དང་ལྡན་པ། ཕྱག་གཡས་པདྨ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་ཅིང་། གཡོན་མཆོག་སྦྱིན་གྱི་ཕྱག་རྒྱས་པུསྟཀ་སྦྱིན་ཐབས་སུ་བསྣམས་པ། དབུ་སྐྲ་ཕྱེད་ཆིངས་ཀྱི་ཟུར་ཕུད་གསུམ་པ་ཅན། རིན་པོ་ཆེ་དང་མེ་ཏོག་དུ་མས་མཛེས་པར་བརྒྱན་ཅིང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། གདུ་བུ་སྐ་རགས་ལྷའི་གོས་ཀྱི་ལྷབ་ལྷུབ་འཆང་ཞིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ལྟར་རང་ཉིད་ལྷར་གསལ་བའི་ངང་ནས་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཆ་སྨད་དུ་པད་དཀར་ཟླ་བའི་སྟེང་དུ་ཧྲཱིཾཿགི་མཐར། ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་སྔགས་ཕྲེང་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་འཁོར་དང་བཅས་པ་སྤྱན་དྲངས། པཉྩ་ཀུ་ལ་མཱ་ཏྲྀ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་གྱུར། ཞེས་དམིགས་པའི་ངང་ནས་བཟླས་པའི་སྔགས་ཕྲེང་ས་བོན་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་མ་ལུས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་། མཁས་ཤིང་གྲུབ་པ་བརྙེས་པ་དང་། ལྷ་དང་དྲང་སྲོང་མངོན་པར་ཤེས་པ་མངའ་བ་རྣམས་ཀྱི་འང་མཁྱེན་རབ་ནུས་མཐུ་མ་ལུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་ཚུར་བསྡུས་རང་ཉིད་ལ་ཐིམ་པས། མི་ཤེས་པའི་རབ་རིབ་ཐམས་ཅད་སྦྱངས། བློ་གྲོས་ཀྱི་སྣང་བ་དམ་པ་ཕྱོགས་མེད་དུ་རྒྱས་པར་བསམ་ལ། གོང་གི་བཟླས་པ་འབུམ་ཚོ་ཕྱེད་གཉིས་ལས་མི་ཉུང་བར་བསྐྱལ་ཞིང་དུས་སྐབས་ཐམས་ཅད་དུ་སྙིང་པོ་ཡི་གེ་ཧྲཱིཾ་ཧྲཱིཾ་འབའ་ཞིག་ལ་བརྩོན་པར་བྱ་ཞིང་སྨྲ་བ་གཞན་གྱི་རྒྱུན་བཅད་དེ། འདི་ཉིད་ལ་བསྙེན་པ་འབུམ་ཚོ་བདུན་ལས་མི་ཉུང་བར་བཟླ་བར་བྱའོ། །དེ་ལྟར་བྱས་པས་རྒྱལ་བའི་གསུང་རབ་མཐའ་དག་ལ་བློ་གྲོས་ཀྱི་སྤོབས་པ་ཐོགས་པ་མེད་པ་འཇུག་པར་འགྱུར་ཞིང་། རྗེས་ཐུན་འཇོག་པར་འདོད་ན། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། བསྟོད་པ་ནི། ངང་ཉིད་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ཐུགས་རྗེའི་རྣམ་སྤྲུལ་དབྱངས་ཅན་རིག་པའི་ལྷ། །ཡེ་ཤེས་ལྷ་མོ་འཁོར་དང་བཅས་པ་ཡིས། །དོན་དམ་ཆོས་ཉིད་མི་འཇིགས་བློ་གྲོས་སྩོལ། །སྟོན་ཟླ་ལྟར་དཀར་ཡིད་འཕྲོག་ལྷ་མོ་ནི། །རབ་དཀར་མཁྱེན་པའི་འོད་ཟེར་སྟོང་ལྡན་གྱིས། །བདག་གི་བློ་གྲོས་ཀུ་མུད་ཁ་ཕྱེས་ལ། །དྲི་བྲལ་ཤེས་བྱའི་འདབ་མ་རྒྱས་པར་མཛོད། །ཅེས་འདོད་དོན་ལ་གསོལ་བ་བཏབ་ཅིང་། ལྷག་ཆད་ཡི་གེ་བརྒྱ་པས་ཁ་བསྐང་། མཐར་དགེ་བ་བླ་མེད་རྫོགས་བྱང་དུ་བསྔོ་འོ། །ཞེས་པ་འདི་ཡང་དད་དམ་སོགས་འཕགས་ནོར་གྱིས་མངོན་པར་ཕྱུག་ཅིང་རྣམ་དཔྱོད་བློ་གྲོས་ཀྱིས་ཡིད་རབ་ཏུ་སིམ་པར་བྱེད་པ་སྡེ་པ་ཆོས་ཀྱི་རྗེ་ཐུབ་དབང་རྒྱལ་མཚན་དཔལ་བཟང་པོས་བསྐུལ་བ་ལས་རྗེ་བཙུན་པདྨའི་རིགས་ལས་སྐྱེས་པ་པྲ་ཛྙཱ་རསྨིས་ལེགས་པར་སྦྱར་བའོ།། །།
ཛམྦྷ་ལ་དམར་པོ་གྲྭ་སྟོན་ཆེན་པོའི་གཏེར་མའི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ (Volume 61, Text 65)
ཨཱོྃ་སྭསྟི། དཔལ་ལྡན་པདྨ་གར་གྱི་དབང་། །ནོར་སྦྱིན་རྒྱལ་པོར་ཡོངས་བཞེངས་པ། །དེ་ལ་བཏུད་ནས་སྒྲུབ་ཐབས་དང་། །རྗེས་གནང་ཆོ་ག་མདོ་ཙམ་བཤད། །གྲྭ་པའི་གཏེར་མ་ཛཾ་དམར་ཆགས་པ་རྡོ་རྗེའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། མཎྜལ་བ་བྱུང་དང་དྲི་བཟང་གིས་བྱུགས་པ་ལ་ཚོན་གྱིས་པདྨ་དམར་པོ་འདབ་མ་བརྒྱད་པ་བྲི། དབུས་སུ་མཉྫི་ལ་ཀ་པཱ་ལར་མྱོས་བྱེད་བཟང་པོ་བུ་རམ་དང་སྦྱར་བ་ལ་བདུད་རྩི་རིལ་བུ་བཏབ་པ་གཞག །དེའི་མདུན་དུ་གཏོར་མ་རིན་པོ་ཆེ་འབར་བའི་དབྱིབས་ཅན་དམར་པོ་ཤ་མར་བུ་རམ་སོགས་ཀྱིས་བརྒྱན་པ་དང་། གཡས་སུ་ཟངས་བུམ་དམར་པོ་ཆས་དང་ལྡན་པ་ལྔ་ཚན་ལྔའི་རྫས་ཀྱིས་སྦགས་པའི་ཆུས་གང་བ། གཡོན་དུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞུགས་སུ་གསོལ། འབུལ་གཏོར་གཅིག་དང་། འཇིག་རྟེན་པའི་གཏོར་མ་གཅིག་ཀྱང་བཤམས། མཐའ་མཆོད་པས་བསྐོར། རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། རྟ་མགྲིན་ལྟ་བུའི་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་མ་ལས་ཉི་མ་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་ཛཾ་དམར་པོ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། འགྲོ་བའི་དབུལ་ཕོངས་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ། སྒེག་ཅིང་ཆགས་པའི་ཉམས་ཅན་ཅུང་ཟད་ཁྲོ་ལ་འཛུམ་པ། རྩ་ཞལ་དམར་པོ་བཞད་པ་གཡས་དཀར་གཡོན་སྔོ་བ། ཕྱག་དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་ནོར་བུས་གང་བའི་ཐོད་པ། བར་པ་གཉིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་ནོར་བུ་སྣ་ཚོགས་སྐྱུག་པ་རེ་རེ་འཛིན་པ། ཞབས་གཡས་པ་གཉིས་བསྐུམ་ཞིང་གཡོན་པ་གཉིས་ཅུང་ཟད་བརྐྱང་པས་ནོར་བདག་ཕོ་མོ་མནན་པ། ཀླུ་ཆེན་བརྒྱད་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་། མེ་ཏོག་གི་ཕྲེང་བ་དང་དར་གྱི་ཅོད་པན་འཕུར་བ། དེའི་ཐུགས་ཀར་ཧྲཱིཿལས་གསང་བའི་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཨུཏྤ་ལའི་མདའ་གཞུ་འགེངས་ཤིང་། འོག་མ་གཉིས་ཀྱིས་ཨུཏྤ་ལས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པས་བཞེངས་པ། རུས་པའི་ཕྱག་རྒྱ་ལྔ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཁྲོ་འཛུམ་སྒེག་པའི་ཉམས་ཅན། ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ཡིག་འབྲུ་གསུམ་དང་། ཐུགས་ཀའི་དབུས་སུ་སོ་སོའི་ས་བོན་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཨཱོྃ་ཨཱརྻ་ཛམྦྷ་ལ་ཤྲཱི་ཀུ་རུ་ཀུལླེ་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་པ་མཆོད་དེ། ཨཱོྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ། ཨཱོྃ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། ཨཱརྻ་ཛམྦྷ་ལ་ས་པ་རི་བཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ༔ ཞེས་པས་བསྟོད། བཟླས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་ཀུ་རུ་ཀུལླེ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་དཔག་མེད་སྤྲོས། འཇིག་རྟེན་ཁམས་ཀྱི་ནོར་རྫས་ཐམས་ཅད་བསྡུས། ཛམྦྷ་ལའི་ཞལ་དང་ནེའུ་ལེ་ཞབས་འོག་གི་གནོད་སྦྱིན་རྣམས་ཀྱི་ཞལ་ནས་ཀྱང་ནོར་གྱི་ཆར་ཕབ་སྟེ་བདག་ལ་དངོས་གྲུབ་ཏུ་སྦྱིན་པར་བསམ་ཞིང་། ཨཱོྃ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ནཿམེ་དྷི་ཧྲཱིཿསྭཱ་ཧཱ༔ ཞེས་ཅི་ནུས་བཟླའོ། །ཐུན་མཚམས་སུ་གཏོར་མ་བསང་སྦྱང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། སྙིང་པོའི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་བདུན་གྱིས་གཙོ་བོ་དང་། གཏོར་མ་ཕྱི་མ་ཨ་ཀཱ་རོས་འབུལ། ཉེར་སྤྱོད་ལྔས་མཆོད། སྔར་བཞིན་བསྟོད་ནས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་གསོལ། དེ་ནས་བུམ་པ་བསང་སྦྱང་། པད་ཟླའི་གདན་ལ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་དམར་པོ་མཚན་ཉིད་ཚང་བའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར་ཟླ་བ་ལ། བྷྲཱུྃ་ཨཱཾ་ཛྲིཾ་ཁཾ་ཧཱུྃ་ལས་དེ་བཞིན་གཤེགས་པ་རིགས་ལྔ་དམར་པོ་རིན་པོ་ཆེ་དང་གཏེར་བུམ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་གནས་གསུམ་བརླབ། ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། དབང་ལྷ་སྤྱན་དྲངས་པ་མཆོད་ནས་དབང་བསྐུར་རང་རིགས་ཀྱིས་དབུ་བརྒྱན་པ་མཆོད་ཅིང་བསྟོད། ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩི་བབས་པས་བུམ་པ་གང་བར་བསམ་ནས། ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཞེས་ཅི་ནུས་བཟླས་ཏེ་ཡིག་བརྒྱས་ལྷག་ཆད་བསྐང་། རིགས་ལྔ་ཞུ་བ་ལས་ཛམྦྷ་ལ་སྔར་བཞིན་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། མཆོད་བསྟོད་བཟླས་པ་སྔར་བཞིན་བྱས་ནས་ལྷག་ཆད་བསྐང་འདོད་དོན་གསོལ། ལྷ་ཞུ་བ་ལས་བུམ་ཆུར་གྱུར་པར་བསམ། ཐུན་མཚམས་སུ་ཆུ་སྦྱིན་དང་གཏོར་མ་འབུལ་ན། ཟངས་གཞོང་དུ་སྔར་ལྟར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་སྟིམ། དེའི་ཐུགས་ཀར་རཾ་དམར་པོ་མེའི་རང་བཞིན་ཅན་གཅིག་བསམ། རཾ་ཞེས་བརྗོད་པས་མེ་འབར་ཏེ་ཞལ་ནས་མེ་ལྕེ་ཅུང་ཟད་བྱུང་བས་ཤིན་ཏུ་སྐོམ་ཞིང་གདུངས་པར་བསམ་ལ། རང་གི་ལག་མཐིལ་དུ་ཟླ་བ་ལ་བྷྲཱུྃ་ཨཱཾ་ཛྲིཾ་ཁཾ་ཧཱུྃ། དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པ་སོར་མོའི་རྩེ་ལས་འཛགས། རྩ་སྔགས་ཀྱིས་ཕུལ་བས་སྐོམ་པའི་གདུང་བ་ཞི་སྟེ་མཉེས་ནས་ཞལ་དང་ནེའུ་ལེ་ནོར་བདག་རྣམས་ནས་རིན་པོ་ཆེ་བྱུང་བས་དགོས་འདོད་ཐམས་ཅད་སྩོལ་བར་བསམ་ཞིང་། སྔགས་ཉེར་གཅིག་ལས་མི་ཉུང་བས་ཆུ་རྒྱུན་སྦྲེང་། གཏོར་མ་བྱིན་གྱིས་བརླབས་སྔར་བཞིན་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུས་གསོལ་བས་མཉེས་ཤིང་འདོད་པའི་དངོས་གྲུབ་སྩོལ་བར་བསམ། མཆོད་བསྟོད་ཕྲིན་བཅོལ་སྔར་བཞིན་བྱས་ལ་ཛམ་ལའི་ཞལ། ནོར་སྐྱུག །ནེའུ་ལེ་གསུམ་ལས་རིན་པོ་ཆེ་འཛག་པར་བསམ་ནས། ཆུ་སྦྱིན་ཕུལ་བའི་ཆུ་ལས་ཐིགས་པ་གཅིག་མཐེབ་སྲིན་གྱིས་བླངས་པ་ལྕེར་བཞག་སྟེ་ཨཱོྃ་ཨཱཿཧཱུྃ་ཞེས་དངོས་གྲུབ་བླང་། གཏོར་ཆུ་དང་བཅས་པ་རང་གིས་ལོངས་སྤྱོད་པའམ་ཆུ་བོ་ཆེན་པོར་གནས་པ་རྣམས་ལ་སྦྱིན་ནོ། །མཐར་གཏང་རག་གི་མཆོད་པ་དང་། བཟོད་གསོལ་གཤེགས་བསྡུ་ཤིས་བརྗོད་རྣམས་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སོགས་བཤད་མ་ཐག་པ་ལྟར་བྱས་ནས། སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད། མཚམས་སྦྱོར་གྱི་སྐབས་འདིར། བྱང་ཆུབ་སེམས་དཔའ་གནོད་གནས་དབང་པོ་ཞེས་སམ། འཕགས་པ་ཆུ་དབང་སྙིང་རྗེ་ཆེན་པོ་ཞེས་ཀྱང་བྱ་བ། མདོ་སྔགས་ཐམས་ཅད་ལས་གསུངས་ཤིང་ནང་པ་སངས་རྒྱས་པའི་ནོར་ལྷ་ཐམས་ཅད་ཀྱི་གཙོ་བོ་འཕགས་པ་ཛམྦྷ་ལ་ཞེས་བྱ་བ་དེ་ལ་སྒྲུབ་པའི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། འདིར་དབང་གི་ལས་ལ་ཆེད་དུ་བསྔགས་པ་ཛཾ་བྷ་ལ་དམར་པོ་ཆགས་པ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་ཐབས་གྲྭ་པ་མངོན་ཤེས་དབང་ཕྱུག་འབར་གྱི་གཏེར་ཁ་ལས་བྱོན་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་ཞེས་མཚམས་སྦྱར། མཎྜལ་ཕུལ། གསོལ་བ་འདེབས་པ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ལན་གསུམ་གྱིས་གསོལ་བ་གདབ། གུར་ནས་འབྱུང་བ་ལྟ་བུའི་རྒྱུན་བཤགས་གང་འོས་ཀྱིས་ཚོགས་གསག །མདུན་བསྐྱེད་ཀྱི་དམིགས་པ་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཕོག །བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་བྱས་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་སྐུ་ལས་འོད་ཟེར་འཕྲོས་སློབ་མ་ལ་ཕོག །ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་འོད་ཀྱི་གོང་བུ་དམར་པོར་གྱུར། སློབ་མ་བསང་སྦྱང་། སྟོང་པའི་ངང་ལས་མདུན་བསྐྱེད་བཞིན་ཛཾ་དམར་དུ་བསྒོམས་པའི་གནས་གསུམ་བྱིན་གྱིས་བརླབ། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་རིག་འཛིན་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པ་ཐམས་ཅད་ཛཾ་བྷ་ལ་དམར་པོའི་རྣམ་པར་སྤྱན་དྲངས། སློབ་མ་ལ་ཐིམ་པར་བསམ་ལ་སྔགས་མཐར་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད་ཅིང་། གུ་གུལ་གྱིས་བདུག །རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་དབབ། ཏིཥྛ་བཛྲ་སྤྱི་བོར་རྡོ་རྗེ་བཞག་སྟེ་བརྟན་པར་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སུ་བཅུག །སློབ་དཔོན་གྱིས་ཀྱང་འདི་ལ་ཞེས་བསྒྱུར་བས་གསོལ་བ་འདེབས། དབང་ལྷས་དབང་བསྐུར་བར་མོས་ལ། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཤིང་དབང་བསྐུར་པས་ལུས་ཐམས་ཅད་གང་། སྒྲིབ་པ་བཞི་དག །དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་མཉམ་གཞག་གི་སྟེང་ན་རིན་པོ་ཆེ་བསྣམས་པས་དབུ་བརྒྱན། སླར་ཡང་སློབ་མས་མེ་ཏོག་གི་ཕྲེང་བ་ཕུལ་བར་མོས་ཏེ་སྙིམ་པ་མེ་ཏོག་དང་བཅས་པས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསུམ་བརྗོད་དུ་བཅུག །སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་གསུམ་དང་། བླ་མའི་ཞལ་ནས་སྔགས་ཀྱི་ཕྲེང་བ་དམར་ནར་གྱིས་བྱུང་བ་སློབ་མའི་ཁར་ཞུགས་ལུས་དམར་མེར་གྱིས་གང་བར་བསམ་ནས་སྔགས་ཀྱི་རྗེས་ཟློས་བྱས་ཏེ། སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཛཾ་ལ་དམར་པོའི་བྱིན་རླབས་ཀྱིས༔ བདེ་ཆེན་གནས་སུ་དྲང་དུ་གསོལ༔ ཞེས་བརྗོད་ཅིང་སྤྱི་བོར་མེ་ཏོག་གཞག་གོ །དེ་ལྟར་དབང་བསྐུར་པ་དེ་བརྟན་པར་བྱ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། ཐོད་ཆང་ལག་ཏུ་གཏད་ལ༔ ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ སྲིད་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཅེས་བརྗོད། བདུད་རྩི་ལྕེ་ལ་བཞག་ཅིང་སྔགས་མཐར་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད། གཏོར་མ་རིན་ཆེན་འབར་བ་གཏད་ལ༔ ཡིད་བཞིན་རིན་ཆེན་འབར་བ་ཡིས༔ ཁམས་གསུམ་ཀུན་གྱི་ནོར་བསྡུས་པ༔ འདོད་དགུ་ཆར་འབེབ་དབང་གི་རྒྱལ༔ བུ་ལ་སྦྱིན་པས་དངོས་གྲུབ་ཐོབ༔ ཅེས་དང་། གཏོར་ཟན་བྱིན་ལ་སྔགས་སྔར་བཞིན་བརྗོད། དེ་ནས་ཆུ་སྦྱིན་གྱི་རྗེས་གནང་ཡང་བྱ་སྟེ། ཆུ་སྦྱིན་གྱི་སྔགས་གཏོར་བསྔོ་བསྟོད་པ་འདོད་གསོལ་དངོས་གྲུབ་བླང་བ་དང་བཅས་པ་སྔར་ལྟར་བྱ་ཞིང་སློབ་མ་ལ་ཡང་བྱེད་དུ་བཅུག །དེ་ལྟར་ཛཾ་བྷ་ལ་དམར་པོའི་རྗེས་གནང་ཐོབ་པ་ཡིན་པས། འདི་ཉིད་ནོར་ལྷར་བསྟེན་ནས་མཆོད་གཏོར་བསྙེན་སྒྲུབ་ཅི་ནུས་སུ་བྱ་སྙམ་པས། གཙོ་བོས་ཇི་ལྟར་སོགས་དང་། མཎྜལ་ཡོན་འབུལ་དགེ་བ་བསྔོ་བ་རྣམས་བྱའོ།། ༧ །།ཡང་ལག་ལེན་བསྡུས་པ་ལ་དགའ་ན། སློབ་མ་ལྷར་བསྐྱེད་དུས་ནས་རིགས་བདག་རང་ཆས་བྱས་ལ་བུམ་དབང་མི་བསྐུར་བར་བྱིན་དབབ་ཀྱི་རྗེས་ཉིད་དུ་ཐོད་པ་དང་། གཏོར་མ་གཏོད་པ། ཆུ་སྦྱིན་གྱི་རྗེས་གནང་རྣམས་སོང་རྗེས་སྔགས་ཀྱི་བཟླས་ལུང་སྦྱིན་པ་ཙམ་གྱིས་ཀྱང་ཆོག་སྟེ། དེ་ལྟར་ན་བུམ་སྒྲུབ་ཀྱང་མི་དགོས་སོ། །མདུན་བསྐྱེད་ཀྱི་རྗེས་ཆོག་ཀྱང་སྤྱི་དང་འདྲའོ། །རྣམ་འ༵གྱུར་སྣ་ཚོགས་ནོར་ལྷའི་གཙོ། །ཚད་མེ༵ད་སྒྲུབ་ལ་བརྩེ་བའི་མགོན། །མཚོ་སྐྱེས་རྡོ༵་རྗེ༵འི་ཞལ་ལུང་གི །སྙིང་པོ་འཇུག་བདེའི་ཁྲིགས་སུ་སྤེལ། །ཛམྦྷ་ལ་དམར་པོ་གྲྭ་སྟོན་ཆེན་པོའི་གཏེར་མའི་ལུགས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ལེའུ་ཚན་ནོ།། །།
ལྷ་བཙུན་རིན་པོ་ཆེའི་དག་སྣང་བརྟག་རིལ་བསྒྲིལ་བའི་མན་ངག་དུས་གསུམ་མཁྱེན་པའི་ཞལ་ལུང་ (Volume 42, Text 65)
༄༅། །ལྷ་བཙུན་རིན་པོ་ཆེའི་དག་སྣང་བརྟག་རིལ་བསྒྲིལ་བའི་མན་ངག་དུས་གསུམ་མཁྱེན་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡཻ། འདིར་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ལུང་། ལྷ་བཙུན་རིན་པོ་ཆེ་ནམ་མཁའ་འཇིགས་མེད་རྩལ་གྱི་དག་སྣང་བརྟག་རིལ་བསྒྲིལ་བའི་མན་ངག་འདི་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་ཁང་གཙང་ཞིང་དབེན་པར་ཕྱག་བདར་ལེགས་པར་བྱ། གུང་དུ་གུ་རུའི་སྐུ་ཚབ་གཏེར་བྱོན་འཁྲུལ་མེད་ཡོད་ན་རབ། དེ་མིན་གུ་རུ་རིན་པོ་ཆེའི་སྐུ་བྲིས་འབུར་གང་རུང་རབ་གནས་དང་ལྡན་པའི་སྤྱན་སྔར་འབྲུ་དཀར་གྱི་མེ་ཏོག་གཅལ་དུ་བཀྲམ་པའི་སྟེགས་བུའི་དབུས་སུ། གཏོར་མ་རིན་ཆེན་འབར་བ་བཟའ་བཏུང་གི་ཕུད་འབྱོར་ཚད་ཀྱིས་བསྐོར་བའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཉེར་སྤྱོད། ཉེ་ལོག་ཅི་བདེ་བར་གཞི་བགེགས་ཀྱི་གཏོར་མ་གཉིས། རང་གི་མདུན་དུ་རས་དཀར་པོའི་ཁེབས་དང་ལྡན་པའི་ལྕོག་ཙེའི་ཁར་འབྲས་དཀར་གྱི་གཡུང་དྲུང་ཆོས་འཁོར་དུ་བྲི། དེའི་ཁར་མཉྫིའི་སྟེང་དུ་རིན་པོ་ཆེའི་སྣོད་བཟང་པོ་དྲི་མ་མེད་པར། དཀར་གསུམ་དང་བདུད་རྩི་ཆོས་སྨན་བཅས་སྦྱར་བའི་ཟན་གཙང་མ་ལ་རིལ་བུ་ཆེ་ཆུང་མེད་པ་གསུམ་བཅོས་པའི་ནང་དུ། རྒྱ་ཤོག་ལྟ་བུའི་ཤོག་བུ་གཙང་མ་ལ་མིང་འདི་ཞེས་བྱ་བའི་དོན་འགྲུབ་པར་འགྱུར་རོ། །ཟེར་བ་གཅིག་དང་། དོན་འདི་འགྲུབ་པར་མི་འགྱུར་རོ། །ཟེར་བ་གཅིག་དང་། འགྲུབ་པར་དཀའ་ཡང་རིམ་གྲོ་བསྒྲུབ་ན་འགྲུབ་ཙམ་འགྱུར་རོ། །ཞེས་བྱ་བ་གཅིག་སྟེ་ལེ་ཚན་གསུམ་ཆད་ལྷག་བྲིས་བསུབས་མེད་པར་བྲིས་ཏེ་དབུ་ནས་དྲིལ་བ་ཟན་རིལ་གྱི་ནང་དུ་བཅུག་པ་འབྲུ་དཀར་ཅུང་ཟད་དང་བཅས་ཏེ་བླུགས། ཁ་དར་དཀར་པོས་བཅད། གཞན་ཡང་རྡོར་དྲིལ་དང་གུལ་ཡུངས་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། རང་ཉིད་སྟན་བདེ་བར་རྟེན་ལ་ཁ་ཕྱོགས་པས་འཁོད་དེ། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པའི་སྤྱན་སྔར། ཨཱོྃ་ཨཱཿཧཱུྃ། རྨད་བྱུང་ཆོས་དབྱིངས་ཡེ་གྲོལ་སྲིད་ཞིའི་ཁམས། །གསང་མཆོག་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་འདུས་པའི་ངོ་བོ་ལ། །སྐྱབས་སུ་མཆི་འོ་བྱང་ཆུབ་མཆོག་སེམས་བསྐྱེད། །ལན་གསུམ་གྱིས་སྐྱབས་སེམས་བྱ། གཞི་བགེགས་ཀྱི་གཏོར་མ། རཾ་ཡཾ་ཁཾ་གིས་བསང་། ཨཱོྃ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རང་བཞིན་རྣམ་གྲོལ་ཆོས་དབྱིངས་སྒྱུ་མའི་ཀློང་། །སྣང་གྲགས་མ་ལུས་རྒྱལ་བ་ཞི་དང་ཁྲོ། །དོན་དམ་ཡེ་ཤེས་རང་རིག་ངོ་བོ་ཉིད། །མ་རྟོགས་གློ་བུར་རྣམ་རྟོག་འདྲེ་དང་བགེགས། ཁྱད་པར་རྨད་བྱུང་དོན་གྱི་འབྲས་བུ་འདི། །རྒྱལ་བས་མ་འཁྲུལ་ཡང་དག་ལུང་སྟོན་ཅིང་། །འདོད་དོན་བསྒྲུབ་ལ་བར་གཅོད་བགེགས་ཚོགས་དང་། །ཡུལ་འདིའི་གཞི་བདག་མི་དང་མི་མ་ཡིན། །གློ་བུར་བར་གཅོད་བྱེད་པའི་འབྱུང་པོ་རྣམས། །འདོད་ཡོན་ལྔ་ལྡན་གཏོར་མས་ཚིམས་གྱིས་ལ། །བདག་གི་བསམ་དོན་འཁྲུལ་མེད་འགྲུབ་པར་མཛོད། །ཨཱོྃ་ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་དང་། སུམྦྷ་སོགས་བརྗོད་ཅིང་གཏོར་མ་ཕྱི་རོལ་དུ་བསྐྱལ། རོལ་མོའི་སྒྲ་དྲག་པོ་དང་བཅས་གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབས་ལ་མཚམས་བཅད། ཨཱོྃ་ཨཱཿཧཱུྃ། སྐྱེ་འགག་གནས་གསུམ་མཐའ་བྲལ་དངོས་པོའི་གཤིས། །གསལ་སྟོང་ཟུང་འཇུག་ཡི་གེ་འབྲུ་གསུམ་གྱིས། །དྭངས་མར་སྦྱངས་པའི་འདོད་ཡོན་འོད་ཕུང་བཅུད། །ཀུན་བཟང་མཆོད་སྤྲིན་ཆེན་པོས་ཁྱབ་པར་གྱུར། །མ་ཧཱ་པཉྩ་རཀྟ་པཱུ་ཛ་ཙཀྲ་ཨཱོྃ་ཨཱཿཧཱུྃ། སརྦ་སིདྡྷི་ཕ་ལ་ཨ་མྲྀཏ་ཧཱུྃ། ཞེས་མཆོད་གཏོར་རྣམས་བྱིན་གྱིས་བརླབ། བདག་བསྐྱེད་ནི། སྣང་གྲགས་འབྱུང་ལྔ་འཇའ་གུར་མཚོན་ཆ་དང་། །ཡེ་ཤེས་རོལ་པ་ལྷ་ཡི་གུར་ཁང་དབུས། །དབང་ཆེན་ཡབ་ཡུམ་ཐུགས་ཀར་བདག་ཉིད་ནི། །སྐད་ཅིག་དྲན་རྫོགས་པདྨ་ཐོད་ཕྲེང་རྩལ། །འཁོར་དུ་དཔའ་བོ་མཁའ་འགྲོ་སྤྲིན་ཕུང་གཏིབས། །ཕྱི་རོལ་ཐམས་ཅད་མེ་དཔུང་ར་བར་འཁྱིལ། །སྤྱི་བོའི་གཙུག་ན་བརྒྱུད་པའི་བླ་མ་དང་། །རྒྱལ་བ་མ་ལུས་གངས་རིའི་སྤྲིན་གཏིབས་བཞིན། །བཞུགས་པའི་སྐུ་གསུང་ཐུགས་ལས་འོད་འཕྲོས་ནས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་མང་དུ་བཟླས་པས་བྱིན་དབབ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་ནི། ཆོས་དབྱིངས་ཀློང་ན་སྣང་སྲིད་འཁོར་འདས་ཀུན། །འགག་མེད་གསལ་བ་གཟུང་འཛིན་བྲལ་བའི་ངང་། །འཁོར་བ་དང་ནི་མྱ་ངན་འདས་པ་གཉིས། །ཀུན་མཉམ་འཛིན་མེད་ཀློང་དུ་མཆོད་པར་འབུལ། །ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་མ་ཧཱ་པཉྩ་རཀྟ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ གསོལ་བ་གདབ་པ་ནི། སྤྱིར་གསོལ་འདེབས་ལེའུ་བདུན་མ་སོགས་ཇི་ལྟར་རིགས་པ་བྱ་ཞིང་། ཁྱད་པར། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོ་རྒྱན་པདྨ་འབྱུང་གནས་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ཀུན་བཟང་ཡབ་ཡུམ་དགོངས་པའི་ཀློང་། །དུས་གསུམ་རྩ་བརྒྱུད་བླ་མ་དང་། །རིག་འཛིན་རྒྱ་མཚོའི་ངོ་བོར་བཞུགས། །ད་ལྟ་ཁྱེད་ཀྱི་ཐུགས་དམ་བསྐུལ། །དུས་གསུམ་མཁྱེན་བརྩེའི་ཐུགས་རྗེ་ཡིས། །བདག་སོགས་འགྲོ་ལ་བརྩེ་བ་ཡིས། །འཁྲུལ་རྟོག་མེད་པར་ལུང་བསྟན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཨོ་རྒྱན་པདྨ་འབྱུང་གནས་ནི། །རྣམ་གྲོལ་ཞི་བའི་མཁའ་སྤྱོད་ན། །ཀུན་འདུས་རྒྱལ་བའི་གཙུག་རྒྱན་མཆོག །རབས་བདུན་སངས་རྒྱས་སྟོང་ལ་སོགས། །ཐེག་ཆེན་ས་བཅུའི་རྒྱལ་བ་རྣམས། །ད་ལྟ་ཁྱེད་ཀྱི་ཐུགས་དམ་བསྐུལ། །མ་རྨོངས་མཁྱེན་བརྩེ་ཡེ་ཤེས་ཀྱིས། །བདག་སོགས་འགྲོ་བ་སེམས་ཅན་དོན། །འཁྲུལ་པ་མེད་པར་ལུང་བསྟན་ནས། །རང་གཞན་དོན་གཉིས་འགྲུབ་པར་ཤོག །ཨོ་རྒྱན་པདྨ་འབྱུང་གནས་ནི། །དབྱིངས་རིག་ཁྱབ་གདལ་ཆོས་སྐུའི་ཀློང་། །སྐུ་གསུམ་དོན་གྱི་ཞིང་ཁམས་ན། །ཡི་དམ་རྒྱུད་སྡེ་བཞི་དང་དྲུག །ཐེག་དགུའི་ལྷ་ཡི་ངོ་བོར་བཞུགས། །ད་ལྟ་ཐུགས་དམ་གནད་ནས་བསྐུལ། །མཐུ་སྟོབས་རྫུ་འཕྲུལ་ཐོགས་མེད་ཀྱིས། །བདག་དང་འགྲོ་བའི་དོན་ཕྱིར་དུ། །བསྟན་པར་གང་ཕན་ལུང་བསྟན་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོ་རྒྱན་པདྨ་འབྱུང་གནས་ནི། །གསང་མཆོག་རྡོ་རྗེ་བཙུན་མོའི་མཁའ། །འོག་མིན་གནས་སུ་ཉེར་བཞི་ཡི། །དཔའ་བོ་ཌཱ་ཀི་དམ་ཅན་དང་། །ཆོས་སྲུང་རྒྱ་མཚོའི་ངོ་བོར་བཞུགས། །ད་ལྟ་ཐུགས་དམ་དབྱིངས་ནས་བསྐུལ། །མ་རྟོགས་འཁྲུལ་པའི་སེམས་ཅན་ལ། །དོན་དམ་ཆོས་ཉིད་བདེན་པ་ཡིས། །ཡང་དག་དོན་གྱི་ལུང་སྟོན་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོ་རྒྱན་པདྨ་འབྱུང་གནས་ནི། །འོད་གསལ་རྡོ་རྗེ་སྙིང་པོའི་གཞིར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ན། །ཕུང་ཁམས་རྒྱལ་བ་ཞི་ཁྲོར་བཞུགས། །ད་ལྟ་ཐུགས་དམ་གནད་ནས་བསྐུལ། །བདག་ལ་ལེགས་ཉེས་ལུང་བསྟན་ནས། །ཐེ་ཚོམ་དྲྭ་བ་གཅོད་པ་དང་། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །ཨོ་རྒྱན་པདྨ་འབྱུང་གནས་ནི། །རྣམ་བརྒྱད་དུར་ཁྲོད་རོལ་པའི་ཀློང་། །ཤ་ཟ་ཌཱ་ཀི་འདུ་གླིང་ན། །རྒྱ་བོད་གྲུབ་བརྙེས་མ་ལུས་དང་། །གཙང་རིགས་དཔལ་མགོན་བདུན་ཅུ་བཞུགས། །ད་ལྟ་ཐུགས་དམ་གནད་ནས་བསྐུལ། །སོ་སོའི་བདེན་སྟོབས་ནུས་མཐུ་ཡིས། །བདག་ལ་ཟབ་མོའི་ལུང་བསྟན་སྩོལ། །ཡིད་ལ་བསམ་པའི་དོན་འབྲས་འདི། །བསྟན་འགྲོའི་དོན་དུ་དངོས་གྲུབ་སྩོལ། །ཨོ་རྒྱན་པདྨ་འབྱུང་གནས་ནི། །སྣང་སྲིད་མཁའ་ཀློང་ཡངས་པའི་ཀློང་། །མི་འགྱུར་བདེ་བ་ཆེན་པོ་ན། །སྲིད་ཞི་མཉམ་ཉིད་དགོངས་པའི་ཀློང་། །མི་ཟད་རྒྱན་གྱི་འཁོར་ལོར་བཞུགས། །ད་ལྟ་ཐུགས་དམ་གནད་ནས་བསྐུལ། །ཆོས་དབྱིངས་འགྱུར་མེད་བདེ་ཆེན་གྱིས། །བདག་ལ་འཁྲུལ་མེད་ལུང་བསྟན་ནས། །བདེ་སྐྱིད་དཔལ་དང་ཕུན་ཚོགས་སྟོན། །འབྲས་བུ་ཚེ་འདིར་མཆོག་ཐོབ་ནས། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ། །བླ་མ་རྒྱ་མཚོ་འདུས་པའི་སྐུ །ཡི་དམ་རྒྱ་མཚོ་འདུས་པའི་གསུང་། །མཁའ་འགྲོ་རྒྱ་མཚོ་འདུས་པའི་ཐུགས། །ཡིད་བཞིན་ནོར་བུ་པདྨ་འབྱུང་། །ད་ལྟ་ཐུགས་དམ་གནད་ནས་བསྐུལ། །རྨོངས་པའི་འགྲོ་བ་བདག་འདྲ་ལ། །རེ་ལྟོས་རྗེ་བཙུན་ཁྱེད་ལས་མེད། །རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །རིག་འཛིན་ཁྱེད་ཀྱིས་ལུང་སྟོན་ཅིག །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་དང་། །སྐྱབས་ཀུན་འདུས་པའི་སྤྱི་གཟུགས་མཆོག །བདུད་དང་བར་ཆད་འཚེ་དོགས་སོལ། །སྐུ་གསུང་ཐུགས་འདུས་དབང་བཞི་སྐུར། །མ་གབ་མ་འཁྲུལ་མ་སྦས་པའི། །ཡང་དག་དོན་གྱི་སྙིང་པོ་འདི། །ཨོ་རྒྱན་ཆེན་པོས་ལུང་སྟོན་ཅིག །མགོན་ཁྱོད་བཏང་སྙོམས་བཞུགས་ཟེར་ན། །བོད་འབངས་འགྲོ་བ་སུ་ལ་རེ། །རྐྱེན་དང་བར་ཆད་སུ་ཡིས་ཟློག །ལེགས་ཉེས་མངོན་ཤེས་སུ་ཡིས་འཆད། །ཕ་མ་ལྟ་བུའི་གུ་རུ་རྗེ། །དགོས་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཉི་ཟླ་ལྟ་བུའི་གུ་རུ་རྗེ། །མ་རིག་མུན་པ་བསལ་དུ་གསོལ། །སྨན་པ་ལྟ་བུའི་གུ་རུ་རྗེ། །ཉོན་མོངས་གཅོང་ནད་བསལ་དུ་གསོལ། །དཀོན་མཆོག་སྤྱི་འདུས་གུ་རུ་རྗེ། །ངན་སོང་གཡང་ལས་སྐྱོབ་ཏུ་གསོལ། །ལམ་མཁན་ལྟ་བུའི་གུ་རུ་རྗེ། །བདེ་ཞིང་སྐྱིད་པའི་ལུང་སྟོན་ཅིག །བསྟན་དོན་འགྲུབ་པའི་ལུང་སྟོན་ཅིག །མི་འགྱུར་བརྟན་པའི་ལུང་སྟོན་ཅིག །མ་འཁྲུལ་གསལ་བའི་ལུང་སྟོན་ཅིག །མ་ནོར་བདེན་པའི་ལུང་སྟོན་ཅིག །བཀྲ་ཤིས་དགེ་ལེགས་ལུང་སྟོན་ཅིག །བདེ་སྐྱིད་དཔལ་འབར་ལུང་སྟོན་ཅིག །དོན་གཉིས་ལྷུན་གྲུབ་ལུང་སྟོན་ཅིག །ཚེ་གཅིག་སངས་རྒྱས་ལུང་སྟོན་ཅིག །ཅེས་གསོལ་བ་རྩེ་གཅིག་ཏུ་བཏབ་ལ། གསོལ་འདེབས་ཀྱི་བསྙེན་པའི་ཚུལ་དུ། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དང་། ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཇི་ཙམ་ནུས་པ་བཟླ། མཐར་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་དང་བཅས་བརྟག་བསྒྲིལ་གྱི་སྣོད་ལག་གཉིས་ཀྱིས་བླངས་ཏེ། མདུན་གྱི་སྟེང་མཁར་དཔའ་བོ་ལ་ལུང་བསྟན་ཞུ་བའི་ཆེད་གཡས་སུ་ལན་གསུམ་དང་། དཔའ་མོ་ལ་ལུང་བསྟན་ཞུ་བའི་ཆེད་གཡོན་དུ་ལན་གསུམ་བསྐོར། དེ་ནས་རང་གི་གནས་ལྔར་གཏུག །སླར་ཡང་བླ་མ་ལ་ལུང་བསྟན་ཞུ་བའི་ཆེད་སྙིང་གའི་ཐད་དུ་ལན་གསུམ་གཡས་སུ་བསྐོར་ཏེ་འདོད་དོན་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་རྗེས་རེ་དོགས་ཀྱི་བློས་མ་བཅིངས་པར། ཐོག་མར་གང་འཐོན་པ་དེ་ཉིད་ལ་ཐེ་ཚོམ་མེད་པར་ངེས་ཤེས་བསྐྱེད་དོ། །གསུམ་པ་རྗེས་ནི། གོང་ལྟར་མཆོད་ཅིང་བསྟོད་ལ། མདུན་གྱི་གཏོར་མ་ལྷར་གསལ་བ་ལ། སྲིད་ཞིའི་ཁམས་ཀྱི་ཐུགས་རྗེའི་བྱིན་འོད་དང་། །སྟོབས་དཔལ་གཟི་འོད་འདུས་པའི་གུ་རུ་རྗེ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀློང་འདིར། །ཡིད་བཞིན་མཆོག་དང་དཔག་བསམ་བུམ་པ་བཟང་། །འདོད་འཇོའི་བ་ལྟར་ཟག་མེད་དངོས་གྲུབ་ཀྱི། །བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་བཅུད་དང་ལྡན། །མཆོག་ཐུན་དགེ་ལེགས་ཡིད་ལ་ཅི་འདོད་པ། །སྒྱུ་འཕྲུལ་རྒྱལ་བ་རྒྱ་མཚོས་དབྱིངས་ནས་སྩོལ། །ཅེས་དངོས་གྲུབ་བསྐུལ་བས། གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ། ཐོད་ཕྲེང་རྩལ་གྱི་མཐར། ཀཱ་ཡ་སིདྡྷི་ཨཱོྃ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་རེག །མཐར་ལྷ་འོད་དུ་ཞུ་བའི་གཏོར་ཟན་བདུད་རྩིའི་རང་བཞིན་དུ་བསམ་ལ་ཟས་སྣ་རྣམས་དང་། ཟན་རིལ་རྣམས་དངོས་གྲུབ་ཀྱི་ཚུལ་དུ་རོལ། བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པར་བྱའོ། །དེ་ལྟ་བུའི་སྒོ་ནས་དམ་ཚིག་ལ་སེལ་མེད་ཅིང་། གུ་རུ་རིན་པོ་ཆེ་ལ་མོས་གུས་ལྟེམ་རྐྱང་མེད་པ་དང་གདམས་ངག་ལ་ཐེ་ཚོམ་དང་སོམ་ཉི་མེད་པས་བརྟག་པ་བགྱིད་ན་བསླུ་མེད་ཀྱི་ལུང་སྟོན་པར་འགྱུར་བ་ནི་ངེས་པའོ། །ཞེས་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མ་ལ་མི་ཏྲའི་རྣམ་འཕྲུལ་༧ལྷ་བཙུན་རིན་པོ་ཆེ་ནམ་མཁའ་འཇིགས་མེད་རྩལ་གྱི་དག་སྣང་གི་གཞུང་རྩ་བ་ལ། ཅུང་ཟད་ཁ་འགེངས་དགོས་རིགས་བླ་མ་རིག་འཛིན་སྲོག་སྒྲུབ་ནས་བླངས་ཏེ་བཀླགས་པས་གྲུབ་པར་བསྡེབས་པ་པོ་ནི། བྱ་བྲལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཉྫུ་གྷོ་ཥ་སྟེ། འདིས་ཀྱང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དོན་གཉིས་ཀྱི་འདོད་པ་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཤྲཱི་ཡོ་བྷ་བ་ཏུ།། །།
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས༔ དབང་ཆོག་བདེ་ཆེན་བུམ་བཟང་ (Volume 11, Text 65)
༁ྃ༔ སྐུ་གསུམ་རིགས་འདུས་ཟབ་ཏིག་ལས༔ དབང་ཆོག་བདེ་ཆེན་བུམ་བཟང་བཞུགས༔ ༔ སྐུ་གསུམ་རིགས་འདུས་བླ་མར་འདུད༔ སྔགས་ཀྱི་རྩ་བ་དབང་བསྐུར་ཏེ༔ སྲོག་ནི་དམ་ཚིག་སྡོམ་པས་བཟུང༔ རིམ་གཉིས་ལམ་གྱིས་གསོས་བཏབ་པས༔ སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར༔ ས་མ་ཡ༔ དེ་ལ་ཐོག་མར་རྩ་བའི་དབང༔ རྒྱས་པར་བསྐུར་བའི་རིམ་པ་ནི༔ དབེན་པའི་གནས་སུ་སྟེགས་བུའི་དབུས༔ དཀྱིལ་འཁོར་མཚན་ཉིད་རྫོགས་པ་དང༔ དབང་རྫས་མཆོད་ཚོགས་འདུ་བྱས་ལ༔ བདག་མདུན་དབྱེར་མེད་བསྐྱེད་ཅིང་བཟླ༔ ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར༔ སློབ་དཔོན་བདག་ཉིད་འཇུག་པ་དང༔ སློབ་མ་འཇུག་པར་གནང་བ་ནོད༔ སྣོད་ལྡན་ཁྲུས་བྱས་བགེགས་ཕྲལ་ལ༔ སྲུང་འཁོར་བསྒོམ་ཞིང་ངེས་ཤེས་བསྐྱེད༔ མཎྜལ་ཕུལ་ལ་ཆས་སུ་གཞུག༔ མེ་ཏོག་དང་བཅས་གསོལ་གསུམ་གདབ༔ ཧོ༔ རིགས་འདུས་བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྨིན་གྲོལ་དབང་མཆོག་ཟབ་མོ་དོན་གཉེར་ན༔ ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་དུ་གསོལ༔ ཞེས་གསོལ་དེ་ལ་ལན་སྦྱིན་པ༔ ཧོ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ ཞུགས་པ་ལེགས་ཀྱང་དམ་ཚིག་བསྲུང་དཀའ་བས༔ ཐུན་མོང་ཁྱད་པར་བསླབ་ལས་མི་འདའ་ན༔ ཡེ་ཤེས་མཆོག་གི་དབང་བསྐུར་སྦྱིན་པར་བྱ༔ སླར་ཡང་ནན་ཏན་གསོལ་བ་གདབ༔ བླ་མས་གནང་བའི་དམ་ཚིག་སྲོག་བཞིན་བསྲུང༔ མཐའ་ཡས་འགྲོ་བ་ཀུན་གྱི་དོན་བགྱིད་ཕྱིར༔ རིགས་འདུས་རྣལ་འབྱོར་རྩེ་གཅིག་སྒྲུབ་ལགས་ན༔ ཐུགས་རྗེས་དགོངས་ཏེ་ངེས་པར་གནང་དུ་གསོལ༔ རྒྱུད་སྦྱང་སླད་དུ་འདི་ལྟར་གདམས༔ དེ་ལྟར་ཡིན་ན་རིགས་འདུས་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་པར་བྱ༔ ངེས་འབྱུང་ལྷག་པའི་བསམ་པ་རྩེ་གཅིག་པས༔ རང་རྒྱུད་དག་པའི་ཐབས་ལ་འཇུག་པར་འཚལ༔ ཞེས་གདམས་སྐྱབས་སེམས་ཚོགས་གསག་བྱ༔ ཁྱད་པར་སྡོམ་པ་བཟུང་བ་ནི༔ ཧོ༔ རིགས་འདུས་བླ་མའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་སྙིང་པོའི་བར༔ མཁའ་མཉམ་འགྲོ་ཀུན་ཡོངས་སུ་སྒྲོལ་བའི་ཕྱིར༔ རྩ་གསུམ་རབ་འབྱམས་སྐྱབས་ཀྱི་མཆོག་ཏུ་བཟུང༔ ལུས་ངག་ཡིད་གསུམ་གཞན་གནོད་གཞིར་བཅས་སྤང༔ གཞན་ཕན་སྨོན་འཇུག་བྱང་ཆུབ་སེམས་གཉིས་བསྐྱེད༔ མཉམ་པ་ཆེན་པོའི་ཐབས་ཀྱིས་ལམ་བསྒྲུབ་པའི༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བཟུང་ལགས་ན༔ རྡོ་རྗེ་རྒྱལ་པོས་བརྩེ་བས་ཉེར་དགོངས་ཏེ༔ བདག་རྒྱུད་ཡོངས་སུ་སྨིན་ཅིང་གྲོལ་མཛད་གསོལ༔ སྙིང་གར་བྱང་ཆུབ་སེམས་གཉིས་ཀྱི༔ ངོ་བོ་ཟླ་བ་རྡོ་རྗེ་བསྒོམ༔ ཨོཾ་སརྦ་ཡོ་ག་བོ་དྷི་ཙིཏྟ་ཨ༔ ཞེས་པས་བསྐྱེད་ཅིང་བརྟན་པར་བྱ༔ བོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ པྲ་བེ་ཤ་ཡིས་སྒོོ་ཕྱེས་ལ༔་་་ཛཿཧཱུྃ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ྄ཿ མཆན། ས་མ་ཡ་སཏྭཾ་གྱིས་ཤར་སྒོར་བཞག༔ ཚད་མེད་བཞི་ཡི་འཇུག་པས་གཞུག༔ སྐུ་གསུང་ཐུགས་ཀྱི་ཕྱག་ཀྱང་བྱ༔ སླར་ཡང་ཤར་སྒོར་ འཁོད་པ་ལ༔ ཡེ་ཤེས་དབབ་པར་བྱ་བའི་སླད༔ སྦྱོར་བ་བདུད་རྩིའི་ཆུ་ནན་སྦྱིན༔ ཧཱུྃ༔ འདའ་དཀའ་རྡོ་རྗེ་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་མ་བསྲུང་སྲོག་གི་གཤེད་དུ་འབེབ༔ བསྲུངས་ན་ཡེ་ཤེས་དངོས་གྲུབ་ཚེ་འདིར་ཐོབ༔ དེ་བས་དམ་སྲུངས་བདུད་རྩིའི་ཆུ་ཐུངས་ཤིག༔ ས་མ་ཡ་ཨུ་ད་ཀ་བཛྲ་ཨ་མྲིཏ་ཧཱུྃ་ཧྲཱིཿཋ༔ དངོས་གཞིའི་ཆེད་དུ་གསོལ་བ་གདབ༔ ཧོ༔ བདེ་གཤེགས་སྐུ་གསུམ་རིགས་འདུས་ལྷ་ཚོགས་ཀྱི༔ ཡེ་ཤེས་གཟི་བྱིན་དེང་འདིར་ཕབ་ནས་ཀྱང༔ བདག་གནས་རྣལ་འབྱོར་ལྷ་དང་ཆོས་ཉིད་ཀྱི༔ ཡེ་ཤེས་རོལ་པའི་གཟི་བྱིན་བསྐྱེད་དུ་གསོལ༔ ཞེས་གསོལ་སྒོ་གསུམ་གནད་གཅུན་ལ༔ གཞི་ལུས་བཛྲ་ཡོ་གི་ནཱི༔ སྐུ་གསུམ་རིགས་འདུས་ལྷར་བཅས་གསལ༔ སྙོམས་འཇུག་སྒྲ་དང་འོད་ཟེར་གྱིས༔ བསྐུལ་ཏེ་སློབ་དཔོན་ལྟ་དགོངས་བསྐྱེད༔ ཡེ་ཤེས་དབབ་ལ་ནན་ཏན་བྱ༔ མ་གྲུབ་སྤོགས་པའི་ཆོ་ག་ནི༔ སྙིང་གའི་པདྨ་སེམས་དཔའ་ལ༔ རྩེ་གཅིག་སེམས་བཟུང་མོས་གུས་ཀྱིས༔ སྐུ་ལས་བདེ་ཆེན་འོད་ཟེར་འཕྲོས༔ ལུས་གང་དྭངས་མ་སྙིང་དབུས་ཐིམ༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བརྗོད་མེད་ངང་བཞག་ཧཱུྃ་དབྱངས་བྱ༔ ཕེབས་ནས་ཏིཥྛ་བཛྲས་བརྟན༔ རིགས་ངེས་བྱ་ཕྱིར་མེ་ཏོག་དོར༔ ཧོ༔ ཚེ་རབས་འབྲེལ་བའི་རིགས་འདུས་བླ་མ་ལྷར༔ རིན་ཆེན་མེ་ཏོག་ཕྲེང་བ་གུས་པས་འབུལ༔ ཐུགས་རྗེས་བཞེས་ཏེ་བྱང་ཆུབ་སྙིང་པོའི་བར༔ མི་འབྲལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ རཏྣ་པུཥྤེ་པྲ་ཏཱིཙྪ་ཧོ༔ དབུས་མདུན་ཕྱོགས་བཞིར་བབས་པ་ན༔ རིགས་དྲུག་རིགས་སུ་་་དབུས་རྡོ་རྗེ་སེམས་དཔའ། དེའི་མདུན་ཧེ་རུ་ཀ །ཤར་རྟག་པ། ལྷོ་ཉི་མ། ནུབ་གར་དབང་། བྱང་རྟ་མཆོག་གོ་་་་ངེས་བྱས་ལ༔ མིང་གདགས་ཅོད་པན་སྤྱི་བོར་འཆིང༔ ཧོ༔ རྒྱལ་བ་རིགས་དྲུག་ཡེ་ཤེས་ཅིར་སྣང་ཡང༔ བླ་མ་སྐུ་གསུམ་དབྱེར་མེད་དབྱིངས་ལས་ཤར༔ རིགས་ཀྱི་ཅོད་པན་སྤྱི་བོར་བཅིངས་པ་ཡིས༔ དེངས་ནས་བཟུང་སྟེ་འབྲལ་མེད་བྱིན་གྱིས་རློབས༔ པུཥྤེ་སིདྡྷི་ཨཱ་བེ་ཤ་ཡ་སཏྭཾ༔ ཡེ་ཤེས་ཐུར་མས་མ་རིག་བསལ༔ ཧོ༔ མ་རིག་ལིང་ཏོག་ཚོགས་བརྒྱད་ཀུན་གཞིར་བཅས༔ རིག་པ་ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ རྣམ་པར་དག་པའི་གཟིགས་པ་ལ་བརྟེན་ནས༔ རིགས་འདུས་དོན་གྱི་ལྷ་ཚོགས་མངོན་གྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ མཐོང་བ་བསྟན་ཅིང་དེ་ཉིད་བརྗོད༔ དེ་ནས་དངོས་གཞིའི་དབང་བསྐུར་ལ༔ ཐོག་མར་བུམ་པའི་དབང་གི་སླད༔ མཎྜལ་དང་བཅས་གསོལ་བ་གདབ༔ ཧོ༔ ཇི་ལྟར་གདོད་མའི་རྡོ་རྗེ་འཆང་ཆེན་པོས༔ རང་གི་སྲས་ལ་བྱང་ཆུབ་དབང་བསྐུར་ལྟར༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ བདག་ཀྱང་ཡོངས་སུ་སྨིན་ཅིང་གྲོལ་མཛད་གསོལ༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ དབང་ལྷ་སྤྱན་དྲངས་མཆོད་བསྟོད་གསོལ༔ སློབ་མ་བླ་མ་རྡོར་སེམས་བསྐྱེད༔ མི་བསྐྱོད་ཆུ་ཡི་དབང་བསྐུར་བྱ༔ ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད༔ མི་བསྐྱོད་བདུད་རྩི་ཆུ་ཡི་དབང་བསྐུར་བས༔ རྣམ་ཤེས་གནས་འགྱུར་མེ་ལོང་ཡེ་ཤེས་སྐུ༔ རྡོ་རྗེ་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་བླ་མ་ཉི་མར་བསྐྱེད༔ རིན་འབྱུང་དབུ་རྒྱན་དབང་བསྐུར་བྱ༔ ཏྲཱཾ༔ བླ་མ་རྡོ་རྗེ་ཉི་མའི་ངོ་བོ་ཉིད༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དབང་བསྐུར་བས༔ ཚོར་བ་གནས་འགྱུར་མཉམ་ཉིད་ཡེ་ཤེས་སྐུ༔ རིན་ཆེན་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ སློབ་མ་བླ་མ་གར་དབང་བསྐྱེད༔ སྣང་མཐའ་རྡོ་རྗེའི་དབང་བསྐུར་བྱ༔ ཧྲཱི༔ བླ་མ་པདྨ་གར་དབང་ངོ་བོ་ཉིད༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར་བས༔ འདུ་ཤེས་གནས་འགྱུར་སོར་རྟོག་ཡེ་ཤེས་སྐུ༔ པདྨའི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ སློབ་མ་བླ་མ་རྟ་མཆོག་བསྐྱེད༔ དོན་གྲུབ་དྲིལ་བུའི་དབང་བསྐུར་བྱ༔ ཧཱ༔ བླ་མ་རྟ་མཆོག་རོལ་པའི་ངོ་བོ་ཉིད༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས༔ འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་སྐུ༔ ལས་ཀྱི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ སློབ་མ་བླ་མ་རྟག་པར་བསྐྱེད༔ རྣམ་སྣང་མིང་གི་དབང་བསྐུར་བྱ༔ ཨོཾ༔ བླ་མ་རྒྱལ་བ་རྟག་པའི་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས༔ གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་སྐུ༔ བདེ་གཤེགས་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་སློབ་མའི་དབང་བསྐུར་ནས༔ རྡོ་རྗེ་སློབ་དཔོན་དབང་གི་སླད༔ སློབ་མ་བླ་མ་ཧེ་རུ་ཀར༔ བསྐྱེད་ལ་དམ་ཚིག་རྣམ་གསུམ་སྦྱིན༔ ཧཱུྃ༔ བླ་མ་ཧེ་རུ་ཀ་ཡི་ངོ་བོ་ཉིད༔ མི་ཕྱེད་དམ་ཚིག་གསུམ་གྱི་དབང་བསྐུར་བས༔ སྒོ་གསུམ་གནས་འགྱུར་འོད་གསལ་ཡེ་ཤེས་སྐུ༔ རིགས་ཀུན་ཁྱབ་བདག་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་གཎྜེ་ཨ་བྷི་ཥིཉྩ་ཨ་ཨཱ༔ སོ་སོའི་མཐར་ནི་ཆུ་དབང་བསྐུར༔ རིགས་ཀྱི་བདག་པོས་་་སྤྱི་གཙུག་ཏུ་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་སྣང་མཐའ། གཡོན་དུ་དོན་གྲུབ། དཔྲལ་བར་རྣམ་སྣང་། མི་བསྐྱོད་པའི་མདུན་དུ་རྡོར་སེམས།སྤྱི་བོར་བརྒྱན༔ མཆོད་དང་ཤིས་པས་མངའ་དབུལ་ཞིང༔ དག་ཐོབ་ཡོན་ཏན་བརྗོད་པར་བྱ༔ རྗེས་འབྲེལ་ནུས་པའི་དབང་བསྐུར་ལ༔ ལྷ་སྐུ་ཕྱག་རྒྱ་སྤྱི་བོར་བཞག༔ གཞི་ལུས་ལྷར་བཅས་བསྐྱེད་ལ་བསྟིམ༔ སྣང་སྟོང་ཡེ་ཤེས་འཆར་བར་བསམ༔ ཧྲཱི༔ རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ པདྨ་ཀུན་ཏུ་འཆང་བའི་དབང་བསྐུར་བས༔ གཟུང་འཛིན་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ རིག་སྟོང་ཆོས་ཀྱི་སྐུ་རུ་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་དྷཱ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ གར་གྱི་དབང་ཕྱུག་སེམས་དཔའ་པདྨའི་སྤྱན༔ ཨོ་རྒྱན་ཚེ་དཔག་མེད་ཀྱི་དབང་བསྐུར་བས༔ ལས་རླུང་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡྎ ཧྲཱི༔ མ་འགག་སྒྱུ་འཕྲུལ་དྲྭ་བའི་ཚུལ་འཆང་བ༔ འགྲོ་འདུལ་པདྨའི་མྱུ་གུའི་དབང་བསྐུར་བས༔ རྩ་ཁམས་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ གསལ་སྟོང་སྤྲུལ་པའི་སྐུ་རུ་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡྎ ཧྲཱི༔ སྐུ་གསུམ་རྒྱལ་བ་མ་ལུས་འབྱུང་བའི་གནས༔ མཁའ་སྤྱོད་ལྷན་ཅིག་སྐྱེས་མའི་དབང་བསྐུར་བས༔ སྒྲིབ་གཉིས་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ དབྱེར་མེད་བདེ་ཆེན་སྐུ་རུ་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་ཡོ་གི་ནཱི་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡྎ ཧཱུྃ༔ སྐུ་དང་ཡེ་ཤེས་རྣམ་རོལ་ཅིར་ཡང་ཤར༔ ཞི་ཁྲོ་རིགས་འདུས་རྒྱལ་བའི་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་འཁྲུལ་སྣང་ཇི་སྙེད་ཀུན༔ རབ་འབྱམས་ལྷ་ཡི་འཁོར་ལོར་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སོ་སོའི་སྔགས་ཀྱི་བཟླས་ལུང་སྦྱིན༔ གྲགས་སྟོང་ཡེ་ཤེས་འཆར་བར་བསམ༔ བརྟན་ཕྱིར་སྔགས་ཕྲེང་མགྲིན་པར་བཞག༔ ཨཱ༔ འགྲོ་འོང་བརྟན་དང་གཡོ་བའི་སྒྲ་སྐད་ཀུན༔ རྡོ་རྗེའི་སྔགས་ཀྱི་ངོ་བོར་དབང་བསྐུར་བས༔ ཕྱི་ནང་རླུང་གི་རྒྱུ་བ་ཇི་སྙེད་ཀུན༔ གྲགས་སྟོང་ཡི་གེའི་སྤྲིན་དུ་རྫོགས་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ལྷ་སྔགས་སེམས་ཉིད་དབྱེར་མེད་པ༔ འོད་གསལ་ཐུགས་སུ་ངོ་སྤྲད་ཅིང༔ མེ་ལོང་གསལ་བའི་བརྡས་མཚོན་ཏེ༔ ཧཱུྃ༔ ལྷ་དང་སྔགས་ཀུན་མེ་ལོང་གཟུགས་བརྙན་ལྟར༔ འོད་གསལ་གཉུག་མའི་ངོ་བོར་དབང་བསྐུར་བས༔ ཆོས་དང་ཆོས་ཅན་སྤྲོས་པ་ཇི་སྙེད་ཀུན༔ དབྱིངས་རིག་ཟུང་འཇུག་ཐུགས་སུ་སྨིན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བུམ་དབང་བསྐུར་བ་ཡིས༔ སྣང་ཞེན་ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་ཕྲིན་ལས་སྒྲུབ་ལ་དབང༔ སྤྲུལ་པའི་སྐུ་རུ་སྨིན་པར་འགྱུར༔ ཟབ་དབང་གསུམ་གྱི་དང་པོ་ནི༔ བླ་མ་ཨོ་རྒྱན་ཚེ་དཔག་མེད༔ ཡབ་ཡུམ་མཉམ་སྦྱོར་བྱང་སེམས་སྦྱིན༔ ཨཱ༔ སྣང་བའི་ངོ་བོ་པདྨ་ཚེ་དཔག་མེད༔ སྟོང་པའི་རང་བཞིན་འཆི་མེད་མནྡཱ་ར༔ མཉམ་སྦྱོར་ཐུགས་རྗེ་བྱང་སེམས་དབང་བསྐུར་བས༔ ལས་རླུང་དབུ་མའི་དབྱིངས་སུ་ཐིམ་པར་ཤོག༔ ཨོཾ་གུ་ཧྱ་ཨ་མྲིཏ་བོ་དྷི་ཙིཏྟ་ས་མ་ཡ་ཨཱ༔ གསང་དབང་ཐོབ་ནས་ངག་སྒྲིབ་དག༔ རླུང་དང་གཏུམ་མོ་བསྒོམ་ལ་དབང༔ ལོངས་སྤྱོད་རྫོགས་སྐུར་སྨིན་པར་འགྱུར༔ མཚན་ཉིད་ལྡན་པའི་རིགས་ཀྱི་ཡུམ༔ རྣལ་འབྱོར་མ་ཡི་ངོ་བོ་སྦྱིན༔ སློབ་མས་དབང་ཆེན་རྟ་མགྲིན་གྱི༔ ང་རྒྱལ་དང་བཅས་བདེ་བ་བསྒྲུབ༔ ཧཱུྃ༔ འདི་ནི་བདེ་ཆེན་ཡེ་ཤེས་འབྱུང་བའི་གནས༔ ལྷན་ཅིག་སྐྱེས་མ་པདྨའི་རིགས་ཀྱི་ལྕམ༔ དགའ་བཞིའི་ཐར་པ་བསྟེན་པའི་དབང་བསྐུར་བས༔ དཔེ་ཡི་ཡེ་ཤེས་རྒྱུད་ལ་འཆར་བར་ཤོག༔ ཨོཾ་གུ་ཧྱ་མུ་དྲ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཤེས་རབ་དབང་ཐོབ་ཡིད་སྒྲིབ་དག༔ ཕོ་ཉའི་མྱུར་ལམ་བསྒོམ་ལ་དབང༔ ཆོས་ཀྱི་སྐུ་རུ་སྨིན་པར་འགྱུར༔ བླ་མ་པདྨ་ཀུན་ཏུ་འཆང༔ དེ་ཡི་ཐུགས་ནས་གཉིས་པ་སྤྲོས༔ སློབ་མའི་སྙིང་གར་ཐིམ་པ་ཡིས༔ དོན་གྱི་ལྷན་སྐྱེས་མངོན་གྱུར་བསམ༔ ཧོ༔ ཆོས་དབྱིངས་ངོ་བོ་བསམ་བརྗོད་སྤྲོས་ལས་འདས༔ ཡེ་ཤེས་རིག་པ་ཟང་ཐལ་རྗེན་པར་ཤར༔ དབྱིངས་རིག་ཟུང་འཇུག་པདྨ་ཀུན་ཏུ་འཆང༔ དོན་དམ་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་ཨ་ཨ༔ བཞི་པའི་དབང་ཐོབ་སྒྲིབ་ཀུན་དག༔ ཡེ་ཤེས་སྐུ་རུ་སྨིན་པར་འགྱུར༔ ས་མ་ཡ༔ དེ་ལྟར་སྨིན་པའི་དབང་བསྐུར་ནས༔ གྲོལ་ལམ་མཆོག་གི་བྱིན་རླབས་ནི༔ བླ་མས་ལྟ་དགོངས་གདིང་བསྐྱེད་ལ༔ བརྡ་ཡི་རྫས་ཀྱིས་མཚོན་ནས་ཀྱང༔ དམིགས་རིམ་ཟབ་མོ་ངོ་སྤྲོད་བྱ༔ ཨོཾ༔་་་མེ་ལོང་ལ་སྐུ་བརྙན་བསྟན་ལ་སྤྱི་བོར་བཞག །སྐྱེ་ཤི་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ བསྐྱེད་རིམ་ལྷ་སྐུ་བསྒོམ་པའི་དབང་བསྐུར་བས༔ བརྟན་གཡོའི་དངོས་ཀུན་ལྷ་དང་སྔགས་སུ་ཤར༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔་་་མར་མེ་བསྟན་ལ་སྙིང་གར་བཞག །བསམ་གཏན་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ རྫོགས་རིམ་རང་གསལ་སྣང་བའི་དབང་བསྐུར་བས༔ དཔེ་དང་དོན་གྱི་ལྷན་སྐྱེས་རྒྱུད་ལ་ཤར༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱི༔་་་ཐིག་ལེ་དམར་པོ་ཧྲཱིཿས་མཚན་བསྟན་ལ་མགྲིན་པར་བཞག །རྨི་ལམ་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ བདེ་གསལ་མི་རྟོག་ཐིག་ལེའི་དབང་བསྐུར་བས༔ ངོ་ཤེས་རྩལ་འབྱོངས་ཉམས་རྟོགས་ལྷུག་པར་ཤར༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་དྷརྨ་ཏཱ་བི་ཀལྤ་བུདྡྷ་ཨ་བྷི་ཥིཉྩ་ཧྲཱི༔ ཧཱ༔་་་ཨ་ཡིག་སྤྱི་བོར་བཞག །འཆི་ཁ་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ རླུང་སེམས་གོང་དུ་འཕོ་བའི་དབང་བསྐུར་བས༔ སྐུ་གསུམ་དགོངས་པའི་དབྱིངས་སུ་རོ་གཅིག་ཤར༔ མྱོང་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨ་ཕཊ྄་ཨ་ཕཊ྄་ཨ་ཕཊ྄་ཨ་བྷི་ཥིཉྩ་ཧཱ༔ ཧཱུྃ༔་་་འཇའ་ཤེལ་ཕྱར། ཆོས་ཉིད་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ དབྱིངས་དང་རིག་པ་དབྱེར་མེད་དབང་བསྐུར་བས༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པར་ཤར༔ རིག་སྟོང་ཟུང་འཇུག་ཡེ་ཤེས་མངོན་འགྱུར་ཤོག༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ༔ སྲིད་པ་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ མ་འགགས་ལྷ་སྔགས་ཆོས་སྐུའི་དབང་བསྐུར་བས༔ གཟུང་འཛིན་སྲེད་ལེན་དག་སྣང་རོལ་པར་ཤར༔ ཚོར་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཏྲཱཾ༔ འདི་ནི་ཟབ་མོའི་ཁྲིད་རིམ་གྱི༔ སྙིང་པོ་བྱིན་རླབས་རིམ་པ་སྟེ༔ དབང་འདི་ལན་གཅིག་ཐོབ་པས་ཀྱང༔ བར་དོར་གྲོལ་བར་ཐེ་ཚོམ་མེད༔ ས་མ་ཡ༔ སྨིན་གྲོལ་ཟབ་མོའི་ལམ་བསྒོམ་པར༔ འགལ་རྐྱེན་བར་ཆད་སེལ་བའི་ཕྱིར༔ ཆོས་སྐྱོང་གཏོར་མའི་བཀའ་བསྒོ་ནི༔ བླ་མ་ཧེ་རུ་ཀ་དཔལ་དང༔ གཏོར་མ་ཆོས་སྐྱོང་འཁོར་བཅས་བསྐྱེད༔ སློབ་མ་གཉེན་པོ་སྟོབས་ཀྱི་ལྷར༔ གསལ་བའི་ལག་གཏད་ཐ་ཚིག་བསྐུལ༔ ཁྱད་པར་གཉེར་དུ་གཏད་པ་ནི༔ ཁྱད་པར་རྡོ་རྗེའི་སློབ་མ་འདི་ཉིད་དང༔ བྱང་ཆུབ་བར་དུ་ནམ་ཡང་མི་འབྲལ་བས༔ ཟབ་ལམ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༔ མཐུན་རྐྱེན་ཐམས་ཅད་ཡིད་བཞིན་སྒྲུབ་པར་མཛོད༔ དམ་བསྒྲག་་་དམ་བསྒྲག་པ་ནི་ཤཱ་ས་ནའི་མཐར་ས་མ་ཡ་སྨ་ར་ས་མ་ཡ་མ་ཏི་ཀྲ་མ་ཏི་ས་མ་ཡ་རཀྵནྟུ་ཞེས་བརྗོད། དམ་བསྲེ་་་དམ་བསྲེ་བ་ནི་སློབ་མར་བདུད་རྩི་བྱིན་པའི་ལྷག་མ་ཆོས་སྐྱོང་གི་གཏོར་མར་བྲན་ཞིང་སླར་ཡང་སློབ་མར་སྦྱིན་།མཆན། བདུད་རྩི་སྦྱིན༔ འདིས་ནི་རིག་འཛིན་སྲུང་མ་རྣམས༔ ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང༔ ལམ་གྱི་བར་ཆད་ཀུན་སེལ་འགྱུར༔ ས་མ་ཡ༔ མཐུན་རྐྱེན་ཚེ་དཔལ་སྤེལ་བའི་ཕྱིར༔ བཀྲ་ཤིས་ཚེ་ཡི་དབང་བསྐུར་ནི༔ ཐོག་མར་ཚེ་བཅུད་འགུགས་པའི་ཕྱིར༔ ཚེ་མདའ་གཡབ་ཅིང་གདུང་ཤུགས་བསྐྱེད༔ ཧྲཱི༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཨོ་རྒྱན་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚོགས་རྣམས་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ འབྱུང་ལྔའི་དྭངས་མ་ཡེ་ཤེས་འོད་ལྔར་སྡུས༔ སྲིད་ཞིའི་དྭངས་བཅུད་སྙིང་དབུས་ཐིག་ལེར་སྟིམས༔ མི་འགྱུར་འགག་མེད་མི་ཤིགས་རྡོ་རྗེའི་ཚེ༔ འཆི་མེད་རྟག་པ་དོན་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྐུལ་ཚེ་འབྲང་སྤྱི་བོར་བཞག༔ ཨོཾ༔ སྙིང་པོའི་བུམ་པ་ཡེ་ཤེས་འོད་ལྔའི་དབུས༔ ཨོ་རྒྱན་ཚེ་དཔག་མེད་པའི་ལྷ་ཚོགས་བཞུགས༔ མི་འགྱུར་རྟག་པ་རྡོ་རྗེའི་ཚེ་དབང་བསྐུར༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཚེ་ཆང་བདུད་རྩི་མགྲིན་པར་སྦྱིན༔ ཨཱ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་ནི༔ རླུང་སེམས་དབུ་མར་འཆིང་བའི་བཅུད་དང་ལྡན༔ འགག་མེད་རྟག་པ་རྡོ་རྗེའི་ཚེ་དབང་བསྐུར༔ ཚངས་དབྱངས་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ ཝཱ་ཀ྄་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་སྙིང་དབུས་ཐིག་ལེར་བསྟིམ༔ ཧཱུྃ༔ འཕོ་མེད་དྭངས་མ་ལྔ་ལྡན་རིལ་བུའི་གཟུགས༔ སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ༔ མི་ཤིགས་རྟག་པ་རྡོ་རྗེའི་ཚེ་དབང་བསྐུར༔ འོད་གསལ་གཉུག་མ་དོན་གྱི་དངོས་གྲུབ་སྩོལ༔ ཙིཏྟ་ཨ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་བཅུད་རྒྱས་གདབ་བརྟན་པར་བྱ༔ ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ་དང་དཔལ༔ བསྡུས་པས་སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ ཅིས་ཀྱང་མི་ཕྱེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ བཛྲ་ཨཱ་ཡུ་ཥེ་རཀྵ་ཨ་ཨ༔ དབང་འདི་ལན་གཅིག་བསྐུར་བས་ཀྱང༔ དུས་མིན་འཆི་ལས་ངེས་པར་གྲོལ༔ མང་དུ་བསྐྱར་ན་ཚེ་འཕེལ་ཞིང༔ དཔལ་དང་འབྱོར་པ་རྒྱས་པར་འགྱུར༔ ས་མ་ཡ༔ དེ་ལྟར་རྩ་བའི་དབང་བསྐུར་བ༔ འཇུག་པ་དངོས་གཞི་མཐའ་རྒྱས་ཏེ༔ དང་པོའི་ལས་ཅན་ལྷག་གནས་སོགས༔ སྤྲོ་ན་སྤྱི་བཞིན་སྦྱར་བར་བྱ༔ ས་མ་ཡ༔ སྨིན་གྲོལ་བརྟན་པར་བྱ་བའི་ཕྱིར༔ བྱིན་རླབས་གཏོར་མའི་དབང་བསྐུར་ནི༔ དོན་དབང་སྙིང་པོ་བསྡུས་པ་སྟེ༔ མཎྜལ་གསོལ་གདབ་རྒྱུད་སྦྱངས་པའི༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ བརྟན་པར་བྱས་རྗེས་གཏོར་མ་ནི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས༔ དཀར་དམར་མཐིང་བའི་ཡིག་འབྲུ་དང༔ བདུད་རྩི་འོད་ཟེར་བཅས་པ་རྣམས༔ རིམ་དང་གཅིག་ཅར་སྤྲོས་ནས་ཀྱང༔ སློབ་མའི་གནས་གསུམ་ཞུགས་ཤིང་ཐིམ༔ དབང་བཞིའི་ཡེ་ཤེས་རྫོགས་པར་བསམ༔ གདུང་ཤུགས་དྲག་པོས་ཐུགས་དམ་བསྐུལ༔་་་ཧྲཱི༔ སྐུ་གསུམ་རིགས་འདུས་སོགས་ནས། མཁའ་ཁྱབ་འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛོད༔ མཆན། ཁྱད་པར་བྱིན་རླབས་ཚིག་འདིས་གསོལ༔ ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་དྲི་མ་སྦྱོངས༔ སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས༔ ཀཱ་ཡ་ཝཱ་ཀ྄་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ གཏོར་མའི་ལྷ་བསྟིམ་དོན་ངོ་སྤྲད༔ རྗེས་འབྲེལ་བཟླས་པའི་ལུང་སྦྱིན་ཞིང༔ དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ༔ ཉམས་རྟོགས་ཡེ་ཤེས་རྒྱས་པར་འགྱུར༔ ས་མ་ཡ༔ དེ་ལྟར་དབང་གིས་རྒྱུད་སྨིན་ཅིང༔ དམ་ཚིག་རྣམ་པར་དག་པ་ཡིས༔ རང་དང་གཞན་དོན་མཆོག་བསྒྲུབ་ཕྱིར༔ བསྙེན་སྒྲུབ་ཡན་ལག་བཞི་ལྡན་པའི༔ ལས་ཀྱི་རིམ་པ་བྱ་འདོད་ན༔ ཕུན་སུམ་ཚོགས་པ་ལྔ་ལྡན་པས༔ ས་གཞི་ཡོངས་སྦྱངས་མཚམས་གསུམ་བཅད༔ བསྙེན་པས་བསྐུལ་ཞིང་ཉེ་བསྙེན་ཕྱིར༔ དཀྱིལ་འཁོར་པ་ལ་སྙན་གསན་དབབ༔ སྒྲུབ་པའི་རྫས་རྣམས་ཉེར་བསྡོགས་ཤིང༔ བུམ་པ་སློབ་མ་ལྷག་གནས་སོགས༔ བླ་མའི་སྒྲུབ་གཞུང་སྤྱི་ལྟར་སྦྱར༔ ཁྱད་པར་སྒྲུབ་རྟེན་དམ་རྫས་ནི༔ རིག་འཛིན་བླ་མའི་སྣང་བརྙན་སྐུ༔ བསྟན་པ་བུ་གཅིག་འཁོར་ལོ་གསུང༔ སྲོག་ཕུར་མཚན་ཉིད་ལྡན་པ་ཐུགས༔ ཡོན་ཏན་སེལ་མེད་ཨ་མྲི་ཏ༔ ཕྲིན་ལས་མྱང་གྲོལ་རིལ་བུ་དང༔ རྡོར་དྲིལ་ཚེ་གལ་མ་ད་ན༔ དྲག་པོའི་ཕུར་བུ་ལ་སོགས་བཤམ༔ འདི་མན་ཆད་ཕབ་མ་གྲུབ་པ་ཡིན་འདྲ། དགེ་ལེགས་འཕེལ།།
ལོ་ཏོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་པོ་ (Volume 51, Text 65)
༄༅། །ལོ་ཏོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་པོ་བཞུགས་སོ། ། བླ་མ་དང་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །འབྱུང་ཁམས་ཆུ་ནང་འཕྲད་སོགས་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ནམ་ལངས་ཀླུ་གནས་ངེས་པའི་མཚོའམ་ཆུ་མིག་ཏུ་ཕྱིན་ལ་ཁྲུས་དང་གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། དེ་ནས་ཆར་འབེབ་པའི་སེམས་བསྐྱེད་བཟང་པོས་དངུལ་ལམ་རྫའི་བུམ་པ་གཙང་མར་ཀླུ་སྨན་དང་འོ་ཆབ་ཀྱིས་བཀང་བ་ཀླུ་ཤིང་གིས་ཁ་བརྒྱན་པའི་མདུན་དུ་མཆོད་གཏོར་བཤམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཡས་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་འབེབ་ཅིང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་པདྨ་དཀར་པོ་བསྣམས་པ། གཡས་སུ་འཕགས་པ་འཇམ་དཔལ་གཡས་རལ་གྲི་འཕྱར་ཞིང་གཡོན་གླེགས་བམ་ཐུགས་ཀར་བསྣམས་པ། གཡོན་དུ་ཕྱག་ན་རྡོ་རྗེ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། གསུམ་ཀའང་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་གཉིས་མཉམ་པའི་སྟབས་ཀྱིས་པད་ཟླའི་གདན་ལ་བཞེངས་པ། སོ་སོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་སྲོག་ས་བོན་་་ཧྲཱིཿདྷཱིཿཧཱུྃ།གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཀླུ་དང་ས་བདག་གཙོ་བོར་གྱུར་པའི་འབྱུང་པོའི་ཚོགས་ཐམས་ཅད་ལ་ཕོག་པས་གནོད་འཚེ་དང་གདུག་སེམས་ཞི་ནས་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། སྟོང་ཕྲག །ཨོཾ་ཝཱ་གཱི་ཤྭ་ར་མུཾ༔ དང་། ཨོཾ་བཛྲ་པཱ་ཎི་ཧཱུྃ། སུམ་བརྒྱ་སོགས་བཟླ། འཕགས་པ་རིགས་གསུམ་མགོན་པོས་ཆར་ཆུ་དུས་སུ་རྒྱུན་མི་ཆད་པར་འབེབ་ཅིང་། སྨན་དང་། ནགས་ཚལ་དང་། ལོ་ཏོག་དང་། འབྲུའི་ཚོགས་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་མདུན་གྱི་བུམ་པ། ཨ་མྲྀཏས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་བུམ་པ་ཀླུའི་ཕོ་བྲང་ཉམས་དགའ་ཞིང་ཡིད་དུ་འོང་བའི་ནང་དུ་བུམ་རྫས་དེ་ཉིད་ཡི་གེ་ཕུཿདཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་དེ་དག་ན་གནས་པའི་ཀླུའི་རིགས་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་བསྐུལ་ཏེ་ཕུཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཀླུ་བདུད་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་གསལ་ལ་འོད་ཟེར་འཕྲོ་བ་ཞི་ཞིང་འཛུམ་ལ་གུས་པའི་ངང་ཚུལ་ཅན། ཞལ་གཅིག་ཕྱག་གཉིས་པ། སྦྲུལ་མགོ་དགུའི་གདེངས་ཀ་དང་ལྡན་ཞིང་། ཡིད་བཞིན་ནོར་བུའི་དབུ་རྒྱན་ཅན། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་འཛིན་པ། སྟོད་ལྷའི་རྣམ་པ་ལ་སྨད་སྦྲུལ་མཇུག་འཁྱིལ་བ། རང་འདྲ་བའི་འཁོར་བརྒྱ་ཕྲག་དང་། གཞན་ཡང་ཀླུ་དང་ས་བདག་གི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ། རང་ཉིད་རིགས་གསུམ་མགོན་པོར་གསལ་བའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཟླ་བ་ལྟར་དཀར་ཞིང་བསིལ་བའི་རེག་བྱ་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས། ཀླུ་དང་ས་བདག་འཁོར་དང་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྦྲུལ་མཇུག་རྣམས་ཀྱིས་རྒྱ་མཚོ་འཁྱིལ་ལི་ལི་དཀྲུགས་པས་རྦ་རླབས་དྲག་ཏུ་འཁྲུག་ཅིང་། ས་གཞི་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ན་བུན་དང་ཆར་སྤྲིན་ནག་ཐིབ་ཐིབ་དང་། གློག་དམར་འཁྱུགས་ཤིང་འབྲུག་སྒྲ་སྒྲོག །དབང་པོའི་སྒོ་དང་བ་སྤུའི་བུ་ག་རྣམས་ནས་ཀྱང་བདུད་རྩིའི་རླངས་པ་ན་བུན་གྱི་ཚུལ་དུ་འཁྲིགས། དེ་ཐམས་ཅད་ལས་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པ་འུར་འུར་དིར་དིར་དུ་བབས་པས་རྩི་ཤིང་ནགས་ཚལ་མེ་ཏོག་ལྗང་པ་ཐམས་ཅད་མཆོག་ཏུ་རྒྱས་པར་གྱུར། རིགས་གསུམ་མགོན་པོའི་སྙིང་པོའི་མཐར། ཨོཾ་ནཱ་ག་ཀཱ་ལ་ཧཱུྃ། ནཱ་ག་ལེ་ལེ། དུཾ་པ་ལེ་ལེ། ནཱ་ག་རཱ་ཛ་ཧཱུྃ་ཕཊ། ཅེས་བཏགས་པ་སྟོང་རྩ་དང་། དེའི་མཐར། བྷ་རི་ཤ་ཡ། པྲ་ཏ་ཡ། དྲག་ཏུ་ཕོབ། ནཱ་ག་རཱ་ཛ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ། དྲག་ཏུ་ཕོབ། །མྱུར་དུ་ཕོབ། ཅེས་སྦྱར་བ་བརྒྱ་ཕྲག་གསུམ་སོགས་བཟླ། དེའི་ཚེ་ཀླུ་རྣམས་ཀྱིས་སྔགས་འུར་དིར་གྱིས་སྒྲོག་པར་བསམ། ངག་བཅད་ཤིན་ཏུ་དམ་པར་བྱའོ། །དེ་ལྟར་བཟླས་པ་ཚར་བ་དང་། ཀླུ་ལ་ཀླུ་གཏོར་ཅི་ནུས་སུ་བཏང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ནཱ་ག་རཱ་ཛ་ས་པ་རི་བཱ་ར་གཙྪས་ཀླུ་དང་ས་བདག་རྣམས་རང་རང་གི་གནས་སུ་གཤེགས། བུམ་པའི་རྫས་རྣམས་ཀླུའི་ནད་གསོ་ཞིང་དགོས་འདོད་འབྱུང་བའི་བདུད་རྩིར་གྱུར་པར་བསམ་ལ། ཆུ་མིག་དང་ཀླུ་རྟེན་སོགས་ལ་གཏོར་ཞིང་གནས་མིན་དུ་མ་ཟགས་པར་བྱའོ། །ཐུན་མཚམས་ཐམས་ཅད་དུ་རང་ངམ་གཞན་གྱིས་བསང་མཆོད་དང་གསེར་སྐྱེམས་གཏང་། ཀླུ་གཏོར་ཅི་མང་བྱ། ཀླུ་གཏེར་སྦ། སྤྲིན་ཆེན་དང་སྤང་སྐོང་སོགས་བཀླག ༈ །ཁྱད་པར་སྤྲིན་བསྡུ་བའི་དམིགས་བཟླས་ནི། རང་འཕགས་པ་སྤྱན་རས་གཟིགས་སུ་གསལ་བ་དེ་ཉིད་སྐད་ཅིག་གིས་གཡུ་འབྲུག་སྔོན་པོ་ཆེ་ཞིང་བརྗིད་པའི་རྣམ་པར་གྱུར་པ་ལས་དེ་ལྟ་བུའི་འབྲུག་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་འཕྲོས། སྟེང་འོག་བར་མཚམས་མེད་པར་ཁྱབ་པའི་བ་སྤུའི་ཁུང་བུ་ལས་སྤྲིན་དང་ན་བུན་ཚོགས་འཐིབས་ཤིང་འབྲུག་སྒྲ་སྙན་པར་སྒྲོག །དབང་པོའི་སྒོ་རྣམས་ནས་གློག་འོད་འཁྱུག་ཅིང་འཁྲུགས་པ་ལས་ཆར་གྱི་རྒྱུན་དྲག་ཏུ་འབེབ་པར་བསམ་ལ། ཨོཾ་སབ་སབ་ཧཱུྃ་སོབ་སོབ་ཧཱུྃ། ཞེས་སྟོང་ཕྲག་སོགས་བཟླ། ༈ འབྲུག་བསྐུལ་བ་ནི། དམིགས་པ་དེ་དང་མ་བྲལ་བའི་ངང་། ཨོཾ་ཏྲ་ཞི་ཞིབ། ཀྱི་ཆི་བ་ར་ན་སོ་བི་ཤ །པ་ཙ་པ་ཙ་ཧཱུྃ་ཕཊ྄། སུམ་བརྒྱ་སོགས་བཟླ། གཞན་ཡང་ཡུལ་དེའི་སྐྱེ་བོ་ཕོ་མོ་སོགས་གང་ཡོད་ལ་རིགས་གསུམ་མགོན་པོའི་སྙིང་པོ་འུར་འདོན་དུ་བཅུག །སྐབས་སྐབས་སུ་གསོལ་འདེབས་ཀྱི་རིམ་པའང་གང་ཤེས་བྱའོ། ༈ །རླུང་གནོན་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རླུང་ལྷ་རླུང་བདག་དང་བཅས་པ་རང་དབང་མེད་པར་བཀུག་སྟེ། ཞབས་ཀྱི་གདན་ཁྲིའི་འོག་ཏུ་ཆོས་འབྱུང་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པའི་ནང་དུ་ཚུད་ནས་ཐིབ་ཐིབ་གནོན་པར་བསམ་ལ། ཨོཾ་ཆར་ཡ་ཆུར་ཡ་བཱ་ཡུ་སཏྭཾ་བྷ་ཡ་ནན། ཞེས་སྟོང་ཕྲག་གཅིག་བཟླ། རླུང་ནོན་པའི་ཚེ་མི་དམིགས་པར་བསམ། ཡང་བར་སྣང་ནས་འབབ་ཀྱང་ས་གཞིར་ཆེར་མི་ཕན་པ་ལྟ་བུ་ནི་དམ་སྲི་འབྱུང་པོའི་བར་ཆད་ཡིན་པས་གླུད་གཏོར་ཅི་མང་བསྔོ། གཞན་ཡང་ཞི་དྲག་གི་ཐབས་ཇི་ལྟར་རིགས་པ་བྱའོ། །རྗེས་ཐོབ་ཐམས་ཅད་དུ་དགེ་བ་བསྔོ། སྨོན་ལམ་གདབ། བཀྲ་ཤིས་རྒྱ་ཆེར་བརྗོད། དེ་ལྟར་འབད་པས་ཞག་གསུམ་བདུན་ཕན་ཆད་ཆར་གྱི་རྒྱུན་ཆེན་པོ་འབེབ་པར་འགྱུར་རོ། །ཆར་འབེབ་ཀྱི་གདམས་པ་ཟབ་མོ་སྙིང་པོར་དྲིལ་བ་བསྟན་ཟིན་ཏོ།། ༈ །།སད་སྲུང་བ་ནི། གོང་དུ་བཤད་པའི་མན་དག་མཐའ་དག་དང་། ཁྱད་པར་དུས་རྒྱུན་དུ་རིགས་གསུམ་མགོན་པོའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། སྤྲིན་སྡུད་ཀྱི་དམིགས་བཟླས་ཁོ་ན་གཙོ་བོར་བྱ། ཐུན་མཚམས་རྣམས་སུ་གཏོར་མ་བརྒྱ་རྩ། བསང་གསུར་གཞི་བདག་གཏོར་མ་དང་གསེར་སྐྱེམས་སོགས་ལ་འབད། དུས་བཟང་རྣམས་སུ་དཀོན་མཆོག་ལ་མཆོད་པ་དང་། སྦྱོང་བ་གསུམ་སྔོན་དུ་འགྲོ་བས་ཡུལ་ཁྲུས་སོགས་ལ་འབད་པས་སད་ཀྱི་འཇིགས་པ་ལས་གྲོལ་བར་འགྱུར་རོ།། ༈ །།སེར་བ་སྲུང་བ་ནི། འཕྲལ་དུ་གདོང་ཟློག་དང་། ཡུན་དུ་སྲུང་བ་གཉིས་ལས། དང་པོ་ནི། སེར་སྤྲིན་བྱུང་བ་ན་དེའི་ཕྱོགས་སུ་ཁ་བལྟས་ཏེ། ཁྲོཾ་ཞེས་བརྗོད་པས་རང་སྐད་ཅིག་གིས་ལས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་སྟོང་གསུམ་ཁྱབ་པའི་སྐུ་ལས་མེ་འོད་ཕྱག་མཚན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སེར་བ་སེར་བདག་དང་བཅས་པ་སྐད་ཅིག་གིས་རང་དབང་མེད་པར་རྒྱང་རིང་དུ་བསྐྲད་པར་བསམ་ལ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཁྲོཾ་བཛྲ་ག་རུ་ཌཿཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཁྲོཾ་ཧྲཱིཿཧཱུྃ་བྷྱོ་ཕཊ། བྷ་རི་ཤ་ཡ་ཟློག་ཟློག་སྒྱུར་སྒྱུར་ཕཊ྄། ཅེས་དང་། ཧཱུྃ་རིང་དྲག་ཏུ་བརྗོད་ཅིང་སྡིགས་མཛུབ་དང་སྡང་མིག་གིས་གཟིར། ཚབས་ཆེར་བྱུང་ན་འོག་ནས་བཤད་པའི་རྫས་སྣའི་དུད་པ་བཏང་། ཡུངས་དཀར་གྱི་ཐུན་དང་། ཕུར་པས་གཟིར། ཨོཾ་ག་རུ་ཌཿཧཾ་སེ་ཧཾ་སེ་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཨོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། དྷཱ་ར་ཡ་དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ། སེར་བ་སེར་བདག་དང་བཅས་པ་ཨཱུརྞ་མི་ཎི་སྭཱ་ཧཱ། ཞེས་དྲག་ཏུ་བཟླ་འོ། །གཉིས་པ་ཡུན་དུ་སྲུང་བ་ལ། རྫས་ནི། གླ་རྩི་ནག་པོ། མུ་ཟི་ནག་པོ། ཤུ་དག་ནག་པོ། གུ་གུལ་ནག་པོ། ཨ་རུ་ར་ནག་པོ། བོང་ང་ནག་པོ། སྤྲུ་བ་ནག་པོ། ཤིང་ཀུན་ནག་པོ། སྒོག་གཅིག་མ། གྲུབ་ཐོབ་ཀྱི་དྲི་ཆེན། རྟ་ནག་པོའི་བོན། ཡུང་བ། ཐར་ནུ་སྟེ་རྫས་སྣ་བཅུ་གསུམ་རིལ་བུར་བྱ། སྐྱེར་པའི་ཕུར་པ་སོར་བརྒྱད་པ་ལ། ཁྲོཾ། ཧཱུྃ། ཧྲཱིཿ བྲི། ཤིང་བྱང་ལའང་སྔགས་དེ་དང་། གོང་གི་སྔགས་རྣམས་ཀྱི་མཐར། ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵ་རཀྵ། ཞེས་བྲི། རྡོ་འཁོར་ལ་ལྟེ་བར། ཁྲོཾ། ཧཱུྃ། ཧྲཱིཿ མུ་ཁྱུད་དང་པོ་ལ་གོང་སྔགས་འདོད་གསོལ་དང་བཅས་པ། གཉིས་པ་ལ། ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡཿ ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵཿརཀྵཿ གསུམ་པ་ལ་ཨཱ་ལི། བཞི་པ་ལ་ཀཱ་ལི། ལྔ་པ་ལ་རྟེན་འབྲེལ་སྙིང་པོ་རྣམས་ཡི་གེ་དབུ་ཅན་ཚེག་མེད་དུ་བྲི། དེ་ཐམས་ཅད་ལ་རྫས་སྣ་བཅུ་གསུམ་བྱུགས་ཤིང་ཆུས་མི་གནོད་པའི་པྲ་རྩི་བཏང་། རྫས་རྣམས་ཐུམ་བུར་བྱས་ཏེ་ཕུར་པ་ལ་འདོགས། དེ་ནས་དེ་རྣམས་མདུན་དུ་བཀོད་ལ། བདག་བསྐྱེད་ཡི་དམ་གང་བྱེད་སྔོན་དུ་འགྲོ་བས། རྫས་དང་སྔགས་རྣམས་དབུས་སུ་ཕྱག་རྡོར། གཡས་སུ་བྱ་ཁྱུང་། གཡོན་དུ་རྟ་མགྲིན། མཐའ་སྐོར་ཀུན་ཏུ་སྤྲུལ་པའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། མཆོད་བསྟོད་བྱ། གོང་གི་སྔགས་རྣམས་བརྒྱ་རྩ་དང་། ཁྲོཾ་ཧཱུྃ་ཧྲཱིཿཞེས་པའི་སྲོག་སྔགས་སྟོང་ཕྲག་སོགས་བཟླས་པའི་མེ་ཏོག་གིས་གཏོར། རབ་གནས་བརྟན་བཞུགས་བྱ། ལྷ་འོད་དུ་ཞུ་ནས་ཡིག་འབྲུའི་རྣམ་པར་བཞུགས་པར་བསྒོམ། དེ་ལྟར་སྒྲུབ་པ་ཅི་ནུས་སུ་བྱས་ནས། དངོས་གཞི་གཟའ་སྐར་བཟང་པོའི་ཉིན་ཡུལ་དེའི་ཕྱོགས་བཞི་དབུས་དང་ལྔར་ཐོ་མི་ཚད་ཙམ་བརྩིགས་པའི་སྟེང་དུ་ཤིང་བྱང་བཙུག །དེའི་མདུན་དུ་རྡོ་འཁོར་བཞག་ཅིང་ཕུར་པའང་གཟིར། གསེར་སྐྱེམས་བསང་མཆོད་ཡུལ་ལྷ་གཞི་བདག་ལ་བཀའ་བསྒོ་ཕྲིན་བཅོལ་སྔོན་དུ་འགྲོ་བས། གོང་དུ་བཤད་པ་ལྟར་བསྐྱེད་བསྟིམ་བཟླས་པ་རབ་གནས་བརྟན་བཞུགས་ཤིས་བརྗོད་སོགས་རྒྱས་པར་བྱ། དེ་ནས་གཟུང་དུས་རྒྱུན་དུ་ཡི་དམ་གྱི་སྒོམ་བཟླས་དང་། ཆོས་སྐྱོང་ལ་སྐོང་བཤགས། བསང་གསེར་སྐྱེམས་སོགས་མ་ཆག་པར་བྱས་པས་ངེས་པར་ཐུབ་བོ། ༈ །ཞར་བྱུང་ཐོག་སྲུང་ནི། རང་ལུས་སྐད་ཅིག་གིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རྭ་གདེངས་པ་ལས་ཡེ་ཤེས་ཀྱི་མེ་འབར་བའི་སྟེང་གི་ནམ་མཁའ་ཐམས་ཅད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རྩིབས་རྣམས་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྣམས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། འོག་གི་ཆ་ཐམས་ཅད་མཚོ་ཆེན་པོ་སྔོ་ཞིང་མེར་བ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་གུར་མེ་འབར་བས་གོ་སྐབས་མེད་པར་གཏམས་པར་བསམ་ལ། ནི་ནཱ་ག་ཛ་མུནྟི་ཨཿ ཞེས་ཡིད་ཀྱིས་བཟླས་པ་ལ་སེམས་མི་གཡོ་བར་བཟུང་བས་ངེས་པར་ཐུབ་བོ། །འདི་ལ། ནིར་ག་ཛ་མུནྟི་ཨཿ ཞེས་པའང་སྣང་སྟེ་གང་བཟླས་ཀྱང་རུང་ངོ་། །སྲུང་ན་མཐིང་ཤོག་ལ། གསེར་གྱིས་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ། གོང་གི་སྔགས་ཤམ་དུ། འཆང་བ་ལ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་གནམ་ལྕགས་ཐོག་གི་འཇིགས་པ་ཐམས་ཅད་རཀྵ་རཀྵཿ ཟུར་དྲུག་ལ། མདུན་དུ་རཀྵ། རྒྱབ་ཏུ་ཨོཾ། གྲྭ་བཞིར་ཤར་ལྷོ་ནས་གཡས་སྐོར་དུ། ཧ་ བཾ་ ཏ་ ཀྵ་ ཞེས་བྲིས་རང་སྔགས་དང་ཡེ་དྷརྨཱ་བརྒྱ་རྩས་རབ་གནས་བྱ་ཞིང་རིན་པོ་ཆེ་སྣ་ལྔ་དང་ལྷན་ཅིག་ཏུ་འཆང་ན་ངེས་པར་སྲུང་ཞིང་། ཁང་པ་དང་གུར་སོགས་ལ་བཏགས་པས་ཀྱང་ཐུབ་བོ།། ༈ །།ལོ་ཏོག་ལ་བཙའི་གནོད་པ་བསྲུང་བ་ནི། སྐམ་བཙའ་ལ། ཆུ་སྣ་ཅི་མང་དང་། ཁྱད་པར་ཆར་ཆུ་གངས་ཆུ། ཆུ་བོ་ཆེན་པོའི་གཞུང་ཆུ། ར་དཀར་མོ་དང་། བ་དམར་མོའི་འོ་མ་ལ་ཀླུ་སྨན་བསྲེས་ནས་གཙང་སྦྲ་དང་བཅས་པས་ངག་བཅད་ལ་སྔགས་འདི་བཏབ་བོ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ནཱ་ག་བུམ་པ་ཤིག །ཛཿཏྲི་ཆུཾ། བྲ་བ་རྩད་ནས་དྲོངས། ནཱ་ག་རཱ་ཙ་ཁ་ཐཾ། ཞེས་ཁྲི་འབུམ་སོགས་ཅི་ནུས་བཟླས་པས་བསྒྲུབ། དེ་ནས་ཁྱེའུ་ལོ་བརྒྱད་པ་དང་། བུ་མོ་ལོ་བཅུ་གཉིས་མ་གཉིས་ཀྱིས་ཤིང་ལོས་ཞིང་རྣམས་ལ་སྔགས་ཆུ་གཏོར། རློན་བཙའ་ལ། གོང་གི་སྔགས་ཆུ་བྱེ་མ་དང་། རིན་པོ་ཆེ་སྣ་ལྔའི་ཕྱེ་མ་དང་བསྲེས་ནས་སྔགས་ཅི་མང་བཏབ་ལ་སྐྱེས་པ་ཁྱི་འབྲུག་གླང་ལུག་གི་ལོ་པས་གཏོར། དེ་གཉིས་ཀའང་ཞིང་ས་རྒྱ་ཆེ་བས་མཐར་ཆགས་སུ་གཏོར་མ་ཐུབ་ན། ཞིང་རེ་རེ་ནས་དབུས་དང་ཕྱོགས་བཞིར་གཏོར། དམིགས་པ་ནི། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཕྱག་གཡས་མཆོག་སྦྱིན་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས། ལོ་ཡམས་ཀྱི་ནད་བཙའི་གནོད་པ་ཐམས་ཅད་ཤྭ་རྦུད་ཆེན་པོས་སྦུར་མ་དེད་པ་ལྟར་བཀྲུས་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་བསམ་ལ་ཡིག་དྲུག་འུར་འདོན་བྱ། སྔགས་ཀྱི་ཁྱད་པར་གཞན་ཡང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཁཾ་ཡེར་ཁཾ་ཡེར་བྱིལ་སྭཱ་ཧཱ། རྫས་གོང་བཞིན་ལ་བཏབ་ཀྱང་ཆོག་གོ །དེས་མ་ཕན་ན་བཙའ་བདའ་བའི་མན་ངག་སོགས་གཞན་དུ་ཤེས་པར་བྱའོ།། ༈ །།གཞན་ཡང་ལོ་ཏོག་ལ་འབྱུང་པོ་དང་ལན་ཆགས་ཀྱི་ཆོ་འཕྲུལ་འབུ་སྲིན་གྱི་འཚེ་བ་བྱུང་ན། ཐོག་མར་ལན་ཆགས་གཏོར་མ་མང་དུ་གཏང་། དེ་ནས་བྱེ་མ་གཙང་མ་དང་། གཙང་ཆབ་བུམ་པ་གང་ལ་ག་པུར་དྲི་ཐོན་བཏབ་པ་ལ་སྔགས་འདི་ཁྲི་ཕྲག་བཟླས་ནས་བསྒྲུབ་བོ། །རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་རྫས་ལ་ཐིམ་པས་ནུས་པ་མཆོག་ཏུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནཱ་ག་ཛ་ཛཿ མ་ནུ་ཛ་ཛཿ འབུ་སྲིན་ཛ་ཛཿ ཞེས་དང་། བཛྲ་བ་ན་ཁཾ་ཐུཾ་རིལ་རྦད་སྭཱ་ཧཱ། ཞེས་པའང་བཟླ། དེ་ནས་ཞིང་ལ་ས་བོན་མ་བཏབ་གོང་ནས་བ་དམར་གྱི་ལྕི་བ་དང་ཤིང་སྣའི་དུད་པ་བཏང་། དེ་རྗེས་ཁྱེའུ་ལོ་བརྒྱད་པ་གཅིག་གིས་བྱེ་མ་དང་། བུམ་ཆུ་གཏོར། སླར་ཡང་རྣམ་འཇོམས་སོགས་ཀྱིས་བསྒྲུབས་པའི་བུམ་ཆུ་དང་། རྟེན་བྱིན་ཅན་ལ་ཁྲུས་གསོལ་བའི་ཆུ་དང་། ས་སྣ་ཆུ་སྣ་བྱིན་ཅན་ཡང་ཡང་གཏོར་བས་ཐུབ་བོ། །ཡང་ཆུ་སྣ་གསུམ་ལ་སྔོ་སྲུབ་ཀ་མེ་ལ་བསྲེགས་པའི་ཐལ་བ་བཏབ་པ་ལ་སྔགས་རྗེས་མ་མང་དུ་བཟླ་བའང་ལུགས་གཅིག་གོ། ༈ །།ལོ་ཏོག་ལ་བྱི་བ་དང་། རི་བོང་སོགས་ཀྱི་གནོད་པ་བསྲུང་ན། ཡུངས་དཀར་དང་། རོ་བསྲེགས་པའི་ཐལ་བ་ལ། ཏེ་པ་ཏེ་པ་ཀྲི་ན་ཛ་ལི་བྷྱོཿ ཞེས་པས་བསྔགས་ཤིང་བྱེ་མ་དང་བསྲེས་ལ་ཞིང་གི་མཐའ་དབུས་ཁྱབ་པར་གཏོར་བས་ཐུབ་བོ།། ༈ །།བྱི་འུའི་གནོད་པ་བསྲུང་ན། གྲོ་གའམ་ཤུག་པའི་བྱང་བུ་ལ་སྔགས་བྲི། གཙང་པོའི་བྱེ་མ་ལ་སྔགས་མང་དུ་བཏབ། བྱང་བུ་དང་བྱེ་མ་ཁྱི་དང་བུད་མེད་ཀྱིས་མ་མཐོང་བར་ནམ་ཐོ་རངས་ཁྱེར་ལ། བྱང་བུ་ཞིང་གི་དབུས་སུ་གཟུག །བྱེ་མ་གཏོར། སྔགས་ནི། ཨོཾ་ཀྱུ་མ་ལེ་ཀྱུ་མ་ལེ་འབྱུང་པོ་བྱི་འུའི་མཆུ་ཁ་གཞན་ལ་སྒྱུར་ཅིག །ཡང་ན། ཨོཾ་ཏིང་ཤེ་ཏིང་ཤེ་ཕུར་ལོང་ཕུར་ལོང་གནོད་བྱེད་བྱེའུ་ཁ་ཆིངས་ཤིག །གཉིས་ཀའམ་གང་རུང་བྲི་བཟླས་བྱ། འབྲི་བའི་ཚེ་དབུ་ཅན་ཚེག་མེད་དུ་བྲི་འོ།། ༈ །ཁང་ཁྱིམ་དང་ལོ་ཏོག་ལ་བྱི་བའི་གནོད་པ་བསྲུང་ན། ཡུངས་དཀར་ལ། ཨོཾ་ནཱ་ག་ཤ་བ་ནན། ཨོཾ་ར་ཤུ་ཙུ་རུ་ཙུ་རུ་སྭཱ་ཧཱ། ཞེས་མང་དུ་བཏབ་ནས་བྱི་ཁུང་ལ་གཏོར་བས་བྱི་བ་རྣམས་རིང་དུ་འབྲོས་པར་འགྱུར་རོ།། ༈ །།ལོ་ལེགས་པའི་མན་ངག་ལུད་ཀྱི་སྦྱོར་བ་ནི། བདུད་རྩི་འོད་ལྡན། ཕུག་རོན་གྱི་བྲུན། སེ་རུལ། འབའ་ཆ་ཕབས་རྣམས་བུ་མོ་ལོ་བརྒྱད་མའི་དྲི་ཆུ་དང་སྦྱར་བ་ལ། ཨོཾ་ཨཱཿདྷཱ་རི་རཏྣ་ཛཾ་བྷེ་མོ་ཧེ་སིདྡྷི་སྭཱ་ཧཱ། ཞེས་ཞག་གསུམ་དུ་བསྔགས་པས་ལུད་ལ་བྲན། ས་བོན་ལའང་མར་ནག་དང་སྦོལ་ནས་གོང་ལྟར་སྔགས་སྟོང་ཚོ་གཅིག་བཏབ་པས་བཙའ་སད་འབུ་གསུམ་སོགས་ཀྱི་གནོད་པ་ལས་སྲུང་ཞིང་། སྙེ་མ་ཆེ་བ་དང་འབྲུ་སྣུམ་པ་སོགས་ལོ་ཏོག་ཕུན་སུམ་ཚོགས་པར་འབྱུང་བར་གསུངས་སོ། །དེ་ལྟར་བཀའ་གཏེར་དག་སྣང་གི་ཆོས་སྡེ་རྣམས་ནས་ལོ་ཏོག་ལ་ཕན་བྱེད་ཀྱི་མན་ངག་མཐའ་ཡས་པ་ཞིག་གསུངས་ཀྱང་ཤིན་ཏུ་མདོར་བསྡུས་ལག་ཏུ་བླང་བདེ་བ་ཕྲན་ཚེགས་འགའ་ཞིག་ཕྱོགས་གཅིག་ཏུ་བྲིས་པ་སྟེ། སེམས་བསྐྱེད་བཟང་པོ་དང་ལྡན་ཅིང་། ཡི་དམ་གྱི་བསྙེན་པ་མཐར་ཕྱིན་པ། ཏིང་ངེ་འཛིན་ལ་གསལ་སྣང་ཅུང་ཟད་ཐོབ་པའི་རྣལ་འབྱོར་པ་དག་ལ། འདི་ཙམ་གྱིས་ཀྱང་དོན་འགྲུབ་པར་འགྱུར་བ་ཉིད་དོ། །ཞེས་པའང་མཉྫུ་གྷོ་ཥས་བྲིས་པ་དགེ །མངྒ་ལཾ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས། ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད་ (Volume 34, Text 65)
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། ། རྡོ་རྗེ་ཉི་མས་འཁྲུལ་རྟོག་མུན་བསལ་སྟེ། །ཡེ་ཤེས་སྣང་བས་དངོས་གྲུབ་ཀུན་དགའི་སྐྱེས། །སྦྱིན་མཛད་བླ་མ་རྡོ་རྗེ་རྣལ་འབྱོར་མར། །བཏུད་ནས་ཕྲིན་ལས་བཞི་ཡི་སྲེག་བླུགས་སྤེལ། །དེ་ཡང་སྙིང་པོའི་རྒྱུད་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མེ་བུས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་གསུངས་པའི་དོན་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོའི་ལྷ་སྔགས་ལ་བརྟེན་པའི་ལས་བཞི་དང་མཆོག་ལྔའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་སོ། །དང་པོ་ལས་ལྔ་ཆར་གྱི་སྔོན་འགྲོར་ས་ཡི་ཆོ་ག་བྱ་བ་ནི། སོ་སོའི་དུས་སྐབས་ལ་བབ་པ་དང་། ལས་གང་ཡིན་རུང་བར་བསྔགས་ཤིང་རུང་བའི་གནས་སུ་དཀར་གཏོར་དང་། གསེར་སྐྱེམས་བཤམས་ལ། རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའི་བསྐྱེད་བཟླས་སམ། བསྡུ་ན། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོའི་སྐུར་གྱུར། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བཻ་ཤ་ཡ༔ ཞེས་བརྒྱ་རྩ་ཙམ་བཟླས་པས་ང་རྒྱལ་བཟུང་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྤྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །སརྦ་བྷཱུ་ཏ་གཙྪས་གནང་ཞིང་རང་གནས་གཞི་དེར་ཐིམ་པར་བསམ་ལ་གསེར་སྐྱེམས་དང་གཏོར་མ་གཙང་སར་ཕུལ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོ་ས་ལ་རེག་པས་རྩ་སྔགས་བརྒྱ་རྩ་བརྒྱད་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ྄ཿ ལན་བདུན་བཟླས་ལ་ཀུན་རྫོབ་ཀྱིས་སྦྱང་བ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་ཆོས་ཉིད་ལ་དྲན་པ་བཞག་ནས། ཤཱུནྱ་ཏཱ་ཛྙཱ་ན་བཛྲའི་སྔགས་བརྗོད་པས་དོན་དམ་གྱིས་སྦྱང་བ་བྱའོ། །གཉིས་པ་དངོས་གཞི་ལ་ལྔ་ལས། དང་པོ་ཞི་བའི་སྦྱིན་སྲེག་ལའང་། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བ། དངོས་གཞི། རྗེས་རིམ་དང་བཞི་ལས། དང་པོ་ནི། ཟླ་བ་ཡར་ངོ་བཀྲ་ཤིས་པའི་ཉི་མའི་སྲོད་ཀྱི་ཆར་ཤིས་པའི་ས་ལ་འཇམ་ཞིང་ཁོད་སྙོམས་པའི་སྟེགས་བུ་དཀར་པོ་ཁྲུ་གང་ལས་མི་ཆུང་བ་གྲུ་བཞི་པ་བྱས་པའི་ངོགས་སུ། རྡུལ་ཚོན་ཁ་དོག་དཀར་པོས་ཆོས་འབྱུང་བསྣོལ་མ་རྡོར་རྭ་མེ་རི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་ལྟེ་དབུས་མཐིང་གར་བཾ་ཡིག་མཐིང་ནག་དང་། འདབ་མར་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྲོག་གི་མཚོན་བྱེད་ཧ་རི་ནི་སའི་ཡིག་འབྲུ་བཞི་ལས་སོ་སོའི་རིགས་ཀྱི་ཁ་དོག་ཅན་དགོད། གཅད་ཚོན་སོགས་ཀྱང་དམར་སྐྱ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེ། ཐབ་ཀྱི་ཁར་བལ་བུ། ལྕང་མ། འོམ་བུ་སོགས་འོ་མ་ཅན་གྱི་བུད་ཤིང་ངམ། བ་ཡི་ལྕི་བ་སྲོག་ཆགས་མེད་པ་མེ་རིའི་སྟེང་ལ་ཟླུམ་པོར་བརྩེགས་ལ་ཙནྡན་དཀར་པོའི་ཆུ་འོ་མ་དང་སྦྱར་བས་བྲན། ཤར་ལྷོར་མེ་ཚང་བཅའ། ཐབ་སྟེགས་ཀྱི་གྲ་བཞིར་མདའ་བཞི་བཙུགས་པ་སྲད་བུ་དཀར་པོ་་་ལས་སོ་སོར་རང་མདོག་དགོས། མཆན།༽བསྣོལ་མར་སྦྲེལ་བ་ལ་དར་དཀར་པོས་དགབ། དེའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་འཛུགས། དེ་དང་ཉེ་བར་རང་གི་མདུན་དུ་དགང་བླུག་ཁ་སྦྱར་བ། རྡོར་དྲིལ་ཐོད་རྔ། བསང་ཆུ། མེ་ཏོག་གི་སྣོད། ཐུགས་དམ་བསྐུལ་བའི་རྫས་ཡུངས་དཀར་སོགས་དང་། རང་གི་གཡོན་དུ་འོ་མ་འབྲས་ཆན་དང་དངུལ་གྱི་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པའི་མར་དཀར་གྱི་གཏོར་ཟླུམ་རིལ་བུ་དྲུག་གི་བསྐོར་བ་འདས་མ་འདས་ཀྱི་ཆེ་ཆུང་གཉིས། གོས་ཟུང་དཀར་པོ་དང་སོ་རྩི་ཟུང་རེ། དུང་ཤེལ་གྱི་རྒྱན། ཀུ་ཤ་ཟུང་བསྡེབས་ལྔ་དང་། སྨན་རཀ་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད། གཡས་སུ་བསྲེག་རྫས་མར་ཁུ། ལས་མཐུན་གྱི་ཡམ་ཤིང་ཞི་བར་མཛུབ་གང་བའི་རྩེར་༼རྒྱས་པར་ཁྲུ་གང་བ་ལོ་འབྲས་ཅན། དབང་ལ་སོར་ལྔའམ་གསུམ་པ། དྲག་པོར་སོར་བཅུ་གཉིས་སམ་བཞི་པ། མཆན།༽མངར་གསུམ་དང་མར་ཁུས་ཉུག་པ་དང་།་་་དྲག་པོར་མར་ནག་ཚིལ་ཞུན་དུག་ཁྲག །དེ་བཞིན་དུ་མངར་གསུམ་སྦྱར་བའི་ཞུན་མར་དང་།་་་དབང་དྲག་ལ་ཏིལ་མར། ཁྱད་པར་གྱི་རྫས་ཏིལ་དཀར་པོ་དང་།་་་སྡིག་སྦྱོང་དང་དྲག་པོར་ནག་པོ། གུར་གུམ་འོ་མར་བཅས་པའི་ཞོ་ཟན།་་་དྲག་པོར་སྣུམ་ནག་དང་ཞུན་ཆེན་ཁྲག་གིས་སྦྲུས་པ། འབྲས་མ་གྲུག་པ་དང་། སོ་བ་གྲ་མ་མེད་པ་དང་། ནས་དང་། སྲན་མ་དང་།་་་དྲག་པོར་ནག་པོ། གྲོ་དང་། དཱུརྦ་དང་།་་དྲག་པོར་དུམ་བཅད་བྱས་པ།་་་ཀུ་ཤ་དང་། གཞན་ཡང་བཤལ་སྨན་དང་དུག་རིགས་མ་ཡིན་པའི་རིན་ཆེན་འབྲུ་སྨན་སྣ་ཚོགས་སྦྱར་བ་རྣམས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིམ་པས་ཉིས་རིམ་དུ་འགོད། སྤྲོས་པ་ལ་དགའ་ན་དར་དཀར་གྱི་ན་བཟའ་དང་། ཤེལ་གཙོ་བོར་གྱུར་པའི་རིན་པོ་ཆེ་དཀར་པོའི་རྒྱན་གྱིས་སྤྲས་པའི་ཆས་ཞུགས་དང་། སྒྲུབ་པ་པོ་ཁ་ཤར་དུ་ཕྱོགས་པས་སེམས་སྐྱིལ་གྱིས་ཀུ་ཤ་སོགས་གཙང་ཤིང་འཇམ་པའི་སྟན་ལ་དང་བའི་སེམས་ཀྱིས་འཁོད་དོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ནི། བརྒྱུད་འདེབས་སྐྱབས་སེམས་ནས་བརྩམ་བཟླས་པ་སྟོང་ཚིགས་མཆོད་བསྟོད་ཀྱི་བར་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། རབ་གནས་དང་སྒྲུབ་མཆོད་སོགས་དང་འབྲེལ་བའི་ཚེ་ནི། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བཻ་ཤ་ཡ༔ ཞེས་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་མོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། བསང་ཆུ་སྒྲུབ་པ་ལ་སོགས་པ་རྒྱས་པའམ། བསྡུ་ན། ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཧཱུྃ་ཕཊ྄༔ ཅུང་ཟད་བཟླས་པས་བགེགས་བསང་བའི་ནུས་པ་དང་ལྡན་པར་བྱིན་གྱིས་བརླབས། རྡོར་དྲིལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་པས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གྷཎྜེ་ཨཱཿས་དྲིལ་བུ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་གིས་རྡོར་དྲིལ་བསྣོལ་མའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་། གསུམ་པ་དངོས་གཞི་ལ་འཇིག་རྟེན་དང་འདས་པའི་མེ་ལྷ་མཆོད་པ་གཉིས་ལས། དང་པོ་ནི། ཐོག་མར་མཆོད་བསྲེག་གི་རྫས་རྣམས་ལ་བསང་ཆུ་འཐོར་ཏེ། མཆོད་རྫས་བྱིན་རླབས་ནི། ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཉྩ་ཀཱ་མ་གུ་ཎ་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཞེས་ཕྱི་མཆོད་དང་། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿམཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་སརྦ་པཉྩ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་ནང་མཆོད་སྔགས་རྣམས་སོ་སོར་ལན་གསུམ་རེས་བྱིན་གྱིས་བརླབས། བཛྲ་སྥ་ར་ཎ་ཁཾ༔ ཞེས་རྒྱ་ཆེར་སྤེལ་ལོ། །བསྲེག་རྫས་རྣམས་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཀྱིས་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། ཞེས་ལན་བདུན་དང་། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབས། གཙུབ་ཤིང་ལས་བྱུང་བའམ་དགེ་འདུན་གྱི་ཚང་མང་ལས་བྱུང་བའི་མེ་དུ་བ་མེད་པའི་དཔལ་འབར་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ་གཡས་སུ་བསྐོར་ཞིང་སྦར་ལ། ཨོཾ་བཛྲ་ཛྙཱ་ན་ཌཱ་ཀི་ནཱི་ཛྭ་ལ་རཾ༔ རླུང་གཡབ་ཀྱིས་ལན་གསུམ་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། འབར་བ་ན་ཧཱུྃ་ལན་བདུན་བཟླས་པའི་བླུག་གཟར་གྱི་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལ་ལས་བུམ་གྱི་ཆུས་བྲན་ཏེ། ཨོཾ་ཨ་མྲྀཏ་ཀུཎྜ་ལཱི་སརྦ་བིགྷྣཱཾ་ནཱ་ཤ་ཡ་ཧཱུྃ་ཕཊ྄། ཅེས་བསངས་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ་ཞེས་བརྗོད་དེ། ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པ་དག་སྒྲུབ་པ་པོའི་མདུན་ངོས་ཀྱི་ཐབ་ཀྱི་ཁ་ཁྱེར་ནས་ཐོག་མར་རྩེ་མོ་ཤར་དང་དེ་ནས་ལྷོ་ནུབ་བྱང་དུ་བསྟན་ལ་ཕྱོགས་བཞིར་དགྲམ་ཞིང་རྒྱབ་མ་རྣམས་ཀྱི་རྩེ་མོ་མདུན་མ་རྣམས་ཀྱི་རྩ་བས་ནོན་པར་བྱ་ཞིང་། སླར་ཐབ་ཏུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ།། ༼རྒྱས་པ་དང་མཆོག་ལ། ཐོག་མར་རྩེ་མོ་བྱང་དང་སླར་བྱང་བསྟན་གྱིས་དགབ། དེ་བཞིན་དབང་ལ། ནུབ་དང་ནུབ་བསྟན་དགབ། དྲག་པོར། ལྷོ་དང་ལྷོར་བསྟན་དགབ་བོ།།༽ དེ་ནས་ཐབ་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ། ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོ་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་ཕྱག་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། མདའ་དར་བཟུང་ལ། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣེ་ཡེ་ཨཱ་གཙྪ་ཡཿ ཞེས་དང། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མདའ་དར་གཡབ་ཅིང་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བགེགས་བསྐྲད། ༼རྒྱས་པ་དང་མཆོག་གི་སྐབས། མ་མ་པུཥྚིཾ་ཀུ་རུ་ཨོཾ། དབང་གི་སྐབས། མ་མ་ཝཱ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ྄ཿ ཅེས་སོ་སོར་སྦྱར་རོ།།༽ ཨོཾ་བཛྲ་ཨངྐུ་ཤཱ་ཛཿ ལྕགས་ཀྱུའི་ཕྱག་རྒྱས་བཀུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་རྒྱས་བཅིངས། ཨོཾ་བཛྲ་སྥོ་ཊ་བཾ། ལྕགས་སྒྲོག་གི་རྒྱས་གཉིས་མེད་དུ་བྱས། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་དང་སྨན་སྦྱར་ཆུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྭཱ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང་། །སྤྱིན་སྲེག་མཆོད་པ་འདི་འབུལ་གྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿནས། ཤབྡའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་འགྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །ཅེས་བསྟོད། བུམ་ཆུ་གཏོར་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱི་ནི།སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ། ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་། ༼དྲག་པོའི་སྐབས་མེ་ལྷ་ཁྲོས་པའི་ཞལ་རབ་ཏུ་གདངས་པའི་ལྗགས་དང་ཞེས་དམིགས་བསལ་ཁ་བསྒྱུར་དགོས།༽ གཟར་བུ་གཉིེས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས། ༼རྒྱས་པར་མཐེ་མཛུབ་རྩེ་སྤྲད་རིན་ཆེན་ཁུ་ཚུར། དབང་ལ་སྲིན་མཛུབ་རྩེ་སྤྲད་པདྨའི་རྒྱ། དྲག་པོར་མཐེ་བོང་མཛུབ་ཆུང་རྩེ་སྤྲད་ཁྲོ་བོའི་ཁུ་ཚུར།༽ དགང་བླུག་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང་།་་་དྲག་པོར་ནང་དུ་མི་འདའི་གཡོན་སྐོར་བྱ།༽ ཨོཾ་པཱ་བ་ཀ་ཨགྣ་ཡེ་ཞེས་པའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི། ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུ་སྤེལ་ཚིག་སྦྲེལ་བས་འབུལ། ༼རྒྱས་པའི་སྐབས། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དབང་སྐབས། འཁོར་དང་བཅས་པར་བརྟན་གཡོ་སྲིད་ཞིའི་ཡོན་ཏན་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿ དྲག་པོ་ལ། འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་མཱ་ར་ཕཊཿ མཆོག་གི་སྐབས། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སྡོངས་གྲོག་སིདྡྷི་ཕ་ལ་ཧོཿ ཞེས་བསྒྱུར།༽ ཚུལ་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགས། དེ་ནས་རྫས་རྣམས་ལས། ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་། དཱུརྦ། ཀུ་ཤ་སོགས་འོད་ཀྱིས་དཀྱིལ་འཁོར་དང་། ཞོ་ཟན་དང་། ཏིལ་སོགས་ཕྱག་གིས་མཚོན་པར་འབུལ་བར་མོས་ཏེ། ལག་གིས་གཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུག་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གྲོ །ཨོཾ་བཛྲ་གྷསྨ་རཱེ་ཡེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་ཕུ་ལེ་མ་ཧཱ་ད་ར་པེ་ཤ །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བདག་ཅག་དཔོན་སློབ་སོགས་གོང་གི་བྱོན་སྐྱེམས་སྐབས་ལྟར་གསོལ། ༼རྒྱས་པའི་སྐབས། པུཥྚིཾ་ཀུ་རུ་ཨོཾ། དབང་ལ། པཱ་ཤཾ་ཀུ་རུ་ཧོཿ དྲག་པོར། མཱ་ར་ཡ་ཕཊཿ མཆོག་ལ། སིདྡྷི་ཕ་ལ་ཧོཿ ཞེས་བསྒྱུར་ལ་སོ་སོའི་འདོད་གསོལ་སྦྱར།༽ དེ་དག་གི་སྐབས་སུ་དམིགས་པ་ནི། བདེ་གཤེགས་འདུས་པའི་རྩ་གཞུང་ལས། སྲེག་རྫས་བདུད་རྩི་ཕུལ་བས་མེ་ལྷ་མཉེས་ཏེ༔ འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོག་པས༔ ལུས་ངག་ཡིད་གསུམ་གྱི་སྡིག་པ་བསྲེགས་ཏེ༔ སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་པར་བསམ་སྟེ༔ བཤང་བའི་ལམ་ནས་ཐོན་པར་བསམ་པའམ༔ ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ༔ སྙིང་ག་ནས་བརྩམ་བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ་རྫས་ལ་བསྟིམས་པས་མཆོད་པ་ནི་མན་ངག་གོ༔ དེ་བཞིན་དུ་ནད་དང༔ དགྲ་དང༔ འབྱུང་པོའི་ནད་ལ་སོགས་པ་ཐམས་ཅད་ལའང་སྦྱར་བར་བྱའོ༔ གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ༔ ཞེས་སོ།་་་དེ་བཞིན་རྒྱས་དབང་དྲག་མཆོག་གི་ལས་སོ་སོའི་དམིགས་པ་རིག་པས་འཕྲུལ་ཞིང་བསམ་པར་བྱའོ།།༽ སྐབས་འདིར་སྤྲོ་ན་དངོས་གྲུབ་བླང་བའི་དོན་དུ་དགང་བླུག་ཀྱང་འབུལ་བར་གསུངས་ཤིང་མ་འབྱོར་ཀྱང་ཆད་སྐྱོན་མེད་དོ། །གང་ལྟར་ཡང་། ཨཱ་ཀ་རོའི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོས་ལ་སྐབས་འདིར་ཐབ་ཏུ་འབུལ་མི་དགོས། བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིགས་སྔགས་གྲུབ་པའི་དྲང་སྲོང་ཚུལ། །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ཡུངས་དཀར་ཐབ་ཏུ་གཏོར་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷ་ཡི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི། ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། ༼རྒྱས་པའི་སྐབས། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། དབང་ལ། འཁོར་དང་བཅས་པར་བརྟན་གཡོ་སྲིད་ཞིའི་ཡོན་ཏན་ཐམས་ཅད་དབང་དུ་འདུས་པའི་ཕྲིན་ལས་མཛད་དུ་གསོལ། དྲག་པོ་ལ། འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཐལ་བའི་རྡུལ་དུ་རློག་པའི་ཕྲིན་ལས་མཛད་དུ་གསོལ། མཆོག་ལ། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་སྡོངས་གྲོགས་མཛད་དུ་གསོལ། ཅེས་སྒྱུར།༽ ཨོཾ་ཨཱཿཧཱུྃ་མུཾ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ། གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཀུ་ཤའི་འཐོར་གཡབ་ཀྱིས་བསང་ཆུ་འཐོར་ཞིང་། ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། ཨ༔ སྟོང་ཉིད་འོད་གསལ་དབྱིངས་ཀྱི་མཁའ༔ ཐིག་ལེ་ཆེན་པོའི་ཀློང་ཡངས་སུ༔ རིག་པའི་ཡེ་ཤེས་རང་སྣང་བ༔ ལས་ཀྱི་དངོས་གྲུབ་ཇི་སྙེད་ཀུན༔ མོས་པ་བཞིན་དུ་འབྱུང་བའི་གནས༔ མཚན་ཉིད་ཡོངས་རྫོགས་རྡོ་རྗེའི་ཐབ༔ གོས་དཀར་ཡུམ་གྱི་ངོ་བོ་ཉིད༔ དམ་ཚིག་མེ་ལྷའི་ལྟོ་བ་དང༔ གཉིས་མེད་མེ་ལྕེ་འཁྱིལ་བའི་དབུས༔ བྷྲཱུྃ་ལས་དྲག་པོའི་གཞལ་མེད་ཁང༔ ཞེས་པ་ནས། ལྟེ་བར་པད་ཉི་བམ་རོའི་སྟེང༔ ཞེས་པའི་བར་རྩ་བའི་ཕྲིན་ལས་ལྟར་རོ། །སྦྱིན་སྲེག་རྐྱང་པའི་སྐབས་སུ་ནི་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་པ་སོགས་ལས་རིམ་བསྟོད་པའི་རྗེས་བར་བྱེད་པ་ཡིན་མོད། འདིར་ནི་སྒྲུབ་མཆོད་དང་རྗེས་སུ་འབྲེལ་བའི་དབང་དུ་བྱས་ཏེ། ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་ཡི་དམ་ལྷ༔ སོགས་ནས། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་པའི་བར་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་དཀྱིལ་འཁོར་མདུན་སོང་ལ་ལྷ་སྔགས་རྣམས་ལ་བཛྲ་ས་མ་ཡ་ཛཿབཏགས་པ་བརྗོད་ཅིང་སྒྲུབ་དཀྱིལ་ལས་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ། གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་དེས་ལྷ་སོ་སོའི་སྔགས་བརྗོད་མཐར་གསལ་གདབ་པ་ནི། བདེ་སྟོང་ཡེ་ཤེས་རྡོ་རྗེའི་སྔགས༔ ཞེས་པ་ནས། ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་མཎྜ་ལ་མ་ཧཱ་སུ་ཁ་ཨཱཏྨ་ཀོ྅་ཧཾ༔ ཞེས་ཕག་མོ་རིགས་ལྔ། གནས་ཡུལ་གྱི་དཔའ་བོ་དཔའ་མོ། ལས་དང་དམ་ཚིག་གི་ཌཱ་ཀི་བསྐྱེད་པའི་བར་དང་། ཧཱུྃ༔ ཡན་ལག་བརྒྱད་དང་ལྡན་པ་ཡི༔ སོགས་ཕྱི་ནང་གསང་བ་ཁྱད་པར་གྱིས་མཆོད་ཅིང་། ཧཱུྃ༔ བདེ་གཤེགས་ཀུན་གྱི་སོགས་ཀྱིས་བསྟོད་པའང་བྱ། དེ་ནས། ཉང་གཏེར་ལྷ་ལྔའི་གཞུང་ལས། རྩ་བའི་ཕག་མོ་འགྱུར་བ་མེད༔ ཕྲིན་ལས་ཕག་མོ་བསྒྱུར་ཞིང་སྒོམ༔ ཞེས་པའི་དོན་ལྟར། དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་ལས། ཞི་བའི་སྐབས། ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་དཀར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ཞི་བའི་ཕྲིན་ལས་མཛད་པར་བསམ། ༼རྒྱས་པའི་སྐབས། གསེར་བཙོ་མ་ལྟ་བུའི་འོད་ཟེར་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ་ཞེས་བསྒྱུར། དབང་གི་སྐབས། རྗེས་སུ་ཆགས་པའི་འོད་ཟེར་དམར་པོ་བདུད་རྩིའི་ཟིལ་མངར་ཅན་ཞིང་ཐམས་ཅད་དུ་སྤྲོ་བས་རབ་འབྱམས་དབང་གི་ཕྲིན་ལས་མཛད་པར་དམིགས། དྲག་པོའི་སྐབས། ཚ་ཞིང་རྩུབ་པའི་འོད་ཟེར་ལྗང་ནག་འཕྲོས་པས་ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་པར་བསམ་མོ། །མཆོག་ནི་རྒྱས་པར་མཚུངས་སོ།།༽ བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་་་༼རྒྱས་པར་སེར་པོའི། དབང་དམར་པོའི།༽ རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ༼དྲག་པོའི་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་མཐིང་གའི་རྣམ་པ་ཅན་དང་སོགས་སྒྱུར།༽ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བཻ་ཤ་ཡ༔ ཞེས་རྩ་སྔགས་བདུན་གྱིས་དགང་ཞིང་། མཐར་རྩ་སྔགས་དེ་ལ། དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ལན་གཅིག་སྦྱར་བས་ཕུལ། བདག་ཅག་དཔོན་སློབ་ཡོན་མཆོད་སོགས་སྤེལ་ཚིག་མེ་ལྷའི་སྐབས་ལྟར་སྦྱར།་་་༼མཆོག་སྦྱིན་སྐབས་མཇུག་ཚིག །མཆོག་གི་དངོས་གྲུབ་སིདྡྷི་ཕ་ལ་ཧོཿ ཞེས་སྒྱུར་རོ།།༽ དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་རྩ་སྔགས་བྷ་ར་ཧིའི་མཐར། དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་ལྷ་སྔགས་ལན་རེའི་མཐར། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། ཞེས་རྫས་སྔགས་བཅུ་སོགས་ཇི་ལྟར་རིགས་པས་ཕུལ་ལ། སྤེལ་ཚིག་གོང་ལྟར་སྦྲེལ། ཚུལ་དེ་ལྟ་བུའི་རྫས་གཞན་རྣམས་ཀྱང་བརྒྱའམ་སུམ་ཅུ་ཉེར་གཅིག་སོགས་སྐབས་དང་བསྟུན་ཏེ་ཕུལ། ༼ཡང་བསྙེན་པ་སོགས་ཀྱི་ཁ་སྐོང་ལ། བསྒྲུབ་པ་པོའི་ནད་གདོན་སྡིག་སྒྲིབ་གསང་སྔགས་ཀྱི་ལྷག་ཆད་སོགས་བཟླས་པའི་ཉེས་སྐྱོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་དམིགས་བསལ་དང་། རྫས་ཏིལ་གཙོ་བོར་འབུལ་ཞིང་སྤྲོ་ན་འདོད་གསོལ་དང་རྫས་སོགས་པདྨ་མཁའ་འགྲོའི་མེ་སྐོང་སྐབས་ལྟར་འབུལ་ཡང་ལེགས།༽ དེ་ཡང་རྩ་གཞུང་ལས། རྫས་རེ་རེ་དང་སྔགས་རེ་རེ་སྤེལ་ལ་འབུལ༔ སྔགས་ཉུང་ལ་རྫས་མང་བ་ནི་སྤང་བར་བྱའོ༔ རྫས་ཉུང་ལ་སྔགས་མང་བ་ནི་འགལ་བ་མེད་དོ༔ ཞེས་གསུངས། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས། ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་ནས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བའི་ལས་མཛད་པར་བསམ་ལ་དམིགས་པའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་འཛིན་པ་ནི་རྣོ་ལ་ངར་གྱིས་གདགས་པ་བཞིན་ནོ།། ༼རྒྱས་པའི་སྐབས། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས། ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས། དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ། དབང་གི་སྐབས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གང་འདོད་པ་རང་དབང་མེད་པར་དབང་དུ་འདུས་པར་བསམ། དྲག་པོའི་སྐབས། ལྷ་ཚོགས་རྣམས་ལས་འོད་ཟེར་ནག་པོ་མེ་ལྕེ་ལྟ་བུར་འཕྲོས་པ་ལས་མཚོན་ཆའི་ཆར་བབ་པས་དགྲ་བགེགས་ཐམས་ཅད་བརླགས་པར་བསམ་མོ། །མཆོག་གི་སྐབས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་བྱུང་བ་རང་ལ་ཕོག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྦྱངས། ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསམ་མོ།།༽ སླར་ཡང་དགང་བླུག་སྔར་བཞིན་འབུལ། ཨོཾ་བཛྲ་ཝསཏྲཾ་ཡ་སྭཱ་ཧཱ། ཞེས་གོས་གསར་པ་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་འབུལ། གཏེར་གཞུང་གི་ཚོགས་བསྡུས་སྐབས་འདིར་སྦྱར་ཞིང་ཚོགས་ཕུད་ཐབ་ཀྱི་དཀྱིལ་དང་། ལྷག་མ་མཆོད་སྐབས་ཐབ་ཀྱི་ཟུར་དུ་འབུལ། ནང་དང་གསང་བའི་ཚོགས་མཆོད་ཀྱང་བྱས་པས་དེ་དང་དེའི་སྦྱིན་སྲེག་ཀྱང་ཞར་བྱུང་དུ་འགྲུབ་ཅིང་དགོས་པ་ཆེ་བར་གསུངས་པས། ཚོགས་ཀྱི་བདུད་རྩི་ཅུང་ཟད་རོལ་ཏེ། ཧོ༔ སྙིང་དབུས་མི་ཤིགས་ཐིག་ལེའི་ངང༔ སྟོང་གསལ་འདུས་མ་བྱས་པའི་ཀློང༔ དབྱིངས་ཀྱི་ཕོ་ཉ་འདུ་འབྲལ་མེད༔ ཡེ་ཤེས་མཁའ་འགྲོ་སྤྲིན་ལྟར་འཕྲོ༔ སྤྱི་བོར་ཛཱ་ལནྡྷ་ར་སོགས༔ རྩ་ཁམས་གནས་ཡུལ་དུར་ཁྲོད་དུ༔ འགྲོ་འོང་རླུང་གིས་ལས་ཀུན་བྱེད༔ བདེ་སྟོང་ཐིག་ལེ་དཀར་དམར་གཟུགས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ སྣང་སྟོང་འོད་སྐུར་ཤིགས་སེ་ཤིག༔ ཨ་ཧཾ་སྔགས་ཀྱི་རང་སྒྲར་བཅས༔ བདེ་ཆེན་བདུད་རྩིའི་སྲེག་བླུག་རོལ༔ ཡུལ་དང་དབང་པོ་གཉིས་མེད་པར༔ དགྱེས་མཉམ་མཆོག་གི་མཆོད་པས་བསྐང༔ ཐ་མལ་སྣང་ཞེན་ཉམས་ཆག་བཤགས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ དགའ་བ་བཞི་ཡི་ཡེ་ཤེས་སྤོར༔ སྟོང་པ་བཞི་ཡི་འོད་གསལ་སྐྱེད༔ ཐམས་ཅད་ཀ་དག་གཉུག་མའི་ངང༔ ལྷུན་གྱིས་གྲུབ་པའི་མཆོག་དབང་སྐུར༔ བཛྲ་དྷཱ་ཏུ་ཛྙཱ་ན་ལོ་ཀ་དྷཱ་ཀི་ནཱི་མཎྜ་ལ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཞེས་བརྗོད་ཅིང་བསམ། དྲོད་ཐོབ་པས་གསང་བའི་ཚོགས་འཁོར་རྡོ་རྗེའི་གླུ་གར་བཅས་དགོས་པར་གསུངས་ཀྱང་ཐུན་མོང་དུ་མ་དཱ་ན་དང་། ཞུན་མར་ཅུང་ཟད་ཀྱི་སྐུ་མཉེ་སྙིང་གར་བྱུགས་ཤིང་། ཧོ༔ ཤེས་རབ་པདྨ་ཨེ་ཡི་དབྱིངས༔ ཐབས་ཀྱི་རྡོ་རྗེ་ཝཾ་ཡིག་གཟུགས༔ སྙོམས་འཇུག་བདེ་བའི་མཆོད་སྤྲིན་གྱིས༔ ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་དབྱིངས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཟག་མེད་དགྱེས་པ་ཆེན་པོ་བསྐྱེད༔ སྣང་སེམས་འཕོ་བའི་བག་ཆགས་སྦྱོངས༔ ཟག་བཅས་ཐིག་ལེའི་སྲེད་ཞེན་སྒྲོལ༔ རྒྱུ་འབྲས་གཉིས་སུ་མི་ཕྱེད་པའི༔ བཅུ་དྲུག་དགའ་བའི་ཕོ་ཉ་མོས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤེལ༔ དྭངས་མ་མི་ཤིགས་གསུམ་ལྡན་གྱིས༔ འཇའ་ལུས་རྡོ་རྗེའི་གོ་འཕང་ལ༔ མངོན་པར་བྱང་ཆུབ་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ་ཨ་ཧཾ༔ ཞེས་པའི་དོན་བསྒོམས་ནས་མཐར་ཐུག་དེ་ཁོ་ན་ཉིད་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་པས་སོ་སོའི་དབང་པོའི་ཁྱད་པར་བཞིན་དངོས་དང་རྗེས་མཐུན་གྱི་དགོས་པ་དང་ཕན་ཡོན་འཐོབ་པར་འགྱུར་རོ། །ཚོགས་ཀྱི་ལྷ་ཆོག་འདིར་བྱའོ། །ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་དང་བཅས་པས་མཆོད། ཧཱུྃ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་སོགས་དང་། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་མ་ནུ་པཱ་ལཱ་ཡ། བཛྲ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། ཌཱ་ཀི་ནཱི་མཱ་མེ་མུཉྩ། ཌཱ་ཀི་ནཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་དང་། ཨོཾ་ཨཱཿཧཱུྃ་མཱུཾ་ཞེས་བརྗོད་ཅིང་། སྒྲུབ་མཆོད་དང་འབྲེལ་ཚེ། དཀྱིལ་འཁོར་པའི་ལྷ་ཚོགས་བསྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་། མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས་ལ་རྩ་སྔགས་ལ་བཛྲ་ས་མ་ཡ་སཏྭཾ་བཏགས་པས་སྟིམས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། སྲེག་རྐྱང་གི་སྐབས་སུ་ནི་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་དབྱེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན་རང་ལ་བསྟིམས་པས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་བསམས་ཀྱང་ལེགས་སོ། །གསུམ་པ་རྗེས་རིམ་ནི། ལས་སྔགས་ཀྱིས་བསང་། བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་ཐབ་དབུས་སུ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་དབྱེར་མེད་དུ་གྱུར། དེ་ནས་དགང་བླུག །མེ་ལྷ་ཞལ་འཛུམ་པ་དང་བཅས་པས་སོགས་གཤེགས་སྐྱེམས་བདུན་ལྔ་གསུམ་གང་འོས་འབུལ། གོས་ཟུང་དང་། སོ་རྩི་སྔགས་བཅས་འདས་པའི་མེ་ལྷའི་སྐབས་ལྟར་དང་། རྫས་ལྷག་རྣམས་རྫས་སོ་སོའི་སྔགས་ལྔའམ་གསུམ་རེའི་མཐར། ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། རྫས་དང་ཡོ་བྱད་མ་ཚོགས་པ་དང་། ཏིང་འཛིན་མ་གསལ་བ་དང་། ཆོ་ག་ལྷག་པ་དང་། ཉམས་པ་དང་། ལྷ་གོང་འོག་ནོར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བས་འབུལ། རྫས་སོ་སོར་མི་ལྡང་ན་གཅིག་ཏུ་བསྡུས་ནས་འབུལ་ཀྱང་རུང་བར་གསུངས། ༼རྒྱས་སོགས་ལས་གཞན་ལ། ཐམས་ཅད་ཀྱིས་ནོངས་པ་གང་བགྱིས་པའི་ཉེས་ཚོགས་ཞི་སྟེ། རྒྱས་པར་སྲིད་ཞིའི་ཡོན་ཏན་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་ཨོཾ། དབང་ལ་བརྟན་གཡོ་སྲིད་ཞིའི་ཡོན་ཏན་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོཿ དྲག་པོར་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊཿ མཆོག་ལ་སྲིད་ཞིའི་ཡོན་ཏན་རྒྱས་པར་གྱུར་ཅིག་པུཥྚིཾ་ཀུ་རུ་སིདྡྷི་ཕ་ལ་ཧོཿ ཞེས་སྒྱུར་རོ།།༽ སྦྱིན་སྲེག་གི་ཆོ་ག་རྒྱུན་དུ་བྱེད་ན་རྫས་ལྷག་བཞག་རུང་། མི་བྱེད་ན་སྐབས་འདི་ཉིད་དུ་རིངས་པར་འབུལ་གསུངས་སོ། །མཐར། ཨོཾ་ཨགྣེ་དེ་ཝ་པུཥྤེ་ནས། ཤབྡ་པྲ་ཏཱིཙྪ་ཧོཿ ཞེས་ཉེར་སྤྱོད་ཀྱིས་མཆོད་ཅིང་། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། མ་རྙེད་ཡོངས་སུ་མ་ཚང་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མཱུཾ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ་ཞིང་། དགེ་རྩ་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་རྒྱས་སུ་བྱའོ། །དེ་ལྟར་སྦྱིན་སྲེག་བྱས་པའི་མེ་དཀྲུག་བརྡལ་སོགས་མི་བྱ་བར་རང་གར་འཇོག །ལོང་སྐབས་མ་བྱུང་ན་འོ་མ་དང་དྲི་བཟང་གི་ཆུས་གཞིལ། ཐལ་སོལ་རྒྱ་མཚོར་འབབ་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ།། ༈ །།གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ས་ཆོག་ཞི་བའི་སྐབས་ལྟར་སྔོན་དུ་འགྲོ་བས། སྦྱོར་དངོས་རྗེས་རིམ་ཐམས་ཅད་ཞི་བ་ལྟར་ལས་ཁྱད་ཆོས་བྱེ་བྲག་པ་ནི། ཚོང་འདུས་དང་རྒྱལ་པོའི་བང་མཛོད་ཀྱི་ས་སྟེགས་སེར་པོ་གྲུ་བཞི་ལ་རྡུལ་ཚོན་སེར་པོའི་མདོག་ཅན་གྱི་ཐབ་ཞི་བའི་སྐབས་བཞིན་དང་གཅད་ཚོན་ཡང་ངུར་སྨྲིག་གིས་བྱས་པའི་སྟེང་དུ། སྟར་ག་དང་ཤུག་པ་དང་འབྲས་བུ་ཅན་མདོག་སེར་ཞིང་དྲི་བཟང་བ་འོ་མ་ཅན་སོགས་གང་འབྱོར་གྱི་བུད་ཤིང་གུར་གུམ་གྱི་ཆབ་ཀྱིས་བྲན་པ་ཁྲུ་དོ་ཙམ་གྲུ་བཞི་པར་བརྩིགས། རང་གི་གཡོན་ངོས་སུ་རྒྱུ་གསེར་ཕྱེ་དང་མེ་ཏོག་སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས། དབྱིབས་གྲུ་བཞི་པད་འདབ་ཅན་ཆེ་ཆུང་གཉིས་སོགས་གཏོར་མཆོད། གོས་ཟུང་སེར་པོ་དང་སོ་རྩི། གསེར་ཐིག་དང་སྤོས་ཤེལ་སོགས་རྒྱན་འབུལ། གཡས་སུ་རྫས་སྤྱིར་སྔ་མ་ཞི་བའི་སྐབས་ལྟར་ཚོགས་པ་དང་། བྱེ་བྲག་ཏུ་ཚེ་རྒྱས་པ་ལ་དཱུརྦ། ཤེས་རབ་རྒྱས་པ་ལ་དྲི་བཟང་དང་ལྡན་པའི་མེ་ཏོག་སེར་པོ། བསོད་ནམས་རྒྱས་པ་ལ་ཟས་མཆོག །འབྱོར་པ་རྒྱས་པ་ལ་རས་དར་ཟབ་འབྲུ་སྨན། རིགས་རྒྱུད་རྒྱས་པ་ལ་ཤིང་ཐོག་སྐྱོན་མེད་རྣམས་སོགས་གང་རྒྱས་པར་འདོད་པ་དེ་གཙོ་བོར་བྱ། སྣོད་ཀྱང་རིན་པོ་ཆེའི་རིགས་སེར་པོ་དང་གྲུ་བཞི་པར་བྱ། སྟེགས་ཁེབས་དང་སྒྲུབ་པ་པོའི་ཆས་གོས་སེར་པོ་བྱ་བས་བཟང་པོའི་འདུག་སྟངས་ཀྱིས་ཁ་་་སྒྲུབ་མཆོད་སྐབས་དཀྱིལ་འཁོར་གྱི།༽ལྷོར་ཕྱོགས་པར་འདུག །རྗེ་རིགས་ཀྱི་ཁྱིམ་ལས་བྱུང་བའམ་ནོར་བུ་ལས་བྱུང་བའི་མེ་བྱང་ངམ་ཤར་ལྷོ་ནས་སྦར། ཐབ་ལྷ་བསྐྱེད་སྐབས། ཧཱུྃ་ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་ཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཏོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ།སོགས་ལྷ་བསྐྱེད་ནས་བརྩམ་འཇིག་རྟེན་པ་དང་འདས་པའི་མེ་ལྷ་མཆོད་ཚུལ་སྔར་ཞི་བའི་སྐབས་ལྟར་ལ། དམིགས་བསལ་གྱི་ཁ་བསྒྱུར་རྣམས་སྐབས་ཐོབ་མཆན་གྱིས་གསལ་བ་ལྟར་ཤེས་པར་བྱ་ཞིང་། བྱེ་བྲག་ཡམ་ཤིང་ནས་སྲེག་རྫས་རྣམས་སོ་སོར། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྡིག་པ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། གྲོ །ཨོཾ་བཛྲ་གྷསྨ་རཱེ་ཡེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྒྱུར་ལ་བྱའོ། །སྦྱིན་སྲེག་བྱས་པའི་མེ་དཀྲུགས་བརྡལ་སོགས་མི་བྱ་བར་རང་ཞིར་འཇོག །ལོང་མེད་ན་དྲི་སེར་པོའི་ཆུས་གཞིལ་ལ་ཐལ་སོལ་རྣམས་མཛོད་ཕུག་དང་གཙུག་ལག་ཁང་གི་ཕུག་ཏུ་སྦ་བའོ།། ༈ །།གསུམ་པ་དབང་གི་སྦྱིན་སྲེག་ནི། ས་ཆོག་སྔོན་དུ་འགྲོ་བས་སྦྱོར་དངོས་རྗེས་སྤྱིར་ཞི་བ་ལྟར་ལ་ཁྱད་ཆོས་བྱེ་བྲག་ནི། ཚོང་འདུས་དང་སྨད་ཚོང་མའི་གནས་ཀྱི་ས་ལས་བྱས་པའི་ཐབ་སྟེགས་དམར་པོ་གྲུ་བཞི་པར། རྡུལ་ཚོན་དམར་པོའི་མདོག་ཅན་གྱི་ཐབ་ཞི་བའི་སྐབས་བཞིན་དང་གཅད་ཚོན་ཀྱང་དམར་སྐྱ་ལ་སོགས་པས་བྱ། ཙནྡན་དམར་པོ་དང་། སེང་ལྡེང་། འོ་སེ། མཛོ་མོ་ཤིང་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་ཟླ་གམ་དུ་ཁྲུ་གང་བརྩིགས། རང་གི་གཡོན་ངོས་སུ་རྒྱུ་ཟངས་ཕྱེ་པད་རག་བུ་རམ་འབྲས་དམར་རམ་བུའི་ཕྱེ་རྣམས་མར་ལ་བསྲེས་པས། དབྱིབས་ཟླ་གམ་པད་འདབ་ལྔ་པ་ཆེ་ཆུང་གཉིས་སོགས་གཏོར་མཆོད། གོས་ཟུང་དམར་པོ་དང་སོ་རྩི། བྱེ་རུ་པད་རག་སོགས་རྒྱན་འབུལ། སྟེགས་ཁེབས་དང་སྒྲུབ་པ་པོའི་ཆས་གོས་ཁ་དོག་དམར་པོ་དང་། རྫས་སྤྱིར་སྔ་མ་ཞི་བའི་སྐབས་ལྟར་ཚོགས་པ་དང་། སྣོད་ཀྱང་གཙོ་བོར་ཟངས་དང་དབྱིབས་ཟླ་གམ་ཅན་དུ་བྱ། དབང་གི་ལས་དམིགས་བསལ་ལ་ཙནྡན་དམར་པོ་འམ་ཟངས་ཀྱི་བྱང་བུར་གསེར་རམ་མཚལ་གྱིས་རྩ་སྔགས་ཤམ་བུར། ཨ་ཏྲི་ནྲྀ་དུང་དུང་ཛཿཛཿ ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བྲིས་པ་གང་མང་གསག །རྫས་ཐམས་ཅད་ཁ་དོག་དམར་པོར་བཅོས། སློབ་དཔོན་ཁ་ནུབ་ཏུ་ཕྱོགས་པས་པད་སྐྱིལ་གྱིས་འདུག་ཅིང་ཆགས་པའི་སེམས་དང་སྒེག་ཉམས་བྱ། སྨད་ཚོང་གི་ཁྱིམ་ལས་བྱུང་བའི་མེ་དུ་བ་མེད་པས་ནུབ་བམ་ཤར་ལྷོ་ནས་སྦར། མེ་ལྷ་བསྐྱེད་སྐབས། ཧཱུྃ་ལས་དབང་གི་ཐབ་ཁུང་ཁ་དོག་དམར་ཞིང་དབྱིབས་ཟླ་གམ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཨུཏྤལ་དམར་པོ་དང་། ཁ་ཁྱེར་ལ་པདྨའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དམར་པོ་ལས་དབྱུག་ཏོ་དམར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དམར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་དམར་པོ་དང་ལྡན་པ་སོགས་སྦྱོར་དངོས་རྗེས་ཡོངས་རྫོགས་ཞི་བའི་སྐབས་ལྟར་ལ། དམིགས་བསལ་གྱི་ཁ་བསྒྱུར་དཀྱུས་སུ་འཁོད་པའི་མཆན་ལྟར་དང་། བྱེ་བྲག་ཡམ་ཤིང་ནས་སྲེག་རྫས་སོ་སོར། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། སྡིག་པ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། གྲོ །ཨོཾ་བཛྲ་གྷསྨ་རཱེ་ཡེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། སྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། ཞེས་སྒྱུར་ལ་བྱའོ། །སྲེག་ཐལ་སྡོད་ལོང་ཡོད་ན་རང་ཞིར་འཇོག་ཅིང་། མེད་ཚེ་ཆང་དང་སྦྱར་བའི་ཆུས་གཞིལ། ཐལ་བ་རི་མཐོན་པོའི་རྩེར་རོལ་མོར་བཅས་པས་རླུང་ལ་བསྐུར་བའི་ཁྱད་པར་དམིགས་སུ་བསལ་བ་འོ།། ༈ །།བཞི་པ་དྲག་པོའི་སྦྱིན་སྲེག་ནི། སྤྱི་དང་དེ་ལ་ཁྱད་པར་བ་སྦྱོར་བ་སྟེ། ས་ཡི་ཆོ་ག་དང་ལྡན་པས་དུར་ཁྲོད་བརྒྱད་དང་ཕུང་ཤུལ་ས་ལས་བཅོས་པའི་ས་སྟེགས་ནག་པོ་གྲུ་བཞི་པའི་སྟེང་། རྡུལ་ཚོན་ནག་པོ་དང་གཅད་ཚོན་སྔོ་སྐྱས་བྱས་པའི་ཐབ་ཞི་བའི་སྐབས་བཞིན་འདུ་བྱ། སྐྱེར་པ་ལ་སོགས་པའི་དུག་དང་ཚེར་མ་ཅན་གྱི་ཤིང་དུག་ཁྲག་སྣ་ཚོགས་པས་བྱུགས་པ་གྲུ་གསུམ་དུ་སོར་ཉི་ཤུ་བརྩིགས། སྟེགས་ཁེབས་དང་སྒྲུབ་པ་པོའི་ཆས་གོས་ནག་པོ་དང་། རང་གི་གཡོན་ངོས་སུ་བསྲེག་རྫས་དྲག་སྦྱིན་སྤྱི་ཙམ་ལ་ཞི་བའི་སྐབས་སྨྲོས་མཆན་གསལ་ལྟར་དང་། བྱེ་བྲག་བསྟན་འགྲོ་སྤྱི་དོན་ལྟ་བུ་དགོས་དོན་ཤིན་ཏུ་ཆེ་བས་དྲག་ལས་དམིགས་ཀྱི་བསལ་ནས་བྱ་བའི་དྲག་པོའི་རྫས་བདུན་ནི། མེ་སྲོག་འཛིན་པའི་རྫས་སྐྱེར་པ་དང་ཚེར་མ་ཅན་གྱི་དྲག་པོའི་ཤིང་གི་ཡམ་ཤིང་ཟུར་གསུམ་སོར་བཅུ་གཉིས་པ་མར་ནག་དང་ཚིལ་ཞུན་གྱིས་སྦགས་པ། རྩ་བའི་རྫས་འབྱོར་ན་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནད་ཡིག་དང་བཅས་པ་དྲུག་ཅུ་རྩ་བཞི་སོགས་གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་བསྲེས་པའི་རིལ་བུ་མིང་རུས་ཅན། གནད་དབབ་རྫས་སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྡོའི་ཕྱེ་མ། མྱོས་པའི་རྫས་མར་ནག་དམེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་བའི་རྫས་ཏིལ་དང་ཡུངས་དཀར་ཚ་བ་གསུམ་་་ལྕེ་ཚ་དབྱི་མོང་སྲུབ་ཀ༽བཅས་ཡིན་ནོ། །འཇོག་སྣོད་ཀྱང་ལྕགས་ཀྱི་སྣོད་གྲུ་གསུམ་པ་འབའ་ཞིག་བྱ། གཡས་ངོས་སུ་ལྕགས་དང་རྡོ་ཕྱེ་ཁྲག་དང་ཤ་ཆེན་གྱིས་སྦགས་པའི་གཏོར་མ་གྲུ་གསུམ་མཐེབ་ཀྱུ་གྲུ་གསུམ་གསུམ་ལྡན་རོ་སོལ་གྱིས་ནག་པོ་བྱས་པ་ཆེ་ཆུང་དང་སྨན་རཀ །གོས་ཟུང་ནག་པོ་དང་སོ་རྩི། ཐོད་ཚལ་གྱི་རྒྱན་འབུལ། དྲག་པོའི་ཉེར་སྤྱོད་རྣམས་ཀྱང་བཤམས། མཆོད་སྲེག་གི་རྫས་སྐབས་འདིར་གཡས་གཡོན་གོ་ལྡོག་ཏུ་འགོད། དུས་མུན་རུབ་དང་སྲོད་ལ་སློབ་དཔོན་ཁ་་་སྒྲུབ་མཆོད་སྐབས།༽བྱང་དུ་ཕྱོགས་པས་རུས་སྦལ་གྱིས་འདུག་སྟངས་དང་ཁྲོ་ཞིང་འཚིག་པའི་སེམས་བྱ། ཤན་པའམ་དུར་ཁྲོད་ལས་བྱུང་བའི་མེ་ལྷོ་འམ་ཤར་ལྷོ་ནས་སྦར་ལ། མེ་ལྷ་བསྐྱེད་སྐབས། ཧཱུྃ་ལས་དྲག་པོའི་ཐབ་ཁུང་ནག་པོ་དབྱིབས་གྲུ་གསུམ་མུ་རན་ཁ་ཁྱེར་དང་བཅས་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་རྭ་གདེངས་ཅན་གྱི་ཁ་ཁྱེར་དང་ཟུར་བཞིར་རལ་གྲིས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ནག་པོ་ལས་དབྱུག་ཏོ་ནག་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་ནག་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་རོ་སྐྲའི་ཚངས་སྐུད་ནག་པོ་དང་ལྡན་པ་སོགས་སྔ་མ་རྣམས་ལྟར་ལ། བྱེ་བྲག་ཡམ་ཤིང་ནས་འདོད་གསོལ་རིགས་ཁ་བསྒྱུར་དྲག་སྦྱིན་སྤྱི་འགྲོ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧསྟ་བཛྲ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ མར་ཁུ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། དགྲ་བགེགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་སྡིག་པ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ ཞོ་ཟན་དང་ཟས་མཆོག །ཨོཾ་སརྦ་སཾ་བ་དེ་སྭཱ་ཧཱ། དགྲ་བགེགས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ གྲོ །ཨོཾ་བཛྲ་གྷསྨ་རཱེ་ཡེ་སྭཱ་ཧཱ། དགྲ་བགེགས་ཀྱི་ནད་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དགྲ་བགེགས་ཀྱི་ཚེ་རིང་བ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། དགྲ་བགེགས་ཀྱི་སྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅད་མཱ་ར་ཡ་ཕཊཿ ཅེས་བསྒྱུར་ལ། རྗེས་རིམ་རྣམས་བྱ་བ་ནི་སྤྱི་འགྲོའོ། །བྱེ་བྲག་ཁྱད་པར་བ་ནི། ཡང་སྐབས་འགར་བསྟན་འགྲོའི་སྤྱི་དོན་ལྟ་བུ་དགོས་དོན་ཤིན་ཏུ་ཆེན་པོས་དྲག་རྫས་བདུན་འབུལ་ན་ཁྱད་པར་ནི། གོང་དུ་འདས་ལྷའི་བྱོན་སྐྱེམས་ཕུལ་རྗེས། རྩ་རྫས་ལིངྒ་སོགས་མདུན་དུ་བཀོད་ལ། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨེ་ལས་ཐར་མེད་གནམ་ལྕགས་གཤིན་རྗེའི་སྒྲོམ༔ ཟུར་གསུམ་མེ་འབར་ལས་ཀྱི་རླུང་ཤུགས་གཡོ༔ དེ་དབུས་གནོད་བྱེད་དགྲ་དང་འགལ་རྐྱེན་བགེགས༔ ཉམ་ཐག་སྐྱབས་བྲལ་མངོན་སུམ་གསལ་བར་གྱུར༔ ནྲྀ་ཏྲི་སརྦ་ཤཱ་ཏྲཱུན་བིགྷྣཱན་ཧཱུྃ་ཕཊ༔ ཅེས་གསལ་ལ་ཚོགས་ཐ་མའི་སྐབས་ལྟར་དྲག་རྫས་སྤྱི་བྱེ་ལ་འགུགས་བསྒྲལ་ནན་ཏན་བྱས་ལ་བསྟིམས་ཏེ། འདས་ལྷའི་སྲེག་བླུག་གི་གཤེགས་སྐྱེམས་དང་གོས་འབུལ་སོ་རྩི་སྐབས་དེར་མི་འབུལ་ནས། ཚོགས་མཆོད་ཕྱི་ནང་གསང་བ་ལྷག་མའི་ཆོ་གའི་རྗེས་བར་གྲུབ་ཅིང་སྲེག་རྫས་སྔ་མ་རྣམས་ཚིག་ནས་ཞལ་གྱི་མེ་ལྕེ་ཆེར་གྱུར་པ་དང་། ཁྱད་པར་གྱི་རྫས་བདུན་ཉུང་ལ་སྔགས་མང་བས་འབུལ་བ་སྦྱོར་ཏེ། ཧཱུྃ་བྷྱོ༔ འོད་གསལ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཟུང་འཇུག་སྙིང་རྗེ་ཁྲོས་པའི་ཤུགས་འཆང་བ༔ མ་རུངས་གདུལ་དཀའ་འདུལ་བའི་ཐུགས་དམ་ཅན༔ མཁའ་འགྲོ་འབར་བའི་ལྷ་ཚོགས་དུས་ལ་བབ༔ ཧཱུྃ་བྷྱོ༔ ཕྲིན་ལས་མཁའ་འགྲོ་དྲག་མོའི་དཀྱིལ་འཁོར་དུ༔ བྱང་ཆུབ་སྒྲུབ་དང་བསྟན་ལ་འཚེ་བ་ཡི༔ དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཚར་གཅད་ཕྱིར༔ འབར་བ་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ༔ བྱམས་པ་ཁྲོས་པའི་ལྕགས་ཀྱུས་སྙིང་ནས་ཟུངས༔ སྙིང་རྗེ་ཁྲོས་པའི་ཞགས་པས་མགུལ་ནས་ཆིངས༔ དགའ་བ་ཁྲོས་པའི་སྒྲོག་གིས་ཡན་ལག་སྡོམས༔ བཏང་སྙོམས་ཁྲོས་པའི་དྲིལ་བུས་མྱོས་སུ་ཆུག༔ སྟོང་ཉིད་ཁྲོས་པའི་ཕྱག་རྒྱས་ལྷ་དང་ཕྲོལ༔ བདེ་ཆེན་ཁྲོས་པའི་ཤུགས་ཀྱིས་གཟུགས་ལ་ཕོབ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ འདིར་ཁུག་འདིར་སྟིམས་བསྒྲལ་བའི་ཞིང་དུ་མཛོད༔ ཧཱུྃ༔ མཁའ་འགྲོ་འབར་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དྲག་པོ་སྟོབས་ཀྱི་ཡེ་ཤེས་གཟི་བྱིན་སྐྱེད༔ དགྲ་བགེགས་བདུན་རྒྱུད་དཔུང་བཅས་ལྷག་མེད་བཞེས༔ མངོན་སྤྱོད་རོལ་པའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཛཿ སྲིད་པའི་བཙོན་ཁང་དྲག་པོའི་ཨེ། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །གདུག་པའི་ཡམ་ཤིང་མར་ནག་ཚིལ། །དམིགས་པའི་གཟུགས་རྟེན་དྲག་པོའི་རྫས། །གནད་འབེབ་མྱོས་བྱེད་གསོད་པའི་མཚོན། །ཚ་བའི་ནད་སྐྱེད་རྫས་རྒོད་རྣམས། །བསྲེགས་པས་དགྲ་བགེགས་གདུག་པའི་ཚོགས། །ལུས་ངག་རྡུལ་དུ་བསྲེགས་ནས་ཀྱང་། །རྗེས་ཤུལ་ལྷག་མ་མེད་པར་མཛོད། །ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་རཀྴ་སཱི་མ་མ་བྷྱོ་སརྦ་ཤཱ་ཏྲཱུན་བིགྷྣཱན་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་ཡ་ཛྭ་ལ་རཾ་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊཿ ཅེས་པའི་སྔགས་ཀྱིས་མེ་སྲོག་འཛིན་པའི་རྫས་ནས་ཚ་བའི་རྫས་བར་བརྒྱ་རྩ་ལ་སོགས་པ་འཕུལ་ལ། དོ་གལ་བྱེད་ན་རྫས་རེ་རེའི་མཇུག་ཏུ་སྤེལ་ཚིག་བྱོན་ཟན་ལྟར་རམ། ཐམས་ཅད་ཞེས་པའི་མཐར་དང་བསྟན་དང་འགྲོ་བ་རྣམས་ལ་བསམ་སྦྱོར་ངན་པས་འཚེ་ཞིང་བར་དུ་གཅོད་པའི་དགྲ་བགེགས་དམ་སྲི་འབྱུང་པོ་སྡོངས་ཟླ་རྒྱབ་རྟེན་དང་བཅས་པ་མཱ་ར་ཡ་ཕཊཿ ཅེས་པ་ལྟ་བུ་སྦྱར། གྲངས་རྫོགས་པའི་མཇུག་ཏུ། གཤེག་སྐྱེམས་ལན་གསུམ་དང་སྔགས་ཀྱིས་མཆོད་ཅིང། གོས་ཟུང་དང་སོ་རྩི་འདིར་འབུལ་ལ་བསྟོད་དེ། འདོད་དོན་གསོལ་བ་ནི། ཧོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད། ཁྲག་འཐུང་ཁྲོ་མོ་ཐམས་ཅད་ཀྱི་སྤྱི་དཔལ། བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད་སྒྲོལ་བའི་དཔའ་མོ། བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ། སྙིང་པོའི་མཁའ་འགྲོ་རིགས་བཞི། གནས་ཡུལ་དཔའ་བོ་མཁའ་འགྲོ །ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོ །ཞིང་སྔགས་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་ཚོགས་འབུམ་ཕྲག་ཡངས་པ་སོགས་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས། བཀའ་སྡོད་དུར་ཁྲོད་དྲག་པོའི་མ་མོ་མཆེད་གསུམ་འཁོར་ཤ་ཟ་འབུམ་སྡེ་སོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། ཕྲིན་ལས་སུ་གསོལ་བ་ནི། རྣལ་འབྱོར་པ་བདག་ཅག་རྒྱུ་སྦྱོར་བ་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་ཞི་བར་མཛོད་ཅིག །ཕས་ཀྱི་རྦོད་གཏོང་བྱད་སྟེམས་མནན་གཏད་སྲེག་འཕང་བྱས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག །ལྷ་འདྲེའི་ཟ་ཁ་གཏད་པ། གནོད་པའི་དབལ་ཟུག་པ། བྱད་ཀྱིས་ཁྲམ་ལ་བཏབ་པ་ཐམས་ཅད་དགྲ་ལ་སྒྱུར་ཅིག །ཞི་བ་དང་རྒྱས་པ་དང་དགུག་པ་དང་དྲག་པོའི་ཕྲིན་ལས་ལ་དབང་འབྱོར་བར་མཛོད་ཅིག །ཁྱད་པར་བསྒྲལ་བའི་ཞིང་བཅུར་གྱུར་པ་དགྲ་བགེགས་ཆེ་གེ་མོའི་གཟུགས་ལིངྒ་ལ་བྲིས་ཤིང་མིང་བྱང་དམར་གྱི་དཀྱུས་སུ་བཀོད་པ་འདི་རྣམས་ལོ་དང་ཟླ་བ་ཞག་དང་ཟ་མར་མ་འགྱངས་བར། མྱུར་བ་ཉིད་དུ་སོད་ལ་མིང་ཙམ་བརྡ་ཙམ་མ་ལུས་པར་ཐལ་བའི་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ། ནོངས་བཤགས་ནས་རྗེས་རིམ་དཀྱུས་ལྟར་བྱ་བའོ། །ཡང་ན་སྤྱི་འགྲོའི་རྫས་སྔགས་གཞན་རྣམས་ཡོངས་སུ་དོར་བས་འདས་དང་མ་འདས་གཉིས་ཀར། མར་ཁུ་དང་དྲག་རྫས་བདུན་པོ་ཁོ་ནས་སྲེག་བླུག་དང་ཧོམ་མཆོད་བྱས་ཀྱང་སྨིན་གླིང་གཤིན་རྗེ་དང་། ཆོས་གླིང་གུར་དྲག་དང་ཕུར་པ་སོགས་ལས་བཤད་པའི་དྲག་སྦྱིན་ཁྱད་པར་བར་འགྱུར་བར་གསུངས་ཤིང་། ལག་ལེན་ཞིབ་ཕྲ་ཡིག་ཆ་དེ་དག་ལས་རྟོག་པར་བྱ་བ་ཁོ་ནའོ། །མེ་ནི་ལོང་སྐབས་ཡོད་མེད་གང་ལྟར་ཡང་དུག་ཁྲག་གིས་གཞིལ་ཏེ་ལམ་གྱི་བཞི་མདོར་མནན་པ་ནི་ཁྱད་པར་རོ།། ༈ །།ལྔ་པ་མཆོག་གི་དངོས་གྲུབ་གཙོ་བོར་བྱེད་པ་ལ་ཐབ་དཀྱིལ་དང་གཏོར་མཆོད་རྫས་དང་འདོད་གསོལ། བསྐྱེད་ཆོག་རྣམས་རྒྱས་པ་དང་མཚུངས་ཤིང་། དངོས་གྲུབ་ཀྱི་རྟེན་ཐོད་ཆང་ཞིག་ཀྱང་བཤམ་དགོས། ཁྱད་པར་གྱི་རྫས་བདུད་རྩི་ཆོས་སྨན་དང་མ་དཱ་ན་སིནྡྷུ་ར་རྣམས་བསྲེས་པའི་ཟས་མཆོག་ལ་གཙོར་བྱ་ཞིང་འདས་པའི་གཏང་རག་མཆོད་བསྟོད་བྱས་རྗེས་ལས་བྱང་གི །མཁའ་འགྲོ་མའི་དཀྱིལ་འཁོར་པ་རྣམས་སོགས་དངོས་གྲུབ་ལེན་ཞིང་། སླར་ཡང་མཆོད་བསྟོད་ནས་བྱ་བར་ཚད་མའི་སྐྱེས་བུས་གསུངས་སོ། །དེ་ལྟར་བཤད་པ་ཉིད་རྡོ་རྗེ་ཕག་མོའི་རྩ་བའི་དཀྱིལ་འཁོར་གྱི་ལྷ་སྔགས་ལ་སྦྱར་ཚུལ་ཡིན་ཡང་༧ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་མཆོག་གི་ཞལ་ནས། སྤྱིར་ཕག་མོ་རིགས་གང་ལ་བསྟེན་ཀྱང་ལས་ཐམས་ཅད་སྒྲུབ་ཏུ་རུང་མོད་གཙོ་བོར་ཕག་མོ་དཀར་མོས་ཞི་བ། སེར་མོས་རྒྱས་པ། དམར་མོས་དབང་། ལྗང་མོས་དྲག་པོ། ནག་མོས་མཆོག་གི་ལས་ལ་སྦྱར་བས་ལེགས་ཤིང་། ཞེས་གསུངས་པ་ལྟར་ལྷ་སྔགས་རིགས་ལྔའི་མཁའ་འགྲོ་སོ་སོའི་ཕྲིན་ལས་ལྟར་ཕུལ་ཡང་རིགས་དང་ལྷ་ཡི་ངེས་པས་ཆེས་ཟབ་ཅིང་མྱུར་ཕྱིར་སྐལ་ལྡན་དག་གིས་འདོད་ན། ཆོ་གའི་སྤྱི་ཆིངས་འདི་ཉིད་ཀྱིས་ཁོག་ཕུབ་ནས་སྒོས་བཀའ་སོ་སོ་སྦྱར་ཡང་ཆོག་པར་ཡོད་དོ། །སྤྱིར་བཀའ་གཏེར་ཀུན་ལས་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་དང་། ལས་ཀྱི་རྣོ་འདོན་སྲེག་བླུག་གི་ཆོ་ག་ཉིད་ཆེད་དུ་བསྔགས་ཤིང་བསྟན་པས་འདིར་དེ་གཉིས་ཀ་ཚང་བས་ལྷག་པར་ཟབ་མྱུར་ཆེ་བའི་རྒྱུ་མཚན་གྱིས་སྒྲུབ་པ་ཆེན་པོའི་སྐབས་སུ། ཉིན་དང་པོར་དྲག་པོའི་སྦྱིན་སྲེག །ཉིན་གསུམ་པ་ལ་དབང་། དངོས་གྲུབ་ལེན་པའི་སྔ་རོལ་དུ་རྒྱས་པ། བདུད་རྩི་སྒྲུབ་པའི་སྐབས་ལྟ་བུར་མཆོག །གྲོལ་རྗེས་ཞི་བ་བཅས་ཕྱག་བཞེས་སུ་བསྟར་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །རང་བྱུང་ལྷན་སྐྱེས་ཡེ་ཤེས་ཆེས་མྱུར་མེའི། །འཁྲུལ་རྟོག་བུད་ཤིང་ཟོས་དང་ལྷན་ཅིག་པར། །དངོས་གྲུབ་སྣང་བ་སྦྱིན་པའི་ཆོ་གའི་ཚུལ། །བརྩམས་འདིས་ལས་ཀུན་འདོད་དགུར་དབང་བྱེད་ཤོག །ཅེས་རྡོ་རྗེ་ཕག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་རབ་འབྱམས་ཕྲིན་ལས་སྣང་བའི་ཉིན་བྱེད་ཅེས་བྱ་བ་འདི་ཡང་། མཁྱེན་བརྩེའི་བདག་ཉིད་དཔལ་ཡུལ་རྨུགས་སངས་མཆོག་སྤྲུལ་རིན་པོ་ཆེས་དབུ་རུ་བྱང་ཕྱོགས་དོ་སྐྱ་དགོན་པ་ཆོས་སྐུ་འོད་འབར་གླིང་དུ་དོ་སྐྱ་མཆོག་སྤྲུལ་རིན་པོ་ཆེའི་བདག་རྐྱེན་ལས། ཟབ་གསང་རྡོ་རྗེའི་གསེང་ལམ་འདིའི་སྒྲུབ་ཆེན་གཏན་འཇགས་གནང་བའི་སྐབས་གསུང་གིས་ནན་ཏན་དུ་བསྐུལ་ཞིང་བྲིས་གཞིའི་ཤོག་དཀར། ལྷ་རྫས་ཀྱི་རྟེན་དང་བཅས་བསྩལ་པས། སྦྱིན་སྲེག་གི་ཆོ་ག་རྒྱས་པའི་ལས་འགྲིགས་སུ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེ་རང་ལོ་ཞེ་བརྒྱད་པ་ནག་ཟླའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར། དབུས་འགྱུར་འཆང་གི་གཙུག་ལག་ཆེན་པོའི་ཤར་ཕྱོགས་ལྷུན་གྲུབ་མེ་ཏོག་ལྡུམ་རའི་གཟིམས་ཤག་ཏུ་རྫོགས་པར་སྦྱར་བས་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།ཚུལ་འདིའི་སྔོན་ཡོད་ཡིག་ཆར་ཞི་སྦྱིན་ཙམ་ལས་ལས་གཞན་གསལ་ཁ་ཆུང་བས་རྒྱུས་མེད་ལག་ལེན་དཀའ་བར་མཐོང་ནས། སྐྱབས་མཆོག་༧ཞེ་ཆེན་རབ་འབྱམས་རིན་པོ་ཆེར་དགོངས་སྐོར་གྱིས། འདི་ལྟར་གསལ་ཁ་གཏོད་པར་གྱིས་ཤིག་པའི་བཀའ་བསྩལ་སྤྱིར་སོན་བཞིན། ཟབ་ཆོས་ཁྱད་པར་ཅན་འདིར་རང་དང་རང་འདྲའི་བློ་དམན་རྣམས་འཇུག་བདེའི་ཆེད། མཁས་ཤིང་གྲུབ་པའི་ཚད་མའི་སྐྱེས་བུ་རྣམས་ཀྱིས་མཛད་པའི་ཁུངས་ཆེ་བའི་ཡིག་ཆ་རྣམས་ལ་གཞི་བཅོལ་ནས། ལག་ལེན་བདེ་བའི་གསལ་ཁ་གང་ནུས་གཙང་དག་ཏུ་སླར་ཡང་ཞུ་དག་པ་པད་བཀོད་སྒམ་སྤྲུལ་པས་བཀོད་པ་ནོངས་གྱུར་བླ་མ་ལྷ་དང་མཁའ་འགྲོར་སྙིང་ནས་བཤགས་ཤིང་དགེ་བས་རང་གཞན་ཐུགས་རྗེས་འཛིན་པའི་རྒྱུར་གྱུར་ཅིག། །།
ཡེ་ཤེས་རབ་འབར་ལས། གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་བསྒྱུར་ (Volume 44, Text 65)
ཡེ་ཤེས་རབ་འབར་ལས། གོ་ཆ་ལྷ་ལྔའི་ལས་ཀྱི་ཁ་བསྒྱུར་བཞུགས་སོ། །ཡེ་ཤེས་རབ་འབར་ལས༔ ལས་ཀྱི་ཁ་བསྒྱུར་བའི་མན་ངག་ནི༔ དྲག་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ གང་ཞིག་རིགས་ལྡན་སྐྱེས་བུའི་ངང་ཚུལ་ཅན༔ ལུས་ངག་ཡིད་གསུམ་སྒྲུབ་པའི་ཀློང་ཟླུམ་ཞིང༔ ཡེ་ཤེས་རབ་འབར་བསྐྱེད་རྫོགས་བསྒོམ་པ་ལ༔ ཕྱི་རབས་བནྡྷེ་གླང་སྙིང་ཞེ་སྡང་གི༔ མ་རུངས་རྐྱེན་གྱིས་རྦོད་གཏོང་འཕྲོས་སྲིད་ན༔ བདག་ཉིད་དྲག་པོའི་བདེ་ཆེན་འཁོར་ལོ་ན༔ འཇམ་དཔལ་གཤིན་རྗེ་ཞལ་གཅིག་ཕྱག་གཉིས་པའི༔ ཕྱག་གཡས་འཁོར་ལོ་གཡོན་པས་ཁྲམ་ཤིང་འཛིན༔ དུར་ཁྲོད་ཆས་རྣམས་རྫོགས་པའི་སྐུར་བསྒོམས་ལ༔ རྩ་སྔགས་ཤམ་དུ་སྔགས་ཀྱི་ཁ་བསྒྱུར་ནི༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ བརྒྱ་སྟོང་ཁྲིའམ་བདུན་ཕྲག་སྐབས་དང་སྦྱར༔ དྲག་པོའི་སྐུ་དང་གཤིན་རྗེ་ཐུགས་ཁྲོས་པའི༔ མདུན་དུ་གཤིན་རྗེ་འཆར་ཀ་ནག་པོ་ནི༔ ཆར་སྤྲིན་མདོག་ལྟར་སྐུ་མདོག་ནག་པོ་ལ༔ དབུ་དང་ཕྱག་གི་སྐུ་གདུང་མཆོད་རྟེན་ལས༔ སྲིད་པའི་ཕོ་རྒྱུད་མོ་རྒྱུད་བཟློག་པ་དང༔ ཡེ་ཤེས་ལྷ་ཡི་བཀའ་ཆད་ཟློག་པར་བྱེད༔ ཕ་རོལ་རིག་སྔགས་མི་རུང་རྐྱེན་ངན་དང༔ མོ་རྩིས་མཚན་ལྟས་ངན་པ་ཡམས་རིམས་དང༔ རྐྱེན་གྱིས་འཚེ་བ་ཐ་དག་ཟློག་པར་བྱེད༔ ཕ་རོལ་ཟློག་པའི་རིག་སྔགས་ཐོག་འདྲ་ལ༔ མཁས་པས་རྟག་ཏུ་འབད་པ་མན་ངག་ཡིན༔ ཧཱུྃ་ཤ་རི་བྷྱོ་ཟློག༔ ཧཱུྃ་ཧཱུྃ་ཤ་རི་བྷྱོ་ཟློག༔ གང་ཡང་མི་རུང་རྐྱེན་ངན་རིགས་ཐ་དག༔ བཟློག་བསྒྱུར་འདི་ལ་ཡིད་གཉིས་ཐེ་ཚོམ་མེད༔ ས་མ་ཡ༔ དུས་སུ་ཁྲག་རིམས་ཡམས་དང་འགོ་བའི་ནད༔ གསོ་བ་མི་གཏུབ་གློ་བུར་རྐྱེན་བྱུང་ན༔ བདག་ཉིད་དྲག་པོའི་ལོངས་སྤྱོད་འཁོར་ལོ་ན༔ དབང་ཆེན་མེ་ཕྲེང་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་བེ་ཅོན་གཡོན་པས་ཐོད་ཁྲག་འཛིན༔ དུར་ཁྲོད་ཆས་བཅས་རྫོགས་པའི་སྐུར་བསྒོམས་ལ༔ རྩ་སྔགས་ཤམ་དུ་སྔགས་ཀྱི་ཁ་བསྒྱུར་ནི༔ ཨོཾ་པདྨཱནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བརྒྱ་སྟོང་ཁྲིའམ་བདུན་ཕྲག་སྐབས་ཀྱིས་དབྱེ༔ དྲག་པོའི་གསུང་དང་དབང་ཆེན་ཐུགས་ཀྱི་འཕྲོས༔ ཧཱུྃ་ཧཱུྃ་ཤངས་ལས་ཧཱུྃ་གི་ཚོགས་འཕྲོས་པས༔ སྲུང་བའི་གུར་ཁང་ཟླ་གསང་ཧཱུྃ་གིས་བཀང༔ ཧཱུྃ་ཧཱུྃ་དབང་ཆེན་རྟ་མགྲིན་རེ་རེ་སྟེ༔ ཏིལ་གྱི་གོང་བུ་རྒྱས་པ་ཕྱེ་བ་བཞིན༔ བགེགས་ཀྱིས་བསྒྱུར་བའི་རྐྱེན་དང་བྲལ་བར་བསམ༔ ཡམས་ནད་བསྲུང་དང་བཟློག་པའི་མན་ངག་ལ༔ མཁས་པས་རྟག་ཏུ་འབད་པ་མན་ངག་ཡིན༔ ཨོཾ་མ་ནུ་ཀཱ་ཡ་ཐིམ་ཐར་སརྦ་བྱེ་ཏ་སརྦ་ཛྭ་ལ་རཾ་ཨ་པ་ན་ཡེ་སྭཱ་ཧཱ༔ མན་ངག་གནད་ལ་བསྣུན་པའི་ངར་འདོགས་ནི༔ གཙོ་བོ་བོང་ང་ནག་པོས་བུངས་བསྐྱེད་ལ༔ གུ་གུལ་གླ་རྩི་ཆུ་དག་མུ་ཟི་དང༔ ལྡོང་རོས་བ་བླ་ཡུང་བ་ཙནྡན་དཀར༔ སྤྲུ་བ་མཁན་དམར་རྩ་བ་ཁ་ཚར་བཅས༔ ལོ་བརྒྱད་ཆུའམ་ནུས་ཆུས་རིལ་བུ་དྲིལ༔ རིག་སྔགས་ངར་གྱིས་རིལ་བུའི་ནུས་པ་གསོ༔ རིལ་བུ་རེ་རེས་ཡམས་ནད་ཐ་དག་རིགས༔ བསྲུང་འགྱུར་དེ་ལ་ཡིད་གཉིས་ཐེ་ཚོམ་མེད༔ ཞོ་ཆང་རྟ་ཕྱུགས་འཚེ་བའི་བགེགས་དང་བྲལ༔ ས་མ་ཡཱ༔ སུ་དག་དྲག་པོའི་རྣལ་འབྱོར་སྒོར་འཇུག་ཅིང༔ ཡེ་ཤེས་རབ་འབར་བསྐྱེད་རྫོགས་བསྒོམ་པའམ༔ ཡང་ན་རྗེས་འཇུག་ཡིད་ལ་བཅགས་པ་ལ༔ སྟེང་གདོན་གཟའ་དང་འོག་གདོན་ཀླུས་འཚེ་ན༔ བདག་ཉིད་ཆེ་མཆོག་དྲག་པོར་གསལ་བ་ཡི༔ ཆོས་ཀྱི་འཁོར་ལོར་གསང་བདག་གཏུམ་པོ་ནི༔ སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཁྱུང་ཆེན་འཛིན༔ ཁྲོ་བོའི་ཆས་བཅས་རྫོགས་པའི་སྐུར་བསྒོམས་ལ༔ རྩ་སྔགས་ཤམ་དུ་འདོག་པའི་རིག་སྔགས་ནི༔ ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ གནད་དུས་མཆོག་ཏུ་གཅེས་པའི་མན་ངག་ནི༔ ཕྱག་རྡོར་སྙིང་གར་ཏིང་འཛིན་སེམས་དཔའ་ནི༔ ཡེ་ཤེས་ཁྱུང་ཆེན་བསྒོམ་པ་མན་ངག་ཡིན༔ ཁྲོཾ་བཛྲ་གྷ་རུ་ཎ་ཀཱ་ལ་ཧཱུྃ་ཕཊ༔ ཏ་ན་མ་ཤ་པ་ནཱ་ག་སྡེ་བརྒྱད་ཀྱི་སྲོག་རྩ་གཏུབ་ལིངས་ཐོབས་སོད་ཡ༔ བྱིན་གྱི་འོད་ཟེར་སྨན་འདི་གཞན་ཕན་དུ༔ འཕྲོས་པའི་རྣོ་སོ་ངར་གྱིས་འདོག་པ་ལ༔ ནུས་ཅན་བདུད་རྩི་གུ་གུལ་གཉིས་དང་རྩི༔ མུ་ཟི་ཆུ་དག་ཡུང་བ་སྤྱང་ཁྱིའི་བྲུན༔ རྨ་བྱ་གཟི་མོ་བྱི་ཐུར་ཡུངས་དཀར་ནག༔ ནུས་པ་ཅན་གྱི་དྲི་ཆུས་རིལ་བུ་དྲིལ༔ གསང་བདག་སྔགས་ཀྱིས་ནུས་པ་བསྐྱེད་པ་བྱིན༔ བགེགས་ཀྱི་ སྦྱོར་བ་རིང་དུ་བྱེར་བར་བྱེད༔ ་་་་་་་སྲུང་བའི་ཟ་ཡིག་ཐོ་རངས་ཆ་ལ་ཟ༔ རིག་སྔགས་རྫས་དང་ཟ་ཡིག་སྦྲགས་གྱུར་ན༔ སྲུང་བ་འགྱུར་མེད་རྡོ་རྗེའི་གུར་དང་མཚུངས༔ ཡ་མ་ཡཱ༔ ༼རྨ་བྱའི་གཟི་ཐུར་ཡུངས་དཀར་ནག༔ ་་་་་་་་་མི་རུང་རྐྱེན་གྱི་སྦྱོར་བ་ཅི་མཆིས་པ༔ ཟློག་པའི་གཟེར་ཁའི་ཡི་གེ་ཟ་བའི་ཐབས༔ རིལ་བུ་མདའ་ལ་རྣོ་སོ་མདེའུ་བཞིན༔ གནད་འདི་ཕྱི་མའི་དུས་སུ་ཤིན་ཏུ་གཅེས༔ མ་རུངས་བགེགས་ཀྱི་སྙིང་ལ་གཟེར་ཁ་ཐོབས༔ ཟ་བའི་དུས་ཆེན་གུང་གཉིས་མཆོག་ཏུ་བསྔགས༔ ས་མ་ཡ༔ སྙིགས་མའི་དུས་སུ་འགྲོ་བའི་དུག་གསུམ་གྱིས༔ མ་རུངས་རྨོངས་པ་ཕྱི་ལ་འཆར་བའི་མདངས༔ འདོད་ཆགས་རྒྱལ་པོ་ཞེ་སྡང་གཟའ་མཆོག་དང༔ གཏི་མུག་ཀླུ་འདིས་ཀུན་ལ་འཚེ་གྱུར་ཅིང༔ ཁྱད་པར་དུག་གསུམ་ཤས་ཆེའི་འགྲོ་ལ་འཚེ༔ གཅིག་གྲོགས་གཅིག་གིས་བསྐྱེད་པའི་མཐུ་ལས་འཁྲུངས༔ ཟུག་རྔུ་འབྱིན་ཅིང་དུག་དང་བྲལ་བའི་ཐབས༔ དྲག་པོའི་རྫས་ཀྱི་ནུས་པ་བསྐྱེད་པའི་སྔགས༔ རྩ་སྔགས་ཡཀྴ་མེ་དབལ་བཅས་པའི་ཤམ༔ གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཕཊ༔ ཏྲི་རཱ་ཙ་ཆེ་གེའི་སྲོག་ཙ་ཁ་འདར་ཤམ་རྦད་རྦད༔ གནོད་བྱེད་འཁུ་ན་དུམ་བུར་ཤིག་ཤིག༔ འདའ་ན་ནཱ་ག་རཀྴའི་ཙིཏྟ་ཟུངས་ཟུངས༔ བཟློག་ན་ནཱ་ག་རཀྴའི་ཙིཏྟ་གཏུབ་གཏུབ༔ ཡ་ཏྲི་ཡ༔ ཡ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཏྲི་ཡ༔ མ་ཞུ་ཏྲི་ཡ༔ མ་ཞུ་ཏྲི་ཡ༔ བྲམ་ཛ༔ བྲམ་ཛ་ཨེ་ཧུར་ཐུམས་ཛ་མཱ་ར་ཡ་རྦད༔ གང་གི་གནོད་པ་མིང་ཤམ་ཁ་བསྒྱུར་ཅིང༔ གཟའ་ཀླུ་རྒྱལ་གསུམ་སོ་སོར་མ་འབྱེད་ན༔ ཐུན་མོང་སྤྱི་ལ་བསྟུན་པའི་ཟ་ཡིག་ལ༔ རྣོ་ སོ་དྲག་པོའི་རྫས་ཀྱིས་འདོགས་པ་གནད༔ སྲོག་བདག་གསུམ་ལ་ཐུན་མོང་གདམས་པ་འདི༔ སྲོག་བདག་མཆེད་གསུམ་དབྱེར་མི་ཕྱེད་ལ་བསྟན༔ ཡོངས་ཁྱབ་ནད་རིགས་གང་ལ་འདི་སྔགས་ཤིང༔ དྲག་པོའི་རྫས་དང་སྦྱར་བའི་ཟ་ཡིག་འདི༔་་་་ སྲུང་བའི་རྫས་བཅས་སྲུང་བ་མཆོག་གྱུར་ལ༔ ཟློག་པའི་རྫས་བཅས་བཟློག་པ་མཐར་ཐུག་སྟེ༔ འདིས་མི་ཕན་པའི་ནད་གདོན་འབྱུང་མི་འགྱུར༔ མི་དང་རྟ་ཕྱུགས་ནད་ངན་གང་ལ་བསྣུན༔ རྫས་བཅས་བྱུག་ལ་བསྲུང་བྱར་འདོགས་གྱུར་ན༔ འགོས་པའི་ཡམས་ནད་གང་གིས་ཚུགས་མི་འགྱུར༔ དེ་ཕྱིར་རྡོ་རྗེའི་གོ་ཁྲབ་ལྟ་བུར་བསྟན༔ དུས་ཚོད་སྲོད་སོགས་དྲག་པོར་ཟ་བར་བཤད༔ ས་མ་ཡ༔ ཡེ་ཤེས་རབ་འབར་བསྐྱེད་རྫོགས་བསྒོམ་པ་ཡི༔ རྗེས་སུ་འཇུག་གམ་ཡིད་ལ་བཅགས་པ་ལ༔ མི་གཙང་གྲིབ་ཀྱི་དྲི་མ་གོས་སྲིད་ན༔ བདག་ཉིད་དྲག་པོའི་སྐྱེད་བྱེད་འཁོར་ལོ་ན༔ སངས་རྒྱས་མཁའ་འགྲོའི་ཐུགས་ཀར་ཕག་མོར་བཅས༔ ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་འཛིན༔ མཁའ་འགྲོ་སྡེ་ལྔས་བསྐོར་བའི་སྐུར་བསྒོམས་ལ༔ རྩ་སྔགས་ཤམ་དུ་སྙིང་པོའི་ཁ་བསྒྱུར་ནི༔ བཛྲ་བྷ་རཱ་ཧཱི་མ་ཧ་རི་ནི་ས་མ་མ་སིདྡྷི་རཀྵ་བྷྲཱུྃ༔ དྲག་པོའི་ཡོན་ཏན་མཁའ་འགྲོ་ཕྲིན་ལས་སྤྲུལ༔ མདུན་དུ་འབྱུང་བའི་ལྷ་མོ་རྣམ་པ་ལྔ༔ གཙོ་མོའི་ཐུགས་ཀར་ཁྲོ་རྒྱལ་སྨེ་བརྩེགས་བསྒོམ༔ དག་བྱེད་སྒྲོ་མདོངས་ཁྲུས་བུམ་འཛིན་པ་བསྐྱེད༔ རང་བཞིན་ནུས་པས་གྲིབ་ཀྱི་དྲི་མ་འཁྲུ༔ ཨོཾ་ཨཱཿཧཱུྃ་ཨེ་བཾ་ལཾ་རཾ་ཡཾ་ཧ་རི་ནི་ས་ར་ཙ་ཧྲི་ཡ༔ ཤུདྡྷེ་ཤུདྡྷེ་བྷི་མ་ལེ་བཱི་ན་ས་ཨ་ཨ༔ སྔགས་ཀྱི་ངར་འདོག་ཆུ་དག་དབང་ལག་དང༔ གུ་གུལ་དཀར་ནག་གླ་རྩི་ཤུག་ཚེར་འབྲུ༔ ཡུངས་དཀར་ཙནྡན་དཀར་པོ་སྦྱར་བ་ཡི༔ རིལ་བུར་སྔགས་འདེབས་བུམ་པའི་སྙིང་པོར་གཞུག༔ མི་གཙང་གྲིབ་ཀྱི་ཉེས་པ་སྲུང་བར་བྱེད༔ སྲུང་འཁོར་ལྟེ་བར་ཡབ་ཡུམ་སྙིང་པོའི་ཤམ༔ སྤེལ་ཚིག་དང་བཅས་དབུ་ཅན་མགོ་ཕྱིར་བསྟན༔ ཕྱི་རོལ་སྨེ་བརྩེགས་ཉེ་སྙིང་མུ་ཁྱུད་བཀོད༔ དེའི་ཕྱིར་པདྨར་འབྱུང་བའི་ལྷ་མོ་འདོགས༔ ཕྱི་རོལ་སྨེ་བརྩེགས་རིག་སྔགས་མུ་ཁྱུད་འགོད༔ གང་དེའི་ཕྱི་ན་ཡི་དམ་སྔགས་འགོད་ཅིང༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་མུ་ཁྱུད་སོགས༔ རིམ་པ་བདུན་གྱི་མཐའ་སྐོར་འབྱུང་ལྔས་བསྐོར༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་ཚུད་ཅན་ཏེ༔ གྲིབ་ཀྱི་ཉེས་པ་ཐ་དག་སྲུང་བར་ནུས༔ རྡོ་རྗེ་མཁའ་འགྲོས་ཞི་བའི་ལས་བྱེད་ཅིང༔ དེ་བཞིན་རིན་ཆེན་མཁའ་འགྲོས་རྒྱས་པ་སྒྲུབ༔ དབང་དང་དྲག་པོ་པདྨ་ལས་མཁའ་འགྲོ༔ སོ་སོར་ཕྲིན་ལས་ལས་ལ་བཅོལ་པས་མྱུར༔ ཡོན་ཏན་སྤྲུལ་པ་སྤྲུལ་པའི་ཁྱུང་ཆེན་གྱིས༔ སྙིང་ཁྲག་རུས་པ་རྒྱུས་པ་ཤ་དང་ལྔ༔ སྨན་ཆེན་གླ་རྩི་ཆུ་དག་རུ་རྟ་དང༔ ཨ་རུ་ཐུན་ལྟར་བསྡེབས་པའི་རིལ་བུ་ལ༔ སྙིང་པོ་སྔགས་ཀྱི་ནུས་པས་ངར་འདོགས་ཤིང༔ གང་ལ་ཕོག་པའི་གདོན་བགེགས་སྐྲག་ཅིང་བྲོས༔ ཁྱད་པར་ཀླུ་གཉན་ས་བདག་སྙིང་འགས་ལ༔ ཐུག་པའི་སྦྱོར་བ་གནམ་ལྕགས་ཐོག་དང་འདྲ༔ ས་མ་ཡ༔ འབྲས་སྐྲངས་མེ་དབལ་མེ་ལྕེ་འཁོར་ལོ་དང༔ ངོས་བཟུང་བྲལ་བའི་གདོན་བགེགས་སྙིང་ལ་འབིག༔ ས་མ་ཡ༔ ཕག་མོའི་ཐུགས་ལས་ཧཱུྃ་མཐིང་ཕྱིར་འཕྲོས་པས༔ ཕག་མོའི་ཐུགས་སྤྲུལ་མདུན་དུ་སེང་གདོང་མ༔ བསྐྱེད་ལ་རྩ་སྔགས་ཤམ་བུར་འདོགས་པའི་སྔགས༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ དྲག་པོ་ཉུངས་དཀར་སྔགས་ཀྱིས་ངར་འདོགས་ཤིང༔ སྲུང་ཟློག་གང་ལ་འགྲན་གྱི་དོ་ཟླ་མེད༔ ཉུངས་དཀར་སྔགས་པའི་རྫས་དང་ཟ་ཡིག་སྦྱར༔་་་ ཆུང་སྲི་དར་སྲི་གོད་འདྲེ་གྲི་འདྲེ་སོགས༔ གང་དགོས་གཅོད་པའི་དབང་གི་རྒྱལ་པོ་སྟེ༔ དྲག་པོའི་ཡོན་ཏན་ལྟེ་འཁོར་ནོར་བུ་འབྱུང༔ ས་མ་ཡཱ༔ པདྨ་ཐོད་ཕྲེང་ཡེ་ཤེས་རབ་འབར་གྱི༔ དཀྱིལ་འཁོར་སྒོར་ཞུགས་སྐལ་ལྡན་རྗེས་འཇུག་ལ༔ དམ་སྲི་ འགོང་པོའི་འཚེ་བ་འབྱུང་ལ་རེ༔ བར་ཆད་ཟློག་པའི་སྔོན་ཚགས་འཇུག་པའི་ཐབས༔ ཧེ་རུ་ཀ་དཔལ་བདེ་སྐྱོང་འཁོར་ལོ་ན༔ ཕྲིན་ལས་སྤྲུལ་པ་ཡཀྴ་མེ་དབལ་ནི༔ སྨུག་ནག་ཕྱག་གཉིས་ཐོ་བ་མེ་ཞགས་ཅན༔ ཁྲོ་གཏུམ་ཧཱུྃ་ཟེར་འཕྲོ་བའི་སྐུར་བསྒོམས་ལ༔ རྩ་སྔགས་ཤམ་དང་ལྡན་པའི་སྙིང་པོ་བཟླ༔ དྲག་སྔགས་སྡེ་བརྒྱད་གདུག་པའི་ཁ་ཆུ་འདོགས༔ གནམ་ལྕགས་རྫས་དང་སྦྱར་བའི་ཡིག་རྒོད་ནི༔་་་ འགོང་པོ་ལྟས་ངན་འབྱུང་ན་རྫས་བཅས་ཟ༔ དམ་སྲིའི་སྙིང་ལ་གཟིར་བའི་མཚོན་ཆ་སྟེ༔ རྣོ་སོ་སྤུ་གྲི་ལྟ་བུའི་མན་ངག་ཡིན༔ སྙིང་ལ་གཅེས་པར་དམ་དུ་འཛིན་པ་ལས༔ མང་དུ་སྤེལ་ན་དམ་སྲིའི་འཁུ་ལ་རེ༔ སྲོག་ལྟར་འཛིན་པ་མཁས་པའི་མན་ ངག་ཡིན༔ ས་མ་ཡཱ༔ ཡེ་ཤེས་རབ་འབར་ཕོ་བྲང་ལ་གནས་པའི༔ ལས་ཅན་རྗེས་སུ་འཇུག་པའི་སྐལ་ལྡན་གྱིས༔ སྤྱོད་པའི་ལས་ཚོགས་ནོར་བུའི་སྙིང་པོའི་ནོར༔ རེ་རེས་རྐྱེན་ངན་མང་པོ་སེལ་བའི་ཐབས༔ པདྨ་ལང་གྲོའི་རྗེས་འཇུག་སྤྲུལ་བཅས་ལ༔ གདམས་སོ་གཏད་དོ་གཉེར་རོ་ས་མ་ཡ༔ སྤྲུལ་པས་འགྲོ་དོན་སྤྱོད་ཅིང་འབྱུང་བའི་གྲོགས༔ སྲོག་བདག་གསུམ་དང་དྲག་པོ་གསུམ་གྱིས་གཉེར༔ ཡོངས་སུ་ཟུངས་ཤིག་དམ་ཚིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་བདེ་ཆེན་གནམ་ཆེན་བྲག་དཀར་གྱི་ཟླ་གམ་དབང་གི་ད་ལ་ནས་ཡེ་ཤེས་མཁའ་འགྲོས་སྤྲད་པ་སྟེ། རྒྱ་ཆེན་བཀའི་བསྡུ་བ་པོ། ཡིད་ལ་བཅགས་པའི་གྲོགས་པོ་པདྨ་མཁའ་སྤྱོད་ཀྱིས་བསྐུལ་བའི་དཔལ་ལས། རིག་འཛིན་བླ་མ་ལྷར་བཅས་རྟག་ཏུ་འདུ་འབྲལ་མེད་པའི་ཁང་བཟང་ཆོས་མཐོང་བའི་སྐབས་ཡངས་པའི་དཀྱིལ་ནས། བདེ་ཀློང་རྫོགས་པ་ཆེན་པོའི་ཀློང་ལས་མི་འདའ་བའི་རྣལ་འབྱོར་པ་ཀློང་གསལ་སྙིང་པོས་དག་པར་ཕབ་པའོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་པའི་གསོལ་འདེབས་སྣང་བ་རང་གྲོལ་ (Volume 62, Text 65)
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་བརྒྱུད་པའི་གསོལ་འདེབས་སྣང་བ་རང་གྲོལ་བཞུགས་སོ། །གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །དཀྱིལ་འཁོར་ཀུན་བདག་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་པའི་སྐུར་སྣང་རང་བྱུང་བཛྲ་ཧེ། །འཇིགས་མེད་དཔལ་གྱི་སེང་གེར་གསོལ་བ་འདེབས། །གསང་བ་ཀུན་བདག་རྡོ་རྗེ་ཐོད་ཕྲེང་རྩལ། །འཕོ་ཆེན་སྐུ་བརྙེས་དྲི་མེད་བཤེས་གཉེན་ཞབས། །ལོ་ཆེན་བཻ་རོ་གནུབས་བན་ནམ་མཁའི་སྙིང་། །རྒྱ་བོད་མཁས་པ་མི་བཞིར་གསོལ་བ་འདེབས། །གསང་རྒྱུད་གཉེར་འཛིན་དབྱངས་ཅན་མཚོ་རྒྱལ་མ། །ཚངས་པ་ལྷ་ཡི་མེ་ཏོག་ཡབ་སྲས་སོགས། །ལས་ཅན་དག་པའི་འཁོར་བདུན་ཞེས་གྲགས་པ། །རིག་འཛིན་ཆེ་མཆོག་རྣམས་ལ་གསོལ་བ་འདེབས། །སྡེ་གསུམ་ཤིང་རྟ་མཆོག་གྱུར་བདེ་ཆེན་གླིང་། །བྱང་ཆུབ་ལམ་འདྲེན་རྩ་བརྒྱུད་བླ་མ་དང་། །ཀློང་དགུའི་རང་བཞིན་ཡེ་ཤེས་ཕྱག་རྒྱའི་གཟུགས། །ཌཱ་ཀི་བཀའ་སྡོད་བཅས་ལ་གསོལ་བ་འདེབས། །ལྟ་བས་ཐག་ཆོད་ཏིང་འཛིན་ཉམས་སུ་ལོན། །སྤྱོད་པས་ལ་དོར་དམ་ཚིག་ས་བཞིན་བརྟན། །རིམ་པ་དབང་གིས་བགྲོད་ཅིང་ངེས་པའི་དོན། །མན་ངག་གནད་ཀྱིས་མྱུར་དུ་འགྲུབ་པར་ཤོག །ལྟ་བའི་རྫོང་ཆེན་གསུམ་ལ་བརྟན་པ་ཐོབ། །སྒོམ་པའི་འཕྲང་གསུམ་མྱུར་བགྲོད་མཐའ་རུ་ཕྱིན། །སྤྱོད་པའི་སྲོག་གསུམ་རང་དབང་ཉིད་འཕྲོག་ནས། །རྒྱུད་དོན་མན་ངག་ཉམས་འོག་ཚུད་པར་ཤོག །གསང་བའི་དགྲ་གསུམ་གཞི་ཐོག་ཉིད་དུ་སོད། །འཇིགས་པའི་བདུད་བཞི་རང་སར་ཡོངས་སུ་གྲོལ། །འགྲོ་དྲུག་གཡང་ས་དུས་གཅིག་ཆོད་ནས་ཀྱང་། །དཔལ་ཆེན་རྣམ་དགུའི་ཕྱག་རྒྱ་མྱུར་འགྲུབ་ཤོག །ཅེས་པའང་བོད་ཡུལ་དབུས་ཀྱི་སྒྲུབ་གནས་ཆེན་པོ་རྣམས་སུ་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་གི་ཕྲེང་བ་བསྟར་ཆགས་སུ་བགྱིད་པའི་རྒྱུན་ལས། དཔལ་གཡོ་རུ་ཁྲ་འབྲུག་གི་སྐུ་ཚབ་ང་འདྲ་མའི་མདུན་ཚོགས་འཁོར་རྒྱ་ཆེར་ཕུལ་བའི་སྐབས། པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །།
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་གནམ་ཆོས་ཉིད་ནས་ཟུར་དུ་བསྒྲིགས་པ་སྨན་བླའི་ཆོ་ག་བཻ་ཌཱུརྻའི་ཆུ་རྒྱུན་ (Volume 45, Text 65)
༄༅། །དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་ཟུར་རྒྱན་གནམ་ཆོས་ཉིད་ནས་ཟུར་དུ་བསྒྲིགས་པ་སྨན་བླའི་ཆོ་ག་བཻ་ཌཱུརྻའི་ཆུ་རྒྱུན་བཞུགས་སོ། ། ན་མོ་མ་ཧཱ་བྷཻ་ཥ་ཛྱེ། འདི་ལ་འཛོམ་ན་སྨན་བླའི་ཞལ་ཐང་མདུན་དུ་ཞི་བའི་མཆོད་པ་མཎྜལ་སོགས་ཅི་འབྱོར་བཤམས་པས་ཚོགས་རྫོགས། མེད་ན་མདུན་བསྐྱེད་ནམ་མཁར་དམིགས། མཆོད་པ་ཡིད་ཀྱིས་སྤྲུལ་ཆོག་པས་ཅི་ཡང་མི་དགོས་སོ། །འདི་བླ་མེད་ལུགས་ཡིན་པས་འདོན་མཁན་ཤ་ཆང་སྤང་བ་དང་། ཁྲུས་དང་ཆབ་ལེན་སོགས་གཙང་སྦྲ་མི་དགོས། འོན་ཀྱང་འདིའི་དབང་ལུང་ནི་ངེས་པར་ཐོབ་དགོས་ཏེ། བླ་མེད་གསང་སྔགས་ལུགས་ཡིན་པའི་ཕྱིར་རོ། །བདག་མདུན་དུས་གཅིག་ལ་བསྐྱེད་པ་རྙིང་མའི་ལུགས་ཡིན་པས་སོ་སོར་མི་དགོས། རྙིང་མ་གྱེར་སྒོམ་ཡིན་པས་ཚིག་དོན་ཡིད་ཀྱིས་བསྒོམ་ཞིང་། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ མཎྜལ་རྒྱལ་སྲིད་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་ཉམས་མེད་བཏང་སྙོམས་ཤོག༔ ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་སེང་གེའི་ཁྲི་པད་ཟླ་སོ་སོའི་སྟེང་དུ༔ རང་ཉིད་དང་མདུན་བསྐྱེད་ཀྱི་གཙོ་བོའི་ས་བོན་ཧཱུྃ་མཐིང་ག་ལས༔ སྨན་བླ་སྐུ་མདོག་བཻ་ཌཱུརྻ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན་ཆོས་གོས་གསུམ་གྱིས་བཀླུབས་པ༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང༔ གཡོན་མཉམ་གཞག་ལྷུང་བཟེད་འཛིན་པ༔ མཚན་དཔེ་རྫོགས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ ཁྱད་པར་དུ་མདུན་བསྐྱེད་ཀྱི་འདབ་མ་རྣམས་ལ་ཐུབ་དབང་ལ་སོགས་པའི་སངས་རྒྱས་བདུན་དང་ཆོས་པུསྟི༔ དེ་རྒྱབ་སེམས་དཔའ་བཅུ་དྲུག༔ དེ་རྒྱབ་འཇིག་རྟེན་སྐྱོང་བ་བཅུ་དང་སྡེ་དཔོན་བཅུ་གཉིས་སོ་སོའི་འཁོར་དང་བཅས་པ༔ སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་དང་བཅས་པའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཤར་ཕྱོགས་ཀྱི་སངས་རྒྱས་སོ་སོའི་ཞིང་ཁམས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་རྣམས་ལ་ཐིམ་པར་གྱུར༔ ཧཱུྃ༔ སྨན་བླ་མཆེད་བརྒྱད་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ན་མོ་མ་ཧཱ་བྷཻ་ཥ་ཛྱེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ བདག་ཅག་ཚོགས་གཉིས་རྫོགས་པར་ཤོག༔ ཨརྒྷཾ་སོགས་ནས། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྫས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་ཡུངས་དཀར་སོགས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ མངྒ་ལཾ་ཨརྠ་སིདྡྷི་ཧཱུྃ༔ ཧཱུྃ༔ བཀྲ་ཤིས་གཙོ་བོ་རྟགས་བརྒྱད་དེ༔ གཙོ་མཆོག་རྒྱལ་པོ་བུམ་པ་སོགས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ སེམས་ཅན་ཚོགས་གཉིས་རྫོགས་པར་ཤོག༔ མངྒ་ལཾ་ཀུམྦྷ་ཧཱུྃ༔ ཧཱུྃ༔ འདོད་ཡོན་རྩ་བ་རིན་ཆེན་བདུན༔ གཙོ་མཆོག་རྒྱལ་པོ་ནོར་བུ་སོགས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ བདག་ནི་ཚོགས་གཉིས་རྫོགས་པར་ཤོག༔ ཨོཾ་མ་ཎི་རཏྣ་ཧཱུྃ༔ ཧཱུྃ༔ ཀུན་གྱི་གཙོ་བོ་རི་རབ་གླིང༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ བདག་གི་ལྷ་ལ་མཆོད་པ་འབུལ༔ ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་རཏྣ་མཎྜལ་ཧཱུྃ༔ ཧཱུྃ༔ བདག་གིས་དྲི་ལྡན་དྲི་ཆབ་ཀྱིས༔ བདེ་གཤེགས་སྐུ་ལ་སྐུ་ཁྲུས་གསོལ༔ ལྷ་ལ་དྲི་མ་མི་མངའ་ཡང༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཧཱུྃ༔ རས་དཀར་འཇམ་དྲི་ལྡན་པ་ཡིས༔ རྒྱལ་བའི་སྐུ་ཉིད་ཕྱི་བར་བགྱི༔ ལྷ་ལ་དྲི་མ་མི་མངའ་ཡང༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཨོཾ་ཀཱ་ཡ་བི་ཤྭ་དྷ་ནི་ཧཱུྃ༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཨོཾ་བཛྲ་ཝསཏྲ་ཨཱཿཧཱུྃ༔ ཧཱུྃ༔ སྐུ་མདོག་བཻ་ཌཱུརྻ་ཡི་རི་བོ་འདྲ༔ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལ༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་འཁོར་གྱིས་བསྐོར༔ རིན་ཆེན་སྨན་འཛིན་ལྷ་ལ་ཕྱག་འཚལ་བསྟོད༔ མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེད༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱཀྱ་ཐུབ༔ དམ་པའི་ཆོས་དང་སེམས་དཔའ་བཅུ་དྲུག་སོགས༔ དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་ཚོགས༔ བདུད་རྩི་སྨན་གྱི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་མདུན་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བར་དམིགས་ལ། ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླས་ནས་མཇུག་ཏུ། སྡིག་ལྟུང་ཀུན་བཤགས་དགེ་བ་བྱང་ཆུབ་བསྔོ། །ནད་གདོན་སྡུག་བསྔལ་བྲལ་བའི་བཀྲ་ཤིས་ཤོག །འཇིག་རྟེན་པ་རྣམས་རང་གནས་བཛྲ་མུཿ ཡེ་ཤེས་དམ་ཚིག་ལྷ་རྣམས་བདག་ལ་ཐིམ། །ཀ་དག་ཀུན་བཟང་ཀློང་དུ་ཨེ་མ་ཧོ། ཞེས་པ་དགོངས་གཏེར་གྱི་ཟུར་རྒྱན་དུ་གནམ་ཆོས་ཉིད་ནས་བསྡུས་ཏེ་རཱ་ག་ཨ་སྱས་བསྒྲིགས་པ་ལ་འགལ་བ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་ནད་ལས་ཐར་ནས་མྱུར་དུ་སྨན་བླའི་གོ་འཕང་ཐོབ་པར་གྱུར་ཅིག །མདོ་ཆོག་ལ་ཁྲུས་གསོལ་སྟོད་ན་ཡོད་ཀྱང་། དེ་ལས་མཐོ་བ་རྣལ་འབྱོར་བླ་མེད་རྒྱུད་ལ་མཇུག་ཏུ་ཡོད་པ་མི་འགལ་ལོ། །དེ་ལྟར་ཆོ་ག་འདི་ལ་ཐུགས་དམ་བྱས་ན་ཕན་ཡོན་ནི། བཙུན་པ་ཡིན་ན་ཚུལ་ཁྲིམས་མི་ཉམས་ཤིང་། གལ་ཏེ་ཉམས་པ་ཞིག་ཡིན་ཡང་དེའི་སྒྲིབ་པ་བྱང་ནས་ངན་སོང་དུ་མི་ལྟུང་བ་དང་། དམྱལ་བ་དང་ཡི་དྭགས་དུད་འགྲོར་སྐྱེ་བའི་ལས་ངན་ཐམས་ཅད་དག་ནས་དེར་མི་སྐྱེ། གལ་ཏེ་སྐྱེས་ཀྱང་དེ་མ་ཐག་ཏུ་ཐར་ནས་བདེ་འགྲོ་མཐོ་རིས་ཀྱི་མཆོག་ཏུ་སྐྱེ་ཞིང་རིམ་གྱིས་སངས་རྒྱས་ཐོབ་པ་དང་། ཚེ་འདིར་ཡང་ཟས་གོས་ཚེགས་མེད་པར་འབྱོར་པ་དང་། ནད་དང་གདོན་དང་བྱད་ཁ་དང་རྒྱལ་པོའི་ཆད་པ་ལ་སོགས་པའི་གནོད་པ་ཞི་བ་དང་། ཕྱག་ན་རྡོ་རྗེ་དང་ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པས་བསྲུང་ཞིང་བསྐྱབས་ཏེ། དུས་མ་ཡིན་པའི་འཆི་བ་བཅོ་བརྒྱད་དང་། དགྲ་དང་གཅན་གཟན་ལ་སོགས་པའི་གནོད་པ་ཐམས་ཅད་ལས་ཐར་ཞིང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་སོགས་རྒྱས་པར་སྨན་བླའི་མདོ་ཉིད་ནས་ཕན་ཡོན་བསམ་ལས་འདས་པ་གསུངས་ཤིང་། ཆོས་ཕལ་ཆེར་ལ་སྐྱོན་འདོགས་ཤིང་མགུ་དཀའ་བ་མཁས་པའི་གྲྭ་ས་ཆེན་པོ་བྱང་ངམ་རིང་དཔལ་འཁོར་ཆོས་སྡེ་ལ་སོགས་མཚན་ཉིད་ཀྱི་གྲྭ་ས་ཐམས་ཅད་ནས་གསོན་པོའི་སྐུ་རིམ་དང་ཤི་བའི་སྒྲིབ་སྦྱོང་ལ་སྨན་བླ་མ་གཏོགས་གཞན་ཆོ་ག་མི་དར་ཞིང་། བོད་ཡུལ་གྱི་རྡོ་རྗེ་གདན་ལྷ་ས་ཇོ་བོའི་མདུན་དང་བསམ་ཡས་བྱང་ཆུབ་ཆེན་པོའི་མདུན་དུ་གཏོང་རྒྱུའི་ཆོ་ག་ཡང་སྨན་བླའི་ཆོ་ག་ཡིན། དེ་ལྟར་བཀའ་གསར་རྙིང་མདོ་སྔགས་གང་ལ་ཡང་སྨན་བླའི་ཆོ་ག་བས་ཕན་ཡོན་ཆེ་བ་མེད་པས་ཡིད་ཆེས་པར་གྱིས། དེ་ལ་རྒྱས་བསྡུས་མང་ཡང་འདི་ཚིག་ཉུང་དོན་འཐུས་པ་དང་། བླ་མེད་ལུགས་ཡིན་པས་གཙང་སྦྲ་མི་དགོས། འདི་ཡིད་སྤྲུལ་ཡིན་པས་གཏོར་མཆོད་མེད་ཀྱང་ཆོག་པས་ཀུན་གྱིས་ཉམས་སུ་ལོངས་ཤིག །ཤུ་བྷཾ།། །།
རྩ་གསུམ་ཚེའི་ཟབ་པ་ལས། བླ་མ་བཀའ་བརྒྱད་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེའི་རྒྱུད་མང་ (Volume 13, Text 65)
རྩ་གསུམ་ཚེའི་ཟབ་པ་ལས། བླ་མ་བཀའ་བརྒྱད་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེའི་རྒྱུད་མང་བཞུགས་སོ། །གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །པདྨའི་སྣང་བ་རབ་རྒྱས་ཀུན་ཏུ་འཆང་། །ཡེ་ཤེས་གཅིག་སྦྱོར་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དབང་བཞིའི་བྱིན་རླབས་སྩོལ། །སྐུ་གསུམ་དབྱིངས་ཁྱབ་མཚོ་སྐྱེས་ཧེ་རུ་ཀ །འཁོར་ལོ་ཀུན་གྱི་འདྲེན་པ་བདེ་ཆེན་རྒྱལ། །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ། །གསོལ་བ་འདེབས་སོ་སྒྲིབ་བཞིའི་འཆིང་བ་སོལ། །བཀའ་བབས་ལས་ཅན་འཁོར་འདུས་སྙིང་གི་བུ། །བཀའ་གསང་གཉེར་ཐོབ་ལྷ་སྲས་རོལ་པ་རྩལ། །བཀའ་གཞུང་སྣང་བྱེད་མཆོག་གྱུར་གླིང་པ་ལ། །གསོལ་བ་འདེབས་སོ་རྒྱུད་བཞི་སྨིན་པར་མཛོད། །ལས་འཕྲོས་གཏད་རྒྱའི་དབང་ཐོབ་བསྟན་པ་སྐྱོང་། །རིགས་ཆོས་བརྒྱུད་པའི་གསེར་ཕྲེང་འཛིན་རྣམས་དང་། །མཆོག་དངོས་སྦྱིན་མཛད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ལམ་བཞི་མྱུར་འབྱོངས་གསོལ། །ཡེ་ཤེས་ཀློང་དགུ་ཕྱག་རྒྱར་འབར་བའི་གར། །དབང་ཆེན་ཆེ་མཆོག་རྡོ་རྗེ་དྲག་པོ་རྩལ། །སྒྲུབ་པ་སྡེ་བརྒྱད་བཀའ་སྡོད་སྒོ་སྐྱོང་ལ། །གསོལ་བ་འདེབས་སོ་སྐུ་བཞི་མངོན་གྱུར་མཛོད། །མོས་པས་བསྐུལ་བའི་དཔལ་ཆེན་ཐུགས་རྗེའི་སྤྲིན། །གཞི་དབྱིངས་མུ་མཐའ་མེད་པར་ཁྱབ་པ་ལས། །བྱིན་རླབས་ཆར་གྱིས་འགྲོ་རྒྱུད་རིག་འཛིན་བཞིའི། །བྱང་ཆུབ་སྙེ་མ་གཡུར་དུ་ཟ་བར་ཤོག །དབང་བཞིས་རྒྱུད་སྨིན་སྣང་གྲགས་ལྷ་དང་སྔགས། །དྲན་རིག་བདེ་ཆེན་ཡེ་ཤེས་ལྷུན་འབྱམས་ངང་། །དགོངས་སྤྱོད་ཏིང་འཛིན་རྒྱ་མཚོའི་རྩལ་རྫོགས་ནས། །རྡོ་རྗེ་རྩེ་མོའི་ས་ལ་དབང་སྒྱུར་ཤོག །གཞི་གྲོལ་འོད་གསལ་རྡོ་རྗེ་དབྱིངས་ཀྱི་སྦུབས། །མི་བཟད་རང་ཤར་ཁྲག་འཐུང་རོལ་པའི་དལ། །འབྲས་བུའི་རྒྱལ་པོ་མ་བཙལ་ལྷུན་རྫོགས་ངང་། །འཁོར་འདས་ཕྱམ་བརྡལ་སྲིད་པའི་རྒྱུ་ལྡོག་ཤོག །ཅེས་པའང་གསང་བ་འདི་ཉིད་ཀྱི་བདག་པོའི་གོ་འཕང་ལ་འཁོད་པ་དབོན་སྤྲུལ་རིན་པོ་ཆེའི་བཀའ་ལྟར་པདྨ་གར་དབང་ཡོན་ཏན་རྒྱ་མཚོའི་མིང་ཅན་གྱིས། དཔལ་སྤུངས་སྙིང་པོ་ཡིད་དགའ་ཆོས་འཛིན་དུ་བྲིས་པ་དགེ་ལེགས་འཕེལ།། །།
རྗེ་གྲུབ་ཐོབ་ཆེན་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསོལ་འདེབས་གནང་བའི་རྡོ་རྗེའི་གསུང་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་འཕྲོ་བ་ (Volume 51, Text 66)
རྗེ་གྲུབ་ཐོབ་ཆེན་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསོལ་འདེབས་གནང་བའི་རྡོ་རྗེའི་གསུང་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་འཕྲོ་བ་བཞུགས་སོ། །མཐའ་ཡས་འགྲོ་བ་ངེས་པར་སྒྲོལ་སླད་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཚོགས་གཉིས་རྫོགས་མཛད་རྒྱལ་བ་ཐུགས་རྗེ་ཅན། །མགོན་མེད་སྙིགས་མའི་འགྲོ་ལ་བརྩེར་དགོངས་ནས། །བཀྲེས་སྐོམ་ཉམ་ཐག་སྡུག་བསྔལ་གྱིས་གཟིར་བའི། །ལུས་ཅན་འདི་དག་ངེས་པར་བསྐྱབ་ཕྱིར་དུ། །རིན་ཆེན་ཟས་ནོར་འབྲུ་དང་མལ་ཆ་སོགས། །ཡིད་འོང་འདོད་དགུའི་ལོངས་སྤྱོད་ཇི་སྙེད་ཀྱི། །ཆར་པ་འཛམ་གླིང་ཁ་བ་ཅན་དུ་ཕོབ། །དུས་མིན་རླུང་དང་མེ་ཐན་ཆར་ཆུ་སོགས། །འབྱུང་བཞིའི་གནོད་པ་ཉེ་བར་ཞི་བ་དང་། །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་པ། །རྫོགས་ལྡན་དུས་ལྟར་སྨིན་ཅིང་རྒྱས་གྱུར་ཅིག །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་རབ་བསྐུལ་ནས། །རྒྱ་ཆེན་སྨོན་ལམ་བཏབ་པ་འདི་ཡི་མཐུས། །ནད་མཚོན་མུ་གེའི་བསྐལ་པ་ཉེར་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་བོད་ཁམས་སུ་མུ་གེ་ཆེན་པོ་བྱུང་བའི་སྐབས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་སྤྱན་སྔར་སྨོན་ལམ་འདི་བཏབ་པའི་མཐུ་ལས། འགྲོ་བ་ཐམས་ཅད་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་བར་མཛད་དོ། །དུས་དེར་འཕགས་པ་སྤྱན་རས་གཟིགས་ཀྱིས་ནམ་མཁའ་ནས་བོད་ཡུལ་ལ་འབྲུའི་ཆར་འབེབ་པར་གང་ཟག་ལས་ཅན་འགའ་རེས་མཐོང་ངོ་། །མངྒ་ལཾ།། ༈ ན་མོ་བོ་དྷི་སཏྭཱ་ཡ། སྤྲིན་དཀར་དུམ་བུའི་ཕུང་པོ་སྤུངས་འདྲ་ཞིང་། །ཉ་རྒྱས་ཟླ་བ་ལྟར་མཛེས་ཞལ་གཅིག་པ། །ཕྱག་གཉིས་མྱུ་གུ་ཨིནྡྲ་ནཱི་ལའི་མདོག །ཛམ་བུའི་ཆུ་གསེར་ལས་གྲུབ་དྲིལ་བུ་གཡོན། །སུམ་རྩེན་ལྷ་ཡི་རྒྱན་དང་ན་བཟས་བཀླུབས། །རབ་མཛེས་པདྨའི་ལྟེ་བར་ཕྱེད་པའི་སྐྱིལ། །བྱང་ཆུབ་སེམས་དཔའི་ནང་ནས་སེམས་དཔའ་ཆེ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཀུན་ལ་ཐུགས་རྗེས་བརྩེར་དགོངས་ལ། །སད་དང་སེར་བའི་གནོད་པ་མི་འབྱུང་ཞིང་། །ལོ་ཏོག་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །བཙོ་མའི་མདོག་ཅན་སྐབས་གསུམ་བུ་མོ་འདྲ། །སྐུ་སྟོད་ས་ལས་ཕྱུངས་ནས་གཏེར་བུམ་འཛིན། །དུས་གསུམ་རྒྱལ་བ་ས་ལམ་བགྲོད་པ་ཡི། །དཔང་པོ་མཛད་པས་བདུད་སྡེ་ཕམ་མཛད་མ། །ས་འཛིན་ལྷ་མོ་དེ་ལ་བདག་གིས་བསྟོད། །རྒྱལ་བའི་སྤྱན་སྔར་ཐུགས་དམ་རྗེས་དགོངས་ལ། །སྟོང་ཕྲག་ཉི་ཤུའི་འོག་ནས་ས་ཡི་བཅུད། །ས་ཕྱོགས་འདི་ལ་སྡུས་ལ་ཡུལ་ཕྱོགས་འདིར། །རྟག་ཏུ་ལོ་ལེགས་འབྲུ་འཕེལ་བཀྲ་ཤིས་སྩོལ། །རྒྱ་མཚོའི་ཀློང་ན་ཤེལ་དཀར་རི་བོ་བཞིན། །ལྟོ་འགྲོའི་གདེངས་ཀའི་སྤྲིན་ཕུང་ནམ་མཁའ་ཁྱབ། །ཕྱག་གཉིས་ཐལ་སྦྱར་འཛད་མེད་གཏེར་བུམ་འཛིན། །ལྟོ་འཕྱེའི་མཇུག་མས་ས་འོག་རྒྱ་མཚོ་དཀྲུགས། །འཇམ་དབྱངས་སྤྲུལ་པ་ཀླུ་ཡི་རྒྱལ་པོ་ཆེ། །ཀླུ་ཡི་མགོན་པོ་དཀར་པོ་ཞེས་སུ་གྲགས། །སྨར་ཁམས་ཕྱོགས་ནས་ཡུལ་ཕྱོགས་འདིར་གཟིགས་ལ། །གྲོ་ཞུན་ཁྲུམ་དང་ཐ་སྐར་ཡར་ངོའི་ཚེ། །ཐོ་རངས་རྒྱུན་དུ་ནམ་མཁར་དབུགས་ཐོངས་ལ། །སྤྲིན་ཕུང་འཁྲིགས་ཤིང་སད་སེར་མེད་པར་མཛོད། །སེམས་དཔའ་ཁྱོད་ཀྱིས་སྙིགས་མའི་འགྲོ་བ་ལ། །སྙིང་རྗེའི་དབང་གིས་མི་འཇིགས་སྦྱིན་པ་བྱིན། དྷེ་ཝཱི་ཀོ་ཊིའི་གནས་ཆེན་བླ་མཚོ་ནས། །ས་བརྒྱད་སེམས་དཔའ་ཀླུ་བདུད་རྒྱལ་པོའི་ཚུལ། །སྨྱོ་ཁ་ཀླུ་བདུད་ནག་པོ་མགོ་དགུ་པ། །སྲིན་པོའི་གཟུགས་ཅན་སྦྲུལ་མཇུག་གདེངས་ཀ་ཅན། །གསེར་གྱི་འཁོར་ལོ་སྦྲུལ་ཞགས་ལག་ན་ཐོགས། །མིག་མང་སྤྲིན་འཁྲིགས་ན་བུན་གློག་འོད་འཁྱུག །བྲ་ནག་རྟིང་དཀར་རྫུ་འཕྲུལ་གློག་བས་མགྱོགས། །གྲོ་ཞུན་ཁྲུམ་དང་ཐ་སྐར་ཟླ་བ་ལ། །ཐོ་རངས་རྒྱུན་དུ་ནམ་མཁར་ཁྱོད་རྒྱུགས་ལ། །སྤྲིན་ནག་འཁྲིགས་ཤིང་སད་སེར་མེད་པར་མཛོད། ཁྱོད་ནི་འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་འདིར་བཞུགས་ནས། །སྙིགས་དུས་འགྲོ་རྣམས་མུ་གེའི་འཇིགས་པ་ལས། །སྐྱོབ་ཕྱིར་སེམས་དཔའ་ཁྱེད་ཀྱིས་ཐུགས་སྐྱེད་མཛོད། །གཞན་ཡང་ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཆེན་བརྒྱད་དང་མལ་གྲོའི་ཀླུ་དབང་དང་། །བློན་པོ་ཁམས་ཀྱི་བྱ་ཐུལ་ལ་སོགས་པ། །གཟི་བྱིན་ཆེ་བའི་ཀླུ་དང་ཡུལ་ལྷ་རྣམས། །སད་དང་སེར་བའི་གནོད་པ་མ་གཏང་ལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་མཛད་དུ་གསོལ། །ཞེས་མེ་ཕོ་རྟ་ལོ་ལ་གླང་རྩིས་ནས་ལོ་ལྟས་ཤིན་ཏུ་ངན་ཞིང་དབྱར་སྟོད་ཆུ་སྐམ་ཟེར་བ་ཡོད་ཀྱང་། དགུན་ལ་ཆར་སྒྲུབ་བྱས་པའི་རྟེན་འབྲེལ་ཡིན་ནམ་སྙམ་ཕྱོགས་གཞན་དུ་དཀོན་ཡང་ཕྱོགས་འདིར་ཆར་ལེགས་པར་བྱུང་ཡང་། གྲོ་ཞུན་ཟླ་བའི་བཅུ་གཉིས་དང་བཅུ་གསུམ་སྐོར་ལ་ཤི་ལུགས་ངན་པས་སྐྱེས་པ་བུད་མེད་འགའ་ཤི་བས་སད་སེར་འོང་དོགས་སྤྲིན་སྡུད་འཁོར་ལོ་དང་གདམས་པ་འགའ་བྱས་དུས་ཨ་རཱ་གས་སྨྲས་པའོ།། །།
མཁའ་འགྲོ་གསང་འདུས་ཀྱི་ཕག་མོ་ཁྲོས་མའི་བདུད་རྩི་རིལ་བུ་བསྒྲུབ་པའི་ངག་འདོན (Volume 34, Text 66)
མཁའ་འགྲོ་གསང་འདུས་ཀྱི་ཕག་མོ་ཁྲོས་མའི་བདུད་རྩི་རིལ་བུ་བསྒྲུབ་པའི་ངག་འདོན་ནི། བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་དང༔ ཐོད་པའི་སྒྱེད་པུ་གསུམ་གྱི་ཁར༔ བྷནྡྷ་ཡངས་ཤིང་རྒྱ་ཆེའི་དབུས༔ ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས༔ བདུད་རྩི་ལྔ་ཡི་རྒྱ་མཚོ་བསྐྱིལ༔ རྩ་བ་ཡན་ལག་སྨན་གྱི་ཚོགས༔ ཉི་ཟེར་རྡུལ་ཕྲན་བཞིན་དུ་འཁྲིགས༔ རང་གི་ཐུགས་ནས་འོད་འཕྲོས་པས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ རྫས་རྣམས་འོད་དུ་མེར་གྱིས་ཞུ༔ མ་དག་རླངས་པ་སྔོ་དམར་གྱི༔ རྣམ་པས་ཕྱིར་ཐོན་དག་པའི་བཅུད༔ ཞུ་ཁོལ་འོད་ཀྱི་གུར་ཁྱིམ་དབུས༔ བཅོམ་ལྡན་བཛྲ་བྷ་ར་ཧི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སོགས་ལུས་དཀྱིལ་ལྟར་གསལ་གདབ་ནས། བསྟོད་པའི་བར། སྤྲོ་ན་སྨན་གྱི་བྱིན་འབེབ་རྡོ་རྗེ་བདུད་རྩི་ལྟར་སྦྱར། བཟླས་པ་ནི། གནས་ལྔའི་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་སྲོག་མཐར༔ སྔགས་ཀྱི་ཕྲེང་བས་གཡོན་དུ་བསྐོར༔ རང་གི་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་རྒྱུད་བསྐུལ་གཟི་བྱིན་བསྐྱེད༔ བདེ་ཆེན་དགྱེས་པའི་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་ཁྱབ༔ སྲིད་ཞིའི་དཔལ་དང་དྭངས་མའི་བཅུད༔ ཁྱད་པར་བཅོམ་ལྡན་ཧེ་རུ་ཀ༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་གྱི༔ སྙོམས་ཞུགས་བདེ་བ་མཆོག་གི་རྒྱུན༔ རང་དབང་མེད་པར་སྤྱན་དྲངས་ཏེ༔ ལྷ་ཚོགས་ཞལ་ཞུགས་སྐུའི་དབྱིབས་བརྒྱུད༔ གསང་བའི་ལམ་ནས་ཆར་ལྟར་བབས༔ དམ་ཚིག་རྫས་ལ་ཐིམ་པ་ཡིས༔ ཁ་དོག་དྲི་རོ་ནུས་པ་བསྐྱེད༔ མཐོང་ཚོར་མྱོང་རེག་ཐམས་ཅད་ཀུན༔ ཉམས་ཆག་སྐོང་ཞིང་སྡིག་སྒྲིབ་དག༔ མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ༔ བདེ་ཆེན་མཆོག་གི་དཔལ་སྟེར་བའི༔ མྱང་གྲོལ་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ ལུས་དཀྱིལ་གྱི་སྔགས་མཐར་འོག་གི་སྨན་ཛཔ྄་བཏགས་པ་ཅི་རིགས་དང་། གཙོ་བོར། ཨོཾ་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ ཞེས་བཟླས། ཐུན་མཐར་མཆོད་བསྟོད་སོགས་དང་། ལྷ་ཚོགས་འོད་ཞུ་བདུད་རྩིར་ཐིམ༔ མཐོང་ཚོར་མྱང་རེག་གྲོལ་བ་ཡི༔ རྡོ་རྗེ་བཙུན་མོའི་ཡེ་ཤེས་སྐུ༔ བདེ་ཆེན་རིལ་བུའི་རྣམ་པར་གྱུར༔ ཅེས་བརྗོད་ཅིང་སྔགས་ཀྱིས་བརྟན་པར་བྱ༔ བདུད་རྩི་སྒྲུབ་པ་འདིའང་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ། ༈ །སྨན་གྱི་རྟོགས་བརྗོད་ནི། རང་བྱུང་ཡེ་ཤེས་ཕག་མོའི་སྐུ །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་པ། །མཁའ་འགྲོ་རྒྱ་མཚོའི་ཀློང་དུ་རྫོགས། །ཨེ་མ་ཧོ་རྡོ་རྗེ་ཆེ་མཆོག་གི །བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན། །མཁའ་མཉམ་དགྱེས་པར་རོལ་པ་ཡི། །ཡེ་ཤེས་མཆོག་གི་བདུད་རྩི་འདིས། །སྣོད་བཅུད་གདོད་ནས་བདུད་རྩི་ལྔ། །བྱང་ཆུབ་སེམས་སུ་དག་མཉམ་ཤོག །དྲན་དང་རེག་དང་མྱོང་བས་ཀྱང་། །སྣོད་བཅུད་རྡོ་རྗེ་ཕག་མོ་ཡི། །དཀྱིལ་འཁོར་ཆེན་པོར་བྱང་ཆུབ་ནས། །རྡོ་རྗེའི་གར་གྱིས་དགྱེས་རོལ་ཤོག །ཅེས་པའང་སྨིན་ཟླའི་བྷ་ར་ཧིའི་ར་སཱ་ཡཱ་ནཾ་སྒྲུབ་པའི་ཚེས་དུས་སུ་པདྨ་ཡེ་ཤེས་རྡོ་རྗེས་སོ།། །།
ཉེ་བར་མཁོ་བའི་ལས་ཚོགས་དུག་ནད་ཆུ་གནོད་ལྔ་སྲུང་ (Volume 44, Text 66)
༁ྃ༔ ཉེ་བར་མཁོ་བའི་ལས་ཚོགས་དུག་ནད་ཆུ་གནོད་ལྔ་སྲུང་བཞུགས་སོ༔ ན་མོ་གུ་རུ་ཡེ༔ འཇིགས་མེད་རྡོ་རྗེ་སྒྲུབ་པ་ནི༔ རང་ཉིད་འཇིགས་མེད་རྡོ་རྗེ་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡི༔ འཇིགས་པ་མེད་པའི་རྡོ་རྗེ་བསྣམས༔ གཡོན་པས་མི་འཇིགས་འཁོར་ལོ་འཛིན༔ ཞབས་བསྒྲད་དམ་སྲི་ཕོ་མོ་མནན༔ ཁྲོ་གཏུམ་དཔལ་ལྡན་ཐུང་ཞིང་སྒེག༔ དམ་ཡེ་དབྱེར་མེད་ཐུགས་སྲོག་ཧྲཱི༔ དེ་ལ་རྩ་སྔགས་གཡས་སུ་འཁོར༔ ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཧཱུྃ༔ ཙ་ར་ཙ་ཟློག༔ དབུ་སྐྲ་མེ་འབར་དུར་ཁྲོད་ཆས༔ ཡོངས་སུ་རྫོགས་པ་སྤྱན་གསུམ་བསྒྲད༔ ཞལ་གདངས་ལྗགས་འདྲིལ་ཁྲོ་བོའི་སྐུ༔ གསེར་གྱི་རྡོ་རྗེ་ཕྱར་ཞིང་གཡོན༔ གནམ་ལྕགས་འཁོར་ལོ་བརྐྱང་སྟེ་བསྐོར༔ ཨོཾ་ཨཱཿཧཱུྃ་ཏིཥྛ་བཛྲ་ཧཱུྃ༔ ཙ་ར་ཙ་ཟློག༔ གང་མང་དང༔ གནོད་བྱེད་ཐམས་ཅད་ཟློག་པར་འདོད་ན༔ རང་ཉིད་འཇིགས་མེད་རྡོ་རྗེར་བསྐྱེད་ལ་རང་མེ་དཔུང་ལས་འོད་ཟེར་དམར་ནག་ཚ་རེག་ཅན་འཕྲོས་གནོད་བྱེད་ཐམས་ཅད་ཀྱི་བསམ་ངན་གདུག་རྩུབ་ཐམས་ཅད་བསྲེགས༔ ཡང་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས༔ བསམ་ངན་ཐམས་ཅད་བརྗེད་ཅིང་མི་དྲན་པར་བྱས་པར་བསམ་ལ༔ གོང་གི་སྔགས་མཐར༔ ས་ནི་རི་ཧ༔ གང་མང་བཟླས་སོ༔ མཚོན་རིམས་བསྲུང་ན༔ རང་ཉིད་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་སྲ་མཁྲེགས་དང་ལྡན་པར་བསྒོམས་ལ༔ དུས་གསུམ་རྒྱལ་བ་ཐམས་ཅད་སྤྱན་དྲངས་ལ་བསྟིམ༔ དེ་ལ་མེ་འབར་མཚོན་རིགས་ཐམས་ཅད་གཞོབ་ཀྱིས་བསྲེག་པར་བསྐྱེད་ལ། ཨོཾ་རྣོ་ཟློག་རྣོ་རྩེ་གྲུཾ་སྭཱ་ཧཱ༔ ཞེས་གང་མང་དང་། གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོ་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཅི་ཚར་འདོན་ནོ༔ ཡང་མེ་རྡིལ་བསྲུང་ན༔ རང་ཉིད་ཆུའི་རང་བཞིན་ཁྲོ་བོ་སྔོན་པོ་ལག་ན་རྡོ་རྗེ་དང་མདུང་ཐོགས་པ་གཅིག་ཏུ་བསྐྱེད༔ དེའི་ཕྱི་རོལ་དུ་གནམ་ལྕགས་རྡོ་རྗེའི་ར་བ༔ དེའི་ཕྱི་རོལ་དུ་མེ་དཔུང་གི་ར་བས་བསྐོར་བ་བསྐྱེད་ལ༔ ཨོཾ་སུཾ་བྷཱིགྣ་རཀྵ་རཀྵ༔ ཞེས་གང་མང་དང༔ གོང་གི་གསོལ་འདེབས་འདོན་ནོ༔ ཡང་དུག་རིགས་བསྲུང་ན༔ རང་ཉིད་ལྷ་ཆེན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཧ་ལའི་རང་བཞིན་ཅན་རྨ་བྱ་དང་བྷནྡྷ་བསྣམས་པ༔ དེ་ལས་འོད་ཟེར་འཕྲོས་དུག་རིགས་ཐམས་ཅད་བསྡུས་ནས་རྨ་བྱ་དེ་ལ་བསྟིམ་ཞིང་རང་ཉིད་མེ་དཔུང་གིས་བསྐོར་བར་བསྐྱེད་ལ༔ ཨོཾ་ཨུག་མ་ཧཱ་དྷེ་ཝ་དུག་གི་ཕ་ཤི་ཏི་རི་སྙིང་ཡང་སོད༔ ཅེས་གང་མང་བཟླས་སོ༔ ཡང་འགོས་ནད་ཐམས་ཅད་བསྲུང་ན༔ རང་ཉིད་མཁའ་འགྲོ་མ་ནག་མོ་ཁྲོ་མོའི་ཆ་བྱད་ཕྱག་གཡས་ཁ་ཊྭཱཾ་ག་དང་གཡོན་བྷནྡྷ་འཛིན་པ་ཞབས་བསྒྲད་པ་གཅིག་ཏུ་བསམ༔ དེ་ནས་རང་གི་སྤྱི་བོར་གནམ་ལྕགས་ཀྱི་བྱ་ཁྱུང་གཅིག་གསལ་བ་ལས་མེ་དཔུང་དཔག་ཏུ་མེད་པ་འཕྲོས་ནད་བདག་ཐམས་ཅད་ལོང་ལོང་བསྲེག་པར་བསམ་ལ༔ ཨོཾ་ཌཱ་ཀི་ནཱི་ཐིམ་ཐ་ར་ཏི་ས་དུན་ཏེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་གང་མང་བཟླས་སོ༔ ཡང་གྲུ་ཟམ་རབ་གསུམ་ཆུའི་གནོད་པ་བསྲུང་ན༔ རང་ཉིད་གནམ་ལྕགས་ལས་གྲུབ་པའི་འདབ་ཆགས་བྱ་ངང་པ་གཅིག་ཏུ་བསྐྱེད་ལ༔ དེ་ལ་དུས་གསུམ་རྒྱལ་བ་ཐམས་ཅད་སྤྱན་དྲངས་ལ་བསྟིམ༔ ཨོཾ་ཨཱཿཧཱུྃ་མ་མ་རཀྵ་རཀྵ༔ གོང་ལྟར་ཡང༔ ས་རླུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སོགས། ཞེས་གང་ཚར་འདོན༔ དེ་དག་དྲུག་ནི་གནམ་ཆོས་དགོངས་གཏེར་ལགས། འདིའི་དབང་གཟུངས་དབང་གིས་བཅིང་བའོ།། །།
དགོངས་གཏེར་གཙོར་བྱས་པའི་སྨན་བླའི་གཏོར་དབང་གསར་རྙིང་ཐུན་མོང་ཞིག་ (Volume 45, Text 66)
༄༅། །དགོངས་གཏེར་གཙོར་བྱས་པའི་སྨན་བླའི་གཏོར་དབང་གསར་རྙིང་ཐུན་མོང་ཞིག་བཞུགས་སོ། ། ན་མོ་མ་ཧཱ་བྷཻ་ཥ་ཛྱེ། དབང་གཏོར་སྤྱི་འཚམ། ཡོད་ན་ཙཀ་ལི་བཙུག་མེད་ཀྱང་རུང་། འཛོམ་ན་མཆོད་པ་བཤམ་མེད་ཀྱང་གཏོར་མས་ཆོག་སྟེ། འདི་རྙིང་མའི་ལུགས་ཡིན་པས་མངོན་རྟོགས་གཅིག་གིས་བདག་བསྐྱེད་དང་། བླ་མེད་ཨ་ཏིའི་ལུགས་ཡིན་པས་དྲན་རྫོགས་སུ་བསྒོམ། དམ་ཡེ་དབྱེར་མེད་དུ་བསྐྱེད་པ་ཡིན་ནོ། །སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་རང་ཉིད་དང་གཏོར་མ་སྨན་བླ་སྐུ་མདོག་བཻ་ཌཱུརྻ་ལྟ་བུ་འོད་ཟེར་འཕྲོ་བའི་སྐུ་ཅན་ཆོས་གོས་གསུམ་གྱིས་བཀླུབས་པ། ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་དང་གཡོན་ལྷུང་བཟེད་བསྣམས་པ་བུ་ཡུག་ལྟར་སྤྱན་དྲངས་ནས། རང་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་གྱུར། ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ཞེས་བསྙེན་པ་བརྒྱ་ལས་མི་ཉུང་བར་སྟོང་སོགས་ཅི་འགྲུབ་བཟླས། ཨརྒྷཾ་སོགས་ཀྱིས་མཆོད། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ལ་ཕྱག་འཚལ་བསྟོད། །དེ་ནས་སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ། སྔོན་དུ་དབང་བསྐུར་བ་ཡིན་ན་མི་དགོས་སོ། །མིན་ན་བགེགས་གཏོར་བཏང་སུམྦྷ་ནི་བརྗོད་དེ་བགེགས་བསྐྲད། འོ་ན་ད་ལམ་སྨན་བླའི་གཏོར་དབང་ཞིག་བྱེད་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱི་རོལ་མོའི་སྒྲ་ཅན་གྱི་ཤིང་དྲུང་ན་བཞུགས་པའི་ཚེ། འཇམ་དཔལ་གྱིས་ཞུས་པའི་ངོར་སྨན་བླའི་མདོ་གསུངས་པས། ཕྱག་ན་རྡོ་རྗེ་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱིས་མ་འོངས་པ་ན་སངས་རྒྱས་སྨན་བླའི་མཚན་ཐོས་པ་དང་འཛིན་པ་རྣམས་སྲུང་ཞིང་སྐྱོབ་པར་ཁས་བླངས་དམ་བཅས་སོ། །དེ་ནས་ཕྱིས་འདིའི་དབང་ལུང་རྣམས་རྗེ་བཙུན་འཇམ་དབྱངས་ཀྱིས་མཁན་པོ་བྷོ་དྷི་སཏྭ་ལ་གནང་ནས་ཉིད་ཀྱི་དབོན་པོ་བོ་དྷི་སཏྭ་ཆུང་བ་ནས་ཇོ་བོ་རྗེ་ལ་བརྒྱུད་པ་གསར་མ་དང་། བོ་དྷི་སཏྭ་བོད་དུ་བྱོན་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་ནས། ལྷ་སྲས་སད་ན་ལེགས་ནས་བརྒྱུད་པ་རྙིང་མ་དང་། དུས་ཕྱིས་གནམ་ཆོས་དང་དགོངས་གཏེར་ནས་བྱུང་བ་སོགས་བརྒྱུད་པ་བཞི་ཙམ་ལས་བརྒྱུད་པའི་ལུང་གི་རྒྱུན་ཐོབ་པས་བརྒྱུད་པ་ཡང་གང་ལ་དེད་ཀྱང་རུང་ལ། སྔགས་འདི་རྒྱུད་འགའ་རེ་ནས་ཀྱང་འབྱུང་ཞིང་མདོ་ལུགས་ཁོ་ནར་ཡང་མ་ངེས་ཤིང་། གཡུ་ཐོག་པའི་བླ་སྒྲུབ་ཀྱང་བླ་མེད་ལུགས་སུ་སྣང་བ་ལྟར། འདི་རང་ནི་བླ་མེད་ཨ་ཏི་ཡོ་ག་ལྟར་དྲན་རྫོགས་སུ་བསྒོམ་པ་ཡིན་ལ། སྤྱིར་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་མཚན་ཐོས་པ་ཙམ་གྱི་ཡང་ཕན་ཡོན་མཐའ་ཡས་ཏེ། ཚུལ་ཁྲིམས་ཉམས་པར་མི་འགྱུར་བ་དང་། རྣ་བ་འོན་པ་དང་། མིག་ལོང་བ་རྣམས་ཀྱང་འོན་པ་སངས་ཞིང་མིག་གསལ་བ་དང་། དབང་པོ་མ་ཚང་བ་རྣམས་ཚང་བ་དང་། ནད་ཀྱི་རིགས་ཐམས་ཅད་ལ་ཕན་པར་འགྱུར་བ་དང་། རྒྱལ་པོའི་འཇིགས་པ་དང་ཆད་པ་ལས་ཐར་བ་དང་། སེར་སྣའི་ཉེས་པས་ཡི་དྭགས་སུ་སྐྱེ་བའི་སྒྲིབ་པ་དག་ནས་དེར་མི་སྐྱེ་བ་དང་། སྐྱེས་ཀྱང་མྱུར་དུ་ཐར་བ་དང་། ཚུལ་ཁྲིམས་འཆལ་བ་དང་། ཆོས་སྤངས་པའི་སྒྲིབ་པ་དག་པ་དང་། ཕྲག་དོག་གིས་བདག་བསྟོད་གཞན་ལ་སྨད་པའི་སྒྲིབ་པ་དག་པ་དང་། ཕྲ་མ་དང་བྱད་ཁ་རྦོད་གཏོང་གང་གིས་ཀྱང་མི་ཚུགས་པར་གསུངས་ཤིང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པས་བསྲུང་ཞིང་སྐྱོང་བ་དང་གནོད་པ་ཐམས་ཅད་ཟློག་པར་གསུངས་སོ། །མཚན་ཐོས་པ་ཙམ་གྱི་ཕན་ཡོན་དེ་ལྟར་ན། དབང་ཐོབ་ན་ནི་ཕན་ཡོན་སྨྲོས་ཅི་དགོས་པས། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། བདེ་གཤེགས་སྨན་བླ་མཆེད་བདུན་དང་། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ། ཡི་དམ་དུ་སློབ་དཔོན་གྱིས་བསྩལ་དུ་གསོལ། ལན་གསུམ་མམ་ཚིག་རྗེས་མ་གསུམ། ད་སྐྱབས་འགྲོ་སེམས་བསྐྱེད་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བར་གསུམ་མམ་ཚིག་རྗེས་མ་གསུམ་བྱའོ། །ད་དབང་ཞུ་བའི་ཡུལ་གཏོར་མ་ལྷར་བསྐྱེད་པ་དང་། ཁྱེད་རང་སློབ་མ་རྣམས་ལྷར་བསྐྱེད་པ་དུས་གཅིག་ཏུ་འདི་ལྟར་གསལ་ཐོབས་ཤིག །སྟོང་གསུམ་འདི་ལྟ་ན་སྡུག་གི་ཕོ་བྲང་དུ་གྱུར་པའི་ནང་དུ་གླང་པོ་ཆེས་བཏེགས་པའི་ཁྲི་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་མཐིང་ག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་ལྟ་བུ་ལ་འོད་ཟེར་འཕྲོ་བ། དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་ཅན་ཆོས་གོས་གསུམ་གྱིས་བཀླུབས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་རྣམ་པར་རྒྱལ་བ་ལོ་མ་དང་བཅས་པ་འཛིན་ཞིང་། གཡོན་བཻ་ཌཱུརྻའི་ལྷུང་བཟེད་བདུད་རྩིས་བཀང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ཤར་ཕྱོགས་བཻ་ཌཱུརྻ་སྣང་གི་ཞིང་ཁམས་ནས་བཅོམ་ལྡན་འདས་སྨན་བླའི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་དཀར་གྱི་འབྲུ་ཙམ། ཁ་བ་བུ་ཡུག་ལྟར་བྱོན་ནས་མདུན་བསྐྱེད་དང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །སྤོས་རོལ་མོ་དང་བཅས། ཧཱུྃ༔ བདེ་གཤེགས་སྨན་བླའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ རྩ་སྔགས་མཐར། བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ལན་གསུམ་མམ་བདུན་བརྗོད། ད་ཡེ་ཤེས་པ་དེ་མི་ཉམས་བརྟན་པར་བྱས་པའི་མོས་པ་མཛོད་ཅིག །ཅེས་རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ད་དབང་དངོས་ཞུ་བའི་དོན་དུ་རྗེས་ཟློས་མཛོད། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོས། སྔོན་སྨོན་ལམ་ཆེན་པོ་བཅུ་གཉིས་བཏབ་པའི་བྱིན་རླབས་དང་བཀའ་དྲིན་ཐམས་ཅད་བདག་ལ་ད་ལྟ་ཉིད་དུ་བསྩལ་དུ་གསོལ། གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་སྨན་བླར་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་པ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། ལུས་ཐམས་ཅད་གང་ཞིང་ལུས་ལ་ཐིམ་པར་སྒོམས་ཤིག །གཏོར་མ་བཟུང་ཞིང་། ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻ་ཌཱུརྻ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ སྐུ་ཡི་དབང་མཆོག་སྦྱིན་གྱིས་ལོངས༔ རྩ་སྔགས་ལ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཅེས་གཏོར་མ་སྤྱི་བོར་བཞག་གོ །མེ་ཏོག་གཏོར་ཞིང་། སྐུ་མདོག་མཐིང་ག་ཨུཏྤལ་སྔོན་པོ་འདྲ། །ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །དེས་སྐུའི་དབང་ཐོབ། ལུས་ཀྱི་ནད་གདོན་ཞི། ལུས་སྒྲིབ་དག །འབྲས་བུ་སྤྲུལ་སྐུའི་ས་བོན་བཞག་པ་ཡིན་ནོ། །ཡང་གཏོར་མ་སྨན་བླར་གསལ་བའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོ་ཉི་མ་ཤར་པ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་གང་ཞིང་མགྲིན་པར་ཐིམ་པར་སྒོམས་ཤིག །ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻ་ཌཱུརྻ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ གསུང་གི་དབང་མཆོག་སྦྱིན་གྱིས་ལོངས༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག །སྨོན་ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པས། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །མེ་ཏོག་གཏོར། དེས་ངག་གི་སྒྲིབ་པ་དག །གསུང་གི་དབང་ཐོབ། ངག་ལ་གནོད་པའི་ནད་གདོན་ཞི། ལོངས་སྤྱོད་རྫོགས་སྐུའི་ས་བོན་བཞག་པ་ཡིན་ནོ། །ཡང་གཏོར་མ་སྨན་བླར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཁ་ནམ་མཁའ་དྭངས་པ་ལྟ་བུར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས། ལུས་ཐམས་ཅད་གང་ཞིང་སྙིང་ཁར་ཐིམ་པར་སྒོམས་ཤིག །ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻ་ཌཱུརྻ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ ཐུགས་ཀྱི་དབང་མཆོག་སྦྱིན་གྱིས་ལོངས༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག །སྨོན་ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པས། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། བཻ་ཌཱུརྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར། དེས་ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། སེམས་ལ་གནོད་པའི་ནད་གདོན་ཞི། འབྲས་བུ་ཆོས་སྐུའི་ས་བོན་བཞག་པ་ཡིན་ནོ། །ཡང་གཏོར་མ་སྨན་བླར་གསལ་བའི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་འཇའ་ཚོན་ཤར་པ་ལྟ་བུར་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བ་ནས་ཞུགས། ལུས་ཐམས་ཅད་གང་ཞིང་ཐིམ་པར་སྒོམས་ཤིག །ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻ་ཌཱུརྻ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ དབང་མཆོག་ཡོངས་རྫོགས་སྦྱིན་གྱིས་ལོངས༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་ཧོ༔ ཞེས་ལྟེ་བར་བཞག་གོ །རླུང་དང་མཁྲིས་པ་བད་ཀན་འདུས་པ་སོགས། །འབྱུང་བ་ཆེན་པོ་འཁྲུགས་པར་གྱུར་པ་ཡི། །ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར། །སྨན་གྱི་རྒྱལ་པོ་མཆོག་གི་བཀྲ་ཤིས་ཤོག །ཅེས་པས་མེ་ཏོག་གཏོར་རོ། །དེས་སྒོ་གསུམ་ཆ་སྙོམས་ལ་གནོད་པའི་ནད་གདོན་ཞི། འབྲས་བུ་ངོ་བོ་ཉིད་ཀྱི་ས་བོན་བཞག་པ་ཡིན་ནོ། །དེ་ནས་གཏོར་མས་བཀའ་བསྒོ་བ་ནི། གཏོར་མ་ལག་ཏུ་བཟུང་ནས། གཏོར་མ་འདི་ཉིད་སྨན་བླར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་ནས། བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་སྐུ་ཆེ་བ་རི་རབ་ཙམ། ཆུང་བ་ལ་ཡུངས་དཀར་ཙམ། གསུང་སྔགས་ཀྱི་ཕྲེང་བ། ཐུགས་ཨ་རུ་ར་དང་ལྷུང་བཟེད་བདུད་རྩིས་བཀང་བ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་དུ་བྱོན་ནས་ཁྱེད་རང་རྣམས་ལ་མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པས། བདེ་བར་གཤེགས་པ་སྨན་བླ་མཆེད་བརྒྱད་འཁོར་དང་བཅས་པའི་བྱིན་རླབས་དང་། སྨོན་ལམ་གྱི་བཀའ་དྲིན་ཐམས་ཅད་བདག་ལ་ད་ལྟ་ཉིད་དུ་ཐོབ་བྱུང་སྙམས་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག །སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག །སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པས་བྱིན་གྱིས་རློབས་ཤིག སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག །སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པས་བྱིན་གྱིས་རློབས་ཤིག །སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོས་བྱིན་གྱིས་རློབས་ཤིག །རྒྱལ་བ་ཤཱཀྱ་ཐུབ་པས་བྱིན་གྱིས་རློབས་ཤིག །འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གིས་བྱིན་གྱིས་རློབས་ཤིག །སེམས་དཔའ་བཅུ་གཅིག་གིས་བྱིན་གྱིས་རློབས་ཤིག །ཚངས་པ་དང་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་སྡེ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པས་བསྲུང་ཞིང་སྐྱོབ་པར་མཛོད་ཅིག །སྨན་བླ་མཆེད་བརྒྱད་འཁོར་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་པར་མཛོད་ཅིག །འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཐམས་ཅད་ཆོད་པར་མཛད་དུ་གསོལ། གདོན་དང་བགེགས་དང་བར་ཆད་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ། དུས་མ་ཡིན་པར་འཆི་བ་ཐམས་ཅད་དང་། བྱད་ཁ་དང་རྐྱེན་ངན་པ་ཐམས་ཅད་ཟློག་པར་མཛད་དུ་གསོལ། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འཕེལ་བར་མཛད་དུ་གསོལ། ནམ་འཆི་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེས་ནས་མྱུར་དུ་སངས་རྒྱས་པར་བྱིན་གྱིས་རློབས་ཤིག །རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་མེ་ཏོག་གཏོར་ཞིང་། ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་མམ་གཅིག །ད་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བཻ་ཌཱུརྻ་ཞུན་མའི་མདོག་ལྟ་བུ་བྱོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་ཧཱུྃ་གི་མཐར་འཁོད་པར་སྒོམས་ལ་སྔགས་འདིའི་རྗེས་ཟློས་གྱིས། ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ གཅིག་གམ་གསུམ་བརྗོད། དེ་ནས་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིང་བར་སྒོམས་ཤིག །རྡོ་རྗེ་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་བྱིན་རླབས་དང་སྨོན་ལམ་གྱི་བཀའ་དྲིན་རྣམས། རྡོ་རྗེའི་སློབ་མ་འདི་རྣམས་ལ་ད་ལྟ་ཉིད་དུ་འཇུག་ཅིང་བརྟན་པར་གྱུར་ཅིག །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཡེ་ཤེས་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་ཁྱབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གཏོར་རོ། །དེས་བདེ་གཤེགས་སྨན་བླའི་གཏོར་དབང་ལེགས་པར་ཐོབ་པས། དེང་ཕྱིན་ཆད། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་རབ་བརྒྱ་རེ། འབྲིང་ཉེར་གཅིག །ཐ་མའང་ལན་བདུན་རེ་མ་ཆག་ན། ནད་ཐམས་ཅད་ཞི་ཞིང་མི་འབྱུང་བ་དང་། ཕྱི་མ་ངན་སོང་དུ་མི་ལྟུང་ལ། གལ་ཏེ་སྡིག་ཆེ་བས་ངན་སོང་དུ་སོང་ན་ཡང་དེ་མ་ཐག་ཏུ་བདེ་འགྲོ་ལྷ་དང་མིའི་ལུས་ཐོབ་ཅིང་། རིམ་གྱིས་བྱང་ཆུབ་ཐོབ་པར་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་པའི་ཕྱིར། མཚན་དེ་མི་བརྗེད་པར་འདོན་བསམ་པའི་དམ་བཅའ་གྱིས་ལ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །སོགས། མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས། དེ་ནས་སློབ་མ་རྣམས་གྲོལ། ཡང་ནད་པ་གཅོང་ནད་ཅན་ལྟ་བུ་ལ་འདིའི་དབང་བརྒྱ་བྱས་ན་ལས་ནད་ཡིན་ཡང་ཅུང་ཟད་སྲབ་པར་འགྱུར་ཏེ། སངས་རྒྱས་ཀྱི་སྨོན་ལམ་གྱི་བདེན་ཚིག་ཡིན་པས། ནད་མང་བ་ཡང་ཉུང་བར་ནུས། རྒན་རྒོན་འཆི་ལ་ཁད་ལ་ངན་སོང་དུ་མི་འགྲོ་ཐབས་དེ་ལས་ཟབ་པ་མེད་པས། སྔོན་དུ་དབང་རྒྱས་པ་གཅིག་བསྐུར་ནས་རྗེས་མ་འདི་ལ་གྲངས་གཟུང་སྟེ་བརྒྱའམ་ལོ་གྲངས་བསྐུར་ཏེ། འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་དགོངས་སུ་གསོལ༔ བདག་ལ་སྨན་བླ་མཆེད་བརྒྱད་ཀྱི༔ དབང་དང་རྗེས་གནང་བསྩལ་དུ་གསོལ༔ གསུམ་མམ་གཅིག །ད་གཏོར་མ་འདི་བཅོམ་ལྡན་འདས་སྨན་གྱི་བླར་གསལ་བ་སྤྱི་བོར་བྱོན། དེའི་ཐུགས་ཀ་ནས་འོད་ཟེར་ཤར་ཕྱོགས་སུ་འཕྲོས་པས་སྨན་བླ་མཆེད་བརྒྱད་ཁ་བ་བུ་ཡུག་ལྟ་བུར་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག །གཏོར་མ་ལག་ཏུ་བཟུང་། ཧཱུྃ༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་པའི༔ བཻ་ཌཱུརྻ་ཡི་རི་བོ་འདྲ༔ འོད་ཟེར་འཕྲོ་བའི་རྒྱལ་པོ་ཡི༔ དབང་མཆོག་དམ་པ་སྦྱིན་གྱིས་ལོངས༔ དེ་བཞིན་གཤེགས་པ་མཚན་ལེགས། རིན་ཆེན་ཟླ་བ། གསེར་བཟང་དྲི་མེད། མྱ་ངན་མེད་མཆོག །ཆོས་བསྒྲགས་རྒྱ་མཚོ། ཆོས་བློ། མངོན་མཁྱེན། ཤཱཀྱ་ཐུབ་པ། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ། འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་མཛད་དུ་གསོལ། འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཐམས་ཅད་ཆོད་པར་མཛད་དུ་གསོལ། ནམ་འཆི་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེས་ནས་མྱུར་དུ་སངས་རྒྱས་པར་བྱིན་གྱིས་རློབས་ཤིག །ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་གཏོར་ཞིང་། ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །ཅེས་བརྗོད། དེས་དབང་གཅིག་སོང་བ་ཡིན་ལ་དེ་ལྟ་བུ་དུ་ཐོན་བྱའོ། །མཇུག་ཏུ་གྲོལ་དུས། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས་དང་མཎྜལ་བྱའོ། །ཞེས་པ་དབང་ཚིག་དང་གཞུང་དབང་སྒྲུབ་རྣམས་སྤྲུལ་སྐུའི་དགོངས་གཏེར་ཡིན་ལ་ཕྱག་ལེན་ཆིངས་རྣམས་བདག་གིས་སྦྱར་པ་ཡིན་ཏེ། འདི་ནི་བཀའ་གཏེར་གང་ལ་ཡང་སྦྱར་དུ་རུང་ལ། སྟབས་བདེ་བས་འགྲོ་དོན་རྒྱ་ཆེན་འབྱུང་བར་གྱུར་ཅིག །ཅེས་རཱ་ག་ཨ་སྱས་བཀོད་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་སོ། །མངྒ་ལཾ།། །།
ཟབ་པ་སྐོར་བདུན་ལས༔ རྩ་གསུམ་ཚེའི་ཟབ་པའི་ཡན་ལག་བླ་མ་བཀའ་བརྒྱད་འདུས་པའི་ལས་བྱང་ (Volume 13, Text 66)
༁ྃ༔ ཟབ་པ་སྐོར་བདུན་ལས༔ རྩ་གསུམ་ཚེའི་ཟབ་པའི་ཡན་ལག་བླ་མ་བཀའ་བརྒྱད་འདུས་པའི་ལས་བྱང་བཞུགས་སོ༔ ྈྈྈྈྈ པདྨ་ཧེ་རུ་ཀ་ལ་འདུད༔ དེ་ཉིད་རིག་འཛིན་པདྨ་བདག༔ མ་རུངས་གདུག་པ་འདུལ་དོན་དུ༔ དྲག་པོར་ཁྲོས་པའི་སྒྲུབ་པའི་ཐབས༔ ཕྱི་རབས་དོན་དུ་རང་གིས་བརྩམས༔ དེ་ལ་སྦྱོར་སྔོན་དངོས་གཞི་རྗེས༔ སྦྱོར་བ་ཡིད་དང་མཐུན་པའི་གནས༔ བཙལ་ཏེ་སྐུ་གསུང་ཐུགས་རྟེན་དགྲམ༔ ཕྱི་ནང་གསང་བའི་མཆོད་པ་བཤམ༔ སྒྲུབ་པོ་དབེན་པ་གསུམ་ལྡན་བྱ༔ ས་མ་ཡ༔ སྔོན་འགྲོ་སྐྱབས་སུ་འགྲོ་བ་ནི༔ དཀོན་མཆོག་རྩ་གསུམ་མདུན་དུ་བསྒོམ༔ ན་མོ་བླ་མ་རིག་འཛིན་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་སངས་རྒྱས་སར་འགོད་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཚོགས་གསག་ནི༔ ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་ལྷ་ཚོགས་གཤེགས་སུ་གསོལ༔ ཉི་ཟླ་པདྨ་མཛེས་པའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་འབུལ༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགས༔ འཁོར་འདས་ཀུན་གྱི་དགེ་བར་རྗེས་ཡི་རང༔ དུས་གསུམ་རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར༔ ནམ་ཡང་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བའི་དངོས་པོ་མཆིས་ཀུན་འགྲོ་ལ་བསྔོ༔ ཀུན་ཀྱང་ཐེག་པ་ཆེན་པོའི་ས་ཐོབ་ཤོག༔ བགེགས་བསྐྲད་པ་ནི༔ གཏོར་མ་རཾ་ཡཾ་ཁཾ་གིས་སྦྱང༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཨཱ་ཀརྵཱ་ཡ་ཛཿས་བགེགས་བཀུག༔ ཨོཾ་སརྦ་བིགྷྣཱན་ན་མས་སརྦ་སོགས་ཀྱིས་བསྔོས་ལ། ཧཱུྃ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ དབང་བའི་ལྷ་ནི་མ་གཏོགས་པའི༔ བགེགས་རིགས་ཐམས་ཅད་གཏོར་མ་ཁྱེར༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་བིགྷྣཱན་མཱ་ར་ཡ་ཕཊ༔ སྲུང་འཁོར་ནི༔ ཧཱུྃ༔ མི་བཟད་གཏུམ་པའི་འཕྲོ་འདུ་ལས༔ མཚོན་ཆ་སྣ་ཚོགས་སྐར་ལྟར་འཁྲུགས༔ ཐམས་ཅད་ཚོགས་པའི་སྲུང་བའི་གུར༔ སུས་ཀྱང་གཞོམ་དུ་མེད་པར་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ༔ བརྡ་སྒོ་དབྱེ་ཞིང་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ སྣང་སྲིད་ཐམས་ཅད་རྩ་གསུམ་དཀྱིལ་འཁོར་ཏེ༔ ཡེ་ནས་མ་བཅོས་རྫོགས་པར་སྒོ་དབྱེ་གསོལ༔ རང་རིག་རང་གསལ་ཁྱབ་བརྡལ་བྱང་ཆུབ་སེམས༔ གཉིས་སུ་མེད་པའི་ཚུལ་གྱིས་བརྡ་ཕྱག་འཚལ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ ཨ་ལ་ལ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ བཤགས་པ་ནི༔ ཧཱུྃ༔ བླ་མ་རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་དགོངས༔ རང་རིག་བྱང་ཆུབ་སེམས་མཆོག་མ་རྟོགས་པས༔ ཉམས་ཆག་འགལ་འཁྲུལ་གང་གྱུར་མཐོལ་ཞིང་བཤགས༔ ཚངས་ནས་ཚེ་འདིར་སངས་རྒྱས་ཐོབ་པར་ཤོག༔ ས་མ་ཡ་ཤུདྡྷེ་ཨ་ཨ༔ དམ་བཅའ་བ་ནི༔ ཧཱུྃ༔ ཕྱི་ནང་ཆོས་ཀུན་དཀྱིལ་འཁོར་གསུམ་གྱི་ངང༔ དེ་ལས་མི་འདའ་ཀུན་ཏུ་བསྒྲུབ་པར་བྱ༔ སྤྲོས་པ་མེད་པའི་དབྱིངས་སུ་ལྷུན་གྲུབ་ནས༔ མཉམ་ཡངས་ཁྱབ་བརྡལ་ཆེན་པོ་རྟོགས་པར་ཤོག༔ བོ་དྷི་ཙིཏྟ་ཧཱུྃ༔ བྱིན་འབེབ་པ་ནི༔ ཧཱུྃ་ཧྲཱི༔ འོག་མིན་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བླ་མ་རིག་འཛིན་དཔལ་ཆེན་ཁྲག་འཐུང་དགུ༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ མ་ལུས་འཁོར་བཅས་མཁའ་ལ་སྤྲིན་ལྟར་གཏིབས༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་དང༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་པ་བྱིན་རླབས་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་རོལ་པའི་རྩལ་ལས་ཤར་བ་ཡི༔ རཾ་ཡཾ་ཁཾ་གིས་མཆོད་རྫས་མ་དག་སྦྱངས༔ ཨ་ལས་བྷནྡྷ་འབར་བའི་སྣོད་ནང་དུ༔ ཨོཾ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ༔ ཨཱཿལས་ཆགས་མེད་རཀྟའི་རྒྱ་མཚོར་འཁྱིལ༔ ཧཱུྃ་ལས་ཡེ་ཤེས་ལྔ་ཡི་བདུད་རྩི་ཆེ༔ ཏྲཱཾ་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ ཨོཾ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་ཨཱཿཧཱུྃ༔ ས་མ་ཡ༔ དངོས་གཞི་བསྐྱེད་རིམ་བསྒོམ་པ་ནི༔ ཧཱུྃ་ཧྲཱི༔ ཆོས་ཀུན་སྟོང་ཉིད་རྫོགས་པ་ཆེ༔ འགྲོ་ལ་སྙིང་རྗེ་ཀུན་ཏུ་ཁྱབ༔ རྒྱུ་ཡི་ཧཱུྃ་ཡིག་འོད་དུ་འབར༔ དེ་ལས་ཨེ་ཡཾ་རཾ་སུཾ་ཀེཾ༔ མཁའ་རླུང་ཁྲག་མཚོ་ཞིང་གི་ས༔ རི་རབ་རཾ་ལས་མེ་འབར་དབུས༔ དུར་ཁྲོད་ས་གཞིར་པདྨའི་སྟེང༔ བྷྲཱུྃ་འཕྲོས་དུར་ཁྲོད་གཞལ་ཡས་ཁང༔ ཕྱི་ནི་རིན་ཆེན་རྒྱན་དང་ལྡན༔ ནང་ནི་དྲག་པོའི་བཀོད་པ་ཅན༔ ཕོ་བྲང་ཆེན་པོ་དེ་ནང་དུ༔ འཁོར་ལོ་རྩིབས་བརྒྱད་འབར་བའི་དབུས༔ རུ་དྲ་པདྨ་ཉི་ཟླའི་སྟེང༔ རྒྱུ་ཡི་ཧཱུྃ་བབས་འཕྲོ་འདུ་ལས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ དམར་རྔམ་མཆེ་གཙིགས་སྤྱན་གསུམ་བསྒྲད༔ ལྗགས་འདྲིལ་སྨ་ར་ཨག་ཚོམ་འབར༔ ཕྱག་གཡས་རྡོ་རྗེ་ནམ་མཁར་འཕྱར༔ གཡོན་པས་དྲིལ་བུ་ཡུམ་ལ་འཁྱུད༔ དུར་ཁྲོད་ཆས་བརྗིད་འདོར་སྟབས་བཞུགས༔ ཡུམ་མཆོག་ཁྲོས་ནག་གྲི་ཐོད་ཅན༔ ཕྱག་རྒྱ་ལྔ་འཆང་ཡབ་ལ་འཁྲིལ༔ ཡབ་ཀྱི་གནས་བཞིར་འཇམ་དཔལ་དང༔ སྤྱན་གཟིགས་རྡོར་སེམས་རྡོ་རྗེ་འཆང༔ རྡོ་རྗེ་པདྨ་སྦྱོར་བ་ལས༔ བྱང་སེམས་ཧཱུྃ་ཡིག་བརྒྱད་འཕྲོས་པས༔ ཕྱོགས་མཚམས་འཁོར་ལོ་པདྨ་དང༔ ཉི་ཟླ་དྲེགས་པ་ཕོ་མོའི་སྟེང༔ ཤར་དུ་ཡང་དག་མཐིང་ནག་འབར༔ ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ བཛྲ་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ ལྷོ་རུ་གཤིན་རྗེ་སེར་ནག་མདོག༔ ཞལ་གཅིག་ཕྱག་གཉིས་འཁོར་ལོ་གཏུན༔ ཡུམ་ཆེན་ཁྲག་མིག་མ་དང་སྦྱོར༔ ནུབ་ཏུ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་རལ་གྲི་ཞགས་པ་བསྣམས༔ པདྨ་གཟི་ལྡན་མ་དང་འཁྲིལ༔ བྱང་དུ་རྡོ་རྗེ་གཞོན་ནུ་མཐིང༔ ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ༔ འཁོར་ལོ་རྒྱས་འདེབས་ཡུམ་དང་འཁྲིལ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ སྨུག་ནག་ཁྱུང་ཁྲ་ཐོད་སྒྲོམ་བསྣམས༔ མུ་ཁ་ཁ་ཊྭཱཾ་ཐོད་འཛིན་འཁྱུད༔ ལྷོ་ནུབ་དཔལ་ཆེན་ཆེ་མཆོག་སྨུག༔ ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་འཛིན༔ གནམ་ཞལ་དབྱིངས་ཕྱུག་མ་དང་འཁྲིལ༔ ནུབ་བྱང་དྲེགས་པ་འདུལ་བྱེད་མཐིང༔ ཐོ་བ་དྲེགས་པའི་མགོ་ཕྲེང་འཛིན༔ ཁམས་གསུམ་སྤྱི་འདུལ་ཡུམ་དང་འཁྲིལ༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ ལྕགས་ཀྱུ་དྲེགས་པའི་སྙིང་ཕྲེང་འཛིན༔ འབྱུང་ལྔའི་བདག་མོ་འཇིག་རྟེན་བསྣམས༔ ཡབ་ཡུམ་ཐམས་ཅད་དུར་ཁྲོད་ཆས༔ མེ་ཕུང་འབར་བའི་དབུས་སུ་བཞུགས༔ སྒོ་བཞིར་མཁའ་འགྲོ་སྡེ་བཞི་རྣམས༔ རང་རྟགས་ཕྱག་མཚན་ཐོད་ཁྲག་འཛིན༔ གཞན་ཡང་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབ༔ གཙོ་བོ་རྒྱལ་བ་རིགས་བཞི་ལས༔ འོད་འཕྲོས་སྐུ་བཞིར་བྱིན་གྱིས་བརླབས༔ སྤྱི་བོའི་ཐོད་ཕྲེང་སྡེ་ལྔ་ཡིས༔ ཡེ་ཤེས་ལྔ་ཡི་དབང་བསྐུར་རོ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨོཾ་ཨཱཿཧཱུྃ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ སྤྱན་དྲང་བ་ནི༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རིའི་རྩེ་མོ་རུ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ འགྲོ་བའི་དོན་དུ་སྐུར་བཞེངས་འཚལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛཿཛཿ བཞུགས་གསོལ་ནི༔ ཧཱུྃ༔ དུར་ཁྲོད་འབར་བའི་གཞལ་ཡས་ཁང༔ རུ་དྲ་བསྣོལ་བའི་གདན་སྟེང་དུ༔ ཧེ་རུ་ཀ་དཔལ་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བྱུང་སངས་རྒྱས་མ་ཧཱ་གུ་རུ་ནི༔ གདུག་པ་འདུལ་མཛད་སྙིང་རྗེ་ཁྲོས་པའི་སྐུ༔ ཡེ་ཤེས་བརྒྱད་ལས་དཔལ་ཆེན་ཧེ་རུ་ཀ༔ ཚད་མེད་སྒོ་བཞིར་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཕྱི་མཆོད་ནི༔ ཧཱུྃ༔ མ་ཧཱ་གུ་རུ་བཀའ་བརྒྱད་ལྷ་ཚོགས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང༔ ཞལ་ཟས་རོལ་མོ་འདོད་ཡོན་རྣམ་པ་ལྔ༔ སྲིད་ཞིའི་མཆོད་ཚོགས་ནམ་མཁའ་བཀང་སྟེ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པཱུ་ཛ་ཧོ༔ ནང་མཆོད་ནི༔ ཧཱུྃ༔ བླ་མ་རིག་འཛིན་དྲག་པོའི་ལྷ་ཚོགས་ལ༔ གཏི་མུག་ཤ་ཆེན་ཞེ་སྡང་རུས་པ་དང༔ འདོད་ཆགས་རཀྟ་ང་རྒྱལ་ཀླད་པ་ཞག༔ ཕྲག་དོག་ནང་ཁྲོལ་ལ་སོགས་དུག་ལྔའི་རྫས༔ ཉོན་མོངས་སྐྱེས་གྲོལ་མཆོད་པ་ཆེན་པོ་འདི༔ ཆོས་དབྱིངས་རོལ་པ་ཆེན་པོའི་མཆོད་པར་འབུལ༔ ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཁ་རཾ་ཁཱ་ཧི༔ གསང་མཆོད་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ རྡོ་རྗེ་པདྨ་བདེ་ཆེན་སྦྱོར་བ་དང༔ ལོག་རྟོག་ཡུམ་ཨེར་ཡབ་ཀྱི་རྡོ་རྗེས་བསྒྲལ༔ ཐབས་དང་ལྡན་པའི་མཆོད་པ་ཆེན་པོས་མཆོད༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ རུ་དྲ་མཱ་ར་ཡ་ཕཊ༔ ཁ་རཾ་ཁཱ་ཧི་མ་ཧཱ་ཤུདྡྷི་ཏ་ཨཱ༔ སྨན་མཆོད་ནི༔ ཧཱུྃ་ཧྲཱི༔ རང་བྱུང་ཡེ་ཤེས་དུག་ལྔ་སེལ་བའི་རྫས༔ རྩ་བརྒྱད་སྟོང་སྦྱར་བདེ་བ་ཆེན་པོར་བྱུང༔ བླ་མེད་ཛ་གད་དཔའ་བོའི་ཕུད་མཆོད་འདིས༔ མཆོད་འོས་རྒྱ་མཚོའི་ཐུགས་དམ་བསྐང་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ མཚན་དོན་སྦྱར་ལ་ཕུལ་ཞིང༔ ཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཨོཾ་ཨཱཿཧཱུྃ༔ ཞེས་དངོས་གྲུབ་བླང༔ རཀྟ་འབུལ་བ་ནི༔ ཧཱུྃ༔ དུང་ཆེན་སྣོད་དུ་དགྲ་བགེགས་བསྒྲལ་པའི་ཁྲག༔ མ་རིག་རྟེན་འབྲེལ་བཅུ་གཉིས་བསྒྲལ་པའི་རྒྱུན༔ མཁའ་དབྱིངས་པདྨའི་རཀྟ་བདེ་བ་ཆེ༔ ཁམས་གསུམ་འཁོར་བ་བསྒྲལ་པའི་རཀྟ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧཱུྃ༔ སྟོང་གསུམ་བྷནྡྷ་ཡངས་པའི་གཏོར་གཞོང་དུ༔ འདོད་ཁམས་རུ་དྲ་བསྒྲལ་པའི་འདོད་ཡོན་ནི༔ རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་བ་འདི༔ དཔལ་ཆེན་ཧེ་རུ་ཀ་ཡི་ཚོགས་ལ་འབུལ༔ མ་ཧཱ་བ་ལིནྟ་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ་ཧྲཱི༔ རྒྱལ་ཀུན་འདུས་པའི་བདག་ཉིད་དཀྱིལ་འཁོར་གཙོ༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཐུགས་རྗེའི་དབང་ཕྱུག་སྐུ་མདོག་དམར་རྔམ་བརྗིད༔ དུག་གསུམ་འཇོམས་མཛད་རབ་ཏུ་ཁྲོས་པའི་བཞིན༔ ཁམས་གསུམ་ཟིལ་གནོན་དབུ་སྐྲ་གྱེན་དུ་བརྫེས༔ ཡེ་ཤེས་ལྔ་རྫོགས་ཐོད་སྐམ་རིན་ཆེན་བརྒྱན༔ ཐེག་དགུར་དབང་བསྒྱུར་ཧཱུྃ་གི་ང་རོ་སྒྲོག༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་རྡོ་རྗེ་འཕྱར༔ འགྲོ་བའི་མ་རིག་སད་མཛད་དྲིལ་བུ་འཛིན༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དྲུག༔ རྣམ་ཤེས་ཚོགས་བརྒྱད་དག་པའི་དུར་ཁྲོད་ཆས༔ སྣང་ཚད་ཡེ་ཤེས་རིན་ཆེན་རྒྱན་དུ་ཤར༔ འཁོར་འདས་མཉམ་ཉིད་ཞབས་ཟུང་རོལ་པས་མནན༔ ཐབས་དང་ལྡན་པས་ཤེས་རབ་ཡུམ་དང་སྦྱོར༔ ཡེ་ཤེས་མེ་ཕུང་འབར་བའི་ཀློང་དུ་བཞུགས༔ ཁྲོ་རྒྱལ་འདུས་པའི་གཙོ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཡུམ་མཆོག་རྡོ་རྗེ་ཁྲོས་མ་ནག་མོ་ནི༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ལ༔ ཕྱག་གཡས་གྲི་གུག་འབར་བས་སྐྱེ་ཤི་གཅོད༔ འཁོར་བ་དོང་སྤྲུགས་ཐོད་ཁྲག་ཡབ་ལ་སྟོབ༔ ཕྱག་རྒྱ་ལྔ་འཆང་ཡབ་དང་བདེ་ཆེན་སྦྱོར༔ སངས་རྒྱས་ཐམས་ཅད་བསྐྱེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ མེ་ལོང་ཡེ་ཤེས་ཡང་དག་ཧེ་རུ་ཀ༔ མཉམ་ཉིད་ཡེ་ཤེས་འཇམ་དཔལ་གཤིན་རྗེ་གཤེད༔ སོར་རྟོག་ཡེ་ཤེས་དབང་ཆེན་རྟ་མགྲིན་རྒྱལ༔ བྱ་གྲུབ་ཡེ་ཤེས་རྡོ་རྗེ་གཞོན་ནུའི་སྐུ༔ བདེ་ཆེན་ཡེ་ཤེས་མ་མོ་རྦོད་གཏོང་ལྷ༔ ཆོས་དབྱིངས་ཡེ་ཤེས་ཆེ་མཆོག་ཧེ་རུ་ཀ༔ ཀློང་གྱུར་ཡེ་ཤེས་འཇིག་རྟེན་མཆོད་བསྟོད་གཙོ༔ འབར་ཁྱབ་ཡེ་ཤེས་དཔལ་ཆེན་སྟོབས་ལྡན་ཆེ༔ རྒྱལ་བའི་ཚོགས་བཅས་འགྲོ་བའི་དོན་མཛད་ཕྱིར༔ གཏུམ་ཆེན་འབར་བའི་སྐུར་སྟོན་ཁྲོ་རྒྱལ་རྣམས༔ སྙིང་རྗེ་འབར་འཁྲུགས་ཆེ་བཙན་འགྲན་ཟླ་བྲལ༔ དཔལ་ཆེན་བདུད་འདུལ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཚད་མེད་བཞི་ལྡན་མཁའ་འགྲོ་རིགས་བཞི་ནི༔ དཀར་སེར་དམར་ལྗང་རང་རྟགས་ཕྱག་མཚན་གཡས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན༔ བར་ཆད་དགྲ་བགེགས་འདུལ་ལ་ཕྱག་འཚལ་བསྟོད༔ ཛཔ྄་བསྐུལ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེ༔ མ་བཅོས་རང་བྱུང་ཕྱི་སྣོད་གཞལ་ཡས་ཁང༔ ནང་བཅུད་སྐྱེ་འགྲོ་ལྷ་དང་ལྷ་མོ་སྟེ༔ མ་ཧཱ་གུ་རུ་པདྨ་དྲག་པོ་རྩལ༔ འཁོར་དང་བཅས་པས་འཇིག་རྟེན་ཁྱོན་གང་ཞིང༔ ཡེ་ཤེས་ལྷ་ཚོགས་ཏིལ་གྱི་གོང་བུ་བཞིན༔ སྔགས་སྒྲས་འཇིག་རྟེན་ཤིག་ཤིག་ཡོམ་ཡོམ་འགུལ༔ འབྲུག་སྟོང་དུས་གཅིག་ལྡིར་བའི་སྒྲ་ལྟར་གྲགས༔ སེམས་ཉིད་རང་བྱུང་རང་མདངས་རྣམ་རྟོག་རྣམས༔ གང་ཤར་འཛིན་མེད་ཤར་གྲོལ་རྗེས་མེད་ངང༔ སྐྱེ་འགག་གནས་གསུམ་བྲལ་བའི་རྫོགས་པ་ཆེ༔ སྣང་སྲིད་ལྷ་སྔགས་ཡེ་ཤེས་རོལ་པར་གྱུར༔ བཟླ་བྱའི་སྔགས་ལ༔ རྩ་བའི་སྔགས་ནི༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ འཁོར་སྔགས་ནི༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཎ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ལས་སྦྱོར་སྐུ་ལས་ཡེ་ཤེས་མེ་འབར་ཞིང༔ སྔགས་སྒྲས་སྟོང་གསུམ་འཇིག་རྟེན་གང་བ་ཡིས༔ རང་གི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་བསྲེགས༔ ཕྱི་ཡི་དགྲ་བགེགས་ཐམས་ཅད་བརླག་པར་བསམ༔ གསང་བའི་ཉོན་མོངས་དུག་ལྔ་དབྱིངས་སུ་སྦྱངས༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཞེས་འབྲུག་སྒྲ་སྒྲོག་པ་བཞིན་དབྱངས་དང་བཅས་པས་བཟླ་ཞིང་སྟོང་ཚིགས་ཛཔ྄་མཆོད་ཀྱང་བྱ༔ ས་མ་ཡ༔ རྗེས་ཀྱི་བྱ་བ་ཚོགས་མཆོད་ནི༔ རྣལ་འབྱོར་ཕོ་མོ་ཚོགས་ཏེ༔ ཞིང་ལྤགས་ཀྱི་ཁར་ཚེ་གལ་མཱཾ་ས་ཟླ་རྒྱས་ཟླ་ཁྲོམ་ཁུར་བ་འབྲས་བུ་སོགས་ཟས་སྣ་ཅི་འབྱོར་བ་བཤམས་ལ༔ སྦྱང་བ་ནི༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ་སྥ་ར་ཎ་ཕཊ༔ བྱིན་རླབས་ནི༔ ཧཱུྃ༔ ཆོས་དབྱིངས་རོལ་པའི་ཆོ་འཕྲུལ་ལས༔ ཨ་ལས་ཐོད་པའི་སྣོད་ཡངས་པར༔ ཏྲཱཾ་ལས་འདོད་ཡོན་ཚོགས་སུ་ཞུ༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་སྤྲོ༔ ཏྲཱཾ་ག་ཎ་ཙཀྲ་ཨོཾ་ཨཱཿཧཱུྃ༔ སྤྱན་དྲང་བ་ནི༔ ཧཱུྃ༔ ཆོས་དབྱིངས་དག་པའི་ཞིང་ཁམས་ཆེན་པོ་ནས༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་མ་ལུས་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ དང་པོ་འབུལ་བ་ནི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་བརྒྱན་པ་འདི༔ ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ག་ཎ་ཙཀྲ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧོ༔ བར་པས་བཤགས་པ་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་གྱི༔ བག་མེད་སྤྱོད་པས་དམ་ལས་འགལ་གྱུར་པ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨ༔ སྤྲོ་ན་ཡིག་བརྒྱ་བརྗོད༔ ཐ་མ་བསྒྲལ་བ་ནི༔ དམིགས་བྱ་བཀུག་ལ་མཚོན་ཆར་གྱིས་བསྒྲལ་བར་བསམ་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་འཁོར་བཅས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ དུག་གསུམ་རབ་འཁྲུགས་ཧོམ་ཁུང་དུ༔ བདག་འཛིན་རུ་དྲ་དགྲ་བགེགས་རྣམས༔ སྐུ་གསུམ་ཡེ་ཤེས་མཚོན་ཆས་བསྒྲལ༔ སྒྲིབ་སྦྱངས་ཚེ་སྲོག་བདག་ལ་འདུས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྒྲལ༔ དྲག་སྔགས་སོ་ལྔའི་མཐར། དགྲ་བགེགས་རྣྲི་ཏྲི་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ལ་ཁྲག་སྐྱེམས་དང་སྦྱར་ཏེ་ཞལ་དུ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བསྟན་ལ་གནོད་པའི་རུ་དྲ་དམ་ཉམས་རྣམས༔ བརྟེན་པ་དབྱིངས་བསྒྲལ་རྟེན་གཞི་སྦྱངས་པ་ཡི༔ ཕུང་ཁམས་ཡེ་ཤེས་ཚོགས་མཆོད་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བཱ་སུ་ཏ་ཁཱ་རཾ་ཁཱ་ཧི༔ དེ་ནས་བརྡ་དང་བརྡའི་འབུལ་ལེན་གྱིས་ཚོགས་ལ་ལོངས་སྤྱད་དོ༔ ལྷག་མ་ཡར་གནས་མར་གནས་ཕྱེ་ལ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དཀྱིལ་འཁོར་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ལོངས་སུ་མི་སྤྱོད་རྒྱུ༔ རྣལ་འབྱོར་ཕོ་མོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ བཀའ་ཉན་ལྷག་བདག་དེར་དགྱེས་ཕྱིར༔ གཅིག་ཏུ་བསྲེས་ནས་ཞལ་ཆབ་བྲན༔ གཉིས་མེད་ཆོས་སྐུའི་དམ་ལ་འདུས༔ ཞེས་ཡར་མར་གཅིག་ཏུ་དྲིལ་ལ་ཞལ་ཆབ་དང་སྨན་རག་བྲན༔ ཞིང་ལྤགས་འཕྱར་ཞིང་བཤུག་པའི་སྒྲ་དང་བཅས་ཏེ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ འབོད་རྫས་དམ་ཚིག་གིས་མཚོན་ནས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ དཔལ་གྱི་ཕ་འབབ་འདི་བཞེས་ལ༔ ཧེ་རུ་ཀ་དཔལ་སྤྱན་སྔ་རུ༔ ཁས་བླངས་བཞིན་དུ་དམ་ལ་དགོངས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས༔ ཨུཥིཙཊ་བ་ལིན་ཏ་ཁཱ་ཧི༔ ཞེས་རྐང་གླིང་ཐོད་རྔའི་སྒྲ་དང་བཅས་ཕྱིར་ཕུལ༔ ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ན༔ བཞུགས་པའི་དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐུལ༔ མི་བཟད་སྐུར་སྟོན་ཁྲོ་ཚོགས་དབྱིངས་ནས་བཞེངས༔ བསྟན་ལ་གནོད་པའི་རུ་དྲ་བསྒྲལ་བ་དང༔ འགྲོ་དྲུག་འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ ཐུགས་དམ་ཐུགས་རྗེས་ཕྲིན་ལས་མྱུར་དུ་མཛོད༔ ཆད་མདོ་ནི༔ ཧཱུྃ༔ སྔོན་ཚེ་ཀུན་བཟང་ཆོས་སྐུ་ཧེ་རུ་ཀས༔ གསང་སྔགས་རྒྱུད་སྡེ་སྒྲུབ་སྡེ་གསུངས་པ་དང༔ རིགས་ལྔའི་ཞིང་དང་ལྷ་ཀླུ་མི་ཡུལ་དུ༔ རིགས་ལྔ་རིགས་གསུམ་མགོན་པོས་ཆོས་བསྟན་ཚེ༔ དམ་ལ་བཞག་པའི་དཔལ་མགོན་ལྕམ་དྲལ་ཚོགས༔ བརྒྱུད་འཛིན་བུ་བཞིན་སྐྱོང་བར་མ་ཆད་དམ༔ དེ་བཞིན་དམ་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་རྗེས་བདེ་བྱེད་བརྩེགས་པའི་མཆོད་རྟེན་ནས༔ སློབ་དཔོན་རྣམས་ལ་བཀའ་བབས་བྱུང་བ་དང༔ ཁྱད་པར་བསམ་ཡས་བར་ཁང་གཡུ་ཞལ་དུ༔ ཨོ་རྒྱན་ཆེན་པོས་ཆོས་འཁོར་བསྐོར་བའི་ཚེ༔ དམ་ལ་བཞག་པའི་རྒྱུད་གསུམ་དྲེགས་པའི་ཚོགས༔ བརྒྱུད་འཛིན་བུ་བཞིན་སྐྱོང་བར་མ་ཆད་དམ༔ དེ་བཞིན་དམ་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མ་འོངས་ཕྱི་མ་ལྷ་སྲས་སྐྱེ་མཐའ་ཡིས༔ ནམ་མཁའ་མཛོད་ནས་གཏེར་སྒོ་ཕྱེ་བ་དང༔ རིགས་སྲས་ཆོས་བདག་གཏེར་སློབ་བརྒྱུད་འཛིན་གྱིས༔ ཟབ་བདུན་དཀྱིལ་འཁོར་ཆེན་པོ་སྒྲུབ་པའི་དུས༔ བཀའ་ཡི་སྲུང་མ་རྟགས་བསྟན་ཞལ་བཞེས་ཅན༔ མདོར་ན་བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ལ་བཞག་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ བརྒྱུད་འཛིན་བུ་བཞིན་སྐྱོང་བར་མ་ཆད་དམ༔ དེ་བཞིན་དམ་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཟོར་འཕང་བ་ནི༔ ཧཱུྃ༔ སྣང་སྲིད་ལྷ་འདྲེ་མ་ལུས་སྐུ་གཟུར་ཅིག༔ བཀའ་ཡི་ལས་བྱེད་ཕོ་ཉ་ཐམས་ཅད་ཀྱིས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ ནད་མཚོན་དུག་གི་ཕུང་པོ་ཐོག་འདྲ་བར༔ དགྲ་བགེགས་རྣམས་ལ་རྒྱོབ་ཅིག་རྡུལ་དུ་རློག༔ བྱད་ཁ་རྦོད་གཏོང་ཆགས་ཆེ་ཉམ་ང་ཟློག༔ དྲག་སྔགས་བཟླ་བཞིན་དུ་ལས་མཁན་གྱིས་དགྲ་ཕྱོགས་སུ་འཕང་ངོ༔ བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ པདྨ་ཐོད་ཕྲེང་སློབ་མ་དཔལ་སེང་གིས༔ བལ་ཡུལ་ཡང་ལེ་ཤོད་དུ་བསྒྲུབས་པའི་ཚེ༔ དམ་བཞག་གཉེར་གཏད་བརྟན་མ་བཅུ་གཉིས་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཡུལ་སོ་ཁ་རུ་བཞིའི་མཐའ་དམག་ཟློག༔ རྣལ་འབྱོར་རྣམས་ལ་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ མ་མ་ཧྲཱིང་ཧྲཱིང་ཨི་དཾ་བ་ལིནྟ་ཁཱ་ཧི༔ བྲོ་བརྡུང་བ་ནི༔ ཧཱུྃ༔ སྟོང་གསུམ་རབ་འབྱམས་ཁྲོ་བོ་རོལ་པའི་ཞིང༔ སྐྱེ་འགྲོ་ཕོ་མོ་ཁྲོ་བོ་ཁྲོ་མོར་བཞེངས༔ དབྱིངས་རིག་གཉིས་མེད་ལུ་གུ་རྒྱུད་དུ་སྦྲེལ༔ ཐབས་ཤེས་ཟུང་འཇུག་བདེ་ཆེན་བྲོ་བརྡུང་ཞིང༔ གྲགས་སྟོང་ཧཱུྃ་གི་གླུ་དབྱངས་འབྲུག་ལྟར་སྒྲོག༔ རིག་པ་ཡེ་ཤེས་ངང་དུ་གཟེར་བཏབ་པས༔ ཕྱི་ཡི་དགྲ་བགེགས་མི་ལྡང་རྡུལ་དུ་བརླག༔ ནང་གི་ཉོན་མོངས་ཡེ་ཤེས་ལྔ་རུ་བསྒྱུར༔ གསང་བ་བདག་འཛིན་རེ་དོགས་དབྱིངས་སུ་ཐིམ༔ ཐམས་ཅད་ཡེ་གྲོལ་ཟང་ཐལ་ངང་དུ་རྫོགས༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་མ་ལུས་དགོངས་སུ་གསོལ༔ བདག་གིས་བརྩོན་པས་སྒྲུབ་པ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་ད་བབ་ཀྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཟོད་གསོལ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་སྤྱན་སྔ་རུ༔ མ་རིག་འཁྲུལ་པའི་ལས་བགྱིས་མཐོལ་ལོ་བཤགས༔ ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པའི་རྒྱུར༔ མི་འགྱུར་བྱང་ཞིང་དག་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ༔ བསྡུ་རིམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ ཐུགས་རྗེས་འགྲོ་འདུལ་ཤར་བའི་དཀྱིལ་འཁོར་ལྷ༔ མཁའ་དབྱིངས་སྤྲིན་དེངས་བཞིན་དུ་སྟོང་པར་ཐིམ༔ སླར་ཡང་ཆུ་ལས་ཉ་ལྡང་ཇི་བཞིན་དུ༔ གཉུག་མའི་དཔལ་ཆེན་རྡོ་རྗེའི་གོ་དང་ལྡན༔ ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཀཱ་ཝཱ་ཙི་རཀྵ༔ ཨོཾ་ཨཱཿཧཱུྃ༔ བསྔོ་སྨོན་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་དགོངས་སུ་གསོལ༔ བསོད་ནམས་གང་མཆིས་དམིགས་སུ་མེད་པར་བསྔོ༔ བདག་སོགས་འགྲོ་ཀུན་རིག་འཛིན་བཞི་བགྲོད་དེ༔ སྐུ་གསུམ་རྒྱལ་སྲིད་ཚེ་འདིར་ཐོབ་པར་ཤོག༔ བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ བྱིན་རླབས་མཁའ་ལ་དངོས་གྲུབ་སྤྲིན་འཁྲིགས་ཤིང༔ བདེ་སྟོང་ཆར་གྱིས་ཡེ་ཤེས་སྨིན་པར་མཛད༔ དགོས་འདོད་ཡིད་བཞིན་འབྲས་བུ་སྩོལ་མཛད་པའི༔ རྩ་བ་གསུམ་གྱི་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་བརྗོད་ཅིང་དཀོན་མཆོག་རྩ་བ་གསུམ་གྱི་བདེན་པའི་བྱིན་རླབས་ལ་ཡིད་ཆེས་པའི་ཉམས་བསྐྱང་ཞིང་དགའ་སྟོན་བཀྲ་ཤིས་ཀྱི་གླུ་གར་ཡང་བྱའོ༔ ས་མ་ཡ༔ དེ་ལྟར་བླ་མ་བཀའ་བརྒྱད་འདུས་པ་འདི༔ ད་ལྟ་སྤེལ་འཕང་རིན་ཆེན་གཏེར་དུ་སྦོས༔ མ་འོངས་ལྷ་སྲས་སྐྱེ་མཐའི་སྐལ་ལྡན་གྱིས༔ རྙེད་ནས་བསྟན་འགྲོ་ཀུན་ལ་ཕན་པར་ཤོག༔ ས་མ་ཡ༔ རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ྈྈྈྈྈྈ ཁོ་བོ་མཆོག་གྱུར་བདེ་ཆེན་གླིང་པས་འབྲུག་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ལ་ལས་ལྡན་ཕོ་མོ་བདུན་དང་བཅས་མདོ་ཁམས་ནམ་མཁའ་མཛོད་ཀྱི་སྒྲུབ་ཕུག་གོང་མའི་སྒོ་གོང་ནས་གདན་དྲངས་པའི་ཤོག་སེར་མཐོ་གང་བ་ཞིག་ལས་སྐྱི་འབྱམས་འཆི་མེད་སེང་གེ་རྫོང་དུ་དག་པར་ཕབ་པ་ལགས། དགེའོ།། །།
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་པ་ (Volume 49, Text 66)
༁ྃ༔ ཀློང་གསལ་རྡོ་རྗེའི་སྙིང་པོ་ལས༔ ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་པ་བཞུགས་སོ༔ རྡོ་རྗེའི་སྙིང་པོ་ལས༔ ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་པ་ནི༔ ཤེས་རབ་མ་ནི་ཤེས་རབ་མཆོག་གི་ལྷ༔ བདེ་ཆེན་ཡེ་ཤེས་མཆོག་དང་མཁྱེན་བརྩེའི་གཏེར༔ གང་གི་རྒྱུད་ལ་མངོན་དུ་གྱུར་པ་ཡི༔ སྒྲུབ་པའི་མན་ངག་པདྨ་བདག་གིས་སྨྲ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པད་ཉིའི་སྟེང་དུ་རང་སེམས་ཧྲཱིཾཿདཀར་ལས༔ ཕག་མོ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ རྡོ་རྗེ་རྩེ་ལྔ་ཕྱར་ཚུལ་ཐོད་ཁྲག་གཡོན༔ སྤྱན་གསུམ་མཆེ་གཙིགས་རལ་པའི་ཟུར་ཕུད་བཅིངས༔ སྐམ་རློན་དབུ་རྒྱན་དོ་ཤལ་རྡོར་ཕྲེང་དང༔ མེ་ཏོག་རྣམ་མཛེས་གྲུ་མོར་ཁ་ཊྭཱཾ་བརྟེན༔ གཡོན་བརྐྱང་གར་གྱི་ཉམས་དགུའི་རྣམ་པར་ལྡན༔ ཨཱོྃ་ཨཱཿཧྲཱིཿཧཱུྃ༔ རྫོགས་རིམ་ནི༔ བཟོ་མེད་མ་བཅོས་མཉམ་པའི་མཁའ་དབྱིངས་ནས༔ གང་ཤར་རོལ་པའི་འཇའ་སྤྲིན་ཕན་གནོད་བྲལ༔ ཀ་དག་མ་བཅོས་ཡངས་པའི་གདིང་ཆེན་ལ༔ བློ་འདས་ཆོས་སྐུའི་རོལ་པར་འཆར་བ་འོ༔ རང་མདངས་མཉམ་པ་ཉིད་དུ་རོལ་པ་ལས༔ ཆེད་དུ་རྩོལ་སྒྲུབ་རང་གྲོལ་ཡེངས་མེད་ལ༔ བློས་བྱས་བྲལ་བ་སྣ་ཚོགས་ཆེད་འཛིན་སྟོང༔ ཁོར་ཡུག་མི་གཡོ་རྗེ་བཙུན་རྣལ་འབྱོར་མ༔ དོན་གྱི་ཡེ་ཤེས་རང་ཞལ་མཐོང་བ་སྟེ༔ མཐོང་བ་དོན་ལྡན་དོན་ལ་རྟག་ཏུ་རོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་འདི་སྤྲོས་མེད་གངས་ཁྲོད་འགྲིམ་པ་ཡི༔ ཆ་རྐྱེན་སྣང་སྟོང་རིམ་གཉིས་ཉམས་ལེན་ཡིན༔ ས་མ་ཡ༔ ྀཨཚ༔ སྤྲོས་པས་མདུན་བུམ་ཕྲིན་ལས་བསྐྱར་བ་འམ༔ གཞན་དོན་དབང་གིས་སློབ་མ་རྗེས་སུ་ཟུངས༔ ས་མ་ཡ༔ དཀྱིལ་འཁོར་ཆོས་འབྱུང་བསྣོལ་དང་ཁོར་ཡུག་ཟླུམ༔ དབུས་སུ་ཐོད་པ་ལྷ་འམ་ཕྱག་མཚན་ཧྲཱི༔ བུམ་པ་གཏོར་མ་མཆོད་པའི་ཚོགས་ཀྱིས་བསྐོར༔ ཡེ་ཤེས་པ་སྤྱན་དྲང་བ་ནི༔ ཧྲཱི༔ སྐྱེ་མེད་ཀློང་ལས་སྐྱེ་བའི་སྐུར་སྣང་བའི༔ མཁྱེན་བརྩེ་ཟླ་བའི་གཟུགས་ཀྱི་ཐུགས་རྗེའི་མདངས༔ བདག་སོགས་དད་པའི་ཆུ་སྣོད་ལ་མངོན་པར༔ དབང་སྐུར་མཆོག་གི་ཞལ་བཟང་མྱུར་དུ་སྟོན༔ ཆོས་དབྱིངས་སྐུར་སྣང་གཤེགས་བཞུད་མི་མངའ་ཡང༔ ཐུགས་རྗེ་བརྩེ་བ་ཆེན་པོའི་སྐུར་བཞེངས་ལ༔ དད་པའི་ཡུལ་དུ་མངོན་པར་གཤེགས་སུ་གསོལ༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་མཁྱེན་བརྩེས་བྱོན༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧྲཱི༔ རིག་མདངས་རྣམ་ཤེས་ཨུཏྤལ་དཀྱིལ་འཁོར་དུ༔ ཐུགས་རྗེ་ཟླ་བའི་གཟི་བྱིན་ཕབ་ནས་ཀྱང༔ ཡོན་ཏན་འདབ་རྒྱས་མ་འདྲེས་སོ་སོར་གསལ༔ འགྲོ་ཀུན་གདུལ་བྱའི་ཕྲིན་ལས་དཔལ་ཐོབ་ཤོག༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱི༔ རྒྱལ་བའི་སེམས་བསྐྱེད་མཁྱེན་བརྩེའི་མཁའ་སྤྲིན་ལས༔ དད་པས་བསྐུལ་བའི་བྱིན་རླབས་ཆར་རྒྱུན་གྱིས༔ བདག་རྒྱུད་སྨིན་གྲོལ་བསྐུལ་ཕྱིར་ཐལ་མོ་སྦྱར༔ སྒོ་གསུམ་ཕྱག་འཚལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་འབུལ་ནི༔ ཨཱོྃ་བཛྲ་ཨརྒྷཾ་སོགས། རཱུ་པ་སོགས། མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱི༔ སྐྱེ་བ་མེད་པའི་ཆོས་དབྱིངས་ངོ་བོ་ཉིད༔ འགག་པ་མེད་པའི་ཕྲིན་ལས་ལྷུན་གྲུབ་ཀྱི༔ དབྱེར་མེད་ཤེས་རབ་ཕ་རོལ་ཕྱིན་པ་མོ༔ རྒྱལ་ཡུམ་མཁྱེན་བརྩེའི་བདག་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྐྱེ་བ་མེད་པའི་རང་མདངས་ནི༔ འགག་མེད་རབ་དཀར་གངས་རི་འདྲ༔ ཡོན་ཏན་མཚན་དཔེས་བརྩེ་བའི་ཉམས༔ ཐུགས་རྗེས་སྐུར་བཞེངས་ལ་ཕྱག་འཚལ༔ ཞེས་པས་བསྟོད་ཅིང༔ སྒྲུབ་པའི་སློབ་མ་རྗེས་སུ་གཟུང་བ་ནི༔ ཁྲུས་དང་མཎྜལ་གསོལ་བ་འདེབས་པ་ནི༔ ཨེ་མ་རྡོ་རྗེ་འཛིན་རྒྱལ་དགོངས༔ ཆོས་ལ་ལྟ་བའི་མིག་ཡངས་ཤིང༔ བློ་གྲོས་སྤོབས་པ་ཆེ་བ་ཡི༔ ཆོས་དབྱིངས་གྲུབ་པ་མཆོག་འདོད་ན༔ གོ་འཕང་མགོན་པོས་བསྩལ་དུ་གསོལ༔ ཞུས་པས༔ བླ་མས༔ ཧོ༔ ཆོས་དབྱིངས་རང་སྣང་ཡེ་ཤེས་ཏེ༔ ཆོས་དབྱིངས་ཤེས་རབ་ཕར་ཕྱིན་མ༔ ཕག་མོ་དཀར་མོ་མཆོག་ཡིན་ཏེ༔ དེ་ཡི་དངོས་གྲུབ་སྦྱིན་པར་བྱ༔ ཞེས་སྤྲོ་བ་བསྐྱེད༔ དུང་ཞལ་གྱི་ཆུ་བླུད་ལ༔ ཧོ༔ ཆོས་དབྱིངས་ཡེ་ཤེས་གསང་ཆེན་ཏེ༔ གསང་བ་འཆལ་བར་མི་རུང་ངོ༔ དམ་མེད་རྣ་བར་མི་སྒྲོག་པའི༔ གསང་ཆེན་འཛིན་ཕྱིར་རྟེན་འབྲེལ་ཆེ༔ ཡེ་ཤེས་པ་དབབ་པ་ནི༔ ཁྱེད་རང་རྣམས་དམ་ཚིག་པ་བསྐྱེད་པའི་ཐུགས་ཀར་ཧྲཱིཿདཀར་པོས་མཚན་པའི་འོད་ཟེར་དཔག་ཏུ་མེད་པ་རྒྱལ་བའི་ཞིང་ཁམས་སུ་འཕྲོས་པས༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་ཤེས་རབ་ཀྱི་ཆ་ཧྲཱིཿདཀར་པོའི་རྣམ་པ་གྲངས་མེད་པ་བྱོན་ནས་ལུས་ལ་ཐིམ་པར་སྒོམས༔ བཛྲ་ས་མ་ཡ་ཛཿཛ༔ དབབ་པ་དེ་ཉིད་བརྟན་པར་བྱ༔ སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ བུམ་པ་ཐོགས་ལ༔ ཧཱུྃ་ཧྲཱི༔ ཡེ་ཤེས་ཤེས་རབ་དཀར་མོ་ཡི༔ ཡེ་ཤེས་གསང་ཆེན་འདུས་པ་ཡིས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕུང་པོ་ལྷ་དང་དབྱེར་མེད་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ ཕྲེང་བ་དང་བདུད་རྩི་ཁར་བླུགས་ལ༔ ཧྲཱི༔ གསང་ཆེན་གསང་བའི་རྒྱུད་ཀྱི་བཅུད༔ རིག་སྔགས་འདྲེས་པ་མཆོག་གི་བཅུད༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ རྩ་ཁམས་སྔགས་དང་དབྱེར་མེད་ཤོག༔ རྩ་སྔགས༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དྲིལ་བུ་གཏད་ལ༔ ཧྲཱི༔ འདི་ནི་ཤེས་རབ་མཆོག་གི་སྒྲ༔ འགྲོ་འོང་གནས་འཇུག་ཡེ་ཤེས་མཚོན༔ སྐལ་ལྡན་ཡིད་ལ་དབང་བསྐུར་བས༔ རྩ་རླུང་སྣང་སྟོང་དབྱེར་མེད་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིལ་བུ་གཏད་ལ༔ ཧྲཱི༔ རྟེན་ལ་སྔགས་ཀྱི་རྩལ་འབྱིན་ཅིང༔ རིག་མདངས་འཕྲོ་འདུའི་བཅུད་དབབ་པའི༔ ཡོན་ཏན་ཕྲིན་ལས་ལྷུན་གྲུབ་འདི༔ སྐལ་ལྡན་བུ་ཡིས་སྤྱོད་པར་ཤོག༔ རྩ་སྔགས༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ ཨེ་མ་སྐལ་ལྡན་བློ་གྲོས་ལྡན༔ ཤེས་རབ་ཡོན་ཏན་ཀུན་གྱི་གཞི༔ སྣང་སྟོང་བདེ་བ་ཆེན་པོའི་སྐུ༔ མ་ཡེངས་རྒྱུན་དུ་སྐྱོང་བ་གཅེས༔ ཨ་ཕཊ༔ གཏོར་མ་སྤྱི་བོར་བཞག་ལ༔ ཧྲཱི༔ ཐབས་ཀྱི་སྤྱོད་པ་འགྲོ་བའི་དོན༔ ཤེས་རབ་ལས་བྱུང་ཡེ་ཤེས་ཀྱིས༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་མ༔ ལྷུན་གྱིས་གྲུབ་པར་བྱ་བ་བྱོས༔ ཞེས་ཡེ་དྷརྨཱས་མེ་ཏོག་འཐོར༔ བཀྲ་ཤིས་བསྔོ་བ་སྨོན་ལམ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྲུང་མས་བཀའ་ཡི་དགོངས་པ་གཉེར༔ ཚུལ་བཞིན་འབྲས་བུ་འབྱིན་པར་གྱིས༔ བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ ྀཨཚ༔ ༁ྃ༔ ཤེས་རབ་མཆོག་གི་རང་བཞིན་གྱིས༔ སྒྲུབ་པའི་ནུས་པ་སྐྱེད་པའི་རྟེན༔ རྩ་བ་ཨུཏྤལ་སྔོན་པོ་དང༔ ད་ལི་ཅུ་གང་ཅོང་ཞི་དང༔ མཚལ་དང་ཤུ་དག་གི་ཝཾ་དང༔ ཏིལ་དཀར་གུ་གུལ་ཉུངས་དཀར་དང༔ དེ་དག་ཆ་ནི་མཉམ་བགྱིས་ནས༔ སྐར་མ་རྒྱལ་ལ་བཏགས་པར་གྱིས༔ ཕྱེ་མ་དེ་ལ་སྔགས་ཚིག་གིས༔ ལན་བརྒྱ་མངོན་པར་གདབ་པར་གྱིས༔ གཙང་མའི་ཆུ་ཡིས་གཅིག་ཏུ་བྱ༔ བསྒྲུབས་ནས་ལོངས་སྤྱོད་རྟེན་དུ་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྦས་རྒྱ༔ རྒྱ་རྒྱ་རྒྱ༔ ཞེས་ཁེ་མི་འགྱུར་གསང་བ་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པ་ཁོལ་རི་གསང་སྔགས་སྒྲུབ་ཁང་རྩེར་རིན་པོ་ཆེའི་ཤོག་སེར་ངོས་ལས་ཀློང་གསལ་སྙིང་པོས་ཞལ་བཤུས་པའི་ཡི་གེ་པ་ནི་པདྨ་ཀུན་བཟང་སྟོབས་ཆེན་ནོ།། །།
དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་ (Volume 62, Text 66)
༄༅། །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། གསང་སྐོར་ཡི་དམ་བསྐྱེད་རིམ་དང་བྱང་བུ་ཁྲིགས་སུ་བསྡེབས་པ་བཞུགས་སོ། ། སྡེ་གསུམ་གསང་སྐོར་མན་ངག་སྡེ། ྈྈྈ ན་མོ་གུ་རུ༔ གསང་སྐོར་ཡི་དམ་ཁྲོ་སྒྲུབ་ལས༔ སྔོན་འགྲོའི་བྱང་བུ་བསྟན་པ་ནི༔ དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པར་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ མན་ངག་དོན་གྱི་སྔོན་འགྲོ་འོ༔ ས་མ་ཡ་རྒྱ་རྒྱ༔ སྒྲིབ་སྦྱོང་བྱང་བུ་བསྟན་པ་ནི༔ གློ་བུར་འཁྲུལ་པའི་ཐ་མལ་ལུས༔ གདོད་ནས་དག་པའི་འོད་ཀྱི་སྐུ༔ ལྷུག་པར་གནས་པའི་རྡོ་རྗེ་སེམས༔ དྭངས་པའི་ངང་དུ་གསལ་རྫོགས་བསྐྱེད༔ ཨཱོྃ་བཛྲ་སཏྭ་ཨཱ༔ མན་ངག་དོན་གྱི་སྒྲིབ་སྦྱོང་ངོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་གསག་བྱང་བུ་བསྟན་པ་ནི༔ སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་གཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜ་ལ་པཱུ་ཛ་ཧོ༔ མན་ངག་དོན་གྱི་ཚོགས་གསག་གོ༔ ས་མ་ཡ་རྒྱ་རྒྱ༔ བྱིན་བརླབ་བྱང་བུ་བསྟན་པ་ནི༔ ཨཱོྃ་ཨཱཿཧཱུྃ། ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔ སྤྲོས་བཅས་གདུང་བས་གསོལ་བ་འདེབས༔ ལུས་ལ་བུམ་པའི་དབང་བསྐུར་ནས༔ སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་བླ་མ་ལ༔ སྤྲོས་མེད་ངང་ནས་གསོལ་བ་འདེབས༔ ངག་ལ་གསང་བའི་དབང་བསྐུར་ནས༔ གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་སྐུའི་བླ་མ་ལ༔ ཤིན་ཏུ་སྤྲོས་མེད་ངང་ནས་འདུད༔ ཡིད་ལ་གསུམ་པའི་དབང་བསྐུར་ནས༔ བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔ དབྱེར་མེད་ཉིད་སྐུའི་བླ་མ་ལ༔ རབ་ཏུ་སྤྲོས་མེད་ངང་ནས་འདུད༔ སྒོ་གསུམ་བཞི་པའི་དབང་བསྐུར་ནས༔ རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔ མན་ངག་དོན་གྱི་བྱིན་རླབས་སོ༔ ས་མ་ཡ་རྒྱ་རྒྱ༔ མཆོད་པ་བྱིན་བརླབ་བྱང་བུ་ནི༔ རཾ་ཡཾ་ཁཾ། ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་པའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་སྤྲིན་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པ་ལྷུན་གྱིས་གྲུབ༔ ཨཱོྃ་མ་ཧཱ་བ་ལིནྟ་ཨཱཿཧཱུྃ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་ཨཱཿཧཱུྃ༔ ཨཱོྃ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨཱོྃ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨཱོྃ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ ཨཱོྃ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཨཱཿཧཱུྃ༔ སྡེ་གསུམ་དོན་གྱི་མཆོད་བརླབ་བོ༔ ས་མ་ཡ་རྒྱ་རྒྱ༔ དངོས་གཞིའི་རྟེན་གྱི་བྱང་བུ་ནི༔ ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱ༔ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨཱོྃ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ཆོས་དབྱིངས་མཁའ་ལ་འབྱུང་ལྔའི་སྟེང༔ སྣོད་བཅུད་དག་པའི་གཞལ་ཡས་ཁང༔ ནང་དུ་ཕོ་བྲང་གླིང་དགུ་གསལ༔ དབུས་སུ་འཇིག་རྟེན་སྣ་ཚོགས་ཁྲིར༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་དབུ་ནི་ཉེར་གཅིག་རྣམས༔ རྩ་ཞལ་མ་གཏོགས་གཡས་དཀར་ཞིང༔ གཡོན་དམར་དབུས་མཐིང་ཁྲོས་པའི་ཉམས༔ ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས༔ ཞི་བ་བཞི་བཅུ་རྩ་གཉིས་བསྣམས༔ ཞབས་བརྒྱད་ཐུར་བསྒྲད་འཁོར་འདས་གནོན༔ རྡོ་རྗེའི་གཤོག་བརྒྱངས་དཔལ་གྱི་ཆས༔ ཡུམ་ནི་གནམ་ཞལ་དབྱིངས་ཕྱུག་མ༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ གནས་ཡུལ་མཁའ་འགྲོ་འཛིན་ཅིང་འཁྲིལ༔ དང་པོས་རྡོ་རྗེ་དུང་ཁྲག་བསྣམས༔ བདེ་སྟོང་དབྱེར་མེད་སྐུ་རུ་ཤར༔ འཁོར་དུ་རིགས་བཞིའི་ཏ་ཀྲྀཏ་དང༔ ཅེ་སྤྱང་མ་བརྒྱད་ལ་སོགས་གསལ༔ ཨཱོྃ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀཿཧཱུྃ་ཕཊ༔ ཤར་དུ་ཡང་དག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་མཐིང་ནག་འབར༔ ཕྱག་མཚན་རྒྱན་དང་ཆ་ལུགས་རྫོགས༔ ཡུམ་ནི་བཛྲ་ཀྲོ་དྷཱི་འཁྲིལ༔ རིགས་བཞི་ཀེའུ་སེང་དབང་ཕྱུག་སོགས༔ ཡབ་ཡུམ་སྤྲུལ་པའི་ཚོགས་བཅས་གསལ༔ ཨཱོྃ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་མ་མོ་ཁྲག་མིག་མ༔ སྦྱོར་སྒྲོལ་ཡུམ་བཅས་གཤེད་ཆེན་བཞི༔ འཆི་བདག་གིང་བདུད་རྩིས་པ་སོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨཱོྃ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ནུབ་ཏུ་དབང་ཆེན་རྟ་མགྲིན་ནི༔ དམར་པོ་ཞལ་གསུམ་རྟ་སྐད་འཚེར༔ ཕྱག་དྲུག་རང་རྟགས་ཕྱག་མཚན་འཛིན༔ དུར་ཁྲོད་ཆས་རྫོགས་ཞབས་བཞི་བསྒྲད༔ ཡུམ་ནི་པདྨ་གཟི་ལྡན་མ༔ ཁྲ་ཐབས་རིགས་བཞིའི་ཟིལ་གནོན་དང༔ ཁམས་རྒྱ་དམུས་ལོང་ཁྱི་སྤྱང་སོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨཱོྃ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ་ཕཊ༔ བྱང་དུ་རྡོ་རྗེ་གཞོན་ནུ་ནི༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ནི་འཁོར་ལོ་རྒྱས་འདེབས་འཁྲིལ༔ རིགས་བཞི་ཁྲོ་བཅུ་ཕུར་སྲུང་ཚོགས༔ ཡབ་ཡུམ་འཁོར་དང་བཅས་པ་གསལ༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ སྨུག་ནག་ཞལ་གསུམ་ཕྱག་དྲུག་པ༔ ཕྱག་མཚན་དུར་ཁྲོད་ཆས་རྣམས་རྫོགས༔ ཡུམ་ནི་ཉིད་གཞི་མུ་ཁ་ལེ༔ ཞལ་ལྔ་སྣ་ཚོགས་མདོག་ཅན་འཁྲིལ༔ དབྱིངས་ཀྱི་མ་མོ་རྗེ་མོ་དང༔ སྨན་མོ་མ་མོ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་སྲས་འཁོར་སྤྲུལ་བཅས་གསལ༔ ཨཱོྃ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀཿགུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཡུམ་ནི་མཁའ་འགྲོ་ལས་དབང་མོ༔ རིགས་བཞིའི་སློབ་དཔོན་སྡེ་བཞི་དང༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་གསལ༔ ཨཱོྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ནུབ་བྱང་དྲེགས་པ་ཀུན་འདུལ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་ཁམས་གསུམ་སྤྱི་འདུལ་འཁྲིལ༔ དབང་ཕྱུག་ཡབ་ཡུམ་སྡེ་དཔོན་སོགས༔ སྣང་སྲིད་དྲེགས་པའི་ཚོགས་བཅས་གསལ༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ བྱང་ཤར་སྟོབས་ལྡན་ནག་པོ་ནི༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ རང་རྟགས་ཕྱག་མཚན་དུར་ཁྲོད་ཆས༔ ཡུམ་ནི་འབྱུང་ལྔའི་བདག་མོ་འཁྲིལ༔ དྲེགས་པ་ཡབ་ཡུམ་སྔགས་བདག་སོགས༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་གསལ༔ ཨཱོྃ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཕྱི་རོལ་བར་ཁྱམས་ཁོར་ཡུག་ཏུ༔ མ་མོ་ཉེར་བརྒྱད་གིང་ལངྐ༔ འབར་མ་མཁའ་འགྲོ་ཤུགས་འགྲོར་བཅས༔ འཇིག་རྟེན་འདས་དང་མ་འདས་པའི༔ དཔལ་གྱི་འཁོར་ཚོགས་བསམ་མི་ཁྱབ༔ ཨཱོྃ་བཛྲ་སརྦ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ ཡེ་ཤེས་ཀློང་དགུའི་ངང་དུ་རྫོགས༔ ཅིར་ཡང་ས་ལེར་གསལ་བའི་འཁོར༔ དབྱིངས་རིག་གཉིས་སུ་མེད་པར་བསྒོམ༔ ས་མ་ཡ་རྒྱ་རྒྱ༔ དབང་བསྐུར་དགུག་བསྟིམ་བྱང་བུ་ནི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་བརླབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨཱོྃ་ཨཱཿཧཱུྃ༔ ཨཱོྃ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོ༔ དབང་བསྐུར་དགུག་བསྟིམ་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་ནི༔ ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བར་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པ་ཉིད༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨེ་མ་ཧོ༔ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་པར་རོལ༔ ཨཱོྃ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨཱོྃ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཨཱཿཧཱུྃ༔ གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཁྱབ་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོ༔ དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བའི་མཆོད་པར་འབུལ༔ ཨཱོྃ་སརྦ་པཉྩ་ཨ་མྲྀཏ་མ་ཧཱ་བ་ལིནྟ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་རྨད་བྱུང་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང༔ ནམ་མཁའ་ལྟ་བུར་ཁྱབ་པ་ཉིད༔ ཉི་ཟླ་ལྟ་བུར་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང༔ རིན་ཆེན་བཞིན་དུ་དགོས་འདོད་འབྱུང༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པ་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བཞུགས་ཕྱག་མཆོད་བསྟོད་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ འབར་བའི་ཀློང་ནས་ཅིར་ཡང་སྣང༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགགས་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ དཔལ་གྱི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསང་སྐོར་ཡི་དམ་སྒྲུབ་པ་འོ༔ ས་མ་ཡ་རྒྱ་རྒྱ༔ ཚོགས་ཀྱི་མཆོད་པའི་བྱང་བུ་ནི༔ ཧཱུྃ༔ དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨཱོྃ་ཨཱཿཧཱུྃ༔ ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཧཱུྃ༔ གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོ༔ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཡུལ་གྱི་དྲྭ་བར་ཚུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་སུ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོ༔ ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིནྟ་ཁཱ་ཧི༔ གསལ་སྟོང་བདེ་ཆེན་དབྱེར་མེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་པས་དབྱིངས་རིག་ཟུང་འཇུག་ཤོག༔ ཚོགས་ཀྱི་མཆོད་པའི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱང་བུ་ནི༔ དབྱིངས་ལས་ཤར་པའི་ལྷ་ཚོགས་རྣམས༔ རིག་པའི་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ་ཨ༔ ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་འཐོབ་ཕྱིར་བསྔོ༔ བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྒོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཕྲིན་ལས་རྗེས་ཀྱི་བྱང་བུ་འོ༔ ས་མ་ཡ་རྒྱ་རྒྱ༔ ལྷ་སྲས་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་༧སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས། གནས་མཆོག་ནམ་མཁའ་ མཛོད་ནས་སྤྱན་དྲངས་པའི་ཁ་བྱང་དང་། འཕྲལ་དུ་སློབ་དཔོན་རིན་པོ་ཆེ་ཡབ་ཡུམ་གྱིས་དངོས་སུ་གསུངས་པའི་ཡང་བྱང་དང་སྙིང་བྱང་ལ་བརྟེན་ནས་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉི་ཤར་ལ། བོད་ཆེན་པོའི་སའི་ཐིག་ལེ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་ཀྱི་ཡུལ་ལྗོངས། སྨད་ཤོད་ཛམ་ནང་ཕུ་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས། བདག་ཅག་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་ཤིང་། དེ་འཕྲལ་སྐལ་ལྡན་གྱི་འདུས་པ་ཉིས་བརྒྱ་བརྒལ་བར་བྱིན་རླབས་བསྩལ་ཏེ་ཐམས་ཅད་ཀྱིས་ཡིད་ཆེས་རྩོད་བྲལ་དུ་གྱུར་པའི་མཆོང་ཤོག་སྨུག་པོའི་ངོས་ནས་འཕྲལ་དུ་ཕབ་རིམ་བཞིན། བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དག་པར་བྲིས་ཤིང་། བྱང་བུ་རྣམས་ཁྲིགས་སུ་བསྡེབས་པའི་དགེ་བས་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཟབ་གཏེར་འདི་ཉིད་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།
ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལས་འབྲེལ་རྩལ་གྱི་གཏེར་མའི་ལུགས་བཞིན་བརྗོད་པ (Volume 61, Text 66)
ཨཱོྃ་སྭསྟི། འཇིག་རྟེན་མགོན་ལ་རབ་བཏུད་ནས། །འདོད་ཆགས་རྡོ་རྗེ་དབང་གི་ལྷ། །དབང་སྡུད་ལས་ལ་ཆེས་རྣོ་བའི། །སྒྲུབ་ཐབས་རྗེས་གནང་ཆོ་ག་བཤད། །འདིར་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་དང་འབྲེལ་བར་རྗེས་གནང་གི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་གའོ། །དང་པོ་ཡོ་བྱད་བཤམ་པ་ནི། རྒྱུ་སྐར་རྒྱལ་ཡོད་པའི་ཚེ་དབེན་པའི་གནས་སུ་སྟེགས་བུ་ཁྲུ་གང་གྲུ་བཞི་པ་ལ་བཅུད་དཀར་དམར་དང་དྲི་བཟང་གིས་ཆག་ཆག་བཏབ། མཎྜལ་ཟླ་གམ་དམར་པོ་སྒོ་གཅིག་པ་མུ་ཁྱུད་དང་ལྡན་པའི་ནང་དུ་པདྨ་འདབ་བཞི་ཚོམ་བུ་དང་བཅས་པ། དེའི་སྟེང་དུ་མཉྫི་ལ་ཟངས་གཞོང་མེ་ཏོག་དམར་པོས་བཀང་བའི་དབུས་སུ་ཁྱད་པར་གྱི་རྟེན་རྫས་དར་དམར་གྱི་གུར་ཕུབ་ལ་བཞག །ཤར་དུ་མེ་ལོང་དང་རྩེ་གསུམ། ལྷོར་རྒྱུད་ཀྱི་གླེགས་བམ། ནུབ་ཏུ་བྱང་སེམས་དཀར་དམར་ཆང་དང་སྦྱར་བའི་ཐོད་པ། བྱང་དུ་ཞགས་པ། མདུན་དུ་རྟེན་གཏོར་སྲིད་མེས་ཀྱི་གཟུགས་སམ་རིན་པོ་ཆེ་འབར་བའི་དབྱིབས་ཅན་དམར་པོ་སྐུ་གཟུགས་དང་མདའ་དར་གྱིས་བརྒྱན་ཅིང་ཟས་ཕུད་སྣ་ཚོགས་ཀྱིས་བྲན་པ་བཞག །རྟེན་རྫས་མེད་ན་དེ་ཉིད་དབུས་སུ་བཀོད། གང་ལྟར་ཡང་མདུན་དུ་འབུལ་གཏོར་དང་སྨན་རཀ་ཉེར་སྤྱོད་ལྔ་དང་ཚོགས་རྫས་ཀྱང་བཤམ། མདུན་དུ་རྡོར་དྲིལ་མེ་ཏོག་སྒྲུབ་ཡིག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། རྟ་མགྲིན་ལྟ་བུའི་པདྨའི་རིགས་ཀྱི་ཡི་དམ་ཞི་ཁྲོ་གང་འོས་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས། སྤྱི་དང་ཁྱད་པར་གྱི་མཆོད་གཏོར་རྣམས་བྱིན་གྱིས་བརླབ། མདུན་གྱི་རྟེན་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ། དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་དམར་པོ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སྣོད་བཅུད་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་ཨཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྒེག་ཅིང་ཆགས་པའི་ཉམས་ཅན། གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་འཕྱར་སྟབས་སུ་འཛིན་ཅིང་གཡོན་རླུང་གི་ཞགས་པ་འཛིན་པ། རལ་པའི་ཐོར་ཚུགས་ཟླ་ཚེས་ཀྱིས་སྤྲས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། གཅེར་བུ་ལིངྒ་དམར་པོ་གྱེན་དུ་སྒྲེང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་བཞེངས་སྟབས་ཀྱིས་བཞུགས་པ། དེའི་པང་དུ་ཡུམ་ཨུ་མཱ་དེ་བཱི་དམར་གསལ་མཛེས་ཤིང་ཆགས་པའི་ཉམས་ཅན། གཡས་དུང་དམར་ཡབ་ལ་སྟོབ་ཅིང་གཡོན་ལྕགས་ཀྱུ་འཛིན་པ། རིན་པོ་ཆེའི་རྒྱན་ཅན་ཞབས་གཉིས་ཡབ་ལ་བརྟེན་ཏེ་གནས་པ། མདུན་དུ་སྲས་གཙུག་ཕུད་ཅན་དམར་པོ་ལྕགས་ཀྱུ་དང་ཞགས་པ་འཛིན་ཅིང་བཀའ་ཉན་གྱི་ཚུལ་དུ་གནས་པ། ཕྱོགས་བཞིའི་པད་འདབ་བཞི་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་པོ། ལྷོར་རིན་ཆེན་མཁའ་འགྲོ་སེར་པོ། ནུབ་ཏུ་པདྨ་མཁའ་འགྲོ་དམར་པོ། བྱང་དུ་ཀརྨ་མཁའ་འགྲོ་ལྗང་གུ། ཐམས་ཅད་ཀྱང་གཅེར་བུ་རུས་པའི་རྒྱན་ཅན་གཡས་རྩེ་གསུམ་བ་དན་ཅན་གཡབ་ཅིང་གཡོན་ལྕགས་ཀྱུ་འཛིན་པ། རླུང་དཀྱིལ་གྱིས་བཏེགས་པའི་ཉི་ཟླའི་གདན་ལ་གནས་པའོ། །གནས་གསུམ་བྱིན་གྱིས་བརླབ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ལྷོ་ཕྱོགས་རྒྱ་མཚོའི་གླིང་སོགས་རང་བཞིན་གྱི་གནས་ནས་ལྷ་ཆེན་འཁོར་བཅས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་ཐིམ། ཨརྒྷཾ་ནས་ཤབྡའི་བར་གྱིས་ཕྱི་མཆོད་དང་སྨན་དང་རཀྟ་སོགས་ནང་མཆོད་ཀྱང་ཕུལ་ལ། བསྟོད་པ་ནི། ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས༔ ཡབ་གཅིག་དབང་ཕྱུག་ཆེན་པོ་ནི༔ ཁམས་གསུམ་མ་ལུས་དབང་མཛད་པ༔ སྐུ་མདོག་དམར་པོ་འཛུམ་དང་ལྡན༔ སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཉིས་དབང་སྡུད་ཕྱག་རྒྱ་འཛིན༔ སྲིད་གསུམ་མ་ལུས་དབང་དུ་སྡུད༔ ཞབས་གཉིས་དོར་སྟབས་འགྱིང་ཞིང་བརྗིད༔ འགྲོ་བ་མ་ལུས་ཟིལ་གྱིས་གནོན༔ ཞལ་འཛུམ་སྤྱན་གསུམ་རལ་པ་བརྫེས༔ སྲིད་པ་ཀུན་ཏུ་དབང་ཡང་སྒྱུར༔ བ་སྤུའི་འོད་ཟེར་མཚོན་ཆ་ལས༔ རླུང་ཞགས་ལྕགས་ཀྱུ་ཕྱོགས་བཅུར་འཕྲོ༔ མི་ནོར་ཟས་གསུམ་དབང་དུ་སྡུད༔ དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ གསུང་སྒྲ་སྔགས་ཀྱི་ང་རོ་ནི༔ འབྲུག་བཞིན་སྟོང་ཁམས་ཀུན་ཏུ་སྒྲོག༔ ཁམས་གསུམ་རིགས་དྲུག་དབང་དུ་སྡུད༔ གསུང་གི་འོད་ཟེར་འཕྲོས་པ་ཡིས༔ འགྲོ་བ་མ་ལུས་དབང་དུ་སྡུད༔ དབང་ཕྱུག་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་མཆོག་ཀུན་ཏུ་མི་གཡོ་བ༔ ནམ་མཁའ་བཞིན་དུ་གསལ་ལ་དག༔ ཐུགས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ༔ འགྲོ་བ་ཀུན་གྱི་སྙིང་རྩ་སྒུལ༔ ཐམས་ཅད་མ་ལུས་དབང་དུ་སྡུད༔ དབང་ཕྱུག་ཐུགས་ལ་ཕྱག་འཚལ་བསྟོད༔ ཡུམ་ཆེན་ཨུ་མཱ་དེ་ཝཱི་ནི༔ པདྨའི་མདངས་ལྡན་སྐུ་ལ་འཁྲིལ༔ ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པ་དུང་དམར་གཙོ་ལ་སྟོབ༔ འཛུམ་མདངས་འོད་ཟེར་སྣ་ཚོགས་འགྱེད༔ མི་ནོར་ཟས་གསུམ་དབང་དུ་སྡུད༔ ཨུ་མཱའི་སྐུ་ལ་ཕྱག་འཚལ་བསྟོད༔ སྲས་དང་འཁོར་གྱི་ཌཱ་ཀི་རྣམས༔ ཁམས་གསུམ་མ་ལུས་ཟིལ་གྱིས་གནོན༔ སྲིད་གསུམ་དབང་སྡུད་ཕྲིན་ལས་མཛད༔ གཙོ་འཁོར་རྣམས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁམས་གསུམ་ཐམས་ཅད་དབང་དུ་བསྡུས། འོད་ཟེར་དམར་པོའི་རྣམ་པས་བདག་ལ་ཐིམ་པར་བསམ་ཞིང་། ཨེ་མཉྫུ་ཀུཔྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ། ཞེས་པ་ཅི་ནུས་སུ་བཟླ། ཁྱད་པར་ཅན་གྱི་དམིགས་གནད་དང་སྔགས་ནི་གཞན་དུ་བལྟའོ། །གཏོར་མ་འབུལ་ན། བསང་སྦྱང་བྱིན་གྱིས་བརླབ། མདུན་བསྐྱེད་དང་མ་འབྲེལ་ན། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ལྷ་ཆེན་འཁོར་བཅས་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པས་གསོལ་བར་བསམ་ལ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ་སྙིང་པོའི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་མྨེཔྲ་ཡཙྪནྟུ། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ། མེ་ཏོག་ལ་སོགས་པས་མཆོད། ཧྲཱི༔ དབང་ཕྱུག་ཡབ་ཡུམ་གཤེགས་སུ་གསོལ༔ བཞུགས་ནི་རྒྱ་མཚོའི་ཀློང་ན་བཞུགས༔ སྐྱོད་ནི་གླིང་བཞིའི་མཁའ་ལ་སྐྱོད༔ སྲིད་པ་གསུམ་ལ་དབང་སྒྱུར་ཞིང༔ འགྲོ་བ་ཐམས་ཅད་དབང་དུ་སྡུད༔ རིན་ཆེན་ནོར་བུ་གཏེར་གྱི་བདག༔ ལྷ་སྲིན་ཐམས་ཅད་བྲན་དུ་ཁོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བ་ལིཾ་མཆོད་པ་འདི་བཞེས་ལ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཁྱེ༔ སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ ཟས་ནོར་ལོངས་སྤྱོད་ཆར་དུ་ཕོབ༔ འགྲོ་ཀུན་བདག་གི་དབང་དུ་སྡུས༔ ལྷ་སྲས་གསེར་གྱི་གཙུག་ཕུད་ཅན༔ མཁའ་འགྲོ་རྣམས་བཞིའི་འཁོར་དང་བཅས༔ བ་ལིཾ་མཆོད་པ་འདི་བཞེས་ལ༔ ནམ་མཁའི་ཁམས་ལ་བསྐྱོད་དེ་གཤེགས༔ བ་དན་ལྕགས་ཀྱུས་མི་སྙིང་སྒུལ༔ རླུང་གི་ཞགས་པས་དབང་དུ་སྡུས༔ བྲེང་བྲེང་དུང་དུང་དབང་མེད་ཁུག༔ མི་རྣམས་ཐམས་ཅད་དབང་དུ་སྡུས༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་བསྐུལ་ཞིང་ཕྲིན་ལས་གསོལ་བས་དེ་ལྟར་བགྱིའོ་ཞེས་ཁས་བླངས་པར་བསམ། ཡིག་བརྒྱས་ལྷག་ཆད་བསྐང་བཟོད་པར་གསོལ། བྲིས་སྐུ་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། མདུན་བསྐྱེད་དང་རྗེས་འབྲེལ་དུ་བྱེད་ན་གཏོར་མགྲོན་སྤྱན་འདྲེན་མི་དགོས། མདུན་བསྐྱེད་ཉིད་ལ་ཕུལ་ནས་མཐར་མདུན་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱའོ།། ༈ །།གསུམ་པ་རྗེས་གནང་གི་ཆོ་ག་ནི། བདག་མདུན་གྱི་སྒྲུབ་མཆོད་སྔར་བཤད་པ་ལྟར་རམ། བདག་མདུན་མཚུངས་པར་བྱེད་ན་ལྷ་ཆེན་གྱི་བདག་བསྐྱེད་སྔར་མདུན་བསྐྱེད་དུ་བཤད་པ་བཞིན་བཟླས་པའི་བར་དུ་བྱས་ནས། སླར་མདུན་བསྐྱེད་སྔར་ལྟར་སྒྲུབ་མཆོད་གཏོར་འབུལ་དང་བཅས་པ་བྱ་ཞིང་། ཡང་ན་བདག་མདུན་དབྱེར་མེད་དུ་བསྒྲུབས་ཀྱང་ཆོག་གོ །གང་ལྟར་ཡང་གཏོར་མའི་ཕྲིན་གསོལ་གྱི་མཐར་སློབ་མ་རྗེས་སུ་འཛིན་པར་གསོལ་བ་གདབ་བོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད། མཚམས་སྦྱོར་གྱི་ཁྱད་པར། ངེས་པའི་དོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད། གནས་སྐབས་གདུལ་དཀའ་འདུལ་ཕྱིར་འཇིག་རྟེན་གྱི་ལྷ་ཆེན་པོའི་ཚུལ་འཛིན་པ་དབང་ཕྱུག་མ་ཧཱ་དེ་བ་ཞེས་བྱ་བ། མཐུ་སྟོབས་དང་ནུས་པ་གཞན་ལས་ཕུལ་དུ་གྱུར་པའི་བསྟན་པའི་བཀའ་སྲུང་ཆེན་པོ་འདི་ལ་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས་འདིར་གཏེར་སྟོན་པདྨ་ལས་འབྲེལ་རྩལ་གྱི་གཏེར་ཁ་ནས་བྱོན་པའི་རྗེས་སུ་གནང་བ་སྒྲུབ་པ་ལ་སོགས་སྦྱར་མཎྜལ་ཕུལ། ཀྱཻ༔ དབང་ཕྱུག་ལུང་བསྟན་བླ་མ་རྗེ༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ ཞེས་གསོལ་བ་གདབ། སློབ་དཔོན་གྱིས། རིགས་ཀྱི་བུ་དག་ཚུར་ཉོན་ཅིག༔ སྣང་སྲིད་ཟིལ་གྱིས་གནོན་བྱེད་ཅིང༔ ཁམས་གསུམ་མི་ནོར་དབང་སྡུད་པའི༔ དབང་ཆེན་དབང་འདི་ཁྱོད་ལ་བསྐུར༔ གུས་པའི་སེམས་ཀྱིས་དང་དུ་ལོངས༔ ཞེས་གནང་བ་སྦྱིན། ཡན་ལག་བདུན་པ་གང་འོས་ཀྱིས་ཚོགས་གསག །དེ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་གི་ལུས་ལ་ཕོག །ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སློབ་མ་ལྷ་ཆེན་དུ་བསྐྱེད་པ་མངོན་རྟོགས་བཞིན་དམིགས་པ་ཕོག །ཡེ་ཤེས་པ་སྤྱན་འདྲེན་གྱི་སྐབས་སྔགས་བཟླ་ཞིང་རོལ་ཆེན་བྱ། སྦྱར་སྤོས་ཀྱིས་བདུགས་ཏེ་བྱིན་ཕབ། དེ་ནས་མདུན་གྱི་གསང་རྟེན་ནམ་མེད་ན་སྐུ་གཟུགས་སྤྱི་བོར་བཞག་ལ། ཧཱུྃ༔ དབང་ཆེན་སྐུ་ནི་མཚོན་བྱེད་པའི༔ སྲིད་པ་གསུམ་གྱི་མེས་པོ་འདིས༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུད༔ དབང་ཕྱུག་སྐུ་ཡི་དབང་བསྐུར་རོ༔ རྩ་སྔགས་ལན་གསུམ་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ རིགས་ཀྱི་བུ་ཁྱོད་ལ་དབང་ཕྱུག་སྐུའི་དབང་འདི་བསྐུར་པས། གཟུགས་སུ་སྣང་བ་ཐམས་ཅད་དབང་དུ་འདུས་ཤིང་སྐུའི་དངོས་གྲུབ་ཐོབ་པ་ཡིན་ནོ། །བྱང་སེམས་ལྕེ་ཐོག་ཏུ་བཞག་ལ། ཨཱ༔ དབང་ཕྱུག་གསུང་ནི་མཚོན་བྱེད་པ༔ བྱང་སེམས་དཀར་དམར་བདུད་རྩི་འདི༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ དབང་ཕྱུག་གསུང་གི་དབང་བསྐུར་རོ༔ རྩ་སྔགས་དང་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ སྔར་བཞིན་ལས་གསུང་གི་དབང་འདི་བསྐུར་པས། སྙན་གྲགས་ཀྱིས་ཀུན་ཏུ་ཁྱབ་སྟེ་ཁྱབ་ཚད་དབང་དུ་འདུས་ཤིང་གསུང་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །མེ་ལོང་དང་ཁ་ཊྭཱཾ་རྩེ་གསུམ་གཏད་ལ། ཧཱུྃ༔ དབང་ཕྱུག་ཐུགས་ནི་མཚོན་བྱེད་པ༔ དངུལ་དཀར་མེ་ལོང་ཁ་ཊྭཱཾ་ག༔ ཕྱག་མཚན་དམ་པ་འདི་གཏད་པས༔ དབང་ཕྱུག་ཐུགས་ཀྱི་དབང་ཐོབ་ཤོག༔ སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ྎཐུགས་ཀྱི་དབང་འདི་བསྐུར་པས། རིག་པས་ཁྱབ་ཚད་དབང་དུ་འདུས་ཤིང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །རྒྱུད་ཀྱི་གླེགས་བམ་གཏད་ལ། ཧོ༔ དབང་ཕྱུག་མཛེས་པའི་གསང་རྒྱུད་འདི༔ ཡོན་ཏན་ཐམས་ཅད་འདི་ལས་བྱུང༔ དབང་ཆེན་མཆོག་གི་དངོས་གྲུབ་མཆོག༔ གསང་བ་རྒྱུད་ཀྱི་དབང་བསྐུར་རོ༔ རྩ་སྔགས་དང་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ྎཡོན་ཏན་གྱི་དབང་འདི་བསྐུར་པས། དབང་ཕྱུག་གི་ཡོན་ཏན་བརྒྱད་སོགས་རྒྱུད་ལ་འབྱོར་ཞིང་ལྷ་ཆེན་ཡོན་ཏན་གྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞགས་པ་གཏད་ལ། ཧོ༔ མྱུར་བྱེད་རླུང་གི་ཞགས་པ་ཡིས༔ ཐམས་ཅད་དབང་དུ་སྡུད་བྱེད་པ༔ ཉི་ཟེར་ཞགས་པ་འདི་གཏད་པས༔ དབང་ཕྱུག་ཕྲིན་ལས་དབང་ཐོབ་ཤོག༔ སྔགས་དང་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ྎཕྲིན་ལས་ཀྱི་དབང་འདི་བསྐུར་པས། སྣང་དང་མི་སྣང་མི་ནོར་ཟས་གསུམ་དབང་དུ་འདུས་ནས་སྣང་སྲིད་གཡོ་འགུལ་ནུས་པ་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ནས་བཟླས་ལུང་སྦྱིན་པ་ནི། བླ་མའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་བ་ཞལ་ནས་ཐོན་པའི་འོད་ཀྱིས་འཁོར་འདས་ཀྱི་ཡོན་ཏན་དང་ནུས་མཐུ་ཐམས་ཅད་བསྡུས། སྔགས་ཕྲེང་དང་འདྲེས་པ་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐའ་སྐོར་དུ་འཁོད་པ་ལ་དམིགས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །བཅོམ་ལྡན་བདག་གིས་གཟུང་སོགས་ཀྱིས་མེ་ཏོག་འབུལ། ཕྲེང་བ་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སོགས་བརྗོད། ལྷ་ཆེན་དབང་ཕྱུག་ཆེན་པོའི་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་སློབ་མ་འདིའི་རྒྱུད་ལ་འབྱོར་བར་གྱུར་ཅིག །ཅེས་བརྗོད། སྔར་བདག་བསྐྱེད་ཡི་དམ་གཞན་ལ་བྱས་ན་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་ཏེ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང་བ་སོགས་སྔར་བཞིན་སྤྲོ་བ་ཡིན་ནོ། །སྐབས་འདིར་གཏོར་དབང་བྱེད་ན། གཏོར་མ་ལྷ་ཆེན་ལྕམ་དྲལ་འཁོར་བཅས་སུ་གསལ་བ་ལ་མོས་གུས་དུང་བྱས་པས་དགྱེས་ཤིང་ཆགས་པའི་བཞད་སྒྲ་དང་བཅས་འུར་འུར་བྱོན་ཏེ་ཁྱོད་རང་གི་སྤྱི་བོར་བཞུགས། དེ་རྣམས་ལ་བླ་མས་བཀའ་བསྒོས་པས་ཕྲིན་ལས་རྣམ་བཞི་སོགས་རང་གི་འདོད་དོན་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་མོས་མཛོད། དེ་ནས་རོལ་མོའི་སྒྲ་དང་སྦྱར་ཏེ། ཧྲཱི༔ དབང་ཆེན་གཏོར་མའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བ་ཡིས༔ སྣང་གྲགས་དབང་དུ་འདུ་བ་དང༔ སྲིད་གསུམ་ཟིལ་གྱིས་གནོན་ནུས་པའི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ ཨཱོྃ་མ་ཧཱ་དེ་བ་ཧཱུྃ༔ དབང་ཕྱུག་ཆེན་པོ་ཧྲིཾ༔ ཨེ་མཉྫུ་ཀུཔྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་ཛ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨཱོྃ་ཨཱཿཧཱུྃ༔ ཞེས་དང་བཀའ་བསྒོ་དྲག་ཏུ་བྱས་པའི་མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་བསམ་མོ། །དེ་ལྟར་དབང་ཆེན་གཏོར་མའི་དབང་བསྐུར་པས༔ སྣང་སྲིད་ཟིལ་གནོན་དབང་ཆེན་སྐུ་ཡི་དབང་ཐོབ་ཤོག༔ སྣང་གྲགས་དབང་འདུས་བཀའ་བཙན་གསུང་གི་དབང་ཐོབ་ཤོག༔ རིག་སྟོང་མཐའ་བྲལ་རྩལ་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ ཡོན་ཏན་རེ་སྐོང་ཕྲིན་ལས་སྣང་སྲིད་གཡོ་འགུལ་ཆེན་པོའི་དབང་ཐོབ་ཤོག༔ ཅེས་སྨོན་ལམ་གདབ་ཅིང་གཏོར་ཟན་ཅུང་ཟད་ཙམ་དངོས་གྲུབ་ཀྱི་དོན་དུ་བྱིན། འདིའི་སྒྲུབ་པ་ལ་བརྩོན་པར་བྱེད་ཅིང་། སྣོད་མིན་ལ་གསང་། སྐལ་ལྡན་རེ་རེ་ཙམ་ལ་སྤེལ་བ་སོགས་དམ་ཚིག་ལ་གནས་པར་བྱའོ། །ཞེས་གདམས། ཁས་བླང་མཎྜལ་ཡོན་འབུལ་སོགས་གཞན་དང་འདྲ། ཚོགས་མཆོད་བྱ། སླར་ཡང་ལས་དང་མཐུན་པའི་ཡོན་འབུལ། རྗེས་མདུན་བསྐྱེད་ལ་གཏང་རག་གི་མཆོད་བསྟོད་དང་བཟོད་གསོལ། གཤེགས་བསྡུ་ཤིས་བརྗོད་སྨོན་ལམ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ།། ༧ །།ཡང་གཏོར་དབང་རྐྱང་པ་བསྐུར་ན། གསོལ་འདེབས་རྒྱུན་བཤགས་ཙམ་སྔོན་དུ་འགྲོ་བས། གཏོར་མ་མདུན་བསྐྱེད་བཞིན་དམིགས་པ་ཕོག །ཡེ་ཤེས་པ་སྤྱན་དྲངས་པ་མཆོད། དེ་ནས་གཏོར་དབང་སྔར་ལྟར་བསྐུར་བས་དགོས་པ་འགྲུབ་བོ།། །།མི་འ༵གྱུར་ཚེ་དཔལ་ཐོགས་མེ༵ད་མཐུ། །སྒྲུབ་བྱེད་མཚོ་སྐྱེས་རྡོ༵་རྗེ༵་ཡི། །ཞལ་ལུང་རྒྱུད་དང་ལས་ཚོགས་སོགས། །མང་པོའི་ནང་ནས་ཉེར་མཁོར་སྤེལ། །ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ལས་འབྲེལ་རྩལ་གྱི་གཏེར་མའི་ལུགས་བཞིན་བརྗོད་པའི་ལེའུ་ཚན་ནོ།། །།
སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྩ་བའི་དབང་བསྐུར་རྒྱས་པ་བདེ་ཆེན་བུམ་བཟང་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་མཆོག་གི་སྣང་བ་ (Volume 11, Text 66)
༄༅། །སྐུ་གསུམ་རིགས་འདུས་ཟབ་ཏིག་ལས། རྩ་བའི་དབང་བསྐུར་རྒྱས་པ་བདེ་ཆེན་བུམ་བཟང་བཀླག་ཆོག་ཏུ་བཀོད་པ་ངོ་མཚར་མཆོག་གི་སྣང་བ་ཞེས་བྱ་བ་བཞུགས་སོ། ། རིགས་ལྔ་ཧེ་རུ་ཀ་ཡི་ཁྱབ་བདག་ཆེ། །སྐུ་གསུམ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །རིག་འཛིན་བླ་མའི་སྐུར་བཞེངས་གཏེར་ཆེན་རྗེས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །མཆོག་གི་རྡོ་རྗེ་བཞི་ཡི་ཡེ་ཤེས་དབྱིངས། །མངོན་སུམ་ལམ་བྱེད་ཐབས་ཚུལ་ཀུན་གྱི་ཕུལ། །རྡོ་རྗེའི་དབང་གི་རིམ་པ་ཟབ་མོའི་ལམ། །ཅུང་ཟད་དབྱེ་ལ་གནང་སྩོལ་བྱིན་གྱིས་རློབས། །འདིར་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་ཟབ་གཏེར་ཐུགས་སྒྲུབ་རྣམ་བཞིའི་དགོངས་བཅུད་གཅིག་དྲིལ། སྐྱེ་འཆི་བར་དོའི་ཉམས་ལེན་སྙིང་པོ་ཀུན་ཚང་། སྐུ་གསུམ་རིགས་འདུས་ཟབ་ཏིག་གི་སྨིན་ལམ་དབང་གི་ཆོ་ག་ཞིབ་རྒྱས་སུ་དབྱེ་བ་ལ་གཉིས། སྒྲུབ་གཞི་དཀྱིལ་འཁོར་འདུ་བྱ་བ་དང་། །བསྒྲུབ་ཆོས་དབང་གི་རིམ་པ་དངོས་སོ། །དང་པོ་ནི། གཞུང་ལས། དེ་ལ་ཐོག་མར་རྩ་བའི་དབང༔ རྒྱས་པར་བསྐུར་བའི་རིམ་པ་ནི༔ དབེན་པའི་གནས་སུ་སྟེགས་བུའི་དབུས༔ དཀྱིལ་འཁོར་མཚན་ཉིད་རྫོགས་པ་དང༔ དབང་རྫས་མཆོད་ཚོགས་འདུ་བྱས་ལ༔ ཞེས་གསུངས་པ་ལྟར། རྗེ་གཏེར་ཆེན་བླ་མའི་དུས་ཆེན་དང་ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་དགེ་བར། གནས་ཁང་གི་ཕུག་ལོགས་སུ་གཞུང་མཐུན་ཞིང་བཀོད་ཀྱི་བྲིས་ཐང་སོགས་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་ཡངས་པར་རྡུལ་མཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་མཛེས་ཚོན་ཅན་གྱི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོ་ཅན་གྱི་མདུན་དུ་རྡོར་དྲིལ་བསྣོལ་མ། གཡས་སུ་དབུ་རྒྱན། རྒྱབ་ཏུ་རྡོ་རྗེ། གཡོན་དུ་དྲིལ་བུ་དང་། ཡང་རྡོར་དྲིལ་དང་མངའ་གསོལ་ཆས། གཞུང་མཐུན་ལྷ་ཙཀ་རྣམས་དང་། སྔགས་ཕྲེང་། མེ་ལོང་། གསང་ཐོད། རིག་ཙཀ །ཤེལ་རྡོ། བར་དོ་དྲུག་གི་ངོ་སྤྲོད་ཀྱི་ཆས་ལ། མེ་ལོང་དང་པདྨའི་མྱུ་གུའི་སྐུའམ་ཞི་ཁྲོའི་ལྷ་ཙཀ་གཅིག་བསྡུས། མར་མེ་གསལ་བ། ཐིག་ལེ་དམར་པོ་ཧྲཱིཿས་མཚན་པ། ཨ་ཡིག་དཀར་པོ། འཇའ་ཤེལ། རྡོར་སེམས་ལྟ་བུའི་སྐུ་དང་དེའི་སྔགས་བྱང་ཕྱག་མཚན་གྱི་ཙཀ་ལི་རྣམས་དང་། ཚེ་མདའ་ཚེ་འབྲང་། ཚེ་རིལ་ཆང་། ཆོས་སྲུང་གི་གཏོར་སྤུངས་བཅས་དང་། ཆོས་འབྱུང་བསྣོལ་མའི་སྟེང་དཔལ་གཏོར་རྒྱན་སྤྲོས་དར་གདུགས་ཅན་དང་། སྨན་རཀ །ཉེར་སྤྱོད། མིག་དར། མེ་ཏོག །ཚོགས་ཀྱི་མཆོད་པ། ཆད་བརྟན། དཀར་བགེགས་སོགས་འདུ་བྱའོ། །གཉིས་པ་ལ། ཆོ་གའི་གཞུང་བསྲང་བ་དང་། དབང་གི་ལས་རིམ་དངོས་སོ། །དང་པོ་ནི། བདག་མདུན་དབྱེར་མེད་བསྐྱེད་ཅིང་བཟླ༔ ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར༔ སློབ་དཔོན་བདག་ཉིད་འཇུག་པ་དང༔ སློབ་མ་འཇུག་པར་གནང་བ་ནོད༔ ཅེས་གསུངས་པས་ལས་བྱང་གི་བརྒྱུད་འདེབས་ནས་བརྩམ། དངོས་གཞི་བདག་མདུན་དབྱེར་མེད་དུ་བསྐྱེད་དེ། བཟླས་པའི་དབུར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཕཊ་ཛཿས་ཛཔ྄་ཁང་ཕྱེས་ལ་བསྙེན་སྒྲུབ་ཆིག་དྲིལ་གྱི་བཟླས་པ་གྲུབ་པ་དང་། རྣམ་བུམ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་དབུས༔ སྐུ་གསུམ་རིགས་འདུས་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ ཞེས་ཅི་ནུས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། ལས་བུམ་ནང་དུ་པད་ཉིའི་སྟེང༔ ཧྲཱིཿལས་དབང་ཆེན་རྟ་མགྲིན་རྒྱལ༔ དམར་ནག་ཐོད་དབྱུག་མེ་ཞགས་འཛིན༔ ཁྲོ་བོའི་ཆས་རྫོགས་མེ་དབུས་རོལ༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩིའི་རྒྱུན་བྱུང་བུམ་པ་གང༔ དག་བྱེད་རྡོ་རྗེའི་བདུད་རྩིར་གྱུར༔ ཅེས་མོས་ལ། ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་ཆེན་པོས་བགེགས་ཟློག་ཅིང་ལས་ཐམས་ཅད་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། ཚེ་འབྲང་དང་ཚེ་རིལ་ཆང་ལ་དམིགས་ཏེ། བདག་མདུན་སྐུ་གསུམ་རིགས་འདུས་རྒྱལ་སྲས་པདྨའི་མྱུ་གུའི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་ལྟར་སྤྲོས་པས་བདག་དང་བསྲུང་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། རང་རྣལ་འབྱོར་མར་གསལ་བའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་བཅུད་ལེན་དུ་གྱུར། ཅེས་ཏིང་འཛིན་རྩེ་གཅིག་ཏུ་བཞག་སྟེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ཞེས་ཚེ་ཛཔ྄་ཅི་ནུས་བཟླ། མདའ་དར་གཡབ་ལ། ཧྲཱི༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཨོ་རྒྱན་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚོགས་རྣམས་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ འབྱུང་ལྔའི་དྭངས་མ་ཡེ་ཤེས་འོད་ལྔར་སྡུས༔ སྲིད་ཞིའི་དྭངས་བཅུད་སྙིང་དབུས་ཐིག་ལེར་སྟིམས༔ མི་འགྱུར་འགག་མེད་མི་ཤིགས་རྡོ་རྗེའི་ཚེ༔ འཆི་མེད་རྟག་པ་དོན་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་། ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ་དང་དཔལ༔ བསྡུས་པས་སྙིང་དབུས་མི་ཤིགས་ཐིག་ལེར་ཐིམ༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ ཅིས་ཀྱང་མི་ཕྱེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ བཛྲ་ཨཱ་ཡུ་ཥེ་རཀྵ་ཨ་ཨ༔ ཞེས་རྒྱས་གདབ་བཅས་གྲུབ་པ་དང་། བཀའ་གཏེར་སྲུང་མ་སྤྱི་སྒོས་ཀྱི་གསོལ་བསྐང་རྒྱས་བསྡུས་ཅི་རིགས་བྱས་མཐར། རིག་འཛིན་བླ་མ་སྐུ་གསུམ་རིགས་འདུས་ཀྱི་ཐུགས་ཀའི་འོད་ཟེར་གྱི་ཕྲེང་བས་མདུན་བསྐྱེད་མགྲོན་ཐབས་སུ་བཞུགས་པའི་བཀའ་གཏེར་སྲུང་མ་ལྕམ་དྲལ་རྣམས་ཀྱི་ཐུགས་ཀར་ཉི་མར་རང་སྲོག་ས་བོན་གྱིས་མཚན་པ་ལ་རེག་པས་སྔོན་གྱི་དམ་བཅའ་དྲན་པས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོག་མེད་དུ་སྒྲུབ་པར་བསམ་ལ། ཤཱ་ས་ན་ཅུང་ཟད་བཟླ། དབྱངས་གསལ་རྟེན་སྙིང་། མཆོད་བསྟོད་ཡིག་བརྒྱའི་མཐར། ཚོགས་ཀྱི་འཁོར་ལོའི་དགྱེས་པ་བསྐྱེད་ལ། དབང་བཞི་སྙིང་པོའི་ཚུལ་གྱིས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་ཉམས་ཆག་བསྐང་ཞིང་ནུས་པ་གསོས་ལ་སློབ་མ་འཇུག་པར་གནང་བ་ཞུས་པས་དགྱེས་བཞིན་བསྩལ་བར་བསམ་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབས། བསྡུ་ན་ཐུགས་སྒྲུབ་སྤྱི་ལྟར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སྭཱ་བྷཱ་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཤིན་ཏུ་རྣམ་པར་དག་པ་ཡི༔ ཡེ་ཤེས་རིག་རྩལ་འཆང་བའི་ལྷ༔ གདོད་ནས་རང་དང་ལྷན་གཅིག་སྐྱེས༔ རྡོ་རྗེ་བཞི་ཡི་དབྱིངས་སུ་རྫོགས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བྱང་ཆུབ་སེམས་སུ་རོ་གཅིག་པའི༔ དབང་བསྐུར་བྱིན་རླབས་རྨད་པོ་ཆེ༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ་སཏྭཾ་ཧོ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ཛཿཧཱུྃ་བཾ་ཧོ༔ ཞེས་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་དམ་ཡེ་དབྱེར་མེད་དུ་བྱ། གཉིས་པ་དབང་གི་ལས་རིམ་དངོས་ལ། རྩ་བ་དང་ཡན་ལག་གི་དབང་བསྐུར་གཉིས། དང་པོ་ལའང་སྔོན་འགྲོ་འཇུག་པའི་ཆོས་དང་། དབང་གི་རིམ་པ་དངོས་སོ། །དང་པོ་ལ་ཕྱི་ནང་གི་འཇུག་པ་གཉིས་ལས། ཐོག་མར་ཕྱི་འཇུག་ནི། སྣོད་དུ་འོས་པའི་སློབ་མ་སྒོ་དྲུང་དུ་བོས་ལ་ཁྲུས་ནས་དབྱུང་། ནང་དུ་འཇུག་པས་སྟན་ལ་འཁོད་པ་དང་བགེགས་ལ་གཏོར་མ་བཏང་ཞིང་བཀའ་སྒོས་ཏེ་ཐུན་གྱི་གཟིར་ལ་བསྐྲད། སླར་མི་འཇུག་པའི་ཕྱིར་སྲུང་བའི་འཁོར་ལོའི་ཕྱོགས་བཅིངས་ཏེ། སློབ་དཔོན་གྱིས་ཀུན་སློང་དང་ཀུན་སྤྱོད་གསལ་བཏབ་ཅིང་། སྐབས་དང་འབྲེལ་བའི་ཆོས་བཤད་ཇི་ལྟར་རིགས་པ་དང་བཅས། དེ་ལ་འདིར་བསྒྲུབ་བྱའི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་མཆོག་གི་གོ་འཕང་ཀྱང་མོས་པ་ཙམ་གྱིས་མངོན་དུ་བྱེད་ནུས་ན་ལས་དང་དངོས་གྲུབ་གཞན་འགྲུབ་པ་ནི་ཚེགས་མེད་པ་ཟབ་ལམ་གྱི་མཐར་ཐུག་བླ་མའི་ཐུགས་སྒྲུབ་ཟབ་མོ་ཏེ། དེ་ཡང་བསྒྲུབ་བྱ་དང་། སྒྲུབ་བྱེད་རྩ་བ་ཡན་ལག་རྒྱས་བསྡུས་སོགས་ཀྱིས་དབྱེ་བས་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་མཚོན་དུ་མ་བཞུགས་པ་ལས། སྐབས་སུ་བབས་པ་སྒྲུབ་བྱེད་སྐུ་གསུམ་རིགས་འདུས་ཟབ་ཏིག་སྟེ་རྡོ་རྗེའི་གསང་བ་ཆེན་པོའི་ཟབ་ལམ་འདི་ཉིད་ཀྱི་འཕྲོ་གཞི་ནི་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རིག་འཛིན་རྩལ་འཆང་རྣམ་གསུམ་ལ་བཀའ་བབ་བརྙེས་པའི་ཕྱི་ནང་གསང་བ་ཡང་གསང་གི་དབྱེ་བས། ཐུགས་སྒྲུབ་ཆེན་པོ་རྣམ་པ་བཞིའི་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་པའི་ཟབ་གནད་གཅིག་ཏུ་དྲིལ་བའི་བྱ་སླ་ཁྱེར་བདེ་ཚིག་ཉུང་དོན་ཟབ་འདས་རྗེས་ཐོག་བབ་ཏུ་དགོངས་ཀློང་ལས་བརྡོལ་པའི་ཚུལ། བླ་སྒྲུབ་རྩ་བའི་གཞུང་ལས། བླ་མའི་ཐུགས་སྒྲུབ་ཐམས་ཅད་ཀྱི༔ མཐར་ཐུག་སྙིང་པོའི་སྐོར་བཞི་སྟེ༔ དེ་རྣམས་ཀུན་གྱི་ཡང་སྙིང་བཅུད༔ ཟབ་མོའི་སྒྲུབ་པ་འདི་ཁོ་ན༔ ཞེས་གསུངས་ཤིང་བསྒྲུབ་བྱ་གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ཨོ་རྒྱན་མཆོག་གྱུར་གླིང་པ་སྟེ། རྗེ་འདིའི་སྤྲུལ་གཞི་ནི་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་དུ་གྲགས་པའི་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱི་ལྷ་སྲས་བར་པ་དམ་འཛིན་མུ་རུབ་བཙན་པོ་ཞེས་གྲགས་པ་སྟེ། སློབ་དཔོན་སངས་རྒྱས་གཉིས་པའི་ཐུགས་ཟིན་གྱི་སློབ་མའི་མཆོག་ཏུ་གྱུར་པས་མཚན་དགེ་བསྙེན་སེང་གེ་བཟང་པོར་གསོལ། སྐྱེས་སྦྱང་གི་ཡོན་ཏན་ཕུལ་དུ་སོན་པས་ལྷ་སྲས་ལོ་ཙཱ་བ་ཞེས་གྲགས། བླ་མ་དགོངས་འདུས་གསེར་ཆོས་ཆེན་པོའི་དབང་གི་སྣོད་ལྡན་དུ་བསྔགས་པའི་གསང་མཚན་ཡེ་ཤེས་རོལ་པ་རྩལ་དུ་གསོལ་ཞིང་། ཆོས་དེའི་བདག་པོ་སྟོན་པ་རྡོ་རྗེ་རྒྱལ་པོར་མངའ་གསོལ། ཁྱད་པར་མདོ་ཁམས་སྨད་དུ་ཨོ་རྒྱན་རྗེ་འབངས་དང་བཅས་པ་འགག་མེད་རྫུ་འཕྲུལ་གྱི་རོལ་པས་བྱོན་ཏེ་རྡོ་རྗེའི་གནས་ཆེན་ཉེར་ལྔ་ལ་སོགས་པ་ན་ཐུགས་དམ་ཟབ་པ་སྐོར་བདུན། བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བླ་རྫོགས་ཐུགས་གསུམ། དགོངས་འདུས་སྙིང་པོ་ལྔ། སྒྲུབ་པ་བཀའ་བརྒྱད་ཀྱིས་མཚོན་པའི་ཐབས་ཆེན་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར་བའི་ཚེ་ཉེ་བའི་ཐུགས་སྲས་ཀྱི་གཙོ་བོ་ཐུན་མོང་མ་ཡིན་པར་གྱུར་པས་མཚོན་བླ་སློབ་དགོངས་པ་གཅིག་ཏུ་གྱུར་ནས་སྐུ་ཚེ་དེ་ཉིད་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ཀྱང་། བོད་ཡུལ་ཕྱི་མའི་གདུལ་བྱ་ལ་དགོངས་པས་གཏེར་ཆེན་སངས་རྒྱས་གླིང་པ་དང་ཞིག་གླིང་འོད་གསལ་སྒྱུ་མ་ལ་སོགས་པའི་ཟབ་གཏེར་གྱི་བཀའ་བབ་ཆེན་པོ་རྣམས་དང་། གསང་བདག་རྡོ་རྗེ་ཆོས་དང་། ལས་ཅན་རྒྱལ་པོ་ཛཿ ས་སྐྱོང་བུདྡྷའི་མཚན་ཅན་སོགས་མཁས་གྲུབ་སྐྱེས་ཆེན་དུ་མའི་མཚན་དང་སྐུ་ཡི་བཀོད་པ་དུས་གསུམ་ཀུན་ཏུ་སྟོན་པས་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་སྐྱེས་ཆེན། རྡོ་རྗེའི་བླ་མ་པདྨ་སམྦྷ་ཝའི་རྒྱལ་ཚབ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་མཚན་གྱི་དྲིལ་ཆེན་པོ་སངས་རྒྱས་པདྨའི་ཞབས་ཀྱིས་ཡོངས་སུ་བསྒྲགས་པའང་། སྙིགས་དུས་ཀྱི་གདུལ་བྱའི་བགོ་སྐལ་གྱི་སྐུ་ཚེ་དེའི་མཛད་པ་རྫོགས་ནས་གཟུགས་སྐུ་དབྱིངས་སུ་སྡུད་པའི་སྐབས། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཇམས་དབྱངས་མཁྱེན་བརྩེའི་དབང་པོའི་དག་ཆེན་ཡེ་ཤེས་ཀྱི་གཟིགས་སྣང་དུ་ནུབ་ཕྱོགས་བདེ་ཆེན་ཞིང་གི་བྱེ་བྲག །པདྨས་ཡོངས་སུ་ཁེབས་པའི་ཞིང་གི་སྟོན་པ་རྒྱལ་སྲས་པདྨའི་མྱུ་གུ་ཞེས་པར་མངོན་བྱང་རྣམ་པ་ལྔས་སངས་རྒྱས་པའི་ཚུལ་བསྟན་ནས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱངས་པའི་ཕྱིར་སྐུ་དང་མཚན་གྱི་བཀོད་པས་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་བཀོད་པ་སྟོན་པར་མཛད་དེ། འདས་རྗེས་རང་བྱུང་དགོངས་པ་ཟང་ཐལ་གྱི་ཐུགས་ཏིག་ཞལ་ཆེམས་ཀྱི་ཚུལ་དུ་སྐུ་གསུམ་རིགས་འདུས་སྙིང་ཏིག་འདི་ཉིད་བསྩལ་པ་སྟེ་གཏེར་གཞུང་རྩ་བ་ལས། དད་དང་ངེས་ཤེས་རྩེ་གཅིག་པས༔ འདི་ཉིད་ཚུལ་བཞིན་ཉམས་བླངས་ན༔ ཕྱི་ནང་གསང་བའི་བར་ཆད་ཞི༔ བསམ་པ་ཐམས་ཅད་ལྷུན་གྱིས་འགྲུབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ལྟ་སྒོམ་གདེངས་ཐོབ་རྩལ་ཆེན་རྫོགས༔ སྐུ་གསུམ་རིགས་འདུས་བླ་མ་དང༔ ནམ་ཡང་འབྲལ་མེད་བྱིན་གྱིས་རློབས༔ དེ་ཕྱིར་ཟབ་རྒྱ་ཀུན་གྱི་བཅུད༔ སྙིང་གི་ཐིག་ལེར་གཅེས་པར་ཟུངས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ རང་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་གསུངས་པ་ལྟར་རིག་འཛིན་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས། ལྕགས་རྟ་མགོ་ཟླ་བའི་ཚེས་བཅོ་ལྔར་དག་པའི་སྣང་བར་ཞིང་ཁམས་ཆེན་པོ་པདྨས་ཁེབས་པར་གཏེར་ཆེན་མཆོག་གྱུར་གླིང་པ་དང་དབྱེར་མེད་པའི་སེམས་དཔའ་པདྨའི་མྱུ་གུ་ལས་སྒྲུབ་ཐབས་དབང་བསྐུར་བར་དོ་དྲུག་ཁྲིད་ཀྱི་རིམ་པ་བཅས་ཞལ་གྱི་གདམས་པའི་བདུད་རྩི་དངོས་སུ་གསན། ཟླ་བ་གཅིག་ཏུ་གསང་བའི་དམ་ཚིག་གི་རྒྱས་བཏབ།རྒྱལ་ཟླ་བའི་ཚེས་བཅུར་ཚོགས་ཀྱི་མཆོད་པ་དང་རྗེས་སུ་འབྲེལ་བར་གཏན་ལ་ཕབ་པའི་ཡི་གེའི་འདུ་བྱེད་པ་ཀུན་མཁྱེན་བླ་མ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་མཛད་པའི་ཚེ། ས་གཞིའི་ཁྱོན་ལ་དྲོད་གློ་བུར་དུ་བབས་པས་འཁྱགས་པ་རྣམས་ཆུ་བོའི་རྒྱུན་དུ་གྱུར་པའི་དགེ་མཚན་ཀྱང་ཀུན་གྱི་དབང་པོའི་མངོན་སུམ་དུ་གྱུར་པ་དང་བཅས་སྨིན་གྲོལ་གྱི་ཆོས་སྒོ་ཐོག་མར་ཕྱེས་ཤིང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དང་བཅས་ཏེ་གཏན་ལ་ཕབ། རིམ་གྱིས་སྐལ་ལྡན་ཡོངས་ལ་སྤེལ་བར་མཛད་པའི་ཟབ་ལམ་རྨད་དུ་བྱུང་བའི་དབང་གི་ཆོ་གས་སྨིན་པར་བྱེད་པ་ལ་རྒྱས་བསྡུས་གཉིས་སུ་བཞུགས་པ་ལས། སྔ་མ་སྨིན་བྱེད་རྩ་བའི་དབང་བཞི་རྒྱས་པར་བསྐུར་བ་ལ། སྔོན་འགྲོ་འཇུག་པའི་ཆོས་དང་། དངོས་གཞི་དབང་གི་རིམ་པ་གཉིས་ལས། ཐོག་མར་ཕྱི་ནང་གི་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། དཀྱིལ་འཁོར་དུ་འཇུག་པ་ལ་ཐོག་མར་ཆས་སུ་འཇུག་པ་ནི། མ་རིག་པའི་སྒྲིབ་གཡོགས་ཀྱིས་སྐུ་གསུམ་བླ་མ་འདུས་པའི་རིག་པ་ཡེ་ཤེས་ཀྱི་མཐོང་བ་བསྒྲིབས་པ་མཚོན་པའི་ཕྱིར་མིག་དར་འཆིང་བར་ཞུ། ཨོཾ་ཨཱཿཧཱུྃ་ཞེས་མིག་དར་འཆིང་། རང་རིག་བླ་མའི་དགོངས་པ་ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་མཇལ་བའི་ཕྱག་རྟེན་དུ་དཔའ་བོ་འབྲུ་ལྔ་ལས་སྐྱེས་པའི་མེ་ཏོག་ཕྱག་ཏུ་ཐོག་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ་པུཥྤེ་བཛྲ་ས་མ་ཡ་སཏྭཾ་ཞེས་མེ་ཏོག་སྦྱིན། བླ་མ་སྐུ་གསུམ་རིག་འདུས་ཁྱབ་བདག་བླ་མ་བདེ་བ་ཆེན་པོ་དངོས་སུ་མོས་པས་ཕྱག་ཐལ་མོ་མེ་ཏོག་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ རིགས་འདུས་བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྨིན་གྲོལ་དབང་མཆོག་ཟབ་མོ་དོན་གཉེར་ན༔ ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་དུ་གསོལ༔ རྩ་གསུམ་དཀྱིལ་འཁོར་རབ་འབྱམས་ཀྱི་སྤྲོ་བསྡུའི་བྱེད་པོ་ནི་རིག་འཛིན་བླ་མ་སྟེ། དེ་ཡི་གསང་གསུམ་རྡོ་རྗེ་བཞིའི་དབྱིངས་སུ་འཇུག་པ་ནི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ལམ་མཆོག་མངོན་དུ་གྱུར་པའི་སྐལ་པ་མཆོག་དང་ལྡན་པས་ཤིན་ཏུ་ལེགས་ཀྱང་། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་འབའ་ཞིག་ལ་རག་ལས་པའི་ཕྱིར་ཁེ་ཉེན་ཤིན་ཏུ་ཆེ་བར་ཤེས་པས་ཐུན་མོང་ཁྱད་པར་གྱི་སྡོམ་པ་རྒྱ་མཚོ་མཐའ་ཡས་པའི་སྲུང་མཚམས་ལས་མི་འདའ་བར་སྲུང་བར་ཁས་ལེན་ནུས་པ་ན་ཡེ་ཤེས་མཆོག་གིས་རྒྱུད་སྨིན་པར་བྱའོ་ཞེས་གནང་བ་སྦྱིན་པ་འདི་སྙན་གཏོད་འཚལ། ཧོ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ ཞུགས་པ་ལེགས་ཀྱང་དམ་ཚིག་སྲུང་དཀའ་བས༔ ཐུན་མོང་ཁྱད་པར་བསླབ་ལས་མི་འདའ་ན༔ ཡེ་ཤེས་མཆོག་གི་དབང་བསྐུར་སྦྱིན་པར་བྱ༔ ཞེས་བསྐུལ་བས་གུས་ཤིང་སྤྲོ་བའི་ཡིད་ཀྱིས་སླར་ཡང་ནན་ཏན་དུ་གསོལ་བ་གདབ་པ་འདིས་རྗེས་ཟློས་མཛོད། བླ་མས་གནང་བའི་དམ་ཚིག་སྲོག་བཞིན་བསྲུང༔ མཐའ་ཡས་འགྲོ་བ་ཀུན་གྱི་དོན་བགྱིད་ཕྱིར༔ རིགས་འདུས་རྣལ་འབྱོར་རྩེ་གཅིག་སྒྲུབ་ལགས་ན༔ ཐུགས་རྗེས་དགོངས་ཏེ་ངེས་པར་གནང་དུ་གསོལ༔ ཞེས་ཞུས་པས། སློབ་དཔོན་གྱི་མཁྱེན་བརྩེའི་ཡེ་ཤེས་ཀྱི་གཟིགས་པས་སྣོད་དུ་རུང་བར་མཁྱེན་ནས་ཐེག་མཆོག་རྒྱལ་པོ་གསང་བ་བླ་ན་མེད་པའི་སྣོད་རུང་དབང་པོ་རབ་ཏུ་གྱུར་ཀྱང་། སྲིད་པའི་གཡང་ས་ལས་སྒྲོལ་བའི་ཆོས་ཀྱི་གཞི་ངེས་འབྱུང་གི་བློ་དང་། ཞི་བའི་མཐའ་འགོག་པའི་ལམ་གྱི་གཞུང་ཤིང་ལྷག་པའི་གཞན་ཕན་གྱི་བསམ་པ་ཐབས་ཤེས་གཉིས་དང་ལྡན་པས་གསག་སྦྱང་གི་སྒོ་དུ་མས་རྒྱུད་དག་པའི་ཕྱིར་ཐུན་མོང་གི་འཇུག་སྒོ་ལ་བརྩོན་པར་བསྐུལ་བ་ནི། དེ་ལྟར་ཡིན་ན་རིགས་འདུས་བླ་མ་ཡི༔ དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་པར་བྱ༔ ངེས་འབྱུང་ལྷག་པའི་བསམ་པ་རྩེ་གཅིག་པས༔ རང་རྒྱུད་དག་པའི་ཐབས་ལ་འཇུག་པར་འཚལ༔ ཞེས་གདམས། དེ་ཡང་ཐེག་པ་མཐའ་དག་གི་དང་པོའི་འཇུག་སྒོ་ནི་སྐྱབས་སུ་འགྲོ་བ་སྟེ། རྒྱུ་དྭངས་འདོད་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ་བའི་ཡུལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀུན་ཀྱང་རིགས་འདུས་དཔལ་ལྡན་བླ་མའི་ཡེ་ཤེས་ལས་གཞན་དུ་མ་དམིགས་པས། ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོའི་ཁྱབ་བདག་གཅིག་ཆོག་ནོར་བུ་ལུགས་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་བདག་གཞན་ཡིད་ཅན་རྒྱ་མཚོ་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་སྐྱབས་སུ་འགྲོ་སྙམས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ ངོ་བོ་ཆོས་སྐུ་སོགས། མཁའ་ཁྱབ་ཀྱི་ཡིད་ཅན་རྒྱ་མཚོ་རིགས་འདུས་བླ་མ་བདེ་བ་ཆེན་པོའི་གོ་འཕང་ལ་འགོད་པའི་ཕྱིར་ཐུན་མོང་ཁྱད་པར་བླ་མེད་ཀྱི་ལམ་ལ་འཇུག་སྟེ་གདུལ་དཀའ་འདུལ་ཞིང་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་གདུང་འཚོབ་པས་བླ་མའི་རྣམ་ཐར་རྒྱ་མཚོའི་རྫོགས་སྨིན་སྦྱང་བའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་སྙམས་པས་བདེན་གཉིས་ཟུང་འཇུག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ མ་གྱུར་མཁའ་མཉམ་སོགས། ཚོགས་ཀྱི་ཞིང་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་ནི་རིགས་འདུས་བླ་མ་རུ་ཤེས་པའི་ཡིད་ཀྱིས་གསག་སྦྱངས་ཡན་ལག་བདུན་པའི་དམིགས་པ་རྣམས་ཚིག་རྗེས་སུ་དོན་དྲན་བཞིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ སྐུ་གསུམ་རིགས་འདུས་སོགས། དེ་ཡང་སྤྱིར་དབང་ཞེས་བྱ་བ་ནི་རྡོ་རྗེ་ཐེག་པ་གསང་བ་སྔགས་ཀྱི་སྡོམ་པ་ནོད་པ་སྟེ་ཐབས་ཤེས་ཀྱི་འཇུག་པས་ཁྱད་པར་བྱས་པ་ལས་དོན་དུ་སྡོམ་པ་གསུམ་ཀ་རྒྱུད་དག་གྲོལ་དུ་བྱེད་པ་གནད་དོན་གཅིག་པས་རིགས་འདུས་བླ་མ་སྐུ་གསུམ་རྒྱལ་བའི་ཞི་ཁྲོའི་དཀྱིལ་འཁོར་ལྷུན་རྫོགས་ཆེན་པོའི་སྤྱན་སྔར། མཁའ་ཁྱབ་ཀྱི་གདུལ་བྱ་ཉེས་སྤྱོད་ཀྱི་གཡང་ལས་སྐྱོབ་ཅིང་གཏན་བདེའི་གནས་སུ་འགོད་པའི་སླད་དུ་ངེས་འབྱུང་དང་གཞན་ཕན། དག་མཉམ་ཆེན་པོའི་ལྟ་སྤྱོད་ཟུང་འཇུག་གི་སྒོ་ནས་སྤྱི་དང་ཁྱད་པར་ལྷག་པའི་རྩ་བ་ཡན་ལག་གི་དམ་ཚིག་རྡོ་རྗེའི་བརྟུལ་ཞུགས་བཟུང་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ རིགས་འདུས་བླ་མའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་སྙིང་པོའི་བར༔ མཁའ་མཉམ་འགྲོ་ཀུན་ཡོངས་སུ་སྒྲོལ་བའི་ཕྱིར༔ རྩ་གསུམ་རབ་འབྱམས་སྐྱབས་ཀྱི་མཆོག་ཏུ་བཟུང༔ ལུས་ངག་ཡིད་གསུམ་གཞན་གནོད་གཞིར་བཅས་སྤང༔ གཞན་ཕན་སྨོན་འཇུག་བྱང་ཆུབ་སེམས་གཉིས་བསྐྱེད༔ མཉམ་པ་ཆེན་པོའི་ཐབས་ཀྱིས་ལམ་བསྒྲུབ་པའི༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་གཏང་བཟུང་ལགས་ན༔ རྡོ་རྗེ་རྒྱལ་པོས་བརྩེ་བས་ཉེར་དགོངས་ཏེ༔ བདག་རྒྱུད་ཡོངས་སུ་སྨིན་ཅིང་གྲོལ་མཛད་གསོལ༔ བླ་མེད་ཐེག་པ་ཆེན་པོ་གསང་སྔགས་ལམ་གྱི་མཐར་ཐུག་གི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་དག་སྐྱེས་བརྟན་གོང་འཕེལ་དུ་གྱུར་པས་རྡོ་རྗེ་བཞི་ཡི་ལམ་ཐམས་ཅད་མཐར་ཕྱིན་དགོས་པས་ན། ཐོག་མར་ཁྱེད་རྣམས་ཀྱི་སྙིང་གར་ངོ་བོ་ལམ་བྱེད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན། རྣམ་པ་ལམ་བྱེད་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་བྷོ་དྷི་ཙིཏྟ་ཨ༔ དེ་ནས་བྱིན་རླབས་ལམ་དུ་བྱ་བའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་ཅིང་སྔགས་འདི་བརྗོད་པས་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་བརྟན་གོང་འཕེལ་དུ་བྱས་པར་མོས་མཛོད། ཨོཾ་བྷོ་དྷི་ཙིཏྟ་ས་མ་ཡ་སཏྭཾ༔ དེ་དག་གིས་དཀྱིལ་འཁོར་ཕྱི་འཇུག་གི་རིམ་པས་རྒྱུད་དག་ཅིང་སྣོད་རུང་དུ་བྱས་ནས། གཉིས་པ་ནང་འཇུག་ལ་རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་འཇུག་པའི་ཐོག་མར། ཁྱབ་བདག་རིགས་འདུས་བླ་མའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ཤག་གིས་བྱེ་བར་མོས་མཛོད། ཛཿཧཱུྃ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ༔ རིགས་འདུས་བླ་མ་དགྱེས་པའི་བྱིན་རླབས་ཀྱི་ཟེར་ཕོག་པས་རང་སྣང་ཡེ་ཤེས་ཀྱི་སྣང་བ་རྒྱུད་ལ་ལྷག་གེར་ཤར་བ་མཚོན་པའི་བརྡར་གཞལ་ཡས་ཁང་གི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་འཁོད་པར་མོས། ས་མ་ཡ་སཏྭཾ༔ དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཚད་མེད་བཞིའི་ཏིང་འཛིན་མཐར་ཕྱིན་པ་ལས་འབྱུང་བས་ན། ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོའི་ཤར་སྒོ་ནས་གཡས་སྐོར་གྱིས་སྒོ་བཞིར་འཇུག་པས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་བྱ་བར་མོ་ལ་ཐལ་མོས་གནས་གསུམ་དུ་སྦྱོར་བས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ༔ ཨོཾ་ན་མ་མི་ཧཱུྃ༔ ཨོཾ་ན་མོ་ན་མ་ཧཱུྃ༔ ལན་བཞི་བརྗོད། སླར་ཡང་དཀྱིལ་འཁོར་གྱི་ཤར་སྒོར་སྔར་གྱི་དབང་སྟེགས་ཀྱི་སྟེང་དུ་འཁོད་པ་ལ། ནང་འཇུག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་སྦྱོར་བ་རྡོ་རྗེའི་ཆུ་ནན་སྦྱིན་པ་ནི། ཀུན་བཟང་རྡོ་རྗེ་སེམས་དཔའ་རིགས་འདུས་བླ་མའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་འདི་ཉིད་ལྕེ་ཐོག་བཞག་པས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་གཅིག་ཏུ་འདྲེས་ཏེ། དམ་ལས་འདས་ན་རང་གཤེད་དུ་དབབ་ཅིང་ཚུལ་བཞིན་བསྲུངས་པས་དངོས་གྲུབ་ཆེན་པོ་མཐོང་བའི་ཆོས་ལ་ཐོབ་པའི་ཁེ་ཉེན་ཤེས་པས་དཔང་པོའི་ཚུལ་དུ་རོལ་མཛོད། ནང་མཆོད་ཀྱི་ཆུ་ནན་སྦྱིན་ལ། ཧཱུྃ༔ འདའ་དཀའ་རྡོ་རྗེ་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་མ་བསྲུང་སྲོག་གི་གཤེད་དུ་འབེབ༔ བསྲུངས་ན་ཡེ་ཤེས་དངོས་གྲུབ་ཚེ་འདིར་ཐོབ༔ དེ་བས་དམ་སྲུངས་བདུད་རྩིའི་ཆུ་ཐུངས་ཤིག༔ ས་མ་ཡ་ཨུ་ད་ཀ་བཛྲ་ཨ་མྲིཏ་ཧཱུྃ་ཧྲཱིཿཋ༔ སྦྱང་བྱ་སྣོད་བཅུད་རྒྱུད་གསུམ་གྱི་ཆོས་ཐམས་ཅད། སྦྱོང་བྱེད་རིགས་འདུས་སྐུ་གསུམ་རྒྱལ་བའི་ལྷ་སྔགས་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཟབ་མོའི་ནུས་པས། སྦྱངས་འབྲས་མི་སློབ་འབྲས་བུའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོར་མངོན་པར་བྱང་ཆུབ་པའི། མྱུར་ལམ་གྱི་རིམ་པ་དབང་གི་བདུད་རྩིའི་གཏོར་བླུགས་ཀྱིས་ནུས་པ་མངོན་གྱུར་དུ་སད་པར་བྱེད་པ་ལ། ཐ་མལ་སྣང་ཤེས་ཀྱི་རྟོག་འཁྲུལ་དང་བཅས་པ་སྨིན་པར་མི་རུང་བས། རྡོ་རྗེའི་ཡེ་ཤེས་འབེབ་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ བདེ་གཤེགས་སྐུ་གསུམ་རིགས་འདུས་ལྷ་ཚོགས་ཀྱི༔ ཡེ་ཤེས་གཟི་བྱིན་དེང་འདིར་ཕབ་ནས་ཀྱང༔ བདག་གནས་རྣལ་འབྱོར་ལྷ་དང་ཆོས་ཉིད་ཀྱི༔ ཡེ་ཤེས་རོལ་པའི་གཟི་བྱིན་བསྐྱེད་དུ་གསོལ༔ དེ་ལྟར་ན་སྒོ་གསུམ་གྱི་གནད་གཅུན་ཞིང་ཐུགས་གཞན་དུ་མ་ཡེངས་པས་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སོགས་སྔགས་དང་། ལས་ཆུའི་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཕྱི་སྣོད་རྣམ་པར་དག་པ་ཡེ་ཤེས་རང་སྣང་འོག་མིན་པདྨས་ཁེབས་པའི་ཞིང་ཁམས་གཞི་དང་རྒྱན་དང་དབྱིབས་དང་བཀོད་པ་ཚད་མེད་པས་མཛེས་ཤིང་ངོ་མཚར་རྨད་དུ་བྱུང་བའི་ཞིང་ཁམས་ཆེན་པོའི་དབུས། བྱང་ཆུབ་སེམས་དཔའི་ཚོགས་གཉིས་རྫོགས་སྨིན་སྦྱངས་པའི་ནུས་སྟོབས་ཀྱིས་སྤྲུལ་པའི་ནོར་བུའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་འབྱོར་པ་མཐའ་ཀླས་པས་བརྒྱན་པའི་དབུས་སུ། སྣ་ཚོགས་པདྨ་ཉི་མ་བམ་རོའི་སྟེང་དུ་སློབ་མ་རང་རང་གི་སེམས་ཉིད་ཀྱི་ངོ་བོ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས། རྒྱལ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་སྨུག་ཀུན་རྫོབ་དག་པའི་ཞལ་རས་ཁྲོ་འཛུམ་རྗེས་ཆགས་བཞད་པའི་བདེ་ཆེན་གྱི་ཉམས་འགྱུར་ཡོངས་སུ་རྫོགས་པ་ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས་པ། རྣ་ལྟག་གཡས་སུ་དོན་དམ་དག་པའི་རྡོ་རྗེའི་ཕག་ཞལ་ངུར་སྒྲ་སྒྲོག་པ། དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ་བས་སྐུ་རྒྱབ་ཡོངས་སུ་ཁེབས་པ། ཕྱག་གཡས་བདུད་བཞི་རྩད་ནས་གཅོད་པའི་གྲི་གུག་ནམ་མཁར་འཕྱར་བ། །ཕྱག་གཡོན་བདེ་སྟོང་ཟུང་འཇུག་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོར་ཐབས་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་ག་རྩེ་གསུམ་འཆང་བ། ཞབས་གཡས་བསྐུམས་པས་སྲིད་པའི་སྐྱེ་སྒོ་དགག་ཕྱིར་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱངས་པས་ཞི་བ་ཕྱོགས་གཅིག་ཏུ་མི་གནས་པ་མཚོན་བྱེད་བཾ་རོ་དམར་པོ་མགོ་བོ་གཡོན་དུ་བསྟན་པའི་སྙིང་གར་བརྫིས་པ། བདེ་བ་ཆེན་པོའི་ཡོན་ཏན་ཡོངས་སུ་རྫོགས་པའི་བརྡར་དར་དང་རིན་ཆེན་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པའི། ཐུགས་ཀ་ཆོས་ཀྱི་འཁོར་ལོ་མི་ཤིགས་དྭངས་མ་ལྔ་ལྡན་གྱི་ཐིག་ལེར་པདྨ་འདབ་མ་བརྒྱད་པའི་དབུས་སུ། ཐབས་ཤེས་རླུང་སེམས་གཉིས་མེད་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་ཤེས་རིག་གི་རྒྱལ་པོ་རྣམ་པ་སྐུ་གསུམ་རིགས་འདུས་ཁྱབ་བདག་བླ་མ་རྒྱལ་སྲས་པདྨའི་མྱུ་གུ་བདེ་ཆེན་ཡེ་ཤེས་སེམས་དཔའི་གཙོ་བོ་གསུང་རྡོ་རྗེ་པདྨའི་རིགས་མཚོན་པའི་སྐུ་མདོག་འཆར་ཀའི་ཉིན་བྱེད་ལྟར་དམར་གསལ། ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པའི་ལང་ཚོ་ཤིན་ཏུ་བདོ་བའི་ཉམས་འགྱུར་དང་ལྡན་པའི་མཚན་དཔེའི་གཟི་བྱིན་འབར་བའི་འོད་ཟེར་གྱིས་ཞིང་རབ་འབྱམས་ཁྱབ་པར་བརྡལ་བ། སྙིང་རྗེ་ཆེན་པོའི་རྗེས་ཆགས་ཀྱི་སྤྱན་ཟུང་ཟིམ་བུར་གདུལ་བྱའི་ཡུལ་ལ་གཟིགས་ཤིང་ཞི་འཛུམ་སྒེག་པའི་ཚུལ་ཅན། དབུ་སྐྲ་མཐོན་མཐིང་སྤྱི་བོར་བཅིངས་པའི་ཐོར་ཚུགས་ནོར་བུའི་ཏོག་གིས་མཛེས་པའི་ལྷག་མ་ལྕང་ལོའི་ཟར་བུ་གཡས་གཡོན་དུ་འཕྱང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱངས་པས་གདུལ་བྱ་རྗེས་སུ་འཛིན་པའི་དངོས་གྲུབ་འདོད་དགུའི་གྲུ་ཆར་འབེབ་པའི་ཡིད་བཞིན་གྱི་ནོར་བུ་བསྣམས་པ། གཡོན་པས་མཁའ་ཁྱབ་ཀྱི་འགྲོ་བ་སྲིད་ཞིའི་གཡང་ས་ལས་སྒྲོལ་བའི་བརྡར་སྐྱབས་སྦྱིན་གྱི་ཕྱག་རྒྱའི་མཐེབ་མཛུབ་ཀྱིས་ཨུད་པལ་ལོ་འདབ་རྒྱས་པའི་ཡུ་བ་ཐུགས་ཀར་བཟུང་བའི་མེ་ཏོག་སྙན་གྱི་ཐད་སོར་ཁ་བྱེ་བར་འཆི་མེད་ཚེ་ཡི་བུམ་པ་བདུད་རྩིའི་གང་བས་མཚན་པ། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་མཚོན་པའི་རི་དྭགས་ཀྱི་པགས་པས་ཕྲག་གཡོན་བཀབ་པ། དོན་ལ་ཟག་མེད་འབྲས་བུའི་ཡོན་ཏན་གྱི་ཆེ་བ་ཡོངས་སུ་རྫོགས་པའི་རྟགས་སུ་དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། ནམ་མཁའ་ཇི་སྲིད་བར་འགྲོ་འདུལ་རྒྱལ་སྲས་འཕགས་པའི་རྣམ་ཐར་གྱི་གོ་ཆ་འཆང་བའི་བརྡར་ཞབས་གཡས་བརྐྱང་གཡོན་བསྐུམ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་རིགས་ཀྱི་ཁྱབ་བདག་ཆོས་སྐུ་པདྨ་ཀུན་ཏུ་འཆང་དམར་གསལ་པདྨ་དང་དྲིལ་བུ་འཛིན་པ་རང་འོད་ཀྱི་ཡུམ་དང་སྦྱོར་བ་དར་དང་རིན་ཆེན་རྒྱན་ལྡན་པད་ཟླ་ལ་བཞུགས་པ། ཐུགས་ཀར་ཡེ་ཤེས་སེམས་དཔའ་ལོངས་སྐུ་པདྨའི་སྤྱན་ཨོ་རྒྱན་ཚེ་དཔག་མེད་རཱ་གའི་མདངས་ཅན་ཡུམ་མནྡཱ་ར་བ་དང་བཅས་མཉམ་གཞག་ཚེ་བུམ་འཛིན་པ་གཉིས་ཀའང་བདེ་བ་ཆེན་པོའི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཆ་བྱད་ཅན། ཆུ་སྐྱེས་ཉི་ཟླའི་གདན་ལ་བཞུགས་པའི་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་ཆེན་པོར་གདོད་ནས་ཡོངས་གྲུབ་སྣང་སྲིད་གཞིར་བཞེངས་སུ་རྫོགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་གསལ་བ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དང་། ཁྱད་པར་ནུབ་ཕྱོགས་པདྨས་ཁེབས་པའི་ཞིང་ན་བཞུགས་པའི་སེམས་དཔའ་ཆེན་པོ་པདྨའི་མྱུ་གུ་སྐུ་གསུམ་རིགས་འདུས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་དེ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཞུགས་ཤིང་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་ཞིང་རྒྱུད་བྱིན་གྱིས་བརླབས་པར་མོས་མཛོད། ཌཱ་དྲིལ་དང་བཅས་སྙན་པའི་དབྱངས་ཀྱིས། ཧྲཱི༔ ནུབ་ཕྱོགས་པདྨས་ཁེབས་པའི་སོགས་ལས་གཞུང་གི་སྤྱན་འདྲེན་དང་། རྩ་སྔགས་ཀྱི་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་ཡང་ཡང་བརྗོད་ཅིང་བྱིན་དབབ། མ་གྲུབ་སྤོགས་པའི་ཆོ་ག་ནི༔ སྙིང་གའི་པདྨ་སེམས་དཔའ་ལ༔ རྩེ་གཅིག་སེམས་བཟུང་མོས་གུས་ཀྱིས༔ སྐུ་ལས་བདེ་ཆེན་འོད་ཟེར་འཕྲོས༔ ལུས་གང་དྭངས་མ་སྙིང་དབུས་ཐིམ༔ བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ༔ བརྗོད་མེད་ངང་བཞག་ཧཱུྃ་དབྱངས་བྱ༔ ཅེས་གསུངས། ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། ཛཿཧཱུྃ་བཾ་ཧོས་དབྱེར་མེད་དུ་བསྟིམས་པར་བྱས་ལ། དེ་ལྟར་དབབ་པའི་ཡེ་ཤེས་པའི་རྡོ་རྗེའི་གསང་བ་གསུམ་གྱི་བྱིན་ནུས་གཉུག་མའི་སྒོ་གསུམ་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་མཛོད། ཏིཥྛ་བཛྲ་ཞེས་སྤྱི་གཙུག་ཏུ་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་རྒྱས་བཏབ། དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱས་ནས་ཁྱབ་བདག་བདེ་བ་ཆེན་པོ་ཧེ་རུ་ཀའི་རིགས་ཀྱིསཁྱབ་བྱ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རིགས་ལྔ་སྤྱི་དང་བྱེ་བྲག་ཉིད་ལས་དང་སྨོན་ལམ་གྱི་གང་ལ་འབྲེལ་བ་ངོས་བཟུང་ནས་། སྒྲུབ་ན་དངོས་གྲུབ་མྱུར་བའི་ཕྱིར། སྔར་ཕུལ་བའི་རིན་པོ་ཆེའི་མེ་ཏོག་གི་སྐྱེས་རྡོ་རྗེའི་ཐལ་མོས་བཟུང་ལ་སྐུ་གསུམ་རིགས་འདུས་བླ་མའི་དཀྱིལ་འཁོར་རིགས་གང་ལ་འབྲེལ་པ་དེ་ལ་འབབ་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་དོར་འཚལ། ཧོ༔ ཚེ་རབས་འབྲེལ་བའི་རིགས་འདུས་བླ་མ་ལྷར༔ རིན་ཆེན་མེ་ཏོག་ཕྲེང་བ་གུས་པས་འབུལ༔ ཐུགས་རྗེས་བཞེས་ཏེ་བྱང་ཆུབ་སྙིང་པོའི་བར༔ མི་འབྲལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ རཏྣ་པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་མེ་ཏོག་པདྨ་འདབ་བཞི་རིགས་ལྔའི་ཕྱག་མཚན་ཅན་དུ་དོར་བས་དབུས་སུ་བབས་ན་རྡོ་རྗེ་སེམས་དཔའ། དེའི་མདུན་དུ་ཧེ་རུ་ཀ །ཤར་དུ་རྒྱལ་བ་རྟག་པ། ལྷོར་རྡོ་རྗེ་ཉི་མ། ནུབ་ཏུ་པདྨ་གར་དབང་། བྱང་དུ་རྟ་ཡི་རྒྱལ་པོ་སྟེ་རྒྱལ་བ་རིགས་དྲུག་སོ་སོའི་ཉེ་བའི་རིགས་ངེས་པར་བྱས་ལ་དེའི་མཚན་གྱི་ཐོག་མཐའ་ཅན་གྱི་གསང་བའི་མིང་བྱིན་པ་དང་ཆབས་ཅིག །རིགས་ཀྱི་སྤྲོ་བསྡུ་ཐམས་ཅད་དབྱིངས་ཡེ་གཉིས་སུ་མེད་པ་བླ་མ་སྐུ་གསུམ་རིག་འདུས་ཀྱི་རོལ་པ་ལས་ཐ་དད་དུ་མ་འདས་པས་དེ་ཉིད་དང་རང་བྱུང་ཐུགས་རྗེ་རྒྱུན་གྱི་ཡེ་ཤེས་ཀྱི་འབྲེལ་པས་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བ་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ་མེ་ཏོག་དབང་རྟགས་ཅོད་པན་གྱི་རྣམ་པར་སླར་ཡང་སྤྱི་བོར་བཅིངས་པར་མོས་མཛོད། ཧོ༔ རྒྱལ་བ་རིགས་དྲུག་ཡེ་ཤེས་ཅིར་སྣང་ཡང༔ བླ་མ་སྐུ་གསུམ་དབྱེར་མེད་དབྱིངས་ལས་ཤར༔ རིགས་ཀྱི་ཅོད་པན་སྤྱི་བོར་བཅིངས་པ་ཡིས༔ དེང་ནས་བཟུང་སྟེ་འབྲལ་མེད་བྱིན་གྱིས་རློབས༔ པུཥྤེ་སིདྡྷི་ཨཱ་བེ་ཤ་ཡ་སཏྭཾ༔ སྔོན་ཆད་གཉིས་འཛིན་འཁྲུལ་རྟོག་གི་སྒྲིབ་པས་རང་རིག་བླ་མའི་དཀྱིལ་འཁོར་མ་མཇལ་བ་སློབ་དཔོན་གྱི་ཐུགས་ཀ་ནས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་མིག་དར་དང་ལྷན་ཅིག་བསལ་བར་མོས་ཤིག །མིག་དར་བསལ་ཏེ། ཧོ༔ མ་རིག་ལིང་ཏོག་ཚོགས་བརྒྱད་ཀུན་གཞིར་བཅས༔ རིག་པ་ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ རྣམ་པར་དག་པའི་གཟིགས་པ་ལ་བརྟེན་ནས༔ རིགས་འདུས་དོན་གྱི་ལྷ་ཚོགས་མངོན་གྱུར་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ དེ་ལྟར་ཕྱི་ཀུན་རྫོབ་བརྡ་ཡི་བླ་མས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འདིས་མཚོན་བྱེད་བྱས་ནས། ནང་ལྷག་པ་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་སྣོད་བཅུད་རྣམ་དག་རྡོ་རྗེའི་འོག་མིན་བདེ་ཆེན་ཞིང་གི་དཔལ་ཡོན་ཟག་མེད་འབྱོར་པ་རྒྱ་མཚོའི་རྒྱན་བཀོད་ཚད་མེད་པས་མཛེས་པའི་ཞིང་ཁམས་ཆེན་པོ་པདྨས་ཁེབས་པ་རིན་པོ་ཆེའི་ས་གཞི་ཐ་གྲུ་ཡངས་པའི་ཁྱོན་དུ་ནོར་བུའི་ལྗོན་ཤིང་། བདུད་རྩིའི་ཆུ་ཀླུང་། མེ་ཏོག་གི་སྐྱེད་ཚལ། རིན་པོ་ཆེའི་ལྷུན་པོ་སོགས་མཛེས་ཤིང་ཉམས་དགའ་བའི་ཁྱོན་དུ་སྤྲུལ་པའི་བྱ་དང་རི་དྭགས་བུང་བའི་ཚོགས་བག་ཕེབ་པར་རྒྱུ་ཞིང་ཆོས་ཀྱི་སྒྲ་སྙན་པར་སྒྲོག་བཞིན་ཏིང་ངེ་འཛིན་གྱི་བདེ་དགའ་ལ་སྤྱོད་པ། དེའི་དབུས་ལྷ་དང་མི་ཡིས་མི་སྤྱོད་པའི་རིན་པོ་ཆེའི་ནོར་བུའི་གཞལ་མེད་ཁང་གི་རྒྱན་བཀོད་མཆོད་པའི་ཁྱད་པར་དུ་མས་མཛེས་པའི་དབུས་སུ། གསུང་རྡོ་རྗེ་གར་གྱི་དབང་ཕྱུག་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོའི་ཁྱབ་བདག་འབྲས་བུའི་སེམས་དཔའ་ཆེན་པོ་པདྨའི་མྱུ་གུ་དབང་མདོག་གི་མཚན་དཔེའི་གཟི་བྱིན་ཉི་མ་བྱེ་བའི་ལང་ཚོ་ལྟར་འབར་བ། དགྱེས་པའི་ཞལ་རས་འཛུམ་ཞིང་ཞི་བའི་སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས་པ་ཤིན་ཏུ་བཟང་པོའི་ངང་ཚུལ་ཅན་མཐོན་མཐིང་དབུ་སྐྲའི་ཐོར་ཚུགས་རིན་པོ་ཆེའི་ཏོག་གིས་མཛེས་པའི་འོད་ཟེར་སྐུ་གསུམ་གྱི་ཞིང་རབ་འབྱམས་སུ་འཕྲོ་བ། བདེ་བ་ཆེན་པོའི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་གྱིས་སྤུད་པའི་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་བརྐྱངས་པས་རིན་པོ་ཆེའི་ནོར་བུ་དབང་གི་རྒྱལ་པོ་བསྣམས་ཤིང་། གཡོན་མཐེབ་སྲིན་སྦྱར་བའི་སྐྱབས་སྦྱིན་གྱིས་ཨུད་པ་ལ་འཆི་མེད་ཚེ་ཡི་བུམ་པས་མཚན་པའི་ཡུ་བ་ནས་འཛིན་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་འགྱིང་ཞིང་། ཆོས་དབྱིངས་རྒྱས་པར་འགེངས་པའི་འོད་ཟེར་གྱི་ཕྲེང་བ་མུ་མེད་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ཁྱབ་པར་བརྡལ་བཞིན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི་དམ་དཔའ་བོ་རྣལ་འབྱོར་མ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་བཞུགས་པ། མངོན་སུམ་དུ་མཇལ་བྱུང་སྙམ་པའི་དད་མོས་གདུང་བས་དག་པའི་ཞིང་མཆོག་དེར་སྐྱེས་ནས་སྟོན་པ་འཁོར་དང་བཅས་པའི་ཞལ་མཇལ་ནས་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པའི་སྨོན་ལམ་དང་། བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལ་བརྩོན་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཡེ་ཤེས་མཆོག་ལ་སྦྱོར་ཞིང་། ངེས་པ་དོན་གྱི་བླ་མ་རང་རིག་བདེ་བ་ཆེན་པོ་ངོ་བོ་རང་བཞིན་ཐུགས་རྗེའི་སྐུ་གསུམ་རིགས་འདུས་ཀྱི་དགྱེས་ཞལ་འདུ་འབྲལ་མེད་པ་མངོན་སུམ་དུ་མཇལ་བའི་སྐལ་པ་བཟང་པོར་འགྱུར་བས་དད་གུས་སྤྲོ་བ་རྒྱ་ཆེན་པོ་ཡང་ཡང་བསྐྱེད་པར་མཛོད་ཅིག །དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་སོང་ནས། གཉིས་པ་དབང་གི་ཆོ་ག་དངོས་ལ། སྨིན་བྱེད་རྩ་བའི་དབང་བཞི། གྲོལ་ལམ་བར་དོ་དྲུག་གི་བྱིན་རླབས། མཐའ་རྟེན་ཚར་གཅོད་རྗེས་འཛིན་གྱི་དབང་དང་། སྙིང་པོ་གཏོར་མའི་དབང་བཅས་བཞིར་བཞུགས་པ་ལས། དང་པོ་ལའང་། ཕྱི་ཕན་པའི་དབང་། ནང་ནུས་དབང་། གསང་བ་ཟབ་དབང་གསུམ་འབོག་པའོ། །དང་པོ་ལ། རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་གཉིས་ལས། དང་པོ་ལ་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ནི། དེ་དག་གིས་སྔོན་འགྲོ་འཇུག་པའི་ཆོས་ཀྱིས་དབང་གི་སྣོད་རུང་དུ་བསྒྲུབས་ནས། དངོས་གཞིའི་དབང་བསྐུར་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོ༔ ཇི་ལྟར་གདོད་མའི་རྡོ་རྗེ་འཆང་ཆེན་པོས༔ རང་གི་སྲས་ལ་བྱང་ཆུབ་དབང་བསྐུར་ལྟར༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱིས༔ བདག་ཀྱང་ཡོངས་སུ་སྨིན་ཅིང་གྲོལ་མཛད་གསོལ༔ ཞེས་གསོལ་བ་བཏབ་པས་སློབ་བུ་ཤར་སྒོར་དབང་སྟེགས་སེངྒེའི་ཁྲི་ལ་བཞག་ཅིང་བཀོད་ནས་དབང་རྣམས་རིམ་པར་སྩོལ་བར་མོས་ཤིག །སྤྲུལ་སྐུ་འགྲོ་འདུལ་པདྨའི་མྱུ་གུ་ལ་བསྟེན་ནས་ཐོག་མར་བུམ་པའི་དབང་གི་སླད་དུ་བླ་མ་སྐུ་གསུམ་རིགས་ཐམས་ཅད་ཀྱི་ཁྱབ་བདག་མཆོག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃཿ ཞེས་མཆོད་ཅིང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་བྱེ་བྲག་ཏུ་རིག་པའི་དབང་ལྔ་བསྐུར་བ་སྟེ། དེ་ཡང་དག་བྱ་འཁོར་བའི་ཆོས་ཕུང་ཁམས་ཉོན་མོངས་པ་ལྔ་ལ། དག་བྱེད་རིག་པའི་དབང་ལྔ་སོ་སོར་བསྐུར་བས། དག་འབྲས་དེ་བཞིན་གཤེགས་པ་རིགས་ལྔའི་གོ་འཕང་མངོན་གྱུར་དུ་སད་པས་སྐུ་ལྔ་ཡེ་ཤེས་ལྔའི་གསང་བ་ལ་ལོངས་སྤྱོད་པའི་སྐལ་ལྡན་དུ་སྒྲུབ་དགོས་པའི་ཕྱིར་དང་པོ་མི་བསྐྱོད་པ་ཆུའི་དབང་གི་སླད་དུ། སློབ་དཔོན་དང་སློབ་མ་རྣམས་ངོ་བོ་སྐུ་གསུམ་བླ་མ་རིགས་འདུས་སེམས་དཔའ་པདྨའི་མྱུ་གུ་ལ་རྣམ་པ་ཐུགས་རྡོ་རྗེ་སེམས་དཔའ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པ་ལ། ནམ་མཁའ་གང་བའི་དབང་གི་ལྷ་རྣམས་ཀྱིས་རིག་པའི་ལྷ་མོ་བུམ་པ་འཛིན་པ་སྤྲོས་ཏེ་མི་བསྐྱོད་པ་ཆུའི་དབང་བསྐུར་བར་མོས། བུམ་པ་ཐོགས་ལ། ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད༔ མི་བསྐྱོད་བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ རྣམ་ཤེས་གནས་འགྱུར་མེ་ལོང་ཡེ་ཤེས་སྐུ༔ རྡོ་རྗེ་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་འཐོར་འཐུང་བྱ། སློབ་དཔོན་དང་སློབ་མ་རྣམས་ངོ་བོ་བླ་མ་སྐུ་གསུམ་རིགས་འདུས་སེམས་དཔའ་པདྨའི་མྱུ་གུ་ལ་རྣམ་པ་དཔོན་སློབ་གཉིས་ཀ་རྡོ་རྗེ་ཉི་མ་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་གནས་གྱུར་པ་ལ་སངས་རྒྱས་ཀུན་གྱི་ཡོན་ཏན་གྱི་དཔལ་མཚོན་པའི་དབུ་རྒྱན་སྤྱི་བོར་བཅིངས་པར་མོས་ཤིག །དབུ་རྒྱན་བཅིངས་ཏེ། ཏྲཱཾ༔ བླ་མ་རྡོ་རྗེ་ཉི་མའི་ངོ་བོ་ཉིད༔ རིན་ཆེན་འབྱུང་ལྡན་དབུ་རྒྱན་དབང་བསྐུར་བས༔ ཚོར་བ་གནས་གྱུར་མཉམ་ཉིད་ཡེ་ཤེས་སྐུ༔ རིན་ཆེན་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ དཔོན་སློབ་གཉིས་ཀ་པདྨ་གར་དབང་གསུང་རྡོ་རྗེ་དམར་པོ་པདྨ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་གནས་གྱུར་པ་ལ་གསུང་རྡོ་རྗེའི་བདག་ཉིད་ཐབས་བདེ་བ་ཆེན་པོའི་ཕྱག་རྒྱ་ཕྱག་གཡས་སུ་གཏད་པར་མོས་ཤིག །ཧྲཱི༔ བླ་མ་པདྨ་གར་དབང་ངོ་བོ་ཉིད༔ སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར་བས༔ འདུ་ཤེས་གནས་འགྱུར་སོར་རྟོག་ཡེ་ཤེས་སྐུ༔ པདྨའི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་རྡོ་རྗེ་གཡས་སུ་གཏད། དཔོན་སློབ་གཉིས་ཀ་ཕྲིན་ལས་རྡོ་རྗེ་རྟ་ཡི་རྒྱལ་པོ་ལྗང་གུ་རྒྱ་གྲམ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་གནས་གྱུར་པ་ལ་ཕྲིན་ལས་ཀྱི་རིགས་མཚོན་པའི་ཤེས་རབ་སྟོང་ཉིད་ཀྱི་ཕྱག་རྒྱ་གཡོན་དུ་བྱིན་པར་མོས་ཤིག །ཧཱ༔ བླ་མ་རྟ་མཆོག་རོལ་པའི་ངོ་བོ་ཉིད༔ དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས༔ འདུ་བྱེད་གནས་འགྱུར་བྱ་གྲུབ་ཡེ་ཤེས་སྐུ༔ ལས་ཀྱི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་དྲིལ་བུ་གཡོན་དུ་གཏད། དཔོན་སློབ་གཉིས་ཀ་སྐུ་རྡོ་རྗེ་རྒྱལ་བ་རྟག་པ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དེའི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་གནས་འགྱུར་དུ་གསལ་བའི་སྤྱི་བོར་སྐུ་དང་ཡེ་ཤེས་ཡོངས་སུ་རྫོགས་པའི་ཕྱག་རྒྱ་རྡོར་དྲིལ་བསྣོལ་མ་བཀོད་དེ་གསང་བའི་མཚན་གྱི་དྲིལ་བསྒྲགས་པར་མོས་ཤིག །རྡོར་དྲིལ་བསྣོལ་མ་སྤྱི་བོར་དཀྲོལ་ལ། ཨོཾ༔ བླ་མ་རྒྱལ་བ་རྟག་པའི་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས༔ གཟུགས་ཕུང་གནས་འགྱུར་ཆོས་དབྱིངས་ཡེ་ཤེས་སྐུ༔ བདེ་གཤེགས་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ དེ་དག་ནི་རྒྱུད་སྡེ་ཕྱི་ནང་དང་དཔོན་སློབ་ཐུན་མོང་གི་དབང། ཀུན་འབྱུང་ལས་ཉོན་གྱི་གཞི་མ་རིག་པ་ལྔ་གཏོར་ཞིང་། གནས་སྣང་དག་པ་ཡེ་ཤེས་ལྔའི་དགོངས་སྤྱོད་རྒྱུད་ལ་སད་པས་བླུགས་ཅིངས། རིགས་ལྔ་བདེ་བར་གཤེགས་པའི་གོ་འཕང་མངོན་དུ་བྱེད་པའི་དབང་ལྔའོ། །དེ་དག་གིས་རིགས་མཆོག་སོ་སོའི་དབང་བསྐུར་པས་བདེན་གཉིས་དབྱེར་མེད་ལྷག་པའི་བྱང་ཆུབ་སེམས་ཀྱི་ལྟ་སྤྱོད་ལམ་དུ་ཁྱེར་ནུས་པའི་རྡོ་རྗེ་སློབ་མའི་སྐལ་ལྡན་དུ་བྱེད་པའི་དབང་རྣམས་ཐོབ་པས་སྣོད་རུང་དུ་བྱས་ཏེ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ། བླ་སློབ་གཉིས་ཀ་རིགས་ལྔའི་འཁོར་ལོའི་བསྒྱུར་བ་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ཡབ་ཡུམ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གསལ་བ་ལ། རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཐབས་ཤེས་ཟུང་འཇུག་ཐུགས་ཀྱི་དམ་ཚིག་གསུམ་རྗེས་སུ་དྲན་པའི་དབང་བྱིན་པས། རིགས་ལྔ་ཡང་བསྡུ་ན་གསུམ། དེ་ཡང་ཐབས་ཤེས་གཉིས་མེད་ཧེ་རུ་ཀའི་རིགས་གཅིག་ཏུ་འདུ་བའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་ཆེན་པོ་མངོན་དུ་བྱས་པར་མོས་མཛོད་ཅིག །རྡོ་རྗེ་ཕྱག་གཡས་སུ་གཏད་དེ་གསོར། དྲིལ་བུ་གཡོན་དུ་གཏད་དེ་དཀྲོལ་ཞིང་དཀུར་བསྟེན་ཏེ་ཐུགས་ཀར་འཁྱུད་རྒྱས་བསྣོལ་བཞིན། ཧཱུྃ༔ བླ་མ་ཧེ་རུ་ཀ་ཡི་ངོ་བོ་ཉིད༔ མི་ཕྱེད་དམ་ཚིག་གསུམ་གྱི་དབང་བསྐུར་བས༔ སྒོ་གསུམ་གནས་འགྱུར་འོད་གསལ་ཡེ་ཤེས་སྐུ༔ རིགས་ཀུན་ཁྱབ་བདག་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་གྷཎྜེ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་གིས་བུམ་པ་སྤྱི་བོར་བཞག བུམ་ཆུ་འཐོར་འཐུང་བྱས་པས། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་། སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་མགོ་བོའི་གནས་ལྔར་བབས་པ་ལས། སྤྱི་གཙུག་ཏུ་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་སྣང་མཐའ། གཡོན་དུ་དོན་གྲུབ། དཔྲལ་བར་རྣམ་སྣང་། མི་བསྐྱོད་པའི་མདུན་དུ་རྡོ་རྗེ་སེམས་དཔས་དབུ་བརྒྱན་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མངའ་དབང་བསྐུར་པ་ལ། ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱིས་ཤིས་པའི་བདེན་ཚིག་དང་བཅས་ལྷ་ཡི་མེ་ཏོག་གི་ཆར་སིལ་མ་ཕབ་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པ་དང་། དབང་བསྐུར་རྒྱུད་བཤད་སློབ་མ་བསྡུ་བ་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་སྒྲུབ་པ་ལ་དབང་ཐོབ་པར་བསམ་ལ་མཆོད་པའི་ཡོ་བྱད་ཀུན་གྱིས་མངའ་དབུལ་བར་མོས་ཤིག །ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། མངའ་གསོལ་གྱི་ཆས་རྣམས་ཀྱང་འབུལ་ཚུལ་བྱ། ཞལ་ནས་གསུང་པའི་ཤིས་བརྗོད་དང་རོལ་མོ་བཅས་བྱའོ། །དེ་དག་གིས་ཕྱི་ཕན་པ་བུམ་པའི་དབང་བསྐུར་མཐའ་རྟེན་དང་བཅས་ཐོབ་པས། དབང་གི་ཆོ་ག་དང་། སྒྲུབ་ཐབས། ཕྱག་རྒྱ། མཆོད་བསྟོད། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་བཟླ་བ། སྦྱིན་བསྲེག །རབ་གནས་ཀྱི་ཆོ་ག་དང་། ལས་བཞི་སོགས་རྒྱ་ཆེ་བའི་ལམ་གྱི་རིམ་པ་ལ་རང་གིས་སྤྱོད་པ་དང་། གཞན་ལ་སྟོན་པ་སོགས་ལ་དབང་བ་ཡིན་ནོ། །གཉིས་པ་ནང་ནུས་པ་འཇུག་པའི་དབང་བསྐུར་བ་ནི། དེ་ཡང་སྐུ་གསུམ་རིགས་འདུས་རྒྱལ་བའི་སྤྱི་གཟུགས་ཆེན་པོའི་སྣང་སྟོང་སྐུ་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་བུམ་དབང་བསྐུར་པ་དེ་ཡང་། ནང་རང་གི་གཉུག་མའི་རྡོ་རྗེ་གསུམ་བླ་མའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པ་བསྐྱེད་བཟླས་རྫོགས་གསུམ་གྱི་ཟབ་ལམ་མཐར་ཐུག་གི་སྣོད་རུང་དུ་བྱེད་པ་སྟེ། དེའི་ནུས་པ་དངོས་སུ་སད་བྱེད་དམ་འཇུག་བྱེད་རྡོ་རྗེ་གསུམ་གྱི་དབང་བསྐུར་བས་རང་གཞན་གཉིས་ཀའི་དོན་བྱེད་ནུས་པ་ལ་དབང་བ་སྟེ། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་ཆད། རྡོ་རྗེའི་ལུས་ཀྱི་གནས་སོ་སོར་ཐིམ་པས་གསལ་བརྟན་གཟི་བྱིན་འབར། བླ་མ་སྐུ་གསུམ་རིགས་འདུས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་སྣང་སྟོང་གི་བྱིན་རླབས་དང་དངོས་གྲུབ་ལ་དབང་ཐོབ་པར་མོས་ཤིག །པདྨ་ཀུན་ཏུ་འཆང་གི་སྐུ་སྤྱི་བོར་བཞག་སྟེ། ཧྲཱི༔ རིགས་ཀྱི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ པདྨ་ཀུན་ཏུ་འཆང་བའི་དབང་བསྐུར་བས༔ གཟུང་འཛིན་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ རིག་སྟོང་ཆོས་ཀྱི་སྐུ་རུ་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་དྷཱ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ པདྨའི་སྤྱན་གྱི་སྐུ་མགྲིན་པར་བཞག་སྟེ། ཧྲཱི༔ གར་གྱི་དབང་ཕྱུག་སེམས་དཔའ་པདྨའི་སྤྱན༔ ཨོ་རྒྱན་ཚེ་དཔག་མེད་ཀྱིས་དབང་བསྐུར་བས༔ ལས་རླུང་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ བདེ་སྟོང་ལོངས་སྤྱོད་རྫོགས་སྐུར་དག་པར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ པདྨའི་མྱུ་གུའི་སྐུ་སྙིང་གར་བཞག་ལ། ཧྲཱི༔ མ་འགག་སྒྱུ་འཕྲུལ་དྲྭ་བའི་ཚུལ་འཆང་བ༔ འགྲོ་འདུལ་པདྨའི་མྱུ་གུའི་དབང་བསྐུར་བས༔ རྩ་ཁམས་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ གསལ་སྟོང་སྤྲུལ་པའི་སྐུ་རུ་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཕག་མོའི་སྐུ་དཔྲལ་བར་བཞག་སྟེ། ཧྲཱིཿ སྐུ་གསུམ་རྒྱལ་བ་མ་ལུས་འབྱུང་བའི་གནས༔ མཁའ་སྤྱོད་ལྷན་ཅིག་སྐྱེས་མའི་དབང་བསྐུར་བས༔ སྒྲིབ་གཉིས་འཁྲུལ་པའི་སྣང་བ་ཇི་སྙེད་ཀུན༔ དབྱེར་མེད་བདེ་ཆེན་སྐུ་རུ་དག་པར་ཤོག །ཨོཾ་ཨཱཿཧཱུྃ་པདྨ་ཡོ་གི་ནཱི་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ༴ ཞི་ཁྲོ་རིགས་བརྒྱའི་སྐུ་གནས་གསུམ་དུ་བཞག་ལ། ཧཱུྃ༔ སྐུ་དང་ཡེ་ཤེས་རྣམ་རོལ་ཅིར་ཡང་ཤར༔ ཞི་ཁྲོ་རིགས་འདུས་རྒྱལ་བའི་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་འཁྲུལ་སྣང་ཇི་སྙེད་ཀུན༔ རབ་འབྱམས་ལྷ་ཡི་འཁོར་ལོར་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཧྱ་ཛྙཱ་ན་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་བླ་མ་སྐུ་གསུམ་རིགས་འདུས་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་ཡོངས་སུ་རྫོགས་པའི་དབང་བསྐུར་བས། སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དག་ཆེན་ཡེ་ཤེས་ལྷ་ཡི་རྣམ་རོལ་དུ་ངོ་འཕྲོད་ནས་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་དག་པ་རབ་འབྱམས་སུ་ལམ་དུ་ཁྱེར་བས་སྣང་བཅས་བླ་མ་སྐུ་རྡོ་རྗེའི་ལམ་ཁྱེར་དང་མ་བྲལ་བར་གྱིས་ཤིག །གཉིས་པ་གསུང་རྡོ་རྗེའི་བྱིན་རླབས་འཇུག་པ་བཟླས་པའི་ལུང་སྦྱིན་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། ཐོག་མར་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་བཟླས་ལུང་ནི། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཨོ་རྒྱན་ཚེ་དཔག་མེད་པའི་ཐུགས་ཀར་སྐུ་གསུམ་རིགས་འདུས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཐིག་ལེ་ཧྲཱིཿཡིག་གི་མཐར། སྐུ་གསུམ་བླ་མའི་སྲོག་སྔགས་བྱེ་རུའི་ཕྲེང་བ་ལྟ་བུའི་བསྐོར་བ་ལྷ་སྔགས་ཡེ་ཤེས་དབྱེར་མེད་པ་ལ་སེམས་གཏད་དེ་མོས་གུས་བགྱིས་པས། སྔགས་ཕྲེང་མར་མེ་མཆེད་པ་ལྟར་བྱོན་པ་ཞལ་ནས་བརྒྱུད་སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་དབུས་ཡེ་ཤེས་སེམས་དཔའི་སྙིང་པོའི་སྲོག་ཧྲཱིཿཡིག་ལ་ཐིམ། ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་འོད་ཟེར་སྤྲོ་བསྡུས་ཕྱོགས་དུས་རྩ་གསུམ་རྒྱལ་བ་རབ་འབྱམས་དང་ཁྱད་པར་པདྨས་ཁེབས་པའི་ཞིང་ནས་རིགས་འདུས་པདྨའི་མྱུ་གུ་འཁོར་ཚོགས་རྒྱ་མཚོ་དང་བཅས་པ་མཆོད། སྐུ་གསུང་ཐུགས་ཀྱི་ཉམས་ཆག་སྡིག་ལྟུང་སྦྱངས། ཐུགས་རྒྱུད་དབང་མེད་དུ་བསྐུལ་ནས་བྱིན་རླབས་དངོས་གྲུབ་ཐམས་ཅད་སྐུ་སྔགས་ཕྱག་མཚན་གྱི་རྣམ་པར་བསྡུས་ཏེ་ཐུགས་སྲོག་ཧྲཱིཿཡིག་ལ་ཐིམ་པས་རྡོ་རྗེའི་གསང་བ་གསུམ་གྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ། སླར་འཕྲོས་པས་སྣོད་བཅུད་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སད་པའི་དམིགས་པ་དང་བཅས་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། ཕྲིན་ལས་བདེ་ཆེན་ཐིག་ལེ་ལས་བསྙེན་སྔགས་གཅིག་ལས་མི་འབྱུང་ཡང་དབང་ཆོག་གཏེར་གཞུང་ལས། སོ་སོའི་སྔགས་ཀྱི་བཟླས་ལུང་སྦྱིན༔ གསུངས་པ་ལ་དཔག་ན་ལྷ་གཙོ་འཁོར་སོ་སོའི་སྔགས་བཟླ་དགོས་པ་ལྟ་བུར་གསུངས་པས། གཉིས་པ་བྱེ་བྲག་ལྷ་སོ་སོའི་བཟླས་ལུང་ནི། སླར་ཡང་། ཐུགས་ཀའི་ཡེ་ཤེས་སེམས་དཔའ་སོགས་ནས། ཧྲཱིཿཡིག་ལ་ཐིམ་པས་དག་པའི་རླུང་སེམས་དབྱེར་མེད་ཡེ་ཤེས་ཀྱི་དགོངས་རྒྱུད་མངོན་སུམ་སད་པར་མོས་པས་རྩ་བའི་བསྙེན་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། ཐུགས་སྲོག་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་འོད་ཟེར་གྱིས་སྤྱི་བོའི་རིགས་བདག་པདྨ་ཀུན་ཏུ་འཆང་གི་ཐུགས་རྒྱུད་བསྐུལ། དེའི་ཐུགས་སྲོག་ཧྲཱིཿལས་འོད་ཟེར་སྤྲོ་བསྡུས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་དང་ཁྱད་པར་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལྷ་སྔགས་འོད་ཟེར་གྱི་རྣམ་པར་བྱོན་ནས་སློབ་མའི་སྒོ་གསུམ་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་ལ་བླ་མ་ཆོས་སྐུའི་བསྙེན་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་དྷཱ་ར་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། སླར་ཡང་རིགས་འདུས་པདྨའི་མྱུ་གུའི་ཐུགས་སྲོག་ཡེ་ཤེས་སེམས་དཔའ་སངས་རྒྱས་པདྨའི་སྤྱན་གྱི་ཐུགས་དབུས་པད་ཉིའི་སྟེང་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས། སྲིད་ཞིའི་བརྟན་གཡོའི་དྭངས་བཅུད་འཆི་མེད་བདུད་རྩིའི་ཟིལ་མངར་གྱི་རྣམ་པར་བསྡུས། སློབ་མའི་སྒོ་གསུམ་ལ་ཐིམ་པས་དྭངས་མ་མི་ཤིགས་རྡོ་རྗེའི་སྲོག་གི་བཅུད་དུ་སྨིན་པས་འཆི་མེད་འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་དུ་གྱུར་པར་མོས་ལ་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། སླར་ཡང་ཐུགས་སྲོག་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་ཐམས་ཅད་པདྨ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་སྣང་བ་ཁྱབ་བརྡལ་དུ་སད་པས་གྲགས་སྟོང་སྔགས་ཀྱི་ཛཔ྄་སྒྲ་བུང་བ་ཚང་ཞིག་པ་བཞིན་སྒྲོག་པས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པས་དངོས་གྲུབ་རྣམ་པ་གཉིས་རྩོལ་མེད་དུ་ཐོབ་པར་བསམ་ལ་སྒྲུབ་པ་ཆེན་པོའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཏྭ་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། སླར་ཡང་ཐུགས་སྲོག་ཧྲཱིཿཡིག་གི་མཐར་རྡོ་རྗེ་རྣལ་འབྱོར་མའི་སྲོག་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་བརྟན་གཡོ་ཐམས་ཅད་གཡོས། སྲིད་ཞིའི་དྭངས་མ་ཐམས་ཅད་དང་ཁྱད་པར་དུ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལ་ཏེ་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་ཆར་བབ་པ་བཞིན་བྱོན་ནས་སློབ་མའི་རྩ་རླུང་ཐིག་ལེའི་ཁམས་ལ་ཐིམ་པས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་རབ་འབྱམས་ལ་དབང་ཐོབ་པར་མོས་པས་ལས་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་པདྨ་ཡོ་གི་ནཱི་སརྦ་སིདྡྷི་ཧཱུྃ༔ ལན་གསུམ། སླར་ཡང་ཐུགས་སྲོག་ཧྲཱིཿཡིག་གི་འོད་ཀྱིས་རིགས་འདུས་པདྨའི་མྱུ་གུའི་རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཞི་ཁྲོ་རབ་འབྱམས་གདན་གསུམ་ལྷའི་འཁོར་ལོར་གདོད་ནས་གྲུབ་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུ་ཡི་འོད་ཟེར་གྱིས་སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་གསང་བ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་མཐའ་དག་ལྷ་སྔགས་ཕྱག་མཚན་གྱི་འཁོར་ལོར་སད་པས་དག་པ་རབ་འབྱམས་ཆེན་པོའི་སྣང་བ་ཁྱབ་བརྡལ་དུ་ཤར་ནས། ཉམས་ཆག་དང་རྟོག་སྒྲིབ་དག །དོན་གཉིས་ལྷུན་གྲུབ་དཀྱིལ་འཁོར་གྱི་འཁོར་ལོའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོར་དབང་བསྒྱུར་བར་མོས་ལ་སྔགས་འདི་ཡི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གུ་ཧྱ་ཛྙཱ་ན་བྷོ་དྷི་ཙིཏྟ་མ་ཧཱ་སཱུ་ཁ་ཧཱུྃ་ཧཱུྃ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ་བྱ། དེ་ལྟར་བསྙེན་སྒྲུབ་ལས་གསུམ་གྱི་ནུས་པ་དང་བྱིན་བརླབ་བརྟན་པའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་པས་དབང་བསྐུར་བར་མོས་ཤིག །སྔགས་བྱང་གཏད་ལ། ཨཱ༔ འགྲོ་འོང་བརྟན་དང་གཡོ་བའི་སྒྲ་སྐད་ཀུན༔ རྡོ་རྗེའི་སྔགས་ཀྱི་ངོ་བོར་དབང་བསྐུར་བས༔ ཕྱི་ནང་རླུང་གི་རྒྱུ་བ་ཇི་སྙེད་ཀུན༔ གྲགས་སྟོང་ཡི་གེའི་སྤྲིན་དུ་རྫོགས་པར་ཤོག །ཨོཾ་མ་ཧཱ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ྄་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་གསུང་རྡོ་རྗེ་སྔགས་ཀྱི་དབང་བསྐུར་བས་ལས་རླུང་གི་རྒྱུ་བ་དབུ་མའི་དབྱིངས་སུ་དག་སྟེ་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ལ་གྲགས་སྟོང་གཞོམ་མེད་རྡོ་རྗེ་གསང་བའི་སྔགས་ཀྱི་གཟེར་ཐེབས་པས་བླ་མའི་གསུང་རྡོ་རྗེའི་ལམ་ཁྱེར་དང་མ་བྲལ་བར་གྱིས་ཤིག །ཐུགས་ཡེ་ཤེས་ཀྱི་དགོངས་པ་ངོ་སྤྲད་པའི་ཕྱིར་ལྷ་སྔགས་ཀྱི་སྤྲོས་པ་ཐམས་ཅད་དོན་ལ་སེམས་ཉིད་གཅིག་གི་ཆོ་འཕྲུལ་ཏེ། སེམས་ནི་སྐྱེ་འགག་གནས་གསུམ་གྱི་མཚན་རྟོག་བྲལ་བས་གཤིས་སྟོང་ཉིད། གདངས་འོད་གསལ། ཟུང་འཇུག་རབ་ཏུ་མི་གནས་པའི་ཡེ་ཤེས་མཚོན་བྱེད། མེ་ལོང་དྭངས་པར་གཟུགས་བརྙན་སྣ་ཚོགས་འཆར་ཡང་སྣང་སྟོང་འདུ་འབྲལ་མེད་པའི་དཔེས་མཚོན་ཏེ་དབང་བསྐུར་བར་མོས་ཤིག །མེ་ལོང་བསྟན་ཏེ། ཧཱུྃ༔ ལྷ་དང་སྔགས་ཀུན་མེ་ལོང་གཟུགས་བརྙན་ལྟར༔ འོད་གསལ་གཉུག་མའི་ངོ་བོར་དབང་བསྐུར་བས༔ ཆོས་དང་ཆོས་ཅན་སྤྲོས་པ་ཇི་སྙེད་ཀུན༔ དབྱིངས་རིག་ཟུང་འཇུག་ཐུགས་སུ་སྨིན་པར་ཤོག །ཨོཾ་མ་ཧཱ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུགས་རྡོ་རྗེ་ཡེ་ཤེས་ངོ་སྤྲོད་པའི་དབང་བསྐུར་བས་འཁྲུལ་རྟོག་གང་ཤར་རང་གྲོལ་ཆོས་ཉིད་བདེ་བ་ཆེན་པོའི་དགོངས་པ་མི་འགྱུར་བའི་གཟེར་དང་། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེ་དག་གིས་ནི་བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་རྨད་དུ་བྱུང་བའི་ནུས་སྟོབས་སློབ་མའི་སྒོ་གསུམ་ལ་འཇུག་ཅིང་དབྱེར་མེད་དུ་བརྟན་པར་བྱས་པས་ལྷ་དང་སྐལ་པ་མཉམ་ཞིང་གཞན་གྱི་དོན་བྱེད་པའི་དངོས་གྲུབ་གཉིས་ལ་དབང་ཐོབ་པའི་སྐལ་པ་ཅན་དུ་གྱུར་པས་ན་བླ་མ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ཕྱི་མཚན་མའི་དཀྱིལ་འཁོར་ལ་བརྟེན་ནས། དེ་ལྟར་བུམ་དབང་བསྐུར་བ་ཡིས༔ སྣང་ཞེན་ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་ཕྲིན་ལས་སྒྲུབ་ལ་དབང༔ སྤྲུལ་པའི་སྐུ་རུ་སྨིན་པར་འགྱུར༔ ཅེས་རྟོགས་པ་བསྐྱེད། གསུམ་པ་གསང་བ་ཟབ་མོའི་དབང་བསྐུར་བ་ལ་གསུམ། སྦྱོར་བ་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་། དངོས་གཞི་རིག་མའི་བརྟུལ་ཞུགས་ཅན་ལ་ཤེར་དབང་། རྗེས་མཉམ་པའི་བརྟུལ་ཞུགས་ཅན་ལ་དབང་བཞི་པ་བསྐུར་བ་སྟེ། ཟབ་དབང་གསུམ་པོ་འདི་ནི་རྡོ་རྗེ་བཞི་ཡི་ཡེ་ཤེས་བཙན་ཐབས་སུ་འཆར་བར་བྱེད་པའི་ཐབས་མཁས་ཀྱི་མྱུར་ལམ་ཟབ་མོའི་དབང་གི་མཐར་ཐུག་པ་སྟེ། དབང་གི་བདག་རྐྱེན་སྔགས་ཀྱི་ལྟ་དགོངས་ཏིང་འཛིན་གྱི་ནུས་པས་སློབ་མའི་རྒྱུད་བྱིན་གྱིས་རློབས་ནུས་པའི་སློབ་དཔོན་ཉིད་དམིགས་རྐྱེན་བྱས་ཏེ། སྐུ་གསུམ་རིགས་འདུས་བླ་མ་ལོངས་སྐུ་ཨོ་རྒྱན་ཚེ་དཔག་ཡབ་ཡུམ་སྙོམ་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་ཀྱང་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ལ་བསྐུལ་ཏེ་སྤྱན་དྲངས་པ་ཡབ་ཀྱི་ཞལ་ནས་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བའི་ལྷག་པའི་བྱང་ཆུབ་ཀྱི་སེམས་བདེ་བའི་རྒྱུན་སྦྱོར་མཚམས་ནས་ཐོན་ཏེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་སློབ་མའི་ལྕེ་ལ་བཞག་པར་མོས་པས། ཐོད་པའི་བདུད་རྩི་བྱིན་ཏེ། ཨཱ༔ སྣང་བའི་ངོ་བོ་པདྨ་ཚེ་དཔག་མེད༔ སྟོང་པའི་རང་བཞིན་འཆི་མེད་མནྡཱ་ར༔ མཉམ་སྦྱོར་ཐུགས་རྗེ་བྱང་སེམས་དབང་བསྐུར་བས༔ ལས་རླུང་དབུ་མའི་དབྱིངས་སུ་ཐིམ་པར་ཤོག༔ ཨོཾ་གུ་ཧྱ་ཨ་མྲིཏ་བྷོ་དྷི་ཙིཏྟ་ས་མ་ཡ་ཨཱ༔ ཞེས་དཔེའི་ཡེ་ཤེས་ཀྱི་ལྷན་ཅིག་བྱེད་རྐྱེན་རྫས་བྱང་ཆུབ་སེམས་ཀྱི་བདུད་རྩི་སྔགས་དང་བཅས་ཏེ་བྱིན་པ་རྡོ་རྗེའི་ལྕེ་ཡིས་མྱངས་པས་ལམ་སྔ་མ་སྔ་མས་གོ་ཕྱེས་ནས་ཉམས་མྱོང་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ཏེ། དེས་ནི་རྩ་ཐམས་ཅད་བདུད་རྩིའི་གང་། ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྣམ་རྟོག་འགག །ལྷན་སྐྱེས་བདེ་བ་ཆེན་པོ་མངོན་དུ་གྱུར་པར་མོས་ཤིག །དེ་དག་གིས་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་ནང་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་ལ་བརྟེན་ནས། གསང་དབང་ཐོབ་ནས་ངག་སྒྲིབ་དག༔ རླུང་དང་གཏུམ་མོ་བསྒོམ་ལ་དབང༔ ལོངས་སྤྱོད་རྫོགས་སྐུར་སྨིན་པར་འགྱུར༔ ཞེས་རྟོགས་པ་བརྗོད། ཟབ་དབང་གཉིས་པ་དངོས་གཞི་རིག་མའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ། བླ་མ་ཐུགས་རྡོ་རྗེ་ཆོས་སྐུའི་ཐུགས་ཀ་ནས། ངོ་བོ་འཕགས་བཞིའི་འབྱུང་གནས་རྡོ་རྗེ་བཙུན་མོ་ལྷན་ཅིག་སྐྱེས་མ་ཉིད། རྣམ་པ་རྡོ་རྗེ་ཕག་མོའི་རང་བཞིན་གཟུགས་དང་ལང་ཚོའི་མཛེས་པ་ཕུལ་དུ་ཕྱིན་པའི་ཤེས་རབ་འཛུམ་བཞད་ཆགས་པའི་མདངས་ཀྱིས་བདེ་བའི་ཉེ་བར་རྟོགས་པ་བསྒྲུབ་པའི་ཕྱིར་གཏད་པར་མོས་ཤིག །རིག་ཙག་གཏད་ལ། ཧཱུྃ༔ འདི་ནི་བདེ་ཆེན་ཡེ་ཤེས་འབྱུང་བའི་གནས༔ ལྷན་ཅིག་སྐྱེས་མ་པདྨ་རིགས་ཀྱི་ལྕམ༔ དགའ་བཞིའི་ཐར་པ་བསྟེན་པའི་དབང་བསྐུར་བས༔ དཔེ་ཡི་ཡེ་ཤེས་རྒྱུད་ལ་འཆར་བར་ཤོག༔ ཨོཾ་གུ་ཧྱ་མུ་དྲ་པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཞེས་བརྗོད་དེ་གཏད་པས། སློབ་མ་རྣམས་ཐབས་མཆོག་པདྨ་ཧེ་རུ་ཀ་རྟ་མཆོག་རོལ་པ་དང་། གཏད་པའི་རིག་མ་རྡོ་རྗེ་ཕག་མོ་སྟེ་ལྷ་ཡབ་ཡུམ་དུ་གསལ་བ་དང་། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་པ་དང་མཚུངས་པར། ཐབས་འདི་ལ་བརྟེན་ནས་གཞན་དོན་དུ་བདེ་ཆེན་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་འདོད་པ་མཉམ་པོར་ལྡན་པའི་འདུ་ཤེས་གསུམ་ལྡན་གྱིས། སྒོ་གསུམ་འདོད་ཆགས་ཀྱི་སྦྱོར་བ་ལ་བསླབ་པ་གསུམ་གྱི་ཐབས་ལམ་གྱི་ཆོས་ཉེར་བདུན་གྱིས་བསྡུས་པའི་སྦྱོར་ཐབས་རྣམ་པ་མང་པོས་བདེ་བའི་གནས་ལ་དྲག་ཏུ་བསྐུལ་བས། ཡས་བབས་དང་མས་བརྟན་གྱི་དགའ་བཞི་རྒྱུ་འབྲས་སུ་སྐྱེས་ཏེ་ཁ་སྦྱོར་གསུམ་གྱིས་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་བ་ཉམས་སུ་མྱོང་ཕྱིར། དབབ་བཟུང་ལྡོག་འགྲེམས་ལ་མཁས་པ་བཞིས་སྦ་བ་གསུམ་གྱི་བདེ་བ་ཆེན་པོའི་བརྟུལ་ཞུགས་བསྒྲུབས་ནས་དཔལ་ཀུན་བཟང་ཧེ་རུ་ཀ་དང་སྤྱོད་ཡུལ་གཅིག་ཏུ་འདྲེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་གསང་བ་མཚན་ལྡན་ཕྱག་རྒྱ་མའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་ལ་བསྟེན་ནས་ཐོབ་པ་སྟེ། ཤེས་རབ་དབང་ཐོབ་ཡིད་སྒྲིབ་དག༔ ཕོ་ཉའི་མྱུར་ལམ་བསྒོམ་ལ་དབང༔ ཆོས་ཀྱི་སྐུ་རུ་སྨིན་པར་འགྱུར༔ ཟབ་དབང་གསུམ་པ་རྗེས་མཉམ་པའི་བརྟུལ་ཞུགས་ཅན་ལ་དབང་བཞི་པ་བསྐུར་བ་སྟེ། དབང་ཐམས་ཅད་ཀྱི་མཐར་ཐུག་ནི་བསྐུར་ཐོབ་མེད་པར་ཡེ་ནས་ཆོས་སྐུ་ཆེན་པོར་རྫོགས་དོན་མཐོང་བ་ནི་རིག་པ་རྩལ་གྱི་དབང་སྟེ། དེ་ནི་དགོངས་བརྒྱུད་ཀྱི་བྱིན་བརླབས་དང་ལྡན་པའི་བླ་མས་ཡེ་ཤེས་འཕོ་བའི་དབང་གི་ཆོ་གས་ཐོབ་དགོས་པས་ན། ལྷན་སྐྱེས་ཡེ་ཤེས་མཁའ་འགྲོའི་རིགས་བདག་ཏུ་བཞུགས་པའི་བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ངོ་བོ་ཉིད་སྐུ་པདྨ་ཀུན་ཏུ་འཆང་གི་ཐུགས་ཀ་ནས། ཡེ་ཤེས་འོད་ལྔའི་གོང་བུ་ལས་རང་འདྲའི་སྐུ་ཆུང་ལ་ཡན་ལག་དོད་པ་གཟི་བརྗིད་དང་ལྡན་པ་སྐར་མདའ་འཕངས་པ་བཞིན་སྤྲོས་ཏེ་སློབ་མའི་སྙིང་གར་སིབ་ཀྱིས་ཐིབ་པའི་རྐྱེན་གྱིས་དགོངས་བརྒྱུད་སྙིང་ལ་འཕོས། རིག་པ་རྩལ་གྱི་དབང་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་དབྱིངས་རིག་དབྱེར་མེད་དོན་དམ་བདེན་པའི་དེ་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པར་མོས་ཤིག །ཧོ༔ ཆོས་དབྱིངས་ངོ་བོ་བསམ་བརྗོད་སྤྲོས་ལས་འདས༔ ཡེ་ཤེས་རིག་པ་ཟང་ཐལ་རྗེན་པར་ཤར༔ དབྱིངས་རིག་ཟུང་འཇུག་པདྨ་ཀུན་ཏུ་འཆང༔ དོན་དམ་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཛྙཱ་ན་ཀཱ་ཡ་ཨ་ཨ་ཨ༔ འདི་ལྟར་དབྱིངས་ཀ་དག་དང་རིག་པ་ལྷུན་གྲུབ་འོད་གསལ་གཉིས་ཟུང་འཇུག་ཆོས་སྐུའི་ཡེ་ཤེས་མཐར་ཐུག་པ་ནི་ངེས་པ་དོན་གྱི་པདྨ་ཀུན་ཏུ་འཆང་ཆེན་པོ་སྟེ། དེ་ཉིད་གདོད་ནས་རང་ལ་རང་ཆས་སུ་ཡེ་གྲོལ་གཤིས་ཀྱི་གནས་ལུགས་ལ་བཞུགས་པ་བླ་མ་ཡེ་ཤེས་སེམས་དཔའ་སྙིང་དབུས་སུ་ཐིམ་པས་མངོན་སུམ་རྒྱུད་ལ་སྐྱེས་པར་མོས་ཤིག །དེས་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། བཞི་པའི་དབང་ཐོབ་སྒྲིབ་ཀུན་དག༔ ཡེ་ཤེས་སྐུ་རུ་སྨིན་པར་འགྱུར༔ གཉིས་པ་གྲོལ་ལམ་བར་དོ་དྲུག་གི་བྱིན་རླབས་བྱ་བ་ལ། སྤྱིར་གསང་སྔགས་ཀྱི་ཟབ་ལམ་ཉམས་སུ་ལེན་པ་ལ། སྲིད་པ་འཁོར་བའི་སྐྱེ་འཆི་བར་དོ་ཐམས་ཅད་གནས་ལུགས་དབང་བཙན་དུ་བྱས་ན་བླ་མ་སྐུ་གསུམ་རིགས་འདུས་ཁྱབ་བདག་བདེ་བ་ཆེན་པོའི་སྐུ་གསུམ་གྱི་བདག་ཉིད་ལས་གཞན་དུ་མ་འདས་ཀྱང་། མ་རྟོགས་གློ་བུར་འཁྲུལ་པའི་ཡིད་ཅན་ཐམས་ཅད་འཁྲུལ་སྣང་བར་དོ་དྲུག་གི་སྣང་བ་འཇིགས་ལ་ཡ་ང་བ་ཤར་བས་རྟག་ཏུ་སྡུག་བསྔལ་ཏེ་མནར་བ་ཡིན་པས། གནས་སྣང་གཉིས་ཀ་དག་པ་ཆེན་པོར་ངོ་སྤྲོད་པས་སྨིན་པར་བྱས་ན་འཁྲུལ་སྣང་སྐུ་གསུམ་བླ་མའི་རྣམ་རོལ་དུ་གྲོལ་བའི་ཕྱིར་བརྡ་དོན་རྡོ་རྗེའི་ཚིག་གིས་དབང་བསྐུར་བ་ལ། སྤྱིར་ངེས་པ་གཏན་དུ་མེད་པའི་སྣང་བ་གློ་བུར་བ་ཞིག་ལ་བར་མ་དོ་ཞེས་བྱ་བ་སྟེ། དེ་ནི་ཀུན་བཏགས་གློ་བུར་གྱི་འཁྲུལ་སྣང་འདི་ཐམས་ཅད་དེ། དེ་ལ་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་ཀྱི་དབྱེ་བས་མེད་བཞིན་འཁྲུལ་པས་སྒྲོ་བཏགས་པར་ངོ་ཤེས་ཏེ་སྲིད་པའི་སྡུག་བསྔལ་ལས་གྲོལ་ཞིང་ཞི་བ་མྱང་འདས་ཆེན་པོ་སྐུ་གསུམ་གྱི་བདག་ཉིད་དུ་གྲོལ་བའི་ཆེད་བསྡུ་ན་དྲུག་ཏུ་འདུས་པ་ལས། འདི་ལྟར་དང་པོ་སྐྱེ་ཤི་བར་དོའི་སྣང་ཆ་ཐམས་ཅད་བླ་མ་སྐུ་གསུམ་རིགས་འདུས་ཀྱི་ལྷ་སྔགས་ཏིང་འཛིན་གྱི་རོལ་པར་ལམ་དུ་ཁྱེར་བས་འཁྲུལ་སྣང་གི་འཇུག་ལྡང་ཐམས་ཅད་བླ་མ་སྐུ་གསུམ་རིགས་འདུས་ཞི་ཁྲོ་རྒྱལ་བའི་ལྷ་སྔགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངོ་ཤེས་དགོས་པའི་ཕྱིར་མེ་ལོང་དུ་ཞི་ཁྲོའི་སྐུ་གཟུགས་འཆར་བ་སྣང་ཙམ་འགག་མེད་དུ་ཤར་ཡང་མེ་ལོང་གཅིག་གི་རྒྱ་ལས་མ་འདས་པའི་ཚུལ་གྱི་བརྡ་ཡིས་མཚོན་པར་མོས་ཤིག །མེ་ལོང་ལ་སྐུ་བརྙན་བསྟན་ལ་སྤྱི་བོར་བཞག །ཨོཾ༔ སྐྱེ་ཤི་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ བསྐྱེད་རིམ་ལྷ་སྐུ་བསྒོམ་པའི་དབང་བསྐུར་བས༔ བརྟན་གཡོའི་དངོས་ཀུན་ལྷ་དང་སྔགས་སུ་ཤར༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་མཉམ་རྗེས་གཅིག་ཏུ་འདྲེས་ཏེ་ཅིར་སྣང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་བར་བསམ་གཏན་བར་དོའི་འཁྲུལ་སྣང་ཐམས་ཅད་ཐབས་གྲོལ་རྡོ་རྗེའི་ཆོས་དྲུག་གིས་དཔེ་དང་དོན་གྱི་ཡེ་ཤེས་དགོངས་པའི་ཉམས་རྩལ་སྦྱངས་པས། འཁྲུལ་རྟོག་གི་མུན་པ་སེལ་བའི་དོན་ངོ་སྤྲད་པར་མོས་ཤིག །མར་མེ་བསྟན་ལ་སྙིང་གར་བཞག་ཏེ། ཧཱུྃ༔ བསམ་གཏན་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ རྫོགས་རིམ་རང་གསལ་སྣང་བའི་དབང་བསྐུར་བས༔ དཔེ་དང་དོན་གྱི་ལྷན་སྐྱེས་རྒྱུད་ལ་ཤར༔ བདེ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་སད་རྨི་གཉིད་འཐུག་གི་འཁྲུལ་པ་རང་རྒྱུད་པའི་བར་དོ་བདེ་གསལ་མི་རྟོག་སྐུ་གསུམ་གྱི་ཡེ་ཤེས་སུ་སྦྱང་དགོས་པར་ངོ་སྤྲད་པའི་ཕྱིར་ཧྲཱིཿཡིག་བདེ་བའི་ཐིག་ལེས་མཚན་པ་གསལ་ལ་རྟོག་མེད་མེ་ལོང་གིས་མཚོན་ཏེ་འཁྲུལ་པ་ཕྱིར་གྲོལ་གྱི་དགོངས་པ་ལམ་དུ་ཁྱེར་ནུས་པར་མོས་ཤིག །ཐིག་ལེ་དམར་པོ་ཧྲཱིཿས་མཚན་པ་བསྟན་ལ་མགྲིན་པར་བཞག །ཧྲཱི༔ རྨི་ལམ་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ བདེ་གསལ་མི་རྟོག་ཐིག་ལེའི་དབང་བསྐུར་བས༔ ངོ་ཤེས་རྩལ་འབྱོངས་ཉམས་རྟོགས་ལྷུག་པར་ཤར༔ གསལ་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་སརྦ་དྷརྨ་ཏཱ་བི་ཀལྤ་བུདྡྷ་ཨ་བྷི་ཥིཉྩ་ཧྲཱི༔ བཞི་པ་འཇིག་རྟེན་འདི་དང་ཕྱི་མའི་སྲིད་པ་གཉིས་ཀྱི་བར་འཆི་ཁ་བར་དོ་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་ནས་གཞི་ཐོག་ཏུ་བཙན་ས་ཟིན་ཏེ་གྲོལ་དགོས་པའི་ཕྱིར་རླུང་སེམས་གོང་འཕོའི་བརྡ་རྟགས་ཆོས་ཉིད་སྐྱེ་མེད་ཀྱི་ཡི་གེ་ཆོས་སྐུ་ཡེ་ཤེས་ཆེན་པོའི་སྲོག་གི་ས་བོན་ཨ་ཡིག་དཀར་གསལ་སྤྱི་བོར་བཞག་ཏེ་དབང་བསྐུར་བས་འཁྲུལ་པ་རང་གྲོལ་གྱི་གདེང་ཚད་མངོན་དུ་གྱུར་པར་མོས་ཤིག །ཨ་ཡིག་སྤྱི་བོར་བཞག་ལ། ཨ༔ འཆི་ཁ་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ རླུང་སེམས་གོང་དུ་འཕོ་བའི་དབང་བསྐུར་བས༔ སྐུ་གསུམ་དགོངས་པའི་དབྱིངས་སུ་རོ་གཅིག་ཤར༔ མྱོང་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨ་ཕཊ྄་ཨ་ཕཊ྄་ཨ་ཕཊ྄་ཨ་བྷི་ཥིཉྩ་ཧཱ༔ ལྔ་པ་སྣང་མཆེད་ཐོབ་གསུམ་ལུགས་ལྡོག་གི་གཞི་ལས་གཞི་སྣང་ཆོས་ཉིད་བར་དོ་སྒྲ་འོད་ཟེར་གསུམ་ཐམས་ཅད་དབྱིངས་རིག་གཉིས་མེད་ཀྱི་རང་རྩལ་རང་སྣང་དུ་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་ནས་རང་སྣང་རང་གྲོལ་གྱི་གདིང་ཐོབ་ཏེ་རིག་སྟོང་ཟུང་འཇུག་ཏུ་བཙན་ས་ཟིན་པར་གྱུར་ཅིག །འཇའ་ཤེལ་ཕྱར་ཏེ། ཧཱུྃ༔ ཆོས་ཉིད་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ དབྱིངས་དང་རིག་པ་དབྱེར་མེད་དབང་བསྐུར་བས༔ ངོ་ཤེས་ཐག་ཆོད་བརྟན་པ་ཐོབ་པར་ཤར༔ རིག་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག །ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ཕྱི་ནང་བར་གྱི་སྲིད་པ་བར་དོ་ལས་རླུང་གི་གཞན་དབང་ལས་ལྡོག་པའི་ཕྱིར་འཁྲུལ་སྣང་སྲིད་པ་བར་དོའི་རླུང་སེམས་ཀྱི་སྣང་ཆ་ཐམས་ཅད་དག་པ་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་ངོ་ཤེས། འཁྲུལ་སྣང་ཆོས་ཉིད་དུ་དག་ཏེ་རང་སྣང་རང་གྲོལ་གྱི་གདིང་ཐོབ་པས་སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས་སུ་ཕྱིར་མི་ལྡོག་པའི་བཙན་ས་ཟིན་ཏེ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་པར་གྱུར་ཅིག །སྐུ་སྔགས་ཕྱག་མཚན་རྣམས་བསྟན་ལ། ཏྲཱཾ༔ སྲིད་པ་བར་དོའི་འཁྲུལ་སྣང་སྦྱོང་བའི་ཕྱིར༔ མ་འགག་ལྷ་སྔགས་ཆོས་སྐུའི་དབང་བསྐུར་བས༔ གཟུང་འཛིན་སྲེད་ལེན་དག་སྣང་རོལ་པར་ཤར༔ ཚོར་སྟོང་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་བར་དོ་དྲུག་ཏུ་བསྡུས་ཏེ་སྐུ་གསུམ་རིགས་འདུས་བླ་མ་བདེ་བ་ཆེན་པོའི་ལྷ་སྔགས་ཡེ་ཤེས་ཀྱི་ལམ་ཁྱེར་ཟབ་མོའི་བརྡ་ཡི་བྱིན་གྱིས་བརླབས་པའི་དབང་ཙམ་ཐོབ་པའི་དགོས་པའང་རྡོ་རྗེའི་ཚིག་རྐང་ལས། འདི་ནི་ཟབ་མོའི་ཁྲིད་རིམ་གྱི༔ སྙིང་པོ་བྱིན་རླབས་རིམ་པ་སྟེ༔ དབང་འདི་ལན་གཅིག་ཐོབ་པས་ཀྱང༔ བར་དོར་གྲོལ་བར་ཐེ་ཚོམ་མེད༔ ཅེས་གཏེར་ཆེན་རིག་འཛིན་གྲུབ་བརྒྱའི་སྤྱི་མེས་ཆེན་པོ་ཉིད་གཟུགས་སྐུ་འོད་གསལ་ཐིག་ལེ་ཆེན་པོའི་ནང་དབྱིངས་སུ་བསྡུས་ཏེ། སླར་ཡང་ཕྱིར་གསལ་སྒྲོན་མ་དྲུག་གིས་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་པའི་གསང་བ་དོན་གྱི་རྣམ་ཐར་ཟབ་མོའི་འདྲ་འབག་ཀུན་གཟིགས་ཡེ་ཤེས་མེ་ལོང་ཆེན་པོར་འདས་རྗེས་ཐོག་བབ་ཏུ་སྣང་བའི་ཐུགས་ཏིག་ཡིན་པའི་ཕྱིར་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་ལས་དབང་ཐོབ་པ་ཙམ་གྱི་དགོས་པ་དེ་ལྟར་ན། སྨིན་རྗེས་གྲོལ་བྱེད་ཀྱི་ལམ་ལ་འཇུག་པས་བརྩོན་ན་སྐྱེ་འཆི་བར་དོའི་འཁྲུལ་སྣང་རང་སར་གྲོལ་ཏེ་སྐུ་གསུམ་བླ་མའི་གོ་འཕང་བདེ་བླག་ཏུ་སྒྲུབ་ནས་རྣམ་གྲོལ་གྱི་དབྱིངས་སུ་བདེ་མྱུར་གྱིས་བཙན་ས་ཟིན་པར་སོམ་ཉི་དང་བྲལ་བས་ཡིད་ཆེས་ཀྱི་ངེས་པ་གཏིང་ནས་འབྲངས་པས་དད་མོས་སྤྲོ་བ་བསྐྱེད་པར་མཛོད་ཅིག །གསུམ་པ་མཐའ་རྟེན་ཚར་གཅོད་དང་རྗེས་འཛིན་གྱི་དབང་ལས་དང་པོ་ནི། དེ་ལྟར་རང་དོན་དུ་སྐུ་གསུམ་རིགས་འདུས་བླ་མའི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་སྨིན་པར་བྱས་ནས་རྡོ་རྗེ་བཞི་ཡི་ལམ་དུ་ཞུགས་ཏེ། གཞན་དོན་དུ་གདུལ་བྱ་རྗེས་སུ་འཛིན་པ་ལ་ཞི་བའི་ཕྲིན་ལས་ཀྱི་ཡུལ་དུ་མ་གྱུར་པའི་གདུལ་དཀའ་ནག་ཕྱོགས་པའི་འབྱུང་པོ་ཞིང་བཅུའི་དགྲ་བགེགས། དྲག་ཤུལ་གྱི་ལས་ཀྱིས་ཚར་གཅོད་པའི་ཕྲིན་ལས་མཐར་ཕྱིན་པའི་སླད་དུ་རྒྱུད་གསུམ་དམ་ཅན་རྒྱ་མཚོར་གཉེར་དུ་གཏད་ཅིང་ས་ལམ་བར་ཆད་མེད་པར་བགྲོད་པའི་དཔུང་གྲོགས་བྱ་བར་བཀའ་བསྒོ་བ་ནི། བླ་མ་སྐུ་གསུམ་རིགས་འདུས་སྤྱི་དཔལ་ཆེ་མཆོག་སྨུག་ནག་དབང་ཆེན་རོལ་པའི་སྐུར་བཞེངས་པའི་མདུན་དུ་གཏོར་མ་ཉིད་ཕོ་རྒྱུད་དྲེགས་པའི་ཚོགས་རྗེ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། སྣང་སྲིད་མ་མོའི་སྤྱི་དཔལ་སྔགས་སྲུང་ཨེ་ཀ་ཛཱ་ཊཱ། གཉིས་མེད་བཀའ་སྲུང་ཡོངས་ཀྱི་གཙོ་བོ་དཔལ་མགོན་མ་ནིང་ནག་པོ་རྣམས་ལ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲུང་མའི་ཚོགས་ཐམས་ཅད་ཁྲོམ་ཆེན་པོའི་མདུན་ས་བཞིན་འཇིགས་ཤིང་རྔམ་པའི་ཚུལ་གྱིས་བཞུགས་པ་ལ། ཁྱེད་རང་སློབ་མ་རྣམས་ཀྱང་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་སྙེམས་པས་གནས་ཤིང་། སློབ་དཔོན་གྱི་བཀའ་བསྒོས་པའི་མོད་ནས་མདུན་གྱི་སྲུང་མ་འཁོར་དང་བཅས་པས་དམ་ཚིག་གཅིག་པའི་གྲོགས་སུ་དགོངས་ཏེ་དགྱེས་ཤིང་བརྩེ་བའི་ཚུལ་གྱིས་མདུན་དུ་བྱོན་པར་མོས་ཤིག །ཧཱུྃ་བྷྱོ༔ གཞི་དབྱིངས་རྟག་པའི་རྒྱལ་མོ་སོགས་ལས་བྱང་ལྟར་ཡོངས་རྫོགས་བཏང་རྗེས། ཁྱད་པར་རྡོ་རྗེའི་སློབ་མ་འདི་ཉིད་དང༔ བྱང་ཆུབ་བར་དུ་ནམ་ཡང་མི་འབྲལ་བས༔ ཟབ་ལམ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༔ མཐུན་རྐྱེན་ཐམས་ཅད་ཡིད་བཞིན་སྒྲུབ་པར་མཛོད༔ ཅེས་ཕྲིན་བཅོལ་མཐར། སློབ་དཔོན་གྱིས་རྡོ་རྗེ་གདེངས་ཏེ། ཤཱ་ས་ནའི་མཐར། ས་མ་ཡ་སྨ་ར་ས་མ་ཡ་མ་ཏི་ཀྲ་མ་ཏི་ས་མ་ཡ་རཀྵནྟུ། ཞེས་བརྗོད་པས་སྲུང་མ་འཁོར་དང་བཅས་པས་སྔོན་དཔལ་ཆེན་པོ་རིག་འཛིན་བརྒྱུད་པར་བཅས་པས་ཇི་ལྟར་བཀའ་བསྒོས་པའི་ཐ་ཚིག་རྗེས་སུ་དྲན་ཏེ། དྭངས་མའི་སྲོག་སྙིང་སོ་སོའི་ས་བོན་གྱི་རྣམ་པར་སྤྲོས་ཏེ་སློབ་མ་དཔལ་ཆེན་པོར་གསལ་བའི་ལྟེ་བ་ནས་བརྒྱུད་སྙིང་གི་ཐུགས་སྲོག་ཧཱུྃ་ལ་ཐིམ་པས་སྲོག་སྙིང་གཅིག་ཏུ་འདྲེས་ཏེ། སླན་ཆད་ཇི་ལྟར་བསྒོ་བའི་བཀའ་བཞིན་བགྱིད་པར་ཞལ་གྱིས་བཞེས་པར་བསམ་ལ་སློབ་མ་ལ་བདུད་རྩི་བྱིན་པའི་ལྷག་མ་ཆོས་སྐྱོང་གི་གཏོར་མ་ལ་བྲན་ཞིང་སླར་ཡང་སློབ་མར་བྱིན་ཏེ་རྡོ་རྗེའི་ཆོས་སྲུང་རྣམས་དང་སྲོག་སྙིང་གཅིག་ཏུ་བསྲེས་པར་བསམ་ཞིང་། གཏོར་མ་བཏེགས་ཏེ། ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མངགས་གཞུག་ཆེན་པོ། བསྟན་པ་དམ་པའི་ཆོས་སྐྱོང་བའི་སྲུང་མ་ལེགས་ལྡན་ཚོགས་ཀྱི་བདག་པོ། དབྱིངས་ཡུམ་ཨེ་ཀ་ཙཱ་ཊཱ། དཔལ་མགོན་མ་ནིང་ནག་པོ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་ཕྱག་དྲུག ལྷ་ཆེན་དབང་ཕྱུག་ཡབ་ཡུམ། རྒྱལ་ཆེན་རྣམ་མང་ཐོས་སྲས་སོགས་རྒྱུད་གསུམ་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས་ཆོས་སྐུ་པདྨ་ཀུན་ཏུ་འཆང་དབང་། ལོངས་སྐུ་ཚེ་འོད་དཔག་མེད། སྤྲུལ་སྐུ་པདྨའི་མྱུ་གུ །པདྨ་མདོ་སྔགས་གླིང་པ། པདྨ་གར་གྱི་དབང་ཕྱུག །ཀུན་གཟིགས་ཆོས་ཀྱི་རྒྱ་མཚོ། པདྨ་ཡེ་ཤེས་རྡོ་རྗེ་སོགས་རྩ་བ་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས། བླ་མ་དམ་པའི་སྐུ་ཚེ་དང་ཕྲིན་ལས་སྤེལ། བསྟན་དང་བསྟན་འཛིན་དང་བཅས་པའི་རིམ་འགྲོ་སྐྱེད། སེམས་ཅན་གྱི་ཕན་བདེ་སྤེལ། འཇིག་རྟེན་གྱི་རྒུད་པ་སོལ། གདུག་པ་ཅན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་རྒྱུན་ཆོད། ཁྱད་པར་དུ་ཡང་རྡོ་རྗེའི་སློབ་མ་འདི་ཉིད་དུས་དེང་ནས་བཟུང་བྱང་ཆུབ་ཀྱི་བར་དུ་ཁྱོད་ལ་གཉེར་དུ་གཏད་ཀྱིས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པ་དང་། འགོ་ནད་ཡམས་རིམས་ལ་སོགས་ནད་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བ་དང། ལྷ་ཀླུ་གནོད་སྦྱིན་གཟའ་དང་རྒྱལ་པོ་ལ་སོགས་གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ཐམས་ཅད་ཞི་བ་དང་། རྨི་ལམ་མཚན་མ་ངན་པ་སོགས་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སོགས་ལེགས་ཚོགས་ཀྱི་དངོས་པོ་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་གནས་སྐབས་དང་མཐར་ཐུག་གི་ཕྱི་ནང་གསང་བའི་འགལ་རྐྱེན་མཐའ་དག་སོལ། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་གྲོགས་གྱིས། མཐུ་དང་དཔུང་སྐྱེད། བསམ་པ་སྒྲུབས། རེ་བ་སྐོངས། ཡིད་ལ་བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ་དང་། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་ཡང་དག་པར་སྦྱོར་ཅིག །ཆོས་སྐྱོང་མཐུ་མ་ཆུང་། དམ་ཅན་རྩལ་མ་ཞན། མངོན་པར་འདོད་པའི་དངོས་གྲུབ་བདེ་བླག་ཏུ་སྒྲུབས་ཤིག །ཅེས་བསྒོས་པས་དེ་བཞིན་རེ་རེ་ནས་བགྱིའོ་ཞེས་སྤྲོ་བ་དང་བཅས་ཞལ་གྱིས་བཞེས་པར་བསམ་མོ། །གཉིས་པ་རྗེས་འཛིན་མཐུན་རྐྱེན་ཚེ་དཔལ་སྤེལ་བའི་དབང་སྦྱིན་པ་ལ། བླ་མ་དང་འཆི་མེད་པདྨ་ཚེ་ཡི་བདག་པོ་དབྱེར་མེད་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། འགྲོ་བའི་མགོན་པོ་པདྨ་ཚེ་དཔག་མེད༔ དུས་གསུམ་སངས་རྒྱས་ཚེ་བདག་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་བར་ཆད་སོལ༔ འཆི་མེད་རྡོ་རྗེའི་ཚེ་དབང་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་གཙོ་བོ་སྐུ་གསུམ་རིགས་འདུས་པདྨ་ཚེ་ཡི་བདག་པོ་དང་བླ་མ་དབྱེར་མེད་ཀྱི་གནས་ལྔར་ཕྱག་མཚན་ལྔ་དང་ཡིག་འབྲུ་ལྔས་མཚན་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡབ་ལ། ཧྲཱི༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་མགོན་པོ་ཨོ་རྒྱན་ཚེ་དཔག་མེད༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ཚོགས་རྣམས་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད༔ འབྱུང་ལྔའི་དྭངས་མ་ཡེ་ཤེས་འོད་ལྔར་སྡུས༔ སྲིད་ཞིའི་དྭངས་བཅུད་སྙིང་དབུས་ཐིག་ལེར་སྟིམས༔ མི་འགྱུར་འགག་མེད་མི་ཤིགས་རྡོ་རྗེའི་ཚེ༔ འཆི་མེད་རྟག་པ་དོན་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་སརྦ་སིདྡྷི་ཧཱུྃ༔ ཞེས་གྱེར། ཚེ་ཡི་དབང་བསྐུར་བ་དངོས་ལ། སྐུ་ཚེ་འབྲང་གི་དབང་ནི། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས། ཚེའི་འབྲང་རྒྱས་འདི་ཉིད་སྐུ་གསུམ་རིགས་འདུས་འཆི་མེད་རྡོ་རྗེ་ཚེ་ཡི་ལྷ་ཚོགས་བཞུགས་པའི་སྐུ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ། དྭངས་མ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་གཅིག་ཏུ་འདྲེས་པས་སྐུ་རྡོ་རྗེ་སྐྱེ་ཤི་མེད་པའི་ཚེ་ཐོབ་པའི་མོས་པ་མཛོད། ཨོཾ༔ སྙིང་པོའི་བུམ་པ་ཡེ་ཤེས་འོད་ལྔའི་དབུས༔ ཨོ་རྒྱན་ཚེ་དཔག་མེད་པའི་ལྷ་ཚོགས་བཞུགས༔ མི་འགྱུར་རྟག་པ་རྡོ་རྗེའི་ཚེ་དབང་བསྐུར༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཞེས་འབྲང་རྒྱས་སྤྱི་བོར་བཞག །ཚེ་ཆང་ཐོགས་ལ། འཁོར་འདས་བརྟན་གཡོའི་དྭངས་བཅུད་འདུས་པའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་མྱོང་བས་རྩ་ཁམས་ཐམས་ཅད་ལ་ཁྱབ། རླུང་སེམས་ཀྱི་འགྱུ་བ་དྷཱུ་ཏིའི་སྲོག་ཏུ་བཅིངས་པས་གསུང་འགག་པ་མེད་པ་རྡོ་རྗེའི་ནཱ་ད་ཚངས་པའི་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་ཚེ་ཡི་དབང་ཐོབ་པར་གྱུར་ཅིག །ཨཱ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་ནི༔ རླུང་སེམས་དབུ་མར་འཆིང་བའི་བཅུད་དང་ལྡན༔ འགག་མེད་རྟག་པ་རྡོ་རྗེའི་ཚེ་དབང་བསྐུར༔ ཚངས་དབྱངས་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ ཝ་ཀཱ་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཨཿ ཞེས་པས་སྦྱིན། ཚེ་རིལ་ཐོགས་ལ། སྲིད་ཞིའི་དྭངས་མ་འདུས་པའི་འཕོ་མེད་རྡོ་རྗེ་ཚེ་ཡི་རིལ་བུ་འདི་ཉིད་ཡེ་ཤེས་སེམས་དཔའ་ཨོ་རྒྱན་པདྨ་ཚེ་དཔག་མེད་ཡབ་ཡུམ་སྐུ་ཆུང་ལ་ཡན་ལག་རྫོགས་པའི་གཟུགས་ཀྱིས་ཁ་སྒོ་ནས་བྱོན། སྙིང་དབུས་ཉི་ཟླའི་གྭའུར་རྟག་བརྟན་འཕོ་མེད་ཀྱི་སྲོག་གི་ཟུངས་སུ་བཞུགས་པས་ཐུགས་མི་ཤིགས་རྟག་བརྟན་རྡོ་རྗེ་ཚེ་ཡི་དབང་ཐོབ་པར་མོས་ཤིག །ཧཱུྃ༔ འཕོ་མེད་དྭངས་མ་ལྔ་ལྡན་རིལ་བུའི་གཟུགས༔ སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཐིམ༔ མི་ཤིགས་རྟག་པ་རྡོ་རྗེའི་ཚེ་དབང་བསྐུར༔ འོད་གསལ་གཉུག་མ་དོན་གྱི་དངོས་གྲུབ་སྩོལ༔ ཙིཏྟ་ཨཱ་ཡུར་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྦྱིན། ཆོས་ཀྱི་ཕྱག་རྒྱས་རྒྱས་གདབ་པའི་ཕྱིར། ཚེ་མདའ་འདི་ཉིད་སྤྱི་བོར་རྒྱ་གྲམ་དུ་བཀོད་པའི་རྐྱེན་གྱིས་དེ་ལས་འབྲེལ་པའི་སྣ་ཚོགས་རྡོ་རྗེའི་རྡུལ་ཕྲ་མོ་གྲངས་མེད་པས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ནས་སྒོ་གསུམ་ཡེ་ཤེས་རྡོ་རྗེ་གཉིས་སུ་མེད་པའི་ཕྱག་རྒྱས་བཏབ་པས་གཞོམ་གཞིག་སྐྱེ་འཆི་དང་བྲལ་བའི་རྡོ་རྗེའི་སྲོག་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་མོས་ཤིག །ཚེ་མདའ་ཐོགས་ལ། ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ་དང་དཔལ༔ བསྡུས་པས་སྙིང་དབུས་མི་ཤིགས་ཐིག་ལེར་ཐིམས༔ བཅིངས་པས་འདུ་འབྲལ་མེད་པའི་ལུ་གུ་རྒྱུད༔ ཅིས་ཀྱང་མི་ཕྱེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ བཛྲ་ཨཱ་ཡུ་ཥེ་རཀྵ་ཨ་ཨ༔ ཞེས་བརྗོད་པས་སྤྱི་བོར་རྒྱ་གྲམ་དུ་བཞག །སྤྲོ་ན་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་སོགས་མཐའ་རྟེན་དུ་འབུལ། མ་གྲུབ་ཀྱང་ཤིས་བརྗོད་རྒྱས་པར་སྤེལ་ལོ། །དེ་ལྟར་འཆི་མེད་རྡོ་རྗེ་ཚེ་ཡི་དབང་ཟབ་ཐོབ་པའི་དགོང་པ་ཡང་། དབང་འདི་ལན་གཅིག་བསྐུར་བས་ཀྱང༔ དུས་མིན་འཆི་ལས་ངེས་པར་གྲོལ༔ མང་དུ་བསྐྱར་ན་ཚེ་འཕེལ་ཞིང༔ དཔལ་དང་འབྱོར་པ་རྒྱས་པར་འགྱུར༔ ཞེས་བསླུ་མེད་རྡོ་རྗེའི་གསུང་ལ་ཡིད་ཆེས་དད་པས་སྤྲོ་དགའ་བསྐྱེད་པར་མཛོད་ཅིག །བཞི་པ་དོན་དབང་སྙིང་པོ་གཏོར་མའི་དབང་བསྐུར་སྦྱིན་པ་ལ། གཏོར་མ་ལ་ཤེས་དུས་རྣམ་བཞིར་ཡོད་པ་ལས་སྐབས་འདིར་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་མཛོད། ཅེས་བརྡ་སྦྱར་ལ་གཏོར་མ་ལྷར་གསལ་འདེབས་ཚིག་ལྷུག་པའི་སྒོ་ནས་རྒྱས་པར་བརྗོད་པའམ། བསྡུ་ན། གཏོར་སྣོད་རྡོ་རྗེའི་སྲུང་འཁོར་ཆེན་པོའི་དབུས༔ འབྱུང་བ་རིམ་བརྩེགས་རིན་ཆེན་རི་རབ་སྟེང༔ བྱང་ཆུབ་སེམས་དཔའི་ནོར་བུའི་གཞལ་མེད་ཁང༔ ཡངས་ཤིང་རྒྱ་ཆེ་བཀོད་པ་བསམ་མི་ཁྱབ༔ མཚན་ཉིད་ཀུན་རྫོགས་འཇའ་ཟེར་ཐིག་ལེའི་དབུས༔ སྣ་ཚོགས་པད་ཉི་དབུགས་བྲལ་བམ་རོའི་སྟེང༔ གཏོར་མའི་ངོ་བོ་རྡོ་རྗེ་རྣལ་འབྱོར་མ༔ དམར་སྨུག་ཁྲོ་འཛུམ་སོགས་ནས། གསལ་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུར་ཤར༔ དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ག་རྣམས་གསལ་བཏབ་ནས། སློབ་དཔོན་ལ་སྐུ་གསུམ་རིགས་འདུས་སེམས་དཔའ་པདྨའི་མྱུ་གུ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་དུང་བ་མཛད་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་གསུམ་རྡོ་རྗེའི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་རིམ་དང་གཅིག་ཆར་དུ་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་བསྒོམ་རུང་དང་སྐུ་བཞི་ཐོབ་རུང་གི་རྟེན་འབྲེལ་རྒྱུད་ལ་བསྒྲིགས་ཏེ་དབང་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་གདངས་དང་བཅས་ཏེ། ཧྲཱི༔ སྐུ་གསུམ་རིགས་འདུས་རྩ་གསུམ་རྒྱ་མཚོའི་དངོས༔ ཞེས་སོགས་ནས། མཁའ་ཁྱབ་འགྲོ་ཀུན་སྨིན་ཅིང་གྲོལ་བར་མཛོད༔ ཅེས་པའི་བར་ལས་གཞུང་གི་ཐུགས་དམ་བསྐུལ་བའི་མཇུག་ཏུ། ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར༔ རྩ་རླུང་ཐིག་ལེ་སེམས་ཀྱི་དྲི་མ་སྦྱོངས༔ སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས༔ རྩ་སྔགས་དང་། ཀཱ་ཡ་ཝཱ་ཀ྄་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་བཞག །སླར་ཡང་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་དང་། སྐུ་གསུམ་རིགས་འདུས་པདྨ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དབྱེར་མེད་དུ་གྱུར་པའི་མོས་པ་དང་བཅས་ཆོས་ཉིད་གཉུག་མ་ཁྱབ་བརྡལ་ངང་དུ་མཉམ་པར་འཇོག་མཛོད། ཅེས་དང་། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་ཅིང་གཏོར་མ་སྤྱི་བོར་བཞག །དེ་ལྟར་དབང་བསྐུར་བའི་ཕན་ཡོན་ཀྱང་། དེ་ལྟར་ཐོབ་པའི་དགོས་པའང༔ དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ༔ ཉམས་རྟོགས་ཡེ་ཤེས་རྒྱས་པར་འགྱུར༔ ཞེས་འདི་ཙམ་ཁོ་ན་ཐོབ་ཀྱང་རྩ་བའི་དབང་བསྐུར་རྒྱས་པའི་སྙིང་པོ་དོན་གྱི་དབང་བསྐུར་ལེགས་པར་ཐོབ་པ་ཡིན་ནོ། །དེ་དག་གིས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་སྤྲུལ་པའི་གཏེར་ཆེན་རིག་འཛིན་གྲུབ་པའི་འཁོར་ལོས་བསྒྱུར་བ། ༧ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་གཟུགས་སྐུའི་བཀོད་པ་འོད་གསལ་གདོད་མའི་ནང་དབྱིངས་སུ་བསྡུས་ཏེ་སླར་ཡང་སྐུ་དང་ཡེ་ཤེས་ཀྱི་སྒྲོན་མ་མཁའ་ཁྱབ་ཏུ་བཀོད་པའི་བྱེ་བྲག །གསུང་རྡོ་རྗེའི་རིགས་ཀྱི་དབང་ཕྱུག །སྐུ་གསུམ་རིགས་འདུས་སེམས་དཔའ་པདྨའི་མྱུ་གུའི་མཚན་དང་ཞིང་གི་བཀོད་པ་ཆེན་པོ། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་གསལ་ཞིང་ཐུགས་ཏིག་གདམས་པ་འདི་ཉིད་ཀྱང་བསྩལ་པའི་རྩ་བ་ཡན་ལག་གི་དབང་བསྐུར་རྫོགས་པར་ཐོབ་པ་ཡིན་པས། དེ་དག་གི་སྐབས་སུ་ཇི་ལྟར་ཁས་བླངས་པའི་དམ་ཚིག་ལས་མི་འདའ་བར་སྲུང་སྙམ་དུ་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་ལན་གསུམ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་ཚོགས་ལྷག་མ་ནས་བརྩམ་ཕྲིན་ལས་རྗེས་ཀྱི་རིམ་པ་མཐར་དབྱུང་བར་བྱའོ། །དེ་ལྟར་སྔོན་འགྲོ་ཕྱི་ནང་གི་འཇུག་པ། དངོས་གཞི་རྩ་བའི་དབང་བསྐུར་རྒྱས་པ། རྫོགས་རིམ་བར་དོ་དྲུག་གི་ངོ་སྤྲོད། རྗེས་སྲུང་མར་གཉེར་གཏད་ཀྱི་དབང་། ཚེ་དབང་མཐའ་རྟེན། དོན་དབང་སྙིང་པོའི་གཏོར་དབང་བཅས་མཐར་ཆགས་སུ་བསྐུར་ཚུལ་གཏེར་གཞུང་བདེ་ཆེན་བུམ་བཟང་ལྟར་བཀོད་པ་སྟེ། སྒོས་བཀའ་འདི་ཉིད་ཁོ་ནའི་དབང་ལ་ལས་དང་པོ་པའི་སློབ་མ་རྗེས་འཛིན་དང་སྒྲུབ་དབང་སོགས་དགོས་པ་དང་འབྲེལ་ནས་ལྷག་གནས་གྱི་ཆོ་ག་སྦྱར་བར་སྤྲོ་ན་གཞུང་ལས། དེ་ལྟར་རྩ་བའི་དབང་བསྐུར་བ༔ འཇུག་པ་དངོས་གཞི་མཐའ་རྒྱས་ཏེ༔ དང་པོའི་ལས་ཅན་ལྷག་གནས་སོགས༔ སྤྲོ་ན་སྤྱི་བཞིན་སྦྱར་བར་བྱ༔ ཞེས་གསུངས་པ་བཞིན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དབང་ཆེན་མུ་ཏིག་ཕྲེང་བ་ཉིད་ལྷ་སྔགས་དང་མཚམས་སྦྱོར་ཁ་བསྒྱུར་ཅུང་ཟད་བགྱིས་པས་རུང་བར་མངོན་ལ། བསྙེན་སྒྲུབ་འབྲེལ་འཇོག་ཙམ་ལས་བསྐྱེད་བཟླས་རྫོགས་གསུམ་གྱི་ཉམས་ལེན་མི་ནུས་ན་སྙིང་པོ་དོན་གྱི་གཏོར་དབང་ཙམ་ཀུན་མཁྱེན་འཇམ་པའི་དབྱངས་ཀྱི་གསུངས་བཞིན་ཐོབ་ཀྱང་འཇུག་བདེ་དོན་ཚང་དུ་འགྱུར་བར་ཤེས་པར་བྱའོ། །བསམ་གྱི་མི་ཁྱབ་འཕགས་པའི་རྣམ་ཐར་གྱི། །གསང་བ་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཕྱིར། །འཕགས་ཆེན་མཛད་པའི་ཆ་ཤས་འདི་ཙམ་གྱི། །ཆེ་བ་ཁྱད་འཕགས་གནས་ལ་བསམ་གྱིན་དད། །རིག་འཛིན་རྩལ་འཆང་འཇམ་མགོན་རྣམ་གསུམ་གྱི། །རྗེས་བརྩེའི་ཕ་ཕོག་ནོར་བུའི་རྡུལ་རེ་ཡང་། །ནུབ་པར་ཕངས་ནས་བཀྲེས་པས་ཟས་རྙེད་བཞིན། །ལྷག་བསམ་དད་པས་ཞབས་ཏོག་བརྩོན་ཁུལ་ལགས། །དེ་ལས་བྱུང་བའི་རབ་དགེ་རྒྱ་མཚོའི་མཇིང། །བསྟན་འགྲོའི་གདེངས་ཅན་དགའ་མགུར་བརྩེན་བཞིན་དུ། །ཕན་བདེའི་དཔལ་འབྱོར་ཟད་མི་ཤེས་པའི་གཏེར། །སྙིགས་མའི་གདུང་སེལ་ཆབ་ཏུ་འདི་གྱུར་ཅིག །ཅེས་ཤིན་ཏུ་མི་བསྲུན་སྙིགས་མའི་སྨག་རུམ་དུ་འཐུམས་ཀྱང་སྔོན་བསགས་དཀར་པོའི་གློག་ཕྲེང་གི་གར་ཐབས་ཡིད་མཁར་རང་བཞིན་གྱིས་བསྒྱུར་བའི་བྱེད་ལས་དགེ་བས་ངོ་མཚར་ཟབ་མོའི་གསང་བ་ཨུ་དུམ་ཝ་རའི་སིལ་མ་འདི་ཉིད་ཀྱི་སྨིན་ལམ་ཆེན་པོ་འདི་ཡང་། མདོ་ཁམས་ཤར་གྱི་ནཱ་ལེནྡྲ་རྫོང་སར་བཀྲ་ཤིས་ལྷ་རྩེ་བཀའ་གཏེར་ཆོས་ཀྱི་གསང་མཛོད་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ནས་༧རིགས་ཀུན་ཁྱབ་བདག་ཀུན་གཟིགས་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་བདག་པདྨ་གར་དབང་མདོ་སྔགས་གླིང་པའི་རང་སྐལ་དུ་ཐོབ་པའི་ཚེ་དབང་ཆོག་འཇུག་བདེ་ཞིག་འབྲི་དགོས་པའི་བཀའ་ལུང་ནོར་བུའི་ཐོར་ཚུགས་ཚངས་གནས་ཀྱི་རྒྱན་དུ་དམིགས་སུ་བསྩལ་པ་དང་། མཆོག་གཏེར་གདམས་པའི་སྲོལ་འཛིན་གཏེར་སྲས་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཚེ་དབང་བསྟན་འཕེལ་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་ཀྱི་ཞལ་ཐང་གཏེར་སྲས་རིག་འཛིན་ཚེ་དབང་ནོར་བུའི་ཐུགས་དམ་རྟེན་སྨན་བྲིས་ཁྱད་མཚར་གྱི་རྟེན་བཅས། ཚུལ་འདིའི་དབང་ཆོག་གཏེར་གཞུང་གི་མཇུག་རྫོགས་རིམ་བར་དོ་དྲུག་གི་གསེང་ལམ་ཡོངས་རྫོགས་དགོངས་ཀློང་ནས་ཕབ་པར་རྗེ་བླ་མར་གསོལ་བ་བཏབ་པ་དེ་དག་ཀྱང་ཁྱོད་ནས་བྲིས་དང་རུང་ཞེས་དགོངས་གཏད་གཏད་རྒྱ་དང་བཅས་མཛད་མོད། རང་གཞན་ཉམས་ལེན་བྱེད་ནུས་དཀོན་པས་སྙོམས་ལས་སུ་ཐལ་བ་ཕྱིས་དབང་ཆོག་ཁྲིགས་མ་ཙམ་བསྟན་རྒྱུན་ལ་སྨན་སྲིད་ཅིང་བླ་མའི་བཀའ་རས་སུ་མ་བོར་བའི་དགོས་པ་ཙམ་མཐོང་ནས་བྲིས་པ་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་སྐུ་གསུམ་བླ་མ་དགྱེས་པའི་དགའ་ཚལ་དུ་དབུགས་དབྱུང་བའི་རྒྱུ་ཁོ་ནར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
བླ་མ་དགོངས་པ་འདུས་པ་ལས༔ མཁའ་འགྲོའི་ལས་ཚོགས་རྟེན་འབྲེལ་མོ་རྩིས་ཀྱི་སྐོར་མཁའ་འགྲོ་ལྔ་སྐོར་ (Volume 42, Text 66)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ མཁའ་འགྲོའི་ལས་ཚོགས་རྟེན་འབྲེལ་མོ་རྩིས་ཀྱི་སྐོར་མཁའ་འགྲོ་ལྔ་སྐོར་བཞུགས་སོ༔ མཁའ་འགྲོ་མ་ལ་མོས་པ་ལམ་དུ་བྱེད་ཅིང༔ བསྙེན་པ་ཐེམས་ནས༔ ཕྱི་ནང་འབྱུང་བའི་རྟེན་འབྲེལ་ཐམས་ཅད་ལ་དབང་འབྱོར་ལས་སུ་རུང་བའི་རྣལ་འབྱོར་པས༔ རྟེན་འབྲེལ་མོ་རུ་གདབ་པར་འདོད་པས་འདི་ལ་བཞི་སྟེ༔ ཇི་ལྟར་བྱ་བའི་ཚུལ་དང༔ མོ་བདར་གྱི་རིམ་པ་དང༔ གདབ་པ་དངོས་དང༔ རྗེས་ཀྱི་རིམ་པ་དང་བཞི་ལས༔ དང་པོ་ཇི་ལྟར་བྱ་བའི་ཚུལ་ནི༔ མོ་གདབ་མོ་ཡི་སྒྲུབ་པ་སྔོན་དུ་སོང་བས༔ ནམ་མོ་གདབ་པ་དེའི་ཚེ༔ གདན་གཙང་མ་དར་དཀར་པོ་ལ་སོགས་པའི་སྟེང་དུ༔ སྒྲུབ་པ་བྱས་པའི་མཁའ་འགྲོ་ཤུགས་འགྲོའི་ཙཀྲ་རབ་གནས་ཅན་བཏིང་ཞིང༔ གཏོར་ཆུང་ཆང་ཕུད་ཀྱིས་བྲན་པ་གཅིག་ཀྱང་འབྱོར་ན་རབ༔ མ་འབྱོར་ན་ནས་འབྲུ་གཙང་མས་སྣོད་གས་ཆག་མེད་པ་བཀང་བ་ཞིག་དང༔ མོ་རྟེན་སྤྱན་གཟིགས་གང་འཐད་མདའ་དར་ལ་སོགས་པ་རྣམས་བཤམས༔ བདག་ཉིད་དཔལ་རྟ་མགྲིན་དུ་གསལ་བའི་སྤྱི་བོར་པདྨ་འབྱུང་གནས་ཨ་ཙ་རའི་ཆ་བྱད་ཅན་གཟི་མདངས་དང་ལྡན་པ་ཞིག་བསྐྱེད༔ སྙིང་གའི་དབུས་སུ་ཡང་ཕག་མོ་གསལ་གདབ༔ མདུན་གྱི་སྐུ་རྟེན་ལ༔ མཁའ་འགྲོ་ཤུགས་འགྲོ་བཅུ་དམ་ཚིག་པ་བསྐྱེད༔ ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་ཞིང་མཁའ་འགྲོ་དངོས་སུ་གསལ་བའི་ལེགས་ཉེས་ཀྱི་མངོན་པར་ཤེས་པ་འཆར་བར་བསམ་ཞིང༔ བསྒྲུབ་པའི་དུས་ཀྱི་བསྙེན་པ་ཤམ་བུ་དང་བཅས་པ་བརྒྱ་ཕྲག་གམ་ཉེར་གཅིག་ལ་སོགས་པ་ལོང་ཁྱབ་དང་བསྟུན་ལ་བཟླ༔ གཏོར་མ་འབུལ༔ ཆང་ཕུད་གཏོར༔ དད་པའི་ཤུགས་བསྐྱེད་ཅིང་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་དྲག་ཏུ་གདབ༔ འོག་ནས་འབྱུང་བའི་བདེན་སྟོབས་དང་བདར་བྱང་བྱ༔ དེ་ནས་རྡེའུ་བསྒྲུབ་པ་བྱས་པའི་དཀར་པོ་ལ་འདོད་པའི་དོན་སྨོད་ཅིང༔ སངས་རྒྱས་མཁའ་འགྲོའི་ཐུགས་ཀ་ནས་བཟུང་སྟེ༔ མཁའ་འགྲོ་ཤུགས་འགྲོ་རྣམས་ཀྱི་ཐུགས་ཀར་བཀྲམ་སྟེ༔ རྡེའུ་དཀར་པོ་གང་ལ་བབས་པ་དེ་ལ་ངོས་བཟུང་བར་བྱའོ༔ ༈ གཉིས་པ་མོ་བདར་བའི་རིམ་པ་ནི༔ ཆང་ཕུད་དང་མེ་ཏོག་གཏོར༔ མདའ་དར་གཡབ་པ་ཙམ་གྱིས༔ སྣང་གསལ་སྟོན་པའི་མཁའ་འགྲོ་ཤུགས་འགྲོ༔ ཡེ་ཤེས་དང་ལས་ལ་གྲུབ་པ་ཐམས་ཅད་སྤུངས་སྤུངས་བྱོན་ནས་སྣང་སྲིད་མོའི་སྟོན་པ་མཛད༔ གཞན་ཡང་འཇིག་རྟེན་གྱི་ལྷ་ཀླུ་གཟའ་སྐར་མོ་པྲ་ལ་དགྱེས་པ་རྣམས་འདུས་ནས་སྣང་སྲིད་མོའི་སྟོན་པ་མཛད༔ རྣོ་མཐོང་མོ་ལྷའི་རྒྱལ་པོ་རྣམས་འདུས་ནས་མོ་བཟང་ངན་གྱི་ཤན་ཕྱེད་ཅིང་སྣང་སྲིད་སྟོན་པར་བསམ་ལ་འདི་སྐད་དོ༔ ཨེ་མ་ཧོ༔ འགྱུར་མེད་རྒྱལ་པོ་ཨུ་རྒྱན་རྗེ༔ རྣོ་ལ་རྣོ་གསལ་ཐམས་ཅད་མཁྱེན༔ མཁའ་འགྲོ་མང་པོའི་དབུས་ན་བཞུགས༔ སྣང་སྲིད་གཏན་ལ་ཕབ་པར་མཛོད༔ ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ན་མོ༔ བླ་མ་རྣམས་དང་ཡི་དམ་ལྷ༔ མཁའ་འགྲོ་ཤུགས་འགྲོར་བཅས་པ་ལ༔ བདག་དང་རྒྱུ་སྦྱོར་བཅས་པ་རྣམས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ མོ་རྟེན་རྫས་མཆོག་མཆོད་པ་འབུལ༔ སྣང་གསལ་སྒྲོན་མེ་སྦར་བ་ཡི༔ མཐུ་དང་དཔུང་གཉེན་མཛད་དུ་གསོལ༔ ཀྱེ༔ འདི་ལྟར་སྤྲུལ་པའི་མཁའ་འགྲོ་མ༔ མོ་དང་རྩིས་ཀྱི་མངའ་བདག་མོ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣང་གསལ་མོ་ཡི་གབ་རྩེ་ལ༔ བརྩེ་བར་དགོངས་ནས་བཞུགས་སུ་གསོལ༔ སྨན་རག་བདུད་རྩི་གཏོར་མ་འབུལ༔ ཁྱེད་ཀྱི་ཐུགས་དམ་གཉན་བསྐངས་ནས༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ སྣང་སྲིད་ལྷ་ཀླུ་མཐུ་རྩལ་ཅན༔ གཟའ་སྐར་འབྱུང་བའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཉེས་པའི་སྐྱོན་བྲལ་ཡོན་ཏན་ལྡན༔ འབྲུ་མཆོག་ནས་ཀྱི་མོ་ཡོན་འབུལ༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ མོ་ལྷའི་རྒྱལ་པོ་མངོན་ཤེས་ལྡན༔ ལྷ་དང་དྲང་སྲོང་ལ་སོགས་ཏེ༔ སྣང་གསལ་མོ་ལ་དགྱེས་པ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྒོད་སྒྲོ་ཅན་གྱི་མདའ་གཙང་ལ༔ སྣ་ཚོགས་དར་གྱི་ཅོད་པན་བཏགས༔ སྤྱན་གཟིགས་འདོད་ཡོན་བསམ་མི་ཁྱབ༔ མོ་དང་ཕྱྭ་ཡི་རྟེན་དུ་བཙུགས༔ མོ་ལྷའི་རྒྱལ་པོ་རྣམས་ལ་འབུལ༔ དགྱེས་པའི་མོ་ཡོན་འདི་བཞེས་ལ༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ ཁྱེད་རྣམས་མོ་ཡི་སྟོན་པ་སྟེ༔ བཟང་ངན་གཉིས་ཀྱི་ཤན་འབྱེད་དང༔ ལེགས་ཉེས་གཉིས་ཀྱི་སྟངས་གཅོད་མཛོད༔ བདག་ལ་དགོས་པའི་དུས་བྱུང་བས༔ སྨོད་པའི་མོ་འདི་བསྟན་དུ་གསོལ༔ ལེགས་ཉེས་བཟང་ངན་ཤན་བྱས་ལ༔ རིན་ཆེན་གསལ་བའི་སྒྲོན་མེ་སྤོར༔ མཁྱེན་ལྡན་མངོན་ཤེས་འཕྲུལ་སྒོ་ཕྱེས༔ ན་མོ༔ མཁའ་འགྲོ་ཤུགས་འགྲོ་འབྱུང་བའི་ལྷ༔ མོ་དང་རྩིས་ཀྱི་མངའ་བདག་མོ༔ སྣང་སྲིད་གསལ་བའི་འཕྲུལ་མོ་ཆེ༔ སྤྱན་གཟིགས་མོ་ཡོན་འདི་བཞེས་ལ༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ ཤར་ཕྱོགས་འབྱུང་བ་ཤིང་གི་ལྷ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དང༔ རྡོ་རྗེ་ཤུགས་འགྲོར་བཅས་པ་རྣམས༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ ལྷོ་ཕྱོགས་འབྱུང་བ་མེ་ཡི་ལྷ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་དང༔ རིན་ཆེན་ཤུགས་འགྲོར་བཅས་པ་རྣམས༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ ནུབ་ཕྱོགས་འབྱུང་བ་ལྕགས་ཀྱི་ལྷ༔ པདྨ་རིགས་ཀྱི་མཁའ་འགྲོ་དང༔ པདྨ་ཤུགས་འགྲོར་བཅས་པ་རྣམས༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ བྱང་ཕྱོགས་འབྱུང་བ་ཆུ་ཡི་ལྷ༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་དང༔ ལས་ཀྱི་ཤུགས་འགྲོར་བཅས་པ་རྣམས༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ མཚམས་བཞི་འབྱུང་བ་ས་ཡི་ལྷ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་དང༔ སངས་རྒྱས་ཤུགས་འགྲོར་བཅས་པ་རྣམས༔ སྣང་གསལ་མོ་ཡི་སྟོན་པ་མཛོད༔ མཁའ་འགྲོ་ཤུགས་འགྲོ་ལ་སོགས་ཏེ༔ མོ་དང་རྩིས་ཀྱི་ལྷ་ཚོགས་རྣམས༔ གཙུག་ལག་མོ་ཡི་སྟོན་པ་མཛོད༔ ཅེས་པའི་བདར་བྱང་དང༔ གཞན་ཡང་ཡུལ་རིས་གཞི་བདག་ལ་སོགས་པ་རྣམས་ལ་མོ་རྟེན་གྱི་འབྲུ་དང་གསེར་སྐྱེམས་གཏོར་མཆོད་བྱ་ཞིང༔ རྒྱས་བསྡུས་སྐབས་དང་བསྟུན་པའི་མོ་བདར་བྱ༔ གལ་ཆེ་ན་ལན་གསུམ་མམ་ལྔ་ལ་སོགས་པར་བདར༔ དེ་ལྟར་མོ་བདར་བྱ་ཞིང་སྐྱེམས་ཕུད་དང༔ འབྲུ་སྔོན་གཏོར་བ་ཙམ་གྱིས་བག་དྲོ་ཆིལ་གྱིས་འགྲོ༔ དེ་ལྟར་བྱུང་ན་ཇི་ལྟར་འདོད་པའི་དོན་སྨོད་ཅིང་གདབ་པར་བྱའོ༔ ༈ གསུམ་པ་མོ་དངོས་ནི༔ སངས་རྒྱས་མཁའ་འགྲོ་ལ་བབས་ན༔ བསྟན་པའི་ཆུས་ཕྱྭ་ནི༔ གངས་དཀར་གྱི་རྩེ་ལ་སེང་གེ་འགྱིང༔ གཡུ་རལ་གྱི་གསེབ་ནས་སེང་ཕྲུག་འཕྱོ༔ ཤིན་ཏུ་བཟང་ངོ༔ ཁྱིམ་ཕྱྭ་ནི༔ རིའམ་ས་དབྱིབས་ཟླུམ་པོའི་དཀྱིལ་དུ་ཡོད་ན་ཐང༔ ལྷ་སྨན་བཟང་མོ་འགོ༔ ཡར་ཚེས་ལ་ལྷ་མཆོད༔ མར་ངོ་ལ་སྲི་མནན་ན་བཟང༔ ཕྱུགས་ལུག་མི་དང་ཟས་ནོར་ལོངས་སྤྱོད་འཕེལ༔ བདུད་དང་རྒྱལ་པོ་འཁྲི༔ དེ་མཆོད་ན་མགོན་བྱེད༔ མ་མཆོད་ན་སྲིད་ལ་རྐུ་བས་གཟབ་བོ༔ གཞན་བཟང་ངོ༔ སྐྱེས་ཀྱི་ཕོ་ཕྱྭ་ལ༔ གཅིག་བརྒྱུད་དམ༔ གཙོ་བོ་མི་ཆེན་གྱི་རྒྱུད་ཡིན་ན་ཐང༔ ཁ་གང་གི་ཟས་ཟ༔ རྒྱབ་གང་གི་གོས་གྱོན༔ བང་གང་གི་རྟ་རྒྱུག༔ མིག་གང་གི་ལྟད་མོ་ལྟ༔ སྐྱིད་གོ་རེ་བ་ལེགས་པར་འོང༔ སྲོག་ཕྱྭ་ལ༔ ལྷ་བཙུན་བཟང་པོ་འགོ༔ མི་ལ་སྨོན་མི་འཚལ༔ སྲོག་གི་དཀོར་མཛོད་ལ༔ གསེར་གྱི་གཡུང་དྲུང་འཁྱིལ༔ སྔར་གྱི་ལྷ་ལ་མཆོད་གསོལ་གྱིས༔ ལོ་གསུམ་ཟླ་བ་གསུམ༔ ཞག་གསུམ་ཟ་མ་གསུམ་དྲོས་དང་བཞི༔ དེའི་བར་དུ་ལྕགས་ཀྱི་སེར་བ་བབས༔ དུག་ལ་རྗེན་ཟས་བྱས་ཀྱང་མི་འཆི༔ ཚེ་སྲོག་སྲ་སྐད་དོ༔ སྲིད་ཕྱྭ་ནི༔ ལོ་ལེགས༔ སྐྱ་རྒྱལ༔ བུ་མང་ཚང་རྡོལ༔ མིང་སྲིང་བརྒྱད་དང་བཅས༔ ཡང་ཆུང་གིས་མཐའ་རྟེན་ནས༔ གཟའ་མི་སྐྱིད་ལ་བརྟན་ཡུན་རིང༔ ཤིན་ཏུ་བཟང་ངོ༔ བུ་ཆུང་གི་མཐུ་ཕྱྭ་ལ༔ བཀྲ་ཤིས་ལྷ་གྲལ་དུ༔ གསེར་གྱི་ལུ་གུ་དང༔ གཡུའི་རེའུ་ཆུང་གཉིས༔ རྩེ་ཀྱུ་སྲིངས་སེ་སྲིང༔ བཟང་བའི་མཆོག་གོ༔ ནོར་ཕྱྭ་ལ༔ གཡང་ར་ཁྱུད་མོ་རུ༔ གསེར་གྱི་ཐང་མ་བརྡལ༔ གཡང་སྐྱབས་དང་གསེར་འོད་འདོན་ན༔ བཙན་ཕྱུག་དར་བར་འོང་སྐད་དོ༔ བློ་ཕྱྭ་ལ༔ མི་ཁྱོད་ཀྱི་བློ་འདི་ལྷས་བྱས༔ བསམ་པའི་དོན་འགྲུབ༔ བཟང་དྲག་པས་མི་འགྲུབ་པའི་ཉེན་འདུག་པས༔ གྲུབ་ན་ཤིན་ཏུ་བཟང་ངོ༔ གྲོགས་ཕྱྭ་ནི༔ མི་ཁྱོད་ཀྱི་གྲོགས་གཡུ་སྡེར་གསེར་ཞལ་དུ༔ སྐྱེམས་པ་ཆང་གིས་བཀང༔ འཛུམ་མདངས་མུ་ལུ་ལུ༔ བཞད་མདངས་ཡ་ལ་ལ༔ བསམ་པའི་དོན་འགྲུབ༔ ཁ་ངོམས་གྲོད་པ་འགྲངས༔ སྣམ་ཕྲག་མར་ཟན་གྱིས་བཀང༔ བཟང་སྐད་དོ༔ ས་ཆ་ཡུལ་གཟུང་ནི༔ ཧ་ཅང་བཙན་མ་དྲག༔ བཙན་ཚོད་ཕྱུག་ཚོད་ཟིན་པར་གྱིས༔ ཤིན་ཏུ་དར་ལ་ཕྱུག་པར་མཆིས༔ བཟང་ངོ༔ ཁང་པ་བཟང་ངམ་ཞེ་ན༔ ཁང་པ་བཟང་པོའི་རྩེ༔ མི་དར་གོ་ཁ་གང༔ ནོར་དར་ར་བ་གང༔ འབྲུ་དར་བང་བ་གང་སྐད་དོ༔ ཞུ་བ་ཨི་གནང་ན༔ དགྱེས་པའི་མདངས་དང་བཅས་ནས་འདུག༔ གང་ཞུས་མྱུར་དུ་འབྱུང༔ བཟང་ངོ༔ དོན་ཕྱྭ་ལ་དོན་དང་བཅས༔ སྙིང་དགའ་ཡ་ལ་ལ༔ ཅི་བསམ་ཁར་མ་འདོན༔ ཅི་འདོད་འབྱུང་སྐད་དོ༔ མགྲོན་པོ་ཨེ་འོང་ན༔ རྔུལ་ནག་ཙ་ར་ར༔ གོམ་སྟབས་ཤ་ར་ར༔ མྱུར་དུ་འོང་བས་ཆང་གསིངས་གདན་ཐིངས་སྐད་དོ༔ ཚོང་ཨི་རྒྱལ་ཞེ་ན༔ ཚོང་རོགས་གང་བ་བཟང་པོས་བྱེད༔ རྒྱལ་དྲགས་ནས་རྒོད་ཅིག་འཆོར་ཉེན་གདའོ༔ སློབ་དཔོན་ཆེ་གེ་འདི་འཕྲོད་དམ་ཞེ་ན༔ ལེ་ལོ་མ་བྱེད་མྱུར་དུ་བསྟེན༔ ཤིན་ཏུ་ཕན་ལ་བྱིན་རླབས་ཆེའོ༔ ལྷ་རྗེ་ཆེ་གེ་འདིས་ནད་པ་ཆེ་གེ་འདི་ལ་ཨི་ཕན་ཞེ་ན༔ ནད་པ་ཡོ་ནས་བསླང༔ ལྷ་རྗེས་གཏང་རག་ཟ༔ བཞད་འཛུམ་མུ་ལེ་འོང༔ ཤིན་ཏུ་འཕྲོད་པར་མཆིས༔ བུ་ཆུང་ལེའུའི་སློབ་དཔོན་ཆེ་གེ་འདི་ལ་ཞུས་ན་སོས་སམ་ཞེ་ན༔ ལྕོ་ག་བུ་བཞི་མ་དང་ལྔ༔ ཚང་ཐར་རྒུམ་བུ་འཐུ༔ རྒྱ་ཁྲ་ཧོར་པོའི་མཆུ་སྐྱག་འདམ་དུ་ཆུད་སྐད་དོ༔ སྨན་དཔྱད་གཏར་སྲེག་འདི་བྱས་ན་འཕྲོད་དམ་ཞེ་ན༔ ཅི་བྱས་ཅི་ལ་བཟང་སྟེ༔ ད་རེས་ཀྱི་འདི་བཤོལ་ན་ལེགས་སོ༔ ནད་པ་འདི་ཨེ་སོས་ཞེ་ན༔ ནད་པ་འདིའི་སྲོག་ལྷས་སྐྱོབ༔ ཚེ་ཉི་ཟླས་འཛིན༔ ནམ་འཆི་ཡང་ད་རེས་ནད་འདིས་མི་འཆིའོ༔ ནད་པ་འདི་ལ་གདོན་ཅི་འདྲ་ཞིག་འདུག་ཟེར་ན༔ གདོན་དུ་མ་མོ་དང༔ བརྟན་མ་དང༔ གསོན་འདྲེ་མོ་དང༔ འདྲེ་མོ་གདོན་པས༔ མ་མོའི་སྤྱི་མདོས་དང༔ གསོན་འདྲེ་ཁ་ཆིངས་དང༔ འདྲེ་མོའི་ཡས་ཐོངས་ཤིག་དང་འཚོའོ༔ བོར་སྟོར་འདི་རྙེད་དམ་ཞེ་ན༔ གཡང་སྒོ་མ་རལ་བས༔ ཚོལ་གོ་ཆོད་ན༔ མྱུར་དུ་རྙེད་པར་གདའོ༔ དམག་དང་ཇག་པ་འགྲོ་ན་བཟང་ངམ་ཞེ་ན༔ མི་ནོར་དཔུང་གིས་འདེབས༔ བསོ་སྒྲ་དི་རེ་སོང་དང༔ ཁ་སོ་ངོ་སོ་ཆེ་བར་འོང་སྐད་དོ༔ རྟ་ལ་སོགས་པའི་རྨིག་ཟླུམ་འདི་ལ་བཅོས་ཀ་ཆེ་གེ་འདིས་བྱས་ན་འཕྲོད་དམ་ཞེ་ན༔ མེ་ཏོག་རྙིང་པ་ལ་ཆབ་བྲན་པ་དང་འདྲ་བར་མཆི༔ ཤིན་ཏུ་འཕྲོད་པས་མྱུར་དུ་གྱིས་སྐད་དོ༔ རྨིག་པ་ཀ་བྲག་པའི་བཅོས་ཀ་འདི་བཤོལ་ན་ལེགས་སོ༔ མཛའ་བོ་བཙལ་ན་རྙེད་དམ་ཞེ་ན༔ རོགས་སྐྱེམས་ཅི་ཡོད་ཡིན༔ མཛའ་རོགས་རྙེད་པར་གདའི༔ ཧ་ཅང་མཐུན་མ་དྲག་པར་མཛོད་སྐད་དོ༔ གསེབ་བཏང་ན་སྲིད་ཨེ་ཆགས་ཞེ་ན༔ གསེབ་ཕས་གོ་ཆོད་ན༔ མོ་ལ་སྲིད་རྟེན་གདའ་སྐད་དོ༔ ཕ་རོལ་དང་རྩོད་པའི་ལབ་བྱས་ན་འཕྲོད་པས་རང་རྒྱལ་ལམ་ཞེ་ན༔ ཁོའི་མགོ་ལ་དམུ་གབ་ཀྱི་ཞྭ་ནག་གྱོན་ནས་འདུག་པས༔ རང་མི་རྒྱལ་ཁ་མེད་ཡིན་ནོ༔ ཆང་བཅོས་ན་ཞིམ་མམ་ཞེ་ན༔ ཆང་དེ་མགྲོན་ཁང་ངམ༔ ལམ་གསུམ་གྱི་བཞི་མདོར་ཆོས་དང་ཞིམ་པར་མཆིའོ༔ བཟོའི་རིག་བྱེད་འདི་བྱས་ན༔ ཤེས་སམ་ཞེ་ན༔ ཕྱི་དལ་གྱིས་མ་ཁྱེར་ན་འཕྲལ་ཕུགས་གང་ལའང་བཟང་ངོ༔ ལོ་ལེགས་པར་མཆིའམ་ཞེ་ན༔ ལོ་ལེགས་སྐྱ་རྒྱལ་ཡོང༔ སྤྲོ་བ་སྐྱེད་ཅིག༔ ཁ་ཆར་ཨེ་འབབ་ཞེ་ན༔ ཁ་ཆར་མྱུར་དུ་འབབ༔ ཆར་ཟོན་གྱིས༔ ཁ་ཆར་ཆེ་སྐད་དོ༔ རྩེད་མོའི་རིགས་ཆེ་གེ་བྱས་ན་ཉམས་དགའམ་ཞེ་ན༔ རྩེད་མོའི་རིགས་མགོ་ཐོན་གཏམ་སྙན་ཐོས་པར་འགྱུར་རོ༔ སྐོར་ཕྱྭ་གཡོན་ཕྱྭ་ནི༔ ཐེ་ཚོམ་ཟ་མི་འཚལ༔ ཤིན་ཏུ་ལེགས་པའི་མཆོག་གོ༔ དགྲ་ཕྱྭ་ལ༔ དགྲ་བླ་གཉན་པོ་ཕུགས་ན་བཞུགས༔ ཕྱོགས་བཞི་མཚམས་བཞི་རུ༔ འགྲོ་འདུག་ཅི་བྱས་ཀྱང༔ དགྲ་འདྲེ་བྱུར་དང་བྲལ༔ དགྲ་གཅིག་འདུག་པས་དེ་ཡུལ་གཞན་དུ་བྲོས་ནས་ཐལ་སྐད་དོ༔ ས་མ་ཡ༔ ༈ སངས་རྒྱས་ཤུགས་འགྲོ་ལ་བབ་ན༔ བསྟན་པའི་ཆུས་ཕྱྭ་ནི༔ རི་མགོ་མཐོན་པོའི་ན་བུན་དང་འདྲ༔ ཆར་མ་བབས་ན༔ དོན་ཆུང་བས་ཕ་མྱེས་སམ༔ བླ་མ་བརྒྱུད་པའི་ཆོས་སྐྱོང་སྲུང་མ་དང༔ ལྷ་བཙུན་གཉན་པོ་དྲག་ཏུ་གསོལ༔ གསོལ་ཀ་ལ་འབུང་དགོས་སོ༔ འབྲིང་སྟོད་ཙམ༔ ཁྱིམ་ཕྱྭ་ནི༔ ཁྱིམ་བཟུང་ཉེས་པས་མི་རྣམས་རྨོངས༔ ཚོང་ཕོངས་ཤིང་དབུལ་བར་མཆི༔ བུད་མེད་ཞང་ཉེའི་ཕྱོགས་ཀྱི་སྒབ་འདྲེ་རྒྱལ་འགོང་དང༔ ཐེའུ་རང་འཁྲི་བས་སྲིད་ཕྱེད་དེས་ཟ༔ འབྲོག་ཁྱིམ་ཡིན་ན་དཀར་འདྲེ་བྱེད༔ ལར་ཁྱིམ་འདྲེ་ཅན་དུ་འདུག་པས་ངན་སྐད་དོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ སྟག་དོང་ནང་དུ་བྱི་བས་ཟོས༔ གཟིག་ཤུབས་ཀྱི་རི་མོ་ཡལ༔ མི་ཁྱོད་ལ་རང་མ་ཉེས་པའི་ཁ་ཡོག་འོང༔ མ་ཤི་ཡང་ཤི་དང་འདྲ་བའི་ནད་འོང་ཉེན་ཡོད༔ མིའི་ནོར་ལ་མ་རྔམས༔ ས་བརྐོ་འཕྲུ་སློག་མཁར་ལེན་མ་བྱེད༔ བྱེས་ཐག་རིང་དུ་མ་འགྲོ༔ སྲོག་ལུས་དབང་ཐང་ཀླུང་རྟ་བསྐྱེད་པའི་གཏོ་གྱིས༔ ལར་གཟོབ་སྐད་དོ༔ སྲིད་ཕྱྭ་ནི༔ བུད་མེད་འདི་སྲིད་ཕུགས་ཆུང༔ གོད་འཆའ༔ ཁོང་མིང་སྲིང་གཡེམ་ལ་དགའ༔ ཐབས་སྣ་ཚོགས་དྲག་ཏུ་བྱས་ན་ཅི་སྲིད་ཡིན༔ གཞན་སྒབ་འདྲེ་རྒྱལ་འགོང་དང་བཅས་ནས༔ ནོར་ཕྱུགས་ཁ་དག་ལ་འགྲོ་ཉེན་འདུག་པས་བཤོལ་ན་ལེགས་སོ༔ སྲོག་ཕྱྭ་ནི༔ ལྷ་མཚུན་དཔལ་ལེགས་པས༔ ལག་དྲུག་ལན་དང་བདུན༔ ཀྲོག་ཀྲོག་ལངས་དང་འདབ༔ དཔྱད་ཀྱིས་ནད་མི་སྨན༔ ཡས་ཀྱིས་ཁ་མི་ཁེགས༔ མི་ཁྱོད་ལ་མ་ཕྱོགས་ཀྱི་འདྲེ་ངན་གདོན༔ ན་ཚ་སྲང་སྲིང་དང༔ མཁུན་པ་ཆེ་ཆུང་འབྱུང་ཉེན་འདུག༔ གླུད་བརྒྱ་རྩ་དང་ཆུ་གཏོར་མང་དུ་ཐོངས་ཤིག༔ ལར་ངན་ནོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ བྱེའུ་ཚང་དུ་སྲེ་མོང་ཞུགས༔ ལུག་ཚང་ནང་དུ་སྤྱང་ཀུས་དཀྱུས༔ ལུ་གུ་ལ་ཁ་ཟིན་བྱས༔ བུ་མོ་ཡིན་ན་ཡས་ཀྱིས་བསླུས༔ བུ་ཡིན་ན་མི་སོས་སྐད་དོ༔ ནོར་ཕྱྭ་ནི༔ སྲིད་ཕྱེད་འདྲེས་ཟ༔ ནོར་ཕྱེད་དགྲས་ཁྱེར༔ ཉེ་བ་བདུད་དུ་བབས༔ གཡང་གི་ར་བ་ལ་བསེ་རག་གི་སྒར་འདེབས་པས་ངན༔ གསེར་འོད་སྟོང་ཚར་དང༔ གཡང་སྐྱབས་ལ་འབུངས་ཤིག༔ བློ་ཕྱྭ་ནི༔ མི་ཁྱོད་ཀྱི་བློ་འདྲེས་བརྐུས༔ འདུན་མའི་རྒྱ་རལ༔ བསམ་པའི་དོན་ལ་བློ་རྒྱག་གི་མདའ་ཕོག་ཉེན་འདུག་གོ༔ གྲོགས་ཕྱྭ་ནི༔ ཚིག་སྙན་ངག་སྙན་འོང༔ ལག་ནས་ཟས་མི་འབྲང༔ རང་ལ་གང་ཡོད་ལ་སྤྱོད༔ གཞན་ལ་རེ་མ་ཆེ༔ སྟབས་ཉེས་ན་རང་ནོར་ཕར་འཆོར་ཉེན་ཡོད༔ ས་ཆ་ཡུལ་གཟུང་གི་མོ་ནི༔ འབྲོག་མཚེར་དུ་སྦྲ་འདེབས་ན་རུང༔ གཞན་ས་མཁར་འདེབས་ན་གནས་མི་བརྟན༔ འཕོ་སྐྱས་མང་དུ་འབྱུང་བས་ངན་སྐད་དོ༔ ཁང་པ་བཟང་ངན་ནི༔ ལྷ་མཚེར་དཔལ་གྱི་མཚེར༔ འབྲོག་མཚེར་གཡུང་དྲུང་འཁྱིལ༔ མཁར་ཁང་གི་མཚེར་སྲ་ལ་བརྟན་པས་བཟང་སྐད་དོ༔ ཞུ་བ་ཨི་གནང་ན༔ ཁ་འགྱོད་དང་སྙིང་སྟོང༔ ཞུ་བ་མི་གནང་ལ༔ གནང་ཡང་མི་དགེ་བས་ངན་ནོ༔ དོན་འགྲུབ་བམ་ཞེ་ན༔ དོན་མེད་སྟོང་ལོག་ལག་སྟོང་ཕྲག་ལ་གཟར་དེ༔ ཡ་མཆུ་ལ་དྲེག་པ་ཆགས༔ མ་མཆུ་ལ་ཁ་ཆུ་ལུད༔ ཤིན་ཏུ་ངན་ནོ༔ མགྲོན་པོ་ཨེ་འོང་ཞེ་ན༔ མགྲོན་ལམ་ཆུས་བཅད༔ ཉེ་བར་མི་འོང་སྐད་དོ༔ ཚོང་ཕྱྭ་ནི༔ ཚོང་རོགས་ཐེའུ་རང་གིས་བྱེད༔ གསེར་ཕར་བཏང་བས་བོང་བ་ཚུར་འོང༔ དེ་ལ་དགྱེས་ན་མཛོད༔ གཞན་ངན་ནོ༔ སློབ་དཔོན་ཆེ་གེ་འདི་འཕྲོད་དམ་ཞེ་ན༔ སློབ་དཔོན་བཟང་ལགས་ཀྱང༔ ད་རེས་སྨོན་ལམ་གྱི་མཚམས་མི་སྦྱར་རོ༔ སློབ་དཔོན་དང་ཡོན་མཆོད་ཀྱི་འབྲེལ་མི་འདུག་གོ༔ སྨན་པ་ཨེ་འཕྲོད་ཞེ་ན༔ སྨན་ཁུག་སྟོང་པར་འདུག༔ སྨན་གཞོང་ཁ་སྦུབ༔ སྨན་པའི་ངོ་སོ་མི་འདུག་པས༔ སྨན་པ་འདི་མི་འཕྲོད་དོ༔ བུ་ཆུང་གི་ལེའུ་སློབ་དཔོན་ཆེ་གེ་འདི་ལ་ཞུས་ན༔ བཟང་ངམ་ཞེ་ན༔ མ་པང་སྟོང་བའི་ངོ༔ ཤིན་ཏུ་ངན་ནོ༔ སྨན་དཔྱད་གཏར་བསྲེག་འདི་བྱས་ན་འཕྲོད་དམ་ཞེ་ན༔ གཏར་བསྲེག་བྱས་ན་འཆི༔ སྨན་དཔྱད་བཤོལ་ན་ལེགས༔ ཅིས་ཀྱང་བྱེད་ན་ནད་པ་ལ་གོས་ནག་ཅིག་གམ་ཐོད་ནག་འཆིངས་ལ་གྱིས༔ ལར་འབྲིང་ངོ༔ ནད་པ་ཨི་སོས་སྐད་ན༔ ཚེ་ཉམས་པས་གསོ་དཀའ༔ འདྲེ་ངན་གྱིས་སྲོག་གཅོད༔ འོན་ཀྱང་དུར་སློས༔ སྤང་དག༔ འཆི་ངེས་པའི་སྲོག་བསླུ༔ བརྒྱ་བཞིའི་ཆོ་ག་རྒྱས་པ་ལ་འུར་འདོན༔ དགེ་འདུན་བཞི་སྡེས༔ མདོ་མཆོད་བྱས་ན་འཚོ་སྐད་དོ༔ ནད་པ་འདི་ལ་ཅི་གདོན་ཞེ་ན༔ ནད་པ་འདི་ལ་ཤར་ཕྱོགས་ཀྱི་རྒྱལ་པོ་གཅིག་དང༔ ཟས་དཀར་མཚན་ཅན་གྱིས་རྐྱེན་བྱས་སམ༔ དེ་འདྲའི་ཕྱི་ནས་འདྲེ་བྱུང་བས་གདོན༔ དཀར་པོ་དྲུག་མདོས་དང༔ ཆོ་ག་དཀར་པོ་བཅུ་གསུམ་དགོས་སྐད་དོ༔ སྟོར་བ་རྙེད་དམ་ཞེ་ན༔ མི་ལག་ཏུ་དམ་པར་ཚུད༔ ཁོ་ཐག་ཆོད་ནས་འབྱུང་སྟེ་ལག་ཏུ་འོང་དཀའོ༔ དམག་ཇག་ལ་འགྲོ་ན་བཟང་ངམ་ཞེ་ན༔ མགོ་ཆག་རྐང་གྲུམ་འོང༔ མི་ནོར་དང་ཅི་རེ༔ ཕོ་བཅས་ཕར་ལ་འཆོར༔ དར་མདུང་རྐེད་པ་ཆག་པའི་ངོ་ཡིན་པས་ངན་ནོ༔ རྨིག་ཟླུམ་གྱི་མོ་ནི༔ སྐྱོང་དཀའ་ལ་ནད་མང༔ འཕྲལ་སྡུག་ལ་ཕུགས་ཕན་མི་ཐོགས༔ བཅོས་ཀ་ཅི་བྱས་ཀྱང་ངོ་སོ་མི་འདུག་གོ༔ རྨིག་པ་ཀ་བྲག་པ་འདི་འཕྲལ་ལ་འཕྲོད་འཕྲོད་འདྲ་ཡང་ཕུགས་མི་ཤིས༔ བཅོས་ཀ་ངོ་སོ་ཡངས་ཏེ་ཕུགས་མི་ཕན་སྐད་དོ༔ མཛའ་བོ་བཙལ་ན་རྙེད་དམ་ཞེ་ན༔ རེ་མ་ཆེ༔ བྱ་བ་མ་མང༔ རྙེད་པར་མི་མཆི༔ གལ་ཏེ་རྙེད་ཀྱང་གྱོད་དང་མི་ཁ་འོང་ངོ༔ གསེབ་བཏང་ན་སྲིད་ཨེ་འཕེལ་ཞེ་ན༔ གསེབ་ཕོ་བརྒྱ་ཡོད་ཀྱང་མོ་ལ་སྲིད་མི་ཆགས༔ སྲིད་ཀྱི་རྒྱ་མཚོ་སྐམ་པའི་ངོ༔ ཕ་རོལ་དང་འདུན་མ་གཏམ་ན་འཕྲོད་དམ༔ རང་རྒྱལ་ལམ་ཞེ་ན༔ རི་མགོ་མདུང་མི་ཚུགས༔ རང་ལ་ཁེ་མི་མཆི༔ རང་སར་ཞོག་མཛོད༔ ཆང་གི་མོ་ནི༔ སྔར་ཡང་འགོང་པོ་སྤུན་དགུ་ཆང་ཚང་དུ་ཞུགས༔ ད་དུང་ཡང་དེས་མཚོན༔ འོན་ཀྱང་རྒྱལ་པོ་ལ་སྡེར་ཆ་བྱིན༔ དཀོར་བདག་གཅིག་འདུག་པ་ལ་མཆོད་པ་གྱིས༔ གསུམ་ཙམ་ཞིམ་པའང་སྲིད་དེ་ལར་ངན་ནོ༔ བཟོའི་རིགས་བྱེད་ཆེ་གེ་འདིས་བྱས་ན་དགེའམ་ཞེ་ན༔ བཟོ་ཉེས་སྙིང་སྟོང་གི་ངོ་ཡིན་བཤོལ་མཛོད༔ ལོ་ལེགས་སམ་ཞེ་ན༔ ལོ་ལེགས་པར་མི་མཆི་སྔ་བུན་རྒྱགས་གྲབ་ཆེར་མཛོད༔ ལོ་ལ་རེ་བ་མ་ཆེ་སྐད་དོ༔ ཁ་ཆར་ཨེ་འབབ་ཞེ་ན༔ རླུང་གི་གཡོ་བ་རབ་ཏུ་འཁྲུག་ཅིང༔ ཁ་ཆར་མྱུར་དུ་མི་འབབ་སྐད་དོ༔ རྩེད་མོ་ཆེ་གེ་འདི་བྱས་ན་ལེགས་པར་མཆིའམ་ཞེ་ན༔ རྩེད་མོ་རྒས་ནས་རྩོད་པའི་རྒྱུའམ་རྐང་ལག་ཆག་གྲུམ་འབྱུང་བའི་ཉེན་ཡོད་པས་བཤོལ་ན་ལེགས་སོ༔ སྐོར་ཕྱྭ་གཡོན་ཕྱྭ་ནི༔ གཡོན་མི་ཁྱག་སྐོར་མི་ཕེར་ཏེ༔ ཅི་ནས་ཀྱང་ངན་ནོ༔ དགྲ་ཕྱྭ་ནི༔ འབྲོག་རྔོན་བང་ཆེན་པ༔ དར་དཀར་སྐྱོབ་དང་བྲལ༔ བྲོས་ཀྱང་རྗེས་མི་ཐར༔ དགྲ་ངོ་སྐྲག་ངོ་ཆེ༔ དགྲ་སྲི་མནན༔ དགྲ་བྲུབ་བྱ༔ དགྲ་ཟློག་དྲག་པོ་མྱུར་བར་བྱའོ༔ ས་མ་ཡ༔ ༈ རྡོ་རྗེ་མཁའ་འགྲོ་ལ་བབ་ན༔ བསྟན་པའི་ཆུས་ཕྱྭ་ནི༔ གནམ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་ལ་ཁྲི་གདུགས་ཉི་མའི་འོད་འཕྲོ༔ ས་གཡུའི་རྡོ་རྗེ་རྒྱ་གྲམ་ལ་རིན་ཆེན་འབར་བའི་ཕྲ་ཐེབས་ཏེ་བླ་དཔོན་མི་ཆེན་གང་ལའང་བཟང་ངོ༔ ཁྱིམ་ཕྱྭ་ནི༔ རིན་ཆེན་གསེར་གྱི་ས་གཞི་ལ༔ བཻ་ཌཱུར་སྔོན་མོའི་ལྗང་བུ་འཁྲུངས༔ དེ་ལ་མུ་ཏིག་གི་ཆར་པ་འབབ༔ ཤིན་ཏུ་བཟང་བའི་མཆོག་གོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ དུང་གི་བ་དན་དཀར་པོ་ལ༔ རིན་ཆེན་བྱི་རུའི་དར་ལྕེ་བཏགས༔ རྩེ་ལ་གསེར་གྱི་ཐོར་ཅོག་བསྐྱོན༔ ཤིན་ཏུ་ལེགས་སོ༔ སྲོག་ཕྱྭ་ནི༔ གངས་དཀར་ཤེལ་བཟང་ལ༔ གསེར་གྱི་ཤ་བ་གྱ་མ་གྱུ༔ དུང་གི་རྭ་རྒྱས་ལྡམ་མ་ལྡེམ༔ གཡུ་མཚོ་མེར་བ་ན༔ ཉ་མོ་གསེར་མིག་འཕྱོ༔ མི་ཁྱོད་ཀྱང་དེ་དང་འདྲ༔ ཅི་བྱས་ཅི་རུ་རུང༔ ལྷ་བཟང་པོས་མགོན་བྱེད༔ ཚེ་རིང་ནད་མེད་ཤིན་ཏུ་རབ་སྐད་དོ༔ བུད་མེད་ཀྱི་སྲིད་ཕྱྭ་ནི༔ ཁོང་གཡེམ་མི་དང་ཉལ་པོ་བྱེད༔ ལྷ་ལ་མནོལ་ཕོག་པས་ལྷ་མི་དགའ༔ བུ་ཚ་སྐྱེས་ན་གླེན་པའམ་དབང་པོ་མ་ཚང་བ་འོང༔ ངན་སྐད་དོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ ཕོ་ལྷས་ཉིན་གྱི་བྱ་ར་བྱེད༔ མོ་ལྷས་མཚན་གྱི་མེལ་ཚེ་བྱེད༔ འགོ་བའི་ལྷ་ལྔ་རྟག་ཏུ་མཆོད༔ ལོ་ལྔ་ཚུན་ལ་ན་ཚ་ཤི་ཆད་འོང་མི་སྲིད༔ ཤིན་ཏུ་བཟང་ངོ༔ ནོར་ཕྱྭ་ནི༔ གསེར་གཞོང་མར་ཁུས་བཀང༔ ཟས་ནོར་ལོངས་སྤྱོད་འཕེལ༔ བཟང་ངོ༔ བློ་ཕྱྭ་ནི༔ མི་ཁྱོད་ཀྱི་བློ་ཕྱྭ་སྲ་ལ་བརྟན༔ འདུན་མ་རྩེ་མོ་བྱུང་རྒྱལ་དུ་འགྲོ་བ་རབ་ཀྱི་མཆོག་གོ༔ གྲོགས་ཕྱྭ་ནི༔ འཛུམ་གྱིས་སྔོན་ནས་བསུ༔ བྱ་བྱེད་ཞུངས་སེ་ཞུང༔ གྲོགས་དང་ཟས་སུ་བཅས༔ བཤོས་སྐྱེམས་ཕུན་སུམ་ཚོགས༔ བཟང་སྐད་དོ༔ ས་ཆ་ཡུལ་འཛིན་ནི༔ རྨང་གཞི་གསེར་ལ་བྱས༔ འགྱུར་མེད་རིན་ཆེན་ཡིན༔ མི་ནོར་ཟས་གསུམ་འཛོམ༔ ཁ་དྲག་དཔུང་དང་ལྡན༔ ཤིན་ཏུ་བཟང་ངོ༔ ཁང་པ་བཟང་ངམ་ཞེ་ན༔ ལྷ་བཟང་པོ་རྒྱུད་ཅན་ཆགས་པས༔ དེ་དང་བསྟུན་མཛོད༔ ཤིན་ཏུ་ལེགས་སོ༔ ཞུ་བ་གནང་ངམ་ཞེ་ན༔ འཕྲལ་དུ་མི་འབྱུང་སྟེ༔ ཕུགས་སུ་གནང་བར་མཆིས་པས༔ གཉུག་བསྲིང་མཛོད༔ དོན་ཨེ་འགྲུབ་ཞེ་ན༔ ཕྱི་དལ་གྱིས་མ་ཆོད་ན་བཟང་སྟེ༔ ཕྱི་དལ་བག་ཟོན་མཛོད་སྐད་དོ༔ མགྲོན་པོ་ཨེ་འོང་ཞེ་ན༔ མགྲོན་པོས་ཟས་ཁུར་སྐྱེམས་དང་ངོ་སོར་བཅས་ནས་འོང་བས་རྔམས་པ་མ་ཆེ་མཛོད༔ ཚོང་བྱས་ན་འཕྲོད་དམ་རྒྱལ་བར་འགྱུར་རམ་ཞེ་ན༔ འཕྲོད་ཀྱང་མྱུར་དུ་འཕྲོད༔ རྒྱལ་ཡང་རྒྱལ་བར་འགྱུར་རོ༔ ཚོང་ཡ་ཤ་སྔོ་ལ་ཁོང་སྒྲིམ་ལབ་སྐྱེན་པ་ཞིག་འབྱུང་ན་ཐང༔ སློབ་དཔོན་ཆེ་གེ་འདི་འཕྲོད་དམ་ཞེ་ན༔ བྱིན་རླབས་ནུས་པར་ལྡན༔ རྟེན་འབྲེལ་མ་བུ་དུས་འདིར་འཛོམ༔ བཟང་སྐད་དོ༔ ལྷ་རྗེ་ཨེ་འཕྲོད་ན༔ སྨན་པ་དེ་མི་གཞན་ལ་མ་ཤོར་ན་ངོ་སོ་ཆེ་སྐད་དོ༔ ལེའུ་པ་ཆེ་གེ་འདི་འཕྲོད་དམ་ཞེ་ན༔ ཕ་བ་ལེའུ་པའི་པང་དུ༔ གསེར་གྱི་སེང་ཕྲུག་དང༔ དུང་གི་ཟླ་བ་གཉིས༔ གཅིག་འོད་གཅིག་ལ་གསལ༔ ཕ་བས་གཏང་རག་ཟ༔ བུ་ཆུང་རྩེད་མོ་རྩེ༔ བཟང་སྐད་དོ༔ སྨན་སྤྱད་གཏར་སྲེག་ལ་ལྷ་རྗེ་བླ་མ་འདི་ཤིན་ཏུ་འཕྲོད་པར་མཆིའོ༔ ནད་པ་ཨེ་སོས་ན༔ ནད་ཡུན་ཅུང་ཞིག་བྱེད༔ ཀླུ་གདོན་གྱིས་བཟུང་ནས་འདུག་པས་གདོན་བཀྲོལ་བྱས་ན་ཕན་པར་འགྱུར་རོ༔ ནད་པ་ལ་གདོན་ཅི་འདུག་ཅེ་ན༔ བདུད་ཀྱི་རིགས་དང༔ བརྟན་མ་དང༔ མ་མོ་དང༔ རི་འདྲེས་གནོད་པས༔ བདུད་ཀྱི་ཞལ་སྒྱུར༔ བརྟན་མའི་སྤྱི་མདོས༔ མ་མོའི་དཔུང་ཟློག་གམ་ཁྲག་མདོས༔ རི་འདྲེ་བཀར་ན་ལེགས་སྐད་དོ༔ བོར་སྟོར་ཨི་རྙེད་དམ་ཞེ་ན༔ གཡུའི་མཛོ་མོ་ཕ་རིར་སོང་ཡང༔ གསེར་གྱི་སྣ་ཐག་ཀ་བ་ལ་བཏགས༔ ཞེས་པས་རྙེད་པར་འགྱུར་རོ༔ དམག་ཇག་ལ་ཕྱིན་ན་རྒྱལ་ལམ་ཞེ་ན༔ རུ་དར་གནམ་དུ་ཕྱར༔ བསོ་སྒྲ་དི་རི་རི༔ གཞུ་མཆོག་བསྒྲིལ་བས་ཆོག་པར་གདའོ༔ སྨིག་ཟླུམ་འདི་བརྟེན་པར་ཤིས་སམ༔ བཅོས་ན་འཕྲོད་དམ་ཞེ་ན༔ བརྟེན་ན་འཕྲལ་བདེ་ཚོད་ལ༔ ཕུགས་སུ་དར་ཞིང་འཕེལ༔ བཅོས་ཀ་བྱས་ཀྱང་ཕན་པར་མཆིའོ༔ རྨིག་པ་ཀ་བྲག་འདི་ཡུན་དུ་མ་བརྟེན་མཛོད༔ འཕྲལ་དགེ་ཕུགས་མི་ཕན༔ བཅོས་ཀ་མ་བྱས་པར་རང་མལ་དུ་བཞག་ན་ལེགས་སོ༔ མཛའ་བོ་ཨི་རྙེད་ན༔ མྱུར་དུ་མི་རྙེད་ཀྱང་གཉུག་བསྲིང་ན་རྙེད༔ རྙེད་ན་ཕུགས་སུ་ཡང་ཕན་སྐད་དོ༔ གསེབ་བཏང་ན་སྲིད་ཨེ་ཆགས་ཞེ་ན༔ གསེབ་འདི་ཆགས་ཀྱང་ཆགས་ལ༔ སྲིད་ཕོ་རུ་འོང༔ བཟང་སྐད་དོ༔ གཞན་དང་གཏམ་ལབ་བྱས་ན་འཕྲོད་དམ༔ རྒྱལ་བར་འགྱུར་རམ་ཞེ་ན༔ འཕྲོད་ཀྱང་འཕྲོད་ལ༔ རང་ཡང་རྒྱལ་ལ་གཏམ་སྙན་ཐོས་པར་འགྱུར་རོ༔ ཆང་བཙོས་ན་ཞིམ་མམ་ཞེ་ན༔ ཆང་མིས་མ་མཐོང་བར་ཚོས༔ ཆང་གི་ནང་དུ་སྲིབ་ཀྱི་རྡོ་ནག་ལ་ཡི་གེ་རཾ་བྲིས་ལ་ཆུགས༔ ཞིམ་པར་འགྱུར༔ བཟོའི་རིགས་གང་བྱས་ཀྱང་བཟོ་ལེགས་ན་བཀྲ་ཤིས་པར་འགྱུར་རོ༔ ལོ་ལེགས་སམ་ཞེ་ན༔ ལོ་ལེགས་བོངས་དང་ལྡན་པར་འོང༔ ཁྱིས་ཟས་མི་འདོད་པའི་སྐྱ་རྒྱས་འོང་སྐད་དོ༔ ཁ་ཆར་ཨེ་འབབ་ཅེ་ན༔ ནམ་མཁར་སྤྲིན་འཁྲིགས་ཀྱང༔ ཁ་ཆར་ཆེ་བར་མི་འབབ་སྟེ༔ ཕབ་ན་མྱུར་དུ་འབབ་སྐད་དོ༔ རྩེད་མོ་འདི་མགོ་ཐོན་ནམ་ཞེ་ན༔ རྩེད་མོ་རང་དགའ་ཙམ་ལས་བཞད་དང་གཏམ་སྙན་མི་ཐོས་སྐད་དོ༔ སྐོར་ཕྱྭ་གཡོན་ཕྱྭ་ནི༔ ཕྱི་དལ་ཅུང་ཆེ་ཙམ༔ གྲུབ་ན་ཤིན་ཏུ་སྐོར་ཕེར༔ གཡོན་ཁུར་རོ༔ དགྲ་ཕྱྭ་ནི༔ འགྲོ་འདུག་ལ་སོགས་གང་བྱས་ཀྱང༔ དགྲའི་མིང་མི་གྲགས༔ བྱུར་གྱི་མགོ་མི་ལྡང༔ ཤིན་ཏུ་བཟང་ཞིང་བཀྲ་ཤིས་སྐད་དོ༔ ས་མ་ཡ༔ ༈ རྡོ་རྗེ་ཤུགས་འགྲོ་ལ་བབ་ན༔ བསྟན་པའི་ཆུས་ཕྱྭ་ནི༔ དར་གཅིག་རྒུད་གཅིག་ཕྱར་དར་རླུང་བསྐྱོད་འདྲ༔ སྐྱིད་སྡུག་རེས་མོས་བྱེད༔ འགྲངས་ལྟོགས་ཁོད་མི་སྙོམས༔ འཕར་འབུབ་ཤིན་ཏུ་ཆེ་སྐད་དོ༔ ཁྱིམ་ཕྱྭ་ལ༔ ཁྱིམ་དང་སྒྱེད་པུ་སྐར་མ་ངན་པ་ལ་བཙུག་པས༔ ན་ཚ་རྒྱུན་མི་འཆད༔ བསམ་པ་མི་འགྲུབ་བརྡ་བསྣོལ་མང༔ ཁྱིམ་ནང་དུ་ནད་སྒྲ་རྒྱུན་མི་འཆད༔ སྒོ་སྒྱུར༔ ཐབ་ཀ་སྤོ༔ གཏོ་ཁུ་དང་རྒྱ་མ་འཛུགས༔ དེ་རྣམས་གཟའ་སྐར་ཚེས་གྲངས་བཟང་པོ་དང་སྤྲད་ན༔ ལེགས་པར་མཆི༔ ལར་འབྲིང་ཙམ་མོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ གཞི་རུ་འདུག་ན་སྲིས་ཟད༔ བྱེས་སུ་འགྲོ་ན་གོས་ཟད༔ གཡས་ནས་རྙེད་ཀྱང་གཡོན་དུ་བོར༔ ལུས་ཀྱི་ཤེད་ཉམས༔ གང་བྱས་སྟབས་མི་བདེ་བའི་དུས་ཡིན་པས༔ གར་བབས་ལ་ཞོག༔ འབྲིང་ངོ༔ སྲོག་ཕྱྭ་ནི༔ བདེ་བ་དང་མི་བདེ་བ་ཕྱེད་མ༔ དགྲ་གཉེན་ཕྱེད་མ༔ གྱེན་ལན་དུ་ཐུར་འོང༔ བྱ་བྱེད་མ་མང༔ འཐབ་འཁོན་དང༔ བཤས་ལང་ལོང༔ སྐྱེས་འུར་འུར་གྱི་སར་མ་འགྲིམ༔ ནད་པ་ཡིན་ན་ནད་འདྲེས་བསླང་བའི་ངོ་ཡིན༔ དཔྱད་དང་རིམ་གྲོ་ལ་འབུངས༔ སྔར་ན་ན་དེས་ཐུབ༔ གཞན་ནད་དྲག་ལ་མྱུར་བ་གཅིག་འབྱུང་ཉེན་འདུག་པས་གཟོབ་སྐད་དོ༔ སྲིད་ཕྱྭ་ནི༔ བུད་མེད་འདིའི་སྲིད་ཕུགས་སུ་འདྲེ་མོ་ཞིག་ཞུགས་ནས་དགག་པར་འདུག་པས་ངན་ནོ༔ འདྲེ་མོ་དེ་སྒོར་ཐོན་ན་ཇི་སྲིད་ཡིན་ཏེ༔ ལར་ངན་ནོ༔ བུ་ཆུང་གི་མཐུ་ཕྱྭ་ལ༔ བུ་ཆུང་གི་བླ་སྲོག་ལ་གསོན་འདྲེ་མ་གཅིག་དང༔ ཐེའུ་རང་ནི་འཇབ་འདུག༔ དེ་གཉིས་དང་བྲལ་ན་འཆི་བ་ལ་མི་ཉེན་ཏེ༔ ན་ཚ་དྲག་པོ་ཞིག་འབྱུང་སྐད་དོ༔ ནོར་ཕྱྭ་ལ༔ ནོར་ལ་ཤི་གོད་བོར་སྟོར་འབྱུང་ཉེན་ཡོད༔ ཁྱད་པར་དུ་རྐང་ཕྲན་ལ་ངན༔ རི་ཁྲོད་ལོ་མ་ཅན་གྱི་གཟུངས་མང་དུ་བཀླགས་ན་རུང་ངོ༔ བློ་ཕྱྭ་ལ༔ བཟང་རྩེ་ལ་ཁར་ཡང་མ་ཐོན༔ ངན་རོང་ཁུང་དུ་ཡང་མ་ལྷུང་སྐད་དོ༔ གྲོགས་ཕྱྭ་ལ༔ གྲོགས་ཁ་ལ་འོང་ཆུའི་ལྦུ་བ་དང་འདྲ༔ ངོ་སོ་དང་ཡེ་རེ་འདུག་སྟེ༔ རྔམས་མི་ཆེ་འོ༔ ས་ཆ་ཡུལ་མཁར་འཛིན་པའི་མོ་འདི་དུ་བ་མ་ཆད་ཙམ༔ སྦྲ་ཀ་མ་འགྱེལ་ཙམ༔ འབྲིང་སྐད་དོ༔ ཁང་ཁྱིམ་གྱི་ས་ལ༔ ས་བདག་དང་བྱུར་གྱི་འགྱུ་སྲང་འདུག་པས་ངན་ནོ༔ ཞུ་བ་ཨེ་གནང་ན༔ རྒྱ་གད་ཀྱི་བྲག་ཆར་རམ༔ མཆིན་པ་ན་བའི་རྒྱུ༔ དེ་བས་གཞན་དུ་བསྒྱུར་ན་ལེགས་སོ༔ དོན་འགྲུབ་བམ་ཞེ་ན༔ ཕྲན་ཚེགས་ཡིན་ན་འགྲུབ༔ རྔམ་ཆེན་ནི་མི་འགྲུབ་སྐད་དོ༔ མགྲོན་པོ་ཨེ་འོང་ཞེ་ན༔ མགྲོན་པོ་སེམས་ཀྱིས་སླེབ༔ ལུས་ཀྱིས་དར་གཅིག་མི་སླེབ་བོ༔ ཚོང་ཕྱྭ་ལ༔ འཕྲོད་པར་ཡོད་ཀྱང་རྒྱལ་བར་མི་མཆི་བས་བཤོལ་ན་ལེགས་སོ༔ སློབ་དཔོན་ཆེ་གེ་འདི་འཕྲོད་དམ་ཞེ་ན༔ རྐང་སོ་ཡངས་བར་འདུག་ཀྱང་ངོ་སོ་མི་འདུག་གོ༔ སྨན་པ་ཨི་འཕྲོད་ན༔ འཕྲལ་འཕྲོད་པར་འདུག་སྟེ༔ ཕུགས་མི་འཕྲོད་པས་གཞན་ལ་ཞུས་ན་ལེགས་སོ༔ ལེའུའི་ལྷ་ཕྱྭ་ནི༔ ལེའུ་ཕའི་བང་སྟོང༔ མའི་ཞོ་སྐམ༔ བུ་མོ་ཡིན་ན་སྐྱེས་རྩ་མིང་དུད་འགྲོ་ལ་གྲས་པ་ཐོགས་དང་སོས་པ་སྲིད་ཙམ་ཡིན༔ གཞན་འབྲིང་ཙམ་མོ༔ སྨན་དཔྱད་གཏར་སྲེག་འདི་ལ་སྐྲག་སྔངས་ཀྱི་ངོ་ཞིག་འདུག༔ ཅིས་ཀྱང་བྱེད་ན་སྣང་བརྒྱད་ཀྱི་མདོ་བཀླག་ན༔ དཔྱད་ཀྱི་ངོ་སོ་ཅུང་ཞིག་འདུག༔ ནད་པ་སོས་སམ་ཞེ་ན༔ ནད་པ་འདིས་ཚེ་ལ་ལྷ་དང་འདྲེ་གཉིས་ཀྱིས་ཐོབ་ཤ་འགྱེད་ཅིང་འདུག་པས༔ རིམ་གྲོ་མདོ་སྡེ་བཀླག༔ ཚྭ་ཚྭ་གདབ༔ འཆི་བསླུ་དང༔ གཏོར་ཆེན་བཏང༔ མིང་སྤོ༔ ལུས་སྒྱུར༔ བཙུན་པ་ལ་སོགས་ཡོན་ཏན་ཅན་ཡིན་ན༔ སྤང་དག་གྱིས་དང་འཚོ་བར་མཆིའོ༔ ནད་པའི་གདོན་ངོས་བཟུང་འཚལ་ཞེ་ན༔ ཕོ་གདོན་གྱི་རིགས་མང་དུ་འདུས༔ ཁྱད་པར་དུ་བདུད་དང་གནོད་སྦྱིན་གདོན་པས༔ དེའི་རིམ་གྲོ་བདུད་ཀྱི་ཞལ་སྒྱུར༔ གནོད་སྦྱིན་ལ་གཏོར་མ་བྱིན་དང༔ འགྲོ་བར་འདུག་གོ༔ བོར་སྟོར་འདི་རྙེད་དམ་ཞེ་ན༔ བློ་རྒྱབ་ཏུ་བོར་ལ་ཞོག༔ རེ་མ་ཆེ་སྐད་དོ༔ དམག་ཇག་ཐེབས་སམ་ཞེ་ན༔ ལུང་པ་ཁྲག་མཚོར་འཁྱིལ༔ མདའ་ཆག་དང་གཞུ་ཆག་ཐ་རེ་བ༔ ཕར་ལ་ཡང་ཐེབས་ཚུར་ལ་ཡང་སྣད་ཡར་དང་ཤི་ཆད་ཀྱི་ངོ་ཆེ་སྐད་དོ༔ རྨིག་ཟླུམ་འདི་བརྟེན་རུང་ངམ༔ བཅོས་ཀ་བྱས་ན་ཕན་ནམ་ཞེ་ན༔ བསྲེལ་དུ་མི་རུང༔ འཕྲལ་ལྗི་ལ་ཕུགས་གྱོང༔ བཅོས་ཀ་འདི་བྱེད་དུས་ཤིང་སྣའི་དུད་པ་ཐོངས་ལ་གྱིས་དང་ཕན་པར་མཆིའོ༔ རྨིག་པ་ཀ་བྲག་པ་འདི་བརྟེན་དུ་རུང་ཙམ་ལས་ངོ་སོ་མི་ཆེ༔ སྤུ་མདོག་ཕྲ་ན་བསྲེལ་དུ་རུང༔ བཅོས་ཀའི་རིགས་ནི་གང་ཡང་མི་འཕྲོད་སྐད་དོ༔ མཛའ་བོ་རྙེད་དམ་ཞེ་ན༔ མཛའ་བར་ཁྱིས་ཆོད༔ མཛའ་ལམ་དུ་དུག་དང་རྩང་གིས་གང༔ རྙེད་ཀྱང་མི་རྙེད་ལ༔ རྙེད་ཀྱང་བྱུར་དང་བསྡོངས༔ ཤིན་ཏུ་ངན་ནོ༔ གསེབ་བཏང་ན་སྲིད་ཆགས་སམ་ཞེ་ན༔ ལན་གསུམ་བསྐྱར་ན་ཆགས་པར་མཆིས་ཏེ༔ མི་སོས་པས་བཤོལ་ན་ལེགས་སོ༔ གཞན་དང་ལབ་པ་ནི༔ ཁ་མཆུའི་རིགས་ཡིན་ན་འཕྲོད༔ གཞན་གང་ཡང་བཤོལ་བར་བྱ༔ ལར་འཕྲོད་ཀྱང་རང་རྒྱལ་བར་མི་འགྱུར་རོ༔ ཆང་གི་མོ་ནི༔ ཆང་སྐྱུར་རོ་དགུ་དང་ལྡན་པ་ཞིག་འབྱུང་ཉེན་འདུག༔ ཅི་སྟེ་བཙོ་ན་ལམ་སུམ་མདོར་སྒྱེད་བུ་བཙུགས་པའི་སྟེང་དུ་སྦང་མའི་ཐབ་ཀ་གོ་ཁ་གསུམ་གྱི་ཐལ་བས་གཡོགས་པ་ཞིག་བོར༔ དེ་ཐེའུ་རང་སྟོང་སྡེའི་ཆང་ཐབ་ཡིན་ནོ་བྱས་ལ༔ ནང་དུ་ལོག་ནས་བཙོས་པས་ཞིམ་པར་འགྱུར་རོ༔ བཟོའི་རིགས་བྱེད་བྱས་ན༔ འཕྲལ་ལེགས་ཕུགས་ཤིས་པར་འགྱུར་རམ་ཞེ་ན༔ བཟོ་འདི་ཕྱི་དལ་ཆེ་བས་མི་འཕྲོད༔ འཕྲོད་ཀྱང་དགེ་བར་མི་འགྱུར་བས་ངན་སྐད་དོ༔ ལོ་ལེགས་པ་འབྱུང་ངམ་ཞེ་ན༔ ལོ་ལེགས་སྐྱ་ཡང་མི་རྒྱལ་ལ༔ ལོ་ཉེས་མུ་གེས་ཀྱང་མི་རྡིབ་སྐད་དོ༔ ཁ་ཆར་ཨི་འབབ་ན༔ ཁ་ཆར་མི་འབབ་རླུང་གིས་གཏོར༔ འབྲུག་གློག་འུར་འུར་ཆེ་ཡང་ཆར་པ་ཆེ་བར་མི་འབབ་སྐད་དོ༔ རྩེད་མོ་ལེགས་སམ་ཞེ་ན༔ བྱས་པས་འགྱོད་པ་སྐྱེ་བའི་རྩེད་མོ་འབྱུང༔ བཤོལ་མཛོད༔ སྐོར་ཕྱྭ་གཡོན་ཕྱྭ་ནི༔ དྲག་ལ་རྩུབ་པའི་བྱ་བ་རྣམས་སྐོར་དང་གཡོན་ཕེར༔ གཞན་གང་ལའང་འབྲིང་ངོ༔ དོ་གལ་ཆེ་བ་རྣམས་རིམ་གྲོས་བསླུས་བཏུབ་པ་ཙམ་ཡིན༔ གལ་ཆུང་ཐམས་ཅད་བཤོལ་ན་བཟང་སྐད་དོ༔ དགྲ་ཕྱྭ་ནི༔ དགྲ་ཞེད་གཉེན་ཞེད་ཀྱི་ངོ༔ འཕྲལ་རྩུབ༔ ཕུགས་ཉེས་པ་ཆུང་བ་ཙམ་ཡིན་ནོ༔ ས་མ་ཡ༔ ༈ རིན་ཆེན་མཁའ་འགྲོ་ལ་བབས་ན༔ བསྟན་པའི་ཆུས་ཕྱྭ་ནི༔ མི་ནུབ་པའི་རྒྱལ་མཚན་བཙུག༔ སྙན་གྲགས་ཀྱིས་སྟོང་གསུམ་ཁེངས༔ གསེར་གྱི་འཁོར་ལོ་ལ༔ རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་བརྒྱན༔ ཤིན་ཏུ་བཟང་བའི་རབ་མཆོག་གོ༔ ཁྱིམ་ཕྱྭ་ནི༔ ཁྱོད་ཀྱི་ཁྱིམ་བདག་ལྷ་མོ་བརྟན་མས་བྱེད་པས༔ ལོ་ལེགས་སྲིས་སྨེ༔ ལྷ་སྨན་བཟང་མོས་མགོན་བྱེད་པས་ནོར་འཕེལ༔ ཟླ་བ་ཉ་ལ་བབས་པའི་ཚེ༔ ལྷ་མོ་བརྟན་མ་དང༔ ལྷ་སྨན་རྟག་ཏུ་གསོལ་མཆོད་བྱས་ན༔ མི་ཚེ་སྐྱིད་ལ་སྐྱེལ་སྐད་དོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ མི་ཁྱོད་ལ་ཕོ་ལྷ་དང་དགྲ་བླ་འགོ༔ ཅི་བྱས་ལམ་དུ་འགྲོ༔ དགའ་བའི་ནམ་ལངས༔ སྐྱིད་པའི་ཉི་མ་རྐང་ཞབས་ནས་ཤར་སྐད་དོ༔ སྲོག་ཕྱྭ་ནི༔ མི་ཁྱོད་ཀྱི་སྲོག་ལྕགས་མཁར་དགུ་རིམ་གྱི་མཛོད་ཕུགས་སུ་ཆུད༔ མགོ་ཐོ་ལུམ་གྱིས་བརྡུངས་ཀྱང་མི་འཆི་སྐད་དོ༔ འོན་ཀྱང་གཟའ་སྐར་ངན་པ་ལ་ཤི་བའི་གཤིན་འདྲེ་ཞིག་གིས་གདོན་ནས་ཟ་ཐང་ཆུང་བའི་ཉེན་འདུག་པས༔ གཤིན་འདྲེ་བསྐྲད༔ དེ་ནས་བཟང་སྐད་དོ༔ སྲིད་ཕྱྭ་ནི༔ བུད་མེད་འཛངས་ལ་ཁ་དྲག༔ བྱད་མི་མཚར་ཏེ་གཉེན་བྱམས༔ བུ་དང་བུ་མོ་སྤེལ་མར་སྐྱེ༔ འཕྲལ་བདེ་ལ་ཕུགས་སྐྱིད༔ བཟང་སྐད་དོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ གཡས་སུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེ་སྲ་ལ་བརྟན༔ གཡོན་དུ་གཡུའི་གཡུང་དྲུང་འཁྱིལ་བ་དེ་མདངས་གསལ༔ འཕྲལ་བཟང་ལ་ཕུགས་སུ་ཡང་ཕྲེང་བ་བརྒྱ་རྩ་བརྒྱད་ཀྱི་མདོ་འཛིན་དང་འདྲ་བ་འབྱུང་སྐད་དོ༔ ནོར་ཕྱྭ་ནི༔ རང་ལ་ནོར་མེད་སྙམ་པའི་དོགས་མི་འཚལ༔ ནོར་གཉེར་ཛཾ་བྷ་ལྷས་བྱེད༔ ནོར་ལ་སྤྱོད་ཤེས་ན་དེས་ཆོག་གོ་ཟེར༔ བློ་ཕྱྭ་ནི༔ མི་ཁྱོད་ཀྱི་བློ་ཕུགས་སུ་ཁ་བཙན་ལ་ནོར་ཕྱུག་པ་ཞིག་ཡོད་ན་ཐང༔ ཡང་རྫས་འོད་ཆེན་གྱི་ངོ་ཡིན༔ བློ་ཁ་མ་ཡངས་དང་བློ་གྲོས་ཀྱི་ཆུས་ལེགས་ནས་འོང༔ གྲོགས་ཕྱྭ་ནི༔ གྲོགས་ཆེན་པོའི་ཕྱི་ན་གྱོད་ཆེན་པོ་འབྲང༔ གྲོགས་བག་ཙམ་ཞིག་ཀྱང་འོང་སྟེ༔ དེ་ལས་ཆེ་བའི་གྱོད་ཅིག་འཁོར་འདུག་པས༔ གྲོགས་གང་བྱུང་ལྷའམ་མཆེད་གྲོགས་སམ་འཐད་པ་ཞིག་ལ་བཤུགས་ན་ལེགས་སྐད་དོ༔ ས་མཁར་ཡུལ་གསར་གྱི་མོ་ལ༔ ས་བཟང་དཔལ་བཟང་ཞིག་འདུག༔ རྒྱབ་རི་རིན་པོ་ཆེའི་ཕུང་པོ་བརྩེགས་པ་འདྲ་བ་ཡོད་ན་ཐང༔ མི་ཁྱོད་ཀྱིས་ཨི་ནོན་མི་ཤེས་པས༔ དང་པོ་སའི་མཆོད་རྟེན་ནམ་ལྷ་ཁང་ལ་སོགས་པ་ཞིག་བརྒྱབ་ན༔ ཤིན་ཏུ་དགེ་ལེགས་ཆེ་སྐད་དོ༔ ཁང་པ་བཟང་ངན་ནི༔ འཕོ་སྐྱས་ཡང་ཡང་བྱེད་པའི་ཁང་པ་འཕྲལ་ལ་བཟང༔ གཞན་མི་བརྟན་པར་འདུག་ཟེར་རོ༔ ཞུ་བ་ཨི་གནང་ན༔ ལྷ་དང་བླ་མ་ལ་ཞུས་ན་དགྱེས་པ་དང་བཅས་ནས་གནང༔ མི་དཔོན་དང་མི་མ་ཡིན་པ་སོགས་པ་ལ་ཞུས་ན༔ རྒྱ་གད་ཕྲག་དོག་དང་བཅས་ནས་མི་གནང་སྐད་དོ༔ དོན་ཕྱྭ་ནི༔ དོན་གྲུབ་སྙིང་ནོར་དང་བཅས༔ ཁྱོད་ཀྱི་དོན་གཉེར་ས་དེར༔ མི་ན་སོ་དར་ལ་བབ་པ༔ སྐྲ་ལི་ལ་ངག་ལྗི་བ་ཞིག་ཡོད་ན་ཐང༔ དོན་གང་བསམ་འགྲུབ་པར་འགྱུར་རོ༔ མགྲོན་ཕྱྭ་ནི༔ མགྲོན་པོ་དེ་ཉེ་བར་འོང་ཞིང༔ མྱུར་དུ་འགྲོ་བར་བྱེད་དོ༔ ཚོང་ཕྱྭ་ནི༔ འཕྲལ་མི་འཕྲོད༔ འཕྲོད་ན་བཟང་བས༔ འཕྲལ་ལྷོད་ལ་ཁོང་གྲིམ་པར་གྱིས་སྐད་དོ༔ སློབ་དཔོན་ཨི་འཕྲོད་ན༔ སློབ་དཔོན་དེ་ལ་ལྷ་སྲུང་བཟང་པོ་འཁྲི༔ དེ་གཏོར་མཆོད་ཀྱིས་ཚིམ་པར་གྱིས་དང་འཕྲོད་པར་མཆིའོ༔ ལྷ་རྗེ་ཨི་འཕྲོད་ཅེ་ན༔ སྨན་པ་མི་ཁུག་པའི་ཉེན་འདུག༔ ཁུག་ན་ངོ་སོ་ཤིན་ཏུ་ཆེ་བར་འོང༔ བརྩོན་འགྲུས་བསྐྱེད་འཚལ་ལོ༔ ལེའུ་ཨི་འཕྲོད་ཅེ་ན༔ སྤྱང་ཀིའི་ཁ་ནས་ལུ་གུ་ཐར༔ སྤང་པོའི་ངོས་ལ་རྒོད་ཕྲུག་རྩེ༔ ཤིན་ཏུ་བཟང་ངོ༔ དཔྱད་དང་གཏར་བསྲེག་ཆེ་གེ་བྱས་ན༔ ནད་པ་འདི་ལ་འཕྲོད་དམ་ཞེ་ན༔ གང་བྱས་ལམ་དུ་འགྲོ༔ ལྷ་རྗེས་གཏང་རག་ཟ༔ བཟང་དྲག་པས་དཔྱད་བྱེད་ཁར་ནད་པའི་གླུད་བཞི༔ ཕྱོགས་ཀྱི་ཁ་དོག་དང་མཐུན་པར་བྱས་ལ་བགེགས་དང་འབྱུང་པོ་ལ་སྦྱིན་ཞིང༔ གང་བྱེད་པར་འདོད་པ་བྱའོ༔ ནད་པ་ཆེ་གེ་འདི་སོས་སམ་ཞེ་ན༔ ནད་པ་འདི་ལ་ནད་གཞི་ཡོད༔ དུས་ལ་བབ་པས་རིམ་གྲོ་ལ་ལེ་ལོ་མ་བྱེད༔ སྤྱད་དར་དྲག་ཅིང་རིམ་གྲོ་ཆེར་བྱས་ན་འཚོ་སྐད་དོ༔ ནད་པ་ལ་ཅི་གདོན་ཞེ་ན༔ སྨན་དང་ལྷ་བཙན་མ་དགའ༔ ལྷ་ཆོག་དང་སྨན་ཆོག་བྱ༔ གྲི་བོ་དང་རྒྱལ་པོ་གདོན༔ གྲི་བོ་བཀར་ཡས་དང༔ རྒྱལ་མདོས་བྱ༔ ཁྱིམ་མཚེས་ཀྱི་གོད་འདྲེ་གདོན་པས༔ སྡེར་ཆ་ནར་མར་གཏང་དགོས་སྐད་དོ༔ བོར་བ་ཆེ་གེ་འདི་རྙེད་དམ་ཞེ་ན༔ མི་ཐང་བའི་མིས་ཁྱེར་བའི་ངོ་ཡིན༔ ཐབས་ཀྱིས་བྱས་ན་ལོན་པར་འགྱུར་རོ༔ དམག་ཇག་ལ་ཕྱིན་ན་རྒྱལ་བར་འགྱུར་རམ་ཞེ་ན༔ དམག་དཔོན་རྐང་པ་ཆག༔ ཇག་ཕྲུག་ནོར་དང་འཕྲད༔ མཐོ་མཐོ་རྭ་རྟུལ༔ དམའ་དམའ་སྣོད་གང་བའི་ངོ་ཡིན་སྐད་དོ༔ རྟ་བོང་དྲེའུ་སོགས་ཀྱི་བཅོས་ཀ་འཕྲོད་དམ་ཞེ་ན༔ བཅོས་ཡང་ནོར་དུ་འོང༔ བཙོང་ཡང་ཁེ་དང་བཅས༔ བཅོས་ཀ་གང་བྱས་ཀྱང་ཕན་པར་འགྱུར་རོ༔ རྨིག་པ་ཀ་བྲག་འདི༔ ཁྱོད་ལ་འཕྲོད་པར་དཀའ༔ བཅོས་ཀ་བྱས་ཀྱང་ཕན་མི་ཐོགས༔ བསྐྱུར་ན་ལེགས་སོ༔ མཛའ་བོ་ཨེ་རྙེད་ན༔ རྙེད་ཀྱང་རྙེད་ལགས་ཏེ༔ རྙེད་ཀྱང་ཕྱི་ཐག་མེད༔ འཕྲལ་དུ་ཉམས་དགའ་ཙམ༔ ཕུགས་སུ་ཡུན་རིང་ན་གྱོད་དང་འཕྲད་ཉེན་ཆེའོ༔ གསེབ་བཏང་ན་སྲིད་ཨེ་ཆགས་ཞེ་ན༔ གསེབ་འདིའི་བར་དུ་འབྱུང་པོ་རྒྱུག༔ ཞག་འགའ་བསྲིང་ན་དགེ༔ སྲིད་ཀྱང་ཕོ་རུ་འབྱུང༔ ཡང་ན་མོའི་གཟུགས་བཟོས་ཏེ་བོར་ནས་བསྐྲད༔ དེས་ཆགས་པར་འགྱུར་རོ༔ གཞན་དང་གཏམ་ལབ་བྱས་ན་དགེའམ་ཞེ་ན༔ ཆེ་བཙུན་ཡ་རབས་དང་གཏམ་ནས་འཕྲོད་ན་དགེ་བས་བྱ༔ མ་རབས་དམན་པ་གཏམ་པར་མི་བྱ༔ བཤོལ་ན་ལེགས་སོ༔ ཆང་བཙོ་བའི་མོ་འདི་བཟང་བས༔ བརྩོན་འགྲུས་བྱས་ལ་བཙོ༔ ད་ལྟ་ཁྱོད་ཀྱི་ཆང་མལ་དུ༔ ཆང་འགོང་པོས་གསོལ་རས་ཤིག་འདུག་པ་དེ༔ ལྷག་མ་མ་བཞག་པར་གོས་སེར་ཅན་ལ་བྱིན་ཅིག༔ དེས་འགོང་པོའི་ཁ་འགྱུར་བས་ཁྱོད་ཀྱི་ཆང་མོ་ཡང་ལེགས་པར་མཆིའོ༔ བཟོའི་རིག་བྱེད་དང་རྩེད་མོའི་རིགས་ཐམས་ཅད་ནི་བརྩམ་པར་མི་བྱ༔ འཕྲལ་ཕུགས་གང་ལའང་མི་ཤིས་སོ༔ ལོ་ཡང་མི་ལེགས་པ་སད་ཀྱིས་ཁྱེར་ཉེན་གདའ༔ ཁ་ཆར་ཆུང་ལ་ཐན་ཡུན་རིང་པོ་བྱེད་སྐད་དོ༔ སྐོར་ཕྱྭ་སྐོར་ཕེར་བས་བཟང༔ གཡོན་ཕྱྭ་གཡོན་ཐེག་པས་རབ་བོ༔ དགྲ་ཕྱྭ་ལ་དགྲ་མེད༔ འཇིགས་པའི་དགྲ་དང་བྲལ༔ བྱམས་པའི་གཉེན་དང་འགྲོགས༔ གཟུགས་བཞི་བགྲད་པས་ཆོག༔ འོན་ཀྱང་བྱིས་པ་ཆུང་ཕྲུག་ཅིག་ལ་སྲོག་ལ་མི་ཉེན་པའི་ཁྲག་ངོ་ཞིག་གཞོག་གཡོན་པ་ལ་འདུག་པས་ཁྲག་ཟོར་ཅིག་རྒྱོབ་སྐད་དོ༔ ས་མ་ཡ༔ ༈ རིན་ཆེན་ཤུགས་འགྲོ་ལ་བབས་ན༔ བསྟན་པའི་ཆུས་ཕྱྭ་ནི༔ འོ་མའི་རྒྱ་མཚོ་ལ་ཁྲག་གི་སེར་བ་འབབ༔ གངས་དཀར་གྱི་རྒྱལ་པོ་ལ་གནམ་ལྕགས་ཀྱི་ཐོག་མདའ་ཕོག༔ ཤིན་ཏུ་ངན་ནོ༔ བརྒྱད་སྟོང་པ་བརྒྱ་ཚར༔ སཱཙྪ་འབུམ་ཐེར༔ འཆི་བསླུ༔ སྤང་དག༔ ཆོས་སྐྱོང་གི་གསོལ་ཀ་ཆེན་མོ་རྣམས་དགོས༔ སྐྱ་སེར་བན་བོན་གང་ལ་ཡང་ངན་པས་གཟབ་འཚལ༔ ཁྱིམ་ཕྱྭ་ལ༔ གསེར་གྱི་ཀ་བ་འགྱེལ༔ གཡུའི་གདུང་མ་ཆག༔ ཡས་ནས་བདུད་བབས༔ མས་ནས་སྲི་ལངས༔ ཁྱིམ་འདི་ལ་སྔོན་ཆད་གྲུམ་ཆག་སྙིང་སྟོང་བྱུང་ན་ཐང༔ ད་སྔོན་མ་བྱུང་ན་འབྱུང་ཉེན་འདུག་པས༔ ལམ་འཕྲང་ཕྱགས༔ སཱཙྪ་གདབ༔ འཆི་ངེས་པའི་སྲོག་བསླུ༔ ལུས་བསྒྱུར་མིང་སྤོ༔ ཚེ་སྒྲུབ་བྱ༔ ཚེ་དབང་ཞུ༔ དག་པ་གསེར་འོད་དང་དཔང་སྐོང་འདོན༔ དེ་ལྟར་བྱས་ན་དགེའོ༔ སྐྱེས་ཀྱི་ཕོ་ཕྱྭ་ལ༔ དཔའ་བོའི་གོ་ཆ་ལ་སྡར་མའི་མཚོན་ཕོག༔ སྐྱེས་དར་མའི་བླ་ཚེ་བྱང་སྟོང་རི་སུལ་འགྲིམ་བྱ་བ་ཡིན་ནོ༔ མི་ཁྱོད་ཀྱི་འོག་རྟས་སྒོ་བྲོས་བྱས༔ ཆུང་མས་མགོ་ལོག་བྱས་ཟེར་བའི་ངོ་ཡིན༔ ཡང་ན་སྐྱེ་བོ་མདའ་གྲལ་ནས་འདོན་ཞེས་བྱུང་བས༔ ཆོས་བྱེད་སྙམ་ཡོད་ན་ཐང༔ དེ་བྱས་ན་ཤིན་ཏུ་བཟང་ངོ༔ མ་འཕྲོད་ན༔ བླ་བསླུ༔ ཚེ་ཆོག༔ དགེ་སློང་བཞི་སྡེ་ཡིས་གཏོར་ཟློག་བྱེད་འཚལ༔ དེ་རྣམས་མ་གྲུབ་ན་ནད་ལོ་འཁོར་མའམ༔ ཡན་ལག་སྐྱོན་འབྱུང་ཉེན་འདུག་གོ༔ མོ་བཙུན་གྱི་སྲིད་ཕྱྭ་ལ༔ སྲིད་ཀྱི་གཡུ་མཚོ་ལ་གངས་དཀར་གྱི་རུད་ཕོག་ཟེར་བ་ཡིན༔ སྲིད་ཕུགས་ཆུང༔ བུད་མེད་འཕྱོན་མ་བྱེད་ན་ཐང༔ ལམ་བཅད་བཤོལ་མཛོད༔ བཅད་ན་འཕགས་པ་སྡོང་པོ་བརྒྱན་པའི་ཆོ་ག་དང༔ མོ་ཤིང་གི་ཐེམས་ལ་ལུས་ཆས་བསྐོན༔ དེ་སྐྱེས་ལ་མིང་རུས་མི་གཅིག་པ་བཅུ་གསུམ་གྱི་བང་སྐོར་བྱས་ཏེ༔ ལམ་རྒྱ་གྲམ་དུ་འདོམས་བསྒྲད་ལ་བཞག་གོ༔ དེ་ལྟར་བྱས་ན་མི་དར་ཞིང་ནོར་འཕེལ་ལོ༔ སྲོག་ཕྱྭ་ནི༔ སྐྱིད་སྡུག་རེས་མོས་བྱེད༔ དར་གུད་ཁོད་མི་སྙོམས༔ ཕ་དང་མེས་པོ་ཡང་མེས་ཀྱི་དུར་སྲིས་གདོན༔ ཕ་མྱེས་ཀྱི་གྲིར་ཤི་བ་ཡོད་ན་ཐང༔ མི་ཁྱོད་ལ་གྲི་འཁོར་བས༔ སྲི་མནན་དང་སྲི་འདུལ་དྲག་ཏུ་བྱའོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ ཤིང་ཁའི་བྱེའུ་ཆུང་ལ་ཁྲའི་སྦར་ཤད་བྱུང༔ མངལ་ནས་མ་ཤོར་ཁ་རྗེ་ཆེ༔ འོན་ཀྱང་གྲེ་བར་མ་ཚུད་ཙམ༔ ཆུང་གླུད་བརྒྱ་རྩ་བརྒྱད་བྱས་ཏེ་སློབ་དཔོན་ཞིག་གིས་བསྔོས་ཏེ་གཏང༔ ཚེ་དཔག་མེད་དང༔ གཙུག་ཏོར་རོལ་པའི་མདོ་གཟུངས་བཏོན་ན་མི་འཆི་ཙམ༔ ཤིན་ཏུ་གཟབ་འཚལ༔ ནོར་ཕྱྭ་ནི༔ འཕེལ་མེད་འགྲིབ་མེད་ཆུ་མིག་ལྐུག་པ་དང་འདྲ་སྐད་དོ༔ བློ་ཕྱྭ་ནི༔ མི་ཁྱོད་ཀྱི་བློ་འདྲེས་བསླུས་པ་ཡིན་འདུག༔ བློ་ནོར༔ གྲོས་ཉེས་འདུན་སྟབས་འཆུགས་པའི་ཉེན་འདུག་པས༔ བློ་དེ་ཐོག་ཏུ་མ་གཏང་སྐད་དོ༔ གྲོགས་ཕྱྭ་ནི༔ མི་ཁྱོད་རེ་དང་ཆེ་སྟེ༔ ཁ་མཁས་ཞེ་དམ༔ ཡོང་ཡོང་འདྲ་ཞིང་ལག་ཏུ་མེད༔ འབོད་དུ་རེ་ལ་སྣ་རྒྱུག་དགོས༔ གྲོགས་ཕྱི་དལ་གྱིས་ཁྱེར་རོ༔ ས་ཆ་ཡུལ་མཁར་སོ་མ་འཛིན་འདོད་པའི་མི་ཁྱོད་བདམས་པའི་ས་ཆ་དེ༔ ས་བདག་གདུག་པ་ཅན་གྱི་ཕོ་བྲང་ཡིན་པས་བཏབ་ན་མི་ལ་མཛེ༔ ནོར་ལ་གྱལ་འགྲམ་སྣ་ཚོགས་འབྱུང་བས་ངན་སྐད༔ ཁང་པ་བཏབ་པར་འདོད་པའི་མི་ཁྱོད༔ ཁྱིམ་ཕུགས་བཀྲ་མི་ཤིས༔ མཐར་གཞུག་མི་ནོར་ཐམས་ཅད་ཁ་དག་རྗེས་མེད་དུ་འགྲོ་བར་འདུག༔ ཤིན་ཏུ་ངན་སྐད་དོ༔ ཞུ་བ་ཨི་གནང་ན༔ མི་ཁྱོད་ལ་དཔོན་བཟང་པོའམ༔ ཕ་ཁུ་གངས་ལ་སེང་གེ་འགྱིང་བ་འདྲ་བ་ཡོད་ན་ཐང༔ གང་ཞུས་གནང་ལ་དགེ་ལེགས་སྐད་དོ༔ དོན་ཕྱྭ་ནི༔ བསམ་པ་ནས་ཀྱི་ཕུང་པོ་ལ༔ ངན་སྐྱུར་སྦང་ཟན་གྱི་ཐོག་ཕོག་པས༔ མི་ཁྱོད་ཀྱི་བསམ་པ་མང་པོ་འདུག་ཀྱང༔ མི་ངན་ལ་ཁ་ཚ་བ་མང་པོས་གནོད་པ་སྐྱེལ་བས༔ གང་བསམ་འགྲུབ་པར་མི་འགྱུར་རོ༔ མགྲོན་ཕྱྭ་ནི༔ ཁྱོད་ཀྱི་མགྲོན་པོ་དེ་ཁ་མང་ལ་ཅོལ་ཆུང་བ་ཅོ་ག་གྲོ་མོ་འདྲ་བ་ཞིག་ཡོད་ངོ་ཤེས༔ ལ་འུར་འོང་ཞིང་ལ་འུར་འགྲོ༔ ཡེམ་ཡེམ་བྱ་སྒྲོ་རླུང་ཁྱེར་དང་འདྲ་སྐད་དོ༔ ཚོང་ཕྱྭ་ནི༔ གཡས་ཆུང་གི་ཚོང་ནི༔ ལ་འུར་གྱིས་འཕྲལ་མེད་ཕུག་མེད་ཡིན་ནོ༔ རྔམ་ཆེན་གྱི་ཚོང་བཤོལ་བར་བྱ༔ ནས་ཁལ་གཅིག་གི་ལན་དུ༔ བྲ་སྐོགས་བྲེ་གང་འབྱུང་ཉེན་གདའ་འོ༔ སློབ་དཔོན་ཨི་འཕྲོད་ན༔ སྔས་སྲུང་གི་སློབ་དཔོན་བོས་པས༔ འཕོ་བ་འདེབས་པ་ལ་མོས་པ་འདྲ་བ་འོང་ཉེན་འདུག་པས་འདི་མི་འཕྲོད༔ གཞན་ལ་གསོལ་བ་ཐོབས་སྐད་དོ༔ ལྷ་རྗེ་ཨེ་འཕྲོད་ཀྱི་མོ་ལ༔ ཁེ་ཉེས་གང་ཡང་མེད༔ ཅི་བདེ་སྟབས་དང་སྦྱོར་སྐད་དོ༔ ལེའུ་ཨི་འཕྲོད་ཀྱི་མོ་ལ༔ འཕྲལ་ངོ་སོ་ཡེ་རེ་འདུག་སྟེ༔ ཕུགས་ངན་ངོ་ཆུང༔ གཏང་རག་ལེན་ཁར་གཟོབ་སྐད་དོ༔ དཔྱད་དང་གཏར་བསྲེག་འདི་ཤིན་ཏུ་ངན༔ སྨན་དཔྱད་རྩ་ལ་འགྲོ་བའི་ཉེན་ཡོད་པས་བཤོལ་བར་བྱའོ༔ ནད་པ་ཆེ་གེ་འདི་ཨེ་སོས་ཞེ་ན༔ ནད་པ་མྱུར་དུ་སོས་པར་འགྱུར་རོ༔ རང་སོར་བཞག་པས་ཆོག་གོ༔ ནད་པ་ཆེ་གེ་འདི་ལ་གདོན་པའི་འདྲེ་ཅི་འདྲ་འདུག་ཅེ་ན༔ ནད་པ་འདི་ལ་སྤྱིར་ཡང་རྒྱལ་པོས་གནོད་པས༔ གྲྭ་ཤེར་བྱ༔ གསེར་མདོས་བྱ༔ ཁྱད་པར་པེ་དཀར་གནོད་པས་པེ་དཀར་གྱི་མདོས་གྱིས་སྐད་དོ༔ བོར་བ་འདི་ཨེ་རྙེད་ཅེ་ན༔ འཕྲལ་ལ་རྩད་ཆོད་ཆོད་འདྲ་འདུག་སྟེ༔ ཕུགས་ཁྱོད་ཀྱི་ལག་ཏུ་འོང་བ་དཀའ་སྐད་དོ༔ དམག་ཇག་ཐེབས་སམ་ཞེ་ན༔ ཇག་ཐེབས་ནོར་ཐོབ༔ ལ་བཙས་ཀྱི་ལྷ་འདྲེ་གཉན་པོ་གསོལ་ན་དཔའ་དར་གནམ་དུ་ཕྱར་བས་ཆོག་གོ༔ རྨིག་ཟླུམ་འདི་འཕྲལ་གྱིས་མི་ཕན་ཏེ༔ ཕུགས་ཀྱིས་ཕྱུགས་རྟེན་བྱེད༔ བཅོས་ཀ་ཡང་གཡང་གི་སྐར་མ་དང་འཕྲོད་པར་བྱས་ན་ངོ་སོ་ཆེ་སྐད་དོ༔ རྨིག་པ་ཀ་བྲག་པ་འདི་བསྟེན་རུང༔ བཅོས་ཀ་ནི་བཤོལ་ན་ལེགས་སོ༔ མཛའ་བོ་རྙེད་དམ་ཞེ་ན༔ འདོད་པའི་མཛའ་རོགས་དང་མི་འཕྲད༔ མི་འདོད་པའི་བྱུར་དང་འཕྲད་ཉེན་མཆིས་པས༔ ད་རེས་ཀྱི་དེ་བཤོལ་ན་ལེགས་སོ༔ གསེབ་བཏང་ན་སྲིད་ཨེ་ཆགས་ཞེ་ན༔ སྲིད་ཀྱི་གཡུ་མཚོ་ལ༔ གསེར་གྱི་ངང་པ་འཕྱོ༔ བཟང་ངོ༔ གཞན་དང་གཏམ་ལབ་བྱས་ན་འཕྲོད་དམ༔ རང་རྒྱལ་ལམ་ཞེ་ན༔ གཏམ་ཡ་ཟངས་ཀྱི་བྲག་དམར་ལ༔ གཏམ་རོགས་གསེར་གྱི་ཏོག་ཙེས་བརྐོས༔ ཞེས་པས༔ མི་གཏམ་ཡ་དེ་ཡང་སྲ་ལ་གྱོང་ཞིང་ངན་དྲག་པ་ཞིག་འདུག་སྟེ༔ ཐབས་ཀྱིས་བྱས་པས༔ འཕྲོད་ཀྱང་འཕྲོད་པར་མཆིས༔ ཕུགས་ཀྱང་བཟང་སྐད་དོ༔ ཆང་གི་མོ་འདི༔ ཆང་ཐབ་བུད་མེད་ཀྱིས་སྦྱར༔ ཐབ་མེ་བྱིས་པས་བུས༔ ཐབ་འོག་ཏུ་རྭ་གཞོབ་བཏང༔ ཆང་འདི་ཅི་འདྲ་ཞིག་བྱུང་ཡང༔ འཐུང་རན་པ་དང༔ བན་སེར་ཆགས་ཡོངས་ལ་འདྲེན་པ་ཡིན་བྱས་ནས་བཙོས་ན་ཞིམ་པར་འགྱུར་ལ༔ ཆང་ཕུད་བཙུན་པ་ལ་དྲང་ན་ཕྱིན་ཆད་ཀྱང་གང་བཙོས་ཞིམ་པར་འགྱུར་རོ༔ བཟོའི་རིགས་འཕྲལ་ཕུགས་དགེའམ་ཞེ་ན༔ སོར་ཀ་སྲ་སེ་འབྱུང༔ སོར་ནས་སྙིང་དགའ་དུ་མ་འདུག༔ ལོ་ལེགས་ཆར་ཆེའམ་ཞེ་ན༔ ལོ་ཡང་ལེགས༔ ཟ་བའི་གྲབས་ཆུག༔ ཁ་ཆར་ཆེ་བར་འབབ༔ འོབས་ལམ་བྲུས་སྐད་དོ༔ རྩེད་མོ་བྱས་ན་དགེའམ་ཞེ་ན༔ དཀྱུས་ཀྱི་རྩེ་ར་རུ༔ བདུད་ཀྱི་རྟ་བང་རྒྱུག༔ རྩེད་མོ་བ་རྐྱ་རྦུད་ལ་འགྲོ་བར་འདུག༔ ཅི་ནས་ཀྱང་བཤོལ་བར་བྱའོ༔ སྐོར་ཕྱ་ནམ་ལངས་ཀྱི་སྐར་མ་དང་འདྲ༔ གཡོན་ཕྱྭ་བྱིས་པའི་རྩེད་མོ་འདྲ༔ དགྲ་ཕྱྭ་ནི༔ ཕྱི་ཆར་བས་ནང་ཐིགས་ཀྱིས་ཐུ༔ མར་གོང་དཀྱིལ་ནས་རུས་པ་འབྱུང༔ ཕ་སྤུན་བདུད་དུ་བབ༔ ཚང་ཟླ་དགྲ་རུ་ལངས༔ མ་ཉེས་པའི་བྱུར་ཁ་ཡོག་དགྲ་མལ་དུ་འབྱུང༔ དགྲ་བྲུབ་དང་གཏོ་ནག་བསྐྱལ༔ མི་ཁ་ཟློག་པའི་ཆོ་ག་གང་འཐད་དང༔ ཁྲོ་བོ་རོལ་པའི་གཏོར་ཟློག་བྱེད་པ་གལ་ཆེ་བར་གདའ་སྐད་དོ༔ ས་མ་ཡ༔ ༈ པདྨ་མཁའ་འགྲོ་ལ་བབ་ན༔ མི་ཁྱོད་ཀྱི་ཆུས་ཕྱྭ་ནི༔ ས་པདྨ་འདབ་བརྒྱད་ཀྱི་སྟེང་དུ༔ གཡུའི་དཔག་བསམ་ལྗོན་ཤིང་སྐྱེས༔ ལྗོན་ཤིང་རྩེ་མོ་ལ་ཚངས་པའི་བྱ་རྒྱལ་ཁུ་བྱུག་དེས་སྐད་སྙན་སྒྲོག༔ སིང་ཁྲོལ་ལེ་སིང་ཁྲོལ་ལེ་ཟེར༔ སང་ཕོད་ད་ཚོད་ཚུན་ལ་གཏམ་སྙན་གྱིས་རྒྱལ་ཁམས་གང༔ བཟང་བའི་ནང་ནས་ཀྱང་རབ་བཟང་སྐད་དོ༔ ཁྱིམ་ཕྱྭ་ནི༔ འདོད་འཇོའི་བ་ལ་བེའུ་ཆུང་སྐྱེ༔ གསེར་གྱི་མེ་ཏོག་ལ་གཡུའི་སྦྲང་བུ་འཁོར༔ ཟས་ནོར་ལོངས་སྤྱོད་འཕེལ༔ མ་པང་དུ་བུ་བསྙལ༔ ཕྱུག་གཡང་ཆིལ་ལེ་བ་བཟང་ངོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ སྟག་དོང་ཉག་ཕྲན་མདའ་ཡིས་གང༔ གཟིག་ཤུབས་མཆོག་དཀར་གཞུ་ཡིས་གང༔ སྟག་གུ་ནགས་སུ་འཕྱོ༔ བླ་དར་དགུང་ལ་སྙེགས༔ བན་སྐྱེ་བོན་སོགས་གང་ལ་ཡང་ཕྱོགས་རིས་མེད་པར་བཟང་ངོ༔ མི་ཁྱོད་ཀྱི་སྲོག་ཕྱྭ་ཡང་བཟང་ལ་གྲགས་ཆགས༔ རྨུ་ཐག་ལྷ་དང་འབྲེལ༔ གཉེན་བཤེས་མཚོ་ལ་དར་ཆགས་པ་འདྲ་བའམ༔ བྱས་པ་ལག་རིས་ཅན་གྱི་བརྒྱུད་པ་ཡིན་ཐང༔ ན་ཚ་རྐྱེན་གྱོད་མི་འོང༔ བསམ་པའི་དོན་རྩོལ་མེད་དུ་འགྲུབ་པས་བཟང་སྐད་དོ༔ སྲིད་ཕྱྭ་ནི༔ མོ་བཙུན་འདི་ལ་ཀླུ་སྨན་དཀར་མོ་འགོ༔ ཐབ་གཞོབ་དང་གྲིབ་ལ་འཛེམ༔ སྲིད་བུ་མོ་མཛངས་ལ་འཕྲུལ་ཆགས་པ་སྐྱེ༔ ཕྱྭ་གཡང་མ་ཉམས་པའི་བོན་པོས་སྲིད་འགུགས་བྱས་ན༔ བུ་གཅིག་ཀྱང་སྐྱེ༔ རྟག་ཏུ་ཀླུ་སྨན་མཆོད་ན་ཟས་ནོར་འཕེལ་བར་འོང་སྐད་དོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ རྐང་ཕྲ་སྒྱིད་འཁྱོལ༔ ཕ་མའི་བྱུར་རྡོ་མ་ཤི་ཙམ་ཞིག་འོང༔ འབྲིང་སྐད་དོ༔ མི་ཁྱོད་ཀྱི་ནོར་ཕྱྭ་ནི༔ རྟ་ཕྱུགས་ལ་སོགས་ཆེ་ནོར་ལ་བཟང༔ རྐང་ཕྲན་གོད་ཟག་འབྱུང་ཉེན་འདུག་པས་གཡང་ལེན་བྱ༔ འབྱུང་པོ་ཐེའུ་རང་ཁྱིམ་མཚེས་ཀྱི་ཟ་འདྲེས་གནོད་པ་ལ༔ སྔགས་པ་ནུས་པ་ཅན་གྱིས་སྦྱིན་སྲེག་དང་མནན་པ་བྱས་ན་དགེའོ༔ མི་ཁྱོད་ཀྱི་བློ་ཕྱྭ་ནི༔ ཐང་དཀར་རྒོད་ལ་ཞོན༔ རྒོད་པོ་གནམ་དུ་འཕུར༔ མི་ཆེན་གདོང་དྲག་ཁ་མཁས་པ་ཞིག་གིས་མ་བཤོལ་ན་བཟང་ངོ༔ གྲོགས་ཕྱྭ་ནི༔ བསམ་པའི་དོན་ཡང་འགྲུབ༔ གསོལ་ཟས་ནི་བཤོས་དང་སྐྱེམས༔ མ་གཟིམས་ལ་བཞེངས་མཛོད་དང༔ སྐུ་དོན་གཉིས་ནི་འགྲུབ་པར་མཆིས་སོ༔ ས་ཆ་ཡུལ་གསར་གཟུང་འདོད་པའི་མི་ཁྱོད༔ སྔར་བློ་ལ་ཕྱིས་མ་བསླད༔ དམུ་འཁྱིལ་གཡང་དུ་འཁྱིལ༔ མི་དར་ལྷ་རུ་དར༔ མི་རབས་བཅུ་གསུམ་དུ་བརྟན་ལ་ཤིས་སོ༔ ཁང་པ་བཟང་ངན་ཅི་འདྲ་ན༔ ཁྱོད་ཀྱི་ཁང་པ་དེ་ནེའུ་ཆུང་དཀྱིལ་གྱི་མེ་ཏོག་སྐྱེ་ལེགས་འདྲ༔ མཛེས་དང་ཡེ་རེ་བ༔ འཕྲལ་ལེགས་པ་སྐྱིད་པར་མཆིས༔ ཕུགས་བརྟན་རྒྱུ་མེད༔ འོན་ཀྱང་ཐོག་མ་ནས་མ་རྔམས་ལ༔ ཐབས་ཀྱིས་ཟིལ་ལེ་གྱིས་དང༔ སྟབས་དེ་བདེ་ན་རྒྱ་ཕིབས་ཁྱུང་མགོ་ཅན་ཐེབས་ཀྱང་སྲིད་པར་གདའ་ཡི༔ ཞུ་བ་ཨེ་གནང་ན༔ ཐུགས་དཔལ་གྱི་བེའུའི་སྒོ་ཕྱེ༔ ཞལ་པདྨོའི་འཛུམ་མདངས་གསལ༔ མི་ཁྱོད་ཀྱིས་ཅི་འདོད་མྱུར་དུ་འབྱུང༔ དགྱེས་དྲག་ནས་གན་རྐྱལ་དུ་མ་འགྱེལ་བར་བགད་མཛད་སྐད་དོ༔ དོན་ཨེ་འགྲུབ་ཅེ་ན༔ ཁ་གྲོགས་མདངས་དང་བཅས༔ སྙིང་གྲོགས་ནོར་དང་བཅས༔ བསམ་པའི་དོན་འགྲུབ༔ སྤྲོ་བ་བསྐྱེད་སྐད་དོ༔ མགྲོན་པོ་ཨེ་འོང་ཞེ་ན༔ ཁྱོད་ཀྱི་མགྲོན་པོ་དེ༔ དང་པོ་ཀག་གིས་ལངས༔ བར་དུ་ཙོག་གེ་བསྡད༔ ཐ་མ་ཡུལ་གཞན་ཞིག་ཏུ་སོང་སྐད་དོ༔ ཁྱོད་ཀྱི་ཚོང་ཕྱྭ་དེ༔ ཚོང་རྒྱལ་ནོར་འཕེལ་དང་བཅས༔ འཕྲལ་ཕུགས་ཡོངས་ལ་ཕན༔ མི་ཁ་ལ་མ་ཉན་རང་ཐོག་ཏུ་ཐོངས་སྐད་དོ༔ ཁྱོད་ཀྱི་སློབ་དཔོན་ཆེ་གེ་དེ༔ གདན་ལྗི་བས་ཨེ་ཁུག་བསམ༔ ཁུག་ན་མཆོག་ཏུ་བཟང་ངོ༔ ལྷ་རྗེ་ཆེ་གེ་དེ་ནད་པ་ཆེ་གེ་མོའི་ནད་ལ་ཕན་ནམ་ཞེ་ན༔ ད་རེས་ཀྱི་ལྷ་རྗེ་དེའི་སྨན་རྐྱལ་དུ༔ བདུད་རྩིའི་ཞུན་ཟས་བདོག་པས༔ གཞན་ལ་ཁ་མ་སྤོ་འདི་རང་གཅིག་པུས་ཆོག༔ ལེའུ་པ་ཆེ་གེ་མོ་འཕྲོད་དམ་ཞེ་ན༔ ལེའུ་པ་ཡོངས་ཀྱི་སློབ་དཔོན་བཀའ་དྲིན་ཆེ༔ ཚེ་རབས་གསུམ་བརྒྱུད་ཀྱི་ལྷ་བོན་ཁྱོད་ཀྱིས་བྱས༔ ད་རུང་ཚེ་འདིའི་སློབ་དཔོན་ཡང་ཁྱོད་ཤེས་སོ༔ ཅེས་པས་བཟང་ངོ༔ སྨན་དཔྱད་གཏར་སྲེག་ཆེ་གེ་མོ་ལ་བྱས་ན་ཨེ་འཕྲོད་ཅེ་ན༔ དུས་མ་འགྱང་བར་མྱུར་དུ་གྱིས༔ ནད་སོས་ན་འཁོན་དང་བར་འགྱུར་སྐད་དོ༔ ནད་པ་ཆེ་གེ་མོ་འདི་ཨེ་སོས་ཞེ་ན༔ ནད་པ་ལ་བསྔོ་བའི་ཚེ་ཕུར་དང་སྲོག་ཕུར་གཅིག་ཐོབས་ཤིག༔ ཚེ་འགུགས་ཤིག་གྱིས༔ ནད་པ་མྱུར་དུ་མི་སོས་ཀྱང༔ སྲོག་ལ་ཉེས་འགལ་མེད་སྐད་དོ༔ ནད་པ་ལ་གདོན་དུ་ཀླུ་སྨན་གདོན༔ ཀླུ་སྨན་རྒྱལ་མོའི་དགུ་མདོས་བྱ༔ མཚོའམ་ཆུ་མིག་གི་འགྲམ་དུ་གཉིད་ལོག་ན་ཐང༔ ཀླུ་བཅོས་བྱ༔ བོར་བ་རྙེད་དམ་ཞེ་ན༔ སྙིང་གྲོགས་གཅིག་གིས་བཞད་གད་བྱས་སམ༔ ཁྱོད་རང་གི་ཉེ་འཁོར་དུ་ཡོད༔ གཡང་ར་མ་རལ་ཞིང་གཡང་སྒོ་མ་བྱེ་བས༔ གར་ཡང་མ་སོང་སྐད་དོ༔ མྱུར་དུ་ལོན་པར་གདའི༔ དམག་ཇག་རྐུན་ཁྲམ་བྱས་ན་ཐེབས་སམ་ཞེ་ན༔ མི་ཁྱོད་ལས་དཔའ་ལ་རག་པ་འགའ་ཕ་གིར་ཡོད༔ རང་ཚོད་བཟུང་ན་ལེགས༔ མི་ནོར་ལས་རང་ནོར་འཚོ་ཤེས་པར་གྱིས་སྐད་དོ༔ རྨིག་ཟླུམ་འདི་བསྟེན་དུ་རུང་ངམ་ཞེ་ན༔ འཕྲོད་ཀྱང་འཕྲོད་ལ་གང་བཅོས་དེ་ལམ་དུ་འགྲོ༔ འཚོ་སྐྱོང་དང་བཅོས་ཀ་ལ་འབུངས༔ རྨིག་པ་ཀ་བྲག་དེ་བཏང་སྙོམས་བྱེད་པ་ཡིན་པས་འཕྲལ་སྟབས་དང་བསྟུན་མཛོད་ཅིག༔ མཛའ་རོགས་ཨི་རྙེད་ན༔ འཛུམ་གྱིས་སྔོན་ནས་བསུ༔ ཟས་སྐྱེམས་ཀྱིས་འདེགས་སྲོལ་ལམ༔ ཐག་ཐོགས་མེད་པར་ཐ་ལེ་ཕྱིན་པས་ཆོག་པར་གདའི༔ གསེབ་བཏང་ན་སྲིད་ཆགས་སམ་ཞེ་ན༔ ད་རེས་ཀྱི་སྲིད་རྟེན་མོ་རུ་འོང༔ དེ་ལ་དགྱེས་ན་མྱུར་བར་སྤྲོད༔ གཞན་ལ་གཏམ་ལབ་བྱས་ན་འཕྲོད་ཅིང་དགེའམ་ཞེ་ན༔ ངོ་སྡར་ལ་ཡང་ངོ༔ ལོ་ཡང་རྒྱལ་ཕམ་ཁོད་སྙོམས་ལ་མྱུར་དུ་འཕྲོད་སྐད་དོ༔ ཆང་ཕྱྭ་ནི༔ ཆང་དེ་ལ་སྔོན་ཆད་ཀླུ་མ་དགའ་བའི་ཉེས་པ་བྱུང༔ ད་ཀླུ་ལ་ཆབ་གཏོར་དང༔ ཀླུ་བརྒྱད་ཀྱི་དཀྱིལ་འཁོར་མཆོད་ལ་ཚོས་དང་ཞིམ་པར་འོང་སྐད་དོ༔ བཟོའི་རིགས་བྱེད་ཆེ་གེ་མོ་འདི་བྱས་ན་དགེའམ་ཞེ་ན༔ བཟོ་བོའི་སྙིང་ལ་གདོན་གསོལ་ནས་འདུག་པས༔ བཟོ་མི་ལེགས་སོ༔ བཟོ་བོ་དང་མཁོན་བྱུང་ཉེན་འདུག་པས་ཐོག་མར་སྣང་བརྒྱད་ཀྱི་མདོ་བཏོན་ལ་སྟོན་མོ་གྱིས་སྐད་དོ༔ ལོ་ལེགས་ཆར་ཆེའམ་ཞེ་ན༔ ལོ་ཐན་པས་ཁྱེར་ཏེ་མི་ལེགས༔ ཁ་ཆར་འཕྲལ་དུ་མི་འབབ་དལ་གྱིས་འབབ་སྐད་དོ༔ རྩེད་མོ་འདི་དགེའམ་ཞེ་ན༔ རྐང་མགྱོགས་རླུང་གི་རྟ་ལ་ཞོན༔ འཕྲལ་འཕྲོད་ན་བཟང་ངོ༔ ཞག་གིས་བཅད་ན་ངན་སྐད་དོ༔ སྐོར་ཕྱྭ་དམ་མི་འཚལ་ཏེ་བཟང༔ གཡོན་ཕྱྭ་བཀྲ་ཤིས་འཁྱིལ་བ་ཡིན་ནོ་སྐད་དོ༔ དགྲ་ཕྱྭ་ནི༔ དགྲའི་དཔུང་ཞིག༔ མཚོན་གྱི་རྩེ་གྲུམ༔ དགྲ་དཔའ་བོའི་ངར་ཡལ༔ དགྲ་མགོ་དམུ་གབ་ཀྱིས་གཡོགས༔ དགྲ་མེད་འདྲེ་དང་བྲལ་ལོ་སྐད་དོ༔ ས་མ་ཡ༔ ༈ པདྨ་ཤུགས་འགྲོ་ལ་བབས་ན༔ བསྟན་པའི་ཆུས་ཕྱྭ་ནི༔ ཕྱི་ཆུས་ཟས་ནོར་ལོངས་སྤྱོད་འཕེལ་བར་འོང༔ བར་ཆུས་སྲིད་དང་མི་སྡེ་ལ་སྒང་གཤོང་ཆེ༔ ནང་ཆུས་ཞལ་ངོ་རྣམས་ནང་རྩོད་ཐོ་རེ་བ་འབྱུང་སྐད་དོ༔ ཁྱིམ་ཕྱྭ་ནི༔ ནོར་ཕྱུགས་དང་སྲིད་ཀྱི་བང་མཛོད་འཐོར་ཉེན་འདུག་པས༔ མགོ་བསྡུས་ཀྱི་གཡང་འགུགས་དང་ནོར་ལྷ་མཆོད་ན་ལེགས་པར་འོང༔ གློ་བུར་དུ་བྲེད་སྔངས་ཀྱི་ངོ་ཡོད༔ འཐབ་རྩོད་ཀྱི་སར་མི་འགྲོ༔ རང་ཕུགས་སུ་ཀླུ་སྨན་དཀར་མོ་གཅིག་ཆགས་ནས་འདུག་པ་དེ་རྟག་ཏུ་གསོལ་མཆོད་བྱས་ན་མགོན་སྐྱབས་བྱེད༔ མ་མཆོད་ན་ཤུ་ཐོར་དང་དྲེག་གྲུམ་གཏོང༔ མཛེ་འདྲེ་གཅིག་གིས་ཀྱང་གནོད་པར་འདུག་པས་རྒྱུན་དུ་བཀར་ན་ལེགས་སོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ མི་ཁྱེད་ལ་གཉའ་ནོན་དང༔ མགོ་འཇབ་ཀྱི་དགྲ་རྐུན་ཡོད་ན་ཐང༔ ཡང་ན་སྔགས་པ་དང་འགྲས་པ་ཡོད་ན་ཐང༔ དེས་ངན་སྔགས་ཀྱི་ཁྲམ་ལ་འདེབས་པས༔ རྟག་ཏུ་དགྲ་ཟོན་དུག་ཟོན༔ མཐུ་ཟོན་ལ་མ་ཡེངས་པར་འབུང་སྐད་དོ༔ སྲོག་ཕྱྭ་ནི༔ མི་ཁྱོད་ལ་འཆི་ངོ་མེད་དེ་ན་ངོ་ཡོད༔ གླུད་དང་ཆབ་གཏོར་ཐོངས༔ སྐྱེ་བོ་ཡིན་ན་ཡུལ་གྱི་ལྷ་བཙུན་གསོལ༔ སྔགས་པ་དང་བཙུན་པ་ལ་སོགས་པ་ཡིན་ན༔ ཆོས་སྐྱོང་གི་བསྐང་གསོ་གྱིས༔ གཞན་ཡང་རིམ་གྲོ་ལ་འབུངས་སྐད་དོ༔ སྲིད་ཕྱྭ་ནི༔ སྲིད་ཕུགས་ངན་ནོ༔ ཚེ་སྟོད་མཐུན་ཡང་ཚེ་སྨད་བྲལ༔ ཚེ་སྟོད་སྐྱིད་ཀྱང་ཚེ་སྨད་སྡུག༔ བྱིས་པ་གསོ་དཀའ༔ ལན་ཆགས་ཀྱི་བྱིས་པ་ཁ་དམར་མགོ་སྐྱ་ཞིག་ན་རེ༔ ང་ཕ་མ་གཉིས་ཀྱི་བྱུར་རྟོས་ཡིན༔ སྲིས་ཀྱི་རྐུན་མ་བྱེད༔ ནོར་གྱི་གདར་དུ་བསྡོས༔ མཆིག་དང་རང་གཞོང་གཅིག་མིན་པ་མ་ལུས་ཟ་བ་ཡིན་ཟེར་བ་ལ༔ དེ་བཀར་བ་ནི༔ སྣམ་སྒྱེ་ཁྲ་བོའི་ནང་དུ་ཞབས་རམ་རུག་དང་སྦང་མ་ལ་སོགས་མི་ཁའི་རྫས་ཀྱིས་བཀང༔ ཁ་མར་ཟན་གྱིས་བཅད་པ་ཞིག་ཕྱུགས་རྫི་དྭ་ཕྲུག་ཅིག་ལ་བསྐུར་ནས་ལམ་ལ་སྨྲ་བཅད་དེ༔ རྒྱ་སྲང་གི་བཞི་མདོར་བོར་བ་ལན་ལྔ་བྱས་ན་ཁོ་འགྲོ་སྐད་དོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ ཕ་མ་གཉིས་པོ་མ་ཤི་བར་དུ་སྐྱོང་དཀའ༔ ཕ་མ་གཉིས་ཤི་ནས་མི་ལྔའི་དཔོན་བྱེད་པའམ༔ གྲོང་གཉིས་ཀྱི་གཙོ་བོ་བྱེད༔ ཆོས་བྱས་ན་སློབ་དཔོན་ཞིག་འབྱུང་སྐད་དོ༔ ནོར་ཕྱྭ་ནི༔ གང་སྟོང་ཤིན་ཏུ་ཆེ་བར་འབྱུང་ངོ༔ བློ་ཕྱྭ་ནི༔ མི་ཁྱོད་ཀྱི་བློ་སྣ་འཕྲུག་ཤད་ཀྱི་སོ་དང་འདྲ༔ བྱ་བ་མང་ལ་དོན་མགོ་ཐོན་པ་ཉུང་སྐད་དོ༔ གྲོགས་ཕྱྭ་ནི༔ འཕྲལ་དུ་མི་འབྱུང་ཕུགས་སུ་འབྱུང་བར་གདའོ༔ ས་ཆ་ཡུལ་མཁར་ཆེ་གེ་མོ་འདི་གཟུང་ངམ་ཞེ་ན༔ འདི་བཟུང་ན་ཁ་སྨྲས་གླེང་གཞིའི་རྒྱུན་མི་ཆད་པ་འབྱུང་བས་གཞན་དུ་སྤོས་ན་ལེགས་སོ༔ ཁང་པ་བརྟག་པ་ནི༔ ཁང་པ་འདི་ཆུ་བརྒྱ་ཟམ་པ་གཅིག་གི་འོག་ཏུ་ཆུད་པ་དང་འདྲ༔ སའི་ལྟེ་བར་ཕོག་བཟང་ངོ༔ མི་ཁྱོད་ཀྱི་ཞུ་བ་དེ༔ ཕྱི་དལ་ཆེ་བར་འདུག༔ ཕྱི་དལ་གྱི་དབང་དུ་མ་སོང་ན༔ འཕྲལ་ཕུགས་གཉིས་ཀ་ལ་གནང་བས་བཟང་ངོ༔ དོན་ཨེ་འགྲུབ་ཅེ་ན༔ ངམ་ལྗི་སེ་འདུག་སྟེ༔ དལ་གྱིས་འགྲུབ་ཀྱང་ཧ་ཅང་དགའ་བར་མི་སེམས་སོ༔ མགྲོན་ཕྱྭ་ནི༔ མགྲོན་པོ་ཉེ་བར་མི་འོང༔ ལར་འོང་བར་སེམས་ཤིང་འདུག་སྐད་དོ༔ ཚོང་ཕྱྭ་ནི༔ ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་གྱིས་དང༔ རྔམ་མི་ཆེ་ཡང་གཡང་འཁོར་བ་གདའོ༔ སློབ་དཔོན་འཕྲོད་དམ་ཞེ་ན༔ ཐུགས་རྗེ་བྱིན་རླབས་ཀྱི་མཛོད༔ འདྲེ་སྲིན་ངང་གིས་འབྲོས༔ སྤྱན་དྲོངས་ཤིག༔ སྨན་པ་ཆེ་གེ་མོ་འདི་འཕྲོད་དམ་ཞེ་ན༔ སྨན་པའི་ཁ་ཆུ་གྲང་གིས་བཤལ༔ ནད་པའི་སྨན་ཕོར་དུག་གིས་བཀང༔ ཤིན་ཏུ་ངན་ནོ༔ ལེའུ་པ་འཕྲོད་དམ་ཞེ་ན༔ ལེའུའི་མགོན་ལྷ་ཐོད་དཀར་གྱིས་བྱེད༔ སློབ་དཔོན་པ་ཁོ་རང་ལ་ལྷ་ཞིག་དགོས་པར་མཆིའོ༔ སྨན་དཔྱད་གཏར་བསྲེག་འདི་བྱས་ཀྱང་མི་ཕན༔ མ་བྱས་ཀྱང་མི་ཕན་སྐད་དོ༔ ནད་པ་ཆེ་གེ་མོ་འདི་སོས་སམ་ཞེ་ན༔ ནད་པ་འདི་ལ་བཅས་བཅོས་གང་ཡང་མི་དགོས༔ རང་མལ་དུ་ཞོག༔ ནད་ཕན་པར་མཆིའོ༔ ནད་པ་འདི་ལ་ཅི་གདོན་ཞེ་ན༔ རི་བཙན་དང་ཀླུ་བཙན་གདོན༔ བཙན་ཤ་བའི་རུ་མདོས་དང༔ བཙན་མདོས་མྱུར་དུ་ཐོངས་སྐད་དོ༔ སྟོར་བ་ཨི་རྙེད་ན༔ རྩ་ར་མྱུར་དུ་བྱས་ན་ཕྱེད་ཙམ་བསླུས་མ་དང་བཅས་ཏེ་ཅུང་ཟད་ལོན་པར་འགྱུར་རོ༔ དམག་ཇག་ཐེབས་སམ་ཞེ་ན༔ འཕྲལ་ཐེབས་ཏེ་ཕུགས་མི་ཟོས་རྐང་ཆག་གི་རྒྱུ་ཡིན་ནོ་སྐད་དོ༔ རྨིག་ཟླུམ་འདི་བཅང་ན་འཕྲོད་དམ་བཅོས་ན་ཕན་ནམ་ཞེ་ན༔ བཅངས་ཀྱང་ནོར་དུ་མི་འབྱུང༔ བཅོས་ཀྱང་ངོ་མེད་དོ༔ རྨིག་པ་ཀ་བྲག་འདི་ཁྱེད་ཀྱི་ནོར་ཡིན་བསམ་སྟེ༔ འདི་ཁྱེད་ཀྱི་བྱུར་ཡིན་པས་བཅངས་ཀྱང་བྱུར་ལ་བཅོས་ཀྱང་བྱུར་ཡིན་ནོ༔ མཛའ་བོ་རྙེད་དམ་ཞེ་ན༔ ད་རེས་ཀྱི་མཛའ་བ་རྙེད་ཀྱང་རྙེད༔ བྱུར་གཅིག་དང་ཡང་བསྡོངས༔ བསམ་པ་བསད་ནས་བསྡད་ན་རུང༔ གསེབ་བཏང་ན་སྲིད་ཨེ་ཆགས་ཞེ་ན༔ སྲིད་ཤད་ཆད༔ སྲིད་མཚོ་སྐམ༔ གཞན་དུ་བསྒྱུར་ན་འབྲེལ་པ་ཡོད་དེ༔ སྲིད་ཀྱིས་ཕན་པར་མི་འགྱུར་རོ༔ གཞན་དང་གཏམ་ན་རུང་ངམ་ཞེ་ན༔ རང་གཞན་ཐམས་ཅད་ཕུང་བར་འགྱུར་བས༔ སྣ་སྦྲེལ་བར་མི་བྱའོ༔ ཆང་མོ་ནི༔ ཁྱོད་རང་གིས་ནི་ཐབས་ཀྱི་རྣམ་པ་ཅི་བྱས་ཀྱང་མི་ལྡོག་གོ༔ གཞན་ལ་གཏད་ན་ཆང་རུ་བརྗེས་ཏེ་བཙོས་ན་གསུམ་འཐུང་རུང༔ དེ་ནས་ཁོའི་ཆང་ཡང་འགྱུར་རོ་སྐད་དོ༔ བཟོའི་རིགས་བྱེད་ནི་འཕྲལ་ལེགས་ལ་ཕུགས་དགེ༔ ཤིན་ཏུ་བཀྲ་ཤིས་སོ༔ ལོ་ལེགས་སམ་ཞེ་ན༔ བཟང་མེད་ངན་མེད་རང་མལ་དུ་བཏང་སྙོམས་བྱེད༔ ཆར་པ་དང་ཁ་བ་འབྱུང་ངམ་ཞེ་ན༔ ཁ་ཆར་འོང་ལ་ཁད་བྱེད་ཀྱང་མི་འབྱུང་ངོ༔ རྩེད་མོ་འདི་རྩེ་ན་དགེའམ་ཞེ་ན༔ འཕྲལ་ཉམས་དགའ་ཞིང་ཕུགས་ནོམ་པ་འབྱུང་བས༔ ཡུན་རིང་དུ་གཉུག་བསྲིང་ལ་རྩེས་སྐད་དོ༔ སྐོར་ཕྱྭ་སྐོར་ཕེར༔ གཡོན་ཕྱྭ་ལ་བློ་མ་འགེལ་ཅིག༔ དགྲ་ཕྱྭ་ནི༔ ཞོག་འུར་རྐྱལ་འུར་གྱི་ངོ༔ དགྲ་བཙན་ལ་ཁ་དྲག་པ་ཞིག་གིས་གཡོ་གཏོང་ཉེན་འདུག་པས༔ དགྲ་ཟློག་ལ་འབུངས་དང་འགྱོད་པ་མེད༔ ལར་དགྲ་ཟློག་ལས་མཚོན་ཟློག་འཇིགས༔ འཐབ་པའི་ཆས་ལ་འབུངས་མཛོད༔ ཤིན་ཏུ་ངན་ནོ༔ དགྲ་ངོ་སྐྲག་སྔངས་མྱུར་དུ་འབྱུང་ཉེན་འདུག་གོ༔ ས་མ་ཡ༔ ༈ ལས་ཀྱི་མཁའ་འགྲོ་ལ་བབ་ན༔ མི་ཁྱོད་ཀྱི་བསྟན་པའི་ཆུས་ཕྱྭ་ནི༔ དར་དྲགས་ལ་ཡུན་ཐུང༔ བང་ཐག་ཆོད་དུས་རྟ་ཁ་འཐེན་མཛོད་ཅིག༔ ཁྱིམ་ཕྱྭ་ནི༔ སྔར་ཁྱོད་ཀྱི་བང་ཁྱིམ་ར་བ་ལ་སོགས་མེས་ཚིག་ན་ཐང༔ སྔར་མ་ཚིག་ན་ད་ཚིག་ཉེན་འདུག་པས༔ མེ་ཟོན་ལ་གཟོབ༔ ཕྱི་ནས་བལྟས་ན་ཁྱིམ་བཙུན་བཙུན་འདྲ་སྟེ༔ ནང་དུ་གཟའ་མི་འཐབ་མོ་མོད་པར་འོང༔ བྱིས་པ་གཅིག་ལ་གཅིག་གཟབ་འཚལ༔ ཆུང་སྲི་ཁ་དམར་གཅིག་སྒུག་འདུག་པས༔ དེའི་ཁ་ལ་ཡས་གཅིག་རྒྱོབ༔ དེ་ནས་ལེགས་པར་འོང་སྐད་དོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ གཡག་གུ་དར་མ་དེ་རྭ་བདར་ཟངས་སེ་ཟང༔ རྔ་རྒྱལ་ལང་མ་ལིང༔ སང་ཕོད་ད་ཙམ་ཚུན་ལ་ལེགས་པར་འོང་སྟེ༔ ལོ་འཕོས་ཟླ་འཕོས་ཙམ་ནས༔ ཁྱོད་ལ་མྱ་ངན་སྙིང་སྟོང་ཆེན་པོ་འབྱུང་ཉེན་འདུག་གོ༔ མི་ཁྱོད་ཀྱི་སྲོག་ཕྱྭ་ནི༔ སེམས་མེ་ལྟར་འབར་བས་ལུས་ཚུགས་མི་སྲིད༔ བྱ་ལག་སྤྲེའུ་བས་མང༔ ཁ་བདར་ལྷབས་སེ་ལྷབ༔ ནམ་ཡང་དཔལ་གྱིས་སྐྱོབ༔ སྐྱེས་ལེགས་ཀུན་གྱིས་སྨོན༔ སྲོག་ལྕགས་ལས་སྲ༔ བཟང་སྐད་དོ༔ མི་ཁྱོད་ཀྱི་སྲིད་ཕྱྭ་ནི༔ སྲིད་ཕུགས་ཆེ༔ ཁྱིམ་མཚེས་མགུ༔ ཕུ་ན་ཕྱུགས་འཕེལ༔ མདའ་རུ་ལོ་ལེགས༔ བུ་མང་ལ་གཉེན་བཟང་ངོ༔ སྐྱིལ་ཆིལ་ལེ་བར་ཡུན་རིང་གནས་སོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ ཐུ་བ་གཡས་ཕོ་ལྷས་སྐྱོབ༔ གཡོན་པ་མོ་ལྷས་སྐྱོབ༔ ཤིན་ཏུ་བཟང་ངོ༔ ནོར་ཕྱྭ་ནི༔ ནོར་གཡང་ཆགས༔ སྐབས་སྐབས་སུ་ནོར་གླུད་ཐོངས༔ ནོར་ལྷ་གསོལ་དང་ཕྱུགས་འཕེལ་ཆེ་བར་འོང༔ བློ་ཕྱྭ་ནི༔ རྒྱུན་སྲིངས་ཤིག༔ བཟང་པོར་མཆིའོ༔ གྲོགས་ཕྱྭ་ནི༔ གྲོགས་ཀྱི་གསེར་ཞལ་མེར་བ་ལ༔ བཤོས་བུ་ཁྱིའི་ནལ་སྐྱག་བྱུང༔ གྲོགས་ཞིག་འདུག་པ་དེ་ཁྱོད་གདན་དུ་འགོར་བས་གཞན་དུ་སོང་སྐད་དོ༔ ས་མཁར་ཡུལ་གཟུང་གི་མོ་ལ༔ ཞྭ་གཅིག་བཟོས་པས་ཨོག་སྒྲོག་མེད༔ གོས་གཅིག་བཟོས་པས་གོང་བ་མེད༔ ལྷྭམ་གཅིག་བཟོས་པས་ལྷྭམ་སྒྲོག་མེད༔ ཡུལ་དེ་བཟུང་ན་གོང་ན་གྲོས་མགོ་འདོན་པའི་དཔོན་མི་འབྱུང༔ རྒྱབ་རྟེན་གྱི་བླ་མཆོད་མི་རྙེད༔ འོག་གི་འབངས་འཁོར་མི་ཆགས་པས་འབྲིང་སྨད་ཙམ༔ མི་ཁྱོད་ཀྱི་ཁང་པ་དེར་བྱས་ན༔ མེས་ཚིག་ཉེན་ཡོད༔ དུས་རྟག་ཏུ་ཚད་པའི་ནད་ན་བ་རྐྱང་འབྱུང་ལ༔ སྤྱད་ན་ཁང་པའི་མདོག་དམར་པོ་དང༔ སྒོ་ཁྱི་དམར་པོ་བརྟེན་དང་ལེགས་པར་མཆི༔ ཞུ་གསོལ་ཨེ་གནང་ན༔ ངོ་སོ་དང་ཆེ་སྟེ་འདོད་དོན་ཆུང་སྐད་དོ༔ དོན་ཨེ་འགྲུབ་ཅེ་ན༔ ཉིན་གཅིག་གི་དོན་ཡིན་ན་འགྲུབ་སྟེ༔ ཞག་བར་ཆོད་ཕན་ཆད་འགྲུབ་ཀྱང་མི་འགྲུབ་ལ༔ གལ་ཏེ་འགྲུབ་ཀྱང་སྙིང་མི་དགའ་འདུག་གོ༔ མགྲོན་པོ་ཆེ་གེ་མོ་ཨེ་འོང་ཞེ་ན༔ མགྲོན་པོ་ཐང་ཆད༔ ཉོན་མོངས་དགྲས་གཙེས༔ བྲེད་སྔངས་དང་བཅས་རྔུལ་ནག་ཙ་རེ་འོང་བར་འདུག་གོ༔ ཚོང་ཕྱྭ་ལ༔ ཚོང་ལ་རྒྱལ་ལ་རུ་རྒྱལ༔ ཀླུངས་རྒྱལ་ཀླུངས་སུ་རྒྱལ༔ མཛོ་ཁལ་རྭ་ལ་མ་བཏགས་ཙམ༔ གཡག་ཁལ་རྔ་རྩིད་ལ་མ་བཏགས་ཙམ༔ ཤིན་ཏུ་བཟང་བའི་ནང་ནས་ཀྱང་མཆོག་གོ༔ ཚོང་ཀློད་ལ་གྱིས་ཤིག༔ སློབ་དཔོན་ཆེ་གེ་མོ་ཨི་འཕྲོད་ཅན༔ སློབ་དཔོན་དེ་བསྟེན་དུ་རུང༔ བྱིན་རླབས་ཀྱང་ཆེ་སྐད་དོ༔ སྨན་པ་དེ་ཨི་འཕྲོད་དམ་ཞེ་ན༔ ཀླུང་རྟ་རྒུད་པའི་སྨན་པ་འདི༔ ཕན་པ་བས་གནོད་པ་ཆེ༔ ནད་པ་རང་སར་ཞོག༔ སྨན་བཅོས་མ་བྱེད་གཏོ་བཅོས་གྱིས༔ ལེའུ་པ་ཆེ་གེ་མོ་འདི་འཕྲོད་དམ་ཞེ་ན༔ བྱིན་རླབས་ནུས་པ་ལྡན་ལགས་ཀྱང༔ བུ་སྲོག་མ་ཡི་ཁོང་ནས་ཆད༔ ལྷ་གཡག་དཔལ་གཡག་གིས་བསྟོད་ན༔ གལ་ཏེ་སོས་ཀྱང་སྲིད༔ སྨན་དཔྱད་གཏར་བསྲེག་ཆེ་གེ་མོས་བྱས་ན་ནད་པ་ལ་འཕྲོད་དམ་ཞེ་ན༔ དེ་མི་འཕྲོད་གཞན་ལ་སྒྱུར་སྐད་དོ༔ ནད་པ་ཨི་སོས་ཞེ་ན༔ བྲེད་སྔངས་དྲག་པོ་ཞིག་འོང༔ སྨན་དཔྱད་རིམ་གྲོ་ལ་འབུངས་ཤིག༔ ཕུགས་ནད་འདིས་མི་ཉེས་སྐད་དོ༔ ནད་པ་འདི་ལ་གདོན་དུ་གཟའ་དང་རྒྱལ་པོ་ཀླུ་དང་མ་ཡམས་གདོན་འདུག་པས༔ དེ་རྣམས་ཀྱི་ཆོ་ག་མྱུར་དུ་དགོས་པར་འདུག་གོ༔ བོར་བ་རྙེད་དམ་ཞེ་ན༔ ཐབས་མཁས་པར་རྩད་ཆོད་དང་དལ་གྱིས་རང་ལག་ཏུ་འོང་བར་གདའོ༔ དམག་ཇག་ཐེབས་སམ་ཞེ་ན༔ དམག་དཔོན་གཞུ་མཆོག་བསྒྲིལ༔ དམག་ཕྲུག་བསོ་སྒྲ་འདེབས༔ དགྲ་ཁ་ཕུང་དུ་འགྲོ༔ དགྲ་བླ་ལ་གསོལ་མཆོད་དྲག་ཏུ་གྱིས༔ ཁ་ཕོ་བཏོན་ནས་ཆོག་པར་གདའོ༔ རྟ་ལ་སོགས་རྨིག་ཟླུམ་འདི་ཨེ་འཕྲོད་ན༔ ཤིན་ཏུ་འཕྲོད༔ བཅོས་ཀ་ཡང་བྱས་ན་ཕན༔ རྨིག་པ་ཀ་བྲག་རྐང་ཕྲན་ལ་རེ་མ་ཆེ༔ ཆེ་ཕྱུག་ནི་བརྟེན་དུ་རུང་ཙམ༔ བཅོས་ཀ་ནི་བགྱིད་འཚལ་ལོ༔ མཛའ་རོགས་རྙེད་དམ་ཞེ་ན༔ མགོ་ལ་ཐལ་བ་མྱོང༔ རྐང་པ་ལ་གཤེད་བུའི་སྦོ་སྐོར་མྱོང༔ མགོ་ཆག་རྐང་གྲུམ་མི་འདྲེས་ཁྲིད་པ་འདྲ་བ་ཞིག་འོང་བར་འདུག་པས༔ སྤྲོས་པ་ཆོད་ཅིག༔ གསེབ་བཏང་ན་སྲིད་ཨེ་ཆགས་ཞེ་ན༔ གསེབ་ཐེབས་ན་སྲིད་ཆགས་པས་བརྩོན་འགྲུས་བསྐྱེད་མཛོད་ཅིག༔ གཞན་དང་ལབ་བུ་འཕྲོད་ཅིང་རང་རྒྱལ་ལམ་ཞེ་ན༔ ངོ་སོ་ཏ་ལ་ལ༔ སྙན་གྲགས་དི་རི་རི༔ གཞན་ལའང་ཕན༔ རང་ཡང་སྙིང་དགའ་དང་བཅས་ནས་འདུག་པས༔ ཤིན་ཏུ་བཟང་བས་གཉུག་སྲིངས་ཤིག༔ ཆང་གི་མོ་ནི༔ འཕྲལ་མི་ཞིམ་པས༔ ཞག་འགའ་ཀློད་ལ་ཚོས༔ འདྲེ་མི་འདུག་ཕབས་དང་ལག་བྱད་ལ་གཟོབ་སྐད་དོ༔ བཟོའི་རིགས་བྱེད་ནི༔ གང་བྱས་ཀྱང་འཕྲལ་ལེགས་ཕུགས་དགེ་སྟེ༔ བཟོ་ལ་བར་ཆད་འབྱུང་ཉེན་འདུག༔ འོན་ཀྱང་རང་ངམ༔ བཟོའི་ཉེ་དྲུང་ལ་བར་ཆད་འོང་ན་ཐང་བར་མཆིས་སོ༔ ལོ་ལེགས་ལ་ཁ་ཆར་ཡོད་དམ་ཞེ་ན༔ ལོ་ནི་ལེགས་པར་འོང༔ ཆར་མི་འབབ་ཀྱང་ཐན་སྲེག་མི་འོང་སྐད་དོ༔ རྩེད་མོ་བྱས་ན་དགེའམ་ཞེ་ན༔ གལ་བཞག་པའི་རྩེ་མོའི་རིགས་གང་བྱས་ཀྱང་རྒྱལ་བར་མི་འགྱུར་ཏེ༔ གལ་མེད་ཀྱི་རྩེད་མོ་ནི་མགོ་ཐོན་ཉམས་དགའ་སྙན་གྲགས་འབྱུང་སྐད་དོ༔ སྐོར་ཕྱྭ་གཡོན་ཕྱྭ་གང་ལའང་སྐོར་ཕེར༔ གཡོན་ཁྱག་ལྡབ་མི་འཚལ༔ བཟང་བའི་མཆོག་གོ༔ དགྲ་ཕྱྭ་ནི༔ མི་ཁྱོད་ལ་དགྲ་ཞིག་འདུག་པ་དེ་གླིང་གཞན་དུ་སོང་སྐད་དོ༔ ས་མ་ཡ༔ ༈ ལས་ཀྱི་ཤུགས་འགྲོ་ལ་བབས་ན༔ ལས་ཀྱི་ཤུགས་འགྲོའི་ཞལ་ན་རེ༔ མི་ཁྱོད་ཀྱི་བསྟན་པའི་ཆུས་ཕྱྭ་དེ༔ སྡེ་བ་དར་མདུང་ཅན་གྱི་མོ་ལ་བཟང༔ གཞན་ཕལ་པ་ཡིན་ན༔ བཙན་པོའི་གཉའ་ནོན་འབྱུང་ངོ་ཡིན་པས་རྟག་ཏུ་བརྟེན་པའི་ལྷ་དང་ཆོས་སྐྱོང་ལ་གསོལ་མཆོད་རེམ་དུ་གྱིས་སྐད་དོ༔ ཁྱིམ་ཕྱྭ་ནི༔ སྒྱེད་ཚུགས་མ་ཤོར་ཙམ༔ ཚོལ་རྙེད་བུན་འཁོར་ལ་མི་ཚེ་ཟད༔ འགོ་བའི་ལྷ་དང་གནོད་པའི་འདྲེ་གཉིས་ཀ་ཤེད་ཆུང་བར་གདའ་སྐད་དོ༔ སྐྱེས་ཀྱི་ཕོ་ཕྱྭ་ནི༔ མི་ཁྱོད་ལ་ན་ཚ་དང་དཀོན་པར་མཆིས་ཏེ༔ བཟང་བར་བྱས་ཀྱང་བཟང་ལན་ངན་གྱིས་འཇལ༔ ཕར་མར་ཟན་བྱིན་ན༔ ཟས་ལན་སྦང་མ་འཇལ༔ སུ་ལ་བྱམས་པར་བྱས་ཀྱང་བྱམས་ལན་དགྲ་བྱེད༔ ཕར་སྙིང་བསྟན་པས་ཚུར་གློ་བ་བསྟན༔ རྐང་མཐིལ་གྱི་རྡེའུ་འཕར་ནས་སྤྱི་བོའི་ཀླད་པ་འཇོམས༔ དར་ལན་རེ་བས་འཇལ༔ ཁྱོད་ཀྱིས་མི་ལ་བསམ་པ་བཟང་བའི་སེམས་བསྐྱེད་ཀྱང༔ ཚུར་ངན་དགུ་དུག་བཅུ་བྱེད་དུ་འོང་བས༔ ཁྱོད་རང་མགོ་རང་གིས་བཏོན་ན་ལེགས་སྐད་དོ༔ སྲོག་ཕྱྭ་ནི༔ གཞོགས་ཕྱེད་སྐམ༔ ཕྱེད་རུལ༔ སྲིས་ཕྱེད་ལྷ་རྗེ་མོ་བོན་པས་ཟ༔ སྲིས་ཕྱེད་འདྲེས་ཁྱེར༔ གྲོང་པའི་ཁྱི་འགྲངས༔ འདྲེ་ཡས་མདོས་ཀྱིས་ཁ་མ་ཁོག༔ རྐང་པས་ལུས་མི་ཐེག༔ ཉི་མ་དང་ནམ་མི་སྐྱོལ་བའི་ནད་དྲག་ལ་ཡུན་རིང་བ་ཞིག་འོང་བར་འདུག༔ དེའི་སྔ་རྟགས་ལ་ཉི་མ་དགོང་མོ་སྙིང་མི་དགའ༔ སྡོད་མི་བརྟན༔ མལ་མི་བདེ༔ ཁ་སྐམ༔ དང་ག་འགག༔ དེ་འདྲ་བ་བྱུང་ན་ཐང༔ ཉིན་ཞག་བདུན་སྔས་མགོ་མཆི་མ་གཏང་དགོས་པ་ཞིག་འབྱུང་ཉེན་འདུག་པས༔ མྱ་ངན་གྱི་བསྒྱུར་གཏོ་ཆེན་པོའམ༔ སྔགས་པས་མདོས་ཟོར་གྱི་རིགས་དང༔ གཏོར་ཟོར༔ བཙུན་པས་བརྒྱ་བཞིའི་ཆོ་ག་དང་གླུད་བརྒྱ་རྩ༔ བོན་པོས་བླ་བསླུ་དང་ཕྱྭ་འདོགས༔ གཞན་ལུས་བསྒྱུར༔ མིང་སྤོ༔ ནད་པ་མང་པོ་ལ་སྨན་སྦྱིན༔ རང་ལ་ཡོད་དམ་མེད་ན་མི་ལ་ཉོས་ནས་བཏང༔ ལམ་འཕྲང་ཕྱགས༔ ཟམ་པ་འཛུག༔ བཞི་སྡེ་ལ་ཆོས་སྟོན་འདྲེན་པ་ལ་སོགས་རིམ་གྲོ་མང་ལ་མྱུར་བར་གྱིས༔ སྡོད་ས་སྤོ༔ བླ་དགེ་བྱིན་རླབས་ཅན་ལ་སྲུང་བར་ཞུ་བ་བྱས་ན་ལོ་གསུམ་བདེ་སྐད་དོ༔ སྲིད་ཕྱྭ་ནི༔ བུད་མེད་འདི་སྲིད་ཕུགས་ཆེ༔ ཁ་དྲོ༔ བྱད་བཞིན་སྡུག༔ ནོར་ཕྱུག༔ མཛངས་ལ་འཕྲུལ་བཟང་སྐད་དོ༔ བུ་ཆུང་གི་མཐུ་ཕྱྭ་ནི༔ བཟང་མ་དྲགས༔ ངན་མི་དྲགས༔ བཏང་སྙོམས་ཀྱི་བར་དུ་ལྷ་འདྲེ་གཉིས་ཐོབ་ཤ་འགྱེད་ཉེན་འདུག་པས༔ ཆུང་གླུད་དང་གཟུངས་གྲྭ་ལྔ་འདོན༔ ཀློག་བྱས་ན་བཟང་སྐད་དོ༔ ནོར་ཕྱྭ་ནི༔ ཁོད་སྙོམས་པར་མཆི༔ རང་འགྲངས་ཙམ་ལ་ཚོད་ཟིན༔ འོན་ཀྱང་ནོར་སྤུ་རྟགས་ཅན་གྱི་ཕྱི་ན་གཡང་སྒོ་རལ་ཉེན་འདུག༔ དེ་མ་ཤོར་ན་སྐྱིད་པར་འོང༔ དེ་ཤོར་ན་ཐ་མ་སྤྲང་དགོས་པའི་ཉེན་འདུག་གཟོབ་སྐད་དོ༔ བློ་ཕྱྭ་ནི༔ བློ་ཉེས་ཐལ་བའི་ལ་བཙས་སུ་འགྲོ་ཉེན་འདུག༔ ལར་མི་ཁྱོད་བློ་ཤོ་རྒོད་ལ་ཡབ་ཡོབ་ཆེ༔ བསགས་པའི་ནོར་ཟད༔ ཕྱི་ལྟས་ཡེ་རེ་བ༔ མི་སྔུན་དུ་ཕྱར་ན་མཛེས༔ ནང་ལྟས་ཐུ་ལེ་བ༔ བུ་སྨད་སྡུག་ལ་བཀོལ༔ མདོ་མེད་ཞི་བ་དང་བྲལ༔ ཚེ་གཞུག་རླུང་གིས་ཁྱེར་བའི་ཉེན་འདུག་སྐད་དོ༔ གྲོགས་ཕྱྭ་ནི༔ ཚོད་མེད་རྭ་ལ་ཕར་བསྙབས་པས༔ ཟལ་ལེ་འབྲི་རྭ་ཚུར་ལ་ཟུག༔ རང་སྲོག་འཆོར་ཉེན་ཡོད༔ ཟན་སྒོང་བསྒྲིལ་འདོད་པས༔ ཐ་མ་ཐལ་རྒུམ་འཐུ་དགོས་པའི་ཉེན་འདུག་པས་གཟོབ་སྐད་དོ༔ ས་ཆ་ཡུལ་འཛིན་བཟང་ངན་ནི༔ ཕུ་ན་ལྷ་བཟང་པོ་ཆགས་པས་མགོན་སྐྱབས་བྱེད༔ མདའ་ན་ཀླུ་བཟང་པོ་གནས་པས་ཟས་ནོར་ལོངས་སྤྱོད་འཕེལ༔ བར་དུ་གཡང་གི་ཞག་ཆགས་པས་མི་དར་ནོར་དུ་དར༔ བློ་མ་འགྱུར་དང་འཕྲལ་ཕུགས་གང་ལའང་བཟང་ངོ༔ ཁང་པ་བཟང་ངན་ནི༔ ཁང་པ་སྲིད་ཀྱི་དར་གོས་ཡིན༔ མི་འཕེལ་ལ་ནོར་ཕྱུག༔ ངན་རྐུན་ལ་ཟོན་གྱིས༔ གཞན་བཟང་ངོ༔ ཞུ་བ་ཨི་གནང་ན༔ གསོལ་བ་འབུངས་ལ་ཐོབས༔ ཅི་འདོད་གནང་བར་གདའི༔ དོན་འགྲུབ་བམ་ཞེ་ན༔ དོན་ཁ་སོ་ངོ་སོ་དང་བཅས་ནས་མྱུར་དུ་འགྲུབ་པར་འདུག་སྐད་དོ༔ མགྲོན་པོ་ཨེ་འོང་ཞེ་ན༔ མ་སྒྱེད་ཀྱི་སྟེང་དུ་ཁུ་བྱུག་བབ༔ གསུང་སྙན་གྱི་གྲགས་པ་ཕྱོགས་བཅུར་སྒྲོག༔ མི་ཁྱོད་ཀྱི་མགྲོན་པོ་དེ༔ གཏམ་སྙན་གསར་པ་གྲོགས་དང་བཅས་ནས་མྱུར་དུ་འོང༔ གལ་ཏེ་འཕྲལ་དུ་མ་བྱུང་ཡང༔ གཏམ་སར་འོང༔ མགྲོན་པོ་ཡང་ཡུན་མི་འགོར་སྐད་དོ༔ ཚོང་རྒྱལ་ལམ་ཞེ་ན༔ ཚོང་ཕམ་སྙིང་ཁུམ་པར་འགྱུར་ཏེ་ཤིན་ཏུ་ངན་ནོ༔ སློབ་དཔོན་ཆེ་གེ་མོ་འཕྲོད་དམ་ཞེ་ན༔ ཐད་ཀར་ཐུགས་འགྱེལ༔ རྒྱལ་བའི་སྲས་མི་མངའ༔ རང་ལས་ཁོང་མི་དྲག༔ གཞན་ལ་སྤོས་ན་ལེགས་སོ༔ སྨན་པ་ཨི་འཕྲོད་ཅེ་ན༔ ཤིན་ཏུ་འཕྲོད་པས་མྱུར་དུ་ཁུག་ཅིག༔ ལེའུའི་ཕ་བ་ཆེ་གེ་མོ་ལ་ཞུས་ན་འཕྲོད་དམ་ཞེ་ན༔ འདི་ལས་ཁ་མ་སྤོ་བཀྲ་ཤིས་ལ་ཚེ་རིང་ཤིན་ཏུ་བཟང་ངོ༔ སྨན་དཔྱད་འདི་འཕྲོད་དམ་ཞེ་ན༔ དཔྱད་བར་དུ་འདྲེ་ཞུགས༔ སྡེར་ཆ་གཅིག་ཐོངས་ལ་གསང་སྟེ་གྱིས་དང༔ ཟུག་ཆོག་པ་ཙམ་འོང་སྐད་དོ༔ ནད་པ་ཆེ་གེ་མོ་འདི་ལ་མྱུར་དུ་ཕན་ནམ་ཞེ་ན༔ ནད་པ་འདི་ལ་ཁའི་བྱ་སྒྲོ་དང་འདྲ་སྟེ་གར་འགྲོ་ཆ་མེད༔ རིམ་གྲོ་ལ་ལེ་ལོ་མ་བྱེད་བརྩོན་འགྲུས་སྐྱེད་ཅིག༔ འོན་ཀྱང་མགྲོན་པོ་ལམ་ཞུགས་ཀྱི་ནད་པ་ཡིན་ན་མྱུར་དུ་སོས་པར་འགྱུར་རོ༔ ནད་པ་ཆེ་གེ་མོ་འདི་ལ་གདོན་ཅི་གདོན་ཞེ་ན༔ ས་བདག་དང་རྒྱལ་པོས་ཕུགས་བྱས༔ གཟའ་དང་ཀླུས་འཕྲལ་རྐྱེན་བྱེད་འདུག༔ དེ་རྣམས་ཀྱི་འཁོར་སྟོང་སྡེ་མང་པོས་ཟུག་བསླང༔ ནད་བྱིངས་ཆེན་པོ་འབྱུང་བའི་ཉེན་འདུག་པས༔ གཟའ་ཀླུ་འགྲས་བསྡུམས་དྲས་འབྱེད༔ ས་བདག་གོང་ཕུར༔ རྟ་ཐོད་སྐྱས་འདེབས༔ སྡེ་བརྒྱད་ཀྱི་མདོས་རྣམས་བཏང་ནས༔ རྒྱབ་ཆོག་ཏུ་གཟུངས་འདུས་འདོན༔ རྣམ་འཇོམས་གྱི་རྒྱབ་ཆོག་རྣམས་བྱས་ན་ཕན་པ་ཆེ་སྟེ༔ ཕྱི་དལ་ཆེར་འདུག་གོ༔ བོར་བ་རྙེད་དམ་ཞེ་ན༔ འཕྲལ་དུ་རྙེད་སྲ༔ ཡུན་རིང་སོང་ན་རྩད་ཆོད་འབྱུང་སྟེ༔ ལག་ཏུ་འོང་བ་དཀའ་བར་མཆིིས་སོ༔ དམག་ཇག་ལ་འགྲོ་ན་བཟང་ངམ་ཞེ་ན༔ དམག་ཉེས་ཇག་ནུབ༔ གཡུལ་ངོར་མདུང་ཆག༔ དཔའ་བོ་འཁྲུགས་གྲལ་དུ་འཆི༔ རང་ཕམ་མི་རྒྱལ་བར་འགྱུར་བས་ཕྱོགས་སུ་ཡང་བརྩམ་པར་མི་བྱ་སྐད་དོ༔ རྨིག་ཟླུམ་གྱི་དུད་འགྲོ་འདི་བརྟེན་པར་རུང་ངམ༔ བཅོས་ཀ་བྱས་ན་ཕན་ནམ་ཞེ་ན༔ བརྟེན་ཀྱང་བསྐྱེད་འབྲི་མེད༔ བཅོས་ཀ་བྱེད་ན་དེའི་མོད་ལ་ཨི་འཆི༔ རང་སར་བཞག་ན་དགེའོ༔ རྨིག་པ་ཀ་བྲག་ཆེ་གེ་མོ་འདི་བརྟེན་ན་འཕྲལ་ཕུགས་ཕན་པར་འགྱུར་རམ༔ བཅོས་ཀ་ཆེ་གེ་འདི་འཕྲོད་དམ་ཞེ་ན༔ འདི་ནི་འཕྲལ་བདེ་ཆོད་ལ༔ ཕུགས་ཀྱི་ནོར་རྟེན་དུ་ཡང་འགྱུར༔ བཅོས་ཀ་ཡང་མུས་ཀྱིས་འཕྲོད་པས་དྲག་ལས་མྱུར་བ་མི་བྱ་སྐད་དོ༔ མཛའ་རོགས་རྙེད་དམ་ཞེ་ན༔ སྔར་འདྲིས་དང་འཕྲད་པར་མཆི༔ གསར་པ་ནི་རྙེད་པར་དཀའ༔ རྙེད་ཀྱང་ཕུགས་སུ་ཡང་མི་ཕན་ནོ༔ གསེབ་བཏང་ན་སྲིད་ཆགས་སམ་ཞེ་ན༔ སྲིད་རྟེན་མི་འདུག་པས་ཆགས་པར་མི་འགྱུར་རམ༔ ཕ་རོལ་དང་ལབ་མཆུ་བྱས་ན་འཕྲོད་དམ་དགེའམ་ཞེ་ན༔ འཕྲོད་ཀྱང་འཕྲོད་ལ་དགེ་ཡང་དགེའོ༔ ཆང་མོ་ནི༔ ཐབས་ནི་ཅི་བྱས་ཀྱང་ཐོག་གཅིག་ལ་མི་ཞིམ་སྐད་དོ༔ བཟོའི་རིགས་བྱེད་གང་བྱས་ཀྱང་ལེགས་པར་མི་མཆི་ཞིང༔ ཕུགས་སུ་ཕན་ཐོགས་པར་མི་འགྱུར་སྐད་དོ༔ ལོ་ལེགས་སམ་ཞེ་ན༔ ལོ་བོངས་བརྟན་མས་བསྡུས༔ སྙེ་སྟོང་བོང་བ་གང་ཡང་འབྲུ་འཕེལ་མི་འབྱུང་བས་ལོ་ཉེས་སྐད་དོ༔ ཁ་ཆར་ཨེ་འབབ་ན༔ ཁ་ཆར་ཤིན་ཏུ་ཆེ་བ་བབ་སྐད་དོ༔ རྩེད་མོའི་རིགས་ཆེ་གེ་མོ་བྱས་ན་དགེའམ་ཞེ་ན༔ ད་རེས་ཀྱི་རྩེད་མོ་འདི༔ འཕྲལ་ཉམས་དགའ༔ ཁྲོམ་འདུ༔ ཕུགས་སུ་གལ་ཐོབས་ལ་དཔའ་ཐོགས༔ ཤིན་ཏུ་དགེའོ༔ སྐོར་ཕྱྭ་སྐོར་དུ་བཟང༔ གཡོན་ཕྱྭ་ལ་གཡོན་ཆགས༔ དགྲ་ཕྱྭ་ལ་དགྲ་མེད་དེ༔ འཇིག་པའི་དགྲ་ཞིག་འདུག་པ་དེ༔ ད་གཟོད་དུས་ཀྱི་སང་ཕོད་ཙམ་འོང་སྐད་དོ༔ ལོ་འཁོར་གཅིག་དང་ཡང་འཁོར་གཅིག༔ མི་ཁྱོད་ལ་དགྲ་མི་འོང་སྐད་དོ༔ ས་མ་ཡ༔ ༈ སྤྱི་དོན་བཞི་པ་རྗེས་ཀྱི་བྱ་བ་ནི༔ དེ་ལྟར་མོའི་རིམ་པ་གང་ཡིན་ཚར་བའི་རྗེས་ལ་གཏོར་མ་འབུལ༔ ལྷ་ཡེ་ཤེས་པ་དམ་ཚིག་པ་ཐམས་ཅད་ཌཱཀྐིའི་བྲིས་སྐུ་ལ་བསྟིམ༔ གཏང་རག་གཏོང༔ ཤིས་པ་བརྗོད༔ དགེ་རྩ་བསྔོ༔ དམིགས་མེད་ཀྱི་རྒྱས་གདབ༔ དོ་གལ་མ་མཆིས་པ་ལ་མི་འདེབས༔ དོ་གལ་དུ་གྱུར་ན༔ ཚོགས་འཁོར་བཤམས་ལ་གདབ༔ གཙང་ཞིང་གཙང་མའི་ཕྱོགས་སུ་གདབ༔ འདི་ནི་ཐོག་མར་གསལ་པོ་མི་འབྱུང་ཞིང༔ བཏབ་གྲངས་མང་ན་ཇེ་རྣོ་ཇེ་རྣོར་འགྲོ་བས་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ རྟེན་འབྲེལ་མོ་རྩིས་ཀྱི་སྐོར་རིན་པོ་ཆེའི་སྒྲོམ་བུ་ཞེས་བྱ་བ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་པའི་རྗེས་འཇུག་སྐལ་ལྡན་རྣམས་ཀྱི་དོན་དུ༔ ཨུ་རྒྱན་པདྨས་མཛད་དོ༔ བློ་དམན་མཚོ་རྒྱལ་བདག་གིས་ཟིན་བྲིས་སུ་བྲིས་ནས་གཏེར་དུ་སྦས་པ་འདི༔ ལས་ཅན་གསུང་གི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ དྷ་ཐིམ༔ བདག་འདྲ་དགེ་སྦྱོང་སངས་རྒྱས་རྡོ་རྗེས་ཨུ་རྒྱན་སྒྲུབ་གནས་པུ་རི་ཕུག་མོ་ཆེ་ནས་བཏོན་པའོ།། །།འདི་ནི་འཇམ་མགོན་རིན་པོ་ཆེ་དང་རིགས་བདག་བླ་མ་རྣམས་ཀྱི་དགོངས་རྫོགས་ཀྱི་ཕྱིར་དུ་ཁ་བསྐངས་ཏེ་སྤར་གསར་དུ་བསྒྲུབས་པ་ཡིན་པས་དབང་ལུང་སོགས་ལ་ཞིབ་ཅ་བྱ་དགོས་ཡོད་དོ། །ཞེས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ཁོ་བོས་ཆེད་དུ་གདམས་པའོ།།
སྒྲུབ་ཐབས་འདོད་བུམ་མཇུག་གི་སྦྱར་བྱང་བཅས་ (Volume 61, Text 67)
སྨྲས་པ། སྲིད་ཞིའི་ཕུན་ཚོགས་ཀུན་གྱི་གཞི། །རྣམ་གྲོལ་བླ་མེད་བྱང་ཆུབ་ཆེ། །སྒྲུབ་བྱེད་མྱུར་ལམ་གསང་སྔགས་ཀྱི། །རྩ་བ་ལྷ་ཡི་རྣལ་འབྱོར་ཡིན། །འཁོར་བའི་འཁྲུལ་སྣང་སྡུག་བསྔལ་གཞི། །ཐ་མལ་སྣང་ཞེན་ཉིད་ལས་བྱུང་། །དེ་སྦྱོང་ཐབས་ཀྱི་སྒོ་མང་ཡང་། །སྙིང་པོ་ལྷ་སྐུའི་ལམ་ཁྱེར་ཉིད། །ཆོས་ཉིད་ངོ་བོ་དབྱེར་མེད་ཀྱང་། །རང་བཞིན་རྣམ་འགྱུར་མཐའ་ཡས་པས། །གདུལ་བྱའི་མོས་པ་སྣ་ཚོགས་བཞིན། །རབ་འབྱམས་དཀྱིལ་འཁོར་སྤྲུལ་བཤད་མཛད། །དེ་ཕྱིར་རྒྱལ་བའི་རིང་ལུགས་ལ། །རྗེས་ཞུགས་བློ་གྲོས་ལྡན་རྣམས་ཀྱིས། །རྣམ་མང་ལྷ་ཡི་སྒྲུབ་ཐབས་ལ། །བརྟེན་ནས་དོན་གཉིས་སྒྲུབ་པ་གཅེས། །བདག་ཉིད་ཡི་དམ་གཅིག་དྲིལ་ཡང་། །བརྒྱུད་ལྡན་གདམས་པའི་སྒོ་དུ་མས། །མོས་པ་ཇི་བཞིན་གདུལ་བྱ་གཞན། །རྗེས་འཛིན་རྒྱལ་བ་དགྱེས་བྱེད་ཡིན། །བདག་ལྟ་བློ་གྲོས་མི་གསལ་ཞིང་། །བསྒོམས་པའི་ཉམས་མྱོང་མི་ལྡན་ཡང་། །དད་དང་འདུན་པས་གདམས་པའི་སྒོ། །ཇི་སྙེད་ཐོབ་ལས་ཚུལ་འདིར་སྤྲོ། །དེ་ཕྱིར་རང་དང་སྐལ་མཉམ་ལ། །ཕན་དང་རང་གི་དྲན་གསོའི་ཕྱིར། །བརྗོད་འདིས་བསྟན་དང་འགྲོ་བ་ལ། །ཕན་བདེ་ཀུན་གྱི་གཞིར་གྱུར་ཅིག །རྣམ་མང་ལྷ་ལས་དངོས་གྲུབ་རྣམ་གཉིས་ཀྱི། །འདོ༵ད་པ་ཡིད་བཞིན་འཇོ་༵བའི་བུམ་༵བཟ༵ང་གང་། །བརྗོད་པའི་བསོད་ནམས་མཁའ་ཁྱབ་འགྲོ་ཀུན་གྱིས། །རྡོ་རྗེ་སེམས་དཔའི་གནས་ཐོབ་རྒྱུར་གྱུར་ཅིག །དེ་ལྟར་རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་སློབ་མ་རྗེས་འཛིན་གྱི་བྱ་བ་དང་བཅས་པ་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དུ་མས་སྔ་ཕྱིར་བསྐུལ་བ་དང་བློ་དམན་འགའ་ལ་ཕན་པའི་བསམ་པས། རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་མྱོས་ལྡན་ཞེས་པ་ས་ཡོས་ཁྲུམས་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་གྲུབ་པར་སྦྱར་བའི། ཡི་གེ་གཉིས་པར་སྤེལ་བ་པོ་ནི་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་རྗོད་བྱེད་ཐོགས་མེད་དུ་སྨྲ་བའི་བློ་མཐུ་ཅན་སྡོམ་བརྩོན་ཨོ་རྒྱན་སྐལ་བཟང་གིས་བགྱིས་པའོ། །མངྒ་ལཾ།། །།
རྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་ (Volume 42, Text 67)
༄༅། །རྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་བཞུགས་སོ། ། གུ་རུ་པྲ་ཝཱ་ཀ་ར་དེ་བ་བཛྲ་ཀུ་མཱ་ར་ན་མཿ ཀུན་རྫོབ་བདེན་པའི་རྟེན་འབྲེལ་མོ། །སྒྲུབ་པར་འདོད་པའི་གང་ཟག་གིས། །དབེན་ཞིང་གཙང་མའི་གནས་དག་ཏུ། །བལ་ཕྱིང་ངམ་ནི་གཞི་མ་དཀར་པོའི་སྟེང་། །ནས་ཀྱི་གཡུང་དྲུང་གཡས་འཁྱིལ་བྲི། །དེ་སྟེང་སྡེར་སོགས་རིན་ཆེན་སྣོད། །བཙན་བཤོས་མཁར་ཐབས་བྱས་པའི་སྟེང་། །ཟུར་གསུམ་རྩེ་རྒྱལ་དཀར་དམར་བརྒྱན། །གཡས་སུ་འབྲང་རྒྱས་གཡོན་སྨན་སེང་། །རྒྱབ་ཏུ་གསང་ཕྱི་མདུན་མཐེབ་སྐྱུ། །ནས་དཀར་བྲེ་གང་ནང་དུ་ནི། །མདའ་དར་དམར་པོ་བཙུག་པར་བྱ། །ཕུད་རྒོད་ལ་སོགས་མཆོད་པ་བཤམ། །ཕྱེ་མར་ཤུག་དུད་བཏང་ན་བཟང་། །སྒྲུབ་རྟེན་མེ་ལོང་གཙང་མ་བཅང་། །རང་ཉིད་ཡི་དམ་པད་འབྱུང་བསྒོམ། །གྱེར་བསྒོམ་སྦྲགས་ལ་འདི་སྐད་དོ། །ཧཱུྃ༔ རང་ཉིད་ཡི་དམ་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ ནུབ་ཕྱོགས་གཡའ་སྤང་མཚམས་ཤེད་ནས༔ གསལ་བྱེད་མོ་ཡི་བདག་པོ་ནི༔ བཙན་རྗེ་སྙིང་དྲུང་བཙན་པོ་སྟེ༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཀྱེ༔ བཞེངས་ཤིག་སྙིང་ཀླུང་བཙན་པོ་བཞེངས༔ སྐུ་ལ་དར་ནག་གོ་ཟུ་གསོལ༔ ཆིབས་སུ་སྨུག་གུ་རྒབ་ནག་འཆིབ༔ དབུ་ལ་བྱ་ཞུ་སྨུག་པོ་གསོལ༔ ཕྱག་ན་མདའ་མོ་བྱ་རྒོད་བསྣམས༔ འཕྲུལ་གྱི་མེ་ལོང་སྐེད་ལ་བཙུགས༔ ལྷབ་ལྷབ་དེ་ནི་འཕུར་ཞིང་བྱོན༔ ཐོལ་ཐོལ་དེ་ནི་སྨྲ་ཞིང་བྱོན༔ མོ་བདག་ལགས་པས་མོ་སྟོན་ཅིག༔ པྲ་བདག་ལགས་པས་པྲ་སྟོན་ཅིག༔ རྫུན་དང་གཡོ་སྒྱུ་མ་མཛད་ཅིག༔ སྒྲིབ་མེད་ཝལ་ལེར་བསྟན་དུ་གསོལ༔ ང་ཡིས་འབོད་པར་མ་ཆད་དམ༔ ཁྱོད་ཀྱང་འོང་བར་མ་ཆད་དམ༔ པྲ་བདག་དེ་ནི་པྲ་ལ་བྱོན༔ དེ་རིང་སྣང་སྲིད་ས་ལེར་སྟོན༔ བཛྲ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨོཾ་ཨ་ཀཱ་སོགས༔ ཨོཾ་ཨཱཿཧཱུྃ་བཙན་རྒོད་སྙིང་དྲུང་བཙན་པོའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ བཙན་རྒོད་སྙིང་དྲུང་བཙན་པོ་ནི༔ སྐུ་ནི་སྨུག་ལ་དར་ནག་གསོལ༔ ཆིབས་སུ་སྨུག་གུ་རྒབ་ནག་འཆིབ༔ བྱ་ཞུ་གསོལ་ཞིང་མདའ་དར་བསྣམས༔ སྣང་གསལ་མེ་ལོང་སྐེད་ལ་བཙུགས༔ འཕུར་ཞིང་གཡོན་ནས་ཐོལ་ཐོལ་སྨྲ༔ མོ་ལྷ་པྲ་ཡི་བདག་པོ་ཁྱེད༔ དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ འཁོར་དང་བཅས་པ་མཉེས་གྱུར་ཅིག༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བཀའ་དང་དམ་ལ་མ་འདའ་བར༔ དེང་འདིར་བདག་གིས་མོ་བསྒྲུབ་ན༔ བཟང་ངན་གཉིས་ཀྱི་མཐོང་ཆོད་ལ༔ ལེགས་ཉེས་གཉིས་ཀྱི་ཤན་ཕྱེས་ལ༔ རྣོ་མཐོང་མོ་ཡི་དངོས་གྲུབ་སྩོལ༔ དེ་ལྟར་མཆོད་ཅིང་ལས་བཅོལ་ནས༔ བཙན་རྗེ་རང་གི་མདུན་དུ་གནས༔ གསལ་བྱེད་མོ་རྣམས་སྟོན་པར་འགྱུར༔ ཨོཾ་ད་ན་ར་ཙ་ཕཊ༔ ད་ན་ར་ཙ་ཕཊ༔ ནི་དུ་ར་ཙ་ཕཊ༔ དུ་པ་ར་ཙ་ཕཊ༔ པྲ་མོ་སྟོན་སྭཱ་ཧཱ༔ སྔགས་དེ་རབ་ནི་ཁྲི་ཕྲག་གཅིག །འབྲིང་ནི་བདུན་སྟོང་ཐ་མ་ཡང་། །སུམ་སྟོང་བཟླས་པས་འགྲུབ་པ་སྟེ། །མེ་ལོང་གཙང་མ་སྔགས་དར་བྱང་། །དུས་ནི་ཞག་གཅིག་རང་གིས་བསྒྲུབ། །དམ་ཚིག་མི་གཙང་བ་ལ་འཛེམ། །ཡུགས་སར་མི་འགྲོགས་ཡུགས་ས་ཡི། ཁ་འཕྲོ་གོས་ཡུགས་འཛེམ་པ་དང༔ མི་ལ་མི་སྨྲ་ཤིན་ཏུ་གསང༔ སྒྲུབ་པ་ཐོན་ནས་མོ་ལྷ་དེ། །འོད་ཞུ་མེ་ལོང་དེ་ལ་བསྟིམ། །མདའ་དང་དེ་ཉིད་རྟེན་རྫས་བཅང་། །མེ་ལོང་རྒྱུན་དུ་འཆང་བར་བྱ། །དེ་ནས་མོ་ནི་ནམ་འདེབས་དུས། །འཛོམ་ན་བཙན་བཤོས་མདའ་དར་སོགས། །ཐམས་ཅད་སྒྲུབ་དུས་བཞིན་དུ་བཤམ། །ཕྱེ་མར་ཕུད་རྒོད་ལ་སོགས་བཤམ། །དེ་ཙམ་རྒྱས་པར་མ་འཕྲོད་ན༔ མདའ་དར་མོ་ནས་ཕྱེ་མར་བཤམ། །སྒྲུབ་དུས་བཞིན་དུ་གྱེར་ནས་བསྒྲུབ། །བསྙེན་པ་ཡང་ནི་ཅུང་ཟད་བཟླ། །དེ་ལྟ་བུ་ཡང་མ་འཛོམ་ན། །མོ་ནས་མཆོད་པའི་རྫས་སུ་བཤམ། །ཀྱེ༔ བཞེངས་ཤིག་ནས། ས་ལེར་སྟོན༔ ཞེས་པའི་བར་གྱི་གཞུང་གི་ཚིག་ཤློ་ཀ་བཞིའི་སྤྱན་འདྲེན་བྱ། དེ་ནས་བསྙེན་པ་ཅུང་ཟད་བྱ། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་། །སྔགས་ནི་བརྒྱ་རྩ་བརྒྱད་བཟླས་ནས། །མེ་ལོང་རྒྱས་བཏབ་བགེགས་རྣམས་བསྐྲད། །ཨོཾ་བཛྲ་ཙནྡྷ་པྲ་ཏ་ཡ༔ དེ་ནས་སྒྲུབ་སྔགས་བརྒྱ་རྩ་བཟླ༔ ཨོཾ་ད་ན་ར་ཙ་ཕཊ༔ ད་ན་ར་ཙ་ཕཊ༔ ནི་དུ་ར་ཙ་ཕཊ༔ དུ་པ་ར་ཙ་ཕཊ༔ པྲ་མོ་སྟོན་སྭཱ་ཧཱ༔ དེ་ནས་མོ་ཁ་འབྱེད་པའི་སྔགས། །ཅི་འགྲུབ་བཟླས་ལ་མེ་ལོང་གི །གསལ་ངོས་དེ་ལ་ཕུ་བཏབ་བོ། །ཨོཾ་ཨ་མེ་ཀ་ཁ་ཡ༔ མ་ཀྲ་ཀ་ཁ་ཡ༔ ཙ་ཏྲ་ཀ་ཁ་ཡ༔ སྤོས་དང་ཕྱེ་མར་གསུར་དུད་བྱ། །དེ་ནས་རང་གི་གང་ཤེས་ཀྱི། །རྡིལ་མོ་ཤྭ་མོ་ཆོ་ལེའི་མོ། །ཇུ་ཐིག་ལ་སོགས་མོ་ཡི་རིགས། །མོ་ནི་གང་ཤེས་གཞུང་ལྟར་བཏབ། །མཁའ་འགྲོ་སྡེ་བཅུ་ཡིན་ན་ནི། །མཁའ་འགྲོའི་མོ་བརྡར་རྗེས་སུ་ནི། །འདི་བྱས་དེ་ནས་མོ་བཏབ་བོ། །མོ་ནི་འདེབས་དུས་མེ་ལོང་སྟེ། །རང་གི་རྐེ་ལ་བཏགས་པར་བྱ། །རྒྱུན་དུ་རྐེ་ལ་བཏགས་པ་འམ། །གཙང་སར་སྦས་སམ་གྭ་འུར་བཅུག །དེ་ལ་གཞན་གྱི་ལག་མི་འགྲིམ། །དགོས་དུས་བླངས་ནས་སྔགས་ཀྱིས་བཏབ། །གལ་ཏེ་མོ་ལྷ་མི་གཞུག་ཅིང་། །ལན་རེ་ཙམ་ལས་མི་འདེབས་ནས། །རྒྱུན་དུ་རྩུབ་ཆག་འོང་དོགས་ན། །དང་པོ་བསྒྲུབས་ནས་བཙན་རྗེ་དེ། །རང་གནས་བཛྲ་མུཿས་གཤེགས་ལ། །དགོས་དུས་སྤྱན་དྲངས་མོ་བཏབ་ནས། །སླར་ཡང་རང་གནས་གཤེགས་གསོལ་བྱ། །མེ་ལོང་ལ་ནི་མི་བསྟིམ་མོ། །མོ་འདི་རྒྱུན་དུ་མཁོ་བ་ན། །མེ་ལོང་ལ་བསྟིམས་རྒྱུན་དུ་འཆང་། །ཉལ་ཏེ་གློ་བུར་མོ་ནས་ཀྱང་། །མེད་པར་ཕྲེང་མོ་འདེབས་དགོས་ན། །སྤྱན་འདྲེན་ཤློ་ཀ་བཞི་པོ། །མོ་བརྡར་ཚུལ་དུ་བརྗོད་ནས་ཀྱང་། །བགེགས་བསྐྲད་སྔགས་དེ་ཚར་བདུན་ནི། །མེ་ལོང་མི་གསལ་ངོས་དེར་བཏབ། །སྒྲུབ་སྔགས་ཉེར་གཅིག་ཙམ་དུ་འདོན། །མོ་ཁ་འབྱེད་སྔགས་ཉེར་གཅིག་ཙམ། །བཟླས་པ་མེ་ལོང་གསལ་ངོས་བཏབ། །དེ་ནས་ཕྲེང་མོ་གཞུང་ལྟར་འདེབས། །ཡིད་ཀྱིས་མཆོད་པས་མཆོད་པར་དམིགས། །ཇ་སོགས་ཕོར་ཁའི་མཆོད་པ་ལ། །དཀོན་མཆོག་གསུམ་ལ་མཆོད་པའི་རྗེས། །སྙིང་དྲུང་བཙན་པོ་མཆོད་ཅིག་བརྗོད། །ཕུར་པ་ཡང་གསང་སྤུ་གྲི་ཡི། །ལས་ཚོགས་ཨོ་རྒྱན་རྗེས་མཛད་པའི། །རྟེན་འབྲེལ་མོ་པྲའི་སྒྲུབ་པ་འདི། །གཞུང་ཚིག་གོ་བར་དཀའ་མཐོང་ནས། །གནས་བསྐོར་ལ་སོགས་འགྲོ་མཁན་ལ། །མོ་རྣོ་ཤེས་པ་གལ་ཆེ་བས། །མ་འོངས་འགྲོ་ལ་ཕན་སེམས་ཀྱིས། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །འདི་བྲིས་ཉེས་འགལ་ཅི་མཆིས་པ། །ཆོས་བདག་དང་ནི་བཙན་ལ་བཤགས། །དགེ་བས་འགྲོ་བ་ཐམས་ཅད་ལ། །ཉེས་དགུ་ཀུན་ལས་ཐར་ནས་ཀྱང་། །ལེགས་དགུ་ཀུན་དང་ཕྲད་པར་ཤོག །མོ་སྒྲུབ་ཟིན་བྲིས་མངྒ་ལཾ།། །།
ལྷ་བུ་བཙོན་འཛིན་གྱི་སྲུང་བ་བྲི་ཐབས་ཟབ་མོ་ (Volume 51, Text 67)
༄༅༔ ལྷ་བུ་བཙོན་འཛིན་གྱི་སྲུང་བ་བྲི་ཐབས་ཟབ་མོ་བཞུགས་སོ༔ བླ་མ་གསང་འདུས་ཐེམས་མེད་སྐོར། ྈྈྈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ ལྷ་བུ་བཙོན་དུ་འཛིན་པ་འདི༔ སློབ་དཔོན་ཆེན་པོ་པདྨས་མཛད༔ རྒྱུ་སྐར་རྒྱལ་གྱི་ཉིན་པར་བྲི༔ སྤོས་དང་བཟང་དྲུག་སྨན་གྱིས་བྱུག༔ རབ་གནས་ཀྱང་ནི་དེའི་ཉིན་པར་བྱ༔ ཐུམས་སྤྱད་ལོའི་ཁམས་དང་བསྟུན༔ མི་གཞན་གྱི་ལག་མ་བརྒྱུད་པར་བཏགས༔ འཁོར་ལོ་བྲི་ཐབས་ནི་ཤོག་བུ་དྲི་མེད་ལ༔ ཆག་ཆག་ལེགས་པར་བྱས་ནས༔ འཁོར་ལོ་མུ་ཁྱུད་ལྔ་བསྐོར་ཏེ༔ ལྟེ་བ་ལ་ནོར་བུ་འབར་བ་བྲིས་ལ༔ དབུས་མ་ལ༔ ཨོཾ་འཇིག་རྟེན་དུ་ལྷའི་བུ་འདིའི་ལུས་བརྟན་པར་གྱུར་ཅིག༔ ཅེས་སྤེལ་ཚིག་ཀྱང་བྲིའོ༔ ནོར་བུ་གཡས་པ་ལ༔ ཨཱ༔ འཇིག་རྟེན་དུ་ལྷའི་བུ་འདིའི་ངག་བརྟན་པར་གྱུར་ཅིག༔ ཅེས་དང༔ ནོར་བུ་གཡོན་པ་ལ༔ ཧཱུྃ༔ འཇིག་རྟེན་དུ་ལྷའི་བུ་འདིའི་ཡིད་བརྟན་པར་གྱུར་ཅིག༔ ཅེས་བྲིའོ༔ དེ་ནས་ཕྱིའི་མུ་ཁྱུད་ལ༔ ཡིག་མགོ་ཕྱིར་བསྟན།་་་ཨོཾ་ཨུཥྞཱི་ཥ༔ དྷ་ར་དྷ་ར༔ དྷི་རི་དྷི་རི༔ རཏྣ་སིདྡྷི་ཧཱུྃ༔ ཨོཾ་བྷ་བྷ་མོ་ཧ་ལ་ཝརྡྷཱ་ནི་སྭཱ་ཧཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ལྷའི་བུ་འདི་འཇིག་རྟེན་དུ་གནས་པར་གྱུར་ཅིག༔ ཅེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བརྒྱད་བྱ་སྟེ༔ དང་པོ་ནས་རིམ་པ་ལྟར་དུ༔ ཨོཾ་གྷ་ཎ་སིདྡྷི་ཡེ་སྭཱ་ཧཱ༔ སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ འཇིག་རྟེན་དུ་གནས་པར་གྱུར་ཅིག༔ ཨོཾ་བ་ལ་བྷ་དྲ་ཡེ་སྭཱ་ཧཱ༔ དགའ་ལྡན་གྱི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ མི་ཡུལ་དུ་གནས་པར་གྱུར་ཅིག༔ ཨོཾ་ཀུ་མི་རུ་ཡེ་སྭཱ་ཧཱ༔ འཕྲུལ་དགའི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ མི་ཡུལ་དུ་གནས་པར་གྱུར་ཅིག༔ ཨོཾ་ནནྡ་ཀ་ར་ཡེ་སྭཱ་ཧཱ༔ གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ མི་ཡུལ་དུ་གནས་པར་གྱུར་ཅིག༔ ཨོཾ་བྷྲྀངྒི་རི་ཏི་སིད་ཏི་ཡེ་སྭཱ་ཧཱ༔ ཚངས་པའི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ འཇིག་རྟེན་མི་ཡུལ་དུ་གནས་པར་གྱུར་ཅིག༔ ཨོཾ་རུ་རུ་ཙ་ཡེ་སྭཱ་ཧཱ༔ འོད་གསལ་གྱི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ འཇིག་རྟེན་མི་ཡུལ་དུ་གནས་པར་གྱུར་ཅིག༔ ཨོཾ་མ་ཧཱ་དེ་བ་ཡེ་སྭཱ་ཧཱ༔ འདོད་ཁམས་ཀྱི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ མི་ཡུལ་དུ་གནས་པར་གྱུར་ཅིག༔ ཨོཾ་མ་ཧཱ་ཀཱ་ལ་ཡེ་སྭཱ་ཧཱ༔ རྒྱལ་ཆེན་རིགས་བཞིའི་ལྷའི་བུ་འདི་བཙོན་དུ་འཛིན་ནོ༔ མི་ཡུལ་དུ་གནས་པར་གྱུར་ཅིག༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ྄༔ ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ༔ ཞེས་པའི་རྗེས་སུ༔ སྲུང་བ་འདི་འཆང་བ་ལ་སྟེང་ལྷའི་ཆད་པ་སྲུངས་ཤིག་ཅེས་བྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ་པདྨ་དང་བའི་གཟུགས་འབྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཁྲོ་བོ་བཅུའི་རྩ་སྔགས་འབྲིའོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྲུང་བ་འདི་འཆང་བ་ལ་མཁའ་འགྲོ་སྡེ་ལྔ་དང༔ སྟེང་ལྷའི་ཆད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་རཀྵ༔ ཧྲཱིཿམ་ཧ་རི་ནི་ས་ཧཱུྃ༔ སྲུང་བ་འདི་འཆང་བ་ལ་མཁའ་འགྲོ་སྡེ་ལྔའི་ཆད་པ་སྲུངས་ཤིག་རཀྵ༔ ཞེས་བྲིའོ༔ དེ་ལྟར་སྲུང་བའི་འཁོར་ལོ་ལེགས་པར་ཚར་བ་དང༔ རབ་གནས་མན་ངག་ལྟར་བྱས་པའི་རྗེས་སུ༔ ཕ་མའི་ལྟེ་ཁུང་གི་དྲེག་པ། མལ་འོག་གི་ས། ཕ་མའི་སྤྱི་བོའི་སྐྲ་ཚོམ་གཅིག་རྣམས་སྲུང་བའི་ནང་དུའོ།་་་རྫས་དང་ལྡན་པ་བལྟབས་ནས་ཚོན་སྐུད་ཀྱིས་བཅིངས་ཤིང༔ ཐུམས་གནམ་ལོའི་མ་དང་ལྡན་པས༔ ལུས་ཀྱི་དྲོད་དང༔ བུའི་ལྟེ་བ་མ་བྲལ་བར་བཅངས་པས༔ སྟེང་ལྷའི་ཆད་པ་ཐུབ་སྟེ་ཕན་ཡོན་ཤིན་ཏུ་ཆེའོ༔ བླ་མ་གསང་འདུས་ཀྱི་ཆ་རྐྱེན༔ གནམ་སྐས་བྲག་ལ་ཨ་ཐམ་རྒྱ་རྒྱ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཟབ་གཏེར་རོ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས་བྱང་དབང་དང་སྒྲུབ་ཆེན་སོགས་ལ་ཉེ་བར་མཁོ་བའི་ཟུར་འདེབས་རཏྣའི་ཆུན་པོ (Volume 34, Text 67)
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས་བྱང་དབང་དང་སྒྲུབ་ཆེན་སོགས་ལ་ཉེ་བར་མཁོ་བའི་ཟུར་འདེབས་རཏྣའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། བདེ་ཆེན་སྐྱེད་མཛད་རྒྱལ་ཀུན་ཡུམ། །དབྱེར་མེད་རྡོ་རྗེ་འཛིན་ལ་འདུད། ཁྱད་འཕགས་ཟབ་མོའི་གཞུང་མཆོག་ལ། །མེད་མི་རུང་བའི་སྣང་བྱེད་དགོད། །མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་སྒྲུབ་ཁོག་ཆེན་མོ་ལས། བསྙེན་པ། ཉེར་བསྙེན།སྒྲུབ་པ། སྒྲུབ་ཆེན་བཞིའི་རྣམ་གཞག་མཛད་པའི། དང་པོ་བསྙེན་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ཟབ་ཁྲིད་ལྟར་རོ། །གཉིས་པ་ཉེ་བར་བསྙེན་པ་ནི་སྟ་གོན་གྱི་རིམ་པ་སྟེ། དེ་ལ་བཞི། སྒྲུབ་པའི་གནས་ཉེ་བར་བསྙེན་པ་ས་ཆོག །བསྒྲུབ་བྱའི་ལྷ་ལ་ཉེ་བར་བསྙེན་པ་ལྷ་སྟ་གོན། སྒྲུབ་རྫས་གཙོ་བོ་ལ་ཉེ་བར་བསྙེན་པ་གསང་བའི་བུམ་པ་སྟ་གོན། སྒྲུབ་ཡུལ་སྣོད་ལ་ཉེ་བར་བསྙེན་པ་སློབ་མ་སྟ་གོན་ནོ། །དང་པོ་ནི། དབང་རྐྱང་ཙམ་ལ། བརྒྱུད་འདེབས་འཕྲོས་སུ་བདག་ཉིད་སྐད་ཅིག་གིས་ལྷར་གསལ་བས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས། གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབ། ཨོཾ་པྲི་ཐི་བཱི་དེ་བཱི་བྷཱུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྔགས་དེའི་མཐར། ན་མ་སརྦ་ནས། གྷྲྀ་ཧྞེ་དཾ་བ་ལྱཱ་དེ་སྭཱ་ཧཱ། སོགས་ནམ་མཁའ་མཛོད་ཀྱི་སྔགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ དགོངས་ཤིག་འཛམ་གླིང་ས་ལ་མངའ་མཛད་པའི༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པ༔ ས་བདག་ཀླུ་གཉན་ཞིང་སྐྱོང་ཚོགས་རྣམས་དང༔ ཁྱད་པར་ཡུལ་འདིར་གནས་པའི་གཞི་བདག་རྣམས༔ འདོད་ཡོན་མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ བདག་གིས་གནས་འདིར་བསྙེན་སྒྲུབ་བགྱིད་འཚལ་བས༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ དགེ་ཞིང་ཕན་པའི་སྟོངས་གྲོགས་སྒྲུབ་པ་དང༔ ས་ཕྱོགས་དགེ་ཞིང་བཀྲ་ཤིས་མཛད་དུ་གསོལ༔ ཞེས་ཕྲིན་དུ་གསོལ་བས་སའི་ལྷ་མོ་གཙོ་མོས་གནང་བ་བྱིན་ཞིང་དགྱེས་པ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ས་གཞི་ལ་ཐིམ་པས་ས་ཕྱོགས་བཀྲ་ཤིས་བྱིན་ཆགས་གཟི་འོད་འབར་བར་བསམ༔ བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ས་འཁོར་རྣམས་རང་རང་གི་གནས་སུ་དགྱེས་བཞིན་དུ་གཤེགས་ཤིང་དགེ་བའི་སྟོངས་གྲོགས་མཛད་པར་བསམ་ལ་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་མཆོད། སྒྲུབ་ཆེན་སྐབས་བདག་གི་རྣལ་འབྱོར་ཉུང་བསྡུས་བཟླས་པ་བསྡུ་ལྡང་བཅས་སྔོན་དུ་འགྲོ་བས་བཤད་མ་ཐག་པས་ས་སློང་། དེ་ནས་དབང་དུ་བྱ་བ། གཟུང་བ། སྲུང་བ་རྣམས་དང་ཕྱི་ནང་གསང་བའི་མཚམས་གཅོད། ཆག་ཆག་གདབ་པ་རྣམས་སྤྱི་ལྟར་བྱ་དགོས་སོ། །གཉིས་པ་ལྷ་སྟ་གོན་ནི་རྒྱས་པར་སྤྱི་གཞུང་ལྟར་བྱས་ཀྱང་ཆོག་མོད། འདིར་ཐུན་མོང་མིན་པའི་ལུགས་ལྟར་ན་གཤོམ་བཀོད་ཀྱི་སྤྲོས་པ་མི་དགོས། བདག་ཉིད་ཁྲོས་མའི་སྐུར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ གསང་བ་ཀུན་འདུས་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ ཨོཾ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་མཁའ་འགྲོ་གསང་འདུས་ཀྱི༔ ཕོ་བྲང་ཆེན་པོ་འདེབས་འཚལ་ན༔ ཐུགས་རྗེས་དགོངས་ཏེ་གནང་བ་དང༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ལན་གསུམ་གསོལ་བཏབ་རབ་དགྱེས་པས༔ རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱོད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་བརླབས་བསམ༔ ཞེས་གསལ་གདབ། གསུམ་པ་བུམ་པ་སྟ་གོན་ནི། གསང་བའི་བུམ་པ་ཐོད་པ་མཚན་ལྡན་ཆང་ལ་བདུད་རྩི་ལྔ་བཏབ་པས་བཀང་བ་སྟེགས་བུའི་དབུས་སུ་བཀོད། ཕྱི་ནང་གི་མཆོད་པས་བསྐོར་ལ་བྱིན་བརླབ། ཐོད་པ་བསང་སྦྱང་། སྟོང་པའི་ངང་ལས་བྷནྡྷའི་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ། ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་རིགས་བཞི། དེ་རྒྱབ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ །ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དྭངས་པའི་མཚོ་ལ་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཅེས་དམིགས། མཆོད་བསྟོད་ནི། ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོངས་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་རུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོའི་རྗེས་ཆགས་བསྐུལ། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་གྱུར། ཅེས་མོས་ལ་གཙོ་འཁོར་རྣམས་ཀྱི་སྙིང་པོ་ཇི་ལྟར་འོས་པ་བཟླ། མཐར། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་དབྱེར་མེད་པར་གྱུར། ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་སྤྱི་ལྟར་བྱའོ། །བཞི་པ་སློབ་མ་སྟ་གོན་ནི། སོ་ཤིང་། དཔུང་སྐུད་སྔོན་པོ། དུང་ཆུ། སྐུ་ཤའི་ཕོན་པོ་ཆེ་ཆུང་། ཉེར་སྤྱོད་ལྔ་རྣམས་བདོག །སློབ་བུ་དད་པ་དང་ལྡན་པ། བྱང་ཆུབ་སེམས་གཉིས་ཀྱི་བློ་འབྱོངས་པ། དམ་ཚིག་སྲུང་བར་ནུས་ངེས་པའི་རིགས་ཅན་རྣམས་སྒྲུབ་ཁང་གི་སྒོ་དྲུང་དུ་ཁྲུས་བྱ། བགེགས་ལ་གཏོར་མ་སྦྱིན། ནང་དུ་འོང་ནས་ལས་བྱང་ལྟར་བགེགས་བསྐྲད། སྲུང་བའི་འཁོར་ལོ་དེ་ནང་ལྟར་བསྒོམས་ལ་ཕྱོགས་མཚམས་བཅིངས་ཤིང་གྲལ་དུ་འཁོད། ཆོས་ཟབ་མོ་བཤད་པས་བློ་བཅོས་པར་གསུངས་པས་སྤྲོ་ན་རྒྱས་པར་བྱ། བསྡུ་ན་ཟབ་ཁྲིད་ལྟར། ཀྱེ་ སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ ཅེས་པ་ནས། ལམ་གྱི་གཞི་ཐིངས་པར་གྱིས་ཤིག༔ བར་བརྗོད། དེའང་ཐར་པའི་ལམ་ལ་སློབ་པའི་ཚུལ་དང་འཇུག་པའི་སྒོ་མཐའ་ཡས་པ་བཞུགས་པ་ལས་འདིར་རྒྱལ་བས་གསུངས་པའི་ཆོས་ཚུལ་ཐམས་ཅད་ཀྱི་མཐར་ཐུག །རྡོ་རྗེ་ཐེག་པའི་ལམ་ཟབ་བླ་ན་མེད་པ་རྩ་བ་གསུམ་ཞེས་ཡོངས་སུ་གྲགས་པའི་རྒྱུད་དང་སྒྲུབ་ཐབས་རྣམས་ཀྱི་ནང་ནས། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་ཆོས་སྐོར་རྒྱ་མཚོ་ལྟ་བུར་བཞུགས་པ་ལས་གསང་ཆེན་ཟབ་མོའི་མཐར་ཐུག །སྙིང་པོ་ལས་ཀྱང་སྙིང་པོའི་ཡང་ཞུན་དུ་དྲིལ་བ། རྒྱལ་ཀུན་སྐྱེད་པའི་ཡུམ་མཆོག་རྡོ་རྗེ་ཕག་མོ་གཙོ་བོར་གྱུར་པའི་མཁའ་འགྲོ་མ་གསང་བ་ཐམས་ཅད་ཡོངས་སུ་འདུས་པའི་དཀྱིལ་འཁོར་དུ་གཞུག་ཅིང་རྒྱུད་སྨིན་པར་བྱེད་པ་ལ། ཐོག་མར་སྣོད་ཉེ་བར་བསྙེན་པ་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཐམས་ཅད་དགྱེས་པའི་ཡུམ༔ བླ་མ་རྡོ་རྗེ་རྣལ་འབྱོར་མས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ དཀྱིལ་འཁོར་ཆེན་པོར་འཇུག་མཛད་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་མོས་དྲི་བ་བསྩལ་བ་མོས་ཤིག །ཁྱེད་ཅག་སུ་ཡིན་ཅི་ཡི་རིགས༔ དད་ལྡན་དམ་ཚིག་སྲུང་ནུས་སམ༔ ཞེས་དྲིས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ཅག་སྐལ་ལྡན་ཐེག་ཆེན་རིགས༔ དཀྱིལ་འཁོར་གཙོ་མོ་སློབ་དཔོན་དང༔ གསང་བའི་ཚུལ་ལ་ཤིན་ཏུ་དད༔ རྡོ་རྗེའི་དམ་ཚིག་སྲུང་ནུས་སོ༔ ཞེས་གསོལ་བ་ལ་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། དེ་ལྟར་ཡིན་ན་གསང་མཆོག་གི༔ དཀྱིལ་འཁོར་ཆེན་པོར་འཇུག་པ་ལ༔ ཉེ་བར་བསྙེན་པའི་ཆོ་ག་ཡིས༔ ལྷག་གནས་རིམ་པ་ཚུལ་བཞིན་བགྱི༔ ཞེས་གནང་བ་བྱིན་ནས་སྤྱིར་ཁྱེད་རང་རྣམས་ཀྱི་རྒྱུད་རྣམ་པར་དག་ཅིང་སྡོམ་པ་གསུམ་ལ་ཉེ་བར་བསྙེན་པའི་སླད་དུ། ཐོག་མར་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་གཟུང་དགོས་པས། བླ་མ་དང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ན་མོ༔ བདག་དང་ཁམས་གསུམ་སོགས་ལས་བྱང་ལྟར་ལན་གསུམ། མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་སླད་དུ་གསང་བ་ཀུན་འདུས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་ཡེ་ཤེས་མཁའ་འགྲོའི་ཟབ་ལམ་ལ་རྣལ་འབྱོར་དུ་བགྱིའོ་སྙམ་པའི་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་པ་འདིའི་རྗེས་ཟློས། བདག་གིས་སེམས་ཅན་ཐམས་ཅད་སོགས་ལན་གསུམ། གསག་སྦྱོང་སྤེལ་གསུམ་གྱི་དོན་རྣམས་རེ་རེ་བཞིན་གསལ་ཐོབ་ལ་ཚིག་འདི་རྣམས་ཀྱི་རྗེས་ཟློས། ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔ སོགས་ཟབ་ཁྲིད་བླ་རྣལ་སྐབས་ལྟར་ནས། ཐོབ་ཕྱིར་བསྔོ༔ བར་ལན་གསུམ། ཕྱི་སོ་སོ་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་དཔའི་བསླབ་པ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་རྣམས་ངོ་བོ་གནས་འགྱུར་བ་བཟུང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་བསྲུང་། དུས་སྐབས་དགོས་པ་གང་གཙོ་ཐད་ཀར་སྤྱད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ སོགས་ལས་བྱང་ལྟར་ལན་གསུམ་བྱ། དེ་ལྟར་རྒྱུད་རྣམ་པར་དག་པར་བྱེད་པའི་རིམ་པ་རྣམས་སོང་ནས་ཐུན་མོང་དུ་དངོས་གྲུབ་ཀྱི་གནས་ལ་ཉེ་བར་བསྙེན་པ་ལྟས་བརྟག་པའི་དོན་དུ་སོ་ཤིང་འདོར་བར་གསུངས་ཏེ། ཨོཾ་ཨཱཿཧཱུྃ༔དང་ལས་སྔགས་འཁྱིལ་པ་ལན་བདུན་གྱིས་བྱིན་བརླབས་པའི་སོ་ཤིང་གཏད་ལ། ཧྲཱི༔ སོར་བརྒྱད་སོ་ཤིང་གཙང་མ་འདི༔ དངོས་གྲུབ་རིམ་པ་བརྟག་པའི་ཕྱིར༔ མཚན་མའི་མཎྜལ་དབུས་སུ་དོར༔ དགེ་བའི་སེམས་ཀྱིས་རྟོག་པར་གྱིས༔ ཞེས་གཏད་པ་དེ་ཉིད་ཁྱེད་རང་རྣམས་ཀྱིས་མཁའ་དབྱིངས་ཀྱི་ཕྱག་རྒྱས་བཟུང་སྟེ་སོ་ཤིང་གི་རྭ་བར་སྔགས་འདིའི་རྗེས་ཟློས་དང་བཅས་འདོར་བར་མཛོད། ཨོཾ་བཛྲ་ཧ་ས་ཧ༔ སིདྡྷི་སིདྡྷི་ཀུ་རུ་ཧོ༔ ཞེས་པས་འདོར་དུ་གཞུག །སོ་ཤིང་རྩེ་མོ་གང་དུ་བསྟན་པ་ལྟར་དངོས་གྲུབ་འགྲུབ་པའི་ཚུལ་ཡང་གཞུང་ལས། སྟེང་དུ་མཁའ་སྤྱོད་འོག་ས་སྤྱོད༔ རང་དང་སློབ་དཔོན་མཆོག་དངོས་ཏེ༔ ཕྱོགས་བཞིར་ལས་བཞི་མཚམས་རྣམས་སུ༔ རྩེ་བསྟན་དངོས་གྲུབ་ཅི་རིགས་འགྲུབ༔ ཅེས་གསུངས་པ་ལྟར་ལགས་སོ། །བྱེ་བྲག་ཏུ་སྒོ་གསུམ་གྱི་དྲི་མ་དག་ཅིང་བར་ཆད་སྲུང་བའི་ཕྱིར་དུ་ཐོག་མར་ལུས་ལ་རྡོ་རྗེའི་སྔགས་མདུད་གདགས་པ་ནི། ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཞེས་གཙོ་མའི་སྔགས་ལན་བདུན་བརྗོད་ལ་དཔུང་སྐུད་བྱིན་བརླབ། སྲུང་བའི་སྐུད་པ་སྐྱེས་པ་རྣམས་ཀྱི་དཔུང་པ་གཡོན་དང་བུད་མེད་རྣམས་ཀྱི་གཡས་སུ་གདགས་པར་གྱིས་ཤིག །ཨོཾ༔ བཅོམ་ལྡན་བདེ་གཤེགས་མཁའ་འགྲོ་མའི༔ སྐུ་ཡིས་བྱིན་བརླབས་སྔགས་མདུད་འདི༔ སློབ་མའི་ལུས་ལ་བཏགས་པ་ཡིས༔ རྒྱུད་དག་བར་ཆད་སྲུང་གྱུར་ཅིག༔ བཛྲ་ཀཱ་ཡ་བི་ཤུདྡྷ་བྷནྡྷ་བྷནྡྷ་རཀྵཱ་ཧཾ༔ ཞེས་བཅིངས་ལ་མདུད་པའི་སྟེང་དྲི་ཆབ་གཏོར་ཅིང་རྡོ་རྗེས་རྒྱས་གདབ། དེས་ནི་ལུས་རྩ་ཡི་ཉེས་པ་དག་ཅིང་ཁམས་འཕོ་བ་དང་རྨི་ལམ་གྱི་བར་ཆད་སྲུང་ཞིང་སྐུ་སྒོམ་པའི་སྣོད་རུང་དུ་སྒྲུབ་པའོ། །དུང་ཞལ་གྱི་ཆུ་ལ། ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཧྲཱི༔ ལན་བདུན་བཟླས། གཉིས་པ་ལྕེ་ལ་བདུད་རྩིའི་ཁྱོར་ཆུ་སྦྱིན་པ་ནི། ཨཱ༔ བཅོམ་ལྡན་པདྨ་མཁའ་འགྲོ་མའི༔ གསུང་གིས་བྱིན་བརླབས་བདུད་རྩི་འདི༔ སློབ་མའི་ལྕེ་ལ་བྱིན་པ་ཡིས༔ རྒྱུད་དག་རྨི་ལམ་གསལ་བར་ཤོག༔ བཛྲ་ཝཱ་ཀ་བི་ཤུདྡྷ་པྲ་ཀཱ་ཤ་ཕཊ༔ ཆུ་དེས་ཁ་ལན་གསུམ་བཤལ་ནས་ལྷག་མ་རྒྱབ་ཏུ་དོར་མཛོད། དེས་ནི་ངག་རླུང་གི་ཉེས་པ་དག་ཅིང་རྨི་ལམ་གསལ་བ་དང་སྔགས་བཟླས་པའི་སྣོད་རུང་དུ་སྒྲུབ་པའོ། །ཀུ་ཤའི་ཕོན་པོ་ཆེ་ཆུང་ལ། ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཧཱུྃ༔ ཞེས་ལན་བདུན་གྱིས་བརླབ། གསུམ་པ་རྡོ་རྗེ་ཐོགས་པ་མེད་པའི་རྫས་ཀུ་ཤའི་ཆུན་པོ་ཆེ་ཆུང་དག་བྱེད་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་རྫས་སུ་གཏད་པ་སྟེ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི༔ ཐུགས་ཀྱིས་བྱིན་བརླབས་ཐོགས་མེད་རྫས༔ སློབ་མའི་གདན་དུ་བྱིན་པ་ཡིས༔ ཡིད་སྒྲིབ་དག་ཅིང་གཙང་བར་ཤོག༔ བཛྲ་ཙིཏྟ་བི་ཤུདྡྷ་ཨ་པྲ་ཏི་ཧ་ཏ་སྭཱ་ཧཱ༔ ཀུ་ཤའི་ཕོན་པོ་ཆུང་བ་སྔས་དང་། ཆེ་བ་སྟན་དུ་གྱིས་ལ་དོ་ནུབ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་གུས་པ་དང་ལྡན་པས་ཉལ་ནས་རྨི་ལམ་གྱི་མཚན་མ་བརྟག་པར་གྱིས་ཤིག །དེས་ནི་ཡིད་མཚན་མ་དང་རྣམ་རྟོག་གི་ཉེས་པ་དག་ཅིང་རྨི་ལམ་མི་འཁྲུགས་པ་དང་ཐུགས་ཀྱི་ཡེ་ཤེས་འཆར་བའི་སྣོད་རུང་དུ་སྒྲུབ་པའོ། ཁྱད་པར་གཞི་ལུས་དང་སྒོ་གསུམ་བྱིན་གྱིས་བརླབ་པའི་ཕྱིར་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་རྡོ་རྗེ་ཁྲོས་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཁྲོ་ཆགས་སྒེག་པའི་ཉམས་ཅན། ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་ཞིང་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་གཡོན་པར་ཁ་ཊྭཱཾ་ག་འཁྱུད་ཅིང་རལ་པ་དམར་ནག་གྱེན་དུ་བརྫེས་པའི་རྣ་ལྟག་གཡོན་པར་ཕག་ཞལ་ངུར་སྒྲ་སྒྲོག་པ། སྐུ་ལ་རུས་པའི་ཕྱག་རྒྱ་ལྔ་དང་ཐོད་སྐམ་ལྔའི་དབུ་རྒྱན་ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་བ། ཞབས་བརྐྱང་བསྐུམ་གར་ཐབས་ཀྱིས་པད་མ་ཉི་མ་བམ་རོའི་གདན་ལ་འགྱིང་ཞིང་ཡེ་ཤེས་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་མོས་ཤིག །སྐུ་གསུང་ཐུགས་ཀྱི་སྔགས་གསུམ་གྱིས་བྱིན་གྱིས་བརླབས་པའི་དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཅིང་། ཨོཾ་ཨཱཿཧཱུྃ༔ གདོད་ནས་དག་པ་གཉུག་མའི་ཁམས༔ ཤིན་ཏུ་ཕྲ་བའི་ལུས་ངག་ཡིད༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང༔ གཉིས་སུ་མེད་པར་བྱིན་བརླབ་བོ༔ ཀཱ་ཡ་བཛྲ་ཨ་དྷིཥྛཱ་ན་ཨོཾ༔ ཝཱ་ཀ་བཛྲ་ཨ་དྷིཥྛཱ་ན་ཨཱ༔ ཙིཏྟ་བཛྲ་ཨ་དྷིཥྛཱ་ན་ཧཱུྃ༔ དེ་ལྟར་གཞི་ལུས་གདོད་མའི་ལྷ་སྐུར་རྫོགས་ཤིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་བཏབ་པ་ལ་མཆོད་པའི་སྤྲིན་གྱིས་མངའ་དབུལ་བར་མོས་ཤིག །ཉེར་སྤྱོད་རེ་རེ་བཞིན་འབུལ་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བིདྱཱ་རྣམས་སྦྱར་བས་མཆོད། བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་རོལ་མོའི་སྒྲ་བསྒྲག དེ་དག་གིས་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྨིན་བྱེད་དབང་གི་སྔོན་དུ་འགྲོ་བའི་སློབ་མ་ལྷག་པར་གནས་པའི་རིམ་པ་ཚུལ་བཞིན་དུ་གྲུབ་པ་ལགས་པས་དགེ་བ་རྫོགས་བྱང་དུ་བསྔོ་བ་ཞུ། ཞེས་དགེ་བསྔོ་བྱས་པས་སྟ་གོན་གྱི་རིམ་པ་རྣམས་གྲུབ་བོ། །གསུམ་པ་སྒྲུབ་པ་ལ་བཞི། སྒྲུབ་གཞི་དཀྱིལ་འཁོར་འདུ་བྱ་བ། སྒྲུབ་ཆོས་རྟེན་དང་རྒྱན་བཀོད་པ། སྒྲུབ་པ་བསྐྱེད་བཟླས་ཀྱི་གཞུང་བསྲང་བ། སྒྲུབ་པའི་ཁྱད་པར་ལས་ལ་སྦྱར་བའོ། །ཕྱི་མ་ལ་གསུམ། ཐུན་མོང་གི་ལས་སྦྱོར་མཁའ་འགྲོ་རིགས་བཞི་ལས། ཁྱད་པར་བ་ཉམས་ཆག་སྐོང་བ་དྲུག །མཆོག་གི་ལས་སྦྱོར་བདུད་རྩིའི་སྒྲུབ་པའོ། །དེ་དག་རྣམས་རྩ་བའི་གཞུང་དང་སྒྲུབ་ཆེན་སྤྱིའི་ཁོག་དབུབ་སྦྱར་བས་འགྲུབ་ལ། ཁྱད་པར་དམིགས་སུ་གསལ་བ་རྒྱན་འགོད་སྐབས་རྟེན་གྱི་གཙོ་བོ་དཀྱིལ་འཁོར་དབུས་སུ་གསང་བུམ་ཐོད་པའི་བདུད་རྩི། སིནྡྷུ་རའི་མེ་ལོང་ལ་ཆོས་འབྱུང་དབུས་སུ་ས་བོན་སྔགས་ཕྲེང་གིས་བསྐོར་བ། ཤེལ་རྡོ་རྣམས་བརྩེགས་མར་འགོད་ལ། ཨོཾ༔ སྐུ་ཡི་རང་བཞིན་དུར་ཁྲོད་གཞལ་མེད་ཁང༔ མཎྜལ་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ གཟུགས་ཁམས་བཀོད་པ་རྩ་ཡི་སྣང་ཞེན་སྦྱོངས༔ རྡོ་རྗེའི་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ ཀཱ་ཡ་མཎྜ་ལ་ས་མ་ཡ་སཏྭཾ་ཏིཥྛ་ཨོཾ༔ ཨཱ༔ གསུང་གི་རང་བཞིན་བདུད་རྩི་བདེ་བ་ཆེ༔ དཀྱིལ་འཁོར་བར་དུ་བརྟན་པར་བཞུགས་ནས་ཀྱང༔ འདོད་ཁམས་འགྲོ་འོང་རླུང་གི་བྱེད་པ་སྦྱོངས༔ རྡོ་རྗེའི་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཝཱ་ཀ་མཎྜ་ལ་ས་མ་ཡ་སཏྭཾ་ཏིཥྛ་ཨཱ༔ ཧཱུྃ༔ ཐུགས་ཀྱི་རང་བཞིན་སིནྡྷུའི་མཎྜ་ལ༔ དཀྱིལ་འཁོར་སྟེང་དུ་བརྟན་པར་བཞུགས་ནས་ཀྱང༔ གཟུགས་མེད་ཁམས་དང་རྟོག་སྒྲིབ་བག་ཆགས་སྦྱོངས༔ རྡོ་རྗེའི་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཙིཏྟ་མཎྜ་ལ་ས་མ་ཡ་སཏྭཾ་ཏིཥྛ་ཧཱུྃ༔ ཧོ༔ དབྱེར་མེད་རྡོ་རྗེ་སེམས་དཔའི་མེ་ལོང་ཆེ༔ ནམ་མཁའི་དབྱིངས་སུ་བརྟན་པར་བཞུགས་ནས་ཀྱང༔ ཁམས་གསུམ་རྩ་རླུང་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཡེ་ཤེས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཛྙཱ་ན་མཎྜ་ལ་ས་མ་ཡ་སཏྭཾ་ཏིཥྛ་ཧོ༔ སྐུ་རྟེན་ཙཀ་ལི་སོགས་དབུས་ནས་རིམ་པར་འགོད་དེ། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཁྱབ་བདག་བདེ་ཆེན་ཁྲོས་མ་ནག༔ དཀྱིལ་འཁོར་དབུས་སུ་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང་། བཛྲ་ས་མ་ཡ་སཏྭཾ༔ ཧཱུྃ༔ ཕྱོགས་བཞིའི་གནས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ལས་ཀྱི་མཁའ་འགྲོ་རིགས་བཞིའི་ཚོགས༔ དཀྱིལ་འཁོར་ཕྱོགས་བཞིར་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང་། བཛྲ་ས་མ་ཡ་སཏྭཾ༔ ཧཱུྃ༔ འཁོར་ལོ་གསུམ་ནས་རང་བྱུང་གྲུབ་པའི་ལྷ༔ གནས་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ གསང་གསུམ་གནས་སུ་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང་། བཛྲ་ས་མ་ཡ་སཏྭཾ༔ ཧཱུྃ༔ སྒོ་བཞི་མཚམས་བཞིར་རང་བྱུང་གྲུབ་པའི་ལྷ༔ ཕྲ་མེན་ལས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀུན༔ ཕོ་བྲང་སྒོ་མཚམས་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང་། བཛྲ་ས་མ་ཡ་སཏྭཾ༔ ཞེས་བརྗོད་ཅིང་སོ་སོའི་མཚམས་རྣམས་སུ་རོལ་མོ་བྱ། ལས་གཞུང་བསྲང་ཞིང་བཟླས་པའི་དབུར་ཛཔ྄་ཁང་ཕྱེས་ལ་ཛཔ྄་བསྐུལ་ནི། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཁྱབ་བདག་བདེ་ཆེན་ཁྲོས་མ་ནག༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ ཅེས་དང་རྩ་སྔགས་བརྗོད་ལ་རོལ་མོ་བྱ། དེས་འགྲེས་ཏེ་གོང་གི་ལྷ་བཀོད་པའི་ཚིག་རྐང་གསུམ་པ་ཁ་བསྒྱུར་ལ། མཁའ་འགྲོ་རིགས་བཞི། དཔའ་བོ་དཔའ་མོ། སྒོ་མཚམས་མ་བརྒྱད་སོ་སོར་སྔགས་བཅས་ཀྱིས་བསྐུལ་ལོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་བཞི། བདག་དོན་དུ་དངོས་གྲུབ་བླང་བ། གཉིས་དོན་དུ་དབང་བླང་བ། གཞན་དོན་དུ་སློབ་མ་གཞུག་པ། ཞུགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་སུ་གསུངས་པ་ལས། དང་པོ་ནི། སྒྲུབ་ཁོག་སྤྱིའི་འགྲོས་དང་ཁྱད་པར་ལས་བྱང་གི་གཤམ་དུ་འབྱུང་བ་ལྟར་བྱ། གཉིས་པ་གཉིས་དོན་དབང་བླང་བ་ནི་དབང་བསྐུར་ཚང་བ་ལེན་གྲུབ་ན་མཆོག་ཏུ་འགྱུར་ལ། བསྡུ་ན་འཇུག་པ་མདོར་བསྡུས་སྔོན་དུ་འགྲོ་བས་དབང་བཞིའི་སྙིང་པོ་ཙམ་བླང་། གསུམ་པ་འཇུག་པ་དང་བཞི་པ་རྩ་བའི་དབང་ནི་དབང་ཆོག་དང་ཟབ་ཁྲིད་ཟུང་དུ་སྦྲེལ་ལ་སྟན་ཐོག་གཅིག་ཏུ་རྫོགས་པར་བྱ་ཞིང་། ཁྱད་པར་ཉམས་ཆག་སྐོང་བ་དྲུག་གི་དབང་ལ། འདི་ཉིད་ཁོ་ན་ཟུར་ཕྱུང་སྐབས་སྐོང་བ་རྣམས་ཀྱི་བཤམ་བཀོད་དང་སྒྲུབ་པ་སྔོན་དུ་འགྲོ་བས་མར་མེའི་སྐོང་བའི་རྗེས་སུ། ཁྲུས། བགེགས་བསྐྲད། སྲུང་མཚམས། མཎྜལ། ཡེ་ཤེས་མཁའ་འགྲོ་ཁྱོད་ལ་འདུད༔ སྡིག་ལྟུང་གྲོལ་བར་བདག་འདོད་དེ༔ ཉམས་ཆག་སྐོང་བའི་དཀྱིལ་འཁོར་དུ༔ རྣམ་པར་དག་པའི་དབང་བསྐུར་སྩོལ༔ སྐྱབས་སེམས་སྡོམ་གཟུང་དང། གཙོ་མོར་བསྐྱེད་ཅིང་ཡེ་ཤེས་དབབ་བརྟན་བྱ། བྱིན་གྱིས་བརླབས་པའི་བུམ་པའི་ཆུ་དབང་བསྐུར་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་ཆུ་ཡིས་དབང་བསྐུར་བས༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ སྡིག་ལྟུང་ཉམས་ཆག་ཀུན་བྱང་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཾ་བཛྲ་མཱ་མ་ཀཱི་ཛ་ལ་ཨ་མྲྀཏ་ཨ་བྷི་ཥིཉྩཱ་མི༔ ན་མོ། དཀོན་མཆོག་གསུམ་གྱི་བྱིན་གྱི་རླབས་ཀྱིས་སྐལ་ལྡན་རིག་པ་འཛིན་པ་ཁྱེད་རྣམས་ལ། བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མའི་ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ་བདུད་རྩི་ཆུ་ཡིས་དབང་བསྐུར་པས། ཉོན་མོངས་པ་ཞེ་སྡང་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ཀུན་ནས་བྱང་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །རིན་ཆེན་མཁའ་འགྲོའི་སཱཙྪ་སྤྱི་བོར་བཞག་ལ། ཏྲཱཾ༔ བཅོམ་ལྡན་རིན་ཆེན་མཁའ་འགྲོ་མའི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ ཆོས་སྐུའི་མཆོད་རྟེན་དབང་བསྐུར་བས༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ སྡིག་ལྟུང་ཉམས་ཆག་ཀུན་བྱང་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ལཾ་བཛྲ་ལོ་ཙ་ནཱི་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩཱ་མི༔ སྨོན་ལམ། ན་མོ།སོགས་གོང་ལྟར་ལ། བཅོམ་ལྡན་འདས་རིན་ཆེན་མཁའ་འགྲོ་མའི་ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ་ཆོས་སྐུའི་མཆོད་རྟེན་གྱི་དབང་བསྐུར་པས། ཉོན་མོངས་པ་ང་རྒྱལ་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ཀུན་ནས་བྱང་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །པདྨ་མཁའ་འགྲོ་མའི་མེ་ཐབ་འབར་བ་དང་བཅས་པ་སྤྱི་བོར་བཞག་ལ། ཧྲཱི༔ བཅོམ་ལྡན་པདྨ་མཁའ་འགྲོ་མའི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ ཡེ་ཤེས་མེ་ཡིས་དབང་བསྐུར་བས༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ སྡིག་ལྟུང་ཉམས་ཆག་ཀུན་བྱང་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་པཱཾ་པཎྜ་ར་བཱ་སི་ནཱི་མ་ཧཱ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ ན་མོ།སོགས། བཅོམ་ལྡན་འདས་པདྨ་མཁའ་འགྲོ་མའི་ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ་ཡེ་ཤེས་ཀྱི་མེ་ཐབ་འབར་བའི་དབང་བསྐུར་པས། ཉོན་མོངས་པ་འདོད་ཆགས་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ཀུན་ནས་བྱང་ཞིང་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །ལས་ཀྱི་མཁའ་འགྲོ་མའི་རླུང་གཡབ་ལ། ཨཱ༔ བཅོམ་ལྡན་ལས་ཀྱི་མཁའ་འགྲོ་མའི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ ཡེ་ཤེས་རླུང་གིས་དབང་བསྐུར་བས༔ ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ སྡིག་ལྟུང་ཉམས་ཆག་ཀུན་བྱང་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་ཏཱཾ་བཛྲ་ར་ཏི་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩཱ་མི༔ ན་མོ།སོགས། བཅོམ་ལྡན་འདས་ལས་ཀྱི་མཁའ་འགྲོ་མའི་ཐུགས་རྗེ་ཕྲིན་ལས་ཤུགས་ཕྱུང་བ་ཡེ་ཤེས་གཡོ་བའི་རླུང་གི་དབང་བསྐུར་པས། ཉོན་མོངས་པ་ཕྲག་དོག་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ཀུན་ནས་བྱང་ཞིང་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །རྡོ་རྗེ་ཕག་མོའི་མར་མེ་སྤྱི་བོར་བཞག་ལ། བཾ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ འོད་གསལ་མར་མེའི་དབང་བསྐུར་བས༔ ཉོན་མོངས་གཏི་མུག་ལས་བྱུང་བའི༔ སྡིག་ལྟུང་ཉམས་ཆག་ཀུན་བྱང་ནས༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཛྙཱ་ན་ཨཱ་ལོ་ཀེ་ཨ་བྷི་ཥིཉྩཱ་མི༔ ན་མོ།སོགས། བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ་འོད་གསལ་ཆེན་པོ་མར་མེའི་དབང་བསྐུར་པས། ཉོན་མོངས་པ་གཏི་མུག་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ཀུན་ནས་བྱང་ཞིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །མཁའ་འགྲོ་ཡོངས་རྫོགས་ཀྱི་མདོས་གཏོར་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་མཁའ་འགྲོ་རབ་འབྱམས་ཀྱི༔ ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ༔ སྣོད་བཅུད་གཏོར་མའི་དབང་བསྐུར་བས༔ གཟུང་འཛིན་བག་ཆགས་ལས་བྱུང་བའི༔ སྡིག་ལྟུང་ཉམས་ཆག་ཀུན་བྱང་ནས༔ འོད་གསལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ ན་མོ།སོགས། བཅོམ་ལྡན་འདས་མཁའ་འགྲོ་རབ་འབྱམས་ཀྱི་ཐུགས་རྗེའི་ཕྲིན་ལས་ཤུགས་ཕྱུང་བ་ཡོངས་རྫོགས་མདོས་ཆེན་གཏོར་མའི་དབང་བསྐུར་པས། གཟུང་དང་འཛིན་པའི་བག་ཆགས་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ཀུན་ནས་བྱང་ཞིང་འོད་གསལ་ཡེ་ཤེས་མངོན་དུ་འགྱུར་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །དེ་ལྟར་དབང་དྲུག་གི་བྱེད་པས་ཉོན་མོངས་པ་ལྔ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་སྒོ་གསུམ་གྱི་སྡིག་ལྟུང་དམ་ཚིག་ཉམས་ཆག་གི་ཉེས་པ་ཐམས་ཅད་སྦྱངས། ཡེ་ཤེས་དྲུག་གི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོག་པ་བསྐྱེད། རྗེས་ཆོག་སྤྱི་ལྟར་བྱའོ། །མཆོག་གི་ལས་ཚོགས་བདུད་རྩི་རིལ་བུའི་དབང་བསྐུར་ལ། ཁྲུས། བགེགས་བསྐྲད། སྲུང་མཚམས། མཎྜལ། ཁྲག་འཐུང་གཙོ་མོ་ཁྱོད་ལ་འདུད༔ གྲོལ་ལམ་ཆེན་པོ་བདག་འདོད་དེ༔ བདུད་རྩི་གསང་བའི་ཕོ་བྲང་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ སྐྱབས་སེམས་སྡོམ་གཟུང་ཡེ་ཤེས་དབབ་བརྟན་བྱ། གསང་བའི་བུམ་པ་ཐོགས་ལ། ཨོཾ༔ རང་བྱུང་བྷནྡྷའི་ཕོ་བྲང་ཆེར༔ རིལ་བུ་མཁའ་འགྲོའི་ལྷ་ཚོགས་བཞུགས༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ སྣང་ཞེན་དྲི་མ་ཀུན་དག་ཤོག༔ ཨོཾ་བཾ་སོགས། བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿསུ་ར་ཏ་སཏྭཾ་ཨ་ཧཾ༔ རིལ་བུ་བྱིན་ལ། ཨཱ༔ ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ༔ དྭངས་བཅུད་ལྷ་ཡི་གཟུགས་སུ་ཤར༔ རླུང་སེམས་ཐིག་ལེར་ཐིམ་པ་ཡིས༔ གསལ་སྟོང་ཡེ་ཤེས་རྫོགས་པར་ཤོག༔ གུ་ཧྱ་ས་མ་ཡ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ སླར་ཡང་རིལ་བུའི་ལྷ་སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་བདུད་རྩི་བྱིན་ལ། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་གསང་བའི་ལྷ༔ ཧེ་རུ་ཀ་དང་སྙོམས་ཞུགས་པའི༔ བདུད་རྩིས་ཕུང་ཁམས་ཀུན་ཁྱབ་ནས༔ བདེ་ཆེན་ཡེ་ཤེས་སྨིན་པར་ཤོག༔ མ་ཧཱ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ཉིད་ངོ་སྤྲོད་པའི་ཕྱིར། ཧོ༔ ཐོག་མཐའ་མེད་པ་གཉུག་མའི་དབྱིངས༔ ཡེ་ཤེས་རྒྱུན་གྱི་རྟག་པའི་ངང༔ བསལ་བཞག་སྤྲོ་བསྡུ་བྲལ་བར་སྐྱོངས༔ དོན་གྱི་བདུད་རྩི་མངོན་གྱུར་ཤོག༔ དྷརྨཱ་དྷཱ་ཏུ་ཛྙཱ་ན་ཨ་མྲྀཏ་ཨ་བྷི་ཥིཉྩ་ཨ་ཨ་ཨ༔ དབང་འདི་ཐོབ་པའི་དམ་ཚིག་ཏུ༔ བླ་མ་མཁའ་འགྲོ་དབྱེར་མེད་བསྒོམ༔ བདེ་ཆེན་ཡེ་ཤེས་ལམ་དུ་བསླང༔ འཆི་མེད་གཉུག་མའི་གནས་ལུགས་བསྐྱང༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ དམ་ཚིག་རྫས་རྣམས་རྟག་ཏུ་བསྟེན༔ འཁོར་འདས་རོ་སྙོམས་སྤྱོད་པ་ཡིས༔ མཆོག་གི་དངོས་གྲུབ་འགྲུབ་པར་གྱིས༔ ཞེས་གདམས། འདི་རྣམས་སྒྲུབ་ཁོག་གཏེར་གཞུང་ལས་སློབ་མར་དབང་བསྐུར་སྐབས་ཉེར་མཁོ་ཙམ་ཟུར་བཀོལ་དུ་ཕྱུང་བར་མཛད་པ་ལྟར་ཡིན་ལ། སྒྲུབ་ཁོག་གཞུང་དངོས་དང་མདོས་སྐོང་ཆེན་མོ། བདུད་རྩི་རིལ་བུའི་སྒྲུབ་ཐབས་སོགས་ནི་འབེབས་པར་གནང་རྩིས་དང་གཡེང་བའི་གཞན་དབང་གིས་འཕྲོ་ལུས་གྱུར་པས། འདིར་དབང་གི་རྫས་མདོས་རཀ་སྤྱི་འགྲེར་བརྟེན་པ་དང་རིལ་སྒྲུབ་རྩ་གཞུང་གིས་འཐུས་པར་བྱ་དགོས་སོ། །འདི་རྣམས་རྩ་དབང་གི་ཞར་བྱུང་དུ་བསྐུར་ན་དབང་བཞི་པ་གྲུབ་མཚམས་སུ་བསྐུར་ཚིག་དངོས་ལ་འཇུག །སྔོན་རྗེས་ཡན་ལག་མི་དགོས། ཐམས་ཅད་གྲུབ་ནས་མཇུག་གི་བྱ་བ་རྗེས་གནང་སོགས་ཀྱིས་མཐར་དབྱུང་། འདིའི་ཚོམ་བུ་ཚོགས་སྒྲུབ་བྱེད་སྐབས་རྩ་གསུམ་ཞི་ཁྲོ་སྤྱིའི་སྒྲུབ་ཁོག་གཅིག་ཤེས་ཀུན་གྲོལ་ལ་ཁྱད་ཆོས་འདིར་གསལ་རྣམས་སྦྱར་བས་འཐུས་པར་ཡོད་དོ། །བླ་མ་ཡེ་ཤེས་ཌཱ་ཀི་ནཱིས། །སྐྱེ་དང་སྐྱེ་བར་རྗེས་བཟུང་ཞིང་། །གདམས་པའི་བདུད་རྩིར་ལོངས་སྤྱད་ནས། །གསང་གསུམ་ཕྲིན་ལས་བཅས་འགྲུབ་ཤོག །ཅེས་པའང་ཟབ་གསང་འདི་དག་གི་བདག་པོར་དབུགས་དབྱུང་བཀའ་དྲིན་ཐོབ་པ་པདྨ་གར་དབང་བདེ་བའི་རྡོ་རྗེས་ཟབ་ཆོས་འདི་ཉིད་ཀྱི་ཞབས་ཏོག་ཏུ་བགྱིས་པ་དགེ་ལེགས་འཕེལ།། །།
གཏེར་ཁ་སྣ་ཚོགས་ལས་བྱུང་བ་གཙོ་བོར་གྱུར་པའི་སྲུང་བའི་མན་ངག་ཕན་བདེའི་གོ་ཆ་ (Volume 44, Text 67)
༄༅། །གཏེར་ཁ་སྣ་ཚོགས་ལས་བྱུང་བ་གཙོ་བོར་གྱུར་པའི་སྲུང་བའི་མན་ངག་ཕན་བདེའི་གོ་ཆ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨཱ་ཀ་ར་ཡ། རིག་འཛིན་གོང་མ་རྣམས་ཀྱིས་ཕྱག་ལེན་མཛད་པའི་ཉམས་མྱོང་རྒྱུན་མ་ཉམས་པས་ཡིད་བརྟན་ཕེར་བའི་སྲུང་བ་ཐོར་བུ་འགའ་ཞིག་ཕྱོགས་སུ་འགོད་པ་ལ། སྡོམ་ནི། གཟའ་ཀླུ་རྒྱལ་འགོང་བཙན་གསོན་འདྲེ། །གཤེད་ཁ་སྲི་རྐྱེན་བྱད་འདྲེ་གདོན། །མིག་ནད་ཝ་བ་གཉིད་དང་ཆང་། །སྲིས་རྐུན་སོ་སྲིན་གྲིབ་དང་ངག །སྤྱི་སྲུང་འཁོར་ལོ་རིགས་གསུམ་མོ། །ཞེས་པ་རྣམས་ཀྱི་ཐོག་མ་གཟའ་སྲུང་ཤིན་ཏུ་ཟབ་པ་ནི། གསང་བདག་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕན་གནོད་གདམས་པ་མང་དུ་བསྒྱུར༔ འདི་ནི་ཕན་བྱའི་གདམས་པ་ཡིན༔ སྟོང་པའི་ངང་ལས་རང་སེམས་ནི༔ ཡི་གེ་ར་ནི་དུད་ཁར་གྱུར༔ འོད་དུ་ཞུ་བས་རཱ་ཧུ་ལ༔ སྐུ་མདོག་དུད་ཁ་སྐུ་སྟོད་མི༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ་ལ༔ མགོ་ལུས་མེད་པར་མིག་གིས་གང༔ ཕྱག་གཡས་ར་ཡི་མདའ་གཞུ་བསྣམས༔ གཡོན་པས་ཆུ་སྲིན་རྒྱལ་མཚན་ཕྱར༔ དབུ་དགུའི་སྟེང་ན་བྱ་རོག་མགོ༔ དེ་ཡི་སྟེང་ན་བཅོམ་ལྡན་འདས༔ ཕྱག་ན་རྡོ་རྗེ་ཞི་མ་ཁྲོ༔ གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས༔ རྒྱན་དང་ཆ་ལུགས་རྫོགས་པར་བསྒོམ༔ དེ་ཡི་ཞབས་ཀྱི་མཐིལ་གཉིས་ལས༔ ཟག་མེད་བདུད་རྩིའི་རྒྱུན་བབས་པས༔ བདག་ཉིད་དྲང་སྲོང་བསྒོམས་པ་ཡི༔ སྡིག་སྒྲིབ་གནོད་སེམས་གདུག་སེམས་དང༔ མཐོང་བའི་དུག་དང་རེག་པའི་དུག༔ ཁ་རླངས་དུག་ལ་སོགས་པ་རྣམས༔ སངས་ཀྱིས་མཇུག་མའི་རྩེ་ལ་བདས༔ རྟ་ཕྲུ་ཕུས་བཏབ་ནང་དུ་ནི༔ འོ་མ་བླུགས་པ་ཇི་བཞིན་དུ༔ རང་ལུས་ལྟེམ་གྱིས་གང་བར་བསམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཕྱག་རྡོར་གོང་བསྙེན་བརྒྱ་རེ་འོ༔ དྲང་སྲོང་ཆེན་པོའི་རྩ་སྔགས་ནི༔ བྱ་རོག་མི་གྲགས་དུས་སུ་འོ༔ གནོད་ཚབ་ཆེ་ན་ཞག་བདུན་ནི༔ མཚམས་དང་སྨྲ་བ་བཅད་ལ་བགྲང༔ དེ་ཡི་རྩ་སྔགས་འདི་ལྟར་རོ༔ ཨོཾ་རཱ་ཧུ་ལ་ཀེ་ཏ་ཀེ་ཏ་ཧཱུྃ་ཕཊ༔ སྡེ་བརྒྱད་རྩ་སྔགས་འདི་ཡང་བསྒྲང༔ ཨོཾ་ཨ་ཡ་མ་པྲེ་དུ་ཏི་ཤ་ན་ལ་སྭཱ་ཧཱ༔ ཞེས་པའང་བརྒྱ་རྩའམ་སྟོང་རེ་བཟླས༔ འཇོག་ཁར་དམིགས་མེད་རྒྱ་ཡིས་གདབ༔ བདེ་སྟོང་ངང་དུ་གནས་པ་ན༔ གནོད་བྱ་གནོད་བྱེད་གཉིས་སུ་མེད༔ དེ་ནི་གསང་བའི་སྲུང་བ་འོ༔ ནངས་རེ་སྔགས་ནི་སུམ་བརྒྱ་དང༔ འོག་མ་བརྒྱ་རེའམ་སུམ་བརྒྱ་རེ༔ མ་ཆག་པར་ནི་བཟླས་ན་མཆོག༔ བདག་བསྐྱེད་དྲང་སྲོང་བསྒོམས་པ་ཡིས༔ རང་གཤེད་རང་ལ་འབེབ་པར་འགྱུར༔ རང་ཉིད་ཇི་ལྟར་ལྟོགས་ན་ཡང༔ རང་ཤ་རང་གིས་མི་ཟ་བཞིན༔ སྒྲུབ་མཆོག་པདྨ་ཐོད་ཕྲེང་གིས༔ གནས་མཆོག་ཁྱད་པར་བསམ་ཡས་ཀྱི༔ མཆོད་རྟེན་ནག་པོར་གཏེར་དུ་སྦས༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ དྲང་སྲོང་གནོད་པ་དར་བའི་ཚེ༔ སྨན་དང་སྨན་པ་མི་དགོས་པའི༔ མན་ངག་ནོར་བུ་རིན་ཆེན་འདྲ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ ྀཨཚ༔ པདྨ་ལས་འབྲེལ་རྩལ་གྱི་གཏེར་མའོ། ༈ །གཟའ་སྲུང་ཁྱད་པར་ཅན་གཏེར་ཁ་གཞན་ནས་བྱུང་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་དེས་སེམས་ཅན་ཀུན་ལ་དགོངས་ནས་གཟའ་ཐམས་ཅད་བཏུལ་པས༔ དེས་ན་བཏགས་པས་ཐུབ་པའི་འཁོར་ལོ་འདི་གཞན་ལས་ཁྱད་པར་དུ་འཕགས་ཏེ༔ སྲུང་བ་འདི་བཏགས་པའི་མི་དེ་དྲང་སྲོང་རྣམས་ཀྱིས་ཤཱཀྱ་ཐུབ་པར་མཐོང་ནས༔ ཁྱབ་འཇུག་བཀའ་ཉན་དང་བཅས་པས་གནོད་འཚེ་སྤངས་ཏེ༔ ཁ་རླངས་ཀྱི་དུག་མི་འཕོག་ཅིང་སྲི་ཞུ་བྱེད་པར་འགྱུར་རོ༔ འདི་ནི་གཟའ་མཁན་ཉིད་འདོགས་པའི་འཁོར་ལོ་ཡིན་པས་ཤིན་ཏུ་ཟབ༔ གཞན་ཀུན་ལ་འདོགས་པ་མ་ཡིན་ཏེ༔ འདི་མཐོང་ན་གཟའ་ཐམས་ཅད་བྲེད་དེ་ཁྲོས་པས་རང་གི་འཁོར་ལ་གནོད་པས་ནོར་ལ་བལྟ་བར་མི་བྱའོ༔ འཁོར་ལོ་འདི་བྲི་ཐབས་མཐིང་ཤོག་ལ་གསེར་གྱིས་མུ་ཁྱུད་རིམ་པ་ལྔ་བསྐོར༔ ལྟེ་བ་ལིང་ཚེ་དགུ་པ་བྱ༔ མཚམས་བཞི་གསེས་པས་བཅུ་གསུམ་འབྱུང༔ ཕྱི་རོལ་བཅོམ་ལྡན་ཤཱཀྱའི་སྐུ༔ པདྨ་ཉི་ཟླར་བཞུགས་པ་བྲི༔ དེ་ལ་སྔགས་རྣམས་བསྐོར་བ་ཡིན༔ ལྟེ་བ་དག་ལ་འགོད་པའི་སྔགས༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ༔ པིས་ཕྱི་ཕྱི་ཧཱུྃ་ཕཊ༔ ཡ་མ་སྙིང༔ ཡ་མ་རཀྵ་ས་ཏི་དཾ༔ ས་ཞུ་རཀྵ་ཀུ་རུ་ཀུ་རུ་མཱཾ༔ ཕྱོགས་ལ་ཤར་ནས་བརྩམ་སྟེ༔ འདུ་ཐུ་འདུ་ཐུ་ཧཱུྃ༔ རག་ཤོ་རག་ཤོ་ཧཱུྃ༔ རག་ཁོ་རག་ཁོ་ཧཱུྃ༔ ཡག་ཁོ་ཡག་ཁོ་ཧཱུྃ༔ གྷ་སི་གྷ་སི་ཧཱུྃ༔ ཙི་ཏི་ཙི་ཏི་ཧཱུྃ༔ རག་ཏི་རག་ཏི་ཧཱུྃ༔ བྷུ་ལ་བྷུ་ལ་ཧཱུྃ༔ ཟུར་བཞི་དཔུང་པ་གཡས་པ་ནས༔ མ་ཤ་ཙ་ར༔ ཡིག་འབྲུ་རེ་རེ་དགོད༔ འདི་རྣམས་ཡིག་མགོ་ནང་དུ་འོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡིག་མགོ་ཕྱིར་བསྟན་འདི་དག་བྲི༔ ན་མོ་བུདྡྷཱ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་མ་རཱ་ཙ་ཤ་དུ༔ ཙནྡྷ་མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ རཀྵ༔ དེའི་ཕྱི་རིམ་ལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་པིས་ཕྱི་ཧ་ལི་འཆང་བ་པོ་ལ་རཀྵ༔ དེའི་ཕྱི་རིམ་ལ་ཡེ་དྷརྨཱ་བྲི༔ དེའི་ཕྱི་རིམ་ལ་ཨཱ་ལི་ཀཱ་ལི་བྲི༔ གདན་ཉི་ཟླ་ལ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ༔ ཛ་པ་ཏི་རཱ་ཧུ་ལ༔ ཨོཾ་ཏྲ་ཀ་བ་ཤ་ད་ཤལ་ཧཱུྃ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ༔ ཤཱཀ་ཐུབ་མགུལ་དུ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ མཆོད་བསྟོད་རབ་གནས་ཀྱི་ཕྱོགས་སུ་གཏོགས་པ་རྣམས་སྤྱི་དང་མཐུན༔ ཡོན་གསེར་ཞོ་རེ་དགོས༔ ཟབ་བོ༔ ༈ དྲང་སྲོང་གི་སྲུང་བ་་་ཨོག་དགག་འཁོར་ལོ།སྲ་བརྟན་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་གསང་བདག་ཌཱ་ཀིའི་ཚོགས་ལ་ཕྱག་འཚལ་ལོ༔ གཟའ་རྒོད་དྲག་པོའི་ཐོག་སྡེ་བརྒྱད་གནད་ལ་དབབ་ཅིང་ཟློག་པའི་སྲུང་བ་འདི་ནི༔ སྲ་བརྟན་རྡོ་རྗེའི་གོ་ཁྲབ༔ ཅེས་བྱ་བ་སྟེ༔ འདི་སུ་ཡི་ལུས་ལ་འཆང་བ་དེ་ལ་གཟའ་ཆེན་བརྒྱད་དང༔ འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ཀྱིས་གནོད་ཅིང་འཚེ་བ་ལྟ་ཅི་སྨྲོས་ཏེ༔ དེ་ཡི་གྲིབ་མ་ལའང་ཉེ་མི་ནུས་ཤིང་འཆང་བ་པོ་དེ་མཐོང་བ་ཙམ་གྱིས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བྱེར་ཞིང་འབྲོས་པར་འགྱུར་རོ༔ པདྨ་བདག་གིས་གཏེར་ཁ་རིམ་པར་སྦས༔ ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་སྔགས་འཆང་བདག་གི་གོ་ཆ་ཡིན༔ གཞན་ལ་སྤེལ་ན་གཟའ་དང་སྡེ་བརྒྱད་ཚིག་ནས་འཁོར་དང་ནོར་ཕྱུགས་ལ་གནོད་པས་གསང་ཞིང་སྦས་ལ་སྤྱད་པར་བྱའོ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ༔ མུ་ནེ་ཀ་ལྱེ་ཡ༔ ས་སེར་ཏྲི་ཕྱེ༔ ཛེ་མི་ནི་པི་ཤི་བེར་ཏ་ནན༔ བི་ཕྱུང་བི་གལ་ན་ལི་ཌ་ཁི་ཏི༔ ཚཙྪ་གྲྀ་ཏེ་ད་ཛེ་ཨ་མྲྀ་ན་སྭ་ན་རཱ་ཛ་ཤ་ཙ་ཌ་ན་ཎ་ན་པྲ་ཏི་མ་ས་རཀྵ༔་་་འདི་ཡན་དྲིལ་ཁ་གཅིག །ཨ་ཡ་པྲེ་དུ་ཏེ་ཤ་ན་ལ༔ ཨོཾ་གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ༔ འདི་ཡེ་ཤེས་གཟའ་མཆོག་དཀར་པོའི་སྙིང་པོ་ཡིན།་་་ཨོཾ་སྟུམ་པོ་ལི་སྟུམ་པོ་ལི་སྭཱ་ཧཱ༔ སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ༔ པྲེ་ཡང་ཚད་དུར་ཡ་སྟེ་བཾ༔ ཡ་ཏེ་ཤཾ་རྣལ་མ་ཏྲི་དུར་རྦད༔ འདི་སྙིང་གཟེར་ཡིན།་་་ཨོཾ་ཤོ་པན་ཙ་སྲིན་དུ་རྦད༔ ཨོཾ་པྲ་ཡཙྪ་དུད་ཡཻ་ཏེ་ཤཾ་ཤཾ་རྣལ་མ་ཏྲི་དུ་རྦད་སྭཱ་ཧཱ༔ ཨོཾ་པུ་ཙེ་པུ་ཙེ་དུ་ན་པུ་ཙེ་སྭཱ་ཧཱ༔ ཨོཾ་བཛྲ་པ་ཏི་རཱ་ཧུ་ལ་ཨ་ཏྲ་ཧ་ཀ་པ་ས་ཏ་ཤ་ཤལ་ཤལ་ཏ་ཧཱུྃ་ཧཱུྃ་ཕཊ༔་་་འདིའང་ཡེ་ཤེས་ཀྱི་གཟའ་ཡི་སྙིང་པོ་ཡིན། ཨོཾ་བཛྲ་རོ་ཥ་ཎ་ཙཎྜ་ལ་མ་ཧཱ་རོ་ཥ་ཎ་ཧུ་ལ་ཧ་ན་ཧཱུྃ༔ རཱ་ཙ་ཀ་དྷ་ཕཊ་ཕཊ༔ ཨོཾ་ཤན་ཐི་མཱ་ར་ཡ་སྭཱ་ཧཱ༔ ཛཿཧཱུྃ་ས་མ་ཧཱུྃ་བྷྲཱུྃ་ཕཊ༔ ཨོཾ་ཤན་ཏི་ཛ་ཡ་སྭཱ་ཧཱ༔ ཨོཾ་ཤག་ཏྲི་སྭཱ་ཧཱ༔ ཨོཾ་ཡ་མཱནྟ་ཀ་ཨོཾ་ཤ་ཡ་ཤན་ཐིང་སྭཱ་ཧཱ༔ བཛྲ་ཧཱུྃ་བཾ་རིལ་མཱ་ར་ཡ་སྭཱ་ཧཱ༔ འཆང་བ་པོ་ལ་གཟའ་བརྒྱད་ཀྱི་གནོད་པ་རཀྵ་རཀྵ༔་་་་འདི་ཡན་དྲིལ་ཁ་གཅིག །ཨོལ་སྐྱེ་འགོག་པ་ཡིན། ཨོཾ་ཝཱ་ག་མ་ནི་ཀི་ཙེ་ཨ་ན་ཏ་མ་རོ་མ་ཧཱ་བྷེ་ཏེ་ས་ཡ་ཞི་བ་ཨ་ཝ་རཀྵ་ཏེ་ཧྲཱིཿམུ་ཁ་ལེ་བཛྲ་རཀྵ་རཀྵ༔ ཨོལ་སྐྱེ་འགོག་པ།་་་ཨོཾ་རོག་རོག་སོད༔ ཞུན་ཞུན་སྲིལ་ལ་སོད་ཏིཥྛ་ཏིཥྛ་བྷིནྡྷ་བྷིནྡྷ་ཨུརྞ་མ་ཎི་མཱ་ར་ཡ་ཕཊ་ཕཊ༔ ཨོཾ་བྷར་ཙ་ཏྲི་ཧྲི་ཏི་རཱ་ཧུ་ལ་སྭཱ་ཧཱ༔ ཨོཾ་ས་ར་ཙ་ཏྲི་ཧྲི་ཏི་རཱ་ཧུ་ལ་ས་ན་པ་སྭཱ་ཧཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔་་་བཏག་ཆོག་མ་ཡིན། ཨོཾ་ཧཱ་རི་མ་ན་ཏ་ན་མོ་སྭཱ་ཧཱ༔ པྲ་བྷ་ཧཱུྃ༔ བྷནྡྷ་མོ་ཙ་ཡ་སྭཱ་ཧཱ༔ ཨོཾ་རཱ་ཛ་ནག་པོ་ཏྲི་ར་ལེ་རཱ་ཧུ་ལ་ཕུ་སྭཱ་ཧཱ༔ ནམ་མཁའ་ཧོམ་ཁུང་མའི་སྲུང་བ།་་་ཨོཾ་རོ་ཕག་རོ་མ་རོ་མ་རོག་སི་ཏི་ཧྲི་ཏི་སྭཱ་ཧཱ༔ རཱ་ཧུ་ལ་ཏྲིག་སུ་རི་ཙི་གཏོར༔ བྷི་ན་མ་ཙི་ཤུལ་ཚུལ་མ་ཁུག་ཐང་ཐང༔ ཨོཾ་བཛྲ་ཀུན་ན་རལ་ཀན་ན་ས་མ་ཡ་ཧཱུྃ་ཛཿསརྦ་དུག་ནན་དུག་ཕྱུང་སྭཱ་ཧཱ༔ དེ་ཧི་མུ་ཁ་ལེ་བདག་འཆང་བ་པོ་ལ་གཟའ་ཆེན་བརྒྱད་དང་འཁོར་ལྷ་སྲིན་སྡེ་བརྒྱད་ཀྱི་དུག་དང་གནོད་པ་ཐམས་ཅད་སྲུངས་ཤིག༔ ཅེས་གསེར་གྱི་ཡི་གེ་གཟབ་མར་བྲིས་ཏེ་དྲི་བཟང་རྣམས་དང༔ ཨ་མྲྀཏ་གུ་གུལ་ནག་པོ་རིན་པོ་ཆེ་བརྡར་བའི་ཕྱེ་མ་རྣམས་ཆང་གིས་སྦྱངས་ལ་ཡི་གེ་མ་སུབ་པར་བྱུགས༔ སྔགས་རྣམས་ཚར་བདུན་དང༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས༔ རབ་གནས་སྤྱི་དང་མཐུན་པར་བྱས་ལ་སྨྱུག་མར་དྲིལ་ཏེ་ལ་ཆ་མེ་ཡིས་མ་རེག་པ་གཤེད་ཚོན་གྱིས་བསྒྱུར༔ ལེགས་པར་འཆང་བས་སུས་འཆང་བ་དེའི་ཚེ་སྲོག་རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་ནོ༔ སྔགས་རྣམས་ཀུན་གྱི་བཅུད་ཕྱུང་བ༔ སྲུང་བ་ཀུན་གྱི་རྒྱལ་པོ་འོ༔ ས་མ་ཡ༔ ྀཨཚ༔ སྲུང་བ་རྟ་རི་མ་ཞེས་བྱ་བ་ཡིན་པས་གསེར་སྲང་རེ་མ་བྱུང་ན་མ་སྦྱིན་ཅིག༔ ཟབ་པར་གདའ་འོ༔ པདྨ་ལས་འབྲེལ་རྩལ་གྱི་གཏེར་མའོ། ༈ །གཟའ་ཡི་བླ་རྡོ་བཅའ་ཐབས་ལ༔ དར་དམར་པོར་འཁོར་ལོ་རྩིབས་བདུན་པའི་ལྟེ་བར་ཧྲཱིཿའདབ་མ་རེ་རེ་ལ༔ ཛ་ལ་ཏི་རཱ་ཧུ་ལ་ཛ༔ ཧྲཱིཿའི་མཐར༔ བདག་ལ་དྲང་སྲོང་འགོ་བར་གྱུར་ཅིག༔ དེའི་མུ་ཁྱུད་ལ༔ འབོད་སྔགས་དང༔ བདག་གིས་དྲང་སྲོང་མྱུར་དུ་འགྲུབ་པར་གྱུར་ཅིག༔ ཅེས་བྲིས་ལ་བྱ་མཚའ་ལུའི་སྙིང་གི་ནང་དུ་བཅུག་ལ་དར་དམར་གྱིས་དྲིལ་བ་དང་ཟངས་ཕུར་སོར་བཞི་པ་གཅིག་བཅས་ཚོན་སྲད་ཀྱིས་བཅིངས་ནས་ལུས་ལ་བཅངས་ན་གཟའ་རྣམས་བྲན་བཞིན་དུ་ལས་བྱེད་ཅིང་འགོ་བར་འགྱུར་རོ༔ གཟའི་འཁུ་ལྡོག་དང་གནོད་པ་མི་འབྱུང་བར་ངེས་སོ༔ ༈ གཟའ་སྲུང་ཉི་མ་མདུང་གང་མ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། ཉེར་དགུའི་དགོང་ཀའི་ཉི་མ་མདུང་དོ་ཙམ་ཡོད་པའི་དུས་སུ་ཁ་ནུབ་ཏུ་ཕྱོགས། སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ་པད་ཉི་ལ་རང་ཉིད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་རྩེ་ལྔ་ཕྱར་བ། གཡོན་སྡིགས་མཛུབ་རཱ་ཧུ་ལའི་མགོ་བོར་གཏད་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་སྟབས་ཅན། སྤྱན་གསུམ་བགྲད་པ། མཆེ་བ་གཙིགས་པ། སྟག་ཤམ་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་མདུན་དུ་རཱ་ཧུ་ལ་ནག་པོ་ཕྱག་གཉིས་ཐལ་མོ་སྦྱར་ནས་རང་ལ་འདུད་པ། མགོ་དགུ་སྟེ་སུམ་སྒྲིག་གཉིས་ཀྱི་སྟེང་དུ་ཉིས་སྒྲིག །དེའི་དབུས་སུ་བྱ་རོག་གི་གདོང་པ་ཅན། ལུས་མིག་གིས་གང་བ། སྦྲུལ་མཇུག་འཁྱིལ་བ། མཐེབ་ཚིགས་ཙམ་རིན་པོ་ཆེའི་རྒྱན་ཅན་བསམ། ཨོཾ་ཉི་མ་ནན། ཟླ་བ་ནན། ཀླད་པ་ནན། སྙིང་མགོ་ནན། བཞི་རྩེ་ལྟག་ཁུང་ན་ནན། ཨོཾ་ཙི་ཏྲ་མནྟྲ་ཟློག །ཨེ་ནཱ་ག་ཤིག །ནཱ་ག་ཟློག །ནཱ་ག་ཀའི་མགོ་ལ་ནན། ཞེས་པ་་་ཉེར་དགུའི་ཉིན་ལུང་ཐོབ་ནས།ཉིན་རེ་བཞིན་ཉེར་གཅིག་རེ་མ་ཆག་པར་བཟླ། དཀར་གཏོར་ལ་ཨ་ཀཱ་རོས་བདུད་རྩིར་བརླབ། ཨོཾ་ཨཱཿཧཱུྃ༔ རཱ་ཧུ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་ཕུལ། ཕྲིན་ལས་བཅོལ། རཱ་ཧུ་ལ་དམིགས་མེད་དུ་ཡལ་བར་བསམ། ཡན་ལག་མ་བདེ་ན་སྔགས་ཆུས་བཀྲུས་ལ་འཐེན། བསྐྱོག་པོར་སོང་ན། སྔགས་ཆུ་སླ་ངའི་ནང་དུ་བླུགས་ལ། དེ་ནས་འཐུང་སྟེ། མ་ཡོ་བའི་ཕྱོགས་སུ་འབོད་པ་ཡང་ཡང་བྱའོ། །ྀཨཚ། ༈ ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། རང་ཉིད་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་མངོན་རྟོགས་བསྒོམས་ལ། ཨོཾ་ནི་ལམ་བཱ་ར་དྷཱ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ ཞེས་བརྒྱའམ་ཉེར་གཅིག་བཟླས། །མདུན་དུ་རཱ་ཧུ་ལ་མངོན་རྟོགས་ལྟར་བསྐྱེད། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་བདག་གི་བཀའ་ཉན་པ། གཡས་ལྕགས་མདའ། གཡོན་ལྕགས་གཞུ་བསྣམས་པ་བསྐྱེད་ལ། ཨོཾ་ཉི་མ་ནན༔ ཀླད་པ་ནན༔ ནཱ་ག་ཟློག༔ ནཱ་ག་པྲའི་མགོ་ལ་ནན༔ ཞེས་ཉེར་དགུའི་ཉི་མ་མདུང་གང་ནས་ཟླ་བ་ཕྱི་མའི་ཉེར་དགུ་ཚུན་བཟླས་ན་སྐྱེ་བ་འབུམ་ཚུན་ཆད་དྲང་སྲོང་གི་གནོད་པ་སྲུང་བར་བཤད་དོ། །ས་མཔྟི་མི་ཐི། ༈ འདིའི་སྒོ་ནས་གཟའ་ལམ་གཅོད་པའི་འཁོར་ལོ་ནི། གསང་བདག་གོས་སྔོན་ཅན་གྱི་སྐུ་གཟུགས་རི་རབ་བང་རིམ་བཞི་པའི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་བཞུགས་པའི་ལྟོ་བར་འཁོར་ལོ་མུ་ཁྱུད་གསུམ་པའི་ལྟེ་བར་ཧཱུྃ་ལ་འཆང་བ་པོའི་མིང་དང་འདོད་གསོལ་སྤེལ་མས་བསྐོར། མུ་ཁྱུད་དང་པོ་ལ། ཏདྱ་ཐཱ་ནཱི་ལམ་བཱ་ར་སོགས་མཐར་འདོད་གསོལ། མུ་ཁྱུད་གཉིས་པར་རྩིབས་ལྔར། ཨོཾ་སྟུམ་པོ་ལི་སྟུམ་པོ་ལི་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ༔ རྩིབས་མཆན་ལ། ཨོཾ་ཨ་མ་མ་པྲ་དུ་ཏི་ཤ་ན་ལ། ཞེས་བྲི། མུ་ཁྱུད་གསུམ་པར། ཏདྱ་ཐཱ། ཨོཾ་ནི་ལམ་བཱ་ར་སོགས་རྩ་སྔགས་དང་། ཨོཾ་ཉི་མ་ནན་སོགས་ལས་སྔགས་ཀྱི་མཐར་སྤེལ་ཚིག་བཅས་བྲི། བཟང་དྲུག་དང་བདུད་རྩི་རིལ་བུས་བྱུག །རབ་གནས་སྤྱི་ལྟར་རོ།། ༈ ཡང་བླ་མ་གཡའ་བཟང་པའི་ལུགས་ཀྱི་གཟའ་སྲུང་འཁོར་ལོ་བཀའ་རྒྱ་མ་ནི། ལྕགས་སྡིག་ནག་པོ་འཇིགས་སུ་རུང་བའི་ལྟོ་བར་ལིང་ཚེ་དགུ་དང་མུ་ཁྱུད་གཅིག་བསྐོར། ལིང་ཚེ་དགུ་ལ། ཧཱུྃ་ཧཱུྃ་གི་རྒྱབ་ཕྱོགས་བརྩམ་སྟེ་གཡས་སྐོར་དུ། ཨོཾ་ སརྦ་ གྷ་ ན་ ཡེ་ སྭཱ་ ཧཱ། མུ་ཁྱུད་ལ་ཧཱུྃ་གི་རྒྱབ་ཕྱོགས་ནས་བརྩམ་སྟེ། ཨོཾ་ཏི་རི་ཏི་རི་ཕུཾ་ཕུཾ་ཤག་ཤག་གུ་ཡ་ཏེ་ནན་རཱ་ཧུ་ལ་རྒྱུག་ནན། ཞེས་བྲི། ཡན་ལག་གཡས་བཞི་ལ། ཆུ་དང་། གཡོན་བཞི་ལ། མེ་ཞེས་བྲི། ཁ་མིག་སྡེར་མོ་མཇུག་མ་རྣམས་ལ་མཚལ་གྱི་ལྕེ་བྱ། རྭ་གཡས་ལ་རྒྱ་ཚོས་དང་གཡོན་ལ་རམ་བྱུག །སྤྱི་ལ་རྟ་བོན་དང་། གླ་རྩི་བྱུགས་ཤིང་རང་སྔགས་ལན་གསུམ་བཟླས་ནས་ཧས་བཏབ། གཡས་ནས་དྲིལ་མགོ་ཡར་བསྟན་ལ་སྨྱུག་ཚིགས་སོར་བཞིའི་ནང་དུ་བཅུག །ཁ་དྲིལ་ལ་གཟའ་མིག་གཏོད། རང་ཡི་དམ་གྱི་ང་རྒྱལ་བརྟན་པོས་ཡེ་དྷརྨཱས་རབ་ཏུ་གནས་པར་བྱས་ལ་གང་སྲུང་བ་དེའི་མགུལ་དུ་གདགས། ཟབ་བོ། །ྀཨཚ། ༈ ཡང་གཟའ་སྲུང་ཤིན་ཏུ་བསྡུས་པ་ཕྱག་ལེན་རྒྱུན་ཁྱེར་མ་ནི། གྲོ་གའམ་རྒྱ་ཤོག་ལ་སྔགས་འདི་ཡི་གེ་དབུ་ཅན་ཚེག་མེད་ཕྲེང་གཅིག་བྲི། ཨོཾ་ནཱི་ལམ་བཱ་ར་དྷཱ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ༔ ཨོཾ་སྟུམ་པོ་ལི་སྟུམ་པོ་ལི་སུ་སུ་མེ་མེ་ཤིག་ཤིག་སྭཱ་ཧཱ༔ ཨོཾ་གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་ཏྲི་ཁྱེད་བཾ་ཧཱུྃ༔ ཨ་ཡ་མ་པྲེ་དུ་རི་ཤ་ནི་ལ་འཆང་བ་པོ་ལ་དྲང་སྲོང་གཟའི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ༔ ཞེས་དབུ་ནས་དྲིལ་ལ། ལ་ཆས་གཏུམས། གཟའ་མིག་གིས་ཁྱབ་པར་བྱ། ཕྱག་རྡོར་གྱི་སྒོ་ནས་རབ་ཏུ་གནས་ནས་མགུལ་དུ་བཏགས་པས་ངེས་པར་ཐུབ་བོ། །ཟབ། ྀཨཚ། ༈ དྲང་སྲོང་གཟའ་ཡི་སྲུང་བ་ཁྱད་པར་ཅན་ལྷ་བཙུན་སྔོན་མོའི་གཏེར་མ་བཞུགས་སོ། །ཕྱག་ན་རྡོ་རྗེ་གསང་བའི་བདག །འཆི་བདག་དུག་སེལ་མཐུ་བོ་ཆེ། །རྡོ་རྗེ་འཛིན་ལ་སྐྱབས་སུ་མཆི། །བྱིན་རླབས་སྔགས་ཀྱི་སྲུང་བ་ལ། །བློ་ལ་ཡོད་པས་ཆོག་པ་དང་། །བགྲང་བས་ཐུབ་པ་དང་། བྲིས་པས་ཐུབ་པ་དང་། བཏགས་པས་ཐུབ་པ་དང་། སྔགས་མདུད་ཀྱིས་ཐུབ་པ་དང་། ཡིག་འབྲུས་ཐུབ་པ་དང་། འཁོར་ལོས་ཐུབ་པ་དང་། ཞལ་གྱིས་ཐུབ་པ་དང་། རང་གཟུགས་ཀྱིས་ཐུབ་པའོ། །དང་པོ་བློ་ལ་ཡོད་པས་ཐུབ་པ་ནི། ཨོཾ་ཨ་ཡ་མ་ཤ་ན་ན་ལ་པྲེ་དུ་ཏི་སྭཱ་ཧཱ། བློ་ལ་དག་སེང་ངེ་ཡོད་ན་དེས་ཐུབ། གཉིས་པ་བགྲང་པས་ཐུབ་པ་ནི། ཨོཾ་སྟུམ་པོ་ལི་སྟིང་བི་གསུམ་བྷི་སུ་སུ་མེ་མེ་ཤིག་སྭཱ་ཧཱ༔ ཟླ་བ་ཡར་ངོའི་ཚེས་གསུམ་ལ་སྔགས་རེ་བཟླས་པས་ཐུབ། གསུམ་པ་བྲིས་པས་ཐུབ་པ་ནི། ཧྲི་ཁྱེ་ཏྲ་ཨ་མུ་བི་ཧཱུྃ༔ ཞེས་པའི་སྔགས་ཁང་པའི་ཕྱོགས་བཞིར་གཟབ་ཏུ་བྲིས་པས་ཐུབ། བཞི་པ་བཏགས་པས་ཐུབ་པ་ནི། གུ་རུ་ན་མོ་ན་གར་ཁྲེ་ར་ནར་སྲི་གྷ་ཏ་ལ་ཝ་ར་ཁྲེ༔ བཱ་སུ་བྷེ་ཝ་སི་ངང་ལི་ར་ཁྲེ༔ ཏི་ཏ་ཁེ་ཙ་ཡེ་མུ་ཏུ་ར་ཁྲེ༔ མུ་ཧ་སིང་ལི༔ བེ་ལ་ཉ་ན་ཐ་རཀྵེ༔ ནི་ལ་གྷ་ན་དྷ༔ ས་ར་མ་ཡ༔ ཁ་རཀ་ནི་ས་ལོ་ཧ་བིར༔ ཧ་ཧ་ཏེ༔ སོ་ཁ་ལ་དྷ་བྷ་ན་བྷི་ཨེ༔ ལྔ་བྷ་ན་དྷེ་ཙེ་ལྔ༔ བྷན་དྷི་ན་ར་སིང་བྷ་ན་གྷ་གྷ་ན་ཛ་མོ་གྷ་ཧེ༔ ཕུ་ཏི་སི་ཐི་མོ་ལི༔ ཧི་མོ་བྷོ་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ འཆང་བྱེད་གཅིག་ལ་ཡོད་པས་ཁྱིམ་གང་ཐུབ་བོ། །ལྔ་པ་སྔགས་མདུད་ཀྱིས་ཐུབ་པ་ནི། སྐུད་པ་ནག་པོ་སུམ་སྒྲིལ་ཞིག་ལ་མདུད་པ་ཉི་ཤུ་རྩ་གཅིག་བྱས། མདུད་པ་རེ་ལ་སྔགས་ བདུན་བཏབ་བོ། །ཨོཾ་ན་ར་སྲི་ཧཱུྃ་ཆེ་གེ་ལ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བཏགས་པས་ཐུབ་བོ། །དྲུག་པ་ཡིག་འབྲུས་ཐུབ་པ་ནི། ཐོ་རངས་ཧྲིང་ཀྲིང་ཞེས་པ་ང་ར་ར་ཉེར་ གཅིག་བཟླས་པས་ཐུབ་བོ། །བདུན་པ་འཁོར་ལོས་ཐུབ་པ་ནི། དྲང་སྲོང་གི་སྲུང་བ་གཏན་ཐུབ་མ་ཟབ་ངེས་་་་ཞལ་ཤེས་ལ་རབ་གསེར་འབྲིང་མཚལ་ཐ་མ་རྒྱ་སྣག་གོ།དཔེ་རིས་ལྟར་དག་པར་ བྲིས་ལ། ལྟེ་བར་ཡིག་མགོ་ཕྱིར་བསྟན་གྱིས། ཨོཾ་གནམ་ཁྱི་སྤྲེ་དུ་ཟློག་གནམ་ཁྱི་སྤྲེ་དུ་ཟློག་འདི་འཆང་བ་པོ་ལ་ལུས་ངག་ཡིད་གསུམ་ལ་སྟེང་གྲིབ་ཀྱི་གནོད་པ་སྲུངས་ཤིག་རཀྵ༔ ཕྱོགས་བཞི་ལ། ཡ་མ་རཱ་ཛ་མུ་ཛཿཉི་མ་ཟློག་ཡ་མ་རཱ་ཛཿའདུས་འདུས་སྲོག་པར་འདུས་པར་ཟློག་སུཾ་ཤལ་ཤལ་ཕུང་པོ་འབི་དུང་ཁྱེར་ཅིག་འདི་འཆང་བའི་ལུས་ངག་ཡིད་གསུམ་ལ་དྲང་ སྲོང་གི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ༔ དེའི་མཐའ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་འདོད་གསོལ་དང་བཅས་པ་དང་། དེའི་ཕྱིར་མེའི་འཁོར་ཡུག་སོགས་དཔེ་རིས་བཞིན་བྲིས་ལ། ཨོཾ་ཡ་མ་རཱ་ཛཿཞེས་སོགས་སྔགས་བརྒྱ་རྩ་རེ་ལས་མི་ཉུང་བར་ངག་བཅད་ལ་བཟླས་པའི་རབ་གནས་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླས་པའི་རབ་གནས་དང་། སྲུང་བ་ལ་སྔགས་བཏབ་ལ། ལྟེ་བ་ལ་མ་ཆག་པར་གཡས་ནས་བལྟབ། དེ་ནས་གཡོན་ནས་བལྟབས་པའི་གྲུ་བཞི་ལ་སྲད་བུ་ནག་པོས་དཀྲིས། སྲུང་ཁོག་ནག་པོ་དང་ལྡན་ནམ། སྤྲོ་ན་ལ་ཆས་བསྒྲིལ་ཅིང་གཟའ་མིག་གཏོད་པ་གང་གི་མགུལ་དུ་བཏགས་པས་སྟེང་གྲིབ་ཀྱི་གནོད་པ་སྲུང་། ཤིན་ཏུ་ཟབ་བོ། །བརྒྱད་པ་ཞལ་གྱིས་ཐུབ་པ་ནི། སྲུང་བ་འདི་གང་བསྲུང་བའི་མགུལ་དུ་བཏགས་པ་དེ་ལ། ལོ་རེར་དྲང་སྲོང་གི་གནོད་པ་ཐམས་ཅད་སྲུང་ཞིང་། རབ་གནས་བྱེད་ལུགས་སོགས་གཏན་ ཐུབ་དང་འདྲ། གཡས་བལྟབ་པའི་གྲུ་བཞི་མ་ཟློག་གི་བར་མགོ་མཇུག་མ་ལོག་པར་ལྟེབ། ཁུག་ཡོང་བར་བྱས་ལ་དཀྲིས་ཐུམ་གོང་དང་འདྲ། མི་ ལག་མི་བརྒྱུད་པར་གལ་ཆེ། དགུ་པ་རང་གཟུགས་ཀྱིས་ཐུབ་པ་འདི་ཡང་ཟླ་ཐུབ་ཡིན། འདོགས་པ་བྱུང་ན་ཞལ་གྱི་ཕྱེད་མ་ལ་མེད་པར་བྱས་ལ་སྔགས་ཚང་བར་བྲིའོ། །ཡང་ལུགས་གཅིག་ལ། བཙན་དུག །གུ་གུལ་ནག་པོ། བྱང་གི་ཚྭ་རྡོ་དམར་པོ། དེ་གསུམ་ལུས་ལ་བཏགས་པས་ཐུབ་བོ། །ཡང་ཡུགས་ས་མོའི་དོར་རྟ། ར་དུད་ཀའི་སྤུ། དར་ལྗང་གུ །རྡེའུ་ནག་པོ། དེ་རྣམས་དྲིལ་ ལུས་ལ་བཅངས་པས་ཐུབ་བོ། །ཡང་དེ་བཞིན་གཤེགས་པའི་རིང་བསྲེལ། སྙིང་ཞོ་ཤ །འབྲུག་རུས། བྱ་རྒོད་སྤོས། སྟག་གི་སྡེར་མོ། ཐོག་གི་མདེའུ། དེ་རྣམས་ལུས་ ལ་བཅངས་ན་ཐུབ་བོ། །ཡང་ཕྱི་བའི་པགས་པའི་ནང་དུ་མགྲོན་བུ་བུ་ཆེ་མ་གསུམ། རྟེན་འབྲེལ་སྙིང་པོ་གསེར་གྱིས་བྲིས་པ། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པའི་རུས་པ་རྣམས་ བཏགས་ཀྱང་ཐུབ་བོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཤིན་ཏུ་ཟབ་པའོ། །བསམ་ཡས་མཆོད་རྟེན་སྔོན་པོ་ནས། གཏེར་སྟོན་ལྷ་བཙུན་སྔོན་པོས་སྤྱན་དྲངས་པའོ། ཁང་པའི་ཕྱོགས་ བཞིར། ཨོཾ་ཏྲེ་ཁྱེད་བཾ་ཧཱུྃ་གཟའ་ཁ་ཏྲ་རུ་ཏྲ་ཡེ་སྭཱ་ཧཱ༔ ཞེས་བྲིས་པས་གྲིབ་གདོན་རྒྱུན་ཆད་པར་གསུངས་སོ། །མངྒ་ལཾ། ༈ །འཁོར་ལོ་འདི་གྭའུ་ནང་དུ་བཅུག ། ལུས་ལ་འཆང་ན་གཟའི་གནོད་པ་ཐུབ་ངེས་སོ། །ཛོ་ཀིའི་མན་ངག་ཤིན་ཏུ་ཟབ་མོ་ཚིག་ཉུང་ལ་དོན་འདུས་པ་འདི་སྙིང་གི་བུ་ལ་སྦྱིན་པར་བྱའོ། ༈ །དྲང་སྲོང་གི་བཅོས་སྐོར་རིག་འཛིན་ རྒོད་ལྡེམ། རྡོ་རྗེ་གླིང་པ་ཀརྨ་པ་རང་བྱུང་རྡོ་རྗེའི་དག་སྣང་ཟུར་ཕྱུང་བཞུགས། རིག་འཛིན་རྒོད་ལྡེམ་ནས་བརྒྱུད་པའི་གཟའ་བཅོས་ཟབ་བསྡུས་ཕྱག་ལེན་བྲི་བར་བྱ་སྟེ། དེ་ལ་བརྟག་ཐབས་བཅོས་ཐབས་གཉིས་ལས། དང་པོ་གཟའ་ནད་བརྟག་པ་ནི། མིག་ལ་གཟའ་ལམ་དམར་པོ་ནི། །གཟའ་མིག་ནག་པོ་ཐིག་ལེས་བརྒྱན། །སེན་མོའི་སྟེང་དུ་སེན་མོ་ཡིས། །མནན་ན་ཟུག་ངོ་མི་ཤེས་ཤིང་། །བ་སྤུ་ཕལ་ཆེར་གྱེན་དུ་ལངས། །མེ་གཟའ་གཡས་ལ་ཆུ་གཟའ་གཡོན། །ས་གཟའ་ལུས་པོ་སྤྱི་ལ་ཁྱབ། །རླུང་གཟའ་རླུང་ནད་ལྟ་བུར་འཕྱོ། །དེ་ལ་བཅོས་ཐབས་རིམ་པ་ནི། །རྣམ་གྲངས་ཤིན་ཏུ་མང་ན་ཡང་། ཁེ་ཆེ་ཉེན་ཆུང་ཁྱེར་བདེ་བ། །ཟ་ཡིག་བཅོས་ཐབས་འདི་ལྟར་བྱ། །ཨོཾ་པྲ་ཏི་ཀ་མ་ལ་ སྭཱ་ཧཱ། །འདི་ཉིད་རྒྱ་ཤོག་ལ་རྒྱ་སྣག་བྲིས། གཤམ་ནས་བསྒྲིལ། རབ་གནས་རང་སྔགས་རྟེན་སྙིང་བྱ། །སོ་སེན་མ་རེག་ཁོང་དུ་མིད། །གཟའ་ནད་ཀུན་ལ་ཕན་པ་ཡིན། །ཤིན་ཏུ་ཟབ་པས་ཉམས་ལེན་བྱ། །རྗེས་གཅོད་ཟ་ཡིག་རྗེས་མ་ཟ། །འདི་གཉིས་ཁ་སྦྱར་གཤམ་ནས་བསྒྲིལ་ལ་ཟ། །གཟའ་ནད་རྣམས་ལས་གྲོལ་ངེས་ཡིན། ༈ །རྡོ་རྗེ་གླིང་པའི་གཏེར་མ་གཟའ་སྲུང་ངག་སྒྲོས་མ་ཡོད། རང་སྲུང་སྤུ་གྲི་ གློག་དམར་བྱ་བ་འདི་ལ༔ ཕ་སྲིན་པོའི་དུག་གིས་མི་འཇིགས་པ་ཟངས་རྡོ༔ མ་སྲིན་མོའི་དུག་གིས་མི་འཇིགས་པ་སྲིན་བྱའི་ཀླད་པ། གདོང་མོ་བཞིའི་དུག་གིས་མི་འཇིགས་པ་གྲི་ཁྲག༔ ཁྱབ་འཇུག་གི་དུག་གིས་མི་འཇིགས་པ་གཟའ་དུག་ནག་པོ། །སྡེ་བརྒྱད་སྲུང་བ་ཡུགས་ས་མོའི་མངལ་ཁྲག༔ དེ་མེད་ན་བུད་མེད་གཞན་གྱི་མངལ་ཁྲག༔ ཞབས་མ་བསྲེག་པའི་གཞོབ༔ ཤུ་དག་ནག་པོ༔ གུ་གུལ་ནག་པོ༔ ནལ་ཕྲུག་གི་སྙིང་ངམ་ཤ༔ སྦྲུལ་ཤ༔ ཏེ་ལོའི་ཤ༔ དེའི་སྨན་གཏའ་བུ་རམ་གྱིས་བྱ༔ རིལ་བུ་སྲན་མ་ཙམ་བྱ༔ སྔགས་འདི་འབུམ་ཚོ་གཅིག་བཟླས་ལ་གདབ༔ རང་བཟླའོ༔ ཨོཾ་པིས་ཁྲི་ལི་མི་ལི་ཧ་ལ་ཧ་ལ་སྭཱ་ཧཱ༔ རིལ་བུ་རེ་རེས་ལོ་རེ་ཐུབ༔ གཟའ་དང་སྡེ་བརྒྱད་དམག་དཔུང་སྤྲིན་བཞིན་གཏིབ་ནས་བསྐོར་ཡང་རང་ལ་ལྡོག་གིས་དོགས་པ་མེད་དོ༔ གདམས་པ་འདི་དང་མི་ལྡན་ན་གཟའ་མཁན་རང་ལ་ལྡོག་པ་མང་ངོ༔ འདི་ནི་ཤིན་ཏུ་གཅེས་པས་དམ་པར་ཟུངས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་གུལ་ནག་པོ༔ ཤུ་དག་ནག་པོ༔ ཨ་ག་རུ་ནག་པོ་གསུམ་ལ་འགྱུར་མེད་ཀྱི་གཟའ་ཐུབ་ནག་པོ་གསུམ་ཟེར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཚེ་འདི་དང་སྐྱེ་བར་དྲང་སྲོང་གཟའི་གནོད་པ་གཏན་ནས་མི་འབྱུང་བའི་འཁོར་ལོ་འདི་རབ་མཐིང་ཤོག་ལ་གསེར་གྱིས་བྲིས། ཐ་མ་རྒྱ་ཤོག་གམ་དར་དྲི་མ་མེད་པ་བྲི། གནས་ཁང་གི་ཕྱོགས་བཞི་དབུས་དང་ལྔར་བྲན་ནས། མགོ་མཇུག་མ་ལོག་པར་བྱས་ལ་བཞག་པས། གནས་དེར་རྒྱབ་ཕོག་གཟིར་དང་བསམ་སྦྱོར་དུག་སོགས་མི་འབྱུང་ཞིང་། གཟའི་འགྱུ་ལམ་ཡོད་ནའང་གཞན་དུ་འཕོ་འགྲོ༔ འདི་ལ་འཁོར་ལོ་འདི་ལྟར་བྲི་ནས། གླ་རྩི། ཤུ་དག །གུ་གུལ་བྱུག །ནད་པར་ཐུམ་དམར་པོ་བྱས་མགུལ་དུ་བཏགས་པས་ནད་བྱང་ཞིང་ཕྱིས་མི་སྐྱོར་བ་ནི་ངེས་པ་ཅན་ཡིན་ནོ། །ལོ་རྒྱུས་ནི། ཀརྨ་པ་རང་བྱུང་ རྡོ་རྗེ་ལ་དག་སྣང་དུ་བྱུང་བའི་བཅས་ཆོག་བཏགས་གྲོལ་ཡིན་གསུངས་སོ། ། རབ་གནས་ནི་རང་སྔགས་གྲངས་མང་དང་ཡེ་དྷརྨཱས་བྱའོ། །སརྦ་ཐཱ་མངྒ་ལཾ། ། ༄༅། །ཀླུ་སྲུང་རྡོ་རྗེ་ཁྱུང་ཆེན་བཞུགས་སོ། །དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་མངོན་པར་ཤེས་པས་ན༔ ང་ཉིད་སྲིན་ཡུལ་བཞུད་པའི་རྗེས༔ ལོ་ནི་བརྒྱ་དང་ཉི་ཤུ་ན༔ གདུག་པ་ཀླུ་ཡི་བསྟན་པ་དར༔ གག་པ་ལྷོག་པ་གྲུམ་བུ་དང༔ དམུ་ཆུ་འབྲས་སྲིན་མཛེ་ནད་སོགས༔ མི་ཕྱུགས་ནད་ཡམས་སྤྲིན་ལྟར་འཐིབས༔ དེ་ཚེ་སྲུང་བ་འདི་ཉིད་གཅེས༔ ས་མ་ཡ༔ ྈྈྈ གྲོ་ག་འམ་ནི་ཤོག་བུ་ལ༔ གླ་རྩི་ར་ཁྲག་མཁན་དམར་གྱིས༔ རྡོ་རྗེ་ཁྱུང་ ཆེན་མེ་ཡི་མདོག༔ གདོལ་པ་ནག་པོ་ཞལ་དུ་གསོལ༔ ཀླུ་རིགས་བཞི་པོ་གདན་དུ་བཏིང༔ འགྱིང་བའི་གཟུགས་ཅན་ལྟོ་བ་རུ༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ལྟེ་བར་ཡི་དམ་སྲོག་ཡིག་དབུས༔ ཀླུ་ཡི་སྲོག་ཡིག་ལྟེམ་པར་བྱ༔་་་ཁྲོཾ་དམར་པོའི་ཁོག་པར་ཕུཿནག་པོ། དེའི་མཐར༔ ཨོཾ་བཛྲ་ག་རུ་ཊ་ཧེ་ཧཾ་སེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་དང་པོ་ལ༔ གདུག་པ་ཀླུ་ཡི་སྲོག་སྔགས་བྲི༔་་་ཨོཾ་ནཱ་ག་ཀཱ་ལ། ནཱ་ག་དུ་དུ་ནཱ་ག་དུཥྚཱན་ནཱ་ག་བི་ཥ་ཀ་ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུ༔ དེ་རྒྱབ་མུ་ཁྱུད་གཉིས་པ་ལ༔ འཁོར་ལོ་རྩིབས་བརྒྱད་ཕྱོགས་བཞི་རུ༔ ཁྱུང་ཆེན་རིགས་བཞིའི་སྙིང་པོ་བྲི༔་་་ཨོཾ་བུདྡྷ་ག་རུ་ཊ་ཧེ་ཧཾ་སེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ དེ་བཞིན་དུ་ རཏྣ་ པདྨ་ ཀརྨ་ལའང་སྦྱར༔ མཚམས་བཞིར་གཉེན་པོ་སྡེ་བཞི་བྲི༔་་་ཨོཾ་ཕེ་ལམ་རཀྵཿཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་ཧྲཱིཿབཾ༔ ཨོཾ་བཛྲ་ཙཎྜ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་བྷ་རཱ་ཧེ་བྷྱོ་ཕཊ༔ དེ་རྒྱབ་མུ་ཁྱུད་གསུམ་པ་ལ༔ ཀླུ་ཡི་སྲོག་ནས་སྔགས་ཀྱིས་དྲངས༔་་་ཨོཾ་ནག་པོ་ཏི་པ་ར་ཙ་ཡ་ནཱ་ག་རཱ་ཙ། ནི་ཕུལླ་ཤི་ན་ཕོས་ཕོས། ཤིག་ཤིག །ཆུམས་ཆུམས། ཧཱུ་ཡུ་ཧུ་ཡུ་ཏིར་ཡ་ཛ་ཛཿཛ་ཡེ་ཕུ། བི་ཛ་ཡེ་ཕུ། ཙི་ཏི་ཙི་ཏི་ཕུ། ཙི་ཏི་ཡོ་ག་ན། ཕུ་ནཱ་ག་རཱ་ཙ་ས་མ་ཡ་ཛ་ཛཿ ས་མ་ཡ་དུང་དུང་། ས་མ་ཡ་སྡུས་སྡུས། ས་མ་ཡ་ཐུཾ་ཐུཾ། ཕུཾ་ཕཾ་ཕཾ་ཛཿ དེ་རྒྱབ་མུ་ཁྱུད་བཞི་ལ༔ གཉེན་པོའི་སྔགས་ཀྱི་མཚོན་ཆ་དགོད༔་་་ཨོཾ་སརྦ་བཛྲ་ག་རུ་ཊ་ཧེ་ཧཾ་སེ་ཙ་ལེ་ཙ་ལེ། ཀྲང་ཀྲང་། ཀྲིང་ཀྲིང་། ནཱ་ག་དུ་ཙྪནྡེ་མི་ལི་མི་ལི་ནཱ་ག་ནི། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། པ་ཙ་པ་ཙ། ད་ཧ་ད་ཧ། མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ། ཨོཾ་ཕེ་ལཾ་ཧཱུྃ། ནཱ་ག་རཀྴ་ནག་པོ་ཏི་པ་ར་ཙ་ཧཱུྃ་ཕཊཿ ཨོཾ་པདྨ་ཀྲོ་དྷ་ཙཎྜ་རཀྵ་ཧཱུྃ་ཕཊ། ཨོཾ་ནི་ལམྦཱ་ར་དྷཱ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་ཧཱུྃ་ཕཊ༔ ཨོཾ་ཉི་མ་པ་ལ་ནན། ཀླད་པ་ནན། གུ་ན་ཞི། ཨེ་ཙི་ཏྲ་མ་ཀ་ཡ་བྷྱོ། ཨོཾ་བཛྲ་བྷ་རཱ་ཧེ་ཀྲོ་ཏཱི་ཀ་ལཱི་སརྦ་དུཥྚཱན་ཧཱུྃ་ཕཊ། ནཱ་ག་དུཥྚཱན་མཱ་ར་ཡ་ཕཊ། འཆང་བ་པོ་ལ་གདུག་པ་ཀླུ་ཡི་གནོད་པ་ཐམས་ཅད་རཀྵ་རཀྵ༔ དེ་རྒྱབ་མུ་ཁྱུད་ལྔ་པ་ལ༔ དབྱངས་གསལ་རྟེན་འབྲེལ་སྔགས་ནུས་བསྐྱེད༔ སྤེལ་ཚིག་མཚོན་ཆ་གདགས་པར་བྱ༔་་་ཨ་ཨཱ་སོགས་ནས། ཤྲ་མ་ཎ། འདི་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་སྐྱེ་དང་ཚེ་རབས་ཐམས་ཅད་དུ་གདུག་པ་ཀླུ་ཡི་མཐོང་བའི་དུག་ཐམས་ཅད་རཀྵ་རཀྵ། རེག་པའི་དུག༴ ཁ་རླངས་ཀྱི་དུག༴ བསམ་པའི་དུག༴ དུག་གི་རྒྱུ་ཐམས་ཅད༴ དུག་གི་ངོ་བོ་ཐམས་ཅད༴ དུག་གི་འབྲས་བུ་ཐམས་ཅད༴ མདོར་ན་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་རཀྵ་རཀྵཿ དེ་རྣམས་དཔེ་འུ་རིས་སུ་ཤེས༔་་་དཔེའུ་རིས་དང་བསྟུན་ན་གོང་གི་མཆན་བུ་ལྟར་རོ། །བྲི་བ་རྫོགས་ནས་རྫས་ཀྱིས་བྱུགས༔་་་ཁྱུང་ལྔ་། ཀླུ་བདུད་རྡོ་རྗེ། གཟའ་བདུད་རྡོ་རྗེ། ཐལ་ཀར་རྡོ་རྗེ་རྣམས་སོ། །དེ་ནས་ཁྱུང་ཆེན་རིགས་ལྔར་བསྐྱེད༔ རབ་ཏུ་གནས་པས་ནུས་པ་བསྐྱེད༔ གཉེན་པོ་རྫས་་་གླ་ནག་གི་རྩི་རིལ། འོལ་བའི་མཆུ། ཕག་དབུགས་མ་ཆད་པའི་སྣའོ།དང་ལྷན་ཅིག་ཏུ༔ དར་རས་ནག་པོའི་ཁུད་དུ་དྲིལ༔ མི་ལག་མི་བརྒྱུད་མགུལ་དུ་གདགས༔ གཅིག་ཏུ་ཀླུ་ཡི་གནོད་པ་སྲུང༔ གཉིས་སུ་ས་བདག་གདུག་རྩུབ་སྲུང༔ གསུམ་དུ་གཉན་གྱི་འགྱུ་ལྡོག་སྲུང༔ བཞི་རུ་བྱད་ཁ་གཏད་ཁྲམ་སྲུང༔ ལྔ་རུ་འགོ་བའི་ནད་ཀུན་སྲུང༔ དྲུག་ཏུ་མཁོན་དང་མི་གཙང་སྲུང༔ བདུན་དུ་ཀླུ་ཡི་དུག་ཀུན་སྲུང༔ བརྒྱད་དུ་ཀླུ་ཡི་ནད་ཀུན་སྲུང༔ དགུ་རུ་སྡེ་བརྒྱད་གཞན་ཡང་སྲུང༔ མདོར་ན་མང་དུ་སྨྲོས་ཅི་དགོས༔ རྡོ་རྗེ་ཁྱུང་ཆེན་ཉིད་དང་མཚུངས༔ མངའ་བདག་རྗེ་འབངས་སྐུ་སྲུང་དུ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཀླུ་འདུལ་དྲག་སྔགས་རྒྱུད་ལས་བཏུས༔ མ་འོངས་འགྲོ་ལ་ཕན་ཐོགས་ཤོག༔ ཁྱད་པར་ྈྈྈྈྈྈྈ འདི་ཡི་བསྟན་པ་དར་ནས་ཀྱང༔ གདུག་པའི་ཀླུ་གདོན་སྲུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ གར་དབང་ལས་འཕྲོ་གླིང་པའི་་་ཨེ་སྤེལ་ཅོག་པ།གཏེར་མའོ། ༈ །ས་བདག་ཀླུ་གཉན་གྱི་རྫས་སྲུང་ནི། གསེར་ཐིག་པོ། གླ་རྩི། ཤུ་དག་ནག་པོ་གསུམ་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་ག་རུ་ཊ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྵ་ཀཱ་ལ་ཧཱུྃ་ཕཊ༔ ཅེས་སུམ་བརྒྱ་རེ་བཟླས་ཏེ་མགུལ་དུ་བཏགས་པས་ས་བདག་ཀླུ་གཉན་གྱི་གནོད་པ་སྲུང་བར་གསུངས་སོ། ༈ །ཀླུ་གཉན་ས་བདག་གི་སྒྲིབ་ཤིང་བྱང་བུ་གསུམ་པ་ནི། བྲག་རི་དམར་པོ་ལ་སྐྱེས་པའི་སྐྱེར་པ་ནག་པོའི་བྱང་བུ་ལ། ཨོཾ་ཧཱུྃ་ཧྲཱིཿཁྲོཾ་བྷྱོ་ཏྲིག་ཁྲོམ་ནཱ་ག་གྷི་ཏཻ་སྒྲིབ་སྒྲིབ་སྦོས་སྦོས་ལྷབ་ཧབ་ཧབ༔ ཅེས་བྲིས་ལ་གླ་རྩི་བྱུགས་པས་ཀླུ་ཐམས་ཅད་སྒྲིབ་བོ། །བྲག་རི་ནག་པོ་ལ་སྐྱེས་པའི་གླ་རྐང་གི་ཤིང་གི་བྱང་བུ་ལ། ཨོཾ་ཧཱུྃ་བཛྲ་ཡཀྴ་ཙཎྜེ་བྷི་ཏ་ཙ་ཏྲི་སྒྲིབ་སྒྲིབ་ལྷབ་ཧབ་ཧབ༔ ཅེས་བྲིས་པ་ལ་མུ་ཟི་ནག་པོ་བྱུགས་པས་གཉན་ཐམས་ཅད་སྒྲིབ་བོ། །བྲག་རི་སྔོན་པོ་ལ་སྐྱེས་པའི་དབྱི་མང་ནག་པོའི་བྱང་བུ་ལ། ཨོཾ་ྟལྷཱིཾ་མོནྟ་རཱ་ཙ་རི་གད་ལོང་སྒྲིབ་སྒྲིབ་སྦོས་སྦོས་ལྷབ་ཧབ་ཧབ༔ ཅེས་བྲིས་ལ་དྲེད་ཀྱི་ཁྲག་གིས་བྱུགས་པས་ས་བདག་ ཐམས་ཅད་སྒྲིབ་བོ། ༈ །དཔལ་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །རྒྱལ་པོ་གནད་འབེབ་འདིའི་ལོ་རྒྱུས་ནི། སྔོན་སློབ་དཔོན་སློབ་མ་ གཉིས་མ་འཆམ་ནས་སློབ་མས་སློབ་དཔོན་བསད་པས་སློབ་དཔོན་དེ་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་པར་སྐྱེས། སློབ་མ་དེ་བསད་ནས་ཟོས་སོ།། སློབ་མ་དམ་ཉམས་པས་རྒྱལ་པོར་སྐྱེས། དེས་ན་རྒྱལ་པོའི་གཉེན་པོ་སྡིག་པ་ཤིས་སོ། །འདི་བལ་པོའི་ཚོང་དུས་ཡམ་བུའི་སྒོ་གླད་ན་ཟངས་ཀྱི་གྭའུའི་ ནང་ནས་བླ་མ་ཁ་ལ་མེ་འབར་གྱིས་བཏོན་པའོ། །འདི་ལ་སྔགས་བཟླ་བ་དང་། སྲུང་འཁོར་འདོགས་པ་དང་། སྲེག་མནན་གང་ཡང་མི་དགོས་སོ།། འདི་ཕྱི་སྒོའི་ཡ་ཐེམ་ལ་བཏགས་པས་རྒྱལ་པོའི་རིགས་སུ་གྱུར་པ་ཐམས་ཅད་འདི་མཐོང་བ་ཙམ་གྱིས་གཏད་ཡར་བྲོས་སོ། །སྙིང་གས་པ་ཙམ་དུ་བྲོས་སོ།། མ་དྲིལ་ན་ལྟེབས་འདི་ཀ་ལྟར་བྲིས་ལ་ཡ་ཐེམ་ལ་གདགས་སོ། །སྡིག་པ་ཁ་སྤྲོད་འདི་ཕོ་འདྲེ་རྒྱལ་པོ་ཐམས་ཅད་ལམ་གཅོད་པའི་མན་ངག་འདི་ལས་ཟབ་པ་མེད་དོ། །མི་ལ་མ་སྤེལ་ཅིག །རང་ལ་གནོད་པ་ཡིན། འདིས་ནི་རཱ་ཛ་ཐམས་ཅད་བརླག་པར་ཐེ་ཚོམ་མེད་དོ། །འདིའི་བྱ་ཐབས་ལ། འཁོར་ལོ་དཔེའུ་རིས་ལྟར་བྲིས་པའི་རྒྱལ་པོའི་གཟུགས་ནང་འདི་བྲིའོ། །སུཾ་ཏྲི་མཱ་ར་ཡ། ས་དུ་ཀཾ་པ་ཡཱ། གཏུབ་གཏུབ། ཏྲི་ཏོ་པར་ཤག་ཕྱེ་ཕྱེ། རི་མེ་ཙ་དུ་ལ་ཙཀྲ་ཀྵ། ཙཀྲ་ཧ་ན་ཧ་ན་་་དྷ་ན་བྷ་ན་ཟེར་བའང་སྣང་།ཧཱུྃ་ཕཊཿ སྲོག་ཏི་ཏྲི་མ་ཡཾ་ཤག་ཕྱེ། ཐུཾ་རིལ་ཧཱུྃ་ཕཊ། ཁྱིམ་སྒོ་ལམ་སྲང་འདི་ལ་རྒྱལ་འགོང་གི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵཿ ཞེས་པ་གཟུགས་ནང་དུ་ཚུད་པར་བྱའོ།། ྀཨཚ༔ ༈ གུ་རུ་ལ་ན་མོ། རྒྱལ་པོའི་སྨྱོ་འབོག་སྲུང་བའི་ཙཀྲ་འདིའི་ལོ་རྒྱུས་ནི། སྔོན་དགེ་བཤེས་རྣ་ཕུ་ཆོས་ལུང་བྱ་བ་ལ་རྒྱལ་པོས་གནོད་པས་སྨྱོ་ནས་ཐབས་མང་དུ་བཙལ་ཀྱང་མ་ཕན་ལ། རྣལ་འབྱོར་པ་སེ་སྟོན་བྱ་བས་ཙཀྲ་འདི་བཏགས་པས་གནོད་པ་མ་བྱུང་བ་ལ། ཉིན་གཅིག་མགོ་བཀྲུ་བའི་དུས་སྲུང་འཁོར་ཕུད་པ་དེ་ཉིན་འདོགས་རྒྱུ་བརྗེད་ནས་མ་བྱུང་བ་ལ། དེ་ནུབ་རང་དུ་རྒྱལ་པོ་དེ་གཡོག་བཙུན་ཆུང་གཅིག་དང་བཅས་ལྷྭམ་མཐིལ་རྡོལ་ཁྲེས་པོ་རེ་ཁུར་ནས། ན་ནིང་ནས་ཕྱོགས་བཅུར་ལྷམ་འདི་རྣམས་རྡོལ་རྡོལ་དུ་བཙལ་བས་མ་རྙེད་པའི་གྲོགས་པོ་དེ་འདི་ན་འདུག་ཟེར་བ་ལ། སྲུང་འཁོར་འཕྲལ་དུ་བླངས་ནས་བཏགས་པས་ད་ལྟར་རང་འདི་ན་ཡོད་པ་ལ་གར་སོང་ཟེར་མགོ་ལ་རེག་ཡུལ་ཡུལ་བྱེད་འདུག་ཀྱང་མ་མཐོང་སྐད་དོ། །འདིའི་བྱ་ཐབས་ནི། རབ་ཟླ་བ་གང་ཡང་རུང་བའི་ཉ་དང་སྐར་མ་མཆུ་འཛོམས་པའམ། དེ་ལྟར་མ་བྱུང་ན་སྐར་མ་མཆུ་དང་ཚེས་གྲངས་ཁ་ཡར་བ་ཞིག་འཛོམ་པའི་ཉིན་རང་གི་ཁྱིམ་མ་ཡིན་པའི་གནས་དབེན་པར་སུས་ཀྱང་མ་མཐོང་བར་བྱས་ལ་ཁ་ཤར་དུ་ཕྱོགས་པས་འཁོར་ལོ་དཔེའུ་ཆུང་ལྟར་བྲི། འབྲི་བའི་རྫས་ནི་རྟ་རྒྱ་བོ་འོག་ཅན་གྱི་གསོན་ཁྲག་ལ་རྨ་བྱའི་མདོངས་ཐལ་བསྲེ། གཟུགས་མོ་བྱི་ཐུར་གྱི་སྨྱུ་གུས་བྲིའོ། །རྟ་ནག་པོའི་བོན། གུ་གུལ་ནག་པོ། གླ་རྩི། རྨ་བྱའི་མདོངས་ཐལ་རྣམས་བྱུག །ཆུ་སྲིན་སྡེར་མོ་ལ་གསེར་གྱིས་ཁྲོཾ་བྲིས་པ་ལྟེ་བར་བཅུག་ན་བཟང་། རབ་གནས་བགྱིས་ལ་བལྟབས་ཏེ་དར་དམར་པོས་དྲིལ་ལ་བཏགས་པས་རྒྱལ་པོའི་རིགས་ཕྱོགས་སུ་མི་ཉེ། མཉམ་དུ་སྡོད་ཀྱང་མཐོང་བ་མི་སྲིད་དོ། །ཡིད་ཆེས་པའི་གདིངས་འཆའ་བ་དམ་ཚིག་གོ །མནྟྲ་གུ་ཧྱ། དཔེ་རིས་ལ་འཁོར་ལོ་མུ་ཁྱུད་ལྔ་ལྟེ་བར་ཨོཾ། ཨོཾ་གྱི་ཀླད་སྐོར་ནས་བརྩམ་སྟེ། རཱ་ཙ་སྲོག་ཏྲིག་ནན་རྦད་འཆང་བ་པོ་ལ་རཀྵཿ དེའི་ཕྱི་རིམ་རྩིབས་བཞིའི་ཨོཾ་གི་མགོ་ཕྱོགས་ནས་གཡས་སྐོར་དུ་མུ་ར་ཡ་ ཏྲི་ཛཿ ཤག་ ཧཱུྃ་ཛཿ ཞེས་བྲི། རྩིབས་མཆན་ལ་ རཱ་ཛཱཿ སྲོག་ ཏྲིག་ ནན། དེའི་ཕྱི་རིམ་མུ་ཁྱུད་ལ། རཱ་ཛཿསྲོག་ཏྲིག་ནན་གྱི་མཐར་སྤེལ་ཚིག །དེའི་ཕྱི་རིམ་ལ་ཡེ་དྷརྨཱ་སྤེལ་ཚིག་ཅན། དེའི་ཕྱི་རིམ་རྡོར་ར། དེའི་ཕྱི་རིམ་མེ་རིའོ། །སྤེལ་ཚིག་ནི། འཆང་བ་པོ་ལ་རྒྱལ་གདོན་གྱི་གནོད་པ་སྲུངས་ཤིག་སྒྲིབས་ཤིག་རཀྵ་རཀྵཿ མུ་ཁྱུད་གཉིས་པའི་ཡིག་མགོ་ནང་བསྟན། གཞན་རྣམས་ཕྱིར་བསྟན་དུ་བྲིས་སྣང་ངོ་། །རྒྱལ་སྲུང་ཉ་མཆུ་མ་ཞེས་ཟབ་པར་གྲགས་པའི་གདམས་པའོ། །སརྦ་མངྒ་ལཾ།། ༈ རྒྱལ་པོ་དང་ཤི་འདྲེ་སོགས་སྲུང་མདུད་ཀྱིས་སྲུང་བ་ནི། སྐུད་པ་དམར་པོ་སོགས་སུམ་སྒྲིལ་ལ་མདུད་པ་བདུན་བཏབ། མདུད་པ་རྣམས་ཧྲཱིཿཡིག་མེ་འབར་བས་རྒྱལ་གདོན་ཐམས་ཅད་བསྲེགས་ཤིང་སྲུང་བར་བསམ་ལ་སྔགས་འདི་མང་དུ་གདབ་བོ། །ཧཱུྃ་ཧཱུྃ་ཨོཾ་ཤ་ཟ་ས་སོ་ཡ་དུམ་པར་དྲིལ། རཱ་ཙ་ཙིཏྟ་རྦད། གནོད་བྱེད་ཙིཏྟ་རྦད། གདོན་བྱེད་ཙིཏྟ་རྦད། དམ་སྲི་ཙིཏྟ་རྦད། རཱ་ཙ་སརྦ་རཀྵ་རཀྵ་སྭཱ་ཧཱ༔ ཤིན་ཏུ་ཟབ་བོ། ༈ །རྒྱལ་གདོན་སོགས་བར་ཆད་ཀྱིས་མི་ཚུགས་པའི་ཟ་ཡིག་ནི། ཧཾ་ཤཾ་ཏྲིག་ནན་དུ་རག་ཏུ་བཛྲ་མཱ་ར་ཡ་ཕཊ༔ རྒྱ་ཤོག་ལ་རྒྱ་སྣག་གིས་བྲི། མགོ་ནས་དྲིལ་ལ་མིད་དོ། །སྨྱོ་འབོག་འདུལ་བའི་ཟ་ཡིག་ནི། ྈ འདི་རྒྱུན་བསྟུད་ནས་བྱིན་ན་ཕན་ངེས་སོ། །འདི་དག་དུམ་པ་རྒྱའི་ཟབ་གཏེར་ལས་བྱུང་བའོ། ༈ །དབང་ཆེན་དྲེགས་པ་ཀུན་འདུལ་ལས། རྒྱལ་བསེན་བརླག་ཆོག་མདུད་ཆོག་མེའི་ཕྲེང་བ་གདུག་པའི་སྤུ་གྲི་བཞུགས། ྈྈྈྈ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ མ་འོངས་དམ་སྲི་གདུག་པ་ཁ་དར་བའི་དུས༔ ཆོས་པའི་དགེ་སྦྱོར་ལ་གནོད༔ སྐྱེས་པའི་སྲོག་ལ་གནོད༔ བུད་མེད་ཀྱི་སྲིད་ལ་གནོད༔ ལོངས་སྤྱོད་ཀྱི་ནོར་ལ་གནོད༔ དེ་སྲུང་བའི་ཐབས་གནད་ཆིངས་ཀྱི་འཁོར་ལོ་འདིའི་རྫས་ལ༔ ལུག་ཐུག་གི་སོག་བལ་གཡས་དཀར་གཡོན་ནག་ལ་སྐུད་པ་དཀར་པོ་རྐྱ་གཉིས་ནག་པོ་རྐྱ་གཅིག་སྟེ་སུམ་སྒྲིལ་དུ་བྱས་པ་བུ་མོ་གཙང་མས་ལེགས་པར་སྒྲིལ་ལ་མདུད་པ་ལྔའམ༔ བདུན་ནམ༔ ཉེར་གཅིག་གནོད་པ་ཆེ་ཆུང་དང་བསྟུན༔ མདུད་པ་རེ་རེ་བྱ་ཞིང་སྔགས་ལ༔ ཨོཾ་རཱ་ཙ་ཐུམ་རིལ༔ རཱ་ཙ་ཤག་དུན༔ རཱ་ཙ་ཤི་ཡ་རྦད༔ རཱ་ཙ་ཧུར་ཐུམས༔ རཱ་ཙའི་སྲོག་ལ་ཛ་ཛ༔ ཡ་ཡ་རྦད༔ རཱ་ཙའི་སྙིང་ལ་དུན་དུན༔ སྲིལ་སྲིལ༔ ཧཱུྃ་ཛ༔ ཧཱུྃ་རཱ་ཙ་ཧེར་ཤོག༔ རཱ་ཙ་མཱ་ར་ཡ་ཁྲག་ཏིག་ཧུར་ཐུམས་ཛ༔ རྒྱལ་འགོང་གནོད་བྱེད་ཀྱི་སྙིང་ལ་བཾ་ཧོཿམཱ་ར་ཡ༔ ཆིངས་ཆིངས་སྭཱ་ཧཱ༔ བསེན་མོའི་སྔགས་ནི༔ རཀྨོ་ཐུམ་རིལ༔ རཀྨོ་ཤག་དུན༔ རཀྨོ་ཡ་ཤི་རྦད༔ རཀྨོ་ཧུར་ཐུམས་རྦད༔ ཨ་ཐུམ་རགྨོའི་སྲོག་ཛ་ཛཿཡ་ཡ་རྦད༔ རགྨོའི་སྙིང་ལ་དུན་དུན༔ སྲིལ་སྲིལ་ཧཱུྃ་ཛ༔ ཧཱུྃ་རགྨོ་ཧེ་ར་ཤོག༔ རཀྨོ་མཱ་ར་ཡ༔ ཁྲག་ཏིག་ཧུར་ཐུམས་ཛ༔ བསེན་མོ་གནོད་པར་བྱེད་པའི་སྙིང་ལ་བཾ་ཧོཿམཱ་ར་ཡ་ཆིངས་ཆིངས་སྭཱ་ཧཱ༔ རྒྱལ་བསེན་གང་གནོད་ཆེ་བའི་སྲོག་སྔགས་མང་དུ་བཟླས་ཤིང་བརྒྱ་རྩ་བརྒྱད་ཀྱི་ཆོ་ག་གྲུབ་པར་བྱས་ལ༔ སྲུང་མདུད་གང་ལ་བཏགས་པ་དེ་ཉིད་གདོན་ནད་ལས་གྲོལ་བར་ཐེ་ཚོམ་མེད་དོ༔ འདི་ནི་པདྨ་འབྱུང་གནས་བདག་གིས་དུར་ཁྲོད་ཆེན་པོ་བརྒྱད་དུ་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་མཛད་ཅིང་བཞུགས་པའི་དུས་སུ༔ ཤངྐར་ཞེས་པའི་གྲོང་ཁྱེར་དེར་མི་ནད་དང་ཕྱུགས་ནད་ཆེན་པོ་བྱུང༔ སྨྱོ་འབོག་དང་བརྒྱལ་ནད་མང་དུ་བྱུང་ནས༔ འདི་ལྟ་བུའི་གནོད་ཅིང་འཚེ་བའི་རིགས་རྣམས་གང་གིས་འདུལ་ཞེས་དགོངས་པ་ལ་བཞུགས་པས༔ མཁའ་འགྲོ་མ་རྣམས་ཀྱིས་དངོས་སུ་ཕུལ་བའི་གདམས་པ་དབང་ཆེན་དྲེགས་པའི་ལས་མཐའ་གཏེར་རྒྱ༔ དམ་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ རིག་འཛིན་འགྲོ་འདུལ་གླིང་པ་ཤེས་རབ་འོད་ཟེར་གྱི་གཏེར་མའོ། ༈ །རྨི་ལམ་དག་སྣང་གི་སྐོར་ལས༔ གནམ་ལྕགས་སྡིག་པའི་སྲོག་མདུད་ཡོད༔ ན་མོ་པྲ་བྷ་ཀཱ་ར་ཡ༔ གནམ་ལྕགས་སྡིག་པ་ནག་པོའི་སྲོག་མདུད་འདི༔ སྲུང་སྐུད་གཉིས་སུ་ཡོད་པ་ནི༔ སྲུང་སྐུད་གཅིག་ལ་མདུད་པ་གསུམ༔ ཕྱི་ནས་སྲུང་སྐུད་གཅིག་གིས་དཀྲི༔ མགོ་གསུམ་མཇུག་མའི་ཁ་དང་བཞི༔ སྙིང་ཁར་ཤོག་དྲིལ་འདི་ཉིད་གཞུག༔ ཨོཾ་བཛྲ་ཀྲོ་དྷ་ཛྙཱ་ན་རཱ་ཛ་སྲོག་དུང་དུང༔ ཨ་རྩིག་སོགས་ཀྱིས་ལེགས་པར་བསྔགས༔ གནམ་ལྕགས་སྡིག་པ་དངོས་སུ་བསྐྱེད༔ འདི་ཡི་ཕན་ཡོན་བསམ་མི་ཁྱབ༔ གཅིག་ཏུ་གཟའ་ཡི་གནོད་པ་ཐུབ༔ གཉིས་སུ་བརྒྱལ་ནད་སྨྱོ་འབོག་ཐུབ༔ གསུམ་དུ་ཐབས་གཉན་གཞོབ་གསུམ་ཐུབ༔ བཞི་རུ་འགོ་ནད་འབྲུམ་བུ་ཐུབ༔ ལྔ་རུ་རྨིས་ལྟས་ངན་པ་ཐུབ༔ དྲུག་ཏུ་འདྲེ་ཕོ་མོ་ཐམས་ཅད་ཐུབ༔ བདུན་དུ་བྱང་སེམས་འཛག་པ་ཐུབ༔ བརྒྱད་དུ་སྲོག་རླུང་སྙིང་གཟེར་ཐུབ༔ དགུ་རུ་རྨ་དང་འཇིགས་སྐྲག་དང༔ གླད་ཡུ་འཁོར་བ་ལ་སོགས་ཐུབ༔ ཕན་ཡོན་བརྗོད་ལས་འདས་པ་ཐོབ༔ མང་དུ་སྤེལ་ན་འཁུ་ལྡོག་འོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ འདིའང་ཉམས་ཀྱི་སྣང་བར་དཔེ་ཆ་ཞིག་བཀླགས་པས་ཤེས་འདུག་ཅིང༔ སྲུང་སྐུད་མདུད་ལུགས་གཞན་ཞིག་གིས་བསླབས་པ་ཡིན་ནོ༔ གནམ་ཆོས་མི་འགྱུར་རྡོ་རྗེའི་དག་སྣང་ངོ་། ༈ །བཙན་སྲུང་ཐོགས་ཆོག་འཁོར་ལོ་བཞུགས་སོ༔ དབང་ཆེན་རྟ་མགྲིན་ལྷ་ལ་ཕྱག་འཚལ་ལོ༔ དྲེགས་པ་བཙན་གྱི་སྡེ་ཚོགས་ནི༔ མང་ལ་དར་དྲགས་རྡུལ་ལྟར་འཚུབས༔ རྣོ་ལ་རེག་གཅོད་ཐོག་དང་འདྲ༔ གློ་བུར་གཟེར་ནད་ཡམས་ནད་དང༔ ནང་དམེ་གོད་ཁ་སྣ་ཚོགས་འབྱུང༔ དེ་ལ་སྲུང་དང་གཟིར་བ་དང༔ བསད་མནན་ཤི་ས་བསྟན་པ་སོགས༔ ལས་ཀྱི་རིམ་པ་བསམ་འདས་ཀྱང༔ ཀུན་ལ་གཅེས་པའི་སྲུང་བ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་དུག་ཤོག་གྲུ་བཞི་ལ༔ བྱ་ཕོ་མཚའ་ལུའི་ཟེ་ཁྲག་དང༔ གྲི་ཁྲག་ཤུ་དག་རྒྱ་སྣག་གིས༔ འཁོར་ལོ་དཔེ་འུ་ཆུང་ལྟར་དུ༔ བྲིས་བསུབ་ལྷག་ཆད་མེད་པར་བྲི༔ དབང་ཆེན་རྟ་མགྲིན་སྐུ་མདོག་དམར༔ ཐོད་དབྱུག་ཞགས་པ་བསྣམས་པར་བསྐྱེད༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསྟིམ༔ རང་སྔགས་བརྒྱ་རྩས་རབ་གནས་བྱ༔ རྟ་མགྲིན་འོད་ཞུ་འཁོར་ལོར་བསམ༔ ཟངས་རྡོ་མཁན་དམར་བྱ་ཕོའི་སྒྲོ༔ ལྷན་ཅིག་དར་དམར་ཁུད་དུ་དྲིལ༔ མི་རྟ་གང་ལ་བཏགས་ཀྱང་རུང༔ ལྷ་བཙན་ཀླུ་བཙན་རྒྱལ་བཙན་དང༔ ལ་བཙན་ཀླུང་བཙན་གྲོང་བཙན་སོགས༔ བཙན་རིགས་སུམ་བརྒྱ་དུང་ཕྱུར་གྱིས༔ ནམ་ཡང་ཉེ་བར་མི་ནུས་སོ༔ ཐོགས་ཆོག་འཁོར་ལོ་ཨ་ཐཾ་རྒྱ༔ ྈྈྈ པདྨ་ལས་འབྲེལ་རྩལ་གྱི་གཏེར་མའོ། །འདིའི་དཔེའུ་རིས་ལ། འཁོར་ལོ་མུ་ཁྱུད་བདུན་པ་ཕྱི་རོལ་དུ་ཕྱོགས་མཚམས་བརྒྱད་དུ་རྟ་དབུ་ཕྱོགས་མདོག་དང་མཛེས་ཚོན། དབུས་ཀྱི་ལྟེ་བར་ དེ་ཡི་མཐར༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧཱུྃ། མུ་ཁྱུད་དང་པོ་ལ། དེ་བ་ཙནྟྲི་ ནཱ་ག་ཙནྟྲི་ རཱ་ཛ་ཙནྟྲི་ ཡཀྴ་ཙནྟྲི་ རཀྴ་ཙནྟྲི་ མཱ་ར་ཙནྟྲི་ ཁྲེ་མ་ཙནྟྲི་ ཤུ་ལ་ཙནྟྲི་ཙ་ཛ༔ གཉིས་པ་མཚོན་འཁོར་རྩིབས་བརྒྱད་པར་ཤར་ནས་གཡས་སྐོར་དུ་ཕྱོགས་བཞིར། ཨོཾ་བུདྡྷ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྃ། དེ་བཞིན་དུ་ རཏྣ་ པདྨ་ ཀརྨ་ ཤར་ལྷོ་ནས་མཚམས་བཞིར། ཛྙཱ་ན་ ལོ་ཀ་ ཡཀྴ་ རཀྴ་ཞེས་སོ་སོའི་མགོར་ཨོཾ་དང་། མཐར་ཧ་ཡ་གྲཱི་ཝ་ཧཱུྃ།ཞེས་སྦྱར། དེ་རྒྱབ་གསུམ་པ་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཧ་ཡ་གྲཱི་བ་ཀྲོ་དྷཱི་ཤྭ་རཱི་དེ་མ་ཁ་ལ་བཾ་རིལ། ཧུ་ལུ་ཧུ་ལུ། མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ། ཀརྨ་རཾ་རཾ། ཛྭ་ལ་རཾ་རཾ། ཏྲིག་ནན་ཐུལ་ཐུལ། ཤག་ཤག །བྷནྡྷ་བྷནྡྷ། པ་ཙ་པ་ཙ། ད་ཧ་ད་ཧ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་ཙནྟྲི་ཙ་ར་ཙ་ལ་ཤུ་ལ་ར་ཏྲི་ཏྲིག་ཐུམ་གཟེར་ནན། བིགྷྣཱན། སརྦ་ཨ་པ་ཀ་ར་མཱ་ར་ཡ་ཕཊ། འདི་འཆང་བ་པོ་ལ་སྟེང་ལྷའི་བཙན། འོག་ཀླུའི་བཙན། བར་རྒྱལ་འགོང་དང་ཐེའུ་རང་གི་བཙན། གནོད་སྦྱིན་དང་སྲིན་པོའི་བཙན། གྲི་བོ་དང་གྲི་མོའི་བཙན། ལ་བཙན་དང་ཀླུང་བཙན། བྲག་བཙན་དང་གངས་བཙན། ས་བཙན་དང་ཆུ་བཙན། གད་བཙན་དང་གཡང་བཙན། མདོར་ན་བཙན་རིགས་སུམ་བརྒྱ་དྲུག་ཅུ། འཁོར་ཚོགས་བྱེ་བ་དུང་ཕྱུར་གྱི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵཿ མུ་ཁྱུད་བཞི་པ་ལ། དབྱངས་གསལ་རྟེན་སྙིང་སྤེལ་ཚིག་གོང་ལྟར། མུ་ཁྱུད་ལྔ་པ་ལ་རྡོར་ར། དྲུག་པ་ལ་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པ། བདུན་པ་ལ་མེ་རི་བཅས་བྲིས་སྣང་ངོ་། ༈ །སྔགས་མདུད་ཀྱིས་བསྲུང་བ་ནི། དར་དམར་པོ་ཁ་གང་ངམ་རྔ་མ་དམར་པོའི་སྐུད་པ་སུམ་སྒྲིལ་དུ་བྱས་ལ་རྡོ་རྗེའི་མདུད་པ་བཏབ། རྟ་མགྲིན་དུ་བསྐྱེད། རྟ་མགྲིན་གྱི་སྔགས་དང་། ཨོཾ་ཤཱུ་ལ་ཏྲི་སརྦ་ཙནྟྲི་རཱ་ཙ་ཙ་ར་རཀྵ་རཀྵ༔ མང་དུ་བཏབ། ལྷ་འོད་དུ་ཞུ་བ་མདུད་པར་བསམས་ལ་བཏགས་པས་མི་རྟ་གང་ལའང་སྲུང་སྐུད་མ་ཆད་བར་བཙན་གྱི་གནོད་པ་སྲུང་ངོ་། །རིག་འཛིན་རྗེའི་ཕྱག་ལེན་མའོ། ༈ །བཙན་གྱི་བླ་རྡོ་རྟོད་ལ་གཟུང་བ་ནི། དར་དམར་པོ་ལ་འཁོར་ལོ་གྲུ་བཞི་པ། མུ་ཁྱུད་གཉིས་པའི་ལྟེ་བར་གྲུ་བཞིའི་དབུས་སུ། ཙ་ཙ་ཙ་རཱ་ཛཿ མུ་ཁྱུད་དང་པོའི་ཕྱོགས་བཞིར་ཡི་དམ་གང་ཡིན་ནམ། རྟ་མགྲིན་གྱི་སྔགས་རེ། མུ་ཁྱུད་གཉིས་པར་ མེ་རི་བྲི། སྐྱེར་པའི་ཕུར་པ་སོར་བཞི་པས་སྲོག་ཤིང་བྱས་ལ་དྲིལ། དེ་དར་དམར་པོས་དྲིལ། དེ་ སྐུད་པ་སྔོ་དམར་གྱིས་བར་མཚམས་མེད་པར་དཀྲིས་ལ་མགོ་མཇུག་མ་ལོག་པར་བྱས་ཏེ། ལུས་ལ་ བཅངས་པས་བཙན་རྣམས་བྲན་བཞིན་དུ་བྱེད་ཅིང་། བཙན་གྱི་གནོད་པ་མི་འབྱུང་ངོ་། །ཡི་དམ་ལྷ་ བསྙེན་ཐེམས་པ་གལ་ཆེའོ། །གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁ་ལས་བྱུང་ངོ་། །ཤུ་བྷཾ། ། ༁༔ ཨཱརྱ་རེ་མནྟ་ལ་ཕྱག་འཚལ་ལོ། །རྟའི་རྟེའུ་སྲུང་བའི་འཁོར་ལོ་ལ་དྲི་བཟང་སྨན་དགོས་སོ། །ཙཀྲ་ཇི་ལྟ་བ་བཞིན་ བྲིས་ལ་ཡར་ངོའི་གཟའ་སྐར་བཟང་པོ་ལ་ནས་ཀྱི་མཎྜལ་རིན་པོ་ཆེ་ལྟ་བུ་གཅིག་བྱས་ནས། དེའི་སྟེང་དུ་སྲུང་འཁོར་བཞག །མཆོད་པ་རྣམ་ལྔ་དང་། དཀར་གཏོར་བཤམ། དེ་ནས་འཁོར་ལོ་དེ་མི་དམིགས་པའི་ངང་ལས་མགོན་པོ་ཨཱརྱ་རེ་མནྟ་བསྐྱེད། དེའང་ཞལ་གཅིག་ཕྱག་གཉིས་མེ་དཔུང་ནང་ན་ བཞུགས་པས་གཡས་ཐོ་བ་གཡོན་ཞགས་པས་རྐྱང་སྲི་ཐམས་ཅད་རྡུལ་དུ་རློག་པར་བསྐྱེད། གཏོར་མ་གཞུང་གང་ཡིན་གྱི་སྔགས་ཀྱིས་བྱིན་བརླབས་ནས་ དབུལ། རྟེན་འབྲེལ་སྙིང་པོ་དང་རང་སྔགས་ཅི་འགྲུབ་ཀྱིས་རབ་གནས་བྱའོ། །ཚོན་སྐུད་ཀྱིས་བཅིངས་ལ་གདགས་སོ། །རྟ་མགོ་ལྗང་གུ་ཧྲཱིཿདམར་པོ་ བྱ། རྟ་སྲི་སྔོ་ནག་བྱ། མེ་རིས་བསྐོར། རྟའི་བཙན་སྲུང་དང་ཡོ་མ་ཁྱུ་སྲུང་། རྟེའུ་སྲི་ཁ་ཆིངས་སོགས་གང་བྱེད་ཀྱང་ཁ་བསྒྱུར་བྱའོ། །མངྒ་ལཾ། །ྀཨཚ། ༈ གསོན་འདྲེ་ཁ་ཆིངས་ཟབ་མོ་བཞུགས་སོ། །ཨོ་རྒྱན་པདྨའི་སྐུ་ལ་ཕྱག་འཚལ་ལོ། །གསོན་འདྲེ་མ་གཟིར་བའི་སྔགས་འདི་དང་པོ་བྱུང་བའི་ཁུངས་ནི། ཡུལ་རྒྱ་གར་གྱི་བརྟི་བྱ་བའི་བྲག་གི་རྐེད་པ་ཞིག་ན་གསོན་འདྲེ་ཤིས་པའི་གྲོང་ཁྱེར་བཞི་བཅུ་ཙམ་ལས། དེ་ཚོའི་དམ་ཚིག་ཏུ་ནམ་ལངས་པའི་དུས་ཕ་མ་སོགས་གང་མདུན་དུ་འཕྲད་པ་དེ་གསོན་འདྲེས་གསོད་པར་བྱེད་དོ། །དེ་ནས་སྔགས་ཀྱིས་སླར་ཟློག་སླ་བར་བྱེད་དོ། །དེ་ཉིད་ཕར་ལ་གསོད་པའི་སྔགས་ནི། ཡི་དམ་ལྷ་གང་ཡིན་གྱི་སྔགས་དང་སྦྲགས་ལ་སྔགས་འདི་བཟླའོ། །ཨོཾ་མ་དྷ་ཀ་ལ་ཧཱུྃ་ཕཊ༔ མ་ར་རུ་ཏི་པྲ་ཏི་ནི་ཚིནྡྷ་ཐིམ་རིལ་རྦད༔ གསོན་འདྲེ་ཆེ་གེའི་སྙིང་ལ་མཱ་ར་ཡ་རྦད༔ ཅེས་བརྒྱ་ཙམ་བཟླས་པས་གནོད་པ་ཐུབ། སྟོང་ཙམ་བཟླས་ན་གསོན་འདྲེ་ལ་སྨྱོ་འབོག་འོང་། ཁྲི་ཙམ་བཟླས་ན་གསོན་འདྲེ་འཆི་བར་འགྱུར། །གདམས་ངག་འདི་ནི་མེ་དང་འདྲ། །ལོ་ཀའི་གསོན་འདྲེ་རྩྭ་སྐམ་འདྲ། །རྩྭ་ཡི་ནང་ན་མེ་ཤོར་བཞིན། །འདྲེ་ཚོགས་ཐམས་ཅད་ཕུང་བར་འགྱུར། །གདམས་ངག་འདི་ལ་ཡོན་དུ་རྟ་བླང་ངོ་། །གང་ཟག་རེ་གཉིས་མ་གཏོགས་པ། །ཀུན་ལ་བསྟན་པའི་གནས་མ་ཡིན། །དེ་བས་གསང་བའི་རྒྱ་ཡིས་ཐོབས། །ས་མ་ཡ། རྒྱ་རྒྱ་རྒྱ། ཁ་ཐཾ། ྀཨཚ། གསང་རྒྱ། རིག་འཛིན་ངག་གི་དབང་པོའི་ཕྱག་དཔེ་ལ་བཤུས་པའོ། །འདི་གཞན་ལ་སྲུང་བ་བླ་ན་མེད་པའོ། ༈ །གཤེད་སྲུང་ཐོད་པའི་གུར་ཁང་བཞུགས་སོ། །ཡ་མཱ་རི་ན་མོ། འཆི་བདག་གཤིན་རྗེ་དང་གཤེད་ཁའི་གནོད་པ་སྲུང་བའི་ཙཀྲ་འདི་ལ་གསུམ་སྟེ། འཁོར་ལོ། རྫས། རབ་གནས་སོ། །དང་པོ་འཁོར་ལོ་ནི། འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར་བའི་ལྟེ་བར་རལ་གྲི་དྷཱིཿས་མཚན་པའི་མཐར། ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ འཕགས་པ་འཇམ་དཔལ་གཞོན་ནུས་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་འཆི་བདག་གི་བདུད་དང་གཤེད་ཁའི་གནོད་པ་ཐམས་ཅད་སྲུང་དུ་གསོལ། མུ་ཁྱུད་དང་པོ་ལ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱིས་འཆང་བ་པོའི་ལུས་ངག་སོགས་གོང་ལྟར། མུ་ཁྱུད་གཉིས་པ་ལ། མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་རྩིབས་མཆན་དང་བཅས་པ་བྱ། རྩིབས་བརྒྱད་ལ། ཨེ་ཀ་ཡ་མ་དུ་རུ་ཙཀྲས་འཆང་བ་པོ་ལ་འཆི་བདག་གཤེད་ཁའི་གནོད་པ་ཐམས་ཅད་རཀྵ་རཀྵ༔ དེ་བཞིན་དུ། ཧེ་ཀ་ཡ་མ་དུ་རུ་ཙཀྲས་འཆང་བ་པོ་ལ་སོགས། གྷྲྀ་མ་ཡ་མ་དུ་རུ་ཙཀྲས༴ དུ་ཏྲི་ཡ་མ་དུ་རུ་ཙཀྲས༴ སུཾ་ཏྲི་ཡ་མ་དུ་རུ་ཙཀྲས༴ ཕུ་ཏྲི་ཡ་མ་དུ་རུ་ཙཀྲས༴ ཀྵེ་ཊ་ཡ་མ་དུ་རུ་ཙཀྲས༴ ཀྵོ་བྷ་ཡ་མ་དུ་རུ་ཙཀྲས༴ ཞེས་བྲི། རྩིབས་མཆན་བརྒྱད་ལ། ཡ་བྷྱོ་རཀྵ་རཀྵ༔ ཞེས་བྲི། མུ་ཁྱུད་གསུམ་པ་ལ་ཐོད་སྐམ་གདོང་ཕྱིར་བསྟན་པ་མེ་འབར་བ་དང་བཅས་པའི་ཕྲེང་བས་བསྐོར། རྫས་ནི། ཐལ་ཆེན། གྲི་ཁྲག །པདྨ་རཀྟ། ཡུངས་དཀར། ཤུ་དག་བཅས་ལྷན་དུ་གཞུག །རབ་གནས་ནི། སྔགས་པ་ཡ་མཱ་རིའི་ང་རྒྱལ་དང་བཅས། འཁོར་ལོ་བསང་སྦྱང་། གཤིན་རྗེ་གཤེད་ཐོད་སྐམ་མེ་འབར་བའི་ཀློང་ན་བཞུགས་པར་གསལ་བཏབ་ཅིང་ཡེ་ཤེས་པ་བསྟིམ། རབ་ཏུ་གནས་པ་རྩ་སྔགས་སྟོང་ཕྲག་དང་། ལས་སྔགས་བརྒྱ་རྩས་བྱ། འཆང་བ་པོ་ལ་བཏགས་ན་ཐོད་པའི་གུར་ཁང་སྲུབས་མེད་མེ་འབར་བའི་ནང་དུ་ཚུད་པར་བསམ། ཤིན་ཏུ་ཟབ། འཁོར་ལོ་རྒྱས་འབྲིང་བསྡུས་གསུམ་ལས་འདི་བསྡུས་པ་ཡིན། དུམ་པ་རྒྱའི་མན་ངག་གནུབས་ཀྱི་མགུལ་ཁུག་མའོ། །ྀཨཚ༔ ༈ སྲི་ཟློག་འཁོར་ལོ་འབར་བའི་ཙཀྲ་བཅའ་ཐབས་བཞུགས་སོ། །ན་མཿཤཱཀྱ་མུ་ན་ཡེ། སྤྲུལ་སྐུ་བཟང་པོ་གྲགས་པའི་གཏེར་བྱོན་ཕྱིར་ཟློག་གི་འཁོར་ལོ་བཅའ་ཚུལ་ནི། རྒྱ་ཤོག་ལ་མཚལ་ལམ་རྒྱ་སྣག་གིས་མཚོན་ཆའི་འཁོར་ལོ་སྔོན་པོ་རྩིབས་བཅུ་གསུམ་དབལ་དང་བཅས་པ། དེའི་ཕྱི་རོལ་དུ་རྡོར་ར། མེ་རི། འཁོར་ལོའི་ལྟེ་བ་ཡངས་པར་བྱང་ཆུབ་མཆོད་རྟེན་སེར་པོ། དེའི་བུམ་པའི་ནང་དུ་གསེར་གྱི་ཧཱུྃ་གི་ཁོག་པར་ནྲྀ་ལྗང་གུ །དེའི་ཁོག་པར་ཨ་དཀར་པོ། རྩིབས་བཅུ་གསུམ་ལ། ཨོཾ་དྷུ་རུ་དྷུ་རུ་ཙཀྲ་འཆང་བ་པོ་ལ་ཆེ་སྲི་ཐམས་ཅད་རཀྵ་རཀྵ༔ དེ་བཞིན་དུ། ཛ་ཡ་ཛ་ཡ་ཙཀྲ་འཆང་བ་པོ་ལ་ཆུང་སྲི༴ ཧ་ན་ཧ་ན་ཙཀྲ་འཆང་བ་པོ་ལ་དར་སྲི༴ བྷུ་རུ་བྷུ་རུ་ཙཀྲ་འཆང་བ་པོ་ལ་ཕོ་སྲི༴ བྷྲ་མ་ར་བྷྲ་མ་ར་ཙཀྲ་འཆང་བ་པོ་ལ་མོ་སྲི༴ བྷེ་དུ་མ་ནི་ཙཀྲ་འཆང་བ་པོ་ལ་ནད་སྲི༴ ཛྭ་ལ་ཛྭ་ལ་ཙཀྲ་འཆང་བ་པོ་ལ་དུར་སྲི༴ སཾ་བྷ་ཝེ་ག་ན་ན་ཡ་ས་ར་ཙཀྲ་འཆང་བ་པོ་ལ་དར་སྲི༴ སཱ་ལ་ཡ་སཱ་ལ་ཡ་ཙཀྲ་འཆང་བ་པོ་ལ་གཞོན་སྲི༴ ན་ཤ་ཡ་ནཱ་ཤ་ཡ་ཙཀྲ་འཆང་བ་པོ་ལ་ལོའི་སྲི༴ བཾ་བཾ་ཙཀྲ་ཧཱུྃ་ཧཱུྃ་ཕཊ་ཕཊ་འཆང་བ་པོ་ལ་ཟླ་བའི་སྲི༴ ས་མནྟ་གཱ་ར་ཙཀྲ་འཆང་བ་པོ་ལ་ཞག་གི་སྲི༴ ཏཱིཔྟ་ཙཀྲ་ཧཱུྃ་ཕཊ་འཆང་བ་པོ་ལ་དུས་ཚོད་ཀྱི་སྲི་ངན་ཐམས་ཅད་རཀྵ་རཀྵ༔ ཞེས་བྲི། མཆོད་རྟེན་བྲི་མ་གྲུབ་ན། བྷྲཱུྃ་ཡིག་གི་ཁོག་པར་ཧཱུྃ་ཡིག་གི་སོགས་བྲིས་ཀྱང་རུང་། གང་ལྟར་ཡང་། གུར་གུམ། གི་ཝཾ། ཆོས་སྨན་རྣམས་ཀྱིས་བྱུགས། འཁོར་ལོ་གཞུང་གི་དམིགས་པ་ལྟར་བསྐྱེད་བསྟིམ་དང་། མུ་ནེ། རང་སྔགས། རྟེན་འབྲེལ་སྙིང་པོ་བཅས་ཀྱིས་རབ་གནས་བྱ། ལེགས་པར་བལྟབས་ལ་ཚོན་སྐུད་སྣ་ལྔས་དཀྲིས་ནས་སྤྱི་བོའམ་མགུལ་དུ་འཆང་ན་སྲི་ཅན་གྱི་གནོད་པ་ཐམས་ཅད་སྲུང་བར་ངེས་སོ། །འདི་གཏེར་གཞུང་དུ་མི་གསལ་ཀྱང་། བསྒོམ་བྱ་དང་མཐུན་པར་སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་གྱི་ཕྱག་ལེན་ཞལ་ཤེས་ཡིན་གསུངས་འདུག ༈ །ཀེག་སྲུང་རྒྱ་གྲམ་མ་བཞུགས་སོ། །ན་མོ་གུ་རུ། ཀེག་སྲུང་གི་འཁོར་ལོ་ནི། རྡོ་རྗེ་རྒྱ་གྲམ་མེ་འབར་བའི་ལྟེ་བར་འཁོར་ལོ་མུ་ཁྱུད་གསུམ་བསྐོར། ལྟེ་བར་དབུས་སུ་མཱུཾ། དེའི་གཡས་སུ་ཧྲཱིཿ གཡོན་དུ་ཧཱུྃ། མཐར་སྐོར་དུ། འདི་འཆང་བ་པོ་ལ་ལོ་ཟླ་ཞག་དུས་ཟ་མའི་ཀེག་རིགས་ཐམས་ཅད་རཀྵ་རཀྵ༔ ཞེས་བྲི། མུ་ཁྱུད་དང་པོ་ལ་པད་འདབ་བཞིར་བཅད་པའི་འདབ་མ་བཞི་ལ། མ་མ་སྔོ་ཏ་སྔོ་ཏ་སྭཱ་ཧཱ༔ མ་རཾ་རཾ་སྭཱ་ཧཱ༔ མ་སུ་སུ་ཏང་ཏང་སྭཱ་ཧཱ༔ མ་མ་ཁཾ་ཁཾ་སྭཱ་ཧཱ༔ དེའི་ཕྱི་རིམ་གྱི་མུ་ཁྱུད་ལ་རིགས་གསུམ་མགོན་པོའི་སྙིང་པོ་དང་། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ༔ ཞེས་དང་སྤེལ་ཚིག་གོང་ལྟར་བྲི། དེའི་ཕྱི་རིམ་ལ་ཡེ་དྷརྨཱ་དང་བཀྲ་ཤིས་ཀྱི་ཚིགས་བཅད་གང་འོས་བྲི། དྲི་བཟང་གིས་བྱུག །རིགས་གསུམ་མགོན་པོར་བསྐྱེད་ཅིང་རབ་གནས་བྱ། གསེར་ཐིག་པོ། མེ་ཤེལ། ཆུ་ཤེལ། དར་སྣ་དང་བཅས་ལྷན་ཅིག་ཏུ་འཆང་ན་ཀེག་རིགས་བདུན་བརྒྱ་ཉི་ཤུའི་གནོད་པ་ཐམས་ཅད་སྲུང་བར་འགྱུར་རོ། །ཞེས་ཁམས་པ་མེ་ཟོར་གྱི་གཏེར་མ་ཡིན། པད་གླིང་དང་། རྡོར་གླིང་མན་ངག་ལས་ཕྲན་ལས་ཀྱང་ཕྱོགས་མཐུན་འབྱུང་ངོ་། ༈ །བྱད་གཏད་སོགས་སྲུང་བའི་སྒྲིབ་ཤིང་ནག་པོ་ཀུན་ཐུབ་ཅེས་བྱ་བ་བཞུགས་སོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་པདྨས་རྒྱ་གར་ཁྲག་འཐུང་ནག་པོ་ལ་ཞུས་པ༔ ཕྱི་རབས་སྔགས་འཆང་རྣལ་འབྱོར་པ་ཡེ་ཤེས་ལྷའི་དྲོད་རྟགས་མ་ཐོན༔ ཏིང་ངེ་འཛིན་གྱི་སྟངས་ཞན༔ བསྙེན་པ་ཚད་དུ་མ་འཁྱོལ་ཡང༔ ལྷ་སྲིན་དབང་མེད་དུ་བྲན་དུ་བཀོལ་ནས༔ ཀླུ་གཏད་སོགས་བྱེད་དགོས་པ་བྱུང་ན༔ ནད་བཞི་བརྒྱ་སོགས་བར་ཆད་མང་པོ་འོང་བས༔ དེའི་གཉེན་པོར་སྒྲིབ་ཤིང་ནག་པོ་ཀུན་ཐུབ་འདི་གསུངས་སོ། །ས་མ་ཡ༔ གཤིན་རྗེ་གཤེད་སོགས་ཁྲོ་བོའི་རིགས༔ ༡༽སྤྱི་གཞུར་ཤིང་གིས་སྒྲིབ་པ་ཡིན༔ ༢༽སེང་ལྡེང་ཤིང་གིས་མ་མོ་སྒྲིབ༔ ༣༽སྐྱེར་པས་ཀླུ་དང་གཉན་རྣམས་སྒྲིབ༔ ༤༽དབྱི་མང་ཤིང་གིས་ས་བདག་སྒྲིབ༔ ༥༽ཚར་བུས་རྒྱལ་པོའི་གནོད་པ་སྒྲིབ༔ ༦༽ལྕང་མས་གཟའ་དང་རྒྱུ་སྐར་སྒྲིབ༔ ༧༽བེ་ཤིང་གིས་ནི་བཙན་རྣམས་སྒྲིབ༔ ༨༽སེ་བས་གནོད་སྦྱིན་གཏུམ་པོ་སྒྲིབ༔ ༩༽བྲ་མས་ཡ་བདུད་མུ་སྟེགས་སྒྲིབ༔ ༡༠༽ཤུག་པས་ཐེའུ་རང་འགོང་པོ་སྒྲིབ༔ དེ་དག་ཐམས་ཅད་མ་འཛོམས་ཀྱང༔ སྤྱི་གཞུར་གླ་རྐང་གཉིས་ཀྱིས་ཆོག༔་་་དེ་གཉིས་གང་རུང་ལ་སྔགས་ཐམས་ཅད་ཚང་བར་བྲིས་ནས་སྔགས་པར་བྱའོ། །དེ་ཡིས་མི་སྒྲིབ་ལྷ་འདྲེ་མེད༔ མགུལ་དུ་བཏགས་པས་རང་ལུས་སྒྲིབ༔ སྒོ་ལ་བཏགས་པས་ཁྱིམ་ཀུན་སྒྲིབ༔ རྟ་ཕྱུགས་བྲེས་ལ་བཏགས་པ་ཡིས༔ རྟ་ཕྱུགས་ཐམས་ཅད་སྒྲིབ་པ་ཡིན༔ ཤིང་བྱང་ཚད་ནི་སོར་རེའམ༔ ཡང་ན་སོར་མོ་དྲུག་ཏུ་བྱ༔ སྔགས་ཀྱི་ཚད་ནི་སྟོང་རེ་སྟེ༔ སྔགས་པ་ཡི་དམ་ལྷ་རུ་གསལ༔ སྨྲ་བ་བཅད་ལ་བཟླས་ནས་གདབ༔ ནད་པ་སྲི་འུ་ལ་སོགས་དང༔ ཁྱིམ་སྒོ་གང་དུ་བཏགས་ཀྱང་རུང༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ ནམ་ཡང་མཐོང་བར་མི་སྲིད་ཅིང༔ ནག་པོའི་ཕྱོགས་རྣམས་ཀུན་ཐུབ་པས༔ སྒྲིབ་ཤིང་ནག་པོ་ཀུན་ཐུབ་ཡིན༔ ས་མ་ཡ༔ དེ་ནས་སྔགས་ཀྱི་བྱང་བུ་བསྟན༔ ༡༽ཧཱུྃ་མ་མ་ཀྲོ་དྷ་ཧྲིབ་སྦོས་སྦོས་ལྷབ་ཧབ་ཧབ༔་་་སྤྱི་གཞུར་ལ་བྲི། ༢༽ཨོཾ་མ་མ་ག་རོ་ལོ་བྱེད་ཧྲིབ་སྦོས༴་་་སེང་ལྡེང་ལའོ།། ༣༽ན་གྷྲི་ཏཻ་ཧྲིབ༴་་་སྐྱེར་པ་ལའོ།། ༤༽ལོ་འོ་ས་དྷ་རུ་ཏྲ་ལ་བད་ཧྲིབ༴་་་དབྱི་མང་ལའོ།། ༥༽ར་ཙ་གི་ལང་ཧྲིབ༴་་་ཚར་བུ་ལའོ།། ༦༽ཤི་ད་པྲི་ས་ར་མ་རིག་ས་ར་ཧྲིབ༴་་་ལྕང་མ་ལའོ།། ༧༽ར་ཙ་ཤུ་ར་ག་ཤ་ཧྲིབ༴་་་བེ་ཤིང་ལའོ།། ༨༽ཕྲ་མེ་ལེ་ཀྵ་ཡཀྵ་ཧྲིབ༴་་་སེ་བ་ལའོ།། ༩༽ཡ་མ་རུ་ཏྲ་རཀྵ་ཧ་མེ་ཡོ་ད་ར་ད་ར་ཧྲིབ༴་་་བྲ་མ་ལའོ།། ༡༠༽ཏྲེའུ་ཏྲི་ལོང་ན་ར་ལིང་ར་ལོང་ཧྲིབ༴་་་ཤུག་པ་ལའོ།། ༡༡༽རེ་གེ་ཤི་བྲ་བཀྵི་ཛྙཱ་ར་ཧྲིབ་སྦོས་སྦོས་ལྷབ་ཧབ་ཧབ༔་་་གླ་རྐང་ལའོ། །དེ་རྣམས་ཐམས་ཅད་མཇུག་ཏུ་ནི༔ ཧཱུྃ་ཡིག་ཉི་ཤུ་རྩ་གཅིག་གདགས༔ སྒྲིབ་ཤིང་འདི་དང་མ་བྲལ་ན༔ བན་བོན་སྔགས་པ་ལ་སོགས་པ༔ ཕུར་ཐོགས་བརྒྱ་ཡིས་བྲུབ་གྱུར་ཀྱང༔ རྦད་འདྲེ་ཀུན་གྱིས་མཐོང་མི་འགྱུར༔ མ་མཐོང་རྦད་པས་ཞེ་སྡང་ནས༔ སླར་ཡང་བྱད་མ་ཁོ་རང་བརླག༔ དཔལ་ལྡན་མགོན་པོ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀྱིས༔ བར་ཆད་ཅུང་ཟད་ཚུགས་མི་འགྱུར༔ དེ་ཕྱིར་ཕྱི་རབས་སྔགས་འཆང་རྣམས༔ སྒྲིབ་ཤིང་འདི་ལ་གཅེས་པར་ཟུངས༔ ཞེས་གསུངས་སོ༔ ཟབ་བོ༔ རྒྱ་རྒྱ་རྒྱ༔ གུ་རུ་ཇོ་ཙེ་སོགས་གཏེར་རྙིང་མང་པོ་ལས་བྱུང་བར་གྲགས་ཤིང་གནའ་བོའི་སྔགས་པ་རྣམས་ཀྱིས་སྦྱིན་བདག་གི་སྒོ་སྲུང་དུ་ཕྱག་ལེན་མཛད་པའི་རྒྱུན་མ་ཉམས་པ་ཡོད་དོ། ༈ །འདྲེ་གདོན་ཐམས་ཅད་བསྐྲད་ཅིང་སྲུང་བའི་རྫས་སྔགས་བཞུགས༔ མ་ཧཱ་གུ་རུ་ལ་ན་མོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཁྱད་པར་དུ་འཕགས་པའི་གདམས་པ་བཅུ་གསུམ་གནང་བའི་ཐ་མ་ལ༔ རྒྱལ་པོས་ཞུས་པ༔ ཀྱེ་མ་ཧཱ་གུ་རུ་ལགས༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ གདོན་ངན་གནོད་པ་དར་སྲིད་ན༔ བཟླས་བསྒོམ་བསད་པའི་ལོང་མེད་པས༔ དེ་ལ་ཐབས་ནི་ཇི་ལྟར་བགྱི༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ སྔགས་པ་རྣམས་ནི་ནུས་པ་ཆུང༔ གྲུབ་ཐོབ་རྣམས་ནི་གྲོང་ཡུལ་སྤངས༔ འདྲེ་གདོན་རང་གར་རྒྱུ་བའི་དུས༔ སུས་ཀྱང་མི་ཐུལ་འདུལ་ཐབས་ནི༔ གདོན་བགེགས་འཇོམས་པའི་རྒྱུད་ཆེན་ལས༔ རྫས་དང་སྔགས་ཀྱི་བསྐྲད་པ་བསྟན༔ དེ་ལ་རྫས་ནི༔ ༡༽ཏེ་ཙོ་བ་ཏི༔་་་སྤོས་དཀར། ༢༽ཡཀྵ་མུ་ར༔་་་མུ་ཟི་ནག་པོ། ༣༽ཀླུའི་རུས་པ༔་་་ཤུ་དག་ནག་པོ། ༤༽འདྲེ་འཇིགས༔་་་གུ་གུལ་ནག་པོ། ༥༽ཐང་ཆུ༔ ༦༽ཤ་ཆེན༔ ལྷ་མིན་ཁྲག༔་་་སྒོག་པ་གཅིག་སྐྱེས། རྟའི་རྭ་ཅོ་་་རྟ་བོན་པའོ།རྣམས་སྦྲང་རྩིར་སྦྱར་ལ་སྔགས་ཉེར་གཅིག་བཏབ་སྟེ་མེ་ལ་བསྲེགས་པའི་དུད་པས་བདུག་ན་འཇིག་རྟེན་སྐྲག༔ རི་བོ་ལྡེག༔ རྒྱ་མཚོ་སྐེམ༔ རྡོ་རྗེའི་སྐུའང་འཇིག༔ སྲ་བའི་བྲག་ཀྱང་འགས་པར་འགྱུར་ན༔ ཡི་དྭགས་གདོན་གྱི་རིགས་ལ་སྨྲོས་ཅི་དགོས་སོ༔ སྔགས་ནི་ཨོཾ་བཛྲ་མརྡྷ་མ་ཧཱུྃ༔ སྥོ་ཊ་ཡ་སྥོ་ཊ་ཡ་བྷསྨི་ཀུ་རུ་ཧཱུྃ་ཕཊ༔ རྒྱལ་པོས་སྤ་གྲོ་བཅལ་གྱི་བྲག་དམར་ལ་སྦས་སོ༔ ས་མ་ཡ༔ དེ་ནས་མང་གུ་ལུང་གི་གྲུབ་ཐོབ་དམར་པོས་གཏེར་ནས་བཏོན་པ་ཟབ་བོ༔ འདིའི་ལུང་ཟུར་རིགས་སྤང་སྟོན་ཆུ་མིག་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་སྔགས་འཆང་ལེགས་མཆོག་ལས་གསན་པའི་ཁུངས་བཙུན་ཟབ་ཁྱད་ཅན་ཡིན་ནོ། །མངྒ་ལཾ། ། ་་་་་་མཐིང་ཤོག་ལ་སེར་གྱིས་བྲིས་པར་བལྟས་པས་མིག་ཤོག་དུག་གིས་ཕྱིད་པ་ལ་ཕན་པ་འབྲོག་པ་ཐུབ་རྒྱལ་གཏེར་མའོ། །ཤིང་ལ་བྲིས་ཟེར་གཡས་སུ་བཞག་ལ་ཡང་ཡང་བལྟའོ།། ༈ མཁའ་འགྲོ་བདུད་འདུལ་སེང་གདོང་མ་ལས། ལྦ་བའི་སྲུང་འཁོར་བྲི་ཐབས་བཞུགས་སོ། །ལྦ་བའི་སྲུང་འཁོར་བྲི་བ་ནི༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར་ དབུ་ཅན་བྷྲཱུྃ་དཀར་པོ་གཅིག༔ དེ་ཡི་ར་བཏགས་ཞབས་ཀྱུའི་བར་དུ༔ བདག་འཆང་བ་པོའི་ལྦ་བ་ཞི་བར་གྱུར་ཅིག༔ སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིའོ༔ དེའི་ཕྱི་རོལ་དུ་མུ་ཁྱུད་དང་པོ་ལ༔་་་ནང་ལ་སེར་པོ། ཨོཾ་བྷྲཱུྃ་བཛྲ་པཱ་ཎི་ག་རུ་ཊ༔ ཆེ་གེ་མོའི་ལྦ་བ་ཞི་བར་གྱུར་ཅིག༔ སྲུངས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ གཉིས་པ་ལ༔ ཀུ་རུ་པྲ་མནྟ་ཨ་མནྟ་ཆེ་གེ་མོའི་ལྦ་བ་ཞི་བར་གྱུར་ཅིག༔ སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ གསུམ་པ་ལ༔ བཛྲ་མནྟ་བ་སུ་ཆེ་གེ་སོགས་གོང་ལྟར༔ བཞི་པ་ལ༔ དབང་ཕྱུག་ཆེན་པོ་ལྦ་བའི་མགོ་ལ་སོབ་སོབ་སོད༔ ལྦ་བའི་མགོ་ནོན༔ འཆང་བ་པོའི་ལྦ་བ་སོགས༴ ལྔ་པ་ལ༔ བྷ་དུ་ཤ་ཡ༔ བྷ་དུ་ཤ་ཡ༔ ཨ་ཛ་ཛ༔ བདག་འཆང་བ་པོའི་ལྦ་བ་སོགས༴ དྲུག་པ་ལ༔ དུར་མོ་སོད༔ དུར་མོ་སོད༔ ལིང་ལིང་སོད༔ གུལ་གུལ་སོད༔ འཆང་བ་པོའི་ལྦ་བ་སོགས༴ བདུན་པ་ལ༔ ནུལ་ནུལ་སོད༔ ནུལ་སོད་སྭཱ་ཧཱ༔ ཨ་མན༔ འཆང་བ་པོའི་སོགས༴ བརྒྱད་པ་ལ༔ རྦད་རྦད༔ རྦུད་རྦུད༔ འཆང་བ་པོའི་སོགས༴ ཞེས་བྲིའོ༔ དེའི་ཕྱི་རིམ་རྩིབས་མཆན་དམར་པོ་ལ༔ ཁྲོཾ་རེ་དང༔ འཆང་བ་པོའི་སོགས༴ མུ་ཁྱུད་ཕྱི་མ་སེར་པོ་ལ༔ ཡེ་དྷརྨཱ་སོགས་བྲིའོ༔ དེའི་ཕྱི་རིམ་ཕྱོགས་མཚམས་བརྒྱད་དུ་ཁྱུང་དཀར་པོ་བརྒྱད་བྲིས་ལ༔ འདབ་མ་ཁྲ་བོ༔ སྦྲུལ་སེར་པོ་བྲི༔ དེ་རྣམས་ཀྱི་བར་བར་དུ་མེ་རི་དམར་པོ་གཡོན་དུ་འཁོར་བ་བྲིའོ༔ རབ་གནས་ནི་གཞན་དང་མཐུན༔ ཁྱད་པར་ཡེ་ཤེས་ཁྱུང་བསྐྱེད་བསྟིམ་བྱས་ལ༔ རང་སྔགས་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ རྟེན་འབྲེལ་སྙིང་པོ་བྱ༔ དེ་ནས་བསྒོམ་བྱ་ནི༔ ལྦ་བ་ནི་ལྕགས་ཀྱི་གུར་ཁང་དུ་བསྐྱེད་པའི་དཀྱིལ་དུ་རང་ཉིད་ཕྱག་རྡོར་དུ་བསྒོམ༔ ཕྱོགས་མཚམས་རྩིབས་བརྒྱད་སྟེང་དུ་ཁྱུང་བརྒྱད་བསྐྱེད༔ ལྦ་བ་སྦྲུལ་དུ་བསམ་ལ་ཁྱུང་གིས་གསོལ་བར་བསྒོམ༔ སྔགས་ནི༔ ཨོཾ་བྷྲཱུྃ་བཛྲ་པཱ་ཎི་ག་རུ་ཊ་ལྦ་བ་ཞི་བར་གྱུར་ཅིག༔ ཨོཾ་བྷྲཱུྃ་གུ་རུ་གྷ་རུ༔ ཨཱ་པྲ་མནྟ༔ ཨ་མནྟ༔ བཛྲ་མནྟ༔ བ་སུ༔ དབང་ཕྱུག་ཆེན་པོས་ལྦ་བའི་མགོ་ལ་སོབ་སོབ་སོད༔ ལྦ་བའི་མགོ་ནོན༔ བྷི་དུ་ཤ་ཡ༔ བྷི་དུ་ཤ་ཡ༔ ཨ་ཛ་ཛ༔ དུར་མོ་སོད༔ དུར་མོ་སོད༔ ལིང་ལིང་སོད༔ གུལ་གུལ་སོད༔ ནུལ་ནུལ་སོད་སྭཱ་ཧཱ༔ ནུལ་སོད་སྭཱ་ཧཱ༔ རྦད་རྦད༔ རྦུད་རྦུད༔ རིགས་བཞི་ཁྱུང་བརྒྱད་ཀྱི་ཞལ་དུ་ལྦ་བ་གསོལ་ཅིག༔ ཅེས་བཟླ་ཞིང་ངག་མཚམས་བྱེད་པ་གལ་ཆེའོ༔ ལྦ་ སྲུང་ཤིན་ཏུ་ཟབ་པའི་ཆོས་འདིས་འགྲོ་དོན་མཛོད་ཅིག༔ ཨོཾ་ཀྲུག་ལེ་ཧྲཱིཿསྭཱ་ཧཱ༔ ལྦ་བའི་སྔགས་སོ༔ ལྦ་བའི་གདམས་པ་ྀཨཚ༔ ཁྲི་ཚོ་གཅིག་བཟླ་དགོས་སོ༔ རང་སྔགས་བརྒྱ་ རྩ་བརྒྱད་དང་ཡེ་དྷརྨཱ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱའོ༔ མ་ཏི་རཏྣའི་གཏེར་མའོ། ༈ །གཉིད་སྲུང་བའི་མན་ངག་ཁྱད་པར་ཅན་ནི། གྲོ་གའམ་ཤོག་བུ་ལ་འཁོར་ལོ་དཔེའུ་ཆུང་ལྟར་བྲི། བྲི་བསུབ་དང་ལྷག་ཆད་མེད་པར་བྱ། དེ་ལ་ཆའི་སྦལ་པའི་ནང་དུ་བཅུག་སྦལ་གཟུགས་སྐྱེ་མཆེད་མིག་འབུར་དོད་པར་བྱས་ལ། སྔགས་འདི་སྦལ་པའི་མིག་ཏུ་གདབ་བོ། །ཨོཾ་སད་ལ་རྒྱུག༔ སྦྲིད་ལ་བྱེར༔ སུ་ར་དཀར་པོ་ ཆོ་ཆོ༔ ཞེས་ཞག་གསུམ་ལ་བསྙེན་པ་བྱ། དེ་ལ་ནུབ་རེར་བརྒྱ་རེར་སྦལ་པའི་མིག་ལ་གདབ། གཉིད་མི་འདོད་ན་ཉལ་ཁ། མུན་རུབ། སྲོད་གཉིས་ནམ་བྱུང་ཙམ་མ་གཏོགས་མི་གཉིད་པར་འདོད་ན། སྦལ་པའི་ཁ་རང་ལ་བསྟན། མིག་ལ་སྔགས་བག་རེ་གདབ། མཆིལ་མ་དང་ཆུ་གཉིས་ཀ་བྱ། གཉིད་འདོད་ན་ཁ་ཕར་བསྟན་ནས་གཉིད་དོ། །གཏི་མུག་གཉིད་ལ་དབང་པོ་མི་འཆོར་བའི་གདམས་ངག་འདི། སྐྱེས་བུ་བརྩོན་འགྲུས་ཅན་གྱིས་བསླབ་བོ། །མུན་པས་དབང་པོ་འཕྲོག་པ་ན། །ཅི་བསམ་དོན་རྣམས་མི་འགྲུབ་པས། །སྔགས་འཆང་རིག་འཛིན་རྣམ་རྒྱལ་གྱིས་བསླབ་པའོ། །གཉིད་སྐྲོག་ྀཨཚ༔ ༈ ཆང་སྲུང་བདུད་རྩིའི་རྒྱ་མཚོ་བཞུགས་སོ། །གུ་རུ་ཨོ་རྒྱན་ཆེན་པོ་ལ་ན་མོ། རང་ཉིད་ཨ་ཙ་ར་ནག་པོ་ཁ་ནས་མེ་འབར་བ། སྣ་ནས་དུད་པ་འཐུལ་བ། མགོ་ལ་བལ་ཐོད་གོན་པ། ཆང་ལ་གནོད་བྱེད་འདྲེ་ཀུན་ཐམས་ཅད་གཅོད་པར་བསམ། སྔགས་ནི། ན་མོ་ཏྲི་ཏྲོ་ཡེ་སྭཱ་ཧཱ༔ སྲུང་སྐུད་ནག་པོ་ལ་སྔགས། མཚོན་ཆ་བཏགས་ནས་ཆང་གི་སྟེང་དུ་བཞག །སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་ལྷུན་གྲུབ་བརྩེགས་པའི་སྐབས་སུ་མཛད་པ་ཆང་འདྲེ་སྲུང་བའི་ཨུ་པ་དེ་ཤའོ། །ྀཨཚ༔ ༈ ཡང་ཚེར་མ་ཅན་གྱི་ཤིང་སོར་བཞི་ལ། བ་བ་བ་བ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་བ་བ་བ་བ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་བ་བ་བ་བ། ཞེས་འབྲུ་བཅོ་བརྒྱད་བྲིས་པ་རྫ་མའི་ལུང་ལ་སྲད་བུས་བཏགས་ན་ཆང་ཉེས་ངེས་པར་ཐུབ་བོ། །ལྷ་བཙུན་སྔོན་མོའི་གདམས་པའོ། །སྲིས་རྐུན་བསྲུང་ན་ཤུག་པའི་ཕུར་བུ། ཨོཾ་ཧུ་ལུ་མུ་ལུ་ཙིནྟི་སྭཱ་ཧཱ༔ ཞེས་བྲིས་ཏེ་བང་མཛོད་ལ་བཏགས་ན་སྲིས་རྐུན་ཐམས་ཅད་བསྲུང་། ཡུངས་དཀར་ལ་བཟླས་ཏེ་ཞིང་གི་མུ་ལ་བསྐོར་ན་བྱ་དང་རི་བོང་རྣམས་ཁ་ འཆིང་བར་འགྱུར་རོ། །རྙིང་མ་བཀའ་མའི་མན་ངག་གོ ༈ །སོ་སྲིན་གྱི་ནད་སྲུང་བའི་སྔགས་རྒོད་ནི། ཨོཾ་ཧཿསཿཧཿསཿསོཿཧཿརཿནནཿསོམཿསོདཿསྭཱཿཧཱཿ ཞེས་རྒྱ་ཤོག་ལ་རྒྱ་སྣག་གིས་བྲི་མཐའ་ནས་ཡར་དྲིལ། རང་སྔགས་ཡེ་དྷརྨཱས་རབ་ཏུ་གནས། དེ་དང་ལྷན་ཅིག་ཏུ་སྲུང་སྐུད་ལ་མདུད་པ་གསུམ་བཏབ་པ་ལའང་ བསྔགས་ནས་བཏགས་པས་སོ་ནད་སྲུང་བར་ཐེ་ཚོམ་མེད་དོ། །ཨ་ཙརྻ་དམར་པོའི་གདམས་པ་ྀཨཚ། ༈ སོ་སྲུང་འཁོར་ལོ་གྲུ་ཆོད་མ་བཞུགས་སོ། ། བསམ་ཡས་ཀ་ལོ་མ་བྱ་བ་ཡིན། གདགས་མི་དགོས་འདྲུད་པས་ཆོག །མི་ལ་གཡར་མི་ཉན། རྟེན་འབྲེལ་སྙིང་པོས་རབ་གནས་བྱ། ལྷ་བསྒོམ་རྒྱུ་མེད། ཡི་གེ་ བྲི་བསུབ་མ་རེད་པ་གལ་ཆེ། །སྔགས་ཕྱི་ནང་གཉིས་ཀ་ལ་བརྒྱ་ཚོ་རེ་གདབ། རྟེན་སྙིང་བརྒྱ་རྩ་བརྒྱད་བྱའོ། །ན་སར་འདྲུད་པས་ཆོག་པའི་སོ་སྲུང་འཁོར་ལོ་འདྲུད་ཆོག་ མ་བྱ་བ་སློབ་དཔོན་པདྨའི་གདམས་པ། ྀཨཚ། ༈ ཉང་གཏེར་གྲིབ་དང་མི་གཙང་བ་སྲུང་བའི་འཁོར་ལོ་བཞུགས་སོ། །གྲིབ་དང་མི་གཙང་བ་སྲུང་བའི་འཁོར་ལོ་ནི། རྒྱ་ཤོག་ལ་རྒྱ་སྣག་གིས་མུ་ཁྱུད་ལྔ་བསྐོར། ལྟེ་བར། ཨོཾ་ཨིས་ཙ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མཁོན་གྲིབ་ཐམས་ཅད་རཀྵ་རཀྵ༔ མུ་ཁྱུད་དང་པོ་ལ་འཁོར་ལོ་རྩིབས་བརྒྱད་པའི་ཤར་ནས་བརྩམ་སྟེ། ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ དམེ་གྲིབ་ཐམས་ཅད་རཀྵ་རཀྵ༔ མོན་ཊ་ཀྲོ་ཏ་ཡ༴ དམ་གྲིབ་ཐམས་ཅད༴ ཨ་ཀ་ཊོ་ཏ་ཡ༴ ཟས་གྲིབ༴ ཨ་བྷུ་ཀྲོ་ཏ་ཡ༴ ནལ་གྲིབ༴ ཨུ་ཊ་ཤ་ཏ་ཡ༴ མཛེ་གྲིབ་ཐམས་ཅད༴ ཨེ་ལིང་ཨེ་ཊ་ཡ༴ གདོན་གྲིབ༴ ལ་མོན་ཊ་ཡ༴ ཡུགས་གྲིབ༴ ཨས་ནི་པིས་ནི་ཊ་ཡ༴ བཙོག་གྲིབ་ཐམས་ཅད་རཀྵ་རཀྵ༔ ཞེས་བྲི། མུ་ཁྱུད་གཉིས་པར་ཨཱ་ལི། གསུམ་པར་ཀཱ་ལི། བཞི་པར་རྟེན་སྙིང་རྣམས་མགོ་ཕྱིར་བསྟན་གཡས་སྐོར། ལྔ་པར་མེ་རི། རྨེ་བརྩེགས་སུ་བསྐྱེད་བསྟིམ་གྲིབ་རིགས་སྲུང་བར་གསོལ་བ་གདབ། ལྷ་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བར་བསམ་ལ་རབ་ཏུ་གནས་པའི་མེ་ཏོག་འཐོར། བྱ་རྒོད་ཀྱི་སྡེར་མོ། གྲུམ་པའི་སྤུ་བཅས་དར་དམར་གྱིས་དྲིལ་ནས་ལུས་ལ་དྲོད་དང་མ་བྲལ་བར་བཅངས་པས་གྲིབ་མཁོན་གྱི་རིགས་གང་གིས་ཀྱང་མི་ཚུགས་པའི་སྲུང་བ་ཆེན་པོར་འགྱུར་རོ། །མངྒ་ལཾ།། ༈ ངག་སྲུང་འགྲོལ་གྱི་གདམས་པ་རཏྣ་གླིང་པའི་ཁྱད་ཆོས་བཞུགས། བཅོམ་ལྡན་འདས་གསུང་མཆོག་དབང་གི་ལྷ་ལ་ཕྱག་འཚལ་ལོ། །གལ་ཏེ་ཕ་རོལ་གྱིས་རང་གི་ངག་མནན་ན། རང་གི་ཕྲིན་ལས་ཀྱི་སྦྱོར་བ་གང་བྱས་ཀྱང་ནུས་པ་མི་ཐོན་ཏེ། མི་ཁ་དང་ཁ་སྨྲས་ལྡང་། ཅི་བྱས་སྟབས་སུ་མི་འགྲོ། རྨི་ལམ་དུ་མཚོན་ཡུ་ཆག་དང་རྩེ་ཆག་རྨི། རྫས་ནག་པོ་ཟོས་ལ། མུན་ནག་དང་དོང་ནང་གྲོགས་མེད་འཁྱམས་པ་ལ་སོགས་རྨིའོ། །དེ་ལ་གཞན་གྱིས་རང་གི་ངག་མནན་ན་བཀྲོལ་བའི་མན་ངག་འདི་ཁོ་ནའོ། །རང་ཐ་མལ་པའི་ལྕེ་རྩེར་ཏཾཿནག་པོ་གཅིག་བསྒོམ། ལྕེ་ཡི་རྩ་བར་ནན་ནག་པོ་གཅིག་བསྒོམ། དེའི་ཐ་མར་རཾ་དམར་པོའི་ཕྲེང་བས་བསྐོར་བར་བསྒོམ། རཾ་ལས་མེ་འབར་ངག་མནན་གྱི་དངོས་པོ་བསྲེགས་པར་བསྒོམ། ལྕེ་མི་དམིགས་པ་ལ་དྷཱིཿསེར་པོ་གཅིག་བསམ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་ཁྲོ་བོ་དང་ཁྲོ་མོ་སྤྱིའི་ནུས་པ་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པར་བསྒོམ། ཐིམ་པ་ལ་བརྟེན་ནས་བདག་ཉིད་སྣང་བ་མཐའ་ཡས་སུ་གྱུར་པར་བསྒོམ། ལྕེ་རྡོ་རྗེ་རྩེ་དགུ་པ་པདྨ་རཱ་ག་ལས་གྲུབ་པར་བསྒོམ། ཁ་ཡི་དབུགས་ལས་མེ་འབར་ཞིང་མེ་ཡི་ཚྭ་ཚྭ་འཕྲོས་པས། ངག་ལ་གནོད་བྱེད་ཐམས་ཅད་ཧྲག་ཧྲག་བསྲེགས། རྡོ་རྗེའི་ཕྱིའི་རྩེ་ལ་ཨོཾ་དཀར་པོ། ནང་གི་རྩེ་ལ་ཧཱུྃ་སྔོན་པོ། ལྟེ་བར་ཨཱཿདམར་པོ། རྩ་བ་ལ་ཧཱུྃ་སྔོན་པོ། ཡ་རྐན་ལ་ཀཱ་ལི། མ་རྐན་ལ་ཨཱ་ལིས་བསྐོར་བར་བསམ། དེ་གཉིས་ཐབས་ཤེས་ཆོས་ཉིད་ཀྱི་རང་སྒྲ་ཏི་རི་རི་སྒྲོག་པར་བསྒོམས་ལ་སྔགས་འདི་བཟླ། ཨོཾ་བཛྲ་རཾ་ཧ་རཾ་བྷ་ཡཾ་ཀུ་རུ་ཤཱནྟེ་ཨཱཿསྭཱ་ཧཱ༔ ཞེས་བཟླས་ཤིང་དམིགས་པ་ནི་གོང་གི་ལྕེ་ལ་སྔགས་ཀྱི་ཕྲེང་བ་དང་རཾ་ལས་མེས་བསྲེག་པར་དམིགས་པ་རྣམས་གོང་ལྟར་མ་ཡེངས་པར་གསལ་བར་བསྒོམས་ནས་བཟླས་པས། རང་གི་ངག་ཕྱག་ན་རྡོ་རྗེས་མནན་ཀྱང་གྲོལ་བར་འགྱུར་རོ། །ཕྱིས་ཀྱང་སྦྱོར་བ་ངན་པས་གནོད་པར་མི་འགྱུར་རོ། །ཤིན་ཏུ་ཟབ་བོ། །ལྷོ་གཏེར་འབྲས་བུའི་ཚུལ་དཔལ་གྱི་ཕུག་རིང་ལ་སྦས་ཏེ། མ་འོངས་ཕྱི་མའི་དུས་སུ་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག །གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། ྈྈྈྈྈ སྤྲུལ་སྐུ་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ།། ༈ བསམ་གཏན་ཉལ་ཆོག་གི་འཁོར་ལོའི་མན་ངག་རྡོ་རྗེའི་གོ་ཆ་བཞུགས་སོ། །ན་མོ་གུ་རུ། རྫོགས་ཆེན་ལུགས་ཀྱི་འཁོར་ལོ་མཚན་ཉི་ཤུ་རྩ་གཅིག་པ་འདི་བྲི་ཐབས་ནི། འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར་བའི་ལྟེ་བར། ཧཱུྃ། མུ་ཁྱུད་དང་པོ་ལ། ཨ་ ཀྲ་ རུ་ བརྡྷ་ ཤ་ན་ཡ། འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ཕྱོགས་ངན་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་དང་། ཀླུ་གཉན་ས་བདག་གི་གནོད་པ་དང་། རིམས་དང་ཡམས་ཀྱིས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ མུ་ཁྱུད་གཉིས་པར་རྩིབས་བརྒྱད་ལ་རྡོ་རྗེའི་རྭའི་ནང་དུ། ཡང་ཡང་ཡང་གནམ་ལ་ཡང་། རྩིབས་མཆན་བརྒྱད་ལ། ཟིམ་ཟིམ་ས་ལ་ཟིམ། མུ་ཁྱུད་གསུམ་པར། བྱེར་བྱེར་ནམ་མཁའ་སྟོང་པའི་ངང་དུ་ཡངས་པར་གྱུར་ཅིག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ཕྱོགས་ངན་དང་ལྷ་སྲིན་སྡེ་བརྒྱད་ས་བདག་ཀླུ་གཉན་གྱི་གནོད་པ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། མུ་ཁྱུད་བཞི་པ་ལ་ཡེ་དྷརྨཱའོ། །ཡི་གེ་རྣམས་མགོ་ཕྱིར་བསྟན་དུ་བྲིའོ། །འཁོར་ལོ་འདི་ལ་མཚན་ཉི་ཤུ་རྩ་གཅིག་སྟེ། ཕྱོགས་སྲུང་འཁོར་ལོ། བཙན་སྲུང་འཁོར་ལོ། བདག་སྲུང་འཁོར་ལོ། ལྷ་འདྲེའི་སྲོག་རྩ་མེའི་འཁོར་ལོ། གཏད་ཟློག༴ ཀླུ་སྲུང༴ དམོད་པ་ཁ་ཆིངས༴ སྲིའུ་ཐར་བའི༴ ཡི་དྭགས་ཁ་ཆིངས༴ ཡམས་ནད་ཟློག་པའི༴ སྲིད་སྤེལ༴ དཔལ་སྐྱེད༴ གཟའ་ནད་ཐོག་སྲུང༴ མཚོན་སྲུང༴ སྲ་བརྟན༴ ལྷ་འདྲེ་སྟོང་སྒྲིབ༴ བྱད་མ་འབུམ་རྡུགས༴ བསམ་གཏན་ཉལ་ཆོག༴ ངན་སོང་གནས་འདྲེན༴ སྒྲིབ་སྦྱོང་བཏགས་གྲོལ༴ རྫོགས་ཆེན་འཁོར་ལོ་ཞེས་བྱའོ། །མདོར་ན་བྱ་སླ་ཡོན་ཏན་བསམ་གྱིས་མི་ཁྱབ། ཕོ་མོ་གང་གི་མགུལ་དུ་བཏགས་ན་ཉལ་བས་ཆོག་པ་ཡིན་ནོ། །འདི་མཁའ་འགྲོ་མས་ནམ་མཁའ་སྟོང་པ་ལས་སྒྲ་བཏོན་ནས་སློབ་དཔོན་ཤྲཱི་སིཾ་ཧ་དང་། ཨོ་རྒྱན་རིན་པོ་ཆེ་ལ་གནང་། ཨོ་རྒྱན་གྱིས་དུས་སྙིགས་མའི་སེམས་ཅན་ལ་བརྩེ་བས་དགོངས་ཏེ་གཏེར་ཁ་སོ་སོར་སྦས་སོ། །ས་མ་ཡ༔ མནྟྲ་གུ་ཧྱ༔ འདི་གཏེར་སྟོན་སྦུར་པོ་བྱ་ཐུལ་དང་། པདྨ་གླིང་པ་རྡོ་རྗེ་གླིང་པ་སོགས་གཏེར་ཁ་འགའ་ཞིག་ནས་འབྱུང་གསུངས། ྀཨཚ༔ ༈ ལྷ་ལྔ་དགྱེས་བྱེད་ཀྱི་འཁོར་ལོ་དབུ་ རུ་ཤཱཀྱ་འོད་ཀྱི་གཏེར་མ་བཞུགས། བླ་མ་སྐུ་གསུམ་རོལ་པ་ལས་གསུངས་པའི་ལྷ་ལྔ་དང་། འགོ་བའི་ལྷ་སྲུང་མི་དགྱེས་པ་དགྱེས་པར་བྱེད་པའི་སྲུང་བའོ། །མུ་ཁྱུད་ཕྱི་ནང་གི་འདོད་ གསོལ་ལ། འདི་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་འགོ་བའི་ལྷ་ལྔ་ལ་འཁོན་དང་མི་གཙང་བའི་གྲིབ་ཕོག་པ་ལ་སོགས་ལྷ་ལྔ་མི་དགྱེས་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་ རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཕྱི་མ་དང་། གཞན་ཡང་རང་གི་ལྷ་སྲུང་ལ་འཁོན་དང་མི་གཙང་བའི་གྲིབ་ཕོག་པ་ལ་སོགས་ལྷ་ལྔ་མི་དགྱེས་པའི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ་ ཀུ་རུ་ཡེ་སྭཱ་ཧཱ། མུ་ཁྱུད་ནང་མར་བྲིའོ།། །། ༈ སྐྱེད་པ་བཞི་ལྡན་གྱི་འཁོར་ལོ་སྤྲུལ་སྐུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མ་བཞུགས་སོ། །རྒྱལ་ཆེན་བཞིའི་སྒོ་ནས་སྲོག་ལུས་དབང་ ཐང་ཀླུང་རྟ་སྐྱེད་པའི་ཙཀྲ་དྲི་བཟང་དང་མཛེས་པའི་ཚོན་གྱིས་བྱུག །རང་སྔགས་དང་ཡེ་དྷརྨཱས་རབ་གནས་བྱ། སྲད་བུ་སྣ་ལྔས་བཅིངས་སྤྱི་བོའམ་མགུལ་དུ་བཏགས་ན་སྲོག་ལུས་དབང་ ཐང་ཀླུང་རྟ་ལ་དགྲ་དར་བ་ཐམས་ཅད་བསྲུང་བར་འགྱུར་རོ། ། སརྦ་མངྒ་ལཾ། །ཤུ་བྷཾ།། །།
སྨན་བླའི་དབང་གི་སྔོན་འགྲོའི་ཚབ་ལ་བྱིན་རླབས་ཤོག་བཀྲ་མ་ (Volume 45, Text 67)
སྨན་བླའི་དབང་གི་སྔོན་འགྲོའི་ཚབ་ལ་བྱིན་རླབས་ཤོག་བཀྲ་མའི་སྔོན་དུ། ད་ནད་གདོན་ཞི་བར་བྱེད་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པས། ཁྱེད་རང་ཐ་མལ་པར་གནས་པའི་མདུན་དུ། ངེད་བཅོམ་ལྡན་འདས་སངས་རྒྱས་སྨན་བླ་མཆེད་བརྒྱད་སེམས་དཔའ་བཅུ་དྲུག་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ལ་སོགས་པ་ཉི་མ་དང་ཟེར་ལྟར་བཞུགས་པའི་དྲུང་དུ། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་འདྲེ་གདོན་བགེགས་ཐམས་ཅད་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་འདུག་པ་ལ། ནད་པ་འདི་བསླུ་བའི་ཡོན་དུ་འདོད་ཡོན་སྟོང་གསུམ་ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་པར་བྱིན་གྱིས་བརླབས་ཤིང་། ནད་པའི་ནད་བདག་རྣམས་ལ་བུ་ལོན་དང་ལན་ཆགས་ཀྱི་ཚུལ་དུ་བྱིན་པས། ནད་བདག་ཐམས་ཅད་དགྱེས་ཤིང་ཚིམས་ནས་བུ་ལོན་སོད། ལན་ཆགས་བྱང་ཤ་མཁོན་དང་བྲལ། ད་ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླངས་པར་སྒོམས། བྱིན་རླབས་ཤོག་བཀྲ་མ་འདིར་སྦྱར། ༈ ཚར་ནས། འོ་ད་ནི་འདོད་ཡོན་སྣ་ཚོགས་ཀྱིས་ཁྱེད་རྣམས་དགྱེས་ཤིང་ཚིམས་པར་གྱིས་ལ། བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་བཟུང་པ་ཡོད་ན་ཐོངས། བཅིངས་པ་ཡོད་ན་ཁྲོལ། བསྡམས་པ་ཡོད་ན་སློད། མནན་པ་ཡོད་ན་ཁྱོགས། དེང་ཕྱིན་ཆད་འདིར་མ་གནས་པར་གཞན་དུ་སོང་ཞིག །གལ་ཏེ་མི་འགྲོ་བར་འདུག་ན། ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་བསྲེག་ཅིང་བརླག་པར་གདོན་མི་ཟའོ། །ནས་ལྕག་བྲབ། སུམྦྷ་ནིས་བསྐྲད། གདོན་བགེགས་ཐམས་ཅད་ཚིམས་ནས་རང་གནས་སུ་སོང་བར་བསམ། ནད་པའི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་སུ་གོན་པར་བསམ་ལ། སྲུང་འཁོར་བསྒོམ་ལ་དབང་བསྐུར་རོ།། །། ༁ྃ༔ གནམ་ཆོས་ཐུགས་གཏེར་ལས༔ སྨན་བླའི་ནད་པ་བྱིན་རླབས་ཤོག་བཀྲ་བཞུགས་སོ༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ ཨ་རུ་ར་ཡིས་ནད་པ་བསླུ༔ ལྷུང་བཟེད་ཟས་ཀྱིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ རྒྱལ་མཚན་འདི་ཡིས་ནད་པ་བསླུ༔ ཀེ་ཀེ་རུ་དང་ནོར་བུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ གུར་གུམ་འདི་ཡིས་ནད་པ་བསླུ༔ ཕག་རྒོད་མཆེ་བ་ཡ་གཅིག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ གྷི་ཝཾ་འདི་ཡིས་ནད་པ་བསླུ༔ བང་བ་ནས་ཀྱིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ཟིན་པའི་ནད་པ་ལ༔ པོ་ཏི་འདི་ཡིས་ནད་པ་བསླུ༔ ནད་པའི་ནད་བདག་ཁྱོད་ལ་ནི༔ ནད་པའི་རོ་འདི་སྦྱིན་པར་བྱ༔ ཟོ་ལུ་ཆང་གིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཡིག་དྲུག་འདི་ཡིས་ནད་པ་བསླུ༔ ཇ་བཟང་རྩིག་པ་བྱས་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ གདུགས་ཆེན་འདི་ཡིས་ནད་པ་བསླུ༔ ཤིང་ཐོག་བིལ་བ་རློན་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཆུ་སྲིན་འདི་ཡིས་ནད་པ་བསླུ༔ ཐོད་པ་བདུད་རྩིས་བཀང་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ སྒྲོ་མདོངས་འདི་ཡིས་ནད་པ་བསླུ༔ བྱི་རུ་འབིགས་སུ་གས་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མདའ་དར་འདི་ཡིས་ནད་པ་བསླུ༔ མར་ཐུད་རྩིག་པ་བྱས་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ གྷི་ཝཾ་འདི་ཡིས་ནད་པ་བསླུ༔ ཉི་ཟླ་སྐར་མས་བརྒྱན་པ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ལྷ་བཤོས་འདི་ཡིས་ནད་པ་བསླུ༔ པི་ཝཾ་སྙན་པའི་སྐད་ཅན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཐ་དཀར་རྡོ་རྗེས་ནད་པ་བསླུ༔ མི་སྙིང་ཁྲག་ཏུ་བསྐྱིལ་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཉ་སོག་འདི་ཡིས་ནད་པ་བསླུ༔ ཉ་མོ་གསེར་གྱི་མིག་བྱས་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ འབུ་ཁོག་འདི་ཡིས་ནད་པ་བསླུ༔ དུང་ལས་བྱས་པའི་ཤ་རུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཤོག་དྲིལ་འདི་ཡིས་ནད་པ་བསླུ༔ གསེར་ལས་བྱས་པའི་མི་མགོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཤ་ཁོག་འདི་ཡིས་ནད་པ་བསླུ༔ དངུལ་ལས་བྱས་པའི་གཉན་རུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ རྔ་ཆེན་འདི་ཡིས་ནད་པ་བསླུ༔ གསེར་ལས་བྱས་པའི་རྒྱ་གླིང་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ དུང་དཀར་འདི་ཡིས་ནད་པ་བསླུ༔ སྣ་ཚོགས་སྙན་པའི་རོལ་མོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ དྲི་ཞིམ་འདི་ཡིས་ནད་པ་བསླུ༔ བྱ་རྒོད་ཐང་སྨུག་སྒྲོ་མདོངས་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ཀུ་ཤ་འདི་ཡིས་ནད་པ་བསླུ༔ བྱ་རྒོད་ཐང་སྨུག་སྒྲོ་རྩ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ གོས་ཆེན་འདི་ཡིས་ནད་པ་བསླུ༔ རྒྱ་གར་སིནྡྷུ་ལི་ཁྲི་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མེ་ལོང་འདི་ཡིས་ནད་པ་བསླུ༔ མ་ཧེ་བཞོས་པའི་འོ་མ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ དཔལ་བེའུ་འདི་ཡིས་ནད་པ་བསླུ༔ ཀླུ་ཡི་ནོར་བུ་འབར་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མར་མེ་འདི་ཡིས་ནད་པ་བསླུ༔ ཤིང་ཐོག་མ་རུ་མགོ་ནག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ནོར་གཡུ་འདི་ཡིས་ནད་པ་བསླུ༔ ཤིང་ཐོག་བེ་ཏའི་འབྲས་བུ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཁ་ཊྭཱཾ་འདི་ཡིས་ནད་པ་བསླུ༔ མགོན་པོའི་ཕྱག་མཚན་གྲི་གུག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ བཻ་ཌཱུརྻ་ཡིས་ནད་པ་བསླུ༔ བྱང་གི་གསེར་ནི་རྒྱ་དྲུག་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ པདྨ་རཱ་གས་ནད་པ་བསླུ༔ མཁའ་འགྲོའི་པདྨ་རཀྟ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མེ་ཏོག་འདི་ཡིས་ནད་པ་བསླུ༔ ཐིག་ལེ་བྱང་སེམས་དཀར་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མདའ་གཞུ་འདི་ཡིས་ནད་པ་བསླུ༔ བཙན་གྱི་མདུང་དར་དམར་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཀ་པཱ་ལ་ཡིས་ནད་པ་བསླུ༔ རྩ་ཡི་རྒྱལ་མོ་རོ་རྐྱང་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ གསེར་གྱི་གཞོང་པས་ནད་པ་བསླུ༔ སྲིན་པོ་ལྕེ་བདེ་འབར་བ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ མིག་འབྲས་གཉིས་ཀྱིས་ནད་པ་བསླུ༔ ཀླུ་ཡི་མཆོད་རྟེན་དཀར་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ ནེ་འུ་ལེ་ཡིས་ནད་པ་བསླུ༔ གཤིན་རྗེའི་རལ་གྲི་བསམ་འགྲུབ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ གཡས་ཤག་འདི་ཡིས་ནད་པ་བསླུ༔ གསེར་གྱི་འཁོར་ལོ་རྩིབས་བཞི་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ དབུ་འོད་འདི་ཡིས་ནད་པ་བསླུ༔ རྒྱབ་འོད་རིན་ཆེན་འོད་གསལ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ པད་གདན་འདི་ཡིས་ནད་པ་བསླུ༔ དམར་སེར་དར་འཕྱང་བཟང་པོ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ རྣ་རྒྱན་འདི་ཡིས་ནད་པ་བསླུ༔ རིན་ཆེན་སྣ་ཚོགས་མགུལ་རྒྱན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ སྟོད་གཡོགས་འདི་ཡིས་ནད་པ་བསླུ༔ རྒྱལ་བ་རིགས་ལྔའི་དབུ་རྒྱན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ སྨད་གཡོགས་འདི་ཡིས་ནད་པ་བསླུ༔ ལྷ་ཡི་ཕྱག་གཡོན་སྡིགས་མཛུབ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ༈ ནད་ཀྱིས་ནོན་པའི་ནད་པ་ལ༔ ཞགས་པ་འདི་ཡིས་ནད་པ་བསླུ༔ མགོན་པོའི་བླ་རྟགས་བིང་ཆེན་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ རྒྱ་ལྷྭམ་འདི་ཡིས་ནད་པ་བསླུ༔ གསེར་གྱི་ལྷྭམ་སྒྲོག་ནར་མ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ནད་ཀྱིས་ནོན་པའི་ནད་པ་ལ༔ པད་ཞྭ་འདི་ཡིས་ནད་པ་བསླུ༔ བདུད་རྩིས་བཀང་བའི་དམ་བེ་འདི༔ ནད་པའི་ནད་བདག་ཁྱོད་ལ་སྦྱིན༔ ཞེས་པ་འདི་སྤྲུལ་སྐུ་ཏིཥྛ་བཛྲ་དགུང་ལོ་བཅུ་གཅིག་ཤིང་ལུག་མགོ་ཟླའི་གནམ་གང་ནུབ་མོ་མནལ་ལམ་དུ་སངས་རྒྱས་སྨན་གྱི་བླ་སྤྲུལ་སྐུའི་ཆ་ལུགས་ཅན་གཅིག་གིས་ལུང་བསྟན་ཏེ༔ འདིའི་ཞལ་གདམས་རང་སྨན་བླར་བསྒོམས་ལ་མདུན་དུ་གནོད་བྱེད་ནད་བདག་བསམ༔ ཙཀ་ལི་ལས་གཞུང་ལྟར་སོ་སོའི་འདོད་ཡོན་དཔག་མེད་འཕྲོས་པས༔ གནོད་བྱེད་ཐམས་ཅད་ཚིམས་པར་སྒོམ་མོ༔ འདི་ནད་པ་རང་གིས་རྒྱབ་ཡིག་འདོན་ཞིང་མགོར་བཞག་པའམ༔ སློབ་དཔོན་གྱིས་རྒྱབ་ཡིག་འདོན་ཞིང་ནད་པའི་མགོར་བཞག༔ ནད་པ་ཐག་རིང་ན་རྒྱབ་ཡིག་འདོན་ཞིང་ཕྱོགས་སུ་བསྟན་ཀྱང་ཆོག༔ འདིས་མི་ཕན་པའི་ནད་མེད༔ ནད་རིགས་ཐམས་ཅད་ལ་ཕན་གསུངས་ནས་ཕྱིར་ནངས་ཡིག་གེར་བཀོད་པའོ༔ མངྒ་ལཾ༔ འདི་སོ་སོར་ཕྲལ་ན་ལེའུ་རེ་རེ་ལ་ནད་པའི་གཟུགས་རེ་བྲིས་དགོས་སོ༔ ཐུགས་རྗེ་ཆེན་པོ་རིགས་ལྔའི་ལས་ཚོགས་སོ༔
སྨན་མཆོད་ (Volume 62, Text 67)
སྨན་མཆོད་ནི། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཨཱོྃ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋཱ༔ དབྱིངས་རིག་ཡབ་ཡུམ་སྣང་སྟོང་ཧེ་རུ་ཀ༔ ཆོས་ཀྱི་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང༔ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན༔ གྲུབ་ཆེན་བརྒྱད་དང་ལས་ཅན་དག་པའི་འཁོར༔ བརྒྱུད་པ་བདུན་ལྡན་གཏེར་ཆེན་བླ་མ་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ ཡེ་ཤེས་དགུ་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལྷ༔ དཔལ་གྱི་བཀའ་སྡོད་འཇིག་རྟེན་དྲེགས་པའི་སྡེ༔ བདུན་བརྒྱ་ཉེར་ལྔ་བསམ་ཡས་ལྷུན་གྲུབ་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི༔ བདུད་རྩི་སྙིང་པོ་ཅན་གྱི་དབུས༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡི་གེ་གསུམ་གྱི་རྣམ་པ་ཅན༔ དམ་ཚིག་ཕྱག་རྒྱ་གཉན་པོས་བླང༔ ཀཱ་ཡ་སིདྡྷི་ཨཱོྃ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔
རྩ་གསུམ་ཚེ་ཟབ་བླ་མ་བཀའ་བརྒྱད་འདུས་པའི་སྨན་མཆོད་ (Volume 13, Text 67)
རྩ་གསུམ་ཚེ་ཟབ་བླ་མ་བཀའ་བརྒྱད་འདུས་པའི་སྨན་མཆོད། ཀུན་བཟང་སྣང་བ་མཐའ་ཡས་འཇིག་རྟེན་དབང་། །རྡོ་རྗེ་སེམས་དཔའ་རིག་འཛིན་མཆོག་བརྒྱད་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་རྩལ། །རྡོ་རྗེའི་ས་བརྙེས་གྲུབ་ཆེན་རྣམ་དགུ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མུ་རུབ་བཙན་པོ་མཆོག་གྱུར་བདེ་ཆེན་གླིང་། །བཀའ་བབས་ཆོས་བདག་རྩ་བརྒྱུད་བླ་མ་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །པདྨ་ཁྲག་འཐུང་རྡོ་རྗེ་ཐོད་པ་རྩལ། །དཔལ་ཆེན་ཚོམ་བུ་སྡེ་བརྒྱད་འཁོར་བཅས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་གྱི་བཀའ་སྡོད་འབུམ་ཕྲག་ཡངས་པའི་འཁོར། །གནས་དང་གཏེར་སྲུང་དམ་ཚིག་ཅན་རྣམས་ལ། །ཡེ་ཤེས་བདུད་རྩི་སྨན་གྱི་མཆོད་པ་འབུལ། །ཚེ་དབང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །སརྦ་པཉྩ་ཨ་མྲྀཏ་ཁ་རཾ་ཁཱ་ཧི། ཞེས་པའང་དབོན་སྤྲུལ་རིན་པོ་ཆེའི་བཀའ་ལྟར་གུ་ཎས་ཞབས་ཏོག་ཏུ་སྤེལ་བ་དགེ། །།
ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཡེ་ཤེས་སྟོབས་འབར་ (Volume 49, Text 67)
༄༅། །ཀློང་གསལ་རྡོ་རྗེའི་སྙིང་པོ་ལས། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་ཡེ་ཤེས་སྟོབས་འབར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་ར་ུབེ། གསང་དོན་ཟབ་མོ་རྣམ་འབྱེད་པའི། །ཡེ་ཤེས་སྣང་བ་སྐྱེད་མཛད་མར། །གུས་པར་བཏུད་ནས་དེའི་སྒྲུབ་ཐབས། །ཟབ་ཅིང་དཀོན་པའི་མཆོག་ཀྱང་འདི་འོ། །གཏེར་ཁ་གཞན་དུ་འདིའི་སྒྲུབ་ཐབས་ཆེར་མི་བཞུགས་པས་ཤིན་ཏུ་གཉེར་བར་འོས་པ་འདི་ཉིད་དགོད་པ་ལ་གསུམ། སྦྱོར་བ་གཤོམ་བཀོད། བདག་མདུན་བསྙེན་སྒྲུབ། དེའི་སྨིན་བྱེད་བགྱི་བའོ། །དང་པོ་ནི། རང་དོན་བསྙེན་རྐྱང་ཙམ་ལ་མཆོད་པ་རྣམ་བདུན། སྨན་རཀ་གཏོར་གསུམ་སྤྲོ་ན་བཤམ། སྤྲོས་མེད་ལ་དེའང་མི་དགོས། སྒྲུབ་པ་དང་དབང་བསྐུར་ལ་ཐོག་མར་གལ་ཆེ་བ་ཤེས་རབ་རིལ་བུ་ནི། གཞུང་ལས། ཤེས་རབ་མཆོག་གི་རང་བཞིན་གྱིས༔ སྒྲུབ་པའི་ནུས་པ་སྐྱེད་པའི་རྟེན༔ རྩ་བ་ཨུཏྤལ་སྔོན་པོ་དང༔ ད་ལི་ཅུ་གང་ཅོང་ཞི་དང༔ མཚལ་དང་ཤུ་དག་གི་ཝཾ་དང༔ ཏིལ་དཀར་གུ་གུལ་ཉུངས་དཀར་དང༔ དེ་དག་ཆ་ནི་མཉམ་བགྱིས་ནས༔ སྐར་མ་རྒྱལ་ལ་བཏགས་པར་གྱིས༔ ཕྱེ་མ་ལ་ནི་སྔགས་ཚིག་གིས༔ ལན་བརྒྱ་མངོན་པར་གདབ་པར་གྱིས༔ གཙང་མའི་ཆུ་ཡིས་གཅིག་ཏུ་བྱ༔ བསྒྲུབས་ནས་ལོངས་སྤྱོད་རྟེན་དུ་སྤེལ༔ ཅེས་གསུངས་པའི་སྨན་རྣམས་དག་ཅིང་གཙང་ལ་ངོས་འཛིན་མ་འཁྲུལ་པ་དང་། མཚལ་ད་ཆུ་མིན་པའི་མཚལ་དཀར་དགོས་པར་མངོན་ཞིང་གཞན་རྣམས་སྒྲ་ཇི་བཞིན་པར་སྦྱར་ལ་རིལ་བུར་དྲིལ་ནས་སྐམ་ཐག་ཆོད་པ་དང་དར་སེར་པོའི་ཁུག་མར་བླུགས། དཀྱིལ་འཁོར་ཆོས་འབྱུང་བསྣོལ་མ་དཀར་པོ་ཁོར་ཡུག་ཟླུམ་སྐོར་བྱས་པའི་དབུས་སུ། སྐུའམ་ཡང་ན་ཕྱག་མཚན་ཐོད་པ་དང་རྡོ་རྗེ་ཧྲཱིཿས་མཚན་པ་བྲིས་པའི་དབུས་སུ་རྐང་གསུམ་སྟེང་། དབང་གི་སྐབས་བུམ་པ་མགུལ་ཆིངས་དཀར་པོ་བཅུད་ལྡན་ཁ་རྒྱན་དང་བཅས་པ་བཀོད། གཡས་སུ་ཤེས་རབ་རིལ་བུའི་ཁུག་མ་ཐོད་པ་མཚན་ལྡན་དུ་བཅུགས། གཡོན་དུ་བདུད་རྩིའི་ཐོད་པ་དང་ཤེལ་ཕྲེང་། མདུན་དུ་དྲིལ་བུ། རྒྱབ་ཏུ་གཏོར་ཟླུམ་དཀར་པོ་རྒྱན་ལྡན། རིལ་བུ་སྒྲུབ་སྐབས་ནི་རིལ་བུ་ཉིད་དབུས་སུ་བཀོད། མཐར་བདག་འཇུག་ལེན་ན་བུམ་པ་གཡས་སུ་བཞག །མི་ལེན་ན་དབང་རྫས་རྣམས་མི་དགོས། མདུན་ངོས་སྨན་རཀ་གཏོར་གསུམ། ཕྱི་མཆོད་གཡོན་སྐོར་དུ་བཤམ། མཁོ་བའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་བདག་མདུན་བསྙེན་སྒྲུབ་ལ། བདག་བསྐྱེད་བསྙེན་པའི་རྣལ་འབྱོར་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་ཡེ་ཤེས་མཆོག་འཐོབ་ཕྱིར། །ཕག་མོ་དཀར་མོ་བསྒོམ་པར་བགྱི། །ཞེས་སྐྱབས་སེམས་ལན་གསུམ་དང་། སྤྲོ་ན་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་གསག་བྱ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ། བསྐྱེད་བཟླས་ནི། པད་ཉིའི་སྟེང་དུ་རང་སེམས་ཧྲཱིཿདཀར་ལས༔ ཕག་མོ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ༔ རྡོ་རྗེ་རྩེ་ལྔ་ཕྱར་ཚུལ་ཐོད་ཁྲག་གཡོན༔ སྤྱན་གསུམ་མཆེ་གཙིགས་རལ་པའི་ཟུར་ཕུད་བཅིངས༔ སྐམ་རློན་དབུ་རྒྱན་དོ་ཤལ་རྡོར་ཕྲེང་དང༔ མེ་ཏོག་རྣམ་མཛེས་གྲུ་མོར་ཁ་ཊྭཱཾ་བརྟེན༔ གཡོན་བརྐྱང་གར་གྱི་ཉམས་དགུའི་རྣམ་པར་ལྡན༔ ཞེས་ལྷའི་ངོ་བོ་སྟོང་པ། རང་བཞིན་བདེ་བ། རྣམ་པ་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་ང་རྒྱལ་བརྟན་པོར་བསྐྱེད། རང་སེམས་དང་བདེ་སྟོང་གི་ལྷ་སྐུ་རོ་མཉམ་པའི་དོན་དམ་པའི་དག་དྲན་ལ་བསླབ། བསྒོམས་པས་སྐྱོ་ན། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་འོད་འབར་བ་ལ་སེམས་རྩེ་གཅིག་ཏུ་གཟུང་ཞིང་། ཨཱོྃ་ཨཱཿཧྲཱིཿཧཱུྃ༔ ཞེས་རླུང་དང་སྦྱར་བའི་རྡོ་རྗེའི་བཟླས་པ་བྱ། དེས་ཀྱང་ངལ་ན་ཧཱུྃ་མཐར་སྔགས་ཕྲེང་གིས་གཡོན་དུ་བསྐོར་བ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། རང་གཞན་ཐམས་ཅད་ཀྱི་རྨོངས་པའི་མུན་པ་བསལ། ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པར་མོས་ལ་བཟླས་པ་འབུམ་ཕྲག་བཞིའམ་བཅུ་དྲུག་བྱའོ། །ཐུན་མཐར་རྫོགས་རིམ་ནི། བཟོ་མེད་མ་བཅོས་མཉམ་པའི་མཁའ་དབྱིངས་ནས༔ གང་ཤར་རོལ་པའི་འཇའ་སྤྲིན་ཕན་གནོད་བྲལ༔ ཀ་དག་མ་བཅོས་ཡངས་པའི་གདིང་ཆེན་ལ༔ བློ་འདས་ཆོས་སྐུའི་རོལ་པར་འཆར་བ་འོ༔ རང་མདངས་མཉམ་པ་ཉིད་དུ་རོལ་པ་ལས༔ ཆེད་དུ་རྩོལ་སྒྲུབ་རང་གྲོལ་ཡེངས་མེད་ལ༔ བློས་བྱས་བྲལ་བ་སྣ་ཚོགས་ཆེད་འཛིན་སྟོང༔ ཁོར་ཡུག་མི་གཡོ་རྗེ་བཙུན་རྣལ་འབྱོར་མ༔ དོན་གྱི་ཡེ་ཤེས་རང་ཞལ་མཐོང་བ་སྟེ༔ མཐོང་བ་དོན་ལྡན་དོན་ལ་རྟག་ཏུ་རོལ༔ ཅེས་པའི་དོན་ལ་ཡུན་རིང་དུ་མཉམ་པར་གཞག །འོད་གསལ་གྱི་ངང་ལས་ཐུན་མཚམས་ཟུང་འཇུག་སྒྱུ་མའི་སྐུར་ལྡང་ལ་ཁྱེར་སོ་གསུམ་གྱི་གྲུབ་མཐའ་བསྐྱང་ཞིང་དགེ་བ་བསྔོ་འོ། །མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ནི། མཆོད་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་པཉྩ་ཀཱ་མ་གུ་ཎ་ཨཱཿཧཱུྃ། ཨཱོྃ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། ཞེས་བྱིན་བརླབ། དཀྱིལ་འཁོར་བསང་སྦྱང་། སྟོང་པའི་ངང་ལས། མདུན་དུ་ཆོས་ཀྱི་འབྱུང་གནས་ཡངས་ཤིང་རྒྱ་ཆེ་བ་རྩ་བ་ཕྲ་བ་ཐུར་དུ་ཟུག་ཅིང་ཁ་གདེངས་གཡེལ་བ་གྱེན་དུ་བསྟན་པའི་ནང་དུ། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། མ་རིག་པའི་མུན་པ་བསལ། ཚུར་འདུས་ཏེ་ས་བོན་ལ་ཐིམ་པས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣལ་འབྱོར་མ་སྟོན་ཟླའི་མདངས་དང་མཚུངས་པ་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྒེག་པའི་ཉམས་ཅན། སྤྱན་གསུམ་མཆེ་བཞི་ཅུང་ཟད་གཙིགས་ཤིང་རལ་པ་ཐོར་ཚུགས་སུ་བཅིངས་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུ་དང་རྡོ་རྗེའི་ཕྲེང་བའི་དོ་ཤལ་དཔྱངས་པ། མེ་ཏོག་གི་རྒྱན་དང་རུས་པའི་ཕྱག་རྒྱས་སྤྲས་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་ཕྱར་ཞིང་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོ་གཡོན་ན་རྡོ་རྗེའི་ཁ་ཊྭཱཾ་བརྟེན་ཅིང་ཞབས་གཡོན་བརྐྱང་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བའི་ཀློང་ན་བཞུགས་པའོ། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧྲཱིཿལས་འོད་ཟེར་འཕྲོས། དག་པ་མཁའ་སྤྱོད་ཀྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཐིམ་པར་གྱུར། སྤྱན་འདྲེན་པ་ནི། ཧྲཱི༔ སྐྱེ་མེད་ཀློང་ལས་སྐྱེ་བའི་སྐུར་སྣང་བའི༔ མཁྱེན་བརྩེ་ཟླ་བའི་གཟུགས་ཀྱི་ཐུགས་རྗེའི་མདངས༔ བདག་སོགས་དད་པའི་ཆུ་སྣོད་ལ་མངོན་པར༔ དབང་བསྐུར་མཆོག་གི་ཞལ་བཟང་མྱུར་དུ་སྟོན༔ ཆོས་དབྱིངས་སྐུར་སྣང་གཤེགས་བཞུད་མི་མངའ་ཡང༔ ཐུགས་རྗེ་བརྩེ་བ་ཆེན་པོས་སྐུར་བཞེངས་ལ༔ དད་པའི་ཡུལ་དུ་མངོན་པར་གཤེགས་སུ་གསོལ༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་མཁྱེན་བརྩེས་བྱོན༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི། ཧྲཱི༔ རིག་མདངས་རྣམ་ཤེས་ཨུཏྤལ་དཀྱིལ་འཁོར་དུ༔ ཐུགས་རྗེ་ཟླ་བའི་གཟི་བྱིན་ཕབ་ནས་ཀྱང༔ ཡོན་ཏན་འདབ་རྒྱས་མ་འདྲེས་སོ་སོར་གསལ༔ འགྲོ་ཀུན་གདུལ་བྱའི་ཕྲིན་ལས་དཔལ་ཐོབ་ཤོག༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ རྒྱལ་བའི་སེམས་བསྐྱེད་མཁྱེན་བརྩེའི་མཁའ་སྤྲིན་ལས༔ དད་པས་བསྐུལ་བའི་བྱིན་རླབས་ཆར་རྒྱུན་གྱིས༔ བདག་རྒྱུད་སྨིན་གྲོལ་བསྐུལ་ཕྱིར་ཐལ་མོ་སྦྱར༔ སྒོ་གསུམ་ཕྱག་འཚལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་བ་ནི། ཧྲཱི༔ རབ་འབྱམས་ཞིང་ཀུན་གང་བའི་མཆོད་སྤྲིན་ནི༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་པ་བདུན༔ རྒྱལ་བའི་ཡུམ་གྱུར་རྣལ་འབྱོར་མ་ལ་འབུལ༔ བཞེས་ནས་ཤེས་རབ་ཕར་ཕྱིན་དངོས་གྲུབ་སྩོལ༔ ཨཱོྃ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མངྒ་ལ་རཏྣ་པཱུ་ཛ་ཧོ༔ ཧྲཱི༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩི་དང༔ ཆགས་མེད་རཀྟ་ཆགས་པའི་གནས་ཆེན་པོ༔ འདོད་ཡོན་གཏོར་མ་ཡེ་ཤེས་རྒྱ་མཚོའི་སྤྲིན༔ འབུལ་ལོ་དགྱེས་པར་བཞེས་ལ་ཕྲིན་ལས་མཛོད༔ མ་ཧཱ་སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི། ཧྲཱི༔ སྐྱེ་བ་མེད་པའི་ཆོས་དབྱིངས་ངོ་བོ་ཉིད༔ འགག་པ་མེད་པའི་ཕྲིན་ལས་ལྷུན་གྲུབ་ཀྱི༔ དབྱེར་མེད་ཤེས་རབ་ཕ་རོལ་ཕྱིན་པ་མོ༔ རྒྱལ་ཡུམ་མཁྱེན་བརྩེའི་བདག་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ སྐྱེ་བ་མེད་པའི་རང་མདངས་ནི༔ འགག་མེད་རབ་དཀར་གངས་རི་འདྲ༔ ཡོན་ཏན་མཚན་དཔེས་བརྩེ་བའི་ཉམས༔ ཐུགས་རྗེས་སྐུར་བཞེངས་ལ་ཕྱག་འཚལ༔ ཞེས་པས་བསྟོད་ཅིང་། སྔགས་འཁོར་དང་འོད་ཟེར་སྤྲོ་བསྡུ་གསལ་བཏབ་ལ་བཟླས་པ་བྱ། རིལ་བུ་བསྒྲུབ་ན་དེ་ཉིད་ལྷར་བསྐྱེད་ལ་འཁོར་འདས་ཀྱི་ཤེས་རབ་ཐམས་ཅད་འོད་དཀར་པོའི་རྣམ་པར་བསྡུ། དབང་གི་སྐབས་བུམ་པར་སྐད་ཅིག་གིས་ལྷ་གསལ་བ་དང་། བདུད་ཅི་འབེབ་དམིགས་སྤྱི་མཐུན་བཅས་བཟླས་པའི་མཐར་མཆོད་བསྟོད་མདོར་བསྡུས། བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་བགེགས་མཐར་བྱེད་བསྐྱེད་བཟླས་དང་། རིག་པའི་མེ་ཏོག་དོར་ལ་གནང་བ་ཞུ། རིལ་བུའམ་སྒྲུབ་མཆོད་རྐྱང་པའི་སྐབས་ནི། བཟླས་པ་ཟིན་ནས་རྗེས་ཆོག་ལ་འཇུག་གོ །གསུམ་པ་སྨིན་བྱེད་ནི། སློབ་མ་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས། འདིར་སྐབས་སུ་བབས་པ། རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ལོངས་སྐུ་རྟགས་ཀྱི་ཕྱག་རྒྱར་བཞེངས་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སྐུའི་རྣམ་འགྱུར་ཞི་ཆགས་ཁྲོ་མོའི་ཚུལ་ཅན་དང་ཕྲིན་ལས་ཀྱི་སྒོ་མཐའ་ཡས་པ་མཆིས་པའི་ནང་ཚན། ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་དབང་བསྐུར་བ་སྟེ། དེའང་གསང་བ་བླ་མེད་ཤིན་ཏུ་ཟབ་མོའི་ངེས་པའི་དོན་ལ་བློ་གྲོས་སྤོབས་པའི་མཐུ་ཐོབ་པར་འདོད་པ་དག་གིས་ལྷག་པའི་ལྷ་འདི་ཉིད་ལ་བསྟེན་ན། མཐའ་དྲུག་དང་ཚུལ་བཞིས་བཅིངས་པའི་རྡོ་རྗེའི་ཚིག་གི་རྒྱ་མདུད་གྲོལ་ནས་ཡེ་ཤེས་ཀྱི་སྣང་བ་ཡངས་པོ་ལ་སྤྱོད་པར་འགྱུར་བའི་གཏམ་མཁས་པ་རྣམས་ལ་རླུང་ལྟར་གྲགས་ཤིང་། དེའི་སྒྲུབ་ཐབས་སྔགས་གསར་མ་ལ་ཡོངས་གྲགས་སུ་བྱོན་ཅིང་ཉམས་བཞེས་མཛད་པ་མང་ཡང་། སྔ་འགྱུར་རྙིང་མའི་ཕྱོགས་སུ་དཀོན་པར་སྣང་བ་ལ། འདིར་ལང་གྲོ་ལོ་ཙཱའི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོས་ཁེ་མི་འགྱུར་གསང་བ་རྡོ་རྗེའི་སྒྲོམ་ནས་སྤྱན་དྲངས་པའི་ཀློང་གསལ་རྡོ་རྗེའི་སྙིང་པོའི་ཆོས་སྡེ་ལས་བྱོན་པའི་སྨིན་བྱེད་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་རྡོ་རྗེ་འཛིན་རྒྱལ་དགོངས༔ ཆོས་ལ་ལྟ་བའི་མིག་ཡངས་ཤིང༔ བློ་གྲོས་སྤོབས་པ་ཆེ་བ་ཡི༔ ཆོས་དབྱིངས་གྲུབ་པ་མཆོག་འདོད་ན༔ གོ་འཕང་མགོན་པོས་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི། ཧོ༔ ཆོས་དབྱིངས་རང་སྣང་ཡེ་ཤེས་ཏེ༔ ཆོས་དབྱིངས་ཤེས་རབ་ཕར་ཕྱིན་མ༔ ཕག་མོ་དཀར་མོ་མཆོག་ཡིན་ཏེ༔ དེ་ཡི་དངོས་གྲུབ་སྦྱིན་པར་བྱ༔ ཞེས་སྤྲོ་བ་བསྐྱེད། བླ་མ་དང་དཀྱིལ་འཁོར་པའི་ལྷ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པའི་སྒོ་ནས་གསག་སྦྱོང་སྤེལ་གསུམ་ཚུལ་བཞིན་བྱ་བའི་འདུན་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དུང་ཞལ་གྱི་དམ་ཆུ་སྦྱིན་ལ། ཧོ༔ ཆོས་དབྱིངས་ཡེ་ཤེས་གསང་ཆེན་ཏེ༔ གསང་བ་འཆལ་བར་མི་རུང་ངོ༔ དམ་མེད་རྣ་བར་མི་སྒྲོག་པའི༔ གསང་ཆེན་འཛིན་ཕྱིར་རྟེན་འབྲེལ་ཆེ༔ ཞེས་དམ་ཚིག་བསྒྲག །ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །བསང་སྦྱང་། སྟོང་པའི་ངང་ལས། སྣང་སྲིད་ཆོས་འབྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་དག་པའི་དབུས་སུ་པདྨ་དང་ཉི་མའི་གདན་ལ། ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདཀར་པོ་ལས་སོགས་མདུན་བསྐྱེད་སྐབས་ལྟར་ལ། ཀློང་ན་བཞུགས་པའོ། །དེའི་ཐུགས་ཀར་ཧྲཱིཿདཀར་པོས་མཚན་པའི་འོད་ཟེར་དཔག་ཏུ་མེད་པ་རྒྱལ་བའི་ཞིང་ཁམས་སུ་འཕྲོས་པས༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་ཤེས་རབ་ཀྱི་ཆ་ཧྲཱིཿདཀར་པོའི་རྣམ་པ་གྲངས་མེད་པ་བྱོན་ནས་ལུས་ལ་ཐིམ་པར་སྒོམས་ཤིག༔ སྤོས་རོལ་དབྱངས་ཀྱི་འགྱུར་བས་སྤྱན་འདྲེན་སྔགས་བཅས་བརྗོད། དེ་ལྟར་ཕབ་པའི་ཡེ་ཤེས་པ་དེ་ཉིད་རྟག་ཏུ་བརྟན་པར་བྱས་པར་མོས་ཤིག །ཨཱོྃ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ༔ ཞེས་རྡོ་རྗེ་མགོར་བཞག །བླ་མ་དཀྱིལ་འཁོར་པའི་ལྷ་དང་དབྱེར་མེད་པས་རིན་པོ་ཆེའི་བུམ་པར་ཕག་མོ་དཀར་མོའི་བྱིན་རླབས་བཅུད་ཀྱི་རང་བཞིན་རྡོ་རྗེ་བདུད་རྩིའི་ཆུ་རྒྱུན་གྱིས། མ་རིག་པའི་སྒྲིབ་པ་གཏོར་ཞིང་མཁྱེན་གཉིས་ཡེ་ཤེས་རྒྱུད་ལ་བླུག་པའི་ཆོ་གས་སྐུ་བུམ་པའི་དབང་སྐུར་ཐོབ་པར་མོས་ཤིག །བུམ་པ་ཐོགས་ལ། ཧཱུྃ་ཧྲཱི༔ ཡེ་ཤེས་ཤེས་རབ་དཀར་མོ་ཡི༔ ཡེ་ཤེས་གསང་ཆེན་འདུས་པ་ཡིས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕུང་པོ་ལྷ་དང་དབྱེར་མེད་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོྃ༔ དེས་ལུས་ཀྱི་སྒྲིབ་པ་དག །ཕུང་ཁམས་ལྷའི་ཕྱག་རྒྱས་བྱིན་གྱིས་བརླབས། སྣོད་བཅུད་དཀྱིལ་འཁོར་དུ་བསྒོམ་པ་ལ་དབང་བ་ཡིན་པས་བསྐྱེད་རིམ་སྣང་སྟོང་སྒྱུ་མ་ལྟ་བུ་རྟག་ཏུ་སྒོམ་པར་གྱིས་ཤིག །བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི་ལྕེ་ལ་སྦྱིན་ཅིང་ཕྲེང་བ་སྔགས་ཀྱི་ངོ་བོས་བྱིན་གྱིས་བརླབས་པས་གསུང་གསང་བའི་དབང་བསྐུར་ཐོབ་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན། ཤེལ་ཕྲེང་མགྲིན་པར་བཞག་ལ། ཧྲཱི༔ གསང་ཆེན་གསང་བའི་རྒྱུད་ཀྱི་བཅུད༔ རིག་སྔགས་འདྲེས་པ་མཆོག་གི་བཅུད༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ རྩ་ཁམས་སྔགས་དང་དབྱེར་མེད་ཤོག༔ རྩ་སྔགས། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེས་ངག་གི་སྒྲིབ་པ་དག །སྨྲ་བརྗོད་གསང་སྔགས་སུ་བྱིན་གྱིས་བརླབས། ཕྱི་ནང་རྡོ་རྗེའི་བཟླས་པ་ལ་དབང་བ་ཡིན་པས་གྲགས་སྟོང་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་མཛོད་ཅིག །དྲིལ་བུའི་སྒྲ་འགྲོ་འོང་གནས་གསུམ་དང་བྲལ་བས་མཚོན་དཔེར་བྱས་ཏེ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་བདེ་སྟོང་ཡེ་ཤེས་ཆེན་པོར་མཉམ་པར་འཇོག་པ་དང་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཐོབ་པར་མོས་ཤིག །དྲིལ་བུ་འཁྲོལ་ཅིང་གཏད་ལ། ཧཱུྃ༔ འདི་ནི་ཤེས་རབ་མཆོག་གི་སྒྲ༔ འགྲོ་འོང་གནས་འཇུག་ཡེ་ཤེས་མཚོན༔ སྐལ་ལྡན་ཡིད་ལ་དབང་བསྐུར་བས༔ རྩ་རླུང་སྣང་སྟོང་དབྱེར་མེད་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡིད་ཀྱི་སྒྲིབ་པ་དག །དྲན་རྟོག་ཡེ་ཤེས་སུ་བྱིན་གྱིས་བརླབས། རང་ལུས་གནས་ལུགས་བསྒོམ་པ་ལ་དབང་བ་ཡིན་པས་ལྷན་སྐྱེས་ཡེ་ཤེས་ཀྱི་ངང་དུ་མཉམ་པར་བཞག་པ་ལས་མ་གཡོས་པར་གྱིས་ཤིག །སྲིད་དང་ཞི་བའི་བློ་གྲོས་གཟུངས་སྤོབས་མཁྱེན་གཉིས་ཡེ་ཤེས་ཀྱི་ནུས་བཅུད་གཅིག་ཏུ་བསྡུས་པའི་རིལ་བུ་བྱིན་པས་ཡོན་ཏན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དབང་བསྐུར་ཐོབ་པར་མོས་ཤིག །རིལ་བུ་སྦྱིན་ལ། ཧྲཱི༔ རྟེན་ལ་སྔགས་ཀྱི་རྩལ་འབྱིན་ཅིང༔ རིག་མདངས་འཕྲོ་འདུའི་བཅུད་དབབ་པའི༔ ཡོན་ཏན་ཕྲིན་ལས་ལྷུན་གྲུབ་འདི༔ སྐལ་ལྡན་བུ་ཡིས་སྤྱོད་པར་ཤོག༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧྲཱི༔ དེའི་རྗེས་འབྲེལ་དུ་ཚིག་དབང་རིན་པོ་ཆེས་ངོ་སྤྲད་པའི་དོན་ལ་རྟག་ཏུ་མཉམ་པར་འཇོག་པར་ཞུ། ཨེ་མ་སྐལ་ལྡན་བློ་གྲོས་ལྡན༔ ཤེས་རབ་ཡོན་ཏན་ཀུན་གྱི་གཞི༔ སྣང་སྟོང་བདེ་བ་ཆེན་པོའི་སྐུ༔ མ་ཡེངས་རྒྱུན་དུ་སྐྱོང་བ་གཅེས༔ ཨ་ཕཊ༔ དེས་སྒོ་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །མཁྱེན་རབ་ཆགས་ཐོགས་དང་བྲལ་བར་བྱིན་གྱིས་བརླབས། དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པ་ལ་དབང་བ་ཡིན་པས་གནས་སྐབས་དང་མཐར་ཐུག་གི་ཡེ་ཤེས་བསྒྲུབ་པ་ལ་འབད་པར་གྱིས་ཤིག །གཏོར་མ་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་ངོ་བོས་བྱིན་གྱིས་བརླབས་པས་ཕྲིན་ལས་འགྲོ་བ་འདུལ་བའི་དབང་བསྐུར་ཐོབ་པར་མོས་ཤིག །གཏོར་མ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ། ཧྲཱི༔ ཐབས་ཀྱི་སྤྱོད་པས་འགྲོ་བའི་དོན༔ ཤེས་རབ་ལས་བྱུང་ཡེ་ཤེས་ཀྱིས༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་མ༔ ལྷུན་གྱིས་གྲུབ་པར་བྱ་བ་བྱོས༔ དེས་ཀུན་གཞི་བག་ཆགས་ཀྱི་ཤེས་སྒྲིབ་དག །ཕྲིན་ལས་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས། གཞན་གྱི་དོན་བསྒྲུབ་པ་ལ་དབང་བ་ཡིན་པས། གདུལ་བྱ་གང་ལ་གང་འདུལ་གྱི་ཕྲིན་ལས་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག །ཡེ་དྷར་དང་ཤིས་པ་བརྗོད་ལ་མེ་ཏོག་འཐོར། དབང་གི་རྗེས་ཀྱི་བྱ་བ་དམ་ཚིག་ཁས་བླངས་ཕྱིན་སྤྱི་ལྟར་བྱ། ཆོ་གའི་རྗེས་རིམ། གཏོར་མ་འབུལ་ན། བླ་མེད་སྤྱི་མཐུན་ཞིག་གིས་ཆོག །མཆོད་པ་གསོས་ལ་བྱིན་གྱིས་བརླབ། མཆོད་བསྟོད་དང་ནོངས་པ་བཤགས་ལ་ཡིག་བརྒྱ་བརྗོད། མདུན་བསྐྱེད་རྟེན་ཡོད་མེད་དང་བསྟུན་པའི་བསྟིམ་གཤེགས་བྱ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཀྲ་ཤིས་རྣམས་ཀྱང་སྤྱི་འགྲེ་བྱའོ། །རྣལ་འབྱོར་མ་དཔལ་ཡེ་ཤེས་ཟླ་འོད་ཀྱིས། །བདག་སོགས་སྙིང་གི་མུན་པའི་མཛོད་བརྟོལ་ནས། །མཁྱེན་གཉིས་མིག་གིས་ཟབ་མོའི་ལམ་མཆོག་བགྲོད། ཁ་སྦྱོར་བདེ་ཆེན་རོལ་པས་རྟག་ཚིམས་ཤོག །ཅེས་པའང་རིན་པོ་ཆེ་གཏེར་གྱི་བང་མཛོད་ཆེན་པོར་ལས་རྒྱས་པའི་བྱེ་བྲག་གི་དབྱིག་སྡུད་པའི་ཆ་ཤས་སུ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་སུ་བསྡེབས་པ་དགེ་ལེགས་འཕེལ།། །།
གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་ཕྲིན་ལས་ཁྱེར་བདེར་བཀོད་པ་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ (Volume 11, Text 67)
༄༅། །གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་ཕྲིན་ལས་ཁྱེར་བདེར་བཀོད་པ་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ཡ། དུས་མཐའི་མེ་ལྟར་འབར་བའི་གཟི་བྱིན་གྱིས། །གདུག་ཅན་ཐལ་བར་བྱེད་ཅིང་སྒྲུབ་པོ་ལ། །ཡེ་ཤེས་སྣང་བའི་ལམ་མཆོག་གསལ་མཛད་པ། །དྲག་པོ་བདེ་གཤེགས་འདུས་པས་བདག་སྐྱོངས་ཤིག །དྲག་སྒྲུབ་ཆུ་ཀླུང་བྱེ་སྙེད་ཀྱི། །རྩ་བའི་འབྱུང་ཁུངས་ཉང་རལ་ལུགས། །རྒྱ་ཆེ་དོན་ཟབ་ཕྲིན་ལས་ནི། །མདོར་བསྡུས་འཚམ་པ་རབ་གསལ་བྱ། །པདྨ་དྲག་པོའི་དཀྱིལ་འཁོར་དུ་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོ་མཚན་ཉིད་དང་ལྡན་པས་ཡིད་མཐུན་གྱི་གནས་སུ་གུ་རུ་ཞི་དྲག་གི་རྟེན་བཀྲམ་པའི་སྤྱན་སྔར། དཔལ་གཏོར་པདྨ་འདབ་བཞི་དང་རྡོ་རྗེ་མེ་རིས་མཚན་པ་དཀར་ཐིག་དམར་གུར་ཤ་དར་གྱིས་བརྒྱན་པའི་གཡས་གཡོན་དུ་སྨན་རཀ །ཕྱི་མཆོད་སྦྲེང་ཚར། རྩ་གསུམ་སྤྱིའི་གཏོར་འབུལ་གང་འོས། སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། ཆད་བརྟན་སོགས་བཤམ། སྤོས་དང་རོལ་མོ་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་གྲབས་སུ་ཚུད་ནས་ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། བརྒྱུད་འདེབས་སྔོན་དུ་སོང་ནས། བསྙེན་སྒྲུབ་ཀྱི་ཐོག་མར་དབང་དང་ཟློག་པ་སོགས་ལས་ཀྱི་རིམ་པ་དང་འབྲེལ་ན་སྔོན་ལ་དཀར་གཏོར་གཏང་བ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསུམ། རིན་པོ་ཆེའི་སྣོད་དུ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་དཔལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་ཕྱི་རིམ་སྐྱོང་བའི་སྲུང་མ་འཇིག་རྟེན་གྱི་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས། ཨོཾ་ཨ་ཀཱ་རོ་སོགས་གསུམ་གྱིས་བསྔོས་པས་མཉེས་ཏེ་བདག་གི་ཕྲིན་ལས་སྒྲུབ་པར་བསམས་ལ། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལ་བཏགས་པ་ཡི༔ འཇིག་རྟེན་ཆོས་སྐྱོང་དམ་ཚིག་ཅན༔ ཚངས་པ་དང་ནི་བརྒྱ་བྱིན་དང༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ བོད་ཁམས་སྐྱོང་བའི་བརྟན་མ་དང༔ མ་མོ་འབྱུང་པོ་ཤ་ཟའི་ཚོགས༔ སྲིན་པོ་ཡི་དྭགས་སྨྱོ་བྱེད་དང༔ ཡུལ་ཕྱོགས་འདི་ན་གནས་པ་ཡི༔ གཞི་བདག་ཚོགས་རྣམས་ཐམས་ཅད་དང༔ ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ འདིར་གཤེགས་བདག་ལ་དགོངས་སུ་གསོལ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སྔོན་གྱི་དམ་ལས་མ་འདའ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནད་སོགས་མི་མཐུན་ཞི་བ་དང༔ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༔ ལོག་ལྟ་དབང་དུ་བསྡུ་བ་དང༔ མངོན་སྤྱོད་མི་མཐུན་འཇོམས་པ་དང༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དམ་ཚིག་ཅན་གྱིས་བདག་ལ་སྲུངས༔ དངོས་གྲུབ་ཅན་གྱིས་སྟོངས་གྲོགས་མཛོད༔ མཐུ་རྩལ་ཅན་གྱིས་བདག་ལ་སྲུངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་བསྔོ། འདི་ནི་ཚོགས་མཆོད་ཀྱི་ཕྲིན་ལས་ལྟ་བུ་དང་ཞག་གྲངས་མང་དུ་གཏང་བའི་ཉིན་ཕྱི་མ་རྣམས་ནི་་མི་དགོས་སོ། །དེ་ནས་སྔོན་འགྲོ་དངོས་ལ་རྣམ་པ་བཅུ་ཡོད་པ་ལས། དང་པོ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ཧྲཱི༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། བདག་གཞན་གཉིས་མེད་དོན་ཕྱིར་དུ༔ དྲག་པོའི་ཁྲོ་རྒྱལ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་མཆིས་པ་དང༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ ལན་གསུམ་བརྗོད། གཉིས་པ་བགེགས་གཏོར་གཏང་ཞིང་བཀའ་བསྒོ་བ་ནི། གོང་ལྟར་བྱིན་བརླབ། རང་ཉིད་སྐད་ཅིག་གིས་དབང་དྲག་པདྨ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ བདག་ཅག་འཁོར་དང་བཅས་པ་ལ༔ གནོད་བྱེད་ཐམས་ཅད་འདིར་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཛ༔ ཞེས་བཀུག །ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ང་ནི་ཐོད་ཕྲེང་ཁྲོས་པའི་སྐུ༔ ཁམས་གསུམ་སྒྲོལ་བའི་ཁྲོ་བོ་སྟེ༔ འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ འདི་རུ་མ་འདུག་གཞན་དུ་དེངས༔ ཡང་གསང་སྒྲུབ་པའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་རྣམས་མ་གཏོགས་པ༔ བྱང་ཆུབ་སྒྲུབ་པའི་གེགས་བྱེད་རྣམས༔ ང་ཡི་དཀྱིལ་འཁོར་ཟབ་མོ་དང༔ ལྷ་སྔགས་མཐོང་བའི་སྐལ་མེད་པས༔ ད་ལྟ་ཕྱི་རུ་འགྲོ་བར་གྱིས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ང་ཡི་སྤྲུལ་པ་མང་པོ་ཡིས༔ མགོ་བོ་ཚལ་པ་བརྒྱ་རུ་ཁོས༔ དེ་བས་རང་རང་གནས་སུ་དེངས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་བྷཱུ་ཏ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་ལ། དྲག་སྔགས་རོལ་མོ་སོགས་ཀྱིས་བསྐྲད་དོ། །གསུམ་པ་མཚམས་བཅད་པ་ནི། ཛྙཱ་ན་ཙཀྲ་མཎྜ་ལ༔ ཞེས་པས། སྐད་ཅིག་གིས་གསེར་གྱི་འཁོར་ལོ་རྩིབས་བཅུ་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་རང་ཉིད་པདྨ་དྲག་པོར་གསལ་བའི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་བཅུ་འཕྲོས་པས༔ ཡེ་ཤེས་ཀྱི་ཁྲོ་བོ་བཅུར་གྱུར༔ ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ ཕྱོགས་བཅུར་ཁྲོ་བོའི་སྤྲུལ་པ་འགྱེད༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་བཅུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་ཅན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཡོན་པ་འགུགས་བྱེད་ལྕགས་ཀྱུ་ཡིས༔ དགྲ་བགེགས་སྙིང་ནས་རབ་བཟུང་ཞིང༔ གཡས་པ་རྡོ་རྗེ་ཐོ་བ་ཡིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ སྤྲུལ་པའི་ཁྲོ་བོས་ནམ་མཁའ་ཁེངས༔ ཧཱུྃ་གི་སྒྲ་སྒྲོག་དི་རི་རི༔ ཕཊ་ཀྱི་བརྡ་སྐད་ཁྲ་ལ་ལ༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ མ་དག་པ་རྣམས་ཚར་ཆོད་ཅིག༔ བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ཅིག༔ བཛྲ་ཀྲོ་དྷ་ཛྭ་ལ་རཾ་རཀྵ་རཀྵ༔ བཞི་པ་ཡན་ལག་དགུ་པས་ཚོགས་གསག་པ་ནི། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛ༔ མདུན་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་བཞུགས་པར་གྱུར༔ ཧཱུྃ༔ དུར་ཁྲོད་ཆེན་པོ་འབར་བའི་ཕོ་བྲང་ནས༔ འཇིགས་བྱེད་ཆེ་མཆོག་འབར་བའི་ཧེ་རུ་ཀ༔ དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ དབང་དྲག་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ན༔ དྲེགས་པ་ཕོ་མོ་ཉི་ཟླའི་གདན་སྟེང་དུ༔ དབང་དྲག་པདྨ་འཁོར་དང་བཅས་པ་རྣམས༔ རྔམ་བརྗིད་དགྱེས་པའི་ཚུལ་དུ་བཞུགས་སུ་གསོལ༔ ཧཱུྃ༔ སྐྱེ་ཤི་གཉིས་སྤངས་རྡོ་རྗེའི་རང་བཞིན་ལས༔ ཕྲིན་ལས་ལྷུན་གྲུབ་ལྷ་སྲིན་དམ་ལ་བཏགས༔ སྐུ་གསུམ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་དཔལ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ ཁམས་གསུམ་སྐུ་གསུམ་དབྱིངས་སུ་བསྒྲལ་བའི་ཕྱིར༔ དུག་གསུམ་དབང་གྱུར་དགྲ་བགེགས་འབྱུང་པོ་རྣམས༔ དྲག་པོས་བསྒྲལ་པའི་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་སྐུ་ལ་མཆོད་པར་འབུལ༔ ཧཱུྃ༔ བདག་ནི་མ་རིག་འཁྲུལ་པའི་དབང་སོང་བས༔ དུག་གསུམ་དབང་གིས་འགལ་བ་ཡོད་སྲིད་ཀྱིས༔ དབང་དྲག་པདྨའི་ཐུགས་དང་ཅི་འགལ་བ༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཧཱུྃ༔ ཁམས་གསུམ་སྲིད་གསུམ་ཀུན་ལ་དབང་བསྒྱུར་ནས༔ དྲག་པོ་གཟི་བརྗིད་འབར་བའི་སྐུ་མཆོག་གིས༔ འཁོར་བའི་གཏིང་ནས་སྐམ་སར་འདོན་པའི་ཕྱིར༔ དུག་གསུམ་ཞལ་དུ་གསོལ་ལ་ཡི་རང་ངོ༔ ཧཱུྃ༔ སྔོན་གྱི་ཞལ་བཞེས་ཐུགས་བཞེད་ཡིན་པའི་ཕྱིར༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ འགྲོ་རྣམས་ཇི་སྲིད་རྫོགས་སངས་རྒྱས་ཀྱི་བར༔ མྱ་ངན་མི་འདའ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཧཱུྃ༔ རྣལ་འབྱོར་བདག་སོགས་འཁོར་བའི་སེམས་ཅན་རྣམས༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པ་དང༔ དངོས་གྲུབ་རྣམ་གཉིས་བདག་གིས་ཐོབ་བྱའི་ཕྱིར༔ ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ ཧཱུྃ༔ བདག་ནི་དད་པས་གཏིང་ནས་ཁྱེད་སྒྲུབ་ན༔ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས༔ སྨོན་ལམ་འབྲེལ་པ་འདི་ཡིས་མཚམས་སྦྱར་ནས༔ བདག་དང་སེམས་ཅན་བྱང་ཆུབ་ཐོབ་པར་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ལྔ་པ་བརྡ་སྒོ་དབྱེ་བ་ནི། ཧཱུྃ༔ རང་སྣང་གསལ་བའི་གཞལ་ཡས་ཁང༔ མ་རིག་དབང་གིས་སྒོ་བཅད་པས༔ ཡེ་ཤེས་ཕྲིན་ལས་རྣམ་བཞི་ཡིས༔ ཕོ་བྲང་དཀྱིལ་འཁོར་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ༔ དྲུག་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ༔ ཡེ་ནས་རང་རིག་དྲག་པོའི་ལྷ༔ གཟུང་འཛིན་བག་ཆགས་ཤིན་ཏུ་བསྒྲིབས༔ རང་ཤར་རང་གྲོལ་བདེ་སྟོང་ངང༔ རང་ཞལ་མཇལ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ བདུན་པ་བཤགས་པ་བྱ་བ་ནི། ཧཱུྃ༔ ཁྲོ་རྒྱལ་དྲག་པོའི་ལྷ་ཚོགས་དགོངས༔ ཡེ་ནས་རང་དང་གཉིས་མེད་ཀྱང༔ མ་རིག་དབང་གིས་ལོག་ལྟ་བགྱིས༔ སྤང་བླང་གཉིས་བཟུང་མཐོལ་ལོ་བཤགས༔ ཕྱི་ནང་གསང་བའི་ཐེག་པ་ཡི༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་རྣམས༔ གནོད་འགྱོད་སེམས་ཀྱིས་མཐོལ་ལོ་བཤགས༔ ཕྱིན་ཆད་སྡོམ་པར་བགྱིད་ལགས་པས༔ བཟོད་པ་ཆེན་པོའི་ངང་བཞེས་ལ༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་སཏྭ་ཨཱཿཧཱུྃ༔ བརྒྱད་པ་དམ་བཅའ་བ་ནི། ཧཱུྃ༔ བླ་མ་དྲག་པོ་ཁྲོ་བོའི་ཚོགས༔ སྔོན་གྱི་དུས་ན་ཡི་དམ་ལྷ༔ འདི་ནས་བཟུང་ནས་དུས་ཀུན་ཏུ༔ སྲོག་ཕྱིར་མི་གཏོང་བསྒྲུབ་དམ་བཅའ༔ བཛྲ་ཙིཏྟ་ཧཱུྃ༔ དགུ་པ་བྱིན་དབབ་པ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོངས་སྐུ་འཇིགས་བྱེད་པདྨ་དྲག་པོའི་ཚོགས༔ སྤྲུལ་སྐུ་སྣ་ཚོགས་འགྲོ་བའི་དོན་མཛད་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་རྣལ་འབྱོར་བདག་ལ་དབང་མཆོག་སྐུར༔ སྒྲུབ་རྫས་རྣམས་ལ་བྱིན་ཆེན་དབབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཅུ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་མཆོད་རྫས་ཀྱི་མི་གཙང་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲིཏ་ཧཱུྃ་ཧྲཱིཿཐཱ༔ ལན་གསུམ། སྣོད་བནྡྷ་ཁོར་ཡུག་ཏུ། བཅུད་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཐཱཿ ལན་གསུམ། སྣོད་བནྡྷ་ལྕང་ལོ་ཅན་གྱི་ནང་དུ་བཅུད་རཀྟའི་རྒྱ་མཚོ་རྦ་རླབས་འཁྲུགས་པར་གྱུར། ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་མཎྜ་ལ་ཧཱུྃ་ཧྲཱིཿཐཱ༔ ལན་གསུམ། སྣོད་རིན་པོ་ཆེ་དང་པདྨ་བྷཉྫ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་སྦྱོར་སྒྲོལ་དམ་ཚིག་གི་རྫས་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ༔ སྟ་ན་ག་ཎ་ས་མ་ཡེ་ཧཱུྃ༔ ཞེས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལའང་བཅུ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཨོཾ༔ གདོད་ནས་རང་བྱུང་མཐའ་དབུས་མེད༔ སྨྲར་མེད་བསམ་འདས་བརྗོད་ལས་འདས༔ མཉམ་ཉིད་ཐིག་ལེ་བདེ་བ་ཆེ༔ མཁའ་ལྟར་མཉམ་པ་ཉིད་ལ་གནས༔ གཉིས་པ་ཀུན་སྣང་ནི། ཨཱ༔ རྩོལ་མེད་དབྱིངས་ལས་འགག་པ་མེད༔ བྱེ་བྲག་ཕྱག་རྒྱ་ཅིར་ཡང་སྣང༔ རང་ངོ་མ་ཤེས་སྡུག་བསྔལ་སྤྱོད༔ རང་གིས་རང་བཅིངས་སྙིང་རེ་རྗེ༔ གསུམ་པ་རྒྱུའི་ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་དང་བཅས་པ་ནི། ཧཱུྃ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱང༔ སྣ་ཚོགས་འབྱུང་བའི་ཡི་གེ་དྲུག༔ གནས་འགྱུར་འབྱུང་བ་རིམ་གྱིས་བརྩེགས༔ སྐྱེ་མེད་དབྱིངས་སུ་རྣམ་པར་དག༔ ཨེ་ཡཾ་ར་བཾ་ཀེཾ་རཾ༔ ཨེ་ལས་ནམ་མཁའ་མཐིང་ནག་འབར༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གསལ༔ ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ བཾ་ལས་ཞིང་ཆེན་ས་གཞི་བདལ༔ ཀེཾ་ལས་ཀེཾ་རུས་རི་རབ་སྟེང༔ རཾ་ལས་མེ་རི་དམར་སེར་འབར༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ བྷནྡྷ་སྐམ་རློན་གཟེར་ཆེན་གཏམས༔ གྲུ་བཞི་སྒོ་བཞི་རྟ་བབས་ཅན༔ ལྷ་བརྒྱད་ཀ་བ་ཚངས་པའི་གདུང༔ ཀླུ་བརྒྱད་ཀ་གདན་རྒྱུ་སྐར་དྲལ༔ ཞིང་ལྤགས་ཐོག་ལ་ཐོད་པའི་བད༔ རྒྱུ་མའི་ལྡ་ལྡི་ཙིཏྟའི་ཏོག༔ མཱཾ་སའི་རི་བོ་རཀྟའི་རྫིང༔ ཆུ་སྲིན་ཡ་ཐེམ་རུས་སྦལ་མ༔ ཞིང་ཆེན་སྒོ་ལོགས་སྒོ་རྒྱན་སྤྲས༔ རྡོ་རྗེ་དུར་ཁྲོད་མེ་རིའི་གུར༔ དེ་དབུས་གྲུ་གསུམ་དམར་ནག་འབར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་དང༔ སྲིན་པོ་ཕོ་མོ་བསྣོལ་བའི་སྟེང༔ པདྨ་ཙནྡྲ་སཱུརྻ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ རཀྴ་རག་མོ་ཏི་ར་བཾ༔ རང་གི་རིག་པ་ཧཱུྃ་དམར་ལས༔ འོད་འཕྲོས་སངས་རྒྱས་ཐུགས་དམ་བསྐུལ༔ འོད་ཟེར་མ་ལུས་བདག་ལ་ཐིམ༔ འཕྲོ་འདུས་འོད་དུ་ཞུ་བ་ལས༔ སྐད་ཅིག་བདག་ཉིད་པདྨ་འབྱུང༔ མདོག་དམར་མེ་ཡི་ཕྲེང་བས་བརྒྱན༔ ཧེ་རུ་ཀ་ཡི་ཆ་བྱད་ཅན༔ དབུ་སྐྲ་ལྕང་ལོ་གྱེན་དུ་བརྫེས༔ སྤྱན་གསུམ་ཞལ་བགྲད་མཆེ་བ་གཙིགས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་པ་སྐམ་རློན་ནེམ་གསུམ་གྱི༔ ཕྲེང་བའི་དོ་ཤལ་འཕྱང་བ་དང༔ སྐུ་སྟོད་གླང་ཆེན་ཀོ་རློན་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ མི་ལྤགས་གཡང་གཞི་རྐེད་ལ་བཅིངས༔ ཁྲག་ཞག་ཐལ་བའི་མཚན་མས་སྤྲས༔ རུས་རྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་ནམ་མཁའི་མཐོངས་སུ་ཕྱར༔ ཕྱག་གཡོན་ལྕགས་ཀྱི་སྡིག་པ་ནི༔ ཁ་དགུ་མིག་དགུ་བསྣམས་པ་ཡིས༔ བཅོ་བརྒྱད་རྭ་ལས་ཐོག་ཆེན་འཕྲོ༔ ཁ་དགུས་ཁམས་གསུམ་ཟས་སུ་ཟ༔ སྡེར་མོས་སྟོང་གསུམ་དབང་དུ་སྡུད༔ མཆན་ཁུང་གཡས་གཡོན་གཉིས་སུ་ནི༔ སྡེ་བརྒྱད་བཅུག་ནས་ཟ་བར་བྱེད༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཕྲོ༔ སྤྱི་གཙུག་བྱ་ཁྱུང་རྒྱལ་པོ་ནི༔ དམར་ནག་མེ་ཡི་གཤོག་པ་ཅན༔ རྒྱན་དང་ཆ་ལུགས་བརྗིད་ལྡན་བསྒོམ༔ དེ་སྟེང་པད་ཉི་བམ་རོའི་སྟེང༔ པདྨ་འབྱུང་གནས་སྨུག་ནག་མདོག༔ ཁ་ཊྭཱཾ་དང་ནི་ཐོད་ཁྲག་བསྣམས༔ སྤྱན་གསུམ་དུར་ཁྲོད་ཆས་བརྒྱད་རྫོགས༔ འདོར་སྟབས་མེ་ཕུང་ཀློང་དུ་བཞུགས། །དེ་ཡི་སྤྱི་གཙུག་པདྨའི་སྟེང་། །རིགས་བདག་སྣང་བ་མཐའ་ཡས་གསལ། །དཔྲལ་བར་གསེར་འཁོར་རྩིབས་བཞིའི་སྟེང་། །འཇམ་དཔལ་སེར་པོ་རིན་ཆེན་བརྒྱན། །རལ་གྲི་བསྐོར་ཞིང་སྡིགས་མཛུབ་སྒྲེང་། ཁྲོ་ཚུལ་འགྱིང་བག་ལྡན་པ་ཡི། །སྤྱི་བོར་ཨཱོཾ་ཡིག་གསེར་མདོག་བསྒོམ། །མགྲིན་པར་པདྨ་འདབ་བཞིའི་དབུས། །རྟ་མགྲིན་དམར་པོ་རྟ་ཞལ་ལྗང་། །དབྱུག་ཏོ་བསྐོར་ཞིང་སྡིགས་མཛུབ་མཛད། །བརྐྱང་བསྐུམ་དྲག་པོའི་ཆས་ལྡན་པའི། །མགྲིན་པར་ཨཱཿཡིག་དམར་པོ་གསལ། ཐུགས་ཀར་གསེར་གྱི་མཆོད་རྟེན་ནི༔ རི་རབ་བང་རིམ་བུམ་པ་བྲེ༔ འཁོར་ལོ་ཏོག་དང་ལྡན་པར་བསྒོམ༔ བུམ་པའི་ནང་དུ་ཕྱག་རྡོར་མཐིང༔ རྡོ་རྗེ་གསོར་ཞིང་སྡིགས་མཛུབ་སྒྲེང༔ རིན་ཆེན་སྦྲུལ་རིགས་ལྔ་ཡིས་བརྒྱན༔ ཁྲོ་གཏུམ་དྲག་ཤུལ་ལྡན་པ་ཡི༔ ཐུགས་ཀར་ཧཱུྃ་ཡིག་སྔོན་པོས་མཚན༔ ལྟེ་བར་ཆོས་འབྱུང་ཉིས་བརྩེགས་སྟེང༔ པདྨ་ཉི་ཟླ་རོ་སྟེང་དུ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ནི༔ དམར་མོ་གྲི་ཐོད་ཁ་ཊྭཱཾ་འཛིན༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་བཞི༔ གཡས་བརྐྱང་སྟབས་ཀྱིས་བཞུགས་པར་བསྒོམ༔ བཞི་པ་དབང་བསྐུར་བ་ནི། གནས་གསུམ་ཡི་གེ་འབྲུ་གསུམ་ལས། །འོད་འཕྲོས་སྐུ་གསུང་ཐུགས་ཀྱི་ལྷ། །སྤྱན་དྲངས་སོ་སོར་ཐིམ་པ་ཡིས། །རྡོ་རྗེ་གསུམ་གྱི་དབང་བསྐུར་ཐོབ། །སླར་ཡང་འོད་འཕྲོས་རིགས་ཀྱི་བདག །རྒྱལ་བ་སྲས་བཅས་སྤྱན་དྲངས་ཏེ། །རིགས་བདག་ལ་ཐིམ་དབང་རྫོགས་ཐོབ། །བདག་སྙིང་གསེར་གྱི་མཆོད་རྟེན་གྱི། །བུམ་པར་ཟླ་གདན་ཧཱུྃ་དམར་པོ། །སྔགས་ཀྱི་བསྐོར་ལས་འོད་འཕྲོས་པས། །རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས། །ལུས་ལ་རྡོ་རྗེའི་གོ་ཁྲབ་གྱུར། །ལྟེ་བར་དུས་གསུམ་སངས་རྒྱས་བཞུགས། །དྲྭ་མིག་གནམ་ལྕགས་སྡིག་པས་གཏམས། །སླར་ཡང་འོད་འཕྲོས་རྒྱལ་རྣམས་ཀྱི། །བྱིན་རླབས་བསྡུས་ནས་བདག་ལ་ཐིམ། །ཕྱི་རོལ་གསེར་གྱི་འཁོར་ལོ་ནི། །རྩིབས་སྟོང་རྩེ་མོར་སྡིག་པས་མཚན། །གཡས་བསྐོར་དགྲ་བགེགས་རྡུལ་དུ་བརླག །དེ་ཡི་ཕྱི་རོལ་མེ་འཁོར་ནི། །རྩིབས་སྟོང་དྲག་པོའི་སྒྲ་དང་བཅས། །གཡོན་བསྐོར་དགྲ་བགེགས་སྲེག་བྱེད་གྱུར། ལྔ་པ་སྤྱན་འདྲེན་པ་ནི། བདག་ཉིད་པདྨ་དྲག་པོ་ཡི༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་གྱི༔ ཟངས་མདོག་དཔལ་རིའི་གནས་མཆོག་ནས༔ སློབ་དཔོན་པདྨ་འབྱུང་གནས་ལ༔ རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར༔ ཐོགས་པ་མེད་པར་སྤྱན་དྲངས་གྱུར༔ ཧཱུྃ༔ དུར་ཁྲོད་མེ་རི་དམར་ནག་འབར་བའི་ཀློང༔ སྟོང་གསུམ་སྲེག་བྱེད་པདྨ་ཐོད་ཕྲེང་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འདོད་ཆགས་ཁྲག་གི་རྒྱ་མཚོའི་ཀློང་ནས་བཞེངས༔ ཞེ་སྡང་ཀེཾ་རུས་སྤུངས་པའི་ཀློང་ནས་བཞེངས༔ གཏི་མུག་ཤ་ཆེན་སྤུངས་པའི་དབུས་ནས་བཞེངས༔ བསྐལ་པ་མེ་རླུང་འབར་བའི་ཀློང་ནས་བཞེངས༔ དགྲ་བགེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ རཀྴ་སྲིན་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ འཆི་བདག་གཤིན་རྗེ་འདུལ་ཕྱིར་གཤེགས་སུ་གསོལ༔ དམ་སྲི་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ འཇིག་རྟེན་དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་འགོང་སྲོག་བདག་འདུལ་ཕྱིར་གཤེགས་སུ་གསོལ༔ བདུད་དང་མུ་སྟེགས་འདུལ་ཕྱིར་གཤེགས་སུ་གསོལ༔ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ གཟའ་དང་རྒྱུ་སྐར་འདུལ་ཕྱིར་གཤེགས་སུ་གསོལ༔ མོས་པ་ཐུགས་རྗེས་བཟུང་ཕྱིར་གཤེགས་སུ་གསོལ༔ ཕྱི་ནང་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཁྲོཾ་བཛྲ་གུ་རུ་པདྨ་དྲག་པོ་རྩལ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ དྲུག་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ དུར་ཁྲོད་དམར་ནག་འབར་བའི་དཀྱིལ་འཁོར་ནས༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་ན༔ སྲིན་པོ་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བདུན་པ་ཕྱག་འཚལ་བ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དྲེགས་པ་ལྷ་སྲིན་གདུག་པ་འདུལ་མཛད་ཅིང༔ འཁོར་འདས་མ་ལུས་འདྲེན་པའི་དཔལ་གྱུར་པ༔ ཆོས་ཉིད་མི་འགྱུར་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ བརྒྱད་པ་ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི། ཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་འདོད་ཡོན་ལྔ༔ ཡིད་འོང་མཆོད་པ་མ་ལུས་པ༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ རང་བྱུང་བདུད་རྩིའི་ཡོན་ཆབ་དང༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་མར་མེ་རཀྟའི་དྲི༔ ཤ་ཆེན་བཤོས་དང་ཐོད་རྔའི་སྒྲ༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ གདོད་ནས་རྣམ་དག་བདུད་རྩི་སྨན༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ དུག་ལྔ་སེལ་བའི་ཡེ་ཤེས་སྨན༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ སརྦ་པཉྩ་ཨ་མྲིཏ་ཁ་རཾ་ཁཱ་ཧི༔ སྣང་བ་མཐའ་ཡས་སྤྱན་གཟིགས་པདྨ་འབྱུང་། །མཚོ་རྒྱལ་ཁྲི་སྲོང་མངའ་བདག་ཡབ་སྲས་ཞབས། །སྨྱོས་ཞིག་མཚན་ལྡན་གྲགས་འོད་གྲགས་རྒྱལ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཚུལ་འབྱུང་ཤེར་རྒྱལ་ནམ་མཁའ་རྒྱལ་བའི་མཚན། །མཁའ་ཀློང་ཡངས་པ་སྐལ་ལྡན་ལས་འཕྲོ་གླིང་། །རིན་ཆེན་ཕུན་ཚོགས་གཙང་པ་ངག་དབང་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །སྣང་སོག་གངས་གསུམ་ཕྲིན་ལས་ལྷུན་གྲུབ་རྗེ། །འགྱུར་མེད་རྡོ་རྗེ་རིན་ཆེན་རྣམ་པར་རྒྱལ། །པདྨ་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཕྲིན་ལས་ཆོས་སྒྲོན་སངས་རྒྱས་ཀུན་དགའ་དང་། །ཆོས་ཀྱི་རྒྱལ་མཚན་འཇམ་དབྱངས་མཁྱེན་བརྩེའི་དབང་། །མཆོག་གྱུར་གླིང་སོགས་རྩ་བརྒྱུད་བླ་མ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །པདྨ་དྲག་པོ་གོ་ཆའི་ལྷ་བཞི་དང་། །སྤྲུལ་པའི་བྱ་ཁྱུང་མེ་དབལ་ལྕགས་སྡིག་ནག །དམ་ཅན་བཀའ་སྲུང་གཏེར་བདག་ཚོགས་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཅེས་མཆོད་ལ་དངོས་གྲུབ་བླང་བ་ནི། ཧཱུྃ༔ རང་བྱུང་བདུད་རྩི་དངོས་གྲུབ་ཆེ༔ སྲིན་མཐེབ་གཉིས་ནི་ཉི་ཟླའི་བར༔ བླངས་ནས་ལྕེ་ལ་བཞག་པས་ནི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བདུད་རྩི་ལྕེ་ལ་བཞག །ཧཱུྃ༔ སྣང་བ་སྣོད་ཀྱི་གཏོར་གཞོང་དུ༔ སྲིད་པ་བཅུད་ཀྱི་གཏོར་མ་བཤམས༔ སྣང་སྲིད་ཡོངས་རྫོགས་བ་ལིཾ་ཏ༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཉོན་མོངས་རྒྱུད་དྲུག་འཁོར་བ་བསྒྲལ༔ གཉིས་མེད་མཁའ་དབྱིངས་བདེ་བ་ཆེ༔ སྦྱོར་སྒྲོལ་མ་ཧཱ་རཀྟའི་རྒྱུན༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཕྱི་ནང་དངོས་འབྱོར་ཡིད་ཀྱིས་སྤྲུལ༔ ཕྱག་རྒྱ་གར་དང་སྦྱོར་སྒྲོལ་མཆོད༔ གསང་བ་བླ་མེད་མཐུན་པའི་རྫས༔ ཁྲོ་རྒྱལ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སརྦ་མུ་དྲ་མ་མ་ཀི་རི་ཁ་རཾ་ཁཱ་ཧི༔ དགྲ་བགེགས་མ་ལུས་བསྒྲལ་པ་ཡི༔ ཤ་ཁྲག་རུས་པ་ནང་ཁྲོལ་མཁྲིས༔ འདོད་ཆགས་ཞེ་སྡང་གཏི་མུག་དང༔ ང་རྒྱལ་ཕྲག་དོག་མཆོད་པར་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་ཤཱ་ཏྲཱུཾ་མཱ་ར་ཡ༔ མཱཾ་ས༔ རཀྟ༔ ཙིཏྟ༔ ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་འབུལ་ལོ། །དེ་ནས་འོག་གི་བསྟོད་པ་འདིར་བླང་ན་སྤྱི་དང་མཐུན་པས་ཆོག་ཀྱང་ལུགས་འདི་ནི་དམིགས་བསལ་ཡིན་པས་དཀྱུས་ལྟར་བྱ་བ་ཉིད་ལེགས་སོ། །དགུ་པ་བསྙེན་པ་བྱ་བ་ནི། བདག་ཉིད་པདྨ་དྲག་པོར་གསལ་བ་ཡི། །ཐུགས་ཀྱི་ལྷ་མཆོག་གསང་བདག་ཕྱག་རྡོར་གྱི། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་པའི་དབུས༔ འཁོར་ལོ་རྩིབས་བཞིའི་ལྟེ་བར་ཧཱུྃ་དམར་ལ༔ སྔགས་ཕྲེང་མེ་ཡི་མདོག་འདྲ་གཡས་སུ་འཁོར། །རྩ་སྒྲུབ་སོགས་ལས་དེ་ཙམ་མ་ལས་བསྟན་ཀྱང་སྤྱི་འགྲོའི་འཕྲོ་འདུ་རྩེ་ལེ་རིན་པོ་ཆེ་སོགས་ཀྱིས་སྦྱོར་བར་མཛད་པས་དེ་ལྟ་ན། འོད་འཕྲོས་རྒྱལ་བ་ཀུན་མཆོད་དངོས་གྲུབ་བསྡུས། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་བསལ། །སྡེ་བརྒྱད་དམ་སྲི་འབྱུང་པོ་རྒྱལ་བསེན་ཚོགས། །ལུས་སྲོག་རྡུལ་བརླགས་ལས་ངན་རྒྱུན་བཅད་ཅིང་། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ཅེས་རྩ་བའི་བཟླས་པ་ཡིན་པས་ཅི་ནུས་བྱ། གོ་ཆའི་སྔགས་བཟླ་བར་སྤྲོ་ན། སོ་སོའི་ཐུགས་སྲོག་གི་སྤྲོ་བསྡུ་ལ་དམིགས་ཏེ། ཨོཾ་ཡ་མཱནྟ་ཀ་ཧ་ཡ་གྲཱི་བ་བཛྲ་པཱ་ཎི་དྷཱ་ཀི་ནཱི་ཧ་རི་ནི་ས་ག་རུ་ཎ་ཧཱུྃ་ཕཊ྄༔ མེ་དབལ་དང་ལྕགས་སྡིག་སྔགས་བཟླ་བའི་སྐབས་སུ། བདག་གི་ཐུགས་ཀའི་ཧཱུྃ་དམར་ལས༔ ཧཱུྃ་ནག་གྲངས་མེད་འཇིག་རྟེན་ཁྱབ༔ སྣང་སྲིད་ཐམས་ཅད་གང་བར་གྱུར༔ ཧཱུྃ་རྣམས་ཡོངས་སུ་གྱུར་པ་ལས༔ ཁྲོ་བོ་ཡཀྴ་མེ་དབལ་ནི༔ སྨུག་ནག་རྡོ་རྗེའི་ཐོ་བ་དང༔ ལྕགས་ཀྱུ་ཕྱར་ཞིང་བསྐལ་མེ་འབར༔ སྣང་སྲིད་ཐམས་ཅད་གང་བ་ཡིས༔ སྡེ་བརྒྱད་ལྷ་སྲིན་དགྲ་བགེགས་ཀུན༔ འདར་ཞིང་བསྔངས་ནས་བརྒྱལ་ཞིང་འབོག༔ བརྡུངས་ཤིང་བསྲེགས་ནས་བསད་པར་བསམ༔ བདག་ཉིད་པདྨའི་ཞལ་སྔ་ནས༔ སྔགས་ཀྱི་འོད་ཟེར་སྤུ་གྲི་འཕྲོས༔ མེ་དབལ་ཁ་ནས་ཚུར་ལ་འཕྲོས༔ གནོད་བྱེད་དུམ་བུར་ཐོར་རོ་རོ༔ སྐེ་ནི་ཕྲུལ་ཕྲུལ་བཏང་བར་གྱུར༔ རྩ་སྔགས་ཤམ་དུ། ཨོཾ་བཛྲ་ཡཀྴ་ཧཱུྃ༔ རཀྴ་ཧཱུྃ་ཕཊ༔ ཅེས་བཏགས། ནུས་པའི་རྟགས་བརྟན་ནས་རྩ་སྔགས་ཤམ་དུ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཅེས་སྡེ་བརྒྱད་ཤམ་འདོགས་དང་། རཱ་ཙ་གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཏགས་ལ་བཟླའོ། །བཅུ་པ་བསྟོད་པ་བྱ་བ་ནི། རྒྱས་པར་སྤྲོ་ན་གཞུང་བསྟོད་རྒྱས་པ་ཚང་བར་གཏང་། ཅུང་ཟད་བསྡུ་ན། ཧཱུྃ༔ རྗེ་བཙུན་པདྨ་རྡོ་རྗེ་དྲག་པོ་རྩལ༔ སྐུ་མདོག་དམར་པོ་མེ་ཡི་མདོག་འདྲ་ལ༔ བསྐལ་པའི་མེ་ཕུང་འབར་བས་རབ་ཏུ་བརྒྱན༔ མེ་ཡི་ཚྭ་ཚྭ་དམར་པོ་སྐར་ལྟར་འཁྲུགས༔ རིན་ཆེན་རུས་པའི་རྒྱན་དྲུག་རབ་ཏུ་འཁྲོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་མཛད༔ དབུ་སྐྲ་སྣུམ་འབོལ་ལྕང་ལོ་གྱེན་དུ་འཁྱིལ༔ སྤྱན་གསུམ་སྡང་མིག་གྱེན་དུ་འཁྱིལ་ཞིང་བགྲད༔ བར་སྣང་ཁམས་ཀྱི་གདོན་ཚོགས་ཐལ་བར་རློག༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ལ༔ རཾ་དགུ་ཧཱུྃ་དང་ཕཊ་ཀྱིས་མཚན་པ་བསྣམས༔ རི་རབ་ཆེན་པོ་ཀུན་ཀྱང་ཐང་ལ་བསྙིལ༔ རྒྱ་མཚོ་ཆེན་པོ་ཀུན་ཀྱང་ཆོལ་བུར་གཏོར༔ གནམ་ཐེལ་དཀར་པོའི་ཀླད་པ་ཚལ་པར་འགེམས༔ དཔེ་ཀར་རྒྱལ་འགོང་ཐལ་བ་རྡུལ་དུ་རློག༔ ཕྱག་གཡོན་ལྕགས་སྡིག་ཁ་དགུ་མིག་དགུ་བསྣམས༔ རྒྱལ་འགོང་སྲོག་བདག་ཟས་སུ་ཟ་བར་བྱེད༔ རཀྴ་སྲིན་པོ་མི་སྲུན་མགོ་དགུ་འདུལ༔ དཔེ་ཀར་འགོང་པོའི་སྙིང་ཁྲག་ཁོང་ནས་འཇིབས༔ བགེགས་འདུལ་པད་འབྱུང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དུས་གསུམ་བདེ་གཤེགས་སྐུ་ལྔ་ཡོན་ཏན་རྫོགས༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ མི་ཤེས་དྲི་མ་ཀུན་སྤངས་ཏེ༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་ཀུན་གྱི་སྲས་ཀྱི་མཆོག༔ འགྲོ་དྲུག་སེམས་ཅན་ཡོངས་ཀྱི་མགོན༔ རྒྱལ་བ་ཀུན་དངོས་ཐུགས་རྗེ་ཅན༔ སྤྲུལ་སྐུ་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་སྐྱེ་བ་མི་མངའ་ཡང༔ བདེ་གཤེགས་ཕྲིན་ལས་ཆེན་པོ་ནི༔ ས་བདག་ཀླུ་གཉན་གཤེད་དུ་ཆེ༔ མཁའ་ལྡིང་ཁྱུང་གི་ཚོགས་ལ་ཕྱག་འཚལ་བསྟོད༔ རྣམ་པ་ཀུན་མཁྱེན་དོན་ལ་སྤྱོད༔ ཤེས་བྱ་ཀུན་ལ་མཁས་པའི་མཆོག༔ བཅོམ་ལྡན་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཡོངས་ཀྱི་མགོན༔ རྔམ་པའི་རྟ་སྐད་ཕྱོགས་བཅུར་སྒྲོག༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་དོན་དམ་བདེ་གཤེགས་ཀུན་གྱི་ཐུགས༔ གསང་བའི་བདག་པོས་བདུད་དཔུང་མ་ལུས་འཇོམས༔ ལྷ་མཆོག་ཕྱག་རྡོར་སྐུ་ལ་ཕྱག་འཚལ་བསྟོད༔ འགྲོ་དྲུག་སྒོ་ལྔའི་བག་ཆགས་རྒྱུད་སྦྱོང་ཞིང༔ བྱ་གྲུབ་ཡེ་ཤེས་ཕྲིན་ལས་མཐར་ཕྱིན་མཛད༔ ཡཀྴ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད༔ བདུད་དཔུང་ཚར་གཅོད་མ་རུངས་འདུལ་མཛད་པ༔ རྡོ་རྗེ་གནོད་སྦྱིན་རབ་ཏུ་འཇིགས་པའི་སྐུ༔ ལྕགས་སྡིག་མགོ་དགུའི་སྐུ་ལ་ཕྱག་འཚལ་བསྟོད༔ འགྲོ་དྲུག་ཆགས་པའི་བག་ཆགས་རྒྱུད་འཇོམས་ཤིང༔ མ་དང་སྲིང་མོའི་ཚུལ་དུ་བརྩེ་མཛད་མ༔ མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་ལ་གནས་ཤིང་ལས་ལ་མི་གཡེལ་ཞིང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔ བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། སྐབས་འདིར་གཏོར་འབུལ་རྒྱས་པར་སྤྲོ་ན་བྱ་ཞིང་། བཀའ་སྲུང་གི་ཕྲིན་ལས་རྒྱས་བསྡུས་ཅི་ནུས་གཏང་ངོ་། །གསུམ་པ་རྗེས་ཀྱི་ལས་རིམ་ལའང་བཅུ་ཡོད་པ་ལས། དང་པོ་ཚོགས་ཀྱི་འཁོར་ལོ་བྱ་བ་ནི། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་བཤམ། ཆུ་ཆང་ནང་མཆོད་ཀྱིས་བྲན་ལ་ཐོག་མར་བྱིན་གྱིས་བརླབ་པ་ནི། ཧཱུྃ༔ ཆོས་རྣམས་རྣམ་དག་སྐྱེ་བ་མེད་པ་ལས༔ ལོངས་སྐུ་འགག་མེད་འོད་དཔག་མེད་དུ་ཤར༔ སྣ་ཚོགས་སྤྲུལ་སྐུ་མ་ཧཱ་གུ་རུའི་སྐུ༔ དབང་དྲག་པདྨ་དཔལ་ཆེན་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་ཡི་གེ་འཕྲོ་འདུ་ལས༔ ཚོགས་ཀྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི༔ མི་གཙང་དྲི་དང་ཉེས་པའི་ཚོགས་རྣམས་ཀུན༔ བསྲེག་དང་གཏོར་དང་བག་ཆགས་སྦྱང་བར་བྱ༔ བཛྲ་ཛྭ་ལ་རཾ༔ ཡཾ་སྥ་ར་ཎ་ཕཊ༔ ཁཾ་བི་ཤུདྡྷོ྅་ཧཾ༔ ཧཱུྃ༔ བྷནྡྷ་མཚན་ལྡན་རིན་ཆེན་སྣོད་ནང་དུ༔ ཨོཾ་དང་ཨཱཿཧཱུྃ་ཡི་གེའི་འཕྲོ་འདུ་ལས༔ ཚོགས་ཀྱི་ཞལ་ཟས་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་རྒྱ་མཚོ་བདུད་རྩི་དང༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རུ༔ རྒྱལ་བའི་ཐུགས་དམ་བསྐང་ཕྱིར་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཏེ་ཛོ་ཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་ནི། ཧཱུྃ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ཆེན་པོ་ནས༔ གནས་གསུམ་མཁའ་འགྲོ་སྤྲིན་ལྟར་འཐིབས་པའི་དབུས༔ ཆགས་བྲལ་པད་ཉི་རོ་ཡི་གདན་སྟེང་དུ༔ རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་སྐུ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་བཀའ་སྲུང་ཚོགས༔ དུས་ངན་སྙིགས་མའི་འགྲོ་བ་འདུལ་བ་དང༔ བདག་ཅག་རྗེས་འཇུག་ཐུགས་རྗེས་བཟུང་སླད་དུ༔ ཞལ་ཟས་བདུད་རྩིའི་ཚོགས་ལ་སྤྱན་འདྲེན་ན༔ ཐུགས་རྗེ་རྫུ་འཕྲུལ་ལྡན་པས་སྐུ་སྐྱོད་ལ༔ བྱིན་རླབས་དངོས་གྲུབ་འབེབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཕེཾ་ཕེཾ༔ ཧཱུྃ༔ ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་སུ༔ ཉི་ཟླ་པདྨ་བམ་ཆེན་གདན་སྟེང་དུ༔ འཕན་གདུགས་བླ་རེ་ཡོལ་བ་རྒྱན་དུ་བྲེས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་གཅལ་དུ་བཀྲམ༔ ཡིད་འོང་ཚོགས་ཁང་འབར་བའི་དཀྱིལ་འཁོར་འདིར༔ དབང་དྲག་པདྨ་མཁའ་འགྲོའི་ཚོགས་དང་བཅས༔ རྔམ་ཞིང་བརྗིད་པའི་ཚུལ་གྱིས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ མཐའ་ཡས་སྤྲུལ་པ་སྐྱེ་འགྲོ་ཡོངས་ཀྱི་མགོན༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་བརླབས་པདྨ་ཐོད་ཕྲེང་རྩལ༔ ཡོན་ཏན་འགྲན་མེད་པདྨ་ཧེ་རུ་ཀ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཨ་ལ་ལ་ཧོ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ་དང་པོ་མཆོད་པ་ནི། ཧཱུྃ༔ དབང་དྲག་པདྨ་འཁོར་དང་བཅས་རྣམས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པ་བཤགས་པ་ནི། ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་བསྐལ་པ་ཐོག་མེད་སྔོན་རོལ་ནས༔ ཐ་མ་ལུས་འདི་བླངས་པ་ཡན་ཆོད་དུ༔ ཉོན་མོངས་འཁྲུལ་པའི་དབང་དུ་གྱུར་པས་ན༔ ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་པ༔ རྒྱལ་བའི་སྐུ་གསུང་ཐུགས་དང་འགལ་བ་རྣམས༔ ཞལ་ཟས་ཚོགས་མཆོད་འདི་ལ་བརྟེན་ནས་སུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཐུགས་རྗེ་བརྩེ་བས་ཚངས་པ་ཡར་བཞེས་ལ༔ ཡེ་ཤེས་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ ས་མ་ཡ་ཨ་ཨ༔ ཐ་མ་བསྒྲལ་བ་ནི། དམིགས་རྟེན་བཅས་ལ། ན་མོ། དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས་ཀྱི་བྱིན་རླབས་ནུས་པའི་མཐུ་སྟོབས་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོས། དེང་འདིར་བསྟན་པ་ལ་གནོད་ཅིང་སེམས་ཅན་ལ་འཚེ་བར་བྱེད་པ་དང་། རྣལ་འབྱོར་བདག་ཅག་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་གང་ཡིན་པ་དེ་དག་སྐད་ཅིག་གིས་ཚོགས་ཐ་མ་འདི་ལ་ཁུག་ཅིག །ནྲྀ་ཡཾ་ཛཿ ཏྲི་ཡཾ་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དབང་དྲག་པདྨ་ཐོད་ཕྲེང་རྩལ༔ རྔམས་དྲག་གཏུམ་པའི་རང་བཞིན་ལས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་བྱེད་ཕོ་ཉས་སྟོང་གསུམ་གང༔ སྒྲོལ་བྱེད་མཚོན་ཆའི་ཆར་ཆེན་འབེབ༔ གནོད་བྱེད་གཟུགས་ཕུང་དུམ་བུར་གཏུབས༔ ལྔ་ཕུང་ལྷ་ཡི་ཞལ་དུ་བསྟབས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་རྦད་རྦད༔ བསྟབ་པ་ནི། ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་སྐུར་བཞེངས་ལ༔ རྔམས་བརྗིད་རབ་ཏུ་འཇིགས་པའི་ཞལ་ཕྱེས་ཤིག༔ གྲུ་གསུམ་བནྡྷ་འབར་བའི་སྣོད་ནང་དུ༔ དགྲ་བགེགས་འབྱུང་པོ་བསྒྲལ་པའི་ཤ་ཁྲག་འདི༔ དབང་དྲག་པདྨའི་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་བཛྲ་ཨཱ་རལླི༔ གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ༔ འདོད་ཆགས་ཁྲག་ལ་ལྕིབ་ལྕིབ་དགྱེས་པར་རོལ༔ ཞེ་སྡང་རུས་ལ་ཀྲུཾ་ཀྲུཾ་དགྱེས་པར་རོལ༔ དངོས་གྲུབ་བར་ཆད་བྱེད་པའི་དགྲ་དང་བགེགས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི༔ དབང་དྲག་པདྨ་ཁྱེད་ཀྱིས་བཞེས་ནས་ཀྱང༔ བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད༔ མ་ཧཱ་མཱཾ་ས༔ རཀྟ༔ ཀིཾ་ནི་རི་ཏི༔ མ་ཧཱ་ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ་ལ་ཁཱ་ཧི༔ དེ་ནས་དངོས་གྲུབ་བླང་ཞིང་ཚོགས་ལ་རོལ་པ་ནི། ཧཱུྃ༔ དབང་དྲག་པདྨའི་ལྷ་ཚོགས་དགོངས་སུ་གསོལ༔ སྙིགས་མ་རྩོད་ལྡན་དུས་ཀྱི་མཐའ་མ་འདིར༔ འཁོར་བའི་རྒྱ་མཚོར་བྱིང་བའི་འགྲོ་བ་བདག༔ ཁྱོད་ལ་སྐྱབས་གསོལ་ཡུན་དུ་མཆོད་བགྱི་ན༔ ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་ནས་ཀྱང༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན༔ ཞལ་ཟས་ཚོགས་མཆོད་འདི་ལ་ཆར་ལྟར་ཕོབ༔ དུས་འདི་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱིེ་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གུ་ཎ་སིདྡྷི་སྭཱ༔ ཀརྨ་སིདྡྷི་ཧཱ༔ ཞེས་ནང་གི་སྲེག་བླུགས་ཀྱི་ཚུལ་གྱིས་ཚོགས་ལ་ལོངས་སྤྱོད། ལྷག་མ་བསྡུས་ལ་སྨན་རཀ་གིས་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿ ཧཱུྃ༔ དབང་དྲག་པདྨའི་འཁོར་དུ་གནས་པ་ཡི༔ཕྱི་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་དང༔ དབང་ཕྱུག་མཁའ་འགྲོ་གིང་དང་ལངྐ་དང༔ ཕྲ་མེན་ཤུགས་འགྲོ་གཤིན་རྗེ་སྲིན་པོའི་ཚོགས༔ འཇིགས་པའི་ལུས་ལ་རྔམ་པའི་ཆ་བྱད་ཅན༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང༔ རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕམ་ཕབ་སྡུད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམ༔ རང་རང་སྤྲུལ་པ་འཁོར་དང་བཅས་པ་རྣམས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཇི་ལྟར་དབང་བའི་ཕྲིན་ལས་སོ་སོར་མཛོད༔ ཨོཾ་ཨུཙྪིཥྚ་སརྦ་ཌཱ་ཀི་ནཱི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཙང་སར་བསྐྱལ་ལ་བཤལ་ཆུ་དོར་རོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྱེད་ནི་འགྲོ་བའི་མགོན་དང་སྐྱབས་གྱུར་པས༔ བདག་ནི་སྙིང་ནས་དད་པས་ཁྱེད་བསྒྲུབས་ཀྱི༔ དཀའ་བ་དང་བླངས་ལྕི་བ་ཁུར་དུ་ཁུར༔ ལུས་སྲོག་འབེན་བཙུགས་ཤ་ཁྲག་གཟན་དུ་བསྐྱུར༔ མོས་གུས་དད་པས་སྙིང་ནས་ཁྱེད་སྒྲུབ་ན༔ ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས༔ དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་པས༔ ཁྱེད་ཀྱི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༔ བདག་ནི་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་ཀུན༔ དབང་དྲག་པདྨ་འཁོར་དང་བཅས་པ་ཡིས༔ ཐུགས་རྗེ་དྲག་པོའི་ཤུགས་ཀྱིས་བསྒྲལ་ནས་ཀྱང༔ གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོངས༔ གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་སྟིམས༔ དོན་དམ་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་ཆོངས༔ རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་ནི༔ དབང་དྲག་པདྨ་ཁྱེད་ཀྱིས་འགྲུབ་པར་མཛོད༔ གསུམ་པ་ཆད་མདོ་བྱ་བ་ནི། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ འོག་མིན་ཆོས་དབྱིངས་དུར་ཁྲོད་དུ༔ ཆེ་མཆོག་པདྨ་དྲག་པོ་ཡིས༔ ཡེ་ཤེས་རྩལ་དབང་ཞིང་ཁམས་ཀྱི༔ མཁའ་འགྲོ་དམ་ཅན་དབང་དུ་བསྡུས༔ རང་རང་ལས་ལ་བཀོལ་བའི་ཚེ༔ རྣལ་འབྱོར་བར་ཆད་སྲུང་བ་དང༔ གཏོར་མ་ལེན་པར་མ་ཆད་དམ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ འཇིགས་བྱེད་པདྨ་ཐོད་ཕྲེང་གིས༔ ཟངས་མདོག་དཔལ་རི་དུར་ཁྲོད་བརྒྱད༔ རྡོ་རྗེ་གདན་སོགས་གནས་རྣམས་སུ༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ རྣལ་འབྱོར་བར་ཆད་བསྲུང་བ་དང༔ གཏོར་མ་ལེན་པར་མ་ཆད་དམ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་ཐ་མ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ཟབ་ལུང་སྟག་ཚང་དང༔ ཨ་སུ་ར་སོགས་གནས་རྣམས་སུ༔ དམ་ལ་བཏགས་པའི་ལྷ་སྲིན་རྣམས༔ རྣལ་འབྱོར་བར་ཆད་བསྲུང་བ་དང༔ གཏོར་མ་ལེན་པར་མ་ཆད་དམ༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ང་ནི་པདྨའི་བརྒྱུད་འཛིན་ཡིན༔ ཁྱོད་ནི་སློབ་དཔོན་གཏོར་ལེན་ཡིན༔ དམར་གཏོར་དམ་པ་འདི་ལོངས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ས་མ་ཡ་བྷྱོ༔ ཆད་མདོའི་གཏོར་མ་ཟོར་དུ་བསྐུལ་བ་སོགས་གཞན་དུ་ཤེས་སོ། །བཞི་པ་བརྟན་མ་བསྐྱང་བ་ནི། སྨན་རཀ་གིས་གཏོར་སྣོད་བཤལ་བའི་ཆུ་བརྟན་གཏོར་དུ་བླུགས་ལ། ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲིཏ་ཧཱུྃ་ཧྲཱི་ཋཱ༔ བྷྱོ༔ ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས༔ བྲན་གཡོག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་མ་གཡེལ་བར༔ དམ་རྫས་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབ་པ་དང༔ སྡང་དགྲ་གནོད་བགེགས་ཐམས་ཅད་རྡུལ་དུ་རློག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ བརྟན་མ་ཆེན་མོ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲིཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ལྔ་པ་རྟ་བྲོ་བརྡུང་བ་ནི། གཏོར་གཞོང་སྦུབས་པའི་འོག་ཏུ་དམིགས་བྱ་བཀུག་ལ། ཧཱུྃ༔ རྗེ་བཙུན་པདྨ་འབྱུང་གནས་ཀྱི༔ སྐུ་ཡི་སྤྲུལ་པས་སྟོང་གསུམ་འགེངས༔ ཡཀྴ་མེ་དབལ་ཁྲོ་བོའི་སྐུ༔ སྐུ་མདོག་སྨུག་ནག་མེ་སྟག་འཕྲོ༔ ཧཱུྃ་ཆེན་རྔམ་པའི་སྒྲ་སྒྲོག་ཞིང༔ ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ༔ རོལ་པའི་བྲོ་བརྡུང་ཆེམས་སེ་ཆེམ༔ དཔའ་བོའི་གར་བྱེད་ཁྱུགས་སེ་ཁྱུག༔ སྡེ་བརྒྱད་དམ་སྲི་རྡུལ་དུ་རློག༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག༔ གནོད་བྱེད་ཐམས་ཅད་རླག་པར་བྱེད༔ མགོ་ལུས་ཕྱེ་མར་འཐག་པའི་བྲོ༔ དམ་སྲི་གནོན་ཅིག་ས་མ་ཡ༔ གནོད་བྱེད་འབྱུང་པོ་རྡུལ་དུ་རློག༔ ཨོཾ་སུམྦྷ་ནི་སོགས་བརྗོད། དྲུག་པ་དངོས་གྲུབ་བླང་བ་ནི། གཏོར་མ་གནས་གསུམ་བཞག་ལ། ཧཱུྃ༔ བདེ་ཆེན་མཁའ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་ཅན༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་ཡོན་ཏན་མཆོག༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ༔ བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ༔ ཚེ་ཆོས་ཟས་ནོར་གོས་ཀྱི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ གུ་རུ་པདྨ་འཆི་མེད་སྲ་བརྟན་སྐུ༔ མི་འགྱུར་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྟ་མཆོག་རྒྱལ་པོ་སྲིད་གསུམ་འདུལ་བའི་དཔལ༔ གྲུབ་པ་རྟགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རྡོ་རྗེ་ཕག་མོ་སྟོང་ཉིད་སྙིང་རྗེའི་ཐུགས༔ སྐྱེ་མེད་ཆོས་སྐུའི་དངོས་གྲུབ་བསྩལ་དུ་གསོལ༔ རྡོ་རྗེ་མཁའ་འགྲོ་མཁའ་ལྟར་རྣམ་པར་དག༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ རིན་ཆེན་མཁའ་འགྲོ་མི་ཟད་གཏེར་དང་ལྡན༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་བསྩལ་དུ་གསོལ༔ པདྨ་མཁའ་འགྲོ་ཚེ་དབང་རིགས་རྒྱུད་སྤེལ༔ རིགས་རྒྱུད་སྤེལ་བའི་དངོས་གྲུབ་བསྩལ་དུ་གསོལ༔ ལས་ཀྱི་མཁའ་འགྲོས་མངོན་སྤྱོད་ཕྲིན་ལས་མཛད༔ དྲག་རྩལ་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་རཏྣ་པདྨ་ཀརྨ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ༔ ཞེས་པས་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད། སྒྲུབ་པ་སོགས་ཀྱི་སྐབས་སུ་འདིར་མཆོད་བསྟོད་མདོར་བསྡུས་བྱ། བདུན་པ་བཟོད་གསོལ་ནི། ཧཱུྃ༔ མཁའ་འགྲོ་སྡེ་ལྔ་དཔའ་བོ་དཔའ་མོའི་ཚོགས༔ དཀྱིལ་འཁོར་ལྷ་རྣམས་གསན་ཅིང་དགོངས་སུ་གསོལ༔ རྗེ་བཙུན་པདྨ་ཉོན་མོངས་རྣམ་པར་དག༔ མཁའ་འགྲོ་སྡེ་ལྔ་དུག་ལྔ་རྣམ་པར་དག༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བདག་འཛིན་དངོས་པོའི་མཚན་མར་བཟུང་བ་རྣམས༔ ཡེ་ཤེས་མཁའ་འགྲོ་ལྔ་ལ་བཟོད་པར་གསོལ༔ ལས་ཀྱི་མཁའ་འགྲོ་བཀའ་སྲུང་དམ་ཅན་རྣམས༔ མཆོད་ཚོགས་གཏོར་མ་ཆུང་བས་སྐུ་མ་མཉེས༔ བཟླས་བརྗོད་ཡུན་ཐུང་གསུང་གི་རྟགས་མ་ཐོན༔ ཤེས་རབ་སྟོབས་ཆུང་ཐུགས་ཀྱི་དོན་མ་རྟོགས༔ མཁའ་འགྲོའི་སྐུ་གསུང་ཐུགས་དང་ཅི་འགལ་བ༔ མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས། བརྒྱད་པ་གཤེགས་བསྡུ་ནི། མདུན་བསྐྱེད་ཡོད་ན་གཤེགས་གསོལ་དང་བརྟན་བཞུགས་སྐབས་བབ་སྤྱི་ལྟར་བྱ་བའམ། ཡང་ན་དམ་ཡེ་གཉིས་ཀ་རང་ལ་བསྡུ། སྣོད་བཅུད་གཞལ་ཡས་ཁང་བཅས་བདག་ལ་ཐིམ། །བདག་ཉིད་ཐུགས་ཀའི་ཧཱུྃ་ཐིམ་དེ་ཉིད་ཀྱང་། །ནཱ་དའི་བར་བསྡུས་འོད་དམར་ཆམ་བརྡལ་ངང་། །མི་དམིགས་ཀ་དག་སྤྲོས་བྲལ་ཀློང་དུ་ཨ། །ཞེས་མཉམ་པར་གཞག །སླར་ཡང་འོད་དམར་ཀློང་ནས་སྒྱུ་མའི་སྐུ། །པདྨ་དྲག་པོ་གནས་གསུམ་འབྲུ་གསུམ་མཚན། །སྣང་གྲགས་རྟོག་ཚོགས་གུ་རུའི་སྐུ་གསུང་ཐུགས། །ཆོས་ཉིད་ངང་ནས་འགྲོ་བའི་དོན་ལ་སྤྱོད། །དགུ་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མཐའ་ཡས་འགྲོ་བ་ཀུན༔ བླ་མ་ཡི་དམ་མཁའ་འགྲོ་དབྱེར་མེད་པའི༔ སྐུ་ཡི་དབང་ཕྱུག་མཆོག་གི་དངོས་གྲུབ་དེ༔ སྐྱེ་བ་འདི་ལ་མྱུར་དུ་ཐོབ་གྱུར་ཅིག༔ གཞན་ཡང་ཚེ་རིང་ནད་མེད་ཕུན་སུམ་ཚོགས༔ ཐུན་མོང་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས༔ འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་ཚོགས་རྣམས༔ ཚེ་འདིར་འབད་མེད་ལྷུན་གྱིས་གྲུབ་པར་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས༔ ཇི་ལྟར་བསྔོས་པ་བཞིན་དུ་འགྲུབ་པར་ཤོག༔ བཅུ་པ་བཀྲ་ཤིས་བརྗོད་པ་ནི། རིག་འཛིན་འདུས་པ་བླ་མའི་བཀྲ་ཤིས་ཤོག༔ ཆེ་མཆོག་འདུས་པ་ཡི་དམ་བཀྲ་ཤིས་ཤོག༔ དམ་ཅན་འདུས་པ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དབྱེར་མེད་ཟུང་འཇུག་བདེ་ཆེན་བཀྲ་ཤིས་ཤོག༔ ཅེས་སོགས་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་ལ་རོལ་མོའི་སྒྲ་བསྒྲག་གོ། ཁ་ཅིག་རྒྱས་དྲགས་བཀླག་པའང་དཀའ། །བསྡུས་དྲགས་གཞུང་དོན་ཕལ་ཆེར་ཆད། །མ་ལྷག་མ་ཆད་སྟབས་བདེའི་ཚུལ། །གཞུང་གདམས་གཉིས་ཀར་བརྟེན་ཏེ་བཀོད། །རྡོ་རྗེ་དྲག་རྩལ་པདྨ་ཐོད་ཕྲེང་གི །ཕྱག་རྒྱ་མཆོག་གྲུབ་མཐུ་སྟོབས་ནུས་པའི་རྩལ། །མེ་ལྟར་འབར་བས་བདུད་བགེགས་ཚང་ཚིང་ཀུན། །སྲེག་བྱེད་དུས་མཐའི་ཞུགས་ཀྱི་གཟི་ལྡན་ཤོག །ཅེས་པའང་རྡོ་རྗེ་ཐོད་ཕྲེང་རྩལ་དང་གཉིས་སུ་མེད་པའི་ཁྱབ་བདག་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་རྗེས་སུ་གནང་བ་ལ་བརྟེན། མངའ་བདག་འགྲོ་བའི་མགོན་པོས་ཆོག་ཁྲིགས་མ་ཉིད་གཙོར་བཟུང་རྩ་བའི་གཞུང་ལས་འཕྲི་བསྣན་ཕྲན་བུས་བརྒྱན་ཏེ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
གསང་སྐོར་བཀའ་བརྒྱད་ཀྱི་བཟླས་དམིགས་ཅུང་ཟད་སྤྲོས་པའི་ངག་འདོན་ (Volume 62, Text 68)
གསང་སྐོར་བཀའ་བརྒྱད་ཀྱི་བཟླས་དམིགས་ཅུང་ཟད་སྤྲོས་པའི་ངག་འདོན་བཞུགས་སོ། །སྤྲོ་ན་བཟླས་པ་ལ་གསུམ་ལས། དང་པོ་ཞི་བར་བསྙེན་པ་ནི༔ ཧཱུྃ༔ ཕྱག་མཚན་ཞི་བའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་སྔགས་ཕྲེང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ ཨཱོྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ བསྙེན་པ་འབུམ་ཕྲག་གསུམ་བཟླས་པས༔ བདག་ཉིད་བྱིན་བརླབས་ནུས་རྩལ་རྫོགས༔ གཉིས་པ་ཁྲོ་བོར་སྒྲུབ་པ་ནི༔ ཧཱུྃ༔ ཚོམ་བུ་དགུ་ལྡན་གཙོ་མཆོག་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ སྣོད་བཅུད་སྣང་ཞེན་ཐམས་ཅད་སྦྱངས༔ སྣང་སྟོང་ལྷ་དང་གྲགས་སྟོང་སྔགས༔ རིག་སྟོང་འོད་གསལ་ཕྱག་རྒྱ་ཆེ༔ ཧེ་རུ་ཀཿདང་དབྱེར་མེད་གྱུར༔ ཨཱོྃ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ སྒྲུབ་པའི་གསང་སྔགས་བཞི་འབུམ་བཟླས༔ ནུས་པ་དཔལ་ཆེན་ཉིད་དང་མཉམ༔ གསུམ་པ་ཐུན་མོང་ལས་སྦྱོར་ནི༔ ཧཱུྃ༔ བདག་ཉིད་དཀྱིལ་འཁོར་ལྷ་ཚོགས་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་མཚོན༔ ཕོ་ཉ་དྲེགས་པ་སྐར་ལྟར་འཁྲུགས༔ སྲིད་གསུམ་ཁྱབ་ཅིང་ཁམས་གསུམ་གཡོས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགས༔ ཁྱད་པར་གདུག་ཅིང་གཏུམ་པའི་ཚོགས༔ དགུག་བསྒྲལ་གནས་སྤར་ཆོས་དབྱིངས་བསྟིམས༔ མིང་གི་ལྷག་མ་མེད་པར་གྱུར༔ ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ ལས་སྦྱོར་ཁྲི་ཕྲག་བཞི་བཟླས་པས༔ ཕྲིན་ལས་གང་བརྩམ་འགྲུབ་པར་འགྱུར༔ ས་མ་ཡ༔ ཞེས་བདེ་གླིང་བཀའ་བརྒྱད་དྲེགས་འདུལ་ལས་བྱུང་བའི་བཟླས་དམིགས་ངག་འདོན་སྐབས་འདིར་འབྲེལ་ཆགས་པས་ཟུར་དུ་ཕྱུང་ཞིང་། བསྙེན་སྒྲུབ་ལས་གསུམ་གྱི་སྔགས་རང་གཞུང་ལྟར་འབྱིན་འཇུག་བྱས་ནས་བྲིས་པ་དགེ། །།
ཉང་གཏེར་དྲག་སྒྲུབ་འབྲིང་པོ་མེའི་སྤུ་གྲིའི་ཕྲིན་ལས་ཀྱི་བྱང་བུ་གདུག་པ་ཟིལ་གནོན་ (Volume 11, Text 68)
༄༅། །ཉང་གཏེར་དྲག་སྒྲུབ་འབྲིང་པོ་མེའི་སྤུ་གྲིའི་ཕྲིན་ལས་ཀྱི་བྱང་བུ་གདུག་པ་ཟིལ་གནོན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཀྲོ་དྷ་རཱ་ཛ་ཡ། མི་འགྱུར་དབྱིངས་ལས་སྙིང་རྗེ་ཁྲོས་པའི་སྐུ །ཆེ་བཙན་འཇིགས་བྱེད་སྟོབས་བཅུའི་སྟོབས་འདུས་པ། །པདྨ་དྲག་པོས་བདག་སོགས་བྱང་ཆུབ་བར། །སྒོ་གསུམ་ཐུགས་རྗེའི་གོ་ཆས་བསྲུང་བར་མཛོད། །ཟབ་གཏེར་འབྱེད་པའི་ལམ་འདྲེན་མཆོག །ཉང་ལུགས་དྲག་སྒྲུབ་འབྲིང་པོ་ཡི། །ལས་བྱང་བརྒྱུད་པའི་ཕྱག་བཞེས་ལྟར། །བསྟན་པའི་བཙས་སུ་བསམ་ནས་དགོད། །འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་ཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་སྦྱོར་བ་དབེན་པའི་གནས་སུ་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་ནམ། མཎྜལ་ལ་ཚོམ་བུ་དམར་པོ་གཅིག་བཀོད་པའི་སྟེང་དུ་རྟེན་གཏོར། མདུན་དུ་མཆོད་གཏོར་དང་སྨན་རཀ །དྲག་པོའི་ཉེར་སྤྱོད་བཤམ། བསྙེན་རྐྱང་ཙམ་དང་ཕྲིན་ལས་ཚོགས་མཆོད་ལྟ་བུར་དཀྱིལ་འཁོར་རྟེན་གཏོར་མ་འཛོམ་ཡང་ཆོག །ཕྲིན་ལས་ཀྱི་སྔོན་དུ་འགྲོ་བ་བརྒྱད་ཡོད་པ་ལས་དང་པོ་ནི། ཚིག་བདུན་དང་བླ་མ་བརྒྱུད་པའི་གསོལ་འདེབས་བྱ། གཉིས་པ་སྐྱབས་སུ་འགྲོ་བ་ནི། རང་གི་སྙིང་གའི་འབར་བ་ཆེན་པོའི་འོད་ཟེར་གྱིས་བླ་མ་དྲག་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་མོས་ལ། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ན་མོ༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། ན་མོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ཀྱང༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅ་འོ༔ ལན་གསུམ། བཞི་པ་ཚོགས་གསག་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལྔ་པ་བཀའ་བསྒོ་བ་ནི། ཨོཾ་ཨཱཿཧཱུྃ༔ ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་གྱུར་པར་བསམ་ལ། བགེགས་གཏོར་བྱིན་བརླབས་ནས་འགུགས་པ་དང་སྔགས་བསྔོས་སྤྱི་ལྟར་བྱས་ལ། ཧཱུྃ༔ བཀའ་གསང་རྨད་བྱུང་དཀྱིལ་འཁོར་འདིར༔ གསང་བའི་དམ་ཅན་སོ་སོ་དང༔ འདུ་བའི་ལྷ་རྣམས་མ་གཏོགས་པའི༔ བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ འདི་རུ་མ་འདུག་གཞན་དུ་སོང༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ ཐོད་ཕྲེང་དྲག་པོ་ཁྲོས་ནས་ནི༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་རང་རང་གནས་སུ་དེངས༔ སརྦ་བིགྷྣན་གཙྪ༔ དྲུག་པ་མཚམས་བཅད་པ་ནི། ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལ༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་རྣམས་ཀྱི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོགས་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་ཏ་རཀྵ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ཨ་ཙིག་སོགས། བདུན་པ་བྱིན་དབབ་པ་ནི། ཧཱུྃ་ཧཱུྃ༔ ནམ་མཁའི་མཐོང་ནས་སྐུ་སྐྱོད་ལ༔ རྡོ་རྗེ་རིག་འཛིན་བྱིན་ཕོབ་ཅིག༔ ཆོས་ཀྱི་དབྱིངས་ནས་སྐུ་སྐྱོད་ལ༔ རྡོ་རྗེ་ཕག་མོས་བྱིན་ཕོབ་ཅིག༔ དུར་ཁྲོད་གནས་ནས་སྐུ་བསྐྱོད་ལ༔ དཔའ་བོ་མཁའ་འགྲོས་བྱིན་ཕོབ་ཅིག༔ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ཡོན་ཏན་ཐམས་ཅད་རབ་རྫོགས་པའི༔ པདྨ་སམྦྷས་བྱིན་ཕོབ་ཅིག༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་བྱིན་ཕོབ་ཅིག༔ ཁམས་གསུམ་དབང་དུ་སྡུད་མཛད་པའི༔ པདྨ་རྒྱལ་པོས་བྱིན་ཕོབ་ཅིག༔ རྨོངས་པའི་མུན་པ་སེལ་མཛད་པའི༔ ཉི་མ་འོད་ཟེར་བྱིན་ཕོབ་ཅིག༔ ལོག་འདྲེན་བདུད་བཞི་འདུལ་མཛད་པ༔ ཤཱཀྱ་སེང་གེས་བྱིན་ཕོབ་ཅིག༔ མུ་སྟེགས་དམ་སྲི་འདུལ་མཛད་པ༔ སེང་གེ་སྒྲ་སྒྲོག་བྱིན་ཕོབ་ཅིག༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་བྱིན་ཕོབ་ཅིག༔ བྱིན་ཆེན་བྱིན་ཕོབ་རྗེ་བཙུན་མགོན༔ དབང་ཆེན་དབང་སྐུར་ཆེ་མཆོག་དཔལ༔ དངོས་གྲུབ་མཆོག་སྩོལ་ཐོད་ཕྲེང་རྩལ༔ པདྨ་རྒྱལ་པོ་བཅོམ་ལྡན་འདས༔ སྒྲུབ་ཁང་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་རྫས་འདི་ལ་བྱིན་ཕོབ་ཅིག༔ དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ ཧཱུྃ་ཧཱུྃ་ཧཱུྃ་ཨ་ལ་ལ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭམ༔ ཞེས་སྤོས་དང་རོལ་མོ་སོགས་ཀྱི་གཟི་བྱིན་བསྐྱེད། བརྒྱད་པ་སྨན་རཀ་གཏོར་མ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣོད་བྷནྡྷ་འབར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྨན་རཀ་གཏོར་གསུམ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ། ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲིཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་མམ་བདུན་བརྗོད། ཨོཾ་ཨཱཿཧཱུྃ༔ མ་ཧཱ་བྷ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་མམ་བདུན་བརྗོད་པས་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསམ། ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་མམ་བདུན་བརྗོད་པས་རཀྟ་བདུད་རྩི་དམར་པོར་བསམ། ཨོཾ་ཨཱཿཧཱུྃ༔ ཨི་དཾ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྡ་མ་ཧཱ་པཱུ་ཛ་ཧོ༔ ཞེས་བརྗོད་པས་ཕྱི་མཆོད་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུྃ༔ མ་ཧཱ་མཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་མ་ཧཱ་པཱུ་ཙ་ཧོ༔ ཞེས་ནང་གི་མཆོད་པ་བྱིན་གྱིས་བརླབ་བོ། །ཨོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་ག་ན་གུ་ཧྱ་མ་ཧཱ་པཱུ་ཛ་ཧོ༔ ཞེས་གསང་བའི་མཆོད་པ་བྱིན་གྱིས་བརླབ། གཉིས་པ་དངོས་གཞི་ལ་བརྒྱད་ལས། དང་པོ་ལྷ་བསྐྱེད་པ་ནི། ཧཱུྃ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་ཡི༔ པདྨ་རྒྱལ་པོས་འདི་སྐད་གསུང༔ དང་པོ་ཆོས་རྣམས་དམིགས་མེད་ཅིང༔ སྨྲ་བརྗོད་བྲལ་བའི་རྫོགས་པ་ཆེ༔ བློ་འདས་ཆོས་སྐུ་མི་འགྱུར་བ༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ བློ་བྲལ་དེ་ཡི་ངང་ལས་ནི༔ སེམས་ཅན་ཀུན་ལ་ཁྱབ་པ་ཡི༔ བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ༔ ཀུན་དུ་སྣང་བའི་ཏིང་འཛིན་ནི༔ སྟོང་ཉིད་སྙིང་རྗེའི་ངང་ཅན་ཏེ༔ འགྲོ་དོན་དཔག་མེད་བྱེད་པ་ལ༔ རྒྱུ་ཡི་ཏིང་འཛིན་རང་གི་སེམས༔ ཧཱུྃ་གི་ཡི་གེ་དམར་པོར་གྱུར༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་གཏམ༔ ར་ལས་ཁྲག་གི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བདལ༔ ཀེཾ་ལས་རུས་པའི་རི་རབ་བརྩེགས༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ བྷྲཱུྃ་ལས་དུར་ཁྲོད་གཞལ་ཡས་ཁང༔ ཕྱི་ནི་ཐོད་རློན་བར་ནི་རྙིང༔ སྐམ་པོས་ནང་བྱས་བརྩིག་པ་ཅན༔ གནམ་ལྕགས་གཟེར་བཏབ་གྲུ་བཞི་པ༔ སྒོ་བཞི་ཞིང་གི་རྒྱལ་མཚན་ཕྱར༔ ཚངས་པ་ཕོ་མོའི་ཀ་གདུང་ཅན༔ ཞིང་ལྤགས་ཐོག་ལ་བླ་བྲེ་བྱས༔ རྒྱུ་མའི་དྲྭ་ཕྱེད་དོན་སྙིང་འཕྱང༔ ཕྱི་ནང་མེ་དཔུང་སྨུག་ནག་འབར༔ གཞལ་ཡས་ཁང་པ་དེ་ཡི་ནང༔ འཁོར་ལོ་སྔོན་པོ་རྩིབས་བཞི་པ༔ མི་འགྱུར་རྡོ་རྗེའི་ར་བས་བསྐོར༔ དབུས་སུ་གྲུ་གསུམ་མཐིང་ནག་འབར༔ ཟླ་གམ་དམར་ནག་གསུམ་དང་བཅས༔ གཞལ་ཡས་ཁང་པའི་ཕྱི་རོལ་དུ༔ གསེར་གྱི་འཁོར་ལོ་གཡས་སུ་འཁོར༔ དེ་རྩིབས་སྡིག་པས་མཚན་པ་འོ༔ མེ་ཡི་འཁོར་ལོ་གཡོན་དུ་འཁོར༔ རྩིབས་བསྣོལ་བར་དུ་དགྲ་བགེགས་འཇོམས༔ དེ་རྒྱབ་རྡོ་རྗེའི་གུར་ཁང་ཕུབ༔ ཕྱི་རོལ་ཡེ་ཤེས་མེ་དཔུང་འབར༔ དགྲ་བགེགས་འབྱུང་པོ་ཐམས་ཅད་བསྲེགས༔ དབུས་སུ་པདྨ་མཎྜ་ལ༔ མ་སུརྱ་མཎྜལ༔ ཨ་ཙནྡྲ་མཎྜ་ལ༔ རཀྴ་ས་མ་ཏི་ར་བམ༔ པདྨ་ཉི་མ་ཟླ་བ་སྲིན་པོ་དང༔ ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ ཧཱུྃ་ཡིག་དམར་པོ་གསལ་བ་ལས༔ ཕྱོགས་བཅུར་འོད་འཕྲོས་སངས་རྒྱས་ཀྱི༔ ཐུགས་དམ་རྒྱུད་བསྐུལ་འགྲོ་དོན་བྱས༔ ཚུར་འདུས་ཧཱུྃ་ལ་ཐིམ་པ་ལས༔ བདག་ཉིད་ཟིལ་གནོན་པདྨའི་སྐུ༔ དམར་པོ་མེ་ཡི་ཕྲེང་བས་བརྒྱན༔ ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་བསྒྲད༔ གཡས་པས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ལྕགས་སྡིག་ཁ་དགུ་བསྣམས༔ དབུ་སྐྲ་སྨུག་འབོལ་གྱེན་དུ་འཁྱིལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ རློན་པ་ལྔ་བཅུའི་དོ་ཤལ་བྱས༔ རུས་པའི་རྒྱན་དྲུག་སྐུ་ལ་སྤྲས༔ དབུ་དང་ཕྱག་ཞབས་སྦྲུལ་གྱིས་བརྒྱན༔ གླང་ལྤགས་ཞིང་ཆེན་གཡང་གཞི་གསོལ༔ སྟག་གི་པགས་པའི་ཤམ་ཐབས་ཅན༔ རཀྟ་ཞག་དང་ཐལ་ཆེན་གྱི༔ ཐིག་ལེ་ཟོ་རིས་ཚོམ་བུར་བྱས༔ མེ་དཔུང་འབར་བའི་དབུས་ན་བཞུགས༔ དེ་ཡི་སྤྱི་གཙུག་བྱ་ཁྱུང་རྒྱལ༔ མཐིང་ནག་མེ་ཡི་གཤོག་པ་ཅན༔ གནམ་ལྕགས་ཐོག་མེ་ཚྭ་ཚྭ་འཕྲོས༔ དེ་སྟེང་པདྨ་ཉི་ཟླའི་སྟེང༔ རིགས་ཀྱི་བདག་པོ་སྣང་མཐའ་ཡས༔ སྐུ་མདོག་དམར་པོ་མཉམ་གཞག་ཅན༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ སྐུ་ཡི་ངོ་བོ་ཚོན་གང་བ༔ དཔྲལ་བར་མཛོད་སྤུ་ཁྲོ་གཉེར་སྟེང༔ གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུས༔ འཇམ་དཔལ་སྐུ་མདོག་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་དབུ་རྒྱན་ཅན༔ ཕྱག་གཡས་ཤེས་རབ་རལ་གྲི་བསྣམས༔ གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད༔ ཅུང་ཟད་ཁྲོ་ཚུལ་འགྱིང་བག་ཅན༔ དེ་ཡི་སྤྱི་བོར་ཡི་གེ་ཨོཾ༔ གསེར་མདོག་བདག་སྐུ་བྱིན་གྱིས་རློབས༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དམར༔ སྤྱི་གཙུག་རྟ་མགོ་ལྗང་ཞུར་ཅན༔ རྟ་སྐད་ནམ་མཁའི་དབྱིངས་སུ་སྒྲོག༔ གཡས་པས་རྡོ་རྗེའི་དབྱུག་པ་ཕྱར༔ གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད༔ བརྐྱང་བསྐུམ་དོར་ཐབས་བཞུགས་པ་འོ༔ དེ་ཡི་མགྲིན་པར་ཡི་གེ་ཨཱ༔ དམར་པོ་བདག་གསུང་བྱིན་གྱིས་རློབས༔ ཐུགས་ཀར་གསེར་གྱི་མཆོད་རྟེན་སེར༔ རི་རབ་བང་རིམ་བུམ་པ་བྲེ༔ འཁོར་ལོ་ཏོག་དང་ལྡན་པ་ཡི༔ བུམ་པར་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་གཏུམ་དྲག་པོ་བརྗིད་པའི་སྐུ༔ དེ་ཡི་ཐུགས་ཀར་ཧཱུྃ་མཐིང་ནག༔ བདག་ཐུགས་བྱིན་གྱིས་བརླབས་པ་འོ༔ སྐུ་ཡི་ཡི་གེ་ཨོཾ་ལས་ནི༔ འོད་ཟེར་སེར་པོ་འཕྲོས་པ་ཡིས༔ སྐུ་ཡི་ལྷ་ཚོགས་སྤྱན་དྲངས་ནས༔ མཛོད་སྤུར་འཇམ་དཔལ་དག་ལ་ཐིམ༔ སྐུ་མི་ཤིགས་རྡོ་རྗེའི་དབང་ཐོབ་གྱུར༔ གསུང་གི་སྙིང་པོ་ཨཱཿལས་ནི༔ འོད་ཟེར་དམར་པོ་འཕྲོས་པ་ཡིས༔ གསུང་གི་ལྷ་ཚོགས་སྤྱན་དྲངས་ནས༔ མགྲིན་པར་རྟ་མགྲིན་དག་ལ་ཐིམ༔ གསུང་འགག་པ་མེད་པའི་དབང་ཐོབ་གྱུར༔ ཐུགས་ཀྱི་ཡི་གེ་ཧཱུྃ་ལས་ནི༔ འོད་ཟེར་མཐིང་ནག་འཕྲོས་པ་ཡིས༔ ཐུགས་ཀྱི་ལྷ་རྣམས་སྤྱན་དྲངས་ནས༔ ཐུགས་ཀར་ཕྱག་རྡོར་དག་ལ་ཐིམ༔ ཐུགས་འཁྲུལ་པ་མེད་པའི་དབང་ཐོབ་གྱུར༔ ཡི་གེ་གསུམ་ལས་འོད་ཟེར་གསུམ༔ ཕྱོགས་བཅུ་རྣམས་སུ་འཕྲོས་པ་ཡིས༔ རིགས་བདག་སྣང་བ་མཐའ་ཡས་དང༔ གཞན་ཡང་རིགས་ལྔའི་སངས་རྒྱས་དང༔ སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས༔ སྣང་བ་མཐའ་ཡས་དག་ལ་ཐིམ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང༔ ཕྲིན་ལས་ལ་སོགས་དབང་ཐོབ་གྱུར༔ དེ་ནས་བདག་གི་ཐུགས་ཀ་ནས༔ རིག་པའི་ངོ་བོ་ཧཱུྃ་དམར་ལས༔ འོད་ཟེར་ནག་པོ་གྲངས་མེད་འཕྲོས༔ ཧཱུྃ་ནག་གྲངས་མེད་འཇིག་རྟེན་ཁེངས༔ སྣང་སྲིད་ཐམས་ཅད་གང་བར་གྱུར༔ ཧཱུྃ་རྣམས་འོད་དུ་ཞུ་བ་ལས༔ ཁྲོ་བོ་ཡཀྴ་མེ་དབལ་ནི༔ ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔ གཡས་པས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་རྡུང་བའི་ཐོ་བ་བསྣམས༔ སྐུ་ལ་བསྐལ་པའི་མེ་དཔུང་འབར༔ དེ་འདྲའི་ཁྲོ་བོས་སྣང་སྲིད་གང༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས༔ གནོད་བྱེད་གདོན་བགེགས་མ་ལུས་ཀུན༔ འདར་ཞིང་བསྔངས་ནས་བརྒྱལ་ཞིང་འབོག༔ བརྡུང་ཞིང་བསྲེགས་དང་བསད་པར་གྱུར༔ དེ་ལྟར་རྟེན་དང་བརྟེན་པའི་ལྷ་ཚོགས་གསལ་བར་བསྐྱེད་ལ། གཉིས་པ་སྤྱན་དྲང་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཕྲན་པདྨ་འོད་ཀྱི་གཞལ་ཡས་ནས་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་དྲག་པོའི་ལྷ་ཚོགས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཡ་ཛཿ ཞེས་དང་། ཧཱུྃ༔ དུར་ཁྲོད་སྨུག་ནག་མེ་འབར་ཀློང་དཀྱིལ་ནས༔ དྲེགས་པ་འདུལ་མཛད་པདྨ་ཐོད་ཕྲེང་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འདོད་ཆགས་རཀྟའི་རྒྱ་མཚོའི་ཀློང་ནས་བཞེངས༔ ཞེ་སྡང་ཀེང་རུས་བཀྲམ་པའི་སྟེང་ནས་བཞེངས༔ གཏི་མུག་ཤ་ཆེན་སྤུངས་པའི་དབུས་ནས་བཞེངས༔ ང་རྒྱལ་མེ་ལྟར་འབར་བའི་དབྱིངས་ནས་བཞེངས༔ ཕྲག་དོག་རླུང་ནག་འཚུབས་མའི་ནང་ནས་བཞེངས༔ དགྲ་བགེགས་འབྱུང་པོ་རཀྴ་སྲིན་པོ་དང༔ འཆི་བདག་གཤིན་རྗེ་འཇིག་རྟེན་དྲེགས་པའི་ཚོགས༔ ལྷ་སྲིན་སྡེ་བརྒྱད་པེ་ཧར་སྲོག་བདག་དང༔ བསེན་མོ་དམ་སྲི་ས་བདག་ཀླུ་གཉན་དང༔ བདུད་དང་མུ་སྟེགས་འདུལ་ཕྱིར་གཤེགས་སུ་གསོལ༔ མ་ཧཱ་གུ་རུ་པདྨ་ཀྲོ་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ཏི་ར་ཞིང་ཆེན་བསྣོལ་བའི་གདན་སྟེང་དུ༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ མ་ཧཱ་གུ་རུ་པདྨ་ཀྲོ་ཏ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ༔ རང་བྱུང་པདྨ་ཐོད་ཕྲེང་དྲག་པོའི་སྐུ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུལ་མཛད་ཅིང༔ འཁོར་བ་མ་ལུས་འདྲེན་པའི་དཔལ་གྱུར་པ༔ གུ་རུ་དྲག་པོའི་ཚོགས་ལ་ཕྱག་འཚལ་ལོ༔ མ་ཧཱ་གུ་རུ་པདྨ་ཀྲོ་ཏ་ས་པ་རི་ཝཱ་ར་ནཾ་བྷནྡྷ་ནཾ་ཀ་རོ་མི༔ ཞེས་ཕྱག་འཚལ་བའོ། །ལྔ་པ་མཆོད་པ་འབུལ་བ་ལ་དྲུག་ལས་དང་པོ་ཕྱི་མཆོད་འབུལ་བ་ནི། ཧཱུྃ༔ ཆེ་མཆོག་དྲག་པོའི་ལྷ་ཚོགས་ལ༔ ལྷ་རྫས་ཕྱི་མཆོད་འབུལ་བ་ནི༔ མེ་ཏོག་གདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཞེས་པ་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་འབུལ་བ་ནི། ཧཱུྃ༔ ཆེ་མཆོག་དྲག་པོའི་ལྷ་ཚོགས་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ དབང་པོ་ལྔ་ཡི་མེ་ཏོག་མཆོད༔ གསུར་ཆེན་སྤོས་ཀྱི་དུད་པས་མཆོད༔ ཞུན་ཆེན་སྣང་གསལ་སྒྲོན་མེས་མཆོད༔ རྡོ་རྗེ་དྲི་ཆུའི་བྱུགས་པས་མཆོད༔ བདུད་རྩི་དྲི་ཆེན་ཞལ་ཟས་མཆོད༔ རྐང་གླིང་ཐོད་པའི་རྔ་སྒྲས་མཆོད༔ དུག་ལྔ་ཡེ་ཤེས་ལྔ་རུ་མཆོད༔ དུག་གསུམ་སྐུ་གསུང་ཐུགས་སུ་མཆོད༔ སྣང་སྲིད་ཕྱག་རྒྱ་བཞི་རུ་མཆོད༔ ཨོཾ་མ་ཧཱ་པཉྩ་སརྦ་པཱུ་ཛ་ཨཱཿཧཱུྃ༔ གསུམ་པ་གསང་མཆོད་འབུལ་བ་ནི། ཧཱུྃ༔ ཆེ་མཆོག་དྲག་པོའི་ལྷ་ཚོགས་ལ༔ གཉིས་མེད་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་མཁའ་གསང་ལས༔ བྱུང་བའི་བྱང་སེམས་དཀར་དམར་འདི༔ ཆེ་མཆོག་དྲག་པོའི་ཚོགས་ལ་འབུལ༔ བདེ་བ་རྒྱས་ཕྱིར་བཞེས་སུ་གསོལ༔ ཨོཾ་གྷ་ན་གུ་ཧྱ་མ་ཧཱ་པཱུ་ཛ་ཧཱུྃ༔ ཨོཾ་མ་ཧཱ་པཱུ་ཛ་སརྦ་པཉྩ་ཨཱཿཧཱུྃ༔ བཞི་པ་སྨན་མཆོད་ནི། ཧཱུྃ༔ གདོད་ནས་རྣམ་དག་བདུད་རྩི་སྨན༔ ཡེ་ཤེས་ལྔ་རྫོགས་ཨ་མྲི་ཏ༔ དུག་ལྔ་སེལ་བའི་བདུད་རྩི་ནི༔ ཆེ་མཆོག་དྲག་པོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲིཏ་ལ་ཁ་རཾ་ཁཱ་ཧི༔ ལྔ་པ་རཀྟའི་མཆོད་པ་ནི། ཧཱུྃ༔ ཉོན་མོངས་རྒྱུ་དྲུག་འཁོར་བ་སྒྲོལ༔ གཉིས་མེད་མཁའ་དབྱིངས་བདེ་བ་ཆེ༔ སྦྱོར་སྒྲོལ་མ་ཧཱ་རཀྟའི་རྒྱུན༔ གུ་རུ་དྲག་པོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ དྲུག་པ་གཏོར་མའི་མཆོད་པ་ནི། ཧཱུྃ༔ བླ་མེད་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས༔ ལྷ་ཚོགས་འདོད་ཡོན་ལྔ་ཡིས་བརྒྱན༔ ཐུགས་དམ་བཞིན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཨ་ཙིག་སོགས། ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ རཏྣ་གུ་རུ་ཤྲཱི་བྷ་ག་ཝན་ཨེ་ཀ་ཛཱ་ཏཱི་སརྦ་ཨ་ཧ༔ ནེ་ཝི་ཏ་སརྦ་དྷརྨ་པཱ་ལ་ཏ་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་འབུལ། དྲུག་པ་བསྟོད་པ་ནི། ཧཱུྃ༔ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་མེ་ཡི་མདོག་འདྲ་བ༔ བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས༔ རིན་ཆེན་རུས་པའི་རྒྱན་ཆ་རབ་ཏུ་འཁྲོལ༔ ཞིང་ཆེན་གཡང་གཞི་སྐུ་ཡི་ཤམ་ཐབས་ཅན༔ དབུ་སྐྲ་སྨུག་འབོལ་ལྕང་ལོ་གྱེན་དུ་འཁྱིལ༔ དེ་ལས་ཚྭ་ཚྭ་དམར་སེར་སྐར་ལྟར་འཁྲིགས༔ སྤྱན་རྩ་དམར་ནག་སྡང་མིག་གྱེན་དུ་འདྲིལ༔ བར་སྣང་ཁམས་ཀྱི་གདོན་ཚོགས་བརླག་པར་བྱེད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས་པ་ནི༔ ཧཱུྃ་དགུ་རཾ་དགུས་རབ་ཏུ་བརྒྱན་པ་ནི༔ རི་རབ་ཆེན་པོ་ཀུན་ཀྱང་ཐལ་བར་བསྙིལ༔ རྒྱ་མཚོ་ཆེན་པོ་ཀུན་ཀྱང་དུམ་བུར་བཏང༔ གནམ་ཐེའུ་དཀར་པོ་ཀླད་པའི་རྒྱ་སྲུབ་འགེམས༔ ཕྱག་གཡོན་ལྕགས་སྡིག་ཁ་དགུ་བསྣམས་པ་ནི༔ ཡཀྴ་རཀྴ་གནོད་བྱེད་ཐམས་ཅད་འདུལ༔ སྲོག་བདག་པེ་ཧར་སྙིང་ཁྲག་ཁོང་ནས་འབྱིན༔ བགེགས་འདུལ་པདྨ་འབྱུང་གནས་ཕྱག་འཚལ་བསྟོད༔ ཧཱུྃ༔ སྤྱི་གཙུག་རིགས་བདག་སྣང་བ་མཐའ་ཡས་དང༔ ཕྲིན་ལས་སྤྲུལ་པ་རང་བྱུང་རྒྱལ་མོ་དང༔ སྐུ་ཡི་སྤྲུལ་པ་འཕགས་པ་འཇམ་དཔལ་དང༔ གསུང་གི་སྤྲུལ་པ་ཁྲོ་རྒྱལ་རྟ་མགྲིན་དཔལ༔ ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ་དང༔ ཐམས་ཅད་སྤྲུལ་པ་ཡཀྴ་མེ་དབལ་དང༔ གཞན་ཡང་དཔའ་བོ་མཁའ་འགྲོ་གིང་གི་ཚོགས༔ གུ་རུ་དྲག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བདུན་པ་བཤགས་པ་བྱ་བ་ནི། ཧཱུྃ༔ བདག་ནི་མ་རིག་འཁྲུལ་པའི་དབང་སོང་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་གྱི༔ སྐུ་གསུང་ཐུགས་དང་འགལ་བ་ཡོད་སྲིད་ན༔ དབང་དྲག་པདྨའི་སྐུ་ལ་བཟོད་པར་གསོལ༔ ཡིག་བརྒྱ་བཟླས། བརྒྱད་པ་འཛབ་བཟླ་བ་ནི། ཧཱུྃ༔ ཐུགས་ཀར་ཕྱག་རྡོར་ཧཱུྃ་དག་ལ༔ སྙིང་པོ་ཤམ་བུར་བཅས་པའི་སྔགས༔ ཕྲེང་བ་ཕྲེང་ཐག་བརྒྱུད་པ་ལྟར༔ གཡས་སྐོར་དག་ཏུ་འཁོར་བར་གྱུར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས༔ ཞེས་དམིགས་ལ་སྙིང་པོ་ནི། ཨོཾ་ཨཱཿཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་རྩ་བའི་བཟླས་པ་སྟེ། གཞུང་ལས། སྲོག་གི་རྩ་སྔགས་འདི་ཉིད་ལ༔ ཁྲི་ཚོ་གཅིག་གི་གྲངས་བཟླས་ན༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་འདུལ༔ འབུམ་ཕྲག་གཅིག་ནི་བཟླས་གྱུར་ན། མཆོག་གི་དངོས་གྲུབ་མ་ལུས་ཐོབ༔ ཐོས་དང་དྲན་པ་ཙམ་གྱིས་ནི༔ འཇིག་རྟེན་ལྷ་སྲིན་ཐམས་ཅད་རྣམས༔ ལས་ལ་བཀོལ་བ་ཐེ་ཚོམ་མེད༔ ཅེས་གསུངས་པས་རབ་འབུམ་ཕྲག་ཉེར་གཅིག་ཁ་སྐོང་དང་བཅས་པ། མ་མཐར་ཡང་འབུམ་ཕྲག་བཞི་བཟླ། བསྙེན་ཚད་ཐེམས་ནས་ལས་སྦྱོར་གྱི་དམིགས་བཟླས་ནི། བདག་ཉིད་དབང་དྲག་པདྨའི་ཞལ་ནས་སྔགས་ཀྱི་འོད་ཟེར་སྤུ་གྲི་ལྟར་ཚ་ལ་རྩུབ་པ་ཕྱིར་འཕྲོས་པ་དང་ཡཀྴ་མེ་དབལ་གྱི་ཞལ་ནས་དེ་ལྟ་བུར་ཚུར་འཕྲོས་པའི་རྩེ་མོ་བསྣོལ་བའི་བར་དུ་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་གནོད་བྱེད་ཀྱི་སྐེ་རྦད་རྦད་གཏུབ་པར་བསམ་ལ། བསྙེན་སྔགས་ཤམ་དུ། ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ རཱ་ཙ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ གནོད་བྱེད་རྒྱལ་འགོང་བསེན་མོ་དམ་སྲིའི་སྙིང་ལ་མཱ་ར་ཡ་ཧཱུྃ༔ ཞེས་བཏགས་པ་བསྙེན་པའི་བཅུ་ཆ་ཙམ་བཟླའོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་བརྗོད་པས་ལྷག་ཆད་ཁ་སྐོང་ཞིང་ནུས་པ་བརྟན་པར་བྱ། སྟོང་ཚིགས་མཆོད་བསྟོད་འབུལ། གསུམ་པ་རྗེས་ཀྱི་ལས་རིམ་བརྒྱད་ལས། དང་པོ་ཚོགས་མཆོད་འབུལ་བ་ལའང་བདུན་གྱི་ཐོག་མར་དམ་ཚིག་གི་རྫས་འདུ་བྱས་ལ་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ༔ ཅེས་བསང་གཏོར་བྱ། རཾ་ཡཾ་ཁཾ༔ རང་གི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཚོགས་གཞོང་པདྨ་འབར་བར་ཚོགས་རྫས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། གཉིས་པ་སྤྱན་དྲང་བ་ནི། ཧཱུྃ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ༔ སྤྱན་དྲངས་མཆོད་ཀྱིས་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་མ་ཡ་ཛཿཛ༔ གསུམ་པ་དང་པོ་ཚོགས་ཕུད་འབུལ་བ་ནི། ཧཱུྃ༔ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བཞི་པ་བར་པ་བཤགས་པ་ནི། ཧཱུྃ༔ སྔོན་བྱུང་དུས་ནས་ད་ལྟའི་བར༔ མ་རིག་དབང་གིས་ལུས་ངག་སེམས༔ བག་མེད་དམ་ལས་འགལ་གྱུར་ན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཧོ༔ ཡིག་བརྒྱ་བཟླས། ལྔ་པ་ཐ་མ་བསྒྲལ་བསྟབ་ནི། ནྲྀ་ཏྲི་བཛྲ་ཨཾ་གུ་ཤ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་མེ་ལྟར་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པས་ཕུར་བུས་དགྲ་སྙིང་གཟིར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ རྡུལ་དུ་རློགས་ལ་དབྱིངས་སུ་སྒྲོལ༔ ཤ་ཁྲག་ཀླད་པ་མཆོད་པའི་ཚོགས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ གནོད་བྱེད་ཕོ་མོ་རྡུལ་དུ་རློགས༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་ཛྭ་ལ་རཾ༔ ཨོཾ་མ་ཧཱ་གུ་རུ་ཀ་པཱ་ལ་མཱ་ལ་བཛྲ་ས་མ་ཡ་ཛ༔ རྣྲི་ཏྲི་ཤ་ཏྲུཾ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ བྷོ་དྷི་ཙིཏྟ་ཨོཾ༔ བྷོ་དྷི་ཙིཏྟ་ཨཱ༔ བྷོ་དྷི་ཙིཏྟ་ཧཱུྃ༔ ཞེས་པས་བསྒྲལ། ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་ཀོ་རོ་ཙ་ན་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ༔ ཅེས་བསྟབ་བོ། །དྲུག་པ་ཚོགས་ལ་རོལ་པ་ནི་ལས་ཀྱི་རྡོ་རྗེས། ཧོ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འདོད་ཡོན་མ་སྤངས་ལོངས་སྤྱོད་ལྡན༔ དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༔ ཚོགས་ཀྱི་མཆོད་པ་རྒྱན་ཏུ་རོལ༔ ཞེས་ཞུས་པ་ལ། ལན་དུ། ཨ་ལ་ལ་ཧོ༔ ཞེས་བླངས་ལ་ནང་གི་སྲེག་བླུགས་དང་ལྡན་པས་ལོངས་སྤྱད། བདུན་པ་ལྷག་མ་གཏོང་བ་ནི། ཧཱུྃ༔ ལས་ཀྱི་རྡོ་རྗེ་བྱེད་པར་དབང་བསྐུར་བའི༔ མ་མོ་མཁའ་འགྲོ་དཔའ་བོ་གིང་གི་ཚོགས༔ ལྷག་མ་ཁ་ཆུའི་དམ་ལ་གཏོགས་པ་རྣམས༔ ཐུགས་དམ་བཞིན་དུ་མཆོད་ཀྱིས་གཤེགས་སུ་གསོལ༔ དམ་ཅན་མ་ལུས་པ་རྣམས་འདིར་འདུས་ཤིག༔ ས་མ་ཡ་སཏྭཾ༔ སརྦ་ཌཱཀྐི་ནཱི་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛཿཛ༔ ཕུད་ལྷག་བསྲེ། བྱིན་རླབས་སྤྱི་ལྟར་བྱས་ལ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ པདྨ་འབྱུང་གནས་ཕུད་ཀྱིས་མཆོད༔ བར་དུ་ཚོགས་ལ་མི་རོལ་དུ༔ མ་དང་མཁའ་འགྲོ་ཚོགས་ལ་རོལ༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ བྲན་ཕོ་བྲན་མོ་ཁ་ཆུའི་བདག༔ ཕུད་དང་ལྷག་མ་མི་བསྲེ་རྒྱུ༔ ཁྱེད་དང་ཡེ་ནས་ཐ་ཚིག་གཅིག༔ ལས་རྣམས་རིམ་པར་མི་བཅོལ་རྒྱུ༔ ལས་ཀྱི་འདུ་སྐལ་སོ་སོར་ཡོད༔ སྔོན་གྱི་དམ་བཅས་ཁས་བླངས་བཞིན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུ་ཙིཥྚ་བྷ་ལིཾ་ཏ་ཁཱ་ཧི༔ གཉིས་པ་བརྟན་མ་སྐྱོང་བ་ནི། ཧཱུྃ་བྷྱོ༔ བཀའ་ཡི་ཚོགས་དང་བཅས་ཉིད་དུ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ ཚུར་གཤེགས་བསྟན་པ་སྐྱོང་བ་དང༔ འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད༔ བདག་ཉིད་ཆེན་མོ་ལ་སོགས་པའི༔ བདུད་མོ་ཆེན་མོ་མཆེད་བཞི་དང༔ ཁ་རག་ཁྱུང་བཙུན་ལ་སོགས་པའི༔ གནོད་སྦྱིན་ཆེན་མོ་མཆེད་བཞི་དང༔ ཀོང་བཙུན་དེ་མོ་ལ་སོགས་པའི༔ སྨན་བཙུན་ཆེན་མོ་མཆེད་བཞི་རྣམས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ ལྷབ་ལྷུབ་མང་པོའི་རྒྱན་དང་བཅས༔ སིལ་སྙན་མང་པོའི་སྒྲ་དང་བཅས༔ འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས༔ བར་ཆད་རྐྱེན་རྣམས་བཟློག་པ་དང༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབས༔ ཞེས་བརྗོད་ལ། ཡ་ཧི་གཙྪ་ཞེས་པས་གཤེགས་སུ་གསོལ། གསུམ་པ་གཏོང་རག་གི་མཆོད་བསྟོད་མདོར་བསྡུས་བྱས་ལ། དངོས་གྲུབ་བླང་བ་ནི། བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྣལ་འབྱོར་སྒྲུབ་པོ་བདག་ཅག་ལ༔ ཞི་བའི་འཇིགས་པ་བརྒྱད་སྐྱོབ་དང༔ རྒྱས་པའི་འབྱོར་དྲུག་རྒྱས་པ་དང༔ མོས་པའི་འགྲོ་བ་དབང་དུ་བསྡུ༔ དྲག་པོས་དགྲ་བགེགས་ཚར་གཅོད་པའི༔ ཐུན་མོང་མཆོག་གི་དངོས་གྲུབ་སྩོལ༔ བཞི་པ་བཟོད་གསོལ་ནི། ཡིག་བརྒྱ་མང་དུ་བཟླས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་བརྗོད། ལྔ་པ་ནི། ཚོགས་མགྲོན་དང་སྒྲུབ་དཀྱིལ་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་སྤྱི་ལྟར་བྱའོ། །དྲུག་པ་བསྡུ་རིམ་ལྷར་ལྡང་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས། སྲུང་འཁོར་གཞལ་ཡས་འཁོར་དང་བཅས་པ་ལ་ཐིམ། དེ་གཙོ་བོ་ལ་ཐིམ། སྤྲུལ་པའི་ལྷ་རྣམས་ཀྱང་གཙོ་བོ་ལ་ཐིམ། དེ་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཡང་ཞབས་ཀྱུ་ཧ་ཁོག་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམས། དེ་མི་དམིགས་པ་སྟོང་པར་གྱུར་པར་བསམ་ལ་མཉམ་པར་བཞག །སླར་རྩ་སྔགས་བརྗོད་ལ། སླར་ཡང་རང་ཉིད་སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་པས་གནས་གསུམ་བརླབས་ཤིང་གོ་བགོ །བདུན་པ་བསྔོ་སྨོན་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་དང༔ ཡི་དམ་མཁའ་འགྲོ་དགོངས་སུ་གསོལ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ པདྨ་དབང་དྲག་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ བརྒྱད་པ་བཀྲ་ཤིས་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་གིས་བདེ་ལེགས་མཆོག་སྩོལ་བའི༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ འགྲོ་བའི་དོན་ལ་མཐུ་ལྡན་པའི༔ མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ བསྟན་པ་བསྲུང་ཞིང་བར་ཆད་སེལ༔ ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག༔ ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་བཀྲ་ཤིས་ཀྱི་ཚིག་བཅད་མང་དུ་བརྗོད་དེ་མེ་ཏོག་གི་ཆར་དབབ་པར་བྱའོ། །འདིའི་ཕྲིན་ལས་གཏེར་གཞུང་མཚོ་རྒྱལ་གྱིས་མཛད་པ་ལ་ཁ་སྐོང་རིགས་མཐུན་ནས་བསྡེབས་ཏེ་ས་སྐྱ་བ་རྒྱ་གར་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་ཉིད་གྲགས་ཆེ་བར་སྣང་ཡང་འདིར་ངག་འདོན་སྙིང་པོར་དྲིལ་ཏེ་རྙིང་ལུགས་སྔ་མ་སྤྱི་དང་མཐུན་པར་བཀོད་པའོ།། །།
བླ་མ་ཞི་དྲག་དང་རྟ་ཕྱག་སོགས་ཡི་དམ་ཆོས་སྐྱོང་རྣམས་ཀྱི་དབང་དང་བྱིན་རླབས་རྗེས་གནང་གི་བཀའ་བསྒོ་ལོ་ཆེན་རིན་པོ་ཆེའི་དྲིས་ལན་ལས་ཟུར་བཏོན་དཀྱུས་བཀོད་ (Volume 61, Text 68)
བླ་མ་ཞི་དྲག་སོགས་ཀྱི་གཏོར་དབང་བསྐུར་བའི་སྐབས་ཀྱི་འདོད་གསོལ་ནི། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་བཤར་ནས། རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བྱོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པའི་མཐར། མ་ཧཱ་གུ་རུ་དང་། བཛྲ་གུ་རུ་དང་། པདྨ་ཐོད་ཕྲེང་སོགས་སྔགས་སྤྱི་འགྲོའི་མཐར་ཀཱ་ཡ་སིདྡྷི་ཨོཾ་སོགས་གསུམ་བཏགས་པས་བསྐུར་རོ།། །། ༄༅། །རྟ་མགྲིན་དང་ཕྱག་རྡོར་སོགས་ཀྱི་བཀའ་བསྒོའི་ངག་འདོན། སྔགས་མཐར་བརྒྱུད་པའི་བཤར་འདེད་ཀྱི་རྗེས་སུ། རྩ་བརྒྱུད་ཀྱི་བླ་མ་དམ་པ། ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྱི་དང་། ཁྱད་པར་དུའང་འདི་ཞེས་བྱ་བའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །བྱེ་བྲག་ཏུའང་རྡོ་རྗེའི་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བདུད་བཙན་རྒྱལ་འགོང་ཐེ་བྲང་འབྱུང་པོའི་གནོད་པ་ཐམས་ཅད་དུས་ད་ལྟ་ཉིད་དུ་ཞི་བ་དང་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྲུང་ཞིང་སྐྱོབ་པ་དང་སྦ་བར་མཛད་དུ་གསོལ། མཐར་མངའ་གསོལ་ཤིས་བརྗོད་ནི་མེ་ཏོག་འཐོར་བཞིན་དུ་སུ་པྲ་ཏིཥྛའི་སྔགས་དང་བཀྲ་ཤིས་བརྗོད་པ་ཙམ་གྱིས་འཐུས་སོ།། །། ༄༅། །ཆོས་སྐྱོང་རྣམས་ཀྱི་སྲོག་གཏད་རྗེས་གནང་ལ་བཀའ་བསྒོ་དགོས་པའི་དཔེར་བརྗོད་ནི། ཀྱེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མངག་གཞུག་ཆེན་པོ། བསྟན་པ་དམ་པའི་ཆོས་སྐྱོང་བའི་སྲུང་མ་འདི་ཞེས་བྱ་བ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས། བླ་མ་དམ་པའི་སྐུ་ཚེ་དང་ཕྲིན་ལས་སྤེལ། བསྟན་པ་བསྟན་འཛིན་དང་བཅས་ལ་རིམ་གྲོ་སྐྱེད། སེམས་ཅན་གྱི་ཕན་བདེ་སྤེལ། འཇིག་རྟེན་གྱི་རྒུད་པ་སོལ། གདུག་པ་ཅན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་རྒྱུན་ཆོད། ཁྱད་པར་དུ་ཡང་རྡོ་རྗེའི་སློབ་མ་འདི་ཉིད་དུས་དེང་ནས་གཟུང་བྱང་ཆུབ་ཀྱི་བར་དུ་ཁྱོད་ལ་གཉེར་དུ་གཏད་ཀྱིས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པ་དང་། འགོ་ནད་ཡམས་རིམས་སོགས་ནད་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བ་དང་། ལྷ་ཀླུ་གནོད་སྦྱིན་གཟའ་དང་རྒྱལ་པོ་ལ་སོགས་གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ཐམས་ཅད་ཞི་བ་དང་། རྨི་ལམ་མཚན་མ་ངན་པ་སོགས་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་ཞིང་ཟློག་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སོགས་ལེགས་ཚོགས་ཀྱི་དངོས་པོ་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་གནས་སྐབས་དང་མཐར་ཐུག་གི་ཕྱི་ནང་གསང་བའི་འགལ་རྐྱེན་མཐའ་དག་སོལ། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པའི་གྲོགས་གྱིས། མཐུ་དང་དཔུང་སྐྱེད། བསམ་པ་སྒྲུབས། རེ་བ་སྐོངས། ཡིད་ལ་བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ་དང་། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་ཡང་དག་པར་སྦྱོར་ཅིག །ཆོས་སྐྱོང་མཐུ་མ་ཆུང་། དམ་ཅན་རྩལ་མ་ཞན། མངོན་པར་འདོད་པའི་དངོས་གྲུབ་བདེ་བླག་ཏུ་སྒྲུབས་ཤིག །ཅེས་བཀའ་བསྒོས་པས་དོན་དེ་དག་རེ་རེ་ནས་དེ་བཞིན་དུ་བགྱིའོ། །ཞེས་སྤྲོ་བ་དང་བཅས་པས་ཁས་བླངས་པར་བསམ། ༈ ཡང་བཀའ་བསྒོའི་ངག་འདོན་མདོར་བསྡུ་ན། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ། འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་སོགས་བརྒྱུད་པའི་བཤར་འདེད་རྗེས། བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་སྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་ནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་རྡོ་རྗེའི་སློབ་མ་འམ་རིགས་ཀྱི་བུ་ འདིའི་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། མདོར་ན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མཛོད་ཅིག །ཅེས་པ་ལྟ་བུ་སྟེ་གཞན་མ་རྣམས་ལའང་འགྲེའོ།། །།
གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ལས། རྟེན་འབྲེལ་ལྷ་མོ་བརྒྱད་རྩིས་ནད་གདོན་ཀུན་སེལ་ (Volume 42, Text 68)
༄༅། །གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ལས། རྟེན་འབྲེལ་ལྷ་མོ་བརྒྱད་རྩིས་ནད་གདོན་ཀུན་སེལ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཌཱ་ཀི་ནཱི་ཡེ། འཆི་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ། རྒྱ་གར་གྱི་དུར་ཁྲོད་རསྨཱི་ཤྭ་རར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོས་དངོས་སུ་གནང་བའི་གདམས་པ། གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཅེས་ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་ཅིང་གཉན་པ། ཆིག་བརྒྱུད་ཀྱི་གདམས་ཟབ་བར་མ་ཆད་དུ་བྱོན་པ་འདི་ཉིད་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་རེ་ཞིག་ཆོས་བདག་ཕག་ཞལ་ཅན་གྱི་ནང་འཁོར་ལྷ་མོ་བརྒྱད་ལ་བསྟེན་ནས་ནད་ཇི་ལྟར་འཇུག །ངོ་བོ་གང་ན། རྟེན་འབྲེལ་གྱི་བཅོས་ཇི་ལྟར་བྱ་བའི་ཚུལ་རྣམས་ལུང་བསྟན་པ་དང་། རྟེན་འབྲེལ་གླུད་ཆོག་བཏང་བས་ནད་གདོན་ལས་གྲོལ་བར་བྱེད་པའི་ལས་ཚོགས་དང་བཅས་པ་གཞན་ཕན་གྱི་བློ་ཁོ་ནས་ཟུར་དུ་བཀོལ་ཏེ་འབྲི་བ་ལ་ཆོས་བདག་མཁའ་འགྲོས་བཀའི་གནང་བ་བསྩལ་དུ་གསོལ། ༼༡༽ ཌཱ་ཀི་མནྟྲ༔ ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་ལྷ་མོ་འོད་འབར་ལུང་བསྟན་ནི། །ཚེས་གཅིག་ཚེས་དགུ་ཚེས་པ་བཅུ་བདུན་དང་། །ཉེར་ལྔར་ནད་བཏབ་གདོན་དུ་བྱང་ཕྱོགས་ནས། །རྒྱལ་པོ་འམ་ནི་བདུད་མོའི་གནོད་པ་འབྱུང་། །མི་གཙང་ཟས་སམ་དམར་གཞོབ་ཐབ་གཉན་ལངས། །མགོ་མིག་གློ་སྙིང་མཁལ་རྐེད་གང་རུང་ན། །དམིགས་པ་ནད་ཀུན་བཀྲུས་པར་བསམ་ནས་ནི། །ལུས་བཀྲུས་ཁུ་བས་ཕྱེ་ཟན་བརྫིས་པ་ལས། །ངར་གླུད་ནག་པོའི་གཟུགས་བཅོས་གླུད་བསྔོས་ལ། །བྱང་དུ་བསྐྱལ་བས་ནད་གདོན་ཉེ་བར་ཞི། ༼༢༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་ལྷ་མོ་བརྟན་མས་ལུང་བསྟན་ནི། །ཚེས་གཉིས་བཅུ་དང་བཅོ་བརྒྱད་ཉེར་དྲུག་ལ། །ནད་ཀྱིས་བཏབ་ན་ས་བདག་སྲུང་མ་འམ། །རྒྱལ་པོའམ་བཙན་གནོད་འཁོན་ཟས་ཤ་སྐྱུར་དང་། །འཁུར་བ་ལ་སོགས་ཟས་ཡན་རྐྱེན་གྱིས་བསླངས། །སྣ་མཚུལ་འགགས་ཤིང་ལྕེ་མི་བདེ་བ་དང་། །ཕོ་ནད་མཁལ་ནད་ཤུ་འབུར་གང་རུང་བྱུང་། །དམིགས་པ་སྐོང་བཤགས་ཆབ་གཏོར་ཀླུ་གཏོར་གཏོང་། །ངར་གླུད་ནག་མོ་མཐེབ་སྐྱུས་བསྐོར་བྱས་ལ། །གནོད་བྱེད་ལ་བསྔོས་གཡས་གཡོན་ཤ་བ་དང་། །ལུག་གི་གཟུགས་ལ་གོས་ལྷམ་སྣ་རེ་བཀལ། །རྒྱ་ལམ་བཞི་མདོར་བསྐྱལ་བས་ནད་གདོན་ཞི། ༼༣༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་དཀར་གསལ་ལྷ་མོས་ལུང་བསྟན་ནི། །ཚེས་གསུམ་བཅུ་གཅིག་བཅུ་དགུ་ཉེར་བདུན་ལ། །ནད་བྱུང་ལྷ་དང་རྒྱལ་པོ་ཤི་འདྲེས་གནོད། །གཉན་སར་ཕྱིན་ནམ་ནམ་ཕྱེད་འཁོན་གཏམ་ལབ། །ཡང་ན་འཁོན་ཟས་ཟོས་སམ་མགར་ཚང་ཕྱིན། །གློ་སྙིང་མི་བདེ་སྟོད་གཟེར་ཤེས་པ་ཉོག །ཡང་ན་ཁ་སྐམ་མཁལ་རྐེད་ན་བ་ཡོད། །དམིགས་པ་དུམ་བཞི་མ་ཡི་སྦྱིན་གཏོང་དང་། །གཙུག་ཏོར་དང་ནི་ཚེ་མདོ་ཀློག་པར་བྱ། །ངར་གླུད་ལྔ་དང་ཆངས་བུ་མཐེབ་སྐྱུ་ལྔ། །ནད་པའི་དྲི་ཆུ་བཤམས་ལ་གླུད་བསྔོས་ཏེ། །ཕྱི་རོལ་བསྐྱལ་བས་ནད་གདོན་ཉེ་བར་ཞི། ༼༤༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་མདངས་ལྡན་ལྷ་མོས་ལུང་བསྟན་ནི། །ཚེས་བཞི་བཅུ་གཉིས་ཉི་ཤུ་ཉེར་བརྒྱད་ལ། །ནད་བྱུང་བསེ་རག་འགོང་པོ་ས་བདག་གདོན། །འཐབས་སམ་བོན་པོ་ཡུགས་མོའི་ཟས་ཟོས་ལན། །གཞོགས་གཡས་ན་ཞིང་ལུས་འདར་ལྷུ་ཚིགས་ན། །དམིགས་པ་གེགས་སེལ་ཆོས་ཀྱི་སྦྱིན་གཏོང་དང་། །བགེགས་བསྐྲད་བྱ་ཞིང་རྒྱལ་པོ་མདོ་ལྔ་སྒྲོག །ངར་གླུད་ནད་པའི་གོས་ལྷྭམ་བསྐོན་པ་བཤམས། །གླུད་དུ་བསྔོས་ལ་དེ་ཉིད་ཕྱི་རོལ་བཏང་། །ནད་བབ་ཆེ་ན་གྲ་ཏོག་གསེར་གསུམ་སྒྲོག །གླུད་བསྐྱར་གླུད་གཏོར་བཏང་བས་ནད་གདོན་ཞི། ༼༥༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་ཆར་འབེབ་མ་ཡིས་ལུང་བསྟན་ནི། །ཚེས་ལྔ་བཅུ་གསུམ་ཉེར་གཅིག་ཉེར་དགུ་ལ། །ནད་བཏབ་བུད་མེད་ཕྱི་ནས་གྲི་མོ་གནོད། །ཆུ་འམ་གྲི་ཤིའི་ཤུལ་མིའི་ཟས་ཟོས་སམ། །ཡང་ན་ཡུགས་མོས་སྦྱར་བའི་ཟས་ཟོས་ལན། །མཁལ་རྐེད་ནུ་མཚན་བྲང་རྒྱབ་ལུས་བྱིངས་ན། །དམིགས་པ་ཨ་ཡིས་ཁྲུས་བྱས་གྲིབ་དག་བསམ། །སྤང་སྐོང་ཕྱག་རྒྱ་བསྒྲགས་ཤིང་ཁྲུས་ཆོག་བྱེད། །ལུག་ནག་དངོས་སམ་གཟུགས་བརྙན་བཅོས་པ་ལ། །རེ་ནག་བཀལ་ཏེ་གླུད་གཏོར་ལྷོ་ཕྱོགས་བཏང་། །དེ་ཡི་ནད་གདོན་དེ་ཉིད་ཞི་བར་འགྱུར། ༼༦༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་འོད་འཆང་མ་ཡིས་ལུང་བསྟན་ནི། །ཚེས་བདུན་བཅོ་ལྔ་བཅོ་བརྒྱད་ཉེར་གསུམ་ལ། །ནད་བྱུང་གསོན་འདྲེ་གྲི་བཙན་གང་རུང་གནོད། །ཕྱོགས་ངན་ཕྱོགས་ནས་ཟས་ཟོས་དེས་ཉན་བླངས། །ནུ་མཆིན་རྩིབ་མ་གཟེར་རམ་ཕོ་ནད་ཡོང་། །ལག་དམིགས་བཏང་ཞིང་གླུད་གཏོར་གཏོང་བ་དང་། །བཙན་ལ་དམིགས་པའི་ངར་གླུད་ཆེད་དུ་བཏང་། །གྲི་མོ་ལ་ཡང་ངར་གླུད་ལོ་གྲངས་བསྔོས། །བོང་བུའི་གཟུགས་ལ་དོར་མའམ་སྨད་གོས་བཀལ། །དེས་ནི་གློ་བུར་ནད་གདོན་ཉེ་བར་ཞི། །ནད་གཞི་ཆེ་ན་ཕལ་ཆེན་བསྒྲགས་པས་ཕན། ༼༧༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་འོད་བྱེད་མ་ཡིས་ལུང་བསྟན་ནི། །ཚེས་དྲུག་བཅུ་བཞི་ཉེར་གཉིས་གནམ་གང་ལ། །ནད་བཏབ་ཕུར་ཁ་གྲི་བཙན་རྒྱལ་པོས་གདོན། །ལུང་སྟོང་རླུང་འཚུབས་འཕྲད་དམ་འཁོན་སར་ཕྱིན། །ལུས་བྱིངས་ཚད་པ་གཟེར་རིམས་ཕོ་བ་ན། །དམིགས་པ་དཀར་འགྱེད་ཕྱོགས་ཕུལ་བྱ་བ་དང་། །སྐོང་བཤགས་མཆོད་རྟེན་སྐུ་དཀར་ལམ་འཕྲང་བཅོས། །བ་གླང་གཟུགས་ལ་རང་གི་གོས་ལྷམ་བཀལ། །ལོ་རྟའི་གཟུགས་བཅོས་རྒྱ་ལམ་བཞི་མདོར་བསྐྱལ། །དེ་ལྟར་གླུད་བསྔོས་བཏང་པས་ནད་གདོན་ཞི། ༼༨༽ །ཕག་མོ་ཤིན་ཏུ་ཁྲོས་མ་ནག་མོ་ཡི། །ནང་འཁོར་སྐྱོད་བྱེད་མ་ཡིས་ལུང་བསྟན་ནི། །ཚེས་བརྒྱད་བཅུ་དྲུག་ཉེར་བཞི་ནད་བྱུང་ན། །བན་བོན་སྲུང་མ་དཀོར་བདག་དམ་སྲིས་གནོད། །ཡང་ན་ཐེའུ་རང་རྒྱུ་ལམ་ཕྱིན་པས་ལན། །བན་བོན་ས་ནས་ཆས་ཀ་བླངས་པས་ཉེས། །མཁལ་རྐེད་མིག་དང་མགོ་རུས་གློ་སྙིང་ངམ། །བད་ཀན་སྟོང་སྐྱུག་ཚིགས་ནད་ཚ་བ་ཡོད། །དམིགས་པ་དཀར་དམར་ཁྲ་འགྱེད་གང་རུང་དང་། །དམ་སྲི་བསྒྲལ་ཞིང་ཐེའུ་རང་བསྐྱས་འདེབས་བྱ། །བ་གླང་གཟུགས་ལ་གོས་ལྷམ་བཀལ་བྱས་ཏེ། །གླུད་བསྔོས་ནུབ་ཕྱོགས་བཏང་བས་ནད་གདོན་ཞི། ༈ །དེ་ཡང་ནད་དམིགས་ཐོང་ཞེས་སྔོན་བྱུང་ན། །མིང་ལ་ཅི་ཟེར་ཚེས་གྲངས་གང་ལ་ན། །ལེགས་པར་ཤོད་ཅིག་རྨི་ལྟས་བལྟའོ་ཟེར། །ནད་པ་གང་ནའི་ཚེས་གྲངས་ངོས་བཟུང་ལ། །མིང་ནས་སྨྲོས་པའི་སྐྱབས་འགྲོ་སེམས་བསྐྱེད་སོགས། །ཆོ་ག་རྒྱས་འབྲིང་བསྡུས་གསུམ་གང་འོས་བཏང་། །བསྲེ་བ་གསུམ་གྱི་རྟེན་འབྲེལ་ལ་བརྟེན་ནས། །སྦྱིན་གཏོང་དམིགས་པ་ཐུན་གཅིག་བཏང་ནས་ནི། །གོང་དུ་བཤད་པའི་ཆོས་བདག་ཕག་ཞལ་མས། །ནང་འཁོར་ལྷ་མོ་བརྒྱད་ཀྱི་ལུང་བསྟན་ལྟར། །རང་གི་དམིགས་ཡུལ་ཤར་བའི་རྒྱབ་ངོས་བཟུང་། །ན་ཚུལ་ནད་རྐྱེན་འདི་བྱུང་ལེགས་པར་བཤད། །དེ་ཚེ་ངེས་པའི་ཡིད་ཆེས་རྙེད་པ་ཡིན། །ཨེ་མ་མཁའ་འགྲོའི་ངེས་གསང་གདམས་པའི་བཅུད། །ཕ་རྒོད་བླ་མའི་བཀའ་དྲིན་ལ་བརྟེན་ནས། །དེང་སང་གཅོད་མཁན་རྒྱལ་པོར་ཡོངས་གྲགས་པ། ཁོ་བོ་གཤོངས་ཆེན་པ་ཡི་ཁྱད་ཆོས་ཏེ། །འདི་ཉིད་སྣོད་ལྡན་སློབ་མའི་ཐུགས་ལ་ཆོངས། །གཞན་དུ་འཆོལ་བར་མ་གཏང་ས་མ་ཡ། །དམ་མེད་ལོག་ལྟ་ཅན་ལ་སྤེལ་བ་ན། །ཆོས་བདག་མཁའ་འགྲོའི་བཀའ་ཆད་ཡོད་ངེས་སོ།། །། ༈ ནད་པའི་དོན་དུ་མཁའ་འགྲོའི་གླུད་ཆོག་གཏོང་བའི་ཚུལ་ནི། ཆོས་བདག་ཕག་ཞལ་ཅན་གྱི་གཏོར་མ་ཟུར་གསུམ་ལ། གཏོར་ཕྲན་བརྒྱད་ཀྱིས་བསྐོར་བ་དང་། ནད་གདོན་གང་ཡིན་དང་མཐུན་པའི་གླུད་རྫས་གང་དགོས་དེ་བཤམས་ལ། རང་ཉིད་ཆོས་བདག་ཕག་ཞལ་ཅན་དུ་གསལ་བཏབ་ལ།་་་ཕག་མོ་ཁྲོས་ནག་གང་རུང་གི་བདག་བསྐྱེད་བསྒོམ་ན་ལེགས། ཨོཾ་བཛྲ་བྷ་ར་ཧི་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ཅེས་བཟླས་པ་ཉེར་གཅིག་བྱ། གཏོར་མ་ཤའི་རྒྱན་ཅན་དེ་ཉིད་ཆང་གིས་བྲན་ལ། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ་འབུལ་བའི་ཚུལ་ནི། ཕཊ། ཡཾ་ལས་རླུང་དང་རཾ་ལས་མེ། །ཀཾ་ལས་མི་མགོའི་སྒྱེད་པུའི་སྟེང་། །ཨ་ལས་ཐོད་པ་དུམ་གཅིག་པ། །ཕྱི་དཀར་ནང་དམར་རྒྱ་ཆེ་ཡངས། །དཔྲལ་བ་རང་ལ་བསྟན་པའི་ནང་། །ཤ་ལྔ་བདུད་རྩི་ལྔ་ཞུ་བས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་གཏོར་མ་བྱིན་གྱིས་བརླབ། དེ་ནས་དབྱངས་དང་བཅས་ཏེ། ཧྲཱིཿ འོག་མིན་གནས་དང་ཨོ་རྒྱན་ཞིང་། །རསྨི་ཤྭ་རའི་དུར་ཁྲོད་ནས། །ཆོས་བདག་ཁྲོས་མ་ཕག་ཞལ་ཅན། །དེ་ཡི་ལས་བྱེད་མཁའ་འགྲོ་བརྒྱད། །འཁོར་དང་བཅས་པ་གནས་འདིར་གཤེགས། །ཤ་ཆེན་ཟན་དང་ཆང་ཕུད་བཅས། །དམ་རྫས་གཏོར་མ་འདི་བཞེས་ལ། །བདག་གི་འདོད་དོན་ཕྲིན་ལས་སྒྲུབས། །ཨོཾ་བཛྲ་བྷ་ར་ཧི་ཧ་ཧ་ཧི་ཧི། ཕེཾ་ཕེཾ་ཕེཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཚར་བདུན་གྱིས་གཙོ་མོ་ལ་གཏོར་མ་ཕུལ་གསང་བའི་རྔ་ཆུང་གི་སྒྲ་བསྒྲགས། ཤ་ཆེན་དང་གུ་གུལ་བསྲེས་པའི་སྤོས་དུད་བཏང་། དེ་ནས་འཁོར་རྣམས་ལ། ཨོཾ་དེ་ཝཱི་ཨཥྚ་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ཚར་གསུམ་གྱི་གཏོར་མ་འབུལ་ལ་དུང་ཆེན་གྱི་གླིང་བུ་འབུད། དེ་ནས་བསྟོད་བསྐུལ་ཕྲིན་ལས་བཅོལ་བ་ནི། ཌཱ་མ་རུ་འཁྲོལ་བཞིན་པས། དབྱིངས་ཡུམ་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་ཕག་མོ་ལབ་ཀྱི་སྒྲོན། །མཁའ་འགྲོ་སྡེ་ལྔ་འབུམ་སྡེའི་ཚོགས། །གཞན་ཡང་མཁའ་འགྲོ་བསམ་མི་ཁྱབ། །ཀུན་གྱི་ལས་བྱེད་དབང་མོ་ཆེ། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །ཞབས་གཉིས་དབང་ཆེན་ས་ལ་བརྟེན། །སྐུ་སྟེགས་རི་རབ་དག་ལ་མཛད། །ཕག་ཞལ་སྲིད་པའི་རྩེ་ན་རྔམས། །དམར་ལ་འཁྲུགས་པའི་སྤྱན་གསུམ་འབར། །ཞལ་གདངས་མཆེ་བ་གསེར་རྐང་གཙིགས། །ལྗགས་ཀྱི་གློག་འཁྱུག་ཧཱུྃ་ཕཊ་བྷྱོའི། །འབྲུག་སྒྲ་དྲག་པོ་ཆེར་སྒྲོག་པས། །དགྲ་བགེགས་ཀླད་པ་འགེམས་པར་བྱེད། །དབུ་སྐྲ་རལ་པ་བསིགས་པ་ཡིས། །རྡོ་རྗེའི་ཐོག་སེར་ཆེམས་ཆེམ་འབེབ། །དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །གནོད་བྱེད་རྒྱ་མཚོའི་ཕ་མཐར་སྐྲོད། །ཕྱག་གཡས་གྲི་གུག་འབར་བ་ཡིས། །གཟུང་འཛིན་མདུད་པ་དུམ་བུར་གཅོད། །གཡོན་པས་ཐོད་ཁྲག་ཆེར་བཀང་ནས། །སྒྲུབ་ལ་དངོས་གྲུབ་བདུད་རྩིར་སྩོལ། །བགེགས་ལ་ཁྲག་གི་ཟོར་དུ་འཕེན། །མཆན་ཁུང་ཁ་ཊྭཱཾ་འབར་བ་ཡིས། །སྲིད་ཞིའི་ཡོན་ཏན་མ་ལུས་རྫོགས། །མཁའ་འགྲོ་འབུམ་སྡེ་སྤྲུལ་པར་འགྱེད། །ཕྲིན་ལས་རྣམ་བཞིའི་ལས་ཀུན་སྒྲུབ། ཁྱོད་ཉིད་དགྱེས་པའི་དམ་རྫས་མཆོག །གཏོར་མ་ཤ་ཆང་རྒྱན་ལྡན་འབུལ། །བདག་གི་བཅོལ་བའི་ཕྲིན་ལས་སྒྲུབས། །མི་མཐུན་རྐྱེན་དང་བར་ཆད་སོལ། །མཐུན་པའི་དངོས་གྲུབ་བདག་ལ་སྩོལ། །ཅེས་དུང་ཆེན་གྱི་གླིང་བུ་འབུད། དེ་རྗེས་གླུད་རྫས་ལ་ཆབ་བཏང་། གླུད་བསྔོ་བ་ནི། ཐོག་མར་ཁམས་གསུམ་ཟིལ་གནོན་གྱི་དུང་ཆེན་གྱི་གླིང་བུ་འབུད། ཅང་ཏེའུ་འཁྲོལ་བཞིན་པས། ཆོས་བདག་ཕག་ཞལ་ནག་མོ་ཡི། །བཀའ་ཉན་ལྷ་མོ་འོད་འབར་མ། །སྔོན་མོ་ཕག་ཞལ་མེ་ལོང་འཛིན། །བཀའ་ཉན་ལྷ་མོ་བརྟན་མ་ནི། །སེར་མོ་ཞལ་འཛུམ་བུམ་པ་འཛིན། །བཀའ་ཉན་ལྷ་མོ་དཀར་གསལ་མ། །དཀར་མོ་ཕྱག་ན་རྔ་ཡབ་འཛིན། །བཀའ་ཉན་ལྷ་མོ་མདངས་ལྡན་མ། །དམར་མོ་ཕྱག་ན་ལྕགས་ཀྱུ་འཛིན། །བཀའ་ཉན་ལྷ་མོ་ཆར་འབེབ་མ། །སྨུག་ནག་ཕག་ཞལ་གློག་ཞགས་འཛིན། །བཀའ་ཉན་ལྷ་མོ་འོད་འཆང་མ། །དམར་སེར་ཕག་ཞལ་རྩེ་གསུམ་འཛིན། །བཀའ་ཉན་ལྷ་མོ་འོད་བྱེད་མ། །ནག་མོ་ཕག་ཞལ་རལ་གྲི་འཛིན། །བཀའ་ཉན་ལྷ་མོ་སྐྱོད་བྱེད་མ། །ཤ་མདོག་ཕག་ཞལ་དབྱུག་པ་འཛིན། ཁྱོད་ཀྱི་ཕྲིན་ལས་དུས་ལ་བབས། །མཁའ་འགྲོ་འབུམ་སྡེའི་ཚོགས་བསྐུལ་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་འདིའི། །ནད་གདོན་ཞི་བའི་ཕྲིན་ལས་མཛོད། །ནད་པ་འདི་ལ་གནོད་བྱེད་ཀྱི། །གདོན་བགེགས་ལོག་འདྲེན་གང་ཡིན་པ། །ང་ཡི་བཀའ་ལས་མ་འདའ་ཞིག །ང་ནི་ཤིན་ཏུ་ཁྲོས་མ་ཡིན། །བཀའ་ཉན་ལས་བྱེད་འབུམ་སྡེ་འགྱེད། །གལ་ཏེ་བཀའ་ལས་འདའ་བྱེད་ན། །བཀའ་ཉན་མཁའ་འགྲོའི་ཚོགས་ཁྲོས་ཏེ། །གདོན་བགེགས་ཁྱོད་ཀྱི་སྙིང་ཕྱུང་སྟེ། །སྲོག་རྩའི་ནང་ནས་འབབས་པའི་ཁྲག །མཁའ་འགྲོ་རྣམས་ཀྱི་ཧུབ་ཀྱིས་འཐུང་། །དེས་ན་བཀའ་ལས་མ་འདའ་བར། །མི་བས་གླུད་དགའ་འདི་ཁྱེར་ལ། །ནད་པ་འདི་ལ་མ་གནོད་པར། ཁྱེད་རྣམས་རང་རང་གནས་སུ་སོང་། །ད་ལྟ་ཉིད་དུ་ཕྱིར་དེངས་ཤིག །ཅེས་ཕཊ་དྲག་པོ་བཏབ་ཅིང་ཌཱ་མ་རུ་དང་རྐང་གླིང་གི་སྒྲ་དྲག་པོ་སྒྲོགས། གླུད་རྫས་ཕྱི་རོལ་སྐྱེལ་དུ་བཏང་། དེས་ནི་ནད་པ་གདོན་ལས་གྲོལ་ཞིང་ནད་ཀྱི་ཟུག་རྔུ་ཞི་བར་འགྱུར་རོ། །ཡང་། ནད་པ་ཚབས་ཆེ་ཞིང་བཅོས་ཅི་བྱས་ཀྱང་དྲག་ཏུ་མི་འདོད་པར་འཆི་ལ་ཉེ་བར་ཡོད་ན་བུད་མེད་དགུ་ལ་ཕྱེ་སློངས། རང་གི་ཕྱེ་བསྣན་ཏེ། བུད་མེད་ཀྱི་གཟུགས་སྣ་མེད་པ་གཅིག་བཅོས་ལ་ཕྱར་བ་ནག་པོ་གཅིག་གི་ཁར་བཞག །ཕཊ། ཅེས་ནད་པའི་རྐེ་ལ་ཐག་པ་ནག་པོ་ཕྱིན་ཀ་ལོག་ཏུ་བཏགས་ནས་ཅུང་ཟད་བཞག །དེ་ནས་བུད་མེད་གཅིག་གིས་ནད་པའི་རྐེའི་ཐག་པ་དེ་བཀྲོལ་ནས། བུད་མེད་ཀྱི་གཟུགས་བརྙན་དེ་ཕྱར་ནག་དེ་ཡིས་བསྟུམས་ལ་ཁ་ཐག་པ་ནག་པོ་དེས་བཀྱིགས་ཏེ། ཁྱིམ་ནས་ཕྱི་རོལ་ཁུར་ལ་རྒྱ་ལམ་བཞི་མདོ་གཅིག་ཏུ་བཞག །དེ་ལྟར་བྱས་པས་འཕྲལ་རྐྱེན་ལ་བརྟེན་པའི་གང་ཟག་འཆི་ཁ་མ་ཡང་འཆི་བ་ལས་བཟློག་པར་འགྱུར་རོ། །མཁའ་འགྲོའི་འཆི་བསླུ་འདི་ཉིད་ཤིན་ཏུ་ཟབ་ཅིང་བཀའ་གཉན་པས་ཅི་ཐོད་ཐོད་དུ་མི་བྱ་གསུངས་སོ། །མངྒ་ལཾ།། །།
ལྷ་མོ་བུ་རྫི་མའི་རྟེན་མདོས་ (Volume 51, Text 68)
༄༅༔ ལྷ་མོ་བུ་རྫི་མའི་རྟེན་མདོས་བཞུགས་སོ༔ རྒྱ་གར་སྐད་དུ༔ ཡག་ཤ་ཤྲཱི་ཧེ་ནཱ་མ༔ བོད་སྐད་དུ༔ ལྷ་མོའི་རྟེན་མདོས༔ སྲིད་པ་ཆགས་བྱེད་ལྷ་མོ་དུང་སྐྱོང་མ་ལ་ཕྱག་འཚལ་ལོ༔ སྲིའུ་རྒྱང་ནས་གསོ་བ་དང༔ ལྷ་མོ་ལ་གཉེར་གཏད་པ་ནི༔ རི་རབ་ཀྱི་སྟེང་དུ་ལྷ་མོའི་སྐུ་འཛུམ་བག་དང་ལྡན་པ་སྤྱི་གཙུག་ན་དུང་གི་ཐོར་ཅོག་ཡོད་པ༔ སྐུ་ལ་དར་དཀར་གྱི་ན་བཟའ་གསོལ་བ༔ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ བྱིས་པ་མ་སྐྱེས་ན་ལག་ཏུ་བུམ་པ་ཐོགས་པ་བྱ༔ བྱིས་པ་སྐྱེས་ན་པང་དུ་བུ་ཐོགས་པ་བྱ༔ ལྷ་མོའི་རྟེན་རྫས་ཕྱོགས་བཞི་དབུས་དང་ལྔར༔ མདའ་ལྔ༔ འཕང་ལྔ༔ མེ་ལོང་ལྔ༔ ནམ་མཁའ་ལྔ༔ རྒྱང་བུ་ལྔ༔ འབྲང་རྒྱས་ལྔ༔ ཕྱི་བ་ལྔ༔ སྨན་ལེབ་ལྔ༔ དཔལ་བཤོས་ལྔ༔ བྱ་ནག༔ ལུག་ནག་ལྔ་ལྔ་གསག༔ དར་ནག་གི་གུར་ཕུབས༔ འཛིན་གཏོར་བཟང་པོ་ཞིག་བྱ༔ ལུག་ནག་མོའམ༔ བྱ་ནག་མོ་གཅིག་རྟེན་དུ་གཟུང་ངོ༔ སང་ཕོད་ལོ་དུས་སུ་གཏང་རག་བཟང་པོ་ཞིག་ཁས་བླང་བྱ༔ གཉེར་གཏད་དྲག་པོ་བྱའོ༔ འདི་ནི་ཡང་གསང་སྙིང་གི་གནད་ཡིན་པས་ཤོག་དྲིལ་ན་མེད་དོ༔ ད་ལྷ་མོ་སྤྱན་དྲང་བ་ནི༔ མ་བྷྱོ༔ སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ནས༔ ལྷ་རྣམས་རྒྱལ་བྱེད་ལྷ་མོ་རེ་མ་ཏི༔ ལྷ་མིན་ཕམ་བྱེད་དམག་དཔོན་རེ་མ་ཏི༔ ལྷ་ཕྲུག་གསོ་བྱེད་ལྷ་མོ་བུ་རྫི་མ༔ མཛེས་པའི་ཚུལ་སྟོན་ལྷ་མོ་དུང་སྐྱོང་མ༔ འདོད་དགུ་སྟེར་བས་གནོད་སྦྱིན་རེ་མ་ཏི༔ ལས་རྣམས་བྱེད་པས་དམ་ཅན་རེ་མ་ཏི༔ ཆོས་རྣམས་སྟོན་པས་འཕགས་མ་རེ་མ་ཏི༔ ས་བརྒྱད་ནོན་པས་སེམས་མ་རེ་མ་ཏི༔ ཤུགས་པའི་སྒྲ་ཡིས་མཚོན་ནས་སྤྱན་འདྲེན་ནོ༔ བདུད་རྩི་སྨན་གྱིས་མཚོན་ནས་སྤྱན་འདྲེན་ནོ༔ ཕྱག་རྒྱའི་བརྡའ་ཡིས་མཚོན་ནས་སྤྱན་འདྲེན་ནོ༔ ཐལ་མོའི་བརྡའ་ཡིས་མཚོན་ནས་སྤྱན་འདྲེན་ནོ༔ རྔ་གླིང་སྒྲ་ཡིས་མཚོན་ནས་སྤྱན་འདྲེན་ནོ༔ སྔོན་གྱི་དམ་བཅའ་བཞིན་དུ་གཤེགས་སུ་གསོལ༔ ས་མ་ཡ་ཛཿཛ༔ ཧཱུྃ༔ ད་ལྟ་སྙིགས་མ་ལྔ་ཡི་དུས༔ ཤཱཀྱ་སེང་གེའི་བསྟན་པ་ལ༔ སྐྱེ་བོ་རྨང་ལ་ཐུག་པའི་ཚེ༔ རྣལ་འབྱོར་སྲིའུ་གསོ་བར་ཁས་བླངས་པས༔ ཉི་ཟླ་པདྨའི་གདན་ལ་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཧོ༔ ལྷ་རྣམས་རྒྱལ་བར་བྱེད་པ་ཡི༔ ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ༔ ལྷ་ཕྲུག་མང་པོ་གསོ་མཛད་པའི༔ བུ་རྫི་མ་ལ་ཕྱག་འཚལ་ལོ༔ རྣལ་འབྱོར་སྲི་འུ་གསོ་མཛད་པའི༔ ཆགས་བྱེད་མ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧོ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ གཟུགས་སྒྲ་དྲི་རོ་རེག་ལ་སོགས༔ མི་ཟད་འབུལ་ལོ་བཞེས་སུ་གསོལ༔ སྤོས་དང་དྲི་ཆབ་མར་མེ་མེ་ཏོག་དང༔ ཞལ་ཟས་སིལ་སྙན་ལ་སོགས་པ༔ མི་ཟད་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་ཧཱུྃ༔ མ་བྷྱོ༔ མ་ཁྱོད་ཀྱི་སྐུ་ལུས་ནམ་མཁའི་མཐའ་དང་མཉམ༔ ཚངས་པའི་སྲིང་མོ་དུང་གི་ཐོར་ཚུགས་ཅན༔ ས་བརྒྱད་མནན་ནས་ལེགས་ཉེས་སྟངས་ཀྱང་འཛིན༔ མ་ཁྱོད་ཀྱི་སྐུ་མདོག་དཀར་ལ་འཚེར་བ་ནི༔ ཉོན་མོངས་དྲི་མའི་སྐྱོན་གྱིས་མ་གོས་རྟགས༔ སྐུ་ལ་པཉྩ་ལི་ཀ་གསོལ་བ་ནི༔ ལྷ་ཕྲུག་ཐམས་ཅད་དབང་དུ་སྡུད་པའི་རྟགས༔ དབུ་ལ་རིན་ཆེན་པྲོག་ཞུ་གསོལ་བ་ནི༔ རིན་ཆེན་བང་མཛོད་དག་ལ་དབང་མཛད་རྟགས༔ དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ་བ་ནི༔ ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས༔ ཕྱག་གཡས་བདུད་རྩིའི་བུམ་པ་བསྣམས་པ་ནི༔ རྣལ་འབྱོར་པ་ཡི་སྲི་འུ་གསོ་བ་ལ༔ ཚེ་ཡི་དངོས་གྲུབ་སྟེར་བའི་རྟགས༔ ཕྱག་གཡོན་ཡིད་བཞིན་རིན་ཆེན་བསྣམས་པ་ནི༔ ནོར་རྫས་གཏེར་གྱི་ཆར་པ་འབེབ་པའི་རྟགས༔ མཆན་ཁུང་ནེའུ་ལེའི་རྐྱལ་པ་བསྣམས་པ་ནི༔ རྣལ་འབྱོར་བདག་གི་རེ་བ་སྐོང་བའི་རྟགས༔ ཞབས་ལ་དབང་གི་ལྕགས་སྒྲོག་འཁྲོལ་བ་ནི༔ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས༔ སྙན་གཡས་གསེར་གྱི་སེང་གེ་འཕྱོ་བ་ནི༔ སྨན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས༔ གཡོན་ན་སྦྲུལ་གྱི་གདེངས་ཀ་འཕྱོ་བ་ནི༔ ཞེ་སྡང་མ་སྤང་དབྱིངས་སུ་དག་པའི་རྟགས༔ སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི༔ སངས་རྒྱས་ཀུན་ལ་བསྙེན་བཀུར་མཛད་པའི་རྟགས༔ ལྟེ་བའི་ཁུང་ནས་ཉི་མ་འཆར་བ་ནི༔ སྡུག་བསྔལ་རྒྱ་མཚོ་ཐམས་ཅད་སྐེམ་པའི་རྟགས༔ སྤྱི་བོའི་གཙུག་ནས་ཟླ་བ་འཆར་བ་ནི༔ དུག་གསུམ་མ་རིག་མུན་པ་སེལ་བའི་རྟགས༔ སྤྱན་རྩ་དམར་པོ་ཕྱོགས་བཅུར་གཟིགས་པ་ནི༔ སྲིད་གསུམ་རྣལ་འབྱོར་བྱ་ར་བྱེད་པའི་རྟགས༔ ནུ་མ་གཡོན་ནས་བདུད་རྩིའི་ཆུ་རྒྱུན་གྱིས༔ ལྷ་ཕྲུག་ཐམས་ཅད་གསོ་བར་མཛད་པ་མོ༔ ད་ལྟ་རྣལ་འབྱོར་ཀུན་གྱི་སྲི་འུ་གསོ༔ སྟེང་གི་ལྷ་རྣམས་ཁྱོད་ཀྱིས་འདུལ༔ འོག་གི་ཀླུ་རྣམས་ཁྱོད་ཀྱིས་འདུལ༔ བར་གྱི་ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱིས་འདུལ༔ རྣལ་འབྱོར་ཆུང་སྲི་ཐལ་བའི་རྡུལ་དུ་རློགས༔ བསྐང་ངོ་དམ་རྫས་མདོས་ཀྱིས་བསྐང༔ ལྷ་མོ་ཁྱོད་ཀྱི་ཐུགས་དམ་བསྐང༔ དེ་རིང་བུ་གཏའ་གཉན་པོ་ཁྱོད་ལ་བསྡམ༔ བདག་གི་བཀའ་ཉོན་མ་བུ་མ་ཕྲལ་ཅིག༔ སྲོག་གཏའ་གཉན་པོ་དམ་ཅན་ཁྱོད་ལ་བཅོལ༔ གཏའ་ཡི་འོག་ཏུ་བུ་འདི་མ་གསད་ཅིག༔ ལྷ་སྲིན་སྡེ་བརྒྱད་ལག་ནས་ཚེ་དཔལ་སྲིད་ཕྲོགས་ལ༔ བུ་ཆུང་འདི་ལ་ཚེ་དཔལ་གཟི་བརྗིད་སྐྱེད༔ སྨོན་ལམ་གདབ་པ་ནི༔ ཧོ༔ རྣལ་འབྱོར་བདག་གིས་ལྷ་མོ་ཁྱོད་བསྒྲུབས་པས༔ ལྷ་མོ་ཁྱོད་ཀྱི་བྱིན་རླབས་ཀྱིས༔ བགེགས་རྣམས་ཐམས་ཅད་མེད་པར་མཛོད༔ རྟ་དང་བ་གླང་ནོར་དང་འབྲུ༔ མི་ནོར་ཟས་དང་གཉེན་བཤེས་རྣམས༔ ནད་མེད་བདེ་ཞིང་དར་བར་ཤོག༔ ནད་དང་མུ་གེ་ཀུན་བྲལ་ནས༔ འགྲོ་བ་ཐམས་ཅད་བདེ་བར་ཤོག༔ ལྷ་མོ་ཁྱོད་ཀྱི་བྱིན་རླབས་ཀྱིས༔ བདག་ཅག་འཁོར་དུ་གཏོགས་པ་ལ༔ ལོངས་སྤྱོད་རྣམ་གཉིས་རྫོགས་པར་ཤོག༔ བདག་ཀྱང་དུས་འདིར་ཚེ་རིང་ཞིང༔ སངས་རྒྱས་བསྟན་པ་བསྲུང་བ་ལ༔ མཐུ་དང་རྫུ་འཕྲུལ་ལྡན་པར་ཤོག༔ ལོག་པར་ལྟ་བའི་མི་རྣམས་ནི༔ བདུན་རྒྱུད་རྩད་ནས་ཆོད་ལ་ཤོག༔ མ་བྷྱོ༔ ས་མ་ཡ་བྷྱོ༔ རུ་ལུ་རུ་ལུ་བྷྱོ༔ རུ་རུ་ནག་མོ་མ་ཤ་ནི༔ ཙ་པ་ལ་ལྷ་མོ་ཡ་མ་དུ་ཧྲིང༔ ཡ་ག་རུ་མ་ཛཿཛ༔ དུས་རྟག་ཏུ་བཟླ་འོ༔ ལྷ་མོའི་རྟེན་མདོས་བཅས་ལ་མངའ་གསོལ་བྱ༔ ཕ་མའི་མལ་གྱི་སྟེང་དུ་བཞག་ན་ཟ་སྐེག་གི་གཏོ་གཏང་མི་དགོས༔ རྔ་གཤང་དཀྲོལ་མི་དགོས༔ སྲིའུ་ཐག་རིང་དུ་གསོས་ཀྱང་སོས་པའི་མན་ངག༔ ཨོ་རྒྱན་གྱི་གུ་རུ་པདྨས་མཛད་པའོ༔ ྀཨཚ༔ གཅེས་ཕྲེང་གི་མན་ངག་གུད་དུ་སྦས་པ་སྙིང་ལྟ་བུའོ༔ རྒྱ་རྒྱ་རྒྱ༔ ས་མ་ཡ༔ དེ་ནས་ལྷ་མོ་གཙོ་མོ་ནི༔ ཨེ་ཀ་ཙཱ་ཏི་མ་ལ་ལས་བཅོལ་ཏེ༔ ཧཱུྃ༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ་ན༔ སྔགས་ཀྱི་སྲུང་མ་མཐུ་མོ་ཆེ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ རལ་པའི་ཟུར་ཕུད་ས་གཞི་ཁྱབ༔ གཡས་ཀྱི་ཕྱག་ན་ཞིང་ཆེན་ཙིཏྟ་བསྣམས༔ གཡོན་གྱི་ཕྱག་ན་གཡུ་ཡི་སྤྱང་མོ་བསྣམས༔ འཇིགས་བྱེད་འབར་བ་ལྕགས་ཀྱུ་ཡིས༔ མི་ཡི་དབང་པོ་མངོན་དུ་ཕྱུང༔ ལྕགས་ཀྱི་སྡེར་ཆེན་གདེངས་པ་ཡིས༔ དགྲ་བགེགས་ནང་ཁྲོལ་སྙིང་ཕྱུངས་ཤིག༔ སྤྱང་མོ་སྤྲུལ་པའི་ཕོ་ཉ་ཡིས༔ དགྲ་བགེགས་སྲོག་རྩ་སྙིང་རྩ་ཆོད་ལ་ཤོག༔ མགོ་དང་ལུས་པོ་ཕྲོལ་ལ་ཤོག༔ ཤ་དང་རུས་པ་ཕྲོལ་ལ་ཤོག༔ ནང་རོལ་དབང་པོ་ཕྲོལ་ལ་ཤོག༔ དགྲ་བགེགས་ལ་རྔམས་དབང་དུ་སྡུས༔ མངོན་སྤྱོད་དྲག་པོས་རྡུལ་དུ་རློགས༔ དམར་འབྱིན་ཆེན་མོ་ད་ཚུར་བྱོན༔ སྲོག་གཅོད་ཆེན་མོའི་དུས་ལ་བབ༔ སྲིའུ་འདི་ལ་ཚེ་གསོལ་སྲོག་སྐྱོབས་ཤིག༔ ཅེས་པས་མཇུག་བརྒྱན་ནས་སྔགས་འདི་བཟླ་ཞིང་འཕྲིན་ལས་བཅོལ༔ ཏྲག་རག་ཤ་ཁ་མུནྟྲ༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རག་མོ་ཏེ་ཀེ་ལ་ཙ་ཙ་ཁ་ལ་བྷྱོ༔ རུ་ལུ་རུ་ལུ་མ་ཏི་བྷྱོ༔ བུ་ཆུང་ལ་རཀྵཿརཀྵཿསྭཱ་ཧཱ༔ ཅེས་བཟླས་པས་བགེགས་རྣམས་བསྲུང༔ ཤིས་བརྗོད་བྱའོ༔ འདི་ཡང་འདོད་དོན་ཡིད་བཞིན་སྩོལ་བའི་མན་ངག་མྱང་གྲུབ་མ་གདིང་ཁེལ་ལགས་སོ༔ སྤྲུལ་པའི་གཏེར་ཆེན་རྡོ་རྗེ་གླིང་པས་ལྷོ་བལ་གྱི་བྲག་གླང་པོའི་སྣ་འདྲ་བ་ལས་སྤྱན་དྲངས་པ་ཆུང་དཔྱད་རིན་པོ་ཆེ་གཅེས་པའི་ཕྲེང་བའི་ཆོས་སྡེའོ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས༔ ཕག་མོ་འདུས་པའི་དབང་བསྐུར་ (Volume 34, Text 68)
ྈ ྈ མཁའ་འགྲོ་གསང་བ་ཀུན་འདུས་ལས༔ ཕག་མོ་འདུས་པའི་དབང་བསྐུར་བཞུགས༔ འདིའི་ནང་ཡི་གེ་ཆེ་ཆུང་རྣམས་༧རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་རྨད་དུ་བྱུང་བའི་ཟུར་རྒྱན་ལ་སྦྱོར་འཇུག་བདེ་བ་དབང་བཙན་དུ་བྱས་པ་ཡིན་ནོ། །མཆན། ྈྈྈྈྈྈ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་དབང་བསྐུར་གྱི་རིམ་པ་འདི་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་འགྲོ་སྟ་གོན་དུ་བྱ་བ་ནི༔ སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་པ་དུར་ཁྲོད་ལ་སོགས་པའི་གནས་སུ་གཞི་བདག་ལ་གཏོར་མ་སྦྱིན༔ མ་རྡལ་མདའ་གང་གྲུ་བཞི་པ་བརྩིག༔ བདུད་རྩི་ལྔས་ཆག་ཆག་གདབ༔ མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པར་བྱ༔ དབུས་སུ་ཐོད་པ་བདུད་རྩི་ལྔས་བཀང་བའི་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་ས་བོན་སྔགས་ཀྱིས་བརྒྱན་པ་དང༔ རང་བྱུང་གི་ཤེལ་རྡོ་བཀོད༔ ལྷ་གནས་རྣམས་སུ་སྐུའི་རྟེན་བཞུགས་སུ་གསོལ༔ སྨན་རཀ་གཏོར་ཚོགས་སོགས་མཆོད་པ་བཟང་དུ་བཤམ༔ ཕྲིན་ལས་ཀྱི་གཞུང་བསྲངས་ལ་བཟླས་བརྗོད་མང་དུ་བྱ༔ ཁྱད་པར་བྷནྡྷའི་སྣོད་གཞལ་ཡས་ཁང་དང༔ བཅུད་མཁའ་འགྲོ་མའི་ལྷ་ཚོགས་སུ་གསལ༔ སྔགས་བཟླས་པས་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་བར་མོས༔ དེ་ནས་ཚོགས་ཀྱི་འཁོར་ལོས་ཉམས་ཆག་སྐོང་ཞིང་དགྱེས་པར་བསྐྱེད༔ བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་དབང་བསྐུར་བ་བླངས་ཤིང༔ སློབ་མ་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར་གསོལ་བ་བཏབ་པས་སྐབས་དབྱེ་བ་དང་བཅས་པ་རྣམས་ནི་སྔོན་དུ་འགྲོ་བའོ༔ ས་མ་ཡ༔ དེ་ནས་དངོས་གཞི་ལ༔ སློབ་མའི་རྒྱུད་དག་པར་བྱ་བ་ནི༔ དམ་ཚིག་སྲུང་བར་ནུས་པའི་སློབ་མ་ལྔའམ༔ བདུན་ནམ༔ བཅུ་གསུམ་ལ་སོགས་པ་དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་དུ་བོས་ལ་ཁྲུས་ནས་དབྱུང༔ ནང་དུ་འཇུག་པ་ན་བགེགས་བསྐྲད༔ གྲལ་ལ་འཁོད་པ་དང་མཚམས་གཅད༔ ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད༔ མཎྜལ་འབུལ་དུ་གཞུག༔ མིག་དར་འཆིང་ཞིང་མེ་ཏོག་ལག་ཏུ་གཏད་ལ་གསོལ་བ་གདབ་པ་ནི༔ ཧོ༔ རྡོ་རྗེ་ཕག་མོའི་ཡེ་ཤེས་སྐུ༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གསང་བའི་དམ་ཚིག་འཚལ་ལགས་ན༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི༔ རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཆེ༔ བཀའ་གཉན་མཐུ་བཙན་བྱིན་རླབས་མྱུར༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ འོན་ཀྱང་དད་དང་བརྩོན་འགྲུས་དང༔ བརྟུལ་ཞུགས་ཟབ་མོ་སྤྱོད་ནུས་ན༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཁྱེད་རྣམས་ཡོངས་སུ་སྨིན་པར་བྱ༔ དེ་ཕྱིར་དམ་ཚིག་སྲོག་ལྟར་སྲུངས༔ ས་མ་ཡ་རཀྵཱནྟུ༔ ཞེས་བརྗོད་ཅིང་དམ་ཚིག་གི་བདུད་རྩིའི་ཆུ་ནན་བྱིན་པ་བུ་རྣམས་ཀྱིས་ཀྱང༔ ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ ཞེས་རྡོ་རྗེའི་བྲོ་བོར་བ་དང་བཅས་པས་ལྷག་མེད་དུ་འཐུང་བར་བྱའོ༔ དེ་ནས་སྐྱབས་འགྲོ༔ སེམས་བསྐྱེད༔ སྡོམ་གཟུང་རྣམས་ཕྲིན་ལས་ལྟར་འབོགས༔ གསང་སྔགས་ནང་གི་སེམས་བསྐྱེད༔ སླར་ཡང་གསང་བར་གདམས་པ་ནི༔ ཧོ༔ བླ་མེད་གསང་བའི་དཀྱིལ་འཁོར་འདི༔ དམ་ཚིག་ཉམས་དང་མེད་པ་ལ༔ ནམ་ཡང་སྨྲ་བར་བྱ་བ་མིན༔ ཚུལ་མིན་སྨྲས་ན་ཉམས་པར་འགྱུར༔ གུ་ཧྱ་ས་མ་ཡ་རཀྵཱནྟུ༔ ཞེས་ནན་ཏན་དུ་གདམས༔ དེ་ནི་ཕྱི་ལྟར་འཇུག་པའོ༔ ནང་ལྟར་འཇུག་པའི་སླད་དུ༔ གསོལ་བ་གདབ་པ་ནི༔ ཧོ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ ཚད་མེད་བཞི་ལྡན་མཁའ་འགྲོ་མས༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ལ༔ སྐུ་བཞིའི་ཡེ་ཤེས་བསྟན་དུ་གསོལ༔ ཛྙཱ་ན་དྷཱ་ཀི་ནཱི་ས་མ་ཡ་ཧཱུྃ༔ ཞེས་གསོལ་ཞིང་སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་ཏེ༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་བྱེ་སྟེ་སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འཁོད་པར་མོས་ལ་གཡོན་སྐོར་གྱིས་ཕྱིན༔ སྐུ་གསུང་ཐུགས་ཀྱི་ཕྱག་བྱས་པར་མོས༔ ཨོཾ་ཨཱཿཧཱུྃ་ཧོ༔ རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཀྱི་གསང་བ་ནི༔ བསམ་གྱིས་མི་ཁྱབ་ཡེ་ཤེས་ཚུལ༔ མངོན་སུམ་མཐོང་ཕྱིར་ཕྱག་འཚལ་ལོ༔ ཨོཾ་བཛྲ་བྷ་ར་ཧི་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ན་མཱ་མི༔ ཞེས་ཕྱག་བྱ༔ སླར་ཡང་ཤར་སྒོའི་ཐད་དུ་ཞིང་ཆེན་གྱི་གདན་ལ་ཧེ་རུ་ཀའི་ཆས་ཀྱིས་འཁོད་པར་མོས༔ དམ་ཚིག་གསང་བའི་བདུད་རྩི་སྦྱིན༔ ཧོ༔ འདི་ནི་དངོས་གྲུབ་མཆོག་གི་རྒྱུ༔ རྡོ་རྗེ་ཕག་མོའི་བྱང་སེམས་ཏེ༔ ཉམས་ན་འབར་བའི་མེ་ཡིས་སྲེག༔ བསྲུངས་ན་བདེ་ཆེན་ཡེ་ཤེས་འགྲུབ༔ བཾ་ཨ་མྲྀཏ་ཨུ་ད་ཀ་ཋ་ཋ་ཋ༔ དེ་ལྟར་བྱིན་པའི་བྱང་སེམས་ཀྱི་བདུད་རྩི་དེ་ཉིད་སློབ་མའི་སྙིང་གར་བཾ་ཡིག་གི་རྣམ་པར་གྱུར་པ་ལས་འོད་ཟེར་འཕྲོས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས་བྱིན་ཐིབས་སེ་བྱོན་པར་བསམ་ལ་ཐོད་པའི་རྔ་བརྡུང་ཞིང་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ པདྨ་འོད་ཀྱི་ཕོ་བྲང་ནས༔ མཁའ་འགྲོ་འདུས་པའི་ཚོགས་ཀྱི་རྗེ༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ དཔའ་བོ་དྷཱ་ཀིའི་ཚོགས་དང་བཅས༔ རང་བཞིན་དབྱིངས་ནས་སྐུ་སྐྱོད་ཅིག༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་གི་ཛཔ྄་སྒྲ་འུ་རུ་རུ༔ ཐུགས་ཀྱི་ཡེ་ཤེས་ལམས་སེ་ལམ༔ རྡོ་རྗེའི་མེ་འོད་ལྷབས་སེ་ལྷབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྐལ་ལྡན་རྣམས་ཀྱི་བག་ཆགས་སྲེགས༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་སྦྱོངས༔ མ་བཅོས་སྤྲོས་མེད་འོད་གསལ་ངང༔ ཁྱབ་གདལ་ཆེན་པོའི་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་ཧཱུྃ་གི་སྣང་གླུ་མང་དུ་བརྗོད་པས་རིག་འཛིན་བླ་མའི་སྐུ་ལས་འོད་ཟེར་མེ་ལྕེ་ལྟ་བུ་བྱུང༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་བཾ་ཡིག་མཐིང་གར་གྱུར་པ་ཧེ་རུ་ཀ་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་དུ་དྲངས༔ ཐུགས་ཀར་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ སྐུ་ཡི་དབྱིབས་བརྒྱུད༔ གསང་བའི་ལམ་ནས་ཡུམ་གྱི་མཁར་བབས་པ་སྦྱོར་མཚམས་ནས་ཕྱིར་སྤྲོས་པ་ལས་སློབ་མ་རྣམས་སྐད་ཅིག་གིས་ཕག་མོ་ཁྲོས་མའི་སྐུར་གྱུར་པར་བསམ་ལ་མངོན་རྟོགས་ལྟར་གསལ་གདབ༔ སྐུ་གསུང་ཐུགས་བྱིན་གྱིས་བརླབ༔ སློབ་དཔོན་དང་སློབ་མའི་སྙིང་གའི་འོད་ཀྱིས་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་བསམ་ལ་ཤ་ཆེན་གྱི་སྤོས་བདུག༔ གསང་བའི་རོལ་མོའི་སྒྲ་སྦྱར་བ་དང་བཅས་སྤྱན་དྲངས་པའི་མཐར༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ར་ར་ར་ར༔ ཙ་ལ་ཡ་ཙ་ལ་ཡ༔ ཧཱུྃ་ཨཱཿཧ་ཛྷཻཾ༔ ཞེས་དབབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱེར་མེད་དུ་བསྟིམ༔ ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ་སཏྭཾ༔ ཞེས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ནས་ལས་འབྲེལ་བཞག་པའི་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཛྙཱ་ན་པུཥྤེ་ས་མ་ཡ་སཏྭཾ༔ ཞེས་ཕུལ་བས་རིགས་ངེས་པར་བྱས་ཏེ་སླར་ཡང་མེ་ཏོག་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་ལ༔ ཧོ༔ འདི་ནི་ཁྱོད་ཀྱི་ལྷག་པའི་ལྷ༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་སྟེ༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བྱིན་གྱིས་བརླབ་ཕྱིར་དབང་བསྐུར་རོ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་པུཥྤེ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་ཅིང་སྤྱི་བོར་བསྟིམ༔ དེ་ནས་གསེར་གྱི་ཐུར་མ་དང་བཅས་མིག་རས་བསལ་ལ༔ ཧོ༔ མ་རིག་པ་ཡི་ལིང་ཏོག་ནི༔ རིག་པ་མཆོག་གི་ཐུར་མས་བསལ༔ ཡེ་ཤེས་ཆེན་པོའི་མིག་ཐོབ་པས༔ རང་བྱུང་དཀྱིལ་འཁོར་མཐོང་གྱུར་ཅིག༔ ཛྙཱ་ན་ཙཀྵུཿཧཱུྃ་ཨཱཿ ཞེས་བརྗོད་ཅིང་མིག་དར་དགྲོལ༔ དེ་ནས་དཀྱིལ་འཁོར་རྡོ་རྗེས་མཚོན་པར་བྱས་ཏེ༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ཡེ་ཤེས་བྱིན་རླབས་ཞུགས༔ གསང་བའི་དཀྱིལ་འཁོར་འདི་ལྟོས་ལ༔ མཆོག་གི་དངོས་གྲུབ་སྒྲུབ་པར་གྱིས༔ ཞེས་བསྐུལ་ནས་བརྡ་སྤྲད་པ་ནི༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ འདི་ན་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ༔ སྐུ་མཚན་མ༔ གསུང་བདུད་རྩི༔ ཐུགས་སིནྡྷུ་ར༔ ཡེ་ཤེས་རྡོ་རྗེ་སེམས་དཔའི་མེ་ལོང་གི་དཀྱིལ་འཁོར་རྣམས་དབྱེར་མི་ཕྱེད་པའི་ངོ་བོ་ཡུམ་ལྔའི་མཁའ་ཀློང་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་རྡོ་རྗེའི་སྲུང་འཁོར་དུར་ཁྲོད་བརྒྱད་རབ་ཏུ་འཇིགས་པའི་གཞལ་མེད་ཁང་གི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ༔ ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་བཞི༔ བར་ཁྱམས་སུ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ༔ སྒོ་དང་གྲུ་ཆད་རྣམས་སུ་ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དང་དབྱེར་མི་ཕྱེད་པར་བཞུགས་པ་མངོན་སུམ་དུ་མཐོང་ཞིང༔ དེ་ཐམས་ཅད་ཀྱང་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་གདོད་མ་ནས་རྣམ་པར་དག་པའི་རང་བཞིན་ཅན་དུ་ཡེ་ནས་རང་རང་ལ་བཞུགས་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་གདམས་པ་ལ་སློབ་མ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་མངོན་དུ་མཐོང་བའི་བློས༔ ཧོ༔ གསང་བའི་དཀྱིལ་འཁོར་ཆེན་པོར་ཞུགས༔ དམ་ཚིག་དཀྱིལ་འཁོར་ཆེན་པོ་མཐོང༔ ཡེ་ཤེས་དཀྱིལ་འཁོར་མངོན་སུམ་ཕྱིར༔ སྐལ་བ་མཆོག་ཏུ་ད་གྱུར་ཏོ༔ ཛྙཱ་ན་ས་མ་ཡ་ཧོ་ཧོ་ཧོ༔ ཞེས་ཆེད་དུ་བརྗོད་པར་བྱའོ༔ དེ་རྣམས་ནི་རྒྱུད་དག་པར་བྱེད་པ་སྟེ་འཇུག་པའི་ཆོ་གའོ༔ ཞུགས་པ་ལ་དབང་བསྐུར་བ་ལ་བཞི་སྟེ༔ ཕྱི་ཡི་དབང་དང༔ ནང་གི་དབང་དང༔ གསང་བའི་དབང་དང༔ དེ་ཁོ་ན་ཉིད་ཀྱི་དབང་ངོ༔ དང་པོ་ལའང་གསུམ་སྟེ༔ ཕན་པའི་དབང་དང༔ ནུས་པའི་དབང་དང༔ ནུས་པ་མཆོག་གི་དབང་ངོ༔ དེ་ལ་དང་པོ་ཐུན་མོང་དུ་མཎྜལ་ཕུལ༔ གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ བདེ་གཤེགས་རིགས་ལྔའི་སངས་རྒྱས་ལ༔ དབང་བསྐུར་ཇི་ལྟར་བསྩལ་པ་བཞིན༔ བདག་ཀྱང་རྗེས་སུ་གཟུང་མཛད་གསོལ༔ ཞེས་གསོལ་བ་བཏབ་པས༔ སློབ་དཔོན་རྡོ་རྗེ་ཕག་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ་ལ་སློབ་དཔོན་གྱིས་མཆོད་བསྟོད་གསོལ་བ་གདབ༔ དེ་ནས་ཕན་པའི་དབང་གི་སླད་དུ༔ རང་བྱུང་བདེ་སྐྱོང་གི་བུམ་པ་སྤྱི་བོའི་གནས་ལྔར་བཞག་སྟེ་འདི་སྐད་དོ༔ ཨོཾ༔ སྣོད་ནི་ཆོས་དབྱིངས་ཡེ་ཤེས་ཀློང༔ བཅུད་ནི་རྡོ་རྗེ་ཁྲོས་མ་ཆེ༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ བདེ་གཤེགས་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྣོད་ནི་མེ་ལོང་ཡེ་ཤེས་ཀློང༔ བཅུད་ནི་བཛྲ་དྷཱ་ཀི་ནཱི༔ སྣོད་བཅུད༴ རྡོ་རྗེའི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱཾ༔ སྣོད་ནི་མཉམ་ཉིད་ཡེ་ཤེས་ཀློང༔ བཅུད་ནི་རཏྣ་དྷཱ་ཀི་ནཱི༔ སྣོད་བཅུད༴ རིན་ཆེན་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཏྲཱཾ༔ ཧྲཱི༔ སྣོད་ནི་སོར་རྟོག་ཡེ་ཤེས་ཀློང༔ བཅུད་ནི་པདྨ་དྷཱ་ཀི་ནཱི༔ སྣོད་བཅུད༴ པདྨའི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧྲཱི༔ ཨཱ༔ སྣོད་ནི་བྱ་གྲུབ་ཡེ་ཤེས་ཀློང༔ བཅུད་ནི་ཀརྨ་དྷཱ་ཀི་ནཱི༔ སྣོད་བཅུད༴ ལས་ཀྱི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དབང་བསྐུར་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྤྱི་བོའི་གནས་ལྔ་ནས་ཞུགས༔ ཉོན་མོངས་པ་ལྔ་བདེ་ཆེན་དུ་དག༔ ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར༔ ཆུ་བོའི་རྦ་རླབས་སྤྱི་བོར་བརྟན་པ་ལས་ཧེ་རུ་ཀ་རིགས་ལྔས་དབུར་བརྒྱན་པར་བསམ་མོ༔ དེ་ནི་ཕན་པ་སློབ་མའི་དབང་ངོ༔ ནུས་པ་སློབ་དཔོན་གྱི་དབང་གི་སླད་དུ༔ སླར་ཡང་བྷནྡྷ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་བཞག་ལ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་རྡོ་རྗེ་མཁའ་འགྲོ་མས༔ ཡིད་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཙིཏྟ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེ་མཁའ་འགྲོ་མས༔ ངག་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཝཱ་ཀ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་རྡོ་རྗེ་མཁའ་འགྲོ་མས༔ ལུས་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་དབང་བསྐུར་པས་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ཐུགས་གསུང་སྐུའི་གསང་བ་དང་སློབ་མའི་སྒོ་གསུམ་དབྱེར་མེད་པར་གྱུར་ཏེ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་གོ་འཕང་ལ་དབང་བསྒྱུར་བར་བསམ་མོ༔ དེ་ནི་ནུས་པ་སློབ་དཔོན་གྱི་དབང་ངོ༔ དེ་ནས་ནུས་པ་མཆོག་གི་དབང་ལ༔ ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་སློབ་མ་ལ་ཐིམ་ཞིང་གནས་སོ་སོར་བཞུགས་པར་བསམ་ལ༔ རྡོ་རྗེ་ཁྲོས་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ༔ བདེ་གཤེགས་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་ཅིང་སློབ་མའི་སྤྱི་བོར་བསྟིམ་མོ༔ དེ་བཞིན་དུ་རྡོ་རྗེ་མཁའ་འགྲོའི་སྐུ་སྙིང་གར་བཞག་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་བཛྲ་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ རིན་ཆེན་མཁའ་འགྲོའི་སྐུ་ལྟེ་བར་བཞག་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རཏྣ་དྷཱ་ཀི་ནཱིས༔ སྐལ་ལྡན་བུ༴ མཉམ་ཉིད་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ པདྨ་མཁའ་འགྲོའི་སྐུ་མགྲིན་པར་བཞག་ལ༔ ཧཱུྃ༔ པདྨ་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་པདྨ་དྷཱ་ཀི་ནཱིས༔ སྐལ་ལྡན༴ སོར་རྟོག་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ལས་ཀྱི་མཁའ་འགྲོ་མའི་སྐུ་གསང་བར་བཞག་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་ཀརྨ་དྷཱ་ཀི་ནཱིས༔ སྐལ་ལྡན༴ བྱ་གྲུབ་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དཔའ་བོ་དཔའ་མོ་ཉེར་བཞིའི་སྐུ་གནས་སོ་སོར་བཞག་ལ༔ ཧཱུྃ༔ སྨིན་མཚམས་པུལླི་ར་མ་ལར༔ ཐོད་པའི་དུམ་བུ་རབ་གཏུམ་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཁཎྜ་ཀ་པཱ་ལ་པྲ་ཙཎྜཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ལྟག་པའི་གནས་མཆོག་ཨརྦུ་ཏར༔ མཆེ་བ་རྣམ་གཙིགས་སྣ་ཆེན་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་དཾཥྚྭ་མ་ཧཱ་ནཱ་སཱ་ཀཱ་ཡ་ཨ་བྷི༴ ཧཱུྃ༔ རྣ་བ་གཡས་པ་ཨོ་ཌཱི་ཡར༔ ཀངྐཱ་ལ་དང་འོད་ལྡན་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་ཀངྐཱ་ལ་པྲ་བྷཱ་ཝ་ཏཱི་ཀཱ་ཡ༴ ཧཱུྃ༔ སྤྱི་གཙུག་ཛཱ་ལནྡྷ་ར་རུ༔ མ་ཧཱ་ཀངྐ་གཏུམ་མིག་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་མ་ཧཱ་ཀངྐ་ཙཎྜ་ཨཀྵི་ཀཱ་ཡ༴ ཧཱུྃ༔ རྣ་བ་གཡོན་པ་གོ་ད་ཝར༔ སུ་རཱ་ཝཱི་ར་བློ་ཅན་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་སུ་རཱ་ཝཱི་ར་མ་ཏཱི་ཀཱ་ཡ༴ ཧཱུྃ༔ སྨིན་དབུས་རཱ་མེ་ཤྭ་ར་རུ༔ འོད་དཔག་མེད་དང་མིའུ་ཐུང་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་ཨ་མི་ཏ་བྷཱ་ཁརྒ་རཱི་ཀཱ་ཡ༴ ཧཱུྃ༔ མིག་གཉིས་དེ་བཱི་ཀོ་ཊི་རུ༔ རྡོ་རྗེའི་འོད་ཅན་ལངྐ་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བཛྲ་བྷཱ་ལངྐེ་ཤྭ་རཱི་ཀཱ་ཡ༴ ཧཱུྃ༔ ཕྲག་པའི་གནས་མཆོག་མ་ལ་བར༔ རྡོ་རྗེའི་སྐུ་དང་ཤིང་གྲིབ་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བཛྲ་ཀཱ་ཡ་དྲུ་མཙྪ་ཀཱ་ཡ༴ ཧཱུྃ༔ མཆན་གཉིས་ཀཱ་མ་རཱུ་པ་རུ༔ ཨངྐུ་རི་དང་ཨེ་ར་ཝི༔ དཔའ་བོ༴ རིགས་ཀྱི༴ ཨོཾ་ཨངྐུ་རི་ཨེ་རཱ་ཝ་ཏཱི་ཀཱ་ཡ༴ ཧཱུྃ༔ སྣ་རྩེའི་གནས་མཆོག་ཀོ་ས་ལར༔ རྡོ་རྗེ་ཧཱུྃ་མཛད་ཆང་འཐུང་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བཛྲ་ཧཱུྃ་ཀཱ་ར་སུ་ར་བྷཀྵཱི་ཀཱ་ཡ༴ ཧཱུྃ༔ ལྟེ་བ་ཏྲི་ཤ་ཀུ་ནེ་རུ༔ དཔའ་བོ་ཆེན་པོ་རླུང་ཤུགས་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་མ་ཧཱ་བཱི་ར་ཝཱ་ཡུ་བེ་གཱི་ཀཱ་ཡ༴ ཧཱུྃ༔ ནུ་མ་གཉིས་གནས་ཨོ་ཊི་རུ༔ རྡོ་རྗེ་རལ་ཅན་འཇིགས་བྱེད་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་མ་ཧཱ་ཛཱ་ཊཱི་མ་ཧཱ་བྷཻ་ར་ཝཱི་ཀཱ་ཡ༴ ཧཱུྃ༔ ཁ་ཡི་གནས་མཆོག་ཀ་ལིངྐར༔ རབ་ཏུ་བཟང་པོ་ཤྱ་མ་དེ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་སུ་བྷ་དྲ་ཤྱཱ་མ་དེ་ཝཱི་ཀཱ་ཡ༴ ཧཱུྃ༔ མགྲིན་པའི་གནས་མཆོག་ལམྦ་ཀར༔ རྡོ་རྗེ་བཟང་པོ་ཤིན་ཏུ་བཟང༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བཛྲ་བྷ་དྲ་སུ་བྷ་དྲཱི་ཀཱ་ཡ༴ ཧཱུྃ༔ སྙིང་གའི་གནས་མཆོག་ཀཉྩི་རུ༔ འཇིགས་བྱེད་ཆེན་པོ་རྟ་རྣ་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་མ་ཧཱ་བྷཻ་ར་ཝ་ཧ་ཡ་ཀརྞཱི་ཀཱ་ཡ༴ ཧཱུྃ༔ འདོམས་པར་ཧི་མ་ལ་ཡ་རུ༔ མིག་མི་བཟང་དང་ཁ་གཱ་ནཱི༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བི་རུ་བཱཀྵ་ཁ་གཱ་ན་ནཱི་ཀཱ་ཡ༴ ཧཱུྃ༔ མཚན་མ་པྲེ་ཏ་པུ་རི་རུ༔ སྟོབས་ཆེན་འཁོར་ལོའི་ཤུགས་འཆང་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་མ་ཧཱ་བཱ་ལ་ཙཀྲ་བེ་གཱི་ཀཱ་ཡ༴ ཧཱུྃ༔ བྱིན་པ་སུ་བརྞཱ་དྭཱི་པར༔ ནམ་སྙིང་འཁོར་ལོའི་གོ་ཆ་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་ཁ་གརྦྷ་ཙཀྲ་ཝརྨི་ཎཱི་ཀཱ་ཡ༴ ཧཱུྃ༔ བརླ་གཉིས་སཽ་རཱཥྚ་རུ༔ དཔའ་བོ་རྟ་མགྲིན་ཤཽཎྜི་ནཱི༔ དཔའ་བོ༴ རིགས་ཀྱི༴ ཨོཾ་ཧ་ཡ་གྲཱི་བ་ཤཽཎྜི་ནཱི་ཀཱ་ཡ༴ ཧཱུྃ༔ བཤང་ལམ་གྲྀ་ཧ་དེ་བ་རུ༔ རིན་ཆེན་རྡོ་རྗེ་དུམ་སྐྱེས་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་རཏྣ་བཛྲ་ཁཎྜ་རོ་ཧཱི་ཀཱ་ཡ༴ ཧཱུྃ༔ སོར་མོ་བཅུ་དྲུག་ན་ག་རར༔ ཧེ་རུ་ཀ་དང་ཤིན་ཏུ་དཔའ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་ཧེ་རུ་ཀ་སུ་བཱི་རཱི་ཀཱ་ཡ༴ ཧཱུྃ༔ བོལ་གོང་གནས་མཆོག་སིནྡྷུའི་གྲོང༔ པདྨ་གར་དབང་སྟོབས་ཆེན་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་པདྨ་ནིརྟཱི་ཤྭ་ར་མ་ཧཱ་བཱ་ལཱི་ཀཱ་ཡ༴ ཧཱུྃ༔ མཐེ་བོང་བཞི་གནས་མ་རུ་ཏཱར༔ རྣམ་པར་སྣང་མཛད་འཁོར་སྒྱུར་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བཻ་རོ་ཙ་ན་ཙཀྲ་ཝརྟི་ནཱི་ཀཱ་ཡ༴ ཧཱུྃ༔ པུས་མོའི་གནས་མཆོག་ཀུ་ལུ་ཏཱར༔ རྡོ་རྗེ་སེམས་དཔའ་བརྩོན་ཆེན་མ༔ དཔའ་བོ༴ རིགས་ཀྱི༴ ཨོཾ་བཛྲ་སཏྭ་མ་ཧཱ་བིརྻཱི་ཀཱ་ཡ༴ ཕྲ་མེན་མ་བཞི་ཡན་ལག་བཞིར་བཞག་ལ༔ ཧཱུྃ༔ བྱམས་པ་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་ཁྭ་གདོང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བའི་ལས་ཀུན་ལྷུན་གྲུབ་ཤོག༔ ཨོཾ་ཀཱ་ཀཱ་མུ་ཁཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྙིང་རྗེ་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་ཕག་གདོང་མས༔ རིགས་ཀྱི༴ རྒྱས་པའི་ལས་ཀུན་ལྷུན༴ ཨོཾ་སཱུ་ཀ་རཱ་མུ་ཁཱི་ཀཱ་ཡ༴ ཧཱུྃ༔ དགའ་བ་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་ཁྱི་གདོང་མས༔ རིགས་ཀྱི༴ དབང་གི་ལས་ཀུན་ལྷུན༴ ཨོཾ་ཤྭ་ན་མུ་ཁཱི་ཀཱ་ཡ༴ ཧཱུྃ༔ བཏང་སྙོམས་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་འུག་གདོང་མས༔ རིགས་ཀྱི༴ དྲག་པོའི་ལས་ཀུན་ལྷུན་གྲུབ་ཤོག༔ ཨོཾ་ཨུ་ལཱུ་ཀ་མུ་ཁཱི་ཀཱ་ཡ༴ དམ་ཚིག་གི་མཁའ་འགྲོ་བཞི་དཔུང་མགོ་གཉིས་དང་པུས་མོ་གཉིས་སུ་བཞག་ལ༔ ཧཱུྃ༔ དགའ་བའི་ཡེ་ཤེས་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་གཤེར་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་གཡོ་བར་ཤོག༔ ཨོཾ་ཛ་ལ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མཆོག་ཏུ་དགའ་བའི་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་བརྟན་བྱེད་མས༔ རིགས་ཀྱི༴ བདེ་ཆེན་ཡེ་ཤེས་འབར་བར་ཤོག༔ ཨོཾ་སྡྱཱ་ན་དྷཱ་ཀི་ནཱི་ཀཱ་ཡ༴ ཧཱུྃ༔ ཁྱད་པར་དགའ་བའི་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་སྲེག་བྱེད་མས༔ རིགས་ཀྱི༴ བདེ་ཆེན་ཡེ་ཤེས་ཐིམ་པར་ཤོག༔ ཨོཾ་ཛྭ་ལ་དྷཱ་ཀི་ནཱི་ཀཱ་ཡ༴ ཧཱུྃ༔ ལྷན་སྐྱེས་དགའ་བའི་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་གཡོ་བྱེད་མས༔ རིགས་ཀྱི༴ བདེ་ཆེན་ཡེ་ཤེས་མཐར་ཕྱིན་ཤོག༔ ཨོཾ་ཙ་ལ་ན་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་རིམ་པ་ལྟར་གནས་སོ་སོར་བསྟིམ་མོ༔ དེས་ཁམས་གསུམ་གྱི་སྣང་བ་ཐམས་ཅད་དང༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་སུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་བར་བྱའོ༔ བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི༔ སློབ་དཔོན་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང༔ སློབ་མའི་གནས་སོ་སོར་བཞུགས་པའི་ལྷ་རྣམས་ཀྱི་ཐུགས་སྲོག་གི་མཐར་འཁོད་པར་མོས་ལ་བཟླས་པའི་དམིགས་པ་དང་བཅས་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ༔ དེས་སྒྲ་སྐད་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོའི་གསུང་དུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་ངོ༔ ཐུགས་ཀྱི་དགོངས་པ་ངོ་སྤྲད་པ་ནི༔ དཔོན་སློབ་གཉིས་ཀས་མཉམ་པར་བཞག་ལ༔ ཕྲིན་ལས་ནས་འབྱུང་བ་ལྟར་དགོངས་པ་ངོ་སྤྲད་ཅིང་ངེས་ཤེས་བསྐྱེད༔ དེས་ནི་རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་སུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་ངོ༔ དེ་ལྟར་ན་སྐུ་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ༔ འདོད་ཁམས་དང་ལུས་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་སྐུ་བསྒོམ་པ་ལ་དབང་ཞིང་འབྲས་བུ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེ་ནས་ནང་གི་དབང་བསྐུར་བ་ལ་མཎྜལ་ཕུལ༔ བླ་མ་རྡོ་རྗེ་ཕག་མོ་ཡིས༔ བུམ་པའི་དབང་བསྐུར་བསྩལ་ལགས་ན༔ ད་ནི་དམ་ཚིག་གསང་ཆེན་གྱི༔ དབང་བསྐུར་བཀའ་དྲིན་མཛད་དུ་གསོལ༔ ཞེས་གསོལ་བ་གདབ༔ སློབ་མ་རྟོག་པ་ཆུང་བའི་སྐལ་པ་དང་ལྡན་པ་ལ༔ བླ་མ་ཡབ་ཡུམ་དངོས་སུ་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་སམ༔ གཞན་དུ་བྱང་སེམས་ཀྱི་རྫས་དང་སྦྱར་བའི་བདུད་རྩི་སྦྱིན་པར་བྱ་སྟེ༔ དེའང་སློབ་དཔོན་ཧེ་རུ་ཀར་གསལ་བ་ཤེས་རབ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་བདེ་བའི་རོལ་མོས་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས༔ ཞལ་དུ་ཞུགས༔ འདོད་ཆགས་ཆེན་པོའི་མེས་བཞུ་བའི་བྱང་ཆུབ་སེམས་དཀར་དམར་འདྲེས་པའི་རྒྱུན་ཡུམ་གྱི་པདྨ་ནས་ཕྱིར་སྤྲོས༔ ཐོད་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཐིམ༔ བདེ་བ་ཆེན་པོའི་མཆོད་པས་མཉེས་ཏེ་འོད་དུ་ཞུ་བ་སློབ་མ་རྣམས་ཀྱི་ཁར་བྱིན་པར་མོས་ཏེ༔ ཧཱུྃ༔ ཐབས་ཀྱི་རང་བཞིན་བྱང་ཆུབ་སེམས༔ མུ་ཏིག་ལྟར་དཀར་དྲི་མ་མེད༔ ཤེས་རབ་མཆོག་གི་རཀྟ་ནི༔ དམར་གསལ་ཆགས་པ་ཆེན་པོའི་ཚུལ༔ དབྱེར་མེད་ལྷན་ཅིག་མཉམ་སྦྱར་བའི༔ ཀུན་ཏུ་ཚིམ་བྱེད་བདུད་རྩི་ཆེ༔ ཐུངས་ཤིག་ཐུངས་ཤིག་བརྟུལ་ཞུགས་ཅན༔ དཔའ་བོའི་དམ་ཚིག་འདི་སྤྱོད་ཅིག༔ ཨོཾ་བྷོ་དྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ ཞེས་བདུད་རྩི་མྱངས་པ་ལ་བརྟེན་ནས་གསལ་སྟོང་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མཐུས༔ རྩ་གསུམ་འཁོར་ལོ་ལྔ་ལྷག་པར་གསལ་བར་བྱས༔ རྩ་ནང་གི་ཁམས་རྣམས་གནས་གྱུར་ཏེ་སྤྱི་བོར་སངས་རྒྱས༔ མགྲིན་པར་པདྨ༔ སྙིང་གར་རྡོ་རྗེ༔ ལྟེ་བར་རིན་ཆེན༔ གསང་བར་ལས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཤིན་ཏུ་གསལ་བར་བསམ་ལ་སེམས་གཟུང༔ དེ་དང་རྗེས་སུ་འབྲེལ་བར་ཁྱད་པར་གྱི་བྱིན་རླབས་དྲུག་བྱ་བ་ནི༔ ཐོག་མར་རླུང་རོ་བསལ༔ ལྟེ་བའི་ལྷ་ཚོགས་རྣམས་ལ་སེམས་གཏད་དེ་བུམ་པ་ཅན་བཟུང་བས་དེ་རྣམས་ལས་འོད་ཟེར་འཕྲོས༔ གཏུམ་མོའི་མེ་ལ་རེག་པས་དམར་ཁྱུག་གིས་འབར༔ རྩ་འཁོར་ལྔ་དང་ལུས་ཕྱི་ནང་ཐམས་ཅད་གང༔ ཁམས་སྙིགས་མ་རྣམས་བསྲེགས༔ དྭངས་མ་རྣམས་ཆེས་ཆེར་འབར་ཞིང་རྒྱས༔ བདེ་དྲོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་བསམ༔ ཨོཾ་སརྦ་རཏྣ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ རཾ་རཾ་རཾ༔ ཞེས་བརྗོད་ཅིང་བྱིན་དབབ༔ དཔལ་འབར་གྱི་མེ་སྤར་བ་ལུས་ལ་བསྐོར་བའི་བརྡ་ཐབས་དང་བཅས༔ ཧཱུྃ༔ རིན་ཆེན་མཁའ་འགྲོའི་བྱིན་རླབས་ཀྱིས༔ གཏུམ་མོའི་མེ་ལྕེ་སྦར་བ་ལས༔ མཚན་འཛིན་རྣམ་རྟོག་བག་ཆགས་བསྲེགས༔ བདེ་དྲོད་ཡེ་ཤེས་འབར་བར་ཤོག༔ ཨོཾ་ཛྙཱ་ན་ཛྭ་ལ་རཾ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ རཾ་རཾ་རཾ༔ ཞེས་བརྟན་པར་རྒྱས་གདབ་བོ༔ སྤྱི་བོའི་སངས་རྒྱས་མཁའ་འགྲོ་མའི་ལྷ་ཚོགས་ལ་སེམས་གཏད་པས༔ དེ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་འཕྲོས༔ ཞུ་བདེ་དང་དབྱེར་མེད་པའི་ལུས་དཀྱིལ་ལྷ་ཚོགས་རྣམས་ལ་རེག་པ་ཙམ་གྱིས་དེ་ཐམས་ཅད་ཀྱང་དྭངས་གསལ་འཇའ་ཚོན་གྱི་རང་བཞིན་དུ་བྱས༔ སླར་ཡང་འོད་ཟེར་དེས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཅིར་སྣང་རྡོ་རྗེ་ཕག་མོའི་ལྷ་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ལམ་ལམ་གྱུར་པར་བསམ་ལ་རླུང་སེམས་རྩེ་གཅིག་ཏུ་གཟུང༔ ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ༔ ལྷ་སྐུའི་གཟུགས་བརྙན་མེ་ལོང་དུ་ཤར་བ་བསྟན་ལ༔ ཧཱུྃ༔ སངས་རྒྱས་མཁའ་འགྲོའི་ཡེ་ཤེས་ཀྱིས༔ ཐ་མལ་སྣང་ཞེན་དངོས་པོ་སྦྱངས༔ སྒྱུ་མ་ཆུ་ཟླ་གཟུགས་བརྙན་ལྟར༔ ཟུང་འཇུག་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་མཱ་ཡཱ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྒྱས་གདབ་བོ༔ སྙིང་གའི་རྡོ་རྗེ་མཁའ་འགྲོ་མའི་ལྷ་ཚོགས་རྣམས་ལ་སེམས་གཏད་པས༔ དེ་ལས་འོད་ཟེར་འཕྲོས༔ འཁོར་རྣམས་འོད་དུ་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་ཐུགས་ཀའི་དབུས་སུ་ཆོས་ཐམས་ཅད་ཀྱི་གནས་ལུགས་འོད་གསལ་བའི་ངོ་བོ་ཨ་ཡིག་མཐིང་ག་ཤིན་ཏུ་ཕྲ་བ་ལ་སེམས་གཏད་པས་སྣང་བ་མཆེད་པ༔ མཆེད་པ་ཐོབ་པ༔ ཐོབ་པ་ཉེར་ཐོབ༔ ཉེར་ཐོབ་འོད་གསལ་ལ་ཐིམ་ནས་རང་རིག་དྲི་མ་མེད་པའི་གནས་ལུགས་མངོན་དུ་བྱེད་པར་མོས༔ རླུང་སེམས་རྩེ་གཅིག་གཟུང༔ ཨོཾ་སརྦ་བཛྲ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨ་ཨ་ཨ༔ ཞེས་བྱིན་དབབ༔ མེ་ལོང་དྲི་མ་མེད་པ་བསྟན་ལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོའི་བྱིན་རླབས་ཀྱིས༔ སྣང་གསུམ་དབྱིངས་སུ་ཐིམ་པ་ལས༔ དྭངས་ཤིང་གསལ་ལ་མི་རྟོག་པའི༔ འོད་གསལ་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཨ་ཨ་ཨ༔ ཞེས་རྒྱས་གདབ་བོ༔ མགྲིན་པའི་པདྨ་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་རྣམས་འོད་དུ་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་མགྲིན་པར་ཨཾ་དམར་པོ་འབར་བ་ལ་སེམས་གཟུང༔ རྨི་ལམ་ཡིན་སྙམ་དུ་བསམ༔ ཉམས་སྐྱེས་པ་ན་རླུང་སེམས་དྲག་ཏུ་གཅུན༔ ཨོཾ་སརྦ་པདྨ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨཾ་ཨཾ་ཨཾ༔ ཞེས་བྱིན་དབབ༔ མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་ཤར་བ་བསྟན་ལ༔ ཧཱུྃ༔ པདྨ་མཁའ་འགྲོའི་བྱིན་རླབས་ཀྱིས༔ རྨི་ལམ་སྤྲུལ་བསྒྱུར་འབྱོངས་པ་ལས༔ ཆོས་ཀུན་སྟོང་པའི་གཟུགས་བརྙན་ལྟར༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་ཤཱུནྱ་ཏཱ་རཱུ་པ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཨཾ་ཨཾ་ཨཾ༔ ཞེས་རྒྱས་གདབ་བོ༔ ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་ནང་ཟླ་དཀྱིལ་གྱིས་ཁྲིགས་སེ་བཀག་པའི་དབུས་སུ་ཐིག་ལེ་སྔོ་སྐྱ་སྲན་ཆུང་ཙམ་གསལ་གདབ༔ གསང་གནས་ཀྱི་ཀརྨ་དྷཱ་ཀིའི་ལྷ་ཚོགས་རྣམས་ལ་སེམས་གཏད་པ་དང༔ འོག་རླུང་གིས་བསྐུལ་བའི་རྐྱེན་གྱིས་འོད་ཟེར་རླུང་དང་བཅས་པ་གྱེན་དུ་བྱུང༔ ཟླ་དཀྱིལ་ལ་རེག་པས་ཐིག་ལེ་སྐར་མདའ་འཕང་བ་བཞིན་སོང༔ དབུ་མའི་ལམ་བརྒྱུད༔ འཁོར་ལོ་གསུམ་གྱི་གཙོ་མོ་རྣམས་ལ་བསྐོར་ཏེ༔ སྤྱི་བོའི་སངས་རྒྱས་མཁའ་འགྲོ་མའི་ཐུགས་ཀར་ཐིམ་པར་བསམ༔ རླུང་རིག་བསྲེས་ཏེ་སེམས་གཟུང༔ ཨོཾ་སརྦ་ཀརྨ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཕཊ་ཕཊ་ཕཊ༔ ཅེས་བྱིན་དབབ༔ མདའ་གཞུའི་འཕྲུལ་འཁོར་གྱིས་མཚོན་པར་བྱས་ལ༔ ཧཱུྃ༔ ལས་ཀྱི་མཁའ་འགྲོའི་བྱིན་རླབས་ཀྱིས༔ རླུང་སེམས་ཐིག་ལེ་མདའ་ལྟར་འཕངས༔ དབྱིངས་དང་རིག་པ་དབྱེར་མེད་ངང༔ མཁའ་སྤྱོད་གནས་སུ་འཕོ་བར་ཤོག༔ ཨོཾ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཕཊ་ཕཊ་ཕཊ༔ ཅེས་རྒྱས་གདབ༔ སངས་རྒྱས་མཁའ་འགྲོའི་ཐུགས་ཀ་ནས་རླུང་སེམས་ཀྱི་ཐིག་ལེ་མར་བྱུང༔ ལྟེ་བའི་ཟླ་དཀྱིལ་གྱི་སྟེང་དུ་ལྕི་ཐེང་ངེ་གནས་པར་བསམ༔ སླར་ཡང་རང་ཉིད་བར་དོའི་རླུང་སེམས་ཙམ་ལས་གྲུབ་པའི་ངོ་བོ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་སེམས་གཏད་དེ༔ འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ༔ དེ་ཐམས་ཅད་བར་དོའི་སྣང་བ་སྒྱུ་མའི་རོལ་པ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ལམ་གྱིས་སད་པར་བསམ་ལ་རྩལ་སྦྱང༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་སརྦ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཾ་བཾ་བཾ༔ ཞེས་བྱིན་དབབ༔ མཐར་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ༔ དེ་ལས་ཟུང་འཇུག་སྒྱུ་མའི་ལྷ་སྐུ་ཁྲོས་མ་ནག་མོའི་ཕྱག་རྒྱར་ལམ་གྱིས་གསལ་གདབ༔ མར་མེའི་བརྡས་མཚོན་པར་བྱས་ཏེ༔ ཧཱུྃ༔ རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱིས༔ ལྷ་སྔགས་ཆོས་སྐུའི་སྣང་བ་འབར༔ བར་དོའི་འཁྲུལ་པའི་མུན་པ་བསལ༔ སྐུ་གསུམ་གོ་འཕང་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་སུ་ཁ་ཀཱ་ཡ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ བཾ་བཾ་བཾ༔ ཞེས་རྒྱས་གདབ་བོ༔ དེ་ལྟར་ན་གསུང་བྱང་སེམས་བདུད་རྩིའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ༔ གཟུགས་ཁམས་དང་ངག་གི་དྲི་མ་དག༔ རྡོ་རྗེ་ཕག་མོའི་རླུང་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་ཞིང༔ འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེ་ནས་གསང་བའི་དབང་བསྐུར་བ་ལ་མཎྜལ་ཕུལ༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ རྩ་ཁམས་རླུང་ལ་ནུས་པ་སྨིན༔ ད་ནི་གྲོལ་བ་མངོན་འགྱུར་ཕྱིར༔ གསང་བའི་ཡེ་ཤེས་དབང་བསྐུར་སྩོལ༔ ཞེས་གསོལ་བ་གདབ༔ སློབ་མ་སྐད་ཅིག་གིས་ཧེ་རུ་ཀ་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པ་ལ༔ སིནྡྷུ་རའི་མཎྜལ་གཏད་དེ༔ ཧཱུྃ༔ ལས་ཀྱི་ཕྱག་རྒྱའི་ཆུ་སྐྱེས་མཆོག༔ རྣམ་ཐར་གསུམ་ལྡན་ཆོས་འབྱུང་དབུས༔ བདེ་ཆེན་ཡེ་ཤེས་མཆོག་སྟེར་བ༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེས་མཚན༔ སྙོམས་འཇུག་ཆགས་པ་ཆེན་པོའི་མེ༔ དམ་ཚིག་ཕྱག་རྒྱའི་དམར་འོད་འབར༔ དྭངས་གསལ་རྙོག་མེད་མེ་ལོང་ལྟར༔ ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ ཨོཾ་ཀརྨ་མུ་དྲཱ་སརྦ་ཛྙཱ་ན་མ་ཧཱ་སུ་ཁ་ཧོ༔ ཞེས་རིག་མའི་བརྟུལ་ཞུགས་བྱིན༔ སིནྡྷུ་རའི་ཐིག་ལེ་སྨིན་མཚམས་སུ་དགོད༔ དངོས་གཞིའི་སླད་དུ༔ སིནྡྷུ་རའི་དཀྱིལ་འཁོར་ལས་ཕྱག་རྒྱ་པདྨ་ཅན་གྱི་མཚན་ཉིད་ཅན་གྱི་རྡོ་རྗེ་ཕག་མོའི་ངོ་བོ་ཅན་རེ་བྱུང་སྟེ་ལས་རྒྱ་ལ་ཐིམ་པའམ༔ མདུན་དུ་ཆགས་པའི་མདངས་ཀྱིས་འཁོད་པས༔ ཨེ་མ་གསང་བ་ཆེན་པོའི་རིགས༔ སྔགས་ཀྱི་དམ་ཚིག་ལ་གནས་ན༔ རྡོ་རྗེ་རྗེས་སུ་ཆགས་པ་ཡི༔ དམ་ཚིག་མཆོག་གི་དུས་ལ་བབ༔ ས་མ་ཡ་ཧོ༔ ཞེས་བསྐུལ་བ་ལ༔ ཨེ་མ་ཡིད་འོང་ལྷ་མོ་ཆེ༔ བདག་ནི་ལམ་ལ་སོམ་ཉི་མེད༔ སྔགས་ཀྱི་དམ་ཚིག་ཆེན་པོ་ཡི༔ ལོངས་སྤྱོད་དགའ་སྟོན་ཁྱོད་ཀྱིས་མཛོད༔ ས་མ་ཡ་སཏྭཾ༔ སླར་ཡང༔ རྗེས་སུ་ཆགས་པ་ཆེན་པོ་ཡི༔ སྤྱོད་པ་མཆོག་ལ་རྣམ་རོལ་པས༔ ལྷན་སྐྱེས་ཡེ་ཤེས་སྒྲུབ་བྱེད་པའི༔ ངོ་མཚར་ཆེན་པོ་དེ་སྤྱོད་ཅིག༔ ཨ་ནུ་རཱ་གཱ་ཡ་ཧོ༔ ཞེས་བསྐུལ་བ་ལ༔ ཨེ་མ་ཧོཿབདེ་བའི་འབྱུང་གནས་ཆེ༔ རྡོ་རྗེ་རྗེས་སུ་ཆགས་པ་ཡི༔ བརྟུལ་ཞུགས་རོལ་པར་བདག་སྤྲོ་ན༔ བདེ་བའི་པང་དུ་ད་ལྟར་བྱོན༔ ཨ་ནུ་རཱ་གཱ་ཡ་མི༔ ཞེས་ལན་བཏབ་པས་མཆོག་ཏུ་དགྱེས་ཏེ༔ ཧོ༔ དགའ་བའི་ཡན་ལག་རེག་པ་དང༔ མཆོག་དགའི་ཕྱག་རྒྱས་ཉེ་བར་འཁྱུད༔ ཁྱད་པར་དགའ་བའི་ངང་དུ་སྡོམས༔ ལྷན་ཅིག་སྐྱེས་པས་རྗེས་སྤྱོད་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རོས་རྒྱུད་ཡོངས་སུ་གང་ཞིང་ཚིམས་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་གཱ་ཎ་ཧོ༔ སླར་ཡང་ཐིག་ལེ་གྱེན་དུ་བཟློག་སྟེ་མས་བརྟན་གྱི་དགའ་བ་བཞིའི་མཐར་སོན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ངང་ལ་མཉམ་པར་གཞག༔ ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་གཟུང༔ དེ་ལྟར་ན་ཐུགས་ཕྱག་རྒྱའི་ཆུས་སྐྱེས་མཚོན་པའི་སིནྡྷུ་རའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ གཟུགས་མེད་ཁམས་དང་ཡིད་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་ཐུགས་བདེ་ཆེན་གྱི་ཡེ་ཤེས་བསྒོམ་པ་ལ་དབང་ཞིང༔ འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེ་ནས་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་ལ་མཎྜལ་ཕུལ༔ གཙོ་བོ་ཆེ་ཁྱོད་བཀའ་དྲིན་གྱིས༔ ཤེས་རབ་ཡེ་ཤེས་རྒྱུད་ལ་སྐྱེས༔ ད་ནི་གནས་ལུགས་དེ་ཁོ་ན༔ བཞི་པའི་དབང་མཆོག་བདག་ལ་སྩོལ༔ སློབ་མ་ལུས་གནད་དང་བཅས་བདེ་ཆེན་གྱི་ངང་དུ་དུས་གསུམ་གྱི་སྤྲོས་པ་བཅད་དེ་མཉམ་པར་བཞག་པ་ལ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ཐབས་ཀྱིས་མཚོན་ཏེ༔ ཧོ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་བའི་ངོ་བོ་ཧེ་རུ་ཀ༔ སྟོང་པའི་བདག་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་བདེ་བ་ཆེན་པོའི་ངང༔ དུས་གསུམ་རྟོག་པས་མ་བསླད་པར༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ ངོ་བོ་སྟོང་པ་ཤེལ་ལྟ་བུ༔ རྡོ་རྗེ་ཕག་མོ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་འཇའ་ཚོན་ལྟར༔ ལོངས་སྤྱོད་རྫོགས་སྐུའི་རོལ་པར་ཤར༔ ཟུང་འཇུག་རྩལ་སྣང་མ་འགགས་པ༔ ཐུགས་རྗེའི་རྣམ་རོལ་སྤྲུལ་པའི་ཚུལ༔ དེ་གསུམ་ངོ་བོ་དབྱེར་མེད་པའི༔ བློ་འདས་ཆེན་པོའི་རང་ཞལ་སྐྱོངས༔ དོན་གྱི་བཛྲ་བྷ་ར་ཧི༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ༔ ཞེས་ཚིག་གིས་ངོ་སྤྲད་དེ་དོན་ལ་མཉམ་པར་གཞག་གོ༔ དེ་ལྟར་ན་ཡེ་ཤེས་དབྱིངས་རིག་དབྱེར་མེད་མཚོན་པའི་རྡོ་རྗེ་བཙུན་མོའི་མེ་ལོང་གི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ༔ ཁམས་གསུམ་དང་སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཐམས་ཅད་དག༔ རྡོ་རྗེ་ཕག་མོའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་བསྒོམ་པ་ལ་དབང་ཞིང༔ འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེས་ནི་དངོས་གཞིའི་དབང་བསྐུར་བ་ཡོངས་སུ་རྫོགས་པའོ༔ མཇུག་གི་བྱ་བ་ལ་གསུམ་སྟེ༔ རྗེས་སུ་གནང་བ༔ དམ་ཚིག་དབོག་པ༔ གཏང་རག་འབུལ་བ་འོ༔ དང་པོ་ལ་དྲུག་ལས༔ ཐོག་མར་སྐུ་དང་སྔགས་ཕྲེང་གཏད་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ རྡོ་རྗེ་ཕག་མོ་བསྒོམ་པ་དང༔ བཟླས་བརྗོད་སྔགས་ཀྱིས་ཐུགས་དམ་བསྐུལ༔ དངོས་གྲུབ་རྣམ་གཉིས་སྒྲུབ་པར་གྱིས༔ ཨོཾ་ཀཱ་ཡ་ཛཔ྄་ཨ་བྷི་ཥིཉྩཱ་མི༔ དུང་དང་གླེགས་བམ་གཏད་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ གསང་སྔགས་རྒྱུད་རྣམས་ཉན་པ་དང༔ གཞན་དོན་འཆད་ཅིང་སྟོན་པ་ཡིས༔ རང་གཞན་དོན་ཀུན་སྒྲུབ་པར་གྱིས༔ ཨོཾ་དྷརྨ་བྷཱ་ཥ་ཨ་བྷི་ཥིཉྩཱ་མི༔ དུར་ཁྲོད་རོལ་པའི་ཆས་གཏད་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་སྤྱོད་པ་ཡིས༔ ཁམས་གསུམ་འགྲོ་ཀུན་དབུགས་ཕྱུངས་ཤིག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཙཱརྻ་ཨ༴ ཤ་ལྔ་བདུད་རྩི་ལྔ་གཏད་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ གཙང་རྨེ་མེད་པར་དང་དུ་ལོངས༔ སྤྱོད་པའི་བརྟུལ་ཞུགས་རྫོགས་པར་གྱིས༔ ཨོཾ་མ་ཧཱ་ཨ་མྲྀཏ་ཨ༴ རིག་མ་གཏད་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ པདྨ་ཅན་ལ་སོགས་པ་ཡི༔ ཕྱག་རྒྱའི་ཚོགས་དང་དགྱེས་རྒུར་རོལ༔ རིག་མའི་བརྟུལ་ཞུགས་རྫོགས་པར་གྱིས༔ ཨོཾ་ཀརྨ་མུ་དྲཱ་ཨ༴ རྡོ་རྗེ་དང་མེ་ལོང་བསྟན་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ ཡེ་ཤེས་གསལ་བ་མེ་ལོང་བཞིན༔ མཉམ་པའི་བརྟུལ་ཞུགས་རྫོགས་པར་གྱིས༔ ཨོཾ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ ཞེས་རྗེས་སུ་གདམ་མོ༔ གཉིས་པ་ལ༔ ཐོག་མར་དམ་ཚིག་བསྒྲག་པ་ནི༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ གསང་སྔགས་རྒྱུད་ལས་གང་གསུངས་པའི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་རྟག་ཏུ་ཟུངས༔ སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༔ མི་འབྱེད་མཉམ་པའི་བརྟུལ་ཞུགས་བྱ༔ གཏི་མུག་འོད་གསལ་ཆེན་པོར་ལྟོས༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཕྱག་རྒྱ་རྣམ་བཞི་རྟག་ཏུ་ཟུངས༔ བྱང་ཞིང་ཞི་བའི་བརྟུལ་ཞུགས་སྤྱོད༔ ཞེ་སྡང་གསལ་སྟོང་ཆེན་པོར་ལྟོས༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་སྦྱིན༔ རལ་གཏོར་འབོ་གཅོག་བརྟུལ་ཞུགས་སྤྱོད༔ ང་རྒྱལ་རིག་སྟོང་སྒྱུ་མར་ལྟོས༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ ཐེག་པ་མཐའ་ཡས་ཐབས་ཚུལ་སྟོན༔ བུད་མེད་ལ་གུས་བརྟུལ་ཞུགས་སྤྱོད༔ འདོད་ཆགས་བདེ་སྟོང་ཆེན་པོར་ལྟོས༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ མཆོད་དང་ཕྲིན་ལས་ནར་མར་བརྩོན༔ དྲག་ཤུལ་རྩུབ་པའི་བརྟུལ་ཞུགས་སྤྱོད༔ ཕྲག་དོག་ཚོར་སྟོང་ཡངས་པར་ལྟོས༔ མདོར་ན་སྤྱི་དང་ཁྱད་པར་གྱི༔ རྒྱུད་དང་མན་ངག་ལས་གསུངས་པའི༔ དམ་ཚིག་སྡོམ་ལ་རབ་བརྩོན་པས༔ དངོས་གྲུབ་ཚེ་འདིར་འགྲུབ་པར་གྱིས༔ ཞེས་གདམས་པ་ལ་སློབ་མས༔ ཇི་སྐད་གསུང་བཞིན་བསྒྲུབ་ལགས་ན༔ ཡེ་ཤེས་ཐུགས་རྗེས་རྟག་ཏུ་སྐྱོངས༔ ཞེས་ཁས་བླང་ངོ༔ གསུམ་པ་ནི༔ མཎྜལ་དང་ལུས་ལོངས་སྤྱོད་འབུལ༔ ཚོགས་ཀྱི་འཁོར་ལོས་ལྷ་དང་བླ་མ་མཉེས་པར་བྱའོ༔ དབང་བསྐུར་བ་འདི་ལན་གཅིག་ཐོབ་ནས་དམ་ཚིག་མ་ཉམས་པ་ཁོ་ནས་ཚེ་འདིའམ༔ འཆི་ཁའམ༔ བར་དོ་ཚུན་ཆད་དུ་ཕོ་ཉ་གསུམ་གྱིས་རྗེས་སུ་གཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བར་ཐེ་ཚོམ་མེད་པས༔ སྣོད་མིན་ལ་ཤིན་ཏུ་གསང༔ སྣོད་ལྡན་ལ་ལྷུག་པར་སྟོན༔ གསང་བ་ཆེན་པོའི་ཕྱག་རྒྱས་གདབ་བོ༔ ས་མ་ཡ༔ ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོས་པདྨ་བདག་ལ་མ་རྒྱུད་གསང་བ་མཆོག་གི་སྨིན་གྲོལ་དང་མན་ངག་མཐའ་ཡས་པ་བསྩལ་པ་རྣམས་ཀྱི་ནང་ནས་གསང་བ་ཀུན་འདུས་སྙིང་པོར་དྲིལ་བའི་དབང་བསྐུར་གྱི་ཆོ་ག་ཟབ་མོ་འདིའང་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་བཀའ་ཡི་བསྡུ་བ་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ལ་རྗེས་སུ་གདམས་པའོ༔ ས་མ་ཡ༔ མཚོ་རྒྱལ་བདག་གིས་ཉམས་སུ་བླངས༔ གུ་རུའི་བཀའ་བཞིན་མ་འོངས་སྐྱེ་མཐའ་སྦས་ཚུལ་པདྨའི་མིང་ཅན་འབྱུང་བར་གསུངས་པའི་དོན་དུ་ཨེ་གཟར་མོ་ལུང་གི་བྲག་བདེ་ཆེན་གསང་བ་ཕུག་ཏུ་བརྡ་ཡིག་རིགས་ལྔར་བྲིས་ཏེ་ལས་ཅན་མ་དང་འཕྲད་པའི་སྨོན་ལམ་དང་བཅས་གཏེར་དུ་སྦས༔ གཏེར་བདག་དུར་ཁྲོད་ཀྱི་མ་མོ་དྲག་ཤུལ་ཅན་སྤྱང་ཞོན་མཆེད་གསུམ་ལ་བཅོལ་ལོ༔ གསང་བ་ཆེན་པོའི་དབང་བསྐུར་སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཨེ་གཟར་མོ་ལུང་གི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་བ་ཕུག་ཏུ་མཚོ་རྒྱལ་གྱི་རྣམ་འཕྲུལ་རང་གྲོལ་གྱི་རྣལ་འབྱོར་མ་ཇོ་མོ་སྨན་མོའམ། མཚན་དངོས་པདྨ་མཚོ་སྐྱིད་དུ་གྲགས་པ་ལ་མཁའ་འགྲོ་རྡོ་རྗེ་ཕག་མོས་གཏེར་དཔེ་དངོས་སུ་གཏད་ཅིང་བྱིན་གྱིས་བརླབས། སྦས་ཚུལ་གྱིས་འགྲོ་དོན་ཅི་རིགས་མཛད། ཐུགས་ཉམས་སུ་རྩེ་གཅིག་བཞེས་པ་ལ་བརྟེན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་གོ་འཕང་བརྙེས་པའི་ཟབ་ཆོས་ངོ་མཚར་ཅན་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ཡིན་ནོ། །རྨད་དུ་བྱུང་བའི་གསང་བ་ཆེན་པོ་འདི་ཉིད་རེ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་ཤིང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སྔོན་ཆོས་དབང་རིན་པོ་ཆེའི་གསང་གྲོགས་སུ་གྱུར་པའི་རྒྱུ་དང་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ཏེ་ཚིག་དོན་གྱི་བཀའ་བབས་ཤིང་། རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་པར་མཛད་པའི་ཡི་གེ་པ་ནི་སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གུས་པས་བགྱིས་པ་ཡེ་ཤེས་མཁའ་འགྲོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།
འབྱུང་བ་བཞིའི་འཇིགས་པ་སྲུང་བའི་མན་ངག་ (Volume 44, Text 68)
༄༅། །འབྱུང་བ་བཞིའི་འཇིགས་པ་སྲུང་བའི་མན་ངག་བཞུགས་སོ། ། ན་མོ་གུ་རུ། ས་གཡོ་བའི་འཇིགས་པ་སྲུང་བའི་ཙཀྲ་ནི། མ་ཧཱ་གུ་རུ་ཆེན་པོ་ཡིས༔ མངའ་བདག་རྒྱལ་པོར་བཀའ་བསྩལ་པ༔ སྤྱིར་ནི་མ་འོངས་སྙིགས་མའི་དུས༔ ནད་མཚོན་མུ་གེ་མེ་ཆུ་ཐོག༔ རི་རུད་གངས་རྡིབ་ཤྭ་འུད་སོགས༔ ཕྱི་ནང་འཇིགས་པ་མང་པོ་འབྱུང༔ ཁྱད་པར་བོད་ཀྱི་ཡུལ་འདི་རུ༔ དེ་བཞིན་གཤེགས་པས་ཞབས་མ་བཅག༔ རྡོ་རྗེའི་ས་གཞི་མེད་པ་དང༔ ལྷ་སྲིན་སྡིག་པ་མང་བའི་རྒྱུས༔ སྐབས་སུ་ས་གཡོས་ཁོལ་བུ་འབྱུང༔ གཤིན་རྗེ་ནག་པོས་ཁ་གདངས་ལྟར༔ འཇིགས་པ་ཆེན་པོ་ཡ་རེ་ང༔ དེ་ཚེ་སྲུང་བ་འདི་ཉིད་གཅེས༔ གྲོ་ག་འམ་ནི་ཤོག་བུ་ལ༔ འཁོར་ལོ་དཔེ་འུ་ཆུང་ལྟར་བྲི༔ ཁྲོ་རྒྱལ་མི་གཡོ་མགོན་པོར་བསྐྱེད༔ རང་སྔགས་བརྒྱ་སྟོང་ཁྲི་འབུམ་བཟླ༔ མེ་འོད་དུ་བ་འཐུལ་བ་འམ༔ རྨི་ལམ་བཟང་པོའི་རྟགས་བྱུང་ན༔ འཁོར་ལོ་དྲིལ་ཏེ་སྐུད་པས་དཀྲི༔ གནས་ཆེན་བྱིན་ཅན་མང་པོ་ཡི༔ ས་སྣ་ཆུ་སྣ་འདུས་པ་ལས༔ སཱཙྪ་སེར་པོ་བཞེངས་པའི་ནང༔ རྟེན་འབྲེལ་རྫས་དང་ལྷན་ཅིག་གཞུག༔ གཙུག་ལག་ཁང་ངམ་རྒྱལ་པོའི་ཁབ༔ ཡུལ་དབུས་རི་རྩེ་མཐོན་པོ་རུ༔ གཏེར་གྱི་བུམ་པའི་ནང་དུ་སྦ༔ བཀྲ་ཤིས་མངའ་གསོལ་རྒྱས་པར་བྱ༔ ཡུལ་ཁམས་ས་གཡོས་འཇིགས་པ་དང༔ གཞན་ཡང་གཟའ་ཐོག་རྦབ་ལ་སོགས༔ གློ་བུར་འཇིགས་པ་ཐམས་ཅད་སྲུང༔ གང་ཟག་རེ་རེ་སྲུང་བ་ནི༔ འཁོར་ལོ་མགུལ་དུ་གདགས་ཀྱང་རུང༔ རྫས་ནི་བདེ་གཤེགས་འཕེལ་གདུང་དང༔ གནས་རྟེན་བྱིན་རླབས་ཅན་གྱི་ས༔ རིན་ཆེན་སྣ་ལྔ་ཕ་ལམ་རིགས༔ ཡུངས་དཀར་ཤུ་དག་གི་ཝཾ་བཅས༔ འཁོར་ལོར་བྱུག་ཅིང་ལྟེ་བར་གཞུག༔ ཅེས་གསུངས་སོ། །ཆོས་དབང་རིན་པོ་ཆེ་དང་ཀུན་སྐྱོང་གླིང་པའི་མཆོད་རྟེན་དཀར་པོའི་གཏེར་ཁ་གཉིས་ཁོག་མཚུངས་པར་འབྱུང་ངོ་། །དཔེ་རིས་ནི། རུས་སྦལ་སེར་པོའི་ལྟེ་བར་འཁོར་ལོ་མུ་ཁྱུད་གསུམ་པའི་དབུས་སུ་མི་གཡོ་བའི་སྐུའམ། རལ་གྲི་ཧཱུྃ་གིས་མཚན་པའི་མཐར། ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཅེས་དང་། བྷྲཱུྃ་བྷྲཱུྃ་བྷྲཱུྃ། བྷཱུ་མི་ཙ་ལ་སཏྭམྦྷ་ཡ་ཧཱུྃ་ལཾ་ནན། ཨ་པ་ར་ཙཀྲ་ཧྲི་ཏིཥྚཾ་བྷ་བ་རཀྵ་རཀྵ༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་འཁོར་ལོ་སེར་པོ་རྩིབས་དགུ་པ་ལ་མདུན་ནས་གཡས་སྐོར་དུ། ༡༽ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ། ཅེས་དང་། བྷྲཱུྃ་བྷྲཱུྃ་བྷྲཱུྃ། བྷཱུ་མི་སོགས། དེ་བཞིན་དུ། ༢༽བི་ཛ་ཡ་དང་། ཧ་ན་ཧ་ན། ༣༽ནཱི་ལ་དཎྜ་ ད་ཧ་ད་ཧ་ ༤༽ཡ་མཱནྟ་ཀ་ པ་ཙ་པ་ཙ་ ༥༽ཨཱརྱ་ཨ་ཙ་ལེ་ བྷནྡྷ་བྷནྡྷ་ ༦༽ཧ་ཡ་གྲཱི་བ་ ཧུ་ལུ་ཧུ་ལུ་ ༧༽ཨ་པ་རཱ་ཛི་ཏ་ ཏིཥྛ་ཏིཥྛ་ ༨༽ཨ་མྲྀཏ་ཀུཎྜ་ལཱི་ ཙྪིནྡྷ་ཙྪིནྡྷ་ ༩༽ཏྲེ་ལོཀྱ་བི་ཛ་ཡ་ བྷིནྡ་བྷིནྡ་ ༡༠༽མ་ཧཱ་བ་ལ་ སྥོ་ཊ་སྥོ་ཊ་ དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་རྟེན་སྙིང་སོགས་བརྟན་བཞུགས་ཀྱི་སྔགས་དང་། སྨོན་ལམ་བཀྲ་ཤིས། དེ་རྒྱབ་རྡོར་ར་དང་མེ་རི་འོ། །མི་གཡོ་བའི་སྐུ་ཞལ་གསུམ་ཕྱག་དྲུག་པའམ། ཞལ་གཅིག་ཕྱག་གཉིས་རལ་གྲི་དང་ཞགས་པ་འཛིན་པ་བྲི། སྐུ་མདོག་མཐིང་ནག །རྫས་ཀྱི་གཙོ་བོ་རྒྱ་གར་རྡོ་རྗེ་གདན་གྱི་ས་རྡོ་ཤིང་སོགས་རྙེད་ན་ལེགས། ༈ ས་གཡོ་བའི་འཇིགས་པ་བསྲུང་བ་ནི། སྔགས་འདི་ཤོག་བུ་ནར་མོ་ལ་བྲི། ཨ་གར་ནག་པོ་དང་། གི་ཝཾ་བྱུག །རབ་གནས་བྱ། མཚོན་ཁ་མི་སྟོན། གནས་ཁང་གི་ལྡེབ་ལ་སྦྱར། བསྲུང་བྱའི་མགུལ་དུ་གདགས་སོ། །སྔགས་ནི་འདིའོ། །ཨོཾ་ཨ་པ་ར་ཙཀྲ་ཧྲི་དི་སུ་ནེ་ཡེ་ཨ་པ་ན་ཡེ་གནས་ཁང་ངམ། འཆང་བ་པོ་ལ་ས་གཡོ་བའི་འཇིགས་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ། ཞེས་སོ། །རྗེ་དྭགས་པོའི་མན་ངག་ལས་བརྒྱུད་པ་ྀཨཚ། ༈ ཡང་ན་སཱཙྪ་སེར་པོ་ཞིག་གི་ནང་དུ། ཐུབ་པའི་གཟུངས་ཀྱི་ཤམ་བུར། ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ཨ་ནི་རུནྡྷ་ནི་རུནྡྷ་བྷཱུ་མི་ཙ་ལ་ཨུརྵྞ་མ་ཎི་སྭཱ་ཧཱ། ཞེས་བྲིས་པ་བཅུག །རབ་ཏུ་གནས། གནས་ཆེན་མང་པོའི་ས་སྣ་ཆུ་སྣ་སོགས་དང་བཅས་རྫའི་རུས་སྦལ་གྱི་ནང་དུ་ལག་ཚགས་དམ་པར་གཞུག །གནས་ཁང་སོགས་ཀྱི་ཤར་དུ་སྦས་པས་ས་གཡོ་ཐུབ། ཇོ་བོའི་མན་ངག་བཀའ་གདམས་པ་སྐོར་ཆེན་པོའི་ཕྱག་བཞེས་སོ། ༈ །ཆུའི་འཇིགས་པ་སྲུང་བ་ནི༔ རྒྱ་ཤོག་གཙང་མ་དམར་པོ་ལ༔ རྒྱ་སྣག་གི་ཝཾ་ཨ་ག་རུས༔ འཁོར་ལོ་རྩིབས་དྲུག་མུ་ཁྱུད་བཅས༔ ལྟེ་བར་བྷྲཱུྃ་ལ་སྔགས་འདིས་བསྐོར༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ སྤེལ་ཚིག་གང་འོས་རིགས་པས་དཔྱད༔ རྩིབས་དྲུག་སྔགས་ལ་ཤམ་བུ་གདགས༔ སྔགས་ནི༔ ཨོཾ་ཝཱ་གཱི་ཤྭ་རི་མུཾ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ༔ ཨོཾ་ཡ་མཱནྟ་ཧཱུྃ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་ཧཱུྃ་ཕཊ༔ ཤཾ་ནི༔ ཨོཾ་ཨཱཿཧཱུྃ༔ ཏདྱ་ཐཱ༔ ཐེ་ར་ཐེ་ར༔ ནོ་ར་ནོ་ར༔ ཨཻ་ཧོ་སྭཱ་ཧཱ༔ འཆང་བ་པོ་ལ་ཆུ་འདྲེའི་གནོད་པ་དང༔ ཆུའི་འཇིགས་པ་ཐམས་ཅད་རཀྵ་རཀྵ༔ ཞེས་སོ༔ དེ་རྒྱབ་དབྱངས་གསལ་རྟེན་སྙིང་དང༔ རྡོར་ར་མེ་རི་བཅས་པ་བྲི༔ རབ་གནས་བྱས་ལ་མགུལ་དུ་གདགས༔ རྒྱ་མཚོའི་རྦ་རླབས་འཁྲུགས་ཀྱང་ཉམ་མི་ང༔ གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའོ། ༈ །ཉའི་པགས་པ་ལ། ཨོཾ་ཨཱཿཧཱུྃ་ཡཾ་མ་ལ་ཧྲཱིཿན་སྭཱ་ཧཱ༔ སྟོང་བཟླས་རྐང་མཐིལ་དུ་བླན༔ རླུང་བཟུང་ནས་ཕྱིན་ན་ཆུའི་སྟེང་དུ་ས་ལ་འགྲོ་བ་བཞིན་ནུས་སོ། ༈ །སེང་ལྡེང་གི་བྱང་བུ་ལ། ཨོཾ་ཨཱཿཧཱུྃ་ན་མོ་རཏྣ་ཏྲ་ཡཱ་ཡ་བི་ཏྲི་ཡཾ་སྭཱ་ཧཱ༔ ཞེས་བྲིས་ཏེ་སྐེ་ལ་བཏགས་ན་ཆུས་ཁྱེར་མི་སྲིད་དོ༔ ཉང་གཏེར་རོ། ༈ །གནས་ཁང་ལ་མེའི་འཇིགས་པ་སྲུང་བ་ནི། ཆུ་ཤིང་གི་ཕུར་པ་སོར་བརྒྱད་པའི་རྒྱ་མདུད་དང་། ཆངས་ཟུང་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དབལ་ལ། ཨཿཡཿམཿདུཿརུཿཙཿཤཿནཿ ཞེས་བྲི། རབ་གནས་དང་མངའ་གསོལ་བྱ། ཡི་དམ་གང་ཡིན་གྱི་སྔགས་ཤམ་དུ། ཏྲི་ཧྲཱིང་ཛ༔ སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཡ་མ་རཱ་ཙ་དུ་ཏྲི་ཕུ་ཏྲི་མེ་ཁ་མེ་ཁུ་སྭཱ་ཧཱ༔ ཞེས་སྟོང་ཕྲག་སོགས་ཅི་མང་བཟླས་ལ་བསྔགས་ནས་བཙུགས་པས་མེའི་གནོད་པ་ཐམས་ཅད་སྲུང་ངོ་། །ལས་འཕྲོ་གླིང་པའི་གཏེར་མའོ། ༈ །ནགས་ཚལ་དང་ཁྱིམ་སོགས་མེས་འཚིག་པའི་དུས་སུ༔ བུལ་ཏོག་གི་ཆུ་ལ༔ ཨོཾ་ཨཱཿཧཱུྃ༔ མེ་ཁ་མེ་ཁུ༔ མེ་ཁ་ལ་ཕུ༔ ཚ་བ་མེའི་དབལ་སོད༔ གྲང་བ་ཆུའི་སྔོ་ལོངས༔ ཐོག་ཐོག་མེའི་དབལ་སོད༔ མེ་རི་དམར་པོ་སོད༔ ལྕགས་རི་སྔོན་པོ་སོད༔ མེ་དུ་སོད་སྭཱ་ཧཱ༔ ཞེས་བཟླས་ཤིང་གཏོར༔ ཞི་བར་འགྱུར་རོ༔ ཉང་གཏེར་རོ། ༈ །མེ་ཡི་འཇིགས་པ་སྲུང་བ་ནི༔ ཤོག་བུ་གྲུ་བཞི་དུག་ཁྲག་བྱུག༔ ཆུ་ཤེལ་སྣག་ཚྭས་སྔགས་འདི་བྲི༔ ཏདྱ་ཐཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨེ་ཀ་ཛཱ་ཊི་ཤཾ་ཀ་ར་ཤཾ་ཀ་ར༔ ཨགྣི་བྷཱ་ཡ་ཤཾ་ཀ་ར༔ ཙ་ར་ཙ་ར༔ ཙི་རི་ཙི་རི༔ བྷུ་རུ་བྷུ་རུ༔ བྷྲ་མ་ར་སཏྭམྦྷ་ཡ༔ བྷྲ་མ་ར་སཏྭམྦྷ་ཡ༔ ཛ་ལ་ནཾ༔ ཛ་ལ་ནཾ་སྭཱ་ཧཱ༔ ཞེས་བྲིས་སཱཙྪ་དཀར་པོར་བཅུག༔ ཆུ་ཤེལ་ལན་ཚྭ་ཆུ་ཤིང་སོགས༔ རྟེན་འབྲེལ་རྫས་དང་ལྷན་ཅིག་ཏུ༔ མེ་ལྷའི་ཕྱོགས་སུ་སྦས་པ་ཡིས༔ བསྐལ་པ་འཇིག་པའི་མེ་ཕུང་ཆེ༔ འབར་ཞིང་འཁྲུགས་ཀྱང་བསྲུང་བར་འགྱུར༔ ཞེས་གུ་རུ་ཚེ་བརྟན་རྒྱལ་མཚན་གྱི་གཏེར་མའོ། ༈ །རླུང་གནོན་ཟབ་པ་རིགས་གསུམ་བཞུགས་སོ། །ཡ་མཱ་རི་ན་མོ། ཟླ་གསང་ཆར་འབེབ་ཀྱི་ཉེར་མཁོ་རླུང་གནོན་གྱི་གདམས་པ་ནི། གྲོ་གའམ་ཤོག་བུ་ལ་ཤ་བ་ཡུ་མོ་ཉལ་བའི་སྟེང་དུ་རླུང་ལྷ་དུད་ཁ་ལག་གཡས་བ་དན་་་དྲིལ་ཞིང་བསྙལ་ནས་ཤ་བ་ཡུ་མོའི།རྣ་བ་གཡས་པའི་ཐད་དུ་ཐོགས་པ་་་གཡོན་རླུང་རྐྱལ་ལྟོགས་ཤིང་ཞོམ་པ་བསྡམས་པ་སྨད་ཅིང་བཟུང་བ།བྲིས་པའི་སྙིང་གར་ཡི་གེ་ཡཾ་གྱི་མཐར་རླུང་ལྷ་རླུང་དང་བཅས་པ་ནན་ནན་སཏྭམྦྷ་ཡ་རཀྵ་ཧཱུྃ། ཞེས་བྲི། དེ་མཐར་ཡི་གེ་ཡཾ་བརྒྱ་དང་བརྒྱད་བྲི། གཟུགས་ཀྱི་མཐར་མགོའི་ཐད་ནས། ཨོཾ་བྷ་ཡེ་བྷེ། ཨ་སྟཾ་ཨི་སྟཾ། བྷ་ཡུ་སཏྭམྦྷ་ཡ་ནན། རླུང་ལྷ་སཏྭམྦྷ་ཡ་ནན། བྷ་ཡེ་བྷེ། བྷནྡྷ་བྷནྡྷ། བྷནྡྷ་ཡ་བྷནྡྷ་ཡ། སཏྭམྦྷ་སཏྭམྦྷ། སཏྭམྦྷ་ཡ་སཏྭམྦྷ་ཡ། ཡཾ་ཡཾ་ནན། ཡཾ་ནན་ཡཾ་ནན། ཧཱུྃ་ཧཱུྃ། བྷ་ཡུ་སཏྭམྦྷ་ཡ་ཛ་ཛ་ནན་ནན་ཕཊ་ཕཊ། ཅེས་ཚར་གསུམ་བྲི། ལྟོ་བ་དང་གཟུགས་ཕྱིའི་སྔགས་རྣམས་མགོ་ཕྱི་བསྟན་དུ་བསྐོར། དེ་ལ་རླུང་ལྷ་དགུག་བསྟིམ་མང་དུ་བྱས་ལ། འདྲེ་ལྟེབ་བྱས་པ་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཅིང་། རྫའི་གྭའུ་སར་པ་ཁ་སྦྱོར་དུ་བཅུག །གྭའུའི་ནང་སཱཙྪ་ཞིག་པོའི་སས་བཀང་། གྭའུ་ཡང་ཚོན་སྐུད་ལྔས་རྒྱ་གྲམ་དུ་བཅིངས་པ་མཆོད་རྟེན་རབ་གནས་ཅན་གྱི་འོག་གམ། རང་གི་སྒྲུབ་ཁང་གི་ནུབ་བྱང་ངམ། ཆར་འབེབ་ཀྱི་འཕྲུལ་འཁོར་བཅས་པའི་ནུབ་བྱང་དུ་དོང་གྲུ་གསུམ་བྲུས་པའི་ནང་དུ་གཡམ་སྒྲོམ་བྱས་པར་བཅུག །གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་དང་རི་རབ་གླིང་བཞི་གླིང་ཕྲན་བཅུ་གཉིས་བྲིས་པས་དོང་ཁ་དགབ། དེའི་སྟེང་དུ་ཐོ་བརྩིགས་པའི་ཁར་སཱཙྪ་རབ་གནས་ཅན་བཞག །རི་རབ་ཀྱི་འོག་ཏུ་རླུང་ལྷ་རླུང་དང་བཅས་པ་མནན་པར་བསམ། དོང་ནང་དུ་གྭའུའི་མཐའ་ཡང་སཱཙྪས་བསྐོར་ལ་བཞག་དགོས། དེ་ལྟར་བཅས་ཟིན་ནས། ཨོཾ་ཡ་མཱནྟ་ཀ་ཆར་ཡ་ཆུར་ཡ་བྷ་ཡུ་སཏྭམྦྷ་ཡ་ནན། ཞེས་སྟོང་ཕྲག་ཡན་ཆད་བཟླ། ས་སེར་པོ་ལ་སྔགས་དེ་ཉིད་བཏབ་ལ་རླུང་ལྷའི་གཟུགས་ལ་བྲབ་ཅིང་རླུང་ཡོང་ངོས་སུ་ཡང་གཏོར། གལ་ཏེ་རླུང་ཆེ་ཞིང་ནོན་དཀའ་ན་ཕྱོགས་བཞིར་གོང་གི་མནན་པ་དེ་འདྲ་བ་བཞི་བྱས་ན་མི་ནོན་པ་མི་སྲིད་དོ། །མནན་པ་མ་བཏོན་བར་རླུང་ལྡང་བར་མི་འགྱུར་རོ། །ཆར་ཕེབས་ཟིན་ནས་མནན་པ་དབྱུང་བ་ཤིན་ཏུ་གལ་ཆེའོ། ༈ །ཡང་ཆར་པ་རླུང་གིས་འབབ་ཏུ་མི་སྟེར་ན། ཁྱི་དཀར་སྣ་དམར་གྱི་ཐོད་པའི་དཔྲལ་བར་རྡོ་རྗེ་རྒྱ་གྲམ་བྲི། དེའི་ལྟེ་བར། ཨོཾ་ཧུར་ཡ་ཧུར་ཡ་རླུང་ལྟར་ནན། ཞེས་བྲི། དེ་ལ་རླུང་ཐམས་ཅད་བཀུག་ལ། སྔགས་དེ་ཉིད་སྟོང་ཕྲག་གསུམ་ཡན་ཆོད་བཟླས་ལ་བཏབ། ཐོད་པ་དེ་ཉིད་འཕྲུལ་འཁོར་བསྐོར་སའི་ཆུ་མིག་གི་ནུབ་བྱང་མཚམས་སུ་ཆུ་མིག་ནས་འདོམ་གང་བཅལ་བའི་སར་དོང་ཁྲུ་གང་བྲུས་པའི་ནང་དུ་ཐོད་པའི་ཁ་མཚུལ་ཆུ་མིག་ཕྱོགས་སུ་བསྟན་ལ་མནན། འདིས་ནི་ངེས་པར་རླུང་ནོན་པར་འགྱུར་ཏེ་ཤིན་ཏུ་ཟབ་ཅིང་ཡིད་ཆེས་མོད། ཅུང་ཟད་གཉན་ཅིང་རྩུབ་པར་འདུག་ཅེས་གྲགས་སོ། །ཆར་ཕེབས་ནས་ཁྱི་ཐོད་དབྱུང་། རི་མོ་ཆུས་བཀྲུའོ། ༈ །ཡང་རླུང་གནོན་བདེ་མགྱོགས་ནི། དར་ལྗང་གུ་ཉིས་གུག་བྱས་པར་རྡོ་རྗེའི་མདུད་པ་བོར་ལ་དེ་ལ་རླུང་ལྷ་དགུག་བསྟིམ་བྱ། ཨོཾ་ཆར་ཡ་ཆུར་ལ་རླུང་གི་སྟོབས་སཏྭམྦྷ་ཡ་ནན། ཞེས་མང་དུ་བཟླས་ལ་དར་མདུད་ལ་བཏབ། ས་སེར་ལ་ཡང་སྔགས་དེ་ཉིད་བཏབ། རླུང་ཡོང་ངོས་སུ་དར་མདུད་བརྡབ་ཅིང་ས་སེར་གཏོར། དར་མདུད་སྦར་སྦུག་ཏུ་བཅང་། གཡམ་པ་ལ་རི་རབ་བང་རིམ་བཞི་བརྩེགས་ལ་ཡཾ་ནན་བྱ་བ་བཞི་བྲིས་ལ་ནུབ་བྱང་དུ་ཁ་བསྟན། ཤོག་བུ་ལ་རླུང་ལྷ་ཤ་བ་ལ་ཞོན་པའི་སྙིང་གར་ཡཾ་གྱི་མཐར་རླུང་ལྷ་རླུང་དང་བཅས་པ་ཁུག་ཛཿ སཏྭམྦྷ་ཡ་ནན་བྱ་བས་བསྐོར་བར་དགུག་བསྟིམ་མང་དུ་བྱས་ལ་ལྷྭམ་གཡས་པའི་ནང་དུ་ཁ་སྦུབ་ཏུ་བཅུག་ལ་ལྷྭམ་གྱོན། རླུང་བྱུང་དུས་རྐང་པ་གཡས་ས་ལ་བརྡབ་ཅིང་དམོད་པ་འབོར། ཆར་འབེབ་ཟིན་ནས་ལིང་ག་དབྱུང་ཞིང་དར་མདུད་བཀྲོལ། རི་རབ་བསྡུའོ། །དེས་ཀྱང་རླུང་ནོན་པར་འགྱུར་རོ། །དེ་ལྟར་རླུང་གནོན་གོང་མ་གཉིས་ནི་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་མན་ངག་ཡིན། ཕྱི་མ་ནི་རྗེ་བཙུན་དམ་པ་རཏྣའི་་་འབྲི་གུང་རིན་ཆེན་ཕུན་ཚོགས།ཞལ་གྱི་གདམས་པ་སྟེ། འོན་ཀྱང་ཟབ་པར་མཐོང་ནས་ཟླ་གསང་ཆར་འབེབ་ཀྱི་ཉེར་མཁོར་སྦྱར་བ་ལ་འགལ་བ་མེད་དམ་སྙམས་ནས་་་འབྲི་གུང་ཆོས་གྲགས།བྲིས་པ་ཡིན་ནོ། །ྀཨཚ། མངྒ་ལཾ།། །།
ཀུན་བཟང་དགོངས་པ་ཀུན་འདུས་ལས༔ དཔལ་རི་ཁྲོད་མའི་སྒྲུབ་ཐབས་ཉོན་མོངས་ནད་འཇོམས་ (Volume 45, Text 68)
༁ྭྃ༁ྭྃ༔ ཀུན་བཟང་དགོངས་པ་ཀུན་འདུས་ལས༔ དཔལ་རི་ཁྲོད་མའི་སྒྲུབ་ཐབས་ཉོན་མོངས་ནད་འཇོམས་བཞུགས་སོ༔ ྈྈྈྈྈྈྈྈྈྈྈྈྈྈ ཨུ་རྒྱན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྐལ་ལྡན་མངོན་སུམ་ཉམས་ལེན་བུ༔ སྒྲུབ་པ་མཐའ་རུ་མ་ཐོན་བར༔ ནད་ཀྱི་བར་ཆད་འབྱུང་སྲིད་པས༔ སྲུང་དང་ཟློག་པའི་ཐབས་འདི་བསྟན༔ དེ་ལ་སྔོན་འགྲོ་དངོས་རྗེས་གསུམ༔ དང་པོ་སྔོན་འགྲོ་བྱ་བ་ནི༔ དབེན་ཞིང་ཡིད་དུ་འོང་བའི་ཕྱོགས༔ ཟླ་སྟོད་ཚེས་གྲངས་བཟང་པོ་ལ༔ མཎྜལ་བའི།་་་ལྕི་བས་རྐྱང་ནུལ་བྱ༔ མེ་ཏོག་མཛེས་པར་བཀོད་པའི་དབུས༔ བུམ་པ་མཚན་དང་ལྡན་པ་གཅིག༔ ཁྲུས་བྱས་གུ་གུལ་དུད་པས་བདུག༔ དྲི་ཞིམ་སྨན་ལྔ་འབྲུ་སྣ་ལྔ༔ སྙིང་པོ་ལྔ་དང་རཏྣ་ལྔ༔ ཁྱད་པར་སྨན་སྣ་མང་པོའི་ཆུས༔ མཚན་ལྡན་བུམ་པ་བཀང་བྱས་ལ༔ དར་རས་གཙང་མས་མགུལ་ཆིངས་བྱ༔ མེ་ཏོག་ཅན་གྱི་ཤིང་སྣ་ཡིས༔ ཁ་རྒྱན་བྱས་ལ་བཞག་པ་འོ༔ མཐའ་མར་མཆོད་ཡོན་གང་འབྱོར་བཤམ༔ བདག་ནི་ཁྲུས་བྱ་གོས་གསར་གོན༔ ཚངས་སྤྱོད་ལྡན་པ་བདེ་སྟན་འདུག༔ ཁམས་གསུམ་སེམས་ཅན་ཐམས་ཅད་རྣམས༔ ནད་འཇོམས་ལྷ་ཡི་གོ་འཕང་ཐོབ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ནད་དང་གནོད་པ་ཞི་བསམ་པའི༔ སེམས་བསྐྱེད་རྒྱ་ཆེན་ལྡན་པར་བྱ༔ བླ་མ་ཀུན་བཟང་རྡོར་སེམས་དང༔ དགའ་རབ་ཨོ་རྒྱན་སྤྱི་གཙུག་ཏུ༔ ཐོར་ཅོག་བརྩེགས་པའི་ཚུལ་དུ་བསྒོམ༔ ཡན་ལག་བཅུ་པ་ཚར་གཅིག་འབུལ༔ དེ་ནས་བསོད་ནམས་ཚོགས་གསག་བྱ༔ བླ་མ་ལྷ་ཚོགས་རང་ལ་ཐིམ༔ གཞན་ཡང་ཐམས་ཅད་མི་དམིགས་པར༔ སྟོང་པ་ཉིད་ཀྱི་ངང་དུ་འཇོག༔ ཡེ་ཤེས་ཀྱི་ཡང་ཚོགས་ཀྱི་བགོས༔ དེ་ནས་དངོས་གཞི་སྟོང་ཉིད་ངང༔ པདྨ་ཟླ་བའི་གདན་སྟེངས་སུ༔ རང་གི་རྣམ་པར་ཤེས་པ་དེ༔ ཡི་གེ་བཾ་ལྗང་ཤར་བ་ལས༔ རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མ༔ སྐུ་མདོག་དཀར་ལྗང་ཞལ་གསུམ་ཕྱག་དྲུག་མ༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ ཅུང་ཟད་ཁྲོ་ཞིང་བཞད་པའི་ཞལ༔ སྤྱན་གསུམ་དབུ་སྐྲ་གྱེན་དུ་བརྫེས༔ གཡས་གསུམ་རྡོ་རྗེ་དགྲ་སཏྭ་མདའ༔ གཡོན་གསུམ་སྡིགས་མཛུབ་ཞགས་པ་ཤིང༔ དཔག་བསམ་ཤིང་ལོ་རས་དཀར་གྱི༔ ན་བཟའ་སྐུ་སྟོད་གསོལ་བ་དང༔ ཕྱག་ཞབས་རིན་པོ་ཆེ་དང་ནི༔ ཤིང་གི་འབྲས་བུའི་ཕྲེང་བས་བརྒྱན༔ གསུས་པ་འཕྱང་ཞིང་སྐུ་སྨད་ལ༔ སྟག་གི་པགས་པའི་ཤམ་ཐབས་གསོལ༔ ཞབས་བཞི་བགྲད་པ་ཉོན་མོངས་དང༔ བདུད་བཞིའི་སྟེང་ན་མནན་པ་འོ༔ སྐུ་ལས་བསྐལ་པའི་མེ་དཔུང་འབར༔ དེ་ལྟར་གསལ་བཏབ་བསྒོམ་པར་བྱ༔ དེ་ཡི་ཐུགས་ཀར་ཟླ་བའི་སྟེང༔ ས་བོན་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་ཟེར་ཕར་འཕྲོས་པས༔ འཕགས་པ་ཐམས་ཅད་མཆོད་པར་བྱ༔ སྐུ་གསུང་ཐུགས་མཉེས་དངོས་གྲུབ་ནི༔ ཚུར་འདུས་རང་ལ་ཐིམ་པར་བསྒོམ༔ འོད་ཟེར་ཕར་འཕྲོས་སེམས་ཅན་གྱི༔ ལས་སྒྲིབ་ཐམས་ཅད་བྱང་བྱས་ནས༔ དག་པ་ཤེས་རྒྱུད་ཚུར་འདུས་ཏེ༔ རང་གི་སྤྱི་གཙུག་བླ་མ་བཞུགས་པ་རྣམས༔ གཟི་བརྗིད་འོད་འབར་སྐུ་རུ་བསྒོམ༔ འདོད་ཡོན་ལྷ་མོ་བཞི་ཡིས་ཀྱང༔ ཕྱོགས་ནས་པཱུ་ཙ་འབུལ་བར་བསམ༔ དེ་ནས་ངག་བསྙེན་བསྙེན་པ་བྱ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་ཨུ་པ་པྲ་ཤ་མ་ནི་སྭཱ་ཧཱ༔ ཞེས་པས་བུམ་པར་ལྷར་བསྒོམས་ལ༔ རླུང་ནི་ཕར་འགྲོ་སྔགས་སྒྲ་བཅས༔ བུམ་པའི་ལྷ་ཡི་ཐུགས་ཁར་སོང༔ འོད་དུ་འབར་ཞིང་གྲགས་པར་གྱུར༔ ཚུར་བྱུང་རང་གི་ཐུགས་ཁ་རུ༔ འོད་དུ་འབར་ཞིང་གྲགས་པར་བསྒོམ༔ བསྙེན་པ་འབུམ་ཚོ་ལྔ་བཟླ་འོ༔ བཟླས་པ་ལ་ནི་སྐྱོ་བའི་དུས༔ རྫོགས་རིམ་གསལ་སྟོང་འཛིན་མེད་དུ༔ ཆོས་ཉིད་སྤྲོས་བྲལ་ངང་དུ་བཞག༔ དེ་ལྟར་ཉམས་སུ་བླངས་པས་ན༔ ནད་འཇོམས་ཏིང་འཛིན་འགྲུབ་པའི་རྟགས༔ ལུང་པ་མེས་བསྲེགས་ཁྲུས་བྱས་པ༔ རང་གི་ལུས་ལ་མེ་འབར་རྨི༔ དངོས་སུ་ཉིད་དང་སྨན་རྣམས་ནི༔ དྲི་བཟང་པོ་ཡི་ངར་ལུད་འབྱུང༔ ཧཱུྃ༔ ཆོས་ཉིད་དབྱིངས་ལས་རང་བྱུང་སྐུ༔ དཔལ་ལྡན་རི་ཁྲོད་ལོ་མ་ཅན༔ ཞལ་གསུམ་ཕྱག་དྲུག་འགྱིང་བག་ལྡན༔ ཤིང་ལོ་སྟག་རས་ན་བཟའ་གསོལ༔ བདུད་བཞི་བརྫི་ཞིང་ཁྲོ་ཚུལ་སྟོན༔ རིན་ཆེན་རྒྱན་ལྡན་ཕྱག་མཚན་ཐོགས༔ ཉོན་མོངས་ནད་རྣམས་འཇོམས་མཛད་པའི༔ ཞི་མཛད་ལྷ་མོ་ཁྱོད་ལ་བསྟོད༔ ཅེས་ནི་བསྟོད་པ་གསོལ་འདེབས་བྱ༔ སྔགས་ཀྱང་བརྒྱ་རྩ་བརྒྱད་བཟླས་པས༔ བུམ་པའི་ལྷ་ཚོགས་བདུད་རྩི་ཡི༔ སྨན་གྱི་ངོ་བོར་ཞུ་བར་བསམ༔ རང་ངམ་ནད་པ་ལ་སོགས་པའི༔ སྤྱི་བོར་བཞག་ལ་འདི་སྐད་དོ༔ ཧཱུྃ༔ བཀྲ་ཤིས་རིན་ཆེན་བུམ་པ་སྟེ༔ ཉོན་མོངས་ནད་འཇོམས་བདུད་རྩི་སྨན༔ ཁྱོད་ལ་དབང་བསྐུར་ཁྲུས་གསོལ་བས༔ ཉོན་མོངས་ནད་ལས་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་བ་རཱི་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ནི་དབང་བསྐུར་ཁྲུས་བྱ་བཏུང༔ གཞན་ཡང་ཆུ་དེ་ཁང་པ་དང༔ ར་བའི་ཕྱུགས་སོགས་ཐམས་ཅད་ལ༔ གཏོར་བས་ནད་གདོན་རྒྱུན་ཆད་འགྱུར༔ རྗེས་ནི་བསྔོ་བ་སྨོན་ལམ་བྱ༔ ཆོས་ཉིད་ངང་ལ་བསྒོམ་བཟླས་བྱ༔ བླ་མ་རྣམས་ལ་མོས་གུས་དང༔ འགྲོ་ལ་སྙིང་རྗེ་ཟུང་འཇུག་དང༔ གདམས་པ་འདི་ཉིད་ཉམས་སུ་བླང༔ ནད་རིགས་བཞི་བརྒྱ་རྩ་བཞི་དང༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ གློ་བུར་ཡེ་འདྲོག་བར་ཆད་ཟློག༔ ཁྱད་པར་འགྲོ་བའི་ནད་མི་ཚུགས༔ ཉམས་སུ་བླངས་པའི་ས་ཕྱོགས་སུ༔ མི་ནད་ཕྱུགས་ནད་རྒྱུན་ཆད་འགྱུར༔ དམ་ཚིག་ལྡན་པའི་གང་ཟག་ནི༔ མཐར་ཐུག་བདེ་བ་ཆེན་པོར་སྐྱེ༔ ཨེ་མ༔ ཉོན་མོངས་ནད་འཇོམས་སྲུང་བ་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་འགྲོ་ལ་ཕན་དོན་དུ༔ སྒྲུབ་ཐབས་རྒྱུད་དུ་ཁོལ་དུ་ཕྱུང༔ སུ་ལའང་མ་སྤེལ་གཏེར་དུ་སྦོས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དཔལ་རི་ཁྲོད་མའི་སྒྲུབ་ཐབས་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈྈྈྈྈ ཐཐ་མྀཨཚ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ སྦས་རྒྱ༔ པད་གླིང་གཏེར་མའོ།། །།
རྩ་གསུམ་ཚེའི་ཟབ་པ་ལས། བླ་མ་དྲག་པོ་བཀའ་བརྒྱད་འདུས་པའི་དབང་བསྐུར་གྱི་ཆོག་ཁྲིགས་རྡོ་རྗེའི་མྱུ་གུ་ (Volume 13, Text 68)
༄༅། །རྩ་གསུམ་ཚེའི་ཟབ་པ་ལས། བླ་མ་དྲག་པོ་བཀའ་བརྒྱད་འདུས་པའི་དབང་བསྐུར་གྱི་ཆོག་ཁྲིགས་རྡོ་རྗེའི་མྱུ་གུ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། ཡེ་ཤེས་ཀློང་དགུའི་ཕྱག་རྒྱ་ནི། །བླ་མ་དཔལ་ཆེན་ཧེ་རུ་ཀར། །བཏུད་ནས་དེ་ཡི་སྨིན་བྱེད་ཀྱི། །ཆོ་ག་རྡོ་རྗེའི་མྱུ་གུ་བསྐྲུན། །འདི་ལ་བཞི། བསྒྲུབ་པའི་གཞི་ལྷག་པ་གཟུགས་བརྙན་ཀྱི་དཀྱིལ་འཁོར་འདུ་བྱ་བ། སྒྲུབ་བྱེད་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་ཞིང་བསྙེན་པ། བསྒྲུབས་པའི་འབྲས་བུ་སློབ་མ་འཇུག་ཅིང་སྨིན་པ། སྒྲུབ་པ་མཐར་ཕྱིན་པ་རྗེས་ཀྱི་བྱ་བའོ། །དང་པོ་ནི། གནས་དབེན་ཞིང་བྱིན་རླབས་ཀྱི་ཟིལ་དང་ལྡན་པ། གཞི་མ་དུལ་བ་ཡིན་ན་ཧེ་རུ་ཀ་ཡི་སྙེམས་པས་གཞི་བདག་ལ་གཏོར་མ་སྦྱིན་ཞིང་བསླང་བ་སོགས་སྔོན་དུ་འགྲོ་བས། གྲུབ་ན་གཞུང་རྩ་བ་ལས། སྦྱོར་བ་རྩུབ་པའི་གནས་དག་ཏུ༔ དྲག་པོའི་ས་ལ་སྟེགས་བུ་བཅའ༔ ཁྲག་དང་ཆང་གིས་ཆག་ཆག་གདབ༔ ཐིག་ནི་བཅུ་དྲུག་དབྱེ་བ་ཡི༔ ལྟེ་བ་མཐིང་ནག་རྩིབས་བཞི་བྲི༔ ཕྱོགས་མཚམས་བརྒྱད་ལ་དེ་བཞིན་ནོ༔ དུར་ཁྲོད་རོལ་པའི་གཞལ་ཡས་ཁང༔ པད་རྭ་དུར་ཁྲོད་སྲུང་འཁོར་བྲི༔ ཞེས་པ་ལྟ་བུར་རྡུལ་ཚོན་གྱི་དཀྱིལ་འཁོར་མཚན་ཉིད་རྫོགས་པར་བཞེངས་པའམ། དེ་ལྟར་མ་གྲུབ་ན་རས་བྲིས་རབ་གནས་དང་ལྡན་པ་དགྲམ། གང་ལྟར་ཡང་དེའི་སྟེང་དུ། ཁྲི་འུ་དགུ་ལ་བུམ་པ་དགུ༔ བཅུད་ལྡན་ལྷ་ཡི་ཕྱག་རྒྱས་བརྒྱན༔ བཀའ་སྡོད་བུམ་པ་རིག་དབང་ལྔ༔ རྗེས་གནང་རྫས་དང་རིག་མ་སོགས༔ འོག་ཏུ་དགོས་པའི་ཡོ་བྱད་རྣམས༔ མ་ཚང་མེད་པར་རབ་བཤམས་ཏེ༔ དཀྱིལ་འཁོར་རྒྱན་གྱིས་རྣམ་པར་བརྒྱན༔ ཕྱི་ནང་གསང་བའི་མཆོད་པས་བསྐོར༔ དྲག་པོའི་རྒྱན་གྱིས་རྣམ་པར་བརྒྱན༔ སྦྱོར་བ་ཡོ་བྱད་བཤམས་པ་འོ༔ ཞེས་གསུངས་པ་ལྟར། དཀྱིལ་འཁོར་གྱི་དབུས་སུ་ལྡིང་ཁྲིའི་ཁར་བུམ་པ་བཅུད་སོ་ལྔ་དང་བཅས་པའི་དྲི་བཟང་གི་ཆུས་བཀང་བའི་ཁ་རྒྱན་གྱི་གསེབ་ཏུ་དཔལ་དགུ་སོ་སོའི་ཙཀ་ལི་བཙུགས་པ་དང་། བྱང་ཤར་དུ་བཀའ་སྡོད་ཀྱི་བུམ་པ། ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་རྡོལ་དྲིལ་བསྣོལ་མ། ཇི་ལྟར་འོས་པའི་གནས་རྣམས་སུ་རྗེས་གནང་གི་ཆས་ཙཀ་ལི་རྣམས་དང་། ཟོར། ལིང་ག །མེ་ཧོམ་བླུགས་གཟར་དང་བཅས་པ། ཞལ་ཟས་སྣ་ཚོགས་ཀྱིས་གཏམས་པའི་པད་གཞོང་། གཙོ་བུམ་གྱི་སྟེང་ངམ་གང་བདེར་གསང་རྫས་ཀྱི་ཐོད་པ་བདུད་རྩིས་གང་བའི་ཁར་མེ་ལོང་དང་ཤེལ་རྡོ། རིག་ཙཀ །ཚེ་གལ་རིལ་བུས་བསྐོར་བ། མཆོད་པའི་ཡོ་བྱད་སྨན་རག་གཏོར་གསུམ་དང་། བཀའ་གཏེར་སྲུང་མའི་གཏོར་མ། འོ་མ་དང་མངར་གསུམ་ཆུ་གཙང་ལ་སྦྱར་བའི་མཆོད་ཡོན་གྱིས་མཚོན་ཞི་མཆོད་གཡས་སྐོར། ཁྲག་གི་མཆོད་ཡོན་སོགས་དྲག་མཆོད་གཡོན་སྐོར། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ལས་བུམ་མེ་ཏོག་གི་སྣོད། ཉེ་ལོགས་ཅི་བདེར་ཚོགས་ཀྱི་ཡོ་བྱད་དང་། སྔོན་གཏོར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ནི། གཞུང་ལས། དངོས་གཞི་ཕྲིན་ལས་གཞུང་བསྲངས་ལ༔ ཚོགས་འཁོར་བསྒྲལ་བསྟབ་བཀའ་སྲུང་མཆོད༔ འོག་ནས་འབྱུང་བཞིན་དབང་བླངས་ལ༔ ཞེས་པས། འདི་ལ་བཞི། བདག་མདུན་དབྱེར་མེད་པའི་ཕྲིན་ལས་ཀྱི་གཞུང་བསྲང་བ། ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད་པ། རྡོ་རྗེའི་སྲུང་མ་མཆོད་པ། བདག་ཉིད་འཇུག་ཅིང་དབང་བླང་བའོ། །དང་པོ་ནི། བརྒྱུད་པའི་གསོལ་འདེབས་རྒྱས་བསྡུས་གང་རིགས་སྔོན་དུ་འགྲོ་བས། སྐྱབས་སེམས་ནས་མཆོད་པ་བྱིན་རླབས་ཡན་གཞུང་ལྟར་དང་། དངོས་གཞིར། བསྒྲུབ་གཞི་བདེ་གཤེགས་སྙིང་པོ་རང་བཞིན་རྣམ་དག་ཉིད་རྣམ་པ་ཐམས་ཅད་པར་ཤར་བས་མཁའ་ཁྱབ་ཀྱི་སྣོད་དང་བཅུད་དུ་སྣང་ཞིང་ཞེན་པ་ཐམས་ཅད་མཚན་མའི་སྒྲུབ་རྫས་ཀྱིས་མཚོན་ཏེ་ཆོ་ག་གསུམ་གྱིས་དམ་ཚིག་གི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་གསལ་བཏབ་པ་ལ། གཞི་གནས་ལྷུན་གྲུབ་ཀྱི་ཡེ་ཤེས་པ་བཅུག་སྟེ་རང་བྱུང་རང་ཤར་གྱི་མཆོད་བསྟོད། ཛཔ྄་ཀྱི་ཕྲིན་ལས་ལ་བསྐུལ་ཞིང་བཟླས་པ་བྱ་བའི་བར་མཐར་ཆགས་སུ་བཏང་རྗེས། བུམ་པ་རྣམས་ལ་དམིགས་ཏེ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་ལྷག་པར་གསལ་བར་བསམ། བདག་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་སྤྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡིས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་སྟེ་གཟུངས་ཐག་བཟུང་ནས་གཙོ་འཁོར་གྱི་སྔགས་དང་། དྲག་སྔགས་མེ་ཕུང་མའང་ཅུང་ཟད་རེ་བཟླ། ལས་བུམ་དུ་ཟབ་བདུན་སྤྱི་ལྟར་བདུད་རྩི་ཐལ་སྦྱོར་བསྐྱེད་བཟླས་བྱ། མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེ་དང་། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །སརྦ་པཉྩ་རཀྟ་བ་ལིནྟ་ཁཱ་ཧི། ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད། ཡིག་བརྒྱ་ལན་གསུམ། སྐབས་འདིར་གཞན་དུ་བུམ་ལྷ་འོད་ཞུ་གསུངས་ཀྱང་། འདིར་དབང་གི་དབང་ཚིག་ལ་བརྟགས་ན་འོད་ཞུ་མ་བྱས་ཀྱང་རུང་བར་སེམས། གཉིས་པ་ནི། ཚོགས་མཆོད་ལས་གཞུང་ལྟར་བསྒྲལ་བསྟབ་ཡན་དང་། གསུམ་པ་ནི། དམ་ཅན་སྤྱི་གཏོར། དྲེགས་པ་སྡེ་ལྔ། གཏེར་གཞི་བཅས་སྤྱི་ལྟར་བཏང་། དེའང་གཞུང་གི་ས་བཅད་ལྟར་ན་གོ་རིམ་འདི་བཞིན་དུ་ངེས་པ་ལས། གཞན་དེང་སང་གི་ཕྱག་བཞེས་ཡོངས་གྲགས་ལྟར་སྲུང་མ་མཆོད་པ་འདི་ཚོགས་ཀྱི་སྔོན་དུ་བགྱིས་ཀྱང་རུང་ངོ་། །བཞི་པ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དཔལ་ཆེན་པོའི་སྐུ་ལས་གཉིས་པ་ལོགས་སུ་བྱེ་བ་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས་ལ། ཁྲུས་དང་མཎྜལ་ནས་བརྩམ་མཇུག་གི་བྱ་བའི་བར་འཇུག་པ་དང་དབང་གི་དངོས་གཞི་རྣམས་བདག་ཉིད་འཇུག་པའི་ཚུལ་དུ་བླང་བའམ། བསྡུ་ན་སྔ་འགྱུར་གྱི་གསང་བ་སྤྱིའི་ལུགས་ལྟར་རིག་པའི་མེ་ཏོག་དོར་བས་ནུས་ལྡན་དུ་བྱའོ། །གསུམ་པ་ལ་གཉིས། སློབ་མ་དཀྱིལ་འཁོར་གྱི་ཁང་པར་འཇུག་པ་དང་། ཞུགས་པ་རྗེས་སུ་བཟུང་བའི་ཆོ་གའོ། དང་པོ་ནི། དད་པ་དང་། བརྩོན་འགྲུས་དང་། བརྟུལ་ཞུགས་ཀྱིས་ཁྱད་པར་དུ་བྱས་ཤིང་དམ་ཚིག་བསྲུང་བར་ནུས་པའི་སློབ་མ་རྣམས་ལས་ཀྱི་རྡོ་རྗེ་ཧེ་རུ་ཀའི་རྣམ་པས་དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་དུ་བདུད་རྩི་ཐལ་སྦྱོར་གྱི་སྔགས་ཆུས་ཁྲུས་བྱ། བགེགས་གཏོར་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གསུམ། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ཧཱུྃ༔ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ སོགས་ལས་བྱང་ལྟར་དང་། གུ་གུལ་ཡུང་ཐུན་རོལ་མོར་བཅས་པས་བགེགས་བསྐྲད། དེ་ནས། དཀྱིལ་འཁོར་གྱི་ཁང་པའི་སྒོ་ནང་ནས་རྡོ་རྗེ་གིང་ཆེན་དུ་བཏགས་པའི་སྒོ་བས་དྲི་བ་བྱས་པའི་མོས་པ་མཛོད། ཧོ༔ ཁྱེད་རྣམས་སུ་ཡིན་ཅི་ཞིག་བགྱི༔ ཧེ་རུ་ཀ་པའི་ཕོ་བྲང་འདི༔ ཕྱོགས་སུ་ཉེ་བར་མི་ནུས་པས༔ ཁྱེད་རྣམས་དོན་དུ་གཉེར་བ་དེ༔ འདོད་པ་གང་ཡིན་མྱུར་དུ་སྨྲོས༔ ཞེས་དྲིས་པའི་ལན་བཏབ་པར་མོས་པས་ཐལ་མོ་སྦྱར་ཏེ་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཡེ་ཤེས་ཕོ་བྲང་སྲུང་མཛད་པའི༔ སྒོ་བ་སྒོ་མ་བདག་ལ་དགོངས༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ བདག་ཉིད་མངོན་པར་ཞུགས་འདོད་པས༔ ཕོ་བྲང་དམ་པར་གཏང་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས་གནང་བ་སྦྱིན་ཞིང་དམ་ཚིག་བསྒྲག་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧོ༔ ཁྱེད་རྣམས་སྐལ་པ་ཤིན་ཏུ་བཟང༔ དད་པས་མྱུར་དུ་ཞུགས་པར་གྱིས༔ འོན་ཀྱང་དམ་ཚིག་འཕྲང་དམ་པས༔ བླ་མའི་བཀའ་བཞིན་ཉན་པར་འཚལ༔ ཧཱུྃ་ཧ་ཧ་ཧ༔ ཞེས་བརྗོད་ཅིང་སྒོ་དབྱེ་ཞིང་ནང་དུ་བཅུག་པར་གྱུར་པ་དང་ལྷན་ཅིག་ཏུ་རོལ་མོའི་སྒྲ་སྦྱར། གུ་གུལ་ཀྱིས་བདུག །ཡུངས་ཐུན་བྲབ་ཅིང་དྲག་སྔགས་མེ་ཕུང་བཟླ་བས་ཕྱི་འབྲང་གི་བགེགས་བསྐྲད། ཧཱུྃ༔ མི་བཟད་གཏུམ་པའི་འཕྲོ་འདུ་ལས༔ སོགས་ཀྱིས་མཚམས་བཅད། གཉིས་པ་ནི། མེ་ཏོག་བཀྱེ་བསྡུ་བྱར་གཞུག་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་བཀའ་བརྒྱད་འདུས་པའི་དབང་བསྐུར་གྱི་རིམ་པ་གསན་ལ་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལ་གསན་པར་ཞུ། དེའང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱང་། བསྡུ་ན་ཐེག་པ་དགུའམ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་སྟེ། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པ་འོ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པས་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོདདང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུ་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། དེ་ཡང་གངས་ཅན་གྱི་ལྗོངས་འདིར་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་ཏུ་བསྒྲིལ་བ་ལྟ་བུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན། དེ་ཡང་སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམ་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེའང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པའི་ངོ་བོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་རང་རྩལ་མ་འགགས་པའི་ཆོ་འཕྲུལ་ནང་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དཔལ་ཆེན་རྟ་མགྲིན་དབྱེར་མེད་པའི་བདག་ཉིད། ཕྱི་ལྟར་ན་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་རྣམ་རོལ་དུ་བསྟན་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད་པ་ལས། བྱེ་བྲག་ཛམྦུའི་གླིང་འདིར་ཐུབ་པའི་དབང་པོའི་རྒྱལ་ཚབ་ཏུ་དྷ་ན་ཀོ་ཤའི་རྒྱ་མཚོར་པད་སྡོང་ལས་སྐུ་འཁྲུངས་པའི་ཚུལ་བསྟན་ཏེ། རྒྱ་བོད་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་ཅིང་། ཁྱད་པར་བོད་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བས་ཤིན་ཏུ་ཟབ་པའི་གདམས་ངག་མཐའ་ཡས་པ་ཞིག་སྐལ་ལྡན་རྗེ་འབངས་རྣམས་ལ་བསྟན་ཅིང་། དེ་རྣམས་བོད་ཡུལ་སྟོད་སྨད་ཀུན་ཏུ་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པར་སྦས་ཏེ། ཇི་སྲིད་རྒྱལ་བ་བྱམས་པའི་བསྟན་པ་མ་བྱུང་གི་བར་དེ་སྲིད་དུ་གཏེར་ཆོས་དང་གཏེར་འབྱིན་རྒྱུན་མི་ཆད་པར་འབྱུང་བར་ལུང་གིས་བསྟན་པ་བཞིན་བསྟན་ཞབས་གཏེར་གྱིས་སྐྱོང་བ་མངོན་སུམ་དུ་གྲུབ་པ་ལས། འདིར་སྐབས་སུ་བབ་པ་ནི། བོད་དུ་མདོ་སྔགས་ཀྱི་བཤད་གྲྭ་སྒོམ་གྲྭ་ལེགས་པར་ཚུགས་པའི་རྗེས་ཐོག་ཏུ། ཨོ་རྒྱན་རིན་པོ་ཆེ་ལས་ཅན་དག་པའི་འཁོར་དང་བཅས་ཏེ་ཁམས་ཀྱི་སྟོད་སྨད་མཐའ་དག་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རློབ་པའི་སྐབས་སུ། ཁམས་ཕྱོགས་གནས་ཆེན་ཉེར་ལྔའི་ཡ་གྱལ་གསུང་གི་ཡོན་ཏན་གྱི་གནས་མཆོག་ནམ་མཁའ་མཛོད་དུ། གསང་སྔགས་ཕྱི་ནང་ཐམས་ཅད་ཡང་ཟབ་སྙིང་པོ་བཅུད་དུ་དྲིལ་བའི་གདམས་པ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྨིན་གྲོལ་ལས་རབ་འབྱམས་དང་བཅས་པ་གདམས་པ་དཔག་ཏུ་མེད་པ་གནང་། འཁོར་བཅས་ལོ་བདུན་དུ་སྒྲུབ་པ་མཛད་ཅིང་སོ་སོས་གྲུབ་པའི་རྟགས་ཁྱད་པར་ཅན་རེ་བསྟན་པའི་མཐར་ཕྱག་དཔེ་ཐམས་ཅད་ཤོག་བུ་རིགས་ལྔ་ལ་འཕྲུལ་གྱི་ཡི་གེར་བཏབ་སྟེ་གཏེར་གནས་བདུན་དུ་རྒྱས་བཏབ། རྩོད་དུས་སྙིགས་མ་སུམ་ཅུ་ཁ་རལ་གྱི་དུས་སུ་སྐྱེས་བུ་སོ་སོས་འདོན་པར་བཀའ་གཏད་སྨོན་ལམ་གྱིས་མཚམས་སྦྱར་པ་དུས་སུ་སོན་ཏེ། ལྷ་སྲས་འབྲིང་པོ་དམ་འཛིན་མུ་རུབ་བཙན་པོའི་རྣམ་པར་འཕྲུལ་པ་སྤྲུལ་པའི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པས། སྐུའི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རྒྱབ་ངོས་དམ་ཅན་བྲག་གི་གཡས་ཟུར་ནས་སྐལ་ལྡན་བདུན་གྱི་མཐོང་ལམ་དུ་གནམ་ལྕགས་ཀྱི་ཕུར་སྒྲོམ་ཁྲུ་གང་བ་ངོ་མཚར་བའི་ལྟས་དང་བཅས་སྤྱན་དྲངས་པ་ལས་བྱུང་བ་རྩ་བ་དང་། སྤྲུལ་པའི་གནས་མཆོག་ནམ་མཁའ་མཛོད་ནས་གུ་རུའི་སྐུ་ཚབ། དམ་རྫས་རོལ་པ་ཆེན་པོ་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་ཡན་ལག་མཐའ་རྒྱས་ཀྱི་སྐོར་བཅས་གུང་བསྡེབས་པས་། སྔོན་ཆད་ས་སྟེང་དུ་མ་བྱུང་བའི་དམ་ཆོས་ཟབ་པ་སྐོར་བདུན་དུ་གྲགས་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སྡེ་ཆེན་པོ་ལས། འདིར་སྐབས་སུ་བབས་པ་རྩ་གསུམ་ཚེའི་ཟབ་པའི་ཡན་ལག་མཐའ་རྒྱས་ཀྱི་ཆོས་སྡེ། རིགས་ཐམས་ཅད་ཀྱི་ཁྱབ་བྱེད། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད། ཀུན་བཟང་དཔལ་ཆེན་པོ་པདྨ་དྲག་པོ་གཙོ་བོར་གྱུར་པའི་བླ་མ་བཀའ་བརྒྱད་འདུས་པའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་གྲུབ་ནས། སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་ཆེན་པོར་འཇུག་པ་དང་། ཞུགས་ནས་དབང་བསྐུར་བ་གཉིས་སུ་ཡོད་པ་ལས། ཐོག་མར་ཐུན་མོང་གི་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་དུ༔ བདག་ཉིད་གཞུག་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ་སློབ་དཔོན་དཔལ་ཧེ་རུ་ཀས་མཁྱེན་བརྩེའི་སྒོ་ཕྱེ་ནས་བཀའི་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧོ༔ ཧེ་རུ་ཀ་ཡི་གྲོང་ཁྱེར་དུ༔ ཞུགས་པ་བསྐལ་པ་དུ་མར་མིན༔ དེ་བས་ཁྱོད་ཞུགས་དངོས་གྲུབ་ཐོབ༔ དམ་ཚིག་རིགས་རྣམས་ཐུབ་པར་གྱིས༔ ཞེས་པས་གནང་བ་བྱིན་ནས་ཆས་སུ་གཞུག་པའི་སླད་དུ་སྔོན་ཆད་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་གཡོགས་པའི་མོས་པ་མཛོད། ཨོཾ་ཙཀྵུཿབྷནྡྷ་ཝ་ར་མ་ཎ་ཡ་ཧཱུྃ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་གྱི་སླད་དུ་མཆོག་གི་མེ་ཏོག་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་ཝི་ར་ཧཱུྃ། ཞེས་མིག་དར་དང་མེ་ཏོག་སྦྱིན། དེ་ནས་ཐེག་པ་ཆེན་པོའི་ལམ་གྱི་གཞི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་མཐའ་སྐོར་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་བསམས་ལ། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་བླ་མ་ཧེ་རུ་ཀ་ཡེ་ཤེས་ཀློང་དགུའི་འབར་བའི་དཀྱིལ་འཁོར་དུ་ཞུགས་ནས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ་བླ་མ་རིག་འཛིན་སོགས་ལས་གཞུང་གི་སྐྱབས་སེམས་དང་། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་ནམ་མཁའ་གང་བར་གཤེགས་ཤིང་ཉི་ཟླ་པདྨའི་མཛེས་ཁྲིར་དགྱེས་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་སྤྲོ་བ། སྔར་བྱས་ཀྱི་སྡིག་ལྟུང་རྣམས་ལ་གནོང་འགྱོད་དྲག་པོས་བཤགས་ཤིང་སྡོམ་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་དེ་དག་དམིགས་མེད་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བྱང་ཆུབ་མཆོག་ཏུ་བསྔོ་བ་རྣམས་བགྱིད་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧཱུྃ་ཧྲཱི༔ བླ་མ་རིག་འཛིན་ཞེས་སོགས་ལས་གཞུང་ལྟར། དེ་ནས་དབང་བསྐུར་བ་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ཀྱང་འཛིན་པ་དམ་ཚིག་དང་སྡོམ་པ་ལ་རག་ལས་པས། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་སོགས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་རྣམས་ཡང་དག་པར་བླངས་ཤིང་བསྲུང་བར་བགྱི་སྙམ་པས་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་སྙིང་གར་འཆིང་བ་དང་བཅས་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧེ་རུ་ཀ་དཔལ་བླ་མ་དགོངས༔ བདེ་གཤེགས་རིགས་མཆོག་ཆེན་པོ་ཡི༔ སྐུ་ཡི་དམ་ཚིག་རྣམ་པ་གསུམ༔ བདེ་གཤེགས་གསུང་གི་དམ་ཚིག་གཉིས༔ གསང་བ་བཅུ་ལ་སོགས་པ་ཡི༔ རྩ་བའི་དམ་ཚིག་བདག་གིས་བསྲུང༔ ཉི་ཤུ་རྩ་ལྔ་ཡན་ལག་སོགས༔ དཔལ་ཆེན་བླ་མས་གང་བསྒོས་པ༔ སྲོག་གི་ཕྱིར་ཡང་མི་གཏང་བསྲུང༔ ཞེས་ཁས་བླངས་པ་ལས། སླར་ཡང་སློབ་དཔོན་གྱིས་དམ་ཚིག་གི་བསྒོ་བ་ལ་རྣམ་པ་གསུམ་ལས་ཐོག་མར་བླ་མ་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧོ༔ རིགས་ཀྱི་བུ་ཁྱོད་དེང་ཕྱིན་ནས༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱིས༔ ཧེ་རུ་ཀ་དཔལ་བལྟ་བར་གྱིས༔ ང་ལ་བརྙས་པ་མ་བྱེད་ཅིག༔ ཅེས་བརྗོད། རྡོ་རྗེ་ཕྲེང་བ་དང་བཅས་པ་སྤྱི་བོར་བཞག །དམ་ཚིག་བསྲུང་མ་བསྲུངས་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི་དམ་ཚིག་གི་མནའ་ཆུ་སྦྱིན་པར་བྱ་བ་ཡིན་ཏེ། ཧོ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་བསྲུངས་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཡེ་ཤེས་སྐྱེད་ཅིང་ལམ་སྣ་འདྲེན༔ མ་བསྲུང་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཞིང་དམྱལ་བར་ལྟུང༔ དེ་ཕྱིར་དམ་ཚིག་ཐུབ་པར་གྱིས༔ ས་མ་ཡ་བྷཀྵ་སི་ཧཱུྃ༔ ཞེས་ནང་མཆོད་དང་ལས་བུམ་གྱི་ཆུ་དུང་ཞལ་དུ་སྦྱར་བ་སྦྱིན། རྡོ་རྗེ་ཐེག་པའི་ཀུན་ཏུ་སྤྱོད་པ་གསང་བའི་སྒོ་ནས་དམ་ལ་བཞག་པ་ནི། ཧཱུྃ༔ འདི་ནི་གསང་བ་ཆེས་གསང་བ༔ བླ་མེད་ཡང་གསང་བྱིན་རླབས་ཏེ༔ དམ་ཚིག་ཉམས་ལ་སྨྲ་མི་བྱ༔ དབང་མ་ཐོབ་ལའང་དེ་བཞིན་ཏེ༔ མ་དད་པ་ལའང་མ་ཡིན་ནོ༔ གསང་བ་དམ་པ་ཐུབ་པར་གྱིས༔ ཁྱོད་ཀྱིས་སྙིང་ནས་བྲོ་བོར་ཅིག༔ ཅེས་གདམས་པ་ལ་ཁྱེད་རྣམས་ཀྱིས་ཀྱང་དོན་དེ་ལས་འདའ་བར་མི་བགྱིད་དོ་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། ཨི་དན་ན་ར་ཀན་བཛྲ་ས་མ་ཡ་ཏིཥྛནྟུ༔ དེ་ལྟར་དམ་ལ་བཞག་ནས། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་། ངག་གནད་རླུང་རྒྱུ་བ་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་བླ་མ་ལ་དཔལ་ཧེ་རུ་ཀ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་དུང་དུང་མཛད་པའི་རྐྱེན་གྱིས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག །མ་དག་པའི་ལུས་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་སྦྱངས་པའི་མོས་པ་མཛོད། ཨོཾ་མ་ཧཱ་ཤུནྱ་ཏཱ་སོགས། སྟོང་པའི་ངང་ལས་རང་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་དང་ཉི་མ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། སྐད་ཅིག་གིས་རླུང་སེམས་ཙམ་ལས་གྲུབ་པའི་དཔལ་ཧེ་རུ་ཀ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་ཀྱིས་རྡོ་རྗེ་ནམ་མཁར་འཕྱར་ཞིང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། གར་གྱི་ཉམས་དགུ་དང་ལྡན་ཅིང་ཉི་མ་འབུམ་གྱི་གཟི་འོད་ཅན། ཁྲོ་ཞིང་རྗེས་སུ་ཆགས་པའི་རྣམ་འགྱུར་མཆོག་ཏུ་རྒྱས་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཅིང་ཡུམ་རྡོ་རྗེ་ཁྲོས་མ་ནག་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་ཟུང་གྱད་ཆེན་པོའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུ་ཅན་དུ་ལམས་ཏེ་གསལ་བའི་ཐུགས་ཀར་ཉི་མ་དང་སྟེང་དུ་ཧཱུྃ་ཡིག་དམར་པོ་མར་མེ་ལྟར་གསལ་ཞིང་ཤིན་ཏུ་འབར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་བ། དེ་ལས་བདེ་བ་ཆེན་པོའི་འོད་ཟེར་ཕྱོགས་བཅུར་འབར་ཞིང་འཁྲུགས་པས། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཚོགས་ཐམས་ཅད་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་འཁོར་ལོའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ། སྙིང་ག་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཁྱད་པར་གྱི་རྫས་བདུག །ཞིང་གིས་གཡབ་དོར། རོལ་མོའི་སྒྲ་སྦྱར་ཞིང་སྙན་ཅིང་འགྱུར་བའི་དབྱངས་དང་བཅས། ཧཱུྃ་ཧྲཱི༔ འོག་མིན་དབྱིངས་ཀྱི་སོགས་ལས་གཞུང་གི་བྱིན་འབེབ་དང་། སྤྲོ་ན་རྩ་གསུམ་གྱི་བྱིན་འབེབ། ཧཱུྃ༔ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུའི་བླ་མ་གཤེགས་སུ་གསོལ༔ ཆོས་སྐུ་ཀུན་བཟང་གི་ངོ་བོར་བཞེངས༔ རྡོ་རྗེ་འཆང་གི་རྣམ་པར་བྱོན༔ དཔལ་གསང་བ་འདུས་པ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཡེ་ཤེས་ཉམས་རྟོགས་སྤེལ༔ དུས་ད་ལྟ་ཉིད་དུ་དབང་ཆེན་སྐུར༔ གནས་བདེ་བ་ཅན་དང་པོ་ཏ་ལ༔ ལོངས་སྐུའི་བླ་མ་གཤེགས་སུ་གསོལ༔ འོད་དཔག་མེད་ཀྱི་ངོ་བོར་བཞེངས༔ སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན༔ དཔལ་ཚེ་དཔག་མེད་པ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་དུ་ཚེ་དབང་སྐུར༔ གནས་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ༔ པདྨ་ཐོད་ཕྲེང་གི་ངོ་བོར་བཞེངས༔ རྩ་བའི་བླ་མའི་རྣམ་པར་བྱོན༔ རེ་ལྟོས་ཅན་རྣམས་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཡེ་ཤེས་ཉམས་རྟོགས་སྤེལ༔ དུས་ད་ལྟ་ཉིད་དུ་དབང་ཆེན་སྐུར༔ གནས་པདྨ་དབང་གི་དུར་ཁྲོད་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ དཔལ་ཞི་ཁྲོའི་ལྷ་ཚོགས་ངོ་བོར་བཞེངས༔ རྩ་བའི་ཡི་དམ་གྱི་རྣམ་པར་བྱོན༔ ལྷ་དབང་ཆེན་རྟ་མགྲིན་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ ལྷ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་དུ་དངོས་གྲུབ་སྩོལ༔ གནས་དག་པ་མཁའ་སྤྱོད་ཀྱི་གཞལ་ཡས་ནས༔ མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ ཡུམ་ཀུན་ཏུ་བཟང་མོའི་ངོ་བོར་བཞེངས༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་བྱོན༔ ཡུམ་རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ བདག་ཡིད་གདུང་བས་གསོལ་བ་འདེབས༔ མ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས༔ བུ་ཡི་ཚེ་སྲོག་བརྟན་པ་དང༔ དུས་ད་ལྟ་ཉིད་ནས་བར་ཆད་སོལ༔ ཞེས་བརྗོད་ཅིང་རྩ་བ་གསུམ་གྱི་རྩ་སྔགས་རྣམས་བཟླ། ཞེས་བརྗོད་པས་བྱིན་དབབ། དེ་ལྟར་དབབ་པས། སྐུ་ཕེབས་ནས་འཕར་ཞིང་གཡོ་བ། གསུང་ཕེབས་ནས་སྨྲ་ཞིང་དགོད་པ། ཐུགས་བབས་ནས་རང་བྱུང་གི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བ་སོགས་གང་བྱུང་བ་ཉིད་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་སྟེ། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་རིགས་བརྟག་པའི་སླད་དུ། མེ་ཏོག་འདོར་བར་གདམས་པ་ནི། ཧོ༔ ཧེ་རུ་ཀ་ཡི་ཕོ་བྲང་འདིར༔ དཔལ་ཆེན་པོ་རྣམས་དངོས་སུ་བཞུགས༔ ཁྱོད་ཀྱི་འབྲེལ་པ་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་ཕུལ༔ འབྲེལ་བ་གང་ཡོད་མཐོང་བར་འགྱུར༔ དེ་ཡང་འདི་ན་བླ་མ་རིག་འཛིན་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་རྒྱ་མཚོ་བཞུགས་པ་ཡིན་ཏེ། ངོ་བོ་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གང་འདུལ་སྒྱུ་འཕྲུལ་དྲ་བའི་རོལ་པར་ཤར་བ་ལས་ཐ་མི་དད་ཀྱང་། རྣམ་པ་རང་རང་གིས་སྔོན་ནས་འབྲེལ་བཞག་པའི་ལྷ་སོ་སོ་ལ་འབབ་པར་ཤོག་ཅིག་སྙམ་པས་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད། རྒྱུ་རིན་པོ་ཆེ་གསེར་ལས་གྲུབ་པར་མོས་ཏེ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དོར་བའི་མོས་པ་དང་བཅས་དངོས་སུ་ཚོམ་བུའི་དཀྱིལ་འཁོར་འདིར་དཀྱིལ་འཁོར་གཉིས་པ་ཤར་བ་ལ་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོ༔ ཧེ་རུ་ཀ་ཡི་ལྷ་ཚོགས་རྣམས༔ སོ་སོར་དབྱེ་རུ་མི་འཚལ་ཡང༔ ཡེ་ཤེས་སོ་སོར་སྣང་བ་ཡི༔ དཔལ་ཆེན་ཧེ་རུ་ཀ་དཔལ་དགུ༔ བདག་ནི་གང་དུ་འབྲེལ་བ་ཡི༔ དཔལ་ཆེན་པོ་ཡིས་རྗེས་སུ་ཟུངས༔ པུཥྤེ་པྲ་ཏཱིཙྪ་ཧོ༔ དེ་ལྟར་དོར་བ་ལ་བརྟེན་ནས། མེ་ཏོག་དབུས་སུ་བབས་ན་བླ་མ་རིག་འཛིན་དཔལ་ཆེན་པོའི་རིགས་ཏེ་བདེ་གཤེགས་འདུས་པ་རྩལ། ཤར་དུ་བབས་ན་ཡང་དག་ཐུགས་ཀྱི་རིགས་ཏེ་རྡོ་རྗེ་བཞད་པ་རྩལ། ཤར་ལྷོར་བབས་ན་འཇམ་དཔལ་སྐུ་ཡི་རིགས་ཏེ་ཟིལ་གནོན་རོལ་པ་རྩལ། ནུབ་ཏུ་བབས་ན་པདྨ་གསུང་གི་རིགས་ཏེ་དབང་ཆེན་དགྱེས་པ་རྩལ། བྱང་དུ་བབས་ན་ཕྲིན་ལས་ཕུར་པའི་རིགས་ཏེ་རྡོ་རྗེ་ཁྲོས་པ་རྩལ། ལྷོར་བབས་ན་སྲིད་པ་མ་མོའི་རིགས་ཏེ་མངོན་རྫོགས་གྲུབ་པ་རྩལ། ལྷོ་ནུབ་ཏུ་བབས་ན་དཔལ་ཆེན་རྩ་བའི་རིགས་ཏེ་ཆེ་མཆོག་འདུས་པ་རྩལ། ནུབ་བྱང་དུ་བབས་ན་འཇིག་རྟེན་མཆོད་བསྟོད་ཀྱི་རིགས་ཏེ་དྲེགས་པ་ཀུན་འདུལ་རྩལ། བྱང་ཤར་དུ་བབས་ན་མངོན་སྤྱོད་དམོད་པའི་རིགས་ཏེ་སྟོབས་ལྡན་རོལ་པ་རྩལ་ཞེས་སོགས་གསང་བའི་མཚན་བྱིན་པས་མ་བརྗེད་པར་ཟུངས་ཤིག །ཅེས་གདམས། དེ་བརྟན་པར་བྱ་བའི་སླད་དུ་མེ་ཏོག་གི་ཕྲེང་བ་སླར་ཡང་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་ཕུལ་བ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་སྟེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ མིག་དབྱེ་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ རང་རིག་རྒྱལ་པོ་ཧེ་རུ་ཀ༔ བདག་ནི་མ་རིག་འཐིབས་པོས་བསྒྲིབས༔ རབ་རིབ་དཔལ་ཆེན་ཁྱོད་ཀྱིས་སོལ༔ ཡེ་ཤེས་མཆོག་ནི་མཐོང་བར་མཛོད༔ ཅེས་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་བར་མོས་མཛོད། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས༔ མིག་འབྱེད་པར་ནི་བརྩོན་པར་མཛད། ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ༔ ཡེ་ཤེས་མིག་ནི་བླ་ན་མེད༔ ཨོཾ་ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ དེ་ལྟར་མ་རིག་པའི་ལིང་ཏོག་བསལ་ནས་རིག་པ་ཡེ་ཤེས་ཀྱི་སྤྱན་གསར་དུ་ཐོབ་པ་ལ་དཀྱིལ་འཁོར་ཆེན་པོར་བལྟ་བར་བསྐུལ་ཞིང་མཐོང་བ་བསྟན་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ༔ རིགས་ཀྱི་བུ་རྣམས་ལེགས་པར་གསོན༔ ཧེ་རུ་ཀ་དཔལ་གྲོང་ཁྱེར་འདི༔ ལན་གཅིག་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་པར་བསགས་པའི་སྒྲིབ་པ་འདག༔ དེ་བས་དཀྱིལ་འཁོར་བཟང་པོར་ལྟོས༔ མཐོང་ན་ངོ་མཚར་ཨེ་མ་ཧོ༔ ཧོཿ རིགས་ཀྱི་བུ་ལེགས་པར་ཉོན་ལ་ལྟོས་ཤིག །འདི་ན་རྡུལ་ཚོན་དང་རས་བྲིས་ལ་རས་བྲིས་ཞེས་བསྒྱུར། བུམ་པ་དང་ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་པ་དཔལ་ཆེན་པོའི་གྲོང་ཁྱེར་མངོན་སུམ་དུ་གསལ་བ་འདི་ནི་མཚོན་བྱེད་ཀྱི་དཔེ་ཙམ་ལས་མི་འདུག་གི་མཚོན་བྱ་རང་རིག་ལྷུན་གྱིས་གྲུབ་པའི་བླ་མ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་གསལ་རྫོགས་སུ་བཞུགས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ཅེས་དང་སྤྲོ་ཞིང་ནུས་ན་རྟེན་དང་བརྟེན་པའི་རྣམ་བཞག་རྒྱས་པར་བཤད། སླར་ཡང་ཐུན་མོང་མ་ཡིན་པ་ནང་ཡེ་ཤེས་རིགས་ལྔའི་དཀྱིལ་འཁོར་དུ་བཅུག་ཅིང་བྱིན་གྱིས་བརླབ་པའི་སླད་དུ་མཎྜལ་ཕུལ། དེ་ནས་ཐོག་མར་དཀྱིལ་འཁོར་པ་ལ་གནང་བ་ཞུ་བ་ནི་སློབ་དཔོན་གྱི་བགྱི་བར་གདའ་སྟེ། ཞེས་མཚམས་སྦྱར་ལ། སློབ་དཔོན་བཞེངས་ཏེ་དབུ་ཞྭ་ཕུད། དཀྱིལ་འཁོར་ལ་གདོང་ཕྱོགས་ཏེ་རྡོར་དྲིལ་འཛིན་ཅིང་འདུད་པའི་རྒྱ་དང་བཅས་ཏེ་དྲིལ་བུ་གསིལ་ལ། ཧོ༔ འདུས་པའི་གཙོ་བོ་བླ་མ་ཧེ་རུ་ཀ༔ སྐལ་པར་ལྡན་པའི་སློབ་མ་དེང་བྱུང་གིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེས་བཟུང་དུ་གསོལ༔ མྱུར་བ་ཉིད་དུ་སྨིན་གྲོལ་དངོས་གྲུབ་སྩོལ༔ ཅེས་གསོལ་བ་བཏབ་པས་དཀྱིལ་འཁོར་པ་རྣམས་ཀྱིས། ཧོ༔ རིག་པ་འཛིན་པ་ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་ལྷ་དགའ་བའི༔ སྐལ་པར་ལྡན་པའི་སློབ་མ་རྣམས༔ ཡེ་ཤེས་ཆེན་པོར་གཞུག་པ་དང༔ སྨིན་གྲོལ་གྲོལ་བ་མཐར་ཕྱིན་པ༔ ཅི་དགའ་བར་ནི་ཁྱོད་ཀྱིས་བྱོས༔ ཞེས་དགྱེས་ཤིང་འཛུམ་པའི་མདངས་ཕྱུངས་ཏེ་གནང་བ་བྱིན་པར་བསམ། དེ་ནས་ཁྱེད་རང་རྣམས་སློབ་དཔོན་གྱི་ཕྱག་གི་རྡོ་རྗེས་ཁྲིད་དེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དཀྱིལ་འཁོར་པ་རྣམས་ལ་རང་རིག་ལྷ་དང་དབྱེར་མེད་དུ་རྟོགས་པའི་ཕྱག་འཚལ་ཞིང་རྡོ་རྗེ་རིགས་ཀྱི་དངོས་གྲུབ་གསོལ་བའི་འདུན་པ་བཅས་ཏེ་་་འདིའི་རྗེས་ཟློས་མཛོད། ཧཱུྃ། མེ་ལོང་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ རྡོ་རྗེའི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་ཕྱག་འཚལ་ཞིང་གསོལ་བ་བཏབ་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཞེས་པས་ཕྱག་ལན་གནང་ཞིང་གནས་གསུམ་ནས་འོད་ཟེར་སྤྲོས་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྩལ་བའི་མོས་པ་མཛོད། དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷོ་སྒོ་ནས་མཉམ་ཉིད་ཡེ་ཤེས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་པ་རྣམས་ལ་ཕྱག་འཚལ་ཞིང་རིན་ཆེན་རིགས་ཀྱི་དངོས་གྲུབ་གསོལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ རིན་ཆེན་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་གསོལ་བ་བཏབ་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ནུབ་སྒོ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་པ་རྣམས་ལ་ཕྱག་འཚལ་ཞིང་པདྨའི་རིགས་ཀྱི་དངོས་གྲུབ་གསོལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ སོར་རྟོག་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ པདྨའི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་གསོལ་བ་བཏབ་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ བྱང་སྒོ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དཀྱིལ་འཁོར་པ་རྣམས་ལ་ཕྱག་འཚལ་ཞིང་ལས་ཀྱི་རིགས་ཀྱི་དངོས་གྲུབ་གསོལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་དུ༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ ལས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་གསོལ་བ་བཏབ་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ དཀྱིལ་འཁོར་གྱི་གཙོ་བོ་བླ་མ་རིག་འཛིན་ཧེ་རུ་ཀའི་སྤྱན་སྔར་འཁོད་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཀྱིལ་འཁོར་པ་རྣམས་ལ་ཕྱག་འཚལ་ཞིང་། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་གསོལ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་འདིར༔ རང་རིག་ལྷ་དང་དབྱེར་མེད་དུ༔ གུས་པས་ཕྱག་འཚལ་བདག་ཉིད་ཀྱིས༔ དེ་བཞིན་དངོས་གྲུབ་ཐོབ་པར་ཤོག༔ ཨ་ཏི་པཱུ་ཧོ༔ ཞེས་གསོལ་བ་བཏབ་པས། ལྷ་རྣམས་འཛུམ་པའི་མདངས་བཅས་པས༔ གནས་གསུམ་འོད་འཕྲོས་དངོས་གྲུབ་བསྩལ༔ པྲ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཞེས་ཕྱག་ལན་དང་བཅས་དངོས་གྲུབ་བསྩལ་བའི་མོས་པ་མཛོད། དེ་ལྟར་ན་དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་ནས། ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བ་ཞུ་བའི་ཡོན་དུ་མནྜལ་ཕུལ། དེ་ལ་སྤྱིར་དབང་གི་ངོ་བོ་ནི། འཐོབ་བྱའི་འབྲས་བུ་མངོན་དུ་བསྐྱེད་པའམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱེད་པའི་སྔགས་ཀྱི་ཆོ་ག་ཁྱད་པར་ཅན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། དངོས་སུ་སྒོ་གསུམ་ཆ་མཉམ་དང་བཅས་པའི་བག་ཆགས་ཀྱི་དྲི་མ་འཁྲུད་པ་དང་། བརྒྱུད་ནས་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པའི་སྐུ་བཞིའི་སྐལ་པ་འཇོག་པའི་ཕྱིར་ན་དབང་ངོ། །དབྱེ་ན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར་དད་པ་ཅན་རྗེས་སུ་འཛིན་པ་ཕྱི་ཕན་པའི་དབང་ལྔ། བརྩོན་འགྲུས་ཅན་རྗེས་སུ་འཛིན་པ་ནང་ནུས་པ་འཇུག་པའི་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་གསང་བ་ཟབ་མོའི་དབང་གསུམ་སྟེ་བཅུ་གསུམ་དུ་ཡོད་པ་ལས། ཐོག་མར་ཕན་པ་དང་ནུས་པའི་དབང་བཅུ་བསྐུར་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བླ་མ་ཧེ་རུ་ཀ་དཔལ་དགོངས༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་མཆོག་བསྩལ་བ་དང༔ རྗེས་གནང་རིགས་ཀྱང་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་ནས། ཕྱི་ཕན་པ་རིག་པའི་དབང་ལྔ་ལས་མི་བསྐྱོད་པ་ཆུའི་དབང་གི་སླད་དུ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་དཔལ་ཧེ་རུ་ཀའི་ང་རྒྱལ་གྱིས་འཁོད་པ་ལ། སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་འཕྱར། མཐའ་སྐོར་ཀུན་ཏུ་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མངའ་གསོལ་བ་དང་བཅས་ཏེ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་ལ་མཆོད་ཅིང་གསོལ་བ་གདབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤབྡ་ཨཿཧཱུྃ༔ རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་ཕོ་བྲང་གི་རྣམ་པ་མི་བསྐྱོད་པའི་ངོ་བོ་ཆུའི་རང་བཞིན་ཅན་གྱི་བུམ་པ་རྣམས་རེ་རེ་བཞིན་དུ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་གས་རྗེས་སུ་བཟུང་བའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། དབུས་ཕྱོགས་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག །བུམ་ཆུ་འཐོར་ཞིང་སྦྱིན། དེ་བཞིན་དུ་ཤར་ཕྱོགས་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ མེ་ལོང་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཕྱོགས་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཕྱོགས་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ སོར་རྟོག་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ་ཨ་བྷིཉྩ་ཧཱུྃ༔ བྱང་ཕྱོགས་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་ལྷོ་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ནུབ་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ མི་གནས་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་བྱང་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཤར་དཔལ་གྱི་བུམ་པ་ཐོགས༔ ཧཱུྃ༔ མཐའ་གྲོལ་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་བཀའ་བརྒྱད་འདིའི་དབང་གཞུང་དུ་བཀའ་སྡོད་བུམ་པ་བཤམ་པར་གསུངས་ཀྱང་། དབང་ཚིག་མི་གསལ་མོད། རྫོགས་ཆེན་སྡེ་གསུམ་གྱི་མན་ངག་སྡེའི་ཡི་དམ་བཀའ་བརྒྱད་ཤེལ་ཕུག་མ་ལས། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ མ་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་དབང་བསྐུར་བས༔ ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ་པར་ཤོག༔ ཨོཾ་བཛྲ་སརྦ་ཡཀྴ་ཧཱུྃ༔ ས་མ་ཡ་ཧཱུྃ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། བསྡུ་ན་བུམ་ཆུ་ཐམས་ཅད་གཅིག་ཏུ་བསྡུ་བའམ་བུམ་པ་གཅིག་ཁོ་ན་ལ་བརྟེན་ཀྱང་རུང་བས། དེ་ལྟར་གྱི་ཚེ། གོང་གི་མཚམས་སྦྱོར་གྱི་ཚིག །ཡེ་ཤེས་ཀློང་དགུའི་ཕོ་བྲང་གི་རྣམ་པ་མི་བསྐྱོད་པའི་ངོ་བོ་ཆུའི་རང་བཞིན་ཅན་གྱི་བུམ་པ་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་སོགས་སྦྲེལ་བའི་མཐར། ཧཱུྃ༔ མི་གནས་ཡེ་ཤེས་བུམ་པ་རུ༔ དཔལ་ཆེན་ཕྱག་རྒྱའི་སྐུ་དང་ལྡན༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་ཆུས༔ བསྐྱེད་རིམ་གསལ་ཕྱིར་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རིན་འབྱུང་གི་རང་བཞིན་རིན་པོ་ཆེའི་ཅོད་པན་སྤྱི་བོར་བཅིངས་ཏེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཅོད་པན་ནི༔ ཡེ་ཤེས་ལྔ་ལས་རྣམ་པར་གྲུབ༔ དུག་ལྔ་རྣམ་པར་དག་པ་ཆེ༔ ཁྲོ་བོའི་རྒྱལ་པོར་དབང་བསྐུར་རོ༔ ཨོཾ་རཏྣ་སམྦྷ་ཝ་རཏྣ་མུ་ཀུཊ་ཨ་བྷི་ཥིཉྩ་ཧཱུྃ༔ སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེ་ཕྱག་གཡས་སུ་བྱིན་ཏེ་དབང་བསྐུར་བའི་མོས་པ་དང་བཅས་རྡོ་རྗེ་དེ་ཉིད་གསོར་ཞིང་སྙིང་གར་བཟུང་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཆེ༔ གཞོམ་གཞིག་མེད་ཅིང་དུག་ལྔ་འཇོམས༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ ཀུན་ཏུ་གསོར་ཕྱིར་དབང་བསྐུར་རོ༔ ཨོཾ་པདྨ་ཨ་མི་ཏ་བྷ་ཝ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུ་ཕྱག་གཡོན་དུ་བྱིན་ཏེ་དབང་བསྐུར་བའི་མོས་པས་དྲིལ་བུ་འཁྲོལ་ཞིང་དཀུ་ལ་བརྟེན་མཛོད། ཧཱུྃ༔ སངས་རྒྱས་ཀུན་གྱི་གསུང་དབྱངས་ནི༔ རྒྱུན་མི་ཆད་ཅིང་རྒྱ་ཆེ་བ༔ སོ་སོར་མ་འདྲེས་ཀུན་ཏུ་རིག༔ ཤེས་རབ་དྲིལ་བུས་དབང་བསྐུར་རོ༔ ཨོཾ་ཀརྨ་ཨ་མོ་གྷ་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ལྷན་ཅིག་ཏུ་སྤྱི་བོར་འཁྲོལ་ཞིང་རྣམ་སྣང་གི་རང་བཞིན་རྡོ་རྗེའི་མིང་གདགས་ཏེ་དབང་བསྐུར་བར་མོས་མཛོད། ཧཱུྃ༔ རྡོ་རྗེ་སེམས་དཔའ་མིང་ཆེ་བ༔ ཡེ་ཤེས་ཡེ་ཤེས་རྣམ་པར་ལྡན༔ ས་གསུམ་ཀུན་ཏུ་གྲགས་གྱུར་པ༔ རྡོ་རྗེའི་མིང་གི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙ་ན་ཆེ་གེ་མོ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྱི་ཕན་པ་རིག་པའི་དབང་ལྔ་བསྐུར་པས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་བྱས། རིགས་ལྔའི་དངོས་གྲུབ་མཐའ་དག་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །ནང་ནུས་པ་འཇུག་པའི་དབང་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་རྣམ་པ་ལྔ་ལས། ཐོག་མར་སྐུའི་ནུས་པ་འཇུག་པའི་སླད་དུ་ལྷ་སྐུ་ཕྱག་རྒྱའི་རྗེས་སུ་གནང་བ་ནི། སློབ་དཔོན་དང་དབྱེར་མེད་པའི་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས། རང་འདྲའི་ཡེ་ཤེས་ཀྱི་སྐུ་གཉིས་པ་སོ་སོའི་རིགས་ཀྱི་ཚོམ་བུ་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། སོ་སོའི་ཕྱག་རྒྱའི་སྣང་བརྙན་སྤྱི་བོར་བཞག་ལ། ཧཱུྃ༔ རིག་འཛིན་རྣམ་ལྔ་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ནས་ལོངས་སྤྱོད་རྫོགས༔ འབར་བའི་སྐུར་སྟོན་བླ་མ་རིག་འཛིན་ནི༔ ཡེ་ཤེས་སྐུ་ཅན་སྐུ་མདོག་དམར་ལ་འཚེར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ རིག་འཛིན་དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར༔ དཀྱིལ་འཁོར་གཙོ་མཆོག་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ལོང་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་དབྱིངས་ནས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་མཐིང་ག་ལ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས༔ ཧེ་རུ་ཀ་ཡི་འཁོར་ཚོགས་རྒྱ་མཚོས་བསྐོར༔ ཡང་དག་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་སེར་ནག་ལ༔ ཞལ་གཅིག་ཕྱག་གཉིས་འཁོར་ལོ་དུང་ཁྲག་བསྣམས༔ གཤིན་རྗེ་ཕོ་མོའི་འཁོར་ཚོགས་རྒྱ་མཚོས་བསྐོར༔ འཇམ་དཔལ་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་དམར་ནག་ལ༔ ཞལ་གཅིག་ཕྱག་གཉིས་ཐོད་དབྱུག་དུང་ཁྲག་བསྣམས༔ དབང་ཆེན་ཡབ་ཡུམ་འཁོར་ཚོགས་རྒྱ་མཚོས་བསྐོར༔ རྟ་མགྲིན་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱ་གྲུབ་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་ལྗང་ནག་ལ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཕུར་པ་འཛིན༔ ཁྲོ་རྒྱལ་ཡབ་ཡུམ་འཁོར་ཚོགས་རྒྱ་མཚོས་བསྐོར༔ ཕུར་པའི་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་སྨུག་ནག་ལ༔ ཞལ་གཅིག་ཕྱག་གཉིས་ཁ་ཊྭཱཾ་དུང་ཁྲག་བསྣམས༔ ཡབ་ཡུམ་སྲིད་པའི་མ་མོའི་འཁོར་གྱིས་བསྐོར༔ རྦོད་གཏོང་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གྷུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་མཐིང་ནག་ལ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས༔ ཡབ་ཡུམ་ཁྲོ་བོ་ཁྲོ་མོའི་འཁོར་གྱིས་བསྐོར༔ ཆེ་མཆོག་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་མཐིང་ནག་ལ༔ ཞལ་གཅིག་ཕྱག་གཉིས་ཐོ་བ་དུང་ཁྲག་བསྣམས༔ ཡབ་ཡུམ་དྲེགས་པ་སྡེ་བརྒྱད་འཁོར་གྱིས་བསྐོར༔ མཆོད་བསྟོད་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཐའ་གྲོལ་ཡེ་ཤེས་མྱུར་དུ་འཐོབ་བྱའི་ཕྱིར༔ ཆོས་སྐུ་སྐྱེ་མེད་ངང་ལས་ལོངས་སྤྱོད་རྫོགས༔ འབར་བའི་སྐུ་ཅན་དཔལ་ཆེན་ཧེ་རུ་ཀ༔ ཡེ་ཤེས་སྐུ་ཅན་སྐུ་མདོག་སེར་ནག་ལ༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་དུང་ཁྲག་བསྣམས༔ ཡབ་ཡུམ་སྔགས་བདག་རྣམས་ཀྱི་འཁོར་གྱིས་བསྐོར༔ དྲག་སྔགས་ལྷ་ཚོགས་སྐུ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྙིང་རྗེ་ཚད་མེད་དབྱིངས་ལས་སྐུར་བཞེངས་མ༔ རྡོ་རྗེ་མཁའ་འགྲོ་རྡོ་རྗེ་དཔའ་བོ་ཡབ༔ རྡོ་རྗེ་རིགས་ཀྱི་བཀའ་སྡོད་མ་ལུས་པས༔ ཞི་བའི་ཕྲིན་ལས་འགྲུབ་ཕྱིར་དབང་བསྐུར་རོ༔ ཧ་བཛྲ་ཌཱ་ཀི་ནཱི་ར་བཛྲ་གིང་ཀ་ར་ཤཱིནྟཾ་ཀུ་རུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱམས་པ་ཚད་མེད་དབྱིངས་ལས་སྐུར་བཞེངས་མ༔ རིན་ཆེན་མཁའ་འགྲོ་རིན་ཆེན་དཔའ་བོ་ཡབ༔ རིན་ཆེན་རིགས་ཀྱི་བཀའ་སྡོད་མ་ལུས་པས༔ རྒྱས་པའི་ཕྲིན་ལས་འགྲུབ་ཕྱིར་དབང་བསྐུར་རོ༔ རི་རཏྣ་ཌཱ་ཀི་ནཱི་ཙ་རཏྣ་གིང་ཀ་ར་པུཥྚིཾ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དགའ་བ་ཚད་མེད་དབྱིངས་ལས་སྐུར་བཞེངས་མ༔ པདྨ་མཁའ་འགྲོ་པདྨ་དཔའ་བོ་ཡབ༔ པདྨ་རིགས་ཀྱི་བཀའ་སྡོད་མ་ལུས་པས༔ དབང་གི་ཕྲིན་ལས་འགྲུབ་ཕྱིར་དབང་བསྐུར་རོ༔ ནི་པདྨ་ཌཱ་ཀི་ནཱི་ཧྲཱིཿཔདྨ་གིཾ་ཀ་ར་བཱ་ཤཾ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཏང་སྙོམས་ཚད་མེད་དབྱིངས་ལས་སྐུར་བཞེངས་མ༔ ལས་ཀྱི་མཁའ་འགྲོ་ལས་ཀྱི་དཔའ་བོ་ཡབ༔ ལས་ཀྱི་རིགས་ཀྱི་བཀའ་སྡོད་མ་ལུས་པས༔ དྲག་པོའི་ཕྲིན་ལས་འགྲུབ་ཕྱིར་དབང་བསྐུར་རོ༔ ས་ཀརྨ་ཌཱ་ཀི་ནཱི་ཡ་ཀརྨ་གིང་ཀ་ར་མཱ་ར་ཡ་ཕཊ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བསྐུར་པས་འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ལྷ་ཡི་འཁོར་ལོར་དག་པ་ཡིན་ནོ། །གསུང་གི་ནུས་པ་འཇུག་པའི་སླད་དུ་བཟླས་པ་སྔགས་ཀྱི་རྗེས་སུ་གནང་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པའི་སོ་སོའི་རིགས་ཀྱི་གཙོ་བོའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་ཐོབ་པའི་མོས་པ་དང་བཅས་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སཏྭཾ་མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱན་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དེ་བརྟན་པར་བྱ་བའི་སླད་དུ་སྔགས་བྱང་མགྲིན་པར་བཞག་ཅིང་ཕྲེང་བ་ལག་ཏུ་གཏད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་དབྱངས་རྣམས༔ གཅིག་ཏུ་བསྡུས་པ་དྲག་པོའི་སྔགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་ལྡན༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་ངོ་བོར་དག་པ་ཡིན་ནོ། །ཐུགས་ཀྱི་ནུས་པ་འཇུག་པའི་སླད་དུ་འོད་གསལ་བ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་གནང་བ་ནི། ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་རིག་སྟོང་འཛིན་མེད་ཁྱབ་བརྡལ་གྱི་དབྱིངས་སུ་མཉམ་པར་འཇོག་པ་མཚོན་པའི་ཕྱིར་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ཅིང་དབང་བསྐུར་བས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་ངང་ལ་གནས༔ གཉིས་སུ་མེད་ལ་ཅིར་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་པས་འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་རིག་སྟོང་སྤྲོས་བྲལ་བདེ་བ་ཆེན་པོ་ཐུགས་ཀྱི་འཁོར་ལོར་དག་པ་ཡིན་ནོ། །ཡོན་ཏན་གྱི་ནུས་པ་འཇུག་པའི་སླད་དུ་རྒྱན་ཆས་རྟགས་ཀྱི་རྗེས་སུ་གནང་བ་ནི། བླ་མ་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་ཞི་བ་དང་ཁྲོ་བོའི་ཚོགས་ཀྱི་བྲལ་བ་དང་རྣམ་པར་སྨིན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སོ་སོའི་རྒྱན་ཆའི་རྣམ་པར་ཤར་བས་ཁྱེད་རང་རྣམས་ལ་མངའ་གསོལ་བས་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། རྒྱན་སོ་སོའི་གཟུགས་བརྙན་སློབ་མའི་གནས་རྣམས་སུ་རིམ་པར་སྦྱིན་ལ། ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ དུག་ལྔ་དག་པའི་ཐོད་སྐམ་ལྔ༔ དབུ་ལ་བརྒྱན་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ འདུ་བྱེད་དག་པའི་ཐོད་རློན་ཚོགས༔ དོ་ཤལ་གསུམ་གྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ཉོན་མོངས་ཀླུ་དང་རྣམ་རྟོག་འཇོམས༔ སྦྲུལ་འཆིང་རྣམས་ཀྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ཕ་རོལ་ཕྱིན་དྲུག་རུས་རྒྱན་དྲུག༔ རིན་ཆེན་རྒྱན་གྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་རྒྱན༔ ཐབས་དང་ཤེས་རབ་ལས་བྱུང་བའི༔ རྡོ་རྗེའི་གཤོག་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ གཏི་མུག་རྣམ་དག་སྟོད་དུ་གསོལ༔ གླང་ཆེན་ཀོ་བས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ འདོད་ཆགས་རྣམ་དག་སྐེད་དུ་དཀྲིས༔ ཞིང་ཆེན་ལྤགས་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ ཞེ་སྡང་དག་པ་སྨད་དུ་དཀྲིས༔ སྟག་གི་པགས་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ ང་རྒྱལ་དག་པ་བཀླུབས་པར་གསོལ༔ ཟ་འོག་བེར་གྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པའི་གོས༔ ཕྲག་དོག་རྣམ་དག་མི་ཤིགས་པ༔ རྡོ་རྗེ་ཁྲབ་ཀྱིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ མཚན་འཛིན་ཀུན་འབྱུང་དཔྲལ་བར་བྱུག༔ ཐལ་ཆེན་ཚོམ་བུས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ ཆད་ལྟ་འཇོམས་ཕྱིར་མཁུར་ཚོས་བརྒྱན༔ རཀྟའི་ཐིག་ལེས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ རྟག་ལྟ་འཇོམས་ཕྱིར་ཐུགས་ཀར་བརྒྱན༔ ཞག་གི་བྱུག་པས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ མ་རྟོགས་འཇོམས་ཕྱིར་ཕྱོགས་བཅུར་འཕྲོ༔ མེ་ཡི་ཕུང་པོས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ༴ ཧཱུྃ༔ ཡེ་ཤེས་བསམ་གྱིས་མི་ཁྱབ་པ༔ ཆེ་བཙན་འགྲན་ཟླ་མེད་པ་ཡི༔ ཀུན་ལས་ཁྱད་འཕགས་རྡོ་རྗེ་དང༔ རིན་ཆེན་ཁྲི་ཡིས་མངའ་གསོལ་ལོ༔ ཤྲཱི་ཧེ་རུ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱད་པར་ཡོན་ཏན་གྱི་མཐར་ཐུག་པ་དཀྱིལ་འཁོར་གྱི་གཙོ་མཆོག་བླ་མ་ཤྲཱི་ཧེ་རུ་ཀ་དང་དབྱེར་མེད་པར་མངའ་གསོལ་ཞིང་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བསྐུར་བའི་སླད་དུ། ཁྱེད་རང་རྣམས་དབང་སྟེགས་ལ་འཁོད་བཞིན་པའི་འོག་ཏུ་འཁོར་ལོ་བཞག །སྟེང་དུ་གདུགས་ཕུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་སྣ་ཚོགས་པ་སྒྲེང་། ཕྱག་གཡས་སུ་ཆོས་ཀྱི་དུང་དང་། གཡོན་དུ་གླེགས་བམ། ལག་ངར་གཉིས་ཀྱི་བར་དུ་རྡོ་རྗེའི་ཕྱག་ཤིང་རྣམས་གཏད་ཅིང་། མཆོད་པའི་རྣམ་གྲངས་དང་བཀྲ་ཤིས་པའི་དགེ་མཚན་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མེ་ཏོག་གི་ཆར་འབེབ་བཞིན་པས་དབང་བསྐུར་བའི་མོས་པ་མཛོད། ཧོ༔ བླ་མེད་ཆོས་ཀྱི་ཆར་འབེབ་ཕྱིར༔ རིན་ཆེན་ཆོས་ཀྱི་འཁོར་ལོ་སྐོར༔ བཀྲ་ཤིས་གདུགས་ཀྱིས་འགྲོ་ཀུན་སྐྱོབས༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེངས༔ ཆོས་ཀྱི་དུང་ནི་ཕྱོགས་བཅུར་སྒྲོགས༔ ཇི་སྙེད་མཁྱེན་པའི་གླེགས་བམ་དང༔ ཇི་ལྟ་བ་ཡི་གནས་ལུགས་ནི༔ རབ་སྟོན་རྡོ་རྗེ་ཕྱག་ཤིང་བཅས༔ གཞན་ཡང་ཀུན་བཟང་མཆོད་པའི་སྤྲིན༔ བཀྲ་ཤིས་རྫས་མཆོག་དུ་མ་ཡིས༔ རྡོ་རྗེ་རྒྱལ་པོར་མངའ་གསོལ་ལོ༔ ཡེ་དྷརྨཱ་སོགས་བརྗོད་ཅིང་མེ་ཏོག་འཐོར། རོལ་མོའི་སྒྲ་སྦྱར། དེ་ལྟར་དབང་བསྐུར་པས་འཁོར་འདས་ཀྱི་བྱ་བ་ཐམས་ཅད་ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་དག་པ་ཡིན་ནོ། །ཕྲིན་ལས་ཀྱི་ནུས་པ་འཇུག་པའི་སླད་དུ། ལས་རབ་འབྱམས་ཀྱི་དབང་བསྐུར་བ་ལ་སྤྱི་དང་། བྱེ་བྲག་གཉིས་ལས། ཐོག་མར་སྨན་རཀ་གཏོར་གསུམ་མཆོད་པའི་རྫས་རྣམས་ལག་ཏུ་གཏད་དེ་དབང་བསྐུར་བས་བླ་མ་རིག་འཛིན་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་པ་རྣམས་བསྙེན་ཅིང་སྒྲུབ་པ་དང་ལས་ལ་བསྐུལ་བའི་ནུས་པ་དང་ལྡན་ཅིང་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ༔ སྨན་རག་གཏོར་གསུམ་མཆོད་པའི་རྫས༔ དམ་རྫས་རྣམས་ཀྱིས་དབང་བསྐུར་བས༔ ལྷ་རྣམས་སྒོམ་སྒྲུབ་བསྙེན་པ་དང༔ ལས་སྦྱོར་བྱེད་པའི་དབང་ཐོབ་ཤོག༔ ཤྲཱི་ཧེ་རུ་ཀ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱད་པར་གྱི་རྗེས་སུ་གནང་བ་ལ་མངོན་སྤྱོད་དང་གཙོ་བོར་འབྲེལ་བའི་ལས་ཀྱི་རྩ་བ་སྲུང་ཟློག་བསད་གསུམ། མཐའ་སྡུད་བསྲེག་མནན་འཕང་གསུམ། ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་དངོས་གྲུབ་ཀྱི་རྗེས་སུ་གནང་བ་རྣམས་སུ་ཡོད་པ་ལས། ཐོག་མར་དུག་ཁྲག་རྫས་ཀྱི་སྲུང་བ་ལག་ཏུ་གཏད་པ་ལ་བརྟེན་ནས་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་རྡོ་རྗེའི་གོ་ཆའི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། ཧཱུྃ༔ གདུག་པ་ཅན་གྱི་རྫས་སྦྱོར་ཏེ༔ ཡེ་ཤེས་ཁྲོ་བོས་བྱིན་གྱིས་བརླབས༔ གདོན་བགེགས་མི་མཐུན་བསྲུང་བའི་ཕྱིར༔ གསང་བ་རྫས་ཀྱིས་དབང་བསྐུར་རོ༔ ཤྲཱི་ཧེ་རུ་ཀ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དྲག་པོ་ཟོར་གྱི་གཏོར་མ་དང་ཟློག་པའི་འཁོར་ལོ་ལག་ཏུ་གཏད་པ་ལ་བརྟེན་ནས་བྱད་ཕུར་རྦོད་གཏོང་ལ་སོགས་པ་ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་ཟློག་པ་སྔགས་ཀྱི་མཚོན་ཆའི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། ཧཱུྃ༔ ཁྲོ་བོའི་བསྐྱེད་རིམ་གསལ་བ་ཡི༔ སྟོང་པ་ཉིད་ཀྱི་རྫོང་དུ་གནས༔ ཏིང་འཛིན་སྤྲུལ་པའི་ཕོ་ཉ་འགྱེད༔ སྟོབས་ཆེན་ཟློག་པའི་དབང་བསྐུར་རོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་སོགས་དྲག་སྔགས་སོ་ལྔ་དབྱངས་དང་བཅས་པས་ཟོར་དང་འཁོར་ལོ་འགྲིམ། སངས་རྒྱས་ཡོངས་རྫོགས་ཀྱི་ཕྲིན་ལས་པ་བཛྲ་ཀཱི་ལ་ཡའི་འཁྲུལ་འཁོར་ལ་བརྟེན་ནས་ཤིན་ཏུ་གཏུམ་པ་རྣམས་བསད་པའི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བར་རྗེས་སུ་གནང་བ་སྦྱིན་པའི་ཐོག་མར་ཐུགས་དམ་བསྐུལ་བ་སོགས་སྔོན་དུ་འགྲོ་བས་གདབ་ཁའི་ལས་ལ་འཇུག་པར་བྱ་བ་ཡིན་ཏེ། ཞེས་མཚམས་སྦྱར་ལ། སྤྲོ་ན། སློབ་དཔོན་དང་སློབ་མའི་གཙོ་བོ་ཆས་ཞུགས་དང་བཅས་བསྒྲལ་ཆས་བཤམས་ལ། བསྐུལ་པ། གསེར་སྐྱེམས། གཟུ་དཔང་། འབྲུབ་ཁུང་དང་ཉ་བོ་བསྐྱེད་པ། དྲག་ཏུ་བསྐུལ་ཞིང་འགུགས་བསྟིམ་བྱ་བ་སོགས་གདབ་ཁའི་གཞུང་རྒྱས་པ་རྣམས་ནས་འབྱུང་བ་ལྟར་དབྱངས་རོལ་དང་བཅས་བྱ། བསྡུ་ན། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་རྒྱལ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་འཁོར་བཅས་དྲག་པོའི་ཕྲིན་ལས་མཛོད༔ ཅེས་བསྐུལ། ཨེ་ནྲྀ་ཏྲི་ཛ༔ སྟོང་པའི་ངང་ལས་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོའི་དབུས་སུ་ནྲྀ་དུད་ཁ་ལས་དགྲ་བོ་བྱད་མ་ཉམ་ཐག་པའི་གཟུགས་ཅན་དངོས་སུ་གསལ་བ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར༔ ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ་དང༔ གསང་སྔགས་རིག་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང༔ ཆོས་ཉིད་གདོད་ནས་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ བླ་མ་བསྟན་གཉིས་སྐོར་གསུམ༔ ཡི་དམ་ཞི་ཁྲོ་རབ་འབྱམས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཡེ་ཤེས་ཀློང་དགུ་འབར་བའི་ལྷ་ཚོགས་སྤྲུལ་པ་ཕྱག་བརྙན་བཀའ་སྡོད་དང་བཅས་པའི་བདེན༴ དཔལ་ལེགས་ལྡན་ནག་པོ་ཚོགས་ཀྱི་བདག་པོ་ཡབ་ཡུམ་སྲས་འཁོར་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་འཕྲལ་གྱི་ཚེ་སྲོག་ལ་བར་དུ་གཅོད་པ་དང༔ ཡུན་གྱི་བྱང་ཆུབ་ལ་བར་དུ་གཅོད་པ་དང༔ མི་འདོད་པ་གློ་བུར་དུ་བྱེད་པའི་བདུད་དང་དམ་སྲི་དྲེགས་ཚོགས་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག༔ ནྲྀ་ཏྲི་ཨངྐུ་ཤ་ཛཿཛ༔ ལན་གསུམ་གྱིས་དགུག །ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ་ཞིང་བཅིང་། རྒྱས་བསྡུས་གང་ལྟར་ཡང་སྐབས་འདིར། དེ་ལྟར་དགྲ་བགེགས་རྣམས་གཟུགས་ལ་དགུག་བཅིང་བསྟིམ་པ་སྔོན་དུ་སོང་ནས། གདབ་ཁའི་ལས་དངོས་ལ་འཇུག་པའི་སླད་དུ། དཔལ་ཆེན་པོ་ཡེ་ཤེས་ཀློང་དགུ་འབར་བའི་ལྷ་ཚོགས་རྣམས་ཀྱི་མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པ་སྲས་མཆོག་ཕུར་པ་ཕྱག་ཏུ་གཏད་ཅིང་སྒྲོལ་བའི་ལས་རབ་འབྱམས་ལ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ སྙིང་རྗེའི་སྲོག་དང་ལྡན་པ་ཡི༔ གསལ་བ་གསུམ་གྱི་ཏིང་འཛིན་ལྡན༔ དགོངས་པ་གསུམ་དང་ལྡན་པ་ཡིས༔ དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག༔ ཅེས་བྱིན་པའི་ཕུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལག་སོར་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པའི་བར་དུ་བཟུང་བས། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་གདབ་ཕུར་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར་པའི་མོས་པ་དང་བཅས་ཏེ། མི་ལྡོག་པའི་ཕྱིར་རང་ཉིད་དཔལ་ཆེན་པོའི་གསལ་སྣང་བརྟན་པ། མི་འབྱམས་པའི་ཕྱིར་དམིགས་རྟེན་དམ་ཉམས་པའི་དགྲ་བོ་དངོས་སུ་གསལ་བ། མི་རྡུག་པའི་ཕྱིར་ཕུར་བུ་སྲས་མཆོག་བཛྲ་ཀཱི་ལ་ཡར་མོས་པའི་གསལ་བ་གསུམ་གྱིས་གཞི་བཟུང་། ལྟ་བ་བློ་འདས་ཀྱི་རྫོང་སྒོམ་པ་ཡེངས་མེད་ཀྱི་འཕྲང་སྤྱོད་པ་ཚེ་ཁྲུས་ཀྱི་སྲོག་དང་ལྡན་པའི་དགོངས་པ་གསུམ་གྱིས་མཚམས་སྦྱར་ཏེ་གདབ་དགོས་པས། དྲག་སྔགས་མེ་ཕུང་དབྱངས་དང་བཅས་པའི་མཐར་ཕུར་བུ་ལིངྒའི་སྙིང་གར་བཏབ་པས་ཁོའི་ཚེ་དཔལ་བཀྲག་དང་གཟི་མདངས་ཐམས་ཅད་ཨའི་རྣམ་པར་བསྡུས་ནས་རང་རང་ལ་ཐིམ་པས་རང་རང་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པར་བསམ་པ་ནི་ཚེ་ལུང་དང་། ཀུན་གཞི་ནྲྀའི་རྣམ་པས་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཁོང་གསེང་བརྒྱུད་ཕཊ་ཀྱིས་འཕངས་པས་གློ་བུར་གྱི་དྲི་མ་རྣམས་སྦྱངས་ཏེ། རྣམ་ཤེས་དྭངས་མའི་ཐིག་ལེའི་གཟུགས་ཀྱིས་བླ་མ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་པར་བསམས་ལ་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་མཉམ་པར་འཇོག་པ་རྣམས་ཁྲུས་ལུང་སྟེ་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་དགོངས་པ་ཁྱད་པར་ཅན་དེ་ལྟ་བུ་ལས་མ་གཡོས་པས་གདབ་ཁའི་ལས་ལ་འཇུག་པར་ཞུ། ཞེས་མཚམས་སྦྱར་ལ་སློབ་དཔོན་རང་ཉིད་དང་ཆོག་རོགས་པ་གཞན་ཡོད་ན་བཅས་དྲག་སྔགས་སོ་ལྔ་པ་དབྱངས་དང་བཅས་ཏེ་ཕུར་བསྐོར་བྱ་བ་ནི། ཨོཾ། མོ། བཛྲ་མ་ཧཱ་ཀྲོ་དྷ། བསྲུང་ཕྱིར་ཀླད་ལ་ལན་གསུམ་དང་། པདྨ་ཀྲོ་དྷཱི་ཤྭ་རི། མི་ལྡོག་བྱ་ཕྱིར་སྐེད་ལ་ལན་གསུམ་ཕྱིར་བསྐོར། བཛྲ་ཀཱི་ལི་ཀཱི་ལ་ཡ། གཟིར་ཕྱིར་མདུན་དུ་ལན་གསུམ་སྒྲིལ། མ་ཧཱ་ཡཀྵ། ཕོ་རྒྱུད་དབང་དུ་བསྡུ་ཕྱིར་ཚམ་རྔམ་ལན་གསུམ་གཡས། ཀཱ་ལ་རཱུ་པ། གཟིར་ཕྱིར་གཡས་སུ་ལན་གསུམ་སྒྲིལ། ཀརྨ་རཾ་རཾ། མོ་རྒྱུད་དབང་དུ་བསྡུ་ཕྱིར་ཚམ་རྔམ་ལན་གསུམ་གཡོན། ཛྭ་ལ་རཾ་ཧཱུྃ་ཕཊཿ ཊཿ གཟིར་ཕྱིར་གཡོན་དུ་ལན་གསུམ་སྒྲིལ། དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊཿ ཊཿ གར་པད་ཀྱིས་ཕུར་དར་འཕྱར་ཞིང་སློབ་བུའི་ལག་ཏུ་གཏད་ལ་དགྲ་བོའི་གཟུགས་ཀྱི་སྙིང་གར་གདབ་ཏུ་འཇུག །སླར་ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། མཁས་པས་རྐང་པ་ནས་བརྩམ་སྟེ། །མཚོན་ཆ་རྣོན་པོས་བཅད་ནས་ནི། །ཞེས་དང་། སྒྱུ་འཕྲུལ་རྔམ་གློག་ལས། ཕོ་ནི་རྐང་པ་གཡས་ནས་གཏུབ། །མོ་ནི་རྐང་པ་གཡོན་ནས་གཏུབ། །ཅེས་པ་ལྟར། དགྲ་བགེགས་ཀྱི་སྙིགས་མའི་ལུས་ཡེ་ཤེས་ཀྱི་རལ་གྲིས་དུམ་བུར་གཏུབས་པའི་ཤ་ཁྲག་རུས་པ་ཐམས་ཅད་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུ་འབར་བའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པས་དགྱེས་པའི་གད་མོ་དང་བཅས་བཞེས་པར་གྱུར་པའི་མོས་པ་མཛོད། དྲག་སྔགས་ཀྱི་མཐར། ནྲྀ་ཏྲི་ཤ་ཏྲཱུན་མཱ་ར་ཡ་ཕཊ༔ ཅེས་བརྗོད་ཅིང་གཏུབ། ལིང་རོ་ཆ་གཅིག་ཁྲག་སྐྱེམས་དང་སྦྱར་བ་གཏོར་མར་བྲན་ལ། ཧཱུྃ། དཔལ་ཆེན་ལྷ་ཚོགས་བདག་ལ་དགོངས་སུ་གསོལ༔ བསྟན་ལ་གནོད་པའི་རུ་ཏྲ་དམ་ཉམས་རྣམས༔ བརྟེན་པ་དབྱིངས་སུ་བསྒྲལ་ཅིང་སྦྱངས་པ་ཡི༔ ཕུང་ཁམས་ཡེ་ཤེས་ཚོགས་མཆོད་ཞལ་དུ་བསྟབ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་བ་སུ་ཏ་ཁ་རཾ་ཁཱ་ཧི༔ ལིང་རོ་ཆ་གཅིག་ཧོམ་གཟར་དུ་བཅུག་པ་སློབ་མའི་ལག་ཏུ་གཏད། མདུན་དུ་ལྕགས་སྣོད་ལྟ་བུར་དྲག་པོའི་ཤིང་གྲུ་གསུམ་དུ་བརྩིགས་པའི་མེ་ཧོམ་སྦར་ཞིང་། དེ་ནས་ལས་ཀྱི་མཐའ་སྡུད་པ་ལ་གསུམ་ལས། དགྲ་བགེགས་ཀྱི་ཤ་ཁྲག་དང་བཅས་པའི་ཧོམ་གཟར་ལག་ཏུ་གཏད་པ་ལ་བརྟེན་ནས་བསད་པའི་ལས་ཀྱི་མཐའ་སྡུད་གཙོ་བོར་གྱུར་པ་སྲེག་པ་མེའི་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། ཧཱུྃ༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམས༔ མྱུར་དུ་འགྲུབ་པའི་དབང་ཐོབ་ཅིང༔ ཁྱད་པར་དགྲ་བགེགས་གདུག་པ་རྣམས༔ སྦྱིན་སྲེག་བྱེད་པའི་དབང་ཐོབ་ཤོག༔ དེ་ལྟར་གཏད་པའི་ལིང་རོ་དེ་ཉིད་མདུན་དུ་དྲག་པོའི་ཐབ་ཁུང་བསྐལ་པ་འཇིགས་དུས་ཀྱི་མེ་ལྟ་བུ་ཆེས་ཆེར་འབར་ཞིང་འཁྲུགས་པས་གང་བའི་དབུས་སུ་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་ཕྱག་བརྙན་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་སྐད་ཅིག་་་གིས་གསལ་བའི་ཞལ་དུ་ཕུལ་བས་ལྷག་མེད་དུ་བཞེས་པའི་མོས་པ་མཛོད། དྲག་སྔགས་ཀྱི་མཐར། རྣྲི་ཏྲི་ཤ་ཏྲཱུན་ཛྭ་ལ་རཾ༔ ཞེས་བཏགས་པས་ལིང་རོ་མེ་ནང་དུ་ཕུལ། མནན་རྫས་རི་རབ་འབར་བ་ལག་ཏུ་གཏད་པ་ལ་བརྟེན་ནས་སྲུང་བའི་མཐའ་སྡུད་དགྲ་བགེགས་དམ་སྲི་འབྱུང་པོའི་ཚོགས་རྣམས་དྲག་པོ་ཨེ་ཡི་དབྱིངས་སུ་མནན་པའི་ལས་རབ་འབྱམས་བསྒྲུབ་པ་ལ་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། ཧཱུྃ༔ གདུག་པ་དམ་སྲི་བདུད་ཀྱི་ཚོགས༔ བསྐལ་པའི་མཐའ་རུ་མནན་པའི་ཕྱིར༔ ཁྲོ་བོ་ཆེན་པོས་བྱིན་བརླབས་པའི༔ སྟོབས་ཆེན་རི་བོས་དབང་བསྐུར་རོ༔ དྲག་སྔགས་བཟླ༔ དམར་ཆེན་པོའི་གཏོར་མ་ཤ་ཁྲག་མཚེ་ཡུངས་ཀྱིས་བརྒྱན་པ་སོགས་གདུག་པ་ཟོར་གྱི་རྫས་རྣམས་ལག་ཏུ་གཏད་པ་ལ་བརྟེན་ནས་ཟློག་པའི་མཐའ་སྡུད་འཕང་བ་ཟོར་གྱི་ལས་རབ་འབྱམས་བསྒྲུབ་པར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། དྲག་སྔགས་སོ་ལྔ་བཟླ་བ་སྔོན་དུ་འགྲོ་བས། ཧཱུྃ༔ ཡེ་ཤེས་ཁྲོ་བོས་བྱིན་བརླབས་པའི༔ ལས་ཀྱི་ཕོ་ཉའི་མཚོན་ཆ་སྟེ༔ དགྲ་བགེགས་ཐལ་བར་རློག་མཛད་པའི༔ གདུག་པ་ཟོར་གྱིས་དབང་བསྐུར་རོ༔ སྤྲོ་ན་སློབ་མའི་གཙོ་བོའམ་ལས་ཀྱི་རྡོ་རྗེ་བདུད་ཆས་སུ་ཞུགས་ཤིང་དྲག་པོའི་རྔམས་སྟབས་དང་བཅས་ཟོར་འཕེན་པའམ། གང་ལྟར་ཡང་། དེ་ལྟ་བུའི་གདུག་པའི་གཏོར་ཟོར་དེ་ཉིད་དཔལ་ཆེན་ཁྲག་འཐུང་རོལ་པའི་ཕྱག་རྒྱར་དངོས་སུ་གསལ་བའི་ལྷ་ཚོགས་རྣམས་གཏོར་མའི་སྟེང་གི་ནམ་མཁར་བཞུགས། གཏོར་ཆེན་དུག་མཚོན་ནད་ཀྱི་ཆར་པ་ཆེན་པོར་གྱུར་པ་དགྲ་བོའི་ཡུལ་དུ་འཕང་བའི་ཕྱི་བཞིན་དུ་ལས་བྱེད་དྲེགས་པའི་དམག་དཔུང་སྟོང་གསུམ་གང་བ་ཆས་པས། དགྲ་བགེགས་བྱད་མ་དཔུང་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བརླག་པའི་མོས་པས་འཕང་བའི་ལས་ལ་འཇུག་པར་ཞུ། ཞེས་མཚམས་སྦྱར་ལ། ཧཱུྃ༔ སྣང་སྲིད་ལྷ་འདྲེ་མ་ལུས་སྐུ་ཟུར་ཅིག༔ བཀའ་ཡི་ལས་བྱེད་ཕོ་ཉ་ཐམས་ཅད་ཀྱིས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉན་པོ་འདི༔ ནད་མཚོན་དུག་གི་ཕུང་པོ་ཐོག་འདྲ་བར༔ དགྲ་བགེགས་རྣམས་ལ་རྒྱོབ་ཅིག་རྡུལ་དུ་རློགས༔ བྱད་ཁ་རྦོད་གཏོང་ཆག་ཆེ་ཉམ་ང་ཟློག༔ ཅེས་དང་དྲག་སྔགས་བཟླ་བཞིན་གཏོར་མ་འཕེན་དུ་འཇུག་གོ །དེ་ནས་སྲིད་ཞིའི་དྭངས་བཅུད་དངོས་གྲུབ་མ་ལུས་པའི་ངོ་བོ་བདུད་རྩི་ཟླ་ཕྲོམ་ལ་སོགས་པའི་བཀྲ་ཤིས་ཞལ་ཟས་ཀྱི་ལོངས་སྤྱོད་རྣམས་ལག་ཏུ་གཏད་པ་ལ་བརྟེན་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཐུ་ནུས་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་དབང་འབྱོར་ཞིང་དངོས་གྲུབ་མཐའ་དག་བསྒྲུབ་པ་ལ་དབང་བར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། ཧཱུྃ༔ དངོས་གྲུབ་མ་ལུས་འཐོབ་བྱའི་ཕྱིར༔ བདུད་རྩི་ཟླ་རྒྱས་ཟླ་ཕྲོམ་དང༔ ཚེ་གལ་མཱཾ་ས་དཀར་མངར་སོགས༔ བཀྲ་ཤིས་ཟས་ཀྱིས་དབང་བསྐུར་བས༔ མཐུ་ནུས་དཔལ་འབྱོར་ཕུན་ཚོགས་ཤོག༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བསྐུར་པས་འཁོར་འདས་ཀྱི་བྱེད་པ་ཐམས་ཅད་གང་ལ་གང་འདུལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་དག་པ་ཡིན་ནོ། །དེ་རྣམས་ཀྱི་སྒོ་ནས་ནང་ནུས་པ་འཇུག་པའི་དབང་བསྐུར་ལྔ་ལེགས་པར་གྲུབ་ནས། ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པ་དང་ལྷན་ཅིག་ཏུ་བླ་མ་དཔལ་ཆེན་དཀྱིལ་འཁོར་དང་བཅས་པ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབ་ཅིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་རབ་ཏུ་གནས་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། སུ་པྲ་ཏིཥྛ་དང་། ཡེ་དྷརྨཱ་སོགས་བརྗོད་ལ་མེ་ཏོག་གི་ཆར་འབེབ་ཅིང་རོལ་མོའི་སྒྲ་སྦྱར། དེ་ལྟར་ན་ཕྱི་མཚན་མའི་དཀྱིལ་འཁོར་དུ་ཕན་པ་སློབ་མའི་དབང་དང་། ནུས་པ་སློབ་དཔོན་གྱི་དབང་གིས་བསྡུས་པའི་བུམ་པའི་དབང་བསྐུར་བ་ཐོབ། ལུས་དང་རྩའི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་སྣང་བ་ལ་བརྟེན་ནས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསང་བ་ཟབ་མོའི་དབང་ལ་གསུམ་ལས། དང་པོ་གསང་སྔགས་ཀྱི་དམ་རྫས་བླང་དོར་མེད་པར་བརྟེན་ནུས་པ་སྤྱོད་པ་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་གསང་བའི་དབང་གི་སླད་དུ། བླ་མ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབ་པས་ཐོད་པའི་བདུད་རྩི་དང་ལྷན་ཅིག་ཏུ་སྦྱར་ཏེ་ལྕེ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཧཱུྃ༔ བདེ་ཆེན་ཐམས་ཅད་འབྱུང་བའི་གནས༔ རྒྱལ་བ་ཀུན་གྱིས་རབ་བསྔགས་པ༔ བདེ་ཆེན་བྱང་སེམས་བདུད་རྩི་འདི༔ སློབ་བུའི་ལྕེ་ལ་བཞག་ཙམ་གྱིས༔ ཨ་ཧཾ་གཉིས་ཀྱི་ནུས་པ་བསྐྱེད༔ འཁོར་ལོ་བཞི་ཡི་མདུད་པ་གྲོལ༔ འབར་འཛག་གཉིས་ཀྱི་སྦྱོར་བ་ཡིས༔ རླུང་ལྔ་ཐམས་ཅད་དབུ་མར་བཅིངས༔ དབབ་ལྡོག་བཀྲམ་ཞིང་བརྟན་པ་ཡིས༔ གསང་བ་ལམ་གྱི་དབང་ཐོབ་ཤོག༔ ཨ་ཧཾ་ཨ་བྷི་ཥིཉྩ་ཧོ༔ ཞེས་པས་བྱིན་པའི་བདུད་རྩི་དེ་ཉིད་མྱངས་པ་ལ་བརྟེན་ནས། རྩ་ཐམས་ཅད་བདུད་རྩིས་གང་། དུག་གསུམ་གྱི་རྣམ་རྟོག་འགག །བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། དེ་ལྟར་ན་ནང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་དང་རླུང་གི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་དབུགས་ལ་བརྟེན་ནས་རླུང་གི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཟབ་མོའི་དབང་གཉིས་པ་རྩ་རླུང་ཐིག་ལེའི་ནུས་པ་སྟོབས་སུ་གྱུར་པས། ཕོ་ཉའི་ལམ་བསྟེན་ནུས་པ་རིག་མའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་རང་དགའ་བཞིའི་འབྱུང་གནས་ཕྱག་རྒྱ་གཟུགས་དང་ལང་ཚོ་རྫོགས་པ་རྡོ་རྗེ་ཁྲོས་མ་ནག་མོའི་ངོ་བོ་ཅན་རེ་རེ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་མདུན་དུ་ཆགས་པའི་ཉམས་འགྱུར་དང་བཅས་འཁོད་ནས་ཐར་པ་བསྟེན་པར་བསྐུལ་བའི་མོས་པ་མཛོད། སློབ་དཔོན་གྱི་ལག་གཡོན་གྱིས་རིག་ཙཀ་གཏད་ལ། ཧོ༔ ཐབས་ལྡན་སྦྱོར་བ་ཆེན་པོ་འདི༔ ཕྱག་རྒྱའི་རེག་བྱ་ལ་བསྟེན་ཏེ༔ བདེ་བ་ཆེན་པོས་ནམ་མཁའ་གང༔ འདི་ནི་རྒྱལ་བ་ཀུན་གྱི་ལམ༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ དེ་བས་རྟག་ཏུ་འདི་སྤྱོད་ཅིག༔ བདེ་བ་མགོ་གཡོས་དགའ་བ་སྟེ༔ དེ་ལས་ཆེར་འབར་མཆོག་གི་དགའ༔ བདེ་བས་རབ་གང་ཁྱད་པར་དགའ༔ དྭངས་མ་རྡོ་རྗེ་པདྨར་བབས༔ ཚོར་བ་ཀུན་འགགས་བདེ་བ་ཡི༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ བརྗོད་དུ་མེད་ལ་མྱོང་བ་ཅན༔ ལྷན་ཅིག་སྐྱེས་པའི་དགའ་བ་འདི༔ རྒྱལ་བ་ཀུན་གྱི་དགོངས་པའི་མཐིལ༔ འདི་ཉིད་འགྱུར་མེད་འབྲས་བུ་འོ༔ སྐུ་དང་ཡེ་ཤེས་ཡོངས་སུ་རྫོགས༔ ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་རིགས་རྒྱུད་མ་བཞག་ན༔ འགྲོ་དོན་མཛད་པའི་སྐྱེས་བུ་མེད༔ སེམས་ཅན་ཐུགས་རྗེས་འཛིན་པ་ཡི༔ དཔྱང་ཐག་ཆད་པར་འགྱུར་བས་ན༔ དེ་བས་གསང་བའི་རྒྱུད་དག་ནས༔ རྣལ་འབྱོར་ཕོ་མོ་ཐབས་ལྡན་གྱི༔ བདེ་ཆེན་སྦྱོར་བའི་བྱང་སེམས་ལ༔ རྡོ་རྗེ་སེམས་དཔའ་བདག་ཞུགས་པས༔ ཐུགས་རྗེས་དཔྱང་ཐག་མ་གཅོད་ཅིག༔ ཅེས་གསུངས་སྤྲུལ་པ་མཐའ་ཡས་སྤྲོ༔ ཀརྨ་མུ་དྲ་བྷཉྫ་མོཀྵ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རིག་མའི་བརྟུལ་ཞུགས་ཀྱི་རྗེས་སུ་གནང་བ་རྒྱས་པར་བྱིན་ནས། ཁྱེད་རང་རྣམས་དཔལ་ཆེན་པོ་པདྨ་ཧེ་རུ་ཀ་དང་། གཏད་པའི་ཡུམ་རྡོ་རྗེ་ཁྲོས་མ་ནག་མོར་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱི་བདེ་བ་རྒྱུད་ལ་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ལྟར་ན་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་དང་ཐིག་ལེའི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་བཅུད་ལ་བརྟེན་ནས་ཐིག་ལེའི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཟབ་མོའི་དབང་གསུམ་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་བརྟུལ་ཞུགས་ཅན་རྗེས་སུ་འཛིན་པ་ཚིག་གིས་མཚོན་པ་དོན་གྱི་དབང་བསྐུར་བའི་སླད་དུ། ཁྱེད་རང་རྣམས་ལུས་བསམ་གཏན་གྱི་སྤྱོད་ལམ་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག །སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་དེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཐར་སྐྱེས་པའི་བདེ་སྟོང་ཟུང་འཇུག་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་འཇོག་མཛོད། དེ་མཚོན་པར་བྱ་བའི་སླད་དུ། ཚིག་གི་སྒོ་ནས་ངོ་སྤྲད་ཅིང་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་པར་བྱ་བ་ཡིན་ཏེ། ཧཱུྃ༔ བདེ་ཆེན་ཡེ་ཤེས་གཉིས་མེད་པ༔ ཕྱི་ནང་ཟང་ཐལ་ཀུན་ཏུ་འཕྲོ༔ ཡེ་ནས་དག་པའི་རང་བཞིན་གྱིས༔ རང་རིག་རང་བྱུང་རང་གསལ་བ༔ ཤར་གྲོལ་འཛིན་མེད་ལྷུག་པར་གནས༔ གཟའ་གཏད་བྲལ་བའི་ངང་ལ་ཞོག༔ མ་ནོར་མ་བཅོས་ངང་ལ་གནས༔ སངས་རྒྱས་ཞེས་བྱ་ལོག་ན་མེད༔ དོན་གྱི་སངས་རྒྱས་རང་རིག་ཡིན༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ གློ་བུར་འཁྲུལ་པའི་དྲི་མ་མེད༔ མིང་ཙམ་བརྡ་ཙམ་ཉིད་དུ་གནས༔ ཡ་ཀིའི་ཀུན་ཏུ་བཟང་པོ་ནས༔ མ་ཀིའི་སྲིན་བུ་ཡན་ཆད་ཀྱི༔ འཁོར་འདས་གཉིས་ཀྱིས་བསྡུས་པ་རྣམས༔ ཀུན་གཞི་ཉིད་ལ་བཟང་ངན་མེད༔ བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ༔ སྣོད་མིན་གང་ཡང་ཡོད་མ་ཡིན༔ རང་རིག་ཡེ་ཤེས་སྟོན་པའི་གནས༔ དེ་བས་ད་ལྟ་རང་གི་རིག༔ མ་བཅོས་ལྷུག་པར་བཞག་པའི་ཚེ༔ ངོ་བོ་སྟོང་པའི་སྐུ་དང་ལྡན༔ རང་བཞིན་གསལ་བའི་ཡེ་ཤེས་ཀྱིས༔ སྣ་ཚོགས་སྣང་བ་ཐུགས་རྗེས་སྤྲུལ༔ སྐུ་དང་ཞིང་ཁམས་ལྷུན་གྱིས་གྲུབ༔ རང་རིག་བདེ་གཤེགས་ངོ་མཚར་ཆེ༔ བུ་རྣམས་འདི་དང་མ་བྲལ་ཅིག༔ དྷརྨ་དྷཱ་ཏུ་ཨ༔ ཞེས་བརྗོད་ཅིང་དཔོན་སློབ་གཉིས་ཀས་མཉམ་པར་བཞག །དེ་ལྟར་ན་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཀུན་གཞི་དང་ཤེས་བྱའི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་བདེ་སྟོང་ལ་བརྟེན་ནས་འོད་གསལ་མཆོག་གི་རྫོགས་རིམ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་བཀྲ་ཤིས་ཚེའི་དབང་བསྐུར་བའི་སླད་དུ། ཚེ་གཏོར་འདི་ཉིད་བཀྲ་ཤིས་ཚེའི་ཕོ་བྲང་མི་འགྱུར་སྙིང་པོའི་ཡེ་ཤེས་ལས་རང་ཤར་བ་འཇའ་འོད་ཐིག་ལེ་དྭངས་མར་འཁྲིགས་པའི་དབུས་སུ། རྩ་གསུམ་རྒྱལ་བ་རབ་འབྱམས་འདུས་པའི་ངོ་བོ་ཨོ་རྒྱན་ཚེ་དཔག་མེད་པ་བྱིན་རླབས་ཐུགས་རྗེའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་བ་མངོན་སུམ་བཞིན་ལམ་མེར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་ཐུགས་དམ་བསྐུལ་བ་ལ་བརྟེན་ནས། གནས་ལྔ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཆི་མེད་བདུད་རྩིའི་རྒྱུན་དང་བཅས་པ་བུན་གྱིས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། བཀྲ་ཤིས་མི་འགྱུར་ཚེ་ཡི་ཕོ་བྲང་ན༔ རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ༔ འཆི་མེད་ཚེ་བདག་རིག་པ་མཆོག་གི་གཙོ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ བྱིན་རླབས་ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས༔ ཚེ་མཆོག་དངོས་གྲུབ་མ་ལུས་མྱུར་དུ་སྩོལ༔ འགྱུར་མེད་སྐུ་ཡི་ཚེ་མཆོག་ལུས་ལ་སྩོལ༔ འགག་མེད་གསུང་གི་ཚེ་མཆོག་ངག་ལ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་ཚེ་མཆོག་སེམས་ལ་སྩོལ༔ ཡོན་ཏན་རེ་སྐོང་ཚེ་ཡི་བསམ་པ་སྒྲུབས༔ ཕྲིན་ལས་འགྲོ་འདུལ་དཔོན་སློབ་འདུ་འབྲལ་མེད༔ འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཤོག༔ ཨཱ་ཡུཿཛྙཱ་ན་ཚེ་བྷྲཱུྃ༔ མི་ཤིགས་པ་རྡོ་རྗེ་ལྟ་བུའི་ཚེ་ཐོབ་པར་གྱུར་ཅིག༔ མི་འགྱུར་བ་གཡུང་དྲུང་ལྟ་བུའི་ཚེ་ཐོབ་པར་གྱུར་ཅིག༔ མི་ནུབ་པ་རྒྱལ་མཚན་ལྟ་བུའི་ཚེ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་བཞིན་དུ་ཚེ་གཏོར་སྤྱི་བོར་བཞག །མཐར་ལྷ་འོད་དུ་ཞུ་བ་ལས་བྱུང་བའི་ཞལ་ཟས་ཚེའི་བདུད་རྩི་ཁྱེད་རང་རྣམས་ལ་བྱིན་པས་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱས་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་མཐའ་སྐོར་གྱི་ཚེ་རིལ་སྦྱིན། སླར་ཡང་ཤིས་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མེད་པའི་དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་། ལྷ་དང་དྲང་སྲོང་རིག་པ་འཛིན་པ་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་བསྐོར་པའི་ཞལ་ནས་ཤིས་པ་བརྗོད་པའི་གླུ་དབྱངས་ཀྱི་སྒྲ་སྒྲོག་ཅིང་། ཕྱག་ནས་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། ཧཱུྃ་ཧྲཱི༔ བྱིན་རླབས་མཁའ་ལ་དངོས་གྲུབ་སྤྲིན་འཁྲིགས་ཤིང༔ བདེ་སྟོང་ཆར་གྱིས་ཡེ་ཤེས་སྨིན་པར་མཛད༔ དགོས་འདོད་ཡིད་བཞིན་འབྲས་བུ་སྩོལ་མཛད་པའི༔ རྩ་བ་གསུམ་གྱི་བཀྲ་ཤིས་བདེ་ལེགས་ཤོག༔ ཅེས་དང་སྤྲོ་ན། ཧཱུྃ༔ འཁོར་འདས་ཀུན་ཁྱབ་སོགས་ཟབ་བདུན་རྗེས་ཀྱི་སྤྱི་ཆིངས་ལས་འབྱུང་བ་སོགས་ཤིས་བརྗོད་རྒྱས་པར་སྤེལ། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྙན་ཅིང་འགྱུར་བས་དགེ་ལེགས་སུ་བྱ། དཔོན་སློབ་ཐམས་ཅད་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་ལོངས་སྤྱད་ཅིང་སྨོན་ལམ་གདབ། དེ་ལྟར་ན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་བཅུད། ཐུགས་དམ་ཟབ་པ་སྐོར་བདུན་གྱི་ཆོས་སྡེ། རྩ་གསུམ་ཚེའི་ཟབ་པའི་ཡན་ལག་མཐའ་རྒྱས་བླ་མ་བཀའ་བརྒྱད་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པར་ཕུལ་ཟིན་པ་ལགས་པས་གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམ་སྟེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གྱེས། བཞི་པ་རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ཀྱི་ལྷག་མ་ནས་བརྩམ་སྟེ་ནོངས་པ་བཤགས་པའི་བར་ལས་བྱང་ལྟར་དང་། བར་འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བདག་ལ་བསྟིམ། མཚན་མ་བསྡུ་བ་རྣམས་སྤྱི་ལྟར་དང་། རས་བྲིས་ཡིན་ན་བརྟན་བཞུགས་བྱ་ཞིང་། བསྐྱེད་རིམ་གྱི་ཉེར་བསྡུ་ནས་ཤིས་བརྗོད་ཀྱི་བར་ལས་གཞུང་ལྟར་མཐའ་རྒྱས་སུ་བྱའོ། །བླ་མ་བཀའ་བརྒྱད་འདུས་པ་ཡི། །དབང་ཆོག་རྡོ་རྗེའི་གཏོར་བླུགས་ཀྱིས། །མཁའ་ཁྱབ་ཡིད་ཅད་རྒྱ་མཚོ་ཀུན། །སྐུ་བཞིའི་མྱུ་གུ་སྨིན་གྱུར་ཅིག །ཅེས་པའང་གཏེར་ཆེན་བླ་མ་མཆོག་གིས་བཀའི་གནང་བ་རྗེས་སུ་ཐོབ་ཅིང་། ལང་གྲོ་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་ཆོས་འདིའི་བདག་པོར་ཁྱད་པར་དུ་བསྔགས་པ་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་ཀྱི་ཞལ་སྔ་ནས་གསུང་གི་ཅོད་པན་སྤྱི་བོའི་རྒྱན་དུ་ཕེབས་པ་གུས་པས་མཆོད་དེ། བྱ་བྲལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་སྒྲུབ་གནས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་ཕུག་གི་འདབས་འབྱོར། དཔལ་ཆེན་པོ་ཡེ་ཤེས་ཀློང་དགུའི་ཆོས་སྐུའི་རྟེན་གྱིས་ཁྱད་པར་དུ་བྱས་པའི་གནས་ཆེན་རི་བོ་དབང་ཞུའི་དབང་ཕྱོགས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་གཉིས་མེད་དང་པོའི་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཚེས་དགེ་བར་གྲུབ་པར་སྦྱར་བ་རྣམ་པ་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་ (Volume 49, Text 68)
རྩ་གསུམ་འོད་གསལ་སྙིང་ཏིག་ལས༔ ཕག་མོ་དཀར་མོའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་བཞུགས༔ རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ བཅོམ་ལྡན་བཛྲ་བ་རཱ་ཧཱིའི༔ ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས༔ ཡེ་ཤེས་སྣང་བ་རྒྱས་འདོད་པས༔ དབེན་པའི་གནས་སུ་འདི་ལྟར་བསྒོམ༔ ས་མ་ཡ༔ ཧྲཱི༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་བཾ་ཡིག་དཀར་པོ་ལས༔ འོད་འཕྲོས་སྣོད་བཅུད་དབྱིངས་སུ་སྦྱངས༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ རང་རིག་བཅོམ་ལྡན་ཝ་རཱ་ཧཱི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ མཆན་ཁུང་ཁ་ཊྭཱཾ་རྩེ་གསུམ་མཚན༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་ཆགས་ཉམས་མཚན་དཔེར་འབར༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱིས༔ པད་ཉི་བམ་རོའི་སྙིང་གར་རོལ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ སྣང་སྟོང་ཟུང་འཇུག་ཆེན་པོའི་ངང༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་ཀྱིས་ཕྱོགས་བཅུའི་རྒྱལ་ཀུན་མཆོད༔ ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་བསལ༔ སྲིད་ཞིའི་ཤེས་རབ་ཡེ་ཤེས་བཅུད༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ ལུས་ངག་ཡིད་ལ་ཐིམ་པ་ཡིས༔ སྤོབས་པའི་གཏེར་མཛོད་གྲོལ་བར་བསམ༔ ཨོཾ་བཾ་བཛྲ་ཝ་རཱ་ཧཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧྲཱིཾ་ཛ༔ བདུན་ཕྲག་གསུམ་དུ་བཟླས་པ་ཡིས༔ དངོས་ཉམས་རྨི་ལམ་སྣ་ཚོགས་སུ༔ ཉི་ཟླ་ཤར་དང་བདུད་རྩི་འཐུང༔ མེ་ཏོག་ཆར་འབེབ་རོལ་མོ་སྒྲོག༔ ཁྲུས་བྱས་གོས་དཀར་གྱོན་པ་སོགས༔ དགེ་ཞིང་ཤིས་པའི་རྟགས་མཚན་འབྱུང༔ དེ་ཚེ་དངོས་གྲུབ་བླང་བར་བྱ༔ ས་མ་ཡ༔ ཁྱད་པར་རྫོགས་པའི་རིམ་པ་ནི༔ ཁམས་གསུམ་སྣོད་བཅུད་རིམ་གྱིས་བསྡུ༔ འོད་གསལ་ཡེ་ཤེས་ཆེན་པོར་འཇུག༔ དེ་ལས་སླར་ཡང་གཉུག་མའི་ལྷ༔ འཇའ་ཚོན་ཤར་བ་ལྟ་བུར་ལྡང༔ སྐུ་དབུས་དྲང་པོར་རྩ་དབུ་མ༔ སྦོམ་ཕྲ་མདའ་སྨྱུག་ཙམ་པ་ལ༔ གཡས་གཡོན་རོ་རྐྱང་གཉིས་དང་བཅས༔ འཁོར་ལོ་རྣམ་བཞི་རབ་ཏུ་གསལ༔ སྙིང་གར་དྭངས་མའི་ཐིག་ལེའི་དབུས༔ ཡེ་ཤེས་ལྔ་ལྡན་བཾ་ཡིག་བསྒོམ༔ མེ་རླུང་སྦྱོར་བས་བདེ་དྲོད་བསྐྱེད༔ བདུད་རྩིའི་བཅུད་ཀུན་བཾ་ལ་ཐིམ༔ རླུང་ཡིད་རིག་པ་གཅིག་དྲིལ་ནས༔ ལྷན་སྐྱེས་བདེ་སྟོང་ངང་དུ་བཞག༔ འདི་ཉིད་བསྒོམ་པ་ཙམ་གྱིས་ཀྱང༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ས་མ་ཡ༔ སློབ་མ་རྗེས་སུ་གཟུང་བ་ནི༔ བདག་མདུན་དབྱེར་མེད་བསྐྱེད་ཅིང་བཟླས༔ སྔོན་འགྲོའི་འཇུག་པས་རྒྱུད་སྦྱངས་ནས༔ དངོས་གཞིར་བུམ་པ་སྤྱི་བོར་བསྐུར༔ ཧྲཱི༔ སྟོང་ཉིད་བུམ་པའི་དཀྱིལ་འཁོར་དུ༔ བདེ་ཆེན་ཡེ་ཤེས་ཌཱ་ཀི་ཤར༔ ཟུང་འཇུག་བདུད་རྩིས་དབང་བསྐུར་བས༔ རྡོ་རྗེའི་གཟུགས་སྐུ་མངོན་འགྱུར་ཤོག༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྙོམས་འཇུག་བྱང་སེམས་བདུད་རྩི་སྦྱིན༔ ཧྲཱི༔ ཨེ་དབྱིངས་བདེ་མཆོག་ཧེ་རུ་ཀ༔ ཝཾ་ཡིག་རྡོ་རྗེ་བཙུན་མོར་སྦྱར༔ སྲིད་པ་དག་བྱེད་བདུད་རྩིའི་ཆུ༔ ཐུངས་ཤིག་ཐུངས་ཤིག་དཔའ་བོ་ཆེ༔ རྩ་སྔགས་དང་གུ་ཧྱ་ཨ་མྲྀཏ་མ་ཧཱ་སུ་ཁ་ཧོ༔ སིནྡྷུ་ར་ནི་སྙིང་གར་བྱུགས༔ ཧྲཱི༔ རྟགས་ཀྱི་ཐིག་ལེ་འདི་བཏབ་པས༔ དོན་དམ་རྡོ་རྗེའི་ཕོ་ཉ་མོ༔ ཀུན་རྫོབ་སྣ་ཚོགས་གཟུགས་ཅན་གྱི༔ བདེ་མཆོག་བདེ་བའི་རོལ་པར་སྤྱོད༔ རྩ་སྔགས་དང་ཛྙཱ་ན་ཀརྨ་མུ་དྲ་ཧོ༔ དེ་ལས་སྐྱེས་པའི་ཡེ་ཤེས་ལ༔ རིག་སྟོང་གཉུག་མར་ངོ་སྤྲོད་གདབ༔ ཧྲཱི༔ ལྟོས་ཤིག་སྐལ་ལྡན་སྙིང་གི་བུ༔ བལྟས་པས་མཐོང་མེད་བདེ་བ་ཆེ༔ རང་རིག་བཛྲ་ཝ་རཱ་ཧཱི༔ ཀ་དག་ལྷུན་གྲུབ་ཟུང་དུ་འཇུག༔ རྩ་སྔགས་མཐར་ཛྙཱ་ན་བཛྲ་དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་བརྗོད་དགོངས་པ་དབྱིངས་ལ་གཏད༔ ས་མ་ཡ༔ ཇི་ལྟ་ཇི་སྙེད་ཡེ་ཤེས་ཀྱི༔ སྣང་བ་རྟག་ཏུ་རྒྱས་འདོད་ན༔ མཐར་ཐུག་དོན་གྱི་སྒྲུབ་པ་འདི༔ སྙིང་གི་དབུས་སུ་གཅེས་པར་ཟུངས༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ གར་དབང་འོད་གསལ་མདོ་སྔགས་གླིང་པས་ཟབ་མོ་དགོངས་པའི་གཏེར་མཛོད་ལས་ཕྱུང་བའོ།། །།
རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཕག་མོ་དཀར་མོའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྣང་བའི་རྒྱན་ (Volume 49, Text 69)
༄༅། །རྩ་གསུམ་འོད་གསལ་སྙིང་ཏིག་ལས། ཕག་མོ་དཀར་མོའི་ཕྲིན་ལས་ཁྲིགས་སུ་བསྡེབས་པ་ཡེ་ཤེས་སྣང་བའི་རྒྱན་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་བཛྲ་ཝ་རཱ་ཧཱི་པ་ད་ཡ། དེ་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་ཕྲིན་ལས་ཀྱི་ཆོ་ག་ཅུང་ཟད་སྤྲོས་ཏེ་ཉམས་སུ་ལེན་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། དུར་ཁྲོད་ལ་སོགས་པའི་གནས་དབེན་ཞིང་ཟིལ་ཆེ་བར། མདུན་བསྐྱེད་ཚོགས་རྟེན་གྱི་དབང་དུ་བྱས་ཏེ། རྡུལ་ཚོན་ནམ་རས་བྲིས་ཀྱིས་ཆོས་འབྱུང་དཀར་པོ་བསྣོལ་མ་དུར་ཁྲོད་རྡོར་ར་མེ་རི་དང་བཅས་པའི་དབུས་སུ། པདྨ་འདབ་བཞིའི་ལྟེ་བར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བཾ་ཡིག་གིས་མཚན་པ་དང་། འདབ་མ་བཞི་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཐུགས་སྲོག་ཧ་རི་ནི་ས་ཞེས་པའི་ཡིག་འབྲུ་རྣམས་དགོད། དེའི་དབུས་སུ་མཉྫིའི་སྟེང་བདེ་སྐྱོང་མཚན་ལྡན་བདུད་རྩིས་གཏམས་པའི་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་བཾ་ཡིག་སྔགས་ཕྲེང་གིས་བརྒྱན་པ་བཞག །མཐར་སྨན་གཏོར་རཀྟ་དང་ཉེར་སྤྱོད། གཞན་ཡང་ཚོགས་ཀྱི་ཡོ་བྱད་དང་སྔོན་གཏོར། རང་གི་མདུན་དུ་རྡོར་དྲིལ། ཐོད་རྔ། ནང་མཆོད་སོགས་འདུ་བྱ། རྒྱུན་གྱི་རྣལ་འབྱོར་ལ་སྨན་གཏོར་རཀྟ་ཉེར་སྤྱོད་ཙམ་ལ་བརྟེན་ཀྱང་རུང་ངོ་། །གཉིས་པ་ཆོ་གའི་སྦྱོར་བ་ལ། སྐྱབས་སེམས་ཚོགས་གསག་བགེགས་བསྐྲད་སྲུང་། །བྱིན་དབབ་མཆོད་པ་བྱིན་གྱིས་བརླབ། །ཅེས་བདུན་ལས། དང་པོ་ནི། བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རྡོ་རྗེ་ཕག་མོའི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། ན་མོ༔ ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི༔ ཡེ་ཤེས་ཆེན་པོའི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་རྣལ་འབྱོར་མར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་སྐྱེད་ནི། ཧོ༔ གཟུང་འཛིན་འཁྲུལ་པའི་འགྲོ་བ་རྣམས༔ འོད་གསལ་རྣམ་ཀུན་མཆོག་ལྡན་དབྱིངས༔ འཕོ་འགྱུར་མེད་པར་རོ་གཅིག་ཕྱིར༔ རྡོ་རྗེ་བཙུན་མོ་བསྒོམ་པར་བགྱི༔ ལན་གསུམ། གསུམ་པ་ཚོགས་གསག་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བཞི་པ་བགེགས་བསྐྲད་ནི། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཕག་མོའི་སྐུར་གྱུར་པར་མོས་ལ། བགེགས་གཏོར་དངོས་སུ་བཤམས་པ་ཡོད་ན། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧིས་བསྔོས་ལ། གང་ལྟར་ཡང་བཀའ་བསྒོ་བ་ནི། ཧཱུྃ༔ སྐུ་དང་ཡེ་ཤེས་དཀྱིལ་འཁོར་འདིར༔ ཐ་མལ་སྣང་ཞེན་གདོན་བགེགས་ཀུན༔ རིག་རྩལ་གཉུག་མའི་བཀའ་བྱུང་གིས༔ རང་བཞིན་འོད་གསལ་དབྱིངས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ལྔ་པ་སྲུང་བ་ནི། ཧྲཱི༔ ཕྱི་སྣོད་ཐམས་ཅད་འོད་ལྔའི་ཞིང༔ ནང་བཅུད་བདེ་ཆེན་མཁའ་འགྲོའི་སྐུ༔ སྣང་གྲགས་འཁྲུལ་པའི་རྟོག་ཚོགས་ཀུན༔ ལྷ་སྔགས་ཆོས་སྐུར་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་བྷྲཱུྃ་ཨ༔ དྲུག་པ་བྱིན་འབེབ་ནི། ཧྲཱི༔ བཞེངས་ཤིག་སྐུ་གསུམ་ཞིང་ཁམས་ནས༔ དབྱིངས་དང་ཡེ་ཤེས་དྷཱ་ཀིའི་ཚོགས༔ ཧེ་རུ་ཀ་ཡི་གནས་མཆོག་འདིར༔ དབང་སྐུར་བྱིན་ཕོབ་ཉམས་རྟོགས་སྤོར༔ ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་མ་ཡ་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ བདུན་པ་མཆོད་རླབས་ནི། ཨོཾ་ཨཱཿཧཱུྃ༔ ཡུལ་དང་དབང་པོའི་ལོངས་སྤྱོད་ཀུན༔ བདེ་བ་ཆེན་པོར་བྱིན་བརླབས་པས༔ ཕྱི་ནང་གསང་མཆོད་འདོད་ཡོན་སྤྲིན༔ ནམ་མཁའ་མཛོད་ཀྱི་རྒྱན་དུ་ཤར༔ ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲང་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་བསྟོད་བཟླས་པས་བསྙེན། །ཞེས་བདུན་ལས། དང་པོ་ནི། ཧཱུྃ༔ སྟོང་པ་ཉིད་དང་སྙིང་རྗེ་ཆེ༔ ཟུང་འཇུག་བཾ་ཡིག་དཀར་པོ་ལས༔ འོད་འཕྲོས་སྣོད་བཅུད་དབྱིངས་སུ་སྦྱངས༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ རང་རིག་བཅོམ་ལྡན་ཝ་རཱ་ཧཱི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ མཆན་ཁུང་ཁ་ཊྭཱཾ་རྩེ་གསུམ་མཚན༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཁྲོ་འཛུམ་ཆགས་ཉམས་མཚན་དཔེར་འབར༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱིས༔ པད་ཉི་བམ་རོའི་སྙིང་གར་རོལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔ རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ཡེ་ཤེས་རིགས་ལྔར་དབང་སྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་སྤྱན་འདྲེན་ནི། སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས། སྐུ་གསུམ་གྱི་ཞིང་རབ་འབྱམས་ན་བཞུགས་པའི་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྙན་གསན་ཕབ་ལ། ཐོད་རྔ་འཁྲོལ་ཞིང་གདུང་བའི་ཤུགས་བསྐྱེད་དེ། ཧྲཱི༔ བདེ་ཆེན་ཡེ་ཤེས་གཅིག་ཉིད་ལས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ ཞིང་སྔགས་ལྷན་སྐྱེས་རྣལ་འབྱོར་མ༔ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་སྟོན༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་ཕྱིར༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ གསུམ་པ་བཞུགས་གསོལ་ནི། ཧྲཱི༔ དམ་ཚིག་སེམས་དཔའ་གཉུག་མའི་དབྱིངས༔ རིག་པ་རང་སྣང་ཡེ་ཤེས་ལྷ༔ མི་ཕྱེད་བདེ་ཆེན་ཐིག་ལེ་ཆེར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ཛཿཧཱུྃ་བཾ་ཧོཿཏིཥྛནྟུ༔ བཞི་པ་ཕྱག་ནི། ཧོ༔ རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ༔ ཡེ་ཤེས་ཡོན་ཏན་རྒྱན་དུ་རྫོགས༔ དུས་གསུམ་རྒྱལ་ཀུན་བསྐྱེད་པའི་ཡུམ༔ རྣལ་འབྱོར་མ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ དག་པ་བདེ་སྟོང་མཁའ་སྤྱོད་ཞིང༔ རིག་རྩལ་མ་འགགས་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཞེས༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་བིདྱཱ༔ ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཛྙཱ་ན་དྷཱ་ཏུ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་ནི། ཧྲཱི༔ གདོད་ནས་རྣམ་གྲོལ་ལྷན་ཅིག་སྐྱེས་པའི་དབྱིངས༔ འགགས་མེད་བདེ་བ་ཆེན་པོའི་ཡེ་ཤེས་སྐུ༔ རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མ༔ ཀུན་བཟང་ཕག་མོ་ཡུམ་ལ་ཕྱག་འཚལ་བསྟོད༔ གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཞིང་རྣམས་སུ༔ སྤྲུལ་པའི་གར་མཛད་རྣལ་འབྱོར་མ་ཡི་ཚོགས༔ སྣང་སྲིད་དག་པ་རབ་འབྱམས་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོར་ཤར་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་གཞན་གསུམ་རྡོ་རྗེའི་ཕོ་ཉ་མོ༔ འོད་གསལ་དབུ་མའི་དབྱིངས་སུ་རོ་གཅིག་པས༔ བདེ་ཆེན་ཚོགས་ཀྱི་མཆོད་པ་ལ་བརྟེན་ནས༔ ཟུང་འཇུག་རྣམ་ཀུན་མཆོག་ལྡན་མངོན་གྱུར་ཤོག༔ བདུན་པ་བཟླས་པ་ནི། ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་ཀྱིས་ཕྱོགས་བཅུའི་རྒྱལ་ཀུན་མཆོད༔ ཁམས་གསུམ་འགྲོ་བའི་སྒྲིབ་གཉིས་བསལ༔ སྲིད་ཞིའི་ཤེས་རབ་ཡེ་ཤེས་བཅུད༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ ལུས་ངག་ཡིད་ལ་ཐིམ་པ་ཡིས༔ སྤོབས་པའི་གཏེར་མཛོད་གྲོལ་བར་གྱུར༔ ཅེས་བཟླས་དམིགས་གསལ་བཏབ་ལ། བཟླ་བྱའི་སྔགས་ནི། ཨོཾ་བཾ་བཛྲ་ཝ་རཱ་ཧཱི་པྲ་ཛྙཱ་ཛྙཱ་ན་སརྦ་སིདྡྷི་ཧྲཱིཾ་ཛ༔ ཞེས་བཟླས་པའི་སྐྱོན་སྤངས་ལ་རྩེ་གཅིག་ཏུ་བཟླ། དུས་དང་རྟགས་ཀྱི་རིམ་པའང་གཞུང་ལས། བདུན་ཕྲག་གསུམ་དུ་བཟླས་པ་ཡིས༔ དངོས་ཉམས་རྨི་ལམ་སྣ་ཚོགས་སུ༔ ཉི་ཟླ་ཤར་དང་བདུད་རྩི་འཐུང༔ མེ་ཏོག་ཆར་འབེབ་རོལ་མོ་སྒྲོག༔ ཁྲུས་བྱས་གོས་དཀར་གྱོན་པ་སོགས༔ དགེ་ཞིང་ཤིས་པའི་རྟགས་མཚན་འབྱུང༔ དེ་ཚེ་དངོས་གྲུབ་བླང་བར་བྱ༔ ཞེས་པ་ལྟར་ཏེ། ཐུན་མཐར་དབྱངས་གསལ་རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱ། མཆོད་ཅིང་བསྟོད་ལ་ཡི་གེ་བརྒྱ་པ་བརྗོད། གསུམ་པ་རྗེས་ལ། ཚོགས་དང་བསྐུལ་བྱ་དངོས་གྲུབ་གསོལ། །བསྡུ་ལྡང་བསྔོ་སྨོན་ཤིས་པ་བརྗོད། །ཅེས་བདུན་ལས་དང་པོ་ནི། བ་ལཱ་དང་མཱ་ད་ན་སོགས་ཐབས་ཤེས་ཀྱི་བརྡས་མཚོན་པའི་དམ་ཚིག་གི་རྫས་སུ་འོས་པ་རྣམས་ལ་བསང་ཆུ་འཐོར། རཾ་ཡཾ་ཁཾ༔ རང་བྱུང་པདྨ་བྷཉྫའིི་དབྱིངས༔ ཡེ་ཤེས་ཆེན་པོའི་བདུད་རྩིའི་བཅུད༔ དཔའ་བོ་མཁའ་འགྲོའི་དམ་ཚིག་རྫས༔ ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་བརླབ། ཚོགས་ཞིང་སྤྱན་དྲངས་ཤིང་འབུལ་བ་ནི། ཕུད་རིམ་པ་གསུམ་དུ་སྤྲོས་ལ། ཧྲཱི༔ ངོ་བོ་ཆོས་སྐུའི་ཕོ་བྲང་ནས༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ རིག་པ་རང་སྣང་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བདེ་བ་ཆེན་པོར་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ གཟུང་འཛིན་འཁྲུལ་པ་དབྱིངས་སུ་སྒྲོལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་གཞལ་མེད་ནས༔ ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་མ༔ རབ་འབྱམས་ཞི་ཁྲོའི་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བདེ་བ་ཆེན་པོར་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ གཟུང་འཛིན་འཁྲུལ་པ་དབྱིངས་སུ་སྒྲོལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ནས༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བདེ་བ་ཆེན་པོར་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ གཟུང་འཛིན་འཁྲུལ་པ་དབྱིངས་སུ་སྒྲོལ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་དྷཱ་ཏུ་ཛྙཱ་ན་ལོ་ཀ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་འབུལ་ཞིང་ཡི་གེ་བརྒྱ་པ་བརྗོད། སྤྲོ་ན་སྐོང་བཤགས་ཀྱི་ཆོ་ག་རྒྱས་པ་གཞན་ཡང་བྱའོ། །དེ་ནས་ནང་གི་ཚོགས་འཁོར་གྱི་སླད་དུ། བརྡ་དང་བརྡའི་འབུལ་ལེན་སྔོན་དུ་འགྲོ་བས། ཧོ༔ སྙིང་དབུས་མི་ཤིགས་ཐིག་ལེ་ཆེ༔ སྟོང་གསལ་འདུས་མ་བྱས་པའི་ཀློང༔ དབྱིངས་ཀྱི་ཕོ་ཉ་འདུ་འབྲལ་མེད༔ ཡེ་ཤེས་མཁའ་འགྲོ་སྤྲིན་ལྟར་འཕྲོ༔ སྤྱི་བོ་ཛ་ལནྡྷ་ར་སོགས༔ རྩ་ཁམས་གནས་ཡུལ་དུར་ཁྲོད་དུ༔ འགྲོ་འོང་རླུང་གིས་ལས་ཀུན་བྱེད༔ བདེ་སྟོང་དཀར་དམར་ཐིག་ལེའི་གཟུགས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ སྣང་སྟོང་འོད་སྐུར་ཤིགས་སེ་ཤིག༔ ཨ་ཧཾ་སྔགས་ཀྱི་རང་སྒྲར་བཅས༔ བདེ་ཆེན་བདུད་རྩིའི་སྲེག་བླུག་རོལ༔ ཡུལ་དང་དབང་པོ་གཉིས་མེད་པར༔ དགྱེས་མཉམ་མཆོག་གི་མཆོད་པས་བསྐང༔ ཐ་མལ་སྣང་ཞེན་ཉམས་ཆག་བཤགས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ དགའ་བ་བཞི་ཡི་ཡེ་ཤེས་སྤོར༔ སྟོང་པ་བཞི་ཡི་འོད་གསལ་སྐྱེད༔ ཐམས་ཅད་ཀ་དག་གཉུག་མའི་ངང༔ ལྷུན་གྱིས་གྲུབ་པའི་མཆོག་དབང་སྐུར༔ བཛྲ་དྷཱ་ཏུ་ཛྙཱ་ན་ལོ་ཀ་དྷཱ་ཀི་ནཱི་མཎྜལ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཞེས་བརྗོད་ཅིང་བསམ་ལ་རོལ། དྲོད་ཐོབ་པས་གསང་བ་སྙོམས་འཇུག་གི་ཚོགས་ཀྱི་འཁོར་ལོ་བསྐོར་ན། རྡོ་རྗེའི་གླུ་གར་སྔོན་དུ་འགྲོ་བས་བདེ་ཆེན་གྱི་འདུ་བ་ལ་སྤྱོད་པའི་ཚུལ་རྒྱུད་དང་མན་ངག་དག་ལས་འབྱུང་བ་ལྟར་བྱ། ཐུན་མོང་དུ་མཱ་ད་ན་དང་ཞུན་མར་ཅུང་ཟད་ཀྱི་བཀུ་མཉེས་སྙིང་གར་བྱུགས་ཤིང་། ཧོ༔ ཤེས་རབ་པདྨ་ཨེ་ཡི་དབྱིངས༔ ཐབས་ཀྱི་རྡོ་རྗེ་ཝཾ་ཡིག་གཟུགས༔ སྙོམས་འཇུག་བདེ་བའི་མཆོད་སྤྲིན་གྱིས༔ ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་དབྱིངས༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ ཟག་མེད་དགྱེས་པ་ཆེན་པོ་སྐྱེད༔ སྣང་གསུམ་འཕོ་བའི་ཉམས་ཆག་སྦྱོངས༔ ཟག་བཅས་ཐིག་ལེའི་སྲེད་ཞེན་སྒྲོལ༔ རྒྱུ་འབྲས་གཉིས་སུ་མི་ཕྱེད་པའི༔ བཅུ་དྲུག་དགའ་བའི་ཕོ་ཉ་མོས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤེལ༔ དྭངས་མ་མི་ཤིགས་གསུམ་ལྡན་གྱི༔ འཇའ་ལུས་རྡོ་རྗེའི་གོ་འཕང་ལ༔ མངོན་པར་བྱང་ཆུབ་དངོས་གྲུབ་སྩོལ༔ མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ་ཨ་ཧཾ༔ ཞེས་པའི་དོན་བསྒོམས་ལ་མཐར་ཐུག་དེ་ཁོ་ན་ཉིད་དབྱིངས་རིག་དབྱེར་མེད་ཀྱི་ངང་དུ་མཉམ་པར་གཞག །ལྷག་མ་རྣམས་བསྡུས་ལ་བདུད་རྩིས་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབ། ཕེཾ་ཕེཾ་ཞེས་པས་མགྲོན་བཀུག་ལ། བྷྱོ༔ ཡེ་ཤེས་དབྱིངས་ཀྱི་བཀའ་མཉན་ཅིང༔ ཕྱི་འཁོར་སྐྱོང་བའི་ལྷག་སྡུད་ནི༔ གིང་དང་ལངྐ་ཕོ་ཉའི་ཚོགས༔ མ་སྲིང་མཁའ་འགྲོ་ཤུགས་འགྲོ་སོགས༔ རྡོ་རྗེ་བཙུན་མོའི་ཕམ་ཕབ་ལོངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད༔ སརྦ་ས་མ་ཡ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་རྡོ་རྗེའི་རིགས་གཅིག་ཏུ་སྨོན་ལམ་གདབ་བོ། །གཉིས་པ་བསྐུལ་བྱ་བ་ལ། ཡེ་ཤེས་པའི་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ངོ་བོ་ཆོས་སྐུའི་ཕོ་བྲང་ནས༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐུལ༔ ཀ་དག་ཐིག་ལེ་ཆེན་པོའི་ཀློང༔ གཟུང་འཛིན་ཟད་པའི་ཕྲིན་ལས་མཛོད༔ རང་བཞིན་ལོངས་སྐུའི་ཞིང་ཁམས་ནས༔ རྡོ་རྗེ་བཙུན་མོའི་ཐུགས་དམ་བསྐུལ༔ ལྷུན་གྲུབ་མངོན་སུམ་སྣང་བའི་དབྱིངས༔ རྩལ་ཆེན་རྫོགས་པའི་ཕྲིན་ལས་མཛོད༔ ཐུགས་རྗེ་སྤྲུལ་སྐུའི་གནས་ཡུལ་ནས༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐུལ༔ སྤྱོད་པ་གསུམ་གྱི་རྟེན་འབྲེལ་གྱིས༔ བདེ་སྟོང་རྟོགས་པའི་ཕྲིན་ལས་མཛོད༔ ཐ་མལ་སྣང་ཞེན་ཞི་བ་དང༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྤོར༔ རྩ་རླུང་ཐིག་ལེ་དབུ་མར་སྡུས༔ གཉིས་འཛིན་འཁྲུལ་པ་དབྱིངས་སུ་སྒྲོལ༔ མ་ཧཱ་སུ་ཁ་ས་མ་ཡ་ཀརྨ་ཀུ་རུ་ཧོ༔ སྲུང་མ་ལ་ཆད་ཐོ་བསྐུལ་བ་ནི། ཧཱུྃ་བྷྱོ༔ ཀུན་བཟང་རྡོ་རྗེ་ཕག་མོ་དང༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མའི༔ བཀའ་ཉན་ཆོས་སྲུང་རྒྱ་མཚོའི་ཚོགས༔ བརྒྱུད་གསུམ་རིག་འཛིན་བླ་མ་ལས༔ ཇི་ལྟར་ཁས་བླངས་དམ་མནོས་ལྟར༔ སྨན་རག་གཏོར་མའི་མཆོད་པ་བཞེས༔ སྲུང་དང་ཞི་རྒྱས་དབང་དྲག་སོགས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་ཕྲིན་ལས་བཅོལ། བཤལ་ཆུས་བརྟན་མ་མཆོད་ཅིང་། ཧཱུྃ༔ དུས་སྦྱོར་འཕོ་བ་གནས་དག་པའི༔ རྡོ་རྗེའི་བརྟན་སྐྱོང་མ་དང་སྲིང༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ བོད་ཁམས་བདེ་བའི་ཕྲིན་ལས་སྒྲུབས༔ མ་མ་ཧྲཱིཾ་ཧྲཱིཾ་ཨ་མྲྀཏ་པཱུ་ཛ་ཧོ༔ རྗེས་འབྲེལ་དུ་ལས་ཀྱི་མཐའ་བསྡུ་བ་རྟ་བྲོ་ནི། གཏོར་གཞོང་ཁ་སྦུབས་པའི་སྟེང་རྡོ་རྗེས་རྒྱས་བཏབ་ལ། ཧཱུྃ༔ བདག་ཏུ་ལྟ་བའི་དམ་སྲིའི་དཔུང༔ བདག་མེད་རྡོ་རྗེའི་ཨེ་དབྱིངས་མནན༔ རྣམ་ཐར་གསུམ་གྱི་བྲོ་བརྡུངས་པས༔ དུག་གསུམ་མཚན་མ་དབྱིངས་སུ་ཡལ༔ སརྦ་བིགྷྣཱན་སཏྭཾ་བྷ་ཡ་ཨ་ཨ་ཨ༔ གསུམ་པ་དངོས་གྲུབ་གསོལ་བ་ནི༔ བཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་དབྱེར་མེད་ཡེ་ཤེས་མཁའ་འགྲོའི་ལྷ༔ དང་པོ་བསྙེན་ཅིང་བར་དུ་རྩེ་གཅིག་བསྒྲུབས༔ དེང་འདིར་གསོལ་ཞིང་བསྐུལ་བའི་དུས་ལགས་ན༔ ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་ཞིང་སྒྲུབ་རྫས་གནས་གསུམ་དུ་གཏུགས་ལ་རོལ། ནོངས་པ་བཤགས་པའི་སླད་དུ། ཧོ༔ རྣལ་འབྱོར་མ་དཔལ་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཨ་ཨ་ཨ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། བཞི་པ་ཉེར་བསྡུ་ནི། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། བདག་ཉིད་དམ་ཡེ་དབྱེར་མེད་ཀྱི་ལྷ་ལ་དམིགས་ཏེ། ཨ༔ རིག་པ་རང་སྣང་དམ་ཚིག་པ༔ རང་བྱུང་ཡེ་ཤེས་དབྱིངས་ཀྱི་ཀློང༔ འདུ་འབྲལ་མེད་པར་རོ་གཅིག་ཕྱིར༔ ཞལ་ཕྱག་མཚན་མ་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ ཞེས་མཉམ་པར་གཞག །ལྔ་པ་ལྷར་ལྡང་ནི། ཧྲཱི༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ བདག་ཉིད་རྡོ་རྗེ་ཕག་མོའི་སྐུ༔ སྣང་གྲགས་རྟོག་གསུམ་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ དྲུག་པ་བསྔོ་སྨོན་ནི། ཧོ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ སྒོ་གསུམ་ལྷ་སྔགས་ཆོས་སྐུར་བསྒྲུབས་པའི་མཐུས༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ བདུན་པ་ཤིས་བརྗོད་ནི། ཨོཾ༔ དགོངས་བརྡ་སྙན་བརྒྱུད་རིག་རྩལ་འཆང༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ རབ་འབྱམས་ཞི་ཁྲོའི་ཕྱག་རྒྱར་སྣང༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ རྣལ་འབྱོར་གྲོགས་མཛད་བདེ་ཆེན་སྤེལ༔ ཕྱི་ནང་མཁའ་འགྲོའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་རྒྱ་མཚོའི་བཀྲ་ཤིས་ཤོག༔ གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ མཐར་ཐུག་འཆི་མེད་ཡེ་ཤེས་སྐུ༔ མངོན་སུམ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིག་གིས་མཐའ་བརྒྱན་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། ༈ །བསྙེན་པ་བྱེད་ན་ཐུན་བཞིའི་རིམ་པས། གྲངས་བསྙེན་འབྲུ་འབུམ་མམ། འབུམ་ཕྲག་བཞི། དུས་བསྙེན་ཟླ་བ་གསུམ་མམ་བདུན་ཕྲག་གསུམ། མཚན་མའི་བསྙེན་པ་རྟགས་མཐོང་བའི་བར་དུ་བརྩོན་པས་དབང་པོ་དང་སྐལ་པའི་ཁྱད་པར་བཞིན་དངོས་གྲུབ་འཐོབ་པར་འགྱུར་ལ། ༈ རྒྱུན་གྱི་རྣལ་འབྱོར་ལ་ནི། ཚོགས་གསག་ཙམ་སྔོན་དུ་འགྲོ་བས་གཞུང་རྩ་བ་ལྟར་ཉམས་སུ་བླངས་པའི་མཐར། ལྷ་སྐུ་འོད་གསལ་དུ་བསྡུ། ཟུང་འཇུག་གི་སྐུར་ལྡང་། བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པས་གྲུབ་པ་ཡིན་ནོ། །ཞེས་པའང་རང་གཞུང་རྩ་བ་དང་མཁའ་འགྲོ་སྤྱིའི་ཕྲིན་ལས་ཁྲིགས་སུ་བསྡེབས་ཏེ་རིགས་མཐུན་གྱི་ཁ་སྐོང་ཅུང་ཟད་དང་བཅས་པ་འདིའང་། དུས་གསུམ་མཁྱེན་པ་པདྨ་སམྦྷ་བའི་བྱིན་རླབས་ཀྱིས་ཟབ་མོའི་ལམ་འདིར་སྔོན་སྨོན་གྱི་སྤོབས་པ་དགེ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་འོད་གསལ་སྤྲུལ་པའི་རྡོ་རྗེས་སྦྱར་བའི་དགེ་བས་འགྲོ་ཀུན་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་དབང་བསྐུར་རྒྱས་པ་སྨིན་ལམ་དབང་གི་རྒྱལ་པོ་མ་བུ་ཟུང་བསྡེབས་ཀྱི་ཡི་གེ་སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་ (Volume 11, Text 69)
༄༅། །གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་དབང་བསྐུར་རྒྱས་པ་སྨིན་ལམ་དབང་གི་རྒྱལ་པོ་མ་བུ་ཟུང་བསྡེབས་ཀྱི་ཡི་གེ་སྒྲིབ་གཉིས་གཡུལ་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་པདྨ་ཀྲོ་དྷ་བཛྲ་ཀ་པཱ་ལ་མཱ་ལ་ཡ། །རྒྱལ་བ་ཀུན་གྱི་གསང་གསུམ་ཕྲིན་ལས་བཅས། །གཅིག་བསྡུས་བྱིན་རླབས་གཏེར་ཆེན་གུ་རུ་རྗེ། །རྡོ་རྗེ་ཁྲོ་བོའི་སྐུར་བཞེངས་བདེ་བར་གཤེགས། །ཡོངས་ཀྱི་སྟོབས་འདུས་དེ་ཡིས་བདག་བྱིན་རློབས། །སྔོན་དུས་དར་རྒྱས་ཆེ་དྲགས་ཕལ་ཆེར་འཆལ། །དེང་སང་དབང་རྒྱུན་ཙམ་ཡང་རྙེད་དཀའ་བས། །རྣམ་གསལ་ལག་ལེན་བཀོད་འདི་མཁས་འདོད་མིན། །བཀླག་ཆོག་ཁོ་ན་རྨོངས་ལ་བྲིམ་ཕྱིར་རོ། །བླ་མ་མངའ་བདག་ཆེན་པོའི་གཏེར་བྱོན་གུ་རུ་དྲག་པོའི་གཞུང་རྒྱས་པ་བདེ་གཤེགས་འདུས་པའི་དབང་ལ། རྩ་བ་མ་བུ་དོན་བསྡེབས། སྣང་སྲིད་ལྷ་འདྲེའི་སྲོག་དབང་སྨིན་ལམ་དབང་གི་རྒྱལ་པོ། རྡོ་རྗེ་སྤྱི་བླུགས། དབང་བསྐུར་ཆོས་ཀྱི་སྒོ་འབྱེད་བཞིར་བཞུགས་པ་ལས། འདིར་གཉིས་པ་ལྟར་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གཞུང་ནས་བཤད་པའི་དཔོན་སློབ་མཚན་ཉིད་དང་ལྡན་པས་གནས་དུས་ཀྱི་རྟེན་འབྲེལ་འགྲིགས་པ་ན། གཙང་མའི་སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པའི་སྟེང་དུ་དཀྱིལ་འཁོར་ཁྲོ་དཀྱིལ་སྤྱི་མཐུན་ལ་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་སྐུའམ་ཕྱག་མཚན་བཀོད་པ། མ་འབྱོར་ན་མཎྜལ་ལ་ཚོམ་བུ་ལྔ་བཀོད་པའི་སྟེང་མཉྫི་ལ་བུམ་པ་བཅུད་ལྡན་ཆས་སུ་བཅུག་པའི་ཁར་བྷནྡྷ་མཚན་ལྡན་བདུད་རྩིས་བཀང་བ་བཞག །དེ་སྟེང་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་ཆོས་འབྱུང་བསྣོལ་བའི་དབུས་སུ་པདྨ་འདབ་བཞི་དབུས་དང་ལྔར་རིགས་ལྔའི་ས་བོན། མཐར་ཐོད་ཕྲེང་སྡེ་ལྔའི་སྔགས་གཡས་སྐོར་དུ་བཀོད་པ་བཞག་ལ་དར་དམར་གྱི་གུར་ཕུབ། མདུན་ཕྱོགས་སུ་ཐོད་ཕྲེང་སྡེ་ལྔ་དང་གོ་ཆ་ལྷ་ལྔའི་ཙཀླི། རྒྱབ་ཕྱོགས་སུ་གཏོར་མ་རིན་ཆེན་འབར་བ་ཟས་སྣ་སོགས་ཀྱིས་བརྒྱན་པ་ལ་སྐུ་ཙཀ་གཟུག་ཅིང་དར་གདུགས་ཕུབ། སྡེ་བརྒྱད་སྲོག་གཏད་བྱེད་ན་དེའི་འོག་ཏུ་ཐོད་པ་མཚན་ངན་ནང་སྡེ་བརྒྱད་བླ་རྡོ་བཞག །དེ་དག་གི་ཤར་དུ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཅན། ལྷོར་བཟའ་བཏུང་ཚོགས་ཀྱི་ཡོ་བྱད། ནུབ་ཏུ་དཔལ་གཏོར་ཟླ་གམ་ཉི་ཟླ་ནོར་བུའི་རྒྱན་ལྡན་ཤ་ཆང་ཆོས་སྨན་བཏབ་པ། བྱང་དུ་ཕུར་པ་དར་ནག་གི་ཅོད་པན་ཅན། རྒྱབ་ངོས་གཏོར་ཆེན། གཡས་གཡོན་དུ་བཀའ་སྲུང་མ་མགོན་སྡེ་བརྒྱད་དང་སྤུ་གྲིའི་གཏོར་མ། དེ་དག་གི་གཡས་གཡོན་དུ་སྨན་རཀ །མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་རྣམས་བཤམ། གཞན་ཡང་ཞི་ཆས། གུ་རུའི་ཆས་ཕྱོགས་བསྡུས། ཕྱག་མཚན་རྡོ་རྗེ་ལྕགས་སྡིག །ཁྲོ་ཆས་རུས་རྒྱན། དུར་ཁྲོད་ཆས་སོ་སོ་བ་རྣམས་ཀྱི་ཙཀླི། ཐོད་རྔ་། རྐང་གླིང་། ཐོད་སྐུ། ཁ་ཊྭཱཾ་ག །མིག་དར་མེ་ཏོག་སོགས་དབང་དུས་སུ་མཁོ་བའི་ཆས་རྣམས་དང་། སྔོན་གཏོར་ཚོགས་རྫས་སོགས་ཕྲིན་ལས་ལ་ཉེ་བར་མཁོ་བ་རྣམས་ཀྱང་གང་བདེར་བཞག་གོ །གཉིས་པ་ལ་ཐོག་མར་དབང་དོན་དུ་སྒྲུབ་མཆོད་བྱ་བ་ནི། བརྒྱུད་འདེབས་དཀར་གཏོར་ནས་བརྩམ་ཕྲིན་ལས་གཞུང་ཉིད་མཐར་ཆགས་སུ་བཏང་བ་ལས། གོ་ཆ་ལྷ་ལྔ་བསྐྱེད་པ་ཡན་སོང་ནས་དབང་སྒྲུབ་ལྷ་ལྔའི་ཐེམས་ཡིག་སྦྱར་བ་བརྒྱུད་པའི་ཕྱག་ལེན་དུ་སྣང་བས། བདག་མདུན་གཏོར་མ་བུམ་ལྷའི་སྤྱི་བོ་དང༔ སིནྡྷུ་ར་ཡི་དཀྱིལ་འཁོར་དབུས་ཉིད་དུ༔ པཾ་ལས་པདྨ་འདབ་བཞི་མུ་ཁྱུད་བཅས༔ དེ་སྟེང་ཨ་དང་མ་ལས་ཉི་ཟླའི་སྟེང༔ དབུས་སུ་བུདྡྷ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ འཁོར་ལོ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ རྡོ་རྗེ་ཕག་མོ་གསང་བའི་ཡུམ་ལ་འཁྱུད༔ ཤར་དུ་བཛྲ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ རྡོ་རྗེ་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ ལྷོ་རུ་རཏྣ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ རིན་ཆེན་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ ནུབ་ཏུ་པདྨ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ པདྨ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ པདྨ་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ བྱང་དུ་ཀརྨ་གུ་རུ་ཐོད་ཕྲེང་རྩལ༔ སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ༔ རྒྱ་གྲམ་དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིས༔ ལས་ཀྱི་མཁའ་འགྲོ་གསང་བའི་ཡུམ་ལ་འཁྱུད༔ ཐམས་ཅད་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན༔ ཁྲོ་འཛུམ་འགྱིང་བག་འབར་བའི་གར་ཉམས་ལྡན༔ སྐུ་ལ་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ ཟ་འོག་སྨུག་བེར་ཤ་བའི་སྙན་ཞུ་མནབས༔ རྒོད་ཀྱི་རྩེ་རྒྱན་དར་གྱི་ཅོད་པན་འཕུར༔ ཐོད་དབྱུག་འོད་འབར་རྒྱན་ཅན་གྲུ་མོར་བརྟེན༔ ཞབས་གཉིས་སྐྱིལ་ཀྲུང་ཉི་ཟླའི་གདན་ལ་བཞུགས༔ ཡུམ་རྣམས་སྐུ་མདོག་སོ་སོའི་ཡབ་དང་མཚུངས༔ གྲི་གུག་ཐོད་ཁྲག་བཟུང་ནས་ཡབ་ལ་འཁྱུད༔ གཅེར་བུ་རུས་རྒྱན་བཅུ་དྲུག་ལོན་པའི་ཚུལ༔ མཁའ་གསང་མཉམ་སྦྱོར་བདེ་བའི་ཉམས་དང་ལྡན༔ ཡབ་ཡུམ་གཉིས་མེད་གཟི་བརྗིད་ལྡན་པ་འོ༔ པདྨ་ཕྱི་ཡི་མུ་ཁྱུད་ཁོར་ཡུག་ལ༔ དབང་བསྐུར་བྱིན་རླབས་མན་ངག་སྟེར་བ་ཡི༔ གྲུབ་ཐོབ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང༔ སྐུ་མདོག་སྣ་ཚོགས་མདོག་ཅན་མི་ཤ་ཁ༔ རུས་པའི་རྒྱན་ལྡན་རལ་པའི་ཐོར་ཚུགས་ཅན༔ ཅང་ཏེའུ་དྲིལ་བུ་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཨཱ་རལླི་དང་ཧཱུྃ་ཞེས་ཕེཾ་སྒྲ་སྒྲོག༔ གླུ་ལེན་གར་བྱེད་བྲོ་བརྡུང་བརྟུལ་ཞུགས་སྤྱོད༔ བདག་ལ་དབང་བསྐུར་བྱིན་གྱིས་རློབ་མཛད་ཅིང༔ དེ་དག་འཁོར་དུ་དཔའ་བོ་མཁའ་འགྲོའི་ཚོགས༔ སྤྲིན་ལྟར་གཏིབས་ནས་དངོས་གྲུབ་སྟེར་བར་གྱུར༔ ལས་བུམ་ནང་དུ་ཡཀྴ་མེ་དབལ་སྨུག །ཐོ་བ་ལྕགས་ཀྱུ་འཛིན་ཅིང་ཁྲོ་རྔམ་འབར། །འདོར་ཐབས་པད་ཉི་མེ་ཀློང་གསལ་བར་གྱུར། །ཅེས་སྦྱར། དེ་ནས་གནས་གསུམ་ཡི་གེ་འབྲུ་གསུམ་སོགས་དབང་བསྐུར་བ་ནས་གཞུང་གི་བཟླས་པ་ཡན་གྲུབ་པར་བྱས་ནས་ལྷ་ལྔའི་བྱིན་རླབས་ཀྱི་བཟླས་པ་ནི། དེ་ནས་བདག་ཉིད་ཐུགས་ཀའི་ས་བོན་ལས༔ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་སུ༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༔ བླ་མ་ཡི་དམ་མཁའ་འགྲོ་མཆོད་པས་མཉེས༔ དེ་དག་སྐུ་གསུང་ཐུགས་དང་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྤྱན་དྲངས་ཏེ༔ དབང་གི་ལྷ་ལྔའི་སྤྱི་བོར་ཐིམ་པ་ཡིས༔ དག་བྱ་བཞི་དག་ཐོབ་བྱ་བཞི་ཐོབ་ནས༔ བསྐྱེད་བྱ་བཞི་བསྐྱེད་དབང་བྱ་བཞི་དབང་སྟེ༔ དགའ་བདེའི་ཉམས་ཀྱིས་སྐུ་ལུས་དགྱེས་པར་གྱུར༔ བདག་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་ནི༔ གཟུངས་ཐག་བརྒྱུད་ནས་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང༔ སིནྡྷུ་ར་དང་མདུན་བསྐྱེད་དབུ་གཙུག་གི༔ ལྷ་ལྔ་ཡབ་ཡུམ་ཐུགས་ཀའི་འོད་ཟེེར་གྱིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བྱིན་རླབས་བསྡུས༔ ཡབ་ཡུམ་ལ་ཐིམ་སྐུ་ལུས་བདེ་བས་གང༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན་བབས་པས༔ ཀ་པཱ་ལ་ཡི་བདུད་རྩིར་དབྱེར་མེད་འདྲེས༔ མདུན་བསྐྱེད་དང་ནི་གཏོར་བསྐྱེད་ཐུགས་ཀ་ཡི༔ འོད་ཀྱིས་རྒྱལ་བ་སྲས་བཅས་བྱིན་རླབས་བསྡུས༔ སོ་སོའི་ཐུགས་ཀར་ཐིམ་པས་གཟི་བརྗིད་རྒྱས༔ ལས་བུམ་ནང་གི་མེ་དབལ་སྐུ་ལུས་ལས། །བདུད་རྩིས་རྒྱུན་བབས་བུམ་པ་བདུད་རྩིས་གང་། །ཅེས་བསྒོམས་ལ། ཨོཾ་ཨཱཿཧཱུྃ་བུདྡྷ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་རཏྣ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་པདྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་ལས་མི་ཉུང་བ་དང་། ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨ་ཙིག་ནེར་ཙིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ༔ ཨཱཿཧཱུྃ་ཧཱུྃ་ཕཊ༔ ཡ་མཱནྟ་ཀ༔ ཧ་ཡ་གྲཱི་བ༔ བཛྲ་པཱ་ཎི༔ ཌཱ་ཀི་ནཱི་ཧ་རི་ནི་ས༔ ག་རུ་ཌ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྵ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཅི་འགྲུབ་བཟླས་ནས་ལག་པ་རྒྱབ་སྦྱར་སོར་མོ་རྣམས་གཅིག་ལ་གཅིག་འཁྲིལ་བ་དབང་གི་ཕྱག་རྒྱ་བཅས་ལ། ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འོད་དཔག་མེད་སྤྲུལ་སྐྱེ་འགྲོ་ཡོངས་ཀྱི་མགོན༔ མྱ་ངན་མི་འདའ་རྡོ་རྗེ་ལྟ་བུའི་སྐུ༔ མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ༔ འགྲོ་མགོན་བླ་མ་མཆོག་ལ་སྐྱབས་སུ་མཆི༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཀྱེ༔ སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་ཕྲེང་རྩལ༔ གསུང་མཆོག་འགག་མེད་པདྨ་ཐོད་ཕྲེང་རྩལ༔ ཐུགས་མཆོག་སྐྱེ་མེད་བཛྲ་ཐོད་ཕྲེང་རྩལ༔ ཡོན་ཏན་ཀུན་རྫོགས་རཏྣ་ཐོད་ཕྲེང་རྩལ༔ ཕྲིན་ལས་ལྷུན་གྲུབ་ཀརྨ་ཐོད་ཕྲེང་རྩལ༔ གསང་མཚན་ལྔ་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད༔ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཀྱེ༔ གུ་རུ་པདྨ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རྗེས་འཇུག་རྣལ་འབྱོར་དབང་ཕྱུག་བདག་ཅག་གི༔ ལུས་ལ་བརྟུལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ༔ ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ༔ སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ༔ ཤིན་ཏུ་སྨིན་པར་མཛད་དུ་གསོལ༔ ཡོངས་སུ་སྨིན་པར་མཛད་དུ་གསོལ༔ དེ་ལྟར་གུས་པས་གསོལ་བ་བཏབ་པ་ཡིས༔ དབང་གི་ལྷ་ལྔ་ཡབ་ཡུམ་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་ཀྱི་བདུད་རྩི་བབས་པ་ཡིས༔ བདག་གི་སྤྱི་བོ་བདེ་ཆེན་འཁོར་ལོ་གང༔ ལུས་ཀྱི་སྒྲིབ་དག་སྐུ་ཡི་དམ་ཚིག་བསྐང༔ བུམ་པའི་དབང་རྣམས་ཡོངས་སུ་རྫོགས་པར་གྱུར༔ དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་གང༔ ངག་སྒྲིབ་དག་ནས་གསུང་གི་དམ་ཚིག་བསྐང༔ གསང་བའི་དབང་རྣམས་ཡོངས་སུ་རྫོགས་པར་གྱུར༔ དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་གང༔ སེམས་སྒྲིབ་དག་ནས་ཐུགས་ཀྱི་དམ་ཚིག་བསྐང༔ ཤེས་རབ་ཡེ་ཤེས་དབང་རྣམས་རྫོགས་པར་གྱུར༔ དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་གང༔ སྒོ་གསུམ་སྒྲིབ་དག་སྐུ་གསུམ་དམ་ཚིག་བསྐང༔ ཚིག་དབང་ཡེ་ཤེས་ཡོངས་སུ་རྫོགས་པར་གྱུར༔ དེ་ནས་རང་ལུས་རྩ་གསུམ་འཁོར་ལོ་ལྔ༔ བྱང་ཆུབ་སེམས་ཀྱིས་རབ་ཏུ་གང་བ་ཡིས༔ དགའ་བདེའི་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར༔ དེ་ནས་རང་གི་སྤྱི་བོར་བཞུགས་པ་ཡི༔ བརྒྱུད་པའི་བླ་མ་མཁའ་འགྲོའི་ཚོགས་བཅས་རྣམས༔ གུ་རུ་དབང་གི་ལྷ་ལྔ་དག་ལ་ཐིམ༔ དབང་གི་ལྷ་ལྔ་འོད་དུ་ཞུ་བ་ཡིས༔ རང་ལུས་རྩ་གནས་ཐམས་ཅད་ཧཱུྃ་གིས་མེར་གྱིས་གང༔ ཕྱི་ཡི་བ་སྤུའི་བུ་ག་ཐམས་ཅད་དུ༔ ཧཱུྃ་དམར་འོད་འབར་ཚྭ་ཚྭ་ཁོལ་བར་གྱུར༔ མེ་ལོང་སྟེང་གི་ལྷ་ལྔ་འོད་དུ་ཞུ༔ སིནྡྷུ་ར་དང་ཐོད་པའི་རྫས་ལ་ཐིམ༔ བུམ་ལྷ་ཞུ་བ་བུམ་ཆུའི་ངོ་བོར་གྱུར༔ ལས་བུམ་ཁྲོ་བོས་བགེགས་རྣམས་བཟློག་ཕྱིར་བཞུགས། །མདུན་བསྐྱེད་དབང་དྲག་པདྨ་ཐོད་ཕྲེང་རྩལ༔ འོད་ཞུ་དབང་རྫས་ཐམས་ཅད་ཀུན་ལ་ཐིམ༔ དབུས་སྟེང་ལྷ་ལྔ་དཀྱིལ་འཁོར་དབུས་དེར་བཞུགས༔ གཏོར་བསྐྱེད་ལྷ་ཚོགས་འོད་ཞུ་གནས་འགྱུར་ནས༔ པད་འབྱུང་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན༔ རུས་རྒྱན་སྟག་ཤམ་དང་བཅས་ཕག་མོ་འཁྲིལ༔ རིགས་བཞིའི་མཁའ་འགྲོ་སངས་རྒྱས་བྱང་སེམས་དང༔ རྩ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་བར་གྱུར༔ ཅེས་འདོན་བསྒོམ་དུ་བྱའོ། །དེ་ནས་གཞུང་གསལ་བསྟོད་པ་དང་བཀའ་སྲུང་སྤྱི་དང་བྱེ་བྲག་ལ་གཏོར་འབུལ་རྒྱས་པར་བྱ། མི་ལྕོགས་པའམ་མ་ཤེས་ན་མདོར་བསྡུས་ནི། བཀའ་སྲུང་གཏོར་མ་གཉིས་བྲན་ལ། ཧཱུྃ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་དམ་སྲི་རྣམས༔ གཏོར་མ་འདི་ལ་བཛྲ་ཨཾ་ཀུ་ཤ་ཛ༔ དགྲ་བགེགས་ཤ་ཁྲག་བདུད་རྩིའི་རང་བཞིན་གྱུར༔ བཀའ་སྲུང་མ་མགོན་སྡེ་བརྒྱད་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ སྔོན་གྱི་དམ་ལས་མ་འདའ་བར༔ བདག་གིས་དབང་བསྐུར་བྱེད་པ་ལ༔ འགལ་རྐྱེན་ཀོ་ལོང་མ་མཛད་པར༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་རེ་མ་ཏི་མ་བྷྱོ་ཛ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཛཿཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་ལན་གསུམ། ཀྱེ༔ བཙན་བདུད་ཀླུ་མགོན་འཁོར་བཅས་ཀྱིས༔ གུ་རུ་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་ལས་མ་འདའ་ད་ཚུར་བྱོན༔ བསྟན་པ་སྲུང་བའི་དུས་ལ་བབ༔ དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ བྱད་སྟེམས་ཟློག་པའི་དུས་ལ་བབ༔ དགྲ་བོ་ཁུག་ལ་མྱུར་དུ་སྒྲོལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་གིས་དབང་བསྐུར་བྱེད་པ་ལ༔ འགལ་རྐྱེན་ཀོ་ལོང་མ་བྱེད་པར༔ མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད༔ དུ་བཾ་ཏྲི་ཤུ་ལ་ནཱ་ག་རཱ་ཙ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་པ་ཙམ་བྱས་ལ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབ་ཀྱི་བར་དུ་ཚང་བར་གཏང་། རིག་པའི་མེ་ཏོག་དོར་ལ་སློབ་མའི་དོན་དུ་གནང་བ་ནོད་དོ། །དེ་ནས་དབང་དངོས་ལ་གཉིས། འཇུག་པ་དང་དངོས་གཞིའོ། །དང་པོ་ནི། ཡོལ་བའི་ཕྱི་རོལ་དུ་སློབ་མ་རྣམས་ཚོགས་ལ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཉམས་ཆག་ཐམས་ཅད་དག་པར་བསྒོམས་ལ་ཡིག་བརྒྱ་བརྗོད་བཞིན་དུ་ཁྲུས་གྱིས་ཤིག །ཇི་ལྟར་བལྟམས་པ་སོགས་དང་ཡིག་བརྒྱ་བརྗོད་ལ་ཁྲུས་བྱ། བགེགས་གཏོར་བྲན་ལ་བྱིན་རླབས་འགུགས་པ་ལས་བྱང་ལྟར་བྱ། བཀའ་བསྒོ་བ་ནི། ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་རླབས་དང༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ གནས་འདིར་མ་འདུག་གཞན་དུ་སོང༔ ཇི་སྟེ་མི་འགྲོ་འདུག་གྱུར་ན༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་མཐུ་རྩལ་གྱིས༔ ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ དེ་བས་རང་རང་གནས་སུ་དེངས༔ སརྦ་བིགྷྣན་ཨུ་ཙ་ཏ་ཡ་ཕཊ༔ ཅེས་དང་རོལ་མོ་ཡུངས་ཐུན་དྲག་སྔགས་མེ་ཕུང་མ་སོགས་ཀྱིས་མཚམས་བཅད། བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱི་རོལ་ཐམས་ཅད་གསེར་དང་མེའི་འཁོར་ལོ་གཡས་གཡོན་དུ་འཁོར་བ་ལ་ཁྲོ་ཆུང་དང་ལྕགས་སྡིག་མང་པོ་རླུང་ལྟར་འཚུབས་པས་བགེགས་དང་ལོག་འདྲེན་ཉེ་བར་མི་ནུས་པར་གྱུར། ཨོཾ་བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ ཞེས་སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་གཤེགས་ཀུན་འདུས་པདྨ་དྲག་པོ་རྩལ་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གུ་རུ་དྲག་པོའི་དཀྱིལ་འཁོར་དུ་ཞུགས་ནས་རིམ་གཉིས་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་དང་ཆོས་གསན་པའི་ཀུན་སྤྱོད་རྣམས་ཀྱང་གསལ་བཏབ་ནས་གསན་པར་ཞུ། དེ་ལ་གསན་པར་བྱ་བ་དམ་པའི་ཆོས། སྟོན་པའི་བསྟན་པ་རྒྱ་མཚོ་ལྟ་བུའི་ཡང་བཅུད། ཡིད་བཞིན་གྱི་ནོར་བུ་དང་མཚུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཉིང་ཁུ་ལམ་ཟབ་མོ་བླ་མ་སྒྲུབ་པའི་སྐོར་ལ། སྔ་འགྱུར་རྙིང་མའི་ཕྱོགས་སུ་སངས་རྒྱས་ཀུན་དངོས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་སྐུ་གསུམ་རྣམ་པར་རོལ་པའི་སྤྲིན་ཆེན་པོ་བཀོད་ནས་སོ་སོར་ཡང་ཕུན་སུམ་ཚོགས་པ་ལྔ་ལྔ་དང་ལྡན་པའི་རྒྱུད་ལུང་མན་ངག་གི་གདམས་ཟབ་རྡོ་རྗེ་ནཱ་དའི་སྒྲ་དབྱངས་སྲིད་པ་ཇི་སྲིད་དེ་སྲིད་དུ་བསྒྲགས་ཏེ། མཁའ་ཁྱབ་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་འཇུག་པའི་སྣོད་དུ་མི་རུང་བའི་གདུལ་དཀའི་མི་དང་མི་མ་ཡིན་མཐའ་དག་གདོད་མའི་གྲོལ་སར་བདེ་བླག་ཏུ་དབུགས་འབྱིན་པར་མཛད་པའི་ཕྱིར་ན། ཨེ་མ་བདག་འདྲ་པདྨ་ཐོད་ཕྲེང་གིས༔ རང་གི་སྒྲུབ་པ་རང་གིས་བརྩམས༔ སུ་འཕྲད་བདེ་ཆེན་ཞིང་དུ་སྦྱོར༔ ཅེས་ཡང་ཡང་བཀའ་བསྩལ་པ་སྟེ། དེ་ལྟ་བུའི་བླ་མ་སྒྲུབ་པའི་ཐབས་ཐམས་ཅད་ཀྱང་ཕྱི་གསོལ་འདེབས་ཀྱི་སྐོར། ནང་བྱིན་རླབས་ཀྱི་སྐོར། གསང་བ་དངོས་གྲུབ་ཀྱི་སྐོར། ཡང་གསང་དྲག་པོ་ཕྲིན་ལས་ཀྱི་སྐོར་དང་བཞི་རུ་འདུ་བར་གསུངས་པ་ལས། སྐབས་སུ་བབས་པ་འདི་ནི་དྲག་པོ་ཕྲིན་ལས་ཀྱི་སྐོར་ཡིན་ཞིང་། དེ་ལའང་བཀའ་གཏེར་དག་སྣང་གི་བརྒྱུད་སྲོལ་མཐའ་ཡས་པ་མཆིས་པའི་ནང་ནས། ཤིང་རྟའི་ལམ་འདྲེན་ཀུན་གྱི་ཕྱི་མོར་གྱུར་ཅིང་ཟབ་རྒྱས་བྱིན་རླབས་ཀྱི་ཚན་ཁ་རྨད་དུ་བྱུང་བའི་གདམས་པ་འདི་ནི། ཇི་སྐད་དུ། ཡུལ་བརྗེ་ས་སྤོང་འཁྲུགས་པའི་བསྐལ་པ་འབྱུང༔ སྔགས་པས་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ༔ མི་བསད་སྟོང་ལ་སྐུ་དང་གསུང་རབས་འཇལ༔ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་ཁྲིད༔ སྲིན་མོ་སྦར་རྗེས་མཁོ་མཐིང་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང༔ མངའ་བདག་སྤྲུལ་པ་ཉང་རལ་ཅེས་བྱ་འབྱུང༔ ཞེས་དང༔ ཨོ་རྒྱན་གླིང་པའི་ལུང་ལས། སྐུ་སྤྲུལ་ཉི་མ་འོད་ཟེར་ཡིན༔ གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་ཡིན༔ ཐུགས་སྤྲུལ་རྒོད་ཀྱི་ལྡེམ་འཕྲུ་ཡིན༔ ཡོན་ཏན་ཨོ་རྒྱན་གླིང་པ་ཡིན༔ ཕྲིན་ལས་ཚེ་བརྟན་རྒྱལ་མཚན་ཡིན༔ འདི་ལྔ་པདྨ་འབྱུང་གནས་དངོས༔ ཞེས་པས་མཚོན་སངས་རྒྱས་བླ་མ་སོགས་སྔ་ཕྱིའི་གཏེར་ཁ་ཐམས་ཅད་ལས་མགྲིན་གཅིག་ཏུ་བསྔགས་ཤིང་གངས་ཅན་གྱི་ལྗོངས་ན་རྩོད་པ་ཐམས་ཅད་དང་བྲལ་བའི་གཏེར་སྟོན་གྲུབ་ཐོབ་ཀུན་གྱི་རྒྱལ་པོར་ཡོངས་སུ་གྲགས་པ་མཆོག་གཉིས་ཀྱི་དང་པོ་གཏེར་སྟོན་་རྒྱལ་པོ་ལྔའི་ཐོག་མ། འཇམ་མགོན་ཁྲི་སྲོང་ལྡེའུ་བཙན་སྐྱེ་བ་བཅུ་བདུན་བརྒྱུད་པའི་ཕྱི་མ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ། གཏེར་ཁ་ཆེན་པོ་སུམ་ཅུ་རྩ་གཉིས་ལ་དབང་བ་མངའ་བདག་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་གྱི་ནང་ཚན་བདེར་འདུས་སྐོར་གསུམ་དུ་གྲགས་པའི་ཡ་གྱལ། ལྷོ་བྲག་གཏམ་ཤུལ་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པ་གུར་དྲག་བདེ་གཤེགས་འདུས་པའི་སྨིན་བྱེད་སྒྲུབ་པ་སྟེ། འདི་ལའང་རྒྱས་པ་བདེ་གཤེགས་འདུས་པ། འབྲིང་པོ་མེའི་སྤུ་གྲི །བསྡུས་པ་དཔའ་བོ་ལྷ་གསུམ་གྱི་སྐོར་དང་གསུམ་དུ་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་རྒྱས་པ་བདེ་གཤེགས་འདུས་པའི་སྨིན་ལམ་དབང་དང་འབྲེལ་བའི་ཆོས་སྡེ་བརྒྱད་ཀྱི་རྩ་བ་སྣང་སྲིད་ལྷ་འདྲེའི་སྲོག་ལ་དབང་སྒྱུར་བའི་སྨིན་ལམ་དབང་གི་རྒྱལ་པོ་ཉིད་བསྒྲུབ་པ་ཡིན། འདི་ཉིད་གུ་རུ་ཞི་དྲག་ཐམས་ཅད་ཀྱི་ཁྱབ་བྱེད་སྤྱི་དབང་ལྟ་བུ་ཡིན་པས་འདི་ཐོབ་ནས་གཏེར་ཁ་གཞན་རྣམས་ཀྱིའང་བླ་མའི་སྒྲུབ་ཐབས་ལ་ཉམས་ལེན་བྱར་རུང་བ་ཡིན། དེ་བྱས་པ་ལ་དགོས་པ་ཅི་ཡོད་སྙམ་ན། གུ་རུ་ཉིད་ཀྱི་ཞལ་ནས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ༔ དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས༔ རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས༔ ནོར་བུ་རིན་ཆེན་དགོས་འདོད་ཀུན་ཚང་ལྟར༔ དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོགས༔ ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང༔ རྒྱལ་བ་སྲས་བཅས་ཐུགས་རྗེས་དེ་ལ་གཟིགས༔ གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་བརླབ་དངོས་གྲུབ་སྟེར་བར་བྱེད༔ མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ལྟར་འདུ༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་སྒྲུབ༔ ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་ལས་འབྱུང༔ དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ༔ ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ༔ ཅེས་གསུངས་པའི་དོན་ཐུགས་ལ་བཞག་ནས་ཐོག་མར་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པའི་སྤྱན་སྔར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་བཞུགས་པར་བསྒོམས་ལ། ཡན་ལག་བཅུ་པ་འབུལ་ཏེ་ཚོགས་གསག་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་གནས་འདིར་གཤེགས༔ ཉི་ཟླ་པད་གདན་མཛེས་ལ་དགྱེས་པར་བཞུགས༔ ལུས་ངག་ཡིད་གསུམ་མོས་པས་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཀུན་གྱིས་མཆོད༔ སྔོན་ནས་ད་ལྟའི་བར་གྱི་མི་དགེ་ཅི་བསགས་བཤགས༔ དུས་གསུམ་དགེ་སྤྱོད་མཛད་ལ་རྗེས་ཡི་རང༔ བདག་གཞན་ཡོངས་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ འགྲོ་མགོན་མྱ་ངན་མི་འདའ་རྟག་པར་བཞུགས༔ སྒོ་གསུམ་དགེ་སྤྱོད་མོས་གུས་བྱང་ཆུབ་བསྔོ༔ མཁའ་མཉམ་འགྲོ་རྣམས་སྐུ་གསུམ་མངོན་འགྱུར་ཤོག༔ ལན་གསུམ། དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་བྱང་སེམས་ཐམས་ཅད་དང༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་མིང་འདི་ཞེས་བགྱི་བ་ཡིས༔ དུས་ནི་ད་ལྟ་ནས་བཟུང་སྟེ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སངས་རྒྱས་རྣམས་ལ་སྐྱབས་སུ་མཆི༔ ཆོས་དང་འཕགས་པའི་དགེ་འདུན་ལ༔ སྙིང་ནས་རྟག་པར་སྐྱབས་སུ་མཆི༔ འཇིགས་པ་མྱུར་དུ་བསལ་དུ་གསོལ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ མ་གྲོལ་བ་རྣམས་དགྲོལ་བར་བགྱི༔ མ་བརྒལ་བ་རྣམས་བསྒྲལ་བར་བགྱི༔ དབུགས་དབྱུངས་མྱ་ངན་འདས་ལ་འགོད༔ ལན་གསུམ། རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་རྣམས་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་མ་ལུས་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ དུས་འདི་ནས་བཟུང་སྤྲོས་བྲལ་གྱི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བདེ་གཤེགས་ཁྱོད་ཀྱི་མཛད་སྤྱོད་ལྟར༔ བླ་མེད་མི་སྤང་བླ་མ་བཀུར༔ ཡང་དག་ལམ་དུ་ཞུགས་ལ་བྱམས༔ སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད༔ གསང་བའི་དོན་ཕྱིར་སྨྲ་མི་བྱ༔ བྱང་ཆུབ་སྙིང་པོ་བདག་ལ་སྩོལ༔ ས་མ་ཡ་ཨི་དན་ཏུ་ན་ར་ཀན༔ ལན་གསུམ། དེ་ཡན་ཆད་ཡོལ་བའི་ཕྱི་རོལ་དུ་བྱ་བའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ལས་ཀྱི་སློབ་དཔོན་སྒོ་སྲུང་ཁྲོ་བོ་དབྱུག་སྔོན་ཅན་གྱི་སྐུར་གསལ་བ་ལ་གནང་བ་ཞུ་བ་འདིའི་རྗེས་ཟློས། ཀྱེ༔ ཁྲོ་བོ་སྔོན་པོ་མཛེས་པ་སྟེ༔ ཁྱོད་ནི་དམ་ཚིག་ཡིད་དུ་འོང༔ ནོར་བུ་རིན་ཆེན་སྤྱིར་བཅིངས་པའི༔ ཕྱག་ན་དབྱུག་པ་བསྣམས་པ་དེས༔ བདག་ཉིད་འཁོར་བ་ལས་བསྒྲལ་ཕྱིར༔ མཁའ་འགྲོ་མ་ཡི་ཚོགས་དབུས་དེར༔ བདག་ཉིད་མཆིས་པར་འཚལ་ལགས་ཀྱིས༔ བཟང་པོའི་སྒོ་འདི་རྣམ་པར་ཕྱེས༔ པྲ་བེ་ཤ་ཡ་ཕཊ༔ དེ་ལྟར་གསོལ་བ་བཏབ་པས་སྒོ་སྲུང་དེས་འདི་སྐད་གསུངས་པར་སྒོམས་ཤིག །ཀྱེ༔ ཐེག་དམན་ཉན་ཐོས་ལོག་ལྟ་མུ་སྟེགས་དང༔ མ་སྨིན་སྐྱེ་བོ་སྣོད་དང་མི་ལྡན་པ༔ དེ་དག་ནང་དུ་རྣམ་པར་གཏོང་བ་མིན༔ སྐལ་ལྡན་སྣོད་ལྡན་ལས་ཅན་ཡིན་ན་རུང༔ སྐལ་པ་དག་དང་ལྡན་པ་ཡིན་ལགས་སམ༔ ཞེས་དྲིས་པའི་ལན་དུ་འདིའི་རྗེས་ཟློས། སྐལ་པ་དང་ལྡན་པ་ལགས་སོ༔ ཞེས་ལན་བཏབ་པས་སྐལ་པ་ཅན་དུ་རིག་ནས་ལས་ཀྱི་རྡོ་རྗེའི་ཕྱག་གི་རྡོ་རྗེ་ལ་འཇུས་ནས་ཕོ་བྲང་ནང་དུ་ཁྲིད་པར་མོས་ཏེ། རྡོ་རྗེ་སློབ་དཔོན་ལ་ཕྱག་དང་མཎྜལ་འབུལ་བར་ཞུ། ཡོལ་བ་བསལ། སྔོན་ཆད་དཀྱིལ་འཁོར་འདི་ཉིད་དུ་མ་ཞུགས་པར་མཚོན་བྱེད་གདོང་གཡོགས་དམར་པོ་རེ་འཆིང་བར་ཞུ། ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཞེས་ལས་ཆུས་བསངས་པའི་མིག་དར། ཨོཾ་ཙཀྵུཿབནྡྷ་བཱ་ར་མ་ཎཱ་ཡ་ཧཱུྃ༔གིས་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་རེ་གཏད་པར་མོས་ཤིག །ཨཱ་ཁཾ་བཱི་ར་ཧཱུྃ༔ ཞེས་ཅོད་པན་སྤྱིན། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གུས་པས་འཇུག་འདོད་བསྟན་དུ་གསོལ༔ ལན་གསུམ། བླ་མས། ཀྱེ་ཧོཿདད་ལྡན་བུ་ཁྱོད་ཉོན༔ ཡང་གསང་དོན་གྱི་སྙིང་པོ་འདི༔ མཐོང་ཐོས་ལན་གཅིག་དྲན་པས་ཀྱང༔ ངེས་པར་བྱང་ཆུབ་སར་བགྲོད་ཅིང༔ ཐེ་ཚོམ་ཡིད་གཉིས་སྐྱེས་གྱུར་ན༔ རྡོ་རྗེའི་དམྱལ་བར་སྐྱེ་བར་བྱེད༔ ལེགས་ཉེས་ཆེ་བར་བསམ་པར་གྱིས༔ དོན་དམ་བློར་ངེས་དམ་ཐུབ་ན༔ ཡང་གསང་སྙིང་པོ་བསྟན་པར་བྱ༔ ཞེས་པའི་ལན་གསོལ་བ་འདིའི་རྗེས་ཟློས། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ པདྨ་རྒྱལ་པོ་དགོངས་སུ་གསོལ༔ བདག་ཅག་ལས་ལྡན་ཐེག་ཆེན་རིགས༔ གསང་བ་མཆོག་ཏུ་བློ་ངེས་ཤིང༔ ལུས་དང་སྲོག་ལ་མི་བལྟ་བར༔ དམ་ཚིག་བཀའ་བསྩལ་གཞུང་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བསྩལ་དུ་གསོལ༔ ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ བདག་ནི་ཉོན་མོངས་འཁོར་བ་ལས༔ བླ་མའི་ཐུགས་རྗེས་དྲང་བའི་ཕྱིར༔ དབང་དྲག་པདྨའི་དཀྱིལ་འཁོར་འདིར༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ། བླ་མ་པདྨ་དྲག་པོ་ཉིད་མཆོག་གསུམ་རྩ་གསུམ་དམ་ཅན་དང་བཅས་པ་གཅིག་བསྡུས་སུ་ཤེས་པས་ཐུན་མོང་མ་ཡིན་པའི་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་བློས་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་སུ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཞེས་དང་། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། དེ་ནས་དུང་ཆོས་ཀྱི་ཆུ་བླུད་དེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་དུ༔ སེམས་བསྐྱེད་དམ་ལ་མི་གནས་ན༔ བསྟན་ཀྱང་དོན་མེད་དེ་བས་ན༔ འདིར་འཇུག་སེམས་བསྐྱེད་དམ་ཚིག་སྲུངས༔ བཛྲ་ས་མ་ཡ་ཧྲཱིཿཐཱ༔ དམ་ཚིག་རྡོ་རྗེའི་མནའ་ཆུ་དེ་ཉིད་སྙིང་གི་དབུས་སུ་ཐིམ་ནས་དམ་ཚིག་བསྲུངས་ན་སྐྱོབ་པའི་ལྷ་རྡོ་རྗེ་སེམས་དཔར་འགྱུར་ལ། མ་བསྲུངས་ན་ཡཀྴ་ལྕགས་ཀྱི་སྡིག་པར་འགྱུར་ནས་འདི་ཕྱི་ཀུན་ཏུ་སྲེག་པར་བྱེད་པས་དེང་ཕྱིན་ཆད་དམ་ཚིག་ལ་གནས་པར་གྱིས་ཤིག །ཅེས་བསྒོ །ད་ནི་དབང་གི་གཞི་འགོད་པ་སློབ་མའི་ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་ཞིང་བྱིན་གྱིས་བརླབ་པའི་ཕྱིར་མོས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་གུས་འདུད་དྲག་པོ་བྱས་པས། ངེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཕུང་པོ་གདོས་བཅས་དང་བཅས་པ་འོད་དུ་ཞུ་སྟེ་མི་དམིགས་པ་སྟོང་པར་གྱུར་པའི་ངང་ལས་པད་ཉིའི་སྟེང་དུ་སེམས་ཉིད་ཧཱུྃ་ཡིག་དམར་པོ་འོད་ཟེར་འཕྲོ་བ་ཞིག་ཏུ་གྱུར། ཧཱུྃ་དེ་འོད་དུ་ཞུ་བ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་དྲག་པོ་པདྨའི་སྐུ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་ཞལ་གདངས་མཆེ་བ་གཙིགས་པ། སྤྱན་གསུམ་ཁྲོས་པའི་སྡང་མིག་གཟིགས་པ། དབུ་སྐྲ་ཕྱེད་བརྫེས་གྱེན་དུ་འཁྱིལ་བ། ཐོད་སྐམ་ལྔ་ཡིས་སྐྲ་མཚམས་བརྒྱན་པ། ཨག་ཚོམ་དམར་སེར་བསྐལ་པའི་མེ་ལྟར་འབར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་དགུ་ཕཊ་དགུ་རཾ་དགུས་མཚན་པ་ལ་བསྐལ་པའི་མེ་དཔུང་འབར་བ་བསྣམས་པ། ཕྱག་གཡོན་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་འཇིགས་སུ་རུང་བ་སྡིགས་མཛུབ་ཀྱི་རྩེ་ལས་འགྱེད་ཚུལ་དུ་བསྣམས་པ། སྟག་ལྤགས་ཀྱི་ཤམ་ཐབས་མཛད་པ། ཞིང་ལྤགས་ཀྱི་གཡང་གཞི་སྐེད་ལ་བཅིངས་པ། གླང་ཆེན་ཀོ་རློན་གྱིས་སྟོད་གཡོགས་མཛད་པ། རིགས་བཞིའི་སྦྲུལ་གྱིས་ཡན་ལག་དཀྲིས་པ། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཐོད་རློན་ལྔ་བཅུས་དོ་ཤལ་མཛད་པ། བརྗིད་ཅིང་གཏུམ་པ། རྔམ་ཞིང་ཁྲོས་པ། ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ནས་དྲེགས་པ་ཕོ་མོའི་གདན་ལ་འགྱིང་བ། སྐུའི་བ་སྤུའི་བུ་ག་ཐམས་ཅད་གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་གང་སྟེ། རྡོ་རྗེའི་བར་ནས་དྲག་པོའི་ཚྭ་ཚྭ་སི་ལི་ལི་ཁོལ་བ་ཞིག་ཏུ་སྒོམས་ཤིག །དེའི་དཔྲལ་བར་འཁོར་ལོའི་སྟེང་དུ་ཨོཾ། མགྲིན་པར་པདྨའི་སྟེང་དུ་ཨཱཿ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཡུང་དྲུང་དགའ་བ་འཁྱིལ་པ་དམར་པོ། ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ་ལ། དེ་གཡོན་དུ་དྲག་ཏུ་འཁོར་བ་ལ་ཤེས་པ་གཏོད་ལ། ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པར་སྤྱན་དྲངས། ཁྱད་པར་དུ་མ་ཧཱ་གུ་རུ་ཐོད་ཕྲེང་རྩལ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་ཆར་བཞིན་དུ་བབས་ནས་ཐིམ་པས། ལུས་ཟག་མེད་ཀྱི་དགའ་བདེ་རྒྱས་པར་མ་ཡེངས་པར་རྩེ་གཅིག་ཏུ་སྒོམས་ཤིག །རོལ་མོ་དབྱངས་དང་བཅས་བྱིན་འབེབ་ཀྱི་རྫས་ཤ་ཆེན་གུ་གུལ་སྤོས་དཀར་བསྲེག །ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཞེས་སོགས་ཚིག་བདུན་གསོལ་འདེབས་དང་། ཐོད་ཕྲེང་སྡེ་ལྔ། ཨ་ཙིག །གོ་ཆ་ལྷ་ལྔ། མེ་དབལ་རྣམས་ཀྱི་སྔགས་ཤམ་དུ། ཨཱ་བེ་ཤ་ཡ་ཨ་ཨཱཿབཏགས་པ་དྲག་ཏུ་བརྗོད་ལ་ཡེ་ཤེས་པ་དབབ། དེ་ལྟར་བྱིན་ཕབ་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །རྒྱ་གྲམ་མགོར་བཞག་ལ། ཏིཥྛ་བཛྲ། མེ་ཏོག་དཀྱིལ་འཁོར་ལ་དངོས་སུ་འདོར་དུ་གཞུག་པའམ་ཚོམ་བུ་འདུ་བྱས་ལ། མདུན་འདི་ན་དབང་དྲག་པདྨའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་མངོན་སུམ་དུ་གསལ་བར་བཞུགས་པས། ཁྱེད་རང་རྣམས་ཀྱི་ཚེ་རབས་ཀྱི་ཡི་དམ་གྱི་ལྷ་གང་ཡིན་པ་ཞིག་ལ་མེ་ཏོག་གི་ཕྲེང་བ་འདི་འབབ་པར་གྱུར་ཅིག་སྙམ་པ་མཛོད་ལ་རྗེས་ཟློས་དང་བཅས་ཏེ་མེ་ཏོག་འདོར་བར་ཞུ། ཀྱེ༔ བླ་མ་ལྷ་རྣམས་དགོངས་སུ་གསོལ༔ བདག་ནི་ལས་ཅན་སྐལ་བར་ལྡན༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ཅི་བདེ་བར་ནི་བཞེས་སུ་གསོལ༔ བཛྲ་པུཥྤེ་བྷྲཱུྃ༔ མེ་ཏོག་སླར་སློབ་མའི་སྤྱི་བོར་བཞག་ལ། འོ་མེ་ཏོག་འདི་གར་བབ་ཀྱི་ལྷ་དེ་དབྱེར་མེད་དུ་སྤྱི་བོར་ཐིམ་པར་སྒོམས་ཤིག །ཨོཾ་པྲ་ཏི་གྲྀཧྞ་སྭ་ཨི་མཾ་སཏྭ་མ་ཧཱ་བཱ་ལ༔ ཧཱུྃ་ལས་བྱུང་བའི་མིག་ཐུར་གྱིས་མ་རིག་པའི་མིག་གི་རབ་རིབ་ཐམས་ཅད་བསལ་བའི་མོས་པ་མཛོད་ཅིག །ཧཱུྃ༔ ང་ནི་མིག་མཁན་རྒྱལ་པོ་ཡིན༔ ཡེ་ཤེས་གསེར་གྱི་ཐུར་མ་འདིས༔ མ་རིག་འཁྲུལ་པའི་ལིང་ཏོག་བསལ༔ ཡེ་ཤེས་ཀུན་མཁྱེན་སྤྱན་མཆོག་གིས༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་གསེར་གྱི་མིག་ཐུར་གྱིས་གདོང་གཡོགས་བསལ་ལ། རིགས་ཀྱི་བུ་ལེགས་པར་ལྟོས་ཤིག༔ འདི་ནི་ཡེ་ཤེས་ཀྱི་མེ་རི༔ འདི་ནི་སྲུང་བ་རྡོ་རྗེའི་གུར༔ འདི་ནི་དུར་ཁྲོད་ཀྱི་ཁོར་ཡུག༔ འདི་ནི་གཞལ་ཡས་ཁང་སྒོ་བཞི་རྟ་བབས་དང་བཅས༔ འདི་ནི་ཡེ་ཤེས་ལྷའི་ཕོ་བྲང་ངོ༔ དབུས་ན་བཞུགས་པ་ནི་བུདྡྷ་མ་ཧཱ་གུ་རུ༔ ཤར་ན་བཞུགས་པ་ནི་བཛྲ་མ་ཧཱ་གུ་རུ༔ ལྷོ་ན་བཞུགས་པ་ནི་རཏྣ་མ་ཧཱ་གུ་རུ༔ ནུབ་ན་བཞུགས་པ་ནི་པདྨ་མ་ཧཱ་གུ་རུ༔ བྱང་ན་བཞུགས་པ་ནི་ཀརྨ་མ་ཧཱ་གུ་རུ༔ ཁྱད་པར་དུ་ཁྱོད་ཀྱི་མེ་ཏོག་བབས་པའི་ལྷ་སྐལ་ནི༔ ཆེ་གེ་མོ་འདི་ཡིན་ཏེ། གསང་བའི་མཚན་ནི་འདི་ཞེས་བྱ་བ་ཡིན་ནོ༔ ཞེས་སོ་སོའི་རིགས་དང་མཐུན་པའི་མཚན་དེ་ཉིད་ལན་གསུམ་དུ་བསྒྲག་པར་གསུངས་ཏེ། དེའང་མེ་ཏོག་ཤར་དུ་བབས་ན་རྡོ་རྗེ་འགྱིང་བ་རྩལ། ལྷོར་བབས་ན་རིན་ཆེན་ཐོད་པ་རྩལ། ནུབ་ཏུ་བབས་ན་པདྨ་བཞད་པ་རྩལ། བྱང་དུ་བབས་ན་ཀརྨ་དྲག་པོ་རྩལ། དབུས་སུ་བབས་ན་སངས་རྒྱས་དགའ་བ་རྩལ། ཞེས་གདགས་སོ། །དེ་དག་གིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ལེགས་པར་གྲུབ་པ་ཡིན་ལ། ཞུགས་ནས་དབང་བསྐུར་བ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དབང་གི་དངོས་གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྒྲུབ་རྫས་མཐའ་རྟེན་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བཅས་བརྒྱད་དུ་ཡོད་པ་ལས། དང་པོ་སྐུ་བུམ་པ་ལྷའི་དབང་ལུས་ལ་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་སྐུ་ཡི་ལྷ་དབང་རྣམས༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། བུམ་པ་ཐོགས་ལ། འོ་བུམ་པ་འདི་སྤྱི་བོར་བཞག་པའི་ཚེ་སློབ་དཔོན་དང་ལྷན་ཅིག་ཏུ་མདུན་གྱི་དཀྱིལ་འཁོར་ལས་སྤྲུལ་པའི་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་མཆོད་པའི་ལྷ་མོ་དང་བཅས་པས་དབང་བསྐུར་ཞིང་བཀྲ་ཤིས་བརྗོད་པས། ལས་དང་བག་ཆགས་ཀྱི་དྲི་མ་སྦྱངས་ནས་སྐུ་ལྔ་ཡེ་ཤེས་ལྔ་ཐོབ་རུང་དུ་བྱིན་གྱིས་བརླབས་པར་སྒོམས་ཤིག །ཧཱུྃ༔ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ་པོ་ནི༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྒོ་གསུམ་བག་ཆགས་དྲི་མ་ཀུན་སྦྱངས་ཏེ༔ དབང་བཞི་ཡེ་ཤེས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུས་ཁྲུས་བྱ་ཞིང་འཐུང་དུ་གཞུག །དེ་ནས་ཐོད་ཕྲེང་སྡེ་ལྔའི་སྐུ་རིམ་པར་ཐོགས་ལ། དཀྱིལ་འཁོར་གྱི་གུ་རུ་ཐོད་ཕྲེང་སྡེ་ལྔ་ལས་དེ་འདྲ་བའི་སྐུ་གཉིས་པ་འཕྲོས་ཏེ་ཁྱེད་རང་རྣམས་ལ་རིམ་པར་ཐིམ་པས་དེ་དང་དེའི་སྐུར་དངོས་སུ་གྱུར་པར་མོས་ཤིག །ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་གཟུགས་ཀྱི་ཕུང་པོ་གནས་འགྱུར་ནས༔ བུདྡྷ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་བུདྡྷ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་རྣམ་ཤེས་ཕུང་པོ་གནས་འགྱུར་ནས༔ བཛྲ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་ཚོར་བའི་ཕུང་པོ་གནས་འགྱུར་ནས༔ རཏྣ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་རཏྣ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཏྲཱཾ༔ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་འདུ་ཤེས་ཕུང་པོ་གནས་འགྱུར་ནས༔ པདྨ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་པདྨ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧྲཱིཿ ཧཱུྃ༔ དབང་དྲག་པདྨའི་སྐུ་ཡི་དབང་མཆོག་འདི༔ སྐལ་ལྡན་རིགས་ཀྱི་བུ་ལ་བསྐུར་བ་ཡིས༔ ཉོན་མོངས་འདུ་བྱེད་ཕུང་པོ་གནས་འགྱུར་ནས༔ ཀརྨ་ཐོད་ཕྲེང་རྩལ་དུ་འགྱུར་བར་ཤོག༔ ཨོཾ་ཨཱཿཧཱུྃ་ཀརྨ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་སྐུའི་ལྷ་དབང་ལུས་ལ་བསྐུར་པས་ལུས་ཀྱི་སྒྲིབ་པ་དག་ནས། ཉོན་མོངས་པ་དང་ཕུང་པོ་ལྔ་གནས་འགྱུར་ཏེ། གུ་རུའི་སྐུ་ལྔའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཡིན་པས། ལུས་ལྷ་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསུང་གི་སྔགས་དབང་ངག་ལ་བསྐུར་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་གསུང་གི་སྔགས་དབང་རྣམས༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། ཐོད་པ་ཐོགས་ལ། ཧཱུྃ༔ ཐོད་པ་མཚན་ལྡན་རྡོ་རྗེ་ཀ་པཱ་ལ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་མ་ལུས་དག་ནས་ཀྱང༔ གསུང་གི་སྔགས་དབང་ངག་ལ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཀ་པཱ་ལ་ཨ་མྲིཏ་ཨ་བྷི་ཥིཉྩ་ཨཱ༔ ཅེས་མགྲིན་པར་གཏུགས་ཤིང་ངག་ཏུ་བླུད། དེའི་རྗེས་འབྲེལ་དུ་བཟླས་པའི་ལུང་བླང་བའི་སླད་དུ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཧཱུྃ་གི་མཐར་འཁོད་པའི་མོས་པས་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་མཛད་པར་ཞུ། ཐོད་ཕྲེང་སྡེ་ལྔ། ཨརྩིག །གོ་ཆ་ཁྱུང་བཅས། སྡེ་བརྒྱད། མེ་དབལ་ཤམ་བུ་བཅས་སྦྲེལ་ལ་རྗེས་ཟློས་ལན་གསུམ་བྱ། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ སྔགས་དབང་བདག་ལ་གནང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། སླར་ཡང་མེ་ཏོག་སློབ་མའི་སྤྱི་བོར་བཞག་ལ། སྔགས་དབང་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ལན་གསུམ། རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་གསུང་གི་སྔགས་དབང་ངག་ལ་བསྐུར་པས། ངག་གི་སྒྲིབ་པ་དག །ཉོན་མོངས་པའི་འཁྲུལ་པའི་ངག་འདི་ཡི་དམ་ལྷའི་གསུང་ཡན་ལག་དྲུག་ཅུར་གྱུར་ཏེ། གུ་རུ་པདྨའི་གསུང་དུ་བྱིན་གྱིས་བརླབས་པ་ཡིན་པས། ངག་སྔགས་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ཆོས་དབང་སེམས་ལ་བསྐུར་བའི་ཕྱིར་གསོལ་འདེབས་ཀྱི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་ཐུགས་ཀྱི་ཆོས་དབང་རྣམས༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། མེ་ལོང་ཐོགས་ལ། ཧཱུྃ༔ མེ་ལོང་འོད་གསལ་ཆོས་སྐུ་དྲི་མ་མེད༔ སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུའི་སྐུ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡིད་ཀྱི་དྲི་མ་མ་ལུས་དག་ནས་ཀྱང༔ ཐུགས་ཀྱི་ཆོས་དབང་ཡིད་ལ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག་ལ་སིནྡྷུ་རའི་ཐིག་ལེ་བྱ། རིགས་ཀྱི་བུ་ཁྱོད་ལ་དབང་དྲག་པདྨའི་ཆོས་དབང་སེམས་ལ་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག་ནས་ཉོན་མོངས་པ་དུག་ལྔ་གནས་འགྱུར་ཏེ། གུ་རུའི་ཐུགས་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབས་པ་ཡིན་པས། སེམས་ཆོས་ཉིད་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་རོ། །བཞི་པ་ཡོན་ཏན་མངའ་གསོལ་གྱི་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་ཡོན་ཏན་མངའ་གསོལ་དབང༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་རྡོ་རྗེ་རིན་པོ་ཆེའི་ཁྲི་ལ་གུ་རུ་ཞི་བ་པདྨ་འབྱུང་གནས་ཀྱི་རྣམ་པས་འཁོད་པ་ལ་སྐུའི་ཆས་དང་ཕྱག་མཚན་རྣམས་ཀྱིས་མངའ་གསོལ་བར་མོས་ཤིག །ཞི་ཆས་རྣམས་གཏད་ལ། ཧཱུྃ༔ ཟ་འོག་སྨུག་བེར་ངུར་སྨྲིག་ཆོས་གོས་དང༔ ཤེའུའི་སྙན་ཞུ་རྒོད་ཀྱི་ལྡེམ་འཕྲུས་བརྒྱན༔ རིན་ཆེན་ཐོད་མཁར་འབར་བའི་ཕྱག་རྒྱ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ སྟོང་གསུམ་རྩད་ནས་གཅོད་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་ཁྱེད་རང་སྐད་ཅིག་གིས་བླ་མ་དྲག་པོའི་སྐུར་གནས་གྱུར་པ་ལ་ཆས་རྣམས་ཀྱིས་མངའ་གསོལ་བའི་ཐོག་མ་ཡེ་ཤེས་ལྷའི་ཆས་གོ་ཆ་ལྷ་ལྔའི་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་གོ་ཆ་མེ་དབལ་ཁྱུང་དང་བཅས་པའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་ལུས་ཀྱི་གནས་སོ་སོར་ཐིམ་པར་སྒོམས་ཤིག །ཙཀླི་རྣམས་གནས་སོ་སོར་བཞག་ལ། ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་ཡི་སྤྲུལ་པ་འཇམ་དཔལ་གྱིས༔ སྤྱི་བོའི་གནས་སུ་དབང་བསྐུར་བས༔ སྐུ་མི་ཤིགས་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་ཡ་མཱནྟ་ཀ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ གསུང་གི་སྤྲུལ་པ་རྟ་མགྲིན་གྱིས༔ མགྲིན་པའི་གནས་སུ་དབང་བསྐུར་བས༔ གསུང་འགག་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེས༔ སྙིང་གའི་གནས་སུ་དབང་བསྐུར་བས༔ སེམས་འཁྲུལ་པ་མེད་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་པཱ་ཎི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཡོན་ཏན་མཁའ་འགྲོ་སྡེ་ལྔ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་དྷཱ་ཀི་ནཱི་བཾ་ཧ་རི་ནི་ས་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་བྱ་ཁྱུང་མེ་དབལ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྲིན་ལས་མ་ལུས་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ག་རུ་ཎ་བཛྲ་ཡཀྴ་ཧཱུྃ༔ ཨ་བྷི་ཥིཉྩ་མཱཾ༔ དེ་ནས་ཕྱག་རྒྱ་རྟགས་ཀྱི་ཆས་ཕྱག་གཡས་སུ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཧཱུྃ་དགུ་རཾ་དགུ་ཕཊ་དགུས་མཚན་པ་གཏད་ནས་མངའ་གསོལ་བར་མོས་ཤིག །ཧཱུྃ༔ གསེར་གྱི་རྡོ་རྗེ་རྩེ་དགུས་ས་དགུ་གནོན༔ ཧཱུྃ་དགུ་རཾ་དགུ་ཕཊ་དགུས་མཚན་པ་སྟེ༔ རྡོ་རྗེ་ཐོད་ཕྲེང་པདྨ་རྒྱལ་པོ་ཡི༔ ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན་པར་བྱ༔ མི་ཤིགས་མི་འགྱུར་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་བཛྲ་གུ་རུ་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་རྡོ་རྗེའི་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པའི་དྲི་མ་དག །ས་དགུ་ནོན་ཏེ། མཐར་དབང་དྲག་པདྨའི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྟོགས་ཤིང་ཐོབ་པར་བྱས་པ་ཡིན་པས་དེ་ལྟར་ང་རྒྱལ་བསྐྱེད་ལ་རྡོ་རྗེ་ལན་གསུམ་གསོར་ཅིག །ཕྱག་གཡོན་དུ་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་པ་གཏད་པར་མོས་མཛོད། ཧཱུྃ༔ བཛྲ་ཀྲོ་དྷ་ཡཀྴ་མེ་དབལ་གྱི༔ ཐུགས་སྤྲུལ་ལྕགས་སྡིག་ཁ་དགུ་མིག་དགུ་ནི༔ པདྨ་ཐོད་ཕྲེང་རྡོ་རྗེ་གཤོག་རྒོད་ཀྱི༔ ཕྱག་མཚན་འདི་ནི་ཁྱོད་ལ་སྦྱིན་པ་ཡིས༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་དབང་ཐོབ་ཤོག༔ ཨོཾ་གུ་རུ་ཡཀྴ་ཀྲོ་དྷ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ལྕགས་སྡིག་ནག་པོས་དབང་བསྐུར་བ་ལ་བརྟེན་ནས། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདུལ་བ་དང་རྒྱལ་བསེན་འབྱུང་པོ་འདུལ་བའི་དབང་ཐོབ་པར་གྱུར་ཅིག །དེ་ནས་བཀོད་པ་རྟགས་ཀྱི་ཆས་རུས་པ་དང་དུར་ཁྲོད་ཀྱི་རྒྱན་རྣམས་ཀྱིས་གནས་རྣམས་སུ་བརྒྱན་ཅིང་མངའ་གསོལ་བར་མོས་ཤིག །རུས་པའི་རྒྱན་དྲུག་འཆིང་ཚུལ་བྱས་ལ། ཧཱུྃ༔ རྡོ་རྗེ་ཐོད་ཕྲེང་སྣང་སྟོང་བདེ་བའི་སྐུ༔ གསལ་ལ་མ་འདྲེས་དུར་ཁྲོད་རུས་པས་བརྒྱན༔ སྦྱིན་པའི་རང་བཞིན་ཕྱག་གདུབ་ཞབས་གདུབ་དང༔ བཟོད་པའི་རང་བཞིན་ཐོད་པའི་སྙན་ཆ་དང༔ ཚུལ་ཁྲིམས་རང་བཞིན་འོད་ཀོར་སྐེད་རྒྱན་དང༔ བརྩོན་འགྲུས་རང་བཞིན་རིན་ཆེན་སེ་མོ་དོ༔ བསམ་གཏན་རང་བཞིན་ནོར་བུའི་མགུལ་རྒྱན་ཆས༔ ཤེས་རབ་རང་བཞིན་མཛེས་པའི་དབུ་རྒྱན་ཏེ༔ རྒྱན་དྲུག་ཕ་རོལ་ཕྱིན་པའི་དབང་བསྐུར་རོ༔ ཨོཾ་སརྦ་བི་མ་ཨ་བྷི་ཥིཉྩ་མཱཾ༔ དུར་ཁྲོད་བདག་པོ་པདྨ་ཐོད་ཕྲེང་རྩལ༔ བུ་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཥ་ཊ་ཨ་ལཾ་ཀ་ར་ཨ་བྷི་ཥིཉྩ་མཱཾ༔ དེ་ལྟར་རྒྱན་དྲུག་གིས་དབང་བསྐུར་བ་ལ་བརྟེན་ནས་ཉོན་མོངས་པའི་དྲི་མ་དྲུག་དག །ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་མཐར་ཕྱིན། འབྲས་བུ་ཡེ་ཤེས་དྲུག་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །དུར་ཁྲོད་ཆས་བརྒྱད་བྱིན་ལ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྟོད་ལ༔ གླང་ཆེན་ཀོ་རློན་འདི་གསོལ་བས༔ གཏི་མུག་འཇོམས་པའི་སྟོབས་ལྡན་ནས༔ ཤེས་རབ་མཆོག་ལྡན་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཧསྟི་ཙམ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་རྒྱབ་ཏུ་བཀོན་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྐེད་ལ༔ མི་ཡི་པགས་ཆེན་འདི་གསོལ་བས༔ འཁོར་བར་མི་དོགས་ནུས་སྟོབས་ལྡན༔ རྟོགས་གྲོལ་ལྡན་པའི་དབང་ཐོབ་ཤོག༔ ཨོཾ་ནྲྀ་ཙམ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐེད་པར་འཆིང་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་སྨད་ལ༔ སྟག་གི་ཤམ་ཐབས་འདི་གསོལ་བས༔ འཁོར་བ་སྒྲོལ་བའི་ནུས་སྟོབས་ལྡན༔ མཐའ་གཉིས་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་བྱ་གྷྲ་ཙམ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་སྨད་ལ་འཆིང་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་ལུས་ལ༔ ཐོད་ཕྲེང་རྒྱན་གྱིས་རབ་བརྒྱན་པས༔ ཆོས་སྐུ་མཐར་ཕྱིན་ནུས་སྟོབས་ལྡན༔ རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་ཀ་པཱ་ལ་མཱ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ མགུར་པར་བཀོད་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ གདུག་པ་སྦྲུལ་གྱིས་རབ་བརྒྱན་པས༔ ཞེ་སྡང་རྣམ་དག་མཐུ་སྟོབས་ལྡན༔ དུག་ལྔ་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་ཀ་མ་དྷུ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བརྒྱན་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་སྐུ་མཆོག་ལ༔ རཀྟའི་ཐིག་ལེ་འདི་གསོལ་བས༔ འཁོར་བ་འདྲེན་པའི་ནུས་སྟོབས་ལྡན༔ མཆོག་གི་འགྲོ་དོན་བྱེད་པར་ཤོག༔ ཨོཾ་རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཁུར་ཚོས་གཉིས་སུ་བྱུགས་ཚུལ་བྱ། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་ཞལ་ངོ་ལ༔ ཞག་གི་ཟོ་རིས་འདི་གསོལ་བས༔ ཡེ་ཤེས་བདུད་རྩིའི་བཅུད་སྟོབས་ལྡན༔ ཡེ་ཤེས་བདུད་རྩིས་སྨིན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མྲིཏ་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་བྱུགས། ཧཱུྃ༔ རྒྱལ་སྲས་ཁྱོད་ཀྱི་ཞལ་རས་ལ༔ ཐལ་ཆེན་ཚོམ་བུ་འདི་གསོལ་བས༔ མ་མོ་མཁའ་འགྲོ་དབང་སྡུད་ནས༔ བདུད་བཞི་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་བ་སུ་ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བར་བྱུགས་ཚུལ་བྱ། དེ་ལྟར་དུར་ཁྲོད་ཆས་བརྒྱད་ཀྱི་དབང་ལ་བརྟེན་ནས། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག །འཕགས་ལམ་ཡན་ལག་བརྒྱད་ཐོབ་པའི་སྐལ་ལྡན་དུ་བྱས་སོ། །དེ་ལྟར་སྐུའི་ཆས་དང་ཕྱག་མཚན་གྱིས་མངའ་གསོལ་བས་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་ང་རྒྱལ་སྐྱེད་མཛོད། རིགས་ཀྱི་བུ་ཁྱེད་རྣམས་ལ་དབང་དྲག་པདྨའི་ཡོན་ཏན་མངའ་གསོལ་གྱི་དབང་བསྐུར་པས། ལུས་ངག་ཡིད་གསུམ་གནས་འགྱུར་ཏེ། གུ་རུ་པདྨའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་ཡིན་པས། དུས་རྟག་ཏུ་བདེ་གཤེགས་འདུས་པ་བླ་མའི་ང་རྒྱལ་དང་མ་བྲལ་བར་གྱིས་ཤིག །མཐར་ཐུག་གི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་མ་ལུས་པ་ཐོབ་པར་འགྱུར་རོ། །ལྔ་པ་ཕྲིན་ལས་ཀྱི་དབང་བསྐུར་ཞུ་བའི་ཕྱིར་གསོལ་འདེབས་ཀྱི་རྗེས་ཟློས་མཛོད། ཀྱེ༔ བླ་མ་སངས་རྒྱས་འདུས་པའི་སྐུ༔ འགྲོ་མགོན་བདག་ལ་དགོངས་སུ་གསོལ༔ གུ་རུའི་ཕྲིན་ལས་རྣམ་བཞིའི་དབང༔ བདག་ལ་རྫོགས་པར་བསྐུར་དུ་གསོལ༔ ལན་གསུམ། དཀྱིལ་འཁོར་གྱི་ཕྱོགས་བཞིའི་དབང་རྫས་རྣམས་རིམ་པར་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿརྣམས་ལས་བྱུང་བའི་བུམ་པ་ལ་སོགས་པ་ལས་སོ་སོར་སྒྲུབ་པའི་ནུས་པ་དང་ལྡན་པས་རིམ་པར་དབང་བསྐུར་བར་སྒོམས་ཤིག །ཤར་གྱི་བུམ་པ་གཏད་ལ། ཧཱུྃ༔ རྡོ་རྗེ་རྣམ་རྒྱལ་བདུད་རྩིའི་བུམ་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མི་མཐུན་འཇིགས་པ་བརྒྱད་ལས་སྐྱོབ་པ་ཡི༔ ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཤཱནྟིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོའི་ཚོགས་གཏད་ལ། ཧཱུྃ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོངས་སྤྱོད་འབྱོར་པ་དྲུག་དང་ལྡན་པ་ཡི༔ རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་གཏོར་མ་གཏད་ལ། ཧཱུྃ༔ ཤ་ལྔ་བདུད་རྩི་དམར་གྱི་གཏོར་མ་འདིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མོས་པ་རྣམ་བཞིས་འགྲོ་བ་འདུལ་བ་ཡི༔ དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཱ་ཤཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་ཕུར་པ་གཏད་ལ། ཧཱུྃ༔ དབང་དྲག་ཕུར་པ་ཡེ་ཤེས་ལྷ་ཡི་སྐུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པ་ཡི༔ དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་མཱ་ར་ཡ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཕྲིན་ལས་རྣམ་པ་བཞི་ཡི་དབང་རིགས་ཀྱི་བུ་ཁྱོད་ལ་བསྐུར་བས། ཞི་རྒྱས་དབང་དྲག་བཞི་ཡི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་གྱིས་ཤིག །མཐར་ཐུག་འབྲས་བུ་འགྲོ་དོན་དཔག་ཏུ་མེད་པ་འགྲུབ་པར་འགྱུར་རོ། །དྲུག་པ་སྒྲུབ་ཅིང་མཆོད་པའི་རྫས་རྣམས་ཀྱིས་དབང་བསྐུར་བས། ལྷ་དང་སྲུང་མ་རྣམས་འབོད་པ་དང་མཆོད་པ་དང་བསྟེན་པའི་དབང་ཐོབ་པར་སྒོམས་ཤིག །སྨན་རཀ་གཏོར་གསུམ་ལག་ཏུ་གཏད་ཅིང་མདུན་དུ་བཤམ། ལག་གཡས་གཡོན་དུ་ཌཱ་རུ་རྐང་གླིང་དང་ཐོད་སྐུ་ཁ་ཊྭཱཾ་རྣམས་གཏད་ལ། ཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་བཅས་རྣམས༔ འབོད་པའི་དམ་རྫས་ཐོད་རྔ་རྐང་གི་དུང༔ མཆོད་པའི་དམ་རྫས་སྨན་རཀ་གཏོར་མ་གསུམ༔ བསྟེན་པའི་དམ་རྫས་ཐོད་སྐུ་ཁ་ཊྭཱཾ་ག༔ འབོད་མཆོད་བསྟེན་གསུམ་གསང་བའི་དམ་རྫས་འདི༔ སྐལ་ལྡན་སྒྲུབ་མཆོག་ཁྱོད་ལ་གཏད་པར་བགྱི༔ རྟག་ཏུ་མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས༔ ཨོཾ་ཨཱཿཧཱུྃ་གུ་ཧྱ་ས་མཱ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་ཀྱི་བུ་ཁྱོད་ལ་སྒྲུབ་རྫས་ཀྱི་དབང་འདི་བསྐུར་པས༔ འབོད་མཆོད་བསྟེན་གསུམ་གྱི་རྫས་འདི་དག་དང་དུས་རྟག་ཏུ་མི་འབྲལ་བར་གྱིས་ཤིག །དུས་རྟག་ཏུ་ཡི་དམ་གྱི་ལྷ་ཚོགས་མཆོད་པ་དང་བསྟེན་པའི་ལས་མཛོད་ཅིག །ཅེས་རྗེས་གནང་སྦྱིན། བདུན་པ་མཐའ་རྟེན་ལ་གཉིས། གཏོར་དབང་དང་། དྲེགས་པའི་སྲོག་དབང་ངོ། །དང་པོ་ནི། ཆགས་མེད་དབང་བསྒྲིགས་ལས་དབང་གཏོར་སྒྲུབ་ཚུལ་གོང་དུ་སྨོས་པ་ལྟར་བསྟན་པ་ནི་གཞུང་གི་སྨིན་བྱེད་གཏོར་མའི་རྗེས་སུ་གནང་བ་ཞེས་བྱིན་རླབས་བསྡུས་པ་ཟུར་དུ་བཞུགས་པའི་དགོངས་པར་སྣང་བ་མ་ཟད། ལ་ལས་དབང་གཏོར་བཤམས་ནས་གཏོར་དབང་མེད། །ཅེས་གསུངས་པ་ལ་དཔག་ན་གཏོར་མའི་སྨིན་བྱེད་དེ་ངེས་པར་འདིར་བླངས་ཡོད་པར་འདྲའང་ད་ལྟའི་དབང་བསྒྲིགས་དང་དབང་རྒྱུན་གཉིས་ཀར་དེ་འདྲའི་སྒྲོས་མི་འདུག་པས་ས་བཅད་ཙམ་དུ་རྡོ་རྗེ་སྤྱི་བླུགས་ནས་བཀབ་པ་ནི། སྒྲུབ་གཏོར་ཐོགས་ལ། བདུན་པ་མཐའ་རྟེན་གཏོར་མའི་དབང་བསྐུར་བ་ལ་འདུན་པ་འདི་བཞིན་དུ་མཛད་འཚལ། གཏོར་མ་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་མོས་སུ་བཅུག་ལ། ཧཱུྃ། འགྲོ་བ་འདྲེན་མཛད་དྲག་པོ་ཐོད་ཕྲེང་སྐུ །ཨོ་རྒྱན་ཡུལ་བྱོན་འགྲོ་ཀུན་ལམ་སྣ་དྲངས། །རྒྱ་གར་ཡུལ་བྱོན་ཐོས་བསམ་སྒྲོན་མེ་སྦར། །བོད་ཀྱི་ཡུལ་བྱོན་གདུག་པ་མ་ལུས་བཏུལ། །སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས། །ཐུགས་ཀྱི་དགོངས་པ་དད་ལྡན་བུ་ལ་འབེབ། །སྨིན་གྲོལ་དབང་དང་གདམས་པ་མ་ལུས་ཀུན། །སྐལ་ལྡན་བུ་མཆོག་འདི་ལ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿཧཱ། ཞེས་གནས་གསུམ་དུ་བཞག་སྟེ་དབང་བསྐུར་བའི་མཐར་གཏོར་མའི་ལྷ་སློབ་མ་ལ་ཐིམ་པར་མོས། གཉིས་པ་ནི། སློབ་མ་དམ་ཚིག་དང་ནུས་པའི་གདིང་ལྡན་པ་རེ་རེ་ཙམ་ལས་ཁྱབ་བརྡལ་དུ་བྱ་བ་མིན་པས་དེའི་ཚུལ་ཟུར་དུ་ཤེས་སོ། །བརྒྱད་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བའི་དོན་དུ། ཁྱེད་རང་རྣམས་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག སྒལ་ཚིགས་དོང་རྩེ་བརྩེགས་པ་ལྟ་བུ། མིག་སྣ་རྩེ། ལྕེ་ཡ་རྐན། མཆུ་དང་སོ་རང་བབ། མགྲིན་པ་ཡིད་ཙམ་དགུག །སེམས་རྣམ་དག་སྤྲིན་མེད་ཀྱི་ནམ་མཁའ་ལ་བསིལ་བུས་མ་བསྐྱོད་པ་ལྟ་བུ་སྟེ་གནས་ལུགས་ཀྱི་སྟེང་དུ་ཡུལ་དྲུག་འཛིན་པས་མ་བསླད་པར་རང་སར་ཆམ་མེར་ཞོག་ཅིག་བྱས་ལ། བླ་མས་རྡོ་རྗེ་དྲིལ་བུ་ནམ་མཁར་འཛིན་པས་ཚིག་འདིས་གསལ་གདབ་བོ། །ཧཱུྃ༔ ལྟོས་ཤིག་ལྟོས་ཤིག་ནམ་མཁའ་འདི་ལ་ལྟོས༔ ནམ་མཁའ་མཐའ་དབུས་མེད་པ་ཆོས་ཀྱི་སྐུ༔ ནམ་མཁའ་གསལ་འགྲིབ་མེད་པ་ཆོས་ཀྱི་སྐུ༔ ཁ་དོག་ངོས་བཟུང་མེད་པ་ཆོས་ཀྱི་སྐུ༔ ནམ་མཁའ་འདི་དང་རང་སེམས་གཉིས་སུ་མེད༔ བདེ་ཆེན་ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ༔ ཞེས་བརྗོད་ལ་གསལ་སྟོང་དབྱེར་མེད་དོན་ལ་ཅི་གནས་བཞག་གོ །དེ་ལྟར་བཞི་པ་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་པ་ལ་བརྟེན་ནས། དྲི་མ་བག་ཆགས་དང་བཅས་པ་དག །ལམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྒོམ་པ་ལ་དབང་། མཐར་ཐུག་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་ནོ། །བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་དབྱངས་སུ་ལེན་ཞིང་མེ་ཏོག་གི་ཆར་བསྙིལ་བས་ཁྱེད་རང་རྣམས་ལ་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་རྣམས་སྐྱེས་ཤིང་། །སྐྱེས་པ་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བྱས་པར་མོས་ཤིག །ཞལ་ནས་གསུངས་པས་ཐོག་དྲངས་ཤིས་པ་ཅི་རིགས་དང་། རྟེན་སྙིང་། སུ་པྲ་ཏིཥྛ་རྣམས་བརྗོད་ལ་མེ་ཏོག་འཐོར་རོ། །དེ་དག་གིས་སྤྲུལ་པའི་གཏེར་ཆེན་ཉང་རལ་ཉི་མ་འོད་ཟེར་གྱི་ཟབ་གཏེར་ལས་བྱོན་པའི་གུ་རུ་དྲག་པོ་བདེར་གཤེགས་འདུས་པའི་རྩ་བའི་དབང་སྨིན་ལམ་དབང་གི་རྒྱལ་པོ་མ་བུ་ཟུང་བསྡེབས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་བསྐུར་གྲུབ་པ་ཡིན་པས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་བླ་མ་ཞི་དྲག་ཡི་དམ་གྱི་ལྷར་བཟུང་ཞིང་དམ་ཚིག་རྣམས་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང༔ པདྨ་རྒྱལ་པོ་དགོངས་སུ་གསོལ༔ བདག་ཅག་ལས་ལྡན་ཐེག་ཆེན་རིགས༔ གསང་བ་མཆོག་ཏུ་བློ་ངེས་ཤིང༔ ལུས་དང་སྲོག་ལ་ལྟོས་མེད་པར༔ དམ་ཚིག་བཀའ་བསྩལ་གཞུང་བཞིན་བསྒྲུབ༔ ངེས་པར་གནང་ཞིང་བཟུང་དུ་གསོལ༔ ལན་གསུམ། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ། བསྐུལ་ཆད་བརྟན་རྟ་བྲོ་དངོས་གྲུབ་བླང་བ། གཏང་རག་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་དུ་ལས་བྱང་ལྟར་བྱའོ། །བླ་མ་ཞི་དྲག་སྒྲུབ་ལ་དབང་། །ལྷ་འདྲེའི་སྲོག་ལ་དབང་སྒྱུར་ཐོབ། །བྱེ་བྲག་ཕྲིན་ལས་རང་དབང་འགྲུབ། །དེ་ཕྱིར་སྨིན་ལམ་དབང་གི་རྒྱལ། །གང་འདིས་མི་སྲུན་ནག་པོའི་ཕྱོགས་ལ་སོགས། །སྐྱེ་རྒུའི་རྒྱུད་ལ་རིགས་ཁམས་ཡེ་ཤེས་མཆོག །གསོས་ཐེབས་སྨིན་གྲོལ་མྱུ་གུ་སྟོབས་རྒྱས་ཏེ། །འབྲས་བུའི་བླ་མ་དྲག་པོ་མངོན་བྱེད་ཤོག །ཅེས་པ་འདིའང་གང་ལས་བརྒྱུད་པའི་ཁུངས་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་རབ་སོར་བཞག །རྩ་བའི་གཞུང་དང་། མངའ་རིས་པཎ་ཆེན་རིན་པོ་ཆེའི་བཞེད་པར་བསྟུན་ཏེ། པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། །།
སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དཀའ་གནད་ཟིན་བྲིས་ལོ་ཆེན་དྷརྨ་ཤྲཱིས་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་དྲིས་ལན་དུ་བསྩལ་པའི་སྐོར་ཡིད་བཞིན་ནོར་བུའི་རྒྱུན་བཟང་ (Volume 61, Text 69)
༄༅། །སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དཀའ་གནད་ཟིན་བྲིས་ལོ་ཆེན་དྷརྨ་ཤྲཱིས་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱི་དྲིས་ལན་དུ་བསྩལ་པའི་སྐོར་ཡིད་བཞིན་ནོར་བུའི་རྒྱུན་བཟང་བཞུགས་སོ། ། ན་མོ་གུ་རུ་བེ། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་བརྩམ་པའི་དྲི་བའི་ཤོག་དྲིལ་ཕྱག་བྲིས་ཁ་སང་ནས་བསྩལ་ནའང་། འཆད་ཉན་ཐན་ཐུན་གྱི་རྣམ་གཡེང་ཟ་ཟིར་འཕྱན་པའི་ཁར་གཟུགས་གཞི་ཁྱོ་རེ་བའི་གཞན་དབང་དུ་ཐལ་ནས་ཞུ་ལན་འབུལ་འགྱངས་པར་མ་ཟད། ད་རེས་ཀྱང་བཅད་རྒྱར་མིང་བཏགས་ཀྱི་འགོལ་སྡོད་ལ་ཞུགས་པའི་ཐུན་མཚམས་ཀྱི་བར་གསེང་དང་བསྟུན་དགོས་ཤིང་། སོ་སོའི་སྒྲུབ་ཐབས་དང་དབང་ཆོག་གི་ཡི་གེ་རྒྱས་པ་རྣམས་ལ་བལྟ་རྟོགས་ཀྱི་ལོངས་མ་བྱུང་བ་དང་བཅས་མཐའ་ཁྲོལ་བའི་རྒྱས་པ་ཞིག་འབུལ་ཐུབ་པ་མ་མཆིས་རུང་། རང་བློས་གང་ཆོད་ཐོ་རེ་ལོང་དུ་ཕུལ་བར། ༡ ཟླུམ་པོ་བཞི་དབང་གི་ལྷ་བསྐྱེད་སྐབས་བསྙེན་སྒྲུབ་གཉིས་ཀྱི་མངོན་རྟོགས་སོ་སོའི་བསྒྱུར་ཚུལ་གསུངས་པ་ལས། དབང་སྒྲུབ་དང་སྐུ་འབག་གི་ཙཀླི་གཉིས་ཀ་སྒྲུབ་དུས་ལྟར་གནང་སྲོལ་འདུག །གཏེར་སྲུང་མཆོད་པ་ནི་གནམ་སྐས་ཀླུ་བདུད་སོགས་ཀྱི་གསོལ་ཀ་གནང་དགོས་རུང་། འདིའི་མཚོན་གཏོར་མ་རྣམས་སོ་སོའི་གཏེར་བདག་གི་སྒོས་མཆོད་མ་འབྱོར་ན་གཏེར་བདག་སྤྱི་གཏོར་གནང་བས་འཐུས། གཏོར་མ་གཏང་ཞེས་པ་ཆད་ཐོ་དང་བསྟན་སྐྱོང་སོགས་ལེན་པའི་དབང་དུ་མཛད། དབང་རྫས་སྙིང་གར་འཇོག་སྐབས་ཚིག་དོན་ངོ་སྤྲོད་རྒྱས་པར་བྱེད་པའི་ལུགས་ཀྱང་ཡོད་པས་སྤྲོ་ན་ཟུར་དུ་བྲིས་པ་ལྟར་བྱ། ཞེས་གསུངས་པའི་བཀའ་རྩོམ་ཟུར་གནང་བཀའ་འབུམ་ཁྲོད་ན་མི་སྣང་ཡང་། ཕྱག་བཞེས་རྒྱས་པའི་སྐབས་འདི་ལྟར་མཛད་དེ། བུམ་པ་སྙིང་གར་འཇོག་དུས། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚོན་པའི་བུམ་པ་ཟླུམ་པོ་དེ། སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་བས་དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཐོད་པ་སྙིང་གར་འཇོག་དུས། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་པ་ལྔ་ངོ་བོ་ཤ་ལྔ་ཡེ་ཤེས་ལྔ་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པའི་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། མེ་ལོང་སྙིང་གར་འཇོག་དུས། རིག་པ་གསལ་ལ་མ་འགགས་པར་ངོ་སྤྲད་པ་ནི་སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་གཟུགས་བརྙན་ཅིར་ཡང་ཤར་བ་མཚོན་པའི་ཚོམ་བུ་སྔགས་བཅས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། གཏོར་མ་སྙིང་གར་འཇོག་དུས། སེམས་ཉིད་ཆོས་ཀྱི་དབྱིངས་རིས་སུ་མ་ཆད་པ་མཚོན་པའི་གཏོར་སྣོད་བྷཉྫ་ཟླུམ་པོའི་ནང་དུ་གང་ཤར་ཐམས་ཅད་བདེ་ཆེན་དུ་རང་རིག་པ་གུ་རུའི་སྐུ་དང་། འདོད་ཡོན་རྣམ་ལྔ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་དག་པ་བདུད་རྩིའི་མཆོད་རྫས་དབྱེར་མེད་དུ་མཚོན་པ་གཏོར་མའི་དབང་བསྐུར་བས། སེམས་ཉིད་སྣང་སྟོང་ཟུང་འཇུག་ཏུ་རྟོགས་པས་འཁོར་འདས་གཉིས་མེད་ཀྱི་དབྱིངས་སུ་དམ་ཚིག་གཉན་པོ་འདྲེས་པས་ཕྱི་ནང་གི་མ་མོ་ཌཱ་ཀི་དབང་དུ་འདུས་ཏེ། ཕྲིན་ལས་བཞིས་འགྲོ་བ་མ་ལུས་འདུལ་བའི་ཕྱིར་སྤྲུལ་པ་དང་ཡང་སྤྲུལ་ལས་ལ་བཀྱེ་བར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། སྐུ་འབག་སྙིང་གར་འཇོག་དུས། བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲོད་པ་ནི། སེམས་ཉིད་ཡེ་ཐོག་མ་ནས་སྐུ་བཞི་ལྷུན་གྲུབ་ཏུ་གནས་པ་འདི་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་བཞི་དབྱེར་མེད་མཚོན་པ་གུ་རུའི་སྐུའི་དབང་བསྐུར་བས། རང་ཐ་མལ་དུ་འཛིན་པ་དག་ནས་རང་སེམས་གདོད་མ་ནས་དག་པ་གུ་རུ་པདྨ་འབྱུང་གནས་དང་འདྲའང་། དེ་ལྟར་མ་རྟོགས་པས་སྒོ་གསུམ་ཐ་མལ་དུ་གྱུར་པ་འདི་སྦྱོང་བའི་ཕྱིར། བདག་དང་སློབ་མ་ལ་བྱིན་གྱིས་རློབ་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་། ཞེས་ཕྱག་ལེན་རྒྱས་པའི་དུས་ངོ་སྤྲོད་འདི་ལྟར་གནང་བ་ལགས།། ༢ གཏོར་དབང་གནད་ཀྱི་ཤོག་གཅིག་མར་རྒྱབ་ཏུ་བཀའ་སྲུང་གི་གཏོར་མ་ཞེས་པ། འདི་དང་ཟླུམ་པོ་བཞི་དབང་གཉིས་ཀ་ལ་སྒོས་ཀྱི་བཀའ་སྲུང་གཏོར་མ་གནང་ཚེ། དཔལ་མགོན་མ་ནིང་རང་ལ་མཛད་པ་ཕྱག་ལེན་དུ་གནང་ཞིང་མཇུག་གི་གཏོར་མ་གཏོང་བ་སྔར་ཞུས་ལྟར་རོ།། ༣ ཉང་གི་བླ་མ་ཡོངས་རྫོགས་ཀྱི་བཀའ་སྲུང་གཏོར་མ། གཏེར་སྲུང་མཆོད་པ་སྤྱི་སྒོས་གང་བདེ། རྗེས་གཏོར་མ་གཏོང་བ་རྣམས་སྔར་ཞུས་ལྟར་དང་། ལྷའི་རྣམ་པ་གསལ་བཏབ་ལ་སྔགས་ཀྱི་བཟླས་ལུང་འབོགས། ཞེས་པའི་འབོགས་ལུགས་ཟླུམ་པོ་བཞི་དབང་ལྟར་གནང་བ་མི་འགལ། གཏོར་མའི་དཔེ་བྲིས་ཟུར་ཕུལ་ལྟར་ལགས།། ༤ དྲག་སྒྲུབ་བདེ་གཤེགས་འདུས་པའི་སྲུང་འཁོར་སྐབས། གསེར་འཁོར་མེ་འཁོར་རྩེ་བསྣོལ་གྱི་འཁོར་ལུགས་ནི། གཞལ་ཡས་ཁང་གི་ཕྱི་རོལ་དུ། ལྟེ་བ་ཟླུམ་པོ་སྦུབས་སྟོང་གི་ཕྱོགས་མཚམས་སུ་རྩིབས་ལེབ་ཆགས་ཀྱི་རྣམ་པར་གྱེས་པའི་གསེར་འཁོར་རྩིབས་བརྒྱད་པ་ཕྱིར་བསྟན་གཡས་སུ་འཁོར་བ་དང་། དེའི་ཕྱི་རོལ་དུ་མེའི་འཁོར་ལོ་རྩིབས་སྟོང་ནང་བསྟན་གཡོན་དུ་འཁོར་བ། དེ་གཉིས་ཀའི་དབལ་ལས་ལྕགས་སྡིག་གི་ཕོ་ཉ་འཕྲོ་བ། དེའི་ཕྱི་རོལ་དུ་རྡོ་རྗེའི་གུར་ཁང་མེ་ཕུང་དང་བཅས་པའོ། །སྟེང་གི་ནམ་མཁར་བླ་མ་ཐོད་ཕྲེང་རྩལ་ཡབ་ཡུམ་བཞུགས་པའི་མངོན་རྟོགས་གསང་འདུས་ལྟར་གནང་བ་མི་འགལ། སྔགས་ཤམ་སྦྲེལ་ལུགས་གཞན་དུ་བལྟ་གནང་བ། དབང་སྒྲུབ་ཙམ་ལ་དཀྱུས་ལྟར་གནང་བས་ཆད་སྐྱོན་མེད་ཅིང་། གཞན་དུ་ན་གཞལ་ཡས་ཁང་གི་ནང་དུ་བསྲུང་བྱ་རྣམས་ལྷའི་རྣམ་པ་དང་། ཕྱག་རྡོར་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་དམར་ལ་སྔགས་ཕྲེང་མགལ་མེ་ལྟར་འཁོར་བ་སོགས་ཀྱི་དམིགས་གནད་བསྒྱུར་ཁ་དང་། སྔགས་ཤམ་འདོགས་ལུགས་རྣམས་རྩ་བའི་ཡི་གེ་ལྟར་གནང་བའི་དོན་ལགས་ཏེ། ད་རེས་འདིར་དཔེ་ཆ་མ་འབྱོར་བས་ཞིབ་བལྟས་མ་ཐུབ་ལགས། གཏོར་འབུལ་གྱི་རྗེས་སུ་ཕྲིན་བཅོལ་གྱི་ཚིག་ནི། ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས༔ ཞེས་པ་ནས། གྲུབ་པར་མཛོད་ཅིག༔ ཅེས་པའི་བར་ལེན་དགོས་རྒྱུར་སྣང་ཡང་། མ་འབྱོར་ན། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་སོགས་སྤྱི་ལྟར་གནང་ཡང་མི་འགལ། གཏེར་སྲུང་གི་གཏོར་ཆོག་ཀྱང་། རྒྱས་པར། ཧཱུྃ༔ ཉི་མ་ཕྱོགས་ཕྱོགས་ཕ་གི་ན༔ སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི༔ ཞེས་སོགས་ཀྱི་བཀའ་སྲུང་མ་མགོན་སྡེ་བརྒྱད་དང་། གཏེར་སྲུང་བདུད་བཙན་ཀླུ་གསུམ་གྱི་སྒོས་ཀྱི་གཏོར་ཆོག་གཏོང་བ་ཡིན་ཡང་། སྤྱི་གཏོར་ཙམ་གྱིས་ཀྱང་འཐུས། རིགས་དང་མཐུན་པའི་མིང་འདོགས་པ་ལ། རང་གཞུང་དུ་ཇི་ལྟར་འདོགས་དམིགས་བསལ་མེད་ན། ཆེ་མཆོག་དྲག་པོ་རྩལ། ཞེས་པ་ལྟ་བུ་གཞན་ནས་འབྱུང་བ་ལྟར་སྦྱར་ཡང་མི་འགལ། གནས་ལྔར་ཁྱུང་འཇོག་པའི་གནས་ལྔའི་ངོས་འཛིན་པད་གླིང་ལུགས་སུ་འཆད་འགྱུར་ལྟར་སྤྱི་བོ། དཔུང་པ་གཉིས། པུས་མོ་གཉིས་ལ་གནང་ན་བདེ། སྒོམ་ལུང་འབོགས་ཤིང་བཟླས་ལུང་སྦྱིན་ཚུལ་ནི། སློབ་མར། པད་ཉི་དྲེགས་པའི་གདན་སྟེང་ཟིལ་གནོན་པདྨ་དྲག་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་ཞེས་སོགས་ཚིག་སྦྱོར་རྒྱས་བསྡུས་ཅི་རིགས་པས་དམིགས་པ་ཕོག་ནས། སློབ་དཔོན་ཡང་དེ་ལྟར་གསལ་བའི་གཉིས་ཀའི་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དམར་པོ་དང་། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་བཀོད་པ་ལས་སྔགས་ཕྲེང་ཐོན་པ། ཞལ་སྒོ་ནས་སློབ་མའི་ཁར་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པའམ། ཧཱུྃ་མཐར་སྔགས་ཕྲེང་འཁོར་བར་བསམ་དུ་བཅུག་ལ། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག་གོ། ༥ པད་གླིང་གཏེར་མའི་དྲག་སྒྲུབ་ཀྱི་དབང་་་འདི་ཉང་གཏེར་དབང་ཆོག་བསྒྱུར་སོས་བྱ་དགོས།གི་ཁྱད་པར་ལ་སྲུང་སྐུད་འདོགས་པའི་ཚིག་ཟུར་པ་དབང་ཆོག་རང་དུ་མེད་པས་སྤྱི་ལྟར་དང་། མཁའ་འགྲོའི་གྲི་ཐོད་ཅེས་པ་ཡིག་ནོར་དུ་འདུག་པས། ཌཱ་རུ་དང་ཐོད་ཁྲག་ལྟེ་བར་བཞག་སྟེ། ཧོ༔ སྣང་བ་དབང་སྡུད་ཌཱ་མ་རུ༔ དངོས་གྲུབ་ཀུན་འབྱུང་ཐོད་ཁྲག་འདི༔ དཔའ་བོ་མཁའ་འགྲོའི་སྲོག་རྟེན་དབང༔ སྐལ་ལྡན་བུ་ཡི་མཆོག་ཐོབ་ཤོག༔ ཨཱོྃ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་བྷི་ཥིཉྩ་མཱཾ༔ ཞེས་པའོ།། ༦ དྲག་འབྲིང་ལ། བདག་གི་ཞལ་དང་མེ་དབལ་གྱི་ཞལ་གཉིས་ལས་སྔགས་ཀྱི་སྤྲོ་བསྡུ་སྤུ་གྲི་རྩེ་བསྣོལ་གྱི་བར་དུ་གནོད་བྱེད་གཅད་བསྲེག་གི་དམིགས་པ་ནི། སྔགས་ཀྱི་འོད་ཟེར་རྣམ་པ་སྤུ་གྲི་ལྟ་བུའི་རྩེ་བསྣོལ་བས་གཅོད་པ་དང་། དེ་ལས་འབར་བའི་འོད་འཕྲོས་པས་སྲེག་པ་ལས་འོས་མེད། དྲག་པོ་ཆེ་འབྲིང་གི་སྔགས་རྣམས་ཐོག་མ་ནས་རྩ་སྔགས་དང་ལས་སྔགས་སྦྲེལ་ནས་བཟླ་བར་དམིགས་པའི་འཕྲོ་འདུ་དང་། འབྲིང་པོའི་གྲངས་ཚད་འཛིན་ཚུལ་གྱིས་ཀྱང་མཁྱེན་མོད། འོན་ཀྱང་གཏེར་གསར་དུའང་བཟླས་དམིགས་སྐབས། དྲེགས་པ་ཚར་བཅད་ནུས་མཐུ་ཕྲོགས༔ ཞེས་བཟླས་དམིགས་ལ་རྣམ་དབྱེ་མ་བྱུང་ཡང་། སླར་ལས་སྔགས་དང་སྤུ་གྲི་རྣམས་རིམ་པར་སྦྲེལ་ནས་བཟླ་བར་གསུངས་པ་ལྟར། འདིར་ཡང་བསྙེན་པ་ལྟ་བུར་དེ་ལྟར་གནང་ན་ཤིས་ལ། དབང་སྒྲུབ་དང་ཤར་སྒོམ་ཙམ་ལ་དཀྱུས་ལྟར་དྲིལ་ནས་བཟླས་ཀྱང་མི་འགལ་ལོ།། ༧ ལུ་གུ་རྒྱུད་ཀྱི་བཟླས་ལུང་སྦྱིན་ལུགས། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་ཐོན་པ་ཞལ་སྒོ་ནས་སློབ་མའི་ཁར་ཞུགས་ཏེ་སྙིང་གའི་ས་བོན་ལ་བསྟིམ་པའམ། ས་བོན་མཐར་འཁོར་བ་གང་རུང་གི་བཟླས་དམིགས་སྤོད་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་འཇུག་པའོ།། ༨ འོ་བྲན་ལུགས་ལ་ཨོ་རྒྱན་གྱི་སྤྱི་བོར་ཁྱུང་བསྒོམ་རྒྱུ་འདྲ་ཞིག་བྱུང་བ་ཚིག་གི་བརྗོད་རིམ་ཙམ་སྟེ། དོན་ལ་གཙོ་བོའི་སྤྱི་བོའི་ནམ་མཁར་པདྨ་སམྦྷ་ཝ་དང་། དེ་འོག་གཙོ་བོ་རང་གི་སྤྱི་བོར་བྱ་ཁྱུང་བསྒོམ་པ་འབྲེལ། བཟླས་པའི་རྗེས་སུ་འདོད་དོན་གསོལ་བ་དང་། གསང་མིང་ཆེ་མཆོག་དྲག་པོ་རྩལ་ལྟ་བུ་རིགས་མཐུན་གྱི་ཆོ་ག་ལས་བླངས་པས་ཆོག །དབང་རྫས་ཀྱི་གུ་རུའི་སྐུ་འབག་ཞི་དྲག་གང་ཡིན་གྱི་གསལ་ཁ་མི་སྣང་ཡང་། དབང་ཚིག་དང་སྦྱར་ན་དྲག་པོའི་སྤྱི་བོར་བླ་མ་ཞི་བ་རང་གཞུང་གི་མངོན་རྟོག་ལྟར་བྲིས་ན་འབྱོར་བ་འདྲ་ལགས། བཟླས་ལུང་ཡང་དམིགས་བསལ་མེད་པས་སྔར་དང་འདྲ། འདས་གཏོར་སྒོས་འབུལ་མེད་པས་དབང་གཏོར་དང་མཆོད་གཏོར་སྦྲགས་པས་རུང་ལ་སོ་སོར་འགྲུབ་ནའང་ལེགས། གཏོར་དབྱིབས་དམིགས་བསལ་མེད་པས་དཔལ་གཏོར་ལྟ་བུ་དང་། བསྐུར་གནས་མགོ་བོ་ལས་འོས་ཅི་ཡོད།། ༩ བྱང་གཏེར་དྲག་པོ་རྩལ་ལ། བཟླས་པ་སུམ་བརྒྱ་ཉེར་གཅིག་གི་ཉུང་མཐའ་བྱས་པ་ནི་དབང་བསྐུར་གྱི་སྒྲུབ་མཆོད་རང་ལ་བཟླ་དགོས་པས་གཞི་བསྙེན་གྱི་ཚད་མ་ཡིན། གྲངས་རེར་ཧཱུྃ་སུམ་འབྲེལ་དུ་བཟླ། གཏེར་སྲུང་མཆོད་པ་ནི། གསེར་མཛོད་ཀྱི་སྲུང་མ་རྡོར་ལེགས་གཏོང་དགོས་ཀྱང་མ་འབྱོར་ན་སྤྱི་གཏོར་གྱིས་འཐུས། བཞེངས་བསྐུལ་ནི། ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་སོགས་རང་ཡིན། གཏོར་དབང་བསྐུར་བའི་སྐབས་ཀྱི་འདོད་གསོལ་ནི། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་བཤར་ནས། རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བྱོན་པའི་རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པའི་མཐར། མ་ཧཱ་གུ་རུ་དང་། བཛྲ་གུ་རུ་དང་། པདྨ་ཐོད་ཕྲེང་སོགས་སྔགས་སྤྱི་འགྲོའི་མཐར་ཀཱ་ཡ་སིདྡྷི་ཨོཾ་སོགས་གསུམ་བཏགས་པས་བསྐུར་བ་ལགས།། ༡༠ ལུང་ལུགས་ཚེ་འབྲང་གི་དཔེ་རིས་ཟུར་དུ་ཕུལ་ཞིང་། འབྲང་རྒྱས་ཞེས་པ་འདོད་རྒྱལ་གྱི་སྒྲ་ལས་ངེས་ཚིག་བཤད་དུ་མ་མཆིས། མཆོད་གཏོར་གྱི་དབྱིབས་གཏོར་ཅོག་སྤྱི་འགྲོ་ལྟར་གནང་བས་ཆོག། ༡༡ རྫོང་ཆེན་ཚེ་སྒྲུབ་ཀྱི་མདུན་བསྐྱེད་ཀྱི་ཡུམ་བཞིའི་ཕྱག་མཚན་ནི། གཙོ་བོའི་ཡུམ་གྱི་ཕྱག་མཚན་ལས་པདྨ་འབྱུང་བས་ནུབ་བདེ་གཤེགས་རིགས་ཀྱི་འཁོར་ལོ་འོང་འདྲ་རུང་ལྷའི་ངོ་བོ་གཉིས་ཀ་གོས་དཀར་དུ་གསུངས་པས། ནུབ་བདེ་གཤེགས་རིགས་ཀྱི་གོས་དཀར་དུ་བྱས་ནས་རིགས་ཆུང་གཙོ་བོའི་དབང་དུ་ཡུམ་བཞིའི་གཡས་ཀྱི་ཕྱག་མཚན་རང་རྟགས་ཞེས་པ་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དུ་བྱེད་པ་ལས་འོས་མེད། བདག་བསྐྱེད་ཀྱི་སྒྲུབ་ཐབས་སུ་བཟླས་པ་བྱ་ཞེས་པའི་བཟླ་བྱའི་སྔགས་མདུན་བསྐྱེད་ལྟར་བཛྲ་ཨཱ་ཡུ་ཥེ་དང་། ཚེ་རིལ་ཚེ་ཆང་སྟེར་བའི་གཟུངས་སྔགས་ཀྱང་བཛྲ་ཨཱ་ཡུ་ཥེ་དང་ཚེ་བྷྲཱུྃ་གཡུ་བྷྲཱུྃ་སོགས་ལགས།། ༡༢ ལྕགས་སྡོང་མའི་བཟླས་དམིགས་སྐབས། འོད་ཟེར་སྤྲོ་བསྡུ་རླུང་འབྱིན་འཇུག་དང་སྦྱར་ཞེས་པ་རླུང་རང་བབ་ཀྱི་རྒྱུ་བ་ལས་ཅུང་ཟད་སྣ་སྒོར་ལྟེམ་ཙམ་བྱས་ནས་རླུང་ནང་དུ་འཇུག་དུས་བདུད་རྩི་ཚངས་བུག་ནས་ཞུགས་ཏེ་ལུས་དང་སྲོག་རྩའི་སྦུབས་གང་བར་དམིགས་ཤིང་། རླུང་འབྱིན་ཚེ་སྔགས་འབྲུ་རྣམས་ལས་འོད་ཟེར་འཕྲོས་པ་དང་སྦྱར་ལ་འདིར་ངག་བཟླས་གནང་བས་ཆོག་ཅིང་། ཤར་སྒོམ་ཙམ་མིན་པའི་ཉམས་ལེན་ཆིག་དྲིལ་གྱི་སྐབས་སུ་རེས་བུམ་ཅན་དང་སྦྱར་ནས་ཡིད་བཟླས་གནང་ཡང་འཆུན་ཆེ། དབང་བཤད་སྐབས་ཐུགས་སྒྲུབ་རྣམ་གསུམ་ཞེས་པ། ཐུགས་སྒྲུབ་སྟེང་། རིག་འཛིན་གདུང་སྒྲུབ་དང་། ཐུགས་རྗེ་ཆེན་པོ་གཉིས་བརྩི་བ་ཡིན་ནམ་སྙམ། དབང་གི་རྒྱས་གདབ་ལ་སོག་དབྲག་ཟེར་བ་ལྟག་པ་མ་ཡིན། དཔུང་པ་གཉིས་ནས་ཐད་ཐེན་གྱི་སོག་པ་གཉིས་ཀྱི་བར་དེ་ཡིན།། ༡༣ རྡོར་ཕྲེང་གསུང་རྒྱུན་མའི་སྔགས་དེ་ཕྱོགས་ཀྱི་དཔེ་རྒྱུན་དུ་ཨཱ་ཡུའི་གོང་དུ་བཛྲ་མེད་ཅིང་ཨ་མཱ་རའི་གོང་དུ་ཨཱོྃ་ལྷག་པོར་བྱུང་བ་དང་། དབུས་ལུགས་ཀྱི་དཔེ་རྒྱུན་འདི་ཕྱོགས་སུ་འདོད་འཇོའི་དཀྱུས་ལྟར་འབྱུང་བས་མི་གཅིག་པ་འདི་རིགས་པ་གང་དག་ཁ་ཚོན་ཆོད་དཀའ་བས་དཔྱད་པ་མེད་པར་སོ་སོའི་ལུགས་ལྟར་གནང་བ་ལེགས། རྡོར་ཕྲེང་གི་ཚེ་དབང་བརྒྱ་རྩ་གསག་ལུགས་འདི་ཕྱོགས་དབུས་ལུགས་ཀྱི་ཕྱག་བཞེས་སུ། ཐོག་མའི་ཚར་གཅིག་ལ་བུམ་པ་ནས་ཚེ་རིལ་ཚེ་ཆང་སྟེར་བའི་བར་སོ་སོའི་དབང་ཚིག་ལ་མཚམས་སྦྱོར་གྱི་བཤད་པ་རྒྱས་བསྡུས་སྐབས་སྦྱར་གྱིས་བསྐུར་རྗེས། བུམ་ཐོད་མེ་ལོང་གཏོར་མ་རྣམས་དང་། ཚེ་རིལ་ཚེ་ཆང་གཉིས་ལག་པ་གཡས་གཡོན་དུ་མཉམ་སྟེར་གྱིས་སོ་སོའི་དབང་ཚིག་སྔགས་བཅས་ཀྱིས་སོ་སོར་བསྐུར་བས་བརྒྱ་རྩ་བསགས་རྗེས། མཐར་རྒྱས་གདབ་གཅིག་གིས་ཆོག་པར་མཛད་པ་ཡིན་པས། ཚུལ་འདི་དང་བསྟུན་ན། དེ་ཕྱོགས་སུ་དབང་རྒྱས་པ་ཚར་གཅིག་སོང་རྗེས། བུམ་ཐོད་མེ་ལོང་གཏོར་མ་བཞི་སྣོད་གཅིག་ཏུ་བྱས་ནས་ཚེ་འགུགས་ཀྱི་ལྷ་སོ་སོའི་གྱེར་ཚིག་སྔགས་བཅས་དང་སྦྲགས་དབང་རེ་བསྐུར་བ་ལ་བརྒྱ་རྩར་བརྩི་བ་དེ་ཟོར་ཡང་གི་ལག་ལེན་འབྱམས་པ་ཞིག་ཡིན་པ་འདྲ།། ༡༤ འཆི་མེད་དཔལ་སྟེར་ལ། རང་དོན་དུ་ཚེ་སྒྲུབ་རྐྱང་པ་བྱེད་སྐབས་ཚེ་རྫས་དང་མཆོད་གཏོར་མ་བཤམས་ཀྱང་ཆོག །དབང་གི་དུས་རང་ཉིད་བསྐྱེད་བཟླས་བྱེད་ཚེ་སྤྱི་བོར་རང་གི་རྩ་བའི་བླ་མ་ཚེ་དཔག་མེད་ཀྱི་རྣམ་པར་བསྐྱེད་ཅིང་། དབང་བསྐུར་དུས་སློབ་མའི་བློ་ཡུལ་དུ་གསལ་འདེབས་སྐབས། རང་ཉིད་བསྐྱེད་ཚུལ་ཇི་ལྟ་བས་སློབ་མ་ཚེ་དཔག་མེད་དུ་བསྐྱེད་པའི་སྤྱི་བོར། ད་ལྟ་དབང་བསྐུར་བ་པོའི་སློབ་དཔོན་ཉིད་ཚེ་དཔག་མེད་ཀྱི་རྣམ་པ་ཅན་དུ་བྱས་པའི་སྤྱི་བོའི་སྟེང་ནས་ཡར་རིམ་པར་བརྒྱུད་པའི་བླ་མ་རྣམས་གསལ་བཏབ་ཅིང་། སློབ་དཔོན་གྱི་ཕྱག་གི་བུམ་པ་དང་ཚེ་གཏོར་དབྱེར་མེད་དུ་བྱས་ནས་དབང་བསྐུར་བ་ལགས། མཁའ་འགྲོ་སྤྱི་གཏོར་སྤྱི་འགྲོ་ལྟར་རམ་ནང་གི་ཆོས་སྤྱོད་ཀྱི་ལུགས་གཉིས་གང་ལྟར་གནང་ཡང་མི་འགལ། བྱིན་འབེབ་སྐབས། སྤྲོ་ན་གསོལ་འདེབས་ཚེ་ཛཔ྄་དབྱངས་དང་བཅས་པས་གྱེར་ཞེས་པ་ནི། སྤྲོས་བཅས་དང་འབྲེལ་བ་ཁྲོམ་དབང་ལྟ་བུ་ལ་དབྱངས་རམ་འདེགས་མིའི་གྲོགས་དང་བཅས་ཏེ་གདུང་དབྱངས་མཛད་སྲོལ་བླ་ཆེན་འགའི་ཕྱག་ལེན་དུ་ཡོད་འདུག་ཅིང་། འདི་ཕྱོགས་སྤྲོས་པའི་ཚེའང་སློབ་དཔོན་གཅིག་པུས་གསོལ་འདེབས་སྔགས་བཅས་ཀྱི་རྗེས་སྤོས་རོལ་གནང་བ་ཙམ་ལས་གདངས་དབྱངས་ཀྱི་རྟར་དྲངས་ནས་གནང་སྲོལ་མི་གདའ།། ༡༥ ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཕྱག་བཞི་པའི་གཞལ་ཡས་ཁང་བསྐྱེད་སྐབས། ཕྱི་རོལ་གྱི་སྟེང་ན་འཁོར་ལོ་རྩིབས་སྟོང་བྲེས་ཞེས་པ་ནི། སྲུང་འཁོར་གྱི་རྡོ་རྗེའི་གུར་གྱི་ནང་དང་། གཞལ་ཡས་ཁང་དངོས་གཞིའི་ཕྱི་རོལ་དུ། སྟེང་ནས་འཁོར་ལོ་རྩིབས་སྟོང་གི་རྩིབས་རྩེ་རྣམས་ཐུར་བལྟ་དང་། འོག་གཞིའི་པདྨ་འདབ་སྟོང་གྱེན་དུ་ལངས་པ་གཉིས་སྤྲད་པའི་གུར་ཟླུམ་པོའི་རྣམ་པ་ཅན་ཡིན། དེ་མ་ཐག་དེའི་ནང་དུ་པདྨ་འདབ་མ་བཞི་པ་ཞེས་སོགས་ཀྱང་། དེའི་ནང་ཞེས་པ་འཁོར་པད་ཁ་སྦྱོར་མི་སྙེག་པར། གཞལ་ཡས་ཁང་གི་ནང་གི་ལྷ་གནས་ལ་སྙེག་དགོས། འཁོར་གྱི་རིགས་དྲུག་ཡབ་རྣམས་ཀྱི་གཡས་རང་རྟགས་ཐུགས་ཀ་དང་གཡོན་མཉམ་གཞག །ཡུམ་རྣམས་གཡོན་རང་རྟགས་དང་གཡས་འདུད་ཚུལ་གྱི་ཐལ་མོ། ཐུབ་དྲུག་རྣམས་ཕྱག་མཚན་མེད་པའི་ཕྱག་གཅིག་ཤོས་གང་བདེ་སྟེ་སྒྱུ་དྲྭ་སོགས་ལས་འབྱུང་བ་དང་འདྲ། ལས་བུམ་དུ་རྟ་མགྲིན་དམར་པོ་དབྱུག་ཞགས་ཐོགས་པ་བསྐྱེད་ལ། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ། ཞེས་བཟླས་ཏེ་བདུད་རྩིར་བཞུ། འདི་ལ་ཡེ་ཤེས་པ་སྤྱན་འདྲེན་སོགས་མི་བྱེད་པ་དོང་སྤྲུགས་ཀྱི་བསང་ཆུ་སྒྲུབ་པ་དང་གནད་གཅིག། ༡༦ ནམ་མཁའ་རྒྱལ་པོའི་ཕྱག་མཚན་རྩ་ཕྱག་གཡས་ལྔ་པར་སངས་རྒྱས་ཀྱི་སྐུ་གཟུགས་ཞེས་པ་ཐུབ་པ། གཡོན་གྱི་གསུམ་པ་སྤྱི་བླུགས་དང་གཞན་རིལ་བ་ཞེས་པ་ཆབ་རིལ་རྒྱན་དྲུག་མ། ལྕུག་མ་ལྗོན་པ། བསིལ་ཡབ་ཟླུམ་པོ་རྒྱ་གར་ལུགས། རྒུན་འབྲུ་ཤིང་འབྲས། ཡན་ལག་གི་ཕྱག་མཚན་གཅིག་ཆད་པའི་ཐུགས་དོགས་ནི། པར་ཡིག་འབྲེལ་བས་ལན་པ་སྟེ། གཡས་ལྔ་པར་རྡོ་རྗེ། དྲུག་པར་རྒྱ་གྲམ་གཉིས་སོ་སོ་ལགས། བསྒོམ་བཟླས་ཀྱི་ལུང་སྦྱིན་ཚུལ་འགྲོ་འདུལ་དང་འདྲ་བ་ལས་ཁྱད་པར། དཔོན་སློབ་གཉིས་ཀ་ལྷར་གསལ་བ་ཐུགས་ཀའི་ཧྲཱིཿའིི་གདན་འདིར་པད་ཟླ་བརྩེགས་པའོ།། ༡༧ རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་དྲིལ་གྱི་མེ་ལོང་ལ་སིནྡྷུ་རའི་དཀྱིལ་འཁོར་སྔགས་ཅན་བྲི་ལུགས་ནི། སྦ་ལྕག་མའི་རྒྱ་གཞུང་རྡོ་རྗེ་སྙིང་པོས་མཛད་པ་ལས། མེ་ལོང་ཆང་གིས་བྱུགས་པ་ལ། །སིནྡྷུ་ར་ཡི་ཆོས་འབྱུང་དང་། །ས་བོན་ཡི་གེ་སྔགས་བཅས་དགོད། །ཅེས་གསུངས་པས། པད་ཕྲེང་གིས་བསྐོར་བའི་དབུས་སུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿཡི་མཐར་གཙོ་བོ་ཡབ་ཡུམ་འཁོར་སྔགས་དང་བཅས་པ་སྦྲེལ་མ་ཁ་ནང་བསྟན་གཡས་སྐོར་དུ་བྲི། འདོད་འཇོར་མཎྜལ་ཆོས་འབྱུང་དམར་པོ་ཞེས་པ་ལས་རྐྱང་པ་དང་བསྣོལ་མའི་གསལ་ཁ་མ་བྱུང་ཡང་། རྒྱ་གཞུང་དེ་ལས། དཀྱིལ་འཁོར་གྱི་ལྟེ་བ་ཆོས་འབྱུང་བསྣོལ་མ་དང་། སྤྱི་ལྟར་ཟུར་རྣམས་ལ་དགའ་འཁྱིལ་ཡང་བྲི་བར་བཤད། རྟ་མགྲིན་གཡས་དབང་སྡུད་ཀྱི་ཕྱག་རྒྱ་བྲིས་རྒྱུན་ལ་ཁྲོ་བོའི་སྡིགས་མཛུབ་ལྟ་བུ་ལས་མཛུབ་མོ་ཅུང་ཟད་བཀུག་པ་འབྱུང་། གསང་ཡེའི་གར་སྟབས་སྒྲུབ་ཐབས་རྣམས་སུ་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་སུ་གསུངས། སྤྱན་འདྲེན་གྱི་དུས་ཀྱི་སྙིང་གའི་ས་བོན་ནི། ཡེ་ཤེས་སེམས་དཔའ་འམ་རྟ་མགྲིན་གྱི་ཐུགས་ཀའི་ཧྲཱིཿདམར། བཟླས་པའི་སྐབས་ཀྱི་འོད་ཟེར་སྤྲོ་བསྡུ་ལ་ས་བོན་གསལ་འདེབས་མི་དགོས་ཏེ། སློབ་དཔོན་པདྨས་མཛད་པའི་གསང་སྒྲུབ་ལས། ལྟེ་བའི་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཞལ་ནས་སྔགས་བགྲངས་པས་འོད་དམར་པོ་ཡར་འཕྲོས། དཔལ་རྟ་མགྲིན་ཡེ་ཤེས་སེམས་དཔའ་ལ་ཕོག །དེས་བཟླས་པ་བྱས་པའི་འོད་ཟེར་དམར་པོ་ཡར་འཕྲོས། སྤྱི་གཙུག་གི་སྣང་བ་མཐའ་ཡས་ལ་ཕོག །ཅེས་སོགས་གསུངས་ཏེ། དེ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱེད་ཚུལ་སྤྱི་ལྟར་རོ། །གསར་རྙིང་གི་གདམས་པ་དུ་མའི་བྱིན་རླབས་ཀྱི་བཀའ་སྲོལ་ཕྱོགས་གཅིག་ཏུ་འདུས། ཞེས་དང་། མཇུག་ཏུ། རྒྱུད་དང་པཎ་གྲུབ་སོ་སོ་ལས་བྱུང་བའི་སྒྲུབ་པའི་བཀའ་སྲོལ་ཐ་དད་པ་ཕལ་ཆེར་གྱི་རྒྱུན་བཞུགས་ཤིང་། ཞེས་པ་རྣམས་ནི། སྤྱིར་ལུགས་འདི་ལ་སྦ་ལྕག་དང་བ་མཁལ་མའི་ལུགས་གཉིས་ལས། སྦ་ལྕག་མ་ལ། ལོ་ཀེ་ཤྭ་ར། པདྨ་འབྱུང་གནས། རཱ་ཛ་མ་ཧཱ་ཕ་ལ་གསུམ་གྱིས་རྗེས་སུ་བཟུང་བ་ནི། བྷཾ་ག་ལའི་ཕག་མོ་ཞེས་པ་ཡོངས་གྲགས་མ་གཅིག་གྲུབ་པའི་རྒྱལ་མོས་ཏི་ཕུ་པ་ལ་གསུངས་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་པོ་ཤཱི་ལ་མཉྫུར་གསན་ནས་ཐུ་མིས་བསྒྱུར་བ་དང་། རྡོ་རྗེ་སྙིང་པོས་མཛད་པའི་རྒྱ་གཞུང་རྣམས་ཏེ་ལུགས་གསུམ་པོ་ཆ་ལག་དང་བཅས་པ་རྣམས་ལ་སྦ་ལྕག་མར་གྲགས། ཡང་བསམ་ཡས་སུ་སློབ་དཔོན་ཆེན་པོ་པདྨས། མཁར་ཆེན་བཟའ་དང་ཁྲི་སྲོང་ལ་གསུངས་པའི་གཞུང་ལེའུ་བཅུ་གཉིས་པ་ཆ་ལག་དང་བཅས་པའི་ཡིག་མེད་ལྔ་པོ་རྒྱ་རིམ་གསུམ་གྱིས་བཏབ་སྟེ་བསེ་སྒྲོམ་དུ་བཅུག་ནས་སྦར་རྗེས་ཅན་ལ་སྦས་པ་ཉང་གིས་བཏོན་པ་དང་། ཡང་གྲོང་ཁྱེར་ཤིང་བལ་གྱི་འདབས་སུ་བྷཾ་ག་ལའི་ཕག་མོས་ཏཱ་ལའི་བྱང་བུར་མཁའ་འགྲོའི་བརྡ་ཡིག་ཏུ་བྲིས་པ། རས་ཆུང་པར་གནང་བ་གཉན་ཆུང་ལོ་ཙཱ་བས་བསྒྱུར་པ་དང་བཅས་པ་རྣམས་ལ་བ་མཁལ་མར་གྲགས་སོ། །ཡང་བྷཾ་ག་ལའི་ཕག་མོས། བྲམ་ཟེ་བསོད་སྙོམས་པ། དེ་ནས་ཛ་ལན་དྷ་ར། མཻ་ཏྲི་པ། རྒྱ་གར་ཕྱག་ན། བལ་པོ་ཡེ་རང་པ། རས་ཆུང་པ་རྣམས་ལ་བརྒྱུད་པ་པདྨ་རྒྱལ་པོའི་རྒྱུད་དང་། པདྨ་ཟབ་པའི་རྒྱུད་གཉིས་སོ་སོའི་སྒྲུབ་དཀྱིལ་དང་བཅས་པ་རྣམས་ཏེ། དེ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་རྒྱུན་འདུས་པའི་དོན་ལགས། དབང་བསྐུར་རྡོ་རྗེ་སོགས་ཀྱི་ཚིག་ངེད་རང་གི་རབ་གནས་ལ་ཡོད་པ་དང་འདྲ། བསྒོམ་ལུང་འབོགས་ལུགས། དཔོན་སློབ་གཉིས་ཀ་ལྷར་བསྐྱེད་པའི་ཐུགས་ཀའི་ས་བོན་ཧྲཱིཿལས་སྔགས་ཕྲེང་སྤྲོ་བསྟིམ་དང་སྦྱར་ཏེ་སྔགས་རྗེས་ཟློས། གཏོར་དབང་བྱེད་ནའང་གཏོར་མ་ལྷར་གསལ་སློབ་མའི་སྤྱི་བོར་བྱོན་པའི་སྐུ་ལས་མཆོག་ཐུན་དངོས་གྲུབ་ཀྱི་སྐལ་པ་ཐམས་ཅད་ཆར་ལྟར་བབས་པར་བསམ་དུ་བཅུག་ལ། གཏོར་མ་མགོར་བཞག་ནས་བརྒྱུད་པའི་ཤར་འདེད་འདོད་གསོལ་དང་བཅས་པ་བྱེད་པ་ལགས།། ༡༨ རྣོན་པོ་ནང་གཅོད་ཀྱི་གཏོར་མའི་དཔེའུ་རིས་ཟུར་དུ་ཕུལ། གཙོ་བོའི་གདན་གྱི་འཆི་བདག་གཤིན་རྗེ་ནི་དྲེགས་པའི་གཟུགས་ཕོ་ཁ་སྦུབ་དང་། མོ་གན་རྐྱལ། དེ་སྟེང་མ་ཧེ་དང་གླང་རྒོད་གཉིས་གཉིས་ཏེ་བཞི། ཐུགས་ཀའི་ཉི་ཟླ་ཁ་སྦྱོར་ཐབས་ཤེས་ཀྱི་ཁྱད་ཀྱི་ཉི་མ་འོག་དང་ཟླ་བ་སྟེང་། ཧཱུྃ་དང་བྷྲཱུྃ་གྱི་ཁོག་པར་ཞེས་པ་ཡི་གེ་རང་གི་ལྟེ་བར་བསྒོམ་པའི་དོན་ལས་ཡིག་གཟུགས་ཁོང་སྟོང་དུ་དགོས་པའི་དོན་མིན། ཨེ་ཀ་ཡ་མ་དུ་རུ་ཙཀྲའི་སྔགས་ཀྱང་ཧཱུྃ་ཡིག་ཉིད་ལ་བསྐོར་རྒྱུ་ཡིན། སྲས་ཀྱི་བཤན་གྲི་ཞེས་པ་གསོད་བྱེད་ཀྱི་དོན་འདྲ་སྟེ། གཞན་འཕུལ་བྱེད་མེད་པའི་ཤན་ཞེས་པ་གྲི་སྤྱིའི་མིང་། གུར་རིམ་བསྒོམ་ཚུལ། བྱང་ཆེན་མཆོད་རྟེན་གྱི་ཕྱི་རོལ་དུ་བྷྲཱུྃ་ལས་གསེར་གྱི་གྭའུ་ཁ་སྦྱོར་གྱི་གུར་ཁང་། དེའི་ཕྱིར་ཧཱུྃ་ལས་ཁྲོ་བོ་སྔོན་པོ་རྡོ་རྗེ་ཐོགས་པས་གཏམས་པའི་ཕྱིར་རྡོ་རྗེ་སྔོན་པོའི་གུར་ཁང་སོགས་རིམ་བཞིན་ཕྱག་མཚན་ལྔ་སོ་སོ་བཞུ་ལུགས་སུ་འབྲེལ་བའི་གུར་ཁང་གི་ནང་སོ་སོར། ཁྲོ་བོ་རིགས་མཐུན་གྱི་ཁ་དོག་དང་རང་རྟགས་ཀྱི་ཕྱག་མཚན་ཅན་གྱིས་གཏམས་པ། དེའི་ཕྱི་རོལ་དུ་ཡུམ་ལྔའི་རང་བཞིན་ཡཾ་ལས་རླུང་ནག་འཚུབ་མའི་གུར་ནང་ཁྲོ་བོ་ཁམས་ནག་རླུང་གཡབ་དང་མཚོན་ཆ་ཐོགས་པ། དེ་བཞིན་དུ་མེ་དང་། ཆུ་དང་། ས་དང་། ནམ་མཁའ་ལྕགས་ཀྱི་གུར་ཁང་རྣམས་སོ་སོའི་ནང་དུ་ཁྲོ་བོ་དམར་ནག་མེ་ཐོགས་པ། དཀར་པོ་ཆུ་ཞགས། སེར་པོ་རི་རབ། ནག་པོ་མཚོན་ཆའི་ཆར་འབེབ་པས་གཏམས་པ། དེ་དག་གི་ཕྱི་རོལ་དུ་མེ་ཕུང་འབར་བའི་བར་སྣང་ལ་དབྱངས་གསལ་གྱི་ཕྲེང་བ་འཁྲུགས་པ་ལས་དགྲ་བགེགས་འཇོམས་པའི་སྒྲ་ལྡིར་བ། ཡ་མ་རཱ་ཛའི་ཡིག་བརྒྱ་ནི། ཨཱོྃ་ཡ་མ་རཱ་ཛ་ས་མ་ཡ་མ་ནུ་པཱ་ལ་ཡ། ཡ་མ་རཱ་ཛ་ཏེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཱཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན྄། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། ཡ་མ་རཱ་ཛ་མཱ་མེ་མུཉྩ། ཡ་མ་རཱ་ཛོ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ལྷའི་མཚན་འབྱིན་འཇུག་བྱས་པའོ། །ཨ་ཀྲོ་བཅུ་བདུན་པ་ནི་བདེ་འདུས་ལས་བྱང་གི་གཤིན་རྗེ་གཤེད་ཀྱི་སྔགས་དང་འདྲ། འདོད་དོན་གསོལ་བ་ནི། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ༔ ཞེས་སོགས་ཤློ་ཀ་བཞི་ལས་བྱང་དུ་ཡོད། བསྟོད་བསྐུལ་ངག་འདོན་ཡང་། ཨྱཻ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ ཞེས་སོགས་བསྟོད་བསྐུལ་གསུམ་ཤམ་བུ་སྐབས་ཕྱེད་པར་སྦྱོར་ཚུལ་བཅས་ལས་བྱང་དུ་འབྱུང་བ་ལགས། སྐོར་གསུམ་མཚན་བཞི་གནད་གསུམ་ཞེས་པའི་སྐོར་གསུམ་ནི། སྲུང་ཟློག་གསད་གསུམ། མཚན་བཞི་ནི། ལྷ་ལ་མཚན་དུ་གསོལ་བ་ཚེ་བདག་ནག་པོ། སྔགས་ལ་མཚན་དུ་གསོལ་བ་ཨེ་ཀ་ཡ་མ། རྫས་ལ་མཚན་དུ་གསོལ་བ་སཱཙྪ་དཀར་ནག །དཔེ་ལ་མཚན་དུ་གསོལ་བ་ཡང་ཟློག་མེའི་སྤུ་གྲི། གནད་གསུམ་ནི། བཅའ་བ་རྫས་ཀྱི་གནད་འཁོར་ལོ་དང་སཱཙྪའི་སྦྱོར་བ། སྒོམ་པ་ལྷའི་གནད་གཤིན་རྗེ་གཤེད་ཚེ་བདག་ནག་པོ། བཟླས་པ་སྔགས་ཀྱི་གནད་ཨེ་ཀ་ཡ་མ་ཤམ་བུ་སྐབས་དང་སྦྱར་བ་རྣམས་ལ་ཟེར་བ་འདུག །དབང་ལ་ཕྱག་ལེན་རྒྱས་པའི་སྐབས་བསྟོད་རིང་སྦྱོར་ལུགས། གཏོར་མ་སྤྱི་བོར་འཇོག་དུས། ཨྱཻ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ ཞེས་པ་ནས། དམིགས་པ་གང་ཡིན་དེ་ཉིད་ད་ལྟ་རློགས༔ ཞེས་པའི་བར་གྱི་མཐར། ཁྲོ་རྒྱལ་གཤིན་རྗེ་གཤེད་ཀྱིས་དབང་བསྐུར་རོ། །འཁོར་གྱི་གཤིན་རྗེ་བྱེ་བའི་དབང་ཐོབ་ཤོག །མགྲིན་པར། ཧཱུྃ༔ ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ན་ནི༔ ཞེས་པ་ནས། ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན༔ ཞེས་པའི་མཐར། ཡུམ་མཆོག་ཨེ་ཀ་ཙཱ་ཊིས་དབང་བསྐུར་རོ། །འཁོར་གྱི་མ་མོའི་དམག་ཚོགས་དབང་ཐོབ་ཤོག །སྙིང་གར། ཧཱུྃ༔ གཡས་ནས་སྲས་མཆོག་ཡ་མ་རཱ་ཛ་ནི༔ ཞེས་པ་ནས། ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད༔ ཅེས་པའི་མཐར། གསོད་བྱེད་ཡ་མ་རཱ་ཛས་དབང་བསྐུར་རོ། །འཁོར་གྱི་ལས་མཁན་སྡེ་བརྒྱད་དབང་ཐོབ་ཤོག །ལག་ཏུ་གཏད་དུས། ཧཱུྃ༔ གཞན་ཡང་ཁྲོ་རྒྱལ་ཆེན་པོ་ནས། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཅེས་པ་རྣམས་སོ་སོའི་མཇུག་ཏུ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །སོགས་དབང་ཚིག་སྦྲེལ་ནས་བསྐུར། བཟླས་ལུང་གི་ཟློག་སྔགས་རྗེས་ཟློས་སྐབས། སྔགས་ཕྲེང་གཡོན་འཁོར་ཏེ་ཡི་གེ་ཁ་ཕྱིར་བལྟ་ཡིན།། ༡༩ རྟ་མགྲིན་གསང་སྒྲུབ་ཀྱི་འབུལ་གཏོར་བཞི་ཀ་གཏོར་ཅོག་སྤྱི་འགྲོ། ལྷའི་རྒྱན་ལ་མི་སྐྲའི་ཚངས་སྐུད་ཅེས་པ་སེ་རལ་ཁ་སྟེ་མཆོད་ཕྱིར་ཐོགས་ཀྱང་ཟེར། བྱུགས་རྫས་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་རྩེ་གསུམ་རིས། སྣ་རྩེ། མཁུར་ཚོས་གཉིས། ཨོལ་ཀོ་སྟེ་འབུར་བཞི་ལ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཟླ་གམ་ཞེས་སྤྱི་ཙམ་སྟེ་མི་འདྲ་བའི་ཁྱད་པར་འགའ་རེ་སྣང་། ཞབས་བརྒྱད་ཀྱིས་ཀླུ་བརྒྱད་པོ་མནན་དགོས་པས་སྦྲུལ་གདན་པད་ཉིའི་སྟེང་། བླ་མ། ཆོས་སྐྱོང་། གཞི་བདག་གསུམ་གྱི་གཏོར་བསྔོ་སྤྱི་གཏོར་གང་རིགས་སྦྱོར་བ་ལས་ཟུར་ཆོག་མེད། བཀའ་བསྒོའི་ངག་འདོན། སྔགས་མཐར་བརྒྱུད་པའི་ཤར་འདེད་ཀྱི་རྗེས་སུ། རྩ་བརྒྱུད་ཀྱི་བླ་མ་དམ་པ། ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་སྤྱི་དང་། ཁྱད་པར་དུའང་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །བྱེ་བྲག་དུའང་རྡོ་རྗེའི་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བདུད་བཙན་རྒྱལ་འགོང་ཐེ་བྲང་འབྱུང་པོའི་གནོད་པ་ཐམས་ཅད་དུས་ད་ལྟ་ཉིད་དུ་ཞི་བ་དང་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་སྲུང་ཞིང་སྐྱོབ་པ་དང་སྦ་བར་མཛད་དུ་གསོལ། ཞེས་རྟ་མགྲིན་ཕྱག་རྡོར་སོགས་ལའང་རིགས་འགྲེ། མཐར་མངའ་གསོལ་ཤིས་བརྗོད་ནི། མེ་ཏོག་འཐོར་བཞིན་དུ་སུ་པྲ་ཏིཥྛའི་སྔགས་དང་བཀྲ་ཤིས་བརྗོད་པ་ཙམ་གྱིས་འཐུས།། ༢༠ ཉང་གི་རྟ་ནག་ལྕགས་རལ་ཅན་གྱི་དབང་གཏོར་དཔལ་གཏོར་སྤྱི་འགྲོ་ཁ་དོག་ནག་རྐྱང་ལས་གཏོར་ཁྲ་མིན། མཆོད་གཏོར་དཔལ་གཏོར་རམ་གཏོར་ཅོག་གང་བདེ། དགྲ་བགེགས་ཀྱི་གདན་པད་ཉིའི་སྟེང་དུ་བྲི་ཞིང་དགྲ་མི་གཟུགས་དང་བགེགས་གདོན་གཟུགས་རྔམ་ཞུད་ཅན། བསྙེན་སྔགས་འབུམ་ཕྲག་བཅུ་རྫོགས་པར་བཟླས་ན། ལས་སྔགས་སྦྲེལ་བའི་སྒྲུབ་སྔགས་ཁྲི་ཙམ་ལས་མང་མི་དགོས། ཁྲོ་ཆར་འབེབ་པའང་སྐུའི་ཆ་ཐམས་ཅད་ནས་སྤྲོ་བ་ལས་སྤྱི་མགྲིན་སོགས་གནས་སོ་སོའི་དབྱེ་བ་མེད། མཐར་ཟོར་དུ་འཕང་བའམ། བསྲུང་བའི་དོན་དུ་འཇོག་རྒྱུ་ནི་དབང་གཏོར་རང་ཡིན་ཞིང་། ཟོར་ཚིག་རིགས་མཐུན་གཞན་ནས་ལེན་པའམ། བསྡུ་ན་སྔགས་མཐར་མཱ་ར་ཡ་རྦད་ཀྱི་ཤམ་བུ་བཏགས་པས་འཕང་ངོ་།། ༢༡ ཆོས་དབང་རྟ་ནག་གི་གཏོར་མའང་སྔར་དང་འདྲ། འཁོར་གྱི་ཕྱག་མཚན་མེའི་ཐོ་ལྕགས་གཉིས་མཚོན་ཆ་རང་དབྱིབས་ལས་མེ་འོད་འཕྲོ་བ། འཁོར་གྱི་མོན་ཤན་རྣམས་ཁྲོ་བོ་མངག་གཞུག་གི་ཆ་བྱད་ཅན་སྟེ་སྐུ་མདོག་དང་ཕྱག་མཚན་མ་ངེས་པ་འདྲ། གཞལ་ཡས་ཁང་གི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་བཅུར་ཁྲོ་བོ་བཅུ་ཡང་སྤྲུལ་དང་བཅས་པའི་ཁྲོ་གུར། དེའི་ཕྱིར་ཁ་ཕྱིར་བལྟ་ནང་བལྟའི་རྩིབས་རྩེ་རྣམས་བསྣོལ་མར་གཡས་གཡོན་དུ་འཁོར་བའི་གུར། དེའི་ཕྱི་རྡོ་རྗེའི་གུར། དེའི་ཕྱིར་མཚོན་ཆ་སྣ་ཚོགས་ཀྱི་གུར། དེའི་ཕྱིར་མེ་ཕུང་མཐའ་མེད་དུ་འཕྲོ་བ། བཟླས་པའི་སྐབས་འོད་ཟེར་སྤྲོ་བསྡུ་རླུང་རང་འབབ་སྟེང་ནས་མ་ཚར་ན་འཇམ་རླུང་སྣ་སྒོར་ལྟེམ་ཙམ་བྱས་ལ། རླུང་ལྡང་དུས་འོད་ཟེར་ཕྱིར་འཕྲོ་བས་བགེགས་བསལ། ནང་དུ་འཇུག་དུས་དངོས་གྲུབ་བསྡུ་བའི་དམིགས་གནད་སྦྱོར། རྟགས་རྣམས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་གང་རུང་། སྤྱི་བོར་མེ་ཏོག་འཇོག་པ་དཀྱིལ་འཁོར་ཚོམ་བུ་ལས་སམ་ལེན་མི་བདེ་ན་འབྲུ་ནག་འཇོག །བཟླས་ལུང་སྟེར་ལུགས། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ། སློབ་དཔོན་གྱི་ས་བོན་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་སྤྲོ་བསྟིམ་བྱེད། དབང་རྫས་ཀྱི་ཕུར་བུ་ཁྲོ་ཞལ་སྤྱི་གཙུག་རྟ་མགོ་ཅན། གཏོར་མ་སྙིང་གར་བཞག་པས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ངོ་སྤྲད། བཀའ་བསྒོའི་ཚིག་རྟ་མགྲིན་གསང་སྒྲུབ་བཞིན་ལས་སྒོས་ཆོས་བསྒྱུར།། ༢༢ ཕྱག་རྡོར་དྲེགས་འདུལ་གྱི་བུམ་པའི་ལས་མཐའི་བྱིན་རླབས་སྐབས། ནད་པའི་དོན་དུ་བྱེད་ན། ཀླུ་གཏོར་དབྱིབས་ཟླུམ་པོ་རྒྱབ་ཡོལ་ཅན་རིལ་བུ་དང་བཅས་པར་ཀླུ་སྨན་དང་འོ་མས་བྲན། གཏོར་འབུལ་དུག་སྦྱོང་གི་སྐབས་དང་འདྲ། གཞི་བདག་གཏོར་མ་དབང་བསྐུར་གང་བྱེད་ལ་འབྱོར་ན་ལེགས། བསྙེན་པ་ལྟ་བུར་སྔོན་དུ་རྩ་སྔགས་རྐྱང་པ་བཟླས་ནས་མཐར་ག་རུ་ཌའི་ཤམ་བུ་སྦྲེལ་བ་ཤིས་ཀྱང་། དབང་གི་སྒྲུབ་མཆོད་ཙམ་ལ་སྦྲེལ་བ་ལས་སོ་སོར་བཟླ་བའི་དབྱེ་བ་མི་དགོས། བསྟོད་རྗེས་ཕྲིན་ལས་གསོལ་བ་བསྟོད་པ་རང་གིས་འཐུས་ཤིང་། ཇི་ལྟར་སྔོན་ཚེ་སོགས་བླངས་ཀྱང་མི་འགལ། བུམ་བཟླས་ཀྱི་ཚེ་ལྷ་བུམ་གྱི་བཅུད་ཁྲོ་ཁྱུང་གི་རྡུལ་ཕྲན་དང་། ཁྲུས་བུམ་བདུད་རྩིར་དམིགས་པ་དང་། དབང་དུས་ཁྲུས་བུམ་ཡང་ཁྲོ་ཁྱུང་དུ་བྱས་པ་འགལ་བ་ལྟར་སྣང་ཡང་མི་འགལ་ཏེ། ཁྲུས་བུམ་ཟུར་པ་བྱེད་པ་ལག་ལེན་བྱས་པའི་འདམ་ཁ་ལས་ལྷ་བུམ་ཉིད་ཀྱིས་ཁྲུས་བུམ་གྱི་གོ་ཆོད་པ་དང་། སོ་སོར་བྱས་ཚེ་ཁྲུས་བུམ་གྱི་ཆུ་ཡེ་ཤེས་ཀྱི་བདུད་རྩི་ནད་གདོན་སྦྱོང་བའི་ནུས་ལྡན་དུ་སྒྲུབ་པ་དེ། ལས་སྦྱོར་གྱི་ཚེ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཁྲོ་ཁྱུང་གི་རྡུལ་ཕྲ་རབ་ཏུ་དམིགས་པ་ཁ་བསྒྱུར་བར་བྱེད་པ་མཚུངས་པས་རུང་བའི་ཕྱིར་སྙམ་མོ། །འཁོར་ལོ་དང་བསྲུང་སྐུད་ཀྱིས་ཀྱང་བསྲུང་བར་བཤད་པ་གཟའ་ཀླུར་བསྔགས་པའི་གསང་བདག་ལྟོ་འཁོར་ལྟ་བུས་བསྲུང་བ་དང་། སྔགས་མདུད་བསྒྲུབ་བྱར་འདོགས་པའི་དོན་དང་། དེའང་དབང་གི་སྲུང་བའི་དུས་སུ་བཏགས་པ་ལེགས་ཤིང་དུས་གཞན་དུའང་མ་བཀག །དབང་གཏོར་ལ་འཁོར་མི་དགོས་ཤིང་། མགྲོན་བཞིའི་དང་པོ་གསུམ་གཏོར་ཟླུམ་མཐེབ་ཀྱུ་ཅན་དང་། བཞི་པར་གཏོར་ཟླུམ་ཏིང་ལོ་དང་ཆངས་བུ་ཅན། མགྲོན་དང་པོ་གསུམ་གྱི་གཏོར་མ་བསྔོས་ནས་ཕྱིར་མ་ཕུལ་ཡང་ཆོག། ༢༣ བྱང་གླིང་གཏུམ་པོའི་འཁོར་རྣམས་ལ། གཏེར་གཞུང་དུ་མངོན་རྟོགས་གསལ་ཁ་མེད་པས། དྲེགས་འདུལ་ལྟར་ཁྲོ་བཅུ་ཐམས་ཅད་མཐིང་ག་རྡོར་དྲིལ་འཛིན་པ་ཕྱོགས་སྐྱོང་གི་གདན་ཅན། ཀླུ་བརྒྱད་ཤར་གྱི་གཉིས་དཀར་པོ་སོགས་རིགས་མཐུན་ལ་ཕྱག་མཚན་ནོར་བུ་དང་བདུད་རྩིའི་བུམ་པ། འདིའི་དབང་བསྐུར་ཕྱིན་གཏོར་དབང་བསྐུར་དགོས་པའི་ངེས་པ་མེད། བསྐུར་ན་བཀའ་བསྒོའི་ཚིག་སྔར་ལྟར། དུས་བཞི་དང་སྦྱར་ནས་བཟླ་བ་ནི། རྩ་བར། འོད་ཟེར་དཀར་སེར་དམར་ནག་པས༔ ཞི་རྒྱས་དབང་དྲག་གང་བསྒྲུབ་པའི༔ ཕྲིན་ལས་གང་ཡིན་འགྲུབ་པར་བསམ༔ ཞེས་པ་ལས་མེད་ཀྱང་། ལས་བཞི་གང་འདོད་ཀྱི་དུས་སམ། ཡང་ན་སྦྱིན་སྲེག་གི་སྐབས་སུ་བཤད་པ་ལྟར་ལས་གང་ལ་བསྔགས་པའི་དུས་དེ་དང་དེར་དམིགས་པ་ཁ་བསྒྱུར་ཏེ་བཟླ་བའོ། །དབུགས་ཆ་སྙོམས་ནས་ཧཱུྃ་བཟླ་ཚུལ་ནི། དབུགས་ཆ་སྙོམས་པས་ཧཱུྃ་ཆེན་དག༔ གསལ་ལ་རྟོག་མེད་ངང་དུ་བགྲང༔ ཞེས་པས། དབུགས་ཆ་སྙོམས་ཏེ་སྒྲ་མཐོ་དམན་དྲག་ཞན་མེད་པར་བཟླ་བའོ། །ཚ་གྲང་ཁམས་དང་སྦྱར་ཚུལ་ནི། འོད་ཟེར་ལྔ་ལྡན་ཧཱུྃ་དག་གི༔ བསིལ་དང་ཚ་བའི་ངད་ལྡན་པས༔ ཚ་གྲང་རྩིས་ལ་ལུས་ངག་བསྲུང༔ ཞེས་པས། རང་གི་ལུས་ཚ་གྲང་དང་བསྟུན་ནས་ཧཱུྃ་གི་འོད་ཟེར་བསིལ་བ་དང་ཚ་བའི་རེག་བྱའི་ངད་དང་ལྡན་པར་དམིགས། འཇིག་རྟེན་པའི་དཀར་གཏོར་གཏོར་ཟླུམ་སྤྱི་འགྲོ། གནང་བ་ནོད་པ་རྗེས་གནང་འདི་རིགས་ལ་དཀྱིལ་འཁོར་དུ་འཇུག་པའི་ཐ་སྙད་མེད་པས། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །ཞེས་སོགས་མ་གནང་ཡང་ཆོག་པས། སློབ་མར་དབང་བསྐུར་བར་གསོལ་བས་གནང་བ་ཐོབ་པར་མོས་པ་ཙམ་གྱིས་འཐུས།། ༢༤ ཕྱག་རྡོར་ཁང་བརྩེགས་ཀྱི་གདན་པད་ཉིའི་སྟེང་དུ་དབང་ཕྱུག་ཡབ་ཡུམ་རྣམ་པ་བདེ་མཆོག་གི་གདན་ལྟ་བུ། དར་སྔོན་གྱི་སྟོད་གཡོགས་བྲིས་ཆའི་རྒྱུན་ལས་འབྱུང་བའི་སྤྱི་འགྲེ། བཟླས་དམིགས་སྤྲོ་བསྡུ་བདག་དོན་སངས་རྒྱས་བྱང་སེམས་མཆོད་ཅིང་བྱིན་རླབས་བསྡུ་བ་དང་། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས་བསྡུ་བ་གཞན་དོན་ཕྲིན་ལས་ཀྱི་བཟླས་དམིགས། གཏོར་འབུལ་གྱི་ཕྲིན་གསོལ་འདི་རིགས་དམིགས་བསལ་མེད་པར། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་སྤྱི་ལྟར། བདག་མདུན་བུམ་གསུམ་གྱེར་ཚིག་གཅིག་གིས་སོ་སོར་སྒོམ་པའི་ལུགས་ལགས་ནའང་། དམིགས་པ་མི་བདེ་ན་མདུན་བུམ་མཉམ་སྒྲུབ་ནས་བུམ་བཟླས་དུས་ཛཔ྄་ཁང་ཕྱེ་ནའང་ཡོང་། འདིར་དབང་ལ་འབྲས་ཆོས་ལྔ་ལས་ཡོན་ཏན་གྱི་དབང་མ་བྱུང་ཡང་། ཕྲིན་ལས་ཀྱི་དབང་ནི་རྡོ་རྗེ་གསུམ་གྱི་སྒོ་ནས་འགྲོ་བ་སྒྲོལ་བའི་མཛད་པ་ཡིན་པས་སྦྱང་བྱའང་བྱ་བྱེད་ཀྱི་སྒྲིབ་པར་བཤད་ཅིང་། རྒྱལ་བའི་ཕྲིན་ལས་ཀྱི་དོན་གཉིས་མཐར་ཕྱིན་པའི་བྱེད་ལས་སྤངས་རྟོགས་ཀྱི་ཡོན་ཏན་ཤུགས་ལས་འབྱུང་བའི་ཕྱིར། ཡོན་ཏན་གྱི་དབང་ཕྲིན་ལས་ཀྱི་དབང་དུ་བསྡུས་པའོ།། ༢༥ ཉང་གཏེར་ཕག་མོ་ཞལ་གཉིས་མར་སིནྡྷུ་རའི་དཀྱིལ་འཁོར་ཡང་གཞིའི་དཀྱིལ་འཁོར་ལྟར་ཆོས་འབྱུང་ཉིས་བརྩེགས་དགོས། འདིའི་མཚོན་རྣལ་འབྱོར་མའི་བྱིན་རླབས་ཀྱི་སིནྡྷུ་རའི་དཀྱིལ་འཁོར་གྱི་སྔགས་རྣམས་ས་བོན་མཐར་གཡོན་སྐོར་དུ་བྲི་དགོས། རྣམ་རྒྱལ་བུམ་པ་རྩ་བའི་བྱིན་རླབས་ཀྱི་ཆོ་ག་རང་ལ་དམིགས་བསལ་མ་གསུངས་ཀྱང་། དཀྱིལ་ཆོག་ཏུ། རྣམ་རྒྱལ་བུམ་པ་དབུས་སུ་འོ༔ ཞེས་དང་། ཐོད་པ་ཚད་ལྡན་ཆང་གིས་བཀང༔ དེ་ནང་བདུད་རྩི་རིལ་བུ་བརྡར༔ མཉྫིའི་སྟེང་དུ་དབུས་སུ་བཞག༔ ཡང་ན་བུམ་པའི་སྟེང་དུ་འོ༔ ཞེས་གསུངས་པ་ལྟར་ན་བདུད་རྩིའི་ཐོད་པའི་འོག་ཏུ་བཀོད་ཀྱང་ཆོག །ལོགས་སུ་བཤམས་ན། བུམ་པ་མདུན་དུ་བཀོད་པའི་ཁར་སྐུ་འབག་འགོད་ཅིང་། མེ་ཏོག་དམར་པོ་བྱིན་རླབས་དུས་མཎྜལ་གྱི་ཁ་ནས་ཁབ་རྩེས་བླངས། ཞེས་འབྱུང་བས་དཀྱིལ་འཁོར་གྱི་དབུས་སུ་འཇོག །དབང་གཏོར་དང་མཆོད་གཏོར་སོ་སོར་འབྱོར་ཡང་ལེགས། རྩ་བའི་བླ་མ་ཧེ་རུ་ཀའི་རྣམ་པ་ནི། བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡབ་རྐྱང་ལྟ་བུ་ལ་སྐུ་མདོག་དམར་སེར་བྱེད། རྩ་ཞལ་ལྷ་མོའི་རྣམ་པ་འཛུམ་ཁྲོ་ཆགས་པའི་ཉམས་ཅན། ཞེས་པ། ཕོ་མོའི་ཁྱད་པར་མ་གཏོགས་ལྷ་ཆེན་འདྲ་བ། རུས་རྒྱན་གྱི་སྤྱི་བོའི་འཁོར་ལོ་ལྟེ་བ་ཟླུམ་པོའི་དབུས་ནས་སྐྲ་ཅོག་ཡོད་པ་རྣམས་འཐོན་ཞིང་། གང་ལྟར་ཡང་ཕྱོགས་མཚམས་སུ་རུས་ཕྲེང་བརྒྱུས་པའི་རྩིབས་བརྒྱད་ཀྱི་རྣམ་པ་ལས་རྒྱབ་མ་གསུམ་དོར་བའི་ལྷག་མ་ལྔ་སོ་སོའི་རྩིབས་རྩེ་རེའི་ཐད་དུ་དབུ་རྒྱན་གྱི་ཐོད་སྐམ་བཅིངས་པའོ། །རིགས་བདག་ནི། གཙོ་མོ་ལ་རྣམ་སྣང་སོགས་རིགས་ལྔའམ། ཡང་ན་རིགས་ལྔ་ཧེ་རུ་ཀའི་རྣམ་པ་ཅན་གྱིས་དབུ་རྒྱན། སྙིང་པོའི་སྔགས་ཚན་གསུམ་གཅིག་ཏུ་དྲིལ་ནས་བཟླ། ཡང་སྙིང་དང་། སྤྱིའི་བསྙེན་པའི་སྔགས་ཚན་ལྔ་སོ་སོར་བཟླ། གྲངས་ནི་འདིར་འབུམ་ཚོ་བདུན་རེ་གསུངས་པ་འབྲིང་ཚད་དེ། རྒྱས་པ་ལ་བྱེ་བ་རེ་དང་། བསྡུས་པ་ལ་འབུམ་ཚོ་རེར་གསུངས། ཡིད་བཟླས་ནི། ཐུགས་ཀའི་ས་བོན་སྔགས་ཕྲེང་གིས་བསྐོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཡིད་ཀྱིས་བཟླ་བའོ། །འགོག་བཟླས་ནི། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པས། སྐུ་འོད་ཀྱི་ཕུང་པོར་གྱུར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའོ། །སྤྲོ་བསྡུ་བྱེད་ལུགས་ནི། བསྙེན་སྒྲུབ་ལ་འོད་ཟེར་སྣ་ལྔ་འཕྲོ་བ་བཤད་པ་བཞིན། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྣ་ལྔ་འཕྲོས། འཕགས་པ་རྣམས་མཆོད་ཅིང་མཉེས་པར་བྱས། སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། རྣལ་འབྱོར་མའི་གོ་འཕང་ལ་བཀོད། སླར་འདུས་ཏེ་སྙིང་གའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་མོས་པའོ། །བདག་བསྐྱེད་བསྡུ་སྐབས་ཡེ་ཤེས་པ་ཕྱེ་ལ། ཞེས་པ་ནི། སྒྲུབ་ཐབས་རྩ་བར། ཡེ་ཤེས་སེམས་དཔའ་ཕྱིར་ཕྱུང་ལ༔ རང་བཞིན་གནས་སུ་གཤེགས༔ ཞེས་པ་ལྟར། གཤེགས་གསོལ་བྱེད། གསུམ་པ་བྱིན་རླབས་དབང་གི་ཆོ་གའི་དབང་བསྐུར་བདག་བསྐྱེད་དགོས་པའི་ཚིག་གསལ་མ་བྱུང་བ་ཆོ་ག་སྤྱིའི་འགྲོས་ལྟར། བདག་བསྐྱེད་སྔོན་དུ་གཏོང་བ་གཞིར་བཞག་ཏུ་མཛད། མདུན་བསྐྱེད་ཀྱི་བཟླས་དམིགས་ནི་བཤད་མ་ཐག་པའི་སྤྲོ་བསྡུ་ལྟར་རོ། །བུམ་བཟླས་ལའང་སྔགས་ཚང་མ་བཟླས་པ་ལེགས། གཏོར་མ་གཉིས་པ་ཆོས་སྐྱོང་ལ་འབུལ་བ་ནི། དུར་ཁྲོད་མ་མོར་འབུལ་བ་འགྲེ་ལ། འདི་ལ་གཙོ་རྐྱང་ཙམ་གྱི་དབང་ཐོབ་ཀྱང་དོན་ལ་ལྷ་ལྔ་དང་། ལྷ་དགུའི་དབང་ཐོབ་པར་འགྲོ་མོད། ཕྱག་བཞེས་སུ་རྒྱས་པ་ལྷ་དགུ་ལྟར་བསྐུར་བ་ཤས་ཆེ། དབང་གི་སྐྱབས་སེམས་ནི། བླ་མ་རྡོ་རྗེ་རྣལ་འབྱོར་མ༔ ཞེས་སོགས་སྒྲུབ་ཐབས་ཀྱི་དབུར་ཡོད་པའི་བསོད་ནམས་ཚོགས་གསག་ཉིད་ལེན་ཞིང་། འོག་ཏུ་ཁྲོས་ནག་གི་སྐབས་སུ་སྡོམ་པ་གཟུང་བའང་འདི་ཀས་འགྲུབ་པར་གསུངས་པས་གཞན་མ་བླང་མ་དགོས་ཀྱང་། རྒྱས་པར་སྤྲོ་ན། འདི་ཁའི་དཀྱིལ་ཆོག་ཏུ་འབྱུང་བ་ལྟར། རྡོ་རྗེ་སློབ་དཔོན་མི་སྤང་ཞིང༔ ཞེས་སོགས་ཀྱིས་དམ་ཚིག་དབོག་ནས། བླ་མས་ཇི་སྐད་གསུངས་པ་ཡི༔ ཞེས་སོགས་ཀྱིས་ཁས་བླང་པ་འོ། །སྐུ་འབག་མགྲིན་པར་འཇོག་དུས་མིང་རྡོ་རྗེ་མཁའ་འགྲོ་མ་སོགས་མེ་ཏོག་གང་བབས་ཀྱི་རིགས་དང་མཐུན་པར་འདོགས། བླ་མའི་མན་ངག་དང་ཞེས་པ་ནི། གསེར་སྒྲུབ་རྩ་འགྲེལ་སོགས་གྲུབ་ཐོབ་ཀྱི་གཞུང་དང་རྗེས་སུ་འབྲེལ་བར་བསྐྱེད་རྫོགས་ཀྱི་དོན་རྣམས་བླ་མས་འདོམས་པར་མཛད་པ་ལས་སྙན་བརྒྱུད་ཟུར་པ་གཞན་མ་དགོས།། ༢༦ དོན་འགྲུབ་མའི་དམ་རྫས་ཅེ་སྤྱང་གི་ཤ་ཞེས་པའི་ཅེ་སྤྱང་ནི་སྤྱང་ཀི་དང་མི་གཅིག །གཏོར་མ་བྱིན་གྱིས་བརླབས་ནས་མཁའ་འགྲོ་མ་རྣམས་ལ་འབུལ། ཞེས་པ། ཀ་པཱ་ལར་མཁའ་འགྲོའི་གཏོར་མ་དབྱིབས་སྤྱི་འགྲོ་ཤ་ཆེན་གྱིས་བརྒྱན་པ་བཤམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བརླབས། ཧཱུྃ་འོད་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་ལ་གཏོར་སྔགས་ཀྱིས་གཏོར་མ་ཕུལ། ལས་ཀྱི་མཁའ་འགྲོ་མ་རྣམས་ཤ་ཆེན་དུད་པས་མཉེས་པར་བྱ་བའོ། །འོག་གི་པདྨ་དང་སྟེང་གི་འཁོར་ལོ་ཁ་སྦྱོར་གྱི་བར་དུ་སྲུང་འཁོར་གྱི་ཆོས་འབྱུང་། དེའི་ནང་དུ་རང་ལུས་ཆོས་འབྱུང་དུ་གྱུར་པ་ནི་གཞལ་ཡས་ཁང་། མེ་འབར་བ་ནི་ཆོས་འབྱུང་ཕྱི་ནང་གི་བར་དུ་སྟེ། གཞུང་ལས། ཆོས་འབྱུང་ཆེན་པོ་དང་ཆུང་ངུ་གཉིས་ཀྱི་བར་དུ་མེ་དཔུང་འབར་བ་ཞིག་བསྒོམ༔ ཞེས་གསུངས་པའི་ཕྱིར། སྙིང་གའི་ས་བོན་ཡིག་འབྲུ་བཞི་འོད་ཟེར་དང་འདྲ་བའི་ཁ་དོག་སོ་སོའམ་དམར་པོར་གནང་ཡང་འགལ་བ་མེད་འདྲ་ཞིང་། ཡི་གེ་བཞི་ལས་འཕྲོས་པའི་འོད་ཟེར་ཨཱོྃ་ལས་དཀར་པོ། ཧཱུྃ་ལས་སྔོན་པོ། ཧྲཱིཿལས་སེར་པོ། ཧཱ་ལས་ལྗང་གུ་འཕྲོ་བ་དེ་ཕྱི་ལྟར་ཚད་མེད་བཞིར་བཟླ་བའི་སྐབས་ཀྱི་གཞུང་ལས་བཤད། དབང་སྒྲུབ་ཙམ་ལ་སྒྲུབ་པ་དང་སྒྲུབ་ཆེན་བཟླས་པ་མ་གནང་ཡང་ཆོག །དེ་བཞིན་དུ་སྒྲུབ་ཆེན་གྱི་དུས་ཀྱི་ཁྱད་པར་གྱི་མཆོད་པ་ཤ་ཆེན་གྱི་མེ་ཏོག་སོགས་ཀྱང་མི་དགོས། དབང་གི་གསོལ་གདབ་དང་སྐྱབས་སེམས་ཞལ་གཉིས་མ་ལྟར། སྤྱི་བོའི་བླ་མ་ཧེ་རུ་ཀའི་རྣམ་པའང་སྔར་བཞིན། གཡུང་དྲུང་ལག་གཡས་སྐོར་ལ་ཧཱུྃ་གསུམ་བསྒོམ་ལུགས་ནི་གཡུང་དྲུང་གི་སྟེང་དུ་ཧཱུྃ་གསུམ་སྒྲིག །ཁྱད་པར་གྱི་སྤོས་ཀྱི་བདུག་རྒྱུའི་བྲིས་སྐུ་ནི་ཙཀླི་ཙམ་ལ་བརྟེན་ཀྱང་འོང་། རྗེས་མཎྜལ་སོགས་སྤྱི་འགྲོ་གནང་ཡང་མི་འགལ།། ༢༧ དབུ་བཅད་མའི་གཏོར་མ་ཁྲོས་ནག་སོགས་མཁའ་འགྲོ་སྤྱི་ལྟར་གྱི་དབྱིབས་ཅན་སུམ་སྒྲིག །གསང་བའི་མཆོད་ཚིག་ཨ་ནུ་རཱ་གའི་སྔགས་སྤྱི་འགྲོ། ཉི་ཟླ་ཁ་སྦྱོར་ཧྲཱིཿབཅས་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བསྐྱེད། ལྷ་གསུམ་སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལ་སེམས་གཏོད་དགོས་པས་སྔགས་ཚན་གསུམ་ཕྲལ་ཏེ་སོ་སོར་བཟླས་པ་བདེ། རྡོར་བཟླས་ནི་འབྲུ་གསུམ་འབྱིན་འཇུག་གནས་པའི་གདངས་ལ་སྦྱོར་ཞིང་། འགོག་བཟླས་སྔར་དང་འདྲ། བཟླས་རྗེས་བསྟོད་པ་དང་འདོད་གསོལ། ཧཱུྃ༔ དུར་ཁྲོད་རྒྱན་གྱིས་སོགས་རྒྱས་པར་འབྱུང་ཡང་། འདིར། སྐྱོན་བྲལ་གྲུ་གསུམ་ཕོ་བྲང་ན། །སོགས་ཤློ་ཀ་གཅིག་པོའི་མཇུག་ཏུ། མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །གསོལ་བ་འདེབས་ཀྱིས་བདག་ལ་སྩོལ། །ཅེས་འདོགས་པ་ཙམ་གྱིས་སོ།། ༢༨ ཁྲོས་ནག་གི་བཤམ་ལ་གཏོར་མ་གསུམ་བྱུང་བ་རྣམས་ཐམས་ཅད་མཁའ་འགྲོའི་དཔལ་གཏོར་ཡིན་པས་དབྱིབས་འདྲ་ཞིང་། འཁོར་མཆོད་གཏོར་རང་འདྲ་བཞི་དང་སྐྱུ་གུ་བརྒྱད། འཁོར་གྱི་མཁའ་འགྲོ་རྣམས་ཀྱི་འབུལ་གཏོར་དང་། སྔོན་གཏོར་གཉིས་ཀ་ལ་མཐེབ་སྐྱུ་བརྒྱད་རེ། འཁོར་གྱི་འབུལ་གཏོར་ཡང་ཕྱིར་འབུལ་སྲོལ་འདུག །མཁའ་འགྲོ་བརྒྱད་ཀྱི་མཚམས་ཀྱི་ལྷ་རྣམས་ཀྱི་སྐུ་མདོག་ཕྱོགས་གཉིས་འདྲེས་པའི་སྐུ་ཡོངས་རྫོགས་ཕྱེད་མ། སྔགས་ཀྱི་བྷ་ར་ཧེ་ཞེས་པ་སྤྱི་དང་བསྟུན་ན་ཧི་ཐོབ་ཀྱང་། སྒྲུབ་ཐབས་ཀྱི་འགྲེལ་པ་སྙིང་གི་མེ་ལོང་དུ། ཧ་ཡི་དོན་ནི་དགྱེས་པ་སྟེ༔ དགྱེས་པའི་གད་མོ་ཆེར་བསྒྲགས་པས༔ རབ་ཏུ་དགྱེས་ཞེས་བྱ་བར་གྲགས༔ ཞེས་པས། ཧེ་དགྱེས་པའི་དོན་ལ་བསམ་པ་ལགས། ཡིད་བཟླས་ལ་བུམ་ཅན་དང་སྦྱར་མ་སྦྱར་གཉིས་ཀ་བཞེད། འདིར་བདག་འཇུག་ལ་ཚིག་གིས་སྤྲོས་པ་དོར་ནས་ཏིང་འཛིན་ཙམ་གྱིས་ལེན་པ་རུང་བར་གསུངས་ལ། རིག་པའི་མེ་ཏོག་དོར་བས་ཀྱང་དགོས་པ་འགྲུབ། མཁའ་སྤྱོད་བདེ་ལམ་དུ་བདག་བསྐྱེད་གཙོ་རྐྱང་དུ་བྱེད་པ། ཕག་མོ་རྩ་སྒྲུབ་དོན་རྒྱུད་རྩ་འགྲེལ་གྱི་དགོངས་པ་ལྟར་དབང་ཁྲིད་གཉིས་ཀའི་རྒྱུན་བཞུགས་པ་བཅས། དེ་དང་མཐུན་པར་བསྙེན་པ་བྱེད་པ་ལ་མཁོ་ཞིང་ཟབ་པའི་དབང་དུ་བྱས་ཤིང་། མདུན་བསྐྱེད་འཁོར་ཅན་དུ་བྱེད་པ་ཐུགས་སྒྲུབ་ཀྱི་དབང་དང་། རྗེས་འབྲེལ་ཕག་ལྔའི་རྗེས་གནང་ཡང་སྦྱོར་བའི་ཕྱག་བཞེས་དང་བསྟུན་པའི་གནད་ཀྱིས་ཡིན་ལ། འདོད་འཇོར་དབང་སྒྲུབ་གཙོ་བས་འཁོར་ཅན་ཉིད་དུ་མཛད་པ་ལགས།། ༢༩ འཇམ་དཀར་གྱི་ཟུར་ཕུད་ལྔ་ནི། རལ་པ་འཆིང་ཚུལ་འབུར་ལྔ་པ་སྟེ། སྐྲ་ཅོག་གི་དབྱིབས་ལྟ་བུ།། ༣༠ སྨྲ་སེང་གི་དཀྱིལ་འཁོར་འདབ་བརྒྱད་ནི། སྣ་ཚོགས་པདྨ་ལྟེ་བ་དམར་སེར། ཡུམ་གྱི་ཐུགས་ཀའི་པད་འདབ་དཀར་པོ་སོ་སོའི་ས་བོན་ལ་སྔགས་ཕྲེང་བསྐོར་རྒྱུ་ཡབ་ཡུམ་སྔགས་སོ་སོར་མེད་པས་གཅིག་ལས་འོས་མ་མཆིས། སྤོག་ཆོག་དུས་ཡུམ་གྱི་ཧྲཱིཿལས་འོད་ཟེར་མེ་ལྟ་བུ་ཤངས་བུག་གཡས་ནས་ཐོན་པ་ཡབ་ཀྱི་གཡོན་ནས་ཞུགས་ཏེ་ཐུགས་ཀའི་དྷཱིཿལ་ཐིམ་པས་གཟིར་བའི་དམིགས་གནད་སྦྱོར། དཔའ་བོ་རིལ་བུའི་རྫས་ཀྱི་སྤང་རྒྱན་དཀར་པོ། མཚལ་དཀར། ཞེས་པ་ཚ་ལ་མིན། པྲ་རྩི་དང་ཀ་པི་སོགས་ཀྱི་སྐམ་རྫས་སུ་བྱེད་པ་དེ་ཡིན། ཙན་དན་ཡང་དཀར་པོ་ཡིན་ནམ་སྙམས་ཏེ། འདིའི་སྒྲུབ་སྐོར་དམ་པའི་ཡིག་རྙིང་ཞིག་སྔར་ལག་ཏུ་ཡོད་ཀྱང་ཕྱིས་ཟག་ནས་མ་བྱུང་བས་དཔེ་རྒྱུན་དེ་ཕྱོགས་སུ་འབྱོར་ཤས་ཆེ་བས་དཔྱད་པར་ཞུ། དབང་སྒྲུབ་སྐབས་བདག་བསྐྱེད་སྔོན་དུ་འགྲོ་བས་མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་གཙོ་བོའི་གནས་དང་། ཞེས་པ་ནས། གཉིས་ཀ་ལ་མི་བསྐྱོད་པས་དབུ་བརྒྱན། ཞེས་པའི་བར་བདག་བསྐྱེད་བཞིན་ལས། ཁྱད་པར། མདུན་དུ་འཕགས་མ་དབྱངས་ཅན་མ། ཞེས་པའི་ཚབ་ཏུ། མདུན་དུ་རིལ་བུ་ཧྲཱིཿལས་འཕགས་མ་དབྱངས་ཅན་མ་སྐུ་མདོག་སྔོན་མོ་ཞེས་པས་བརྗེ་བ་མ་གཏོགས་གཞན་འདྲ། གཏོར་འབུལ་གྱི་འདོད་གསོལ་འོག་ཏུ་དབྱངས་ཅན་མར་འབྱུང་བ་ལྟར་སྦྱར་བས་ཆོག །རིལ་བུ་སྟེར་སྐབས་སློབ་དཔོན་དང་མདུན་སྐྱེད་ཀྱི་གནས་ལྔ་ལྔ་ནས་དབྱངས་ཅན་མ་ལས་མཐུན་པའི་སྐུ་མདོག་ཅན་སྤྲོ་བ་མ་གཏོགས་སྤྲོ་གཞི་སློབ་དཔོན་དང་མདུན་བསྐྱེད་ཀྱི་དམིགས་པ་སོ་སོར་འཕོ་མི་དགོས། བཟླས་ལུང་གི་དམིགས་པ་སྤྱི་འགྲོ་ཡིན་པས་དཔོན་སློབ་གཉིས་སྔགས་ཕྲེང་སྤྲོ་བསྟིམ་བྱེད་པ་ལས་མེད། སྐུའི་རྗེས་གནང་སོགས་ལ་ཚིག་བཅད་དང་བཅས་པས་དབང་རྫས་གཏོད་པ་སོགས་རྒྱས་པའི་ལག་ལེན་ཙམ་སྟེ་འདི་ཙམ་ཐོབ་པས་དེ་རྣམས་ཐོབ་པར་འགྲོ།། ༣༡ དབྱངས་ཅན་མའི་བཞི་མཉམ་གྱི་རྫས་ཀྱི་ཙན་དན་ཡང་དཀར་པོ། དཀྱིལ་འཁོར་གྱི་རི་མོ་དཀར་གསུམ་སྦྲང་རྩི་བཞི་མཉམ་རྣམས་སྦྱར་བས་བྲིས་པའི་སྟེང་འབྲས་ཕྱེས་ས་འཐབ་རྒྱག་རྒྱག་བྱས་པས་པདྨ་ཡིག་འབྲུ་དང་བཅས་པའི་རི་མོ་གསལ་པོ་འོང་བ་བྱ་བ་ལས། འཁོར་ལོའི་རྣམ་པ་གཞན་མི་དགོས། སྐྲའི་ཟར་བུ་ཞེས་པ་ཉག་མ་འཕྱང་བའི་དོན། དབང་གཞུ་ལྟར་བཀྲ་བའི་སྨད་དཀྲིས། ཞེས་པ། ཁ་དོག་སྣ་ལྔ་བསྒྲིགས་པ་སྟེ་དོན་ལ་ཚིག་གུ་དང་གཅིག །རང་གི་སྙིང་ཆུང་ཤིང་ཟེར་བ་ཡིག་ནོར་ཏེ། ཆུ་ཤིང་ཡིན། དབྱངས་ཅན་མའི་འཁོར་ལོ་འོད་ཟེར་འབར་བ། ཞེས་པའི་འོད་ཟེར་ཡང་དཀར་པོ་ཡིན། ཧྲཱིཿཥྚི་ལ་ཧྲཱིའི་ས་ཊི་ཞེས་པ་ལྟ་བུར་འདོན། བཟླས་དམིགས་ཀྱི་འཁོར་ལོའི་དབུས་ཀྱི་ཧྲཱིཾཿལས་ཧྲཱིཿགཅིག་མཆེད་པ་ལས་ཧྲཱིཾཿགི་ཕྲེང་བ་མི་དགོས། བདག་ཉིད་གང་འདོད་པའི་ཡུལ་ཞེས་པ། གང་འདོད་ཀྱི་ཤེས་རབ་དང་སྤོབས་པ་དྲན་པ་སོགས་ཡིན། མདུན་བསྐྱེད་ཀྱི་སྲུང་འཁོར་རྡོ་རྗེའི་རྭ་གུར་སྤྱི་དང་འདྲ། མདུན་བསྐྱེད་ཐོག་མར་དབྱངས་ཅན་མའི་འཁོར་ལོ་བསྒོམ་པ་ལ་ཡེ་ཤེས་པའང་དབྱངས་ཅན་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས་ནས་བསྟིམ་ཞིང་། ཨཱ་ལི་བཟླས་རྗེས་འཁོར་ལོ་དེ་ཉིད་གཞལ་ཡས་ཁང་དང་བཅས་པའི་ལྷ་མོའི་སྐུར་གྱུར། ཞེས་བརྗོད་དུས་དམིགས་ཡུལ་དུ། གནས་ཁང་ལྷ་དང་དྲང་སྲོང་དྲི་ཟ་གྲུབ་པའི་ཚོགས་ཀྱིས་བརྟེན་པ་སོགས་ཕོ་བྲང་དབྱངས་ཅན་མའི་སྐུ་ཡོངས་རྫོགས་ཀྱི་རྣམ་པར་གནས་གྱུར་པའི་དོན་ཡིན། གསུང་གི་རྗེས་གནང་སྐབས་སློབ་དཔོན་གྱི་མགྲིན་པར་དབྱངས་ཅན་གྱི་འཁོར་ལོ་གནས་པ་ལས་སྤྲོ་བ་ལགས།། ༣༢ སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་དཀྱིལ་འཁོར་འདབ་བརྒྱད་སྣ་ཚོགས་པདྨ་སྤྱི་འགྲོ། བུམ་རྫས་རྡོ་རྗེ་ཕ་ལམ་ནི་ཤེལ་འདྲ་བའི་རིན་པོ་ཆེ་ལྕགས་སོགས་སྲ་བ་ཐམས་ཅད་གཅོད་ནུས་ཤིང་མུན་ཁྲོད་འོད་ཡོད་པ་ཞིག་ཡོང་། མེ་ཏོག་སྔོན་པོར་དམིགས་བསལ་མ་གསུངས་ཀྱང་དུག་རིགས་མིན་པ། མགུལ་དཀྲིས་སྲོག་གསུམ་པ་ནི་རིགས་མཐུན་གྱི་སྐུད་པས་མགྲིན་པ་དཀྲིས་པ་ལ་ཁ་ཚར་མ་ཉམས་པའི་རས་ཀྱི་འགུག་བླངས་པའི་དར་འགུགས་གསུམ་པ། རྨ་བྱའི་སྒྲོ་བདུན་ནི་རྒྱུ་དུག་ལྔ་ལས་འབྲས་བུ་ནད་གདོན་དུ་སྨིན་པའམ་ཡང་ན་འབྱུང་བ་བཞི་དང་ཆགས་སྡང་རྨོངས་གསུམ་གྱི་དུག་སྦྱོང་བའི་རྟེན་འབྲེལ་ཨེ་ཡིན་སྙམ། ལྷ་བསྐྱེད་སྐབས་རྡོ་རྗེའི་གདན་ནི་རྒྱ་གྲམ་གྱི་རྣམ་པ། ཡི་གེའི་ལྷ་ནི་སྟོང་པའི་ལྷ་དེའི་ངང་ལ་ཟླ་དཀྱིལ་ཉ་གང་བ་ལ་གནས་པའི་ཧཱུྃ་སྔོན་པོ་ལ་གཟུངས་སྔགས་ཀྱི་ཡི་གེ་རྣམས་ཀྱིས་བསྐོར་བའི་རྣམ་པ་སྒོམ་པའོ། །གཡོན་བརྐྱང་ནི་བཞེངས་པའི་དོར་སྟབས། རྒྱ་གྲམ་ཕྱོགས་གསུམ་པའི་བརྡ་མ་ངེས་ཀྱང་བྲིས་ཆ་རྙིང་མ་རྣམས་སུ་རྡོ་རྗེ་རྩེ་གསུམ་པའི་རྒྱ་གྲམ་རང་བྲིས་པ་འོང་། སེམས་དཔའི་སྐྱིལ་ཀྲུང་ནི་གཡོན་པའི་ལོང་བུ་གཡས་པའི་ལོང་བུས་མནན་པ་སྟེ། རྒྱལ་པོ་རོལ་པའི་འདུག་སྟངས་ནི་སྐྱིལ་ཀྲུང་ལས་ཞབས་གཡས་གཡོན་གང་རིགས་ཅུང་ཟད་བརྐྱང་བ་ཡིན། དེས་ན་སྐབས་འདིར་སེམས་སྐྱིལ་སྤྱི་འགྲོ་ཡིན་པས་མི་གཅིག །སྒྱུ་འཕྲུལ་བ་རྣམས་རོལ་སྟབས་འདི་ལ་སེམས་སྐྱིལ་ཞེས་གྲགས་ཏེ་ལུགས་ཐ་དད་པ་ལགས། འཁོར་གྱི་ཁྲོ་བོ་རྣམས་གཡོན་བརྐྱང་པའི་བཞེངས་པའི་དོར་སྟབས། རྩ་བའི་རྒྱ་རྡོ་རྗེ་རྩེ་ལྔ་པ་ནི་རྡོར་བསྡམས་ལས་གུང་མོ་མཐེ་བོང་མཐེའུ་ཆུང་རྣམས་གཤིབས་ཏེ་སྒྲེང་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སོ་སོར་སྒྲེང་བའོ། །གཏོར་འབུལ་གྱི་འདོད་དོན་གསོལ་བ་མཆོད་སྦྱིན་གཏོར་མ་སོགས་སྤྱི་འགྲོ། ཕྱི་ནང་གི་གཙང་སྦྲ་ནི་ཕྱི་ཁྲུས་གསུམ་བྱ་བ་སོགས་དང་ནང་སེམས་ཉོན་མོངས་པའི་རྟོག་པ་མེད་པས་གཙང་བའོ། །བདུད་རྩི་ཐབ་སྦྱོར་གྱི་སྔགས་ནི། ན་མོ་རཏྣ་ཏྲ་ཡ་ཡཱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀཏེ་ཧཱུྃ་ཧཱུྃ་ཕཊ། ཅེས་པའོ། །སྡིག་སྦྱོང་སྐབས་ཏིལ་མེར་དོར་བའི་ཐལ་བ་ཆུར་སྦྱང་བ་མ་གཏོགས་ཏིལ་རང་ཆུར་དོར་མི་དགོས། རྡོ་རྗེ་གོ་ཆའི་རྒྱ་ཐལ་མོ་བཀན་པ་ལས་མཐེའུ་ཆུང་གཉིས་བཀུག་པའི་ཁར་མཐེ་བོང་གཉིས་སྦྱར་བས་བསྣན། གུང་མོ་གཉིས་གཤིབས་ཏེ་སྒྲེང་བའི་རྒྱབ་ཏུ་མཛུབ་མོ་གཉིས་བཀྱེད་དེ་བརྐྱང་བ་ཡིན་མོད། ད་ལྟ་སྤྱི་ལྟར་ཁུ་ཚུར་གཉིས་མདུད་པས་བྱེད་པ་མང་། འཁོར་ལོ་དང་སྔགས་མདུད་ཀྱིས་བསྲུང་བ་སོགས་རྒྱས་པའི་ལུགས་ཏེ་ད་ལྟ་ཕྱག་བཞེས་སུ་མི་མཛད། འདིའི་ཁྲུས་ཆོག་བྱེད་པར་རྗེས་གནང་ཐོབ་དགོས་གཤིས། དེ་དང་འབྲེལ་བར་བཀྲུ་བྱབ་བསྲུང་གསུམ་འབྱུང་བས་ཐོབ་པར་གཞིར་བཅས་དང་། ཡང་རྗེས་གནང་དང་འབྲེལ་བར་ཁྲུས་ཆོག་མ་ཐོབ་ཀྱང་གཞན་ལ་བྱེད་པར་མི་འགལ། རྗེས་གནང་སྐབས་སངས་རྒྱས་གསང་བའི་སྡོམ་ཚིག་སྐབས། སློབ་མ་ནུབ་ནས་ཞུགས་པ་དང་། ཞེས་འདོན་པ་ནི། བྱ་རྒྱུད་ཀྱི་ལུགས་དཀྱིལ་འཁོར་གྱི་ལྷ་ཞལ་ནུབ་གཟིགས་ཡིན་པའི་དབང་དུ་བྱས་པར་སྣང་། གང་སེར་མ་ནི། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཅེས་སོགས་ཀྱི་བཀྲ་ཤིས་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་རྟག་བརྟན་གཟུངས་འདུས་པར་མའི་ཀ་ཐོ་ཕུ་པའི་ཤོག་གྲངས་བཞི་པ་ལ་འདུག་པར་གཟིགས་པས་ཁྱབ། བཟླས་ལུང་སྐབས་གཟུངས་ཀྱི་ཝཾ་དང་གུར་གུམ་གྱིས་བྲི་བ་འབྱོར་མ་འབྱོར་གང་ལྟར་ཡང་གཟུངས་མཉམ་ཀློག་གི་ཕྱག་བཞེས་ངེས་པར་མཛད། བཀྲ་ཤིས་རྫས་བརྒྱད་ཡུངས་དཀར་ཐོག་མར་སྨྲོས་པས་ཐམས་ཅད་མས་ཟློག་ཏུ་འདོན་པའི་ངེས་པ་ཅི་ལ་ཡོད།། ༣༣ བ་རི་ལུགས་ཀྱི་རྣམ་འཇོམས་ལའང་། ཤེལ་སོགས་བུམ་རྫས་ཁྱད་པར་བ་རྣམས་དགོས། རྣམ་འཇོམས་མཐིང་གའི་ཕྱག་གཡས་གསེར་རྡོར་རྩེ་ལྔ། ཞབས་གཡོན་བརྐྱང་བའི་དོར་སྟབས། སྤྲུལ་པའི་ཁྲོ་བཅུ་ལ་མངོན་རྟོགས་དམིགས་བསལ་མ་བྱུང་བས་ཤར་དང་ཤར་ལྷོ་རྡོ་རྗེའི་རིགས་སོགས་རིགས་ལྔའི་ཁ་དོག་དང་ཕྱག་མཚན་སྦྱར་ཡང་མི་འགལ་བ་འདྲ། དངོས་གྲུབ་གསོལ་ཚིག་ནི། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པ་ལྟ་བུ་གནང་བས་ཁྱབ། སྔགས་ཕྲེང་འོད་ཟེར་བཅས་པ་སྔོན་པོ་གནང་བས་ཆོག །བ་རི་ལུགས་ལྗང་སྔོན་དང་མཐིང་ག་གཉིས་རྗེས་གནང་གི་བྱ་བ་གཅིག་གི་འཐུས།། ༣༤ ལོཀྟྲིའི་སྐབས། རང་ལུས་ཐ་མལ་གྱི་སྟོང་རའི་དབུས་སུ་དྷཱུ་ཏི་ཆོས་བཞི་ལྡན་དཀར་ལ་དམར་བའི་མདངས་ཅན་དེ་ནང་སྙིང་ཐད་ཀྱི་པདྨ་འདབ་བཞིའང་དཀར་པོ། ཁྲོ་བོའི་སྐབས་སྙིང་གའི་གསང་བདག་སྔོན་པོ་ཕྱག་མཚན་རྡོ་རྗེ། ལྕེའི་རྩར་ཟླ་དཀྱིལ་ཨཱཿས་མཚན་པ། ལྕེ་དེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཉལ་སྟབས་ཁོང་གསེང་ཅན་དུ་བསྒོམ་པའི་ལྟེ་བར་ཧཱུྃ་མཐིང་། མདུན་ཕྱོགས་ཀྱི་རྭ་དགུའི་རྩེར་ཕཊ་དམར་པོ་མཆོང་བཅག་པ་འདྲ་བ་དགུ་ལས་མེའི་ཚྭ་ཚྭ་འཕྲོ་བས་གནོད་བྱེད་རྣམས་སྲེག་པ། མཆོད་པ་འདི་དབང་པོ་ལྔའི་ཡུལ་དུ་མཆོད་རྫས་ཕུལ་བ་ཡིན་པས་མེ་ཏོག་མི་འབྱུང་བ་སྤྱན་གྱི་ཡུལ་དུ་མར་མེ་ཕུལ་བས་མ་དགོས། བསྟོད་པའི་སྐབས། སྐུ་མདོག་སྔོ་སྐྱ་ཀེང་རུས་གཟུགས༔ ཞེས་པ་སྐེམ་ཞིང་རིད་པའི་དོན་དང་། བསྟོད་པར། ཕྱག་མཚན་རྡོ་རྗེ་བྱུང་ཡང་། ལྷ་བསྐྱེད་སྐབས་མི་འབྱུང་བ། གང་འདུལ་གྱི་ཕྱག་མཚན་མ་ངེས་པ་སྟོན་བྱེད་དེ་མི་འགལ། བཟླས་པའི་འོད་ཟེར་སྤྲོ་གཞི་ལྗགས་ཀྱི་རྡོ་རྗེའི་ལྟེ་བའི་ཧཱུྃ་ཡིན་ཞིང་། དེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སྡེ་བརྒྱད་ཀྱི་སྲོག་ཡིག་རྣམས་དྲངས་ཏེ་རྡོ་རྗེའི་གདན་དུ་བཞེས། སྡེ་བརྒྱད་རྣམས་ཀྱི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་སྟེ་འགུལ་མི་ཤེས་པར་མནན་པ་དེ་ལ་སྙེགས། ཐུན་སྔགས་ནི། ཨཱོྃ་ལོཀྟྲི་པཱ་ལ་ནན་རྦད་ཐུམསཿ འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད༔ ཅེས་སོགས་འགྲེ། སྤུ་གྲིའི་དྲག་སྔགས་རིང་མོ་ནི། ཨཱོྃ་ལོཀྟྲི་པཱ་ལ་ནན་རྦད་ཐུམས༔ ས་ག་པཱ་ཤ་ནན་རྦད་ལིང་སོགས་ཏེ་འདིས་མ་ཐུལ་ན་སྔགས་སྔ་མ་འདོགས་པ་སོགས་སྐབས་ཕྱེད་དགོས་པའི་དོན་ཏེ། འདི་དག་དབང་སྒྲུབ་ཀྱི་དུས་མ་བཟླས་ཀྱང་ཆོག་པས། ལས་ལ་སྦྱོར་ཚེ་གནས་སྐབས་མཁྱེན་དགོས་པ་སོགས་ཟིན་ཐུན་གྱིས་མི་མཚོན་པས་གཞུང་ལེ་ལག་དང་བཅས་པའི་ཡི་གེ་ལ་གཟིགས་པས་མཐའ་རྒྱ་གཅོད་དགོས་པ་ལགས། གཏོར་མའི་རྒྱུ་ཆན་ཞེས་པ་འབྲས་ཆན་ལ་སོགས་པའོ། །གཏོར་མ་ནི་ཁྱད་པར་གྱི་རྒྱུ་ལས་དབང་གཏོར་དྲང་སྲོང་ཞི་བའི་སྐུ་རྟེན་བཙུག་པ་དང་། ཡི་དམ་དང་དྲང་སྲོང་གི་མཆོད་གཏོར་གཉིས་བཅས་གསུམ་ཀ་གཏོར་ཅོག་དཀར་པོ་དང་། སྣོད་གཅིག་ཏུ་སྡེ་བརྒྱད་ལ་ཆངས་བུ་བརྒྱད། ཚངས་སྐུད་ནི་བྲམ་ཟེ་རྣམས་ཀྱི་བརྟུལ་ཞུགས་རྟག་ཏུ་ལུས་ལ་འཆང་བ་ཡིན་ལ། སྔར་བླ་མར་གྱུར་པའི་བྲམ་ཟེའི་རྟགས་དེ་བཅད་པའི་རྣམ་སྨིན་གྱི་ལས་ཀྱི་རྒྱུ་བ་བཤད་པ་ལགས། གསལ་ཞིང་བརྟན་པར་བྱེད་པའི་སྐབས་ཀྱི་དམོད་མོ་ལའང་ཐལ་རྡེབ་མཛད། གཏོར་དབང་གི་བཀའ་བསྒོ་སྔར་རྟ་མགྲིན་གསང་སྒྲུབ་ལ་བཀོད་པ་ལྟ་བུས་རིགས་འགྲེ། དྲག་སྔགས་བཟླ་དུས་ཀྱི་དམིགས་པའི་གནད་སྤྱི་ཙམ་ནི། ལྕེ་རྡོ་རྗེའི་ལྟེ་བའི་ཧཱུྃ་གི་འོད་ཟེར་གྱིས་རྭ་རྩེའི་ཕཊ་རྣམས་བསྐུལ་བས། ཕཊ་དགུ་ལས་མེའི་ཚྭ་ཚྭ་གནམ་ལྕགས་ཀྱི་རྡོ་རྗེ་འབར་བའི་གསེར་གཞོབ་ལྟ་བུ་འཕྲོས་པས། མདུན་དུ་རྒྱ་གྲམ་གྱིས་མནན་པའི་གནོད་བྱེད་གང་ཡིན་དེ་ལ་ཕོག་པས་ཚེག་སྒྲ་དང་བཅས་ཏེ་རྩ་སྦུར་མེས་བསྲེགས་པ་བཞིན་དུ་རྡུལ་དུ་བརླགས་པར་མོས་ཤིང་། དམོད་མོའི་ཐལ་རྡེབ་ཀྱི་དམིགས་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེར་གསལ་བའི་ཕྱག་ཐ་མ་གཉིས་རྡོ་རྗེའི་བྲག་རི་ལྟ་བུར་གྱུར་པའི་མཐིལ་གཉིས་ཉི་ཟླ། སོར་མོ་རྣམས་ལྕགས་སྡིག་མགོ་དགུ་པར་བསམས་ནས་ཐལ་མོ་བརྡབ་པས་གནོད་བྱེད་རྣམས་བར་དུ་བཅར་ཏེ་ཤ་ཆོམ་ཁྲག་ཆོམ་དུ་སོང་བ་སྡིག་པ་རྣམས་ཀྱིས་ཟོས་པར་བསམ་པའོ།། ༣༥ ནཱ་ག་རཀྴར་འབྲུ་ནག་གི་ཚོམ་བུ་བབས་འབྲེལ་ཡང་རྒྱུན་དུ་འབྲུ་དཀར་པོ་རང་གིས་མཛད། དྲག་གཏོར་གྱི་ལུགས་བྱེད་ན། དབྱིབས་གྲུ་གསུམ་སྤྱི་འགྲོ་དམར་པོ་ལྟོ་ནག་ཅན་ཁྱད་པར་གྱི་རྫས་ཀྱིས་བརྒྱན་པ། དཀར་གཏོར་ཆ་ལྔའི་དང་པོ་གསུམ་གཏོར་ཅོག །བཞི་པ་དཀར་ཟླུམ་སྤྱི་འགྲོ། ལྔ་པ་ཟླུམ་པོ་རྒྱབ་ཡོལ་ཅན་རིལ་བུ་ཀླུ་སྨན་བཏབ་པ། འཇིག་རྟེན་འདས་མ་འདས་ཀྱི་མཚམས། ཞེས་པ་ནི། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཉིད་ཀླུ་རྣམས་འདུལ་བའི་གཉེན་པོ་ཀླུའི་སྲིན་པོར་བཞེངས་པས་ན། ངོ་བོ་འཇིག་རྟེན་ལས་འདས་ཀྱང་རྣམ་པ་ཚུལ་བསྟན་ཙམ་དུ་འཇིག་རྟེན་པའི་རྣམ་པར་གནང་བའི་དོན། བླ་མ་མི་བསྐྱོད་པ་ནི་ལོངས་སྐུའི་ཆས་ཅན་རྡོར་དྲིལ་བསྣམས་པ་སྟེ། གཏོར་མའི་ལྷ་ཡི་སྤྱི་བོར་བླ་མ་རྡོ་རྗེ་འཆང་། ཞེས་པ་དེ་ཀའོ། །སྔགས་ཀྱི་འོད་ཟེར་ཁ་དོག་ནི་ཡི་གེ་བཞི་པ་བཟླ་སྐབས་འོད་སྣ་ལྔ། དྲག་སྔགས་བཟླ་སྐབས་མེ་འོད་སྣ་ལྔ། ཆོས་སྐྱོང་གཞི་བདག་ཀླུ་གཏོར་རྣམས་མཐར་ཕྱི་རོལ་དུ་ཕུལ་བས་ཆོག །ཆོས་སྐྱོང་དགོས་དམིགས་མེད་པས་སྤྱི་གཏོར་གྱི་ཡོང་། མདུན་བསྐྱེད་སྐབས་འོད་ཟེར་སྤྲོ་བསྡུ་མགལ་མེ་ལྟར་བསྐོར་ལུགས་ནི། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་བསྡུས་ཏེ་རང་ལ་ཐིམ་པའི་དམིགས་པ་མགལ་མེ་ལྟར་འཁོར་བའོ། །གཏོར་མ་ལྷར་གསལ་བའི་སྤྱི་བོའི་བླ་མ་རྡོ་རྗེ་འཆང་གི་གནས་གསུམ་འབྲུ་གསུམ་བཀོད་ནས། དབང་ལེན་དུས། སློབ་མའི་དཔྲལ་བའི་ཞེས་འབྱུང་བ་ཡིག་སྐྱོན་ཏེ། ཡིག་རྙིང་རྣམས་སུ་བླ་མའི་དཔྲལ་བའི་ཨོཾ་ལས་ཞེས་འབྱུང་བ་ལྟར། དབང་ལེན་ཡུལ་རིགས་བདག་གི་བླ་མ་རྡོ་རྗེ་འཆང་ལས་སོ། །བཟླས་ལུང་དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་སྤྲོ་བསྡུ་བྱེད་པ་སྔར་བཤད་རྣམས་དང་འདྲ། བསྟོད་པའི་ནང་ན། བཱ་སུ་རིགས་དྲུག་ཟེར་བ། གཡུལ་ཟློག་སོགས་སུ། ཀླུ་ཆེན་བརྒྱད། ཀླུ་ཕྲན་བརྒྱད། རིགས་བཞི། བཱ་སུ་རིགས་དྲུག །ཅེས་འབྱུང་བས་དམངས་གདོལ་གཅིག་ཏུ་བྱས་པའི་ཀླུ་རིགས་བཞིའི་སྟེང་དུ་བསྣོན་པ་མ་ཡིན་པར། བཱ་སུ་ཀི་བོད་སྐད་དུ་ནོར་རྒྱས་ཡིན་པས་དེའི་རིགས་ཀྱི་ཀླུ་རིགས་དྲུག་ཡོད་པ་ཡིན་ནམ་སྙམ་པ་ལས་རྣམ་དབྱེའི་རྟོག་པ་ཆོད་པ་མ་བྱུང་།། ༣༦ མགོན་པོ་ལེགས་ལྡན་གྱི་དཀྱིལ་འཁོར་ཆོས་འབྱུང་ནི། ལོགས་མདུན་བསྟན་དགོས་པའི་དམིགས་བསལ་ཡོད་པ་འགའ་རེ་མ་གཏོགས། འདིའི་མཚོན་པའི་དཀྱིལ་འཁོར་ལྟེ་བའི་ཆོས་འབྱུང་རྣམས་ཟུར་མདུན་བསྟན། འདི་དག་ལ་ཚོམ་བུའི་མེ་ཏོག་ཀྱང་ཁྲག་གིས་སྦགས་པའི་འབྲུ་ནག་གིས་མཛད། ཡུམ་གྱི་སྦྲུལ་ནག་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ་ནི། བྲིས་རྒྱུན་དུ་བརླ་གཉིས་ལ་ཆུ་སྲིན་གྱི་ཐོད་པ་དང་། དེ་ལས་དཔྱངས་པའི་སྦྲུལ་གྱི་འཕྱང་འཕྲུལ། ལས་མགོན་ཡང་བཞེངས་པའི་དོར་སྟབས། གཟའ་བདུད་ཀྱི་མགོ་བོ་དགུ་ཞལ་ཁྲ་མི་མཛད། མགོན་པོའི་སྔགས་རྣམས་རྒྱུན་དུ་བསྙེན་པ། ཉེ་བསྙེན། སྒྲུབ་ཆེན་གསུམ་གྱི་སྔགས་ཅུང་ཟད་རེ་བཟླ་བ་ལས་གཙོ་བོར་སྒྲུབ་སྔགས་ཉིད་བཟླ་བར་མཛད། བཟླས་ལུང་ལ་རྗེས་སུ་བཟླས་པའི་ལུང་སྔགས་ཀྱི་རྗེས་ཟློས་དང་། བྱིན་གྱིས་བརླབས་པའི་ལུང་། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །ཞེས་པ་གཉིས་མ་གཏོགས་ཕལ་ཆེར་ལ་དམ་བཅའི་ལུང་མི་མཛད་པ་ཤས་ཆེ། བྱེད་ན། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་གཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ལྷག་པའི་ལྷར་བཟུང་ནས་འདིའི་སྔགས་ཅི་ནུས་རེ་བཟླ་བར་དམ་བཅའ་ལགས་སོ། །ཞེས་པའི་རྗེས་ཟློས་ལན་གསུམ་བྱར་འཇུག་པའོ། །དབང་རྫས་ཀྱི་བདུད་རྩི་ཟུར་དུ་བཤམས་པ་མེད་པས་ནང་མཆོད་ཀྱི་འཐུས། ཙན་དན་གྱི་བེང་ནི། དབྱིབས་གྲུ་བཞི་སྟོད་སྨད་ཀྱི་སྒོ་གཉིས་སྒོ་ཁྱིམ་གྱི་རྣམ་པ་ཅན་རྩེར་ནོར་བུས་བརྒྱན་པ། སྤྲོ་ན་མཚོན་ཆ་གཞན་རྣམས་ཀྱང་གཏད་ནས་གདབ་པ་ཡིག་རྙིང་ལས་ཤེས། ཞེས་པ་ནི། རལ་གྲི། ཏི་རའི་བེང་། རྡོ་རྗེ། ལྕགས་ཕུར། ཐོད་ཁྲག །མདུང་རྣོན་གཡང་གཞི་དཔྱངས་པ། སྦྲུལ་ཞགས། ཙ་མ་ར། ཡུངས་དཀར། གུ་གུལ། རི་རབ་རྒྱ་གྲམ། མེ་ཕུང་། མདའ་གཞུ་རྣམས་རིམ་པར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཞེས་སོགས་ཀྱི་ཚིག་གིས་སྟེར་བ་གཙང་ཤོད་པའི་དབང་ཆོག་སོགས་ལས་བྱུང་བ་ལྟར་ལགས། བཀའ་བསྒོའི་ངག་འདོན་འདི་ལས་རྒྱས་པ་བྱེད་ཚུལ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་སོགས་བརྒྱུད་པའི་བཤར་བཏོན་རྗེས། བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། སྣོད་ཀྱི་དགེ་བཅུ་སྒྲུབས། བཅུད་ཀྱི་ཕན་བདེ་སྤེལ། གདུག་པ་ཅན་གྱི་གཉའ་ནོན། དམ་ཚིག་ཅན་གྱི་སྟོངས་གྲོགས་མཛོད། ཐར་འདོད་ཀྱི་རེ་བ་སྐོངས། ཕན་སེམས་ཅན་གྱི་ཕྲིན་ལས་སྒྲུབས། ཁྱད་པར་རྡོ་རྗེའི་སློབ་མའམ་རིགས་ཀྱི་བུ་འདིའི་སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ནད་དང་ཉེར་འཚེ་སོལ། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། དབང་ཕྱུག་དང་གཟི་བརྗིད་སྐྱེད། ཆོས་ནོར་དང་ལོངས་སྤྱོད་སྤེལ། མངའ་རིས་དང་ཆོས་སྲིད་སྐྱོངས། དངོས་གྲུབ་ཀྱི་བསམ་པ་སྒྲུབས། ཕྲིན་ལས་ཀྱི་རེ་བ་སྐོངས། མདོར་ན་བྱང་ཆུབ་མ་འཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་གཡེལ་མེད་དུ་སྒྲུབ་པར་མཛོད་ཅིག །ཅེས་པ་ལྟ་བུ་སྟེ། འོག་མ་རྣམས་ལའང་འགྲེ། གཏོར་དབང་སྐབས་རྟེན་གཏོར་ཡོད་ན་དེས་བསྐུར་བ་དགོས་པ་དང་རྗེས་སུ་འབྲེལ་བར་བསྒུལ་བསྐྱོད་བྱས་པར་འགལ་བ་ཅི་ཡོད། རྟེན་གཏོར་དངོས་མིན་ཡང་ལྷར་བསྐྱེད་པས་དེ་དང་ཚུལ་འདྲ།། ༣༧ གཏེར་མགོན་ཕྱག་བཞི་པའི་མདུན་གྱི་མཆོད་གཏོར་ཡང་དབྱིབས་དཔལ་གཏོར་རང་ཡིན། རྒྱབ་ཀྱི་གིང་སྡེ་བཞི་གྲུ་གསུམ་བཞི་སྒྲིག །ཧེ་རུ་ཀའི་ཅོད་པན། ཞེས་པ་སྤྱི་བོར་རིགས་བདག་གི་ཚུལ་ཏེ། ཆེ་མཆོག་ཞལ་གཅིག་ཕྱག་གཉིས་པ། དམ་གཞག་སྐབས། ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་པ་སྟེ། ཕྱིར་མི་སྟོན་པ་དམ་ཚིག་མེད་པས་མཐོང་དོགས། བསད་པའི་ཤ་ནི་རང་བཞིན་གྱིས་ཤི་བ་མ་ཡིན་པ། གཙོ་བོ་དང་ཡབ་ཡུམ་སྦྲེལ་མའི་སྔགས་གཉིས་སོ་སོར་བཟླ་བ་ཡིན་པས་སྔགས་ཕྲེང་ཡང་སྐབས་ཐོབ་ཀྱིས་བསྐོར་བས་ཆོག །འཁོར་སྔགས་རྣམས་ཀྱང་སོ་སོའི་ཐུགས་ཀར་བསྐོར་དགོས། གཏོར་དབང་བསྐུར་སྐབས་གཡས་སུ་བཀོད་པའི་གཏོར་མ་སྐུ་རྟེན་བཙུག་པ་དེ་ཀས་ཆོག །རྐྱེན་སེལ་གཏོར་དབང་ཙམ་ལའང་གཏོར་དབྱིབས་སོགས་དེ་བཞིན་ནོ། །ཐུན་མོང་མིན་པའི་དབང་བསྐུར་སྐབས། ལས་མཁན་རྣམས་ཀྱི་བཟླས་ལུང་སོ་སོའི་ཐུགས་ཀ་ནས་སྔགས་ཕྲེང་སློབ་མའི་སྙིང་ཀར་བསྟིམས་ནས་རྗེས་ཟློས། སྲོག་ཡེ་ཤེས་སུ་བསྟིམ་པ་ཡང་སོ་སོའི་སྐུ་སྙིང་གའི་ས་བོན་གྱི་ཞབས་སུ་བསྟིམས་ནས་གཉིས་མེད་ཀྱི་དགོངས་པ་སྐྱོང་དུ་འཇུག །ལས་མགོན་གྱི་གཏོར་མ་དང་དམ་བསྲེ་བ་ནི་སྤྱི་བོར་རྡོ་རྗེ་བཞག །ལྕེར་བདུད་རྩི་བླུད་དེ་ཕན་ཚུན་བསྲེ་བའོ།། ༣༨ མགོན་དཀར་གྱི་དཔལ་གཏོར་ཉི་ཟླའི་རྒྱན་ཅན་གྱི་དབྱིབས་དཔལ་གཏོར་སྤྱི་འགྲོ། དཀྱིལ་འཁོར་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ། མཆོད་གཏོར་ཡང་དཔལ་གཏོར་རང་བཅོས་པས་ཆོག །ཡི་གེ་ལྔ་ལས་བྱུང་བ་ཡི༔ ཞེས་གཏོར་མ་བསྐྱེད་པའི་ས་བོན་རིགས་ལྔའི་ཡི་གེ །སྔགས་ཕྲེང་གི་འོད་ཟེར་སྔགས་མདོག་མཚུངས་པའི་དཀར་པོ་འམ། འབྱུང་ལྔ་ཡེ་ཤེས་ལྔའི་ཡོན་ཏན་བསྡུ་བའི་བརྡར་ཁ་དོག་སྣ་ཚོགས་བསྒོམ་ཀྱང་མི་འགལ། ཚེ་འགུགས་ཀྱི་རྗེས་སུ་འདོད་གསོལ་ནི། ཚེ་དབང་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཞེས་པ་ཙམ།། ༣༩ མ་ནིང་ལ། འདིར་མ་ཟད་མགོན་པོ་ཕལ་ཆེ་བའི་གཏོར་མའི་རྒྱུ་འབྲུ་ནག་ངར་མ་བཅག་པའི་རྗེན་ལ་བྱ་བ་ཤིས། ཚོམ་བུའང་འབྲུ་ནག་ལས་བྲ་སྲན་མི་དགོས། བེང་གི་སྒོ་གསུམ་ནི་སྔར་ལེགས་ལྡན་ལ་སྟོད་སྨད་ཀྱི་སྒོ་གཉིས་བྱེད་པ་ལྟར་འདིར་གསུམ་བྱེད་པའི་ཁྱད་པར་ཙམ་ཡིན། བུམ་པའི་བསྐུར་གནས་སྤྱི་བོའི་གནས་ལྔ་ལས་འོས་ཅི་ཡོད། གསུང་དབང་གི་རྫས་སྲོག་སྙིང་ནི་མགོན་པོའི་སྔགས་བྱང་། བཟླས་ལུང་ལེགས་ལྡན་དང་འདྲ་ཞིང་། དམ་གཞག་དམ་བསྲེའང་ཕྱག་བཞི་པ་ལྟར་རོ།། ༤༠ སྟག་ཞོན་ལ་འཁོར་མོན་པ་གསུམ་དང་། དེ་ལྷག་མོན་པ་དང་མ་མོ་བདུན་པོ་སྐྱུ་གུ་ཙམ་གྱིས་བསྐོར་བས་ཆོག །སྐུ་མདོག་དུས་མཐའི་སྤྲིན། སྣོད་ཆུས་འཇིག་དུས་ཀྱི་ཆར་སྤྲིན་ལྟར་ཤིན་ཏུ་གནག་པ། ལྷ་མོའི་ཞོན་པ་ལྕགས་ཀྱི་དྲེལ་ཡང་ཁ་དོག་སྔོ་ནག །འདི་ལ་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་ཞང་ཁྲོམ་གྱི་གཏེར་བྱོན་དང་། བཀའ་མ་སོགས་རྒྱུན་མ་ཆད་པར་སྣང་། བདག་བསྐྱེད་ཀྱི་ཡི་དམ་བསྒོམ་ཚུལ་འཕོག །ཅེས་པ་སློབ་མ་ཉིད་གསང་བདག་ལྟ་བུ་བདག་བསྐྱེད་གང་ཡིན་དེའི་དམིགས་པ་འཕོག་ནས་སྒོམ་དུ་འཇུག་པའོ། །དམ་བསྲེ་སྔགས་ནི་དམ་གཞག་གི་སྔགས་ཀྱིས་སོ།། ༤༡ བེང་མའི་སྐབས་སུ་བཟླ་བྱའི་སྔགས་ཀྱི་ཁྱད་པར་ཙམ་མ་གཏོགས་བཟླས་ལུང་བྱིན་ཚུལ་སྟག་ཞོན་དང་འདྲ། སྟག་ཞོན་ལའང་རྗེས་གནང་གི་ཆོ་གའི་འགྲོས་འདི་ལྟར་སྦྱར་ནས་ཐོབ་པ་དེས་སྟག་ཞོན་རང་གི་སྒོས་ཆོག་གི་རྗེས་གནང་ལྟར་གཞན་ལ་བསྐུར་ཡང་མི་འགལ་ཏེ། ཆོ་གའི་འགྲོས་ཐ་དད་པ་ཙམ་ལས་ངོ་བོ་གཅིག་པར་གསུངས་པའི་ཕྱིར་རོ།། ༤༢ སྡེ་བདུན་ལ། དཀྱིལ་འཁོར་བྲུབ་ཁུང་གྲུ་གསུམ་བསྣོལ་མ། ཞེས་པ་ཆོས་འབྱུང་བསྣོལ་མ་ལྟ་བུ། གནོད་སྦྱིན་གཏོར་མར་ཏེལ་པ་ཞེས་པ་གཏོར་མ་གྲུ་གསུམ་ལ་ལོགས་ལ་ག་ཌུའི་མཆུ་འདྲ་བ་སྦྱར་བ། ནུབ་ཀྱི་རྟེན་རྫས་རི་རབ་གླིང་བཞི་སྤྱི་འགྲོ། རྟེན་རྫས་དང་མཉམ་དུ་བཀོད་པའི་མདའ་དར་དང་དབང་རྫས་ཀྱི་བ་དན་མི་གཅིག་པས་བ་དན་ལོགས་སུ་དགོས། བྱང་གི་བྷནྡྷར་བཅུད་བདུད་རྩི་ཐུན་རྫས་ལྕགས་ཟངས་རྡོ་ཕྱེ་ཁྲག་སྣ་རྣམས་མ་འབྱོར་ཀྱང་ཡུངས་དཀར་ཙམ་ལ་བརྟེན་པས་ཆོག །སྤྲུལ་པའི་མ་མོ་རྣམ་གསུམ་ནི། རལ་གཅིག་དགུ་མ། མཁའ་ལ་གཤོག་གཅིག་མ། མཐིང་ནག་གཅེར་བུ་དབུ་དགུ་མ་གསུམ་འདྲ་སྟེ། དེ་གསུམ་གྱི་མངོན་རྟོགས་གསང་རྒྱུད་ལེའུ་ཉེར་དགུ་པར་ཡོད། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ་ནི། རྡོ་རྗེ་ཤུགས་སྒྲོལ་མ། རྡོ་རྗེ་སྒྲོལ་མ། རྡོ་རྗེ་གསུང་སྒྲོལ་མ་གསུམ་སྟེ། གསུམ་ཀ་སྨུག་ནག་གཡས་ལྕགས་ཀྱུའམ་ཕུར་བུ་གཡོན་ཐོད་ཁྲག་བསྣམས་པ། ཏྲཀྴད་ཀྱི་ཕྱག་མཚན་དུག་སྡོང་ནི། དུག་གི་ཤིང་སྡོང་མེ་ཏོག་སྔོན་པོ་ཡོད་པ་ཞིག་བྲིས་རྒྱུན་ལ་འབྱུང་། སྲོག་སྒྲུབ་མ་བྲིས་རྒྱུན་ལ་ཁྲོ་མོ་རང་བྲི། སྲོག་སྒྲུབ་མའི་མངོན་རྟོགས་དང་བསྟོད་པ་ཕྱག་མཚན་མི་མཐུན་པ་བྱུང་ཡང་། འདི་རིགས་སྔགས་སྒྲུབ་སོ་སོའི་ལུགས་ཏེ་འགལ་བར་མི་བསམ། གཟའ་ལ་ཞལ་མདོག་ལས་འབྲེལ་ལྟར་གནང་ཡང་མི་འགལ། འོན་ཀྱང་བླ་མ་ཡང་ཏིག་ཏུ། དབུ་དགུ་དབུས་གསུམ་མཐིང་། གཡས་གསུམ་དམར་ནག །གཡོན་གསུམ་ལྗང་ནག་ཏུ་གསུངས། སྔགས་སྲུང་མའི་བསྟོད་པར། ཤིན་ཏུ་བཟོད་དཀའི། ཞེས་པ་ཡིག་སྐྱོན་ཏེ། ངེད་རང་གི་ཤོག་སེར་དང་། བླ་མ་ཡང་ཏིག་ཏུ་འང་། ཤིན་ཏུ་གསོད་པ། ཞེས་འབྱུང་བ་གསོད་པའི་ལས་ལ་ཤིན་ཏུ་རྔམས་པའི་དོན་ནོ། །དེ་བཞིན་དུ་སྲོག་ལ་དགྱེས་ཕྱིར། ཞེས་པའང་འགྱེད་ཕྱིར། ཀུན་མཁྱེན་པའི་སྡེ་ལྔའི་ལས་བྱང་དུ། སྲོག་ལ་རྦད་ཕྱིར། ཞེས་འབྱུང་། བཟླས་པའི་སྐབས་སོ་སོའི་སྲོག་ཡིག་ནི་ཏྲག་ཡིག་སོགས་སོ། །སྔགས་སྲུང་མའི་མཚན་རཀ་གདོང་མ་ནི། རཀྴ་སྲིན་པོ་སྟེ། སྲིན་མོའི་གདོང་ཞེས་པའོ། །ཡི་དམ་དུ་སྒྲུབ་ཚུལ་སོགས་རྩ་བའི་ཡིག་རྙིང་རྣམས་སུ་གཟིགས་པས་མཁྱེན་པ་ལགས། འདིའི་སྔགས་ཀྱི་རྗེས་གནང་གི་སྐབས་རྣམས་སུའང་དཔོན་སློབ་གཉིས་ཀ་ཡི་དམ་དུ་གསལ་བཞིན་པ་ཡིན། བ་དན་དང་རུ་མཚོན་གནད་གཅིག་པར་བཤད་པའང་མང་དུ་འབྱུང་། ཐུན་རྫས་གཏོད་པའི་གོང་དུ་ལིངྒ་ལ་དམིགས་བྱ་བསྐྱེད་བསྟིམ་ཡང་ཕྱག་ལེན་རྒྱས་པའི་ཚེ་མཛད། ཁྱབ་འཇུག་གི་དབང་ཚིག་ལ་ཕྱག་མཚན་མདའ་གཞུ་མ་བྱུང་བ་དབང་ཚིག་འདི་བསྟོད་ཚིག་བསྒྱུར་ནས་གནང་བས། ཕྱག་བཞི་མདའ་གཞུ་རལ་གྲི་རྒྱལ་མཚན་བསྣམས། །ཞེས་པའི་ཚིག་ཟུར་ཉམས་པ་འདྲ། ཏྲཀྴད་ལྕམ་དྲལ་གཉིས་ནི། བི་མ་སྙིང་ཐིག་ཏུ། ཞྭའི་མགོན་པོ་གྲི་ཐོད་ཅན་ནམ་བྲེས་ཐག་ཅན་དུ་གྲགས་པ་དེ་ཡིན་པས་སྙིང་ཐིག་རང་གི་གཏེར་སྲུང་ལགས།། ༤༣ སྙིང་ཐིག་སྔགས་སྲུང་མའི་དབང་གཏོར་མོ་རྒྱུད་དཔལ་གཏོར་གྱི་དབྱིབས། དབྱིངས་ཀྱི་མ་མོའི་ཕྱག་མཚན་དམ་ཚིག་གི་གཎྜི་ནི་དབྱིབས་སྤྱི་དང་འདྲ། ཞབས་གཉིས་བཞུགས་པའི་རོལ་སྟབས། འཁོར་གྱི་ཕྱག་མཚན་གསལ་ཤིང་ནི། བྲིས་ཆ་འགར་དཔལ་འབར་བྲིས་པ་སྣང་ཡང་ཞིང་དབྱུག་འཐད། གཞན་དོན་ཕེར་བའི་སློབ་མ་ལ་རྗེས་གནང་ཐུན་མིན་གྱིས་ལུགས་སུ་བསྐུར་དགོས་པས། ཐུན་མོང་བ་ཙམ་ཐོབ་པས་ཐུན་མིན་གྱི་ལུགས་བསྐུར་ཆོག་མིན་གྱི་ཐུགས་དོགས་མ་དགོས།། ༤༤ རང་བྱུང་མའི་གཞལ་ཡས་ཁང་ཕྱི་གནམ་ལྕགས་དང་ནང་ཐོད་མཁར་ཉིས་རིམ་གྱི་རྣམ་པ། འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ལ་རྟ་བབས་མི་བྱེད་པའི་ལུགས་ལྟར་ཆོས་སྐྱོང་གི་རྟེན་རྣམས་ལའང་རྟ་བབས་མ་བྱས་པ་མང་མོད། མཐའ་གཅིག་ཏུ་མ་ངེས་ཏེ། ཕྱག་བཞི་པ་བཞིན་ནོ། །དྲེལ་རྟ་རྐང་གསུམ་ཞེས་པ། མགྱོགས་པའི་བང་། མྱུར་བའི་རྩལ། རྫུ་འཕྲུལ་གྱི་ཤུགས་ཏེ་རྐང་པའི་ཡོན་ཏན་བརྗོད་པའོ། །ཡང་ན། རྫུ་འཕྲུལ། མྱུར་མགྱོགས། རླུང་གི་གཤོག་པ་ཅན་ཞེས་བྱས་ཀྱང་ཆོག །བསེ་སྒ་དམར་པོར་སྒ་གཉིས་ཟློས་པ་ཡིག་སྐྱོན། དུས་བཞིའི་ལྷ་མོ་ནི། སྐྲ་གསེབ་ནས་སྤྲོས་པའི་སྤྲུལ་གཟུགས་ཙམ་ཡིན་པས་སྤྱི་འགྲོ་གནང་བས་ཆོག་པ་འདྲ། གོ་ཟུ་ཞེས་པ་གོས་རང་གི་མིང་། སྙན་གཡས་གཡོན་ན་སྦྲུལ་དང་སེངྒེ། ཞེས་པ་བརྗོད་པའི་རིམ་པ་སྟེ། སྤྱི་ལྟར་གཡས་ལ་སེང་གེ་དང་གཡོན་ལ་སྦྲུལ། བཙན་སྐྱིལ་ནི། ཞབས་གཡོན་ཅུང་ཟད་བརྐྱང་བའི་རོལ་སྟབས་ལྟ་བུ། ལྕགས་ཀྱི་དྲྭ་བ་ནི། ལྕགས་སྐུད་སྦྲེལ་བའི་དྲྭ་བའི་སྣོད། མཚོན་ཆ་ལྔ་ལས་ཤོ་རྡེའུ་དཀར་ནག་དང་བདུད་ཀྱི་ཁྲམ་ཤིང་འདིར་མི་འབྱུང་བས་ཆད་པའི་ཐུགས་དོགས་མི་དགོས། དུད་སོལ་མ་དང་རང་བྱུང་མ་སོགས་ལ་རྗེ་མོ་དང་། དམག་ཟོར་མར་ཁོལ་མོ་རེ་མ་ཏཱི་ཟེར་བ་ཁུངས་མ་ལས་འབྱུང་ཞིང་། བཞོན་པ་རང་ལ་མཐའ་གཅིག་པའི་ངེས་པ་མ་མཆིས། ཁྱད་པར་གྱི་མཆོད་རྫས་འདི་དག་གཞུང་དུ་ཤིང་ལོ་སར་མ་ལྷུང་བ་་་དམག་དུས་མགོ་བཅད་པ་སར་མ་ལྷུང་བ་ལ་འདོད་པ་ཡོད།མཆན།ལ་བརྟེན་ནས་ལས་སྦྱོར་བྱེད་རྒྱུ་སོགས་བཤད་དེ། ད་ལམ་དཔེ་ཆ་མ་འབྱོར་བས་ཞིབ་ཆ་མ་ཐུབ། གྲི་སྙིང་ནི་ལས་ཀྱིས་ཤི་བ་མ་ཡིན་པ་སྟེ། གློ་བུར་དུ་བསད་པ་དྭངས་མ་མ་བསྡུས་པས་ནུས་པ་ཆེ། ནལ་བུ་ནི་བྱིས་པའི་རོ། ས་ལེ། ཤེལ་གོང་། ཙ་ར་ཞེས། འབྲི་ལུག་རའི་བརྡ་རྙིང་སྟེ་རྒྱུ་མཚན་བཤད་རྒྱུ་ཡོད་པ་མ་མཐོང་། ལུས་ལ་ཏིལ་མར་བཀུས་པའང་དུད་སོལ་མ་སོགས་རེ་ཏཱི་ཐམས་ཅད་ལ་འབྱུང་། དབང་བཤད་དུ་འབྱུང་བའི་རྒྱུད་སྒྲུབ་གདམས་པ་སོགས་ཀྱི་ཁྱད་པར་གྱི་རྣམ་དབྱེ་ཡང་ད་རེས་ལྟ་རྟོག་མ་ཐུབ། ལྷ་མོའི་མིང་བརྒྱ་མ་སོགས་ནི། དཔལ་ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བར། ཐོས་བསམ་སྒོམ་ལ་ཆེར་གནས་པ། །རྒྱུ་འབྲས་རྟེན་འབྲེལ་བདག་ཉིད་ཅན། །འགྲོ་བ་ལ་ཕན་མཁས་པའི་མཆོག །དཔལ་ལྡན་ལྷ་མོ་ནག་མོས་འཕགས། །ཞེས་སོགས་ཤོག་བུ་གསུམ་ཙམ་ཡོད་པའི་ཆོས་ཚན་གཅིག་རང་ཡང་ཡོད་དེ་ད་ལམ་བྲི་མ་ནུས། བཟླས་ལུང་ཡང་སྤྲོ་བསྟིམ་སྤྱི་ལྟར་གནང་བས་ཆོག། ༤༥ གཤོག་རྒོད་མར། རུས་ཕྲེང་ནི་ཕྱག་རྒྱ་ལྔ། ནཻའུ་ལེ་ནི་རྒྱ་སྐད་དུ་ནཱ་གུ་ལ་སྟེ། དབྱངས་ཅན་བརྡ་སྤྲོད་པ་རྣམས་འཕྱི་བར་འདོད། རྣམ་སྲས་ཀྱི་སྐུ་བྲིས་རྙིང་རྣམས་ན་སྲེ་མོང་བྲིས་པ་མང་། ད་ལྟའི་བྲིས་རྒྱུན་ལ་བྱི་ལའི་རྣམ་པ་བྲི། འདི་ཡང་སྔོན་བྱུང་གི་ལོ་རྒྱུས་ཞིབ་མོ་རྣམས་ལ་བལྟས་ན་མཐའ་ཆོད་པ་ལས་བློས་དཔྱད་དཀའ། སྔ་འགྱུར་ཕྱི་འགྱུར་གྱི་གཞུང་མན་ངག་དང་ལོ་རྒྱུས་ཀྱི་དབྱེ་བ་སོགས་ཞིབ་ཆ་ད་ལམ་ལྟ་རྟོག་མ་ནུས་པས་འབུལ་མ་ཐུབ།། ༤༦ སྲོག་སྒྲུབ་མའི་ཐོད་རུས་ཀྱི་རྒྱན་ནི་ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། རུས་པའི་ཕྱག་རྒྱ་ལྔ་རྣམས་ཡིན། ཕོ་ཉ་གསུམ་གྱི་མངོན་རྟོགས་ཕྱག་མཚན་ནི། ཅེ་སྤྱང་གདོང་མ་དམར་མོ་གཡས་ཆུ་གྲི་དང་གཡོན་སྙིང་ཟ་བ་རོ་ལངས་ལ་ཞོན་པ། ཝ་གདོང་མ་གྲི་གུག་དང་ཞགས་ནག་ཐོགས་ནས་རྒྱུག་ཚུལ། འུག་གདོང་ནག་མོ་ལྕགས་ཀྱུ་དང་སྙིང་ཟ་བ་མཆོང་ཞིང་རྒྱུག་པའི་ཚུལ། དབང་བཤད་སྐབས། སྲོག་དབང་ཐུན་མོང་མ་ཡིན་པ་ཞེས་པའི། ཟུར་གྱིས་ཐུན་མོང་བ་ཞིག་ཀྱང་ཡོད་དམ་ཞེས་པ་ནི། ཐུན་མོང་བ་ནི་སྡེ་བདུན་ནམ་སྡེ་ལྔའི་སྐབས་སུ་འབྱུང་བ་དེ་ལགས། བཟླས་ལུང་དཔོན་སློབ་གཉིས་ཀ་ཡི་དམ་གྱི་ལྷར་གསལ་བ་ལ། བླ་མ་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཕྲེང་སློབ་མའི་ཁ་བརྒྱུད་སྙིང་གར་བསྟིམས་ལ་སྔགས་ཀྱི་རྗེས་ཟློས།། ༤༧ གཟའི་དཀྱིལ་འཁོར་སྒོ་རྫོགས་ལ་རྟ་བབས་བྲིས་ཀྱང་མི་འགལ། དངོས་གྲུབ་རོལ་མཚོར་ཞལ་ཁྲ་འབྱུང་ཞིང་འདིར་ཞལ་མདོག་ཐ་དད་མེད་པ་འདམ་ཁ་ཡིན། ཕྱག་མཚན་ཆུ་སྲིན་རྒྱལ་མཚན་གྱི་ཡུ་བ་རང་རལ་གྲིས་བྱེད། ཞྭ་ལྷ་ཁང་གི་སྐུ་བརྙན་ལ་མདའ་གཞུ་ལྷན་གཅིག་ཕྱག་གཅིག་གིས་ཟིན་པ་ལའང་མངོན་རྟོགས་ཀྱི་ཁུངས་ཡོད་པར་གཞིར་བཅས་ཀྱང་། ད་ལྟའི་ཕྱག་ལེན་དུ་མདའ་གཞུ་འགེངས་པའི་ལུགས་ཉིད་མཛད། བྱི་ནུའི་གཡོན་པའི་ཕྱག་མཚན་སྟག་གི་མགོ་རང་ཡིན། ཡུམ་དང་གཟའ་བརྒྱད་སྦྲུལ་མཇུག་དང་ཡབ་ཞབས་གཉིས་དོར་སྟབས། འབྲོག་སྲིན་གྱི་ཕྱག་གཉིས་ཀས་རི་རབ་སྤྱི་བོར་འདེགས་པས་གཡོན་པར་ཕྱག་མཚན་གཞན་མེད། བུམ་རྫས་སྤྱི་འགྲོ། ཐུགས་ཀའི་ཨོ་རྒྱན་ཟ་ཧོར་ཆ་ལུགས་རང་གནང་ཆོག །ཡེ་ཤེས་ཀྱི་རཱ་ཧུ་ལ་ལའང་སྦྲུལ་མཇུག་དགོས་ཤིང་བླ་མའི་ཞལ་རྒྱུན་ལ་སྦྲུལ་མཇུག་མདུན་དུ་སྒྲེང་བའི་དམིགས་པ་མཛད། དམ་བསྲེ་དཀྱུས་བཞིན་ལས་ཁྱད་པར་གཞན་མི་དགོས། གཏོར་དབང་མཐར་གཏོར་མ་འགྱུ་ཕྱོགས་སུ་གཏོང་བ་ནི་དབང་གཏོར་ཏེ་དེ་ལ་པྲ་བརྟགས། རྐྱེན་སེལ་ཙམ་ལ་གཙོ་རྐྱང་ལ་བསྟེན་པའང་གནང་ཆོག་ཅིང་། དེར་མ་ཟད་གཉན་ཆ་ཆུང་ཁྱད་གཏོར་མ་ཉིད་ལྷར་མི་བསྐྱེད་པར་དེའི་སྟེང་གི་ནམ་མཁར་བསྐྱེད་པའང་མཛད།། ༤༨ གནོད་སྦྱིན་དམར་ནག་གི་མེ་ཧོམ་གྱི་ཏིང་ལོ་གྲུ་གསུམ་པ་ནི། འགྲུབ་ན་དྲག་པོའི་ཤིང་ལས་ཧོམ་གྲུ་གསུམ་ལ་མེ་སྦོར་བ་ཡིན་ཡང་། ལག་ལེན་བདེ་ཁྱད་ཟན་ལ་ཧོམ་ཁུང་ཟོར་ཀོང་འདྲ་བ་བཅོས་པར་སྡོང་བུ་སྣུམ་ལྡན་ལ་མེ་སྦར་ཏེ་གཏོད། མནན་པའི་སཱཙྪ་རབ་གནས་མེད་པ་མི་དགོས། ཕྱག་གཡོན་གྱི་འོག་མར་སྡེ་བདུན་སྐབས་སྦྲུལ་ཞགས་འབྱུང་བ་བསྟོད་པར། རལ་གྲི་དགྲ་སྙིང་སྦྲུལ་ནག་ཞགས་པ་བསྣམས། །ཞེས་དང་། འདིར་སྙིང་ཕྲེང་འབྱུང་བས། གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས༔ ཞེས་བསྟོད་ཚིག་སོ་སོའི་དགོངས་པ་ལྟར་ལགས་པས་འདམ་ཁ་ལས་མི་འགལ།། ༤༩ རྡོར་ལེགས་ཀྱི་འཁོར་གིང་ཆེན་སྡེ་བཞི་ནི། སྙེ་བོ་སྐྱོང་བཙན། གུར་མཐིང་རྒོད་བཙན། སྟོད་ལུང་འགུར་བཙན། ཁྲང་ལུང་སྟོང་བཙན་ཏེ། རུ་འདྲེན་སྡེ་བཞི་འདྲ་ཡང་མངོན་རྟོགས་གསལ་བ་མི་སྣང་། མཆེད་སུམ་བརྒྱ་དྲུག་ཅུ་ཡང་སྤྱི་ལ་གྲགས་པར། རྟ་པ་དཀར་དམར་སྔོ་གསུམ་རེ་རེ་ལ་བརྒྱ་ཉི་ཤུ་རེ་སྟེ་སུམ་བརྒྱ་དྲུག་ཅུ་དང་། རཏྣའི་ཀློང་གསལ་གྱི་ཕུད་སྐོང་ལས་ནི། དཀར་དམར་སྔོ་གསུམ་ལ་བརྒྱ་རེ་དང་། སེར་པོ་དྲུག་ཅུ། ཞེས་གསུངས་ཏེ། དྲེགས་པ་འདི་དག་ཅིར་ཡང་འཕྲུལ་བས་མཐའ་གཅིག་ཏུ་མ་ངེས་སོ། །སྤྱན་འདྲེན་ལ། གནམ་ས་མེད་ཅེས་པ་ཡིག་སྐྱོན་ཏེ། གནམ་ས་ཕྱེད་ཀྱི་བདག་པོ་སྟེ༔ ཞེས་པའོ། །བཟླས་ལུང་ནི། དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བ་ལས་བླ་མའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། དེའི་ཐུགས་ཀ་ནས་སྔགས་ཕྲེང་ཞལ་ནས་ཐོན་པ་སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུར་བསྡུས་པའི་དམིགས་པ་དེ་ཀ་གསལ་བཏབ་ལ་སྲོག་སྔགས་ཀྱི་རྗེས་ཟློས་བྱེད།། ༥༠ ཞིང་སྐྱོང་གི་བཟླས་ལུང་ཡང་སྤྱི་ལྟར་གནང་བས་ཁྱབ། སྒྲོལ་དབང་སྐབས་ལིངྒ་གཅིག་བསྒྲལ་བ་དེ་གཏོར་མར་སྟོབ་དགོས་པའི་ཚིག་ཟིན་མ་བྱུང་ཡང་སྟོབ་པ་མི་འགལ། འདིའི་རྗེས་གནང་རྒྱས་པ་ཐོབ་པས་འབྲིང་བསྡུས་གཉིས་བསྐུར་བ་རུང་མོད། འབྲིང་པོ་ཙམ་ཐོབ་པས་རྒྱས་པ་བསྐུར་བ་ལའང་དོན་ལ་མི་འགལ་བར་སྣང་།། ༥༡ ཞིང་སྐྱོང་མ་མོར། དུས་ཁྱད་པར་ཅན་ཞེས་པ་ཉི་ཤུ་ལྔ་དང་། ཉེར་དགུ་ལྟ་བུའི་མཚན་མོ་མཁའ་འགྲོ་འདུ་བའི་དུས་ཤིས། མར་ཟན་གྱི་གཏོར་མ་ནི་མར་གྱིས་བརྫིས་པའི་གཏོར་ཅོག་དཀར་པོ་སྤྱི་འགྲོ། འཁོར་གྱི་དུར་ཁྲོད་ཀྱི་ཞིང་སྐྱོང་ཕོ་མོ་ཞེས་པ་སེང་གདོང་གི་བམ་རོ་ཕོ་མོ་ལྟ་བུ་མ་ཡིན་པ། དུར་ཁྲོད་བརྒྱད་ཀྱི་ཤིང་ལ་གནས་པའི་གཏུམ་དྲག་དཀར་པོ་གླང་པོའི་གདོང་ལ་སོགས་པའི་རིགས་རྣམས་སོ། །མར་ཟན་གྱི་གཏོར་མར་འབུལ་ཚིག་ཟུར་པ་མེད། བསྙེན་པའི་དུས་གཏའ་མར་བཟུང་ནས། རྟགས་བྱུང་བའི་ཚེ་འབུལ་ཞིང་ཕུག་རོན་དྭངས་རུས་འོ་ཕུད་འཐོར་བ་སོགས་བྱ་བ་ཡིན་མོད། རྒྱུན་དུའང་འབྱོར་ན་བཟླས་པའི་མཐར་སྙིང་པོར་གཏོར་སྔགས་བཏགས་པས་གཏོར་མ་འབུལ་ཞིང་འོ་ཕུད་འཐོར། བཟླས་ལུང་གི་སྤྲོ་བསྡུ་ནི། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། དེའི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན། སློབ་མའི་ཁ་ནས་སྙིང་གར་བསྟིམ། འདིར་གནད་གཅིག་ཞལ་ལས་ཤེས་སོ། །ཞེས་པ། དེའི་མཐར་རང་གི་སྙིང་གའི་བྷྱོཿཡིག་གི་སྟེང་དུ་ཡི་དམ་གྱི་ས་བོན་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པའི་དྲྭ་བས་བྷྱོཿཡིག་ལ་དཀྲིས་པས་ནམ་ཡང་མི་གཡོ་བར་འགྲོགས་པའི་གནད་དེ། དམིགས་གནད་འདི་སློབ་མ་ཁྱད་པར་ཅན་མ་གཏོགས་སྤྱི་ཁྱབ་ཏུ་མི་མཛད་པས་གསང་ངོ་།། ༥༢ བརྟན་མའི་མཆོད་གཏོར་པདྨ་སྤུངས་པ་ནི་ཟླུམ་པོའི་ལོགས་བཞིར་འདབ་མ་སྦྱར་བ་རིམ་གསུམ། རྒྱ་ཕོར་ནི། རྒྱ་ནག་བཟོས་སྣོད་མ་བྱུང་ནའང་དྭགས་སོགས་སུ་བཟོས་པའི་རྒྱ་ཕོར་གྱི་དབྱིབས་ཀྱིས་འཐུས་ཤིང་། རྒྱ་ཕོར་དངུལ་ཕོར་སོགས་ལ་མར་གྱི་ཟེ་སྲོག་སྒྲོན་པའང་ཕྱག་ལེན་དུ་སྣང་། བདག་བསྐྱེད་གུ་རུ་ཞི་དྲག་གང་རུང་ཤིས། དབང་ཚིག་ནས་འབྱུང་བའི་ཕྱག་མཚན་ཤང་ལང་ནི་སྟོད་ཀྱི་འཛུང་ལང་སོགས་ནས་གྲི་གུ་རྩེ་རྒྱས་པ། ངེད་རང་གི་འདིར་ཟོར་འཆམས་ལ་འགྱེད་པ་དེ་ལྟ་བུ། རུ་མཚོན་རྩེ་ལྔ་ནི་ཐུགས་ལྕགས་རྩེ་ལྔ་པ། གཡུའི་དྲིལ་བུའི་ཕྱག་མཚན་རིན་ཆེན་པདྨ་ཞེས་པ་རྒྱུ་རིན་ཆེན་པདྨའི་དབྱིབས་ཅན་ཡིན་པས་ཕྱག་མཚན་གཉིས་སུ་མི་བགྲང་།། ༥༣ པེ་ཧར་ལ་དབང་གཏོར་དང་མཆོད་སྐོང་གཏོར་མའི་དཔེ་ཟུར་དུ་ཕུལ། གསང་ཕྱི་ལ་ངེས་ཚིག་བཤད་དུ་ཡོད་པ་མ་ཡིན་པས་འདོད་རྒྱལ་གྱི་སྒྲར་སྣང་། རྒྱལ་པོར་མ་ཟད་དྲེགས་པ་ཅན་གཞན་གྱི་གཏོར་མ་ལའང་གྲགས་ཤིང་། དབྱིབས་ནི་རྒྱལ་པོའི་ལྟ་བུ་གཞན་ལ་མི་དགོས། འགའ་ཞིག་ཏུ་གསང་བྲེ་ཐག་པ་ཞེས་ཀྱང་ཟེར། སྨྱུག་རྒོད་ནི་སྨྱུག་མ་ཚིགས་ཅན་ལས་ཀྱིས་དམའ་མ་ཕབ་པ། རྒྱལ་མཚན་ལྔའི་དབྱིབས་ནི། སྟག །སྤྲེ། བྱ་རྒོད། སྤྱང་ཀི་བཞིའི་ཏོག་ཅན་དར་ཤམ་དཔྱངས་པ་དང་། ཟ་འོག་རྒྱལ་མཚན་གྱི་ཏོག་རིན་པོ་ཆེས་སྤྲས་པ། མ་ཊཾ་བསྣོལ་ལུགས་ནི་ཕྲིན་ལས་དོན་བཅུ་མའི་བཞུགས་གསོལ་དུ། ཁ་སྦུབས་གན་རྐྱལ་བྱི་ཆིངས་གདན་དུ་བསྣོལ༔ ཞེས་འབྱུང་། བྲིས་རྒྱུན་ལ། དོམ་སློག་དར་ནག་བེར་གྱི་ཕྱི་ལ་མནབས། མེ་ཏྲི་ཞེས་པ་དར། ཤེར་ཤིང་ནི་ཤིང་ཁྲ་ཡོད་པ་ཞིག་ཡོང་ཟེར། སྦའི་འགྱིང་འཁར་ནི་སྦ་འཁར། ཙན་དན་བེང་ནི་སྤྱི་དང་འདྲ། དར་དཀར་གྱི་རལ་ཀ་ཞེས་པའི། རལ་ཀ་ནི་ཤུབ་ཀྱི་དོན་ཏེ་དར་དཀར་གྱི་གོས། ཐིབས་ཞུ་ནི་ཞྭ་ཐེབས་ལ་དར་ཤམ་འཕྱང་བ། ཐང་ཞུ་ནི་རྒྱ་བཟོའི་བསེ་ཐེབས། སྨུག་ཞུ་དང་ཚག་ཞུའང་རྒྱུའི་ཁྱད་པར་མ་གཏོགས་དབྱིབས་ཐང་ཐེབས་རང་ཡིན། སྐྱོ་སངས་ནི་བྷ་ཏ་ཧོར་ནས་འོངས་པས་སྐྱོ་བ་སངས་བྱེད་གཏམ་རྒྱུད་ཀྱི་སྒྲུང་འཆད་མཁན་དེ་ཡིན་ཟེར། གར་མཁན་ནི་ཨ་ཙ་རའི་གཟུགས་འདྲ་བའི་གར་པ། འབག་ནི་འདྲ་འབག་སྟེ་རྒྱལ་པོ་རང་དང་ཆ་ལུགས་འདྲ་བ། གནས་ཆུང་ཆོས་སྐྱོང་ནི་གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་ཡིན་པར་སྣང་སྟེ་ཡོངས་གྲགས་ལ་ད་ལྟ་གསུང་གི་རྒྱལ་པོ་རང་འབོད། ལ་མོ་ནི་ཚངས་པ་དུང་ཐོད་ཅན་ཡིན་པར་བྱེད་པས་སྔོན་གྱི་དྲེགས་པ་སོ་སོའི་ཁུངས་དང་དམ་རྫས་སོགས་རྒྱལ་པོ་དང་སོ་སོ་བར་བཤད་པས་སྐུ་ལྔར་འདྲེན་པ་ཅི་འདྲ་འཐད་དམ་སྙམ། དགའ་གདོང་ཆོས་སྐྱོང་གང་ཡིན་མ་ངེས། བྷ་ཏ་ཧོར་གྱི་སྒོམ་གྲྭ་ནི་ཟ་ཧོར་རང་ཡང་མིན། ཟ་ཧོར་དང་འབྲེལ་བའི་ཡུལ་རང་གི་ངོ་བོ་རྒྱ་ནག་ལ་གཏོགས། ཁམས་ཀྱི་དབྱར་མོ་ཐང་ནི་མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་དེང་སང་མཚོ་ཁར་གྲགས་པ་འདི་དང་འདབས་ཆགས་པ་ཁམས་ཀྱི་སྟོད་ན་ཐང་ཧ་ཅང་མི་ཆེ་བ་ཞིག་ཡོད་པ་ཡིན་ཟེར། གང་ལྟར་ཡང་། རྣམ་ཐར་ཡིད་ཀྱི་མུན་སེལ་དུ། དེ་ནས་ལྷ་སྲས་མུ་རུབ་བཙན་པོ་བྱང་ཕྱོགས་ཀྱི་དམག་ལ་གཏོང་བའི་དུས། ཞེས་པས། དེ་དུས་ཀྱི་དམག་ལམ་དེ་བོད་ནས་བྱང་ཕྱོགས་སུ་འགྲོ་དགོས་པ་ཞིག་ནི་ཡིན་པར་སྣང་། གྲུ་གུའི་ཡུལ་ཡང་རྒྱ་དང་འདབས་འབྲེལ་དུ་ཡོད་པར་འདུག །ཡུ་གུར་ནི་འདུལ་བ་ལུང་གི་བརྒྱུད་པར་དྷརྨ་རཀྵི་ཏ་སོགས་ཡུ་གུར་གྱི་སློབ་དཔོན་ཉི་ཤུར་འབྱུང་བ་ལྟར་ན། རྒྱ་གར་གྱི་ཡུལ་གྱི་བྱེ་བྲག་པ་ཞིག་འདྲ་མོད། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་དུ་སོག་ཡུལ་འདི་ཡུ་གུར་གྱི་ཡུལ་ཡིན་པ་འདྲ་ཞིག་གསུངས་འདུག །སྒོམ་གྲྭ་བར་པ་ཞེས་པའི་ཡོངས་གཅོད་ལ་སྒོམ་གྲྭ་གཞན་ཡོད་པ་འདྲ་ཞིག་བྱུང་ཡང་བཤད་པ་མ་མཐོང་། གྲུ་གུ་དང་རྒྱ་ནག་གཉིས་ཀྱི་ཡུལ་བཅོམ་ནས་འགྲོ་ལུགས་ལ་བལྟས་ན་དམག་ལམ་རྒྱ་རང་བརྒྱུད་དེ་ཕྱིན་པར་སྣང་བས་དབྱར་མོ་ཐང་ནས་ཟ་ཧོར་ལ་འགྲོ་བའི་ལམ་ཡོད་མེད་ཀྱི་ཐེ་ཚོམ་མི་དགོས། ཧོར་གྱི་སྒོམ་གྲྭ་དེ་དང་པོ་སུས་བཙུགས་སོགས་ཀྱི་ལོ་རྒྱུས་མི་སྣང་ཡང་། སྔར་རྒྱ་གར་ཤར་ཕྱོགས་དང་རྒྱ་ནག་གཉིས་ཡུལ་འབྲེལ་ཆགས་ཀྱིས་འགྲུལ་ལམ་དང་ཆོས་ཀྱང་བོད་ལས་རྒྱ་ནག་དར་བ་སྔ་བས། འོད་སྲུངས་ཀྱི་སློབ་མ་དར་མོ་ཏ་ར་སོགས་ལས་བརྒྱུད་པའི་ཧ་ཤང་གི་སྒོམ་གྲྭ་དར་བར་བྱུང་ཡོད་འདུག་པས་དེ་འདྲའི་ལུགས་འཛིན་ཨེ་ཡིན་སྙམ། མི་ཉག་གི་ཡུལ་ནི་དར་རྩེ་མདོ་དང་ཐག་ཉེ་སྔར་བོད་དང་ད་ལྟ་རྒྱས་བདག་བྱེད་པ་དེ་ཡིན། མི་ཉག་གན་དྲིལ་ཡུལ་དེ་ནས་ཐོན་པ་མ་ཡིན། སྔར་རྒྱ་ནག་དུ་ཙིའུའི་རྒྱལ་པོ་ནས་བཟུང་སྟེ་རྒྱལ་པོ་འཕོ་ལེན་བཅུ་གཅིག་སོང་བའི་བཅུ་གཉིས་པ་མི་ཉག་གིས་རྒྱལ་ས་བྱེད་དུས་ཐོན་པ་ཡིན། རྡོ་རྗེ་རྩེ་གསུམ་པའི་རྒྱ་སྤྱི་དང་འདྲ་བས་རིགས་ལྔའི་ཕྱག་མཚན་གྱི་ཙཀླི་ཐོགས་ནས་བསྐུར། སྐྱབས་སྦྱིན་གྱི་ཕྱག་རྒྱའང་སློབ་དཔོན་གྱིས་བྱེད་པ་ལས་འོས་ཅི་ཡོད། རྒྱ་ནི་གཡས་པའི་ཐལ་མོ་སློབ་བུའི་སྤྱི་བོར་འཇོག་པ་ཡིན། དམ་ཤིང་ནི་སྟོད་དབུ་གསུམ་དཀར་དམར་ནག་པའི་ཞལ་སྤྱན་གསུམ་པ། དབུ་ལ་ཚག་ཞུ་ཞེས་པ་ཐང་ཐེབས་དར་ཤམ་ཅན་གསོལ་བ། རྒྱ་མདུད་ཉིས་རིམ་ཧཱུྃ་བཞིས་བརྒྱན་པ་འཆང་ཟུང་ཅན་དབལ་ཕུར་བུ་སྤྱི་འགྲེ་ལྟར་ཟུར་གསུམ་པ་ལ་སྦྲུལ་ཆུན་དང་། དར་ཆིངས་དཀར་དམར་མཐིང་གསུམ་འཕྱང་ཞིང་དབལ་ལོགས་ལ་ཏྲི་ཡིག་གིས་མཚན་པའོ།། ༥༤ རྣམ་སྲས་ཀྱི་ཕོ་བྲང་ནང་མ་ཁང་བཟང་སུམ་བརྩེགས་ཕྱི་མ་ཕྱོགས་རེར་ཀ་བ་ཉིས་སྟོང་ལྔ་བརྒྱ་རེ་སྟེ་ཁྱོན་ཁྲིས་བཏེགས་པས་ཕུབ་པའི་འཁོར་ཡུག་ཕྱོགས་མདོག་ཅན་གྲུ་བཞི་པ་སྒོ་བཞི་རྟ་བབས་ཀྱི་རྒྱན་དང་བཅས་པ། དེའི་ཕྱི་རོལ་དུ་འཁོར་ས་རིམ་པ་གསུམ་པའི་ནང་མ་ལ་ལྕོག་ལྟ་བུའི་ཁང་བརྩེགས་བརྒྱད། འཁོར་ས་གསུམ་གྱི་ཕྱི་རོལ་དུ་རིན་པོ་ཆེའི་ལྕགས་རི་གྲུ་བཞི་པས་བསྐོར་བའོ། །སེར་ཆེན་ལ་བསེ་ཁྲབ་བྲིས་རྒྱུན་ལ་ལར་འབྱུང་ཡང་མངོན་རྟོགས་སུ་མེད་པས་གཞན་གྱི་ཤན་ཤོར་བ་འདྲ་ཞིང་། དབུ་རྒྱན་ཡང་པདྨ་རྒྱལ་པོ་ལ་བྲིས་སྐུ་ཁ་གཅིག་ཏུ་འབྱུང་བ་ལྟར་ཞྭ་ལུགས་སུ་གྱོན་པ་འདྲ་བའང་སྣང་མོད་ཀྱང་། རིན་པོ་ཆེའི་དབུ་རྒྱན་ཐོར་ཚུགས་ཅན་སྤྱི་དང་འདྲ་བ་བྲིས་པ་འཐད། པཉྩ་ལི་ཀ་ནི་ལྷའི་གོས་ཤིག་སྟེ་བོད་སྐད་མ་མཐོང་། གནོད་སྦྱིན་པི་ཙི་ཀུཎྜ་ལཱི་དང་ཞོན་པ་གཉིས་ཀ་གདོང་མི་སྟོན་པ་ནི་གདོང་པ་གཉིས་ཀ་ལ་མཐོང་བའི་དུག་ཡོད་པས་ཡིན་ཟེར། སྙིང་པོ་དང་ཉེ་སྙིང་ཕྱི་མ་ཅུང་ཟད་མང་བ་བཟླ། ཕྲུ་མ་གཞོམ་པའི་དོན་ནི་ཕྲུ་མ་དམག་དཔུང་སྟེ་དེ་གཞོམ་པའམ་ཡང་ཕྲུ་མ་མངལ་དུ་སྐོམ་པ་ཞེས་མི་རབས་གཅོད་པའི་དོན་དུའང་བཤད། བུམ་བསྐྱེད་དུ་བདག་བསྐྱེད་གང་ལ་བརྟེན་པ་དང་མཐུན་པའི་གསང་བདག་བསྒོམ།། ༥༥ མདུང་དམར་ཅན་ལ། བསེའི་ལོ་ཁྲམ་ནི་ལྷྭམ་རང་གི་བརྡ་ཨེ་ཡིན་སྙམ། འཁོར་རྣམས་དམིགས་བསལ་མེད་ཕྱིན་བཞེངས་བཞུགས་ཅི་བདེར་གནང་བས་ཆོག་པ་འདྲ། འདོད་རྒྱལ་ནི་ཁྲོ་བོ་དམར་པོ་ལྕགས་ཀྱུ་ཐོགས་པ། དྲིའི་དུང་ཕོར་ཐོད་པ་འདྲ་རུང་སྣང་མོད་ཕྱག་བཞེས་སུ་དུང་ཞལ་རང་མཛད།། ༥༦ དྲག་པོ་རྟ་སྔོན་ལ། ཕྲ་མེན་གྱི་ཡོབ་ཞེས་པ་རིན་པོ་ཆེ་སྣ་ཚོགས་འདུས་པ། ཡི་དམ་གྱི་སྤྲོ་བ་ལྔའམ་དྲུག་ནི། འཁོར་གདུག་པ་ཅན་ཚར་གཅོད་པའི་ཕྱིར་སློབ་མ་ཕྱག་རྡོར་གྱི་ང་རྒྱལ་བསྐྱེད་ལ། ཞབས་ཀྱིས་གདུག་པ་ཅན་གྱི་གཙོ་བོའི་སྙིང་གར་མནན་ནས་གཟིར་བར་བསམ། ཕྱག་གཡས་ཀྱི་རྡོ་རྗེ་ལས་འོད་ཐོག་ལྟ་བུ་འཕྲོས་གདུག་པ་ཅན་ཚར་གཅད། བ་སྤུའི་བུ་ག་ནས་ཁྲོ་ཆུང་སྤྲོས་བསྐལ་པའི་རླུང་ལྟ་བུས་གདུག་ཅན་གཏོར། བ་སྤུའི་བུ་ག་ནས་མེ་སྤྲོས་གནོད་བྱེད་བསྲེགས། རྒྱན་གྱི་སྦྲུལ་ལས་གདུག་པའི་ཁ་རླངས་སྤྲོས་མ་རུངས་པ་མྱོས་ཤིང་བརྒྱལ། གསུང་གི་རིག་སྔགས་ཀྱི་སྒྲས་འཇིག་རྟེན་གང་བས་གདུག་པ་ཅན་བཏུལ་བར་བསམ་མོ། །ཆོས་སྐྱོང་གི་སྤྲོ་བ་གསུམ་ནི། རྒྱལ་པོའི་སྐུ་སྟོད་ལས་བྱ་གཅན་སྤྲོས་ས་བླའི་གདུག་པ་ཅན་བཏུལ། རྐེད་པ་ནས་གནོད་སྦྱིན་དང་སྲིན་པོ་སྤྲོས་ས་སྟེང་གི་གདུག་པ་ཅན་བཏུལ། སྐུ་སྨད་ནས་སྟག་དང་སྦྲུལ་སྤྲོས་ས་འོག་གི་གདུག་པ་ཅན་རྣམས་བཏུལ། སྔགས་ནི། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཨ་ནུ་རཱ་ཙ་ཀུ་རུ་ཧཱུྃ། ཞེས་དཔོན་སློབ་གཉིས་ཀས་བཟླའོ། །སྤྲིན་གསེབ་མའང་གསན་ཡིག་ཏུ་བཀའ་མའི་གྲས་སུ་བྱུང་བའང་གསན་ཡུལ་སོགས་ཀྱི་འབྲེལ་བསྡེབས་པས་འདིར་གཏེར་མར་མཛད་པ་མི་འགལ་ཞིང་། གཏེར་གནས་བྱ་རྒོད་གཤོངས་ནི་གཙང་སྟོད་བོ་དོང་ཨེའི་ནུབ་ཕྱོགས་ཀྱི་རི་འདེགས་ཀྱི་ཞོལ་ན་ཡོད། རྩ་བའི་ཡིག་ཆ་ལ་ཧ་ཅང་བཞུགས་ཚོགས་ཆེ་བ་རང་མེད། ཡོད་འདུག་ཚེ་གསན་ཡིག་ཏུ་འདུག་པའི་རྣམ་སྲས་ཀྱི་བཀའི་རྒྱུན་ཐམས་ཅད་ད་ལྟ་ཚང་བར་ཡོད་མེད་མ་ངེས། ། ༥༧་་་པ་ཡང་གསང་ཕྱག་མཚན་བཞི་པ་ཡིན།། ༥༨ ཞང་བློན་གྱི་དབང་གཏོར་དཔེ་བྲིས་ལྟར་དང་། གསང་ཕྱི་མཐུན་རྫས་ཀྱི་རྒྱ་ཕོར་སོགས་ཕུད་སྐོང་ལ་ངེས་པར་དགོས་ཤིང་། འདིར་ཡང་དམ་རྫས་ཙམ་ལ་བཤམས་པ་ཡིན། ཞབས་རོལ་སྟབས་ནི་གཡས་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་གྱིས་བཞུགས་པ། རྣམ་སྲས་ཀྱི་བཞོན་པ་རྟ་དང་སེར་ལ་ཞོན་པ་ཞེས་པ་ཡིག་སྐྱོན་ཏེ། རྟ་ངང་སེར་ལ་འཆིབ་པ། གཙོ་འཁོར་གྱི་གདན་སྲིན་པོ་སོགས་རྣམ་འགྱུར་ཇི་ལྟར་བདེ་བ་ལས་དམིགས་བསལ་མེད། ཀུན་གྱི་འཇིགས་བྱེད་མའི་ཕྱག་མཚན་གྱི་གཡབ་དར་ནི་ནག་པོ། ཕྱི་ནང་གསང་བ་གསུམ་ཀའི་རྗེས་གནང་སྡེབ་སྒྲུབ་དུས། གཙོ་བོ་དབུས་སུ་ཕྱི་སྒྲུབ། གཡས་སུ་ནང་སྒྲུབ། གཡོན་དུ་གསང་སྒྲུབ་སུམ་སྒྲིག །འདིའི་རྗེས་གནང་ཕྱི་ནང་གསང་གསུམ་གང་རུང་གཅིག་ཐོབ་པ་ཙམ་གྱིས་གསུམ་ཀ་ཐོབ་པར་མི་བརྩི། རྗེས་གནང་བཀའ་སྲོལ་གཉིས་ཕྱག་ལེན་གྱི་ཁྱད་པར་ཙམ་ལགས་པས་གཉིས་ཀའི་གོ་གཅིག་གིས་ཆོད། འདི་ལ་ཞང་བློན་དུ་འབོད་པ། ཡིག་ཆར་འཁོད་པ་མ་མཐོང་ཡང་། རྣ་གཏམ་གོག་པོར་ཕྱག་རྡོར་གྱི་བློན་པོ་དང་རྣམ་སྲས་ཀྱི་ཞང་པོ་ཡིན་པས་ཞང་བློན་ཟེར་ཏེ། ཡིག་རྙིང་འགར་ཞང་འོན་ཞེས་པའང་བྲིས་སྣང་བས་སྒྲ་བཤད་ལ་ངེས་པ་ཡོད་མེད་ཐེ་ཚོམ་ཟ།། ༥༩ ཛམ་དམར་ལ། ཀླུ་ཆེན་བརྒྱད་ཀྱི་རྒྱན་ནི་སྦྲུལ་གྱི་རྣམ་པ། ཨུཏྤ་ལའི་མདའ་གཞུ་ནི་དེས་མཚན་པ། ཡབ་ཀྱི་ཐུགས་སྲོག་ས་བོན་ཀུ་རུ་ཀུལླེའི་མདུན་དུ་བསྒོམ། ཞབས་འོག་གི་གནོད་སྦྱིན་ཕོ་མོའི་ཁ་ནས་ནོར་བུ་སྐྱུག་ཅིང་ནེའུ་ལེའི་རྐྱལ་པ་ཐོགས་པ་གཞན་རྣམ་འགྱུར་གང་བདེ་བྱི་ཆིངས་སུ་མནན་པ། གཏོར་མ་ཕྱི་མ་འདི་འཇིག་རྟེན་པར་འབུལ། བུམ་བསྐྱེད་ཀྱི་ས་བོན་བྷྲཱུྃ་ལས་རྣམ་སྣང་སོགས་རིམ་པ་ལྟར་སྦྱར་ཆོག །སློབ་བུའི་ལུས་འོད་ཀྱི་གོང་བུ་དཀར་པོ་ཞེས་པ་ཡིག་ནོར་ཏེ་འོད་དམར་པོ། ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་དབང་བསྐུར། བཟླས་ལུང་གི་ཚིག་ཀྱང་པར་ལ་ཆད་པར་སྣང་བས། བླ་མའི་ཞལ་ནས་སྔགས་ཀྱི་ཕྲེང་བ་དམར་ནར་གྱིས་བྱུང་བ་སློབ་མའི་ཁར་ཞུགས་ལུས་མེར་གྱིས་གང་བར་བསམ་ནས་སྔགས་ཀྱི་རྗེས་ཟློས་བྱས་ཏེ། ཞེས་པའོ། །གཏོར་དབང་དུས་གཏོར་མ་ལག་ཏུ་གཏོད།། ༦༠ ལས་འབྲེལ་ལྷ་ཆེན་གྱི་དཀྱིལ་འཁོར་ཟླ་གམ་དམར་པོའི་སྒོ་ནུབ་བསྟན། ཁྱད་པར་གྱི་རྟེན་རྫས་བཟོ་ཚུལ་ད་རེས་གཏེར་གཞུང་གི་དཔེ་མ་འབྱོར་པས་འབུལ་མ་ཐུབ། ཡུམ་གྱི་ཕྱག་མཚན་དུང་དམར་ནི་ཐོད་ཁྲག །བསྟོད་པའི་སྐབས། ཕྱག་གཉིས་དབང་སྡུད་ཕྱག་རྒྱ་འཛིན༔ ཞེས་པ། དབང་སྡུད་ཀྱི་ཕྱག་རྟགས་ལྕགས་ཀྱུ་དང་རླུང་ཞགས་འཛིན་པ་ལ་སྙེགས། དབང་སྒྲུབ་ཙམ་ལ་བཟླས་དམིགས་དཀྱུས་སུ་བཀོད་པས་ཆོག་ཅིང་། ཁྱད་པར་གྱི་དམིགས་གནད་དང་སྔགས་ཞལ་འཕང་ནི་བསྙེན་སྒྲུབ་ལས་སྦྱོར་གང་ལ་གང་དགོས་ཀྱི་ཁ་བསྒྱུར་གཏེར་གཞུང་དུ་གཟིགས་པ་ལས་མ་བྱུང་། སྦྱར་སྤོས་ཀྱི་སྦྱོར་སྡེ་ཡང་དེ་དང་འདྲ། བཟླས་ལུང་གི་བྱིན་རླབས་ཀྱི་ལུང་གི་སྐབས། ཕྲེང་བ་སྤྱི་བོར་འཇོག་ཅེས་པ། སློབ་དཔོན་ཉིད་ཀྱི་ཕྱག་ཕྲེང་ལས་འོས་ཅི་ཡོད་ལགས།། ༈ ད་ནི་སྒྲུབ་ཐབས་སྤྱི་ཁོག་གི་དོགས་གནས་ལ་ཞུ་ལན་ཉུང་བསྡུས་བསྡོམས་ནས་འབུལ་ན། དབང་བསྐུར་དང་མ་འབྲེལ་བའི་སྒྲུབ་ཐབས་སོ་སོའི་ཉམས་བཞེས་ཙམ་ལ་ཡོ་བྱད་ཀྱི་གཤོམ་མཆོད་གཏོར་བཤམ་པ་ཙམ་གྱིས་ཆོག་པར་མ་ཟད། ཐང་སྟོང་ཚེ་སྒྲུབ་ཀྱི་མཚོན་རིགས་ལ་མཆོད་གཏོར་མ་འབྱོར་ཡང་ཆད་སྐྱོན་མི་སྣང་། བདག་མདུན་སྒྲུབ་ཚུལ་ལ་དབྱེར་མེད་དུ་སྒྲུབ་པ། མཉམ་སྒྲུབ། ཐ་དད་དུ་སྒྲུབ་པ་ཞེས་ཚིག་གིས་འཆད་ལུགས་གསུམ་བྱུང་ཡང་། དོན་ལ་བདག་མདུན་བུམ་གསུམ་དབྱེར་མེད་དུ་སྒྲུབ་པ་ལའང་། བུམ་བཟླས་སྒོས་སུ་ཡོད་པར་ཛཔ྄་ཁང་ཕྱེ་ནས་བཟླ་དགོས་པ་དང་། མཉམ་སྒྲུབ་ལའང་གྱེར་ཚིག་གཅིག་གིས་བདག་མདུན་གཉིས་བཞིན་དང་མེ་ལོང་གི་བྱད་གཟུགས་ལྟར་སོ་སོར་སྒོམ་པའམ། བདག་དང་མདུན་རྟེན་གྱེར་ཚིག་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་ནས་སྒོམ་པ་དབྱེར་མེད་དང་དགོངས་དོན་གཅིག་པར་འགྱུར་བ་དང་། ཐ་དད་དུ་སྒྲུབ་པ་ལའང་བདག་བསྐྱེད་སྒོམ་བཟླས་གྲུབ་རྗེས་འོད་གསལ་དུ་བསྡུས་པའི་སྟོང་ཉིད་ཀྱི་ངང་ནས་མདུན་བསྐྱེད་སྒྲུབ་པའི་ལུགས་དང་། བདག་བསྐྱེད་མ་བསྡུས་པར་མདུན་དུ་མདུན་བསྐྱེད་དཀྱིལ་འཁོར་བསྒོམ་ཞིང་། དེ་ལའང་བདག་མདུན་སོ་སོར་བསྒྲུབས་མཐར་དཀྱིལ་འཁོར་ཕན་ཚུན་བསྲེས་ཏེ་གཅིག་ཏུ་བྱེད་པ་སོགས། སོ་སོའི་སྒོས་ཆོས་དམིགས་སུ་བསལ་བ་རྣམས་དོན་ལ་མི་འགལ་བ་ཡིན་ཡང་། གནས་སྐབས་ཕྱག་བཞེས་ཀྱི་ལུགས་སྲོལ་ཐ་དད་པ་ལ་གཅེས་སྤྲས་ཀྱིས་ལུགས་མ་འདྲེས་པར་སྐྱོང་དགོས་པ་དང་། སྒོས་ཆོས་སོ་སོར་མིག་གསལ་བ་ལ། གསང་བ་སྤྱིའི་འགྲོས་བཞིན་སྦྱར་བས་མི་འགལ་བར་འགྱུར་བ་ལགས། སློབ་མའི་བྱ་བ་རྣམས་བདག་འཇུག་གི་ཚུལ་དུ་བླང་། ཞེས་དང་། ཏིང་ངེ་འཛིན་གྱི་དབང་བླང་ཞེས་པ་ལྟ་བུའི་ཚིག་གི་གསལ་ཁ་ཡོད་པ་རྣམས་ལ། སློབ་མ་ལ་བསྐུར་བ་བཞིན་དུ་རང་གིས་རྒྱས་པར་བླང་བ་འམ། ཏིང་ངེ་འཛིན་ཙམ་ལ་བརྟེན་ནས་བསྡུས་པའི་ལུགས་སུ་ལེན་པ་ཡིན་ཡང་རུང་། བདག་འཇུག་ལེན་པར་མི་སྤྲོ་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དོན་འགྲུབ་ཅིང་། དཀྱིལ་འཁོར་གྱི་ལྷ་ཞི་ཁྲོ་གང་ཡིན་ཡང་རིག་པའི་མེ་ཏོག་དོར་ཚིག་སྒྱུ་འཕྲུལ་ཞི་བ་ལྟར་གནང་བས་མི་འགལ་བ་འཐོར་ཚིག་གི་དོན་ལ་དཔྱད་པས་མཁྱེན་པ་དང་། དབང་ལེན་དགོས་པའི་ཚིག་དམིགས་བསལ་མེད་པ་རྣམས་སུ་མ་ཟད། རྗེས་གནང་དང་རིག་གཏད་ཙམ་ལ་བདག་འཇུག་མ་གནང་ཡང་ཆོག །སྤྱིར་དབང་བཞིའི་དོན་ཚང་ཡང་དབང་གི་ཆོ་ག་དངོས་མ་ཡིན་ཞིང་བྱ་བའི་རིམ་པའང་ཤིན་ཏུ་ཟོར་ཡང་བ་རྣམས་ལ་བྱིན་རླབས་ཞེས་གྲགས་པ་དང་། ལྷ་སྒོམ་སྔགས་བཟླ་ཏིང་ངེ་འཛིན་སྒོམ་པ་ལ་རྗེས་སུ་གནང་བ་སྟེར་བ་དང་། རིག་པ་གཏད་པ། བཟླས་ལུང་ཙམ་འབོགས་པ། དྲེགས་པ་རྣམས་ཀྱི་སྲོག་གཏད་པ་སོགས་དེ་ཐམས་ཅད་དང་པོར་དཀྱིལ་འཁོར་ཆེན་པོ་གང་རུང་དུ་དབང་བསྐུར་བས་རྒྱུད་སྨིན་པར་བྱས་པ་ཞིག་ལ་བྱིན་པར་བྱ་བ་ཡིན་མོད། འོན་ཀྱང་གནས་སྐབས་སུ་རྐྱེན་སེལ་ཙམ་གྱི་ཚེ་དབང་ལྟ་བུ་ལས་སྒྲུབ་ཐབས་ཕྲན་ཚེགས་དང་འབྲེལ་བའི་རིགས་ཁ་གཅིག་སྨིན་དབང་སྔོན་དུ་མ་སོང་བར་སྦྱིན་ཡང་འགལ་བ་མེད་པ་ཁྲོམ་དབང་ལྟ་བུས་མཚོན་པ་དང་། མཆོག་སྒྲུབ་དང་འབྲེལ་བའི་སྒྲུབ་ཐབས་ཟབ་མོ་རྣམས་ལ་ངེས་པར་རྒྱུད་མ་སྨིན་པའི་གང་ཟག་ལ་སྦྱིན་མི་རུང་བ་སོགས་ཀྱི་རྣམ་དབྱེ་ཡང་ཕྱེ་དགོས་ཤིང་། དེས་ན་གསང་འདུས་ཟླུམ་པོ་བཞི་དབང་། ཉང་གཏེར་ཕག་མོ་ཞལ་གཉིས་མ་དང་། ཁྲོས་ནག་སོགས་དབང་བཞིའི་དོན་ཚང་ཡང་ངོ་བོ་བྱིན་རླབས་ཀྱི་ནང་ཚན་དུ་གཏོགས་པ་དང་། ཁྱད་པར་ཕག་མོའི་སྐོར་ལ་གསར་མའི་ཕྱག་ལེན་དུའང་བདེ་མཆོག་ལྟ་བུ་ཡབ་ཀའི་དབང་ཞིག་ངེས་པར་སྔོན་དུ་གཏོང་བ་མཛད་ཅིང་། རང་ལུགས་ལའང་ཁྲོས་ནག་ལྟ་བུ་ཟབ་ལམ་ཁྱད་པར་བ་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་སམ། བླ་མ་གསང་འདུས་ཀྱི་རྩ་དབང་ལྟ་བུ་ཡབ་ཀའི་སྨིན་བྱེད་རེ་ངེས་པར་སྔོན་དུ་གནང་བའི་ཕྱག་སྲོལ་ཡོད་པ་བཞིན། དངོས་གྲུབ་མཆོག་ལ་ཡིད་རྟོན་པ་རྣམས་ལ་སྒོས་ཀྱི་ཕྱག་བཞེས་ཟུར་ཁྱད་ལྟ་བུ་འདི་དག་ཀྱང་ཤིན་ཏུ་གལ་ཆེ་བར་སྣང་། སྔ་འགྱུར་བའི་ལུགས་སྤྱིར་གཏོར་མ་ཤེས་པ་གསུམ་ལྡན་སོགས་བཤད་པས་མཆོད་གཏོར་དོན་ལ་ཚང་ཡང་། ཐ་སྙད་རྣམ་འཇོག་དང་བསྟུན་ཏེ་ཐུན་མོང་བའི་དབང་དུ་མཆོད་གཏོར་ཟུར་པ་རེ་བཤམས་པ་ཡང་ངེས་པར་དགོས་ཤིང་། ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྐྱོང་གི་དབང་གཏོར་རྣམས་ཀྱང་ལྷར་བསྐྱེད་པས་རྟེན་གཏོར་དང་མཚུངས་པའི་གནད་ཀྱིས་ཕྱིར་འབུལ་བ་མི་མཛད། ཚེ་དབང་བརྒྱ་རྩ་གསག་ལུགས་གོང་ཞུས་ལྟར་དང་། རྟ་མགྲིན་དང་ཕྱག་རྡོར་ལྟ་བུར་བརྒྱ་རྩ་གནང་དགོས་བྱུང་ན། དབང་ཚང་མ་ཚར་གཅིག་སོང་རྗེས། གཏོར་དབང་བསྐུར་བའི་ཚིག་གཅད་ཡོད་ན་དང་། མེད་ན་སྔགས་ཙམ་ལ་བརྟེན་ནས་གཏོར་དབང་ཁོ་ན་བརྒྱ་རྩའི་གྲངས་བསགས་པའི་ཐ་མ་དེ་ལ་བཀའ་བསྒོའི་ཚིག་རྒྱས་པ་རེ་གནང་ན་ཡོང་བ་ལགས། སྤྱི་ཆིངས་སུ་ལེ་ཚན་ལྔ་བཅུ་རྩ་གསུམ་ལ་ནང་གསེས་དྲུག་ཅུ་རྩ་བདུན་དུ་ཕྱེ་བའི་ཚིག་གསུངས་པ་ཡང་། ཕྱག་རྡོར་དྲེགས་འདུལ། ལྷ་མོ་རང་བྱུང་མ། རྡོ་རྗེ་གཤོག་རྒོད་མ། བརྟན་མ། པེ་ཧར་སོགས་ཕྱིས་བསྣོན་པ་གནང་བ་ལགས་པས། དེ་དུས་སྤྱི་ཆིངས་སུ་མཚན་ཐོ་རྣམས་འཁོད་ཀྱང་། སྡོམ་གྲངས་ཀྱི་ཚིག་ཟུར་ལ་བསྒྱུར་བཅོས་གནང་རྒྱུ་ལུས་པ་ཡིན་འདུག་ཅིང་། རྟ་མགྲིན་ཡང་གསང་གི་གཏོར་དབང་ཡང་སླར་བསྣོན་པ་གནང་རྩིས་ཀྱི་དགོངས་པས་བརྒྱུད་ཡིག་ཏུ་འཁོད་ཀྱང་སྒྲུབ་ཐབས་བཀའ་རྩོམ་གནང་རྒྱུ་མ་བྱུང་བ་བཅས་པར་བརྐོས་ཚང་མ་གྲུབ་བསྟུན་ཡིད་གཞུངས་པས་ཞུས་དག་རུ་ང་ཞིག་མ་གྲུབ་པའི་སྐྱོན་དུ་སྣང་བ་ལགས། དེ་ལྟར་སྒྲུབ་ཐབས་འདོད་འཇོ་ལས་བརྩམ་པའི་དྲི་བ་རྣམ་གྲངས་མང་བ་བསྩལ་པ་རྣམས་ལ་ལན་རང་བློས་གང་ནུས་ཕུལ་བའི་རྩིས་ལགས་རུང་། སྤྱིར་དྲི་བ་དངོས་ལ་ལན་ཐེབས་པ་སངས་རྒྱས་འཕགས་པའི་ཁྱད་ཆོས་ཞེས་གྲགས་པ་ལྟར། བདག་འདྲ་བ་ཤིན་ཏུ་མ་བསྡམས་པས་དོན་ཟབ་པ་རྣམས་ལ་གནད་འཁྲོལ་གྱི་ལན་འབུལ་དཀའ་བ་དང་། འགའ་ཞིག་ཉིད་ལྟ་བུ་ལ་ཐུགས་དོགས་མི་སྐྱེས་ཐང་བའི་དོན་ཆུང་ཆུང་འདྲ་ཡང་སྣང་མོད། འོན་ཀྱང་ཕྱིས་ཀྱི་བློ་དམན་རྣམས་ལ་ཕན་དགོངས་ཀྱིས་དྲི་བ་གནང་བ་ཡིན་ནམ་སྙམ་པས་ལན་འབུལ་མ་འཚེམས་པར་ཞུས་ཁུལ་ལགས་ཤིང་། ད་རེས་མཚམས་ཀྱི་གཅད་རྒྱ་དང་ཐུག་གཤིས་སོ་སོའི་སྒྲུབ་ཐབས་དང་དབང་ཆོག་གི་དཔེ་དཔང་ཡང་བླ་བྲང་ནས་ཕྲལ་ཕྲལ་གྱིས་ཞུ་ལེན་སྟབས་མ་བདེ་བ་དང་། ལག་ཏུ་དཔེ་འགའ་རེ་ཡོད་པའང་ཉིན་ཐུན་སྔ་ཕྱིའི་ཐུན་མཚམས་ཀྱི་བར་གསེང་ཉིན་གུང་གི་དུས་གང་ཁོམ་གྱིས་འབྲི་བ་ལས་མ་བྱུང་བས། དཔེ་ཚོལ་དང་བལྟ་རྟོག་བྱེད་པའི་ལོངས་སྐབས་ཀྱིས་བསྐལ་གཤིས་ཁོག་ཁྲོལ་གྱིས་མཐའ་ཆོད་པའི་དགོངས་པ་གང་བ་ཞིག་ཡོང་རེ་མ་མཆིས་པའི་ཁར། ཉིས་བྲིས་ཀྱང་མ་ལྕོགས་པས་ཚིག་དོན་གཉིས་ཀར་འགལ་ཟློས་ཆད་ལྷག་སོགས་སྐྱོན་དུ་གྱུར་པ་དང་། འབུལ་འགྱངས་པ་བཅས། ཡོང་རྒྱུ་འདི་ལ་དགུག་ཡུན་དེ་ཙམ་སྙམ་དུ་ཟབ་ཐུགས་མི་ཁྲེལ་བ་ཅི་ནས་མཁྱེན་མཁྱེན་ལགས། །མངྒ་ལཾ།། །། ལོ་ཆེན་དྷརྨ་ཤྲཱིས་མཆོག་སྤྲུལ་ཀུན་བཟང་པདྨ་ལེགས་གྲུབ་ཀྱིས་དྲིས་ལན་དུ་བསྩལ་པའོ།། །།
བླ་མ་དགོངས་པ་འདུས་པ་ལས༔ རྨང་པོ་སྲིད་འཕེལ་གྱི་གདམས་པ་དྲུག་ལས་ཐོག་མར་སྲིད་འབེབ་ལྷའི་བུ་ལེན་ (Volume 51, Text 69)
༁ྃ༔ བླ་མ་དགོངས་པ་འདུས་པ་ལས༔ རྨང་པོ་སྲིད་འཕེལ་གྱི་གདམས་པ་དྲུག་ལས་ཐོག་མར་སྲིད་འབེབ་ལྷའི་བུ་ལེན་བཞུགས་སོ༔ རྨང་པོ་སྲིད་འཕེལ་གྱི་གདམས་པ་དྲུག་གོ ། ྈྈྈྈྈྈ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ༔ བླ་མ་ལྷ་དང་ཡི་དམ་ཌཱ་ཀིའི་ཚོགས༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་འདོད་འབྱུང་དཔལ༔ ཡིད་བཞིན་ནོར་བུ་ཕྱག་མཆོད་བཀུར་བའི་འོས༔ སྐྱབས་གནས་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ བཟང་པོའི་གདུང་རྒྱུད་ཡ་རབས་རྗེ་ལ་སོགས༔ རྨང་པོ་སྲིད་མེད་རྣམས་ཀྱི་དོན་སླད་དུ༔ མང་པོ་མདོར་བསྡུས་སྲིད་འཕེལ་ཡོངས་ཀྱི་བཅུད༔ ལྷ་ཡི་བུ་ལེན་གཏན་ལ་དབབ་པར་བྱ༔ འདི་ལ་སྤྱི་དོན་རྣམ་པ་གསུམ་ཡོད་དེ༔ དང་པོ་བརྟག་ཚུལ་བར་དུ་ཉེས་སྐྱོན་བསལ༔ ཐ་མ་དབབ་པའི་རིམ་པ་བསྟན་པ་འོ༔ སྤྱི་དོན་དང་པོ་བརྟག་ཚུལ་བསྟན་པ་ནི༔ མཐོང་བ་ཡུལ་དང་དྲིས་པ་ངག་དང་ནི༔ རེག་པ་རྩ་སྟེ་རྟེན་འབྲེལ་མཁྱུད་དཔྱད་དང༔ རྣམ་པ་བཞི་པོས་སྤང་བླང་བྱེ་བྲག་དབྱེ༔ སྲིད་མེད་སྐྱོན་ནི་སྔོན་ལས་འཕྲལ་རྐྱེན་དང༔ འདུ་བའི་ནད་དམ་འབྱུང་བའི་དར་རྒུད་སྐྱོན༔ བར་ཆད་གདོན་གྱིས་བཀག་སོགས་སྲིད་མི་ཆགས༔ དེ་རྣམས་གང་ཡིན་མཁས་པས་བརྟག་པ་འོ༔ དང་པོ་མཐོང་བ་ཡུལ་ལ་བརྟག་པ་ནི༔ འདག་ཆལ་ཆུ་ཡིས་གང་ཡིན་ལུས་རྣམས་བཀྲུ༔ ཉི་མ་རྩེ་ཤར་ཁ་ལོ་ཤར་བསྟན་ཅིང༔ སྤྱི་གཙུག་རྐང་མཐིལ་བར་ཁམས་མ་ལུས་བརྟག༔ ཤ་མདོག་ཁོད་སྙོམས་དཀར་དམར་ངང་སེར་ལྡན༔ ཡང་ན་སྨུག་ནག་སྣུམ་བག་མདངས་དང་ལྡན༔ ཤ་ལྷོད་སྐམ་དྲག་ཉྭ་སུལ་སེན་ཤས་བཟང༔ སྐྲ་འབོལ་འཇམ་མཉེན་བ་སྤུ་གྱེན་མ་ལོག༔ ཡང་ན་ཤ་མདོག་མི་མཐུན་ཁྲའམ་ཐིག་ལེ་ཅན༔ རིན་ཆེན་དབྱིབས་འདྲ་རྡོ་རྗེ་གཡུང་དྲུང་རིས༔ ཕྱག་མཚན་ཟུར་མང་ལ་སོགས་མཛེས་པས་སྤྲས༔ སྲིད་འབྱུང་དང་དུ་བླང་ལ་རྟེན་འབྲེལ་འབད༔ སྤང་བྱ་སྔོ་གྱོང་ནག་ལ་བག་རྡུལ་ཆགས༔ སེར་སྦོས་དམར་ནག་གཞོག་སྐམ་ཡན་ལག་ཉམས༔ བ་སྤུ་གྱེན་ལོག་སོ་དང་སེན་བཀྲག་ཉམས༔ མདངས་ཤོར་ཧཾ་སྐྱ་གསུས་སྦོས་ཐིག་ལེ་ཡོང༔ གྲོག་སྟོང་མགོ་ཐུམ་ཆུ་གྲོད་དཔྱངས་པ་འདྲ༔ རྫ་མ་ཞབས་རྡོལ་སྨིན་ཕྲག་མཐེབ་རྗེས་འདྲ༔ སྦལ་སྦྲུལ་ལ་སོགས་མི་སྡུག་ཤ་རོའི་གཟུགས༔ མིག་མདངས་སྔོ་ལོང་མིག་སྤྲིན་སེར་ཐིག་ཆགས༔ ནུ་མ་རྩེ་སྐམ་ཡང་ན་ཐམས་ཅད་སྐམ༔ དྲོད་མེད་ཡང་ན་རྡོ་ཚན་ལྟ་བུ་སྟེ༔ དེ་ལྟ་བུ་ལ་སྲིད་མེད་མཁས་པས་སྤང༔ མདོར་ན་ཁྲུས་ནས་ཕྱུང་ཞིང་བལྟས་པའི་ཚེ༔ དབྱིབས་དང་ཁ་དོག་ལ་སོགས་མཐོང་ཙམ་གྱིས༔ འབྱུང་དང་མི་འབྱུང་ངང་གིས་ཤེས་པར་འགྱུར༔ གཉིས་པ་དྲིས་ཏེ་ངག་ལ་བརྟག་པ་ནི༔ དངོས་ཉམས་རྨི་ལམ་ལ་སོགས་ནམ་དུ་ཡང༔ གདོན་གྱི་ཆོ་འཕྲུལ་སྣ་ཚོགས་བརྗོད་ལས་འདས༔ ཕོ་མོ་མ་ནིང་ཀླུ་དང་ས་བདག་གམ༔ རྦད་འདྲེ་རྦོད་གཏོང་རྣམ་མང་འབྱུང་ཞེས་དང༔ ལུས་ཀྱི་ཕྱི་ནང་ཚ་གྲང་ན་ལུགས་བརྟག༔ གང་ལའང་སྤང་བླང་མཛོ་རྟོལ་དྲེའུ་ལ་སོགས༔ རབས་ཆད་དཀོར་ནོར་རྨིས་ན་མི་འབྱུང་སྤང༔ ལོ་མང་རྒས་རྒུད་སྐྲན་ནད་གཅོང་གིས་ཟིན༔ ཟླ་མཚན་སྐམ་རུལ་འབྱམས་ཤོར་དུས་མིན་འབབ༔ རྣག་དང་ཆུ་སེར་རྒྱུན་འབབ་ཟླ་མཚན་ནི༔ ཞག་མང་མི་ཆད་ན་ཚ་ཟུག་གཟེར་ཆེ༔ ཡང་ནི་ཟླ་བ་གཉིས་གསུམ་མི་འབབ་སྲིད་ཆགས་བཞིན༔ མདོར་ན་མི་སྙོམས་སྲིད་མི་འཛིན་པས་སྤང༔ དེ་ལས་ལོག་རྣམས་རྟེན་འབྲེལ་འབད་ཅིང་དབབ༔ དྲིས་ལེན་མི་གདབ་སེམས་གསོ་བགས་ཀྱིས་བསྲིང༔ སྲིད་འབྱུང་བླང་བྱའང་ཡུན་རིང་རྟེན་འབྲེལ་འབད༔ གསུམ་པ་རེག་བྱ་རྩ་ལ་བརྟག་པ་ནི༔ ཚ་གྲང་ནད་ངོས་གཟུང་ཞིང་སྨན་དཔྱད་བརྟེན༔ ཞར་ལ་གདོན་ངོས་གཟུང་ཞིང་རྟེན་འབྲེལ་ལམ༔ སྲུང་བ་གདགས་སོགས་སོ་སོར་གཉེན་པོ་བརྟེན༔ མདོར་ན་འདི་དག་དྲང་སྲོང་སྨན་དང་བསྟུན༔ བཞི་པ་རྟེན་འབྲེལ་དག་གིས་བརྟག་པ་ནི༔ གང་ཡིན་བུད་མེད་ཙན་དན་དཀར་དམར་དང༔ ལི་ཤི་སུག་སྨེལ་ཨ་ཀ་རུ་དང་ནི༔ སྤང་སྤོས་ཞིབ་བཏགས་འོ་མའི་ནང་དུ་སྦྱར༔ ཐོག་མར་སུག་ཆུས་ལུས་ཀྱི་མགོ་གཞུག་དང༔ གསང་བའི་ནང་རྣམས་དྲི་མ་དག་པར་བཀྲུ༔ དེ་ནས་སྨན་སྦྱར་འདེ་གུས་ལུས་ཀུན་བྱུགས༔ ཞག་གསུམ་གྲིབ་དང་ཉལ་པོ་རླན་གཤེར་འཛེམ༔ ཞག་གསུམ་ནངས་པར་ཤར་དུ་ཁ་བལྟར་གཞུག༔ ལུས་ལ་ཁྲག་རིས་གདོང་གི་ཤ་མདོག་ལོག༔ ལུས་སྦྲིད་ཡིད་མི་བདེ་ཞིང་བ་སྤུ་འདྲོགས༔ ཁ་སྐམ་དང་ཁ་འགག་ཅིང་སྐྱུག་བཤལ་བྱེད༔ དེ་རྣམས་ཀུན་འབྱུང་ཁ་འཐོར་ཕལ་ཆེར་འཛོམ༔ ཕེབ་པར་དཀའ་ཞིང་ཀུན་འཛོམ་ཕེབ་མི་སྲིད༔ ནད་སྨིན་གདོན་ཟིན་རྟེན་འབྲེལ་ལོག་པ་འོ༔ སྔར་གྱི་བཞིན་ལས་འགྱུར་ལྡོག་མེད་པ་དང༔ ལུས་སེམས་ཉམས་ན་གཡོ་འགུལ་མེད་པ་ནི༔ མོ་གཤམ་བུ་འབྱུང་མཁས་པས་དང་དུ་བླང༔ ཚེ་རབས་ལས་དབང་བུ་དང་འབྲེལ་ཆད་ནི༔ བརྟག་ཚུལ་གང་བྱས་ལར་ཡང་འདྲ་མོད་ཀྱང༔ རྟེན་འབྲེལ་དཔྱད་རྡུགས་བུ་སྐལ་བསོད་ནམས་གསག༔ ཚོགས་སྤེལ་ཡར་མཆོད་མར་ལ་སྦྱིན་པ་གཏང༔ དབང་དང་དངོས་གྲུབ་ཞུ་ཞིང་སྨོན་ལམ་གདབ༔ དེ་ཚུལ་ལྷ་ཡིས་རེ་རེ་སྦྱིན་ཡང་སྲིད༔ ངེས་པ་མེད་ཕྱིར་བརྩོན་འགྲུས་དོ་དམ་བྱ༔ འཕྲལ་རྐྱེན་སྲིད་མེད་རང་དང་གཞན་གྱིས་ལན༔ ཡང་ན་གཉིས་ཀས་མ་བཟོད་འདི་ལྟ་སྟེ༔ རང་གིས་ཆགས་སྲེད་ཕྱོགས་མེད་གཡེམ་པ་ཡིས༔ འགྲིམ་ལམ་སྐྱ་མོ་ས་གཞི་ཡིན་མོད་ཀྱང༔ རྩྭ་ཤིང་ལྡུམ་སོགས་མི་སྐྱེ་ཇི་བཞིན་དུ༔ སྲིད་མི་འཛིན་པས་དེ་ཚུལ་ཤེས་པར་བྱ༔ གཞན་ཡང་རང་གིས་སྤྱོད་ལམ་མ་གཟོའི་དབང༔ ས་བདག་ཀླུ་གཉན་ལ་སོགས་གདོན་དང་འགྲས༔ ཟས་སྐོམ་བརྟེན་ཉེས་ཁོང་སྐྲན་ནད་ཀྱིས་ཟིན༔ དྲག་ཤུལ་སྤྱོད་པས་རྩ་ཆད་བུ་སྣོད་འཆུས༔ དེ་སོགས་ཡུན་བརྟེན་ཞིབ་པར་བརྟག་པ་གཅེས༔ གཞན་རྐྱེན་དབང་མེད་སྐྱེས་པས་ཆུང་ནས་སྤྱད༔ དེ་ཡི་དབང་གིས་རྩ་ལ་སྐྱོན་ཞུགས་སམ༔ བུ་སྣོད་རལ་སོགས་སྐྱོན་མང་བསྐྱེད་པ་དང༔ རྩི་སྦྱོར་ཁོང་སོང་བྱུག་བདུག་བུ་རྩི་བླུད༔ གཏད་དང་ཁྲམ་སོགས་ངན་སྔགས་ཐེམས་སུ་བཅུག༔ ལོག་སྨིན་སྦྱོར་བས་སྲིད་ཆགས་ནུས་པ་ཉམས༔ གཉིས་ཀས་མ་བཟོད་འདྲེ་གདོན་གནས་པ་འམ༔ མི་གཙང་རོ་བག་ཡོད་སར་ཉལ་པོ་བྱས༔ གཉིད་ལོག་གདོན་ཞུགས་སྲིད་ལ་བར་ཆད་བྱས༔ མདོར་ན་འཕྲལ་རྐྱེན་རྣམ་མང་ཞིབ་བརྟག་ཅིང༔ སོ་སོར་གང་འཕྲོད་གཉེན་པོས་བཅོས་ལ་འབད༔ འདུ་བ་ནད་ཀྱིས་རྐྱེན་བྱས་སྲིད་མེད་ནི༔ ཕལ་ཆེར་མོ་ནད་ཡིན་ཕྱིར་སྨན་དཔྱད་བརྟེན༔ ལ་ལ་ཚ་གྲང་ལ་སོགས་ནད་ཞུགས་པས༔ སྲིད་མེད་རྐྱེན་བྱེད་དེ་སོགས་སྨན་གཞུང་གཙོ༔ འོན་ཀྱང་བྱིན་རླབས་སྔགས་དང་ནུས་པ་དང༔ མཁྱུད་དཔྱད་ཟབ་མོས་ནད་ཞི་སྲིད་དང་ལྡན༔ འབྱུང་བ་དར་རྒུད་རྐྱེན་ལ་ཕྱི་ནང་གཉིས༔ ཕྱི་ཡི་འབྱུང་བ་རྩིས་གཞུང་རྣམས་དང་བསྟུན༔ ནང་གི་འབྱུང་བ་ལྕགས་ཆུ་མེ་ས་ཤིང༔ གཟའ་མི་སྲོག་ལུས་དབང་ཐང་རླུང་རྟ་རྣམས༔ མི་མཐུན་ནང་ཐུག་རྐྱེན་བྱས་སྲིད་མི་ཆགས༔ གཞན་ཡང་ནང་དུ་རྒྱུ་དང་སྣོད་ཀྱི་སྐྱོན༔ རྒྱུ་ཡི་སྐྱོན་དང་ཕ་ཡི་ས་བོན་ཏེ༔ ཐིག་ལེ་སྐམ་རུལ་བཅུད་མེད་ལ་སོགས་དང༔ འདྲེ་གདོན་གྲིབ་ཀྱིས་ཉེས་པས་རྒྱུ་ཉམས་ནས༔ ས་བོན་མེས་ཚིག་འབྲས་བུ་མི་འབྱུང་བཞིན༔ དེ་ཡི་མཚན་ཉིད་མཁས་པས་ཤེས་པར་བྱ༔ རྒྱུ་གསོའི་མན་ངག་སྤྱི་དང་མཐུན་པར་བསྟན༔ འོན་ཀྱང་སོ་སོར་གཉེན་པོས་བཅོས་པར་བྱ༔ སྣོད་སྐྱོན་ཁ་འཐམ་ཁ་འཆུས་དྲི་མ་ཆགས༔ དེ་རྣམས་སྐྱོན་གྱིས་སྲིད་མེད་ཤེས་པར་བྱ༔ གདོན་གྱིས་སྐྱོན་བྱས་སྲིད་མེད་རྣམ་མང་ཡང༔ མདོར་བསྡུས་ཕོ་གདོན་མོ་གདོན་ཀླུ་གདོན་ཏེ༔ ཕོ་གདོན་བདུད་བཙན་ལྷ་དང་རྒྱལ་པོ་དང༔ འགོང་པོ་ཐེའུ་རང་མོ་གདོན་མ་མོ་དང༔ བདུད་མོ་དམ་སྲི་བསེན་མོ་འདྲེ་མོར་འདུས༔ ཀླུ་གདོན་རྣམ་མང་རྣམ་པ་གཅིག་ཏུ་འདུས༔ དེ་རྣམས་གང་གདོན་མོ་རྩིས་རྨི་ལམ་དང༔ རྣོ་མཐོང་རྩ་པྲ་རྟེན་འབྲེལ་རྣམས་ཀྱིས་བརྟག༔ སོ་སོར་རྟེན་འབྲེལ་རིམ་གྲོ་སྲུང་བ་གདགས༔ དེ་སོགས་བརྟག་པའི་རིམ་པ་གང་ལ་ཡང༔ འོས་དང་མི་འོས་ཤིས་དང་མི་ཤིས་པ༔ མ་ནིང་རྒན་པོ་མཛེ་ཅན་དཔྱད་མི་ཁེབས༔ ནན་བཙིར་དབང་མེད་འདོད་གཡེམ་རང་འདོད་སྤང༔ རྒྱུད་དང་མདོ་སྡེ་མན་ངག་དང་ཡང་བསྟུན༔ འོས་རྣམས་བསྟེན་ཅིང་མི་འོས་རིང་དུ་སྤང༔ ༈ སྤྱི་དོན་གཉིས་པ་ཉེས་སྐྱོན་བསལ་བ་ནི༔ སྐྱེ་སྔོན་གཞན་སྲོག་བཅད་སོགས་རྣམ་སྨིན་གྱིས༔ ཚེ་འདིར་སྲིད་མེད་རྨང་པོར་གྱུར་པ་སྟེ༔ རྣམ་སྨིན་སྦྱང་ཕྱིར་ཆོས་འདོན་སཱཙྪ་གདབ༔ འཆི་སྲོག་བསླུ་ཞིང་ལོངས་སྤྱོད་སྦྱིན་གཏང་བྱ༔ རང་ཡང་ལུས་ངག་ཡིད་གསུམ་དགེ་ལ་འབད༔ ཡི་དམ་བསྙེན་སྒྲུབ་ལྷ་མཆོད་གསོལ་བ་གདབ༔ བཤགས་སྦྱོང་ལ་སོགས་དགེ་བའི་ལས་རྣམས་བྱ༔ དེ་ལྟར་འབད་ན་ཉེས་པའི་སྐྱོན་བྱང་ཞིང༔ ཚེ་འདིར་སྲིད་འཕེལ་ལོངས་སྤྱོད་ཕུན་སུམ་ཚོགས༔ ཚེ་འདིར་མ་འཕེལ་ཕྱི་མ་འཕན་པོར་འགྱུར༔ དེ་ཡང་ཆོས་དང་མཐུན་པའི་རིགས་སུ་སྐྱེ༔ གནས་སྐབས་ཚེ་འདིར་སྤྱོད་ལམ་སྐྱོན་ཞུགས་ལ༔ ཕ་མ་གཡེམ་ལ་མི་འགྲོ་ལུས་ཚུགས་བསྡམས༔ དྲག་རྡབ་ལས་སྤང་བཟའ་བཏུང་བཅུད་ཆེན་བརྟེན༔ གྲིབ་དང་མི་གཙང་ཐབ་གཞོབ་ཐ་དག་འཛེམ༔ མཁོན་སར་བྱེ་ཞིག་བཟའ་འཐབ་མནའ་ཟ་སྤང༔ སྐྱས་ནག་བྱུར་སྣ་འོད་ཅན་རྫས་ལ་སོགས༔ འགྲུལ་སྣ་བག་སྔུར་ཡེར་ཅན་མཐའ་དག་གཟབ༔ སྔངས་སྐྲག་བྲེད་རླབས་དམག་འུར་ལ་སོགས་པ༔ གློ་བུར་སེམས་ཀྱི་གཟེ་རེ་མ་ཕོག་གཅེས༔ ནད་སྐྱོན་སེལ་ཐབས་སྨན་དཔྱད་གཞུང་དང་བསྟུན༔ ཚ་བའི་ནད་ལ་བསིལ་བཅོས་རྩ་ལ་དྲང༔ གྲང་བའི་ནད་ཀྱང་དེ་བཞིན་དྲོད་བཅོས་བསྟེན༔ གང་ལའང་རྩ་བཤལ་ལྟོ་བཤལ་ཁ་བསྒྱུར་བཅས༔ མཁས་པས་སྨན་མར་རིལ་བུ་གམ་ཕྱེ་དང༔ ཐང་དང་མེ་བཙའ་ཁྲག་རོ་དབྱུང་ལ་སོགས༔ གང་ལ་གང་འོས་སྤྱི་ལྟར་སྐྱོན་བསལ་འབད༔ སྨན་རྗེས་འཚོ་ཞིང་ལུས་གསོ་སྲིད་འབེབ་ཀྱི༔ སྨན་སོགས་གང་རིགས་དཀྱུས་ནས་འབྱུང་བཞིན་འབད༔ འབྱུང་བ་དགྲ་གཤེད་སྐྱོན་གྱིས་སྲིད་མེད་ལ༔ ལོ་སྐྱོབ་ལོ་བར་གཅོད་པའི་རྟེན་འབྲེལ་དང༔ མ་བུ་འཕྲོད་པའི་འཁོར་ལོ་གདགས་པ་འམ༔ གཟའ་མི་མི་མཐུན་མཐུན་གསུམ་ལོ་དང་སྤྲད༔ དབབ་པའི་རྟེན་འབྲེལ་བརྩོན་འགྲུས་འབད་པས་འབྱུང༔ ཅིས་ཀྱང་མ་མཐུན་ཕོ་མོ་ཆ་ལུགས་དང༔ མི་རྣམས་ཕོ་མོ་གོ་ཟློག་རྟེན་འབྲེལ་བྱ༔ ཡང་ན་བསྟན་པའི་སྒོར་ཞུགས་སྡོམ་པ་བླང༔ གསུམ་ལ་སྐྱབས་འགྲོ་བྱ་ཞིང་སླར་སྡེབ་འབྱུང༔ སྣོད་ལ་སྐྱོན་ཞུགས་འཆུས་ལ་བསྲང་བ་དང༔ བུ་སྣོད་ཁ་ཟུམ་འབྱེད་པའི་སྦྱོར་བ་བྱ༔ རལ་དང་རྣག་ཞུགས་འཚོ་དཔྱད་བསྟེན་ལ་བཅོས༔ གདོན་སྐྱོན་ཕོ་གདོན་མོ་གདོན་ལ་སོགས་པ༔ གང་ལའང་བརྟགས་ལ་སོ་སོར་རིམ་གྲོ་དང༔ ཁོང་སྲུང་ལ་སོགས་སྲུང་བའི་རིམ་པ་རྣམས༔ གང་ལ་གང་འོས་སྐྱོན་བསལ་ཐབས་ལ་འབད༔ མདོར་ན་བཅོས་མེད་ཐབས་ཀྱིས་སྤོང་བ་མན་ངག་སྟེ༔ བཅོས་ཡོད་རྣམས་ནི་དང་དུ་བླང་བྱ་ཞིང༔ ཐབས་དང་རྟེན་འབྲེལ་དུ་མས་དབབ་པར་བྱ༔ སྐྱོན་བསལ་རིམ་པ་སྨན་དང་རིམ་གྲོ་དང༔ འབྱུང་བ་རྟེན་འབྲེལ་མཁྱུད་དཔྱད་ལ་སོགས་པ༔ ཕ་མའི་སྤྱོད་ལམ་གཟབ་པ་མཐར་ཐུག་བར༔ གང་ལ་གང་འོས་སྤྱི་གཞུང་རྣམས་དང་བསྟུན༔ ༈ སྤྱི་དོན་གསུམ་པ་དབབ་པར་བྱ་བ་ནི༔ གོང་ལྟར་ཆགས་དང་མི་ཆགས་བརྟགས་ནས་ཀྱང༔ མི་ཆགས་སྤངས་ཏེ་ཆགས་ལ་སྐྱོན་བསལ་ནས༔ རྫས་ཀྱིས་དབབ་དང་ནུས་པ་སྔགས་ཀྱིས་དབབ༔ མི་མ་ཡིན་ལ་སློང་དང་གནད་ཀྱིས་དབབ༔ དེ་ལྟར་རྣམ་པ་བཞི་ལས་དང་པོ་ནི༔ ཁམས་རྒུད་སྲིད་ཀྱི་ནུས་པ་ཉམས་པའི་རིགས༔ ཕ་ནི་ལྔ་བཅུ་ཁ་རལ་ནུས་པ་ཉམས༔ དེ་བཞིན་མ་ནི་སུམ་ཅུ་བརྒལ་ནས་ཉམས༔ དེ་ལས་གཞན་ཡང་ཡུན་རིང་ནད་ཀྱིས་གཙེར༔ བསོད་མེད་ལས་ཀྱིས་མནར་དང་བཟའ་བཏུང་ཞན༔ གཞན་ཡང་ཕ་མའི་དཀར་དམར་ནུས་སྟོབས་ཞན༔ དེ་ཡི་དབང་གིས་སྲིད་ཆགས་ཤིན་ཏུ་དཀའ༔ འོན་ཀྱང་ལ་ལ་ལོ་མང་ལོན་གྱུར་ཀྱང༔ ཁམས་དར་སྐྱོན་དང་བྲལ་ན་སྲིད་ཆགས་འགྱུར༔ དེ་ལྟར་ངེས་པ་མེད་ཀྱང་གསོ་བའི་རྫས༔ རྩ་བ་དང་ནི་ཡན་ལག་རྣམ་པ་གཉིས༔ རྩ་བ་ལ་ནི་ལུས་ཆགས་པར་བྱེད་པའི་རྫས།་་་གསེར་མདོག་མ་ཉམས་གསུམ༔ རྣམ་ཤེས་ཆགས།་་་མུ་ཏིག་དུང་ཆུང་སྲིན་མེད་རྨ་བྱའི་མདོངས༔ དབང་པོ་ཆགས།་་་དབང་ལག་སྡེར་མོ་ལྔ་པ་ཡན་ཆད་དང༔ བྷོ་ཏི་ཙེ་དང་ལོང་ཐང་སྙིང་པོ་དང༔་་་སྲིད་འཛིན་པར་བྱེད་པའི་རྫས། འགྲོན་བུ་སྦྲུམ་མ་མིག་མེད་ཆེ་ཆུང་གསུམ༔་་་སྲིད་ཕོ་རུ་འགྱུར་བའི་རྫས། མདངས་ཆགས།་་་མཚལ་དཀར་དང་ནི་ཙནྡན་དཀར་དམར་གཉིས༔་་་ཕ་ཡི་ཐིག་ལེ་འཛིན། སྐྱེས་པ་དར་མའི་ས་བོན་ཐུན་གཅིག་དང༔་་་ཕ་ཡི་ཐིག་ལེ་འཛིན་པ་ཡིན། གུ་གུལ་ནག་པོ་གླ་རྩི་ཆུ་དག་དང༔་་་འདི་གསུམ་གྱིས་བགེགས་བསྲུང་བའོ། །དེ་རྣམས་རྩ་བའི་རྫས་སུ་ཤེས་པར་བྱ༔ གཞོན་པ་རྣམས་ལ་དེ་སྟེང་བཟང་དྲུག་བསྣན༔ ཁྱེའུ་ཕ་མ་འཛོམ་པས།་་་ཆ་མཉམ་ཞིབ་ཏུ་བཏགས་པའི་རིལ་བུ་དྲིལ༔་་་སྲན་མ་ཕོས་པ་ཙམ་དུ། སོ་སོ་འབྲང་མའི་སྔགས་དང་སྲིད་འཕེལ་སྔགས༔ རྩ་བ་གསུམ་སོགས་སྔགས་ཀྱིས་རབ་གནས་བྱ༔ ཟླ་བ་ཉ་ལ་བབ་ཅིང་གཟའ་སྐར་བཟང༔ ལྷ་ལ་གསོལ་མཆོད་བྱ་ཞིང་རིལ་བུ་བརྟེན༔་་་ཐོ་རངས་ཁྱེ་སུས་གསུམ་གསུམ། ཞག་གྲངས་ཉེར་གཅིག་བར་དུ་བར་མ་ཆད༔ སྲུང་སྡོམ་དང་བཅས་རབ་ལ་ཟླ་དུས་ཏེ༔ འབྲིང་ལ་གཉིས་ལོག་ཐ་མ་ལོ་དུས་ཏེ༔ སྲིད་འཁོར་གསོ་བའི་མན་ངག་དཀྱུས་ལྟར་བྱ༔ དེ་ལྟར་རྩ་བའི་སྨན་རྫས་སྟེང་དག་ཏུ༔ རྒས་པ་རྣམས་ལ་ཡན་ལག་སྨན་གཉིས་ནི༔ སྟོབས་གསོ་ཁམས་རྣམས་རྒྱས་པར་བྱེད་པའི་སྨན༔ ག་པུར་ཨ་རུ་ཤ་ཆེན་བ་རུ་ར༔ སྐྱུ་རུ་ར་དང་གྷི་ཧཾ་ལི་ཤི་དང༔ སུག་སྨེལ་ཛཱ་ཏི་ཅུ་གང་གུར་གུམ་སྟེ༔ རུ་རྟ་རྣམས་ནི་ཐུན་ལོག་ཁ་སྤྲོད་གཏང༔ ཁམས་རྒྱས་རྫས་ནི་རྒྱ་སྦལ་ཤ་རུ་དང༔ བྱ་མོ་ནག་མོའི་སྒོང་རྩི་སེར་པོ་དང༔ ར་ཐུག་ལུག་ཐུག་གཉིས་ཀྱི་འབྲས་བུ་དང༔ བྱེའུ་ནས་ཟན་མགོ་དམར་ཤ་དང་ཁྲག༔ དྲོད་སྨན་ཧྲིལ་འཇོང་གཉིས་དང་ཀ་ར་དང༔ བྱ་ཕོ་མཚལ་འབར་ཤ་ཁྲག་ཁྱད་པར་དུ༔ ཟེ་བ་ཕྲུམ་ཕྲུམ་དམར་པོའི་ཁྲག་དང་ནི༔ ནས་ཆང་ལོ་ལོན་ནེའུ་བུ་རམ་དང༔ སྦྲང་རྩི་ལྷད་མེད་འབྲི་མར་རྙིང་པ་སྟེ༔ རུ་གསུམ་ཡན་ཆད་སྨན་དང་སྲིད་འཛིན་སྨན༔ ཕྱེ་མར་བསྒོས་ཏེ་ཁྱེའུ་མ་ཞོ་སྦྱར༔་་་བུ་སྐྱེས་ནས་མ་ཤིའི་མ། རིལ་བུ་སྲན་མ་ཕོས་པ་ཙམ་དུ་བྱ༔ གཞན་རྣམས་སྨན་མར་སྤྱི་མཐུན་སྦྱར་ནས་ཀྱང༔ བརྟེན་ཚུལ་དག་ནི་སྔར་དང་མཚུངས་པ་སྟེ༔ མོ་ལ་སུམ་གཉིས་ཕོ་ལ་གསུམ་ཆ་བྱིན༔ དེ་ཚེ་སྔོ་ཚོད་ལྒ་གཡེར་བཅུད་མེད་ཀྱི༔ བཟའ་བཏུང་ལ་སོགས་སྐྱོན་ཅན་ཐམས་ཅད་སྤང༔ བཟའ་བཏུང་བཅུད་ཆེན་དྲོ་ལ་ཡང་བའི་གོས༔ ལུས་སྟོབས་སྐྱེད་པའི་ཟས་གོས་བརྟེན་པར་བྱ༔ སྤྱོད་ལམ་དུས་མིན་ཉལ་པོ་དྲག་ལས་དང༔ རླན་གཤེར་རྒྱུག་འགྲུལ་རྔུལ་ཐོན་བྱ་བ་སྤང༔ རོ་བག་ལ་སོགས་གྲིབ་རྣམས་ཀུན་ལ་འཛེམ༔ དེས་ནི་སྟོབས་འཕེལ་སྲིད་དང་ལྡན་པར་འགྱུར༔ དེ་ལས་གཞན་ནི་སྲིད་འབེབ་རྫས་སྦྱོར་དུ༔ ལན་ཚྭ་ལྔ་སྦྱོར་སྦྲང་རྩི་པི་པི་ལིང༔ ཡུངས་དཀར་བ་བླ་གྷི་ཧཾ་ཤིང་མངར་དང༔ ཨུཏྤལ་ཏིལ་ནག་གེ་སར་རྣམ་པ་གཉིས༔ ཆ་མཉམ་ཞིབ་བཏགས་སྐྱེས་པའི་ས་བོན་སྦྱར༔ ཟླ་མཚན་བྱུང་ནས་མ་ཆད་བར་དུ་བརྟེན༔ བརྟེན་ཚུལ་རིལ་བུར་བསྒྲིལ་རྣམས་གོང་དང་མཚུངས༔ ཆད་ན་ཞག་གསུམ་ལྔའམ་གཅིག་ལོན་ནས༔ དྲི་བཟང་སྨན་གྱིས་ཆུ་སྦྱར་ལུས་རྣམས་བཀྲུ༔ ཕ་མ་འདུ་འཕྲོད་སྲིད་དང་ལྡན་པར་འགྱུར༔ ࿊ གཉིས་པ་ནུས་པ་སྔགས་ཀྱིས་དབབ་པ་ནི༔ རྩ་བ་གསུམ་ལ་བསྙེན་པ་ཐེམས་པ་ཡི༔ སྔགས་པས་རྩ་གསུམ་ཡང་སྙིང་སྔགས་ཤམ་དུ༔ ཨཱོྃ་ཧྲཱི་སྟི་མི་ར་ཛ་ནི་སྭཱ་ཧཱ༔ ཨཱོྃ་ཡ་རི་ཛེ་ཡཱེ༔ གྷ་ཏ་ཧྲཱི༔ བཱི་ཀ་རེ་ཀ་ཡཻ༔ ཨ་རུ་ཙ་ན་དྷེ༔ བཛྲ་ན་ད་ཧཱ༔ བཛྲ་ཨ་ན་ཡཱ༔ ན་སོ་ཡེ༔ ཨ་ལ་ཏ་ལེ༔ ཀུ་ལེ་ལེ༔ ན་ར་ཡ་ནི༔ པ་ར་ཡ་ནི༔ པ་ཐ་ནི་སྭཱ་ཧཱ༔ ཨཱོྃ་མ་ཎི་དྷཱ་རི་བཛྲི་ནཱི་མ་ཧཱ་པྲ་ཏི་ས་རེ་པྲ་ས་རེ་པུ་ཏྲ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ སྭཱ་ཧཱ༔ ཞེས་པ་གྲྭ་ཟུར་མ་ཉམས་སྟོང་ཕྲག་བཟླ༔ སྨྲ་བ་བཅད་དེ་ཤ་ཆང་སྒོག་གསུམ་སྤང༔ ཁྱེ་འུ་ལྔ་འམ་བདུན་སྐྱེས་མ་མ་ལ༔ འོ་མ་སློང་སྟེ་སྔགས་བཏབ་བུ་ཚིགས་དུས༔ བུད་མེད་ལུས་བཀྲུས་དགོང་མོ་སྔགས་ཆུ་སྦྱིན༔ བྱང་ཕྱོགས་སྔས་གཏད་ཐོ་རངས་འདུ་འཕྲོད་སྤྲད༔ དུས་དེར་ཕ་ཡི་ལག་ཏུ་རྡོ་རྗེ་གཟུང༔ མ་ཡི་སྲིན་ལག་གཡས་པ་དར་གྱིས་བཅིང༔ ཞག་གསུམ་བར་དུ་བུད་མེད་མཚམས་བཅད་དེ༔ ཁྱོ་ཕོ་མ་གཏོགས་སུ་དང་འཕྲད་མི་བྱ༔ སྲིད་ཆགས་རྒྱལ་བས་གནང་བའི་བུ་ཡིན་པས༔ རྒྱལ་པོའི་བུ་ལྟར་གསོ་བ་མན་ངག་ཡིན༔ མཐིང་ཤོག་དག་ལ་རིན་ཆེན་གསེར་དངུལ་གྱིས༔ སྔགས་རྣམས་དབུ་ཅན་ལྷག་ཆད་མེད་པར་བྲི༔ རང་སྔགས་བརྒྱ་ཡིས་རབ་གནས་རྟེན་འབྲེལ་བརྗོད༔ དར་སྣ་ལྔས་དྲིལ་ཕ་མ་གཉིས་ལ་བཏགས༔ དེས་ཀྱང་བུད་མེད་སྲིད་དང་ལྡན་ཞེས་གསུངས༔ དུས་ཚོད་གཟའ་སྐར་ཚེས་གྲངས་བཟང་ལ་ཤིས༔ བླ་མ་ལྷ་དང་ཕོ་ལྷ་དགྲ་བླ་མཆོད༔ སློབ་དཔོན་ཆོས་སྐྱོང་དམ་ཅན་སྲུང་མ་མཆོད༔ སྐོང་གསོལ་ལ་སོགས་སྲུང་མ་གནད་ནས་བསྐུལ༔ འདི་ལ་སྔགས་ཀྱི་ནུས་པ་ཐོན་གྱུར་ན༔ མོ་གཤམ་ཉིད་ཀྱང་སྲིད་དང་ལྡན་ཞེས་ན༔ དེ་ལས་གཞན་པར་སྲིད་འབྱུང་སྨྲོས་ཅི་དགོས༔ ࿊ གསུམ་པ་མི་མ་ཡིན་ལ་སློང་བ་ནི༔ ལྷ་ཀླུ་གཉན་དང་གནོད་སྦྱིན་དྲི་ཟ་སོགས༔ སྣང་སྲིད་ལྷ་འདྲེ་རྣམས་ལ་མདོས་གཏོར་དང༔ ཆབ་གཏོར་ལ་སོགས་གང་ལ་གང་རིགས་ཀྱི༔ གསོལ་མཆོད་བྱ་ཞིང་བདེན་པའི་སྟོབས་བརྗོད་དེ༔ ལྷ་འདྲེ་གནས་པའི་ས་རྡོ་ཤིང་སོགས་དང༔ དར་དཀར་དག་ལ་སྨན་སྣས་སྔགས་འདི་བྲི༔ རྩ་གསུམ་ཡང་སྙིང་སྤྱི་དྲིལ་སྔགས་རིང་མཐར༔ ཨཱོྃ་མར་མེར་ཐབས་ཐིབས་གནམ་ས་སྡོད་འབྱེད་སྲིད་པ་བསྟོད་བསྟོད༔ པུ་ཏྲ་པུས་ཏིང་ཀུ་རུ་སྭཱ་ཧཱ༔ ཆེ་གེ་མོ་ལ་བུ་ཁྱེའུའི་དངོས་གྲུབ་སྩོལ་ཅིག་སྭཱ་ཧཱ༔ ཞེས་བྲིས་སྟོང་བཟླས་དར་སྣ་ལྔ་ཡིས་དྲིལ༔ ས་ཡི་རིན་ཆེན་གྭ་འུའི་ནང་དུ་གཞུག༔ འཕན་པོ་གསུམ་ལས་་་མི་ནོར་ཆོས་གསུམ་གྱིས་ཕྱུག་པ་གསུམ་ལས་སོ།རྫས་བླང་གྭ་འུར་བླུག༔ གཟའ་སྐར་ཚེས་གྲངས་ཤིས་པའི་ཉིན་ཞག་དུས༔ འགོ་བའི་ལྷ་གསོལ་སྣང་སྲིད་ལྷ་འདྲེ་མཆོད༔ བུད་མེད་སྔས་འོག་གྭ་འུ་གཏེར་དུ་སྦ༔ བཀྲ་ཤིས་རབ་གནས་མངའ་གསོལ་ལེགས་པར་བྱ༔ མལ་ས་མི་སྤོ་གཏེར་གནས་མི་བསྒུལ་གཅེས༔ ལོ་དུས་མ་འགྱང་བུད་མེད་སྲིད་དང་ལྡན༔ སྣང་སྲིད་ལྷ་འདྲེས་མི་ནོར་འཕེལ་བར་བྱེད༔ ཁྱད་པར་རང་ལ་མགོན་བྱེད་ལྷ་ཡོད་ན༔ དེ་ཉིད་གསོལ་མཆོད་སྲིད་ཀྱི་དངོས་གྲུབ་ཞུ༔ རྟག་ཏུ་སྤྱི་དང་བྱེ་བྲག་ལྷ་འདྲེ་མཆོད༔ ࿊ བཞི་པ་མན་ངག་གནད་ཀྱིས་དབབ་པ་ནི༔ དང་པོ་སྐར་མ་རྒྱལ་ལ་བབས་པའི་དུས༔ དར་དམར་གྲྭ་ཟུར་མ་ཉམས་ཁ་གང་ལ༔ རིན་པོ་ཆེ་འམ་བཟང་དྲུག་སྨན་སྦྱོར་གྱིས༔ ཙཀྲ་མུ་ཁྱུད་བཅུ་རུ་བསྐོར་བའི་དབུས༔ དགའ་བ་འཁྱིལ་བ་གཡས་སུ་བསྐོར་བ་ཡི༔ ལྟེ་བར་ནོར་བུ་འབར་བ་ཨཱོྃ་གྱིས་མཚན༔ ཁུག་པ་བཞི་ལ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿས་མཚན༔ ཡན་ལག་བཞི་ལ་ཤར་ནས་རིམ་བཞིན་དུ༔ བཛྲ་ཌཱ་ཀི་ནཱི་བཛྲ་དཔའ་བོ་ཧཱུྃ༔ རཏྣྎ པདྨྎ ཀརྨྎ ཞེས་པ་རེ་རེའི་གཤམ་དུ་སྤེལ་ཚིག་ནི༔ པུ་ཏྲ་པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་རྩ་གསུམ་དྲིལ་སྔགས་དང༔ ཨཱོྃ་མ་ཎི་དྷཱ་རི་བཛྲི་ནཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊཿཆེ་གེ་མོ་ལ་པུ་ཏྲ་པུཥྚིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ དེ་རྒྱབ་མུ་ཁྱུད་ལ་འཆང་བ་ཆེ་གེ་མོ་ལ༔ སྲིད་པ་བུའི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་སོགས་སྲིད་ཀྱི་སྤེལ་ཚིག་གང་འདོད་བྲི༔ དེ་རྒྱབ་མུ་ཁྱུད་ཚེ་དཔག་མེད་པའི་གཟུངས༔ ཨཱོྃ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སམྦྷ་རོ་པ་ཙི་ཏེ་སྭཱ་ཧཱ༔ ཞེས་དང་པདྨ་བཛྲའི་སྙིང་པོ་བྲི༔ དེ་རྒྱབ་པདྨ་འདབ་བརྒྱད་བྲིས་པ་ལ༔ དགོངས་འདུས་ཕོ་བྲང་གཙོ་བོའི་སྔགས་བརྒྱད་འགོད༔ དེ་རྒྱབ་མུ་ཁྱུད་དྲིལ་སྔགས་རིང་མོ་བྲི༔ དེ་རྒྱབ་མུ་ཁྱུད་ཨཱ་ལི་ཀཱ་ལི་དང༔ རྟེན་འབྲེལ་སྙིང་པོ་ཡེ་ཤེས་བརྟན་པ་བྲི༔ དེ་རྒྱབ་རྩིབས་བཅུ་དག་ལ་ཁྲོ་བཅུའི་སྔགས༔ མ་མ་རཀྵ་ཀུ་རུ་སྭཱ་ཧཱ་ཞེས༔ རེ་རེ་རྫོགས་པར་སྲུང་བའི་སྤེལ་ཚིག་བྲི༔ རྩིབས་མཆན་བཅུ་ལ་ཧཱུྃ་བཅུ་ཕཊཿབཅུ་འགོད༔ དེ་རྒྱབ་མུ་ཁྱུད་དག་ལ་དགོད་པའི་སྔགས༔ ཨཱོྃ་ན་མཿས་མནྟ་བུདྡྷཱ་ནཱཾ༔ ཞེས་སོགས་འཁོར་ལོས་བསྒྱུར་བའི་སྔགས་རིང་བྲི༔ དེ་རྒྱབ་མུ་ཁྱུད་ཡི་དམ་ཞི་ཁྲོའི་སྔགས༔ རིགས་གསུམ་མགོན་པོ་རྟ་མགྲིན་ཕག་མོ་དང༔ ཤཱཀྱ་ཐུབ་པའི་སྙིང་པོ་ཤེར་སྙིང་བྲི༔ ཀུན་ལ་ཤམ་བུར་པུ་ཏྲ་པུཥྚིང་གདགས༔ དེ་རྒྱབ་མུ་ཁྱུད་རྡོ་རྗེའི་ར་བས་བསྐོར༔ ཕྱི་འཁོར་རྡོ་རྗེ་རྒྱ་གྲམ་མེ་རི་བྲི༔ མཛེས་པའི་ཚོན་དང་དྲི་བཟང་སྨན་གྱིས་བྱུག༔ ག་པུར་གུར་གུཾ་གྷི་ཧང་ཙནྡན་གྱིས༔ ཀ་བ་གསུམ་བསྒྲིལ་ཟླ་ཁམ་སུམ་བརྩེགས་པ༔ དཔེའུ་ཆུང་ལྟ་བུར་བྲིས་པའི་འཁོར་ལོ་རྣམས༔ རབ་ཏུ་གནས་བྱ་སྤྱི་དང་མཐུན་པ་ལ༔ ཁྱད་པར་ཙཀྲ་དག་ལ་བྲིས་པ་ཡི༔ སྔགས་རྣམས་བརྒྱ་ཕྲག་ཡན་ཆད་མང་བཟླས་ཤིང༔ ཡུངས་དཀར་རྒྱལ་པོ་དང་ནི་སྲིད་འཛིན་གྱི༔ སྨན་གྱི་རིལ་བུ་དར་དམར་ཁུད་དུ་དྲིལ༔ སོ་སོར་འབྲང་སྔགས་གཤམ་ཅན་སྟོང་ཕྲག་བཟླ༔ བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་དང༔ འཇིག་རྟེན་འདས་དང་མ་འདས་ཐུགས་དམ་བསྐང༔ མཆོད་པས་དགྱེས་བྱ་ཙཀྲ་དར་སྣས་དྲིལ༔ གཞན་ནས་འབྱུང་བཞིན་ལོ་རྐྱེན་ཀུན་ཐུབ་དང༔ སོ་སོར་འབྲང་མའི་ཙཀྲ་བཅས་པ་རྣམས༔ ལུས་དང་གྲིབ་ལྟར་དམིགས་བྱའི་མཆན་གཡོན་གདགས༔ བཏགས་དུས་གུ་གུལ་དུད་པས་ལུས་བདུག་ཅིང༔ ཁྲུས་དང་བསང་སྦྱང་གཏོར་མས་བྱིན་བརླབ་ཅིང༔ ལྷ་གསོལ་གཡང་བླན་བཀྲ་ཤིས་མངའ་གསོལ་སོགས༔ དགའ་སྟོན་རོལ་མོ་རྟེན་འབྲེལ་ལ་ཉེ་བསྒྲིག༔ དེ་རྣམས་ཡར་ངོའི་གཟའ་སྐར་བཟང་དུས་སྤྲད༔ དེ་ནས་ཟླ་སྨད་མར་ངོའི་ཐེབས་ལྡན་དུས༔ གང་གནོད་འདྲེ་ལིང་དགུག་གཞུག་བཅིངས་ཤིང་དྲིལ༔ གནོད་བྱེད་ཐུན་བྷྱོ་ཨ་ཏི་རྦད༔ གནོད་བྱེད་ཆེ་གེ་མོ་ཐུན༔ ཆུང་སྲི་སོད་སོད༔ ས་མ་ཏ་སརྦ་བིག་ནཱན་ཐུཾ་རི་ལི་ལི་སོད༔ ཅེས་པ་མང་བཟླས་སྤྲེ་འུའི་ཐོད་པ་འམ༔ ཕེ་གུ་བྱི་ལའི་ཐོད་པར་བརྫངས་ནས་ནི༔ རེ་བས་དྲིལ་ཞིང་སྣ་ལྔས་བྱད་དུ་བཅུག༔ མ་ཡི་མལ་གཤམ་དོང་བྲུས་འོག་ཏུ་མནན༔ རང་ཐག་ཡ་གོད་དུམ་བུས་ཁ་བཅད་དེ༔ སྟེང་ནས་ཁྲོ་བོའི་བྲོ་བརྡུང་གཟིར་མནན་བྱ༔ མེ་དང་ཆུས་མནན་ཆུང་སྲི་ནོན་ཞེས་བརྗོད༔ གནོད་བྱེད་ཆུང་སྲི་རི་རབ་ཆེན་པོའི་འོག༔ རྒྱ་མཚོ་ཆེན་པོའི་གཏིང་དུ་མནན་ནས་ཀྱང༔ བསྐལ་པ་སྟོང་གི་བར་དུ་མི་ལྡང་དམིགས༔ དེ་ལྟ་བུས་ནི་མྱུར་དུ་སྲིད་འཁོར་འགྱུར༔ རྒྱུན་དུ་ཡར་ངོའི་དུས་སུ་ལྷ་མཆོད་ཅིང༔ ཟླ་བ་མར་ངོར་འདྲེ་སྲིན་མནན་བརྡུང་བྱ༔ སློབ་དཔོན་དང་ནི་སྦྱིན་བདག་ཕོ་མོ་ལ༔ མགོན་དང་སྐྱོབ་བྱེད་ལྷ་དང་ཆོས་སྐྱོང་ལ༔ གཏོར་མ་ལ་སོགས་གསོལ་མཆོད་ནན་ཆེར་འབད༔ སྒབ་འདྲེ་དང་ནི་གནོད་པར་བྱེད་པའི་བགེགས༔ གཟིར་མནན་བསྐྲད་དང་བརྡུང་བའི་ལས་ལ་བརྩོན༔ སྲིད་འབེབ་ཡང་གསང་གནད་ཀྱི་མན་ངག་ནི༔ བྱང་སེམས་དཀར་དམར་ག་པུར་གྷི་ཧཾ་དང༔ ཙནྡན་དཀར་དམར་གུརྒུམ་ཆུ་དག་དཀར༔ རི་བོ་འཕན་བཟང་ཉིད་ལ་སྐྱེས་པ་ཡི༔ ཤིང་གཅིག་དཔའ་བོ་གཅིག་སྐྱེས་བདུད་རྩི་ཅན༔་་་ཤུག་པ་གཅིག་སྐྱེས་སྐྱོན་མེད་ཡན་ལག་འཕན་པའི་འབྲུ་གུ་ནང་སྙིང་། མ་ཡི་ཟླ་མཚན་ཕ་ཡི་ཐིག་ལེ་རྣམས༔ བུ་ཚིགས་ཡོད་དུས་མ་ཡི་གྲོད་ཆུང་སྟེང༔ ཡི་གེ་ནྲྀ་བྲི་ཆེ་ཆུང་ཚོན་གང་པ༔ དེ་ལ་ཕ་ཡི་སྔགས་འདི་བརྒྱ་ཕྲག་གདབ༔ ཨཱོྃ་མ་ཎི་དྷཱ་རི་བཛྲི་ནཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ པུ་ཏྲ་པུཥྚིང་ཀུ་རུ་ཧྲིང༔ ནཱ་ག་པུ་ཧྲིང༔ ཙིཏྟ་ཧྲིང༔ ཉི་མ་བྱི་ཏ་ཡཱ༔ ཏྲི་ཏ་ཡ༔ ཛ་ར་ཛ་ར༔ ན་མ་ཀ་ར་ཛྭ༔ ཨི་པྲ་ཛྭ༔ སྤུ་ཏ་སྤུ་ཏ༔ སརྦ་ག་ག་ར་ནི༔ བ་བྱུ་ནི་ས་རན་སི་ར་བྷི་ས་ར༔ སརྦ་དུཥྚཱན་བྱི་ཏ་ཡ༔ ཤོ་ཥ་ནི༔ ཨ་ཏྲི་མེ་ནི༔ མ་རི་ནི་ཏྲི་ཧྲི་སྭཱ་ཧཱ༔ མི་ཚིག་མ་འདྲེས་ཤ་ཆང་སྒོག་མ་ཟོས༔ དམིགས་པ་བར་དོའི་རྣམ་ཤེས་བསོད་ནམས་ཅན༔ ལོངས་སྤྱོད་ལྡན་པ་བཀུག་ལ་ནྲྀ་ལ་བསྟིམ༔ སྦྱོར་བ་བྱ་ཞིང་་་སྦྱོར་བ་བྱེད་པའི་དགོང་མོ་གཟའ་མི་གཉིས་ཀྱི་འདོམས་སུ་གུ་གུལ་ནག་པོ་མུ་ཟི་ནག་པོ་བོང་ང་ནག་པོ་གསུམ་གྱི་དུད་པ་གཏང་ངོ་།བྱང་སེམས་དབབ་བདོའི་དུས༔ ས་བོན་རྣམ་ཤེས་ཆུང་མའི་མངལ་དུ་བསྟིམ༔ སྒོ་སྲུང་རྡོ་རྗེ་རྒྱ་གྲམ་མངལ་སྒོ་བཅད༔ ཞག་གསུམ་བར་དུ་རླན་དང་དྲག་ལས་སྤང༔ གྲིབ་ལ་འཛེམ་ཞིང་འདྲེ་ཅན་འགྲུལ་སྔུར་བསྲུང༔ དེས་ནི་ཅིས་ཀྱང་སྲིད་དང་ལྡན་པར་འགྱུར༔ རྫས་དབབ་ཡིན་པས་གསོ་བར་ཁས་མི་བླང༔ འོན་ཀྱང་འཚོ་བར་སྲིད་ཕྱིར་ལ་ཉེ་བརྟག༔ མི་འཚོ་མ་ཡི་ནུ་མ་མི་རྒྱས་ཤིང༔ འཚོ་ན་རྒྱས་འགྱུར་བྱེ་བྲག་ཤེས་པར་བྱ༔ སྲིད་འབེབ་ལྷ་ཡི་བུ་ལེན་ཞེས་བྱ་བ༔ ད་ལྟ་ཆོས་རྒྱལ་མངའ་བདག་ཡབ་སྲས་དང༔ མ་འོངས་རྗེས་འཇུག་རྣམས་ཀྱི་དོན་ཆེད་དུ༔ རྨང་པོ་སྤེལ་ཕྱིར་བདག་འདྲ་པདྨས་བཀོད༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ དྷ་ཐིམ༔ བདག་འདྲ་སངས་རྒྱས་གླིང་པའི་གཏེར་མའོ། །མངྒ་ལཾ།། །།
མཁའ་འགྲོ་གསང་བ་ཀུན་འདུས་ལས༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་ (Volume 34, Text 69)
ྈ མཁའ་འགྲོ་གསང་བ་ཀུན་འདུས་ལས༔ རྡོ་རྗེ་ཕག་མོའི་ཟབ་ཁྲིད་བཞུགས༔ ྈྈྈྈྈྈ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་ཟབ་མོའི་ཁྲིད་ཀྱི་རིམ་པ་འདི་ལ་གསུམ་སྟེ༔རྒྱུད་སྦྱང་བ༔ཉམས་སུ་བླང་བ༔ མཐར་དབྱུང་བའོ༔ དང་པོ་ནི༔ རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས༔ སློབ་མ་དད་བརྩོན་དང་ལྡན་པ་རྗེས་སུ་འཛིན་པ་ལ༔ གསང་སྔགས་དབང་གི་མཐའ་ཅན༔ དབང་ཁྲིད་ཀྱི་མཐའ་ཅན་ཡིན་པས་ཐོག་མར་འདི་ལྟར་གདམས་པར་བྱའོ༔ ཀྱེ་ སྐལ་བ་དང་ལྡན་པ་རྣམས་ཉོན་ཅིག༔ དལ་འབྱོར་གྱི་ལུས་རྟེན་འདི་ནི་རྙེད་དཀའ་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པས་ཆུད་མ་ཟོས་པར་སྙིང་པོ་ལེན་དགོས༔ སྙིང་པོ་གང་གི་སྒོ་ནས་ལེན་ན་དམ་པའི་ཆོས་རྣམ་པར་དག་པ་ལ་བརྟེན་ནས་ལེན་དགོས༔ ཆོས་དེ་ཡང་ལེ་ལོ་དང་ཕྱི་བཤོལ་དུ་མ་སོང་བར་ད་ལྟ་ལག་ལེན་དུ་བཏབ་དགོས༔ དེ་ལྟར་དགོས་པའི་རྒྱུ་མཚན་གང་ཡིན་སྙམ་ན༔ སྐྱེས་ཚད་ཐམས་ཅད་འཆི་བའི་ཆོས་ཅན་དང༔ འཆི་བའི་ཆོས་ཉིད་ལས་མ་འདས༔ འཆི་བ་དེའང་ནམ་འོང་ཆ་མེད༔ ཤི་བའི་ཚེ་ལུས་ལོངས་སྤྱོད་མཛའ་བཤེས་སོགས་གང་ཡང་རྗེས་སུ་མི་འབྲང་བར་རང་གཅིག་པུ་ལས་ཀྱི་ཕྱི་བཞིན་དུ་འགྲོ་བས་ད་ལྟ་ཉིད་དུ་འཆི་ཆོས་གཤའ་མ་ཞིག་བྱ་དགོས༔ ཆོས་ཀྱི་རྩ་བའང་ལས་འབྲས་ལ་རག་ལས་པས་མི་དགེ་བའི་ལས་ཐམས་ཅད་དུག་བཞིན་དུ་སྤང༔ དགེ་བའི་ལས་སྨན་བཞིན་དུ་བསྟེན་ནས་སྤང་བླང་ཕྱིན་ཅི་མ་ལོག་པ་ཞིག་བྱ་དགོས༔ དེ་ཐམས་ཅད་ཀྱང་ངེས་འབྱུང་གི་བསམ་པས་ཟིན་པ་ཐར་ལམ་གྱི་རྩ་བ་ཡིན་པས་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མེ་ཡི་འོབས་ལྟ་བུར་མཐོང་ནས་དེ་ལས་ཐར་པའི་སླད་དུ་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་བསམ་པ་ཤུགས་དྲག་ཏུ་སྐྱེད་དགོས༔ དེ་ལྟ་བུའི་བློ་སྦྱོང་གི་རིམ་པས་ལམ་གྱི་གཞི་ཐིངས་པར་གྱིས་ཤིག་ཅེས་གདམས་ནས་ངེེས་འབྱུང་གི་རྟོགས་པ་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ་མོ༔ ས་མ་ཡ༔ དེ་ནས་དབང་གི་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་མཎྜལ༔ གསོལ་འདེབས་སོགས་བྱས་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ཕོག་པའི་རྗེས་དམིགས་པ་གསལ་གདབ་པ་ནི༔ ཀྱེ་སྐལ་ལྡན་རྣམས་ཉོན་ཅིག༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱེད་པ་ལ་ཐོག་མ་ཁོ་ནར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས༔ དེ་ལ་གསང་སྔགས་བླ་ན་མེད་པའི་ལུགས་ཀྱི་སྐྱབས་ཡུལ་ཐམས་ཅད་བླ་མ་ལ་ཚང་བ་ཡིན་ཏེ༔ རང་ཉིད་འདུག་པའི་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་པདྨ་ཉི་མ་བཾ་རོའི་སྟེང་དུ་རྩ་བའི་བླ་མ་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོའི་སྐུ་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འོད་ཟེར་བསམ་གྱིས་མི་ཁྱབ་པའི་ཀློང་ན་བཞུགས་པར་ལམ་གྱིས་གསལ་གདབ༔ དེ་ཉིད་དཀོན་མཆོག་གསུམ་གྱི་ངོ་བོ་རྩ་གསུམ་རྒྱ་མཚོའི་བདག་ཉིད༔ སྐུ་གསུམ་དབྱེར་མི་ཕྱེད་པ་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ཆེན་པོར་ཡིད་ཆེས་མོས་གུས་ཀྱི་གདུང་བས་བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་འདུན་པ་གཅིག་ཏུ་དྲིལ་ཏེ་ཅི་མཛད་ཁྱེད་ཁོ་ན་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བ་ལན་བརྒྱ་སྟོང་དུ་མའི་བར་དུ་བརྗོད༔ སླར་ཡང་མོས་འདུན་ཤུགས་དྲག་ཏུ་བྱས་པས་བླ་མའི་སྐུ་ལས་འོད་ཟེར་འཕྲོས༔ རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་སྒྲིབ་བག་ཆགས་དང་བཅས་པ་དག༔ སྐྱབས་གནས་མ་ལུས་པའི་བྱིན་རླབས་རྒྱུད་ལ་ཞུགས༔ མཐར་འོད་དུ་ཞུ་བ་རང་ལ་ཐིམ་པར་བསམ་ལ་རྣམ་པར་མི་རྟོག་པའི་ངང་དུ་བློ་བཞག༔ དེ་ནི་སྐྱབས་སུ་འགྲོ་བའི་དམིགས་པའོ༔ དེ་ནས་སྨོན་འཇུག་གི་སེམས་བཟུང་བའི་རྗེས་སུ་གདམས་ངག་འབོགས་པ་ནིཿ ཀྱེ་ སྐལ་བ་དང་ལྡན་པ་རྣམས་ཉོན་ཅིག༔ སྨོན་འཇུག་གི་སེམས་བཟུང་ནས་དེའི་དམིགས་པ་རྒྱུན་དུ་ཡིད་ལ་བྱ་བ་ནི་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ཡིན་པས་འདི་ལྟར་བསམ་པར་བྱ་སྟེ༔ འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་རང་ཉིད་གཅིག་པུ་ཐར་བས་མི་ཕན༔ སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན༔ དེ་ཐམས་ཅད་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པས་སྡུག་བསྔལ་ཁོ་ནའི་རྒྱུ་འབྲས་ལ་ལོངས་སྤྱོད་པ་སྙིང་རེ་རྗེ༔ འདི་ཐམས་ཅད་སྡུག་བསྔལ་ཆ་དང་བཅས་པ་ལས་གྲོལ་བའི་ཕན་བདེ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་བདག་ཁོ་ནས་དགོད་པའི་སླད་དུ་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པ་དང༔ དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་དེའང་སྤྱིར་ཐེག་པ་ཆེན་པོའི་ལམ་ལ་བརྟེན་དགོས༔ དེའི་ནང་ནས་ཀྱང་དུས་མྱུར་དུ་ཚེགས་ཆུང་ངུས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ནི་གསང་ཆེན་བླ་ན་མེད་པའི་ལམ་མཆོག་འདི་ཁོ་ན་ཡིན་པས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་འདི་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ཁོ་ནས་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ཀ་ལ་མི་གནས་པའི་བྱང་ཆུབ་མཆོག་གི་ས་ལ་དགོད་པར་བགྱིའོ་སྙམ་དུ་ཡང་ནས་ཡང་དུ་བསམ་ཞིང་ཚིག་གིས་གསལ་གདབ༔ ཅི་བྱེད་གཞན་དོན་དུ་འགྱུར་བ་ལ་བསླབ་པར་བྱའོ༔ དེ་ནི་སེམས་བསྐྱེད་པའི་དམིགས་པའོ༔ ས་མ་ཡ༔ སྡོམ་པ་བཟུང་བའི་རྗེས་སུ་གདམས་ངག་འབོགས་པ་ནི༔ ཀྱེ་ སྐལ་བ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་ལམ་ལ་བསླབ་པ་རྣམས་ཀྱིས་སྡོམ་པ་གསུམ་པོ་ཚུལ་བཞིན་དུ་གཟུང་ཞིང་བསྲུང་དགོས༔ གལ་ཏེ་དམ་ཚིག་ཉམས་ཆག་གི་སྐྱོན་ཅུང་ཟད་བྱུང་ཡང་བཤགས་སྡོམ་བྱ་བ་དང༔ སྤྱིར་ཡང་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་ལྟུང་སྦྱང་བ་དང༔ མཐུན་རྐྱེན་ཚོགས་གསག་པའི་ཐབས་ལ་སྒོ་དུ་མ་ནས་འབད་དགོས་པས་ཐོག་མར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས་སྡིག་ལྟུང་སྦྱོང་བའི་དམིགས་པ་གསལ་བཏབ་པ་ནི༔ ཨཱ༔ བདག་གི་སྤྱི་བོར་པད་ཟླའི་སྟེང༔ དྲིན་ཆེན་རྩ་བའི་བླ་མ་ཉིད༔ རྣམ་པ་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྙེམས་མ་གྲི་ཐོད་འཛིན་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ཟེར་ཀློང་ན་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་གསལ༔ ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་འདུས་པར་བསམ༔ ཞེས་སྡིག་ལྟུང་བཤགས་པའི་རྟེན་གསལ་བཏབ་ནས༔ སྔར་བྱས་ཀྱི་ཉེས་པ་ལ་གནོང་འགྱོད་དང༔ ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་དྲག་པོས༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མགོན་མེད་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ སྡིག་ལྟུང་ལས་རྣམས་ཅི་བསགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་དམ་བཅའ་ན༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་སྐྱ་ནར་གྱིས་བབས༔ སྦྱོར་མཚམས་ནས་བྱུང༔ རང་གི་ཚངས་བུག་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང༔ ནད་གདོན་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་སྦྱངས་པར་བསམ་ལ་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ༔ མཐར་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ཉིད་ལ་ཐིམ་པར་བསམ་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ་མཉམ་པར་གཞག་གོ༔ དེ་ལྟ་བུ་དེ་ཐུན་དུ་བཅད་ལ་རྟགས་མ་བྱུང་བར་ཉམས་སུ་བླང༔ རྒྱུན་དུའང་མ་ཆག་པར་གྱིས་ཤིག༔ དེ་ནས་ཚོགས་གསག་པའི་སླད་མཎྜལ་དབུལ་བར་བྱ་སྟེ༔ མདུན་གྱི་ནམ་མཁར་ཚོགས་ཞིང་བླ་མ་རྡོ་རྗེ་ཕག་མོར་སྐྱབས་གནས་ཀུན་འདུས་སུ་གསལ་བཏབ་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་འཁོད་པར་མོས༔ མཚན་ཉིད་དང་ལྡན་པའི་མཎྜལ་བྱི་དོར་ལེགས་པར་བྱ༔ དྲི་ལྔས་ཆག་ཆག་གདབ༔ རིན་ཆེན་འབྲུ་སྨན་ལ་སོགས་པའི་ཚོམ་བུ་དགོད་ཅིང་ངག་ཏུ༔ ཨོཾ་ཨཱཿཧཱུྃ༔ རི་རབ་གླིང་བཞི་མུ་ཁྱུད་བཅས༔ སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང༔ འདོད་རྒུའི་འབྱོར་ཚོགས་བསམ་མི་ཁྱབ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རང་བྱུང་ལྷུན་གྲུབ་ཡིད་བཞིན་གཏེར༔ བཀོད་པ་ཚད་མེད་ཡོན་ཏན་རྒྱན༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ རིག་པ་མི་འགྱུར་འོད་ལྔར་ཤར༔ འཁོར་འདས་ཀུན་ཁྱབ་མཆོད་པའི་སྤྲིན༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔ ཟག་མེད་བདེ་བས་རབ་མཉེས་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ ཚོགས་གཉིས་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་ཕྱི་སྣོད་བཅུད་ཀྱི་འབྱོར་པ༔ ནང་རང་ལུས་ཕུང་ཁམས༔ གསང་བ་དབྱིངས་རིག་དབྱེར་མེད་མཎྜལ་གྱི་ཚུལ་དུ་ཕུལ་པས་བླ་མ་སྐྱབས་གནས་ཀུན་འདུས་ཀྱིས་དགྱེས་པ་ཆེན་པོས་བདག་གིར་མཛད༔ རང་གཞན་སེམས་ཅན་ཐམས་ཅད་སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ལ་ལོངས་སྤྱོད་པའི་ཚོགས་གཉིས་ཀྱི་ས་བོན་ཐེབས་པར་བསམ༔ མཐར་ཚོགས་ཞིང་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པར་མོས༔ དོན་དམ་ཡེ་ཤེས་ཀྱི་ངང་དུ་མཉམ་པར་གཞག༔ དེ་ལྟར་དུས་དང་རྒྱུན་དུ་ཉམས་སུ་བླང་བ་ལ་བརྩོན་པར་གྱིས་ཤིག༔ དེ་ནི་མཎྜལ་གྱི་དམིགས་ཁྲིད་ཡིན་ནོ༔ ས་མ་ཡ༔ འཇུག་པའི་རྗེས་སུ་གདམས་ངག་འབོགས་པ་ནི༔ ཀྱེ་ སྐལ་བ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ནི་བླ་མའི་རྣལ་འབྱོར་ཁོ་ན་ཡིན༔ དེའང་སྨིན་བྱེད་དབང་གི་སྐབས་སུ་བླ་མའི་བྱིན་རླབས་ལ་བརྟེན་ནས་ཡེ་ཤེས་དབབ་ཅིང་བྱིན་གྱིས་བརླབས་པས་མཚོན་ཏེ་སངས་རྒྱས་ཀྱི་མཛད་པ་དངོས་སུ་སྒྲུབ་པའི་ཡེ་ཤེས་ཀྱི་རྒྱུན་གསོས་བཏབ་པའི་སླད་དུ་མྱུར་ལམ་ཟབ་མོ་བསྒོམ་པ་ལ་ཐོག་མར་རྟེན་བསྐྱེད་པ་ནི༔ ཧཱུྃ༔ རང་ལུས་དེར་འཛིན་མེད་པའི་ངང༔ སྣང་སྲིད་རྣམ་དག་འོག་མིན་ཞིང༔ བཀོད་པ་ཚད་མེད་ཡོན་ཏན་རྫོགས༔ མདུན་གྱི་ནམ་མཁའ་འཇའ་ཟེར་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་འཆང༔ ཧེ་རུ་ཀ་དཔལ་པདྨ་འབྱུང༔ དམར་སྨུག་རྣལ་འབྱོར་སྤྱོད་པའི་ཚུལ༔ སྣང་སྲིད་ཟིལ་གནོན་གཟི་བརྗིད་འབར༔ ཕྱག་གཉིས་རྡོ་རྗེ་ཐོད་ཞལ་བསྣམས༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་བསྒྲེངས༔ དར་གྱི་ན་བཟའ་རིན་ཆེན་རྒྱན༔ རུས་རྒྱན་སྟག་ཤམ་དྲིལ་གཡེར་འཁྲོལ༔ ཐོད་སྐམ་དབུ་རྒྱན་རལ་པའི་རྩེར༔ རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན༔ སྤྱན་གསུམ་ཉི་ཟླ་ལྟ་བུར་འཁྱིལ༔ ཞལ་རས་ཁྲོ་འཛུམ་གཟི་བརྗིད་འབར༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཞེས་གསལ་བཏབ་ལ༔ རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཁ་ཙམ་མིན་པའི་མོས་གུས་གདུང་ཤུགས་དྲགས་པོས་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་འདེབས་པར་བསམ་ལ་ངག་ཏུ༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ༔ སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང༔ སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་འདི་དང་དགེ་བའི་རྩ་བ་ཀུན༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཨེ་མ་ཧོ༔ ངོ་བོ་བློ་འདས་འོད་གསལ་ཆོས་ཀྱི་སྐུ༔ རང་བཞིན་ཟུང་འཇུག་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་འགྲོ་འདུལ་སྤྲུལ་སྐུ་པདྨ་འབྱུང༔ སྐུ་གསུམ་དབྱེར་མེད་དྲིན་ཆེན་བླ་མ་ལ༔ མོས་གུས་གདུང་ཤུགས་དྲགས་པོས་གསོལ་བ་འདེབས༔ མགོན་མེད་བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེས་གཟིགས་ཤིག་འགལ་རྐྱེན་བར་ཆོད་སོལ༔ བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་མོས་གུས་ཀྱི་གདུང་བ་དྲགས་པོས་ཐུགས་རྒྱུད་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་རྩེ་གཅིག་ཏུ་བསྙེན༔ མཐར་དབང་བླང་བ་ནི༔ མཁའ་ཁྱབ་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང༔ ཡེ་ཤེས་མཆོག་གི་ཐུགས་རྗེའི་ཤུགས་ཕྱུངས་ལ༔ འོད་ཟེར་ཆེན་པོའི་ཆོ་འཕྲུལ་རྨད་བྱུང་བས༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་བྱུང་བ་རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ༔ དབང་བཞིའི་ནུས་པ་རྒྱུད་ལ་སྨིན༔ མཐར་བླ་མ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ རང་ལ་ཐིམ་པས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་བླ་མ་ཆོས་སྐུའི་རང་ཞལ་བལྟ་བའི་ངང་དུ་མཉམ་པར་གཞག༔ འདི་ནི་ལམ་ཐམས་ཅད་ཀྱི་རྩ་བ་སྟེ་དུས་རྟག་ཏུ་ཉམས་སུ་ལེན་པར་གྱིས་ཤིག༔ དེས་བྱིན་རླབས་བཙན་ཐབས་སུ་འབེབ་པ་བླ་མའི་རྣལ་འབྱོར་གྱི་དམིགས་ཁྲིད་ཚར༔ རྒྱུད་སྦྱོང་བའི་རིམ་པ་རྫོགས་པ་ཡིན་ནོ༔ ས་མ་ཡ༔ གཉིས་པ་དངོས་གཞི་ཉམས་སུ་བླང་བ་ལ་བཞི་ལས༔ དང་པོ་བུམ་དབང་གི་ལམ་སྐུ་རྡོ་རྗེ་བསྐྱེད་རིམ་སྤྲུལ་པའི་སྐུའི་ཉམས་ལེན་ནི༔ བུམ་པའི་དབང་རྫོགས་པའི་རྗེས་སུ༔ ཀྱེ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ནི་དབང་བསྐུར་བ་ཡིན་ལ༔ དབང་དོན་གྱི་ཡེ་ཤེས་གསོས་འདེབས་པར་བྱེད་པ་ནི་སོ་སོའི་ལམ་ཁྱེར་ལ་བསླབ་པར་བྱ་དགོས༔ དེ་ལ་དང་པོ་བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་གསུམ་སྟེ༔ ཐུན་མོང་གི་བསྐྱེད་རིམ༔ ཁྱད་པར་གྱི་བསྐྱེད་རིམ༔ ཞར་བྱུང་བཟླས་པའི་རིམ་པའོ༔ དང་པོ་ནི༔ ཕྲིན་ལས་ནས་ཇི་ལྟར་འབྱུང་བའི་སྦྱོར་བ་རྣམས་ཚུལ་བཞིན་དུ་བྱ༔ དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་གཞི་གཟུང༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་གཟུང༔ དེའང་ཐོག་མར་རང་ཉིད་གཙོ་མོ་གཅིག་པུའི་གསལ་སྣང་ལ་བློ་གཞག༔ ཅུང་ཟད་སེམས་ཟིན་པ་ན་སྤྱན་དབུས་མ་ནས་གཟུང་སྐུའི་ཆ་ཤས་རེ་རེ་ནས་གསལ་སྣང་མཐར་འདོན༔ དེ་བཞིན་དུ་ཕྱག་མཚན་གྲི་གུག༔ ཐོད་ཁྲག༔ ཁ་ཊྭཱཾ་ག༔ རུས་པའི་ཕྱག་རྒྱ༔ ཐོད་སྐམ་གྱི་དབུ་རྒྱན༔ ཐོད་རློན་གྱི་དོ་ཤལ༔ རྡོ་རྗེའི་ཕག་ཞལ༔ སྐུའི་ཉམས་འགྱུར༔ གསུང་གི་གདངས་སྐད༔ ཐུགས་ཀྱི་དགོངས་པ༔ ཡེ་ཤེས་ཀྱི་མེ་འོད༔ པད་ཉི་རོ་གདན་སོགས་རྒྱན་གྱི་བྱེ་བྲག་ལ་སེམས་གཟུང༔ དེའང་ལས་དང་པོ་པས༔ མདུན་དུ་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཤམ༔ དེ་ཉིད་ལྷ་དངོས་སུ་བསམ༔ ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད༔ གསལ་སྣང་ཁྱད་པར་ཅན་ཤར་བ་ན་མདུན་གྱི་ལྷ་རང་ལ་བསྟིམ༔ རང་ཉིད་དེ་ལྟ་བུའི་ལྷ་སྐུར་གསལ་བཏབ་ཅིང་སེམས་གཟུང༔ སྐབས་རེར་རྗོད་ཚིག་གི་སྒོ་ནས་ཀྱང་གསལ་སྣང་འདོན༔ སྐབས་རེར་དམིགས་པ་རྩེ་གཅིག་པས་སེམས་གཟུང་ངོ༔ གཙོ་མོའི་སྐུ་ལ་སེམས་ཟིན་པའམ༔ དེ་ཙམ་མ་ཟིན་ཀྱང་རུང་སྟེ༔ སྐབས་སུ་རང་ཉིད་རྡོ་རྗེ་ཕག་མོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་བྱ༔ རེས་འགའ་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་ཕག་མོའི་གསང་བ་གསུམ་དུ་ཤར་བ་དེ་ཉིད་ཀྱང༔ དོན་དམ་པར་སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན༔ ཀུན་རྫོབ་ཏུ་གཟུགས་སྐུ་ཞལ་ཕྱག་གི་རྣམ་པར་ཤར་བ་ཡིན་ནོ་སྙམ་དུ་དག་པ་དྲན༔ གཙོ་མོ་ལ་སེམས་ཟིན་ནས༔ རིགས་བཞིའི་མཁའ་འགྲོ༔ དཔའ་བོ་དང་དཔའ་མོ༔ ཕྲིན་ལས་དང་དམ་ཚིག་གི་མཁའ་འགྲོ༔ རྟེན་གཞལ་ཡས་ཁང་མེ་རིའི་བར་རེ་རེ་བཞིན་དུ་སེམས་གཟུང༔ གསལ་སྣང་སྐྱེས་པ་ན༔ རྟེན་དང་བརྟེན་པ་ཕྱི་ནས་ནང༔ ནང་ནས་ཕྱི༔ རགས་པ་ཕྲ་བ༔ ངེས་པ༔ མ་ངེས་པ་སོགས་སྣ་ཚོགས་སུ་རྩལ་སྦྱང༔ མཐར་གྱིས་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བ་ལ་བསླབ༔ བྱིང་རྒོད་ཀྱི་སྐྱོན་བསལ༔ ལེ་ལོའི་འཕྲང་བཅད༔ རྣམ་རྟོག་གི་རྙོག་མས་མ་བསླད་པར་རྩེ་གཅིག་ཏུ་བསྒོམས་པས་དང་པོར་ཡིད་ཀྱི་ཡུལ་དུ་རྟེན་དང་བརྟེན་པའི་གསལ་སྣང་མ་འདྲེས་པར་སྐད་ཅིག་གིས་འཆར་ཞིང་ཡུན་རིང་དུ་སེམས་ཟིན་པ་འབྱུང༔ བར་དུ་རླུང་སེམས་ལྷ་སྐུ་ལ་ཟིན་པས་སྟོང་གཟུགས་ཀྱི་ལྷ་སྐུ་དབང་པོའི་མངོན་སུམ་དུ་མཐོང༔ མཐར་རླུང་སེམས་ལྷ་སྐུར་སྨིན་པས་རེས་འགའ་རགས་པའི་ལུས་རྟེན་ལྷར་འཆར་བ་འབྱུང༔ དེ་ལྟ་བུའི་གསལ་བ་གསུམ་ཚད་དུ་ཕྱིན་ནས་རིང་པོར་མི་ཐོགས་པར་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པར་འགྱུར་རོ༔ གཉིས་པ་ཁྱད་པར་གྱི་བསྐྱེད་རིམ་ནི༔ སྔོན་འགྲོས་རྒྱུད་སྦྱང་བ་ཇི་ལྟར་རིགས་པའི་རྗེས་དངོས་གཞི་བརྗོད་ཚིག་གི་སྒོ་ནས་གསལ་གདབ་པར་བྱ་སྟེ༔ ཨ༔ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་ཚུལ༔ གསལ་བའི་ཡེ་ཤེས་ཀུན་ཏུ་སྣང༔ དབྱེར་མེད་ཟུང་འཇུག་གཉུག་མའི་རྩལ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ མེ་ཕུང་རྡོ་རྗེའི་སྲུང་འཁོར་དང༔ དུར་ཁྲོད་གཞལ་མེད་ཁང་ཆེན་དབུས༔ རང་ལུས་ལྷུན་གྲུབ་ཕོ་བྲང་ཆེ༔ རང་སེམས་དག་པ་བྷ་ར་ཧི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སྤྱན་གསུམ་མཆེ་གཙིགས་བཞད་འཛུམ་སོགས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ རལ་པ་དམར་ནག་སྤྲིན་ལྟར་གཏིབ༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཆང༔ ཕྱག་རྒྱ་ལྔ་དང་མགོ་བོས་བརྒྱན༔ བརྐྱང་བསྐུམ་གར་སྟབས་རོལ་པ་ཡིས༔ པདྨ་ཉི་མ་བམ་རོའི་སྟེང༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཕྱི་གསལ་ནང་གསལ་འོད་ཀྱི་སྐུ༔ འཇའ་ཚོན་ལྟ་བུའི་ལུས་དབུས་སུ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི༔ སྤྱི་བོར་རྩེ་མོ་རྣམ་པར་བཀོད༔ རྩ་འདབ་སོ་གཉིས་ལྟེ་བ་རུ༔ སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར༔ ཕྱག་གཡས་འཁོར་ལོའི་གྲི་གུག་འཕྱར༔ མགྲིན་པར་རོ་རྣམས་འདུས་པ་ཡི༔ འཁོར་ལོ་རྩ་འདབ་བཅུ་དྲུག་པའི༔ ལྟེ་བར་པདྨ་མཁའ་འགྲོ་དམར༔ ཕྱག་གཡས་པདྨའི་གྲི་གུག་འཕྱར༔ སྙིང་གར་དྲན་པ་རྣམ་བཀོད་ཀྱི༔ འཁོར་ལོ་རྩ་འདབ་བརྒྱད་པ་ཡི༔ ལྟེ་བར་རྡོ་རྗེ་མཁའ་འགྲོ་མཐིང༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ ལྟེ་བར་སྲིད་པ་སྐྱེད་བྱེད་ཀྱི༔ འཁོར་ལོ་རྩ་འདབ་རེ་བཞི་པའི༔ ལྟེ་བར་རིན་ཆེན་མཁའ་འགྲོ་སེར༔ ཕྱག་གཡས་རིན་ཆེན་གྲི་གུག་འཕྱར༔ གསང་གནས་བདེ་བ་མྱོང་བྱེད་ཀྱི༔ འཁོར་ལོ་རྩ་འདབ་སོ་གཉིས་དབུས༔ ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང༔ ཕྱག་གཡས་རལ་གྲིའི་གྲི་གུག་འཕྱར༔ ཀུན་ཀྱང་གཡོན་པས་ཐོད་ཁྲག་དང༔ གྲུ་མོ་གཡོན་ན་ཁ་ཊྭཱཾ་འཁྱུད༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟར༔ འོད་ཟེར་གཟི་བརྗིད་འབར་བ་ཡི༔ རྩ་འདབ་རྣམས་སུ་རང་འདྲའི་འཁོར༔ མ་འགགས་བདེ་ཆེན་རོལ་པར་ཤར༔ སྨིན་མཚམས་པུལླི་ར་མ་སོགས༔ ཡུལ་ཆེན་ཉེར་བཞིའི་རྩ་མདུད་རྣམས༔ ཞིང་ལས་སྐྱེས་པའི་དཔའ་བོ་དང༔ དཔའ་མོ་ཉེར་བཞི་སྙོམས་འཇུག་སྦྱོར༔ ཡན་ལག་བཞི་དང་ཚིགས་ཆེན་བཞིར༔ ཕྲ་མེན་ལས་ཀྱི་དྷཱ་ཀི་དང༔ དམ་ཚིག་འབྱུང་བའི་མཁའ་འགྲོ་རྣམས༔ བདེ་བའི་གར་སྟབས་ཅིར་ཡང་སྒྱུར༔ ཀུན་ཀྱང་ཉི་དང་འོད་ཟེར་བཞིན༔ རིགས་ཀྱི་ཚོམ་བུ་འབུམ་སྡེ་སྤྲོ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ རྩ་གསུམ་ལྷ་ཚོགས་ངོ་བོར་བཞུགས༔ རྡོ་རྗེ་གསུམ་དུ་གདོད་ནས་དག༔ ཡེ་ཤེས་ལྔ་ལྡན་རང་དབང་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩཱ་ཨཱཏྨ་ཀོ྅་ཧཾ༔ ལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེར༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡ་ཡིས་ཕྱག་བགྱི་འོ༔ ཨོཾ་ཛྙཱ་ན་བྷ་ར་ཧི་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ ཅེས་ལས་ཀྱི་རིམ་པ་མདོར་བསྡུས་པས་གསལ་བཏབ་ནས༔ གཙོ་མོ་དང་ལུས་དཀྱིལ་གྱི་ལྷ་ངོ་བོ་སྟོང་པ༔ རང་བཞིན་བདེ་བ༔ རྣམ་པ་གསལ་བ༔ བདེ་སྟོང་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རྩེ་གཅིག་ཏུ་སེམས་གཟུང༔ ཆེ་བའི་ང་རྒྱལ་བསྐྱེད༔ ཡེ་ཤེས་ཀྱི་དག་པ་དྲན་པས་ཅིར་སྣང་ལྷ་སྐུ་བདེ་བ་ཆེན་པོའི་རོལ་མོར་འཆར་བ་ལ་བསླབ་པར་བྱའོ༔ ཞར་བྱུང་བཟླས་པ་བྱ་བར་འདོད་ན༔ གནས་ལྔའི་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་སྲོག་་་བཾ་ནི་ཧ་རི་ས།སྲོག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ༔ བདེ་ཆེན་ཡེ་ཤེས་བརྟན་པར་གྱུར༔ ཅེས་གསལ་བཏབ་ལ༔ ཨོཾ་བཾ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླས་བརྗོད་ཆུ་བོའི་རྒྱུན་ལྟར་བྱའོ༔ གསུམ་པ་བསྐྱེད་པའི་བོགས་འབྱིན་པ་སོགས་ཀྱི་སླད་དུ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཛཔ྄་ཀྱི་ཐུགས་དམ་བསྐུལ་ཞིང་དགོངས་པ་ཕྲིན་ལས་ལྟར་གསལ་གདབཿ སྐུ་གསུང་ཐུགས༔ ཡེ་ཤེས་ཀྱི་མཁའ་འགྲོ་བཞི༔ དཔའ་བོ་དང་དཔའ་མོ༔ ལས་དང་དམ་ཚིག་གི་དྷཱ་ཀི་ནཱི་རྣམས་ཀྱི་བཟླས་པ་སྐྱོན་བཅུ་སྤངས་ལ་རྩེ་གཅིག་ཏུ་བསྙེན༔ ལྷ་སྐུའི་གསལ་སྣང་གཞིར་བཞག་སྟེ༔ སྔགས་ཀྱི་ཡིག་འབྲུ༔ འོད་ཟེར་སྤྲོ་བསྡུ༔ བདེ་བ་ཆེན་པོའི་ཡེ་ཤེས་སྟོང་ཉིད་རང་རིག་པ་རྣམས་ལ་སེམས་བཟུང་སྟེ་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་ལ་བསླབ་པས་ཡེ་ཤེས་ལ་ཅུང་ཟད་དབང་བ་དང༔ ཆེས་ཆེར་བརྟན་པ་དང༔ བརྟན་པ་མཐར་ཕྱིན་པ་རྣམས་རིམ་གྱིས་འབྱུང་བ་ཡིན་པས་ལྷ་སྔགས་ཀྱི་བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་པར་གྱིས་ཤིག༔ དེ་ལྟ་བུའི་རིམ་པས་ཐུན་བཞི་ལ་སོགས་པར་ཉམས་སུ་བླང༔ ཐུན་ཐམས་ཅད་ཀྱི་མཐར་ཐུགས་ཀྱི་དགོངས་པ་མི་འགྱུར་བའི་གསལ་འདེབས༔ ལྷ་དང་སེམས་ཉིད་དབྱེར་མེད་ཀྱི་ངང་ཡུན་རིང་དུ་མཉམ་པར་གཞག༔ དེ་ལས་ལྡངས་པ་ན་མཆོད་ཅིང་བསྟོད་པ་སོགས་ཅི་རིགས་པ་བྱས་ཏེ་ནོངས་པ་བཟོད་པར་གསོལ༔ རྟག་ཆད་ཀྱི་མཐའ་བསལ༔ བསྔོ་བ་དང་སྨོན་ལམ་བཀྲ་ཤིས་ཀྱིས་མཚམས་སྦྱར༔ ཐུན་མཚམས་ཐམས་ཅད་དུ་སྣོད་བཅུད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེ་གསུམ་དུ་རྣམ་པར་དག་པའི་ངང་ནས་ཚོགས་དང༔ གཏོར་མ་དང༔ མཆོད་སྐོང་དང༔ སྦྱིན་སྲེག་སོགས་ཕྱི་ནང་གི་མཁའ་འགྲོ་མ་རྣམས་མཉེས་པའི་བརྟུལ་ཞུགས་ལ་དུས་རྟག་ཏུ་བསླབ་པར་བྱའོ༔ ས་མ་ཡ༔ བསྐྱེད་བཟླས་ཟུང་དུ་འཇུག་པས་བསྙེན་སྒྲུབ་བྱ་བར་འདོད་ན༔ ཐོག་མར་རྟེན་བཅའ་བར་བྱ་སྟེ༔ དུར་ཁྲོད་ཀྱི་རས་སམ༔ གཞོན་ནུ་མའི་རྡུལ་གྱིས་གོས་པའི་རས་ལ་བླ་མ་ཡབ་ཡུམ་གྱི་བྱང་སེམས་ཀྱིས་བྱུག༔ ལྷ་བཟོ་དམ་ཚིག་དང་ལྡན་པས་བྲིས་སྐུ་མཚན་ཉིད་རྫོགས་པ་སོར་བཞི་པ་བྲིས་པའི་རྒྱབ་ཏུ་སྔགས་དང་གསོལ་བྱང་དགོད༔ དེ་ནི་སྐུའི་རྟེན་ནོ༔ གཞི་གོང་དང་འདྲ་བའམ༔ གྲོ་ཤོག་ལ་འཁོར་ལོ་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ་བཾ༔ མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་སཏྭཾ༔ གོང་རས་ལ་སྐུ་གསུང་ཐུགས་སྔགས༔ མུ་ཁྱུད་དང་པོ་ལ་འདབ་མ་བཞིར་མཁའ་འགྲོ་རིགས་བཞིའི་སྔགས༔ དེ་རྒྱབ་མུ་ཁྱུད་གསུམ་ལ་འཁོར་ལོ་རྩིབས་བརྒྱད་རེར་དཔའ་བོ་དཔའ་མོའི་སྔགས༔ དེ་རྒྱབ་མུ་ཁྱུད་ལྔ་པར་འདབ་མ་བརྒྱད་ལ་ལས་དང་དམ་ཚིག་གི་མཁའ་འགྲོའི་སྔགས་རྣམས་ལྷ་གནས་མ་འཆོལ་བར་དགོད༔ རྩིབས་མཆན་རྣམས་སུ་སརྦ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སཏྭཾ༔ ཞེས་བྲི༔ མུ་ཁྱུད་དྲུག་པར་དབྱངས་གསལ༔ གསོལ་བྱང༔ རྟེན་འབྲེལ་སྙིང་པོ་རྣམས་དགོད༔ དེ་རྒྱབ་རྡོར་རྭ་དང་མེ་རིས་མཛེས་པར་བྱ༔ སྔགས་ཐམས་ཅད་ཡིག་མགོ་ཕྱིར་བསྟན༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་གཙོ་བོར་གྱུར་པའི་བདུད་རྩི་ཆེན་པོས་བྱུག༔ མཚན་ཉིད་དང་ལྡན་པའི་མཁའ་འགྲོའི་རིགས་ཅན་གྱི་སྐྲ་དང་སེན་མོ༔ གསང་གོས་བཅས་ལྷན་ཅིག་ཏུ་བཞག་གོ༔ དེ་ནི་གསུང་གི་རྟེན་ནོ༔ ཐོད་པ་མཚན་ལྡན་དཔྱད་ལེགས་པ་རྟེན་འབྲེལ་བཟང་པོ་ཅན་གྱི་ནང་དུ་བདུད་རྩི་ལྔས་བྱུག༔ རང་བྱུང་གི་ཤེལ་ཟུར་མ་ཉམས་པ༔ དུང་སྲིན་མེད༔ མགྲོན་བུ་བུ་མ༔ མེ་ལོང་གཡའ་བྲལ༔ གྲི་གུག༔ ཁ་ཊྭཱཾ༔ རྡོ་རྗེ་དྲིལ་བུ༔ ཅང་ཏེའུ་རྣམས་ཀྱི་གཟུགས་བརྙན༔ ཅུ་གང༔ སིནྡྷུ་ར༔ ལ་ཕུག་སོགས་མཁའ་འགྲོ་འདུ་བའི་རྫས་དང༔ ཁྱད་པར་ཤ་ལྔ་བདུད་རྩི་ལྔའི་རིལ་བུའམ་ཕུར་མ༔ རིན་ཆེན་འབྲུ་སྨན་སོགས་ཀྱིས་ཕྱུར་བུར་གཏམས༔ དེ་ནི་ཐུགས་ཀྱི་རྟེན་ནོ༔ དེའི་ནང་དུ་སྐུ་དང་གསུང་གི་རྟེན་བཞུགས་སུ་གསོལ༔ རབ་གནས་ལེགས་པར་བྱ༔ དར་དམར་པོས་དྲིལ་ཏེ་དཀྱིལ་འཁོར་གྱི་དབུས་སུ་གཞུག༔ བགེགས་བསྐྲད༔ ཡེ་ཤེས་ཀྱི་གཟི་བྱིན་ལེགས་པར་དབབ་བོ༔ དེ་ནས་མཚམས་དམ་པར་བཅད་ལ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་འཇུག་པར་བྱ་སྟེ༔ དང་པོ་བསྙེན་པ་ནི༔ ལས་ཀྱི་གཞུང་བསྲངས་ལ༔ རང་ཉིད་གཙོ་མོའི་ལྷ་སྐུའི་གསལ་སྣང་ལ་ལྷག་པར་བློ་བཞག་སྟེ་སྐུ་གསུང་ཐུགས་ཀྱི་བཟླས་པ་མཐར་ཕྱིན་པར་བྱའོ༔ གཉིས་པ་ཉེ་བསྙེན་ནི༔ དཀྱིལ་འཁོར་ཡོངས་རྫོགས་ལ་སེམས་གཟུང༔ རིགས་བཞིའི་མཁའ་འགྲོ་མ་ལ་དམིགས་ཏེ་བཟླས་བརྗོད་འབུམ་ཕྲག་རེ་བྱའོ༔ གསུམ་པ་སྒྲུབ་པ་ནི༔ ཕྲིན་ལས་ཀྱི་གཞུང་བསྲང༔ བཟླས་པའི་སྐབས་སུ་བབ་པ་ན༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜ་ལ་སྥ་ར་ཎ་ཕཊ༔ ཅེས་པས་རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོས༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ་ལ༔ མཁའ་འགྲོ་ལྔའི་སྔགས་ཇི་ལྟར་རིགས་པ་དང༔ གཙོ་བོར་དཔའ་བོ་དང་དཔའ་མོའི་སྔགས་འབུམ་ཕྲག་རེ་བཟླའོ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ ལས་དང་དམ་ཚིག་གི་མཁའ་འགྲོ་ལ་དམིགས་ཏེ་ཕྲིན་ལས་བསྐུལ་བའི་སྔགས་འབུམ་ཕྲག་རེ་བཟླས་པ་སྔོན་དུ་འགྲོ་བས་ཚོགས་དང་གཏོར་མའི་མཆོད་པ་རྒྱ་ཆེན་པོ་དང་བཅས་དངོས་གྲུབ་བླང་བའི་ཆོ་ག་ཚུལ་བཞིན་དུ་བྱའོ༔ དེ་ལྟར་བརྩོན་པས་རབ་རླུང་སེམས་ཀྱི་ལྷ་སྐུར་དངོས་སུ་ལྡང་ནུས༔ འབྲིང་འདུ་བ་གསུམ་དང་འབར་བ་གསུམ་ཅི་རིགས་པར་འབྱུང༔ ཐ་མའང་ལས་གང་བརྩམ་ཐོགས་མེད་དུ་འགྲུབ༔ སྤྱིར་བསྙེན་སྒྲུབ་ལན་གཅིག་བགྱིས་པས་ཀྱང་དབྱིངས་དང་ཡེ་ཤེས་ལས་ཀྱི་མཁའ་འགྲོ་མ་རྣམས་ལུས་དང་གྲིབ་མ་ལྟར་འགྲོགས་ནས་རྩ་ཁམས་བྱིན་གྱིས་བརླབས་པའི་མཐུས༔ ཚེ་རིང༔ ནད་ཉུང༔ རྒས་པ་སྲ༔ ཉམས་རྟོགས་ཁྱད་པར་ཅན་སྐྱེ༔ འབྲེལ་ཚད་སྣང་བ་འགྱུར་ཞིང་མཁའ་འགྲོ་མས་རྗེས་སུ་དགོངས༔ འཆི་ཁའམ༔ བར་དོར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཐུགས་རྗེའི་ཕྱག་གིས་བཟུང་སྟེ་མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་འགྱུར་བས་ན་ཐེ་ཚོམ་མེད་པའི་དད་པ་དང་ངེས་ཤེས་བརྟན་པོས་གསང་བའི་ལམ་འདི་ལ་རྟག་ཏུ་བརྩོན་པར་བྱའོ༔ ས་མ་ཡ༔ གཉིས་པ་གསུང་རྡོ་རྗེ་རྫོགས་རིམ་གྱི་སྔོན་འགྲོ་ཐབས་ཀྱི་ཉམས་ལེན་ནི༔ གསང་དབང་རྫོགས་པར་བསྐུར་བའི་རྗེས་སུ༔ ཀྱེ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་བའི་དབང་བསྐུར་བ་དང་རྗེས་སུ་འབྲེལ་བའི་གདམས་ངག་བསྒོམ་པ་ལ་དྲུག་ལས༔ དང་པོ་གཏུམ་མོས་གཞི་བཅའ་བ་ནི༔ གནས་དབེན་པར་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང༔ ཡན་ལག་དང་ཉིང་ལག་རྣམས་འཕེན་ཅིང་བཅུད་པ་དང་འཕུར་བཤུད་ལ་སོགས་པས་མཉེན་བཙལ༔ རླུང་རོ་སངས་ཀྱིས་བུས༔ རིག་པ་མ་བཅོས་པའི་ངང་ནས་སྔོན་འགྲོ་ཇི་ལྟར་རིག་པའི་རྗེས༔ རང་ཉིད་ཕྱི་དབྱིབས་ཀྱི་ཕག་མོ་རྩ་གསུམ་འཁོར་ལོ་ལྔ་ལྷ་དང་བཅས་པ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ལྟར་གསལ་གདབ༔ སེམས་གཟུང༔ སེམས་ཟིན་པ་ན་ཐོག་མར་འོག་རླུང་ཅུང་ཟད་བསྐུམ༔ སྟེང་རླུང་དལ་བར་མནན༔ འོག་རླུང་གྱེན་དུ་དྲང༔ ལྟེ་འོག་ཏུ་ཁ་སྦྱར༔ དགང་ཞིང་གཞིལ༔ མི་ཐུབ་པ་ན་དལ་བུས་ལྷག་མེད་དུ་གཏང༔ བུམ་པ་ཅན་འབྱོངས་པར་བྱའོ༔ དེ་ནི་རླུང་གི་ཉམས་ལེན་ནོ༔ དེ་ནས་རླུང་གི་རེག་བྱས་ལྟེ་བའི་མཁའ་འགྲོ་རྣམས་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ལྟེ་འོག་སོར་བཞི་རྩ་གསུམ་འཛོམ་པའི་དབུས་ཀྱི་ཨ་ཐུང་མེ་འབར་ལ་ཁད་པ་ལ་རེག་པས་དམར་ཁྱུག་གིས་འབར༔ བདེ་གསལ་དྲོད་ཀྱི་རང་བཞིན་ཅན་གྱིས་ལྟེ་བའི་ལྷ་ཚོགས་རྣམས་ལ་རེག་པས་འབར་འཛག་གི་ཡེ་ཤེས་སྐྱེས༔ ཁམས་སྙིགས་མ་བསྐམས༔ དྭངས་མ་ཆེར་འཕེལ༔ རིམ་པ་དེ་ཉིད་ཀྱིས་སྙིང་ག༔ མགྲིན་པ༔ སྤྱི་བོ༔ མེ་ལྕེ་མར་འཕྲོས་པས་གསང་གནས་རྣམས་སུ་ཞུགས༔ དེ་ལས་ཆེར་འབར་བས་རྩ་ཁམས་ཐམས་ཅད་དང༔ བ་སྤུའི་བུ་ག་ཚུན་ཁྱབ༔ དྲོད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་རླུང་གཟུང༔ དེ་ནི་གཏུམ་མོའི་ཉམས་ལེན་ནོ༔ དེ་ནས་མེ་ལྕེ་སྤྱི་བོའི་རྩ་འཁོར་སྟེང་གི་ཧཾ་ཐུར་བསྟན་ལ་རེག་པས་བདེ་བའི་རྒྱུན་བབས༔ སྤྱི་བོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཞུགས༔ སྐུའི་ནང་གང༔ བདེ་ཆེན་གྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས༔ བུམ་པའི་དབང་ཐོབ༔ སྐུའི་དམ་ཚིག་ཉམས་ཆག་སྦྱངས༔ བྱིན་རླབས་ཞུགས་པར་བསམ༔ དེ་བཞིན་དུ་མགྲིན་པ་ནས་གསང་གནས་ཀྱི་བར་སོ་སོར་བབས་པས༔ དབང་གོང་མ་གསུམ་དང་རིག་པ་རྩལ་གྱི་དབང་ཆེན་ཐོབ༔ གསུང་དང༔ ཐུགས་དང༔ ཡོན་ཏན་དང༔ ཕྲིན་ལས་ཀྱི་དམ་ཚིག་ཉམས་ཆག་བྱང་ཞིང་བྱིན་རླབས་ཞུགས་པར་བསམ༔ སོ་སོར་བུམ་པ་ཅན་གྱིས་བརྟན་པར་བྱ༔ མཐར་བྱང་ཆུབ་སེམས་ཀྱིས་ལུས་དཀྱིལ་ཐམས་ཅད་ལ་ཁྱབ་པས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བསམ༔ དེ་ནི་ཐིག་ལེའི་ཉམས་ལེན་ནོ༔ དེ་ནས་ཕྲིན་ལས་ལྟར་དགོངས་པ་གསལ་བཏབ་སྟེ་བདེ་རླུང་སེམས་དང་ལྷ་སྐུ་དབྱེར་མེད་པའི་ངང་དུས་གསུམ་གྱི་སྤྲོས་པ་བཅད་ལ་སེམས་གཟུང༔ དེ་ནི་མི་རྟོག་པའི་ཉམས་ལེན་ནོ༔ གཉིས་པ་སྒྱུ་ལུས་ཀྱི་རྩལ་སྦྱང་བ་ནི༔ རླུང་བུམ་ཅན་གྱི་སྦྱོར་བ་དང་བཅས་སྤྱི་བོའི་ལྷ་ཚོགས་ལ་སེམས་གཏད་པས༔ དེ་རྣམས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་མེའི་རང་བཞིན་ཅན་བྱུང༔ ཞུ་བདེ་དང་དབྱེར་མེད་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལ་རེག་པ་ཙམ་གྱིས་ལྕགས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་ལྟར་ལྷ་སྐུ་སྒྱུ་མ་འཇའ་ཚོན་ལྟ་བུར་གྱུར༔ སླར་ཡང་འོད་ཟེར་དེས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས༔ བརྟན་གཡོའི་དངོས་པོ་མཐའ་དག་བདེ་ཆེན་གྱི་རང་བཞིན༔ སྒྱུ་མའི་གཟུགས་བརྙན༔ མཁའ་འགྲོ་མའི་དཀྱིལ་འཁོར་དུ་ལམ་ལམ་ཤར་བ་ལ་སེམས་གཏད༔ རླུང་ཡིད་སེམས་གསུམ་གཅིག་ཏུ་དྲིལ༔ མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་སྣོད་བཅུད་གཞི་ལུས་དང་བཅས་པ་འོད་གསལ་དུ་བསྡུ༔ ཡང་སྒྱུ་མའི་སྐུར་ལྡང༔ དགྲ་གཉེན་བར་མའི་སྣང་བ་དང་ཆགས་སྡང་རྨོངས་པའི་རྟོག་པ་གང་ཤར་ཡང་སྒྱུ་མ་ལྟ་བུའི་ལྷ་སྐུ༔ རྨི་ལམ་གྱི་རང་གཟུགས༔ སྣང་སྟོང་དབྱེར་མེད་ཀྱི་ངང་དུ་རྩལ་སྦྱང་ཞིང་ལམ་དུ་བསླང་ངོ༔ དེ་ནི་སྒྱུ་མའི་ཉམས་ལེན་ནོ༔ གསུམ་པ་འོད་གསལ་གྱི་སྙིང་པོའི་གནས་ལུགས་མངོན་དུ་བྱ་བ་ནི༔ རླུང་སྦྱོར་དང་བཅས་སྙིང་གའི་ལྷ་ཚོགས་རྣམས་ལ་སེམས་གཏད་པས་འཁོར་རྣམས་བདེ་ཆེན་གྱི་ངོ་བོར་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་ཐུགས་ཀར་ཨ་ཡིག་མཐིང་ག་ཤིན་ཏུ་ཕྲ་བ་ལ་སེམས་གཏད༔ རླུང་ཡིག་སེམས་གསུམ་བརྒྱལ་ཐབས་སུ་བཞག་པ་ལ་བརྟེན་ནས་རྟོག་པ་རགས་པ༔ ཕྲ་བ༔ ཤིན་ཏུ་ཕྲ་བའང་འགགས་ནས་རིག་པ་མ་བཅོས་པའི་ངོ་བོ་རྗེན་ལྷང་གིས་ཤར་བའི་ངང་དུ་བཞག༔ དེ་ལྟར་ཡང་ཡང་གོམས་པས་གཉིད་དུ་འགྲོ་ཁར་ལུས་གནད་ཙོག་པུར་བྱས་ལ་དམིགས་པ་དྲག་ཏུ་གཅུན་པས་ཉམས་དང་རྟོགས་པའི་ཡེ་ཤེས་འཆར་བར་འགྱུར་རོ༔ དེ་ནི་འོད་གསལ་གྱི་ཉམས་ལེན་ནོ༔ བཞི་པ་རྨི་ལམ་གྱི་ཚད་གཟུང་བ་ནི༔ སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ༔ ཉམས་སྐྱེས་པ་ན་སྒྱུ་ལུས་ཀྱི་རྩལ་སྦྱང༔ ཁྱད་པར་གཉིད་དུ་འགྲོ་ཁར་ལུས་ཙོག་པུར་བྱས་ལ༔ རླུང་སྦྱོར་དང་བཅས་པས་མགྲིན་པའི་ལྷ་ཚོགས་ལ་སེམས་གཏད་པས༔ འཁོར་རྣམས་བདེ་གསལ་གྱི་ངོ་བོར་འོད་དུ་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་བདེ་གསལ་གྱི་རང་བཞིན་ཅན་ལ་སེམས་གཏད༔ འདི་རྨི་ལམ་རྨི་བ་ཡིན་འདུག་སྙམ་དུ་བསམ༔ མཐར་ཐིག་ལེ་ཁོ་ན་ལ་སེམས་གཟུང་ཞིང༔ འཇམ་རླུང་བཅས་གཉིད་ལོག་པས་དང་པོ་རྨི་ལམ་ནམ་འདོད་དུ་ངོ་ཤེས་པ་འབྱུང༔ དེ་ནས་སྒྱུ་ལུས་དང་བསྲེས་ཏེ་ལྷ་སྐུར་ལྡང༔ འོད་གསལ་དང་བསྲེས་ཏེ་མི་རྟོག་པའི་ངང་དུ་བཞག༔ སྤྲུལ་བསྒྱུར་དང་བསྲེས་ཏེ་ཞིང་ཁམས་བལྟ་བ་སོགས་ལ་བསླབ་པར་བྱའོཿ དེ་ནི་རྨི་ལམ་གྱི་ཉམས་ལེན་ནོ༔ ལྔ་པ་འཕོ་བའི་ཉམས་ལེན་ནི༔ དབུ་མའི་ནང་ལྟེ་འོག་སོར་བཞིའི་ཐད་སྨྱུག་མའི་ཚིགས་པ་ལྟར་ཟླ་དཀྱིལ་གྱིས་ཁྲིགས་སེ་བཀག་པའི་སྟེང་དུ་རིག་པའི་ངོ་བོ་ཐིག་ལེ་དཀར་པོ༔ རླུང་གི་རང་བཞིན་སྔོ་མདངས་ཆགས་པ་འཕར་ལིང་ལིང་བྱེད་པ་ལ་སེམས་གཏད༔ ཟིན་པ་ན་རླུང་སྦྱོར་གྱིས་བསྐུལ་བས་གསང་གནས་ཀྱི་ལྷ་ཚོགས་རླུང་འོད་ཟེར་དང་བཅས་པ་ཤུགས་དྲག་ཏུ་ལངསཿ ཟླ་དཀྱིལ་གྱི་འོག་ལ་རེག་པས་རྐྱེན་བྱས༔ ཐིག་ལེ་སྤར་ཏེ་འཕར༔ འཁོར་ལོ་བཞིའི་གཙོ་མོ་རྣམས་ལ་གཡོན་དུ་བསྐོར་ཏེ་སྤྱི་བོའི་སངས་རྒྱས་མཁའ་འགྲོའི་ཐུགས་ཀར་ཐིམ་པར་བསམ༔ འོག་རླུང་བསྐྱོད༔ སྟེང་རླུང་ཕྱིར་གཏང༔ མིག་གྱེན་དུ་ལྡོག༔ ཕཊ་ཅེས་བརྗོད༔ རླུང་སེམས་བསྲེས་ཏེ་མཉམ་པར་གཞག༔ ཡང་ཨ་ཞེས་བརྗོད་པས་ཐིག་ལེ་མར་བྱུང་ལྟེ་བར་ལྕི་ཐིང་ངེ་གནས་པར་མོས༔ དེ་ལྟར་ཡང་དང་ཡང་དུ་རྩལ་སྦྱང༔ རྟགས་མ་བྱུང་གི་བར་འབད༔ ལས་ལ་སྦྱར་བའི་ཚེ་ཐིག་ལེ་སྤར་བ་དང་ལྷན་ཅིག་ཏུ་གཞི་ལུས་ལྷ་དང་བཅས་པ་སངས་རྒྱས་མཁའ་འགྲོ་མ་ལ་ཐིམ༔ དེ་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟར་ཡོད་པ་ནས་བྱ་འཕུར་བ་བཞིན་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པར་བསམ་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ་མཉམ་པར་གཞག་གོ༔ དེ་ནི་འཕོ་བའི་ཉམས་ལེན་ནོ༔ དྲུག་པ་བར་དོའི་ཉམས་ལེན་ནི༔ སྣང་བ་འདི་ཐམས་ཅད་བར་དོའི་གནས་སྐབས་ཡིན་སྙམ་དུ་བསམ༔ དེ་ལ་ཉམས་སྐྱེས་པ་ན༔ རང་ཉིད་བར་དོའི་རླུང་སེམས་ཙམ་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་སེམས་གཏད་པས་བདེ་སྟོང་གི་རང་བཞིན་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ༔ ཆགས་སྡང་རྨོངས་པའི་རྟོག་པ་སྦྱངས༔ སེམས་ཀྱི་ངོ་བོ༔ རླུང་གི་རང་བཞིན༔ བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བའི་མཁའ་འགྲོ་མའི་སྐུ་སྣང་སྟོང༔ གསུང་གྲགས་སྟོང༔ ཐུགས་རིག་སྟོང་གི་རང་བཞིན་དུ་ལམ་གྱིས་ཤར་བར་བསམ་ལ་སེམས་གཟུང༔ རྟོག་པ་ཐམས་ཅད་རྡོ་རྗེ་གསུམ་དང་བསྲེ་ཞིང་འཕོ་བས་རྩལ་སྦྱང༔ དེ་ལྟ་བུ་བསྒོམ་མི་དགོས་པར་ཤུགས་ཀྱིས་འཆར་ན་བར་དོ་འབྱོངས་པ་ཡིན་ནོ༔ དེ་ནི་བར་དོའི་ཉམས་ལེན་ནོ༔ དེ་རྣམས་ཀྱི་ཡན་ལག་ཏུ༔ གཏུམ་མོའི་སྐབས་སུ་ནུབ་མོ་ཉལ་བའི་ཚེ་ཙོག་པུ་མེ་ཐབ་དྲུག་གི་འཆིང་དང་ལྡན་པས་ལྟེ་བར་ཁ་རླངས་ཕོག་པར་བྱས་ཏེ༔ ཨ་ཐུང་ལ་སེམས་གཏད་ཅིང་གཉིད་ལོག་པས་དྲོད་ཀྱི་རྒྱུན་བརྟན༔ སྐབས་སུ་རླུང་བཟུང་ཞིང་ལྟོ་བ་རྒལ་ཚིགས་ལ་བརྡབ་པའི་འཕྲུལ་འཁོར་བྱ༔ དེས་དྲོད་གློ་བུར་དུ་འབར༔ སྐབས་དེར་ལུས་གཅེར་བུར་ཕྱུངས་ལ་འདག་རྫས་དང་ཆུ་གྲང་གིས་བཀྲུ༔ ཞུན་ཆེན་གྱི་བཀུ་མཉེ་བྱ༔ ཞུན་ཆེན་གྱི་དཔལ་འབར་མདུན་དུ་བཙུག༔ པདྨ་ཕག་མོའི་རང་བཞིན་དུ་བསྐྱེད་བསྟིམ་བྱ༔ སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ༔ བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམ་ལ་དཔལ་འབར་ལུས་ལ་བསྐོར་ཞིང༔ ཨོཾ་པདྨ་བྷ་ར་ཧི་ཛྙཱ་ན་ཛྭ་ལ་རཾ་རཾ་རཾ༔ དེས་དྲོད་ཀྱི་རྩལ་འབྱོང་ངོ༔ དབང་པོ་ཐ་མ་རྫས་ཀྱི་གཏུམ་མོ་ནི༔ གཡག་རྒོད་ཀྱི་མཁྲིས་པ་དྲོད་མ་ཡལ་བར་སྨན་ཚ་བ་གསུམ༔ སྔོ་ཚ་བ་གསུམ༔ ཛཱ་ཏི༔ རྒྱ་གཡེར༔ ཆང་ཕབས་རྣམས་བཏབ་ལ་བསྐམ༔ ཕྱེ་མ་ཞིབ་མོ་ཚིལ་ཆེན་དང༔ ཨ་རག་གིས་རིལ་བུར་དྲིལ༔ གོང་ལྟར་པདྨ་མཁའ་འགྲོར་བསྐྱེད་ཅིང་སྔགས་བཟླ༔ ལྷ་འོད་དུ་ཞུ་བའི་རིལ་བུ་ཆང་བཟང་པོ་དང་སྦྱར་ཏེ་བཏུང༔ རླུང་སྦྱོར་དང་འཕྲུལ་འཁོར་བྱ༔ དབང་པོའི་སྒོ་དང་རྨེན་བུ་མ་གཏོགས་པར་བྱུགས་ཤིང་བཀུ་མཉེ་དྲག་ཏུ་བྱས་པས་རྩོལ་མེད་དུ་དྲོད་སྐྱེའོ༔ སྤྱིར་གཏུམ་མོའི་དམ་ཚིག་ཏུ་མེ་དང་ཉི་མ་ལ་མི་སྡོད༔ གོས་སྲབ་ཏུ་བྱ༔ གྲང་བའི་སྣང་བ་མི་བྱེད༔ དངོས་པོ་ཐམས་ཅད་གཏུམ་མོའི་མེའི་རང་བཞིན་དུ་ལོངས་སྤྱད་དོ༔ སྒྱུ་ལུས་ལ་བོགས་འབྱིན་པ་ནི༔ སྔ་དྲོ་ཉི་མ་ཤར་བའི་ཚེ་ཁ་ནུབ་ཏུ་བལྟས༔ རང་གི་མདུན་དུ་མེ་ལོང་དྭངས་པ་ཞིག་བཙུག༔ རབ་ཏུ་དྭངས་པ་བཞག༔ ཕག་མོའི་སྐུ་འགྱིང་ལོག་ཏུ་བྲིས་པ་འཆར་དུ་བཅུག༔ འཇའ་ཤེལ་མིག་ལ་བཀབ༔ ངོ་བོ་སྟོང་པ༔ རྣམ་པ་གསལ་བ༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ་ལ་སེམས་རྩེ་གཅིག་ཏུ་གཟུང༔ དེ་ལ་སེམས་ཟིན་པ་ན་དེ་ལྟ་བུའི་ལྷ་སྐུ་གྲངས་མེད་པ་སྤྲོས་ཏེ་རྩལ་སྦྱོང་ངོ༔ མེ་ལོང་དང་བྲིས་སྐུ་ལ་དམ་ཡེ་དབྱེར་མེད་དུ་བྱས་ཏེ་མི་འབྲལ་བའི་བླ་རྡོར་འཆང༔ དམ་ཚིག་ཏུ་ཆགས་སྡང་རྨོངས་གསུམ་གྱི་ཡུལ་གང་སྐྱེས་ཀྱང་བདེན་ཞེན་མ་ཞུགས་པར་སྒྱུ་མ་ལྟ་བུར་བལྟས་ཏེ་ཕཊ་ཅེས་འཛིན་པ་རྦད་ཀྱིས་གཅད་དོ༔ འོད་གསལ་གྱི་ཉམས་འཆར་སླ་བའི་ཕྱིར་གནས་དབེན་པར་སྒྲུབ་པའི་ཁང་བུ་བྱ༔ ཚིལ་ཆེན་གྱི་ཞུན་མར་གསལ་པོ་སྦར༔ དེ་ཉིད་བླ་མ་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་བསྟིམ་མཆོད་བསྟོད་བྱ༔ ཨོཾ་གུ་རུ་བཛྲ་དྷཱ་ཀི་ནཱི་ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ ཞེས་བཟླ༔ དམ་ཚིག་ཉམས་ཆག་བཤགས༔ དབང་བླང༔ གསང་བའི་ཁྲུས་ཆུས་འཐོར་འཐུང་ཉེ་རེག་བྱ༔ མེ་ལོང་ཤིན་ཏུ་དྭངས་པ་ལྟེ་བར་ཨ་ཡིག་ཕྲ་མོས་མཚན་པ་མར་མེའི་སྣང་བས་མཚོན་པར་བྱས་ཏེ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད༔ རིག་པ་བཟོ་མེད་དུ་འཇོག༔ གཉིད་དུ་འགྲོ་ཁར་ལྷག་པར་སེམས་གཟུང༔ དམ་ཚིག་ཏུ་ལུས་ངག་ཡིད་གསུམ་ཅི་ལའང་བྲེལ་དུ་མི་གཞུག༔ དམ་ཚིག་ཉམས་ཆག་ཅན་གྱི་མི་དང་མི་འགྲོགས༔ ཟས་མི་ཟ༔ བཅུད་དང་ལྡན་པའི་བཟའ་བཏུང་ཉུང་ངུ་རེ་ཁྲིགས་སུ་བཅད་ལ་བྱ༔ ཤ་ཆེན་གྱི་སྤོས་དང་ཚོགས་གཏོར་གྱིས་མཁའ་འགྲོ་ལྷག་པར་མཆོད༔ ཉིན་མོ་གཉིད་མི་ལོག༔ ཁམས་ཐིག་ལེ་ཅུང་ཟད་ཀྱང་མ་ཉམས་པར་བྱའོ༔ རྨི་ལམ་རྩོལ་མེད་དུ་ཟིན་པའི་གནད་ཉིན་པར་སྤྱི་དང༔ འཇིགས་སྐྲག་སོགས་གློ་བུར་དུ་སྐྱེས་པའི་སྐབས་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ༔ ཤེལ་གྱི་མེ་ལོང་ལ་གཟུགས་བརྙན་སྣ་ཚོགས་མ་ངེས་པར་འཆར་དུ་གཞུག་ཅིང་རྨི་ལམ་ཡིན་སྙམ་དུ་བསམ༔ སྣང་སྟོང་བདེན་མེད་དུ་རྩལ་སྦྱང༔ མཚན་དུས་ཀྱི་རྨི་ལམ་གང་རྨིས་པ་ཡིད་ལ་གསལ་ཚད་དྲན་དུ་བཅུག་ལ༔ མདངས་རྨི་ལམ་དེ་ལྟར་རྨིས་ཀྱང་ངོ་མ་ཤེས༔ དོ་ནུབ་ངེས་པར་ངོས་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་བཏང༔ དམ་ཚིག་ཏུ་སྣང་བ་ལ་བདེན་ཞེན་སྤང༔ རྟོག་པའི་རྗེས་སུ་མི་འབྲང༔ གང་ཤར་ངོས་ཟིན་པར་བྱས་ལ་བདེན་མེད་དུ་བུན་ལོང་ངེའི་ངང་བསྐྱང༔ རྨི་ལམ་ཟིན་པ་ན༔ སྤྲུལ་བསྒྱུར་དང༔ ཞིང་ཁམས་ལྟ་བའི་འདུན་པ་སོགས་ལ་ཉིན་པར་ཡང་རྩལ་སྦྱང་ངོ༔ འཕོ་བའི་སྐབས༔ རླུང་གནད་དུ་ཆུན་པ༔ སེམས་དམིགས་པ་རྩེ་གཅིག་པ༔ ལུས་སྟོད་སྒྲིམ་པ་རྣམས་གནད་ཡིན༔ དམ་ཚིག་ཏུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང༔ རྟག་ཏུ་སྐྱོ་ཤས་བསྟེན༔ ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་བསྟུང༔ ལུས་ལོངས་སྤྱོད་མཛའ་བཤེས་གང་ལའང་ཡིད་མི་འཕྲེང༔ དམ་ཚིག་དང་སྡོམ་པ་ཤིན་ཏུ་དག་པར་བྱ༔ རང་གང་ལ་མོས་པའི་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་དེར་འཕོ་བའི་འདུན་པ་དང་སྤྲོ་བ་རྩེ་གཅིག་ཏུ་བྱ༔ དབང་པོ་ཐ་མ་རྫས་ཀྱི་འཕོ་བའི་གདམས་པ་ནི༔ སྔོ་རྟག་ངུ༔ རྡོ་ཁབ་ལེན༔ མགྲོན་བུ་བསྲེགས་པའི་ཐལ་བ༔ སྨན་དང་སྔོའི་ཚ་བ་གསུམ༔ རྒྱ་གཡེར༔ ཤིན་ཀུན༔ རྒྱ་ཚྭ༔ བྱང་སེམས་དཀར་དམར་རྣམས་དང༔ ཁྱད་པར་སྐྱེ་བདུན་གྱི་གདུང༔ རིང་བསྲེལ༔ བདུད་རྩི་ཆེན་པོ་རྣམས་སྦྲང་རྒོད་ཀྱིས་རིལ་བུ་དྲིལ་བའམ་ཕུར་མ་བྱ༔ གཞོན་ནུ་མའི་ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས༔ ལས་ཀྱི་མཁའ་འགྲོ་མ་བསྐྱེད་བསྟིམ་བྱས་ལ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མང་དུ་བཟླས་པའི་འོད་དང་དུ་བ་འཐུལ་བ་སོགས་རྟགས་བྱུང་ན་ངེས་པར་འགྲུབ་པ་ཡིན༔ གང་ལྟར་ཡང་ལྷ་འོད་དུ་ཞུ་བའི་རྫས་སུ་བསམ༔ དབུགས་ཆད་པའི་སྐབས་སྤྱི་བོར་ཆང་བཟང་པོ་དང་སྦྱར་ནས་བྱུགས་པས་རྣམ་ཤེས་ཚངས་བུག་ནས་ཐོན་ཏེ་མཁའ་ལ་སྤྱོད་པའམ༔ མཐོ་རིས་ཀྱི་རྟེན་སོགས་སྐལ་བ་དང་མཚུངས་པར་འཕོ་བར་འགྱུར་རོ༔ བར་དོའི་སྐབས༔ ད་ལྟའི་སྣང་བའི་བར་དོར་འཆར་བ་ལ་རྩལ་སྦྱངས་པས་ཉམས་སྐྱེས་པ་ན་གཟུགས་སྣང་ལྷ་སྐུ་དང་བསྲེ༔ སྒྲར་གྲགས་སྔགས་དང་བསྲེ༔ དྲན་རྟོག་འོད་གསལ་དང་བསྲེ༔ དེ་བཞིན་དུ་འདོད་ཆགས་བདེ་སྟོང༔ ཞེ་སྡང་གསལ་སྟོང༔ གཏི་མུག་རིག་སྟོང༔ ང་རྒྱལ་མི་རྟོག་པ༔ ཕྲག་དོག་དག་སྣང་དང་བསྲེ་ཞིང་གོ་འཕོ་བ་སོགས་རྩལ་སྦྱང༔ རླུང་སེམས་རྩེ་གཅིག་ཏུ་གཅུན༔ མཚན་མོ་ཞུན་ཆེན་གྱི་མར་མེ་སྦར་བ་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་གདབ༔ ཨོཾ་བཛྲ་བྷ་ར་ཧི་ཛྙཱ་ན་ཀཱ་ཡཱ་ཝཱ་ཀ་ཙིཏྟ་བཾ་བཾ་བཾ༔ ཞེས་བཟླས་པས་དེ་ལས་སྐུ་དཔག་ཏུ་མེད་པ་འཕྲོས༔ རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་བར་དོའི་ཡིད་ཀྱི་བཀོད་པར་གསལ་བ་ལ་ཐིམ་པས་དེ་ཐམས་ཅད་ཕག་མོའི་སྐུ་གསུང་ཐུགས་སུ་ལམ་ལམ་གྱུར་པར་བསམ་ལ་རྩལ་སྦྱང་ངོ༔ དམ་ཚིག་ཏུ་ཚེ་འདིའི་སྣང་ཤས་ལ་བློ་ལྡོག༔ ཞེན་འཁྲིས་བསྐྱུང༔ ནམ་འཆི་ངེས་མེད་དང༔ བར་དོའི་འདུན་པ་དུང་ངེ་བ་བྱའོ༔ དེ་ལྟར་ཉམས་སུ་བླང་བ་ཐམས་ཅད་ཀྱི་མཇུག་ཏུ་བསྔོ་སྨོན་གྱི་རྒྱས་གདབ༔ ཐུན་མཚམས་ཀུན་ཏུའང་དངོས་གཞིའི་ཉམས་མྱོང་ལམ་དུ་ཁྱེར༔ རྣམ་པ་ཀུན་ཏུ་ཐབས་ལམ་གྱི་རྟོགས་པ་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ན་ལས་འབྱུང་བ་ཡིན་པས་བཟོད་མེད་ཀྱི་མོས་གུས་དྲག་པོ་རྒྱུན་ཆགས་སུ་གྱིས་ཤིག༔ ས་མ་ཡ༔ གསུམ་པ་ཐུགས་རྡོ་རྗེ་རྫོགས་རིམ་གྱི་དངོས་གཞི་བདེ་བ་ཆེན་པོའི་ཉམས་ལེན་ནི༔ ཤེར་དབང་རྫོགས་པར་བསྐུར་བའི་རྗེས་སུ༔ ཀྱེ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་རྗེས་སུ་འབྲེལ་བའི་འོག་སྒོ་བདེ་བ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ་བཞི་སྟེ༔ དང་པོ་ཆོས་ཀྱི་ཕྱག་རྒྱའི་ཉམས་ལེན་ནི༔ སྔོན་འགྲོའི་རྒྱུད་སྦྱང་ཇི་ལྟར་རིགས་པའི་རྗེས༔ རང་ཉིད་སྐད་ཅིག་གིས་སེམས་ཀྱི་ངོ་བོ༔ བདེ་བའི་རང་བཞིན༔ དྭངས་མ་རླུང་གི་རང་རྩལ་དཔལ་ཧེ་རུ་ཀ་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་མཆོག་ཏུ་རྒྱས་པ༔ དར་དང་རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་སོགས་ཁྲག་འཐུང་རོལ་པའི་ཆས་ཅན༔ པདྨ་དང་ཉི་མའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་གདབ༔ དེ་ལྟ་བུའི་སྐུ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ༔ རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ༔ ཡར་སྣ་སྤྱི་བོར་ཟུག་པ༔ གཡས་གཡོན་དུ་རོ་རྐྱང་གཉིས༔ ཡར་སྣ་སྣ་བུག་ཏུ་ཟུག་པ༔ མར་སྣ་གསང་གནས་ཀྱི་འཁོར་ལོའི་འོག་ཏུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་ཏེ་རྡོ་རྗེ་ནོར་བུའི་རྩེ་མོར་ཟུག་པ༔ འཁོར་ལོ་ལྔའི་ཐད་རྣམས་སུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་པ་ལས་རྩ་འདབ་སོ་སོ་གདུགས་ཀྱི་རྩིབས་མ་ལྟར་གསལ་བའི་སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧཾ་མགོ་ཐུར་བསྟན་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན༔ དབུས་སུ་ཧཾ་མགོ་གྱེན་བསྟན་དཀར་པོ༔ མགྲིན་པར་ཨོཾ་དམར་པོ༔ སྙིང་གར་ཧཱུྃ་སྔོན་པོ༔ ལྟེ་བར་ཨཱཿདམར་སེར༔ གསང་གནས་སུ་ཧོཿལྗང་གུ༔ ནོར་བུའི་རྩ་བར་ཨཱ༔ སྐེད་པར་ཧཱུྃ༔ རྩེ་མོར་ཨོཾ་ཡིག་འོད་འབར་བ༔ རྩ་འདབ་དང་ཡུལ་ཉེར་བཞིའི་རྩ༔ རྐང་ལག་བཞི་དང་ཚིགས་ཆེན་བཞི་རྣམས་ལ་ལྷའི་ངོ་བོ་བདེ་བའི་རང་བཞིན་བཾ་ཡིག་དཀར་དམར་འབར་བ་རེས་མཚན་པ་ལས་རྩ་ཁམས་ཐམས་ཅད་བདེ་བའི་རང་བཞིན་དུ་ཕྲིལ་གྱིས་སོང་བར་བསམ་ལ༔ ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཛྙཱ་ན་ཨཱ་བེ་ཤ་ཡ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ༔ བདེ་ཉམས་སྦར༔ སྟོང་ཉིད་ལ་བློ་བཞག༔ དེ་ནི་བདག་ཉིད་བྱིན་གྱིས་བརླབ་པའི་རིམ་པའོ༔ གཉིས་པ་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་པ་ནི༔ བདག་བྱིན་རླབས་ལ་བརྟེན་ནས་བདེ་ཉམས་ཁྱད་པར་ཅན་སྐྱེས་པ་ན༔ རང་གི་མདུན་དུ་སྔར་འདྲིས་པ་ལྟ་བུའི་ཡིད་དུ་འོང་བའི་བུ་མོ་ལང་ཚོ་དར་ལ་བབ་པ༔ ཆགས་པའི་ཉམས་རྒྱས་པ༔ དྲན་པ་ཙམ་གྱིས་བདེ་བ་བཟོད་མེད་དུ་གཡོ་ནུས་པ་ཞིག་གསལ་གདབ༔ གསལ་སྣང་སྐྱེས་པ་ན༔ ཆགས་པའི་ཉམས་འགྱུར་ཅི་རིགས་སྟོན་པར་བསམ༔ ས་མ་ཡ་སཏྭཾ༔ ཞེས་ཆགས་པའི་བརྡས་བསྐུལ་བར༔ ས་མ་ཡ་ཧོ༔ ཞེས་ལན་གདབ༔ སླར་ཡང་རཱ་གཱ་ཡ་ཧོ༔ ཞེས་སྦྱོར་བའི་བརྡས་བསྐུལ་བར༔ རཱ་གཱ་ཡ་མི༔ ཞེས་ལན་བཏབ་པས་མཆོག་ཏུ་དགའ་བའི་སྒྲས་མིག་ཟིམ་བུར་ལྟ་བ༔ སིད་དང་ཧ་ལ་སོགས་པའི་སྒྲ་དབྱུང་བ༔ དྲི་ཞིམ་པོས་ཁྱབ་པ༔ ཡན་ལག་དང་ཉིང་ལག་ལ་རེག་ཅིང་འོ་བྱ་བ༔ མཆུ་དང་ལྕེ་འཇིབ་པ་སོགས་ཀྱིས་ཆགས་པ་ཆེས་ཆེར་བསྐུལ་ཏེ་ཆུ་སྐྱེས་མཆོག་ཏུ་རྒྱས་པའི་གསང་རྩ་ངོམ་ཞིང་བདུད་རྩི་ཟིལ་པ་དང་བཅས་ཏེ་པང་དུ་སླེབ་པ་དང་སྐད་ཅིག་གིས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་རྗེས་ཆགས་ཀྱི་ཉམས་འགྱུར་མཆོག་ཏུ་རྒྱས་ཤིང༔ རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ སྣང་སྟོང་ཟུང་འཇུག་འོད་ཀྱི་སྐུར་ལམ་ཏེ་གྱུར་པ་ལ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་གདབ༔ གསང་བའི་པདྨོའི་དབུས་སུ་རྩ་མཛེས་པའི་སྤྱི་བོར་ཨ་ཡིག་གིས་མཚན་པར་མོས༔ ཛཿཞེས་པས་ལུས་ཀྱི་ཆ་ཤས་རྣམས་རེག༔ ཧཱུྃ་ཞེས་པས་ལག་པ་དང་བརླ་འཁྱུད༔ བཾ་ཞེས་པས་མཁའ་གསང་དམ་དུ་སྤྲད༔ ཐབས་འདི་ཁོ་ན་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་གསལ་བཏབ་ལ༔ ཧོཿཞེས་ཡབ་ཀྱིས་གསོར༔ ཡུམ་ཀྱིས་བསྐྱོད་པས་སྤྱི་བོའི་ཧཾ་ལས་བདེ་བ་ཆེར་གཡོས་ཏེ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས༔ རྩ་ཁམས་གཞན་གྱི་དྭངས་མ་རྣམས་ཀྱང་ལྷན་ཅིག་ཏུ་འདུས༔ སྨིན་མཚམས་ཡན་ཆོད་ཀྱི་དབུ་མའི་ནང་གང་བས་དགའ་བའི་ཡེ་ཤེས་སྐྱེས༔ དེ་ལས་ཆེར་འཕེལ་ཏེ་སྨིན་མཚམས་ཡན་ཆོད་ཀྱི་རྩ་ཁམས་ཐམས་ཅད་ཁྱབ༔ དགའ་བ་མཐར་ཕྱིན་པར་བསམ༔ སྤྱི་བོའི་བུམ་པ་ཅན་དྲག་ཏུ་གཅུན༔ རྣམ་པར་མི་རྟོག་པའི་ངང་དུ་བཞག་གོ༔ དེ་བཞིན་དུ་བྱང་སེམས་མགྲིན་པར་བབས་པས་མཆོག་ཏུ་དགའ་བ༔ སྙིང་གར་བབས་པས་ཁྱད་པར་གྱི་དགའ་བ༔ ལྟེ་གསང་གི་རྩ་འཁོར་བརྒྱུད་ནས་ནོར་བུའི་རྩེ་མོའི་བར་སོན་པས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱངས༔ ཁྱབ་པར་བརྟན༔ དེའི་ཚེ་ཡབ་ཡུམ་གྱི་རྩ་དབུ་མ༔ རླུང་ལྡང་འཇུག༔ ཐིག་ལེ་དཀར་དམར༔ དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བའི་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ༔ དེ་ནི་ཡས་བབས་ཀྱི་དགའ་བའོ༔ མས་བརྟན་གྱི་དགའ་བའི་སླད་དུ༔ ཧཱུྃ་གི་གདངས་དང༔ གསང་རླུང་གྱེན་དུ་དྲངས་པ་དང༔ རྐང་ལག་གི་ཉྭ་བཞི་སྒྲིམ་ཞིང་སོར་ཚིགས་བསྐུམ༔ ལྟོ་བ་སྒལ་པར་བརྡབ༔ ལྕེ་རྩེ་དང་མིག་གྱེན་དུ་ཕྱོགས༔ ཤེས་པ་སྤྱི་བོའི་ཧཾ་ལ་གཏད་པས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་ཐིག་ལེ་གྱེན་དུ་བྱུང༔ ལྟེ་བ་མན་ཆོད་དུ་བརྟན་པས་དགའ་བ༔ སྙིང་གར་མཆོག་དགའ༔ མགྲིན་པར་ཁྱད་པར་གྱི་དགའ་བ༔ སྤྱི་བོའི་ཧཾ་ཡིག་གི་བར་དུ་སོན་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱང༔ ཁྱབ་ཅིང་བརྟན་པར་བསམ༔ འཁོར་ལོ་སོ་སོར་བུམ་པ་ཅན་དྲག་ཏུ་གཅུན༔ སེང་གེ་རྣམ་རོལ་གྱི་འཕྲུལ་འཁོར་གྱིས་ཡུར་བ་ནས་ཞིང་ས་ལ་ཆུ་འགྲེམས་པ་ལྟར་རྩ་ཁམས་ཐམས་ཅད་ལ་ཁྱབ་པར་དགྲམ༔ བདེ་བའི་ཉམས་བསྐྱང༔ ལྟེ་བའི་བུམ་པ་ཅན་ལ་གནད་དུ་བསྣུན་ནས་རླུང་སེམས་བདེ་བ་གསུམ་དབྱེར་མི་ཕྱེད་པའི་དེ་ཁོ་ན་ཉིད་ལ་ཡུན་རིང་དུ་མཉམ་པར་གཞག་གོ༔ དེ་ནི་དམ་ཚིག་གི་ཕྱག་རྒྱའི་ཉམས་ལེན་ནོ༔ དེ་ལྟ་བུ་ཡུན་རིང་དུ་གོམས་པས་སྣང་བ་ཐམས་ཅད་བདེ་བར་འཆར༔ རྩོལ་མེད་ཀྱི་བདེ་བ༔ འཛག་མེད་ཀྱི་ཚུལ་ཁྲིམས༔ ཟག་མེད་ཀྱི་ཉམས་མྱོང་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ན་དེའི་བོགས་དབྱུང་བ་ལ་བརྟེན་ནས་དཔེའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར༔ གསུམ་པ་ལས་ཀྱི་ཕྱག་རྒྱ་ལ་བསླབ་པ་ནི༔ ཐོག་མར་རིགས་བརྟག་པར་བྱ་སྟེ༔ རབ་པདྨ་ཅན༔ འབྲིང་དུང་ཅན་མ༔ གླང་སྣ་ཅན༔ རི་དྭགས་ཅན༔ རི་མོ་ཅན་གང་ཡང་རུང་བ༔ ཐ་མ་གཟུགས་དང་ལང་ཚོ་དར་ལ་བབས་པ༔ དམེ་ཅན་གདོལ་ཤན་ཡུགས་གྲིབ་སོགས་ཀྱིས་མ་གོས་པ༔ ལྷག་པར་དམ་ཚིག་ཉམས་པའི་མི་དང་མ་འཕྲད་པ༔ ན་ཚོད་ལོ་བཅུ་གཉིས་ནས་ཉེར་ལྔ་མན་བསྟེན་དུ་རུང་བ་ཡིན་ལ༔ ཁྱད་པར་སྒྲུབ་པ་པོ་ལ་གུས་པ༔ གསང་བ་མཆོག་གི་ཀུན་སྤྱོད་ལ་མི་སྐྲག་ཅིང་མོས་པ་བརྟན་པ༔ སྒོ་གསུམ་འཆལ་བར་མ་ཤོར་ཞིང་གསང་ཐུབ་པ༔ མཐོང་བའམ་དྲན་པ་ཙམ་གྱིས་ཀྱང་བདེ་བ་རྩོལ་མེད་དུ་སྐྱེད་ནུས་པ༔ ཆགས་པ་ཆེ་ཞིང་སྦྱོར་ཐབས་ལ་མཁས་པ་སྟེ་དེ་རྣམས་ནི་མེད་དུ་མི་རུང་བའི་མཚན་ཉིད་ཡིན་ནོ༔ གང་ལྟར་ཡང་རང་ཉིད་དྲོད་ཐོབ་ཅིང་ལྷ་དང་བླ་མས་ལུང་བསྟན་པ་གཙོ་བོར་གཟུང་ངོ༔ དེ་ནི་བརྟག་པའོ༔ མཚན་ཉིད་དང་ལྡན་པ་རྙེད་ནས་དགུག་པའི་རིམ་པ་ནི༔ རྩྭ་ཀུ་ཤ་མ་ཉམས་པ༔ རྡོ་ཁབ་ལེན༔ མེ་ཏོག་གླང་སྣ༔ བལ་པོའི་སེའུ༔ བྱ་ཐི་བའི་བྲུན༔ ཁྱེའུ་མགོ་གཙང་གི་ཁམས་དང་པོ༔ སྒྲུབ་པ་པོ་རང་ཉིད་ཀྱི་ལྟེ་ཁུང་གི་དྲེག་པ་བཅས་ཟངས་གཞོང་དུ་སྦྱར༔ མངར་གསུམ་གྱི་སྐྱོབས་དང་བཅས་ཏེ་བཞག༔ སྔགས་ནི༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཨི་ཀྱི་མ་དྷ་རི་ཙཀྵུ་ཙེར་དྷན་གུམ་སྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆོད་ཅིང་སུས་ཀྱང་མ་མཐོང་བར་རྩེ་གཅིག་ཏུ་བསྒྲུབས་པས་རྫས་ལས་ཚག་སྒྲ་དང་འོད་དམར་པོ་འཁྱིལ་བའམ༔ ཁ་དོག་དམར་ཤས་ཅན་དུ་འགྱུར་བ་བྱུང་ན་ངེས་པར་འགྲུབ་པ་ཡིན༔ ཏིང་ངེ་འཛིན་ནི༔ རང་པདྨ་མཁའ་འགྲོར་གསལ་བའི་ལྟེ་བ་ནས་སྲིད་པ་འགུགས་བྱེད་ཀྱི་ལྷ་མོ་དམར་མོ་ཤིན་ཏུ་ཆགས་པའི་ཉམས་ཅན་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས༔ འཁོར་འདས་ཐམས་ཅད་ལ་ཁྱབ༔ བརྟན་གཡོའི་དྭངས་མ་འགུགས་བྱེད་ཀྱི་བཅུད་མཐའ་དག་འོད་ཟེར་དམར་སེར་བདུད་རྩི་དང་བཅས་པའི་རྣམ་པར་སྤྱན་དྲངས༔ རྫས་ལ་ཐིམ་པས་རེག་པ་ཙམ་གྱིས་ཚངས་པའི་བུ་མོའང་ཡིད་སྒུལ་བའི་ནུས་པ་དང་ལྡན་པར་བསམ་མོ༔ དེ་ལྟ་བུ་གྲུབ་པའི་རྫས་དེ་ཉིད་དབང་གི་ལས་ལ་ཤིས་པའི་གཟའ་སྐར་འཛོམ་པའམ༔ རང་གི་བླ་གཟའ་དར་བའི་སྐབས་སུ་བསྒྲུབ་བྱ་ལ་ཆང་སོགས་མྱོས་བྱེད་ཀྱི་རྫས་དང༔ མངར་གསུམ་དང༔ ལ་དུ་སོགས་ལ་སྦྱར་ཏེ་སྦྱིན་པའམ༔ ལུས་ལ་རེག་པའམ༔ ཐ་ན་དུད་པ་བདུག་པས་ཀྱང་དབང་དུ་འགྱུར་བ་ཡིན་ནོ༔ དེ་ནི་དགུག་པའི་རིམ་པའོ༔ དེ་ལྟར་དབང་དུ་འདུས་ནས་ཕྱི་དྲང་བ་དང་ངེས་པའི་དོན་གྱི་ཆོས་བཤད༔ ནང་ཟབ་མོའི་དབང་བསྐུར་ཞིང་དམ་ཚིག་ལ་གནས་པར་བྱ༔ གསང་བ་བསྐྱེད་རྫོགས་ཀྱི་མན་ངག་ཕོག་སྟེ་ཉམས་མྱོང་ཅི་རིགས་མ་སྐྱེས་ཀྱི་བར་དུ་སྒོམ་དུ་གཞུག་གོ༔ དེ་ནི་རྒྱུད་སྦྱོང་བའི་རིམ་པའོ༔ དེ་ནས་སྐབས་སུ་བབ་པ་ན༔ ཡབ་ཡུམ་གཉིས་ཀ་ཁྲུས་བྱས༔ བཀུ་མཉེ་བྱ༔ རོ་བཙའ་བའི་སྨན་དང༔ བཅུད་ལེན་དང༔ ཁ་ཟས་བཟང་པོས་ཁམས་སྤེལ༔ འབོལ་ཞིང་བདེ་བའི་གདན་ལ་འཁོད༔ གཟུགས་ལ་བལྟ་བ༔ ཆགས་པའི་གཏམ་མཉན་པ༔ ལུས་ཀྱི་དྲི་ཞིམ་པོ་བསྣོམ་པ༔ ཟས་ཞིམ་མངར་གྱི་ལུམ་བུ་སྟེར་བ༔ ལུས་ཀྱི་ཆ་ཤས་རྣམས་དང་གསང་བའི་གནས་ལ་རེག་པ་སྟེ་བསླབ་པ་ལྔས་བདེ་བ་བསླང་བར་བྱཿ དེ་ནི་སྟ་གོན་གྱི་རིམ་པའོ༔ དེ་ནས་དངོས་གཞི་ཆགས་པའི་བརྡ་དང་ལན་གྱིས་བསྐུལ་ཏེ༔ རང་པདྨ་ཧེ་རུ་ཀ་དང༔ རིག་མ་པདྨ་དྷཱ་ཀི་ནཱིའི་སྐུར་བསྐྱེད༔ ཐ་མལ་གྱི་འདུ་ཤེས་བསྒྱུར༔ རྩ་གནས་རྣམས་ཡི་གེས་བྱིན་གྱིས་བརླབ༔ བྱང་ཆུབ་ཀྱི་སེམས་གསུམ་མངོན་དུ་བྱས་ཏེ༔ དམ་ཚིག་གི་ཕྱག་རྒྱའི་སྐབས་ཇི་སྐད་བཤད་པ་བཞིན་ཡས་བབས་དང་མས་བརྟན་གྱི་དགའ་བའི་འགྲོ་ལྡོག་གིས་བདེ་བ་བསྐྱེད༔ གོང་དུ་སྤེལ༔ ཁྱབ་པར་དགྲམ༔ གནས་སུ་བརྟན༔ མི་རྟོག་པའི་ངང་དུ་བཞག་པ་རྣམས་ཡང་ནས་ཡང་དུ་གོམས་པས་ཐབས་ཤེས་ཀྱི་རྩ་རླུང་ཐིག་ལེ་ཁ་སྦྱར་བ་ལས་བྱུང་བའི་བདེ་བས་སེམས་རྒྱུད་མཉམ་རྗེས་ཀུན་ཏུ་གང༔ ཡུལ་ཐམས་ཅད་སྟོང་པའི་འོད་གསལ་དུ་ཤར༔ བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མཚོན་བརྗོད་ལས་འདས་པ་དཔེའི་ཚུལ་དུ་འཆར་བ་ཡིན་ནོ༔ དེ་ནི་ལས་ཀྱི་ཕྱག་རྒྱའི་ཉམས་ལེན་ནོ༔ བཞི་པ་ཕྱག་རྒྱ་ཆེན་པོ་ལ་བསླབ་པ་ནི༔ ཆོས་ཀྱི་ཕྱག་རྒྱས་རང་ལུས་བདེ་ཆེན་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་ཤར༔ དམ་ཚིག་གི་ཕྱག་རྒྱས་གཏུམ་མོ་དང་དབྱེར་མེད་པའི་ཆགས་པའི་མེས་རང་ལུས་ཐབས་ལྡན་གྱི་བདེ་བའི་རྩལ་འབྱོངས༔ ལས་ཀྱི་ཕྱག་རྒྱའི་ཉེ་རྒྱུས་མཚོན་བྱེད་དཔེའི་ཡེ་ཤེས་རྒྱུད་ལ་ཤར་བ་ན༔ དེས་མཚོན་ཏེ་མཚོན་བྱ་དོན་གྱི་ཡེ་ཤེས་སོ་སོ་རང་རིག་པའི་ཚུལ་གྱིས་ངོ་འཕྲོད༔ ཐག་ཆོད༔ བརྟན་པ་ཐོབ་པར་བྱ་བ་ནི་སློབ་པའི་འོད་གསལ་མཐར་ཐུག་པ་སྟེ༔ ཞིབ་པར་དབང་བཞི་པའི་ཁྲིད་ཀྱི་སྐབས་སུ་ཤེས་པར་གྱིས་ཤིག༔ འདི་ལྟ་བུའི་ལམ་ཟབ་མོ་ནི་མྱུར་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་པས་ཤིན་ཏུ་གསང་ནས་ཉམས་སུ་བླངས་ན་དུས་མྱུར་བ་ཉིད་དུ་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བས་དབང་པོ་རྣོན་པོ་དྲོད་ཐོབ་པ་རྣམས་ཀྱིས་འདི་ཁོ་ན་ལ་བརྩོན་པར་བྱའོ༔ ས་མ་ཡ༔ བཞི་པ་ཡེ་ཤེས་རྡོ་རྗེ་རྫོགས་རིམ་གྱི་མཐར་ཐུག་པ་ཀ་དག་གི་ཉམས་ལེན་ནི༔ ཚིག་དབང་རྫོགས་པར་བསྐུར་བའི་རྗེས་སུ༔ ཀྱེ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ དབང་བཞི་པ་དང་རྗེས་སུ་འབྲེལ་བའི་གདམས་པ་ལ་གསུམ་སྟེ༔ ལྟ་བ་ཆོས་སྐུར་ཐག་གཅད༔ སྒོམ་པ་ལོངས་སྐུར་ཉམས་སུ་བླང༔ སྤྱོད་པ་སྤྲུལ་སྐུར་རྩལ་སྦྱང་བའོ༔ དང་པོ་ཐག་གཅད་པ་ནི༔ གནས་དབེན་པར་ལུས་ངག་ཡིད་གསུམ་གྱི་བྱ་བ་གཏང༔ སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པའི་ཉམས་དང་མ་བྲལ་བར་བྱ༔ སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང༔ རླུང་རོ་སངས་ཀྱིས་འབུད༔ སེམས་མི་རྟོག་པའི་ངང་ལ་དར་གཅིག་བཞག༔ དེ་ནས་སྔོན་འགྲོ་སྤྱི་དང་བླ་མའི་རྣལ་འབྱོར་ཡིད་ཆེས་པར་བྱ༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུར་ཐག་བཅད་ལ་ཐུགས་ཡིད་བསྲེས་ཏེ་སེམས་གཟུང༔ དེ་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་རྨི་ལམ་གྱི་རང་གཟུགས༔ སྒྱུ་མའི་བཀོད་པ༔ ལྷ་སྐུ་བདེ་བ་ཆེན་པོའི་རང་བཞིན་སེམས་ཀྱིས་བཏགས་པའི་སྣང་ཆ་ཙམ་དུ་ཐག་བཅད༔ ནང་གི་སེམས་རིག་རིག་གྱུ་གྱུ་ཐོལ་ཐོལ་བ་བདག་དང་བདག་གིར་འཛིན་པའི་རྟོག་པ་སྣ་ཚོགས་ནམ་འཆར་བ་ན་ངོས་གཟུང༔ རྩད་གཅད༔ མཚང་བཙལ༔ ཅིའང་མ་རྙེད་པའི་སེམས་བྱུང་གི་ཁང་བུ་རྡིབ་པ་ན་དེ་ཉིད་དུ་ཐག་བཅད༔ དེ་ནས་གཟུང་འཛིན་གཉིས་མེད་སེམས་ཀྱི་ངོ་བོ༔ རིག་པའི་གནས་ལུགས༔ ཕུང་པོ་ལྔ་དང་བྲལ་བ༔ ཚོགས་བརྒྱད་ཀྱིས་འདུས་མ་བྱས་པ༔ སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ༔ སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་ཡང་ལྐུགས་པའི་རྨི་ལམ་ལྟར་བརྗོད་མི་ཤེས་པ༔ གཞོན་ནུ་མའི་བདེ་བ་ལྟར་བསམ་གྱིས་མི་ཁྱབ་པ༔ ཐ་མལ་གྱི་ཤེས་པ་མ་བཅོས་པའི་རིག་པ་སྐད་ཅིག་མ་འདི་ཉིད་ཀ་དག་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཐག་བཅད༔ ངེས་ཤེས་བསྐྱེད༔ ཉམས་ཀྱི་ཤུན་པ་དང་ཕྲལ་ལ་བཞག་གོ༔ གཉིས་པ་ཉམས་སུ་བླང་བ་ནི༔ དེ་ལྟར་རིག་པ་དྲི་མེད་ཀྱི་ངོ་བོ་ལ་གཅིག་དང་དུ་མ་མེད༔ ཁ་དོག་དང་དབྱིབས་མེད༔ ཕྱི་དང་ནང་མེད༔ སྤྲོས་པའི་མཚན་མ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཆེན་པོ་སངས་རྒྱས་སྒམ་པོས་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས༔ ཡེ་ནས་རང་ལ་གནས་པ༔ གདོད་མའི་གཤིས་སམ་བབས་ཀྱི་གནས་ལུགས་ཡིན་ནོ༔ དེའི་ངང་ལས་གསལ་བའི་མདངས་མ་འགགས་པར་ཤར་བ་ལམ་དུ་བྱ་སྟེ༔ རྣམ་རྟོག་གང་ཤར་ཡང༔ འདས་པ་ལ་བློ་མི་འཕྲེང༔ མ་འོངས་པ་བློས་མི་བསུ༔ ད་ལྟའི་ཤེས་པ་ལ་བློས་མ་བཅོས་པར་འགྱུ་བ་རང་ཐོག་ཏུ་བཞག༔ ཉམས་མྱོང་ཡིད་དཔྱོད་དང་ཕྲལ༔ ལྟ་སྒོམ་གྱི་ཞེན་པས་མ་བསླད་པའི་རང་རིག་པའི་ངང་བསྐྱངས་པས་གནས་ལུགས་གདིང་འཆོས༔ རྣམ་རྟོག་ཤར་གྲོལ་དུ་དག༔ ཉོན་མོངས་རང་སར་གྲོལ༔ སྣང་སེམས་ཡེ་ཤེས་སུ་འཆར༔ དེ་ལྟ་བུ་ལ་ཆོས་ཉིད་ཀྱི་དྲན་པས་གསལ་འདེབས་པ་ཙམ་ལས་སྤྲོས་པ་གཞན་ཐམས་ཅད་བཅད་དེ་མཉམ་རྗེས་ཀུན་ཏུ་བསླབ་པར་བྱའོ༔ གསུམ་པ་རྩལ་སྦྱང་བ་ལ་གསུམ་ལས༔ དང་པོ་ལྷ་སྐུ་དང་སེམས་བསྲེ་བ་ནི༔ རང་དང་སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུ་ལམ་གྱིས་གསལ་གདབ༔ དེ་སེམས་སུ་ཐག་བཅད༔ སེམས་དང་ལྷ་སྐུ་དབྱེར་མེད་པའི་གནས་ལུགས་སྣང་སྟོང་བརྗོད་མེད་ཀྱི་ངང་བསྐྱང༔ གཉིས་པ་རླུང་དང་བསྲེ་བ་ནི༔ འཇམ་རླུང་བུམ་པ་ཅན་བཟུང་བས་རླུང་རོ་རྐྱང་གི་ལམ་བརྒྱུད༔ འོད་ཟེར་ལྔ་ལྡན་ཤིན་ཏུ་ཕྲ་བ་དབུ་མའི་ལམ་ནས་མདུང་ཚུགས་སུ་སོང༔ སྙིང་གའི་ཨ་ཡིག་འོད་གསལ་བའི་ངོ་བོ་ལ་ཐིམ༔ འབྱུང་འཇུག་གནས་གསུམ་གྱི་རླུང་ཨ་སྐྱེ་བ་མེད་པའི་རང་བཞིན་དུ་གྱུར་པར་བསམ་ལ་ཡིད་བཟླས་བྱ༔ རླུང་སེམས་དབྱེར་མེད་པའི་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་གཞག་གོ༔ གསུམ་པ་བདེ་བ་དང་བསྲེ་བ་ནི༔ དངོས་སམ་ཡིད་ཀྱི་རིག་མ་ལ་བསྟེན་ནས་བདེ་བའི་ཉམས་སྐྱེས་པ་ན༔ དེ་ཉིད་སེམས་ཀྱི་ཉམས་འགྱུར་དུ་ཐག་བཅད༔ བློ་འདས་བརྗོད་མེད་དུ་ངེས་ཤེས་བསྐྱེད་ལ༔ ངོ་བོ་སྟོང་པ༔ རང་བཞིན་བདེ་བ༔ དེ་གཉིས་དབྱེར་མི་ཕྱེད་པའི་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་གཞག༔ མཐར་རྟེན་ཐིག་ལེ་བདེ་བའི་བརྟེན་པ་དང་བཅས་པའི་དྭངས་མ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཨ་ཡིག་ལ་བསྡུས་ཏེ་རིག་པ་བྱར་མེད་དུ་འཇོག་གོ༔ འདི་རྣམས་ནི་དབང་སྔ་མ་གསུམ་གྱི་ལམ་མཆོག་གི་ཡེ་ཤེས་སུ་སྒྱུར་བའི་གནད་ཁྱད་པར་ཅན་ཡིན་ལ༔ གཞན་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཚོགས་དྲུག་གི་སྣང་བར་ཅི་ཤར་ནའང་ཡུལ་ལ་མི་འཛིན༔ ཡུལ་ཅན་ལ་མི་རྟོག༔ སྣང་ཤེས་དབྱེར་མེད་ཕྱི་ནང་ཟང་ཐལ་ཆེན་པོར་ལ་བཟླས་པས༔ ཡུལ་གྱི་སྣང་བ་མ་འགགས་ཀྱང༔ སྣང་བས་ཤེས་པ་ལ་མ་གོས༔ ཤེས་པའི་གྲྭ་ཟུར་མ་ཉམས་ཀྱང༔ ཤེས་པས་ངོ་བོ་ལ་མ་བཅིངས༔ གཟུང་འཛིན་གྱི་སྤྲོས་པ་ཇི་ལྟར་ཤར་ཡང་ངོ་བོ་སྤྲོས་བྲལ་གྱི་ངང་ལས་མི་འདའ་བ་རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་མཐིལ་ཕྱིན་པ་ཡིན་པས་དུས་གསུམ་དུས་མེད་ཐམས་ཅད་དུ་ཉམས་སུ་ལེན་པར་གྱིས་ཤིག༔ དེ་ལྟར་ཉམས་སུ་བླངས་པས་རགས་ལུས་དྭངས་མར་འགྱུར༔ རླུང་དབུ་མར་ཐིམ༔ ཐིག་ལེ་འཕོ་མེད་དུ་དག༔ རྡོ་རྗེ་གསུམ་གྱི་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ་ཡེ་ཤེས་བླ་མའི་ས་མཆོག་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་ཡིན་ནོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་སྟེ༔ ཐུན་སོ་སོའི་རྗེས་ཀྱི་རིམ་པ་དང༔ ཉམས་ལེན་སྤྱིའི་རྗེས་ཀྱི་རིམ་པ་དང༔ བཀའ་སྲུང་ལ་གཉེར་དུ་གཏད་ནས་བཀའ་རྒྱས་གདབ་པ་རྣམས་བྱ་བ་ལ༔ དབང་བསྐུར་མཐའ་རྟེན་དང་བཅས་པ་རྫོགས་པའི་རྗེས་སུ༔ ཀྱེ་ རིགས་ཀྱི་བུ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་ངག་ཚང་སྤྲུགས་སུ་ཐོབ་ནས་རྗེས་ཀྱི་རིམ་པ་ལ་གདམས་པ་ནི༔ སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་ཐམས་ཅད་གང་ཟག་རིམ་གྱིས་པའི་དབང་དུ་བྱས་ཏེ་སྔ་མ་སྔ་མ་ལ་ཉམས་མྱོང་སྐྱེས་ནས་ཕྱི་མ་ཕྱི་མ་ལ་འཇུག༔ ཐོད་རྒལ་བའི་དབང་དུ་བྱས་ཏེ་ཅི་རིགས་པ་ཉམས་སུ་བླང༔ གཅིག་ཅར་བའི་དབང་དུ་བྱས་ཏེ་བླ་མའི་རྣལ་འབྱོར་གྱི་རྗེས་སུ་རིག་པ་གཅེར་མཐོང་དུ་ངོ་སྤྲད་ནས་རྒྱུན་བསྐྱང༔ གང་ཡང་ཐུན་གྱི་ངེས་ཅན་ངེས་མེད་ཅི་རིགས་སུ་བསྒོམ༔ ལས་དང་པོ་པས་ཐུན་ཆུང་བ༔ གྲངས་མང་བ༔ དམིགས་པ་གསལ་ཐེབས་པ་ཁག་ཆེ༔ ཐུན་ཐམས་ཅད་ཀྱི་མཐར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་དུ་བྱས་ལ་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་གདབ༔ ཉམས་མྱོང་གི་ངོ་བོ་མ་ཤོར་བས་སྤྱོད་ལམ་ལ་འཇུག༔ དེའི་གནས་སྐབས་ཐམས་ཅད་དུ་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱ༔ ལྟ་བ་བློ་འདས་སུ་རྟོགས་ཀྱང་རྒྱུ་འབྲས་ཀྱི་འདོར་ལེན་ཕྲ་ཞིང་ཞིབ་པར་སྤྱད༔ དེས་རྒྱུ་འབྲས་རྟེན་འབྲེལ་དུ་འཆར༔ རྟེན་འབྲེལ་སྟོང་ཉིད་དུ་རྟོགས༔ ཐབས་ཤེས་ཟུང་དུ་ཚུད་པ་ཡིན་ནོ༔ ཉལ་བའི་ཚེ་སྙིང་གའི་ཨ་ཡིག་ལ་སེམས་གཟུང༔ ལྡང་བའི་ཚེ་ལ་ཨ་སྐྱེ་བ་མེད་པའི་དབྱིངས་ལས་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་སུ་བཞེངས༔ འགྲོ་འདུག་རྡོ་རྗེའི་གར༔ སྒུལ་སྐྱོད་བདེ་ཆེན་གྱི་རང་གདངས༔ བཟའ་བཏུང་ཆོས་ཉིད་གསལ་ཁྱབ་ཆེན་པོར་ལོངས་སྤྱད་དེ༔ མདོར་ན་མཉམ་རྗེས་ཐམས་ཅད་དུ་ཐ་མལ་གྱི་སྣང་བ་ལྷ་སྔགས་བདེ་ཆེན་ཡེ་ཤེས་ཀྱི་རོལ་པར་ཤར་བར་བྱའོ༔ དེ་ནི་ཐུན་སོ་སོའི་རྗེས་ཀྱི་རིམ་པའོ༔ དེ་ལྟར་ཉམས་ལེན་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པས་ཕྱི་འབྱུང་བ་ལུས་འཁྲུགས་ཀྱི་གེགས༔ ནང་རྩ་རླུང་ཐིག་ལེ་བསམ་གཏན་གྱི་གེགས༔ གསང་བའི་ཏིང་ངེ་འཛིན་སེམས་འཁྲུགས་ཀྱི་གེགས་སོགས་ཉམས་མཐོ་དམན་ཅི་བྱུང་ཡང་དགག་སྒྲུབ་མི་བྱ་བར་ལམ་དུ་བསླང༔ ཉམས་མྱོང་དང་བསྲེ༔ རིག་པ་བརྗོད་མེད་སྤྲོ་བསྡུ་བྲལ་བའི་ངང་ཚུགས་བཟུང་བས་སྦྲུལ་མདུད་ཞིག་པ་ལྟར་གེགས་རང་གྲོལ་དུ་འགྱུར༔ ཡེ་ཤེས་ཁོང་ནས་ཤར༔ ཉམས་མྱོང་ན་འཕར༔ གནས་ལུགས་ལ་བརྟན་པ་ཅི་རིགས་ཐོབ་པ་ན་བུ་ཆུང་ལྟ་བུའི་སྤྱོད་པས་སྣང་བ་ལ་རྩིས་གདབ་མི་བྱ༔ སྨྱོན་པ་ལྟ་བུའི་སྤྱོད་པས་རེ་དོགས་ཀྱི་ཐག་པ་གཅད༔ སེང་གེ་ལྟ་བུའི་སྤྱོད་པས་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པར་ཡུལ་དང་ཡུལ་ཆེན་རྣམས་སུ་བགྲོད་ཅིང༔ ཞིང་དང་ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་དང་འདོད་རྒུར་རོལ་པས་བརྟུལ་ཞུགས་ཀྱི་བོགས་མཐར་ཕྱིན་པར་དབྱུང་ངོ༔ མདོར་ན་གེགས་སེལ་དང་བོགས་འདོན་གྱི་རྒྱལ་པོ་ནི་བླ་མའི་མོས་གུས་ཁོ་ན་ཡིན་པས་ཚད་གཟུང་མེད་པའི་གདུང་ཤུགས་ཀྱིས་མོས་གུས་བྱ༔ ཞེན་འཁྲིས་མེད་པའི་འོ་དོད་ཀྱིས་གསོལ་བ་གདབ༔ རེ་དོགས་མེད་པའི་གནས་ལུགས་ཀྱི་ངང་དུ་ཐུགས་ཡིད་བསྲེ༔ གཞན་ཡང་འཁོར་བ་ལ་ངེས་འབྱུང༔ མི་རྟག་པའི་འདུ་ཤེས༔ སྙིང་རྗེ་བྱང་སེམས༔ སྟོང་ཉིད་ཀྱི་ལྟ་བ་རྣམས་གཅིག་གྲོགས་གཅིག་གིས་བྱས་ཏེ་བོགས་དབྱུང་བར་བྱའོ༔ དེ་ལྟར་བྱས་པས་དང་པོར་ཤུན་པ་ལྟ་བུའི་ལུང་རིགས་ཀྱི་གོ་བ་འོལ་སྤྱི་འཆར༔ བར་དུ་ན་བུན་ལྟ་བུའི་བདེ་གསལ་མི་རྟོག་པའི་ཉམས་སྣ་ཚོགས་པ་འབྱུང༔ ཐ་མར་སྟོན་ཀའི་ནམ་མཁའ་སྤྲིན་ཐག་ཆད་པ་ལྟར་ཉམས་མྱོང་གི་ལྷད་མ་ཞུགས་པའི་རིག་པ་རྗེན་པར་མཐོང༔ འཁོར་འདས་བར་ལག་ཕྱེད༔ རེ་དོགས་ཀྱི་མདུད་པ་ཞིག༔ གནས་ལུགས་ཀྱི་མཚང་བརྡོལ༔ འཁོར་འདས་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ༔ དེ་ནི་ཉམས་ལེན་སྤྱིའི་རྗེས་ཀྱི་རིམ་པའོ༔ དེ་ལྟ་བུའི་གསང་ཆེན་ཟབ་མོ་མཐར་ཐུག་པ་འདི་ཉིད་ཐ་མལ་པའི་སྐྱེ་བོ༔ ལོག་ལྟ་མུ་སྟེགས༔ ཉན་རང་དམན་པའི་རིགས་ཅན་རྣམས་ལ་རླུང་ཕྱོགས་ཙམ་དུའང་བསྒྲག་པར་མི་བྱ༔ བྱང་ཆུབ་སེམས་དཔའ་གསང་བ་བླ་ན་མེད་པའི་མྱུར་ལམ་ལ་ཡིད་ཆེས་པ༔ ཐེ་ཚོམ་ཅུང་ཟད་ཀྱང་མེད་པ༔ ཚེ་གཅིག་གིས་བྱང་ཆུབ་སྒྲུབ་ནུས་པའི་སྐལ་ལྡན་རྡོ་རྗེའི་རིགས་ཅན་ཁོ་ན་ལ་བསྟན་པར་བྱ་བ་ཡིན་པས་རང་ཉམས་སུ་ལོངས༔ ཉམས་མྱོང་མཐར་དབྱུང༔ གཞན་དོན་ཚོད་དང་སྦྱར་བར་གྱིས་ཤིག་ཅེས་བཀའ་རྒྱས་གདབ་པའི་སླད་དུ་དམ་ཚིག་གི་སྲུང་མ༔ ཆོས་འདིའི་གཉེར་འཛིན༔ རྡོ་རྗེ་ཕག་མོའི་བྲན་མོ༔ དུར་ཁྲོད་དྲག་པོའི་མ་མོ་མཆེད་གསུམ་འཁོར་ཤ་ཟ་འབུམ་སྡེའི་ཚོགས་དང་བཅས་པ་བྲན་དུ་གཏད་ཅིང་དཔང་པོར་གསོལ་བ་ནི༔ སྲུང་མའི་གཏོར་མ་མ་མོ་མཆེད་གསུམ་འཁོར་དང་བཅས་མངོན་སུམ་དུ་གསལ་བ་སློབ་དཔོན་ཧེ་རུ་ཀའི་ང་རྒྱལ་གྱིས་སློབ་མ་ཁྲག་འཐུང་ཆེན་པོའི་ལག་ཏུ་གཏད་དེ༔ ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་ཞིང༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ རྡོ་རྗེ་ཕག་མོའི་བཀའ་སྲུང་ཆེ༔ མ་མོ་མཆེད་གསུམ་དམ་ལ་འདུས༔ བཅོམ་ལྡན་ཧེ་རུ་ཀ་དཔལ་དང༔ ཡུམ་ཆེན་བཛྲ་བྷ་ར་ཧི༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ སྐལ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཇི་ལྟར་བཅོལ་བའི་ལས་ཀུན་སྒྲུབས༔ དམ་ཚིག་འདས་ན་གཤེད་དུ་ཕོབ༔ མ༔ དབྱིངས་ཀྱི་ཡུམ་ཆེན་སྤྱང་ཞོན་མ༔ རབ་ཁྲོས་གྲི་གུག་ཐོད་ཁྲག་བསྣམས༔ མ་མོ་འབུམ་སྡེའི་ཚོགས་དང་བཅས༔ རིག་འཛིན་འདི་ཡི་གྲོགས་སུ་གཏད༔ སྐལ་ལྡན་སོགས། མ་མ་ཏྲཀ་རཀྵ་ཧཱུྃ་བཛྲ་ས་མ་ཡ་སཏྭཾ༔ བྷྱོ༔ ཡེ་ཤེས་ཕོ་ཉ་སྟག་ཞོན་མ༔ དམར་མོ་གྲི་གུག་སྦྲུལ་ཞགས་འཛིན༔ ཤ་ཟ་འབུམ་གྱི་ཚོགས་དང་བཅས༔ རིག་འཛིན་འདི་ཡི་བྲན་དུ་གཏད༔ སྐལ་ལྡན་སོགས། བྷྱོ་རཀྨོ་བྷྱོ་བཛྲ་ས་མ་ཡ་སཏྭཾ༔ ཛ༔ ལས་ཀྱི་མངག་གཞུག་འཕར་ཞོན་མ༔ སྔོན་མོ་གྲི་གུག་ལྕགས་ཀྱུ་བསྣམས༔ ལས་བྱེད་འབུམ་གྱི་ཚོགས་དང་བཅས༔ རིག་འཛིན་འདི་ཡི་འབངས་སུ་གཏད༔ སྐལ་ལྡན་སོགས། ཛཿསྨ་ཤ་ནི་ཕཊ་བཛྲ་ས་མ་ཡ་སཏྭཾ༔ དེ་ལྟར་བྱས་པས་མ་མོ་རྣམས་ཀྱིས་གཡོན་དུ་ལན་གསུམ་དུ་བསྐོར་ཞིང་མདུན་དུ་འཁོད་དེ༔ རིག་པ་འཛིན་པ་ཁྱོད་ཀྱིས་རྡོ་རྗེ་འཛིན་པའི་བཀའ་ལས་མི་འདའ་བར་བཀའ་གསང་གཞུང་བཞིན་དུ་སྤྱོད་ན་བདག་ཅག་གིས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་སེལ་བ་དང༔ ཅི་འདོད་པའི་གྲོགས་བགྱིད་དོ་ཞེས་ཁས་བླངས་ཏེ་སོ་སོའི་ཐུགས་སྲོག་ལས་སྔགས་ཕྲེང་རང་འོད་དང་ལྡན་པ་བྱུང༔ སློབ་མ་ཧེ་རུ་ཀར་གསལ་བའི་ཁ་ནས་ཞུགས༔ ཐུགས་སྲོག་གི་གདན་ལ་ཞུགས་པས་སྲོག་དབང་དུ་འདུས་པར་བསམ་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ༔ མཐར་གཏོར་མ་མ་མོའི་ཚོགས་སུ་གསལ་བ་རྗེས་ཆགས་ཆེན་པོའི་ངང་འོད་དུ་ཞུ་སྟེ་སློབ་མའི་ལྟེ་བའི་ཨ་ཐུང་ལ་ཐིམ་པར་བསམ་ལ་འཁོར་འདས་ཟིལ་གནོན་དབྱིངས་རིག་དབྱེར་མེད་པའི་ངང་དུ་བཞག་པ་ནི་སྟོང་སྲོག་ཆོས་སྐུར་བཅད་པ་ཡིན་ནོ༔ དེས་ནི་དུར་ཁྲོད་མ་མོ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་སྲོག་གཏད་པ་ཐོབ་པ་ཡིན་པས་དམ་ཚིག་ཏུ་མཆོད་གཏོར་མི་བཅག༔ རྡོ་རྗེ་ཕག་མོའི་བསྙེན་སྒྲུབ་ལ་བརྩོན༔ ཁྱད་པར་གསང་ལམ་ཟབ་མོ་འདི་ཉིད་ཤིན་ཏུ་གསང་བས་ཉམས་ལེན་མཐར་དབྱུང་བར་གྱིས་ཤིག༔ ཅེས་གདམས༔ དབང་གི་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་དུ་བྱའོཿ ས་མ་ཡ༔ སྔོན་ཚེ་འོག་མིན་གསང་ཆེན་ཞིང༔ ཡེ་ཤེས་རང་སྣང་ཕོ་བྲང་དུ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོར་བཞེངས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ དུས་གསུམ་དུས་མེད་རྟག་ཏུ་གསུངས༔ བར་དུ་མཁའ་འགྲོ་འདུ་བའི་གླིང༔ ཨོ་རྒྱན་རང་བྱུང་དུར་ཁྲོད་དུ༔ བཅོམ་ལྡན་བཛྲ་བྷ་ར་ཧིས༔ པདྨ་ཐོད་ཕྲེང་བདག་ཉིད་ལ༔ རྒྱུད་ལུང་མན་ངག་གསང་བའི་མཛོད༔ སྨིན་གྲོལ་ཡོངས་སུ་རྫོགས་པར་བསྩལ༔ ད་ལྟ་དོན་གྱི་རྣལ་འབྱོར་མ༔ བཀའ་ཡི་སྡུད་པོ་མཚོ་རྒྱལ་ལྕམ༔ དྷཱ་ཀི་འབུམ་གྱི་ཚོགས་བཅས་ལ༔ བོད་ཡུལ་གྲུབ་པའི་གནས་ཀྱི་མཐིལ༔ དབང་ཆེན་དགྱེས་པའི་ཕོ་བྲང་དུ༔ བདག་ཉིད་མཚོ་སྐྱེས་རྡོ་རྗེ་ཡིས༔ རྡོ་རྗེ་ཕག་མོའི་གསང་བ་ཆེ༔ རྒྱུད་ཀྱི་དགོངས་པ་སྙིང་པོར་དྲིལ༔ ལུང་གི་ངེས་པས་གཏན་ལ་ཕབ༔ མན་ངག་ལག་ལེན་དམར་ཁྲིད་དུ༔ ཐུགས་ཀྱི་ཉིང་ཁུ་བརྣག་པ་བྱིན༔ རང་རང་ཉམས་ལེན་མཐར་དབྱུང་ལ༔ རིན་ཆེན་ས་ཡི་སྙིང་པོར་སྦོས༔ ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་མ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟག་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང༔ གཉིས་མིན་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་ཀྱི་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་༧པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།། །།
ཆུ་སྒྱུར་གྱི་མན་ངག་ཟབ་པ་འགའ་ཞིག་ (Volume 44, Text 69)
༄༅། །ཆུ་སྒྱུར་གྱི་མན་ངག་ཟབ་པ་འགའ་ཞིག་བཞུགས་སོ། ། ྈྈྈྈྈྈྈྈྈྈ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཤྭ་འོད་ཟློག་པའི་མན་ངག་ནི༔ གྲོ་ག་དག་ལ་གླ་རྩི་ཡིས༔ ཉ་གཟུག་ཁ་མིག་ཚང་བ་བྲི༔ དེ་ཡི་མཐའ་ལ་སྔགས་འདིས་བསྐོར༔ ཨཱོྃ་བཛྲ་ལ་བཾ་ཛམྦྷ་ན་ཡེ༔ ཨཱོྃ་བཛྲ་ལ་ལཾ་སཏྭམྦྷ་ན་ཡེ༔ ཨཱོྃ་བཛྲ་ལ་སཏྭམྦྷ་ཡ༔ བྷནྡྷ་བྷནྡྷ༔ ཨ་དི་སྐྱིན་ཐང་ཤྭ་འོད་ཟློག༔ ཆུ་སྒྱུར་སྭཱ་ཧཱ༔ ཞེས་བྲིས་ནས་ནི་སྤྲ་ཚིལ་ལམ༔ ལ་ཆས་དྲིལ་ཏེ་གླང་དམར་གྱི༔ རྭ་ཅོར་བཅུག་ལ་རེ་བས་གྲིལ༔ ཆུ་ཡི་གནོད་པ་ཡོད་སར་སྦ༔ དེ་སྟེང་ཐོ་གསུམ་བརྩིགས་ནས་སུ༔ རིགས་གསུམ་མགོན་པོར་མངའ་གསོལ་ལ༔ རབ་གནས་བྱེད་ཅིང་བཀྲ་ཤིས་གསོལ༔ དེ་ཡི་མདུན་དུ་རྡོ་འཁོར་འདི༔ ཆུ་ལོག་ཡོང་སར་ཁ་བསྟན་བཞག༔ ཤྭ་འོད་ཇི་ལྟར་ཆེ་ན་ཡང༔ ཐེ་ཚོམ་མེད་པར་བཟློག་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་ྀཨཚ༔ གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་མའོ། །རྡོ་འཁོར་བྲི་ཐབས་ནི། རྡོ་འཇམ་པོ་ལ་ཆོས་འབྱུང་བཞི་བསྣོལ་མ་བྲིས་པའི་ཟུར་རྣམས་སུ། ཨཱོྃ་བཛྲ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཞེས་ཆ་བགོས་ལ་བྲི། ལྟེ་བར་དྲག་སྔགས་ཡི་དམ་གང་བྱེད་ཀྱི་སྙིང་པོའི་ མཐར། ཡུལ་འདིར་ཤྭ་ཁ་དང་སྦུད་ཁ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ༔ ཞེས་དུག་ཁྲག་གིས་བྲི། འདི་ཆུ་སྣ་འདྲེན་པའི་འཁོར་ལོ་སྟེ་ཕར་ཕྱོགས་སུ་བཞག །ཉ་འཁོར་དང་ཐོ་ལྕོག་ བཅས་ཁ་ཕྱིར་བསྟན་ལ་འབབ་ཆུའི་འགྲོས་སུ་འཛུག །རྡོ་འཁོར་ལ་ཆོས་སྨན་དང་བཟང་དྲུག་བྱུག །སྤྲ་ཚིལ་གྱིས་མནན་ལ་ཆུས་མི་འཇིག་པའི་ཐབས་བྱའོ། །འཛུག་པའི་དུས་ཐེབས་ ལེགས་པར་བརྩིས་ལ་སྔགས་པ་རང་གི་ཡི་དམ་གྱི་གཞུང་བསྲང་། བསང་དང་གསེར་སྐྱེམས་དམ་ཚིག་བསྒྲགས་པ་སྔོན་དུ་འགྲོ་བས་རབ་གནས་མངའ་གསོལ་བྱའོ། ༈ །ཧ་ཡ་གྷྲཱི་ཝ་ ན་མོ། གདམས་པ་འདི་ཚུལ་བཞིན་དུ་ཉམས་སུ་བླང་ན་རྒྱ་གར་གྱི་ཆུ་བོ་གངྒཱ་ཡང་ཟློག་ནུས་པ་རྡོ་རྗེ་དབྱུག་པའི་མན་ངག་གོ །དེ་ལྟར་སྐར་མ་རྒྱལ་གྱི་ཉིན་པར་ལམ་ལྟག་ཏུ་སྐྱེས་པའི་ཤིང་གླ་ བའི་ལྕུག་མ་མི་ཁྱིས་མ་འགོངས་པ་ཁྲུ་གང་བ་བཅད་ལ་དབྱུག་པ་བྱ། དེའི་ནང་དུ་ཨཱོྃ་བཛྲ་ཀྲོ་དྷ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧུ་ར་ཧུ་ར། ཀུ་ར་ཀུ་ར། ཧ་ན་ཧ་ན། ཧཱུྃ་ཧཱུྃ། ཕཊ་ཕཊ། ཨཱོྃ་ཨཱཿཧཱུྃ་ཧྲཱིཿདུ་ས་མ་ཡ་བྷྱོ་ཟློག །ཡུལ་ས་ཕྱོགས་ལུང་པའི་བྱེ་བྲག་འདི་ཞེས་བྱ་བར་སྐྱིན་ཐང་ཤྭ་འོད་ཆུ་དགྲའི་གནོད་པ་ཐམས་ཅད་རཀྵ་རཀྵ། ཟློག་ཟློག་སྒྱུར་སྒྱུར། ཅེས་བྲིས་པའི་ཤོག་དྲིལ་བཅུག །དབྱུག་པའི་ཕྱི་ལའང་ཅི་མང་བྲི། ཕྱི་ནང་གཉིས་ཀ་ལ་ཐལ་ཆེན་དང་དུག་ཁྲག་བྱུག །བཟླས་ཡུངས་དང་སྐྱེས་བུ་དམ་པའི་གདུང་ཐལ་གྱི་ཐུམ་པོ་གདགས། ཆུ་རགས་ཀྱི་གསེབ་ཏུ་ཆུ་མི་འཆོར་བར་སྦས་ལ་རྟ་མགྲིན་དུ་བསྐྱེད་བསྟིམ་རབ་གནས་བྱའོ། །གློ་བུར་དུ་ཆུ་ཤོར་ན་དབྱུག་པས་གདེངས་ཤིང་སྔགས་བཟླས་པས་བཟློག་གོ །ཡང་འཕྲལ་དུ་གདོང་ཟློག་བྱེད་ན། སྲན་མ་དཀར་པོ་འབྲུ་བདུན་ལ། ཎི་ནི་ར་ས་ནི་མཱ་ར་ཡ་བྷྱོ་ཟློག །ཅེས་བཟླས་ལ་བཏབ། ལྷྭམ་ནང་དུ་བཅུག་ཅིང་བརྡབ་པས་འཕྲལ་དུ་བཟློག་པར་འགྱུར་རོ། ༈ །ཡང་ཆུ་ཟློག་ཤིན་ཏུ་ཟབ་པ་ལུགས་གཅིག་ལ། ཆུ་ཟློག་འཁོར་ལོ་ནི། ཉ་གཟུགས་སྐྱེ་མཆེད་དོད་པ་ཆུར་རྒྱུག་ཏུ་བྲིས་པའི་ལྟོ་བར། ཡུལ་འདི་ལ། ལུང་པ་འདི་དང་། ཕྱོགས་འདི་ནས་འོང་བའི་སྐྱིན་ཐང་ཤྭ་འོད་ཆུ་དགྲ་ཆུ་འདྲེ་དང་བཅས་པ་ཐམས་ཅད་ཕྱིར་ཟློག་ཅིག །སྒྱུར་ཅིག་ཅེས་བྲི། མགོ་ནས་བརྩམ་སྟེ་མཐར་གཡས་སྐོར་དུ། ཨོཾ་ཛ་ལ་མོ་ཧེ་ཧ་རི་ནི་ཡེ་ཛ་ཛ། ལ་མོ་དྷ་ར་ནི་ཨ་ཨ་ནི་ལམ་ནི་ལམ་ཛ་ལ་ཛ་ལ་སཏྭམྦྷ་ནི་ཡ། བྷནྡྷ་བྷནྡྷ་སྐྱིན་ཐང་ཟློག །ཤྭ་ཟློག་ཆུ་སྒྱུར་སྭཱ་ཧཱ། ཞེས་བྲི། དུག་ཁྲག་གིས་བྱུག །མཇུག་ནས་དྲིལ་ལ་ལ་ཆའི་ཉ་གཟུགས་ཀྱི་ཁོག་པར་བཅུག །དེ་གླང་དམར་འོག་ཅན་གྱི་རྭའི་སྦུགས་སུ་མི་འཆོར་བར་བཅུག་ལ་མགོ་ཆུ་དགྲ་འོང་ཕྱོགས་སུ་གཏོད་ལ་བཞག་གོ ༧ །ཤེས་རབ་ཆུ་འདྲེན་གྱི་འཁོར་ལོ་ནི། རྡོ་ནག་ལ་དུག་ཁྲག་གིས་མུ་ཁྱུད་ཟླུམ་པོ་གླིང་བཞིའི་ལིང་ཚེ་ཅན་བྲི། ལིང་ཚེ་རྣམས་སུ་གོང་གི་སྔགས་དང་། སྤེལ་ཚིག །སྐྱིན་ཐང་ཤྭ་འོད་ཆུ་དགྲ་ཆུ་འདྲེ་དང་བཅས་པའི་སྣ་དམིགས་པའི་ཡུལ་ལུང་པ་ས་ཕྱོགས་འདི་ཞེས་བྱ་བ་ལ་དྲོངས་ཤིག །སྒྱུར་ཅིག་ཅེས་དང་། མཐའ་སྐོར་ལའང་དེ་ལྟར་བྲིས་ལ་ཕར་ཕྱོགས་སུ་འཛུག ༧ །སྣ་འདྲེན་གྱི་འཁོར་ལོ་ནི། རྫས་ལ་དབང་ཕྱུག་གི་གཟུགས་བྱས་ལ་མདུན་དུ་སྔགས་འདི་རིམ་པ་གསུམ་དུ་བྲིའོ། །ཨོཾ་ཨེ་ཀྱང་ས་ར་དུ་ན་ཟློག །ནང་དུ། ཧེ་ཀྱང་དུ་ན་ཟློག །ཅེས་དུག་ཁྲག་གིས་བྲིས་པའི་ཤོག་དྲིལ་དང་། ལུང་པའི་ཕུ་ནས་བཏུས་པའི་ཆུ་སྲད་དཀར་པོ་དང་། བར་ནས་བཏུས་པའི་སྲོ་ལོ་དཀར་པོ་གཉིས་བསྲེགས་ཐལ། མདའ་ནས་བླངས་པའི་ཆུ་རྡོའི་འོག་གི་ས་སྤྱིན་མཁྲེགས་པོ་གསུམ་གྱིས་བཀང་། ཐུན་རྫས་དང་ལ་ཆས་ཁ་བཅད་ལ་ཆུ་ཡོང་བའི་ཕྱོགས་སུ་ཁ་བསྟན་པ་གླང་རུའི་མདུན་དུ་བཞག་གོ །འདི་རྣམས་སོ་སོའི་སྔགས་སྟོང་ཕྲག་གསུམ་རེ་ཙམ་བཟླས་པས་བསྒྲུབ། རབ་གནས་རྒྱས་པར་བྱའོ། །ཤྭ་འོད་ཇི་ལྟར་ཆེ་ཡང་ཐུབ་ངེས་པའི་དམར་བྱང་ངོ་། ༈ །ཤྭ་ཟློག་རེ་མིག་བྱང་གཏེར་ལུགས་འདི་་་་་ རྡོ་ནག་ལ་བ་བླའམ་ལྡོང་རོས་ཀྱིས་བྲིས་ལ་ཆུས་བྱུག །རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱ། ཆུ་ཡོང་བའི་ཕྱོགས་སུ་ཁ་བསྟན་ནས་བཞག་པས་འགྱུར་ངེས་སོ། ། ༈ ན་མོ་གུ་རུ། ཆུ་སྒྱུར་འདི་ནི་་་་་ གཡམ་པ་གཙང་མ་ལ་བ་བླ་དང་ལ་ཆ་བསྲེས་ལ་བྲི། གཡམ་པའི་སྒྲོམ་ཆུས་མི་ཁྱེར་བའི་ནང་དུ་ཤྭ་འོད་འོང་སར་ཁ་བསྟན་ ལ་སྦས་ཏེ་བཞག །རྒྱ་ནག་རྟེན་འབྲེལ་ གྱི་རེའུ་མིག་ཅེས་དགེ་བའི་བཤེས་གཉེན་ཤྭ་ཕོ་སྒང་པས་ཤྭ་འོད་བརྒྱ་ཐམ་པ་བཟློགས་པས་མཚན་ལའང་དཔལ་ཤྭ་ཕོ་སྒང་པ་ ཞེས་ཉི་ཟླ་ལྟར་གྲགས་སོ། །མངྒ་ལཾ། ། ༈ དབང་ཕྱུག་གི་སྒོ་ནས་འདྲེ་འོད་ཟློག་པ་ནི། སྐྱེར་པ། སེ་བ། བུད་མེད་ཀྱི་དོར་རྟ་རྣམས་བསྲེགས་ཐལ་དང་། ཁམ་ས་ཚི་ཅན་བསྲེས་ལ་དབང་ཕྱུག་གི་ གཟུགས་བྱ། དེའི་ཁོག་སྔགས་འདི་དབུ་ཅན་དུ་བྲིས་ལ་བཅུག །ཨོཾ་རུ་ན་རུ་ན་ཏྲི་ཧྲི་བྷྱོ་མ་ར་དུན་ཏི་བྷྱོ་སྐྱེ་ཟེར་ལ་བྷྱོ་རྦད་ཟེར་ལ་བྷྱོ། དབང་ཕྱུག་ལ་གཏོར་མ་གཏང་། རང་གི་རགས་གསེབ་ཏུ་ སྦ་ཞིང་མིས་མི་མཐོང་བར་བྱའོ། །འདིའི་སྔགས་འདྲ་མིན། ཨོཾ་རུ་ན་དུན་ཏི་ཧྲིལ་བྷྱོ། ཕྲ་མ་དུན་ཏི་ཧྲཱིལ་བྷྱོ། སྐྱ་ཐེར་ལ་བྷྱོ། རྦད་ཐེར་ལ་བྷྱོ། །ཞེས་སྣང་ངོ་། ༈ །ཡང་མཛེ་ཐོད་ལ་སྔགས་འདི་ཉི་ཤུ་རྩ་གཅིག་བྲི། ཐལ་ཆེན། རི་བོང་རིལ་མ། ཉུངས་དཀར་རྣམས་བཅུག་ལ་ཤྭ་སྣ་བུད་སྣའི་མཚམས་སུ་སྦའོ། །སྔགས་ནི། ཏ་ཀྲ་ཛ་ཏ་ཀྲ་ནུ་ཧུ་ཡ་རུ་ལུ་རུ་ལུ་ཧཱུྃ་ཕཊ། ཅེས་བྲི་བཟླས་བྱའོ། །ཐབས་འདི་རྣམས་རེ་རེས་ཀྱང་ཐུབ་ལ། གལ་ཏེ་ཤྭ་འོད་ཚབས་ཆེ་ན་བཅའ་གཞི་ཕལ་ཆེར་ཚང་བར་བགྱིས་པས་ཕན་པར་ཐེ་ཚོམ་མེད་དོ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།